Semantic search
འཇའ་ཚོན་གཏེར་བྱོན་དཔལ་མགོན་རྒྱས་པའི་ལས་ཚོགས་ནོར་བདག་ལྷ་གསུམ་གྱི་གཡང་སྐྱབས་ཆོ་ག་ལོངས་སྤྱོད་ཆར་འབེབ་ (Volume 51, Text 1)
༄༅། །འཇའ་ཚོན་གཏེར་བྱོན་དཔལ་མགོན་རྒྱས་པའི་ལས་ཚོགས་ནོར་བདག་ལྷ་གསུམ་གྱི་གཡང་སྐྱབས་ཆོ་ག་ལོངས་སྤྱོད་ཆར་འབེབ་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཱ་སུ་པ་ཏི་ཡེ། གསོལ་བཏབ་ཙམ་གྱིས་འདོད་རྒུའི་གྲུ་ཆར་འབེབ། །ཡིད་བཞིན་ནོར་བུ་རཏྣ་ཐོད་ཕྲེང་རྩལ། །དེ་སྤྲུལ་ནོར་ལྷའི་ཚོགས་ལ་གུས་བཏུད་ནས། །ཕོངས་སེམས་འབྱོར་པ་རྒྱས་པའི་ཚུལ་འདི་བསྐྲུན། །དུས་སྙིགས་མའི་མཐར་ཕྱི་སྣོད་ནང་བཅུད་ཀྱི་དཔལ་འབྱོར་ཉམས་ཤིང་རྒུད་པའི་དུས་སུ་འབྱོར་དྲུག་སྤེལ་བ་ལ་ཆེད་དུ་དགོངས་པའི་སྒྲུབ་ཐབས་ཟབ་མོ་འདི་ཉིད་ཉམས་སུ་ལེན་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ། རྟེན་གྱི་དཀྱིལ་འཁོར་མི་བསོད་ནམས་ཅན་གྱི་ཁང་ས་ཁྱིམ་ས་ཕྱུག་པོའི་ཞིང་ས་སོགས་ལས་བྱ་བར་གསུངས་པས། དེ་ལྟ་བུའི་སྟེགས་བུ་བྱས་པའམ་མཎྜལ་ལ་བྱུགས་པའི་སྟེང་དྲིའི་ཆག་ཆག་གདབ་པར་འབྲུ་དཀར་དྲི་བཟང་གིས་སྦགས་པས་དབུས་སུ་ཚོམ་བུ་ཆེ་བ་གཅིག་གཡས་གཡོན་དུ་ཆུང་བ་རེ་རེ་བཀོད་པའི་སྟེང་དུ། འབྱོར་ན་རྣམ་སྲས་གཙོ་འཁོར་གསུམ་ཀའམ་གཙོ་བོ་རྐྱང་པའི་སྐུ་གཟུགས་དང་མེད་ན་ཙཀ་ལི་ལ་སོགས་པ་རྟེན་ཙམ་བཞུགས་སུ་གསོལ་བའི་མདུན་ཕྱོགས་སུ་གཏོར་མ་བཤམ། སྐུ་བརྙན་གང་ཡང་མེད་ན་ཚོམ་བུའི་སྟེང་ཁྲིའུའི་ཁར་རིན་པོ་ཆེའི་སྣོད་གས་ཆག་མེད་པའི་ནང་དུ་འབྲུ་སྣའི་ཕྱེ་མ་ལ་དཀར་མངར་སྨན་སྣ་རིན་ཆེན་ཕྱེ་མ་བསྲེས་པས་དབུས་སུ་གྲུ་བཞི་འཇོང་སྟབས་ཉི་ཟླ་ནོར་བུས་བརྒྱན་པ། གཡས་སུ་འབྲང་རྒྱས་ནོར་གཟུགས། གཡོན་དུ་བཤོས་ལྡེམ་བཅས་གསུམ་ཀ་ཁ་དོག་སེར་པོ་ལ་རྒྱན་སྤྲོས་གང་མཛེས་དང་། དར་གདུགས་སེར་པོ་ཕུབ་པ། ཟས་སྣ་མར་ཐུད་རིལ་བུ་སོགས་ཀྱིས་བསྐོར་བ་བཀོད། རྒྱབ་ཕྱོགས་སུ་བུ་མང་པོའི་ལག་ནས་བྱུང་བའི་མདའ་མོ་རྒོད་སྒྲོ་མ་ཉམས་ཤིང་མདེའུ་རྣོ་ངར་ལྡན་པ་ལ་མེ་ལོང་དར་སྣ་གཡུ་བྱི་རུ་དུང་ཤོ་རྣམས་ཀྱིས་བརྒྱན་པ་བཙུགས། མདུན་སོགས་མཐའ་སྐོར་དུ་མི་ཁས་དྲག་གི་ཕོར་པའི་ནང་དུ་འབྲི་བརྒྱ་ལྟ་བུའི་མར་ཁུ་དང་སྙན་གྲགས་ཅན་ལས་བྱུང་བའི་ཆང་ཕུད་ཀྱིས་བཀང་། རས་དཀར་སེར་གྱི་སྒྱེའུ་ལ་སོགས་པའི་ནང་དུ་རྒྱལ་པོས་ཁྲལ་དང་ཕྱུག་པོས་དམ་བུན་བསྡུས་པ་ལྟ་བུའི་ཞིང་ས་བཟང་ལ་མང་བའི་ནས་དང་རྒྱ་བོད་ཀྱི་འབྲུ་སྣ་བླུགས་པས་བཀང་། ཚོང་དུས་ཆེན་པོའི་ནོར་སྣ། རྟ་ནོར་ལུག་ཁྱུ་མང་པོའི་སྤུ་སྣ། མི་ཚེ་རིང་པོའི་སྐྲ། བསོད་ནམས་ཅན་གྱི་སྨ་ར་དང་གོས་དུམ། དབང་ཐང་ཅན་གྱི་ཁྱེའུ་ཕོ་མོའི་སྐྲའམ་དྲི་མ། དེ་དག་གི་ལག་ནས་བྱུང་བ་དང་སྟོན་མོ་ཆེན་པོའི་ཟས་སྣ། སྐུ་གསུང་ཐུགས་རྟེན་བྱིན་ཅན། སྐྱེས་ཆེན་དམ་པ་རྣམས་ཀྱི་ན་བཟའ། གསོལ་རས། བྱིན་རླབས་ཅན་གྱི་དམ་རྫས་སོགས་ལ་ཕྱིའི་མིང་རྟགས་དང་བཅས་གཡང་གི་རྟེན་དུ་བྱ་བར་གསུངས་པ་ལྟར་གང་འཛོམ་ལེགས་པར་བསགས། མར་ཐུད་པར་བུ། མངར་གསུམ། ཤ་ཆང་འོ་ཞོ། ཕྱེ་མར་གསེར་སྐྱེམས། མདའ་དར་གཡབ་རྒྱུ་སོགས་སྤྱི་དང་མཐུན་པར་འདུ་བྱ། མདུན་ངོས་སུ་མཆོད་གཏོར་ཟླུམ་པོ། སྨན་རག །ཆུ་གཉིས་ཉེར་སྤྱོད་བཤམ། ཡི་དམ་ལྷ་གཞུང་གང་ལ་བྱས་ཀྱང་ཆོག་མོད་ཆོས་བཀའ་འདི་དང་འབྲེལ་མཚུངས་དཀོན་སྤྱི་གཏོང་བར་མཛད་པས་དེའི་མཆོད་གཏོར་རྣམས་གོང་དུ་བཤམ་པར་བྱའོ། །གཉིས་པ་དངོས་གཞི་ལ་བདག་མདུན་གཉིས་ལས། བདག་བསྐྱེད་བརྒྱུད་འདེབས་སྔོན་གཏོར་ནས་བརྩམ་ལས་གཞུང་བསྲངས་ཏེ། ཚོགས་དང་སྐོང་བཤགས་ཀྱི་བར་དུ་བཏང་། དེ་ནས་ཡི་དམ་གཞན་ཡིན་ན་ཡང་སྐད་ཅིག་གིས་བདག་ཉིད་པདྨ་འབྱུང་གནས་སུ་གསལ་བཏབ་ལ། མཆོད་གཏོར་ཆབ་བྲན། ཨ་མྲྀཏས་བསང་། ཨོཾ་སྭ་བྷཱ་བ་སོགས་ཀྱིས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་དང་པདྨ་ལ་སོགས་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་འབྲུ་གསུམ་འོད་དུ་ཞུ་བ་ལས་ཕྱི་ནང་གསང་བའི་མཆོད་རྫས། སྨན་གཏོར་རཀྟ་བདུད་རྩིའི་རྒྱ་མཚོ་འདོད་ཡོན་གྱི་སྤྲིན་ཕུང་འཛད་མེད་ནམ་མཁའ་མཛོད་ཀྱི་གཏེར་ཆེན་པོར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་བྱིན་བརླབ། མདུན་རྟེན། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས། རང་གི་མདུན་དུ་ལྕང་ལོ་ཅན་གྱི་དགའ་བའི་ཚལ་ཆེན་པོའི་དབུས་སུ་ནོར་བུ་རིན་པོ་ཆེའི་ཁང་བརྩེགས་འཁོར་ས་དང་བཅས་པའི་ནང་དུ། པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་བཻ་ལས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་གསེར་བཙོ་མ་ལ་ཉི་མ་འབུམ་གྱི་འོད་ཕོག་པ་ལྟ་བུ་སེང་གེ་ལ་འཆིབ་པ༔ རྒྱལ་མཚན་དང་ནེའུ་ལེ་འཛིན་པ༔ གཡས་སུ་ཛམ་བྷ་ལ་སེར་པོ་བགྲང་ཕྲེང་དང་ནེའུ་ལེ་བསྣམས་པ༔ གཡོན་དུ་ལྷ་མོ་ནོར་རྒྱུན་མ་སེར་མོ་གཡས་མཆོག་སྦྱིན་དང་གཡོན་འབྲས་ཀྱི་སྙེ་མ་བསྣམས་པ༔ ཞབས་སྐྱིལ་ཀྲུང་དུ་བཞུགས་པའོ༔ དེའི་སྟེང་གི་ནམ་མཁའ་ལ་སྣང་སྲིད་ཟིལ་གནོན་པདྨ་འབྱུང་གནས་ལ་དཔའ་བོ་མཁའ་འགྲོའི་འཇའ་སྤྲིན་བཞིན་འཐིབས་ནས་བཞུགས་པ༔ གཞན་ཡང་ཡི་དམ་ལྷ་ཚོགས་ཆོས་སྐྱོང་སྲུང་མ་དང་བཅས་ཏེ་སྣང་ལ་རང་བཞིན་མ་གྲུབ་པར་བཞུགས་པའི་གནས་གསུམ་ལས་འོད་ཟེར་འཕྲོས༔ རང་བཞིན་གྱི་གནས་ནས་སྤྱན་དྲངས༔ དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར༔ སྤོས་དཀར་ཙན་དན་དཀར་དམར་ག་པུར་ཨ་ག་རུ་སཱ་ལུའི་ཕྱེ་མ་སྦྱར་བའི་སྤོས་བསྲེག་ཅིང་དབྱངས་རོལ་བཅས་སྤྱན་དྲང་བ་ནི། ཧཱུྃ། ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ནས། །ཡིད་བཞིན་ནོར་བུ་གུ་རུ་པདྨ་འབྱུང་། །རིགས་ལྔའི་དཔའ་བོ་མཁའ་འགྲོའི་འཁོར་དང་བཅས། །མོས་གུས་གདུང་བས་སྤྱན་འདྲེན་གཤེགས་སུ་གསོལ། །བཻ༔ བྱང་ཕྱོགས་མངའ་མཛད་གནོད་སྦྱིན་རྣམ་ཐོས་སྲས༔ ཛམ་ལྷ་ནོར་རྒྱུན་གནོད་སྦྱིན་བྱེ་བ་འབུམ༔ འདོད་ཡོན་ནོར་ལ་དབང་བསྒྱུར་རིན་ཆེན་ཆར་དུ་འབེབ༔ ཁྱེད་ཀྱིས་དངོས་གྲུབ་ཅི་འདོད་སྩོལ་བའི་ཕྱིར༔ ཐུགས་རྗེའི་དབང་གིས་འཁོར་བཅས་གཤེགས་སུ་གསོལ༔ ཨོཾ་རཏྣ་གུ་རུ་དྷཱ་ཀི་ནཱི་བཻ་ཤྲ་མ་ཎཱ་ཡ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དགོས་འདོད་ཆར་འབེབ་བླ་མ་ནོར་གྱི་ལྷ༔ དཔའ་བོ་ཌཱ་ཀི་སྤྲུལ་པ་ཡང་འཁོར་བཅས༔ རིན་ཆེན་དར་ཟབ་པདྨ་ཉི་ཟླའི་སྟེང༔ བཞུགས་ནས་བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ༔ བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ གནོད་སྦྱིན་རྒྱལ་པོ་འཁོར་དང་བཅས་པ་རྣམས༔ བདག་ལ་བརྩེ་ཕྱིར་གནས་འདིར་བྱོན་ནས་ཀྱང༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ན་མོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་ཐམས་ཅད་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་བ་མ་ལུས་སྒྲོལ༔ ཡིད་བཞིན་ནོར་ལྟར་དངོས་གྲུབ་ཆར་འབེབ་པ༔ རིག་འཛིན་ནོར་ལྷའི་ཚོགས་ལ་ཕྱག་འཚལ་ལོ༔ གནོད་སྦྱིན་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ ནོར་ལ་དབང་སྒྱུར་འདོད་ཡོན་ཆར་དུ་འབེབ༔ དབུལ་བའི་གདུང་སེལ་མགོན་པོ་ཐུགས་རྗེ་ཅན༔ རྒྱལ་ཆེན་འཁོར་དང་བཅས་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ མཆོད་པ་ནི། ཧཱུྃ༔ བླ་མ་ནོར་ལྷ་རིག་འཛིན་མཁའ་འགྲོའི་ཚོགས༔ མགོན་པོ་གནས་སྐྱོང་འཁོར་དང་བཅས་པ་ལ༔ དངོས་སུ་འབྱོར་དང་ཡིད་ཀྱིས་བཤམས་ཤིང་སྤྲུལ༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་པ་ཡི༔ ཡོན་ཆབ་མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སྒྲ་སྙན་ཕྱི་ཡི་མཆོད་པ་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ནང་མཆོད་འབུལ༔ སྒེག་ཕྲེང་གླུ་གར་བདེ་སྐྱེད་ལྷ་མོའི་ཚོགས། །གླིང་བཞི་རི་རབ་ཉི་ཟླ་ནོར་བུའི་གཏེར། །དཔག་བསམ་ལྗོན་ཤིང་ཅང་ཤེས་འདོད་འཇོའི་བ། །མ་རྨོས་ལོ་ཏོག་སྨན་འབྲུ་དར་ཟབ་གོས། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་རིགས། །སྲིད་གསུམ་དཔལ་འབྱོར་ལོངས་སྤྱོད་ཇི་སྙེད་པ། །མཁའ་དབྱིངས་ཀུན་ཁྱབ་ནམ་མཁའ་མཛོད་ཀྱི་སྤྲིན། །གུས་པས་འབུལ་ལོ་དགྱེས་པར་བཞེས་ནས་ཀྱང་། །འཛད་མེད་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་རཏྣ་གུ་རུ་ཌཱ་ཀི་ནཱི་བཻ་ཤྲ་བ་ཎཱ་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ བསྟོད་པ་ནི། ཧཱུྃ་ཧྲཱི༔ འགྲོ་བའི་དོན་དུ་རང་བྱུང་འོད་དཔག་མེད༔ བཀྲ་ཤིས་ཡོན་ཏན་དུ་མས་བརྒྱན་པའི་སྐུ༔ འཇིག་རྟེན་མངའ་བསྒྱུར་པདྨ་རྒྱལ་པོའི་སྲས༔ མཁའ་འགྲོའི་ཚོགས་དང་བཅས་ལ་ཕྱག་འཚལ་བསྟོད༔ བྱང་ཕྱོགས་མངའ་མཛད་མགོན་པོ་ཐུགས་རྗེ་ཅན༔ འགྲོ་བ་ཉམ་ཐག་གྱུར་ཀུན་རྗེས་བཟུང་ནས༔ དབུལ་བའི་སྡུག་བསྔལ་སེལ་ལ་ཕྱག་འཚལ་བསྟོད༔ གནོད་སྦྱིན་རྒྱལ་པོ་རིན་ཆེན་གཏེར་གྱི་བདག༔ སྐུ་མདོག་སེར་གསལ་གསེར་གྱི་ལྷུན་པོའི་མདོག༔ བདུད་རྩིའི་ཆར་འབེབ་གསུང་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེའི་དགོངས་པས་ཉམ་ཐག་མ་ལུས་གཟིགས༔ ནམ་མཁའ་མཛོད་ལ་མངའ་བརྙེས་གཟི་བརྗིད་ཅན༔ འགྲོ་བ་ཀུན་སྐྱོབ་ཐུགས་ལ་ཕྱག་འཚལ་བསྟོད༔ བྱང་ཕྱོགས་སྐྱོང་བའི་རྒྱལ་ཆེན་རྣམ་ཐོས་སྲས༔ ནོར་གྱི་བདག་པོ་ཨཱརྱ་ཛམ་བྷ་ལ༔ དབུལ་བ་སེལ་བའི་ལྷ་མོ་ནོར་རྒྱུན་མ༔ རྣམ་སྲས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ལོངས་སྤྱོད་འདོད་ཡོན་དངོས་གྲུབ་ཆར་འབེབ་སྩོལ༔ བཤགས་པ་ནི། ཧཱུྃ༔ ཚེ་རབས་སྔོན་ནས་ད་ལྟ་འདིར་སྐྱེས་བར༔ ལུས་ངག་ཡིད་ཀྱིས་མི་དགེ་བསགས་པ་ཡིས༔ མགོན་པོ་འཁོར་བཅས་ཐུགས་དང་ཅི་འགལ་བ༔ དེ་དག་ཁྱེད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས༔ ཡིག་བརྒྱ་བརྗོད། བཟླས་དམིགས་ནི། བདག་མདུན་ཐུགས་ཀའི་འོད་ཟེར་སྤྲོ་བསྡུས་འཇིག་རྟེན་གྱི་ཁམས་ཐམས་ཅད་ནས༔ ཕྱི་སྣོད་ནང་བཅུད་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་བྱིན་རླབས་དང༔ ནོར་བུ་ཕྱྭ་གཡང་ལོངས་སྤྱོད་ཐམས་ཅད་སིབ་སིབ་བྱོན་ནས་མདུན་བསྐྱེད་ཀྱི་ཐུགས་ཀར་ཐིམ༔ འོད་དང་འོད་ཟེར་ཀྱི་ལི་ལི༔ སྣང་སྲིད་ཐམས་ཅད་ཡ་ལ་ལ༔ ཀར་ཀོར་འཁོར་ལ་འཁོར༔ མདོར་ན་སྲིད་པ་གསུམ་གྱི་བཀྲག་མདངས་འོད་ཟེར་ཕྱྭ་གཡང་ཐམས་ཅད་རྟགས་རྫས་རྟེན་ལ་ཐིམ་ཞིང༔ གནས་ཁང་ཐམས་ཅད་ཟླ་འོད་ཤར་བ་ལྟ་བུ་བྱས་ནས་བཀྲ་ཤིས་བྱིན་ཆགས་སྣུམ་འོད་དང་ལྡན་པར་གྱུར་པར་བསྒོམས་ལ། ཨོཾ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ༔ གཙོ་བོ་འོ། །ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཛམ་ལྷ་སེར་པོ་འོ། །ཨོཾ་བཱ་སུ་དྷཱ་རི་ཎྱཻ་སྭཱ་ཧཱ༔ ནོར་རྒྱུན་མ་འོ། །གཙོ་བོ་ལ་སྟོང་ཕྲག་རེ་རེ་སོང་བ་དང་གཡས་གཡོན་ལྷའི་སྲོག་སྔགས་བརྒྱ་རྩ་རེ་བཟླ། ཐུན་སྐབས་སུ་དབྱངས་གསལ་རྟེན་སྙིང་ལན་གསུམ་བརྗོད་ལ། གཏོར་མ་འབུལ་བ་ནི། བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་དུ་ཁཾ་ལས་གཏོར་མ་བདུད་རྩིའི་རྒྱ་མཚོ་འདོད་ཡོན་ལྔའི་སྤྲིན་ཕུང་འཕྲོ་བར་གྱུར། འབྲུ་གསུམ། ཨ་ཀཱ་རོས་བྱིན་གྱིས་བརླབ། ཨོཾ་རཏྣ་གུ་རུ་ཌཱ་ཀི་ནཱི་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཻ་ཤྲ་བ་ཎཱ་ཛམྦྷ་ལ་བཱ་སུ་དྷཱ་རི་ཎྱཻ་ས་པ་རི་བཱ་ར་མ་ཧཱ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་འབུལ་ལ་ཕྲིན་ལས་བཅོལ་བ་ནི། ཧཱུྃ་ཧྲཱིཿ དཀོན་མཆོག་ཀུན་འདུས་གུ་རུ་མཁའ་འགྲོའི་ཚོགས། །རྣམ་སྲས་ལྕམ་དྲལ་ནོར་ལྷ་གཏེར་བདག་རྣམས། །མཆོད་གཏོར་བདུད་རྩིའི་རྒྱ་མཚོ་འདི་བཞེས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །བསོད་ནམས་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཛམ་གླིང་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཅི་བསམ་དོན་རྣམས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་ཕུལ། དེ་ལྟར་ཐུན་བཞིའམ་གསུམ་གྱི་རིམ་པས་ཞག་གསུམ་ལྔ་བདུན་ནམ་ཉེར་གཅིག་ཙམ་བསྒྲུབས་པས་ཚེ་བསོད་ལོངས་སྤྱོད་རྒྱས་པའི་རྟགས་ངེས་ཅན་དུ་འབྱུང་བར་གསུངས་སོ། །ཐུན་མཚམས་སུ་གཡང་འགུགས་བྱ་བ་ལ་ཐོག་མར་བྱིན་རླབས་འབེབ་པ་ནི། གནས་ཁང་འདི་ཉིད་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་ཕོ་བྲང་དངོས་སུ་གསལ་བའི་མདུན་དུ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ གཡས་སུ་ཛམ་བྷ་ལ་སེར་པོ༔ གཡོན་དུ་ནོར་རྒྱུན་མ་སེར་མོ༔ སྟེང་དུ་སློབ་དཔོན་པདྨ་འཇའ་འོད་ཀྱི་གུར་ཁྱིམ་དུ༔ ཟིལ་པ་ཕྲོམ་མེ༔ འོད་ཟེར་ཐིབ་ཐིབ་མཁའ་འགྲོ་སྡེ་ལྔས་བསྐོར་བ༔ གཞན་ཡང་སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དཀར་ཕྱོགས་གཞི་བདག་དང་བཅས་ཏེ་བཞུགས་པར་གྱུར༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་བསྐྱེད་ལ་ཕོག༔ དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས༔ འཇིག་རྟེན་ཁམས་ཀྱི་ཟས་ནོར་ལོངས་སྤྱོད་མི་ནོར་མངའ་ཐང་ཕྱྭ་གཡང་ཚེ་དང་བསོད་ནམས་ཐམས་ཅད་སྐད་ཅིག་གིས་གནས་འདིར་ཐིབ་ཐིབ་བྱོན་པར་གྱུར༔ ཅེས་མོས་ལ་སློབ་དཔོན་ཞྭ་ཆོས་གསོལ། མདའ་དར་གཡབ། སྤོས་དུད་དབྱངས་རོལ་བཅས། ཧཱུྃ༔ བསྟན་པ་འདི་ལ་ངོ་མཚར་རྨད་བྱུང་བའི༔ འཇིག་རྟེན་དབང་བསྒྱུར་པདྨ་རྒྱལ་པོ་ནི༔ རིགས་ནི་ཨོ་རྒྱན་རྒྱལ་པོའི་སྲས་སུ་འཁྲུངས༔ ཟ་ཧོར་ཡུལ་དུ་སྒྲོ་འདོགས་མ་ལུས་བཅད༔ བསིལ་བ་ཚལ་དུ་དངོས་གྲུབ་རྣམ་གཉིས་བརྙེས༔ ཁ་བ་ཅན་འདིར་བསྟན་པ་རྒྱས་པར་མཛད༔ ལྷོ་ནུབ་རྔ་ཡབ་སྲིན་པོའི་ཁ་གནོན་མཛད༔ མྱ་ངན་མི་འདའ་འགྲོ་བའི་གཉེན་གཅིག་པུ༔ སྐུ་གསུམ་དབྱེར་མེད་ཆེ་མཆོག་ཧེ་རུ་ཀ༔ མཉམ་མེད་བླ་མ་མཆོག་ཁྱེད་དུས་འདིར་དྲན༔ རྒྱལ་བའི་ཞིང་ཁམས་དག་པ་ཆེན་པོ་ནས༔ སྤྱན་འདྲེན་གཤེགས་གསོལ་བྱིན་རློབས་དབང་སྐུར་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ༔ ཞེས་མོས་གུས་དང་བཅས་ཏེ་བརྗོད་པས་བྱིན་ཕེབས་པའི་རྟགས་འབྱུང་བར་བཤད་དོ། །དེ་ནས་གཡང་འགུགས་དངོས་ནི། བདག་མདུན་ཐ་མི་དད་པའི་ཐུགས་ཀའི་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་པས༔ འབྱུང་བ་ས་ཆུ་མེ་རླུང་གི་བཅུད་རྣམས་དང༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཡིག་འབྲུ་གསུམ་གྱི་རྣམ་པ་དང༔ སྐྱེ་འགྲོའི་ཤེས་རྒྱུད་ཐམས་ཅད་གསལ་སྟོང་འཇའ་ཟེར་གྱི་རང་བཞིན་ལས༔ བཀྲ་ཤིས་རྟགས་བརྒྱད༔ བཀྲ་ཤིས་རྫས་བརྒྱད་དང༔ རྒྱལ་སྲིད་སྣ་བདུན་ལ་སོགས་པའི་རྣམ་པར་བྱོན་པ་དང༔ བསམ་གཏན་བཞིའི་གནས་མན་ཆད་ནས༔ ལོངས་སྤྱོད་ཚེ་དང་ཕྱྭ་གཡང་ཐམས་ཅད་གནས་འདིར་སིབ་སིབ་བབས་པས༔ བདག་དང་རྒྱུ་སྦྱོར་རྣམས་ཀྱི་ཚེ་ཉམས་པ་ཚེ་གསོས༔ བསོད་ནམས་ཉམས་པ་རྣམས་བསོད་ནམས་དར་ཞིང་རྒྱས་པར་གྱུར༔ སྟོབས་དང་མངའ་ཐང་ཐམས་ཅད་སླར་དར་ཞིང་རྒྱས་པར་གྱུར༔ ཧཱུྃ་ཧྲཱི༔ གུ་རུ་པདྨའི་སྐུ་ལས་འོད་འཕྲོས་པས༔ རྡོ་རྗེ་མཁའ་འགྲོས་ལྷ་རྣམས་དབང་དུ་སྡུས༔ རིན་ཆེན་མཁའ་འགྲོས་ཡེ་ཤེས་དབང་དུ་སྡུས༔ པདྨ་མཁའ་འགྲོས་ཀླུ་རྣམས་དབང་དུ་སྡུས༔ ལས་ཀྱི་མཁའ་འགྲོས་མི་རྣམས་དབང་དུ་སྡུས༔ སྣ་ཚོགས་མཁའ་འགྲོས་ལྷ་མིན་དབང་དུ་སྡུས༔ མ་ཚོགས་ཤུགས་འགྲོས་སྐྱེ་འགྲོ་དབང་དུ་སྡུས༔ ཕྱི་ནང་གསང་བའི་ཕྱྭ་གཡང་འདིར་བྱོན་ཅིག༔ ཧཱུྃ༔ རྣམ་ཐོས་སྲས་དང་ཛམ་ལྷ་ནོར་རྒྱུན་མ༔ དུས་གསུམ་བདེ་གཤེགས་དཀོན་མཆོག་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་གཞི་བདག་སོགས༔ དཀྱིལ་འཁོར་ལྷ་ཚོགས་རབ་འབྱམས་ཐམས་ཅད་ཀྱིས༔ ཕྱོགས་བཞི་མཚམས་བརྒྱད་ཕྱྭ་གཡང་འདིར་ཁུག་ཅིག༔ ཧཱུྃ༔ བདག་མདུན་ལྷ་ཚོགས་ཐུགས་ཀའི་འོད་ཟེར་གྱིས༔ སྟེང་འོག་བར་གསུམ་ལྷ་ཀླུ་མི་རྣམས་ཀྱི༔ ལོངས་སྤྱོད་མངའ་ཐང་སྙན་གྲགས་མི་ནོར་རྫས༔ དར་དཀར་གཡབ་ཅིང་ཀླད་ནས་སྤྱན་འདྲེན་ན༔ ཐོགས་པ་མེད་པར་ཕྱྭ་གཡང་འདིར་ཁུག་ཅིག༔ ཧཱུྃ༔ གུ་རུའི་རྣམ་འཕྲུལ་མཁའ་འགྲོ་ནོར་ལྷའི་ཚོགས༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་བསམ་མི་ཁྱབ༔ ཇོ་བོ་དཀོན་མཆོག་གསུམ་པོའི་བྱིན་རླབས་དང༔ རིག་འཛིན་གྲུབ་ཐོབ་རྣམས་ཀྱི་ཐུགས་རྗེ་དང༔ ཞི་རྒྱས་དབང་དྲག་ཕྱྭ་གཡང་འདིར་ཁུག་ཅིག༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་ཕྱྭ་དང་གཡང་ལེན་པ༔ ཉི་ཟླ་བཞིན་དུ་ཤར་ཞིང་བྱོན༔ ལྷོ་ཡི་ཕྱོགས་ནས་ཕྱྭ་དང་གཡང་ལེན་པ༔ ལྷོ་སྤྲིན་བཞིན་དུ་འཐིབས་ཤིང་བྱོན༔ ནུབ་ཀྱི་ཕྱོགས་ནས་ཕྱྭ་དང་གཡང་ལེན་པ༔ ཆུ་བོ་བཞིན་དུ་འབབ་ཅིང་བྱོན༔ བྱང་གི་ཕྱོགས་ནས་ཕྱྭ་དང་གཡང་ལེན་པ༔ སྐྱི་སེར་བཞིན་དུ་འགྲིམ་ཞིང་བྱོན༔ སྟེང་གི་ཕྱོགས་ནས་ཕྱྭ་དང་གཡང་ལེན་པ༔ སྦྲང་ཆར་བཞིན་དུ་འབབ་ཅིང་བྱོན༔ འོག་གི་ཕྱོགས་ནས་ཕྱྭ་དང་གཡང་ལེན་པ༔ ལོ་ཏོག་བཞིན་དུ་སྨིན་ཞིང་བྱོན༔ ཁུ་ཡེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ འཇམ་དཔལ་གཞོན་ནུའི་ཤེས་རབ་དང༔ སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང༔ ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང༔ བླ་མེད་དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱིས༔ ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག༔ སངས་རྒྱས་སྟོང་རྩའི་བྱིན་རླབས་དང༔ དམ་པ་རིགས་བརྒྱའི་བྱིན་རླབས་དང༔ གནས་བརྟན་བཅུ་དྲུག་བྱིན་རླབས་དང༔ ཉེ་བའི་སྲས་བརྒྱད་བྱིན་རླབས་དང༔ ཐུབ་པ་དྲུག་གི་བྱིན་རླབས་དང༔ རྒྱལ་བ་རིགས་ལྔའི་བྱིན་རླབས་དང༔ རིགས་གསུམ་མགོན་པོའི་བྱིན་རླབས་དང༔ རྟ་ཕག་ཡབ་ཡུམ་བྱིན་རླབས་དང༔ རང་བྱུང་པདྨའི་བྱིན་རླབས་ཀྱིས༔ ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག༔ སྲིད་པའི་རྩེ་མོ་མན་ཆད་ནས༔ ན་རག་དུཿཁ་ཡན་ཆད་ཀྱི༔ ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག༔ མདོར་ན་གླིང་བཞི་གླིང་ཕྲན་དང༔ རྒྱ་གར་རྒྱ་ནག་ཧོར་དང་འཇང༔ བལ་ཡུལ་ཏི་སེ་མདོ་ཁམས་ཀྱི༔ ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག༔ དར་པོའི་དར་གཡང་འདིར་ཁུག་ཅིག༔ ཕྱུག་པོའི་ཕྱུག་གཡང་འདིར་ཁུག་ཅིག༔ བཙན་པོའི་བཙན་གཡང་འདིར་ཁུག་ཅིག༔ གཉན་པོའི་གཉན་གཡང་འདིར་ཁུག་ཅིག༔ རི་བོའི་རྩེ་ནས་ཕྱྭ་གཡང་ཁུག༔ རྒྱ་མཚོའི་གཏིང་ནས་ཕྱྭ་གཡང་ཁུག༔ མི་ནོར་ལོངས་སྤྱོད་ཕྱྭ་གཡང་ཁུག༔ རྟ་ཕྱུགས་སྤུ་ནག་ཕྱྭ་གཡང་ཁུག༔ ལོ་ཏོག་འབྲས་དྲུག་ཕྱྭ་གཡང་ཁུག༔ ད་ལྟ་ཉིད་དུ་འདིར་འདུས་ཤིག༔ མྱུར་བ་ཉིད་དུ་འདིར་འདུས་ཤིག༔ གནས་ཁང་འདི་ལ་བྱིན་ཕོབ་ཅིག༔ གཡང་རྫས་འདི་ལ་བཅུད་ཕོབ་ཅིག༔ མདའ་དར་འདི་ལ་འོད་ཟུག་ཅིག༔ བཀྲ་ཤིས་བྱིན་ཆགས་འདིར་འདུས་ཤིག༔ ཅེས་དབྱངས་དང་པོ་དལ་བུ༔ བར་དུ་བྲེལ༔ ཐ་མ་མྱུར་མགྱོགས་སུ་གྱེར་རོ༔ ཞག་གྲངས་མང་དུ་བྱེད་ན་ཐུན་རྗེས་མར་ཚོགས་ལ་རོལ། ལྷག་མ་གཏང་བ་ཕྱིན་ཕྲིན་ལས་གཞུང་བཞིན་བྱའོ། །གསུམ་པ་རྗེས་རིམ་ནི། རྟགས་མཐོང་བའམ་སྒྲུབ་ཞག་རྫོགས་པའི་ཐུན་རྗེས་མར་གོང་གི་གཏོར་འབུལ་རྫོགས་པ་དང་། སྦྱིན་བདག་སློབ་དཔོན་གྱི་མདུན་ངོས་སྟན་དཀར་འབྲུའི་དགའ་འཁྱིལ་བྲིས་པ་ལ་སྡོད་དུ་བཅོལ། སྤྲོས་པ་ཆེ་བར་བྱེད་ན་སྔགས་པའམ་བཙུན་པའི་རམ་འདེགས་སོགས་ཡུལ་ལུགས་དང་བསྟུན། བསྡུ་ན་བསང་བཏང་། མདའ་དར་གཡབ་ལ། སློབ་དཔོན་གྱིས་གཏེར་གཞུང་ལྟར་ལོ་རྒྱུས་རྒྱས་པར་བརྗོད་པའམ། དཀྱུས་ཙམ་དུ་གོང་གསལ་དམིགས་པ་ཁོ་ནས་འཐུས་པས་མཚམས་སྦྱོར་གྱི་ཁྱད་པར། ཐོག་མར་བྱིན་རླབས་འབེབ་པ་ཡིན་པས་དམིགས་པ་འདི་ལྟར་མཛོད། གནས་ཁང་འདི་ཉིད་སོགས་ནས། འོད་ཟེར་ཐིབ་ཐིབ་བྱོན་ནས་བྱུང་སྙམ་པ་མཛོད་ལ་མོས་གུས་སྐྱེད་ཅིག །ཅེས་དང་། དེ་ནས་ཕྱྭ་གཡང་འགུགས་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། བདག་མདུན་ཐ་མི་དད་པའི་སོགས་ནས། རྒྱས་པར་གྱུར་པའི་མོས་པ་མཛོད། ཅེས་མཚམས་སྦྱར་ལ་གཡང་འགུགས་གྱེར། དངོས་གྲུབ་བླང་བ་ནི། མདུན་གྱི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་ག་བར་མ་ཆད་པ་བྱུང་། ཁྱེད་རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་མོས་ཤིག །ཧཱུྃ༔ བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས༔ རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན༔ ཨོ་རྒྱན་གུ་རུ་པདྨ་འོད་འབར་གྱི༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་ནི༔ ཕྲིན་ལས་བཟང་པོ་ལྷུན་གྱིས་གྲུབ་པའི་དཔལ༔ བུམ་པ་བཟང་དང་དཔག་བསམ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བདག་ལ་བསྩལ་དུ་གསོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ འགག་མེད་གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཡོན་ཏན་རེ་སྐོང་དངོས་གྲུབ་བསྩལ་དུ་གསོལ༔ ཕྲིན་ལས་འགྲོ་འདུལ་དངོས་གྲུབ་བསྩལ་དུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཐུན་མོང་ཡིད་བཞིན་དངོས་གྲུབ་བསྩལ་དུ་གསོལ༔ བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་ལ་དཀྱིལ་འཁོར་གྱི་མཐར་བཀོད་པའི་ཤ་ཆང་མར་ཐུད་སོགས་ཀྱི་ཕུད་དཀྱིལ་འཁོར་ལ་འབུལ། ལྷག་མ་ཡོན་བདག་ལ་སྦྱིན་ཏེ། དངོས་གྲུབ་ཀྱི་རྫས་རྣམས་ཡིག་འབྲུ་གསུམ་གྱི་རྣམ་པར་ཞུ་ནས་བདུད་རྩིའི་དྭངས་བཅུད་དུ་འཁྱིལ་པ་དེ་ཉིད་ལྷ་ལ་ཕུལ་བས་མཉེས་ནས་འདོད་དོན་བསྩལ། ཁྱེད་རང་གིས་རོལ་པས་མཆོག་ཐུན་མོང་གི་དངོས་གྲུབ་སྟན་ཐོག་འདི་ཉིད་དུ་ཐོབ་པར་མོས་ཤིག །དེ་ནས་མེ་ཏོག་འཐོར་ཏེ། ཞལ་ནས་གསུངས་པའི་ཚིགས་སུ་བཅད་པས་ཐོག་དྲང་ཤིས་བརྗོད་ཇི་ལྟར་འོས་པ་བྱས་ལ་སྦྱིན་བདག་རང་གནས་སུ་གཏང་། སྒྲུབ་པ་པོས་ཚོགས་ལ་རོལ། ལྷག་ཆོག་སོགས་ལས་གཞུང་ལྟར་བྱ་བ་ལས། རྗེས་ཆོག་སྐབས་མཆོད་ཁ་གསོས། མཆོད་བསྟོད་གོང་གསལ་ལྟར་བྱ། ནོང་བཤགས་དང་། བསྐྱེད་པའི་ལྷ་དམ་ཡེ་དབྱེར་མེད་རྟེན་ལ་བརྟན་བཞུགས་བྱས་ཏེ་གང་དུ་བཞུགས་པའི་སྒྲོམ་ལ་སོགས་པར་བཀུར་སྟི་དང་བཅས་ཏེ་བཞག་ལ་སྒོ་བསྡམ། རྟེན་སྙིང་བརྗོད་ལ་འབྲུ་འཐོར། མདུན་དུ་སྣོད་གཙང་མར་འབྲུ་སྣ་ཟས་སྣ་བྱུང་ངོ་ཅོག་གི་ཕུད་མཆོད། ལས་བྱང་གི་རྗེས་རིམ་རྣམས་གཞུང་བཞིན་བྱས་པས་འགྲུབ་བོ། །གཡང་གཞིའི་མཆོད་རྫས་རྣམས་ཕྱི་མི་ལ་མི་སྦྱིན་པར་དངོས་གྲུབ་ཏུ་རོལ། གཏོར་མ་མི་འཇོག་པའམ་འཇོག་ཡུལ་མེད་ན་གཞུང་ལས། ཡང་ན་སྒྲུབ་རྫས་ཀྱི་གཏོར་མ་རི་ཆེན་པོའི་མགོ་ལ་བསྐྱལ་ན༔ སྦྱིན་བདག་རྣལ་འབྱོར་པ་དབུ་འཕང་དགུང་བས་མཐོ༔ ཡང་ན་ཆུ་བོ་ཆེན་པོའི་གཞུང་ལ་འབུལ་ན༔ ཆོས་བརྒྱུད་དང་མི་རྒྱུད་ཆུ་བས་རིང༔ མེ་ཆེན་པོར་བསྲེགས་ན་བསོད་ནམས་མེ་འབར་བ་ལྟར་འོང་ངོ༔ ནགས་རི་ཆེན་པོ་དང་ཤིང་འབྲས་བུ་ཅན་གྱི་རྩ་བར་འབུལ་ན༔ དགོས་འདོད་ལྷུན་གྱིས་གྲུབ་པར་འགྱུར་རོ༔ ཡང་ན་ ཡུལ་དེའི་ཕྱོགས་བཞི་མཚམས་བརྒྱད་ཀྱི་ས་དབྱིབས་ལེགས་པ་རྣམས་སུ་སྨོན་ལམ་དང་ལྡན་པས་ཕུལ་ན༔ ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར་རོ༔ ཞེས་གསུངས་པ་ལྟར་ལ་ཐམས་ཅད་ལའང་ཚེ་དབང་ལོངས་སྤྱོད་རྒྱས་པའི་སྨོན་ལམ་རྒྱ་ཆེར་གདབ་བོ། །དེའི་ཕན་ཡོན་ཡང་གཞུང་ལས། དེ་ལྟར་བྱས་ན་བསོད་ནམས་དངོས་གྲུབ་ལོངས་སྤྱོད་འདོད་ཡོན་ནི་མེ་འབར་བ་ལྟར་ཡོང༔ ཁྱད་པར་མ་འོངས་དུས་ཀྱི་ཐ་མ་ལ༔ ཚེ་ཐུང་མི་རྣམས་དབུལ༔ ལོ་ཕྱུགས་ཞན༔ སའི་བཅུད་ཤོར༔ ཕྱྭ་གཡང་ཉམས་ནས་སྐྱེ་འགྲོ་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་དྲྭ་བར་ཆུད་པའི་དུས་སུ༔ ནོར་སྒྲུབ་ཟབ་མོའི་གཡང་ཆོག་འདི་བྱས་ན་ལུང་པ་ཐམས་ཅད་སྣུམ་ཞག་ཐིབ་ཀྱིས་འོངས༔ མི་ནད་ཕྱུགས་ནད་ཡམས་ནད་ལོ་ནད་རྒྱུན་ཆད་ནས༔ བསྐལ་པ་བཟང་པོ་སླར་ཡང་དར་བར་འགྱུར་རོ༔ ཞེས་སོགས་རྒྱས་པར་བསྟན་པ་ལྟར་རོ། ༈ །ཐོད་སྒྲུབ་སྦྲེལ་ན་ཐོད་བརྟག་དང་འཁོར་ལོ་ལ་སོགས་པའི་བཅའ་གཞི་འདི་ཉིད་དང་དགོངས་འདུས་རཏྣའི་ཐུགས་སྒྲུབ་སོགས་གཞན་ནས་འབྱུང་བ་ལྟར་བྱས་ལ་མདུན་རྟེན་དང་ལྷན་ཅིག་བཞག་ལ། མདུན་བསྐྱེད་བཟླས་པ་སྔོན་དུ་འགྲོ་བས་ཐོད་པ་ལ་སྤྲོ་བསྡུའི་དམིགས་པ་གཞུང་གསལ་དང་རྩ་བའི་བཟླས་པ་ཉིད་ཅི་ནུས་བྱ། གྲོལ་ཁ་ཞག་གཅིག་ཙམ་ལ་ལས་སྦྱོར་སྔགས་བཟླ། གཡང་འགུགས་དངོས་གྲུབ་ལེན་པ་རྣམས་དཀྱུས་ལྟར་བྱའོ། །བརྟན་གཡོའི་རྒུད་པ་སྟོན་མཐའི་སྤྲིན་བཞིན་ཡལ། །དཔལ་འབྱོར་ལོངས་སྤྱོད་དཔྱིད་ཀྱི་དགའ་ཚལ་རྒྱས། །མངོན་མཐོའི་ཡོན་ཏན་སྙེ་མ་གཡུར་ཟ་བས། །ངེས་ལེགས་ལུས་ཀྱི་ལང་ཚོ་རབ་འཕེལ་ཤོག །ཅེས་པའི་ཚུལ་འདི་གྲོང་སྔགས་པ་མཆོག་དམན་ཀུན་གྱིས་ཁ་རྒྱན་དུ་བྱེད་ཀྱང་མགོ་གཞུག་ཚང་བ་དཀོན་ཅིང་། དམ་པ་སྔ་མས་མཛད་པ་འགའ་རེ་ཡང་སོ་སོའི་གསུང་རྩོམ་ལ་གཞི་བྱས་པར་སྣང་བས། འདིར་རྩ་བའི་གཏེར་གཞུང་ལ་འཇའ་ཚོན་པ་ཉིད་ཀྱིས་ལྷོ་བྲག་གངས་དབེན་ནས་ཕྲན་གཏེར་དུ་བཞེས་པའི་རྣམ་སྲས་ལས་བྱང་ལེ་དྲུག་མ་བཀའ་བབས་བསྟན་པ་དར་རྒྱས་ལས་ཟམ་མ་ཆད་པར་བྱུང་བ་དང་སྦྲེལ་ཏེ། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དཔལ་ཀུན་སྤུངས་པའི་ཡང་ཁྲོད་ནོར་བདག་གནོད་སྦྱིན་ཆེན་པོའི་བསྟི་གནས་དང་ཉེ་བའི་དགའ་ཚལ་དུ་བགྱིས་པ་དགེ་ལེགས་འཕེལ།། །།
ཐུགས་རྗེ་ཆེན་པོའི་སྒོ་ནས་མིག་གི་གསལ་བྱེད་ཉང་སྟོན་གྲུབ་པའི་གཏེར་མ་ (Volume 46, Text 1)
༄༅། །ཐུགས་རྗེ་ཆེན་པོའི་སྒོ་ནས་མིག་གི་གསལ་བྱེད་ཉང་སྟོན་གྲུབ་པའི་གཏེར་མ་བཞུགས། ། ཐུགས་རྗེ་ཆེན་པོའི་སྤྱན་འབྱེད་ལོ་རྒྱུས་ནི། དགེ་བའི་བཤེས་གཉེན་ཉང་སྟོན་སྒྲུབ་པ་པོས་ལྷོ་བྲག་མཁར་ཆུའི་གཏེར་ནས་བཏོན། དེས་ཁོང་རང་གི་སྤྱན་གསལ་བར་བྱས། དེ་ནས་དགེ་བའི་བཤེས་གཉེན་དིང་མ་པའི་སྤྱན་ཉང་སྟོད་དུ་གསལ་བར་བྱས་པས་ཟབ་པར་ཤེས་སོ། །སེར་སྣ་མ་བྱེད་རྒྱ་ཆེར་སྤེལ་གསུངས་སོ། །འདིའི་སྒོམ་ཐབས་དངོས་གཞི་ནི། རང་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་བཞི་པ། པདྨ་དང་ཟླ་བའི་གདན་ལ་བཞུགས་པ། ཕྱག་བཞིའི་དང་པོ་གཉིས་སྔགས་ཆུ་སྤྱན་ལ་བྱུགས་པའི་ཕྱག་རྒྱ་བྱས་པ་ཅན། གཡས་འོག་མ་ན་དངུལ་གྱི་བུམ་པ་བདུད་རྩིས་གང་བ་བསྣམས་པ་གཡོན་འོག་མ་མེ་ལོང་བསྣམས་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པར་བསྒོམ། སྔགས་འདི་མི་ཚིག་གིས་བར་མ་ཆོད་པར་སྟོང་བཟླའོ། །ལག་པ་གཡོན་པའི་སྲིན་ལག་གི་རྩ་བར་སྔགས་འདི་ཉི་ཤུ་རྩ་གཅིག་ཟས་མ་ཟོས་པའི་གོང་དུ་བཏབ་ལ། ལག་པ་གཡས་པའི་སྲིན་ལག་གིས་སྔགས་ཆུ་མིག་གཡོན་ལ་བྱུག །སྔགས་ནི་འདིའོ། །ཏདྱ་ཐཱ། ཨཱོྃ་ཧུ་ཡ་ཧུ་ཡ། ཧུ་དུ་ཧུ་དུ། ཀི་ལི་ཀི་ལི། ཙཀྵུཿམཻ་ཏྲི་ཤཱ་ཏྲུ་ན་ཡེ་སྭཱ་ཧཱ། ཟབ་རྒྱ་རྒྱ། འདིའི་སྐུ་ཉམས་ཚུལ་ལ་བཞེངས་དང་བཞུགས་པ་གཉིས་འདུག་པས་བརྟག་པར་རིགས་ཤིང་། ཡང་ན་སྒྲུབ་པ་དང་ལས་སྦྱོར་གྱི་དུས་སུ་བལྟའོ།། །། ༈ བླ་མ་མཆོག་ལ་གུས་པས་འདུད། །སངས་རྒྱས་ཆོས་ཚོགས་ལན་གསུམ་བྱ། དེ་ནས་སྟོང་པར་སྦྱང་། དེའི་ངང་ལས་པད་ཟླའི་སྟེང་དུ་ཡི་གེ་ཧྲཱིཿཡིག་དཀར་པོ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་སྤྱན་རས་གཟིགས་དབང་ཕྱུག་ཞལ་གཅིག་ཕྱག་བཞི་པ། རྩ་བའི་ཕྱག་གཉིས་མིག་འབྱེད་སྔགས་ཆུས་མིག་ལ་བྱུག་པའི་ཕྱག་རྒྱ་བཅས་པ། གཡས་འོག་མས་དངུལ་དཀར་གྱི་བུམ་པ་བདུད་རྩིས་གང་བ་དང་། གཡོན་འོག་མས་དངུལ་དཀར་གྱི་མེ་ལོང་རབ་འབྱམས་ཞིང་ཁམས་གསལ་བར་སྐུ་ཁྲུས་གསོལ་བ། ཞབས་གཉིས་འགྲོ་བའི་དོན་ལ་མངོན་པར་བཞེངས་པའི་སྐུ་ལ་རིན་པོ་ཆེ་ལ་སོགས་པའི་རྒྱན་དུ་མས་སྤྲས་པ། དར་དཀར་གྱི་སྟོད་གཡོགས་དང་། པཉྩ་ལི་ཀཱའི་ཤམ་ཐབས་ཅན། རི་དྭགས་ཀྲྀཥྞ་སཱ་རའི་པགས་པས་ནུ་མ་གཡོན་པ་བཀབ་པ། རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ཀྱི་རིགས་བདག་དང་བཅས་པའི་ཐུགས་ཀར་ས་བོན་གྱི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས། འོད་ཟེར་སྔགས་ནུས་ཕྱག་རྒྱའི་རྩེ་ལ་སྤྲོས་པ་ལས། རླུང་མཁྲིས་བད་ཀན་འདུས་པའི་ནད་ལ་སོགས། ཕྱི་ནང་བར་འགྲིབ། སྔོ་རིབ་རྩ་དྲྭ་མཛེར་ལིང་ཐོག །སྐམ་རློན་ཚག་པ། པགས་ཚད་མཛེར་ལྷོག་ལ་སོགས་མིག་སྐྱོན་མིག་ནད་ཐམས་ཅད་སེལ་བའི་ནུས་སྟོབས་དང་ལྡན་པར་བསམ། དེ་ནས་སྔགས་བཟླ་བ་ནི། ཏདྱ་ཐཱ། ཨཱོྃ་ཧུ་ཡ་ཧུ་ཡ། ཧུ་དུ་ཧུ་དུ། ཀི་ལི་ཀི་ལི་ཙཀྵུཿམཻ་ཏྲི་ཤཱ་ཏྲུ་ན་ཡེ་སྭཱ་ཧཱ། དེ་ནས། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་སོགས་དང་། དེ་ནས། སྐྱོན་གྱིས་མ་གོས་སོགས་བརྗོད། འདི་ཡན་ཆད་དཔེ་ཚན་འདི་དང་པོའི་གཏེར་བྱོན་དངོས་དེ་ཡིན་པ་འདྲ། འདི་ལ་ཡང་རྒྱས་བསྡུས་གཉིས་སྣང་ཡང་འོག་མའི་འདི་ཞལ་ཤེས་ལག་ལེན་ཡིན་པ་འདྲ།། །། ༄༅། །ཐུགས་རྗེ་ཆེན་པོའི་སྒོ་ནས་མིག་འབྱེད་པའི་གདམས་པ་ཉང་གི་གཏེར་མ་དེ་ཉིད་ཀྱི་གསལ་བྱེད་སྐབས་དོན་གསུམ་པ་བཞུགས། གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ ཐུགས་རྗེ་ཆེན་པོས་རྟག་པར་འགྲོ་ཀུན་ལ། །གཟིགས་མཛད་ཡི་དམ་ལྷ་ལ་གུས་བཏུད་ནས། །དེ་ཡི་སྒོ་ནས་མཐོང་བྱེད་ཆུ་བུར་མིག །རྒྱལ་བའི་སྤྱན་ལྟར་གསལ་བར་བྱེད་པའི་ཐབས། །སྔགས་ལ་བརྟེན་པའི་མན་ངག་ཟབ་མོ་འདི། །དང་པོ་གང་ནས་བྱུང་བའི་ལོ་རྒྱུས་ནི། །དགེ་བའི་བཤེས་གཉེན་ཉང་སྟོན་སྒྲུབ་པ་པོ། །ཞེས་པ་མངའ་བདག་ཆེན་པོ་ཉང་རལ་པ། །མཚན་དངོས་ཉི་མའི་འོད་ཟེར་གྲགས་པ་དེས། །གནས་ནི་ལྷོ་བྲག་མཁར་ཆུའི་གཏེར་ནས་བཏོན། །དེ་ནས་ཁོང་རང་དག་གིས་ཉམས་སུ་བཞེས། །སྤྱན་ནད་བྱུང་གྱུར་མ་ལུས་བསལ་བར་བྱས། །དེ་ནས་དགེ་བའི་བཤེས་གཉེན་དིང་མ་པའི། །སྤྱན་གཉིས་འགྲིབ་པར་གྱུར་ལ་ཉང་སྟོད་དུ། །གདམས་པ་བཀའ་གཏད་བསྐུར་ནས་གསལ་བར་བྱས། །བསྙེན་པས་སྔགས་འབྱེད་བྱིན་རླབས་ཆེ་བར་གྲགས། །ཟབ་པར་ཤེས་སོ་སེར་སྣ་མ་བྱེད་པར། །གདུལ་བྱ་རྣམས་ལ་རྒྱ་ཆེར་སྤེལ་ཅེས་གསུངས། །དེ་ལྟའི་གདམས་པ་ཤོག་དྲིལ་ཉང་ཆེན་སྲས། །འགྲོ་བའི་མགོན་པོས་སྨྲ་བོ་ལྕོག་པོ་རུ། །རི་བསྐོར་མཛད་ཚེ་གཏེར་ཤོག་ཕྱག་ཏུ་བབས། །ཉམས་བཞེས་སྤྱན་གཉིས་གསལ་བར་སྐུ་ཚེ་བསྒྲིལ། །དེ་ལྟ་བ་ཉིད་ཇི་བཞིན་གཏེར་ཤོག་བུ། །གྲང་སོ་སྔགས་འཆང་ཤཱཀྱ་བཟང་པོ་ཡིས། །ལྷོ་བྲག་གནས་ཆེན་གཏམ་ཤུལ་རི་བོ་ལ། །བསྐོར་བའི་ལམ་ཁར་རླུང་གིས་ཁྱེར་བ་ལྟར། །གདམས་པའི་ཡི་གེ་འཁྲུལ་མེད་སྐུ་མདུན་རྙེད། །གོང་གི་གདམས་པ་སྒོ་གཉིས་རིམ་བརྒྱུད་དུ། །གསན་པར་མ་ལྟོས་ཁྱད་པར་བཀའ་བབས་བཞེད། །སྐུ་ཚེ་མཐར་ཕྱིན་ཉིད་དུ་སྤྱན་ཡང་གསལ། །དེ་ལ་ཟབ་གཏེར་གསུམ་ཀའི་བཀའ་བབས་རྗེ། །མངའ་རིས་རིག་འཛིན་ཆེན་པོ་ལེགས་ལྡན་ཞབས། །སྐུ་ཚེ་བརྒྱ་ཕྲག་ཉིད་དུ་འགྲོ་བའི་དོན། །ལྷུར་མཛད་ཉིན་མཚན་ཆོས་ཀྱི་སྦྱིན་པར་བརྩོན། །བགྲེས་རྒུད་མི་མངའ་ཡེ་ཤེས་སྤྱན་ལྡན་དེས། །དགྱེས་བཞིན་བདག་ལ་གནང་བ་ད་ལྟའི་བར། །རྒྱ་དབུས་བྱང་གཙང་ཀུན་དུ་འགྲོ་དོན་བྱས། །ད་ནི་རང་ཡང་ཉམས་སུ་ལེན་བདེ་ཞིང་། །རྗེས་འཇུག་ཡོངས་ལ་ཕན་ཕྱིར་རྒྱས་པར་བཀྲོལ། །དང་པོ་ཡིག་རྙིང་མ་ཉམས་རྩ་བར་བྱས། ༈ གཉིས་པ་འདི་ཡི་སྒོམ་ཐབས་དངོས་གཞི་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །དེ་སྐད་སྐྱབས་སེམས་སྒོམ་པ་ལན་གསུམ་བྱ། སྭ་བྷཱ་བ་ཡི་སྔགས་ཀྱིས་སྟོང་པར་སྦྱང་། སྟོང་པའི་ངང་ལས་རང་རིག་ཧྲཱིཿདཀར་པོ། །སྐད་ཅིག་ཡོངས་གྱུར་ཐུགས་རྗེ་ཆེན་པོ་ཉིད། །ཤེལ་གྱི་རི་བོ་ལྟར་གསལ་རྣམ་དག་སྐུ །ཞལ་གཅིག་ཟླ་རྒྱས་ཞི་འཛུམ་ཕྱག་བཞི་པ། །དྲི་མེད་པདྨ་དང་ནི་ཟླ་བའི་དལ། །གདན་ལ་ཞབས་ཟུང་མཉམ་པའི་སྟབས་བཞེངས་པ། །ཕྱག་བཞིའི་དང་པོ་གཉིས་ནི་མིག་འབྱེད་ཀྱི། །སྔགས་ཆུ་སྤྱན་ལ་བྱུག་པའི་ཕྱག་རྒྱ་ཅན། །ཐུགས་ཀར་བཅས་ཤིང་གཡས་ཀྱི་འོག་མ་ཡིས། །དངུལ་གྱི་བུམ་པ་བདུད་རྩིའི་ཆུས་གང་བ། །བསྣམས་པས་སྡིག་སྒྲིབ་དྲི་མ་ཀུན་འཁྲུད་པ། །གཡོན་གྱི་འོག་མས་མེ་ལོང་བསྣམས་པ་ལ། །རབ་འབྱམས་ཞིང་ཁམས་གསལ་བར་སྐུ་ཁྲུས་གསོལ། །སྣ་ཚོགས་རིན་པོ་ཆེ་ཡི་རྒྱན་གྱིས་བརྒྱན། །དར་གྱི་ཤམ་ཐབས་ན་བཟས་ཉེར་བཀླུབས་པ། །རི་དྭགས་ལྤགས་པས་ནུ་མ་གཡོན་པ་བཀབ། །གསུང་མཆོག་སྣང་བ་མཐའ་ཡས་དབུ་ལ་བརྒྱན། །དམ་ཚིག་ཡེ་ཤེས་དབྱེར་མེད་ཉིད་དུ་གྱུར། །ངག་འདོན་བཞིན་དུ་སྒོམ་ལུགས་ལག་ལེན་བསྟན། །ལོ་རྒྱུས་ཡིད་ཆེས་ཕན་ཡོན་སྤྲོ་བ་བསྐྱེད། །སྔོན་འགྲོ་དགེ་བའི་ལས་འབད་ཡར་ངོ་ལ། །དབེན་པར་མཚམས་བཅད་གྲིབ་འཛེམ་དཀར་གསུམ་བརྟེན། །ཐོ་རངས་ནས་བརྩམ་སྔགས་འདི་མི་ཚིག་གིས། །བར་མ་ཆོད་པར་སྟོང་བཟླས་དམིགས་པ་ནི། །སྔགས་ནུས་ཕྱག་རྒྱའི་རྩེ་ལས་འོད་ཟེར་འཕྲོས། །གཡས་འོག་བུམ་པའི་བདུད་རྩིའི་ཆུ་རྒྱུན་གྱིས། །གཡོན་པའི་མེ་ལོང་ངོས་སུ་ཁྲུས་གསོལ་བར། །བྱེད་པ་ཇི་བཞིན་རང་གཞན་མཁའ་མཉམ་པའི། །སེམས་ཅན་ཀུན་གྱི་བག་ཆགས་ལས་སྡིག་སྒྲིབ། །ནད་གདོན་གྲིབ་ལས་གྱུར་པའི་སྒྲིབ་བྱེད་ཀུན། །རླུང་གིས་སྤྲིན་གཏོར་དྲི་མ་འཁྲུད་པ་ལྟར། །རྣམ་གསལ་དག་དྲན་བརྟན་བྱ་བསྙེན་སྒྲུབ་སྟེ། །ལག་པ་གཡས་དང་གཡོན་པའི་སྲིན་ལག་གི །རྩ་བར་སྔགས་འདི་ཉི་ཤུ་རྩ་གཅིག་ནི། །ཟས་མ་ཟོས་པའི་གོང་ལ་བཟླས་བྱས་པས། །གཡོན་པའི་སྲིན་ལག་དག་གི་རྩེ་མོ་ཡིས། །གཡས་པའི་སྔགས་ཆུ་མཉེ་ཞིང་རྩེ་མོ་གཏང་། །མིག་གཡོན་ཕུག་ནས་ཕྱིར་ལ་བྱུག་ཅིང་ཕྱི། །དེ་བཞིན་གཡོན་པས་གཡས་ལ་བྱུག་ཅིང་ཕྱི། །རབ་རིབ་གྲིབ་སོགས་ནད་གདོན་ཀུན་ཕྱིས་ནས། །མིག་གཉིས་རྣམ་དག་སྤྱན་སྒོ་ཕྱེ་བར་བསམ། །ཕྱོགས་ལ་གསལ་འགྲིབ་ཁྱད་པར་ཡོད་པ་ན། །འགྲིབ་ཕྱོགས་སྔགས་བཏབ་ཕྱེ་ཚུལ་སྔོན་ལ་བྱ། །དེ་ལྟར་ལས་སྦྱོར་རྒྱུན་དུ་འབད་བྱས་ཏེ། །སྔགས་ནི་འདི་ལྟར་གཅེས་པའི་ཡིག་འབྲུའི་ཐེམ། ཏདྱ་ཐཱ་ཨཱོྃ་ཧུ་ཡ་ཧུ་ཡ་བརྒྱད། །ཧུ་དུ་ཧུ་དུ་ཀི་ལི་ཀི་ལི་བརྒྱད། །ཙཀྵུཿམཻ་ཏྲི་ཤཱ་ཏྲུ་ན་ཡེ་བརྒྱད། །བརྒྱད་ཚན་གསུམ་མཐར་སྭཱ་ཧཱ་དང་བཅས་པའི། །བརྒྱད་ཚན་དང་པོའི་གསུམ་དང་བཞི་པ་དང་། །དེ་བཞིན་གསུམ་པའི་ལྔ་པ་མཐར་སྭཱ་ཧཱ། །ཡིག་འབྲུ་ལྔ་ལ་འ་བཏགས་གཞན་ཐུང་ངུ་། །ཉི་ཤུ་རྩ་དྲུག་འཁྲུལ་མེད་ཟབ་མོ་འོ། །ཐོ་རེངས་ནམ་ལངས་གོང་བཟླས་ཉིན་དང་མཚན། །རང་རང་རྒྱུན་གྱི་རྣལ་འབྱོར་དཀྱུས་ལ་འཇུག །ཆེད་དུ་བསྔགས་པའི་བསྒྲུབ་བྱ་དག་ཡིན་ན། །སྐབས་དེར་ཡང་ནི་མ་ཎིའི་ཛཔ྄་ཉིད་ལ། །གཙོར་བཏོན་བྱ་འོ་ཟབ་ཕྱིར་བསྙེན་སྒྲུབ་ནི། །དུས་ཀྱི་བསྙེན་པ་ཞག་བདུན་ཉི་ཤུ་གཅིག །གྲངས་བསྙེན་གོང་དུ་ཉམས་ལེན་སྐབས་བཤད་བཞིན། །མཚན་མའི་ངེས་པ་ཉི་ཤར་སྒྲོན་མེ་སྦར། །སྒོ་ཕྱེས་གཡོགས་བསལ་མིག་ལྡན་སྦྱིན་མཐོང་ཐོས། །རབ་ཡིན་ཁྲུས་བྱས་གྱེན་འཛེགས་མཐོ་ཡངས་བགྲོད། །དྲི་ཅན་མདོག་ནག་ཞྭ་གོས་ལྷྭམ་ཕུད་འབྲིང་། །མུན་ཁུང་འདམ་རྫབ་ཁ་ཆར་བུ་ཡུག་བྱིང་། །གྲིབ་སེལ་སྒྲིབ་སྦྱོང་རིམ་གྲོ་སྤང་དག་འབད། །ཕན་སྟོབས་དགེ་དང་མི་དགེ་བརྡ་དང་རྟགས། །མཚན་མ་དངོས་ཉམས་རྨི་ལམ་ངེས་པར་འབྱུང་། །གང་ཤར་རྟེན་འབྲེལ་ལེགས་པའི་ཐབས་སུ་བསྒྱུར།། ༈ གསུམ་པ་འདི་ལ་འབད་དགོས་ཕན་ཡོན་ནི། །དབང་པོའི་དྭངས་མ་མིག་ལས་གཅེས་པ་གཞན། །ཅི་ཞིག་དེ་ཕྱིར་ནད་མེད་གཞོན་ནུ་ནས། །བསྙེན་སྒྲུབ་སྔོན་སོང་མིག་སྐྱོན་འབྱུང་མི་འགྱུར། །ཕ་མ་ལ་སོགས་འགྲིབ་རིགས་སྲི་ལས་ཐར། །མིག་ནད་འགོས་པའི་རིམས་དང་འཚེ་བ་སྐྱོབ། །ཕྱི་ནང་བར་འགྲིབ་ལིང་ཐོག་རྩ་ཁྲག་སྲིན། །ཚག་པ་སྐམ་རློན་རྫི་མའི་ནད་གང་ལའང་། །སྨན་རྫས་དཔྱད་དང་མཚུངས་པའི་ཕན་པ་སྟེར། །རྩ་ཤེད་ཆེ་ཞིང་གསལ་སྣང་ཉམས་སུ་མྱོང་། །གསོ་དཔྱད་གཞུང་ལས་སྤང་བྱའི་གནད་བཤད་པ། །འབྱེད་དུས་མ་སླེབ་ཡོལ་སོགས་འགའ་ཞིག་ལའང་། །གདམས་པ་འདི་ཡི་ཟབ་ཁྱད་སྟོན་པ་སྟེ། །དེ་ཕྱིར་གནས་སྐབས་ཆུ་བུར་མིག་གསལ་བས། །ཆོས་ཉིད་མངོན་སུམ་ངོ་མཚར་ལྟད་མོ་བལྟ། །མཐར་ཐུག་ཡེ་ཤེས་སྤྱན་ལྡན་ཐོབ་ཕྱིར་དུ། །ལོ་རྒྱུས་ཉམས་ལེན་ཕན་ཡོན་དོན་གསུམ་དུ། །གསལ་བར་སྡེབ་པོ་སྔགས་འཆང་རིག་པ་འཛིན། །ཤྲཱི་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེས། །བཞི་བཅུ་རྩ་བདུན་ལོན་ཚེ་འབྱང་གི་ཡུལ། །པདྨའི་ལྕོག་སྒར་གནས་སུ་སྦྱར་བཀོད་འདིས། །ཇི་སྙེད་འགྲོ་ལ་ཕན་དོན་བྱེད་གྱུར་ཅིག །མངྒ་ལཾ།། ༈ འདིའི་བརྒྱུད་པའི་གསོལ་འདེབས་ནི། སྣང་བ་མཐའ་ཡས་ཐུགས་རྗེ་ཆེན་པོ་དང་། །པདྨ་འབྱུང་གནས་ཉང་ཆེན་སྒྲུབ་པ་པོར། །གསོལ་བ་འདེབས་སོ་གསལ་བྱེད་དངོས་གྲུབ་སྩོལ། །འགྲོ་བའི་མགོན་པོ་ཤཱཀྱ་བཟང་པོ་དང་། །རིག་འཛིན་ལེགས་ལྡན་ཆོས་རྒྱལ་དབང་པོའི་སྡེར། །གསོལ་བ་འདེབས་སོ་གསལ་བྱེད་དངོས་གྲུབ་སྩོལ། །འདི་ཡན་ཆོས་རྒྱལ་དབང་པོའི་སྡེའི་གསུང་། དེའི་ཁ་སྐོང་དུ། རིགས་ཀུན་ཁྱབ་བདག་ངག་གི་དབང་པོ་དང་། །མཁས་བཙུན་གྲུབ་བརྙེས་བཀྲ་ཤིས་རྣམ་རྒྱལ་མཚན། །གསོལ་བ་འདེབས་སོ་གསལ་བྱེད་དངོས་གྲུབ་སྩོལ། །རྡོ་རྗེ་འཆང་དངོས་དཀོན་མཆོག་དཔལ་འབྱོར་ཞབས། །རིག་འཛིན་གྲུབ་པའི་གཙུག་རྒྱན་པདྨའི་མཚན། །གསོལ་བ་འདེབས་སོ་གསལ་བྱེད་དངོས་གྲུབ་སྩོལ། །བསྟན་པའི་གསལ་བྱེད་བློ་བཟང་དོན་གྲུབ་ཞབས། །གདམས་པའི་བཀའ་བབས་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་གསལ་བྱེད་དངོས་གྲུབ་སྩོལ། །ཅེས་པ་འདིའང་བདག་རིག་པ་འཛིན་པ་བཀྲ་ཤིས་རྣམ་རྒྱལ་གྱིས། མིག་ལ་ཕན་ཕྱིར་གདམས་པ་འདིའི་བསྙེན་མཚམས་ཞག་བདུན་བྱས་ཏེ་གྲོལ་བའི་དགའ་སྟོན་དུ། གདམས་པའི་དཔེ་འདི་ལྕགས་འབྲུག་རང་ལོ་ང་གསུམ་ཧོར་ཟླ་བདུན་པའི་ཉེར་ལྔ་ལ་གྲུབ་པའི་བསྟི་གནས་ཨོ་རྒྱན་གླིང་དུ་བྲིས་པའི་དགེ་བས་མ་གྱུར་སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་ཐོབ་པར་གྱུར་ཅིག །སརྦ་མངྒ་ལཾ།། །། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང་། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐར་གཏུགས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཨོཾ་ཙཀྵུཿཙཀྵུཿས་མནྟ་ཙཀྵུར་བི་ཤོ་དྷ་ནི་སྭཱ་ཧཱ།
ལྷ་བཙུན་དག་སྣང་རིག་འཛིན་སྲོག་སྒྲུབ་ཀྱི་གསོལ་འདེབས་ (Volume 9, Text 1)
ན་མོ་གུ་རུ། སྙིང་དབུས་ལྷན་སྐྱེས་གཉུག་མའི་ཡེ་ཤེས་ངང་། ཁྱབ་བརྡལ་ཆོས་དབྱིངས་གང་བའི་འོད་ཕུང་འཁྲིགས། །སྣང་སྟོང་དབྱེར་མེད་སྣང་སྲིད་བླ་མའི་ཞིང་། །ལྷ་བཙུན་ཆེན་པོའི་སྐུ་ལ་གསོལ་བ་འདེབས། །སྒྲ་གྲགས་གཟུང་འཛིན་བྲལ་བ་རྒྱལ་བའི་གསུང་། །གྲགས་སྟོང་ཐིག་ལེ་ཉག་གཅིག་དཀྱིལ་འཁོར་རྫོགས། །ཕྱི་ནང་ཆོས་དབྱིངས་དག་པའི་རང་སྒྲ་འུར། །ལྷ་བཙུན་ཆེན་པོའི་གསུང་ལ་གསོལ་བ་འདེབས། །བགྲོད་བྲལ་ཐེག་ཀུན་སྙིང་པོ་བརྗོད་མེད་གཞི། །འོད་གསལ་རང་བཞིན་སྙིང་པོ་རྫོགས་པ་ཆེ། །ས་ལམ་གཞི་ལ་དག་པའི་ཆོས་ཟད་ཀློང་། །ལྷ་བཙུན་ཆེན་པོའི་ཐུགས་ལ་གསོལ་བ་འདེབས། །སྐུ་གསུམ་དབྱེར་མེད་རྒྱལ་བ་ཀུན་འདུས་གང་། །རིགས་ཀུན་ཁྱབ་བདག་རིག་འཛིན་ལྷ་བཙུན་པས། །ལམ་ངན་འཁོར་བའི་གཡང་ས་ལས་བསྐྱབས་ནས། །ཞིང་མཆོག་དག་པ་པདྨ་འོད་དུ་དྲོངས། །འདུས་པ་རྒྱ་མཚོ་མི་འབྲལ་ལྷན་ཅིག་འགྲོགས། །སྟོང་གསལ་དྭངས་མ་འོད་ལྔའི་ཚོམ་བུའི་ཀློང་། །བླ་མེད་རིག་འཛིན་མཆོག་གི་ས་ཆེན་ནོན། །ཟང་ཐལ་མཁའ་སྤྱོད་ཞིང་རྣམས་མ་ལུས་པ། །རྨད་བྱུང་སྤྲུལ་སྐུའི་རོལ་པས་ཁྱབ་པར་ཤོག །སྲིད་པའི་ཁ་ལོ་གྱེན་དུ་བསྒྱུར་བར་ཤོག །འཁོར་བའི་མཚན་མ་མི་དམིགས་སྟོངས་པར་ཤོག །ཆོས་དབྱིངས་ཆེན་པོར་ཕྱམ་ཅིག་རིས་མེད་ཤོག །ཡང་བསྡུས་པ་ནི། ཆོས་དབྱིངས་མཁའ་ཀློང་རྣམ་དག་རྡོ་རྗེའི་སྦུབས། །མདངས་གསལ་ལྷུན་གྲུབ་ཉིན་བྱེད་མཚན་དཔེའི་སྐུ །ཞིང་འདིར་གདུལ་བྱའི་དཔལ་མགོན་དམ་པའི་མཆོག །ལྷ་བཙུན་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །སྣང་སྲིད་དག་པ་རབ་འབྱམས་མཁའ་སྤྱོད་དབྱིངས། །སྣང་གྲགས་བླ་མ་ལྷ་དང་ཌཱ་ཀིའི་གཙོ། །དཔལ་ཆེན་དཔའ་བོའི་དབང་ཕྱུག་ཧེ་རུ་ཀ །ནམ་མཁའ་འཇིགས་མེད་ཞབས་ལ་གསོལ་བ་འདེབས། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུ་མངོན་སུམ་སྟོན་མཛད་པའི། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །མདོ་རྒྱུད་བསྟན་བཅོས་མན་ངག་ཟབ་མོ་ཡི། །ཆོས་རྣམས་གང་ལ་ཞུས་པའི་རྩ་བ་དང་། །བརྒྱུད་པའི་བླ་མ་མ་ལུས་ཐམས་ཅད་ལ། །རྟག་ཏུ་གུས་པའི་ཡིད་ཀྱིས་གསོལ་བ་འདེབས། །ཞེས་ལེ་ཚན་འདི་དག་གསུང་རྒྱུན་བྱིན་རླབས་དང་ལྡན་པ་ལགས་སོ།། །།
དབང་སྡུད་ལས་ཀྱི་འཁོར་ལོའི་རྒྱུད་ (Volume 53, Text 1)
༄༅༔ དབང་སྡུད་ལས་ཀྱི་འཁོར་ལོའི་རྒྱུད་བཞུགས་སོ༔ འདི་དབང་སྡུད་འཁོར་ལོའི་རྩ་བ་ཡིན༔ ཨེ་མ་ཧོ༔ དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས༔ མངའ་གསོལ་རབ་གནས་ཚར་བའི་དུས༔ གཟའ་མིག་དམར་གྱི་སྤྲུལ་པ༔ མཆིམས་རྡོ་རྗེ་སྤྲེ་ཆུང་དབུལ་ཞིང་ཕོངས་ཏེ༔ ནོར་མེད་ནས་སློབ་དཔོན་པདྨ་འབྱུང་གནས་ལ་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ བདག་རྡོ་རྗེ་སྤྲེ་ཆུང་བྱ་བ༔ ཚེ་རབས་སྔོན་མའི་སྦྱིན་ཤུགས་མེད་པས༔ ད་ལྟ་དབུལ་བར་སྐྱེས༔ བཟོད་པ་མ་བསྒོམས་པས་གཟུགས་བྱད་ངན༔ བུད་མེད་ནག་ཆགས་ཀྱི་ཡིད་དུ་མི་འོང༔ དཀོར་ནོར་མེད་པས་རྒྱལ་བློན་རྣམས་ཀྱི་སྤྱན་སྔར་མི་ཆུག་གདའ་བས༔ སློབ་དཔོན་གྱིས་བདག་ལ་ཐུན་མོང་གི་དངོས་གྲུབ་འབྱུང་བའི་མན་ངག༔ ཚེགས་ཆུང་ལ་དོན་ཆེ་བ་ཞིག་བདག་ལ་གནང་བར་ཞུ༔ ཞེས་ཞུས་སོ༔ སློབ་དཔོན་གྱིས་བཀའ་བསྩལ་པ༔ ཨེ་མ་སྤྲེ་ཆུང་སྙིང་རེ་རྗེ༔ ལས་ཅན་རིགས་ཀྱི་བུ་ཁྱོད་ནི༔ སྦྱིན་ཤུགས་ཆུང་ཡང་ཤེས་རབ་ཆེ༔ སྐྱེ་གཟུགས་ངན་ཡང་བརྩོན་འགྲུས་ཆེ༔ དངོས་གྲུབ་མྱུར་དུ་འབྱུང་བ་ཡི༔ གདམས་པ་ནོར་བུ་ལྟ་བུ་འདི༔ སྙིང་ལ་ཆོངས་ལ་སྒྲུབ་པ་གྱིས༔ ཞེས་གསུངས་སོ༔ ལོ་རྒྱུས་སོ༔ རྒྱ་གར་སྐད་དུ༔ མུ་ཧ་ལ་ཀརྨ་ཙཀྲ་ཏནྟྲ༔ བོད་སྐད་དུ༔ དབང་སྡུད་ལས་ཀྱི་འཁོར་ལོའི་རྒྱུད༔ དབང་ཕྱུག་ཆེན་པོ་ལ་ཕྱག་འཚལ་ལོ༔ ཐམས་ཅད་དབང་དུ་སྡུད་པའི་ལས༔ རྒྱལ་པོ་བཙུན་མོ་ཕོ་དང་མོ༔ ནོར་རྣམས་དབང་དུ་བསྡུ་བ་སྟེ༔ རྒྱལ་པོ་དབང་དུ་བསྡུས་ལ་དམངས་སུ་དབབ༔ སྐྱེས་པ་ན་མཉམ་བྲན་དུ་བཀོལ༔ བུད་མེད་ནག་ཆགས་འཕར་དུ་གཞུག༔ ཟས་ནོར་སྲང་དུ་གཞུག་པ་འོ༔ མུ་སྟེགས་རླུང་གི་ཞགས་པ་ཡིས༔ སྐྱེས་པ་དབང་དུ་སྡུད་པ་ནི༔ རང་ཉིད་དབང་ཕྱུག་ཆེན་པོར་བསྒོམ༔ སྨུག་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཉིས་ལྕགས་ཀྱུ་ཞགས་པ་བསྣམས༔ རྣམ་ཤེས་འགུག་ཅིང་ཟས་ནོར་སྡུད༔ ཕོ་མཚན་གྱེན་དུ་སྒྲེང་བར་བསྒོམ༔ འགུགས་སྔགས་འདི་ནི་བཟླ་བར་བྱ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ༔ ཨཱ་ཀརྵཱ་ཡ་ཧྲཱིང་ཛ༔ བསྒོམ་ཞིང་བཟླས་པ་ཙམ་གྱིས་ནི༔ ཕོ་རྒྱུད་ཐམས་ཅད་དབང་དུ་འདུ༔ མུ་སྟེགས་རླུང་གི་ཞགས་པ་ཡིས༔ མོ་རྒྱུད་དབང་དུ་བསྡུ་བ་ནི༔ རང་ཉིད་དབང་ཕྱུག་ཆེན་པོར་བསྒོམ༔ དམར་མོ་གཅེར་བུ་རལ་པ་ཅན༔ ཕྱག་གཉིས་མེ་ལོང་ཞགས་པ་བསྣམས༔ སྣང་སྲིད་གསལ་བཏབ་ཡིད་འོང་སྡུད༔ ཕོ་མཚན་གྱེན་དུ་སྒྲེང་བར་བསྒོམ༔ དབང་སྡུད་སྔགས་ཀྱང་བཟླ་བར་བྱ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཨཱ་ཀརྵཱ་ཡ་ཧྲཱིང༔ བསྒོམ་དང་བཟླས་པས་ས་རྡོ་འཕར༔ བུད་མེད་ནག་ཆགས་སྨྲོས་ཅི་དགོས༔ ཞེས་སོ༔ དབང་སྡུད་ལས་ཀྱི་འཁོར་ལོ་ལས༔ རྩ་བའི་སྔགས་ཀྱི་ལེའུ་སྟེ་དང་པོ་འོ༔ མུ་སྟེགས་དབང་ཕྱུག་ཆེན་པོ་ལ༔ སྒྲུབ་ལུགས་རྣམ་པ་གསུམ་དུ་བྱ༔ ཕྱི་དང་ནང་དང་གསང་བ་འོ༔ དང་པོ་ཕྱི་ཡི་སྒྲུབ་པ་ནི༔ རྒྱ་སྐྱེགས་ཕོ་མཚན་མཁྱིད་གང་བའི༔ ནང་དུ་ཙཀྲ་བྲིས་ལ་གཞུག༔ དེ་ལ་བྱིན་རླབས་རབ་གནས་བྱ༔ བཟླས་པའི་སྔགས་ནི་འདི་ལྟ་སྟེ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ ཧྲི་ཨ་ཏྲི་རྣྲྀ་ཛ༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔ མིའུ་རིགས་བཞིའི་རྣམ་ཤེས་ཁུག་ལ་ཤོག༔ ཞག་བདུན་བར་དུ་བསྒྲུབ་པར་བྱ༔ གཉིས་པ་ནང་གི་སྒྲུབ་པ་ནི༔ ཙནྡན་དམར་པོའི་ཕོ་མཚན་ནི༔ མཁྱིད་གང་ནང་དུ་འཁོར་ལོ་གཞུག༔ དབང་ཕྱུག་ཆེན་པོ་དེ་ལ་བསྟིམ༔ བཟླས་པའི་སྔགས་ནི་འདི་ཡིན་ནོ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ བཛྲ་སིདྡྷི་ཕ་ལ་ཧཱུྃ༔ རཏྣ་སིདྡྷི་ཕ་ལ་ཧཱུྃ༔ པདྨ་སིདྡྷི་ཕ་ལ་ཧཱུྃ༔ ཀརྨ་སིདྡྷི་ཕ་ལ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ མི་སྙིང་སྒུལ༔ མི་འགྲམ་ཆོག༔ མི་སེམས་དཀྲུགས༔ རང་དབང་མེད་པར་ཁུག་ལ་ཤོག༔ དེ་ལ་ཞག་བདུན་བསྒྲུབ་པར་བྱ༔ གསུམ་པ།་་་གསང་བའི་སྒྲུབ་པ་འདི་ལྟ་སྟེ༔ ཟངས་ཀྱི་ཕོ་མཚན་མཁྱིད་གང་ལ༔ ནང་དུ་འཁོར་ལོ་བྲིས་ལ་གཞུག༔ དབང་ཕྱུག་ཆེན་པོ་བཀུག་ལ་བསྟིམ༔ དབང་སྡུད་སྔགས་བཟླས་ཞག་བདུན་བསྒྲུབ་པར་བྱ༔ འགྲོ་བ་མ་ལུས་བྲན་དུ་འཁོལ༔ དབང་ཕྱུག་ཆེན་པོའི་སྒྲུབ་པ་ནི༔ རྒྱུ་སྐར་རྒྱལ་གྱི་ཉི་མ་ནས༔ ཞག་བདུན་བར་དུ་བསྒྲུབ་པར་བྱ༔ མཎྜལ་མཐོ་གང་སོར་བཞི་པ༔ སྨད་འཚོང་མ་ཡི་ཆུ་ཡིས་བྱུགས༔ རེ་ཁཱ་དཀར་པོས་ཟླ་གམ་བྲི༔ དེ་སྟེང་ཟངས་གཞོང་ཟླ་གམ་བཞག༔ དེ་ཡི་ནང་དུ་ནས་དམར་བླུག༔ རཏྣ་ལྔ་དང་འབྲུ་སྣ་ལྔ༔ སྨན་སྣ་ལྔ་དང་དར་སྣ་ལྔས་བཀང༔ ཟངས་ཀྱི་ཕོ་མཚན་དབུས་སུ་བཞག༔ རྒྱ་སྐྱེགས་ཕོ་མཚན་གཡས་སུ་བཞག༔ ཙནྡན་ཕོ་མཚན་གཡོན་དུ་བཞག༔ དེ་གསུམ་དབང་ཕྱུག་ཆེན་པོར་བསྒོམ༔ ཧ་ལོ་ཨུག་ཆོས་གླང་པོ་སྣ༔ མེ་ཏོག་དམར་པོ་གསུམ་གྱིས་མཆོད༔ དབང་ཕྱུག་ཆེན་པོ་བསྒོམས་ལ་བསྙེན་པ་བྱ༔ སྐུ་མདོག་དམར་པོ་འོད་ཟེར་འཕྲོ༔ ཞལ་གཅིག་ཕྱག་གཉིས་ཞལ་འཛུམ་ཅན༔ ཕྱག་གཡས་ཁ་ཊྭཱཾ་གཡོན་པ་ན༔ ལྕགས་མདའ་ལྕགས་གཞུ་བསྣམས་པ་འོ༔ ཞབས་གཉིས་རླུང་གི་དལ་ལ་བཞུགས༔ ཕོ་མཚན་གྱེན་དུ་སྒྲེང་བར་བསྒོམ༔ དེ་ཡི་ཕྱོགས་བཞིར་མུ་སྟེགས་ཀྱི༔ མཁའ་འགྲོ་སྡེ་བཞི་བསྒོམ་པར་བྱ༔ ཤར་དུ་རྡོ་རྗེ་མཁའ་འགྲོ་མ༔ དཀར་ནག་ཏྲི་ཤཱུལ་བ་དན་བསྣམས༔ གཅེར་བུ་རལ་པ་སྤྱན་གསུམ་བསམ༔ ལྷོ་རུ་རཏྣ་སེར་ནག་བསྒོམ༔ ནུབ་ཏུ་པདྨ་དམར་ནག་བསྒོམ༔ བྱང་དུ་ཀརྨ་ལྗང་ནག་བསྒོམ༔ ཐམས་ཅད་གཅེར་བུ་རུས་རྒྱན་ཅན༔ ཕྱག་མཚན་ཁ་ཊྭཱཾ་དར་དཔྱང་འཕྱར༔ རྐང་པ་རླུང་གི་འཁོར་ལོས་བཏེགས༔ མཁའ་འགྲོ་བཞི་ཡི་ཕྱག་མཚན་གྱི༔ ཁ་ཊྭཱཾ་བ་དན་བཞི་གཡབ་པས༔ རླུང་གི་འཁོར་ལོ་རྟག་ཏུ་འཁོར༔ འཛམ་གླིང་འཇིག་རྟེན་མེར་ཞིང་འཁྱོམ༔ ཁྲོམ་གྱི་མི་སྡེ་ཐམས་ཅད་ཀྱི༔ འོག་ཏུ་རླུང་གི་ཙཀྲ་འཁོར༔ ཁྱོམ་ཁྱོམ་ལྡེག་ལྡེག་རྟག་ཏུ་འཁོར༔ དེ་ལྟར་བསམ་ཞིང་སྔགས་འདི་བཟླ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མི་སེམས་དཀྲུགས་ཡ༔ དེ་ལྟར་བཟླས་པ་ཙམ་གྱིས་ནི༔ ཁྲོམ་རྣམས་ངུ་ཞིང་འཁྲབ་པ་དང༔ གར་བྱེད་པ་སོགས་འབྱུང་བར་འགྱུར༔ ཅེས་སོ༔ དབང་སྡུད་ལས་ཀྱི་འཁོར་ལོ་ལས༔ སྤྱིའི་སྒྲུབ་པ་ཆེན་པོའི་ལེའུ་སྟེ་གཉིས་པའོ༔ མུ་སྟེགས་དབང་ཕྱུག་ཆེན་པོ་ལས༔ འཁོར་ལོའི་སྒྲུབ་ཐབས་བཤད་པར་བྱ༔ འཁོར་ལོ་རྣམ་པ་གསུམ་དུ་འདོད༔ ཉི་ཟླ་རླུང་གི་འཁོར་ལོ་ལ༔ བརྟེན་ནས་གྲགས་པ་སྒྲུབ་པ་དང༔ ནོར་བུ་བསམ་འཕེལ་འཁོར་ལོ་ལ༔ བརྟེན་ནས་ཟས་ནོར་སྒྲུབ་པ་དང༔ དབང་སྡུད་ལས་ཀྱི་འཁོར་ལོ་ལ༔ བརྟེན་ནས་ཕོ་མོ་དབང་དུ་སྡུད་པའོ༔ ཉི་ཟླ་རླུང་གི་འཁོར་ལོ་ནི༔ གྲོ་ག་ཤོག་བུ་དག་ལ་ནི༔ འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས༔ དབུས་སུ་ཕོ་མོའི་ལིང་ག་བྲི༔ མིང་རུས་ནྲྀ་ཡི་གཟུགས་ལ་བཀོད༔ ཐ་མ་སྔགས་ཚིག་འདི་ཡིས་བསྐོར༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔ ཆེ་གེ་མོའི་རྣམ་པར་ཤེས་པ་ཁུག་ལ་ཤོག༔ རྩིབས་བཞི་ལ་ནི་སྔགས་འདི་བྲི༔ ཀ་བྷི་ར་ཀོ་བྷི་ར༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔ རྩིབས་མཆན་བཞི་ལ་སྔགས་འདི་བྲི༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཆེ་གེ་མོ་ཨཱ་ཀརྵཱ་ཡ་ཧྲིང་ཛ༔ མུ་ཁྱུད་ལ་ནི་སྔགས་འདི་བྲི༔ ཨུ་ཙུས་མ་ཀུག་ཏ་ཧཱུྃ༔ ཞེས་བྲི་དར་དམར་དྲིལ་བྱས་ལ༔ རྒྱ་སྐྱེགས་ཕོ་མཚན་ནང་དུ་གཞུག༔ སྤྲ་ཚིལ་ཞབས་བསྡམས་དར་གྱིས་དྲིལ༔ སྒྲུབ་པ་ཞག་བདུན་བྱས་པ་ཡིས༔ འཇིག་རྟེན་སྙན་གྲགས་ཆེན་པོས་གང༔ གཡུ་འབྲུག་སྔོན་མོའི་སྐད་བཞིན་དུ༔ སྟོང་གསུམ་སྒྲ་སྐད་གྲགས་པར་འགྱུར༔ ནོར་བུ་བསམ་འཕེལ་འཁོར་ལོ་ནི༔ གྲོ་ག་འམ་ཤོག་བུ་དག་ལ་བྲི༔ འཁོར་ལ་རྩིབས་བཞི་མུ་ཁྱུད་བཅས༔ དབུས་སུ་རིན་ཆེན་མིག་གསུམ་ལ༔ ཨོཾ་ཨཱཿཧྲཱིཿགསུམ་བྲི་བར་བྱ༔ དེ་ཡི་ཐ་མར་སྔགས་འདིས་བསྐོར༔ ཟས་ནོར་ཐམས་ཅད་བདག་གི་དབང་སྡུས་ཤིག༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔ རྩིབས་བཞི་ལ་ནི་སྔགས་འདི་བྲི༔ ཀ་བྷི་ར་ཀོ་བྷི་ར༔ ཟས་ནོར་སརྦ་ཨཱ་ཀརྵཱ་ཡ་ཧྲིང་ཛ༔ རྩིབས་མཆན་བཞི་ལ་སྔགས་འདི་བྲི༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཟས་ནོར་སརྦ་ཨཱ་ཀརྵཱ་ཡ་ཧྲིང་ཛ༔ མུ་ཁྱུད་ལ་ནི་སྔགས་འདི་བྲི༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ བཛྲ་སིདྡྷི་ཕ་ལ་ཧཱུྃ༔ རཏྣ་སིདྡྷི་ཕ་ལ་ཧཱུྃ༔ པདྨ་སིདྡྷི་ཕ་ལ་ཧཱུྃ༔ ཀརྨ་སིདྡྷི་ཕ་ལ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ མི་སྙིང་སྒུལ་མི་འགྲམ་ཆོག༔ མི་སེམས་དཀྲུགས་རང་དབང་མེད་པར་ཁུག་ལ་ཤོག༔ ཅེས་བྲི་དར་དམར་དག་གིས་དྲིལ༔ ཙནྡན་ཕོ་མཚན་ནང་དུ་གཞུག༔ སྤྲ་ཚིལ་ཞབས་བསྡམས་དར་གྱིས་དྲིལ༔ སྒྲུབ་པ་ཞག་བདུན་བྱས་པ་ཡིས༔ འཇིག་རྟེན་ཟས་ནོར་དབང་དུ་འདུ༔ ཁྱད་པར་བུད་མེད་དབང་དུ་འདུ༔ དབང་སྡུད་ལས་ཀྱི་འཁོར་ལོ་ནི༔ གྲོ་ག་ཤོག་བུ་དག་ལ་ནི༔ འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས༔ ལྟེ་བར་སྲིད་པའི་ཕོ་མཚན་བྲི༔ དེ་ཡི་མཐའ་རུ་འདི་ཉིད་བྲི༔ སྣང་སྲིད་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔ རྩིབས་བཞི་ལ་ནི་སྔགས་འདི་བྲི༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔ རྩིབས་མཆན་བཞི་ལ་སྔགས་འདི་བྲི༔ ཨ་ཏྲི་རྣྲྀ་གསུམ་བདག་གི་དབང་དུ་སྡུས་ཤིག༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔ མུ་ཁྱུད་ལ་ནི་སྔགས་འདི་བྲི༔ ཀ་བྷི་ར་ཀོ་བྷི་ར༔ དུང་དུང༔ འདུས་འདུས༔ སྡུས་སྡུས༔ འདུ་འདུ༔ མགོ་ནག་མིའི་སེམས་དཀྲུགས་ལ༔ སྙིང་འཕྱོ་རུ་ཆུག༔ རྐང་པ་འགྲོ་རུ་ཆུག༔ ཡིད་ཀྱི་རྣམ་ཤེས་རང་དབང་མེད་པར་ཁུག་ལ་ཤོག༔ ཅེས་བྲི་དར་དམར་གྱིས་དྲིལ་ལ༔ ཟངས་ཀྱི་ཕོ་མཚན་ནང་དུ་གཞུག༔ སྤྲ་ཚིལ་ཞབས་བསྡམས་དར་གྱིས་དྲིལ༔ རང་ཉིད་དབང་ཕྱུག་ཆེན་པོར་བསྒོམ༔ དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཡས་ཕོ་མཚན་མེ་ལོང་བསྣམས༔ མོ་རྣམས་ཆགས་པ་གཡོ་བར་བྱེད༔ འཇིག་རྟེན་ཐམས་ཅད་ས་ལེར་གཟིགས༔ གཡོན་པ་ཉི་ཟེར་ཞགས་པ་བསྣམས༔ འཇིག་རྟེན་ཟས་ནོར་དབང་དུ་སྡུད་པར་བྱེད༔ ཕོ་མཚན་གྱེན་དུ་སྒྲེང་བར་བསྒོམ༔ དབང་སྡུད་སོ་སོར་འགུགས་པའི་སྔགས༔ དུང་དུང་འདུས་འདུས་ཞེས་བཏགས་པ༔ བཟླས་པ་ཙམ་གྱིས་སྣང་སྲིད་འཁྲུགས༔ ལྷ་རྣམས་ཐམས་ཅད་གྲོགས་སུ་འོང༔ འདྲེ་རྣམས་ཐམས་ཅད་སྐད་ངན་འདོན༔ མི་རྣམས་ཐམས་ཅད་བྲན་དུ་འཁོལ༔ ཉི་ཤུ་རྩ་གཅིག་ཞག་གིས་བསྒྲུབ༔ མུ་སྟེགས་དབང་ཕྱུག་ཆེན་པོ་ཡིས༔ སྣང་བ་དབང་དུ་སྡུད་པ་འོ༔ དབང་སྡུད་ལས་ཀྱི་འཁོར་ལོ་ལས༔ འཁོར་ལོ་རྣམ་གསུམ་བྲི་བའི་ལེའུ་སྟེ་གསུམ་པའོ༔ མུ་སྟེགས་དབང་ཕྱུག་ཆེན་པོ་ཡི༔ སྒྲུབ་པ་ལས་སྦྱོར་གོ་རིམ་ནི༔ ཉི་ཟླ་རླུང་གི་འཁོར་ལོ་ལ༔ དབུས་སུ་ལིང་ག་བྲིས་ནས་ཀྱང༔ མིང་ལ་རྒྱལ་པོ་བློན་པོ་དང༔ དགེ་བཤེས་དེད་དཔོན་ཡ་རབས་དང༔ ཆེ་བཙུན་རྣམས་ཀྱི་སྤྱི་མིང་བྲི༔ རུས་ནི་རྒྱལ་རིགས་རྗེ་རིགས་དང༔ བྲམ་ཟེའི་རིགས་དང་དམངས་རིགས་བྲི༔ མིང་སྤེལ་ཡོད་ན་གོ་མཚམས་སུ༔ མི་ཆེན་ཐམས་ཅད་ཁུག་ཅེས་བྲི༔ དེ་ནི་སྒྲུབ་པའི་འཁོར་ལོ་ཡིན༔ ཉི་ཟླ་འཁོར་ལོ་ཇི་ལྟ་བུའི༔ དབུས་སུ་ལིང་ག་མ་བྲིས་པར༔ གང་འགུགས་དེ་རང་རྐྱང་པ་བྲི༔ མིང་སྤེལ་མིང་རུས་བྲི་བར་བྱ༔ ལས་སྦྱོར་འཁོར་ལོའི་བྲི་ཐབས་སོ༔ གཉིས་ཀ་སྦགས་ལ་རྒྱ་སྐྱེགས་ཀྱི༔ ཕོ་མཚན་ནང་དུ་གཞུག་པར་བྱའོ༔ ནོར་བུ་བསམ་འཕེལ་འཁོར་ལོ་ལ༔ ཟས་ནོར་མང་པོའི་སྤྱི་མིང་བྲི༔ ལས་སྦྱོར་སྔ་མ་ཇི་བཞིན་ལ༔ ལྟེ་བར་ནོར་བུ་མ་བྲིས་པར༔ གང་འདོད་དེ་ཡི་མིང་རུས་བྲི༔ སྦགས་ཏེ་ཙནྡན་ནང་དུ་གཞུག༔ སྣང་བ་དབང་སྡུད་འཁོར་ལོ་ལ༔ ཕོ་མོ་བསོད་ནམས་ཡོད་པ་ཡི༔ མིང་རུས་མང་པོ་བྲི་བར་བྱ༔ ལས་སྦྱོར་སྔ་མ་ཇི་ལྟ་བུའི༔ དབུས་སུ་འཇིག་རྟེན་མི་མིང་བྲི༔ གང་འགུགས་དེ་རང་རྐྱང་པ་ཡི༔ མིང་རུས་བྲིས་པ་དྲི་མ་དང༔ ཟངས་ཀྱི་ཕོ་མཚན་ནང་དུ་གཞུག༔ སྒྲུབ་པ་ལས་སྦྱོར་དེ་ལྟར་བྱ༔ ཞེས་དབང་སྡུད་ལས་ཀྱི་འཁོར་ལོ་ལས༔ སྒྲུབ་པའི་འཁོར་ལོ་དང་ལས་སྦྱོར་འཁོར་ལོའི་ཁྱད་པར་བསྟན་པའི་ལེའུ་སྟེ་བཞི་པའོ༔ མུ་སྟེགས་དབང་ཕྱུག་ཆེན་པོ་ཡི༔ ཕོ་མོ་རྐྱང་འདེད་སྒྲུབ་ཐབས་ཀྱི༔ དབང་དུ་བྱེད་པའི་ལས་བསྟན་པ༔ གང་ལ་བྱ་བའི་ལིང་ག་བྲི༔ སྙིང་གར་མིང་ལ་དཔྲལ་བར་རུས༔ ཁོག་ཏུ་བྱིའུ་ནས་ཟན་སྙིང༔ བཏུམས་ལ་སྔོ་དམར་སྐུད་པས་བཅིང༔ མགུལ་བཏགས་མིས་མ་མཐོང་བར་བྱ༔ གྲུབ་རྗེས་མི་མཐོང་ས་རུ་སྦ༔ འགུགས་སྔགས་འདི་ནི་བཟླ་བར་བྱ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ རང་དབང་མེད་པར་ཁུག་ལ་ཤོག༔ ཆེ་གེ་མོ་བདག་གི་དབང་དུ་གྱུར་ཅིག༔ ཕོ་མོ་རྐྱང་འདེད་སྒྲུབ་པ་འོ༔ མུ་སྟེགས་རླུང་གི་ཞགས་པ་ཡིས༔ སྐྱེས་པ་བྲན་དུ་འཁོལ་བའི་ལས༔ རྫས་དང་སྔགས་དང་ཏིང་འཛིན་གསུམ༔ རྫས་ནི་དུང་ཆུང་སྲིན་མེད་དང༔ མ་རུ་མགོ་ནག་བྱ་མ་བྱིའི་ཤ༔ ཞིབ་བཏགས་ལུག་གི་འོ་མས་སྦྲུས༔ རིལ་བུ་སྲན་མའི་ཚད་ཙམ་བྱས༔ མ་སྤྱད་རྫ་དམར་ནང་དུ་བླུག༔ ཁ་བཅད་རླངས་མ་ཐོན་པར་བྱ༔ དེ་ནས་སྔགས་ཀྱི་རིམ་པ་ནི༔ ཡག་ཤ་དུན་ཏྲི་དུན་ཏྲི་ཕོབ༔ ཉ་ཤ་ཉ་ཚ་ཤོ་ནི་ཁུག་ནི་ཛ༔ སྐྱེས་པ་ཐམས་ཅད་བདག་གི་དབང་དུ་གྱུར་ཅིག༔ དེ་ནས་ཏིང་འཛིན་རིམ་པ་ནི༔ བདག་ཉིད་དབང་ཕྱུག་ཆེན་པོར་བསྒོམ༔ ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ སྐྱེས་པ་རྣམས་ཀྱི་སྙིང་ལ་ཕོག༔ དཀར་ནག་མཚམས་སུ་ཡོད་པ་ཡི༔ འོད་ཀྱི་རིམ་པ་འགྲོན་བུ་ཙམ༔ ཚུར་ལ་འུབ་འུབས་འདུས་པར་བསམ༔ ཐམས་ཅད་བདག་གི་དབང་དུ་གྱུར༔ ཏིང་འཛིན་རྩེ་གཅིག་བསམ་པས་བསྡུ༔ རྒྱལ་གྱི་ཉིན་མོ་བསྒྲུབ་པ་བྱ༔ ཉིན་ཞག་གཅིག་གིས་འགྲུབ་པ་ཡིན༔ ལས་སྦྱོར་རིལ་བུ་བརྡེག་པ་འམ༔ ཁོང་དུ་འཐུང་ན་བྲན་དུ་འགྱུར༔ མུ་སྟེགས་རླུང་གི་ཞགས་པ་ཡིས༔ བུད་མེད་ནག་ཆགས་དབང་སྡུད་ན༔ རྫས་དང་སྔགས་དང་ཏིང་འཛིན་གསུམ༔ རྫས་ནི་བག་ཟན་མོ་གཟུགས་སོར་བཞི་ལ༔་་་ཆུ་ཤུལ་ས་བསྲེས་པ། མོ་མཚན་ནས་གང་ཙམ་ཞིག་བྱ༔ སྒ་དང་ཕོ་རིལ་པི་པི་ལིང༔ ནང་དུ་ཚ་བ་གསུམ་པོ་བླུགས༔ ཟངས་ཁབ་བྷ་གའི་ནང་དུ་གཟུག༔ སྔགས་ཀྱི་རིམ་པ་བསྟན་པ་ནི༔ འདི་དག་བཟླས་ཤིང་ཟངས་ཁབ་སྒུལ༔ ཀ་བྷི་ར་ཀོ་བྷི་ར༔ ཙག་ཙག་གཡའ་ཙག་ཙག༔ སད་སད་ཁུག་ཁུག་ཨེ༔ བུངས་བསྐྱེད་བཟླས་པས་མོ་མཚན་དུ༔ རླངས་པ་བྱུང་ན་འགྲུབ་རྟགས་ཡིན༔ ཟངས་ཁབ་དམིགས་བྱའི་ལུས་ལ་གཟུག༔ གང་ལ་བཙུགས་བཏོན་དེ་ཁུག་འགྱུར༔ ཏིང་འཛིན་དམིགས་པའི་རིམ་པ་ནི༔ བདག་ལ་མོས་ཤིང་དད་པ་ཡིས༔ རང་དབང་མེད་པར་ཁུག་པར་བསྒོམ༔ ནག་ཆགས་དབང་སྡུད་རིམ་པའོ༔ དབང་སྡུད་ལས་ཀྱི་འཁོར་ལོ་ལས༔ ལས་སྦྱོར་གྱི་ལེའུ་སྟེ་ལྔ་པ་འོ༔ མུ་སྟེགས་དབང་ཕྱུག་ཆེན་པོ་ལ༔ སྒྲུབ་ལུགས་རྣམ་པ་མང་ན་ཡང༔ ཡིད་བཞིན་ནོར་བུའི་སྒྲུབ་པ་འདི༔ དཔྲལ་བའི་མིག་དང་འདྲ་བ་འོ༔ འདི་ལ་སྒྲུབ་ལུགས་རྣམ་པ་གསུམ༔ ཕྱུག་པོ་གསུམ་གྱི་བང་མཛོད་ས༔་་་རྒྱལ་རིགས་རིགས་ཀྱིས་ཕྱུག །རྗེ་རིགས་བསོད་ནམས་ཀྱིས་ཕྱུག །འཕེན་པོ་སྲིད་ཀྱིས་ཕྱུག་པ་དང་གསུམ་མོ། །གནས་གཞི་གསུམ་གྱི་ཐབ་ཀྱི་ས༔ རི་བོ་མིང་ཅན་གསུམ་གྱི་ས༔ ཞིང་བཟང་མུ་མ་གསུམ་གྱི་ས༔ དེ་རྣམས་ས་དང་དབེན་པའི་ས༔ རྒྱལ་གྱི་ཉིན་པར་བང་བ་བརྩིགས༔ ཕྱུག་པོ་གསུམ་གྱི་ནས་བླངས་ལ༔ ནས་ཀྱིས་བང་བ་ཁེངས་པར་བཀང༔ སྟེང་དུ་དར་དམར་མཐོ་གང་སྟེང༔ དེ་སྟེང་ནོར་བུའི་འཁོར་ལོ་བཞག༔ ཕྱུག་པོའི་ནོར་སྣ་འབྲུ་སྣ་དང༔ རཏྣ་ལ་སོགས་གཡང་རྫས་ཀྱིས༔ ནོར་བུ་བསམ་འཕེལ་རྟེན་ལ་མཆོད༔ འདོད་པའི་དོན་ལ་གསོལ་བ་བཏབ༔ ཅི་འདོད་དངོས་གྲུབ་སྟེར་བར་བསམ༔ ཤིན་ཏུ་གསང་ན་འགྲུབ་པ་ཡིན༔ ཡིད་བཞིན་ནོར་བུའི་སྒྲུབ་པ་འོ༔ ནང་སྒྲུབ་མཎྜལ་མདའ་གང་གཅིག༔ ཤིང་དམར་ཟླ་གམ་དབྱིབས་སུ་བརྩིག༔ སྲི་ཤིང་ཕུར་མོའི་ཡམ་ཤིང་ལ༔ བདག་ཉིད་དབང་ཕྱུག་ཆེན་པོ་བསྒོམ༔ ཐབ་ཀྱི་མེ་ལྷ་དེ་བཞིན་བསྐྱེད༔ བསྲེག་རྫས་བདུད་རྩི་ལྔ་རུ་བསམ༔ སྔགས་ཚིག་འདི་ཡིས་སྦྱིན་སྲེག་བྱ༔ ཀ་བྷི་ར་ཀོ་བྷི་ར༔ ཛྭ་ལ་རཾ་སརྦ་སིདྡྷི་ཨ་ལ་ལ་ཧོ༔ རྒྱལ་པོ་ལ་སྟོང་དམངས་ལ་བརྒྱ༔ བཟླས་ཏེ་བསྲེག་རྫས་ཐབ་ཏུ་འབུལ༔ ཡིད་ལ་ཅི་འདོད་ཐོབ་པར་འགྱུར༔ དབང་ཕྱུག་ཆེན་པོར་མོས་ན་སིདྡྷི་འབྱུང༔ ཡིད་བཞིན་ནོར་བུའི་ནང་སྒྲུབ་བོ༔ གསང་སྒྲུབ་ལྷ་སྔགས་རྟེན་དང་གསུམ༔ ལྷ་ནི་དབང་ཕྱུག་ཆེན་པོར་བསྒོམ༔ དམར་མོ་གཅེར་བུ་འོད་འཕྲོ་ཞིང༔ ཕྱག་གཉིས་དབང་གི་ཕྱག་རྒྱ་ཅན༔ གཡས་པ་མེ་ལོང་གཡོན་པ་ཞགས༔ སྣ་ཚོགས་རིན་ཆེན་རྒྱན་གྱིས་མཛེས༔ ཁམས་གསུམ་དབང་སྡུད་སྐུ་རུ་བསྒོམ༔ དངུལ་དཀར་མེ་ལོང་རྟེན་དུ་གཟུང༔ སྔགས་འདི་མེ་ལོང་དག་ལ་བཏབ༔ ཀ་བྷི་ར་ཀོ་བྷི་ར༔ མི་སྙིང་སྒུལ་སྒུལ༔ མི་འགྲམ་ཆོག་ཆོག༔ མི་སེམས་དུང་དུང༔ རང་དབང་མེད་པར་ཁུག་ལ་ཤོག༔ འགྲུབ་རྟགས་བདག་ལ་ཕྱག་འཚལ་ཞིང༔ སྐྲ་གཅོད་ཆོས་འབུལ་ནོར་འབུལ་དང༔ གཡུ་འབུལ་བྱུང་བར་ཡུན་བསྲིངས་ཏེ༔ མ་བྱུང་བར་དུ་བསྒྲུབ་པར་བྱ༔ ཞེས་གསུངས་སོ༔ དབང་སྡུད་ལས་ཀྱི་འཁོར་ལོ་ལས༔ ཡིད་བཞིན་ནོར་བུ་སྒྲུབ་པའི་ལེའུ་སྟེ་དྲུག་པ་འོ༔ དབང་ཕྱུག་ཆེན་པོ་སྒྲུབ་པའི་དུས༔ རྒྱུ་སྐར་རྒྱལ་ལ་མགོ་བཙུགས་ལ༔ ཞག་བདུན་བར་དུ་བསྒྲུབ་པར་བྱ༔ ཕྱིས་ཀྱང་ཟླ་བ་གང་ཤར་གྱི༔ སྐར་མ་རྒྱལ་ནི་ནམ་བྱུང་ཚེ༔ བདུན་བདུན་སྒྲུབ་པ་སྒྲུབ་ཚད་བྱ༔ རྟགས་ནི་ཆོ་འཕྲུལ་འོད་དང་སྒྲ༔ རང་ཁྱིམ་འཚག་ཅིང་ཚ་ཧུར་བྱེད༔ གཟུགས་པོ་རྔུལ་ཞིང་དྲོད་དུ་འབར༔ བུད་མེད་མཛེས་ཤིང་ལེགས་པ་འོང༔ དེ་ལ་ཆགས་པ་མི་བྱ་འོ༔ འཇིགས་སྐྲག་དངངས་པའི་ལྟས་མཐོང་ཡང༔ དེ་ལ་འཇིགས་པར་མི་བྱ་འོ༔ རྣལ་འབྱོར་ལ་སོགས་སེམས་བརྟན་བྱ༔ ཐམས་ཅད་སེམས་སུ་ཤེས་པར་བྱའོ༔ ཤེས་པ་འཚུབ་ཅིང་འཐབ་སྙིང་འདོད༔ ཕྱོ་ཕྱོ་བྱེད་སོགས་ཁོ་ཡི་རྟགས༔ ཡིད་གཉིས་ཐེ་ཚོམ་ལོག་ལྟ་སྐྱེ༔ བསྐལ་པར་བསྒྲུབས་ཀྱང་མི་འགྲུབ་བོ༔ སྒྲུབ་ལ་བརྩོན་ཞིང་ཐེ་ཚོམ་མེད༔ བླ་མར་གུས་ཤིང་གཏོང་ཕོད་ཆེ༔ དེ་ཡིས་བསྒྲུབ་ན་འགྲུབ་པར་འགྱུར༔ སིདྡྷི་དེ་མ་ཐག་ཏུ་འབྱུང༔ རང་ཉིད་མ་འགྱུར་གཞན་མི་འགྱུར༔ རང་གི་སྣང་བ་འགྱུར་བ་དང༔ གཞན་སྣང་འགྱུར་བ་དུས་གཅིག་ཡིན༔ དེས་ན་སྙིང་རུས་ཡོད་པའི་མིས༔ འདི་ཉིད་སྒྲུབ་པའི་ཡོན་ཏན་གྱིས༔ ལན་གཅིག་བསྒྲུབས་དང་སྣ་གཅིག་འབྱུང༔ ལན་གཉིས་བསྒྲུབས་པས་ཟས་ནོར་འབྱུང༔ ལན་གསུམ་བསྒྲུབས་ན་ཁམས་གསུམ་འདུ༔ དབང་ཕྱུག་ཆེན་པོ་ཞེས་བྱ་བའི༔ གསང་སྒྲུབ་ནོར་བུ་རིན་ཆེན་འདི༔ ཨོ་རྒྱན་པདྨ་འབྱུང་གནས་ལ༔ དབང་ཕྱུག་ཆེན་པོས་སྲོག་སྙིང་ཕུལ༔ སྒྲུབ་ཐབས་བརྒྱ་དང་བརྒྱ་རྩ་ལས༔ ནང་སྒྲུབ་དབང་སྡུད་འཁོར་ལོ་ཡིན༔ ཞེས་གསུངས་སོ༔ དབང་སྡུད་ལས་ཀྱི་འཁོར་ལོ་ལས༔ སྒྲུབ་པའི་རྟགས་ཚད་བསྟན་པའི་ལེའུ་སྟེ་བདུན་པ་འོ༔ དབང་ཕྱུག་ཆེན་པོ་རྩ་བའི་སྒྲུབ་ཐབས་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐུ་གསུང་ཐུགས་ཀྱི་རྒྱ་ཡིས་བཏབ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མཐའ་འཁོབ་བཞི་རུ་བརྒྱུད་ནས་ནི༔ དྲག་སྔགས་མང་པོའི་སྒྲ་ཡང་བསྒྱུར༔ ལྷ་སྲིན་སྡེ་བརྒྱད་སྲོག་ཀྱང་ཤེས༔ བོད་ཀྱི་རྒྱལ་བློན་དབང་དུ་བསྡུས༔ ལྷ་སྲིན་མི་བསྲུན་དམ་ལ་བཏགས༔ བསམ་ཡས་ས་འདུལ་མངའ་གསོལ་བྱས༔ བོད་ཁམས་ཐམས་ཅད་བདེ་ལ་བཀོད༔ ཅེས་གསུངས་སོ༔ འཇིག་རྟེན་འདི་ན་དབང་ཆེ་བས་དབང༔ སྲིད་པ་གསུམ་ན་ཕྱུག་པས་ཕྱུག༔ འགྲན་གྱི་དོ་ཟླ་མེད་པས་ཆེ༔ དེ་ཕྱིར་དབང་ཕྱུག་ཆེན་པོ་ཞེས་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་མཆིམས་རྡོ་རྗེ་སྤྲེ་ཆུང་གིས་ཞུས་པ༔་་་གསང་བ་ཡང་ཁོལ། ཀྱེ་སློབ་དཔོན་ཆེན་པོ་ལགས༔ གུ་རུའི་གསུངས་པ་ངོ་མཚར་ཆེ༔ བློ་དམན་གང་ཟག་བདག་འདྲ་བ༔ ཉིན་མོ་བྱ་བའི་ལས་ལ་གཡེངས༔ ནངས་ནུབ་ལྟོ་རྒྱབ་ཁོལ་པོར་སོང༔ ནུབ་མོ་གཏི་མུག་གཉིད་དུ་སོང༔ དེ་ལྟར་སོང་བའི་རང་བཞིན་གྱིས༔ ཡུན་རིང་སྒྲུབ་པར་མི་ཁོམ་པས༔ དཀའ་ཚེགས་ཆུང་ལ་དོན་ཆེ་བའི༔ གསང་བ་ཡང་ཁོལ་གདམས་པ་ཞུ༔ ཞེས་ཞུས་སོ༔ གུ་རུས་བཀའ་བསྩལ་པ༔ ཨེ་མ་ཧོ༔ ལས་ཅན་རིགས་ཀྱི་བུ་ཁྱོད་ལ༔ གསང་བ་ཡང་ཁོལ་མན་ངག་བཤད༔ མུ་སྟེགས་དྲག་པོའི་སྔགས་རྒོད་འདིས༔ འགྲོ་བ་ཐམས་ཅད་ཡིད་འཕྲོག་བྱེད༔ འདི་ལ་གཉིས་ཏེ་རྫས་དང་སྔགས༔ རྫས་ནི་འཕྱོན་མའི་ཆུ་ཤུལ་ས༔ འཕྱོན་མའི་མངལ་ཁྲག་ཁྱི་མོའི་ཚིལ༔ ར་མའི་ཚིལ་བུ་རྣམས་དང་བཞི༔ རིལ་བུ་བྱས་ལ་རྫ་སྣོད་བླུགས༔ ཞག་བདུན་བར་དུ་བསྒྲུབ་པར་བྱ༔ མུ་སྟེགས་གདུག་པའི་སྔགས་འདི་བཟླ༔ ཨོཾ་ཛབ་ཛབ་ཛུབ་ཛུབ་ཁུག་ཛ༔ ཟེ་ཛོ་ཟེ་ཛོ་ཧྲིཾ་ཧྲིཾ་བློང་བློང་བྲམ་ཤོག༔ ཁུག་སྡུས༔ རཾ་རཾ་དེད་དེད་སློང་སློང་ཁུག་ནི་ཛ༔ ཅེས་པའི་སྔགས་བཟླས་རིལ་བུར་བསྟིམ༔ གྲུབ་རྟགས་རླངས་པ་འཚུབ་འཁྱིལ་འོང༔ ལག་མཐིལ་གཡོན་དུ་གྭ་འུ་བཞག༔ གཡའ་དང་འཁྱུག་དང་ཚ་བ་དང༔ ཟ་ཞིང་འགུལ་ན་འགྲུབ་པའི་རྟགས༔ རྨི་ལྟས་རྟགས་ཀྱི་རིམ་པ་ནི༔ བུད་མེད་མཚན་ལྡན་གཞོན་ནུ་མ༔ རྒྱན་ཆ་བཏགས་པ་མང་པོ་ཡིས༔ བདག་ལ་ཕྱག་འཚལ་བསྐོར་བ་བྱེད༔ ཟས་སྐོམ་འབུལ་དང་ནོར་འབུལ་འོང༔ ཧ་ཅང་ཆོ་འཕྲུལ་འཚུབས་གྱུར་ན༔ རང་གི་དྲི་ཆུ་ཕོར་པར་བླུགས༔ ཕྱོགས་བཞིར་གཏོར་ན་སངས་པར་འགྱུར༔ ཁྲོམ་ལ་བྱེད་ན་རིལ་བུ་བརྡེག༔ གཅིག་ལ་བྱེད་ན་ཁོང་དུ་གཏང༔ འདི་ཡིས་མི་ཁུག་གང་ཡང་མེད༔ ལྷ་མ་ཡིན་ཡང་དབང་དུ་འགྱུར༔ མུ་སྟེགས་གདུག་པའི་སྔགས་རྒོད་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་རུ་པདྨས་ཡང་མཆིམས་རྡོ་རྗེ་སྤྲེ་ཆུང་ལ་གདམས་སོ༔ མཆིམས་ཀྱིས་བསྒྲུབས་པས་བོད་གཙང་ཐམས་ཅད་དུ་སྙན་པ་དང་གྲགས་པ་བྱུང༔ འདུ་ལོང་རྒྱལ་པོ་དང་མཉམ་པ་བྱུང་ངོ༔ དཔེ་མ་བུ་གཉིས་སུ་བཀོད་ནས༔ གཅིག་བློན་པོ་ལ་གནང༔ གཅིག་བྱང་ཟང་ཟང་ལྷ་བྲག་གི་རྐེད་ལ་སྦས་སོ༔ རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་ནུབ་ཟངས་མཛོད་དམར་པོ་ནས་སྤྱན་དྲངས་པའོ། །དགེའོ།། །། ༄༅༔ ལྷ་ཆེན་དབང་ཕྱུག་ཆེན་པོ་བསོད་ནམས་དཔལ་འབར་གྱི་དབང་ཆོག་བཞུགས་སོ༔ དབང་གི་ལྷ་ལ་ཕྱག་འཚལ་ལོ༔ ནོར་ལྷ་དགུའི་དབང་བསྐུར་བསྟན་པ་ནི༔ སྐར་མ་རྒྱལ་ཡོད་ངེས་པ་ལ༔ གནས་ཡིད་དང་མཐུན་པར་མཎྜལ་གྲུ་བཞི་ཁྲུ་གང་སོར་བཞི་བྱ༔ དབུས་སུ་ཟླ་གམ་དམར་པོ་སྒོ་དང་བཅས་པ་ཟེའུ་འབྲུས་བསྐོར་བ་བྲི༔ དེའི་ཕྱིར་འཁོར་ལོ་རྩིབས་བརྒྱད་དམར་པོ༔ དེའི་ཕྱིའི་མུ་ཁྱུད་དམར་པོ༔ ཕྱིའི་གྲུ་ཆད་སེར་པོ་བྲི༔ དེའི་དབུས་སུ་མཉྫིའི་སྟེང་དུ་ཟངས་གཞོང་འབྲུ་དམར་པོས་བཀང་ལ་དེའི་སྟེང་དུ་ལྷ་ཆེན་ཕྱི་ནང་གསང་བའི་རྟེན་བཞུགས༔ གཞན་ཡང་གུ་རུ་དང༔ རྟ་མགྲིན་ལྷ་ཆེན་ཕྱི་ནང་གསང་གསུམ་རྣམས་ཀྱི༔ གཏོར་མ་བཟང་དུ་བཤམ༔ འབྲི་མོག་བྱུག་ལ་དམར་པོར་བྱ༔ མེ་ཏོག་དམར་པོ་དང༔ ཟས་སྣ་ཚོགས་དང༔ ཚོགས་དང་སྤྱན་གཟིགས་སྣ་ཚོགས་བཤམས་ལ༔ བྲིས་སྐུ་ལ་སོགས་བཀྲམ་སྟེ༔ གུ་རུ་རྟ་མགྲིན་ལྷ་ཆེན་གསུམ་གྱི་ཕྲིན་ལས་བཏང་ལ༔ སློབ་མ་ལ་ཁྲུས་བྱས་བགེགས་བསྐྲད་མཎྜལ་ཕུལ་ལ༔ ཀྱེ༔ བླ་མ་རིག་འཛིན་དགོངས་སུ་གསོལ༔ བདག་ལ་ལྷ་ཆེན་འཁོར་བཅས་ཀྱི༔ དབང་བསྐུར་དངོས་གྲུབ་གནང་དུ་གསོལ༔ ཐུགས་རྗེ་ཆེན་པོས་གཟུང་དུ་གསོལ༔ ཞེས་ཞུའོ༔ སློབ་དཔོན་གྱིས༔ བུ་ཁྱོད་ལས་ཀྱི་འཕྲོ་ཡོད་ན༔ ལྷ་ཆེན་འཁོར་བཅས་དབང་བསྐུར་སྦྱིན༔ དམ་ཚིག་བཀའ་བཞིན་བསྒྲུབ་ནུས་ན༔ བསོད་ནམས་དངོས་གྲུབ་འཐོབ་པར་འགྱུར༔ ཞེས་བརྗོད༔ དེ་ནས་སློབ་དཔོན་དང་སློབ་མ་གཉིས་ཀ་སློབ་དཔོན་པདྨ་འབྱུང་གནས་སྐུ་མདོག་དམར་པོ༔ དབང་གི་བེར་དམར་པོ་མནབས་པ༔ དབུ་ལ་པད་ཞུ་གསོལ་བ༔ དབང་སྡུད་ལྕགས་ཀྱུའི་ཕྱག་རྒྱ་ཅན་ཉི་ཟླ་པདྨའི་གདན་ལ་བཞུགས་པ་ཞིག་ཏུ་བསྐྱེད་ལ༔ དེའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ ཨོ་རྒྱན་ནས་དམ་ཚིག་པ་ཅི་འདྲ་བའི་ཡེ་ཤེས་པ་ཞིག་བྱོན་ནས་སློབ་བུའི་སྤྱི་བོར་ཐིམ་པར་བསམ༔ གཏོར་མ་སློབ་བུའི་སྤྱི་བོར་བཞག་ལ༔ མ་ཧཱ་གུ་རུ་པཱ་ཤཾ་ཀུ་རུ་ཛ་ཛ༔ ཨ་བྷི་ཥིཉྩ་མཾ༔ ཞེས་དབང་བསྐུར་པས༔ གུ་རུའི་སྐུ་གསུང་ཐུགས་དང་དབྱེར་མེད་པའི་དབང་ཐོབ་ནས༔ ལུས་ངག་ཡིད་གསུམ་ནུས་མཐུ་དང་ལྡན་པར་གྱུར་ཅིག༔ གུ་རུ་པདྨའི་ཐུགས་རྗེ་དང་གཉིས་སུ་མེད་པར་གྱུར་ཅིག༔ གཉིས་པ་ལྷ་ཆེན་དབང་ནི༔ སློབ་དཔོན་གྱིས་སློབ་མ་རྣམས་ལྷ་ཆེན་འཁོར་བཅས་སུ་བསྐྱེད་ལ༔ འོད་ཟེར་སྤྲོ་བསྡུས་ལྷ་ཆེན་སྤྱན་དྲངས་ནས་སློབ་མ་ལ་བསྟིམ༔ དེ་ནས་ཙཀ་ལིས་དབང་བསྐུར་བ་ནི༔ ཧྲཱི༔ ལྷ་ཆེན་དབང་ཕྱུག་ཡབ་ཡུམ་སྐུ་བཞེངས་ལ༔ འདོད་ཁམས་མི་ནོར་ལོངས་སྤྱོད་ཐམས་ཅད་སྡུས༔ སྐལ་ལྡན་ལས་ཅན་རིགས་ཀྱི་བུ་འདི་ལ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་སྐུར་ཅིག༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ཨེ་ཤ་ཙིཏྟ་ཧྲིང་ཡཾ་ཛ་ཛ༔ ཀཱ་ཡ་བཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་མཾ༔ ཨུ་མཱཿདེ་བཱི་ཀཱ་ཡ་བཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་མཾ༔ ཧྲཱི༔ ལྷ་ཆེན་ཚོགས་ཀྱི་བདག་པོ་སྐུ་བཞེངས་ལ༔ སུམ་ཅུ་རྩ་གསུམ་ལྷ་ཡི་ལོངས་སྤྱོད་སྡུས༔ སྐལ་ལྡན་ལས་ཅན་རིགས་ཀྱི་བུ་འདི་ལ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་སྐུར་ཅིག༔ ཨོཾ་ག་ཎ་པ་ཏི་ཀཱ་ཡ་བཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་མཾ༔ ཧྲཱི༔ ལྷ་སྲས་གཞོན་ནུ་ཀཱརྟྟི་སྐུ་བཞེངས་ལ༔ ཕྱོགས་བཅུ་ཀུན་ནས་ཟས་ནོར་ཐམས་ཅད་སྡུས། །སྐལ་ལྡན་ལས་ཅན་རིགས་ཀྱི་བུ་འདི་ལ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་སྐུར་ཅིག༔ ཨོཾ་དེ་བ་ཀུ་མཱ་ར་ཀཱརྟྟི་ཀེ་ཀཱ་ཡ་བཱ་ཀ་ཙིཏྟ་ཨ༴ ཧྲཱི༔ ལྷ་ཆེན་ཏྲིག་ཤ་ནག་པོ་སྐུ་བཞེངས་ལ༔ སྣང་སྲིད་མུ་སྟེགས་མཐུ་སྟོབས་ཐམས་ཅད་སྡུས༔ སྐལ་ལྡན་ལས་ཅན་རིགས་ཀྱི་བུ་འདི་ལ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་སྐུར་ཅིག༔ ཨོཾ་ཏྲིག་ཤ་ཀཱ་ལ་ཀཱ་ཡ་བཱ་ཀ་ཙིཏྟ་ཨ༴ ཧྲཱི༔ འཕགས་པ་ཛཾ་ལ་འཁོར་བཅས་སྐུ་བཞེངས་ལ༔ བྱང་ཕྱོགས་གནོད་སྦྱིན་ལོངས་སྤྱོད་ཐམས་ཅད་སྡུས༔ སྐལ་ལྡན་ལས་ཅན་རིགས་ཀྱི་བུ་འདི་ལ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་སྐུར་ཅིག༔ ཨོཾ་ཨཱརྻ་ཛཾ་བྷ་ལ་ཀཱ་ཡ་བཱ་ཀ་ཙིཏྟ་ཨ༴ ཧྲཱི༔ རྒྱལ་ཆེན་རྣམ་སྲས་འཁོར་བཅས་སྐུ་བཞེངས་ལ༔ སྲིད་པ་གླིང་བཞིའི་མི་ནོར་བསོད་ནམས་སྡུས༔ སྐལ་ལྡན་ལས་ཅན་རིགས་ཀྱི་བུ་འདི་ལ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་སྐུར་ཅིག༔ ཨོཾ་རཱ་ཛ་ཡཀྴ་བཻ་ཤྲ་མ་ཎཱ་ཡ་ཀཱ་ཡ་བཱ་ཀ་ཙིཏྟ་ཨ༴ ཧྲཱི༔ གནོད་སྦྱིན་ཨ་པ་རཱ་ཙིཏྟ་སྐུ་བཞེངས་ལ༔ ལྷ་ཀླུ་མི་ཡི་བསོད་ནམས་ལོངས་སྤྱོད་སྡུས༔ སྐལ་ལྡན་ལས་ཅན་རིགས་ཀྱི་བུ་འདི་ལ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་སྐུར་ཅིག༔ ཨོཾ་ཧྲིང་ཛ་ཨ་པ་རཱ་ཙིཏྟ་ཀཱ་ཡ་བཱ་ཀ་ཙིཏྟ་ཨ༴ ཧྲཱི༔ ཞང་བློན་རྡོ་རྗེ་བདུད་འདུལ་སྐུ་བཞེངས་ལ༔ གསེར་གྱི་རི་བདུན་འབྱུང་བའི་བཅུད་སྡུས་ལ༔ སྐལ་ལྡན་ལས་ཅན་རིགས་ཀྱི་བུ་འདི་ལ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་སྐུར་ཅིག༔ ཨོཾ་བཛྲ་ཙིཏྟ་རཱ་ག་ཀཱ་ཡ་བཱ་ཀ་ཙིཏྟ་ཨ༴ ཧྲཱི༔ གནོད་སྦྱིན་གང་བ་བཟང་པོ་སྐུ་བཞེངས་ལ༔ གནོད་སྦྱིན་ཀུན་གྱི་སྲོག་གི་མདངས་སྡུས་ཤིག༔ སྐལ་ལྡན་ལས་ཅན་རིགས་ཀྱི་བུ་འདི་ལ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་སྐུར་ཅིག༔ ཨོཾ་གྷ་པ་ཕ་ལ་ཀཱ་ཡ་བཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་མཾ༔ དེ་ནས་ལུང་སྦྱིན་པ་ནི༔ རྟེན་དང་གཏོར་མ་སློབ་བུའི་སྤྱི་བོར་བཞག་ལ༔ ཧྲཱི༔ དབང་ཕྱུག་འདི་ལ་སྦྱིན་ལགས་ཀྱིས༔ འདི་ལ་འགོ་བར་མཛད་དུ་གསོལ༔ ཟས་ནོར་ལོངས་སྤྱོད་དངོས་གྲུབ་རྣམས༔ སྦྱིན་པའི་ཕྲིན་ལས་མཛད་དུ་གསོལ༔ ཞེས་བརྗོད་ལ༔ བཀའ་བསྒོ་བ་ནི༔ དུས་རྒྱུན་དུ་དབང་ཕྱུག་གི་རྟེན་དང་མ་བྲལ་བར་གྱིས་ཤིག༔ དེ་ནས་ཚོགས་ཕུལ་ལ་སྨོན་ལམ་བཏབ་པ་ནི༔ ཧོ༔ བདག་ཉིད་སློབ་དཔོན་འཁོར་བཅས་ཀྱིས༔ ཞལ་ཟས་དངོས་གྲུབ་རོལ་པ་ཡིས༔ ལྷ་ཆེན་དབང་ཕྱུག་འཁོར་བཅས་ཀྱི༔ དངོས་གྲུབ་དམ་པ་ཐོབ་གྱུར་ཅིག༔ ཁམས་གསུམ་དབང་དུ་འདུས་གྱུར་ཅིག༔ སྲིད་གསུམ་ཟིལ་གྱིས་ནོན་གྱུར་ཅིག༔ འགྲོ་རྣམས་དབང་དུ་འདུས་གྱུར་ཅིག༔ འཇིག་རྟེན་ལྷ་སྲིན་སྡེ་བརྒྱད་དང༔ མི་ནོར་ལོངས་སྤྱོད་ཐམས་ཅད་ཀུན༔ བདག་གི་དབང་དུ་འདུས་གྱུར་ཅིག༔ དེ་ནས་བཀའ་ཡི་གནང་བ་ནི༔ རིགས་ཀྱི་བུ་ཁྱོད་ལ་སྔོན་གྱི་ལས་འཕྲོ་ཡོད་པ་ཡིན་པས༔ འདི་སྒྲུབས་ལ་དཀོན་མཆོག་གསུམ་གྱི་རྟེན་ཚུགས་ཤིག༔ ཡར་མཆོད་པ་དང༔ མར་སྦྱིན་པ་རྒྱུན་མ་གཅོད་ཅིག༔ གཞན་ལ་མ་སྤེལ་ཅིག༔ འདི་ལོ་རེ་ལ་ལན་རེ་རང་གིས་བསྒྲུབ་བོ༔ དབང་ཞུས་དངོས་གྲུབ་བླངས་ན༔ བསོད་ནམས་ཟླ་བ་ཡར་གྱི་ངོ་ལྟར་རྒྱས་པར་འགྱུར་རོ༔ དེ་ཡང་ཚེས་བརྒྱད་དང༔་་་དབྱར་ཟླ་ར་བའི། ཚེས་གསུམ་དང༔་་་དབྱར་ཟླ་ཐ་ཆུང་གི། ཉེར་གསུམ་དང༔་་་དགུན་ཟླ་ར་བའི། བཅོ་བརྒྱད་དང༔་་་དགུན་ཟླ་ཐ་ཆུང་གི། དེ་རྣམས་ལ་སྐར་མ་རྒྱལ་དང་གཟའ་དར་བས༔ འདིའི་དུས་བསྟན་པའོ༔ ལྷ་ཆེན་དབང་གི་ཆོ་ག་རྫོགས་སོ༔ ྈྈྈ ྈྈྈ ཟང་ཟང་ལྷ་བྲག་གི་རྐེད་ནུབ་ཟངས་མཛོད་དམར་པོ་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་སྤྱན་དྲངས་པའོ།། །། ༄༅༔ ལྷ་ཆེན་རླུང་ཞགས་རྗེས་གནང་ཟབ་མོ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈ དབང་གི་ལྷ་ལ་ཕྱག་འཚལ་ལོ༔ དབང་ཕྱུག་ཆེན་པོའི་རྗེས་གནང་བྱ་བ་ལ༔ དང་པོ་བླ་མ་དེས་དབང་ཕྱུག་ཆེན་པོའི་བསྙེན་པ་རྫོགས་པར་སོང་ནས་སློབ་བུ་མན་ངག་ལ་གུས་པས༔ བླ་མ་ལ་དམ་ཚིག་སྲུང་ནུས་པ་གཅིག་གིས་ཞུ་བ་བྱུང་ན་རྗེས་གནང་འདི་བྱས་པས༔ དེའི་དགོང་མོ་ནས་རིག་པ་གཡོ་བར་ནུས༔ མི་ནོར་དང་བུད་མེད་རང་བཞིན་གྱིས་འདུ་བར་ནུས༔ རྗེས་གནང་ཐོབ་ནས་ཕྱི་ནང་གསང་བའི་སྒྲུབ་པ་རེ་རེས་ལས་འགྲུབ་བོ༔ མ་ཐོབ་ན་སྒྲུབ་ཐག་རིང༔ གཉིས་པ་རྗེས་སུ་གནང་བའི་བྱ་བ་ལ༔ ཕྱི་ནང་གསང་བའི་རྟེན་དང་གཏོར་མ་དངོས་གྲུབ་རྫས་རྣམས་བཤམ༔ མར་དང༔ བུ་རམ་དང༔ མཚལ་དང་འབྲི་མོག་གིས་བྱུག་གོ༔ དེ་ནས་བླ་མས༔ སློབ་དཔོན་པདྨ་ལ་གསོལ་བ་གདབ༔ སྙིང་པོ་བརྒྱ་རྩ་བརྗོད༔ དབང་གི་རྟེན་གྱི་ལྷ་གསལ་གདབ༔ མཆོད་པའི་ཆོ་ག་དབུལ་ལོ༔ སློབ་བུས་ཞུ་བ་དབུལ་བ་ནི༔ ཧོ༔ དགོངས་སུ་གསོལ༔ བླ་མ་དང་དབང་ཕྱུག་ཆེན་པོས་ཐུགས་རྗེས་གཟུང་དུ་གསོལ༔ མ་ཧཱ་དེ་བ་དབང་ཕྱུག་གི་མཐུ་སྟོབས་དངོས་གྲུབ་ཐམས་ཅད་བདག་ལ་གནང་བར་མཛད་དུ་གསོལ༔ ཞེས་ཕྱག་ཕུལ་ཏེ་ཞུའོ༔ སློབ་དཔོན་གྱིས་འདི་སྐད་བརྗོད་དོ༔ བུ་ཁྱོད་སྔོན་བསོད་ནམས་ཀྱི་ལས་འཕྲོ་ཡོད་ན༔ དབང་ཕྱུག་སྒྲུབ་པའི་རྗེས་སུ་གནང་བ་དེ་ངས་སྦྱིན་གྱིས༔ བཀའ་བཞིན་བསྒྲུབ་ན་ཕྱི་ནང་གསང་བའི་དངོས་གྲུབ་ཐོབ་པར་འགྱུར་རོ༔ རྗེས་གནང་དངོས་གཞི་ལ་བཞི་སྟེ༔ རྩ་བའི་ལྷ་བསྒོམ་པ༔ རྗེས་གནང་སྦྱིན་པ༔ ལུང་འབོགས་པ༔ དངོས་གྲུབ་བླང་བ་དང་བཞི་འོ༔ དང་པོ་རང་ཉིད་སློབ་དཔོན་པདྨ་སྐུ་མདོག་དམར་པོ༔ དབང་གི་བེར་དམར་པོ་མནབས་པ༔ དབུ་ལ་ཤ་བའི་སྙན་ཞུ་གསོལ་བ༔ དབང་སྡུད་ལྕགས་ཀྱུའི་ཕྱག་རྒྱ་བཅས་ནས༔ ཉི་ཟླ་པདྨའི་གདན་ལ་བཞུགས་པ་ཞིག་བསྐྱེད་དེ༔ དཀྱིལ་འཁོར་གྱི་ཤར་ཕྱོགས་འདོམ་གང་འཕགས་པའི་ས་རུ༔ མེ་ཏོག་གི་ཚོམ་བུ་གཉིས་བྱ་སྟེ༔ དེའི་སྟེང་དུ་སློབ་བུ་བླ་མ་ལ་ཕྱག་འཚལ་དུ་བཅུག་སྟེ༔ སློབ་དཔོན་པདྨར་བསྒོམ་དུ་གཞུག༔ དེ་ནས་སློབ་དཔོན་གྱིས༔ རང་གི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ ཨོ་རྒྱན་གྱི་ཡུལ་ནས་སློབ་དཔོན་པདྨ་དམ་ཚིག་པ་ཅི་འདྲ་བ་གཅིག་ནམ་མཁའ་ནས་ཚུར་བྱོན་པར་བསམ་ལ༔ སློབ་བུའི་སྤྱི་བོར་ཐིམ་པར་བསམ་ལ༔ མ་ཧཱ་གུ་རུ་པཱ་ཤཾ་ཀུ་རུ་ཛ་ཛ༔ ཨ་བྷི་ཥིཉྩ་མཾ༔ ཞེས་གཏོར་མས་དབང་བསྐུར་བས༔ གཉིས་སུ་མེད་པར་ཐིམ་པར་བསྒོམ༔ མ་ཧཱ་གུ་རུ་པདྨ་འབྱུང་གནས་ཀྱི༔ སྐུ་གསུང་ཐུགས་དང་གཉིས་སུ་མེད་པར་དབང་བསྐུར་པས༔ ལུས་ངག་ཡིད་གསུམ་ནུས་པའི་མཐུ་དང་ལྡན་པར་གྱུར་ཅིག༔ གུ་རུ་པདྨའི་ཐུགས་རྗེ་དང་གཉིས་སུ་མེད་པར་གྱུར་ཅིག༔ ཅེས་བརྗོད་དོ༔ སློབ་དཔོན་དང་སློབ་བུ་གཉིས་ཀ་ཡིས༔ གུ་རུ་དང་དབྱེར་མེད་པར་གྱུར་པར་བསམ་མོ༔ གཉིས་པ་ལྷ་ཆེན་པོའི་རྗེས་གནང་བྱ་བ་ནི༔ དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་མེ་ཏོག་ཚོམ་བུ་གཉིས་བྱས་ཏེ༔ སློབ་དཔོན་པདྨ་ལ་ཕྱག་འཚལ་མེ་ཏོག་དོར་ལ༔ མུ་སྟེགས་དབང་ཕྱུག་ཆེན་པོ༔ སྨུག་ནག་གཅེར་བུ་རལ་པ་སྤྲིན་ལྟར་གཏིབས་པ༔ ཕྱག་གཡས་ལྕགས་ཀྱུ་བསྣམས་པས༔ གང་ལ་བྱ་བའི་རྣམ་ཤེས་འགུགས་པ༔ གཡོན་ཞགས་པ་བསྣམས་པས༔ ལོ་ཀའི་ཟས་ནོར་སྡུད་པ༔ མཚན་མ་དམར་པོ་གྱེན་དུ་སྒྲེང་བ༔ ཞབས་གཉིས་བརྐྱང་བསྐུམ་མཛད་པ༔ པདྨ་ཉི་ཟླའི་གདན་ལ་བཞུགས་པ་ཞིག་བསྒོམ་དུ་གཞུག་གོ༔ དེ་ནས་སློབ་དཔོན་གྱིས༔ སློབ་དཔོན་པདྨར་བསྒོམས་པའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ དབང་ཕྱུག་ཆེན་པོའི་ཐུགས་ཀར་ཕོག་ནས་བར་སྣང་ལ་ཚུར་བྱོན་པ་དེ་མཎྜལ་གྱི་སྟེང་དུ་བཞུགས་པར་བསམ༔ སློབ་བུས་ཕྱག་འཚལ་དུང་དང་རྔའམ་རོལ་མོའི་ཡོན་འབུལ་ལོ༔ དེ་ནས་སློབ་དཔོན་གྱིས་གཏོར་མ་ཉི་ཟླ་ཅན༔ སློབ་བུའི་སྤྱི་བོར་བཞག་སྟེ༔ ཀ་བྷི་ར་ཀོ་བྷི་ར་པཱ་ཤཾ་ཀུ་རུ་ཨ་བྷི་ཥིཉྩ་མཾ༔ ཞེས་བརྗོད་པས༔ དབང་ཕྱུག་ཆེན་པོ་སློབ་བུ་ལ་ཐིམ་ནས་གཉིས་སུ་མེད་པར་གྱུར་ཏེ༔ དབང་ཕྱུག་ཆེན་པོའི་ནུས་པ་དང་ལྡན་པར་བསམ་མོ༔ དེ་ནས་ཡང་མེ་ཏོག་གི་ཚོམ་བུ་གཉིས་བྱས་ལ༔ ཕྱག་དང་མེ་ཏོག་དབུལ༔ དབང་ཕྱུག་ཆེན་པོ་ནོར་བུ་བསམ་འཕེལ༔ སྐུ་མདོག་དམར་པོ་གཅེར་བུ་རལ་པ་སྤྲིན་ལྟར་གཏིབས་པ༔ ཕྱག་གཉིས་ནོར་བུ་ཐུགས་ཀར་འཛིན་པ༔ ཞབས་གཡས་རྡོ་རྗེའི་གདན་མནན་པ༔ གཡོན་གྱིས་གངས་ཏི་སེ་མནན་པ་ཞིག་བསྒོམ༔ མཚན་མ་དམར་པོ་གྱེན་དུ་སྒྲེང་བ་ཞིག་བསྒོམ་དུ་གཞུག་གོ༔ སློབ་དཔོན་པདྨར་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ ནུབ་ཕྱོགས་པདྨ་འབར་བའི་གནས་ན༔ ནོར་བུ་བསམ་འཕེལ་བཞུགས་པའི་ཐུགས་ཀར་ཕོག་པས༔ བར་སྣང་ལ་བྱོན་ནས་མཎྜལ་གྱི་སྟེང་དུ་བཞུགས་པར་བསམ༔ བླ་མ་ལ་རིན་པོ་ཆེའི་ཡོན་ཕུལ༔ སློབ་དཔོན་གྱིས་གཏོར་མ་རིན་པོ་ཆེ་འབར་བ་སློབ་མའི་སྤྱི་བོར་བཞག་ལ༔ དབང་ཕྱུག་ཆེན་པོ་ཐིམ་པར་བསམ༔ ཀ་བྷི་ར་ཀོ་བྷི་ར༔ པཱ་ཤཾ་ཀུ་རུ་ཨ་བྷི་ཥིཉྩ་མཾ༔ ཞེས་བརྗོད་པས༔ དབང་ཕྱུག་དང་གཉིས་སུ་མེད་པར་འགྱུར་རོ༔ ཡང་མེ་ཏོག་གི་ཚོམ་བུ་གཉིས་བྱས་ལ༔ སློབ་བུས་ཕྱག་དང་མེ་ཏོག་དབུལ་ལ༔ དབང་ཕྱུག་ཆེན་པོ་སྣང་བ་དབང་སྡུད་ཅེས་བྱ་བ༔ དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཡས་འཕྲུལ་གྱི་མེ་ལོང་བསྣམས་པས་ཁམས་གསུམ་ས་ལེར་གཟིགས་པ༔ གཡོན་ན་ཉི་ཟེར་ཞགས་པ་བསྣམས་པ་སྟེ༔ ཁམས་གསུམ་གྱི་ཟས་ནོར་སྡུད་པ༔ མཚན་མ་དམར་པོ་གྱེན་དུ་སྒྲེང་བ༔ གཡས་ཀྱི་ཞབས་ཀྱིས་རྡོ་རྗེའི་གདན་མནན་པ༔ གཡོན་གྱི་ཞབས་ཀྱིས་གངས་ཏི་སེ་མནན་པ་ཞིག་བསྒོམ་དུ་གཞུག༔ སློབ་དཔོན་པདྨར་གསལ་བའི་ཐུགས་ཀའི་རྡོ་རྗེ་ལས་འོད་འཕྲོས་པས༔ དབང་ཕྱུག་ཆེན་པོ་སྣང་བ་དབང་སྡུད་ཀྱི་ཐུགས་ཀར་ཕོག་པས༔ བར་སྣང་ནས་ཚུར་བྱོན་ནས༔ མཎྜལ་གྱི་སྟེང་དུ་བྱོན་ནས་བཞུགས་པར་བསམ༔ སློབ་དཔོན་ལ་ཕྱག་དང་སྙིང་སྡུག་གི་ཡོན་ཕུལ༔ སློབ་བུའི་སྤྱི་བོར་སྲིད་མེས་ཀྱི་གཏོར་མ་བཞག༔ དབང་ཕྱུག་བསྟིམ༔ ཀ་བྷི་ར་ཀོ་བྷི་ར༔ པཱ་ཤཾ་ཀུ་རུ་ཛ་ཛ༔ ཨ་བྷི་ཥིཉྩ་མཾ༔ ཞེས་བརྗོད་པས༔ དབང་ཕྱུག་ཆེན་པོ་དང་གཉིས་སུ་མེད་པར་བསྒོམ༔ ཡང་མེ་ཏོག་གི་ཚོམ་བུ་གཉིས་བྱས་ལ༔ བླ་མ་ལ་ཕྱག་དང་མེ་ཏོག་དབུལ༔ འདོད་ཁམས་དབང་ཕྱུག་ཆེན་པོ་རླུང་གི་ཞགས་པ་སྐུ་མདོག་དམར་པོ་གཅེར་བུ་རལ་པ་སྤྲིན་ལྟར་གཏིབས་པ༔ ཕྱག་གཡས་ཀྱིས་ཁ་ཊྭཱཾ་རྩེ་གསུམ་དང༔ གཡོན་པས་ལྕགས་མདའ་ལྕགས་གཞུ་བསྣམས་པ༔ མཚན་མ་དམར་པོ་གྱེན་དུ་སྒྲེང་བ༔ ཞབས་གཉིས་རླུང་གི་དཀྱིལ་འཁོར་གྱི་སྟེང་ན་བཞུགས་པ༔ ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར་ནག༔ ལྷོར་རིན་ཆེན་མཁའ་འགྲོ་སེར་ནག༔ ནུབ་ཏུ་པདྨ་མཁའ་འགྲོ་དམར་ནག༔ བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་ནག་དང་བཞིས༔ ཕྱོགས་བཞི་ནས་བ་དན་གཡབས་པས༔ རླུང་གི་དཀྱིལ་འཁོར་ལ་ཕོག་པས༔ འཛམ་བུའི་གླིང་མེར་མེར་ཁྱོམ་ཁྱོམ་ཡོད་པར་བསྒོམ་དུ་གཞུག༔ སློབ་དཔོན་ལ་ཕྱག་དང་མེ་ཏོག་དབུལ༔ དེ་ནས་སློབ་དཔོན་པདྨར་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ དབང་ཕྱུག་ཆེན་པོ་འཁོར་དང་བཅས་པའི་ཐུགས་ཀར་ཕོག༔ བར་སྣང་ལ་བྱོན་ཏེ་མཎྜལ་སྟེང་དུ་བཞུགས་པར་བསམ༔ སློབ་བུས་ཕྱག་དབུལ༔ ཡོན་དུ་བྲན་ཁོལ་ལམ༔ རྟ་ཕྱུགས་དབུལ༔ སློབ་དཔོན་གྱིས་སྤྱི་གཏོར་སློབ་བུའི་སྤྱི་བོའི་ཐོག་ཏུ་བཞག་ལ༔ ཀ་བྷི་ར་ཀོ་བྷི་ར༔ བཛྲ་ཌཱ་ཀི་ནཱི༔ རཏྣ་ཌཱ་ཀི་ནཱི༔ པདྨ་ཌཱ་ཀི་ནཱི༔ ཀརྨ་ཌཱ་ཀི་ནཱི༔ པཱ་ཤཾ་ཀུ་རུ་ཛ་ཛ༔ ཨ་བྷི་ཥིཉྩ་མཾ༔ ཞེས་དབང་ཕྱུག་མཁའ་འགྲོ་དང་བཅས་པ་བསྟིམ༔ ལུས་ངག་ཡིད་གསུམ་དབང་ཕྱུག་གི་ནུས་པ་དང་ལྡན་ཏེ་དབང་ཕྱུག་དང་དབྱེར་མེད་པར་བསམ༔ གནང་བ་སྦྱིན་ཏེ༔ སྐལ་ལྡན་རིགས་ཀྱི་སློབ་བུ་ཁྱེད་ལ༔ སྔོན་གྱི་ལས་འཕྲོ་ཡོད་པ་ཡིན་པས༔ དབང་ཕྱུག་ཆེན་པོ་སྒྲུབས་ཤིག༔ བསྒྲུབས་ནས་དཀོན་མཆོག་གསུམ་གྱི་རྟེན་ཚུགས་ཤིག༔ ཡར་མཆོད་པའི་རྒྱུན་མ་གཅོད་ཅིག༔ མར་སྦྱིན་པའི་རྒྱུན་མ་གཅོད་ཅིག༔ གཏེར་འདི་རྒྱལ་པོའི་དོན་དུ་བཞག་པ་ཡིན་པས༔ མངའ་བདག་བཙད་པོའི་རིགས་རྒྱུད་གང་ན་འདུག་པའི་དོན་གྱིས་ཤིག༔ འགྲོ་དོན་ནུས་པའི་རིགས་ལ་རྗེས་གནང་སྦྱིན་ཅིག༔ རྗེས་གནང་མ་ཐོབ་པ་ལ་མ་སྤེལ་ཅིག༔ ཅེས་སྐབས་འདིར་བཀའ་རྒྱ་ཡིས་གདབ་པར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསུམ་པ་ལུང་སྦྱིན་པ་ནི༔ དུས་གཅིག་ལ་མི་བྱ་རྟགས་དང་སྦྱར་ཏེ་རིམ་པ་ལྔ་རུ་བྱ༔ རིག་འཛིན་རྩ་བའི་སྒྲུབ་པ༔ ཕྱི་སྒྲུབ༔ ནང་སྒྲུབ༔ གསང་སྒྲུབ༔ ཡང་ཁོལ་དང་ལྔའོ༔ མན་ངག་རྣམས་ནི་གཅིག་བརྒྱུད་འཛིན་པ་ཞིག་ལ་གཏད་དོ༔ ཚང་མ་གཞན་ལ་མ་སྤེལ་ཅིག༔ བཞི་པ་མཇུག་གི་བྱ་བ་ཚོགས་མཆོད་ཆོ་ག་ལྟར་དབུལ༔ བླ་མ་ལ་ཚོགས་དབུལ༔ བླ་མས་ཚོགས་དབང་སྡུད་ཀྱི་ཕྱག་རྒྱ་བཅས་ཏེ༔ སྲིན་ལག་གིས་བླངས་ཏེ་རོལ༔ དམ་ཚིག་ཏུ༔ ཚོགས་དང་གཏོར་མ་མི་གཞན་ལ་མི་སྦྱིན་ནོ༔ བྱ་བ་ཐམས་ཅད་གཞན་གྱིས་མི་མཐོང་བར་བྱའོ༔ སྨོན་ལམ་གདབ་པ་ནི༔ ཧོ༔ བདག་ཉིད་སློབ་དཔོན་འཁོར་བཅས་ཀྱིས༔ ཞལ་ཟས་དངོས་གྲུབ་རོལ་པ་ཡིས༔ དབང་ཕྱུག་ཆེན་པོའི་དངོས་གྲུབ་ཐོབ་པར་གྱུར་ཅིག༔ ལུས་ངག་ཡིད་གསུམ་དབང་ཕྱུག་ཆེན་པོའི་ནུས་པ་དང་ལྡན་པར་གྱུར་ཅིག༔ ཁམས་གསུམ་དབང་དུ་འདུས་པར་གྱུར་ཅིག༔ ཀ་བྷི་ར་ཀོ་བྷི་ར༔ རཏྣ་སིདྡྷི་ཀུ་རུ༔ ཨ་བྷི་ཥིཉྩ་མཾ༔ ལོ་ཀའི་ཟས་ནོར་ཐམས་ཅད་དབང་དུ་འདུས་པར་གྱུར་ཅིག༔ ཀ་བྷི་ར་ཀོ་བྷི་ར༔ ལོ་ཀ་པཱ་ཤཾ་ཀུ་རུ༔ ཨ་བྷི་ཥིཉྩ་མཾ༔ འཇིག་རྟེན་གྱི་ལྷ་དང་མི་དང༔ སྡེ་བརྒྱད་ཐམས་ཅད་དབང་དུ་འདུས་པར་གྱུར་ཅིག༔ ཀ་བྷི་ར་ཀོ་བྷི་ར༔ བཛྲ་དྷཱ་ཀི་ནཱི༔ རཏྣ་དྷཱ་ཀི་ནཱི༔ པདྨ་དྷཱ་ཀི་ནཱི༔ ཀརྨ་དྷཱ་ཀི་ནཱི༔ ཨ་ཏྲི་རྣྲྀ་ཨ་ཡཀྵ་ནཱ་ག་ཨེ་སརྦ་པཱ་ཤཾ་ཀུ་རུ་ཨ་བྷི་ཥིཉྩ་མཾ༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་མཁའ་འགྲོ་དང་བཅས་པའི་མཐུ་དང་སྟོབས་དང་ནུས་པ་དང་ལྡན་པར་གྱུར་ཅིག༔ འགྲོ་བ་ཐམས་ཅད་བདག་གི་དབང་དུ་འདུས་པར་གྱུར་ཅིག༔ ཅེས་བརྗོད་དོ༔ དབང་ཕྱུག་ཆེན་པོའི་རྗེས་གནང༔ སློབ་དཔོན་པདྨས་མཆིམས་ལ་གནང་བ་མ་འོངས་པའི་དོན་དུ་གཏེར་དུ་སྦས་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྗེས་གནང་འདི་སྐར་མ་རྒྱལ་ཡོད་ངེས་ལ་བཀྲ་ཤིས་ཉམས་དགའི་གནས་སུ་མཎྜལ་གྲུ་བཞི་རྒྱར་ཁྲུ་གང༔ དཔངས་སོར་བཞི་བྱ༔ དབུས་སུ་ཟླ་གམ་དམར་པོ་སྒོ་དང་བཅས་པ་ཟེའུ་འབྲུས་བསྐོར་བ༔ དེའི་ཕྱི་རོལ་འཁོར་ལོ་དམར་པོ་རྩིབས་བརྒྱད་པ༔ དེའི་ཕྱི་རོལ་པདྨ་འདབ་བརྒྱད་དམར་པོ་མུ་ཁྱུད་སྔོན་པོ༔ ཕྱིའི་གྲུ་ཆད་སེར་པོ༔ དེའི་སྟེང་དུ་ཟངས་གཞོང་དུ་འབྲུ་དམར་བླུག༔ རཏྣ་ལྔ༔ འབྲུ་ལྔ༔ དར་སྣ་ལྔའི་སྟེང་དུ་ཟངས་ཀྱི་ཕོ་མཚན་དབུས་དང༔ རྒྱ་སྐྱེགས་གཡས༔ ཙནྡན་གཡོན་དུ་བཞག༔ བླ་མའི་གཏོར་མ་རཏྣ་འབར་བ་ཉི་ཟླས་བརྒྱན་པ༔ སྤྱི་གཏོར་རྟགས་གསུམ་ཚང་བ༔ ཕྱི་གཏོར་ཉི་ཟླའི་གཟུགས༔ ནང་གཏོར་ནོར་བུ་འབར་བ༔ གསང་གཏོར་སྲིད་པའི་མེས་པོའི་གཟུགས་དང་ལྔའོ༔ ཁ་དོག་དམར་པོ་བྱུག༔ མེ་ཏོག་དམར་པོ་དང་ཟས་སྣ་ཚོགས༔ མཆོད་པ་ལྔ་དང༔ ཚོགས་དང་སྤྱན་གཟིགས་མང་པོ་གསོག༔ སློབ་དཔོན་པདྨའི་སྐུ་གཟུགས་བཀྲམ༔ འདི་ལོ་རེ་ལ་ལན་རེ་བྱ་སྟེ༔ རང་སྒྲུབ་པ་པོས༔ རྗེས་གནང་གི་དངོས་གྲུབ་བླང༔ བསོད་ནམས་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་ཞིང་རྒྱས་པར་འགྱུར་རོ༔ འགྲོ་དོན་ནུས་པའི་བུ་ལ་སྦྱིན་ནོ༔ དེ་ཡང་དབྱར་ཟླ་ར་བའི་ཚེས་བརྒྱད་ལ༔ དབྱར་ཐ་ཆུང་གི་ཚེས་གསུམ་ལ་བྱ༔ དགུན་ཟླ་ར་བའི་ཉེར་གསུམ་ལ་བྱ༔ དགུན་ཟླ་ཐ་ཆུང་གི་བཅོ་བརྒྱད་ལ་བྱ༔ དུས་དེ་རྣམས་ལ་སྐར་མ་རྒྱལ་དང་གཟའ་དར་རོ༔ དབང་གི་རྫས་དང་དུས་བསྟན་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ནུབ་ཟངས་མཛོད་དམར་པོའི་ནང་ནས་རིག་འཛིན་རྒོད་འཕྲུ་ཅན་གྱིས་བཏོན། ཟབ་རྒྱ་རྒྱ་རྒྱ།། །། ༄༅༔ མ་ཧཱ་དེ་བའི་བསམ་རྒྱུད་ཨར་ལ་གཏད་པ་ཟེར་བ་བཞུགས་སོ༔ དབང་ཕྱུག་གི་བསམ་རྒྱུད་ནི༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ སྟོང་པར་སྦྱངས་ནས༔ སྟོང་པའི་ངང་ལས་ཨེ་ལས་ཟླ་གམ་རཀྟའི་དཀྱིལ་འཁོར༔ བྷྲཱུྃ་ལས་ཐིག་ལེ་དམར་པོའི་གཞལ་ཡས་ཁང་གི་དབུས་སུ༔ ཟངས་ཀྱི་ཟླ་གམ་གྱི་སྟེང་དབུས་སུ༔ ཧྲཱིཿདམར་པོ་ཞིག་ལས༔ མ་ཧཱ་དེ་བ་ཧཱུྃ་ཞེས་བརྗོད་པས༔ དབང་ཕྱུག་ཆེན་པོ་སྐུ་མདོག་དམར་པོ༔ སྤྱི་གཙུག་ན་ཡིད་བཞིན་གྱི་ནོར་བུ་འོད་འབར་བ༔ གཡས་པ་ལྕགས་ཀྱུ་དམར་པོས་སྐྱེ་འགྲོ་ཐམས་ཅད་འགུགས་པ༔ གཡོན་ཕོ་རྟགས་དམར་པོ་གཡོབ་པ༔ དེས་འགྲོ་བ་ཐམས་ཅད་ཟིལ་གྱིས་གནོན་པ༔ ཕོ་མཚན་དམར་པོ་གྱེན་དུ་སྒྲེང་པ༔ སྐུ་ལ་རིན་པོ་ཆེས་བརྒྱན་པ༔ འོད་དམར་པོའི་དཀྱིལ་ན་བཞུགས་པ༔ ལྕེ་ལ་དབང་སྡུད་ཀྱི་དཀྱིལ་འཁོར་ཟླ་གམ་དམར་པོའི་དཀྱིལ་ནས་ཧྲཱིཿདམར་པོ་ལས་འོད་འཕྲོ་བ་ཡོད་པ༔ དེ་ལས་འོད་འཕྲོས་པས་ཐམས་ཅད་བཀའ་ཅི་བསྩལ་ཉན་པར་བསམ་མོ༔ གཡོན་ན་ཨུ་མཱཿདེ་བཱི་སྐུ་མདོག་དམར་མོ་རིན་པོ་ཆེས་བརྒྱན་པ༔ གཡས་མེ་ལོང་དང་བཅས་ཡབ་ལ་འཁྱུད་པ༔ གཡོན་བུམ་པར་སྲིད་པའི་བཅུད་ཐམས་ཅད་སྡུད་པར་བསམ༔ ཡབ་ཡུམ་གཉིས་ཀྱི་ཐུགས་ཀར་ཧྲཱིཿདམར་པོ་གཉིས་ལ༔ སྔགས་ཀྱིས་བསྐོར་བར་བསམ༔ དེའི་འོད་ཀྱིས་སྲིད་པའི་མི་ནོར་ཐམས་ཅད་ཀྱི་བཅུད་བསྡུས་ནས་རང་ལ་ཐིམ་པར་བསམ་མོ༔ ཁྱད་པར་གང་ལ་དམིགས་པ་དེ་ཞུ་ནས་བཀའ་ཉན་བྱེད་པར་བསམ༔ སྐབས་སུ་དབང་ཕྱུག་ཆེན་པོ་ཆེ་གེ་མོ་ལ་ནོར་འདི་འདྲ་འདུག་སྟེ་ཁུག་ལ་ཤོག༔ འཕྲོག་ལ་ཤོག༔ བྱའོ༔ གཏོར་མ་ནི༔ བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ རྩ་སྔགས་ལ་བཏགས་སོ༔ ཚིག་འདིས་འབུལ༔ ཐམས་ཅད་དབང་དུ་སྡུད་པའི་དཀྱིལ་འཁོར་ནས༔ དབང་ཕྱུག་ཆེན་པོ་ཀྵེ་ཏྲ་པཱ་ལ་དང༔ ཡུམ་གཅིག་ཨུ་མཱཿདེ་བཱི་འཁོར་དང་བཅས༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ ཤ་མར་རིན་ཆེན་སྣ་ཚོགས་དང༔ ལོངས་སྤྱོད་ཟས་དང་ཡིད་འོང་ནོར༔ སྲིད་པའི་བདག་པོ་ཡབ་ཡུམ་གཉིས་ལ་འབུལ༔ དགྱེས་པའི་པཱུ་ཛ་བཞེས་སུ་གསོལ༔ དགྱེས་ནས་སིདྡྷི་བདག་ལ་བསྩལ་དུ་གསོལ༔ མ་ཧཱ་ཛྙཱ་ན་པཱུ་ཛ་ཧོ༔ ཞེས་ཤ་མར་དང་ཟས་ནོར་དང་མེ་ཏོག་གླང་པོ་སྣ་ཅི་མང་འབུལ་ལོ༔ ཨག་ཐཾ༔ ྀཨཚ༔ དེ་ནས་པཱུ་ཛ་འབུལ་བ་ནི༔ ཧཱུྃ༔ རིན་ཆེན་གསེར་དང་རིན་ཆེན་གཡུ༔ དེ་བཞིན་བྱེ་རུ་ཟངས་དང་ལྕགས༔ དུང་དང་ར་གན་བདུན་པོ་འདི༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་གཉིས་ལ་འབུལ༔ རིན་ཆེན་གཏེར་གྱི་པཱུ་ཛ་འདི་བཞེས་ལ༔ བདག་གི་ནོར་རྫས་ཕུན་སུམ་ཚོགས་པའི་དོན་དུ་བཞེས་སུ་གསོལ༔ བཞེས་ནས་རིན་ཆེན་གཏེར་གྱི་སིདྡྷི་དང༔ སྙན་གྲགས་ནམ་མཁའ་བཞིན་དུ་ཁྱབ་པ་དང༔ མཐུ་དང་ནོར་རྫས་ལོངས་སྤྱོད་སིདྡྷི་སྩོལ༔ དེ་ལྟར་ཕུལ་བས་རང་ལ་མི་ནོར་ཆོས་གསུམ་འདུ་འོ༔ ཞལ་ཟས་འབུལ་བ་ནི༔ ཏིང་ལོ་གཅིག་བྱས་ཏེ་ཡབ་ལ་ཕུལ་ཏེ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ནཻ་བིདྱཱ་པཱུ་ཛ་ཧོ༔ ཆངས་ཟན་ཡུམ་ལ་ཕུལ་ཏེ༔ ཨོཾ་ཨི་ལི་སི་ལི་སྭཱ་ཧཱ༔ ཞེས་པས་གཉིས་ཀ་ལ་ནམ་ཟ་མ་ཟ་དུས་དབུལ་ལོ༔ དེ་ནས་རང་ཉིད་སྔགས་འདི་ལན་བདུན་གྱིས་སིདྡྷི་བླངས་ལ་ཟའོ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ་སིདྡྷི་ཨ་ལ་ལ་ཧོ༔ ཞེས་ཆངས་བུ་ཟའོ༔ དེ་རྒྱུན་དུ་བྱས་པས་ཟས་ནོར་རྒྱུན་དུ་འདུ་འོ༔ ཡབ་ཡུམ་གཉིས་ལ་བསྟོད་པ་ནི་འདི་ཡིན་ནོ༔ ཧཱུྃ༔ དབང་ཕྱུག་ཆེན་པོ་མི་བཟད་ཁྲོ་བོའི་སྐུ༔ སྐུ་མདོག་དམར་པོ་གཅེར་བུ་ཕོ་མཚན་སྒྲེང༔ གསེར་དང་རིན་ཆེན་སྣ་ཚོགས་སྐུ་ལ་བརྒྱན༔ ཞལ་གཅིག་ཕྱག་གཉིས་འོད་ཟེར་དམར་པོ་འཕྲོ༔ གཡས་པ་འགུགས་པའི་ལྕགས་ཀྱུ་དམར་པོ་ཡིས༔ ཟས་ནོར་གཏེར་ནས་འགྲོ་བའི་བླ་ཁུག་ཅིག༔ གཡོན་པས་ཕོ་རྟགས་དམར་པོ་རིན་ཆེན་བརྒྱན་པ་ཡིས༔ ལན་གཅིག་གཡབས་པས་འགྲོ་བ་ཐམས་ཅད་བ་སྤུ་སློང༔ ལན་གཉིས་གཡབས་པས་འགྲོ་བ་ཐམས་ཅད་ཡིད་སེམས་འགུལ༔ ལན་གསུམ་གཡབས་པས་བདག་ལ་མོས་གུས་པས༔ སྲིད་གསུམ་ཐམས་ཅད་གཡོ་ཞིང་དབང་དུ་སྡུད༔ སྲིད་པ་འདི་ན་འགྲན་ཟླ་མེད་པའི་དབང་ཕྱུག་ཆེན་པོ་སྟེ༔ སྲིད་པའི་བདག་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ བདག་ལ་ཟས་ནོར་དངོས་གྲུབ་སྟེར་བ་དང༔ བསོད་ནམས་སྙན་གྲགས་ཆེན་པོའི་སིདྡྷི་སྩོལ༔ མཆོད་དང་གཏོར་མ་བཟང་པོ་འདི་བཞེས་ལ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ ལྷ་དང་ཀླུ་དང་མི་དབང་རྒྱལ་པོ་སྟོབས་ཅན་རྣམས༔ དབང་དུ་སྡུས་ལ་བྲན་དུ་ཁོལ་ཅིག་དབང་ཕྱུག་ཆེན་པོས་ཁོལ༔ ལོ་ཀ་འདི་ན་ཆེ་བཙན་གྲགས་པ་སུ་ཆེ་ཡང༔ སྲིད་གསུམ་ཟིལ་གྱིས་གནོན་ཅིག་དབང་ཕྱུག་ཆེན་པོས་གནོན༔ ཁྱོད་ཀྱི་དབང་དུ་མ་འདུས་གཅིག་ཀྱང་མེད༔ དབང་ཕྱུག་ཆེན་པོས་རབ་ཏུ་གཡོས་ཤིག་ལོ་ཀ་ཐམས་ཅད་གཡོས༔ དབང་ཕྱུག་ཆེན་པོས་འགུལ་ཞིག་ཐམས་ཅད་འགུལ༔ ཁྱོད་ཀྱི་སྟོབས་ཀྱིས་ལོ་ཀ་ཐམས་ཅད་གཡོ་འགུལ་བྱེད༔ སུས་ཀྱང་འགྲན་དུ་མེད་པའི་དབང་ཕྱུག་ཆེན་པོ་ཁྱོད༔ ལོ་ཀ་འདི་ན་ཟས་བཅུད་ནོར་རྫས་ཅི་ཡོད་པ༔ རབ་ཏུ་ཁུག་ཅིག་ཛཿཧཱུྃ་བཾ་ཧོཿརབ་ཏུ་ཁུག༔ བདག་གི་ལོངས་སྤྱོད་སྤེལ་ལ་མཐུ་དང་བསོད་ནམས་རྒྱས་པར་མཛོད༔ ཧཱུྃ༔ ལྷ་མོ་དམར་མོ་ཡིད་འགུགས་མ༔ སྐུ་མདོག་དམར་མོས་འགྲོ་བའི་བློ་སེམས་འགུགས༔ གཡས་པས་མེ་ལོང་སིདྡྷི་གང་ན་ཡོད་པ་ཤེས༔ གཡོན་པ་ཟངས་བུམ་གཏེར་གྱིས་བཀང་ནས་སྒྲུབ་པ་པོ་ལ་སིདྡྷི་སྟེར༔ སྐུ་ལ་རིན་ཆེན་རྒྱན་གྱིས་རྣམ་པར་བརྒྱན༔ ལྷ་མོ་དམར་མོ་ཨུ་མཱཿདེ་བཱི་ཁྱོད༔ དབང་ཕྱུག་སྐུ་ལ་གཉིས་མེད་རབ་ཏུ་འཁྲིལ༔ ལྷ་མོ་ཁྱོད་ཀྱི་སྐུ་ལ་རབ་ཏུ་བསྟོད༔ བདག་ལ་སྐྱེ་འགྲོ་མོས་སུ་ཆུག་ལ་དབང་དུ་སྡུས༔ དེ་ལྟར་སྒྲུབ་པའི་དུས་སུ་དུས་གསུམ་དུ་བསྟོད་ན༔ སྣང་སྲིད་ཀྱི་བདག་པོར་འགྱུར་རོ༔ བཟླས་པའི་ཐབས་ནི༔ ནོར་སྒྲུབ་ན་ནོར་སྒྲུབ་ཀྱི་སྔགས་ཤམ་བུ་བཏགས༔ དབང་དུ་སྡུད་ན་དབང་སྡུད་ཤམ་བུ་བཏགས༔ པཱུ་ཛ་སིདྡྷི་ཀུན་ལ་ཤེས་པར་བྱའོ༔ ཉིན་མོ་ཡབ་སྔགས༔ ནུབ་མོ་ཡུམ་སྔགས་བརྒྱ་རྩ་ཙམ་རེ་གཏང༔ དེ་མིན་ཕོ་སྔགས་བུངས་ཆེ་བར་གཏང་ངོ༔ ནངས་ནུབ་སྦྲེལ་ལ་བརྒྱ་རྩ་རེ་བཟླ༔ ཕོ་རྐྱང་པས་ལས་ཁ་ཚར་དང་བཅས་པ་ཅི་ཡང་མི་འགྲུབ༔ གསང་སྒྲུབ་ཡུམ་དང་བཅས་པ་འདིས་སྲིད་པ་གསུམ་གྱི་མི་ནོར་གཏེར་ཐམས་ཅད་ཀྱི་བདག་པོར་འགྱུར་རོ༔ པདྨ་ང་ཡི་དབང་ཕྱུག་ཐུན་མོང་བསྒྲུབ་ན་འདི་ལས་ལྷག་པ་མེད༔ ྀཨཚ༔ ྈྈྈ ྈྈྈ ྈྈྈ ༄༅༔ སྒྲུབ་ཐབས་ལས་ཀྱི་ཕྲེང་བ་བཞུགས་སོ༔་་་འོག་མ། ཨོ་རྒྱན་པདྨ་འབྱུང་གནས་ང༔ རྒྱ་གར་ཤར་ན་ཡོད་ཙ་ན༔ མུ་སྟེགས་དྲེགས་པ་ལྷ་ཆེན་ནི༔ དབང་ཕྱུག་ཆེན་པོ་ཞེས་བྱ་བ༔ འཇིགས་བྱེད་ཆེན་པོ་དྲག་པོ་དེ༔ ང་ཡི་མདུན་དུ་འོང་ནས་ནི༔ རྣལ་འབྱོར་སྨྱོན་པ་ཅི་བྱེད་ཟེར༔ བར་ཆད་ཐོ་འཚམས་བྱེད་དུ་བྱུང༔ དེ་དུས་ང་ཡི་དགོངས་པས་གཟིར༔ ཕྱག་གཡོན་རྣ་བ་གཡས་པ་བཟུང༔ གཡས་པའི་རྡོ་རྗེས་མགོ་ནས་གཟིར༔ ནུ་མའི་བར་དུ་ཐལ་གྱིས་སོང༔ སྐད་ངན་འོ་དོད་ཙེར་གྱི་བྱུང༔ རྣལ་འབྱོར་རྫུ་འཕྲུལ་མཐུ་སྟོབས་ཅན༔ བདག་ནི་ཁྱེད་ཀྱི་འབངས་སུ་མཆི༔ ཐུགས་རྗེས་དགོངས་པ་ཀློད་པར་ཞུ༔ ཞེས་ཟེར་ཏེ་སྲོག་སྙིང་ཕུལ་ནས་འཇིག་རྟེན་དབང་དུ་བསྡུ་བའི་ལས་བཅོལ་ལོ༔ དེའི་ཕྱིར་ན་པདྨའི་བཀའ་ཉན་ཡིན་ནོ༔ ད་ལྟ་འདི་བས་སྟོབས་ཆེ་བ་འཇིག་རྟེན་ན་མེད་དོ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ྈྈྈ ྈྈྈ རྒྱ་གར་སྐད་དུ༔ པཱ་ཤ་ཀྲོ་ཏ་དུ་ཙཀྲ༔ མ་ཧེ་ཤྭ་ར་མ་ཧཱ་དེ་བ་ཧ་སེ་ལོ་ན་མ་སརྦ༔ མུ་སྟེགས་ཀྱི་སྐད་དུ༔ ཙཀྲ་ཏྲི་ཤཱུ་ལ་སུ་པཱུ༔ ཏཱིརྠི་ཀཱ་ལ་ཀྲོ་ཏ་དྷི་དྷ་ཧོ༔ བོད་སྐད་དུ༔ དབང་དུ་སྡུད་པ་དྲག་པོའི་འཁོར་ལོ་ཞེས་བྱ་བ༔ དབང་ཕྱུག་ཆེན་པོ་མ་ཧཱ་དེ་བ་ལ་ཕྱག་འཚལ་ལོ༔ ཐམས་ཅད་དབང་དུ་སྡུད་པའོ༔ འདི་ལ་དོན་དྲུག་སྟེ༔ ཕོ་དང་མོ་དང་ཡུལ་ཁམས་དང༔ རྒྱལ་པོ་དང་ནི་དམངས་རིགས་དང༔ ནོར་རྣམས་དབང་དུ་སྡུད་པའོ༔ ཕོ་དབང་དུ་སྡུད་པ་འདི་ལ་དོན་གསུམ་སྟེ༔ གྲོགས་ལྟར་བརྩེ་བ་དང༔ བྲན་ལྟར་བཀོལ་བ་དང༔ ཐ་མ་སྲོག་འཕྲོག་པའོ༔ དང་པོ་གྲོགས་ལྟར་བརྩེ་བ་ནི༔ སྤྲ་ཚིལ་ཁོ་ཡི་དྲི་མ་ལ༔ གཟུགས་དང་དབང་པོ་དོད་པར་བྱ༔ གྲོ་ག་ལ་མིང་དང་རུས་ཚང་མ་བྲིས་ཏེ༔ གཟུགས་ཀྱི་སྙིང་གར་གཞུག༔ དེ་ལ་ཁོའི་དྲི་ཆེན་བྱུག༔ དེ་ཉིད་སྤྲེ་ཐོད་ནང་དུ་གཞུག༔ མེད་ན་ར་རུའི་ནང་དུ་གཞུག༔ གྲི་སྙིང་གི་ཁྲག་དང༔ ཚ་བ་གསུམ༔ ཏིལ་དང་སྦྱར་ལ་ཐོད་པར་གཞུག༔ རང་གི་མལ་འོག་ཏུ་གཞུག༔ དོང་ཁ་གྲུ་གསུམ་མཚོན་པ་བྲི༔ དོང་ནང་རོ་སོལ་བུད་སྣ་དང༔ ཞ་ཉེའི་ཕྱེ་མ་བྱུག་པར་བྱ༔ སྤྲེ་ཐོད་མིའི་རླིག་ནང་དུ་བཏུམ༔ དེ་ནི་དོང་བྲུས་ཁ་ཕུབ་གཞག་པར་བྱ༔ དོང་ཁ་རོའི་གཡམ་པས་བཅད༔ དེ་སྟེང་རང་ཉིད་ཉལ་བར་བྱ༔ སྲོད་དང་ཐོ་རངས་ནམ་གུང་ལ༔ དྲག་སྔགས་བཟླས་ཤིང་བྲབ་པར་བྱ༔ དྲག་པོའི་སྔགས་ནི་མེ་དང་འདྲ༔ སྲེག་ཅིང་སྡུད་པར་བྱེད་པ་ཡིན༔ སྔགས་ནི་སྔགས་བྱང་ནང་དུ་བལྟ་བར་བྱ༔ དུས་བཞིར་སྒྲོ་བའི་ཁ་ལ་བྲབ༔ སྨྲ་བ་བཅད་ལ་བཟླས་པ་འབད༔ དེ་ལ་གྲུབ་རྟགས་བསྟན་པ་ནི༔ རབ་ནི་དམིགས་བྱ་དངོས་སུ་འོང༔ འབྲིང་ནི་རྨི་ལམ་ཐན་ཕྲན་འབྱུང༔ ཐ་མ་དགའ་ཞིང་སྨྲ་བ་འབྱུང༔ རང་དབང་མེད་པར་གན་དུ་འོང༔ འདི་ནི་དབང་སྡུད་རྒྱལ་པོ་ཡིན༔ སྐྱེས་པ་གྲོགས་ལྟར་བརྩེ་བའོ༔ ད་ནི་སྐྱེས་པ་བྲན་ལྟར་བཀོལ་བའི་མན་ངག༔ གང་ལ་དམིགས་པའི་ཟག་རྫས་བླང༔ གུ་གུལ་ཀ་ར་རྡོ་དྲེག་དཀར༔ དམར་ནག་ཅོང་ཞི་མུ་ཟི་ནག༔ སེར་ཚུར་ཀ་ཤྭ་གན་དྷ་དང༔ བྱང་བ་ནག་པོ་ཞིབ་པར་བཏགས༔ གཡག་རུའི་ནང་དུ་བླུག་པར་བྱ༔ སྤྲ་ཚིལ་དག་གིས་ཁ་བཅད་ལ༔ མིས་མི་མཐོང་བར་ལུས་ལ་བཅང༔ སྨྲ་བཅད་དུས་སུ་ངན་སྔགས་བཟླ༔ སྔགས་ནི་སྔགས་བྱང་ལྟར་ཤེས་བྱ༔ དབང་སྡུད་རྣོ་མྱུར་མཚོན་ཆ་འདྲ༔ དེས་ནི་གྲུབ་པའི་རྟགས་སུ་ཤར༔ གང་ཡིན་མིང་སྤེལ་གཞུག་པར་བྱ༔ རྫས་རྣམས་ལྷག་ལྷག་ཇིར་ཇིར་ཟེར༔ མྱུར་དུ་ལས་རྣམས་འགྲུབ་པར་འགྱུར༔ རྫས་དེ་ཁོ་ཡི་སྤྱི་བོར་བརྡེག༔ ཡང་ན་ཁོང་དུ་གཏང་བར་བྱ༔ ཆ་གཅིག་རང་གི་སྙིང་གར་བཀུ༔ ཞག་གྲངས་ཉེར་ལྔའི་དུས་སུ་ནི༔ གང་དམིགས་བྲན་ལྟར་ཉན་པར་འགྱུར༔ མ་ལྟར་བྱམས་ལ་སྲིང་ལྟར་གདུང༔ རྒྱལ་པོ་ཡིན་ཡང་དབང་དུ་འདུ༔ འདི་མཉམ་གཉིས་བྲན་དུ་བཀོལ་བའི་མན་ངག་གོ༔ ད་ནི་སྐྱེས་པ་མཉམ་གཉིས་དབང་དུ་མ་འདུས་ན༔ སྲོག་ནས་འཕྲོག་པའི་མན་ངག་བསྟན༔ ཡུངས་དཀར་ཡུངས་ནག་སྐྱེ་ཚེ་དང༔ གྲི་ཁྲག་སྦྲང་སྨྱོན་ཁྱི་དཀར་སྙིང་ཚིལ་དང༔ བོང་ང་ནག་པོ་རྒྱ་སྐྱེགས་དང༔ ཙནྡན་དམར་པོ་ག་པུར་དང༔ ཆ་མཉམ་སྦྱར་ཏེ་གཡག་རུར་བླུག༔ སྤྲ་ཚིལ་ཁ་བཅད་རང་གི་ལུས་ལ་བཅང༔ སྔགས་ནི་སྨྲ་བཅད་ཁྲི་ཚོ་གཅིག་ཏུ་བཟླ༔ སྔགས་ནི་སྔགས་བྱང་ནང་དུ་ཤེས༔ སྤུ་གྲི་རྣོ་མྱུར་ངན་སྔགས་འདི༔ འགྲུབ་རྟགས་རབ་ནི་ཁོ་རང་དངོས་སུ་འོང༔ འབྲིང་ནི་འཕྲིན་དང་སྐྱེས་བསྐུར་འབྱུང༔ ཐ་མ་རྨི་ལམ་དག་ཏུ་ཡོང༔ ལུས་སེམས་འགྲོ་འདོད་ཁོ་རང་གི༔ འཁོར་ལ་རྒོལ་སྙིང་འདོད་པ་དང༔ རྣམ་འགྱུར་སྣ་ཚོགས་འབྱུང་བ་སྟེ༔ དེ་ནི་འགྲུབ་པའི་རྟགས་ཡིན་ནོ༔ རྫས་དེ་ཁོ་ཡི་སྙིང་ག་འམ༔ སྤྱི་བོ་དག་ཏུ་བསྐུ་བར་བྱ༔ གང་དམིགས་སྲོག་ནས་འདྲེན་པར་བྱེད༔ དེས་ནི་རང་གི་དབང་དུ་འདུ༔ མཉམ་གཉིས་སྲོག་ནས་འདྲེན་པའི་གནད་ཀའོ༔ མོ་རིགས་དབང་དུ་སྡུད་པ་ཡི༔ རྫས་སྔགས་ལག་ལེན་ཟུར་ན་གསལ༔ ཡུལ་ཁམས་དབང་དུ་བསྡུ་བ་ནི༔ འཁོར་ལོ་རྩིབས་བཞི་མུ་ཁྱུད་ལྡན༔ ལྟེ་བ་ལ༔ ཡུལ་ཁམས་དབང་དུ་སྡུས་ཤིག་བྲི༔ རྩིབས་ལ་མི་ཆེན་ཀུན་གྱི་མིང་རུས་བྲི༔ མུ་ཁྱུད་ལ་དབང་སྡུད་ཀྱི་སྔགས་བྲི༔ འཁོར་ལོ་དར་དམར་གྱིས་བཏུམས་བྱས་ལ༔ སྤྲེ་འུའི་ཐོད་པའི་ནང་དུ་གཞུག༔ རང་ཉིད་དབང་ཕྱུག་ཆེན་པོར་བསྒོམ༔ སྔགས་ལས་འོད་ཟེར་ཕར་འཕྲོས་པས༔ ཐམས་ཅད་དབང་དུ་འདུས་གྱུར་ནས༔ རང་དབང་མེད་པར་བདག་མདུན་དུ༔ ཤོག་སྐྱ་རླུང་གིས་དེད་པ་བཞིན༔ འུབས་ཏེ་བསྡུས་ནས་བྲན་དུ་ཁོལ༔ སྒྲུབ་པ་ཞག་བདུན་ཟླ་ཕྱེད་བྱ༔ དེ་ནས་ངེས་པར་ཁུག་པ་ཡིན༔ ནས་ནག་གྲོ་དང་སྲན་མའི་འབྲས་བུ༔ ཡུངས་དཀར་ཡུངས་ནག་ལ་སོགས་པ༔ སྔགས་ཀྱིས་ངར་བླུད་ཡུལ་ཁམས་ལ༔ གཏོར་ཞིང་ཏིང་འཛིན་གསལ་བར་བྱ༔ དེས་ནི་ངེས་པར་དབང་དུ་འདུ༔ ཟས་ནོར་ཆོས་དང་བཟའ་བཏུང་སོགས༔ དུས་གསུམ་རྒྱུན་དུ་འབུལ་བ་འོ༔ འདི་ནི་མུ་སྟེགས་རླུང་ཞགས་ཀྱིས༔ ཡུལ་ཁམས་དབང་དུ་སྡུད་པ་ཡིན༔ ཆེ་བཙན་གྲགས་པ་སུ་ཆེ་ཡང༔ ངེས་པར་རང་གི་དབང་དུ་འདུ༔ སྤྲེ་ཐོད་འཁོར་ལོ་བཅས་པ་དེ༔ རང་གི་ལུས་ལ་རྟག་ཏུ་བཅང༔ སྔགས་ཀྱང་ཞག་རེར་སྟོང་སྟོང་བཟླ༔ རླུང་གི་ཞགས་པས་ཡུལ་ཁམས་དབང་དུ་སྡུད་པའོ༔ མུ་སྟེགས་རླུང་གི་ཞགས་པ་འདི་ལ༔ སྔོན་ལ་ནོར་དབང་དུ་སྡུད་པ་ལ༔ འབུམ་ཕྲག་གསུམ༔ དེ་ནས་རྒྱལ་པོ་དང་བློན་པོ༔ དམངས་དང༔ བུད་མེད་དབང་དུ་སྡུད་པ་ལིང་ག་བཅས་ལ༔ ཕོ་རྐྱང་འདེད་ཀྱི་སྔགས་དེ་ལ་མིང་སྤེལ་ལ་ཞག་དགུར་བཟླ་བར་བྱ༔ དེས་ངེས་པར་ཁུག་གོ༔ དེས་མ་ཁུག་ན་གྲོགས་པོ་ལྟར་བརྩེ་བ་ལ་སོགས་རྣམ་པ་གསུམ་བྱའོ༔ དེས་ཀྱང་མ་ཁུག་ན་ཡུལ་ཁམས་དབང་དུ་སྡུད་པའི་འཁོར་ལོ་བསྐོར༔ དེ་ལ་སྔགས་བཟླས་པས༔ འཁོར་ལོ་གཡས་སུ་འཁོར་བའི་སྟོབས་ཀྱིས་འཇིག་རྟེན་གྱི་མི་ཐམས་ཅད་འུར་ལངས་ནས༔ ཐམས་ཅད་བདག་ལ་འདུད་པར་བསམ༔ སྒྲུབ་པ་ཐམས་ཅད་ལ་དབང་ཕྱུག་གི་རྟེན་འདི་ལྟར་བཤད༔ དབང་གི་དོང་ཟླ་གམ་ཁྲུ་གང་བྱ༔ དེའི་ནང་དུ་ནས་དང་འབྲས་བུས་བཀང༔ དེའི་དཀྱིལ་དུ་ཙནྡན་ལས་བྱས་པའི་དབང་ཕྱུག་ཁྲུ་གང་པ་ཞིག་གཟུག༔ དེའི་སྐེ་ལ་རིན་པོ་ཆེ་དང་དར་སྣ་ལྔ་བཏགས༔ རྫའི་དབང་ཕྱུག་སྦུབས་ཅན་ཞིག་ལ༔ སྦུབས་སུ་སྔགས་བྲིས་ལ་གཞུག༔ དེ་ཡང་དོང་ཆེན་དུ་གཞུག༔ ནང་དུ་གང་ལ་བྱ་བའི་ལིང་ག་གཞུག༔ ཀ་བྷི་ར་དང་ཆེ་གེ་དབང་དུ་སྡུས་ཤིག་བྱ་བ་བྲི༔ དེ་དོང་ཆེན་དུ་གཞུག༔ མིང་སྤེལ་ཅན་གྱིས་ཐུན་བྲབ༔ དབང་ཕྱུག་སོར་བཞི་པ་ཞིག་རང་གི་ལུས་ལ་བཅང་ངོ༔ ལིངྒའི་སྐེ་ནས་དབང་ཐག་དམར་པོ་བཏགས༔ དབང་ཕྱུག་ལ་གཏད་ལ་བཞག༔ དེ་ཁྱིམ་གྱི་མཛོད་ཕུགས་སུ་སྦས་ལ་སྒྲུབ་པ་ཞག་བཅོ་ལྔ་བྱའོ༔ ཡུངས་དཀར་ཟངས་ཕྱེ་ཐང་ཕྲོམ་ལ༔ ལས་མཐའི་དུས་སུ་ཐུན་སྔགས་བཟླས་ཏེ༔ ལིང་ག་ལ་བྲབ་བོ༔ དེ་ཡང་དམིགས་བྱ་དངོས་སུ་གསལ༔ མན་ངག་རླུང་ཞགས་འདི་ལ༔ རྒྱུས་ཡོད་པ་དང༔ ཆོས་སྡེ་ཡོད་པ་ལ་ཐུན་མི་བྲབ་བོ༔ འདིའི་གྲུབ་རྟགས་དང་པོ་མ་བསླངས་པར་ཟས་སྟེར༔ དེ་ནས་བུད་མེད་ཡིད་དུ་འོང་བ་དང་འཕྲད་དོ༔ དེ་ནས་གཏེར་རྙེད་པ་རྨི་བ་འོང༔ དེ་ནས་གྲོགས་དང་འཕྲད་པ་རྨིའོ༔ ཤིང་དང་ལྕི་ལུད་དང་དམར་པོའི་ཟས་ཀྱི་རྣམ་པ་མ་ལུས་སྟེར་བ་འོང༔ མི་མང་པོས་རང་ལ་ཕྱག་འཚལ་བ་དང༔ ལུས་ལ་མཛེས་རྒྱན་བཏགས་པ་དང་རྙེད་པ་རྨི་བ་འོང༔ གཞན་ཡང་བུད་མེད་དང༔ བཙུན་པ་དང༔ བནྡེ་དང༔ བཙད་པོ་དང༔ ཨ་ཙ་ར་དང༔ བལ་པོ་དང༔ མོན་པ་དང༔ ཚོང་པ་མང་པོ་དང༔ ནོར་མང་པོ་དང༔ བང་མཛོད་དང༔ མཁར་དཔངས་མཐོན་པོ་དང༔ གོས་བཟང་པོ་གྱོན་པ་དང༔ གཡག་དང༔ མཛོ་དང༔ ར་ལུག་དང༔ ཕྱུགས་མ་མང་པོ་རྨི་བ་དང༔ གཅན་གཟན་རྨི་བ་བྱུང་ན་གྲུབ་རྟགས་ཡིན་ནོ༔ དེ་ནས་མི་ཆེན་ཐམས་ཅད་འདུས་ནས་གསེར་གྱི་དོང་ཙེ་རྟ་པ་བདུན་སྟོང་དང༔ དགུ་སྟོང་སྟེར་བར་འགྱུར་རོ༔ དེ་ནས་སྙན་གྲགས་ཆེན་པོས་འུར་ལངས་པ་ཞིག་འོང༔ དེ་ནས་འཇིག་རྟེན་གྱི་བདག་པོར་འགྱུར་རོ༔ འདི་ལ་རྒྱུན་པར་བསྙེན་པ་འབུམ་ཁྲི་བྱས་ན༔ སྟེང་ལྷའི་འཇིག་རྟེན༔ འོག་ཀླུའི་འཇིག་རྟེན༔ བར་མིའི་འཇིག་རྟེན་དང་གསུམ་ཀ་དབང་དུ་འགྱུར་རོ༔ ཇི་ལྟར་སྐལ་པ་མེད་པ་ཞིག་ཀྱང་ཞག་གཞུང་བཞིན་དུ་བདུན་ཕྲག་བདུན་དུ་བསྒྲུབས་ན༔ ལོ་གསུམ་ཚུན་དུ་ཟས་ནོར་ཆར་ལྟར་འབབ་པར་ངེས་སོ༔ ལས་མཐའ་གང་བྱེད་ཀྱང༔ སྒྲུབ་པ་ཞག་བདུན་བདུན་བྱའོ༔ འདིས་ནི་སྲིད་པའི་བདག་པོར་འགྱུར་རོ༔ འཇིག་རྟེན་འདི་རུ་སྙན་གྲགས་འདོད་པ་དང༔ ཟས་ནོར་ལོངས་སྤྱོད་འདོད་ཅིང་སྒྲུབ་པ་རྣམས༔ ནོར་སྒྲུབ་གཞན་ཀུན་ཕྱོགས་གཅིག་ཏུ་དྲིལ་བ་ལས༔ རླུང་གི་ཞགས་པ་འདི་ཉིད་ནུས་པ་ཆེ༔ སེང་ཕྲུག་ཀུན་ཀྱང་རླུང་ཞགས་འདི་ཉིད་ལ་དད་ཅིང་འདུན་པས་ཚོགས་འཁོར་བཟང་དུ་ཐོངས་ལ༔ ཆོས་སྐྱོང་གྲགས་པ་ཅན་ཀུན་ཀྱང་མཉེས་པར་གྱིས༔ གསེར་སོགས་ཀྱིས་བླ་མ་མཉེས་པར་གྱིས་ལ༔ མན་ངག་ལག་ལེན་ཕུ་ཐག་ཆོད་པར་ཞུས་ཤིག༔ སེང་ཕྲུག་ཀུན་གྱིས་དངོས་གྲུབ་མ་འགྲུབ་ན༔ པདྨ་ང་ཡི་མགོ་བོ་སྟོང་དུ་འགས༔ ངེས་པར་རླུང་ཞགས་འདི་ལ་འབད་བྱས་ན༔ ཐུན་མོང་དངོས་གྲུབ་དུས་འདིར་ཐོབ་པར་ངེས༔ བླ་མ་མཉེས་པའི་གསེར་ཕུལ་ན༔ རང་ལ་དགོས་འདོད་འབྱུང་བར་ངེས༔ ང་ཡི་བརྒྱུད་འཛིན་སེང་ཕྲུག་ཀུན༔ མུ་སྟེགས་རླུང་གི་ཞགས་པ་འདི༔ ཀཱ་ལ་ཡཀྴས་ཕུལ་པ་ཡིན༔ འདི་ལ་བརྟེན་ནས་དངོས་གྲུབ་བསོད་ནམས་སྒྲུབས༔ སེམས་ཅན་དབུལ་ཕོངས་ཞི་བར་ཤོག་ཅིག༔ ྀཨཚ༔ ཨོ་རྒྱན་པདྨ་འབྱུང་གནས་བདག་གིས་ཀྱང༔ ལྔ་བརྒྱ་ཐ་མའི་དུས་ངན་ཤར་བའི་ཚེ༔ འགྲོ་བ་ནོར་མེད་འཚོ་བས་ཕོངས་པའི་ཚེ༔ བསྟན་པ་འཛིན་པའི་སྡེ་དཔོན་མཁན་པོ་དང༔ སྡེ་གནས་འཛིན་པའི་སློབ་དཔོན་རིགས་བཟང་དང༔ གསང་སྔགས་སྤྱོད་པའི་སྔགས་པ་འགྲོ་དོན་ཅན༔ བསོད་ནམས་མེད་པས་ལོངས་སྤྱོད་དབུལ་བར་འགྱུར༔ དབུལ་པོས་འགྲོ་དོན་མི་ནུས་ཡལ་བར་དོར༔ དེ་ཡི་དོན་དུ་པདྨས་མན་ངག་བསྟན༔ འཇིག་རྟེན་དབང་དུ་སྡུད་པའི་རླུང་ཞགས་འདི༔ མན་ངག་ཁོལ་དུ་ཕྱུང་བའི་སྒྲུབ་པ་ཡིན༔ ཁྱེད་ལ་བསྟན་གྱིས་ཉམས་ལེན་མཐར་ཐོན་གྱིས༔ རླུང་ཞགས་རྩ་བའི་མན་ངག་ཡོད་གྱུར་ཀྱང༔ འདི་མེད་སྒྲོ་བ་ཞབས་མེད་ཡིན༔ གཞུང་དང་མན་ངག་ཡོད་པ་ནི༔ ཆང་གི་ནང་ནས་ཉིང་ཁུ་འདྲ༔ དགྲ་བོ་འདུལ་བའི་དམག་དཔོན་འདྲ༔ གནག་ལུག་སྐྱོང་བའི་རྫི་བོ་འདྲ༔ འདི་ཡི་སྟོབས་དང་ནུས་པ་ཡིས༔ ལྷ་ཡི་དབང་པོ་བརྒྱ་བྱིན་དང༔ ཀླུ་ཡི་རྒྱལ་པོ་འཇོག་པོ་ཡང༔ འགུགས་པར་ནུས་ཏེ་ཐེ་ཚོམ་མེད༔ གླིང་བཞི་མི་ནོར་སྨྲོས་ཅི་དགོས༔ ཀུན་གྱི་བླ་དང་ཤེས་པ་འགུགས༔ མི་སེམས་འགུགས་ཏེ་ཟས་ནོར་སྡུད༔ སྙན་གྲགས་ཆེན་པོ་ཐོབ་པ་ཡིན༔ མི་ཆེན་ཐམས་ཅད་དབང་དུ་སྡུད༔ འཇིག་རྟེན་འུར་ལངས་ཆེན་པོ་འབྱུང༔ རྩ་སྔགས་འདི་མེད་ཡུག་པ་རྐྱང༔ ྀཨཚ༔ དང་པོ་རང་ཉིད་དབང་ཕྱུག་ཆེན་པོ་བསྒོམས་ལ་སྤྲོ་བསྡུའི་དམིགས་པ་བྱ་བ་ནི༔ རང་གི་སྙིང་ག་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་མང་པོ་འཕྲོས་པས༔ འགྲོ་བ་ཐམས་ཅད་ཀྱི་སྙིང་ག་ནས་བཟུང་ནས༔ རང་གི་མདུན་ན་རྒྱ་ཁྱོན་དཔག་ཏུ་མེད་པའི་ཟླ་གམ་དམར་པོ་ཡོད་པ་དེའི་ནང་དུ་འགྲོ་བ་ཐམས་ཅད་བཅུག་པར་བསམ༔ དེའི་དུས་སུ་ཐུན་སྔགས་བཟླ༔ རྩ་སྔགས་འདིས་ཐམས་ཅད་ཀྱི་མགོ་མནན་ནོ༔ རང་རྒྱུན་ཁྱེར་དུ་བྱེད་པ་ནི༔ ཤོག་བུ་ལ་ཟླ་གམ་བྲིས་ཏེ༔ ཚོས་དང་མཚལ་གྱིས་དམར་པོར་བྱུག༔ དེའི་ནང་དུ་ལིང་ག་བྲི༔ དེའི་ནང་དུ་མི་ཆེན་ཐམས་ཅད་ཀྱི་མིང་རུས་དང༔ འཇིག་རྟེན་ཐམས་ཅད་དབང་དུ་སྡུད་བྱ་བ་རྣམས༔ ལིང་གའི་ཐ་མར་སྔགས་ཀྱིས་བསྐོར༔ དོང་ཆུང་གཅིག་ཏུ་ཡུངས་དཀར་དང༔ ཀ་ཤོ་གན་དྷ་དང༔ ཟངས་ཕྱེ་དང༔ ར་གན་གྱི་ཕྱེ་མ་ཐུན་རྫས་བྱའོ༔ ཙནྡན་གྱི་དབང་ཕྱུག་སོར་བཞི་པ་ལ་རྟེན་བྱའོ༔ དེ་ཟངས་གཞོང་གི་ནང་དུ་གཞུག༔ ལིང་ག་མདུན་དུ་བཞག༔ ཐུན་སྣོད་རང་གི་རྐེ་ལ་བཏགས༔ རྟེན་ཤོག་དྲིལ་གསུམ་པ་བཞིན་བཤམ༔ དེ་ནས་སྔགས་འདི་ཞག་བདུན་བཟླ༔ ཨོཾ་མ་ཧཱ་དེ་བ་ཧཱུྃ༔ དབང་ཕྱུག་ཆེན་པོ་ཧྲཱི༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ བཱ་སུ་ན་དྷེ་པུཥྚིཾ་ཀུ་རུ་བྷཱུ་ཏིང་ཀྲི་ན་ཕ་ལ་ཧྲིང་ཧྲིང་ཕཊ་ཕཊ་སྭཱ་ཧཱ༔ འདི་ནི་ནོར་སྒྲུབ་ཀྱི་སྔགས་ཡིན་ནོ༔ དེ་ནས་ཐུན་སྔགས་འདི་ཞག་བདུན་བཟླ་འོ༔ ཨོཾ་མ་ཧཱ་དེ་བ་ཧཱུྃ༔ དབང་ཕྱུག་ལྷ་ཆེན་ཧྲིང༔ ཨེ་མཉྫུ་ཀུཀ་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར་བྷ་ཤན༔ ཨུ་གེ་ལོ་ཀ་སརྦ་པཱ་ཤཾ་ཀུ་རུ་ཨེ་ཛཿཛཿཧྲིང་ཧྲིང༔ ཞེས་སྟོང་སྟོང་ལ་ཐུན་རེ་བྱའོ༔ དེ་ནས་ཟླ་གམ་ལིང་གར་བྱས་པ་དེ༔ རང་གི་དཔུང་པ་གཡས་ལ་གདགས༔ རྟེན་ཡང་དེ་ཀ་ལ་གདགས་སོ༔ དེ་ནས་ནོར་སྒྲུབ་ཀྱི་སྔགས་དེ་ཞག་རེ་ལ་སྟོང་སྟོང་བཟླ་འོ༔ འདི་ཞུ་བའི་དུས་སུ་གསེར་སོགས་རིན་པོ་ཆེ་ཕུལ་བས་སློབ་དཔོན་མཉེས་པ་གལ་ཆེ་འོ༔ ཐུབ་ཆོད་ནན་གྱིས་ཞུ་རུ་མི་རུང༔ དབང་ཆེན་དང་ངོ་ཆེན་གྱིས་ཞུས་ན་དངོས་གྲུབ་མི་འབྱུང་ངོ༔ ལས་ཅན་འགའ་ལ་བཞག་པ་འོ༔ དབང་ཕྱུག་ཆེན་པོ་ཧྲཱིཿ་་་ཟེར་བ་ཕྱིན་ཡོད་ཟེར་བ་མ་དཔེ་ལ་མི་འདུག །མཆན། ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༅༔ སྦྱིན་སྲེག༔ འགྲོ་བ་དབང་དུ་སྡུད་པ་ལ༔ གནས་དབེན་པར་མིས་མ་ཚོར་བར༔ དབང་ཐབ་ཟླ་གམ་བྱས་པ་ལ༔ ནང་རྒྱ་སྐྱེགས་དང་ཙནྡན་དམར་པོས་བྱུགས༔ ཁ་ཁྱེར་ལ་ལྕགས་ཀྱུ་དགུ་བྲིས༔ ནང་དུ་ཧོམ་ཤིང་ལ་ཙནྡན་དམར་པོ༔ ཤིང་ཀ་ར་ཤིང༔ ཡོག་མོང་དང༔ ཕུར་མོང༔ དཱུར་བ་ཤིང་སྣ་ལྔ་པོ་དེ༔ མཛུབ་རེའི་བར་གཏུབས་ལ༔ བརྩིག་པའམ་སྦམས་སུ་བརྫང༔ རྒྱལ་གྱི་ཉི་མ་ལ་བྱའོ༔ བསྲེག་རྫས་ལ་ཧ་ལོ༔ ཨུག་ཆོས༔ གླང་པོ་སྣ༔ ཀུན་ཏི་ར༔ སྲི་ཤིང༔ སྲན་མའི་མེ་ཏོག༔ མར༔ ཏིལ༔ འབྲས༔ ལན་ཚྭ༔ ལིང་ག་དེ་རྣམས་སོ༔ ཧོམ་ཁུང་དབང་གི་ཕོ་བྲང་དུ་བསམ་ལ་མེ་སྦར༔ མེ་དེ་དབང་ཕྱུག་དངོས་སུ་བསྐྱེད་དེ༔ སྤྱན་དྲངས་བསྟིམ༔ ལྕགས་ཀྱུའི་ཕྱག་རྒྱས་གང་ལ་བྱ་བ་འགུགས་པར་བྱའོ༔ དངོས་སུ་བསྟིམ་མོ༔ མ་ཧཱ་དེ་བ་ནས༔ ཀ་བྷི་ར་ཀོ་བྷི་ར་རྫོགས་པར་བཟླ་འོ༔ རྒྱལ་པོ་ལ་ལྔ་སྟོང་བཟླས་ལ་བསྲེག༔ བློན་པོ་ལ་སོགས་པ་གཞུང་དང་མཐུན༔ མི་དབང་དུ་བསྡུ་བ་ལ་ཨཱ་ཀརྵཱ་ཡ་ག་ར༔ ཐལ་བ་དབང་དོང་འོག་ཏུ་མནན༔ ཡང་ན་རིའམ་ས་དམར་པོ་ལ་སྦའོ༔ རྒྱལ་པོ་དང་བློན་པོ་སྟོབས་ཅན་དབང་དུ་བྱའོ༔ གང་ལ་བྱ་བ་དེ་དབང་དུ་འགྱུར་རོ༔ འདི་དབང་དུ་སྡུད་པའི་སྦྱིན་སྲེག་ཡིན་པས༔ སྒྲུབ་པའི་རྗེས་ལ་བྱའོ༔ རླུང་ཞགས་ཀྱི་གནད་ཡིག༔ ྀཨཚ༔ ྈྈྈ ཟང་ཟང་ལྷ་བྲག་གི་རྐེད་ནུབ་ཟངས་མཛོད་དམར་པོ་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ།། །། ༄༅༔ མ་ཧཱ་དེ་བའི་སྔགས་ཀྱི་ཐེམས་ཡིག་བཞུགས་སོ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ཡི༔ སྔགས་ཀྱི་ཐེམས་ཡིག་བསྟན་པ་ནི༔ རྩ་བའི་སྔགས་ལ་ཡིག་འབྲུ་དྲུག༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ འགྲེང་བུ་གཅིག་དང་ཞབས་ཀྱུ་གསུམ༔ ཛ་བཏགས་གཅིག༔ འ་བཏགས་གཅིག༔ ཀླད་ཀོར་གཅིག༔ འདི་ཀུན་གྱི་མགོ་རུ་འོང༔ ཡབ་ཡུམ་ལས་སྔགས་ཡིག་འབྲུ་དྲུག༔ ཀ་བྷི་ར་ཀོ་བྷི་ར༔ གི་གུ་གཉིས་དང་ན་རོ་གཅིག༔ ཧ་བཏགས་གཉིས༔ འདི་ཀུན་གྱི་བར་དུ་འོང༔ མོ་སྔགས་སྐབས་འདོགས་ཡི་གེ་དྲུག༔ ཨུ་ཙུས་མ་ཀུག་ཏ་ཧཱུྃ༔ ཞབས་ཀྱུ་བཞི་འ་འདོགས་གཅིག༔ ཀླད་སྐོར་གཅིག་ཡོད་དོ༔ ཡུམ་གྱི་སྔགས་ལ་ཡིག་འབྲུ་དྲུག༔ ཨོཾ་ཨུ་མཱཿདེ་བཱི་ཧཱུྃ༔ ན་རོ་གཅིག་དང་ཀླད་སྐོར་གཉིས༔ འ་འདོགས་གསུམ༔ ཞབས་ཀྱུ་གཉིས༔ འགྲེང་བུ་གཅིག་དང་གི་གུ་གཅིག་ཡོད་དོ༔ དེ་རྣམས་རྩ་བའི་སྔགས་ཐེམས་ཡིན༔ སྡུད་བྱེད་ཡི་གེ་འབྲུ་དྲུག་པོ༔ ཀུན་གྱི་ཤམ་དུ་འདོགས་པ་ཡིན༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔ གི་གུ་གཅིག་དང་ར་བཏགས་གཅིག༔ འ་འདོགས་གཉིས་ཡོད་དོ༔ ཕྱི་སྒྲུབ་ཉི་ཟླའི་འཁོར་ལོའི་སྔགས༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ ཧྲཱིཿཨ་ཏྲི་རྣྲྀ་ཛ༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔ དེ་ལ་ཤད་བར་བཞི༔ ཡིག་འབྲུ་ཉི་ཤུ་རྩ་གསུམ༔ གི་གུ་དྲུག་དང་ཞབས་ཀྱུ་གསུམ༔ འགྲེང་བུ་གཅིག་དང་ར་བཏགས་བཞི༔ ཧ་འདོགས་གཉིས༔ འ་འདོགས་བཞི༔ ཛ་བཏགས་གཅིག༔ ར་མགོ་གཅིག་ཀྱང་ཡོད་དོ༔ སྐབས་སུ་ཨུ་ཙུས་མ་ཀུག་ཏ་ཧཱུྃ༔ ཞེས་པ་དང༔ མི་སེམས་དཀྲུགས་དཀྲུགས་སྡུས་སྡུས༔ ཞེས་གདགས་སོ༔ ནང་སྒྲུབ་ནོར་སྒྲུབ་ནོར་བུ་བསམ་འཕེལ་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ བཛྲ་སིདྡྷི་ཕ་ལ་ཧཱུྃ༔ རཏྣ་སིདྡྷི་ཕ་ལ་ཧཱུྃ༔ པདྨ་སིདྡྷི་ཕ་ལ་ཧཱུྃ༔ ཀརྨ་སིདྡྷི་ཕ་ལ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ མི་སྙིང་སྒུལ༔ མི་འགྲམ་ཆོག༔ མི་སེམས་དཀྲུགས༔ རང་དབང་མེད་པར་ཁུག་ལ་ཤོག༔ དེ་ལ་ཤད་བར་བཅུ༔ གི་གུ་བཅུ་བཞི༔ ཞབས་ཀྱུ་བཅུ༔ འགྲེང་བུ་གསུམ༔ ན་རོ་གསུམ༔ ཧ་འདོགས་དྲུག༔ འ་འདོགས་ལྔ༔ ཛ་བཏགས་གཅིག༔ ཡིག་འབྲུ་ལྔ་བཅུ་རྩ་ལྔ་ཡོད༔ གསང་སྒྲུབ་སྣང་བ་དབང་སྡུད་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ ཨ་ཏྲི་རྣྲྀ་ཛ་དུང་དུང་འདུས་འདུས༔ སྡུས་སྡུས༔ འདུ་འདུ༔ མགོ་ནག་མིའི་སེམས་དཀྲུགས་ལ༔ སྙིང་འཕྱོ་རུ་ཆུག༔ རྐང་པ་འགྲོ་རུ་ཆུག༔ ཡིད་ཀྱི་རྣམ་ཤེས་རང་དབང་མེད་པར་ཁུག་ལ་ཤོག༔ དེ་ལ་ཤད་བར་དགུ་ཡོད༔ ཡིག་འབྲུ་ལྔ་བཅུ་ཡོད༔ གི་གུ་དགུ་ཞབས་ཀྱུ་བཅུ་བདུན་ཡོད༔ འགྲེང་བུ་བཞི༔ ན་རོ་ལྔ༔ ར་བཏགས་བཞི༔ ཧ་འདོགས་གཉིས༔ འ་འདོགས་གཅིག༔ ཀླད་ཀོར་གཅིག༔ ཛ་བཏགས་གཅིག༔ ར་མགོ་གཅིག་རྣམས་ཡོད༔ ལས་ཚོགས་སྤྱི་སྒྲུབ་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ རང་དབང་མེད་པར་ཁུག་ལ་ཤོག༔ ཆེ་གེ་མོ་བདག་གི་དབང་དུ་གྱུར་ཅིག༔ ཅེས་རྩ་བའི་སྔགས་ལ་བོད་སྐད་ཀྱི་ལས་སྦྱོར་བཏགས་པ་ཡིན༔ ཤམ་བུ་ལ༔ རྩ་སྔགས་འབྲུ་དྲུག༔ བར་དུ་མིང༔ མཐར་ཕོ་འགུགས་འབྲུ་དྲུག༔ མོ་འགུགས་འབྲུ་ལྔ་ཡོད་དོ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ ཆེ་གེ་མོ་ཨཱ་ཀརྵཱ་ཡ་ཧྲིང་ཛ༔ ཨཱ་ཀརྵཱ་ཡ་ཧྲིང༔ ཕོ་རྐྱང་འདེད་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཡག་ཤ་དུན་ཏྲི་དུན་ཏྲི་ཕོབ༔ ཉ་ཤ་ཉ་ཚ་ཤོ་ནི་ཁུག༔ ཨཱ་ཀརྵཱ་ཡ་ཛ་ཛ༔ མགོ་གནོན་རྩ་བའི་ཡི་གེ་དྲུག༔ ཕོ་སྔགས་ཤད་བར་གསུམ༔ ཡིག་འབྲུ་ཉི་ཤུ༔ གི་གུ་གསུམ༔ ཞབས་ཀྱུ་གསུམ༔ ན་རོ་གཉིས༔ ར་བཏགས་གཉིས༔ འ་བཏགས་གཉིས་ཡོད༔ མོ་རྐྱང་འདེད་ལ་མགོ་རུ་རྩ་སྔགས་འབྲུ་དྲུག་དང༔ ལས་སྔགས་འབྲུ་དྲུག་བཏགས་ཏེ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ ཞེས་པའི་རྗེས་སུ༔ ཙག་ཙག་གཡའ་ཙག་ཙག༔ སད་སད་ཁུག་ཁུག་ཨེ༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔ དེ་ལ་ཤད་བར་གསུམ་ཡོད༔ ཡིག་འབྲུ་བཅུ་དྲུག༔ གི་གུ་གཅིག༔ འགྲེང་བུ་གཅིག༔ ཞབས་ཀྱུ་གཉིས༔ ར་བཏགས་གཅིག༔ འ་བཏགས་གཉིས་ཡོད༔ གསང་བ་ཡང་ཁོལ་ལ༔ ཨོཾ་ཛབ་ཛབ་ཛུབ་ཛུབ་ཁུག་ཛ༔ ཟེ་ཛོ་ཟེ་ཛོ་ཧྲིཾ་ཧྲིཾ་བློང་བློང་བྲམ་ཤོག༔ ཁུག་སྡུས༔ རཾ་རཾ་དེད་དེད་སློང་སློང་ཁུག་ནི་ཛ༔ ཨ་ཏྲི་རྣྲྀ་འདི་ལ་ཛ་ཛ༔ དེ་ལ་ཤད་བར་ལྔ་དང་ཡིག་འབྲུ་སུམ་ཅུ་སོ་ལྔ་ཡོད༔ གི་གུ་དྲུག་དང་ཞབས་ཀྱུ་དྲུག༔ འགྲེང་བུ་བཞི༔ ན་རོ་བདུན༔ ཀླད་ཀོར་ལྔ༔ ར་བཏགས་བཞི༔ ལ་འདོགས་བཞི༔ ར་མགོ་གཅིག་ཡོད༔ མ་འགྲུབ་ན་དང༔ མ་འཆུན་ན༔ སྤོགས་ཆོག་དགོས་པས་སྔགས་ནི༔ མ་ཧཱ་དེ་བ་ལོ་ཀ་ནན༔ དྷེ་དྷ་ཤ་ཤུ་ཨཾ་གུ་ཤ་ཛ་ཛ༔ རྣྲྀ་རཱ་ཛ་ཁུག༔ སིདྡྷི་ཁུག་ཁུག་ལོང༔ ད་ཧ་ར་ཕོབ་ཡ༔ རཱ་ཛ་ལོང་ཨཾ་གུ་ཤ་ཛ་ཛ༔ དེ་བ་ལོང་ཁུག༔ བྷྲོ་ཧ་བྷ་དྷ་དུ་ནི་དུ་ནི༔ མི་འུ་རིགས་བཞིའི་མི་ནོར་སྣ་དགུ་ཁུག༔ ཆུག་ཕོབ་ཡ༔ མ་ཧཱ་དེ་བ་ཧྲི་ད་ཡ་ནི༔ ཤུ་ད་ཡ་ཨཾ་གུ་ཤ་སརྦ་ཤུ་ན་འདུ་ཛ༔ འདི་ལ་ཤད་བར་བཅུ་གཉིས༔ ཡིག་འབྲུ་བརྒྱད་ཅུ་རྩ་གཉིས་ཡོད་དོ༔ གི་གུ་བཅུ་གཅིག་ཡོད༔ ཞབས་ཀྱུ་བཅུ་བདུན༔ འགྲེང་བུ་བཞི་ཡོད༔ ན་རོ་བརྒྱད༔ ར་བཏགས་གསུམ་ཡོད༔ འ་བཏགས་བཞི༔ ཧ་བཏགས་བརྒྱད་ཡོད་དོ༔ ཡིད་བཞིན་ནོར་བུའི་སྒྲུབ་པ་ནི༔ ཙན་དན་ལ་བརྟེན་པའི་ནང་སྒྲུབ་ཀྱི༔ ཕྱི་བམ་པོ་སྒྲུབ་པའི་ལེའུ་རྫོགས་སོ༔ ནང་སྦྱིན་སྲེག་གོ་སླ༔ གསང་བ་མེ་ལོང་ཡང༔ བསམ་འཕེལ་གྱི་སྔགས་ཡིན༔ ཐེམས་ཡིག་མི་དགོས་སོ༔ སྔགས་བྱང་ཐེམས་ཡིག་ཟབ་མོ་འདི༔ ལས་ཅན་གྱི་དོན་དུ་པདྨ་བདག་གིས་གསུངས༔ མཆིམས་ཀྱིས་འཕྲི་བསྣན་མ་བྱས་པར༔ རིན་ཆེན་གཏེར་དུ་སྦས་པ་རྫོགས་སོ༔ ྈྈྈ ྈྈྈ ༄༅༔ ལྷ་ཆེན་མ་ཧཱ་དེ་བའི་མན་ངག་སྐོར་རྣམས་ཚང་བར་བཞུགས་སོ༔ ༄༔ རྩ་བའི་སྔགས་བྱང༔ ཨོ་རྒྱན་པདྨ་འབྱུང་གནས་བདག་གིས་ཀྱང༔ འདོད་ཁམས་བདག་པོ་རླུང་གི་ཞགས་པ་ལས༔ བསོད་ནམས་བསྐྱེད་པ་དབང་ཐང་རྒྱས་པ་བསྟན༔ རྡོ་རྗེ་སྤྲེ་ཆུང་ལེགས་པར་གུས་པས་ཉོན༔ ཚེ་དང་བསོད་ནམས་རྒྱས་པར་བྱ་བ་དང༔ ཟས་ནོར་ལོངས་སྤྱོད་མི་རྣམས་འདུ་བ་ཡི༔ དབང་སྡུད་སྔགས་རྒོད་ངར་དང་ལྡན་པ་འདི༔ འབུམ་ཕྲག་བདུན་བཟླས་ཟས་རྣམས་དབང་དུ་འདུ༔ འབུམ་ཕྲག་བཅུ་བཞིས་ནོར་རྣམས་དབང་དུ་འདུ༔ འབུམ་ཕྲག་བཅོ་ལྔས་རྒྱལ་དང་ཡུལ་ཁམས་དབང་དུ་འདུ༔ བསྙེན་པ་ཡུན་ཐུང་ན་ནི་བྱིན་རླབས་ཆུང༔ ཆུང་ངུ་བྲན་ལས་དབང་དུ་མི་འདུ་བས༔ བཟླས་པ་བྱིངས་ཆེ་གྲངས་ནི་མང་དུ་གཏང༔ རྩ་བའི་བསྙེན་པ་འདི་ལ་བརྩོན་པར་བྱ༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ཨེ་ཤ་ཙིཏྟ་ཧྲིང་ཡམ་ཛ་ཛ༔ སརྦ་ལོ་ཀ་བཱ་སུ་མ་ཧཱ་རཏྣ་མྱུར་དུ་ཁུག་ཁུག༔ སྡུས་སྡུས་ཧྲིང་ཧྲིང་ཛ་ཛ༔ ཞེས་བཟླ་འོ༔ སྔགས་འདིས་ནི་མྱུར་བར་འགྲུབ་བོ༔ ྈྈྈ ྈྈྈ སྔགས་ཀྱི་སེལ་འདོན༔ རྡོ་རྗེ་སྤྲེ་ཆུང་ཡང་ཉོན་ཅིག༔ སྔགས་ཀྱི་སེལ་འདོན་དག་དང་མ་དག་ནི༔ འགུགས་པར་བྱེད་ན་ཛཿརྐྱང་དག་ཏུ་བཟླ༔ འགུགས་པའི་ཡི་གེ་ལྕགས་ཀྱུ་ངར་མ་འདྲ༔ བསྐྲད་པར་བྱེད་ན་ཛ་ཞེས་བཟླ་བར་བྱ༔ ཛཿརྐྱང་ཛ་འབོད་གཉིས་ལ་ནོར་ས་ཡོད༔ དེ་གཉིས་ནོར་ན་སྒྲུབ་ཐག་རིང་བར་འགྱུར༔ ཨེ་ཤ་ཞེས་པ་ཤོག་གི་སྒྲ་ཡིན་ནོ༔ སྟོབས་ཆེན་རླུང་གི་ས་བོན་ཡམ་ཡིན་ཏེ༔ ཡམ་བཅུག་རྐང་པ་རླུང་ལས་མགྱོགས་པ་རུ༔ དབང་ཕྱུག་བྱོན་ནས་ལས་རྣམས་སྒྲུབ་པ་ཡིན༔ དེ་ཕྱིར་རླུང་གི་ས་བོན་ཡམ་གཞུག་གོ༔ སྣང་བ་དབང་སྡུད་ཀྱི་སྔགས་རྒོད་འདི༔ རྣོ་ཞིང་མྱུར་བ་ཡིན་པས་འདི་བཟླ་འོ༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ཨེ་ཤ་ཧྲིང་ཡམ་ཛ་ཛ༔ ལོ་ཀ་ཆེ་གེ་མོ་སརྦ་མ་ནུ་རྣྲྀ་ཡམ་ཛ་ཛ༔ བཱ་སུ་རཏྣ་པུཥྚིཾ་ཀུ་རུ༔ པཱ་ཤཾ་ཀུ་རུ་ཧྲིང་ཧྲིང་ཛ་ཛ༔ འུབས་འུབས༔ དུང་དུང༔ སྡུས་སྡུས༔ འདུས་འདུས་སྭཱ་ཧཱ༔ སྔགས་ཀྱི་རྒྱལ་པོ་འདི་ནི༔ སྣང་བ་དབང་སྡུད་ཀྱི་འཁོར་ལོའི་སྔགས་རྒོད་ཡིན་པས༔ བསྙེན་པ་བྱེད་ན་དམིགས་པས་ཁྲོམ་ཐམས་ཅད་དབང་དུ་འདུ་བར་སྒོམ་ཞིང་བསྒྲུབ༔ ཁྲོམ་གྱི་ཟས་ནོར་དབང་དུ་འདུ་བར་ཐེ་ཚོམ་མེད་དོ༔ དོན་ཏིག་གནད་ཏིག་ཡིན༔ ྈྈྈ ྈྈྈ ཡིད་འགྱུར་གྱི་སྔགས་བྱང་གཉིས༔ ཡིད་འགྱུར་སེམས་འགུགས་ཀྱི་སྔགས་ནི༔ རྟེན་གྱི་ནང་དུ་བཟུང༔ འདི་ལ་བཟླས་པ་བྱ༔ ཕྱུག་པོ་ཕྱུག་མོའི་མིང་སྤེལ་གཞུག༔ ཞག་གསུམ་སྒྲུབ་པ་བྱའོ༔ ཨོཾ་ཤྭ་ར་མ་ཧཱ་དེ་བ་སྙིང་སྲོག་ཙིཏྟ་ཧྲིང་ཡཾ་ཛ་ཛ༔ དེ་བ་ཤྭ་ར་མ་ཧཱ་ཆེ་གེ་མོའི་སེམས་སྒྱུར༔ ཡིད་ཁུག་རིག་པ་དབང་དུ་དུང་དུང་འདུས༔ ཟས་ནོར་ཁུག་སྡུས༔ ས་མ་ཡ་ཧྲིང་ཧྲིང་ཛ་ཛ༔ ཞེས་བཟླའོ༔ ཡང་སྔགས་འདི་བཟླའོ༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ལོ་ཀ་སརྦ་མ་ནུ༔ བཱ་སུ་རཏྣ་པཱ་ཤཾ་ཀུ་རུ་ཧྲིང་ཧྲིང་ཛ་ཛ༔ ཁུག་ཁུག༔ སྡུས་སྡུས་སྭཱ་ཧཱ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་དོན་དུ་མཛད་པ་ཡིན༔ འདི་ཡི་ལག་ལེན་བྱེད་པ་རྣམས༔ ཟས་ནོར་དབང་དུ་འདུ་བ་ཡིན༔ གསང་ཞིང་སྦས་ལ་སྤྱོད་པར་བྱ༔ ཆོས་བྱེད་ནོར་ལ་གཙོ་བོར་འདོན༔ དེ་དབང་ཕྱུག་པོར་རྒྱས་པར་འགྱུར༔ ནོར་ལྷའི་མཆོད་གཏོར་རྒྱ་ཆེན་འབུལ༔ ྈྈྈ ྈྈྈ ༄༅༔ མ་ཧཱ་དེ་བ་ལས་ཤི་ས་བསྟན་པ་བཞུགས་སོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་སྔགས་འཆང་དོན་ཆེད་དུ༔ དབང་ཕྱུག་ཆེན་པོའི་སྒྲུབ་པ་སྦས༔ རྒྱ་གར་ཤར་ཕྱོགས་དུར་ཁྲོད་ནི༔ རབ་ཏུ་རྒྱུ་བ་ཞེས་བྱ་བར༔ དབང་ཕྱུག་ཆེན་པོ་དམ་ལ་བཏགས༔ སྲོག་སྙིང་ཕུལ་ནས་ལས་ལ་བཀོལ༔ ཕྲིན་ལས་སྒྲུབ་པའི་གྲོགས་བྱེད་པར༔ ཁས་བླངས་དམ་ཚིག་ཕོག་པ་ཡིན༔ གྲུབ་ཐག་རིང་ན་གཅུན་ཏེ་བསྒྲུབ༔ མ་གྲུབ་སྤོགས་ཆོག་ཡང་ཡང་བྱ༔ དེས་ནི་མི་ནོར་ཟས་རྣམས་འདུ༔ འདུ་འཕྲོ་ཆད་ན་སྦྱིན་སྲེག་བྱ༔ གལ་ཏེ་ལས་རྣམས་མི་བྱེད་ན༔ ཤི་ས་བསྟན་པའི་འཁོར་ལོ་བྲི༔ ཧོམ་ཁུང་གྲུ་གསུམ་ནང་དུ་གཟིར༔ ཤི་ས་བསྟན་པའི་འཁོར་ལོ་ནི༔ ཡབ་ཡུམ་མགོ་མཇུག་བསྣོལ་མར་བྲི༔ འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་གཅིག༔ ལྟེ་བར་ཨོཾ་བཛྲ་ཀྲོ་དྷ་ཧ་ཡཾ་གྲཱི་བ་ཧཱུྃ་ཕཊ༔ ལས་མི་བྱེད་ན་ཏྲིག་ནན་རྦད༔ ཅེས་བྲི༔ ཧྲཱིཿཡི་མཐའ་མ་བསྐོར༔ རྩིབས་བརྒྱད་ལ༔ རྦད༔ ཛ༔ ཡཾ༔ ཧྲཱི༔ ཧཱ་མ༔ པཱ་ཤ༔ བ་དྷེ༔ ཧྲིཾ༔ ཤད་བར་བརྒྱད་ཀྱི་ཡིག་འབྲུ་བཀོད༔ མུ་ཁྱུད་ལ༔ ལས་མི་བྱེད་ན་ཏྲིག་རྦད་ཐུམ་ཤག་ཁས་རྦད༔ མ་ཧཱ་དེ་བ་ཧྲིང་ཛ་ཁ་རཾ༔ ཞེས་བྲིའོ༔ སྔགས་གོ་ཟློག་པ་འདི་བཟླ༔ ཧོམ་ཁུང་དུ་སྲིད་མེས་མགོ་མཇུག་ལྡོག༔ ཙཀྲ་གཞུག༔ རྡོ་ཕ་ཝཾ་ལོང་བུ་ལ་ཧྲཱིཿདྲུག་བྲིས་པ་ཡང་གཞུག༔ རང་རྟ་མགྲིན་དུ་བསྒོམས་ལ་གཅུན་ཅིང་གཟིར༔ རྡོ་རྗེས་སྒུལ་ཚུལ་བྱ༔ གྲི་ལྕགས་ལས་བརྡུངས་པའི་ལྕགས་ཀྱུ་རྟེན་ལ་བཙུགས༔ རང་གི་ལག་པ་གཡོན་པས་བཟུང༔ སྔགས་བཟླས་ཐུན་ཡུངས་དབབ་པར་བྱ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡཾ་གྲཱི་བ་ཧཱུྃ་ཕཊ༔ རྦད་ཛ་ཡཾ་ཧྲཱིཿཧཱ་མ་པཱ་ཤ་བ་དེ་ཧྲིཾ་ཕཊ༔ ཅེས་པ་ཤི་ས་བསྟན་པའོ༔ བསྒྲུབས་ཀྱང་གྲུབ་རྟགས་མ་བྱུང་ཞིང༔ ལས་འགྱང་ན་བྱའོ༔ འདི་གང་དགར་མི་བྱའོ༔ ཤི་ས་བསྟན་པའི་ཐབས་རྫོགས་སོ༔ ྈྈྈ ྈྈྈ ྈྈྈ ཟངས་མཛོད་ནས་བྱོན༔ ༄༔ སྔགས་བྱང་ལེའུ་གསུམ་པ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ འཇིག་རྟེན་ཟས་ནོར་སྡུད་པའི་ཕྱིར༔ དབང་ཕྱུག་ཡབ་ཀྱི་སྒྲུབ་པ་བསྟན༔ སྔགས་འདི་ཞག་བདུན་བསྒྲུབ་པར་བྱ༔ ཨོཾ་དབང་ཕྱུག་ལྷ་ཆེན་ཙིཏྟ་ཧྲིཾ་ཡམ་ཛ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་དེ་བ་མི་སྙིང་སྒུལ་ཟས་ནོར་ཁུག་སྡུས༔ ཧྲཱིཿསི་ཏི་ཕ་ལ༔་་་ཧྲི་ཧས་ཏི་ཟེར་བའང་སྣང་། སིད་ཏི་ཕ་ལ་རཏྣ་སི་ཏི༔ བཱ་སུ་ནཱ་ནཱ་ཁ་དྷེ་པཱ་ཤཾ་ཀུ་རུ༔ པུཥྚིཾ་ཀ་མ་རི༔ བྷཱུ་ཏི་ས་ནཱ་ག་ཕ་ལ་ཧྲིང་ཧྲིང་ཕཊ་ཕཊ་སྭཱ་ཧཱ༔ ཞེས་བཟླའོ༔ ཡུམ་གྱི་སྔགས་ནི༔ ཨོཾ་ཨུ་མཱཿདེ་བཱི་ལོ་ཀ་བཱ་སུ༔ རཏྣ་སིདྡྷི་དུང་དུང༔ འུབས་འུབས༔ སྡུས་སྡུས༔ ཡེཾ་ཡེཾ༔ ཀཾ་ཀཾ༔ ཙག་ཙག༔ དུང་དུང་མི་ཐམས་ཅད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་ཁུག་ཤོག་དུང་སྡུས་སྭཱ་ཧཱ༔ ཞེས་བཟླ༔ ྈྈྈ ྀཨཚ༔ དབང་ཕྱུག་ཆེན་པོའི་འགུལ་སྔགས་ནི༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་མི་སེམས་དཀྲུགས༔ མི་སྙིང་སྒུལ༔ ཟས་ནོར་ཁུག་སྡུས༔ ས་མ་ཡ་ཧྲིང་ཧྲིང་ཛ་ཛ༔ ཞེས་སྐབས་སུ་བཟླའོ༔ སྔགས་ཀྱི་ཤམ་བུ་གསུམ་པ་རྫོགས་སོ༔ ྈྈྈ ྈྈྈ ༄༔ རྟེན་གསུམ་གྱི་འཁོར་ལོ་བྲི་ཐབས༔ སྲིད་མེས་ཀྱི་འཁོར་ལོ་ལ་བརྟེན་ནས་སྣང་བ་དབང་དུ་སྡུད་པ་ནི༔ འཁོར་ལོ་རྩིབས་བཞི་མུ་ཁྱུད་གཅིག་པ་བྲི༔་་་འཁོར་ལོ་འདི་ཟངས་ཀྱི་སྲིད་མེས་ནང་དུ་བཅུག །ལྟེ་བར་སྲིད་པའི་མེས་པོ་བྲི༔ རྩིབས་བཞི་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཞེས་པ་བཞི་བྲི༔ རྩིབས་མཆན་བཞི་ལ༔ ཨ་ཏྲི་རྣྲྀ་ཛ༔ ཞེས་པ་བཞི་བྲི༔ མུ་ཁྱུད་ལ༔ མི་འུ་རིགས་བཞིའི་མི་ཕོ་མོ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག་སརྦ་པཱ་ཤཾ་ཀུ་རུ་ཧྲིང༔ ཕྱུག་པོ་ཕྱུག་མོ་ཐམས་ཅད་དབང་དུ་སྡུས་ཤིག༔ འཇིག་རྟེན་གྱི་ཟས་ནོར་ཐམས་ཅད་དབང་དུ་སྡུས་ཤིག༔ ཅེས་བྲིའོ༔ འཁོར་ལོ་འདི་ཙནྡན་སྲིད་མེས་ནང་དུ་བཅུག།་་་བསམ་འཕེལ་ནོར་བུ་རིན་པོ་ཆེ་ལ་བརྟེན་ནས་ཟས་ནོར་སྒྲུབ་པ་ནི༔ འཁོར་ལོ་རྩིབས་བཞི་པ་མུ་ཁྱུད་གཅིག་པ་བྲི༔ ལྟེ་བར་ནོར་བུ་རིན་པོ་ཆེ་བྲི༔ རྩིབས་བཞི་ལ༔ ཀ་བྷི་ར་ཀོ་བྷི་ར༔ ཞེས་པ་བཞི་བྲི༔ རྩིབས་མཆན་བཞི་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཞེས་པ་བཞི་བྲི༔ མུ་ཁྱུད་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ བཛྲ་སིདྡྷི་ཕ་ལ་ཧཱུྃ༔ རཏྣ་སིདྡྷི་ཕ་ལ་ཧཱུྃ༔ པདྨ་སིདྡྷི་ཕ་ལ་ཧཱུྃ༔ ཀརྨ་སིདྡྷི་ཕ་ལ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ མི་སྙིང་སྒུལ༔ མི་འགྲམ་ཆོག༔ མི་སེམས་དཀྲུགས༔ རང་དབང་མེད་པར་དབང་དུ་སྡུས༔ ཞེས་བྲིའོ༔ མི་གང་དབང་དུ་སྡུད་པའི་མིང་སྤེལ་གཞུག༔ དེ་མཚལ་གྱིས་བྲིའོ༔ ཟླ་གམ་ཤོག་དམར་བྲི་ཡིག་ནི༔་་་འདི་རེ་རེ་སྲུབས་སུ་ཁ་སྦྱར༔ ལྟེ་བར་ཟླ་གམ་སྒོ་ཅན་ལ༔ ཟས་ནོར་དངོས་གྲུབ་སྩོལ་བྱ་བ་བྲི༔ རྩིབས་བཞི་ལ༔ ཀ་བྷི་ར་ཀོ་བྷི་ར༔ ཞེས་པ་བཞི་བྲི༔ རྩིབས་མཆན་ལ༔ ཨཱ་ཀརྵཱ་ཡ་ཧྲིང༔ ཞེས་པ་བཞི་བྲི༔ མུ་ཁྱུད་ལ་ཡབ་ཡུམ་གྱི་སྔགས༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ཨེ་ཤ་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ ཨུ་མཱཿདེ་བཱི་མ་ནུ་ཙིཏྟ་འགུལ་པཱ་ཏཱ་སྒྱུར༔ པཱ་ཏཱ་དཀྲུགས༔ ཁུག་ས་མ་ཡ་ཧྲིང་ཧྲིང་ཛ་ཛ༔ ཞེས་བྲིས་ཏེ་འཁོར་ལོའི་བར་དུ་གཏེམ་མོ༔ ས་མ་ཡ༔ གཟུགས་ལ་བརྟེན་པའི་འཁོར་ལོ་ནི༔་་་འཁོར་ལོ་འདི་སེང་ལྡེང་གི་སྲིད་མེས་ནང་དུ་གཞུག །ལྟེ་བར་གང་དབང་དུ་བསྡུ་བའི་གཟུགས་དང་མིང་རུས༔ ཚེ་དང་བསོད་ནམས་དབང་དུ་སྡུས་ཤིག༔ རྩིབས་བཞི་ལ༔ ཀ་བྷི་ར་ཀོ་བྷི་ར༔ བཞི་བྲིའོ༔ རྩིབས་མཆན་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཞེས་པ་བཞི་བྲིའོ༔ མུ་ཁྱུད་ལ༔ ཨུ་ཙུས་མ་ཧཱ་ཀུ་དྷ་ཀུ་དྷ༔ དེ་རྣམས་མཚལ་གྱིས་བྲིའོ༔ འཁོར་ལོ་རྣམས་རབ་གནས་བྱ༔ སྔགས་མགོ་གྱེན་ལ་བསྟན་ཏེ་སྲིད་མེས་ནང་དུ་གཞུག༔ སྒྲུབ་པ་བྱས་ཏེ་ལུས་ལ་གདག་གོ༔ འཁོར་ལོ་བྲི་ཐབས་རྫོགས་སོ༔ ས་མ་ཡ༔ ༄༔ དབང་སྐུར་བྱ་ཐབས༔ ཨོ་རྒྱན་པདྨའི་བཀའ་བཞིན་ལ་གཏོགས་པ་ཡིན་ན་དབང་བྱ༔ ཞེས་པས་དབང་དཔེ་ཟུར་ན་ཡོད༔ ལུང་གཞན་ལ་སྟེར་ན་གཏོར་མ་སྲིད་མེས་ཀྱི་གཟུགས་སུ་བྱ༔ དབང་ཕྱུག་འདི་ལ་སྦྱིན་ལགས་ཀྱིས༔ འདི་ལ་འགོ་བར་མཛད་དུ་གསོལ༔ ཟས་ནོར་ལོངས་སྤྱོད་དངོས་གྲུབ་རྣམས༔ སྦྱིན་པའི་ཕྲིན་ལས་མཛད་དུ་གསོལ༔ ཅེས་ལན་གསུམ་བརྗོད་ལ༔ གཏོར་མ་མགོ་ཐོག་ཏུ་བཞག་སྟེ༔ དུས་རྒྱུན་དུ་དབང་ཕྱུག་གི་རྟེན་དང་མི་འབྲལ་བར་གྱིས༔ མཆོད་པ་རྒྱུན་མ་ཆད་པར་གྱིས༔ ཞེས་བཀའ་བསྒོ་བར་བྱའོ༔ ལུང་གནང་བའི་ཐབས་སོ༔ ྈྈྈ ྈྈྈ ༄༔ ཐུན་བྱ་ཐབས༔ འདི་སྒྲུབ་པའི་དུས་སུ༔ ཨོ་རྒྱན་པདྨ༔ རྟ་མགྲིན༔ དབང་ཕྱུག་གསུམ་གྱི་གཏོར་མ་བཅའ༔ སྒྲུབ་དུས་སྨྲ་བཅད་བྱ༔ ཟས་སྐོམ་བྱ་དུས་གཟུངས་ཐག་གཏོར་མ་ལ་གཏོད་ལ༔ ཐུན་ཚབ་མཛད་དུ་གསོལ་བྱའོ༔ ཡང་བླངས་ལ་བསྙེན་པ་བྱའོ༔ ཆོ་འཕྲུལ་ཅི་བྱུང་ཡང་མ་བྲེད་པར་བྱས་ལ་བསྒྲུབ༔ ནམ་གྲུབ་གྲུབ་སྙིང་རུས་བསྐྱེད་ལ་བསྒྲུབ༔ སྔ་མ་ཟས་འདུ༔ དེ་ནས་ནོར་འདུ༔ མི་ལ་གསང་ནས་བསྒྲུབ་ན་དངོས་གྲུབ་མྱུར་བ་ཡིན༔ ནོར་སྒྲུབ་མི་འདྲ་བ་སྟོང་བསགས་ཀྱང༔ འདི་ལས་ཟབ་པ་འཇིག་རྟེན་ན་མེད་དོ༔ གལ་ཏེ་ཡོད་སྲིད་ན༔ པདྨ་ངས་འགྲོ་བ་བསླུས་པ་ཡིན་པས༔ དམ་ཚིག་མཁའ་འགྲོ་མས་ཆད་པ་ཆོད༔ ཞེས་དབུ་སྙུང་ལན་གསུམ་བཞེས་པ་ཡིན༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཨོ་རྒྱན་རྒྱ་གར་རྒྱ་ནག་དང༔ ཁ་ཆེ་དྷ་ན་ཀོ་ཤའི་ཡུལ༔ གདུལ་བྱའི་དོན་ལ་ཕྱིན་གྱུར་ཀྱང༔ འགུལ་དང་གཡེང་དང་འུར་བག་གསུམ༔ འདི་ལས་ལྷག་པ་ཡོད་རེ་ཀན༔ ཞེས་གསུངས་ནས་མཆིམས་རྡོ་རྗེ་སྤྲེ་ཆུང་ལ་གནང༔ ཁོང་གིས་བསྒྲུབས་པས་དགོས་འདོད་ཀྱི་ཆར་བབས་ཤིང༔ ལོངས་སྤྱོད་ཀྱི་དངོས་གྲུབ་ཆེན་པོ་བྱུང་ངོ༔ དེ་ནས་ཨོ་རྒྱན་པདྨའི་བཀའ་བྱུང་ནས༔ ཟང་ཟང་ལྷ་བྲག་ལ་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༔ རིལ་བུའི་སྒྲུབ་པ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་རྡོ་རྗེ་སྤྲེ་ཆུང་ལ་གསུངས་པ༔ ཉོན་ཅིག་ལས་ཅན་རིགས་ཀྱི་བུ༔ སྒྲུབ་ཐག་ཉེ་ཞིང་མྱུར་བའི་སྔགས༔ འདི་ནི་ཞག་བདུན་བསྒྲུབ་ན་འགྲུབ༔ ང་ཡིས་བཤད་ཀྱིས་ལེགས་པར་ཉོན༔ ཨོཾ་དབང་ཕྱུག་ལྷ་ཆེན་ཧྲིང་ཡཾ་ཛ་ཛ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་དེ་བ་ལོ་ཀ་བཱ་སུ་རཏྣ་སི་ཏི་ཧྲིང་ཡམ་ཨཾ་གུ་ཤ་ཛ་ཛ༔ ཞེས་བཟླའོ༔ རྫས་ལ་བུད་མེད་ཆུ་ཤུལ༔ མངལ་ཁྲག༔ སྦྲང་སྨྱོན༔ ཐང་ཕྲོམ༔ མཆིལ་པའི་ཀླད་པ༔ དེ་རྣམས་བསྲེས་ལ་རིལ་བུ་སྲན་མ་འབྲིང་པོ་ཙམ་བྱ༔ པར་བུའམ་དོང་བུར་གཟུད༔ བསྙེན་པ་འདི་ཞག་བདུན་བཟླ་ཞིང་བསྒྲུབ་བོ༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་མྱུར་དུ་ཧྲིང་ཡམ་ཛ་ཛ༔ ལོ་ཀ་སརྦ་མ་ནུ་པཱ་ཏཱ༔ དུང་དུང༔ སྡུས་སྡུས༔ ཁུག་ཁུག༔ མ་ཧཱ་དེ་བ༔ ཆེ་གེ་མོའི་འདོད་པ་གཡོས༔ སེམས་སྒྱུར༔ ཡིད་ཁུག༔ ཀཾ་ཀཾ༔ ཙག་ཙག༔ གཡའ་གཡའ༔ རང་དབང་མེད་པར་བདག་གི་དབང་དུ་སྡུས་ཤིག་སྭཱ་ཧཱ༔ ཞེས་རིལ་བུ་ལ་གདབ༔ གྲུབ་ནས་རིལ་བུ་ལུས་ལ་ཕོག་པས་དབང་དུ་འདུ་འོ༔ དེས་མ་འདུས་ན་ཁོང་དུ་ཟས་ལ་བསྲེས་ནས་བྱིན་པས༔ ཁོང་དུ་སོང་བས་འདུ་འོ༔ ཁྲོམ་ལ་གཏོར་ན་ཁྲོམ་དབང་དུ་འདུ་འོ༔ རྒྱལ་པོ་དང་བཙུན་མོ་ཡང་འདུ་ན་ཕལ་བ་དག་ལ་སྨྲོས་ཅི་དགོས༔ ཞེས་གསུངས་སོ༔ ྈྈྈ ྈྈྈ ༄༔ ཁྱི་ཐོད་ལ་བརྟེན་ནས་སྒྲུབ་པ༔ ཡང་རྡོ་རྗེ་སྤྲེ་ཆུང་གིས་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ སྡེ་ཆེན་ཡུལ་ཁམས་དབང་དུ་བསྡུ་བའི་མན་ངག་གནང་བར་ཞུ༔ ཞེས་ཞུས་པ༔ བཀའ་བསྩལ་པ༔ དབང་དོང་ཟླ་གམ་དམར་པོའི་ནང༔ ཁྱི་མོ་དཀར་མོའི་ཐོད་པ་རུ༔ སྡེ་དང་ཡུལ་ཁམས་ཐམས་ཅད་ཀྱི༔ མིང་དང་དབང་དུ་སྡུས་ཤིག་བྱ་བ་བྲི༔ ཐོད་པའི་ནང་དུ་ཡུལ་ཁམས་དམིགས་པས་བསྟིམ༔ སྦྲང་དང་ད་དྷུ་ར་མཆིལ་པའི་ཀླད་པ་གཡམ་པ་ལ་བསྐུས་ལ༔ ཁྱི་ཐོད་དབང་དོང་དུ་བཅུག་ལ་གཡམ་པས་ཁ་བཅད་དོ༔ འདམ་ས་ལ་ཟླ་གམ་དམར་པོ་བྱ༔ དེར་ཁྱི་ཐོད་བཅུག་ལ་དགུག་གཞུག་བྱ༔ གཡམ་པས་ཁ་བཀབ༔ གཏོར་མ་འབུལ༔ ཡུལ་ཁམས་དབང་དུ་སྡུས་ཤིག༔ ཅེས་ཕྲིན་ལས་བཅོལ་ལོ༔ འདི་ལ་བསྙེན་པ་ཞག་བདུན་བཟླ༔ ཨོཾ་དབང་ཕྱུག་ཆེན་པོ་ཙིཏྟ་ཧྲིང་ཡམ་ཛ་ཛ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་དེ་བ་ལོ་ཀ་ཧྲིང༔ དྷེ་དྷ་ཤ་ཤུ་ཨཾ་གུ་ཤ་ཛ་ཛ༔ དེས་ཡུལ་ཁམས་དབང་དུ་འདུ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སྙིགས་མའི་སེམས་ཅན་དོན་ཕྱིར་དུ༔ ནོར་སྒྲུབ་རིན་ཆེན་བརྒྱ་རྩ་གཏེར་དུ་སྦས༔ དབང་ཕྱུག་ཆེན་པོའི་ནོར་སྒྲུབ་ནི༔ ནོར་སྒྲུབ་ཕལ་གྱིས་དོ་ཟླ་མིན༔ ནན་ཏན་སྐྱེད་ལ་སྒྲུབས་ཤིག་གསུངས༔ ཡུལ་ཁམས་དབང་དུ་བསྡུ་བ་རྫོགས་སོ༔ ྈྈྈ ྈྈྈ ༄༔ རྟེན་བཅའ་ཐབས༔ སྲིད་པའི་མེས་པོའི་རྒྱུ༔ རབ་ཙནྡན་ལ་བྱ༔ འབྲིང་སེང་ལྡེང་ལ་བྱ༔ ཐ་མ་ཟངས་ལ་བྱའོ༔ དེ་ཡང་ཁོག་སྟོང་འབྲས་བུ་ཡོད་པའི་གཟུགས་སུ་བྱ༔ ནང་བཟང་དྲུག་སྨན་གྱིས་བྱུགས༔ འཁོར་ལོ་རྣམས་བྲི་བའི་རྫས་ནི༔ གི་ཝཾ་གུར་གུམ་མཚལ་གསེབ་ཏུ༔ བུད་མེད་མངལ་ཁྲག༔ སྐྱེས་པའི་ས་བོན་སྣག་ཚ་བསྲེས་ལ་བྲི༔ འབྲི་དུས་སྐར་མ་རྒྱལ་ལ་བྱ༔ སྲིད་མེས་ཀྱི་རྒྱུ་གོང་དུ་བཤད་པ་དེ་རྣམས་མ་འབྱོར་ན༔ རབ་ལྡེ་གུས་བྱ༔ འབྲིང་ལ་ཆས་བྱ༔ ཐ་མ་རྫ་ས་ལ་བྱ༔ ཚོན་དམར་པོས་བྱུག༔ ཙནྡན་སེང་ལྡེང་ཟངས་གསུམ་གྱི་ཕྱེ་མ་བསྲེས་ལ་གཟུགས་བྱ༔ གཟུགས་དང་འཁོར་ལོ་སྒྲུབ་དུས་སྐར་མ་རྒྱལ་ལ་བྱ༔ ཟ་འོག་དུམ་བུ་གཉིས་ལ་ཤོག་རིལ་བཏུམས་ལ༔ སྲིད་མེས་ཀྱི་འབྲས་བུའི་ནང་དུ་གཞུག༔ ཤོག་རིལ་ལ་སྔགས་འདི་བྲི༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ དབང་ཕྱུག་ཆེན་པོས་སྡུས་སྡུས་སྭཱ་ཧཱ༔ ཞེས་བྲིས་ལ་ཟ་འོག་གིས་བཏུམས་ལ་འབྲས་བུའི་ནང་དུ་གཟུད༔ ཁྱི་ཕོ་མོ་གཞང་འབྲེལ་བའི་རྔ་མའི་སྤུ་བྲེགས་པས་འབྲས་བུ་བཀང༔ ཕོ་མོའི་གོང་རྩའི་དྲེག་པ་གཟུད༔ དགེ་བའི་བཤེས་གཉེན་བསོད་ནམས་ཅན་གྱི་ཞབས་འོག་གི་ས༔ སྐར་མ་རྒྱལ་ལ་བཙོང་མོས་བླངས་ལ་གཟུད་དོ༔ འབྲུ་ལྔ་རཏྣ་ལྔ་བཟང་སྨན་དར་ཟབ༔ རྡོ་ཁབ་ལེན་ནས་ཙམ༔ ནོར་བུ་སྦུར་ལེན་ཡོད་ན་ལེགས༔ མེད་ཀྱང་ཡོང༔ རྡོ་ཕ་ཝཾ་ལ་ཧྲཱིཿདྲུག་བྲིས་ལ༔ པྲ་རྩིས་བྱུགས་ལ་སྲིད་མེས་ནང་དུ་གཟུད༔ ཞབས་ལེགས་པར་བསྡམ་མོ༔ དགའ་སྟོན་ནམ་དད་འདུས་ཀྱི་ཁྲོམ་མ་གྱེས་ཀྱི་བར་གྱི་ས་བླངས་ནས་མཎྜལ་གྱི་ས་ལ་བསྲེས་ལ༔ མཎྜལ་ཟླ་གམ་དམར་པོ་ཕྱི་རིམ་ལྕགས་ཀྱུས་བསྐོར་བ་བྲི༔ དེ་སྟེང་ཟངས་གཞོང་གི་ནང་དུ༔ སྲིད་མེས་དར་སྣ་ལྔས་དྲིལ་གཟུངས་ཐག་དམར་པོ་གདགས༔ གཏོར་མ་སྲིད་མེས་ཀྱི་གཟུགས་སུ་བྱས་ལ༔ ཏིང་ལོ་བརྒྱད་ཀྱིས་བསྐོར༔ ཙནྡན་ལ་སྲིད་མེས་ཀྱི་གཟུགས་བྱས་ལ་སྔགས་བྲིས་ལ་གཏོར་མ་ལ་གཟུག༔ གཟུངས་ཐག་ནས་བཟུང་སྨྲ་བཅད་བྱས་ཏེ་བཟླའོ༔ མ་སྐབས་ན་གཏོར་མའི་རྟེན་དབང་ཕྱུག་དུ་བསྐྱེད་ལ་ཐུན་ཚབ་མཛད་དུ་གསོལ་བྱའོ༔ བྲེལ་བ་སྤངས་ནས་བཟླས་པ་བྱའོ༔ དེ་ཡང་ཞལ་གྱི་གདམས་པ་ཡིན་ནོ༔ སྒྲུབ་པའི་དུས་ན་ནོར་ཕྱིར་མི་གཏང༔ ཟས་མི་ལ་མི་སྦྱིན༔ རང་སྣོད་གས་ཆག་ཡོད་པར་ཟས་མི་ཟ༔ རྟ་མགྲིན་དང་གུ་རུའི་སྙིང་པོ་སུམ་བརྒྱ་རེ་བགྲང་ངོ༔ སློབ་དཔོན་པདྨ་ལ་མོས་པའི་རིགས་ཀྱིས་བསྒྲུབ་ན་འགྲུབ་བོ༔ འདི་ཞུ་བའི་སློབ་དཔོན་ལ་གུས་པར་བྱའོ༔ འགྲུབ་མི་འགྲུབ་ཐེ་ཚོམ་མི་བྱ༔ ལེ་ལོ་དང་སྒྱིད་སྙོམ་མི་བྱ༔ སྙིང་རུས་བསྐྱེད་ལ་སྒྲུབ་པ་བྱ༔ གྲུབ་ན་གང་དུ་ཕྱིན་ཀྱང་ཟས་གོས་ཀྱིས་ཐབས་མི་ཆག་ཅིང་ལོངས་སྤྱོད་བདུན་འགྱུར་དུ་ལྷག་པར་འདུ་ཞིང་འཕེལ་བར་འགྱུར་རོ༔ དབང་ཕྱུག་ཆེན་པོ་འདི་འདོད་ཁམས་ན་ལྷ་རིགས་དྲུག་ཡོད་པའི་དཔོན་ཡིན་ཅིང་སྙིང་ཐག་ཉེའོ༔ འཇིག་རྟེན་གྱི་མི་ཐམས་ཅད་དབང་དུ་འདུས་ནས༔ ཆོས་ལ་བཙུད་པ་བསོད་ནམས་ཆེའོ༔ ནོར་ལྷ་གཞན་ལས་འདི་ཕུལ་ཆེའོ༔ བྱིངས་ཆེ༔ བབ་ཆེ༔ བསོད་ནམས་ཀྱི་འུར་ཡང་འདི་བས་ཆེ་བ་མེད་པས༔ འདི་སྒྲུབས་ཤིག༔ རྨི་ལམ་ཅི་བྱུང་ཡང་ཐེ་ཚོམ་མི་བྱ༔ ཟླ་བ་གཅིག་བསྒྲུབ༔ ཡང་བསྐྱར་གཅིག་བསྒྲུབ༔ གཏོར་མ་རྒྱུན་མི་ཆད་གཏང་ངོ༔ ཕྱོགས་གང་དུ་འགྲོ་ཡང་གཏོར་མ་འདི་ཡང་གཏང་ལ་བདག་གི་དོན་འདི་སྒྲུབས་ཤིག་བྱའོ༔ མིའི་གསེབ་ཏུ་གཏོར་མ་འབྲང་རྒྱས་ཀྱི་གཟུགས་བྱ༔ འགྲོ་ས་སྡོད་ས་གང་དུ་ཡང་གཏོར་མ་མ་ཆག་པར་བྱའོ༔ རྟེན་ལ་ཡང་སྔགས་ཀྱིས་ངར་བླུད་པ་གལ་ཆེའོ༔ སྔགས་བརྒྱ་ཡན་ཆད་གང་འགྲུབ་མ་ཆག་པར་བཟླའོ༔ གྲུབ་ན་རྟེན་དེ་ནང་དུ་ལན་གསུམ་གསུམ་ལག་པ་གཡོན་གྱིས་གཡབ་བོ༔ ཕོས་བསྒྲུབ་ན་མོ་འདུ༔ མོས་བསྒྲུབ་ན་ཕོ་འདུ༔ བསྙེན་སྒྲུབ་ལན་མང་ན༔ དང་པོ་ཟས་འདུ༔ དེ་ནས་ནོར་དང་མི་འདུ༔ ཁྲོམ་ཆེན་པོ་དབང་དུ་འདུ་ནུས་པ་ཡིན་ནོ༔ སྒྲུབ་ཡུན་རིང་ན་གསེར་གཡུ་ཟངས་ལྕགས་རྟ་གོས་དར་འདུ་ནུས་པ་ཡིན༔ ལེ་ལོ་སྒྱིད་སྙོམ་ལ་མ་སྐུར་གསུངས་ནས་མཆིམས་རྡོ་རྗེ་སྤྲེ་ཆུང་ལ་གནང༔ ཕྱི་རབས་དོན་དུ་ལྷ་བྲག་ལ་སྦས་སོ༔ ྈྈྈ ྈྈྈ དབང་ཕྱུག་ཆེན་པོ་འདི་མུ་སྟེགས་ཡིན་ཟེར་བ་ཡོད་དོ༔ དེ་མ་ཡིན༔ འདི་ནི་སངས་རྒྱས་འོད་དཔག་མེད་ཀྱིས་འདོད་ཁམས་འདུལ་བའི་ཕྱིར༔ དབང་ཕྱུག་ཆེན་པོའི་སྐུར་སྤྲུལ་ནས༔ འདོད་ཁམས་འདུལ་བ་ཡིན༔ དབང་ཕྱུག་ཆེན་པོ་འདི་ལ་སྒྲུབ་པ་ཕྱི་ནང་གཉིས་སུ་ཡོད་དོ༔ འདི་འོད་དཔག་མེད་ཀྱི་སྤྲུལ་པའོ༔ སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོའི་དགེ་བསྙེན་ཡིན༔ ཆོས་སྐྱོང་ཆེན་པོ་ལྷའི་རྒྱལ་པོ་མ་ཧཱ་དེ་བ་བྱ་བ་ཡིན་ནོ༔ ནང་པ་སངས་རྒྱས་པའི་བསྟན་པ་སྲུང་བའི་ལྷ་ཆེན་པོ་བརྒྱད་ཀྱི་གཙོ་བོ་ཡིན་ནོ༔ རྒྱ་གར་ཤར་ཕྱོགས་སུ་ཨོ་རྒྱན་པདྨས་དམ་ལ་བཏགས་སོ༔ ྈྈྈ ྈྈྈ བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད༔ བསེ་སྒྲོམ་སྨུག་པོའི་ནང་། ཟངས་མཛོད་དམར་པོ་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་གཏེར་ནས་བཏོན་པའོ།། ྈྈྈྈྈྈ ༄༅༔ ལྷ་ཆེན་མ་ཧཱ་དེ་བའི་ཡང་ཁོལ་གྱི་སྒྲུབ་པ་ ཞལ་ཁྲིགས་ བླ་རྡོ་བཅའ་བ་ གནད་དབབ་ གེགས་སེལ་ལོ༔ ཡང་ཁོལ་གྱི་སྒྲུབ་པ༔ དབང་ཕྱུག་ཆེན་པོའི་ཡང་ཁོལ་གྱི་སྒྲུབ་པ་ནི༔ དབེན་པའི་གནས་སུ་རྟེན་གསུམ་གྱི་སྒྲུབ་པ་རྫོགས་པར་བྱའོ༔ དེ་ནས་དབང་སྡུད་ཀྱི་རྫས༔ ཁོ་ཤོག་པའི་འབྲས་བུ་དང༔ ཐང་ཕྲོམ་པ་དང༔ རྡོ་ཁབ་ལེན༔ བྱེའུ་ནས་ཟན་གྱི་ཤ༔ པོ་སོ་ཆ༔ ཐལ་ཚྭ༔ ཚུར་ནག༔ བྱ་མ་བྱིའི་ཤ་དང་སྤུ༔ སྐྱེས་པ་དབང་དུ་སྡུད་ན༔ རང་གི་སྲིན་ལག་གཡས་ཀྱི་ཁྲག༔ བུད་མེད་དབང་དུ་སྡུད་ན་རང་གི་སྲིན་ལག་གཡོན་གྱི་ཁྲག༔ དེ་རྣམས་ཆ་མཉམ་ལ་ཞིབ་པར་བཏགས་ནས༔ དར་དམར་རམ་ཟ་འོག་ཁུག་མར་བླུགས་ཏེ་ལུས་ལ་བཅང༔ དབང་ཕྱུག་གི་སྙིང་པོ་ཁྲི་ཕྲག་གཅིག་བཟླའོ༔ སྔགས་འདི་འབུམ་དུ་བཟླས་ལ་བརྡེག་གོ༔ ཨོཾ་མ་ཤ་དུན་ཏེ༔ དུན་ཏྲི་ཕོབ༔ ཉ་ཚ་ཤོ་རི་ཁུག༔ དུན་ཙ་མེ་མ་ལེ་ཀུ་རུ་སྭཱ་ཧཱ༔ ཞེས་བཟླས་ཏེ༔ ཕུད་ལ་བཏབ་ན་དངོས་གྲུབ་འབྱུང༔ ཆང་ལ་བཏབ་ནས་ཁྲོམ་ལ་བཀྱེས་ན་འཐུང་ཚད་དབང་དུ་འདུ༔ ཟས་ལ་བཏབ་ནས་བྱིན་ན༔ རྒྱལ་པོ་བཙུན་མོ་སྐྱེས་པ་བུད་མེད་གང་ལ་དམིགས་པ་དབང་དུ་འདུ༔ གཏོར་མ་ལ་བཏབ་ན་མིག་རྣོ་འབྱུང༔ ཞག་དགུ་བསྒྲུབས་པས་འགྲུབ་བོ༔ རྫས་ཚང་བ་གལ་ཆེ༔ འདི་དབང་ཕྱུག་ཆེན་པོའི་ཡང་ཁོལ་གྱི་ལས་ཚོགས་བྱ་བ༔ འཇིག་རྟེན་གྱི་ཁམས་ན་འདི་བས་ལྷག་པའི་དངོས་གྲུབ་མེད་དོ༔ པདྨ་འབྱུང་གནས་བདག་གིས་འདི་ལ་ལས་སྦྱོར་བྱས་པས་རྟགས་མང་པོ་བསྟན་ནོ༔ གསང་ནས་སྤྱད་པས་དངོས་གྲུབ་ཐོབ་པ་ཡིན་ནོ༔ འདི་གཅེས་པར་གྱིས་ཤིག༔ ཀུན་ལ་མ་སྤེལ་སྦ་བར་བྱ༔ དབང་ཕྱུག་ཆེན་པོའི་ཐུགས་ཀྱི་ཉིང་ཁུ་ཡིན༔ ཡིད་བཞིན་ནོར་བུ་དང་འདྲ༔ བསམ་པ་ཡིད་བཞིན་འགྲུབ༔ དབང་ཕྱུག་མཁའ་འགྲོ་དང་བཅས་པའི་དབང་སྡུད་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་མ་འོངས་པའི་དུས་སུ༔ ལྔ་བརྒྱ་ཐ་མ་ལ༔ བསྐལ་པ་རྩོད་ལྡན་དུས་སུ་བབས༔ སྐྱེ་འགྲོ་ཚེ་ཐུང་ལོངས་སྤྱོད་དབུལ་བའི་དུས༔ ང་ཡི་སྤྲུལ་པ་བདུན་གྱིས་རྙེད་ནས༔ འགྲོ་བ་མང་པོའི་དོན་བྱེད་པར་ཤོག༔ ཅེས་གསུངས་ནས་གཏེར་ཁ་བདུན་དུ་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༔ ཞལ་ཁྲིགས་བཞུགས༔ དབང་ཕྱུག་ལྷ་ལ་ཕྱག་འཚལ་ལོ༔ དབང་སྡུད་ལས་ཀྱི་འཁོར་ལོའི་སྙིང་འཆང་ཞལ་ཁྲིགས་འདི་ཁོ་ནའོ༔ འཁོར་ལོ་རྣམ་གསུམ་སྒྲུབ་པའི་དུས་སུ༔ རྟེན་དང་རྫས་དཀྱུས་བཞིན་བྱ༔ རང་ཉིད་དབང་ཕྱུག་ཆེན་པོའི་སྐུ༔ ཁ་ཊྭཱཾ་ལྕགས་ཀྱི་མདའ་གཞུ་བསྣམས༔ མཁའ་འགྲོ་བཞིི་ཡིས་བསྐོར་བར་བསྐྱེད༔ མདུན་གྱི་རྟེན་གསུམ་ལས་མཁན་གསུམ༔ རྒྱ་སྐྱེགས་ལྕགས་ཀྱུ་ཞགས་པ་བསྣམས༔ ཙནྡན་མེ་ལོང་ཞགས་པ་བསྣམས༔ རིན་ཆེན་འབར་བ་ཐུགས་ཀར་འཛིན༔ ཟངས་ལ་ལྕགས་ཀྱུ་མེ་ལོང་དང༔ ཉི་ཟེར་ཞགས་པ་ཕོ་མཚན་བསྣམས༔ བདག་དང་འཁོར་གྱི་སྙིང་ག་ནས༔ ཧྲཱིཿདམར་ལས་ནི་འོད་དམར་འཕྲོས༔ ལོ་ཀ་དབང་དུ་སྡུད་པར་བསམ༔ ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ཡིས༔ པླག་ཤའི་ཤིང་དང་དུར་ཁྲོད་བརྒྱད༔ པདྨ་འབར་བའི་གཞལ་ཡས་ནས༔ སྤྱན་འདྲེན་རྟེན་ལ་ཡང་ཡང་བསྟིམ༔ མེ་ཏོག་དམར་པོའི་མཆོད་པ་དང༔ རིན་ཆེན་སྣ་བདུན་མཆོད་པ་འབུལ༔ གཏོར་མ་བྱིན་རླབས་སྤྱི་དང་འདྲ༔ འབུལ་བའི་སྔགས་ནི་འདི་ཡིན་ནོ༔ མ་ཧཱ་དེ་བ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དབང་ཕྱུག་ཆེན་པོ་སྡེ་བཞི་པོ༔ མཆོད་པ་བཞེས་ལ་དངོས་གྲུབ་སྩོལ༔ བཛྲ་ཌཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ རཏྣ་ཌཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ པདྨ་ཌཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ ཀརྨ་ཌཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ འདོད་པའི་དོན་ལ་གསོལ་བ་གདབ༔ བདག་ཉིད་ཏིང་འཛིན་གསལ་བ་ཡིས༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ བསྙེན་པ་འདི་ལ་ཞག་བདུན་བཟླ༔ དེ་ལ་རྟགས་དང་ཆོ་འཕྲུལ་འོང༔ རྟགས་མ་བྱུང་ན་ཞག་གྲངས་བསྲིང༔ དེ་ལ་སྔགས་ཀྱི་ཤམ་བུ་བཏགས༔ རྐྱང་པར་བསྒྲུབ་ན་གང་མོས་བྱ༔ དྲིལ་ནས་བསྒྲུབ་ན་ཞག་གྲངས་ཉེར་གཅིག་བྱ༔ རེ་རེ་ལ་ཡང་བདུན་བདུན་བསྒྲུབ༔ དང་པོ་ཕྱི་སྒྲུབ་བྱ་བའི་སྔགས༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔ སྐབས་སུ་ཡུམ་སྔགས་འདི་བཏགས༔ ཨུ་ཙུས་མ་ཀུག་ཏ་ཧཱུྃ༔ དེ་ལྟར་ཞག་བདུན་བཟླས་པ་ཡིས༔ ཕོ་མོ་གཉིས་ཀ་འདུ་བར་འགྱུར༔ གྲགས་པས་སྟོང་ཁམས་ཁྱབ་པར་འོང༔ ས་མ་ཡ༔ གཉིས་པ་ནང་གི་སྒྲུབ་པ་ནི༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ བཛྲ་སིདྡྷི་ཕ་ལ་ཧཱུྃ༔ རཏྣ་སིདྡྷི་ཕ་ལ་ཧཱུྃ༔ པདྨ་སིདྡྷི་ཕ་ལ་ཧཱུྃ༔ ཀརྨ་སིདྡྷི་ཕ་ལ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ མི་སྙིང་སྒུལ༔ མི་འགྲམ་ཆོག༔ མི་སེམས་དཀྲུགས༔ རང་དབང་མེད་པར་ཁུག་ལ་ཤོག༔ དེ་ལ་ཞག་བདུན་བཟླས་པ་ཡིས༔ ཟས་ནོར་ཆོས་གསུམ་འདུ་བ་ཡིན༔ སྒྲུབ་པ་ལན་གསུམ་བསྐྱར་བ་ནི༔ མན་ངག་སྙིང་གི་ཏི་ཀ་ཡིན༔ སྐྱེ་འགྲོ་ཐམས་ཅད་དབང་དུ་འདུ༔ ས་མ་ཡ༔ གསུམ་པ་གསང་བའི་སྒྲུབ་པ་བྱ་བ་ནི༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ ཧྲཱིཿཨ་ཏྲི་རྣྲྀ་ཛ་དུང་དུང་འདུས་འདུས༔ སྡུས་སྡུས༔ འདུ་འདུ༔ མགོ་ནག་མིའི་སེམས་དཀྲུགས་ལ༔ སྙིང་འཕྱོ་རུ་ཆུག༔ རྐང་པ་འགྲོ་རུ་ཆུག༔ ཡིད་ཀྱི་རྣམ་ཤེས་རང་དབང་མེད་པར་ཁུག་ལ་ཤོག༔ འདི་ལ་ཞག་བདུན་བཟླས་པ་ཡིས༔ སྐྱེ་འགྲོ་མི་རྣམས་བྲན་དུ་ཁོལ༔ ལྷ་རྣམས་ཐམས་ཅད་གྲོགས་ལ་འོང༔ ལྷ་སྲིན་ཐམས་ཅད་བཀའ་ལ་ཉན༔ འདྲེ་རྣམས་ཐམས་ཅད་སྐད་ངན་འདོན༔ ཆེ་བཙུན་གྲགས་པ་ཆེ་བ་ཡང༔ འདིས་ནི་བོས་པས་དབང་དུ་འདུ༔ སྒྲུབ་པ་ཐོན་ནས་རྟེན་རྣམས་ནི༔ རང་གི་ལུས་ལ་སྦ་བར་བྱ༔ བླ་རྡོ་སྤོགས་པ་མན་ངག་ཡིན༔ རྟགས་འགྱངས་སྒྲུབ་ཐབས་གཅིག་ལ་ཡང༔ ཞག་གྲངས་ཉི་ཤུ་རྩ་གཅིག་བསྲིང༔ དེ་ཡིས་ངེས་པར་འགྲུབ་པ་ཡིན༔ གསང་བ་མན་ངག་གནད་ཀྱི་ཆིངས༔ མ་གྲུབ་ཐངས་གསུམ་བསྐྱར་བས་ཐེ་ཚོམ་མེད༔ ྈྈྈ ཡིད་བཞིན་ནོར་བུའི་སྒྲུབ་པ་ནི༔ བཅའ་ཐབས་གཞུང་བཞིན་ཁོ་ན་ལ༔ ནོར་བུ་བསམ་འཕེལ་འཁོར་ལོའི་སྔགས༔ གསང་སྒྲུབ་དུས་སུ་བཟླས་པར་བྱ༔ ནང་སྒྲུབ་གསང་སྒྲུབ་གཉིས་པོ་ལ༔ མཆོད་པ་འབུལ་དང་མཆོད་བསྟིམ་བྱ༔ གཞན་མ་གཞུང་བཞིན་བྱས་པས་འགྲུབ༔ སྔགས་གསུམ་སྦྲེལ་ལ་བཟླས་པར་བྱ༔ གང་འདོད་དབང་དུ་འདུ་བར་འགྱུར༔ རྒྱལ་པོ་བཙུན་མོ་ཕོ་མོ་དང༔ རྐྱང་པར་འགུགས་པའི་ལིང་ག་བྱ༔ མིང་རུས་བྲིས་ལ་ཐུན་གྱིས་བྲབ༔ གང་འགུགས་དམིགས་པས་གཟིར་ཞིང་དགུག༔ གྲུབ་རྟགས་མངོན་དུ་སྟོན་པ་འོང༔ རྒྱ་བོད་གཞན་ན་འདི་ཉིད་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྙིང་པོ་སྔགས་ཀྱི་ཐེམས་ཡིག་ནི༔ བསྙེན་པའི་མཉྫུ་ཡི་གེ་དྲུག༔ ཀུན་གྱི་མགོ་རུ་འོང་བ་ཡིན༔ དབང་སྡུད་ཀ་བྷི་ར་ཀོ་བྷི་ར་ཡི་ཡི་གེ་དྲུག༔ ཀུན་གྱི་རྐེད་དུ་ཡོང་བ་ཡིན༔ དེ་ཡི་མཇུག་ཏུ་མིང་སྤེལ་འདོགས༔ ཕོ་འགུགས་ཨཱ་ཀརྵཱ་ཡ་ཧྲིང་ཛ༔ མོ་འགུགས་ཨཱ་ཀརྵཱ་ཡ་ཧྲིང༔ དེ་ཡིས་མི་ཁུག་མི་སྲིད་དོ༔ རྐྱང་འདེད་བྱས་ཏེ་འགུགས་ཐབས་སོ༔ ྈྈྈ ཕོ་བྲན་དུ་བཀོལ་བ་དང༔ མོ་དབང་དུ་བསྡུ་བ་ལ༔ རྫས་དང་སྔགས་དང་ཏིང་འཛིན་གཞུང་ལྟར་བྱ༔ བསྙེན་པའི་སྔགས་དང༔ དབང་སྡུད་ཀྱི་སྔགས་དང༔ ལས་སྦྱོར་གྱི་སྔགས་གསུམ་སྦྲེལ་ལ་ཟློ༔ གཉིས་དང་གསུམ་དུ་སྦྲེལ་བ་མན་ངག་ཡིན༔ ཞག་གྲངས་ཉི་ཤུ་རྩ་གཅིག་སྦྲེལ་བ་གལ་ཆེའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསང་བ་ཡང་ཁོལ་སྒྲུབ་པ་ལ༔ རྫས་དང་སྔགས་དང་བཅའ་གཞི་གཞུང་ལྟར་བྱ༔ རིལ་བུ་རྡེག་དུས་སྔགས་རིང་ཉེར་གཅིག་བཟླ༔ འགྲོ་བ་ཐམས་ཅད་ཡིད་གཡོ་ནུས་པས༔ འདི་གཅེས་པར་བྱའོ༔ རྒྱ་རྒྱ་རྒྱ་བཏབ༔ དབང་སྡུད་ལས་ཀྱི་འཁོར་ལོ་ལ༔ རྟགས་འགྱངས་ན༔ རང་ང་རྒྱལ་བསྐྱེད་ལ་མ་ཡེངས་པར་བྱའོ༔ ཟངས་ཀྱི་ཕོ་མཚན་ཀླད་ལ་བསྐོར་ཞིང་གཟིར༔ སྔགས་གསུམ་སྦྲེལ་ལ་བཟླའོ༔ དེས་ཀྱང་མ་བྱུང་ན༔ ཟངས་ཀྱི་ཕོ་མཚན་དང་བླ་རྡོ་སྦྲགས་ལ་ཀླད་ལ་བསྐོར་རོ༔ སྔགས་ལྡོག་ལ་བཟླའོ༔ ཉི་ཤུ་རྩ་གཅིག་བགྲང་བར་བྱའོ༔ དེ་ནས་ཞག་བདུན་བསྒྲུབ་པར་བྱ༔ སྔགས་གསུམ་སྦྲེལ་ལ་ཞག་གྲངས་ཚང་བར་བཟླ༔ ལས་ལ་རྡུགས་ན་གཟིར་བ་ཡིན༔ གསང་བར་བྱའོ༔ ལས་འདིས་སྐྱེ་འགྲོ་ཐམས་ཅད་དང༔ ལྷ་འདྲེ་ཐམས་ཅད་དབང་དུ་འདུ༔ དམིགས་པ་དེ་ལ་ཐེ་ཚོམ་མེད༔ སྙིང་བྱང་ཞལ་ཁྲིགས་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མཆིམས་རྡོ་རྗེ་སྤྲེ་ཆུང་གིས་འདི་བསྒྲུབས་པས༔ གྲུབ་རྟགས་བྱུང་ནས་གཅེས་ཏེ་སྦས་སོ༔ ཕྱི་རབས་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ཁ་ཐཾ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༔ བླ་རྡོ་བཅའ་བ༔ དབང་གི་ལྷ་ལ་ཕྱག་འཚལ་ལོ༔ བླ་རྡོ་གཟུང་བ་གནད་ཀྱི་མན་ངག་ལ༔ བླ་རྡོ་བཅའ་བ༔ བཅང་བ༔ གནད་བསྟན་པའོ༔ དང་པོ་མཐིང་ཤོག་ལ་གསེར་གྱིས་འཁོར་ལོ་རྩིབས་བཞི་མུ་ཁྱུད་ཅན་གཅིག་བྲི༔ ལྟེ་བའི་དབུས་སུ་ཧྲཱིཿབྲིས་པའི་མཐའ་མ་རུ༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་འཁོར་དང་བཅས་པ་དམ་ལས་མ་འདའ་ཞིག༔ ཧྲཱིཿཛ༔ ཞེས་པ་བྲིའོ༔ རྩིབས་བཞི་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ རྩིབས་མཆན་བཞི་ལ༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔ ཞེས་པ་བཞི་བྲི༔ མུ་ཁྱུད་ལ༔ དབང་ཕྱུག་ཆེན་པོས་འཇིག་རྟེན་ཁམས་ཀྱི་མི་ནོར་ཐམས་ཅད་དབང་དུ་སྡུས་ཤིག༔ དམ་ལས་མ་འདའ་ཞིག༔ ཅེས་བྲིའོ༔ གཤའ་ཚེའམ༔ ཞ་ཉེའི་ཤྭ་གསུམ་བྱ༔ དེ་ལ་གཟོང་གིས་རི་མོ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཞེས་པ་བྲིས་ལ་རབ་གསེར་གྱིས་གཟོང་རིས་བཀང༔ འབྲིང་དངུལ་གྱིས་བཀང༔ ཐ་མ་མཚལ་གྱིས་བཀང༔ དེ་ལ་རབ་གནས་བྱ༔ དར་གྱིས་དྲིལ་ལ་འཁོར་ལོའི་དབུས་སུ་དྲིལ་ལོ༔ སྒྲུབ་པ་བྱེད་པའི་དུས་སུ་རྟེན་གྱི་ནང་དུ་བཅངས་ཏེ༔ ཞ་ཉེའི་ཤྭ་གསུམ་དར་གྱིས་དྲིལ་ལ༔ གསེར་གྱིས་བྲིས་པ་དེ་ཟངས་ཀྱི་རྟེན་དུ་གཞུག༔ དངུལ་གྱིས་བྲིས་པ་དེ་རྒྱ་སྐྱེགས་ནང་དུ་གཞུག༔ མཚལ་གྱིས་བྲིས་པ་དེ་ཙནྡན་ནང་དུ་གཞུག༔ བྱེས་སུ་འགྲོ་བའི་དུས་རྟེན་གྱི་ནང་ནས་བཏོན༔ ཟ་འོག་གི་ཁུག་མར་བཅུག་ལ༔ མཆན་ཁུང་དུ་བཅུག༔ ནངས་རེ་བཞིན་ལ་སྔགས་ཉེར་གཅིག་རེ་བཏབ༔ རྨི་ལམ་དང་འགྲུབ་རྟགས་འགྱངས་ན་བརྒྱ་རྩ་རེ་བཏབ་བོ༔ ཡང་ན་བླ་རྡོ་གསུམ་ཀ་ཟངས་ཀྱི་རྟེན་དུ་བཅུག་ལ༔ རྟག་ཏུ་ལུས་ལ་བཅང་ངོ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ དེ་ཤྭ་ལ་བྲི་བའི་སྔགས་སོ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ དབང་ཕྱུག་ཆེན་པོ་ཨཱ་ཀརྵཱ་ཡ་ཧེ་ཛ་ཛ༔ དེ་བཟླའོ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ༔ ཨཱ་ཀརྵཱ་ཡ་ཛ་ཛ༔ དེ་ཡང་གོང་མ་དང་སྦྲེལ་ལ༔ བརྒྱ་རྩ་རེ་བཟླས་ལ་བླ་རྡོ་ལ་བཏབ་བོ༔ དེ་ལྟར་བྱས་པས་རང་གི་ལུས་དང་གྲིབ་མ་བཞིན་དུ་འཁོར་ཞིང་ནོར་མྱུར་དུ་འགྲུབ་པའོ༔ འདི་མེད་ན་ལས་འགྱངས་འགྲོ་བས༔ བླ་རྡོ་བཅའ་ཐབས་བསྟན་པའོ༔ རྗེ་པདྨས་རྡོ་རྗེ་སྤྲེ་ཆུང་ལ་གནང་བའོ༔ ས་མ་ཡ༔ ྈྈྈྈ རྒྱ་རྒྱ་རྒྱ༔ ༄༔ གནད་ལ་དབབ་པའོ༔ དབང་ཕྱུག་ཆེན་པོ་སྒྲུབ་པ་ལ༔ གལ་ཏེ་ལས་འགོར་ན༔ བླ་རྡོ་ཟངས་སམ་བསེ་ཡི་གྭའུར་བཅུག་ལ༔ རང་གི་མལ་འོག་ཏུ་བཅུག་ནས༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ མ་ཧཱ་དེ་བ་ཨཱ་ཀརྵཱ་ཡ་ཧྲིང་ཛ༔ ཞེས་བརྒྱ་རྩ་རེ་བཟླས་ལ་ཉལ་ལོ༔ འདི་གནད་ལ་དབབ་པ་ཡིན་པས༔ ལས་མྱུར་བ་ཡིན༔ ལས་མི་འགྲུབ་མི་སྲིད་དོ༔ དེའི་དུས་སུ་རང་སྤྱན་རས་གཟིགས་སམ༔ རྟ་མགྲིན་དུ་བསྒོམ་མོ༔ ྀཨཚ༔ ྈྈྈ ྈྈྈ དབང་ཕྱུག་ཆེན་པོ་སྒྲུབ་པ་ལ༔ ནོར་དང་ལོངས་སྤྱོད་བྱུང་ཡང་མི་ལ་མི་བཤད་དོ༔ སྨྲས་ན་ཟད་པ་སྐྱེན་པས་གསང་ངོ༔ གལ་ཏེ་མིས་ཚོར་སྲིད་ན༔ བདག་ལ་དབང་ཕྱུག་ཆེན་པོ་འཁོར་མཁའ་འགྲོ་དང་བཅས་པས༔ རིན་པོ་ཆེའི་ཆར་འབེབ་པར་བསམ་མོ༔ ནོར་བུ་བསམ་འཕེལ་གྱི་རྟེན་དང༔ འཁོར་ལོ་གསར་དུ་བྱས་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔ རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ནོར་རྫས་ཁུག་ཅིག༔ རཏྣ་ཧྲིང་ཛ་ཛ༔ ཞེས་བརྒྱ་རྩ་རེ་བཟླས་ལ་རྟེན་གྱི་ཕྱོགས་བཞི་ནས་གཡབ་བོ༔ དེ་ནས་སྔགས་དེ་ལ་ཤམ་བུ་འདི་བཏགས་ལ༔ བརྒྱ་རྩ་རེ་ནོར་བྱུང་བ་ཐམས་ཅད་ལ་བཏབ་བོ༔ རཏྣ་སིདྡྷི་ཕ་ལ་ཧཱུྃ༔ རཏྣ་སྤེལ༔ རཏྣ་བྷྲཱུྃ༔ ཞེས་བཏབ་པས༔ ནོར་རྫས་མི་ཟད་ཅིང་འཕེལ་བར་འགྱུར་རོ༔ ྀཨཚ༔ ༄༔ གེགས་སེལ་ཡོད༔ མི་འདུ་བའི་འཕྲོ་ལ་ཉུང་དུ་སོང་བའམ་ཆད་ན༔ རང་དབང་ཕྱུག་ཆེན་པོར་བསྒོམས་པའི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་ནས༔ མི་རྣམས་རང་དབང་མེད་པར་དབང་དུ་བསྡུས་ཏེ༔ བདག་གི་བཀའ་ཉན་པར་བསམ་མོ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ རྣྲྀ་ཨཱ་ཀརྵཱ་ཡ་ཧྲིང་ཛ༔ རྣྲྀ་ཛཿཛཿཁུག༔ ཅེས་བརྒྱ་རྩ་རེ་བཟླའོ༔ དེ་ཡང་སྔ་དྲོ་བཟླས་པས༔ མི་རྣམས་རྒྱུན་མི་ཆད་པར་འདུ་བར་འགྱུར་རོ༔ ྀཨཚ༔ དབང་ཕྱུག་སྒྲུབ་པའི་དུས་སུ་རང་གི་རིག་པ་ལ་སྐྱོན་བྱུང་བའམ༔ སྙིང་མི་དགའ་ན༔ རང་དབང་ཕྱུག་ཆེན་པོར་བསྒོམས་པའི༔ སྤྱི་གཙུག་ཏུ་ཐུགས་རྗེ་ཆེན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡས་ཡིད་བཞིན་ནོར་བུ་གཏེར་གྱི་བུམ་པ་བསྣམས་པ༔ དེའི་བུམ་པ་ནས་ཐུགས་རྗེའི་ཆུ་རྒྱུན་བདག་ལ་ཕབ་ནས་བདག་གི་སྤྱི་གཙུག་ཏུ་བབས་ནས་ཐིམ་པས༔ བདག་གི་རེ་བ་བསྐངས་ཏེ༔ ཡིད་ཚིམས་པར་བསམ༔ དེ་ནས་སྤྱི་གཙུག་གི་ལྷ་ཡང་ཞུ་ནས་བདག་ལ་ཐིམ་པས༔ བདག་ཀྱང་འོད་དུ་ཞུ་སྟེ༔ ཡིད་བཞིན་གྱི་ནོར་བུ་འོད་འབར་བ་གཅིག་བཀྲ་ལམ་མེར་འོད་དུ་མེ་རེ་འདུག་པ་ལ་རིག་པ་གཏད་ནས༔ སེམས་མ་ཡེངས་པར་བྱས་པས༔ རིག་པ་ལ་མཐོ་དམའ་དང༔ ཁམས་འཚུབས་ཤིང་མི་དགའ་བའི་སྣང་བ་མི་ཡོང༔ གེགས་བསལ་བའི་མན་ངག་སྙིང་གི་ནོར་བུ་ཞེས་བྱ་བ༔ ྈྈྈ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སློབ་དཔོན་པདྨ་འབྱུང་གནས་ལ༔ མཆིམས་རྡོ་རྗེ་སྤྲེ་ཆུང་གིས༔ ཤིན་ཏུ་དབུལ་ཕོངས་ནས་ཞུ་བ་ཕུལ་བས༔ དབང་སྡུད་ལས་ཀྱི་འཁོར་ལོ་གནང༔ དེས་ལན་གཅིག་བསྒྲུབས་པས་རྒྱལ་བློན་དབང་དུ་འདུས་སོ༔ དེར་མན་ངག་ལ་ཡིད་ཆེས་ནས༔ གཡུ་རབ་ཞོ་སྤུངས་ཕུལ་ཏེ༔ ལས་ཚོགས་རྣམས་ཚང་བར་ཞུས་པས༔ བོད་རྒྱལ་བློན་རྣམས་དང་བཙུན་མོ་དབང་དུ་འདུས་སོ༔ བོད་འབངས་ནོར་དང་བཅས་སྤྲིན་བཞིན་དུ་འདུས་ནས༔ གུ་རུ་པདྨ་ལ་བཀའ་དྲིན་དུ༔ གསེར་འོད་ཆེན་ཉི་ཤར༔ གཡུ་ནམ་མཁའ་འོད་འཕྲོ༔ ཁྲབ་སྐར་མ་འོད་འཕྲོ༔ བེར་ནག་དགུ་སྤུངས༔ རྟ་ནག་འབྲོང་འདུལ་རྣམས་ཕུལ་ལོ༔ དེའི་དུས་སུ་ལས་ཚོགས་ཚང་བར་གནང་ངོ༔ རྗེ་པདྨའི་ཞལ་ནས༔ རྡོ་རྗེ་སྤྲེ་ཆུང་ཁྱོད་ལ༔ མན་ངག་རྣམས་ཚང་བར་བྱིན་གྱིས༔ རྒྱ་བོད་ཀུན་ན་འདི་བས་ལྷག་པའི་དབང་སྡུད་ཟབ་པ་མེད༔ འདི་སྙིང་དང་འདྲ་བས༔ རང་གིས་ཉམས་སུ་ལོངས་ལ༔ གཞན་ལ་མ་སྤེལ་ཅིག༔ ཅེས་གསུངས་ཏེ༔ དཔེ་མ་བུ་བརྒྱད་དུ་བཀོད་ནས༔ རྒྱས་བཏབ་སྟེ༔ ལྷོ་བལ་གླང་པོ་སྣའི་བྲག༔ བུམ་ཐང་སེང་གེ་བྲག༔ བསམ་ཡས་མཆིམས་ཕུའི་བྲག༔ སྤ་གྲོ་སྟག་ཚང༔ ལྷོ་བྲག་དཔལ་ཕུག༔ མཁར་ཆེན་བྲག་དཀར༔ བྱང་ཟང་ཟང་ལྷ་བྲག༔ དེ་ལྟར་གཏེར་ཁ་བདུན་དུ༔ དབང་ཆེན་རྫོགས་པའི་སྒྲུབ་ཐབས་ཚང་བ་རེ་སྦས་སོ༔ གཅིག་སྲིན་པོའི་ཁ་གནོན་ལ་གཤེགས་པའི་གོང་དུ༔ ཆ་བརྒྱ་རྩ་རུ་ཕྱེས་ཏེ༔ གཏེར་ཁ་བརྒྱ་རྩ་རུ་སྣ་རེ་སྦས་སོ༔ ལྷ་སྲས་མུ་ཏིག་བཙན་པོ་ལ་གནང་བ་ཕྱི་རྒྱུད་ཡིན་ཏེ༔ རྒྱང་ཡོན་པོ་ལུང་ན་སྦས་ཡོད༔ མཆིམས་རྡོ་རྗེ་སྤྲེ་ཆུང་ལ་གནང་བ་ནང་རྒྱུད་ཡིན་ཏེ༔ འགྲོ་དོན་མཐར་སོན་པ་དང༔ གཡས་རུ་གཙང་འགྲམ་དུ་སྦས་སོ༔ བྱང་ཟང་ཟང་ལྷ་བྲག་གི་རྐེད་བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའི་མཛོད་ལྔའི། ནུབ་ཟངས་མཛོད་དམར་པོའི་ཆོས་རྣམས་ཀྱི་སྙིང་པོ་དབང་ཕྱུག་ཆེན་པོའི་སྒྲུབ་ཐབས་རྒྱས་བསྡུས་ཚང་མར་འདུག་པ་ལས་ཞལ་བཤུས་སོ་ཨེ་ཝཾ།། །། ༄༅༔ གསང་བ་ཡང་ཁོལ་དང༔ སྔགས་བྱང་ ཐེམས་ཡིག་བཞུགས་སོ༔ ལྷོ་རུ་གསང་བ་ཡང་ཁོལ་བཞག༔ དེའི་བཅའ་ཐབས་འདི་ལྟར་རོ༔ རྫས་ནི་རྩ་བ་ཐང་ཕྲོམ་ཀ་ཀོ་ལ༔ པདྨའི་ཁྲག་དང༔ ཁྱི་མོའི་ཚི་ལུ་དང༔ རའི་ཚི་ལུ་དང༔ སྦྲང་སྨྱོན་ཕབས་དང་བུ་རམ་སྨུག༔ ཅོང་ཞི་ཉུངས་དཀར་བྱིའུའི་ཀླད་པ་དང༔ བྱ་ཕོའི་ཁྲག་དང་ཕུག་རོན་སྙིང་ལ༔ བུད་མེད་སྐྲ་ཅན་ཤར་མོའི་ཆུས༔ ཡང་ཡང་བྲན་ལ་གྲིབ་སྐམ་བྱ༔ རང་གི་དབང་པོ་སྒོ་ལྔའི་རྫས༔ ཁོང་སྲིན་ཅན་དང༔ ཐིག་ལེ་དང༔ དྲི་ཆེན་དང༔ སྣབས་དང་རྣ་སྤབས་སོ་ཞོ༔ མིག་ཆུ༔ ཁ་ཆུ༔ ལྟེ་ཁུང་དྲི་མ་ལ༔ རང་ཆུས་བྲན་ལ་གྲིབ་སྐམ་བྱས་ལ་བཞག༔ རང་གི་སྤུ་ངན་དང་བསྲེས་བཏགས་རིལ་བུ་མང་དུ་བྱ༔ དེ་ཡང་སྐྱེས་པ་དབང་དུ་བྱེད་པ་ལ་རང་གི་དྲི་རྫས་རྣམས་མི་དགོས༔ བུད་མེད་ཁྲོམ་ལ་མེད་ཐབས་མེད༔ སྙིང་པོ་མང་དུའོ༔ ཛཔ྄་ཉི་ཤུ་རྩ་གཅིག་གདབ༔ གྭའུར་བླུགས་ལ་ཞག་བདུན་བསྒྲུབ༔ ལག་མཐིལ་དུ་བཞག་པས༔ ཚ་ཟ་གཡའ་དང་འགལ་འགུལ་དང༔ རླངས་པ་བྱུང་ན་འགྲུབ་པ་ཡིན༔ འདི་ནི་ཁོང་དུ་བཏང་བ་ཡིས༔ སེམས་འགུགས་ལྕགས་ཀྱུ་ངར་མ་ཡིན༔ ཐབས་མཆོག་རང་དབང་མེད་པར་འདུ༔ བཅའ་བ་ཕོ་ཡི་རྐྱང་འདེད་ལ༔ ནུབ་ཏུ་གཏོར་མ་ཚང་བར་བཞག༔ བྱང་དུ་ཚོགས་དང་གཏོར་མ་བཤམ༔ འོག་ཏུ་བུག་པ་ཕུག་བྱས་ལ༔ ཕོ་མོ་རྐྱང་འདེད་ལིང་ག་གཞུག༔ དེའི་རྫས་ནི་བཅའ་གཞི་ལྟར་ཡིན༔ དང་པོ་སྤྱི་སྒྲུབ་བྱ༔ གསང་བའི་རྫས༔ ཕོ་དུང་ཆུང་དང༔ ནས་ཟན་སྙིང༔ མ་རུ་མགོ་ནག༔ སྦལ་ཤ་རྒྱ་སྦལ་ཤ་བཅས་པ་ཡིན༔ བྱ་མ་བྱིའི་ཤ་སྤུ་དང་ལྔ༔ ལུག་འོག་ཅན་འབྲས་བུ་ལ་རིལ་བུ་བྱ༔ རྫའམ་ཟངས་ཀྱི་གྭའུར་བཅུག་ལ་རླངས་པ་མ་ཤོར་བར་བྱས་ཏེ༔ ལེགས་པར་བཞག་པར་བྱ༔ ཡང་ཁོལ་སྒྲུབ་པའི་དམིགས་གནད་བཅས༔ སྐར་མ་རྒྱལ་གྱི་ཉིན་མོ་བསྒྲུབ༔ ཉི་མ་གཅིག་གིས་འགྲུབ་པ་འོ༔ རྒྱབ་བམ་ལམ་བཏང་དེས་ནི་ཁུག༔ འདི་ལ་ངེས་པར་ཐེ་ཚོམ་མེད༔ དེ་ནི་ཕོ་ཡི་རྐྱང་འདེད་ཡིན༔ བཅའ་བ་མོ་ཡི་རྐྱང་འདེད་ལ༔ བག་ཟན་མོ་གཟུགས་སོར་བཞི་ལ༔ མཚན་མ་ནས་གང་དབང་པོ་ཚང༔ མཚན་མར་ལྒ་དང་ཕོ་བ་རིས་དང་པི་པི་ལིང༔ ནས་ཟན་སྙིང༔ གསང་བ་ཡང་ཁོལ་ཕོ་རྫས་བླུག༔ དེ་ནས་ཟངས་ཁབ་རན་ཙམ་བཙུགས་ལ་དཀྲུགས༔ དྲག་ན་སྲོག་ལ་འབབ་པར་འགྱུར༔ བཟླས་པ་བྱས་པས་རླངས་པ་འོང༔ དེ་ནས་ཁབ་བཏོན་མི་ལག་སྤང༔ གང་ལ་བཙུགས་པའི་རྟེན་དེ་ཁུག་པར་འགྱུར༔ ད་ནི་སྔགས་ཀྱི་འདྲེན་ལུགས་ལ༔ སྔགས་ནི་སྔགས་བྱང་ནང་དུ་གསལ༔ དང་པོ་རྩ་བའི་སྔགས༔ ཡི་དམ་ཐུགས་རྗེ་ཆེན་པོ་འམ༔ གུ་རུ་པདྨ་ལ་བྱེད༔ དེ་ནས་རྟ་མགྲིན་ལ༔ དེ་ནས་ཡི་དམ་ལྕགས་མདའ་ལྕགས་གཞུ་ཅན་ལ༔ རྩ་བའི་སྒྲུབ་སྔགས་བཟླ༔ འདི་ལ་བསྙེན་པར་བྱའོ༔ རྩ་སྒྲུབ་མན་ཆད་སྒྲུབ་པར་འདུག༔ ཟླ་བ་གསུམ་ལ་མེད་ཐབས་མེད༔ དེ་ནས་ཧྲཱིཿཨ་ཏྲི་རྣྲྀ་ཛ་བཏགས་ལ༔ ཕྱི་སྒྲུབ་ཉི་ཟླའི་སྔགས་བཟླ༔ དེ་ལ་ནང་སྒྲུབ་བཏགས་ལ་ཞག་བདུན༔ དེ་ལ་གསང་སྒྲུབ་བཏགས་ལ་བཟླའོ༔ དེ་ནས་གསང་བ་ཡང་ཁོལ་བསྒྲུབ༔ དེ་ནས་ཕོ་སྒྲུབ་བྲན་ཁོལ་རྐྱང་འདེད་བྱ༔ དེ་ནས་མོ་སྒྲུབ་རྐྱང་འདེད་བྱ༔ དེ་ནས་ལས་ཚོགས་ཐེངས་གསུམ་བསྐྱར༔ དེས་ནི་རྒྱལ་པོ་དམངས་སུ་འབབ་ངེས༔ བཙུན་མོ་ཡང་དབང་དུ་འདུ་ངེས༔ སྐྱེས་པ་བྲན་དུ་ཁོལ་ངེས༔ ནག་ཆགས་གང་གིས་མཐོང་ཡང་འཕར་བར་ངེས༔ ས་གཡོ་ནུས༔ གཟའ་དབང་ནུས༔ ལྷ་དབང་དུ་འདུ་ངེས༔ ལྷ་མོ་བྲན་དུ་ལྷུང་ངེས༔ ཕྱུག་མོ་འདུ་ངེས༔ ཟས་ནོར་གཡོ་ནུས༔ གྲགས་པ་འབྱུང་ངེས༔ འཇིག་རྟེན་ལོ་ཀ་འུར་ངེས༔ གང་དུ་ཕྱིན་ཀྱང་མི་ནོར་ཟས་གསུམ་འདུ་ངེས༔ ལྷ་འདྲེ་མི་གསུམ་བདག་ལ་དགའ་བར་འགྱུར༔ འདི་མེད་གཞན་པ་ཡུག་པ་རྐྱང༔ འདི་ནི་མདུང་མཚོན་ལྟ་བུ་ཡིན༔ མན་ངག་ཁྱད་པར་ཅན་འདི་ཡི་བྱ་ཐབས༔ རྫས་དང་མཎྜལ་བཅའ་གཞི་སྔགས་ཀྱི་འདྲེན་ལུགས་མ་ནོར་བར་བཀོད་པའོ༔ དཔྲལ་བའི་མིག་དང་འདྲ་བ་འདི༔ སློབ་དཔོན་པདྨའི་བཀའ་འོ༔ འདི་མཆིམས་རྡོ་རྗེ་སྤྲེ་ཆུང་གིས་ཞུས་སོ༔ རླུང་ཞགས་སྙིང་བྱང་ྀཨཚ༔ སྔགས་བྱང་འཕྲུལ་གྱི་ཞལ་ཁྲིགས་སྙིང་གི་ཁུ་བའོ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔་་་སྤྱི་དོན་ཀུན་ཏུ་རྒྱུག་པ་ཡབ་སྔགས་ཡིན། ཀ་བྷི་ར་ཀོ་བྷི་ར་ཧཱུྃ༔་་་ཡབ་ཀྱི་ལས་སྔགས་ཕོ་སྔགས་ཀྱིས་ཕོ་སྡུད་པ་ཡིན། ཨུ་ཙུས་མ་ཀུག་ཏ་ཧཱུྃ༔་་་ཡུམ་གྱི་རྩ་སྔགས། ཨོཾ་ཨུ་མཱཿདེ་བཱི་ཧཱུྃ༔་་་ཡུམ་གྱི་ལས་སྔགས། དེ་རྣམས་རྩ་བའི་སྔགས་ཡིན་ནོ༔ ཨེ་མནྫུ་ཀུག་ཏ་ཧཱུྃ༔་་་རྩ་སྒྲུབ་ཀྱི་ཕྱི་སྔགས། ཀ་བྷི་ར་ཀོ་བྷི་ར༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔་་་མི་སེམས་སྡུད་པ་ནང་སྔགས། ཨུ་ཙུས་མ་ཀུག་ཏ་ཧཱུྃ༔་་་གསང་བ། མི་སེམས་དཀྲུགས་དཀྲུགས༔་་་མི་སེམས་སྡུད་པའོ། །སྡུས་སྡུས༔་་་རང་དབང་མེད་པར་བཏང་བའོ། །དང་པོ་འདི།་་་དེ་ནི་ཕྱི་སྒྲུབ་དུས་སུ་བཟླ༔ རང་གི།་་་གང་འདོད་སྒྲུབ་པའི་སྔགས་ཡིན་ནོ༔ ཨེ་མནྫུ་ཀུག་ཏ་ཧཱུྃ༔་་་མགོ་གནོན་ཡིན། བཛྲ་སིདྡྷི་ཕ་ལ་ཧཱུྃ༔་་་ཤར་གྱི་ཌཱ་ཀི་མ་ཡིན། རཏྣ་སིདྡྷི་ཕ་ལ་ཧཱུྃ༔་་་ལྷོའི་ཌཱ་ཀི་མ་ཡིན། པདྨ་སིདྡྷི་ཕ་ལ་ཧཱུྃ༔་་་ནུབ་ཀྱི་ཌཱ་ཀི་མ་ཡིན། ཀརྨ་སིདྡྷི་ཕ་ལ་ཧཱུྃ༔་་་བྱང་གི་ཌཱ་ཀི་མ་ཡིན། ཀ་བྷི་ར་ཀོ་བྷི་ར༔་་་ལས་སྔགས། མི་སྙིང་སྒུལ༔་་་འཇིགས་བྱེད་ནོར་བུ་བསམ་འཕེལ་གྱི་ཕྱི་སྒྲུབ་ཀྱི་སྔགས་བྱང་ཡིན།་་་མི་འགྲམ་ཆོག༔ མི་སེམས་དཀྲུགས༔ རང་དབང་མེད་པར་ཁུག་ལ་ཤོག༔ ྈྈྈ ༈ ནོར་བུ་བསམ་འཕེལ་ནང་སྒྲུབ་རྒྱལ་པོ་ལྟར་བསྟོད་པ།་་་ཨེ་མནྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ དམངས་ཕལ་སྲེག་པ་ཡིན།་་་ཛྭ་ལ་རཾ་སརྦ་སིདྡྷི་ཨ་ལ་ལ་ཧཱུྃ༔་་་བསམ་འཕེལ་ནོར་བུ་ནང་སྒྲུབ་ཀྱི་སྔགས་བྱང་དང་གང་འདོད་འབྱུང་བའི་ནོར་བུ་སྒྲུབ་པ་ཡིན་ནོ། །དངུལ་དཀར་མེ་ལོང་ནང་དུ་ནོར་བུའི་སྔགས་གདབ༔ ཨེ་མནྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ མི་སྙིང་སྒུལ་སྒུལ༔ མི་འགྲམ་ཆོག་ཆོག༔ མི་སེམས་དུང་དུང༔ རང་དབང་མེད་པར་མི་ནོར་སྣ་དགུ་ཁུག་ལ་ཤོག༔ གསང་སྒྲུབ།་་་ཨེ་མནྫུ་ཀུག་ཏ་ཧཱུྃ༔་་་གསང་བའི་སྒྲུབ་ཐབས་ཡིན། ཀ་བྷི་ར་ཀོ་བྷི་ར༔་་་རང་གང་བསམ་སྒྲུབ་པའི་ལས་ཡིན། ཨ་ཏྲི་རྣྲྀ་ཛཿདུང་དུང་འདུས་འདུས༔་་་གསང་བ་སྣང་བ་དབང་སྡུད་ཀྱི་ལས་སྔགས་ཡིན༔ སྡུས་སྡུས༔ འདུ་འདུ༔ མགོ་ནག་མིའི་སེམས་དཀྲུགས་ལ༔ སྙིང་འཕྱོ་རུ་ཆུག༔ རྐང་པ་འགྲོ་རུ་ཆུག༔ ཡིད་ཀྱི་རྣམ་ཤེས་རང་དབང་མེད་པར་ཁུག་ལ་ཤོག༔ ལས་ཚོགས་སྤྱི་སྒྲུབ་ལ༔ ཨེ་མནྫུ་ཀུག་ཏ་ཧཱུྃ༔་་་ཕོ་མོ་སྤྱི་སྒྲུབ་ཡིན་ཕོ་མོ་ཐམས་ཅད་དབང་དུ་འདུ། རང་དབང་མེད་པར་ཁུག་ལ་ཤོག༔ ཆེ་གེ་མོ་བདག་གི་དབང་དུ་གྱུར་ཅིག༔ ཅེས་རྩ་བའི་སྔགས་ལ་བོད་སྐད་ཀྱི་ལས་སྦྱོར་གདག་གོ༔ ཕོ་རྐྱང་འདེད་ལ༔་་་ཕོ་དབང་དུ་བསྡུ་བ། ཨེ་མནྫུ་ཀུག་ཏ་ཧཱུྃ༔ ཡཀྵ་དུན་ཏྲི་དུན་ཏྲི་ཕོབ༔ ཉ་ཤ་ཉ་ཚ་ཤོ་ནི་ཁུག༔ ཨཱ་ཀརྵཱ་ཡ་ཛ་ཛ༔ སྐྱེས་པ་ཐམས་ཅད་བདག་གི་དབང་དུ་གྱུར་ཅིག༔ ཨེ་མནྫུ་ཀུག་ཏ་ཧཱུྃ༔་་་མོ་རྐྱང་འདེད་མོ་དབང་དུ་བསྡུ་བ། ཀ་བྷི་ར་ཀོ་བྷི་ར༔ ཙག་ཙག་གཡའ་ཙག་ཙག༔ སད་སད་ཁུག་ཁུག་ཨེ༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔ གསང་བ་ཡང་ཁོལ་སྔགས་ལ༔ ཨོཾ་ཛབ་ཛབ་ཛུབ་ཛུབ་ཁུག་ཛ༔ ཟེ་ཛོ་ཟེ་ཛོ་ཧྲིཾ་ཧྲིཾ་བློང་བློང་བྲམ་ཤོག༔ ཁུག་སྡུས༔ རཾ་རཾ་དེད་དེད་སློང་སློང་ཁུག་ནི་ཛ༔ ཨ་ཏྲི་རྣྲྀ་འདི་ལ་ཛ་ཛ༔ རིགས་བཞིའི་མི་རྣམས་ཐམས་ཅད་ཀུན༔ མངའ་ཐང་འབངས་སུ་འཁོལ་འདོད་པས༔ མ་ཧཱ་དེ་བ་སྨུག་ནག་རལ་པ་འཐིབས་པར་བདག་ཉིད་བསྒོམ༔ གཡས་པས་ལྕགས་ཀྱུས་རིགས་བཞིའི་སྙིང་ནས་འདྲེན༔ གཡོན་པ་ཞགས་པས་སྐེ་ནས་འཆིང༔ དགའ་བ་སྐྱེད་པའི་ཏིང་འཛིན་ཡང་ཡང་སྦར༔ མ་ཧཱ་དེ་བ་ལོ་ཀ་ནན༔ དྷེ་དྷ་ཤ་ཤུ་ཨཾ་གུ་ཤ་ཛ་ཛ༔ རྣྲྀ་རཱ་ཛ་ཁུག༔ སིདྡྷི་ཁུག་ཁུག་ལོང༔ ད་ཧ་ར་ཕོབ་ཡ༔ རཱ་ཛ་ལོང་ཨཾ་གུ་ཤ་ཛ་ཛ༔ དེ་བ་ལོང་ཁུག༔ བྷྲོ་ཧ་བྷ་དྷ་དུ་ནི་དུ་ནི༔ མིི་འུ་རིགས་བཞིའི་མི་ནོར་སྣ་དགུ་ཁུག༔ ཆུག་ཕོབ་ཡ༔ མ་ཧཱ་དེ་བ་ཧྲི་ད་ཡ་ནི༔ ཤུ་ད་ཡ་ཨཾ་གུ་ཤ་སརྦ་ཤུ་ན་འདུ་ཛ༔ ཟབ་པའི་མཐར་ཐུག་གི་ཁྲིགས་སྙིང་བྱང་མིག་དང་འདྲ་བ་འདི༔ ཀུན་ལ་མེད་པའི་ཁྱད་འཕགས་ཡིན༔ འདིའི་ལོག་གནོན་སྤོགས་ཆོག་གསང་བ་ཡང་ཁོལ་ཡིན་ནོ༔ གུ་རུའི་ཞལ་ནས་གསུངས་པ༔ མཆིམས་རྡོ་རྗེ་སྤྲེ་ཆུང་ལ་གདམས་པ་མངའ་བདག་གིས་ཐོབ་སྟེ༔ བསེ་སྒྲོམ་དུ་སྦས་སོ༔ ྈྈྈ སྔགས་ཀྱི་ཐེམས་ལ༔ རྩ་བའི་སྔགས་ལ་ཡིག་འབྲུ་དྲུག༔ འགྲེང་བུ་གཅིག་དང་ཞབས་ཀྱུ་གསུམ༔ ལས་སྔགས་ཡི་གེ་འབྲུ་དྲུག་ལ༔ གི་གུ་གཉིས་དང་ན་རོ་གཅིག༔ སྐབས་འདོགས་སྔགས་ལ་ཡིག་འབྲུ་དྲུག༔ ཞབས་ཀྱུ་བཞི༔ ཡུམ་གྱི་སྔགས་ལ་ཡིག་འབྲུ་དྲུག༔ ཨོཾ་དང་ཨུ་གཅིག་ཡོད་པ་ཡིན༔ དེ་ནི་རྩ་བའི་སྔགས་ཐེམས་སོ༔ སྡུད་བྱེད་ཡི་གེ་འབྲུ་དྲུག་པོ༔ གང་ཡང་ཤམ་དུ་འདོགས་པ་ཡིན༔ མནྫུ་ཡིག་འབྲུ་དྲུག་པ་འདི༔ ཀུན་གྱི་མགོ་རུ་འདོགས་པ་ཡིན༔ ཀ་བྷི་ར་སོགས་སྔགས་དེ་ཡང༔ ཀུན་གྱི་བར་དུ་གཞུག་པ་ཡིན༔ དེ་བར་ཐེམས་ཡིན་ནོ༔ སྔགས་ཀྱི་ཐེམས་ཡིག་འདི་མེད་ན༔ ལས་རྣམས་མི་འགྲུབ་ཡུག་པ་རྐྱང༔ དེས་ན་སྔགས་ཐེམས་མན་ངག་ཡང་གཅེས་ཡིན༔ ཞེས་པདྨས་གསུངས་སོ༔ ནོར་སྒྲུབ་བཛྲ་རཏྣ་པདྨ་ཀརྨ་སིདྡྷི་ཕ་ལ་བཞི༔ མི་སྙིང་སྒུལ༔ མི་སེམས་སྒུལ་ལ་སོགས་པའོ༔ སྲེག་པ་ཀ་བྷི་རའི་ཤམ་བུར་ཛྭ་ལ་རཾ་སརྦ་སིདྡྷི་ཨ་ལ་ལ་ཧོ༔ མཉྫུ་དང་ནི་ཀ་བྷི་རའི་ཤམ༔ སྙིང་སྒུལ་སེམས་སྒུལ་མི་འགྲམ་ཆོག་དུང་དུང་སྡུས༔ ཞེས་པ་གདགས༔ སྣང་བ་དབང་སྡུད་ལ༔ མཉྫུ་ཀུག་ཏ་དང་ཀ་བྷི་རའི་ཤམ༔ ཨ་ཏྲི་རྣྲྀ་ཛ་དུང་དུང་འདུས་འདུས༔ སྡུས་སྡུས༔ འདུ་འདུ༔ མི་སེམས་དཀྲུགས་ལ༔ སྙིང་འཕྱོ་རུ་ཆུག༔ རྐང་པ་འགྲོ་རུ་ཆུག༔ ཡིད་ཀྱི་རྣམ་ཤེས་འགུགས་པའི་གསང་ཐེམས་སོ༔ རྐྱང་འདེད་ལ་མགོ་རུ་འབྲུ་དྲུག་གཅེས་པ་ཡིན༔ ཕོ་ལ་ཡིག་འབྲུ་ཉི་ཤུ་ཡོད༔ གི་གུ་གསུམ་ན་རོ་གཉིས་ཞབས་ཀྱུ་གསུམ་ཡོད༔ ར་བཏགས་གཉིས་དང་འ་བཏགས་གཅིག༔ མོ་ལ་ཡིག་འབྲུ་བཅུ་དྲུག་ཡོད༔ འགྲེང་བུ་གཅིག་དང་གི་གུ་གཅིག༔ ཞབས་ཀྱུ་གཉིས་དང་ར་བཏགས་གཅིག༔ གསང་བ་ཡང་ཁོལ་ལ་ཡིག་འབྲུ་སུམ་ཅུ་སོ་ལྔ་ཡོད༔ ཤད་བར་ལྔ༔ མགོ་ན་ཨོཾ༔ འགྲེང་བུ་བཞི༔ ན་རོ་བདུན༔ གི་གུ་དྲུག་ཞབས་ཀྱུ་དྲུག༔ ཀླད་ཀོར་ལྔ༔ དེ་བས་མང་ན་ལྷག༔ ཉུང་ན་ཆད༔ སྤོགས་པའི་མགོ་གནོན་ཡང་ཁོལ་ལ༔ ཡིག་འབྲུ་ཚེག་བར་བརྒྱད་ཅུ་གྱ་གཉིས་ཡོད༔ ཤད་བར་བཅུ་གཉིས༔ འགྲེང་བུ་བཞི༔ ན་རོ་བརྒྱད༔ གི་གུ་བཅུ་གཅིག༔ ཞབས་ཀྱུ་བཅུ་བདུན༔ ར་བཏགས་གསུམ༔ འ་བཏགས་བཞི༔ ཧ་བཏགས་བརྒྱད༔ དེ་ལྟར་སྔགས་ཀྱི་ཐེམས་ཡིག་འདི༔ ལས་ཅན་དོན་དུ་པདྨས་གསུངས༔ མངའ་བདག་རྗེ་ཡི་སྙན་གྱིས་གསན༔ མཆིམས་ཀྱིས་གསང་མ་ཐུབ་སྟེ༔ རྗེ་ལ་གཏད་རྗེས་གསང་སྟེ་བསེ་སྒྲོམ་ནང་དུ་སྦས༔ རྒྱ་རྒྱ་རྒྱ༔ རྒྱ་གསུམ་བཏབ་སྟེ་སྦས་པ་རུ་ལག་རྒྱང་གི་མགོན་པོ་དམར་པོ་ནས་སྤྱན་དྲངས་པའོ།། །། ༄༅༔ ལྷ་ཆེན་མ་ཧཱ་དེ་བ་ཡབ་ཡུམ་གྱི་སྲོག་འཁོར་རྒྱས་འབྲིང་བསྡུས་གསུམ་ཡོད༔ ལྷ་ཆེན་དབང་ཕྱུག་མ་ཧཱ་དེ་བ་ལ་ན་མོ༔ ཕྱི་ཉིི་ཟླ་རླུང་གི་ཞགས་པ་ལ་བསྟེན་ནས་སྙན་གྲགས་སྒྲུབ་པའི་འཁོར་ལོ་སེང་ལྡེང་སྲིད་མེས་སུ་གཟུད་དེ༔ བསྙེན་པ་འདི་བཟླའོ༔ ཨོཾ་དབང་ཕྱུག་ལྷ་ཆེན་ཧྲིང༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཧྲཱིཿཧསྟི་ཕ་ལ༔ རཏྣ་སིདྡྷི་ཕ་ལ༔ བཱ་སུ་ན་དྷེ༔ རཏྣ་པཱ་ཤཾ་ཀུ་རུ༔ པུཥྚིཾ་རཏྣ་ཛ་ཛ༔ ནཱ་ག་ཕ་ལ་ཧྲིང་ཧྲིང་ཕཊ་ཕཊ་སྭཱ་ཧཱ༔ དེ་ལ་བསྙེན་པ་ཞག་བདུན་བཟླ༔ དེས་སྙན་གྲགས་རྒྱ་ཆེན་འབྱུང་ངོ༔ ཕྱི་སྒྲུབ་ྀཨཚ༔ ནང་སྒྲུབ་བསམ་འཕེལ་ནོར་བུ་ལ་བསྟེན་ནས༔ དབང་དུ་སྡུད་པའི་འཁོར་ལོ་ཙན་དན་སྲིད་མེས་སུ་བཅུག་ལ་བསྒྲུབ༔ དེའི་སྔགས་ནི༔ ཨོཾ་དབང་ཕྱུག་ལྷ་ཆེན་ཙིཏྟ་ཧྲིང་ཡམ་ཛ་ཛ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ དེ་བ་ཤྭ་ར་མ་ཧཱ་སརྦ་ལོ་ཀ༔ རཏྣ་བཱ་སུ་པཱ་ཤཾ་ཀུ་རུ་ཧྲིང་ཧྲིང་ཛ་ཛ༔ ཧྲཱིཿཧསྟི་ཕ་ལ་སི་ཏི་ནཱ་ནཱ་ཁ་དྷེ༔ བཱ་སུ་ན་དྷེ་པུཥྚིཾ་ཀུ་རུ༔ རཏྣ་ཛ་ནཱ་ག་ཕ་ལ༔ ཧྲིང་ཧྲིང་ཕཊ་ཕཊ༔ ཞག་བདུན་བཟླའོ༔ ནང་སྒྲུབ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསང་བ་སྲིད་མེས་ཀྱི་འཁོར་ལོ་ལ་བརྟེན་ནས༔ འཇིག་རྟེན་གྱི་མི་ཕོ་མོ་དབང་དུ་བསྡུ་བ༔ ཟངས་ཀྱི་སྲིད་མེས་སུ་གཟུད༔ སྔགས་འདི་བཟླའོ༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ཨེ་ཤ་ཧྲིང་ཡམ་ཛ་ཛ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་དེ་བ་སརྦ་ལོ་ཀ་མ་ནུ༔ བཱ་སུ་རཏྣ༔ པཱ་ཤཾ་ཀུ་རུ་ཧྲིང་ཛ༔ ཀ་བྷི་ར་ཀོ་བྷི་ར༔ བྷ་ཤན་ཨུ་གེ༔ རཏྣ་པཱ་ཤཾ་སིདྡྷི༔ ཨཾ་གུ་ཤ་ཛ་ཛ༔ ཞེས་ཞག་བདུན་བཟླས་ལ་བསྒྲུབ་བོ༔ གསང་སྒྲུབ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ ནོར་སྒྲུབ་བརྒྱ་རྩ་ཡོད་གྱུར་ཀྱང༔ དབང་ཕྱུག་ཆེན་པོའི་རླུང་ཞགས་འདི༔ ནོར་སྒྲུབ་ཀུན་གྱི་སྙིང་པོ་ཡིན༔ ནོར་ལྷ་གཞན་རྣམས་གཟུགས་དང་འདྲ༔ དབང་ཕྱུག་ཆེན་པོ་སྙིང་དང་འདྲ༔ ཤིན་ཏུ་ཟབ་ཅིང་གཅེས་པར་ཟུངས༔ ཞེས་གསུངས་ནས༔ རྡོ་རྗེ་སྤྲེ་ཆུང་ལ་གནང་ངོ༔ ཟང་ཟང་ལྷ་བྲག་ལ་སྦས༔ ཟངས་ཀྱི་གྭའུའི་ནང་ཡབ་ཡུམ་གྱི་འཁོར་ལོ་རྒྱས་པ་བཅང་ངོ༔ ཡབ་ལ་འཁོར་ལོ་རྩིབས་བཞི་རྩིབས་བརྒྱད་རྩིབས་བཅོ་བརྒྱད་རྣམས་མུ་ཁྱུད་གཅིག་གིས་བསྐོར་བ་བྲི༔ དབུས་ཀྱི་ལྟེ་བ་ལ༔ ཨོཾ་དབང་ཕྱུག་ལྷ་ཆེན་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ མ་ཧཱ་དེ་བ་མི་སེམས་དཀྲུགས་ཁུག་ས་མ་ཡ་ཛ་ཛ༔ དབང་ཕྱུག་ཆེན་པོས་འཇིག་རྟེན་གྱི་མི་ནོར་ཟས་དང་བཅས་པ་དབང་དུ་སྡུས་ལ་ཁུག་ཅིག༔ བསོད་ནམས་སྤེལ་ཅིག༔ འཇིག་རྟེན་གཡོ་ཞིང་འགུལ་བའི་བསོད་ནམས་འུར་ཆེན་སྐྱེད་ཅིག༔ ཕ་རོལ་མི་ལ་རང་དབང་མེད་པར་མི་སྙིང་སྒུལ་ལ་ཟས་ནོར་ཁྱེར་ལ་ཤོག་ཅིག༔ ཧྲིང་ཧྲིང་ཛ་ཛ༔ ཞེས་བྲིའོ༔ རྩིབས་བཞི་ལ༔ ༡ ཨོཾ་མ་ཧཱ་དེ་བ་སརྦ་ལོ་ཀ་མ་ནུ་སིདྡྷི་ཧཱུྃ༔ མི་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༢ ཨོཾ་མ་ཧཱ་དེ་བ་ལོ་ཀ་རཏྣ་སིདྡྷི་ཧཱུྃ༔ རིན་པོ་ཆེ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༣ ཨོཾ་མ་ཧཱ་དེ་བ་བཱ་སུ་སིདྡྷི་ཧཱུྃ༔ ནོར་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༤ ཨོཾ་མ་ཧཱ་དེ་བ་བཱ་སུ་གྷེའུ་སིདྡྷི་ ཧཱུྃ༔ ཤ་མར་འབྲུ་བཅུད་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ཅེས་བྲིའོ༔ རྩིབས་བརྒྱད་ལ༔ ༡ དབང་ཕྱུག་ཆེན་པོས་མི་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༢ ཆེ་བཙན་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༣ འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལོངས་སྤྱོད་ལྟ་བུ་ཐམས་ཅད་ཁུག་ཅིག༔ ༤ དགེ་བཤེས་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༥ བཙུན་པ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༦ སྔགས་པ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༧ བོན་པོ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༨ དབང་ཕྱུག་ཆེན་པོས་མོ་བཙུན་བུད་མེད་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ཅེས་བྲིའོ༔ རྩིབས་བཅོ་བརྒྱད་ལ༔ ༡ ཨོཾ་མ་ཧཱ་དེ་བ་ཧཱུྃ༔ མ་ཧཱ་པུཎྱ་སིདྡྷི་ཧཱུྃ༔ ༢ བཱ་སུ་སིདྡྷི་ཧཱུྃ༔ ༣ རཏྣ་སིདྡྷི་མ་ནཔ྄་སིདྡྷི་ཧཱུྃ༔་་་ཡང་དཔེ་གཅིག་ལ།འཁོར་ལོ་རྩིབས་བཅུ་དགུ་བྱས་ཏེ༔ རཏྣ་སིདྡྷི་ཧཱུྃ༔ མ་ན་པཱ་ཤཾ་སིདྡྷི་ཧཱུྃ༔ ཞེས་གཉིས་སུ་ཕྱེས་འདུག༔ གོང་འོག་ཀུན་ལ་རྩིབས་བཅུ་དགུ་ཞེས་འདུག༔ ༤ བ་ལ་སིདྡྷི་ཧཱུྃ༔ ༥ གྷའུ་སིདྡྷི་ཧཱུྃ༔ ༦ བྷ་ཏཾ་སིདྡྷི་ཧཱུྃ༔ ༧ བེ་ག་སིདྡྷི་ཧཱུྃ༔ ༨ གྷ་མ་རེ་སིདྡྷི་ཧཱུྃ༔ ༩ བྷ་ལེ་སིདྡྷི་ཧཱུྃ༔ ༡༠ པུ་ཏྲ་སིདྡྷི་ཧཱུྃ༔ ༡༡ ཤུཾ་བྷཱ་ཏེ་སིདྡྷི་ཧཱུྃ༔ ༡༢ མ་ད་ན༔ མན་དྷ་སིདྡྷི་ཧཱུྃ༔ ༡༣ ཏྲི་པི་ཏ་སིདྡྷི་ཧཱུྃ༔ ༡༤ མ་ལི་སིདྡྷི་ཧཱུྃ༔ ༡༥ སོ་ན་སིདྡྷི་ཧཱུྃ༔ ༡༦ གོས་དར་སིདྡྷི་ཧཱུྃ༔ ༡༧ རྟ་དང་འབྲི་གཡག་སིདྡྷི་ཧཱུྃ༔ ༡༨ བ་གླང་ར་ལུག་སིདྡྷི་ཧཱུྃ༔ དེ་ལྟར་བཅོ་བརྒྱད་ཀྱི་མགོ་རུ༔ ཨོཾ་མ་ཧཱ་དེ་བ་ཧཱུྃ༔ ཞེས་པས་ཐོག་དྲངས་པས་བྲིའོ༔ མུ་ཁྱུད་ལ༔ ཨོཾ་མ་ཧཱ་དེ་བ་ཨེ་ཤ་ཙིཏྟ་ཧྲིང་ཡམ་ཛ་ཛ༔ དེ་བ་ཤྭ་ར་མ་ཧཱ་ཨེ་ཤ་ཧྲིང༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ནུ་ཙིཏྟ་སྒུལ༔ པཱ་ཏཱ་སྒྱུར་ཁུག༔ ཧསྟ་འགུལ་འགུལ༔ སརྦ་བཱ་སུ་རཏྣ༔ བྷི་ཧ་ར་ཁུག་སྡུས༔ ཧྲཱིཿཧསྟི་ཕ་ལ༔ རཏྣ་སིདྡྷི་ཕ་ལ་ཧཱུྃ༔ བཱ་སུ་ན་དྷེ༔ པཱ་ཤཾ་ཀུ་རུ༔ བྷཱུ་ཏི་ས་ནཱ་ག་ཕ་ལ༔ ཧྲིཾ་ཧྲིཾ་ཛ་ཛ༔ དབང་ཕྱུག་ཆེན་པོས་བདག་གི་སྟོབས་སྐྱེད་ཅིག༔ མི་ཐམས་ཅད་བདག་གི་འཁོར་དུ་སྡུས་ཤིག༔ དབང་དུ་སྡུས་ལ་སྤེལ་ཅིག༔ ལོངས་སྤྱོད་འཕྲུལ་དགའི་ལྷ་དང་མཉམ་པར་སྤེལ་ཅིག༔ རྨུ་ཡད་ཀྱི་ཞག་མཚོ་ལྟར་སྤེལ་ཅིག༔ སྟོང་པ་ཁོངས་ཁེངས་པར་བླུགས་ཤིག༔ ཅེས་མཚལ་གྱིས་བྲིའོ༔ གང་བྱུང་ཚད་ཀྱི་འབྲུ་སྣ་དང༔ དར་ཟབ་དང༔ རཏྣ་ལྔ་གཞུག༔ རྡོ་ཕ་ཝཾ་ལ་ཧྲཱིཿདམར་པོ་དྲུག་བྲིས་ལ་འཁོར་ལོར་གཞུག༔ དབང་ཕྱུག་ཆེན་པོ་འདི་ལ་གནས་གྱིས་ལ་བཞུགས་ཤིག༔ བདག་ལ་སྐུ་དང་གྲིབ་མ་ལྟར་མི་འབྲལ་བར་འགྲོགས་ཤིག༔ ཅེས་པ་ཡང་བྲིའོ༔ ཡབ་ཀྱི་སྲོག་འཁོར་རྒྱས་པ་རྫོགས་སོ༔ ཡུམ་གྱི་ཙཀྲ་ནི༔ པདྨ་འདབ་བཞི་འདབ་བརྒྱད་འདབ་མ་བཅོ་བརྒྱད་ལ༔ མུ་ཁྱུད་གཅིག་གིས་བསྐོར་བ་བྲི༔ ལྟེ་བ་ལ༔ ཨོཾ་ཨུ་མཱཿདེ་བཱི་བཱ་སུ་དྷཱ་རི་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ ཨུ་མཱཿདེ་བཱིས་མི་སེམས་དཀྲུགས་ཁུག་ས་མ་ཡ་ཛ་ཛ༔ ཨུ་མཱཿདེ་བཱིས་འཇིག་རྟེན་ཐམས་ཅད་ཀྱི་མི་ནོར་ཟས་གསུམ་བདག་གི་དབང་དུ་སྡུས་ལ་ཁུག་ཅིག༔ བསོད་ནམས་འུར་བག་སྐྱེད་ཅིག༔ ཕ་རོལ་མི་ལ་རང་དབང་མེད་པར་མི་སྙིང་སྒུལ༔ ཟས་ནོར་ཁུག༔ བཱ་སུ་རཏྣ་ཧྲིང་ཧྲིང་ཛ་ཛ༔ ཞེས་བྲིའོ༔ འདབ་མ་བཞི་ལ༔ ༡ ཨོཾ་ཨུ་མཱཿདེ་བཱི་སརྦ་ལོ་ཀ་མ་ནུ་སིདྡྷི་ཧཱུྃ༔ མི་ཕོ་མོ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༢ ཨོཾ་ཨུ་མཱཿདེ་བཱི་སརྦ་ལོ་ཀ་རཏྣ་སིདྡྷི་ཧཱུྃ༔ རིན་པོ་ཆེ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༣ ཨོཾ་ཨུ་མཱཿདེ་བཱི་སརྦ་བཱ་སུ་སིདྡྷི་ཧཱུྃ༔ ནོར་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༤ ཨོཾ་ཨུ་མཱཿདེ་བཱི་སརྦ་བཱ་སུ་གྷེའུ་སིདྡྷི་ཧཱུྃ༔ ཤ་མར་འབྲུ་བཅུད་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ཅེས་བྲིའོ༔ འདབ་མ་བརྒྱད་ལ༔ ༡ ཨུ་མཱཿདེ་བཱིས་མི་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༢ ཆེ་བཙན་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༣ འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལོངས་སྤྱོད་ལྟ་བུ་ཐམས་ཅད་ཁུག་ཅིག༔ ༤ དགེ་བཤེས་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༥ བཙུན་པ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༦ སྔགས་པ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༧ བོན་པོ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༨ ཨུ་མཱཿདེ་བཱིས་མོ་བཙུན་བུད་མེད་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ཅེས་བྲིའོ༔ འདབ་མ་བཅོ་བརྒྱད་ལ༔ ཨོཾ་ཨུ་མཱཿདེ་བཱི་མ་ཧཱ་པུཎྱེ་སིདྡྷི་ཧཱུྃ༔ ཞེས་པས༔ མ་ཧཱ་དེ་བ་ཨུ་མཱཿདེ་བཱིར་བསྒྱུར་ནས༔ ཡབ་ཀྱི་རྩིབས་སྔགས་རྣམས་བྲིའོ༔ མུ་ཁྱུད་ལ༔ ཨོཾ་ཨུ་མཱཿདེ་བཱི་ཨེ་ཤ་ཧྲིཾ་ཧྲིཾ་ཛ་ཛ༔ ཨུ་མཱཿདེ་བཱི་སརྦ་ལོ་ཀ་ཧྲིང་ཧྲིང་ཛ་ཛ༔ མ་མ་རཏྣ་འགུལ་འགུལ༔ ཧྲིཾ་ཧྲིཾ་སྡུས་སྡུས༔ ཨུ་མཱཿདེ་བཱི་མ་མ་ཁ་ཤི༔ མི་སྙིང་སྒུལ༔ མི་འགྲམ་ཆོག༔ མ་མ་ཁ་ཤི་བཾ་སྭཱ་ཧཱ༔ རྣྲྀ་ཨཱ་ཀརྵཱ་ཡ་ཧྲིང༔ རྣྲྀ་ཨཱ་ཀརྵཱ་ཡ་ཛ༔ ཨུ་མཱཿདེ་བཱི་ཨཱ་བེ་ཤ་ཡ་ཧྲིང་ཧྲིང་ཛ་ཛ༔ ཨུ་མཱཿདེ་བཱིས་མི་ནོར་ཟས་གསུམ་དབང་དུ་སྡུས་ཤིག༔ བཱ་སུ་རཏྣ་སི་ཏི་ཧྲིང་ཧྲིང་ཛ་ཛ༔ ཞེས་བྲིའོ༔ ཡབ་ཡུམ་གྱི་སྲོག་འཁོར་ཕྱི་ལ་སྐུ་བྲིའོ༔ འཁོར་ལོའི་བར་དུ་ཟླ་གམ་ཤོག་དམར་གཞུག་སྟེ༔ བྲི་ཐབས་འོག་ན་གསལ༔ སྙིང་ལ་འདོད་ཚད་ཀྱི་མིང་དང་དབང་དུ་སྡུས་ཤིག༔ བསོད་ནམས་འུར་བག་སྐྱེད་ཅིག༔ ཕ་རོལ་གྱི་མི་ལ་རང་དབང་མེད་པར་དབང་དུ་སྡུས་ལ་མི་སྙིང་སྒུལ༔ ཟས་ནོར་སྡུས་ཤིག༔ ཅེས་བྲིའོ༔ རབ་གནས་བྱས་དར་སྣ་ལྔས་དྲིལ་ཏེ༔ གྭའུར་གཞུག་ཅིང་ལུས་ལ་བཅང་ངོ༔ གསང་བ་གྭའུའི་སྒྲུབ་ཐབས་ནི༔ དབང་ཕྱུག་སྲོག་གི་འཁོར་ལོ་ཡིན༔ བཅངས་པ་ཙམ་གྱིས་མི་ནོར་འདུ༔ བསོད་ནམས་ནགས་ལ་མེ་མཆེད་བཞིན༔ འུར་གྱིས་འགྲོ་བར་ཐེ་ཚོམ་མེད༔ འདི་སྒྲུབས་སེམས་ཅན་འགྲོ་དོན་གྱིས༔ བསོད་ནམས་འདི་ཉིད་བསྒྲུབ་ན་འོངས༔ འུར་བག་འདི་བས་ཆེ་བ་མེད༔ གསང་ནས་བསྒྲུབ་ན་འགྲུབ་པ་ཡིན༔ ལྷ་ཆེན་ཡབ་ཡུམ་གྱི་སྲོག་འཁོར་རྒྱས་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལྷ་ཆེན་ཡབ་ཡུམ་གྱི་སྲོག་འཁོར་འབྲིང་པོ༔ ཡབ་ཀྱི་ཙཀྲ་རྩིབས་བཞི་རྩིབས་བརྒྱད་མུ་ཁྱུད་གཅིག་པ་བྲི༔ དབུས་ཀྱི་ལྟེ་བ་ལ༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ཙིཏྟ་ཧྲིང་ཡམ་ཛ༔ མི་ནོར་ཟས་གསུམ་དབང་དུ་སྡུས་ཤིག༔ བྲིའོ༔ རྩིབས་བཞི་ལ༔ དབང་ཕྱུག་ཆེན་པོ་ཙིཏྟ་ཨེ་ཤ་ཧྲིང་ཡམ་ཛ་ཛ༔ ཞེས་པ་བཞི་བྲི༔ རྩིབས་མཆན་ལ༔ ཀེག་ཤིང་ཁམས༔ ཇི་མེ་ཁམས༔ འུ་ཆུ་ཁམས༔ ཤང་ལྕགས་ཁམས༔ ཁམས་བཞིའི་མི་ཐམས་ཅད་དབང་དུ་སྡུས་ཤིག༔ བྱ་བ་བྲི༔ རྩིབས་བརྒྱད་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ བྷ་ཤན་ཨུ་གེ༔ རཏྣ་སིདྡྷི༔ ཨཾ་གུ་ཤ་ཛ་ཛ༔ ཞེས་བྲིའོ༔ རྩིབས་མཆན་ལ༔ ཨོཾ་སརྦ་མ་ནུ་རྣྲྀ་ཡཾ་ཛ་ཛ༔ ཞེས་བྲིའོ༔ མུ་ཁྱུད་ལ་ཡབ་སྔགས༔ ཨོཾ་མ་ཧཱ་དེ་བ་ཨེ་ཤ་ཙིཏྟ་ཧྲིང་ཡམ་ཛ་ཛ༔ དེ་བ་ཤྭ་ར་མ་ཧཱ་ཨེ་ཤ་ཧྲིང༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ནུ་ཙིཏྟ་སྒུལ༔ པཱ་ཏཱ་སྒྱུར་ཁུག༔ ཧསྟ་འགུལ་འགུལ༔ སརྦ་བཱ་སུ་རཏྣ༔ བྷི་ཧ་ར་ཁུག་སྡུས༔ ཧྲཱིཿཧསྟི་ཕ་ལ༔ རཏྣ་སིདྡྷི་ཕ་ལ་ཧཱུྃ༔ བཱ་སུ་ན་དྷེ༔ པཱ་ཤཾ་ཀུ་རུ༔ བྷཱུ་ཏི་ས་ནཱ་ག་ཕ་ལ༔ ཧྲིང་ཧྲིང་ཛ་ཛ༔ ཞེས་བྲིའོ༔ དེའི་ཕྱིར་ཡབ་གཡས་གཉིས་ལྕགས་ཀྱུ་དང་ཞགས་པ་བསྣམས་པ༔ གཡོན་གཉིས་རིན་པོ་ཆེ་དང་སྲིད་མེས་བསྣམས་པའོ༔ ཡུམ་གྱི་ཙཀྲ་ནི༔ པདྨ་འདབ་བཞི་འདབ་བརྒྱད་མུ་ཁྱུད་གཅིག་པ་བྲི༔ ལྟེ་བ་ལ༔ ཨུ་མཱཿདེ་བཱི་ཨེ་ཤ་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ ཨུ་མཱཿདེ་བཱིས་མི་རྣམས་ཐམས་ཅད་དབང་དུ་སྡུས་ཤིག༔ ཞེས་བྲི༔ པདྨ་འདབ་བཞི་ལ༔ སརྦ་མ་ནུ་བྷི་ཧ་ར་ཨེ་ཤ་ཧྲིང་ཧྲིང་ཛ་ཛ༔ ཞེས་བྲི༔ པདྨ་འདབ་བརྒྱད་ལ༔ ཨུ་མཱཿདེ་བཱི༔ མ་ནུ་ཧྲིང༔ འུབས་འུབས༔ བཱ་སུ་རཏྣ༔ བྷི་ཧ་ར༔ ཨེ་ཤ་ཧྲིང་ཧྲིང༔ སྡུས་སྡུས༔ ཁུག་ཁུག་ཛ་ཛ༔ ཞེས་ཤད་བར་བརྒྱད་ཀྱི་སྔགས་བྲིའོ༔ མུ་ཁྱུད་ལ༔ ཡུམ་སྔགས༔ ཨོཾ་ཨུ་མཱཿདེ་བཱི་ཨེ་ཤ་ཧྲིང་ཧྲིང་ཛ་ཛ༔ ཨུ་མཱཿདེ་བཱི་སརྦ་ལོ་ཀ་ཧྲིང་ཧྲིང་ཛ་ཛ༔ མ་མ་རཏྣ་འགུལ་འགུལ༔ ཧྲིང་ཧྲིང་སྡུས་སྡུས༔ ཨུ་མཱཿདེ་བཱི་མ་མ་ཁ་ཤི༔ མི་སྙིང་སྒུལ༔ མི་འགྲམ་ཆོག༔ མ་མ་ཁ་ཤི་བཾ་སྭཱ་ཧཱ༔ རྣྲྀ་ཨཱ་ཀརྵཱ་ཡ་ཧྲིང༔ རྣྲྀ་ཨཱ་ཀརྵཱ་ཡ་ཛ༔ ཨུ་མཱཿདེ་བཱི་ཨཱ་བེ་ཤ་ཡ་ཧྲིང་ཧྲིང་ཛ་ཛ༔ ཞེས་བྲིའོ༔ དེའི་ཕྱིར་ཡུམ་ཨུ་མཱཿདེ་བཱི་གཡས་མེ་ལོང༔ གཡོན་བུམ་པ་བསྣམས་པ་བྲིའོ༔ ཟླ་གམ་ཤོག་དམར་གྱི་ཙཀྲ་ནི༔ རྩིབས་བཞི་མུ་ཁྱུད་གཅིག་པ་བྲི༔ དེའི་ལྟེ་བ་ལ༔ ཟླ་གམ་སྒོ་གཅིག་པ་བྲི༔ དེའི་ནང་དུ་ནོར་གང་འདོད་དངོས་གྲུབ་སྩོལ་བྱ་བ་བྲི༔ རྩིབས་བཞི་ལ༔ ཀ་བྷི་ར་ཀོ་བྷི་ར༔ ཞེས་བཞི་བྲི༔ རྩིབས་མཆན་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཞེས་པ་བཞི་བྲི༔ མུ་ཁྱུད་ལ་ཡབ་ཡུམ་གྱི་སྔགས་འདི་བྲིའོ༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ཨེ་ཤ་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ ཨུ་མཱཿདེ་བཱི་མ་ནུ་ཙིཏྟ་སྒུལ༔ པཱ་ཏཱ་སྒྱུར་པཱ་ཏཱ་དཀྲུགས་ཁུག༔ ས་མ་ཡ་ཧྲིང་ཧྲིང་ཛ་ཛ༔ ཞེས་བྲིའོ༔ ཙཀྲ་ལ་རབ་གནས་བྱ༔ ཟླ་གམ་ཤོག་དམར་བར་དུ་གཏེམ་མོ༔ འཁོར་ལོའི་བྲི་ཐབས་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡབ་ཡུམ་འཁོར་ལོ་ཆུང་བ་ནི༔ དབང་ཕྱུག་ཆེན་པོའི་ལྟོ་བ་རུ༔ ཙཀྲ་རྩིབས་བཞི་རྩིབས་བརྒྱད་མུ་ཁྱུད་གཅིག་གིས་བསྐོར་བ་བྲི༔ ལྟེ་བ་ལ༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ཙིཏྟ་ཧྲིང་ཡམ་ཛ་ཛ༔ ཟས་ནོར་དབང་དུ་སྡུས༔ བྱ་བ་བྲི༔ རྩིབས་བཞི་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཟས་ནོར་དབང་དུ་སྡུས་ཤིག་བྱ་བ་བྲི༔ རྩིབས་མཆན་ལ༔ ཀེག་ཤིང་ཁམས་པ༔ ཇི་མེ་ཁམས་པ༔ འུ་ཆུ་ཁམས་པ༔ ཤང་ལྕགས་ཁམས་པ་དབང་དུ་སྡུས་ཤིག༔ ཅེས་བྲི༔ རྩིབས་བརྒྱད་ལ༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ལོ་ཀ༔ བཱ་སུ་རཏྣ་འུབས་འུབས་ཧྲིང་ཧྲིང༔ ཞེས་བྲིའོ༔ རྩིབས་མཆན་ལ༔ དབང་ཕྱུག་ཆེན་པོས་ཟས་ནོར་ཐམས་ཅད་དབང་དུ་སྡུས་ཤིག༔ ཅེས་བྲིའོ༔ མུ་ཁྱུད་ལ༔ དབང་ཕྱུག་ལྷ་ཆེན་པོ་ཙིཏྟ་ཧྲིང་ཡམ་ཛ༔ དབང་ཕྱུག་ཆེན་པོས་ཆེ་གེ་མོ་དབང་དུ་སྡུས་ཤིག༔ ཅེས་མིང་སྤེལ་གཞུག་གོ༔ ཡུམ་གྱི་ལྟོ་བར་འཁོར་ལོ་རྩིབས་བཞི་རྩིབས་བརྒྱད་མུ་ཁྱུད་གཅིག་པ་བྲི༔ ལྟེ་བ་ལ༔ ཨུ་མཱཿདེ་བཱི་ཧྲིང་ཡམ་ཛ༔ མི་ཕོ་མོ་ཐམས་ཅད་དབང་དུ་སྡུས་ཤིག༔ ཅེས་བྲི༔ རྩིབས་བཞི་ལ༔ ཨུ་མཱཿདེ་བཱི་བཱ་སུ་རཏྣ་འུབས་འུབས་ཧྲིང་ཧྲིང་ཛ་ཛ༔ ཞེས་བྲིའོ༔ རྩིབས་མཆན་ལ༔ མིའུ་རིགས་བཞི་དབང་དུ་སྡུས་ཤིག༔ ཅེས་བྲིས༔ རྩིབས་བརྒྱད་ལ༔ ཨུ་མཱཿདེ་བཱི་ལོ་ཀ་སརྦ་མ་ནུ་རཏྣ༔ བཱ་སུ་པཱ་ཤཾ་ཀུ་རུ་ཧྲིང་ཧྲིང་ཛ་ཛ༔ ཞེས་བྲིའོ༔ རྩིབས་མཆན་ལ༔ ཡུམ་ཨུ་མཱཿདེ་བཱིས་འཇིག་རྟེན་གྱི་ཟས་ནོར་ཐམས་ཅད་དབང་དུ་སྡུས་ཤིག༔ ཨུ་མཱཿདེ་བཱི་རཏྣ་སིདྡྷི་ཧཱུྃ༔ ཞེས་བྲིའོ༔ མུ་ཁྱུད་ལ༔ ཨུ་མཱཿདེ་བཱི་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ ཨུ་མཱཿདེ་བཱིས་མི་ཆེ་གེ་མོ་དབང་དུ་སྡུས་ཤིག༔ ཅེས་མིང་སྤེལ་གཞུག་གོ༔ ཟླ་གམ་ཤོག་དམར་གྱི་ལྟེ་བ་ལ་ནོར་ཐམས་ཅད་དབང་དུ་སྡུས་ཤིག༔ བྱ་བ་བྲི༔ རྩིབས་བཞི་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཞེས་བཞི་བྲི༔ རྩིབས་མཆན་ལ༔ ཟས་ནོར་དབང་དུ་སྡུས་ཤིག༔ བྱ་བ་བྲི༔ མུ་ཁྱུད་ལ༔ ནོར་སྙིང་ལ་གང་འདོད་པ་དབང་དུ་སྡུས་ཤིག༔ བྲི༔ འཁོར་ལོ་ཆུང་བའི་བྲི་ཡིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དབང་ཕྱུག་ཆེན་པོ་སྣང་བ་དབང་སྡུད་ཀྱི་སྔགས་འདི་བསྒྲུབ་ཅིང་བཟླ་བར་བྱ༔ ཨོཾ་དབང་ཕྱུག་ལྷ་ཆེན་ཙིཏྟ་ཧྲིང་ཡམ་ཛ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་དེ་བས་སྣང་བ་དབང་དུ་སྡུས་ཤིག༔ ཧྲཱིཿཧསྟི་ཕ་ལ༔ བཱ་སུ་ན་དྷེ༔ པཱ་ཤཾ་ཀུ་རུ་ཧྲིང༔ བྷཱུ་ཏི་ས་ནཱ་ག་ཕ་ལ་ཧྲིང་ཧྲིང་ཛ་ཛ༔ ཞེས་ཉིན་མོ་བཟླས་ལ་བསྒྲུབ་བོ༔ མཚན་མོ་ཡུམ་གྱི་སྙིང་པོ་བཟླའོ༔ ཡུམ་སྐུ་མདོག་དམར་པོ༔ ཞལ་གཅིག་ཕྱག་གཉིས་མ༔ གཡས་པ་དངུལ་དཀར་གྱི་མེ་ལོང་གཡོབ་པ༔ གཡོན་ན་བུམ་པ་བསྣམས་པ་བསྒོམས་ལ་བཟླའོ༔ ཨོཾ་ཨུ་མཱཿདེ་བཱི་རཏྣ་འགུལ་འགུལ་ཧྲིང་ཧྲིང་སྡུས་སྡུས༔ ཨུ་མཱཿདེ་བཱིས་མི་སྙིང་སྒུལ༔ མི་འགྲམ་ཆོག༔ མ་མ་ཁ་ཤི་བཾ་སྭཱ་ཧཱ༔ རྣྲྀ་ཨཱ་ཀརྵཱ་ཡ་ཧྲིང༔ རྣྲྀ་ཨཱ་ཀརྵཱ་ཡ་ཛ༔ ཨུ་མཱཿདེ་བཱི་ཨཱ་བེ་ཤ་ཡ་ཧྲིང་ཧྲིང་ཛ་ཛ༔ ཞེས་བཟླའོ༔ རྟེན་དར་སྣ་ལྔས་དྲིལ་ལ་ལུས་ལ་བཅང་ངོ༔ ཡབ་ཡུམ་དྲིལ་བའི་སྙིང་པོ་ནི༔ ཨོཾ་དབང་ཕྱུག་ལྷ་ཆེན་ཧྲིང༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ དེ་བ་ཤྭ་ར་མ་ཧཱ་ཨུ་མཱཿདེ་བཱི་ལོ་ཀ་རཏྣ་སིདྡྷི་ཨཾ་གུ་ཤ་ཛ་ཛ༔ འདུས་འདུས་སྭཱ་ཧཱ༔ ཞེས་རྒྱུན་དུ་བཟླའོ༔ སྔགས་ཀྱི་བྱང་བུ་ས་མ་ཡ་རྒྱ་རྒྱ་རྒྱ༔ ྀཨཚ༔ ཟབ་ཟབ༔ ལྷ་ཆེན་སྲོག་འཁོར་རྒྱས་པ་བཞུགས་སོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ དབང་ཕྱུག་ཆེན་པོའི་སྲོག་འཁོར་བསྟན༔ ནོར་ལྷ་དགུ་ཡི་སྲོག་འཁོར་ནི༔ ལྷ་ཆེན་དབང་ཕྱུག་ལྟོ་བ་རུ༔ འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་གསུམ་པ་བྲི༔ དབུས་ཀྱི་ལྟེ་བར་དབང་ཕྱུག་ཆེན་པོ་ཞལ་གཅིག་ཕྱག་བཞི་པ༔ གཡས་དང་པོ་རིན་པོ་ཆེའི་ལྕགས་ཀྱུ༔ འོག་མ་རིན་པོ་ཆེའི་ཞགས་པ༔ གཡོན་དང་པོ་ནོར་བུ་རིན་པོ་ཆེ༔ འོག་མ་སྲིད་པའི་མེས་པོ་བསྣམས་པ༔ གཅེར་བུ་སྐུ་མདོག་དམར་པོ༔ ནོར་བུའི་ཕྲེང་བ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ༔ རལ་པ་ཅན་གཅིག་བྲིའོ༔ དེའི་ལྟོ་བར་སྔགས་འདི་བྲིའོ༔ ཨོཾ་དེ་བ་ཤྭ་ར་ཙིཏྟ་ཧྲིང་ཡམ་ཛ་ཛ༔ དབང་ཕྱུག་ཆེན་པོས་འཇིག་རྟེན་གྱི་ཟས་ནོར་དབང་དུ་སྡུས་ལ་འདིར་ཁུག་ཅིག་སྭཱ་ཧཱ༔ ཞེས་བྲི༔ དེའི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ༔ གཡས་སུ་ཚོགས་བདག་གླང་སྣ་དམར་པོ༔ གཡས་རིན་པོ་ཆེའི་ལྕགས་ཀྱུ༔ གཡོན་ན་ལ་ཕུག་དང་རིན་པོ་ཆེ་བསྣམས་པ་བྲིའོ༔ སྐུ་ལ་རིན་པོ་ཆེ་དུ་མས་སྤྲས་པའི་ལྟོ་བར༔ ཨོཾ་ག་ཎ་པ་ཏི་ཙིཏྟ་སྡུས་སྡུས༔ ལྷ་ཚོགས་བདག་གླང་སྣས༔ མི་ཕོ་མོ་ཐམས་ཅད་ཀྱི་ནོར་དབང་དུ་སྡུས་ལ་འདིར་ཁུག་ཅིག་སྭཱ་ཧཱ༔ ཞེས་བྲིའོ༔ ལྷོ་ནུབ་ཏུ་ལྷ་ཆེན་གཞོན་ནུ་ཀཱརྟྟི་ཀེ༔ སྐུ་མདོག་དཀར་པོ་ནོར་བུ་རིན་པོ་ཆེ་དང༔ རིན་པོ་ཆེའི་སྒྲོམ་བུ་བསྣམས་པའི་ལྟོ་བར༔ ཨོཾ་དེ་བ་ཀུ་མཱ་ར་ཀཱརྟྟི་ཀེ་ཧྲིང་ཧྲིང་ཛ་ཛ༔ ལྷ་གཞོན་ནུ་ཀཱརྟྟི་ཀེས༔ ཕྱོགས་ཐམས་ཅད་ནས་ཟས་ནོར་ཁུག་ལ་དབང་དུ་སྡུས་ཤིག༔ ནུབ་ཀྱི་རྩིབས་ལ༔ ཏྲིག་ཤ་ནག་པོ་གཡས་རིན་པོ་ཆེ་དང༔ གཡོན་ནེའུ་ལེ་བསྣམས་པའི་ལྟོ་བར༔ ཨོཾ་ཏྲིག་ཤ་ཀཱ་ལ་རཏྣ་སིདྡྷི་ཧྲིང་ཛ༔ ཏྲིག་ཤ་ནག་པོས་འཇིག་རྟེན་གྱི་ནོར་ཐམས་ཅད་ཁུག་ལ་དབང་དུ་སྡུས་ནས་བདག་ལ་སྩོལ་ཅིག༔ བྱ་བ་བྲིའོ༔ ནུབ་བྱང་དུ་ཛམ་བྷ་ལ་དམར་པོ་གཡས་རིན་པོ་ཆེ་དང༔ གཡོན་ནེའུ་ལེ་བསྣམས་པའི་ལྟོ་བར༔ ཨོཾ་བྷ་རཱ་ག་ཛམ་བྷ་ལ་རཏྣ་བཱ་སུ་ཧྲིང་ཧྲིང་ཛ་ཛ༔ ཛམ་བྷ་ལ་དམར་པོས་འཇིག་རྟེན་གྱི་ཟས་ནོར་ཁུག་ལ་དབང་དུ་སྡུས་ཤིག༔ བྱ་བ་བྲི༔ གཡོན་གྱི་རྩིབས་ལ་རྣམ་ཐོས་སྲས་དམར་པོ་གཡས་གཉིས་ན་རིན་པོ་ཆེ་དང་མདུང་དམར༔ གཡོན་གཉིས་ན་ནེའུ་ལེ་དང་ལྕགས་ཀྱུ་བསྣམས་པའི་ལྟོ་བར༔ ཨོཾ་རཱ་ཛ་ཡཀྴ་བཻ་ཤྲ་མ་ཎཱ་ཡ་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ རྒྱལ་པོ་རྣམ་ཐོས་སྲས་ཀྱིས་འཇིག་རྟེན་དབང་དུ་སྡུས་ཤིག༔ ཅེས་པ་བྲིའོ༔ བྱང་ཤར་དུ་ཨ་པ་རཱ་ཙིཏྟ་དཀར་པོ་གཡས་རིན་པོ་ཆེ་དང༔ གཡོན་བུམ་པ་བསྣམས་པའི་ལྟོ་བར༔ ཨོཾ་ཧྲིང་ཛ་ཨ་པ་རཱ་ཙིཏྟ་ཛ་ཛ༔ ཨ་པ་རཱ་ཙིཏྟས་ཟས་ནོར་ཕྱོགས་ཐམས་ཅད་ནས་ཁུག་ཅིག༔ ཅེས་བྲིའོ༔ མདུན་དུ་ཞང་བློན་རྡོ་རྗེ་བདུད་འདུལ་སྔོན་པོ༔ གཡས་རིན་པོ་ཆེའི་སྒྲོམ་བུ༔ གཡོན་ནོར་བུ་རིན་པོ་ཆེ་བསྣམས་པའི་ལྟོ་བར༔ ཨོཾ་བཛྲ་ཙིཏྟ་རཏྣ་སིདྡྷི་ཨཾ་གུ་ཤ་ཛ་ཛ༔ ཞང་བློན་གྱིས་ཟས་ནོར་ཐམས་ཅད་དབང་དུ་སྡུས་ཤིག༔ ཅེས་བྲིའོ༔ ཤར་ལྷོར་གང་བ་བཟང་པོ་སེར་པོ༔ གཡས་བུམ་པ་གཡོན་ནེའུ་ལེ་བསྣམས་པའི་ལྟོ་བར༔ ཨོཾ་གྷ་པ་ཕ་ལ་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ གང་བ་བཟང་པོས་ཕྱོགས་ཐམས་ཅད་ནས་ནོར་དབང་དུ་སྡུས་ཤིག༔ ཅེས་བྲིའོ༔ མུ་ཁྱུད་ནང་མ་ལ༔ ཨོཾ་དབང་ཕྱུག་ལྷ་ཆེན་ཧྲིང༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་དེ་བ་ལོ་ཀ་བཱ་སུ་རཏྣ༔ འགུལ་འགུལ་ཧྲིང་ཧྲིང་ཛ་ཛ༔ ཟས་ནོར་འུབས་འུབས་སྡུས་སྡུས༔ ཀ་བྷི་ར་ཀོ་བྷི་ར༔ ཨུ་གེ་རཏྣ་སིདྡྷི་ཨཾ་གུ་ཤ་ཛ་ཛ༔ ཧྲཱིཿཧསྟི་ཕ་ལ་སིདྡྷི་ཕ་ལ་བཱ་སུ་ན་དྷེ༔ ལོ་ཀ་སརྦ་མ་ནུ༔ བཱ་སུ་རཏྣ་པཱ་ཤཾ་ཀུ་རུ༔ པུཥྚིཾ་ཀ་མ་རི༔ བྷཱུ་ཏི་ས་ནཱ་ག་ཕ་ལ་ཧྲིང་ཧྲིང་ཕཊ་ཕཊ༔ དབང་ཕྱུག་ལྷ་ཆེན་པོས་འཇིག་རྟེན་གྱི་ནོར་ཐམས་ཅད་སྡུས་ལ་དངོས་གྲུབ་སྩོལ༔ ཅེས་བྲིའོ༔ མུ་ཁྱུད་བར་མ་ལ༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ བཱ་སུ་རཏྣ་དུང་དུང་འདུས་འདུས༔ མི་སྙིང་ཐམས་ཅད་སྒུལ༔ ཟས་ནོར་ཐམས་ཅད་སྡུས་ཁུག་ཧྲིང་ཧྲིང་ཛ་ཛ༔ ཨོཾ་ག་ཎ་པ་ཏི་ཧྲིང་ཧྲིང་ཛ་ཛ༔ ཚོགས་བདག་གིས་ཟས་ནོར་ཐམས་ཅད་དབང་དུ་སྡུས་ཤིག༔ ཨོཾ་དེ་བ་ཀུ་མཱ་ར་ཀཱརྟྟི་ཀེ་ཧྲིང་ཧྲིང་ཛ་ཛ༔ ནོར་ལྷ་ཀཱརྟྟི་ཀེས་ཕྱོགས་ཐམས་ཅད་ནས་ཟས་ནོར་ཁུག་ལ་དབང་དུ་སྡུས་ཤིག༔ ཨོཾ་ཏྲིག་ཤ་ཀཱ་ལ་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ ཏྲིག་ཤ་ནག་པོས་འཇིག་རྟེན་དབང་དུ་སྡུས་ཤིག༔ ཨོཾ་བྷ་རཱ་ག་ཛམྦྷ་ལ་རཏྣ་བཱ་སུ་རཏྣ་ཧྲིང་ཧྲིང་ཛ་ཛ༔ ནོར་ལྷ་ཛམྦྷ་ལས་ནོར་ཐམས་ཅད་དབང་དུ་སྡུས་ཤིག༔ ཨོཾ་རཱ་ཛ་ཡཀྴ་བཻ་ཤྲ་མ་ཎཱ་ཡ་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ རྣམ་ཐོས་སྲས་ཀྱིས་གནོད་སྦྱིན་གྱི་ནོར་ཐམས་ཅད་དབང་དུ་སྡུས་ཤིག༔ ཨོཾ་ཧྲིང་ཛ་ཨ་པ་རཱ་ཙིཏྟ་ཛ་ཛ༔ ཨ་པ་རཱ་ཙིཏྟས་འཇིག་རྟེན་གྱི་ཟས་ནོར་ཐམས་ཅད་དབང་དུ་སྡུས་ལ་ཁུག་ཅིག༔ ཨོཾ་བཛྲ་ཙིཏྟ་རཱ་གེ་རུ་གེ་རཏྣ་སིདྡྷི་ཨཾ་གུ་ཤ་ཛ་ཛ༔ ཞང་བློན་རྡོ་རྗེ་བདུད་འདུལ་གྱིས་མི་ཐམས་ཅད་ཀྱི་ནོར་ཁུག་ལ་དབང་དུ་སྡུས་ཤིག༔ ཨོཾ་གྷ་པ་ཕ་ལ་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ གང་བ་བཟང་པོས་མི་ཐམས་ཅད་ཀྱི་ནོར་ཁུག་ལ་དབང་དུ་སྡུས་ཤིག་ཅེས་བྲིའོ༔ མུ་ཁྱུད་ཕྱི་མ་ལ༔ ཚོགས་ཀྱི་བདག་པོས་ལྷ་སུམ་ཅུ་རྩ་གསུམ་གྱི་ལོངས་སྤྱོད་ཁུག་ཅིག༔ གཞོན་ནུ་ཀཱརྟྟི་ཀེས་འདོད་ཁམས་ཀྱི་འདོད་ཡོན་ཁུག་ཅིག༔ ཏྲིག་ཤ་ནག་པོས་མུ་སྟེགས་ཀྱི་མཐུ་སྟོབས་ཁུག་ཅིག༔ ཛམྦྷ་ལས་བྱང་ཕྱོགས་གནོད་སྦྱིན་གྱི་འདོད་ཡོན་ལོངས་སྤྱོད་ཁུག་ཅིག༔ རྣམ་ཐོས་སྲས་ཀྱིས་གླིང་བཞིའི་བསོད་ནམས་སྡུས་ཤིག༔ ཨ་པ་རཱ་ཙིཏྟས་ལྷ་ཀླུ་མིའི་དངོས་གྲུབ་སྡུས་ཤིག༔ ཞང་བློན་རྡོ་རྗེ་བདུད་འདུལ་གྱིས་གསེར་གྱི་རི་བདུན་གྱི་བཅུད་སྡུས་ཤིག༔ གང་བ་བཟང་པོས་གནོད་སྦྱིན་ཐམས་ཅད་ཀྱི་སྲོག་གི་མདངས་སྡུས་ཤིག༔ ཅེས་པ་དང༔ བདག་ལ་དངོས་གྲུབ་སྩོལ་ཅེས་བྲིའོ༔ དགུག་གཞུག་རབ་གནས་བྱ༔ རབ་ཟངས༔ འབྲིང་བསེ༔ ཐ་མ་རྫའི་གྭའུར་གཞུག༔ འབྲུ་ལྔ༔ རིན་ཆེན་ལྔ༔ བཟང་སྨན༔ དར་ཟབ༔ རྡོ་ཕ་ཝཾ་ལ་མཚལ་གྱིས་ཧྲཱིཿདྲུག་བྲིས༔ དེ་རྣམས་གྭའུར་གཞུག༔ དེ་དར་གྱིས་དྲིལ་ལ་སྒྲུབ་པ་བྱ༔ ཕུགས་སུ་སྦ༔ གཏོར་མ་འབྲང་རྒྱས་འདྲ་བ་ལ་མཐའ་མར་ནོར་ལྷ་བརྒྱད་ཀྱི་ལྷའི་བཤོས་ཆུང་བརྒྱད༔ དེའི་མཐའ་མར་ཏིང་ལོ་བརྒྱད༔ དེའི་མཐར་མཐེབ་ཀྱུ་བརྒྱད་ཀྱིས་དགང་ངོ༔ དབང་ཕྱུག་ནོར་ལྷ་སྤྱིའི་སྲོག་འཁོར་གྱི་འཁོར་ལོ་རྫོགས་སོ༔ ྈྈ ྈྈྈ ཟང་ཟང་ལྷ་བྲག་གི་རྐེད་བསེ་སྒྲོམ་སྨུག་པོའི་ནུབ་ཟངས་མཛོད་དམར་པོ་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ།། །། ༄༅༔ སྤོགས་ཆོག་གནད་ཀྱི་ཏི་ཀ་ཞེས་བྱ་བ་བཞུགས་སོ༔ དབང་ཕྱུག་ཆེན་པོས་གསུངས་པ༔ ཡུལ་ཁམས་དབང་དུ་བསྡུ་བ་དང༔ མ་འཆུན་མ་གྲུབ་སྤོགས་པ་དང༔ མི་ནོར་སྣ་དགུ་བསྡུ་བ་ལ༔ རྫས་དང་ཏིང་འཛིན་སྔགས་དང་གསུམ༔ སྤྲེལ་ཐོད་ཞུམ་ཐོད་ཁྱི་ཐོད་གསུམ༔ རྣལ་འབྱོར་འོག་ཏུ་འཇུག་པའི་རྫས༔ ཐུན་རྫས་དོང་དུ་བླུག་ནས་ནི༔ སྔགས་ཀྱིས་ངར་བཏགས་ལུས་ལ་བཅང༔ ཐོད་ནང་མི་འུ་རིགས་བཞི་གཞུག༔ ཕོ་འཁོར་མོ་འཁོར་ལུས་ལ་བཏགས༔ སེང་ལྡེང་དཀར་པོའི་ཕོ་མཚན་དང༔ སེང་ལྡེང་དམར་པོའི་མོ་མཚན་གྱི༔ ཁོག་པ་ཡངས་སུ་བྲུས་བྱས་ལ༔ རྒྱལ་པོ་བློན་པོ་བཙུན་མོ་དང༔ སྐྱེས་པ་བུད་མེད་བྱིས་པ་རྣམས༔ གཟུགས་སུ་བྲིས་ལ་ནང་དུ་གཞུག༔ མི་ནོར་སྣ་དགུ་འདོད་ཚད་གཞུག༔ གང་འདོད་བཅུག་པས་མྱུར་དུ་ཁུག༔ ཕོ་མཚན་ནང་དུ་མོ་རིགས་གཞུག༔ མོ་མཚན་ནང་དུ་ཕོ་རིགས་གཞུག༔ ཕོ་མོའི་མཚན་མ་ཀ་ཏོ་རའམ༔ ཟ་མ་ཏོག་ནང་གཞུག་པར་བྱ༔ ཐུན་གྱིས་བྲབ་ཅིང་གཟིར་བར་བྱ༔ ཐུན་རྫས་མི་ཡིས་མཐོང་མི་བྱ༔ དོང་བུར་བླུགས་ཏེ་སྦས་ལ་བརྡེག༔ ཏིང་འཛིན་བདག་ཉིད་སྟོབས་ཀྱི་ལྷ༔ མ་ཧཱ་དེ་བ་རལ་པ་ཅན༔ སྨུག་ནག་བརྗིད་ཅིང་འགྱིང་བག་ཅན༔ གཡས་པ་ལྕགས་ཀྱུ་ཕྱར་ནས་ཀྱང༔ མིའུ་རིགས་བཞིའི་སྙིང་ནས་འདྲེན༔ གཡོན་པས་ཞགས་པས་སྐེད་ནས་འཆིང༔ ཡང་ཡང་གསལ་གདབ་དགུག་པར་བྱ༔ དགའ་བ་བསྐྱེད་ལ་ཏིང་འཛིན་སྤར༔ མ་ཧཱ་དེ་བ་ལོ་ཀ་ནན༔ དྷེ་དྷ་ཤ་ཤུ་ཨཾ་གུ་ཤ་ཛ་ཛ༔ རྣྲྀ་རཱ་ཛ་ཁུག༔ སིདྡྷི་ཁུག་ཁུག་ལོང༔ ད་ཧ་ར་ཕོབ་ཡ༔ རཱ་ཛ་ལོང་ཨཾ་གུ་ཤ་ཛ་ཛ༔ དེ་བ་ལོང་ཁུག༔ བྷྲོ་ཧ་བྷ་དྷ་དུ་ནི་དུ་ནི༔ མི་འུ་རིགས་བཞིའི་མི་ནོར་སྣ་དགུ་ཁུག༔ ཆུག་ཕོབ་ཡ༔ མ་ཧཱ་དེ་བ་ཧྲི་ད་ཡ་ནི༔ ཤུ་ད་ཡ་ཨཾ་གུ་ཤ་སརྦ་ཤུ་ན་འདུ་ཛ༔ སྔགས་ཀྱི་འོད་ཟེར་ཕར་འཕྲོས་པས༔ ཐམས་ཅད་རང་དབང་མེད་པར་བསམ༔ ཁྲོམ་གྱི་ཟས་ནོར་སྡུད་འདོད་ན༔ ཕོ་རྟེན་གཡས་ལ་མོ་རྟེན་གཡོན༔ རྟ་ཐོག་ཆོད་ཅིང་མི་ཐོག་ཆོད༔ ཕྱོགས་མཚམས་ཐུན་གཏོར་ཏིང་འཛིན་སྤར༔ ཆོས་འཁོར་སེམས་བསྐྱེད་ལྟད་མོ་ཡི༔ མི་མང་འདུ་བའི་དུས་དེ་རུ༔ གཏོར་མ་མཆོད་ཆེན་བཤམས་ནས་ཀྱང༔ མ་ཧཱ་དེ་བ་འཁོར་བཅས་བསྐྱེད༔ རིག་པ་གཟེངས་བསྟོད་ང་རྒྱལ་བྱ༔ རང་གི་འཁོར་རྣམས་ཐམས་ཅད་ཀྱང༔ རིགས་བཞིའི་ངར་བསྐྱེད་ཐུན་རྫས་དེ༔ ནས་དང་བསྲེས་ལ་གཏོར་བར་བྱ༔ དེ་ལྟར་བྱས་པས་གསེར་གཡུ་དང༔ རྟ་དང་ཁྲབ་དང་ཟས་ནོར་འདུ༔ མི་ནོར་ཐམས་ཅད་དེ་རུ་འདུ༔ དེ་དུས་གཏོར་མ་ཆེན་པོ་དེ༔ བྱིན་གྱིས་བརླབས་ཏེ་གཏང་བར་བྱ༔ དེ་དུས་གཏོར་མ་མ་བཏང་ན༔ ས་འོག་གནས་པའི་འཇིག་རྟེན་པ༔ དྲེགས་པ་ཅན་རྣམས་འཁུ་ལྡོག་བྱེད༔ གཏོར་མའི་དཀྱིལ་དུ་སྲིད་མེས་གཞུག༔ གནད་ཀྱི་ཏི་ཀ་གསལ་བྱེད་ཅེས་བྱ་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༅༔ ལྷ་ཆེན་མ་ཧཱ་དེ་བའི་ལས་ཚོགས་སྒྲུབ་ཐབས་བཞུགས་སོ༔ ༄༔ ཡུལ་ཁམས་དབང་དུ་སྡུད་པ༔ ལྷ་ཆེན་མ་ཧཱ་དེ་བ་ལ་ཕྱག་འཚལ་ལོ༔ ཤོག་བུ་ལ་མཚལ་གྱིས༔ སྲིད་པའི་མེས་པོའི་གཟུགས་བྲི༔ དེའི་ནང་དུ་ཡུལ་མི་མགོ་ས་ཆེ་བ་དང༔ ཡུལ་གྲུ་མང་པོའི་མིང་བྲི༔ སྲིད་མེས་བརྒྱ་རྩའི་ནང་དུ་མི་མགོ་ས་ཆེ་བ་བརྒྱ་རྩའི་མིང་བྲི༔ ལུང་པ་དང་ཡུལ་དང་སྡེ་དཔོན་བརྒྱ་རྩའི་མིང་དང༔ ནོར་དབང་དུ་སྡུས་ཤིག་བྱ་བ་བྲི༔ ཤོག་བུ་མདའ་ཚད་གཅིག་གི་ལོགས་ལ་སྲིད་པའི་མེས་པོ་མང་པོ་བྲི༔ ལོགས་ཤིག་ལ་དབང་ཕྱུག་ཆེན་པོ་འཇིག་རྟེན་དབང་སྡུད་ཀྱི་སྔགས་དང༔ ཟས་ནོར་གྱི་མིང་ཐམས་ཅད་དང༔ སྔགས་ཀྱི་མཇུག་ཏུ་ནོར་སྣ་ཆེན་པོ་མང་པོ་འདི༔ ཏུས་ཏུས༔ འུབས་འུབས༔ འདུས་འདུས༔ ཧྲིང་ཧྲིང་ཛ་ཛ༔ ཞེས་བྲི༔ མིང་སྤེལ་ཚིག་ཐམས་ཅད་བྲི༔ ཡུལ་ཁམས་མི་ནོར་དབང་དུ་སྡུད་པའི་ཐབས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༔ བཙུན་མོ་དབང་དུ་སྡུད་པ༔ ཡང་མཆིལ་པའི་ཀླད་པ༔ ད་དྷུ་ར༔ གླུམ་ཁུ༔ སྦྲང་རྩི༔ སྐྱེས་པའི་ས་བོན༔ ལྟེ་བའི་དྲི་མ༔ བུ་རམ༔ དེ་རྣམས་སྦྱར་ལ་སྔགས་འདི་གདབ་བོ༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ཆོ༔ འདོད་པ་གཡོས་སེམས་ཁུག༔ ཡིད་སྒྱུར༔ ཆེ་གེ་མོ་རང་དབང་མེད་པར་བདག་གི་དབང་དུ་སྡུས་ལ་ཁུག༔ ལུས་ལ་སྦྱོར་ཅིག་སྭཱ་ཧཱ༔ ཞེས་ཞག་གསུམ་སྨྲ་བཅད་བྱས་ཏེ་བཟླས་ནས་བྱིན་པས༔ རང་གི་དབང་དུ་འདུ་འོ༔ ཨོཾ་རྫུ་ན་ཏུ་རུ་ཙ་ན་ཡེ་སྭཱ་ཧཱ༔ ཞེས་མར་ལ་བཏབ་ནས་སྦྱིན༔ དེས་གྲོལ་ལོ༔ རྒྱལ་པོ་དང་བཙུན་མོ་ཡང་དབང་དུ་འདུ་འོ༔ ཕལ་པ་དག་ལ་སྨྲོས་ཅི་དགོས༔ བཙུན་མོ་དབང་སྡུད་རྫོགས་སོོ༔ ༄༔ མདའ་བྱ་རྒོད་མའི་དབང་སྡུད༔ མདའ་བྱ་རྒོད་མ་གཅིག་ལ༔ ལྟོང་གི་ནང་དུ་མཚལ་གྱིས་སྔགས་འདི་བྲི༔ དེ་བ་ཤྭ་ར་མ་ཧཱ༔ ཆེ་གེ་མོའི་ཙིཏྟ་ཧྲིཾ་ཧྲིཾ་ཛ་ཛ༔ ཁུག་ཁུག༔ སྡུས་སྡུས༔ བདག་ལ་སྦྱོར་ཅིག་སྭཱ་ཧཱ༔ ཞེས་པ་བྲིས་ལ༔ གང་འདོད་པ་དེའི་ཆུ་ཤུལ་ལམ་དྲི་མའམ༔ རྐང་རྗེས་ཀྱི་སའམ༔ སྐྲའམ༔ གང་རྙེད་པ་མདའ་ལྟོང་དུ་གཞུག༔ སྤྲ་ཚིལ་གྱིས་མནན་ལ་མདའ་ལྟོང་དགག༔ དར་དམར་པོ་བཏགས་ལ་སྒྲུབ་བོ༔ མདའ་བྱ་རྒོད་མའི་སྒྲུབ་ཐབས་རྫོགས་སོ༔ ༄༔ ལྷ་ཆེན་བླ་རྡོ་ཡོད༔ ཙནྡན་སྲིད་མེས་ཆུང་ངུ་ཁོང་སྟོང་བྱས་ལ༔ དེའིནང་དུ༔ ཨེ་དེ་བ་ཤྭ་ར་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ ཞེས་བྲིས་ལ་བཅུག༔ དར་དམར་པོས་དྲིལ་ལ་རབ་གནས་བྱ༔ གཏོར་མ་ལ་གཟུག༔ གཏོར་མ་སྲིད་མེས་ཀྱི་གཟུགས་འདྲ་བ་ཟན་ལ་བྱ༔ མི་ཡིས་མ་མཐོང་བར་བྱས་ལ་བཅང་ངོ༔ དར་དམར་པོ་ལ་རྒྱལ་མཚན་གྱི་གཟུགས་བྱས་ལ༔ ནང་དུ་མཚལ་གྱིས་འཇིག་རྟེན་མིའི་ཁྲོམ་ཆེན་པོ་དང༔ ནོར་རྫས་ཆེན་པོ་དབང་དུ་སྡུས་ཤིག་བྱ་བ་བྲིས་ལ༔ གཏོར་མ་ལ་གཟུག༔ རྡོ་ཕ་ཝཾ་ལ་མཚལ་གྱིས་ཧྲཱིཿདྲུག་བྲིས་ལ༔ དབང་རྟེན་གྱི་ནང་དུ་གཟུད་དོ༔ བླ་རྡོ་འདི་བཅུག་པས་སྒྲུབ་ཐག་ཉེ་བ་ཡིན་ནོ༔ ༄༔ དབང་གི་ཞལ་གདམས༔ སྒྲུབ་པའི་དུས་སུ་ནོར་ཕྱི་རུ་མི་གཏང༔ ཟས་ཀྱང་ཕྱི་རུ་མ་གཏང་ན་དགའ༔ ལས་བྱེད་དུ་མ་འདོད་ན་ལྕགས་ཀྱུ་རྟེན་ལ་གཟུག༔ རྡོ་ལག་ཏུ་ཐོགས་ལ་རང་རྟ་མགྲིན་དུ་བསྒོམས་ཏེ་གཅུན་ནོ༔ གཅུན་སྔགས་གོང་དུ་བསྟན༔ ཕྱི་སྒྲུབ་ཙནྡན་ལ་བརྟེན་ནས་བསྒྲུབ༔ གསང་སྒྲུབ་ཟངས་ཀྱི་སྲིད་མེས་ལ་བརྟེན་ནས་བསྒྲུབ༔ སྔགས་འདི་ཟླ་ཕྱེད་བཟླ༔ ཨོཾ་དབང་ཕྱུག་ལྷ་ཆེན་ཧྲིང༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ དེ་བ་ཤྭ་ར་ལོ་ཀ་སརྦ་མ་ནུ༔ རཏྣ་བཱ་སུ་ཧྲིཾ་ཧྲིཾ་ཛ་ཛ༔ མ་ཧཱ་དེ་བ་རཏྣ་འགུལ་འགུལ་ཧྲིང་ཧྲིང་སྡུས་སྡུས༔ མ་ཧཱ་དེ་བ་མི་སྙིང་སྒུལ་མི་འགྲམ་ཆོག༔ བཱ་སུ་རཏྣ་པཱ་ཤཾ་ཀུ་རུ་ཧྲིང་ཧྲིང་ཛ་ཛ༔ ཞེས་བཟླའོ༔ ཕྱི་ཉི་ཟླ་རླུང་གི་ཞགས་པས༔ སྙན་གྲགས་སྒྲུབ་པའི་འཁོར་ལོ༔ སེང་ལྡེང་སྲིད་མེས་སུ་གཞུག༔ ནང་བསམ་འཕེལ་ནོར་བུ་རིན་པོ་ཆེའི་འཁོར་ལོ༔ ནོར་དབང་དུ་སྡུད་པ་ཙནྡན་སྲིད་མེས་སུ་གཟུད༔ གསང་བ་སྲིད་མེས་ཀྱི་འཁོར་ལོས༔ མི་ཕོ་མོ་དང༔ ཁྲོམ་ཆེན་དབང་དུ་བསྡུ་བ་ཟངས་ཀྱི་སྲིད་མེས་སུ་གཟུད༔ གྲུབ་ན་གསུམ་ཀ་བཤམ་མོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ནོར་ལྷ་བརྒྱ་རྩའི་སྒྲུབ་པ་བྱས༔ དབང་ཕྱུག་ཆེན་པོའི་རླུང་ཞགས་འདི༔ ནོར་ལྷ་ཕལ་གྱིས་དོ་ཟླ་མིན༔ རྡོ་རྗེ་སྤྲེ་ཆུང་ཁྱོད་ལ་གཏད༔ སྙིང་དང་འདྲ་བའི་མན་ངག་ཡིན༔ འདི་མེད་ཁོག་པའི་སྙིང་མེད་ཡིན༔ འདི་མེད་སྒྲོ་བ་ཞབས་མེད་ཡིན༔ འདི་མེད་ནོར་བུ་མིག་མེད་ཡིན༔ དབང་ཕྱུག་རླུང་ཞགས་སྒྲུབ་པ་འདིས༔ ཁྲོམ་ཆེན་དབང་དུ་འདུ་བར་ནུས༔ འཇིག་རྟེན་ཀུན་ལ་དབང་བས་དབང༔ ནོར་བདག་ཆེན་པོ་ཕྱུག་པས་ཕྱུག༔ ཀུན་གྱིས་འགྲན་ཟླ་བྲལ་བས་ཆེན་པོ་འོ༔ ཨོཾ་དབང་ཕྱུག་ལྷ་ཆེན་ཧྲིང༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་དེ་བ་མ་ནུ་ཙིཏྟ་སྒུལ་སྒུལ༔ བཱ་སུ་རཏྣ་པཱ་ཤཾ་ཀུ་རུ་ཧྲིང་ཧྲིང༔ ཧྲཱིཿཧསྟི་ཕ་ལ༔ སིདྡྷི་ཕ་ལ༔ བཱ་སུ་ནཱ་ནཱ་ཁ་དྷེ༔ ལོ་ཀ་པཱ་ཤཾ་ཀུ་རུ༔ པུཥྚིཾ་རཏྣ་ཛ༔ ནཱ་ག་ཕ་ལ༔ ཧྲིང་ཧྲིང་ཕཊ་ཕཊ༔ ཅེས་བདུན་བཟླ༔ གསང་བ་ནོར་སྡུད་སྔགས་སོ༔ ནངས་དགོང་དུས་བཞིར་ཟས་ནོར་རི་ལྟར་སྤུངས་པར་བསྒོམ༔ དབང་གི་ཞལ་གདམས་དང་པོ་ྀཨཚ༔ ༄༔ སྔགས་རྐང་ཐུང་ཡོད༔ སྔགས་རྐང་ཐུང་ལ་སྒྲུབ་ཐག་ཉེ་བའི་སྔགས་ནི་འདི་འོ༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་མི་སེམས་དཀྲུགས་ཟས་ནོར་ཁུག༔ སྡུས་ཧྲིང་ས་མ་ཡ་ཛཿཛ༔ བསྙེན་པ་འདི་བསྐྱལ་ན་སྒྲུབ་ཐག་ཉེ༔ རི་ཁྲོད་བརྟེན་ཅིང་འདི་བསྒྲུབས་པས༔ བསོད་ནམས་ནགས་ལ་མེ་མཆེད་འདྲ༔ ལོངས་སྤྱོད་རྒྱལ་པོའིི་དཀོར་མཛོད་ལྟར༔ འདུ་ཞིང་འཕེལ་བས་འདི་སྒྲུབས་ཤིག༔ ཅེས་གསུངས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༔ སྔགས་རིང་དབྱིངས་ཆེན་ཡོད༔ སྔགས་རིང་ལ་དབྱིངས་ཆེ་བ་འདི་ཡང་བཟླ་འོ༔ ཨོཾ་དབང་ཕྱུག་ལྷ་ཆེན་ཙིཏྟ་ཧྲིང་ཡཾ་ཛ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་དེ་བ་ལོ་ཀ་བཱ་སུ་རཏྣ་ཧྲིང་ཧྲིང་ཛ་ཛ༔ དྷེ་དྷ་ཤ་ཤུ་ལ་ཨཾ་གུ་ཤ་ཛ༔ ཀ་བྷི་ར་ཀོ་བྷི་ར༔ བྷ་ཤན་ཨུ་གེ་ལོ་ཀ་སརྦ་པཱ་ཤཾ་ཀུ་རུ་ཡེ་ཛ༔ ཨཱ་ཀརྵཱ་ཡ་ཛ་ཛ༔ ཧྲིང་ཧྲིང་སྡུས་སྭཱ་ཧཱ༔ ཡུལ་ཁམས་དབང་དུ་བསྡུ་ཞིང་མི་ནོར་སྡུད་པའི་སྔགས་ཡིན༔ ནོར་ལྷ་ཟབ་ལ་མང་བ་པདྨ་བདག་ལ་ཡོད་གྱུར་ཀྱང༔ འཁུལ་དང་དབྱིངས་ཆེན་དབང་ཕྱུག་ཆེན་པོའི་རླུང་ཞགས་འདི་ཉིད་ཡིན༔ འཇིག་རྟེན་ཁམས་ན་འདི་བས་ལྷག་པའི་དབང་སྡུད་ཡོད་སྲིད་ན༔ པདྨ་འབྱུང་གནས་ང་ཡི་མགོ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་ཁོས༔ རྡོ་རྗེ་སྤྲེ་ཆུང་ཁྱོད་ལ་གབ་སྲི་མེད་པར་སྦྱིན་པར་བྱ༔ སྤེལ་བའི་དུས་མིན་ཐམས་ཅད་ཟབ་མོའི་གཏེར་དུ་སྦ་བར་གྱིས༔ ཞེས་གསུངས་སོ༔ ཟང་ཟང་ལྷ་བྲག་ལ་གཏེར་དུ་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༔ ཁྲོམ་སྔགས༔ དབང་ཕྱུག་ཆེན་པོའི་རླུང་ཞགས་འདི༔ བསྙེན་པ་ཚད་དུ་འཁྱོལ་ན་ཁྲོམ་ཆེན་པོ་དབང་དུ་འདུ་ཞིང༔ བསོད་ནམས་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་མཉམ༔ ཨོཾ་དབང་ཕྱུག་ལྷ་ཆེན་མ་ཧཱ་དེ་བ་ཙིཏྟ་ཧྲིང༔ ཨ་ཡི་མ་དུང་མ་ནུ་ཁྲོམ་འུབས་འུབས་ཁུག༔ བཱ་སུ་རཏྣ་འུབས་ཧྲི་དུང་འདུས་ཁུག༔ ལོ་ཀ་འུར་འུར་དིང་དིང་འུབས་འུབས༔ མི་ཁྲོམ་ཁུག་ཁུག༔ སྡུས་སྡུས་ཧྲིང་ཧྲིང་ཛ་ཛ༔ འདི་ལ་བསྙེན་བཟླས་འཁྱོལ་ན་ཁྲོམ་དབང་དུ་འདུ་བའི་སྔགས་སོ༔ སྔགས་རིང་རྫོགས་སོ༔ ྈྈྈ ྈྈྈ སྔགས་འདི་ཐུང་ལ་ནུས་པ་རྫོགས་པ༔ རྣོ་ལ་མྱུར་བ་ཡིན་པས་འདི་བཟླའོ༔ ཨོཾ་དབང་ཕྱུག་ལྷ་ཆེན་མ་ཧཱ་དེ་བ་ཙིཏྟ་ཧྲིང༔ ཨ་ཡི་མ་དུང་དུང་འདུས༔ མ་ཧཱ་བཱ་སུ་རཏྣ་འུར་འུར་དིང་དིང༔ མི་ཁྲོམ་འུབས་ཧྲིལ་ཁུག་འདུས་ཧྲིང་ཧྲིང་ཛ་ཛ༔ སྔགས་འདི་ཁྲོམ་དབང་དུ་སྡུད་པའི་སྔགས་ཡིན་ནོ༔ འདི་རང་ལ་བཟླས་པ་བྱས་ན་ཁྲོམ་ཆེན་པོའི་མི་དབང་དུ་འདུ་འོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཁྲོམ་ཆེན་དབང་དུ་སྡུད་པའི་སྔགས༔ རྡོ་རྗེ་སྤྲེ་ཆུང་ཁྱོད་ལ་གཏད༔ སྤེལ་བའི་གནས་མེད་གཏེར་དུ་སྦོས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་ཟང་ཟང་ལྷ་བྲག་ལ་སྦས་སོ༔ ྈྈྈ ྈྈྈ ༄༔ བཅང་ཐབས་གཉེར་ཆིངས་ཞལ་གདམས༔ ཕྱི་རབས་སྔགས་འཆང་རིགས་ཀྱི་བུ༔ འདི་ཉིད་བསྒྲུབས་ལ་འགྲོ་དོན་གྱིས༔ དབང་རྟེན་མི་ཡིས་མི་མཐོང་བར༔ ཕུགས་སུ་བཞག་ལ་གཏོར་མ་འབུལ༔ ལུས་ལ་བཅངས་ན་ཕྱིང་ཁུག་ཏུ་བཅུག་ལ་བཅང༔ རྐེད་པ་ཁུག་མར་བཅུག་ལ་སྐ་རགས་ལ་གཟེར་ཏེ༔ སྐ་རགས་ཞིང་ཆེན་བཅིངས་ལ༔ མིས་མ་མཐོང་བར་བྱེད༔ སྡོད་ས་དང་ཉལ་སར་གཏོར་མ་བྱའོ༔ མ་ཚོར་བ་དང་མ་སྟོར་བ་གལ་ཆེའོ༔ པདྨ་འབྱུང་གནས་ཞལ་གདམས་ཡིན༔ ཕྱི་རབས་སྔགས་འཆང་བཀའ་ལ་ཉོན༔ དེ་སྐད་གསུངས་ནས་གཏེར་དུ་སྦས༔ ྈྈ ྈྈྈ ༄༔ བཟླས་ཐབས༔ གྲུབ་ནས་རྟེན་ནང་དུ་གོས་ལག་ལ་སུག་སུག་བྱས་པས༔ ཁྲོམ་རང་དབང་མེད་པར་འུར་འགྲོ༔ དེ་ལྟར་ནམ་བྱུང་བར་དུ་སྒྲུབ་པ་བྱའོ༔ ཉིན་མོ་ཡབ་ཀྱི་བསྙེན་པ་བྱ༔ མཚན་མོ་ཡུམ་གྱི་བསྙེན་པ་བཟླས༔ ཡབ་ཀྱི་བསྙེན་པས་མོ་རྣམས་དབང་དུ་འདུ༔ ཡུམ་གྱི་བསྙེན་པས་ཕོ་རྣམས་དབང་དུ་འདུ༔ ར་ཐུག་སྤྲེ་ཐོད་བྱི་ལའི་ཐོད་པ༔ ཁྱི་དཀར་པོའི་ཐོད་པར༔ ཡུལ་ཁམས་དབང་དུ་སྡུད་པའི་འཁོར་ལོ་བཅུག༔ སྔགས་བཟླས་ཤིང་བསྒྲུབས་ན༔ ཡུལ་ཁམས་དབང་དུ་འདུ་འོ༔ ནངས་དགོང་ཡབ་ཡུམ་སྤེལ་མར་བཟླས་པས༔ ཕོ་མོ་མེད་པར་དབང་དུ་འདུ༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ཧྲིང་ཡམ་ཛ་ཛ༔ ལོ་ཀ་བཱ་སུ་རཏྣ་སིདྡྷི་འུབས་འུབས༔ ཧྲིཾ་ཧྲིཾ་ཛ་ཛ༔ ཨུ་མཱཿདེ་བཱིས་མི་སྙིང་སྒུལ༔ མི་སེམས་དཀྲུགས༔ ཟས་ནོར་ཁུག་སྡུས་ཡ་ལིང༔ ཀི་པི་གླིང་ཀི་ཀི་ལིང་ཀི་སྭཱ་ཧཱ༔་་་ཀི་པི་གླིང་ཀི་ལིང་ལིང་ཀི་ལིང་སྭཱ་ཧཱ༔ ཟེར་བའང་སྣང་། ནངས་དགོང་ཡང་དེ་ལ་བསྙེན་པ་བྱ༔ ཟས་ནོར་ལོངས་སྤྱོད་འདུ་བར་ཐེ་ཚོམ་མེད༔ ཡབ་སྔགས་ཡུམ་སྔགས་གོང་ན་ཡོད༔ སྒྲུབ་པའི་དུས་ན་ཉིན་མཚན་ཁ་མི་དལ་བར་བཟླ་ཞིང་བསྒྲུབ་བོ༔ ཐུན་པ་གཉིས་སམ་གསུམ་གྱིས་ཐུན་རེ་བྱས་ནས་བཟླས་ན་བཟང་ངོ༔ བཟའ་བཏུང་དུས་མིན་པ་ཁ་དལ་མེད་དུ་བཟླའོ༔ ྀཨཚ༔ ༄༔ སྔགས་ཀྱི་འདོན་འཇུག་མྱུར་མགྱོགས་ཀྱི་སྒྲུབ་པ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་སྔགས་འཆང་བཀྲེས་པ་རྣམས་ཀྱི་དོན་དུ༔ ནོར་སྒྲུབ་བརྒྱ་རྩ་མཛད་དེ༔ དེའི་ཁོག་སྙིང་བར་པ་རླུང་ཞགས་འདི་ཉིད་ཡིན༔ ཡི་གེ་གཅིག་གི་འདོན་འཛུད་ཀྱིས༔ དབང་ཕྱུག་ཆེན་པོ་གཏན་ལ་དབབ༔ རླུང་གི་ས་བོན་ཡཾ་དུ་གསུངས༔ འགྲུབ་པ་མྱུར་བ་སྔགས་ཀྱི་གནད་ཅིག་ཡིན༔ མྱུར་མགྱོགས་ཀྱི་སྔགས༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ཙིཏྟ་ཧྲིང་ཡམ་ཛ་ཛ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་དེ་བ་མི་སྙིང་སྒུལ༔ མི་སེམས་དཀྲུགས༔ ཟས་ནོར་ཁུག་སྡུས༔ ས་མ་ཡ་ཧྲིང་ཧྲིང་ཛ་ཛ༔ སྔགས་འདི་རང་ལ་བསྙེན་པ་བྱས་པས༔ ཟས་ནོར་འདུ་བ་མྱུར༔ ཟས་ཐག་ཉེའོ༔ ཞག་བདུན་བསྒྲུབ་པར་བྱའོ༔ མྱུར་མགྱོགས་ཀྱི་སྔགས་ཀྱི་སྒྲུབ་པ་རྫོགས་སོ༔ ྀཨཚ༔ ༄༔ ལྷ་གནད་ལ་བོར་བ༔ དབང་གི་ལྷ་ལ་ཕྱག་འཚལ་ལོ༔ དབང་ཕྱུག་ཆེན་པོ་བསྒྲུབས་ཀྱང་མ་བྱུང་ན༔ རང་ཉིད་རྟ་མགྲིན་དུ་བསྒོམ༔ ཧོམ་ཁུང་གྲུ་གསུམ་དུ་སྲིད་མེས་དང་དབང་ཕྱུག་ཆེན་པོའི་བླ་རྡོ༔ ཕ་ཝཾ་ལ་ཧྲཱིཿདྲུག་བྲིས་པ་སྤྱི་ཚུགས་སུ་གཞུག༔ དེ་ལ་དབང་ཕྱུག་བསྟིམ༔ གྲི་ལྕགས་ལས་བརྡུངས་པའི་ལྕགས་ཀྱུ་ཡིས༔ སྙིང་ག་ནས་བཟུང་བར་བསྒོམ༔ རྡོ་རྗེས་བསྣུན་ཚུལ་བྱ༔ ཡུངས་དཀར་གྱིས་བྲབ༔ ཨོཾ་བཛྲ་ཀྲོ་ཏ་ཧ་ཡཾ་གྲཱི་བ་མ་ཧཱ་དེ་བ་ཏྲིག་ནན༔ བཱ་སུ་རཏྣ་ཁུག་ཁུག༔ ཅེས་ལས་ལ་གཅུན་ནོ༔ དེ་ལ་ཆུན་པའི་རྟགས་བྱུང་བ་དང༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ཆོངས་ཆོངས༔ ཆེ་གེ་མོའི་ཡིད་ཁུག་སེམས་སྒྱུར༔ མི་ལག་སྒུལ༔ ཟས་ནོར་ཁུག༔ དབང་ཕྱུག་ཆེན་པོས་མི་ཐམས་ཅད་རང་དབང་མེད་པར་དབང་དུ་སྡུས་ཁུག༔ ཧྲིཾ་ཧྲིཾ་ཛ༔ ཞེས་བཟླས་པས་མི་ནོར་ཟས་གསུམ་དབང་དུ་འདུའོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་དོན་དུ་ནོར་སྒྲུབ་བརྒྱ་རྩ་གཏེར་དུ་སྦས༔ གནོད་སྦྱིན་ནོར་ལྷ་གཞན་ནི་ལུས་ཀྱི་ཁོག་པ་འདྲ༔ དབང་ཕྱུག་རླུང་ཞགས་ཁོང་གི་སྙིང་དང་འདྲ༔ རྡོ་རྗེ་སྤྲེ་ཆུང་གཅེས་པར་ཟུངས་ཤིག་ལས་ཅན་རིགས་ཀྱི་བུ༔ ལྷ་ཆེན་གནད་ལ་བོར་ཏེ་སྒྲུབ་པ་རྫོགས་སོ༔ ༄༔ བྱི་ལ་ཁ་སྤྲོད་ཀྱི་སྒྲུབ་ཐབས༔ འོག་བྱི་ལ་ཁ་སྤྲོད་ཀྱི་འཁོར་ལོ་ལ་བརྟེན་ནས་ནོར་སྒྲུབ་པ་ནི༔ བྱི་ལ་ཁ་ནས་ནོར་བུ་འཛག་པའི་ལྟོ་བ་རུ༔ འཁོར་ལོ་རྩིབས་བཞི་རྩིབས་བརྒྱད་པ་མུ་ཁྱུད་གཅིག་གིས་བསྐོར་བ་བྲི༔ དབུས་ཀྱི་ལྟེ་བ་ལ༔ ཨོཾ་དབང་ཕྱུག་ལྷ་ཆེན་ཧྲིང་ཡམ་ཛ༔ ཟས་ནོར་ཁུག་སྡུས་ཧྲིང་ཛ༔ ཞེས་བྲིའོ༔ རྩིབས་བཞི་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཞེས་པ་བཞི་བྲིའོ༔ རྩིབས་མཆན་ལ༔ ཀ་བྷི་ར་ཀོ་བྷི་ར༔ བྷ་ཤན་ཨུ་གེ་རཏྣ་སིདྡྷི་ཨཾ་གུ་ཤ་ཛ་ཛ༔ ཞེས་པ་བྲིའོ༔ རྩིབས་བརྒྱད་ལ༔ མ་ཧཱ་དེ་བ་རྣྲྀ་ཨཱ་ཀརྵཱ་ཡ་པཱ་ཤཾ་ཀུ་རུ་ཧྲིང་ཧྲིང༔ སྡུས་སྡུས་ཛ་ཁུག་ཁུག༔ ཅེས་པ་བྲིའོ༔ མུ་ཁྱུད་ལ༔ ཨོཾ་དབང་ཕྱུག་ལྷ་ཆེན་ཧྲིང་ཧྲིང་ཡམ་ཛཿཛ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་དེ་བ་མི་སེམས་སྒུལ༔ ཟས་ནོར་ཁུག་སྡུས༔ ཧྲཱིཿཧསྟི་ཕ་ལ་སིདྡྷི་ཕ་ལ༔ བཱ་སུ་ན་དྷེ༔ ཟས་ནོར་པཱ་ཤཾ་ཀུ་རུ་བྷཱུ་ཏི་ས་ནཱ་ག་ཕ་ལ་ཧྲིང་ཧྲིང་ཁུག་སྡུས་སྭཱ་ཧཱ༔ ཞེས་མཚལ་གྱིས་བྲིས་ལ་ནེའུ་ལེའི་རྐྱལ་བར་འཁོར་ལོ་དང་རྡོ་ཕ་ཝཾ་ལོང་བུ་སྲིད་མེས་དར་དམར་པོས་དྲིལ་ལ༔ ལུས་ལ་བཅངས་པའམ༔ ཕུགས་སུ་ཅིས་ཀྱང་གདག་གོ༔ དེའི་བསྙེན་པ་ནི༔ མུ་ཁྱུད་ཀྱི་སྔགས་དེ་བཟླས་པ་ཞག་བདུན་བྱས་ནས་ཕུགས་སམ་ལུས་ལ་བཅང་ན༔ ཟས་ནོར་འདུ་ཞིང་འཕེལ་ལོ༔ བྱི་ལ་ཁ་སྤྲོད་ཀྱི་འཁོར་ལོ་རྫོགས་སོ༔ ྈྈྈ ྈྈྈ ༄༔ ཡབ་ཡུམ་སྦྲགས་པའི་འཁོར་ལོ༔ རྒྱལ་པོ་དབང་དུ་སྡུད་པའི་འཁོར་ལོ་ནི༔ ཡབ་ཡུམ་སྦྲགས་ཏེ་རྒྱལ་པོ་རྒྱལ་མོ་དབང་དུ་བྱ་བ་ནི༔ འཁོར་ལོ་རྩིབས་བཞི་རྩིབས་བརྒྱད་མུ་ཁྱུད་གཅིག་པ་བྲི༔ ལྟེ་བ་ལ་རྒྱལ་པོའི་གཟུགས་དང་མིང་རུས་བྲི༔ རྩིབས་བཞི་ལ༔ ཨོཾ་མ་ཧཱ་དེ་བ་རཱ་ཛ་ཆེ་གེ་མོ་ཁུག༔ རཱ་ཛ་སིདྡྷི་ཁུག༔ རཱ་ཛ་ཁྲོམ་ཁུག༔ རཱ་ཛ་པཱ་ཤཾ་ཀུ་རུ་ཨཾ་གུ་ཤ་ཛ་ཛ༔ ཞེས་བྲིའོ༔ རྩིབས་མཆན་ལ༔ རྒྱལ་པོ་ཆེན་པོ་དབང་དུ་སྡུས་ཤིག༔ ཅེས་པ་བཞི་བྲི༔ རྩིབས་བརྒྱད་ལ༔ ཨོཾ་མ་ཧཱ་དེ་བ་ཧྲིང་སྡུས་རཱ་ཛ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་བརྒྱད་བྲིའོ༔ རྩིབས་མཆན་ལ༔ དབང་ཕྱུག་ཆེན་པོས་རྒྱལ་པོ་ཆེ་གེ་མོ་ལོངས་སྤྱོད་དང་བཅས་པ་དབང་དུ་སྡུས་ཤིག༔ ཅེས་པ་བརྒྱད་བྲིའོ༔ མུ་ཁྱུད་ལ༔ ཨོཾ་དབང་ཕྱུག་ལྷ་ཆེན་ཧྲིང༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་དེ་བ་རཱ་ཛ་ཁུག་སྡུས༔ པཱ་ཤཾ་ཀུ་རུ་ཧྲིང་ཧྲིང༔ ཧསྟི་ཕ་ལ༔ སིདྡྷི་ཕ་ལ༔ བཱ་སུ་ན་དྷེ་པཱ་ཤཾ་ཀུ་རུ༔ བྷཱུ་ཏི་ས་ནཱ་ག་ཕ་ལ༔ ཧྲིང་ཧྲིང་ཕཊ་ཕཊ༔ ཅེས་པ་བྲིའོ༔ འོག་འཁོར་པདྨ་འདབ་བཞི་འདབ་བརྒྱད༔ མུ་ཁྱུད་གཅིག་པ་ནི༔ ལྟེ་བར་རྒྱལ་པོའི་བཙུན་མོའི་མིང་རུས་བྲི༔ པདྨ་འདབ་བཞི་ལ༔ ཨུ་མཱཿདེ་བཱི་བཙུན་མོ་ཁུག་སྡུས༔ བཙུན་མོ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་བྲི༔ པདྨ་འདབ་བརྒྱད་ལ༔ ཨུ་མཱཿདེ་བཱི་ཙུན་ཏ་བྱ་མོ་ཁུག་ཏ་ཧཱུྃ༔ ཞེས་པ་བརྒྱད་བྲི༔ མུ་ཁྱུད་ལ༔ ཨུ་མཱཿདེ་བཱི་ཙིཏྟ་ཙིཏྟ་ཧྲིང་ཧྲིང༔ ཨུ་མཱཿདེ་བཱི་བཱ་སུ་དྷཱ་རི་རྒྱལ་པོ་དམངས་དང་བཅས་པའི་སེམས་ཁུག༔ ཡིད་སྒྱུར་ཟས་ནོར་པཱ་ཤཾ་ཀུ་རུ་མ་ན་ཡེ་ཧྲིང་ཧྲིང་ཛ་ཛཿསྡུས་སྡུས་སྭཱ་ཧཱ༔ ཞེས་བྲིའོ༔ དམིགས་པས་རྒྱལ་པོ་བཙུན་མོ་བློན་པོ་དམངས་དང་བཅས་པ༔ ལན་བདུན་འཁོར་ལོ་ལ་བསྟིམ་ཞིང་ཁུག་པར་བསམ༔ སྤྲེའུའི་ཐོད་པར་བཅུག་ལ་དར་ཐག་བཏགས༔ སྤྲེལ་ཐོད་མགོ་ལ་བསྐོར་ལ་དབང་དོང་དུ་བཅུག་ལ་ཞག་བདུན་བསྒྲུབ༔ སྤྲེལ་ཐོད་ལུས་ལ་བཅངས་པས་རྒྱལ་བློན་དམངས་རྣམས་དབང་དུ་འདུ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ གནས་ཆེན་བརྒྱ་དང་བོད་ཁམས་སུ༔ གདུལ་བྱ་འདུལ་ཕྱིར་ཕྱིན་གྱུར་ཀྱང༔ འདི་ལས་ཟབ་པ་གཞན་ན་མེད༔ འདི་སྒྲུབ་རྒྱལ་བློན་དམངས་རྣམས་འདུ༔ ཞེས་གསུངས་སོ༔ ྈྈྈ ྈྈྈ ༄༔ ཡུལ་ཁམས་དབང་དུ་སྡུད་པའི་འཁོར་ལོ༔ ཡུལ་ཁམས་དབང་དུ་སྡུད་པའི་ཙཀྲ་ནི༔ སྟེང་འཁོར་འོག་འཁོར་སྟེང་འོག་གཉིས་སྦྲགས་བྱས་ལ༔ སྟེང་གི་འཁོར་ལོ་རྩིབས་བཞི་རྩིབས་བརྒྱད་མུ་ཁྱུད་གཅིག་པ་བྲི༔ ལྟེ་བར་ཡུལ་གྱི་མིང་རྣམས་བྲི༔ རྩིབས་བཞི་ལ༔ ཨོཾ་དབང་ཕྱུག་ཆེན་པོས་ཡུལ་ཁམས་དབང་དུ་སྡུས་ཤིག་སྭཱ་ཧཱ༔ ཞེས་པ་བཞི་བྲི༔ རྩིབས་མཆན་ལ༔ མིའུ་རིགས་བཞི་དབང་དུ་སྡུས་ཤིག་སྭཱ་ཧཱ༔ ཞེས་པ་བཞི་བྲིའོ༔ རྩིབས་བརྒྱད་ལ༔ ཨོཾ་མ་ཧཱ་དེ་བ་ཡུལ་ཁམས་གྲོང་ཁྱེར་སརྦ་པཱ་ཤཾ་ཀུ་རུ་ཧཱུྃ་ཛ༔ ཞེས་པ་བརྒྱད་བྲིའོ༔ རྩིབས་མཆན་ལ༔ བཱ་སུ་རཏྣ་སྡུས་སྡུས་སྭཱ་ཧཱ༔ ཞེས་པ་བརྒྱད་བྲི༔ མུ་ཁྱུད་ལ༔ ཨོཾ་དབང་ཕྱུག་ལྷ་ཆེན་ཧྲིང༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་དེ་བ་སརྦ་ལོ་ཀ་ཧྲིང་ཧྲིང་ཛ་ཛ༔ དྷེ་དྷ་ཤ་ཤུ་ཨཾ་གུ་ཤ་ཛ་ཛ༔ དབང་ཕྱུག་ཆེན་པོས་ཡུལ་ཁམས་ཆེ་གེ་མོའི་ཟས་ནོར་ལོངས་སྤྱོད་དང་བཅས་པ་དབང་དུ་སྡུས་ཤིག༔ ཅེས་བྲིའོ༔ འོག་གི་འཁོར་ལོ་པདྨ་འདབ་བཞི་འདབ་བརྒྱད་མུ་ཁྱུད་གཅིག་པ་བྲི༔ ལྟེ་བར་ཨུ་མཱཿདེ་བཱིས་ཡུལ་ཁམས་དབང་དུ་སྡུས་ཤིག༔ ཅེས་བྲིའོ༔ པདྨ་འདབ་བཞི་ལ༔ ཨོཾ་ཨུ་མཱཿདེ་བཱི་བཱ་སུ་དྷཱ་རི༔ ཡུལ་ཁམས་ཐམས་ཅད་པཱ་ཤཾ་ཀུ་རུ་ཧྲིང་ཧྲིང་ཛ་ཛ༔ ཞེས་པ་བཞི་བྲི༔ པདྨ་འདབ་བརྒྱད་ལ༔ ཨུ་མཱཿདེ་བཱི་བཱ་སུ་དྷཱ་རི༔ བཱ་སུ་རཏྣ་ཁུག་ཁུག་ཧྲིང་ཧྲིང་ཛ་ཛ༔ ཞེས་པ་བརྒྱད་བྲི༔ མུ་ཁྱུད་ལ༔ ཨོཾ་ཨུ་མཱཿདེ་བཱི་སརྦ་ལོ་ཀ་ཧྲིང་ཧྲིང་ཛ་ཛ༔ དྷེ་དྷ་ཤ་ཤུ་ཨཾ་གུ་ཤ་ཛ་ཛ༔ ཧྲིང་ཧྲིང་སྡུས་སྡུས༔ ཨུ་མཱཿདེ་བཱིས་ཟས་ནོར་ལོངས་སྤྱོད་ཡུལ་ཁམས་དང་བཅས་པ་དབང་དུ་སྡུས་ཤིག༔ ཅེས་པ་བྲིའོ༔ དམིགས་པས་ལན་བདུན་དགུག་ཅིང་བསྟིམས་ལ༔ དར་སྐུད་དམར་པོས་བཅིང༔ དར་དམར་པོས་དྲིལ་ལ༔ ཁྱི་མོ་དཀར་པོའི་ཐོད་པའམ༔ བྱི་ལའི་ཐོད་པར་བཅུག་ལ༔ དབང་གི་ཟླ་གམ་དམར་པོའི་ནང་དུ་བཅུག་ལ་ཞག་བདུན་བསྒྲུབ༔ སྤྲེལ་ཐོད་སྔ་དྲོ་བཞིན་བསྐྱར་རོ༔ སྔགས་འདི་བཟླའོ༔ ཨོཾ་དབང་ཕྱུག་ལྷ་ཆེན་ཙིཏྟ་ཧྲིང༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་དེ་བ་སརྦ་ལོ་ཀ་ཧྲིང་ཧྲིང་ཛ་ཛ༔ དྷེ་དྷ་ཤ་ཤུ་ཨཾ་གུ་ཤ་ཛ་ཛ༔ ཞེས་བཟླའོ༔ ཡུངས་དཀར་ལ་བཏབ་ནས་ཡུལ་ཁམས་ལ་གཏོར་ན༔ ཡུལ་ཁམས་དབང་དུ་འདུ་འོ༔ ཐོད་པ་ཡུལ་ལམ་ཕུགས་སམ་ལུས་ལ་བཅང་ངོ༔ ཡུལ་ཁམས་དབང་དུ་སྡུད་པའི་མན་ངག་རྫོགས་སོ༔ ནུབ་ཟངས་མཛོད་དམར་པོ་ནས་རིག་འཛིན་ཆེན་པོས་སྤྱན་དྲངས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༔ ལྷ་ཆེན་མ་ཧཱ་དེ་བའི་ལས་ཚོགས་ཁྱད་པར་ཅན་ལས༔ ཐོད་པའི་ནོར་སྒྲུབ༔ ལྷ་ཆེན་མ་ཧཱ་དེ་བ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ལྷ་ཆེན་མ་ཧཱ་དེ་བ་ཡི༔ ལས་ཚོགས་ཁྱད་པར་གདམས་པ་བསྟན༔ ཐོད་པ་ལ་བརྟེན་ནས་སྒྲུབ་པ་ནི༔ ཀ་པཱ་ལ་མཚན་ཉིད་ལྡན་པའི་ནང་དུ་མི་ནོར་འདུ་བའི་སྔགས་རྣམས་མཚལ་གྱིས་བྲིས༔ དབང་ཕྱུག་རྟེན་དང་བཅས་པ་དང༔ འབྲུ་སྣ་ལྔ་དང༔ རིན་པ་ོཆེ་ལྔ༔ སྙིང་པོ་ལྔ༔ སྨན་ལྔས་ཐོད་པ་བཀང༔ དར་སྣ་ལྔས་དྲིལ་ལ་མཎྜལ་སྟེང་དུ་བཞག༔ དྲི་བཟང་གི་པཱུ་ཛ་འབུལ༔ སྔགས་པས་མཚམས་བཅད་ཞག་བདུན་བསྒྲུབ༔ ཟས་ནོར་རིན་ཆེན་དངོས་གྲུབ་ཀ་པཱ་ལ༔ དབང་ཕྱུག་ཆེན་པོ་གསང་བའི་རྟེན་དུ་བཅང༔ ཨོཾ་དབང་ཕྱུག་ལྷ་ཆེན་ཙིཏྟ་ཧྲིང་ཧྲིང་ཡམ་ཛ་ཛ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་དེ་བ་ཀ་པཱ་ལ༔ མ་ཧཱ་རཏྣ་སིདྡྷི་ཁུག༔ བཛྲ་ཀ་པཱ་ལ་རཏྣ་སིདྡྷི་ཁུག༔ ཀརྨ་ཀ་པཱ་ལ་རཏྣ་སིདྡྷི་ཁུག༔ ཧྲིང་ཧྲིང་ཛ་ཛ༔ ཞེས་བསྒྲུབས་ནས་བཅངས་ན་མི་ནོར་ཟས་གསུམ་དབང་དུ་འདུ་བ་ཡིན་ནོ༔ དབང་ཕྱུག་ཐོད་པ་ལ་བརྟེན་ནས་སྒྲུབ་པ་རྫོགས་སོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ དབང་ཕྱུག་ཆེན་པོ་དམ་ལ་བཏགས༔ འདོད་ཁམས་དབང་ཕྱུག་ལས་ལ་བཀོལ༔ རླུང་གི་ཞགས་པ་སུས་སྒྲུབ་པ༔ དཔག་བསམ་ཤིང་དང་ནོར་བུ་འདྲ༔ ཅི་འདོད་དགོས་འདོད་འབྱུང་བ་ཡིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༔ ལག་སྒུལ་ཡོད༔ གསང་བ་ལག་སྒུལ་གྱི་འཁོར་ལོ་ལ་བརྟེན་ནས༔ ལག་པ་སྒུལ་བ་ནི༔ རྒྱ་ཤོག་ལ་ལག་པ་གཡས་གཡོན་གྱི་གཟུགས་མཚལ་གྱིས་བྲིས་ལ༔ ཕོ་འཁོར་རྩིབས་བརྒྱད་པ་མུ་ཁྱུད་གཅིག་པ་གཡས་ལ་བྲི༔ མོ་འཁོར་པདྨ་འདབ་བརྒྱད་པ་མུ་ཁྱུད་གཅིག་པ་གཡོན་ལ་བྲི༔ གཡས་པའི་མཐིལ་གྱི་ལྟེ་བ་ལ༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་རཏྣ་བཱ་སུ་སྡུས་སྡུས་སྭཱ་ཧཱ༔ ཞེས་པ་བྲི༔ རྩིབས་བརྒྱད་ལ་ རྣྲྀ་ ཨཱ་ཀར་ ཥཱ་ཡ་ ཧྲིང་ཧྲིང་ ཛ་ཛ༔ སྡུས་སྡུས་ ཁུག་ཁུག་ སྭཱ་ཧཱ༔ ཤད་བར་རེ་རེ་རྩིབས་རེ་རེ་ལ་འགོད་དོ༔ མོ་འཁོར་གྱི་ལྟེ་བའི་སྔགས་ཕོ་དང་འདྲ༔ པདྨ་འདབ་བརྒྱད་ལ༔ རྣྲྀ་ཨཾ་གུ་ཤ་ཛ་ཛ༔ ཧྲིང་ཧྲིང་སྡུས་སྡུས་སྭཱ་ཧཱ༔ ཞེས་བྲིའོ༔ མུ་ཁྱུད་སྟེང་འོག་གཉིས་ཀ་ལ༔ ཨོཾ་མ་ཧཱ་དེ་བ་ཧྲིང༔ ཙཀྲ་ཤ་ནི༔ ཙཀྲ་ཤ་ནི༔ ཏྲོ་ཤ་ནི༔ ཏྲོ་ཤ་ནི༔ དྷ་ར་དྷ་ར་ནི་ཏི་ཡ༔ དབང་ཕྱུག་ཆེན་པོས་མི་ལག་སྒུལ་སྒུལ༔ ཟས་ནོར་ཁུག་ཁུག༔ ཅེས་བྲི༔ སྔགས་འདི་ཞག་བདུན་བཟླ༔ འཁོར་ལོ་ལ་རབ་གནས་བྱས་ལ༔ རབ་གནས་ཟིན་ནས་དར་དམར་པོས་དྲིལ་སྟེ༔ གྲུ་མོ་གཡས་ལ་གདག་གོ༔ རྙེད་ན་རྐུན་ཆེན་གྱི་ལག་པའི་མཐིལ་དུ་ལག་སྒུལ་གྱི་ཙཀྲ་བྲིས་ལ༔ སྒྲུབ་པ་ཞག་བདུན་བྱས་ལ༔ ལག་པ་གཡས་དང་སྲིད་མེས་བསྡོངས་ནས༔ སྔ་དྲོ་ནོར་སྡུད་ཀྱི་སྔགས་བརྒྱ་རྩ་གསུམ་བཟླས་ནས༔ བྱ་རོག་དང་མི་སྐད་མི་སྨྲ་བའི་དུས་སུ་གཡབ་ན༔ འཇིག་རྟེན་གྱི་མི་ནོར་རྫས་ཡོ་བྱད་ཐམས་ཅད་དབང་དུ་འདུ་འོ༔ ལག་སྒུལ་རྫོགས་སོ༔ ྈྈྈ ྈྈྈ ༄༔ སྙིང་སྒུལ་སྒྲུབ་པ༔ གསང་བ་སྙིང་སྒུལ་སྒྲུབ་པ་ནི༔ མི་གྲིར་ཤི་བའི་སྙིང་ནང་དུ༔ འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་གཅིག་པ་སྙིང་གི་གཟུགས་ཀྱི་ནང་དུ་བྲི༔ དེའི་ལྟེ་བར༔ ཨོཾ་དབང་ཕྱུག་ཆེན་པོ་ཧྲིང་ཧྲིང་ཡམ་ཛ་ཛ༔ མ་ཧཱ་དེ་བ་མི་སྙིང་སྒུལ༔ རཏྣ་སིདྡྷི་ཁུག་ཁུག་སྡུས་ཤིག༔ ཅེས་པ་བྲི༔ རྩིབས་བརྒྱད་ལ༔ ཨོཾ་དབང་ཕྱུག་ཆེན་པོ་མ་ཧཱ་དེ་བ་མི་སྙིང་སྒུལ༔ ནོར་ཁུག་ཁུག༔ ཅེས་པ་བྲི༔ མུ་ཁྱུད་ལ༔ ཨོཾ་དབང་ཕྱུག་ལྷ་ཆེན་ཧྲིང༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་དེ་བ་མི་སྙིང་སྒུལ༔ ཟས་ནོར་ཁུག་ཁུག་སྡུས༔ ས་མ་ཡ༔ ཛ་ཛ༔ ཞེས་བྲིས་ལ་རབ་གནས་བྱ༔ གྲི་སྙིང་དུ་བཅུག་ལ་སྒྲུབ་པ་ཞག་བདུན་བྱས་ཏེ༔ ལུས་ལ་བཅང་ངོ༔ སྙིང་སྒུལ་རྫོགས་སོ༔ ྀཨཚ༔ ༄༔ ཟབ་བསྡུས་ཀྱི་སྒྲུབ་པ༔ ཁྲོམ་སྡུད་ཀྱི་ཞལ་གདམས༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རྒྱ་གར་རྒྱ་ནག་ཁ་ཆེ་དང༔ དྷ་ན་ཀོ་ཤའི་ཡུལ་དུ་ཕྱིན༔ རྒྱལ་བློན་དམངས་རྣམས་དབང་དུ་བསྡུས༔ དེའི་ཟབ་བསྡུས་འདི་ཁོ་ནའོ༔ ཟངས་ཀྱི་སྲིད་མེས་ཀྱི་ནང་དུ༔ རྫས་དང་འཁོར་ལོ་མིང་སྤེལ་གྱི་གཟུགས་རྣམས་གཅུག༔ དེ་ལ་བསྙེན་པ་ཟླ་གཅིག་བསྒྲུབ༔ དམིགས་པ་འཇིག་རྟེན་གྱི་མི་ནོར་དང་ཁྲོམ་ཆེན་པོ་དབང་དུ་སྡུད་པར་བསྒོམ༔ དེའི་བསྙེན་པ་འདི་བཟླའོ༔ ཨོཾ་མ་ཧཱ་དེ་བ་ཧཱུྃ༔ དབང་ཕྱུག་ལྷ་ཆེན་ཧྲིང༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར་དུང་དུང༔ འདུས་འདུས་སྡུས་སྡུས༔ མགོ་ནག་མིའི་སེམས་དཀྲུགས་ཡ༔ སྙིང་འཕྱོ་རུ་ཆུག་ཡ༔ རྐང་པ་འགྲོ་རུ་ཆུག་ཡ༔ སེམས་ཁུག་ཡིད་སྒྱུར༔ ཡིད་ཀྱི་རྣམ་པར་ཤེས་པ་རང་དབང་མེད་པར་དབང་དུ་སྡུས་ཡ༔ ཁུག་ལ་ཤོག༔ དུང་དུང་སྡུས་སྭཱ་ཧཱ༔ ྈྈྈ ྈྈྈ ༄༔ མྱུར་མགྱོགས་ཀྱི་ལས་སྦྱོར༔ མྱུར་མགྱོགས་ཀྱི་ལས་འདི་ནི༔ རྫས་བུད་མེད་མཛེས་མའི་ཆུ་ཤུལ༔ མངལ་ཁྲག༔ གྲི་ཁྲག༔ ད་དྷུ་ར༔ སྦྲང་སྨྱོན་རྣམས་བསྲེས་ལ་རིལ་བུ་བྱ༔ ཨོཾ་ཙབ་ཙབ་ཙུབ་ཙུབ་ཟེ་ཚ་གླེང་སློང༔ བྲམ་ཤོག་ཁུག་སྡུས༔ རཾ་རཾ་དེད་དེད་ཛ་ཛ༔ གདུག་པའི་སྔགས་རྒོད་འདི་ཞག་བདུན་བཟླ༔ རིལ་བུ་ལུས་ལ་བཅངས་སམ༔ ཁྲོམ་ལ་གཏོར་ན༔ དེས་དབང་དུ་འདུ་འོ༔ གལ་ཏེ་མ་འདུས་ན༔ ཟས་ལ་རིལ་བུ་བསྲེས་ཏེ་སྦྱིན་ནོ༔ ཁྲོམ་ལ་གཏོར་ན་ཁྲོམ་དབང་དུ་འདུ་འོ༔ སྒོས་སུ་བྱེད་ན་གང་ལ་དམིགས་པ་དེ་ལ་བྱ༔ ཁྱད་པར་བུད་མེད་དབང་དུ་འདུ་འོ༔ རྫོགས་སོ༔ གཏོར་མའི་ལས་སྦྱོར༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ དབང་ཕྱུག་ཆེན་པོ་དམ་ལ་བཏགས༔ དབང་དུ་སྡུད་པའི་ལས་ལ་བཀོལ༔ འདི་སྒྲུབ་ཟས་ནོར་རི་ལྟར་སྤུངས༔ སྣང་བ་ཐམས་ཅད་དབང་དུ་འདུ༔ ནོར་གྱི་ལོངས་སྤྱོད་རྒྱ་མཚོ་འདྲ༔ དམིགས་པ་དང་སྔགས་ནི༔ དབང་ཕྱུག་ཆེན་པོས་འཇིག་རྟེན་ཐམས་ཅད་རང་དབང་མེད་པར་དབང་དུ་བསྡུས་ནས༔ མིའི་ཁྲོམ་ཆེན་པོ་དང༔ སྣང་སྲིད་ཐམས་ཅད་ཀྱིས་ཕྱག་གུས་པར་འབུལ༔ ཟས་ནོར་རི་ལྟར་སྤུངས་པར་བསྒོམ༔ སྔགས་ནི༔ ཨོཾ་མ་ཧཱ་དེ་བ་ཧཱུྃ༔ དབང་ཕྱུག་ལྷ་ཆེན་ཧྲིང༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་བཱ་སུ་རཏྣ་རྔུབས་རྔུབས་སྡུས་སྡུས༔ བཱ་སུ་རཏྣ་ཁུག་ཁུག༔ མ་ཧཱ་དེ་བས་ཟས་ནོར་ཨེ་འོད་སྤུངས་སྤུངས༔ ཧྲིང་ཧྲིང་ཛ་ཛ༔ དུང་དུང་སྡུས་སྡུས༔ མ་ཧཱ་དེ་བས་མི་སྙིང་སྒུལ༔ ཟས་ནོར་ཁུག་སྡུས༔ ས་མ་ཡ༔ ཧྲིཾ་ཧྲིཾ་ཛ་ཛ༔ དེ་ལ་བསྙེན་པ་ནངས་དགོང་བྱ༔ ཟས་ནོར་རི་ལྟར་སྤུངས་པ་ཡིན༔ སྔགས་འདི་མཚལ་གྱིས་བྲིས་ལ༔ གཏོར་མ་ལ་གཟུག་གོ༔ རྟེན་འབྲེལ་ཆེ་བ་ཡིན་ནོ༔ མཆིམས་རྡོ་རྗེ་སྤྲེ་ཆུང་ལ་གདམས་པ༔ ཟང་ཟང་ལྷ་བྲག་ལ་སྦས་སོ༔ ྈྈྈ ྈྈྈ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རྒྱ་གར་རྒྱ་ནག་ཁ་ཆེའི་ཡུལ༔ དྷ་ན་ཀོ་ཤའི་ཡུལ་དུ་བྱོན༔ ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས༔ བོད་དུ་གཏེར་ཆེན་འབུམ་ཕྲག་གཅིག༔ གཏེར་ཕྲན་བྱེ་བ་ས་ཡ་སྦས༔ ལྷ་བྲག་བྲག་ལ་ཐུགས་གཏེར་དང༔ ཡང་གཏེར་སྦས་པས་འགྲོ་དོན་བྱེད༔ དབང་ཕྱུག་ཆེན་པོ་རླུང་ཞགས་ཀྱི༔ ཟབ་རྒྱས་གནད་ཐིག་གཞན་ན་མེད༔ སྙིང་ཏིག་ཟབ་མོ་ཟང་ཟང་ལྷ་བྲག་དང༔ ལྷོ་བྲག་གནམ་སྐས་ཅན་ལ་སྦས༔ གཡས་རུ་གཙང་འཕྲང་གཡག་སྙིང་རོང༔ གཙང་གི་ཕུང་པོ་རི་བོ་ཆེ༔ ཞལ་བཟང་ནག་པོའི་བྲག་རི་ལ༔ རྐྱང་སྒྲུབ་ཁ་འཐོར་རེ་རེ་སྦས༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ཡི༔ སྒྲུབ་ཐབས་དེ་ལས་གཞན་ན་མེད༔ མུ་སྟེགས་དབང་ཕྱུག་ཆེན་པོ་ལ༔ སྒྲུབ་ཐབས་གཏེར་ཁ་བརྒྱ་རྩ་གཅིག༔ མ་འོངས་པ་ཡི་དོན་ཕྱིར་སྦས༔ ྈྈྈ ྈྈྈ ༄༔ རྒྱལ་མཚན་བཅའ་ཐབས༔ དར་དམར་པོའི་རྒྱལ་མཚན་བཅས་ལ་ཏོག་སེར་པོ་བྱ༔ རྒྱལ་མཚན་གྱི་ནང་དུ་ཤོག་བུ་ལ་ཡུལ་ཁམས་དང༔ ཁྲོམ་ཆེན་དབང་སྡུད་ཀྱི་འཁོར་ལོ་དང༔ མིང་སྤེལ་དང༔ རླུང་ཞགས་ཀྱི་སྔགས་རྣམས་སིནྡྷུ་ར་དང་རྒྱ་སྐྱེགས་དང་མཚལ་དང་གསུམ་གྱིས་བྲིས་ལ༔ དར་དམར་གྱི་རྒྱལ་གྱི་མཚན་ནང་སྲོག་ཤིང་སྨྱུག་མ་ལ་བཏགས༔ ལྷ་ཆེན་དབང་ཕྱུག་ཆེན་པོས་མི་ཁྲོམ་ཆེན་པོ་དབང་དུ་སྡུས་ཤིག༔ ནོར་དཔག་ཏུ་མེད་པ་དབང་དུ་སྡུས་ཤིག༔ གསེར་སྲང་མང་པོ་དཔག་ཏུ་མེད་པ་དབང་དུ་སྡུས་ཤིག༔ གཡུ་ཟངས་དངུལ་ལྕགས་དཔག་ཏུ་མེད་པ་དབང་དུ་སྡུས་ཤིག༔ མུ་མེན་མུ་ཏིག་བྱེ་རུ་རིན་པོ་ཆེ་ཐམས་ཅད་དབང་དུ་སྡུས་ཤིག༔ རྟ་འབྲི་གཡག་བ་ལང་ར་ལུགས་ཕྱུགས་མ་ཐམས་ཅད་དབང་དུ་སྡུས་ཤིག༔ ནས་འབྲས་གྲོ་ཏིལ་སྲན་མ་ཁྲེ་ཕྲ་མ་ཁོ་ར་འབྲུ་ཐམས་ཅད་དབང་དུ་སྡུས་ཤིག༔ མར་ཐུད་ཤ་ཞོ་འོ་མ་ལ་སོགས་སྣུམ་བཅུད་ཐམས་ཅད་དབང་དུ་སྡུས་ཤིག༔ ཀ་ར་བུ་རམ་སྦྲང་རྩི་རྒུ་འབྲུམ་ཐམས་ཅད་དབང་དུ་སྡུས་ཤིག༔ དར་ཡུག་གོས་ཆེན་ཇ་སིག་ཐམས་ཅད་དབང་དུ་སྡུས་ཤིག༔ སྣམ་བུ་རས་ཀ་དན་དར་མན་ཐམས་ཅད་དབང་དུ་སྡུས་ཤིག༔ ཁང་བཟང་ཞིང་གཞིས་དགོན་སྡེ་བཟང་པོ་ཐམས་ཅད་དབང་དུ་སྡུས་ཤིག༔ ལྷ་ཆེན་དབང་ཕྱུག་ཆེན་པོས་བདག་གི་ནོར་ཟད་པ་སྣོན་བསྣན་པ་སྤེལ༔ ཟས་ནོར་ལོངས་སྤྱོད་རི་ལྟར་སྤུངས༔ འབྱོར་པ་རྨུ་ཡད་མཚོ་ལྟར་སྐྱིལ༔ ཅེས་ནོར་གང་འདོད་པ་ཐམས་ཅད་ཀྱི་མིང་དབུ་ཅན་དུ་བྲིས་ལ༔ རྒྱལ་མཚན་གྱི་སྲོག་ཤིང་ལ་བཏགས༔ རྒྱལ་མཚན་གྱི་ནང་ཐམས་ཅད་དབང་ཕྱུག་ཆེན་པོའི་འཁོར་ལོ་དང་སྔགས་དང་ནོར་གྱི་མིང་སྤེལ་ཐམས་ཅད་ཀྱིས་བཀང༔ དེ་ལ་རབ་གནས་བྱས་ཏེ༔ དཀྱིལ་འཁོར་གྱི་གཏོར་མ་ལ་གཟུག་གོ༔ གྲུབ་ན་གཏོར་མ་ཐད་ཀར་བཅས་ལ་བཞག༔ ཕྱོགས་གང་དུ་འགྲོ་ཡང་གཏོར་མ་མ་ཆག་པར་གཏང༔ ཟས་ནོར་དབང་དུ་འདུ་བའི་དངོས་གྲུབ་སྩོལ༔ གྲགས་པ་དང་སྙན་པས་འཇིག་རྟེན་གང་ནས༔ འགྲོ་བ་ཐམས་ཅད་དབང་སྒྱུར་བའི་དངོས་གྲུབ་བདག་ལ་སྩོལ༔ ཅེས་པའི་སྨོན་ལམ་བཏབ༔ གྲུབ་ན་སུམ་ཡར་དུ་གཏོར་མ་འབུལ༔ དེ་ལྟར་མ་གྲུབ་ན་ཡང་དགོང་རེ་ལ་མ་ཆག་པར་བྱའོ༔ ྀཨཚ༔ གུ་ཡ༔ ས་མན་ཏྲ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟང་ཟང་ལྷ་བྲག་གི་རྐེད་བྲག་ཧོམ་ཁུང་འདྲ་བའི་ནང་བསེ་སྒྲོམ་སྨུག་པོའི་ནང་། ནུབ་ཟངས་མཛོད་དམར་པོ་ནས་རྟེན་འབྲེལ་ཁྱད་པར་ཅན་གྱི་ཆོས་བདུན། རྩ་བ་འོད་དཔག་མེད་ཀྱི་སྤྲུལ་པ་ལྷ་ཆེན་དབང་ཕྱུག་ཆེན་པོའི་སྒྲུབ་སྐོར། གཏེར་སྟོན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་ས་ཕོ་རྟའི་ལོ་རྒྱལ་དང་ཕུར་བུ་འཛོམ་པ་ལ་གཏེར་ནས་བཏོན་པའོ།། །། ྈྈྈ ྈྈྈ ༄༅༔ ལྷ་ཆེན་ལོ་རྒྱུས་བསྙེན་པའི་ཚད་བསྟན་པ་བཞུགས་སོ༔ སློབ་དཔོན་པདྨ་འབྱུང་གནས་བསམ་ཡས་བྱང་ཕྱོགས་ན་བཞུགས་པའི་དུས་སུ༔ སྐུ་འཁོར་ལ་མཆིམས་རྡོ་རྗེ་སྤྲེ་ཆུང་ཡོད་པ་ལ༔ བློན་པོ་རྣམས་ཕྲག་དོག་སྐྱེས་ནས༔ སློབ་དཔོན་པདྨ་ཏིང་ངེ་འཛིན་ལ་བཞུགས་ཟེར་ནས༔ མི་སྒོམ་པར་སོས་དལ་དང་སྒྱིད་སྙོམ་ལ་སྡོད་ཅིང་འདུག་ཟེར་བ་ལ༔ རྡོ་རྗེ་སྤྲེ་ཆུང་ཁོ་ངོ་འདོད་པས་ཞབས་ཏོག་བྱེད་ཟེར་བ་འདུག་པས༔ འདི་ཉིད་སྤྱུགས་པ་དྲགས་ཟེར་ནས༔ ལོག་པ་སྒོམ་ཞིང་འདུག་པ་ལ༔ གུ་རུས་མཁྱེན་ནས༔ སྒྲུབ་ཐབས་འདི་མཛད་པས༔ རྡོ་རྗེ་སྤྲེ་ཆུང་གི་རྨི་ལམ་དུ་མི་དམར་པོ་གཅིག་བྱུང་སྟེ༔ གསེར་གཡུ་ཟངས་ལྕགས་ཤ་མར་མང་པོས་ཁང་པ་འགེང་ཞིང་འདུག༔ ཁང་པར་མི་ཤོང་བ་ཙམ་དུ་སོང་བ་དང༔ སྒོ་རུ་ཡང་ཟས་ནོར་གྱི་ཕུང་པོ་རི་རབ་ཙམ་སྤུངས་སོ༔ དེའི་སྔ་དྲོ་ལ་སློབ་དཔོན་པདྨ་ལ༔ མཆིམས་རྡོ་རྗེ་སྤྲེ་ཆུང་གིས་ཞུས་པ༔ བདག་གི་རྨི་ལམ་ན་མི་དམར་པོ་གཅིག་གིས༔ གསེར་གཡུ་ཤ་མར་མང་པོས་ཁྱིམ་བཀང་ནས་ཁེངས་པ་དང༔ སྒོ་རུ་རི་རབ་ཙམ་སྤུངས་ནས་འགྲོ་ཡིན་གདའ་ལགས༔ བར་ཆད་ཅིག་འོང་བ་ལགས་སམ༔ ཞུས་པས་ཅི་ཡང་མི་གསུང་ངོ༔ དེ་ནས་མྱུར་པོར་བོད་ཀྱི་བློན་པོ་འབངས་དང་བཅས་པ༔ སློབ་དཔོན་པདྨའི་དྲུང་དུ་འདུས་ཏེ༔ ལུས་ངག་ཡིད་གསུམ་གུས་པས་ནོར་སྣ་ཚོགས་དཔག་ཏུ་མེད་པ་ཕུལ་ལོ༔ དེའི་དུས་སུ༔ གུ་རུའི་ཞལ་ནས་རྡོ་རྗེ་སྤྲེ་ཆུང་ཁྱོད་ལ་རྨི་ལམ་བྱུང་བའི་དུས་སུ༔ བོད་ཀྱི་བློན་པོ་ནག་པོ་གདུག་རྩུབ་ཆེ་བར་འདུག༔ ངས་འདོད་ཁམས་ཀྱི་དབང་ཕྱུག་ཆེན་པོ་ལས་ལ་བཅོལ་བ་ཡིན་ནོ༔ དེའི་ནུས་པས་ཐམས་ཅད་བྲན་དུ་ཁོལ་ནུས་ཤིང༔ འདོད་ཡོན་འདི་འབྱུང་བ་ཡིན༔ འདི་དབུལ་པོ་གང་གིས་བསྒྲུབས་ཀྱང་ཟས་ནོར་ཆེན་པོ་དང་འཕྲད་དོ་གསུངས༔ དེར་རྡོ་རྗེ་སྤྲེ་ཆུང་གིས་ཞུས་པ༔ བདག་གཟུགས་བྱད་མི་ལེགས་པས་བུད་མེད་རྣམས་ཀྱི་ཡིད་དུ་མི་འོང༔ བསགས་རྒྱབ་མེད་པས་ལོངས་སྤྱོད་དབུལ༔ རྒྱལ་བློན་རྣམས་ཀྱི་སྤྱན་སྔར་མི་འཕྲོད༔ ཡ་རབས་ཀྱི་གྲལ་ལ་མི་སྙོགས༔ ཤིན་ཏུ་སྙིང་རྗེ་བར་མཆིས་པས༔ ལྷ་འདིའིི་སྒྲུབ་ཐབས་བདག་ལ་གནང་བར་ཞུ༔ ཞེས་ཞུས་སོ༔ བཀའ་བསྩལ་པ༔ རྡོ་རྗེ་སྤྲེ་ཆུང་ཉོན་ཅིག༔ ཁྱོད་གཟུགས་བྱད་མི་ལེགས་ཀྱང་ཤེས་རིག་བཀྲ༔ སྙིང་ལ་མི་སྡུག་ཀྱང་བརྩོན་འགྲུས་ཆེ༔ ལོངས་སྤྱོད་མེད་ཅིང་མི་ཡིས་བརྩེ་གདུང་ཆུང་ཡང་དད་གུས་ཆེ་བར་འདུག་པས༔ ལྷ་དབང་ཕྱུག་ཆེན་པོའི་སྒྲུབ་པ་སྣང་བ་དབང་དུ་སྡུད་པ་བྱ་བ་ང་ལ་ཡོད་པས༔ ཁྱོད་ལ་སྦྱིན་པར་བྱ་ཡིས༔ འདི་བསྒྲུབ་ན་ཁྲོམ་ཆེན་པོའི་ལོངས་སྤྱོད་ཀྱང་འདུ་ནུས་སོ༔ ཀུན་གྱིས་འཁུར་ཅིང་སྙན་པ་དང་གྲགས་པ་ཉི་ཟླ་ལྟར་འབྱུང་བའི་མན་ངག་ཡིན་པས༔ གསང་ལ་སྒྲུབས་ཤིག༔ ཅེས་གསུངས་ནས་མཆིམས་རྡོ་རྗེ་སྤྲེ་ཆུང་ལ་ཚང་བར་གནང་སྟེ༔ ཕྱི་རབས་ཀྱི་དོན་དུ་ཟང་ཟང་ལྷ་བྲག་དང་ལྷོ་བྲག་གནམ་སྐས་ཅན་ལ་ལྷ་དབང་ཕྱུག་ཆེན་པོའི་སྒྲུབ་ཐབས་ཚང་བར་སྦས་སོ༔ གཡས་རུ་གཙང་འགྲམ༔ གཡག་སྙིང་རོང༔ ཕུང་པོ་རི་བོ་ཆེ༔ ཞལ་བཟང་དང་བཞིར་ཡང་སྒྲུབ་ཐབས་རེ་སྦས༔ མུ་སྟེགས་དབང་ཕྱུག་ཆེན་པོའི་སྒྲུབ་ཐབས་ནི༔ གཡས་རུའི་གཙང་འཕྲང༔ གྲམ་པ་རྒྱང་གི་ཡོན་པོ་ལུང༔ གཡག་སྙིང་རོང༔ ལྷོ་བྲག་མཁར་ཆུ༔ ལྷོ་བལ་གླང་སྣ་ལ་སོགས་ཏེ་གཏེར་ཁ་ཕལ་ཆེ་བ་རུ་སྒྲུབ་ཐབས་སྣ་རེ་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྙེན་ཚད་བསྟན་པ་དང་པོ་བསྙེན་པའི་ཚད་ནི༔ བསྙེན་སྒྲུབ་དྲིལ་བའི་སྔགས་སུམ་ཅུ་རྩ་དྲུག་པ་དེ༔ འབུམ་ཕྲག་བཅོ་ལྔ་བཟླ་དགོས་པ་ལ༔ ཕྱི་ནང་གི་སྐྱོན་སྤང༔ མི་ཚིག་དང་མ་འདྲེས་པ་དགོས་སོ༔ ཉིན་སྟོང་ཕྲག་ལྔ་མཚན་སྟོང་ཕྲག་ལྔ་བཟླ་དགོས་པས༔ ཉིན་ཞག་ཕྲུགས་གཅིག་ལ་ཁྲི་ཕྲག་གཅིག་འགྲོ༔ དེ་བརྩིས་པས་ཞག་བཅུ་ལ་འབུམ་ཕྲག་གཅིག་འགྲོ༔ ཟླ་བ་གཅིག་ལ་འབུམ་ཕྲག་གསུམ༔ ཟླ་བ་ལྔ་ལ་འབུམ་ཕྲག་བཅོ་ལྔ་འགྲོ༔ དེ་ཡང་ཉིན་རིང་ཐུང་དང་མཚན་རིང་ཐུང་ཆ་བརྩིས་པས༔ ངེས་པར་ཟླ་བ་ལྔ་ལ་འགྲུབ༔ ཁམས་དྭངས་པོས་བརྩོན་པར་བྱས་ན༔ ཉིན་ཞག་ཕྲུགས་གཅིག་ལ་ཁྲི་ཕྲག་རེ་དང་སྟོང་ཕྲག་རེ་འགྲོ༔ དེ་བརྩིས་པས་ཟླ་བ་ལྔ་ལ་འབུམ་ཕྲག་བཅུ་དྲུག་ཁྲི་ཕྲག་ལྔ་འགྲོ༔ འབུམ་ཕྲག་བཅོ་ལྔས་ལྷ་ཆེན་པོ་འགྲུབ་པར་ངེས་པར་གསུངས་སོ༔ འཇིག་རྟེན་འདི་ལ་དབང་བྱེད་པར་འདོད་ན་བརྩོན་པར་གྱིས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟང་ཟང་ལྷ་བྲག་གི་རྐེད་ཟངས་མཛོད་དམར་པོ་ནས་རིག་འཛིན་ཆེན་པོས་སྤྱན་དྲངས་པའོ།། །། ༄༅༔ ཨུ་མཱཿདེ་བཱིའི་སྒྲུབ་ཐབས་ཁྱད་པར་ཅན་བཞུགས༔་་་རྟེན་འབྲེལ་ཆོས་བདུན་ཡིན། ལྷ་མོ་བདེ་སྟེར་མཛད་ལ་ཕྱག་འཚལ་ལོ༔ དང་པོ་བདག་གིས་སྟན་བདེ་བ་ལ་བསྡད་དེ༔ ཅུང་ཞིག་ཡིད་ཀློད་ནས༔ འགྲོ་བ་ཐམས་ཅད་དབང་དུ་སྡུད་པའི་ཏིང་ངེ་འཛིན་ལ་འཇུག་པ་ནི༔ བདག་ཡུམ་ཨུ་མཱཿདེ་བཱི་སྐུ་མདོག་དམར་མོ་རལ་པ་བསྙིལ་བ༔ ལྷའི་རྒྱན་དང་ལྡན་པ་གཅེར་བུ་གཟི་མདངས་ཅན༔ འོད་ཟེར་འཕྲོ་བ་ཞིག་སྒོམ༔ ལྷ་མོའི་བཞུགས་ཚུལ་སྐྱིལ་ཀྲུང་བཅས་པ༔ ལག་པ་གཉིས་མཉམ་གཞག༔ མགོ་བོ་ཅུང་ཟད་འདུད་པར་བྱས་ཏེ༔ སེམས་མ་ཡེངས་པའི་ངང་ལས་རང་གི་ལྟེ་བར་པདྨ་འདབ་བརྒྱད་དཀར་པོ༔ དེའི་ལྟེ་བར་སེམས་ཀྱི་རང་བཞིན་ཧྲཱིཿདཀར་པོ་སྒོམ༔ འདབ་མ་བརྒྱད་ལ་ཐིག་ལེ་དཀར་པོ་བརྒྱད་སྒོམ༔ དེ་ལ་རིག་པ་གཏད་དེ༔ རླུང་ནང་དུ་དྲངས་ཤིང་གཟུང༔ གཏོང་བའི་དུས་སུ་སྣ་ནས་དལ་བར་གཏང༔ དེ་ལྟར་ཟླ་ཕྱེད་བྱས་ན༔ བདག་གི་རིག་པ་མི་འཕྲོ་བར༔ དབང་དུ་འདུས་ཏེ༔ བདེ་བ་ཆེན་པོའི་ཉམས་མྱོང་བཏང་གིས་མི་ཐོངས་པ་རྒྱུད་ལ་སྐྱེ༔ གཞན་དབང་དུ་བསྡུ་ན་ལུས་གནད་གོང་ལྟར་བྱ༔ ལྟེ་བའི་པདྨ་དང་ཐིག་ལེ་དམར་པོ་སྒོམ༔ ཁྱད་པར་དུ་ཐིག་ལེ་རྣམས་ཀྱི་དབུས་སུ་ཧྲཱིཿདམར་པོ་དགུ་སྒོམ༔ མི་གང་ལ་བྱ་བ་དེ་ཁུག་པར་སྒོམ༔ རླུང་ནང་དུ་རྔུབ་ཅིང་གཟུང༔ ཧྲཱིཿདམར་པོ་བུང་བ་ལྟ་བུར་བསྒོམས་པ་དེ་རྣམས་ཀྱི་དམིགས་བྱ་དེའི་ལྟེ་བ་ན་པདྨ་འདབ་མ་བརྒྱད་པ་ཐིག་ལེ་དགུ་ཡོད་པ་ལས༔ པདྨའི་ཧྲཱིཿས་ཟི་རི་རི་ཟོས་ཤིང་བཅུད་འཐུངས་པས༔ ཁོའི་ཁོང་པའི་པདྨ་ནག་ཚག་སོང་བར་སྒོམ༔ རླུང་ནང་དུ་རྔུབ་ཅིང་གཟུང༔ དེས་འགྲོ་བ་དབང་དུ་འདུས་པ་དང༔ ཁ་ཟས་མོད་པ་དང༔ མིས་བྱམས་པར་འགྱུར་རོ༔ བུད་མེད་དབང་དུ་བྱ་བ་ནི༔ གང་ལ་བྱ་བ་དེའི་ལྟེ་བར༔ པདྨ་འདབ་བརྒྱད་དང༔ དབུས་ཀྱི་ལྟེ་བར་ཐིག་ལེ་དགུ་སྒོམ༔ བདག་མ་ཧཱ་དེ་བ་རུ་གསལ་བའི་ལྟེ་བ་ནས༔ པདྨ་དམར་པོ་ལ་ཐིག་ལེ་དམར་པོ་དགུ༔ ཐིག་ལེ་རེ་རེའི་སྟེང་ན་ཧྲཱིཿདམར་པོ་རེ་རེ་ཡོད་པ༔ དེ་ལས་འོད་ཟེར་བུང་བ་འཕུར་བ་ལྟར་འཕྲོས་ནས༔ གང་ལ་དབང་དུ་བྱེད་པ་དེའི་པདྨ་དང་ཐིག་ལེ་ལ་ཆགས་པར་སྒོམ༔ པདྨ་ཐིག་ལེ་དང་བཅས་པ་ཟོས་འཐུངས་འཇིབས་པས༔ པདྨ་ནག་ཚག་སོང་བར་བསམ༔ བཅུད་བདག་གི་པདྨ་ཅན་དུ་ཁྱེར་འོངས་པས༔ བདག་གཟི་མདངས་དང་ལྡན་པར་བསམ༔ གང་ལ་བྱ་བ་དེ་རང་དབང་མེད་པར་འདུ་རུ་རུ་འོང་བར་བསམ་ལ༔ དེ་ཡི་བར་ལ་མ་ཡེངས་པར་རླུང་དྲངས་ནས་ནང་དུ་རྔུབས་ཤིང་དྲང༔ ཐུབ་ཚད་བཟུང་བས་ཐམས་ཅད་དབང་དུ་འདུ༔ ཁྱད་པར་བུད་མེད་བྱིས་པ་འདུ༔ ཕོ་ལ་བྱེད་ན་པདྨ་དཀར་པོ་ལ་ཐིག་ལེ་དཀར་པོར་སྒོམ༔ རང་ཨུ་མཱའི་བཞུགས་ཚུལ་དང༔ ཏིང་འཛིན་གོང་ལྟར༔ དེ་ལྟར་ནངས་རེ་མ་ཆག་ན༔ ཏིང་ངེ་འཛིན་སྒོམ་པའི་ཉིན་པར་ཀྱང༔ མི་དགའ་ཞིང་བྱམས་པ་དང༔ གང་བསམ་པའི་དོན་འགྲུབ་པར་འགྱུར་རོ༔ བྷ་ག་བ་ཏི་ཨཱ་ཀརྵཱ་ཡ༔ ཆེ་གེ་མོ་ཨཾ་ཀུ་ཤ་ཛ་ཛ༔ ཡིད་དང་རྣམ་པར་ཤེས་པ་དབང་དུ་སྡུས་ཤིག༔ ཅེས་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་པས༔ དོན་ཐམས་ཅད་འགྲུབ་པར་བྱེད་དོ༔ ཟས་ནོར་དབང་དུ་སྡུད་ན༔ བྷ་ག་བ་ཏི་རཏྣ་སིདྡྷི་ཀུ་རུ་ཧཱུྃ་ཧྲཱིཿཛ༔ ནོར་རྫས་དབང་དུ་སྡུད་པའི་སྔགས་གོང་མ་ལ་གདག་གོ༔ པདྨ་འདབ་བརྒྱད་ཀྱི་ཧྲཱིཿལས་འོད་བུང་བ་ལྟ་བུ་མང་དུ་འཕྲོས་པས༔ ལོ་ཀའི་ཟས་ནོར་ལོངས་སྤྱོད་ཐམས་ཅད་དབང་དུ་བསྡུས་ནས༔ འོད་ཟེར་ལོངས་སྤྱོད་བཅས་པ་བདག་ལ་ཐིམ་པར་སྒོམ༔ ཨུ་མཱའི་ཏིང་ངེ་འཛིན་དང་ལྡན་པར་བྱའོ༔ ཡུམ་ཨུ་མཱཿདེ་བཱི་སྐུ་མདོག་དམར་མོ་གཅེར་བུ་རྒྱན་དང་ལྡན་པ༔ རལ་པ་དམར་སེར་རྐེད་པར་སླེབས་པ༔ འཛུམ་པ་ཡིད་དུ་འོང་བ་ཕྱག་ན་འགུགས་པའི་ཞགས་པ་བསྣམས་པ་དཀུ་ལ་བརྟེན་པའོ༔ ཏིང་ངེ་འཛིན་གྱི་དྲོད་ཀྱིས་རང་གི་ལྟེ་བ་ཚ་ཆིལ་བ་བྱུང་ན༔ ཨུ་མཱཿདེ་བཱི་སྐུ་མདོག་དམར་མོར་སྒོམ༔ ཟླ་བ་གཅིག་ཏིང་ངེ་འཛིན་མ་ཆག་ན༔ འཇིག་རྟེན་གྱི་ལྷ་འདྲེ་མི་ནོར་ཐམས་ཅད་དབང་དུ་འདུ་བར་འགྱུར་རོ༔ གསང་ནས་སྒྲུབས་ཤིག༔ གབ་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ས་མ་ཡ༔ རྫོགས་སོ༔ རྡོ་རྗེ་སྤྲེ་ཆུང་ཁྱོད་ལ་མན་ངག་གི་བཅུད་དྲིལ་ནས་བསྟན་གྱིས༔ གཞན་ལ་མ་སྤེལ་ཅིག༔ རང་གིས་གསང་ཞིང་ཉམས་སུ་བླངས་པས༔ འཇིག་རྟེན་འདིའི་དངོས་གྲུབ་སྒྲུབ་པ་ལ་འདི་རང་དགའ༔ རྫས་དང་བྱ་བྱེད་མི་དགོས༔ གང་དགོས་དུས་སུ་སྤྱད་པས་ཆོག༔ རང་གི་འདོད་པ་ཐམས་ཅད་འགྲུབ་པས༔ རིན་ཆེན་གསེར་དང་འདྲ༔ ཞེས་ཨོ་རྒྱན་པདྨ་འབྱུང་གནས་ཉིད་ཀྱིས་གསུངས་སོ༔ ཨུ་མཱཿདེ་བཱིའི་རླུང་སྒྲུབ་རིན་ཆེན་ནོར་བུ་ཞེས་བྱ་བ་རྫོོགས་སོ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ མཆིམས་རྡོ་རྗེ་སྤྲེ་ཆུང་ལ་དབང་སྡུད་ལས་ཀྱི་འཁོར་ལོ་ལ༔ དཀྱུས་དང་མན་ངག་གཉིས་སུ་ཡོད་པ༔ ལས་ཅན་དུ་གཟིགས་ནས་གཉིས་ཀ་བསྟན་པའོ༔ འདིའི་རྒྱུད་རྒྱ་གར་ན་ཡང་རྒྱུ་སྐར་ཙམ་ཡོད་དེ༔ མན་ངག་ཡོད་པ་ཉི་ཟླ་ཙམ་ལས་མེད་པས༔ འདི་ཁོ་ནའོ༔ དེ་ཡང་དཀྱུས་ལས་དབང་སྡུད་རླུང་གི་ཞགས་པ་ཞེས་མྱུར་བའི་བརྡའོ༔ དེ་ཡང་རྒྱལ་པོ་བཙུན་མོ་ཕོ་མོ་དང༔ ནོར་རྣམས་དབང་དུ་སྡུད་པ་སྟེ༔ དང་པོ་གང་ཟག་དང༔ གནས་དང༔ ཕྱི་ནང་གི་དུས་དང༔ རྫས་དང༔ འཁོར་ལོ་དང༔ སྐུ་དང༔ མཎྜལ་དང༔ རབ་ཏུ་གནས་པ་དང༔ རླུང་སེམས་ཀྱི་ཏིང་ངེ་འཛིན་དང༔ རྟེན་གསུམ་བཅང་བ་དང༔ མ་འགྲུབ་ན་གེགས་བསལ་བ་དང༔ གྲུབ་པའི་འབྲས་བུ་དང༔ གཞན་དོན་བྱ་བ་དང་བཅུ་གསུམ་མོ༔ དེའི་དང་པོ་གང་ཟག་ནི༔ མན་ངག་ལ་ཐེ་ཚོམ་ཆུང་བ་དང༔ དམ་ལ་གནས་པ་ཞིག་དགོས་སོ༔ གནས་རང་ཡིད་ཆགས་པ་གཅིག་ཏུ་བསྒྲུབ་བོ༔ དུས་ནི༔ དཀྱུས་ལ༔ རྒྱུ་སྐར་རྒྱལ་གྱི་ཉི་མ་ནས༔ ཞེས་པ་སྐར་མ་རྒྱལ་ཡོད་ངེས་པ་ལ་འཇུག༔ དེ་ལ་གྲུབ་པའི་དགོས་པ་ཡོད་དོ༔ རྫས་ནི༔ དཀྱུས་ལས༔ རྒྱལ་པོ་དམངས་སུ་དབབ༔ ཅེས་པས༔ འདིར་ནི་འཁོར་ལོ་སྐུ་དང་གསུམ་དྲིལ་ནས་སྟོན་ཏེ༔ ཡུམ་ཨུ་མཱཿདེ་བཱིའི་སྦྱོར་བས་རྒྱལ་པོ་དམངས་སུ་དབབ་སྟེ༔ ཟངས་ལ་ཡུམ་གྱི་སྐུ་མཛུབ་གང་བ་ཞལ་གཅིག་ཕྱག་གཉིས༔ གཡས་ཟངས་ཀྱི་གྲི་གུག་ཕྱར་བ༔ གཡོན་པ་མེ་རླུང་འཁོར་ལོ་བསྣམས་པ༔ ཞལ་འཛུམ་པའི་མདངས་དང་ལྡན་པ༔ ཞབས་གཉིས་དབང་ཆེན་གསེར་གྱི་ས་གཞི་གནོན་པ༔ སྒྲུབ་པ་པོ་ལ་དགྱེས་པའི་ཚུལ་གྱིས་བཞུགས་པ༔ བྷ་ག་རུབ་པ༔ ཟེའུ་འབྲུ་གུག་པ༔ བུ་ག་དང་བཅས་པ་བཞེངས་ཏེ༔ རབ་གནས་ཡབ་དང་མཐུན་ནོ༔ འཁོར་ལོ་ནི་གྲོ་ག་མཛུབ་གང་ལ་གྲུ་བཞི་མུ་ཁྱུད་དང་བཅས་པ་བྲི༔ དེའི་ལྟེ་བར་རྫས་གི་ཝཾ་དང་གུར་གུམ་གྱིས༔ རྒྱལ་པོའི་ལིངྒ་བྲི༔ དཔྲལ་བར་རུས༔ སྙིང་གར་མིང༔ ལྟེ་བར་བླ་དྭགས་བྲི༔ རྩིབས་བཞི་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཞེས་བྲི༔ རྩིབས་མཆན་བཞི་ལ༔ གཡོན་སྐོར་དུ༔ ཧཱུྃ་ཧྲཱིཿཛ་ཤ༔ བཞི་བྲི༔ མུ་ཁྱུད་ལ༔ རྒྱལ་པོའི་ཚེ་དང་བསོད་ནམས་དང་དབང་ཐང་ལོངས་སྤྱོད་འཁོར་གྱི་མིང་ཤེས་ཚད་བྲི༔ རྒྱ་སྐྱེགས་དང་མཚལ་གྱིས་མེ་རི་བྲི༔ རབ་གནས་ནི་སྐུ་དང་འཁོར་ལོ་གཉིས༔ དངོས་འདྲ་བར་བསམ་ལ༔ སྤྱན་དྲང་བ་ནི༔ རླུང་གི་ཞགས་པ་ཞེས་པའི་ཨུ་མཱཿདེ་བཱིར་བསྒོམས་ལ་སྣ་བུག་གཡོན་ནས་རླུང་རྒྱུ་བའི་དུས་སུ༔ རླུང་སེམས་དྲིལ་ཏེ་འོད་ཟེར་དམར་པོ་ཟངས་ཀྱི་མདོག་དང་མཐུན་པ་འཕྲོས་པས༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་གྱི་ཐུགས་དམ་བསྐངས༔ ཡང་འོད་འཕྲོས་པས༔ རཱ་ཛའི་ཙིཏྟའི་དབུས་ནས་རླུང་སེམས་བཀུག་ནས༔ རང་རང་གི་སྔགས་ལ་མཆོད་པའི་ཤམ་བུར་འབུལ་བ་བཏགས་ཏེ༔ མཆོད་པ་ཉེར་གཅིག་གིས་བསྟིམ་མོ༔ དེ་ནས་འཁོར་ལོ་དེ་དར་དམར་པོས་དྲིལ་ལ༔ ཨུ་མཱའི་ཟེའུ་འབྲུའི་འོག་ཏུ་ནུབ་པར་བཅུག་ལ༔ སྤྲ་ཚིལ་གྱིས་བྷ་ག་དགག་གོ༔ གཏོར་མ་གཉིས་ཟངས་གཞོང་དུ་བཅུག་ལ༔ གཅིག་དཀར་གཏོར་བྱ༔ གཅིག་དམར་གཏོར་བྱ༔ ཟས་སྣ་རྙེད་ཚད་གསག་གོ༔ རང་རང་གི་སྔགས་ཀྱིས་ཉིན་མཚན་དུ་གཉིས་གཉིས་འབུལ་ལོ༔ མེ་ཏོག་དམར་པོས་མཆོད་དོ༔ སྔགས་ནི༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ རཱ་ཛ་ཨཱ་ཀརྵཱ་ཡ་ཛ་ཧྲིང་ཧྲིང་ཧཱུྃ༔ ཞེས་ངག་བཅད་ལ་ཞག་བདུན་བཟླའོ༔ མཎྜལ་ནི༔ ས་བཟང་པོས་ཟླ་གམ་དུ་བརྩིག༔ རྒྱ་སྐྱེགས་ཆུས་བྲན་པའི་རྩི་བྱ༔ དེ་ནས་མཚལ་དང༔ རྗེ་རིགས་མའི་རཀྟ་དང༔ སིནྡྷུ་ར་དང་གསུམ་ཆང་ལ་སྦྱར་བ་ཆ་གསུམ་དུ་བྱས་ཏེ༔ གཅིག་ཡུམ་ལ༔ གཅིག་མན་ངག་གི་རྫས་ལ་སྦྱར་ཏེ༔ སྔགས་བཏབ་ལ་གང་འགུགས་པའི་ལྟོར་བཏང་ངོ༔ ཏིང་འཛིན་ཉི་ཟླ་རླུང་གི་འཁོར་ལོ་ཞེས་བྱ་བ༔ རང་ལྷ་མོར་བསྒོམས་པའི་བྷ་གའི་ཧྲཱིཿལས༔ འོད་ཟེར་དམར་པོ་རླུང་དང་འདྲེས་ཏེ༔ རང་གི་སྣ་བུག་གཡོན་ནས་སོང༔ རཱ་ཛའི་གཡོན་གྱི་ཟླ་བའི་རླུང་སྒོར་ཞུགས༔ སེམས་དཀྲུགས་ཉི་མའི་རླུང་ནས་ཞུགས༔ བདག་གི་མདུན་དུ་བཀུག༔ རང་གི་དབང་དུ་གྱུར་པར་བསམ༔ དབང་དུ་འདུ་བ་ལ་ཐེ་ཚོམ་མེད་དོ༔ བཙུན་མོ་དབང་དུ་སྡུད་ན༔ སིནྡྷུར་དང་པདྨའི་མཚལ་གྱིས༔ བཙུན་མོའི་ལིང་ག་མིང་རུས་དང་བཅས་པ་བྲིས་ལ་ཟངས་ཀྱི་སྲིད་མེས་སྦྲང་དང་བཅས་པར་གཞུག༔ རབ་གནས་དང་སྐར་མ་དང༔ ཉི་ཟླ་རླུང་གི་ཏིང་ངེ་འཛིན་གོང་དང་འདྲ༔ རྟེན་གསུམ་ལུས་ལ་བཅང་བ་ནི༔ སྲིད་མེས་གསུམ་དང་ཡུམ་གྱི་སྐུ༔ རིལ་བུ་གྭའུ་གསུམ་ལུས་ལ་བཅང་ངོ༔ ཉི་ཟླ་རླུང་གི་འཁོར་ལོ་ཡིས༔ ཞེས་པ་ནི་ཕོ་མོ་དབང་དུ་སྡུད་པ་དང༔ ཟས་ནོར་དབང་དུ་སྡུད་པ་དང༔ གྲགས་པ་སྐྱེད་པ་ཐམས་ཅད་ལ༔ རླུང་སྡུད་ཀྱི་གནད་གལ་ཆེ་བས༔ འཛམ་བུ་གླིང་དང༔ ཁྲོམ་དང༔ རང་གསུམ་གྱི་མགོ་ནས༔ རླུང་གི་འཁོར་ལོ་འཁོར་བར་བསམ་མོ༔ ཞེས་པ་དང༔ ཡང་ཕྱོགས་བཞིའི༔ བ་དན་གཡོབ་ཅེས་པས༔ རང་དབང་ཕྱུག་ཆེན་པོར་བསྒོམས་པའི་རླུང་སེམས་འོད་གསུམ་བསྡེབས་ནས༔ བཟླས་པའི་ལམ་ནས་མྱུར་བར་འཕྲོས་ནས༔ འཁོར་བཞིའི་ཕྱག་མཚན་ལ་ཕོག་པས༔ རླུང་གཡབ་པས་དེ་ཐམས་ཅད་ནས་རེ་རེ་བཞིན་འཁོར་བར་སྒོམ་པ་ནི་ཁྱད་པར་ཅན་ནོ༔ ཕོ་མོ་དབང་དུ་སྡུད་པ་རླུང་གི་དབང་སྡུད་གོང་ལྟར་བྱའོ༔ ཟས་ནོར་སྲང་དུ་གཞུག་པའོ༔ ཞེས་པ་ནི༔ བྲེ་ཚད་སྲང་ཚད་གང་ཡོད་པ་གཉིས་ལ་དབང་ཕྱུག་ཆེན་པོའི་སྐུ་གཉིས་བྲིས་ནས་རབ་གནས་བྱ༔ དེ་ལ་འཛམ་གླིང་གི་ནོར་ལོངས་སྤྱོད་ཐམས་ཅད་ཀྱི་མིང་ཤེས་ཚད་བྲིས་ལ༔ དེའི་ཕྱི་རིམ་ལ་མཁའ་འགྲོ་བཞིའི་འགུགས་སྔགས༔ སྤེལ་ཚིག་དང་བཅས་པ་བྲིའོ༔ དེ་གཉིས་ཀའི་ནང་དུ་གཡང་གི་ཟས་ནོར་དང༔ འབྲུ་དང་རཏྣ་དང༔ ཕྱུགས་ཀྱི་གཡང་སྤུ་སོགས་གསག༔ རླུང་འཕང་སྡུད་གོང་ལྟར་བྱའོ༔ ཉི་ཟླ་རླུང་གི་འཁོར་ལོ་ལ་བརྟེན་ནས་གྲགས་པ་སྐྱེད་པ་ནི༔ སྣང་སྲིད་ཀྱི་ཉི་ཟླ་གཟའ་སྐར་དང༔ རི་བོ་མཆོག་རབ༔ གསེར་གྱི་རི་བདུན་དང་གླིང་བཞི་འཁོར་ཡུག་རྒྱ་མཚོའི་ནོར་བུ་ཐམས་ཅད་ལ་རང་དབང་ཕྱུག་ཏུ་བསྒོམས་ནས༔ རླུང་འཕངས་ཏེ་སྡུད་པས༔ གྲགས་པ་བསྐྱེད་པ་དང༔ ཞེས་པས༔ གྲགས་པ་ཆེན་པོ་འབྱུང་ངོ༔ གེགས་བསལ་བ་ནི༔ སྒྲུབ་པའི་དུས་སུ་ཆོ་འཕྲུལ་ཅི་བྱུང་ཡང༔ ཐམས་ཅད་ཆོས་ཉིད་དུ་ཤེས་པར་བྱའོ༔ དེས་ཀྱང་མ་ཕན་ན༔ སྔགས་བཟླ༔ རྫས་དང་བླ་རྡོ་བླངས་ལ་མཉམ་པ་ཉིད་ཀྱི་ངང་ལ་བཞག་ལ་ཉལ་ལོ༔ སྒྲུབ་པའི་འབྲས་བུ་འདི་བསྒྲུབས་པས༔ དབང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟར་འགྱུར་རོ༔ ལོངས་སྤྱོད་རྣམ་ཐོས་སྲས་དང་མཉམ་པར་འགྱུར་རོ༔ གྲུབ་ནས་གཞན་དོན་བྱ་བ་ནི༔ བླ་མ་ལ་འབུལ་བ་བྱ༔ སེམས་ཅན་ལ་སྦྱིན་པ་གཏང༔ དགེ་བ་སྟོབས་པོ་ཆེ་བྱ༔ སྐབས་སུ་དབང་ཕྱུག་ཆེན་པོ་སྒྲུབ་ཅིང་མཆོད་པ་འབུལ་བ་ནི༔ མི་འགྱུར་བའི་གནད་ཡིན་ནོ༔ དབང་སྡུད་ཡིད་བཞིན་ནོར་བུ༔ པདྨ་འབྱུང་གནས་ཀྱིས༔ རྡོ་རྗེ་སྤྲེ་ཆུང་ལ་གནང་བའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟང་ཟང་ལྷ་བྲག་གིི་གཏེར་མ་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་ནུབ་ཟངས་མཛོད་དམར་པོ་ནས་སྤྱན་དྲངས་པའོ།། །། ༄༅༔ དབང་ཕྱུག་ཆེན་པོ་མཆོད་པའི་ཕྲིན་ལས་འཇིག་རྟེན་དབང་སྡུད་བྱ་བ་བཞུགས་སོ༔ དབང་གི་ལྷ་ལ་ན་མོ༔ དབང་ཕྱུག་ཆེན་པོ་མཆོད་པ་ནི༔ མཎྜལ་དམར་པོའི་སྟེང་དུ༔ སློབ་དཔོན་པདྨའི་བྲིས་སྐུ་དང་རྟེན་གསུམ་བཞུགས་པའི་མདུན་དུ༔ ཕྱིའི་མཆོད་པ་ལྔ་དང༔ དཀར་གཏོར་དང་དམར་གཏོར་གཉིས༔ དཀར་གསུམ་མངར་གསུམ་ཆང་དང་བདུད་རྩི་དང༔ མེ་ཏོག་ཧ་ལོ་ཨུག་ཆོས་གླང་པོ་སྣ་དང་གསུམ་བཤམ་མོ༔ དང་པོ་སྟོང་པའི་ངང་ལས་ཧྲཱིཿདམར་པོ་ཞིག་བསམ༔ དེ་ལས་འོད་དམར་པོ་འཕྲོས་པདྨ་དབང་གི་ཞིང་ཁམས་ཁྱབ༔ ཚུར་འདུས་པ་ལས་རང་ཉིད་སློབ་དཔོན་པདྨ་འབྱུང་གནས་སྐུ་མདོག་དམར་པོ་པདྨ་རཱ་གའི་མདོག་ལྟ་བུ༔ སྤྱན་རྩ་དམར་པོ་མདངས་དང་ལྡན་པ༔ དབང་གི་འཇོལ་བེར་དམར་པོ་མནབས་པ༔ དབུ་ལ་པད་ཞུ་གསོལ་བ༔ ཕྱག་གཉིས་དབང་སྡུད་ཀྱི་ཕྱག་རྒྱ་མཛད་པ༔ ཉི་ཟླ་པདྨའི་གདན་ལ་བཞུགས་པ་ཞིག་བསྒོམ༔ དེའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ སྲིད་པ་གསུམ་གྱི་སྐྱེ་འགྲོ་དང༔ བསོད་ནམས་ལོངས་སྤྱོད་ཐམས་ཅད་བསྡུས་ཏེ༔ ཚུར་འདུས་པས་ཧྲཱིཿདམར་པོ་གསུམ་དུ་གྱུར༔ ཧྲཱིཿགསུམ་རྟེན་ལ་བསྟིམས་པས༔ ལྷ་དབང་ཕྱུག་ཆེན་པོ་སྐུ་མདོག་དམར་པོ༔ མཚན་མ་དམར་པོ་གྱེན་དུ་སྒྲེང་བ༔ ཞི་མ་ཁྲོའི་སྤྱན་གསུམ་པ༔ རིན་པོ་ཆེའི་རྒྱན་གྱིས་སྤྲས་པ༔ དབུ་སྐྲ་རལ་པ་རྐེད་པར་སླེབས་པ༔ ཕྱག་ན་འགུགས་འདྲེན་ཕྱག་རྒྱ་བསྣམས་པ༔ ཉི་ཟླ་དང་རྡོ་རྗེ་གངས་རིའི་གདན་ལ་བཞུགས་པ་གསུམ་དུ་གྱུར་པར་བསམ༔ རྟེན་ལ་དམ་ཚིག་པ་བསྐྱེད་པའོ༔ མཆོད་པ་བྱིན་གྱིས་བརླབ་པ་ནི། རང་སློབ་དཔོན་པདྨར་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས༔ མཆོད་རྫས་ལ་ཕོག༔ ཟག་པ་མེད་པའི་བདུད་རྩིར་བྱིན་གྱིས་བརླབ༔ ཨ་ལས་ཨརྒྷཾ་རོ་བརྒྱ་ལྡན་པ༔ དྷཱུ་པེ་ལས་བདུག་སྤོས༔ པུཥྤེ་ལས་མེ་ཏོག༔ ཨཱ་ལོ་ཀེ་ལས་མར་མེ༔ གནྡྷེ་ལས་དྲི་ཆབ༔ ནཻ་བིདྱཱ་ལས་ཞལ་ཟས༔ ཤབྡ་ལས་རོལ་མོར་བྱིན་གྱིས་བརླབ་བོ༔ དཀར་གཏོར་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབ༔ དམར་གཏོར་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ལྟ་བུ༔ ལྟེ་བ་ལ་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ༔ དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ༔ དེའི་སྟེང་དུ་ཀཾ་ལས་མི་མགོའི་སྒྱེད་པུ་གསུམ༔ དེའི་སྟེང་དུ་བྷྲཱུྃ་ལས་གཏོར་སྣོད་ཟངས་ཀྱི་ཟླ་གམ་འཇིག་རྟེན་གྱི་ཁམས་དང་མཉམ་པའི་སྟེང་དུ༔ ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད་པས་ཤ་ལྔ་བདུད་རྩི་ལྔ༔ རི་རབ་ལྷུན་པོ༔ གསེར་གྱི་རི་བདུན་དང༔ རོལ་པའི་མཚོ་བདུན༔ གླིང་བཞི་གླིང་ཕྲན་གྱིས་བསྐོར་བ་ཙམ་དུ་བྱིན་གྱིས་བརླབ་པར་བྱའོ༔ དེ་ནས་སྤྱན་དྲང་བ་ནི༔ ནམ་མཁའི་ཁམས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་བ་དན་དང་བཅས་པ་ལམ་མེར་བསམ་སྟེ་གདན་བསྐྱེད་པའོ༔ བདག་ཉིད་སློབ་དཔོན་པདྨར་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས༔ དབང་ཕྱུག་ཆེན་པོའི་ཐུགས་ཀའི་ཧྲཱིཿལ་ཕོག་སྟེ༔ ནུབ་ཕྱོགས་དབང་གི་གཞལ་ཡས་རིགས་བཞིིའི་ཕོ་མོ་བསྣོལ་བའི་གདན་ལས་ཧུར་བཞེངས་ཏེ༔ མཁའ་འགྲོ་མ་བཞིས་ཕྱོགས་བཞི་ནས་ཁ་ཊྭཱཾ་ག་དང་བ་དན་གཡོབ་ཅིང༔ བར་སྣང་ལ་ཚུར་འུ་རུ་རུ་བྱོན་པར་བསམ་ལ་འདི་སྐད་དོ༔ ཧྲཱི༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ ནུབ་ཕྱོགས་པདྨ་འབར་བའི་གཞལ་ཡས་ནས༔ ཉི་ཟླ་རླུང་གི་འཁོར་ལོའི་གདན་སྟེང་ནས༔ ཧྲཱིཿལས་བྱུང་བའི་དབང་ཕྱུག་ཆེན་པོ་ནི༔ བཞེངས་ཤིག་དབང་ཕྱུག་དབྱིངས་ནས་བཞེངས༔ གནས་མཆོག་འདི་རུ་གཤེགས་སུ་གསོལ༔ གཤེགས་ཤིང་བཞུགས་པའི་གནས་ངན་ཡང༔ སློབ་དཔོན་པདྨའི་སྤྱན་སྔ་རུ༔ སྲིད་གསུམ་དབང་དུ་སྡུད་པར་ཞལ་བཞེས་ལྟར༔ དད་མོས་དད་པ་བསྐྱེད་པ་དང༔ བདག་ཅག་ཕོངས་པ་བསལ་བའི་ཕྱིར༔ པདྨ་འབར་བའི་གཞལ་ཡས་ནས༔ དབང་ཕྱུག་ཡབ་ཡུམ་འཁོར་དང་བཅས༔ དམ་ལས་མ་འདའ་ད་ཚུར་བྱོན༔ དབང་ཆེན་བཀོད་པའི་ཤར་ཕྱོགས་ནས༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ དཀར་ནག་གཅེར་བུ་རལ་པ་ཅན༔ དམ་ལས་མ་འདའ་ད་ཚུར་བྱོན༔ དབང་ཆེན་བཀོད་པའི་ལྷོ་ཕྱོགས་ནས༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ སེར་ནག་གཅེར་བུ་རལ་པ་ཅན༔ དམ་ལས་མ་འདའ་ད་ཚུར་བྱོན༔ དབང་ཆེན་བཀོད་པའི་ནུབ་ཕྱོགས་ནས༔ པདྨ་རིགས་ཀྱི་མཁའ་འགྲོ་མ༔ དམར་ནག་གཅེར་བུ་རལ་པ་ཅན༔ དམ་ལས་མ་འདའ་ད་ཚུར་བྱོན༔ དབང་ཆེན་བཀོད་པའི་བྱང་ཕྱོགས་ནས༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ ལྗང་ནག་གཅེར་བུ་རལ་པ་ཅན༔ དམ་ལས་མ་འདའ་ད་ཚུར་བྱོན༔ ཀ་བྷི་ར་ཀོ་བྷི་ར༔ ཛཿཧཱུྃ་བཾ་ཧོ༔ ཨུ་ཙུས་མ་ཀུག་ཏ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ཌཱ་ཀི་ནཱི༔ རཏྣ་ཌཱ་ཀི་ནཱི༔ པདྨ་ཌཱ་ཀི་ནཱི༔ ཀརྨ་ཌཱ་ཀི་ནཱི༔ ཛཿཧཱུྃ་བཾ་ཧོ༔ ཞེས་གུ་གུལ་གྱི་དུད་པ་བཏང་ལ་སྤྱན་དྲང༔ མཆོད་པ་འབུལ་བ་ནི༔ ཧྲཱི༔ དྲི་མེད་དག་པའི་ཨརྒྷཾ་འདིའི༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ མཁའ་འགྲོ་རིགས་བཞི་འཁོར་བཅས་ཀྱི༔ ཕྱག་དང་ཞབས་ནི་བསིལ་བར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་ཨཱརྒྷཾ་པྲ་ཏཱིཙྪ་ཧཱུྃ༔ དག་ཅིང་གཙང་མར་སྦྱར་པ་ཡི༔ དྲི་ཞིམ་བདུག་སྤོས་ཐམས་ཅད་ཀུན༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ རིགས་བཞིའི་མཁའ་འགྲོ་རྣམས་ལ་འབུལ༔ བདག་གི་བསམ་པ་འགྲུབ་པར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་དྷཱུ་པེ་པཱུ་ཛ་ཧཱུྃ༔ དག་ཅིང་གཙང་མར་སྦྱར་པ་ཡི༔ མེ་ཏོག་དམ་པ་ཐམས་ཅད་ཀུན༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ རིགས་བཞིའི་མཁའ་འགྲོ་རྣམས་ལ་འབུལ༔ བདག་གི་བསམ་པ་འགྲུབ་པར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་པུཥྤེ་པཱུ་ཛ་ཧཱུྃ༔ དག་ཅིང་གཙང་མར་སྦྱར་པ་ཡི༔ སྣང་གསལ་སྒྲོན་མེ་དམ་པ་ཀུན༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ རིགས་བཞིའི་མཁའ་འགྲོ་རྣམས་ལ་འབུལ༔ བདག་གི་བསམ་པ་འགྲུབ་པར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་ཨཱ་ལོ་ཀེ་པཱུ་ཛ་ཧཱུྃ༔ དག་ཅིང་གཙང་མར་སྦྱར་པ་ཡི༔ དྲི་ཆབ་དམ་པ་ཐམས་ཅད་ཀུན༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ རིགས་བཞིའི་མཁའ་འགྲོ་རྣམས་ལ་འབུལ༔ བདག་གི་བསམ་པ་འགྲུབ་པར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་གནྡྷེ་པཱུ་ཛ་ཧཱུྃ༔ དག་ཅིང་གཙང་མར་སྦྱར་པ་ཡི༔ ཞལ་ཟས་དམ་པ་ཐམས་ཅད་ཀུན༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ རིགས་བཞིའི་མཁའ་འགྲོ་རྣམས་ལ་འབུལ༔ བདག་གི་བསམ་པ་འགྲུབ་པར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་ནཻ་བིདྱཱ་པཱུ་ཛ་ཧཱུྃ༔ དག་ཅིང་གཙང་སྙན་གདངས་རིང་བའི༔ སྒྲ་དབྱངས་རོལ་མོ་ཐམས་ཅད་ཀུན༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ རིགས་བཞིའི་མཁའ་འགྲོ་རྣམས་ལ་འབུལ༔ བདག་གི་བསམ་པ་འགྲུབ་པར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་ཤབྡ་པཱུ་ཛ་ཧཱུྃ༔ དེ་ནས་རིན་པོ་ཆེའི་མཆོད་པ་འབུལ་ཏེ༔ ཧྲཱི༔ རིན་ཆེན་གསེར་དངུལ་གཡུ་དང་ཟངས༔ བྱེ་རུ་མུ་ཏིག་མུ་མེན་བདུན༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ རིགས་བཞིའི་ཌཱ་ཀི་རྣམས་ལ་འབུལ༔ རཏྣའི་པཱུ་ཛ་འདི་བཞེས་ལ༔ བདག་ལ་རིན་ཆེན་ཆར་ལྟར་ཕོབ༔ སྙན་གྲགས་ནམ་མཁའ་ཁྱབ་པར་སྤེལ༔ བསོད་ནམས་ནོར་དང་ལོངས་སྤྱོད་སྤེལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་རཏྣ་པཱུ་ཛ་ཧཱུྃ༔ དེ་ནས་གཏོར་མ་འབུལ་བ་ནི༔ ནམ་མཁའི་ཁམས་སུ་ལྷ་དབང་ཕྱུག་ཆེན་པོ་འཁོར་དང་བཅས་པ་བྱོན་ནས༔ ཁ་ཊྭཱཾ་རྩེ་གསུམ་གཏོར་མ་ལ་བརྒྱབས་ནས་གསོལ་བར་བསམ་ལ་འདི་སྐད་དོ༔ ཧྲཱི༔ ཉི་ཟླ་གཉིས་ཀྱི་གདན་སྟེང་ན༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ནི༔ དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་ན་ལྕགས་ཀྱུ་ཞགས་པ་བསྣམས༔ མཚན་མ་དམར་པོ་གྱེན་དུ་སྒྲེང༔ འཇིག་རྟེན་ཁམས་ཀྱི་དབང་པོ་ཆེ༔ བ་ལིཾ་གཏོར་མ་འདི་བཞེས་ལ༔ དབང་གི་ཕྲིན་ལས་མཛད་དུ་གསོལ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཕྱིའི་རྟེན་ལ་འབུལ་ལོ༔ ཧྲཱི༔ རྡོ་རྗེ་རླུང་གི་གདན་སྟེང་ན༔ རྡོ་རྗེ་ས་གཞི་ཡིད་བཞིན་གླིང༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ནི༔ དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཉིས་རིན་ཆེན་ཐུགས་ཀར་བསྣམས༔ མཚན་མ་དམར་པོ་གྱེན་དུ་སྒྲེང༔ འཇིག་རྟེན་ནོར་གྱི་མངའ་བདག་ཡིན༔ བ་ལིཾ་གཏོར་མ་འདི་བཞེས་ལ༔ རིན་ཆེན་ཆར་ལྟར་དབབ་ཏུ་གསོལ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ནོར་བུ་བསམ་འཕེལ་རྟེན་ལ་འབུལ་ལོ༔ ཧྲཱི༔ རྡོ་རྗེ་རྩ་བའི་གདན་སྟེང་ན༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ནི༔ དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཉིས་མེ་ལོང་ཞགས་པ་བསྣམས༔ མཚན་མ་དམར་པོ་གྱེན་དུ་སྒྲེང༔ བ་ལིཾ་གཏོར་མ་འདི་བཞེས་ལ༔ སྣང་བ་དབང་དུ་སྡུད་དུ་གསོལ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་སྣང་བ་དབང་སྡུད་ཀྱི་རྟེན་ལ་འབུལ་ལོ༔ ཧྲཱི༔ བསྐལ་པ་རླུང་གི་གདན་སྟེང་དུ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ནི༔ སྐུ་མདོག་དམར་སྨུག་འོད་ཟེར་འཕྲོ༔ ཕྱག་ན་ཁ་ཊྭཱཾ་མདའ་གཞུ་བསྣམས༔ མཚན་མ་དམར་པོ་གྱེན་དུ་སྒྲེང༔ བ་ལིཾ་གཏོར་མ་འདི་བཞེས་ལ༔ བདག་གི་ལས་རྣམས་སྒྲུབ་ཏུ་གསོལ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་གཙོ་བོ་ལ་འབུལ་ལོ༔ ཧྲཱི༔ ཡུམ་ཆེན་ཨུ་མཱཿདེ་བཱི་ནི༔ དམར་མོ་གཅེར་བུ་བྷ་ག་རྒྱས༔ ཕྱག་གཡས་དབང་གི་གྲི་གུག་བསྣམས༔ གཡོན་ན་མེ་རླུང་འཁོར་ལོ་བསྐོར༔ བ་ལིཾ་གཏོར་མ་འདི་བཞེས་ལ༔ འཇིག་རྟེན་དབང་དུ་སྡུད་དུ་གསོལ༔ ཨུ་ཙུས་མ་ཀུག་ཏ་ཧཱུྃ་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཡུམ་ལ་འབུལ་ལོ༔ ཧྲཱི༔ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མ༔ དཀར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཉིས་ཁ་ཊྭཱཾ་བ་དན་གཡོབ༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ ཤར་ཕྱོགས་འགྲོ་བ་དབང་དུ་སྡུས༔ རྣལ་འབྱོར་ལས་རྣམས་སྒྲུབ་ཏུ་གསོལ༔ བཛྲ་ཌཱ་ཀི་ནཱི་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མ༔ སེར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཉིས་ཁ་ཊྭཱཾ་བ་དན་གཡོབ༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ ལྷོ་ཕྱོགས་འགྲོ་བ་དབང་དུ་སྡུས༔ རྣལ་འབྱོར་ལས་རྣམས་སྒྲུབ་ཏུ་གསོལ༔ རཏྣ་ཌཱ་ཀི་ནཱི་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ནུབ་ཕྱོགས་པདྨ་མཁའ་འགྲོ་མ༔ དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཉིས་ཁ་ཊྭཱཾ་བ་དན་གཡོབ༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ ནུབ་ཕྱོགས་འགྲོ་བ་དབང་དུ་སྡུས༔ རྣལ་འབྱོར་ལས་རྣམས་སྒྲུབ་ཏུ་གསོལ༔ པདྨ་ཌཱ་ཀི་ནཱི་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མ༔ ལྗང་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཉིས་ཁ་ཊྭཱཾ་བ་དན་གཡོབ༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ བྱང་ཕྱོགས་འགྲོ་བ་དབང་དུ་སྡུས༔ རྣལ་འབྱོར་ལས་རྣམས་སྒྲུབ་ཏུ་གསོལ༔ ཀརྨ་ཌཱ་ཀི་ནཱི་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་འཁོར་ལ་འབུལ་ལོ༔ གཏོར་མའི་ཆོ་ག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བསྟོད་པ་ནི༔ ཧྲཱི༔ བསྐལ་པ་མེ་རི་འབར་བའི་ཀློང་དཀྱིལ་ན༔ ཉི་མ་ཟླ་བ་གཉིས་ཀྱི་གདན་སྟེང་ན༔ ཧྲཱིཿལས་བྱུང་བའི་མ་ཧཱ་དེ་བ་ནི༔ སྐུ་མདོག་སྨུག་ནག་གཅེར་བུ་རལ་པ་ཅན༔ ཞལ་ནས་ཧྲཱིཿདང་ཛཿཡི་སྔགས་སྒྲ་སྒྲོག༔ སྲིད་གསུམ་ཟིལ་གནོན་འཇིག་རྟེན་དབང་དུ་སྡུད༔ ཕྱག་གཡས་ལྕགས་ཀྱུས་དམིགས་པའི་རྣམ་ཤེས་འགུགས༔ ཕྱག་གཡོན་ཞགས་པས་ཟས་ནོར་ལོངས་སྤྱོད་སྡུད༔ སློབ་དཔོན་པདྨའི་བཀའ་ཉན་དམ་ཚིག་ཅན༔ ཕོངས་པ་ཀུན་སྒྲོལ་མཛད་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ རིན་ཆེན་འབར་བའི་གཞལ་ཡས་ན༔ གངས་དཀར་ཏི་སེའི་གདན་སྟེང་ན༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ནི༔ དམར་པོ་འོད་འཕྲོ་རལ་པ་ཅན༔ དབང་གི་ན་བཟའ་འཇོལ་བེར་མནབས༔ ཕྱག་གཉིས་རིན་ཆེན་ཐུགས་ཀར་འཛིན༔ རིན་ཆེན་རྒྱན་ཆ་མང་པོས་སྤྲས༔ རྣལ་འབྱོར་ཕོངས་པ་སེལ་བའི་རྟགས༔ རིན་ཆེན་ཆར་པ་འབེབ་པར་བྱེད༔ ནོར་བུ་བསམ་འཕེལ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ པདྨ་འབར་བའི་གཞལ་ཡས་ན༔ དབང་སྡུད་འཁོར་ལོའི་གདན་སྟེང་ན༔ མུ་སྟེགས་དབང་ཕྱུག་ཆེན་པོ་ནི༔ དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཡས་མེ་ལོང་ལྕགས་ཀྱུ་བསྣམས༔ གཡོན་ན་ཉི་ཞགས་མཚན་མ་བསྣམས༔ འགྲོ་བ་ཐམས་ཅད་དབང་དུ་སྡུད༔ སྣང་བ་དབང་སྡུད་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ བསྐལ་པ་རླུང་གི་འཁོར་ལོའི་གཞལ་ཡས་ན༔ མིའུ་རིགས་བཞི་བསྣོལ་བའི་གདན་སྟེང་ན༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ནི༔ དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཡས་ཁ་ཊྭཱཾ་རྩེ་གསུམ་བསྣམས༔ གཡོན་པས་ལྕགས་མདའ་ལྕགས་གཞུ་འགེངས༔ འགྲོ་བ་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ ལྷ་མོ་དམར་མོ་ཡིད་འགུགས་མ༔ སྐུ་མདོག་དམར་མོ་བྷ་ག་རྒྱས༔ འགྲོ་བ་ཕོ་མོའི་བློ་སེམས་འགུགས༔ སྐུ་ལ་རིན་ཆེན་རྒྱན་གྱིས་སྤྲས༔ ཕྱག་གཡས་ཟངས་ཀྱི་གྲི་གུག་བསྣམས༔ གཡོན་པ་མེ་རླུང་འཁོར་ལོ་བསྐོར༔ འཇིག་རྟེན་ཐམས་ཅད་དབང་དུ་སྡུད༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་ཡུམ༔ ལྷ་མོ་ཨུ་མཱཿདེ་བཱི་ཞེས༔ དབང་གི་ལྷ་ལ་ཕྱག་འཚལ་བསྟོད༔ བདག་ལ་འཇིག་རྟེན་ཕོ་མོ་ཀུན༔ མོས་སུ་ཆུགས་ལ་དབང་དུ་སྡུས༔ ཤར་ན་རྡོ་རྗེ་མཁའ་འགྲོ་མ༔ ལྷོ་ན་རིན་ཆེན་མཁའ་འགྲོ་མ༔ ནུབ་ན་པདྨ་མཁའ་འགྲོ་མ༔ བྱང་ན་ལས་ཀྱི་མཁའ་འགྲོ་མ༔ སྲིད་གསུམ་དབང་དུ་སྡུད་པའི་ཕྱིར༔ ཕྱག་གཡས་ལྕགས་ཀྱུ་ཁ་ཊྭཱཾ་བསྣམས༔ གཡོན་པས་རླུང་གི་བ་དན་གཡོབ༔ མཁའ་འགྲོ་བཞི་ལ་ཕྱག་འཚལ་བསྟོད༔ དེ་ནས་ལྷ་དབང་ཕྱུག་ཆེན་པོ་སྐུ་མདོག་དམར་པོ་འོད་ཟེར་འཕྲོ་བ༔ འཛུམ་པའི་མདངས་དང་ལྡན་པ༔ གཡས་ན་ཁ་ཊྭཱཾ་ག་གཡོན་ན་ལྕགས་མདའ་ལྕགས་གཞུ་བསྣམས་པ༔ ཞབས་གཉིས་རླུང་གི་འཁོར་ལོའི་སྟེང་ན་བཞུགས་པ༔ མཚན་མ་དམར་པོ་གྱེན་དུ་སྒྲེང་བ༔ ཕྱོགས་བཞི་ནས་མཁའ་འགྲོ་བཞིས་བ་དན་གཡབས་པས༔ རླུང་གི་འཁོར་ལོ་འཁོར་རོ་རོ༔ འཛམ་བུའི་གླིང་བཞི་མེར་མེར་འཁྱོམ་འཁྱོམ་ཡོད་པར་བསྒོམ༔ ཛཔ྄་འདི་བཟླ་འོ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ བཛྲ་སིདྡྷི་ཕ་ལ་ཧཱུྃ༔ རཏྣ་སིདྡྷི་ཕ་ལ་ཧཱུྃ༔ པདྨ་སིདྡྷི་ཕ་ལ་ཧཱུྃ༔ ཀརྨ་སིདྡྷི་ཕ་ལ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ མི་སྙིང་སྒུལ༔ མི་འགྲམ་ཆོག༔ མི་སེམས་དཀྲུགས༔ རང་དབང་མེད་པར་ཁུག་ལ་ཤོག༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མི་སེམས་དཀྲུགས་ཡ༔ དེ་ལྟར་བསྒོམ་ཞིང་བཟླས་པས་འཇིག་རྟེན་གྱི་མི་ནོར་དབང་དུ་འདུ༔ སྔགས་བཟླས་པ་ཙམ་གྱིས་ངུ་བ་དང༔ འཁྲབ་པ་དང་གར་བྱེད་པ་ཡོང༔ ཞག་ཉེར་གཅིག་བསྒྲུབ་པར་བྱ༔ སྐབས་སུ་ཚོགས་འབུལ་བ་ནི༔ ཧྲཱི༔ ཐམས་ཅད་དབང་དུ་སྡུད་པའི་དཀྱིལ་འཁོར་ནས༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་འཁོར་དང་བཅས༔ ཐམས་ཅད་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ས་མ་ཡ་ཛ་ཛ༔ གཏོར་མ་ཤ་མར་ཟས་སྣ་མང་པོ་དང༔ རིན་ཆེན་ལོངས་སྤྱོད་ཡིད་ལ་འཐད་པ་རྣམས༔ སྲིད་པའི་བདག་པོ་ཡབ་ཡུམ་འཁོར་དང་བཅས༔ དགྱེས་པའི་ཚུལ་གྱིས་མཆོད་པ་བཞེས་སུ་གསོལ༔ བཞེས་ནས་བདག་ལ་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་འབུལ་ལོ༔ རང་ཉིད་ཚོགས་ལ་རོལ༔ སྐར་མ་རྒྱལ་གྱི་ཉི་མ་ལ༔ སྒྲུབ་པ་དང་མཆོད་པ་རྗེས་གནང་བྱའོ༔ སྐབས་སུ་དངོས་གྲུབ་བླང༔ ཡེ་ཤེས་པ་གཤེགས་སུ་གསོལ༔ དམ་ཚིག་པ་རྟེན་ལ་བསྟིམ༔ འདོད་པའི་དོན་ལ་གསོལ་བ་གདབ༔ བདག་གི་དགེ་བའི་རྩ་བ་འདིས༔ བསམ་པ་ཡིད་བཞིན་འགྲུབ་གྱུར་ནས༔ ཐར་པའི་འབྲས་བུ་ཐོབ་པར་ཤོག༔ ཅེས་བརྗོད༔ མཆོད་པའི་ཆོ་ག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ དབང་ཕྱུག་ཆེན་པོའི་སྒྲུབ་པ་འཇིག་རྟེན་དབང་སྡུད་བྱ་བ༔ ཐུན་མོང་གི་དངོས་གྲུབ་འདི་ལས་མྱུར་བ་འཇིག་རྟེན་ཁམས་ན་མེད་དོ༔ སློབ་དཔོན་པདྨས་རྡོ་རྗེ་སྤྲེ་ཆུང་ལ་གནང་བ་རྫོགས་སོ༔ ྈྈྈ ྈྈྈ ཟང་ཟང་ལྷ་བྲག་གི་རྐེད་བསེ་སྒྲོམ་སྨུག་པོའི་ནུབ་ཟངས་མཛོད་དམར་པོ་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ།། །། ༄༅༔ ལྷ་ཆེན་མ་ཧཱ་དེ་བའི་མཆོད་བསྐུལ་བཞུགས༔ ཧཱུྃ༔ སུམ་ཅུ་རྩ་གསུམ་ལྷ་ཡི་གནས་མཆོག་དང༔ འཕྲུལ་དགའི་ཡུལ་གྱི་དབུས་ན་ལྷ་ཡི་གནས༔ དབང་མཆོག་པདྨ་ཟླ་གམ་ཞེས་བྱ་ཡི༔ གཞལ་ཡས་ཁང་ན་ནོར་ལྷ་ཆེན་པོ་བཞུགས༔ འདོད་ཁམས་ལྷ་ཆེན་བསོད་ནམས་དཔལ་དུ་འབར༔ དབང་ཕྱུག་ཆེན་པོ་མ་ཧཱ་དེ་བ་ནི༔ སྐུ་མདོག་པདྨ་རཱ་གའི་མདོག་ལྟར་དམར༔ རིན་ཆེན་ནོར་བུ་མང་པོས་དབུ་ལ་བརྒྱན༔ ཞལ་གཅིག་སྤྱན་གསུམ་མཆེ་གཙིགས་འཛུམ་བཞད་ཞལ༔ དབུ་སྐྲ་རལ་པ་མཛེས་པས་བར་སྣང་ཁྱབ༔ རལ་པ་ལན་གསུམ་གསིགས་པས་འཇིག་རྟེན་དབང་དུ་སྡུད༔ དབང་ཕྱུག་ཆེན་པོ་ཕྱག་བཞི་སྟོབས་པོ་ཆེ༔ ལྷ་ཆེན་ནོར་ལྷ་བརྒྱད་ཀྱི་འཁོར་གྱིས་བསྐོར༔ འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་ལྷ་རྣམས་འདུལ༔ གཡས་ཀྱི་དང་པོ་ཟངས་ཀྱི་ལྕགས་ཀྱུ་བསྣམས༔ འཇིག་རྟེན་ཟས་ནོར་ཐམས་ཅད་འགུགས་པར་མཛད༔ གཡས་ཀྱི་འོག་མ་རིན་ཆེན་ཞགས་པ་བསྣམས༔ འཇིག་རྟེན་ཆེ་བཙན་མི་རྣམས་འཛིན་པར་ནུས༔ གཡོན་གྱི་དང་པོ་ནོར་བུ་རིན་ཆེན་བསྣམས༔ ནོར་བུ་རིན་ཆེན་དགོས་འདོད་ཆར་བཞིན་ཕོབ༔ འོག་མ་འཇིག་རྟེན་སྲིད་པའི་མེས་པོ་བསྣམས༔ འདོད་ཁམས་ཐམས་ཅད་གཡོ་ཞིང་འགུལ་བར་བྱེད༔ འཇིག་རྟེན་མི་འུ་རིགས་བཞི་ཁྱོད་ཀྱིས་ཁུག༔ མདོག་དམར་འདོད་ཁམས་མི་རྣམས་དབང་དུ་སྡུད༔ དབང་དུ་སྡུས་ལ་ཟས་ནོར་ལོངས་སྤྱོད་ཁུག༔ གཅེར་བུ་བརྗིད་ལྡན་རིན་ཆེན་རྒྱན་གྱིས་སྤྲས༔ ཡོན་ཏན་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ༔ སྐུ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་འགྱེད༔ འཇིག་རྟེན་ཁམས་ཀྱི་ཁྲོམ་ཆེན་དབང་དུ་སྡུད༔ ཚོགས་ཀྱི་བདག་པོ་གཞོན་ནུ་ཀཱརྟྟི་ཀེ༔ ཏྲིག་ཤ་ནག་པོ་ནོར་ལྷ་ཛཾ་བྷ་ལ༔ རྣམ་ཐོས་སྲས་དང་གཏེར་བདག་ཨ་པ་རཱ༔ ཞང་བློན་བདུད་འདུལ་གང་བ་བཟང་པོ་དང༔ ནོར་ལྷ་མང་པོ་བཀའ་ཉན་ཕོ་ཉར་འགྱེད༔ ནོར་ལྷས་ཟས་དང་ནོར་རྣམས་དབང་དུ་སྡུད༔ དབང་ཕྱུག་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ལྷ་མོ་ཡུམ་ཆེན་ཨུ་མཱཿདེ་བཱི་ནི༔ སྐུ་མདོག་དམར་མོ་འཇིག་རྟེན་དབང་དུ་སྡུད༔ སྐུ་ལས་འོད་ཟེར་འཕྲོས་པའི་མདངས་ཀྱིས་འཇིག་རྟེན་སྡུད༔ འཇིག་རྟེན་དབང་དུ་སྡུད་པའི་ཕྲིན་ལས་མཛོད༔ རིན་ཆེན་རྒྱན་སྤྲས་དགོས་འདོད་ཆར་ལྟར་འབེབ༔ ཟས་ནོར་ཆར་ལྟར་འབེབ་པའི་ཕྲིན་ལས་མཛོད༔ ཞལ་གཅིག་སྤྱན་གསུམ་འཛུམ་མདངས་བཞད་པའི་ཞལ༔ དགྱེས་ཤིང་མཉེས་ཏེ་དབང་གི་ཕྲིན་ལས་མཛོད༔ གཡས་པ་དངུལ་གྱི་མེ་ལོང་སྲིད་གསུམ་གཟིགས༔ གཡབས་པས་འཇིག་རྟེན་ཕོ་མོ་དབང་དུ་སྡུད༔ ཕོ་མོ་དབང་དུ་སྡུད་པའི་ཕྲིན་ལས་མཛོད༔ གཡོན་ན་མི་ཟད་རིན་ཆེན་གཏེར་བུམ་བསྣམས༔ གཏེར་ལ་བདག་གི་ལོངས་སྤྱོད་བྱེད་དུ་ཆུགས༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དུས་ལ་བབས༔ སྲིད་པའི་མེས་པོས་གཡབ་ཅིང་ཕྲིན་ལས་མཛོད༔ ལན་གཅིག་གཡབས་པས་འཇིག་རྟེན་ཐམས་ཅད་གཡོས༔ ལན་གཉིས་གཡབས་པས་ཟས་ནོར་ལོངས་སྤྱོད་འགུགས༔ ལན་གསུམ་གཡབས་པས་སྲིད་གསུམ་འུར་ཞིང་འདུད༔ འུར་འུར་ཐེག་ཐེགས་ཐམས་ཅད་དབང་དུ་སྡུས༔ འདིར་གཤེགས་བརྒྱན་གྱི་གཏོར་མ་འདི་བཞེས་ལ༔ འཇིག་རྟེན་ཐམས་ཅད་དབང་དུ་བསྡུ་བ་དང༔ ཟས་ནོར་དགོས་འདོད་ཆར་ལྟར་དབབ་ཏུ་གསོལ༔ འབྱོར་པ་ལོངས་སྤྱོད་མང་པོ་རི་ལྟར་སྤུངས༔ ཆེ་བཙན་འཇིག་རྟེན་ཐམས་ཅད་བྲན་དུ་ཁོལ༔ སྙན་གྲགས་སྒྲ་ཡིས་རྒྱལ་ཁམས་ཁེངས་པར་མཛོད༔ འཇིག་རྟེན་ཀུན་གྱི་བདག་པོ་བྱེད་པར་ཤོག༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་གྱི་མཆོད་བསྐུལ་རྫོགས་སོ༔ འཁོར་རྣམས་བསྐུལ་བ་ནི༔ ཧཱུྃ༔ ལྷ་ཆེན་གཙོ་བོའི་གཡས་ཀྱི་བཀའ་ཉན་ནི༔ ཚོགས་ཀྱི་བདག་པོ་མདོག་དམར་གླང་ཆེན་དབུ༔ ཕྱག་གཡས་རིན་པོ་ཆེ་ཡི་ལྕགས་ཀྱུ་བསྣམས༔ གཡོན་པ་ལ་ཕུག་དང་ནི་རིན་ཆེན་འཛིན༔ རིན་ཆེན་བྲག་རི་བྱི་བའི་གདན་ལ་བཞུགས༔ ལྷོ་ནུབ་མཚམས་ཀྱི་བཀའ་ཉན་ཕོ་ཉ་ནི༔ ལྷ་ཡི་སྲས་པོ་གཞོན་ནུ་ཀཱརྟྟི་ཀེ༔ མདོག་དཀར་གཡས་པ་ནོར་བུ་རིན་ཆེན་བསྣམས༔ གཡོན་པ་རིན་པོ་ཆེ་ཡི་སྒྲོམ་བུ་བསྣམས༔ རིན་ཆེན་བྲག་གི་རི་ལ་མཛེས་པར་བཞུགས༔ ནུབ་ཀྱི་བཀའ་ཉན་ཏྲིིག་ཤ་ནག་པོ་ནི༔ ཕྱག་གཡས་རིན་ཆེན་འབར་བ་ཐུགས་ཀར་འཛིན༔ གཡོན་པ་ནེའུ་ལེ་ཡི་རྐྱལ་པ་བསྣམས༔ རིན་ཆེན་ཉི་ཟླ་པདྨའི་གདན་ལ་བཞུགས༔ ནུབ་བྱང་མཚམས་ཀྱི་ནོར་ལྷ་ཛམྦྷ་ལ༔ སྐུ་མདོག་དམར་པོ་ཕྱག་གཡས་རིན་ཆེན་འཛིན༔ གཡོན་པ་ནེའུ་ལེ་ནོར་གྱིས་གང་བ་བསྣམས༔ པདྨ་ཉི་ཟླ་བུམ་པའི་སྟེང་ན་བཞུགས༔ གཡོན་གྱི་བཀའ་ཉན་རྒྱལ་ཆེན་རྣམ་ཐོས་སྲས༔ སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ༔ གཡས་གཉིས་མདུང་དམར་དང་ནི་རིན་ཆེན་བསྣམས༔ གཡོན་གཉིས་ནེ་འུ་ལེ་དང་ལྕགས་ཀྱུ་བསྣམས༔ སྦོམ་ཞིང་སེང་གེའི་གདན་ལ་བརྐྱང་བསྐུམ་བཞུགས༔ བྱང་ཤར་མཚམས་ཀྱི་གནོད་སྦྱིན་ཨ་པ་རཱ༔ དཀར་པོ་ཕྱག་གཉིས་རིན་ཆེན་བུམ་པ་བསྣམས༔ པུས་བཙུག་བུམ་པའི་སྟེང་ན་བརྗིད་ལྡན་བཞུགས༔ མདུན་ན་ཞང་བློན་རྡོ་རྗེ་བདུད་འདུལ་ནི༔ སྔོན་པོ་ཕྱག་གཡས་རིན་ཆེན་སྒྲོམ་བུ་བསྣམས༔ གཡོན་ན་ནོར་བུ་རིན་ཆེན་འབར་བ་བསྣམས༔ རིན་ཆེན་བཻ་ཌཱུར་སྔོན་པོའི་ཁྲི་ལ་བཞུགས༔ ཤར་ལྷོར་གནོད་སྦྱིན་གང་བ་བཟང་པོ་ནི༔ གསེར་མདོག་ཕྱག་གཡས་གཏེར་གྱི་བུམ་པ་བསྣམས༔ གཡོན་ན་རིན་ཆེན་ནེའུ་ལེའི་རྐྱལ་པ་བསྣམས༔ རྟ་མཆོག་གསེར་གྱི་མདོག་ཅན་སྟེང་ན་བཞུགས༔ ལྷ་ཆེན་ནོར་ལྷ་བརྒྱད་ལ་མཆོད་པ་འབུལ༔ དབང་གི་ཕྲིན་ལས་འགྲུབ་པར་མཛད་དུ་གསོལ༔ ཞེས་མཆོད་ཅིང་བསྐུལ་ལོ༔ འཁོར་བསྐུལ་བ་རྫོགས་སོ༔ ྈྈྈ ྈྈྈ བྱང་ཟང་ཟང་ལྷ་བྲག་གི་བསེ་སྒྲོམ་སྨུག་པོའི་ནུབ་ཟངས་མཛོད་ནས་རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་གཏེར་ནས་སྤྱན་དྲངས་པའོ། །དགེའོ།། །།
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། དཔལ་ཡང་དག་ཧེ་རུ་ཀའི་རིམ་གཉིས་རྒྱུན་གྱི་རྣལ་འབྱོར་ (Volume 28, Text 1)
༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། དཔལ་ཡང་དག་ཧེ་རུ་ཀའི་རིམ་གཉིས་རྒྱུན་གྱི་རྣལ་འབྱོར་བཞུགས་སོ། ། ན་མོ་གུ་རུ་བཛྲ་ཤྲཱི་ཧེ་རུ་ཀཱ་ཡ། འདིར་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོའི་ཐུགས་དམ་མཐར་ཐུག་པ་དཔལ་ཡང་དག་ཧེ་རུ་ཀའི་རིམ་གཉིས་ཀྱི་ལམ་ཟབ་མོ་རྒྱུན་གྱི་རྣལ་འབྱོར་དུ་མདོར་བསྡུས་ཏེ་བསྒོམ་པར་འདོད་པས། གནས་དབེན་པར་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་སྔོན་འགྲོའི་རིམ་པ་རྒྱས་པར་བྱ་བའམ། ངེས་འབྱུང་དང་། སྙིང་རྗེའི་ཤུགས་དྲག་ཏུ་བསྐྱེད་ལ་ཚོགས་ཞིང་ནམ་མཁའ་གང་བར་སད་པའི་སྤྱན་སྔར། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ལན་གསུམ་གྱིས་རྒྱུད་སྦྱང་། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། དངོས་གཞིའི་ཐོག་མར་རྣལ་འབྱོར་བསྐྱེད་པའི་རིམ་པ་ལ། དངོས་གཞི་ཞི་བར་བསྙེན་པ་ནི། ཨ༔ རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ༔ བཟུང་བས་མི་ཟིན་ཆུ་ཟླ་འདྲ༔ ཀུན་ཏུ་བཟང་པོའི་རོལ་པ་ལས༔ ཐབས་ཤེས་ཟུང་འཇུག་རྩ་བའི་ལྷ༔ སེམས་དཔའ་དཀར་པོ་རྡོར་དྲིལ་བསྣམས༔ རང་འོད་ཡུམ་འཁྱུད་བདེ་སྟོང་སྦྱོར༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ མ་བཅོས་ལྷུག་པའི་ངང་དུ་གསལ༔ ཨོཾ་བཛྲ་སཏྭ་ཨཱ༔ ཞེས་ཅི་ནུས་བཟླ། དེ་ནས་ཁྲོ་བོར་བསྒྲུབ་པ་ནི། དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ བདག་ཉིད་རིག་འཛིན་འཛམ་གླིང་རྒྱན༔ རྣམ་པ་ཡང་དག་ཧེ་རུ་ཀ༔ མཐིང་དཀར་དམར་བའི་ཞལ་གསུམ་འབར༔ ཕྱག་དྲུག་ཡེ་ཤེས་རྟགས་ཀྱི་རྒྱ༔ རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས༔ དྲིལ་བུ་བྷན་དམར་རྒྱུ་ཞགས་གཡོན༔ བཛྲ་ཀྲོ་དྷཱི་ཤྭ་རཱི་མ༔ རྡོ་རྗེ་དུང་ཁྲག་བསྣམས་པས་འཁྲིལ༔ གར་དགུའི་ཉམས་ལྡན་ཁྲོ་བོའི་ཆས༔ ཡེ་ཤེས་མེ་དཔུང་ཆེར་འབར་དབུས༔ ཞབས་བཞི་གྱད་ཀྱི་དོར་སྟབས་ཀྱིས༔ པད་ཉི་བདུད་བཞིའི་གདན་ལ་འགྱིང༔ གཡས་གཡོན་ཞལ་དང་ཕྱག་དྲུག་ནི༔ གཽ་རཱི་ལ་སོགས་ངོ་བོར་རྫོགས༔ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ཀུན༔ མ་བསྐྱེད་རང་བྱུང་རོལ་པའི་རྒྱན༔ ཁྲག་འཐུང་ལྷ་ཚོགས་ཕྱག་རྒྱར་བཞེངས༔ ཞེས་རྩེ་གཅིག་ཏུ་བསྒོམས་ལ། ལྷར་སྣང་སྒྱུ་མ་ལྟ་བུར་སེམས་འཛིན་ཅིང་ང་རྒྱལ་དང་། གཞི་འབྲས་སྦྲེལ་བའི་དག་དྲན་ལ་བསླབ། ཞར་བྱུང་བཟླས་པའི་རྣལ་འབྱོར་ནི། ཐུགས་ནི་དཔལ་བེའུ་ཟུར་བརྒྱད་ཀློང༔ རུ་ལུ་འབྲུ་བརྒྱད་འཕྲོ་ཞིང་འདུ༔ མགལ་མེ་ལྟ་བུར་འཁོར་བ་ཡིས༔ བདེ་ཆེན་ཡེ་ཤེས་བརྟན་པར་གྱུར༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་ཅི་ནུས་དང་། རྫོགས་རིམ་བསྒོམ་པར་སྤྲོ་ན་ཇི་ལྟར་རིགས་པ་བསྒོམ་ཞིང་། ཐུན་བསྡུ་བ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པས་སྣང་ཆའི་ལྷ་སྐུ་འོད་གསལ་གྱི་དབྱིངས་སུ་ཐིམ་པར་བསམ་ཞིང་མཉམ་པར་བཞག །ལྡང་བའི་ཚེ། ཕཊ་ཕཊ་ཕཊ༔ རང་དང་སྣང་བ་ཐམས་ཅད་དཔལ་ཧེ་རུ་ཀའི་སྐུ་གསུང་ཐུགས་སུ་གྱུར་པར་མོས་ལ། དགེ་བ་འདི་ཡིས་མྱུར་དུ་བདག༔ ཧེ་རུ་ཀ་དཔལ་འགྲུབ་གྱུར་ནས༔ ཞེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །གཉིས་པ་མན་ངག་རྫོགས་པའི་རིམ་པ་ལ་དྲུག །གཏུམ་མོ། སྒྱུ་ལུས། འོད་གསལ། རྨི་ལམ། འཕོ་བ། བར་དོ་འོ། །དང་པོ་ལམ་གྱི་རྩ་བ་གཏུམ་མོའི་རྣལ་འབྱོར་ནི། རང་ཉིད་དཔལ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའམ་ཞལ་ཕྱག་རྫོགས་པར་གསལ་བའི་ལུས་ཀྱི་ནང་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་དབུས་སུ་རྩ་གསུམ་འཁོར་ལོ་བཞི་སྤྱི་ལྟར་གསལ་ནས་རླུང་རོ་བསལ། ཆེད་དུ་དམིགས་པ་ཐུགས་ཀར་ཆོས་ཀྱི་འཁོར་ལོའི་དབུ་མའི་ནང་དུ་ཧཱུྃ་མཐིང་གསལ་མར་མེ་ལྟར་འབར་བའི་ནཱ་ད་ལས་རུ་ལུ་འབྲུ་བརྒྱད་འཕྲོ་ཞིང་འདུ་བར་གསལ་བཏབ་ལ་སེམས་བཟུང་། ཟིན་པ་ན་རླུང་བུམ་པ་ཅན་སྙིང་གར་ཁ་སྦྱོར་དུ་བཟུང་ཞིང་ཧཱུྃ་ལ་བསྟིམ་པའམ། ལས་དང་པོ་པས་ལྟེ་བའི་བུམ་པ་ཅན་གཙོ་བོར་བྱ། རྒྱུན་གྱི་རྣལ་འབྱོར་ལ་འདི་ཙམ་གྱིས་འཐུས། སྤྲོ་ན་རླུང་ནང་དུ་འཇུག་པ་ཨོཾ། གནས་པ་རུ་ལུ་རུ་ལུ། ལྡང་བ་ཧཱུྃ་བྷྱོ་ཧཱུྃ་ཞེས་པའི་གདངས་སུ་མོས་པའི་རྡོ་རྗེའི་བཟླས་པ་བྱ་ཞིང་། དེ་ནས་དབུ་མའི་མས་སྣ་རྩ་གསུམ་འདུས་མདོར་ཨ་ཤད་མེ་འབར་ལ་ཁད་པ་དང་། ཡས་སྣ་ཧྃ་མགོ་ཐུར་བསྟན་གསལ་བཏབ། བུམ་ཅན་གྱི་སྦྱོར་བས་ལྟེ་བའི་ཨ་ཤད་ལས་མེ་འབར། ཁམས་སྙིགས་མ་ཐམས་ཅད་བསྲེགས། མཐར་སྤྱི་བོའི་ཧྃ་ལ་རེག་པས་བདུད་རྩི་བབས། འཁོར་ལོ་བཞི་གང་ཞིང་། དྭངས་མ་སྙིང་གའི་ཧཱུྃ་ལ་འདུས་པས་དྲོད་དང་བདེ་བའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྐྱེས་པར་བསམ་ལ་གསལ་རིག་འཛིན་པ་མེད་པའི་ངང་དུ་མཉམ་པར་བཞག །གཉིས་པ་ལམ་གྱི་གཞི་མ་སྒྱུ་ལུས་ནི། སྤྱིར་འཁོར་འདས་ཀྱི་ཆོས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་ཀྱིས་མཚོན་པར་གཏན་ལ་དབབ། བྱེ་བྲག་ཏུ་བསྟོད་སྨད་ཆགས་སྡང་སོགས་མེ་ལོང་གི་གཟུགས་བརྙན་ལྟ་བུར་དཔྱད་ཅིང་། ཁྱད་པར་མཉམ་རྗེས་ཀུན་ཏུ་སྣང་བ་ཐམས་ཅད་ལྷ་སྐུ་འཇའ་ཚོན་དང་ཆུ་ཟླ་ལྟ་བུའི་ཏིང་ངེ་འཛིན་ལ་རྩལ་སྦྱང་། ལམ་སྔ་མ་གོམས་པ་བརྟན་པས་རླུང་སེམས་སྒྱུ་མའི་ལྷ་སྐུར་ལྡང་ཞིང་། སྐབས་ཅི་རིགས་པར་སྙིང་གའི་ཧཱུྃ་ལས་ཧཱུྃ་ཡིག་ནམ་མཁའ་ཁྱབ་པར་འཕྲོས་པས་སྣོད་བཅུད་ཀྱི་དངོས་འཛིན་ཞིག་སྟེ་སྒྱུ་མ་ལྟ་བུའི་ཡེ་ཤེས་ལྷ་ཡི་ཕྱག་རྒྱར་ཤར་བ་ལ་སེམས་འཛིན་པར་བྱའོ། །གསུམ་པ་ལམ་གྱི་སྙིང་པོ་འོད་གསལ་ནི། ཉིན་པར་གང་ཤར་གྱི་རྟོག་པའི་རྗེས་སུ་མི་འབྲང་བར་འོད་གསལ་གཉུག་མའི་ངང་དུ་མཉམ་པར་བཞག་ཅིང་། བསྐྱེད་རིམ་དང་འབྲེལ་ན་ཐུན་གྱི་མཇུག་ཏུ་ལྷ་སྐུ་འོད་གསལ་དུ་སྦྱངས་པ་དང་། ཟུང་འཇུག་གི་སྐུར་ལྡང་བའི་ཏིང་ངེ་འཛིན་ལ་ཡང་ནས་ཡང་དུ་རྩལ་སྦྱང་། ནུབ་མོ་ལུས་ཙོག་པུར་འཁོད། རང་ཧེ་རུ་ཀར་གསལ་བའི་སྙིང་འོད་ལྔའི་གོང་བུའི་དབུས་སུ་པདྨ་འདབ་མ་བཞི་པའི་ལྟེ་བར་ཧཱུྃ་དང་། འདབ་མ་རྣམས་ལ་ཨ་ནུ་ཏ་ར་མཐིང་གསལ་བཀོད་པ་ལ་རིམ་བཞིན་དུ་སེམས་བཟུང་ཞིང་། རིམ་པར་ཧཱུྃ་ལ་བསྟིམ། དེའང་མི་དམིགས་པའི་དབྱིངས་སུ་སྦྱངས་ཏེ་གནས་ལུགས་མ་བཅོས་པའི་ངང་དུ་མཉམ་པར་བཞག་པས་གཉིད་ཀྱི་འོད་གསལ་འཆར་བར་འགྱུར་རོ། །བཞི་པ་ལམ་གྱི་ཚོད་འཛིན་རྨི་ལམ་ལ། ཐོག་མར་སྦྱོང་བ་ནི། ཉིན་པར་སྣང་གྲགས་རྟོག་གསུམ་ཐམས་ཅད་རྨི་ལམ་དུ་ངོས་བཟུང་ཞིང་ངེས་ཤེས་བསྐྱེད། ཉལ་ཁར་མགྲིན་པར་པདྨ་དམར་པོ་འདབ་མ་བཞི་པའི་དབུས་སུ་ཧཱུྃ་དང་། འདབ་བཞིར་ཨ་ནུ་ཏ་ར་དམར་པོ་ལ་སེམས་བཟུང་ཞིང་རྨི་ལམ་རྨི་བ་ཡིན་འདུག་སྙམ་པའི་འདུན་པས་མཚམས་སྦྱར་ཏེ་རིམ་གྱིས་ཧཱུྃ་གི་བར་དུ་བསྡུ། དེ་ཐིག་ལེ་དམར་པོ་བདེ་གསལ་འོད་ཀྱི་རང་བཞིན་དུ་གྱུར་པ་ལ་སེམས་བཟུང་ནས་མ་ཡེངས་པའི་ངང་དུ་གཉིད་ལོག་པས་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པ་འབྱུང་ཞིང་། དེ་ལ་གོམས་ནས་སྦྱང་སྤེལ་སྤྲུལ་བསྒྱུར་སོགས་ལ་བསླབ་པར་བྱའོ། །ལྔ་པ་ལམ་གྱི་བསུན་མ་འཕོ་བ་ནི། རང་ཧེ་རུ་ཀར་གསལ་བའི་སྙིང་གའི་ཧཱུྃ་ལས་ཧཱུྃ་མང་དུ་སྤྲོས་ཏེ་དབང་པོའི་སྒོ་དགུ་དང་བ་སྤུའི་བུ་ག་ཚུན་ཧཱུྃ་གིས་དགག །ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་ཡར་སྣ་ཚངས་བུག་ཏུ་ཟང་ཐ་ལེར་ཟུག་ཅིང་། མར་སྣ་ལྟེ་འོག་སོར་བཞིར་ཕུག་རྡུགས་ཀྱི་རྣམ་པར་གྱུར་པའི་སྙིང་གའི་ནང་དུ་རླུང་སེམས་དབྱེར་མེད་ཀྱི་ངོ་བོ་ཧཱུྃ་ཡིག་འོད་ཟེར་ལྔ་འཕྲོ་བ་ལ་སེམས་བཟུང་རླུང་ཁ་སྦྱོར་དུ་འཆིང་། ཟིན་པ་ན་མདུན་གྱི་ནམ་མཁར་དུར་ཁྲོད་ཆེན་པོ་མེ་རི་འབར་བ་ཞིང་གི་བཀོད་པ་འབྱམས་ཀླས་པའི་དབུས་སུ། བླ་མ་ཧེ་རུ་ཀ་འཁོར་དང་བཅས་པ་མངོན་སུམ་བཞིན་དུ་གསལ་བའི་ཐུགས་ཀར་འཕོ་བའི་འདུན་པ་དྲག་པོས་རླུང་ཕྱིར་བཏང་བ་དང་ཧིཀ་ཅེས་དྲག་ཏུ་བརྗོད་པས། སྙིང་གའི་ཧཱུྃ་གློག་འཁྱུག་པ་ལྟར་ཁྲག་འཐུང་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཞུགས་ཏེ་ཐུགས་ཀར་འཕོས་པར་བསམ། རླུང་ནང་དུ་འཇུག་པ་ན་ཀ་ཞེས་བརྗོད་ཅིང་མར་དབབ། ཐུན་བསྡུ་བའི་ཚེ་མདུན་གྱི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པ་མི་དམིགས་པར་བཞག་ཅིང་། ཚངས་བུག་སྣ་ཚོགས་རྡོ་རྗེས་བཀག་པར་བསམས་ནས་རྡོ་རྗེའི་བཟླས་པ་ཅི་ནུས་བྱ། ལས་ལ་སྦྱར་བའི་ཚེ་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་པར་འདྲེས་པའི་ངང་དུ་མཉམ་པར་བཞག་གོ །དྲུག་པ་ལམ་གྱི་མཚམས་སྦྱོར་བར་དོ་ནི། ད་ལྟ་ནས་སྣང་བ་ཐམས་ཅད་སྲིད་པ་བར་དོའི་གནས་སྐབས་སུ་ཤེས་པ་དང་། ཁྱད་པར་དུ་ཆགས་སྡང་དགའ་སྡུག་སོགས་རྟོག་པ་རགས་པ་ནམ་འཆར་ན་དྲན་པས་ཟིན་པར་བྱས་ཏེ་བར་དོ་དང་བསྲེ། དེ་ཐམས་ཅད་ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་ངོ་བོར་བསྲེ་བ་མཚམས་སྦྱར་བ་ལ་བསླབ་པས་བར་དོར་ཡང་དྲན་པ་ཟིན་ནས་ལམ་གྱི་འཕྲོ་མཐུད་དེ་གྲོལ་བར་འགྱུར་རོ། །དེ་ལྟ་བུའི་ལམ་འདི་རྣམས་རྒྱུན་གྱི་རྣལ་འབྱོར་ལ་སྦྱར་བའི་ཚེ། མཉམ་གཞག་ཏུ་བསྐྱེད་རིམ་དང་གཏུམ་མོ་གཙོ་བོར་བཏོན། ཐུན་བསྡུ་བ་ན་འོད་གསལ་བསྒོམ། ཐུན་མཚམས་ཐམས་ཅད་དུ་སྒྱུ་མ་ལྟ་བུར་བསླབ་པ་དང་། རྨི་ལམ་དང་བར་དོའི་ཉམས་ལེན་སྤེལ། ཉལ་བའི་ཚེ་འོད་གསལ་དང་རྨི་ལམ་གྱི་དམིགས་པ་གང་རུང་གསལ་ངེས་པ་རེ་བྱ། སྐབས་ཅི་རིགས་པའམ། ཐུན་རེའི་མཐར་འཕོ་བའི་དམིགས་པའང་མ་བརྗེད་ཙམ་རེ་བྱ་ཞིང་། རྣམ་པ་ཀུན་ཏུ་སྣང་གྲགས་རྟོག་གསུམ་དཔལ་ཆེན་པོའི་སྐུ་གསུང་ཐུགས་སུ་ཤེས་ཤིང་གོམས་པར་བྱ་བ་ནི་ལམ་གྱི་མདོ་ཆིང་བླ་ན་མེད་པ་སྟེ། དེ་ལྟར་བརྩོན་པས་དངོས་གྲུབ་རྣམ་གཉིས་མྱུར་དུ་ཐོབ་པར་འགྱུར་བའི་ཚུལ་སོགས་རྒྱས་པར་གཞུང་རྡོ་རྗེའི་ཚིག་རྐང་བླ་མའི་མན་ངག་གིས་ཕྱེ་བའི་རྗེས་སུ་འབྲངས་ནས་ཤེས་པར་བྱ་ཞིང་། ལས་དང་པོ་པ་ལ་དམིགས་པའི་རིམ་པ་འདི་ཙམ་གྱིས་ཀྱང་དོན་འགྲུབ་པར་འགྱུར་བ་ཡིན་ནོ། །མདོར་ན་གཞུང་རྩ་བ་ལས། དེ་ལྟར་ཤིན་ཏུ་ཟབ་པའི་བཅུད༔ ཁྲག་འཐུང་བདེ་ཆེན་རྣམ་རོལ་པའི༔ ལུང་དང་ཏནྟྲ་མང་པོའི་དོན༔ བསྒོམས་པས་མྱུར་དུ་འཚང་རྒྱ་བའི༔ མན་ངག་གནད་ཀྱི་སྙིང་པོ་འདི༔ ཨོ་རྒྱན་བདག་གི་ཐུགས་ཁྲག་སྟེ༔ བརྗོད་པར་དཀའ་བ་ཉིད་ཡིན་ཀྱང༔ མངའ་བདག་ཡབ་སྲས་སྐུ་ཆེ་ཞིང༔ མཚོ་རྒྱལ་ཞབས་ཏོག་ཆེ་བ་དང༔ རྗེ་འབངས་གྲོགས་རྣམས་དམ་ཚིག་ཆེ༔ དེ་ཕྱིར་ཐུགས་དམ་སྙིང་པོར་གདམས༔ ཞེས་གསུངས་པ་ལྟར་བདག་ལེགས་སུ་འདོད་པའི་སྐལ་བཟང་རྣམ་དཔྱོད་ཅན་རྣམས་ཀྱིས་འདི་ཁོ་ན་ཉམས་ལེན་སྙིང་པོར་མཛད་འཚལ་ལོ། །ཞེས་པའང་གྲུབ་མཐའ་རིས་མེད་པའི་སྐྱེས་ཆེན་དམ་པ་མང་དུ་འདུས་པ་ལ་ལམ་འདིའི་དམིགས་ཁྲིད་རྫོགས་པར་ཕུལ་བའི་སྐབས། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་རང་འདྲའི་བློ་གྲོས་ཤིན་ཏུ་དམན་པ་རྣམས་ལ་ཕན་པའི་བསམ་པས་བྲིས་པ་སྟེ། དགེ་བས་གྲོང་ཁྱེར་གསུམ་གྱི་འགྲོ་བ་ཐམས་ཅད་ཤྲཱི་ཧེ་རུ་ཀའི་གོ་འཕང་ལ་མྱུར་དུ་འགོད་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།
ཚེ་གཡང་འགུགས་པའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་ཚེ་བསོད་འདོད་རྒུའི་དཔལ་སྟེར་ (Volume 50, Text 1)
༄༅། །ཚེ་གཡང་འགུགས་པའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་ཚེ་བསོད་འདོད་རྒུའི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། ། བླ་མ་རྩ་བ་གསུམ་ལ་ཕྱག་འཚལ་ལོ། །གུ་རུ་ཡིད་བཞིན་ནོར་བུ་རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ་ལ་བསྟེན་ནས་ཚེ་དང་གཡང་གི་དངོས་གྲུབ་ལྷན་ཅིག་ཏུ་བསྒྲུབ་པར་འདོད་པས་གནས་གཙང་ཞིང་དབེན་པར། གོང་དུ་བདག་བསྐྱེད་གང་ལ་བསྟེན་པའི་མཆོད་གཏོར་དང་། དེའི་འོག་ཏུ་འབྲུ་དཀར་གྱིས་གཡུང་དྲུང་བྲིས་པའི་ཁར་འབྱོར་ན་གཏེར་བུམ་ཚད་ལྡན་དང་། ཉིན་ཆོག་ལྟ་བུ་འཇུག་བདེར་གཏོར་མ་རིན་ཆེན་འབར་བའམ། གཡང་བཤོས་ནོར་བུའི་དབྱིངས་ཅན་ཁ་ཟས་བཟང་རྒུས་བསྐོར་བ་བཀོད་པའི་གཡས་སུ་ཕྱེ་མར། གཡོན་དུ་གཡང་ཆང་། ཚེ་སྒྲུབ་གཙོ་བོར་བྱེད་ན་ཚེ་འབྲང་། ཚེ་ཆང་། ཚེ་རིལ། གཞན་ཡང་མཆོད་ཚོགས་དང་གཏོར་མ་སོགས་བག་དྲོ་བྱིན་ཆགས་བཀོད་མཛེས་སུ་བཤམ། རང་གི་མདུན་དུ་མདའ་དར་དང་། རོལ་མོའི་བྱེ་བྲག་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱ། བདག་བསྐྱེད་གུ་རུ་ཞི་བའི་ལས་གཞུང་ལྟ་བུ་རྒྱས་བསྡུས་གང་རུང་བསྲངས་ནས་བཟླས་པ་དང་སྟོང་ཚིགས་ཀྱི་མཆོད་བསྟོད་བཅས་གྲུབ་རྗེས། མཆོད་རྫས་བརླབ་པ་ནི། རཾ་ཡཾ་ཁཾ། བདག་ཉིད་ལྷར་གསལ་ཐུགས་ཀ་ནས། །འོད་འཕྲོས་མཆོད་རྫས་གཟུང་འཛིན་སྦྱངས། །དངོས་འབྱོར་ཡིད་སྤྲུལ་ལོངས་སྤྱོད་ཚོགས། །མཆོད་པའི་ཕྱག་རྒྱ་ཆེན་པོར་གྱུར། །ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བཛྲ་སྥ་ར་ཎ་ཁཾ། མདུན་རྟེན་རྣམས་ལ་ཆབ་བྲན་ཏེ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ་གིས་སྦྱང་། སྟོང་གསལ་རང་རིག་འདུས་མ་བྱས་པའི་དབྱིངས། །འགག་མེད་ཅིར་ཡང་འཆར་བའི་རོལ་མོ་ལས། །ངོ་མཚར་འཇའ་ཚོན་རྣམ་བཀྲ་དག་པའི་ཞིང་། །ཡེ་ཤེས་འོད་ལྔ་འབར་བའི་ཀློང་ཆེན་པོར། །ནོར་བུའི་བ་གམ་བརྩེགས་པའི་གཞལ་མེད་ཁང་། །བཀོད་པ་རབ་རྫོགས་འདོད་རྒུའི་སྤྲིན་ཕུང་འཁྲིགས། །དེ་དབུས་རིན་ཆེན་པདྨ་ཉི་ཟླའི་ཁྲིར། །རྩ་བའི་བླ་མ་ཨོ་རྒྱན་ཚེ་དཔག་མེད། །རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ། །རབ་འབྱམས་ནོར་ལྷ་འདུས་པའི་ངོ་བོ་ཉིད། །གསེར་མདོག་བརྗིད་ཆགས་སྒེག་འཛུམ་ཁྲོ་བོའི་ཉམས། །དར་དང་རིན་ཆེན་རུས་པའི་རྒྱན་གྱིས་མཛེས། །ཕྱག་གཡས་མདའ་དར་སྲིད་ཞིའི་ཚེ་བསོད་འགུགས། །གཡོན་པས་མཉམ་གཞག་འཆི་མེད་ཚེ་བུམ་ནི། །བདུད་རྩིས་གང་བ་ནོར་བུས་མཚན་པ་ཡིས། །འཁོར་འདས་ཀུན་གྱི་ཚེ་དཔལ་དངོས་གྲུབ་སྩོལ། །རང་འོད་བདེ་སྟེར་རིན་ཆེན་མཁའ་འགྲོ་མ། །སེར་མོ་མདའ་དར་བུམ་འཛིན་ཡབ་ལ་འཁྲིལ། །བདེ་སྟོང་ཟག་མེད་རྡོ་རྗེའི་སྐྱིལ་ཀྲུང་གིས། །སྣང་སྲིད་ཀུན་ཁྱབ་འཇའ་ཟེར་ཀློང་ན་བཞུགས། །སྤྱི་བོར་ཆུ་སྐྱེས་ཉི་ཟླའི་གདན་གྱི་སྟེང་། །རིགས་ཀྱི་བདག་པོ་འཆི་མེད་ཚེ་མཐའ་ཡས། །དམར་གསལ་མཉམ་གཞག་བདུད་རྩིའི་ཚེ་བུམ་བསྣམས། །ལོངས་སྐུའི་རྒྱན་རྫོགས་རང་འོད་ཡུམ་དང་སྦྱོར། །ཕྱོགས་མཚམས་དགོངས་བརྡ་སྙན་བརྒྱུད་བླ་མ་དང་། །རྒྱུད་སྡེ་བཞི་དྲུག་ཐེག་རིམ་དགུ་རྣམས་ཀྱི། །ཡི་དམ་ཞི་ཁྲོ་དཔའ་བོ་རྣལ་འབྱོར་མ། །ཚེ་ལ་དབང་བའི་རིག་འཛིན་དྲང་སྲོང་ཚོགས། །གྲངས་མེད་སྣང་སྟོང་ཉི་ཟེར་རྡུལ་ལྟར་འཁྲིགས། །དེ་འོག་སྲིད་ཞིའི་འབྱོར་པས་མངོན་མཐོ་བའི། །དབུས་སུ་གནོད་སྦྱིན་སྡེ་དཔོན་རྣམ་ཐོས་སྲས། །སེར་གསལ་རིན་ཆེན་རྒྱལ་མཚན་ནེའུ་ལེ་བསྣམས། །སེང་གེ་ལ་འཆིབ་ལྷ་ཡི་གོ་ཁྲབ་བརྗིད། །གཡས་སུ་ནོར་གྱི་བདག་པོ་ཛམྦྷ་ལ། །གསེར་མདོག་བགྲང་ཕྲེང་དང་ནི་ནེའུ་ལེ་འཛིན། །གཡོན་དུ་འཕགས་མ་ནོར་རྒྱུན་ལྷ་མོ་སེར། །ཕྱག་གཡས་མཆོག་སྦྱིན་གཡོན་པས་འབྲས་སྙེ་བསྣམས། །ཀུན་ཀྱང་དར་དང་རིན་ཆེན་རྒྱན་གྱིས་སྤྲས། །པད་ཟླའི་སྟེང་ན་ཕྱེད་སྐྱིལ་རོལ་པས་འགྱིང་། །མཐའ་སྐོར་གནོད་སྦྱིན་ནོར་ལྷ་གཏེར་བདག་དང་། །རྡོ་རྗེའི་ཆོས་སྲུང་དཀར་ཕྱོགས་སྐྱོང་བའི་ཚོགས། །མ་ལུས་ལུས་པ་མེད་པས་ཡོངས་བསྐོར་བའི། །གནས་གསུམ་འབྲུ་གསུམ་མཚན་པའི་འོད་ཟེར་གྱིས། །དབྱིངས་ནས་ཡེ་ཤེས་སྤྱན་དྲངས་དབྱེར་མེད་གྱུར། །ཧཱུྃ་ཧྲཱིཿ བསྟན་པ་འདི་ལ་ངོ་མཚར་རྨད་བྱུང་བ། །འཇིག་རྟེན་མངའ་སྒྱུར་པདྨ་རྒྱལ་པོ་ནི། །རིགས་ནི་ཨོ་རྒྱན་རྒྱལ་པོའི་སྲས་སུ་འཁྲུངས། །ཟ་ཧོར་ཡུལ་དུ་སྒྲོ་འདོགས་མ་ལུས་བཅད། །བསིལ་བ་ཚལ་དུ་དངོས་གྲུབ་རྣམ་གཉིས་བརྙེས། ཁ་བ་ཅན་འདིར་བསྟན་པ་རྒྱས་པར་མཛད། །ལྷོ་ནུབ་རྔ་ཡབ་སྲིན་པོའི་ཁ་གནོན་མཛད། །མྱ་ངན་མི་འདའ་འགྲོ་བའི་གཉེན་གཅིག་པུ། །སྐུ་གསུམ་དབྱེར་མེད་ཆེ་མཆོག་ཧེ་རུ་ཀ །མཉམ་མེད་བླ་མ་མཆོག་ཁྱོད་དུས་འདིར་དྲན། །རྒྱལ་བའི་ཞིང་ཁམས་དག་པ་ཆེན་པོ་ནས། །བདེ་གཤེགས་རྩ་གསུམ་ཆོས་སྲུང་རྒྱ་མཚོ་དང་། །གནོད་སྦྱིན་ནོར་ལྷ་གཏེར་བདག་ཚོགས་དང་བཅས། །ཐོགས་མེད་ཐུགས་རྗེའི་དབང་གིས་འདིར་གཤེགས་ལ། །བཀྲ་ཤིས་གཞལ་ཡས་འདི་ལ་བྱིན་ཆེན་ཕོབ། །ཚེ་དང་ལོངས་སྤྱོད་འདོད་རྒུའི་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཧཱུྃ་ཧྲཱིཿ ཡིད་འཕྲོག་ནོར་བུ་བརྩེགས་པའི་གཞལ་མེད་ཁང་། །བཀོད་པ་ཁྱད་འཕགས་རིན་ཆེན་མཛེས་པའི་ཁྲིར། །འཆི་མེད་རྩ་གསུམ་ནོར་ལྷ་རབ་འབྱམས་ཚོགས། །དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ། །བཛྲ་ས་མ་ཡ་ཏིཥྛནྟུ། ན་མོ། སྐྱེ་འགག་འགྱུར་མེད་ཕྲིན་ལས་ཐམས་ཅད་རྫོགས། །རང་བྱུང་ཐུགས་རྗེས་འགྲོ་བ་མ་ལུས་སྒྲོལ། །ཡིད་བཞིན་ནོར་ལྟར་དངོས་གྲུབ་ཆར་འབེབ་པའི། །རྩ་གསུམ་ནོར་ལྷའི་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཨོཾ་ཨཱཿཧཱུྃ། དངོས་འབྱོར་ཡིད་སྤྲུལ་སྣོད་བཅུད་དཔལ་འབྱོར་དང་། །ཉེར་སྤྱོད་འདོད་ཡོན་བཀྲ་ཤིས་རྫས་རྟགས་བརྒྱད། །རིན་ཆེན་སྣ་བདུན་ཀུན་བཟང་མཆོད་པའི་སྤྲིན། །འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་སརྦ་པཱུ་ཛ་ཨཱཿཧཱུྃ། ཧཱུྃ་ཧྲཱིཿ བདེ་གཤེགས་ཀུན་འདུས་འཆི་མེད་པདྨ་འབྱུང་། །དགོས་འདོད་ཆར་འབེབ་རཏྣ་ཐོད་ཕྲེང་རྩལ། །རྩ་གསུམ་ནོར་ལྷ་འདུས་པའི་དཀྱིལ་འཁོར་ལ། །གུས་པས་བསྟོད་དོ་འདོད་རྒུའི་དངོས་གྲུབ་སྩོལ། །མདུན་བསྐྱེད་ཀྱི་གཙོ་བོ་རྣམས་ཀྱི་ཐུགས་ཀར་པད་ཟླའི་གདན་ལ་ཐུགས་སྲོག་ས་བོན་་་རཏྣ་ཐོད་ཕྲེང་ཐུགས་ཀར་ཧྲཱིཿ རྣམ་སྲས་ཀྱི་ཐུགས་ཀར་བཻ། ཛམྦྷ་ལའི་ཐུགས་ཀར་ཛཾ། ནོར་རྒྱུན་མའི་ཐུགས་ཀར་བཾ་རྣམས་ཁ་དོག་སེར་པོ་འོ། །མཆན།གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་ཉི་མ་བྱེ་བའི་གཟི་བརྗིད་ཅན་འཕྲོས། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྣམས་སུ་ཁྱབ། འཁོར་འདས་ལམ་གསུམ་གྱི་ཚེ་བསོད་དཔལ་འབྱོར་ཕྱྭ་གཡང་ལོངས་སྤྱོད་ཐམས་ཅད་བཀྲ་ཤིས་རྫས་རྟགས་འཇའ་ཟེར་ཐིག་ལེ་ལ་སོགས་པའི་རྣམ་པར་སྤྱན་དྲངས། བདག་མདུན་རྟེན་རྫས་རྣམས་ལ་ཐིམ་པས་འདོད་རྒུའི་དངོས་གྲུབ་ཡིད་བཞིན་དུ་འགྲུབ་པར་གྱུར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་རྩ་སྔགས་དང་། ཚེ་སྒྲུབ་གཙོ་བོར་བྱེད་ན་ཚེ་དཔག་མེད་ཀྱི་གཟུངས་རིང་ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛྭ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ། མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾསྐཱར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ་ཡང་བཟླ། ནོར་ལྷའི་སྔགས། ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ། ཨོཾ་བཱ་སུ་དྷཱ་རི་ཎི་སྭཱ་ཧཱ། ཞེས་དང་། སྤྲོ་ན། ཏདྱ་ཐཱ། ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ལི་མ་ཎི་བྷ་དྲ། ཀི་ལི་མ་ཎི་བྷ་དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། ཏུ་རུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། སུ་རུ་སུ་རུ་མ་ཎི་བྷ་དྲ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་མ་ཎི་བྷ་དྲ། ཨོཾ་ཨེ་ཧྱེ་ཧི། ཏིཥྛ་ཏིཥྛ། སརྦ་ཨརྠ་མེ་སཱ་དྷ་ནི། ཏདྱ་ཐཱ། སུ་དྷ་ནི། སུ་ར་སྱ། སུ་མ་ཏི། སུ་པུ་ཥི། ཧི་ལི་མི་ལི་སྭཱ་ཧཱ། ཞེས་ནོར་ལྷ་སྤྱིའི་གཟུངས་ཀྱང་ཅི་རིགས་པ་བཟླ། ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ཀྱིས་ལྷག་ཆད་ཁ་སྐོང་ཞིང་བརྟན་པར་བྱ། ཐུན་མཚམས་སུ་གཏོར་མ། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ཡིག་ལས། །བྱུང་བའི་རིན་ཆེན་སྣོད་ཡངས་སུ། ཁཾ་ལས་གཏོར་མ་བདུད་རྩིའི་བཅུད། །འདོད་ཡོན་སྤྲིན་ཕུང་འཕྲོ་བར་གྱུར། །ཨོཾ་ཨཱཿཧཱུྃ་གིས་བརླབ། མདུན་བསྐྱེད་ཀྱི་ལྷ་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་དེ་བ་ཌཱ་ཀི་ནཱི་ཤྲཱི་དྷརྨ་པཱ་ལ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁ་ཧི་ཁཱ་ཧི། ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ་ས་པ་རི་སོགས། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ་ས་པ་རི༴ ཨོཾ་བཱ་སུ་དྷཱ་རི་ཎི་སྭཱ་ཧཱ་ས་པ་རི་སོགས། ཨོཾ་སརྦ་བཱ་སུ་དེ་བ་ས་པ་རི་བཱ་ར་སོགས་ཀྱིས་ཕུལ། གོང་བཞིན་མཆོད་ཅིང་བསྟོད། བླ་མ་རྩ་གསུམ་ནོར་ལྷའི་ཚོགས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་གསོལ། དེ་ནས་སྤྲོ་ན་ལས་གཞུང་གང་ལ་བསྟེན་པ་ལྟར་ཚོགས་སྐོང་རྒྱས་པར་གཏང་། གང་ལྟར་ཡང་ཚེ་གཡང་འགུགས་པའི་ཕྲིན་ལས་དངོས་ལ་གཉིས་ལས། དང་པོ་ཚེ་འགུགས་པ་ནི། བདག་མདུན་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་དང་ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་བྱིན་རླབས་ཀྱི་གཟི་བྱིན་འབར། རང་དང་བསྒྲུབ་བྱའི་བླ་ཚེ་ཆད་ཉམས་ཡར་པ་དང་། བརྟན་གཡོ་འཁོར་འདས་ཀྱི་ཚེ་བཅུད་མ་ལུས་པ་འཆི་མེད་བདུད་རྩིའི་རྣམ་པར་སྤྱན་དྲངས། བདག་དང་བསྒྲུབ་བྱ་རྟེན་རྫས་རྣམས་ལ་ཐིམ་པས་རྡོ་རྗེ་ཚེ་ཡི་དངོས་གྲུབ་ཐོབ་ཅིང་ནུས་པ་དང་ལྡན་པར་གྱུར། ཅེས་དམིགས་ཤིང་མདའ་དར་གཡབ་ལ། ཧཱུྃ་ཧྲཱི༔ སྣང་སྲིད་གདོད་ནས་ཆོས་སྐུ་སྐྱེ་མེད་གཤིས༔ ལྷུན་གྲུབ་སྣང་སྟོང་བདེ་བ་ཅན་གྱི་ཞིང༔ འཇའ་འོད་རྡོ་རྗེ་འབར་བའི་གཞལ་ཡས་ནས༔ ཆོས་སྐུ་སྣང་བ་མཐའ་ཡས་བྱིན་ཕོབ་ཅིག༔ སྐྱོན་གྱིས་མ་གོས་མདངས་ལྡན་པདྨའི་རྩེར༔ སྐྱེ་འཆི་རང་དག་དུས་གསུམ་རྒྱལ་བའི་སྐུ༔ དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནས༔ རིག་འཛིན་པདྨ་འབྱུང་གནས་བྱིན་ཕོབ་ཅིག༔ སྟོང་ཉིད་ཡེ་ཤེས་དུས་གསུམ་རྒྱལ་བའི་ཡུམ༔ བདེ་སྟོང་ཟག་མེད་འཇའ་ལུས་རྡོ་རྗེའི་ངང༔ ངོ་མཚར་གནས་ཡུལ་དུར་ཁྲོད་རྣམ་བརྒྱད་ནས༔ མཚོ་རྒྱལ་པདྨ་གསལ་གྱིས་བྱིན་ཕོབ་ཅིག༔ རྒྱ་གར་རྒྱ་ནག་བོད་ཡུལ་གངས་ཅན་གྱི༔ ངོ་མཚར་གནས་ཆེན་གཙུག་ལག་མ་ལུས་དང༔ ཁྱད་པར་ཟབ་ཡངས་དཔལ་གྱི་བསམ་ཡས་ནས༔ པཎ་གྲུབ་རྗེ་འབངས་ཡོངས་ཀྱིས་བྱིན་ཕོབ་ཅིག༔ ཆོས་ཀྱི་དབྱིངས་དང་ལོངས་སྤྱོད་སྤྲུལ་པའི་ཞིང༔ ཁམས་གསུམ་འགྲོ་བ་འདུལ་བའི་ཞིང་ཁམས་ནས༔ དཀྱིལ་འཁོར་གཙོ་བོ་ཐོད་ཕྲེང་སྡེ་ལྔ་དང༔ རིག་འཛིན་རྩ་བརྒྱུད་བླ་མས་བྱིན་ཕོབ་ཅིག༔ ཕུང་ཁམས་རྣམ་དག་རིག་འཛིན་འདུས་པའི་ལྷ༔ འབྱུང་ལྔ་རྣམ་དག་མཁའ་འགྲོའི་སྤྲིན་ཕུང་འཐིབས༔ སྣང་སྲིད་རྣམ་དག་འོག་མིན་གཞལ་ཡས་འདིར༔ རྩ་གསུམ་འདུས་པའི་ཐུགས་རྗེས་བྱིན་ཕོབ་ཅིག༔ འབྱུང་ལྔ་ཁམས་གསུམ་སྲིད་གསུམ་མཁའ་སྤྱོད་ཀྱི༔ འོག་མིན་རྒྱལ་བ་ཡོངས་ཀྱི་བྱིན་རླབས་བཅུད༔ སྐུ་དང་ཡིག་འབྲུ་ཕྱག་མཚན་རྣམ་པ་རུ༔ ངོ་མཚར་འཇའ་འོད་ཐིག་ལེར་བྱིན་ཕོབ་ཅིག༔ སྲིད་ཞིའི་ཁམས་ཀྱི་ཕུན་ཚོགས་སྣང་བའི་བཅུད༔ ཉི་མ་ཟླ་བ་ཡིད་བཞིན་ནོར་བུ་དང༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན༔ རྡོ་རྗེ་ལྷུན་པོའི་བཅུད་རྣམས་འདིར་ཁུག་ཅིག༔ དབང་ཐང་བཀྲག་མདངས་བུ་འཁོར་ལོངས་སྤྱོད་དང༔ སྟོབས་དཔལ་གཟི་བརྗིད་མཁས་གྲུབ་ཀུན་མཁྱེན་གྱི༔ ཚོགས་དང་གྲུབ་མཆོག་དབང་པོ་རྟོགས་པར་ལྡན༔ ཀུན་གྱི་ཐུགས་རྗེ་འདུས་པའི་ཚེ་ཁུག་ཅིག༔ བདག་ཚེ་གས་ཡོ་ཉམས་འཁྱར་ཆད་པ་དང༔ ལོ་ཟླ་ཞག་དུས་ཕྱི་ནང་སྡེ་བརྒྱད་ཀྱིས༔ བརྐུས་དང་མི་གཙང་གྲིབ་ཀྱིས་ནོན་པ་སོགས༔ ཚེ་སྲོག་དབང་ཐང་ཉམས་རྣམས་འདིར་གསོས་ཤིག༔ གདོན་བགེགས་ལྟས་ངན་ནད་རིགས་མི་མཐུན་བདུད༔ ཕ་རོལ་བྱད་ཀྱིས་གནོད་དང་སྡང་དགྲས་འཚེ༔ འཆི་བདག་ཕོ་ཉའི་ལག་ཏུ་ཚུད་པ་དང༔ གློ་བུར་འཆི་བའི་ཉེས་པ་ཀུན་ཟློགས་ཤིག༔ མི་འགྱུར་རྡོ་རྗེ་རི་རབ་ལྟ་བུའི་ཚེ༔ གཏིང་མཐའ་མེད་པ་རྒྱ་མཚོའི་ཀློང་ལྟ་བུ༔ མི་ནུབ་གསལ་བ་ཉི་ཟླ་ལྟ་བུ་ཡི༔ སྙིང་པོའི་ཚེ་མཆོག་བདག་ལ་བསྩལ་དུ་གསོལ༔ གཟི་བརྗིད་བཀྲག་མདངས་མི་ནུབ་མཚན་དཔེར་གསལ༔ ངོ་མཚར་སྙན་དང་གྲགས་པའི་དཔལ་འཁྱིལ་ཞིང༔ བྱིན་འོད་འཇའ་གུར་འཁྲུགས་པའི་གཡང་ར་འདིར༔ མཆོག་ཐུན་ཚེ་ཡི་དངོས་གྲུབ་མ་ལུས་ཁུག༔ སྟོང་གསལ་སྙིང་པོ་རང་བྱུང་འགྱུར་མེད་དོན༔ གདོད་ནས་དག་པའི་ཆོས་སྐུ་འོད་མི་འགྱུར༔ རང་རིག་རང་གསལ་ངང་དུ་འདིར་མཇལ་བས༔ སྐྱེ་འཆི་གཞི་ལ་དག་པའི་ཚེ་ཁུག་ཅིག༔ བགྲེས་རྒུད་འཕོ་འགྱུར་བྲལ་བའི་པདྨ་འོད༔ བདེ་ཆེན་འཇའ་འོད་འཁྲུགས་པ་ཌཱ་ཀིའི་ཞིང༔ རྒྱལ་བ་འདུས་པའི་རིག་འཛིན་གཞལ་ཡས་ནས༔ འཆི་བདག་བདུད་དཔུང་འཇོམས་པའི་ཚེ་ཁུག་ཅིག༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཧྲཱིཿམ་ཧ་རི་ནི་ས་ཨཱ་ཡུར་སིདྡྷི་ཕ་ལ་ཧཱུྃ། ཞེས་པས་ཚེ་བཀུག་པའི་མཐར་ཚེ་གཏའ་སྡོམ་པ་ནི། ཧཱུྃ་ཧྲཱི༔ ཆོས་སྐུ་མི་འགྱུར་ཡེ་ཤེས་འོད་ཀྱི་ཀློང༔ སྲིད་ཞིའི་ཉེས་དག་སྐྱེ་འཆི་བྲལ་བའི་སྐུ༔ གཞོན་ནུ་བུམ་སྐུ་ཐིག་ལེ་ཉག་གཅིག་ཆེ༔ གཏིང་གསལ་ཡེ་ཤེས་འཁོར་ལོར་ཚེ་སྦ་འོ༔ ཞེས་པས་སྦས་ཤིང་། ཡེ་དྷརྨཱ་བརྗོད་པས་རྒྱས་གདབ་པར་བྱའོ། །གཉིས་པ་ཕྱྭ་གཡང་འགུགས་པ་ནི། སླར་ཡང་བདག་མདུན་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ཉི་མ་བྱེ་བའི་གཟི་བརྗིད་ཅན་འཕྲོས། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྣམས་སུ་ཁྱབ། འཁོར་འདས་ལམ་གསུམ་གྱི་ཚེ་བསོད་དཔལ་འབྱོར་ཕྱྭ་གཡང་ལོངས་སྤྱོད་ཐམས་ཅད་བཀྲ་ཤིས་རྫས་རྟགས་འཇའ་ཟེར་ཐིག་ལེ་ལ་སོགས་པའི་རྣམ་པར་སྤྱན་དྲངས། བདག་མདུན་རྟེན་རྫས་རྣམས་ལ་ཐིམ་པས་འདོད་རྒུའི་དངོས་གྲུབ་ཡིད་བཞིན་དུ་འགྲུབ་པར་གྱུར་པའི་མོས་པས་མདའ་དར་གཡབ་ཅིང་། ཧྲཱི༔ ཆོས་དབྱིངས་ཁྱབ་བརྡལ་ཡངས་པ་རྒྱལ་བའི་ཞིང༔ ཕྱོགས་དུས་རྒྱལ་བ་རྩ་གསུམ་རིག་པ་འཛིན༔ མཁའ་སྤྱོད་འཇའ་འོད་འཁྲུགས་པའི་གུར་ཁང་ནས༔ རིག་འཛིན་བླ་མས་བྱིན་རླབས་གཡང་ཁུག་ཅིག༔ འོག་མིན་རྡོ་རྗེ་དབྱིངས་ཀྱི་གཞལ་ཡས་ནས༔ ལོངས་སྤྱོད་རྫོགས་སྐུ་རྒྱལ་བ་རིགས་ལྔ་ལ༔ ཐེག་དགུའི་ཡི་དམ་ལྷ་ཡིས་བསྐོར་རྣམས་ཀྱིས༔ མཆོག་དང་ཐུན་མོང་དངོས་གྲུབ་གཡང་ཁུག་ཅིག༔ ཉི་ཤུ་རྩ་བཞིའི་གནས་ཡུལ་དུར་ཁྲོད་ནས༔ དཔའ་བོ་མཁའ་འགྲོ་ཆོས་སྲུང་རྒྱ་མཚོ་ལ༔ ལས་བྱེད་ཕོ་ཉའི་ཚོགས་ཀྱིས་བསྐོར་བ་ཡིས༔ ཕྲིན་ལས་རྣམ་བཞི་འགྲུབ་པའི་གཡང་ཁུག་ཅིག༔ སྟོང་གསུམ་མི་མཇེད་འཇིག་རྟེན་ཞིང་ཁམས་ནས༔ བསྟན་པའི་བདག་པོ་དུས་གསུམ་རྒྱལ་བ་དང༔ བསྟན་འཛིན་སྐྱེས་བུ་འགྲོ་བའི་དཔལ་མགོན་གྱིས༔ སངས་རྒྱས་བསྟན་པ་རྒྱས་པའི་གཡང་ཁུག་ཅིག༔ སྲིད་པའི་ལྷ་རབས་དགེ་བསྙེན་གཞི་བདག་དང༔ སྤར་སྨེ་ལོ་འགྲོས་བདག་པོ་འབྱུང་བ་འདིའི༔ ཕྱི་དང་ནང་དང་གསང་བའི་ལྷ་རྣམས་ཀྱིས༔ རང་རང་ལས་ལ་དབང་བའི་གཡང་ཁུག་ཅིག༔ ཕྱོགས་སྐྱོང་བཅུ་དང་འཇིགས་བྱེད་ཆེན་པོ་དགུ༔ ལྷ་ཀླུ་གཟའ་དང་རྒྱུ་སྐར་ཉེར་བརྒྱད་ལྷ༔ གཙང་རིས་དཔལ་མགོན་ཆེན་པོ་བདུན་ཅུ་ཡིས༔ སྟོབས་དང་གཟི་བརྗིད་རྒྱས་པའི་གཡང་ཁུག་ཅིག༔ ལོ་དང་ཟླ་བ་ཞག་དང་དུས་ཚོད་དང༔ རྟེན་འབྲེལ་ཚེས་ལ་དབང་བའི་ལྷ་རྣམས་དང༔ མཁར་གྱི་རྩེ་ལྷ་ཞིང་གི་ཚངས་པ་ཡིས༔ འབྲུ་ནོར་ལོངས་སྤྱོད་དཔལ་ཕུན་གཡང་ཁུག་ཅིག༔ གཡང་གི་བདག་པོ་ཨཱརྻ་ཛམྦྷ་ལ༔ རྒྱལ་ཆེན་རྣམ་ཐོས་སྲས་དང་གནོད་སྦྱིན་རིགས། ཁམས་གསུམ་དབང་སྡུད་དབང་ཕྱུག་ཆེན་པོ་ཡིས༔ མཆོག་དང་ཐུན་མོང་དངོས་གྲུབ་གཡང་ཁུག་ཅིག༔ གཡང་གི་ལྷ་མོ་ནོར་རྒྱུན་དཔལ་ལྷ་མོ༔ གཡང་ཅན་ཚེ་རིང་མ་དང་བརྟན་མའི་ཚོགས༔ ཁམས་གསུམ་དབང་དུ་སྡུད་པའི་ཌཱ་ཀི་མས༔ བུ་ནོར་ལོངས་སྤྱོད་རྒྱས་པའི་གཡང་ཁུག་ཅིག༔ ངོ་མཚར་ལྷ་ཡི་མེ་ཏོག་སྤོས་སྤྲིན་དང༔ བཀྲ་ཤིས་རྫས་རྟགས་སྣང་སྲིད་རོལ་མོའི་སྒྲ༔ བུམ་པ་བཟང་དང་དཔག་བསམ་ཡིད་བཞིན་ནོར༔ སྲིད་པའི་ངོ་མཚར་དཔལ་གྱི་གཡང་ཁུག་ཅིག༔ ཕུན་ཚོགས་གཡང་རའི་དབུས་ན་འོད་འབར་བའི༔ གཡང་ཆང་ཚེ་རིལ་བདུད་རྩི་དཔལ་གྱི་བཤོས༔ རབ་འབྱམས་འཇའ་གུར་འཁྱིལ་བའི་ཟེར་ཕྲེང་སྦྲེལ༔ སྟོབས་ཕུན་མངའ་ཐང་རྒྱས་པའི་གཡང་ཁུག་ཅིག༔ གཡང་འདིས་སྒྲུབ་གནས་ཀུན་གྱི་བྱིན་འོད་ཕོབ༔ གཡང་འདིས་ཚེ་དཔལ་ཉམས་པ་ཡར་ལ་གསོས༔ གཡང་འདིས་རྒས་ཤིང་རྒུད་པ་མལ་ནས་སློངས༔ གཡང་འདིས་དབུལ་པོ་ཐམས་ཅད་ནོར་དང་སྤྲོད༔ གཡང་འདིས་འོན་ལོང་ཞ་བོའི་དབང་པོ་སྟོན༔ གཡང་འདིས་ཆག་ཆེ་ཉམ་ང་ཕྱིར་ལ་སྒྱུར༔ གཡང་འདིས་ཕོ་བྲང་དབུས་སུ་བྱིན་འོད་ཕོབ༔ གཡང་འདིས་ཁམས་གསུམ་སྲིད་གསུམ་དབང་དུ་སྡུས༔ གཡང་འདིས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་སྤྲོད༔ གཡང་འདིས་མཐུ་རྩལ་ནུས་པ་མེ་ལྟར་སྤོར༔ གཡང་འདིས་འཁོར་དང་ལོངས་སྤྱོད་དབུས་སུ་ཆུགས༔ གཡང་འདིས་ཕ་རོལ་རྩོད་ལས་རྒྱལ་བར་མཛོད༔ གཡང་འདིས་བདག་ཅག་དཔོན་སློབ་མཐུན་ཞིང་འགྲོགས༔ གཡང་འདིས་ཉམས་ཆག་འགལ་འཁྲུལ་ཞིག་པ་གསོས༔ གཡང་འདིས་གྲིབ་དང་མི་གཙང་གཡེངས་ལས་སྐྱོབས༔ གཡང་འདིས་སྡེ་བརྒྱད་འབྱུང་པོའི་སྲུང་འཁོར་མཛོད༔ གཡང་འདིས་དངོས་གྲུབ་ཡར་པ་ཐམས་ཅད་ཁུག༔ གཡང་འདིས་སྙན་དང་གྲགས་པས་ས་སྟེང་ཁོངས༔ གཡང་འདིས་ངོ་མཚར་འབྲུག་སྒྲ་རྟག་ཏུ་སྒྲོགས༔ གཡང་འདིས་བྱས་ཚད་ཆོས་སུ་འགྲོ་བར་མཛོད༔ གཡང་འདིས་ཆོས་དང་རིགས་ཀྱི་བརྒྱུད་པ་སྤེལ༔ གཡང་འདིས་སྡེ་འདི་མི་གཡོ་བརྟན་པར་མཛོད༔ གཡང་འདིས་རང་བྱུང་རིག་པ་མ་དང་སྤྲོད༔ གཡང་འདིས་འཁོར་འདས་གཞི་ཟད་ས་ལ་སྐྱོལ༔ གཡང་འདིས་ཚེ་གཅིག་རྫོགས་སངས་རྒྱས་པར་མཛོད༔ གཡང་འདིས་ཁམས་གསུམ་འཁོར་བ་དོང་ནས་སྤྲུགས༔ གཡང་འདིས་འགྲོ་ཀུན་ཕྱིར་མི་ལྡོག་པར་མཛོད༔ གཡང་འདིས་འབྲེལ་ཚད་པདྨ་འོད་དུ་སྐྱོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་བརྗོད་ཅིང་དངོས་གྲུབ་རྟེན་རྫས་ལ་བསྟིམ་པ་མེ་ཏོག་འཐོར་བཞིན་ཡེ་དྷརྨཱའི་སྔགས་ཀྱིས་བརྟན་པར་བྱའོ། །ཚར་གྲངས་གསོག་ན་རྒྱས་པར་མདུན་བསྐྱེད་མཆོད་པ་བྱིན་བརླབས་ནས་གཟུང་འདི་ཡན་ཆད་དང་། འབྲིང་དུ་ཚོགས་སྐོང་། བཟླས་པ་བཅས་ཚེ་གཡང་འགུགས། བསྡུ་ན་བཟླས་པ་ཅུང་ཟད་རེ་བཅས་ཚེ་གཡང་འགུགས་པ་ཁོ་ན་ལ་གྲངས་གཟུང་། གྲངས་རྫོགས་པ་ན་ལས་གཞུང་གི་ལྷག་མ་སོགས་གཏང་། རྗེས་སུ་གཏང་རག་གི་མཆོད་བསྟོད་དང་། ཐུན་ཐ་མར་དངོས་གྲུབ་ལེན་པ་ནི། ཧཱུྃ། བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས། །རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན། །འཆི་མེད་རྩ་གསུམ་ནོར་ལྷ་རབ་འབྱམས་ཀྱི། །སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་ནི། །ཕྲིན་ལས་ཡིད་བཞིན་ལྷུན་གྱིས་གྲུབ་པའི་དཔལ། །བུམ་པ་བཟང་དང་དཔག་བསམ་ནོར་བུའི་ཚུལ། །ད་ལྟ་ཉིད་དུ་བསྩལ་ཞིང་བརྟན་པར་མཛོད། །འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །འགག་མེད་གསུང་གི་དངོས་གྲུབ༴ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ༴ ཡོན་ཏན་རེ་སྐོང་དངོས་གྲུབ༴ ཕྲིན་ལས་འགྲོ་འདུལ་དངོས་གྲུབ༴ འཆི་མེད་ཚེ་ཡི་དངོས་གྲུབ༴ འཛད་མེད་ནོར་གྱི་དངོས་གྲུབ༴ ཐུན་མོང་ཡིད་བཞིན་དངོས་གྲུབ༴ བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཀཱ་ཡ་བཱ་ཀ་ཙིཏྟ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད། གཏེར་བུམ་མམ་གཏོར་མ་གནས་གསུམ་དུ་བཞག །ཕྱེ་མར་སོགས་ཅུང་ཟད་མྱང་། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡི་གེ་བརྒྱ་པས་ནོངས་པ་བཤགས། ཨོཾ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་དང་། ཡེ་དྷརྨཱ་བརྗོད་ཅིང་མེ་ཏོག་འཐོར་བས་བརྟན་བཞུགས་བྱ། བདག་བསྐྱེད་ཀྱི་ཉེར་བསྡུ་དང་བསྔོ་སྨོན་ཤིས་བརྗོད་སོགས་ལས་གཞུང་ལྟར་བྱའོ། ༈ །སྦྱིན་བདག་ལ་གཡང་རྫས་གཏད་ན། གོང་གི་བརྟན་བཞུགས་གྲུབ་མ་ཐག་སྦྱིན་བདག་ཁྲུས་བྱ། རྒྱན་གྱིས་བརྒྱན་པ་སྟན་དཀར་ལ་འཁོད་པར་བགེགས་བསྐྲད། སྲུང་འཁོར་བསྒོམ། དམིགས་པ་དང་བཅས་གཡང་འགུགས་ཚར་གཅིག་གཏང་། དེ་ནས་རྟེན་རྫས་རྣམས་ཐོགས་ལ་དངོས་གྲུབ་སྐུལ་བའི་ཚིག་དང་བཅས་གནས་གསུམ་དུ་རེག་ཅིང་ལག་ཏུ་གཏད། ལས་གཞུང་གང་ལ་བསྟེན་པའི་བཀྲ་ཤིས་ཀྱིས་མཚོན་བཀྲ་ཤིས་རྒྱས་པར་བརྗོད་པའི་མཐར། འབད་དང་རྩོལ་བས་མ་གོས་སོགས་དང་། གནས་འདིར་ཉིན་མོ་བདེ་ལེགས་སོགས་བརྗོད་ཅིང་མེ་ཏོག་འཐོར་བས་དགེ་ལེགས་སུ་བྱ་ཞིང་རང་གནས་སུ་གཏང་ངོ་། ༈ །ཡང་ཚེའི་དངོས་གྲུབ་བདག་འཇུག་གི་ཚུལ་དུ་ལེན་ན། གོང་གི་དངོས་གྲུབ་བླང་བ་གྲུབ་རྗེས། ཚེ་འབྲང་སྤྱི་བོར་བླངས་ལ། ཨ༔ སྐྱེ་འཆི་མེད་པ་རྡོ་རྗེའི་ཚེ༔ འོད་སྣང་དཔག་མེད་སྣང་སྲིད་ཁམས༔ ཨཱ་ཡུར་ཚེ་ཡི་དཀྱིལ་འཁོར་དུ༔ བདུད་རྩི་བུམ་པས་དབང་བསྐུར་རོ༔ འཆི་མེད་ལུས་མཆོག་དེང་འདིར་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་དང་ཚེ་གཟུངས་མཐར། ཀཱ་ཡ་སིདྡྷི་ཨོཾ༔ ཞེས་བརྗོད། བདུད་རྩི་མྱང་ལ། ཨ༔ སྟོང་པའི་དབྱིངས་ལས་ལྷུན་གྲུབ་པའི༔ སྣང་བ་ལྷུན་གྲུབ་འཇའ་སྐུར་འབར༔ ཟག་མེད་བདུད་རྩི་གྲགས་སྟོང་རྫས༔ འགག་མེད་ནུས་པས་དབང་བསྐུར་བས༔ སྙིང་པོ་གསང་དབང་ཐོབ་པར་ཤོག༔ རྩ་སྔགས་དང་ཚེ་གཟུངས་མཐར། ཝཱ་ཀ་སིདྡྷི་ཨཱ༔ ཚེ་རིལ་མྱང་ལ། ཨ༔ མི་ཤིགས་ཐུགས་ཀྱི་ཐིག་ལེ་ནི༔ བདེ་སྟོང་དབྱེར་མེད་བྱང་སེམས་བཅུད༔ ཕྱག་རྒྱ་ཆེན་པོར་ལྷུན་གྲུབ་པའི༔ ཟག་མེད་སྐྱེ་འཆི་སྤངས་པའི་སྐུ༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ རྩ་སྔགས་དང་ཚེ་གཟུངས་མཐར། ཙིཏྟ་སིདྡྷི་ཧཱུྃ༔ གཏོར་མ་སྤྱི་བོར་བླངས་ལ། ཨ༔ བདེ་ཆེན་རྣམ་ཀུན་མཆོག་ལྡན་པའི༔ ཐོག་མའི་སངས་རྒྱས་ཀུན་ཏུ་བཟང༔ འཇའ་ཟེར་འོད་མི་འགྱུར་བའི་སྐུ༔ ཀ་དག་ལྷུན་གྲུབ་དབྱེར་མེད་པའི༔ རྡོ་རྗེའི་ཚིག་དབང་ཐོབ་པར་ཤོག༔ རྩ་སྔགས་དང་ཚེ་གཟུངས་མཐར། སརྦ་སིདྡྷི་ཧྲཱི༔ ཞེས་བརྗོད་རྗེས། ཧཱུྃ་ཧྲཱི༔ ཆོས་སྐུ་མི་འགྱུར་སོགས་ཀྱིས་ཚེ་སྦ་ཞིང་རྒྱས་གདབ། དེ་ནས་ནོངས་བཤགས་སོགས་གོང་ལྟར་རོ། ༈ །སྦྱིན་བདག་ལ་ཚེའི་དངོས་གྲུབ་སྦྱིན་ན། སྲུང་འཁོར་ཡན་གོང་གི་གཡང་གཏད་སྐབས་ལྟར་བྱས་ནས། དམིགས་པ་དང་བཅས་ཚེ་འགུགས་བསྐུལ་རྗེས་ཚེའི་འབྲང་རྒྱས་སོགས་གོང་ལྟར་བརྗོད་ཚིག་གི་སྒོ་ནས་དངོས་གྲུབ་སྦྱིན་ཅིང་རྒྱས་གདབ། དེ་ནས་དམིགས་པ་དང་བཅས་གཡང་འགུགས་བསྐུལ་བ་སོགས་གཡང་གཏད་ལྟར་བྱའོ། ༈ །འདིའི་རྟེན་རྫས་གཏེར་བུམ་བཅའ་ཚུལ་ནི། རིན་པོ་ཆེའམ་རྫའི་བུམ་པ་སྐྱོན་དང་བྲལ་བ་ཁ་དོག་དཀར་པོ་འམ་སེར་པོར་བསྒྱུར། བཀྲ་ཤིས་པའི་རྟགས་སམ་ནོར་བུ་འབར་བ་བྲིས་པའི་ནང་དུ་བུམ་རྫས་ཉེར་ལྔ་གཙོ་བོར་གྱུར་པའི་རིན་ཆེན་འབྲུ་སྨན་དར་གོས་ཟས་སྣ་སོགས་གཡང་ཅན་གྱི་རྫས་དང་། ཅོང་ཞི། བྲག་ཞུན། རྩ་བ་ལྔ་་་༼ར་མཉེ་ ཉེ་ཤིང་ བ་སྤྲུ་ ལྕ་བ་ གཟེ་མ་ར་མགོ།༽སོགས་ཚེའི་རྫས་ཀྱིས་ཕྱུར་བུར་གཏམས་པའི་དབུས་སུ། འབྱོར་ན་རཏྣ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱི་སྐུ་བྲིས་འབུར་གང་རིགས་ན་བཟའ་སེར་པོ་དང་བཅས་བརྟན་པར་བཞུགས། གང་ལྟར་ཡང་རྒྱ་ཤོག་ལ་གསེར་རམ་མཚལ་གྱིས་གོང་གི་བཟླས་སྔགས་རྒྱས་བསྡུས་གང་རིགས་ཀྱི་མཐར། བླ་མ་རྩ་གསུམ་ནོར་ལྷ་རབ་འབྱམས་ཀྱི་ཚོགས་འཁོར་དང་བཅས་པ་རྣམས་བཀྲ་ཤིས་པའི་རྟེན་རྫས་འདི་རྣམས་ལ་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སྦྱིན་པའི་བདག་པོས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཚེ་བསོད་དཔལ་འབྱོར་ཕྱྭ་གཡང་ལོངས་སྤྱོད་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཞེས་པ་ལྟ་བུའི་འདོད་གསོལ་དང་། འབད་དང་རྩོལ་བས་མ་གོས་པ། །ཡིད་བཞིན་ནོར་བུ་དཔག་བསམ་བཞིན། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་ཤིས་བརྗོད། སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། དང་། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏྟ། ཏེ་ཥཱཉྩ་ཡོ་ནི་རོ་དྷ། ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། བཅས་སྦྲེལ་ལ་བྲིས་པར་དྲི་བཟང་གིས་བྱུགས་པའི་ཤོག་དྲིལ་ན་བཟའ་སེར་པོ་དང་བཅས་པ་བཅུག །ཁ་ས་སྤྱིན་ལྟ་བུས་དམ་པར་བཅད་ཅིང་རས་དཀར་རམ་སེར་པོས་གཡོགས། ཚོན་སྐུད་ཀྱིས་བཅིངས་པར་རང་ངམ་སྦྱིན་བདག་གི་རྟགས་ཀྱིས་རྒྱས་གདབ། སྦྱོང་ཁྲུས་རྒྱས་བསྡུས་གང་རིགས་བྱའོ། །དངོས་གཞིའི་སྐབས་ཕྱི་གཏེར་ཆེན་པོའི་བུམ་པ་ལ་ནང་རིན་པོ་ཆེའི་གཞལ་ཡས་ཁང་གི་དབུས་སུ་ལྷ་རྣམས་གསལ་གདབ་པ་ཡིན་ནོ། །ལེགས་པར་བསྒྲུབས་པའི་བུམ་པ་ཉིད་སླར་གནས་ཁང་སོགས་ཀྱི་ཕུགས་སུ་སྦ་བའི་ཚེའང་ཆོ་ག་ཚར་གཅིག་བསྐྱར་ན་ལེགས་ཤིང་། མི་འགྲུབ་ན་བརྟན་བཞུགས་དང་ཤིས་བརྗོད་ཙམ་བྱས་པས་ཀྱང་རུང་ངོ་། །ཞེས་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་བི་མ་མི་ཏྲའི་རྣམ་པར་འཕྲུལ་བ། ཕྱི་མའི་དུས་འདིར་འགྲན་ཟླ་དང་བྲལ་བའི་གྲུབ་ཐོབ་ཆེན་པོ་༧ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་བླ་མ་རིག་འཛིན་སྲོག་སྒྲུབ་ཀྱི་ཚེ་འགུགས་དང་། གཡང་འགུགས་མེ་ཏོག་ཆར་སིལ་གཞིར་བཞག །ཟིན་བྲིས་སོགས་ཀྱི་དགོངས་པའི་དམིགས་རིམ་རྣམས་ཚིགས་བཅད་དུ་བསྡེབས་ཏེ་ངག་འདོན་བཀླག་ཆོག་སྙིང་པོར་དྲིལ་བ་འདིའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པའི་དགེ་བས་འགྲོ་ཀུན་ཚེ་དཔལ་འབྱོར་པའི་འདོད་རྒུའི་དངོས་གྲུབ་རྒྱ་མཚོར་ལོངས་སུ་སྤྱོད་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།
གསང་སྔགས་ལམ་གྱི་རིམ་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ་ (Volume 60, Text 1)
༄༅༔ གསང་སྔགས་ལམ་གྱི་རིམ་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ༔ རྒྱ་གར་སྐད་དུ༔ མནྟྲ་སྱ་པ་ཐ་ཀྲ་མ་ལ་ནཱ་མ༔ བོད་སྐད་དུ༔ གསང་སྔགས་ལམ་གྱི་རིམ་པ་ཞེས་བྱ་བ༔ རྩ་བ་གསུམ་ལ་གུས་པས་ཕྱག་འཚལ་ལོ༔ གཉིས་བཅོམ་གཉིས་ལྡན་གཉིས་འདས་གཉིས་དཔལ་མཆོག༔ མ་ལུས་འདུས་ཤིང་ཡང་དག་ཟོལ་མེད་པ༔ སངས་རྒྱས་བདེ་གཤེགས་དྲུག་པ་ཀུན་འདུས་བཟང༔ གུས་གདུང་དང་བའི་སྒོ་ནས་ཕྱག་འཚལ་ལོ༔ བདག་ཉིད་རྣལ་འབྱོར་ཨོ་རྒྱན་པད་འབྱུང་དེས༔ རྡོ་རྗེ་ཐེག་པ་ཚེ་གཅིག་གྲོལ་བྱེད་ལམ༔ ཕྱི་རབས་རྣལ་འབྱོར་ལས་ལྡན་དོན་ཆེད་དུ༔ ཉམས་ལེན་ལམ་རིམ་རིན་ཆེན་སྒྲོན་མེ་བྲི༔ གནས་ལུགས་འཁྲུལ་ལུགས་ངོ་ཡིས་གཟུང་བ་ནི༔ གཉིས་མེད་ལྷུན་གྲུབ་ཀ་དག་ཡེ་སངས་རྒྱས༔ སྙིང་པོ་མ་རིག་ལས་ཉོན་ལོག་སྡུག་བསྔལ༔ ཕུན་སུམ་ཚོགས་ལྔས་བསྒྲུབ་གཞི་གཟུང་བ་ནི༔ བྲག་ནགས་དུར་ཁྲོད་ཕུག་སོགས་སྐྱོན་ཡོན་བརྩི༔ ཚེས་སྐར་གཟའ་བཟང་ཡར་ངོའི་སྔ་གོང་འཇུག༔ དད་གུས་དབང་དམ་ཤེས་རབ་གདེང་དང་ལྡན༔ ཟས་སྨན་མཆོད་སྐོང་སྒྲུབ་པའི་རྫས་རྣམས་གསག༔ མ་དྲེད་རྩེ་གཅིག་དཀའ་ཐུབ་མཐར་འདོན་ནོ༔ རྣལ་འབྱོར་སྲུང་བའི་འཁོར་ལོའི་རིམ་པ་ནི༔ ལུས་ཅན་རྣམས་ཀྱིས་བྱང་ཆུབ་མཆོག་འཐོབ་བསྒོམ༔ ལྷ་མཚན་རྡོ་རྗེ་འཁོར་ལོ་མཚོན་མེས་བསྲུང༔ ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཡིག་བསྒོམ༔ སྤྱན་རས་འཇམ་དཔལ་ཡི་དམ་གང་ཡིན་བསྒོམ༔ རྡོ་རྗེའི་ས་ར་གུར་དང་མདའ་མེ་བསྒོམ༔ བྱ་བྱེད་ངོ་བོ་མི་དམིགས་ངང་ལ་གཞག༔ གནད་ལྔའི་སྒོ་ནས་ལམ་ལ་འཇུག་པ་ནི༔ ཐུན་མོང་ཁྱད་པར་བླ་མེད་གསུམ་སྐྱབས་འགྲོ༔ དཀར་དམར་ནག་གསུམ་བརྒྱ་བཟླས་མཆོད་སྦྱངས་བསྐངས༔ དལ་འབྱོར་ལས་འབྲས་མི་རྟག་ཉེས་དམིགས་བསྒོམ༔ སྒྲུབ་དང་མཆོད་པའི་མཎྜལ་གཉིས་སུ་འབུལ༔ སྣ་ཚོགས་ལམ་ཁྱེར་གཏོར་མས་ཚོགས་གཉིས་གསག༔ རྒྱུན་གཏོར་གསུམ་བདུན་བཅུ་གཅིག་ལ་སོགས་གཏང༔ རྣམ་དག་བདུན་དང་ཕྱི་ནང་གསང་མཆོད་འབུལ༔ དེ་རྣམས་གསང་སྔགས་ལམ་གྱི་སྔོན་འགྲོ་ཡིན༔ ༈ བསླབ་པ་གསུམ་ལ་ལམ་གཞི་བཅའ་བ་ནི༔ མི་མཐུན་སྤོང་སེམས་མཉམ་འཇོག་རང་ངོ་ཤེས༔ ཤཱི་ལ་ས་མཱ་དྷི་པྲ་ཛྙཱ་ཤིཀྵཱ་ན༔ གནོད་སྦྱོར་ལོག་ཞུགས་ཁྱད་པར་ཐབས་ཀྱིས་ཟིན༔ བདེན་པའི་དོན་མཐོང་གོམས་འདྲིས་དེ་མི་འདའ༔ གཉེན་པོའི་དབང་གིས་བརྒྱད་ཁྲི་བཞི་སྟོང་གསུངས༔ སེམས་གསུམ་སྒོ་ནས་ལམ་ལ་འཇུག་པ་ནི༔ ཡིད་འོང་ཕ་མར་ཤེས་ཤིང་བདེ་ལྡན་བསྒོམ༔ སེམས་ཅན་ཕ་མ་སྡུག་བསྔལ་བསྒྲལ་བར་བསམ༔ སངས་རྒྱས་ཐོབ་འདོད་བསམ་པ་ལེན་དང་སྒྲུབ༔ སེམས་གསུམ་སྡེ་གསུམ་བསླབ་གསུམ་ཉམས་གསུམ་ཐུགས༔ ཁྱད་པར་གསང་སྔགས་ལམ་གྱི་ངོ་བོ་ནི༔ བུམ་གསང་ཡེ་ཤེས་བདེ་ཆེན་དབང་བཞི་བསྐུར༔ ཕྱི་ནང་སྣོད་བཅུད་གཞལ་ཡས་ལྷ་རུ་བསྐྱེད༔ སྐྱེ་འགགས་གཉིས་མེད་རང་བྱུང་མཐའ་ལས་འདས༔ གནད་གསུམ་གཅུན་པས་རྟོག་མེད་རང་གསལ་འཆར༔ སོ་སྤྱི་བོགས་གསང་ཡང་དག་ཁོ་ན་སྤྱོད༔ མཉམ་རྗེས་བཟའ་བཅང་སྲུང་བའི་དམ་ལྔ་དབོག༔ དེ་རྣམས་གསང་སྔགས་ལམ་གྱི་ངོ་བོ་ཡིན༔ རྣལ་འབྱོར་ལྔ་ཡིས་ཉམས་སུ་བླང་བ་ནི༔ རྟོག་མེད་ཆོས་སྐུར་ཉལ་ལ་འཆི་རྟོག་སྦྱང༔ འགག་མེད་ལོངས་སྐུར་ལངས་ཏེ་སྐྱེ་རྟོག་སྦྱང༔ དབང་བཞིའི་བདུད་རྩིར་བརླབས་ལ་བཟའ་བཏུང་རོལ༔ སྣ་ཚོགས་ཐབས་ཀྱིས་བཟུང་ལ་ལམ་དུ་གཏང༔ དྲོ་སྲོད་སྐྱེས་ཤར་འདའ་ཀ་བར་དོར་ལྟེམ༔ ལམ་དེའི་གེགས་བཞིའི་སྐྱོན་སེལ་བསྟན་པ་ནི༔ བྱིང་རྒོད་ཉམས་གསུམ་བཅོས་ལ་ལམ་དུ་གཏང༔ ནད་ཀྱི་གཞི་རྒྱུ་རྐྱེན་འབྲས་ངོས་བཟུང་བཅོས༔ སྤྲོས་བྲལ་ངང་བཞག་རྒྱུན་ཆད་སྐྱེས་ནས་སེལ༔ གནོད་པའི་ཟས་ཟ་འཁྲིག་བཅད་ལྟོས་མེད་བསྐྱུར༔ དཀར་དམར་ནག་པོའི་ཧཱུྃ་སྤྲོས་སྟེང་འོག་གདོན༔ རང་ལས་གཞན་མེད་ཡ་ང་འཁུ་འཁྲིག་བཅད༔ དམ་ཉམས་གྲོགས་གནས་ཟས་ཀྱི་གྲིབ་བཞི་བསལ༔ ལམ་དེའི་བོགས་འདོན་གནད་དུ་གཏང་བ་ནི༔ སྐྱོན་གྱི་རྩ་བ་བདག་འཛིན་བློ་ཡིས་གཏང༔ ཡོན་ཏན་གཞི་མ་ཉམས་ལེན་དྲག་པོ་བྱ༔ རང་གི་ལམ་ལ་བོགས་མེད་གཞན་གྱིས་འདོན༔ ཉོན་མོངས་གནད་ནས་བཟུང་ལ་ལམ་དུ་གཏང༔ རྣམ་རྟོག་ལམ་དུ་གཏང་ལ་བོགས་སུ་འདོན༔ དེ་རྣམས་ལམ་གྱི་ཆ་རྐྱེན་ཡན་ལག་ཡིན༔ ལམ་དེ་མཐར་ཕྱིན་མངོན་གྱུར་འབྲས་བུ་ནི༔ སྐུ་ལྔ་གསུང་ལྔ་ཐུགས་ཡོན་ཕྲིན་ལས་ལྔ༔ རྟེན་ཅན་རྟེན་མེད་ངོ་བོ་ཉིད་དོན་བྱེད༔ གཅིག་དང་ཐ་དད་གཉིས་སུ་མེད་པར་བཞུགས༔ གཟིགས་ཚུལ་གྲུབ་དང་མ་གྲུབ་བདེན་རྫུན་བརྟག༔ ཚེ་འདིར་སངས་རྒྱས་ཐོབ་བྱེད་ཉེ་བའི་ལམ༔ རང་མཚན་མངོན་དུ་སྟོན་པ་ངེས་པའི་ཆོས༔ ཐབས་དང་ཤེས་རབ་གཉིས་ལྡན་ཤིང་རྟའི་སྲོལ༔ ཕམ་བྱེད་རྒྱལ་གྱུར་བླ་མེད་ཐེག་མཆོག་གོ༔ འདི་སྦྱར་དགེ་བ་དྲི་མེད་རྣམ་དག་གིས༔ ལུས་ཅན་ཐམས་ཅད་སྨིན་གྲོལ་ལམ་ཞུགས་ཏེ༔ རང་ཆས་ཤེས་རྟོག་སྒྲིབ་ཟད་ཉེས་དག་ནས༔ ཡང་དག་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག༔ གསང་སྔགས་ལམ་གྱི་རིམ་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ་ཞེས་བྱ་བ༔ ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝས་མཛད་པ་རྫོགས་སོ༔ འདི་རིག་འཛིན་རྗེའི་ཕྱག་བྲིས་མར་གཏུགས་སོ། །མངའ་བདག་རིན་པོ་ཆེ་ཉང་ཉི་མ་འོད་ཟེར་གྱིས་གཏེར་ནས་གདན་དྲངས་པའོ། །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །རྒྱལ་ཁམས་ཀུན་ཏུ་བདེ་སྐྱིད་འབྱུང་བ་དང་། །རྒྱལ་སྲས་རྣམས་ཀྱིས་ཇི་ལྟར་དགོངས་པའི་ཚུལ། །རྒྱ་ཆེན་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།། །། ༄༅༔ ནང་བཤད་གསང་སྔགས་ལམ་རིམ་ས་གཅད་བཞུགས་སོ༔ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ ནང་བཤད་གསང་སྔགས་ལམ་གྱི་རིམ་པ་འདི་ལ་དོན་གསུམ་སྟེ༔ ཀླད་ཀྱི་དོན་དང༔ གཞུང་གི་དོན་དང༔ མཇུག་གི་དོན་ནོ༔ དང་པོ་ལ་གཉིས་ཏེ༔ ཕྱག་འཚལ་བ་དང༔ བརྩམ་པར་དམ་བཅའ་བའོ༔ གཞུང་དོན་ལ་གསུམ་སྟེ༔ གཞི༔ ལམ༔ འབྲས་བུའོ༔ གཞུང་གི་སྤྱི་དོན་དང་པོ་གཞི་ལ་གཉིས་ཏེ༔ གནས་ལུགས་དང༔ འཁྲུལ་ལུགས་སོ༔ གཞུང་གི་སྤྱི་དོན་གཉིས་པ་ལམ་ལ་གསུམ་སྟེ༔ ལམ་གྱི་སྔོན་དུ་འགྲོ་བ་དང༔ ལམ་རང་གི་ངོ་བོ་དང༔ ལམ་གྱི་ཆ་རྐྱེན་བསྟན་པའོ༔ དང་པོ་ལ་གསུམ་སྟེ༔ ཕུན་སུམ་ཚོགས་པ་ལྔས་བསྒྲུབ་པའི་གཞི་གཟུང་བ་དང༔ སྲུང་བའི་འཁོར་ལོའི་རིམ་པ་བསྟན་པ་དང༔ གནད་ལྔའི་སྒོ་ནས་ལམ་ལ་འཇུག་པར་བསྟན་པའོ༔ དང་པོ་ལ་ལྔ་སྟེ༔ གནས་གང་དུ་དང༔ དུས་གང་ལ་དང༔ གང་ཟག་གང་གིས་དང༔ རྫས་གང་གསག་པ་དང༔ ཐབས་ཇི་ལྟར་བསྒྲུབ་པའོ༔ གཉིས་པ་རྣལ་འབྱོར་སྲུང་བའི་འཁོར་ལོའི་རིམ་པ་ལ་དྲུག་སྟེ༔ བྱང་ཆུབ་སེམས་ཀྱིས་སྲུང་བ་དང༔ མཚོན་ཆ་ལྔས་སྲུང་བ་དང༔ ཡི་གེ་གསུམ་གྱིས་སྲུང་བ་དང༔ ཞི་དྲག་གསུམ་བརྩེགས་ཀྱིས་སྲུང་བ་དང༔ རང་བྱུང་ལྷུན་གྱིས་གྲུབ་པའི་སྲུང་བ་དང༔ དོན་དམ་མཚན་མ་མེད་པས་སྲུང་བའོ༔ གསུམ་པ་གནད་ལྔའི་སྒོ་ནས་ཐེག་ཆེན་ལམ་ལ་འཇུག་པ་ལ་ལྔ་སྟེ༔ སྐྱབས་འགྲོས་ཆོས་ཀྱི་གཞི་འདིང་བ་དང༔ ཡིག་བརྒྱས་སྒྲིབ་པ་སྦྱོང་བ་དང༔ ལས་འབྲས་མི་རྟག་པ་བསྒོམ་པ་ལ་བློ་སྦྱོང་བ་དང༔ མཎྜལ་དང་གཏོར་མ་གཏོང་བས་ཚོགས་གསག་པ་དང༔ མཆོད་པ་ཕུལ་ལ་ཚོགས་གཉིས་ཡོངས་སུ་སྤེལ་བའོ༔ བཞི་པ་མཎྜལ་དང་གཏོར་མས་ཚོགས་གསག་པ་ལ་མཎྜལ་འབུལ་བ་དང༔ གཏོར་མ་གཏོང་བ་གཉིས༔ དེ་ལ་སྣ་ཚོགས་ལམ་ཁྱེར་གཏོར་མ་དང༔ རྒྱུན་གཏོར་རོ༔ དེ་རྣམས་གསང་སྔགས་ལམ་གྱི་སྔོན་འགྲོ་ཡིན༔ གཉིས་པ་ལམ་རང་གི་ངོ་བོ་ལ་གཉིས་ཏེ༔ ཐུན་མོང་ཐེག་པ་སྤྱིའི་ལམ་དང༔ ཁྱད་པར་གསང་སྔགས་ཀྱི་ལམ་མོ༔ དང་པོ་ལ་གཉིས་ཏེ༔ བསླབ་པ་གསུམ་ལ་ལམ་གཞི་བཅའ་བ་དང༔ སེམས་གསུམ་གྱིས་ལམ་གྱི་ཁ་བསྒྱུར་བའོ༔ དང་པོ་ལ་ལྔ་སྟེ༔ ངོ་བོ་ངོས་གཟུང་བ་དང༔ མཚོན་བྱའི་སྒྲ་དོན་བཤད་པ་དང༔ མཚན་ཉིད་ཀྱི་རང་ལྡོག་བསྟན་པ་དང༔ མཚན་གཞིའི་སྐྱེ་ཚུལ་དང༔ གཉེན་པོའི་སྒོ་ནས་རྣམ་གྲངས་སུ་འགྱུར་ཚུལ་ལོ༔ གཉིས་པ་སེམས་གསུམ་གྱི་སྒོ་ནས་ལམ་ལ་འཇུག་པས་ལམ་གྱི་ཁ་བསྒྱུར་བ་ལ་བཞི་སྟེ༔ བྱམས་པ་དང༔ སྙིང་རྗེ་དང༔ བྱང་ཆུབ་ཀྱི་སེམས་དང༔ དེ་དག་སྡེ་སྣོད་གསུམ་དུ་ངོས་བཟུང་ལ་བསླབ་པ་གསུམ་དུ་བསྟན་པའོ༔ གཉིས་པ་ཁྱད་པར་གསང་སྔགས་རང་གི་ལམ་གྱི་ངོ་བོ་ལ་ལྔ་སྟེ༔ རྒྱུད་སྨིན་པར་བྱེད་པ་ལ་དབང་དང༔ སྨིན་པ་གྲོལ་བར་བྱེད་པ་ལ་ལྟ་བ་དང༔ ལྟ་བ་གོམས་པར་བྱེད་པ་ལ་སྒོམ་པ་དང༔ དེ་དང་མི་འབྲལ་ཞིང་རྩལ་སྦྱོང་བ་ལ་སྤྱོད་པ་དང༔ དེ་དག་ལས་མི་འདའ་བར་བྱེད་པ་ལ་དམ་ཚིག་གོ༔ གཉིས་པ་ལྟ་བ་ལ་གཉིས་ཏེ༔ བསྐྱེད་རིམ་སྦྱང་བ་དང༔ རྫོགས་རིམ་བསྟན་པའོ༔ དེ་རྣམས་གསང་སྔགས་ལམ་གྱི་ངོ་བོ་ཡིན༔ གསུམ་པ་དེའི་ཆ་རྐྱེན་བསྟན་པ་ལ་གསུམ་སྟེ༔ རྣལ་འབྱོར་ལྔ་ཡིས་ལམ་ཉམས་སུ་བླང་བའི་ཚུལ་གྱི་གནད་བསྟན་པ་དང༔ གེགས་སེལ་བཞིས་ལམ་གྱི་སྐྱོན་བསལ་བ་དང༔ བོགས་འདོན་གསུམ་གྱིས་ལམ་མཐར་འདོན་པའོ༔ དང་པོ་ལ་ལྔ་སྟེ༔ ཉལ་བའི་རྣལ་འབྱོར་དང༔ ལྡང་བའི་རྣལ་འབྱོར་དང༔ བཟའ་བའི་རྣལ་འབྱོར་དང༔ རྒྱུན་གྱི་རྣལ་འབྱོར་དང༔ དུས་གནད་ཀྱི་རྣལ་འབྱོར་རོ༔ གཉིས་པ་ལམ་དེའི་གེགས་བཞིའི་སྐྱོན་སེལ་བསྟན་པ་ལ་བཞི་སྟེ༔ ཏིང་ངེ་འཛིན་ཉམས་ཀྱི་གེགས་བསལ་བ་དང༔ ལུས་ལན་ཚ་སྡུག་བསྔལ་གྱི་གེགས་ངོས་བཟུང་ཞི་བཅོས་ཏེ་བསལ་བ་དང༔ སེམས་རྣམ་རྟོག་ལྷ་འདྲེའི་གེགས་བསལ་བ་དང༔ རྐྱེན་སྣང་གློ་བུར་གྲིབ་ཀྱི་གེགས་བསལ་བའོ༔ གཉིས་པ་ལ་ལུས་ཀྱི་ནད་སྡུག་གི་གེགས་ངོས་གཟུང་བ་དང་བཅོས་པའོ༔ གཉིས་པ་དེ་བཅོས་པ་ལ་རབ་ངང་ལ་གཞག་པ༔ འབྲིང་གནད་དུ་གཏང་བ༔ ཐ་མ་དམིགས་པས་བཅོས་པའོ༔ གསུམ་པ་ལམ་དེའི་བོགས་འདོན་གནད་དུ་གཏང་བ་ལ་གསུམ་སྟེ༔ བོགས་མི་འབྱུང་བའི་སྐྱོན་བསལ་བ་དང༔ འབྱུང་བའི་གཞི་བཅའ་བ་དང༔ བོགས་ཇི་ལྟར་འདོན་པའི་ཐབས་སོ༔ གསུམ་པ་ཇི་ལྟར་འདོན་ཐབས་དེ་ལ་གཉིས་ཏེ༔ རང་ལམ་གང་ལ་གནས་པ་དེ་ལ་བོགས་འདོན་པ་དང༔ སྔར་མེད་གསར་དུ་སྐྱེས་པའི་ཉོན་མོངས་རྣམ་རྟོག་བོགས་སུ་འདོན་པ་གཉིས༔ གཉིས་པ་སྔར་མེད་གསར་སྐྱེས་བོགས་འདོན་ལ་གཉིས་ཏེ༔ ཉོན་མོངས་བོགས་སུ་འདོན་པ་དང༔ རྣམ་རྟོག་བོགས་སུ་འདོན་པའོ༔ དེ་རྣམས་ལམ་གྱི་ཆ་རྐྱེན་ཡན་ལག་ཡིན༔ སྤྱི་དོན་གསུམ་པ་ལམ་དེ་ཉམས་སུ་བླངས་ནས་མཐར་ཕྱིན་པའི་མངོན་གྱུར་འབྲས་བུ་ལ་བཞི་སྟེ༔ འབྲས་ཆོས་ངོས་གཟུང་བ་དང༔ འགྲོ་དོན་བྱེད་ཚུལ་དང༔ དགོངས་པ་ལ་བཞུགས་ལུགས་དང༔ གདུལ་བྱ་ཐུགས་རྗེས་འཛིན་ཚུལ་ལ་གཞན་གྱི་ལོག་རྟོག་དགག་པའོ༔ གསུམ་པ་མཇུག་གི་དོན་ལ་གཉིས་ཏེ༔ ཆོས་ཀྱི་ཆེ་བ་བསྟན་པ་དང༔ དགེ་བ་ཐམས་ཅད་མཁྱེན་པར་བསྔོ་ཞིང་མཚན་དང་མཛད་བྱང་ཡོངས་སུ་རྫོགས་ཚུལ་དང་བཅས་པ་བསྟན་པའོ༔ ནང་བཤད་གསང་སྔགས་ལམ་རིམ་གྱི་བསྡུས་དོན་རྫོགས་སོ༔ ༔ ༄༅། །པདྨའི་ལམ་རིམ་གྱི་ལོ་རྒྱུས་བཞུགས་སོ། །པདྨའི་ལམ་རིམ་ནི་སློབ་དཔོན་པདྨའི་དགོངས་པ། རྫོགས་པ་ཆེན་པོའི་མན་ངག །གནུབས་ཆེན་སངས་རྒྱས་ཡེ་ཤེས་ནས་བརྒྱུད་ཟུར་ཤཱཀ་འབྱུང་ལ་བཀའ་བབས་པའི་ཁུངས་མ་རང་དུ་སྣང་ལ། གུ་རུའི་གཏེར་ཆོས་རྣམས་ཕར་བཞག །བཀའ་མར་གྲགས་པའི་སྔ་འགྱུར་རང་རྐང་ལ་རྫོགས་ཆེན་གྱི་ཆོས་སྐོར་ཕལ་ཆེར་བི་མ་ལ་དང་བཻ་རོ་ཙ་ན་ལས་བརྒྱུད་པ་ཤས་ཆེ་ཞིང་། སངས་རྒྱས་གསང་བ་དང་གནུབས་ཆེན་གྱིས་གྲུ་ཤ་ནས་བླངས་པ་དང་། རྒྱ་ནག་ཧ་ཤང་བདུན་བརྒྱུད་དང་། རྒྱ་གར་གྱི་སློབ་དཔོན་བདུན་བརྒྱུད་སོགས་མང་གིས། སློབ་དཔོན་པདྨ་ནས་བརྒྱུད་པའི་རྫོགས་ཆེན་ནི་འདི་ཁོ་ནར་མངོན་ནོ། །འདི་ཡན་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་ངོ་། །དེར་མ་ཟད་མངའ་བདག་ཉང་གིས་ཟབ་གཏེར་ནས་བཞེས། སྲས་འགྲོ་མགོན་དང་། དེས་གུ་རུ་ཆོས་དབང་ལ་གནང་། ཆོས་དབང་རིན་པོ་ཆེས་ཀྱང་ཟབ་གཏེར་ནས་བཞེས་པ་སྟེ་གཏེར་ཁ་གོང་འོག་གི་གདམས་པ་ཟུང་འབྲེལ་ཟུར་ཤཱཀ་འབྱུང་ཕྱི་མའི་ཕྱག་ཏུ་བབས་པས་བཀའ་གཏེར་གྱི་གདམས་ཟབ་ཆུ་བོ་གཉིས་འདྲེས་སུ་གྱུར། འཆད་ཉན་གྱིས་གཏན་ལ་ཕབ་པའི་བཤད་སྒྲུབ་རྒྱ་ཆེར་དར། དེ་ཡང་གཞུང་རྡོ་རྗེའི་ཚིག་རྐང་ནི་ཡོ་ག་གསུམ་གའི་དགོངས་ཉམས་ཟབ་ཅིང་རྒྱ་ཆེ་བ་ཐམས་ཅད་གཅིག་ཏུ་དྲིལ་བར་སྣང་ནའང་། སྐབས་འདིར་མཐར་ཐུག་གི་རྫོགས་རིམ་སྙིང་པོར་དྲིལ་བའི་གདམས་པ་ངོ་སྤྲོད་ཀྱི་ལུགས་སུ་གདབ་པའོ།། །། ༄༅། །པདྨའི་ལམ་རིམ་གྱི་བརྒྱུད་འདེབས་བཞུགས་སོ། །ཆོས་སྐུ།་་་ཀུན་བཟང་ལོངས་སྐུ།་་་རྡོར་སེམས་སྤྲུལ་སྐུ།་་་པད་འབྱུང་གཉགས་ཛྙཱ་ན།་་་ཀུ་མཱ་ར། །གནུབས་བན་་་སངས་རྒྱས་ཡེ་ཤེས།ཡོན་རྒྱམ་་་ཡོན་ཏན་རྒྱ་མཚོ།ཡེ་འབྱུང་་་ཉང་།ཟུར་པོ་ཆེ། །ཤེས་རབ་གྲགས།་་་ཟུར་ཆུང་བླ་ཆེན།་་་ཤཱཀ་བཟང་སྒྲོ་ཕུག་པ།་་་ཤཱཀ་སེང་རྩག་ཚ།་་་ཤཱཀ་རྡོར་བ། །གཉོས་ནག་་་རྒྱལ་མཚན།འབན་རྒྱལ་ཤཱཀ་དཔལ་སངས་རྒྱས་སེང་། །ཀུན་རིན་རིན་རྒྱལ་དཀོན་དབང་ཟུར་ཧཾ་ཤཱཀ་་་ཀྱ་འབྱུང་གནས་ཕྱི་མ། ཟུར་སྲས།་་་ཤཱཀ་དཔལ་དཔལ་བཟང་བཤེས་གཉེན་ཁམས་པ་གྲགས། །སེ་སྟོན་རས་ཆེན་མཉམ་མེད་བདེ་ལེགས་པ། །ཀུན་དགའ་མཆོག་གྲུབ་ཀུན་དགའ།་་་གྲོལ་མཆོག་བྲག་སྟོད་པ།་་་ལྷ་དབང་གྲགས། །རྗེ་བཙུན།་་་ཀུན་སྙིང་ཕྲིན་ལས་་་དབང་མོ།རིན་ཆེན་རྒྱ་མཚོ་དཔལ། །སྙིང་པོ།་་་མཐའ་ཡས་ཀུན་བཟང་་་དབང་པོ།ཚེ་དབང་ནོར་བུའི་སྡེ། །ཆོས་དབྱིངས་རང་གྲོལ་དེ་དབོན།་་་ཀུན་བཟང་་་ཆོས་འབྱོར།རྡོར་སློབ་བློ་བཟང་།་་་མཐུ་སྟོབས་ཞབས། །མཆོག་སྤྲུལ།་་་ཉི་མ་ཆོས་འཕེལ་རིན་ཆེན།་་་བློ་གསལ་བསྟན་སྐྱོང་དང་། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །བདག་གསུངས་རྡོ་རྗེའི་ཚིག་འགྲེལ་ལག་ཁྲིད་ཀྱིས། །ལེགས་སྐྱོང་སེམས་ཉིད་གཅེར་སྟོན་ལམ་གྱི་གནད། །རྒད་པོ་འཁར་བཙུགས་རྒན་མོ་མཛུབ་ཚུགས་དཔེས། །ལས་ཅན་ཐར་ལམ་ཟིན་པར་བྱིན་གྱིས་རློབས། །ཞེས་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་གསུང་ཁ་སྐོང་དང་བཅས་པའོ།། །། ༄༅། །པདྨའི་ལམ་རིམ་གྱི་ཁྲིད་བཞུགས་སོ། །པདྨའི་ལམ་རིམ་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། གནས་དབེན་པར་སྒྲུབ་ཁང་ཉི་འོད་ཕེབས་པར་ཤེལ་སྒོ་ལས་འཇའ་སྣང་གསལ་བར་བྱས་པ་དམིགས་པའི་རྟེན་དུ་བཞག་སྟེ། རྒད་པོ་འཁར་བཙུགས། རྒན་མོ་མཛུབ་ཚུགས་ཀྱི་བརྡ་སྦྱོར་ཚུལ་དུ། བུ་འདི་ན་སྣང་བའི་རྡོ་རྗེ་སེམས་དཔའི་མེ་ལོང་འདི་ནི་ངོ་བོ་གང་དུའང་མི་འགྱུར། རྐྱེན་གྱིས་ཅིར་ཡང་འཆར། འདི་བཞིན་སྣང་སྲིད་འཁོར་འདས་ཐམས་ཅད་ཐིག་ལེ་ཉག་གཅིག་ཕྱི་ནང་དུ་ཕྱེ་བ་མེད་ཀྱང་། འཇའ་འོད་མ་འདྲེས་གསལ་བའི་གཟིགས་མོ། འོད་སྣང་སྟོང་ཞིང་སྣང་སྒོ་འབྱེད་པ་གསལ་བས་གནས་མཆོག་འོག་མིན་ཉམས་དགའི་ཞིང་ཡང་འདིས་མཚོན། ཆོས་སུ་བཏགས་སོ་ཅོག་ལ་ཀ་དག་ལྷུན་གྲུབ་མཉམ་ཉིད་ཁྱབ་གདལ། མན་ཤེལ་དང་མན་ཤེལ་གྱི་འོད། མདོག་དབྱིབས་ལྷན་ཅིག་འཇའ་འོད་སྣ་ཚོགས་སུ་སྣང་ཡང་མེད་སྣང་ཁྱབ་གསུམ་ལས་མ་འདས་པའི་མ་བྱས་ཡེ་གྲོལ་དུ་ལམ་ལམ་ཝལ་ཝལ། སལ་སལ་སིང་སིང་། ཡེར་ཡེར་རྗེན་རྗེན། ལྷན་ལྷན། དབྱིངས་རིག་དབྱེར་མེད་དབྱེར་མིན། དབྱེ་བྱ་དབྱེ་བྱེད་བྲལ་བ་སྟེ། མ་བཅོས་དབྱིངས་ན་རང་བྱུང་འོད་གསལ་བ། །ཡོངས་ལ་ཡོད་མོད་སུས་ཀྱང་མཐོང་བ་མེད། །དཔག་པར་མི་སྤོབས་ནམ་མཁའི་ཁྱོན་དང་འདྲ། །གསལ་ལ་འཚེར་བ་ཉི་མའི་འོད་དང་འདྲ། །འགྱུར་མེད་བརྟན་པ་རི་རྒྱལ་ལྷུན་པོ་འདྲ། །ཟབ་ཅིང་གཏིང་མེད་རྒྱ་མཚོའི་མཐིལ་དང་འདྲ། །གོས་པ་མེད་པ་འདམ་རྫབ་པདྨ་འདྲ། །ངོས་གཟུང་མེད་པ་ཆུ་ནང་ཟླ་བ་འདྲ། །ཅིར་ཡང་འཆར་བ་ནམ་མཁའི་འཇའ་སྤྲིན་འདྲ། །གསལ་བར་རྫོགས་པ་མེ་ལོང་གཟུགས་བརྙན་འདྲ། །གང་ལའང་ཐོགས་མེད་གནམ་ལྕགས་ཐོག་མདེལ་འདྲ། །རྒྱུན་ཆད་མེད་པ་ཆུ་བོ་ཆེན་པོ་འདྲ། །ཀུན་གྱི་གཞི་གྱུར་ས་གཞི་ཆེན་པོ་འདྲ། །འདི་བཞིན་དཔེ་རྣམས་ཡེ་ཤེས་དབྱིངས་དང་སྦྱོར། །དེ་ལྟར་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ལ་ཕྱི་ནང་དུ་གྲུབ་པ་མེད་ཀྱང་སྣང་ཚུལ་གྱི་དབང་གིས་ཕྱི་ནང་དུ་འཆར་བའི། ཕྱི་ལྷུན་གྲུབ་རིན་པོ་ཆེའི་སྦུབས། ནང་རིག་པ་རང་གསལ་དྭངས་པའི་ཁྱེའུ་ཆུང་ཞེས་བཏགས་ཏེ། རིག་པ་དངོས་དང་རིག་པའི་རང་རྩལ་བྱ་བའི་ཚུལ་གྱིས་མ་འདྲེས་གསལ་བའི་རི་མོ་བཀྲ་བ་ཡང་། མི་འགྱུར་འོད་སྣང་གི་ཐིག་ལེ་སྟོང་གསལ་རྩ་སྦུབས་ཡུམ་རྡོ་རྗེ་བཙུན་མོའི་བྷ་གར་ཆུད་པ་ལས་ཉམས་བདེ་གསལ་སྟོང་པའི་ཁྱེའུ་འཁྲུངས་ཏེ། དཔག་བསམ་ཤིང་ལས་དཔག་བསམ་གྱི་འབྲས་བུ་སྨིན་ནོ། །བདུད་རྩིའི་རྒྱ་མཚོ་ལས་བདུད་རྩིའི་རྦ་རླབས་འབྱུང་ངོ་། །ཡིད་བཞིན་ནོར་བུ་ལས་འདོད་དགུའི་ཆར་བབས་སོ། །དེ་ལྟ་ན་ཡང་རྟོག་བྱེད་བློ་ངན་གྱི་སོམ་ཉིས་ངན་སྐྱུགས་ཀྱི་བུམ་པར་བདུད་རྩི་མ་བླུགས་ཤིག །སྨན་གྱི་ས་བོན་ལས་དུག་འབྲས་མ་སྐྱེད་ཅིག །ཉི་མའི་སྣང་བ་མུན་པས་མ་འགེབས་ཤིག །ཨེ་མ། མདུན་གྱི་མན་ཤེལ་འདི་ཁོ་ན་བཞིན་དུ་ནང་རིག་གསལ་བའི་ལུ་གུ་རྒྱུད་ཀྱང་གོ་བར་གྱིས། འདི་ལས་འོད་སྣང་གི་འཇའ་ཚོན་མ་འགགས་ཤར་པས་མཚོན་པའི་འཆར་སྒོའི་འོད་གསལ་འབྱུང་བཞི་ཁ་བསྒྱུར་གྱི་རང་བབས། རྩ་རླུང་ཐིག་ལེའི་རང་སྣང་ཐམས་ཅད། དུ་བ། སྨིག་རྒྱུ། གློག །སྲིན་བུ་མེ་ཁྱེར། མར་མེ་འབར་བ། ཟླ་འདྲ། ཉི་འདྲ། སྒྲ་གཅན་གྱི་དབྱིབས་ཏེ། འདི་འཆར་འདི་མི་འཆར་མེད་དེ། ཀུན་ཀྱང་དབྱིངས་ཤར་དབྱིངས་གྲོལ། སྦྲུལ་མདུད་འདྲ་བས་འཛིན་པའི་གདོན་གྱིས་མ་དཀྲུགས་པར་མན་ཤེལ་གྱི་སྦུབས་མེད་ནང་དུ་སྣང་བ་འདྲ་བའི་དཔེས། རང་རིག་ལས་ལོགས་སུ་མ་ལྟ་ཞིག །རྟགས་སྣང་མ་ལུས་པ་མ་བྱས་རྩོལ་མེད་རང་གསལ་གྱི་རང་སྣང་དུ་མཚོན་པས་རྒྱུ་འབྲས་འཆོལ་མེད་ཀུན་ཏུ་སྤྱོད་པ་ཡིན་ནོ། །པདྨའི་བཀའ་བསྩལ་སྙིང་པོ་ཀུན༵། །མན་ཤེལ་ཉམས་དག༵འི་བརྡ་ཐབས་ཀྱིས། །སེམས་ཀྱི་འཆིངས་གྲོ༵ལ་མཆོ༵ག་སྟོན་པ། །ཡི་གེ་འདི་ལ་ཡིད་ཆེས་སྐྱེད། །པདྨའི་ལམ་རིམ་གྱི་གནད་འདོམས་ཁོལ་ཕྱུང་ངོ་།། །། ཞེས་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་རྡོ་རྗེའི་གསུང་ལས་བྱུང་བའོ། །མངྒ་ལཾ་བྷ་བ་ཏུ།།
ལྷོ་བྲག་ཡང་དབེན་རི་ཁྲོད་སེངྒེའི་ཟབ་གཏེར་ཕར་ཕྱིན་རྒྱལ་བའི་བཀའ་མཐུས་སྲུང་ཟློག་གསད་པ་ཟབ་མོ་གཞུང་ལག་ལེན་དང་བཅས་པ་ (Volume 54, Text 1)
༄༅། །ལྷོ་བྲག་ཡང་དབེན་རི་ཁྲོད་སེངྒེའི་ཟབ་གཏེར་ཕར་ཕྱིན་རྒྱལ་བའི་བཀའ་མཐུས་སྲུང་ཟློག་གསད་པ་ཟབ་མོ་གཞུང་ལག་ལེན་དང་བཅས་པ་བཞུགས་སོ།། ཤེས་རབ་སྙིང་པོའི་སྲུང་འཁོར་བཞུགས་སོ༔ ཤེས་རབ་ཡུམ་ལ་ཕྱག་འཚལ་ལོ༔ ཕར་ཕྱིན་རྒྱལ་བའི་བཀའ་མཐུ་འདི་ལ༔ སྲུང་བ་རྒྱལ་བའི་དཀྱིལ་འཁོར་བསྒོམ་པ་ནི༔ དང་པོ་ནངས་པར་སྔ་བར་སྟན་བདེ་བ་ལ་འདུག་སྟེ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས༔ བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དཔག་ཏུ་མེད་པ་བསྐྱེད་ལ༔ དེ་ནས་སེང་གེ་བརྒྱད་བསྣོལ་བའི་སྟེང་དུ་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བ་གཅིག་བསྒོམ༔ དེའི་སྟེང་དུ་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ༔ རང་ཉིད་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ༔ གཡས་ས་གནོན་གཡོན་མཉམ་གཞག་ཅན༔ ཞབས་སྐྱིལ་ཀྲུང་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ༔ སྐུ་ཚད་དཔག་ཏུ་མེད་པ་ཞིག་བསྐྱེད༔ དེ་ལ་ཤ་རཱིའི་བུ་ལ་སོགས་པ་ཉན་ཐོས་མཆོག་བརྒྱད༔ རང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་བསྐོར་བར་བསྒོམ༔ རང་གི་གཡས་གཡོན་དུ་བསྲུང་བྱ་ཐམས་ཅད་ཐུབ་པའི་སྐུར་གསལ་བར་བསྐྱེད༔ དེ་ནས་ཉི་མ་རྒྱང་སོང་བ་དང༔ མུན་མ་རུབ་ཀྱི་བར་དུ་ཤེས་རབ་སྙིང་པོ་ཅི་ཐོན་བཟླས་ལ༔ དེ་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས༔ ཕྱག་གཡས་ཉི་མ་གཡོན་ཟླ་བའི་དཀྱིལ་འཁོར་དུ་བསམ་ལ༔ ཐལ་མོ་བརྡབས་པས་འཁོར་དགྲ་བཅོམ་པ་ལྔ་བརྒྱའི་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་ཆོས་གོས་ངུར་སྨྲིག་ཕྱོགས་གཅིག་ཏུ་བརྡབས་པས་བར་ཆད་དགྲ་བགེགས་ཐམས་ཅད་ཞི་བར་བསམ་ལ༔ བདེན་སྟོབས་གང་ཡང་རིགས་པ་བརྗོད༔ ཤེས་རབ་སྙིང་པོའི་སྲུང་འཁོར་ཟབ༔ ཨི་ཐི༔ ཀུན་ལ་མེད་པའི་གདམས་པའོ༔ ༄༅༔ ཤེས་རབ་སྙིང་པོའི་ཡང་ཟློག་ནག་པོ་དུག་གི་སྤུ་གྲི་བཞུགས་སོ༔ དེ་ནས་ཡང་ཟློག་བྱད་མ་བམ་ལོག་ཏུ་གསད་པ་ནི༔ ཤེས་རབ་སྙིང་པོ་མཁན་ནང་ཐུག་ན་འདི་ལྟར་བྱེད༔ དེ་ནས་རང་ཉིད་ཉི་མ་གྲིབ་སོ་ཚུར་ལ་རྒྱང་གི་བབས་བྱུང་བ་དང་ཉི་མ་ལ་རྒྱབ་བསྟན་ལ་དམིགས་པ་འདི་བཞིན་དུ་བསྒོམ༔ རང་ཉིད་ཐུབ་པ་ཆེན་པོ་སྐུ་མདོག་ནག་པོ་རྒྱ་སོལ་གྱི་མདོག་ལྟ་བུ་ནག་ལྷམ་མེ་བ་སྐུ་ལ་དར་ནག་གི་ཆོས་གོས་གསོལ་པ༔ ཕྱག་གཡས་ས་གནོན་གྱི་ཕྱག་རྒྱ་མཛད་པས་བྱད་མ་ལྷ་སྲུང་དང་བཅས་པ་འགུལ་ཡང་མི་ནུས་པར་བསམ་མོ༔ གཡོན་པར་བུ་ནག་པོའི་ནང་དུ་དགྲ་བོ་དེའི་ལྷ་སྲུང་དང་བཅས་པ་བཅུག་ནས་གནམ་ལྕགས་ཀྱི་རྒྱ་གྲམ་གཉིས་ཀྱིས་ཁ་བཅད་ནས་ཐར་པའི་དུས་མེད་པར་བསམ་མོ༔ དེའི་མདུན་དུ་ནྲྀ་ལས་བྱད་མ་མདོག་སྔོ་བ༔ ལུས་རེངས་པ༔ ལྕེ་བྲང་དཀྱིལ་དུ་སླེབ་པ༔ ལྕེའི་སྟེང་དུ་འཁོར་ལོ་རྩིབས་དྲུག་པ༔ རྩིབས་ལ་ཡི་གེ་བཾ་དྲུག་གིས་མཚན་པ༔ འཁོར་ལོའི་ལྟེ་བར་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱིས་མནན་པས་ལུས་འགུལ་སྐྱོད་དང་བྲལ་བ་གཅིག་བསམ་ལ༔ བཾ་སྟོང་ཕྲག་གསུམ་བཟླས་ནས་ཡུངས་ནག་གི་ཐུན་གྱིས་བྲབ་བོ༔ ཉི་མ་དམར་ཐག་འདས་པ་དང་ལིང་ག་བྲ་བོ་ནག་པོའི་སོག་མའི་མེ་ལ་བསྲེགས་ལ་ལས་སྦྱོར་བྱེད༔ ཐལ་བ་དེ་གཡག་རོག་ནག་པོའི་ལྕི་བ་དང་བསྲེས་ནས་ཉ་བོ་གཅིག་བྱས་ལ་གཙུག་ལག་ཁང་གི་ཐེམ་པའི་འོག་ཏུ་མནན་ནོ༔ ཟབ༔ ཨི་ཐི༔ ཀུན་ལ་མེད་པའི་གདམས་པ༔ བྱད་མ་སྲོག་གི་སྤུ་གྲི༔ བསྟན་པ་སྲུང་བའི་མཚོན་ཆ༔ བན་དགྲ་སྔགས་ཟློག་མཁན་གྱི་གཤེད་མ༔ མྱུར་མགྱོགས་རླུང་གི་སྤུ་གྲི་འདི༔ ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ ༈ ཤེས་རབ་ཡུམ་ལ་ཕྱག་འཚལ་ལོ༔ ཕར་ཕྱིན་རྒྱལ་བའི་བཀའ་མཐུ་འདིས༔ ལུས་སེམས་བླ་ཚེ་སྲོག་དང་འབྲལ༔ ཤེས་རབ་སྙིང་པོའི་ཡིག་སྣ་ལས༔ སྒོམ་པ་དང་ནི་བཤད་མི་དགོས༔ གྱེར་དང་གཏོར་མ་གཏང་མི་དགོས༔ དགྲ་བོས་ཟློག་པ་བྱས་གྱུར་ཀྱང༔ རང་ལ་མི་ཟློག་ཁོ་རང་འཆི༔ བག་ཟན་ལས་ནི་དགྲ་གཟུགས་བཅོས༔ བྲུབ་ཁུང་ཟུར་གསུམ་ནང་དུ་ནི༔ དེ་དཀྱིལ་དགྲ་ནི་གང་ཡོད་ཀྱི༔ ལིང་ག་མིང་རུས་དང་བཅས་ནས༔ གན་རྐྱལ་དག་ཏུ་བསྙལ་ལ་བཞག༔ སྙིང་གར་ཟངས་ཀྱི་ཁབ་གཅིག་བཙུག༔ སྤྱི་བོའི་གཙུག་ནས་མས་ཤར་འདོན༔ གསོད་པར་འདོད་ན་ཡར་ལ་འདོན༔ བབས་འདོད་མར་ལ་གདོན་པར་བྱ༔ ཐུན་ལ༔ མི་མང་བསད་ས་འཕུང་བའི་ཤུལ༔ རི་རུལ་རྡོ་ནག་གཅིག་ཏུ་དགའ༔ མི་བསད་ས་ནས་རྡོ་བླངས་པ༔ འཕྲལ་ལ་བསད་ཤུལ་རྡོ་ནག་དགའ༔ མ་རྙེད་རོ་བསྲེགས་རྡོ་ནག་དགའ༔ སྔགས་བཟླས་ཐུན་ལ་ལེགས་བཏབ་ནས༔ དགྲ་གཟུགས་ལ་བྲབ་མྱུར་དུ་འཆི༔ གོང་གི་བཅའ་གཞི་ལ་སོགས་ནི༔ འབྲུབ་ཁུང་ནང་དུ་འདི་བཞིན་གྱི༔ ལིང་ག་མིང་རུས་དང་བཅས་པ༔ བྲིས་ལ་བཅུག་སྟེ་དེ་ལ་ནི༔ རྡོ་ཡི་ཐུན་གྱིས་བྲབ་པ་ཡིན༔ རྡོ་ནག་ལྷམ་མེ་བྱུང་གྱུར་ན༔ ཐུན་གྱིས་བྲབ་པས་འཆི་འོ་གསུངས༔ འབྲུབ་ཁུང་དེ་ཡི་ཟུར་གསུམ་དུ༔ ལིང་ག་མིང་རུས་ཅན་རེ་བཅུག༔ གོང་འོག་རིགས་ནི་གཉིས་ཀ་ལ༔ ལིང་ག་འཇུག་ལུགས་དེ་ལྟར་བྱ༔ དྲག་པོའི་སྔགས་རྒོད་འདི་སྐད་དོ༔ ཨོཾ་ན་མོ་བུདྡྷ་ཡ༔ དྷརྨཱ་ཡ༔ སཾ་གྷཱ་ཡ༔ བོ་དྷི་སཏྭཱ་ཡ༔ ཏདྱ་ཐཱ༔ ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷིི་སྭཱ་ཧཱ༔ ཧང་ཁྲ་ཏད་ཁྲ༔ ཁ་རཾ་ཀྲེ༔ ཙ་རི་ཀྲེ༔ ཀུ་རུ་དུ་རུ༔ ཙིཏྟ་བཾ༔ མཱ་ར་མཱ་ར༔ ཆེ་གེ་མོའི་ཙིཏྟ་ཡ༔ ཧ་ར་ཧ་ར༔ རྟགས་ནི་རང་གི་སྔས་ཁ་རུ༔ དགྲ་བོའི་སྲོག་ཆགས་བསད་རྨིས་ན༔ དེས་ནི་ངེས་པར་འགྲུབ་པའི་རྟགས༔ ཞག་ནི་གཉིས་སམ་གསུམ་དུ་བསྒྲུབ༔ དེས་མ་འགྲུབ་ན་ལན་གཅིག་བསྐྱར༔ དེས་ཀྱང་འགྲུབ་པར་མ་གྱུར་ན༔ ལན་གསུམ་བསྐྱར་བ་མན་ངག་གོ༔ དེ་ཡིས་ཐེ་ཚོམ་མེད་པར་འགྲུབ༔ འདི་ལ་མཚམས་ཀྱང་གཅད་མི་དགོས༔ སྐབས་སུ་བདག་ལ་ལྷ་སྒྲུབ་དགའ༔ བཀའ་གཏེར་གཉིས་ཀ་འདི་ལ་ཚང༔ རྫས་སླ་མཐུ་མྱུར་སྒྲུབ་ཐག་ཉེ༔ ནང་དུ་འཇམ་ལ་ཕྱི་ལ་རྩུབ༔ འཁུ་ལྡོག་ཆུང་ལ་ནུས་པ་ཆེ༔ མཐུ་ཚན་ཆེ་ལ་ཚུར་མི་ཟློག༔ བཀྲ་ཤིས་ཚེ་རིང་བར་ཆད་མེད༔ ཕྱི་མའི་དོན་ཀྱང་འདི་ཡིས་འགྲུབ༔ ཉམས་པའི་དགྲ་བོ་མཐོ་རིས་དྲངས༔ རྣམ་སྨིན་མི་འབྱུང་ཚོགས་སུ་འགྲོ༔ བསྟན་པ་སྲུང་བའི་སྒྲུབ་ཡིག་ལགས༔ འདི་ལས་ལྷག་པ་ཡོད་རེ་ཀན༔ ཐུབ་པའི་དབང་པོ་ཉིད་ཀྱིས་གསུངས༔ ཐུབ་པས་སྤྱན་རས་གཟིགས་ལ་གནང༔ སྤྱན་རས་གཟིགས་ཀྱིས་ཀླུ་སྒྲུབ་ལ༔ ཀླུ་ཡིས་པདྨ་ཉིད་ལ་གནང༔ པདྨས་གསང་བའི་གཏེར་ཉིད་ལ༔ རྒྱ་ནི་རིམ་པ་དགུ་བཏབ་སྦས༔ འཛིན་སྐྱོང་སྲུང་གསུམ་བྱེད་པ་ཡི༔ བསྟན་སྲུང་གཅིག་དང་འཕྲད་པར་ཤོག༔ ཅེས་སྨོན་ལམ་བཏབ་ནས་གསང་བའི་གཏེར་དུ་སྦས་སོ༔ གུ་ཧྱ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ ལྷོ་བྲག་ཡང་དབེན་ནས་རི་ཁྲོད་སཻངྒས་བཏོན་པའོ།། །། ༄༅། །བཀའ་གཏེར་དགོངས་དོན་ཟབ་མོའི་བཅུད་ཕྱུང་བའི་བདག་ཉིད་སྲུང་བའི་རྣལ་འབྱོར་བཞུགས་སོ། །སྐྱབས་སེམས་དོན་དུ་སངས་རྒྱས་ཆོས་ཚོགས་དང་། །སྟོང་ཉིད་ཟབ་མོའི་གསང་སྔགས་བརྗོད་པའི་མཐར། །སྣང་སྲིད་སྣོད་བཅུད་དངོས་འཛིན་བདག་མེད་ངང་། །སྟོང་པའི་ངང་ལས་བྷྲཱུྃ་ཡིག་གསེར་གྱི་མདོག །ཡོངས་གྱུར་སྲུང་བའི་འཁོར་ལོ་རྒྱ་ཆེ་བ། །ཕྱི་རྩུབ་རྣོ་ངར་དབལ་ཤུགས་རེག་མི་བཟོད། །ནང་འཇམ་སྲུབས་མེད་སྲ་མཁྲེགས་འོད་འཕྲོ་བའི། །ལྟེ་བར་ཟླ་སྟེང་རང་གི་རྣམ་ཤེས་ཀྱི། །ངོ་བོ་བཾ་ཡིག་གསེར་མདོག་རང་སྒྲ་སྒྲོག །དེ་ལས་འོད་འཕྲོས་ཕྱི་རོལ་ཡུམ་ཆེན་མོ། །བརྒྱད་སྟོང་པ་ཡི་པུསྟི་གླེགས་བམ་གྱི། །སྟེང་འོག་ཕྱོགས་བཅུར་འོད་ཟེར་ཁྲི་རྐང་གི །གུར་དང་བཅས་པ་སྟོང་གསུམ་ཁྱབ་པར་གྱུར། །དེ་ལས་འོད་འཕྲོས་ཕྱི་རོལ་གནམ་ལྕགས་ཀྱི། །རང་བཞིན་ལས་གྲུབ་རལ་གྲིའི་གུར་བླ་རེ། །མངོན་པར་བྲེས་པས་གོ་མཚམས་མི་ཕྱེད་པ། །དེ་ལས་འོད་འཕྲོས་བཛྲ་ཧཱི་ར་ལས། །ཡོངས་གྲུབ་རྡོ་རྗེ་རྩེ་གསུམ་པ་ཡི་གུར། །བླ་རེར་བཅས་པས་རབ་ཏུ་གཏམས་པ་འོ། །དེ་ལས་འོད་འཕྲོས་ཕྱི་རོལ་ཡེ་ཤེས་མེ། ཁ་དོག་ལྔ་ལྡན་འབར་བའི་འུར་སྒྲ་དང་། །བཅས་པས་ཚངས་པའི་འཇིག་རྟེན་མན་ཆད་དུ། ཁྱབ་པར་གྱུར་པའི་ཕྱི་རོལ་གསེར་ལས་གྲུབ། །བྱང་ཆུབ་མཆོད་རྟེན་སྟོང་གསུམ་དང་མཉམ་པ། །འོག་གཞི་རྡོ་རྗེ་རྒྱ་གྲམ་གྱིས་བསྡམས་ཤིང་། །རྩེ་མོ་འོག་མིན་གནས་སུ་གྷཉྫི་ར། །མངོན་པར་ལྷག་གེར་གསལ་བའི་སྟེང་གི་མཁར། །ཡིད་འོང་རབ་མཛེས་ལྷ་བུ་སྟོང་ཁྲག་ཁྲིག །མང་པོ་ཡིད་བཞིན་ནོར་དང་རིན་ཆེན་བུམ། །འཛིན་པས་ཁྲུས་གསོལ་ཤིས་བརྗོད་མགྲིན་གཅིག་ཏུ། །བུ་ཁྱོད་ཀྱིས་ནི་འདོད་པའི་དོན་མ་ལུས། །འགྲུབ་པར་གྱུར་ཅིག་ཨ་བྷི་ཥེ་ཀ་ཏ། །སྲུང་དབུས་བཾ་ཡིག་ཡོངས་སུ་གྱུར་པ་ལས། །སེང་གེ་བརྒྱད་བསྣོལ་སྣ་ཚོགས་རིན་ཆེན་ཁྲི། །ཡངས་ཤིང་རྒྱ་ཆེ་པདྨ་ཉི་ཟླའི་སྟེང་། །རང་ཉིད་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ། །མཚན་དཔེ་ཡོངས་རྫོགས་རྡོ་རྗེའི་སྐྱིལ་མོ་ཀྲུང་། །གཡས་གཡོན་མཆོག་སྦྱིན་མཉམ་གཞག་ཕྱག་རྒྱ་ཅན། །གཙུག་ཏོར་ཡིད་བཞིན་ནོར་བུ་དབང་གི་རྒྱལ། །ཕ་རོལ་ཕྱིན་མའི་ངོ་བོ་བཙོ་མའི་མདངས། །སྣང་ལ་རང་བཞིན་འཛིན་མེད་གསལ་བའི་གཡས། །བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས། །གཡོན་དུ་ཤེས་རབ་མཆོག་གྱུར་ཤ་རཱིའི་བུ། །གཉིས་ཀ་པུས་གཙུགས་ཐལ་སྦྱར་མངོན་པར་འདུད། །བ་སྤུའི་བུ་ག་རྩིབས་སྟོང་འཁོར་ལོའི་ནང་། །ཐམས་ཅད་ཀུན་ཏུ་ཟླ་བའི་དཀྱིལ་འཁོར་གྱི། །གདན་ལ་རང་འདྲའི་སྟོན་པ་གཟི་མདངས་ཅན། །མང་པོས་གཏམས་ཤིང་གང་གྱུར་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་གནས་ཨོཾ་ཨཱཿཧཱུྃ་གིས་མཚན། །འབྲུ་གསུམ་རྣམས་ལས་འོད་འཕྲོས་ཆོས་ཀྱི་དབྱིངས། །རང་བཞིན་རྣམ་པར་དག་པའི་ཞིང་ཁམས་དང་། །རྡོ་རྗེ་གདན་ནས་དུས་གསུམ་འགྲོ་བའི་མགོན། །ཕྱོགས་དུས་རྒྱལ་བ་མ་ལུས་འདིར་གཤེགས་ཤིག །ཨོཾ། འོག་མིན་རྣམ་པར་སྣང་མཛད་གངས་ཆེན་མཚོ། །ཕྲ་རབ་རྡུལ་སྙེད་བརྩེགས་པའི་ཞིང་གིས་བརྒྱན། །ཞིང་དང་རྣམ་པར་རབ་འཕྲོས་གང་འདུལ་སྐུ། །བསྐལ་བཟང་འདྲེན་པ་མཆོག་རྣམས་སྤྱན་འདྲེན་གཤེགས། །འཕགས་པའི་ཡུལ་དབུས་རྡོ་རྗེ་གདན་གྱི་སྤོར། །བདུད་ཀྱི་དཔུང་འཇོམས་བྱང་ཆུབ་ཤིང་ཆེན་ལ། །སྟོབས་བཅུའི་དབང་ཕྱུག་ཆེན་པོས་བྱིན་གྱིས་བརླབས། །ཡེ་ཤེས་རྒྱལ་བ་མ་ལུས་བདག་ལ་ཐིམ། །རང་ཉིད་ཐུབ་པའི་སྐུ་ལ་རྡོ་རྗེའི་གོ །བཞུ་བླུགས་ལྟར་བསྒོམ་བར་མཚམས་མེད་པར་གཏམས། །སྙིང་ཁར་གསེར་གྱི་རྡོ་རྗེ་རྩེ་ལྔ་པ། །གྱེན་དུ་ལངས་པའི་ལྟེ་བར་ཀུན་ནས་རྩིབས། །བཞི་པའི་དབུས་སུ་རང་གི་རིག་པ་བཾ། །གསེར་མདོག་རྩིབས་གཡས་ཕ་སོགས་བསྲུང་བྱ་ཕོ། །དེ་བཞིན་གཡོན་དུ་མ་སོགས་མོ་རིགས་ཏེ། །བླ་མ་སྟེང་དང་བུ་སྤུན་ཆུང་མ་མདུན། །རྒྱབ་ཏུ་འཁོར་གཡོག་འོག་ཏུ་ནོར་ཕྱུགས་སོགས། །བསྲུང་བྱ་ཐམས་ཅད་རྣམ་པར་གསལ་བར་གྱུར། །དབུས་ཀྱི་བཾ་ལས་རང་སྒྲ་ཞིག་བྱུང་བས། །མདུན་གྱི་ནམ་མཁར་བསྐལ་བཟང་སངས་རྒྱས་སྟོང་། །གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་འཆིབ། །ཕྱག་གིས་རིན་ཆེན་སྣ་ལྔའི་མེ་ཏོག་འཐོར། །ཐམས་ཅད་བདག་ལ་བཀྲ་ཤིས་བརྗོད་ཚིག་ཏུ། །རིགས་ཀྱི་བུ་ཁྱོད་སྲ་བ་དང་བརྟན་པའི། །འདོད་དོན་ཐམས་ཅད་ད་ལྟ་འགྲུབ་གྱུར་ཅིག །བདེན་པས་བྱིན་བརླབས་སྐད་ཅིག་དེ་ཉིད་ལ། །བསྲུང་བྱ་ཐམས་ཅད་བཾ་གྱི་རང་བཞིན་ཏེ། །གསེར་མདོག་འོད་ཀྱི་རྣམ་པར་གསལ་བ་ལ། །ངོ་བོ་མི་དམིགས་ཆོས་ཀྱི་དབྱིངས་གསལ་སྟོང་། །མཐའ་བྲལ་དོན་དམ་ཆོས་ཉིད་རོལ་པ་ཆེ། །མཉམ་པ་ཉིད་དུ་རྩོལ་བ་མེད་པར་གཞག །ཤེར་སྙིང་མདོ་དངོས་ལྔ་འམ་བདུན་བརྗོད་རྗེས། །སྤྱི་ལས་ཁྱད་པར་སྲུང་བའི་ཤམ་བུ་ཅན། །བརྒྱ་ཛཔ྄་བགྲང་བྱ་འདི་སྟེང་ངག་བཅད་དུ། །བྱང་ཆུབ་ཚིག་མཐར་མ་མ་ས་པ་རི། །ཝཱ་ར་རཀྵཾ་ཀུ་རུ་སྭཱ་ཧཱ་ཞེས། སྙིང་པོ་བཟླས་པའི་འོད་ཟེར་སྡང་བྱེད་དགྲ། །རྦོད་གཏོང་བྱད་མ་བན་སྔགས་མུ་སྟེགས་བོན། །གནོད་བྱེད་རྦད་འདྲེ་ཐམས་ཅད་ལ་ཕོག་པས། །ཞི་བ་བྱང་ཆུབ་སེམས་ཀྱི་བདུད་རྩིར་ཞུ། །ཚུར་འདུས་རང་ཉིད་ཐུབ་པའི་དབུའི་གཙུག་ཏོར། །ཉིད་ལ་ཐིམ་པས་ལུས་སྟོབས་རྒྱས་པར་གྱུར། །ཐུན་མཐར། སྨྲ་བསམ་བརྗོད་མེད་སོགས་ཀྱིས་བསྟོད་རྗེས། ཕྱག་འཚལ་བ་ནས། བྱང་ཆུབ་ཆེན་པོར་བསྔོ། །བུདྡྷ་བོ་དྷི་སཏྭ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དེ་བཞིན་དུ་ཤབྡའི་བར་དང་། མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོས་རྒྱལ་བ་སྲས་བཅས་མཆོད། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་བ་ལ་བརྟེན་ནས་བདག་གི་བདེན་པའི་ཚིག་འགྲུབ་པར་གྱུར་ཅིག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བཟུང་ནས་ཚིག་ཁ་ཏོན་དུ་བརྗོད་པས་བདུད་སྡིག་ཅན་ལ་སོགས་པའི་གནོད་བྱེད་ངན་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་ལ་ཟློག་པར་གྱུར་ཅིག །ཞི་བར་གྱུར་ཅིག །ཕྱགས་པར་གྱུར་ཅིག །སྟོང་པར་གྱུར་ཅིག་སྭཱ་ཧཱ། སླར་ཡང་མདོ་ལན་གསུམ་འདོན་བསྔོ་བ་དང་། སྨོན་ལམ་བཀྲ་ཤིས་དག་གིས་མཐའ་རྟེན་ནོ། །སྲུང་བའི་འཁོར་ལོའི་མན་ངག་ཞལ་ཤེས་ཀྱིས། །མངོན་པར་བརྒྱན་བྱས་ཤིན་ཏུ་ཟབ་གནད་འདི། །བཀའ་གཏེར་ཟུང་འཇུག་དགོངས་དོན་ངག་འདོན་ཁྲིགས། །རིག་སྔགས་འཆང་བ་དབང་པོའི་སྡེ་ཡིས་བཀོད།། །། ༄༅། །བཀའ་གཏེར་ཟུང་འཇུག་ཆོས་སྐུ་འོད་འབར་མའི་ཁྲིགས་ཆགས་བདུད་ལས་རྣམ་རྒྱལ་བཞུགས་སོ། །ན་མཿཤཱཀྱ་མུ་ན་ཡེ། སྟོབས་བཅུའི་བདག་ཉིད་སྟོན་པ་རྫོགས་སངས་རྒྱས། །ཕ་རོལ་ཕྱིན་གསུང་བསྟན་པ་དམ་པའི་ཆོས། །རིག་གྲོལ་གཉིས་ལྡན་འཕགས་མཆོག་དགེ་འདུན་ཏེ། །བསླུ་མེད་སྐྱབས་མཆོག་གསུམ་ལ་ཕྱག་བགྱི་འོ། །ཐུབ་བསྟན་རིན་ཆེན་བསྲུང་བའི་ཕྱིར། །ཡུམ་ཆེན་ཕ་རོལ་ཕྱིན་མ་ལ། །བསྟེན་ནས་སྲུང་ཟློག་གསད་པའི་ལས། །བཀའ་གཏེར་ཟུང་འཇུག་དགོངས་དོན་འབྲི། །དེ་ལ་འདིར་བཀའ་གཏེར་ཟུང་འཇུག་གི་གདམས་པ་ཆོས་སྐུ་འོད་འབར་མ་ཞེས་བྱ་བ་ཐུབ་བསྟན་སྲུང་བའི་ལྕགས་རི་འདི་ལ་དོན་གསུམ་སྟེ། འཁོར་ལོ་ལ་བརྟེན་ནས་སྲུང་བ་དང་། སྔགས་ཀྱི་བཟླས་བརྗོད་ལ་བརྟེན་ནས་རྦོད་གཏོང་ཟློག་པ་དང་། ལིང་གའི་སྦྱོར་བ་ལ་བརྟེན་ནས་བྱད་མ་གསད་པ་དང་གསུམ་མོ། །དང་པོ་འཁོར་ལོ་ལ་བརྟེན་ནས་སྲུང་བ་ནི། གནས་ཁང་ཕྱག་བདར་བྱ། ཐུབ་དབང་འཁོར་བཅས་དང་ཡུམ་ཆེན་མོ་སོགས་ཀྱི་བྲིས་འབུར་རབ་གནས་ཅན་གྱི་མདུན་དུ་ཉེར་སྤྱོད་ལྔ་སོགས་མཆོད་པ་རྒྱ་ཆེར་བཤམ། སྒྲུབ་པ་པོ་དགེ་སློང་ཡིན་ན་ཆོས་གོས་གསུམ་དང་ལྡན་པས་སྟན་ལ་འདུག་སྟེ་སྐྱབས་སེམས་ཀྱི་དོན་དུ་སངས་རྒྱས་ཆོས་ཚོགས་མ་ལན་གསུམ་དང་། སྭ་བྷཱ་ཝའི་སྔགས་ཚར་གཅིག་བརྗོད་ལ། སྣང་སྲིད་སྣོད་བཅུད་དངོས་འཛིན་བདག་མེད་ངང་། །ཞེས་པ་ནས། མཉམ་པ་ཉིད་དུ་རྩོལ་བ་མེད་པར་གཞག །ཅེས་པའི་བར་ཆོས་རྒྱལ་དབང་པོའི་སྡེས་མཛད་པའི་བདག་ཉིད་སྲུང་བའི་རྣལ་འབྱོར་ལྟར་བྱས་ལ། ཤེས་རབ་སྙིང་པོའི་མདོ་རབ་ཚར་བདུན། འབྲིང་ལྔ། ཐ་མའང་གསུམ་འདོན། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་མ་མ་ས་པ་རི་ཝཱ་ར་རཀྵཾ་ཀུ་རུ་སྭཱ་ཧཱ། བརྒྱ་རྩ་ངག་བཅད་ལ་བཟླ་བའི་ཚེ་དམིགས་པ་ནི། སྙིང་པོ་བཟླས་པའི་འོད་ཟེར་སྡང་བྱེད་དགྲ། །ཞེས་པ་ནས། ཉིད་ལ་ཐིམ་པས་ལུས་སྟོབས་རྒྱས་པར་གྱུར། །ཅེས་པའི་བར་བརྗོད་ཅིང་བསྒོམ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟོད། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་རྒྱས་པའམ་བསྡུ་ན། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །ཞེས་སོགས་ཤོ་ལོ་ཀ་གཅིག་དང་། མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོས་རྒྱལ་བ་སྲས་བཅས་མཆོད། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་པ་ནས། སྟོང་པར་གྱུར་ཅིག་སྭཱ་ཧཱའི་བར་བརྗོད། སླར་ཡང་ཤེས་རབ་སྙིང་པོ་ཚར་གསུམ་བཏོན་པའི་མཐར། རྫོགས་རིམ་ནི། གུར་ཁང་ཐམས་ཅད་རང་ལ་ཐིམ། རང་སྤྱི་བོའི་གཙུག་ཏོར་གྱི་ནོར་བུ་ལ་ཐིམ། དེ་ཐིག་ལེར་གྱུར་ནས་སྟོང་སང་གིས་སོང་བར་བསམ་ལ། དམིགས་མེད་སྤྲོས་བྲལ་གྱི་ངང་ལ་བློ་བཞག་ཅིང་བསྔོ་སྨོན་བཀྲ་ཤིས་བྱའོ། །དེ་ལྟར་ཐུན་བཞིར་གཅད་ཅིང་ཁྱད་པར་དགོང་ཐུན་གྱི་སྐབས་སུ་ཉི་མ་རྒྱང་གིས་སོང་བ་ནས་མུན་མ་རུབ་ཀྱི་བར་དུ་ཤེས་རབ་སྙིང་པོ་ཅི་ཐོན་བྱས་ལ། མཐར་བདག་ཉིད་བླ་གོས་ཕྲག་པར་གཟར་ཏེ་ཕྱག་གཡས་ཉི་མ་དང་གཡོན་ཟླ་བའི་དཀྱིལ་འཁོར་བསམ་ལ་བདེན་བརྗོད་ཀྱི་མཐར་ཐལ་མོ་བརྡབས་པས། འཁོར་དགྲ་བཅོམ་པ་ལྔ་བརྒྱའི་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་ཆོས་གོས་ངུར་སྨྲིག་ཕྱོགས་གཅིག་ཏུ་བརྡབས་པས་བར་གཅོད་དགྲ་བགེགས་ཐམས་ཅད་ཞི་བར་བསམ་མོ། །སྲུང་ཟློག་ཐུན་མོང་དུ་འགྲོ་བའི་གནད་དོ། །སྲུང་འཁོར་དཔེ་རིས་ལྟར་གུར་གུམ་དང་གི་ཝཾ་གིས་བྲིས་ལ། སངས་རྒྱས་སྟོང་རྩ་གཉིས་བསྐྱེད་བསྟིམ་དང་རབ་གནས་སྤྱི་ལྟར་བྱས་ལ་གང་བསྲུང་བ་ལ་གདགས་སོ། །སྲུང་བའི་རྟགས་སུ་རབ་གསུང་རབ་ཀློག་པ། མེ་ཏོག་འཐུ་བ། ལུས་ནམ་མཁའ་ལ་ཡལ་བ་རྣམས་དང་། མཁར་དུ་ཞུགས་པ་འབྲིང་། གོ་ཆ་གྱོན་པ་ཐ་མ་རྣམས་སུ་བཤད་དོ།། ༈ །།གཉིས་པ་སྔགས་ཀྱི་བཟླས་བརྗོད་ལ་བརྟེན་ནས་རྦོད་གཏོང་ཟློག་པའི་ཡང་ཟློག་ནག་པོ་དུག་གི་སྤུ་གྲི་ཞེས་བྱ་བའི་ཟློག་གསད་ཐུན་མོང་ལ། བྱད་མའི་ལིངྒ་ལྕེས་བྲང་ཁེབས་པ་འཁོར་ལོ་རྩིབས་དྲུག་བཾ་གྱིས་མཚན་པ་སོགས་དཔེ་རིས་ལྟར་བྲིས་པ་བྲུབ་ཁུང་ནང་དུ་བཅུག་པ་དང་ཡུངས་ནག་གི་ཐུན་སོགས་སྟ་གོན་བྱ། དམིགས་པ་ངག་འདོན་ཚིགས་བཅད་དུ་བསྡེབས་པ་ནི། སྐྱབས་སེམས་སྲུང་འཁོར་གོང་ལྟར་མདོར་བསྡུས་སྔོན་དུ་འགྲོ་བས། སྟོང་པའི་ངང་ལས་རང་ཉིད་ཐུབ་པའི་དབང་། །སྐུ་མདོག་རྒྱ་སོལ་ལྟ་བུ་ཆེར་གནག་པ། །དར་ནག་ཆོས་གོས་རྣམ་གསུམ་སྐུ་ལ་གསོལ། །ཕྱག་གཡས་བདུད་འདུལ་ས་གནོན་ཕྱག་རྒྱ་མཛད། །གཡོན་པས་མཉམ་གཞག་སྟེང་ན་ལྷུང་བཟེད་ནང་། །དགྲ་བོ་ལྷ་སྲུང་བཅས་པ་བཅུག་པའི་ཁ། །གནམ་ལྕགས་རྡོ་རྗེ་རྒྱ་གྲམ་གྱིས་བཅད་དེ། །ནམ་ཡང་ཐར་བའི་དུས་སྐབས་མེད་པར་གྱུར། །མདུན་དུ་ཆོས་འབྱུང་ཟུར་གསུམ་འབར་བའི་ནང་། །ནྲྀ་ལས་བྱད་མ་མདོག་སྔོ་ལུས་རིད་པ། །ལྕེ་ཡིས་བྲང་ཁེབས་སྟེང་དུ་གནམ་ལྕགས་ཀྱི། །འཁོར་ལོ་རྩིབས་དྲུག་བཾ་གྱིས་མཚན་པའི་དབུས། །གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱིས་མནན་པས། །འགུལ་ཞིང་བསྐྱོད་པར་མི་ནུས་གྱུར་པ་ལ། །རྣམ་ཤེས་བཀུག་བཅིངས་བསྡམས་ཤིང་མྱོས་པར་བྱས། །ལུས་ངག་ཡིད་གསུམ་ནུས་སྟོབས་མེད་པར་གྱུར། །འོག་ན་ཡོད་པ་ལྟར་དགུག་གཞུག་ཡིད་ཆེས་པ་ཁ་ཡར་བྱས། བཾ་སྟོང་ཕྲག་གསུམ་བཟླས་པ་ཡུངས་ནག་ལ་སྔགས་ཤིང་ལིངྒ་ལ་བྲབ། ཤེར་སྙིང་ཚར་ལྔ་ལ་སོགས་པ་བཏོན་པའི་མཐར། འཁོར་ལོ་རྩིབས་དྲུག་རབ་འབར་སྤུ་གྲི་ལྟར། །འཁོར་བས་ལུས་པོ་རྡུལ་ཕྲན་ལྟར་གཏུབས་ཤིང་། །ལྷག་མ་འབར་བའི་མེ་ལྕེ་རླུང་གིས་གཏོར། །ལུས་སེམས་བེམ་རིག་རྟེན་དང་ཕྲལ་བར་གྱུར། །རྩིབས་སྟེང་བཾ་ཡིག་ལས་བྱུང་ཆུ་བསིལ་གྱིས། །སྡིག་སྒྲིབ་ཀུན་བྱང་རྣམ་ཤེས་ཨ་དཀར་པོའི། །རྣམ་པར་གྱུར་ཏེ་རང་གི་མཛོད་སྤུར་ཐིམ། །བདེ་ཆེན་ཆོས་ཀྱི་དབྱིངས་སུ་དབྱེར་མེད་གྱུར། །ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷིི་གནོད་བྱེད་བྱད་མ་ལ་བྷྱོཿཛཿ ཀཱ་ཡ་ཝཱ་ཀ་ཙིཏྟ་སཏྭཾ་བྷ་ཡ་ནན་ཟློག །ཨོཾ་ཟློག །ཨཱཿཟློག །ཧཱུྃ་ཟློག་སྭཱ་ཧཱ། ཞེས་པའི་སྔགས་མང་དུ་བཟླ་ཞིང་དམིགས་པ་བྱ། ཐུན་བསྡུ་བའི་ཚེ། རང་གི་ལག་གཡས་ཉི་དཀྱིལ་མེ་འབར་བ། །ལག་གཡོན་ཟླ་དཀྱིལ་ཆུ་བསིལ་རྒྱུན་འབབ་པའི། །ཐལ་མོ་བརྡབས་པའི་བར་དུ་བྱད་མ་རྣམས། །ཚྭ་གྲང་འཐབ་པས་རྡུལ་བཞིན་བརླག་པར་གྱུར། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་པ་ནས་ཚིག་ཁ་ཏོན་དུ་བརྗོད་པས་བར་སྲུང་བ་ལྟར་ལ། བདུད་སྡིག་ཅན་དང་གནོད་བྱེད་དགྲ་བགེགས་རྦོད་གཏོང་མཁན་བྱད་མའི་ཤ་རུས་ཁྲག་རྩ་ལ་ནུར་ནུར་ཟློགས། ཞེས་ཐལ་མོ་ལན་གསུམ་རྡེབ་ཅིང་བདེན་སྟོབས་བརྗོད་པར་བྱའོ། །མཐར་ཤེར་སྙིང་ཉེར་གཅིག་གམ་ཅི་རིགས་བཏོན་ལ་མི་དམིགས་པར་བཞག །ཁྱད་པར་དགོང་ཐུན་གྱི་མཇུག་ཉི་མའི་གྲིབ་སོ་རྒྱང་བྱུང་བ་ན་ཉི་མ་ལ་རྒྱབ་བསྟན་ནས་བྱ་དགོས་པར་བཤད། དེ་ལྟར་ཐུན་བཞིར་གཅད་དེ་སྒོམ་བཟླས་བྱས་པས་རྟགས་སུ་གཡུལ་ལས་རྒྱལ་བ། ནམ་མཁར་སྔགས་ཀྱི་སྒྲ་སྒྲོག་པ། ཤགས་རྒྱལ་བ། གཞན་གྱིས་རང་ལ་ཕྱག་འཚལ་བ། སེར་བ་བསྒྱུར་པ་ལ་སོགས་པ་འབྱུང་བར་བཤད། རྟགས་རྫོགས་ནས་གོང་གི་ལིངྒ་བྲ་བོ་ནག་པོའི་སོག་མའི་མེ་ལ་བསྲེགས་པའི་ཐལ་བ་དེ་གཡག་རོག་པོའི་ལྕི་བ་དང་བསྲེས་པ་ལ་ལིངྒ་བཅས་ཏེ་གཙུག་ལག་ཁང་གི་ཐེམ་འོག་ཏུ་མནན་ནོ།། ༈ །།གསུམ་པ་ལིངྒའི་སྦྱོར་བ་ལ་བརྟེན་ནས་བྱད་མ་གསད་པ་ནི། ཐུབ་བསྟན་སེར་ཆགས་ཀྱིས་འཛིན་པས་དམ་ལོག་རང་གཤེད་ཀྱི་རྫས་རས་སེར་པོ་ལ་ལིངྒ་ལྕེ་ཕྱུངས་པ་སོགས་དཔེ་བྲིས་ལྟར་བྲིས་ནས་གནས་ཡིག་སྤྱི་ལྟར་བྲིས་པ་ཟན་དྲིལ་གྱིས་ཕྱིས་ཤིང་འབྱུང་བ་ལྔས་སྦྱོང་བ་སྤྱི་འགྲོའི་ལག་ལེན་ལྟར་བྱ། དམིགས་གསལ་ཡོད་ན་དྲི་མ་དྲུག་གམ་ཟག་རྫས་གང་འབྱོར་དང་། རང་གཤེད་ཀྱི་རྫས་བནྡེ་ཁྲིམས་ཉམས་དང་སྔགས་པ་དམ་བྲལ་གྱི་བྲུན། །ལྷྭམ་འབོག །གུ་གུལ། རོ་སྐྲ། གྲི་ཚིལ་དུག་ཁྲག་གིས་བྱུགས་པ། བག་ཟན་ལ་ཟག་རྫས་བསྲེས་ཏེ་ཉ་བོ་སྐྱེ་མཆེད་དོད་པའི་ཁོང་དུ་བཅུག །བྲུབ་ཁུང་དུ་གན་རྐྱལ་དུ་བཞག་པ་ལ་སྙིང་གར་ཟངས་ཁབ་བཙུགས་ཏེ་བཞག །བྲུབ་ཁུང་གི་ཟུར་གསུམ་དུ་ལིངྒ་མིང་རུས་ཅན་རེ་ཡང་བཅུག །སྐྱེར་ཚེར་གྱི་སྡོང་པོ་ཡལ་འདབ་འབྲས་བུ་དང་བཅས་པ་ལ་ག་ཏེའི་སྔགས་བྲིས་པ་བཏགས་པ་དང་། གཞན་ཡང་སྣོད་གཅིག་ཏུ་མི་མང་པོ་བསད་པའི་ཕུང་ཤུལ་གྱི་རྡོ་ནག་གམ། རི་རུལ་གྱི་རྡོ་ནག་གམ། འཕྲལ་དུ་བསད་ཤུལ་གྱི་རྡོ་ནག་གམ། མ་འབྱོར་ན་རོ་བསྲེགས་ཤུལ་གྱི་རྡོ་ནག་གི་ཕྱེ་མ་དང་། འཁར་གསིལ། གདིང་བ་སོགས་ཀྱང་བཤམ། ངག་འདོན་ནི། སྤྱི་ལྟར་གསེར་སྐྱེམས་གཟུ་དཔང་སོགས་ཀྱང་བྱ། སྲུང་ཟློག་བསྡུས་པ་སྔོན་དུ་འགྲོ་བས་འདི་སྐད་དོ། །སྐད་ཅིག་བདག་ཉིད་བཅོམ་ལྡན་ཤཱཀྱ་ཐུབ། །སྐུ་མདོག་ཆེར་གནག་རབ་ཁྲོས་ཞལ་གདངས་ཤིང་། །མཆེ་བ་རབ་གཙིགས་ཕྱག་གཡས་དར་ནག་གི །གདིང་བ་གཡབ་ཅིང་ཕྱག་གཡོན་འཁར་གསིལ་བསྣམས། །སྟོང་གསུམ་དུག་གི་བཅུད་རྣམས་གདིང་བར་བསྡུས། །འཁར་གསིལ་ལྕགས་ངར་རྣོན་པོས་ལིངྒའི་སྙིང་། །རབ་བསྣུན་བ་སྤུའི་བུ་ག་ཐམས་ཅད་ཀྱང་། །རང་འདྲའི་ཐུབ་ནག་ཆུང་ངུས་རབ་གང་བ། །དེ་དག་རྣམས་ལས་ལྕགས་ཀྱུ་ཞགས་པ་དང་། །ལྕགས་སྒྲོག་དྲིལ་བུའི་ཚོགས་སྤྲོས་བྱད་མ་རྣམས། །མདུན་གྱི་ཆོས་འབྱུང་གྲུ་གསུམ་འབར་བའི་ནང་། །འགུགས་འཆིང་སྡོམ་མྱོས་ཕྲིན་ལས་མཛད་པར་གྱུར། དགུག་གཞུག་ནི། ན་མོ། རྩ་བརྒྱུད་བླ་མ་སངས་རྒྱས་དམ་པའི་ཆོས། །འཕགས་པའི་དགེ་འདུན་ཞི་ཁྲོ་ཡི་དམ་ལྷ། །ཆོས་སྲུང་དམ་ཅན་རྒྱ་མཚོའི་བདེན་པ་དང་། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་ནུས་མཐུ་ཡིས། །སངས་རྒྱས་བསྟན་དགྲ་བླ་མའི་སྐུ་དགྲ་དང་། ཁྱད་པར་མཐུ་བྱེད་བྱད་མ་བན་སྔགས་བོན། །མདོ་སྒྲུབ་མཐུ་བྱད་གཏོང་བ་མ་ལུས་པ། །སྐྱོབ་བྱེད་སྲུང་མར་བཅས་པ་ཐམས་ཅད་ཀུན། །སྟེང་འོག་ཕྱོགས་མཚམས་སྲིད་གསུམ་གར་གནས་ཀྱང་། །དམིགས་རྟེན་གཟུགས་ལིང་བཀོད་པ་འདི་ཉིད་ལ། ཁུག་ཅིག་ཕོབ་ཅིག་ཆིངས་ཤིག་རབ་ཏུ་སྡོམས། །མྱོས་པར་གྱིས་ལ་དབྱེར་མེད་གཅིག་ཏུ་གྱུར། བཛྲ་ཨཾ་གུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜེ་ཧོཿ པྲ་བེ་ཤ་ཡ་ཕཊ། ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་དགུག་བསྟིམ་ལན་མང་དུ་བྱ། ཁུག་རྟགས་བྱུང་ན་ལྷ་དབྱེ་བྱ་བ་ནི། རང་གི་རྒྱབ་ཏུ་ཤེར་ཕྱིན་སོགས་ཀྱི་གླེགས་བམ་ཁུར། ཨམ་ཕྲག་ཏུ་ཐུབ་དབང་དང་རིགས་ལྔ་སོགས་ཀྱི་སྐུ་བཅུག་སྟེ། ཕྱག་བྱ་ཞིང་འདི་སྐད་དོ། །ཕྱོགས་བཅུ་དུས་གསུམ་བདེ་བར་གཤེགས་པ་དང་། །བདག་གིས་བསྒྲལ་ཞིང་རྣམས་ལ་ཕྱག་བྱས་པས། ཁ་རྗེ་དབང་ཐང་ཚེ་དང་བསོད་ནམས་ཀུན། །གཏན་ཉམས་སྐྱོབ་བྱེད་ཀུན་ཀྱང་སྙིང་གས་ཏེ། །ལ་ལ་བརྒྱལ་ཞིང་ལ་ལ་ཕ་མཐར་བྲོས། །སྐྱབས་བྲལ་གྱུར་པའི་ལྕེ་སྟེང་བཾ་ཡིག་དྲུག །གནམ་ལྕགས་མཆོད་རྟེན་དྲུག་གྱུར་དེས་མནན་པས། །ལྗིད་ཀྱིས་རབ་ནོན་མིག་སྔོ་ཧྲིག་གེར་གྱུར། །ཞེས་བརྗོད་ཅིང་ཕྱག་གསུམ་བྱ། གོང་གི་རང་གཤེད་ཀྱི་རྫས་རྣམས་ཀྱི་དུད་པས་བདུག་གོ །ཨོཾ་ན་མོ་བུདྡྷ་ཡ། དྷརྨཱ་ཡ། སཾ་གྷཱ་ཡ། བོ་དྷི་སཏྭཱ་ཡ། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། ཧང་ཁྲ་ཏད་ཁྲ། ཁ་རཾ་ཀྲེ། ཙ་རི་ཀྲེ། ཀུ་རུ་དུ་རུ། ཙིཏྟ་བཾ། མཱ་ར་མཱ་ར། ཆེ་གེ་མོའི་ཙིཏྟ་ཡ། ཧ་ར་ཧ་ར། ཞེས་མང་དུ་བཟླ་ཞིང་། སྐྱེར་ཚེར། རྡོ་ཐུན། གདིང་བ། འཁར་གསིལ་རྣམས་ལ་སྔགས། ཞག་གསུམ་ཙམ་ནས་སྲོག་ཆགས་ཀྱི་བསད་རྟགས་བྱུང་ནས་ཐུན་རྡེག་པ་ནི། རང་ཉིད་ཐུབ་ནག་གསལ་བའི་ཐུགས་ཀ་ནས། །སྤྲུལ་པ་ལྷ་ཡི་ཐུབ་པ་དུད་ཁའི་མདོག །གླང་ཆེན་ས་སྲུང་ལ་འཆིབས་གཡས་སྤུ་གྲི། །གཡོན་པ་ཐོད་ཁྲག་ཐོགས་པ་རབ་འཕྲོས་ཏེ། །བསྒྲལ་བྱའི་བཤང་ལམ་ནས་ཞུགས་ཤ་རྣམས་ཟོས། ཁྲག་འཐུང་འབྱུང་བ་བཞི་ཡི་ལུས་རྟེན་ཕྲལ། །རྣམ་ཤེས་ཨ་དཀར་རྣམ་པས་སྤྱི་བོར་ཐོན། །མདུན་མཁར་སངས་རྒྱས་སྟོང་རྩའི་ཐུགས་ཀར་ཐིམ། །ཞེས་བརྗོད་ལ་སྔགས་དྲག་ཏུ་བཟླས་ཏེ་སྐྱེར་ཚེར་དང་རྡོ་ཐུན་གྱིས་བྲབ། མཁར་གསིལ་བསྣུན། གདིང་བ་བརྡབ་བོ། །གོང་གི་ཟངས་ཁབ་དེ་གསོད་པར་འདོད་ན་མས་ནས་ཡར་སྤྱི་བོར་འདོན། སླར་བཤགས་པ་ལེན་པ་སོགས་བབས་ལེན་པར་འདོད་ན་ཡས་ནས་མར་འདོན་པར་བཤད་པ་སྐབས་དང་སྦྱར་དགོས། དེ་ནས་རང་གི་གོས་མགོ་མཇུག་ལྡོག་སྟེ་གྱོན། ཤེས་རབ་སྙིང་པོ་ཚར་གསུམ་འདོན་ཅིང་སླར་ཡང་ཐུན་རྫས་དེ་དག་གིས་བསྣུན། དེའི་རྗེས་སུ་ཤེས་རབ་སྙིང་པོ་བརྒྱ་རྩ་ལྟ་བུས་མཚོན་གང་ལྕོགས་འདོན། གསད་པ་ཞག་བདུན་ཙམ་ཐུན་བཞིར་བཅད་དེ་བཟླས་སྒོམ་བྱས་པས་རྟགས། ཤིང་བཅད་པ། མཁར་བསྒྱེལ་བ། རི་བསྙིལ་བ། སེམས་ཅན་བསད་པ། ཤ་ཟོས། ཁྲག་འཐུང་། བཙོན་བཀྱིག་པ་སོགས་བྱུང་བ་དང་། གོང་གི་ལིངྒ་དང་ཉ་བོ་གླང་ཁྱུ་བའི་རྭའམ་ཐོད་པར་བཅུག །བནྡེ་ཁྲིམས་ཉམས་ཀྱི་ཆོས་གོས་ཀྱི་དུམ་བུས་བསྒྲིལ། སྔགས་པ་དམ་ཉམས་ཀྱི་སྐྲ་སྐུད་ཀྱིས་བཅིངས་ནས་ལྷ་ཁང་ཐེམ་འོག་ཏུ་མནན་ནོ། །ཞག་གྲངས་ནི་སྲུང་ཟློག་གསད་གསུམ་ལ་བདུན་ཕྲག་རེ་རེ་སྟེ་བདུན་གསུམ་ཉེར་གཅིག་གིས་འགྲུབ་པར་གསུངས། འདི་ནི་སྤྱིར་ནང་འགྲས་དང་ཁྱད་པར་མུ་སྟེགས་དང་བོན་པོའི་རིགས་ལ་ཤིན་ཏུ་བསྔགས་པར་གསུངས་ཤིང་། གཏེར་མ་ལྷོ་བྲག་ཡང་དབེན་ནས་རི་ཁྲོད་སེང་གེས་གཏེར་ནས་གདན་དྲངས་ཤིང་། བཀའ་མ་ས་སྐྱ་པ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པ་དང་། བཀའ་གཏེར་གཉིས་ཀའི་རྒྱུན་ཡོད་ཅིང་ཁུངས་བཙུན་པར་སྣང་བས་ཟབ་ཅིང་ཡིད་ཆེས་པའི་གནས་སུ་རིགས་པར་བྱའོ། །དེ་ལྟར་ཡུམ་ཆེན་ཆོས་སྐུ་འོད་འབར་མའི། །སྲུང་ཟློག་གསད་པའི་ལག་ལེན་ཁྲིགས་ཆགས་སུ། །བྲིས་འདི་དགེ་སློང་པདྨ་ཕྲིན་ལས་ཀྱིས། །དགེ་སློང་ཕྱག་རྡོར་གསུང་གིས་བསྐུལ་དོན་བཀོད། །དགེ་དེས་སྤྱི་དང་བྱེ་བྲག་བསྟན་པ་ལ། །མ་རུངས་ལོག་པར་འདྲེན་པའི་ཚོགས་བཅོམ་ནས། །ཐུབ་བསྟན་དར་རྒྱས་བརྟན་ཅིང་ཡུན་དུ་གནས། །འགྲོ་ཀུན་བདེ་སྐྱིད་འབྱུང་བའི་བཀྲ་ཤིས་ཤོག། །།
ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ནང་སྒྲུབ་རིག་འཛིན་འདུས་པ་ (Volume 10, Text 1)
འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ནང་སྒྲུབ་རིག་འཛིན་འདུས་པ་བཞུགསཿ བཛྲ་གུ་རུ་བིདྱཱ་དྷཱ་ར་ཡེཿ ནང་སྒྲུབ་རིག་འཛིན་འདུས་པ་ནིཿ དབེན་ཞིང་ཉམས་དགའ་ས་ཕྱོགས་དམརཿ རྩི་ཤིང་ནགས་ཚལ་མེ་ཏོག་རྒྱསཿ བཀྲ་ཤིས་ཡིད་འོང་གནས་མཆོག་དེརཿ དཀྱིལ་འཁོར་མཆོད་པའི་ཡོ་བྱད་དངཿ སྤྱན་གཟིགས་ལ་སོགས་བློ་དང་སྦྱརཿ བདེ་བའི་སྟན་ལ་བག་ཕབ་ནསཿ སྦྱོར་དངོས་རྗེས་གསུམ་ཚང་བ་ཡིཿ རྟེན་འབྲེལ་ཟབ་མོས་ཉམས་སུ་བླངཿ ས་མ་ཡཿ དང་པོ་སྔོན་འགྲོའི་སྦྱོར་བ་ལཿ རྣམ་གྲངས་བདུན་ལས་དང་པོ་ནིཿ མདུན་མཁར་ཚོགས་ཞིང་གསལ་བཏབ་སྟེཿ ཁྱེད་ཤེས་དད་པས་སྐྱབས་སུ་འགྲོཿ ན་མོཿ བདག་དང་མཐའ་ཡས་སེམས་ཅན་ཀུནཿ མཆོག་གསུམ་ངོ་བོ་བླ་མ་དངཿ རིག་འཛིན་རྒྱ་མཚོའི་དཀྱིལ་འཁོར་ལཿ སྙིང་ནས་དད་པས་སྐྱབས་སུ་མཆིཿ ལན་གསུམ་གཉིས་པ་སེམས་བསྐྱེད་ནིཿ ཧོཿ རིག་འཛིན་དཀྱིལ་འཁོར་འདིར་ཞུགས་ནསཿ ཕ་མ་འགྲོ་དྲུག་སེམས་ཅན་ཀུནཿ ཚད་མེད་སྙིང་རྗེས་སྒྲོལ་བའི་ཕྱིརཿ སྨོན་འཇུག་དོན་དམ་བྱང་སེམས་བསྐྱེདཿ ལན་གསུམ་གསུམ་པ་ཚོགས་གསོག་ནིཿ ཧོཿ ཆུ་ལས་ཆུ་བུར་ཇི་བཞིན་དུཿ ཡེ་ཤེས་དབྱིངས་ལས་སྤྲུལ་པའི་ལྷརཿ མངོན་སུམ་རིག་པས་ཕྱག་འཚལ་ལོཿ ཉམས་སྣང་གོང་འཕེལ་མཆོད་པར་འབུལཿ རིག་པ་ཚད་ཕེབས་ངང་དུ་བཤགསཿ ཆོས་ཉིད་ཟད་ལ་རྗེས་ཡི་རངཿ འཕོ་ཆེན་ཀློང་ནས་ཆོས་འཁོར་བསྐོརཿ འཇའ་ལུས་ཆེན་པོར་བཞུགས་གསོལ་འདེབསཿ དགེ་ཚོགས་གཞོན་ནུ་བུམ་སྐུར་བསྔོཿ བཞི་པ་བགེགས་ལ་བཀའ་བསྒོ་བཿ ཧྲཱིཿ སྣོད་བཅུད་སྤྲུལ་པའི་དཀྱིལ་འཁོར་འདིརཿ གླགས་བལྟ་བར་གཅོད་བདུད་ཀྱི་རིགསཿ གཏོར་མ་ལོངས་ལ་གཞན་དུ་དེངསཿ བཀའ་ལས་འདའ་ན་རྡོ་རྗེས་གཞོམཿ ཧཱུྃ་བཞིའི་སྔགས་དང་ཐུན་གྱིས་གཟིརཿ ལྔ་པ་སྲུང་འཁོར་བསྒོམ་པ་ནིཿ ཧྲཱིཿ སྣང་སྲིད་དག་པ་རབ་འབྱམས་ལཿ བགེགས་དང་བར་གཅོད་མིང་ཡང་མེདཿ གློ་བུར་རྣམ་རྟོག་འཁྲུལ་པའི་གདོནཿ ཆོས་དབྱིངས་ངང་དུ་མཚམས་གཅད་དོཿ དྲུག་པ་ཡེ་ཤེས་བྱིན་འབེབ་ནིཿ ཧཱུྃཿ སྤྲོས་བྲལ་ཆོས་སྐུའི་ཕོ་བྲང་ནསཿ དང་པོའི་སངས་རྒྱས་ཀུན་ཏུ་བཟངཿ རིགས་ལྔ་ཡབ་ཡུམ་སྤྲུལ་འཁོར་བཅསཿ དགོངས་བརྒྱུད་བླ་མས་བྱིན་ཆེན་ཕོབཿ སྒྱུ་འཕྲུལ་རྡོ་རྗེའི་ཕོ་བྲང་ནསཿ དགའ་རབ་འཇམ་དཔལ་ཤྲཱི་སིང་སོགསཿ བརྡ་བརྒྱུད་བླ་མས་བྱིན་ཆེན་ཕོབཿ འགྲོ་འདུལ་སྤྲུལ་པའི་ཕོ་བྲང་ནསཿ རིགས་འཛིན་བརྒྱད་དང་པདྨ་འབྱུངཿ རྗེ་འབངས་ཉི་ཤུ་རྩ་ལྔ་སོགསཿ སྙན་བརྒྱུད་བླ་མས་བྱིན་ཆེན་ཕོབཿ དཀྱིལ་འཁོར་འདི་ལ་བཀྲག་ཅིག་ཐོནཿ སྒྲུབ་རྫས་འདི་ལ་ཞག་ཅིག་སྐྱིལཿ ལུས་ངག་ཡིད་ལ་བདེ་ཆེན་སྤོརཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ཨོཾ་ཨཱཿཧཱུྃཿབིདྱཱ་དྷཱ་ར་ཨེ་ཨ་རལླི་ཕཻཾ་ཕཻཾཿ ཧཱུྃ་ཧཱུྃ་ཧཱུྃཿ ཧཱུྃ་ཧཱུྃ་ཧཱུྃཿ ཧཱུྃ་ཧཱུྃ་ཧཱུྃཿ ཞེས་བརྗོད་རོལ་མོ་དྲག་ཏུ་དཀྲོལཿ བདུན་པ་མཆོད་རྫས་བྱིན་རློབ་ནིཿ ཨོཾ་ཨཱཿཧཱུྃཿ སྣང་སྲིད་ཐམས་ཅད་མཆོད་པའི་སྤྲིནཿ ཡེ་ཤེས་བདུད་རྩིར་བྱིན་བརླབས་པསཿ ཕྱི་ནང་གསང་བའི་མཆོད་རྫས་ཀུནཿ ཀུན་བཟང་རྣམ་འཕྲུལ་ཆེན་པོར་གྱུརཿ ཨོཾ་བཛྲ་ཨརྒྷཾ་སོགསཿ སརྦ་པཉྩ་རཀྟ་བ་ལིནྟ་མ་ཧཱ་སུ་ཁ་པཱུ་ཙ་ཨཱཿཧཱུྃཿ ལན་གསུམ་བརྗོད་པས་བྱིན་གྱིས་བརླབཿ གཉིས་པ་དངོས་གཞིར་རྣམ་གྲངས་བདུནཿ དང་པོ་རྟེན་དང་བརྟེན་པར་བཅསཿ སྤྲོས་བྲལ་ངང་ནས་བསྐྱེད་པ་ནིཿ ཧཱུྃཿ མ་བཅོས་རིག་པ་སྟོང་གསལ་ངངཿ ལྷག་མཐོང་སྣང་ཆའི་རྟེན་འབྲེལ་ཀུནཿ ལྷུན་གྲུབ་དག་པ་རབ་འབྱམས་ཀྱིཿ དཀྱིལ་འཁོར་ཆེན་པོར་ལྷུན་རྫོགས་པའིཿ ཕོ་བྲང་གཞལ་མེད་ཉམས་དགའ་བཿ གྲུ་བཞི་སྒོ་བཞི་མཚན་ཉིད་ལྡནཿ བརྡ་དོན་རྟགས་གསུམ་ཡོངས་རྫོགས་པའིཿ ཕྱི་ནང་ཟང་ཐལ་ཆེན་པོའི་དབུསཿ སྣ་ཚོགས་པདྨ་ཉི་ཟླའི་སྟེངཿ ཧཱུྃ་ལས་སྐད་ཅིག་དྲན་རྫོགས་སུཿ བདག་ཉིད་སངས་རྒྱས་ཀུན་གྱི་དངོསཿ སྣང་སྲིད་ཟིལ་གནོན་པདྨ་འབྱུངཿ ཞལ་གཅིག་ཕྱག་གཉིས་དཀར་དམར་མདངསཿ ཐེག་གསུམ་རྫོགས་པའི་བརྡ་རྟགས་སུཿ ཕོད་ཁ་ཆོས་གོས་བེར་འདུང་མནབསཿ ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྡིགསཿ གཡོན་པས་བྷནྡྷ་ཚེ་བུམ་བསྣམསཿ མཆན་ཁུང་གཡོན་ན་ལྷ་ལྕམ་མཛེསཿ དབུ་ལ་པདྨའི་མཉེན་ཞུ་གསོལཿ རྒྱལ་པོ་རོལ་པའི་སྟབས་སུ་འགྱིངསཿ དབུ་གཙུག་འཇའ་ཟེར་ཐིག་ལེའི་ཀློངཿ དགའ་རབ་རྡོ་རྗེ་ལོངས་སྐུའི་ཆསཿ དཀར་གསལ་རྡོར་དྲིལ་ཐུགས་ཀར་བསྣོལཿ དེ་ཡི་དབུ་གཙུག་ཐོག་མའི་མགོནཿ ཀུན་བཟང་ཡབ་ཡུམ་ནམ་མཁའི་མདོགཿ ཕྱི་འཁོར་པདྨ་འདབ་བརྒྱད་སྟེངཿ འོད་ལྔའི་ཐིག་ལེ་ཟླུམ་སྐོར་དབུསཿ དཔལ་ཆེན་གྲུབ་པའི་རིག་འཛིན་བརྒྱདཿ ཀུན་ཀྱང་ཧེ་རུ་ཀ་པའི་ཆསཿ ཕྱག་གཉིས་ཌཱ་རུ་དྲིལ་བུ་འཁྲོལཿ སྟངས་སྟབས་ཕྱག་རྒྱ་གར་གྱིས་རོལཿ ཕྱོགས་བཞི་ཕྱོགས་མདོག་མཚམས་བཞི་མཐིངཿ སྒྲུབ་སྡེ་བརྒྱད་ཀྱི་ངོ་བོར་གསལཿ བར་མཚམས་རྒྱ་བོད་རིག་འཛིན་དངཿ སྤྲུལ་པའི་རྗེ་འབངས་ཉི་ཤུ་ལྔཿ རྣམ་འགྱུར་ཆ་ལུགས་མ་ངེས་ཤིངཿ རྡོ་རྗེའི་གར་སྟབས་ཅིར་ཡང་བསྒྱུརཿ སྟེང་ཕྱོགས་རྒྱུད་སྡེ་བཞི་དྲུག་གིཿ ཡི་དམ་དཔའ་བོ་མཁའ་འགྲོའི་ཚོགསཿ ཏིལ་གྱི་གོང་བུ་ལྟ་བུར་བཞུགསཿ ཕྱི་ཁྱམས་དཔལ་མགོན་བདུན་ཅུ་དངཿ དབང་ཕྱུག་ཉི་ཤུ་རྩ་བརྒྱད་སོགསཿ བཀའ་སྡོད་དམ་ཅན་རླུང་ལྟར་འཚུབསཿ སྒོ་བཞིར་གིང་ཆེན་སྡེ་བཞི་གསལཿ ཀུན་ཀྱང་སྣང་སྟོང་རོལ་པའི་ངངཿ གསལ་ལ་མ་འདྲེས་ལྷུན་གྱིས་གྲུབཿ གནས་གསུམ་ཡི་གེ་གསུམ་གྱིས་མཚནཿ རྡོ་རྗེ་གསུམ་གྱི་ངོ་བོར་གྲུབཿ དེ་ལས་འོད་ཟེར་རབ་འཕྲོས་པསཿ རང་བཞིན་ཆོས་དབྱིངས་གནས་མཆོག་དངཿ ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཞིངཿ གནས་ཡུལ་དུར་ཁྲོད་བརྒྱད་སོགས་དངཿ ཁྱད་པར་རྔ་ཡབ་ལངྐའི་གླིངཿ ཟངས་མདོག་དཔལ་གྱི་རི་བོ་ནསཿ རིག་འཛིན་འདུས་པའི་དཀྱིལ་འཁོར་ལྷཿ སྤྱན་འདྲེན་གནས་འདིར་ས་མཱ་ཛཿ གཉིས་པ་སྤྱན་འདྲེན་སྤོས་རོལ་དངཿ གདུང་བ་དྲག་པོའི་དབྱངས་ཀྱིས་འབོདཿ ཧཱུྃཿ སྔོན་གྱི་བསྐལ་པའི་དང་པོ་ལཿ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམསཿ པདྨ་གེ་སར་སྡོང་པོ་ལཿ ཡ་མཚན་མཆོག་གི་དངོས་གྲུབ་བརྙེསཿ པདྨ་འབྱུང་གནས་ཞེས་སུ་གྲགསཿ འཁོར་དུ་མཁའ་འགྲོ་མང་པོ་དངཿ རིག་འཛིན་གྲུབ་ཐོབ་རྒྱ་མཚོས་བསྐོརཿ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིསཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ གནས་མཆོག་འདི་རུ་བྱིན་ཕོབ་ལཿ སྒྲུབ་མཆོག་བདག་ལ་དབང་བཞི་སྐུརཿ བགེགས་དང་ལོག་འདྲེན་བར་ཆད་སོལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿཛཿ གསུམ་པ་བཞུགས་སུ་གསོལ་བ་ནིཿ ཧཱུྃཿ ཐབས་ཀྱིས་བསྐྱེད་པའི་དཀྱིལ་འཁོར་འདིརཿ ཤེས་རབ་དབྱིངས་ནས་དྲངས་པའི་ལྷཿ རིག་འཛིན་བླ་མའི་དཀྱིལ་འཁོར་རྣམསཿ གཉིས་མེད་ངང་དུ་དགྱེས་པར་བཞུགསཿ བཛྲ་ས་མ་ཡ་ཏིཥྛ་ལྷནཿ བཞི་པ་བརྡ་ཕྱག་འཚལ་བ་ནིཿ ཧཱུྃཿ ལྷ་ཉིད་རང་ལ་རང་ཉིད་ལྷཿ རང་བྱུང་སྤྲུལ་པའི་དཀྱིལ་འཁོར་ལཿ བཟང་ངན་བླང་དོར་མ་མཆིས་ཀྱངཿ རྟེན་འབྲེལ་བརྡ་ཡིས་ཕྱག་འཚལ་ལོཿ ཨི་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ལྔ་པ་མཆོད་པའི་བྱེ་བྲག་ནིཿ ཨོཾ་ཨཱཿཧཱུྃཿ ཕྱི་ནང་སྣོད་བཅུད་མཆོད་པའི་སྤྲིནཿ ཉེར་སྤྱོད་འདོད་ཡོན་སྣ་ལྔ་དངཿ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུནཿ སྨན་གཏོར་རཀྟ་དང་རེ་སྤྲོཿ སྒེག་བཞད་གཡོ་བའི་གར་མ་དངཿ བདེ་ཆེན་སྦྱོར་བའི་རིག་མ་འབུམཿ མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུནཿ ཡེ་ཤེས་དབྱིངས་སུ་རྣམ་དག་པའིཿ མཆོད་པའི་ཕྱག་རྒྱ་ཆེན་པོ་སོགསཿ རིག་འཛིན་འདུས་པའི་ལྷ་ལ་འབུལཿ བཞེས་ནས་དབང་དང་དངོས་གྲུབ་སྩོལཿ ཨོཾ་བཛྲ་ཨརྒྷཾ་ནསཿ རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་ཨཱ་ཧཱུྃཿ སརྦ་པཉྩ་བ་ལིནྟ་རཀྟ་མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་ཨཱཿཧཱུྃཿ དྲུག་པ་བསྟོད་པ་བྱ་བ་ནིཿ ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུཿ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེཿ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུཿ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོདཿ བདེ་བྱེད་བརྩེགས་པར་ཟབ་རྒྱའི་དངོས་གྲུབ་བརྙེསཿ དུར་ཁྲོད་བརྒྱད་དུ་དགོངས་པའི་བཙན་ས་ཟིནཿ རབ་འབྱམས་དཀྱིལ་འཁོར་རྒྱ་མཚོར་མངའ་དབང་བསྒྱུརཿ མཆོག་གི་རིག་འཛིན་བརྒྱད་ལ་ཕྱག་འཚལ་བསྟོདཿ དགོངས་པ་ཀློང་ཆེན་ཡངས་པའི་མཁའ་ལ་འཕྱོཿ རྣམ་འགྱུར་བརྟུལ་ཞུགས་སྤྱོད་པས་འགྲོ་བ་འདྲེནཿ རྨད་བྱུང་རྡོ་རྗེ་སྙིང་པོའི་དགོངས་སྲོག་འཛིནཿ ཐུགས་སྲས་རྗེ་འབངས་ཉེར་ལྔར་ཕྱག་འཚལ་བསྟོདཿ གཞན་ཡང་རིག་འཛིན་སྤྲུལ་པའི་དཀྱིལ་འཁོར་དུཿ དམ་ཚིག་ཐུགས་རྗེས་འཁོད་པའི་རྩ་གསུམ་ལྷཿ ཡེ་ཤེས་དབྱིངས་ལས་སྤྲུལ་པའི་ཕོ་ཉ་བཿ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོདཿ བདུན་པ་འཛབ་དགོངས་གསལ་བ་ནིཿ ཐུགས་ཀར་པདྨ་ཉི་ཟླའི་སྟེངཿ ཧཱུྃ་ཡིག་མཐིང་གའི་མཐའ་སྐོར་དུཿ སྔགས་ཕྲེང་སྤུ་ཤད་ལྟ་བུས་བསྐོརཿ འོད་ཟེར་འཕྲོས་པས་སྣོད་བཅུད་སྦྱངསཿ རྣམ་དག་ལྷ་ཡི་དལ་དུ་བསྒོམཿ མ་འགྲུབ་བར་དུ་མི་གཏང་ངོཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ བསྙེན་པ་ཆུ་བོའི་གཞུང་བཞིན་བསྐྱལཿ རེས་འགའ་ཧཱུྃ་གི་སྣང་གླུ་ལེནཿ ཤེས་པ་གཏད་མེད་ངང་ལ་བཏངཿ རྗེས་ཐོབ་ལུ་གུ་རྒྱུད་ལ་གཟིརཿ འདི་ཉིད་སྒྲུབ་པའི་རྣལ་འབྱོར་ལཿ རིག་འཛིན་རྒྱ་མཚོས་བྱིན་གྱིས་བརླབཿ མ་དང་ཌཱ་ཀིས་ལུང་ཡང་སྟོནཿ ཕྱི་མ་རྔ་ཡབ་དཔལ་གྱི་རིརཿ ཐེ་ཚོམ་མེད་དོ་ས་མ་ཡཿ གབ་བྱང་ལསཿ བསྙེན་པ་འབྲུ་འབུམ་སྔོན་སོང་ནསཿ རིག་འཛིན་སྲོག་སྒྲུབ་སྙིང་པོ་ནིཿ ཐོག་མཐའ་ཨོཾ་དང་ཧཱུྃ་བཞག་ནསཿ བར་ན་བཅུ་གཉིས་གྲོང་མཛེས་པཿ རིག་འཛིན་སྲོག་གི་ཡང་སྙིང་ཡིནཿ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃཿ འབུམ་ཕྲག་བཅུ་གཉིས་དངོས་གྲུབ་ཐོབཿ ཅེས་གསུངས་སོཿ རྗེས་ལ་ཚོགས་ཀྱི་རིམ་པ་ནིཿ སྲིད་པའི་འདོད་ཡོན་མཆོད་པར་བཤམཿ ཁྱད་པར་ཤ་ཆང་མེད་མི་རུངཿ དང་པོ་བྱིན་གྱིས་རློབ་པ་ནིཿ ཧཱུྃཿ བདག་ཉིད་ཐུགས་ལས་རཾ་ཡཾ་ཁཾཿ འཕྲོས་པས་ཚོགས་ཀྱི་ཉེས་སྐྱོན་སྦྱངསཿ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུརཿ འདོད་ཡོན་ནམ་མཁའ་མཉམ་པར་སྤེལཿ རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུྃཿ གཉིས་པ་ཚོགས་ཞིང་སྤྱན་འདྲེན་ནིཿ ཧཱུྃཿ འོག་མིན་བདེ་ཆེན་ཞིང་ཁམས་དངཿ ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་གླིངཿ ཁྱད་པར་རྔ་ཡབ་དཔལ་གྱི་རིཿ གནས་ཡུལ་དུར་ཁྲོད་བརྒྱད་སོགས་ནསཿ རིག་འཛིན་འདུས་པའི་ལྷ་ཚོགས་རྣམསཿ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལཿ དུར་ཁྲོད་ཚོགས་ཁང་ཉམས་རེ་དགའཿ མཁའ་འགྲོའི་འདུ་བ་བག་རེ་དྲོཿ རྣལ་འབྱོར་ཕོ་མོ་དམ་རེ་གཙངཿ འདོད་ཡོན་ཚོགས་མཆོད་མདངས་དང་ལྡནཿ འདིར་གཤེགས་ཚོགས་ལ་བྱིན་ཆེན་ཕོབཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ གསུམ་པ་ཚོགས་ཕུད་འབུལ་བ་ནིཿ ཧཱུྃཿ རྩ་གསུམ་རིག་འཛིན་རྒྱ་མཚོ་དངཿ ཌཱ་ཀི་ཆོས་སྲུང་དམ་ཅན་ལཿ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ག་ཎ་ཙཀྲ་པཱུ་ཙ་ཁཱ་ཧིཿ བཞི་པ་བར་པ་བཤགས་པ་ནིཿ ཧཱུྃཿ བདག་གི་ཚེ་རབས་ཐོག་མེད་ནསཿ གསང་སྔགས་ཐེག་ཆེན་སྒོར་ཞུགས་ཏེཿ རྩ་བ་ཡན་ལག་དམ་ཉམས་པཿ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགསཿ བཛྲ་ས་མ་ཡ་ཨཿ ལྔ་པ་བསྒྲལ་ཞིང་བསྟབ་པ་ནིཿ ཧཱུྃཿ མ་རིག་ལས་ཉོན་གཟུང་འཛིན་གྱིསཿ བསྐྱེད་པའི་བདག་འཛིན་རཱུ་ཏྲ་ཀུནཿ གཟུགས་ལ་ཕོབ་ཅིག་ནྲྀ་ཏྲི་ཛཿ རྣམ་ཤེས་ཆོས་དབྱིངས་ཀློང་དུ་ཕཊཿ གཟུགས་ཕུང་ཚོགས་ཀྱི་འཁོར་ལོར་རོལཿ རཱུ་ཏྲ་སརྦ་ཧ་ལ་པཉྩ་པཱུ་ཙ་ཁཱ་ཧིཿ དྲུག་པ་ལྷག་མ་བསྔོ་བ་ནིཿ ཧཱུྃཿ དཀྱིལ་འཁོར་ཆེན་པོའི་མུ་རན་ལཿ གནས་པའི་དབང་ཕྱུག་གིང་ལངྐཿ ལྷག་མའི་གཏོར་མ་འདི་བཞེས་ལཿ རྣལ་འབྱོར་སྒྲུབ་པའི་བར་ཆད་སྲུངསཿ ཨུཤྩིཾཥྚ་བྷ་ལིངྟ་ཁཱ་ཧིཿ བདུན་པ་ཐུགས་དམ་བསྐུལ་བ་ནིཿ ཧཱུྃཿ བཞེངས་ཤིག་རིག་འཛིན་འདུས་པའི་ལྷཿ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལཿ བྱང་ཆུབ་བསྒྲུབ་པའི་བར་ཆད་ཐུལཿ སྣོད་བཅུད་འབྱུང་བའི་རྒུད་པ་སོལཿ རྩ་རླུང་དབང་ཐང་ཉམས་པ་གསོསཿ སྒྲུབ་པའི་འབྲས་བུ་མཆིས་པར་མཛོདཿ བརྒྱད་པ་ཆད་ཐོ་བྱ་བ་ནིཿ ཧཱུྃཿ སྔོན་ཚེ་འོག་མིན་བདེ་ཆེན་ཞིངཿ ལྷ་གནས་གསུམ་སོགས་ཉམས་དགའ་བརཿ གསང་ཆེན་རྒྱུད་སྡེའི་གནས་བསྟན་ཚེཿ རྡོ་རྗེ་ཐེག་པའི་བཀའ་སྲུང་རྣམསཿ དམ་ཚིག་གཉན་པོའི་གྲལ་དུ་བཞགཿ བར་དུ་གངས་ཅན་བོད་ཀྱི་ཡུལཿ སློབ་དཔོན་པདྨ་ཐོད་ཕྲེང་གིསཿ གསང་སྔགས་ཆོས་འཁོར་བསྐོར་བའི་ཚེཿ སྲིད་པའི་ལྷ་སྲིན་ཆེ་དགུ་ཡིཿ སྲོག་སྙིང་ཕྲོགས་ཏེ་རྩིས་སུ་ཕབཿ ཐ་མ་འོད་གསལ་དག་པའི་ཞིངཿ བདེ་བ་ཆེན་པོའི་ཕོ་བྲང་དུཿ རིག་འཛིན་པདྨ་དབང་ཆེན་ལཿ པད་འབྱུང་དྲི་མེད་འོད་ཟེར་གྱིསཿ ཀློང་ཆེན་ཟབ་རྒྱའི་དབུགས་དབྱུང་ཞིངཿ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མསཿ ཀློང་གསལ་བརྡ་རིས་སྤྲད་པའི་ཚེཿ གཟའ་རྒོད་སྲོག་གི་སྤུ་གྲི་སོགསཿ བཀའ་སྲུང་གཉན་པོས་ཁས་བླངས་བཞིནཿ མཆོད་གཏོར་རྒྱན་ལྡན་འདི་བཞེས་ལཿ ལས་བཞིའི་ཕྲིན་ལས་བསྒྲུབ་པར་མཛོདཿ དགུ་པ་བརྟན་མ་སྐྱོང་བ་ནིཿ ཧཱུྃཿ དཔལ་གྱི་བཀའ་ཉན་བོད་ཁམས་སྐྱོངཿ མ་སྲིང་བརྟན་མ་བཅུ་གཉིས་རྣམསཿ འདིར་བྱོན་གཏོར་མའི་བཤལ་ཆུ་བཞེསཿ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོདཿ མ་མ་ཧྲིཾ་ཧྲིཾ་བྷ་ལིནྟ་ཁཱ་ཧིཿ བཅུ་པ་རྟ་བྲོ་བྱ་བ་ནིཿ ཧཱུྃཿ རིག་འཛིན་རྒྱལ་བའི་དཀྱིལ་འཁོར་འདིརཿ ལོག་པར་འདྲེན་པའི་དམ་སྲི་ཀུནཿ མནན་ནོ་ཐེག་པ་རིམ་དགུའི་རྒྱཿ ནམ་ཡང་ལྡང་བར་མ་གྱུར་ཅིགཿ སྟཾ་བྷ་ཡ་ནནཿ བཅུ་གཅིག་དངོས་གྲུབ་བླང་བ་ནིཿ ཧོཿ རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་རྣམསཿ བསྙེན་ཅིང་བསྒྲུབས་པའི་དམ་ཚིག་ཐེམསཿ རྡོ་རྗེ་སེམས་དཔའི་ནམ་ཡང་ལངསཿ དངོས་གྲུབ་སྩོལ་བའི་དུས་ལ་བབཿ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནསཿ མི་གནས་ཡེ་ཤེས་གསང་བ་མཆོགཿ རྡོ་རྗེ་གསུམ་གྱིས་བྱིན་རློབས་ལཿ མཆོག་དང་ཐུན་མོང་དངོས་གྲུབ་ཀུནཿ ད་ལྟ་ཉིད་དུ་ཐོབ་པར་སྩོལཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་ལ་ལ་སིདྡྷི་ཕ་ལ་ཧཱུྃཿ བཅུ་གཉིས་ནོངས་པ་བཤགས་པ་ནིཿ ཧཱུྃཿ རིག་འཛིན་འདུས་པའི་དཀྱིལ་འཁོར་དུཿ མཆོད་རྫས་མ་ཚང་སྒྲུབ་པ་གཡེལཿ ཏིང་འཛིན་བྱིང་རྨུགས་འཐིབས་ལ་སོགསཿ འགལ་འཁྲུལ་ནོངས་པ་བཟོད་པར་གསོལཿ ཨོཾ་བཛྲ་སཏྭ་སོགས་བརྗོདཿ བཅུ་གསུམ་རྫོགས་རིམ་བསྡུ་བ་ནིཿ ཧོཿ ཆུ་ལས་ཆུ་བུར་རྡོལ་བ་བཞིནཿ རང་ལས་སྤྲུལ་པའི་དཀྱིལ་འཁོར་ལྷཿ ཡེ་ཤེས་དབྱིངས་སུ་བཛྲ་མུཿ རྗེས་ཐོབ་སྒྱུ་མའི་ལྷ་སྐུར་ལྡངཿ བཅུ་བཞི་བསྔོ་སྨོན་མཚམས་སྦྱོར་ནིཿ ཧོཿ དུས་གསུམ་བསགས་པའི་དགེ་རྩ་ཀུནཿ རྣམ་མཁྱེན་གདོད་མའི་རྒྱུ་རུ་བསྔོཿ བདག་སོགས་འདུས་པར་བཅས་པ་རྣམསཿ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོགཿ ལན་གསུམཿ བཅོ་ལྔ་བཀྲ་ཤིས་བརྗོད་པ་ནིཿ ཧོཿ རིག་འཛིན་བརྒྱུད་པའི་བྱིན་རླབས་དངཿ དཀོན་མཆོག་གསུམ་གྱི་བདེན་པ་དངཿ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིསཿ འཇིགས་བརྒྱད་ཞི་བའི་བཀྲ་ཤིས་ཤོགཿ ཚེ་བསོད་རྒྱས་པའི་བཀྲ་ཤིས་ཤོགཿ སྣང་བ་དབང་འདུས་བཀྲ་ཤིས་ཤོགཿ ལོག་འདྲེན་ཚར་གཅོད་བཀྲ་ཤིས་ཤོགཿ སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགསཿ སྒྲ་གྲགས་བདེ་ཆེན་སྔགས་སུ་དགཿ དྲན་རྟོག་འོད་གསལ་ཆོས་སྐུར་སྨིནཿ འཇའ་ལུས་ཟང་ཐལ་བཀྲ་ཤིས་ཤོགཿ ཨེ་མཿ འདི་ལྟར་ཤིན་ཏུ་ཟབ་པའི་གནདཿ གཏེར་བཅུད་འདུས་པ་དགོངས་པའི་གཏེརཿ ཀློང་གསལ་དབྱིངས་ཀྱི་ཕོ་བྲང་དུཿ བརྡ་ཚིག་རྡོ་རྗེའི་རོལ་མོར་འཁྲོལཿ སྙིང་ལ་རྒྱས་བཏབ་སྦ་སྙམ་ཡངཿ རིག་འཛིན་མཁའ་འགྲོའི་བརྡས་བསྐུལ་ནསཿ ལས་ཅན་རྗེས་འཇུག་དོན་དུ་བཀོདཿ སྙིང་ལ་སྦོས་ཤིག་ས་མ་ཡཿ
སེར་བ་ཟློག་པའི་ཁྲོ་རྒྱལ་རྡོ་རྗེ་མཆུའི་ལས་བྱང་རྡོ་རྗེའི་གུར་ཆེན་ (Volume 45, Text 1)
༄༅། །སེར་བ་ཟློག་པའི་ཁྲོ་རྒྱལ་རྡོ་རྗེ་མཆུའི་ལས་བྱང་རྡོ་རྗེའི་གུར་ཆེན་བཞུགས། ། འདི་སེར་བ་སྲུང་བའི་ཚེ་ཆག་མེད་བྱ། སྔོན་འགྲོ་རྒྱུན་དུ་མི་དགོས། བསྙེན་པ་རྒྱུན་ཁྱེར་དང་དགོང་མོ་ཚོགས་དང་གཏོར་འབུལ་བྱ། གཤེགས་གསོལ་བསྡུ་རིམ་སྐྱ་མཆོད་བར་མི་བྱའོ།། ྈྈྈྈ གུ་རུ་དྷེ་ཝ་དྷཱ་ཀི་ནི༔ ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཀ་དག་ཀློང་ནས་སྤྲུལ་པ་ཡི༔ གནམ་ས་གང་བའི་མཆོད་པའི་སྤྲིན༔ སྨན་གཏོར་རཀྟ་ལྷ་མོར་བཅས༔ ཟད་མེད་གྱུར་ཅིག་པཱུ་ཛ་ཧོ༔ རིན་ཆེན་སྣོད་དུ་གཏོར་མ་ནི༔ བདུད་རྩིར་གྱུར་ཅིག་ཨོཾ་ཨཱཿཧཱུྃ༔ གཉུག་གནས་གློ་བུར་ལྷགས་པ་ཡི༔ གནས་བདག་གཞི་བདག་འབྱུང་པོའི་ཚོགས༔ འདིར་འདུས་མཆོད་སྦྱིན་གཏོར་མ་བཞེས༔ གནས་འདིར་གསང་སྔགས་སྒྲུབ་པ་ལ༔ རུ་ང་ཕྲག་དོག་མ་མཛད་པར༔ དཀར་ཕྱོགས་སྡོངས་གྲོགས་མཐུན་རྐྱེན་སྒྲུབས༔ ནག་ཕྱོགས་བགེགས་རིགས་གཞན་དུ་དེངས༔ གལ་ཏེ་མི་འགྲོ་འཚེ་བྱེད་ན༔ ཡེ་ཤེས་ཁྲོ་བོས་བརླག་པར་འགྱུར༔ དེ་བས་བསྒོ་བའི་བཀའ་ལ་ཉོན༔ ཨོཾ་སརྦ་ལོ་ཀ་པཱ་ལ་ཨི་དམ་བ་ལིན་ཏ་ཁཱ་ཧི་ཁཱ་ཧི༔ སརྦ་བིགྷྣཱན་གཙྪ་གཙྪ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གྷུ་ཧྱ༔ ྈྈྈྈ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་ཆུ་སྟོད་ཟླ་བའི་ཚེས་གསུམ་ལ་བློ་ལྡན་མཆོག་སྲེད་ཀྱིས་དངོས་སུ་གསུངས་སོ།། །། ༁ྃ༔ ྈྈྈ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ༔ རྩ་གསུམ་སྤྱི་ཡི་ལས་བྱང་གཞུང་སྲོང་ནི༔ སྟ་གོན་རིམ་པ་སྤྱི་དང་མཐུན་པར་བྱས༔ དེ་ནས་འདོན་སྒོམ་སྦྲགས་ལ་འདི་ལྟར་རོ༔ ཧཱུྃ༔ ང་ནི་ཁྲོ་བོ་རྡོ་རྗེ་མཆུ༔ བགེགས་དང་ལོག་འདྲེན་ང་ལ་ཉོན༔ ང་ཡི་བཀའ་ལས་འདའ་མ་བྱེད༔ ང་ཡི་བཀའ་ལས་འདའ་བྱེད་ན༔ བདག་ཉིད་ང་རྒྱལ་ཐུགས་ཁྲོས་ཏེ༔ ཐལ་བ་རྡུལ་དུ་བརླག་པར་བྱེད༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཨོཾ་སུམྦྷ་སོགས། ཧཱུྃ༔ ང་ནི་ཁྲོ་བོ་རྡོ་རྗེ་མཆུ༔ ཐུགས་ཀར་གསེར་གྱི་གྭའུ་ནང༔ བདག་ཉིད་དཔོན་སློབ་བསྲུང་བྱ་ཚུད༔ སྟེང་འོག་རྡོ་རྗེའི་གུར་ཁང་གྱུར༔ ཨོཾ་རཀྵ་རཀྵ་ཧཱུྃ༔ ཧཱུྃ༔ མ་འགྲུབ་བར་དུ་དཀྱིལ་འཁོར་མི་གཏང་ན༔ རྡོ་རྗེ་མཆུ་ཡི་ལྷ་ཚོགས་མ་ལུས་རྣམས༔ སྲོག་ལ་བབས་ཀྱང་བདག་གིས་གཟུང་བར་བགྱི༔ བདག་གིས་དམ་ཚིག་གཏང་བར་མི་བགྱིད་དོ༔ ཧཱུྃ༔ རྡོ་རྗེ་མཆུ་ཡི་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་བདག་ལ་དབང་མཆོག་སྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨཱ༔ ཨོཾ་ཨཱཿམ་ཧཱ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཐ༔ ཨོཾ་མ་ཧཱ་བ་ལིནྟ་ཧཱུྃ་ཧྲཱིཿཐ༔ ཨོཾ་ཨཱཿམ་ཧཱ་རཀྟ་ཧཱུྃ་ཧྲཱིཿཐ༔ ཨོཾ་ཨཱཿབཛྲ་པུཥྤེ་སོགས། ཤབྡ་ཨ་ཧཱུྃ༔ ཧཱུྃ༔ བླ་མ་ཡི་དམ་ཁྲོ་བོ་རྡོ་རྗེ་མཆུ༔ ཆོས་སྐྱོང་ནོར་ལྷ་ཀུན་གྱི་ཐུགས་དང་ནི༔ འགལ་བར་གྱུར་པ་མ་ལུས་ཅི་མཆིས་པ༔ བདག་གིས་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཆོས་རྣམས་ཐམས་ཅད་རང་གི་སེམས་ལས་བྱུང༔ སེམས་ཉིད་ཡེ་ནས་སྟོང་པ་ཉིད་ཀྱི་ངང༔ སེམས་ཅན་ཀུན་གྱིས་དེ་དོན་མ་རྟོགས་པས༔ འཁོར་བར་འཁྱམས་པའི་སེམས་ཅན་སྙིང་རེ་རྗེ༔ ཆོས་རྣམས་ཐམས་ཅད་རྟེན་འབྲེལ་རྒྱུ་ལས་བྱུང༔ ཧཱུྃ་ནི་རྒྱུ་ཡི་ས་བོན་ཉིད་དུ་གསལ༔ དེ་ལས་རཾ་ཡཾ་ཁཾ་གསུམ་འཕྲོས་པ་ཡི༔ རཾ་གྱི་མེས་བསྲེགས་ཡཾ་གི་རླུང་གིས་གཏོར༔ ཁཾ་གི་ཆུས་བཀྲུས་སྟོང་པ་ཉིད་དུ་བརྡལ༔ ཨེ་ཡཾ་ཁཾ་གསུམ་བྷྲཱུྃ་གྱི་ཡི་གེ་ཡིས༔ རང་བྱུང་འབྱུང་བ་ཆེན་པོ་ལྔ་ཆགས་ཏེ༔ མཁའ་རླུང་ཆུ་དང་རི་རབ་གསེར་གྱི་རི༔ དེ་སྟེང་བྷྲཱུྃ་གྱི་ཡི་གེ་ལས་བསྐྱེད་པའི༔ གཞལ་ཡས་ཁང་ནི་སྒོ་གྲུ་རྟ་བབས་རྫོགས༔ གདུགས་ཏོག་ཆོས་འཁོར་རི་དྭགས་པད་འདབ་མཚན༔ རྡོར་ར་ཡེ་ཤེས་ལྔ་ཡི་མེ་དཔུང་འབར༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཨེ་ཛྙཱ་ན་ཙཀྲ་མཎྜལ་བྷྲཱུྃ༔ དེ་ནས་ལྷ་རྣམས་སོ་སོར་བསྐྱེད༔ ༈ གུ་རུ་དྷེ་བ་དྷཱ་ཀི་ནི་ཧཱུྃ༔ རྡོ་རྗེ་མཆུ་ཡི་སྒྲུབ་པ་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ བདག་མདུན་ཁྲོ་བོ་རྡོ་རྗེ་མཆུ༔ སྐུ་མདོག་མཐིང་ནག་ཞལ་དགུ་པ༔ ཕྱག་ནི་བཅོ་བརྒྱད་ཕྱག་ཀུན་གྱི༔ གཡས་པ་ཐམས་ཅད་མེ་དཔུང་ལ༔ གཡོན་པས་རླུང་གི་འཚུབ་མ་འཛིན༔ མེ་རླུང་འཚུབས་པའི་དབུས་ན་བཞུགས༔ དེ་ཡི་སྤྱི་བོར་བྱ་ཁྱུང་ནི༔ སྐུ་མདོག་ནག་པོ་ཞལ་དགུ་པ༔ ཕྱག་ནི་བཅོ་བརྒྱད་རྩ་ཕྱག་གཉིས༔ སྦྲུལ་ནི་དཀར་ནག་གཉིས་གསོལ་བ༔ དེ་ལྷག་གཡས་བརྒྱད་མེ་དཔུང་ལ༔ གཡོན་པ་བརྒྱད་ནི་རླུང་འཚུབ་བོ༔ གནས་གསུམ་འབྲུ་གསུམ་ཧཱུྃ་ཁྲོཾ་ལས༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམ༔ ཧཱུྃ༔ སྐུ་གསུམ་རྩ་བརྒྱུད་བླ་མ་སྤྱན་འདྲེན་ནོ༔ ཁྲོ་བོ་རྡོ་རྗེ་མཆུ་དང་ཁྱུང་ནག་དང༔ ཡི་དམ་ལྷ་ཚོགས་མ་ལུས་སྤྱན་འདྲེན་ནོ༔ མཁའ་འགྲོ་ཚོགས་ཀུན་མ་ལུས་སྤྱན་འདྲེན་ནོ༔ ཆོས་སྐྱོང་ནོར་ལྷ་གྲོགས་མཛད་སྤྱན་འདྲེན་ནོ༔ བཛྲ་ས་མ་ཡ་ཛ་ཛ༔ ཧཱུྃ༔ སྣ་ཚོགས་པདྨ་ཉི་ཟླའི་གདན་སྟེང་དུ༔ རྩ་བརྒྱུད་བླ་མ་མ་ལུས་བཞུགས་སུ་གསོལ༔ པདྨ་ཉི་ཟླ་བརྗིད་པའི་གདན་སྟེང་དུ༔ ཡི་དམ་རྡོ་རྗེ་མཆུ་ཉིད་བཞུགས་སུ་གསོལ༔ བདུད་བཞི་དྲེགས་པ་བསྣོལ་བའི་གདན་སྟེང་དུ༔ སྤྲུལ་པ་ཁྱུང་ནག་འབར་བ་བཞུགས་སུ་གསོལ༔ སྣ་ཚོགས་རིན་ཆེན་པདྨའི་གདན་སྟེང་དུ༔ མཁའ་འགྲོ་དཔའ་མོ་རྒྱ་མཚོ་བཞུགས་སུ་གསོལ༔ པདྨ་ཉི་ཟླ་བམ་རོའི་གདན་སྟེང་དུ༔ ཆོས་སྐྱོང་སྲུང་མ་ཐམས་ཅད་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་དང༔ རྡོ་རྗེ་མཆུ་དང་ཁྱུང་ཆེན་འབར་བ་དང༔ ཆོས་སྐྱོང་ནོར་ལྷ་དམ་ཅན་རྒྱ་མཚོ་ལ༔ བདག་གིས་རབ་ཏུ་གུས་དང་དད་པ་ཡིས༔ ལུས་ངག་ཡིད་གསུམ་དྭངས་བས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ ཧཱུྃ༔ བླ་མ་ཡི་དམ་ཁྲོ་བོ་རྡོ་རྗེ་མཆུ༔ ཁྱུང་ནག་འབར་བ་དམ་ཅན་ཐམས་ཅད་ལ༔ མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང༔ མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་དང༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མངར་དང༔ རེག་བྱ་འཇམ་པ་དག་གི་མཆོད་པ་འབུལ༔ ཡེ་ཤེས་ལྔ་ཡི་བདུད་རྩི་ཆེན་པོ་དང༔ བྷ་ལིང་གཏོར་མའི་ཞལ་ཟས་བརྗིད་པ་དང༔ ཁམས་གསུམ་བསྒྲལ་པ་རཀྟའི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་རིག་མ་དཀར་དམར་མཐིང༔ ཤིན་ཏུ་མཛེས་པ་ལྟ་ན་སྡུག་པ་ལ༔ རིན་ཆེན་དར་ཟབ་མང་པོའི་རྒྱན་གྱིས་བརྒྱན༔ བླ་མ་ཡི་དམ་རྒྱལ་བ་རྒྱ་མཚོ་དང༔ རྡོ་རྗེ་མཆུ་དང་ཁྱུང་ནག་འབར་བ་སོགས༔ རྩ་བ་གསུམ་ལ་བདག་གིས་མཆོད་པ་འབུལ༔ ལོག་འདྲེན་དགྲ་བགེགས་བསྟན་ལ་གནོད་བྱེད་རྣམས༔ ཆོས་ཀྱི་དབྱིངས་སུ་བདག་གིས་བསྒྲལ་བྱས་ཏེ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང༔ རྡོ་རྗེ་མཆུ་དང་ཁྱུང་ཆེན་ཞལ་དུ་འབུལ༔ ཨརྒྷཾ་སོགས། ཤབྡ་ རཱུ་པ། ཤབྡ། གནྡྷེ། ར་ས། སྤརྴེ། ཨ་མྲྀཏ་བ་ལིཾ་རཀྟ་མ་ཊཾ་རུ་ཏྲ་པྲ་ཝེ་ཤ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ དད་ལྡན་བུ་ལ་བྱིན་རླབས་ཆར་འབེབ་པའི༔ བླ་མའི་ལྷ་ཚོགས་ཀུན་ལ་བསྟོད་པར་བགྱི༔ དངོས་གྲུབ་མ་ལུས་ལྷུན་གྱིས་གྲུབ་མཛད་པའི༔ ཁྲོ་བོ་རྡོ་རྗེ་མཆུ་དང་ཁྱུང་ནག་འབར༔ ཡི་དམ་ཀུན་ལ་བདག་གིས་བསྟོད་པར་བགྱི༔ འགྲོ་བ་སྣང་སྲིད་དབང་དུ་སྡུད་མཛད་པའི༔ མཁའ་འགྲོའི་ཚོགས་ལ་བདག་གིས་བསྟོད་པར་བགྱི༔ བསྟན་པ་སྲུང་བའི་ལས་ལ་རབ་ཏུ་བརྩོན༔ ཆོས་སྐྱོང་ཀུན་ལ་བདག་གིས་བསྟོད་པར་བགྱི༔ དགོས་འདོད་རེ་བ་སྐོང་བར་བྱེད་པ་ཡི༔ ནོར་ལྷའི་ཚོགས་ལ་བདག་གིས་བསྟོད་པར་བགྱི༔ བསྟན་ལ་གནོད་བྱེད་སྒྲོལ་བར་མཛད་པ་ཡི༔ དམ་ཅན་ཚོགས་ལ་བདག་གིས་བསྟོད་པར་བགྱི༔ ཧཱུྃ༔ བླ་མ་རྣམས་ལ་འབྱོར་ཚོགས་ཆུང་བ་བཤགས༔ ཡི་དམ་ལྷ་ལ་སྤོང་ལེན་བྱས་པ་བཤགས༔ མཁའ་འགྲོ་རྣམས་ལ་གསང་བ་བསྒྲགས་པ་བཤགས༔ ཆོས་སྐྱོང་རྣམས་ལ་མཆོད་གཏོར་ཆུང་བ་བཤགས༔ ཚངས་པ་ཆེན་པོའི་དངོས་གྲུབ་བསྩལ་དུ་གསོལ༔ དེ་ནས་སོ་སོར་ཛཔ྄་བསྙེན་བྱ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ བདག་མདུན་ཐུགས་ཀར་ཉི་མའི་སྟེང༔ ཧཱུྃ་མཐར་སྔགས་ཕྲེང་གཡས་སུ་འཁོར༔ དེ་ལས་འོད་ཟེར་འཕྲོས་པ་ཡིས༔ ལྕང་ལོ་ཅན་གྱི་གནས་མཆོག་དང༔ དཔག་བསམ་ཤིང་གི་རྩེ་མོ་ནས༔ རྡོ་རྗེ་མཆུ་དང་ཁྱུང་ནག་ཚོགས༔ ཁ་བ་བུ་ཡུག་འཚུབ་བཞིན་བྱོན༔ བདག་མདུན་སྒྲུབ་རྫས་རྣམས་ལ་ཐིམ༔ བྱིན་རླབས་མེ་ལྟར་འབར་བར་གྱུར༔ ཨོཾ་བཛྲ་དུན་ཏོ་ཨི་ཀ་ནི་ཀོན༔ ཙ་ལ་མ་ལ་ཏི་ལི་སྭཱ་ཧཱ༔ ཞེས་པའི་བསྙེན་པ་ཅི་འགྲུབ་བྱའོ། །དེ་ནས་ཚོགས་ཀྱི་རིམ་པ་ནི། །ཚོགས་བྲན་ལ་འདི་སྐད་དོ༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ རཾ་ལས་མེ་འཕྲོས་དངོས་འཛིན་བསྲེགས༔ ཡཾ་ལས་རླུང་བྱུང་བག་ཆགས་གཏོར༔ ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུས༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་གསུམ་འོད་དུ་ཞུ༔ བདུད་རྩི་དཀར་དམར་མཐིང་དཀར་གྱུར༔ ཧཱུྃ༔ སྐུ་གསུམ་རྩ་བརྒྱུད་བླ་མ་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ རྡོ་རྗེ་མཆུ་དང་ཁྱུང་ནག་སོགས༔ ཡི་དམ་ལྷ་ཚོགས་མ་ལུས་པ༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ མཁའ་འགྲོའི་ཚོགས་རྣམས་མ་ལུས་ཀུན༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཆོས་སྐྱོང་སྲུང་མ་མ་ལུས་ཀུན༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ནོར་ལྷ་དམ་ཅན་རྒྱ་མཚོ་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཚོགས་གཏོར་འདི་ལ་བྱིན་གྱིས་རློབས༔ རྣལ་འབྱོར་བསམ་པ་སྒྲུབ་ཏུ་གསོལ༔ རྡོ་རྗེ་མཆུ་དང་ཁྱུང་ནག་སོགས༔ རྩ་བ་གསུམ་གྱི་ལྷ་ཚོགས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ༔ བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ ཐུགས་དང་འགལ་བར་གྱུར་པ་བཤགས༔ དམ་སྲི་གནོད་བྱེད་ཞལ་དུ་བསྟབ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་གྷ་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ྈྈ ྈྈྈྈྈ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ རང་ཉིད་ཁྲོ་བོ་རྡོ་རྗེ་མཆུ༔ ཐུགས་ནས་ཡི་གེ་རྣམ་གསུམ་འཕྲོས༔ རཾ་ཡཾ་ཁཾ་གསུམ་མེ་རླུང་ཆུས༔ དངོས་འཛིན་རྟོག་པའི་དྲི་མ་སྦྱངས༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཚོགས་དང་མཆོད་རྫས་དང་རེ་སྤྲོ༔ ཚོགས་འདི་མཆོད་པའི་གནས་རྣམས་ནི༔ པདྨ་འབྱུང་གནས་རྗེ་འབངས་རྣམས༔ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔ འབུལ་ལོ་འབུལ་ལོ་ཚོགས་འདི་འབུལ༔ བཞེས་ཤིག་བཞེས་ཤིག་ཚོགས་འདི་བཞེས༔ ལོངས་སྐུ་ཐུགས་རྗེ་ཆེན་པོའི་ཚོགས༔ རིགས་ལྔའི་དབུ་རྒྱན་ཁྲ་ལ་ལ༔ འབུལ་ལོ་འབུལ་ལོ་ཚོགས་འདི་འབུལ༔ བཞེས་ཤིག་བཞེས་ཤིག་ཚོགས་འདི་བཞེས༔ གུ་རུ་ཞི་བ་དྲག་པོའི་ཚོགས༔ མེ་ཡི་ཕུང་པོ་འཚུབས་སེ་འཚུབ༔ འབུལ་ལོ་འབུལ་ལོ་ཚོགས་འདི་འབུལ༔ བཞེས་ཤིག་བཞེས་ཤིག་ཚོགས་འདི་བཞེས༔ ཚེ་དཔག་ལྷ་ཚོགས་ཡི་དམ་ལྷ༔ ཐམས་ཅད་ཕྱག་ཆ་རུབས་སེ་རུབ༔ འབུལ་ལོ་འབུལ་ལོ་ཚོགས་འདི་འབུལ༔ བཞེས་ཤིག་བཞེས་ཤིག་ཚོགས་འདི་བཞེས༔ བཀའ་བརྒྱད་དགོངས་འདུས་ཕུར་པའི་ཚོགས༔ མཆེ་བ་ཟངས་ཡག་གཙིགས་སེ་གཙིགས༔ འབུལ་ལོ་འབུལ་ལོ་ཚོགས་འདི་འབུལ༔ བཞེས་ཤིག་བཞེས་ཤིག་ཚོགས་འདི་བཞེས༔ ཁྲོ་བོ་ཆེན་པོ་རྡོ་རྗེ་མཆུ༔ སྤྱི་གཙུག་ཡེ་ཤེས་ཁྱུང་བཅས་ལ༔ འབུལ་ལོ་འབུལ་ལོ་ཚོགས་འདི་འབུལ༔ བཞེས་ཤིག་བཞེས་ཤིག་ཚོགས་འདི་བཞེས༔ རྣམ་སྲས་ལ་སོགས་ནོར་ལྷ་རྣམས༔ རིན་ཆེན་རྒྱན་ཆ་སི་ལི་ལི༔ འབུལ་ལོ་འབུལ་ལོ་ཚོགས་འདི་འབུལ༔ བཞེས་ཤིག་བཞེས་ཤིག་ཚོགས་འདི་བཞེས༔ དཔལ་མགོན་མ་ནིང་དམ་ཅན་སོགས༔ དབུ་སྐྲ་གྱེན་དུ་ཟིངས་སེ་ཟིང༔ འབུལ་ལོ་འབུལ་ལོ་ཚོགས་འདི་འབུལ༔ བཞེས་ཤིག་བཞེས་ཤིག་ཚོགས་འདི་བཞེས༔ བདག་འཛིན་རུ་ཏྲ་སྡེ་གསུམ་འདི༔ གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་གྷ་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཚོགས་ཕུད་ཕུལ། བར་པས་སྐོང་བཤགས་ནི། ཧཱུྃ༔ རྡོ་རྗེ་མཆུ་དང་ཁྱུང་ནག་ལ༔ བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན༔ བདག་ཅག་འཁོར་དང་བཅས་པ་ཡིས༔ མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ ཧཱུྃ༔ རྡོ་རྗེ་མཆུ་དང་ཁྱུང་ནག་ལ༔ འཁོར་བའི་མ་རིག་འཁྲུལ་པ་ཡིས༔ མ་ཤེས་ཐུགས་དང་འགལ་གྱུར་ཏོ༔ མཐོལ་ལོ་བཤགས་སོ་ས་མ་ཡ༔ དེ་ནས་ཚོགས་སྤེལ། སློབ་དཔོན་ལ་འདྲེན་ཅིང་། ཧཱུྃ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ འདི་ལ་ཐེ་ཚོམ་བྱ་མི་རུང༔ ཁྱི་ཕག་གདོལ་པ་བྲམ་ཟེ་གསུམ༔ དེ་གསུམ་གཅིག་ཏུ་དགོངས་ཏེ་རོལ༔ དེ་ནས་སློབ་དཔོན་གྱིས། ཨ་ལ་ལ་ཧོ༔ ཟས་ལ་འདི་འདྲ་མཐོང་མ་མྱོང༔ ཡི་དམ་ལྷ་ཡི་གསོལ་ལྷག་ཡིན༔ འདི་འདྲའི་ཟས་ནི་ངོ་མཚར་ཅན༔ བདག་ཅག་འདི་ལ་སྐྱབས་སུ་ཞུ༔ ཞེས་བརྗོད་དོ། །དེ་ནས་ལྷག་མ་ལ་མཁའ་གསང་ཕྱག་རྒྱས་ཁ་ཕྲུ་བཏབ་ལ། ཨོཾ་ཨཱཿཧཱུྃ༔ མ་མོ་མཁའ་འགྲོ་ཤ་ཟ་དུར་བདག་མོ༔ ལྷག་ལ་དབང་བའི་སོ་སོར་གཏོར་ལེན་རྣམས༔ ལྷག་མ་འདི་བཞེས་གནོད་བྱེད་དགྲ་བགེགས་རྣམས༔ ཐམས་ཅད་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ ཨུ་ཙིཥྚ་བྷ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་ཨཱཿཧཱུྃ༔ ལྷག་ལ་དབང་བསྒྱུར་མ་མོ་མཁའ་འགྲོ་ནི༔ སྨན་མོ་བདུད་མོ་གནོད་སྦྱིན་དྲེགས་པའི་ཚོགས༔ ལྷག་མ་འདི་བཞེས་དགྲ་བགེགས་མྱུར་དུ་སྒྲོལ༔ ཧེ་རུ་ཀའི་མདུན་དམ་བཅས་མ་གཡེལ་བར༔ རྟགས་དང་མཚན་མ་ཐམས་ཅད་མྱུར་དུ་སྟོན༔ ཌཱ་ཀི་ནཱི་དུ་སེ་ན་བྷ་ལིནྟ་ཁ་རཾ་ཁཱ་ཧི༔ ཞེས་ལྷག་མ་ཕུལ་ལོ༔ དེ་ནས་དམར་གཏོར་གཉིས་དང་དཀར་གཏོར་བཤམ། ཆུ་གཙང་བྲན་ལ་འདི་ཉིད་གྱེར་བསྒོམ་བྱ། ཨཱོྃ་གྱིས་གཏོར་མ་མི་གཙང་སྟོང་པར་སྦྱངས༔ ཨཱ་ལས་དྲག་པོའི་ཐོད་སྣོད་རྒྱ་ཆེ་བར༔ ཧཱུྃ་ལས་གཏོར་མ་ཤ་རི་ཁྲག་མཚོར་གྱུར༔ ཧོཿཡིས་ཟག་མེད་ཡེ་ཤེས་བདུད་རྩིར་བསྒྱུར༔ དམར་ལ་དགའ་བ་ཐམས་ཅད་ཚིམ་བྱེད་གྱུར༔ བྷྲཱུྃ་ལས་རིན་ཆེན་སྣོད་མཆོག་རྒྱ་ཆེ་བར༔ ཨོཾ་ལས་གཏོར་མ་དཀར་གསུམ་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ་གིས་རོ་བརྒྱ་ནུས་པ་སྟོང༔ དཀར་ལ་དགའ་བ་ཐམས་ཅད་ཚིམ་བྱེད་གྱུར༔ དམར་གཏོར་ཁྱུང་དང་རྡོ་རྗེ་མཆུ་ལ་བསྔོའོ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་མཐུ་སྟོབས་གཅིག་བསྡུས་པ༔ ཕྱག་ན་རྡོ་རྗེ་ཤིན་ཏུ་ཁྲོས་པའི་སྐུ༔ དབུ་དགུ་ཐོ་བརྩེགས་ཞལ་གདངས་མཆེ་བ་གཙིགས༔ དབུ་ཡི་གཙུག་ན་ཁྱུང་ནག་དབུ་དགུ་པ༔ མེ་ཡི་གཤོག་པ་རྐྱོང་བས་ནམ་མཁའ་ཁྱབ༔ ཀྲིཾ་ཀྲིཾ་སྒྲ་སྒྲོག་གཟའ་ཀླུའི་སྙིང་དུ་འདར༔ ཁྱུང་དང་ཁྲོ་བོ་གཉིས་ཀ་ཆ་ལུགས་མཚུངས༔ གཡས་བརྒྱད་མེ་དཔུང་སེར་བ་བཞུ་ཞིང་བསྲེགས༔ གཡོན་བརྒྱད་རླུང་འཚུབ་སེར་སྤྲིན་ཕྱོགས་བཅུར་གཏོར༔ ཁྲོ་བོའི་ཆས་རྫོགས་གར་གྱི་ཉམས་དགུར་ལྡན༔ ཞབས་ཀྱིས་སྡེ་བརྒྱད་དྲེགས་པའི་ཚོགས་རྣམས་མནན༔ སྟེང་འོག་ཕྱོགས་མཚམས་ཁྲོ་བཅུའི་ངོ་བོ་ལ༔ རྣམ་པ་རང་དང་འདྲ་བའི་ཁྲོ་བོ་བཅུ༔ ཕྱོགས་མཚམས་གདོན་གནོན་སྐུ་ལས་མེ་ཆེན་འབར༔ ཕྱོགས་བཅུའི་སེར་ལམ་གཅོད་པའི་ཕྲིན་ལས་མཛོད༔ སེར་གཏའ་རྣམས་ཀྱང་རང་འདྲའི་ཁྲོ་ཆུང་རེ༔ སྤྲུལ་པའི་ཁྱུང་དང་ཁྲོ་བོའི་ཚོགས་རྣམས་ཀྱིས༔ གནམ་ས་བར་སྣང་གང་ཞིང་སྔགས་སྒྲ་སྒྲོག༔ སྙེ་མ་རྣམས་ཀྱང་ཁྲོ་ཆུང་རེ་རེ་སྟེ༔ ནས་འབྲུ་རྣམས་ཀྱང་ཧཱུྃ་ཡིག་རེ་རེར་གསལ༔ བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་མཆུ༔ ཁྱུང་ནག་འབར་བ་སྤྲུལ་པ་ཡང་སྤྲུལ་བཅས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ བདག་ཅག་མི་ནོར་གནས་ཁང་བཅས་པ་ལ༔ གཟའ་ཀླུའི་གདོན་དང་ཐོག་འཁྱུག་གནོད་པ་སྲུངས༔ བདག་གིས་སྲུང་བའི་ལོ་ཐོག་ཐམས་ཅད་ལ༔ སེར་བའི་གནོད་པ་མ་གཏང་ཐུབ་པར་སྲུངས༔ ཁྲོ་རྒྱལ་ཁྱུང་དང་བཅས་ལ་སྐྱབས་ཞུས་པས༔ སྐྱོབ་པར་མཛོད་ཅིག་བཛྲ་ས་མ་ཡ༔ ཨོཾ་བཛྲ་དུན་ཏོ་ཨི་ཀ་ནི་ཀོན༔ ཙ་ལ་མ་ལ་ཏི་ལི༔ མ་ཧཱ་བྷ་ལིནྟ་ཁཱ་ཧི་ཁཱ་ཧི༔ མ་ཧཱ་མཱཾ་ས༔ མ་ཧཱ་རཀྟ་ཁཱ་ཧི༔ དེ་ནས་ཆད་མདོ་ནི༔ སྔོན་ཚེ་ད་ལྟ་ཐ་མའི་བསྐལ་པ་ལ༔ མ་རུངས་སྙིགས་མ་རྩོད་ལྡན་ལྷ་མིའི་གནས༔ སྣང་བ་མཐའ་ཡས་ལོངས་སྐུ་སྤྱན་རས་གཟིགས༔ སྤྲུལ་སྐུ་པདྨ་འབྱུང་གནས་རྣམས་ཀྱིས་ནི༔ དཀྱིལ་འཁོར་རེ་རེའི་ཞལ་ཕྱེས་དེ་ཡི་ཚེ༔ དྲེགས་པ་རེ་རེའི་གཟུགས་བསྟན་སྲོག་སྙིང་ཕུལ༔ དམ་ལ་མ་འདའ་བདག་གི་ཕྲིན་ལས་མཛོད༔ བསྟན་པ་སྲུང་བའི་དུས་ལ་མ་བབས་སམ༔ མགོན་སྐྱབས་བྱེད་པའི་དུས་ལ་མ་བབས་སམ༔ གཏོར་མ་ལེན་པའི་དུས་ལ་མ་བབས་སམ༔ དམ་བཅའ་དྲན་པའི་དུས་ལ་མ་བབས་སམ༔ རྟགས་མཚན་སྟོན་པའི་དུས་ལ་མ་བབས་སམ༔ ཨོཾ་དྷེ་ཝ་རཀྵ་སཱི་བྷི་བྷ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ སྔོན་ཚེ་སེར་བདག་གདོལ་པ་བཱ་སུ་ཏས༔ ཐོག་སེར་རླུང་ནག་འཚུབས་མས་འཛམ་གླིང་གང༔ ཐུབ་པས་རྡོ་རྗེ་མཆུ་ཡི་རྒྱུད་གསུངས་ནས༔ དམ་བཏགས་སྲོག་སྙིང་ཕུལ་ནས་ཁས་བླངས་ལྟར༔ དམ་རྫས་ཡིད་མཐུན་དཀར་དམར་གཏོར་མ་བཞེས༔ བདག་གིས་བསྲུང་བྱའི་ལོ་ཏོག་ཐམས་ཅད་ལ༔ སེར་བའི་གནོད་པ་མ་གཏང་ཐུབ་པར་སྲུངས༔ རྡོ་རྗེ་མཆུ་ཡི་དམ་ལས་མ་འདའ་ཞིག༔ ཐོག་སེར་བདག་པོ་ཁྱབ་འཇུག་རཱ་ཧུ་ལ༔ སྤྲུལ་པའི་གཟའ་བརྒྱད་གདོང་མོ་བཞི་དང་བཅས༔ རིགས་གསུམ་མགོན་པོས་དམ་ལ་བཏགས་པའི་ཚེ༔ བསྟན་པ་བསྲུང་ཞིང་གང་བཅོལ་ཕྲིན་ལས་བསྒྲུབ༔ སྔགས་པས་མཆོད་ན་མགོན་པར་ཁས་བླངས་ལྟར༔ དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ༔ བདག་གིས་བསྲུང་བྱའི་ལོ་ཐོག་ཐམས་ཅད་ལ༔ སེར་བ་མ་གཏང་སྲུང་སྐྱོབ་ལས་མཛོད་ཅིག༔ སེར་བདག་ཀླུ་རྒྱལ་གཞོན་ནུ་གཏུམ་པོ་ཡིས༔ ལོ་གྲངས་བཅུ་གཉིས་བར་དུ་སེར་བ་བརྒྱབས༔ སོག་མའང་མེད་པར་བྱས་པས་སོག་མ་མེད༔ དེ་ཚེ་ཐུབ་དབང་དང་ནི་གསང་བདག་གིས༔ འཁོར་ཚོགས་དྲུག་ཁྲི་བཅས་པ་དམ་ལ་བཏགས༔ སྔགས་འཆང་བཀའ་བཞིན་བསྒྲུབ་པར་ཁས་བླངས་ལྟར༔ དམ་རྫས་དཀར་གསུམ་གཏོར་མ་འདི་བཞེས་ལ༔ བདག་གིས་བསྲུང་བྱའི་ལོ་ཐོག་ཐམས་ཅད་ལ༔ སེར་བ་མ་གཏང་སྲུང་བའི་ལས་མཛོད་ཅིག༔ སྔོན་གྱི་དམ་ལ་མ་འདའ་ས་མ་ཡཱ༔ སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཐང་ལྷ་སེར་བདག་བཅོ་བརྒྱད་དམ་བཏགས་པའི༔ ཁ་གནོན་རྡོ་རྗེ་མཆུ་ཡི་སྒྲུབ་ཐབས་མཛད༔ དེ་ཚེ་བོད་ཡུལ་སེར་བདག་ཐམས་ཅད་ཀྱིས༔ ཇི་ལྟར་ཁས་བླངས་དམ་བཅས་མ་འདའ་བར༔ དམ་རྫས་དཀར་གྱི་གཏོར་མ་འདི་བཞེས་ལ༔ བདག་གིས་བསྲུང་བྱའི་ལོ་ཏོག་ཐམས་ཅད་ལ༔ སེར་བ་མ་གཏང་བསྲུང་བའི་སྡོངས་གྲོགས་མཛོད༔ ཁམས་ཀྱི་སེང་གེ་བྲག་ཏུ་སློབ་དཔོན་གྱིས༔ ཟླ་རྒྱས་འབྲི་དབང་ལ་སོགས་ཁམས་ཕྱོགས་ཀྱི༔ གཞི་བདག་སེར་བདག་ཐམས་ཅད་དམ་ལ་བཏགས༔ དེ་ཚེ་ཅི་ལྟར་ཁས་བླངས་དམ་བཅས་བཞིན༔ དམ་རྫས་དཀར་གྱི་གཏོར་མ་འདི་བཞེས་ལ༔ བདག་གིས་བསྲུང་བྱའི་ལོ་ཏོག་ཐམས་ཅད་ལ༔ སེར་བ་མ་གཏང་བསྲུང་བའི་གྲོགས་མཛོད་ཅིག༔ གུ་རུ་རྡོ་རྗེ་གྲོ་ལོད་སྐུར་བཞེངས་ནས༔ ལྷ་འདྲེ་གཅིག་ཀྱང་མ་ལུས་དབང་དུ་བསྡུས༔ དམ་ལ་བཏགས་ཤིང་སྲོག་སྙིང་ཕུལ་བའི་ཚེ༔ སློབ་དཔོན་པདྨའི་མཚན་ཙམ་འཛིན་པ་ཡིས༔ ཅི་གསུང་བཀའ་ཉན་བསྒྲུབ་པར་མ་བྱས་ན༔ ལྷ་སྲིན་དེ་ཡི་མགོ་འགས་སྙིང་ཚིག་ཅིང༔ དམྱལ་བར་ལྟུང་བའི་དམོད་བོར་དམ་བཅས་པ༔ དམ་ཚིག་གཉན་པོ་རྗེས་སུ་དྲན་པར་མཛོད༔ དམ་རྫས་སོ་སོའི་ཡིད་མཐུན་གཏོར་མ་བཞེས༔ བདག་གིས་བསྲུང་བའི་ལོ་ཏོག་ཐམས་ཅད་ལ༔ སེར་བ་མ་གཏང་སེར་བ་ཐུབ་པར་སྲུངས༔ སྔགས་འཆང་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ནཱ་ག་རཱ་ཙ་རཱ་ཧུ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ སྔོན་ཚེ་སློབ་དཔོན་པདྨ་ཡིས༔ ལྷ་སྲིན་དམ་ལ་བཏགས་པ་རྣམས༔ སྔོན་གྱི་དམ་བཅའ་མ་གཡེལ་བར༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད༔ མ་མ་ཧྲིང་ཧྲིང་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སེར་ལམ་གནམ་གྱི་སྒོ་ཡིན་ཕྱིར། །གཏོར་མ་ནུབ་བྱང་མཚམས་སུ་འབུལ། །དེ་ནས་བཀྲ་ཤིས་ནི༔ ཧཱུྃ༔ དུས་གསུམ་རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས༔ དཔལ་ལྡན་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ དངོས་གྲུབ་མ་ལུས་གཏན་ལ་འབེབ་མཛད་པའི༔ ཡི་དམ་རྡོ་རྗེ་མཆུ་ཡི་བཀྲ་ཤིས་ཤོག༔ བསམ་པ་ཐམས་ཅད་ཡིད་བཞིན་འགྲུབ་མཛད་པའི༔ སྤྲུལ་པ་ཁྱུང་ནག་འབར་བའི་བཀྲ་ཤིས་ཤོག༔ གནོད་བྱེད་དགྲ་བགེགས་ཐམས་ཅད་བསྒྲལ་མཛད་པའི༔ ཆོས་སྐྱོང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག༔ ཧཱུྃ༔ སྐུ་གསུམ་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ ཡི་དམ་རྡོ་རྗེ་མཆུ་ཡི་བཀྲ་ཤིས་ཤོག༔ ཁྱུང་ནག་འབར་བ་ནོར་ལྷའི་བཀྲ་ཤིས་ཤོག༔ གཏེར་སྲུང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག༔ དེ་ནས་བཤགས་པ་ནི༔ ཧཱུྃ༔ བླ་མ་ཡི་དམ་བྱ་ཁྱུང་དགོངས༔ བདག་ནི་མ་ཤེས་རྨོངས་པའི་ལས་དབང་གིས༔ བླ་མ་རྣམས་ལ་ངན་དང་སྨད་པ་བཏང༔ དེ་ཡང་མ་ཤེས་རྨོངས་པའི་ལས་དབང་ལགས༔ མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ༔ ཡི་དམ་ལྷ་ལ་གཤེ་དང་བསྐུར་པ་བཏབ༔ དེ་ཡང་མ་ཤེས་རྨོངས་པའི་ལས་དབང་ལགས༔ མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ༔ མཁའ་འགྲོ་རྣམས་ལ་གཏོར་མ་ལོ་ཟླར་འགྱངས༔ དེ་ཡང་མ་ཤེས་རྨོངས་པའི་ལས་དབང་ལགས༔ མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ༔ ཆོས་སྐྱོང་རྣམས་ལ་མཆོད་བསྟོད་རྒྱུན་ཆག་ཤོར༔ དེ་ཡང་མ་ཤེས་རྨོངས་པའི་ལས་དབང་ལགས༔ མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ༔ ཅེས་བཤགས་སོ༔ དེ་ནས་གཤེགས་གསོལ་ནི༔ ཧཱུྃ༔ སེར་གཏའ་རྣམས་ལ་བསྟིམས་པ་ཡི༔ ཁྱུང་དང་ཁྲོ་བོའི་ལྷ་ཚོགས་དགོངས༔ བདག་ཅག་འཁོར་དང་བཅས་པ་ལ༔ དགོས་འདོད་དངོས་གྲུབ་ཐམས་ཅད་སྩོལ༔ ཁྲོ་བོ་ཁྱུང་གི་ཚོགས་རྣམས་ཀྱང༔ རང་གནས་གཤེགས་སམ་ཅི་བདེར་བཞུགས༔ གལ་ཏེ་རང་གནས་གཤེགས་གྱུར་ན༔ སླར་ཡང་མཆོད་བསྟོད་བྱེད་པའི་ཚེ༔ འབྱོན་པར་ཞུ་འོ་ས་མ་ཡ༔ དེ་ནས་བསྡུ་བ་ནི༔ སྣང་སྲིད་མ་ལུས་རང་གི་སྐུ་ལ་བསྡུ༔ རང་ཉིད་ཐུགས་ཀའི་སྔགས་འཁོར་ལ་ཐིམ་ནས༔ དེ་ཡང་དབུས་ཀྱི་ཧཱུྃ་དང་ཧྲཱིཿལ་ཐིམ༔ ཧཱུྃ་དང་ཧྲཱིཿཡང་མི་དམིགས་ནམ་མཁའ་ལྟར༔ ཅེས་བརྗོད་དེ་ཡི་ངང་ལ་མཉམ་པར་གཞག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ཧྱ་མ་ཧ༔ ཅེས་པ་འདི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་གསེར་འཕྱང་ཆོ་འཕྲུལ་ཆེན་པོའི་ཟླའི་ཚེས་བདུན་ཉིན། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཞལ་གཟིགས་ཏེ་རྩ་གསུམ་སྤྱིའི་ལས་བྱང་འདི་ཉིད་དངོས་སུ་བཀའ་བསྩལ་པའོ། །ཞེས་པ་ལ་རྡོ་རྗེ་མཆུའི་སྒྲུབ་ཐབས་ལས་བྱང་སྦྱར་ཞིང་། ཚིག་སྒྱུར་འོས་ཅུང་ཟད་བསྒྱུར། ཆད་མདོ་གསར་དུ་བརྩམས་ཏེ་རྒྱས་པར་བྱས་ཏེ་གཏེར་བློན་རཱ་ག་ཨ་སྱས་བསྒྲིགས་པའི་ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཏེ། འདི་ལ་ཉེས་འགལ་མཆིས་ན་ཆོས་བདག་སྲུང་མའི་ཚོགས་ལ་བཤགས་ཤིང་། མ་འོངས་རྩམ་ཟན་གྱི་མི་རྣམས་ལ་མི་འཇིགས་སྐྱབས་ཀྱི་སྦྱིན་པ་ཆེན་པོར་གྱུར་ཅིག །མངྒ་ལཾ།། ཨཱོཾ་གྷུ་ཧུ་ར་ཧུ་ས་ཧེ་འ་ཛ་ལ་དྷ་ཐཱ༔ སྔགས་འདི་བྲིས་ལ་དུང་ངམ་དྲིལ་བུ་ལ་བཏགས་ལ་དཀྲོལ་བའམ་བུས་ན་ཐོག་མི་འོང་ངོ༔ ྈྈྈྈྈྈ
བརྒྱུད་འདེབས་བྱིན་རླབས་སྤྲིན་ཕུང་ (Volume 14, Text 1)
བརྒྱུད་འདེབས་བྱིན་རླབས་སྤྲིན་ཕུང་བཞུགས་སོ། །རྩ་བ་གསུམ་གྱི་ལྷ་ལ་འདུད། རང་སེམས་མ་ཡེངས་མོས་གུས་དྲག་པོས་འདི་ལྟར་གསོལ་བ་ཐོབ། ཨེ་མ་ཧོ། ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང་ཁམས་ནས། །ཆོས་སྐུ་མགོན་པོ་སྣང་བ་མཐའ་ཡས་ལ། །དབྱེར་མེད་མོས་གུས་གདུང་བས་གསོལ་བ་འདེབས། །འཇའ་ལུས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཤར་ཕྱོགས་རི་བོ་ཏ་ལའི་ཞིང་ཁམས་ནས། །སྙིང་རྗེའི་གཏེར་ཆེན་འཕགས་མཆོག་སྤྱན་རས་གཟིགས། །དབྱེར་མེད་མོས་གུས་གདུང་བས་གསོལ་བ་འདེབས། །འགྲོ་ཀུན་སྙིང་རྗེས་གྲོལ་བར་བྱིན་གྱིས་རློབས། །ལྷོ་ནུབ་པདྨ་འོད་ཀྱི་ཞིང་ཁམས་ནས། །སྣང་སྲིད་ཟིལ་གནོན་གུ་རུ་པདྨ་ལ། །དབྱེར་མེད་མོས་གུས༴ སྣང་སྲིད་རང་སར་གྲོལ་བར་བྱིན༴ རྩ་རླུང་མཁའ་སྤྱོད་བདེ་ཆེན་ཞིང་ཁམས་ནས། །གུ་རུའི་གསང་ཡུམ་ཡེ་ཤེས་མཚོ་རྒྱལ་ལ། །དབྱེར་མེད་མོས་གུས༴ རྩ་རླུང་བདེ་དྲོད་འབྱོང་བར་བྱིན༴ མཐིང་ནག་ཨེ་དབྱིངས་འབར་བའི་ཞིང་ཁམས་ནས། །བདུད་དཔུང་ཟིལ་གནོན་གུ་རུ་དྲག་པོ་ལ། །དབྱེར་མེད་མོས་གུས༴ མི་མཐུན་བར་ཆད་ཞི་བར་བྱིན༴ ཟབ་ཡངས་མི་འགྱུར་ལྷུན་གྲུབ་གཙུག་ལག་ཏུ། །རྗེ་འབངས་ཉེར་ལྔ་ལྷ་སྲས་མུ་ཁྲི་བཙན། །དབྱེར་མེད་མོས་གུས༴ མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན༴ གུ་རུའི་སྒྲུབ་གནས་སྤྱི་འབྱམས་གནས་མཆོག་ནས། །ཟབ་གཏེར་མངའ་བདག་མི་འགྱུར་རྡོ་རྗེ་ལ། །དབྱེར་མེད་མོས་གུས་གདུང་བས༴ འགྲོ་ཀུན་སྨིན་གྲོལ་ནུས་པར་བྱིན༴ སྒྲུབ་པའི་གནས་མཆོག་ཁྱུང་རྫོང་གཏེར་གནས་ནས། །ཟབ་གཏེར་སྒོ་འབྱེད་ཆོས་རྒྱལ་རྡོ་རྗེ་ལ། །དབྱེར་མེད་མོས་གུས༴ སྒྲུབ་པ་མཐའ་རུ་ཕྱིན་པར་བྱིན༴ རིག་རྩལ་འགག་མེད་ཆོས་སྐུའི་གཞལ་ཡས་ནས། །ཆོས་བདག་བཀའ་བརྒྱུད་བླ་མ་ཐམས་ཅད་ལ། །དབྱེར་མེད་མོས་གུས༴ སྣང་སྲིད་ཆོས་སྐུར་ཤར་བར་བྱིན༴ རང་རང་གར་བཞུགས་དག་པའི་ཞིང་ཁམས་ནས། །ཟབ་ཆོས་བཀའ་བབ་ཐུགས་སྲས་ཐམས་ཅད་ལ། །དབྱེར་མེད་མོས་གུས༴ མི་རྟག་རྒྱུད་ལ་སྐྱེ་བར་བྱིན༴ དུར་ཁྲོད་བརྒྱད་དང་སྒྲུབ་པའི་གནས་རྣམས་ནས། །ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། །བསྟན་དགྲ་འདུལ་ཕྱིར་དྲག་པོའི་སྐུར་བཞེངས་པ། །བཀའ་སྲུང་དམ་ཅན་རྒྱ་མཚོ་ཐམས་ཅད་ལ། །དབྱེར་མེད་མོས་གུས་གདུང་བས་གསོལ་བ་འདེབས། །ཕྱི་ནང་བར་ཆད་ཞི་བར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །འགྲོ་ཀུན་འཁྲུལ་པའི་སྣང་བ་རབ་བསལ་ནས། །འཁྲུལ་མེད་ཆོས་སྐུའི་རང་ཞལ་མཇལ་བར་ཤོག །བཀྲ་ཤིས་ཡར་ཟླ་ལྟ་བུར་རྒྱས་པར་ཤོག །ཅེས་གསོལ་འདེབས་འདི་བྱ་བཏང་ཚོགས་གཉིས་ཀྱིས་གང་ཤར་ཡི་གེར་བཏབ་པའོ། །འགལ་བ་མཆིས་ན་རྩ་གསུམ་ལྷ་ལ་བཤགས། །ཆོས་འདི་ཕྱོགས་མཐའ་ཀུན་ཏུ་ཁྱབ་པར་ཤོག །འདི་འཐོང་སྐལ་ལྡན་ཐམས་ཅད་ཀྱིས། །རང་རིག་ཆོས་སྐུའི་རང་ཞལ་མཐོང་བར་ཤོག །དགེའོ།། །།
དཔལ་རྟ་མགྲིན་དཔའ་བོ་གཅིག་པའི་མན་ངག་གནམ་ལྕགས་མེའི་འཁོར་ལོ (Volume 26, Text 1)
༄༅༔ དཔལ་རྟ་མགྲིན་དཔའ་བོ་གཅིག་པའི་མན་ངག་གནམ་ལྕགས་མེའི་འཁོར་ལོ་ཞེས་བྱ་བ་བཞུགས་སོ༔ བཅོམ་ལྡན་འདས་དཔལ་རྟ་མགྲིན་དབང་གི་རྒྱལ་པོའི་སྐུ་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ མ་འོངས་སྙིགས་མའི་དུས་སུ་བོད་ཁམས་ཐམས་ཅད་རྒྱལ་བསེན་འབྱུང་པོའི་འཚེ་བས་མནར་བ་ལ་དགོངས་ནས༔ དེའི་གཉེན་པོར་དཔལ་རྟ་མགྲིན་དམར་པོའི་མན་ངག་ཟབ་ལ་འདྲིལ་བ་འདི་མཛད་ནས་མངའ་བདག་ལ་གནང༔ མངའ་བདག་གིས་མོན་གྱི་སྒོམ་པ་ཧ་མི་ནཱ་ཐ་ལ་གཏད་ནས་རང་གིས་ཉམས་སུ་ལོངས༔ གཞན་ལའང་ཕན་པར་གྱིས༔ དཔེ་རྒྱུད་མེས་ཀྱི་གཙུག་ལག་ཁང་པྲ་དུན་རྩེའི་ཀ་ཞུ་ལ་གཏེར་དུ་སྦོས་ཤིག་ཅེས་གདམས་སོ༔ ས་མ་ཡ༔ གདམས་པ་འདིའི་བྱ་ཐབས་ལ༔ སེང་ལྡེང་དམར་པོའི་དབྱུག་ཏོ་ཐོད་སྐམ་རྡོ་རྗེའི་ཏོག་གིས་མཚན་པ་ཁྲུ་གང་བ་གཉིས་བཅོས༔ ནང་དུ་གཟུངས་གཞུག༔ དར་དམར་པོའི་ཅོད་པན་གདགས༔ གཅིག་དཀྱིལ་འཁོར་གྱི་དབུས་སུ་སྒྲུབ་རྟེན་བྱ༔ གཅིག་ལས་ཀྱི་དོན་དུ་སྒྲུབ་པ་པོའི་མདུན་དུ་གཟུག༔ གཞན་ཡང་མཆོད་ཚོགས་རྒྱས་པར་བཤམ་མོ༔ རྟེན་བཅའ་བའོ༔ ས་མ་ཡ༔ དེ་ནས་བསྙེན་སྒྲུབ་བྱ་བ་ནི༔ སྔགས་པས་མཚམས་དམ་དུ་བཅད༔ སྟན་བདེ་བ་ལ་འདུག་སྟེ༔ བླ་མ་དང་དཀོན་མཆོག་ལ་སྐྱབས་འགྲོ་དང༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཔལ་རྟ་མགྲིན་བསྒོམ་པར་བགྱིའོ་ཞེས་དམ་བཅའ༔ གནས་དང་མཆོད་པའི་རྫས་བྱིན་གྱིས་བརླབས་ལ༔ ཆོས་ཐམས་ཅད་རང་རིག་འོད་གསལ་བྱང་ཆུབ་སེམས་སྟོང་པ་ཆེན་པོའི་རང་མདངས་ལས་དཔལ་རྟ་མགྲིན་དབང་གི་རྒྱལ་པོ་སྐུ་མདོག་དམར་ནག་དུས་མཐའི་མེ་ལྟར་རབ་ཏུ་འབར་བ༔ ཞལ་གཅིག་ཕྱག་གཉིས་པ༔ གཡས་རྡོ་རྗེའི་ཐོད་དབྱུག་ནམ་མཁར་གསོར་བས་རྒྱལ་འགོང་དྲེགས་པ་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་འགེམས་པ༔ གཡོན་སྡིགས་མཛུབ་ཐུགས་ཀར་གཏོད་པའི་རྩེ་ལས་ཡེ་ཤེས་ཀྱི་མེའི་ཞགས་པ་འཕྲོ་བས་མ་རུངས་པའི་གདུག་པ་ཅན་ཐམས་ཅད་ལྷག་མེད་དུ་སྲེག་པ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ༔ མཆེ་བ་གཙིགས་ཤིང་སྨ་ར་དང་སྨིན་མ་རབ་ཏུ་འབར་བ༔ སྤྱན་གསུམ་སྡང་མིག་དྲག་ཏུ་གཟིར་བ༔ དྲག་ཤུལ་ཁྲོས་པའི་ཉམས་འགྱུར་ཡོངས་སུ་རྫོགས་པ༔ དབུ་སྐྲ་དམར་སེར་མེའི་ཚྭ་ཚྭ་འཕྲོ་བ་གྱེན་དུ་བསྒྲེངས་པའི་སྤྱི་བོར་རྟ་གདོང་ལྗང་གུ༔ ཞུར་དཀར་པོ༔ ཕྲུམ་ཕྲུམ་སེར་པོ༔ རྔོག་མ་དམར་པོ༔ རྟ་སྐད་དྲག་པོ་ནམ་མཁར་འཚེར་བས་ས་གསུམ་འདར་ཞིང་གཡོ་བ༔ གླང་ཆེན་གྱི་ཀོ་བས་སྟོད་གཡོགས་ཤིང༔ སྟག་གི་པགས་པའི་ཤམ་ཐབས་གསོལ་བ༔ ཞིང་ལྤགས་ཀྱིས་སྐེད་དཀྲིས་ཤིང༔ ཕྱག་ཞབས་ཐམས་ཅད་ལ་སྦྲུལ་དང་ཐོད་པས་བརྒྱན་པ༔ ཐོད་པ་སྐམ་པོ་ལྔས་དབུར་བརྒྱན་ཅིང༔ རློན་པ་ལྔ་བཅུའི་དོ་ཤལ་འཕྱང་བ༔ ཞབས་གཉིས་གྱད་ཆེན་པོའི་དོར་སྟབས་ཀྱིས་པདྨ་ཉི་མ་རྒྱལ་བསེན་ཕོ་མོའི་གདན་ལ་འགྱིང་བ༔ སྐུ་ཆེ་ལ་ཡན་ལག་རགས་པ༔ ཡེ་ཤེས་ཀྱི་མེ་རི་རབ་ཏུ་འབར་ཞིང་འཁྲུགས་པའི་ཀློང་ན་ཁམས་གསུམ་གྱི་དབང་ཕྱུག་ཆེན་པོར་བཞུགས་པའི་སྐུའི་ཆ་དང་བ་སྤུའི་ཁུང་བུ་ཚུན་ཆད་ཐམས་ཅད་རང་འདྲ་བའི་སྤྲུལ་པ་གྲངས་མེད་པས་གཏམས་པ༔ ཐུགས་ཀར་པདྨ་དང་ཉི་མའི་དབུས་སུ་ཧྲཱིཿདམར་པོའི་མཐར་སྔགས་ཀྱི་ཕྲེང་བ་རང་སྒྲ་སྒྲོག་བཞིན་པ་བཟླས་པའི་རྐྱེན་གྱིས་ཕྱི་ནང་གི་ལྷ་རྣམས་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟར་བསྒྲགས་ཤིང༔ འོད་ཟེར་མེ་དང་མཚོན་ཆ་ལྟ་བུ་ཕྱོགས་བཅུར་འཕྲོས་པས་སྲིད་པ་གསུམ་གྱི་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུས༔ ཟིལ་གྱིས་མནན༔ ཅི་བསྒོ་བའི་ལས་བསྒྲུབས༔ མ་རུངས་པའི་གདུག་པ་ཅན་སྤྱི་དང༔ ཁྱད་པར་རྒྱལ་བསེན་དམ་སྲི་འབྱུང་པོའི་ཚོགས་ཐམས་ཅད་རྩྭ་སྦུར་མེ་ཡིས་བསྲེགས་པ་ལྟར་དངོས་མེད་ཀ་དག་གི་ཀློང་དུ་བསྲེགས་ཤིང་སྦྱངས༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་བསྟིམས༔ སྣང་སྲིད་སྣོད་བཅུད་ཐམས་ཅད་དཔལ་རྟ་མཆོག་རོལ་པའི་སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་སུ་བྱིན་གྱིས་བརླབས་པར་བསམ་ལ༔ ཧྲཱིཿཔདྨ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་མི་ཚིག་གིས་བར་མ་ཆོད་པར་འབུམ་ཕྲག་གསུམ་དུ་བཟླའོ༔ དེ་ནི་བསྙེན་པའོ༔ ས་མ་ཡ༔ དེ་ནས་རང་ཉིད་དཔལ་རྟ་མགྲིན་གྱི་ས་མ་དྷཱི་ལ་གནས་པས༔ མདུན་གྱི་སྒྲུབ་རྟེན་རང་འདྲ་བའི་དམ་ཚིག་པར་གསལ༔ གནས་གསུམ་བྱིན་གྱིས་བརླབས་ལ་ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམ༔ དབང་བསྐུར་ཞིང་རིགས་བདག་ཨ་མི་དྷེ་ཝས་རྒྱས་གདབ༔ མཆོད་བསྟོད་སོགས་བྱ༔ བདག་མདུན་གཉིས་ཆར་ལ་དམིགས་ནས་སྔགས་ཀྱི་ཞབས་སུ༔ བཛྲ་ས་མ་ཡ་སཏྭཾ་ཞེས་བཏགས་པ་འབུམ་ཕྲག་བཞི་བཟླ༔ ལས་ཀྱི་དབྱུག་པ་ལའང་ལྷ་སྔགས་ཀྱི་བྱིན་རླབས་བསྟིམས་ལ་ནུས་ལྡན་དུ་བྱའོ༔ དེ་ནི་སྒྲུབ་པའོ༔ ས་མ་ཡ༔ བསྙེན་སྒྲུབ་སྔོན་དུ་སོང་ནས་ལས་སྔགས་བཟླ་བ་ནི༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ༔ དེའི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་བྱུང་བས་རང་གི་སྙིང་གའི་ཧྲཱིཿལ་ཐིམ༔ ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པ་ལས་ཡེ་ཤེས་ཀྱི་མེ་འབར་བས་ལུས་ཀྱི་ནང་གང༔ ལུས་ལ་གནས་པའི་ནད་གདོན་སྡིག་སྒྲིབ་དམ་སྲི་འབྱུང་པོའི་བར་ཆད་ཐམས་ཅད་བསྲེགས་ཤིང་སྦྱངས་པར་བསམ་ལ་སྔགས་ཀྱི་མཐར༔ ཨཿཡཿམཿདུཿརུཿཙཿཤཿནཿརཱ་ཛ་ཧཾ་ཤཾ་ཏྲིག་ནན་ཁ་རག་སྨ་ཤ་ན་རཾ་རཀྴ་ཛྭ་ལ་རཾ་ཧཱུྃ༔ རཾ་རཀྴ་ཛྭ་ལ་རཾ་རྦད༔ རཾ་རཀྴ་ཛྭ་ལ་རཾ་བྷྱོ༔ རཾ་རཀྴ་ཛྭ་ལ་རཾ་བྱེར༔ རཾ་རཀྴ་ཛྭ་ལ་རཾ་རྨུགས༔ རཾ་རཀྴ་ཛྭ་ལ་རཾ་མྱོགས༔ རཾ་རཀྴ་ཛྭ་ལ་རཾ་ནན༔ སརྦ་བིགྷྣཱན་མཱ་ར་ཡ་ཕཊ༔ ཅེས་བཟླ༔ ཡང་ལུས་ཀྱི་ནང་གི་མེ་ཆེར་འབར་བས་གནས་ཁང་དང་ལུང་པ་ཐམས་ཅད་གང༔ གནས་ལ་འཁྲི་བའི་དམ་སྲི་གདོན་བགེགས་འབྱུང་པོ་ཐམས་ཅད་བསྲེགས་ཤིང་སྦྱངས་པར་བསམ་ལ་བཟླ༔ ཡང་མེ་ལྕེ་ཆེར་འབར་བས་སྟོང་གསུམ་འཇིག་རྟེན་གྱི་ཁམས་གང༔ དེ་དག་ན་གནས་པའི་སྡེ་བརྒྱད་མ་རུངས་པ་ཐམས་ཅད་བསྲེགས་ཤིང་གཟིར༔ ཁྱད་པར་མེའི་གསེབ་ནས་རང་འདྲའི་ཁྲོ་ཆུང་དཔག་ཏུ་མེད་པ་འཕྲོས༔ དམ་སྲི་རྒྱལ་བསེན་གདུག་པ་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་རྡོ་རྗེའི་དབྱུག་པས་ཐལ་བ་བུན་བུན་དུ་བརྡུངས༔ ཡེ་ཤེས་ཀྱི་མེ་ལྕེས་ལྷག་མེད་དུ་བསྲེགས་པར་བསམ་ལ་སྔགས་ཁྲི་ཕྲག་གཅིག་བཟླའོ༔ འདི་དག་གི་སྐབས་སུ་སྣང་སེམས་རོ་གཅིག་ཏུ་བསྲེས་ལ་དགོངས་པའི་གདེངས་བསྐྱེད་པ་གལ་ཆེའོ༔ དེ་ནི་ལས་སྦྱོར་རོ༔ ས་མ་ཡ༔ དེ་ལྟར་བསྙེན་སྒྲུབ་ལས་གསུམ་མཐར་ཕྱིན་ནས་མདུན་རྟེན་ལས་དངོས་གྲུབ་བླང༔ བརྟན་བཞུགས་བྱ༔ རང་གི་སྔགས་སྲུང་དུ་འབྲལ་མེད་འཆང༔ ལས་ཀྱི་དབྱུག་པ་རང་གི་མདུན་ནམ་གནས་ཁང་གི་བྱང་ཤར་དུ་མཚམས་སྲུང་བའི་ཚུལ་དུ་བཞག་ལ་ལས་སྦྱོར་བྱའོ༔ དེ་ལ་ལས་ཚོགས་བསྒྲུབ་པ་ལ༔ རྫས་སྒྲུབ་ནི༔ གུ་གུལ༔ མུ་ཟི༔ གླ་རྩི༔ ཤུ་དག༔ སྒོག་པ༔ མཁན་པ་དམར་པོའི་རྩ་བ༔ དྲི་ཆེན༔ ཐལ་ཆེན༔ མི་གྲིར་ཤི་བའི་སྐྲ་སེན༔ རྟ་བོན༔ ཕུར་མང་ནག་པོ༔ སྤྲུ་མ་ནག་པོ་རྣམས་སྔགས་པ་རང་གི་དྲི་ཆུས་རིལ་བུར་དྲིལ་ལ༔ ལས་སྔགས་ཀྱི་མཐར༔ ཨོཾ་པདྨ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཾ་ཤཾ་ཏྲིག་ནན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཕཊ༔ ཅེས་བཏགས་པ་སྟོང་ཕྲག་གིས་ངར་བཏགས་ལ་བྱུགས་བདུག་འཆང་བས་གདོན་བགེགས་ཐམས་ཅད་སྲུང་ཞིང་བྱེར་བར་བྱེད་དོ༔ སྔགས་མདུད་ནི༔ དར་དམར་པོའི་རྡོ་རྗེའི་མདུད་པའི་ནང་དུ་རྫས་སྲུང་གི་རིལ་བུ་གཞུག༔ ལས་སྔགས་མཐར༔ བཛྲ་ཙཀྲ་ཛྭ་ལ་ཨ་ན་ལ་རཀྴ་རཀྵ་བྷནྡྷ་བཾ༔ ཞེས་བཟླས་ལ་བཏབ་པ་མགུལ་དུ་འཆང་བས་གདོན་བགེགས་ཀྱིས་ཉེ་མི་ནུས་སོ༔ ནད་པ་གདོན་ཅན་ལ་བཀའ་བསྒོ་ན༔ རང་ལྷའི་ང་རྒྱལ་བརྟན་པོས་གཡས་ལས་ཀྱི་དབྱུག་པ་འཕྱར༔ གཡོན་མེའི་གསལ་ཤིང་ཐོགས་ལ༔ ཧཱུྃ༔ ང་ནི་པདྨ་རྟ་མགྲིན་རྒྱལ༔ ཁམས་གསུམ་འདི་ན་སུ་ཡང་རུང༔ རྣལ་འབྱོར་སྒྲུབ་ལ་བར་གཅོད་ཀུན༔ ད་ལྟ་ཉིད་དུ་སོ་སོར་དེངས༔ གལ་ཏེ་མི་ཉན་འཚེ་བྱེད་ན༔ རྡོ་རྗེའི་དབྱུག་པས་ཀླད་ནས་གཞོམ༔ ཡེ་ཤེས་མེ་ཡིས་གཞོབ་ཏུ་བསྲེག༔ མིང་གི་ལྷག་མ་མེད་པར་བྱེད༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ལས་སྔགས་བཟླ་ཞིང་དབྱུག་པ་ཀླད་ལ་བསྐོར་ནས་བརྡེག༔ མེས་ལུས་ལ་བསྐོར༔ རྫས་བདུག༔ ཐུན་འཕང༔ སྐད་ངན་ཙེར་ཙེར་བབས་ན་མནའ་བསྒག་ཅིང་གཏང་ངོ༔ སློབ་མ་སོགས་ཡིན་ན་ལས་སྦྱོར་ལྟར་མེ་དམིགས་ཀྱང་ཕོག༔ དབང་བསྐུར་རོ༔ སྲིའུ་གསོ་ནའང་གོང་ལྟར་བཀའ་བསྒོ་དྲག་ཏུ་བྱ༔ སྲིའུ་མ་དང་བཅས་པ་མེའི་ཏིང་ངེ་འཛིན་གྱི་ཀློང་དུ་གཞུག༔ རྡོ་རྗེའི་དབྱུག་པ་སྤྱི་བོར་བཞག་ལ༔ བཛྲ་རཀྵ་ཙཀྲ་ཛྭ་ལ་བྷནྡྷ་བྷནྡྷ་བཾ་བྷྲཱུྃ༔ ལུས་རྡོ་རྗེའི་གོ་ཁྲབ་ཀྱིས་གཡོགས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ༔ བདེན་ཚིག་བརྗོད༔ དབྱུག་པ་སྔས་སྲུང་དུ་བཞག༔ མ་འབྱོར་ན་སྔགས་མདུད་གདགས༔ ལོ་མར་ལ་སྔགས་བཏབ་པས་བྱུག༔ དེས་སྲིའུ་སོས་པར་ཐེ་ཚོམ་མེད་དོ༔ རང་ལ་གདོན་བགེགས་ཀྱི་འཚེ་བའི་ལྟས་བྱུང་ན་བཟློག་པ་ནི༔ ཕྱག་མཚན་དང་བཅས་འཆམས་སྟབས་སུ་བྱས་ལ༔ གོང་ལྟར་བཀའ་བསྒོ་དྲག་ཏུ་བྱའོ༔ ཁྱིམ་དུ་འགོང་པོ་སོགས་བགེགས་ཆེན་ཞུགས་ན༔ དུག་ཤིང་གི་མེ་སྦར་ལ་མེའི་ཀློང་དུ་རྟ་མགྲིན་སྐད་ཅིག་གིས་བསྐྱེད༔ བདག་མདུན་ལས་མེ་དམིགས་སྤྲོས་ཏེ་མེ་རྫས་ལ་ཐུན་དང་རྫས་བསྒྲུབས་བསྲེས་པས་མེ་ཟོར་འཕང༔ རྡོ་རྗེའི་དབྱུགས་པས་སྡིགས་ཤིང་བསྐྲད༔ སྒོ་གོང་དུ་སྲུང་འཁོར་ཆེན་མོ་དང་ཕྱག་མཚན་གདགས༔ དེས་ནི་བགེགས་ཐམས་ཅད་ཚར་ཆོད་ཅིང་སྲུང་བར་འགྱུར་རོ༔ ཐོག་སེར་ཤྭ་འུད་ཟློག་པ་ནི༔ གང་ནས་འོང་བའི་ཕྱོགས་སུ་དབྱུག་པས་བསྐོར་ཞིང་བསྡིགས༔ ཐུན་འཕང༔ རྫས་བདུག༔ ལས་སྔགས་དང༔ གནོད་བྱེད་ཐོག་སེར་ཤྭ་འུད་ཨུརྞ་མ་ཎི་ཨུརྞ་མ་ཎི་ཨ་ལ་པྲ་མ་ཡ་ཤག་ཤག་བྱེར་བྱེར་ཟློག་ཟློག༔ ཅེས་དྲག་ཏུ་བཟླས་པས་བཟློག་གོ༔ ཡུན་དུ་སྲུང་ན་གནོད་པའི་ཕྱོགས་སུ་ཕྱག་མཚན་སྦའོ༔ ལོ་ཏོག་ལ་བཙའ་འབུ་བྱི་བ་སོགས་ཀྱི་གནོད་པ་ཟློག་ན༔ དུར་ཁྲོད་ཀྱི་ཐལ་ཆེན་དང་གཙང་འགྲམ་གྱི་བྱེ་མ་ལ་ལས་སྔགས་མཐར༔ ཙེ་རི་ཙི་རི་སོད༔ ཧུར་ཤི་ཧུར་ཤི་སོད༔ མ་མ་ཁ་ཤི་བཾ་རུ་ལུ་རུ་ལུ་པྲ་ཎ་རྦད་ཐུམ་ཆོད༔ ཅེས་བཟླས་པ་དང༔ སྔགས་ཆུ་བྱས་ལ་གཏོར་རོ༔ རྟ་ཕྱུགས་ལ་གདོན་འགོང་རྗེས་འབྲང་སོགས་ཀྱིས་འཚེ་བ་ཟློག་ན༔ དེ་རྣམས་གོ་རར་བཙུད་ལ་རེ་རེའམ་སྤྱི་ནས་དབྱུག་པས་བསྐོར་ཞིང་བརྡེགས་པས་གདོན་བགེགས་ཐམས་ཅད་ལུས་ལས་ཐོན་ཏེ་རཱུ་པ་ལ་ཐིམ་པར་བསམ༔ རཱུ་པ་དུག་ཤིང་གི་མེར་རྟ་མགྲིན་སྐད་ཅིག་གིས་གསལ་བའི་ཞལ་དུ་བསྟབས་པས་ལྷག་མེད་དུ་བསྲེགས་པར་བསམ་ལ་ཤ་ཁྲག་དུག་སྣ་དང་བཅས་ཏེ་བསྲེག༔ མེ་ཟོར་བྱའོ༔ རྦོད་གཏོང་བཟློག་ན༔ བྱད་ཕུར་རྦོད་གཏོང་གང་བྱུང་གི་ཕྱོགས་སུ་དབྱུག་པས་བསྡིགས༔ ཐུན་དང་མེ་ཟོར་འཕང༔ མ་ཧཱ་ཤ་རི་རཾ་རྦོད་ཟོར་སརྦ་ཟློག་བྷྱོ་བྷྱོ༔ ཞེས་བཟླས་ཤིང་ཐལ་མོ་བརྡབ༔ ཐུན་གཏོར་ཟོར་དུ་འཕང་ངོ༔ ལྟས་ངན་ཟློག་ན༔ ལྟས་ངན་གང་བྱུང་གི་གཟུགས་འབྲུ་ནག་དང་མི་ཁའི་རྫས་སོགས་སྒྱེ་མོ་ནག་པོའི་ནང་དུ་བྲུབ༔ ལྟས་ངན་དགུག་གཞུག་བྱས་ལ་བསྟིམ༔ དབྱུག་པས་བརྡུངས་པས་ཤ་མྱོགས་རུས་མྱོགས་སུ་སོང་བར་བསམ༔ རྡོག་པས་བསྒྲིལ་ལ་རང་ཡུལ་དུ་མི་ལྡོག་པའི་འབབ་ཆུ་དྲག་པོར་འཕང༔ ཕྱི་མིག་མི་བལྟའོ༔ མི་ཁ་ཟློག་ནའང་མི་ཁའི་རྫས་རྫ་ཆག་གི་ནང་དུ་བླུགས༔ མི་ཁ་དགུག་གཞུག་དྲག་ཏུ་བྱས་ལ་བརྡུང༔ ཆུ་བོ་ཆེན་པོའི་ནང་གི་རྡོ་ལ་བརྡབ་བོ༔ བསེ་རག་ཁ་འགོང་ཟློག་ན༔ བསེ་རག་ཕྲ་མོའི་རིགས་ལ་ལན་ཆགས་བྱིན་ལ་བསྐྲད༔ ཆེ་བའི་རིགས་རྣམས་རང་ཉིད་འཁོར་བཅས་ཀྱི་ཟ་ལྷག་འཐུང་ལྷག་ཆག་རྒུ་གོག་བཅུ་གོ་གསུམ་གྱི་ཐལ་བ་སོགས་རྫ་ཆག་ནང་དུ་བླུགས་པ་ལ་བསྟིམ༔ དབྱུག་པས་བརྡུང༔ ཆུ་བོ་རྦ་ཀློང་འཁྲུགས་པའི་རྡོ་ལ་བརྡབ་བོ༔ དེ་རྣམས་གང་གི་སྐབས་སུའང་རྒྱལ་བསེན་སོགས་དམིགས་ཀྱིས་བསལ་ན༔ དབྱུག་པའི་མགུལ་དུ་རཱ་ཛ་སྲུང་བའི་འཁོར་ལོ་ཆེན་མོ་བཏགས་པས་ནུས་པ་མཆོག་ཏུ་རྣོ་བར་འགྱུར་རོ༔ ལས་སྣ་ཚོགས་བསྒྲུབ་པའོ༔ ས་མ་ཡ༔ སློབ་མ་རྗེས་སུ་འཛིན་ན༔ སློབ་དཔོན་གྱིས་བསྙེན་སྒྲུབ་ནུས་ལྡན་དུ་བྱ༔ དམ་ཚིག་སྲུང་བའི་སློབ་མས་མཎྜལ་ཕུལ༔ གསོལ་བ་གདབ༔ རྒྱུན་བཤགས་བྱ༔ དེ་ནས་བར་ཆད་བསལ་བའི་ཕྱིར་བཀའ་བསྒོ༔ མེ་དམིགས༔ སྲུང་བ་རྣམས་གྲུབ་ན་ལེགས༔ དངོས་གཞི་དངོས་གྲུབ་སྒྲུབ་པའི་རྗེས་སུ་གནང་ཞིང་དབང་བསྐུར་བ་ནི༔ སློབ་མ་སྐད་ཅིག་གིས་རྟ་མགྲིན་དུ་བསྐྱེད་ལ་སེམས་འཛིན་དུ་གཞུག༔ དེ་ནི་སྐུའི་རྗེས་གནང་ངོ༔ དེ་བརྟན་པའི་ཕྱིར་སྒྲུབ་པའི་དབྱུག་པ་སྤྱི་བོར་བཞག་ལ༔ ཧཱུྃ༔ འབར་བའི་རྡོ་རྗེའི་དབྱུག་པ་ནི༔ རྟ་མཆོག་དཔལ་དང་གཉིས་སུ་མེད༔ གཟི་བྱིན་བསྐྱེད་པའི་དབང་བསྐུར་བས༔ སྐུ་ཡི་ཡེ་ཤེས་གྲུབ་པར་ཤོག༔ སྒྲུབ་སྔགས་དང་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཞེས་བརྗོད་དབྱུག་པ་ཡེ་ཤེས་ཀྱི་ལྷར་གསལ་བ་སློབ་མ་ལ་བསྟིམ་མོ༔ སྔགས་ཕྲེང་སྤྲོས་ལ་བཟླས་པའི་ཏིང་ངེ་འཛིན་དང་བཅས་བསྙེན་སྒྲུབ་ལས་གསུམ་གྱི་སྔགས་རྗེས་ཟློས་བྱ༔ དེ་ནི་གསུང་གི་རྗེས་གནང་ངོ༔ དེ་བརྟན་པར་བྱ་བའི་ཕྱིར་མེའི་ཞགས་པ་མགྲིན་པར་བཞག་ལ༔ ཧྲཱི༔ འབར་བ་མེ་ཡི་ཞགས་པ་ནི༔ རྡོ་རྗེའི་སྔགས་དང་གཉིས་སུ་མེད༔ ནུས་པ་བསྐྱེད་པའི་དབང་བསྐུར་བས༔ གསུང་གི་ཡེ་ཤེས་གྲུབ་པར་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་མི༔ ལྷ་སྔགས་ཐམས་ཅད་སེམས༔ སེམས་སྟོང་པ༔ སྟོང་པ་བློ་འདས་སུ་ངོ་སྤྲད་ལ་མཉམ་པར་འཇོག་ཏུ་གཞུག༔ དེ་ནི་ཐུགས་ཀྱི་རྗེས་གནང་ངོ༔ དེ་བརྟན་པར་བྱ་བའི་ཕྱིར་མེ་ལོང་སྙིང་གར་བཞག་ལ༔ ཨ༔ ཆོས་རྣམས་མེ་ལོང་གཟུགས་བརྙན་ལྟར༔ སྣང་ཙམ་ཉིད་ནས་ངོ་བོས་སྟོང༔ བློ་འདས་ཆེན་པོའི་དབང་བསྐུར་བས༔ ཐུགས་ཀྱི་ཡེ་ཤེས་གྲུབ་པར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩཱ་མི༔ དེས་ནི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ༔ སྒོ་གསུམ་གྱི་སྡིག་སྒྲིབ་བར་ཆད་ཐམས་ཅད་བྱང༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པ་བརྟན་པར་བྱ་བའི་ཕྱིར་བདེན་ཚིག་བཀྲ་ཤིས་གསོལ་ལོ༔ སློབ་མ་རྗེས་སུ་འཛིན་པའོ༔ ས་མ་ཡ༔ རྟ་མགྲིན་དཔའ་བོ་གཅིག་པ་ཡི༔ གདམས་ངག་ཤིན་ཏུ་ཟབ་པའི་བཅུད༔ གནམ་ལྕགས་མེ་ཡི་འཁོར་ལོ་འདི༔ མ་འོངས་དོན་ཕྱིར་གཏེར་དུ་སྦས༔ བློ་ལྡན་ཤེས་རབ་སྙིང་རྗེ་ཅན༔ རིགས་དང་སྤྲུལ་པའི་སྐྱེས་བུས་རྙེད༔ དུས་མཐའི་འགྲོ་བ་མང་པོ་ལ༔ ཕན་པ་རྒྱ་ཆེར་འབྱུང་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ༈ རྒྱལ་པོ་སྲོག་གི་འཁོར་ལོ་འབྱུང་པོ་ཐམས་ཅད་གནད་ལ་འབེབ་པའི་མཚོན་ཆ་བཞུགས་སོ༔ རྒྱ་གར་སྐད་དུ༔ རཱ་ཛ་ཙིཏྟ་ཙཀྲ་ཙ་ཏུ༔ བོད་སྐད་དུ༔ རྒྱལ་པོ་སྲོག་གི་འཁོར་ལོ༔ གུ་རུ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༔ སྲུང་བའི་འཁོར་ལོ་འདིའི་ལོ་རྒྱུས་ནི༔ མོན་ཡུལ་བུམ་ཐང་གི་དབུས་ན༔ མོན་གྱི་རྒྱལ་པོ་སེ་འདར་ཁ་ཞེས་བྱ་བ་ཞིག་ཡོད་དེ༔ ལས་སུ་མི་དགེ་བ་སྤྱོད་པ་ཞིག་ཡིན་པ་དེ་ལ༔ སྣང་སྲིད་ལྷ་འདྲེའི་ཆད་པ་བྱུང་སྟེ༔ ལྷ་འདྲེ་ཐམས་ཅད་དེའི་སྔས་སུ་འདུས་ནས་གྲོས་བྱས༔ དེ་རྒྱལ་པོས་མཐོང་ནས༔ སྡེ་བརྒྱད་ཀྱི་དེད་དཔོན་ནི༔ དམ་པ་ཆོས་ཀྱི་སྐད་དུ་སྲིད་པའི་རྒྱལ་པོ་ཤེལ་གིང་དཀར་པོ༔ གཡུང་དྲུང་བོན་གྱི་སྐད་དུ་སྲོག་བདག་ཉི་པཾ་སད༔ སྡེ་བརྒྱད་ཀྱི་སྐད་དུ་རཱ་ཧུ་རཱ་ཙ༔ ཀླུའི་སྐད་དུ་ནག་པོ་མགོ་དགུ༔ སྐྱེ་འགྲོ་ཀུན་གྱི་སྲོག་ལ་ངས་དབང༔ མི་ནད་དང༔ ཕྱུགས་ནད་དང༔ ཙི་ཏི་ཛྭཱ་ལ་དང༔ གཉན་དང༔ འཁྲུགས་པ་དང༔ དེ་རྣམས་ཐམས་ཅད་ངས་ཐེངས་པར་བྱེད༔ ཕྱུགས་ལ་དལ་ཡམས༔ ཞིང་ལ་སད་སེར་ངས་གཏོང་བར་བྱེད༔ ལྷ་འདྲེའི་རྒྱལ་པོ་ངས་བྱེད༔ སེ་འདར་ཁའི་སྲོག་ལ་ངས་དབང༔ དེ་བས་ཁྱེད་རྣམས་ཀྱིས་སྲོག་གི་སྙིང་པོ་ཕུལ་ཅིག་ཟེར་སྐད༔ དེ་ནས་ལྷ་སྲིན་སྡེ་བརྒྱད་གྲོས་བྱས་ནས་སྲོག་གི་སྙིང་པོ་ཕུལ༔ ཁྱེད་ངེད་རྣམས་ཀྱི་རྒྱལ་པོ་མཛོད་ཅེས་མངའ་གསོལ་ལོ༔ རྒྱལ་པོ་ཞེས་བྱ་བའི་གཏན་ཚིགས་སོ༔ དེ་ནས་སེ་འདར་ཁའི་རྒྱལ་ཁམས་རྣམས་ལ་མི་བདེ་བ་སྣ་ཚོགས་བྱུང་སྟེ༔ གཟའ་ནད་དང༔ ཐོག་དང༔ གཉན་ནད་དང༔ སྨྱོ་འབོག་བརྒྱལ་ནད་དང༔ ཕྱུགས་ལ་དལ་ཡམས་དང༔ ཞིང་ལ་སད་སེར་ལ་སོགས་སྣ་ཚོགས་བྱུང་ངོ༔ དེར་སེ་འདར་ཁའི་རྒྱལ་པོའང་ནད་དྲག་པོས་ཐེབས་ཏེ༔ བཅོས་དཔྱད་མང་དུ་བྱས་ཀྱང་མ་ཕན་ཤི་ལ་ཉེ་ནས་སོས་ཐབས་མ་བྱུང་བ་དང༔ འཁོར་འབངས་རྣམས་བསྡུས་ནས་རྒྱལ་པོས་འདི་སྐད་ཅེས་སྨྲས་སོ༔ ང་སྡེ་བརྒྱད་ཀྱི་གནོད་པ་འདི་ལས་གྲོལ་བའི་ཐབས་ཤེས་པའི་མི་ཡོད་ན༔ ངས་བཙུན་མོ་རྒྱལ་སྲིད་དང་བཅས་པ་སྦྱིན་ཟེར་བས༔ འཁོར་འབངས་རྣམས་ཀྱི་ནང་ནས་མཐའ་འཁོབ་ཀྱི་རྒྱལ་ཕྲན་གཅིག་ན་རེ༔ ང་ལ་གསེར་ཕྱེ་བྲེ་གང་བྱིན་དང༔ ངས་རྒྱལ་པོ་སོས་པའི་ཐབས་ཤིག་བསྟན་གྱི་ཟེར་རོ༔ དེ་ནས་རྒྱལ་ཕྲན་དེ་ལ་གསེར་བྱིན་པ་དང༔ རྒྱལ་ཕྲན་དེས་འདི་སྐད་ཅེས་སྨྲས་སོ༔ བལ་པོའི་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཅེས་བྱ་བ་ན༔ ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ༔ གསང་སྔགས་ཀྱི་ཆོས་ལ་མངའ་བརྙེས་ཤིང༔ སྣང་སྲིད་དབང་དུ་འདུས་ཤིང་ཟིལ་གྱིས་ནོན་པ་གཅིག་ཡོད་པ་དེ་བོས་ན་ཕན་ཟེར༔ དེར་རྐང་མགྱོགས་གཅིག་ལ་གོས་སེར་ཆས་དང༔ ཆོས་པའི་ལུགས་སུ་བྱས་ནས་བཏང༔ དེས་ཨོ་རྒྱན་པདྨ་སྤྱན་དྲངས་ནས༔ སེ་འདར་ཁའི་རྒྱལ་པོའི་སྔས་སུ་བྱོན་པ་དང༔ རྒྱལ་པོ་ན་རེ༔ ང་སོས་ནས་ལྷ་འདྲེའི་ཆད་པ་འདི་བཟློག་ན་ཁྱེད་ཀྱི་ཅི་གསུང་བསྒྲུབ་ཅིང་ཅི་མཉེས་ཕུལ་ཟེར་རོ༔ པདྨའི་ཞལ་ནས་ང་ལ་འབུལ་བ་ཅིའང་མི་དགོས༔ ཁྱེད་ཀྱི་ཡུལ་འདིའི་སྡིག་པའི་ལས་སྤོངས༔ དགེ་བའི་ལས་ལ་འབད༔ ངའི་བསྟན་པ་ལ་འཇུག་པར་ཁས་ལོངས་དང༔ ངས་ཕན་པའི་ཐབས་ཡོད་གསུངས༔ དེར་རྒྱལ་པོ་དང་འབངས་ཡུལ་མི་རྣམས་ཀྱིས་སྡིག་པ་སྤངས་ནས༔ ཅི་གསུང་བསྒྲུབ་པར་ཁས་བླངས་པས༔ པདྨ་འབྱུང་གནས་ཐུགས་དགྱེས་ཏེ༔ བྲག་དམར་པོ་རྡོ་རྗེ་བརྩེགས་པར་སྒྲུབ་པ་མཛད་དོ༔ དེར་ཞག་གསུམ་གྱི་སྟེང་དུ་ཨོ་རྒྱན་གྱི་སྤྱན་སྔར་ཤེས་གིང་དཀར་པོས་གཙོ་བྱས་པའི་ལྷ་འདྲེ་སྡེ་བརྒྱད་རྣམས་བྱུང་ནས་ཕྱག་འཚལ་ཞིང་སྲོག་གི་སྙིང་པོ་ཕུལ་ནས་དམ་ལ་བཏགས་སོ༔ དེར་སློབ་དཔོན་གྱིས་རྒྱལ་པོ་སྤྱི་ཆིངས་ཀྱི་འཁོར་ལོ་བསྐོར་ནས་དབང་དུ་བསྡུས་སོ༔ དེར་སེ་འདར་ཁ་ལ་འཁོར་ལོ་བཏགས་ནས་སྡེ་བརྒྱད་ཀྱི་གནོད་པ་ལས་གྲོལ་བར་གྱུར་ཏོ༔ ཡུལ་ཕྱོགས་བདེ་ཞིང་བཀྲ་ཤིས་སོ༔ འཁོར་ལོའི་ལོ་རྒྱུས་དང་བྱུང་ཁུངས་བསྟན་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ འཁོར་ལོ་བྲི་བའི་རིམ་པ་ནི༔ རྒྱ་ཤོག་གམ་དར་དཀར་པོ་ལ༔ རྒྱ་སྣག་གླ་རྩི་སྤོས་དཀར་བརྡར༔ གདུག་པའི་སེམས་ཅན་ལྟོ་བ་རུ༔ ཙཀྲ་མུ་ཁྱུད་བཞི་རུ་བསྐོར༔ ཟིལ་གནོན་སེང་གེ་སྡིག་པ་གཉིས༔ ཕོ་མོ་ཟུང་རེ་བཞི་རུ་བྲི༔ དེ་ཡང་ལྟོ་སྦྱོར་དག་ཏུ་བྱ༔ ཙཀྲ་རྩིབས་བརྒྱད་དག་ཏུ་བཀོད༔ ལྟོ་བར་ཤེལ་གིང་གཟུགས་བྲིས་ཏེ༔ དེ་ཡི་ཁོག་པར་སྔགས་འདི་བྲི༔ ཨོཾ་བཛྲ་སརྦ་དུཥྚཱན་ནན་ཨེ་ཧུར་ཐུམ་ཛཿཏྲི་མཱ་ར་ཡ་རྦད༔ ཅེས་པས་ཕྱིར་བསྐོར་དབུས་སུ་ནི༔ སྲིད་པའི་རྒྱལ་པོ་ཤེལ་གིང་དཀར་པོ་དམ་ལ་མ་འདའ་ཞིག༔ ཏྲི་དུ་ཏྲི་ཛ་ནན༔ ས་མ་ཡ་དམ་ཛ་ཛ༔ འཆང་བ་ལ་སྲུངས་ཤིག༔ ཅེས་བྲི་དེའི་ཕྱི་མུ་ཁྱུད་ལ༔ རྒྱལ་ཕྲན་བརྒྱད་ཀྱི་སྲོག་སྔགས་དང༔ འཆང་བ་པོ་ལ་སྲུངས་ཤིག་བྲི༔ སྔགས་ནི་འདིའོ༔ ཨོཾ་བཛྲ་སིག་ནན་སིག་ནན༔ ཨོཾ་བཛྲ་ཏྲིག་ནན་ཏྲིག་ནན༔ ཨོཾ་བཛྲ་གུག་ནན་གུག་ནན༔ ཨོཾ་བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་མཱ་ར་ཡ་ཧཱུྃ་ཕཊ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ན་མོ་བུདྡྷཱ་ཡ༔ ན་མོ་དྷརྨཱ་ཡ༔ ན་མོསྶཾ་གྷཱ་ཡ༔ ཏདྱ་ཐཱ༔ ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་རཏྣ་སིདྡྷི་ཕ་ལ་ཧཱུྃ་ཧྲཱི༔ ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ་ཧྲཱི༔ སྔགས་མཐར་རྟེན་འབྲེལ་སྙིང་པོ་འོ༔ དེ་ཡི་ཕྱི་རིམ་རྩིབས་བརྒྱད་ལ༔ ཤར་དུ་དཀར་པོ་སྤྱན་གཅིག་བྲི༔ ལྷོར་ནི་བྱེ་བ་གུང་རིང་བྲི༔ ནུབ་ཏུ་ཡམ་ཤུད་དམར་པོ་བྲི༔ བྱང་དུ་ཁུ་ལེ་ལག་དགུ་བྲི༔ ཤར་ལྷོར་གཟའ་ཐེལ་དམར་པོ་ལ༔ ལྷོ་ནུབ་གནམ་ཐེ་དཀར་པོ་བྲི༔ ནུབ་བྱང་ས་ཐེལ་ནག་པོ་བྲི༔ བྱང་ཤར་བར་ཐེལ་ཁྲ་བོ་བྲི༔ དེ་རྣམས་གཟུགས་སུ་བྱ་བ་འོ༔ ཡང་ན་རང་རང་མིང་གི་མཐར༔ དམ་ལ་མ་འདའ་ཞིག༔ ཏྲི་དུ་ཏྲི་ཛ་ནན༔ ས་མ་ཡ་དམ་ཛ༔ ཞེས་བྲིས་ཤམ་ལ་སྲུང་ཤིག་བྲི༔ འཁོར་ལོའི་གོང་རས་དག་ལ་ནི༔ ལྷ་འདྲེ་བསམ་གྱིས་མི་ཁྱབ་ཀྱང༔ གདོན་ཆེན་བཅོ་བརྒྱད་ཟློག་པ་ཡི༔ སྲོག་སྔགས་ཐམས་ཅད་བྲི་བར་བྱ༔ ཨོཾ་བཛྲ་རཀྴ་སི་ཙིཏྟ་ཟུངས་ཟུངས༔ ཁ་རགྨོ་སྨ་ཤ་རྦད་རྦད༔ ཁུག་ནི་ལ་དུམ་བུར་ཤིག་ཤིག༔ འདའ་ན་རཀྴའི་ཙིཏྟ་ཕྱུང་ཕྱུང༔ ལྡོག་ན་རཀྴའི་ཙིཏྟ་མྱོགས་མྱོགས༔ ཏྲི་རྔུབས་རྔུབས་ཨེ་དུམ་རྨུགས༔ ཨེ་དུམ་རྨུགས༔ སྙིང་ལ་ཏྲི་མོ་ཏན་ཏྲི༔ མཾ་ཤེལ་མཾ་ཤེལ༔ སྲོག་ལ་དུན་ཛ་དུན་ཛ༔ ཨོཾ་བཛྲ་ཀྲོ་དྷ་རཱ་ཛ་པི་ཏྲི་ཨ་མུ་ཀ་ཧཱུྃ་ཕཊ༔ རཱ་ཛ་རྦད་ཏྲི་ཐུམ་ཏྲི་རྦད༔ རཱ་ཛ་ཐུམ་ཤིག་ནན༔ ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཁ་ཏྲི་རཱ་ཛ་རྦད༔ རཱ་ཛ་དུ་ཏྲི་ནན་སོད༔ ཨ་མུ་ཀ་ཧཱུྃ་ཕཊ༔ རཱ་ཛ་ཐུཾ་ཏྲི་རྦད༔ རཱ་ཛ་ཐུཾ་ཤིག་ནན་སོད༔ ཧཱུྃ་ཕཊ༔ ཁ་ཏྲི་རཱ་ཛ་རྦད༔ རཱ་ཛ་དུ་ཏྲི་ནན་སོད༔ ཨོཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་སཏྭམ་བྷ་ཡ་ཧཱུྃ་ཕཊ༔ ཡིག་མགོ་ནང་དུ་བསྟན་ལ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ རྦོད་གཏོང་རྒྱ་ཆེ་གྲངས་མང་ཡང༔ བན་བོན་སྔགས་པ་ཕྱི་རོལ་སྤྱོད༔ བྱད་ཁ་ཐམས་ཅད་ཟློག་སྔགས་དྲི༔ ཨོཾ་ཏྲག་རཀྴ་སྲོག་ལྷ་དཀར་པོ་ནན༔ པི་ལིང་ཟློག་ཟློག༔ ནན་ནན༔ བྷྱོ་བྷྱོ༔ ཛ་ཛ༔ ཕཊ་ཕཊ༔ ཨོཾ་རྒྱལ་པོ་ཧས༔ རྒྱལ་པོ་ཧས༔ ཀ་ཧས་ཙིཏྟ༔ ཀཱ་ཝཱ་ཙི་བརླག་བརླག༔ ནཱ་ག་ཤ་ཡ༔ ནཱ་ག་ཤ་ཡ༔ ཡཀྴཱ་ཡ་ཡཀྴཱ་ཡ༔ དྷ་ཤ་གྷྲི་བཱ་ཡ་དྷ་ཤ་གྷྲི་བཱ་ཡ༔ སྲོག་དྲིལ་སྲོག་དྲིལ༔ བླ་དྲིལ་བླ་དྲིལ༔ ནན་ནན༔ ཟློག་ནན་བྷྱོ་བྷྱོ༔ གནོད་པ་དང་གདོན་ཐམས་ཅད་ཟློག༔ ཡིག་མགོ་ནང་དུ་བསྟན་ལ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཕཊ༔ ཧ་རི་ནི་ས་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཨཱཿཧཱུྃ་ཕཊ་ཕཊ༔ བཛྲ་ཧཱུྃ༔ ཡཀྴ་ཧཱུྃ༔ རཀྴ་ཧཱུྃ༔ རཱ་ཛ་གནོད་བྱེད་ཀྱི་སྙིང་ལ་མཱ་ར་ཡ་ཧཱུྃ་ཕཊ༔ ཨོཾ་ཡ་མཱནྟ་ཀ༔ ཧ་ཡ་གྲཱི་ཝ༔ བཛྲ་པཱ་ཎི༔ ཧ་རི་ནི་ས་ཧཱུྃ་ཕཊ༔ ཨཱ་ལི་ཀཱ་ལི་ཡེ་དྷར་བྲི༔ དེ་རྒྱབ་རྡོ་རྗེའི་ར་བ་བྲི༔ དེ་ཡི་ཕྱི་རོལ་སེམས་ཅན་ཏེ༔ ཟིལ་གནོན་སེང་གེའི་ལྕེ་སྟེང་དུ༔ གཤིན་རྗེ་བདུད་དང་བཙན་དང་དམུ༔ རྒྱལ་པོ་ས་བདག་ཀླུ་དང་ནི༔ མུ་སྟེགས་སྲིན་པོ་ལ་སོགས་ཀྱིས༔ ལྷ་འདྲེ་ཐམས་ཅད་ཟློག་སྔགས་བྲི༔ ཨཿཡཿམཿདུཿརུཿཙཿཤཿནཿསརྦ་བྷཱུ་ཏ་ཨེ་ཧུར་ཐུཾ་ཏྲིག་ནན་ཛཿམཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ སྡིག་པའི་ར་ལ་སྔགས་འདི་བྲི༔ རཱ་ཛ་མཱ་ར་ཡ་ནན༔ པྲ་མ་རཱ་ཛ་ཨཾ་གུ་ཤ་ཙ་ཛ་ཛ༔ གནོད་བྱེད་ཀྱི་ཁ་ཆིངས་ཤིག༔ ཟིལ་གནོན་སེང་གེའི་རྔ་མ་དང༔ ཞེ་སྡང་སྡིག་པའི་མཇུག་མ་ལ༔ འདྲེ་སྲིན་ཕོ་མོའི་གཟིར་སྔགས་བྲི༔ དམ་ཉམས་ཀྱི་སྲོག་ལ་ས་མ་ཡ་ཕྱེ༔ སྲོག་བདག་སྙིང་ལ་ས་མ་ཡ་ཕྱེ༔ མ་མ་རུ་ལུ་རུ་ལུ་ཧབྟ་རྦད༔ སྙིང་ལ་གཟེར་སྙིང་ལ་གཟེར༔ ཏ་ཀ་ཧ་ན་ད་ཧ་པ་ཙ་རུ་ལུ་རུ་ལུ་འགོང་པོ་ཨུཙཊྚཱ་ཡ་ཧཱུྃ་ཕཊ༔ བདག་འཆང་བའི་ལུས་ངག་ཡིད་གསུམ་ལ་གནོད་བྱེད་ཐམས་ཅད་ཀྱི་ཁ་ཆིངས་ཤིག༔ སྲུང་འཁོར་ཕྱི་ཡི་རྒྱབ་ཏུ་ནི༔ སྣ་ཚོགས་རྡོ་རྗེ་རྒྱ་གྲམ་བྲི༔ རྡོ་རྗེ་རྒྱ་གྲམ་ལྟེ་བ་ལ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ་ཕཊ༔ བདག་འཆང་བ་ལ་སྲུངས་ཤིག༔ ཅེས་པའི་སྔགས་འདི་བྲི་བར་བྱ༔ དེ་ནི་འབྲི་བའི་རིམ་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ དེ་ནས་ལྷ་སྔགས་རྣམས་ལ་ནི༔ གུར་གུཾ་གི་ཝཾ་ཨ་མྲྀ་ཏ༔ གནས་རྟེན་བྱིན་ཅན་ས་སྣ་བྱུགས༔ རཱ་ཛའི་གཟུངས་དང་ལས་སྔགས་ལ༔ སྲོག་རྟེན་ཁྱི་དཀར་སྣ་དམར་དང༔ སྤྲེ་འུ་དང་ནི་ཁྱིམ་བྱའི་ཁྲག༔ གཉེན་པོ་གུ་གུལ་ཡུངས་དཀར་ནག༔ ཐལ་ཆེན་རཀྟ་རི་ཤོའི་རྩྭ༔ མུ་ཟི་གླ་རྩི་ཤུ་དག་ནག༔ མཁན་དམར་སྤྲུ་བ་ནག་པོས་བྱུགས༔ དེ་ནི་རྫས་ཀྱི་རིམ་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ རབ་གནས་བཙུན་པ་ཁྲིམས་ལྡན་ནམ༔ ཡང་ན་སྔགས་པ་དམ་ལྡན་གྱིས༔ ཐེབས་ཀྱི་དུས་སམ་གཟའ་སྐར་བཟང༔ ཉ་སྟོང་བརྒྱད་སོགས་དུས་བཟང་ལ༔ གཞི་དཀར་སྟེང་དུ་ནས་བླུགས་ཏེ༔ ཡི་དམ་ཆོས་སྐྱོང་མཆོད་གཏོར་དང༔ སྡེ་བརྒྱད་སྤྱི་ཡི་བ་ལིཾ་བཤམ༔ མ་འབགས་སུ་ར་མ་ཉམས་བླུགས༔ རང་ཉིད་བསྐྱེད་རྫོགས་བསྒོམ་པ་དང༔ བཟླས་དང་གཏོར་མ་ཚང་བར་བྱ༔ དེ་ནས་སྐད་ཅིག་ཏིང་འཛིན་གྱིས༔ འཁོར་ལོ་མི་དམིགས་སྟོང་པའི་ངང༔ སེང་གེ་ལྕགས་ཀྱི་སྡིག་པ་དག༔ ལྟོ་སྦྱོར་ཁོག་པའི་ནང་དུ་ནི༔ གསེར་གྱི་འཁོར་ལོ་ཚུལ་བཞིན་བསྐྱེད༔ ཤེལ་གིང་དཀར་པོ་ལ་སོགས་པའི༔ གཙོ་འཁོར་དགུ་པོ་གསལ་བར་བསྒོམ༔ བདག་དང་ཆོས་སྐྱོང་ཐུགས་ཀ་ནས༔ འོད་ཟེར་ལྕགས་ཀྱུ་ལྟ་བུ་སྤྲོས༔ བདེན་པ་བདར་ལ་དགུག་གཞུག་བྱ༔ འཁོར་ལོ་དག་ལ་བསྟིམས་ནས་ཀྱང༔ གཏོར་མ་བྱིན་གྱིས་བརླབས་ལ་དབུལ༔ མཆོད་གཏོར་གཞུང་བཞིན་བསྔོས་ནས་ཀྱང༔ བདེན་པ་བདར་ལ་བཀའ་བསྒོ་བྱ༔ ཤེལ་གིང་སྙིང་གར་ཡི་དམ་བསྒོམ༔ ལྷ་སྲིན་བཀའ་ཉན་འདུན་པར་བསམ༔ རབ་གནས་སྲོག་སྔགས་མང་དུ་བཟླ༔ ཨོཾ་བཛྲ་སརྦ་དུཥྚཱན་ནན༔ ཨེ་ཧུར་ཐུམ་ཏྲི་མཱ་ར་ཡ་རྦད༔ ཅེས་པའི་གནད་གཟིར་སྔགས་དང་ནི༔ རྟེན་འབྲེལ་སྙིང་པོས་རབ་གནས་བྱ༔ གྲངས་ནི་ཁྲི་དང་འབུམ་དག་དང༔ ཉུང་ཡང་བརྒྱ་རྩ་བརྒྱད་དུ་བཟླས༔ གང་སྲུང་འཁོར་ལོའི་དབུས་དག་ཏུ༔ ཡེ་ཤེས་སེམས་དཔའ་གནས་པར་དམིགས༔ སྣ་ཚོགས་དར་སྣས་དྲིལ་ནས་ཀྱང༔ ན་བཟའ་སྔོན་པོ་དག་ཏུ་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ དེ་ནས་འཁོར་ལོ་གདགས་པ་ནི༔ གཟའ་སྐར་ཚེས་གྲངས་བཟང་དང་སྤྲད༔ ཉི་མ་ཤར་བའི་རྩེ་དག་ལ༔ ཡོན་བདག་ཁྲུས་བྱས་བགེགས་བསྐྲད་དེ༔ འདྲེ་གདོན་ཟློག་པའི་ཡོན་ཡང་འབུལ༔ འཁོར་ལོ་ཕྱི་ལྟོ་ནག་པོས་དྲིལ༔ སྤྱིར་ནི་མགུལ་ལམ་གཙུག་ཏུ་གདགས༔ ཁྱད་པར་སོ་སོར་བསྔགས་པ་ནི༔ ཤི་སྒབ་གཅོད་ན་མགུལ་དུ་གདགས༔ བྱད་ཀ་གཅོད་ན་དཔུང་པ་གཡས༔ སྲི་འུ་གསོ་ན་མ་ལ་གདགས༔ སྨྱོན་པ་བརྡུང་ན་སྙིང་གར་གདགས༔ གཟའ་འམ་མཛེ་སྲུང་གྲུ་མོ་གཡོན༔ མནའ་དང་ཕྱོགས་ངན་སྲིན་ལག་གཡས༔ ཐོག་དང་མཚོན་སྲུང་སྤྱི་བོར་ཏེ༔ ནོར་གོད་ཆེ་ན་རྟ་ཕྱུགས་རྐེ༔ ཁྱིམ་དུ་འདྲེ་སྲིན་ཞུགས་ནས་ཀྱང༔ ན་ཚ་མང་ན་སྒོའི་ཡ་ཐེམས༔ ཡང་ན་སྦྲ་སྒོ་དག་ཏུ་གདགས༔ ཀླུ་གཏད་བྱེད་ན་འགབ་ཏུ་འདོགས༔ ཙཀྲ་འདོགས་པའི་རིམ་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ འཁོར་ལོ་བཟུང་བའི་རིམ་པ་ནི༔ རྒྱལ་པོ་སྲོག་གི་འཁོར་ལོ་ཞེས་བྱ་བར་ཟུངས་ཤིག༔ ལྷ་འདྲེ་སྟོང་གི་སྒྲིབ་ཤིང་ཞེས་བྱ་བར་ཡང་ཟུངས་ཤིག༔ དལ་ཁ་རྒྱས་འདེབས་ཞེས་བྱ་བར་ཡང་ཟུངས་ཤིག༔ བྱད་ཀ་སྟོང་ཟློག་ཅེས་བྱ་བར་ཡང་ཟུངས་ཤིག༔ མཛེ་སྲུང་རིན་ཆེན་གོ་ཆ་ཞེས་བྱ་བར་ཡང་ཟུངས་ཤིག༔ ཆུང་སྲི་བཏུལ་བའི་མཚོན་ཆ་ཞེས་བྱ་བར་ཡང་ཟུངས་ཤིག༔ མཚོན་སྲུང་རྡོ་རྗེ་ཕ་ལམ་ཞེས་བྱ་བར་ཡང་ཟུངས་ཤིག༔ ཐོག་སྲུང་མེ་ཕུང་འབར་བ་ཞེས་བྱ་བར་ཡང་ཟུངས་ཤིག༔ གཏད་ཟློག་གསེར་གྱི་སྤུ་གྲི་ཞེས་བྱ་བར་ཡང་ཟུངས་ཤིག༔ གོད་ཀ་གཅོད་པའི་སཏྭ་རེ་ཞེས་བྱ་བར་ཡང་ཟུངས་ཤིག༔ འདྲེ་གདོན་ཕྱགས་འདེབས་ཀྱི་གཡབ་མོ་ཞེས་བྱ་བར་ཡང་ཟུངས་ཤིག༔ རྒྱལ་པོ་སྤྱི་ཆིངས་ཀྱི་འཁོར་ལོ་ཞེས་བྱ་བར་ཡང་ཟུངས་ཤིག༔ སྡེ་བརྒྱད་སྤྱི་ཆིངས་ཀྱི་སྲོག་འཁོར་ཆེན་མོ་ཞེས་བྱ་བར་ཡང་ཟུངས་ཤིག༔ ཅེས་རྒྱུད་གཟུང་བའི་རིམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ འཁོར་ལོ་འདི་གཏེར་དུ་སྦས་ལུགས་ནི༔ ཨུ་རྒྱན་ཆེན་པོ་བོད་ཡུལ་དུ་བྱོན་དུས་སུ༔ དང་པོ་གཙང་ལ་སྟོད་དུ་བྱོན༔ ཡུལ་ཐོག་གི་གསེར་ཁ་ཞེས་ཀྱང་བྱ༔ ལ་ཧུ་གསེར་ཁ་ཞེས་ཀྱང་བྱ༔ བུ་ཏོ་ཚོང་དུས་བྱ་བ་དེར་བྱོན༔ དེར་མི་མ་ཡིན་གྱིས་བར་ཆད་བྱས་པ་ལ༔ གུ་རུ་ཆེན་པོས་ཙཀྲ་འདི་བསྐོར་བས༔ རྒྱལ་འགོང་དང་དམ་སྲི་རྣམས་ལ་ལ་ནི་བརྒྱལ༔ ལ་ལ་ནི་ཤི༔ ལ་ལ་ནི་ཡུལ་གཞན་དུ་བྲོས་ནས་སོང་བ་དང་། ཨུ་རྒྱན་པདྨས་སྙིང་རྗེ་ཆེན་པོ་སྐྱེས་ནས་གཙང་གྲོ་ཤོད་དུ་བྱོན༔ པྲ་དུན་རྩེའི་ལྷ་ཁང་གི་དབུ་རྩེའི་ཀ་ཕོག་ལ་སྦས་ནས༔ གཏེར་བདག་ཏུར་ག་ཐལ་མདོག་གི་འགོང་པོ་ཏོང་སྡེ་བསྐོས༔ ནམ་ཞིག་དུས་ཀྱི་ཐ་མ་ལ༔ བོད་ཁམས་གནོད་པས་ཉེན་པ་ན༔ བོད་ཀྱི་ལྷ་འདྲེ་ཐམས་ཅད་ཀུན༔ འཁོར་ལོ་འདི་ཡིས་དམ་བཏགས་ནས༔ གནོད་པ་ཐམས་ཅད་སྲུང་བར་ཤོག༔ ཅེས་གསུངས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ དེ་ནས་མ་འོངས་ལུང་བསྟན་པའི་དུས་ལ་བབ་པ་ན་ལྷོ་རི་མངའ་བདག་ཆེན་པོ་མོལ་མི་འཁྱིལ་གྱིས་གཏེར་བདག་རྣམས་ལ་མཆོད་པ་ཕུལ་ནས་གཏེར་ནས་བཏོན། འགྲོ་བ་མང་པོ་ཚིམས་པར་བྱས་སོ། །དེ་ལ་གཡའ་ལུང་རིན་ཆེན་གྲགས་ཀྱིས་བུ་རྟ་ཆོས་གསུམ་ཕུལ་ནས་ཞུས། དེ་ནས་རིམ་པར་བརྒྱུད་དོ།།
རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ ཟབ་གཏེར་ཁ་བྱང་ (Volume 3, Text 1)
༄༅༔ ༔རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ ཟབ་གཏེར་ཁ་བྱང་བཞུགས་སོ༔ ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ གདོང་དམར་བོད་ཀྱི་རྒྱལ་ཁམས་སུ༔ མདོ་སྔགས་ཆོས་ཀྱི་སྒྲོན་མེ་སྦར༔ ཉོན་མོངས་དུག་ལྔའི་མུན་པ་བསལ༔ མ་འོངས་སྐྱེ་བོ་བྱོལ་ཉོག་པས༔ གཟུ་ལུམ་རས་ཆོད་དར་བའི་ཚེ༔ ཟབ་ཆོས་ཕལ་གྱི་ནུས་མཐུ་ཡལ༔ བསྒྲུབས་ཀྱང་དོན་མེད་ངལ་བས་ན༔ བརྩེ་ཆེན་འགྲོ་ལ་ཕན་བཞེད་ནས༔ ཟབ་མོའི་གདམས་པ་ཇི་སྙེད་པ༔ བཀའ་རྒྱས་བཏབ་ནས་གཏེར་དུ་སྦས༔ དུས་རྟགས་གདུལ་བྱ་འཛོམ་པ་ན༔ རིམ་བཞིན་བཏོན་ནས་དོན་བྱེད་པར༔ སྨོན་ལམ་གཏད་རྒྱ་གཉེར་དུ་གཏད༔ ཁྱད་པར་བྲག་དམར་དབེན་རྩ་རུ༔ བདག་འདྲ་སྣང་མཛད་རྡོ་རྗེ་ཡིས༔ ཟབ་བེར་སྲུབས་མེད་སྐུ་ལ་གསོལ༔ རོ་ལྡན་ཞལ་ཟས་ལྗགས་ལ་བསྟིམ༔ རིན་ཆེན་གསེར་གཡུའི་མཎྜལ་ཕུལ༔ མ་འོངས་འགྲོ་བའི་དོན་ཆེད་དུ༔ གུས་པས་གསོལ་བ་བཏབ་པ་ལས༔ གསང་བ་ལས་ཀྱང་ཆེས་གསང་བའི༔ ཡང་ཟབ་ཐེག་པ་ཀུན་གྱི་རྩེ༔ མཐར་ཐུག་བྱང་ཆུབ་སྒྲུབ་པའི་ལམ༔ རྡོར་སེམས་ཐུགས་ཀྱི་སྒྲུབ་པ་དང༔ དྲག་པོ་གསང་བའི་སྒྲུབ་པ་དང༔ ཨ་ཏི་ཟབ་དོན་སྙིང་པོ་གསུམ༔ སོ་སོའི་གདམས་པ་ལེ་ལག་བཅས༔ ཁ་ཚང་དོན་འདྲིལ་སྙིང་པོའི་བཅུད༔ སྔོན་འདས་རྒྱལ་བ་གཤེགས་པའི་ཤུལ༔ ད་དུས་རྒྱལ་བའི་དགོངས་པའི་གནད༔ སློབ་དཔོན་པདྨ་འབྱུང་གནས་དང༔ མཁས་པ་བི་མ་མི་ཏྲ་ཡིས༔ ཐུགས་རྗེས་དགོངས་ནས་བསྟན་པ་རྣམས༔ མི་འགྱུར་བཀའ་རྟགས་ཡི་གེར་བཀོད༔ རིན་ཆེན་སྒྲོམ་བུར་ཕྱག་རྒྱས་བཏབ༔ བཀའ་སྲུང་རྣམས་ལ་གཉེར་དུ་བཅོལ༔ ལས་ཅན་དོན་དུ་གཏེར་དུ་སྦས༔ སྱ་མྱ་ཡྱ༔ ངམ་ཤོད་བྱིང་གི་ཨོ་དཀར་བྲག༔ རྡོ་རྗེ་རྩེ་ལྔ་འདྲ་བའི་ངོགས༔ བཀྲ་ཤིས་གདུགས་ཀྱི་ཤམ་བུ་འདྲ༔ དེ་དབུས་དངུལ་དཀར་གུར་ཕུབ་འདྲའི༔ ཕུག་པ་ཟུང་འབྲེལ་སྒོ་གཅིག་པ༔ ལྷོ་ནུབ་ཕྱོགས་པའི་གཡོན་ངོས་ནས༔ གྱེན་དུ་མི་གང་གཞལ་བའི་ས༔ དེ་ནས་ལྷོ་རུ་ཁྲུ་གང་ན༔ རྡོ་ཆོལ་མཛུབ་གང་སོར་བཞིའི་ཚད༔ བསྒྲིགས་མཐར་ལ་བསེས་བསྡམས་པ་ན༔ འགྱུར་མེད་མཚལ་གྱི་གཡུང་དྲུང་རིས༔ དྲི་ཆུའི་བརླན་དང་མ་གི་ཏའི༔ དུད་པས་བདུག་ན་གསལ་བ་ཡོད༔ དེ་ནས་ཁྲུ་གང་དོང་དབུས་ན༔ ཟབ་ཆོས་གཏེར་གྱི་སྒྲོམ་བུ་ཡོད༔ རག་གདོང་ཁྲོ་མོར་གཉེར་དུ་གཏད༔ སྱ་མྱ་ཡྱ༔ འདོན་དུས་འདི་ནས་རིང་འདས་པ༔ བཞི་བཅུའི་དུས་མཐའ་སུམ་ཅུ་ཉེར༔ མེ་ཁམས་འབྲུག་གམ་སྦྲུལ་གྱི་ལོ༔ སྟག་ཟླའི་ཉ་འམ་སྟོང་གི་ཚེ༔ ཟབ་གཏེར་འདོན་པའི་དུས་སུ་བསྟན༔ སྱ་མྱ་ཡྱ༔ དུས་དེར་སྐྱེ་བོ་བྱོལ་ཉོག་པས༔ བོད་ཁམས་ལྷ་སྲིན་འཁོན་འཁྲུགས་ཆེ༔ ཁ་རླངས་མི་རུང་ཐན་ལྟས་བརྡོལ༔ འཐབ་རྩོད་མཚོན་གྱི་བསྐལ་པ་དར༔ གློ་བུར་ནད་རིམས་མེ་ལྟར་འབར༔ སྐྱེ་བོ་ཕལ་ཆེར་དུས་མིན་འཆི༔ སད་སེར་ཤྭ་འོད་ཁོལ་བུར་གཡོ༔ ས་ཚིག་བྲག་རལ་འབྱུང་བ་འཁྲུགས༔ ཤར་ནས་འོད་དཀར་ལན་གསུམ་འཆར༔ ས་གཞི་སྒྲ་འབྱིན་གས་ཤིང་གྲུམས༔ བྱད་ཁམས་སྣ་བརྒྱད་བོད་དུ་འགྲིམ༔ ཁྲག་ཆར་བཅུ་གསུམ་ལོ་རུ་བབས༔ གློ་བུར་འཁྲུགས་རྩོད་ཧུར་ཐུམ་ཆེ༔ མཐའ་དཀྱིལ་ཕལ་ཆེར་གཅིག་ཏུ་འདྲིལ༔ དབུས་ནས་གཡོ་ཞིང་ཕྱོགས་སུ་དིབ༔ ཕྱོགས་ལྷུང་སྲིད་སྡེ་སོ་སོར་འཛིན༔ ལྷོ་རོང་མེ་ཡིས་མཐའ་ནས་སྲེག༔ ཤར་ཕྱོགས་རྒྱལ་བློན་ཁོལ་བུར་འཐོར༔ དབུས་གཙང་ཆུ་ཟླའི་གཟུགས་བཞིན་གསལ༔ རྒྱ་བལ་འཁྲུགས་རྩོད་ཆུ་ལྟར་ཁོལ༔ ལ་སྟོད་འབངས་མི་རྗེ་བོར་ཐོན༔ མ་རབས་སྤྱོད་ལམ་འགྱུར་ལྡོག་ཆེ༔ སྱ་མྱ་ཡྱ༔ གནས་དུས་རྟགས་ཀྱི་ངེས་པ་རྣམས༔ འཛོལ་མེད་དུས་ལ་བབས་པ་ན༔ ང་སྤྲུལ་རྣལ་འབྱོར་རྡོ་རྗེའི་མིང༔ མ་ངེས་སྤྱོད་པ་དྲག་ཤུལ་ཆེ༔ བློ་མྱུར་གསང་སྔགས་ལམ་ལ་མོས༔ ལས་ཅན་དེ་ཡིས་ཟབ་མོའི་གཏེར༔ བཏོན་ནས་འགྲོ་དོན་བྱེད་པར་ཤོག༔ སྱ་མྱ་ཡྱ༔ ཟབ་དོན་གཏད་རྒྱ་འཛིན་པའི་བུ༔ ད་ལྟའི་མངའ་བདག་རྒྱལ་པོ་ཉིད༔ དུས་མཐར་བྱང་སེམས་རྟ་སྦྲུལ་ལོ༔ བཟང་པོའི་མིང་ཅན་བརྟུལ་ཞུགས་ཅན༔ མཐུ་ཆེན་དྲག་པོའི་རིག་འཛིན་པ༔ སྐྱེས་བུ་དེ་ལ་འཕྲོད་པ་ན༔ གློ་བུར་གེགས་ལས་རྣམ་རྒྱལ་ཞིང༔ བོད་ཁམས་བདེ་བའི་ཁ་ལོ་འཛིན༔ རྒྱལ་མོ་གཡུ་སྒྲའི་སྤྲུལ་པ་ཞིག༔ མེ་ཁམས་ཤྲཱི་ལས་ཀྱི་མིང༔ བློ་ལྡན་བཟོད་བརྩོན་བྱང་སེམས་ལྡན༔ འདི་འཕྲོད་དུས་མཐར་འགྲོ་ཕན་བྱེད༔ སྔགས་འཆང་རྡོ་རྗེའི་སྤྲུལ་པ་ནི༔ དབང་དྲག་ལས་ཀྱི་མིང་ཟུར་ལྡན༔ ལྕགས་ཁམས་ཤེས་རབ་རིག་རྩལ་ལྡན༔ འདི་འཕྲོད་ཟབ་དོན་མཁའ་ཁྱབ་སྤེལ༔ གནུབས་བན་ནམ་མཁའི་སྤྲུལ་པ་ཞིག༔ རྒྱལ་ལམ་བསོད་ནམས་མིང་འཛིན་པ༔ ལས་ཅན་དབང་གི་ཕྱོགས་ནས་འབྱུང༔ འདི་འཕྲོད་འགལ་རྐྱེན་ཉེས་ཀུན་ཞི༔ རྟ་མགྲིན་དབང་གི་རིག་འཛིན་པ༔ ཕྲིན་ལས་འགྲོ་འདུལ་རྡོ་རྗེའི་མིང༔ ལྷོ་ནུབ་གངས་རིའི་ཞོལ་དུ་འབྱུང༔ འདི་འཕྲོད་བདེ་ཆེན་བཙན་ས་ཟིན༔ ལྷ་སྲས་དཔལ་གྱི་སྤྲུལ་པ་ནི༔ མེ་ཁམས་དབང་དྲག་མཆོག་གི་མིང༔ བློ་ཆེན་གཞོ་ཡི་ཕྱོགས་སུ་འབྱུང༔ འདི་འཕྲོད་ཟབ་མོའི་བསྟན་པ་འཛིན༔ དཔལ་གྱི་ཡེ་ཤེས་སྤྲུལ་པ་ནི༔ སྔགས་སྐྱེས་དབང་ངམ་དཔལ་གྱི་མིང༔ དབང་དྲག་ལས་ཀྱི་བཀའ་རྟགས་འཛིན༔ གཞན་ཡང་ལས་ལྡན་སྐྱེས་བུ་ནི༔ དད་བརྩོན་ཤེས་རབ་སྙིང་རྗེ་ལྡན༔ ངེས་པའི་རྟགས་ཚད་འདི་ལ་མོས༔ རྨི་ལམ་ཉམས་ཀྱི་རྟེན་འབྲེལ་དང༔ མཐུན་ནས་ཡིད་ཆེས་སྐྱེས་པ་ན༔ ཟབ་མོའི་ཆོས་འདི་གཏད་རྒྱ་གྱིས༔ སྱ་མྱ་ཡྱ༔ ཟབ་མོའི་གཏེར་འདི་སྤེལ་བའི་དུས༔ བར་གཅོད་སྨོན་ལམ་ལོག་པའི་མཐུས༔ ཁ་ཟས་དུག་འདྲེས་ཇི་བཞིན་དུ༔ ལོག་པའི་ལམ་དུ་འཁྲིད་བྱེད་པ༔ བོན་བློན་སྟག་རྣའི་སྐྱེ་བ་ཞིག༔ བཤེས་གཉེན་ཚུལ་འཛིན་ལས་རབ་མིང༔ འབྲེལ་ཚད་ངན་སོང་གནས་སུ་འཁྲིད༔ ཐང་ནག་བོན་པོའི་སྐྱེ་བ་ནི༔ སེར་གཟུགས་དབང་ངམ་བཟང་མིང་ལྡན༔ ཆོས་འདིར་སྨོད་ཅིང་ཡ་ག་སྒྲོག༔ འདུ་ཤེར་ནག་པོ་བདུད་ཀྱི་རིགས༔ མ་རུངས་བློ་ཅན་ཚེ་དཔལ་མིང༔ བསམ་སྦྱོར་ངན་གོམས་དུག་སྦྱོར་བྱེད༔ དམར་རྒྱན་བཟའ་ཡི་ལོག་སྨོན་མཐུ༔ རིགས་ངན་ཀུན་རབ་མིང་འཆང་བས༔ དམ་གྲིབ་གཡོ་ཞིང་སྲོག་ལ་རྒོལ༔ གཞན་ཡང་ལེགས་ལྡན་བརྟེན་བྱ་དང༔ ལོག་སྤྱོད་སྤང་བྱའི་སྐྱོན་ཚང་བ༔ གང་ཡིན་སྒྲིབ་མེད་ལུང་བྱང་བཞིན༔ མཐོང་ནས་སྤང་བླང་གཅེས་པར་བཟུང༔ འཆལ་བར་སྤྱད་ན་རང་སྲོག་གཅོད༔ མི་མཐུན་རྐྱེན་དང་དུཿཁ་སྐྱེད༔ དེ་ཕྱིར་རྟོག་པ་ཞིབ་ཏུ་ཆུག༔ དོན་དང་ལྡན་ནོ་སྙིང་གི་བུ༔ ཞེས་མི་འགྱུར་བཀའི་ཆེམས་སུ་བཻ་རོ་བདག་གིས་རིན་ཆེན་དཀར་ཤོག་གི་ངོས་ལ་བཀོད་དེ་ལས་ལྡན་ལ་གདམས་སོ༔ སྱ་མྱ་ཡྱ༔ རྒྱལ་ཁམས་པ་འགྱུར་མེད་རྡོ་རྗེས་ཤིང་སྟག་ཡོས་ཀྱི་ཟླ་བ་ལ་དངོས་གྲུབ་ཏུ་ཐོབ་པ་ལགས་སོ།། ༈ །།རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ བྱིན་རླབས་དབང་གི་མན་ངག་བཞུགས༔ གང་ཞིག་རྡོ་རྗེའི་གསང་བ་འདིར༔ སྨིན་འདོད་བྱིན་རླབས་རིམ་པ་བྱ༔ ཡིད་འོང་གནས་སུ་མཎྜལ་བཤམ༔ བཅུད་ལྡན་བུམ་པ་ཐོད་པ་དང༔ མེ་ལོང་མན་ཤེལ་དབང་གི་རྫས༔ ཕྱི་ནང་མཆོད་པར་བཅས་པ་བཀོད༔ སྒྲུབ་མཆོད་བདག་ཉིད་ནུས་ལྡན་པས༔ སློབ་མའི་བགེགས་བསལ་ཁྲུས་དབྱུང་ཞིང༔ དེ་ཡིས་ཡོན་དབུལ་གསོལ་བ་གདབ༔ ཚོགས་གསག་ཡན་ལག་བདུན་པ་བྱ༔ ལྷར་བསྐྱེད་སྙིང་ནང་ཡེ་ཤེས་པ༔ ཡབ་ཡུམ་མཉམ་སྦྱོར་སྒྲ་འོད་ཀྱིས༔ གྲངས་མེད་ཡེ་ཤེས་ཆར་ལྟར་དབབ༔ སྤོས་སྦྱོར་སྔགས་མཐར་ཨཱ་བེ་ཤ༔ བཏགས་པས་རིག་པའི་བརྟུལ་ཞུགས་བསྐྱེད༔ ཨོཾ༔ སྟོང་གསལ་ཆོས་དབྱིངས་བུམ་པ་ན༔ བདེ་ཆེན་རྒྱལ་བའི་དཀྱིལ་འཁོར་གནས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བག་ཆགས་དྲི་མ་ཀུན་བྱང་ཤོག༔ ཨོཾ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཨཱ༔ མཚན་ལྡན་རྡོ་རྗེའི་ཀ་པཱ་ལར༔ བདེ་སྟོང་རོལ་པའི་བྱང་སེམས་གནས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བདེ་ཆེན་ཡེ་ཤེས་རྒྱས་པར་ཤོག༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ༔ ཧཱུྃ༔ འདི་དེ་སངས་རྒྱས་ཐམས་ཅད་ཀྱི༔ བླ་མེད་བྱང་ཆུབ་མཆོག་གི་ལམ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དགའ་བཞིའི་ཡེ་ཤེས་རྒྱས་པར་ཤོག༔ ཀརྨ་མུ་དྲ་ཛྙཱ་ན་སིདྡྷི་ཧཱུྃ༔ ཧོ༔ ཐོག་མཐའ་མེད་པ་རིག་པའི་གཤིས༔ གཟུང་འཛིན་གང་དུའང་མི་དམིགས་ཤིང༔ སྟོང་པའི་ཡེ་ཤེས་བདེ་བར་འཆར༔ དྲི་མེད་ཤེལ་ལ་འཇའ་ཚོན་བཞིན༔ ཨོཾ་དྷརྨ་དྷཱ་ཏུ་ཨ་ཏི་ཧོ༔ དེ་ལྟར་བུམ་པ་བྱང་ཆུབ་སེམས༔ མེ་ལོང་རྡུལ་ལྡན་ཤེལ་རྡོ་ཡིས༔ རིམ་པ་བཞིན་དུ་དབང་བཞི་བསྐུར༔ དམ་བསྒྲགས་ཁས་བླངས་ཡོན་དབུལ་ལོ༔ བྱིན་རླབས་དབང་བསྐུར་ཡང་དག་རྫོགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། ༈ །།དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་བསྙེན་པའི་མན་ངག་བཞུགས་སོ༔ ༁༔ རྒྱ་གར་སྐད་དུ༔ བཛྲ་སཏྭ་ཙིཏྟ་སཱ་དྷ་ནཱ་མ༔ བོད་སྐད་དུ༔ རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་ཞེས་བྱ་བ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ༔ དངོས་པོ་ཀུན་གྱིས་ཕྱག་བཙལ་ནས༔ དད་བརྩོན་ཤེས་རབ་སྙིང་རྗེར་ལྡན༔ ཡང་དག་མཆོག་གི་ལམ་འདོད་ན༔ རྡོར་སེམས་ཐུགས་ཀྱི་བསྒྲུབ་པ་བྱ༔ ཤིན་ཏུ་དབེན་ཞིང་དག་པའི་སར༔ དམ་ཚིག་ཡོ་བྱད་ཚོགས་བྱས་ལ༔ ས་བདག་མཆོད་ཅིང་བདེན་པ་བསྒོ༔ མ་ཡེངས་དཀའ་ཐུབ་སེམས་ལྡན་པས༔ མདུན་གྱི་ནམ་མཁར་རྒྱལ་བ་རྣམས༔ སྤྱན་དྲངས་དང་བས་ཐལ་སྦྱར་ཏེ༔ བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ མཆོག་གསུམ་རྒྱལ་བ་སྲས་བཅས་ལ༔ རྣམ་ཀུན་བཏུད་དེ་ཕྱག་འཚལ་ཞིང༔ ཕྱི་ནང་མཆོད་པ་རྒྱ་མཚོས་མཆོད༔ སྡིག་པ་ལས་ནི་ལྡོག་བགྱི་ཞིང༔ བསོད་ནམས་ཀུན་ལ་རྗེས་ཡི་རང༔ རྟག་ཏུ་ཆོས་འཁོར་བསྐོར་བ་དང༔ འགྲོ་གནས་བར་དུ་བཞུགས་སླད་དུ༔ བདག་ནི་གུས་པས་གསོལ་བ་འདེབས༔ བསོད་ནམས་གང་དེས་མཁའ་མཉམ་འགྲོ༔ བླ་མེད་བྱང་ཆུབ་གནས་ཐོབ་ཤོག༔ ཚོགས་གསག་ཚོགས་ཞིང་བཛྲ་མུ༔ རང་ལ་གཉིས་སུ་མེད་པར་བསྡུ༔ དངོས་གཞི་བསྙེན་པའི་ལས་རིམ་འདི༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ འཁོར་འདས་ཆོས་ཀུན་གདོད་མ་ནས༔ མ་སྐྱེས་སྟོང་པའི་ངང་ཉིད་ལས༔ འགག་མེད་སྙིང་རྗེའི་རོལ་པ་ནི༔ ནམ་མཁའ་ལས་ནི་གཞའ་ཚོན་བཞིན༔ དངོས་མེད་དངོས་པོའི་ཡེ་ཤེས་སྤྲིན༔ མི་འགྱུར་ཧཱུྃ་གི་ངོ་བོར་ཤར༔ དེ་ལས་འོད་འཕྲོས་ཕྱོགས་མཚམས་ཀུན༔ གཞོམ་མེད་རྡོ་རྗེའི་རྭ་བ་གུར༔ ཡེ་ཤེས་མེ་དཔུང་འབར་བས་དཀྲིགས༔ དེ་དབུས་ཨེ་ཡཾ་རཾ་བཾ་ལཾ༔ སུཾ་ལས་ནམ་མཁའ་རླུང་མེ་ཆུ༔ ས་དཀྱིལ་རི་རབ་སྟེང་དུ་བྷྲཱུྃ༔ ཡོངས་གྱུར་ཀུན་བཟང་གཞལ་མེད་ཁང༔ ཕྱི་ནང་མཚན་ཉིད་ཡོངས་རྫོགས་དབུས༔ སེང་ཁྲི་པདྨ་ཟླ་བའི་སྟེང༔ རིག་པ་ཧཱུྃ་ལས་རྡོ་རྗེར་གྱུར༔ སྤྲོ་བསྡུས་བདག་ཉིད་བཅོམ་ལྡན་འདས༔ རྡོ་རྗེ་སེམས་དཔའ་ཟླ་བའི་མདོག༔ ཞི་འཛུམ་མཚན་དང་དཔེ་བྱད་འབར༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པ་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ པང་དུ་སྙེམས་མ་གྲི་གུག་དང༔ ཐོད་པ་འཛིན་པས་མགུལ་ནས་འཁྱུད༔ དར་དཔྱངས་རིན་ཆེན་ཅོད་པན་སོགས༔ རྒྱན་ཆས་བཅུ་གསུམ་དག་དང་ལྡན༔ མཐའ་ཡས་འོད་ཟེར་སྤྲོ་བ་འོ༔ སྤྱི་བོ་མགྲིན་པ་སྙིང་ག་རུ༔ ཨོཾ་དང་ཨཱཿཧཱུྃ་ཡང་དག་བསམ༔ ཧཱུྃ་ལས་བྱུང་བའི་འོད་ཟེར་གྱིས༔ ཡེ་ཤེས་འཁོར་ལོ་ནམ་མཁར་དགུག༔ ཨོཾ༔ ཕྱོགས་བཅུ་ཀུན་ན་ལེགས་བཞུགས་པའི༔ བཅོམ་ལྡན་རྒྱལ་བ་འཁོར་བཅས་ཀུན༔ ཐུགས་རྗེ་ཆེན་པོས་དགོངས་མཛོད་ལ༔ སྨོན་ལམ་དབང་གིས་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོ༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ གཉིས་སུ་མེད་བསམ་སྤྲུལ་པའི་ལྷས༔ འདི་སྐད་དུ་ནི་དབང་བསྐུར་རོ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཊུཾབཛྲ་ཏུཥྱ་ཧོ༔ དེ་ནས་བདག་གི་སྙིང་ག་རུ༔ ཟླ་སྟེང་རང་འདྲའི་ཡེ་ཤེས་པའི༔ ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ༔ དཀར་གསལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུས༔ སེམས་ཅན་སྒྲིབ་བྲལ་བདེ་ཆེན་བཀོད༔ ཚུར་འདུས་སྔགས་ཕྲེང་ཉིད་ལ་ཞུགས༔ ཨོཾ་བཛྲ་སཏྭ་ཨཱ༔ ཞེས་པ་དྲུག་འབུམ་དག་ཏུ་བཟླ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ནས་ སཏྭ་ཨཱཿཧཱུྃ་ཕཊ༔ ཅེས་པ་འབུམ་ཕྲག་གཅིག་ཏུ་བཟླ༔ དེ་ལྟར་བཟླས་པའི་ཡོན་ཏན་གྱིས༔ མཚམས་མེད་ལྔ་ཡི་སྒྲིབ་སྦྱོང་ཞིང༔ སངས་རྒྱས་ཀུན་གྱིས་སྲས་སུ་དགོངས༔ སླར་ཡང་སྤྲུལ་པའི་དཀྱིལ་འཁོར་ནི༔ ཧཱུྃ་གི་ནཱ་དའི་བར་དུ་བསྡུ༔ དེ་ཉིད་སྨྲ་བསམ་བརྗོད་འདས་པ༔ མཉམ་ཉིད་སྤྲོས་བྲལ་ངང་དུ་བཞག༔ མཚམས་ཀྱི་བྱ་བ་ཅི་བདེར་སྤྱད༔ བསྙེན་པའི་མན་ངག་ཡང་དག་གོ༔ སྱ་མྱ་ཡྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། ༈ །།རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ ཚོགས་གསག་སྒྲུབ་པའི་མན་ངག་བཞུགས་སོ༔ ཚོགས་གསག་སྒྲུབ་པའི་རིམ་པ་ནི༔ ཕུན་ཚོགས་ཡོ་བྱད་ཀུན་ལྡན་པས༔ གཙང་མའི་སྟེགས་བུ་རེ་ཁཱ་ལྔས༔ འདབ་མ་བརྒྱད་པའི་མ་དྷལ་བྲི༔ དབུས་སུ་ཟུར་དྲུག་ཤེལ་རྡོ་བཀོད༔ མེ་ཏོག་སྤོས་དང་མར་མེ་དང༔ བདུད་རྩིར་བཅས་པའི་མཆོད་པ་བཤམ༔ དེར་ནི་ཏིང་འཛིན་དཀྱིལ་འཁོར་བསྐྱེད༔ ཡེ་ཤེས་འཁོར་ལོ་དགུག་དང་དབང༔ སྔོན་བཞིན་དུ་ནི་ཡང་དག་བྱ༔ རྡུལ་སྙེད་ལུས་སྤྲུལ་ཕྱག་འཚལ་ཞིང༔ རབ་སྦར་མཆོད་པ་འདི་ལྟར་འབུལ༔ཨོཾ༔ དཔག་མེད་ནམ་མཁའི་ཁམས་ཉིད་ལས༔ མཆོད་སྤྲིན་བསམ་ཡས་ལྷུན་གྲུབ་པ༔ མེ་ཏོག་བདུག་པ་མར་མེ་དང༔ དྲི་མཆོག་ཞལ་ཟས་རོལ་མོ་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའི་ཁྱོན་བཀང་སྟེ༔ གུས་པའི་བློ་ཡིས་དབུལ་བར་བགྱི༔ ཨོཾ་པ་ན་པེ་ནུ་སུ་ར་ཏ་ཏི་པུ་སརྦ་ཏ་ཐཱ་ག་ཏ་ས་མ་ཡོ་གི་སིདྡྷི་ཧཱུྃ༔ མ་ཧཱ་པཱུ་ཛ་པྲ་ཏཱིཙྪ་ཧོ༔ མཚན་ལྡན་བདེ་བའི་རྒྱན་ལྡན་པའི༔ མི་མོ་རྣམས་ཀྱི་རེག་བྱའི་མཆོག༔ བྱིན་གྱིས་རློབས་ཤིག་རྣལ་འབྱོར་ཚོགས༔ གསང་མཆོག་བདེ་བའི་གནས་ལ་རོལ༔ མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཨ་ལ་ལ་ཧོ༔ གཙང་དམེའི་དྲི་རྟོག་ཀུན་བྲལ་བའི༔ ར་སཱ་ཡ་ན་སྨན་ཆེན་པོ༔ ཉོན་མོངས་ཆགས་པའི་རཀྟར་བཅས༔ མཉམ་པ་ཆེན་པོར་བཞེས་སུ་གསོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཨ་ལ་ལ་ཧོ༔ ཤ་ལྔ་བདུད་རྩིའི་སྙིང་པོ་ཅན༔ བཟའ་བཅའ་བཏུང་བའི་ཚོགས་ལྡན་པའི༔ དམ་རྫས་མཆོག་གི་གཏོར་མ་འདི༔ གཉིས་སུ་མེད་པར་བཞེས་སུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གཞན་ཡང་ཇི་སྙེད་མཆོད་པས་མཆོད༔ ཨོཾ༔ བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ བདེ་ཆེན་ཡེ་ཤེས་ལྔ་ཡི་བདག༔ དཀྱིལ་འཁོར་ཀུན་གྱི་བྱེད་པོ་མཆོག༔ དེ་ལ་བདག་ནི་ཕྱག་འཚལ་ལོ༔ དྲི་མེད་སྟོན་ཀའི་ཟླ་བའི་མདོག༔ རྡོ་རྗེ་དང་ནི་དྲིལ་བུ་འཛིན༔ བདེ་ཆེན་སྙེམས་མར་མཉམ་སྦྱོར་བའི༔ སེམས་དཔའ་རྡོ་རྗེ་ཁྱོད་ལ་བསྟོད༔ གང་གི་མཚན་ཙམ་འཛིན་པས་ཀྱང༔ ན་ར་ཀ་སོགས་ངན་སོང་གི༔ སྡུག་བསྔལ་ཐམས་ཅད་སྐྱོབ་མཛད་པ༔ མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་བཟླས་པའི་རྣལ་འབྱོར་ནི༔ བདག་ཐུགས་སྔགས་ཀྱི་འོད་ཟེར་གྱིས༔ མདུན་གྱི་ས་བོན་སྔགས་བཅས་བསྐུལ༔ སྤྲོ་བསྡུས་བསགས་སྦྱངས་དོན་བྱས་སྒོམས༔ སྔར་བཞིན་བཟླས་པ་ཡང་དག་བྱ༔ དེ་ནས་ཕྲིན་ལས་བསྐུལ་བ་ནི༔ ཨོཾ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔ བདག་ལ་རྗེས་སུ་ཆགས་པར་མཛོད༔ སྐྱེ་རྒ་ན་དང་འཆི་བ་སོགས༔ འཇིགས་རུང་སྲིད་པའི་སྡུག་བསྔལ་ལས༔ མགོན་པོ་ཁྱོད་ཀྱིས་བདག་སྐྱོབས་ཤིག༔ སྡིག་པ་ཀུན་ལས་རྣམ་གྲོལ་ཞིང༔ ཡང་དག་ཡེ་ཤེས་སེམས་དཔའ་ཆེའི༔ སྐུ་གསུང་ཐུགས་སུ་བདག་སྒྲུབས་ཤིག༔ ས་མ་ཡ་སིདྡྷི་ཨ་ལ་ལ་ཧོ༔ ཞེས་གསོལ་ཚོགས་ཀྱི་དགའ་བ་དང༔ ཀུན་ཏུ་རུ་ཡི་སྦྱོར་ལྡན་པས༔ རྡོ་རྗེའི་གླུ་དང་གར་བྱ་འོ༔ ཡེ་ཤེས་གཤེགས་ཤིང་སྤྲུལ་པ་བསྡུ༔ སྒྲུབ་པའི་ལས་རིམ་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། ༈ །།རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ ཟབ་མོ་ཁྲིད་ཀྱི་མན་ངག་བཞུགས་སོ༔ དབང་ཐོབ་སྙིང་པོའི་ལམ་མཆོག་ལ༔ ཡང་དག་བསླབ་པར་འདོད་པ་ན༔ མཐའ་མེད་འཁོར་བའི་དུཿཁ་ལ༔ ལེགས་པར་བསམ་སྟེ་བློ་ཁ་ལྡོག༔ ཐུན་མོང་ཁྱད་པར་ལམ་དག་ལ༔ བརྩོན་པས་ཞུགས་ཏེ་རང་རྒྱུད་འདུལ༔ དེ་ལྟར་སྔོན་འགྲོ་མཐར་ཕྱིན་ནས༔ དངོས་གཞི་བསྐྱེད་བཟླས་རྫོགས་རིམ་གསུམ༔ དང་པོ་སྲུང་འཁོར་བརྟན་དབུས་སུ༔ ལྷར་བསྐྱེད་ཡེ་ཤེས་དགུག་བསྟིམས་རྗེས༔ སྐུ་ཡི་ཆ་བྱད་ཡོངས་རྫོགས་པ༔ མེ་ལོང་ནང་གི་གཟུགས་བརྙན་བཞིན༔ གསལ་ལ་ཡེངས་པ་མེད་པར་བསྒོམ༔ དེ་གོམས་སྐུ་ཡི་ཆ་ཤས་ནས༔ རྒྱན་ཆ་ཕྲ་མོའི་བར་དག་ཏུ༔ རིམ་པ་བཞིན་དུ་གསལ་བར་བསྒོམ༔ དེ་གོམས་ང་ནི་རྡོ་རྗེ་སེམས༔ དངོས་ཡིན་སྙམ་པའི་ང་རྒྱལ་བཟུང༔ དེ་གོམས་ཕྱག་རྒྱའི་བྱེ་བྲག་རྣམས༔ རྣམ་མང་འགྲོ་བ་འདུལ་བའི་ཕྱིར༔ བསྟན་སེམས་དག་པ་དྲན་པ་དང༔ སྟོང་གསུམ་ཡུངས་འབྲུར་གཞུག་པ་སོགས༔ གོམས་པ་བརྟན་པོར་མ་གྱུར་བར༔ རྩེ་གཅིག་འབད་དེ་བསྒོམ་པར་བྱ༔ གཉིས་པ་ཡེ་ཤེས་ཐུགས་སྲོག་གི༔ ཏིང་འཛིན་ཧཱུྃ་ལ་མ་ཡེངས་བཟུང༔ ཁ་སྦྱོར་རླུང་འཆིང་ཡིད་བཟླས་བྱ༔ དེ་གོམས་འབྱུང་འཇུག་གནས་གསུམ་པོ༔ ཨོཾ་དང་ཨཱཿཧཱུྃ་སེམས་གདངས་སྦྱར༔ སྐྱེ་མེད་རྡོ་རྗེའི་བཟླས་པ་བྱ༔ དེས་སྐྱོ་སྔགས་ཕྲེང་སྤྲོ་བསྡུར་བཅས༔ མ་ཡེངས་ངག་གི་བཟླས་པ་ནི༔ དུས་སམ་གྲངས་ཀྱི་ཚད་ལྡན་བྱ༔ གསུམ་པ་རྫོགས་པའི་རིམ་པ་ལ༔ དང་པོ་ལྟ་བའི་གཟེར་ཐེབས་གཅེས༔ སྣང་བ་སྒྱུ་མ་ལྟ་བུར་བལྟ༔ སེམས་ནི་གཟུང་འཛིན་བྲལ་བར་བལྟ༔ དེ་ཉིད་ཐོག་མཐའ་དབུས་མེད་ཅིང༔ ཁ་དོག་དབྱིབས་མེད་ངོས་བཟུང་བྲལ༔ དེ་ལྟར་གཏན་ལ་ཕེབས་པ་ན༔ བདེ་དང་གསལ་དང་མི་རྟོག་བསྒོམ༔ རང་ལུས་ལྷ་སྐུ་གཞའ་ཚོན་བཞིན༔ གསལ་བའི་དབུས་སུ་དྷཱུ་ཏི་ནི༔ མཚན་ཉིད་བཞི་ལྡན་གཡས་གཡོན་དུ༔ རོ་རྐྱང་རྡུལ་ཟླས་གང་བ་ཅན༔ མར་སྣ་དྷཱུ་ཏིར་ཚུད་པར་བལྟ༔ སྤྱི་མགྲིན་སྙིང་ལྟེའི་འཁོར་ལོ་ལ༔ ཧཾ་ཨོཾ་ཧཱུྃ་དང་ཨ་ཡིག་བསྒོམ༔ སྟེང་མནན་འོག་རླུང་གསུམ་དུ་དྲག༔ རོ་རྐྱང་ལས་བྱུང་རླུང་གིས་ཨ༔ སོལ་མེ་བུས་བཞིན་འབར་བར་བསམ༔ དེ་ཡིས་སྙིང་གའི་ཧཱུྃ་ཡིག་ཞུ༔ དབུ་མ་བརྒྱུད་ནས་ཨ་ལ་བབས༔ འོག་རླུང་འཐེན་པའི་སྦྱོར་བ་ཡིས༔ ལྟེ་བའི་ཨ་བསྐུལ་སྙིང་ག་མན༔ བདེ་བས་གང་བསམ་མགྲིན་པ་ཡི༔ ཨོཾ་ལ་སྔར་བཞིན་འབར་འཛག་བྱ༔ དེར་ཡང་བདེ་བ་བརྟན་པ་ན༔ ཨོཾ་ཞུ་ལྟེ་བའི་ཨ་ལ་ཐིམ༔ སྤྱི་བོའི་ཧཾ་ལ་འབར་འཛག་བྱ༔ སྤྱི་བོ་མན་ཆད་ལུས་ཀུན་གང༔ བདེ་བ་ཤར་ཚེ་ཧཾ་ཡིག་ལས༔ བབས་པའི་ཐིག་ལེ་གསང་གནས་བར༔ ཤར་རེ་བདེ་བ་བྲེང་ངེ་བསྒོམ༔ བདེ་བའི་ངང་ལ་ཅི་གནས་བཞག༔ སླར་ཡང་ཧཱུྃ་འདྲེན་དྲག་པོ་ཡིས༔ གྱེན་དུ་དྲངས་ལ་དགྲམ་པར་བྱ༔ དེ་ཉིད་གོམས་ནས་ཤེས་རབ་ལ༔ མཉམ་པར་སྦྱོར་བའི་བདེ་བ་བསྟེན༔ བདེ་ཆེན་ཀ་དག་ངང་དུ་བཞག༔ གསལ་སྟོང་ཡེ་ཤེས་སྒོམ་པ་ན༔ གང་ཤར་རིག་པ་ངོས་བཟུང་ལ༔ མི་དགག་མི་སྒྲུབ་རང་སར་བཞག༔ ཁྱད་པར་རྩ་གསུམ་གསལ་བཏབ་ལ༔ སྐྱིལ་དང་འཆིང་དང་མཉམ་པར་གནས༔ རླུང་རོ་ཕྱིར་བསལ་ཧཾ་ཨ་ལ༔ སེམས་བཟུང་འོག་རླུང་གྱེན་དུ་བསྐྱིལ༔ སྙིང་གའི་ཧཱུྃ་ལ་སེམས་བཟུང་སྟེ༔ སྟེང་རླུང་གྱེན་ནས་ཐུར་དུ་འཆིང༔ རླུང་སྦྱར་མཉམ་གནས་གང་ལ་ཡང༔ མི་རྟོག་འགྲོ་འོང་རྟག་ཏུ་དལ༔ དེ་ཚེ་དྷཱུ་ཏི་ལས་འོད་བྱུང༔ ལུས་ནི་ཤེལ་ལྟར་དྭངས་པར་བསམ༔ རགས་པ་ཕྲ་བའི་རླུང་དུ་འགྱུར༔ མིག་ནི་མི་འགུལ་མཁའ་ལ་བལྟ༔ གསལ་ལ་དྭངས་པའི་ཡེ་ཤེས་ཉམས༔ ཤར་ཚེ་དེ་དོན་ངོས་བཟུང་ལ༔ ཡུན་དུ་བསྒོམ་པ་རབ་ཏུ་གཅེས༔ མི་རྟོག་པ་ཡི་སྒོམ་ཚུལ་ནི༔ ལུས་བསྲང་རླུང་སྦྱར་མིག་མི་འགུལ༔ སྐུ་འམ་ཡིག་འབྲུ་ཐིག་ལེ་ལས༔ ཡུད་དེ་སེམས་བཞག་ཧྲིམ་གྱིས་བསྒྲིམས༔ མ་བཅོས་མ་བསླད་འགྱུར་བ་མེད༔ ཇི་ལྟར་ནམ་མཁའ་དག་པ་བཞིན༔ མི་རྟོག་མཐའ་དབུས་མེད་པར་བཞག༔ འཕྲོ་ན་འཕྲོ་མཁན་རང་གི་སེམས༔ ཁ་དོག་དབྱིབས་མེད་ངོས་བཟུང་བྲལ༔ གནས་ན་གནས་མཁན་རིག་པའི་སེམས༔ ཡེ་གྲོལ་གདོད་མའི་གནས་ལུགས་ཉིད༔ བླང་དོར་རེ་དོགས་རྩིས་གདབ་མེད༔ ཡེ་སྟོང་རྩ་བྲལ་ཆེན་པོར་བཞག༔ ཡང་ན་མདུན་དུ་ཨ་བྲིས་ལ༔ སྐྱེ་མེད་དྲན་བཞིན་ལམ་མེ་གཏད༔ རང་བབས་དེ་ལ་སེམས་གནས་ཚེ༔ དམིགས་མེད་ངང་ལ་ལྷོད་ཀྱིས་གློད༔ སྐབས་སུ་གཟིངས་ལས་བྱ་རོག་བཞིན༔ གར་འགྲོ་ངོས་བཟུང་དྲན་པ་བརྟེན༔ རེས་འགའ་དྷཱུ་ཏི་དཀར་པོ་ནི༔ ལྟེ་བ་ནས་བརྩམས་སྤྱི་བོའི་བར༔ གནས་པའི་ནང་དུ་ཐིག་ལེ་ནི༔ དཀར་པོ་འགྲོ་འོང་བྱེད་པར་བསམ༔ འདི་ལས་སྟོང་ཉམས་སྣ་ཚོགས་འཆར༔ བྱིང་ན་སྨིན་མཚམས་ཐིག་ལེ་དཀར༔ སྲན་མ་ཙམ་ཞིག་འཁོར་བར་བསམ༔ རེས་འགའ་མི་དམིགས་མཉམ་པར་བཞག༔ ཐུན་མཚམས་ཤེས་པ་ངོས་བཟུང་ལ༔ ལྷོད་ཀྱིས་གློད་ལ་མཉམ་གཞག་བྱ༔ དེ་ཡིས་མི་རྟོག་གོམས་པར་འགྱུར༔ རྗེས་ལ་ཕྱི་ནང་སྣང་སྲིད་ཀུན༔ རང་སྣང་ཡིན་ཏེ་རྨི་ལམ་འདྲ༔ སྣང་ཡང་བདེན་མེད་ཆུ་ཟླ་འདྲ༔ རྟེན་འབྲེལ་ཙམ་སྟེ་སྒྱུ་མ་འདྲ༔ ཆགས་སྡང་རེ་དོགས་མེད་པར་བལྟ༔ ཉོན་མོངས་རྣམ་རྟོག་གང་ཤར་ཀྱང༔ རླབས་ཉིད་རྒྱ་མཚོར་ཐིམ་པ་ལྟར༔ གང་ཤར་ཆོས་སྐུའི་ལམ་ཁྱེར་བྱ༔ ཡོད་མེད་སྣང་སྟོང་བཏགས་པ་ཙམ༔ འཁོར་འདས་རང་སྣང་བདེན་འཛིན་བྲལ༔ བླང་དོར་རེ་དོགས་བློས་བཏགས་ཙམ༔ དོན་ལ་གཉིས་མེད་ཆོས་སྐུར་སྦྱང༔ རྫོགས་རིམ་མན་ངག་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། ༈ །།རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ ཁྱད་པར་གྱི་རྫོགས་རིམ་སྣང་བཞིའི་མན་ངག་བཞུགས་སོ༔ གོང་གི་ཐུན་མོང་རྫོགས་རིམ་ལ༔ གོམས་པ་བརྟན་པོར་གྱུར་པ་ན༔ གསང་བ་གནད་ཀྱི་མན་ངག་བསྟན༔ ལུས་ངག་ཡིད་སྒོ་ཡུལ་དང་རླུང༔ གནད་དྲུག་དང་པོ་ལུས་གནད་ནི༔ གནས་ཁམས་ཤེས་པའི་ཁྱད་པར་གྱིས༔ སེང་གེ་གླང་པོ་དྲང་སྲོང་ཚུལ༔ ངག་ནི་འཁྲུལ་གཏམ་སྨྲ་བ་བཅད༔ ཡིད་ནི་དུས་གསུམ་རྟོག་པ་ཕྲལ༔ མ་བཅོས་ངོས་བཟུང་བྲལ་བར་བཞག༔ སྒོ་ནི་ཆོས་ལོངས་སྤྲུལ་པའི་མིག༔ གྱེན་ཐད་ཐུར་དུ་ཟིམ་བུར་བལྟ༔ ཡུལ་ནི་སྤྲིན་བྲལ་ནམ་མཁའ་ལ༔ ཉི་ཟླ་མར་མེའི་སྣང་བ་འོ༔ རླུང་ནི་ཤིན་ཏུ་དལ་བ་ལ༔ ཅུང་ཟད་འགྲོ་འོང་ཁ་ལས་སོ༔ དེ་ལྟར་གནད་དྲུག་དང་ལྡན་པས༔ རང་རིག་ཡེ་ཤེས་ཆེན་པོ་ཡི༔ གསལ་གདངས་སྙིང་ལས་མིག་གི་སྒོར༔ དཀར་འཇམ་རྩ་ལས་བརྒྱུད་དེ་འཐོན༔ ནམ་མཁར་རྣམ་དག་སྒྲོན་མ་ནི༔ འཇའ་འམ་རྨ་བྱའི་མདོངས་འདྲ་འཆར༔ དེ་ནང་ཐིག་ལེ་སྟོང་སྒྲོན་ནི༔ མུ་ཁྱུད་ཐིག་ལེ་དུ་མ་འཆར༔ དེ་ནང་རྡོ་རྗེ་ལུ་གུ་རྒྱུད༔ རྟ་རྔ་མུ་ཏིག་ཕྲེང་འདྲ་འཆར༔ ཅུང་ཟད་འཕར་གཡོ་བྱེད་པའི་ཚུལ༔ རང་གདངས་རིག་པའི་ངོ་བོ་ཉིད༔ ཐིག་ལེ་ཉག་གཅིག་མཐོང་བ་སྟེ༔ ཆོས་ཉིད་མངོན་སུམ་སྣང་བའོ༔ དེ་ནས་བརྩོན་པས་བསྒོམས་པ་ལས༔ དབྱིངས་རིག་རེས་གསལ་རེས་མི་གསལ༔ ནམ་མཁའི་དབྱིངས་ཐོན་ཐིག་ལེ་ནི༔ ལྔ་ཚོམ་གསལ་འཚེར་ལྷུན་སྡུག་འཆར༔ ཟ་འོག་གུར་ཁྱིམ་ལྟ་བུ་དང༔ གྱེན་འགྲེང་རྩིབས་ཤར་ལ་སོགས་པ༔ ཡུལ་སྣང་ཀུན་ཏུ་ཁྱབ་པར་འཆར༔ ཐམས་ཅད་མི་འགུལ་རང་སར་གནས༔ དེ་ལས་ཕྱེད་སྐུ་སྐུ་རྐྱང་སོགས༔ གྲངས་མེད་ལམ་ལམ་ཝལ་གྱིས་གསལ༔ ཕྱི་ཡི་སྣང་རྐྱེན་གྲོགས་སུ་འཆར༔ ནང་གི་འཁྲུལ་པའི་ཡིད་དཔྱོད་བྲལ༔ གསང་བ་མི་རྟོག་རང་སར་གནས༔ ཉམས་སྣང་གོང་འཕེལ་སྣང་བ་སྟེ༔ འདི་དུས་ཤི་བ་ཆོས་ཉིད་ཀྱི༔ བར་དོར་མངོན་པར་འཚང་རྒྱ་འོ༔ དེ་ནས་བརྩོན་པས་རབ་བསྒོམས་ན༔ ཐིག་ལེ་མུ་ཁྱུད་ལྔ་ལྡན་དུ༔ ཞི་ཁྲོ་རིགས་བརྒྱ་རིགས་ལྔ་སོགས༔ གྲངས་མེད་ཞིང་ཁམས་གང་བར་འཆར༔ འདི་དུས་ཤི་ན་ལོངས་སྐུའི་ཞིང༔ སྒྱུ་ལུས་འོད་ཕུང་ཆེན་པོར་གྲོལ༔ ཉོན་མོངས་རང་གྲོལ་སྒྲིབ་གཉིས་བྲལ༔ འཁྲུལ་པ་ཀུན་ཟད་ཡེ་ཤེས་རྒྱས༔ གདོས་བཅས་ཕུང་པོ་དབྱིངས་སུ་དག༔ སྐུ་དང་ཞིང་ཁམས་གཏན་ལ་ཕེབས༔ རིག་པ་ཚད་ཕེབས་སྣང་བའོ༔ སླར་ཡང་འབད་པས་ཉམས་བླངས་པས༔ སྐུ་དང་ཞིང་ཁམས་ཐམས་ཅད་ཀྱང༔ འགག་པ་མེད་པས་ཐ་སྙད་ཀྱི༔ གྲུབ་མཐའི་འཛིན་ཆོས་ཐམས་ཅད་དང༔ ཉམས་ཀྱི་འཕེལ་བ་ཀུན་ཟད་པས༔ གདོས་བཅས་ལུས་ཟད་འོད་དུ་ཡལ༔ ངག་ཟད་གཞོམ་མེད་རང་སྒྲར་ཡལ༔ འཁྲུལ་པའི་བློ་ཟད་ཆོས་སྐུར་གྲོལ༔ ཐོག་མའི་དབྱིངས་སུ་ལ་བཟླ་འོ༔ འདི་ནི་ཆོས་ཉིད་ཟད་པ་སྟེ༔ བརྩོན་པས་བསྒོམས་ན་ལོ་གསུམ་དང༔ ཟླ་བ་བདུན་ན་འཇའ་ལུས་ཀྱི༔ འཕོ་མེད་རྡོ་རྗེའི་སྐུ་འགྲུབ་ཅིང༔ སྡོད་པ་གསུམ་གྱིས་ཚད་བཟུང་སྟེ༔ ཐོབ་པ་གསུམ་གྱི་གཟེར་ཐེབས་ནས༔ མི་འགུལ་གསུམ་ལ་གཞི་བཅས་པས༔ རེ་དོགས་མཚན་མ་ཀུན་དག་ནས༔ ཆོས་དབྱིངས་རང་ས་ཟིན་པར་འགྱུར༔ སྣང་བཞིའི་མན་ངག་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། ༈ །།རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ རྨི་ལམ་གྱི་མན་ངག་བཞུགས་སོ༔ གང་ཞིག་འཁྲུལ་པའི་སྐྱེ་བོ་རྣམས༔ ཡང་དག་ལམ་དུ་འཇུག་པའི་ཕྱིར༔ རྨི་ལམ་གདམས་པ་འདི་ཁོ་ན༔ དང་པོ་སྔོན་འགྲོས་རྒྱུད་སྦྱངས་ནས༔ བག་ཆགས་དབང་ལས་མེད་བཞིན་དུ༔ སྣང་བའི་ཕྱི་རོལ་སྣང་བ་ལ༔ དེར་འཛིན་དགག་སྒྲུབ་འཆར་སྒོ་ཀུན༔ རྨི་ལམ་ལྟ་བུར་ཡེངས་མེད་དུ༔ དྲན་འདུན་དྲག་པོས་རྟག་ཏུ་བཟུང༔ ཉལ་དུས་རྨི་ལམ་བཟུང་སེམས་ཀྱིས༔ སྤྱོད་ལམ་དལ་བརྟེན་སེམས་ཀྱི་གནད༔ སྙིང་ནང་ཨ་དཀར་དྲི་མ་མེད༔ སྣ་ཚོགས་འོད་ཟེར་འཕྲོ་བ་ཡིས༔ འཁོར་འདས་འོད་ཞུ་ཨ་ལ་བསྟིམ༔ དྲི་མེད་མཁའ་ལ་ཟླ་ཤར་འདྲའི༔ གསལ་སྣང་མ་བྲལ་ངང་ལ་ཉལ༔ རྨི་ལམ་མང་ཞིང་གསལ་ལ་ཟིན༔ དེ་ལྟར་ཟིན་པར་གྱུར་པ་ན༔ སྣང་བ་འདི་ཀུན་རྨི་ལམ་སྟེ༔ གར་ཡང་བསྒྱུར་རུང་བསམ་བྱས་ལ༔ གཅིག་ལས་མང་པོར་སྤེལ་བ་དང༔ མང་པོ་གཅིག་ཏུ་བསྡུ་བ་དང༔ ཞི་ཁྲོ་སོ་སོར་བསྒྱུར་བ་དང༔ དག་དང་མ་དག་ཞིང་རྣམས་སུ༔ འགྲོ་དང་ཆོས་ཞུ་གནས་ལུགས་བལྟ༔ དེ་ལྟར་ཡིད་བྱེད་མཚན་དུས་སྦྱར༔ གང་གཏད་འདུན་པ་མངོན་དུ་འགྱུར༔ དེ་ནས་ལྷ་སྐུ་སྒྱུ་མ་རུ༔ བལྟ་ཞིང་འདུན་པ་དྲག་པོས་ཉལ༔ གཉིད་དུས་གཅན་གཟན་མེ་ཆུ་དང༔ འཇིགས་སྐྲག་སྣང་བ་ཤར་བ་ན༔ མེད་ཅིང་སྣང་བའི་འཁྲུལ་ངོ་ལ༔ སེམས་བསྲེས་ལྷ་སྐུ་སྒྱུ་མར་བསྒོམ༔ ཉིན་དུས་འདི་ནི་རྨི་ལམ་སྟེ༔ སྟོང་ཉིད་ནམ་མཁའ་ལྟ་བུ་ཞེས༔ སྒྱུ་མ་འོད་གསལ་ངང་དུ་བཞག༔ དེ་ཉིད་སྟོང་གསལ་ནམ་མཁའ་ལྟར༔ དྭངས་པའི་ངང་ལས་ལྷ་སྐུར་ལྡང༔ དེ་ཡང་སྤེལ་ཞིང་བསྒྱུར་བ་སོགས༔ ཉིན་དུས་ཡེངས་མེད་དྲན་འཛིན་དང༔ མཚན་མོ་བཙན་ཐབས་མན་ངག་སྦྱར༔ སྒྱུ་ལུས་རྨི་ལམ་བར་དོ་གསུམ༔ མཚན་དུས་དབྱེར་མེད་གོམས་པ་ན༔ མཐར་ཐུག་འཆི་བའི་འོད་གསལ་གྱི༔ ཐིམ་རིམ་ཆོས་སྐུའི་རོལ་པ་དང༔ རང་ཤར་འཁྲུལ་པའི་སྣང་བ་རྣམས༔ སྒྱུ་མ་ལོངས་སྐུའི་འཆར་སྒོ་དང༔ འཇུག་སྒོ་སྟོང་ཉིད་བདེན་མེད་དུ༔ དྲན་འདུན་སྤྲུལ་སྐུའི་རྩལ་གྱིས་སྦྱང༔ དེ་ལྟར་ཡང་ཡང་དྲན་བྱ་ཞིང༔ སྣོད་བཅུད་གཞལ་ཡས་ལྷ་རུ་བལྟ༔ མཐར་ཐུག་སྒྱུ་མའི་སྐུར་ལྡང་ཞིང༔ འོན་ཏེ་བར་དོར་རང་བྱན་ཚུད༔ དེ་ཕྱིར་ཟབ་མོའི་གདམས་པ་འདི༔ ལས་འཕྲོ་ཅན་གྱི་དཔལ་དུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། ༈ །།རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ ཟབ་ལམ་འཕོ་བའི་མན་ངག་བཞུགས་སོ༔ གང་ཞིག་རྨོངས་པ་ལེ་ལོ་ཅན༔ ཉམས་ལེན་མི་ལྡན་སྐྱེས་བུ་རྣམས༔ འཕོ་བའི་གདམས་པས་བཟུང་བར་བྱ༔ རྒྱུད་དག་ཚོགས་གསག་སྔོན་སོང་ནས༔ ལུས་ནི་རྣམ་སྣང་ཆོས་བདུན་བྱ༔ སྟོང་ར་འོད་ཀྱི་གོང་བུ་ཅན༔ སྒོ་དགུ་མཐིང་ནག་ཧཱུྃ་གིས་དགག༔ ལུས་ནང་དྷཱུ་ཏི་དམར་པོ་ཡི༔ མར་སྣར་རླུང་དཀྱིལ་སྔོན་པོ་ལ༔ གནས་པའི་རྣམ་ཤེས་ཐིག་ལེ་ནི༔ དཀར་པོ་གསལ་འཚེར་འཕར་གཡོར་བསྒོམ༔ སྤྱི་བོར་བླ་མ་རྡོ་རྗེ་སེམས༔ སྐྱབས་གནས་ཀུན་འདུས་ངོ་བོར་གསལ༔ མ་ཡེངས་རྩེ་གཅིག་གསོལ་བ་འདེབས༔ འོག་རླུང་གྱེན་བསྐུམ་རླུང་དཀྱིལ་བསྐུལ༔ མིག་ཡིད་རླུང་གསུམ་སྤྱི་བོར་དྲིལ༔ ཧིཀ་ཅེས་དྲག་ཏུ་བརྗོད་པ་ཡིས༔ རྣམ་ཤེས་གྱེན་འཕར་ཚངས་བུག་ལས༔ ཕྱིར་འཐོན་བླ་མའི་ཐུགས་ཀར་ཐིམ༔ དེ་ཉིད་ཇེ་མཐོ་ཇེ་མཐོར་སོང༔ དམིགས་མེད་སྤྲོས་བྲལ་ངང་དུ་བཞག༔ སྦྱོང་ཚེ་ཀ་ཞེས་ཐུར་དུ་ཕབ༔ བླ་མ་འོད་ཞུ་བདག་ལ་ཐིམ༔ སྟེང་རླུང་མནན་ནས་ལྟེ་བར་འཆིང༔ དེ་ཡིས་མ་བསྒོམ་བཙན་ཐབས་སུ༔ རྫོགས་པའི་བྱང་ཆུབ་ཆེན་པོའི་གནས༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ འཕོ་བའི་མན་ངག་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། ༈ །།རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ གཉིས་འཛིན་འཁྲུལ་གཅོད་མན་ངག་བཞུགས༔ གཉིས་འཛིན་འཁྲུལ་གཞི་གཅོད་འདོད་ན༔ དུར་ཁྲོད་མཚོ་གླིང་ཤིང་གཅིག་སོགས༔ སེམས་གཡེང་ཉམ་ངའི་གནས་སོང་ལ༔ རྒྱུད་སྦྱངས་མདུན་མཁར་མཆོད་སྦྱིན་མགྲོན༔ གྲངས་མེད་གསལ་བཏབ་རང་གི་ལུས༔ ཤ་ཁྲག་འདོད་ཡོན་ཞེན་མེད་བྱིན༔ བསམ་མེད་མཉམ་པ་ཉིད་དུ་ཉལ༔ དེ་ཚེ་རྣམ་རྟོག་འཁྲུལ་སྣང་ནི༔ དངོས་ཉམས་རྨི་ལམ་སྣ་ཚོགས་འབྱུང༔ ཆོ་འཕྲུལ་དེས་མཚོན་འཁོར་འདས་ཆོས༔ མེད་སྣང་སྟོང་པའི་རང་བཞིན་ལས༔ རྟག་ཆད་སྒྱུ་མ་ཆུ་ཟླ་འདྲ༔ རང་སེམས་གཞི་མེད་རྩ་བྲལ་ལ༔ ཚུར་བཅད་ནམ་མཁའི་རང་བཞིན་ཉིད༔ ཡུལ་སེམས་གཟུང་འཛིན་མ་གྲུབ་པའི༔ རང་བྱུང་ཡེ་ཤེས་རང་གསལ་ངང༔ སྤང་བླང་རེ་དོགས་འཁྲུལ་གཞི་བཅད༔ གཅེར་མཐོང་རང་གནས་ངོས་བཟུང་ལ༔ སྙེམས་མེད་ངང་དུ་སོ་མར་བཞག༔ རྐྱེན་ངན་རང་གྲོལ་བོགས་འབྱིན་པའི༔ འཁྲུལ་གཅོད་མན་ངག་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། ༈ །།རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ དགེ་སྦྱོར་སྲང་དུ་འཇུག་པའི་མན་ངག་བཞུགས་སོ༔ རིམ་གཉིས་སྒོམ་པའི་རྣལ་འབྱོར་པས༔ དགེ་སྦྱོར་སྲང་དུ་འཇུག་པ་ན༔ ཉིན་མཚན་ཆ་ནི་བཞི་བཞིར་དབྱེ༔ ཉིན་དུས་ལྷ་སྐུ་སྒྱུ་མ་དང༔ འོད་གསལ་ངང་དུ་རྩལ་སྦྱང་ཞིང༔ མཚན་དུས་ཤེས་པ་ནང་དུ་བཟུང༔ ལྟེ་བའི་ཨ་ལས་གཏུམ་མོ་སྦར༔ སྤྱི་བོའི་ཧཾ་ཡིག་བདུད་རྩིར་ཞུ༔ སྙིང་གར་བབས་པའི་ཐིག་ལེ་ལ༔ སེམས་བཟུང་ལྷན་སྐྱེས་ཡེ་ཤེས་འཆར༔ གུང་ལ་སེང་གེའི་ཉལ་སྟབས་ཀྱིས༔ སྙིང་ནང་ཨ་དཀར་སེམས་བཟུང་ལ༔ མི་དམིགས་ངང་དུ་ཉལ་བར་བྱ༔ ཐོ་རངས་ཨ་ཡིག་སྙིང་ནང་ནས༔ སྤྱི་བོའི་འདོམ་གང་ནམ་མཁར་འཐོན༔ སེམས་བཟུང་གསལ་སྟོང་ཡེ་ཤེས་འཆར༔ གསང་བའི་དུས་བཞི་རྣམ་རྟོག་གི༔ བཞི་ཆ་གསུམ་བྲལ་ཆོས་སྐུ་ལ༔ རང་རིག་ཡེ་ཤེས་མ་ཡེངས་བསྒོམ༔ སྔ་ཕྱི་བར་དེར་དུས་གསུམ་གྱི༔ རྣམ་རྟོག་འཕྲོ་འདུ་རང་ཆད་དེ༔ མི་རྟོག་ཡེ་ཤེས་ཉིད་དང་སྦྱར༔ དེ་ལྟར་དུས་བཞིའི་གནད་གོམས་པས༔ ཡང་དག་དོན་ལ་གནས་པར་འགྱུར༔ སྲང་འཇུག་མན་ངག་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། ༈ །།རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ སྒྲིབ་སྦྱོང་ཁྲུས་ཀྱི་མན་ངག་བཞུགས་སོ༔ རིན་ཆེན་བུམ་པར་གཙང་མའི་ཆུ༔ ཉེར་ལྔའི་རྫས་དང་ལྡན་པས་བཀང༔ འདབ་བརྒྱད་མ་དྷལ་དབུས་སུ་བཀོད༔ སྟོང་པའི་ངང་ལས་བུམ་པ་ནི༔ མཚན་ཉིད་ཡོངས་རྫོགས་ལྟོ་བ་རུ༔ པདྨ་ཟླ་བའི་དཀྱིལ་འཁོར་ལ༔ ཧཱུྃ་ལས་རྡོར་སེམས་ཡབ་ཡུམ་བསྐྱེད༔ སྤྱན་དྲངས་མཆོད་བསྟོད་བཟླས་པའི་ཚེ༔ བདག་གི་ཐུགས་ཀའི་སྔགས་ཕྲེང་ཉིད༔ བུམ་ནང་ལྷ་ཡི་ཐུགས་ཀར་ཞུགས༔ དེ་ལས་འོད་ཟེར་དཀར་པོ་ནི༔ གྲངས་མེད་འཁོར་འདས་ཀུན་ཏུ་སྤྲོས༔ དོན་བྱས་ཚུར་འདུས་ལྷ་ལ་ཐིམ༔ མཉམ་སྦྱོར་བདུད་རྩི་དཀར་པོའི་རྒྱུན༔ བུམ་པའི་ཆུར་འདྲེས་འོད་དུ་ཞུ༔ བྱང་སེམས་བདུད་རྩིའི་ངོ་བོར་བསམ༔ སྔགས་མཐར་ནད་གདོན་སྡིག་སྒྲིབ་རྣམས༔ ཤཱིནྟཾ་ཀུ་རུ་སྭཱ་ཧཱ་ཞེས༔ སྟོང་བཟླས་བདག་ལུས་རིགས་དྲུག་གི༔ ས་བོན་བསྐྱེད་ལ་དེ་སྦྱང་བསམ༔ བུམ་ཆུས་བཀྲུ་ཞིང་འཐུང་བར་བྱ༔ ནད་གདོན་སྡིག་སྒྲིབ་ཀུན་བྱང་ནས༔ རྣམ་དག་ཡེ་ཤེས་རྒྱུད་ལ་སྐྱེ༔ སྒྲིབ་སྦྱོང་ཁྲུས་ཆོག་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། ༈ །།རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ གྲོལ་ལམ་གསུམ་གྱི་མན་ངག་བཞུགས་སོ༔ ཐུན་མོང་འགྲོ་བ་མཐའ་དག་གིས༔ ལམ་ལ་སློབ་པར་མི་ནུས་པས༔ མ་བསྒོམ་གྲོལ་བ་ཐོབ་པའི་གནད༔ འདི་ལྟའི་རིམ་པ་བཞིན་དུ་བསྒྲུབ༔ བསྙེན་སྒྲུབ་དྲོད་ཐོབ་རྣལ་འབྱོར་པས༔ ཡར་ངོའི་དུས་སུ་དབེན་པའི་སར༔ རེ་ཁཱ་དཀར་པོའི་པད་འདབ་བརྒྱད༔ དེ་དབུས་རྡུལ་བྲལ་མེ་ལོང་ལ༔ དྲི་ཡིས་ཧཱུྃ་དང་ཡིག་བརྒྱ་བྲིས༔ དེ་ཉིད་རྡོ་རྗེ་སེམས་དཔར་བསྒོམ༔ ཡེ་ཤེས་སྤྱན་དྲངས་མཆོད་ཅིང་བསྟོད༔ སྙིང་པོ་ཡི་གེ་བརྒྱ་པ་ནི༔ འབུམ་བཟླ་ཕྱོགས་བཅུའི་རྒྱལ་བ་རྣམས༔ སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི༔ རྣམ་པར་སྤྱན་དྲངས་དེ་ལ་བསྟིམ༔ ལྷ་ཉིད་འོད་ཞུ་མེ་ལོང་ནི༔ སྐུ་གསུང་ཐུགས་ཀྱི་ངོ་བོར་བསམ༔ རབ་གནས་བཀྲ་ཤིས་མངའ་གསོལ་ནས༔ མཆོད་རྟེན་ལམ་གྱི་བཞི་མདོ་རུ༔ བཀུར་སྟི་ཆེན་པོས་བཞུགས་སུ་གསོལ༔ གང་ཞིག་མཐོང་བའི་འགྲོ་བ་དེའི༔ ལས་སྒྲིབ་བྱང་ནས་བདེ་ཆེན་ཐོབ༔ དྲི་མེད་རས་ལ་རྡོར་སེམས་སྐུ༔ ཐུགས་ཀར་སྙིང་པོ་སྲོག་ཡིག་དང༔ ཨཱོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ འ་ཨ་ཤ་ས་མ་ཧ༔ དྷརྨ་ཀཱ་ཡ་ཛྙཱ་ན་དྷཱ་ཏུ་ཨཱཿ ཞེས་བྲི་མན་ཤེལ་ཟུར་དྲུག་ལ༔ རྩེ་མོར་ཧཱུྃ་མཱུྃ་ལོགས་དྲུག་ཏུ༔ སྦྱོང་བྱེད་དྲུག་དང་སྦྱང་བྱ་དྲུག༔ སྙིང་པོ་རྩ་བའི་སྔགས་རྣམས་བྲི༔ དར་རམ་གྲོ་གའམ་ཤོག་ཤོག་ལ༔ རིན་ཆེན་ལྔ་ཡི་ཁུ་བ་ཡིས༔ སྙིང་པོ་ཡིག་བརྒྱ་ཚར་བདུན་ནི༔ སྤེལ་ཚིག་བཅས་པ་དག་པར་བྲི༔ དྲི་བཟང་བྱིན་རླབས་རྫས་ཀྱིས་བྱུགས༔ མན་ཤེལ་དག་ལ་གཡས་བསྐོར་དཀྲི༔ སྣ་ཚོགས་དར་གྱིས་ཡང་དག་བཅིང༔ མ་དྷལ་དབུས་བཞག་བགེགས་སྦྱང་བཀྲུ༔ ལྷར་བསྐྱེད་བསྟིམ་མཆོད་ཐུགས་ཀ་ནས༔ འོད་འཕྲོས་འགྲོ་ཀུན་ལས་སྒྲིབ་སྦྱངས༔ བྱང་ཆུབ་གནས་བཀོད་དེ་དག་དང༔ རབ་འབྱམས་རྒྱལ་ཀུན་འོད་དུ་ཞུ༔ དེར་ཐིམ་གོང་གི་གསང་སྔགས་རྣམས༔ ཁྲི་བཟླས་རབ་གནས་མངའ་གསོལ་ཏེ༔ གང་གི་མགོ་འམ་སྙིང་གར་གདགས༔ མཚམས་མེད་སྒྲིབ་བྱང་བྱང་ཆུབ་ཐོབ༔ དཔའ་བོ་ཤ་ལྔ་བདུད་རྩི་ལྔ༔ མཆོག་གྲུབ་གདུང་དང་རིང་བསྲེལ་དང༔ བདུད་རྩི་སྒྲུབ་རྫས་སྨན་ཕབས་རྣམས༔ རྩ་བའི་རྫས་ཏེ་སྟོབས་སྐྱེད་པ༔ བཟང་དྲུག་འབྲས་བུ་གསུམ་ལ་སོགས༔ བདུད་རྩི་མཆོག་རྒྱུད་བཞིན་སྦྱར་ནས༔ ཡུངས་ཀར་འབྲུ་དགུའི་ཚད་དུ་དྲིལ༔ མཚན་ལྡན་ཕོ་མོའི་ཐོད་པར་བླུག༔ མ་དྷལ་དབུས་བཀོད་མཆོད་པ་བཤམ༔ བགེགས་བསྐྲད་ཁྲུས་བྱས་སྲུང་འཁོར་བསྒོམ༔ སྒྲུབ་རྫས་རླུང་མེ་ཐོད་སྒྱེད་ལ༔ གནས་པའི་པདྨའི་སྙིང་ནང་དུ༔ ས་བོན་བཅུ་ལས་དམ་རྫས་བཅུ༔ དེ་སྟེང་དཀར་གསལ་ཟླ་དཀྱིལ་ལ༔ ཧཱུྃ་ལས་རྡོར་སེམས་ཡབ་ཡུམ་བསྐྱེད༔ སྤྱན་དྲངས་མཆོད་དང་བསྟོད་བྱས་ནས༔ རླུང་བུས་མེ་སྦར་བདུད་རྩི་ནི༔ དཀར་དམར་འོད་ཀྱི་གོང་བུར་ཞུ༔ རླངས་པས་ཡབ་ཡུམ་ཆགས་པ་བསྐུལ༔ མཉམ་སྦྱོར་དགའ་བའི་འོད་དང་སྒྲས༔ སངས་རྒྱས་ཚད་མེད་སྤྱན་དྲངས་ནས༔ ཞལ་ཞུགས་ཐིག་ལེར་ཞུ་བ་ཉིད༔ མཁའ་གསང་ལས་ནི་བདུད་རྩི་ལ༔ མཚོ་ལ་ཁ་བ་བབས་བཞིན་ཐིམ༔ དེ་ནས་རྗེས་ཆགས་མཉམ་སྦྱོར་བས༔ ཡབ་ཡུམ་ཐིག་ལེའི་ངོ་བོར་ཞུ༔ དམ་ཚིག་རྫས་དང་རོ་གཅིག་བསྒོམ༔ དེ་ལྟར་གསལ་བསྒོམ་སྙིང་པོའི་མཐར༔ ཨོཾ་ཛྙཱ་ན་ཨ་མྲྀཏ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་པ་བར་མ་ཆད་བཟླ་ཞིང༔ དུས་བཞིར་བྱིན་དབབ་དངོས་གྲུབ་བསྡུ༔ རྫས་ལ་འོད་འཕྲོ་དྲི་བཟང་དང༔ སྒྲ་སྙན་འཕར་སོགས་རྟགས་མཐོང་ན༔ སྙིང་པོར་སརྦ་སིདྡྷི་ཧཱུྃ༔ བཏགས་བཟླས་བཀྲ་ཤིས་མངའ་གསོལ་ནས༔ མཆོད་བསྟོད་མཇུག་གི་བྱ་བ་བསྒྲུབ༔ དེ་ལྟ་བུ་ཡི་དམ་རྫས་དེ༔ གང་གིས་ཟོས་པས་ཉམས་ཆག་སྦྱོང༔ དམ་ཚིག་དངོས་གྲུབ་ཀུན་ཐོབ་ནས༔ འཕོ་མེད་བདེ་ཆེན་འགྲུབ་པར་འགྱུར༔ མ་བསྒོམ་བྱང་ཆུབ་སྒྲུབ་པའི་གནད༔ ཡང་ཟབ་མན་ངག་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ། །སརྦ་མངྒ་ལཾ།། །།
དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ འཕགས་མཆོག་ནམ་མཁའི་རྒྱལ་པོའི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་ (Volume 24, Text 1)
༁ྃ༔ དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ འཕགས་མཆོག་ནམ་མཁའི་རྒྱལ་པོའི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་བཞུགས་སོ༔ གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱི༔ འོག་མིན་བདེ་བ་ཆེན་པོའི་ཕོ་བྲང་ནས༔ གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་ལ༔ ཆོས་དབྱིངས་གཞོམ་མེད་ངང་ནས་གསོལ་འདེབས་ཀྱིས༔ རིག་པ་རང་གྲོལ་ངང་དུ་བྱིན་གྱིས་རློབས༔ ཆོས་དབྱིངས་སྟུག་པོ་བཀོད་པའི་ཞིང་ཁམས་ནས༔ ལོངས་སྤྱོད་རྫོགས་སྐུ་རྡོ་རྗེ་འཆང་ཆེན་ལ༔ ཕྱོགས་འཛིན་རང་གྲོལ་ངང་ནས་གསོལ་འདེབས་ཀྱིས༔ སྣང་བ་བཞི་རྫོགས་ངང་དུ་བྱིན་གྱིས་རློབས༔ ཤར་ཕྱོགས་རི་བོ་ཏ་ལའི་ཕོ་བྲང་དུ༔ སྙིང་རྗེའི་མངའ་བདག་ནམ་མཁའི་རྒྱལ་པོ་ལ༔ གཤིས་ལུགས་ཡེ་གྲོལ་ངང་དུ་གསོལ་འདེབས་ཀྱིས༔ གཟུང་འཛིན་རང་གྲོལ་ཀློང་དུ་བྱིན་གྱིས་རློབས༔ རྟག་བརྟན་རྡོ་རྗེ་གདན་གྱི་ཕོ་བྲང་དུ༔ འགྱུར་མེད་སྟོན་པ་ཐུབ་པའི་དབང་པོ་ལ༔ གཉིས་མེད་རང་གྲོལ་ངང་ནས་གསོལ་འདེབས་ཀྱིས༔ ཡེ་ཡིན་ངང་རྫོགས་ཀློང་དུ་བྱིན་གྱིས་རློབས༔ འོག་མིན་མཁའ་སྤྱོད་འཇའ་ཐིག་གཞལ་ཡས་ནས༔ རིག་གྲོལ་བླ་མ་པདྨ་འབྱུང་གནས་ལ༔ རང་ཤར་རང་གྲོལ་ཀློང་ནས་གསོལ་འདེབས་ཀྱིས༔ འུབ་ཆུབ་བློ་འདས་ཆེན་པོར་བྱིན་གྱིས་རློབས༔ འོག་མིན་མཁའ་སྤྱོད་བདེ་ཆེན་ཀློང་ཡངས་ནས༔ ཀུན་ཏུ་བཟང་མོ་བདེ་ཆེན་རྒྱ་མཚོ་ལ༔ སྐུ་གསུམ་འདུ་འབྲལ་མེད་པར་གསོལ་འདེབས་ཀྱིས༔ ཟག་མེད་བདེ་ཆེན་ཀློང་དུ་བྱིན་གྱིས་རློབས༔ རང་རྩལ་རྒྱན་འཁོར་ཆེན་པོའི་ཕོ་བྲང་ནས༔ སྣ་ཚོགས་རང་གྲོལ་བདུད་འདུལ་རྡོ་རྗེ་ལ༔ སྡུག་བསྔལ་ཡེ་གྲོལ་ངང་ནས་གསོལ་འདེབས་ཀྱིས༔ སྟོང་གསལ་བྱར་མེད་ངང་དུ་བྱིན་གྱིས་རློབས༔ ཕྱོགས་འཛིན་ཕྱོགས་ལྷུང་བྲལ་བའི་ཕོ་བྲང་ནས༔ རྒྱལ་སྲས་ཆེན་པོ་ནོར་བུའི་མཚན་ཅན་ལ༔ ཀུན་སྣང་གཤིས་གྲོལ་ཀློང་ནས་གསོལ་འདེབས་ཀྱིས༔ བརྗོད་མེད་ཀ་དག་ཆེན་པོར་བྱིན༴ སྟེང་ཕྱོགས་སྐྱེ་མེད་ཆོས་དབྱིངས་ལྔ་ལྡན་ནས༔ ཡི་དམ་འཕགས་མཆོག་ཐུགས་རྗེའི་མངའ་བདག་ལ༔ རང་རིག་ཀ་དག་ཀློང་ནས་གསོལ་འདེབས་ཀྱིས༔ སྣང་སྲིད་ཆོས་སྐུར་རྟོགས་པར་བྱིན༴ གཏེར་གནས་བན་རི་པད་འོད་གཞལ་ཡས་ནས༔ ཐེག་དགུའི་རྩེ་རྒྱལ་སྤྲུལ་སྐུ་སྙིང་ཏིག་ལ༔ ཆོས་ཀུན་རིས་མེད་ཀློང་ནས་གསོལ་འདེབས་ཀྱིས༔ ཚིག་དོན་ཁོང་དུ་ཆུད་པར་བྱིན་གྱིས་རློབས༔ དམ་ཚིག་གསལ་དག་ཡེ་ཤེས་ཀློང་ཡངས་ནས༔ ཉེ་མགོན་ཆེན་པོ་སེང་གདོང་ཡབ་ཡུམ་ལ༔ ལས་ཀུན་ལྷུན་གྲུབ་ངང་ནས་གསོལ་འདེབས་ཀྱིས༔ དགྲ་བགེགས་མ་ལུས་བསྒྲལ་བར་བྱིན་གྱིས་རློབས༔ དུར་ཁྲོད་གནས་དང་ནུས་ལྡན་ཕོ་བྲང་ནས༔ ནོར་ལྷ་རྒྱ་མཚོ་བཀའ་སྲུང་གཏེར་བདག་ལ༔ རང་བྱུང་རྩལ་རྫོགས་ངང་ནས་གསོལ་འདེབས་ཀྱིས༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས༔ བསྐྱེད་རྫོགས་ཟུང་འཇུག་འདི་ཡི་དགེ་ཚོགས་ཀྱིས༔ འདུས་བྱས་མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ ཚེ་གཅིག་སངས་རྒྱས་འཁོར་བ་དོང་སྤྲུགས་ནས༔ འཕགས་མཆོག་རྒྱལ་བའི་ཐུགས་ཀློང་དབྱེར་མེད་ཤོག༔ ཅེས་ཁྱུང་པོ་ཁྲོམ་ཚོང་གི་བླ་མ་ངག་དབང་འབྲུག་གྲགས་ཀྱིས་འཕགས་པ་ནམ་མཁའི་རྒྱལ་པོ་ཡི་གསོལ་འདེབས་བདུད་རྩིའི་ཆུ་རྒྱུན་ཞིག་དགོས་ཞེས་བཀས་བསྐུལ་ངོར། བདག་འདྲ་རིག་འཛིན་བདུད་འདུལ་རྡོ་རྗེ་ཡིས་ཚ་སྟོད་ཟབ་མ་གནས་ཀྱི་ཆར་རྣམ་དཀར་ངོས་ལ་ལེགས་པར་བཀོད་པའོ། །སརྦ་མངྒ་ལཾ།། །།
བླ་མའི་ཐུགས་སྒྲུབ་ཡན་ལག་རྣམ་པ་གཉིས་ཀྱི་ཁོག་དབུབ་ཡིད་བཞིན་དངོས་གྲུབ་འབྱུང་བའི་བུམ་བཟང་ (Volume 41, Text 1)
༄༅། །བླ་མའི་ཐུགས་སྒྲུབ་ཡན་ལག་རྣམ་པ་གཉིས་ཀྱི་ཁོག་དབུབ་ཡིད་བཞིན་དངོས་གྲུབ་འབྱུང་བའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། ། གུ་རུ་པདྨ་བུདྡྷ་ས་མཱ་ཛྙཱ་ཡ་ན་མཱ་མི། མི་འགྱུར་མི་ཤིགས་རང་ཤར་འོད་ལྔའི་ཀློང་། །གདོད་ནས་བཞུགས་པ་དྭངས་མ་རིགས་བརྒྱའི་མགོན། །རབ་འབྱམས་དཀྱིལ་འཁོར་སྤྲོ་དང་བསྡུ་བའི་གཞི། །གུ་རུ་བདེ་བ་ཆེན་པོ་སྙིང་དབུས་མཆོད། །གང་གི་སྒྲུབ་ཐབས་བྱེ་བ་བསམ་ཡས་ལས། །སྙིང་པོའི་ཡང་བཅུད་སྙིགས་འགྲོའི་དཔལ་ཤར་བ། །བར་ཆད་སེལ་དང་དངོས་གྲུབ་སྒྲུབ་པ་ཡི། །སྒྲུབ་ཆེན་ལས་ཀྱི་རིམ་པ་འདིར་གསལ་བྱ། །དེའང་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་དང་མཇལ་ཞིང་ཚེ་གཅིག་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་བདེ་བླག་ཏུ་སྒྲུབ་པའི་ཐབས་ཀྱི་གཙོ་བོ་བླ་མའི་ཐུགས་ཀྱི་སྒྲུབ་པར་ནན་ཏན་སྙིང་པོ་བྱ་དགོས་པ་ཡིན་ཞིང་། གངས་ཅན་ལྗོངས་སུ་སྐྱེས་པ་རྣམས་ཀྱི་བླ་མའི་སྐལ་པ་ནི་སངས་རྒྱས་ཀུན་འདུས་པདྨ་འབྱུང་གནས་ཁོ་ན་ཡིན་ལ། དེ་ཉིད་སྒྲུབ་པའི་ཚུལ་ནི་འདི་ཉིད་ཀྱི་གཏེར་གཞུང་ལས། ང་ཡི་ཐུགས་སྒྲུབ་བསམ་གྱིས་མི་ཁྱབ་པ་བྱེ་བ་ས་ཡ་སྦས་པའི་ནང་ནས༔ སྐུ་གསུམ་རབ་འབྱམས་སུ་སྒྲུབ་པ་དང༔ རྩ་གསུམ་རབ་འབྱམས་སུ་སྒྲུབ་པ་དང༔ ལྷག་པར་བར་ཆད་སེལ་བར་བྱེད་པ་ཐུགས་སྒྲུབ་བར་ཆད་ཀུན་སེལ་དང༔ དངོས་གྲུབ་ཐམས་ཅད་ཐོབ་པར་བྱེད་པ་བླ་མ་དངོས་གྲུབ་རྒྱ་མཚོ་དང་བདེ་བ་ཆེན་པོ་ཡིད་བཞིན་ནོར་བུ་དང་བཅས་པ་འདི་དག་ནི༔ ད་ལྟ་དང་མ་འོངས་པའི་དུས་ན་ཡོངས་སུ་གྲགས་པའི་ང་ཡི་རྗེས་འཇུག་རྣམས་ཀྱིས་ལུགས་དེ་གཉིས་ཁོ་ན་གཙོ་བོ་བྱ་དགོས་ཤིང༔ བྱེད་པར་འགྱུར་ལ༔ དེ་དག་གང་ཡང་རྣལ་འབྱོར་པ་གཅིག་གིས་མཆོག་ཐུན་དངོས་གྲུབ་སྒྲུབ་པའི་ཆ་རྐྱེན་དུ་བསྒྲིགས་ཏེ་ཉམས་སུ་བླང་བར་བྱ་བ་ནི༔ རྒྱུད་ལས༔ ཕུན་སུམ་ཚོགས་པས་གཞི་བཟུང་སྟེ༔ བསྙེན་པ་དང་ནི་ཉེ་བསྙེན་དང༔ སྒྲུབ་པ་དང་ནི་སྒྲུབ་ཆེན་གྱིས༔ རིག་འཛིན་མཆོག་གི་དངོས་གྲུབ་འགྲུབ༔ ཅེས་གསུངས་པ་ལྟར༔ བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་སྒོ་ནས་འཇུག་པར་བྱེད་པ་ཡིན༔ ཞེས་པས་སྤྱིར་བསྟན་ཅིང་བྱེ་བྲག་དེ་རེ་རེའང་ནང་གསེས་ཀྱི་ཡན་ལག་བཞི་བཞིས་བསྟན་པ་ནི་ཕལ་ཆེར་ངེས་རྫོགས་ཀྱི་ཚུལ་དུ་མཛད་པ་ལག་ལེན་དུ་ཐེབས་དཀའ་བས། དེང་སང་འདྲ་འབག་མོས་སློབ་ཙམ་བྱེད་པའི་ལག་ལེན་སྤྱི་དང་བསྟུན་ན། དབང་ཐོབ་ཅིང་དམ་ཚིག་ལ་གནས་པས་ཐུགས་སྒྲུབ་སོ་སོའི་གཞུང་བཞིན་དུས་རྟགས་གྲངས་ཀྱི་བསྙེན་པ་གང་རུང་མཐར་སོན་པའི་སྒྲུབ་པ་པོས་ཚོམ་བུ་ཚོགས་སུ་སྒྲུབ་པའི་ལས་རིམ་ལ་འཇུག་པ་ན། གནས་དུས་སྟོན་འཁོར་ཡོ་བྱད་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་གཟུང་བ་སྤྱི་ལྟར་ཚོགས་པར་བྱས་ནས། བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲང་བ་ལའང་། སྔོན་དུ་བསྙེན་པ་དང༔ ཉེ་བསྙེན༔ དངོས་གཞི་སྒྲུབ་པ༔ རྗེས་སྒྲུབ་པ་ཆེན་པོ་མཐའ་རྒྱས་དང་བཅས་པའོ༔ དང་པོ་བསྙེན་པ་ལ༔ འགལ་རྐྱེན་སེལ་ཞིང་བསོད་ནམས་ཀྱི་དཔུང་བསྐྱེད་པའི་ཕྱིར་སྒོ་གསུམ་གྱི་སྒྲིབ་སྦྱོང༔ སྒྲུབ་ཁང་གི་ཕྱོགས་བཞིར་མདོ་ཀློག་པ༔ མགྲོན་བཞི་ལ་གཏོར་མ་གཏོང་བ༔ སྦྱིན་བཏང་བྱ་བ་རྣམས་རྒྱས་བསྡུས་གང་ལྕོགས་སྔོན་དུ་བཏང༔ ཐོག་མར་སའི་ཆོ་ག་བྱ་བ་ལ་བཞི༔ དང་པོ་སློང་བ་ནི༔ དཀྱིལ་འཁོར་གང་དུ་བཞེངས་པའི་ས་གཞི་བྱི་དོར་བྱས་པར་མེ་ཏོག་གི་ཚོམ་བུ་གཅིག་བཀོད༔ དེའི་མདུན་དུ་མཆོད་གཏོར་དཀར་ཟླུམ་མཐེབ་རིལ་གྱིས་མཚན་པ་དང་གསེར་སྐྱེམས༔ མཐའ་སྐོར་དུ་བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམ་ཆུ་གཉིས་ཉེར་སྤྱོད་གཡས་སྐོར་བཤམ༔ སློབ་དཔོན་གྱི་མདུན་དུ་ཌཱ་དྲིལ་སོགས་ཉེར་སྤྱད་རྣམས་དང་སྒྲུབ་པ་པོ་རྣམས་ཀྱི་དགོས་པའི་ཡོ་བྱད་ཚོགས་པར་བྱ། ཐམས་ཅད་གདན་ལ་འཁོད་ནས་ཚིག་བདུན་གྱིས་ཐོག་དྲངས། སྤྲོས་བྲལ་བདེ་ཆེན་སོགས་གསོལ་འདེབས། སོ་སོའི་བརྒྱུད་འདེབས་སྔོན་དུ་འགྲོ་བས་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལ་ཕྲིན་ལས་སྔོན་འགྲོ་དང་། ཡིད་བཞིན་ནོར་བུ་ལ་ལས་བྱང་ལྟར་སྐྱབས་སེམས་ཚོགས་གསོག་རྣམས་ལན་གསུམ་གསུམ་གཏང་། རང་ཉིད་སྐད་ཅིག་གིས་མ་ཧཱ་གུ་རུ་སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་པའི་སྐུར་གྱུར་པར་བསམ༔ གཏོར་མཆོད་རྣམས། རཾ་ཡཾ་ཁཾ་གིས་བསང༔ ཨོཾ་སྭ་བྷཱ་ཝ་སོགས་ཆོས་ཉིད་དག་པའི་སྔགས་ཀྱིས་སྦྱང༔ སྟོང་པའི་ངང་ལས་གཏོར་མ་བདུད་རྩིའི་རང་བཞིན་མཆོད་པ་འདོད་ཡོན་གྱི་སྤྲིན་ཕུང་ཟད་མི་ཤེས་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་བསམ༔ ཨོཾ་ཨཱཿཧཱུྃ༔ ཞེས་པས་བརླབས། རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་སའི་ལྷ་མོ་ཡུལ་བདག་དང་བཅས་པ་སྐད་ཅིག་གིས་མདུན་དུ་ལྷགས་པར་བསམ་ལ༔ བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ བྷཱུ་མི་པ་ཏི་ས་པ་རི་བཱ་ར་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ཧོ༔ བྷཱུ་མི་པ་ཏི་ས་པ་རི་བཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་གསུམ་གྱིས་མཆོད་གཏོར་ཕུལ་ལ་ཕྲིན་ལས་གསོལ་བ་ནི། ཧཱུྃ༔ སྟོང་གསུམ་ཁྱད་པར་ཛམ་གླིང་གི༔ རིན་ཆེན་ས་ལ་མངའ་མཛད་པའི༔ ས་ཡི་ལྷ་མོ་བརྟན་མ་དང༔ ས་བདག་རྒྱལ་བློན་འབངས་འཁོར་བཅས༔ གནས་དང་ཡུལ་གྱི་བདག་པོ་རྣམས༔ གངས་རི་ལུ་མ་སྐྱེད་མོའི་ཚལ༔ མཚོ་རྫིང་ལྟེང་ཀ་ཐམས་ཅད་ནས༔ ཞི་ཞིང་འདུན་པའི་སེམས་ཀྱིས་སུ༔ གནས་འདི་ཉིད་དུ་གཤེགས་སུ་གསོལ༔ གཙང་སྦྱར་འདོད་ཡོན་རྣམ་ལྔ་དང༔ མཆོད་སྦྱིན་གཏོར་མ་གསེར་སྐྱེམས་བཅས༔ ས་རིན་བཟང་པོ་འདི་བཞེས་ལ༔ སྔོན་ཚེ་སྟོན་པའི་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ ས་འདིར་བདག་གིས་སྟོན་པ་ཡི༔ བཀའ་གསང་གཞུང་བཞིན་བསྒྲུབ་ལགས་ན༔ དེ་ཕྱིར་སྒྲུབ་པའི་ས་འདི་སྩོལ༔ མཐུན་རྐྱེན་དགེ་ཞིང་བཀྲ་ཤིས་སྤེལ༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ ཅེས་གསོལ་བས། རིག་པ་འཛིན་པ་ཁྱོད་ས་གཞི་ཅི་བདེ་བར་ལོངས་སྤྱོད་ཅིག་ཅེས་གནང་བ་བྱིན་ནས་རང་གནས་སུ་དགྱེས་བཞིན་གཤེགས་པར་གྱུར་པར་བསམ་ཞིང་འཇམ་རོལ་བཅས་གཏོར་མ་གསེར་སྐྱེམས་ཕྱིར་འབུལ༔ ཚོམ་བུ་དང་མཆོད་པ་བསྡུ། གཉིས་པ་ས་གཟུང་བ་ནི༔ སེང་ལྡེང་གི་ཕུར་པ་སོར་བརྒྱད་དར་དམར་གྱི་ཅོད་པན་དང་བཅས་པ་མདུན་དུ་བཀོད་ནས༔ རང་ཉིད་བླ་མ་སྣང་སྲིད་ཟིལ་གནོན་དུ་གསལ་བའི་ཐུགས་ཀ་ནས་ཧྲཱིཿཡིག་མར་མེ་ལྟར་འབར་བ་འཕྲོས༔ ཕུར་བུ་ལ་ཐིམ་པས་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་པདྨའི་དབྱུག་ཐོ་དང་ཐོད་ཁྲག་འཛིན་པ་སྐུ་སྨད་ཕུར་བུའི་དབལ་ཅན་དུ་གྱུར་པར་བསམ་ལ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ལན་བརྒྱ་རྩ་བཟླས་ནས་ས་གཞི་ལ་བཏབ། དེ་ལས་འོད་ཟེར་འཕྲོས༔ ས་གཞི་ལ་ཁྱབ་པས༔ སྣང་སྲིད་ཐམས་ཅད་བདག་གི་དབང་དུ་འདུས་པར་བསམ་ལ༔ གསུམ་པ་སྦྱོང་བ་ནི༔ བདག་ཉིད་རིགས་འདུས་སྣང་སྲིད་ཟིལ་གནོན་དུ་གསལ་བའི་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་འཕྲོས་པས་སྣོད་བཅུད་ཀྱི་དངོས་འཛིན་མ་དག་པའི་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུས་ཏེ་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་སྣང་སྲིད་ཐམས་ཅད་བླ་མའི་ཞིང་ཁམས༔ ཡེ་ཤེས་ཀྱི་རྣམ་རོལ་བདེ་བ་ཆེན་པོའི་ངོ་བོ༔ འོག་མིན་པདྨ་དྲྭ་བ་ཆེན་པོའི་སྣོད་བཅུད་ཡོངས་སུ་རྫོགས་པར་གསལ་བའི་ཏིང་འཛིན་རྩེ་གཅིག་པས༔ ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ༔ ཞེས་བཟླ་ཞིང་ལག་གཡས་པའི་སོར་མོ་ལྔ་རྡོ་རྗེ་རྩེ་ལྔ་པར་བསམ་ལ་བསྐོར་ཞིང་རེག་པར་བྱའོ༔ བཞི་པ་སྲུང་བ་ནི༔ ཐོག་མར་སོ་སོའི་གཞུང་ལྟར་བགེགས་ལ་གཏོར་མ་སྦྱིན་ཅིང་བཀའ་བསྒོ། གུ་གུལ་ཡུངས་ཐུན་དྲག་པོའི་ཚམ་རྔམ་དང་བཅས་རྒྱང་རིང་དུ་བསྐྲད། མཚམས་ཕུར་གདབ་པ་ནི༔ ལྕགས་སམ་དྲག་པོའི་ཤིང་གི་ཕུར་པ་བཅུ་ཁྲོ་བོ་བཅུའི་སྔགས་བྱང་ངམ་ཧཱུྃ་ཡིག་གིས་མཚན་པ་དང་ཡུངས་དཀར་གྱི་ཐུམ་པོ་གདགས་པ་མདུན་དུ་གོ་རིམ་མ་འཆོལ་བར་བཀོད། རང་ཉིད་རིགས་འདུས་བླ་མ་དྲག་པོ་ཧེ་རུ་ཀ་ཁྲོ་བོ་རབ་འབྱམས་ཀྱི་སྤྲིན་འཕྲོ་བའི་སྐུར་གྱུར་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ སྣོད་བཅུད་ཐམས་ཅད་ལ་ཕོག་པས༔ སྣང་སྲིད་འཁོར་ལོ་རྩིབས་བཅུར་འབར་བའི་ཕྱོགས་མཚམས་སྟེང་འོག་རྣམས་སུ་ཕྱོགས་སྐྱོང་བཅུ་བཀུག་སྟེ་གདན་དུ་བྱས༔ སླར་ཡང་བདག་གི་ཐུགས་ཀ་ནས་ཧཱུྃ་བཅུ་འཕྲོས༔ ཕུར་བུ་ལ་ཐིམ་པས་ཁྲོ་བོ་ཆེན་པོ་བཅུ་སྐུ་མདོག་མཐིང་ག་རྡོ་རྗེ་དང་དུང་ཁྲག་འཛིན་པ༔ སྐུ་སྨད་ཕུར་བུའི་དབལ་ཅན་མེ་ཕུང་འབར་ཞིང་འཁྲུགས་པས་ཕྱོགས་བཅུའི་བགེགས་རྣམས་ཀྱི་སྙིང་གར་བཏབ་པར་བསམ་ལ་འབར་བའི་སྟངས་སྟབས་དང་བཅས་པས་གདབ་སྟེ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ ཅེས་པའི་མཐར་སྡེར་མོའི་སྔགས་ཀྱི་མཚོན་ཆ་གདགས་པ་འོག་མ་རྣམས་ལའང་རིགས་འགྲེ་ཤེས་པར་བྱས་ཏེ། ཨོཾ་གྷ་གྷ་གྷཱ་ཏ་ཡ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱ་ཀ་ཙིཏྟ་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་བཟླ་ཞིང་ཤར་གྱི་ཤར་དུ་གདབ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཤར་དུ་གདབ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ལྷོ་རུ་གདབ། ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ནུབ་ཏུ་གདབ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ༔ ཙྪིནྡ་ཙྪིནྡ་ཧཱུྃ་ཕཊ༔ བྱང་དུ་གདབ། ཨོཾ་བཛྲ་ཀྲོ་དྷ་ཏྲེ་ལོཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ བྱང་ཤར་དུ་གདབ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ནུབ་བྱང་དུ་གདབ། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ལྷོ་ནུབ་ཏུ་གདབ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཤར་ལྷོར་གདབ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ནུབ་ཀྱི་ནུབ་ཏུ་གདབ། ཁྲོ་བོ་བཅུ་ལས་ཁྲོ་ཆུང་གི་ཚོགས་དཔག་ཏུ་མེད་པ་འཕྲོས༔ ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་གུར་ཁང་དུ་གྱུར་པར་བསམ༔ སྤྲོས་པ་བསྡུ་ན་ཕུར་པ་གཅིག་ལ་ཏིང་ངེ་འཛིན་གོང་ལྟར་གསལ་བས་ཧཱུྃ་བཅུ་བཟླས་ཏེ་བྱང་ཤར་ཀྱི་གྲར་བཏབ་པས་ཀྱང་ཆོག་གོ། །དེ་རྣམས་ནི་ས་གཞི་རུང་བར་བྱ་བའི་ཆོ་གའོ༔ གཉིས་པ་བར་ཆད་ཀྱིས་དངོས་གྲུབ་མི་འཕྲོག་པའི་མཚམས་གཅད་པ་ལ་གསུམ༔ དང་པོ་ཕྱིའི་མཚམས་གཅོད་པ་ནི༔ སྒྲུབ་ཁང་གི་ཕྱོགས་བཞིར་ཉེ་རིང་འཚམ་པར་ཐོ་བཞི་བརྩིགས་ཏེ་རྒྱལ་ཆེན་བཞིའི་སྐུ་འམ་སྔགས་བྱང་བྲིས་པ་གཟུག །མདུན་དུ་སྟེགས་གཙང་མར་གཏོར་མ་དཀར་ཟླུམ་མཐེབ་རིལ་གྱིས་མཚན་པ་དང་། གཡོན་ཕྱོགས་ནས་བརྩམ་ཆུ་གཉིས་ཉེར་སྤྱོད་ལྔ་བཅས་བཤམ། སྒྲུབ་པ་པོ་རྣམས་རོལ་ཆས་ཐོགས་ལ་སེར་སྦྲེང་གི་ཚུལ་གྱིས་ཤར་གྱི་ཐོ་མདུན་དུ་འཁོད་ལ། རཾ་ཡཾ་ཁཾ༔ བརྗོད་པས་སྦྱངས། ཨོཾ་ཨཱཿཧཱུྃ༔གིས་འདོད་ཡོན་དུ་བྱིན་གྱིས་བརླབས། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཏེ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དཔུང་དང་བཅས་པ་སྤྱན་དྲངས༔ བཛྲ་ས་མཱ་ཛ༔ ཐོ་ཕོ་བྲང་དུ་གསལ་བའི་ནང་དུ་རྟེན་དང་དབྱེར་མེད་པར་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་སོ་སོའི་འཁོར་གཡོག་དམག་ཚོགས་དང་བཅས་པ་མངོན་སུམ་དུ་བཞུགས་པར་གྱུར༔ ཨོཾ་དྷྲིཥྚ་རཱཥྚ་ཡ་སྭཱ་ཧཱ༔ ཞེས་ཅུང་ཟད་བཟླ། སྔགས་མཐར། ས་པ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁཱ་ཧི༔ ལན་གསུམ་གྱིས་གཏོར་མ་ཕུལ། ཨོཾ་བཛྲ་པུཥྤེ་སོགས་ཀྱིས་མཆོད་པ་དང་རོལ་མོ་བྱ༔ བསྟོད་པ་ནི། ཧཱུྃ༔ ཕྱི་ལྟར་རྒྱལ་ཆེན་ཡུལ་འཁོར་སྲུང༔ ནང་ལྟར་བུདྡྷ་ཧེ་རུ་ཀ༔ གསང་བ་རྣམ་པར་སྣང་མཛད་དེ༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ བཀའ་གསང་གཞུང་བཞིན་སྒྲུབ་པ་ལ༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཅེས་ཕྲིན་ལས་བཅོལ། མེ་ཏོག་འཐོར་ལ། ཏིཥྛ་བཛྲས་བརྟན་བཞུགས་བྱ༔ ལྷོའི་ཐོ་མདུན་དུ་འཁོད་ལ། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དཔུང་དང་བཅས་པ་སྤྱན་དྲངས༔ བཛྲ་ས་མཱ་ཛ༔ ཐོ་ཕོ་བྲང་དུ་གསལ་བའི་ནང་དུ་རྟེན་དང་དབྱེར་མེད་པར་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་སོ་སོའི་འཁོར་གཡོག་དམག་ཚོགས་དང་བཅས་པ་མངོན་སུམ་དུ་བཞུགས་པར་གྱུར༔ ཨོཾ་བི་རཱུ་ཌྷ་ཀཱ་ཡ་སྭཱ་ཧཱ༔ ཞེས་ཅུང་ཟད་བཟླ། མཐར་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ ཨོཾ་བཛྲ་པུཥྤེ་སོགས༔ བསྟོད་པ། ཧཱུྃ༔ ཕྱི་ལྟར་རྒྱལ་ཆེན་འཕགས་སྐྱེས་པོ༔ ནང་ལྟར་ཀརྨ་ཧེ་རུ་ཀ༔ གསང་བ་དོན་ཡོད་གྲུབ་པ་སྟེ༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ བཀའ་གསང་གཞུང་བཞིན་སྒྲུབ་པ་ལ༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཏིཥྛ་བཛྲ༔ ནུབ་ཀྱི་ཐོ་རྩར་འཁོད་ལ། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་དཔུང་དང་བཅས་པ་སྤྱན་དྲངས༔ བཛྲ་ས་མཱ་ཛ༔ ཐོ་ཕོ་བྲང་དུ་གསལ་བའི་ནང་དུ་རྟེན་དང་དབྱེར་མེད་པར་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་སོ་སོའི་འཁོར་གཡོག་དམག་ཚོགས་དང་བཅས་པ་མངོན་སུམ་དུ་བཞུགས་པར་གྱུར༔ ཨོཾ་བི་རཱུ་པཱཀྵ་ཡ་སྭཱ་ཧཱ༔ ཞེས་ཅུང་ཟད་བཟླ། མཐར། ས་པ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁཱ་ཧི༔ ཨོཾ་བཛྲ་པུཥྤེ་སོགས༔ བསྟོད་པ། ཧཱུྃ༔ ཕྱི་ལྟར་རྒྱལ་ཆེན་སྤྱན་མི་བཟང༔ ནང་ལྟར་པདྨ་ཧེ་རུ་ཀ༔ གསང་བ་སྣང་བ་མཐའ་ཡས་ཏེ༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ བཀའ་གསང་གཞུང་བཞིན་སྒྲུབ་པ་ལ༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཏིཥྛ་བཛྲ༔ བྱང་གི་ཐོ་རྩར་འཁོད་ལ། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དཔུང་དང་བཅས་པ་སྤྱན་དྲངས༔ བཛྲ་ས་མཱ་ཛཿ ཐོ་ཕོ་བྲང་དུ་གསལ་བའི་ནང་དུ་རྟེན་དང་དབྱེར་མེད་པར་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སོ་སོའི་འཁོར་གཡོག་དམག་ཚོགས་དང་བཅས་པ་མངོན་སུམ་དུ་བཞུགས་པར་གྱུར༔ ཨོཾ་བཻ་ཤྲ་བ་ཎ་ཡ་སྭཱ་ཧཱ༔ ཞེས་ཅུང་ཟད་བཟླ། མཐར། ས་པ་རི་བཱ་ར་ཨི་དཾ་བྷ་ལིཾ་ཏ་ཁཱ་ཧི༔ ཨོཾ་བཛྲ་པུཥྤེ་སོགས༔ ཧཱུྃ༔ ཕྱི་ལྟར་རྒྱལ་ཆེན་རྣམ་ཐོས་སྲས༔ ནང་ལྟར་རཏྣ་ཧེ་རུ་ཀ༔ གསང་བ་རིན་ཆེན་འབྱུང་ལྡན་ཏེ༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ བཀའ་གསང་གཞུང་བཞིན་སྒྲུབ་པ་ལ༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཏིཥྛ་བཛྲ༔ ཞེས་བརྟན་བཞུགས་བྱའོ། །གཉིས་པ་བར་མཚམས་ལ་གཉིས་ལས༔ དམ་སྲི་མནན་པ་ནི༔ ར་སོག་གམ་དུག་ཤོག་ལ་དམ་སྲིའི་གཟུགས་བྱ་མགོ་ཡན་ལག་ལྕགས་སྒྲོག་གིས་བཅིངས་པ་སྙིང་གར་ཏྲི་མཐར་ཡ་མ་དམ་སྲི་གཾ་པ་རི་སཏྭཾ་བྷ་ཡ་ནན་ཅེས་བྲིས༔ དུག་ཁྲག་གིས་བྱུགས་པ་ལྕགས་སྣོད་དུ་བཀོད༔ གསེར་སྐྱེམས༔ རཾ་ཡཾ་ཁཾ་གིས་བསང་ཞིང་། ཨོཾ་ཨཱཿཧཱུྃ་གིས་བརླབས་ལ། བླ་མ་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ སྒྲུབ་མཆོག་བདག་གི་གཟུ་དང་དཔང་མཛོད་ཅིག༔ མཐུ་རྩལ་ནུས་པའི་གཟི་བྱིན་བསྐྱེད་དུ་གསོལ༔ རྡོ་རྗེའི་ཆོས་སྲུང་སྣང་སྲིད་དྲེགས་པའི་སྡེ༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ སྒྲུབ་མཆོག་བདག་གི་གཟུ་དང་དཔང་མཛོད་ཅིག༔ མཐུ་རྩལ་ནུས་པའི་གཟི་བྱིན་བསྐྱེད་དུ་གསོལ༔ འགོ་ཞིང་སྲུང་སྐྱོབ་དཀར་ཕྱོགས་སྐྱོང་བའི་དཔུང༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ སྒྲུབ་མཆོག་བདག་གི་གཟུ་དང་དཔང་མཛོད་ཅིག༔ མཐུ་རྩལ་ནུས་པའི་གཟི་བྱིན་བསྐྱེད་དུ་གསོལ༔ ཞེས་དཔང་དུ་གསོལ༔ སྒོ་འོག་ཏུ་དོང་གྲུ་གསུམ་ཁྲུ་གང་བྲུས་པའི་ནང་དུ་བཅུག༔ ན་མོ༔ དཀོན་མཆོག་རིན་ཆེན་རྣམ་པ་གསུམ་གྱི་བཀའ་བདེན་པ་དང༔ རྩ་གསུམ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་བཀའ་བདེན་པ་དང༔ རྡོ་རྗེ་ཆོས་སྐྱོང་བའི་སྲུང་མ་བཀའ་ཉན་ལས་བྱེད་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང༔ བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་སྒྲུབ་པ་ཟབ་མོ་ལ་བར་དུ་གཅོད་པའི་གནོད་བྱེད་ཡ་མ་དཾ་སྲི་གཾ་པ་རི་ཨངྐུ་ཤཱ་ཛ༔ ཞེས་ཡང་ཡང་བརྗོད་པས་བསྟིམ༔ ལྕགས་སམ་དྲག་པོའི་ཤིང་གི་ཕུར་བུ་སོར་གསུམ་པར་དར་ནག་གི་ཅོད་པན་ལ༔ ཨོཾ་བཛྲ་ཀྲོ་དྷཱ་ཨཱརྻ་ཨ་ཙ་ལ་དགྲ་བགེགས་དམ་སྲི་བནྡྷ་བནྡྷ་ཧཱུྃ་ཕཊ༔ ཞེས་བྲིས་པ་གདགས་ཏེ༔ ཕུར་བུ་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་མི་གཡོ་བ་སྐུ་མདོག་ལྗང་ནག་རལ་གྲི་དང་ཞགས་པ་འཛིན་པའི་སྐུ་སྨད་ཕུར་བུའི་དབལ་རབ་ཏུ་འབར་བའི་གཟི་བྱིན་འཕྲོ་བར་བསམ་ལ༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ་ཕཊ༔ བརྒྱ་རྩ་སོགས་བཟླས་པས་བརླབས། ཧཱུྃ་ཧཱུྃ༔ དངོས་གྲུབ་སྒྲུབ་པའི་བར་ཆད་བགེགས༔ ཡ་མ་དམ་སྲི་ཞེས་བྱ་བ༔ རྒྱུ་ནི་དུག་གསུམ་ལས་བྱུང་ཞིང༔ རྐྱེན་ནི་རྣམ་རྟོག་འཁྲུལ་པས་སློང༔ དངོས་གྲུབ་སྒྲུབ་པའི་བགེགས་ཁྱོད་ནི༔ འདུལ་ཞིང་བསྒྲལ་བའི་དུས་ལ་བབས༔ ཧཱུྃ༔ རང་བཞིན་དབྱིངས་ལས་འབར་བའི་སྐུ༔ ཧཱུྃ་མཛད་ཁྲོ་བོ་ཆོས་ཀྱི་རྗེ༔ ཐུགས་དམ་གནད་ནས་ད་བསྐུལ་གྱིས༔ གདུག་པ་འདུལ་བའི་དུས་ལ་བབས༔ གཏུམ་ཆེན་ཁྲོ་རྒྱལ་མི་གཡོ་བ༔ དུར་ཁྲོད་བགེགས་འཇོམས་ཚོགས་ཀྱི་གཙོ༔ དམ་སྲི་དཔུང་བཅས་ཚར་གཅོད་ཕྱིར༔ ཀཱི་ལ་ཡ་ཡི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་དགྲ་བགེགས་དམ་སྲི་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཅེས་བཟླས་ཤིང་ཕུར་བུ་དམ་སྲིའི་སྙིང་གར་གདབ་པས་ཆོས་ཉིད་ཀྱི་ངང་དུ་བརྒྱལ་བར་བསམ་ལ༔ ཧཱུྃ༔ ལས་ངན་དམ་སྲི་བདུད་ཀྱི་རིགས༔ མི་ལྡང་མནན་པར་བྱ་བའི་ཕྱིར༔ སྐུ་གསུང་ཐུགས་ཀྱི་མཚོན་ཆས་བསྒྲལ༔ ཡེ་ཤེས་ལྔ་དང་དབྱེར་མེད་པའི༔ ཡུམ་ལྔའི་རང་བཞིན་འབྱུང་ལྔས་མནན༔ རི་རབ་ཆེན་པོའི་རྨང་དུ་སྐྱུར༔ རྒྱ་མཚོ་ཆེན་པོའི་གཏིང་དུ་སྦ༔ ལས་ཀྱི་གཤིན་རྗེའི་ལག་ཏུ་གཏད༔ བྱང་ཆུབ་སེམས་ནི་མ་སྐྱེས་བར༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ ཡ་མ་དམ་སྲི་སཏྭཾ་བྷ་ཡ་ནན༔ ཞེས་བརྗོད་ཅིང་མེ་རླུང་ས་ཆུ་རྒྱ་གྲམ་རང་འཐག་ལ་བྲིས་པའི་རི་རབ་གླིང་བཞི་སཙྪ་ཡེ་དྷརྨ་མེད་པ་ནག་པོ་དང་བཅས་པས་མནན༔ སྒྲུབ་པ་པོའི་གཙོ་བོ་ཤར་དུ་ཕྱོགས་པས་ལག་སྦྲེལ་ལ་བྲོ་ར་ཟླུམ་པོར་བསྐོར་ཞིང༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ གཏི་མུག་བདེ་གཤེགས་འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཤིན་ཏུ་རྨོངས་པའི་སེམས་ཅན་རྣམས༔ ཐུགས་རྗེའི་སྟོབས་ཀྱིས་ཞི་བར་མཛད༔ ཞི་བར་མ་གྱུར་གང་ཡང་མེད༔ ཞི་མཛད་ལྷ་ལ་ཕྱག་འཚལ་ལོ༔ ཧཱུྃ་བཞི་པའི་སྔགས་དང༔ ཨོཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཅེས་བརྗོད་ཅིང་བྲོ་བརྡུང་ངོ༔ དེ་བཞིན་དུ་ལྷོར་ཕྱོགས་པས་བྲོ་ར་གྲུ་བཞིར་བསྐོར་ལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ ང་རྒྱལ་བདེ་གཤེགས་འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཤིན་ཏུ་ཁེངས་པའི་སེམས་ཅན་རྣམས༔ ཐུགས་རྗེའི་སྟོབས་ཀྱིས་རྒྱས་པར་མཛད༔ རྒྱས་པར་མ་གྱུར་གང་ཡང་མེད༔ རྒྱས་མཛད་ལྷ་ལ་ཕྱག་འཚལ་ལོ༔ སུམྦྷ་དང་བྷྲཱུྃ་པུཥྚིཾ་ཀུ་རུ་ཨོཾ༔ དེ་བཞིན་དུ་ནུབ་ཏུ་ཕྱོགས་པས་བྲོ་ར་ཟླ་གམ་དུ་བསྐོར་ལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ འདོད་ཆགས་བདེ་གཤེགས་འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཤིན་ཏུ་ཆགས་པའི་སེམས་ཅན་རྣམས༔ ཐུགས་རྗེའི་སྟོབས་ཀྱིས་དབང་དུ་མཛད༔ དབང་དུ་མ་གྱུར་གང་ཡང་མེད༔ དབང་མཛད་ལྷ་ལ་ཕྱག་འཚལ་ལོ༔ སུམྦྷ་དང་ཧྲཱིཿབཱ་ཤཾ་ཀུ་རུ་ཧོ༔ དེ་བཞིན་བྱང་དུ་ཕྱོགས་པས་བྲོ་ར་གྲུ་གསུམ་དུ་བསྐོར་ལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ ཞེ་སྡང་བདེ་གཤེགས་འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཤིན་ཏུ་གཏུམ་པའི་སེམས་ཅན་རྣམས༔ ཐུགས་རྗེའི་སྟོབས་ཀྱིས་བརླག་པར་མཛད༔ བརླག་པར་མ་གྱུར་གང་ཡང་མེད༔ བརླག་མཛད་ལྷ་ལ་ཕྱག་འཚལ་ལོ༔ སུམྦྷ་དང་ཧཱུྃ་མཱ་ར་ཡ་ཕཊ༔ ཅེས་རྡོ་རྗེའི་བྲོས་རྒྱས་གདབ་པས་ནམ་ཡང་འདའ་བ་མེད་པར་བསམ༔ བསྡུ་ན་ཧཱུྃ་བཞི་པའི་གླུ་བླངས་ཤིང་སྟངས་སྟབས་ཀྱིས་རྒྱས་གདབ་པ་ཙམ་གྱིས་འཐུས་སོ། །སྒོ་བྱང་གདགས་པ་ནི༔ ར་སོག་གཡས་པར་གཤིན་རྗེའི་སྐུ་འོག་ནས་འབྱུང་བ་ལྟར་དང༔ དར་ནག་པོ་ལ་སྔགས་བྱང་བྲིས་པ་དྲག་ཤིང་གི་ཕུར་བུ་སོར་བརྒྱད་པ་རྣམས་སྒོ་དྲུང་དུ་གདགས༔ དམར་གཏོར་མཐེབ་རིལ་ཅན་དང་མཆོད་པ་བཤམས་ལ། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱིས་བརླབ། ཨོཾ་སྭཱ་བྷཱ་ཝ་སོགས༔ སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་གཤིན་རྗེ་མཐིང་ནག་ཐོད་དབྱུག་དང་འཁོར་ལོ་འཛིན་པ་གཅེར་བུ་རྒྱན་མེད་ཆུ་གླང་གི་གདན་ལ་འགྱིང་ཞིང་པད་ཉི་དང་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་དབུས་ན་བཞུགས་པ༔ བཛྲ་ས་མཱ་ཛ༔ ཡེ་ཤེས་པ་སྤྱན་དྲངས༔ ཛཿཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་ཐིམ༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ཧོ༔ ཨོཾ་ཀརྨ་ཡ་མ་རཱ་ཛཿཧཱུྃ་ཕཊ༔ ཅེས་བཟླས་པས་རྒྱུད་བསྐུལ་ཞིང་། སྔགས་ཤམ་དུ། ས་པ་རི་བཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཏགས་པ་ལན་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུྃ༔ གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱིས༔ དངོས་གྲུབ་རྣམ་པ་གཉིས་བསྒྲུབ་པས༔ བསྒྲུབས་པའི་འབྲས་བུ་མཆིས་ཀྱི་བར༔ ལས་ཀྱི་གཤིན་རྗེ་ཆོས་རྒྱལ་ལ༔ བཅོམ་ལྡན་ཆོས་རྗེའི་བཀའ་བསྩལ་ལྟར༔ དངོས་གྲུབ་འཕྲོག་པའི་ཉམས་ལེན་བདུད༔ ལྷ་དང་འབྱུང་པོ་སྲིན་པོ་གང༔ ཁྱེད་ཀྱི་འཁོར་དང་གཡོག་ལགས་པས༔ རྣམ་པར་སྨིན་པའི་ཆོས་ཤོད་ལ༔ ས་འདི་ཡན་ཆད་མ་གཏང་ཞིག༔ གསང་བ་མཆོག་གི་ཕོ་བྲང་ཆེའི༔ སྒོ་སྲུངས་གཡར་དམ་ཐུབ་པར་མཛོད༔ ས་མ་ཡ་སཏྭཾ༔ ཞེས་པས་བརྟན་པར་བྱའོ། །དམ་བཅའ་བ་མཚོན་པའི་སླད་དུ༔ སྒོ་གོང་དུ་བདག་ཅག་སྒྲུབ་པ་པོ་རྣམས་ཀྱིས་དངོས་གྲུབ་མ་ཐོབ་ཀྱི་བར་དུ་སྒོ་འདི་ལས་ཕྱིར་མི་འདའོ༔ ཞེས་བྲིས་པའི་བྱང་བུ་གདགས༔ སྒོའི་ནང་དུ་དམ་སྲིའི་ལིང་ག་བྲིས་པའི་སྙིང་གར་ཕུར་པ་བཏབ་པ་བྲུབ་ཁུང་དུ་བཅུག་ལ་ཐེམ་འོག་ཏུ་བཞག༔ སྒོ་འདི་ཡན་ཆད་འབྱུང་པོ་སུའང་མ་འདའ་ཞིག༔ ཅེས་བྲིས་པའི་དར་ནག་གི་ཅོད་པཎ་དང་བཅས་པའི་ཕུར་བུའང་སྒོ་སྐྱེས་ལ་གཟེར་རོ༔ གསུམ་པ་གསང་མཚམས་ལ་མ་ཏྲཾ་བསྒྲལ་ཆོག་ནི༔ དཀྱིལ་འཁོར་བྱ་བའི་གཞིར་མ་ཏྲཾ་གི་གཟུགས་བརྙན་མགོ་ལྷོ་ནུབ་ཏུ་བསྟན་པ་གན་རྐྱལ་དུ་བཞག༔ སྒྲུབ་པ་པོ་རྣམས་དྲག་པོའི་ཆས་སུ་ཞུགས་ལ༔ མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀོ྅་ཧཾ༔ རང་ཉིད་སྐད་ཅིག་གིས་བླ་མ་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀའི་སྐུར་གྱུར་པར་བསམ༔ ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ལ༔ ཧཱུྃ༔ ཆོས་ཉིད་རྣམ་པར་དག་པ་དང༔ རྟེན་འབྲེལ་ཡེ་ཤེས་རོལ་རྩལ་ལས༔ དཀྱིལ་འཁོར་ལྷ་ཚོགས་ཅིར་ཡང་ཤར༔ བླ་མ་རྩ་གསུམ་ལྷ་ཚོགས་ཀྱི༔ བྱིན་རླབས་མཐུ་ནུས་བདེན་པ་ཡིས༔ ངོ་བོ་དངོས་གྲུབ་འཕྲོག་པའི་བགེགས༔ རྣམ་པ་མ་ཏྲཾ་གཟུགས་བརྙན་ཏེ༔ སྟོང་ཁམས་ཁྱབ་པའི་བདུད་རིགས་རྣམས༔ མ་རིག་ཉོན་མོངས་ལས་བྱུང་བའི༔ རུ་དྲའི་ཕུང་པོ་འདི་ལ་ཁུག༔ མ་ཏྲཾ་རུ་དྲ་ཨཱ་ཀརྵ་ཡ་ཛ༔ ཞེས་བཀུག་སྟེ་གཟུགས་ལ་བསྟིམ༔ སློབ་དཔོན་གྱི་ཞབས་འདོར་ཐབས་གཡས་འོག་ཏུ་མནན་པར་བསམ་ལ༔ ཧཱུྃ༔ བདག་ཏུ་བལྟ་བའི་རུ་དྲ་འདིས༔ སྔོན་ཡང་སྒྲུབ་པ་ཀུན་ལ་སྒྲིབ༔ ད་ཡང་སྒྲུབ་པའི་བར་ཆད་བགེགས༔ ཁུངས་དང་རྫས་བཅས་གང་ལས་བྱུང༔ ཁུངས་དང་རྫས་བཅས་བདག་ལས་བྱུང༔ བདག་མེད་རྟོགས་པས་དབྱིངས་སུ་བསྒྲལ༔ སྔོན་ཚེ་རང་བྱུང་ཧེ་རུ་ཀས༔ གསང་བ་མཆོག་གི་དུར་ཁྲོད་དུ༔ བདག་ཏུ་བལྟ་བའི་རུ་དྲ་ནི༔ མགོ་བོ་ལྷོ་ནུབ་རྐང་བྱང་ཤར༔ བྱས་ཏེ་དཔལ་གྱི་ཞབས་འོག་མནན༔ ཡེ་ཤེས་འབར་བའི་མཚོན་ཆ་ཡིས༔ བསྒྲལ་ཏེ་དུར་ཁྲོད་ཕོ་བྲང་བྱས༔ དཔལ་ཆེན་འབར་བའི་ཏིང་འཛིན་དང༔ རོལ་པའི་སྟབས་ཀྱིས་རབ་ཏུ་གཟིར༔ སྐུ་གསུང་ཐུགས་ཀྱི་མཚོན་རྣོན་པོས༔ དུག་གསུམ་རུ་དྲ་དབྱིངས་སུ་བསྟིམ༔ དབྱིངས་ལས་ཡེ་ཤེས་རང་ཤར་བའི༔ འབར་བའི་གཞལ་ཡས་ཆེན་པོ་གྲུབ༔ མ་ཏྲཾ་རུ་དྲ་ཕཊ༔ མ་ཏྲཾ་ག་རུ་དྲ་ཕཊ༔ མ་ཏྲཾ་ཀ་རུ་དྲ་ཕཊ༔ སྐུ་གསུམ་རང་བཞིན་ཁ་ཊྭཱཾ་ཀ་རྩེ་གསུམ་སྙིང་གར་བསྣུན་པས༔ མ་ཏྲཾ་གི་ཕུང་པོ་ཁྲོལ་གྱིས་ཞིག༔ བདག་ཏུ་ལྟ་བའི་རྣམ་ཤེས་ཏྲི་ནག་པོའི་རྣམ་པར་གནས་པ་བདག་མེད་ལྟ་བའི་སྟོང་ཉིད་ཨ་དཀར་པོའི་རང་བཞིན་དུ་གནས་གྱུར་ཏེ་བདག་གི་ཐུགས་ཀར་ཐིམ་པར་བསམ་ལ་ཡེ་ཤེས་ཀྱི་རང་བཞིན་རལ་གྲིས་ལྷུ་ཕྲལ་ཞིང༔ མགོ་བོ་ལྷོ་ནུབ༔ སྙིང་ནུབ༔ ལག་གཡོན་ནུབ་བྱང༔ རྐང་གཡོན་བྱང༔ མཚན་མ་བྱང་ཤར༔ རྐང་གཡས་ཤར༔ ལག་གཡས་ཤར་ལྷོ༔ གློ་བ་ལྷོ༔ ཁོག་པ་དབུས་སུ་བཞག་ལ༔ སྒྲུབ་པ་པོ་རྣམས་སྲིན་ལག་ལུ་གུ་རྒྱུད་ལ་སྦྲེལ་ཞིང༔ ཧཱུྃ༔ སྟོང་པ་ཉིད་ནི་ཆོས་ཀྱི་དབྱིངས༔ མ་བཅོས་ངང་དུ་བྲོ་བརྡུངས་པས༔ གཏི་མུག་རུ་དྲ་ཐལ་བར་བརླག༔ འོད་གསལ་ཆེན་པོའི་ཀློང་དུ་ཐིམ༔ མེ་ལོང་ཡེ་ཤེས་ངང་ཉིད་དུ༔ སྣང་སྟོང་འཛིན་མེད་བྲོ་བརྡུངས་པས༔ ཞེ་སྡང་རུ་དྲ་ཐལ་བར་བརླག༔ གསལ་བ་ཆེན་པོའི་ཀློང་དུ་ཐིམ༔ ཐམས་ཅད་མཉམ་པའི་དབྱིངས་ཉིད་དུ༔ གསལ་སྟོང་ཞེན་མེད་བྲོ་བརྡུངས་པས༔ ང་རྒྱལ་རུ་དྲ་ཐལ་བར་བརླག༔ ཕྱོགས་ལྷུང་མེད་པའི་ཀློང་དུ་ཐིམ༔ སོ་སོར་རྟོགས་པའི་དབྱིངས་ཉིད་དུ༔ མ་འདྲེས་ཡོངས་རྫོགས་བྲོ་བརྡུངས་པས༔ འདོད་ཆགས་རུ་དྲ་ཐལ་བར་བརླག༔ བདེ་བ་ཆེན་པོའི་ཀློང་དུ་ཐིམ༔ བྱ་བ་གྲུབ་པའི་དབྱིངས་ཉིད་དུ༔ རིག་པ་ཟང་ཐལ་བྲོ་བརྡུངས་པས༔ ཕྲག་དོག་རུ་དྲ་ཐལ་བར་བརླག༔ ལྷུན་གྲུབ་ཆེན་པོའི་ཀློང་དུ་ཐིམ༔ ཞེས་བྲོ་རྒྱས་པར་བརྡུང་བའམ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་རྡོ་རྗེའི་འགྲོས་ཀྱིས་བསྐོར་བ་ཁོ་ནས་ཀྱང་ཆོག༔ རུ་དྲའི་སྲོག་གི་སྒོར་ཞུགས༔ བདག་ཏུ་བལྟ་བའི་དྲེགས་པ་བཅོམ༔ ཕུང་པོ་དུར་ཁྲོད་ཀྱི་གཞལ་ཡས་ཁང་ཆེན་པོར་ལྷུན་གྱིས་གྲུབ་པར་བསམ༔ ལག་གཉིས་རྡོ་རྗེ་ཁུ་ཚུར་དཔུང་མགོར་བསྣོལ་ཞིང་དཔལ་ཆེན་པོའི་འགྱིང་བག་དང་བཅས་ཏེ༔ ཧཱུྃ་ཧཱུྃ་ཧཱུྃ་ ཧ་ཧ་ཧ་ ཕཊ་ཕཊ་ཕཊ༔ ཅེས་བརྗོད་བཞིན་དུ་དཀྱིལ་འཁོར་གྱི་གཞི་ལ་བསྐོར་རོ༔ ༈ གཉིས་པ་ཉེ་བར་བསྙེན་པའི་ཡན་ལག་ལ་ལྔ༔ སྟ་གོན༔ དཀྱིལ་འཁོར་བཞེངས་པ༔ བསྲེ་བསྣན༔ མངའ་གསོལ༔ བྱིན་དབབ་པའོ༔ དང་པོ་སྟ་གོན་ལ་བཞི༔ ལྷ༔ བུམ་པ༔ ཡོ་བྱད༔ སློབ་མ་ལྟ་གོན་དུ་བྱ་བའོ༔ དང་པོ་ལྷ་ལ་སྙན་གསན་འབེབ་པ་སྟེ༔ ཆག་ཆག་གདབ་པ་ནི༔ ཀ་པཱ་ལར་ཆང་དང་བདུད་རྩི་ལྔ་སྦྱར་བ༔ བླ་མ་རིག་འཛིན་ཡབ་ཡུམ་གྱི་བྱང་ཆུབ་སེམས་བདེ་བ་ཆེན་པོ་རྡོ་རྗེ་སེམས་པའི་ཐིག་ལེར་གྱུར་པར་བསམ་ལ་གཡས་སྐོར་དུ་ཆག་ཆག་གདབ་ཅིང༔ ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་ཕོ་བྲང་འདིར༔ སྙིང་པོ་དོན་གྱི་དཀྱིལ་འཁོར་བཞེངས་པའི་ཕྱིར༔ དངོས་གྲུབ་འཛིན་པའི་བདུད་རྩི་ཆེན་པོ་ལྔས༔ གཉིས་མེད་ཡུམ་ལྔའི་དབྱིངས་སུ་ཆག་ཆག་གདབ༔ མི་འདའ་རྡོ་རྗེའི་ཡེ་ཤེས་སྒྲུབ་པའི་གནས༔ འོག་མིན་བཀོད་པ་ཆེན་པོའི་ཞིང་དུ་གྱུར༔ པཉྩ་ཛྙཱ་ན་མཎྜ་ལ་བྷྲཱུྃ༔ ཞེས་ཁྱེམ་མེད་པར་བྱུག༔ ཐིག་གདབ་པ་ནི༔ སློབ་དཔོན་ནུབ་དང་རིག་མ་ཤར་དུ་འཁོད༔ ཚོན་སྣ་བསྒྲིལ་པའི་ཐིག་སྐུད་འདུ་བྱས་ལ། རྡོ་རྗེ་རྒྱལ་པོ་ཡབ་ཡུམ་བདེ་བ་ཆེན་པོ་པདྨ་བཛྲ་རྩལ་གསང་བ་ཡེ་ཤེས་ཀྱི་དྷཱ་ཀི་དང་མཉམ་པར་སྦྱོར་བའི་སྐུར་གྱུར་པའི་གནས་ལྔར་འཇའ་ཟེར་ཐིག་ལེ་དྭངས་མར་འཁྲིགས་པའི་ཀློང་དུ་རིགས་ཀྱི་ཡབ་ལྔ་དང་ཡུམ་ལྔ་གཟི་བྱིན་ལམ་མེར་གསལ་བ་སྙོམས་པར་ཞུགས་པའི་བདེ་བའི་སྒྲས་ཡེ་ཤེས་ཀྱི་དཀྱིལ་འཁོར་མཁའ་ཁྱབ་ཏུ་སད་ཅིང༔ དེ་འདྲ་བའི་དམ་ཚིག་གི་དཀྱིལ་འཁོར་བྱང་ཆུབ་སེམས་ཀྱི་སྤྲིན་གྱིས་ས་གཞི་ལ་བྲིས་པར་བསམ་ལ༔ ཧཱུྃ༔ བླ་མ་ཡབ་ཡུམ་གཉིས་མེད་མཉམ་སྦྱོར་བའི༔ བྱང་ཆུབ་སེམས་སྤྲིན་ནམ་མཁའ་གང་བར་སྤྲོས༔ ཡེ་ཤེས་དཀྱིལ་འཁོར་ནམ་མཁའ་གང་བར་སད༔ དམ་ཚིག་དཀྱིལ་འཁོར་ཡུམ་གྱི་ས་གཞི་ལ༔ སྒྲུབ་པའི་ལྷ་ཚོགས་བཞུགས་གནས་ལྷུན་གྱིས་གྲུབ༔ སྒྱུ་འཕྲུལ་ཆེན་པོའི་ཕོ་བྲང་འབྱམས་ཀླས་གྱུར༔ བྷྲཱུྃ་ཛྙཱ་ན་མཎྜ་ལ་བྷྲཱུྃ༔ ཞེས་བརྗོད་བཞིན་དུ་བསྐོར་ཕྱོགས་མ་འཁྲུལ་བས་ཐོག་མར་ཡེ་ཤེས་ཀྱི་ཐིག་ནམ་མཁའ་ལ་གདབ༔ ཧཱུྃ༔ གླུར་བླངས་བཞིན་དུ་ལས་ཀྱི་ཐིག་ས་ལ་གདབ་ཅིང༔ ཐུགས་སྒྲུབ་སོ་སོའི་དཀྱིལ་འཁོར་དང་མཐུན་པར་ཆ་དབྱེ། གཙོ་བོའི་ལྷ་གནས་སུ་དྲིའི་ཐིག་ལེ་གྲུ་བཞི་དང་། འཁོར་གྱི་གནས་རྣམས་སུ་ཟླུམ་པོར་བཀོད། མེ་ཏོག་སིལ་མའི་ཚོམ་བུ་སོ་སོའི་ལྷ་སྔགས་ཀྱི་མཐར༔ ས་མ་ཡ་སཏྭཾ་ཞེས་བརྗོད་ཅིང་སྤུངས༔ དེའང་བར་ཆད་ཀུན་སེལ་ལ་སོ་སོའི་སྔགས་བྱང་ཛཔ྄་བསྐུལ་ལྟར་དང་། ཡིད་བཞིན་ནོར་བུ་ལ་སྤྱི་སྔགས་བཛྲ་གུ་རུ་དང་ཐོད་ཕྲེང་རྩལ་ལྷ་གྲངས་བྱས་པས་ཀྱང་འཐུས། སྨན་རཀ་གཏོར་གསུམ་ཉེར་སྤྱོད་བཅས་བཤམས་ལ་བྱིན་གྱིས་བརླབ་པ་ནི༔ རཾ་ཡཾ་ཁཾ༔ ཡེ་ཤེས་རང་སྣང་སྙིང་པོའི་གཞལ་ཡས་སུ༔ ཕྱི་ནང་གསང་བ་བླ་མེད་མཆོད་པའི་སྤྲིན༔ བདེ་བ་ཆེན་པོའི་ལོངས་སྤྱོད་བསམ་མི་ཁྱབ༔ འཕེལ་འགྲིབ་བྲལ་བ་དབྱིངས་ཀྱི་རྒྱན་དུ་རྫོགས༔ ཨོཾ་མ་ཧཱ་སུ་ཁ་སརྦ་པཱུ་ཛ་ས་མ་ཡ་ཨཱཿཧཱུྃ༔ ཚོམ་བུ་རྣམས་དྲིའི་ཆུས་བསང་། རཾ་ཡཾ་ཁཾ༔ ཨོཾ་སྭཱ་བྷཱ་བ་སོགས་ཀྱིས་སྦྱང༔ བར་ཆད་ཀུན་སེལ་ལ། སྟོང་པའི་ངང་ལས་མདུན་གྱི་ནམ་མཁའི་གཞིར༔ འབྱུང་བ་རིམ་བརྩེགས་རྡོ་རྗེའི་སྲུང་འཁོར་དབུས༔ བྷྲཱུྃ་ལས་རིན་ཆེན་གཞལ་ཡས་མཚན་ཉིད་རྫོགས༔ ལྟེ་བར་སེང་ཁྲི་པདྨ་ཉི་ཟླའི་སྟེང༔ བདེ་གཤེགས་ཀུན་འདུས་རིག་འཛིན་པདྨ་འབྱུང༔ དཀར་དམར་མདངས་ལྡན་སོགས་ཕྲིན་ལས་སྙིང་པོའི་ལྷ་བསྐྱེད་ནས་བསྟོད་པའི་བར་ཚང་བར་གཏང༔ ཡིད་བཞིན་ནོར་བུ་ལ། སྟོང་པའི་ངང་ལས་མདུན་གྱི་ནམ་མཁའི་གཞིར༔ བྷྲཱུྃ་ཡིག་ཡོངས་གྱུར་རིན་ཆེན་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་རྟ་བབས་བཞི་ཡིས་བརྒྱན༔ སོགས་ལྷ་བསྐྱེད་ནས་བསྟོད་པའི་བར་གཏང་། དེ་ནས་སྒྲུབ་པ་པོ་རྣམས་ལངས་ཏེ་ཐལ་མོ་སྦྱར་ཞིང་བཏུད་དེ༔ ཧོ༔ ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལ༔ མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ༔ བདེ་དང་སྡུག་བསྔལ་སྣ་ཚོགས་སོ་སོར་སྨིན༔ དེ་ལྡོག་དོན་ཕྱིར་རྒྱལ་བའི་དམ་མནོས་ཏེ༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པ༔ རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ བཟོད་པར་བཞེས་ནས་ལས་ཀྱི་དངོས་གྲུབ་སྩོལ༔ ཅེས་གསོལ་བ་གདབ་ཅིང་། ཨོཾ་ཨཱཿཧཱུྃ་བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཧྲཱིཿཧཱུྃ་ཕཊ༔ ཅེས་པས། སྟ་གོན་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མདུན་གྱི་ནམ་མཁར་བྱོན་པར་བསམ༔ ཛ༔ ཞེས་བརྗོད་པས། ཡེ་ཐིག་གི་དཀྱིལ་འཁོར་དང་དབྱེར་མེད་དུ་བཞུགས་པར་བསམ་ལ། སློབ་དཔོན་གྱིས་འཁོར་ལོས་བསྒྱུར་བའི་ཆས་སུ་ཞུགས། སྟེགས་བུའི་དབུས་ཀྱི་ཆར་སྙེམ་པ་དང་བཅས་འདུག་ལ་ཕྱོགས་བཞི་ནས་རྒྱལ་ཐེབས་བཞིས་སློབ་དཔོན་དང་མཐུན་པའི་ཆས་སུ་ཞུགས། མཆེད་ལྕམ་རྣམས་ཀྱིས་དཀྱིལ་འཁོར་བསྐོར་ལ་རོལ་མོ་དང་མཆོད་པའི་སྤྲིན་གྱི་ཚོགས་དང་བཅས་ཏེ། གསོལ་བ་གདབ་པ་ནི༔ ཤར་ནས། བདེ་གཤེགས་སྐུ་ཡི་ལྷ་ཚོགས་དང༔ སངས་རྒྱས་སྲས་དང་བཅས་རྣམས་ལ༔ འགྲོ་ཀུན་ཚོགས་གཉིས་ཡོངས་རྫོགས་ཕྱིར༔ རྨད་བྱུང་མཆོད་སྤྲིན་འབུལ་གྱིས་བཞེས༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཧོ༔ དཀྱིལ་འཁོར་གཙོ་བོ་བདེ་གཤེགས་བདག༔ བདེ་གཤེགས་དངོས་གྲུབ་ཐོབ་བྱའི་ཕྱིར༔ བདེ་གཤེགས་དཀྱིལ་འཁོར་བཞེངས་ལ་གསན༔ བདེ་གཤེགས་རིགས་ཀྱི་དངོས་གྲུབ་སྩོལ༔ སླར་ཡང་ཤར་ནས། བདེ་གཤེགས་ཐུགས་ཀྱི་ལྷ་ཚོགས་དང༔ སངས་རྒྱས་སྲས་དང་བཅས་རྣམས་ལ༔ འགྲོ་ཀུན་ཚོགས་གཉིས་ཡོངས་རྫོགས་ཕྱིར༔ རྨད་བྱུང་མཆོད་སྤྲིན་འབུལ་གྱིས་བཞེས༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཞེས་མཆོད་ཅིང་། ཧོ༔ དཀྱིལ་འཁོར་གཙོ་བོ་རྡོ་རྗེའི་བདག༔ རྡོ་རྗེའི་དངོས་གྲུབ་ཐོབ་བྱའི་ཕྱིར༔ རྡོ་རྗེའི་དཀྱིལ་འཁོར་བཞེངས་ལ་གསན༔ རྡོ་རྗེའི་རིགས་ཀྱི་དངོས་གྲུབ་སྩོལ༔ ལྷོ་ནས། བདེ་གཤེགས་ཡོན་ཏན་ལྷ་ཚོགས་དང༔ སངས་རྒྱས་སྲས་དང་བཅས་རྣམས་ལ༔ འགྲོ་ཀུན་ཚོགས་གཉིས་ཡོངས་རྫོགས་ཕྱིར༔ རྨད་བྱུང་མཆོད་སྤྲིན་འབུལ་གྱིས་བཞེས༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཞེས་མཆོད། ཧོ༔ དཀྱིལ་འཁོར་གཙོ་བོ་རིན་ཆེན་བདག༔ རིན་ཆེན་དངོས་གྲུབ་ཐོབ་བྱའི་ཕྱིར༔ རིན་ཆེན་དཀྱིལ་འཁོར་བཞེངས་ལ་གསན༔ རིན་ཆེན་རིགས་ཀྱི་དངོས་གྲུབ་སྩོལ༔ ནུབ་ནས། བདེ་གཤེགས་གསུང་གི་ལྷ་ཚོགས་དང༔ སངས་རྒྱས་སྲས་དང་བཅས་རྣམས་ལ༔ འགྲོ་ཀུན་ཚོགས་གཉིས་ཡོངས་རྫོགས་ཕྱིར༔ རྨད་བྱུང་མཆོད་སྤྲིན་འབུལ་གྱིས་བཞེས༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཞེས་མཆོད། ཧོ༔ དཀྱིལ་འཁོར་གཙོ་བོ་པདྨའི་བདག༔ པདྨའི་དངོས་གྲུབ་ཐོབ་བྱའི་ཕྱིར༔ པདྨའི་དཀྱིལ་འཁོར་བཞེངས་ལ་གསན༔ པདྨའི་རིགས་ཀྱི་དངོས་གྲུབ་སྩོལ༔ བྱང་ནས། བདེ་གཤེགས་ཕྲིན་ལས་ལྷ་ཚོགས་དང༔ སངས་རྒྱས་སྲས་དང་བཅས་རྣམས་ལ༔ འགྲོ་ཀུན་ཚོགས་གཉིས་ཡོངས་རྫོགས་ཕྱིར༔ རྨད་བྱུང་མཆོད་སྤྲིན་འབུལ་གྱིས་བཞེས༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཞེས་མཆོད། ཧོ༔ དཀྱིལ་འཁོར་གཙོ་བོ་ལས་ཀྱི་བདག༔ ལས་ཀྱི་དངོས་གྲུབ་ཐོབ་བྱའི་ཕྱིར༔ ལས་ཀྱི་དཀྱིལ་འཁོར་བཞེངས་ལ་གསན༔ ལས་ཀྱི་རིགས་ཀྱི་དངོས་གྲུབ་སྩོལ༔ དེ་ལྟར་གསོལ་བ་གདབ་པ་གསན་ནས་སློབ་དཔོན་སྙིང་རྗེ་ཆེན་པོས་སློབ་མ་རྣམས་ལ་སྙིང་བརྩེ་བ་སྔོན་དུ་འགྲོ་བས་ནམ་མཁའི་དཀྱིལ་འཁོར་པ་ལ་གནང་བ་ནོད་པ་ནི༔ བདེ་གཤེགས་རིགས་འདུས་ལྷ་ཚོགས་དང༔ སངས་རྒྱས་སྲས་དང་བཅས་རྣམས་ལ༔ འགྲོ་ཀུན་ཚོགས་གཉིས་ཡོངས་རྫོགས་ཕྱིར༔ རྨད་བྱུང་མཆོད་སྤྲིན་འབུལ་གྱིས་བཞེས༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཞེས་པས་མཆོད། ཧོ༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ༔ རིག་འཛིན་གཙོ་ལ་ཕྱག་འཚལ་ལོ༔ བདག་ནི་སྙིང་རྗེའི་དབང་གྱུར་ཏེ༔ ཁྱེད་རྣམས་མཆོད་དང་སློབ་མ་ལ༔ ཕན་ཕྱིར་དཀྱིལ་འཁོར་འབྲི་བར་འཚལ༔ ཐུགས་རྗེའི་བདག་ཉིད་མགོན་རྣམས་ཀྱིས༔ རྗེས་སུ་གནང་བ་མཛད་པར་རིགས༔ བདེ་གཤེགས་རྡོ་རྗེ་རིན་པོ་ཆེ༔ པདྨ་ལས་ཀྱི་རིགས་མཆོག་ཀུན༔ འོད་གསལ་སྙིང་པོ་རྡོ་རྗེ་སེམས༔ རིགས་འདུས་བླ་མའི་འཁོར་ལོར་རྫོགས༔ འཁོར་ལོའི་དབང་ཕྱུག་ཁྱེད་མཆོད་ན༔ ཐུགས་རྗེས་མངོན་སུམ་འདིར་གཤེགས་ནས༔ བདག་དང་སློབ་མར་བཅས་པ་ལ༔ བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་ལན་གསུམ་གསོལ་བ་གདབ་པས༔ དཀྱིལ་འཁོར་པ་རྣམས་དགྱེས་བཞིན་དུ༔ རྡོ་རྗེ་འཛིན་པ་སྙིང་རྗེ་ཆེ༔ ཁྱེད་ཀྱིས་འགྲོ་ལ་ཕན་དོན་དུ༔ དཀྱིལ་འཁོར་ལས་རྣམས་ཚུལ་བཞིན་སྒྲུབས༔ དངོས་གྲུབ་ཀུན་བདག་ཁྱེད་འགྱུར་རོ༔ ཞེས་སྒྲ་སྙན་ལྟ་བུའི་གླུས༔ གནང་བ་བྱིན་པར་བསམ་ལ༔ ཧཱུྃ་ཞེས་འགྱིང་བ་དང་བཅས་པས་ལངས་ཏེ་ཕྱོགས་སོ་སོ་ནས་སུ་ར་ཏོའི་གླུ་བླང་བའམ༔ ཧཱུྃ་ཞེས་བཟླ་ཞིང་དཀྱིལ་འཁོར་གྱི་གཞི་ལ་བསྐོར་ནས་བྱང་ཤར་གྱི་གྲར་འཁོད་ལ༔ ཚོན་བྱིན་གྱིས་བརླབ་པ་ནི༔ ཁ་དོག་རྣམ་པར་བཀྲ་བའི་ཚོན་ལྔ་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་དགོད། ཚོན་ལྔ་རིན་པོ་ཆེའི་ཕྱེ་མ་འོད་འབར་བའི་རྣམ་པ་ལ་ཡེ་ཤེས་ལྔའི་རང་བཞིན་ཨོཾ་ཨཱཿཧཱུྃ་སྭཱ་ཧཱས་མཚན་པ་ལས་བདེ་བ་ཆེན་པོའི་འོད་ཟེར་འཕྲོས༔ འཕགས་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ༔ རྒྱལ་བ་སྲས་དང་བཅས་པའི་ཐུགས་ཀ་ནས་ཡེ་ཤེས་རིགས་ལྔའི་རང་བཞིན་འོད་ཟེར་སྣ་ལྔའི་རྣམ་པར་སྤྱན་དྲངས༔ རྡུལ་ཚོན་ལ་ཐིམ་པས་ཡེ་ཤེས་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ༔ འབྲུ་ལྔ་བཟླས་པས་བྱིན་བརླབ༔ ཡེ་ཤེས་ཀྱི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དམ་ཚིག་གི་དཀྱིལ་འཁོར་ས་གཞི་ལ་བཀྲ་ལམ་གྱིས་གསལ་བར་བསམ༔ བྷྲཱུྃ་བཟླས་པས་ཚོན་རྣམས་མ་ནོར་བར་ཐུགས་སྒྲུབ་སོ་སོའི་གཞུང་དང་མཐུན་པར་བྱང་ཤར་རྩིག་པ་ནས་བརྩམ་སྟེ་བྲི་ཞིང་དེར་ཐོད་པས་དགབ་ལ་བཞག༔ བྲིས་ཟིན་པ་ན་ཚོན་རྣམས་མ་སུབ་པར་དྭངས་ཤིང་གསལ་ན་དངོས་གྲུབ་ཐོབ་པའི་རྟགས་སུ་བཤད་དོ། །མཐར་ཧཱུྃ་ཞེས་པས་ཚོན་ལྷག་མར་བསྟིམས་པའི་ཡེ་ཤེས་ཀྱི་བྱིན་རླབས་རང་གི་སྙིང་གར་ཐིམ་པར་བསམ༔ རས་བྲིས་ཀྱི་ཕྱོགས་ལ་སྤྲོས་པ་བསྡུ་ན་ཐིག་ཚོན་གྱི་བྱ་བ་རྣམས་དོར་ལ་ཆག་ཆག་གདབ་རྗེས། སྔགས་བཅས་ཚོམ་བུ་དང་མཆོད་གཏོར་བཤམས། བྱིན་རླབས་ནས་བསྟོད་པའི་བར་གཏང་། བཟོད་གསོལ་མཐར་ལྷ་ནམ་མཁར་བཏེགས་པ་ཙམ་གྱིས་འཐུས་སོ། །གཉིས་པ་དབང་བསྐུར་བའི་སླད་དུ་བུམ་པ་སྟ་གོན་དུ་བྱ་བ་ནི༔ སྟེགས་བུ་གཞན་ཞིག་ཏུ་དབང་རྟེན་གྱི་བུམ་པ་ལྷ་གྲངས་སམ། རིགས་དྲུག་གམ༔ དཀྱིལ་འཁོར་གྱི་བུམ་པ་རྣམ་པར་རྒྱལ་བ་གཅིག་དང་ལས་ཀྱི་བུམ་པ་སྟེ་གཉིས་འདུ་བྱ༔ ལྷ་གྲངས་ཀྱི་ཚེ་དབང་བསྐུར་བ་ན་ལྷ་སོ་སོའི་སྔགས་དང་བཅས་ཏེ་ཆུ་དབང་བསྐུར། དྲུག་གི་ཚེ་རྡོ་རྗེ་སེམས་དཔའི་བུམ་པ་ཆུ་དབང་དང་། གཞན་རྣམས་རིགས་སོ་སོའི་དབང་གིས་མཐའ་རྟེན་དུ་བྱ། གང་ལྟར་ཡང་གུ་གུལ་གྱིས་བདུག །ཡུངས་དཀར་བརྡེག །རྒྱུན་འབབ་ཀྱི་ཆུ་རིགས་བཟང་ཕ་མ་འཛོམ་པའི་ཁྱེའུ་ཕོ་མོས་བླངས་པ་བླུགས་ལ༔ ཨོཾ་སྭཱ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭཱ་བྷཱ་བ་ཤུདྷོ྅་ཧཾ༔ ཞེས་བཟླ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་བཟླ་ཞིང་ལྔ་ཚན་ལྔ་བཅུག༔ དེའང་གཏེར་གཞུང་ལས། རིན་ཆེན་གསེར་དངུལ་བྱེ་རུ་དང༔ མུ་ཏིག་རྣམ་ལྔས་འབྱོར་པ་སྤེལ༔ ནས་འབྲས་གྲོ་དང་སྲན་མ་དཀར༔ སོ་བའི་འབྲུ་ཡིས་བསོད་ནམས་བསྐྱེད༔ ཤུ་དག་དབང་ལག་ཚེར་མ་གཉིས༔་་་སླེ་ཏྲེས་དང་ཀཎྜ་ཀཱ་རི།མཆན། ཨ་རུའི་སྨན་གྱིས་ནད་རྣམས་ཞི༔ ལན་ཚ་མར་སྦྲང་བུ་རམ་དང༔ ཏིལ་གྱི་སྙིང་པོས་ཡེ་ཤེས་ཐོབ༔ ཙནྡན་དཀར་དམར་གུར་གུམ་དང༔ ག་པུར་ལི་ཤིས་ཚུལ་ཁྲིམས་གཙང༔ དེ་ལྟར་ལྔ་ཚན་ལྔར་བཅས་པའི༔ བཅུད་ཀྱིས་ལེགས་གཏམ་བྱིན་བརླབས་པས༔ ནད་གདོན་ཉོན་མོངས་རྣམ་ལྔ་སོགས༔ ཕུང་པོ་གནས་གྱུར་རིགས་ལྔ་ཡི༔ ཡེ་ཤེས་དངོས་གྲུབ་མངོན་དུ་འགྱུར༔ ཞེས་གསུངས་པ་ལྟར་རོ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ ཞེས་ཤ་ལྔ་དང་བདུད་རྩི་ལྔ་བླུགས༔ ཨོཾ་ཧྲཱིཿཔཉྩ་ལི་ཀ་ཨཱཿཧཱུྃ༔ ཞེས་མགུལ་ཆིངས་བྱ༔ ཨོཾ་ཨཱཿབོ་དྷི་གརྦྷ་བྲྀཀྵ་ཧཱུྃ༔ ཞེས་ཁ་རྒྱན་གཟུག༔ ཧཱུྃ་བཛྲ་ཙིཏྟ་ས་མ་ཡ་ཧཱུྃ༔ ཞེས་གཟུངས་ཐག་རྡོ་རྗེ་གདགས༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཞེས་རིགས་ལྔའི་ཕྱག་མཚན་གྱིས་བརྒྱན་ལ་སྟེགས་བུའི་ཁར་དགོད༔ སྨན་རཀ་གཏོར་གསུམ་ཉེར་སྤྱོད་ཀྱིས་བསྐོར། བུམ་པའི་ལས་སྦྱོར་མྱང་གྲོལ་བུམ་པ་སྟ་གོན་དུ་བྱ་བ་ནི། སངས་རྒྱས་བྱང་སེམས་རྣམས་ཀྱི་གདུང་། སྐྱེ་བ་བདུན་གྱི་ཤ །སྔོན་གྱི་རིག་འཛིན་རྩལ་འཆང་རྣམས་ཀྱིས་བསྒྲུབས་པའི་སེལ་མེད་ཀྱི་དམ་རྫས་ཨ་མྲྀཏ་རྣམས། རྟག་ངུ་རིག་གསུམ། བྱ་རྒོད་ཀྱི་ཤ་རྣམས་དང་སྦྱར་ཏེ་རིལ་བུ་དྲིལ་ལ་རྩི་དམར་པོའམ་སེར་པོ་གསོལ་བ་རིན་པོ་ཆེའི་བུམ་པར་བླུགས་ལ་ཁ་བཅད། རིགས་ལྔའི་དབུ་རྒྱན་གསོལ་ལ་སྟེགས་བུར་བཞག །རྒྱས་པར་སྤྲོ་ན་གོང་ལྟར་མཆོད་པ་བྱིན་རླབས། བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ཡོངས་གྱུར་ཏེ༔ ཕྱི་ནི་རིན་ཆེན་བུམ་པ་རྒྱན་དང་ལྡན༔ ནང་ནི་རང་བྱུང་གཞལ་ཡས་མཚན་ཉིད་རྫོགས༔ ལྟེ་བར་སེང་ཁྲི་པདྨ་ཉི་ཟླའི་སྟེང༔ སོགས་བར་ཆད་ཀུན་སེལ་ཕྲིན་ལས་སྙིང་པོ་ལྟར་དང་། ཡིད་བཞིན་ནོར་བུ་ལ་གོང་གི །མཚན་ཉིད་རྫོགས། ཞེས་པའི་འཕྲོས་སུ། འོག་མིན་པདྨ་དྲྭ་བའི་ཕོ་བྲང་དབུས༔ ཞེས་པ་ནས་བརྩམ་བསྟོད་པའི་བར་གཏང་། བསྡུ་ན། བུམ་པ་རང་བྱུང་གི་གཞལ་མེད་ཁང་ཆེན་པོར་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་ལྷག་པར་གསལ་བར་གྱུར། ཅེས་དམིགས་ལ་སྔགས་ཙམ་གྱིས་མཆོད༔ བསྟོད་པ་ཤྭ་ལོ་ཀ་གཅིག་བརྗོད༔ གཟུངས་ཐག་བླང་ལ༔ བདག་གི་ཐུགས་ཀའི་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས༔ སྙོམས་འཇུག་བྱང་སེམས་བདུད་རྩི་ཡིས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཅེས་དམིགས་ལ་སོ་སོའི་སྔགས་ཅི་རིགས་བཟླ༔ མཐར། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་མཆོད་ཡོན་ཕུལ་བས་ལྷ་རྣམས་འོད་དུ་ཞུ་བ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ༔ མྱང་གྲོལ་བུམ་པར་དམིགས་ཏེ། རིལ་བུའི་བུམ་པར་ཀུན་བཟང་པདྨ་འབྱུང༔ གུ་རུ་དྲུག་གི་སྤྲིན་ཕུང་འཕྲོ་བ་ལས༔ འོད་ཟེར་སྤྲོ་བསྡུས་སངས་རྒྱས་མཛད་པ་བསྒྲུབ༔ ལྷ་སྔགས་ནུས་པའི་གཟི་བྱིན་འབར་བར་གྱུར༔ ཅེས་བསྒོམ་ཞིང་སྐུ་གསུམ་མམ། གཙོ་སྔགས་ལ་ཨ་ར་པ་ཙ་མི་ཏ་ཧྲཱི་ད་ཡ་སྭཱ་ཧཱ༔ ཞེས་མྱང་གྲོལ་སྔགས་ཤམ་བཏགས་པ་ཅི་རིགས་བཟླ། ལས་བུམ་ལ་དམིགས་ཏེ། ལས་བུམ་ནང་དུ་པད་ཉིའི་སྟེང༔ ཧྲཱིཿལས་དབང་ཆེན་རྟ་མགྲིན་རྒྱལ༔ དམར་ནག་ཐོད་དབྱུག་མེ་ཞགས་འཛིན༔ ཁྲོ་བོའི་ཆས་རྫོགས་མེ་དབུས་རོལ༔ ཐུགས་སྲོག་སྔགས་ཀྱི་ཕྲེང་བ་ལས༔ བདུད་རྩིའི་རྒྱུན་བྱུང་བུམ་པ་གང༔ དག་བྱེད་རྡོ་རྗེའི་བདུད་རྩིར་གྱུར༔ ཅེས་མོས་ལ། ཨོཾ་ཧྱ་གྲཱི་བ་ཧཱུྃ་ཕཊ༔ བརྒྱ་རྩ་བརྒྱད་བཟླས་མཐར། ཁྲོ་བོ་ཆེན་པོས་བགེགས་བཟློག་ཅིང་ལས་ཐམས་ཅད་གྲུབ་པའི་ཕྲིན་ལས་མཛད་དུ་གསོལ༔ ཞེས་ཕྲིན་ལས་བཅོལ་ལོ། །གསུམ་པ་སྒྲུབ་རྫས་ཡོ་བྱད་སྟ་གོན་དུ་བྱ་བ་ནི༔ ཡབ་ཀྱི་སྐུ་རྟེན་དུ་སྐུ་འབག་རིན་པོ་ཆེའི་ཟེའུ་ཁང་དུ་བཞུགས་པ༔ ཡུམ་གྱི་རྟེན་དུ་ཁ་ཊྭཱཾ་ག་དར་སྣ་ལྔས་བརྒྱན་པ༔ ཞི་བའི་རྟེན་རྡོ་རྗེ་དང་དྲིལ་བུ་དར་དཀར་དམར་གྱིས་བསྣོལ་མར་བཅིངས་པ༔ དྲག་པོའི་རྟེན་དུ་ཕུར་པ་ཁྲོ་ཞལ་ཅན་དར་སྣ་ལྔས་བརྒྱན་པ༔ རྩ་གསུམ་ཐམས་ཅད་ཀྱི་སྲོག་རྟེན་ཐོད་པ་མཚན་བཟང་ནང་མཚལ་གྱིས་བྱུགས་ལ་འཁོར་ལོ་རྩིབས་བཞི་རིན་ཆེན་ཟུར་བརྒྱད་མུ་ཁྱུད་དང་བཅས་པ་བྲི༔ ལྷ་གནས་སོ་སོར་སོ་སོའི་སྲོག་ཡིག༔ མུ་ཁྱུད་དང་པོ་ལ་རྩ་བ་གསུམ་གྱི་སྙིང་པོ༔ ཕྱི་མ་ལ་དབྱངས་གསལ་རྟེན་སྙིང་གི་མཐར༔ རྩ་བ་གསུམ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བདག་སྒྲུབ་པ་པོ་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་ཅིག༔ ཅེས་བྲི༔ ཡང་ན་དར་རམ་ཤོག་བུ་ལ་སོ་སོའི་སྲོག་འཁོར་བྲིས་པ་ལྟེ་བ་མ་ཉམས་པར་བལྟེབ་ལ༔ རིན་པོ་ཆེ༔ འབྲུ་སྣ༔ སྨན་སྣ༔ ཁྱད་པར་རང་རང་གི་བླ་མ་བརྒྱུད་པ་དང་བཅས་པའི་དམ་ཚིག་གི་རྫས་དང༔ དབུ་སྐྲ༔ ན་བཟའ་གཙོ་བོར་གྱུར་པའི་དད་པའི་རྟེན་རྣམས་ཀྱིས་ཕྱུར་བུར་བཀང༔ སྲོག་ཕུར་སོར་བཞི་འམ་བརྒྱད་པ་རྡོར་དྲིལ་གྱིས་མཚན་པ་དང༔ གཙོ་འཁོར་གང་ནུས་ཀྱི་སྐུ་གཟུགས་དང་བཅས་པའང་ཐོད་པའི་ནང་དུ་གཞུག༔ དར་སྣ་ལྔས་དྲིལ༔ ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་པ་རྣམས་སྒྲུབ་རྟེན་གྱི་གཙོ་བོ་ཡིན་ལ༔ སྨན་སྒྲུབ་དང་འབྲེལ་ན་བདུད་རྩི་སྨན་གྱི་ཕོ་བྲང་ཐོད་པ་ཁ་སྦྱོར་གྱི་ནང་དུ་ཨ་མྲྀཏས་གཏམ་ཞིང་དར་སྣས་དྲིལ་ལ་ཚོན་སྐུད་ཀྱིས་བཅིངས་ཏེ་རྡོར་དྲིལ་གྱིས་རྒྱས་གདབ་ལ་དབུ་རྒྱན་གསོལ༔ བཀྲ་ཤིས་ཚེའི་འབྲང་རྒྱས་ཚེ་གཏོར་བུམ་གཟུགས་ཉི་ཟླ་ནོར་བུས་མཚན་པ་རིལ་བུས་བསྐོར་ཞིང་ཚེའི་ཛ་གད་དང་བཅས་པའང་འདུ་བྱ༔ གཞན་ཡང་རྟེན་སྒྲུབ་མཆོད་པའི་གཏོར་མ་སོགས་འོག་ཏུ་འབྱུང་བ་རྣམས་ཀྱང་ཚོགས་པར་བྱའོ༔ བཞི་པ་སློབ་མ་སྟ་གོན་དུ་བྱ་བ་ནི༔ སྒྲུབ་ཆེན་གྱི་མཇུག་ཏུ་དབང་བསྐུར་རྒྱས་པ་སྦྲེལ་ན་འདིར་སྟ་གོན་གྱི་རིམ་པ་བར་ཆད་ཀུན་སེལ་གྱི་རྩ་དབང་ལྟར་སྦྱར༔ དབང་ཆེན་མི་བསྐུར་བ་དང་འབྲིང་བསྡུས་ཙམ་བསྐུར་བ་ལ་ནི་སྟ་གོན་གྱི་བྱ་བ་མི་དགོས་སོ། །རྡུལ་ཚོན་མི་འགྲུབ་ན་སྐབས་འདིར་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་མོ། །གཉིས་པ་སྒྲུབ་པའི་རྟེན་དང་རྒྱན་བཀོད་པ་ནི༔ ཕུགས་ལོགས་སོགས་གང་བདེར་བདག་བསྐྱེད་མཆོད་གཏོར་བཤམ། དཀྱིལ་འཁོར་མདུན་སྟེགས་སུ་སྔར་བཤད་པའི་སྒྲུབ་རྟེན་གཏེར་གཞུང་ལས་དངོས་བསྟན་པ་རྣམས་དང་། སྤྱི་ལྟར་སྐུ་རྟེན་གུ་རུའི་སྐུ་ཚབ། གསུང་རྟེན་རྒྱུད་དང་གཞུང་པོད། ཐུགས་རྟེན་ཤེལ་རྡོ་བླ་མའི་གཏོར་ཆེན་རིན་ཆེན་ཟུར་བརྒྱད་རྒྱན་སྤྲོས་ཅན། མདའ་དར་རལ་གྲི་སྒབ་བསྐོར་གྱིས་མཚོན་དཀྱིལ་འཁོར་རྒྱན་རྫས། ཕྱི་ནང་མཆོད་རྫས་རྣམས་བཀོད། བརྒྱུད་འདེབས་སྐྱབས་སེམས་སྔོན་དུ་འགྲོ་བས་ཐུགས་སྒྲུབ་སོ་སོའི་བདག་བསྐྱེད་རྒྱུན་གྱི་རྣལ་འབྱོར་བཟླས་པ་དང་བཅས་བྱས་ཀྱང་ཆོག་ལ། ཅུང་ཟད་སྤྲོ་ན་སོ་སོའི་ཕྲིན་ལས་བསྡུས་པ་གཏང་། གང་ལྟར་ཡང་བཟླས་པའི་མཐར། སྒྲུབ་རྫས་རྣམས་ལ་སྤྲོས་པ་རྒྱས་ན༔ ཞི་དྲག་གི་སྦྱང་བ༔ བགེགས་བསྐྲད༔ ཁྲུས་གསོལ་བཅས༔ བསྡུ་ན་ལས་སྔགས་ཀྱིས་ཐོག་དྲངས་པའི་དྲག་སྔགས་བརྗོད་ལ་ཡུངས་ཐུན་བྲབས་གུ་གུལ་བདུག །ལས་ཐམས་ཅད་པའི་བུམ་ཆུས་ཁྲུས་བྱ། སྭ་བྷཱ་བས་སྦྱང༔ སྒྲུབ་རྫས་རྣམས་སྟོང་པའི་ངང་ལས་བླ་མ་རིག་འཛིན་གཙོ་དང་འཁོར་དུ་བཅས་པའི་དཀྱིལ་འཁོར་སྣོད་བཅུད་ཡོངས་སུ་རྫོགས་པ་ལྷ་སོ་སོའི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་གསལ་བར་གྱུར་པར་བསམ་ལ་སྒྲུབ་པ་པོ་རྣམས་ཞྭ་ཆོས་སོགས་རྒྱན་གྱིས་སྤྲས༔ རང་གྲལ་ནས་བཞེངས་ཏེ༔ རང་ཉིད་མ་ཧཱ་གུ་རུའི་སྐུར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་བླ་མ་རིག་འཛིན་བདེ་གཤེགས་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་སྤྲིན་གཏིབས་པ་བཞིན་གནས་འདིར་བྱོན་ཏེ༔ སྒྲུབ་པའི་རྟེན་དང་དབྱེར་མེད་པར་ཕོ་བྲང་ནང་དུ་སོ་སོའི་གདན་ལ་བཞུགས་པར་གྱུར་པར་བསམ༔ ཧཱུྃ་ཧྲཱི༔ ཆོས་སྐུའི་དབྱིངས་ཉིད་མཚན་མ་ལས་འདས་ཀྱང༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུའི་སྐུར་བཞེངས་ཏེ༔ དཀྱིལ་འཁོར་ལྷ་ཚོགས་རབ་འབྱམས་མ་ལུས་པ༔ ངོ་མཚར་ལྟས་བཅས་རོལ་ཅིང་གཤེགས་སུ་གསོལ༔ ཞེས་བསྐུལ་ཞིང་རོལ་མོ་བསྒྲག༔ སྐུ་གསུམ་མམ་གཙོ་བོའི་ཛཔ྄་དབྱངས་བྱ་ཞིང་སློབ་དཔོན་གྱིས་ཐོག་དྲངས༔ མཆེད་ལྕམ་རྣམས་ཀྱིས་སྒྲུབ་རྫས་སོ་སོར་ཐོགས་ཏེ་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་གྱི་མཐར་མདུན་དུ་འཁོད་ལ་དབྱངས་དང་བཅས་ཏེ༔ ཧཱུྃ༔ སྔོན་གྱི་བདེ་གཤེགས་རིག་འཛིན་བླ་མ་ཡིས༔ མི་འདའ་སྒྲུབ་པའི་རྟེན་ཏུ་བསྔགས་པ་ནི༔ འཕྲུལ་བཞད་ཡིད་བཞིན་འདོད་འབྱུང་ཀ་པཱ་ལ༔ རྐང་མེད་མཁའ་འགྲོ་ཏོག་ཏོག་སྐད་གདངས་ཅན༔ ལོག་པར་ལྟ་བ་སྒྲ་ཐོས་ཙམ་གྱིས་བརླག༔ དཀར་པོ་ཟངས་ཡག་བཀྲ་ཤིས་ལྕང་ལོ་འཕྱོ༔ མཚན་ཉིད་ཀུན་ལྡན་ཐུར་དུ་གཏིང་རིང་གཏིབས༔ སྔོན་རབས་འདས་དང་ད་ལྟ་སླད་ནས་འབྱོན༔ དུས་གསུམ་བདེ་གཤེགས་རྣམས་ལ་ཤིན་ཏུ་མཚོན༔ སྐུ་གསུང་ཐུགས་རྟེན་ཤ་ལྔ་བདུད་རྩི་ལྔ༔ དབང་པོ་རྣམ་ལྔ་སྣོད་བཅུད་རྒྱན་དང་ལྡན༔ འདི་ནི་སྔོན་གྱི་སྐྱེས་མཆོག་སྒྲུབ་པའི་རྫས༔ ད་ཡང་རྩ་གསུམ་སྒྲུབ་པའི་རྟེན་དུ་འབུལ༔ ཞེས་ཛཔ྄་དབྱངས་བྱ་ཞིང་དཀྱིལ་འཁོར་གྱི་སྟེང་དུ་ལྡིང་ཁྲི་རིམ་པ་གསུམ་བཀོད་པའི་དབུས་སུ་རིན་པོ་ཆེའི་སྣོད་འབྲུས་བཀང་བ་ལ་བཀོད༔ ཧཱུྃ༔ དུས་གསུམ་བདེ་གཤེགས་མ་ལུས་བཞུགས་པའི་གནས༔ སྨིན་གྲོལ་མཛད་པ་དབང་གི་བུམ་པ་མཆོག༔ སྣོད་བཅུད་ཡོངས་རྫོགས་ཞིང་ཁམས་ཆེན་པོར་གནས༔ འགྲོ་བའི་དོན་ཕྱིར་དགྱེས་ཤིང་བརྟན་པར་བཞུགས༔ ཞེས་བསྐུལ་ཞིང་དབང་གི་བུམ་པ་གཙོ་བུམ་གཡས། མྱོང་གྲོལ་བུམ་པ་གཡོན༔ གཞན་རྣམས་མཐའ་སྐོར་དུ་བཀོད༔ ཧཱུྃ༔ དུས་གསུམ་སངས་རྒྱས་གུ་རུ་པདྨ་ཡི༔ ཞལ་དང་མི་གཉིས་སྐུ་ཚབ་རིན་པོ་ཆེ༔ འགྲོ་མགོན་བླ་མའི་སྐུ་གསུང་ཐུགས་ཀྱི་རྟེན༔ གསང་བ་ཡུམ་གྱི་རྟེན་མཆོག་ཁ་ཊྭཱཾ་ག༔ བདེ་གཤེགས་ཡབ་ཡུམ་ཐབས་ཤེས་རྡོར་དྲིལ་དང༔ དབུ་རྒྱན་རིགས་ལྔ་དད་ཅིང་མོས་པའི་རྟེན༔ བདེ་གཤེགས་བླ་མ་བསྒྲུབ་ཕྱིར་བཞུགས་སུ་གསོལ༔ ཧཱུྃ༔ བདེ་གཤེགས་རྩ་གསུམ་བླ་མ་རིག་འཛིན་ཚོགས༔ ཞལ་མཇལ་བར་དུ་རྩེ་གཅིག་བསྒྲུབ་པའི་ཕྱིར༔ སྐུ་རྟེན་སྐུ་དང་གསུང་རྟེན་རྒྱུད་ལུང་རྣམས༔ ཐུགས་རྟེན་ལ་སོགས་དད་པའི་རྟེན་དུ་བཞུགས༔ ཞེས་བླ་མའི་ཛཔ྄་དབྱངས་དང་བཅས་ཏེ་རྟེན་དེ་རྣམས་ལྡིང་ཁྲི་གོང་མར་བཀོད༔ གཙོ་འཁོར་ཡོངས་རྫོགས་ཀྱི་སྐུ་རྟེན་བྲིས་འབུར་ཡོད་ན་ལྷ་གནས་སོ་སོར་བཀོད༔ མེད་ན་ཐང་སྐུ་སོགས་ལ་དམིགས་ཏེ། བར་ཆད་ཀུན་སེལ་ལ། ཨོཾ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ ལོངས་སྤྱོད་རྫོགས་ཤིང་སྤྲུལ་པའི་སྐུ༔ རིགས་ཀུན་ཁྱབ་བདག་ཚེ་དཔག་མེད༔ འགྲོ་བ་འདུལ་མཛད་སྤྱན་རས་གཟིགས༔ དཀྱིལ་འཁོར་གཙོ་མཆོག་ཐོད་ཕྲེང་རྩལ༔ རྒྱལ་བའི་གདུང་འཚོབ་འགྲོ་བའི་མགོན༔ མཁྱེན་རབ་མཐར་ཕྱིན་སྨྲ་བའི་སེང༔ དངོས་གྲུབ་མཆོག་བརྙེས་པདྨའི་ཞལ༔ མུ་སྟེགས་འདུལ་མཛད་བདུད་ཀྱི་གཤེད༔ ལྷ་དང་གཉིས་མེད་འཛམ་གླིང་རྒྱན༔ འཆི་མེད་རིག་འཛིན་པདྨ་འབྱུང༔ ཁྱད་འཕགས་རིག་འཛིན་ཀུན་ཏུ་འཆང༔ དྲེགས་པ་ཚར་གཅོད་གྲོ་བོ་ལོད༔ འཁོར་འདས་ཟིལ་གནོན་དྲག་པོ་རྩལ༔ ཀློང་དགུའི་རིག་འཛིན་དཔལ་ཆེན་པོ༔ སྲིན་པོའི་ཁ་གནོན་ཐོད་ཕྲེང་རྩལ༔ སྐུ་གསུམ་དབྱེར་མེད་བདེ་ཆེན་རྒྱལ༔ ཕྲིན་ལས་བཞི་མཛད་སྒོ་སྐྱོང་ཚོགས༔ སོ་སོའི་རིགས་ཀྱི་ཚོམ་བུར་བཅས༔ རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་རྣམས༔ དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང༔ ཕྱི་ནང་གསང་བའི་བར་ཆད་སོལ༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཅེས་བརྗོད། ཡིད་བཞིན་ནོར་བུ་ལ། ཧཱུྃ་ཧྲཱི༔ ཀ་དག་ཆོས་སྐུའི་ངང་ཉིད་ལས༔ བདེ་ཆེན་འོད་གསལ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་ཅིར་ཡང་སྤྲུལ་པའི་སྐུ༔ རིགས་ཀུན་ཁྱབ་བདག་བདེ་བ་ཆེ༔ ཧོར་སོགས་དམག་ཟློག་ཆེ་བའི་མཆོག༔ ཉོན་མོངས་ནད་སེལ་སྨན་གྱི་བླ༔ ལོངས་སྤྱོད་ཆར་འབེབ་དབང་གི་རྒྱལ༔ དངོས་གྲུབ་ཀུན་སྩོལ་ལྷག་པའི་ལྷ༔ སྒྲུབ་པོའི་ལམ་སྟོན་ཐུགས་རྗེའི་གཏེར༔ འཇིགས་པ་སྐྱོབ་མཛད་གིང་གི་གཙོ༔ འབྱུང་བཞིར་དབང་སྒྱུར་ནམ་མཁའི་རྒྱལ༔ མ་རུངས་འཆིང་མཛད་ཕྱག་རྒྱའི་བདག༔ བདུད་སྡེའི་གཡུལ་འཇོམས་རྡོ་རྗེའི་རྒྱལ༔ འཆི་བའི་གདུང་སེལ་སྣང་མཐའ་ཡས༔ བར་དོ་རང་གྲོལ་དུས་གསུམ་མཁྱེན༔ ངན་སོང་ཀུན་འདྲེན་བདེ་ཆེན་རྒྱལ༔ འགྲོ་དྲུག་མགོན་སྐྱབས་ཐོད་ཕྲེང་རྩལ༔ བདུད་བཞི་འཇོམས་མཛད་ཁྲོ་རྒྱལ་བཞི༔ སོ་སོའི་རིགས་ཀྱི་ཚོམ་བུར་བཅས༔ རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་རྣམས༔ དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང༔ བསམ་དོན་ལྷུན་གྱིས་གྲུབ་པ་དང༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཅེས་བརྗོད། ཧཱུྃ༔ མ་རིག་དྲྭ་བ་གཅོད་པའི་འབར་བའི་མཚོན༔ འཇམ་དཔལ་རྣོན་པོའི་ཤེས་རབ་རལ་གྲི་བཞི༔ མ་རུངས་འདུལ་བའི་བཛྲ་ཀཱི་ལ་ཡ༔ ཁྲོ་བོའི་དམག་དཔུང་སྡུད་པའི་རུ་མཚོན་དང༔ ཡེ་ཤེས་རྣམ་པར་གསལ་བའི་མེ་ལོང་བཞི༔ ཐབས་ཀྱི་མདའ་ལ་ཤེས་རབ་སྒྲོ་བསྒྲོན་ཏེ༔ ཟུང་འཇུག་ཡེ་ཤེས་བཞི་ཡི་དར་གྱིས་བརྒྱན༔ བསོད་ནམས་ཡེ་ཤེས་དུ་མའི་རྒྱལ་མཚན་འཕན༔ གདུགས་དང་བ་དན་ལྡ་ལྡི་ཡོལ་བ་བཅས༔ རྣམ་རྟོག་རབ་འཆིང་ཚོན་སྐུད་དྲྭ་བའི་ཚོགས༔ ཆོས་ཀྱི་དབྱིངས་སུ་ཡེ་ཤེས་ཨེ་རུ་བྲན༔ དཀྱིལ་འཁོར་གསལ་བཀྲ་འོད་གསལ་ཐ་ལེ་བ༔ ཀུན་ཏུ་བཟང་པོའི་རྒྱན་རྣམས་བཞུགས་སུ་གསོལ༔ ཞེས་ཕྱོགས་བཞིར་རལ་གྲི་བཞི༔ མཚམས་བཞིར་མདའ་དར་མེ་ལོང་ཅན་བཞི་བཙུགས་ལ་ཚོན་སྐུད་ཀྱི་དྲྭ་བས་སྦྲེལ༔ གཞན་ཡང་ཟུར་བཞིར་རྒྱལ་མཚན་བཞི༔ ལོགས་རྣམས་སུ་བ་དན་དང་རུ་མཚོན༔ དར་གྱི་དྲྭ་ཕྱེད་སོགས་ཕྱག་ལེན་ལྟར་མཛེས་ཤིང་བརྗིད་པར་བཀྲམ༔ སྟེང་ན་དར་གྱི་གདུགས་དབུབ༔ སྟག་གཟིག་གི་སྒབ་དཀྲིས་ཀྱིས་བསྐོར༔ ཁྲོ་བོ་བཅུའི་ཕུར་པ་དྲག་སྔགས་ཀྱིས་བྲབ་བདུག་བྱུག་གསུམ་བྱ་ཞིང་གཟི་བྱིན་བསྐྱེད༔ ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ ཐབས་ཀྱི་ཆོ་འཕྲུལ་དཔལ་ཆེན་ཁྲོ་རྒྱལ་བཅུ༔ གདུག་པ་འདུལ་ཕྱིར་དུས་ལས་མི་གཡེལ་བར༔ ཕྱོགས་མཚམས་སྲུང་བའི་བདག་པོར་བཞུགས་སུ་གསོལ༔ བཛྲ་མ་ཧཱ་ཀྲོ་དྷ་ས་མ་ཡ་སཏྭཾ༔ ཞེས་ཕྱོགས་མཚམས་བཅུར་བཀོད༔ མཆོད་རྫས་རྣམས། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས༔ སྟོང་པའི་ངང་ལས༔ བྷྲཱུྃ་ལས་བྷཉྫ་འབར་བའི་གཞལ་ཡས་ཁང་རྣམས་ཀྱི་ནང་དུ་རིགས་ལྔ་ཡབ་ཡུམ་སྦྱོར་བའི་འོད་ཟེར་གྱིས་འཁོར་འདས་ཀྱི་བདུད་རྩིའི་བཅུད་བསྡུས་ཏེ་བྱང་ཆུབ་སེམས་སུ་ཞུ་བའི་བདུད་རྩི༔ གཱིརྟཱི་དམར་མོའི་མཁའ་གསང་ནས་བབ་པའི་བྱང་སེམས་དམར་པོའི་རཀྟ༔ ཨོཾ་ཨཱཿཧཱུྃ་ལས་གཏོར་མ་འདོད་ཡོན་གྱི་ཕུང་པོ༔ གཞན་ཡང་ཧཱུྃ་ལས་ཕྱི་ནང་གསང་བའི་མཆོད་པའི་སྤྲིན་ཕུང་ནམ་མཁའི་ཁམས་གང་བར་གྱུར༔ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནམ་མཁའ་མཛོད་ཀྱི་ཕྱག་རྒྱས་བྱིན་གྱིས་བརླབས་ཤིང་སྤེལ༔ ཧཱུྃ་ལས་རྡོ་རྗེ༔ མཱུཾ་ལས་དྲིལ་བུ༔ ལག་གཉིས་ཨ་དང་མ་ལས་ཉི་མ་དང་ཟླ་བ༔ ཧྲཱིཿལས་རོལ་མོའི་ཚོགས་བསམ་གྱིས་མི་ཁྱབ་པར་གྱུར་པར་བསམ་ལ༔ ཨོཾ༔ སྣང་སྲིད་དངོས་པོ་ཅིར་སྣང་བ༔ ཐམས་ཅད་ཕྱག་རྒྱ་བཞི་ཡི་ངང༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཉིད༔ མཁའ་དབྱིངས་ཁྱབ་པར་རབ་སྤྲུལ་ཏེ༔ རྒྱལ་བ་དགྱེས་ཕྱིར་གནས་གྱུར་ཅིག༔ ཅེས་ཕྱག་མཆོད་རོལ་མོ་རྣམས་བྱིན་གྱིས་བརླབས་ལ༔ དཀྱིལ་འཁོར་མདུན་རྒྱབ་གང་བདེར་ཁ་ཟས་བཟང་དགུས་བརྒྱན་པའི་གཏོར་མ་དང་། བདུད་རྩི་དང་རཀྟའི་སྣོད། ཆོས་གཏེར་སྲུང་མ་སྤྱི་དང་བྱེ་བྲག་གི་གཏོར་འབུལ། ཆད་བརྟན་རྒྱུན་བཞག་རྣམས་ལག་ལེན་ལྟར་བཀོད། མདུན་དུ་རྒྱུན་དུ་གསོ་རྒྱུའི་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར། མཆོད་པ་བརྒྱ་རྩའི་རིགས་འཛོམ་ན་མཐའ་སྐོར་སྟེགས་བུ་རིམ་པ་ཅན་ལ་གོ་རིམ་མ་འཆོར་བར་བཤམ། ཉིན་རེ་བཞིན་འབུལ་རྒྱུའི་སྔོན་གཏོར། ཚོགས་ཀྱི་ཡོ་བྱད། ཆོས་སྲུང་གཏོར་འབུལ་རིགས་སོགས་ཕྲིན་ལས་ལ་དགོས་པ་རྣམས་དང་། དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་ལྕགས་ཧོམ། ཉུ་ལེའི་ལིངྒ་ལས་ཕུར་སྟེགས་བཅས། ཡུངས་དཀར་སོགས་ཐུན་རྫས་རྣམས་ཀྱང་འདུ་བྱ། སློབ་དཔོན་གྱི་མདུན་གཡོན་ནས་བརྩམ་སྟེ། ནང་མཆོད། རྡོར་དྲིལ། ཌཱ་མ་རུ། གཡབ་དར། མེ་ཏོག་གི་སྣོད། ཡུངས་ཐུན། ལས་བུམ་རྣམས་བཞག་གོ །གསུམ་པ་མཆེད་གསར་རྙིང་བསྲེ་བ་ནི༔ སློབ་དཔོན་གྱིས་ཁྲོ་བོ་འཆོལ་བའི་སྔགས་བརྗོད་ཅིང་ཡུངས་དཀར་བྲབ་གུ་གུལ་བདུག་ལ་སློབ་མ་གསར་བུ་རྣམས་བགེགས་བསྐྲད༔ ལས་ཐམས་ཅད་པའི་སྔགས་བརྗོད་ཅིང་ཁྲུས་བྱ༔ སློབ་བུ་རྣམས་ཀྱིས་མཎྜལ་ཕུལ༔ ཧཱུྃ༔ བདེ་གཤེགས་ཀུན་འདུས་བླ་མ་ལ༔ གུས་པས་ཕྱག་འཚལ་སྐྱབས་སུ་འཆི༔ མཆོད་ཅིང་སྡིག་པ་ཐམས་ཅད་བཤགས༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ དམ་ཚིག་མ་ལུས་བདག་གིས་གཟུང༔ དངོས་གྲུབ་སྐལ་བ་བསྩལ་དུ་གསོལ༔ ཞེས་ལན་གསུམ་གྱིས་རྒྱུད་སྦྱང་ཞིང་སྡོམ་པ་གཟུང༔ སློབ་དཔོན་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་ཡ་ལས་ལྕགས་སྡིག་ནག་པོ་མེ་འབར་བ་འཕྲོས༔ ཡེ་ཤེས་ཀྱི་མེ་འབར༔ སློབ་བུའི་ལུས་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་ཐུལ་གྱིས་བསྲེགས་པར་གྱུར་པར་བསམ་ལ༔ ཨོཾ་བཛྲ་ཡཀྴ་ཀྲོ་དྷ་སརྦ་པཱ་པཾ་ཛྭ་ལ་རཾ༔ ཞེས་བཟླས༔ སྟོང་པའི་ངང་ལས་ཧཱུྃ་ལས་སློབ་བུ་རྣམས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོར་དྲིལ་འཛིན་ཅིང་དར་དང་རིན་པོ་ཆེས་བརྒྱན་པ༔ སེམས་དཔའི་སྐྱིལ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ཡིག་འབྲུ་གསུམ་རྣམས་སྤྱན་དྲངས་ཏེ་དེ་ཉིད་ལ་ཐིམ་པར་གྱུར༔ སློབ་དཔོན་གྱི་ལག་གཡོན་རྡོ་རྗེ་དང་བཅས་པའི་སྲིན་ལག་གིས་སློབ་མའི་གནས་གསུམ་དུ་བདུད་རྩིའི་ཐིག་ལེ་བྱ༔ ཧཱུྃ༔ སྣང་སྲིད་ཅིར་སྣང་ཐམས་ཅད་ཀུན༔ དེ་བཞིན་གཤེགས་པའི་རྡོ་རྗེའི་སྐུ༔ གྲགས་པ་སྔགས་རླུང་ཐམས་ཅད་ནི༔ དེ་བཞིན་གཤེགས་པའི་རྡོ་རྗེའི་གསུང༔ གང་ཤར་མ་བཅོས་རིག་པ་ནི༔ དེ་བཞིན་གཤེགས་པའི་རྡོ་རྗེའི་ཐུགས༔ སྐུ་གསུང་ཐུགས་སུ་ཡེ་ནས་གནས༔ གསང་གསུམ་དངོས་གྲུབ་སྣོད་དུ་འགྱུར༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ དམ་བསྒྲག་པ་ནི༔ དེང་ཕྱིན་སྐལ་ལྡན་ཁྱེད་རྣམས་ཀྱིས༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ གསང་སྔགས་སྤྱི་ཡི་དམ་ཚིག་དང༔ སྒྲུབ་པ་ལུང་གི་ཉི་ཤུ་པ༔ ཤེས་དང་མི་སྤང་སྤྱད་བྱ་དང༔ དང་དུ་བླང་དང་བསྒྲུབ་བྱ་དང༔ ཉི་ཤུ་ལྔ་དང་ཁྱད་པར་དུ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་མ་གཏོང་ཞིག༔ གལ་ཏེ་དམ་ལས་འདས་གྱུར་ན༔ རྡོ་རྗེ་ཡཀྴ་ཁྲོས་ནས་སུ༔ ཐར་པའི་སྲོག་རྩ་ཆད་པར་འགྱུར༔ སྒྲུབ་པའི་སྲོག་ནི་དམ་ཚིག་སྟེ༔ ཐར་པ་འདོད་རྣམས་དང་དུ་ལོངས༔ ཞེས་བསྒྲག་སྟེ༔ སློབ་མ་རྣམས་ཀྱིས༔ ས་མ་ཡ་ཨི་དཾ་ན་ར་ཀན༔ ཞེས་བྲོ་བོར༔ ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བདུད་རྩི་བླུད་ཅིང༔ ཨོཾ་བཛྲ་ས་མ་ཡ་ཏིཥྛ་ཧཱུྃ༔ ཞེས་རྡོ་རྗེ་སྤྱི་བོར་བཞག་ཅིང་དམ་ཚིག་བརྟན་པར་བསམ༔ སྤྲོ་ན་སྐབས་འདིར་དབང་བསྐུར་ཞིང་དམ་ཚིག་རྒྱས་པར་བཤད༔ རྒྱུད་ལུང་གི་དོན་བཀྲོལ་ཞིང་ཚིག་གི་ལུང་འབོགས༔ བསྡུ་ན་དམ་ཚིག་འབོགས་པའི་མཐར་མཆེད་གསར་བུ་རྣམས་རང་རང་གི་གྲལ་དུ་འཁོད་ལ་གསར་རྙིང་བསྲེ༔ ཐམས་ཅད་ལ་བདུད་རྩི་གཡོན་སྐོར་དུ་དྲངས་ཤིང༔ ཧཱུྃ༔ མི་འགྱུར་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་འདིར༔ མི་འབྲལ་རྩེ་གཅིག་འགྲོགས་པའི་ཏིང་འཛིན་གྱིས༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་སྲོག་ཏུ་གཟུང༔ མ་འགྲུབ་བར་དུ་བསྐྱེད་དང་རྫོགས་པའི་རིམ༔ གཡེལ་བ་མེད་པར་བསྒོམ་པ་དམ་བཅའ་འོ༔ ཞེས་བརྗོད། སློབ་དཔོན་གྱིས་ཕྲེང་བས་དབང་བསྐུར་ཅིང་ལག་ཏུ་གཏད། མཆེད་ལྕམ་རྣམས་རིག་འཛིན་བླ་མ་གཙོ་འཁོར་གྱི་སྐུ་གསུང་ཐུགས་སུ་གསལ་བཏབ་ལ༔ ཧཱུྃ༔ སྒྲུབ་པའི་དངོས་གྲུབ་མ་ལུས་ཐོབ་བྱའི་ཕྱིར༔ ལུས་ལྷ་ངག་སྔགས་སེམས་ནི་ཏིང་ངེ་འཛིན༔ རྒྱུན་མི་འཆད་ཅིང་ལུ་གུ་རྒྱུད་དུ་འབྲེལ༔ དངོས་གྲུབ་རྣམ་གཉིས་སྒྲུབ་པའི་དབང་ཐོབ་ཤོག༔ བཛྲ་ཀཱ་ཡ་ཝཱ་ཀ྄་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པ་ཚོགས་སྒྲུབ་ཀྱི་ལས་ལ་འཇུག་རུང་བྱ་བ་སྒྲུབ་པ་པོ་རྣམས་མངའ་གསོལ་ཞིང་གནས་སུ་འགོད་པ་ནི༔ རྒྱལ་ཐེབས་གཙོ་བོས་དབྱངས་བོར་ལེན་དང༔ ལས་ཀྱི་རྡོ་རྗེས་ཐོད་ཆང་གཞུང་ཚིག་དང་བསྟུན་སོ་སོར་དྲངས་ལ༔ ཧོ༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ རྡོ་རྗེ་རྒྱལ་པོ་དཀྱིལ་འཁོར་འདུས་པའི་གཙོ༔ ཉོན་མོངས་བདུད་འཇོམས་ཡེ་ཤེས་ལྔ་ཡི་བདག༔ བསྟན་པའི་སྒྲོན་མེ་མངའ་གསོལ་དགྱེས་པར་བཞུགས༔ རྡོ་རྗེའི་གདུང་འཚོབ་ཕྲིན་ལས་རྣམ་བཞིའི་བདག༔ རྒྱལ་ཚབ་སློབ་དཔོན་མངའ་གསོལ་དགྱེས་པར་བཞུགས༔ ཤེས་རབ་དབྱིངས་ལས་བདེ་བའི་ཡེ་ཤེས་སྟེར༔ ཀུན་བཟང་ཡུམ་དུ་མངའ་གསོལ་དགྱེས་པར་བཞུགས༔ བསྐྱེད་རིམ་གསལ་སྟོན་ལས་ཀྱི་གཞུང་བསྲང་མཛད༔ རྡོ་རྗེ་ཕྲིན་ལས་མངའ༴ མཆོད་པའི་བྱ་བས་དཀྱིལ་འཁོར་དགྱེས་པ་སྐྱེད༔ ལས་ཀྱི་རྡོ་རྗེ་མངའ༴ ཕྱི་ནང་དྲོད་ཚད་དུས་དང་རྟགས་རྣམས་མཁྱེན༔ རྡོ་རྗེ་སྲིན་པོར་མངའ༴ དངོས་གྲུབ་ལྟས་མཐོང་བར་ཆད་གཟིར་ཞིང་སྐྲོད༔ རྡོ་རྗེ་སྤྱན་པར་མངའ༴ ཕྱི་ནང་ཉམས་ལེན་འབྱུང་པོ་ཐོགས་མེད་བསྒྲལ༔ རྡོ་རྗེ་གིང་ཆེན་མངའ༴ དགྲ་བགེགས་གནས་སྤོར་གཟུགས་ཕུང་ཞལ་དུ་སྟོབས༔ སྒྲོལ་གིང་ལས་མཛད་མངའ༴ འདུ་བར་འོས་མིན་སྲུང་བའི་ཕྲིན་ལས་མཛད༔ རྡོ་རྗེ་མཚམས་པར་མངའ༴ ཚོགས་ཀྱི་བྱ་བ་གཙང་ཞིང་དག་པར་སྦྱོར༔ རྡོ་རྗེ་ཕྱག་ཚང་མངའ༴ ཕྱི་ཡི་ཉུལ་ལེ་སྐྲོད་ཅིང་ལས་རྣམས་སྒྲུབ༔ རྡོ་རྗེ་རྡུལ་ཕྱགས་མངའ༴ ཛཔ྄་བསྙེན་གསལ་དག་རྒྱུན་མི་འཆད་པར་སྒྲོག༔ རྡོ་རྗེ་མཆེད་ལྕམ་མངའ་གསོལ་དགྱེས་པར་བཞུགས༔ ཞེས་མངའ་གསོལ་ཞིང་ལས་ཀྱི་བསྐོས་གདབ༔ རང་གྲལ་དེ་ལས་མ་འཆུག་པ་བྱ་དགོས་སོ། །ལྔ་པ་བྱིན་དབབ་པ་ནི༔ སྒྲུབ་པ་པོ་རྣམས་ཞྭ་ཆོས་སོགས་གཟི་བྱིན་བསྐྱེད་ལ་དཀྱིལ་འཁོར་གྱི་མཐར་འཁོད༔ དར་སྣའི་གཡབ་མོ་དང་དྲི་བཟང་གི་སྤོས་བཏུལ༔ དད་གུས་གདུང་ཤུགས་ཀྱིས་དབྱངས་རོལ་བཅས་ཚིག་བདུན་ལན་གསུམ་སྔོན་དུ་འགྲོ་བའི་ལས་བྱང་སོ་སོའི་བྱིན་འབེབ་གཏོང༔ མཐར་དཀྱིལ་འཁོར་ལ་བསྐོར་བ་དང་ཛཔ྄་དབྱངས་ལན་གསུམ་བྱ༔ བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་བཅས་ཀྱིས་སྔོན་འགྲོའི་རིམ་པ་རྣམས་གྲུབ་བོ། ༈ །གསུམ་པ་དངོས་གཞི་ལྷ་དང་དབྱེར་མེད་དུ་སྒྲུབ་པའི་རིམ་པ་ལ་གསུམ༔ ཕྲིན་ལས་ཀྱི་གཞུང་བསྲང་ཞིང་བཟླས་པས་ཐུགས་རྒྱུད་བསྐུལ་བ༔ སྒྲུབ་པའི་བར་གཅོད་བསལ་ཞིང་བྱིན་འབེབ་པ༔ དུས་གྲངས་རྟགས་ཀྱི་རིམ་པས་ཚད་གཟུང་བའོ༔ དང་པོ་ནི༔ ཡན་ལག་གི་ཐུགས་སྒྲུབ་རྣམ་གཉིས་གང་བྱེད་ཀྱང་རབ་ཉིན་མཚན་ལན་གསུམ་རེ་སྟེ་དུས་དྲུག །འབྲིང་ཉིན་གཉིས་མཚན་གཉིས་ཏེ་དུས་བཞི། ཐ་མས་ཀྱང་ཉིན་མཚན་གཉིས་ལ་ལས་གཞུང་ཚར་རེ་གཏང་དགོས་པས། ཐུན་དང་པོ་ལ་ཚིག་བདུན་དང་གསོལ་འདེབས་གང་འོས་ཀྱིས་ཐོག་དྲངས། བརྒྱུད་འདེབས་སྐྱབས་སེམས་ནས་བརྩམ་སྔོན་འགྲོ་རྣམས་རྒྱས་པར་གཏང་། དངོས་གཞི་ཏིང་འཛིན་གསུམ་གྱིས་བདག་མདུན་དབྱེར་མེད་དུ་བསྐྱེད། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ་བསྟིམས་ཞིང་བཞུགས་གསོལ་ཕྱག་མཆོད་བསྟོད་པའི་བར་བྱ། བཟླས་པའི་དབུར་སྔགས་ཀྱིས་མདུན་དཀྱིལ་ལ་ཛཔ྄་ཁང་ཕྱེས་ཏེ་ཛཔ྄་བསྐུལ་བརྗོད་ལ་གཟུངས་ཐག་ལེན། བར་ཆད་ཀུན་སེལ་སྐབས་ཛཔ྄་ཀྱི་བཀོལ་བྱང་ལྟར་ཆོས་ལོངས་སྤྲུལ་གསུམ་ནས་སྒོ་བ་བཞིའི་བར་དུ་བཟླས་དམིགས་རེ་རེ་དང་སྦྲགས་ལ་སོ་སོའི་བཟླས་པའི་མཐར་སྟོང་ཚིགས་དང་གསོལ་འདེབས་རེ་རེ་བཞིན་འགྲེས་སུ་སྦྱར། ཆོས་ལོངས་སྤྲུལ་གསུམ་དང་ཐོད་ཕྲེང་རྩལ་སྒྲུབ་བཟླས་ཀྱི་དངོས་གཞི་ཡིན་པས་མང་དགོས། འདི་རྣམས་ལ་ཛཔ྄་དབྱངས་ལན་གསུམ་རེས་ཐོག་དྲངས་རྣམ་འཕྲུལ་བཅུ་གཉིས་བརྒྱ་རྩ་རེ་ཆ་མཉམ་དང་། སྒོ་བ་བཞི་ཉེར་གཅིག་ཙམ་རེས་ཆོག །འགྲོ་ལུགས་དེ་ལྟར་ལ་གྲངས་མང་ཉུང་ཉི་ཚོད་ཀྱི་ལོངས་སྐབས་དང་བསྟུན། ཁྱད་པར་མྱང་གྲོལ་རིལ་བུ་སྒྲུབ་པའི་སྐབས། བུམ་པ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ་ཀྱིས་བསང༔ སྭ་བྷཱ་བས་སྦྱང༔ སྟོང་པའི་ངང་ལས་བྷྲཱུྃ་ཡིག་ཁ་དོག་ལྔ་ལྡན་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་རྫོགས་པའི་དབུས་སུ་ འཇའ་ཟེར་ཐིག་ལེ་དྭངས་མར་འཁྲིགས་པའི་ཀློང་ན་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿལས་གུ་རུ་པདྨ་རྡོ་རྗེ་འཆང་སྐུ་མདོག་མཐིང་ནག་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་ལྷ་ལྕམ་དཀར་མོ་དང་གཉིས་མེད་དུ་འཁྲིལ་ཞིང་ དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་སྐུ་ལས་འོད་ཟེར་བྱེ་བ་ཕྲག་བསམ་གྱིས་མི་ཁྱབ་པ་འཕྲོ་བ༔ དེའི་མདུན་གྱི་བར་སྣང་གི་སྟེང་འོག་ཕྱོགས་བཞིར་པད་ཟླའི་གདན་རེ་རེའི་སྟེང་དུ༔ སྟེང་དུ་ལྷའི་གུ་རུ་སྲིད་ཐུབ་འཛིན་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ༔ དར་དང་རིན་པོ་ཆེས་བརྒྱན་པ༔ ཤར་དུ་བྱོལ་སོང་གི་གུ་རུ་སེང་གེ་རབ་བརྟན་མཐིང་ནག་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་དར་དཔྱང་དང་རུས་པའི་རྒྱན་གྱིས་བརྒྱན་པ༔ ལྷོར་མིའི་གུ་རུ་པདྨ་འབྱུང་གནས་སྐུ་མདོག་དཀར་སྨུག་བྷནྡྷ་དང་ཐོད་པ་བདུད་རྩིས་གང་བ་འཛིན་ཅིང་པད་ཞྭ་དང་ཆོས་གོས་རྣམ་གསུམ་གྱིས་བཀླུབས་པ༔ ནུབ་ཏུ་ཡི་དྭགས་ཀྱི་གུ་རུ་རྣམ་པར་སྣང་བྱེད་དམར་པོ་ཕྱག་གཉིས་ཀྱིས་རིན་པོ་ཆེའི་སྒྲོམ་བུ་འཛིན་ཅིང་དར་དང་རིན་པོ་ཆེས་བརྒྱན་པ༔ བྱང་དུ་ལྷ་མིན་གྱི་གུ་རུ་རྣམ་པར་རྒྱལ་བ་ལྗང་གུ་ཁ་ཊྭཱཾ་ག་དང་ཀ་པཱ་ལ་འཛིན་ཅིང་དར་དང་རིན་པོ་ཆེས་བརྒྱན་པ༔ འོག་ཏུ་དམྱལ་བའི་གུ་རུ་རྣམ་པར་གནོན་སྨུག་ནག་རྡོ་རྗེ་དང་སྡིག་པ་འཛིན་ཅིང་སྟག་ཤམ་དང་རུས་པའི་རྒྱན་དྲུག་གིས་བརྒྱན་པ༔ དེ་ཐམས་ཅད་ཀྱང་ཞབས་གཉིས་འགྲོ་བའི་དོན་ལ་བཞེངས་པའི་སྟབས་ཀྱིས་མཐའ་ཡས་པའི་སེམས་ཅན་གྱི་དོན་ལ་དགྱེས་པས་འོད་ཟེར་བྱེ་བ་ཕྲག་དྲུག་དྲུག་འཕྲོ་བའི་ཀློང་ན་བཞུགས་པ༔ སྐུ་ལས་རིལ་བུ་དང་དབྱེར་མེད་པའི་སྤྲུལ་པ་འབུམ་ཕྲག་དུ་མ་འཕྲོ་བས་འཁོར་བ་དོང་ནས་སྤྲུག་པའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྣམ་རོལ་ཅིར་ཡང་འཆར་བའི་གནས་གསུམ་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་ཨོཾ་ཨཱཿཧཱུྃ་གིས་མཚན་ཅིང༔ རིགས་ལྔ་ཡེ་ཤེས་ལྔའི་ངོ་བོར་དབང་བསྐུར་བས་ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་ཐམས་ཅད་ཡོངས་སུ་འདུས་པའི་བདག་ཉིད་ཆེན་པོར་གསལ་བར་གྱུར༔ སྤྲོ་ན་སྤྱན་འདྲེན་ནས་བསྟོད་པའི་བར་ཕྲིན་ལས་སྙིང་པོ་ལྟར་བྱ། གཟུངས་ཐག་ནས་གཟུང་སྟེ། རང་གི་ཐུག་སྲོག་སྔགས་ཕྲེང་དང་བཅས་པ་ལས་ཡེ་ཤེས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་བུམ་པའི་ལྷ་རྣམས་ཀྱི་གནས་གསུམ་དུ་ཕོག་སྐུ་གསུང་ཐུགས་ཀྱི་རྒྱུད་བསྐུལ༔ དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ མཁའ་ཁྱབ་ཀྱི་རྒྱལ་བ་སྲས་དང་བཅས་པ་མཆོད་ཅིང༔ འོད་ཟེར་ཚུར་འདུས་པ་དང་ལྷན་ཅིག་ཏུ་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་རིལ་བུ་ལ་ཐིམ་པས་རིལ་བུ་འགྲོ་དྲུག་གི་སྡུག་བསྔལ་མ་ལུས་པ་སྦྱང་བའི་མཐུ་དང་ལྡན་ཅིང་བྱིན་རླབས་ཀྱི་གཟི་བྱིན་རབ་ཏུ་འབར་བའི་སྣང་བས་འཁོར་བ་དོང་ནས་སྤྲུག་པར་གྱུར༔ སྐུ་གསུམ་གྱི་སྙིང་པོའི་མཐར། ཨ་ར་པ་ཙ་མི་ཏ་ཧྲཱི་ད་ཡ་སྭཱ་ཧཱ༔ ཞེས་བཏགས་པ་བཟླ་ཞིང་སྔགས་རྒྱུན་གྱི་གཙོ་བོ་དེ་ལ་བྱ་དགོས། མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་ལན་གསུམ་བརྗོད་པས་ལྷག་ཆད་བསྐང་ཞིང་བརྟན་པར་བྱའོ། །གཞི་བསྟོད་ནོངས་བཤགས་དབང་ལེན་བྱས་ལ་ཛཔ྄་ཁང་བསྡུ། ཐུན་པ་རྣམས་ཀྱིས་ཀྱང་གྲུབ་ན་རྒྱུན་གྱི་རྣལ་འབྱོར་ཙམ་གྱིས་བདག་མདུན་གསལ་བཏབ་ལ་ཆོས་ལོངས་སྤྲུལ་གསུམ་ཐོད་ཕྲེང་རྩལ་རྣམས་སྦྲེལ་བའི་སྔགས་རྒྱུན་བར་མ་ཆད་པར་བྱ། དེ་ནས་ཉུལ་ལེ་སྤྲོད་པ་རྒྱས་པ་མི་ལྕོགས་ན། རྡོ་རྗེ་མཚམས་པས་གུ་གུལ་དུད་པ་དང་ཐུན་གྱིས་བྲབ་ཏེ་བསྐོར་ལ། དྲག་སྔགས་སོ་ལྔ་པ་དང་། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱཾ་ཧཱུྃ་ཕཊ༔ ཀཱི་ལི་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷཱ་རོད་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱཾན་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་སྡེར་མོའི་སྔགས་དྲག་ཏུ་བརྗོད་པས་ཚར་བཅད་ལ་སྲུང་འཁོར་གསལ་གདབ། བྱིན་འབེབ་ཀྱང་སྐབས་འདིར་བྱེད་ན་བཀའ་མ་སྤྱི་ལས་འབྱུང་བ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་འབྱུང་བའི་དུས་ལ་བབ། །བྱིན་གྱིས་རློབ་པའི་དུས་ལ་བབ། །དབང་མཆོག་བསྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་སྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། །ཅེས་དང་། སྙིང་པོའི་མཐར། ཨོཾ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཨ་ཧ་ཛྷཻཾ༔ ཞེས་བརྗོད་ཅིང་ལས་རྡོར་གྱིས་གཡབ་དར་བཅས་དཀྱིལ་འཁོར་ལ་བསྐོར་བས་འཐུས། དེ་ནས་ཛཔ྄་དབྱངས་ལན་གསུམ་བྱས་པས་ཐུན་དང་པོ་འགྲུབ། ཡིད་བཞིན་ནོར་བུའི་སྐབས་ཀྱང་སྤྱི་ཁོག་དེ་དང་མཚུངས་པ་ལས། ཛཔ྄་ཁང་ཕྱེས་ཏེ་ཛཔ྄་བསྐུལ་འཕྲོས་ཛཔ྄་དབྱངས་ལན་གསུམ་གྱིས་ཐོག་དྲངས་བཟླས་པ་བཛྲ་གུ་རུ་ཁོ་ན་ལ་དངོས་གཞི་བྱ། མཐར་ཛཔ྄་དབྱངས་དང་བཅས་ཐོད་ཕྲེང་རྩལ་ཅི་འགྲུབ་བཟླས་ལ་སྟོང་ཚིགས་ཕུལ། མྱོང་གྲོལ་རིལ་བུམ་སྒྲུབ་པ་དང་འབྲེལ་ན་གོང་གསལ་ཉིད་འདིར་སྦྱར་ལ་སྟོང་ཚིགས་ཕུལ་གྲུབ་རྗེས་གསོལ་འདེབས་བསམ་པ་ལྷུན་གྲུབ་འདོན་ལ་ཉུལ་ལེ་བསྐྲད་པ་དང་བྱིན་འབེབ་ཛཔ྄་དབྱངས་བཅས་སྔར་ལྟར་བྱ་བ་ཡིན་ནོ། །ཐུན་གཉིས་པ་ལ་མཆོ་པ་ཁ་གསོས་ལ་ཐུགས་སྒྲུབ་གཉིས་ཀའི་ཕྲིན་ལས་ཆུང་བའི་མཆོད་པ་བྱིན་རླབས་ནས་བསྟོད་པའི་བར་བཏང་ལ་ཛཔ྄་ཁང་དབྱེ་ཞིང་བསྐུལ་བཅས་སོ་སོའི་བསྙེན་པ་བླང་མཐར་ཁ་སྐོང་དང་སྟོང་ཚིགས་འབུལ། བར་ཆད་ཀུན་སེལ་སྐབས་གསོལ་འདེབས་བར་ཆད་ལམ་སེལ་དང་ཡིད་བཞིན་ནོར་བུ་ལ་བསམ་ལྷུན་བརྗོད་ནས་ཉུལ་ལེ་བསྐྲོད་པ་བྱིན་འབེབ་ཛཔ྄་དབྱངས་བཅས་ཀྱིས་འགྲུབ། ཐུན་གསུམ་པའང་དེ་དང་འདྲ་བ་ལས་བཟླས་པ་སྟོང་ཚིགས་གསོལ་འདེབས་བཅས་གྲུབ་ནས། སྨིན་ལུགས་དམ་ཅན་སྤྱི་གཏོར་ལྟ་བུའི་ཁོངས་སུ་བར་ཆད་ཀུན་སེལ་སྐབས་ཚེ་རིང་མ། བརྟན་མ། ཁ་རག་ཁྱུང་བཙུན་རྣམས་དང་། ཡིད་བཞིན་ནོར་བུ་ལ་ཀླུ་བཙན་མཆེད་བདུན་གྱི་གཏོར་ཆོག་སྦྱར། ཕྲིན་ལས་རྒྱས་པའི་ཚོགས་མཆོད་བསྐང་བ་བཅས། འདི་སྐབས་སྨིན་ལུགས་ལྟར་ལྕོགས་ན་ཕྱི་རོལ་དུ་ཆ་གསུམ་གཏོར་མ་གཏང་། ཚོགས་ལ་རོལ་ཅིང་ལྷག་མ་བཏང་ལ་བཙོན་དུ་འཛིན། ཆོས་སྐྱོང་གཏོར་འབུལ་སོགས་རྗེས་ཆོག་མཐར་དབྱུང་། ལས་བྱང་གི་བསྐུལ་པ་ཆད་བརྟན་རྟ་བྲོ་བརྡུང་། བཏང་རག་མཆོད་བསྟོད། ནོངས་བཤགས། བརྟན་བཞུགས། བསྔོ་སྨོན། ཤིས་བརྗོད་བཅས་གྲུབ་ནས་མུན་རུབ་དང་སྦྱར་ནས་ཉུ་ལེ་བསྐྲོད་ཅིང་བྱིན་འབེབ་བཅས་རྒྱས་པར་བྱ་ཞིང་ཛཔ྄་དབྱངས་ལན་གསུམ་གྱིས་ཉིན་ཐུན་གྲུབ་བོ། །མཚན་ཐུན་གསུམ་པོའི་འདོན་འགྲིགས་ཉིན་ཐུན་གཉིས་པ་དང་མཚུངས་ལ་ཐུན་མཇུག་སོ་སོར་བར་ཆད་བསལ་ཞིང་བྱིན་འབེབ་བར་མ་ཆད་པ་དང་། ཐོར་ཐུན་གཤམ་དུ་ཚོགས་མཆོད་རེའང་གལ་ཆེའོ། །གཉིས་པ་དངོས་གྲུབ་ལ་བར་དུ་གཅོད་པ་བསལ་ཅིང་བྱིན་རླབས་ཀྱི་གཟི་བྱིན་དབབ་པ་ནི༔ སློབ་དཔོན་ནམ་རྒྱལ་ཐེབ་མདུན་དུ་ཧོམ་ཁུང་དུ་ཉུལ་ལེའི་ལིངྒ་བཅས་པ་དང་། ལས་ཕུར། ཐུན་རྫས་རྣམས་དགོད་ལ། པདྨ་ཧེ་རུ་ཀོ྅་ཧཾ༔ སྣང་སྲིད་ཐམས་ཅད་ཁྲོ་བོ་རོལ་པའི་དཀྱིལ་འཁོར་དུ་གྱུར༔ ཅེས་ཡི་དམ་དྲག་པོའི་གསལ་སྣང་དང་ང་རྒྱལ་བརྟན་པོས་རྟེན་བསྐྱེད་པ་ནི། ཨེ་ཡཾ་ཛྭ་ལ་རཾ༔ བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲིཿལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་ལྟ་བའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར་པར་བསམ་ལ༔ ན་མོ༔ དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བཀའ་བདེན་པ་དང༔ རྩ་གསུམ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་བཀའ་བདེན་པ་དང༔ རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་བཀའ་ཉན་ལས་བྱེད་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༔ བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་སྒྲུབ་པ་ཟབ་མོ་ལ་བར་དུ་གཅོད་པའི་དམ་སྲི་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ཨངྐུ་ཤ་ཛ༔ ལན་གསུམ་གྱིས་འགུགས་བཞུགས་བྱས་ལ། ཕུར་ཐུན་ཚོམ་བུར་བསྐུལ་བ་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་ཁྲོ་གཏུམ་སྐུར་བསྟན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ༔ ང་ནི་པདྨ་ཧེ་རུ་ཀ༔ སྲས་འཁོར་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ དྲག་པོའི་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུས་འགུགས༔ ལྕགས་ཀྱུས་ཟུངས་ལ་ཕུར་པས་ཐོབས༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློགས༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ གནོད་བྱེད་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཅེས་དྲག་སྔགས་ཕུར་སྐོར་བཅས་པ་དང༔ ཨོཾ་གྷ་གྷ་གྷཱ་ཏ་ཡ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱ་ཀ་ཙིཏྟ་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་སྡེར་མོའི་སྔགས་བརྗོད་པས་ལིངྒ་ལ་དབབ་ཅིང་ཐུན་བྲབ༔ ཁྱད་པར་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བ་ནི༔ ཧཱུྃ༔ སྒྲུབ་པ་ལུང་གི་ཕོ་ཉ་ཆེན་མོ་ནི༔ དབྱིངས་ནས་སྐུར་བཞེངས་འབར་བའི་སྐུ་གཅིག་མ༔ རྟ་གདོང་ཞལ་ཅན་ཧེ་རུ་ཀ་དཔལ་དང༔ པདྨ་གཟི་ལྡན་ཤིན་ཏུ་ཁྲོས་པའི་ཚུལ༔ རྡོ་རྗེ་སྲིན་མོ་མ་ནིང་འབར་བའི་གདོང༔ རྣམ་པར་བསྒྱུར་བའི་སྣ་ཚོགས་ཕྱག་བརྙན་ཞལ༔ འཇོམས་བྱེད་ཆེན་པོ་སྐུ་མདོག་ཅིར་ཡང་སྟོན༔ ཞེ་སྡང་བདུད་ཀྱི་མགོ་དང་གཤིན་རྗེའི་མགོ༔ དམ་སྲི་འབྱུང་པོའི་ཐོད་པའི་རྒྱན་ཕྲེང་ཅན༔ གློག་འགྱུ་ཙམ་ལ་སྟོང་གསུམ་འབིགས་ཤིང་རྒྱུག༔ དཔལ་གྱི་ཕོ་ཉ་ཉི་ཟེར་རྡུལ་དང་མཉམ༔ དགྲ་དཔུང་རྩད་གཅོད་བགེགས་དཔུང་རྡུལ་དུ་རློག༔ བར་ཆད་འབྱུང་པོའི་སྙིང་ཁྲག་ཧུབ་ཀྱིས་འཐུང༔ རི་རབ་འགུལ་ཞིང་རྒྱ་མཚོ་སྐོམ་དུ་རོལ༔ འབར་བའི་ཉི་ཟླ་གཉིས་ཀྱང་ཚོགས་པོར་འཕེན༔ མཉམ་པ་མེད་པའི་མཐུ་སྟོབས་རྩལ་འཆང་བ༔ སྔོན་གྱི་ཐུགས་དམ་བཞིན་དུ་དུས་ལ་བབ༔ དམ་སྲི་ཉུལ་ལེའི་ཚོགས་རྣམས་ཚར་ཆོད་ཅིག༔ གསང་བ་བསྒྲུབ་པའི་འབྲས་བུ་མཆིས་པར་མཛོད༔ ཨོཾ་གྲུམ་བུ་ཨ་པ་ཙེ༔ རཱུ་པ་ཙེ༔ ན་ལ་ཙེ༔ ཙ་མེ་ཐུན༔ ནཱ་ཤ་ཡ༔ སཏྭཾ་བྷ་ཡ༔ བྱི་ནཱ་ཡ་ཀ༔ ཕྱེ་མ་ཕྱེ་མ༔ རྡུལ་ཕྲན་རྡུལ་ཕྲན༔ ཞེས་དྲག་ཏུ་བརྗོད་ལ་གུ་གུལ་དུད་པ་རོལ་མོའི་ཚམ་རྔམ་ཁྱད་པར་དབྱུག་པས་སྡིགས་ཤིང་ཐུན་གྱིས་བྲབ་བོ༔ དེ་ནས་ཆས་སོགས་གོང་བཤད་ལྟར་བྱས་ལ་ལས་གཞུང་གི་བྱིན་འབེབ་བརྗོད་ཅིང་དཀྱིལ་འཁོར་ལ་བསྐོར་བ་དང་ཛཔ྄་དབྱངས་ལན་གསུམ་བྱའོ། །གསུམ་པ་བསྒྲུབ་པའི་ཚད་ནི༔ མོས་སློབ་ཀྱི་དབང་དུ་བྱས་ནས་དུས་ཟླ་བ་གཅིག་གམ༔ བདུན་གསུམ་མམ་ཞག་གསུམ་གྱིས་མཐའ་རྟེན་པར་བསྒྲུབས་པས་ཀྱང་དུས་དང་དབང་པོ་དང་མཐུན་པར་དངོས་གྲུབ་ཅི་རིགས་པ་ཐོབ་པར་འགྱུར་བར་གསུངས་སོ༔ གྲངས་དང་རྟགས་ནི་གསང་བ་སྤྱི་དང་སོ་སོའི་གཞུང་ལས་འབྱུང་བ་ལྟར་རོ༔ གལ་ལྟེ་རྟགས་ཚད་ངན་པ་བྱུང་ན་ཉུ་ལེ་བསྐྲད། རྟ་བྲོ་བརྡུང་། དམ་སེལ་གྱི་ལྟས་ལ་ཡིག་བརྒྱ་བཟླ་ཞིང་བཤགས་རྒྱུད་བཀླག །གྲིབ་མི་གཙང་བ་ལ་རྣམ་འཇོམས་སྨེ་བརྩེགས་སོགས་ཀྱི་བུམ་ཁྲུས་བྱ། རྟགས་ཚད་བཟང་ངན་གང་ལའང་རེ་དོགས་དང་དགག་སྒྲུབ་མེད་པར་དབྱིངས་སུ་བསྐྱལ་བ་གནད་ཡིན། དངོས་གྲུབ་ཀྱི་ལྟས་བཟང་ངེས་པ་ཅན་བྱུང་ན་དེ་ཉིད་དུ་རྒྱུན་གྱི་དངོས་གྲུབ་ལེན་པ་གནད་དུ་ཆེ་བས་ཐོད་པ་མཚན་ལྡན་ཆང་དང་ཆོས་སྨན་སྦྱར་བས་བསྐང་བ་མདུན་དུ་བཞག་ལ། ཧཱུྃ༔ བདེ་གཤེགས་རྒྱལ་བ་མ་ལུས་དགོངས་སུ་གསོལ༔ རིག་འཛིན་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས༔ ལྷ་ཡི་དགེ་བསྙེན་དམ་ལྡན་ཐམས་ཅད་ཀྱིས༔ ཚུལ་བཞིན་སྒྲུབ་པའི་རྣལ་འབྱོར་བདག་ཅག་ལ༔ ཚེ་དང་ཆོས་དང་ཕྲིན་ལས་རྣམ་བཞི་དང༔ རྐང་མགྱོགས་མིག་མཐོང་རིལ་བུ་མཁའ་སྤྱོད་དང༔ མཐུ་དང་རྫུ་འཕྲུལ་མངོན་ཤེས་ནུས་མཐུ་དང༔ སྲིད་ནོར་ཟས་དང་འདོད་རྒུའི་དངོས་གྲུབ་སྩོལ༔ ཨ་ལ་ལ་ཧོ༔ ཞེས་བརྗོད་ལ་བདུད་རྩི་མྱང་ངོ་། ༈ །བཞི་པ་རྗེས་སྒྲུབ་པ་ཆེན་པོ་ནི་བསྒྲུབ་པ་མཐར་ཕྱིན་ནས་དངོས་གྲུབ་ལེན་པ་སྟེ༔ དངོས་སྦྱོར་སྒྲོལ་ལ་བརྟེན་པར་གསུངས་ཀྱང་མོས་སློབ་སྐབས་རྫས་ལ་བརྟེན་ཏེ་དངོས་གྲུབ་ལེན་པ་ལ་གཉིས༔ དངོས་གྲུབ་ལེན་པ་དངོས༔ རྗེས་མཐའ་རྒྱས་ཀྱི་ལས་རིམ་མོ༔ དང་པོ་ལ་གསུམ༔ རྫས་བཤམས་པ༔ ཆོ་གའི་སྔོན་འགྲོ༔ ཆོ་ག་དངོས་སོ༔ དང་པོ་ནི༔ དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་གཞི་སྟེགས་དཀར་པོའི་སྟེང་དུ་འབྲུ་དཀར་གྱི་གཡུང་དྲུང་གཡས་སྐོར་དུ་བྲིས་པའི་དབུས་སུ་རིན་པོ་ཆེའི་སྣོད་དུ་ཟས་སྣ་དང་སྤོད་སྣ་ཚོགས་སྦྱར་བ་ལས། དབུས་སུ་རིན་པོ་ཆེ་འབར་བའི་དབྱིབས་དང་ཕྱོགས་བཞིར་ཞི་རྒྱས་དབང་དྲག་གི་འབྲང་རྒྱས་རིགས་ལྔའི་ཕྱག་མཚན་ས་བོན་བཅས་པ་དང་ཉི་ཟླས་སྤྲས་པ་བཀོད༔ དེ་སྟེང་རྐང་གསུམ་ཁར་ཐོད་པ་མཚན་ལྡན་ཆང་ལ་ཆོས་སྨན་དང་མངར་གསུམ་སྦྱར་བས་བཀང་བ་བཞག༔ མཐའ་སྐོར་དུ་མཱཾ་ས་ཟླ་རྒྱས་ཟླ་ཕྲོམ་ཚེ་གལ་ཁུར་བ་ཤིང་ཏོག་དཀར་གསུམ་མངར་གསུམ་འབྲས་ཆན་སོགས་བཟའ་བཅའ་བཏུང་བའི་རིགས་གྱུར་མཆེད་རྣམས་ལ་འདོང་ངེས་ཀྱིས་བསྐོར་ལ་དར་དམར་མཐིང་གི་ཁེབས་ཀྱིས་བཀབ་བོ༔ གཉིས་པ་ཆོ་གའི་སྔོན་འགྲོ་ནི༔ ཐོར་ཐུན་སྔ་བ་ནས་ཕྲིན་ལས་ཀྱི་གཞུང་བསྲང་། བཟླས་པ་ཁ་སྐོང་སྟོང་ཚིགས་སོགས་སོ་སོའི་གཞུང་ལྟར་གྲུབ་ནས་བསྙེན་རྒྱུན་སྔ་མ་གྲོལ། སྙིང་པོ་ལ་ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ གུ་ཎ་སིདྡྷི་ཏྲཱཾ༔ ཀརྨ་སིདྡྷི་ཧྲཱི༔ སརྦ་ལོ་ཀ་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ ཞེས་དངོས་གྲུབ་བླང་སྔགས་བཏགས་པ་རྒྱུན། སྲུང་མའི་གཏོར་ཆོག་ཚོགས་སྐོང་རྒྱས་པར་བྱ། ཚོགས་ཐ་མའི་སྐབས་ཉུ་ལེའི་ལིངྒ་མེར་བསྲེགས་པའི་ཐལ་བ་ཆོས་སྲུང་གཏོར་མར་བསྟབ། དེ་ནས་དངོས་གྲུབ་འཕྲོག་པའི་བགེགས་བསྐྲད་པ་ནི༔ སྒྲུབ་པ་པོ་རྣམས་ཞྭ་གོས་སོགས་གཟི་བྱིན་བསྐྱེད་ལ༔ ཧཱུྃ༔ མི་གནས་ཡེ་ཤེས་དཀྱིལ་འཁོར་འདིར༔ དངོས་གྲུབ་འཕྲོག་པར་བྱེད་པའི་བགེགས༔ ལྷ་འམ་འོན་ཏེ་བདུད་ཀྱང་རུང༔ ང་ལ་བར་ཆད་བྱེད་པའི་བགེགས༔ གནས་འདིར་མ་འདུག་གཞན་དུ་དེངས༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པའི༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ དྲག་སྔགས་རོལ་མོ་བཅས་ཡུངས་དཀར་གྱིས་བྲབ༔ གུ་གུལ་དུད་པས་བདུག་ལ༔ མཚམས་གཅད་པ་ནི༔ ཧཱུྃ༔ ཡེ་ཤེས་སྣང་བ་ལྷ་ཡི་དཀྱིལ་འཁོར་ལ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང་བཞིན་རྫོགས༔ རིག་པ་རང་ཤར་ཁྲོ་ཚོགས་མཚོན་ཆའི་གུར༔ མ་བཅོས་དབྱིངས་སུ་གསལ་བས་མཚམས་བཅད་དོ༔ ཧཱུྃ་བཛྲ་རཀྵ་བྷྲཱུྃ༔ ཞེས་སྲུང་འཁོར་བསྒོམས་ལ་སྤོས་རོལ་གཡབ་དར་བཅས་ལས་གཞུང་སོ་སོ་ལྟར་བྱིན་དབབ། དེ་ནས་སྒྲུབ་རྫས་བྱིན་གྱིས་རླབས་པ་ནི༔ ཧཱུྃ་ཧྲཱི༔ ཡེ་ཤེས་སྙིང་པོའི་ཐུགས་ཀྱི་ཆོ་འཕྲུལ་ལས༔ མེ་ཆུ་རླུང་གིས་དངོས་འཛིན་བསྐལ་པ་བཤིགས༔ དག་པའི་སྒྲུབ་གནས་བྷཉྫ་གཞལ་ཡས་ཁང༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿལས་བདུད་རྩི་ལྔ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་ཤ་ལྔར་གྱུར༔ ཁམས་ལྔ་ཡེ་ཤེས་ལྔ་ཡི་བདག་ཉིད་ལས༔ རིག་པའི་ཆོ་འཕྲུལ་མེ་རླུང་སྦྱོར་བ་ཡིས༔ དབྱིངས་རིག་དབྱེར་མེད་བདེ་སྟོང་ངང་དུ་ཞུ༔ ཡེ་ཤེས་ལྔ་ཡི་འོད་ཟེར་བསམ་ཡས་འཕྲོས༔ འཁོར་འདས་དྭངས་མའི་བཅུད་བསྡུས་རིགས་ལྔར་གྱུར༔ ཡབ་ཡུམ་མཉམ་སྦྱོར་བྱང་ཆུབ་སེམས་སུ་ཞུ༔ རྫས་རྣམས་ཡེ་ཤེས་བདུད་རྩིར་འཁྱིལ་བར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་བཟླས་ཤིང་བྱིན་གྱིས་བརླབས༔ འཁོན་གཅུགས་བཤགས་པ་ནི༔ ཧཱུྃ་ཧྲཱི༔ ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལ༔ མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ༔ བདེ་དང་སྡུག་བསྔལ་འབྲས་བུ་སོ་སོར་སྨིན༔ དེ་ལྡོག་ཕྱིར་ན་རྒྱལ་བའི་དམ་མནོས་ཀྱང༔ སྙོམས་ལས་དབང་གིས་དམ་ལས་འགལ་གྱུར་རྣམས༔ དམིགས་མེད་ཆོས་ཀྱི་དབྱིངས་སུ་བཟོད་པར་གསོལ༔ བཟོད་པར་བཞེས་ལ་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་དང་ཡིག་བརྒྱ་བརྗོད། གསུམ་པ་ཆོ་ག་དངོས་ལས་དངོས་གྲུབ་བསྡུ་བ་ནི༔ ཧཱུྃ་ཧྲཱི༔ རང་རིག་དབྱིངས་དང་གཉིས་སུ་མེད་པ་ཡི༔ ལྷ་ཚོགས་བདེ་ཆེན་རྒྱས་པའི་སྦྱོར་མཚམས་ནས༔ འོད་ཟེར་མཐའ་ཡས་ནམ་མཁའ་ཁྱབ་པར་འཕྲོས༔ རྒྱལ་བ་མཆོད་ཅིང་འགྲོ་བའི་སྒྲིབ་པ་སྦྱངས༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན་འདུས་ཏེ༔ བདག་ལ་ཐིམ་པས་གང་འདོད་ལྷུན་གྱིས་གྲུབ༔ རྫས་ལ་ཐིམ་པས་བདུད་རྩིའི་རྒྱ་མཚོར་གྱུར༔ ཅེས་བསྐུལ་ཞིང་དམིགས་ལ་ལྷ་རྣམས་ཀྱི་སྙིང་པོའི་མཐར༔ སརྦ་ཨ་མྲྀཏ་ཀུཎྜ་ལཱི་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་སྟོང་ཕྲག་བཟླ། གནད་ནས་བསྐུལ་བ་ནི༔ རང་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས་པས༔ བླ་མ་རིག་འཛིན་རྒྱལ་བ་སྲས་བཅས་བདེ་གཤེགས་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་རྣམས་བུ་ཡུག་འཚུབས་པ་ལྟར་བྱོན་ནས་རང་དམ་ཚིག་པ་ལ་ཐིམ་པར་བསམ༔ ཧཱུྃ་ཧྲཱི༔ བླ་མ་རིག་འཛིན་རྒྱལ་བ་སྲས་དང་བཅས༔ བདེ་གཤེགས་ཞི་ཁྲོ་མཁའ་འགྲོ་དམ་ཅན་རྣམས༔ འོག་མིན་ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ གཉིས་སུ་མེད་པའི་ཕྱག་བགྱི་བཞེས་སུ་གསོལ༔ དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ གནས་འདིར་བདེ་གཤེགས་དངོས་གྲུབ་མི་སྟེར་ན༔ སྔོན་གྱི་ཐུགས་དམ་གཉན་པོ་མི་འགལ་ལམ༔ དེ་བས་ད་ལྟ་ཉིད་དུ་དངོས་གྲུབ་སྩོལ༔ ཅེས་བསྐུལ་ཞིང་སྙིང་པོའི་མཐར༔ ས་མ་ཡ་བཛྲ་ས་མ་ཡ༔ ཞེས་བཏགས་པ་སྟོང་ཕྲག་བཟླ༔ དེ་ནས་དངོས་གྲུབ་བསྐུལ་བ་ནི༔ ཧཱུྃ༔ རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་པའི༔ ལོངས་སྤྱོད་རྫོགས་སྐུ་ཞིང་ཁམས་ཆེན་པོ་འདིར༔ རིག་འཛིན་འདུས་པ་བླ་མའི་དཀྱིལ་འཁོར་ཚོགས༔ དང་པོ་མ་རིག་མུན་པའི་སྨག་གཏིབས་ནས༔ རང་དང་དབྱེར་མེད་བཞུགས་ཀྱང་ཞལ་མ་མཇལ༔ དེ་ནས་བཀའ་དྲིན་ཅན་གྱི་བླ་མ་ཡི༔ ཐུགས་རྗེའི་མན་ངག་ཟབ་མོའི་སྒྲོན་མེ་ཡིས༔ རང་རིག་རང་གསལ་ལྷ་དང་དཀྱིལ་འཁོར་མཇལ༔ བར་དུ་ཡི་དམ་སྐྱབས་འོས་མཆོད་པའི་གནས༔ བསྒྲུབས་བསྒྲུབས་བསྙེན་བསྙེན་གྲུབ་པ་མཐར་ཕྱིན་ནས༔ ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་སྨིན༔ ད་ནི་ལྷ་མཆོག་ཁྱེད་དང་གཉིས་སུ་མེད༔ རྡོ་རྗེ་སེམས་དཔའི་ནམ་ཡང་ལང་ལ་ཁད༔ བདེ་གཤེགས་ཀུན་འདུས་མཁའ་ཀློང་ཡངས་པ་རུ༔ མ་རིག་རང་སངས་ཐུགས་རྗེའི་ཉི་མ་ཤར༔ ད་ནི་དངོས་གྲུབ་འབྱུང་བའི་དུས་ལ་བབས༔ འདོད་པའི་འབྲས་བུ་མྱུར་དུ་མཆིས་པར་མཛོད༔ ཅེས་བསྐུལ་ལ་ཐུགས་སྒྲུབ་སོ་སོའི་ལས་བྱང་ནས་འབྱུང་བའི་དངོས་གྲུབ་བླང་བའི་ཚིག་བརྗོད་ལ་བསྒྲུབ་རྟེན་རྣམས་གནས་གསུམ་དུ་གཏུགས། སྔགས་ཛཔ྄་དབྱངས་ཀྱི་ཚུལ་དུ་བརྗོད་ལ་དངོས་གྲུབ་ཀྱི་རྫས་རྣམས་སློབ་དཔོན་ནས་བརྩམ་ནས་མཆེད་ལྕམ་ཐམས་ཅད་ལ་བཀྱེ། བདུད་རྩིའི་གནས་གསུམ་དུ་ཐིག་ལེ་བྱ༔ རྫས་རྣམས་རོལ་ལ་བདེ་སྟོང་གི་ཉམས་བསྐྱང༔ མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྟན་ཐོག་འདི་ཉིད་དུ་བདེ་བླག་གི་ཚུལ་གྱིས་ཐོབ་པར་གྱུར་པར་བསམ༔ དེ་ནས་གཞན་དོན་དབང་བསྐུར་བྱ་དགོས་ན་རྒྱས་འབྲིང་བསྡུས་པ་འོས་བསྟུན་སྐབས་འདིར་བྱ་བ་ཡིན་ནོ། །གཉིས་པ་རྗེས་མཐའ་རྒྱས་ཀྱི་ལས་རིམ་ལ་གསུམ༔ དཀྱིལ་འཁོར་དང་འབྲེལ་བའི་རྗེས་ཆོག༔ ཕྱི་མཚམས་བཀྲོལ་བ༔ སྨོན་ལམ་སོགས་མཐར་དགེའི་བྱ་བ་རྣམས་སོ༔ དང་པོ་ནི༔ ཚོགས་ལ་ལོངས་སྤྱད་པ་སྔོན་དུ་མ་གྲུབ་ན་འདིར་བྱ། སྔར་བཙོན་དུ་གཟུང་བའི་ལྷག་མ་དང་ལྷན་ཅིག་ལྷག་ཆོག་བཏང་ཞིང་སྒྲུབ་ཁང་གི་ལྷོ་ནུབ་ཏུ་གོམ་པ་བདུན་ཅུའི་སར་སྐྱེལ། ཆོས་སྲུང་གཏོར་འབུལ་སྐབས་རྒྱུན་བཞག་གཏོར་མ་རྣམས་ཡང་ཐོག་སོགས་སུ་འབུལ། ཆད་བརྟན་ཡང་རྒྱུན་བཞག་ཕྱིར་གཏང་། ཆད་མདོའི་སྐབས་ཟོར་བསྐུལ་ཡང་སྦྱར་ལ་རྟ་བྲོ་བརྡུང་། མཆོ་པ་ཁ་གསོས་ལ་གཏང་རག་གི་མཆོད་བསྟོད་བྱ་ཞིང་ནོངས་བཤགས་ཡིག་བརྒྱ་ལན་གསུམ་བརྗོད། མདུན་བསྐྱེད་ཆོ་གས་མགྲོན་གྱི་ལྷ་ཡེ་ཤེས་པ་རྣམས་རྟེན་དང་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟན་བཞུགས་བྱ་དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་ཀྱི་དཀྱིལ་འཁོར་ཡང་འོད་གསལ་དུ་བསྡུ་ཞིང་གཉུག་མའི་ལྷ་སྐུར་ལྡངས་ལ་གནས་གསུམ་བསྲུང་བ་སོགས་གོ་ཆ་བགོ །སྤྱོད་ཡུལ་ལམ་ཁྱེར་གྱི་རྣལ་འབྱོར་དང་མ་བྲལ་བར་བྱའོ། །རྗེས་བཀྲ་ཤིས་པའི་རྟེན་འབྲེལ་དུ་གཏེར་བུམ་སྦ་བ་ནི། རྫ་བུམ་བྲེ་གང་ཤོང་བའི་ནང་དུ་ལྔ་ཚན་ལྔ་དང་དར་ཟབ་སྨན་འབྲུ་རིན་ཆེན་ཟས་སྣ་རྣམས་དང་སྒྲུབ་གཏོར་གྱི་ཆ་ཤས་ཀྱིས་བཀང་བ་ཁ་བཅད་ལ་སྒྲུབ་ཁང་གི་ཕུག་ལོག་ལྟ་བུར་སྦ། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བརླབས། ཨོཾ༔ བཀྲ་ཤིས་ས་ཡི་ལྷ་མོའི་མཁའ་དབྱིངས་སུ༔ བསྒྲུབས་པའི་རྫས་དང་ལོངས་སྤྱོད་འདོད་རྒུའི་ཚོགས༔ ཡིད་བཞིན་ནོར་བུ་དཔལ་གྱི་བུམ་པ་བཟང༔ མི་ཟད་ནམ་མཁའ་མཛོད་ཀྱི་གཏེར་སྦས་པས༔ རྡོ་རྗེ་སློབ་དཔོན་སྒྲུབ་པའི་མཆེད་ལྕམ་ཀུན༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་རྒྱས་པ་དང༔ ས་ཕྱོགས་ཀུན་ཀྱང་བཀྲ་ཤིས་བྱིན་ཆགས་ཤིང༔ སྲིད་ཞིའི་དགེ་ལེགས་ངང་གིས་འདུ་བར་ཤོག༔ ནམ་ཞིག་མི་རྟག་སྐྱེ་འཆི་འབྱུང་བའི་ཚེ༔ ཟད་མེད་རིན་ཆེན་གཏེར་ལ་ལོངས་སྤྱོད་ནས༔ འཇིགས་དང་སྡུག་བསྔལ་ཕོངས་པ་ཀུན་ཞི་ཞིང༔ སྐུ་བཞིའི་རྒྱལ་སྲིད་ཆེན་པོ་ཐོབ་པར་ཤོག༔ སུ་པྲ་ཏིཥྛ་དང་། ཡེ་དྷརྨ་དང་བཀྲ་ཤིས་རྒྱས་པར་བརྗོད་ལ། མི་མངོན་པར་རྒྱས་གདབ་བོ། །གཉིས་པ་ཕྱི་མཚམས་བཀྲོལ་བ་ནི༔ རྒྱལ་ཆེན་བཞི་ལ་ཟླུམ་གཏོར་རེ་རེ། སྒོ་ལ་དམར་གཏོར་དང་སོ་སོར་ཕྱི་མཆོད་བཅས་བཤམས། ཕྱི་རོལ་དུ་ཕྱིན་ལ་ཤར་གྱི་ཐོ་རྩར་འཁོད་ལ་མཆོད་གཏོར་རྣམས། རཾ་ཡཾ་ཁཾ་གིས་བསང༔ ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་རླབས༔ ཨོཾ་དྷིཥྚ་རཱཥྚ་ཡ་སོགས་སྔགས་ལན་གསུམ་གྱིས་གཏོར་མ་ཕུལ༔ ཨོཾ་བཛྲ་པུཥྤེ་སོགས་ཀྱིས་མཆོད༔ ཧཱུྃ༔ ཕྱི་ལྟར་རྒྱལ་ཆེན་ཡུལ་འཁོར་སྲུང༔ ནང་ལྟར་བུདྡྷ་ཧེ་རུ་ཀ༔ གསང་བ་རྣམ་པར་སྣང་མཛད་དེ༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ སྒྲུབ་པ་སྲུང་མཛད་སྐུ་དྲིན་དུ༔ གཏང་རག་མཆོད་བཞེས་དབྱིངས་སུ་གཤེགས༔ བཛྲ་མུ༔ ཞེས་གཤེགས་ལ་ཐོ་དང་མཆོད་པ་བསྡུ། དེས་འགྲེས་ཏེ། ལྷོར་ཕྱིན་ལ། བྱིན་རླབས་དང་། ཨོཾ་བི་རཱུ་ཌྷ་ཀཱ་ཡ་སོགས་གཏོར་མཆོད་སྔགས་ཀྱིས་འབུལ། ཧཱུྃ༔ ཕྱི་ལྟར་རྒྱལ་ཆེན་འཕགས་སྐྱེས་པོ༔ ནང་ལྟར་ཀརྨ་ཧེ་རུ་ཀ༔ གསང་བ་དོན་ཡོད་གྲུབ་པ་སྟེ༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ སྒྲུབ་པ་སྲུང་མཛད་སྐུ་དྲིན་དུ༔ གཏང་རག་མཆོད་བཞེས་དབྱིངས་སུ་གཤེགས༔ བཛྲ་མུ༔ ནུབ་ཀྱི་ཐོ་རྩར་ཕྱིན་ལ། བྱིན་རླབས་དང་། ཨོཾ་བི་རཱུ་པཱཀྵ་ཡ་སོགས་གཏོར་མཆོད་སྔགས་ཀྱིས་ཕུལ། ཧཱུྃ༔ ཕྱི་ལྟར་རྒྱལ་ཆེན་སྤྱན་མི་བཟང༔ ནང་ལྟར་པདྨ་ཧེ་རུ་ཀ༔ གསང་བ་སྣང་བ་མཐའ་ཡས་ཏེ༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ སྒྲུབ་པ་སྲུང་མཛད་སྐུ་དྲིན་དུ༔ གཏང་རག་མཆོད་བཞེས་དབྱིངས་སུ་གཤེགས༔ བཛྲ་མུ༔ བྱང་གི་ཐོ་རྩར་འཁོད་ལ། བྱིན་རླབས་དང་། ཨོཾ་བཻ་ཤྲ་བ་ཎ་ཡ་སོགས་གཏོར་མཆོད་སྔགས་ཀྱིས་ཕུལ། ཧཱུྃ༔ ཕྱི་ལྟར་རྒྱལ་ཆེན་རྣམ་ཐོས་སྲས༔ ནང་ལྟར་རཏྣ་ཧེ་རུ་ཀ༔ གསང་བ་རིན་ཆེན་འབྱུང་ལྡན་ཏེ༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ སྒྲུབ་པ་སྲུང་མཛད་སྐུ་དྲིན་དུ༔ གཏང་རག་མཆོད་བཞེས་དབྱིངས་སུ་གཤེགས༔ བཛྲ་མུ༔ ཞེས་གཤེགས། སྒོ་བྱང་བཀྲོལ་བ་ནི༔ ཕྱི་སྒོར་མཆོད་གཏོར་བཤམས་ལ་སྔར་བཞིན་བྱིན་བརླབས། ཨོཾ་ཀརྨ་ཡ་མ་རཱ་ཛ་ཧཱུྃ་ཕཊ་ས་པ་རི་བཱ་ར་སོགས་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་ཕུལ། ཨོཾ་བཛྲ་པུཥྤེ་སོགས་ཀྱིས་མཆོད། ཧཱུྃ༔ དཔལ་གྱི་ཕོ་ཉ་སྒོ་སྲུང་ནི༔ མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ༔ གཏང་རག་མཆོད་པ་འདི་འབུལ་ལོ༔ ཉམས་ཆག་འགལ་འཁྲུལ་ཐམས་ཅད་བཤགས༔ སླར་ཡང་འཁོར་སྲུངས་རྐྱེན་རྣམས་ཟློགས༔ བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ༔ གཙྪས་རང་གནས་སུ་གཤེགས་ལ་སྒོ་བྱང་བསྡུ༔ དེ་ནས་ནང་དུ་ཕྱིན་ལ་སློབ་དཔོན་ནམ་རྒྱལ་ཐེབས་དཀྱིལ་འཁོར་ནུབ་ཏུ་འཁོད་ལ༔ ཨོཾ་བཛྲ་ཀཱི་ལ་ཡ་ཨུཏྐཱི་ལ་ཡ་སརྦ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་ལག་གཉིས་སྐམ་པའི་ཕྱག་རྒྱ་དང་བཅས་དང་པོར་གདབ་རིམ་ལས་ལྡོག་ཕྱོགས་སུ་ཕྱུང་སྟེ༔ ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ༔ ཞེས་ཕུར་རྩེ་འོ་མས་བཀྲུ། ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་ཡིད་ལ་བྱས་ཏེ་དྲིལ་བུ་དཀྲོལ་ཞིང༔ ཨ་ཀཱ་རོའི་སྔགས་བརྗོད་བཞིན་པས་འཇམ་རོལ་དང་བཅས་རས་བྲིས་དཀྱིལ་འཁོར་བསྡུ༔ རྡུལ་ཚོན་ཡིན་ན་ཤར་ནས་དབུས་སུ་བསྡུ་ཞིང་ཚོམ་བུ་སྤྱི་བོར་བཀོད༔ ལྷག་མ་ཀླུ་ཆོག་བཅས་ཆུ་ཀླུང་ཆེན་པོར་གཤེགས་སོ༔ གསུམ་པ་སྨོན་ལམ་སོགས་མཐར་དགེའི་བྱ་བ་ནི༔ གཞུང་ཆེན་པོ་རྣམས་སུ་སྐབས་འདིར་སློབ་དཔོན་ལ་བཟོད་པར་གསོལ་ཞིང་གཏང་རག་འབུལ་བ། མཆེད་ཀྱི་ནོངས་བཤགས་རྣམས་འབྱུང་ཡང་ལུགས་འདིར་མ་བཤད་པས་ས་བཅད་ཙམ་དུ། ཡེ་ཤེས་སྐུ་མཆོག་སོགས་དང་། རྗེ་བཙུན་བླ་མ་རྣམས་ཀྱི་སོགས་བརྗོད། ལས་གཞུང་སོ་སོ་ནས་འབྱུང་བའི་སྨོན་ལམ་སྤྱིར་གདབ༔ ཁྱད་པར་མར་མེ་སྨོན་ལམ་ནི༔ ཐམས་ཅད་ཀྱི་ལག་པ་ལུ་གུ་རྒྱུད་དུ་སྦྲེལ་ཞིང་གཡས་སུ་མར་མེ་ཐོགས༔ སློབ་དཔོན་ནམ་རྒྱལ་ཐེབས་ཀྱིས་བྱང་དྲངས་ལ༔ ཧོ༔ ཡང་གསང་རིག་འཛིན་བླ་མའི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་མཆོག་གི་བཀའ་དྲིན་གྱིས༔ དུས་གསུམ་འབྲལ་མེད་འགྲོགས་པའི་མཆེད་ལྕམ་རྣམས༔ དཀྱིལ་འཁོར་གསུམ་དུ་བསྙེན་བསྒྲུབ་མཐར་ཕྱིན་པའི༔ ཏིང་འཛིན་རྩེ་གཅིག་ཟབ་མོ་འདི་ཡི་མཐུས༔ རིགས་ཀྱི་གཙོ་བོ་རྡོ་རྗེ་སློབ་དཔོན་དང༔ དམ་ཚིག་གཅིག་པའི་མཆེད་དང་ལྕམ་དྲལ་དང༔ ཟབ་མོའི་དབང་གིས་འབྲེལ་བའི་གཟུངས་མ་གསུམ༔ ཚེ་རབས་ཀུན་ཏུ་མི་འབྲལ་ལྷན་ཅིག་པས༔ བདེ་ཆེན་ཚོགས་ཀྱི་འདུ་བར་རྟག་སྤྱོད་ཅིང༔ བླ་མེད་གསང་བའི་མྱུར་ལམ་ལ་བརྟེན་ནས༔ ས་བཅུའི་ཁྱད་པར་རིམ་གྱིས་བགྲོད་པར་ཤོག༔ ནམ་ཞིག་ཚེ་འཕོས་ལུས་བརྗེས་དུས་བྱུང་ཚེ༔ འཁོར་བའི་གཡང་སར་ལན་གཅིག་ལྟུང་སྲིད་ཀྱང༔ སྣང་བའི་གོ་འབྱེད་ཡེ་ཤེས་མར་མེ་འདིས༔ གཏི་མུག་མུན་པའི་སྨག་རུམ་དབྱིངས་སུ་བསལ༔ འདོད་ཆགས་གཅོང་རོང་རྣམས་སུ་མི་འཁྱམས་ཤིང༔ ཞེ་སྡང་དམྱལ་བའི་ཟངས་ཁར་མི་འགྲིམ་དང༔ ང་རྒྱལ་གཅན་གཟན་གདུག་པའི་སྐད་མི་ཐོས༔ ཕྲག་དོག་མཚོན་ཆ་རྣོན་པོས་མི་ཕོག་ཤོག༔ རྣམ་སྨིན་ཚེ་དབང་ཕྱག་རྒྱ་ཆེན་པོ་དང༔ ལྷུན་གྱིས་གྲུབ་པའི་གོ་འཕང་ཉེར་བགྲོད་དེ༔ ཀུན་ཏུ་འོད་ཀྱི་ས་ལ་ཕྱིན་པའི་ཚེ༔ རིག་འཛིན་བླ་མ་རྣམས་ཀྱིས་མདུན་བསུས་ཤིག༔ ཡི་དམ་ལྷ་ཚོགས་རྣམས་ཀྱིས་རྒྱབ་རྟེན་ཅིག༔ མ་ཚོགས་མཁའ་འགྲོ་རྣམས་ཀྱིས་མཐའ་སྐྱོར་ཅིག༔ འཁོར་ལོ་ཚོགས་ཆེན་གནས་སུ་ལམ་སྣ་དྲོངས༔ འོད་གསལ་བླ་མ་ཆོས་སྐུའི་ཞལ་མཐོང་ནས༔ ལོངས་སྤྱོད་རྫོགས་སྐུ་ཆེན་པོར་ལྷུན་གྱིས་གྲུབ༔ མ་འགགས་སྤྲུལ་པའི་སྒྱུ་འཕྲུལ་རྩལ་འཆང་བས༔ ཁམས་གསུམ་ཐིག་ལེ་ཆེན་པོར་དོང་སྤྲུག་ཤོག༔ བླ་མ་རིག་འཛིན་བསྒྲུབས་པའི་ས་ཕྱོགས་འདིར༔ ནད་མུག་འཁྲུག་རྩོད་སྐལ་ངན་ཀུན་ཞི་ཞིང༔ དགེ་ལེགས་ཡོན་ཏན་ངང་གིས་འདུ་བ་དང༔ གསང་སྔགས་བསྟན་པ་མཐའ་རྒྱས་བཀྲ་ཤིས་ཤོག༔ ཅེས་བརྗོད། གཞན་ཡང་ཐེག་པ་ཆེན་པོ་སྤྱི་དང་གསང་བ་བླ་མེད་ཀྱི་སྨོན་ལམ་ཇི་ལྟར་རིགས་པ་གདབ༔ ཞལ་ནས་གསུངས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་ཐོག་དྲངས༔ ལས་གཞུང་སོ་སོ་ནས་འབྱུང་བའི་བཀྲ་ཤིས་སོགས་ཤིས་བརྗོད་རྒྱས་པར་བརྗོད་ཅིང་མེ་ཏོག་གི་ཆར་དང་རོལ་མོ་སྙན་ལ་རིང་བས་དྭངས་ཤིང་སྤྲོ་བ་བྱ༔ ཁ་སྐོང་དུ་རྒྱས་པའི་སྦྱིན་སྲེག་དང་ཞག་གསུམ་སོགས་གནས་གསུམ་སྲུང་ཞིང་ཚོགས་མཆོད་ལ་སོགས་པའི་དགའ་སྟོན་རྒྱས་པར་སྤེལ་བས་ལེགས་ཚོགས་རྒྱུན་མི་ཆད་པར་འཕེལ་བའི་རྟེན་འབྲེལ་དུ་འགྱུར་རོ༔ གསང་ཆེན་བླ་མེད་མྱུར་ལམ་མཐར་ཐུག་གི །བདུད་རྩིའི་བཅུད་མྱོང་རིག་འཛིན་ཚོམ་བུའི་ཚོགས། །གྲངས་ལས་འདས་པས་འཇིག་རྟེན་ཀུན་ཁྱབ་སྟེ། ཁམས་གསུམ་གདོད་མའི་དབྱིངས་སུ་གྲོལ་གྱུར་ཅིག །ཡན་ལག་གི་ཐུགས་སྒྲུབ་གཉིས་པོའི་སྒྲུབ་ཁོག་མྱོང་གྲོལ་སིདྡྷི་རིལ་བུའི་སྒྲུབ་པ་དང་འབྲེལ་བ་འདི་ཉིད་གཏེར་ཆེན་མཆོག་གྱུར་གླིང་པས་གོ་སྟོད་འོད་འབར་བྲག་ནས་སྤྱན་དྲངས་ནས་གཏན་ལ་ཕབ་པའི་ཡི་གེ་པ་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པའི་ཕྱག་བྲིས་གཞན་གྱིས་ཀློག་ཏུ་མི་གཏུབ་པ་གོང་གསལ་གྱིས་དཔེ་གཉིས་པ་འབྲི་བར་བཞེད་ཀྱང་རིམ་ལུས་སུ་གྱུར་པ། སླད་ནས་ཞབས་བསྐུལ་ནན་དུ་ཞུས་པས་གཏེར་གཞུང་དངོས་སྟོད་ཆ་ཙམ་དང་འདོན་ཆ་ཚང་བ་གསལ་བཀོད་བཀའ་དྲིན་དུ་བསྩལ་པ་ཐོབ་པས། ཡན་ལག་ཐུགས་སྒྲུབ་གཉིས་ཀྱི་སྒྲུབ་ཁོག་དམིགས་བསལ་ཡོད་བཞིན་དུ་རྩ་བའི་ཐུགས་སྒྲུབ་ཀྱི་རྒྱས་འགེབས་ར་མགོ་ལུག་སྦྱར་སོགས་རང་བཟོའི་རིགས་མི་བྱ་ཀ་མེད་བྱུང་བ་རྣམས་ལ་ཕན་འདོད་ཀྱི་བསམ་པས་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པའི་ཡི་གེ་པ་ནི་ཉེ་བར་གནས་པ་གསང་སྔགས་བསྟན་འཛིན་གྱིས་ཞུས་པ་དགེ་ལེགས་འཕེལ།། ༈ །། སྭསྟི། སྙིགས་འགྲོའི་སྐྱབས་གཅིག་ཨོ་རྒྱན་བླ་མའི་སྐུ །བདེ་གཤེགས་ཀུན་འདུས་ཐུགས་སྒྲུབ་རྣམ་གཉིས་ཀྱི། ཁོག་དབུབ་དངོས་གྲུབ་འབྱུང་བའི་བུམ་པ་བཟང་། །འོག་མིན་མཚུར་མདོར་བཞེངས་དགེས་ཕྱི་ནང་གི །མི་མཐུན་དུས་ཀྱི་རྒུད་པ་ཀུན་ཞི་ཞིང་། །དགེ་ལེགས་རྫོགས་ལྡན་གསར་པའི་དཔལ་གྱིས་རྩེན། །སྡེ་བཞིའི་དཔལ་ལ་རྟག་ཏུ་སྤྱོད་གྱུར་ཅིག །
ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཐེམ་ཡིག་འཛོམ་བྱང་ (Volume 23, Text 1)
༁ྃ༔ ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཐེམ་ཡིག་འཛོམ་བྱང་བཞུགས་སོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བདག་འདྲ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ མ་འོངས་དོན་དུ་གདམས་བཅུད་ཡི་གེར་བཀོད༔ སྐལ་བར་ལྡན་པའི་ཤེལ་དཀར་མཚོ་ལ་གཏད༔ བསྟན་པའི་མར་ཞབས་སྙིགས་མའི་དོན་བྱེད་དུ༔ རིན་ཆེན་ས་ཡི་གཏེར་གྱི་སྙིང་པོར་སྡོམས༔ ཨོ་རྒྱན་ང་ཡི་ཟབ་ཆོས་སྒྲུབ་སྐོར་ལ༔ ཐེམ་བྱང་བཀའ་སྲུང་མ་འཛོམ་གཅིག་ཀྱང་མེད༔ ཅི་ཕྱིར་ཨོ་རྒྱན་གདམས་པ་འཆོལ་གྱིས་དོགས༔ གཏེར་རིགས་ལྔ་ལས་འདི་ཉིད་སྙིང་པོའི་གཏེར༔ ཁོང་པའི་ནང་གི་སྙིང་ཁྲག་ལྟ་བུ་ཡིན༔ ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་བརྒྱ་ཕྲག་ལས༔ འདི་ཉིད་ཟབ་ལ་དངོས་གྲུབ་མྱུར་བ་སྟེ༔ སྐར་མའི་དབུས་ན་ཉི་ཟླ་ལྟ་བུ་ཡིན༔ ཐུགས་རྗེ་ཀུན་འདུས་རྩ་བའི་སྐོར་འདི་ལ༔ ཡིད་ཆེས་ཕྱིར་ན་ལོ་རྒྱུས་རིན་ཆེན་དང༔ རྩ་བའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་དང༔ བླ་མ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་དང༔ དཔའ་བོ་རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་དང༔ མཁའ་འགྲོ་རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་དང༔ གདམས་པ་འདི་བསྒྲུབ་གང་ཟག་ཐམས་ཅད་ལ༔ སྙིགས་དུས་ཆོས་ལ་དམ་ཉམས་དགྲ་བྱུང་ན༔ ཆོས་སྐྱོང་དམ་ཅན་རྡོར་ལེགས་སྒྲུབ་ཐབས་དང༔ གཏེར་བདག་གནམ་སྨན་དཀར་མོའི་སྒྲུབ་ཐབས་དང༔ ཆོས་ཚན་བདུན་ཡོད་སྙིང་ལྟར་གཅེས་པར་ཆོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྨིན་པར་བྱེད་པའི་དབང་ལ་དྲུག་ཡིན་ཏེ༔ ལུས་སྨིན་སྤྲོས་བཅས་བུམ་དབང་ཆེན་མོ་དང༔ ངག་སྨིན་གསང་དབང་སྤྲོས་མེད་ཆེན་མོ་དང༔ སེམས་སྨིན་ཤེས་ཡེ་རབ་ཏུ་སྤྲོས་མེད་དང༔ སྒོ་གསུམ་སྨིན་པ་ཚིག་དབང་རིན་ཆེན་དང༔ གཞན་དོན་དབང་སྦྱིན་གཏོར་དབང་རྒྱ་མཚོ་དང༔ ལམ་གྱི་རྐྱེན་སེལ་ཚེ་དབང་རིན་ཆེན་དང༔ ཆོས་ཚན་དྲུག་ཡོད་སྙིང་ལྟར་གཅེས་པར་ཆོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐྱེ་འགྲོ་རིགས་དྲུག་དོང་ནས་སྤྲུགས་པའི་ཕྱིར༔ ཐུགས་རྗེའི་ཕྱི་སྒྲུབ་ཁྲོམ་ཆོས་ཆེན་པོ་དང༔ ཐུགས་རྗེའི་ནང་སྒྲུབ་རང་ཉམས་ལེན་པ་དང༔ ཐུགས་རྗེའི་གསང་སྒྲུབ་ཕྱག་སྟོང་སྤྱན་སྟོང་དང༔ ཀུན་ཀྱང་འཆི་བ་འདི་ལས་ཐར་མེད་པས༔ མ་བསྒོམ་སངས་རྒྱས་འཕོ་བ་བཏབ་ཆོག་སྟེ༔ དུམ་བུ་བཞི་ཡིན་སྙིང་ལྟར་གཅེས་པར་ཟུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཐུགས་རྗེའི་ཐུགས་ཁྲིད་འཁོར་བ་དོང་སྤྲུགས་ལ༔ སྔོན་དུ་འགྲོ་བ་ཁྲིད་རྐང་བཅུ་ཡོད་ཅིང༔ དངོས་གཞི་ཉིད་ལ་ཁྲིད་རྐང་བརྒྱད་ཡོད་དོ༔ རྗེས་ལ་ཁྲིད་རྐང་ལྔ་ཡིས་སངས་རྒྱས་འགྲུབ༔ བསྟན་པའི་སྙིང་ཡིན་འདི་ཉིད་གཅེས་པར་ཟུངས༔ དོན་ཁྲིད་འདི་ལ་གཙིགས་སུ་བྱེད་པ་གཅེས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལས་ཚོགས་སྐོར་ནི་གང་ལ་གང་འདུལ་ཏེ༔ ཁྲུས་ཀྱི་རྣལ་འབྱོར་ནད་གདོན་སེལ་བ་དང༔ ཟས་ཀྱི་རྣལ་འབྱོར་ཚོགས་གསོག་ལམ་ཁྱེར་དང༔ བསྐོར་བའི་རྣལ་འབྱོར་འགྲོ་བ་ལམ་ཁྱེར་དང༔ གཏོར་མའི་རྣལ་འབྱོར་ཚོགས་གཉིས་ལམ་ཁྱེར་དང༔ གཉིད་ཀྱི་རྣལ་འབྱོར་འོད་གསལ་ལམ་ཁྱེར་དང༔ གཏུམ་མོའི་རྣལ་འབྱོར་འཁྱག་པ་ལམ་ཁྱེར་དང༔ ལྟོག་པ་ལམ་ཁྱེར་བཅུད་འབྱུང་ཆེན་མོ་དང༔ འཇིགས་པ་ལམ་ཁྱེར་གཅོད་ཡུལ་ལམ་ཁྱེར་དང༔ གཞན་ཕན་ལམ་ཁྱེར་བསྲུང་བ་བཅས་ཆོག་དང༔ མེ་མཆོད་ལམ་ཁྱེར་ཚོགས་གསོག་ཆེན་མོ་དང༔ ཆར་གཅོད་ཡིད་བཞིན་ནོར་བུ་ཆེན་པོ་དང༔ བཏགས་གྲོལ་ལམ་ཁྱེར་མཐོང་བ་དོན་ལྡན་དང༔ འབྱུང་བ་རླུང་གི་ལུས་ཀྱི་སྡིག་སྦྱོང་དང༔ མཛེ་ནད་གསོ་བ་ནད་བྱང་ཆེན་པོ་དང༔ སྲི་འུ་གསོ་བ་འཚོ་འཕེལ་ཆེན་པོ་དང༔ ནད་གདོན་བསྲུང་བ་རེག་པ་གོ་ཆ་དང༔ གསོལ་བ་གདབ་པ་བྱིན་རླབས་རྒྱ་མཚོ་དང༔ བུམ་སྒྲུབ་ཆེན་པོ་བུམ་སྒྲུབ་སྲུང་ཟློག་དང༔ གཤིན་ཆོག་སྒྲིབ་པ་ཀུན་སེལ་བདུན་ཚིགས་དང༔ རོ་སྲེག་ཕུང་པོ་ནད་སྦྱོང་ཆེན་པོ་དང༔ སཱཙྪ་གདབ་པ་འབྱུང་བའི་ཚོགས་གསོག་དང༔ དུམ་བུ་ཉི་ཤུ་ལས་ཚོགས་སྐོར་རྣམས་རྫོགས༔ སྐལ་ལྡན་བུ་ཡིས་འདི་རྣམས་ལེགས་པར་སྤྱོད༔ སྤྱི་རུ་དྲིལ་བས་དུམ་བུ་སོ་བདུན་ཏེ༔ འཛོམ་ཡིག་དང་བཅས་སོ་བརྒྱད་དག་གིས་བསྒྲུབ༔ དགོས་འདོད་འབྱུང་བའི་ཡིད་བཞིན་ནོར་བུ་འདིར༔ ཐུགས་རྗེ་ཆེན་པོའི་རིགས་རྣམས་ཐམས་ཅད་འདུས༔ བདེ་གཤེགས་རྒྱལ་བ་ལྷ་ཚོགས་ཀུན་འདུས་ཤིང༔ འདི་དང་ངན་སོང་ཀུན་སྐྱོབ་གཉིས་སྦྲེལ་ན༔ གསེར་གྱི་རྡོ་རྗེ་གཡུ་ཡི་དྲིལ་བུ་ལ༔ ཉི་ཟླ་གཟའ་སྐར་ཕྲ་ཡིས་བཏབ་པ་འདྲ༔ དེ་ཡི་ཕྱིར་ན་འདི་ཉིད་གཅེས་པར་ཟུངས༔ འདི་དང་ངན་སོང་ཀུན་སྐྱོབ་གཉིས་སྦྲེལ་ན༔ ཕོ་བྲང་ལོངས་སྤྱོད་ཁྱིམ་བདག་འཛོམ་པ་འདྲ༔ འདི་དང་ངན་སོང་ཀུན་སྐྱོབ་གཉིས་འཛོམས་ན༔ དཔའ་བོས་གོ་བཏགས་ལག་ཏུ་མཚོན་ཐོགས་འདྲ༔ འདི་དང་ངན་སོང་ཀུན་སྐྱོབ་གཉིས་འཛོམས་ན༔ འཁོར་ལོ་སྒྱུར་རྒྱལ་བློན་འབངས་རྒྱས་པ་འདྲ༔ དེ་ཡི་ཕྱིར་ན་འདི་ཉིད་གཅེས་པར་ཟུངས༔ འདི་འདྲའི་ཟབ་ཆོས་ཁ་ཚང་དོན་འདྲིལ་བ༔ མ་འོངས་དུས་སུ་འགྲོ་བའི་གཉེན་གཅིག་པུ༔ བཻ་རོའི་སྤྲུལ་པ་རྡོ་རྗེ་གླིང་པར་གྲགས༔ པར་པ་ཏ་རུ་ཆོས་ཀྱི་འཁོར་ལོ་བསྐོར༔ རྒྱ་གར་ཡུལ་དུ་སྙན་པས་ཁྱབ་པ་འབྱུང༔ སྐལ་ལྡན་ཐུགས་སྲས་དེ་དང་འདི་འཕྲད་ན༔ ལུང་ཟིན་ཆོས་བདག་བུ་མཆོག་མང་པོ་དང༔ ཉེ་བའི་བུ་མོ་རྩ་ལྔ་་་དཔེ་གཅིག་ཏུ།བརྒྱད་ལྔ་ལ།་་་ལ་སོགས་འབྱུང༔ ཐེམ་བྱང་སྡོམས་ལ་ལག་ཁྲིད་ཟུར་དུ་སྟོན༔ དབང་དང་ཁྲོམ་ཆོས་འཕོ་བས་འབྲེལ་པ་ཐོབ༔ སྒྲུབ་ཐབས་ཀུན་གྱིས་རང་གཞན་དངོས་གྲུབ་སྒྲུབས༔ ལས་ཚོགས་ཀུན་གྱིས་གང་དགོས་མིག་ཚག་ཁོབས༔ ལས་བྱང་ཉིད་ཀྱིས་ཀུན་གྱི་ཁ་བསྐང་བྱ༔ ཟབ་ཁྲིད་ཉིད་ཀྱིས་ལས་ཅན་གྲོལ་བར་ཤོག༔ བཀའ་སྲུང་སྐུལ་ལ་བསྟན་པའི་དགྲ་བོ་སྒྲོལ༔ རང་གཞུང་ཚུགས་ལ་སྒྲུབ་ཐབས་བསྟན་པ་ཚུགས༔ ཐུགས་རྗེའི་བསྟན་པ་དར་ཞིང་རྒྱས་པར་འགྱུར༔ དེ་ཡི་ཕྱིར་དུ་ཐེམ་བྱང་ཡི་གེར་བཀོད༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཐུགས་རྗེས་སྐྱེ་འགྲོ་ཆོས་ལ་ཚུད་པ་དང༔ སྡུག་བསྔལ་ཀུན་ཞི་བདེ་ཆེན་ཐོབ་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དམ་རྒྱ༔ བཀའ་རྒྱ༔ བྱ་མཱ་ཏ༔ ༈ ༁ྃ༔ ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཡིད་བཞིན་ནོར་བུའི་ལས་ཚོགས་ཉི་ཤུ་པ་བཞུགས༔ ༁ྃ༔ ྈྈ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས༔ ཁྲུས་ཀྱིས་འགྲོ་བ་གཞན་གྱི་ནད་གསོ་ན༔ དཀྱིལ་འཁོར་ནས་ཀྱི་ཚོམ་བུ་བཀོད༔ དབུས་སུ་བུམ་པར་གཟུངས་ཐག་བཏགས་ལ་ལས་བྱང་གཞུང་བསྲང་ཚོགས་ལ་རོལ༔ བུམ་པའི་ནང་དུ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ཞུ་བས་བདུད་རྩིར་གྱུར༔ ནད་གདོན་བར་ཆད་ཞི་བར་བསམ་ཞིང༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཨེ་ཡཾ་རཾ་ལཾ་བཾ་ཤུདྡྷེ་ཤུདྡྷེ་ཆེ་གེ་མོའི་ནད་གདོན་ཞི་བར་གྱུར་ཅིག༔ ཨ་ཨ་ཨ་སྭཱ་ཧཱ༔ སྟོང་ཕྲག་རེ་ལ་ཁྲུས་རེ་བྱ༔ དེ་ཡིས་ནད་གདོན་བར་ཆད་ཞི་ནུས་སོ༔ རྗེས་སུ་བསྔོ་བ་སྨོན་ལམ་གྱིས་རྒྱས་བཏབ་བོ༔ ལེའུ་དང་པོའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈ ༁ྃ༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པའི༔ ཟས་ཀྱི་རྣལ་འབྱོར་ནི༔ རང་ཡི་དམ་དུ་བསྐྱེད་ལ༔ ཟས་སྐོམ་ཨོཾ་ཨཱཿཧཱུྃ༔ གསུམ་གྱི་བྱིན་གྱིས་བརླབས་ཤིང༔ ཨོཾ་ཨཱཿཧཱུྃ༔ རང་ལུས་ཐུགས་རྗེའི་དཀྱིལ་འཁོར་དུ༔ ནང་ནུབ་དུས་གསུམ་ཐམས་ཅད་དུ༔ ཕྱི་ནང་ཚོགས་མཆོད་འདི་འབུལ་བས༔ ཚོགས་གཉིས་རྫོགས་ཏེ་སངས་རྒྱས་ཤོག༔ སརྦ་ཏ་ཐཱ་ག་ཏ་གྷ་ཎ་ཙཀྲ་ལ་ཁཱ་ཧི༔ ཞེས་ཕུལ་ལ་རོལ༔ ལྷག་མ་བྱ་ཁྱི་ལ་སྦྱིན༔ བསྔོ་བས་རྒྱས་བཏབ་ལ་མ་ཎི་བརྒྱ་རྩ་བཟླས༔ དམིགས་མེད་དུ་ཀློད་དོ༔ ལེའུ་གཉིས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས་བསྐོར་བ་བསྐོར་ན༔ རང་གང་དུ་འགྲོ་ཡང༔ དབུས་ཕྱོགས་སུ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞུགས་ཤིང༔ རང་གི་རྐང་པ་བོར་བའམ་བཏེག་ལྟར༔ རིགས་དྲུག་ཐམས་ཅད་ཀུན་བསྐྱེད༔ མ་ཎིའི་སྒྲ་དི་རི་རི་བསྐོར་བར་བསམ་མོ༔ ལེའུ་གསུམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་སྒོ་ནས་གཏོར་མ་གཏོང་ན༔ གང་འབྱོར་བཤམས་ལ༔ རཾ་ཡཾ་ཁཾ་གིས་སྦྱངས་ལ༔ ཨོཾ་ཨཱཿཧཱུྃ་གསུམ་གྱིས་བདུད་རྩིར་གྱུར༔ བར་སྣང་ཕྱོགས་གླིང་ལྔ་པའི་དབུས་སུ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བསམ༔ ཤར་དུ་དཀོན་མཆོག་གསུམ༔ ལྷོར་ཆོས་སྐྱོང༔ ནུབ་ཏུ་ནོར་བདག༔ བྱང་དུ་རིགས་དྲུག་གཞི་བདག་བསམ༔ ཨོཾ་སརྦ་པཱུ་ཙ་བྷ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཞེས་འབུལ་ལོ༔ རྗེས་ལ་བསྔོ་བ་སྨོན་ལམ་བཏབ༔ ལེའུ་བཞི་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐ་མཱ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱི་རྣལ་འབྱོར་པས༔ གཉིད་ལམ་དུ་ཁྱེར་ན་རང་ཉལ་བའི་སྙིང་ཁ་ལ་པདྨ་འདབ་བརྒྱད་ཀྱི་ནང་ན༔ ཐུགས་རྗེ་ཆེན་པོ་སེན་གང་བ་ཞིག་རྣམ་ཤེས་མར་མེ་ལྟར་གསལ་ལེ་འདུག་པ་ལ༔ མ་ཡེངས་པར༔ སེམས་གཏད་པས་འོད་གསལ་དུ་གྲོལ་ཏེ་སངས་རྒྱས་སོ༔ ལེའུ་ལྔ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས༔ འཁྱག་པ་ལམ་དུ་ཁྱེར་ན༔ རླུང་གཟུང༔ ལུས་ཀྱི་མགོ་མཇུག་འཕུར་ལ༔ རྐང་པའི་སྟེང་དུ་བྲང་བ་བཞག༔ པུས་མོ་བྲང་ལ་སྦྱར༔ ལག་པ་གཉིས་བར་ལྷུ་བསྡམ༔ རང་ལུས་མེའི་གོང་བུ་ལ་མེ་སྦར་བ་བསྒོམས་ཏེ་སྦྱངས་པས༔ ཞག་གསུམ་ནས་རས་རྐྱང་ཐུབ་བོ༔ ལེའུ་དྲུག་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས༔ ལྟོག་པ་ལམ་དུ་ཁྱེར་ན༔ རིལ་བུ་མཐེབ་ཆུང་ཙམ་ལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་ཀྲུག་ཡེ་ཧྲཱིཿཧ་རི་ནི་ས༔ སིདྡྷི་ཕ་ལ་ཧྲཱི༔ ཅེས་པ་སྟོང་ཕྲག་གཅིག་བཟླས༔ ཉི་ཤུ་རྩ་གཅིག་མིད༔ སྟོད་སྨད་བསྐོར་ལ༔ མར་ཁུ་སྙུང་གང་བཏང༔ ཞག་བདུན་སོང་ནས་མུ་གེའི་སྡུག་བསྔལ་ཞི༔ ཟླ་བ་གཅིག་ལ་མཁའ་སྤྱོད་འགྲུབ་པར་འགྱུར་རོ༔ ལེའུ་བདུན་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས་འཇིགས་པ་ལམ་དུ་ཁྱེར་འདོད་ན༔ རང་གང་གཉན་སར་ཕྱིན་ལ༔ སེམས་ཐུགས་རྗེ་ཆེན་པོར་བསྒོམ༔ ལུས་འདི་ལ་མ་ཆགས་པར༔ གང་ཁྱེར་བ་ཁྱེར་ཤ་ཟོ་ཞིག༔ ཁྲག་ཐུངས་ཤིག༔ རུས་པ་མུར་ཅིག༔ རིངས་ན་མ་བཙོས་ལ་ཟོ་ཞིག༔ མ་རིངས་ན་ཚོས་ལ་ཟོ་ཞིག༔ ཅེས་བློས་བསྐྱུར་བསྡད་པས༔ ལྷ་འདྲེས་མི་བཟོད་པར་དངོས་གྲུབ་སྟེར་དུ་འོང་ངོ༔ ལེའུ་བརྒྱད་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས༔ སེར་བ་བསྲུང་བར་འདོད་ན་རང་རྟ་མགྲིན་དུ་བསྐྱེད་ལ༔ ཡི་གེ་བཅུ་པའི་མཇུག་ཏུ༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧཱུྃ༔ ཨ་ཡ་མ༔ པྲེ་དུ་ན་ཤ་ལ་ཧ་མ་ཕི་ཕི༔ སྤྲིན་གཏོར་སེར་བ་ཆོམས༔ ནཱ་ག་མཱ་ར་ཡ་ཟློག༔ ཅེས་བཟླས་ཤིང༔ གང་བསྲུང་གི་ཡུལ་ལམ་ས་རྡོ་རྗེ་མེ་རིས་བསྐོར་ཏེ༔ གསེར་གྱི་འཁོར་ལོས་བཀབ༔ སེར་རྐང་སྡིགས་མཛུབ་ཀྱིས་བཅད་པར་བྱའོ༔ ཐལ་ཆེན་དང་ཡུངས་ཐུན་བྲབ་བོ༔ ལེའུ་དགུ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ྈྈ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས་མེ་མཆོད་བྱེད་ན༔ ཞི་རྒྱས་དབང་དྲག་བཞི་ཀའི་ཐབ་བརྩིགས་ཏེ༔ ཤིང་སྣ་རྙེད་ཚད་བསགས་ཏེ༔ མེ་རྫས་སྣ་ཚོགས་ལ་སྦང་ཕྱེ་དང་བཅས་པས་བསྐོར༔ གང་དམིགས་ཀྱི་སྐྲ་དང༔ གོས་དུམ༔ སེན་མོ༔ ཁ་རླངས༔ དྲི་མ་རྣམས་བསགས་ཏེ༔ མེ་བཅུག་སྟེ༔ ལས་བྱང་ལྟར་ལྷ་དང་བཅས་པ་སྤྱན་དྲངས༔ ཕྱི་ནང་མཆོད་པ་བཤམ༔ མ་ཎིའི་སྒྲ་དབྱངས་ཀྱིས་བསྐོར༔ རྩ་སྔགས་ལྷ་རེའི་མཚན་ལ༔ ཞལ་དུ་འབུལ༔ རྗེས་ལ་དུ་ན་རམ་གྱིས་དགྲ་བགེགས་བསྲེག༔ དངོས་གྲུབ་བླང༔ ཡེ་ཤེས་པ་གཤེགས༔ བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ་བོ༔ དེས་ལས་བཞི་གང་བསམ་ཐོགས་པ་མེད་པར་འགྲུབ་བོ༔ ལེའུ་སྟེ་བཅུ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས་ཆར་གཅོད་ན༔ རང་ཡི་དམ་དུ་བསྒོམས་ལ༔ གཡེར་མ༔ ཚྭ༔ བག་ཕྱེ་རྣམས་བསྲེས་ཏེ༔ གསང་སྔགས་འདི་ཟླས་སོ༔ རྩ་སྔགས་ཤམ་བུར༔ ཨོཾ་ཆར་ཆོད་སྤྲིན་གཏོར༔ ས་མིན་བྷ་ར་ཡ་སྔོ་ཐེར༔ ཅེས་བརྗོད་ལ་ཁས་ཕྱོགས་བཅུར་གཏོར༔ ཐེ་ཚོམ་མེད་པར་ཆོད་དོ༔ ལེའུ་བཅུ་གཅིག་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་སྒོ་ནས་བཏགས་གྲོལ་བྱེད་ན༔ མེ་ལོང་མཁྱིད་བསྐོར་མ་ལ༔ བྱང་སེམས་དཀར་དམར་བཟང་དྲུག༔ སྐྱེ་བདུན་ཤ༔ མཚལ་དཀར་ལ་ཕྱེ་བསྲེས་ལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་ཏྲི་ཎི་སུ་བེ་དུ་ཛ༔ མ་ནུའི་སྡིག་པ་ཧང་ཧང༔ ཞེས་བྲིས་ཏེ་ཤ་དྲོད་དང་མ་བྲལ་བར་བཏགས་པས༔ གང་རེག་ཀྱང་སྡིག་སྒྲིབ་དག་ནས་སངས་རྒྱས་སོ༔ ལེའུ་བཅུ་གཉིས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས༔ རླུང་གི་ལས་ནི༔ ཤོག་གུའམ་ནི་ཤིང་བྱང་ལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་སྡིག་སྒྲིབ་ཐམས་ཅད་ཡ་ཡཾ༔ ཡཾ་ཡཾ་སིདྡྷི་ཧྲཱིང་ཧྲཱིང་ཧཱུྃ༔ ཞེས་བྲིས་ཏེ༔ རླུང་འོང་ཕྱོགས་སུ་འཁོར་དུ་གཞུག་གོ༔ དེས་རེག་ཚད་སེམས་ཅན་རྣམས་སྡིག་སྒྲིབ་དག་གོ༔ ལེའུ་བཅུ་གསུམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས༔ མཛེ་གསོ་ན༔ དཔལ་རྟ་མགྲིན་ཁྲོས་པར་བསྐྱེད་ལ༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧཱུྃ་ཕཊ༔ ནཱ་ག་རཱ་ཙའི་སྲོག་ལ་མྱོས༔ ཡ་མ་བ་བྷི་ལར་ན་ཕཊ༔ ཅེས་བཟླས་ཏེ༔ ཆུ་དག་གླ་རྩི༔ ར་ཁྲག་རྣམས་ཀྱིས་བྱུག་གོ༔ སྐབས་སུ་བུམ་སྒྲུབ་བྱའོ༔ དེས་སོས་པར་ཐེ་ཚོམ་མེད༔ ལེའུ་བཅུ་བཞི་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས༔ སྲིའུ་གསོ་ན༔ གཏོར་མ་བཤམ༔ ལས་གཞུང་བསྲང༔ ཚོགས་ལ་རོལ༔ ཕྱག་འཚལ་ཡོན་འབུལ༔ གཏོར་མ་མགོ་ལ་བཞག༔ ཧྲཱི༔ དུས་གསུམ་བདེར་གཤེགས་ཀུན་འདུས་པའི༔ ཐུགས་རྗེ་ཆེན་པོ་གཙོ་འཁོར་གྱིས༔ བྱིས་པ་སྐྱོབས་ལ་ནད་གདོན་སྲུངས༔ ཚེ་སྲིངས་ནོར་སྤེལ་བདེ་ལེགས་སྒྲུབས༔ ཞེས་མཇུག་ཏུ༔ ཆོས་སྐྱོང་ལ་གཉེར་གཏད༔ སྐབས་སུ་ཁྲུས་བྱའོ༔ གུ་གུལ་ལ་སྔགས་འདི་བརྒྱ་དང་བརྒྱད་བཏབ་ལ་སྣར་བདུག་པས༔ ཟླ་བ་རེ་ཐུབ་བོ༔ སྲུང་བའི་མཆོག་ནི་དྲི་ཆུ་ལ༔ ཨོཾ་བཛྲ་ཧ་རི་ནི་ཤོ་ལ་ཀ་བར་ཕཊ༔ ཅེས་པའོ༔ དེས་བཏབ་ལ༔ ཕྱིར་བཀྲུས་པས་ནད་ཐམས་ཅད་ཞི༔ བར་ཆད་མི་འབྱུང་ངོ༔ གཏེར་རྒྱ༔ སྦས་རྒྱ༔ ྈྈྈ ༁ྃ༔ ཐུགས་རྗེ་ཆེན་པོའི་སྒོ་ནས་བསྲུང་བ་བྱེད་པ་རྣམས༔ ཡར་ཚེས་བཟང་པོ་ལ་ཤོག་གུ་མཐོ་སྐོར་ཆ་ལ༔ མུ་ཁྱུད་རིམ་པ་གསུམ་བགོས་ཏེ༔ ཕྱི་མ་ལ་ཡེ་དྷརྨཱ༔ ནང་མ་ལ་ཨཱ་ལི་ཀཱ་ལི་བྲི༔ རྩིབས་བཞི་ལ༔ ཤར་དུ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཐོད་ཕྲེང་རྩལ་ཧཱུྃ་ཧཱུྃ༔ ནད་གདོན་ཐམས་ཅད་རཀྵ་རཀྵ༔ ལྷོ་རུ༔ ཨཱོཾ་བཛྲ་ཀྲོ་དྷ་ཧྱ་གྷྲི་ཝ་ཧཱུྃ་ཕཊ༔ ནད་གདོན་ཐམས་ཅད་རཀྵ་རཀྵ༔ ནུབ་ཏུ༔ ཨོཾ་དྷུ་མ་གྷ་ཡེ་ཧ་རི་ནི་ས་ཧཱུྃ༔ ནད་གདོན་ཐམས་ཅད་རཀྵ་རཀྵ༔ བྱང་དུ༔ ཨོཾ་མ་ཧཱ་ཀཱ་ལ༔ བཛྲ་ས་དུ་མ་མ་ཡོ་གི་ནཱི༔ སརྦ་དུཥྚཱན་ཧཱུྃ་ཕཊ༔ ནད་གདོན་ཐམས་ཅད་རཀྵ་རཀྵ༔ དབུས་སུ་ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ འདི་འཆང་བ་པོ་ཆེ་གེ་མོ་ལ་ནད་གདོན་ཐམས་ཅད་རཀྵ་རཀྵ༔ ཕཊ་སྭཱ་ཧཱ༔ ཞེས་པའི་གང་གནོད་ཀྱི་མིང་བཅུག་སྟེ༔ རྟེན་འབྲེལ་སྙིང་པོ་དང༔ མ་ཎིས་རབ་ཏུ་གནས་ལ༔ སུའི་མགུལ་དུ་བཏགས་པས་ནད་གདོན་བར་ཆད་ཐམས་ཅད་ཐུབ་བོ༔ ལེའུ་བཅོ་ལྔ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས་གསོལ་བ་བཏབ་པའི་རིམ་པ་ནི༔ རང་གི་སྤྱི་གཙུག་ན་བླ་མ་ལ་སོགས་ཏེ༔ རྒྱལ་བ་རྒྱ་མཚོ་རྣམས་བཞུགས་ཏེ་བྱིན་གྱིས་བརླབས་པར་བསྒོམས་ལ༔ ཧྲཱི༔ ཐུགས་རྗེ་ཆེན་པོ་འགྲོ་བའི་སྐྱབས༔ རྒྱལ་བ་རྒྱ་མཚོ་ལ་གསོལ་བ་འདེབས༔ གསང་སྔགས་རྡོ་རྗེ་ཐེག་པ་ཡི༔ བཅུད་མཆོག་འཐུང་བར་བྱིན་གྱིས་རློབས༔ ཨོ་རྒྱན་པདྨ་འགྲོ་བའི་སྐྱབས༔ བླ་མ་རྒྱལ་བ་རྒྱ་མཚོ་ལ་གསོལ་བ་འདེབས༔ གསང་སྔགས་རྡོ་རྗེ་ཐེག་པ་ཡི༔ བཅུད་མཆོག་འཐུང་བར་བྱིན་གྱིས་རློབས༔ དཔལ་ཆེན་རྟ་མགྲིན་འགྲོ་བའི༴ དཔའ་བོ་རྒྱལ་བ་རྒྱ་མཚོ་ལ༴ གསང་སྔགས་རྡོ་རྗེ་ཐེག་པ༴ བཅུད་མཆོག་འཐུང་བར༴ གསང་བ་ཡེ་ཤེས་འགྲོ་བའི་སྐྱབས༔ མཁའ་འགྲོ་རྒྱལ་བ་རྒྱ་མཚོ་ལ༴ གསང་སྔགས་རྡོ་རྗེ་ཐེག་པ༴ བཅུད་མཆོག་འཐུང་བར༴ མ་མགོན་རྡོར་ལེགས་བར་ཆད་སྲུང་བའི་སྐྱབས༔ ཆོས་སྐྱོང་གཏེར་བདག་རྒྱལ་བ་རྒྱ་མཚོ་ལ༴ གསང་སྔགས་རྡོ་རྗེ་ཐེག་པ༴ བཅུད་མཆོག་འཐུང་བར༴ གྲུབ་ཐོབ་གོང་མ་འགྲོ་བའི་སྐྱབས༔ མཆེད་གྲོགས་ཆོས་མཛད་གོང་མ་ལ༴ གསང་སྔགས་རྡོ་རྗེ་ཐེག་པ༴ བཅུད་མཆོག་འཐུང་བར༴ འགྲོ་དྲུག་མ་རིག་སེལ་བའི་སྒྲོན༔ བླ་མ་ཉིད་ལ་གསོལ་བ་འདེབས༔ བྱང་སེམས་འབྱོང་བར་བྱིན་གྱིས་རློབས༔ སྙིང་རྗེ་འབྱོང་བར་བྱིན༴ གཞན་དོན་འགྲུབ་པར་བྱིན༴ རེ་འདོད་བསྐང་བར༴ ཉམས་རྟོགས་འཆར་བར༴ རང་རྒྱུད་སྨིན་པར༴ གཞན་དོན་གྲོལ་བར༴ རིགས་དྲུག་དོང་ནས་སྤྲུགས་པར༴ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དེས་གང་མང་བྱིན་ཕབ་ཅིང་ཉམས་སྐྱོང་བར་བྱའོ༔ ལེའུ་བཅུ་དྲུག་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་སྒོ་ནས་བུམ་སྒྲུབ་བྱེད་པར་འདོད་ན༔ དུས་ཚོད་ཡར་གྱི་ངོ་ལ༔ དཀར་གསུམ་མངར་གསུམ་ལ་སོགས་མཆོད་ཚོགས་རྒྱ་ཆེན་པོ་བྱས་ལ༔ རབ་ནི་དཀྱིལ་འཁོར་རྒྱས་པ་བྲི༔ འབྲིང་སྒོ་མེད༔ ཐ་མ་ནས་ཀྱི་ཚོམ་བུ་བཀོད་པའི་དབུས་སུ༔ ཙ་ཀ་ལི་རྣམས་བསྐོར༔ བུམ་པ་མཚན་ཉིད་དང་ལྡན་པ་ལ༔ ཁ་རྒྱན་མགུལ་ཆིངས་དང༔ བུམ་རྫས་རྫོགས་པར་བྱས་ལ་བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང་གི་དབུས་སུ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་རྫོགས་པར་བསྒོམ༔ སྒྲུབ་བྱེད་ཀྱི་གང་ཟག༔ རབ་དགེ་སློང༔ འབྲིང་སྔགས་པ༔ ཐ་མ་ཡང་དགེ་ཚུལ་ཚུལ་ཁྲིམས་དང་ལྡན་པ་ལྔས་རྒྱུན་བྱ༔ གཅིག་གིས་ཁ་སྐོང་བྱ༔ ཐུན་དྲུག་ཏུ་ལས་བྱང་ལྟར་མཆོད་བསྟོད་ཚོགས་བྱའོ༔ མ་ཚར་བར་གྱི་ཐོ་རངས་ཉི་ཤར་ལ་གཏོར་དབང་བྱ༔ བུམ་དབང་བདུན༔ བུམ་དབང་སྦྱིན་བདག་ལ་བསྐུར་རོ༔ འདིའི་བསོད་ནམས་ནི༔ ཚེ་རིང་བ་དང༔ སྲུང་འཁོར་དང་ནད་གདོན་བྲལ་བ་དང༔ བྱད་ཁ་ཟློག་པ་དང༔ ལྟས་ངན་ཟློག་པ་དང༔ ཡམས་ཟློག་པ་དང༔ དམག་ཟློག་པ་དང༔ ལས་སོགས་གང་ཡང་འགྲུབ་བོ༔ སྡིག་སྒྲིབ་སྦྱང་ཞིང༔ བསྐལ་པ་སྟོང་དུ་བསགས་པའི་སྡིག་སྒྲིབ་བྱང་བར་འགྱུར་རོ༔ བར་སྐབས་སུ་ཚོགས་གཏོར་འབུལ་ཞིང༔ ཚར་དུས་སུ་ཡུལ་གྱི་མི་དང༔ དགེ་འདུན་ལ་སོགས་ཚོགས་འཁོར་ལ་སོགས་རྒྱ་ཆེན་བྱ༔ དཔོན་སློབ་རྣམས་འབུལ་བས་མཉེས་པར་བྱའོ༔ ལེའུ་བཅུ་བདུན་པའོ༔ ས་མ་ཡ༔ རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོ་བསྒོམས་ནས་གཤིན་ཆོག་དང་བདུན་ཚིགས་བྱེད་ན༔ དང་པོར་དཀྱིལ་འཁོར་ལེགས་པར་བྲིས༔ བུམ་པ་བཅའོ༔ ཕྱི་ནང་གི་མཆོད་པ་ཆ་ལྔ་བཤམ༔ སྨན་རག་གཏོར་མ་བཅའ༔ ས་རྒྱན་གནམ་རྒྱན་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་ཞིང་བཀོད་པ་ལེགས་པར་བྱའོ༔ དེ་ནས་ལས་བྱང་ལྟར༔ སྐྱབས་འགྲོ་ནས་གཞུང་བསྲང༔ བགེགས་གཏོར་སྦྱིན་ལ༔ རུས་བུའམ་དྲི་གོས་ལ་བགེགས་བསྐྲད༔ དཀྱིལ་འཁོར་འགྲམ་དུ་བཞག༔ ཕྱི་ནང་མཆོད་པ་རྒྱས་པ་དང༔ ཕྱག་བརྒྱ་དང༔ མ་ཎི་བརྒྱ་རྩ་རེ་དང་སྤེལ༔ ཚོགས་ལ་རོལ༔ རྗེས་ལ་རྟ་མགྲིན་གྱི་ང་རྒྱལ་གྱིས་གཤེད་བསྒྲལ༔ དཀྱིལ་འཁོར་གྱི་འགྲམ་དུ་རིགས་དྲུག་གི་དཀྱིལ་འཁོར་བྲིས་ལ༔ མཚན་རེ་བཞིན་འདོན་ནོ༔ གཤིན་པོ་ཚེ་འདས་རིགས་དྲུག་གི་ས་བོན་བཏང་སྟེ༔ རྣམ་ཤེས་ཐུགས་རྗེ་ཆེན་པོར་གྱུར་པར་བསམ༔ ཐུབ་པ་དྲུག་ལ་ཕྱག་བརྒྱ་རྩ་རེ་འཚལ༔ མ་ཎི་བརྒྱ་རྩ་རེ་བཟླས༔ ཚེ་འདས་མིང་འདི་ཞེས་བྱ་བ༔ དམྱལ་བའི་གནས་ནས་བཏོན་ཏེ༔ བདེ་བ་ཆེན་པོར་སངས་རྒྱས་སོ༔ ཞེས་འགྲེས་དེ་ཀུན་ལ་སྦྱར༔ དེ་ནས་རིགས་དྲུག་གི་དཀྱིལ་འཁོར་བཤིག༔ ས་བོན་བསྲེག༔ ཐུབ་པ་དྲུག་དང་མཚན་བྱང་རྣམས་དཀྱིལ་འཁོར་འགྲམ་དུ་བཞག༔ རྗེས་ཟས་གཏད་བྱའོ༔ དེ་ནས་བུམ་དབང་ལྟར་དབང་བསྐུར་བྱ༔ དེ་ནས་བསྟོད་པ་དང་ཛཔ྄་དབྱངས་བྱས་ཏེ༔ བདེ་བ་ཆེན་པོར་རྣམ་ཤེས་སྤར་ཏེ་ལམ་བསྟན་པར་བྱའོ༔ མཚན་བྱང་བསྲེག༔ སཱཙྪ་གདབ༔ རང་གནས་སུ་བསྐྱལ༔ དེ་ནས་ལས་བྱང་ལྟར་གཏོར་མ་གཏང༔ གསོལ་བ་བཏབ༔ དཀྱིལ་འཁོར་བསྡུ༔ བསྔོ་བ་བྱ༔ སྨོན་ལམ་བཏབ༔ གསོན་པོའི་དོན་དུ་ཚེ་འགུགས་དབང་བསྐུར༔ བཀྲ་ཤིས་བརྗོད་མ་ཎི་ཚར་རེ་བྱའོ༔ དེ་ལྟར་ཟས་འཚོལ་མ་ཡིན་གཞན་དོན་དུ་བྱམས་སྙིང་རྗེ་འབྱོངས་ནས༔ སེམས་ཅན་རྣམས་ཆུས་ཁྱེར་བ་ལ༔ གྲུས་སླེབ་པ་ལྟ་བུའི་དགེ་བ་དང༔ བསོད་ནམས་འབྱུང་བས་ཀུན་གྱི་དོན་དུ་བྱའོ༔ གཤིན་ཆོག་ངན་སོང་དོང་སྤྲུགས་ཞེས་བྱ་བའི་ལེའུ་སྟེ་བཅོ་བརྒྱད་པའོ༔ ས་མ་ཡ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོ་བསྒོམས་ནས་རོ་བསྲེག་པར་འདོད་ན༔ ས་གཙང་མར་ཤིང་བརྩེགས་ལ༔ དཀྱིལ་འཁོར་ཞལ་ཕྱེ༔ མཆོད་གཏོར་རྣམས་བཤམ༔ རོ་ལ་དང་པོ་བགེགས་བསྐྲད༔ མཆོད་རྫས་བྱིན་གྱིས་བརླབ༔ མེ་ཁུང་དཀྱིལ་འཁོར་དུ་བསྒོམ༔ དེ་ནས་རོ་ལ་བུམ་ཆུས་ཁྲུས་བྱ་ཞིང༔ གཤིན་པོ་ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་ཞི་ཞིང་བྱང་ནས༔ རྣམ་ཤེས་ཐུགས་རྗེ་ཆེན་པོའི་ཐུགས་སུ་སངས་རྒྱས་པར་གྱུར་ཅིག༔ ཅེས་བརྗོད་དབང་བསྐུར་རྒྱན་བཏགས༔ གོས་བསྐོན་ལ་ཐབ་ཏུ་བཅུག༔ བར་དེར་བསྲེག་རྫས་རྣམས་གསོག་ལ༔ བསྐྱེད་རིམ་བསྒོམ་རོལ་མོས་སྤྱན་དྲངས་པ་དང༔ མེ་སྤར་བས་སྙོམ་པར་བྱའོ༔ དེ་ནས་མཆོད་པ་དང་གཏོར་མ་དང༔ མར་ཁུ་དང༔ ཟས་སྣ་འབྲུ་སྣ་རྣམས་ཨོཾ་ཨཱཿཧཱུྃ་གསུམ་གྱིས་ལས་བྱང་ལྟར་བྱིན་གྱིས་བརླབ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ་བར་བསམ༔ མར་ཁུ་དགང་བླུག་གིས་འབུལ་ཞིང༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གཤིན་པོ་ཚེ་ལས་འདས་ཤིང་ལུས་བརྗེས་པ་མིང་འདི་ཞེས་བྱ་བས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ཚན་རེ་ནས་འབུལ་ཞིང་གསོལ་བ་བཏབ་བོ༔ གཞན་མི་ལྷག་རྣམས་ཀྱིས་བསྐོར་བ་བྱ་ཞིང་གསོལ་བ་བཏབ་བོ༔ མ་ཎི་འུར་རྒྱག་ཏུ་འཆམ་མོ༔ ཆོ་ག་པས་ལས་བྱང་ལྟར་གཞུང་བསྲང༔ ཚོགས་འབུལ་མཆོད་བསྟོད་གཤགས་པ་འབུལ༔ དེ་ལྟར་ཚར་བ་དང་གཏོར་མ་གཏང༔ དཀྱིལ་འཁོར་བསྡུ༔ བླ་མ་ཆེན་པོ་ཡིན་ན་ཞག་བདུན་གྱི་བར་ལ༔ མ་ཎི་རྒྱུན་མ་ཆད་པར་བསྐོར་བའི་རྒྱུན་བཟུང་བར་བྱའོ༔ དུས་དྲུག་ཏུ་ཚོགས་སྐོང་དང༔ ལས་བྱང་གཞུང་བསྲང༔ རུས་པའི་རྟགས་ཐོན་པ་དང༔ དཀྱིལ་འཁོར་བསྡུ༔ གཏོར་མ་གཏང༔ བསྔོ་བ་སྨོན་ལམ་རྒྱ་ཆེན་པོ་བཏབ་བོ༔ རྗེས་མི་མངོན་པར་བྱའོ༔ དེ་ལྟར་མེ་འབར་བའི་ཚེ་ཡང༔ ཧོ༔ ཆོས་སྐུ་དྲི་མེད་ཐུགས་རྗེ་ཆེ༔ སྤྱན་རས་གཟིགས་ཀྱི་ལྷ་ཚོགས་ལ༔ ཚེ་འདས་སེམས་ཉིད་མཆོད་པར་འབུལ༔ གཏི་མུག་དབྱིངས་སུ་ཐིམ་པར་མཛོད༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བྱང་སེམས་རྣམ་པར་དག་པ་ཡི༔ རིག་སྟོང་བྷུདྡྷ་ཐུགས་རྗེ་ཆེར༔ ཚེ་འདས་ཕུང་པོ་མཆོད་པར་འབུལ༔ མ་དག་གཟུགས་ཀྱི་ཕུང་པོ་སྲེགས༔ མི་འགྱུར་རྡོ་རྗེ་ལྟ་བུའི་སྐུ༔ བཛྲ་ཐུགས་རྗེ་ཆེན་པོ་ལ༔ ཚེ་འདས་རྣམ་ཤེས་མཆོད་པར་འབུལ༔ ཞེ་སྡང་དུག་གསུམ་དག་པར་མཛོད༔ ཡིད་བཞིན་ནོར་བུ་ལྟ་བུ་ཡི༔ རཏྣ་ཐུགས་རྗེ་ཆེན་པོ་ལ༔ ཚེ་འདས་ཚོར་བ་མཆོད་པར་འབུལ༔ མ་དག་ང་རྒྱལ་ཕུང་པོ་སྲེགས༔ དྲི་མེད་པདྨ་ལྟར་དག་པའི༔ པདྨ་ཐུགས་རྗེ་ཆེན་པོ་ལ༔ ཚེ་འདས་འདུ་ཤེས་མཆོད་པར་འབུལ༔ འདོད་ཆགས་དུག་གསུམ་སྲེག་པར་མཛོད༔ ཕྲིན་ལས་ཡོངས་སུ་དག་པ་ཡི༔ ཀརྨ་ཐུགས་རྗེ་ཆེན་པོ་ལ༔ ཚེ་འདས་འདུ་བྱེད་མཆོད་པར་འབུལ༔ མ་དག་ཕྲག་དོག་ཕུང་པོ་སྲེག༔ དུས་གསུམ་སངས་རྒྱས་གཅིག་བསྡུས་པ༔ བླ་མ་རྒྱ་མཚོའི་ལྷ་ཚོགས་ལ༔ ཚེ་འདས་ཚོགས་བརྒྱད་མཆོད་པར་འབུལ༔ དྲི་མ་བརྒྱད་སྲེག་བྱིན་གྱིས་རློབས༔ བདེ་གཤེགས་གཅིག་དྲིལ་དྲེགས་པ་འཇོམས༔ རྟ་མགྲིན་དཔའ་བོ་རྒྱ་མཚོ་ལ༔ ཚེ་འདས་ལུས་འདི་མཆོད་པར་འབུལ༔ དུག་གསུམ་སྲེགས་ལ་ཡེ་ཤེས་སྤོར༔ བདེ་གཤེགས་ཡུམ་ཆེན་དངོས་གྲུབ་སྩོལ༔ མཁའ་འགྲོ་རྒྱ་མཚོའི་ལྷ་ཚོགས་ལ༔ ཚེ་འདས་གཟུང་འཛིན་མཆོད་པར་འབུལ༔ དུག་ལྔ་སྲེགས་ལ་བག་ཆགས་སྦྱོངས༔ བདེ་གཤེགས་བཀའ་བཞིན་སྒྲུབ་པ་ཡི༔ ཆོས་སྐྱོང་གཏེར་བདག་རྒྱ་མཚོ་ལ༔ ཚེ་འདས་ལས་སྒྲིབ་མཆོད་པར་འབུལ༔ སྐུ་གསུམ་མངོན་དུ་གྱུར་པར་མཛོད༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ ཚེ་འདས་སྐྱེ་མཆེད་མཆོད་པར་འབུལ༔ སྒྲིབ་པ་གཉིས་པོ་སྲེག་པ་དང༔ ཁམས་གསུམ་སྐྱེ་མེད་དབྱིངས་སུ་སྒྲོལ༔ རང་བཞིན་ལྷུན་གྱིས་གྲུབ་པ་ཡི༔ ཚོགས་གཉིས་ཟུང་འཇུག་ཕྲིན་ལས་འདིས༔ བར་དོར་གནས་པའི་སེམས་ཅན་རྣམས༔ ཐུགས་རྗེའི་ལྕགས་ཀྱུས་མྱུར་དུ་དྲོངས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཚེ་འདས་ཀྱི་སྡིག་སྒྲིབ་ཛྭ་ལ་རཾ༔ པཱུ་ཙ་ཁཱ་ཧི༔ ཞེས་མཚན་བྱང་བསྲེག་པའམ༔ རོའམ་རུས་པ་བསྲེག་པའམ༔ ཡང་ན་བསྲེག་པར་མཛོད་ལ་དག་པར་མཛོད་ཅེས་སྦྱར་སྟེ༔ བདུན་ཚིགས་ཀྱི་མཆོད་འབུལ་བྱས་ཀྱང་རུང་ངོ༔ རོ་སྲེག་སྒྲིབ་པ་ཀུན་དག་པར་བྱེད་པའོ༔ ལེའུ་བཅུ་དགུ་པའོ༔ ས་མ་ཡ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས་སཱཙྪ་བཏབ་པར་འདོད་ན༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས༔ འཇིམ་པའི་འབི་འབི་ལ་ཨོཾ་ཨཱཿཧཱུྃ་གསུམ་གྱིས་སྦྱོང༔ ཡང་ལན་གསུམ་གྱིས་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ཏེ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་རཱུ་པ་ཧཱུྃ༔ ཞེས་བརྗོད་དེ་བརྐོས་ཕོར་ནས་བཏོན་པ་དང༔ རྒྱ་མཚོ་དྲུག་གི་དཀྱིལ་འཁོར་དུ་ཁྲོང་བྱོན་པར་བསམ་ལ༔ གདན་མཐོ་བ་ལ་བཞུགས༔ ཕྱག་འཚལ༔ ན་བཟའ་བསྐོན༔ མཆོད་པ་འབུལ༔ བཀྲ་ཤིས་བརྗོད༔ རབ་ཏུ་གནས༔ ཚོགས་འཁོར་བསྐོར་ལ༔ ཇི་སྲིད་འཁོར་བའི་སེམས་ཅན་གནས་པའི་བར་དུ་མི་འཇིག་ཅིང༔ དེ་ལ་རེག་གམ༔ མཐོང་ངམ༔ དྲན་པ་ཡང༔ སྡིག་པ་ཐམས་ཅད་དག་པར་གསོལ་བ་བཏབ་བོ༔ གཞན་ཡང་བརྐོས་ཕོར་ནམ་མཁའ་དང༔ ཆུ་དང༔ རླུང་དང༔ མེ་དང་གང་སྣང་ལ་མཐར་སྔགས་བརྗོད་དེ་རེག་པས༔ ཐུགས་རྗེ་ཆེན་པོའི་ཕོ་བྲང་གྱུར་པར་བསམ་མོ༔ དེ་ནི་བསོད་ནམས་གསོག་པ་རྣམས་ཀྱི་མཆོག་ཡིན་ནོ༔ ལེའུ་སྟེ་ཉི་ཤུ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈ ཨེ་མ་ཧོ༔ བདག་འདྲ་ཤེལ་དཀར་མཚོ་སྒྲོན་གྱིས༔ སློབ་དཔོན་སྤྲུལ་སྐུའི་སྒྲུབ་སྡེ་བྱས༔ ཁྱད་པར་ཟབ་ཆོས་གདམས་པ་བཟུང༔ མོས་གུས་ལས་འཕྲོ་བྱིན་རླབས་ཞུགས༔ ཁྱད་པར་ལས་ཚོགས་ཟབ་སྐོར་འདི༔ མཉེས་པའི་མཎྜལ་ཚོགས་ཀྱི་འཁོར་ལོ་བསྐོར༔ ལན་གསུམ་ལུང་ཞུས་ཡི་གེར་བཏབ༔ མ་འོངས་སྐལ་ལྡན་རིགས་ཀྱི་བུ༔ བཛྲ་མིང་ཅན་དང་འཕྲད་ནས༔ འགྲོ་དྲུག་སྡུག་བསྔལ་སྐྱོབ་པར་ཤོག༔ ཟབ་ཆོས་ལ་སོགས་ལས་ཚོགས་ཉི་ཤུ་པའི་སྐོར་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈ ྈྈྈྈ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ བཀའ་རྒྱ༔ དམ་རྒྱ༔ གཏད་རྒྱ༔ གྷུ་ཧྱ༔ ཁ་ཐཾ༔ ས་མ་ཡ༔ མདོ་སྔགས་གཉིས་ཀྱི་བདག་པོ་རྡོ་རྗེ་གླིང་པས། ཚེས་བཅོ་ལྔའི་སྲོད་ལ་ཞུན་མར་འོད་ལ་དག་པར་ཕབ་བོ། །དགེའོ།། ༈ ༁ྃ༔ ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ལོ་རྒྱུས་ཐམས་ཅད་བཞུགས་པའི་དབུ་ཕྱོགས་ལགས་སོ། །ྈྈྈྈྈྈ འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ༔ ཨེ་མ་ཧོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཡི་དམ་ནང་ནས་མཆོག་གི་སྙིང༔ ཐུགས་རྗེ་ཆེན་པོ་རྩ་བའི་ལྷ༔ རྩ་གསུམ་ཡིད་བཞིན་ནོར་བུ་བསྟན༔ སྐལ་ལྡན་ཀུན་གྱིས་ཉམས་སུ་ལོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈ ཐུགས་རྗེ་ཆེན་པོ་རྩ་གསུམ་འདུས་པ་ཡིད་བཞིན་ནོར་བུ་འདི་ལ༔ དོན་རྣམ་པ་གསུམ་སྟེ༔ དང་པོ་ལོ་རྒྱུས༔ གཉིས་པ་སྒྲུབ་ཐབས༔ ཐ་མ་ལས་ཚོགས་སོ༔ དང་པོ་ལོ་རྒྱུས་ནི༔ གནས་ཆོས་དབྱིངས་སྤྲོས་བྲལ་བདེ་བ་ཆེན་པོའི་ཞིང་ཁམས་ན༔ སྣང་བ་མཐའ་ཡས་ཀུན་གཞི་ཡེ་ཐོག་གི་སངས་རྒྱས་སུ་བཞུགས་པའི་རྩལ༔ ཉི་ཟླའི་མདངས་ལྟ་བུའི་ཐུགས་རྗེ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུར་ཤར་ཏེ༔ སེམས་ཅན་རྣམས་འཁོར་བ་དོང་ནས་སྤྲུགས་པ་ལས༔ སངས་རྒྱས་ཐམས་ཅད་དགོངས་པ་གཅིག་ཏུ་འདུས་པ༔ པདྨ་འབྱུང་གནས་འཁྲུངས་ཏེ༔ རྒྱ་གར་ཤར་ནུབ་ལ་སོགས་ཡུལ་གྲུ་བཅུ་དྲུག་ཆོས་ལ་བཙུད་ནས༔ བྲག་ཕུག་མཱ་ར་ཏི་ཀ་ན་སྒྲུབ་པ་ལ་བཞུགས་པའི་ཚེ་ན༔ སྐུ་ཐུགས་རྗེ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ཅིང་སེམས་ཅན་དོང་ནས་སྤྲུགས་པ་ལ༔ སངས་རྒྱས་ཐམས་ཅད་དགོངས་པ་གཅིག་ཏུ་འདུས་པའི་པདྨ་འབྱུང་གནས་དེས༔ སྐུ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་སྒྲུབ་ཐབས་བརྒྱ་རྩ་གཅིག་མཛད༔ དུར་ཁྲོད་བསིལ་བ་ཚལ་ན་བཞུགས་པའི་ཚེ༔ ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབ་ཀྱི་ཟབ་ཁྲིད་བརྒྱ་རྩ་གཅིག་མཛད༔ གཡའ་རི་གོང་ན་བཞུགས་པའི་དུས་གསུང་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དང་རིགས་འདུས༔ ཡང་སྙིང་འདུས་པ་ལ་སོགས་ཀྱི་སྒྲུབ་ཐབས་སྟོང་ཕྲག་གཅིག་མཛད༔ ཁྱད་པར་གཏུམ་དྲག་འབར་བའི་དུར་ཁྲོད་ལ་བཞུགས་པའི་ཚེ༔ ཐུགས་རྗེ་ཆེན་པོ་བདེ་གཤེགས་འདུས་པ་འདི་ཉིད་ཞལ་བསྟན༔ སློབ་དཔོན་ཉིད་ལ་ལུང་བསྟན་དབང་བསྐུར༔ བླ་ན་མེད་པའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་འདི་མཛད་དོ༔ སློབ་དཔོན་གྱིས་ལྷ་ལྕམ་མན་དྷཱ་ར་བ་ལ་གཏད་ནས༔ ཉམས་སུ་བླངས་པས་ཕུང་པོ་ལྷག་མེད་དུ་སངས་རྒྱས༔ ཨོ་རྒྱན་ཉིད་བོད་དུ་བྱོན་པའི་ཚེ༔ དབུ་སྐྲ་ལྕང་ལོའི་ཁྲོད་དུ་དྲིལ་ནས་བྱོན༔ ལྷ་ལྕམ་ཤེལ་དཀར་བཟའ་ལ་གདམས་ནས་ཉམས་སུ་བླངས་ཏེ༔ བུམ་ཐང་བྱམས་པ་ལྷ་ཁང་གི་དབུ་རྩེའི་སྟེང་དུ༔ ཡི་གེར་བཏབ་ནས་མཚོ་མེ་ལོང་ཅན་ལ་གཏེར་དུ་སྦས༔ མ་འོངས་པའི་དུས་སུ་སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་སྨོན་ལམ་བཏབ་བོ༔ ལྷ་ལྕམ་ཉིད་དགུང་ལོ་སུམ་བརྒྱ་བཞུགས་ཏེ༔ སེང་གེ་རྫོང་གསུམ་པདྨའི་ཕུག་ཏུ་བསྒྲུབས་པས་ལུས་འཇའ་ལྟར་ཡལ་ལོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལྷ་ལྕམ་ཤེལ་དཀར་བཟའ་ཞེས་བྱ་བ་དེ་ཉིད་མིའི་ལུས་ལ་སངས་རྒྱས་ངོ་བོ་ཡིན་ཏེ༔ ཕྱི་ལྟར་ཡུམ་ཆེན་མོ༔ ནང་ལྟར་ཕག་མོ༔ གསང་བ་ལྟར་སྒྲོལ་མ༔ ཡང་གསང་ལྟར་རྣལ་འབྱོར་མ༔ བདག་མེད་མའམ༔ གོས་དཀར་མོ༔ བླ་མེད་ལྟར་ཀུན་ཏུ་བཟང་མོ༔ ཐིག་ལེ་ལྟར་དབྱིངས་ཀྱི་ཡུམ༔ ཡི་དམ་ལྟར་གསང་བ་ཡེ་ཤེས༔ ཚེ་ལྟར་གྲུབ་པའི་རྒྱལ་མོ༔ དུར་ཁྲོད་ལྟར་ནམ་མཁའ་རོ་ཟན་མ༔ ཁྲོས་དུས་ཨེ་ཀ་ཙཱ་ཏི༔ དོན་ལ་གཙུག་གི་རྒྱན་གཅིག་མ་ཡིན་ཏེ༔ ཐམས་ཅད་གཅིག་ཏུ་འདུས་པའི་སྤྲུལ་པ་དེ་ཉིད་ཀྱིས་སློབ་དཔོན་ཉིད་ལ་ཚོགས་ཀྱི་འཁོར་ལོ་བཤམས་ཏེ༔ གསེར་གཡུའི་མཎྜལ་ཕུལ་ཏེ༔ ཕྱག་འཚལ་ནས་ཞུས་པ༔ སློབ་དཔོན་རིན་པོ་ཆེ་བདག་བུད་མེད་ཀྱིས་ཡི་དམ་ཐམས་ཅད་གཅིག་ཏུ་འདུས་པ༔ བླ་མ་དང་དབྱེ་བ་མེད་པ༔ མཁའ་འགྲོ་དམ་ཅན་ཐམས་ཅད་གཅིག་འདུས་དྲིལ་ཏེ་སྒྲུབ་པའི་ཐབས༔ ཚིག་ཉུང་ལ་ཁ་གསལ་བ༔ ལག་ལེན་བདེ་བ་གཅིག་ཞུ་འཚལ་ཞེས་ཞུས་པས༔ སློབ་དཔོན་གྱིས་བཀའ་བསྩལ་པ༔ ཉོན་ཅིག་ལྷ་ལྕམ༔ དེ་ལྟ་བུའི་གདམས་པ་ཡོད་དེ༔ ཟབ་པའི་ཕྱིར་ལུས་ལོངས་སྤྱོད་ཀྱིས་ཞབས་ཏོག་བྱེད་ནུས་སམ་བྱས་པས༔ ནུས་ཞེས་ཁས་བླངས་ནས༔ སློབ་དཔོན་གྱི་དབུ་སྐྲའི་ཁྲོད་ནས་ཤོག་དྲིལ་དབྱུང་ནས་བཀའ་བསྩལ་པའོ༔ དེ་ལྟར་ལྷ་ལྕམ་ཉིད་ཞག་ཉི་ཤུ་རྩ་གཅིག་ལ་ཡི་དམ་ཞལ་མངོན་སུམ་དུ་བསྟན་ནས་བྱིན་གྱིས་བརླབས༔ མཆོག་ཐུན་མོང་བརྙེས་ནས་གྲུབ་པ་ཐོབ༔ སྐལ་ལྡན་གྱི་བུ་མོ་ཉི་ཤུ་རྩ་གཅིག་སྨིན་པར་བྱས་སོ༔ དེ་ནས་སྤེལ་བའི་གནས་མ་རྙེད་དེ༔ མ་འོངས་པའི་སེམས་ཅན་རྣམས་དྲང་བ་དང༔ ཁྱད་པར་སྙིགས་ལྔ་བདོ་བའི་དུས་གསང་སྔགས་དར་ལ་མ་སྨིན་པ་གཅིག་འབྱུང༔ ཚེ་ལོ་ཡང་ལྔ་བཅུ་ཁ་རལ༔ ནད་གདོན་མུ་གེ༔ མཚོན་གྱི་བསྐལ་པ་དར་བའི་ཚེ༔ སྐྱེས་བུ་སྙིང་སྟོབས་ཅན་བྱ་ཁྱིའི་ལོ་པ༔ ངེས་མེད་དུ་སྤྱོད་པ༔ ཨོ་རྒྱན་གྱི་བྱིན་གྱིས་བརླབས་པ་གཅིག་འབྱུང་གི༔ སྐལ་ལྡན་དེ་དང་འཕྲད་པར་གྱུར་ཅིག༔ འཕྲད་ནས་ཀྱང་སེམས་ཅན་རྣམས་སྨིན་གྲོལ་ལ་འཁོད་པར་ཤོག་ཅིག༔ དེའི་བར་ཐུབ་པར་སྲུངས་ཤིག༔ ཀླུ་བདུད་སྨན་ལྕམ་དཀར་མོ་གཉིས་ཀྱིས༔ དུས་ལ་བབས་ཚེ་ཆོས་བདག་པོའི་ལག་ཏུ་གཏོད་ཅིག༔ ཅེས་སྨོན་ལམ་བཏབ་བོ༔ བྲག་ཕུག་ཏུ་རྒྱ་བདུན་བཏབ་སྟེ༔ བསེའི་གྭའུར་བཅུག་ནས་གཏེར་དུ་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ཨེ་མ་ཧོ༔ སྙིགས་མའི་དུས་སུ་ཨོ་རྒྱན་ངས༔ ཐུགས་རྗེས་སེམས་ཅན་བསྐྱབ་བྱའི་ཕྱིར༔ ས་འོག་ས་བླར་གཏེར་གྱིས་བཀང༔ ཟབ་ཆོས་འདི་དང་འཕྲད་པའི་བུ༔ གུ་རུ་རྡོ་རྗེ་གླིང་པ་ཞེས༔ སྐལ་ལྡན་གཅིག་ཉིད་འབྱུང་ངམ་སྲིད༔ དེ་ལ་ཟབ་ཆོས་ལེན་པའི་བུ༔ བསྐལ་ཅན་གྲངས་ལས་འདས་པ་འབྱུང༔ ཁྱད་པར་འདི་ཉིད་དབང་བའི་སྣོད༔ འབྲིང་མཚམས་ཁས་སྟོད་ཅེས་པ་རུ༔ བྱི་ཁྱི་རུས་པ་འབྲུག་གི་ལོ༔ ཆོས་ཀྱི་དབང་ཕྱུག་ཅེས་པ་འབྱུང༔ སྐལ་ལྡན་དེ་ལ་ཆོས་འདི་གཏོད༔ ཐུགས་རྗེས་མ་ཎིའི་བསྟན་པ་དར༔ སངས་རྒྱས་བསྟན་པ་དར་བར་འགྱུར༔ དེ་ཉིད་ཚེ་འཕོས་དུས་ཉིད་དུ༔ གདུང་དང་རིང་བསྲེལ་ས་གཡོས་འབྱུང༔ དེ་དང་སུ་འཕྲད་དོན་དང་ལྡན༔ བདེ་བ་ཅན་དུ་ངེས་པར་འགྲོ༔ དེ་ལ་མཆོད་པའི་བུ་མཆོག་ནི༔ བསོད་ནམས་རཏྣ་ནཱ་ཐ་དང༔ ཕ་རོལ་ཕྱིན་དྲུག་རིགས་བཞིའི་མིང༔ གྲངས་མེད་བསམ་འདས་བརྗོད་མེད་འབྱུང༔ དེ་ཕྱིར་ས་ཡི་གཏེར་དུ་སྦས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་ལུང་བསྟན་ཏེ་སྨོན་ལམ་བཏབ་པའོ༔ ྈྈྈ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ རྡོ་རྗེ་གླིང་པའི་གཏེར་མའོ།། ༈ ༁ྃ༔ ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་རྩ་བ་བཞུགས་སོ༔ ྈ ྈྈྈྈྈྈ ྈ ྈྈྈ ྈྈྈྈ ྈྈྈྈྈྈ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ འཕགས་པ་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་གཙུག་གི་ནོར་བུ་ཞེས་བྱ་བ༔ དུས་གསུམ་འགྲོ་ལ་གཟིགས་པའི་བྱམས་མགོན་དེ་ལ་ཕྱག་འཚལ་ལོ༔ དད་པ་དང་ལྡན་པའི་སྒྲུབ་པ་པོ་དེས༔ གནས་མཚན་ཉིད་དང་ལྡན་པར་ཕྱིན་ལ༔ མཁོ་བའི་ཡོ་བྱད་བསགས༔ སྟན་བདེ་བ་ལ་འདུག་སྟེ༔ དཀྱིལ་འཁོར་མཆོད་ཚོགས་བཤམ༔ སྐྱབས་འགྲོ་སེམས་བསྐྱེད་ཚོགས་གསག་སྔོན་དུ་བཏང་ལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཅེས་པས༔ སྣང་སྲིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་གདོད་ནས་རྣམ་པར་དག་པ༔ ཆོས་སྐུ་སྤྲོས་པ་དང་བྲལ་བ་ཞིག་ཡིན་པ་ལ༔ སེམས་ཅན་རྣམས་ཀྱིས་དེ་ལྟར་ངོ་མ་ཤེས་ཏེ༔ ཁམས་གསུམ་དུ་འཁོར༔ རྒྱུད་དྲུག་ཏུ་འཁྱམས་པ་དེ་ལས་ཐར་བར་བྱ་བའི་ཕྱིར་དུ༔ ཚོགས་གཉིས་གསག་སྒྲིབ་གཉིས་སྦྱོང༔ ལུས་ངག་ཡིད་གསུམ་ལྷའམ་སྔགས་ལ་སོགས་པའི་རིམ་པ་ལ་བསླབ་སྙམ་དུ་སེམས་བསྐྱེད་ལ༔ དང་པོ་སྐད་ཅིག་དྲན་རྫོགས་སུ་བདག་ཉིད་ཀྱི་ལུས་ཐ་མལ་དུ་འདུག་པའི་སྙིང་ཁ་ནས༔ ཧྲཱིཿགནས་པ་ལས་མེ་འབར་ཏེ་ལུས་ཐུལ་གྱིས་ཚིག་པར་བསམ་ལ༔ ཧྲཱིཿལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག༔ སྡིག་སྒྲིབ་དག༔ སེམས་ཅན་ཐམས་ཅད་དང༔ ཕྱི་སྣོད་ཀྱི་འཇིག་རྟེན་དུ་འཛིན་པ་ཞུ་ཞིང་དག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་བརྗོད་པ་ཙམ་གྱིས་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་སྐུར་གྱུར་ནས་ཁྲིག་གིས་གང་བར་བསྒོམ་ཞིང་འོད་ཟེར་ཚུར་འདུས་སྟེ་རང་ལ་ཐིམ་པ་ཙམ་གྱིས༔ བདག་ཉིད་ཉི་མ་ཟླ་བའི་གདན་ལ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ༔ ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ༔ གཡས་ཀྱི་འོག་མ་ན་པདྨ་རཱ་གའི་ཕྲེང་བ་འདྲེན་པ༔ གཡོན་གྱི་འོག་མ་ན་མེ་ཏོག་པདྨའི་ཡུ་བ་ནས་འཛིན་པ༔ སྙན་གྱི་ཐད་དུ་ཁ་ཕྱེ་བ༔ ཞབས་སྐྱིལ་མོ་ཀྲུང་དུ་བཞུགས་པ༔ སྐུ་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ༔ དབུ་སྐྲ་རལ་པའི་ཐོར་ཚུགས་གྱེན་ལ་བཅིངས་པ༔ དར་གྱི་ཅོད་པན་ཅན༔ རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་པ༔ དེའི་གཡས་ཕྱོགས་ན༔ དཔལ་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པ༔ སྐུ་མདོག་དམར་པོ་ཕྱག་གཡས་པ་ན་གསེར་གྱི་ཌཱ་མ་རུ་བསྣམས་པ༔ ཕྱག་གཡོན་པ་ན་དངུལ་གྱི་དྲིལ་བུ་བསྣམས་པ༔ དབུ་གཙུག་ན་རྟ་སྐད་འཚེར་ཞིང་གར་བྱེད་པ༔ དཔའ་བོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བར་སྒོམ༔ གཡོན་གྱི་ཕྱོགས་ན་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མ༔ སྐུ་མདོག་ཤིན་ཏུ་དམར་བ༔ ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་པ༔ ཕྱག་གཡས་གྲི་གུག་གཡོན་ཐོད་ཁྲག་བསྣམས་པ༔ རུས་པའི་རྒྱན་དྲུག་གིས་བརྒྱན་པ༔ ཨ་རལླིའི་སྒྲ་སྒྲོག་ཅིང་གར་ཐབས་མཛད་པ་ཙམ་གྱིས༔ མཁའ་འགྲོ་རྒྱ་མཚོའི་དབུས་ན་བཞུགས་ཤིང༔ སྣང་སྲིད་དབང་དུ་སྡུད་པ་དང་བྱིན་གྱིས་བརླབས་པར་སྒོམ་མོ༔ དེའི་སྤྱི་གཙུག་ན་སློབ་དཔོན་པདྨ་འབྱུང་གནས་སྐུ་མདོག་མཐིང་ནག་གཟི་བརྗིད་དང་ལྡན་པ༔ ཨ་ཙ་ར་ལོ་བརྒྱད་ཆ་བྱད་ཅན༔ རུས་པའི་རྒྱན་དྲུག་གིས་བརྒྱན་པ༔ ཌཱ་མ་རུ་དང་དྲིལ་བུ་གསིལ་པ༔ ཉི་ཟླ་པདྨའི་གདན་ལ་གར་ཐབས་སུ་བཞུགས་པ༔ བཀའ་བརྒྱུད་བླ་མ་དང༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ བླ་མ་རྒྱལ་བ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་ཞིང་བཞུགས་ནས་བྱིན་གྱིས་བརླབ་པར་བསྒོམས་ལ༔ རླུང་ཐུབ་ཐང་དུ་བཟུང༔ དེའི་རྒྱབ་ཏུ་ཆོས་སྐྱོང་རྣམས་ཀྱིས་བར་ཆད་སེལ་བ༔ ཞབས་འོག་ནས་གཏེར་བདག་གིས་ལས་བྱེད་པ༔ མདོར་ན་རིགས་དྲུག་སེམས་ཅན་ཐམས་ཅད་མ་ཎིའི་སྒྲ་ཏི་རི་རི་བཟླས་པར་བསྒོམས་ལ༔ དང་པོ་བསྙེན་པ་བསྙེན་སྒྲུབ་དྲིལ་ཏེ་ཉིན་ཁྲི་མཚན་ཁྲི་བཟླས་སོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཅེས་པའོ༔ དམིགས་པ་ནི༔ རང་གི་སྙིང་པདྨ་འདབ་མ་བརྒྱད་དུ་གྱེས་པའི་ལྟེ་བའི་སྟེང་ཉི་ཟླའི་གྭའུའི་དབུས་སུ༔ ཧྲཱིཿདམར་པོ་གཅིག་བསམ༔ དེ་ལ་ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿས་བསྐོར་བར་བསམ་ལ༔ དེ་གཡས་སྐོར་དུ་འཁོར་ཞིང་འོད་ཟེར་འཕྲོས་པས༔ བདེ་བར་གཤེགས་པ་མཆོད་དངོས་གྲུབ་བརྙེས༔ ཚུར་འདུས་རང་ལ་ཐིམ་ཡང་ཕར་འཕྲོས༔ སེམས་ཅན་གྱི་སྡིག་སྒྲིབ་སྦྱངས༔ ཐམས་ཅད་ཐུགས་རྗེ་ཆེན་པོར་གྱུར་པར་བསྒོམ་མོ༔ སྐབས་སུ་འདི་ཡང་བརྒྱ་རྩ་རེ་ཤམ་བུར་བཏག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དྷུ་མ་གྷ་ཡེ་ན་མཿཧྱ་གྷྲཱི་ཝ་ཧཱུྃ༔ ཧ་རི་ནི་ས༔ ར་ཙ་ཧྲི་ཡ༔ སརྦ་སིདྡྷི་ཧཱུྃ༔ ཞེས་པའི་འོད་ཟེར་སེམས་ཅན་ལ་ཕོག་པས༔ ཐམས་ཅད་རང་དབང་མེད་པར་དབང་དུ་འདུས་པར་བསམ་མོ༔ གར་འགྲོ་གར་གནས་ཀྱང་ཆོས་སྐྱོང་གིས་སྲུང༔ གཏེར་བདག་གིས་བཏེག༔ ཌཱ་ཀི་བཞིས་ལས་བྱེད་པར་བསམ་མོ༔ དེ་ལ་ཞག་གྲངས་ནི་རབ་ལ་ཞག་བདུན༔ འབྲིང་ལ་ཉི་ཤུ་རྩ་གཅིག༔ ཐ་མ་ལ་ཡང་ཟླ་བ་གསུམ་ལ་ཚད་དུ་ཕྱིན་ཅིང༔ གྲངས་ཀྱི་ཚད་ནི་འབུམ་ཕྲག་གསུམ་ཡིན་ནོ༔ འགྲུབ་པའི་རྟགས་ནི་ཉམས་དངོས་རྨི་ལམ་མོ༔ ཉམས་སུ་ལུང་སྟོན་པ་ཆོས་འཆད་པ༔ སྣང་བ་བན་བུན་པ༔ ཤེས་པ་འུར་བ་ལ་སོགས་གསང་སྔགས་སྤྱི་ལྟར་འབྱུང༔ རྨི་ལམ་དུ་ཐུགས་རྗེ་ཆེན་པོ་དང་མཇལ་བ༔ བུད་མེད་ཀྱིས་ཟས་གོས་ལོངས་སྤྱོད་བྱིན་པ༔ ཨོ་རྒྱན་ང་ཉིད་དང་འཕྲད་པ་ལ་སོགས་དང༔ ཉི་ཟླ་ཤར་བ་གྲུ་ཟམ་བཙུག་པ༔ གཅེར་བུར་ཕྱིན་པ༔ ཤེལ་རྙེད་པ་ལ་སོགས་འབྱུང༔ དངོས་སུ་ལུས་བདེ་བ༔ ངག་སྙན་པ༔ སེམས་གསལ་བ༔ ཉིན་མོ་མི་འདུས༔ ནུབ་མོ་མཁའ་འགྲོ་འདུ༔ བར་དུ་ཟས་གོས་འདུ༔ བླ་མས་བྱིན་གྱིས་བརླབ༔ ཡི་དམ་གྱིས་ལུང་སྟོན༔ མཁའ་འགྲོས་དངོས་གྲུབ་སྟེར༔ ཆོས་སྐྱོང་གཏེར་བདག་གིས་བར་ཆད་སེལ་བ་ལ་སོགས་པ་མཆོག་ཐུན་མོང་ཐམས་ཅད་འགྲུབ་ཅིང༔ ཁྱད་པར་ཨོ་རྒྱན་ཐུགས་རྗེ་ཆེན་པོ་དང་གཉིས་སུ་མེད་པར་སངས་རྒྱས་སོ༔ རྗེས་ནི༔ དེ་ལྟར་ལྷ་ཚོགས་གསལ་ལ་དེར་ཞེན་མེད་པ༔ རྟག་འཛིན་དུ་མ་འཐས་པ༔ ཡིན་ལུགས་སྟོང་གསལ་ལ་ལྷག་གེར་བཞག་གོ༔ སྐབས་སྐབས་སུ་ལས་བྱང་ལྟར་མཆོད་བསྟོད་དང་ཚོགས་ལ་འབད་དོ༔ དཀྱིལ་འཁོར་བསྡུ༔ དངོས་གྲུབ་བླང༔ དབང་ཞུ༔ ལས་གང་ཡིན་ལ་འཇུག་གོ༔ སྦྱོར་བ་བརྩམས་གཏང་རག་བཏང༔ བསྔོ་བ་སྨོན་ལམ་གྱི་རྒྱ་བཏབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སྒྲུབ་ཐབས་གཙུག་གི་ནོར་བུ་འདི༔ ཐུགས་རྗེ་ཉིད་ལ་ལུང་ཞུས་ནས༔ ཕྱི་རབས་དོན་དུ་ཡི་གེར་བཀོད༔ ཤེལ་དཀར་ཁྱོད་ཀྱིས་ཉམས་སུ་ལོངས༔ སྐལ་ལྡན་དོན་དུ་གཏེར་དུ་སྦོས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ྈྈྈ ཐུགས་རྗེ་ཆེན་པོའི་རིགས་ཐམས་ཅད་ལ། འདི་ལས་སྒྲུབ་ཐག་ཉེ་བ་དང་བྱིན་རླབས་ཆེ་བ་མེད་པའི་ཕྱིར། བདག་ཉིད་ཀྱིས་ཡི་གེའི་རིས་སུ་བཏབ་པའོ། །དུས་ངན་སྐྱེས་པའི་སྤྲང་པོ་རྡོར་གླིང་པས། ཨོ་རྒྱན་གཏེར་རྙེད་ཡང་ཟབ་གདམས་པ་མཇལ། །ད་རེས་མི་ཡུལ་ཉག་གཅིག་འོང་བ་འདི། །འཁོར་ལོས་སྒྱུར་རྒྱལ་འདྲ་བའི་སྟོབས་མཆོག་མེད་ལགས་ཀྱང་། །སུ་རེག་ཆོས་ཀྱིས་ཕྱུག་པས་དོན་དང་ལྡན་པ་ཨ་ལ་ལ། དེང་ནས་འཁོར་བའི་སེམས་ཅན་མ་སྟོངས་བར། །བདག་དང་སྤྲུལ་སྐྱེས་སེམས་ཅན་དྲན་པ་དང་། །ཐུགས་རྗེས་རེ་འདོད་སྐོང་བར་ཤོག །གཏེར་སྟོན་རྡོ་རྗེ་གླིང་པའི་གཏེར་མའོ། །སརྦ་མངྒ་ལཾ།། ༈ ༁ྃ༔ བླ་མ་རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་བཞུགས་སོ༔ ྈྈྈྈ བླ་མ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ༔ བླ་མ་རྒྱ་མཚོ་བསྒྲུབ་པར་སུ་འདོད་པས༔ དབེན་པར་ཕྱིན་ལ་ཕྱི་ནང་མཚམས་བཅད་ནས༔ བདེ་བའི་སྟན་ལ་རང་ཉིད་སྐྱིལ་ཀྲུང་བྱ༔ ཕྱི་ནང་གཏོར་མཆོད་སྨན་རཀ་རྒྱ་ཆེན་བཤམ༔ སྐྱབས་འགྲོ་སེམས་བསྐྱེད་ཚོགས་བསགས་ཏེ༔ བགེགས་གཏོར་བྱིན་ལ་སྡིག་པ་མ་ལུས་བཤགས༔ དངོས་གཞི་རང་ཉིད་ཧྲཱིཿལས་མེ་འབར་བས༔ རྣམ་སྨིན་ལུས་བསྲེགས་ཉི་ཟླའི་སྟེང༔ བདག་ཉིད་ཨོ་རྒྱན་ཐོད་ཕྲེང་རྩལ༔ ཨ་ཙར་ཆ་ལུགས་ལོ་བརྒྱད་ཚུལ༔ མཐིང་ནག་རུས་པའི་རྒྱན་དྲུག་ཅན༔ མེ་ལོང་གཡེར་ཁ་དར་འཕྱང་འཕུལ༔ ཕྱག་གཡས་སེང་ལྡེང་ཅང་ཏེའུ་འཁྲོལ༔ གཡོན་པས་དངུལ་དཀར་དྲིལ་བུ་གསིལ༔ ཡུམ་ཆེན་ཤེལ་དཀར་མཚོ་སྒྲོན་འཁྲིལ༔ དཀར་མོ་བཅུ་དྲུག་གཞོན་ཚུལ་ལོ༔ གཡས་པས་མགུལ་འཁྱུད་གཡོན་པས་བདུད་རྩི་བསྣམས༔ ཞབས་གཉིས་ཡབ་གྱི་སྐེད་ལ་འཁྲིལ༔ རུས་རྒྱན་དར་འཕྱང་མཛེས་འཛུམ་བསྐྱེད༔ དེ་ཡི་གཡས་གཡོན་རྒྱབ་མདུན་དུ༔ རྩ་བརྒྱུད་དུས་གསུམ་བླ་མ་རྣམས༔ ཆ་ལུགས་མ་ངེས་གསལ་བར་བསྐྱེད༔ རླུང་བཟུང་ཐུབ་ཐང་མ་ཡེངས་བསྒོམ༔ དེ་ནས་བཟླས་པའི་རྣལ་འབྱོར་ནི༔ ཐུགས་ཀར་ཉི་སྟེང་ཧཱུྃ་ཉིད་ལ༔ གསང་སྔགས་འདི་ཡིས་བསྐོར་བར་བསྐྱེད༔ ངག་ཏུ་འབུམ་ཕྲག་གསུམ་དུ་བཟླས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ སརྦ་སིདྡྷི་ཕ་ལ་ཧོ༔ སརྦ་ཌཱ་ཀི་ནཱི་ཙིཏྟ་ཧྲཱིང་ཧྲཱིང་ཛཿཛ༔ བདེ་གཤེགས་བླ་མའི་ཐུགས་བཅུད་དོ༔ སྙིང་ཁྲག་ལྟ་བུ་འདི་ཉིད་ལ༔ སུས་བཟླས་ཨོ་རྒྱན་ང་རང་དངོས༔ སྐབས་སུ་དངོས་གྲུབ་བླང་བྱ་ཞིང༔ ལས་བྱང་བཞིན་དུ་ཚོགས་མཆོད་གཏང༔ འགྲུབ་རྟགས་ཉམས་དངོས་རྨི་ལམ་དུ༔ ཨོ་རྒྱན་བདག་ཉིད་དངོས་སུ་འབྱུང༔ ལུང་སྟོན་ཆོས་འཆད་ལེགས་ཉེས་སྨྲ༔ ཚེ་གཅིག་སངས་རྒྱས་ཐོབ་པ་དང༔ གསང་སྔགས་ཡོན་ཏན་ཐམས་ཅད་འབྱུང༔ རྗེས་ལ་བསྔོ་བས་རྒྱས་གདབ་བྱ༔ མ་བཅོས་སྟོང་གསལ་ངང་ལ་བཞག༔ འདི་ལྟར་སྒྲུབ་ཐབས་རྒྱ་མཚོ་འདི༔ གསང་སྔགས་ཀུན་གྱི་བཅུད་ཡིན་པས༔ ཀུན་ལ་མི་སྤེལ་ཟུར་དུ་སྦས༔ ལས་ཅན་གཅིག་བརྒྱུད་སྤེལ་བར་བྱའོ༔ ཨོ་རྒྱན་པདྨའི་བརྒྱུད་འཛིན་ལ༔ གནད་ཀྱི་སྒྲུབ་ཐབས་འདི་མེད་ན༔ གཟུགས་ལ་སྙིང་མེད་ཅི་བཞིན་འདྲ༔ དེ་ཕྱིར་འདི་ཉིད་གཅེས་པར་ཆོངས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བླ་མའི་སྒྲུབ་པ་རྒྱ་མཚོ་རྫོགས་སོ༔ ྈྈྈ སྤྲུལ་སྐུ་རྡོ་རྗེ་གླིང་པའི་གཏེར་མའོ།། ༈ ༁ྃ༔ དཔའ་བོ་རྒྱ་མཚོའི་སྒྲུབ་ཐབས་བཞུགས་སོ༔ དཔའ་བོ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ༔ གང་ཟག་ལས་ལྡན་རབ་རྣམས་ཀྱིས༔ བར་ཆད་གདུག་པ་ཚར་གཅད་ཕྱིར༔ དཔའ་བོ་རྟ་མགྲིན་བསྒྲུབ་འདོད་ན༔ དབེན་པར་མཚམས་བཅད་གཏོར་ཚོགས་བཤམ༔ བདེ་བའི་སྟན་ལ་འདུག་བྱས་ཏེ༔ སྐྱབས་འགྲོ་སེམས་བསྐྱེད་ཚོགས་བསགས་ལ༔ སྐད་ཅིག་དུར་ཁྲོད་ཆོས་འབྱུང་དབུས༔ མི་རོ་ཉི་ཟླའི་གདན་སྟེང་དུ༔ ཡི་གེ་ཧྲཱིཿཡིག་ཡོངས་གྱུར་པས༔ རང་ཉིད་རྟ་མགྲིན་དབང་གི་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ གཡས་པས་གསེར་གྱི་ཌཱ་རུ་ཁྲོལ༔ གཡོན་པས་དངུལ་དཀར་དྲིལ་བུ་གསིལ༔ དབུ་གཙུག་རྟ་མགོ་ཕྱོགས་བཅུར་འཚེར༔ རུས་རྒྱན་ཁ་ཊྭཱཾ་གར་ཐབས་འཆམ༔ ཤར་དུ་རྡོ་རྗེ་དཔའ་བོ་དཀར༔ ལྷོ་རུ་རཏྣ་དཔའ་བོ་སེར༔ ནུབ་ཏུ་པདྨ་དཔའ་བོ་དམར༔ བྱང་དུ་ཀརྨ་དཔའ་བོ་ལྗང༔ གཞན་ཡང་དཔའ་བོ་བསམ་ལས་འདས༔ དུར་ཁྲོད་ཆས་བརྒྱན་འཇིགས་པའི་ཚུལ༔ ཞབས་གཉིས་འདོར་ཐབས་མེ་དཔུང་ཀློང༔ ཡུམ་ཆེན་ཕག་མོ་སྐུ་ལ་འཁྲིལ༔ དུར་ཁྲོད་ཆས་བརྒྱན་ཁྲོས་ཚུལ་ཅན༔ ཕག་ནག་ངུར་སྒྲ་ཕྱོགས་བཅུར་སྒྲོག༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམས༔ སྟེང་ཕྱོགས་སློབ་དཔོན་པདྨ་ལ༔ གྲུབ་ཐོབ་བརྒྱུད་པས་བསྐོར་བར་བསམ༔ ཁམས་གསུམ་ཟིལ་གནོན་ཧཱུྃ་སྒྲ་སྒྲོག༔ ཐུགས་ཀར་ཡེ་ཤེས་ཚོན་གང་བ༔ སྟོང་གསུམ་གཡོ་ཞིང་འཕར་ལྡེག་འགུལ་བར་བསྒོམ༔ ཐུགས་ཀར་ཧྲཱིཿལ་སྔགས་འདིས་བསྐོར༔ མ་ཡེངས་རླུང་བཟུང་སྔགས་འདི་བཟླས༔ ཨོཾ་ཨཱཿཧཱུྃ༔ བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧཱུྃ༔ བཛྲ་བྷ་ར་ཧི༔ ཀྲོ་དྷི་ཀཱ་ལི༔ ར་ཙ་ཧྲི་ཡ༔ ཧུ་ལུ་ཧུ་ལུ་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གནོད་བྱེད་མཱ་ར་ཡ་སོད༔ ཅེས་པ་འབུམ་ཕྲག་གསུམ་བཟླས་ཤིང༔ སྨྲ་བ་བཅད་ལ་གཏོར་ཚོགས་མཆོད༔ འོད་ཟེར་ཕར་འཕྲོས་བདེར་གཤེགས་མཆོད༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུས༔ ཡང་གཅིག་ཕར་ལ་འཕྲོས་པ་ཡིས༔ དྲེགས་པ་ཅན་རྣམས་ཚར་བཅད་དེ༔ ཐམས་ཅད་ཐུག་རྗེ་ཆེན་པོར་བསམ༔ འདི་ནི་གསང་སྔགས་སྙིང་ཡིན་པས༔ བྱད་ཟློག་སྲུང་འཁོར་བྱེད་པ་དང༔ མཛེ་གསོ་སྨྱོ་འདུལ་སེར་བ་སྲུང༔ བསད་པ་གསོ་བ་སྨན་དཔྱད་སོགས༔ ཕྲིན་ལས་གང་ཡང་ཐོགས་པ་མེད༔ ཕྱི་རབས་ཨོ་རྒྱན་བརྒྱུད་འཛིན་ལ༔ ཡང་གསང་གནད་འདི་མེད་པ་ན༔ བྱིས་པས་སྤུ་གྲིར་རྩེ་བ་འདྲ༔ གཅེར་བུར་མདའ་ཁ་འགྱེད་པ་འདྲ༔ འདི་ཡོད་སྡེ་བརྒྱད་གང་འདུལ་ཡང༔ བཙན་པོའི་མཁར་དུ་ཚུད་པ་འདྲ༔ རྡོ་རྗེའི་གོ་ཁྲབ་གོན་དང་མཚུངས༔ དེ་ཕྱིར་གཅེས་པར་སེམས་ལ་ཕུལ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དཔའ་བོ་རྒྱ་མཚོའི་སྒྲུབ་ཐབས་ཤེལ་དཀར་བཟའ་རྡོ་རྗེ་མཚོའི་ཡི་གེའོ༔ ྈྈྈ དགེའོ།། ༈ ༁ྃ༔ མཁའ་འགྲོ་རྒྱ་མཚོའི་སྒྲུབ་ཐབས་བཞུགས་སོ༔ ྈྈྈ མཁའ་འགྲོ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ༔ གང་ཟག་སྒྲུབ་བརྩོན་དམ་ཚིག་ཅན༔ མཁའ་འགྲོ་རྒྱ་མཚོ་བསྒྲུབ་འདོད་ན༔ དབེན་པར་མཚམས་བཅད་མཆོད་གཏོར་བཤམ༔ བདེ་བའི་སྟན་ལ་སྐྱིལ་ཀྲུང་བཅའ༔ སྐྱབས་འགྲོ་སེམས་བསྐྱེད་ཚོགས་བསགས་ལ༔ དངོས་གཞི་ཧཱུྃ་ལས་འོད་འཕྲོས་པས༔ གཞལ་ཡས་གྲུ་བཞི་སྒོ་བཞིའི་དབུས༔ ཆོས་འབྱུང་མི་རོ་པད་ཉིའི་སྟེང༔ བདག་ཉིད་གསང་ཡེ་མཁའ་འགྲོ་དམར༔ ཞལ་གཅིག་མཆེ་གཙིགས་སྤྱན་གསུམ་པ༔ ཕྱག་གཡས་གྲི་གུག་གཡོན་ཐོད་ཁྲག༔ རུས་པའི་རྒྱན་དྲུག་གར་སྟབས་འཆམ༔ ཨ་རལླི་ཡི་སྒྲ་སྒྲོག་ཅིང༔ སྤྱི་གཙུག་ཕག་ཞལ་ངུར་སྒྲ་ལྡིར༔ དུར་ཁྲོད་ཆས་བརྒྱན་མེ་དབུས་འགྱིང༔ ཁ་ཊྭཱཾ་རྩེ་གསུམ་མཆན་ཁུང་བསྣམས༔ རིགས་བཞི་མཁའ་འགྲོ་ཐམས་ཅད་དང༔ དཔའ་མོ་རྒྱ་མཚོའི་དབུས་ན་འགྱིང༔ སྤྱི་གཙུག་པདྨ་དེ་ཡི་གཙུག༔ ཚེ་དཔག་མེད་པ་བཞུགས་པར་སྒོམ༔ སྙིང་གར་ཐུགས་རྗེ་ཆེན་པོ་བསམ༔ གདན་འོག་ཆོས་སྐྱོང་སྲུང་མ་རྣམས༔ རིགས་དྲུག་སེམས་ཅན་དབང་སྡུད་ཅིང༔ ཀུན་ཀྱང་ཆོས་ལ་བཙུད་པར་བསམ༔ གསང་སྔགས་འདི་ཉིད་སྨྲ་བ་བཅད༔ ཉིན་ཞག་རྩ་གཅིག་བདུན་འབུམ་བཟླས༔ ཨོཾ་དྷུ་མ་གྷ་ཡེ་ན་མ་ཧ་རི་ནི་ས་ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བ་སུ་སིདྡྷི་ནཱ་ནཱ༔ ཁ་དྷེ་སིདྡྷི་སརྦ་ཕ་ལ་ཧཱུྃ༔ སིདྡྷི་སྡུས་སྡུས་ཧཱུྃ༔ འོད་ཟེར་ཕར་འཕྲོས་འཕགས་པ་མཆོད༔ ཚུར་འདུས་དངོས་གྲུབ་བསྡུས་པར་བསམ༔ སྣང་ཚད་མཁའ་འགྲོར་ཤིགས་སེ་ཤིག༔ ས་གཞི་མེར་མེར་བཏེགས་པར་བསམ༔ དེ་ལྟར་སུས་བྱས་རྟགས་གསུམ་འཆར༔ ཐུན་མོང་ཚེ་རིང་དངོས་གྲུབ་འབྱུང༔ མཁའ་འགྲོ་སྡེ་ལྔས་ཟས་གོས་སྟེར༔ མཆོག་ཏུ་སངས་རྒྱས་སྐུ་གསུམ་ཐོབ༔ འདི་མེད་གསང་སྔགས་སྒྲུབ་འདོད་པ༔ ཁང་སྟོང་ནང་གི་རྐུན་མ་འདྲ༔ འདི་ཡོད་ཡིད་བཞིན་ནོར་རྙེད་ལྟར༔ སྐབས་སུ་ཚོགས་གཏོར་བསྟོད་པས་བསྐང༔ རྗེས་ལ་བསྔོ་བ་སྨོན་ལམ་བཏབ༔ འདི་འདྲའི་སྒྲུབ་ཐབས་ཡང་ཟབ་འདི༔ ཨོ་རྒྱན་བདག་གི་སྙིང་ཡིན་པས༔ ཤེལ་དཀར་རྡོ་རྗེ་མཚོ་ལ་གཏད༔ ཉམས་སུ་ལོངས་ལ་གཏེར་དུ་སྦོས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མཁའ་འགྲོ་རྒྱ་མཚོའི་སྒྲུབ་ཐབས་ཤེལ་དཀར་བཟའི་ཡི་གེའོ༔ ྈྈྈྈ ྈ གཏེར་སྟོན་རྡོ་རྗེ་གླིང་པའི་གཏེར་མའོ། །བཀྲ་ཤིས་སོ།། ༈ ༁ྃ༔ ཆོས་སྐྱོང་རྒྱ་མཚོའི་སྒྲུབ་ཐབས་བཞུགས་སོ༔ ྈྈྈྈ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཆོས་སྐྱོང་རྒྱ་མཚོའི་སྒྲུབ་ཐབས་བསྟན༔ ཕྱི་རབས་ཆོས་ལ་དགྲ་བྱུང་ན༔ རྟ་མགྲིན་སྤྲུལ་པ་རྡོར་ལེགས་ཀྱི༔ སྒྲུབ་ཐབས་འདི་ཡིས་དགྲ་སྲོག་ཆོད༔ འདི་ལ་སྔོན་འགྲོ་དངོས་གཞི་རྗེས༔ དང་པོ་དབེན་པའི་བྲག་ཕུག་སོང༔ ཤོག་ཤོག་དག་ལ་ལིངྒ་བྲིས༔ དགྲ་ཡི་མིང་རུས་ཟག་རྫས་བྱུག༔ ལྷ་དང་ཕྲལ་ལ་འགུག་གཞུག་བྱ༔ བྲུབ་ཁུང་ཞིག་གི་ནང་དུ་གཞུག༔ དེའི་སྟེང་གཏོར་མ་དམར་ཆེན་དང༔ རཀྟ་སྨན་དང་བདུད་རྩི་བཤམ༔ དེ་ནས་ཕྱི་ནང་མཚམས་བཅད་དེ༔ རང་ཉིད་བདེ་བའི་སྟན་ལ་འདུག༔ བྲིས་སྐུ་བཤམས་ལ་དམིགས་པ་གསལ༔ རང་ཉིད་རྟ་མགྲིན་བསྒོམས་པ་ཡི༔ མདུན་དུ་ཆོས་སྐྱོང་འཁོར་བཅས་བསྐྱེད༔ ཅི་བཅོལ་ཕྲིན་ལས་བྱེད་པར་བསྒོམ༔ ཆ་ལུགས་བསྟོད་བསྐུལ་ཇི་བཞིན་ནོ༔ སྙིང་པོ་འདི་ཉིད་སྨྲ་བ་བཅད༔ ཉིན་ཐུན་མཚན་ཐུན་རྒྱུན་དུ་བཟླས༔ ཨོཾ་བཛྲ་སཱ་དྷུ་ས་མ་ཡ༔ དགྲ་བོའི་སྲོག་ཆོད༔ སྙིང་ཐོན༔ དབུགས་འགམ༔ ཡ་ཡ་རྒྱུག་རྒྱུག༔ བྲེང་བྲེང༔ ལྟས་ངན་ཐོངས་ཤིག༔ དེ་ལ་ཞག་བདུན་འབད་པ་དང༔ ཐོག་ཚག་འོད་དང་མི་ནག་དང༔ དངོས་སུ་དགེ་བསྙེན་ཁོ་རང་འོང༔ དེ་དུས་གསོལ་མཆོད་དག་ལ་རེམ༔ དེ་ནས་གུང་གཉིས་ཟེར་གཉིས་བཞིར༔ འདི་ལྟར་ལས་ལ་བསྐུལ་བར་བྱ༔ ཧཱུྃ༔ རྟ་མགྲིན་སྤྲུལ་པ་རྡོ་རྗེ་ལེགས༔ བཞུགས་ནི་ནམ་མཁའི་དབྱིངས་ན་བཞུགས༔ གནས་ནི་རྒྱ་མཚོའི་གླིང་ན་གནས༔ ལས་ནི་འགྲོ་ཀུན་གྱི་སྲོག་གཅོད་བདག༔ གནས་འདིར་ཤ་ཁྲག་མཆོད་གཏོར་འབུལ༔ ཐུགས་དམ་དབང་གིས་བཞེས་མཛོད་ལ༔ དམ་ཉམས་དགྲ་སྲོག་ཆོད་ལ་ཤོག༔ ཆིབས་སུ་སེང་གེ་མགོ་ལྔ་ཆིབས༔ དགྲ་ལ་ལྟས་ངན་སྣ་ཚོགས་ཐོངས༔ སྐུ་ལ་བསེ་ཁྲབ་དཀར་པོ་གསོལ༔ དགྲ་ལ་ནད་ཡམས་ཆོ་འཕྲུལ་ཐོངས༔ ཕྱག་གཡས་ཞིང་གི་དབྱུག་པ་ཐོགས༔ དགྲ་བོའི་བདུན་རྒྱུད་ཆོད་ལ་ཤོག༔ གཡོན་པས་ཏྲི་ཤུལ་མི་སྙིང་འཛིན༔ དགྲ་བོའི་སྲོག་རྩ་དྲོངས་ལ་ཤོག༔ མཆེ་གཙིགས་རྔམས་པའི་སྲོག་ཟན་ཁྱོད༔ དགྲ་བོའི་བླ་འཁྱམས་འདིར་ཁུག་ལ༔ ཤ་ཁྲག་དམར་གཏོར་འདི་བཞེས་ལ༔ ཁྱོད་ཀྱི་བཀའ་ཉན་ཆོ་འཕྲུལ་ཡང༔ ལ་ལ་སྲོག་གཅོད་ཤན་པའི་རིགས༔ ལ་ལ་འདབ་ཆགས་བྱ་ཡི་རིགས༔ ལ་ལ་ལུས་མེད་སྐད་འཛིན་ཅིང༔ སྣ་ཚོགས་གཟུགས་ཅན་ཆོ་འཕྲུལ་འགྱེད༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ དགྲ་བོ་སྐད་ཅིག་ཡུད་ལ་སྒྲོལ༔ ཆོས་ཆོས་དེ་ནི་དགྲ་ལ་ཆོས༔ དགྲ་ལ་ལྟས་ངན་སྣ་དགུ་ཐོངས༔ ལ་ལ་སྤྲེལ་ཞོན་ཕུགས་སུ་ཐོངས༔ བོང་བུ་ཕྱིར་ཐག་སྒོ་རུ་ཐོངས༔ རྟ་ཕོ་གཡག་མགོ་ཐོག་ཏུ་ཐོངས༔ ཤ་བ་བྲོ་འཁྲབ་སྟེང་དུ་ཐོངས༔ ཁ་ནས་ཁྲག་སྐྱུག་དལ་ཡམས་ཐོངས༔ བྷྱོ་བྷྱོ་བྷྱོ༔ ཞེས་པས་བསྐུལ་ཅིང་ཕུད་གཏོར་རོ༔ ལིང་ག་བཏོན་ལ་གྲི་ཡིས་གཏུབ༔ བསད་རྟགས་སྣ་ཚོགས་འབྱུང་འགྱུར་ཞིང༔ ཉི་ཤུ་རྩ་གཅིག་ཞག་སོང་ནས༔ ལིང་ག་ཆ་གཅིག་མེ་ལ་བསྲེག༔ ཐལ་བ་རླུང་ལ་བསྐུར་ཏེ་བཏང༔ ཆ་གཅིག་ས་ཆུ་གཉིས་ལ་མནན༔ གཏོར་མ་དགྲ་ཡི་ཡུལ་ཕྱོགས་སུ༔ གཅེར་བུར་བསྐུལ་ཡང་བྱས་ལ་བཏང༔ དུས་བཞི་ཀུན་ཏུ་རྦད་པར་བྱ༔ དེ་ཡིས་དགྲ་བོ་རྩད་ནས་གཅོད༔ བསྟན་པ་འཇིག་ལ་ཉེན་ན་སྤྱོད༔ ཀུན་ལ་སྤེལ་ན་དམྱལ་བར་འགྲོ༔ དེ་བས་གཅིག་བརྒྱུད་དམ་པར་བྱ༔ རྣོ་བའི་མཚོན་ཡིན་གཅེས་པར་ཆོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཆོས་སྐྱོང་རྒྱ་མཚོའི་སྒྲུབ་ཐབས་སོ༔ ས་མ་ཡ༔ ྈྈྈྈ གཏེར་སྟོན་རྡོ་རྗེ་གླིང་པའི་གཏེར་མའོ།། ༈ ༁ྃ༔ གཏེར་བདག་རྒྱ་མཚོའི་སྒྲུབ་ཐབས་སོ༔ ྈྈྈ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ གཏེར་བདག་གནམ་སྨན་དཀར་མོའི་སྒྲུབ་ཐབས་མེ་ལོང་ཀུན་གསལ་བསྟན༔ ཕྱི་རབས་རྣམས་ཀྱིས་ཉམས་སུ་ལོངས༔ དབེན་པར་མཚམས་བཅད་མདའ་དར་ལ༔ མེ་ལོང་བཏགས་པ་འཕྱིང་དཀར་སྟེང༔ འབྲང་རྒྱས་མར་དཀར་བརྒྱན་པ་གཙུག༔ ཕུད་གཏོར་སྤོས་དང་གཏོར་ཚོགས་བཤམ༔ ནས་དཀར་བྲེ་གང་ལུག་ཤ་ཡི༔ ལག་པ་གཡས་པ་རྟེན་དུ་བཙུག༔ རང་ཉིད་ཁྲུས་བྱས་སྤོས་ཀྱིས་བདུག༔ བུ་མོ་བཅུ་དྲུག་ལོ་ལོན་པ༔ དར་དཀར་གོས་གོན་མེ་ལོང་ཐོགས༔ རིན་ཆེན་གསེར་གཡུས་བརྒྱན་པ་ལ༔ འཁོར་ཡང་བརྒྱ་སྟོང་བསྐོར་བར་བསམ༔ གསེར་སྐྱེམས་གཏོར་མ་མདའ་ཡིས་འབོད༔ ཀྱཻ༔ མ་གཅིག་གནམ་སྨན་ཤེལ་དཀར་རྡོ་རྗེ་མཚོ༔ རིན་ཆེན་གཏེར་གྱི་བདག་མོ་ཆེ༔ གཙང་མའི་ཕུད་ལ་འདིར་བྱོན་ཅིག༔ འབྲང་རྒྱས་མདའ་དར་རྟེན་ཡོད་དོ༔ སྣང་སྲིད་གསལ་བའི་པྲ་སྟོན་ཅིག༔ དགྲ་བགེགས་བསྒྲལ་བའི་ལས་མཛོད་ཅིག༔ ཅེས་བོས་གསང་སྔགས་འདི་བཟླས་སོ༔ ཨོཾ་ལས་སེའི་བུ་མོ༔ འདིར་ཤོག་པྲ་མོ་སྟོན༔ ཆུ་བུར་མིག་གི་སྒོ་ཕྱེས༔ གསལ་བ་ཡེ་ཤེས་ཀྱི་དོན་སྟོན་ཅིག༔ ཅེས་པ་བརྒྱ་ཕྲག་གཅིག་གམ་སྟོང་ཕྲག་གཅིག་བཟླས་སོ༔ དེའི་ཚེ་གནམ་སྨན་རྒྱུད་ལ་འབབ༔ འཇིག་རྟེན་ཀུན་ལ་ལེགས་ཉེས་སྟོན༔ ཟབ་ཕྱིར་རིན་ཆེན་ས་ལ་སྦས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈ གཏེར་བདག་རྒྱ་མཚོའི་སྒྲུབ་ཐབས་འདི། སྤྲུལ་སྐུ་རྡོ་རྗེ་གླིང་པས་གཏེར་ནས་གདན་དྲངས་པའོ། །འདི་ཉིད་ཀྱིས་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་ཤོག །སརྦ་མངྒ་ལཾ།། ༈ ༁ྃ༔ ཐུགས་རྗེ་ཆེན་པོ་ཀུན་འདུས་ཀྱི་དབང་མཆོག་རེག་པ་སངས་རྒྱས་བཞུགས་སོ༔ ྈྈྈྈྈ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ༔ ཐུགས་རྗེ་ཆེན་པོའི་དབང་བཞི་ཡོངས་སུ་བསྐུར་བ་ནི་འདི་ཡིན་ཏེ༔ སྤྲོས་བཅས་དང༔ སྤྲོས་མེད་དང༔ གསང་དབང་དང༔ ཤེས་རབ་ཡེ་ཤེས་ཚིག་གི་ངོ་སྤྲོད་དོ༔ དེ་རྣམས་རེ་རེ་ལ་སྔོན་འགྲོ་དངོས་གཞི་རྗེས་རྣམས་ཡིན་ཏེ༔ དང་པོ་སྔོན་འགྲོ་ལ་གསུམ་སྟེ༔ བསྙེན་པ་བྱ་བ་དང༔ རྫས་གསག་པ་དང༔ དཀྱིལ་འཁོར་བྲི་ཞིང་སྐུར་བའི་བྱེ་བྲག་པའོ༔ དེ་ལ་དང་པོ་བསྙེན་པ་ནི༔ དབང་བསྐུར་བའི་སྔོན་དུ་བླ་མས་ཞག་བདུན་བསྙེན་པ་བྱའོ༔ རྫས་གསག་པ་ནི༔ དབང་རྫས་གང་དགོས་དང༔ མཆོད་རྫས་བཤམ་པའོ༔ དཀྱིལ་འཁོར་ནི༔ དང་པོར་སའི་ལྷ་མོ་བརྟན་མ་ལས་ས་བསླང༔ བར་དུ་བརྐོ༔ བརྟག་སྦྱངས་བཅག་ཅིང་གཟུང༔ ཐིག་གདབ༔ དཀྱིལ་འཁོར་བྲིས་ལ་གཞལ་ཡས་ཁང་དུ་བསྐྱེད་དོ༔ དེ་ནས་དབང་གི་དངོས་གཞི་ནི༔ ཕྱི་རོལ་དུ་སྦྱིན་སྲེག་གིས་སྡིག་སྒྲིབ་སྦྱོང༔ ཁྲུས་བྱ་སྐྱབས་གསོལ༔ ཞུ་བ་འབུལ༔ སྒོ་ར་བ་ལ་གནང་བ་བྱིན༔ ལས་ཀྱི་རྡོ་རྗེས་སྣ་ཁྲིད་ནང་དུ་འོང༔ ཁྲོ་བོས་བགེགས་བསྐྲད༔ ནང་དུ་བཏང་སྟེ་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱ༔ ཕོ་ཐམས་ཅད་གཡས༔ མོ་ཐམས་ཅད་གཡོན༔ ལས་ཚོགས་པ་དབུས༔ བླ་མ་བྱང་ཤར་ནས་བཞུགས་ཏེ༔ མཎྜལ་ཕུལ་ནས་ཞུ་བ་འབུལ༔ བླ་མས་དྲང་དོན་གྱི་ཆོས་བཤད༔ བར་ཆད་བསྐྲད༔ སྲུང་སྐུད་བཏག༔ སྐྱབས་འགྲོ་སེམས་བསྐྱེད་ལས་བྱང་ལྟར་གཞུང་བསྲང༔ ཚོགས་ལ་རོལ༔ བར་དེར་དམིགས་པ་བསྐྱེད་རིམ་ཕོག༔ སྙིང་པོ་སྟོང་ཕྲག་ཏུ་བཟླས་སོ༔ དེའི་དུས་སུ་སློབ་མ་རྣམས་ལ་ཆང་ཐོད་ཕོར་རེ་ལ་སྔགས་བརྒྱ་རྩ་རེ་བཏབ༔ ཆོས་འབྱུང་ཟུར་བརྒྱད་པ་བྲིས་ཏེ༔ རེ་རེ་བྱིན་ལ་བུའི་ལུས་ཁེངས་པར་བསམ༔ དེ་ནས་སློབ་མ་རྣམས་ལངས་སུ་བཅུག་ནས༔ ལག་པ་སྤྱི་གཙུག་ཏུ་ཆོས་འབྱུང་གི་ཕྱག་རྒྱ་བྱར་གཞུག༔ མིག་བཙུམ་སྙིང་གར་ཐུགས་རྗེ་ཆེན་པོ་བསྒོམ༔ སྤྱི་བོར་བླ་མ་བསྒོམ༔ གཡས་གཡོན་དུ་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་བསྐོར༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ༔ གཡས་ཌཱ་མ་རུ་རུས་རྒྱན་ཅན༔ གཡོན་དྲིལ་བུ་གསིལ་བ༔ ཀུན་ཀྱང་ཨཱ་རལླིའི་སྒྲ་སྒྲོག་ཅིང་གར་སྟབས་སུ་ལིང་ལིང་བྱོན་པར་བསམས་ལ༔ བླ་མ་དེ་རྒྱལ་བ་རྒྱ་མཚོ་ལ་གསོལ་བ་འདེབས་སོ༔ ཡི་དམ་དེ་རྒྱལ་བ་རྒྱ་མཚོ་ལ་གསོལ་བ་འདེབས་སོ༔ དཔའ་བོ་དེ་རྒྱལ་བ་རྒྱ་མཚོ་ལ་གསོལ་བ་འདེབས་སོ༔ མཁའ་འགྲོ་དེ་རྒྱལ་བ་རྒྱ་མཚོ་ལགསོལ་བ༴ བཀའ་སྲུང་དེ་རྒྱལ་བ་རྒྱ་མཚོ་ལ༴ སློབ་དཔོན་དེ་པདྨ་འབྱུང་གནས་ལ་གསོལ༴ ཡི་དམ་དེ་ཐུགས་རྗེ་ཆེན་པོ་ལ༴ སྐལ་བཟང་དེ་སངས་རྒྱས་རྣམས་ལ༴ ཡི་དམ་དེ་དབང་ཆེན་རྟ་མགྲིན་ལ༴ མཁའ་འགྲོ་དེ་གསང་བ་ཡེ་ཤེས་ལ༴ བཀའ་སྲུང་དེ་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས་སོ༔ དབང་སྐུར་བྱིན་ཕོབ་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་བརྗོད་ཅིང་མ་ཎིའི་འུར་སྒྲ་བྱས་པས་ལུས་འགུལ༔ ངག་གདུང༔ སེམས་གཡོ་བས་འཁྲབ༔ གུ་གུལ་དང་ཚིལ་ཆེན་བསྲེག༔ རོལ་མོ་དཀྲོལ༔ རྒྱུག་འཆོམས་གར་རྩེད་ཀྱིས་སྣང་བ་བསྒྱུར༔ བྱིན་ཕེབས་པའི་རྟགས་ནི༔ ལུས་ལ་བབས་པས་འཕར་བ་དང༔ ངག་ལ་བབས་པས་སཾསྐྲིཏའི་སྐད་ལ་སོགས་བབ་ཅོལ་དུ་འབྱུང༔ སེམས་ལ་བབས་པས་བདེ་གསལ་མི་རྟོག་པ་ཆོས་ཉིད་ཀྱི་དོན་རྟོགས་པར་འགྱུར་རོ༔ དེའི་རྗེས་སུ་ལུས་སྐྱིལ་ཀྲུང་དུ་མཉམ་པར་བཞག་ལ་འདུག་གོ༔ མེ་ཏོག་བཀྲམ༔ མཎྜལ་འབུལ་ལ་ལས་ཀྱི་སློབ་དཔོན་གྱིས་ཕྱག་འཚལ་ཏེ་འདི་སྐད་ཞུ༔ ཧཱུྃ༔ ཐུགས་རྗེ་ཀུན་འདུས་དཀྱིལ་འཁོར་འདིར༔ བདག་ཅག་རབ་མོས་འཇུག་ལགས་པས༔ དབང་ཆེན་བླ་མ་ཁྱེད་ཀྱིས་ཀྱང༔ བདག་སོགས་སྨིན་པར་མཛད་དུ་གསོལ༔ ལན་གསུམ་བརྗོད༔ བླ་མས་འདི་སྐད་དོ༔ ཧོ༔ སྔོན་བསགས་ལས་ཅན་བུ་རྣམས་ལ༔ གསང་སྔགས་ཀུན་གྱི་སྒོ་དབྱེ་ཕྱིར༔ ཐུགས་རྗེ་ཀུན་འདུས་ལྷ་ཚོགས་ཀྱི༔ དབང་མཆོག་བཞི་རྫོགས་སྦྱིན་པར་བྱ༔ ཞེས་གནང་བ་སྦྱིན༔ དེ་ནས་སློབ་མ་རྣམས་ཀྱི་ངག་ཏུ་བདུད་རྩི་བྱིན༔ རྡོ་རྗེ་མགོ་ལ་བཞག༔ ཧཱུྃ༔ གསང་སྔགས་དབང་གི་དཀྱིལ་འཁོར་འདིར༔ ཞུགས་པའི་བུ་རྣམས་དམ་ཚིག་སྲུངས༔ ཉམས་ན་ན་རཀ་སྡུག་བསྔལ་མྱོང༔ བསྲུང་ན་བླ་མེད་སངས་རྒྱས་ཐོབ༔ ས་མ་ཡ་ཨ་མྲྀཏ་བཛྲ་ཧཱུྃ༔ ཞེས་པའི་རྗེས་ལ་དམ་ཚིག་གི་རྣམ་དབྱེ་བཤད༔ དེར་སློབ་མས་ཁས་བླངས༔ ཧོ༔ བླ་མས་གསུང་བཞིན་དམ་ཚིག་རིགས༔ བདག་ཅག་རྣམས་ཀྱིས་བསྲུང་བར་བྱ༔ ཐུགས་རྗེས་ཟུངས་ལ་སྡུག་བསྔལ་སྐྱོབས༔ རིགས་དྲུག་ཁམས་གསུམ་དོང་སྤྲུགས་ཤོག༔ དེ་ནས་ལྷ་ངོ་སྤྲད་པ་ནི༔ ཧོ༔ མ་རིག་སྡུག་བསྔལ་འཁོར་བར་འཁྱམས༔ གཉིས་འཛིན་བློ་རྨོངས་མིག་ཕྱེ་སྟེ༔ ཡེ་ཤེས་ལྔ་པོ་རང་གསལ་ནས༔ འཁོར་བའི་སྐྱེ་འགྲོ་ད་སྒྲོལ་ཅིག༔ ཅེས་མིག་དབྱེ་བར་བྱ༔ དཀྱིལ་འཁོར་ཕྱོགས་བཞི་ནས་ཕྱག་བཙལ་ལོ༔ དེ་ནས་དང་པོ་ལས་བུམ་གྱི་ཁྲུས་བྱས་པས་སྡིག་པ་དག་པར་བསམ༔ ཧོ༔ སྐུ་གསུམ་ཆུ་ཡི་དྲི་མ་བཀྲུས༔ དག་པའི་ཁྲུས་ཆུ་ཨ་ལ་ལ༔ སྔོན་གྱི་རྒྱལ་བས་བྱིན་བརླབས་ལྟར༔ སྡིག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་རྣམས་ནི་དབང་ཐམས་ཅད་ཀྱི་སྔོན་དུ་བཏང་ངོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈ གཉིས་པ་དངོས་གཞི་ལ་བཞི་ལས༔ དང་པོ་ལུས་སྨིན་པའི་དབང་ནི༔ གཙོ་བུམ་གདན་དྲངས་ཐུགས་རྗེ་ཆེན་པོ་དང་དབྱེ་བ་མེད་པར་བསམ་ལ་འདི་སྐད་དོ༔ ཧོ༔ ཆོས་རྣམས་དམིགས་མེད་སྤྲོས་དང་བྲལ༔ ངང་གིས་གསལ་སྟེ་ངོ་བོ་སྟོང༔ ཐུགས་རྗེ་འགག་མེད་རོལ་པའི་རྩལ༔ ཐུགས་རྗེ་རྒྱ་མཚོའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཨོ་རྒྱན་གྱི་སྐུ་བསྟན༔ དབུ་རྒྱན་མགོར་བསྐོན་ལ༔ ཧོ༔ དུས་གསུམ་བདེ་གཤེགས་གཅིག་དྲིལ་བ༔ ཨོ་རྒྱན་པདྨ་ཐོད་ཕྲེང་ཡིན༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བླ་མ་རྒྱ་མཚོའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྟ་མགྲིན་གྱི་སྐུ་བསྟན༔ ཕུར་པ་མགོ་ལ་བཞག༔ ཧོ༔ སངས་རྒྱས་ཀུན་གྱི་ཡང་སྙིང་བཅུད༔ བཅོམ་ལྡན་རྟ་མཆོག་རྒྱལ་པོ་ཡིན༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དཔའ་བོ་རྒྱ་མཚོའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གསང་བ་ཡེ་ཤེས་ཀྱི་སྐུ་བསྟན༔ ཐོད་ཆང་སྦྱིན་ཅིང༔ ཧོ༔ གསང་སྔགས་ཀུན་གྱི་འབྱུང་ཁུངས་ནི༔ ཡུམ་ཆེན་གསང་ཡེ་མཁའ་འགྲོ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དཔའ་མོ་རྒྱ་མཚོའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རལ་གྲི་མགོ་ལ་བཞག༔ ཧོ༔ བདེ་གཤེགས་ཕྲིན་ལས་གཅིག་བསྡུས་པ༔ ཆོས་སྐྱོང་གཏེར་བདག་མཁའ་འགྲོ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཆོས་སྐྱོང་རྒྱ་མཚོའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་པའི་མཇུག་ལ་གཏོར་དབང་བསྐུར་བར་བྱའོ༔ སྤྲོས་བཅས་ཀྱི་དབང་རིན་པོ་ཆེ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈ གཏེར་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ ྈྈྈྈྈ དེ་ནས་སྤྲོས་མེད་ཀྱི་དབང་བསྐུར་བ་ནི༔ སྔོན་འགྲོ་རྣམས་གོང་དུ་སོང་བ་དང༔ དངོས་གཞི་ནི༔ ཡི་གེ་ཨོཾ་གཅིག་གཏད་ལ༔ ཨོཾ༔ རང་བྱུང་རིག་པ་དུག་ལྔ་དག༔ ཡེ་ཤེས་ལྔ་ལྡན་རང་དབང་ཐོབ༔ ཡི་གེ་ཨོཾ་གྱིས་དབང་བསྐུར་བས༔ སྐུ་ལྔ་མཐར་ཕྱིན་དབང་ཐོབ་ཤོག༔ ཨོཾ་བཟླས༔ ཨཱཿགཏད་ལ༔ ཨཱ༔ རང་བྱུང་སྒྲ་ཚིག་ངོ་བོས་སྟོང༔ ལྷུན་གྲུབ་གདོད་མ་གཞི་ལ་རྫོགས༔ ཡི་གེ་ཨཱཿཡིས་དབང་བསྐུར་བས༔ འཁོར་འདས་རང་གྲོལ་དབང་ཐོབ་ཤོག༔ ཨཱཿབཟླས༔ ཧཱུྃ་གཏད་ལ༔ ཧཱུྃ༔ མ་བཅོས་རང་བྱུང་ལྷུག་པ་ལ༔ རྩོལ་བྲལ་ངང་ངམ་ཤུགས་ཀྱིས་གྲོལ༔ ཡི་གེ་ཧཱུྃ་གིས་དབང་བསྐུར་བས༔ བདེ་གཤེགས་ཐུགས་ཀྱི་དབང་ཐོབ་ཤོག༔ ཧཱུྃ་བཟླས༔ ཧྲཱིཿགཏད་ལ༔ ཧྲཱི༔ ཐུགས་རྗེ་ཆེན་པོ་ཀུན་འདུས་ཀྱི༔ གསང་དབང་ངག་ལ་བསྐུར་བྱའི་ཕྱིར༔ ཡི་གེ་ཧྲཱིཿཡིས་དབང་བསྐུར་བས༔ ཐུགས་རྗེ་ཆེན་པོའི་དབང་ཐོབ་ཤོག༔ ཧྲཱིཿབཟླས༔ ཨོཾ་གཏད་ལ༔ ཨོཾ་ནི་ཀུན་ཁྱབ་ཚད་མེད་བཞི་ཡི་ངང༔ སྣང་གསལ་འཛིན་མེད་རང་ཤར་དབང་བསྐུར་བས༔ ཡི་གེ་ཨོཾ་གྱིས་ལྷ་ཡི་དུཿཁ་སྐྱོབ༔ འཕོ་ལྟུང་སྡུག་བསྔལ་ཐམས་ཅད་ཞི་གྱུར་ཅིག༔ ཨོཾ་བཟླས༔ མ་གཏད་ལ༔ མ་ནི་བརྩེ་བས་ཀུན་ལ་བྱམས་པ་སྟེ༔ འགྲོ་དྲུག་ཀུན་ལ་ངང་གིས་ཐུགས་བརྩེ་བ༔ ཡི་གེ་མ་ཡིས་བུ་ལ་དབང་བསྐུར་བས༔ འཁོར་བའི་དུཿཁ་ཀུན་སྐྱོབ་དབང་ཐོབ་ཤོག༔ མ་བཟླས༔ ཎི་གཏད་ལ༔ ཎི་ནི་འཁོར་བར་ཞེན་པ་ལྡོག་པ་སྟེ༔ རང་བཞིན་ཤུགས་ཀྱིས་ཀུན་ལ་འོད་ཟེར་ཁྱབ༔ ཡི་གེ་ཎི་ཡིས་བུ་ལ་དབང་བསྐུར་བས༔ གཟུང་འཛིན་ཞེན་པ་རང་དག་དབང་ཐོབ་ཤོག༔ ཎི་བཟླས༔ པད་གཏད་ལ༔ པད་ནི་ཉོན་མོངས་ཡེ་ཤེས་ལྔ་རུ་བསྒྱུར༔ དུག་ལྔ་རང་གྲོལ་ཞིང་ལྔ་ལྷུན་གྲུབ་པ༔ སྐལ་ལྡན་བུ་ལ་པད་ཀྱིས་དབང་བསྐུར་བས༔ གཟུང་འཛིན་འཁོར་བ་གྲོལ་བའི་དབང་ཐོབ་ཤོག༔ པད་བཟླས༔ མེ་གཏད་ལ༔ མེ་ནི་འཁོར་བའི་ཆོས་རྣམས་བསྲེག་པའི་རྟགས༔ འཁོར་བས་མ་གོས་ཆོས་རྣམས་ཟད་པའི་རྟགས༔ ཡོངས་གྲོལ་བཟུང་མེད་མེ་ཡིས་དབང་བསྐུར་བས༔ སངས་རྒྱས་ཀུན་དང་དབྱེར་མེད་སངས་རྒྱས་ཤོག༔ མེ་བཟླས༔ ཧཱུྃ་གཏད་ལ༔ ཧཱུྃ་ནི་རྒྱལ་བ་རིགས་ལྔའི་ཐུགས་རྗེ་གཅིག་བསྡུས་པ༔ ཡོངས་ཁྱབ་སེམས་ནི་ངང་གིས་སྤྲོས་པ་བྲལ༔ སྒྱུ་ལུས་རང་གྲོལ་ཧཱུྃ་གིས་དབང་བསྐུར་བས༔ འཁོར་བ་དོང་ནས་སྤྲུགས་པའི་དབང་ཐོབ་ཤོག༔ ཧཱུྃ་བཟླས༔ མ་ཎིའི་སྒྲ་དབྱངས་ལྡིར༔ དེ་ནས་རྗེས་ལ་འོག་དང་མཚུངས༔ དེ་གསང་བ་བླ་ན་མེད་པ་སྤྲོས་མེད་ངག་སྨིན་པའི་དབང་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དམ་རྒྱ༔ ྈྈྈྈ དེ་ནས་ཤེར་དབང་བསྐུར་བ་ནི༔ སྔོན་འགྲོ་རྣམས་གོང་དུ་སོང་བ་དང༔ བུ་མོ་གཙང་མ་ལྔས་རྒྱན་དྲུག་བཏགས་ཏེ༔ དབུས་ཀྱི་རིག་མའི་དབང་བསྐུར་བ་ནི༔ བུམ་པར་སྦྲང་བླུགས་པ་ཐོགས་ལ༔ ཧཱུྃ༔ ཡུམ་ཆེན་གསང་ཡེ་བླ་མེད་དབང༔ སྐལ་ལྡན་བུ་ལ་བསྐུར་བ་ཡིས༔ ཉོན་མོངས་གཏི་མུག་རང་དག་ནས༔ ཆོས་དབྱིངས་ཡེ་ཤེས་དོན་རྟོགས་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཤར་གྱི་དེས་མེ་ལོང་དུ་འོ་མ་བླུགས་པ་ཐོགས་ལ༔ ཧཱུྃ༔ རྡོ་རྗེ་མཁའ་འགྲོ་བླ་མེད་དབང༔ སྐལ་ལྡན་བུ་ལ་བསྐུར་བ་ཡིས༔ ཉོན་མོངས་ཞེ་སྡང་རང་དག་ནས༔ མེ་ལོང་ཡེ་ཤེས་དོན་རྟོག་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ལྷོའི་དེས་ཐོད་པར་ཆང་བླུགས་ལ༔ ཧྲཱི༔ རིན་ཆེན་མཁའ་འགྲོ་བླ་མེད་དབང༔ སྐལ་ལྡན་བུ་ལ་བསྐུར་བ་ཡིས༔ ཉོན་མོངས་ང་རྒྱལ་རང་དག་ནས༔ མཉམ་ཉིད་ཡེ་ཤེས་ཐོབ་པར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ནུབ་ཀྱི་དེས་ཐོད་པར་བུར་ཆང་ཐོགས་ཏེ༔ ཧྲཱི༔ པདྨ་མཁའ་འགྲོ་བླ་མེད་དབང༔ སྐལ་ལྡན་བུ་ལ་བསྐུར་བ་ཡིས༔ ཉོན་མོངས་འདོད་ཆགས་རང་དག་ནས༔ སོར་རྟོག་ཡེ་ཤེས་ཐོབ་པར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བྱང་གི་དེས་ཐོད་པར་འོ་མ་ཁྲག་སྦྱར་བྱིན་ལ༔ ཧྲཱི༔ ལས་ཀྱི་མཁའ་འགྲོ་བླ་མེད་དབང༔ སྐལ་ལྡན་བུ་ལ་བསྐུར་བ་ཡིས༔ ཉོན་མོངས་ཕྲག་དོག་རང་དག་ནས༔ བྱ་གྲུབ་ཡེ་ཤེས་དོན་རྟོགས་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དེ་ནས་རྡོ་རྗེ་དྲིལ་བུ་གཏད་ལ༔ ཧོ༔ སྣང་བ་གཟུགས་ནི་ཡབ་ཡིན་ཏེ༔ སྟོང་པ་ཡུམ་གྱི་མཁའ་ལ་བསྐྱོད༔ རིག་སྟོང་གསལ་སྟོང་དྲན་སྟོང་དང༔ བདེ་སྟོང་འཁོར་འདས་དབྱེར་མེད་དོན༔ སྐལ་ལྡན་བུ་ལ་བརྡ་སྤྲད་པས༔ ཟང་ཐལ་ཆེན་པོའི་དབང་ཐོབ་ཤོག༔ དེ་ནི་ཤེས་རབ་ཡེ་ཤེས་སེམས་སྨིན་པའི་དབང་བསྐུར་བ་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ ཟབ་རྒྱ༔ ྈྈྈྈྈ དེ་ནས་རྗེས་བྱའོ༔ ྈ ྈྈྈྈ ད་ནི་ཚིག་དབང་གི་དོན་ངོ་སྤྲོད་པ་ནི༔ ཧྲཱི༔ སྣང་བ་གསལ་ལ་གཟུང་བ་བྲལ༔ རྒྱལ་བ་རྒྱ་མཚོའི་དགོངས་པ་ལོངས༔ ཞེས་མེ་ལོང་བསྟན༔ ཧྲཱི༔ རིག་པ་རང་ཤར་ངོ་བོས་སྟོང༔ བླ་མ་རྒྱ་མཚོའི་ཐུགས་འདི་ལོངས༔ ཞེས་རྨ་བྱ་བསྟན༔ ཧོ༔ སྐྱེ་འགག་གཉིས་མེད་དངོས་འཛིན་བྲལ༔ དཔའ་བོ་རྒྱ་མཚོའི་དགོངས་པ་ལོངས༔ ཞེས་ཞུན་མར་བསྟན༔ ཧོ༔ ཚོགས་དྲུག་ཆགས་མེད་མ་ཞེན་སྤྱོད༔ མཁའ་འགྲོ་རྒྱ་མཚོའི་དགོངས་པ་ལོངས༔ ཞེས་པས་ཐོད་ཆང་སྦྱིན༔ ཧོ༔ རིག་པ་གདོད་ནས་སྤྲོས་པ་མེད༔ ཆོས་སྐྱོང་རྒྱ་མཚོའི་ཐུགས་འདི་ལོངས༔ ཞེས་པས་ཤེལ་རྡོ་བསྟན་ནོ༔ དེ་ནས་ལུས་ལྔ་ལྡན་བྱ༔ སེམས་མ་བཅོས་པར་བཞག༔ ཧོ༔ རང་རིག་མ་བཅོས་ལྷང་ངེ་བ༔ ཚོགས་དྲུག་མ་འགགས་ཝལ་ལེ་བ༔ སྣང་ཞིང་འཛིན་མེད་དོན་འདི་ལོངས༔ ཐུགས་རྗེ་ཆེན་པོའི་ཐུགས་ཡིན་པས༔ འདི་ལས་མ་ཡེངས་སངས་རྒྱས་ཡིན༔ ༔རིག་པ་རང་གྲོལ་དབང་ཐོབ་ཤོག༔ ཕཊ༔ ཅེས་བཞག་གོ༔ དེ་ལྟར་དབང་རེ་རེའི་བར་དུ་ངོ་སྤྲད་ཅིང་བཀྲ་ཤིས་མེ་ཏོག་རེ་འཐོར་རོ༔ དེ་ནི་ཚིག་དབང་རིན་པོ་ཆེ་ཞེས་བྱ་བ་བདེ་གཤེགས་རྒྱ་མཚོའི་ཐུགས་དང་དབྱེ་བ་མེད་པའི་དབང་མཆོག་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈ ྈྈྈ དེ་ལྟར་དབང་རེ་རེའི་རྗེས་སུ་བླ་མ་ལ་མཎྜལ་ཕུལ་ལ་སློབ་མས་འདི་སྐད་ཞུ༔ ཧོ༔ བླ་མ་སངས་རྒྱས་སྐུ་གསུམ་རྗེ༔ བདག་ཅག་མ་རིག་སེམས་ཅན་ལ༔ ལུས་ངག་ཡིད་གསུམ་སྨིན་བྱའི་ཕྱིར༔ ཐུགས་རྗེ་ཀུན་འདུས་དཀྱིལ་འཁོར་གྱི༔ དབང་མཆོག་བསྐུར་པ་ངོ་མཚར་ཆེ༔ ཞེས་སྐྱེམས་དྲངས༔ དེར་བླ་མས་དབང་ཐོབ་པའི་ཡོན་ཏན་དང༔ མ་ཐོབ་པའི་སྐྱོན་བཤད༔ དབང་འདི་ཐོབ་ནས་སྐུ་བསྟན་ལ་ཐུགས་རྗེ་ཆེན་པོ་རྟག་ཏུ་བསྒོམ་དུ་བཞུག༔ སྙིང་པོ་བཟླ་རུ་གཞུག༔ རྫོགས་རིམ་བསྒོམ་དུ་གཞུག༔ དགའ་སྟོན་རྒྱ་ཆེན་པོ་ལ་རོལ་བར་བྱའོ༔ དེ་ནས་ལས་བྱང་ལྟར་ལྷག་གཏོར་གཏོང༔ ལྷག་ཆད་ཁ་བསྐང༔ དཀྱིལ་འཁོར་བསྡུ༔ བཀྲ་ཤིས་བརྗོད༔ ཡིག་བརྒྱ་བཟླས༔ བསྔོ་བ་སྨོན་ལམ་རྒྱ་ཆེར་གདབ༔ བདག་གིས་དགེ་བའི་རྩ་བ་འདི་ལྟ་བུ་བསགས་པ་ལ་བརྟེན་ནས་བདག་གི་ལུས་ངག་ཡིད་གསུམ་གྱིས་སྤྲུལ་པ་སྣ་ཚོགས་བཀྱེ་སྟེ༔ ཐུགས་རྗེ་ཆེན་པོས་འགྲོ་དྲུག་དོང་ནས་སྤྲུགས་པའི་དེད་དཔོན་དུ་གྱུར་ཅིག༔ ཨེ་མ༔ བདག་འདྲ་ཤེལ་དཀར་རྡོ་རྗེ་མཚོ་སྒྲོན་ལ༔ གསང་སྔགས་གནད་ཀྱི་དབང་ཟབ་འདི་འདྲ་བ༔ ཨོ་རྒྱན་ཐུགས་རྗེས་ཐུགས་མཛོད་བརྟོལ་ནས་གནང༔ ཉམས་སུ་བླངས་པས་རིག་འཛིན་ཆེན་པོ་ཐོབ༔ ཟབ་པའི་ཕྱིར་ན་རིན་ཆེན་ས་ལ་སྦས༔ ཕྱི་རབ་དོན་དུ་གབ་འཁྲུག་མེད་པར་ཕྱེ༔ གླིང་བཞི་འདི་ན་གདམས་པ་འདི་འདྲ་དཀོན༔ མ་འོངས་དུས་སུ་སྐལ་ལྡན་འགྲོ་བའི་མགོན༔ རྡོ་རྗེའི་མིང་ཅན་ཆོས་ལ་དབང་བ་འབྱུང༔ སྐལ་ལྡན་དེ་དང་འདི་ཉིད་འཕྲད་པར་ཤོག༔ གཏེར་བདག་ཀུན་གྱིས་ཐུབ་པར་སྲུང་མཛོད་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྡོ་རྗེ་གླིང་པས་ཨུ་མ་སྟེང་མཚོ་འགྲམ་ནས་གདན་དྲངས་པའོ། །༁ྃ༔ གཏོར་དབང་རྒྱ་མཚོའི་དོན་འདུས་གསལ་བ་བཞུགས༔ ༁ྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཐུགས་རྗེ་ཆེན་པོའི་གཏོར་དབང་གིས་སེམས་ཅན་ཀུན་ལ་འབྲེལ་པ་ཐོབ་པར་འདོད་པས༔ གནས་བཞི་མདོའམ༔ རིགས་དྲུག་གི་མང་ས་རུ༔ ནས་ཀྱི་ཚོམ་བུའི་སྟེང་དུ་གཏོར་མ་དཔེའུ་ཆུང་ལྟར་བཤམས་ལ༔ དར་རིམ་པ་ལྔས་གུར་ཕུབ༔ ཕྱི་ནང་གི་མཆོད་པ་བཤམས་ལ༔ ལས་བྱང་ལྟར་གཞུང་བསྲང་ཚོགས་ལ་རོལ༔ མཎྜལ་ཕུལ༔ ཞུ་བ་ཕུལ་ལ་གཏོར་མ་བཏེགས་ཏེ་འདི་སྐད་དོ༔ འོ༔ རིགས་ཀྱི་བུ་རྣམས་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་དབང་མཆོག་བཞི་རྫོགས་སུ་གཏོར་མ་ལ་བརྟེན་ནས་བསྐུར་བ་ཡིན་པས་ཐམས་ཅད་མོས་གུས་དུང་དུང་གྱིས་ལ༔ གཏོར་མ་འདིའི་སྣོད་གཞལ་ཡས་ཁང་ངམ་རི་བོ་ཏ་ལར་བསམ༔ ནང་གི་བུམ་པ་འདི་ཇོ་བོ་ཐུགས་རྗེ་ཆེན་པོར་སྒོམ༔ ནོར་བུ་འདི་བླ་མ་རྒྱ་མཚོར་བསམ༔ གཡས་ཕྱོགས་སུ་རྟ་མགྲིན་དཔའ་བོ་རྒྱ་མཚོ༔ གཡོན་དུ་གསང་ཡེ་མཁའ་འགྲོ་རྒྱ་མཚོ༔ པད་འདབ་རྣམས་ཆོས་སྐྱོང་གཏེར་བདག་རྒྱ་མཚོར་བསམ་ཞིང༔ མོས་གུས་དྲག་པོ་བྱས་པས༔ དེ་རྣམས་ཀྱི་སྐུ་ལས་འོད་ཟེར་དཀར་པོ་བབ༔ རང་གི་ལུས་སྒྲིབ་དག༔ བུམ་པའི་དབང་ཐོབ༔ ལྷ་བསྒོམ་པ་ལ་དབང༔ འབྲས་བུ་སྤྲུལ་སྐུ་ཐོབ༔ གཏོར་མ་མགྲིན་པར་བྱོན༔ དེ་རྣམས་ཀྱི་གསུང་ལས་འོད་ཟེར་དམར་པོ་བབ༔ ངག་སྒྲིབ་དག༔ གསང་བའི་དབང་ཐོབ༔ སྔགས་བཟླ་བ་ལ་དབང༔ འབྲས་བུ་ལོངས་སྤྱོད་རྫོགས་སྐུ་ཐོབ༔ གཏོར་མ་སྙིང་གར་བྱོན༔ དེ་རྣམས་ཀྱི་ཐུགས་ལས་འོད་ཟེར་མཐིང་ག་བབ༔ ཡིད་སྒྲིབ་དག༔ ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ རྫོགས་རིམ་བསྒོམས་པ་ལ་དབང༔ འབྲས་བུ་ཆོས་སྐུ་ཐོབ༔ གཏོར་མ་ལྟེ་བར་བྱོན༔ དེ་རྣམས་ཀྱི་ཡོན་ཏན་ཕྲིན་ལས་ཀྱི་འོད་ཟེར་ལྔ་ལྡན་བབ༔ རང་གི་ཤེས་བྱའི་དྲི་མ་དག༔ ཚིག་དབང་ཐོབ༔ གཞན་དོན་ལ་དབང༔ འབྲས་བུ་སྐུ་གསུམ་མངོན་དུ་གྱུར༔ དུག་ལྔ་དག༔ ཡེ་ཤེས་ལྔ་ཐོབ༔ མི་འགྱུར་བའི་གདིང་ལོན་པར་བསམ་ལ་ངག་ཏུ་མ་ཎི་ཟློས་ཤིག༔ ཅེས་རོལ་མོ་སྦིར་བར་བྱས་ལ་འདི་སྐད་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༔ བླ་མ་རྒྱ་མཚོ་ཐམས་ཅད་དང༔ ཐུགས་རྗེ་རྒྱ་མཚོ་ཐམས་ཅད་དང༔ དཔའ་བོ་རྒྱ་མཚོ་ཐམས་ཅད་དང༔ དཔའ་མོ་རྒྱ་མཚོ་ཐམས་ཅད་དང༔ ཆོས་སྐྱོང་རྒྱ་མཚོ་ཐམས་ཅད་དང༔ གཏེར་བདག་རྒྱ་མཚོ་ཐམས་ཅད་ཀྱིས༔ དམ་རྫས་གཏོར་མའི་དབང་བསྐུར་བས༔ སྐུ་དབང་ལུས་ཀྱིས་ཐོབ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཨོཾ༔ ཨོཾ་ཨཱཿཧཱུྃ༔ བླ་མ་རྒྱ་མཚོ་ཐམས་ཅད་དང༔ ཐུགས་རྗེ་རྒྱ་མཚོ༴ དཔའ་བོ་རྒྱ་མཚོ༴ དཔའ་མོ་རྒྱ་མཚོ༴ ཆོས་སྐྱོང་རྒྱ་མཚོ༴ གཏེར་བདག་རྒྱ་མཚོ༴ དམ་རྫས་གཏོར་མའི་དབང་བསྐུར་བས༔ གསུང་དབང་ངག་གིས་ཐོབ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ བླ་མ་རྒྱ་མཚོ་ཐམས་ཅད་དང༔ ཐུགས་རྗེ་རྒྱ་མཚོ༴ དཔའ་བོ་རྒྱ་མཚོ༴ དཔའ་མོ་རྒྱ་མཚོ༴ ཆོས་སྐྱོང་རྒྱ་མཚོ༴ གཏེར་བདག་རྒྱ་མཚོ༴ དམ་རྫས་གཏོར་མའི་དབང་བསྐུར་བས༔ ཐུགས་དབང་ཡིད་ཀྱིས་ཐོབ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ བླ་མ་རྒྱ་མཚོ་ཐམས་ཅད་དང༔ ཐུགས་རྗེ༴ དཔའ་བོ༴ དཔའ་མོ༴ ཆོས་སྐྱོང༴ གཏེར་བདག༴ དམ་རྫས་གཏོར་མའི་དབང་བསྐུར་བས༔ དོན་དབང་རིག་པས་ཐོབ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཧྲཱི༔ ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་གཏོར་མའི་དབང་བསྐུར་བས༔ ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག༔ བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས༔ ཆོས་ཀྱི་སྐུ་དང་གཟུགས་སྐུ་རྣམ་གཉིས་ཐོབ༔ གནས་སྐབས་སུ་ནད་གདོན་ཞི༔ མཐར་ཐུག་སྐུ་གསུམ་ཐོབ༔ མྱུར་དུ་འཚང་རྒྱ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཅེས་བསྐུར༔ མེ་ཏོག་འཐོར༔ མཎྜལ་ཕུལ༔ བཀྲ་ཤིས་བརྗོད༔ བསྔོ་བ་སྨོན་ལམ་བྱའོ༔ བདག་ཤེལ་དཀར་བཟས་སློབ་དཔོན་གྱི་ཕྱག་ལེན་མ་ནོར་བ་ཡི་གེར་བཏབ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏོར་དབང་དོན་འདུས་གསལ་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དམ་རྒྱ༔ ཁོ་བོ་རྡོ་རྗེ་གླིང་པས་ཨུ་མ་སྟེང་མཚོ་འགྲམ་ནས་གདན་དྲངས་པའོ། །༁ྃ༔ ཐུགས་རྗེ་ཆེན་པོའི་ཕྱི་སྒྲུབ་ཁྲོམ་ཆོས་ཆེན་མོ་བཞུགས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ འཕགས་པ་སྤྱན་རས་གཟིགས་དབང་ལ་ཕྱག་འཚལ་ལོ༔ ཐུགས་རྗེ་ཆེན་པོ་རིགས་ཀུན་འདུས་པའི་ལྷ་ཚོགས་ཀྱིས༔ སེམས་ཅན་རྣམས་ལ་ཁྲོམ་ཆོས་སུ་བྱེད་པར་འདོད་ན༔ མཆོད་སྟེགས་ཀྱི་སྟེང་དུ་མཎྜལ་ལ་སོགས་པའི་མཆོད་པ་རྣམས་བཤམས༔ བླ་མ་ཁྲི་མཐོན་པོར་བཞུགས་པ་ལ་མེ་ཏོག་གཏོར༔ མཎྜལ་འབུལ༔ སྦྱིན་བདག་ཞུ་བ་པོས་འདི་སྐད་དོ༔ སྤྱན་རས་གཟིགས་ཚབ་འགྲོ་བའི་སྐྱབས༔ འགྲོ་དྲུག་སྡུག་བསྔལ་བསྐྱབ་བྱའི་ཕྱིར༔ སོ་སོའི་སྒྲ་སྐད་གང་འཚམ་པར༔ བླ་མེད་ཆོས་འཁོར་བསྐོར་དུ་གསོལ༔ ཞེས་ལན་གསུམ་ཞུ༔ དེའི་རྗེས་ལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སེམས་ཅན་ཐམས་ཅད་སྤྱན་རས་གཟིགས་ཀྱི་ཞིང་དུ་བགྲོད་པར་བྱ༔ དེའི་ཆེད་དུ་ཐུགས་རྗེ་ཆེན་པོའི་བསྒོམ་བཟླས་བྱ་སྙམ་དུ་བསམ་ལ༔ སངས་རྒྱས་པའི་ཆོས་ཉམས་སུ་བླང་བའི་གདམས་པ་ལག་ལེན་གྱི་གནད་འདི་ལ་དང་པོ་ཡིད་ཆེས་པའི་ལོ་རྒྱུས་ནི༔ སྣང་བ་མཐའ་ཡས་ཀྱིས་ཐུགས་རྗེ་ཆེན་པོ་ལ་གསུངས༔ དེས་པདྨ་འབྱུང་གནས་ལ་གསུངས༔ དེས་གཏེར་དུ་སྦས་པའོ༔ དེ་ནས་ཐུགས་རྗེ་ཆེན་པོའི་རྣམ་འཕྲུལ་རྡོ་རྗེ་གླིང་པས་གཏེར་ནས་གདན་དྲངས་ཏེ༔ རིམ་བཞིན་བརྒྱུད་པའོ༔ དེ་ཉིད་ཀྱི་གདམས་པ་བསྙེན་བསྒྲུབ་ཐམས་ཅད་གཅིག་ཏུ་དྲིལ་བ་ཡིན་ཏེ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ སྔོན་འགྲོ་ནི་ཐོག་མར་སྐྱབས་འགྲོ་སྟེ༔ བདག་གཞན་བླ་མེད་ཅེས་པས་ལན་གསུམ་དུ་འགྲོ༔ སེམས་བསྐྱེད་ནི༔ བདག་གིས་འདི་བཟུང་ཞེས་པས་སེམས་བསྐྱེད་དོ༔ གསུམ་པ་ཚོགས་གསག་པ་ནི༔ མེ་ཏོག་བཀྲམ་ཞིང་མཎྜལ་ཕུལ་ལ་འདི་སྐད་དོ༔ བྱང་སེམས་ཞེས་པས་ཚོགས་གསོག་གོ༔ བར་དེར་བཀའ་སྲུང་ལ་གཏོར་མ་བཏང་སྟེ༔ བརྒྱུད་པའི་བླ་མ་ལ་གསོལ་བ་གདབ༔ རྗེས་མ་བཅོས་པར་ཀློད་པའི་ངང་ལས༔ འོ་ཁྱེད་རྣམས་གསོན་ཅིག༔ སྤྱིར་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོར་རང་ངོ་མ་ཤེས་པས་འཁྱམས་པ་ཡིན་ཅིང་རིགས་དྲུག་ཏུ་འཁོར༔ སྒོས་སུ་འོ་སྐོལ་རྣམས་སྐྱེ་བ་བཞིའི་སྡུག་བསྔལ་གྱིས་འབྲེལ་འདུག་པས༔ དེ་ལས་ཐར་བར་བྱེད་པའི་ཕྱིར༔ སྐད་ཅིག་གིས་རང་གི་རིག་པ་ཧྲཱིཿདམར་པོ་གཅིག་བསམ༔ དེ་ལས་འོད་འཕྲོས༔ སེམས་ཅན་གྱི་སྡིག་པ་སྦྱངས༔ ཐམས་ཅད་ཐུགས་རྗེ་ཆེན་པོར་གྱུར་པར་བསམ༔ བདེ་བར་གཤེགས་པ་མཆོད༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུས༔ ཡང་སྐད་ཅིག་གིས་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་བསམ༔ ནང་བཅུད་ཀྱི་སེམས་ཅན་རྩ་གསུམ་རྒྱ་མཚོར་བསམ༔ ཡང་འོད་ཟེར་འཕྲོས་པས༔ སྐུ་གསུང་ཐུགས་ཀྱི་ཞིང་ཁམས་ནས༔ ཐུགས་རྗེ་ཆེན་པོ་སྤྱན་དྲངས་ཏེ་ཐིམ༔ རང་ལུས་མེ་འབར་ཏེ་ཚིག༔ ཧྲཱིཿའོད་དུ་ཞུ་བ་ལས་བྱང་ཆུབ་ལྔ་དང་ལྡན༔ དུག་ལྔ་དག༔ ཡེ་ཤེས་ལྔའི་ངོ་བོ༔ ཇོ་བོ་ཐུགས་རྗེ་ཆེན་པོ་སྐུ་མདོག་དམར་པོ༔ ཞལ་གཅིག་ཕྱག་བཞི་པ༔ ཞལ་པདྨ་ཁ་བྱེ་བ་འདྲ་བ་སྟེ་འཛུམ་མུ་ལེ་བ༔ དབུ་སྐྲ་ཐོར་ཚུགས་སུ་བྱས་པའི་ལྷག་མ་བསྙིལ་བ་ལ་རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་པ༔ དར་གྱི་ཅོད་པན་ཅན༔ ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ༔ གཡས་འོག་མ་ན་དུང་གི་ཕྲེང་བ་མཐེབ་སྲིན་བར་ན་འདྲེན་པ༔ གཡོན་འོག་མ་ན་མེ་ཏོག་པདྨའི་ཡུ་བ་ནས་འཛིན་པ༔ རིན་པོ་ཆེ་སྣ་ཚོགས་ཀྱི་མགུལ་རྒྱན་དང༔ སེ་མོ་དོ་དང༔ དོ་ཤལ་དང༔ དཔུང་རྒྱན༔ ཕྱག་གདུབ༔ ཞབས་གདུབ༔ རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ༔ ཞབས་སྐྱིལ་མོ་ཀྲུང་དུ་འདུག་པའི་སྤྱི་གཙུག་ཏུ༔ ཨོ་རྒྱན་པདྨ་སྐུ་མདོག་དཀར་པོ་རྒྱན་དྲུག་ཅན༔ དེ་རྣམས་བསྐྱེད༔ ཕྱི་ནས་བལྟས་ན་ནང་གསལ་བ༔ ནང་ནས་བལྟས་ན་ཕྱི་གསལ་བ༔ འོད་ཟེར་སྣ་ཚོགས་སུ་འཕྲོ་བར་སྒོམས༔ དེའི་ཐུགས་ཀ་ན་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་ཧྲཱིཿདམར་པོ་གཅིག་བསམ༔ དེ་ནས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གཡས་སྐོར་དུ་འཁོར་བར་བསམ༔ དེ་ནི་ཏིང་ངེ་འཛིན་གྱི་ལྷའོ༔ དེ་ནས་ཡི་གེ་དྲུག་པ་བརྗོད་པ་ཙམ་གྱིས་རྒྱལ་བ་བདེ་གཤེགས་ཐམས་ཅད་ཐུགས་རྗེ་ཆེན་པོའི་ངོ་བོར་ཁ་བ་བབས་པ་ལྟ་བུར་གྱུར་ཏེ༔ བདག་གཞན་ལ་ཐིམ་པར་བསམ་མོ༔ དེའི་ངང་ལ་གང་སྣང་ཐུགས་རྗེ་ཆེན་པོའི་སྐུ༔ གང་ཐོས་མ་ཎི་པདྨེའི་སྒྲ༔ གང་དྲན་ཐུགས་རྗེ་ཆེན་པོའི་ཐུགས་སུ་བསམ༔ མ་ཎིའི་སྒྲ་དབྱངས་བསྒྲག་གོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཅེས་པ་ས་བཅུ་ནོན་པའི་སྙིང་པོ་འདི་བཟླས་ཏེ༔ ཧྲཱི༔ བདེ་གཤེགས་ངོ་བོ་ཐུགས་རྗེ་ཆེ༔ རིགས་དྲུག་དོང་ནས་སྤྲུགས་པའི་ཕྱིར༔ སྐུ་མདོག་དམར་པོ་འོད་ཟེར་འཕྲོ༔ རིག་པའི་རང་སྐུ་བྱིན་རླབས་ཅན༔ གསོལ་འདེབས་དབང་སྐུར་བྱིན་གྱིས་རློབས༔ སྒྲིབ་པ་ཀུན་སེལ་ཨ་ལ་ལ༔ མ་ཎི་ལྷ་ཡི་གནས་ནས་འདྲེན༔ འཕོ་ལྷུང་སྡུག་བསྔལ་འཇོམས་པ་ཡིན༔ མ་ཎི་ལྷ་མིན་གནས་ནས་འདྲེན༔ འཐབ་རྩོད་སྡུག་བསྔལ་འཇོམས་པ་ཡིན༔ མ་ཎི་མི་ཡི་གནས་ནས་འདྲེན༔ བརྒྱད་འགྱུར་སྡུག་བསྔལ་འཇོམས་པ་ཡིན༔ མ་ཎི་བྱོལ་སོང་གནས་ནས་འདྲེན༔ བཀོལ་སྤྱོད་སྡུག་བསྔལ་འཇོམས་པ་ཡིན༔ མ་ཎི་ཡི་དྭགས་གནས་ནས་འདྲེན༔ བཀྲེས་སྐོམ་སྡུག་བསྔལ་འཇོམས་པ་ཡིན༔ མ་ཎི་དམྱལ་བའི་གནས་ནས་འདྲེན༔ བཙོ་བསྲེག་སྡུག་བསྔལ་འཇོམས་པ་ཡིན༔ སྒྲ་དབྱངས་ཆོས་སྒྲ་ཏི་རི་རི༔ རིགས་དྲུག་དོང་སྤྲུགས་ཨ་ལ་ལ༔ བླ་མ་རྒྱ་མཚོའི་ལྷ་ཚོགས་ཀྱིས༔ སྟེང་ནས་བྱིན་གྱིས་བརླབ་པར་མཛོད༔ དཔའ་བོ་རྒྱ་མཚོའི་ལྷ་ཚོགས་ཀྱིས༔ གཡས་ཀྱི་ཕྱོགས་ནས་བར་ཆད་སོལ༔ མཁའ་འགྲོ་རྒྱ་མཚོའི་ལྷ་ཚོགས་ཀྱིས༔ གཡོན་གྱི་ཕྱོགས་ནས་བར་ཆད་སོལ༔ ཆོས་སྐྱོང་རྒྱ་མཚོའི་ལྷ་ཚོགས་ཀྱིས༔ རྒྱབ་ནས་ཕྱི་ནང་བར་ཆད་སོལ༔ མདུན་ནས་རིགས་དྲུག་སེམས་ཅན་རྣམས༔ དགེ་སྒྲུབ་མ་ཎི་ཏི་རི་རི༔ གཏེར་བདག་རྒྱ་མཚོ་ཐམས་ཅད་ཀྱིས༔ འོག་ནས་ཅི་བཅོལ་ལས་རྣམས་བྱེད༔ དམ་ཅན་རྒྱ་མཚོ་ཐམས་ཅད་ཀྱིས༔ མཆོག་ཐུན་ཕྲིན་ལས་བཞི་པོ་སྒྲུབ༔ དམ་ཆོས་རྒྱ་མཚོ་ཐམས་ཅད་ཀྱིས༔ སྐྱེ་བཞི་རྩད་གཅོད་བླ་མེད་ཁྲིད༔ མཐོང་བས་སྒྲིབ་བྱང་ཐོས་སངས་རྒྱས༔ དྲན་པས་བླ་མེད་འབྲས་བུ་ཐོབ༔ བཟླས་པས་ས་བཅུའི་འབྲས་བུ་ཐོབ༔ ཨེ་མ་རེག་པ་དོན་དང་ལྡན༔ བདེ་གཤེགས་ཡང་སྙིང་འདི་ཟློས་ཤིག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དེའི་ངང་ལ་སྣང་བ་སྐུའི་ཁྱེར་སོ་ནི༔ སྣོད་གཞལ་ཡས་ཁང༔ སེམས་ཅན་དང་གཟུགས་སུ་སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོ་ཁྲོང་ཁྲོང་བསམ༔ གྲགས་པ་གསུང་གི་ཁྱེར་སོ་ནི༔ མེ་སྒྲ་ཆུ་སྒྲ་རླུང་སྒྲ་ལ་སོགས་པ་སྒྲ་ཐམས་ཅད་མ་ཎི་དི་རི་རི་ཡོད་པར་བསམ༔ དྲན་རྟོག་ཐུགས་ཀྱི་ཁྱེར་སོ་ནི༔ སེམས་ལ་ཅི་ཤར་ཐམས་ཅད༔ སྐྱེ་བ་མེད་པ་དངོས་པོ་གཤིས་ཀྱི་འདུག་ཚུལ་སྟོང་པ་ཉིད༔ འགག་པ་མེད་པ་རང་གྲོལ་ཡིན་ལུགས་གསལ་དྭངས༔ དབྱེར་མེད་ཆུ་ནང་གི་ཟླ་བ་ལྟར༔ སལ་ལེ་སིང་ངེ་སྣང་ལ་སྟོང་པ༔ གསལ་ལ་མ་ཞེན་པར་བྱའོ༔ དེ་ལྟར་བྱས་པས་ལུས་ཀྱི་སྡིག་པ་དག༔ ཐུགས་རྗེ་ཆེན་པོའི་སྐུ་དང་དབྱེར་མེད་དུ་སངས་རྒྱས༔ ངག་གི་སྡིག་པ་དག༔ ཐུགས་རྗེ་ཆེན་པོའི་གསུང་དང་དབྱེར་མེད་དུ་སངས་རྒྱས༔ ཡིད་ཀྱི་སྒྲིབ་པ་དག༔ ཐུགས་རྗེ་ཆེན་པོའི་ཐུགས་དང་དབྱེར་མེད་དུ་སངས་རྒྱས་སོ༔ གནས་སྐབས་འདིར་བདེ་གཤེགས་ཀུན་འདུས་དངོས་གྲུབ་འབྱུང༔ གསང་སྔགས་ཀྱི་ཡོན་ཏན་ཐམས་ཅད་འཆར༔ ཤི་དུས་འཇའ་དང་རིང་བསྲེལ་ལ་སོགས་འབྱུང༔ བར་དོར་ཐུགས་རྗེ་ཆེན་པོ་ཉིད་དང་གཉིས་སུ་མེད་པར་སངས་རྒྱས་སོ༔ མཐར་ཐུག་ཏུ་ལུས་ཐུགས་རྗེ་ཆེན་པོར་བསྒོམས་པས་སྤྲུལ་སྐུ་ཐོབ༔ སེམས་གང་འདུལ་གྱི་དོན་ནུས༔ རིགས་དྲུག་དོང་ནས་སྤྲུགས༔ ངག་མ་ཎི་བཟླས་པས་རྫོགས་སྐུ་ཐོབ༔ ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་སྟོན་ནུས༔ སོ་སོའི་སྐད་དང་འཚམ་པའི་དོན་ནུས༔ ཡིད་རྫོགས་རིམ་གསལ་སྟོང་བསྒོམས་པས་ཆོས་སྐུ་ཐོབ༔ སྒྲིབ་གཉིས་དག་པས་ཇི་ལྟ་ཇི་སྙེད་མཁྱེན༔ ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་དོང་ནས་སྤྲུགས་པར་ནུས་སོ༔ དེའི་ཕྱིར་ཐམས་ཅད་ཀྱིས་ལྷ་ཐུགས་རྗེ་ཆེན་པོ་སྒོམས༔ ངག་མ་ཎི་པདྨེ་ཟློས༔ སྤྱོད་ལམ་དགེ་བ་བཅུ་པོ་སྒྲུབས༔ བླ་མ་མཚན་ལྡན་བསྟེན༔ ཚེ་འདིའི་བྱ་བ་ཐོངས༔ གནས་ཆེན་རི་ཁྲོད་འགྲིམ༔ གྲོགས་པོ་ཆོས་ལྡན་བསྟེན༔ ནོར་འཕགས་ནོར་གསོག༔ དུས་རྒྱུན་དུ་བྱ་བ་དེ་ལས་མ་ཡེངས་པར་མཛོད་ལ༔ མ་ཎི་བརྒྱ་ཚར་རེ་ཞག་རེ་ལ་མི་འདའ་བར་བཟླས་པའི་དམ་བཅའ་རེ་མཛོད་ཨང༔ ཅེས་བརྗོད་ལ་མེ་ཏོག་རེ་བཀྲམ་ལ་མཎྜལ་རེ་ཕུལ༔ བཀྲ་ཤིས་མེ་ཏོག་གཏོར་བར་བྱའོ༔ ཐུགས་རྗེ་ཆེན་པོའི་ཕྱི་སྒྲུབ་ཁྲོམ་ཆོས་ལ༔ ཨོ་རྒྱན་པདྨའི་ཕྱག་བཞེས་ཤེལ་དཀར་བཟས་ཡི་གེར་བཀོད་པའོ༔ ཨེ་མ་ཧོ་རེག་པ་དོན་དང་ལྡན༔ འདི་འདྲའི་གནད་ཟབ་གདམས་པ་འདི༔ སུ་འཕྲད་ཐུགས་རྗེའི་ཞིང་དུ་ཁྲིད༔ ཕྱི་རབས་སྐལ་ལྡན་སྐྱེས་བུ་ཀུན༔ འདི་ལྟར་ཐམས་ཅད་དགེ་ལ་བསྐུལ༔ རིགས་དྲུག་སྡུག་བསྔལ་སྐྱོབ་མཛོད་ཅིག༔ འདི་འདྲའི་སྒྲུབ་ཐབས་ཟབ་མོ་འདི༔ ཀུན་གྱིས་བྲིས་ཤིང་འདིར་འཆང་ཡང༔ ཐུགས་རྗེ་ཆེན་པོ་དངོས་ཡིན་ནོ༔ སྒྲུབས་ཤིག་དབང་སྐུར་ཅིག༔ ཤོད་ཅིག༔ རིགས་དྲུག་འཚོགས་པའི་དབུས་སུ་བཏོན་ལ་གཞན་དོན་སྤྱོད་ཅིག༔ བདག་ཤེལ་དཀར་བཟའ་ཡི་གདམས་པ་འདི༔ སུས་བྲིས་པ་དང༔ ལག་ན་འཆང་བ་རྣམས་ལུས་ངག་ཡིད་གསུམ་སྡིག་སྒྲིབ་དག་སྟེ་མྱུར་དུ་ཐུགས་རྗེ་ཆེན་པོ་དང༔ དབྱེར་མེད་པར་སངས་རྒྱས་པར་གྱུར་ཅིག༔ ྈྈྈ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ བཀའ་རྒྱའོ༔ ༈ ༁ྃ༔ ཐུགས་རྗེ་ཆེན་པོའི་ནང་སྒྲུབ་བཞུགས་སོ༔ ྈྈྈ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཐུགས་རྗེ་ཆེན་པོའི་ནང་སྒྲུབ་རྒྱུན་ཁྱེར་ནི༔ རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་སྐུ་མདོག་དམར་པོ༔ རྒྱན་མེད་གཅེར་བུར་ལངས་ཏེ་ཡོད་པ༔ གཡས་པས་ཤེལ་ཕྲེང་དང༔ གཡོན་པ་ན་ཁྲུས་བུམ་བསྣམས་པ༔ ཐུགས་ཀར་ཧྲཱིཿལ་ཡི་གེ་དྲུག་པས་བསྐོར་བར་བསམ་ལ༔ འོད་ཟེར་སྤྲོ་བསྡུ་བྱ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿལ་འུར་འདོན་བྱ་ཞིང་ཁྱེར་སོ་གསུམ་གོང་ལྟར་བྱའོ༔ སྐད་ཅིག་དྲན་རྫོགས་འཁོར་བ་དོང་སྤྲུགས་པའི་སྒྲུབ་ཐབས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དམ་རྒྱ༔ ྈྈྈྈ ༈ ༁ྃ༔ ཐུགས་རྗེ་ཆེན་པོའི་གསང་སྒྲུབ་བཞུགས་སོ༔ ྈྈ ཐུགས་རྗེ་ཆེན་པོའི་གསང་སྒྲུབ་བསྟན་པ་ནི༔ རང་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་མཐིང་ཁ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་གཡོན་གཉིས་ཉི་ཟླ་བསྣམས་ནས༔ མ་རིག་པའི་མུན་པ་སེལ་བ༔ སྐུ་ལ་སྤྱན་སྟོང་ཕྱག་སྟོང་གིས་འགྲོ་དྲུག་སྡུག་བསྔལ་སྐྱོབ་པར་བསམ་ལ༔ ཐུགས་ཀར་ཉི་ཟླའི་སྟེང་ན་ཧྲཱིཿཡིག་གནས་པ་ལས་འོད་ཟེར་འཕྲོས༔ སྐྱེ་འགྲོ་ཐམས་ཅད་ཀྱང་ཧྲཱིཿརུ་དི་རི་རི་ཐུགས་རྗེ་ཆེན་པོར་བསམ་ལ༔ ཧྲཱིཿཞེས་པའི་འཕྲོ་འདུ་བྱ༔ ཉམས་ཀྱང་འཕར་ལྡེག་བྱེད་ཅིང་བཟླས་པར་བྱའོ༔ ཐུགས་སྒྲུབ་གསང་བའི་སྒྲུབ་ཐབས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ༈ ༁ྃ༔ འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ༔ འཕོ་བ་བསམ་ཆོག་མའི་གདམས་པ་འདི་ལ་དོན་གསུམ་སྟེ༔ སྔོན་དུ་འགྲོ་བ་ནི་གཏོར་ཚོགས་ཆེན་པོར་བཤམ༔ མཎྜལ་ཕུལ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ བརྒྱུད་པ་ལ་གསོལ་བ་གདབ༔ དངོས་གཞི་ནི༔ འོ་བུ་རྣམས་ཡར་ལོངས་ལ༔ ལག་པ་སྤྱི་གཙུག་ཏུ་ཐལ་མོ་སྦྱོར་ལ༔ རྐང་པ་གཤིབས་རང་ལུས་ཁོང་སྟོང་དུ་བསྒོམས་པའི་སྙིང་ནང་ན༔ ཐུགས་རྗེ་ཆེན་པོ་ཚོན་གང་བ་གཅིག༔ གར་སྟབས་སུ་ཤིགས་སེ་རང་སེམས་དེར་འདུག་པར་གསལ་བཏབ་སྟེ༔ སྤྱི་གཙུག་ཁ་དེང་ངེ་བ་ན་ཡར་འཕར་བར་ཉུག་ཉུག་འདུག་པར་བསམ༔ ཧིཀ་ཅེས་པ་ཉི་ཤུ་རྩ་གཅིག་བཟླས་པའི་རྗེས་ལ༔ བདེ་བ་ཆེན་པོའི་ཞིང་ཁམས་སུ་ཕྱམ་སོང་བར་བསམ་ལ༔ ཐུགས་རྗེ་དེ་གྱུར་གྱིས་ཐོན༔ ལུས་བེམ་པོར་ཁྲེས་བཞག་གོ༔ རྗེས་ན་དེ་ཡང་ཡང་བསྒོམས་པས༔ ནམ་འཆི་ཁའི་ཚེ་མ་བསྒོམ་པར་སངས་རྒྱས་སོ༔ རྒྱ་བར་འགྱུར་རོ༔ བེམ་རིག་བྲལ་བའི་ཚེ༔ ཐུགས་རྗེ་ཆེན་པོ་རྒྱང་ལ་དོན་ནས༔ རང་གི་བླ་མའི་ཐུགས་ཀར་ཐིམ་པར་བསྒོམ༔ སེམས་ཅན་ཐ་མལ་བ་ལ་བྱེད་ན༔ སྤྱི་གཙུག་ནས་འཐེན་ཏེ༔ རིགས་ཀྱི་བུ་བདེ་བ་ཆེན་པོར་གཤེགས་ཤིག༔ འཇིག་རྟེན་འདི་ལ་མ་ཆགས་ཤིག༔ བྱས་པས་སྤྱི་བཙུག་ལས་དོན་ཏེ༔ འཇའ་རུ་འགྲོའོ༔ ཐམས་ཅད་ཀྱིས་མ་ཎི་འུར་རྒྱག་བཟླས་སོ༔ དམ་ཚིག་ཏུ་ཟླ་བ་རེའི་ཚེས་བཅུའི་ཉིན་ལན་རེ་གསོ་བར་བྱའོ༔ འཕོ་བ་མ་བསྒོམ་པར་སངས་རྒྱས་སོ༔ རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱའོ༔ ྈྈ ཁྲོམ་ཆོས་སུ་བྱེད་ཀྱང་དེ་ལྟར་བྱའོ༔ རྗེས་ལ་མཎྜལ་ཕུལ༔ བསྔོ་བ་བྱ༔ བཀྲ་ཤིས་བརྗོད་དོ༔ གཞན་འཆི་ཁ་རུ་ཡང་སྐད་ཆེན་པོས་རྣ་བར་བཏབ་པར་བྱའོ༔ རིགས་དྲུག་གང་ཚེ་འཕོ་བའི་རྣ་ལམ་དུ་སྒྲོགས་ཤིག༔ ཤོད་ཅིག༔ སྟོན་ཅིག༔ འབྲེལ་བ་ཐོགས་ཤིག༔ བདག་ཤེལ་དཀར་བཟའི་གདམས་པ་འདི༔ ལས་ཅན་རྣམས་ཀྱིས་སྤྱོད་པར་ཤོག༔ ྈྈྈྈྈ ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་འདི། གཏེར་སྟོན་རྡོ་རྗེ་གླིང་པས་གཏེར་ནས་གདན་དྲངས་པའོ།། ༈ ༁ྃ༔ ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུའི་ཚེ་སྒྲུབ་བཞུགས་སོ༔ ྈྈྈ མགོན་པོ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ༔ སྙིགས་མའི་དུས་སུ་ཚེའི་བར་ཆད་མང་བས༔ ཚེ་སྲིང་ཞིང་སྤེལ་བའི་དབང་འདི་ལ་འབད་པར་བྱའོ༔ དེ་ལ་སྦྱོར་དངོས་རྗེས་གསུམ་ལས༔ སྦྱོར་བ་ཟླ་བ་ཡར་ངོ་ལ་དཀྱིལ་འཁོར་བྲི༔ གཏོར་ཆོག་ཕྱི་ནང་གི་མཆོད་པ་དང༔ ས་རྒྱན་གནམ་རྒྱན་བཤམ༔ ཁྱད་པར་ཚེ་ཟན་སྤོད་ཀྱིས་སྦྲན་ལ༔ ཟར་བུམ་ལྟ་བུའི་རིལ་བུས་བསྐོར་བ་བཤམ༔ ཚེའི་མདའ་ལ་དར་སྣ་ལྔ་བཏགས༔ ཚེ་གཡུ་དང་ཚེ་གསེར་བཏགས༔ ཚེ་ཆང་ལ་མཆེད་གྲོགས་གང་ཡོད་ཀྱི་གྲངས་མར་རིལ་ལམ༔ སྦྲང་རིལ་བཞག༔ ཚེ་ནས་བྲེ་གང་བཞག༔ ཁྱད་པར་ཚེ་བུམ་ལ་མངར་གསུམ་བླུགས་པའི་བཅུད་ཀྱིས་བཀང་ལ༔ དཀྱིལ་འཁོར་ལྟེ་བར་བཞག༔ ཕྱི་ནང་གི་མཚམས་བཅད་དེ༔ བགེགས་བསྐྲད་ཐོ་བརྩིགས་ལ༔ དངོས་གཞི་ལས་གཞུང་བསྲང༔ ཁྱད་པར་སྔགས་པ་དམ་ཚིག་ཅན་བཞིའམ༔ དགེ་སློང་བཞིས་སྙིང་པོ་རྒྱུན་མི་ཆད་པར་བྱ༔ ལས་ཀྱི་རྡོ་རྗེས་ཆོ་ག་བྱ་བ་བརྩམ༔ སྤྱན་འདྲེན་ཟིན་ནས་སྦྱིན་སྲེག་གིས་ནད་གདོན་ཞི་བར་བྱ༔ ཚོགས་ལ་རོལ༔ བར་སྐབས་སུ་ཛཔ྄་བཟླས་ཤིང་འཆམ༔ ཁྱད་པར་ལྷ་ཚོགས་རྣམས་བུམ་པའི་ནང་ན་བཞུགས་པས༔ ཀུན་གྱིས་ཕྱག་གཡས་པ་ཚེ་བུམ་འཛིན་པ༔ གཡོན་པ་མདའ་དར་འཛིན་པ་བསྐྱེད་ཅིང༔ སྣང་སྲིད་ཀྱི་ཚེ་བཅུད་རྣམས་བསྡུས་པར་བསམ་ཞིང༔ སྔགས་འདི་བཟླས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་བྷུདྡྷ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ༔ ཚེ་བྷྲཱུྃ་གཡུ་བྷྲཱུྃ་གཡུ་ཚེ་བྷྲཱུྃ༔ ཨཱ་ཡུཿཛྙཱ་ན་གཡུ་ཚེ་བྷྲཱུྃ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི༔ ཨཱ་ཡུ་སིདྡྷི་སྡུས་སྡུས་སྭཱ་ཧཱ༔ བར་སྐབས་སུ་དངོས་གྲུབ་བླངས༔ དེ་ནས་ཚེ་དགུག་ཅིང་ལྷ་ཚོགས་བསྐུལ་བ་ནི༔ ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ མཁའ་དང་མཉམ་པའི་སྐུ་མངའ་བ༔ ཚེ་ཡི་དངོས་གྲུབ་ཞུ་བའི་ཕྱིར༔ ཐུགས་དམ་དབང་གིས་ལས་ལ་བསྐུལ༔ ཕྱག་གིས་མདའ་དར་ད་སྐྱོད་ཅིག༔ བུམ་པའི་ནང་དུ་དཔལ་སྐྱེད་ཅིག༔ ཕྱོགས་བཞི་མཚམས་དང་སྟེང་འོག་ནས༔ ཚེ་ཡི་དངོས་གྲུབ་འདིར་སྡུས་ཤིག༔ སྟེང་ལྷའི་ཚེ་གཡང་དངོས་གྲུབ་སྡུས༔ འོག་གི་ཀླུ་ཡི་ཚེ་སྲོག་སྡུས༔ བདུད་ཕོའི་ལག་ནས་ཚེ་ཁུག་ཅིག༔ བདུད་མོའི་ལག་ནས་ཚེ་ཁུག་ཅིག༔ ལྷ་སྲིན་སྡེ་བརྒྱད་ལག་ནས་ཚེ་ཁུག་ཅིག༔ གདོན་དང་འབྱུང་པོའི་ལག་ནས་ཚེ་ཁུག་ཅིག༔ ཉི་མ་ཟླ་བའི་ལག་ནས་ཚེ་ཁུག་ཅིག༔ སྲེད་མེད་བུ་ཡི་ལག་ནས་ཚེ་ཁུག་ཅིག༔ དབང་ཕྱུག་སྲེད་མེད་ལག་ནས་ཚེ་ཁུག་ཅིག༔ དཀར་དམར་མདངས་ལྡན་ཚེ་ཁུག་ཅིག༔ ཚེ་ཡོ་བ་སྲོངས་ལ་ཆད་པ་མཐུད༔ བྲུལ་པ་རུག་ལ་འཐོར་པ་སྡུས༔ སྟོང་པ་ཁོངས་ལ་འགྱེལ་བ་སློངས༔ ལོ་བརྒྱ་ཐུབ་པའི་ཚེ་ཁུག་ཅིག༔ སྟོན་བརྒྱ་མཐོང་བའི་དཔལ་སྐྱོབས་ཤིག༔ ཅེས་པའི་མཇུག་ཏུ་ཛཔ྄་དབྱངས་བཟླས༔ ཕྱི་ནང་གི་མཆོད་བསྟོད་ཚོགས་རེ་ཡང་གཏང༔ ཧྲཱི༔ བླ་མ་རྒྱ་མཚོའི་སྐུ་མངའ་བ༔ ཚེ་ཡི་དངོས་གྲུབ་ཞུ་བའི་ཕྱིར༔ ཐུགས་དམ་དབང་གིས་ལས་ལ་བསྐུལ༔ ཕྱག་གིས་མདའ་དར་ད་སྐྱོད་ཅིག༔ བུམ་པའི་ནང་དུ་དཔལ་སྐྱེད་ཅིག༔ ཕྱོགས་བཞི་མཚམས་དང་སྟེང་འོག་ནས༔ ཚེ་ཡི་དངོས་གྲུབ་འདིར་སྡུས་ཤིག༔ སྟེང་ལྷའི་ཚེ་གཡང་དངོས་གྲུབ་སྡུས༔ འོག་གི་ཀླུ་ཡི་ཚེ་སྲོག་སྡུས༔ བདུད་ཕོའི་ལག་ནས་ཚེ་ཁུག་ཅིག༔ བདུད་མོའི་ལག་ནས་ཚེ་ཁུག་ཅིག༔ ལྷ་སྲིན་སྡེ་བརྒྱད་ལག་ནས༴ གདོན་དང་འབྱུང་པོའི་ལག་ནས༴ ཉི་མ་ཟླ་བའི་ལག་ནས༴ སྲེད་མེད་བུ་ཡི་ལག་ནས༴ དབང་ཕྱུག་སྲེད་མེད་ལག་ནས༴ དཀར་དམར་མདངས་ལྡན་ཚེ་ཁུག་ཅིག༔ ཚེ་ཡོ་བ་སྲོངས་ལ་ཆད་པ་མཐུད༔ བྲུལ་པ་རུག་ལ་འཐོར་པ་སྡུས༔ སྟོང་པ་ཁོངས་ལ་འགྱེལ་བ་སློངས༔ ལོ་བརྒྱ་ཐུབ་པའི་ཚེ་ཁུག་ཅིག༔ སྟོན་བརྒྱ་མཐོང་བའི་དཔལ་སྐྱོབས་ཤིག༔ ཅེས་པས་ཀུན་ལ་འགྲེས་འདི་ཤེས་པར་གྱིས། དཔའ་བོ་རྒྱ་མཚོའི་སྐུ་མངའ༴ མཁའ་འགྲོ་རྒྱ་མཚོའི༴ རྒྱལ་བ་རྒྱ་མཚོའི༴ ཆོས་སྐྱོང་རྒྱ་མཚོའི༴ གཏེར་བདག་རྒྱ་མཚོའི༴ བཀའ་སྲུང་རྒྱ་མཚོའི༴ ལས་མཁན་རྒྱ་མཚོའི༴ ཅེས་སོགས་གོང་ལྟར་གཏང་། དེ་ནས་རྒྱས་པར་བྱེད་ན་མཆོད་ཡོན་འབུལ༔ སྤྲོས་བཅས་ལྟར་གཏང༔ བསྡུས་པ་བྱེད་ན་བསྐྱེད་རིམ་ཕོག་ལ་ཚེ་བུམ་མགོ་ཐོག་ཏུ་བཞག༔ ཧྲཱི༔ བཅོམ་ལྡན་ཚེ་དཔག་མེད་པའི་སྐུ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ རྩ་སྔགས་ཤམ་བུ་ལ་ཨཱ་ཡུ་ཥེ༔ ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་ཆུ་སྦྱིན༔ དེ་ནས་ཚེ་ཆང་མགྲིན་པར་བཞག༔ ཧྲཱི༔ བཅོམ་ལྡན་ཚེ་དཔག་མེད་པའི་སྐུ༔ བླ་མ་རྒྱ་མཚོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ༴ འཆི་མེད༴ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨཱ་ཡུ་ཥེ༔ ཨ་བྷི་ཥིཉྩ་ཨཱ༔ དེ་ནས་གསེར་གཡུ་མགོ་ལ་བཞག༔ ཧྲཱི༔ བཅོམ་ལྡན་ཚེ་དཔག་མེད་པའི་སྐུ༔ དཔའ་བོ་རྒྱ་མཚོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ༴ འཆི་མེད་ཚེ་ཡི༴ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི༴ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མདའ་དར་ལག་ཏུ་གཏད༔ ཧྲཱི༔ བཅོམ་ལྡན་ཚེ་དཔག་མེད་པའི་སྐུ༔ ཆོས་སྐྱོང་རྒྱ་མཚོའི༴ སྐལ་ལྡན་བུ་ལ༴ འཆི་མེད་ཚེ་ཡི ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི༴ ཨ་བྷི་ཥིཉྩ་ཧྲཱི༔ དེ་ནས་དབང་བསྐུར་ཆང་བྱིན༔ ཧྲཱི༔ བཅོམ་ལྡན་ཚེ་དཔག་དཀར་མོའི་སྐུ༔ མཁའ་འགྲོ་རྒྱ་མཚོའི༴ སྐལ་ལྡན་བུ་ལ༴ འཆི་མེད་ཚེ་ཡི༴ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི༴ ཨ་བྷི་ཥིཉྩ་ཧྲཱི༔ དེ་ནས་ཚེ་ནས་གཏོར་ལ་གཏད༔ ཧྲཱི༔ བཅོམ་ལྡན་ཚེ་དཔག་མེད་པའི་སྐུ༔ གཏེར་བདག་རྒྱ་མཚོའི་ལྷ་ཚོགས་རྣམས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཧྲཱི༔ དེའི་རྗེས་ལ་མཎྜལ་ཕུལ་ཏེ༔ གཏོར་དབང་བསྐུར་བར་བྱ༔ རྗེས་ནི་དཀྱིལ་འཁོར་བསྡུ༔ བཀྲ་ཤིས་བརྗོད༔ བསྔོ་བ་སྨོན་ལམ་གྱི་རྒྱས་གདབ་བོ༔ དམ་ཚིག་ཏུ་མ་ཎི་བཟླས༔ སྲོག་གཅོད་སྤང་པར་བྱས་པས༔ ཚེ་རིང་ཞིང་ཡོན་ཏན་ཐམས་ཅད་འབྱུང་ངོ༔ ཚེ་སྒྲུབ་ཡིད་བཞིན་ནོར་བུ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དུས་ངན་སྐྱེས་པའི་ཇོ་སྲས་རྡོ་རྗེ་གླིང་པས། ཨུམ་སྟེང་མཚོ་ནས་ཟབ་གཏེར་བཏོན་ཡོད་དོ། །ལུང་ནས་བསྟན་པའི་ཆོས་བདག་སྐྱེས་མཆོག་ནི། །དྷརྨེ་ཤྭ་རའི་དོན་དུ་ལེགས་པར་བསྒྱུར། །མཁའ་འགྲོའི་བརྡ་སྐད་མ་ནོར་ལེགས་པར་ཕབ། དགེ་བ་འདི་ཡིས་འཁོར་འདས་སེམས་ཅན་རྣམས། །ཐུགས་རྗེའི་དྲུང་དུ་སངས་རྒྱས་ཐོབ་པར་ཤོག །དག་པར་ཡོད་པས་ཉམས་སུ་ལེན་པར་ཞུ། །འདི་ཡི་དགེ་བའི་རྩ་བ་དེས། །རྣམ་མཁྱེན་སངས་རྒྱས་ཐོབ་པར་ཤོག། ༈ ༁ྃ༔ ཐུགས་རྗེ་ཆེན་པོ་ཀུན་འདུས་ཀྱི་རྫོགས་རིམ་ཟབ་ཁྲིད་འཁོར་བ་དོང་སྤྲུགས་བཞུགས་སོ༔ ྈྈྈ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ་ཕྱག་འཚལ་ལོ༔ རྫོགས་རིམ་ཟབ་ཁྲིད་བསྟན་པ་འདི༔ དང་པོ་སྔོན་དུ་འགྲོ་བས་ཁ་ཁྲིད་པ༔ གཉིས་པ་དངོས་གཞི་ངོ་སྤྲད་པ༔ གསུམ་པ་རྗེས་ཀྱི་མཐའ་སྐྱོང་བའོ༔ དང་པོ་ནི་སློབ་མ་དབེན་པར་ཁྲིད༔ གཏོར་དབང་བསྐུར་ལ་མཚམས་བཅད༔ ཐོག་མར་དལ་འབྱོར་རྙེད་དཀའ་ཞིང༔ ཆོས་དང་འཕྲད་པར་དཀའ་བ་ལ་ཞག་གསུམ་བློ་འབེབས་སུ་གཞུག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ལས་རྒྱུ་འབྲས་ཀྱི་བདེན་རྫུན་ལ་ཞག་གསུམ་གཞིག་ཏུ་གཞུག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་འཁོར་བའི་སྡུག་བསྔལ་ལ་ཞག་གསུམ་གཞིག་ཏུ་གཞུག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་འཆི་བ་མི་རྟག་པ་ལ་ཞག་གསུམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཆོས་མིན་གཞན་གྱིས་མི་ཕན་པ་ལ་ཞག་གསུམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཆོས་ཀུན་གྱི་སྔོན་འགྲོ་སྐྱབས་སུ་འགྲོ་བ་ལ་ཞག་གསུམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཐེག་པ་ཆེན་པོའི་སེམས་བསྐྱེད་ལ་ཞག་གསུམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཞག་གསུམ་སྡིག་པ་བཤགས་པ་ལ་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཚོགས་གསག་ཅིང་མཎྜལ་ཕུལ་བ་ལ་ཞག་གསུམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བླ་མ་ལ་གསོལ་བ་འདེབས་པ་ལ་ཞག་གསུམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟར་སྔོན་དུ་འགྲོ་བ་ལ་ཁྲིད་རྐང་བཅུའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ ྈྈྈ དེ་ནས་དངོས་གཞི་ངོ་སྤྲད་པ་ནི༔ ཐོག་མར་ལུས་གློད༔ ངག་བསྡམ༔ སེམས་བསྒྲིམ་ལ་གོལ་བར་ཞག་གསུམ་བསྒོམ་དུ་གཞུག་གོ༔ ས་མ་ཡ༔ རྒྱ༔ དེ་ནས་མཉམ་གཞག་ཐོབ་པ་དང༔ སེམས་བྱུང་གནས་འགྲོ་གསུམ་ཁ་ལེགས་པར་གཞིག་སྟེ༔ ཞག་གསུམ་རྩད་བཅད་ནས༔ སེམས་ཀྱི་མཚང་རིག་གོ༔ ས་མ་ཡ༔ རྒྱ༔ དེ་ནས་སྣང་བ་སེམས་མིན་པ་ཨི་འདུག་ལྟ་རུ་བཅུག་པས༔ སེམས་ཀྱི་རྩལ་དུ་ཤེས་པ་ལ༔ ཞག་གསུམ་བཞག་གོ༔ ས་མ་ཡ་རྒྱ༔ དེ་ནས་སེམས་དེ་ལ་དངོས་པོ་ཨེ་འདུག་བལྟས་པས༔ དངོས་པོ་མེད་པར་སྟོང་པར་ཐག་ཆོད༔ དེ་ལ་ཞག་གསུམ་གཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་སྟོང་པ་དེ་ཆོས་སྐུ་ཡིན་ནམ༔ འཁོར་བ་ཡིན་བརྟགས་པས༔ སེམས་སྐྱེ་མེད་བློ་བྲལ་དུ་ཐག་ཆོད་པ་ཡིན༔ དེ་ལ་ཞག་གསུམ་བྱ༔ ས་མ་ཡ༔ དེ་ནས་ཕྱི་རོལ་གྱི་ཡུལ་ལ་འཕྲོར་བཅུག་ལ༔ འགགས་མེད་ཀྱི་རང་གྲོལ་དུ་ཤེས་ཏེ༔ རྟོག་འཛིན་གྱི་བྱུང་ས་སྐྱོང་བས༔ ཤར་ས་ལ་གཞི་མེད་དུ་ཤེས་ན་ཡིན༔ དེ་ལ་ཞག་གསུམ་བཏང་ངོ༔ ས་མ་ཡ༔ དེ་ནས་ཕྱི་རོལ་གྱི་ཡུལ་ལ༔ འཁོར་འདས་ཀྱི་ཁྱད་གང་གིས་འབྱེད་བརྟགས་པས༔ ངོ་ཤེས་མ་ཤེས་ཀྱིས་འབྱེད་པར་ཤེས་ཏེ༔ གང་ཤར་འཛིན་མེད་རང་གྲོལ་དུ་ཉམས་སུ་ལེན་པའི་མཚང་རིག་ན་ཡིན་པས༔ དེ་ལ་ཞག་གསུམ་བཏང་ངོ༔ ས་མ་ཡ༔ རྒྱ་རྒྱ༔ དེའི་དུས་སུ་རང་སྟོང་ཆོས་སྐུ༔ རང་གསལ་རྫོགས་སྐུ༔ རང་གྲོལ་སྤྲུལ་སྐུར་ངོ་སྤྲོད༔ ས་མ་ཡ་རྒྱ༔ དངོས་གཞི་ཁྲིད་རྐང་བརྒྱད་དོ༔ ས་མ་ཡ༔ རྒྱ་རྒྱ༔ ྈྈྈ རྗེས་ནི་དེ་ལྟར་ཞི་ལྷག་དབྱེར་མེད་ཀྱི་ངང་ནས་ཐུགས་རྗེ་ཆེན་པོ་བསྒོམ་དུ་བཅུག༔ སྟོང་གསལ་ལ་རྩལ་སྦྱང༔ ས་མ་ཡ༔ རྒྱ་རྒྱ༔ དེ་ནས་མ་ཎི་བཟླས་སུ་བཅུག་ལ༔ སྒྲ་གྲགས་སྟོང་དབྱེར་མེད་ལ་རྩལ་སྦྱོང་དུ་བཅུག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་དུག་ལྔ་རང་གྲོལ་དུ་བརྟགས་ལ་རིག་སྟོང་དབྱེར་མེད་ལ་རྩལ་སྦྱོང་དུ་བཅུག༔ ས་མ་ཡ༔ དེ་ནས་ཉམས་ལེན་འཕྲོ་བཅད་ནས༔ འཕོ་བའི་གདམས་པས༔ མ་བསྒོམ་པར་སངས་རྒྱས་པ་ལ་སྦྱང་དུ་བཅུག་གོ༔ ས་མ་ཡ༔ དེ་ནས་སྐུ་གསུམ་དབྱེར་མེད་དུ་སངས་མ་རྒྱས་ཀྱི་བར་དུ་མི་བསྒོམ་པ་ལ་མི་ཡེངས་ཤིང༔ སྟོང་པ་ཁ་ཡན་དུ་མི་གཏང་ཞིང༔ འོག་འགྱུས་བྱིང་རྨུགས་སུ་མི་བཏང་བ་ལ་འཕྲོ་བཅད་པས༔ རྒྱབ་སྐྱོར་དེ་མཐར་དབྱུང་བར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈ ཨེ་མ་ཧོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཐུགས་རྗེའི་ཐུགས་ཁྲིད་ཡང་ཟབ་འདི༔ ཟབ་ཕྱིར་ཤེལ་དཀར་བཟའ་ལ་གཏད༔ ཡི་གེར་བྲིས་ལ་གཏེར་ཏུ་སྦོས༔ ནམ་ཞིག་ཆོས་སྒོ་འདི་འབྱེད་དུས༔ གུ་རུ་རྡོ་རྗེ་གླིང་པ་འབྱུང༔ སྐལ་ལྡན་དེ་དང་འདི་འཕྲད་ནས༔ སེམས་ཅན་མང་པོའི་ལམ་སྣ་འདྲེན༔ ཆོས་འདིས་གྲོལ་བ་བརྗོད་འདས་འབྱུང༔ ཉམས་སུ་ལོངས་ཤིག་ཕྱི་རབས་རྣམས༔ འདི་ལྟར་ཟབ་ཁྲིད་གཅེས་པར་ཆོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་ཁྲིད་འཁོར་བ་དོང་སྤྲུགས་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དམ་རྒྱ༔ བཀའ་རྒྱ༔ ཁོ་བོ་རྡོ་རྗེ་གླིང་པའི་གཏེར་མའོ། །མངྒ་ལཾ། །དགེའོ། །འདིའི་ཕྱི་མོ་མ་དག་ཆེ་ཞིང་བསྡུར་གཞི་གཞན་མ་རྙེད་ཀྱང་ངེས་རིགས་བཅོས་ཡོད། མ་ངེས་པ་སླར་དཔེ་དག་པར་སྒོ་བསྟུན་པས་དཔྱོད་ལྡན་གྱིས་འཆོས་པ་བྱུང་ན་ལེགས་ཞུ། ༈ སླར་ཡང་དཔེ་གཞན་དང་བསྟུན་ནས་ངེས་པ་རྣམས་ཞུས་ལགས།།
ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས་བཀའ་སྲུང་དྲེགས་པའི་ལོ་རྒྱུས་ (Volume 38, Text 1)
༁ྃ༁ྃ༔ ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས་བཀའ་སྲུང་དྲེགས་པའི་ལོ་རྒྱུས་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈ རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་དུར་ཁྲོད་བསིལ་བ་ཚལ་ན་བཞུགས་པའི་ཚེ༔ རྡོ་རྗེ་གདན་དུ་མུ་སྟེགས་པ་ཤོར་ཏེ༔ ནང་པའི་ཆོས་འཁོར་ཀུན་བཤིག་ཅིང་གཏོར་ཏེ༔ ཕྱི་པའི་བསྟན་པ་ཆེར་འཕེལ་བའི་ཚེ༔ བསིལ་བ་ཚལ་གྱི་རང་བྱུང་མགོན་པོའི་རྡོ་སྐུའི་ཐུགས་ཀ་ནས་འོད་སྔོན་པོ་ཞིག་འཕྲོས་པའི་རྩེ་ལས༔ སྤྲུལ་པའི་མགོན་པོ་དྲེགས་པ་བཞི་འཁོར་དང་བཅས་པ་མེ་རླུང་གི་ཀློང་ནས་ཤར་ཏེ་མི་བཟད་པའི་ཆོ་འཕྲུལ་སྣ་ཚོགས་ཀྱིས་སྣང་སྲིད་ཐམས་ཅད་ཡོམ་ཡོམ་ཤིག་ཤིག་བྱུང་ཚེ་ང་རོའི་སྒྲ་ལས༔ ཀྱེ༔ ཤཱཀྱ་སེང་གེའི་བསྟན་པ་ལ༔ སྲུང་ཞིང་སྐྱོང་མཛད་དཔའ་བོ་ཆེས༔ ལོག་སྨྲ་ཕྱིར་རྒོལ་སྡེ་དཔུང་རྣམས༔ གཞོམ་ཞིང་ཕམ་པའི་དུས་ལ་བབས༔ ཞེས་བསྐུལ་ཏེ་སླར་ཡང་ཐུགས་ཀར་ཐིམ༔ དེའི་ཚེ་བདག་གིས་སྒྲུབ་ཐབས་ལས་སྦྱོར་དང་བཅས་པ་བྱས་ཏེ༔ མགོན་པོ་ཉིད་རྦད་ཅིང་བསྐུལ་བས༔ སད་སེར་དང་ནད་ཡམས་མི་མཐུན་པ་སྣ་ཚོགས་བྱུང་སྟེ༔ མུ་སྟེགས་ཀྱི་སྟོན་པ་ཐམས་ཅད་ཤི༔ བསྟན་པ་རང་ཞིག་ལ་སོང༔ ནང་པའི་བསྟན་པ་སྔར་ལྟར་འཕེལ་བར་གྱུར་ཏོ༔ དེའི་ཚེ་སྒྲུབ་ཐབས་རིམ་པ་གསུམ་དུ་བྱས་པ་ལས༔ འདི་ནི་བསྡུས་པ་སྟེ་ཟབ་ཅིང་འདྲིལ་བ་འོ་མའི་ནང་གི་རྩི་མར་ལྟ་བུའོ༔ ས་མ་ཡ༔ རིག་འཛིན་གཏེར་བདག་གླིང་པས་བྲག་དམར་གཡའ་མ་ལུང་ནས་སྤྱན་དྲངས་པའོ། །༁ྃ༁ྃ༔ ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས༔ བཀའ་སྲུང་དྲེགས་པའི་སྒྲུབ་ཐབས་བཞུགས་སོ༔ ྈྈྈྈྈྈ རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ བཀའ་སྲུང་དྲེགས་པ་སྒྲུབ་པ་ན༔ དབེན་གནས་དུར་ཁྲོད་དྲག་པོའི་སར༔ གནམ་ས་ཆོས་འབྱུང་དབྱིབས་ལྡན་པ༔ བྱ་རོག་ལྡིང་འདྲའི་བྲག་འདབས་སུ༔ གཡུལ་བཀྱེའི་ས་དང་ཕུང་ཤུལ་སའི༔ སྟེགས་བུ་མདའ་གང་གྲུ་བཞི་པ༔ ཁྲག་གིས་བྱུགས་སྟེང་མཎྜལ་བྲི༔ དེ་སྟེང་འབྲུ་ནག་བ་ལིཾ་ཏ༔ ཤ་ཁྲག་གིས་བརྒྱན་རྩེ་མོ་རུ༔ དར་ནག་གདུགས་ཕུབ་གཡས་གཡོན་དུ༔ སྨན་རཀ་ཕྱི་ནང་རྟེན་རྫས་དང༔ མཆོད་པ་མཐའ་དག་ཚོགས་པར་བཤམ༔ དེ་ནས་བདག་ཉིད་ཁྲུས་བྱས་ལ༔ བདེ་བར་འདུག་སྟེ་རྩ་གསུམ་ལྷར༔ གསལ་བའི་མདུན་དུ་མགོན་པོ་ཆེ༔ གཞུང་བཞིན་གསལ་བའི་ཐུགས་ཀ་རུ༔ སྲོག་གི་ཡི་གེ་གསལ་བར་བསྒོམ༔ སྙིང་པོ་འདི་ཉིད་བཟླ་བར་བྱ༔ ཨོཾ་མ་ཧཱ་ཀཱ་ལ་བི་ཀཱ་ལ་ཏྲི་ཡཾ་ཛཿཧཱུྃ་ཧཱུྃ་ཕཊ༔ ཅེས་པ་གྲངས་ཚད་འབུམ་ཚོ་ལྔ༔ དུས་བསྙེན་ཞག་ནི་ཉི་ཤུ་གཅིག༔ རབ་ཀྱིས་སྒྲུབ་མཚན་མ་ཐོབ་བར༔ ནན་ཏན་ཉམས་སུ་བླང་བྱ་འོ༔ མཐར་ནི་མཆོད་བསྟོད་གཤེགས་བསྡུ་སོགས༔ ལས་གཞུང་སྤྱི་ལྟར་ཤེས་པར་བྱ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་འགྱུར་མེད་རྡོ་རྗེ་རྩལ་གྱིས་བྲག་དམར་གཡའ་མ་ལུང་གི་འཆི་མེད་རྡོ་རྗེའི་སྤོ་ནས་སྤྱན་དྲངས་པའོ། །༁ྃ༁ྃ༔ ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས༔ བཀའ་སྲུང་གི་གཏོར་དབང་ཕྲིན་ལས་འབྱུང་གནས་ཞེས་བྱ་བ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈ སངས་རྒྱས་བསྟན་པ་བསྲུང་བ་དང༔ གདུག་པ་འདུལ་ཕྱིར་བསྙེན་སོང་གིས༔ བསྟན་པ་འཛིན་པའི་སྐྱེས་བུ་ལ༔ བཀའ་སྲུང་བྱིན་རླབས་སྲོག་གཏད་བྱ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་རྟེན་མཆོད་མཎྜལ་དང༔ དམར་གཏོར་ཙཀླི་རྒྱན་ཅན་བཤམ༔ མདུན་དུ་དྲེགས་པ་འཁོར་བཅས་བསམ༔ བསྙེན་པ་བྱ་ཞིང་སྲོག་སྙིང་བགྲང༔ ཁྲུས་བྱས་བགེགས་བསལ་མཎྜལ་དབུལ༔ གུས་པས་གསོལ་བ་འདི་ལྟར་གདབ༔ བདེ་གཤེགས་བླ་མ་བདག་ལ་དགོངས༔ གདུག་པ་འདུལ་ཞིང་བསྟན་བསྲུང་ཕྱིར༔ བཀའ་སྲུང་དྲེགས་པ་ལྕམ་དྲལ་གྱི༔ བྱིན་རླབས་དབང་བསྐུར་བསྩལ་དུ་གསོལ༔ ཞེས་ཞུ་བླ་མས་འདི་སྐད་གསུང༔ གསོན་ཅིག་དད་ལྡན་སྙིང་གི་བུ༔ བསྟན་པ་རིན་ཆེན་བསྲུང་བ་དང༔ དམ་ཆོས་སྒྲུབ་པའི་བགེགས་ཞིའི་ཕྱིར༔ སྦྱིན་པར་བྱ་ཡི་གཞན་དུ་མིན༔ ཞེས་གསུངས་སླར་ཡང་འདི་སྐད་གསོལ༔ ཁྱོད་ཀྱིས་ཇི་ལྟར་བཀའ་བསྩལ་ལས༔ ནམ་ཡང་འདའ་བར་མི་བགྱི་འོ༔ ས་མ་ཡ་ཨ་མྲྀཏ་ཧཱུྃ༔ ཞེས་པས་དམ་ཆུ་སྦྱིན་ཞིང་བསྒྲག༔ དེ་ནས་སློབ་མ་སྐད་ཅིག་གིས༔ བཀའ་སྲུང་དྲེགས་པར་གཞུང་བཞིན་གསལ༔ སྒོ་གསུམ་བྱིན་བརླབ་ཡེ་ཤེས་བསྟིམ༔ ཨཱ་བེ་ཤ་ཡིས་བྱིན་དབབ་ལ༔ ཏིཥྛ་བཛྲས་གཉིས་མེད་བསྟིམ༔ དེ་ནས་གཏོར་མ་སྤྱི་བོར་བཞག༔ ཧཱུྃ༔ གཞན་གྱིས་མི་ཐུབ་དཔའ་བོ་ཆེ༔ བདུད་སྡེ་འཇོམས་མཛད་མཐུ་སྟོབས་ཅན༔ རྒྱལ་བའི་བསྟན་པའི་སྲོག་ཤིང་ཆེ༔ འཁོར་ལོས་སྒྱུར་བའི་སྟོབས་པོ་ཆེ༔ དཔལ་ལྡན་རྡོ་རྗེ་སྲིན་པོ་ཆེའི༔ སྐུ་ཡི་བྱིན་རླབས་འདིར་སྩོལ་ཅིག༔ ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་སརྦ་ས་མ་ཡ་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ མགྲིན་པར་སྦྱིན་ཞིང་འདི་སྐད་དོ༔ ཧཱུྃ༔ བདེ་གཤེགས་ཀུན་གྱི་ནུས་པའི་འཕྲུལ༔ ཁྲོ་རྒྱལ་ཡོངས་ཀྱི་དཔལ་ཆེན་པོ༔ བསྟན་པ་སྐྱོང་མཛད་མཐུ་བོ་ཆེ༔ དཔལ་ལྡན་རྡོ་རྗེ་ནག་པོ་ཆེའི༔ གསུང་གི་ནུས་སྟོབས་བྱིན་རླབས་མཆོག༔ འདི་ལ་སྦྱིན་པར་མཛད་དུ་གསོལ༔ ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་སརྦ་ས་མ་ཡ་བཛྲ་བཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ སྙིང་གར་བཞག་ཅིང་འདི་སྐད་བརྗོད༔ ཧཱུྃ༔ ཡེ་ཤེས་དབྱིངས་ལས་མ་གཡོས་ཀྱང༔ གདུག་པ་བདུད་ཀྱི་སྡེ་འདུལ་བར༔ སངས་རྒྱས་ཀུན་གྱིས་དབང་བསྐུར་བའི༔ མཐུ་སྟོབས་དྲག་པོ་ཆེན་པོ་ཡི༔ ཐུགས་ཀྱི་བྱིན་རླབས་ནུས་པ་ཀུན༔ འདི་ལ་སྦྱིན་པར་མཛད་དུ་གསོལ༔ ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་སརྦ་ས་མ་ཡ་བཛྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ལྟེ་བར་བཞག་ཅིང་འདི་སྐད་དོ༔ ཧཱུྃ༔ དྲག་པོ་ཆེན་པོ་མ་རུངས་ཤུགས་ཆེ་བ༔ སྲིན་པོའི་དབང་པོ་བྱད་མའི་གཤེད་ཆེན་པོ༔ རྣལ་འབྱོར་དཔལ་མགོན་ཆེན་པོའི་ཡོན་ཏན་གྱི༔ བྱིན་རླབས་ནུས་པ་འདི་ལ་སྦྱིན་པར་མཛོད༔ ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་སརྦ་ས་མ་ཡ་བཛྲ་གུ་ཎ་ཨ་བྷི་ཥིཉྩ་སྭཱ༔ གསང་བར་བཞག་ཅིང་འདི་སྐད་བརྗོད༔ ཧཱུྃ༔ རྒྱལ་བསྟན་ཆོས་འཁོར་ཡོངས་ཀྱི་མགོན༔ དུར་ཁྲོད་ཀུན་གྱི་བདག་པོ་ཆེའི༔ དྲག་རྩལ་མི་བཟད་ཕྲིན་ལས་ཀྱི༔ སྟོབས་ནུས་འདི་ལ་སྦྱིན་པར་མཛོད༔ ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་སརྦ་ས་མ་ཡ་བཛྲ་ཀརྨ་ཨ་བྷི་ཥིཉྩ་ཧཱ༔ དེ་ནས་གཏོར་མ་ལག་ཏུ་གཏད་ལ༔ ཧཱུྃ༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ རྒྱལ་བའི་བསྟན་པ་སྐྱོང་བ་དང༔ དམ་ལྡན་རྡོ་རྗེའི་བུ་འདི་ཡི༔ མགོན་དང་དཔུང་གཉེན་བྲན་དང་གྲོགས༔ མཛད་ཅིང་དམ་ཚིག་གཅིག་པར་མཛོད༔ ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཡ་སཱ་ན་རཱ་ཛ་སརྦ་ས་མ་ཡ་རཀྵནྟུ༔ དེ་ནས་མདུན་དུ་དགྲ་གཟུགས་ལ༔ དམིགས་བྱ་བསྟིམ་ཞིང་སློབ་བུ་ལ༔ ཕུར་བུ་གཏད་དེ་བསྒྲལ་དུ་གཞུག༔ བྷྱོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་གཅིག་ཏུ་བསྡུས་པ་ཡི༔ དྲག་པོས་སྒྲོལ་བྱེད་མཐུ་དབང་འདི༔ ཁྱོད་ལ་སྦྱིན་བྱ་བླང་བར་གྱིས༔ ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཡ་སརྦ་ས་མ་ཡ་གནོད་བྱེད་བྱད་མ་མཱ་ར་ཡ་རྦད༔ ཅེས་པས་སྦྱིན་ཞིང་དམ་ཚིག་བསྒྲག༔ ཡོན་འབུལ་དགའ་སྟོན་དག་ལ་སྤྱོད༔ བཀའ་སྲུང་དྲེགས་པའི་སྲོག་དབང་འདི༔ མ་འོངས་འགྲོ་ལ་ཕན་བྱའི་ཕྱིར༔ པདྨ་བདག་གིས་ཁྱོད་ལ་གདམས༔ ཀུན་ལ་སྤེལ་བར་མི་བྱ་འོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ྈྈྈ རིག་འཛིན་འགྱུར་མེད་རྡོ་རྗེས་བྲག་དམར་གཡའ་མ་ལུང་ནས་སྤྱན་དྲངས་པའོ། །༁ྃ༁ྃ༔ ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས༔ བཀའ་སྲུང་དྲེགས་པའི་ལས་སྦྱོར་བཞུགས་སོ༔ ྈྈྈྈྈྈྈྈ རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ བཀའ་སྲུང་དྲེགས་པའི་ལས་སྦྱོར་ནི༔ གནས་ནི་སྒྲུབ་པའི་དུས་ལྟ་བུར༔ ཕུང་ཤུལ་ས་ཡི་བྲུབ་ཁུང་དུ༔ དུག་ཤོག་དག་ལ་གྲི་ཁྲག་གིས༔ གནོད་བྱེད་གང་ཡིན་གཟུགས་བྲིས་པའི༔ དཔྲལ་བར་རུས་དང་སྙིང་གར་མིང༔ ནྲྀ་ཏྲིའི་ཁ་བསྒྱུར་ཡན་ལག་བཞིར༔ ཛཿཧཱུྃ་བཾ་ཧོཿའི་སྲོག་ཡིག་བྲི༔ གནོད་བྱེད་དག་གི་དྲི་མས་བྱུག༔ ཟན་གྱི་ཉ་བོའི་ཁོང་དུ་བཅུག༔ སྔོ་དམར་སྐུད་པས་ཡན་ལག་བཅིངས༔ དེ་སྟེང་ཤ་ཁྲག་གིས་བརྒྱན་པའི༔ གཏའ་གཏོར་དར་ནག་རྒྱན་ཅན་བཤམ༔ ཀེ་ཚེ་ཤང་ཚེ་ཡུངས་དཀར་ནག༔ རྦབ་རྡོ་ལྕགས་ཕུར་ལ་སོགས་བསགས༔ དེ་ནས་རང་ཉིད་དྲེགས་པར་གསལ༔ ཐུགས་ཀའི་གསང་སྔགས་ཕྲེང་བ་ལས༔ ལས་བྱེད་ཕོ་ཉ་གྲངས་མེད་སྤྲོས༔ གནོད་བྱེད་ཐམས་ཅད་འུབ་ཀྱིས་བསྡུས༔ མདུན་གྱི་རཱུ་པ་ཉིད་ལ་བསྟིམ༔ གནོད་བྱེད་བྱད་མ་ཨཾ་གུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོ༔ དེ་ནས་དྲག་སྔགས་རྒྱལ་པོ་འདིས༔ གནོད་བྱེད་སྙིང་ལ་གཟིར་བར་བྱ༔ ཨོཾ་མ་ཧཱ་ཀཱ་ལ་ཏྲི་ཡཾ་ཛ༔ ཀཱ་ལི་དེ་བཱི་ཧཱུྃ་བྷྱོ་ཧཱུྃ༔ ནཱ་ག་རཀྴ་ཡ་མ་རཱ་ཛཿརཱ་ཧུ་ལ་རཀྴ་ས་ཏྲིག་ནན༔ ཨེ་ཧུར་ཐུམས་ཛ༔ གནོད་བྱེད་བྱད་མ་མཱ་ར་ཡ་རྦད༔ སྲོག་ལ་ཛ༔ སྙིང་ལ་རྦད༔ རྩ་ལ་བྲེང་ཤག༔ ཛ་ཁྲམ་ཡ་ཕཊ༔ ཅེས་བཟླས་ཐུན་གྱིས་རཱུ་པ་གཟིར༔ དགུ་འམ་གནམ་སྟོང་སྲོད་ཀྱི་ཚེ༔ དྲག་པོའི་ལས་ལ་སྦྱར་བ་ན༔ གནོད་བྱེད་སྡེ་དཔུང་འཇོམས་པར་འགྱུར༔ ས་མ་ཡ༔ གནོད་བྱེད་ཀྱི་རཱུ་པ་གོང་ལྟར་འགུགས་འདྲེན་བྱས་ལ༔ གླང་རུར་བཅུག་མཆོད་རྟེན་ནམ་ལམ་རྒྱ་གྲམ་དུ་རྩ་སྔགས་ཤམ་བུར་མཱ་ར་ཡ་ནན་བཏགས་ལ་མནན་ན་སྲེད་མེད་བུའི་སྟོབས་ཀྱང་འཇོམས་པར་འགྱུར་རོ༔ སཱ་མཱ་ཡཱ༔ ༁ྃ༔ ཡང་ལིདྒ་གོང་ལྟར་ལ༔ དགྲའི་རྐང་རྗེས་ཀྱི་སས་བྱུགས་པ་ཨོཾ་ཙ་ཏྲིག་ནན༔ ཨེ་ཧུར་ཐུམས་ཛཿབྱད་མ་མཱ་ར་ཡ་སོད༔ བྱེ་བ་བཟླས་པ་བཙན་གནས་པའི་བྲག་ལ་སྦས་ན་དགྲ་བོ་གཟེར་གྱིས་འདེབས་སོ༔ སཱ་མཱ་ཡཱ༔ ཡང་དགྲའི་རཱུ་པ་ཟག་རྫས་ཀྱིས་བྱུགས་པ༔ སྦྲུལ་ཤ༔ མཛེ་ཕོའི་ཁྲག༔ དུག་ཁྲག་རྣམས་དང་མཉམ་དུ༔ སྤྱང་ཀིའི་རྐང་རུས་སུ་བཅུག༔ ཡུགས་སྐྲས་བཅིང༔ རྩ་སྔགས་ལ་ནཱ་ག་རཱ་ཛ་བྱད་མ་སརྦ་མཱ་ར་ཡ་སོད༔ ཆིངས་ཆིངས༔ དུན་རྨུགས་ཁཱ་ཧི༔ ཞེས་བཟླས་ཏེ་ཀླུ་གནས་སར་སྦས་ན་དགྲ་བོ་རྣམས་མཛེས་འཆིའོ༔ ཡང་ཕུག་རོན་གྱི་ཁྲག༔ སྡིག་པའི་ཤ༔ བྱ་ལོང་གི་མིག༔ དངུལ་ཆུ་དུག་སྣ་མུ་ཟི་རྣམས་དུག་ཤིང་གི་མེ་ལ་བསྲེགས་ལ་རྩ་སྔགས་ལ་ཙཀྵུཿཐུམས་རྦད་དུ་ན་མཱ་ར་ཡ་ཛ༔ ཞེས་བཟླས་ཏེ་དུ་བ་དགྲ་ཁྱིམ་ལ་བཏང་ཞིང་རང་ལ་འཛེམ༔ དེས་ནི་དགྲ་བོ་འཁོར་བཅས་མིག་གི་དབང་པོ་འགྲིབ་པར་འགྱུར་རོ༔ སཱ་མཱ་ཡཱ༔ ཡང་དགྲ་བོའི་ཟག་པ་དང་སྡིག་གསོན་མཉམ་དུ་སྨྱུག་སྦུབས་སུ་བཅུག་སྟེ༔ དུ་ཏྲིག་ཀཱ་ལ་ཐུམས་རིལ་རྦད༔ གནོད་བྱེད་མཱ་ར་ཡ་ཛཿཤག་ཤག༔ ཅེས་བཟླས་ཏེ་བདུད་གནས་པའི་བྲག་ལ་སྦས་ན༔ ཟག་པ་ཟོས་ཚར་བ་དང་མཉམ་དུ་དགྲ་འཆི་བར་འགྱུར་རོ༔ སཱ་མཱ་ཡཱ༔ གནོད་བྱེད་དྲག་པོའི་ལས་མཐའ་འདི༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ བསྟན་པ་སྲུང་བའི་ཆེད་དུ་བཞག༔ ཀུན་ལ་མི་སྤེལ་གསང་བར་བྱ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈ རིག་འཛིན་འགྱུར་མེད་རྡོ་རྗེ་རྩལ་གྱིས་བྲག་དམར་གཡའ་མ་ལུང་ནས་སྤྱན་དྲངས་པའོ། །༁ྃ༁ྃ༔ ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས༔ བཀའ་སྲུང་དྲག་པོ་སྡེ་ལྔའི་སྐོང་གསོ་བདུད་དཔུང་ཀུན་འཇོམས་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈ རྩ་གསུམ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ བསྟན་སྲུང་ཀུན་གྱི་སྙིང་པོའི་བཅུད༔ བདུད་དགྲ་འཇོམས་པའི་གནམ་ལྕགས་འདི༔ དུས་ངན་སྙིགས་མ་སངས་རྒྱས་ཀྱི༔ བསྟན་པ་སྲུང་བའི་ལྕགས་རིར་བཞག༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ཉིད་བསྒྲུབ་ཅིང་མཆོད་པ་ལ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་དུར་ཁྲོད་དྲག་པོའི་སར༔ མཎྜལ་གཞི་མ་ནག་པོའི་སྟེང༔ སྒྲུབ་རྫས་མཆོད་སྤྲིན་ཚང་བར་བཤམ༔ གཞན་ཡང་གནས་ཀྱི་ཁང་པ་དེ༔ བག་དྲོ་ལྷུན་ཆགས་ཉིད་དུ་བྱ༔ དེ་ནས་བདེ་བའི་སྟན་ལ་འདུག༔ སྐྱབས་སེམས་བགེགས་བསལ་བདག་བསྐྱེད་སོགས༔ ལས་གཞུང་བཞིན་དུ་ཤེས་བྱས་ལ༔ དེ་ནས་མཆོད་པའི་ཡོ་བྱད་རྣམས༔ རཾ་ཡཾ་ཁཾ་གིས་བསྲེགས་སྦྱངས་བཀྲུས༔ སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང༔ ཨ་ལས་ཐོད་པར་ཤ་ལྔ་བདུད་རྩི་ལྔ༔ ས་བོན་གྱིས་མཚན་སྟེང་དུ་འབྲུ་གསུམ་གྱི༔ འཕྲོ་འདུས་རྫས་ཞུ་ཉེས་སྐྱོན་དྲི་མ་སྦྱངས༔ ཡེ་ཤེས་བཅུད་དྲངས་གཉིས་མེད་བདུད་རྩི་ཆེས༔ བཀའ་སྲུང་འཁོར་བཅས་དགྱེས་སྐོང་ནུས་པར་བསམ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཞེས་པས་མཆོད་པ་བྱིན་བརླབས་ཏེ༔ བདག་ཉིད་རྣལ་འབྱོར་ལ་གནས་པའི༔ མདུན་དུ་སྲུང་མ་གསལ་བ་ནི༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་དྷརྨ་དྷཱ་ཏུ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ སྣང་གྲགས་འཁོར་འདས་ཆོས་ཀུན་སྟོང་པར་གྱུར༔ སྟོང་པའི་ངང་ལས་མདུན་དུ་རབ་འཇིགས་ཀྱི༔ དུར་ཁྲོད་ཆེན་པོ་འཇིགས་ཤིང་སྐྱི་གཡའི་དབུས༔ བྷྲཱུྃ་ལས་མཐིང་ནག་གྲུ་གསུམ་གཞལ་ཡས་ཁང༔ རྒྱ་ཁྱོན་ཆོས་དབྱིངས་དང་མཉམ་ལྟེ་བ་རུ༔ པདྨ་ཉི་ཟླ་དྲེགས་པ་བསྣོལ་བའི་སྟེང༔ མཐིང་ནག་ཧཱུྃ་ལས་སྐྱེས་པའི་ཁྲོ་བོའི་རྒྱལ༔ མ་ཧཱ་ཀཱ་ལ་དྲེགས་པ་ཀུན་འདུལ་ནི༔ ཞལ་བཞི་ཕྱག་བཞི་མི་བཟད་རྔམ་པའི་གཟུགས༔ གཡས་དཀར་གཡོན་དམར་དབུས་མཐིང་སྟེང་ཞལ་ལྗང༔ གཡས་པའི་ཕྱག་གཉིས་གྲི་གུག་རལ་གྲི་གདེངས༔ གཡོན་གཉིས་ཐོད་ཁྲག་རྡོ་རྗེའི་དབྱུག་པ་བསྣམས༔ དམར་སེར་རལ་པ་གྱེན་བརྫེས་ཁྲོ་ཆུང་སྤྲོ༔ གཡས་གཡོན་རྡོ་རྗེའི་གཤོག་པ་རྣམ་པར་གདེངས༔ དུར་ཁྲོད་ཆས་དང་དཔལ་གྱི་ཆས་བཅུས་སྤྲས༔ ཞབས་གཉིས་དོར་སྟབས་དྲེགས་པའི་སྙིང་གར་བརྫིས༔ གསང་བའི་ཡུམ་མཆོག་རེ་ཏི་སྔོ་སྐྱའི་མདོག༔ ཁ་ཊྭཱཾ་ནད་རྐྱལ་འཛིན་ཅིང་ཡབ་དང་འཁྲིལ༔ རབ་འཇིགས་མེ་དཔུང་འབར་བའི་ཀློང་དུ་གསལ༔ ཤར་དུ་ན་ལས་ཀླུ་བདུད་རྔམ་པའི་གཟུགས༔ མཐིང་ནག་སྦྲུལ་ཞགས་གྲི་གུག་ཕྱག་ན་བསྣམས༔ རལ་པ་གྱེན་བརྫེས་སྐུ་སྨད་སྦྲུལ་དུ་འཁྱིལ༔ དུར་ཁྲོད་ཆས་གསོལ་དྲེགས་པའི་འཁོར་གྱིས་བསྐོར༔ ལྷོ་རུ་ཡ་མ་རཱ་ཛ་གཤིན་རྗེའི་གཙོ༔ དམར་ནག་རྡོ་རྗེའི་ཐོད་དབྱུག་དུང་ཁྲག་འཐུང༔ དུར་ཁྲོད་ཆས་ལྡན་མ་ཧེ་སེར་ནག་ཞོན༔ རབ་འཇིགས་དྲེགས་པ་མང་པོའི་འཁོར་གྱིས་བསྐོར༔ ནུབ་ཏུ་རཱ་ཧུ་ལ་ཉིད་དམར་ནག་མདོག༔ ཆུ་སྲིན་ཞགས་པ་ཐོད་ཁྲག་ཕྱག་ན་བསྣམས༔ མིག་སྟོང་དང་ལྡན་ཆུ་སྲིན་དམར་སྐྱ་ཞོན༔ དུར་ཁྲོད་ཆས་གསོལ་དྲེགས་པའི་འཁོར་གྱིས་བསྐོར༔ བྱང་དུ་ཀྵ་ལས་སྲིན་པོ་སྨུག་ནག་ནི༔ གཡས་གཡོན་རལ་གྲི་དུང་ཁྲག་ཞལ་དུ་རྔུབ༔ དུར་ཁྲོད་ཆས་ལྡན་ཞབས་གཉིས་འདོར་སྟབས་བགྲད༔ ལས་བྱེད་དྲེགས་པ་མང་པོའི་འཁོར་གྱིས་བསྐོར༔ གཞན་ཡང་བཀའ་སྡོད་དྲེགས་པ་ལས་བྱེད་དང༔ ཤ་ཟ་བཤན་པ་སྤྲུལ་དང་ཡང་སྤྲུལ་བཅས༔ གསལ་བའི་ཐུགས་ཀའི་འོད་ཀྱིས་རང་འདྲ་བའི༔ ཡེ་ཤེས་སེམས་དཔའ་འཁོར་བཅས་སྤྱན་དྲངས་བསམ༔ སྦྱར་སྤོས་བསྲེག་ཅིང་རོལ་མོ་བསྒྲག༔ ང་རོའི་དབྱངས་ཀྱིས་སྤྱན་འདྲེན་ནི༔ ཧཱུྃ༔ ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང༔ གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་པ༔ སྲིན་པོའི་གཟུགས་ཅན་དྲེགས་པ་སྤྱན་འདྲེན་ན༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ལས་བྱེད་དྲེགས་པ་ཀླུ་བདུད་གཤིན་རྗེའི་རྒྱལ༔ དྲང་སྲོང་ཆེན་པོ་ཤ་ཟ་སྲིན་པོ་སོགས༔ རང་རང་སྤྲུལ་དང་ཡང་སྤྲུལ་བཀའ་ཉན་བཅས༔ དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ༔ བཞད་པའི་ང་རོ་འབྲུག་སྒྲ་སྟོང་ལྡིར་ཞིང༔ རྔམ་པའི་སྟང་སྟབས་སྲིད་པ་གསུམ་གཡོ་བ༔ འཇིག་རྟེན་འདས་དང་མ་འདས་འཁོར་གྱི་ཚོགས༔ ཕྱོགས་བཅུའི་ཞིང་ནས་གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཛྙཱ་ན་ནཱ་ཐ་རེ་མ་ཏི་ས་མ་ཡ་ཛ༔ ནཱ་ག་རཀྴ་ཡ་མ་རཱ་ཛ་རཱ་ཧུ་ལ་རཀྴ་ས་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ སྤྱན་དྲངས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ རབ་འཇིགས་དུར་ཁྲོད་བསྐལ་མེ་འཁྲུགས་པའི་དབུས༔ ལོག་འདྲེན་དྲེགས་པ་པདྨ་ཉི་ཟླའི་སྟེང༔ དྲེགས་པ་ཀུན་འདུལ་ལྷ་མཆོག་འཁོར་དང་བཅས༔ ཕྲིན་ལས་བསྒྲུབ་ཕྱིར་བརྟན་པར་བཞུགས་སུ་གསོལ༔ པདྨ་ཙནྡྲ་སཱུརྻ་ཏི་ར་ས་མ་ཡ་ཏིཥྛ་ལྷན༔ ཞེས་པས་བཞུགས་གསོལ་དམ་ལ་བཞག༔ དེ་ནས་མཆོད་པའི་ལས་རིམ་ནི༔ ཧཱུྃ༔ དཔལ་ཆེན་མཐུ་སྟོབས་དབང་ཕྱུག་འཁོར་བཅས་ལ༔ མ་རུངས་ལོག་འདྲེན་དགྲ་དང་བགེགས་རྣམས་ཀྱི༔ དབང་པོ་ལྔ་དང་ཚིལ་ཆེན་དོན་སྙིང་ལྔ༔ ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མ་དང༔ དམར་ཆེན་རཀྟ་པཉྩ་ཨ་མྲྀཏ༔ མཐུན་རྫས་འདོད་པའི་ལོངས་སྤྱོད་བསམ་མི་ཁྱབ༔ མ་ལུས་དངོས་བཤམས་ཡིད་སྤྲུལ་དམ་པ་འདི༔ བསྟན་སྲུང་རྒྱལ་པོ་འཁོར་དང་བཅས་ལ་འབུལ༔ ཐུགས་རྗེ་ཐུགས་དམ་དབང་གིས་བཞེས་ནས་ཀྱང༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་དུ་གསོལ༔ སརྦ་པཱུ་ཛ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་མཆོད་བསྟོད་པ་བྱ་བ་ནི༔ ཧཱུྃ༔ རབ་འཇིགས་དུར་ཁྲོད་བསྐལ་མེ་འབར་བའི་ཀློང༔ རིག་འཛིན་སྲོག་ཤིང་རྣལ་འབྱོར་དགྲ་བླ་ཆེ༔ བསྟན་པའི་བཀའ་སྲུང་མཐུ་སྟོབས་རྫུ་འཕྲུལ་ཅན༔ དྲེགས་པ་ཀུན་འདུལ་ཁྱོད་ལ་བདག་བསྟོད་དོ༔ སྲིད་གསུམ་ཟིལ་གནོན་ཉམས་པ་རྩད་ནས་གཅོད༔ རྣམ་བཞིའི་ཕྲིན་ལས་ཅི་བཅོལ་ཐོགས་པ་མེད༔ ཐོད་ཕྲེང་རྩལ་གྱིས་དབང་བསྐུར་དམ་ཚིག་ཅན༔ ཤ་ཟ་ནག་པོ་ཁྱོད་ལ་བདག་བསྟོད་དོ༔ ཕྱོགས་བཞིའི་གནས་ནས་སངས་རྒྱས་བསྟན་པ་སྲུང༔ སྤྲུལ་པ་སྣ་ཚོགས་སྟོང་གསུམ་ཁྱབ་པར་འགྱེད༔ སྐྱེ་འགྲོའི་སྲོག་དབུགས་དྲོད་ལ་དབང་བྱེད་པའི༔ དྲེགས་པ་འཁོར་དང་བཅས་ལ་བདག་བསྟོད་དོ༔ དེ་ནས་ལས་ལ་རྦད་པ་ནི༔ ཧཱུྃ་བྷྱོ༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ ཁས་བླངས་མ་གཡེལ་དམ་ལ་འདུས༔ དྲག་པོའི་ལས་ལ་སྐུ་བསྐྱོད་འཚལ༔ མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ༔ གཡས་པ་གྲི་གུག་རལ་གྲི་འཛིན༔ གཡོན་པ་ཐོད་ཁྲག་རྩེ་གསུམ་ཕྱར༔ འབར་བའི་ཆས་ཀྱིས་སྐུ་ལ་བརྒྱན༔ སྤྲུལ་པ་སྣ་ཚོགས་ཕྱོགས་བཅུར་འགྱེད༔ འདིར་གཤེགས་ཤ་ཁྲག་གཏོར་མ་ལོངས༔ གདུག་པའི་དགྲ་བགེགས་མྱུར་དུ་སྒྲོལ༔ ཁྱོད་ཀྱི་ལས་བྱེད་དྲེགས་པ་བཞི༔ བཀའ་ཉན་འཁོར་དང་བཅས་པ་རྣམས༔ འདིར་གཤེགས་ཤ་ཁྲག་གཏོར་མ་ལོངས༔ གདུག་པའི་དགྲ་བགེགས་མྱུར་དུ་སྒྲོལ༔ དུས་ལ་བབ་བོ་ས་མ་ཡ༔ བྷྱོ་བྷྱོ་ཟློག་ཟློག༔ ཅེས་བསྐུལ་གཏོར་མ་དགྲ་ཕྱོགས་འཕང༔ དེ་ནས་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ དཔལ་ལྡན་དྲེགས་པ་འཁོར་དང་བཅས་པ་རྣམས༔ རྣམ་དག་ཐུགས་ཀྱི་རེ་བ་ཡོངས་གང་བས༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང༔ དཀོན་མཆོག་གསུམ་གྱི་དབུ་འཕང་ཆེར་མཐོ་ཞིང༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང༔ ཁམས་གསུམ་འགྲོ་ཀུན་བདེ་སྐྱིད་རབ་ལྡན་ཅིང༔ བཅོལ་པའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ ཅེས་ཕྲིན་ལས་བཅོལ་ལོ༔ ཨ་ཏིའི་བསྟན་སྲུང་དྲག་པོ་སྡེ་ལྔ་ཡི༔ ལས་བྱང་བདུད་དཔུང་ཀུན་འཇོམས་འདི་ཉིད་ནི༔ ལོ་ཙཱ་བདག་གིས་ཡི་གེར་བཏབ་སྟེ་སྦས༔ སྐལ་ལྡན་དང་འཕྲད་བསྟན་སྲུང་མཚོན་ཆར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈྈྈྈྈྈྈྈ ྈྈ རིག་འཛིན་འགྱུར་མེད་རྡོ་རྗེས་བྲག་དམར་གཡའ་མ་ལུང་ནས་སྤྱན་དྲངས་པའི་གཏེར་ཤོག་སྔོ་ནག་ཞེང་སོར་བཞི་དཀྱུས་མཐོ་གང་བ་གཅིག་ལས་མཆིམས་ཕུ་འོད་གསལ་རྩེ་མོའི་མཚམས་ཁང་དུ་ཕབ་པའོ། །སརྦ་མངྒ་ལཾ།། །།
རིན་ཆེན་གཏེར་མཛོད་ཆེན་པོའི་སྨིན་གྲོལ་འབོགས་པའི་སྐབས་ཀྱི་ཕྱག་ལེན་ཉེར་མཁོའི་ཟུར་འདེབས་མཚམས་སྦྱོར་རིགས་བཅས་ཉུང་གསལ་དུ་བཀོད་པ་འདོད་རྒུ་འཇོ་བའི་གཏེར་བུམ་པོད་གསུམ་པ་ (Volume 70, Text 1)
༄༅། །ར ཏྣ ནི དྷི མ ཧཱ པཱ ཀ མུ ཀྟ རྣ ཀ བྷུ སྱ པཱ ཎཱི ད ནྜ ཀེ ས ཙ རཾ ཀ ཎྜ ནུ སི ནྡྷ ཀུ ལ ས དཱ ལྤ ཏུ ཙི ན ཡཱ ཀཱ མ དྷེ ནུ ནི དྷི ཀུ མྦྷ ཏྲི པུ སྟ ཀ བི ཧ ར ཏི སྨ།། །། ༄༅། །རིན་ཆེན་གཏེར་མཛོད་ཆེན་པོའི་སྨིན་གྲོལ་འབོགས་པའི་སྐབས་ཀྱི་ཕྱག་ལེན་ཉེར་མཁོའི་ཟུར་འདེབས་མཚམས་སྦྱོར་རིགས་བཅས་ཉུང་གསལ་དུ་བཀོད་པ་འདོད་རྒུ་འཇོ་བའི་གཏེར་བུམ་པོད་གསུམ་པ་བཞུགས་སོ། ། སྡེབ་སྦྱོར་མཉམ་པའི་བྲྀསྟ་ཡི་གེ་བཅུ་གཅིག་པ་སུམ་བརྟན་པ་སྤྱིར་རྣམ་གྲངས། ༢༠༤༨ ཡེ་གེ་བསྡོམས་པ་ ༢༢༥༢༨ ལྕི་ཡང་ཐུན་མོང་ ༡༡༢༦༤ ཕྱི་མོ་ ༣༣༧༩༣ རྣམས་ཡོད་པ་ལས། འདིར་ཤྭ་ལོ་ཀ་གཅིག་ལ་ལྕི་བ་ ༨༤ ཡང་བ་ ༢༠ ཡེ་གེ་བསྡོམས་པ་ ༤༤ ཕྱི་མོ་ ༦༨ རྣམས་ཡོད་པ། ༄༅། །ཛྙཏབྱཡཱབངྒགནསྱནེམོ། །ཡཐཱསདརྠཾདྲིཤརསྨིཙོདཻཿ ༄༅། །ཤེས་བྱ་ཇི་སྙེད་ནམ་མཁའི་མུ་ཁྱུད་དུ། །དོན་དམ་ཇི་བཞིན་གཟིགས་པའི་འོད་སྟོང་སྤྲོ། ། ༆ ཡང་བའི་བྱ་བ་ལྔ་ཡང་བ་ ༤༦༢ པའི་ནང་གསེས་ནཥྚ་ཛ་ཏ་ཛ་ག་ག་སྟེ་ཐོག་མ་ཡང་བ་མཉམ་པའི་གྲངས་ཅན། ཨུདྷ་ཕྲེད་དུ། ༢༡ དང་། སྟེང་འོག་ཏུ ༤༠༩༥ མཆིས་པ་ལས། ཨུདྷིཥྚ་ ༣༥༨ ནས་ཟིན་པ་ཉེ་དབང་རྡོ་རྗེའི་པྲསྟཱ་རས་མཛེས་པའོ། ། ༄༅། །ཨབིཏྟམོདུདེམཧཱརབདྡྷུ། ནམཱམིཤཱསྟྲོཏྟམསརྦཐཱཛྙཾ། ༄༅། །གདུལ་དཀའི་མ་རིག་མུན་པ་སེལ་བའི་གཉེན། །རྣམ་པ་ཀུན་མཁྱེན་སྟོན་པ་མཆོག་ལ་འདུད། ། སྒྲུབ་སྡེའི་སྤྱི་དོན་གཉིས་པ་བསྙེན་སྒྲུབ་སྤྱིར་གཅེས་པའི་ཡན་ལག་ལས་ཀྱི་ཆོ་ག་གཙོ་བོར་གྱུར་པའི་སྐོར་ལ། བསྙེན་སྒྲུབ་ཀྱི་ཆོ་ག་སྤྱིའི་ཡན་ལག་ཏུ་ཉེ་བར་མཁོ་བ་དང་། བྱེ་བྲག་ཕྲིན་ལས་བཞི་དང་འབྲེལ་བའི་ལས་ཀྱི་ཚོགས་རབ་འབྱམས་གཉིས། དང་པོ་བསྙེན་སྒྲུབ་ཀྱི་ཆོ་ག་སྤྱིའི་ཡན་ལག་ཏུ་ཉེ་བར་མཁོ་བའི་སྐོར་ལའང་སྨིན་བྱེད་དབང་། བསྙེན་སྒྲུབ། གཏོར་འབུལ། ཚོགས་སྐོང་། རབ་གནས། གཤིན་དོན། སྦྱིན་སྲེག་དང་བདུན་ལས། ༄། དང་པོ་ལམ་གྱི་རྩ་བ་སྨིན་བྱེད་དབང་གི་སྐོར་རྣམས་སོ་སོའི་སྐབས་དང་། ཞར་བྱུང་ཐུན་མོང་སྔོན་འགྲོའི་ཆོས་བཤད་རིན་ཆེན་ཐེམ་སྐས་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོར་སེམས་ཁྲིད་ཀྱི་སྐབས་བཅས་སུ་སོང་ཟིན། ༄། གཉིས་པ་ལམ་གྱི་ངོ་བོ་བསྙེན་སྒྲུབ་སྤྱིར་གཅེས་པའི་སྐོར་ལ། ཀློང་གསལ་རྡོ་རྗེ་སྙིང་པོའི་ཆོས་སྡེ་བདུད་རྩི་འཁྱིལ་པའི་དབང་གི་ཐོག་མར། དབང་དོན་སྒྲུབ་པ་ལ། སྐྱབས་སེམས་ནི། ན་མོ། སྐྱབས་གནས་རྒྱ་མཚོའི་ཚོགས་ལ་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་ཁྲོ་རྒྱལ་བསྒྲུབ་པར་བགྱི། །ལན་གསུམ། བདག་བསྐྱེད་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་སྒྲུབ་ཐབས་ལྟར། འབར་བའི་གར་སོགས་དུར་ཁྲོད་དཔལ་ཆས་ལྡན༔ བར། དེ་ལྟར་གསལ་བའི་གནས་གསུམ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། །འོག་མིན་དབྱིངས་ཀྱི་གནས་མཆོག་ནས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ། །ཐུགས་ཀར་ཉི་སྟེང་ཧཱུྃ་ལྗང་ནག །མཐའ་སྐོར་གསང་བའི་སྔགས་ཀྱིས་བསྐོར། །བཟླས་པས་བསྐུལ་བའི་འོད་ཟེར་གྱིས། །མཁའ་ཁྱབ་རྒྱལ་བའི་ཐུགས་རྗེ་དང་། །གསང་སྔགས་དཀྱིལ་འཁོར་ནུས་བཅུད་བསྡུས། །བདག་དང་ཐུགས་སྲོག་སྔགས་ཕྲེང་ལ། །ཐིམ་པས་དབྱེར་མེད་བྱིན་བརླབ་བསམ། །ཞེས་པའི་དམིགས་གནད་དང་བཅས་སྙིང་པོ་ཅི་འགྲུབ་བཟླ། མདུན་བསྐྱེད་ལ་མཆོད་རྫས་རྣམས་རཾ་ཡཾ་ཁཾ་གིས་བསང་སྦྱང་། ཧཱུྃ། སྣང་སྲིད་དག་པ་ཆེན་པོའི་མཆོད་པའི་སྤྲིན། །དངོས་འཛིན་མཚན་བྲལ་ལྷ་ཡི་བདུད་རྩིར་གྱུར། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་ཨཱཿཧཱུྃ། བར་གྱིས་བརླབས། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་བསྐྱེད་ཅིང་ཡེ་ཤེས་པ་དྲང་བསྟིམ་བར་གོང་བཞིན་དང་། ཧཱུྃ༔ རྒྱལ་བ་རྣམས་ནི་གང་ལ་སོགས་གཏེར་གཞུང་བཞིན་སྤྱན་འདྲེན་ནས། སྨན་རཀ་གཏོར་མཆོད་རྗེས། ཧཱུྃ། ཡེ་ཤེས་འབར་བའི་ཐིག་ལེ་ཧཱུྃ་ཆེན་ལས། །བགེགས་འཇོམས་དྲག་པོ་རྔམ་པའི་སོགས་ཀྱིས་བསྟོད་པའི་མཐའ་བར་བྱ། བསྙེན་པ་ནི། མདུན་བསྐྱེད་ཐུགས་ཀར་ཉི་སྟེང་ཧཱུྃ་ལ་སྔགས། །བསྐོར་བའི་འོད་ཀྱིས་འཕགས་མཆོད་འགྲོ་སྒྲིབ་སྦྱངས། །བྱིན་རླབས་ཚུར་འདུས་ལྷར་ཐིམ་ནུས་བྱིན་འབར། །སྣང་གྲགས་རྟོག་ཚོགས་དཀྱིལ་འཁོར་གསུམ་དུ་གྱུར། །ཅེས་པའི་དམིགས་གནད་དང་ལྡན་པས་བཟླས་པ་བྱ། བུམ་བསྐྱེད་ནི། ཧཱུྃ༔ མཚན་རྫོགས་བུམ་དབུས་བདུད་རྩི་འཁྱིལ་པ་གསལ། ཁྲོ་རྒྱལ་སྐུ་ཡི་ཐུགས་ཀའི་སོགས་ཀྱིས་དམིགས་པ་གསལ་བཏབ་ནས། བསྙེན་པ་ཤམ་ཅན་ཅི་ནུས་བཟླས་མཐར་འོད་ཞུ་བྱ། རིག་མེ་དོར་ལ་གནང་བ་ནོད། དབང་དངོས་གཞིར་སློབ་མ་རྣམས་འདུས་པ་ལ་ཁྲུས་ཀྱི་ལུང་། རྒྱས་པར་བཀྲུ་བྱབས་བསྲུང་བའི་ཆོ་ག་སྤྱི་ལྟར་བྱ་བ་ཡིན་མོད། འདིར་སྙིང་པོ་ས་བཅད་ཙམ་དུ་ལས་ཀྱི་བུམ་པ་ལྟ་བུའི་བུམ་པ་གཞན་ཞིག་ལ་རྣམ་རྒྱལ་གྱི་བུམ་པའི་ཆུ་བསྲེས་པ་ཐོགས་ཏེ། འོ་ན། ད་ལམ་གྱི་སྐབས་སུ་ཀློང་གསལ་རྡོ་རྗེ་སྙིང་པོའི་ཆོས་སྡེ་ལས་བྱོན་པ་ཁྲོ་རྒྱལ་བདུད་རྩི་འཁྱིལ་པའི་དབང་བསྐུར་བའི་ཐོག་མར་བཀྲུ་བྱབས་སྲུང་བའི་ཆོ་ག་སྙིང་པོར་དྲིལ་ཏེ་བགྱིད་པ་ལ་འདུན་པ་འདི་བཞིན་དུ་མཛོད། སློབ་དཔོན་ཁྲོ་བོའི་དབང་པོར་གསལ་བའི་ཕྱག་གི་བུམ་པ་འདིའི་ནང་དུ་ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་པ་བཞུགས་པའི་སྐུ་ལས་དག་བྱེད་བདུད་རྩིའི་རྒྱུན་བྱུང་བས། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་བཀྲུས། འོད་ཀྱི་ཟེར་མའི་རླུང་གིས་མ་དག་པའི་དངོས་པོ་རྣམས་ལྷག་མེད་དུ་སྦྱངས་ནས་ཁྲུས་ཆུར་ཤར་བའི་གཟུགས་བརྙན་ལ་བསྟིམ། བུམ་ཆུའི་རྡུལ་ལས་གྲུབ་པའི་སྣ་ཚོགས་རྡོ་རྗེས་བ་སྤུའི་མཐར་ཁྱབ་པས་བསྲུང་བར་བྱས་པར་མོས། ཧཱུྃ༔ ཁྲོ་བོ་ཀུན་གྱི་སོགས་བརྗོད་མཐར། རྩ་སྔགས་ལ་གཞུང་གསལ་ཁྲུས་ཤམ་དང་། སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ཞེས་བྱབ་སྔགས་དང་། བཛྲ་རཀྵ་རཀྵ། ཞེས་སྲུང་སྔགས་བཏགས་པ་རྣམས་སུམ་སྦྲེལ་དུ་བྱས་ཏེ་ཁྲུས་བྱས་མཐར། མེ་ཏོག་བཀྱེ་བསྡུ་ཟིན་ནས། མར་གྱུར་གྱི་འགྲོ་བ་ཐམས་ཅད་ཀུན་མཁྱེན་གྱི་གོ་འཕང་ལ་སྦྱོར་བའི་སླད་དུ་རྡོ་རྗེ་ཐེག་པའི་མྱུར་ལམ་ཟབ་མོར་འཇུག་པར་བྱེད་པ་ལ། ཐོག་མར་མི་མཐུན་བར་ཆད་ཀྱི་གཡུལ་ཀུན་འཇོམས་པར་མཛད་པ་ལས་ཀྱི་ལྷ་མཆོག་ཁྲོ་བོ་བདུད་རྩི་འཁྱིལ་པའི་དབང་བསྐུར་ཞུ་བར་བགྱིའོ་སྙམ་པའི་ཀུན་སློང་དང་ལྡན་པས་གསན་འཚལ། དེ་ཡང་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེའི་ནུས་རྩལ་གཅིག་ཏུ་འདུས་ཤིང་། གདུལ་བྱའི་ཡུལ་ལ་འཇུག་པའི་ཐུགས་རྗེ་དམིགས་པ་མེད་པའི་ཕྲིན་ལས་རྫོགས་པའི་ཕྱག་རྒྱར་བཞེངས་པ་དོན་ཡོད་གྲུབ་པ་ཀརྨ་ཧེ་རུ་ཀཿབདུད་རྩི་འཁྱིལ་པ་འདི་ནི། རྣལ་འབྱོར་པ་རྣམས་ཀྱིས་བྱང་ཆུབ་བསྒྲུབ་པའི་འགལ་རྐྱེན་སེལ་བ་ལ་ཆེད་དུ་བསྔགས་པ་སྟེ། གཏེར་གཞུང་ལས། སེམས་བསྐྱེད་བརྩོན་པའི་རྣལ་འབྱོར་ཞིག༔ འཇུག་པ་གང་ལ་བརྩོན་གྱུར་ཀྱང༔ ཁྲོ་བོ་བདུད་རྩི་འཁྱིལ་བ་བསྒྲུབ༔ གཅེས་པ་མཆོག་གི་ལམ་ཡིན་ནོ༔ ཞེས་བསྔགས་ཤིང་གདམས་པར་མཛད་པའི་སྒྲུབ་ཐབས་ཟབ་མོ་འདི་ནི་ལང་གྲོ་ལོ་ཙཱ་བའི་ཡེ་ཤེས་ཀྱི་སྒྱུ་འཕྲུལ་དྲྭ་བའི་རོལ་གར། རིག་འཛིན་ཆེན་པོ་ཀློང་གསལ་སྙིང་པོ་མདོ་སྔགས་གླིང་པས་ཁེ་མི་འགྱུར་རྡོ་རྗེའི་སྒྲོམ་ནས་སྤྱན་དྲངས་པ། ཀློང་གསལ་རྡོ་རྗེ་སྙིང་པོའི་ཡན་ལག་གི་ཆོས་སྡེ་ལས་བྱོན་པ། བདག་དོན་བསྙེན་སྒྲུབ། གཞན་དོན་དབང་བསྐུར། རབ་གནས་ལ་སོགས་པའི་ཆོ་ག་གང་དང་གང་བརྩམ་པ་ཐམས་ཅད་ཀྱི་བར་ཆད་བསྲུང་བའི་ལས་ཀྱི་ལྷར་གསར་རྙིང་ཐམས་ཅད་ནས་བསྔགས་ཤིང་གདམས་པར་མཛད་པ། ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་པའི་སྨིན་བྱེད་སྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་བཅུག །ལྷ་དང་སློབ་དཔོན་གཉིས་སུ་མེད་པའི་སྤྱན་སྔར་ཁྱད་པར་གྱི་དོན་ཞུ་ཞིང་གསོལ་བ་གདབ་པར་མོས་པས་འདིའི་རྗེས་ཟློས། ཨེ་མ་བླ་མ་སོགས་ལན་གསུམ། དེའི་ལན་དུ་རྗེས་སུ་གདམས་ཤིང་གནང་བ་བསྩལ་བ་འདི་ལ་གསན་པས་ཁྱབ། ཧོ༔ རྡོ་རྗེ་སློབ་དཔོན་སོགས། དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཞུགས་ཤིང་བྱིན་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་ཀྱིས་སྦྱང་། ཆོས་ཐམས་ཅད་སྣང་དམིགས་ཀྱི་མཚན་མ་ལས་འདས་པའི་སྟོང་པ་ཉིད་སྤྲོས་མཐས་མི་ཕྱེད་པའི་རྡོ་རྗེ་དེ་བཞིན་ཉིད་ཀྱི་དབྱིངས་སུ་མཉམ་པར་འཇོག་པ་ལས་མ་གཡོས་པར། རང་གདངས་ཡེ་ཤར་གྱི་ཐིག་ལེ་གནས་ཁང་ཐར་པ་ཆེན་པོའི་ཕོ་བྲང་མཚན་ཉིད་རྫོགས་པའི་དབུས་སུ་སློབ་མ་རྣམས་གང་དུ་གནས་པའི་གོ་སར་པད་ཟླའི་སྟེང་དུ་རིག་པ་ཧཱུྃ་ཡིག་ལྗང་གུ་ལས་སྐྱེས་པའི་ཁྲོ་རྒྱལ་བདུད་རྩི་འཁྱིལ་པ་ལྗང་ནག །ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི་ཡེ་ཤེས་ཀྱི་མེ་དཔུང་འབར་བ་གདེངས་ཤིང་། གཡོན་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་པ། གར་གྱི་ཉམས་དགུས་དཔའ་བ། དར་དང་རིན་ཆེན་དུར་ཁྲོད་ཆས་ཀྱིས་བརྗིད་པའི་སྐུར་གསལ་བའི་གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་དང་། བདག་སློབ་དཔོན་ཁྲོ་བོ་ཆེན་པོ་དངོས་སུ་གསལ་བའི་ཐུགས་སྲོག་འོད་ཟེར་གྱི་ཕོ་ཉས་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་བདུད་རྩི་འཁྱིལ་པའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་བཞེངས་པ། རྒྱ་མཚོ་ཆེན་པོ་ལ་ཆར་དྲག་བབས་པ་ལྟར་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་ལ་ཡེ་ཤེས་ཕེབས་པར་མོས། རྩ་སྔགས་ཤམ་བུར། ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨཱཿ ཞེས་བཏགས་པ་བརྗོད་པས་བྱིན་དབབ། རྡོ་རྗེ་གསུམ་གྱི་བྱིན་རླབས་སློབ་མའི་རྒྱུད་ལ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲས་རབ་ཏུ་གནས། དབང་དངོས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ལྔ་རིམ་པར་འབྱུང་བ་ལས། དང་པོ་སྐུ་བུམ་པའི་དབང་བསྐུར་བ་ནི། བདག་སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་སྤྱན་དྲངས་པའི་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་རྣམས་དང་། སློབ་དཔོན་ལྷན་ཅིག་པས་རྣམ་རྒྱལ་བུམ་པས་དབང་བསྐུར་བས། ཤེས་རྒྱུད་ལ་ཉལ་བའི་དྲི་མ་བག་ཆགས་དང་བཅས་པ་གཏོར་ཞིང་བཀྲུས། བྱིན་དབང་དངོས་གྲུབ་ཀྱི་སྐལ་པ་རྒྱུད་ལ་བླུགས། སྣང་བ་ལྷའི་འཁོར་ལོར་ཤར་བ་བསྐྱེད་རིམ་སྒོམ་པར་ནུས་པའི་དབང་ཆེན་ཐོབ། གང་འདུལ་སྤྲུལ་སྐུ་རབ་འབྱམས་ཀྱི་འགྲོ་དོན་སྤྱོད་པའི་ནུས་སྐལ་རྒྱུད་ལ་བཞག་པར་མོས། བུམ་པ་ཐོགས་ལ། ཧཱུྃ་ཧྲཱི༔ བུམ་པའི་སྣོད་དུ་སོགས་ཀྱིས་དབང་བསྐུར་ཞིང་བུམ་ཆུ་སྦྱིན། གཉིས་པ་གསུང་བཟླས་པའི་ལུང་སྦྱིན་པའི་དབང་བསྐུར་བ་ནི། སློབ་མ་ཁྲོ་རྒྱལ་ཆེན་པོར་གསལ་བའི་ཐུགས་ཀར་ཉི་སྟེང་ཧཱུྃ་ལྗང་གི་མཐར་གསང་སྔགས་ཀྱི་ཡི་གེའི་ཕྲེང་བས་གཡས་སུ་བསྐོར་བ་དམ་ཚིག་པའི་འཁོར་ལོ་ལ། སློབ་དཔོན་གྱི་ཐུགས་སྲོག་སྔགས་ཕྲེང་ཡེ་ཤེས་པའི་འཁོར་ལོ་གཉིས་པ་རེ་མཆེད་དེ་དབང་རྫས་དང་ཐ་དད་མེད་པར་སློབ་མའི་མགྲིན་པ་ནས་བྱོན། ཐུགས་སྲོག་སྔགས་འཁོར་ལ་ཐིམ་པས་བྱིན་རླབས་ཞུགས་ཤིང་། བརྗོད་པ་རླུང་གི་འགྲོ་འོང་ཐམས་ཅད་གསང་སྔགས་རྒྱལ་པོའི་རང་སྒྲར་འཆར་བ་བཟླས་པ་ལུང་གི་དབང་ཆེན་ཐོབ། ལོངས་སྐུ་རྟག་པ་རྒྱུན་གྱི་རོལ་པའི་མཆོག་ཐོབ་པའི་ནུས་སྐལ་རྒྱུད་ལ་བཞག་པར་མོས། སྔགས་བྱང་ངམ་ཕྲེང་བ་མགྲིན་པར་བཞག་ལ། ཧཱུྃ། མཆོག་གི་ལམ་ནས་སོགས་བརྗོད། གསུམ་པ་ཐུགས་ཀྱི་དབང་བསྐུར་བ་ནི། ཤེལ་དང་མེ་ལོང་གི་བརྡ་གསལ་ལ་མ་འགགས་རང་ཤར་བའི་དཔེས་མཚོན་ཏེ། མི་རྟོག་ནམ་མཁའ་ལྟ་བུའི་ཡེ་ཤེས་ཀྱི་དོན་ཡེ་མཉམ་ཁྱབ་གདལ་ཆེན་པོའི་དགོངས་སྤྱོད་ལ་མཉམ་པར་བཞག་པས་རྟོགས་གྲོལ་དུས་མཉམ་གྱི་མན་ངག་ཉམས་སུ་ལེན་པའི་དབང་ཆེན་ཐོབ། ཆོས་སྐུ་མཐའ་བྲལ་ཀློང་ཡངས་ཆེན་པོའི་ནུས་སྐལ་རྒྱུད་ལ་བཞག་པར་མོས། མེ་ལོང་དང་ཤེལ་རྡོ་བསྟན་ལ། ཧཱུྃ། དབང་པོའི་ཡུལ་དུ་སོགས་བརྗོད། བཞི་པ་ཡོན་ཏན་གྱི་དབང་བསྐུར་བ་ནི། དཀྱིལ་འཁོར་པའི་སྐུ་ལས་གཉིས་པ་ཞིག་འཕྲོས། སློབ་མར་ཐིམ་པས་གཞི་ལམ་གྱི་ཡོན་ཏན་འབྲས་ཆོས་ཀྱི་གཟུགས་སུ་ཤར་བའི་ཡོན་ཏན་རྒྱལ་བ་རྣམས་དང་མཉམ་པར་སྦྱོར་བའི་དབང་ཆེན་ཐོབ། ལྷུན་གྲུབ་ཡེ་ཤེས་རྡོ་རྗེའི་ནུས་སྐལ་རྒྱུད་ལ་བཞག་པར་མོས། སྐུ་མགོར་བཞག་ལ། ཧཱུྃ༔ ཁྲོ་བོའི་རྒྱལ་པོ་སོགས། ལྔ་པ་ཕྲིན་ལས་ཀྱི་དབང་བསྐུར་བ་ནི། གཏོར་སྣོད་དཔལ་ཆེན་རོལ་པའི་གཞལ་ཡས་ཁང་དུ་གཏོར་མ་ཁྲོ་བོའི་རྒྱལ་པོ་ལ་རྩ་བ་གསུམ་གྱི་ལྷ་ཚོགས་ཀྱིས་བསྐོར་བའི་དབང་བསྐུར་ཞིང་བསྟིམས་པས། ལས་བཞི་རྣམ་པར་རོལ་པའི་ཕྲིན་ལས་རབ་འབྱམས་སྒྲུབ་ནུས་པའི་དབང་ཆེན་ཐོབ། རྟག་པ་རྒྱུན་དུ་ཤུགས་ཀྱི་ཕྲིན་ལས་ཆེན་པོས་རྒྱལ་བའི་མཛད་པ་མཐའ་དག་སྒྲུབ་པའི་ནུས་སྐལ་རྒྱུད་ལ་བཞག་པར་མོས། གཏོར་མ་མགོར་བཞག་ཅིང་། ཧཱུྃ༔ ཁྲོ་རྒྱལ་བདུད་རྩི་སོགས་ཀྱིས་ལག་ཏུ་གཏད། དེ་ལྟ་བུའི་དབང་ཆེན་བླ་ན་མེད་པ་ཐོབ་པ་ལ་ཕྱོགས་བཅུའི་རྒྱལ་བ་ལྷ་མོར་བཅས་པས་བཀྲ་ཤིས་པའི་དབྱངས་དང་། མེ་ཏོག་སིལ་མའི་ཆར་གྱིས་དགེ་ལེགས་སུ་བྱས་པར་མོས། ཤིས་པ་བརྗོད། དེ་རྣམས་ཀྱིས་ཀློང་གསལ་རྡོ་རྗེ་སྙིང་པོའི་ཆོས་སྡེ་ལས་བྱུང་བ་བདུད་རྩི་འཁྱིལ་པའི་བཀྲུ་བྱབ་སྔོན་འགྲོས་དབང་བསྐུར་བ་ཡོངས་རྫོགས་ལེགས་པར་ཐོབ་པ་ལ་བརྟེན་ནས། གསང་བ་ཟབ་མོའི་དམ་ཚིག་གི་རིམ་པ་ལས་ནམ་ཡང་འདའ་བར་བྱ་བ་མ་ཡིན་པས། ཇི་སྐད་བསྒྲགས་པ་བཞིན་བསྲུང་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་གི་རྗེས་རིམ་སྤྱི་ལྟར་དང་། ཆོ་གའི་རྗེས་ཆོག་གོང་བཞིན་མཆོད་བསྟོད་མཐར། ཡིག་བརྒྱས་ནོངས་པ་བཤགས། སུ་པྲ་ཏིཥྛས་བརྟན་བཞུགས་བྱ། ཧཱུྃ་གསུམ་གྱིས་བསྡུ་ཞིང་། ཕཊ་གསུམ་ཀྱིས་ལྷར་ལྡང་། དགེ་བ་འདི་ཡིས་མྱུར་དུ་བདག །བདུད་རྩི་འཁྱིལ་པ་འགྲུབ་གྱུར་ནས། །སོགས་ཀྱིས་བསྔོ་སྨོན་དང་བཀྲ་ཤིས་ཅི་རིགས་པ་བཅས་ཀྱིས་གྲུབ་བོ།། །། ༈ གནམ་ཆོས་ཐུགས་གཏེར་བདུད་རྩི་འཁྱིལ་པའི་དབང་སྒྲུབ། དངོས་གཞིར་གཟུངས་དབང་། རྗེས་གནམ་ཆོས་སྤྱི་བཞིན་བྱའོ།། །། ༈ གནམ་ཆོས་ཐུགས་གཏེར་སྟོབས་ཆེན་མ་ཧཱ་བཱ་ལའི་དབང་སྒྲུབ། དངོས་གཞིར་ཆོས་སྐྱོང་སྤྱིའི་བཀའ་གཏད་ལྟར་བསྐུར། རྗེས་གནམ་ཆོས་སྤྱི་བཞིན་བྱའོ།། །། ༈ གནམ་ཆོས་ཐུགས་གཏེར་གྱི་ཀུན་ཐུབ་རྒྱལ་མོའི་དབང་སྒྲུབ། དངོས་གཞིར་གཟུངས་དབང་། རྗེས་གནམ་ཆོས་སྤྱི་བཞིན་བྱའོ།། །། ༄། གསུམ་པ་ཐུན་མཚམས་སུ་བྱ་བ་གཏོར་མའི་ཆོ་གའི་སྐོར་དང་། ༄། བཞི་པ་གསང་སྔགས་ཀྱི་ཀུན་ཏུ་སྤྱོད་པ་དང་འབྲེལ་བའི་གཙོ་བོ་ཚོགས་ཀྱི་འཁོར་ལོའི་སྐོར་དང་། ༄། ལྔ་པ་གསོན་པོའི་དོན་དུ་རྟེན་གསུམ་རབ་ཏུ་གནས་པའི་སྐོར་དང་། ༄། དྲུག་པ་གཤིན་པོའི་དོན་དུ་གནས་ལུང་དཔྱང་ཐག་གི་མན་ངག་སྐོར་ལ་དབང་མི་བཞུགས་སོ།། །། ༄། བདུན་པ་ལས་རབ་འབྱམས་མཐར་ཕྱིན་པར་བྱེད་པ་སྲེག་བླུག་གི་སྐོར་ལ། འབར་བ་མེའི་ལས་འགྲུབ་ཅིང་མཐར་ཕྱིན་པའི་ཕྱིར། གནམ་ཆོས་དགོངས་གཏེར་མེ་ལྷའི་བཀའ་གཏད་ཀྱི་དབང་དོན་སྒྲུབ་པའི་སྐབས། འདིར་བསྡུས་པའི་ལུགས་ཡིན་པས། ཐོག་མར་ཚིག་བདུན་རྗེས། ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སོགས་ཀྱིས་སྐྱབས་སེམས་ལན་གསུམ་དང་། སྔོན་གཏོར་སྤྲོ་ན། རིན་ཆེན་སྣོད་དུ་སོགས་ཀྱིས་བསྔོ་ཞིང་བགེགས་བསྐྲད་དེ་མཚམས་གཅད། གང་ལྟར་ཡང་། ཀ་དག་ཀློང་ནས་སོགས་ཀྱིས་མཆོད་རྫས་བྱིན་གྱིས་བརླབས། བདག་ཉིད་ཡི་དམ་གུ་རུ་ཞི་བའམ། བདུད་རྩི་འཁྱིལ་པ་ལྟ་བུ་ཞིག་གི་ང་རྒྱལ་འཛིན་པས། རང་གི་མདུན་དུ་སོགས་མེ་ལྷའི་བཀའ་གཏད་ཕྱག་ལེན་གྱིས་བརྒྱན་པ་ཆོག་ཁྲིགས་མ་ནས་འབྱུང་བ་བཞིན་བྱ། དངོས་གཞིའི་ཐབ་བསྐྱེད་མགོར། ཨ་མྲྀཏས་བསང་ཞིང་། སྭ་བྷཱ་ཝས་སྦྱང་བ་སྔོན་དུ་འགྲོ་བས། ཐབ་བསྐྱེད་ནས། ལས་ཀུན་སྒྲུབས། །ཞེས་པའི་མཚམས་སུ། ཐབ་ཁུང་ལས་བཞི་ལྷུན་གྲུབ་ཀྱི་གཞལ་ཡས་ཁང་དུ་མེ་ལྷ་ལས་ཀུན་མཛད་པའི་ཉམས་ལྡན། འཁོར་དྲང་སྲོང་མེ་ལྷ་ཕོ་མོའི་ཚོགས་ཀྱིས་བསྐོར་བའི་ལྗགས་ལ་རཾ་དང་། གཟར་བུའི་རྩེ་མོར་ཧཱུྃ་ཡིག་ལས་བཞིའི་འོད་ཟེར་འཕྲོ་བར་གསལ། སྲེག་རྫས་ཞི་རྒྱས་དབང་དང་མངོན་སྤྱོད་མཆོག་གི་ལས་འགྲུབ་པའི་རྫས་ཐམས་ཅད་ཀྱི་རྣམ་འགྱུར་གྲངས་མེད་འཕྲོས། ངོ་བོ་ཡེ་ཤེས་ཟག་པ་མེད་པའི་བདུད་རྩི། བྱེད་ལས་ལྷ་ཚོགས་གང་འདོད་པའི་ལས་ལ་བསྐུལ་བའི་མཐུ་ལྡན་གྱི་རྒྱུན་ཕུལ་བས། མེ་ལྷ་འཁོར་བཅས་དགྱེས་མཉེས་རབ་ཏུ་ཚིམས་ཤིང་མགུ་ནས་ལས་རྣམས་འགྲུབ་པའི་ཕྲིན་ལས་དང་སྟོངས་གྲོགས་མཛད་པར་ཞལ་གྱིས་བཞེས་པའི་མོས་པ་དང་བཅས་པས་སྔགས་འདིའི་རྗེས་ཟློས་དང་བཅས། སློབ་མ་སོ་སོས་མེ་ཐབ་ཏུ་བྱང་ཆུབ་མཆོག་གི་ཕྱག་རྒྱས་བཟུང་སྟེ་རྫས་སྔགས་དམིགས་པ་རྣམས་སྦྲགས་པས་འབུལ་འཚལ། ཞེས་དམིགས་པ་ཕོག་ནས་སྔགས་དང་རྫས་སྔགས་མི་དུ་ཡོད་སོ་སོས་ལན་བདུན་རེ་རྗེས་ཟློས་ཀྱིས་འབུལ་བཅུག །མཐར་སློབ་དཔོན་གྱིས་ཕྲིན་ལས་བཅོལ་བ་བརྗོད་ཅིང་མེ་ཏོག་འཐོར། མེ་ལྷ་གཤེགས་རྗེས། དེ་ལྟར་སྦྱིན་སྲེག་མེ་ཡི་ལས་ལ་འཇུག་པའི་མཐུ་སྟོབས་སྐྱེད་བྱེད་མེ་ལྷའི་བཀའ་གཏད་ཐོབ་པའི་དམ་ཚིག་གི་རིམ་པ་སྤྱི་དང་། བྱེ་བྲག་སྦྱིན་སྲེག་གི་བྱ་བ་ཐམས་ཅད་རྡོ་རྗེ་འཆང་གིས་སྔགས་རྒྱུད་མཐའ་དག་ཏུ་གསུངས་པ་བཞིན་ཚད་ལྡན་ལག་ཏུ་ལོན་པར་མཛད་དགོས་པས། དེ་ལྟར་བགྱིད་པར་ཁས་བླང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་བཞིན་དང་། རྗེས་མི་དམིགས་པར་བཞག་པས་འཐུས་སོ། །དེ་དག་གིས་བསྙེན་སྒྲུབ་ཀྱི་ཆོ་ག་སྤྱིའི་ཡན་ལག་ཉེར་མཁོའི་ལས་ཚོགས་ཀྱི་སྐོར་རྣམས་གྲུབ་བོ།། །། ༄༅། །གཉིས་པ་བྱེ་བྲག་ཕྲིན་ལས་བཞི་དང་འབྲེལ་བའི་ལས་ཀྱི་ཚོགས་རབ་འབྱམས་ལ་མཆོག་དང་ཐུན་མོང་གི་ཕྲིན་ལས་གཉིས་ལས། དང་པོ་མཆོག་གི་ཕྲིན་ལས་ལ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་གྱི་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་བཏགས་གྲོལ་གྱི་རྒྱབ་ཡིག་ཡིད་བཞིན་ལྷུན་གྲུབ་ཀྱི་དབང་ལ། ཐོག་མར་བཤམ་བཀོད་ནི་འདིའི་རབ་གནས་སྐབས་ནས་སམ་འཇམ་མགོན་ལག་ལེན་ནས་གསུངས་པ་ལྟར་བཀོད་ནས། སློབ་དཔོན་གྱིས་དབང་སྒྲུབ་བྱ་བ་ནི། བཏགས་གྲོལ་སྤྱིའི་ལག་ལེན་དབང་བསྐུར་དང་བཅས་པ་གསེར་གྱི་ཉི་མ་ནས་གསུངས་པའི་ནང་ཚན། སྤྱི་དང་བྱེ་བྲག་གི་སྒྲུབ་ཚུལ་གཉིས་འབྱུང་བ་ལས། སྐབས་འདིར་འོག་གི་བསྡུས་པ་ལྟར་སྤྱི་ཁྱབ་ཀྱི་ལུགས་སུ་བསྒྲུབ་ཅིང་། མདུན་བསྐྱེད་བཟླས་པའི་སྐབས། བཟླས་དམིགས་གོང་གི་རྒྱས་པ་བཞིན་བྱ་བར་གསུངས་ཀྱང་། རྣམ་པ་འཛིན་བདེ་ཆེད་འདི་ལྟར་བགྱིས་ཀྱང་མི་འགལ་བས། བདག་ཉིད་ཀྱི་ཐུགས་ཀར་འོད་ལྔའི་ཐིག་ལེའི་ཀློང་དུ་ཨོཾ་ཨཱཿཧཱུྃ་དང་། ལྗགས་རྩེར་ཨ་ཡིག་དཀར་པོ་འོད་འབར་བ་དང་། མདུན་བསྐྱེད་བདེར་གཤེགས་རིགས་ལྔའི་ཐུགས་ཀར་པད་ཟླ་ལ་གནས་པའི་རང་རང་གི་ཕྱག་མཚན་འཁོར་ལོ། རྡོ་རྗེ། རིན་ཆེན། པདྨ། རྒྱ་གྲམ་རྣམས་སོ་སོའི་ལྟེ་བར་འོད་ལྔའི་ཀློང་དུ་ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ་རྣམས་དང་། རིགས་ལྔའི་ལྗགས་སོ་སོའི་དབྱིབས་ཅན་གྱི་རྩེ་མོར་རང་སྲོག་གིས་མཚན་པར། བདག་གིས་རྡོ་རྗེའི་སྔགས་རྣམས་བཟླས་པའི་རྐྱེན་གྱིས་ཐུགས་ཀ་དང་། ལྗགས་ཀྱི་རྩེ་མོ་ལས་འོད་ཟེར་ལྔ་ལྡན་སྔགས་ཀྱི་རང་སྒྲ་སྒྲོག་པ་འཕྲོས། མདུན་བསྐྱེད་ཀྱི་ལྷའི་ཐུགས་ཀར་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་བས། དེ་རྣམས་ཀྱི་ཐུགས་ཀའི་འོད་དང་། ལྗགས་ཀྱི་ཟེར་ཕྲེང་ཛཔ྄་ཀྱི་སྒྲ་གདངས་ཅན་མཁའ་ཁྱབ་ཏུ་འཕྲོས་པས། དབྱིངས་ན་བཞུགས་པའི་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ཚོགས་རྣམས་སྤྱན་དྲངས། བདག་དང་མདུན་བསྐྱེད་ལ་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡེ་ཤེས་ཆེན་པོའི་བྱིན་རླབས་ཞུགས། སླར་ཡང་བདག་མདུན་གྱི་ཐུགས་ཀ་དང་ལྗགས་ཀྱི་རྩེ་མོ། སྐུ་ཡི་དཀྱིལ་འཁོར་རྣམས་ལས་རྒྱལ་བ་ཞི་ཁྲོ་རབ་འབྱམས་མཐའ་ཡས་པ་སྔགས་ཀྱི་ཛཔ྄་སྒྲ་སྒྲོག་པ་མཁའ་ཁྱབ་ཏུ་སྤྲོས་པ་རྣམས་ཀྱིས་འགྲོ་དྲུག་གི་སྣོད་བཅུད་ཐམས་ཅད་སྦྱངས་ནས་ཞིང་སྐུར་བསྒྱུར་ཏེ། སྣང་སྲིད་ཐམས་ཅད་ཞི་ཁྲོའི་དཀྱིལ་འཁོར་དུ་བཞེངས་ནས། སྐུ་ཡིས་གར་བསྒྱུར། གསུང་གིས་སྔགས་སྒྲ་འུར། ཐུགས་འགྱུར་མེད་ཀ་དག་གཏིང་གསལ་ཆེན་པོའི་དབྱིངས་སུ་འབྱམས་ཀླས་པར་གྱུར་པར་མོས་པས། འདི་ཉིད་ཀྱི་བཏགས་གྲོལ་འཁོར་ལོའི་སྔགས་རྣམས་བཀླག །ཐུན་མཐར་བབ་དྲུག་གི་བྱིན་འབེབ་དང་། མཐོང་བ་དང་ཐོས་པ་དང་རེག་པ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་མཛད་དུ་གསོལ། ཞེས་པ་ལ་སོགས་པའི་གསོལ་བ་བཏབ་ནས། རྟེན་སྙིང་དང་ཤིས་བརྗོད་མེ་ཏོག་འཐོར། སྤྱི་འགྲོའི་ཚོགས་མཆོད་བསྡུས་པ་ཙམ་མམ། སྤྲོ་ན་བླ་མ་ཡང་ཏིག་གི་ཚོགས་མཆོད་ཡིད་བཞིན་རྒྱ་མཚོ་གཏང་། དཔེ་མ་འཛོམ་ན་ཞི་ཁྲོ་གང་རུང་གི་ཚོགས་དང་སྐོང་ཆོག་བྱ། དབང་དངོས་གཞིར་སློབ་མ་རྣམས་ཁྲུས་ནས་དབྱུང་སྟེ་གྲལ་དུ་འཁོད་པ་དང་། བགེགས་གཏོར་བརླབ་བསྔོ་སྤྱི་ལྟར་དང་། ཧཱུྃ་ཧྲཱི༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ སོགས་ཀྱིས་བཀའ་བསྒོ། ཧཱུྃ༔ ང་ནི་ཡེ་ནས་སོགས་མཚམས་གཅད། མེ་ཏོག་བཀྱེ་བསྡུ་ཟིན་ནས། འོ། མཁའ་ཁྱབ་ཀྱི་མར་གྱུར་འགྲོ་བ་ཐམས་ཅད་གདོད་མའི་མགོན་པོའི་གོ་འཕང་ལ་བདེ་བླག་ཏུ་འགོད་པར་བྱ། དེའི་ཆེད་དུ་རྒྱལ་བ་ཀུན་ཏུ་བཟང་པོའི་ཐུགས་རྗེ་རྩལ་སྤྲུགས་སུ་བྱོན་པ་བཏགས་པ་ཙམ་གྱིས་གདོད་མའི་ས་ལ་དབུགས་ཆེན་འབྱིན་པའི་ཐབས་ཀྱི་དབང་བསྐུར་ཟབ་མོ་གསན་ནས་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་སྙམ་པའི་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེའང་ཚད་མེད་ཐུགས་རྗེའི་ཕྲིན་ལས་ཀྱི་བདག་ཉིད་རྒྱལ་བ་རྡོ་རྗེ་འཆང་ཆེན་པོས་གདུལ་བྱའི་ཁམས་དབང་མོས་པའི་ཁྱད་པར་དང་འཚམ་པར། ཐབས་ལ་མཁས་པའི་ཕྲིན་ལས་ཀྱི་འཇུག་པ་ཐེག་པ་རིམ་དགུའི་ལམ་ལས་སྐལ་བ་དང་ལྡན་པའི་གང་ཟག་རྣམས་རང་རང་གི་བྱང་ཆུབ་མངོན་དུ་བྱེད་པ་དང་། ཟབ་ལམ་མཆོག་གི་སྤྱོད་ཡུལ་ད་ལྟ་ཉམས་སུ་ལེན་པའི་བློ་ནུས་མི་ལྡན་པའི་སྐྱེ་བོ་ཕལ་པ་དང་། ལྟ་ལོག་གི་ནགས་འཐིབས་པོར་ཞུགས་པ་ཕྱི་རོལ་པའི་གང་ཟག་སོགས་རྗེས་སུ་འཛིན་པའི་ཕྱིར་རང་རང་གི་མགོན་དང་གཉེན་པོའི་སྐུར་བཞེངས་ཏེ། དངོས་དང་བརྒྱུད་ནས་ཐར་པ་ལ་འགོད་པ་དང་། གཞན་ཡང་གླིང་དང་གྲུ་ཟམ། སྨན་དང་རིན་པོ་ཆེ། སྒྲོན་མེ་ལ་སོགས་པའི་གཟུགས་སུ་སྣང་བས་ཕན་བདེའི་རྩ་ལག་ཏུ་མཛད་པ་སོགས། ཚད་མེད་པའི་ཕྲིན་ལས་ཀྱིས་ཡིད་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་འཇིགས་པ་དང་སྡུག་བསྔལ་ཐམས་ཅད་ལས་གྲོལ་བར་མཛད་པ་ཉིད་ཡིན་ལ། ཁྱད་པར་གྲོལ་བ་དྲུག་གི་ཕྲིན་ལས་བླ་ན་མེད་པས་དུད་འགྲོ་ཕྲ་མོ་ཡན་ཆད་ཀྱི་རྒྱུད་ལ་ཐར་པའི་ས་བོན་ཐེབས་ནས་མྱུར་དུ་བྱང་ཆུབ་ཆེན་པོར་གྲོལ་བ་རྨད་དུ་བྱུང་བའི་ཕྲིན་ལས་ཀྱི་ནང་ཚན། དད་པ་དང་ལྡན་པས་བཅངས་པ་ཙམ་གྱིས་དེ་ཉིད་ཀྱི་ལུས་ལ་རེག་པའི་རྡུལ་དང་། བསིལ་བུའི་ཆ་ཤས་ཕོག་པའང་འཁོར་བ་ལས་དྲུངས་ནས་འབྱིན་པའི་བཏགས་གྲོལ་གླེགས་བམ་གྱི་དབང་བསྐུར་བ་འདི་ནི། པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་འཕོ་ཆེན་དྭངས་མའི་སྐུར་གཤེགས་པ་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲའི་མན་ངག །འོད་གསལ་རྫོགས་པ་ཆེན་པོའི་སྐོར་རྣམས་ཉང་བན་ཏིང་འཛིན་བཟང་པོ་ལ་གདམས་ཏེ། དབུ་རུ་ཞྭའི་ལྷ་ཁང་དུ་ཟབ་མོའི་གཏེར་དུ་རྒྱས་བཏབ་པ། ཕྱིས་འདོན་པའི་དུས་སུ་སོན་པ་ན། གནས་བརྟན་ལྡང་མ་ལྷུན་རྒྱལ་གྱིས་སྤྱན་དྲངས་པའི་བི་མ་སྙིང་ཐིག་ཏུ་གྲགས་པ་ལ་ཟབ་པ་པོད་བཞི། མན་ངག་བརྒྱ་རྩར་བཞུགས་པའི་ནང་ཚན། གསེར་ཡིག་ཅན་ལས་བྱུང་བའི་བཏགས་གྲོལ་དང་རྗེས་སུ་འབྲེལ་བ་སྟེ། དེའང་ཀུན་ཏུ་བཟང་པོ་མིའི་རྣམ་པར་རོལ་པ་པཎ་ཆེན་དྲི་མེད་བཤེས་གཉེན་ཉིད་སླར་ཡང་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་བསྒྱུར་བ། གངས་རིའི་ལྗོངས་འདིར་འགྲན་ཟླ་ཐམས་ཅད་དང་བྲལ་བ། མཁས་པའི་རྣ་བ་དང་གྲུབ་པའི་གཙུག་གི་རྒྱན་གཅིག་༧ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་དཔལ་བཟང་པོའམ། དྲི་མེད་འོད་ཟེར་གྱི་ཐུགས་རྗེའི་ཀློང་ནས་རྫོགས་པར་བཀྲལ་བའི་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་ཆོས་སྡེ་ལས་བྱོན་པ་བཏགས་གྲོལ་རིན་པོ་ཆེ་ཡིད་བཞིན་ལྷུན་གྲུབ་ཀྱི་དབང་བསྐུར་བའི་སྐབས་སུ་བབས་པ་སྟེ། འདི་ནི་ཐོག་མའི་མགོན་པོས་ཆོས་ཉིད་རང་སྒྲར་བསྟན་པའི་སྙིང་པོ་རང་བྱུང་གི་ཡི་གེ་ཆེན་པོ་ཡེ་ཤར་དུ་གནས་པ་སྟེ། རྒྱུད་ལས། སྟོན་པ་ཀུན་ཏུ་བཟང་པོ་ཡིས༔ སྟོན་པ་རྡོ་རྗེ་སེམས་དཔའ་ལ༔ ཡབ་ཡུམ་གཉིས་སུ་མེད་པ་ཡི༔ དགོངས་པའི་དབྱིངས་ནས་བཀའ་བསྩལ་པ༔ རང་བྱུང་ཉག་གཅིག་རྒྱུད་འདི་ནི༔ མཐོང་ཐོས་བཅངས་པས་འཚང་རྒྱ་འོ༔ ཞེས་དང་། གཞུང་ལས། བཏགས་གྲོལ་ལུས་ལ་བཅངས་པ་ཙམ་གྱིས་དགེ་བ་བྱེ་བ་འབུམ་འགྱུར་དུ་འཕེལ་ཞིང་སོགས་རང་གཞུང་གི་མཇུག་ཕན་ཡོན་སྐབས་བཞིན། གྲོལ་བར་ངེས་པ་ཡིན་ནོ། །བར་དང་། དེ་ལྟ་བུའི་མཆོག་གི་ཕྲིན་ལས་ལ་ཅི་དགར་འཇུག་ཏུ་རུང་བར་བྱེད་པའི་དབང་བསྐུར་ཟབ་མོ་སྒྲུབ་པར་བྱེད་པ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ། སྐྱབས་སེམས་གཞུང་དུ་མ་གསུངས་ཀྱང་སྤྱི་ལྟར་སྦྱོར་བ་ལེགས་པའི་ཡན་ལག་ཏུ་འགྱུར་བས། རྒྱུད་དག་པར་བྱ་བའི་སླད་དུ་གཉིས་སྣང་གི་རྟོག་པས་མ་བསླད་པར། ཐམས་ཅད་ཆོས་དབྱིངས་རྒྱལ་བའི་དཀྱིལ་འཁོར་ཡེ་ནས་ཡིན་པ་ལ་ཡིན་པར་ཤེས་པའི་ངང་ལས་མི་འདའ་བའི་བློ་བཞག་སྟེ་དོན་གྱི་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ན་མོ། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སྐྱབས་སུ་མཆི། །ལན་གསུམ། རྟོག་འཁྲུལ་གྱིས་བསླད་པའི་འགྲོ་བ་ཐམས་ཅད་རང་རིག་གི་རྩལ་ལས་གང་དུའང་མ་གཡོས་ཤིང་གྲུབ་པ་མེད་པའི་དོན་རིག་པས་ཁྱབ་བརྡལ་རང་གྲོལ་ཆེན་པོར་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཨེ་མ་ཧོ། བདག་དང་མཐའ་ཡས་སོགས་ཚིག་རྐང་གསུམ་གོང་བཞིན་དང་། བཞི་པར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་བསྒྱུར་པ་ལན་གསུམ། བླ་མ་ཡང་ཏིག་གི་སྤྲོས་མེད་དབང་ནས་གསུངས་པའི་སྡོམ་གཟུང་བྱ་བར་གསུངས་པས་སྤྲོ་ན་དེ་ལྟར་བྱ། མི་ནུས་ན། དབང་གི་སྲོག་དམ་ཚིག་གི་མདོ་བསྒྲག་པ་འདི་ལ་གསན་མཛོད། ཨཱོྃ་ཨཱཿཧཱུྃ་ཧྲཱིཿམ༔ བསྲུང་དུ་མེད་དོ་དམ་ཚིག་འདི༔ ཐམས་ཅད་རོ་མཉམ་ཆོས་ཉིད་ངང༔ འཁོར་འདས་སྤང་བླང་བྲལ་བ་ཡི༔ གང་ཤར་ཆོས་ཉིད་རོལ་པ་ལས༔ མ་རིག་འཛིན་པས་མ་བསླད་སྲུངས༔ འདས་ན་འཁོར་བཟློག་ན་ར་ཀན༔ ཇི་སྐད་བསྒོས་བཞིན་གཉིས་མེད་རང་བྱུང་གི་ཡེ་ཤེས་ཉག་གཅིག་མའི་ཉམས་ལེན་ལས་མི་འདའ་བར་དམ་བཅའ་བའི་བློས་འདིའི་རྗེས་ཟློས། འདི་ལྟར་དམ་ཚིག་ཕོག་པ་ལས༔ དུས་རྣམས་ཀུན་ཏུ་འདའ་རེ་ཀན༔ དེ་རྣམས་ཀྱིས་རྒྱུད་དག་ཅིང་སྡོམ་པ་དང་ལྡན་པ་ལ་དབང་དངོས་བསྐུར་བའི་དོན་དུ་མོས་པ་འདི་བཞིན་མཛོད། རྒྱུད་ཀྱི་གླེགས་བམ་གྱི་ངོ་བོ་རང་བྱུང་རྡོ་རྗེའི་སྔགས་རྒྱུད་གདོད་མའི་མགོན་པོའི་ཐུགས་བཅུད། རྣམ་པ་ཞི་ཁྲོ་རྒྱལ་བའི་སྲོག་སྙིང་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ཕྲིན་ལས་མ་ལུས་པའི་སྟོན་པ་རྒྱལ་བ་རིགས་ལྔ། རང་རྩལ་ཞི་ཁྲོ་རྩ་གསུམ་རྒྱལ་བའི་འཕྲོ་འདུ་བསམ་ཡས་ཀྱི་བདག་ཉིད་ཅན་དང་། སློབ་དཔོན་བདག་ཀྱང་དཀྱིལ་འཁོར་ཐམས་ཅད་ཀྱི་བྱེད་པོ་ཀུན་བཟང་ཡབ་ཡུམ་དངོས་སུ་གསལ་བ་ལ་མི་ཕྱེད་གུས་པའི་ཡིད་ཀྱིས་ཕྱག་བརྒྱ་རྩ་བརྒྱད་འཚལ་ཞིང་འདིའི་རྗེས་ཟློས། བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་རླབས་ཅན། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །གདོད་མའི་རྒྱལ་བ་ཀུན་བཟང་དགོངས་པའི་ཀློང་། །བསྟན་པ་རྒྱ་མཚོའི་སྙིང་པོ་དམ་པའི་རྒྱུད། །གཞི་ལམ་འབྲས་བུའི་ཆོས་ཀུན་ཏི་ལར་རྫོགས། །རང་བྱུང་རྒྱལ་པོ་བརྗོད་མེད་རྡོ་རྗེའི་ཚིག །ཡེ་ནས་ལྷུན་གྲུབ་ཡི་གེའི་འཁོར་ལོར་ཤར། །སྐུ་གསུམ་ཞི་ཁྲོ་བསམ་ཡས་རྫོགས་པའི་དཔལ། །ཀུན་བཟང་ཐུགས་ཀྱི་བསྟན་པའི་བཙས་གཅིག་ལ། །བདག་ཅག་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །གདོད་མའི་གཞི་ཐོག་གྲོལ་བར་བྱིན་གྱིས་རློབས། །ལན་གསུམ། ཁྱད་པར་གྱི་དོན་ཞུ་བའི་སླད་དུ་རིན་པོ་ཆེ་དང་། འབྲུ་དང་། དྲི་དང་། སྨན་དང་། མེ་ཏོག་གི་མཎྜལ་རྣམས་རྒྱལ་བ་ལོངས་སྤྱོད་རྫོགས་པ་རིགས་ལྔ་གངས་ཆེན་མཚོའི་ཞིང་གི་རྒྱན་དང་བཀོད་པ་ཡོངས་སུ་རྫོགས་པར་དམིགས་པའི་བློས་ལྔ་ཚན་ལྔའི་མཎྜལ་འབུལ་འཚལ། ཞེས་སོ་སོར་འབུལ་བཅུག་པའམ་རྗེས་ཟློས་གང་བདེ་སྐབས་དང་སྦྱར། དབང་དངོས་བསྐུར་བ་ལ། ཁྱེད་རང་རྣམས་ཀྱང་གཞི་གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོའི་སྐུར་གསལ་བ་དང་། སློབ་དཔོན་བདག་ཀྱང་ཆོས་སྐུའི་སངས་རྒྱས་གདོད་མའི་མགོན་པོ་ཡབ་ཡུམ་གྱི་ངོ་བོར་མངོན་སུམ་དུ་བཞུགས་པ་དང་ལྷན་ཅིག །ཕྱོགས་དུས་ཀྱི་བདེ་བར་གཤེགས་པ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱིས། བཏགས་གྲོལ་གྱི་གླེགས་བམ་རིགས་ལྔ་རྒྱལ་བའི་དཀྱིལ་འཁོར་གྱི་འཁོར་ལོ་རྩ་གསུམ་ཞི་ཁྲོའི་སྤྲིན་མཁའ་ཁྱབ་ཏུ་སྤྲོ་བའི་བདག་ཉིད་ཅན་གྱིས་སློབ་མའི་སྤྱི་བོར་དབང་བསྐུར་བའི་ཚེ་རང་བྱུང་རྡོ་རྗེའི་སྔགས་རྒྱུད་ཀྱི་སྒྲ་དང་འོད་ཟེར་མུ་མེད་པ་འཕྲོས། སྣང་སྲིད་ཐམས་ཅད་ལ་ཁྱབ། བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་པའི་ཚོགས་ཐམས་ཅད་བ་མོར་མེ་ལྕེས་རེག་པ་བཞིན་དུ་བཅོམ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང་གཉིས་སུ་མེད་པར་འཇའ་ལུས་རྡོ་རྗེའི་སྐུ་འདི་ཉིད་དུ་མངོན་དུ་བྱས་པའི་ངེས་ཤེས་སྐྱེད་ཅིག །བཏགས་གྲོལ་སྤྱི་བོར་བཞག་སྟེ། གཞུང་གི་འཁོར་ལོ་བྲི་ཐབས་ནས་འབྱུང་བའི་སྔགས། ཨཱོྃ་ཨཱཿཧཱུྃ༔ ཀུན་ཏུ་བཟང་པོ་ཡབ་ཀྱི་དགོངས་པ་ནི༔ ཨེ་མ་ཀི་རི་ཀི་རི་སོགས་ནས། མཱ་ར་ཡ་ཕཊཿ བར་དང་། གཞུང་གི་དབང་སྐུར་སྐབས་ཀྱི་སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོས་སོགས་ལན་གསུམ་བརྗོད། སླར་ཡང་བཏགས་གྲོལ་གྱི་གླེགས་བམ་སོགས་སྔར་ལྟར་ལ། མགྲིན་པར་དང་། ངག་གི །གསུང་། ཚངས་དབྱངས་རྡོ་རྗེའི་གསུང་། ཞེས་པ་དང་། སྙིང་གར། ཡིད་ཀྱི། ཐུགས། གཞོམ་མེད་རྡོ་རྗེའི་ཐུགས། ཞེས་དང་། ལྟེ་བར། ལུས་ངག་ཡིད་གསུམ་ཐམས་ཅད་ཀྱི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེ་ཐམས་ཅད་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་པའི་ངེས་ཤེས་སྐྱེད་ཅིག །ཞེས་སོ་སོར་བསྒྱུར་ཞིང་སྔགས་འདོད་གསོལ་དང་བཅས་པས་བསྐུར། སྨོན་ལམ་གདབ་པ་ནི། སློབ་བུའི་ཐལ་མོ་གྱེན་དུ་བཀན་པའི་སྟེང་དུ་རང་བྱུང་རྡོ་རྗེའི་སྒྲ་དབྱངས་བཏགས་གྲོལ་རྒྱུད་གྱི་གླེགས་བམ་དར་ཚོན་སྣ་ལྔས་སྤྲས་པ་བཟུང་ནས། དད་མོས་གུས་པའི་ཡིད་རྩེ་གཅིག་པས་ཚིག་འདིའི་རྗེས་ཟློས་དང་བཅས། ཇི་སྐད་བཏབ་པའི་སྨོན་ལམ་འགྲུབ་པར་རྒྱལ་བ་རྣམས་དང་། གསང་སྔགས་རྒྱུད་ཀྱི་བྱིན་མཐུས་འགྲུབ་ངེས་པ་ཡིན་ནོ་སྙམ་པའི་འདུན་པ་དྲག་པོས་འདིའི་རྗེས་ཟློས། ཕྱོགས་བཅུའི་བླ་མ་སོགས་ལན་གསུམ། དེ་ལྟར་དབང་བསྐུར་ཟབ་མོ་ཐོབ་པས་དེང་ཕྱིན་ཚུལ་བཞིན་བྲིས་ཤིང་རབ་ཏུ་གནས་པའི་བཏགས་གྲོལ་གྱི་གླེགས་བམ་རིན་པོ་ཆེའི་གྭའུར་བཅུག་སྟེ། སྤྱི་བོའམ། མགུལ་ལམ། མཆན་ཁུང་གཡོན་པར་གདགས་པ་དང་། བཀླག་པ་ལ་སོགས་པ་རྣམས་གཞུང་ནས་གསུངས་པ་ལྟར་དུས་གནད་ཆོ་ག་མ་འཁྲུལ་པའི་སྒོ་ནས་ཚེགས་ཆུང་ལ་དོན་ཁྱད་པར་འཕགས་པ། འདི་ལྟ་བུའི་མཆོག་གི་ཕྲིན་ལས་ཀྱི་སྒོ་ནས་རང་གཞན་གྱི་དོན་གཉིས་རླབས་པོ་ཆེར་འབད་བརྩོན་བགྱིད་པ་གཡར་དམ་དུ་བཞེས་པར་འཚལ། ཇི་སྐད་བསྒོས་པ་བཞིན་མཛད་པར་ཁས་བླང་བར་མོས་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ཕྱིན་དབང་གི་རྗེས་རིམ་སྤྱི་ལྟར་དང་། ཆོ་གའི་རྗེས་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ། མཆོད་བསྟོད་སོགས་བཏགས་གྲོལ་སྤྱིའི་ལག་ལེན་དུ་གསུངས་པ་བཞིན་མཐར་དབྱུང་བས་གྲུབ་བོ།། །། ༈ མཁའ་འགྲོ་ཡང་ཏིག་གི་བཏགས་གྲོལ་དབང་ལ། ཐོག་མར་བཤམ་བཀོད་ནི་འདིའི་རབ་གནས་སྐབས་ནས་སམ་འཇམ་མགོན་ལག་ལེན་ནས་གསུངས་པ་ལྟར་བཀོད་ནས། དབང་སྒྲུབ་འཇམ་མགོན་རིན་པོ་ཆེའི་བཏགས་གྲོལ་སྤྱིའི་ལག་ལེན་གསེར་གྱི་ཉི་མ་རབ་སྣང་ནས་གསུངས་པ་བཞིན་ལ། བཟླས་པའི་སྐབས་སུ་དམིགས་པ་གོང་གསལ་བླ་མ་ཡང་ཏིག་སྐབས་ལྟར་བཅས། མཁའ་འགྲོ་སྙིང་ཐིག་གི་བཏགས་གྲོལ་རྒྱུད་དྲུག་བཀླག །གཞན་བཟླས་པ། བྱིན་འབེབ། ཚོགས་མཆོད་རྒྱས་པར་སྤྲོ་ན་རྫོགས་ཆེན་མཁའ་འགྲོ་ཡང་ཏིག་ནས་འབྱུང་བ་རྒྱ་མཚོའི་སྤྲིན་ནམ། བསྡུ་ན་སྤྱི་འགྲོའི་ཚོགས་སྐོང་བསྡུས་པ་རྣམས་གྲུབ་རྗེས། མན་ངག་རིན་ཆེན་སྙིང་པོའི་གཞུང་ནས་གསུངས་པའི་དབང་གི་འབྲུ་སྨན་རིན་པོ་ཆེ་གསུམ་གྱི་མཎྜལ་ཕྱིན་གྱིས་བདག་འཇུག་བླངས་ཤིང་། བརྟན་པར་བྱས་མཐར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོས་བདག་དང་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་ཏུ་གསོལ། སྨིན་པར་མཛད་དུ་གསོལ། གྲོལ་བར་མཛད་དུ་གསོལ། གང་བར་མཛད་དུ་གསོལ། རྒྱས་པར་མཛད་དུ་གསོལ། ཆེར་འཕེལ་བར་མཛད་དུ་གསོལ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། མཐོང་ཐོས་དྲན་རེག་གི་སེམས་ཅན་ཐམས་ཅད་གདོད་མའི་གཞི་དབྱིངས་སུ་འགོད་པའི་དེད་དཔོན་ཆེན་པོར་འགྱུར་བར་མཛད་དུ་གསོལ། ཅེས་སྨོན་ལམ་གདབ། དབང་དངོས་ལ། ཁྲུས་ནས་སེམས་བསྐྱེད་གསལ་གདབ་བར་སྔར་བླ་མ་ཡང་ཏིག་གི་བཏགས་གྲོལ་དབང་གི་དུས་སུ་བཤད་པ་ལྟར་ལས། ཁྱད་པར། དེའང་ཐོག་མའི་རྒྱལ་བ་ཀུན་ཏུ་བཟང་པོའི་ཐུགས་རྗེའི་རྩལ་ལས་རང་བྱུང་དུ་ཤར་བ་བདེ་གཤེགས་རྒྱལ་བ་ཞི་ཁྲོ་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་ཤིང་། རིག་འཛིན་མཁའ་འགྲོ་ཡོངས་ཀྱི་ཐུགས་ཁྲག་གི་དྭངས་མ། མ་བསྒོམ་པར་སངས་རྒྱས་པའི་ཟབ་ཆོས་ངོ་མཚར་རྨད་དུ་བྱུང་བ། ཐུན་མོང་གི་དངོས་གྲུབ་ཉི་ཚེ་བ་མ་ཡིན་པར་མཆོག་གི་དངོས་གྲུབ་སྐད་ཅིག་གཅིག་གིས་གདོད་མའི་རྒྱལ་སར་དབུགས་ཆེན་འབྱིན་པར་ནུས་པ། རང་བྱུང་རྡོ་རྗེའི་རྒྱུད་ཀྱི་གླེགས་བམ་བཏགས་པ་ཙམ་གྱིས་གྲོལ་བར་བྱེད་པའི་མན་ངག་དང་འབྲེལ་བའི་དབང་བསྐུར་གྱི་རིམ་པ་དུ་མ་བྱོན་པ་ལས། ད་ལམ་གྱི་སྐབས་སུ་བབས་པ་ནི། ལྷ་ལྕམ་པདྨ་གསལ་གྱི་སྐྱེ་མཐའ་གཏེར་ཆེན་རིན་ཆེན་ཚུལ་ཁྲིམས་རྡོ་རྗེ་འམ་པདྨ་ལས་འབྲེལ་རྩལ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས་དྭགས་ལུང་ཁྲ་མོ་བྲག་ནས་སྤྱན་དྲངས་པ་མཁའ་འགྲོ་སྙིང་ཐིག་གི་བཏགས་གྲོལ་རྒྱུད་དྲུག་དང་། དེ་ཉིད་ཀྱི་སྐུའི་སྐྱེ་བ་དེ་མ་ཐག་པ་ཀུན་མཁྱེན་ཚུལ་ཁྲིམས་བློ་གྲོས་སམ། གསང་མཚན་པདྨ་ལས་འབྲེལ་རྩལ་ཏེ་ཀློང་ཆེན་རབ་འབྱམས་ཞེས་ཡོངས་སུ་གྲགས་པས་ཟབ་མོའི་ཐུགས་ཀྱི་ཀློང་སྒྲོམ་ལས་ཕྱུང་པའི་མཁའ་འགྲོ་ཡང་ཏིག་ཡིད་བཞིན་ནོར་བུའི་ཆོས་སྡེ་རིན་ཆེན་ཤོག་འདྲའི་སྐོར་ལས་བྱོན་པ་ཟུང་འཇུག་གི་བཏགས་གྲོལ་རྒྱུད་ཀྱི་མན་ངག་རིན་ཆེན་སྙིང་པོའི་སྨིན་བྱེད་ཀྱི་དབང་བསྐུར་བགྱི་བ་ཡིན་ཏེ། འདི་ལྟ་བུའི་དབང་ཐོབ་ནས་བཅངས་པ་དང་བཀླག་པ་ལ་སོགས་པའི་ཕན་ཡོན་དང་དགོས་པ་རྒྱུད་དང་མན་ངག་རྣམས་ལས་རྒྱ་ཆེར་འབྱུང་བ་སྙིང་པོ་བསྡུས་ཏེ་མདོར་དྲིལ་བ་ནི། གཞུང་ལས། ཨེ་མ་རང་བྱུང་ཡི་གེ་འདིས། །སེམས་ཅན་རྣམས་ཀྱི་དོན་བྱེད་ན། །མཚམས་མེད་ལྔ་པོ་སྤྱད་པ་ཡང་། །ཉན་ཐོས་རྣམས་དང་སྐལ་བ་མཉམ། །ལུང་དུ་མ་བསྟན་སྐྱེ་བོ་རྣམས། །བྱང་ཆུབ་སེམས་དཔའི་ས་དང་མཉམ། །ཡིད་དཔྱོད་འཛིན་པའི་གྲུབ་མཐའ་ཡང་། །རྡོ་རྗེ་འཆང་དང་མཉམ་པར་ངེས། །འདི་ཉིད་བཅངས་པའི་སྐྱེས་བུ་དེ། །གང་ན་འདུག་པའི་ཡུལ་ཕྱོགས་ཙམ། །ངན་སོང་དག་ནས་གྲོལ་བར་འགྱུར། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །ཅེས་བསྔགས་པའི་ངེས་པ་དང་ལྡན་པའི་མཆོག་གི་ཕྲིན་ལས་ཀྱི་དབང་བསྐུར་ཟབ་མོ་བགྱི་བ་ལ་སོགས་མཎྜལ། སྐྱབས་སེམས་ནས། སྐུ་གསུམ་མཎྜལ་དང་། ཁྱད་པར་གྱི་གསོལ་གདབ་ཀྱི་མཐའ་བུ་ལ་བསྩལ་དུ་གསོལ༔ བར་བཏགས་གྲོལ་སྤྱིའི་ལག་ལེན་གསེར་གྱི་ཉི་མ་ནས་གསུངས་པ་བཞིན་ལ། དེ་ལྟར་གསོལ་བ་བཏབ་པ་སྔོན་དུ་སོང་ནས། དབང་དངོས་གཞི་ལ་གཉིས་ལས། དང་པོ་རབ་འབྱམས་རིག་པའི་རྩལ་དབང་བསྐུར་བའི་སླད་དུ་དམིགས་པ་འདི་ལྟར་གསལ་ཐོབས་ཤིག །བདག་རྡོ་རྗེ་སློབ་དཔོན་ཐ་མལ་པ་འདི་ལྟ་བུ་མ་ཡིན་པར། རིགས་ཐམས་ཅད་ཀྱི་ཁྱབ་བདག་ཀ་དག་གདོད་མའི་མགོན་པོ་རྒྱལ་བ་ཀུན་ཏུ་བཟང་པོ་ཡབ་ཡུམ་དངོས་ཡིན་སྙམ་པའི་མོས་པ་རྩེ་གཅིག་ཏུ་མཛད་པ་དང་། ཁྱེད་རང་རྣམས་ཀྱང་གདོས་བཅས་རང་ག་མའི་སྣང་འཛིན་བཤིག་སྟེ། གཞིའི་ཀུན་ཏུ་བཟང་པོ་མཐིང་གསལ་ཟང་ཐལ་འོད་ཀྱི་སྐུ་ཅན་དུ་གསལ་བའི་དཔྲལ་མགྲིན་ལ་སོགས་པའི་གནས་ལྔར། ཨཱོྃ་ཨཱཿཧཱུྃ་ཏྲཱཾ་ཧྲཱིཿརྣམས་དཀར་དམར་མཐིང་སེར་ལྗང་བའི་མདོག་ལྡན་གསལ་འཚེར་འོད་ཟེར་འབར་བའི་རང་བཞིན་ཅན་གྱིས་མཚན་པར་གསལ་ཞིང་། དཔྲལ་བའི་ཨཱོྃ་ལས་ཨཱོྃ་ཡིག་དཀར་པོའི་ཚོགས་སྤྲོས་པས། བདག་དང་སྣང་སྲིད་ཐམས་ཅད་ཡི་གེ་ཨཱོྃ་དཀར་པོའི་རྣམ་པར་རང་སྒྲ་དི་རི་རི་མེར་མེར་ཤིག་ཤིག་ཏུ་གང་བས་མ་དག་པའི་སྣང་བ་བཅོམ་ནས་དག་པ་ལོངས་སྐུ་རྣམ་པར་སྣང་མཛད་ཀྱི་ཞིང་དུ་སྦྱངས་པའི་མོས་པ་དང་བཅས་ཨཱོྃ་བརྒྱ་རྩ་བརྒྱད་ཟློས་ཤིག །ཅེས་དཔོན་སློབ་ཆབས་ཅིག་ཏུ། ཨཱོྃ་བརྒྱ་རྩ་བརྗོད། དེ་བཞིན་དུ། ཁྱེད་རང་རྣམས་ཀྱི་ མགྲིན་པའི་ཨཱཿལས་ཨཱཿཡིག་དམར་པོའི་ཚོགས་སོགས། འོད་དཔག་མེད་པའི་ཞིང་སོགས་དང་། ཨཱཿབརྒྱ་རྩ་བཟླ་བས་མཚོན་སོ་སོར་འབྱིན་འཇུག་བྱེད་པ་རིགས་འགྲེས་ཀྱིས། སྙིང་གའི་ཧཱུྃ་ལས་ཧཱུྃ་ཡིག་སྔོན་པོའི་ཚོགས་དང་། མི་བསྐྱོད་རྡོ་རྗེའི་ཞིང་སོགས། ལྟེ་བའི་ཏྲཱཾ་ལས་ཏྲཱཾ་ཡིག་སེར་པོའི་ཚོགས་དང་། རིན་ཆེན་འབྱུང་ལྡན་གྱི་ཞིང་སོགས། གསང་བའི་ཧྲཱིཿལས་ཧྲཱིཿཡིག་ལྗང་གུའི་ཚོགས་དང་། དོན་ཡོད་གྲུབ་པའི་ཞིང་སོགས་སོ་སོའི་བསྒྱུར་ཁའི་འབྱིན་འཇུག་ཤེས་པར་བྱ། དེ་ལྟར་བྱས་པས་སྣང་བ་ཐམས་ཅད་རིགས་ལྔའི་ཞིང་དུ་དག་པ་དེ་ཐམས་ཅད་ཀྱང་རང་བྱུང་གི་རིག་པ་ཉག་གཅིག་ཆོས་སྐུའི་ངང་དུ། འདི་ཡིན་འདི་མིན་གྱི་རྩིས་གདབ་མེད་པར་ཀ་དག་ཁྲེགས་ཆོད་ཀྱི་དགོངས་དབྱིངས་སུ་མཉམ་པར་བཞག་སྟེ། དེའི་དོན་རྡོ་རྗེའི་ཚིག་གིས་ངོ་སྤྲོད་པ་འདི་ལ་གསན་འཚལ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །སོགས་ནས། ཤེས་པར་གྱིས། དེ་ལྟ་བུའི་ཁྲེགས་ཆོད་ཀྱི་ཉམས་ལེན་དང་ལྡན་པས་འོད་གསལ་ཐོད་རྒལ་ཟུང་འཇུག་གི་ལམ་ནས་ཚེ་གཅིག་ལ་སྣང་བཞི་མཐར་ཕྱིན་ནས་གདོད་མའི་གཞི་དབྱིངས་སུ་མངོན་འཚང་རྒྱ་བའི་ཕྱིར། ཁྱེད་རང་རྣམས་ལུས་གནད་བསམ་གཏན་གྱི་ཆོས་བདུན་དང་ལྡན་པས་ལྟ་སྟངས་དབྱིངས་སུ་གཏད་པའི་འཆར་སྒོ། རིག་པའི་རང་རྩལ་མ་འགགས་པ་ལ་ཡུལ་འཛིན་ཤེས་པས་མ་བཅིངས་པ། སྣང་སེམས་དབྱིངས་རིག་དབྱེར་མེད་བློ་འདས་བྱར་མེད་བལྟ་བྱ་ལྟ་བྱེད་དང་བྲལ་བ་སོ་མ་ལྷུག་པར་མཉམ་པར་འཇོག་མཛོད། ཨེ་མ་སྐལ་ལྡན་སྙིང་གི་བུ། །སོགས་ནས། འདི་ཉིད་དོ། །དེ་ལྟར་རིག་པ་རྩལ་གྱི་དབང་བསྐུར་པས་གཞི་རྒྱུད་སྨིན་པར་བྱས་ནས། སླར་མཆོག་གི་ལས་སྦྱོར་གསང་སྔགས་བཏགས་གྲོལ་འཁོར་ལོའི་དབང་བསྐུར་ཞུ་བའི་དོན་དུ། བླ་མ་དཀྱིལ་འཁོར་ཐམས་ཅད་ཀྱི་འཆར་གཞི་གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་དང་། རྒྱུད་ཀྱི་གླེགས་བམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རང་བྱུང་རྡོ་རྗེའི་སྔགས་ཀྱི་སྒྲ་སྒྲོག་བཞིན་པར་བཞུགས་པའི་སྤྱན་སྔར། སྐུ་གསུམ་གྱི་ཞིང་གི་བཀོད་པ་མཐའ་དག་བློ་ཡིས་བླངས་ཏེ་འབུལ་བའི་མོས་པ་དང་བཅས་མཎྜལ། སྐུ་གསུམ་མཎྜལ་འབུལ། དེ་ནས་དབང་གི་ལྷ་རིགས་ལྔ་བདེ་བར་གཤེགས་པ་སྲས་དང་བཅས་པ་གདན་གསུམ་ཚང་བའི་འཁོར་ལོ་མཁའ་ཁྱབ་ཏུ་སད་པ་དང་སློབ་དཔོན་ལྷན་ཅིག་པས། སློབ་བུའི་སྤྱི་བོར་རྒྱུད་དྲུག་གི་གླེགས་བམ་བཞག་པའི་ཚེ་ཀུན་བཟང་ཞི་ཁྲོའི་ལྷའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་གྱི་ཕུང་པོ་ཡོངས་སུ་རྫོགས་པར་གསལ་བ་ལས། འོད་ཟེར་དཀར་པོའི་ཚོགས་མཐའ་ཡས་པ་འཕྲོས། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུའི་དབང་དང་བྱིན་རླབས་ཐམས་ཅད་བསྡུས། སློབ་མ་ལྷར་གསལ་བའི་དཔྲལ་བའི་ཨཱོྃ་ལ་ཐིམ་པས། ལུས་ཀྱི་འབྱུང་བ་རང་སར་དེངས་ནས་འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུར་གྲུབ་པར་མོས། སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་སོགས་ཀྱིས་དབང་བསྐུར། དེ་བཞིན་དུ། ཡང་དབང་གི་ལྷ་རིགས་ལྔ་སོགས། སློབ་བུའི་མགྲིན་པར་དང་། འོད་ཟེར་དམར་པོའི་སོགས་དང་། གསུང་གི་དབང་དང་བྱིན་རླབས་ཐམས་ཅད་བསྡུས། སློབ་མ་ལྷར་གསལ་བའི་མགྲིན་པའི་ཨཱཿལ་ཐིམ་པས། ངག་རླུང་ཡེ་ཤེས་སུ་དྭངས་ནས་གྲགས་སྟོང་གཞོམ་མེད་རྡོ་རྗེ་ནཱ་དའི་གསུང་དུ་གྲུབ་པར་མོས། སངས་རྒྱས་ཐམས་ཅད་ཀྱི་སྲས་སོགས་ལ། གསུང་རྡོ་རྗེ་སོགས་དང་གསུང་སྔགས་སྦྱར། སྙིང་གར་དང་། འོད་ཟེར་སྔོན་པོའི་དང་། ཐུགས་ཀྱི་དབང་དང་བྱིན་རླབས་ཐམས་ཅད་བསྡུས། སློབ་མ་ལྷར་གསལ་བའི་སྙིང་གའི་ཧཱུྃ་ལ་ཐིམ་པས། ཡིད་ཀྱི་རྟོག་ཚོགས་རང་སར་གྲོལ་ནས་ཁྱབ་བརྡལ་ནམ་མཁའི་རྡོ་རྗེ་འཁྲུལ་མེད་ཐུགས་ཀྱི་དབྱིངས་སུ་འུབ་ཆུབ་པར་མོས། སངས་རྒྱས་ཐམས་ཅད་ཀྱི་སྲས་སོགས་ལ། ཐུགས་རྡོ་རྗེ་སོགས་དང་ཐུགས་སྔགས་སྦྱར། དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ་ཟབ་ལམ་རྨད་དུ་བྱུང་བ་བཏགས་པས་གྲོལ་བའི་དབང་བསྐུར་ལེགས་པར་ཐོབ་ནས་དོན་གཉིས་སྒྲུབ་པའི་མཐུ་བྱིན་ཕུན་སུམ་ཚོགས་པར་གྱུར་པ་ལ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་མེ་ཏོག་གི་ཆར་གྱིས་མངའ་དབུལ་བར་མོས། བདེ་གཤེགས་མི་འགྱུར་སྐུ་ལྔ་སོགས་རབ་གནས་སྐབས་བཞིན་བཀྲ་ཤིས་བརྗོད། དེ་ལྟ་བུའི་གསང་ཆེན་བླ་ན་མེད་པའི་ཉེ་ལམ་མཆོག་གི་ཕྲིན་ལས་ཟབ་མོ་ལ་མངའ་དབང་འབྱོར་པ་ཡིན་པས། དེང་ཕྱིན་ཆད་རྒྱུད་ཀྱི་གླེགས་བམ་རང་གིས་བཅངས་ཤིང་དུས་སྐབས་རྣམས་སུ་ཚུལ་བཞིན་ཀློག་པ་དང་། གཞན་གྱི་ལུས་ལ་བཏགས་ཤིང་རྣ་བར་སྒྲོག་པ་ལ་སོགས་པ་རྒྱུད་ནས་གསུངས་པའི་ཆོ་ག་དང་ལྡན་པས་གྲོལ་བ་ཆེན་པོའི་ཕྲིན་ལས་ཀྱི་སྒོ་ཡངས་པོར་ཕྱེས་ཏེ། ཡིད་ཅན་འབྲེལ་ལོ་ཅོག་རྣམས་བྱང་ཆུབ་དམ་པའི་གནས་ལ་སྦྱོར་འཚལ། ཇི་སྐད་བསྒོས་པ་བཞིན་མཛད་པའི་གཡར་དམ་འཆའ་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་དང་། ཆོ་གའི་རྗེས་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ། མཆོད་བསྟོད་སོགས་བཏགས་གྲོལ་སྤྱིའི་ལག་ལེན་གསེར་གྱི་ཉི་མ་བཞིན་བྱའོ།། །། ༈ སངས་རྒྱས་གླིང་པའི་བླ་མ་དགོངས་པ་འདུས་པའི་རྫོགས་ཆེན་གསེར་ཞུན་ཆ་ལག་ཏུ་འབྱུང་བ་གཙོར་བྱས་པའི་བཏགས་གྲོལ་སྤྱིའི་ལག་ལེན་དབང་བསྐུར་དང་བཅས་པ་གསེར་གྱི་ཉི་མ་རབ་ཏུ་སྣང་བྱེད་ལྟར་དབང་སྒྲུབ་སྐབས། རྒྱས་པ་མི་ལྕོགས་ན་བསྡུས་པ་སྤྱི་ལྟར་དང་བྱེ་བྲག་ལ་དེའི་འོག་ནས་འབྱུང་བའི་དགོངས་འདུས་ཀྱི་སྒེར་ཆོས། བདག་བསྐྱེད་ལ། ༼ཇ༽ལུས་དཀྱིལ་ཞི་ཁྲོ་བསྐྱེད་ཚུལ་རྣམས་སྦྱར་བ་དང་། དབང་དངོས་གཞུང་གསལ་ནར་འདེད་ཀྱིས་བསྐུར་ཞིང་། དེར་གསལ་ཆོ་གའི་རྗེས་རིམ་བཅས་བྱའོ།། །། ༈ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་ལོངས་སྐུ་འགྲོ་འདུལ་གྱི་ལས་རིམ་གྲོལ་བ་བཅུ་གཅིག་གི་ནང་ཚན། ལས་ཀྱི་སེམས་དཔའ་འཁོར་བ་དོང་སྤྲུགས་ཀྱི་དམ་རྫས་མྱང་གྲོལ་རིལ་བུའི་དབང་འགྲོ་འདུལ་སྐབས་དང་། ༈ པད་འབྱུང་ངོ་མཚར་ཆོས་དྲུག་གི་དབང་པད་འབྱུང་སྐབས་བཅས་འོག་ཏུ་རིམ་པར་འབྱུང་བ་ཡིན་ནོ། །དེས་མཆོག་གི་ཕྲིན་ལས་ཀྱི་དབང་རྣམས་གྲུབ་བོ།། །། ༄༅། །གཉིས་པ་ཐུན་མོང་གི་ཕྲིན་ལས་ལ་ལས་སྣ་ཚོགས་པ་དང་། བྱེ་བྲག་སོ་སོར་བསྒྲུབ་པ་གཉིས་ལས། དང་པོ་ལས་སྣ་ཚོགས་པ་ལའང་། འཁོར་ལོ་ཟ་ཡིག་སྔགས་འབུམ་རྟེན་འབྲེལ། ལེགས་ཉེས་མཚན་བརྟག །ཕན་གནོད་ཀྱི་ལས། གནས་ཆེན་བྱིན་འབེབ། བསང་གསུར་ཕུད་མཆོད། རྐྱེན་སེལ་མདོས་གླུད་དང་དྲུག་ལས། དང་པོ་འཁོར་ལོ་ཟ་ཡིག་སྔགས་འབུམ་རྟེན་འབྲེལ་གྱི་སྐོར་དང་། ༄། གཉིས་པ་བཟང་ངན་ལེགས་ཉེས་ལྟས་མཚན་བརྟག་པའི་སྐོར་བཅས་ལ་དམིགས་བསལ་གྱི་དབང་བསྐུར་བ་མི་བཞུགས་སོ།། །། ༄། གསུམ་པ་ཀུན་ལ་མཁོ་བ་ཕན་གནོད་ཀྱི་ལས་སྣ་ཚོགས་པའི་སྐོར་ལ། ཀློང་གསལ་རྡོ་རྗེ་སྙིང་པོའི་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་ཕྲིན་ལས་དབང་བསྐུར་དང་བཅས་པ་ཁྲིགས་བཀོད་གནམ་ལྕགས་རལ་གྲི་ལྟར་དབང་སྒྲུབ། དབང་དངོས། ཆོ་གའི་རྗེས་རིམ་བཅས་ཏེ་དབང་བསྐུར་བ་དེ་ཙམ་མོ།། །། ༄། བཞི་པ་གནས་ཆེན་བྱིན་འབེབ་དང་འབྲེལ་བའི་སྐོར་ལ། མཆོག་གླིང་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་གི་ལེའུ་བཅུ་གཅིག་པར་གསུངས་པ། འགྲོ་མགོན་ཁྱད་པར་འཕགས་པའི་རིག་འཛིན་གུ་རུ་ཉི་མ་འོད་ཟེར་གྱི་དབང་དང་འབྲེལ་བར་གནས་ཆེན་བྱིན་འབེབ་ཀྱི་དབང་དང་། བཀའ་ནན་རབ་བརྗིད་ཀྱི་དྲེགས་པའི་སྲོག་དབང་། འོག་གི་དྲུག་པ་མདོས་གླུད་ཀྱི་སྐོར་དུ་འབྱུང་བ་སྡེ་བརྒྱད་ཁེངས་མདོས་ཀྱི་བཀའ་གཏད་རྣམས་དཀྱུས་གཅིག་ཏུ་བསྐུར་ན་སྟབས་བདེ་ཞིང་། དབང་བསྐུར་གྱི་ཆིངས་རྒྱས་པར་གཏེར་ཆེན་དེ་ཉིད་ཀྱི་གདུང་སྲས་ཚེ་དབང་ནོར་བུའི་ཆོག་སྒྲིག་མཆིས་ཀྱང་། འདིར་ཉུང་ངུར་བསྡུས་ཏེ་འགོད་པ་ལ། དབང་སྒྲུབ་རིམ་པར་བྱེད་དགོས་པས། ༼ཐ༽ཐུགས་སྒྲུབ་ཀྱི་བརྒྱུད་འདེབས་དངོས་གྲུབ་དཔལ་སྟེར་སྔོན་དུ་འགྲོ་བས། ཕྲིན་ལས་སྙིང་པོའི་སྐྱབས་སེམས་ནས་མཆོད་བརླབ་མཐའ་བར་བཏང་ནས། བཀའ་ནན་རབ་བརྗིད་རྡོ་རྗེའི་རི་དབང་དང་། སྡེ་བརྒྱད་སྤྱི་མདོས་ཟུང་གི་དབུར་འབྱུང་བ། ཧྲཱི༔ སྐྱེ་བ་མེད་པའི་སོགས་ཀྱིས་བདག་མདུན་དབྱེར་མེད་ཁྱད་པར་འཕགས་པ་བསྐྱེད་དེ། ཕྱག་རྒྱས་འདེབས་པའི་སྐུ་རུ་གསལ༔ ཞེས་པའི་མཚམས་དེར། ཕྲིན་ལས་སྙིང་པོའི། རྡོ་རྗེ་གསུམ་གྱི་ངོ་བོར་སོགས་གནས་གསུམ་བྱིན་བརླབ་ནས། སྤྱན་འདྲེན་སྐབས། སྐུ་གསུམ་དབྱེར་མེད་རིག་འཛིན་ཁྱད་པར་འཕགས༔ རབ་འབྱམས་སོགས་དང་། སྔགས་ཐོད་ཕྲེང་རྩལ་གྱི་མལ་དུ། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཞེས་བསྒྱུར་ཏེ། བཛྲ་ས་མ་ཡ་སོགས་སྦྲེལ་ནས། བསྟོད་པའི་མཐར་ཛཔ྄་ཁང་ཕྱེས་ཏེ། ཛཔ྄་བསྐུལ་ཕྲིན་ལས་སྙིང་པོ་ལྟར་གཏང་། ཏིང་འཛིན་ནི། རིག་འཛིན་ཁྱད་པར་འཕགས་པའི་ཐུགས་ཀ་རུ༔ ཟླ་སྟེང་ཧྲཱིཿམཐར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་གཟི་མདངས་དཔག་ཡས་ཕྱོགས་བཅུར་འཕྲོས༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་རྒྱུད་བསྐུལ༔ ཆོས་སྐྱོང་སྲུང་མའི་ཚོགས་ཀུན་ལས་ལ་བཀོལ༔ སྣང་སྲིད་འབྱུང་པོའི་དམག་དཔུང་གཟིར་ཞིང་བརླག༔ ཚུར་འདུས་བདག་ཐིམ་ནུས་སྟོབས་འབར་བར་བསམ༔ ཞེས་གསལ་བཏབ་ནས། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཅེས་པའི་རྩ་སྔགས་ཁོ་ན་བཟླས་མཐར། རྣམ་བུམ་ལ་དམིགས་ཏེ། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ མཚན་ཉིད་ཐམས་ཅད་རྫོགས་པའི་དབུས༔ གུ་རུ་ཁྱད་པར་འཕགས་པའི་སྐུ༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ རང་གི་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས༔ སྙོམས་འཇུག་བྱང་སེམས་བདུད་རྩི་ཡིས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཅེས་མོས་ལ། གཟུངས་ཐག་བླངས་ཏེ་རྩ་སྔགས་བརྒྱ་རྩ་ལས་མི་ཉུང་བ་དང་། ལས་སྦྱོར་གྱི་ཤམ་བུ་བཏགས་པ་ཉེར་གཅིག་ཙམ་བཟླ། ལས་བུམ་དུ་སྐད་ཅིག་གིས་ཁྲོ་བོ་རྟ་མགྲིན་དམར་པོ་གཡས་པདྨའི་དབྱུག་ཏོ་དང་། གཡོན་མེའི་ཞགས་པ་ཐོགས་པར་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྡུལ་ཕྲ་རབ་བབས་པས་བུམ་པ་གང་བར་བསམ་ལ། ཨོཾ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་བཟླས་མཐར། དབྱངས་གསལ་དང་རྟེན་སྙིང་གིས་ལྷག་ཆད་ཁ་བསྐང་ཞིང་བརྟན་པར་བྱས་ལ། སྟོང་ཚིགས་ཀྱི་མཆོད་བསྟོད་འབུལ། ཡིག་བརྒྱས་ནོངས་པ་བཤགས། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་པས་བུམ་ལྷ་རྗེས་ཆགས་བདེ་ཆེན་བདུད་རྩིར་ཞུ། །ལས་བུམ་ཁྲོ་བོས་བགེགས་ཟློག་ཕྲིན་ལས་མཛོད། །ཅེས་བརྗོད། དེ་ནས་གནས་ཆེན་བྱིན་འབེབ་ཀྱི་གཏེར་བུམ་བསྡུས་པ་གསར་བཅའི་སྐབས། གོང་དུ་སྦྱོང་ཁྲུས་མ་སོང་ན། འདིར་བགེགས་བསྐྲད། སྲུང་འཁོར། ཁྲུས་གསོལ། གསེར་སྐྱེམས་བཅས་གཏང་། གང་ལྟར་ཡང་། བུམ་པའི་དཀྱིལ་འཁོར་ལ་དམིགས་ཏེ། ཕྲིན་ལས་སྙིང་པོའི་མཆོད་བརླབ་ནས་གཟུང་། བདག་མདུན་དབྱེར་མེད་དུ་བསྐྱེད་ཅིང་བསྟོད་པའི་མཐར་ཛཔ྄་ཁང་ཕྱེས་ཏེ། ཛཔ྄་བསྐུལ་དང་ཏིང་འཛིན་བཅས། སྐུ་གསུམ་དང་། སྤྱི་དྲིལ་ཐོད་ཕྲེང་རྩལ་གྱི་རྗེས། བདག་ཐུགས་འོད་ཀྱིས་མདུན་བསྐྱེད་བསྐུལ། །གསང་བ་གསུམ་གྱི་འོད་ཟེར་སྤྲིན། །མཁའ་ཁྱབ་འཁོར་ལོར་འཕྲོས་པ་ཡིས། །དེར་བཞུགས་རྒྱལ་བའི་ཞིང་ཁམས་ནི། །སྣོད་བཅུད་ཡོངས་རྫོགས་སྤྱན་དྲངས་ཏེ། །རྟེན་དང་གནས་ལ་ཐིམ་པ་ཡིས། །གནས་ཀྱི་རྡུལ་ཕྲན་རེ་རེ་བཞིན༔ རྔ་ཡབ་དཔལ་རིའི་གྲོང་ཁྱེར་དང༔ རྡུལ་སྙེད་རྩ་གསུམ་ཞི་ཁྲོའི་ལྷ༔ ཏིལ་གྱི་གོང་བུ་ལྟར་བཞུགས་ནས༔ འཁོར་བ་ཇི་སྲིད་གནས་ཀྱི་བར༔ མཐོང་ཐོས་དྲན་རེག་འགྲོ་བ་ཀུན༔ བྱང་ཆུབ་ལམ་ལ་བཀོད་པར་བསམ༔ ཐོད་ཕྲེང་རྩལ་གྱི་ཤམ་བུར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཛྙཱ་ན་ས་མ་ཡ་ཏིཥྛནྟུ༔ ཞེས་བཟླས་པའི་དངོས་གཞིར་བྱ། ཕྲིན་ལས་སྙིང་པོ་ལྟར་ཏིང་འཛིན་དང་ལྡན་པས་ལས་སྦྱོར་བཟླས་པ་ཁྱུགས་ཙམ་གྲུབ་པའི་མཐར། སྤྲོ་ན་སྤོས་རོལ་དབྱངས་བཅས་བྱིན་འབེབ་དང་སྔགས་སྔ་མ་བཅས་གྱེར། གང་ལྟར་ཡང་། ཡེ་ཤེས་ལྷ་ཚོགས་སོགས་ཀྱིས་སྟོང་ཚིགས་ཕུལ་མཐར། ཛཔ྄་ཁང་མི་བསྡུ་བར། སླར་རང་ཉིད་ཁྱད་པར་འཕགས་པའི་ཏིང་འཛིན་ལ་གནས་པས། གོང་གི་ཁྱད་པར་འཕགས་པའི་བསྐྱེད་རིམ་འཕྲོས་སུ་ཡོད་པའི། ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་གི་སྔགས་ཀྱི་སོགས་ནས། བཱ་ཤཾ་ཀུ་རུ་ཧོ༔ བར་གྱི་དམིགས་བཟླས་གསུམ་པོ་སོ་སོར་བྱས་པས། བཀའ་ནན་རབ་བརྗིད་དང་སྤྱི་མདོས་ཟུང་གི་སྲོག་དབང་བཀའ་གཏད་ཀྱི་གཞི་བསྒྲུབས་མཐར། དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་བཟླས་པས་ནུས་པ་བརྟན་རྗེས། སྲུང་མ་སྤྱི་བྱེ་བྲག །ཡང་སྒོས་སྡེ་བརྒྱད་དང་བཅས་པའི་གཏོར་འབུལ། ཕྲིན་ལས་སྙིང་པོའི་ཚོགས་བྱིན་རླབས་ནས་བཤགས་པའི་མགོར་བསྐང་བ་གཡུ་ཞལ་མ་སྦྱར་ཞིང་། ལྷག་མའི་མཐའ་བར་གཏང་། རིག་མེ་དོར་བས་ཁྱད་འཕགས་དང་། གནས་ཆེན་བྱིན་འབེབ་བུམ་པའི་དབང་ལེན་གནང་ཞུ་བཅས་བྱ། དབང་དངོས་ལ། སློབ་མར་ཁྲུས་དང་བགེགས་བསྐྲད། སྲུང་འཁོར་བསྒོམས་ནས་སེམས་བསྐྱེད་གསལ་བཏབ་ལ། དེ་ལ་འདིར་སྤྲུལ་པའི་གཏེར་སྟོན་ཆེན་པོ་ཨོ་རྒྱན་མཆོག་གྱུར་གླིང་པའི་ཁྱད་ཆོས། བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་གི་ལེའུ་བཅུ་གཅིག་པར་བསྟན་པ། ཁྱད་པར་འཕགས་པའི་རིག་འཛིན་གུ་རུ་ཉི་མ་འོད་ཟེར་གྱི་དབང་བསྐུར་བ་སྟེ། དེའང་གཞུང་ལས། དེ་ལྟར་མི་དང་མི་མིན་གྱི༔ འགྲོ་འདུལ་ཕྲིན་ལས་མཐའ་རྒྱས་བཅས༔ ཟབ་ཅིང་འདྲིལ་བར་བསྟན་པ་འདི༔ འཇིག་རྟེན་འཇིག་རྟེན་འདས་པ་ཡི༔ ལུང་དང་ཏནྟྲ་མང་པོའི་དོན༔ ད་ལྟའི་མངའ་བདག་རྗེ་འབངས་ཀྱི༔ འགལ་རྐྱེན་བར་ཆད་སེལ་བ་དང༔ མཐུན་རྐྱེན་ལེགས་ཚོགས་སྤེལ་བའི་ཕྱིར༔ མང་དུ་བཤད་པའི་སྙིང་པོར་དྲིལ༔ མ་འོངས་སུམ་ཅུ་ཁ་རལ་དུས༔ ལྷ་རྒྱུད་ཆད་ཅིང་སྔགས་རྒྱུད་ཉམས༔ གྲུབ་མཐའ་འཆོལ་ཞིང་ཆ་ལུགས་འགྱུར༔ སྤྱོད་ལམ་ལོག་ཅིང་མཐའ་དབུས་འདྲེས༔ བོད་ཁམས་སིལ་བུར་འཐོར་བ་དང༔ སྡུག་བསྔལ་མཚོ་ཆེན་བརྡོལ་བའི་དུས༔ ཕན་པའི་རྟེན་འབྲེལ་བླ་མེད་འགྱུར༔ ཞེས་བསྔགས་པ་ལྟར། སྣོད་བཅུད་ཐམས་ཅད་པདྨ་འོད་ཀྱི་ཞིང་སྐུར་བྱིན་གྱིས་བརླབས་པ། གནས་ཡུལ་ཐམས་ཅད་གྲོལ་བ་བཞི་ལྡན་གྱི་གནས་ཆེན་དུ་བསྒྲུབས་པས་ཕན་བདེའི་ལེགས་ཚོགས་སྤེལ་བ་དང་། ནག་ཕྱོགས་འབྱུང་པོ་མ་རུངས་པ་ཐམས་ཅད་ཚར་བཅད་ཅིང་། དྲེགས་པ་མཐུ་ཆེན་པོ་རྣམས་བཀའ་རྟགས་ཕྱག་རྒྱ་གཉན་པོའི་ཟིལ་འོག་ཏུ་འཇུག་པ་དང་། དཀར་ཕྱོགས་གཞི་གནས་ཀྱི་བདག་པོའི་ལྷ་ཀླུ་རྣམས་རྟེན་ལ་བཀོལ་ཞིང་དབུ་འཕང་བསྟོད་པ་ལས། བོད་ཡུལ་བདེ་སྐྱིད་གསར་པའི་དགའ་སྟོན་ལ་སྤྱོད་པའི་ཐབས་སུ་འགྲོ་འདུལ་ལས་རབ་འབྱམས་ཀྱི་རྗེས་གནང་བཀའ་གཏད་བཅས་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ། བླ་མ་ཁྱད་པར་འཕགས་པའི་རིག་འཛིན་དང་གཉིས་སུ་མེད་པ་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་ཐུགས་རྗེའི་སྐབས་ཕྱེས་ཏེ་གནང་བ་སྦྱིན་པར་མོས། བདག་གི་བླ་མ་ངོ་མཚར་སྤྲུལ་པའི་སྐུ༔ རྒྱ་གར་ཡུལ་དུ་སྐུ་འཁྲུངས་ཐོས་བསམ་མཛད༔ བོད་ཡུལ་དབུས་སུ་ཞལ་བྱོན་དྲེགས་པ་བཏུལ༔ ཨོ་རྒྱན་ཡུལ་དུ་སྐུ་བཞུགས་འགྲོ་དོན་མཛད༔ སྐུ་གསུམ་དབྱེར་མེད་ཁྱད་པར་འཕགས་པ་ཡི༔ དབང་བསྐུར་དམ་པ་ཁྱོད་ལ་སྦྱིན་པར་བྱ༔ རྒྱུད་སྦྱོང་བའི་སླད་དུ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་དཀོན་མཆོག་རྩ་གསུམ་འདུས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བློས་འདིའི་རྗེས་ཟློས། ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སྐྱབས་ཀྱི་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས༔ ཁྱད་པར་འཕགས་པའི་གོ་འཕང་བསྒྲུབ་པར་བགྱི༔ ལན་གསུམ། དབང་སྲོག་དམ་ཚིག་གི་སྙིང་པོ་རིག་པ་འཛིན་པའི་སྡེ་སྣོད་ཀྱི་གཞུང་ནས་གསུངས་པ་རྣམས་ཚུལ་བཞིན་བླངས་ཏེ་བསྲུང་སྙམ་པས་འདིའི་རྗེས་ཟློས། ཨོ་རྒྱན་གདུང་འཛིན་རྒྱལ་བའི་སྲས༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་གིས་དེང་གཟུང་བྱང་ཆུབ་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་དམ་ཚིག་རྣམས༔ ཡང་དག་ཉིད་དུ་བཟུང་བྱས་ཏེ༔ སྲོག་གི་ཕྱིར་ཡང་མི་གཏང་ན༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། སློབ་དཔོན་གྱི་སྤྱན་སྔར་ཁས་བླངས་པའི་དམ་ཚིག་སྤྱི་དང་། རྡོ་རྗེ་སློབ་དཔོན་གྱི་ངག་བཞིན་བསྒྲུབ་པར་གདམས་ཏེ། སློབ་དཔོན་བཀའ་གཉན་པའི་སྒོ་ནས་དམ་ལ་གཞག་པ་འདི་ལ་སྙན་གཏོད་ཅིག །ང་ནི་འཆི་མེད་པདྨའི་རིག་འཛིན་ཏེ༔ ང་ཡི་བཀའ་ལས་འདའ་ཞིང་བརྙས་གྱུར་ན༔ མནར་མེད་དམྱལ་བ་ཆེན་པོར་ལྟུང་བར་འགྱུར༔ དེ་བས་བདག་གི་བཀའ་ལས་མ་འདའ་ཞིག༔ བཛྲ་ས་མ་ཡ་རཀྵནྟུ༔ དབང་གི་གཞི་འགོད་པའི་སླད་དུ་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་དག་མ་ཡེངས་པར་རྩེ་གཅིག་ཏུ་གཏོད་ཅིག །མ་ཧཱ་ཤཱུནྱ་ཏཱས་སྟོང་པར་སྦྱང་། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་བློ་འདས་ཀྱི་སྟོང་པ་ཉིད་དུ་སྦྱངས། དེའི་ངང་ལས་ས་ཕྱོགས་པདྨ་འོད་ཀྱི་ཞིང་ཁམས་དང་ཕོ་བྲང་གི་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པད་ཉི་ཟླ་བའི་གདན་ལ་སློབ་མ་ཁྱད་པར་འཕགས་པའི་རིག་འཛིན་དཀར་གསལ་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གདེངས་སྟབས་ལམ་སྟོན་གྱི་ཚུལ་དང་། གཡོན་པས་ཁ་ཊྭཱཾ་རྩེ་གསུམ་གྱི་འཁར་བ་དཀུ་ལ་བརྟེན་པ། པད་ཞྭ་ཕོད་མཐིང་དང་ཆོས་གོས་རྣམ་གསུམ་གྱིས་བཀླུབས་ཤིང་། ཞབས་ལ་ནོར་བུའི་པ་ཏྲས་མཛེས་པའི་མཆིལ་ལྷྭམ་དང་བཅས་བཞེངས་སྟབས་སུ་རོལ་ཞིང་། སྣང་སྲིད་བདེ་ཆེན་ཡེ་ཤེས་ཀྱི་ཕྱག་རྒྱས་འདེབས་པའི་སྐུར་གསལ་བའི་གནས་གསུམ་དུ་སྐུ་གསུང་ཐུགས་ཀྱི་ངོ་བོ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གིས་མཚན་པར་གསལ་བ་དང་། བླ་མ་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་གྱི་རྡུལ་ལྕགས་ཀྱུ་ལྟ་བུ་ཤར་གྱིས་འཕྲོས་པས། ཆོས་དབྱིངས་རྒྱས་པར་གང་བའི་རྩ་གསུམ་རབ་འབྱམས་རྒྱ་མཚོའི་ཐུགས་རྒྱུད་བསྐུལ། དེ་དག་གི་གསང་བ་གསུམ་གྱི་བྱིན་རླབས་ནུས་པ་མཐུ་སྟོབས་ཐམས་ཅད་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཆར་ཆེན་དྲག་ཏུ་བབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས། སྒོ་གསུམ་རྡོ་རྗེ་གསུམ་གྱི་ནུས་རྩལ་རྫོགས་པར་སྒོམས་ཤིག །སྤོས་རོལ་དབྱངས་བཅས་ཕྲིན་ལས་སྙིང་པོའི་སྤྱན་འདྲེན་དང་། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་བྱིན་དབབ། དེ་ལྟར་དབབ་པའི་ཡེ་ཤེས་པའི་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་ཁྱེད་རང་རྣམས་ཀྱི་གཉུག་མ་མི་ཤིགས་པའི་སྒོ་གསུམ་དང་དབྱེར་མེད་དུ་བརྟན་པར་མོས། ཏིཥྛ་བཛྲས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་པས་བརྟན་པར་བྱ། དེ་ནས་དབང་བསྐུར་བ་དངོས་ལ། སྦྱོར་བ་བུམ་པའི་དབང་གིས་སྒྲིབ་གཉིས་ཀྱི་དྲི་མ་གཏོར་ཞིང་བཀྲུ་བ་དང་། དངོས་གཞི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་བླུག་པའི་ཆོ་ག །རྗེས་འབྲེལ་ཁྱད་པར་བའི་ལས་རྣམས་ཀྱི་བྱིན་རླབས་བཀའ་གཏད་ཀྱི་རིམ་པ་བཅས་འབྱུང་བའི། ཐོག་མར་བུམ་པ་ལ་བརྟེན་པའི་གཏོར་བླུག་གི་ཆོ་ག་སྒྲུབ་པ་ལ་འདུན་པ་འདི་ལྟར་དུ་མཛོད། ལྷ་དང་སློབ་དཔོན་དབྱེར་མེད་པའི་བུམ་པ་བདེ་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་བས་དབང་བསྐུར་ཞིང་ཁྲུས་བྱས་པས་སློབ་མའི་ཤེས་རྒྱུད་ལ་ཆགས་པའི་དྲི་མ་ཐམས་ཅད་གཏོར་ཞིང་བཀྲུས། སྐུ་དང་ཡེ་ཤེས་ཀྱི་བྱིན་རླབས་རྒྱུད་ལ་བླུག་ཅིང་བསྟིམ་པས་རྒྱལ་བའི་རྡོ་རྗེ་གསུམ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པར་མོས། ཨོཾ༔ ཏིལ་གྱི་གོང་བུ་བཞིན་གང་བའི༔ རྒྱལ་བས་བུམ་པ་བཟུང་ནས་ནི༔ སངས་རྒྱས་རྡོ་རྗེའི་སྐུ་འགྲུབ་ཕྱིར༔ བཀྲ་ཤིས་བུམ་པའི་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ཅིང་བུམ་ཆུ་སྦྱིན། ཁྱད་པར་སྐུའི་དབང་བསྐུར་བ་ལ། སློབ་དཔོན་དཀྱིལ་འཁོར་གྱི་བདག་པོའི་སྐུ་ལས་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་པ་ཞིག་འཕྲོས། སློབ་མའི་སྤྱི་བོར་ཐིམ་པས་བསྐྱེད་པའི་ལམ་ལ་དབང་ཞིང་། འབྲས་བུའི་ལུས་རྡོ་རྗེའི་སྐུར་འགྲུབ་པའི་སྐལ་པ་ཅན་དུ་བྱས་པར་མོས། ཧཱུྃ༔ རང་བྱུང་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དུ༔ རིག་འཛིན་བླ་མ་སྒོམ་པའི་དབང་བསྐུར་བས༔ གཟུང་དང་འཛིན་པའི་རྟོག་ཚོགས་རང་གྲོལ་ནས༔ ཅིར་སྣང་ལྷ་སྐུར་འཆར་བའི་དབང་ཐོབ་ཤོག༔ གོང་བཞིན་རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ཅིང་སྐུ་སྤྱི་བོར་གཞག །དེ་ལྟ་བུའི་དབང་ཐོབ་པས་འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྐུ་རྡོ་རྗེ་སྣང་སྟོང་ལྷའི་འཁོར་ལོའི་རྣལ་འབྱོར་ལ་བརྩོན་པར་གྱིས་ཤིག །གསུང་རྡོ་རྗེའི་སྔགས་ཀྱི་དབང་བསྐུར་བ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག །དེའི་ཐུགས་ཀའི་སྔགས་ཕྲེང་ལས་གཉིས་པ་འཕྲོས། སློབ་མའི་སྙིང་གར་ཞུགས་པར་མོས་ལ་སྔགས་འདིའི་རྗེས་ཟློས། རྩ་སྔགས་ལན་གསུམ། ལྷ་སྔགས་དབྱེར་མེད་པའི་ངོ་བོར་བྱིན་གྱིས་བརླབ་པའི་ཕྱིར་སྔགས་ཕྲེང་མགྲིན་པར་བཞག་སྟེ་དེ་ཉིད་བརྟན་པར་མོས། ཨཱ༔ ཇི་སྙེད་བརྗོད་པ་ཀུན་གྱི་རྒྱུར་གྱུར་པའི༔ ངག་ལ་རྡོ་རྗེའི་སྔགས་ཀྱི་དབང་བསྐུར་བས༔ བརྟན་དང་གཡོ་བའི་སྒྲ་སྐད་ཐམས་ཅད་ཀུན༔ གྲགས་སྟོང་རྒྱལ་བའི་གསུང་དུ་རྟོགས་པར་ཤོག༔ སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ས་སྔགས་ཕྲེང་མགྲིན་པར་གཞག །དེས་གསུང་གི་དབང་ཐོབ་པས་བརྟན་གཡོའི་སྒྲ་སྐད་ཐམས་ཅད་གྲགས་སྟོང་གཞོམ་མེད་གསུང་རྡོ་རྗེའི་རང་བཞིན་དུ་ཤེས་པའི་བཟླས་བརྗོད་ཀྱི་རྣལ་འབྱོར་ལ་བརྩོན་པར་གྱིས་ཤིག །ཐུགས་རྡོ་རྗེ་རང་བྱུང་གི་དགོངས་པ་ངོ་སྤྲད་པ་ནི། སེམས་ཀྱི་གཤིས་སྟོང་ཉིད། གདངས་རིག་རྩལ། དེ་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོའི་དབྱིངས་སུ་མཉམ་པར་འཇོག་མཛོད། ཅུང་ཟད་མཉམ་པར་གཞག །དེ་མཚོན་པར་བྱ་བའི་ཕྱིར་མེ་ལོང་དྭངས་པ་སྙིང་གར་བཞག་ཅིང་རྡོ་རྗེའི་ཚིག་གིས་ངོ་སྤྲོད་པ་ནི། ཧཱུྃ༔ མེ་ལོང་ནང་དུ་གཟུགས་བརྙན་ཤར་པ་བཞིན༔ དམིགས་སུ་མེད་ཀྱང་མངོན་སུམ་ས་ལེ་བ༔ ཡིད་ལ་རྒྱལ་བའི་ཐུགས་ཀྱི་དབང་བསྐུར་བས༔ དྲན་རྟོག་ཐམས་ཅད་རང་ཤར་རང་གྲོལ་ཤོག༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐུགས་ཀྱི་དབང་ཐོབ་པས་ཁམས་གསུམ་གྱི་རྣམ་པར་རྟོག་པའི་འཇུག་ལྡང་ཐམས་ཅད་རིག་སྟོང་དབྱེར་མེད་བསམ་གྱིས་མི་ཁྱབ་པ་རྡོ་རྗེའི་རྣལ་འབྱོར་གྱི་ཀློང་དུ་ཆུབ་པ་ལ་བརྩོན་པར་གྱིས་ཤིག །ཡོན་ཏན་དང་ཕྲིན་ལས་ཡོངས་རྫོགས་ཡེ་ཤེས་རྡོ་རྗེ་སྤྱི་བླུགས་ཀྱི་དབང་ཆེན་གཏོར་མ་ལ་བརྟེན་ནས་བསྐུར་བ་ལ། གཏོར་མ་སྣོད་བཅུད་ཡོངས་རྫོགས་རིག་འཛིན་བླ་མ་ཁྱད་པར་འཕགས་པའི་དཀྱིལ་འཁོར་དུ་གསལ་བ་སྤྱི་བོར་སྤྱན་དྲངས་པའི་སྐུའི་ཆ་ཐམས་ཅད་ནས་འོད་ཟེར་བདུད་རྩིའི་རྒྱུན་བབས། སློབ་མའི་སྒོ་གསུམ་ལ་ཞུགས་པས་ཡིད་བཞིན་ནོར་བུ་ལྟ་བུའི་ཡོན་ཏན་ཕྲིན་ལས་ཀྱི་མཛོད་ལ་དབང་ཐོབ་པར་མོས། གཏོར་མ་བཏེགས་ལ། ཧཱུྃ༔ རྒྱལ་བའི་རྣམ་འཕྲུལ་པདྨ་འབྱུང་གནས་ཀྱིས༔ བོད་འབངས་རྣམས་ལ་ཐུགས་རྗེས་བརྩེར་དགོངས་ཏེ༔ སྐུ་ཚབ་ལུང་བསྟན་གསུང་ཚབ་གཏེར་དུ་སྦས༔ ཐུགས་ཀྱི་དགོངས་པ་ལས་ཅན་བུ་ལ་གཏད༔ སྡུག་བསྔལ་སྐྱོབ་ཕྱིར་གུ་རུའི་དབང་བསྐུར་བས༔ སྐལ་ལྡན་རྣམས་ལ་བྱིན་གྱིས་བརླབ་ཏུ་གསོལ༔ གུ་རུའི་ཐུགས་རྗེས་འདི་ལ་བྱིན་གྱིས་རློབས༔ གུ་རུའི་བརྩེ་བས་འདི་ཡི་ལམ་སྣ་དྲོངས༔ གུ་རུའི་དགོངས་པས་འདི་ལ་བྱིན་གྱིས་རློབས༔ གུ་རུའི་ནུས་པས་འདི་ཡི་བར་ཆད་སོལ༔ འབྱུང་བཞི་ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ རྩ་རླུང་ནང་གི་བར་ཆད་ནང་དུ་སོལ༔ གཟུང་འཛིན་གསང་བའི་བར་ཆད་དབྱིངས་སུ་སོལ༔ སྐལ་ལྡན་སློབ་མ་རྣམས་ལ་བསྐྱབ་ཏུ་གསོལ༔ དབང་དང་བྱིན་རླབས་དངོས་གྲུབ་དེང་འདིར་སྩོལ༔ སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ གནས་བཞིར་གཞག །དེས་ཡོན་ཏན་རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ནུས་སྟོབས་རྫོགས་ཤིང་། ཕྲིན་ལས་ལྷ་འདྲེ་མི་གསུམ་ཟིལ་གྱིས་གནོན་པའི་སྐལ་ལྡན་དུ་བྱས་པ་ཡིན་ནོ། །རྗེས་འབྲེལ་ཁྱད་པར་བའི་ལས་བསྒྲུབ་པའི་དབང་གསུམ་རིམ་པར་འབྱུང་བ་ལས། ཐོག་མར་གཞུང་ལས། མི་ཡི་འགྲོ་བ་གཙོར་གྱུར་པ༔ རང་བྱུང་ཐུགས་རྗེས་བྱིན་བརླབ་ཕྱིར༔ གནས་ཆེན་བྱིན་འབེབ་ཆོ་ག་ནི༔ ཨེ་མ་ངོ་མཚར་རྨད་ཀྱི་ཕུལ༔ བྱིན་རླབས་ལྡན་པ་གོང་དུ་འཕེལ༔ དམ་སྲི་འབྱུང་པོས་ཉེ་མི་ནུས༔ བཀྲ་ཤིས་བྱིན་ཆགས་ཉམས་དགར་འགྱུར༔ གནས་ཀྱི་གང་ཟག་བྱིན་བརླབས་པས༔ གནས་དེའི་ཉེ་སྐོར་ཚུན་ཆད་དུ༔ རང་བཞིན་གནས་པའི་དུད་འགྲོ་ཡན༔ ཐམས་ཅད་རྩ་གསུམ་ལྷ་ཚོགས་ཀྱི༔ ཡེ་ཤེས་ཆེན་པོས་རྗེས་འཛིན་ན༔ རྩེ་གཅིག་བསྒོམས་དང་སྒྲུབ་པ་ཀུན༔ མྱུར་དུ་མཆོག་དང་ཐུན་མོང་གི༔ དངོས་གྲུབ་འགྲུབ་པ་སྨྲོས་ཅི་འཚལ༔ བར་ཆད་གེགས་ཞི་བསམ་རྒུ་འགྲུབ༔ མདོར་ན་མང་དུ་སྨྲོས་ཅི་དགོས༔ པདྨ་འོད་དང་དབྱེར་མེད་པའི༔ སྣོད་བཅུད་དག་པའི་ཞིང་དུ་འགྱུར༔ མཐོང་ཐོས་དྲན་རེག་གྲོལ་བའི་ཕྱིར༔ གཞན་དོན་ཕྲིན་ལས་རླབས་པོ་ཆེ༔ སྒྲུབ་པའི་གདམས་པ་མཐར་ཐུག་གོ༔ ཅེས་བསྔགས་ཤིང་གདམས་པར་མཛད་པ་ལྟར། སྙིགས་མའི་ཡང་མཐའ་འདི་ལྟ་བུར་མེད་དུ་མི་རུང་བའི་མན་ངག་ཟབ་མོ། གནས་ཆེན་བྱིན་འབེབ་ཀྱི་ལས་སྦྱོར་ཆེན་པོ་བརྩམ་དུ་རུང་བའི་སྨིན་དབང་བསྐུར་བ་ལ། བུམ་པ་འདི་ཉིད་སྣོད་རྣམ་པར་དག་པ་འོག་མིན་པདྨ་འོད་ཀྱི་ཞིང་དང་ཕོ་བྲང་གསལ་ལ་རྫོགས་པའི་དབུས་སུ། བཅུད་བདེ་ཆེན་ཡེ་ཤེས་ཀྱི་ཕྱག་རྒྱ་སྐུ་གསུམ་བླ་མ་རྣམ་འཕྲུལ་བཅུ་གཉིས་བཀའ་སྡོད་མཁའ་འགྲོ་གིང་ཆེན་ལ་སོགས་པ། རབ་འབྱམས་རྩ་བ་གསུམ་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པས་བསྐོར་བའི་མཆོད་སྡོང་ཆེན་པོ་འདི་ཉིད། སློབ་མའི་སྤྱི་བོར་སྤྱན་དྲངས་པ་ཙམ་གྱིས་དེ་རྣམས་ཀྱི་གནས་ལྔ་དང་སྐུའི་ཆ། ཞིང་དང་ཕོ་བྲང་ལ་སོགས་པ་ཐམས་ཅད་ནས་རྡོ་རྗེའི་ཡེ་ཤེས་ཀྱི་བྱིན་རླབས་བདུད་རྩི་འོད་ཟེར་གྱི་སྤྲིན་ཆེན་གཡོ་བཞིན་པར་བྱོན་ནས། སྒོ་གསུམ་བྱ་བྱེད་དང་བཅས་པ་ལ་ཐིམ་པས་རྩ་བ་གསུམ་དང་གཉིས་སུ་མེད་པའི་སྐུ་དང་ཡེ་ཤེས་ལ་དབང་འབྱོར། བྱ་བྱེད་ཐམས་ཅད་རྒྱལ་བའི་ཐུགས་རྗེ་རྩོལ་མེད་དེར་སྣང་གི་རོལ་པར་བྱིན་གྱིས་བརླབས་པའི་རྐྱེན་གྱིས། སློབ་མ་སྐུ་གསུམ་ལྷ་ཚོགས་དང་དབྱེར་མེད་གཅིག་ཏུ་འདྲེས་པའི་གནས་རྣམས་ལས་ཀྱང་འོད་འཕྲོས། འཇིག་རྟེན་རབ་འབྱམས་ཀྱི་སྣོད་བཅུད་ཐམས་ཅད་ལ་ཕོག་པས་ཉེས་པའི་དྲི་མ་དང་རྒུད་པ་ཞི་ཞིང་སྦྱངས་ནས་དགེ་ལེགས་ཐམས་ཅད་ཅིག་ཅར་དུ་སྤེལ། དབྱིངས་ན་བཞུགས་པའི་རྒྱལ་བའི་དཀྱིལ་འཁོར་སྤྱན་དྲངས་ཤིང་བསྟིམས་པས་མ་དག་པའི་སྣང་ཆ་ཐམས་ཅད་དག་མཉམ་ཆེན་པོར་བྱིན་གྱིས་བརླབས་པས། མཐོང་ཐོས་དྲན་རེག་གི་འགྲོ་བ་ཐམས་ཅད་བྱང་ཆུབ་ཆེན་པོའི་ལམ་ལ་བཀོད་པའི་ནུས་མཐུ་ཅན་དུ་བྱས་པར་མོས། གནས་ཆེན་བྱིན་འབེབ་ཀྱི་བུམ་པ་བཏེགས་ལ། ཧཱུྃ༔ ཡུལ་གྱི་མིང་ནི་ལྷོ་ནུབ་རྔ་ཡབ་གླིང༔ སྤྲུལ་པའི་ཞིང་མཆོག་པདྨ་དྲྭ་བ་ནས༔ སྐུ་གསུམ་དབྱེར་མེད་རིག་འཛིན་ཐོད་ཕྲེང་རྩལ༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་ཚོགས་དང་བཅས༔ སྣོད་བཅུད་ཡོངས་རྫོགས་རྡོ་རྗེའི་མཎྜལ་ལ༔ མོས་པའི་གདུང་བས་ཐུགས་དམ་དེང་བསྐུལ་ཏེ། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །བྱིན་རླབས་བརྟན་ཅིང་ཡེ་ཤེས་རྒྱས་པ་དང་། །འགྲོ་འདུལ་མཆོག་གི་ཕྲིན་ལས་རླབས་པོ་ཆེའི། །མཐུ་དབང་མ་ལུས་རྫོགས་ཤིང་བརྟན་པར་མཛོད། །ཅེས་དབྱངས་ཀྱིས་གྱེར་མཐར། སྤྱི་དྲིལ་ཐོད་ཕྲེང་རྩལ་གྱི་ཤམ་བུར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཛྙཱ་ན་ས་མ་ཡ་ཏིཥྛནྟུ༔ ཞེས་བཏགས་པ་བརྗོད་ཅིང་གནས་གསུམ་དུ་གཏུགས་ཏེ་ལག་པར་གཏད། ཡེ་དྷརྨཱ་སོགས་བརྗོད་ཅིང་བརྟན་བྱེད་མེ་ཏོག་འཐོར། དེ་ལྟར་དབང་ཐོབ་པས་དེང་ཕྱིན་ཆད་རྩ་གསུམ་ལྷ་ཚོགས་རྣམས་དང་སྐལ་པ་མཉམ་པས་གང་ལ་གང་འདུལ་གྱི་ཕྲིན་ལས་རབ་འབྱམས་སྤྱི་དང་། ཁྱད་པར་གནས་ཆེན་གནས་ཕྲན་ཐམས་ཅད་ལ་རྡོ་རྗེའི་ཡེ་ཤེས་འབེབ་པའི་སྦྱོར་བ་ལག་ཏུ་ལེན་པ་ལ་དབང་ཞིང་། སྣོད་བཅུད་ཡེ་ཤེས་ཀྱི་ཕྱག་རྒྱར་བྱིན་གྱིས་རློབས་ནུས་པའི་མཐུ་ཅན་དུ་བྱེད་ནུས་པའི་དབང་ཐོབ་པའོ། །སྡེ་བརྒྱད་ཀྱི་སྲོག་ཡིག་རྣམས་དང་གཏོར་མ་མདུན་དུ་བཞག་ལ། གཉིས་པ་མ་རུངས་འབྱུང་པོ་རྣམས་ཕྱག་རྒྱ་གཉན་པོའི་ཟིལ་འོག་ཏུ་བཅུག་པའི་ཕྱིར། སྡེ་བརྒྱད་དྲེགས་པའི་སྲོག་དབང་སྦྱིན་པ་སྟེ། གཞུང་ལས། དེ་ནས་མི་མ་ཡིན་པ་ཡི༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ལ༔ རྡོ་རྗེའི་ཐ་ཚིག་བསྒྲགས་པ་ཡི༔ བཀའ་ནན་རབ་བརྗིད་ཆོ་ག་ནི༔ ནུས་ལྡན་གང་གིས་བརྩམས་པ་ན༔ བོད་ཁམས་སྤྱི་དང་བྱེ་བྲག་ལ༔ ཕན་པའི་རྟེན་འབྲེལ་བླ་ན་མེད༔ ནད་ཡམས་འཁྲུགས་རྩོད་ཐམས་ཅད་ཞི༔ ཆར་ཆུ་ལོ་ཕྱུགས་དཔལ་གཡང་རྒྱས༔ བསམ་པ་འགྲུབ་ཅིང་འདོད་རྒུ་འདུ༔ ནག་ཕྱོགས་འབྱུང་པོ་ཚར་གཅོད་ཅིང༔ སངས་རྒྱས་བསྟན་པ་ཡུན་དུ་གནས༔ དེ་ཕྱིར་སྙིང་རྗེ་དམ་ཚིག་ཅན༔ པདྨ་བདག་གི་བརྒྱུད་འཛིན་རྣམས༔ གཞན་དོན་འགྲོ་འདུལ་ཐབས་ཆེན་པོ༔ འདི་ཉིད་ཁོ་ནར་བརྩོན་པར་བྱ༔ ཞེས་བསྔགས་པར་མཛད་པའི་ལས་སྦྱོར་ཆེན་པོ་ལ་ཇི་དགར་འཇུག་ཏུ་རུང་བའི་དྲེགས་པའི་སྲོག་དབང་དུ་བྱེད་ཅིང་། བཀའི་ནན་འོག་ཏུ་འཛུད་པའི་རྗེས་གནང་སྦྱིན་པ་ལ་དམིགས་པ་འདི་བཞིན་དུ་མཛོད། ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཅེས་པའི་སྒྲ་འབྲུག་ལྟར་ལྡིར་བའི་རྐྱེན་གྱིས་དཔོན་སློབ་གཉིས་ཀ་འཁོར་འདས་ཡོངས་ཀྱི་རྗེ་བཙན་མ་ཧཱ་གུ་རུ་ཁྱད་པར་འཕགས་པའི་རིགས་འཛིན་སྐུས་སྲིད་གསུམ་ཁྱབ་པས་ཁམས་གསུམ་ཟིལ་གྱིས་གནོན་པ། གསུང་གི་དྲག་སྔགས་ལྡིར་བས་དྲེགས་པའི་སྲོག་སྙིང་འདྲེན་པ། ཐུགས་མི་གཡོ་བ་མཁའ་ཁྱབ་ཀྱི་དགོངས་རྩལ་རྫོགས་པས་དྲེགས་བྱེད་ཨར་ལ་གཏོད་པའི་སྐུ། ཞི་ཁྲོ་སྤྲུལ་པའི་འཁོར་ལོ་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟ་བུའི་འཕྲོ་འདུ་གློག་ལྟར་འགྱེད་པའི་ཐུགས་སྲོག་ལས་འོད་ཟེར་ལྕགས་ཀྱུ་དང་། ལས་བྱེད་ལས་བཞིའི་གིང་ཆེན་གྱི་ཚོགས་ཕྱོགས་བཅུར་རྡོ་རྗེའི་སེར་དྲག་འབེབ་པ་བཞིན་འཕྲོས་པས། སྲིད་པ་གསུམ་གྱི་སྡེ་བརྒྱད་འབྱུང་པོ་མཐུ་ཆེན་ཕོ་མོ་རྣམས་རང་དབང་མེད་པར་ཕྱག་རྒྱ་བཞིས་བཏབ་སྟེ་བཀུག །དྲེགས་པའི་སྲོག་ཡིག་རྣམས་སྡེ་བརྒྱད་དངོས་སུ་གསལ་བ་ལ་བྱེ་ཚན་ལ་མར་ཁུ་ཐིམ་པ་ལྟར་དབྱེར་མེད་དུ་གྱུར་པར་སྒོམས་ཤིག །གཡབ་དྲིལ་དང་བཅས་ལྕགས་ཀྱུའི་ཕྱག་རྒྱས། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། རིག་འཛིན་སྒྱུ་འཕྲུལ་དྲྭ་བ་ཞི་ཁྲོ་རྣམ་པར་རོལ་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་སྲིད་པ་གསུམ་གྱི་སྡེ་བརྒྱད་འབྱུང་པོ་མཐུ་བོ་ཆེ་རྣམས་དཔལ་ཆེན་པོའི་བཀའི་མདུན་ས་གཉན་པོ་འདིར་སྐད་ཅིག་ཉིད་ལ་མཆིས་པར་གྱུར་ཅིག །དྲག་སྔགས་སོ་ལྔའི་མཐར། ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་བྷཱུཏ་ས་མ་ཡ་ཙིཏྟ་དུང་དུང་ཧྲིཾ་ཧྲིཾ་ཕེཾ་ཕེཾ་ཛཿཛ༔ ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཞེས་བཀུག་ཅིང་བསྟིམ། དེ་ལྟར་བྱས་པས་དྲེགས་པ་ཅན་གཡོག་དང་བཅས་པ་མདུན་དུ་བཀུག་པ་ཐམས་ཅད་བརྟན་པ་དང་བྲལ་ནས་འདར་ཡེད་ཡེད་དུ་གནས་པར་མོས། སློབ་དཔོན་ཐུགས་ནས་ཡེ་ཤེས་སྐུ༔ དཔག་མེད་ཉི་ཟེར་རྡུལ་ལྟར་འཕྲོས༔ ལྷ་འདྲེ་མི་གསུམ་སྙིང་ལ་ཐིམ༔ ལྕགས་ལ་གསེར་འགྱུར་རྩིས་ཐེབས་ལྟར༔ ཀུན་གྱི་ཤེས་རྒྱུད་དབང་མེད་དུ༔ བྱང་ཆུབ་སེམས་གཉིས་ངོ་བོར་བསྒྱུར༔ བདག་ལ་འདུན་ཅིང་རབ་དད་པས༔ ཐར་པའི་ལམ་ལ་ཞུགས་པར་བསམ༔ དེ་ལྟ་བུའི་ཏིང་འཛིན་གསལ་ཐོབས་ལ་འདིའི་རྗེས་ཟློས། རྩ་སྔགས་མཐར། སརྦ་ཨ་ནྲྀ་ཏྲི་ཙིཏྟ་ཧྲིང་ཧྲིང་ཛཿཛ༔ སྡུས་སྡུས་སརྦ་ལོ་ཀ་བཱ་ཤཾ་ཀུ་རུ་ཧོ༔ ཞེས་ལན་བདུན་བརྗོད། སླར་ཡང་ཞི་བ་བྱང་ཆུབ་སེམས་ཀྱི་ཕྲིན་ལས་ཀྱི་ཡུལ་དུ་མ་གྱུར་པ་རྣམས་དབང་དྲག་རོལ་པའི་བརྟུལ་ཞུགས་ཆེན་པོས་ཚར་གཅོད་པའི་ཕྱིར། དཔོན་སློབ་གཉིས་ཀའི་ཐུགས་སྲོག་ལས་རྡོ་རྗེ་ཁྲོ་བོའི་སྤྲིན་ཆར་དྲག་ཏུ་ཕབ་པས། བཀའ་ལ་མི་ཉན་པའི་དྲེགས་པ་ཅན་ཐམས་ཅད་ཀྱི་གནས་ལྔར་རྡོ་རྗེའི་ཀཱི་ལ་ཡ་དང་མེ་མཚོན་འབར་བའི་ཆར་གྱིས་གཟིར་ལ་མཐུ་སྟོབས་རྫུ་འཕྲུལ་ཉམས་ཤིང་། ཅི་བྱ་ལྟོས་བྲལ་སྲོག་གི་ལྷག་མ་ཙམ་དུ་གྱུར་པས་ཅི་བགྱིས་བཀའ་ཉན་པར་སྙིང་ནས་ཁས་བླངས་ཤིང་ཐ་ཚིག་གི་བྲོ་བོར་བར་མོས་ལ་སྔགས་ཀྱི་རྗེས་ཟློས། ཡང་སྔགས་ལན་གསུམ། སློབ་དཔོན་གྱིས་ལས་ཕུར་བླངས་པ་འདྲིལ་ཞིང་སྲོག་ཡིག་རྣམས་ལ་བཏབ། སློབ་མར་ཕུར་པ་གཏད་པ་འདྲིལ་དུ་བཅུག་ལ། དྲག་སྔགས་སོ་ལྔའི་མཐར། ཨ་ཡ་མ་དུ་རུ་ཙ་ཤ་ན་ས་པ་རི་ཝཱ་ར་སརྦ་དུཥྚཱན་བིགྷྣཱན་ཤ་ཏྲཱུཾ་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་དུཥྚཱན་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བཏགས་པ་ལན་གསུམ། སླར་ཡང་དམ་ཚིག་གི་དཔང་པོར་རྡོ་རྗེའི་མནའ་ཆུ་སྡེ་བརྒྱད་རྣམས་ཀྱི་སྙིང་ལ་བསྟིམ་པས། ནམ་ཡང་དམ་ལས་འདའ་བའི་དབང་མེད་པར་སློབ་མའི་འབངས་དང་ཁོལ་པོར་གྱུར་པར་མོས་ལ་སྔགས་འདིའི་རྗེས་ཟློས། སློབ་དཔོན་གྱིས་ནང་མཆོད་ཀྱི་བདུད་རྩི་སྡེ་བརྒྱད་རྣམས་ལ་འཐོར་བཞིན། དྲག་སྔགས་སོ་ལྔ་པའི་ཤམ་བུར། ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་བྷཱུཏ་མ་ཧཱ་པཉྩ་ཨ་མྲྀཏ་བཛྲ་ས་མ་ཡ་ཨུ་ད་ཀ་ཋ་ཋ་ཋ༔ ས་མ་ཡ་སྨ་ར༔ ས་མ་ཡ་མ་ཏི་ཀྲ་མ༔ ས་མ་ཡ་རཀྵནྟུ༔ ཞེས་བརྗོད། དེ་ལྟར་བྱས་པས་དྲེགས་པ་ཐམས་ཅད་མངའ་འབངས་སུ་ཆུད་པ་ལ་འདོད་ཡོན་གྱི་སྤྲིན་སོ་སོའི་མོས་པ་བཞིན་འཆར་བས་བརྔན། དམ་ཚིག་རྡོ་རྗེ་སྤྱི་བོར་བཞག་ནས་རིག་འཛིན་བརྒྱུད་པའི་སྤྱན་སྔར་ཁས་བླངས་པའི་ཐ་ཚིག་བསྒྲག་ཅིང་། ཕྲིན་ལས་བཅོལ་བས་དགའ་བའི་འཛུམ་མདངས་བཅས་གུས་པས་ལས་གང་བཅོལ་ཐམས་ཅད་བགྱིད་པར་ཁས་ལེན་པར་མོས། གཏོར་མ་ཡི་གེ་གསུམ་གྱིས་སྦྱང་། འབྲུ་གསུམ་དང་ཧ་ཧོ་ཧྲཱིཿས་སྤེལ། ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་བྷཱུཏ་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བསྔོས་ལ། ལས་རྡོར་གྱིས་གསེར་སྐྱེམས་དང་ཁྲག་ཆང་གཏོར་མར་སྦྲེང་། སློབ་དཔོན་གྱིས་ཕྱག་མཚན་རྡོ་རྗེ་གདེངས་ཤིང་རིག་རྩལ་སྦར་ལ། ཧཱུྃ་བྷྱོ༔ ཉོན་ཅིག་སྣང་སྲིད་ལྷ་འདྲེའི་ཚོགས༔ ང་ནི་པདྨ་ཧེ་རུ་ཀ༔ སྲིད་ཞི་ཡོངས་ཀྱི་སྤྱི་དཔལ་ཆེ༔ ཁྱེད་རྣམས་ང་ཡི་བྲན་དང་གཡོག༔ འབངས་དང་ཁོལ་པོ་ཡང་གཡོག་ཡིན༔ སྔོན་ཆད་ཇི་ལྟར་ཁས་བླངས་བཞིན༔ དེང་འདིར་དྲན་ཞིང་བསྐུལ་བའི་ཕྱིར༔ དམ་ཚིག་རྡོ་རྗེ་སྤྱི་བོར་བཞག༔ དམ་རྫས་བདུད་རྩི་ལྕེ་ལ་བསྟིམ༔ འཁོར་འདས་གཞིར་བཞེངས་གཏོར་མས་བསྐང༔ ཐ་ཚིག་གཉན་པོ་རྣ་བར་བསྒྲགས༔ རྡོ་རྗེའི་སྔགས་ཀྱིས་གནད་ལ་ཕབ༔ རིག་འཛིན་སློབ་མའི་འབངས་སུ་བསྐོས། །ཅི་བཅོལ་སྒྲུབ་པའི་བཀའ་གཙིགས་བསྡམས། །གངས་ཅན་འགྲོ་ཀུན་བདེ་བ་དང༔ བསྟན་པ་སྤེལ་བའི་གཉེར་གཏད་པའི༔ ཡལ་གམ་འདི་ལས་ཁྱོད་མ་འདའ༔ གཡར་དམ་འདི་ལས་ཁྱེད་འདས་ན༔ སྙིང་གི་དཀྱིལ་ན་གནས་པ་ཡི༔ དམ་ཚིག་བདུད་རྩི་སེམས་དཔའ་ཆེ༔ ཡཀྴ་ཀྲོ་དྷའི་སྐུར་བཞེངས་ནས༔ སྙིང་ཁྲག་འཇིབ་ཅིང་མྱུར་དུ་གསོད༔ རྡོ་རྗེའི་དམྱལ་བར་འཕེན་ཏ་རེ༔ དེ་བས་དམ་ལས་མ་འདའ་བར༔ གང་བཅོལ་ཕྲིན་ལས་མ་ལུས་སྒྲུབས། །དྲག་སྔགས་སོ་ལྔའི་མཐར། ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་བྷཱུཏ་བཛྲ་ས་མ་ཡ་སྨ་ར༔ ས་མ་ཡ་མ་ཏི་ཀྲ་མ༔ ས་མ་ཡ་རཀྵནྟུ༔ ཞེས་བརྗོད་མཐར། གཏོར་མ་གཙང་སར་གཤེགས་ཤིང་། ཨ་ཡ་མ་དུ་རུ་ཙ་ཤ་ན་ས་པ་རི་ཝཱ་ར་གཙྪ། ཞེས་བརྗོད་པས། དྲེགས་པ་ཅན་རྣམས་རང་གནས་སུ་སོང་བར་མོས། དེ་ལྟར་བྱས་པས་རྡོ་རྗེ་སློབ་དཔོན་གྱི་མཐུས། དེང་ཕྱིན་ཆད་ཁྱེད་རྣམས་དྲེགས་པ་ཡོངས་ཀྱི་རྗེ་བོར་གྱུར་ཅིང་གཉེན་པོའི་མཐུ་སྟོབས་རྫོགས་པས་བཀའ་ལས་ནམ་ཡང་འདའ་མི་ནུས་ཤིང་། ཇི་ལྟར་བསྒོ་བའི་ལས་བྱེད་པས་ན་དྲེགས་པ་ཅན་ཐམས་ཅད་ལ་རྡོ་རྗེའི་བཀའ་ནན་རབ་བརྗིད་བསྒྲག་པར་ནུས་པའི་དབང་ཐོབ་པ་ཡིན་ནོ། །གསུམ་པ་སྣང་སྲིད་མདོས་ཀྱི་ཕྲིན་ལས་ཀྱིས་ལྷ་མི་མཁོན་པའི་ཁྲོས་འཁྲུགས་ཞི་བདེར་མདོས་པར་བྱེད་པའི་ལས་ཀྱི་བཀའ་གཏད་པ་ནི། གཞུང་ལས། སྙིགས་དུས་སྡེ་བརྒྱད་ཁེངས་ལོག་པས༔ སྣོད་བཅུད་ཀུན་ལ་འཚེ་བ་འབྱུང༔ དེ་དག་མདོས་ཀྱིས་བཅོས་པའི་ཕྱིར༔ སྣང་སྲིད་གཞིར་བཞེངས་ཕྱག་རྒྱའི་མདོས༔ འདིས་ནི་ནད་གདོན་བར་ཆད་ཞི༔ ཚེ་རིང་བསམ་པ་ཐམས་ཅད་འགྲུབ༔ ཁྱད་པར་རྒྱལ་ཁམས་བདེ་བ་དང༔ ནད་རིམས་ཆད་ཅིང་དམག་འཁྲུགས་བཟློག༔ གང་བརྩམ་ལས་ཀུན་མྱུར་འགྲུབ་ཕྱིར༔ རྣལ་འབྱོར་ལྡན་པས་རྟག་ཏུ་སྤྱད༔ ཅེས་ཞལ་གདམས་སུ་བསྩལ་པ་ཉིད་ལ་འཇུག་རུང་གི་བཀའ་གཏད་པ་ལ་འདུན་པ་འདི་བཞིན་དུ་མཛོད། མདོས་གཏོར་ལ་བསང་ཆུ་འཐོར་ཞིང་། ཡི་གེ་གསུམ་བརྗོད་པས་བསང་། སྭ་བྷཱ་ཝས་སྦྱང་། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། ནམ་མཁའ་མཛོད་ཀྱི་སྔགས་དང་། ཨོཾ་བཛྲ་སྥ་ར་ཎ་ཁཾ་གིས་སྤེལ་ལ། དཔོན་སློབ་གཉིས་ཀ་རིག་འཛིན་ཁྱད་པར་འཕགས་པ་ནམ་མཁའ་དང་མཉམ་པའི་སྐུ་གཟི་བྱིན་མཚུངས་མེད་དུ་གསལ་བའི་ཐུགས་ཀའི་འོད་ཟེར་གྱི་ལྕགས་ཀྱུས། སྣང་སྲིད་སྡེ་བརྒྱད་ཀྱི་མགྲོན་ཐམས་ཅད་བཀུག་པ་མདུན་དུ་བཀའ་ཉན་གསུང་སྡོད་གུས་པའི་རྣམ་འགྱུར་གྱིས་འཁོད་པར་མོས། ཀྱཻ༔ སྣང་ཞིང་སྲིད་པའི་སྡེ་བརྒྱད་ཀུན༔ དཀོན་མཆོག་བདེན་པའི་བཀའ་མ་བཅག༔ རྩ་གསུམ་ལྷ་ཚོགས་དམ་མ་དྲལ༔ རྣལ་འབྱོར་དགོངས་པའི་རྩལ་མ་འགྲན༔ ཚུར་བྱོན་ཚུར་བྱོན་དམ་ལ་འདུས༔ སྣང་སྲིད་མདོས་ཀྱིས་བསྐང་བའི་ཕྱིར༔ ཞི་དང་ཕན་པའི་སེམས་བསྐྱེད་ནས༔ ད་ལྟ་ཉིད་དུ་འདིར་གཤེགས་ཤིག༔ ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་ས་མ་ཡ་ཛཿཛ༔ ས་མ་ཡ་ཏིཥྛ་ལྷན༔ སླར་དམ་ཚིག་གི་རྡོ་རྗེ་སྡེ་བརྒྱད་རྣམས་ཀྱི་སྤྱི་བོར་བཀོད། རྡོ་རྗེའི་ཆུ་ནན་ལྕེ་ལ་བསྟིམ་སྟེ་དམ་ལ་བཞག་ཅིང་ཁས་བླངས་པའི་ཐ་ཚིག་གནད་ནས་བསྐུལ་བར་མོས་ཤིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཕཊ༔ བདུད་རྩི་འཐོར་ལ། བཛྲ་ས་མ་ཡ་ཨ་མྲྀཏ་ཨུ་ད་ཀ་ཋ་ཋ་ཋ༔ རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བསྟན་ཅིང་། ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་སྨ་ར༔ ས་མ་ཡ་མ་ཏི་ཀྲ་མ༔ ས་མ་ཡ་རཀྵནྟུ༔ ཞེས་བརྗོད། དེ་ནས་མདོས་སླར་ཡང་བཏེགས་བཅུག །དཀར་སྔོ་དམར་སྐྱེམས་མདུན་དུ་བཤམས་ལ། མདོས་གཞི་ནམ་མཁའ་ཡངས་པའི་སྣོད་དུ་སྲིད་གསུམ་གླིང་ཡུལ། སྐྱེ་འགྲོ་སྲོག་ཆགས། ནམ་རྒྱང་། མདའ་འཕང་། ཕོ་ཏང་། མོ་ཏང་། སྐུ་གླུད། དཀོར་ནོར། བཟའ་བཅའ་བཏུང་བའི་ཚོགས་སོ་སོའི་སྤྱོད་ཡུལ་བཞིན་འཛད་མེད་འདོད་ཡོན་ལྔ་ལྡན་གྱི་གཏེར་ཆེན་པོར་གྱུར་པ། སློབ་མ་རྣམས་ཀྱིས་བཏེགས་ལ་བརྗོད་ཚིག་དང་མཐུན་པར་བསྔོས་པས་ཐམས་ཅད་ལ་མཉམ་པར་ཐོབ་པས། དགའ་མགུ་བདེ་བའི་ཕུལ་དུ་གྱུར། ཅི་བཅོལ་བའི་ཕྲིན་ལས་སྒྲུབ་པར་ཁས་བླངས། ཁྲོས་འཁྲུགས་མཁོན་པའི་དལ་ཁ་སྡུས། སྣོད་བཅུད་བདེ་ལེགས་ཀྱི་འབྱོར་པ་མཐའ་དག་སྤེལ་ཏེ། རང་རང་གི་གནས་སུ་ལོངས་སྤྱོད་རྒྱ་ཆེན་པོའི་དཔལ་འབྱོར་དང་བཅས་དེངས་པར་སྒོམ་མཛོད། ཀྱཻ༔ སྣང་ཞིང་སྲིད་པས་བསྡུས་པ་ཡི༔ སྡེ་བརྒྱད་འབྱུང་པོའི་ཚོགས་རྣམས་ཀུན༔ དེ་རིང་མགྲོན་དུ་འབོད་པའི་དོན༔ སྲིད་པ་མདོས་ཀྱི་ལོངས་སྤྱོད་ཀྱིས༔ ཐུགས་དམ་གཉན་པོ་བསྐང་ཕྱིར་ཡིན༔ མདོས་ཀྱི་རྒྱུ་ནི་སྟོང་པ་ཉིད༔ སྟོང་ཉིད་རྒྱུ་རུ་མ་གྲུབ་ཀྱང༔ འགག་མེད་གསལ་བའི་ཆོ་འཕྲུལ་ལས༔ མདོས་ཀྱི་རྐྱེན་ནི་སྣང་བར་ཤར༔ སྣང་བ་ཁོ་ན་རྐྱེན་མིན་ཀྱང༔ སྣང་དང་སྟོང་པ་ཟུང་འཇུག་པའི༔ རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས༔ མདོས་ཀྱི་རྣམ་པ་ཅིར་ཡང་སྲིད༔ ངོ་བོ་སྣང་སྟོང་གཉིས་སུ་མེད༔ ངེས་ཚིག་སྣང་སྲིད་མདོས་སུ་བཤམས༔ དབྱེ་བ་ཞི་རྒྱས་དབང་དྲག་ལས༔ ནད་དང་གནོད་པ་ཞི་བའི་མདོས༔ ཚེ་དང་བསོད་ནམས་རྒྱས་པའི་མདོས༔ སྣོད་བཅུད་དབང་དུ་བསྡུ་བའི་མདོས༔ ཕྱི་ནང་བར་ཆད་སྲུང་བའི་མདོས༔ ཆག་ཆེ་ཉམ་ང་ཟློག་པའི་མདོས༔ ཞིང་བཅུའི་དགྲ་བགེགས་གསོད་པའི་མདོས༔ སྐོང་བའི་མདོས་དང་བཤགས་པའི་མདོས༔ སྤྱི་ཡི་མདོས་དང་སྒོས་ཀྱི་མདོས༔ ཕོ་མོ་དང་ནི་མ་ནིང་མདོས༔ དེ་ལ་བྱེ་བྲག་བསམ་མི་ཁྱབ༔ བསྡུ་ན་ཐམས་ཅད་སེམས་ཡིན་ཏེ༔ སེམས་ཉིད་དབྱིངས་ཀྱི་ཆོ་འཕྲུལ་ལས༔ སྣོད་བཅུད་དག་དང་མ་དག་གི༔ རིག་པ་ཡེ་ཤེས་ཅིར་ཡང་བྱུང༔ སྣང་སྲིད་མདོས་བཤམས་དེ་ནས་སྲིད༔ ངོ་མཚར་གླེང་གཞི་མང་ལྡན་པའི༔ བསམ་གྱིས་མི་ཁྱབ་ལོངས་སྤྱོད་ཆེ༔ རྟག་པ་རྒྱུན་གྱི་འདོད་ཡོན་འདིས༔ སྟོང་གསུམ་སྟོང་གི་འཇིག་རྟེན་གྱི༔ ཕྱོགས་མཚམས་སྟོང་གི་འཇིག་རྟེན་ན། །འབྱུང་པོ་ཀུན་ལ་དབང་བསྒྱུར་བའི། །ལྷ་དང་གཤིན་རྗེ་མ་མོ་བདུད། །བཙན་རྒྱལ་གནོད་སྦྱིན་ཀླུ་བདུད་གཟའ། །རང་རང་སྡེ་དཔུང་འབུམ་གྱིས་བསྐོར། །དྲེགས་པ་མཐུ་ཆེན་ཁྱེད་རྣམས་ཀྱི༔ ཐུགས་དམ་གཉན་པོ་བསྐང་བ་དང༔ འཇིག་རྟེན་ཁམས་ནི་ཐམས་ཅད་དུ༔ ཁེངས་ལོག་གནོད་པ་ཞི་བའི་ཕྱིར༔ བརྒྱུད་འཛིན་རྡོ་རྗེའི་སློབ་མ་ཡིས། །ལས་ཀྱི་སྦྱོར་བ་བརྩམ་པའི་ཚེ། །དམ་ཚིག་བཞིན་དུ་འདུ་བ་དང་། ཁས་བླངས་བཞིན་དུ་བསྒྲུབ་པའི་ཕྱིར། །སྣང་སྲིད་གཞིར་བཞེངས་མདོས་ཆེན་བཤམས༔ དམིགས་པའི་རྒྱུ་ལ་བརྟེན་ནས་ཀྱང༔ ཏིང་ངེ་འཛིན་གྱི་རྐྱེན་སྦྱར་བས༔ རྒྱུ་རྐྱེན་རྟེན་འབྲེལ་རྨད་བྱུང་བའི༔ ངོ་མཚར་འབྱོར་པ་ཟད་མི་ཤེས༔ ནམ་ཡང་འགྲིབ་པ་མ་མཆིས་པའི༔ སྣང་སྲིད་ཡོངས་རྫོགས་མདོས་ཆེན་འདི༔ སྔགས་འཆང་རྒྱལ་པོ་བདག་གིས་འབུལ༔ འབུལ་བ་བདག་གིས་མ་ནོར་རོ༔ བཞེས་པ་ཁྱོད་ཀྱིས་མ་ནོར་ཅིག༔ འབུལ་དང་བཞེས་པ་མ་ནོར་བས༔ ཕན་ཚུན་ཡིད་ཀྱི་རེ་བ་གང༔ དགྱེས་ཤིང་མཉེས་ནས་རབ་ཚིམས་ཏེ༔ དུས་སུ་གང་བཅོལ་ཕྲིན་ལས་སྒྲུབས། །ཆག་ཆེ་ཉམ་ང་བྱད་ཕུར་ཀུན༔ ཞིང་བཅུ་ཚང་བའི་དགྲ་ལ་ཟློག༔ ནག་ཕྱོགས་གློ་བུར་བགེགས་ལ་སྒྱུར༔ ཟློག་སྒྱུར་བཅོལ་བའི་ཕྲིན་ལས་མཛོད༔ རང་རང་ཕོ་བྲང་གནས་ཡུལ་དུ། །ད་ནི་གཤེགས་ཤིག་ཤ་ར་ར༔ ད་ནི་བཞུད་དོ་སི་ལི་ལི༔ དཀོན་མཆོག་བདེན་པའི་བཀའ་ལ་ཉོན༔ སྔགས་འཆང་བདག་གི་དམ་ལ་སྡོད༔ རྡོ་རྗེ་སློབ་མའི་ཁོལ་པོ་གྱིས། །མདོས་ཀྱིས་བརྔན་པའི་ངོ་སོ་ཁྱེར༔ རྒྱུ་འབྲས་བསླུ་མེད་ཚུལ་ལ་སོམས༔ འདི་རུ་མ་འཁོར་མ་གནོད་པར༔ ཕན་པའི་སེམས་ཀྱིས་གཞན་དུ་དེངས༔ དུས་སུ་བཅོལ་བའི་ལས་མཛོད་ཅིག །ཨ་ཡ་མ་དུ་རུ་ཙ་ཤ་ན་བཛྲ་ས་མ་ཡ་ཧཱུྃ་ཕཊཿ སརྦ་ཀརྨ་ཀུ་རུ་ཧོཿ ཞེས་པས་བསྔོ་ཞིང་བཀའ་གཏད། ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་བྷཱུཏ་ས་པ་རི་ཝཱ་ར་གཙྪས་རང་གནས་སུ་གཏང་། འོ་དེ་ནི་ལས་བཞི་སྤྱིར་བཏང་གི་མདོས་ཀྱི་བཀའ་གཏད་པ་ཡིན་ལ། ད་ནི་འཕང་བ་དྲག་པོའི་མདོས་ཀྱི་རྗེས་གནང་གི་སླད་དུ། དཔོན་སློབ་གཉིས་ཀ་རིག་འཛིན་དྲག་པོའི་སྐུ་ལས་བྱེད་ཕོ་ཉ་དང་སྲུང་མས་བསྐོར་བ་དང་། སྣང་སྲིད་དྲེགས་པ་རྣམས་ཀྱི་དཔལ་གྱི་མཐུ་ལ་འདུད་ཅིང་དྲག་པོའི་ལས་ལ་རྔམས་པར་གསལ་བའི་ངང་ནས། དཀོན་མཆོག་རྩ་བ་གསུམ་ལ་མཆོད་པའི་སྤྲིན་དུ་ཕུལ་བས་རྒྱབ་རྟེན་ཞུ་བ་དང་། བཀའ་སྲུང་ལྷ་སྲིན་སྡེ་བརྒྱད་ལ་བསྔོས་ཤིང་ཕྲིན་ལས་བཅོལ། ས་བདག་གཞི་གནས་ཀྱི་བདག་པོར་བརྔན་དུ་བྱིན་ནས། མདོས་ལམ་དགྲ་བགེགས་ཀྱི་སྟེང་དུ་ཕྱེ་བའི་གྲོགས་བཅོལ་བར་མོས། གསེར་སྐྱེམས་སློབ་མའི་གཙོ་བོས་བཏེགས་ལ། ཧཱུྃ་བྷྱོ༔ དཀོན་མཆོག་རྩ་གསུམ་ཆོས་སྲུང་ཚོགས༔ འདོད་ཡོན་གཏོར་མ་འདི་བཞེས་ལ༔ མ་གཡེལ་ཐུགས་དམ་དབྱིངས་ནས་སྐྱེད༔ མི་མཐུན་རྐྱེན་དང་བར་ཆད་ཟློགས༔ སྣང་སྲིད་ལྷ་འདྲེའི་དཔུང་ཚོགས་ཀུན༔ མདོས་གླུད་བཟང་པོ་འདི་ཁྱེར་ལ༔ ཟ་ལམ་དགྲ་བགེགས་སྟེང་དུ་ཕྱེས༔ དྲག་པོའི་ཕྲིན་ལས་མྱུར་དུ་སྒྲུབས། །ཞེས་བརྗོད། གསེར་སྐྱེམས་སོགས་ཕྱིར་འབུལ། མདོས་ལ་མེ་རུ་བཙུགས་པ་སློབ་མའི་ལག་ཏུ་བཞག་ནས། མདོས་གཏོར་ནད་མཚོན་དུག་སྤྲིན་གྱི་ཟེར་མདའ་འཕྲོ་བའི་རྡོ་རྗེའི་སྒྱོགས་ཆེན་འབར་བར་གྱུར་པ། བསྟན་པ་འཇིག་པའི་དགྲ་དང་རྒྱལ་ཁམས་ཕུང་བའི་བགེགས་ལ་བརྒྱབས་པས་རྡུལ་ཕྲན་བཞིན་དུ་བརླགས། སྡེ་བརྒྱད་རྣམས་ཀྱིས་ཤ་ཁྲག་བླ་ཚེ་ཧབ་དིར་གྱིས་ཟོས་ཤིང་ཁྱེར་ནས་རྗེས་ཤུལ་མེད་པར་བྱས་པར་མོས། བྷྱོ་བྷྱོ༔ མདོས་དང་གཏོར་མའི་ལྷག་མ་ཀུན༔ ནད་མཚོན་དུག་གི་ཟོར་དུ་སྒྱུར༔ ཟོར་འཕེན་སྡང་བའི་དགྲ་ལ་འཕེན༔ བསྟན་འགྲོར་འཚེ་བའི་དགྲ་ལ་འཕེན༔ ཟོར་འཕེན་གནོད་པའི་བགེགས་ལ་འཕེན༔ ནག་ཕྱོགས་གདུག་པའི་བགེགས་ལ་འཕེན༔ ཟོར་འཕེན་བར་ཆད་ཟློག་ཕྱིར་འཕེན༔ ཆག་ཆེ་ཉམ་ང་ཕྱིར་ལ་སྒྱུར༔ རྦད་འདྲེ་རྦོད་གཏོང་དགྲ་ལ་བྷྱོ༔ སྡེ་བརྒྱད་ཟ་ཁ་བགེགས་ལ་ཡ༔ དགྲ་བགེགས་འབྱུང་པོ་དཔུང་དང་བཅས༔ ཐལ་བའི་རྡུལ་བཞིན་བརླག་པར་མཛོད༔ དྲག་སྔགས་སོ་ལྔ་པའི་མཐར། ཨ་ཡ་མ་དུ་རུ་ཙ་ཤ་ན་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཕཊ༔ ཆག་ཆེ་ཉམ་ང་ཐམས་ཅད་མ་ཧཱ་ཤ་རི་བྷྱོ་བྷྱོ་ཟློག་ཟློག༔ ཅེས་དྲག་ཏུ་གྱེར་ཞིང་། ཚམ་རྔམ་རོལ་མོའི་སྒྲ་དང་བཅས་པས་ཐེབས་སམ་གནོད་པའི་ཕྱོགས་སུ་མདོས་བཏེགས། དེ་ནས་སླར་ལས་ཀྱི་སྦྱོར་བ་ཚུར་མི་ལྡོག་པའི་ཕྱིར། རྡོ་རྗེའི་ཁྱུང་ཆེན་འབར་བས་སྤྲུལ་པ་བུ་ཡུག་ལྟར་འགྱེད་ནས་ཕྱི་ལམ་བཅད་པར་སྒོམས་ཤིག །ཨོཾ་ཁྲོཾ་ག་རུ་ཌཿཙ་ལེ་ཙ་ལེ་ཧཱུྃ་ཕཊ། རྡོ་རྗེ་སྲུང་བའི་གུར་ཁང་མེ་དཔུང་འབར་བས་བར་ཆད་བསྲུང་བར་གྱུར་པར་མོས། ཨོཾ་བཛྲ་རཀྵ་ཀུ་རུ་བྷྲཱུྃ། ལས་མཇུག་རྡོ་རྗེའི་རྟ་བྲོ་བརྡུང་བས་བྱུར་བགེགས་ལྡང་མེད་དུ་རྒྱས་བཏབ་པར་མོས། མདོས་གཞོང་སྦུབས་པར་རྡོ་རྗེས་རྒྱ་གྲམ་བཏབ་ཅིང་། ཨོཾ་ཨཱཿཧཱུྃ་སྟྭཾ་བྷ་ཡ་ལཾ་ནན། ཞེས་པ་རྣམས་བརྗོད། འོ། དེ་རྣམས་ཀྱིས་རང་གཞན་གྱི་དོན་དུ་སྡེ་བརྒྱད་སྤྱིར་བརྔན་ཞིང་བཅོས་པ་དང་། བྱེ་བྲག་མདོས་ཀྱི་སྒོ་ནས་ཕྲིན་ལས་བཞི་དང་མངོན་སྤྱོད་ཀྱི་ལས་སྦྱོར་གང་དང་གང་བརྩམ་ཡང་འཁུ་ལྡོག་མི་བྱེད་ཅིང་། ལས་ལ་མྱུར་བའི་དགོས་པ་དང་ལྡན་པའི་བཀའ་གཏད་ལེགས་པར་ཐོབ་པ་ཡིན་ནོ། །སླར་ཕྱོགས་དུས་ཀྱི་རྒྱལ་བ་ལྷ་དང་མཁའ་འགྲོའི་ཚོགས་མདུན་གྱི་ནམ་མཁར་བྱོན་པ་རྣམས་དང་སློབ་དཔོན་ལྷན་ཅིག་པས་རབ་ཏུ་གནས་པའི་མེ་ཏོག་འཐོར་ཞིང་། བདེན་སྟོབས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་རྣམ་པ་ཀུན་ཏུ་བདེ་ལེགས་ཀྱི་དཔལ་ལ་སྤྱོད་པའི་རྟེན་འབྲེལ་སྒྲིག་པར་མོས། བཀྲ་ཤིས་བརྗོད། དེ་རྣམས་ཀྱི་སྒོ་ནས་རིག་འཛིན་བླ་མ་ཁྱད་པར་འཕགས་པའི་སྒོས་སྒྲུབ་ཀྱི་དབང་དང་། རྗེས་འབྲེལ་གནས་ཆེན་བྱིན་འབེབ་ཀྱི་ཆོ་ག་གཙོ་བོར་གྱུར་པའི་ལས་ཚོགས་བསྒྲུབ་པར་དབང་བའི་དབང་དང་བཀའ་གཏད་ལེགས་པར་ཐོབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ། དམ་ཚིག་ཁས་བླང་ཕྱིན་དབང་གི་རྗེས་སྤྱི་ལྟར་དང་། ཆོ་གའི་རྗེས་རིམ་མཆོད་བསྟོད་ཕྱིན་ཕྲིན་ལས་སྙིང་པོ་ལྟར་བཏང་བས་གྲུབ་པ་དེ་ཙམ་མོ།། །། ༄། ལྔ་པ་སྣང་སྲིད་ཞི་བདེར་སྒྲུབ་པ་བསང་གསུར་ཕུད་མཆོད་ཀྱི་སྐོར་ལ་དབང་བསྐུར་མི་བཞུགས་སོ།། །།༄། དྲུག་པ་འཕྲལ་རྐྱེན་བར་ཆད་སེལ་བ་མདོས་གླུད་ཀྱི་སྐོར་ལ། གནམ་ཆོས་ཐུགས་གཏེར་རིགས་གསུམ་མགོན་པོའི་དྲིལ་སྒྲུབ་ཀྱི་དབང་སྒྲུབ་དང་། འོག་གི་ཧ་ས་གརྦྷའི་བཀའ་གཏད་གཉིས་སྦྲེལ་ན་སྟབས་བདེ་བས། འོག་ཏུ་ཡོད་པའི་ཧ་ས་གརྦྷའི་བཀའ་གཏད་ལག་ལེན་གྱི་དབུར་འབྱུང་བའི་རིགས་གསུམ་དྲིལ་སྒྲུབ་ཀྱིས་བདག་མདུན་ཆབས་ཅིག་ཏུ་བསྐྱེད་དེ་གཟུངས་དབང་གིས་དབང་སྒྲུབ་གོ་བཅད། དེ་མཚམས་ཧ་གར་གྱི་མདུན་བསྐྱེད་ཀྱིས་ཧ་གར་གྱི་བཀའ་གཏད་བསྒྲུབས་ཟིན་མཚམས། ཐོག་མར་རིགས་གསུམ་མགོན་པོའི་དྲིལ་སྒྲུབ་ཀྱི་དབང་གཟུངས་དབང་བཞིན་བསྐུར་གྲུབ་པ་དང་། དེས་སྣང་སྲིད་དྲེགས་པ་ཐམས་ཅད་ཀྱི་གོང་གནོན་གཉེན་པོ་སྟོབས་ཀྱི་ལྷ་རྒྱལ་བ་རིགས་གསུམ་མགོན་པོ་དྲིལ་སྒྲུབ་ཀྱི་དབང་བསྐུར་བ་གྲུབ་ནས། སླར་ཡང་མི་རུང་ཐན་ལྟས་མི་ཁ་དགྲ་གྱོད་སོགས་ཟློག་པ་ལ་ཆེ་ཐང་དུ་བསྔགས་པ། གནམ་ཆོས་སྐོར་ལས་བྱོན་པའི་རིགས་གསུམ་ཁྲོས་པ་ནག་པོ་ཆེན་པོ་མགོ་གསུམ་མམ་ཧ་ས་གརྦྷའི་བཀའ་གཏད་བྱ་བའི་སྐབས་སུ་བབས་པ་སྟེ། དེ་ལ་སེམས་ཅན་ཐམས་ཅད་སངས་རྒྱས་སོགས་ཧ་གར་བཀའ་གཏད་བྱ་ཞིང་། རིགས་གསུམ་ཆོ་གའི་རྗེས་གནམ་ཆོས་སྤྱི་ལྟར་དང་། མགོ་གསུམ་ཆོ་གའི་རྗེས་རིམ་བཀའ་གཏད་གཞུང་བཞིན་བྱའོ།། །། ༈ གནམ་ཆོས་ལས་ཧུར་དྲག་མོ་ཀག་ཟློག་རྣམ་དགུ་དང་བཅས་པའི་དབང་བསྐུར་བཀའ་གཏད་ཀྱི་ལག་ལེན་གཏོ་མཁན་གསོ་ཐིག་ལྟར་རྩ་བ་ལས་ཧུར་དྲག་མོ་ལ། ༼ཐི༽རྩ་གསུམ་སྤྱིའི་ལས་བྱང་སྦྱར་བ་དང་། ཆ་ལག་ལ་ཤིང་། རླུང་། མེ། དགྲ། ས། ལྕགས། ནམ་མཁའ། ཆུ། ཕྱོགས་ཏེ་ཀག་ཟློག་རྣམ་དགུ་བཅས་སོ་སོར་དབང་སྒྲུབ། དངོས་གཞིར་དབང་བཀའ་གཏད་ལ་རྩ་བ་མཁའ་འགྲོ་ལས་ཧུར་དྲག་མོའི་དབང་དང་། ཡན་ལག་ཀག་ཟློག་རྣམ་དགུ་བཅས་ཀྱི་བཀའ་གཏད་རྣམ་གྲངས་བཅུ་པོ་ལས། ཀག་ཟློག་དགུ་ལ་ཆགས་མེད་གསུང་ཟློག་པའི་ལེའུ་སོ་སོར་རིམ་པར་སྦྱར་བ་དང་། ཆོ་གའི་རྗེས་ཀག་ཟློག་དགུ་སོ་སོར་མདོས་མཁན་གསོ་ཐིག་ཏུ་གསུངས་པ་བཞིན། ཆགས་མེད་གསུང་ཟློག་པའི་མཇུག་ཆོག་གྱེར་ཞིང་། རིམ་པར་གཏོར་མ་རྣམས་གཙང་སར་གཤེགས། ལས་ཧུར་དྲག་མོར་གནམ་ཆོས་སྤྱི་བཞིན་བྱའོ།། །། ༈ གནམ་ཆོས་ས་བདག་ཧ་ས་གརྦྷའི་བཀའ་གཏད་གོང་གི་རིགས་གསུམ་དྲིལ་སྒྲུབ་སྐབས་སུ་སོང་ངོ་།། །། ༈ གནམ་ཆོས་དབང་ཕྱུག་ཟོར་མདོས་ཀྱི་བཀའ་གཏད་སྐབས། བཀའ་གཏད་བྱ་ཐབས་ལྟར་ཐོག་མར། ན་མོ༔ དཀོན་མཆོག་གསུམ་དང་སོགས་གནམ་ཆོས་སྐྱབས་སེམས་ལན་གསུམ་རྗེས། རང་ཉིད་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སོགས་བཀའ་གཏད་དབུར་འབྱུང་བའི་བདག་བསྐྱེད་བསྙེན་པ་བྱས་རྗེས། ལས་བུམ་འཁྱིལ་པས་བསྒྲུབ། དེ་ནས་སློབ་མ་རྣམས་ཁྲུས་བྱས་ལ། འོ། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་གནས་སྐབས་འགོ་ཡམས་རིམས་ནད་བན་བོན་མུ་སྟེགས་པའི་བྱད་ཕུར་རྦོད་གཏོང་ཐམས་ཅད་ཞི་བ་དང་། མཐར་ཐུག་གཟུང་འཛིན་ལས་ཉོན་གྱི་དྲི་མ་བག་ཆགས་དང་བཅས་པ་རང་སར་ཞི་ནས། ཀུན་མཁྱེན་རྡོ་རྗེ་འཆང་གི་གོ་འཕང་ལ་དབུགས་དབྱུང་བའི་སླད་དུ་བཀའ་གཏད་ཞུའོ་སྙམ་པའི་སེམས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེ་ལ་སྐབས་སུ་བབས་པ་འདི་ནི། ཤུད་བུ་དཔལ་གྱི་སེངྒེའི་སྤྲུལ་སྐུ་གནམ་ཆོས་མི་འགྱུར་རྡོ་རྗེའི་དགོངས་གཏེར་ཐུགས་ཀྱི་ཀློང་གསལ་གྱི་སྐོར་ལས་བྱོན་པའི། བྱད་ཟློག་ལྷ་མོ་མཆེད་ལྔ་དབང་ཕྱུག་མ་ཉེར་བརྒྱད་ཀྱིས་བསྐོར་བའི་སྒྲུབ་ཐབས་ལས་སྦྱོར་དང་འབྲེལ་བའི་བཀའ་གཏད་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། དུས་གསུམ་སངས་རྒྱས་ཐམས་ཅད་དང༔ ཁྱད་པར་དབང་ཕྱུག་ལྷ་མོ་ལ༔ གསོལ་བ་འདེབས་སོ་བཀའ་གཏད་སྩོལ༔ ལན་གསུམ། རྒྱུད་སྦྱོང་བའི་སླད་དུ་བླ་མ་ཡེ་ཤེས་ཀྱི་མཁའ་འགྲོ་སྐྱབས་ཡུལ་རྒྱ་མཚོས་བསྐོར་བའི་སྤྱན་སྔར་བདུན་རྣམ་དག་འབུལ་བའི་བློས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སོགས་ལན་གསུམ། དེ་ནས་དཔོན་སློབ་གཉིས་ཀ་གཉེན་པོ་སྟོབས་ཀྱི་ལྷ་ཡི་ཕྱག་རྒྱ་མཁའ་འགྲོ་མ་སེང་གེའི་གདོང་ཅན་མའི་སྐུ་འདི་ལྟར་གསལ་ཐོབས། སློབ་དཔོན་དང་ཁྱེད་རང་རྣམས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སོགས་བཀའ་གཏད་བཞིན། བསྒྲུབ་པར་གྱུར༔ དེ་ལྟར་གསལ་བའི་ཐུགས་ཀར་ཉི་དཀྱིལ་ཧཱུྃ་ཡིག་མཐིང་གའི་མཐར་ཡི་གེ་བཅུ་བཞི་པའི་སྔགས་ཕྲེང་ལྕགས་སྲེག་གི་རང་བཞིན་ཅན་འཁོད་པ་ལ། སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་གཉིས་པ་འཕྲོས། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་སྲོག་གི་མཐར་ཡིག་ངོ་ཕྱིར་བསྟན་གཡོན་སྐོར་དུ་འཁོད་པའི་འོད་ཟེར་རྣོ་མྱུར་ཕྱོགས་ཀུན་ཏུ་འཕྲོས། རྒྱལ་བ་རྩ་གསུམ་ཡེ་ཤེས་དང་འཇིག་རྟེན་མཁའ་འགྲོའི་མཐུ་སྟོབས་བསྡུས་ཤིང་། དྲེགས་པ་སྤྱི་དང་ཁྱད་པར་སྲིད་པ་མོ་རྒྱུད་ཟིལ་གྱིས་མནན་ནས་དབང་དུ་བསྡུས་ཤིང་འབངས་སུ་བཀོལ། བྱད་ཕུར་རྦོད་གཏོང་དགྲ་འདྲེ་འབྱུང་གདོན་ཚར་བཅད་པར་མོས་ལ་གསང་སྔགས་བརྒྱ་རྩ་བརྒྱད་བཟླ་འཚལ། ཨཿཀཿསཿམཿསོགས་བསྙེན། དེ་ནས་མདུན་གྱི་མཆོད་གཏོར་དུར་ཁྲོད་དྲག་པོའི་རྫས་སུ་བྱིན་གྱིས་བརླབ་པ་དང་། རྟེན་དང་དཔོན་སློབ་རྣམས་བྱད་ཟློག་ལྷ་མོ་གཙོ་འཁོར་གྱི་སྐུར་སྒོམ་པ་ལ། ཡེ་ཤེས་པ་དྲངས་བསྟིམ། མཆོད་བསྟོད། ཕྲིན་ལས་བཅོལ་བའི་ལས་རིམ་སློབ་དཔོན་གྱི་བརྗོད་ཚིག་དང་མཐུན་པར་གསལ་འདེབས་མཛོད། གོང་གི །ཀ་དག་ཀློང་ནས་སོགས་ཀྱི་མཆོད་བརླབ་མཐར། སྐད་ཅིག་གིས་དཔོན་སློབ་གཉིས་ཀ་གནས་འགྱུར་གྱི་ཚུལ་དང་། མདུན་བསྐྱེད་ཀྱི་རྟེན་གཏོར་མ་ཟོར་རྩང་དང་བཅས་པ་རྣམས་སོ་སོར་མཁའ་འགྲོ་བྱད་ཟློག་མ་སྐུ་མདོག་སོགས་ནས་དེའི་འོག་ནས་འབྱུང་བའི་བཟླས་དམིགས་མཐའི། སྒོ་གསུམ་ནུས་པ་བཅོམ་པར་གྱུར༔ དེ་ལྟར་དམིགས་པས་སྔགས་འདི་ཟློས། སྒྲུབ་སྔགས་རྗེས་ཟློས་ལན་དགུ་དང་། ལས་སྦྱོར་སྔགས་ལན་བདུན། དེ་ལྟར་བྱས་པས་མདུན་བསྐྱེད་ལྷ་ཚོགས་རྣམས་མཆོད་ཅིང་བསྟོད་པས་དགྱེས། ཕྲིན་ལས་བཅོལ་པ་བཞིན་མཛད་པར་ཞལ་གྱིས་བཞེས། ཐུགས་དམ་བསྐུལ་བ་བཞིན་ལས་མཛད་ནས་བྱད་མ་གནོད་བྱེད་ཀྱི་སྟེང་དུ་ཁྲོས་འཁྲུགས་རྔམས་པར་གྱུར་ཏེ། དམ་ཡེ་གཉིས་མེད་མདུན་གྱི་ནམ་མཁར་བཞུགས་ནས་དམོད་པའི་དྲག་སྔགས་འུར་ཞིང་། མཚོན་ཐུན་ཕོ་ཉའི་དམག་དཔུང་འགྱེད། ཟོར་རྣམས་ཟློག་མེད་ལས་ཀྱི་མཚོན་ཆའི་རི་རབ་རང་འདྲའི་ཐོག་ཆར་གྲངས་མེད་བུ་ཡུག་འཚུབས་པ་གནོད་བྱེད་ཀྱི་སྟེང་དུ་འཕངས་པས་མིང་དང་རྗེས་ཤུལ་མེད་པར། ཁོ་ཡིས་བྱས་པའི་མཐུ་གཏད་ཟོར་སྔགས་ཀྱི་སྦྱོར་བའི་ནུས་པ་དང་བཅས་པ་ཐམས་ཅད་གཏིང་ནས་བརླགས་པར་མོས་ཏེ། ཟོར་རྣམས་དམིགས་བྱའི་ཕྱོགས་སུ་འཕངས་པའི་རྗེས་སུ་སྤྲུལ་པའི་ལས་མཁན་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་དཔུང་དང་བཅས་པ་བརྒྱུགས་ནས་སྲོག་བཅད། དབུགས་བླངས། རྣམ་ཤེས་བཙོན་དུ་བཟུང་ཞིང་གཟིར། ཤ་རུས་ཁྲག་རྣམས་རྔམ་ཟས་སུ་བྱས་པར་མོས། ཧཱུྃ༔ བྱད་ཟློག་ལྷ་མོའི་ནུས་མཐུ་སོགས་ཀྱི་མཐར་ཤེས་ན་དཔོན་སློབ་ཐམས་ཅད་དང་། མ་ཤེས་ན་སློབ་དཔོན་གྱི་སྔགས་བཟླ་ཞིང་ཟོར་རྣམས་སློབ་མ་ལ་རིམ་བཞིན་འགྲིམ་ནས། གཙོ་བོའམ་ལས་རྡོར་གྱིས་ཐེབས་སམ་གནོད་ཕྱོགས་སུ་འཕེན་བཅུག་ལ། རོལ་ཆ་ཡོད་ན་ལྡིར། དར་ནག་རྡེབ་ཐབས་སུ་གཡབ་བོ། །བྱད་ཟློག་ལྷ་མོ་མཆེད་ལྔ་སོགས་ནས། བཛྲ་མུ༔ གཤེགས་ལ། སླར་ལྷ་སྲིན་དྲེགས་པའི་དམག་ཚོགས་རྣམས་ཀྱིས་བྱད་མའི་རྣམ་ཤེས་བླ་དང་བཅས་པ་བཟུང་སྟེ་ཚུར་ཁྱེར་ནས་བྲུབ་ཁུང་ཐར་མེད་དུ་བཅུག །དགྱེས་པའི་གད་མོའི་སྒྲ་དང་བཅས་ནས་རང་གནས་སུ་དམ་ཡེ་གཉིས་མེད་གཤེགས་པར་མོས། བྲུབ་ཁུང་ལས་ཀྱི་གཤིན་རྗེའི་ལྟོ་བའི་བཙོན་ཁང་དུ་བྱད་མ་རྦོད་གཏོང་། དགྲ་འདྲེའི་རྣམ་ཤེས་བླ་དང་བཅས་པ་ཚུད་ཅིང་བྱང་སེམས་མ་སྐྱེས་ཀྱི་བར་མི་ལྡང་བར་གཏོར་གཞོང་རི་རབ་འབར་བས་མནན་པའི་ཁར། བྱད་ཟློག་ལྷ་མོ་མཆེད་ལྔ་སོགས་རྡོ་རྗེའི་ཕྱག་རྒྱས་བཏབ་པ་རྒྱལ་བ་ཞི་ཁྲོའི་ཕོ་བྲང་དུ་གྱུར། ཆོས་སྐྱོང་ལས་མཁན་རྣམས་ཀྱིས་བསྲུང་། དཔོན་སློབ་རྣམས་སྐད་ཅིག་གིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གདོང་མའི་སྐུར་གྱུར་པ་དང་། འཁོར་འདས་སྣང་སྲིད་ཐམས་ཅད་ཁྲོ་བོ་ཁྲོ་མོའི་སྤྲིན་དུ་གྱུར་པས། རྡོ་རྗེའི་སྲོག་ལས་མཇུག་གསོར་མེད་པར་བྱས་པར་མོས། ཨཿཀཿསཿམཿསོགས། སྟྭམྦྷ་ཡ་ནན༔ བར། གཏོར་གཞོང་ཁ་གྱེན་དུ་བསྟན་ཅིང་འབྲུ་འཐོར་བས། དབྱིངས་ན་བཞུགས་པའི་རྒྱལ་བ་རྣམས་ཀྱིས་བཀྲ་ཤིས་པའི་མེ་ཏོག་གི་རབ་ཏུ་གནས་པས་ལས་ཀྱི་ནུས་པ་བསྐྱེད་ཅིང་བརྟན། དཔོན་སློབ་ཡོན་མཆོད་ཐམས་ཅད་གནས་སྐབས་ཀུན་ཏུ་བཀྲ་ཤིས་བདེ་ལེགས་ཀྱི་དཔལ་དང་ལྡན་པར་མཛད་པར་མོས། ཡེ་དྷཱར་དང་ཤིས་བརྗོད། གཏང་རག་མཎྜལ། དགེ་བསྔོ་བཅས་དམིགས་མེད་ཀྱི་རྒྱས་གདབ་པས་གྲུབ་བོ།། །། ༈ གནམ་ཆོས་མ་མོའི་ཁྲག་མདོས་ཀྱི་བཀའ་གཏད་ལ། ཐོག་མར་སློབ་དཔོན་གྱིས། ན་མོ༔ དཀོན་མཆོག་གསུམ་དང་སོགས་གནམ་ཆོས་སྐྱབས་སེམས་ལན་གསུམ། ཀ་དག་ཀློང་ནས་སོགས་ཀྱིས་མཆོད་གཏོར་བྱིན་གྱིས་བརླབ། བདག་བསྐྱེད་གཤེད་དམར་དང་ཕྱག་རྡོར་གང་རུང་གསུངས་པས། སྤྲོ་ན་རིགས་མཐུན་གྱི་སྒོམ་བཟླས་བྱ་དགོས་ཤིང་། བསྡུ་ན་འདི་ཡི་གོང་དུ་སོང་བའི་རིགས་གསུམ་སྤྱི་དྲིལ་བྱས་ཀྱང་མི་འགལ་སྙམ་པས། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པད་ཟླ་ཉི་མའི་སྟེང༔ སོགས་རིགས་གསུམ་མགོན་པོའི་དྲིལ་སྒྲུབ་ཧ་གར་བཀའ་གཏད་དབུར་འབྱུང་བ་བཞིན་ལྷ་བསྐྱེད་ནས་བཟླས་པ། མཆོད་བསྟོད་གྲུབ་ཀྱི་བར་གཏང་། ལས་བུམ་འཁྱིལ་པས་བསྒྲུབ། སློབ་མར་ཁྲུས་བྱ། འོ། ནམ་མཁའི་མཐས་གཏུགས་ཀྱི་མ་རྣམས་གནས་སྐབས་ནད་ཡམས་རིམས་ནད་ལས་བསྲུང་ཞིང་སྐྱོབ་པ་དང་། མཐར་ཐུག་ཉོན་མོངས་པའི་ནད་ཆེན་ལས་ཐར་ཏེ་ཀུན་མཁྱེན་ཡེ་ཤེས་རྡོ་རྗེའི་གོ་འཕང་ལ་སྦྱོར་བའི་ཕྱིར། མ་མོའི་ཁྲག་མདོས་ཀྱི་བཀའ་གཏད་ཞུའོ་སྙམ་པའི་སེམས་བསྐྱེད་ནས་གསན་འཚལ། དེ་ལ་ད་ལམ་གྱི་སྐབས་སུ་བབས་པ་འདི་ནི་སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་གནམ་ཆོས་དགོངས་གཏེར་ཐུགས་ཀྱི་ཀློང་གསལ་སྐོར་ལས་བྱུང་བ། མ་མོའི་ཁྲག་མདོས་ལ་བརྟེན་ནས་མ་མོ་འཁྲུགས་པའི་རྩུབ་འགྱུར་དལ་ཡམས་རིམས་ནད་ཐམས་ཅད་ཞི་ཞིང་ཟློག་པའི་མདོས་ཆོག་ལ་འཇུག་པར་དབང་ཞིང་། དེའི་ནུས་སྟོབས་འབྱིན་པར་བྱེད་པའི་བཀའ་གཏད་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དབྱེར་མེད་རྡོ་རྗེ་སློབ་དཔོན་གྱིས། །མ་མོའི་རིམས་ནད་གཅོད་པའི་ཕྱིར། །བཀའ་གཏད་བྱིན་རླབས་བསྩལ་དུ་གསོལ། །ལན་གསུམ། བླ་མ་རྩ་གསུམ་སྐྱབས་ཡུལ་རྒྱ་མཚོས་བསྐོར་བའི་སྤྱན་སྔར་བདུན་རྣམ་དག་འབུལ་བའི་བློས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་སོགས་ལན་གསུམ། དེ་ནས་ཐོག་མར་ཁྱེད་རང་རྣམས་གཉེན་པོ་སྟོབས་ཀྱི་ལྷའི་ཕྱག་རྒྱའི་བསྐྱེད་བཟླས་འདི་ལྟར་དུ་མཛོད། ཡི་དམ་གཞན་ཡིན་ན་བསྐྱེད་བཟླས་འབོགས། རིགས་གསུམ་སྤྱི་དྲིལ་ཡིན་ན་ལས་སྔགས་དང་ཆུས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པད་ཟླ་སོགས་ནས། ཨ་བྷི་ཥིཉྩ་ཧཱུྃ༔ བར་གྱིས་གསལ་གདབ། དེ་ལྟར་གསལ་བའི་ཐུགས་ཀར་ཟླ་སྟེང་འབྲུ་གསུམ་གྲལ་ཐབས་སུ་གནས་པ་བཟླས་པའི་འོད་ཀྱིས་སྒོ་གསུམ་གྱི་དྲི་མ་སྒྲིབ་པ་དང་བཅས་པ་སྦྱངས། རྒྱལ་བ་རྣམས་མཆོད་ཅིང་བསྐུལ། བྱིན་རླབས་ཚུར་འདུས་པས་སྣང་བ་དབང་དུ་འདུས་ཤིང་ཟིལ་གནོན་གྱི་མཐུ་ཐོབ་པས་སྙིང་པོ་འདི་བཟླ་འཚལ། ཨ་ཧྲཱིཿཧཱུྃ༔ ཞེས་བརྒྱ་རྩ་བཟླ། སློབ་དཔོན་ལྷར་གསལ་བའི་མདུན་རྟེན་མདོས་དཀྱིལ་གསལ་བཏབ་ཅིང་། བྱིན་གྱིས་བརླབ་པ། ཡེ་ཤེས་མ་མོ་དྲངས་བསྟིམ། མཆོད་བསྐང་། བསྟོད་དེ་ཕྲིན་ལས་བཅོལ་བས་ཁྲོས་འཁྲུགས་ཞི་ནས་བྱམས་པའི་ཐུགས་ཀྱིས་བུ་ལྟར་དགོངས་ཤིང་། ཕྲིན་ལས་གང་བཅོལ་ཐོགས་མེད་བསྒྲུབ་པར་ཞལ་གྱིས་བཞེས་པ་དང་། བཟླས་པའི་ཏིང་འཛིན་འཕྲུལ་འཁོར་གྱིས་བསྐུལ་བ་བཞིན་ཕྲིན་ལས་མཛད་པའི་དམིགས་པ་རྣམས་བརྟན་པོར་གནང་འཚལ། དཔོན་སློབ་གཉིས་ཀ་ཡི་དམ་ལྷར་གསལ་བའི་ཐུགས་ཀ་ནས་སོགས་ནས་བཟླས་པ་བརྒྱ་རྩ་རྫོགས་པ་དང་། སློབ་དཔོན་རིགས་གསུམ་གཅིག་དྲིལ་གྱི་ང་རྒྱལ་གྱིས་མ་མོ་འཁོར་བཅས་ལ་བཀའ་བསྒོས་ཤིང་། སློབ་མ་ལྷར་གསལ་བ་ལ་སྲུང་མ་བྲན་ཁོལ་དུ་གཏད་པ་བཞིན། སྔོན་དཔལ་ཆེན་པོའི་སྤྱན་སྔར་རང་དམ་བཅས་པ་རྗེས་སུ་དྲན་པས་ཅི་བགྱིའི་བཀའ་ཉན་ཅིང་། ཕྲིན་ལས་ཐམས་ཅད་བསྒྲུབ་པར་ཁས་བླངས་ཏེ་དགྱེས་པས་འཁོད་པར་མོས། ལྷ་མོ་འདི་ལ་སོགས་ཀྱི་མཐར། ཤིས་པར་བྱ་བའི་སླད་དུ་དབྱིངས་ན་བཞུགས་པའི་རྒྱལ་བ་རྣམས་མདུན་མཁར་བྱོན་ནས། སློབ་དཔོན་དང་ཆབས་ཅིག་པར་བཀྲ་ཤིས་མཛད་པས་དབང་གི་ནུས་པ་བསྐྱེད་ཅིང་། མཆོད་ཡོན་ཐམས་ཅད་ལ་རྣམ་ཀུན་དགེ་ཞིང་ཞལ་དྲོ། བཀྲ་ཤིས་ཕུན་ཚོགས་འབྱུང་བའི་རྟེན་འབྲེལ་བསྒྲིགས་ཤིང་བྱིན་གྱིས་བརླབ་པར་མོས། བཀྲ་ཤིས་ཅི་རིགས་བརྗོད། དེ་ལྟར་བྱས་པའི་དམ་ཚིག་གི་རིམ་པ་རྡོ་རྗེ་ཐེག་པའི་ཕྱི་ནང་གསང་བས་བསྡུས་པ་སྤྱི་དང་། ཁྱད་པར་ལྷ་མོ་དཔོན་གཡོག་གི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་དགོས་པས། ཇི་ལྟར་བསླབ་པ་བཞིན་བགྱིད་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། ལུས་དབུལ། དགེ་བསྔོ་བཅས་དང་། ཆོ་གའི་རྗེས་གོང་བཞིན་མཆོད་བསྟོད་ཕྲིན་བཅོལ་བསྐྱར་མཐར། བྷྱོ༔ མ་གཅིག་ལྷ་མོ་སོགས་ལྷ་མོ་རང་གནས་དང་། མདོས་གཙང་སར་གཤེགས། བདག་བསྐྱེད་རྗེས་གནམ་ཆོས་སྤྱི་བཞིན་དང་། དགེ་བསྔོ་སྨོན་ཤིས་བཅས་བྱའོ།། །། ༈ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་ལེའུ་བཅུ་གཅིག་པར་གསུངས་པའི་སྡེ་བརྒྱད་ཁེངས་མདོས་ཀྱི་བཀའ་གཏད་གོང་དུ་གནས་ཆེན་བྱིན་འབེབས་ཀྱི་ཞར་བྱུང་དུ་སོང་ངོ་། །དེ་དག་ནི་རྐྱེན་སེལ་མདོས་གླུད་ཀྱི་སྐོར་ལས་འབྱུང་བའི་རྗེས་གནང་སྟེ། ཐུན་མོང་གི་ཕྲིན་ལས་སྣ་ཚོགས་པའི་སྐོར་རྣམས་གྲུབ་བོ།། །། ༄༅། །གཉིས་པ་བྱེ་བྲག་ལས་སོ་སོར་བསྒྲུབ་པ་ལ་སྲུང་བ། ཞི་བ། རྒྱས་པ། དབང་། དྲག་པོ་དང་ལྔ་ལས། དང་པོ་སྲུང་བའི་ལས་ཀྱི་སྐོར་ལ། བར་ཆད་སྤྱི་དང་། བྱེ་བྲག་འབྱུང་བཞིའི་འཇིགས་པ། ཡུལ་འཁོར། སེར་བ། སད། མི་ཕྱུགས་དལ་ཡམས། དུག །ཆོམ་རྐུན། མཚོན་ཆ། བཀའ་བསྒོ། སྤྲིང་ཡིག་དང་བཅུ་གཅིག་ལས། དང་པོ་ནད་གདོན་བར་ཆད་སྤྱིར་སྲུང་བའི་སྐོར་ལ། རྒྱ་ཕུར་བུའི་ཟབ་གཏེར་གསང་བའི་རྫས་རྒོད་རྭ་སྲུང་བུམ་ལྕགས་ཐུན་མོང་གི་རྗེས་གནང་སྐབས་དབང་དོན་བསྒྲུབ་པ་དང་། རྗེས་གནང་དངོས། མཇུག་གི་བྱ་བའོ། །དང་པོ་ནི། སྐྱབས་ཡུལ་གསལ་བཏབ་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ཡན་ལག་བརྒྱད་པས་ཚོགས་གསག །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སོགས་ཀྱིས་ཚད་མེད་བཞི་བསྒོམ། བདག་བསྐྱེད་ནི། སྭ་བྷཱ་ཝས་སྟོང་པར་སྦྱང་། ཆོས་ཐམས་ཅད་མི་དམིགས་པ་སྤྲོས་བྲལ་སྟོང་པ་ཉིད་ནམ་མཁའ་ལྟ་བུ་ཀུན་ཁྱབ་གཞོམ་གཞིག་བྲལ་བའི་དབྱིངས་སུ་རྣམ་པར་དག་པའི་ལྟ་བ་གྱད་ཀྱི་ལྷ་དེ་བཞིན་ཉིད་ཀྱི་ངང་ལས་མ་གཡོས་བཞིན། དམིགས་མཚན་བྲལ་བའི་སྙིང་རྗེ་ཆེན་པོའི་རང་གདངས་འགག་པ་མེད་པའི་རྩལ་ལས། སྐད་ཅིག་གིས་པདྨ་དང་ཉི་མའི་སྟེང་དུ་རང་སེམས་ཧཱུྃ་ཡིག་མཐིང་ནག་ཡོངས་སུ་གྱུར་པ་ལས། གསང་བདག་རྡོ་རྗེ་གཏུམ་པོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། དབུ་སྐྲ་དང་སྨ་ར་སྨིན་མ་འབར་ཞིང་མཆེ་བ་གཙིགས་པ། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་གསོར་བ། གཡོན་པས་སྡིགས་མཛུབ་ཀྱི་རྩེ་ལ་ཁྱུང་ཁྲ་འགྱེད་པ། གར་དགུའི་ཉམས་ཅན། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་འགྱིང་བ། ཐོད་སྐམ་ལྔའི་དབུ་རྒྱན་དང་ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། ཞིང་གླང་གི་པགས་པས་སྟོད་གཡོགས་ཤིང་སྟག་ལྤགས་ཀྱི་ཤམ་ཐབས་འཕྱང་བ། ཀླུ་རིགས་ལྔའི་སྦྲུལ་ཆུན་དང་ཁྲག་ཞག་ཐལ་བས་མཚན་པ། བསྐལ་པའི་མེ་ཕུང་འབར་བའི་ཀློང་ན་བཞུགས་པ། སྲིད་པ་དང་ཞི་བའི་ཁམས་ཀུན་ན་ཆེ་བཙན་འགྲན་ཟླ་དང་བྲལ་བ། སྣང་སྲིད་ཀྱི་དྲེགས་པ་སྡེ་བརྒྱད་ཀྱི་གཙོ་བོ་འབངས་དང་བཅས་པ་ཐམས་ཅད་དབང་དུ་སྡུད་ཅིང་ཟིལ་གྱིས་གནོན་པ། ཅི་བགྱིའི་བྲན་དུ་ཁོལ་ཞིང་འབངས་སུ་བཙུད་པས་སྒོ་གསུམ་འདའ་བའི་དབང་མེད་པར་ཅི་བགྱིས་བཀའ་ཉན་པའི་སྐུར་གསལ་བར་གྱུར། དེའི་གནས་གསུམ་རྡོ་རྗེའི་ཡི་གེ་གསུམ་གྱིས་མཚན་པའི་འོད་ཀྱིས་བླ་མ་དཀོན་མཆོག་རྩ་བ་གསུམ་གྱི་ལྷ་ཚོགས་རྡོ་རྗེ་གཏུམ་པོའི་སྐུར་བཞེངས་ཏེ། སྐུ་གསུམ་གྱི་ཞིང་རབ་འབྱམས་གཡོ་བའི་ཆོ་འཕྲུལ་དང་བཅས་བྱོན་པར་གྱུར། བཛྲ་ས་མཱ་ཛཿསྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ་པ་ལ་མཆོད་ཅིང་བསྟོད་པར་མོས་པས། ཨོཾ། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་པའི་སྤྲིན། །ཕྱི་ནང་གསང་མཆོད་དགྱེས་བསྐྱེད་རྫས། །གསང་བདག་དཀྱིལ་འཁོར་ལྷ་ལ་འབུལ། །ཨོཾ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་ནས། ཤབྡ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ཧཱུྃ། བདུད་འདུལ་ཁྲོ་རྒྱལ་རབ་ཏུ་འཇིགས། །མཐིང་ནག་ནམ་མཁའི་གློག་ལྟར་གསལ། །དྲེགས་པའི་སྙིང་འདྲེན་བྲན་དུ་ཁོལ། །གདུལ་དཀའ་འདུལ་ལ་བསྟོད་པར་བགྱི། །ཞེས་བསྟོད། བཟླས་པ་ནི། ཐུགས་ཀར་ཉི་མ་ལ་གནས་པའི་རྡོ་རྗེའི་ལྟེ་བར་ཧཱུྃ་ཡིག་མཐིང་གའི་མཐར་སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར་བ། དེ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་ཐམས་ཅད་མཆོད་ཅིང་བྱིན་རླབས་བསྡུས། སེམས་ཅན་གྱི་དོན་བྱས། སྣང་གྲགས་དག་པ་ལྷ་དང་སྔགས་སུ་སྦྱངས། སླར་རྡོ་རྗེའི་སེར་བ་མེ་དཔུང་འཐོར་རླུང་གི་ཚོགས་འཕྲོས། མ་རུངས་པའི་སྡེ་བརྒྱད་ཐམས་ཅད་བསྐྲད་གཟིར་བརྡེག་ཅིང་སྲོག་ནས་དྲངས་ཏེ་རྡུལ་དུ་བརླགས་པས་ཅི་བསྒོ་བའི་ལས་བྱེད་པར་བསམ་ལ། ཨོཾ་ན་མོ་བུདྡྷ་ཡ༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ ནཱ་ག་དུ་ཙནྡྷེ་ཙནྡྷེ༔ མི་ལི་མི་ལི༔ བྷནྡྷ་བྷནྡྷ༔ ནཱ་ག་ནི་སྭཱ་ཧཱ༔ ཞེས་ཡིག་འབྲུ་སོ་གཉིས་པ་ཅི་ནུས་བཟླ་ཞིང་། བསྙེན་ཚད་འབུམ་ཕྲག་གཅིག་གིས་འགྲུབ། ཐུན་དོང་ལ་དམིགས་ཏེ། ཐུན་སྣོད་གནམ་ལྕགས་ཀྱི་སྒྲོམ་བུ་སྲིད་པ་གསུམ་གྱི་གཏོས་དང་མཉམ་པའི་ནང་དུ་དྲག་པོའི་རྫས་རྒོད་ཀྱི་རྡུལ་རེ་རེ་བཞིན་བདུད་དགྲ་འཇིགས་བྱེད་གསང་བདག་ཁྲོ་བོའི་རྒྱལ་པོའི་སྐུར་གྱུར་པ་ལས། བསྐལ་པའི་མེ་དཔུང་འབར་ཞིང་དྲག་རྩལ་གྱི་ཆོ་འཕྲུལ་རྡོ་རྗེའི་མེའི་ཚྭ་ཚྭ་དྲག་ཏུ་འཁྲུགས་པས། གནོད་བྱེད་ཐམས་ཅད་རྩྭ་སྦུར་མེ་ལྕེ་དང་འཕྲད་པ་བཞིན་བརླག་པར་བྱེད་པ་ལ་དྲག་པོའི་སྔགས་ཀྱིས་ངར་བཏབ་པས། མེ་ལ་སྦུད་པ་བུས་པ་ལྟ་བུར་རབ་ཏུ་འབར་བས་སྣང་སྲིད་ཐམས་ཅད་སྲེག་པའི་ནུས་ལྡན་དུ་གྱུར་པར་མོས་ལ། བསྙེན་པ་བརྒྱ་རྩ་དང་། དམིགས་བསལ་སྒྲུབ་པའི་སྐབས་སུ་འབུམ་ཕྲག་གམ་རྟགས་མ་བྱུང་གི་བར་དུ་བཟླ། ཐུན་མཐར་དབྱངས་གསལ་རྟེན་སྙིང་ལན་གསུམ་གྱིས་ནུས་པ་བརྟན་པར་བྱའོ། །ལས་བུམ་འཁྱིལ་པས་བསྒྲུབ། གཉིས་པ་རྗེས་གནང་དངོས་ལ། སློབ་མ་རྣམས་ལ་ཁྲུས་བྱས་ནས་གྲལ་དུ་འཁོད། མཎྜལ་བཀྱེ་བསྡུ་ཟིན་ནས། ནམ་མཁའི་མཐའ་དང་མཉམ་པའི་མ་རྒན་སེམས་ཅན་ཐམས་ཅད་གནས་སྐབས་སྡེ་བརྒྱད་གདུག་པའི་ཆོ་འཕྲུལ་ནད་གདོན་གདུག་པའི་གཡུལ་ལས་སྐྱོབ་པ་དང་། མཐར་བླ་ན་མེད་པ་ཁྱབ་བདག་དང་པོའི་མགོན་པོ་མཆོག་གི་གོ་འཕང་ལ་སྦྱོར་བའི་སླད་དུ་སྲུང་བའི་རྒྱལ་པོའི་རྗེས་གནང་ཟབ་མོ་ཞུའོ་སྙམ་པའི་སེམས་བསྐྱེད་གསལ་བཏབ་ནས་གསན་འཚལ། དེའང་ཐུགས་རྗེའི་མཐའ་ལ་གཏུགས་པ་མེད་པའི་ཐབས་མཁས་ཀྱི་ཚུལ་བསམ་གྱིས་མི་ཁྱབ་པས་སྐྱེ་རྒུ་རྣམས་ལ་ཕན་བདེའི་ཕྲིན་ལས་རྒྱུན་གྱིས་རྟག་པའི་བདག་ཉིད། ཀུན་བཟང་རྡོ་རྗེ་འཆང་ཆེན་པོས་བླ་ན་མེད་པའི་སྔགས་རྒྱུད་མཆོག་ཐུན་སྒྲུབ་པའི་ཕྲིན་ལས་མཐའ་རྒྱས་དང་བཅས་གསུངས་པའི་ནང་ཚན། སྲུང་བ་ཀུན་གྱི་རྒྱལ་པོའམ་བླ་མར་གྱུར་པ་འདི་ཉིད་ལ་སྤྱིར་སྒྲུབ་པ་བཀའ་བརྒྱད་དང་། བྱེ་བྲག་ཏུ་གུ་རུ་དྲག་སྒྲུབ། གཤིན་རྗེ། རྟ་མགྲིན། ཕྱག་རྡོར། ཕུར་པ། གཉེན་པོ་ལྷ་གསུམ་སོགས་བཀའ་གཏེར་གྱི་སྒོ་དུ་མ་ནས་དུག་ཁྲག་གི་སྲུང་བ་ཇི་སྙེད་ཅིག་བསྩལ་པ་ལས། དེ་ཐམས་ཅད་ཀྱི་ཟབ་པའི་མཐར་ཐུག་པ་འདི་ཉིད་ནི། གནམ་ལྕགས་ཀླུ་འདུལ་གྱི་རྒྱུད་དང་། གཏུམ་པོ་ཐུགས་ཀྱི་རྒྱུད་ནས་འགྱུར་མེད་རྡོ་རྗེའི་སྐུ་བརྙེས་བཀའ་དྲིན་ཟླ་མེད་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོས་ཕྱུང་སྟེ། བྲག་དམར་འོམ་བུའི་ཚལ་དུ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་སྲུང་དུ་བསྩལ་པ་འདིའི་ལོ་རྒྱུས་མདོ་ཙམ་ནི། རང་གཏེར་གྱི་གཞུང་ལས། སློབ་དཔོན་པདྨ་འབྱུང་གནས་ལ༔ མངའ་བདག་རྒྱལ་པོས་སོགས་བུམ་ཐང་མའི་དབུར་འབྱུང་བ་བཞིན། གཏུམ་པོ་ཐུགས་ཀྱི་རྒྱུད་ནས་བཏུས༔ བར། ཞེས་དང་། སྲུང་བའི་མཆོག་ཏུ་གྱུར་པ་ནི༔ སོགས་གཏེར་གཞུང་ཞལ་གདམས་ནང་འབྱུང་བ་བཞིན། རང་དོན་གྱིས་ལ་གཏེར་དུ་སྦོས༔ བར། ཞེས་བཀའ་བསྩལ་པ་བཞིན་སློབ་དཔོན་ཆེན་པོ་དང་མངའ་བདག་རྒྱལ་པོ་ཕྱག་སྦྲེལ་ནས་ཟབ་མོའི་གཏེར་དུ་རྒྱས་བཏབ་པ་འདོན་པའི་དུས་ལ་བབས་པ་ན། རིག་སྔགས་འཆང་བ་ཆེན་པོ་རྒྱ་ཕུར་བུ་མགོན་གྱིས་མོན་བུམ་ཐང་གི་གནས་དང་། སྤ་གྲོ་སྐྱེར་ཆུ་ལྷ་ཁང་ནས་སྤྱན་འདྲེན་པར་མཛད་པ་ནས་བཟུང་རིམ་པར་བརྒྱུད་དེ། རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་དངོས་གྲུབ་རྒྱལ་མཚན་ལ་བཀའ་བབས་ཤིང་། བདག་ཅག་གི་འདྲེན་མཆོག་འཁོར་ལོའི་མགོན་པོའི་བར་དུ་བྱོན་པའི། སྔ་མ་ལ་གཏེར་གནས་ལས་གྲས་ཏེ་མཚན་བཏགས་པ་དུག་ཁྲག་བུམ་ཐང་མ་དང་། ཕྱི་མར་ནུས་སྟོབས་ལ་བསྔགས་པའི་མཚན་བཏགས་པ་ལྕགས་སྡོང་མ་སྟེ། གཏེར་ཁ་གཉིས་ཀ་ཕྱོགས་གཅིག་ཏུ་དྲིལ་པའི་རྗེས་གནང་བུམ་ལྕགས་ལྷན་དྲིལ་དུ་གྲགས་པའི་རྗེས་གནང་ཟབ་མོ་བསྒྲུབ་པ་ལ། ཐོག་མར་གསན་པའི་ཡོན་དུ་དམིགས་ཏེ་མཎྜལ། བླ་མ་གསང་བདག་རྡོ་རྗེ་གཏུམ་པོ་དངོས་ཡིན་སྙམ་པའི་ངེས་ཤེས་དྲག་པོ་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྭ་སྲུང་གི་རྗེས་གནང་གཏེར་གཞུང་ལྟར། ན་མོ་སློབ་དཔོན་སོགས། བསྟན་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ལན་དུ་གནང་བ་སྦྱིན་ཅིང་གསང་བར་གདམས་པ་ལགས་ཏེ། ཨེ་མ་སྲུང་བ་ཀུན་གྱི་མཆོག༔ དུག་ཁྲག་རྫས་ཀྱི་སྲུང་བ་འདི༔ སྣོད་ལྡན་སློབ་མ་ཁྱོད་ལ་བསྟན༔ སློབ་མ་དམ་ལྡན་རེ་ཙམ་ལས༔ གཞན་ལ་མ་བསྟན་སྙིང་ལ་ཕུར༔ ཀུན་ལ་མ་བསྟན་དམ་ཚིག་ཉམས༔ དེ་བས་གསང་བ་ཐུབ་པར་གྱིས༔ དེས་སྔོན་དུ་འགྲོ་བའི་རིམ་པ་སོང་ནས། རྗེས་སུ་གནང་བ་དངོས་ལ་ལྷ་སྒོམ་པ་དང་། བཟླས་ལུང་། ཕྲིན་ལས་རྫས་སྲུང་གི་རྗེས་གནང་རྣམས་རིམ་པར་འབྱུང་བ་ལས། དང་པོ་ལྷ་སྒོམ་པའི་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། སྭ་བྷཱ་ཝ་སོགས་བདག་བསྐྱེད་ལྟར་ལ། རང་སེམས་ཞེས་པར། སློབ་མའི་སེམས་ཉིད་ཅེས་བསྒྱུར་ནས། ཆོ་འཕྲུལ་དང་བཅས་བྱོན་ནས་སློབ་མའི་ལུས་ལ་ཞུགས་པའི་མོས་པ་སྐྱེད་ཅིག །ཨོཾ་ན་མོ་སོགས་བསྙེན་སྔགས་ལ། ཛྙཱ་ན་བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བཟླ་ཞིང་སྤོས་རོལ་གྱིས་བྱིན་དབབ། དེ་ལྟར་བྱས་པས་ལུས་ཐ་མལ་དུ་འཛིན་པའི་མཚན་རྟོག་འགགས། གསང་བའི་བདག་པོའི་སྐུ་དང་གཉིས་སུ་མེད་པའི་དངོས་གྲུབ་ཐོབ། ཁྲོ་བོའི་དབང་པོའི་སྐུ་སྒོམ་པ་ལ་སོགས་པའི་སྒོ་ནས་ཕྲིན་ལས་རབ་འབྱམས་བསྒྲུབ་པ་ལ་དབང་བ་ཡིན་ནོ། །གཉིས་པ་གསུང་གི་རྗེས་སུ་གནང་བ་བསྒྲུབ་པ་ལ་གཉིས་ལས། དང་པོ་གསུང་རྗེས་སུ་བཟླས་པའི་ལུང་བླང་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། དཔོན་སློབ་གཉིས་ཀ་གཏུམ་ཆེན་གསང་བའི་བདག་པོར་གསལ་བའི་སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་ཞིག་མཆེད། ཁྱེད་རང་རྣམས་ཀྱི་ཞལ་ནས་ཞུགས། ཐུགས་ཀར་ཉི་མ་ལ་གནས་པའི་སོགས་བདག་བསྐྱེད་ཀྱི་བསྙེན་དམིགས་བཞིན། ལས་བྱེད་པར་མོས་ལ་སྔགས་ཀྱི་རྒྱལ་པོའི་རྗེས་ཟློས། ཨོཾ་ན་མོ་བུདྡྷ་སོགས་ལན་གསུམ། གཉིས་པ་བྱིན་གྱིས་རློབ་པའི་ལུང་སྦྱིན་པ་ནི། ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་མེ་ཏོག་གི་ཕྲེང་བ་རེ་ཕུལ་བར་མོས་པས་འདིའི་རྗེས་ཟློས། གསང་སྔགས་བདག་ལ་བསྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། དེ་ལྟར་ཕུལ་པའི་མེ་ཏོག་དེ་ཉིད་སྔགས་ཀྱི་ངོ་བོར་བྱིན་གྱིས་བརླབས་ཏེ་སློབ་མའི་སྤྱི་བོར་བཅིངས་པས་སྔགས་ཀྱི་ནུས་པ་རྒྱུད་ལ་བརྟན་ཅིང་མཐུ་སྟོབས་རྒྱས་པར་མོས། མེ་ཏོག་སྔགས་ཀྱིས་བྱིན་གྱིས་བརླབས་པ་སྤྱི་བོར་ལན་གསུམ་གྱིས་དཀྲིས་ལ། གསང་སྔགས་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། དེ་ལྟར་བྱས་པས་ངག་གི་བརྗོད་པ་ཐ་མལ་པའི་སྒྲ་སྐད་སྐྱེ་འགག་ཏུ་འཛིན་པའི་བག་ཆགས་བཅོམ། གསང་བའི་བདག་པོའི་གསུང་དང་གཉིས་སུ་མེད་པའི་དངོས་གྲུབ་ཐོབ། གྲགས་སྟོང་སྔགས་ཀྱི་བཟླས་བརྗོད་ཆུ་བོའི་རྒྱུན་གྱི་སྒོ་ནས་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པ་ལ་དབང་བ་ཡིན་ནོ། །གསུམ་པ་ཐུགས་རྗེའི་ཕྲིན་ལས་འདུས་པ་ཀུན་ཐུབ་རྫས་ཀྱི་རྒྱལ་པོའི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་གསལ་འདེབས་མཛོད། ཐུན་སྣོད་གནམ་ལྕགས་ཀྱི་སྒྲོམ་བུ་སོགས་གོང་གི་རྫས་སྒྲུབ་དམིགས་པ་འདིར་བླངས་ནས། སྣང་སྲིད་ཐམས་ཅད་སྲེག་ཅིང་དྲི་ཙམ་ཕོག་པས་ལྷ་སྲིན་སྡེ་བརྒྱད་བན་བྱད་བོན་བྱད་ནད་གདོན་བར་ཆད་ཀྱི་ཚོགས་རྣམས་རྡུལ་དུ་བརླག་པའི་ནུས་མཐུ་དང་ལྡན་པ། སྲུང་བའི་རྒྱལ་པོ་རྫས་རྒོད་འདི་ཉིད་ཀྱིས་སློབ་བུའི་གནས་གསུམ་དུ་དབང་བསྐུར་བས། རྡོ་རྗེ་ཁྲོ་བོའི་སྐུ་གསུང་ཐུགས་ཀྱི་བྱིན་དབང་དངོས་གྲུབ་མ་ལུས་པ་ཐོབ་པར་མོས། རྭ་སྲུང་དྲག་པོའི་རྡོ་རྗེ་རྩེ་ལྔ་པའི་རྒྱས་བཟུང་ལ། ཨོཾ་ན་མོ་བུདྡྷ་སོགས་རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། དེ་བཞིན་དུ་རྩ་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿདང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་སོ་སོར་བཏགས་པ་བརྗོད་བཞིན་དབང་བསྐུར། སླར་ཡང་ཕྱག་ཏུ་གཏད་པས་འདི་ཉིད་ཀྱི་སྒོ་ནས་ཕྲིན་ལས་བསྒྲུབ་པར་རྗེས་སུ་གདམས་ཤིང་གསང་སྒོ་བསྡམ་པ་ནི། དུག་ཁྲག་རྫས་ཀྱི་སྲུང་མ་ཡི། །གཞུང་བཞིན་ལག་ལེན་མཁས་པར་སྤྱོད༔ སྙིང་ལ་སྦོས་ལ་ཀུན་ལ་གསང༔ དམ་མེད་རྣམས་ལ་བསྟན་པ་ན༔ བྱིན་རླབས་དམ་ཚིག་ཉམས་པར་འགྱུར༔ དེ་ཕྱིར་གསང་བ་དམ་ཚིག་གོ༔ དེ་ལྟར་བྱས་པས་ཡིད་ཀྱི་གཉིས་རྟོག་དག་ནས་གསང་བའི་བདག་པོའི་ཐུགས་ཀྱི་དབང་དང་དངོས་གྲུབ་ཐོབ། ཀ་དག་སྤྲོས་བྲལ་ཟབ་མོ་སྟོང་པ་ཉིད་ཀྱི་ལྟ་བ་ལ་གདེང་ཆུབ། སྲུང་ཟློག་གཏད་གཟིར་གྱི་སྒོ་ནས་བསྟན་པ་སྲུང་བ་ལ་སོགས་པའི་ཕྲིན་ལས་རབ་འབྱམས་སྒྲུབ་པ་ལ་དབང་བའི་མཐུ་ཐོབ་པ་ཡིན་ནོ། །རྗེས་གདམས་པ་བསྟན་ཅིང་བཀའ་རྒྱས་བཏབ་པ་ནི། དེ་ལྟར་ཨོ་རྒྱན་ཆེན་པོས་མངའ་བདག་གི་སྐུའི་སྲུང་བར་གནང་ཞིང་། ཕྱི་རབས་འགྲོ་བའི་དོན་དུ་གཏེར་ཁ་སོ་སོར་སྦས་པའི་སྐོར་འདི་ལ་གཞུང་རྩ་བ་ལོ་རྒྱུས་དང་བཅས་པ་དང་། ཞལ་གདམས་སྐོར་དྲུག །ལས་ཀྱི་མཐའ་བསྒྱུར་བསྟན་པའི་མཚམས་ནས་ལྷ་ལྔ་མ་དགྱེས་པ་དགྱེས་པར་བྱེད་པ། དུག་ཁྲག་མཚོ་དང་གཉིས་སྦྱར་མཚོའི་ལག་ལེན་རྫས་ཀྱིས་ངར་བཏགས་པ་སྟེ། གནད་བཞི་ཟུར་བཀོལ་དང་བཅས་པ་ལ་བུམ་ཐང་མའི་སྐོར་ཚང་། ཡང་མན་ངག་རྭ་སྲུང་གི་རྫས་གསག་ཐབས་ལས་མཐའ་དང་བཅས་པ། གནམ་ལྕགས་ཨུར་མོ་བཞི་སྦྱོར། གནམ་ལྕགས་ཨུརྨོ་ཁྲག་དུག་མཚོ་གསུམ་གྲོགས་སྐྱོབས་ཁ་སྒྱུར་སྲུང་ཟློག་དང་བཅས་པ་ལ་ལྕགས་སྡོང་མའི་སྐོར་ཆ་ཚང་ཞིང་། འདི་གཉིས་ཀྱི་རྫས་དབྱེ་བའི་ཁྱད་པར་གྱིས་བསྲེ་བར་མི་རུང་བའི་གནད་དང་། སྣོད་ཀྱི་དབྱེ་བ་སོགས་དམིགས་ཀྱིས་བསལ་བར་བསྟན་པ་བཞིན་ཁོང་དུ་ཆུད་པའི་སྒོ་ནས་བསྒྲུབ་ཅིང་། ལས་ལ་སྦྱར་ནས་དམ་ཚིག་གི་རིམ་པའང་གསང་བ་སྤྱི་ནས་འབྱུང་བ་བཞིན་དང་། ཁྱད་པར་བ་ནི། དོང་བུ་རྟག་ཏུ་ལུས་ལ་འགྲོགས༔ སོགས་རྗེས་གནང་བྱང་བདག་ཆོག་ཁྲིགས་མ་ལྟར། ཐོ་ཅོས་ས་ལ་བརྡབ་མི་བྱ༔ ཞེས་དང་། ཕན་ཡོན་དང་བཀའ་རྒྱས་གདམས་པ་ནི། དེ་རྗེས། དབྱར་མི་རུལ་ལ་སོགས་ནས། སྟེར་ཐེབས་གཅིག་ལས་མང་ཏ་རེ༔ ཆུ་སྲིན་ཁར་ཚུད་ནོར་བུ་བཞིན། །འཆོར་བ་མེད་པར་བསྡམ་པར་བྱ། །འདའ་དཀའ་རྡོ་རྗེའི་དམ་ཚིག་རྒྱ། །ཞེས་བསྒྲགས་པའི་དོན་རྣམས་ཐུགས་ལ་ངེས་པས། དེ་ལྟར་བགྱི་བར་ཁས་བླངས་པ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ་ཕྱིན་སྤྱི་བཞིན་དང་། ཆོ་གའི་རྗེས་བསྙེན་སྒྲུབ་ཀྱི་སྐབས་དང་། དབང་བསྐུར་དུས་ཀྱང་སྤྲོ་ན། མཆོད་གཏོར་བསང་སྦྱང་ནས། བྱིན་རླབས་སྤྱི་འགྲོ་བྱས་ལ། གཏོར་མགྲོན་དཔལ་ཕྱག་ན་རྡོ་རྗེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པས་བསྐོར་བ། ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས་པར་གྱུར་པ་ལ། ཨ་ཀཱ་རོ་ལན་བདུན་གྱིས་འབུལ། གོང་བཞིན་མཆོད་ཅིང་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་འདོད་དོན་གསོལ། ཡིག་བརྒྱས་ལྷག་ཆད་བསྐང་ཞིང་། ཡེ་ཤེས་པ་རྟེན་ལ་བསྟིམ། གང་ལྟར་ཡང་བདག་བསྐྱེད་ཧཱུྃ་གསུམ་གྱིས་འོད་གསལ་དུ་བསྡུ་ཞིང་། ཕཊ་གསུམ་གྱིས་གཉུག་མའི་ལྷར་ལྡང་། དགེ་བ་འདི་ཡིས་མྱུར་དུ་བདག །གསང་བའི་བདག་པོ་འགྲུབ་གྱུར་ནས། །སོགས་ཀྱིས་དགེ་བ་བསྔོ། བཀྲ་ཤིས་ཇི་ལྟར་འོས་པ་བརྗོད་པས་གྲུབ་བོ། །འདི་ནི་འཇུག་པ་བདེ་བའི་ཕྱིར་དུ་བགྱིས་པ་ཡིན་ལ། དབང་སྒྲུབ་ཀྱི་ཚེ་བདག་བསྐྱེད་ཚེ་བདག་དང་། བཟླས་པ་ཨྱཻ་རིང་། དབང་བསྐུར་སྐབས་བགེགས་གཏོར་སྲུང་འཁོར་སྔོན་དུ་གཏང་། སློབ་མ་ལོཀྟྲིར་བསྐྱེད་པ་བཅས་ཐུན་མིན་གྱི་མན་ངག་སྨིན་གླིང་ཁྲི་ཆེན་འགྱུར་མེད་ཡིད་བཞིན་དབང་རྒྱལ་གྱི་ཕྱག་བཞེས་ཁུངས་བཙུན་ཡིན་པར་རིག་པ་འཛིན་པའི་ཞལ་རྒྱུན་ལས་འབྱུང་བ་བཞིན་ལྕོགས་ན་ལེགས་པར་འགྱུར་རོ།། །། ༈ གནམ་ཆོས་འཇིགས་མེད་རྡོ་རྗེའི་གནོད་ལྔ་སྲུང་བའི་དབང་སྒྲུབ་སྐབས། གནམ་ཆོས་ཀྱི་སྐྱབས་སེམས་མཆོད་བརླབ་སྔོན་འགྲོས། བདག་མདུན་བུམ་པ་གཏོར་མ་རྣམས། །སྐད་ཅིག་འཇིགས་མེད་རྡོ་རྗེ་དཀར༔ སོགས་གནོད་ལྔ་སྲུང་བའི་དབུར་འབྱུང་བ་བཞིན། བརྐྱང་སྟེ་བསྐོར༔ བར། བཟླས་དམིགས་ནི། ཐུགས་ཀར་ཉི་སྟེང་ཧྲཱིཿམཐར་སྔགས་བཀོད་པའི་འོད་ཟེར་སྤྲོ་བསྡུའི་བྱིན་བསྡུ་ཟིལ་གནོན་སྣང་སྲིད་དག་རྫོགས་ཀྱི་དགོངས་པ་དང་། བུམ་པར་སྤྱི་བཞིན་གྱི་ཏིང་འཛིན་ལྡན་པས་སྔགས་ཅི་འགྲུབ་དང་། བདག་མདུན་འཇིགས་མེད་རྡོ་རྗེར་གསལ་བའི་ཐུགས་ཀ་དང་། སྐུ་ལས་མེ་དཔུང་ལས་འོད་ཟེར་དམར་ནག་སོགས་ཀྱི་དམིགས་པ་གསལ་ཞིང་། སྔགས་ཤམ་ཅན་གོང་མ་ལས་ཉུང་བའི་བརྒྱ་རྩ་ཙམ་བཟླ། དེ་ཕྱིན་གྱི་དམིགས་བཟླས་རྣམས་དབང་གི་སྐབས་སྦྱོར་མི་དགོས་པས། ཐུན་མཐར། ཨོཾ་བཛྲ་ཨརྒྷཾ་པུཥྤེ་ནས། ཤབྡ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧིས་མཆོད། རྡོ་རྗེ་བདེ་བར་གཤེགས་པའི་གདུང་། །རྡོ་རྗེ་མི་བཟད་འབར་བའི་སྤྲིན། །རྡོ་རྗེ་མི་ཕྱེད་འཇིགས་པ་མེད། །རྡོ་རྗེ་ཁྲོ་བོའི་རྒྱལ་པོར་བསྟོད། །ཅེས་བསྟོད། རྡོར་སེམས་ཀྱིས་ལས་བུམ་བསྒྲུབ། དབང་དངོས་གཞི་གཟུངས་དབང་གིས་བསྐུར། ཆོ་གའི་རྗེས་གནམ་ཆོས་སྤྱི་བཞིན་ནོ།། །། ༄། གཉིས་པ་འབྱུང་བཞིའི་འཇིགས་པ་སྲུང་བའི་སྐོར་ལ་དབང་མི་བཞུགས་སོ།། །། ༄། གསུམ་པ་ཡུལ་འཁོར་སྲུང་བའི་སྐོར་ལ། གར་དབང་ཞིག་པོ་གླིང་པའི་དམག་ཟློག་ཉེར་ལྔའི་རྒྱལ་ཆེན་སྡེ་བཞིའི་སྲོག་དབང་བཀའ་རྒྱ་ཅན་བསྐུར་བའི་ལག་ལེན་གསལ་བར་བཀོད་པ་བོད་ཁམས་བདེ་བའི་ལས་འཇུག་ལྟར་བསྐུར་བའི་དབང་སྒྲུབ་སྐབས། འདི་ཉིད་སྒེར་དུ་བྱེད་ན། བདག་བསྐྱེད་ཕྱག་རྡོར་སྟོབས་ཆེན་ལ་བྱེད་དགོས་པར་མ་ཟད། དེའི་དབང་བསྐུར་ཡང་སྔོན་དུ་ངེས་པར་འགྲོ་དགོས་ཤིང་། དཀྱུས་འདིར་ཕྱག་རྡོར་དབང་གོང་དུ་སོང་སྟབས། དབང་སྒྲུབ་བསྡུ་ན། རྡོ་རྗེ་སློབ་དཔོན་སོགས་ཀྱི་རྒྱུན་བཤགས་མཐར། སྤྱི་ཁྱབ་ཀྱི་དཀར་གཏོར་བརླབ་བསྔོ་བྱས་རྗེས། བདག་བསྐྱེད་ནི། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རིན་ཆེན་ཟུར་བརྒྱད་པ་སོགས་སྲོག་དབང་གི་མདུན་བསྐྱེད་དབུར་འབྱུང་བ་བཞིན། སྣང་སྟོང་སྒྱུ་མ་ལྟ་བུའི་སྐུར་གསལ་བ༔ དེའི་ཐུགས་ཀར་ཉི་སྟེང་ཧཱུྃ་མཐིང་མཐར་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས་རྒྱལ་བའི་བྱིན་སྟོབས་བསྡུས། དྲེགས་པ་ཅན་རྣམས་ལས་ལ་བཙུད། སྣང་གྲགས་རིགས་གསུམ་ལྷ་སྔགས་ཆོས་སྐུའི་རོལ་པར་བལྟས་ལ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་བཟླས་མཐར་སྲོག་དབང་གི་མཆོད་བརླབ་ནས་གཟུང་། བུམ་པ་དང་མདུན་བསྐྱེད་སོགས་བསྒྲུབ་ཅིང་། སྲོག་དབང་དངོས་གཞི་བསྐུར། ཆོ་གའི་རྗེས་དབང་སྒྲུབ་རྒྱས་པའི་སྐབས་གཞུང་གསལ་ལྟར་དང་། བསྡུས་པའི་སྐབས་འདིར་མདུན་བསྐྱེད་ལ་དམིགས་ཏེ་བསྐང་བཤགས་བསྐྱར་ཞིང་། མཆོད་གཏོར་ཨོཾ་ཨཱཿཧཱུྃ་གིས་བརླབ། ཨ་ཀཱ་རོ་ལན་བཞིས་གཏོར་མ་དང་། ཨོཾ་བཛྲ་ཨརྒྷཾ་པུཥྤེ་ནས། ཤབྡ་ཨ་མྲྀཏ་རཀྟ་པཱུ་ཛ་ཁཱ་ཧིས་མཆོད། བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སོགས་ཀྱིས་བསྟོད། རྒྱལ་ཆེན་སྡེ་བཞི་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་སོགས་ཀྱིས་ཕྲིན་ལས་བཅོལ། མ་འབྱོར་པ་དང་སོགས་ཀྱིས་བཤགས། བསྟིམ་གཤེགས་གང་འོས་སྐབས་དང་བསྟུན། བདག་བསྐྱེད་ཧཱུྃ་གསུམ་དང་། ཕཊ་གསུམ་གྱིས་བསྡུ་ལྡང་དང་། དགེ་བསྔོ་སྨོན་ཤིས་ཀྱིས་བརྒྱན་པས་གྲུབ་བོ།། །། ༄། བཞི་པ་སྡེ་བརྒྱད་འཁྲུགས་པའི་ཆོ་འཕྲུལ་སེར་བ་སྲུང་བའི་སྐོར་ལ། གནམ་ཆོས་ཁྲོ་རྒྱལ་རྡོ་རྗེ་མཆུ་ཡི་ལས་བྱང་རྡོ་རྗེའི་གུར་ཆེན་བཞིན་ཆོ་ག་ཚང་བར་བཏང་ནས། ཚོགས་ཀྱི་དྲངས་བའི་མགོར་གཟུངས་དབང་བསྐུར་བ་དབང་སྒྲུབ་རྒྱས་པའམ། བསྡུ་ན། གནམ་ཆོས་སྐྱབས་སེམས་མཆོད་བརླབ་རྗེས། བདག་མདུན་ཁྲོ་བོ་རྡོ་རྗེ་མཆུ༔ སོགས་ལས་བྱང་གི་མངོན་རྟོགས་ནས་བསྟོད་པའི་མཐར། བདག་མདུན་ཐུགས་ཀར་སོགས་ཀྱི་ཏིང་འཛིན་གསལ་བཏབ་ནས། བུམ་པར་ཡང་སྤྱི་མཐུན་གྱི་དམིགས་པས་ཁྱབ་པར་བྱས་ཏེ། བཟླས་པ་གྲུབ་མཐར་འོད་ཟེར་ཆུ་རྒྱུན་གཅིག་མའི་དབང་བླངས་ཤིང་གནང་བ་ནོད་ལ། དབང་དངོས་གཟུངས་དབང་གིས་བཅིངས་ནས་བསྐུར། ཆོ་གའི་རྗེས་རྒྱས་པའི་སྐབས་ཚོགས་དྲངས་ལྷག་ཕྱིན་དེར་གསལ་དང་། བསྡུ་སྐབས་གནམ་ཆོས་སྤྱི་བཞིན་བགྱིས་པས་སེར་སྲུང་སྐོར་གྱི་དབང་སོང་ངོ་།། །། ༄། ལྔ་པ་ལོ་ཏོག་འཇོམས་བྱེད་སད་སྲུང་སྐོར་དང་། ༄། དྲུག་པ་མ་མོ་འཁྲུགས་པའི་ཆོ་འཕྲུལ་མི་ཕྱུགས་ནད་ཡམས་སྲུང་བའི་སྐོར་བཅས་ལ་དབང་དམིགས་བསལ་བ་མི་བཞུགས་སོ།། །། ༄། བདུན་པ་བྱེ་བྲག་དུག་ནད་སྲུང་བའི་སྐོར་ལ། བྱང་གཏེར་དུག་དབང་རྡོ་རྗེ་ཕ་ལམ་ལ་དབང་དོན་སྒྲུབ་པ་ནི། སློབ་དཔོན་ཁ་ལྷོར་བལྟ་བས། ཚིག་བདུན་གསོལ་འདེབས་རྗེས། རང་ཉིད་སྐད་ཅིག་གིས་མུ་སྟེགས་དབང་ཕྱུག་ཆེན་པོ་སྔོ་སྐྱ་རལ་པ་ནག་པོ་གཡེངས་པ། གཅེར་བུ་ལིངྒ་གྱེན་དུ་འགྲེང་བ། ཕྱག་གཉིས་ཀྱིས་ཁྲོ་ཆུ་ལས་གྲུབ་པའི་ཏྲི་ཤཱུ་ལ་བསྣུན་ཐབས་ཀྱིས་འགེངས་ཤིང་། ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་དོར་སྟབས་ཀྱིས་བཞེངས་པ། ཞལ་ནས་སྔགས་ཀྱི་སྒྲ་འུ་རུ་རུ་སྒྲོག་པས་འཇིག་རྟེན་ཁམས་ཀྱི་དུག་གི་ནུས་བཅུད་ཐམས་ཅད་བསྡུས་ནས་བུམ་པའི་བཅུད་དང་དབང་རྫས་རྣམས་ལ་བསྟིམས་ཤིང་། སྔགས་ཀྱི་ནུས་པས་བཅུད་རྣམས་བརྟན་གཡོའི་དུག་ཐམས་ཅད་འཇོམས་པར་ནུས་པའི་བདུད་རྩིའི་རྒྱུན་དུ་གྱུར་པར་བསམ་ལ། གཟུངས་ཐག་བཟུང་ནས། ཧ་ས་ཧ་ས༔སོགས་ལུང་ཐང་གི་ཕྲེང་བ་བགྲང་བཞིན་བརྒྱ་རྩ་བཟླ། མདུན་གྱི་མུ་སྟེགས་གསུམ་གྱི་གཟུགས་རྣམས་དངོས་སུ་གསལ་བའི་དབང་ཕྱུག་གི་ཏྲི་ཤཱུ་ལས་བུམ་པ་བཅགས་ཏེ་བདུད་རྩི་ཁོ་རང་གིས་འཐུང་འདོད་པ་དང་། དེ་བཞིན་དུ་ཤྲཱི་རལ་པ་ཅན་གྱིས་མདའ་བུམ་པའི་ཕྱེད་དེར་བརྒྱབས་ནས་བདུད་རྩི་འདོད་པ་དང་། གུ་ལང་ནག་པོས་ལྕགས་ཀྱི་རྭ་རྩེས་བུམ་པ་ཕུག་ནས་བདུད་རྩི་འདོད་པ། སློབ་དཔོན་གྱིས་བུམ་པ་ཡོངས་རྫོགས་བླངས་ནས་སློབ་བུར་སྦྱིན་འདོད་པའི་བློ་གྲོས་སོ་སོར་ཧབ་ཤའི་ཚུལ་དུ་ཡོད་པར་དམིགས་བཞིན་པའི་ངང་ནས། སློབ་བུས་ཕྱག་གསུམ་འཚལ་ཞིང་ཁ་བྱང་དུ་བལྟ་བས་འདུག་བཅུག །དེ་ཉིན་ཕྱག་དེ་ལས་མི་འབུལ་བའི་དམ་ཚིག་གི་ཕྱག་ལེན་ཁྲུས་སོགས་མི་དགོས། འོ། བདག་ཉིད་གཙོ་བོར་བྱས་པའི་འགྲོ་བ་ཐམས་ཅད་བརྟན་གཡོའི་དུག་གི་གནོད་པ་ལས་སྲུང་བའི་དོན་དུ་དུག་དབང་རྡོ་རྗེ་ཕ་ལམ་ཞུ་སྙམ་པའི་འདུན་པ་དང་བཅས་ཏེ་གསན་འཚལ། དེའང་གདམས་ངག་འདིའི་འབྱུང་ཁུངས་ལོ་རྒྱུས་ཅུང་ཟད་ཅིག་བསྙད་ན། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་ཟློས་གར་བཀའ་དྲིན་མཚུངས་མེད་མ་ཧཱ་གུ་རུ་པདྨ་སཾ་བྷ་ཝས་འགྲོ་བ་མཐའ་དག་བི་ཥའི་གནོད་པ་ལས་བསྐྱབ་པའི་ཕྱིར། མུ་སྟེགས་ཤྲཱི་རལ་པ་ཅན་གྱི་སྤྱན་སྔར་རྫུ་འཕྲུལ་གྱིས་བྱོན་ནས་སོགས་ཕྱག་ལེན་ཉེར་བསྡུས་གོ་བདེར་བཀོད་པ་བྱང་བདག་ཆོག་ཁྲིགས་མ་བཞིན། སྙན་བརྒྱུད་དུ་གནང་བ་ནས་རིམ་པར་བདག་ཅག་གི་རྩ་བའི་བླ་མའི་བར་དུ་བྱོན་པའི་བཀའ་སྲོལ་ཟབ་མོ་ཕྱག་ལེན་གྱིས་བརྒྱན་པ་ལའང་དབང་དང་བཅུད་ལེན་དུ་བརྟེན་པའི་གདམས་སྐོར་གཉིས་ལས། འདིར་དབང་བསྐུར་བའི་སྐབས་སུ་བབས་པ་ལགས་ཤིང་། དེ་ལའང་གཞུང་ལས། ཆོས་བདག་མཉེས་ན་བྱིན་རླབས་འབྱུང༔ སློབ་དཔོན་མཉེས་པར་མ་བྱས་ན༔ བྱིན་རླབས་རི་བོང་རྭ་དང་འདྲ༔ ཡོན་མེད་ན་ནི་མགོ་འགས་འགྱུར༔ དེ་ཕྱིར་ཡོན་ལ་འབད་པར་བྱ༔ ཞེས་འབྱུང་བས། ཐོག་མར་ཞུ་བའི་ཡོན་དུ་མཎྜལ། སློབ་དཔོན་མུ་སྟེགས་དབང་ཕྱུག་ཆེན་པོ་དངོས་ཡིན་སྙམ་པའི་ངེས་ཤེས་དང་གདམས་ངག་དབང་གི་རིམ་པ་འདོད་པའི་ཡིད་གདུང་བཅས་དབང་བསྐུར་སྩོལ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། གཙོ་བོ་ཁྱོད་ཀྱི་སོགས་ལན་གསུམ། དེ་ནས་ཐུགས་གཞན་དུ་མ་ཡེངས་པར་འདུན་པ་འདི་བཞིན་མཛོད། མདུན་གྱི་སྐུ་གཟུགས་འདི་རྣམས་སྲིད་པའི་མེས་པོ་མུ་སྟེགས་དབང་ཕྱུག་ཆེན་པོས་ཁྲོ་ཆུ་ལས་གྲུབ་པའི་ཏྲི་ཤཱུ་ལ་འཛིན་པ། མུ་སྟེགས་ཤྲཱི་རལ་པ་ཅན་ལྕགས་ཀྱི་མདའ་གཞུ་འགེངས་པ། མུ་སྟེགས་གུ་ལང་ནག་པོ་ལྕགས་ལས་གྲུབ་པའི་རྭ་ཅོ་འཛིན་པ། གསུམ་ཀའང་གཅེར་བུ་ལིངྒ་གྱེན་དུ་ལངས་པ། ཞབས་གཉིས་བརྐྱང་བསྐུམ། སྐུ་མདོག་ནག་པོ་ཐལ་བས་བྱུག་པ། རལ་པ་དང་བཅས་པའི་སྐུར་དངོས་སུ་གསལ་བ་ལ། དབང་བསྐུར་བའི་དོན་དུ་བདག་སློབ་དཔོན་གྱིས་གཏོར་མ་འབུལ་བ་ནི། རཾ་ཡཾ་ཁཾ་སོགས་ནས། མཛད་དུ་གསོལ། སྐལ་ལྡན་རིགས་ཀྱི་བུ་ཁྱེད་ལ་བི་ཥའི་གནོད་པ་ལས་བསྲུང་བའི་ཕྱིར་འཆི་མེད་གྲུབ་པའི་དབང་ཟབ་མོ་འདི་སྦྱིན་པ་ལགས་ན། ཚུལ་འདི་ཉིད་གཞན་དག་ལ་མི་སྨྲ་ཞིང་གསང་བར་གྱིས་ལ་དམ་ཚིག་གི་མནའ་ཆུ་དཔང་པོའི་ཚུལ་དུ་ལུས་ལ་བསྟིམ་པར་མོས། སློབ་བུར་ནང་མཆོད་འཐོར་ནས། རིགས་མཆོག་རིགས་ལས་སོགས་ཀྱི་མཐར། ཧ་ས་སོགས་སྔགས་ལན་གསུམ་བརྗོད། སྔགས་ཀྱི་ལུང་སྦྱིན་པ་ནི། བུམ་པའི་སྟེང་གི་ཆར་སོགས་ནས། འགྲིག་པར་ཉེར་གཅིག་བཟླ། གལ་ཏེ་མ་འགྲིག་ན་སླར་བསྐྱར་དགོས་པར་གསུངས་པས། དཔོན་སློབ་དང་དུས་མཉམ་པར་སྒྲིག་ནས་རྗེས་ཟློས་མཛད་ཅིང་། མཐར་ཕྲེང་བ་ལ་དཔོན་སློབ་ཐོབ་ཤའི་ཚུལ་བྱེད་པ་ཕྱག་བཞེས་ལགས་པས་དེ་བཞིན་མཛད་འཚལ། ཧ་ས་སོགས་མཉམ་དུ་ལན་ཉེར་གཅིག་བཟླས་ནས། སློབ་དཔོན་གྱིས་བུམ་པ་དང་སྨན་ཆེན་ལ་ཧས་གདབ། དབང་དངོས་ལ་རྣམ་གྲངས་བཞི་ལས། དང་པོ་བུམ་པའི་དབང་བསྐུར་བ་ནི། བུམ་པ་འདིའི་ནང་དུ་བརྟན་གཡོའི་དུག་གི་ནུས་པ་འཇོམས་པའི་བདུད་རྩིའི་རྒྱུན་གྱིས་གང་བ་སློབ་བུའི་སྤྱི་བོར་བཞག་ཅིང་བཅུད་མྱང་བས་རྒྱུད་བྱིན་གྱིས་བརླབས་ནས་དུག་གི་གནོད་པས་མི་ཚུགས་པར་གྱུར་པར་མོས། མིའུ་ཐུང་མེས་པོ་སོགས་ཀྱི་མཐར། ཨོཾ་ཧ་ས་ཧ་ས༔ སོགས་སྔགས་དང་། ཨོཾ་མ་ཧཱ་བྷིས༔ ཨོཾ་ཀ་རོ་ཙ་ན་བྷིས༔ ཏི་ཀུ་ལུ་ན་བྷིས༔ ཞེས་ལས་སྔགས་སྦྲེལ་བའི་སྔགས་ལན་གསུམ་རེ་བརྗོད་པས་སློབ་མར་དབང་བསྐུར་ཞིང་བུམ་ཆུ་སྦྱིན་ནོ། །དབང་གཉིས་པ་སྨན་ཆེན་གྱི་དབང་བསྐུར་བ་ནི། རིན་པོ་ཆེའི་སྣོད་དུ་བརྟན་གཡོའི་དུག་གི་བཅུད་རྣམས་བསྡུས་ཤིང་བདུད་རྩིར་བྱིན་གྱིས་བརླབས་པའི་བཅུད་ལེན་གྱི་རྫས་འདི་མྱང་བས། རང་ལུས་རྡོ་རྗེ་ཕ་ལམ་ལྟར་གྱུར་ཏེ་དུག་གི་དངོས་པོ་གང་གིས་ཀྱང་གླགས་མི་རྙེད་པའི་ཁར། དུག་དེ་དག་བཅུད་ལེན་གྱི་རྫས་སུ་འགྱུར་བའི་རྩི་སྨན་གྱི་ནོར་བུར་མོས་ལ་གྱུར་མིད་དུ་བཞེས་འཚལ། མིའུ་ཐུང་མེས་པོ་སོགས་དང་། སྔགས་ལན་གསུམ་བརྗོད་པས་སློབ་བུར་སྨན་ཆེན་ནས་ཕྱེད་ཙམ་རེ་སྦྱིན་ནོ། །དབང་གསུམ་པ་བསྐུར་བ་ནི། སྲིད་པའི་ཁམས་ཀྱི་བརྟན་གཡོའི་སྣང་བ་ཐམས་ཅད་སྐྱེད་བྱེད་རྒྱུ་ཡི་ཁམས་དཀར་དམར་བདུད་རྩིའི་རང་བཞིན་དུ་བྱིན་གྱིས་བརླབས་པ་འདི་མྱང་བས་དུག་གི་གནོད་པས་མི་ཚུགས་ཤིང་། རྟེན་འབྱུང་གི་མཐུས་དུག་ཐམས་ཅད་ལུས་སྟོབས་བསྐྱེད་པའི་གྲོགས་སུ་འགྱུར་བ་རྨ་བྱ་ལྟ་བུར་གྱུར་པར་མོས། མིའུ་ཐུང་མེས་པོ་སོགས་སྔགས་ལན་གསུམ་བཅས་ཀྱིས་དཀར་དམར་སྦྱར་བའི་ཆུ་སྦྱིན། དབང་བཞི་པ་བསྐུར་བ་ནི། ཆོས་འབྱུང་གཏོར་མ་འདི་ཉིད་རྩ་བརྒྱུད་བླ་མའི་ཚོགས་ཀྱི་ངོ་བོར་གསལ་བ་སློབ་མའི་སྤྱི་བོར་བཞག་པས། དེ་རྣམས་ཀྱི་རིགས་སྔགས་གྲུབ་པའི་བྱིན་ནུས་ཀྱི་སྟོབས་སློབ་བུའི་རྒྱུད་ལ་འཕོས་ཏེ། ཕྱིན་ཆད་དུག་གི་གནོད་པས་ཅིས་ཀྱང་ཚུགས་པ་མེད་པ་སེངྒེ་ལྟ་བུའི་ལུས་སུ་གྱུར་པའི་ངེས་ཤེས་སྐྱེད་ཅིག །མིའུ་ཐུང་མེས་པོ་སོགས་སྔགས་ལན་གསུམ་བརྗོད་ཅིང་ཆོས་འབྱུང་གཏོར་མའི་དབང་བསྐུར། དེ་ནས་བརྒྱུད་འཛིན་གྱི་སློབ་མ་ཐུན་མིན་གཞན་ལ་འཆད་སྤེལ་ནུས་པ་ཡིན་ན། གཞུང་ལས། རང་གིས་དུག་དབང་ཐེངས་གསུམ་ཐོབ༔ དེ་ཡིས་གཞན་ལ་སྦྱིན་ན་ཐུབ༔ ཐེངས་གཅིག་རང་ཉིད་སྲུང་བ་ལས༔ གཞན་ལ་བྱིན་པ་ནུས་པ་མེད༔ ཅེས་འབྱུང་བས་དབང་ལན་གསུམ་གྱི་བར་དུ་བསྐྱར་དགོས་པར་གསུངས་པས། སླར་ཡང་གསན་པའི་ཡོན་དུ་མཎྜལ། གསོལ་གདབ་ཕྱིན་སྔར་བཞིན་ལན་གཉིས་ཀྱི་བར་བསྐྱར་རོ། །ཡང་འཆད་སྤེལ་མི་ནུས་པའི་རིགས་ཡིན་ན་བསྐྱར་མི་དགོས་ཤིང་ཚར་གཅིག་གིས་འཐུས་པས་དབྱེ་བ་ཕྱེད་པར་བྱ། ཤ་སྣ་རྣམས་དང་ཟས་སྣ་ཚང་བ་རེ་དཔོན་སློབ་ཀུན་གྱིས་ལོངས་སྤྱད་དོ། །གང་ལྟར་ཡང་མཐར། དེ་ལྟར་དུག་དབང་རྡོ་རྗེ་ཕ་ལམ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན་གཙང་ལ་མ་ནོར་བར་གྲུབ་པའི་ཕན་ཡོན་ནི། གཞུང་ལས། ཕ་ལམ་འདྲ་བའི་དབང་ཐོབ་ནས༔ སོགས་ནས། འགྲོ་དོན་གྱིས༔ ཞེས་བསྔགས་པར་མཛད་པ་བཞིན་ནུས་པ་ཁྱད་པར་ཅན་དང་ལྡན་པ་འདིའི་དབང་ཐོབ་པའི་བསྲུང་བྱའི་རིམ་པའང་། གཏེར་གཞུང་ལས། འདིའི་དབང་བསྐུར་ཐོབ་ནས་ནི༔ སོགས། དེ་ཡིས་ཤ་ཡི་བི་ཥ་ཐུབ༔ ཅེས་གསུངས་པས་མཚོན་ཟས་སོགས་གཞན་ལའང་སྦྱར་བར་བྱ་ཞིང་། ཨོཾ་ཧ་ས་ཧ་ས༔ ཀི་ལི་ཧ་ས༔ ཤོ་ཏྲི་ཕོ་ཕེང༔ ཙེ་ན་ཙ་ད་ཧ་ས་ཧ་ས་ཧཱུྃ༔ ཞེས་པའི་སྔགས་རྒྱུན་དུ་མི་བརྗེད་པར་ཟས་ཟ་བའི་དུས་སུ་དྲན་དགོས་པ་དང་། ལམ་འཕྲང་ཆེ་སར་མི་སྡོད། རོག་པོ་ཆོས་ལེགས་ཏེ་པེ་ཏ་རུས་ཁྱི་ལ་མི་སྟེར། བྱའི་ཉི་མར་དུག་གི་ལས་མི་བྱ། ཧ་ལའི་ཁོག་ཏུ་རྟ་རྔ་འདྲ་བའི་ནག་པོ་ཡོང་བ་དེ་སྤང་བ་དང་། འདི་ལྟ་བུའི་ཚུལ་གཞན་ལ་མི་སྨྲ་བར་གསང་བ་རྣམས་ཚུལ་བཞིན་དུ་བསྲུང་དགོས་པ་བཅས་ཐུགས་ལ་བཅང་ནས་རང་དང་གཞན་ལ་ཕན་པའི་ཕྲིན་ལས་རྒྱ་ཆེན་པོ་མཛད་འཚལ། ཞེས་བརྗོད་ཅིང་སློབ་མ་རྣམས་གྱེས། སློབ་དཔོན་གྱིས་དམིགས་མེད་ངང་ལ་བཞག་པས་འགྲུབ་ཅིང་འདི་ལས་གཞན་པའི་དབང་སྐོར་འདིར་མེད་དོ།། །། ༄། བརྒྱད་པ་དགྲ་ཇག་ཆོམ་རྐུན་སྲུང་བ་ལ། གནམ་ཆོས་དགོངས་གཏེར་ལས་འོད་ཟེར་ཅན་མ་ཆགས་མེད་ཀྱིས་རྒྱས་པར་བཀྲལ་པ་ལྟར་དབང་སྒྲུབ། དབང་དངོས། རྗེས་གནམ་ཆོས་སྤྱི་བཞིན་ནོ།། །། ༄། དགུ་པ་མཚོན་ཆ་སྲུང་བ་ལ། གུ་རུ་ཚེ་བརྟན་རྒྱལ་མཚན་གྱི་མཚོན་སྲུང་ལ་དབང་ཞིག་སྣང་བ་འདིར་དབང་རྒྱུན་མི་བཞུགས་ཤིང་དེ་ལས་གཞན་པའི་དབང་མེད་དོ།། །། ༄། བཅུ་པ་བདེན་ཚིག་བཀའ་བསྒོས་སྲུང་བ་དང་། བཅུ་གཅིག་པ་དམོད་ཚིག་སྤྲིང་ཡིག་གིས་སྲུང་བ་གཉིས་ལ་དབང་བསྐུར་གྱི་བྱ་བ་བགྱིད་དུ་མེད་དོ།། །། ༄༅། །གཉིས་པ་ཞི་བའི་ལས་ཀྱི་སྐོར་ལ། བར་ཆད་སྤྱི་དང་། ནད། གདོན། གྲིབ། བྱད་ཕུར། སྣོད་བཅུད་ཀྱི་ཉེས་པ། སྡིག་སྒྲིབ་ཞི་བ་དང་བདུན་གྱི། དང་པོ་བགེགས་དང་བར་གཅོད་ནད་གདོན་སྤྱིར་ཞི་བ་ལ། ཆོས་རྗེ་གླིང་པའི་ཆོས་བདག་བར་ཆད་སེལ་བའི་ཆོས་བཀའ་བཞིའི། རྡོ་རྗེ་རྣམ་པར་འཇོམས་པ་དཀར་པོའི་སྒྲུབ་ཐབས་བུམ་ཆོག་བཀྲུ་བྱབ་དང་བཅས་པ་ལྷན་ཐབས་སུ་བསྡེབས་པའི་བུམ་སྒྲུབ་ཆོ་ག་ལྟར། སྔོན་གཏོར་ནས་བདག་བུམ་སྒྲུབ་པ་འོད་ཞུ་བཅས་བཏང་མཐར། སློབ་མ་འཚོགས་ནས། འོ་ན། ད་ལམ་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ། ལྷ་སྲས་ཡེ་ཤེས་རོལ་པ་རྩལ་གྱི་སྐྱེ་མཐའ། རིག་འཛིན་ཆེན་པོ་གཏེར་འབྱིན་ཡོངས་ཀྱི་དབང་ཕྱུག་ཆོས་རྗེ་གླིང་པ་བདེ་བའི་རྡོ་རྗེའི་ཟབ་གཏེར་གྱི་ཆ་ལག །གདུང་ཆུ་རླུང་གི་འཁོར་ལོ་བྱམས་པའི་སྙིང་མཛོད་ནས་སྤྱན་དྲངས་པ། ཆོས་བདག་བར་ཆད་སེལ་བའི་ཆོས་བཀའ་བཞིའི་ནང་ཚན། རྡོ་རྗེ་རྣམ་པར་འཇོམས་པ་དཀར་པོ་ལ་བསྟེན་ནས་ལས་ཉོན་དམ་སྡོམ་ཆག་ཉམས་དང་། དམ་གྲིབ་མི་གཙང་བ་སེལ་བའི་བཀྲུ་བྱབ་སྲུང་གསུམ་གྱི་ཆོ་ག་བགྱིད་པ་སྐབས་སུ་བབ་པ་སྟེ། གཏེར་གཞུང་ལས། མ་འོངས་བསྐལ་པ་དུས་ཀྱི་ཐ་མ་ལ༔ སོགས་གཏེར་གཞུང་སྒྲུབ་ཐབས་ཀྱི་དབུར་འབྱུང་བ་བཞིན། སྙིང་ལ་རྒྱ༔ ཞེས་གདམས་ཤིང་། འདིས་ནི་བདག་གཞན་སྡིག་སྒྲིབ་མི་གཙང་བ༔ ནད་གདོན་བགེགས་སོགས་གནོད་པ་ཐམས་ཅད་དང༔ མཆོག་ལ་སྒྲིབ་པ་ཀུན་ལས་ཐར་བར་འགྱུར༔ ཞེས་བསྔགས་པ་ཉིད་བསྒྲུབ་པའི་སྐབས་སུ་བབ་པ་ལ་དམིགས་འདུན་འདི་ལྟར་མཛོད་ཅིག །བསྒྲུབ་བྱའི་སྤྱི་བོར་སོགས་བཀྲུ་བྱབ་ཀྱི་རྗེས་སུ། འདྲ་གླུད་ཁྲུས་ཁུའི་ནང་དུ་བཤམས་པ་དང་། ཟུར་དུ་ཆངས་བུ་སོགས་གྲངས་ཇི་ལྟར་འོས་པ་རྣམས་འདུ་བྱས་ལ། གླུད་གཏོར་གྱི་ཉེས་པ་ཐམས་ཅད་རཾ་ཡཾ་ཁཾ་གིས་བསང་། སྭ་བྷཱ་ཝས་སྦྱངས། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། སརྦ་བིགྷྣཱཾ་ཨཱ་ཀརྵཱ་ཡ་ཛཿས་མགྲོན་བཀུག །སམྦྷ་རས་བསྔོ་བ་ནས། བསྐྲད་པའི་མཐའ་བར་གྲུབ་ནས། དེ་ལྟར་བྱས་པས་བསྒྲུབ་བྱའི་སྒོ་གསུམ་ཉེས་སྐྱོན་ཐམས་ཅད་ལས་གྲོལ་ཏེ། སྐད་ཅིག་གིས་རྡོ་རྗེ་རྣམ་པར་འཇོམས་པའི་སྐུར་གསལ་བར་གྱུར་པ་ནི། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་ཤེལ་དཀར་ཞུན་མའི་ཕུང་པོར་སོགས་བུམ་སྒྲུབ་ལྟར། ལྷམ་མེར་བཞུགས་པའི་གནས་རྣམས་སུ། སློབ་དཔོན་གྱི་ཕྱག་གི་རྡོ་རྗེས་རྒྱས་བཏབ་པར་མོས་ཤིག །སྔགས་ཤམ་བཅས་བརྗོད་པ་ནས། བཀྲ་ཤིས་ཀྱི་བར་བཏང་བས་གྲུབ། རྗེས་ནི་མདུན་བསྐྱེད་འོད་ཞུ་ཟིན་པས་ཁྱབ། བདག་བསྐྱེད་བསྡུ་ལྡང་གོང་དུ་མ་བགྱིས་ན་འདིར་བྱ་ཞིང་། གང་ལྟར་ཡང་བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་པས་གྲུབ་བོ།། །། ༈ འདིར་འབྱུང་བཞི་དང་ཁ་རླངས་བསམ་སྦྱོར་སོགས་ཀྱིས་བི་ཥ་ལས་སྲུང་སྐྱོབ་འཕགས་མ་དུག་སེལ་མ་ལྗང་གུ་ལ་བསྟེན་ནས་དབང་། ཁྲུས། དུག་དབང་བཅས་བཞུགས་ཀྱང་། ད་ལྟ་ལུང་རྒྱུན་ཙམ་ལས། དེ་རྣམས་ཀྱི་རྒྱུན་མ་བཞུགས་པས། སླད་ནས་ཁུངས་བཙུན་རྙེད་ན་འདིར་བརྒྱུད་ཡིག་དང་བཅས་བཞུགས་སུ་གསོལ་དགོས་པར་སྣང་ངོ་།། །། ༈ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རིག་འཛིན་རཀྴ་ཐོད་ཕྲེང་གི་ཕྲིན་ལས་དང་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་བདུད་འཇོམས་ཞུན་ཐིགས་ཀྱི་དབང་བསྐུར་བའི་ཆོ་ག་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་དང་།། །། ༈ བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་ནང་བདུད་བཞིའི་བར་ཆད་སེལ་བ། མི་གཡོ་བ་བདུད་བཞི་ཟིལ་གནོན་གྱི་དབང་ཆོག་བཻ་ཌཱུརྻའི་ཆུ་རྒྱུན་ལྟར་གྱི་རྩ་བ་འཆི་བདག་འཇོམས་པ་མི་གཡོ་བ་དཀར་པོའི་དབང་སྒྲུབ། དབང་དངོས། རྗེས་དང་། ༧ ནང་ཕུང་པོའི་བདུད་འཇོམས་པ་མི་གཡོ་བ་སེར་པོའི་དབང་སྒྲུབ། དབང་དངོས། རྗེས་དང་། ༧ གསང་བ་ཉོན་མོངས་བདུད་འཇོམས་མི་གཡོ་བ་དམར་པོའི་དབང་སྒྲུབ། དབང་དངོས། རྗེས་དང་། ༧ ཡང་གསང་ལྷ་བུའི་བདུད་འཇོམས་མི་གཡོ་བ་མཐིང་གའི་དབང་སྒྲུབ་སྐབས། བཀའ་སྲུང་མགོན་དཀར་ཡབ་ཡུམ་སྦྱར་ལ། དབང་དངོས་ཀྱི་མཐར། བཀའ་སྲུང་མགོན་དཀར་ཡབ་ཡུམ་གྱི་སྲོག་གཏད། རྗེས་རིམ་བཅས་བྱའོ།། །། ༈ ལྷ་བཙུན་སྔོན་མོས་རོལ་པོ་བྲག་ནས་སྤྱན་དྲངས་ཏེ་ཡང་རྫོང་ན་ལྡབ་གཏེར་སྦས་པ། མཆོག་གྱུར་གླིང་པས་གསང་གཏེར་བཞེས་པའི་ཤོག་སེར་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེ་ལ་ཕུལ་ནས་གཏན་ལ་ཕབ་པ། ཞི་བྱེད་ལྷ་མོ་བདུན་གྱི་དབང་བསྐུར་བའི་ཆོ་གའི་གསལ་བྱེད་ཡིད་འོང་ཟླ་བའི་བདུད་རྩི་ལྟར། སངས་རྒྱས་སྤྱན་མ། ལོ་མ་ཅན། འོད་ཟེར་ཅན་མ། གཙུག་གཏོར་གདུགས་དཀར། ཤེར་ཕྱིན་དཀར་མོ། སྒྲོལ་མ་དཀར་མོ། རྨ་བྱ་ཆེན་མོ་དང་བདུན་སོ་སོར་དབང་སྒྲུབ། དབང་དངོས་གཞི་ལ་འཇུག་པ་དང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ། སྒོས་ཆོས་ཁྱད་པར་གྱི་རྗེས་གནང་ལྔ་སོ་སོའི་སྐབས་ཐོབ་དང་། སངས་རྒྱས་སྤྱན་མར་བཀྲུ་བྱབ་སྲུང་གསུམ། གདུགས་དཀར་ལ་བྱད་བཀྲོལ། བཀྲུ་བྱབ། གླུད་བསྔོ། སྲུང་བ། རྨ་བྱ་ཆེན་མོར་ཚེ་དབང་། བཀྲུ་བྱབ། འཆི་བླུའི་གླུད་དང་ཁྲུས་ཆུ་ལྷན་ཅིག་བྱིན་བརླབས་ནས་གྲངས་གསོག་བཀའ་བསྒོ་བཅས་ཕྱིར་བཏང་། རྗེས་སྲུང་བ་བཅས་སྦྱར་ཞིང་དབང་གི་རྗེས་རྣམས་གྲུབ་མཐར། མན་ངག་གི་རྣལ་འབྱོར་ཟབ་མོའི་ཁྲིད་རིམ་གྱི་གདམས་པ་སྤེལ་བ་དང་། ཆོ་གའི་རྗེས་རིམ་བཅས་ཞིབ་པར་བྱའོ།། །། ༄། གཉིས་པ་ནད་ཞི་བའི་སྐོར་ལ། ཀློང་གསལ་རྡོ་རྗེ་སྙིང་པོའི་བཅོམ་ལྡན་འདས་སྨན་གྱི་བླ་མའི་ཆོ་ག་དབང་བསྐུར་དང་བཅས་པ་བཻ་ཌཱུརྻའི་ཕྲ་ཚོམ་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ གནམ་ཆོས་དགོངས་གཏེར་གཙོ་བོར་བྱས་པའི་སྨན་བླའི་གཏོར་དབང་གསར་རྙིང་ཐུན་མོང་བ་ལྟར། གནམ་ཆོས་སྤྱི་འགྲོས་ཀྱིས་ཟུར་བརྒྱན་པའི་དབང་སྒྲུབ། དབང་དངོས་ཀྱི་ཐོག་མར། ནད་པ་བྱིན་རླབས་ཤོག་བཀྲ་མ་སྦྱར་དགོས་པས། སློབ་མ་རྣམས་ཁྲུས་བྱས་ནང་དུ་ཚོགས་ལ། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྒྱུ་དང་འབྲས་བུའི་ནད་དང་སྡུག་བསྔལ་ཉམ་ང་བའི་གནོད་པ་ཐམས་ཅད་ལས་བསྐྱབ་ནས། ཀུན་མཁྱེན་རྒྱལ་བ་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་བྱིན་རླབས་གཏོར་དབང་ཟབ་མོ་ནོད་དེ་དོན་གཉིས་སྒྲུབ་པའི་ཐབས་ཉམས་སུ་ལེན་པར་བྱའོ་སྙམ་པའི་ཐུགས་བསྐྱེད་པ་གསལ་བཏབ་ནས་མ་ཡེངས་པར་གསན་འཚལ། དེ་ལ་ཐོག་མར་ནད་གདོན་ཞི་བར་བྱེད་པའི་ནད་པ་བྱིན་རླབས་ཤོག་བཀྲ་མའི་ཆོ་ག་བསྒྲུབ་པ་ལ། དམིགས་པ་འདི་བཞིན་དུ་མཛོད། དེ་ཡང་ཟླ་བ་སྒྲོན་མའི་མདོ་ལས། སོགས་བྱིན་རླབས་ཤོག་བཀྲའི་མཚམས་སྦྱོར་སྔོན་འགྲོ་ཆགས་མེད་གསུང་ལྟར། ཁས་བླངས་པར་སྒོམས་ཤིག །ཅེས་པའི་མཇུག་དེར། སློབ་མའམ། ནད་པའི་དྲིལ་ཟན་ལ་ངར་མི་སྐྱེ་མཆེད་དོད་པ་དང་ཆངས་བུ་ལམ་སྒྲོན་བཅས་སྣོད་གཅིག་ཏུ་བཤམས་པ་དང་། ཤོག་བཀྲ་རྣམས་ལ། ལས་ཆུས་བྲན་ཏེ། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། རིན་ཆེན་སྣོད་དུ་གླུད་གཏོར་དང༔ ལྷ་མིའི་ལོངས་སྤྱོད་ནམ་མཁའི་མཛོད། །བདུད་རྩིར་གྱུར་ཅིག་ཨོཾ་ཨཱཿཧཱུྃ༔ ཞེས་པས་བྱིན་གྱིས་བརླབས་ནས། ནད་ཀྱིས་ཟིན་པའི་ནད་པ་ལ༔ སོགས། བྱིན་བརླབ་ཤོག་བཀྲ་མ་ཚང་བར་འདོན་ཞིང་ཤོག་བཀྲ་རྣམས་བསྔོ་བའི་ཚུལ་བྱས་ལ། མཐར། འབྱུང་པོ་མཐུ་ཆེན་ཁྱེད་ཅག་རྣམས། །འདོད་ཡོན་མཆོད་སྦྱིན་རྒྱ་ཆེན་དང་། །ཡིད་མཐུན་གླུད་དང་ཆངས་བུ་ལོངས། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བུ་ལོན་ཤ་འཁོན་ལན་ཆགས་ཁྱེར། །བསྲུང་བྱ་འདི་ལ་མ་གནོད་པར། །བགེགས་རིགས་འབྱུང་ཚོགས་གཞན་དུ་དེངས། །གལ་ཏེ་མི་ཉན་འཚེ་བྱེད་ན༔ ཡེ་ཤེས་ཁྲོ་བོས་བརླག་པར་འགྱུར༔ དེ་བས་བསྒོ་བའི་བཀའ་ལ་ཉོན༔ ཞེས་བཀའ་བསྒོས་ལ། སླར་ཡང་མཚམས་སྦྱོར་ལྟར། འོ་ད་ནི་འདོད་ཡོན་སོགས་བརྗོད་མཐར། སརྦ་བྷཱུཏ་བིགྷྣཱན་གཙྪ་གཙྪས་གླུད་ཡས་རྣམས་བཞི་མདོ་འམ། ལོ་བདུད་ཕྱོགས་སུ་གཏང་། གདོན་བགེགས་རྣམས་དགའ་ཞིང་མགུ་བས་མཆོད་སྦྱིན་རྣམས་ཁྱེར་ཏེ་རང་གནས་སུ་སོང་བར་བསམ། མཆོད་སྦྱིན་ཐོབ་ཀྱང་མི་འགྲོ་བ་རྣམས་བསྐྲད་པའི་ཕྱིར་ཐུན་བྲབ་གུ་གུལ་བསྲེག་རོལ་མོའི་སྒྲ་དང་བཅས། སུམྦྷ་ནི་དྲག་ཏུ་བརྗོད། སྲུང་འཁོར་ནི། སྐུ་ལས་མེ་དཔུང་ཁྲོ་ཚོགས་འཕྲོས༔ གདོན་བགེགས་ཐམས་ཅད་ཚར་བཅད་ནས༔ ཕྱི་རོལ་རྡོ་རྗེའི་གུར་ཁང་ལ༔ ཡེ་ཤེས་ལྔ་ལྡན་མེ་དཔུང་འབར༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ དེ་ལྟར་རྡོ་རྗེ་སྲུང་བའི་འཁོར་ལོ་མེ་རི་དང་བཅས་པས་ཕྱོགས་བཅུར་བར་མེད་དུ་གཏམས་པས་བགེགས་དང་བར་ཆད་ཀྱིས་གླགས་མི་རྙེད་པའི་མོས་པ་མཛོད། དེ་རྣམས་ཀྱིས་བྱིན་རླབས་ཤོག་བཀྲ་མའི་རིམ་པ་གྲུབ་ནས། སླར་ཡང་བཀའ་གཏེར་ཟུང་འཇུག་གཏོར་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ། འོ་ན་ད་ལམ་སྨན་བླའི་གཏོར་དབང་ཞིག་སོགས་ནས་དབང་རྒྱས་པ་གྲུབ་ཀྱི་བར་མཐར་ཆགས་སུ་བསྐུར་པས། བསྡུས་པ་གྲངས་གསོག་དེའང་ཐོབ་པར་བརྩི་བས་ཟུར་དུ་བསྐུར་མི་དགོས་ཤིང་། གྲངས་གསོག་སྐབས། རྒྱས་པ་ཚར་གཅིག་བསྐུར་བའི་གཏོར་མའི་བཀའ་བསྒོ་ཤིས་བརྗོད་བཅས་གྲུབ་རྗེས། དབང་བསྡུས་པ་ལ་འཇུག །གྲངས་རྫོགས་པ་ན། བཟླས་ལུང་ཕྱིན་དབང་རྒྱས་པའི་མཇུག་མཐར་དབྱུང་བ་ཕྱག་བཞེས་ཡིན། ཆོ་གའི་རྗེས་གནམ་ཆོས་སྤྱི་བཞིན་ནོ།། །། ༈ བདུད་འདུལ་དམ་ཆོས་སྤྲུལ་སྐུ་སྙིང་ཐིག་གི་རི་ཁྲོད་ལོ་མ་གྱོན་མའི་དབང་ཆོག་བདུད་རྩིའི་ཆུ་རྒྱུན་མཚམས་སྦྱོར་གྱིས་བརྒྱན་པ་ལྟར་དབང་སྒྲུབ་ལ་བརྒྱུད་འདེབས་རྗེས། གཏེར་གཞུང་སྐྱབས་སེམས་ནས། བསྐལ་པའི་མེ་དཔུང་ཀློང་དུ་བཞུགས༔ ཞེས་པའི་བར་གྱིས་གསལ་བཏབ། དེ་ནས་སྤྱི་ཙམ་དུ་མདུན་བུམ་གཉིས་ཚིག་རིགས་གཅིག་གིས་བསྐྱེད་པར་གསུངས་པས། དེ་ལྟར་ན། དམིགས་རྟེན་རྣམས། སྭ་བྷཱ་ཝས་སྟོང་པར་སྦྱངས། མདུན་གྱི་དལ་མི་དམིགས་པ་སྟོང་པའི་ངང་ལས༔ རིན་པོ་ཆེའི་ཕོ་བྲང་གཞལ་ཡས་ཁང་དང་། བུམ་པ་མི་དམིགས་པའི་ངང་ལས། བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ༔ ཞབས་ཞུམ་པ་ལྟོ་བ་ལྡིར་བ༔ མགྲིན་པ་ཕྲ་བ་ཁ་གཡེལ་བ༔ ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་གང་བར་གྱུར་པ་སྟེ༔ སོ་སོའི་དབུས་སུ་པདྨའི་གདན་ལ། པཾ་ཡིག་ལྗང་གུའི་འཕྲོ་འདུ་ལས༔ དོན་གཉིས་བྱས༔ སོགས་ནས། མེ་རི་མེ་ཕུང་འབར་བའི་ཀློང་དུ་བཞུགས་པའོ༔ བར་དང་། བདག་མདུན་བུམ་པའི་ལྷ་ཚོགས་རྣམས། །དེ་ལྟར་གསལ་བའི་གནས་གསུམ་སོགས་སྒྲུབ་ཐབས་ལྟར་སྤྱན་འདྲེན་ནས་བསྟོད་པའི་མཐའ་བར་གཏང་། བཟླས་དམིགས་དམིགས་འབྱེད་གསལ་མེ་ལས་གསུངས་པ་ལྟར་སྦྱོར་བ་ལ། དམིགས་འདོན་ཟིན་སླ་བའི་ཆེད་ཅུང་ཟད་གསལ་ཁ་བགྱིས་པ་ནི། བདག་མདུན་བུམ་ལྷ་རི་ཁྲོད་མར་གསལ་བའི། །སྙིང་གར་པད་ཟླ་ཉི་སྟེང་ཡེ་ཤེས་སེམས། །རང་འདྲའི་ཐུགས་ཀར་སྐྱེ་མེད་ཉི་མའི་སྟེང་། །འགག་མེད་རིག་པ་པཾ་ཡིག་ལྗང་གུའི་མཐར། །རང་རྩལ་སྔགས་ཕྲེང་ཁ་དོག་མདོག་མཚུངས་ལས། །འོད་ཟེར་དམར་པོ་མགལ་མེ་ལྟ་བུར་འཁོར། །མདུན་བུམ་རང་འདྲའི་སེམས་དཔའི་ཐུགས་ཀར་ཕོག །རྒྱུད་བསྐུལ་སྔགས་ལས་འོད་འཕྲོས་ཕྱོགས་དུས་ཀྱི། །རྒྱལ་མཆོད་བྱིན་རླབས་ནུས་སྟོབས་འོད་ཟེར་རྒྱུན། །ཚུར་འདུས་མདུན་བུམ་སེམས་དཔའི་སྐུ་ལ་ཐིམ། །མདུན་བསྐྱེད་སྔགས་ལས་འོད་ཟེར་ཕྲེང་བ་བྱོན། །འཇུག་པའི་རླུང་གིས་དྲངས་ཏེ་བདག་ལ་ཐིམ། །བྱིན་ཐོབ་དབྱུང་བའི་རླུང་འོད་མདུན་བསྐྱེད་མཆོད། །རྒྱུད་བསྐུལ་ཚུར་རྔུབས་དངོས་གྲུབ་རང་ལ་བསྡུ། །འཕྲོ་འདུའི་འཁོར་ལོ་མགལ་མེ་ལྟ་བུ་འོ། །བུམ་པའི་ལྷ་ཚོགས་བ་སྤུའི་བུ་ག་ནས། །བདུད་རྩིའི་རྒྱུན་བྱུང་བུམ་པ་གང་བར་གྱུར། །ཅེས་པའི་དམིགས་པ་གསལ་ལ་རྩ་སྔགས་ཅི་འགྲུབ་བཟླ། ཐུན་མཐར་མཆོད་པ་སྤྱི་འགྲོ། དམིགས་འབྱེད་ལྟར་བུམ་ལྷ་འོད་ཞུ་སླར་ཡང་བུམ་པའི་ལྷ་ཚོགས་སོགས། དངོས་གཞི་དབང་བསྐུར་གྱི་བྱ་བ་གྲུབ་གྱི་བར་དབང་ཆོག་མཚམས་སྦྱོར་གྱིས་བརྒྱན་པ་བཞིན་བྱ། ཆོ་གའི་རྗེས་རིམ་ལ། གཏང་རག་མཆོད་བསྟོད་སྒྲུབ་ཐབས་ཀྱི་དཀྱུས་སུ་འབྱུང་བ་བཞིན་དང་། སྤྱི་འགྲོའི་ནོངས་བཤགས་མཐར། ཨཱ་ལི་ཀཱ་ལི་བརྗོད། གཞུང་འདིར་གཤེགས་གསོལ་གསུངས་ཀྱང་སྤྱི་བཞིན་སྐུ་ཙཀ་སོགས་ལ་དམིགས་ཏེ་བརྟན་པར་གསོལ་བ་ནི། རྗེ་བཙུན་པར་ཎ་ཤ་ཝ་རིའི་དཀྱིལ་འཁོར་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་ཀྱི་བར་དུ་རྟེན་རྣམས་ལ་བརྟན་པར་བཞུགས་སུ་གསོལ། བཞུགས་ནས་སེམས་ཅན་ཐམས་ཅད་ལ་མགོན་སྐྱབས་དང་དཔུང་གཉེན་དམ་པ་མཛད་དུ་གསོལ། ཡེ་དྷརྨཱ་བརྗོད་པས་ཡེ་ཤེས་པ་རྟེན་ལ་བསྟིམ། འབྲུ་གསུམ་གྱིས་དམ་ཚིག་པ་རང་ལ་བསྡུའོ། །བསྔོ་བ་སྨོན་ལམ་ནི། ན་མོ། བདག་གིས་རྗེ་བཙུན་སོགས་ནས། དོང་སྤྲུགས་ཤོག །བར་དམིགས་འབྱེད་ལྟར་དང་། བསྡུ་ལྡང་སོགས་བྱ་བར་གསུངས་ཀྱང་། དམིགས་འབྱེད་ཀྱི་དགོངས་པ་དང་བསྟུན་ན་འཇུག་པ་བདེ་བར་སྣང་བས། བདག་བསྐྱེད་བསྡུས་ཏེ་ལྟ་བའི་ངང་དུ་བཞག་པ་ནི། ལྷར་སྣང་འོད་ཕུང་འཇའ་ལྟར་ཡལ། །བརྗོད་བྲལ་དབྱིངས་རིག་མ་བུ་འདྲེས། །གདོད་མའི་ཁྱབ་བརྡལ་དེ་ངང་གཞག །ཅེས་ལྟ་བའི་ཉམས་ལེན་ལམ་དུ་ཁྱེར་བས་གྲུབ་བོ།། །། ༈ གནམ་ཆོས་གཙོས་བཀའ་གཏེར་ཟུང་འཇུག་ལོ་མ་ཅན་གྱི་དབང་བྱིན་རླབས་ཅན་ཞེས་བྱ་བ་ཆགས་མེད་གསུང་ལྟར། གནམ་ཆོས་སྤྱི་བཞིན་དབང་སྒྲུབ་བསྡུས་པ་བྱ་ཆོག །རྒྱས་པ་དེ་མ་གྲུབ་ཀྱང་འགྲིགས། ཤིང་ལོ་མ་ནད་ཡམས་གཅོད་པའི་ལས་སྦྱོར་སྐབས་ཀྱི་ལྷ་ཡིན་པས་དབང་བསྐུར་དུས་འདིར་མི་འབྱུང་། དེ་ལྟར་བསྒྲུབས་ཟིན་ནས། དབང་དངོས་གཞི་བསྐུར་ལ། རྗེས་རིམ་གནམ་ཆོས་སྤྱི་བཞིན་བྱའོ།། །། ༈ སྟག་ཤམ་གུ་རུ་ཞི་བའི་ཆ་ལག་རི་ཁྲོད་ལོ་མ་གྱོན་མའི་དབང་དོན་སྒྲུབ་པ་ལ། སྐྱབས་སེམས་ནི། སངས་རྒྱས་ཆོས་དང་སོགས་ལན་གསུམ། གཞི་བགེགས་ཀྱི་གཏོར་མ་སྟག་ཤམ་རང་ལུགས་སམ། སྤྱི་འགྲོས་ཙམ་ལ་ཐུན་མོང་དུ། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་གིས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་མགྲོན་བཀུག །ཨ་ཀཱ་རོས་བསྔོས་ལ། མཆོད་སྦྱིན་གཏོར་མས་ཕྲིན་ལས་བཅོལ། གཙྪས་གཤེགས། སརྦ་བྷཱུཏ་ཨཱ་ཀརྵཱ་ཡ་ཛཿས་བགེགས་བཀུག །སརྦ་བྷཱུཏ་བ་ལིཾ་ཏ་ཁཱ་ཧིས་བསྔོ། ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ སོགས་ཀྱིས་བཀའ་བསྒོ་ཞིང་བསྐྲད། ཧཱུྃ༔ ང་ནི་ཡེ་ནས་སོགས་ཀྱི་མཚམས་གཅོད་ལྟ་བུ་སྤྱིར་བཏང་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཀྱི་ཚད་མེད་བཞི་བསྒོམ། ཚོགས་གསག་ནི། མ་ནམ་མཁའ་དང་སོགས་གཞུང་ལྟར། གཉིས་མེད་གྱུར༔ བདག་བསྐྱེད་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་ཀྱིས་སྦྱང་། བདག་གཞན་ཕྱི་ནང་མི་དམིགས་སྟོང་པའི་ངང༔ པདྨ་ཟླ་བ་རྒྱས་པའི་གདན་སྟེང་དུ༔ སོགས་བསྐྱེད་བསྟིམ་བཟླས་པའི་མཐར་ཐུག་པའི་བར་གཏང་། མཆོད་རྫས་རྣམས་རཾ་ཡཾ་ཁཾ་གིས་བསང་སྦྱང་། རྣམ་དག་ཆོས་དབྱིངས་སོགས་ཀྱིས་བརླབ། བུམ་བསྐྱེད་ནི། ཤཱུནྱ་ཏཱས་སྦྱང་། དངོས་འཛིན་ཆོས་རྣམས་མི་དམིགས་སྟོང་པའི་ངང༔ བྷྲཱུྃ་ལས་བུམ་པ་གཞལ་ཡས་ཁང་པའི་དབུས༔ པདྨ་ཟླ་བ་རྒྱས་པའི་གདན་སྟེང་དུ༔ ཡི་གེ་པཾ་ལྗང་སོགས་ཀྱིས་སྔར་བཞིན་བསྐྱེད་ནས། གཉིས་མེད་བསྟིམ༔ འོག་གི །ཧྲཱི༔ བཅོམ་ལྡན་འདས་མ་ལོ་མ་ཅན༔ སོགས་སྤྱན་འདྲེན་ནས་བསྟོད་པའི་མཐའ་བར་གཏང་། བཟླས་དམིགས་ནི། གོང་གི །བདག་མདུན་ཐ་མི་དད་པ་སོགས་ནས། འཁོར་འདས་བཅུད་ཀུན་སྡུད༔ བདག་མདུན་སྒྲུབ་པའི་རྫས་ལ་ཐིམ། །ནད་སེལ་སྨན་གྱི་ནོར་བུར་གྱུར། །ཅེས་གསལ་གདབ་ཅིང་། གཟུངས་ཐག་དྲངས་ནས་སྔགས་བརྒྱ་རྩ་སོགས་ཅི་ནུས་བསྙེན་མཐར། འོག་གི །བུམ་པའི་ལྷ་ཚོགས་སོགས་ཀྱིས་འོད་ཞུ་བྱ། རིག་མེ་དོར་ལ་གནང་བ་ནོད། དབང་དངོས་ལ། མར་གྱུར་གྱི་ཡིད་ཅན་རྣམས་ཀྱི་དོན་དུ་དཔལ་ལྷ་མོ་རི་ཁྲོད་ལོ་མ་ཅན་གྱི་དབང་བསྐུར་ཞུ་བར་བྱ་སྙམ་པའི་ཐུགས་ལེགས་པར་བསྐྱེད་དེ་གསན་འཚལ། དེ་ལ་རྒྱལ་བ་ཐུགས་རྗེའི་བདག་ཉིད་ཀྱིས་འགྲོ་ཁམས་རྣམས་ལ་བུ་གཅིག་པའི་མ་བཞིན་དམིགས་པ་མེད་པའི་ཐུགས་རྗེའི་བརྩེ་བས། ཕན་བདེའི་ལམ་བཟང་ཇི་སྙེད་ཅིག་གསལ་བར་མཛད་པ་ལས། ཉེས་གསུམ་རྒྱུ་ལས་བྱུང་བའི་ནད་སྤྱི་དང་། ཁྱད་པར་སྙིགས་དུས་གསོ་བར་དཀའ་བའི་འགོ་ཡམས་རིམས་ནད་ཀྱི་གཉེན་པོར་མཆོག་ཏུ་ཟབ་པའི་མཚན་དང་རིགས་སྔགས་དྲན་པ་ཙམ་གྱིས་སེལ་ཞིང་མི་འབྱུང་བར་བྱེད་པའི་ལྷ་མོ་འདི་ཉིད་ཀྱི་སྒྲུབ་སྐོར་གསར་རྙིང་རྣམས་སུ་རྒྱ་ཆེར་བྱོན་པ་ལས། འདིར་བརྒྱུད་ཐག་ཉེ་ཞིང་བྱིན་རླབས་ཀྱི་དྲོད་མ་ཡལ་བའི་ངེས་པས་ཁྱད་པར་དུ་འཕགས་པ་ཟབ་མོ་གཏེར་གྱི་ཕྱོགས་ལས་བྱོན་པ་སྟེ། དེ་ཡང་ཆོས་བློ་མགོན་དང་ཨརྻ་ས་ལེ་ཟུང་འཇུག་གི་རོལ་གར་ཨོ་རྒྱན་བསམ་གཏན་གླིང་པའམ། སྟག་ཤམ་ནུས་ལྡན་རྡོ་རྗེས་བླ་མ་ཞི་དྲག་གི་ཆོས་སྐོར་བོད་འབངས་སྐྱོབ་པའི་མགོན་དུ་གཏེར་ཞལ་དབྱེ་བར་མཛད་པའི་ཆོས་སྡེ་ལས་བྱོན་པ་ཡིན་ཏེ། གཞུང་ལས། འདི་ལ་བརྩོན་པའི་རྣལ་འབྱོར་གང༔ ནད་ཀྱི་སྟེང་དུ་ཐོགས་པ་མེད༔ ཕར་འཇོམས་ནུས་པས་ཕ་ལམ་འདྲ༔ ཤིན་ཏུ་ཟབ་བོ་ས་མ་ཡ༔ ཞེས་བསྔགས་པར་མཛད་པ་བཅོམ་ལྡན་འདས་མ་རི་ཁྲོད་ལོ་མ་གྱོན་མའི་སྒྲུབ་ཐབས་ནད་འཇོམས་སྟོབས་སྒྲོན་མའི་དབང་བསྐུར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། དུས་གསུམ་བདེ་གཤེགས་འདུས་པའི་མགོན། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བཅོམ་ལྡན་ལྷ་མོ་ཤ་ཝ་རཱིའི། །དབང་བསྐུར་དམ་པ་བསྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་བདུན་རྣམ་དག་མཛད་པའི་བློས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་སོགས། དབང་གི་གཞི་འགོད་པའི་སླད་དུ་འདི་ལྟར་གསལ་ཐོབས། ཤཱུནྱ་ཏཱ་སོགས་བདག་བསྐྱེད་ལྟར་ལ། སློབ་མའི་ཞེས་བསྒྱུར་ནས། གསལ་བར་བསྐྱེད༔ དེ་ལྟར་བསྒོམས་པའི་གནས་གསུམ་ཡི་གེའི་འོད་དང་། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་རྩ་གསུམ་རྒྱལ་བ་རབ་འབྱམས་དང་དཔལ་ལྡན་མའི་ཐུགས་རྒྱུད་བསྐུལ་བས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་ཚོགས་ཆར་དྲག་འབབ་པ་བཞིན་བྱོན་ནས་སློབ་མར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས། སྤོས་རོལ་བཅས་རྩ་སྔགས་མཐར། ཨཱ་ཝེ་ཤ་ཡ་ཨཱཿ ཞེས་བཏགས་པས་བྱིན་དབབ། ཏིཥྛ་བཛྲས་བརྟན། དབང་དངོས་གཞིར། བུམ་པ་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ། བུམ་བཅུད་བདུད་རྩི་ནད་འཇོམས་ཀྱི་ནོར་བུའི་རྒྱུན་གྱིས་བཀང་བས་དབང་བསྐུར་བ་ལས་བུམ་ཆུའི་རྒྱུན་བྱུང་ནས་ལུས་ཀྱི་ནང་ཐམས་ཅད་གང་། ནད་གདོན་གྱི་རྒྱུ་འབྲས་རྣམས་དྲུངས་ནས་ཕྱུང་། གདོས་བཅས་ཀྱི་སྣང་བ་དག །ལྷག་པའི་ལྷ་མོ་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུར་གྱུར་པར་མོས། ཧྲཱི༔ བཀྲ་ཤིས་རིན་ཆེན་སོགས་ཀྱིས་དབང་བསྐུར་ཞིང་བུམ་ཆུ་སྦྱིན། སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་རྗེའི་མཐུ་དང་ལྷ་མོའི་རིག་སྔགས་སྨོན་ལམ་གྱི་སྟོབས་ལས་འཁྲུངས་པའི་སྨན་མཆོག་རྣམས་ཕྱག་ཏུ་གཏད་པས། སྨན་གྱི་སྦྱོར་བའི་ཕྲིན་ལས་ཀྱིས་འགྲོ་ལ་ཐོགས་མེད་དུ་འཇུག་ནུས་པའི་མཐུ་ཐོབ་པར་མོས། ཧྲཱི༔ ནད་འཇོམས་ཡེ་ཤེས་སོགས། སླར་ཡང་སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་རང་བཞིན་གྱི་གནས་དང་དཔག་བསམ་ཤིང་གི་ལྗོན་པའི་གྲིབ་ནས། བཅོམ་ལྡན་འདས་ལྷ་མོ་རི་ཁྲོད་ལོ་མ་ཅན་ཡེ་ཤེས་སེམས་མའི་སྐུ་དངོས་སུ་སྤྱན་དྲངས། སློབ་མའི་སྙིང་དབུས་སུ་ཐིམ་པས་ལྷ་མོའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་དང་གཉིས་སུ་མེད་པར་གྱུར་པ་ཡིན་སྙམ་པའི་ང་རྒྱལ་དང་། དེང་ཕྱིན་ཆད་ནད་རིམས་གདོན་ལ་སོགས་པའི་འཇིགས་པ་གང་གིས་ཀྱང་མི་ཚུགས་པའི་རྡོ་རྗེའི་ལུས་དང་སྲོག་འགྲུབ་པར་མོས། ཧཱུྃ༔ རྟེན་འབྲེལ་ཐུགས་རྗེའི་སོགས་བརྗོད། དེ་རྣམས་ཀྱིས་ལོ་མ་གྱོན་མའི་དབང་ཐོབ་པ་ཡིན་པས་དམ་ཚིག་གི་རིམ་པ་ཚུལ་བཞིན་བསྲུང་ཞིང་། འདི་ཉིད་ཡི་དམ་གྱི་ལྷར་འཛིན་དགོས་པས་དེ་ལྟར་བགྱི་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་རོ། །ཆོ་གའི་རྗེས་བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བཅས་སྤྱི་འགྲོ་བགྱིས་པས་གྲུབ་བོ།། །། ༈ རིག་འཛིན་ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་མིག་འབྱེད་ཐུགས་རྗེ་ཆེན་པོའི་དབང་གི་ཆོ་ག་རཏྣའི་ཐུར་མ་ལྟར་དབང་སྒྲུབ། དབང་དངོས་བསྐུར་ཞིང་ཆོ་གའི་རྗེས་བཅས་བྱའོ།། །། ༈ གྲུབ་ཐོབ་རིལ་དཀར་གྱི་སྒོམ་ལུང་དང་ཕྱག་ལེན་འབོགས་ཚུལ་ཐང་སྟོང་དགོངས་རྒྱན་ལྟར་ལོ་རྒྱུས་སྔོན་འགྲོས། སྒོམ་ལུང་དངོས་རང་གཞུང་ཚིགས་བཅད་མའི་ལུང་གཏང་བ་དང་། ཕྱག་ལེན་བསྟན་པ། དབང་རྗེས་བཅས་བྱའོ།། །། ༄། གསུམ་པ་གདོན་ཞི་བའི་སྐོར་ལ། མངའ་བདག་ཉང་གཏེར་ཡེ་ཤེས་ཀྱི་བྱ་ཁྱུང་དམར་པོའི་སྒྲུབ་ཐབས་ལས་ཚོགས་རྗེས་གནང་དང་བཅས་པ་ལྟར་དབང་སྒྲུབ། དངོས་གཞིར་རྗེས་གནང་མཐར། གཏོར་མའི་དབང་བསྐུར་སྤྱི་ཁྱབ་ལྟར་བྱ་གསུངས་པ་ནི། གཏོར་སྣོད་སྣང་བ་རྣམ་པར་དག་པའི་དཀྱིལ་འཁོར་གྱི་དབུས་སུ། གཏོར་མ་རིག་པ་རང་བྱུང་ཡེ་ཤེས་ཀྱི་བྱ་ཁྱུང་དམར་པོ། སྐུའི་གནས་དང་རྡོ་རྗེའི་འདབ་གཤོག་མཇུག་སྒྲོ་ཐེའུ་ཕྲན་བ་སྤུ་ཐམས་ཅད་ལས་ཡེ་ཤེས་ཀྱི་མེ་དང་། སྤྲུལ་པའི་བྱ་ཁྱུང་གི་ཚོགས་རླུང་ལྟར་འཚུབས་ཤིང་། སེར་ལྟར་འགྲིལ་བ། སྐར་མདའ་ལྟར་འཕྱོ་བས་སློབ་མའི་སྒོ་གསུམ་ལ་གནོད་པའི་ཉེར་འཚེ་ཐམས་ཅད་རྩ་སྦུར་མེ་དང་འཕྲད་པ་བཞིན་འཇོམས་པར་བྱེད་པའི་སྟེང་གི་ནམ་མཁར་བླ་མ་རིག་འཛིན། བར་གྱི་ཆ་ལ་ཡི་དམ་ཞི་ཁྲོ་རབ་འབྱམས། མཐའ་སྐོར་མཁའ་འགྲོ་དམ་ཅན་ཡེ་ཤེས་ཀྱི་སྤྱན་ལྡན་གྱི་ཚོགས་མངོན་སུམ་དུ་བཞུགས་པ་འདི་ཉིད་སྤྱི་བོར་སྤྱན་དྲངས་ཤིང་གསོལ་བ་བཏབ་པས། ཐུན་མཆོག་གི་དངོས་གྲུབ་མཐའ་དག་ཡིད་བཞིན་དུ་བསྩལ་ཞིང་ཐོབ་པར་མོས། ཞེས་བརྡ་སྦྱར་ལ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་རིག་འཛིན་བརྒྱུད་པའི་དཔལ་ལྡན་བླ་མ་རྣམས་དང་། ཡི་དམ་རྒྱལ་བ་ཞི་ཁྲོ་རབ་འབྱམས། ཁྱད་པར་ཡེ་ཤེས་ཀྱི་ག་རུ་ཌཿདམར་པོ་སྤྲུལ་དང་ཡང་སྤྲུལ་གྱི་ཚོགས། མཁའ་འགྲོ་དམ་ཅན་ཆོས་སྐྱོང་བའི་སྲུང་མ་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་ཀྱི་བྱིན་དབང་དངོས་གྲུབ་ནུས་རྩལ་མ་ལུས་པ། རྡོ་རྗེའི་སློབ་མའི་རྒྱུད་ལ་འཇུག་པར་མཛད་དུ་གསོལ། ནད་གདོན་བར་ཆད་སྔོན་གྱི་ལས་དང་། འཕྲལ་གྱི་རྐྱེན་ལས་གྱུར་པ་སྤྱི་དང་། ཁྱད་པར་ས་བདག་ཀླུ་གཉན་མ་རུངས་པའི་བསམ་སྦྱོར་མཐོང་རེག་ཁ་རླངས་ལས་གྱུར་པའི་དུག་དང་། བྱད་ཕུར་རྦོད་གཏོང་གི་སྦྱོར་བས་གཏད་པ་དང་བཅིངས་པ་དང་བརླག་པ་ལ་སོགས་པའི་ལས་ཀྱི་སྦྱོར་བ་ལ་བརྟེན་པའི་གདུག་རྩུབ་མི་མཐུན་པའི་རྐྱེན་ཐམས་ཅད་ཞི་ཞིང་མེད་པར་མཛོད་ཅིག །ཚེ་དཔལ་མངའ་ཐང་ལེགས་ཚོགས་ཐམས་ཅད་རྒྱས་པར་མཛོད་ཅིག །རླུང་སེམས་སྣང་བ་ཐམས་ཅད་དབང་དུ་བསྡུ་བར་མཛོད་ཅིག །དགྲ་བགེགས་ཀླུ་གདོན་ས་བདག་རྒྱལ་བསེན་ཐམས་ཅད་གཏན་ནས་བརླག་པར་མཛོད་ཅིག །འདི་ནས་བྱང་ཆུབ་ཀྱི་བར་དུ་སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་ལ་སོགས་པའི་འདོད་རྒུའི་དངོས་གྲུབ་དང་། ལས་ཀྱི་ནུས་པ་མཐུ་སྟོབས་དཔལ་ཡོན་ཐམས་ཅད་རྒྱས་ཤིང་བརྟན་པར་མཛད་དུ་གསོལ། རྩ་སྔགས་ལས་ཀྱི་ཤམ་ཅན་གྱི་སྭཱ་ཧཱའི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་བ་ལིཾ་ཏ་ཨ་དྷིཥྛཱ་ན་ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བཏགས་པ་བརྗོད་ཅིང་གནས་གསུམ་དུ་གཞག །མཐར། གཏོར་མའི་ལྷ་འོད་དུ་ཞུ་བ་སློབ་མ་ལ་ཐིམ་པས། ལྷ་དང་གཉིས་སུ་མེད་པའི་མཐུ་སྟོབས་ཡོན་ཏན་གྱི་ནུས་རྩལ་ཡོངས་སུ་རྫོགས་ཤིང་རྒྱས་པར་མོས་མཛོད། དབང་གི་རྗེས་སྤྱི་ལྟར་དང་། ཆོ་གའི་རྗེས་རིམ་ནི། བདག་མདུན་ལ་དམིགས་པའི་མཆོད་བསྟོད་མདུན་བསྐྱེད་སྐབས་ལྟར་དང་། ཡིག་བརྒྱས་ནོངས་པ་བཤགས། ཡེ་ཤེས་པ་རྟེན་ལ་བསྟིམ་པའམ། བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་འབྲུ་གསུམ་གྱིས་རང་ལ་བསྡུ། །བདག་བསྐྱེད། ཧཱུྃ་གསུམ་དང་། ཕཊ་གསུམ་གྱིས་བསྡུ་ལྡང་དང་། དགེ་བ་འདི་ཡིས་མྱུར་དུ་བདག །ཡེ་ཤེས་ཁྱུང་དམར་འགྲུབ་གྱུར་ནས། །སོགས་ཀྱིས་བསྔོ་སྨོན་དང་། བཀྲ་ཤིས་ཇི་ལྟར་རིགས་པས་མཐའ་བརྒྱན་པས་འགྲུབ་བོ།། །། ༈ བྱང་གཏེར་ཁྱུང་ཆེན་ཡོངས་རྫོགས་ཀྱི་དབང་ལ། ཁྱུང་ཆེན་ཡོངས་རྫོགས་ཀྱི་དབང་བསྐུར་བའི་ཆོ་ག་རྡོ་རྗེའི་རྒྱན་ཕྲེང་བཞིན་སྒྲུབ་པའི་ཐོག་མར་བདག་བསྐྱེད་ཉང་གཏེར་ཧཱུྃ་སྒྲུབ་བཟླས་པ་རྫོགས་བར་གཏང་། དེ་ནས་འདིའི་དབང་ཆོག་ཏུ་བསྟན་པ་བཞིན། མཆོད་པ་བྱིན་རླབས་ནས་གཟུང་མཐར་ཆགས་སུ་བསྒྲུབས་ནས་དབང་བསྐུར་ཞིང་། དབང་དང་ཆོ་གའི་རྗེས་རིམ་བཅས་བྱའོ།། །། ༈ བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅུ་གསུམ་པ་ལས་ཀྱི་བྱ་ཁྱུང་ནག་པོའི་ཕྲིན་ལས་གནམ་ལྕགས་རྡོ་རྗེའི་ཐོག་མདའ་ལྟར་དབང་སྒྲུབ་བདག་མདུན་དབྱེར་མེད་དུ་བསྒོམ་ཞིང་། བཟླས་པའི་དབུར་ཛཔ྄་ཁང་ཕྱེས་ལ། ཐུགས་ཀར་གདན་ས་བོན་སྔགས་ཕྲེང་དང་སྤྲོ་བསྡུ་བཅས་སྤྱི་འགྲོ་གསལ་བཏབ་ནས། ཨོཾ་དྲུང་དྲུང་དུར་དུར༔ ཆེམ་ཆེམ༔ ཁཾ་ཁཾ༔ སོད་སོད༔ རྦད་རྦད་སྭཱ་ཧཱ༔ ཞེས་བཟླ། བསྐུལ་བའི་མཐར། རིག་མེ་དོར་ཞིང་སྙན་གསན་དབབ། བྱིན་རླབས་ཀྱི་ཆོ་ག་བར་ཆད་ཀུན་སེལ་ལྟར་དབང་དངོས། རྗེས་ཆོག་སྤྲོ་ན། ༼ན༽ཐུགས་སྒྲུབ་དྲག་མཐིང་གི་ཚོགས་མཆོད། རཾ་ཡཾ་ཁཾ༔ ཏྲཱཾ་ཧཱུྃ་སོགས་བྱིན་རླབས་དང་། ཧཱུྃ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ མཁའ་འགྲོའི་ཚོགས་དང་བཅས་པ་དང༔ ལས་ཀྱི་བྱ་ཁྱུང་ག་རུ་ཌ༔ གདུང་བ་དྲག་པོས་བདག་གདུངས་ཤིང༔ འདོད་ཡོན་ལྔ་ལྡན་སོགས་དང་། ཨོཾ་བཛྲ་གུ་རུ་དྷེ་ཝཱ་དྷཱ་ཀི་ནཱི་ག་རུ་ཌཿས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ སོགས་སྦྱར་ནས་ལྷག་མའི་མཐའ་བར་གཏང་། གང་ལྟར་ཡང་། ཕྲིན་ལས་བཞིན་མཆོད་བསྟོད། བཟོད་གསོལ་སོགས་མཐར་དབྱུང་བས་གྲུབ་བོ།། །། ༈ པདྨ་ལས་འབྲེལ་རྩལ་གྱི་གཏེར་བྱོན། རྟ་མགྲིན་གཉེན་པོ་ལྷ་གསུམ་གྱི་དབང་དངོས་སྟ་སྦྲེལ་སྐབས་སྒྲུབ་པ་ལ། ལས་བྱང་དོན་གཉིས་ལྷུན་གྲུབ་ལྟར། ཚོགས་གསག་ནས། ཚོགས་བསྒྲལ་བསྟབ་བར་མཐར་ཆགས་སུ་བཏང་བས་འགྲུབ་ཅིང་། དེ་ལ་བཟླས་པ་གྲུབ་རྗེས་བུམ་པ་སྤྱི་ཁྱབ་མདོར་བསྡུས་དང་། ལས་བུམ་འཁྱིལ་པས་བསྒྲུབ། དབང་བསྐུར་བའི་དོན་དུ་རིག་མེ་དོར་བ་དང་། སློབ་མ་གཞུག་པའི་ཕྱིར་སྙན་གསན་དབབ་ཅིང་གནང་བ་ནོད་པ་སོགས་སྤྱི་ལྟར་བྱ་བ་དང་། དབང་ཆོག་མུ་ཐི་ལའི་ཕྲེང་བ་ལྟར་སྟ་གོན་དང་དབང་དངོས་བསྐུར། རྗེས་རིམ་ཕྲིན་ལས་ལྟར་ཚོགས་དྲངས་ལྷག་ཕྱིན་མཐར་དབྱུང་བས་གྲུབ་བོ།། །། ༼འདིར་རྒྱལ་བ་ལྔ་པ་ཆེན་པོའི་རྒྱ་ཅན་གྱི་རྟ་མགྲིན་གཉེན་པོ་ལྷ་བཞིའི་དོན་དབང་མཁྱེན་བརྩེ་དབང་པོའི་གསུང་ཡོད།མཆན།༽ ༈ ཨོ་རྒྱན་ཆེན་པོས་བཻ་རོའི་ཐུགས་སྤྲུལ་མཆོག་ལྡན་མགོན་པོ་ལ་བསྩལ་ཅིང་དེ་ཉིད་ཀྱིས་ཀུན་གཟིགས་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་གདམས་པའི་སྙན་བརྒྱུད་གཉེན་པོ་ལྷ་ལྔའི་ཕྲིན་ལས་དབང་བསྐུར་དང་བཅས་པ་གདུག་པ་ཀུན་འཇོམ་ལྟར་དབང་སྒྲུབ། དབང་དངོས། གྲོལ་བྱེད་རྫོགས་རིམ་ཁྲིད་དང་འབྲེལ། རྗེས་ཆོག་བཅས་བྱའོ།། །། ༈ མཁར་ཆེན་དཔལ་གྱི་དབང་ཕྱུག་གི་རྣམ་འཕྲུལ་མ་ཏི་རཏྣའི་མཁའ་འགྲོ་བདུད་འདུལ་དྲག་མོའི་ཆ་ལག་ཁྱུང་སྒྲུབ་བདུད་འདུལ་ནག་མོའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་གདུག་པ་ཀུན་འཇོམས་ལྟར་དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།། །། ༈ ལྷ་ལྕམ་པདྨ་གསལ་གྱི་སྐྱེ་མཐའ་ར་ཞི་པདྨ་རིག་འཛིན་གྱི་བླ་སྒྲུབ་ནོར་བུ་པད་ཕྲེང་ཞི་དྲག་གི་ཆ་ལག་རིགས་ལྔའི་ཁྱུང་སྒྲུབ་གདུག་པ་ཀུན་འདུལ་གྱི་དབང་ཆོག་དུག་ལྔའི་སྟོབས་འཇོམས་ལྟར་དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།། །། ༈ སྟག་ཤམ་ཡི་དམ་དགོངས་འདུས་རྟ་མཆོག་རོལ་པའི་ཁྲོ་རྒྱལ་ཁྱུང་གི་ལས་བྱང་དབང་བསྐུར་དང་བཅས་པ་བཀླག་ཆོག་ཏུ་བསྡེབས་པ་གདོན་འཇོམས་སྤུ་གྲི་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ རོལ་རྡོར་ཟབ་གཏེར་གཏུམ་པོ་དྲེགས་པ་ཀུན་འདུལ་གྱི་ཁྱུང་སྒྲུབ་གདུག་པ་ཀུན་འཇོམས་ཀྱི་དབང་བསྐུར་གདོན་གདུལ་གློག་གི་མེ་ལྕེ་ལྟར་༼ཐི༽རྩ་གསུམ་སྤྱིའི་ལས་བྱང་སྦྱར་བས་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ པདྨ་བདེ་ཆེན་གླིང་པའི་ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་ཆ་ལག་དྲག་པོ་ལྷ་གསུམ་གྱི་དབང་བསྐུར་སྙིང་པོར་དྲིལ་བ་གདོན་བགེགས་དཔུང་འཇོམས་ལྟར་དབང་སྒྲུབ། དབང་དངོས་དབང་ཆོག་བཞིན་བསྐུར་ཞིང་བཀའ་གཏད་ཆོས་བཀའ་སྤྱི་ལས་དམིགས་གསལ་ཟུར་བཀའ་འདིར་མི་སྦྱོར་བས་མི་བཞུགས། རྗེས་རིམ་བཅས་བྱའོ།། །། ༈ བདུད་འཇོམས་རོལ་པ་རྩལ་གྱི་གཏེར་བྱོན་གཙོ་བོར་བྱས་པའི་མ་ཏི་དང་སྟག་ཤམ་གསུམ་འདུས་ཁྱུང་དམར་མེའི་གཤོག་པ་ཅན་གྱི་དབང་བསྐུར་བལྟས་ཆོག་ཏུ་བཀོད་པ་ལྟར་དབང་སྒྲུབ། དབང་དངོས། རྗེས་མཆོད་བསྟོད། ནོངས་བཤགས། བསྡུ་ལྡང་། བསྔོ་སྨོན། ཤིས་བརྗོད་བཅས་སྤྱི་བཞིན་བྱ་དགོས་སོ།། །། ༈ འཇིགས་མེད་གླིང་པའི་དགོངས་གཏེར་ཀློང་ཆེན་སྙིང་ཐིག་གི་བླ་མ་དྲག་པོ་རྟ་ཁྱུང་འབར་བའི་བྱིན་རླབས་ཀྱི་ཆོ་ག་རྡོ་རྗེའི་དོ་ཤལ་ལྟར་ལ་ཕྲིན་ལས་བཀླག་ཆོག་ཏུ་བསྡེབས་པའི་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་གསང་བདག་ཉི་མ་མདུང་གང་མའི་དབང་ཆོག་བལྟ་བདེར་བཀོད་པ་ལྟར་དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།། །། ༈ མཆོག་གྱུར་གླིང་པའི་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་གསང་བདག་རྡོ་རྗེ་བེ་ཅོན་གྱི་དབང་ཆོག་ཨིནྡྲ་ནཱི་ལའི་ཆུ་རྒྱུན་ལྟར་དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།། །། ༈ འབྲི་གུང་ཆོས་ཀྱི་གྲགས་པའི་དག་སྣང་གཟའ་ཡུམ་གྱི་དབང་ཁྲུས་ཟབ་མོའི་གཞུང་ལྟར་དབང་སྒྲུབ། རྗེས་གནང་དངོས་ལ་ཁྲུས་དང་བགེགས་བསྐྲད་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གནས་སྐབས་ཉེ་བར་འཚེ་བ་སྤྱི་དང་། བྱེ་བྲག་དྲང་སྲོང་གི་དུག་གི་འཇིགས་པས་ཟིན་པ་ལས་སྐྱོབ་པའི་ཕྱིར་གཟའ་ཡུམ་དབྱིངས་ཕྱུག་མའི་དབང་གསན་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་ནས་གསན་འཚལ། དེ་ལ་འདིར། རྒྱལ་བ་ཐུགས་རྗེའི་དབང་ཕྱུག་མཆོག་གིས་འགྲོ་བ་རྣམས་ལ་ཕན་བདེ་འབའ་ཞིག་གི་ཕྲིན་ལས་རྒྱུན་གྱི་རྟག་པར་གྲུབ་པ་ལས། འཇིག་རྟེན་གྱི་ཁམས་འདིར་ཤིན་ཏུ་མཐུ་ཆེ་ཞིང་དྲག་ཤུལ་དང་ལྡན་པ་དྲང་སྲོང་གི་གནོད་པས་འགྲོ་བ་རྣམས་ཉམ་ཐག་པའི་འཇིགས་པ་ལས་སྐྱོབ་པའི་ཐབས་དང་གདམ་ངག་སྲུང་གསོའི་སྐོར་རྒྱ་ཆེར་བསྟན་པ། གསར་རྙིང་ཀུན་ལ་ཡོངས་སུ་གྲགས་ཤིང་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པར་བཞུགས་པ་ལས། ད་ལམ་གྱི་སྐབས་སུ་བབས་པ་འདི་ནི། དཔལ་འབྲི་གུང་པ་ཆེན་པོ་རིག་འཛིན་ཆོས་ཀྱི་གྲགས་པས་བསྩལ་པའི་ཟབ་མོའི་གདམས་ངག །འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད། དུག་སེལ་ལྷ་མོ་དབྱིངས་ཕྱུག་མའི་སྣང་ཆར་བཞེངས་པའི་སྒྲུབ་ཐབས་དང་འབྲེལ་བའི་གདམས་ངག་ཟབ་མོ་འདི་ཉིད་ཉམས་སུ་བླངས་པས་སྟེང་གདོན་ལ་སོགས་པའི་གནོད་པ་མ་ལུས་པ་སྲུང་བའི་མཆོག་ཏུ་འགྱུར་ཞིང་། འདིའི་དབང་ཁྲུས་དྲང་སྲོང་གི་ནད་ཀྱིས་ཟིན་པའི་མི་ལ་བགྱིས་ན་གཟའ་རྒོད་གདོང་ཐུག་གི་ནད་ཀྱང་བྱང་བར་བྱེད་ཅིང་། སླར་འཇུག་མི་སྲིད་པའི་ངེས་པ་སྟེར་བར་བྱེད་པའི་དབང་བསྐུར་ཟབ་མོ་སྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ། གསོལ་གདབ་རྒྱུད་སྦྱོང་རྣམས་གཞུང་བཞིན་བྱ། དེ་ནས་དཔོན་སློབ་ལྷར་བསྐྱེད་ཅིང་སློབ་མ་ལ་ཡེ་ཤེས་པ་གཞུག་པའི་སླད་ཁྱེད་རང་རྣམས་གཟའ་ཡུམ་དབྱིངས་ཕྱུག་མུ་ཁ་ལེའི་སྐུ་འདི་ལྟར་དུ་གསལ་ཐོབས། ཨོཾ་བཛྲ་ཨ་མྲྀཏ་སོགས་ལྷ་བསྐྱེད། ཡེ་ཤེས་དབབ་པ། བརྟན་པར་བྱས་ནས། དབང་དངོས་ལ་སྐུ་གསུང་ཐུགས་དབང་། རྗེས་འབྲེལ་བཟླས་ལུང་། མཐའ་རྟེན་གཏོར་དབང་རྣམས་ལས། དང་པོ་སྐུ་བུམ་པའི་དབང་བསྐུར་བ་ནི། བུམ་པ་མཚན་ཉིད་རྫོགས་པའི་ནང་བཅུད་དབྱིངས་ཀྱི་རྒྱལ་མོའི་སྐུའི་བྱིན་རླབས་དབྱིག་གི་རྒྱུན་གྱིས་བཀང་བ་སྤྱི་བོར་བཞག་ཅིང་ཁྲུས་བྱས་པས་ལུས་ཀྱི་དྲི་མ་སྤྱི་དང་། ཁྱད་པར་དྲང་སྲོང་གི་ནད་རེངས་འཁུམས་ལ་སོགས་པ་འབྱུང་བའི་རྒྱུ་རྐྱེན་འབྲས་བུ་དང་བཅས་པ་ཐམས་ཅད་ལྷག་མེད་དུ་བཀྲུས་ཤིང་སྦྱངས། ཤུལ་ཐམས་ཅད་ཡེ་ཤེས་བདུད་རྩིས་གང་། ལུས་སྣང་སྟོང་རྡོ་རྗེའི་སྐུར་འགྲུབ་པར་མོས། ཨེ། སྲིད་པ་ཀུན་ཡུམ་སོགས་ཀྱིས་དབང་བསྐུར་ཞིང་ཁྲུས་བྱས་ལ་བུམ་ཆུ་བླུད། གཉིས་པ་གསུང་བདུད་རྩིའི་དབང་བསྐུར་བ་ནི། བྷནྡྷ་འབར་བའི་མཁའ་དབྱིངས་སུ་རིག་པའི་ལྷ་མོའི་གསུང་གི་བྱིན་རླབས་སྔགས་ཕྲེང་བདུད་རྩི་འཆི་གསོས་ཀྱི་སྨན་དུ་འཁྱིལ་པ་མགྲིན་པར་བཞག་ཅིང་མྱང་བས་ངག་གི་དྲི་མ་སྤྱི་དང་། ཁྱད་པར་དྲང་སྲོང་གི་ནད་ངག་དིག་ལྐུགས་འབྱུང་བའི་རྒྱུ་རྐྱེན་འབྲས་བུ་དང་བཅས་པ་ལྷག་མེད་དུ་སྦྱངས། རྩ་གནས་ཐམས་ཅད་བདུད་རྩིས་གང་། ངག་གྲགས་སྟོང་རྡོ་རྗེའི་གསུང་དུ་འགྲུབ་པར་མོས། ཨེ། སྲིད་པ་ཀུན་ཡུམ་སོགས་ཀྱིས་མགྲིན་པར་བཞག་ཅིང་བླུད། གསུམ་པ་ཐུགས་རྡོ་རྗེའི་དབང་བསྐུར་བ་ནི། ལྷ་དང་སློབ་དཔོན་དབྱེར་མེད་པའི་ཐུགས་ཀ་ནས་རིག་སྟོང་ཐུགས་ཀྱི་ཕྱག་རྟགས་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་འོད་འབར་བ་འཕྲོས། སློབ་མའི་སྙིང་གར་ཐིམ་པས་ཡིད་ཀྱི་དྲི་མ་སྤྱི་དང་། ཁྱད་པར་དྲང་སྲོང་གི་ནད་ཡམས་སྨྱོ་འབོག་བརྒྱལ་སྔངས་ལ་སོགས་པ་འབྱུང་བའི་རྒྱུ་རྐྱེན་འབྲས་བུ་དང་བཅས་པ་ལྷག་མེད་དུ་སྦྱངས། འཁྲུལ་རྟོག་ཡེ་ཤེས་སུ་སྨིན། ཁྱབ་བརྡལ་ཡེ་ཤེས་རྡོ་རྗེའི་ཐུགས་སུ་འགྲུབ་པར་མོས། ཨེ། སྲིད་པ་ཀུན་ཡུམ་སོགས་ཀྱིས་རྡོ་རྗེ་སྙིང་གར་བཞག །བཞི་པ་རྗེས་འབྲེལ་བཟླས་པའི་ལུང་སྦྱིན་པ་ནི། དཔོན་སློབ་གཉིས་ཀ་དབྱིངས་ཕྱུག་མར་གསལ་བ་ལས། སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་གཉིས་པ་ཞིག་མཆེད་ནས་ཐོན། སློབ་མའི་ཞལ་དུ་ཞུགས། ཐུགས་ཀར་ཟླ་དཀྱིལ་ཨེ་ཡིག་དམར་སེར་གྱིས་མཚན་པའི་མཐར་ཉིས་རིམ་དུ་འཁོད་པའི་འོད་ཀྱིས་དོན་གཉིས་བྱས་ཤིང་རྒྱལ་བའི་བྱིན་རླབས་བསྡུས། ཚུར་འདུས་ཐུགས་སྲོག་སྔགས་འཁོར་ལ་ཞུགས་པས་ནུས་མཐུ་མཆོག་ཏུ་འབར་བར་མོས་ལ་འདིའི་རྗེས་ཟློས། སྔགས་གཉིས་ཀ་སོ་སོར་ལན་གསུམ་རེ་བརྗོད། ལྔ་པ་མཐའ་རྟེན་གཏོར་མའི་དབང་བསྐུར་བ་ནི། གཏོར་མ་དབྱིངས་ཀྱི་རྒྱལ་མོ་མུ་ཁ་ལེ་དངོས་དང་། དེའི་སྤྱི་བོར་རྩ་བའི་བླ་མ། གཞན་ཡང་རྩ་གསུམ་རབ་འབྱམས་སྤྲིན་ཕུང་གཏིབས་པ་བཞིན་བཞུགས་པར་གསལ་བས་དབང་བསྐུར་བས། ལྷ་ཚོགས་རྣམས་ཀྱི་སྐུའི་གནས་རྣམས་ནས་འོད་ཟེར་བདུད་རྩིའི་རང་བཞིན་དུ་བྱོན། སློབ་བུའི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་གང་བས་ནད་གདོན་སྡིག་སྒྲིབ་ཞི་ཞིང་ཚེ་དཔལ་ཡེ་ཤེས་རྒྱས་པ་ལ་སོགས་པའི་ཐུན་མཆོག་གི་དངོས་གྲུབ་མ་ལུས་པ་ཐོབ། སྒོ་གསུམ་ལྷག་པའི་ལྷའི་སྐུ་གསུང་ཐུགས་དང་གཉིས་མེད་དུ་གྱུར་པའི་ངེས་ཤེས་བརྟན་པོ་སྐྱེད་ཅིག །ཨེ། སྲིད་གསུམ་བདག་མོ་སོགས་བཀའ་བསྒོ་དང་བཅས་པས་གཏོར་མ་གནས་གསུམ་དུ་གཏུགས་མཐར། ལྷ་ཚོགས་འོད་དུ་ཞུ་ནས་སློབ་མར་བསྟིམ། དེ་ལྟར་དབང་བསྐུར་ཟབ་མོ་ཐོབ་པའི་དམ་ཚིག་སྤྱི་དང་། ཁྱད་པར་འདི་ཉིད་ཀྱི་སྒོམ་བཟླས་མ་ཆག་པར་བརྩོན་པར་བྱེད་དགོས་པས། དེ་ལྟར་མཛད་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་དང་། ཆོ་གའི་རྗེས་ཁྲུས་ཆོག་གི་མཇུག་ཏུ་བཤད་པ་བཞིན་བྱའོ།། །། ༈ ཀློང་གསལ་རྡོ་རྗེ་སྙིང་པོའི་འཇིག་རྟེན་དབང་ཕྱུག་སེངྒེ་སྒྲའི་སྒྲུབ་ཐབས་དང་དབང་ཆོག་ཀླུ་ཆོག་གདོན་ཁྲོལ་དང་བཅས་པ་བདུད་རྩིའི་ཟིལ་ཐིགས་ལྟར་དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།། །། ༈ ཆོས་རྗེ་གླིང་པའི་ཕྱག་རྡོར་གཏུམ་པོ་སེང་སྒྲོག་གི་དབང་དང་བྱབ་ཁྲུས་གདོན་འགྲོལ་གྱི་རིམ་པ་ལྟར་དབང་སྒྲུབ། དབང་དངོས་ཙམ་བསྐུར་བ་ལས་ཁྲུས་སོགས་བྱ་མི་དགོས། རྗེས་ཆོག་བཅས་ཀྱིས། གདོན་ཞི་བའི་སྐོར་གྲུབ་བོ།། །། ༄། བཞི་པ་གྲིབ་དང་མི་གཙང་བ་གཙོར་གྱུར་ཞི་བའི་སྐོར་ལ། སྔ་འགྱུར་བཀའ་མའི་རྣམ་འཇོམས་དཀར་པོ་བི་མའི་ལུགས་༧དཔལ་ཀརྨ་པ་རང་བྱུང་རྡོ་རྗེ་ལ་བཀའ་བབས་པའི་གཟུངས་ཆོག་རིག་གཏད་བུམ་ཁྲུས་དང་བཅས་པ་ཟླ་བའི་འོད་ཟེར་ལྟར་དབང་སྒྲུབ། དངོས་གཞི་ལ་རིག་གཏད་དང་འབྲེལ་བའི་ལྷ་ཁྲུས་དང་། སློབ་མའི་ཁྲུས་གཉིས་བྱ་ཞིང་། ཁྲུས་ཁོལ་འདོན་དེ་མི་དགོས། གོང་མ་ཐོབ་ནས་འོག་མ་འདི་གཞན་ལ་བྱ་ཆོག །དབང་དང་ཆོ་གའི་རྗེས་བཅས་བྱ་ཞིང་། བཀའ་སྲོལ་འདིའི་རྗེས་གནང་བྱིན་རླབས་དབང་བསྐུར་དང་འབྲེལ་བ་ནི། རྗེ་ཐམས་ཅད་མཁྱེན་པ་དགུ་པ་དབང་ཕྱུག་རྡོ་རྗེའི་གསུང་རབ་ཡོངས་སུ་གྲགས་པའི་ནང་དུ་བཞུགས་ཀྱང་། སྐབས་འདིར་གོང་གི་འདི་ཀས་འཐུས་པར་མཛད་དོ།། །། ༈ རྣམ་འཇོམས་སློབ་དཔོན་སངས་རྒྱས་གསང་བའི་ལུགས་ཀྱི་རྗེས་གནང་གི་ཐོག་མར་དབང་དོན་སྒྲུབ་པ་ལ། ༼འདོད་བུམ། 417༽གཞུང་གསལ་བཞིན། སྔོན་འགྲོ། ཚོགས་གསག་སོགས་ནས། བདག་བསྐྱེད་གཟུགས་ཀྱི་ལྷ་བསྒོམ། ཕྱག་རྒྱའི་ལྷས་བྱིན་གྱིས་བརླབ། མཚན་མའི་ལྷའི་གསལ་སྣང་ལ་སེམས་བཟུང་ཞིང་། གསང་སྔགས་ཀྱི་ཚུལ་དང་ཆེ་བ་དྲན་པས། རྡོ་རྗེ་རྣམ་འཇོམས་ཀྱི་གཟུངས་མདོ་ཚར་གཅིག་བཀླག །དེ་ནས། ཤཱུནྱ་ཏཱས་སྟོང་པའི་ལྷར་སྦྱངས་ནས། དེ་འོག་བུམ་བསྐྱེད་བསྙེན་པའི་མགོར་བྱུང་བའི་ཕྲེང་བ་བྱིན་གྱིས་བརླབ། རང་གི་ཐུགས་ཀའི་ཟླ་བ་ལ་གནས་པའི་རྡོ་རྗེའི་ལྟེ་བར་ཧཱུྃ་ཡིག་སོགས། བུམ་བསྐྱེད་བཟླས་དམིགས་བཞིན། ཐུགས་ཀའི་ཡིག་འབྲུ་ལ་ཐིམ། དེ་ལས་འོད་ཟེར་འཕྲོས། སྡིག་སྒྲིབ་ནད་གདོན་ཐམས་ཅད་སྦྱང་པར་གྱུར་པར་མོས་པས། གཟུངས་མདོ་ལན་གཅིག །དེ་ནས་རྩ་སྔགས་ལན་གསུམ། སྙིང་པོ་ཉེར་ལྔ། ཉེ་སྙིང་བརྒྱ་རྩ་རྣམས་བཟླས་པའི་མཐར། རང་གི་ལུས་ལས་ཡེ་ཤེས་པ་ཕྱུང་སྟེ་མདུན་མཁར་བཞུགས་པར་གྱུར་པ་ལ། བུམ་བསྐྱེད་ནས་འབྱུང་བའི་མཆོད་བསྟོད་ཕུལ། ཡིག་བརྒྱས་བཟོད་པར་གསོལ། བཛྲ་མུཿས་ཡེ་ཤེས་པ་གཤེགས། རང་ཉིད་ལས་ཀྱི་ཁྲོ་བོའི་ང་རྒྱལ་བཟུང་བས་བདག་བསྐྱེད་གྲུབ། མདུན་བསྐྱེད་ལ། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཚང་བའི་དབུས་སུ་བཻ་ཌཱུརྻའི་བྲག་དང་། རྡོ་རྗེའི་གདན་གྱི་སྟེང་དུ། པད་ཟླའི་གདན་ལ་ཧཱུྃ་ལས་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་སོགས་བུམ་བསྐྱེད་ལྟར་བསྐྱེད་མཐར། བདག་མདུན་བུམ་པའི་ལྷའི་གཙོ་བོའི་སོགས་བསྒྱུར་བའི་སྤྱན་འདྲེན་ནས་བསྟོད་པའི་མཐའ་བར་བྱ། མདུན་སྐྱེད་ཀྱི་ཐུགས་ཀའི་ཟླ་བ་ལ་སོགས་བསྒྱུར་བའི་བདག་བསྐྱེད་བཞིན་བཟླས་དམིགས་གསལ་བཏབ་ནས་བཟླས་པ་བྱ། བུམ་སྐྱེད་གཞུང་གསལ་བཞིན་ལ་མཆོད་བསྟོད་མཐར། དམིགས་པ་གོང་མ་གསལ་བཏབ་སྟེ། གཟུངས་ཐག་བླངས་ནས། གཟུངས་མདོ་ལན་གསུམ་མམ་གཅིག །དམིགས་པ་འོག་མ་གསལ་བཏབ་ནས། རྩ་སྔགས་དང་སྙིང་པོ་བརྒྱ་རྩ་རེ། ཉེ་སྙིང་སུམ་བརྒྱ་བཟླས་མཐར། གཟུངས་ཐག་བསྡུས་ནས་ཡིག་བརྒྱ་བཟླ། མདུན་བུམ་ཆབས་ཅིག་པར་གཏོར་མ་འབུལ། འཇིག་རྟེན་པར་ཆ་གསུམ་བཏང་མཐར། ཡེ་ཤེས་པ་གཤེགས་བསྟིམ་གཞུང་གསལ་བྱས་པས་དབང་སྒྲུབ་གྲུབ། ཁྲུས་དབང་དངོས་ལ། སློབ་མ་རྣམས་ཕྱི་རོལ་དུ་ཆུ་གཙང་གིས་ཡན་ལག་ལྔ་ཁྲུས་བྱ། ཐོག་མར་སེམས་བསྐྱེད་གསལ་བཏབ། ༼འདོད་བུམ། 438༽རྗེས་གནང་ཆོ་ག་ལྟར། སློབ་དཔོན་སངས་རྒྱས་གསང་བས། མཚན་མ་ཕྱིས་ལ་སོགས། འབྲེལ་བའི་དབང་དུ་གསུངས་པ་བཞིན་བསྒྲུབ་པ་ལ་མཎྜལ། དེར་གསལ། རིག་སྔགས་འཆང་ཆེན་སོགས་གསོལ་གདབ་ལན་གསུམ་རྗེས། ཁྲུས་ཀྱི་དོན་དུ་མདུན་གྱི་ནམ་མཁར་སེང་གེའི་ཁྲི་རྡོ་རྗེའི་གདན་སོགས། སངས་རྒྱས་གསང་བའི་ལུགས་ཀྱི་བདག་བསྐྱེད་ཐོག་མར་འབྱུང་བའི་ཐུབ་པའི་བསྐྱེད་ཆོག །བཞུགས་པར་གྱུར་པ་ལ་ཉེར་སྤྱོད་ཀྱིས་མཆོད། མཚན་མཆོག་ལྡན་པ་སོགས་ཤྭ་ལོ་ཀས་བསྟོད་མཐར། བཅོམ་ལྡན་འདས་ཀྱིས་བདག་དང་སློབ་མ་ལ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། སླར་ཡང་སངས་རྒྱས་ཀྱི་མཐུས། སློབ་དཔོན་ཕྱག་ན་རྡོ་རྗེ་མཐིང་ནག་ཞལ་གཅིག་ཕྱག་གཉིས་སོགས་བདག་བསྐྱེད་བཞིན། གཡོན་བརྐྱང་བའི་སྟབས་ཀྱིས་རྡོ་རྗེའི་གདན་ལ་གནས་པར་བསམ་སྟེ། སྦྱོང་བ་གསུམ་ལས་ཞི་དྲག་གི་སྦྱོང་བ་སྤྱི་ལྟར་བྱ། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་རྡོ་རྗེ་རྣམ་པར་འཇོམས་པ་ལ་སོགས་པའི་ཁྲོ་བོའི་རྒྱལ་པོ་རྣམས་སྤྱན་དྲངས་པ་ལ། ཉེར་སྤྱོད་ཀྱིས་མཆོད། འཇིགས་པའི་ཧཱུྃ་སྒྲ་སོགས་ཤྭ་ལོ་ཀས་བསྟོད། མཐར། ཇི་ལྟར་སྔོན་ཚེ་བདེ་གཤེགས་ཕོ་བྲང་སོགས་གོང་འཕྲོས་ནས་འབྱུང་བས་ཐུགས་དམ་བསྐུལ་བས། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་པར་མོས་ལ། བདེན་བརྗོད་ཚིག་ལྷུག་སྤྱི་འགྲོ་འམ། སངས་རྒྱས་གསང་བའི་ལུགས་ཀྱི་ཁྲུས་ཆོག་མགོར་འབྱུང་བ་ལྟར་བརྗོད། དྲག་སྔགས་གུལ་ཡུངས་ཐུན་གྱིས་དྲག་སྦྱོང་མཐར། སྡིག་སྦྱོང་རྗེས། ཁྲུས་དངོས་ལ། རང་གི་སྙིང་ག་ནས་སོགས་ནས། མཆོད་ཅིང་བསྟོད་ནས་གསོལ་བ་གདབ་པར་མོས་པས། སྔགས་ཀྱིས་མཆོད། དེ་བཞིན་གཤེགས་པ་སོགས་ཀྱིས་བསྟོད། སྔར་སོང་ཐུགས་དམ་སྐུལ་ཚིག་ལས་ཡང་སྐྱར་འགྲོ་བ་ཉམ་ཐག་འདི་ནི་གཟུང་བའི་སོགས་གོང་སོང་བསྐུལ་རྗེས་ཀྱི་ཚིགས་རྐང་གསུམ་གྱིས་སླར་ཡང་གསོལ་བ་གདབ། སངས་རྒྱས་གསང་བའི་ལུགས་ལྟར། སྤྱན་དྲངས་པའི་ལྷ་རྣམས་ཀྱི་བདུད་རྩིའི་ཆུས་ཁྲུས་མཛད་སོགས། བཀྲུ། བྱབ། སྲུང་བ། ཛ་ཡནྟུ་སྭཱ་ཧཱ་བར། དེས་ཁྲུས་ཆོག་སོང་། རྗེས་གནང་དངོས་ཀྱི་དོན་དུ་མཎྜལ། རྗེས་གནང་ཆོ་ག་གོང་མ་ལྟར། དུས་གསུམ་སངས་རྒྱས་སོགས་ཐོག་མའི་གསོལ་གདབ་རྗེས། འོག་ནས་འབྱུང་བ་སངས་གསང་རང་གི་རྗེས་གནང་བཞིན། ཇི་སྲིད་སྙིང་པོ་སོགས་སྐྱབས་སེམས། སློབ་མ་ལྷར་བསྐྱེད་ནས། དབང་མཐར་ཆགས་སུ་བསྐུར་ཞིང་། གཏང་རག་གི་མཎྜལ། ལུས་འབུལ། དགེ་བསྔོ་བཅས་བྱ། རྗེས་ཆོག་སངས་རྒྱས་གསང་བའི་ལུགས་བཞིན་ལ། བུམ་ལྷ་གཤེགས་ཟིན་པས་རྗེས་ཆོག་མི་དགོས། མདུན་བསྐྱེད་ལ། མཆོད་བསྟོད། ནོངས་བཤགས། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་ལས་ཀྱི་ཁྲོ་བོའི་ང་རྒྱལ་སྔར་ནས་བཟུང་བཞིན་པ་ལྟར་སྦྱང་། སྨོན་ཤིས་ཀྱིས་གྲུབ་བོ།། །། ༄། བ་རི་ལུགས་ཀྱི་རྣམ་འཇོམས་རྗེས་གནང་ལ། ༼འདོད་བུམ། 429༽ལྟར། ཐོག་མར་དབང་དོན་སྒྲུབ་པར། སྐྱབས་སེམས་ནས། བཟླས་པའི་མཐའ་ཕན་ཡོན་བརྗོད་པ་ཡན་གསུངས་ཀྱང་། བདག་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས། དམ་ཚིག་པའི་གནས་གསུམ་རྒྱས་གདབ་མཐའ་བར་བཏང་ན་བདེ་བས། དེ་ལྟར། དེ་ནས་བདུན་བསྐྱེད་ལ། སླར་ཡང་བདག་བསྐྱེད་བཞིན་སྟོང་པར་སྦྱང་བ་ནས། ཡོངས་སུ་གྱུར་པ་ལས། མདུན་བསྐྱེད་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་དང་། མདུན་བསྐྱེད་ཀྱི་ཐུགས་ཀར་རྡོ་རྗེའི་ལྟེ་བར་ཞེས་པ་ཙམ་བསྒྱུར་ནས། བཟླས་པ་ཕན་ཡོན་རྫོགས་ཀྱི་བར་གཏང་། དེ་ནས་མཆོད་རླབས་ནས། བུམ་བསྐྱེད་ཀྱི་བཟླས་པའི་སྐབས་དམིགས་པ་དང་སྔགས་སྔ་མ་བཞིན་བྱ་དགོས། བཟླས་པ་ཚར་ནས། མདུན་བུམ་གྱི་ལྷ་ལ་གཏོར་འབུལ་སངས་རྒྱས་གསང་བའི་ལུགས་ནས་འབྱུང་བ་བཞིན་བྱ། འཇིག་རྟེན་པར་ཆ་གསུམ་གཏོར་མའང་འབུལ། བུམ་ལྷར་བཟོད་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་ཞུ་བཅས་བྱ། དེ་ནས་རྗེས་གནང་གི་ཆོ་ག་བརྒྱུད་པའི་ཁྱད་པར་གཉིས་ཀྱི་བཀའ་སྲོལ། ༼འདོད་བུམ། 435༽བཞིན། ཁྲུས་དང་། ལོ་རྒྱུས་ཀྱི་མཚམས་སྦྱར་ཞིང་མཎྜལ་ནས། རྗེས་བྱིན་གྱིས་བརླབ་པ་ཐུགས་རིག་གཏད་ཀྱི་རྗེས། བ་རི་རང་ལུགས་ཀྱི་གཞུང་བཞིན། སྦྱོར་བ་དོར་བས། མཐའ་རྟེན་བཀྲུ་བྱབ་སྲུང་གསུམ། ཕན་ཡོན་ཤིས་བརྗོད་བཅས་བྱས་མཐར། དམ་ཚིག་ཁས་བླང་ཕྱིན་དབང་གི་རྗེས་དང་། ཆོ་གའི་རྗེས་ཀྱང་བ་རི་ལུགས་བཞིན་བཏང་བས་འགྲུབ་ཅིང་། རྣམ་འཇོམས་ལྗང་སྔོན་གྱི་རྗེས་གནང་སྐོར་འདིར་མི་མཛད་དོ།། །། ༈ གནམ་ཆོས་རྣམ་འཇོམས་ལྗང་སྔོན་གྱི་དབང་སྒྲུབ། དངོས་གཞི་གཟུངས་དབང་། རྗེས་གནམ་ཆོས་སྤྱི་ལྟར་བྱའོ།། །། ༈ བདུད་འདུལ་དམ་ཆོས་སྤྲུལ་སྐུ་སྙིང་ཐིག་གི་རྣམ་འཇོམས་གསང་སྒྲུབ་ཁྲོ་ནག་གི་དབང་ཆོག་རྡོ་རྗེའི་ཆུ་རྒྱུན་ལྟར་དབང་སྒྲུབ། དབང་དངོས་ཀྱི་ལས་བུམ་དབང་ཕྱིན་གྱི་དབང་བསྐུར་སོ་སོའི་རྗེས་སྨོན་ལམ་ལ་སློབ་མས་མཐུན་འགྱུར་བྱ་དགོས་པས་ལས་བུམ་དབང་དངོས་བསྐུར་ཟིན་མ་ཐག་དེར། འདིར་བརྒྱུད་པའི་ཕྱག་བཞེས་ཀྱི་ཁྱད་པར་དབང་གི་སྨོན་ལམ་སློབ་དཔོན་གྱིས་བརྗོད་པ་རྣམས་ལ་ཉིད་རྣམ་པས་མཐུན་འགྱུར་རིམ་པ་བཞིན་དུ་མཛད་དགོས་པ་ཐུགས་ལ་གཞག་འཚལ། ཞེས་བརྡ་སྦྱར་ནས་སྨོན་ལམ་བརྗོད་པའི་རྗེས་སུ་མཐུན་འགྱུར་སྤྱི་བཞིན་བྱེད་དུ་བཅུག་དགོས་ཤིང་། ཆོ་གའི་རྗེས་རིམ་བཅས་དབང་ཆོག་བཞིན་བྱའོ།། །། ༈ ཀློང་གསལ་བི་མའི་ཆོས་སྡེ་ལས་རྣམ་འཇོམས་དཀར་པོའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་ནོར་བུ་ཀེ་ཏ་ཀའི་ཆུ་རྒྱུན་ལྟར་དབང་སྒྲུབ། དངོས་གཞིར་སློབ་མ་རྣམས་འདུས་ཤིང་གྲལ་དུ་འཁོད་ཟིན་པ་ལ། ལྷ་ཁྲུས་ནས། བཀྲུ་བྱབ་དང་། དབང་གི་རྗེས་སྤྱི་འགྲོའི་རྟགས་བརྒྱད་རྒྱས་བསྡུས་གང་འོས་སྦྱར་ཞིང་། དབང་ཆོག་གི་རྗེས་རིམ་བཅས་བྱའོ།། །། ༈ བོ་དོང་པདྨ་གར་དབང་གི་ཐུགས་དམ་གཏོར་རྒྱུན་རྒྱ་མཚོ་ལས་འབྱུང་བ་ཉང་ལུགས་ཁྲོ་མོ་སྨེ་བརྩེགས་མའི་སྒྲུབ་ཐབས་དབང་བསྐུར་ཁྲུས་ཆོག་དང་བཅས་པ་ལྟར་དབང་སྒྲུབ། དངོས་གཞིའི་ཡེ་ཤེས་དབབ་པའི་ཐོག་མར་འོག་གི་བཀྲུ་བྱབ་སྲུང་བ་བཀྲ་ཤིས་བཅས་སྔོན་དུ་བཏང་ནས། གོང་གི་དབབ་པ་དང་དབང་བསྐུར་དངོས་དང་ཆོ་གའི་རྗེས་རིམ་བཅས་བྱའོ།། །། ༈ ཀློང་གསལ་རྡོ་རྗེ་སྙིང་པོའི་ཁྲོ་བོ་སྨེ་བ་བརྩེགས་པའི་དབང་དོན་སྒྲུབ་པ་ལ། སྐྱབས་སེམས་ནི། ན་མོ། སྐྱབས་ཀྱི་མཆོག་གྱུར་དཀོན་མཆོག་དང་། །ཡི་དམ་ལྷ་ལ་སྐྱབས་སུ་མཆི། །ནམ་མཁའ་དང་མཉམ་འགྲོ་བའི་ཕྱིར། །རྡོ་རྗེའི་རྣལ་འབྱོར་བསྒོམ་པར་བགྱི། །བདག་བསྐྱེད་ནི། གཞུང་ལས། ཧཱུྃ༔ པད་ཉིའི་སྟེང་དུ་སོགས་ནས། སྐུར་གྱུར་ཏོ༔ བཟླས་དམིགས་ནི། འོག་གི །ཐུགས་ཀར་ཉི་སྟེང་སོགས་ཀྱིས་གསལ་བཏབ་ལ། ཨོཾ་བྷུར་ཀུཾ་མ་ཧཱ་སོགས་སྔ་མ་རྩ་སྔགས་ཅི་ནུས་དང་། ཕྱི་མ་ལས་སྔགས་དེའི་ཕྱེད་དམ་བཅུ་ཆ་བཟླ། མདུན་བསྐྱེད་ལ། མཆོད་རྫས་རཾ་ཡཾ་ཁཾ་གིས་བསང་སྦྱང་། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ་གིས་བརླབ། ལྷ་བསྐྱེད་བདག་སྒོམ་སྐབས་བཞིན་ལ། སྐུར་གྱུར་པའི༔ གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས། །འོད་འཕྲོས་ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་བསྟིམ། །ཧཱུྃ༔ ཁྲོ་རྒྱལ་ཡོངས་ཀྱི་སོགས་སྤྱན་འདྲེན། བཞུགས་ཕྱག །མཆོད་བསྟོད་བཅས་གཏང་། བཟླས་དམིགས་ནི། ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་མཐར། །སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས། །རྒྱལ་བ་ཞི་ཁྲོའི་བྱིན་སྟོབས་བསྡུས། །སླར་འཕྲོས་ཉམས་གྲིབ་བག་ཆགས་བསྲེག །སྣང་གྲགས་ལྷ་སྔགས་རོལ་པར་གྱུར། །སྔགས་བཟླ། བུམ་བསྐྱེད་ནི། ཧཱུྃ༔ བུམ་པ་གཞལ་ཡས་རྒྱན་བཀོད་རྫོགས་པའི་དབུས། །པད་ཉིའི་སྟེང་དུ་སྐད་ཅིག་སོགས་ནས་བསྟོད་པའི་བར་མདུན་བསྐྱེད་བཞིན་བྱ། གཟུངས་ཐག་བཟུང་ལ། རང་སྲོག་སྔགས་ཀྱི་ཕྲེང་བ་ལ། །འཁྲིལ་ཏེ་བུམ་ལྷའི་ཐུགས་རྒྱུད་བསྐུལ། །སྐུ་དང་སྔགས་ལས་བདུད་རྩིའི་རྒྱུན། །བབ་པས་བུམ་པ་གང་བར་གྱུར། །བཟླས་པ་ཅི་ནུས་རྗེས་འོད་ཞུ་བྱ། ལས་བུམ་འཁྱིལ་པས་བསྒྲུབ། ཧཱུྃ༔ རིན་ཆེན་བུམ་པའི་སོགས་ཀྱིས་ལས་བུམ་དུ་རྣམ་བུམ་ཆུ་བསྲེས་པའི་ཁྲུས་བྱ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པའི་འགལ་རྐྱེན་སྤྱི་དང་། ཁྱད་པར་ཉམས་གྲིབ་མི་གཙང་བའི་དངོས་པོ་རྣམས་འཇོམས་པར་བྱེད་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པའི་སྨིན་བྱེད་ཟབ་མོ་གསན་ནས་གདམས་ངག་ཉམས་སུ་བླང་བར་བགྱིའོ་སྙམ་པའི་སེམས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། འདིར་བདེ་གཤེགས་རྒྱལ་བ་མ་ལུས་པའི་ཐུགས་རྗེའི་ཆོ་འཕྲུལ་ལས་ཤར་བ་ཁྲོ་རྒྱལ་སྨེ་བ་བརྩེགས་པའི་སྒྲུབ་ཐབས། སྤྲུལ་པའི་གཏེར་འབྱིན་རིག་འཛིན་ཀློང་གསལ་སྙིང་པོའི་ཟབ་གཏེར་གྱི་ཆོས་མཛོད་ཀློང་གསལ་རྡོ་རྗེ་སྙིང་པོའི་ཆོས་སྡེ་ལས་བྱོན་པའི་དབང་བསྐུར་ཟབ་མོ་བགྱི་བ་ལ། ཐོག་མར་ཞུ་བའི་ཡོན་དུ་མཎྜལ། བླ་མ་དང་སྨེ་བ་བརྩེགས་པ་དབྱེར་མེད་པ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་འདྲེན་པ་སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ངོར་གནང་བ་སྦྱིན་པ་ནི། ཧོ༔ མ་རིག་རྒྱུ་ལས་སོགས། རྒྱུད་དག་པར་བྱ་བའི་སླད་དུ་ཚོགས་ཀྱི་ཞིང་མཆོག་རྣམས་ཀྱི་སྤྱན་སྔར་སྐྱབས་སུ་འགྲོ་ཞིང་། སྡིག་པ་བཤགས་པ། དགེ་བ་ལ་ཡི་རང་བ། བྱང་ཆུབ་ཏུ་སེམས་བསྐྱེད་པ། ཡོངས་སུ་བསྔོ་བ་སྟེ་ལྔ་རྣམ་དག་མཛད་པའི་བློས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། དབང་གི་གཞི་འགོད་པའི་སླད་དུ་འདི་ལྟར་སྒོམས་ཤིག །གཟུང་འཛིན་དག་པའི་ངང་ལས་སློབ་མ་རྣམས། །པད་ཉིའི་སྟེང་དུ་སྐད་ཅིག་དྲན་རྫོགས་ཀྱིས༔ སོགས་ཀྱིས་ལྷར་བསྐྱེད། ཐུལ་པའི་སྐུ་རུ་གྱུར༔ དེ་ལྟར་གསལ་བའི་གནས་གསུམ་སྐུ་གསུང་ཐུགས་རྡོ་རྗེའི་ཡི་གེས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་འཕྲོས་པའི་འོད་ཟེར་མཁའ་ཁྱབ་ཀྱི་ཞིང་གང་བ་འཕྲོས། རྒྱལ་བ་ཐམས་ཅད་དཔལ་ཁྲོ་བོའི་དབང་པོའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་བཞེངས་ཏེ་ཆར་བབ་པ་བཞིན་དུ་བྱོན་ནས་དབྱེར་མེད་དུ་ཐིམ་པས་བྱིན་གྱིས་བརླབ་པར་མོས་ཤིག །སྤོས་རོལ་བཅས་རྩ་སྔགས་ལ། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བརྗོད་པས་བྱིན་དབབ། ཏིཥྛ་བཛྲས་བརྟན། དེས་འཇུག་པའི་བྱ་བ་རྣམས་གྲུབ། དངོས་གཞིའི་དབང་བསྐུར་བ་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ལྔ་ལས། དང་པོ་སྐུ་བུམ་པའི་དབང་བསྐུར་བ་ནི། བུམ་པ་གཞལ་ཡས་ཁང་གི་ནང་དུ་ཁྲོ་བོའི་རྒྱལ་པོའི་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་བདུད་རྩིའི་བཅུད་ཀྱིས་གང་བས་དབང་བསྐུར་བས། བདུད་རྩིའི་རྒྱུན་གྱིས་ལུས་ཀྱི་ནང་མེར་གྱིས་གང་། ལས་ཉོན་གྱི་དྲི་མ་བག་ཆགས་དང་བཅས་པ་བཀྲུས། ལུས་ལྷ་སྐུ་སྣང་སྟོང་སྒྱུ་མའི་སྐུར་ལམ་ཏེ་གྱུར་པར་མོས། ཧཱུྃ༔ བུམ་པའི་ཞིང་ན་སོགས་ཀྱིས་དབང་བསྐུར་ཞིང་བུམ་ཆུ་སྦྱིན། གཉིས་པ་གསུང་བཟླས་པའི་ལུང་གི་དབང་ནི། དཔོན་སློབ་གཉིས་ཀ་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པར་གསལ་བའི་སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཉིས་པ་ཞིག་བྱུང་། སློབ་མའི་ཁ་སྒོ་ནས་ཞུགས། སྙིང་གར་ཉི་སྟེང་ཧཱུྃ་ཡིག་གི་མཐར་འཁོད་པའི་འོད་ཀྱིས་ལུས་ཀྱི་ནང་གང་བས་ཉེས་ཚོགས་གྲིབ་དང་མི་གཙང་བའི་དངོས་པོ་རྣམས་བསྲེགས། སླར་ཡང་འཕྲོ་འདུས་དོན་གཉིས་བསྒྲུབས་པར་མོས་ལ་འདིའི་རྗེས་ཟློས། རྩ་སྔགས་ལས་སྔགས་སོ་སོར་ལན་གསུམ་རེ། དེའི་ནུས་པ་རྒྱུད་ལ་བརྟན་ཕྱིར་བགྲང་ཕྲེང་ཡི་གེའི་འཁོར་ལོ་མགྲིན་པར་བཞག་པས། ངག་གྲགས་སྟོང་སྔགས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབས་པར་མོས། ཧཱུྃ༔ སློབ་དཔོན་སྨེ་བ་སོགས་ཀྱིས་ཕྲེང་བ་དང་སྔགས་བྱང་མགྲིན་པར་གཞག །གསུམ་པ་ཐུགས་ཀྱི་དབང་བསྐུར་བ་ནི། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཆེན་པོའི་རང་རྩལ་ཕྱག་མཚན་རྒྱ་གྲམ་འབར་བས་མཚན་པ་བྱུང་། སློབ་མའི་སྙིང་གར་ཐིམ་པས་མཚན་རྟོག་བཅོམ་ནས་ཀ་དག་གི་དགོངས་ཉམས་སུ་འབྱམས་ཀླས་པར་གྱུར་པར་མོས། ཧཱུྃ༔ ཁྲོ་རྒྱལ་སྨེ་བ་སོགས་ཀྱིས་རྒྱ་གྲམ་སྙིང་གར་གཞག །བཞི་པ་ཡོན་ཏན་གྱི་དབང་བསྐུར་བ་ནི། བདེ་གཤེགས་རྒྱལ་བའི་ཐུགས་རྗེ་གཞི་ལམ་འབྲས་བུའི་ཆོས་རྣམས་ཞལ་ཕྱག་གི་རྣམ་པར་ཤར་པ་ཁྲོ་བོའི་རྒྱལ་པོའི་སྐུ་སློབ་མའི་ལྟེ་བར་ཐིམ་པས་ལྷག་པའི་ལྷའི་ཡེ་ཤེས་ཡོན་ཏན་ཐམས་ཅད་རྒྱུད་ལ་འཕོས་པར་མོས། ཧཱུྃ༔ ཁྲོ་རྒྱལ་སོགས་ཀྱི་སྤྱི་བོ་དང་ལྟེ་བར་གཞག །ལྔ་པ་ཕྲིན་ལས་ཀྱི་དབང་བསྐུར་བ་ནི། ཕྱག་མཚན་རྣམས་ལག་ཏུ་གཏད་པས་གང་འདུལ་ཕྲིན་ལས་རབ་འབྱམས་ཐོགས་པ་མེད་པས་འགྲོ་བ་སྒྲོལ་བའི་མཐུ་དབང་རྫོགས་པར་མོས། ཧཱུྃ༔ རྡོ་རྗེ་རྒྱ་གྲམ་སོགས་ཀྱིས་སྣ་ཚོགས་རྡོ་རྗེ་སོགས་གསང་བར་བཞག་ཅིང་ལག་ཏུ་གཏད། དེ་ལྟར་དབང་བསྐུར་པ་ལེགས་པར་གྲུབ་པའི་བསྲུང་བྱའི་དམ་ཚིག་གི་རིམ་པ་རྣམས་རྡོ་རྗེ་ཐེག་པའི་གཞུང་ནས་གསུངས་པ་རྣམས་མ་ཉམས་པར་སྲུང་སྡོམ་འཛིན་པར་བགྱི་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་དང་། ཆོ་གའི་རྗེས་རིམ། གོང་བཞིན་མཆོད་བསྟོད་བྱ། ཡིག་བརྒྱས་ནོངས་པ་བཤགས། ཡེ་ཤེས་པ་རྟེན་ལ་བསྟིམ་ཞིང་དམ་ཚིག་པ་རང་ལ་བསྡུ། ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་ལས༔ ཡེ་ཤེས་མེ་ཡིས་སོགས་ཀྱིས་བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་བཀྲ་ཤིས་ཀྱིས་གྲུབ་བོ།། །། ༈ ཀློང་གསལ་རྡོ་རྗེ་སྙིང་པོའི་མཁའ་འགྲོ་སྨེ་བ་བརྩེགས་མའི་དབང་དོན་སྒྲུབ་པ་ནི། སྐྱབས་སེམས་གོང་གི་ཁྲོ་བོ་སྨེ་བརྩེགས་བཞིན་བྱ། བདག་བསྐྱེད་ནི། སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་རང་སེམས་ཧཱུྃ་མཐིང་ལས༔ སོགས་གཞུང་ལྟར། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ དེ་ཡི་འོད་ཀྱིས་ལུས་གང་གྲིབ་གདོན་བསྲེགས། །སླར་ཡང་འཕྲོ་འདུས་བྱིན་བརླབ་དོན་བྱས་བསམ། །རྩ་སྔགས་དེ་ཉིད་བཟླ། མདུན་བུམ་བསྐྱེད་པ་ལ། མཆོད་རྫས་རཾ་ཡཾ་ཁཾ་གིས་བསང་སྦྱང་། རྣམ་དག་ཆོས་དབྱིངས་སོགས་ཀྱིས་བརླབ། སྟོང་པའི་ངང་ལས་རིན་ཆེན་བུམ་པ་མཆོག །བྷྲཱུྃ་ལས་གཞལ་ཡས་མཚན་ཉིད་རྫོགས་པའི་དབུས༔ པད་ཟླའི་གདན་ལ་ཧཱུྃ་མཐིང་འོད་ཟེར་འབར། །དོན་བྱས་ཚུར་འདུས་མཁའ་འགྲོ་སྨེ་བརྩེགས་ནི༔ སྐུ་མདོག་མཐིང་ག་སོགས་ནས། རོལ་པས་འགྱིང༔ དེ་ཡི་མཐའ་སྐོར་འབྱུང་ལྔའི་དཀྱིལ་འཁོར་ལ། །གནས་པའི་འབྱུང་ལྔའི་ལྷ་མོ་རང་རང་མདོག །ཕྱག་ན་བདུད་རྩིའི་ཁྲུས་ཀྱི་བུམ་པ་བསྣམས། །རང་འདྲའི་སྤྲུལ་འཁོར་ཉི་ཟེར་རྡུལ་ལྟར་འཚུབས། །གཙོ་འཁོར་གནས་གསུམ་ཡི་གེའི་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའ་མཁའ་ཁྱབ་སྤྱན་དྲངས་བསྟིམ། །ཧཱུྃ༔ ཕྱོགས་དུས་ཞིང་གི་སོགས་སྤྱན་འདྲེན་ནས་བསྟོད་པའི་བར་གཞུང་བཞིན་དང་། བཟླས་དམིགས་ནི། རང་སྲོག་སྔགས་ཕྲེང་གཟུངས་ཐག་བརྒྱུད། །བུམ་ལྷའི་ཐུགས་ཀའི་སྔགས་ཕྲེང་ལ། །ཕོག་པས་དེ་ལས་བདུད་རྩིའི་རྒྱུན། །བབས་པས་བུམ་པར་དབྱེར་མེད་འདྲེས། །འབྱུང་ལྔའི་ལྷ་མོས་འབྱུང་བཅུད་བསྡུས། །བུམ་པར་བསྟིམས་པས་ནུས་ལྡན་གྱུར། །རྩ་སྔགས་ཅི་ནུས་དང་། ཁྲུས་བདུན་ཅི་རིགས་པ་བཏགས་པ་བརྒྱ་རྩ་བཟླས་མཐར་འོད་ཞུ་མི་བྱ། སྐབས་འདིར་ལས་བུམ་འཁྱིལ་པས་བསྒྲུབ། དབང་དངོས་ལ། ལས་བུམ་དུ་ལྷ་བུམ་གྱི་ཆུ་བསྲེས་པས་སློབ་བུར། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་ནས་དབྱུང་། མར་གྱུར་གྱི་འགྲོ་བ་ནམ་མཁའ་དང་མཉམ་པའི་དོན་དུ་ཟབ་ལམ་ལ་འཇུག་པའི་རྣལ་འབྱོར་པ་རྣམས་གྲིབ་དང་མི་གཙང་བ་དང་། དེས་བསྐྱེད་པའི་ནད་གདོན་བར་ཆད་ཞི་བའི་གཉེན་པོར་མཁའ་འགྲོའི་དབང་ཕྱུག་སྨེ་བ་བརྩེགས་མའི་སྨིན་བྱེད་ནོད་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་པ་དང་བཅས་གསན་འཚལ། འདིར་རིག་འཛིན་མདོ་སྔགས་གླིང་པ་ཀློང་གསལ་སྙིང་པོའི་ཟབ་གཏེར་གྱི་ཆོས་མཛོད་ཀློང་གསལ་རྡོ་རྗེ་སྙིང་པོའི་སྐོར་ལས་བྱོན་པའི་མཁའ་འགྲོའི་དབང་མོ་སྨེ་བ་བརྩེགས་མའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ༔ བླ་མ་གསང་བདག་སོགས་ལན་གསུམ། རྒྱུད་སྦྱོང་བའི་ཕྱིར་བླ་ན་མེད་པའི་ཞིང་མཆོག་རྒྱ་མཚོ་ཁྲོ་མོའི་དབང་པོ་དང་བཅས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་། སྡིག་པ་བཤགས་པ། འཇིག་རྟེན་ལས་འདས་པའི་དགེ་བ་ལ་ཡི་རང་བ། ཐེག་པ་གསུམ་གྱི་སྡོམ་པ་གཟུང་བ། སྨོན་འཇུག་གི་སེམས་གཉིས་བསྐྱེད་པ། ཡོངས་སུ་བསྔོ་བ་སྟེ་བདུན་རྣམ་དག་ཚུལ་བཞིན་དུ་མཛད་པའི་དོན་ལ་བློ་བཞག་སྟེ་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། དབང་གི་གཞི་འགོད་པ་ལ་སློབ་མ་མཁའ་འགྲོའི་རྒྱལ་མོ་སྨེ་བ་བརྩེགས་མའི་སྐུ་འདི་ལྟར་སྒོམས་ཤིག །སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སེམས་ཉིད་ཧཱུྃ་མཐིང་ལས༔ མེ་འབར་སོགས་ཀྱི་བསྐྱེད་རིམ་ཕོག་ལ། རོལ་པས་འགྱིང༔ གནས་གསུམ་རྡོ་རྗེ་གསུམ་ཡིག་མཚན་པ་དང་། །སློབ་དཔོན་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ཡིས། །རྒྱལ་བའི་འཁོར་ལོ་ལྷ་ཡི་ཕྱག་རྒྱར་སད། །ནམ་མཁའ་གང་བྱོན་སློབ་མར་ཐིམ་པ་ཡིས། །ཡེ་ཤེས་བྱིན་ནུས་རྒྱུད་ལ་ཞུགས་པར་མོས། །སྤོས་རོལ་དང་རྩ་སྔགས་ལ། ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བཟླས་པས་བྱིན་དབབ། ཏིཥྛ་བཛྲ་ཧཱུྃ༔གིས་བརྟན། དེས་སྦྱོར་བའི་ཆོས་རྣམས་སོང་ནས། དབང་དངོས་ལ་སྐུ་གསུང་ཐུགས་གསུམ་ལས། དང་པོ་སྐུའི་དབང་ནི། ནམ་མཁའི་དབྱིངས་ཁྱབ་པའི་དབང་གི་ལྷ་དང་སློབ་དཔོན་ལྷན་གཅིག་པས་རྣམ་རྒྱལ་བུམ་པའི་དབང་བསྐུར་བས་བདུད་རྩིའི་རྒྱུན་གྱིས་ཉམས་གྲིབ་ནད་གདོན་གྱི་དྲི་མ་གཏོར། སྐུའི་དབང་དང་བྱིན་རླབས་རྒྱུད་ལ་ཞུགས་པར་མོས། ཧཱུྃ༔ རིན་ཆེན་མཛེས་པའི་སོགས། གཉིས་པ་གསུང་དབང་ནི། སློབ་དཔོན་ཡང་སོགས། མོས་པ་གྱིས་ལ་འདིའི་རྗེས་ཟློས། རྩ་སྔགས་དང་འབྱུང་ལྔའི་སྔགས་ཤམ་བཏགས་པ་ལན་གསུམ་རེ། སླར་ཡང་སློབ་དཔོན་ལ་མེ་ཏོག་འབུལ་ཞིང་འདིའི་རྗེས་ཟློས། བཅོམ་ལྡན་བདག་ལ་བསྩལ་སོགས་ལན་གསུམ། མེ་ཏོག་དེ་ཉིད་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་པ་སློབ་མའི་སྤྱི་བོར་བཅིངས་པས་སྔགས་ཀྱི་ནུས་པ་རྒྱུད་ལ་བརྟན་པར་མོས། བཅོམ་ལྡན་འདི་ལ་སོགས་ལན་གསུམ་གྱིས་མེ་ཏོག་སློབ་མའི་མགོར་བསྩལ། གསུམ་པ་ཐུགས་ཀྱི་དབང་ནི། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་རིག་སྟོང་གཞོམ་དུ་མེད་པའི་སྙིང་པོ་མཚོན་བྱེད་རྡོ་རྗེ་རྩེ་ལྔ་པ་འཕྲོས། སློབ་བུའི་སྙིང་གར་ཐིམ་པས་ཐུགས་རིག་པ་རྩལ་གྱི་དབང་བསྐུར་ཐོབ་པར་མོས། ཧཱུྃ༔ འགྱུར་མེད་རིག་པའི་སོགས། སླར་ཡང་ཉམས་གྲིབ་སྲེག་བྱེད་ཡེ་ཤེས་ཀྱི་མེ་དང་འཁྲུད་བྱེད་བདུད་རྩིའི་ཆུ་རྒྱུན་ཕྱག་གཡས་གཡོན་དུ་གཏད་པས། གཙང་སྨེའི་གཉིས་འཛིན་བསྲེག་ཅིང་ཉམས་གྲིབ་ཀྱི་དྲི་མ་བཀྲུ་བ་སོགས་ཕྲིན་ལས་རབ་འབྱམས་བསྒྲུབ་ནུས་པའི་མཐུ་རྩལ་རྫོགས་པར་མོས། ཧཱུྃ༔ ཁྲོ་རྒྱལ་ཐུགས་ལས་སོགས། དེ་རྣམས་ཀྱི་སྒོ་ནས་སྨིན་དབང་ལེགས་པར་གྲུབ་པ་ལགས་པས་བཀའ་དྲིན་བསབ་ཕྱིར་གཏང་རག་གི་མཎྜལ་ཞིག་འབུལ་འཚལ། དེར་མ་ཟད་ལུས་དང་ལོངས་སྤྱོད་ཐམས་ཅད་ལྟོས་པ་མེད་པར་འབུལ་བར་མོས་པས་འདིའི་རྗེས་ཟློས། དེང་ནས་བརྩམ་སྟེ་སོགས། རྡོ་རྗེ་ཐེག་པའི་གཡར་དམ་གཉན་པོ་ཚུལ་བཞིན་གཟུང་བ་དང་། བླ་མའི་བཀའ་ལས་ནམ་ཡང་འགོང་བར་མི་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དགེ་བསྔོ་བཅས་བྱ། ཆོ་གའི་རྗེས། བུམ་ལྷར་མཆོད་བསྟོད་དང་། སྒྲུབ་ཐབས་མཇུག་གི །གང་ཞིག་བདག་སོགས་རྣམ་གཡེང་སོགས་ཀྱིས་ནོངས་པ་བཤགས། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། རང་ཡང་བསྡུ་ལྡང་། བསྔོ་སྨོན། ཤིས་བརྗོད་བཅས་ཀྱིས་མཐའ་བརྒྱན་པས་གྲུབ་བོ།། །། ༈ ཨེ་ནེ་རིང་ནུབ་དགོན་པ་ངག་དབང་རྡོ་རྗེའི་གཏེར་མ་སྨེ་བ་བརྩེགས་པའི་སྒྲུབ་ཐབས་དམ་གྲིབ་ཀུན་སེལ་གྱི་དབང་དོན་བསྒྲུབ་པ་ལ། སྐྱབས་སེམས་ནི། ན་མོ། བླ་མ་མཆོག་གསུམ་ཡི་དམ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ། །བླ་མེད་བྱང་ཆུབ་མཆོག་འཐོབ་ཕྱིར། །སྨེ་བ་བརྩེགས་པ་བསྒོམ་པར་བགྱི། །ལན་གསུམ། སེམས་ཅན་བདེ་དང་ལྡན་གྱུར་སོགས་ཀྱིས་ཚད་མེད་བཞི་བསྒོམ། མཆོད་གཏོར་རཾ་ཡཾ་ཁཾ་གིས་བསང་སྦྱང་། རྣམ་དག་ཆོས་དབྱིངས་སོགས་ཀྱིས་བརླབ། གཏེར་གཞུང་གི་བདག་བསྐྱེད་ནི། ཧཱུྃ༔ སྣང་སྲིད་ཆོས་ཀུན་སོགས་ནས་བཟླས་པ་ཅི་ནུས་དང་། བུམ་པ་བསྐྱེད་བཟླས་རྗེས། སྟོང་ཚིགས་ཀྱི་མཆོད་བསྟོད། བུམ་ལྷ་འོད་ཞུ་བཅས་བྱ། དབང་དངོས་ལ། ནམ་མཁའ་དང་མཉམ་པའི་འགྲོ་བའི་དོན་དང་། ཁྱད་པར་དམ་གྲིབ་སོགས་མི་གཙང་བའི་ཉེས་པ་ཐམས་ཅད་སེལ་བའི་ཆོ་ག་བྱང་ཆུབ་སྒྲུབ་པའི་ལམ་གྱི་ཆ་རྐྱེན་དུ་ཉམས་སུ་ལེན་པ་ལ་དབང་བའི་ཆོ་ག་ཞུ་སྙམ་པའི་སེམས་བསྐྱེད་དང་བཅས་ཏེ་གསན་འཚལ། དེ་ལ་འདིར་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀས་དྲེགས་པ་རུ་ཏྲའི་སྡེ་དཔོན་བཏུལ་བའི་ཚེ་སྲས་མཆོག་སྨེ་བ་བརྩེགས་པ་བསྐྲུན་ནས། དེར་འདུས་པའི་ལྷ་དང་མཁའ་འགྲོའི་ཚོགས་དམ་གྲིབ་མི་གཙང་བའི་གྲིབ་ཀྱིས་མནོལ་པ་ཞི་བར་མཛད་ཅིང་། སླད་ནས་ཕྱི་རབས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཉམས་གྲིབ་སེལ་བའི་ལྷར་བསྔགས་པ་འདིའི་རྒྱུད་དང་སྒྲུབ་ཐབས་སྨིན་གྲོལ་ལས་ཚོགས་དང་བཅས་པའི་སྐོར་བཀའ་གཏེར་རྣམས་སུ་བྱོན་པ་ལས། སྐབས་སུ་བབ་པ་འདི་ནི། ཨེ་ནེ་རིང་ནུབ་དགོན་པ་མཁས་གྲུབ་རིག་འཛིན་ངག་དབང་རྡོ་རྗེའི་ཟབ་མོའི་གཏེར་ལས་སྣང་བར་མཛད་པ་ཡང་ཟབ་རྩ་གསུམ་ཀུན་འདུས་ཀྱི་ཆ་ལག་ཁྲོ་བོ་སྨེ་བ་བརྩེགས་པའི་སྒྲུབ་ཐབས་དམ་གྲིབ་ཀུན་སེལ་དང་འབྲེལ་བ་སྟེ། གཞུང་ལས། མ་འོངས་ནད་གདོན་བགེགས་རིགས་དང༔ ཁྱད་པར་དམ་གྲིབ་མི་གཙང་བས༔ རྣལ་འབྱོར་ཀུན་ལ་འཚེ་བའི་ཚེ༔ གདམས་པ་འདིས་ཀྱང་དོན་ཆེན་འགྲུབ༔ པདྨ་ཐོད་ཕྲེང་ཁྱད་ཆོས་ཏེ༔ སྙིང་གི་བུ་ལ་གཏད་དོ་རྒྱ༔ ཞེས་ཡོངས་སུ་བསྔགས་པར་མཛད་པའི་དབང་བསྐུར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་ཁྲོ་བོའི་དབང་པོ་དང་། །དབྱེར་མེད་དཔལ་ལྡན་རྡོ་རྗེ་ཅན། ཁྱོད་ཞབས་པདྨོར་སྐྱབས་མཆི་ཞིང་། །གསོལ་བ་འདེབས་སོ་དབང་བསྐུར་སྩོལ། །ལན་གསུམ། རྒྱུད་སྦྱང་བའི་སླད་དུ་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པའི་དོན་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས། དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་ཐུགས་གཞན་དུ་མ་ཡེངས་པར་དམིགས་པ་འདི་ལྟར་རྩེ་གཅིག་གསལ་འདེབས་འཚལ། ཧཱུྃ༔ སྣང་སྲིད་ཆོས་ཀུན་སོགས་ཀྱིས་ལྷར་བསྐྱེད་ཅིང་། སྤོས་རོལ་དབྱངས་ཀྱིས་སྤྱན་འདྲེན་སྔགས་བཅས་དང་། ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པས་བྱིན་དབབ། ཏིཥྛ་བཛྲས་བརྟན། དེས་སྦྱོར་བའི་ཆོས་རྣམས་གྲུབ། དབང་དངོས་གཞིར་བུམ་པ་ལ་བརྟེན་ནས་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ནི་རིམ་པར་འབྱུང་བས། དང་པོ་སྐུ་ཡི་དབང་བསྐུར་བའི་སླད་དུ། བུམ་པ་འདི་ཉིད་ཕྱི་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་སྲིད་པ་གསུམ་གྱི་ལྟོས་དང་མཉམ་པ། ནང་ཐར་པ་ཆེན་པོའི་ཕོ་བྲང་གི་དབུས་སུ་ཁྲོ་རྒྱལ་སྨེ་བ་བརྩེགས་པའི་ལྷ་ཚོགས་བཞུགས་པ་སློབ་བུའི་སྤྱི་བོར་བཞག་ཅིང་ཁྲུས་བྱས་པས་སྐུའི་བྱིན་རླབས་ཐམས་ཅད་བདུད་རྩི་དཀར་པོའི་རྣམ་པར་བྱོན། སློབ་བུའི་སྤྱི་བོར་ཐིམ་པས་ལུས་ཀྱི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་སྤྱི་དང་། བྱེ་བྲག་རེངས་ཤིང་འཁུམས་པ་ལ་སོགས་པའི་གྲིབ་རིགས་རྒྱུ་འབྲས་དང་བཅས་པ་ལྷག་མེད་དུ་དག །སྣང་སྟོང་སྐུ་རྡོ་རྗེའི་བྱིན་དབང་དངོས་གྲུབ་མ་ལུས་པ་ཐོབ། ལྷག་པའི་ལྷའི་སྐུ་དང་དབྱེར་མེད་དུ་གྱུར་པར་མོས། ཧཱུྃ༔ བུམ་པ་བཟང་པོ་སོགས་རིག་གཏད་དབང་བསྐུར་གྱི་ཚིག་དེས་སྤྱི་བོར་བཞག་ཅིང་ཁྲུས་བྱ། གཉིས་པ་གསུང་དབང་ནི། ཕྱི་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་སྲིད་པ་གསུམ་གྱི་ལྟོས་དང་མཉམ་པ། ནང་ཐར་པ་ཆེན་པོའི་ཕོ་བྲང་གི་དབུས་སུ་ཁྲོ་རྒྱལ་སྨེ་བ་བརྩེགས་པའི་ལྷ་ཚོགས་བཞུགས་པ། སློབ་བུའི་མགྲིན་པར་བཞག་ཅིང་བུམ་བཅུད་ངག་ཏུ་བླུད་པས་གསུང་གི་བྱིན་རླབས་ཐམས་ཅད་བདུད་རྩི་དམར་པོའི་རྣམ་པར་བྱོན། སློབ་བུའི་མགྲིན་པར་ཐིམ་པས་ངག་གི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་སྤྱི་དང་། བྱེ་བྲག་དིག་ཅིང་ལྐུགས་པ་ལ་སོགས་པའི་གྲིབ་རིགས་རྒྱུ་འབྲས་དང་བཅས་པ་ལྷག་མེད་དུ་དག །གྲགས་སྟོང་གསུང་རྡོ་རྗེའི་བྱིན་དབང་དངོས་གྲུབ་མ་ལུས་པ་ཐོབ། ལྷག་པའི་ལྷའི་གསུང་དང་དབྱེར་མེད་དུ་གྱུར་པར་མོས། ཧཱུྃ༔ བུམ་པ་བཟང་པོ་སོགས་གཞུང་གསལ་བསྒྱུར་བས་མགྲིན་པར་གཞག་ཅིང་བུམ་ཆུ་བླུད། དེ་ཡི་རྗེས་འབྲེལ་བཟླས་ལུང་སྦྱིན་པ་ནི། སློབ་དཔོན་ལྷར་གསལ་ཞལ་ནས་སྔགས་ཕྲེང་བྱུང་། །སློབ་མ་ལྷ་ཡི་ཞལ་ཞུགས་ཐུགས་ཀར་འཁོད། །འཕྲོ་འདུས་དོན་བྱས་བྱིན་དབང་དངོས་གྲུབ་བསྡུས། །དེ་ལྟར་དམིགས་ལ་སྔགས་ཀྱི་རྗེས་ཟློས་མཛོད། སྔགས་ལན་གསུམ། གསུམ་པ་ཐུགས་དབང་ནི། ཕྱི་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་སྲིད་པ་གསུམ་གྱི་ལྟོས་དང་མཉམ་པ། ནང་ཐར་པ་ཆེན་པོའི་ཕོ་བྲང་གི་དབུས་སུ་ཁྲོ་རྒྱལ་སྨེ་བ་བརྩེགས་པའི་ལྷ་ཚོགས་བཞུགས་པ། སློབ་བུའི་སྙིང་གར་བཞག་ཅིང་བུམ་བཅུད་བདུད་རྩི་གཏོར་བས། ཐུགས་ཀྱི་བྱིན་རླབས་ཐམས་ཅད་བདུད་རྩི་མཐིང་གའི་རྣམ་པར་བྱོན། སློབ་བུའི་སྙིང་གར་ཐིམ་པས་སེམས་ཀྱི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་སྤྱི་དང་། བྱེ་བྲག་སྨྱོ་འབོག་བརྒྱལ་བ་ལ་སོགས་པའི་གྲིབ་རིགས་རྒྱུ་འབྲས་དང་བཅས་པ་ལྷག་མེད་དུ་དག །རིག་སྟོང་ཐུགས་རྡོ་རྗེའི་བྱིན་དབང་དངོས་གྲུབ་མ་ལུས་པ་ཐོབ། ལྷག་པའི་ལྷའི་ཐུགས་དང་དབྱེར་མེད་དུ་གྱུར་པར་མོས། ཧཱུྃ༔ བུམ་པ་བཟང་པོ་སོགས་གཞུང་གསལ་ལྟར་བསྒྱུར་བས་སྙིང་ཁར་བཞག་ཅིང་བུམ་ཆུ་འཐོར། དེ་ལྟར་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པ་ལྷག་པའི་ལྷ་དང་སྐལ་པ་མཉམ་པར་གྱུར་པ་ལ། སློབ་དཔོན་དང་དབང་ལྷ་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པས་ཤིས་པ་བརྗོད་པའི་ཚིག་གིས་མངའ་གསོལ་ཞིང་མེ་ཏོག་གི་ཆར་བསྙིལ་བས་དབང་དོན་གྱི་ཡེ་ཤེས་པ་བརྟན་པར་བྱས་པར་མོས། ཤིས་པའི་ཚིག་ཅི་རིགས་བརྗོད། དེ་དག་གིས་ཁྲོ་རྒྱལ་སྨེ་བ་བརྩེགས་པའི་དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པས། དམ་ཚིག་གི་རིམ་པ་སྤྱི་དང་བྱེ་བྲག་པ་རྣམས་བསྲུང་སྡོམ་ཚུལ་བཞིན་བགྱི་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་དང་། ཆོ་གའི་རྗེས་བདག་བསྐྱེད་ལ་དམིགས་ནས་མཆོད་ཅིང་བསྟོད། ཡི་གེ་བརྒྱ་པས་ནོངས་པ་བཤགས། བསྡུ་ལྡང་ནི། སྣོད་བཅུད་འོད་ཞུ་རང་ཉིད་དང་། །དེ་ཡང་མི་དམིགས་འོད་གསལ་ངང་། ཁྲོ་རྒྱལ་སྣང་སྟོང་ཆེན་པོར་ཤར། །མི་མཐུན་ཕྱོགས་ཀུན་བསྲུང་བར་གྱུར། །བཛྲ་རཀྵ་རཀྵ་ཧཱུྃ། དགེ་བ་འདི་ཡིས་མྱུར་དུ་བདག །སྨེ་བ་བརྩེགས་པ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་ཤིས་བརྗོད་ཀྱིས་གྲུབ་བོ།། །། ༈ མཆོག་གྱུར་གླིང་པའི་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་སྨེ་བརྩེགས་ཉམས་གྲིབ་ཀུན་སེལ་གྱི་སྒྲུབ་ཐབས་དང་དབང་ཆོག་ཟླ་ཤེལ་བདུད་རྩིའི་ཆུ་རྒྱུན་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བགྱིས་པ་རྣམས་ཀྱིས། ཉམས་གྲིབ་ཞི་བྱེད་སྐོར་གྱི་དབང་རྣམས་སོང་ངོ་།། །། ༄། ལྔ་པ་བྱད་ཕུར་རྦོད་གཏོང་ཞི་བའི་སྐོར་ལ། སྔ་འགྱུར་བཀའ་མ་བི་མའི་ལུགས་ཀྱི་གཙུག་གཏོར་གདུགས་དཀར་མོ་དཔལ་ཀརྨ་པ་རང་བྱུང་རྡོ་རྗེ་ལ་བཀའ་བབ་པའི་རིག་པ་གཏད་པའི་ཆོ་ག་ཡོན་ཏན་བཅུད་སྐྱེད་ལྟར་དབང་སྒྲུབ་ཀྱི་མདུན་བསྐྱེད་བཟླས་པའི་མཇུག་གི་འདོད་གསོལ་གྱི་སོགས་ཁང་། གཞན་གྱིས་མི་ཐུབ་སོགས་སྔར་གྱི་བསྟོད་པའི་མཇུག་ཏུ་འབྱུང་བའི་མཐར། ཕྱག་རྒྱའི་ཚོགས་དེ་ཐམས་ཅད་ཀྱིས། །ཞེས་པའི་ཚིག་མཐའ་བསྒྱུར་ནས། བདག་ལ་བསྲུང་བར་མཛད་དུ་གསོལ། །ཞེས་སྦྱར་པ་ཡིན། རིག་གཏད་དངོས་དང་། རྗེས་རིམ་བཅས་བྱ། འདིའི་རྩ་གཞུང་བུམ་བསྐྱེད་མངོན་རྟོགས་ལ་དཔེ་དག་པ་ཞིག་རྙེད་ན་ངེས་པར་ཞུ་དག་དགོས།མཆན།། །། ༈ དུམ་རྒྱ་ཞང་ཁྲོམ་རྡོ་རྗེ་འབར་གྱི་འཇམ་དཔལ་གཤིན་རྗེའི་གཤེད་ཚེ་བདག་གི་ཆོས་སྡེའི་བྱད་འགྲོལ་གསེར་གྱི་ལྡེའུ་མིག་གི་བྱིན་རླབས་དབང་ཆོག་སྙིང་པོ་བསྡུས་པ་ལྟར་དབང་སྒྲུབ། དབང་དངོས།་་་བགེགས་གཏོར་བསྔོ་ཚིག་ལག་ལེན་ནས་ལེན།མཆན། རྗེས་རིམ་བཅས། བྱད་བཀྲོལ་དངོས་ནི་དབང་བསྐུར་ཐོབ་ཅིང་བསྙེན་པ་སོང་བས་གཞན་ལ་རིམ་པར་སྤེལ་མཁས་བྱ་བ་ལས་ཁྱབ་བརྡལ་དུ་མི་བྱའོ།། །། ༈ ཀློང་གསལ་རྡོ་རྗེ་སྙིང་པོའི་འཕགས་མ་གདུགས་དཀར་མོ་གཙོ་རྐྱང་གི་སྒྲུབ་ཕྲིན་དབང་བསྐུར་དང་བཅས་པ་རབ་བརྟན་རྡོ་རྗེའི་གོ་ཆ་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་དང་།། །། ༈ ཨོ་རྒྱན་མཆོག་གྱུར་གླིང་པའི་ཟབ་བདུན་རྩ་གསུམ་ཚེའི་ཟབ་པའི་ཆ་ལག་རྡོ་རྗེ་མཁའ་འགྲོ་གདུགས་དཀར་གྱི་དབང་ཆོག་གསལ་བར་བཀོད་པ་ཆུ་ཤེལ་བུམ་བཟང་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་དང་།། །། ༈ བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་འཇམ་དཔལ་སྨྲ་སེང་ཁྲོས་པ་ཕ་རོལ་རྒོལ་བ་འཇོམས་པའི་ལས་ཀྱི་གཟེར་ཁ་རྡོ་རྗེ་གཙུག་གཏོར་གྱི་བྱད་འགྲོལ་སྲུང་བ་བཅས་ཁྱེར་བདེར་ཕྱུང་པ་གདེངས་ཆོག་རལ་གྲི་ལྟར། ༼འི༽ཐུགས་སྒྲུབ་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་བདག་བསྐྱེད་སྔོན་དུ་འགྲོ་བས། ཆོག་ཁྲིགས་ལྟར་མདུན་བུམ་བསྒྲུབ། བྱད་བཀྲོལ་དངོས། རྗེས་རིམ་བཅས་བགྱིས་པས། བྱད་ཕུར་རྦོད་གཏོང་ཞི་བའི་སྐོར་གྱི་དབང་རྣམས་གྲུབ་བོ།། །། ༄། དྲུག་པ་སྣོད་བཅུད་ཀྱི་ཉེས་པ་ཞི་བའི་སྐོར་ལ་དབང་སྐུར་བའི་རིགས་དམིགས་བསལ་བ་མི་བཞུགས་སོ།། །། ༄། བདུན་པ་མཐར་ཐུག་སྡིག་སྒྲིབ་ཞི་བའི་སྐོར་ལ། གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་དབང་བསྐུར་བལྟས་ཆོག་ཏུ་བཀོད་པ་ཉི་མའི་འཛུམ་ཟེར་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་དང་། ༧ ལམ་དུས་ཀྱི་དབང་ཆོག་རྒྱུན་ཁྱེར་ཨོ་རྒྱན་བླ་མའི་ཞལ་ལུང་བདུད་རྩིའི་ཆར་འབེབ་ཀྱི་སྒོམ་ལུང་དབང་དོན་དུ། སློབ་དཔོན་རང་གིས་ལམ་དུས་ཚར་གཅིག་ཉམས་ལེན་བྱ་ཞིང་། མདུན་བསྐྱེད་དབང་ལེན་ཡུལ་དང་གཏོར་མ་དབྱེར་མེད་དུ་བསྒོམས་ནས། ཡིག་དྲུག་ཅི་ནུས་བཟླ། མཐར་མཆོད་བསྟོད་ཕུལ། སློབ་མ་འདུས་པར་ཁྲུས་མི་དགོས། འོ། ནམ་མཁའི་མཐའ་ཁྱབ་ཀྱི་འགྲོ་བ་མཐའ་དག་གི་དོན་དུ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྒོམ་ལུང་དང་། གཏོར་མའི་བྱིན་བརླབ་ཟབ་མོ་གསན་ཞིང་ཚུལ་བཞིན་ཉམས་ལེན་ལ་བརྩོན་པར་བགྱི་བའི་བློས་གསན་འཚལ། དེ་ཡང་མཁའ་མཉམ་གྱི་སེམས་ཅན་རྣམས་འདུལ་ཕྱིར་རྒྱལ་ཀུན་སྙིང་རྗེའི་འདུས་གཟུགས་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ཀྱི་སྐུའི་བཀོད་པ་དང་། མཚན་གྱི་རྣམ་གྲངས་བསམ་ལས་འདས་པར་སྤྲུལ་ནས་འགྲོ་བའི་དོན་ཚད་ལས་འདས་པར་མཛད་དེ་གངས་ཅན་བོད་ཀྱི་ལྷ་སྐལ་གཅིག་ཆོག་མར་ཡོངས་སུ་གྲགས་ཤིང་། བཀའ་གཏེར་གསར་རྙིང་ཀུན་ནས་སྒྲུབ་ཐབས་སྨིན་གྲོལ་གྱི་གདམས་ངག་ལས་ཚོགས་དང་བཅས་པ་ཇི་སྙེད་ཅིག་གསུངས་པ་ལས། འདི་ནི་འཕགས་པ་ཉིད་ཀྱི་རྣམ་རོལ་མངའ་བདག་གསུང་སྤྲུལ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གིས་ལྷོ་བྲག་གནམ་སྐས་ཅན་ནས་ཁྲོ་ཆུའི་ཀླུ་བདུད་ཀྱི་གཟུགས་ཁྲུ་གང་བ་སྤྱན་དྲངས་པའི་སྐུ་རྐེད་ནས་བྱོན་པའི་ཟབ་གཏེར། སློབ་དཔོན་ཆེན་པོ་པདྨའི་ཐུགས་དམ། མཁའ་འགྲོ་མ་རྣམས་ཀྱི་སྙིང་ཐིག་གཞན་ལ་མེད་པའི་ཁྱད་ཆོས། སྐལ་མེད་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་ཅིང་། སྐལ་ལྡན་རྣམས་ཀྱི་སྙིང་དཀྱིལ་དུ་བཅང་བར་འོས་པའི་ཟབ་ཆོས། འགྲོ་བ་རྣམས་འདྲེན་པའི་ལྕགས་ཀྱུ། འབྲེལ་ཚད་དོན་ལྡན་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཀུན་གྱི་ཡང་སྙིང་། སྤྱན་རས་གཟིགས་འཁོར་བ་དོང་སྤྲུག་གི་ལམ་དུས་ཀྱི་དབང་ཆོག་རྒྱུན་ཁྱེར་ཨོ་རྒྱན་བླ་མའི་ཞལ་ལུང་ཞེས་བྱ་བ། མངའ་བདག་དང་ལང་གྲོ་ལོ་ཙཱ་ཟུང་གི་རྣམ་འཕྲུལ་གནས་གསར་བ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བསྩལ་པའི་ཕྱག་རྒྱུན་ལས་འབྱུང་བ་ཉིད་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ། འདིར་སྒོམ་ལུང་དང་འབྲེལ་བའི་ལམ་དུས་ཀྱི་དབང་བཞི་བྱིན་བརླབ་བཅས་བགྱི་བ་ལ་སྦྱོར་དངོས་རྗེས་གསུམ་གྱི། དང་པོ་སྦྱོར་བ་རྒྱུད་སྦྱོར་བ་ལ། ཐོག་མར་སྐྱབས་སུ་འགྲོ་བའི་སླད་དུ། མདུན་གྱི་ནམ་མཁར་འཇའ་སྤྲིན་གྱི་ཀློང་ན་བླ་མ་ཐུགས་རྗེ་ཆེན་པོ་ལ་ཕྱོགས་དུས་ཀྱི་སྐྱབས་གནས་དཀོན་མཆོག་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་ཞིང་། དགྱེས་འཛུམ་ལྷམ་མེར་བདག་སོགས་འགྲོ་དྲུག་རྣམས་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས་པའི་དྲུང་དུ། ཁྱེད་རང་རྣམས་ཀྱི་གཙོར་བྱས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྒོ་གསུམ་འདུན་པ་གཅིག་ཏུ་དྲིལ་ནས་འདི་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་གནས་གཞན་དུ་མི་འཚོལ་ཞིང་། ཅི་མཛད་ཁྱེད་ཤེས་བློ་གཏད་ལིང་བསྐྱུར་གྱིས་འདིའི་རྗེས་ཟློས། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ན་མོ༔ སྐུ་གསུམ་ཐུགས་རྗེར་སོགས་ལན་གསུམ། ཚོགས་ཞིང་དེ་རྣམས་དཔང་པོར་གསོལ་བའི་སྤྱན་སྔར་མ་རིག་པའི་དབང་དུ་སོང་བའི་འགྲོ་བ་རྣམས་ཀྱི་ཆེད་དུ་བདག་གིས་ཐུགས་རྗེ་ཆེན་པོ་བསྒྲུབ་ཅིང་། སྒོམ་བཟླས་ཟབ་མོ་ཉམས་སུ་བླངས་ནས་བླ་ན་མེད་པའི་མཆོག་ཐོབ་པར་བྱས་ཏེ། ཁམས་གསུམ་འཁོར་བའི་རྒྱ་མཚོ་ཆེན་པོ་དོང་ནས་སྤྲུག་པའི་ཕྲིན་ལས་ལ་གཞོལ་བར་བགྱི་སྙམ་པའི་ཐབས་སྙིང་རྗེ་ཆེན་པོ་དང་། འཁོར་གསུམ་གྱི་མཚན་མར་མ་དམིགས་པའི་ཤེས་རབ་སྟོང་པ་ཉིད་ཆེན་པོ་ལ་བློ་ཉེ་བར་བཞག་པས་འདིའི་རྗེས་ཟློས། ཀྱེ་མ༔ རྟོག་འཁྲུལ་ངན་པའི་སོགས་ལན་གསུམ། གཉིས་སྣང་གི་རྟོག་པས་བསླད་པའི་བློའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་ནས། རང་ཤར་རིག་པ་སྣང་སྟོང་སྒྱུ་མ་ལྟ་བུའི་འཕགས་པའི་སྐུ་འདི་ལྟར་དུ་སྒོམས་ཤིག །རྟོག་མེད་ངང་ལས་སོགས་ནས། ཚུལ་དུ་བསྒོམ༔ གཉིས་པ་དངོས་གཞི་ལ། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་རིན་པོ་ཆེའི་སྤྲིན་གྱི་ལྡིང་ཁང་ཀུན་བཟང་སྨོན་ལམ་ལྟ་བུའི་མཆོད་པའི་བཀོད་པ་དང་བཅས་པའི་དབུས་སུ། གདན་པདྨ་ཉི་ཟླའི་སྟེང་དུ་སྐྱབས་གནས་ཐམས་ཅད་འདུས་པའི་སྤྱི་གཟུགས་དྲིན་ཅན་རྩ་བའི་བླ་མ་དང་དབྱེར་མེད་པའི་འཕགས་མཆོག་ཐུགས་རྗེ་ཆེན་པོ། སྐུ་མདོག་པདྨ་རཱ་གའི་ཕུང་པོ་ལྟར་དམར་ལ་འཚེར་བ་ཞི་འཛུམ་མཛེས་པའི་ཞལ་གཅིག་ཕྱག་གཉིས་པ། གཡས་པདྨའི་ཕྲེང་བ་འདྲེན་ཅིང་གཡོན་བདུད་རྩིས་བཀང་བའི་བུམ་པ་འཛིན་པ། གཅེར་བུ་དར་གྱི་ཨང་རག་གསོལ་ཞིང་། དབུ་སྐྲ་མཐོན་མཐིང་རལ་པ་ཐོར་ཚུགས་སུ་བཅིངས་པའི་གསེབ་ཏུ་བླ་མ་འོད་དཔག་མེད་རིགས་ཀྱི་བདག་པོར་བཞུགས་པ། ཞབས་གཉིས་བཞེངས་པའི་སྟབས་ཅན། སྐུ་ལས་ཐུགས་རྗེའི་འོད་ཟེར་མུ་མེད་དུ་འཕྲོ་བར་གསལ། དེའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཨོ་རྒྱན་གྱི་སོགས་ནས། ལྟེ་བར་ཧྲཱིཿརྣམས་དཀར་དམར་མཐིང་སེར་གྱི་ཁ་དོག་འབར་བས་མཚན་པར་གྱུར་པའི་སྤྱན་སྔར། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་ཀུན་ཏུ་བཟང་པོའི་སྤྲིན་གྱི་མཎྜལ་དུ་དམིགས་ནས་འབུལ་བའི་བློས་འདིའི་རྗེས་ཟློས། ན་མོ༔ བཀོད་པ་མཛེས་ལྡན་སོགས་དང་། སྒོ་གསུམ་གུས་ཤིང་དང་བ་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ན་མོ༔ ཐུགས་རྗེའི་བདག་པོ་སོགས་ལན་གསུམ། དེ་ལྟར་གདུང་ཤུགས་དྲག་པོས་གསོལ་བ་རྩེ་གཅིག་ཏུ་བཏབ་པས། མདུན་བསྐྱེད་ཀྱི་སོགས། བདག་གི་ཞེས་པའི་ཚིག་རྣམས་ལ། སློབ་མའི་ཞེས་བསྒྱུར་ནས། སྔོ་ལམ་གྱིས་གང་བར་བསམ། སླར་ཡང་མདུན་བསྐྱེད་དང་སློབ་དཔོན་གཉིས་སུ་མེད་པའི་ཞལ་ནས། དབང་བསྐུར་བྱ་སྐུར་བྱེད་སོགས་ནས། ངོ་སྤྲོད་གསུང་བར་བསམ། དེས་ལུས་ངག་ཡིད་སོགས་ནས། ངོ་བོ་ཉིད་སྐུ་ཐོབ་པའི་ངེས་ཤེས་བརྟན་པོར་སྐྱེད་ཅིག །བྱིན་རླབས་ཡོངས་རྫོགས་རྩལ་སྤྲུགས་སུ་འཕོ་བ་དོན་གྱི་དབང་བསྐུར་བ་ནི། མདུན་གྱི་ཨོ་རྒྱན་རིན་པོ་ཆེ་སོགས། ཁྱེད་རང་རྣམས་ལ་སོགས། ཅི་གནས་སུ་འཇོག་ཅིང་དར་ཅིག་ཉམས་སྐྱོང་འཚལ། ཅུང་ཟད་འཇོག་བཅུག །སླར་ཡར་དེའི་ངང་ལས་ཁྱེད་རང་རྣམས་ཐུགས་རྗེ་ཆེན་པོའི་སྐུ་སོགས། སྐུར་བཞེངས་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། མདུན་བསྐྱེད་ཐུགས་རྗེ་ཆེན་པོའི་ཞལ་ནས། ཁྱེད་རྣམས་ཀྱིས་དེང་ཕྱིན་ཆད་སེམས་ཅན་གྱི་སོགས། གྱིས་ཤིག །ཅེས་རྗེས་སུ་གདམས་པས་འགྲོ་དོན་ལ་དབང་བའི་གནང་བ་བསྩལ་ཞིང་དབུགས་དབྱུང་ཐོབ་པ་ཡིན་ནོ། །བྱིན་རླབས་བརྟན་བྱེད་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ནི། མདུན་བསྐྱེད་འཕགས་པའི་ལྷ་ཚོགས་དང་རྣམ་དབྱེར་མེད་པའི་གཏོར་ཆེན་སློབ་བུའི་སྤྱི་བོར་བཞག་པའི་ཚེ། ལྷ་ཚོགས་རྣམས་འོད་ཀྱི་ཕུང་པོར་གྱུར་ཏེ་སྒོ་གསུམ་ལ་ཐིམ་པས། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་དང་གཉིས་སུ་མེད་པར་བྱིན་གྱིས་བརླབ་ཅིང་འཕགས་མཆོག་ཐུགས་རྗེ་ཆེན་པོ་དང་ནུས་མཐུ་མཉམ་པའི་ཕྲིན་ལས་ཀྱི་རྒྱུན་བརྟན་པར་བྱས་པར་མོས་ཤིག །གཏོར་དབང་བསྐུར་ཞིང་ཡིག་བདུན་ཤམ་ཅན་གྱེར། དེ་ལྟར་སྐུ་བསྒོམ་ཞིང་ལམ་གྱི་དབང་བརྟན་བྱེད་དང་བཅས་པ་ལེགས་པར་གྲུབ་པའི་གཏང་རག་དང་། གསུང་སྙིང་པོ་བཟླས་པའི་ལུང་ཞུ་བའི་ཡོན་དུ་མཎྜལ། གསུང་སྔགས་ཀྱི་རྒྱལ་པོ་ཡི་གེ་བདུན་པའི་བཟླས་ལུང་སྦྱིན་པ་ནི། སློབ་མ་ཐུགས་རྗེ་ཆེན་པོའི་སྐུར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོ་རང་སྒྲ་སྒྲོག་པའི་མཐར་གསང་སྔགས་ཡི་གེ་དྲུག་མས་བསྐོར་བར་གསལ། སྔགས་ཕྲེང་དམར་པོ་གཡས་སྐོར་དུ་འཁོར་བ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཕྱི་ནང་གསང་བའི་མཆོད་པ་ཕུལ་བས་ཚོགས་རྫོགས། གནས་གསུམ་ནས་ཨོཾ་ཨཱཿཧཱུྃ་འོད་ཟེར་གྱི་ཚུལ་དུ་བྱོན། ཁྱེད་རང་རྣམས་ལ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་སྦྱང་། སླར་ཡང་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཐུགས་རྗེ་ཆེན་པོ། གསུང་ཡི་གེ་བདུན་པ། ཐུགས་ཕྱག་མཚན་གྱི་རྣམ་པར་བྱིན་རླབས་ཐམས་ཅད་བསྡུས་ཏེ་སློབ་བུའི་གནས་གསུམ་དུ་ཐིམ་ནས་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ། ཡང་འོད་ཟེར་འཕྲོས། འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱང་། ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུ་སྣང་ལ་རང་བཞིན་མེད་པར་གྱུར་ནས། དེ་ཐམས་ཅད་ཀྱི་སྔགས་ཀྱི་སྒྲ་དབྱངས་བུང་བ་ཚང་ཞིག་པ་ལྟར་འུར་དི་རི་རི་སྒྲོག་པའི་དམིགས་གནད་དང་ལྡན་པས། ཡིག་བདུན་བརྒྱ་རྩ་བརྒྱད་གསུང་འཚལ། ཞེས་བཟླ། མཐར་ཁམས་གསུམ་གྱི་སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གསལ་བ་ལ། ཅིར་སྣང་བདེ་ཆེན་རྒྱན་གྱི་རོལ་མོས་མཆོད་ཅིང་བསྟོད་པ་འབུལ་བར་མོས་པས་འདིའི་རྗེས་ཟློས། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པུཥྤེ་སོགས་དང་། རྣམ་པར་མི་རྟོག་སོགས། མཐར། བདག་དང་སྣང་བ་ཐམས་ཅད་མི་དམིགས་པ་འཁོར་གསུམ་གྱི་མཚན་མ་ལས་འདས་པའི་རིག་སྟོང་འོད་གསལ་སྟོང་ཉིད་ཆེན་པོའི་ངང་སྐྱོངས་ལ་ཅུང་ཟད་མཉམ་པར་འཇོག་མཛོད། དེས་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་ལམ་དུས་ཀྱི་དབང་བསྐུར་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་པ་ཉིད་ཐོབ་པ་ཡིན་པས། རྟག་ཏུ་གངས་ཅན་བོད་ཀྱི་ལྷ་སྐལ་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་ལ་བརྩོན་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་འཐོབ་པའི་ཚུལ་ནི། རྩ་རྒྱུད་པདྨ་དྲྭ་བ་ལས། སྐུ་ཡི་དཀྱིལ་འཁོར་གཅིག་བསྒོམས་པས། །སངས་རྒྱས་ཐམས་ཅད་འདུས་པ་ནི། །མགོན་པོ་སྤྱན་རས་གཟིགས་སྐུ་ཡིན། །སྒོམ་དང་ཡིད་ལ་དྲན་པས་ཀྱང་། །མཚམས་མེད་སྡིག་པ་འདག་པར་བྱེད། །ཅེས་དང་། རྒྱུད་ལས། རྒྱལ་བ་རྒྱ་མཚོ་ཐམས་ཅད་ཀྱི༔ སྙིང་རྗེ་ཆེན་པོ་གཅིག་བསྡུས་པ༔ འཕགས་པའི་རིག་སྔགས་བཟླས་ནས་ཀྱང༔ འཁོར་བ་དོང་སྤྲུག་ཏིང་འཛིན་བསྒྲུབ༔ འདིས་ནི་ནད་ཞི་གདོན་ལས་གྲོལ༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་རྒྱས༔ འབྲེལ་ཚད་འཁོར་བ་དོང་སྤྲུགས་ནས༔ ཐུགས་རྗེ་ཆེན་པོའི་རིགས་སུ་འགྱུར༔ སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀྱི༔ རྡུལ་ཕྲན་གྲངས་ཀྱང་བརྗོད་ནུས་ཀྱི༔ རིག་སྔགས་འདི་བཟླས་ཡོན་ཏན་མཐའ༔ སུས་ཀྱང་བརྗོད་པར་མི་ནུས་སོ༔ ཞེས་པ་ལ་སོགས་བཀའ་གཏེར་གསར་རྙིང་ཀུན་ནས་བརྗོད་ཀྱིས་མི་ལང་བར་གསུངས་པས། ཁྱེར་སོ་གསུམ་གྱི་རྣལ་འབྱོར་དང་ལྡན་པའི་སྒོ་ནས་རང་དང་གཞན་གྱི་དོན་རླབས་པོ་ཆེ་སྒྲུབས་ཤིག །དགེ་བསྔོ་བྱས་ལ་སློབ་མ་གྱེས། སློབ་དཔོན་གྱིས་རྗེས་བསྡུ་ལྡང་། བསྔོ་སྨོན། ཤིས་བརྗོད་ཀྱིས་མཐའ་བརྒྱན་པས་གྲུབ་བོ།། །། ༈ འཇའ་ཚོན་རྟ་ཕག་ཡིད་བཞིན་ནོར་བུའི་ཕྱི་སྒྲུབ་ལྟུང་བཤགས་ཆོ་གའི་ཟིན་བྲིས་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ་ལྟར་དབང་དོན་སྐྱབས་སེམས་ནས་བརྩམ་བདག་བསྐྱེད་ཐུགས་རྗེ་ཆེན་པོ་དང་། མདུན་བསྐྱེད་བུམ་བསྐྱེད་ཚིག་རིས་གཅིག་གིས་སོ་སོར་གསལ་བཏབ་ནས་ལས་བུམ་བཟླས་པ་ཡན་གྱིས་བསྒྲུབ་ཅིང་། སྤྲོ་ན་ལྟུང་བཤགས་ཚར་བདུན་སོགས་ཅི་ནུས་བསྐྱར། བདག་འཇུག་གམ་རིག་མེ་དོར་ཞིང་གནང་བ་ནོད། དབང་དངོས་ལ། སློབ་མ་རྣམས་ཁྲུས་ནས་དབྱུང་། གྲལ་དུ་འཁོད་པར་མེ་ཏོག་བཀྱེ་བསྡུ་དང་། སེམས་བསྐྱེད་གསལ་གདབ་འཕྲོས། དེ་ལ་འདིར་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་མིའི་ཟོལ་དུ་བྱོན་པ། ཉང་བན་ཏིང་འཛིན་བཟང་པོའི་སྐྱེ་མཐའ་རིག་འཛིན་འཇའ་ཚོན་སྙིང་པོ་དང་ཨོ་རྒྱན་ལས་འཕྲོ་གླིང་པའམ། གསང་མཚན་ཧཱུྃ་ནག་མེ་འབར་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཟབ་གཏེར་རྟ་ཕག་ཡིད་བཞིན་ནོར་བུའི་ཕྱི་མདོ་ལུགས་ཀྱི་སྔོན་འགྲོ། སངས་རྒྱས་སུམ་ཅུ་རྩ་ལྔ་ལ་མཆོད་ཅིང་གསོལ་བ་བཏབ་པའི་ཆོ་ག་དང་འབྲེལ་བའི་སྒོ་ནས་སྨིན་ལམ་དབང་གི་ཆོ་ག་བགྱིད་པའི་སྐབས་སུ་བབ་པ་སྟེ། རྒྱལ་ཡུམ་མཁའ་འགྲོའི་དབང་ཕྱུག་ཡེ་ཤེས་མཚོ་རྒྱལ་གྱི་ཞལ་ནས། བྱང་སེམས་ནམ་སྙིང་སྤྲུལ་པ་ཏིང་འཛིན་བཟང༔ རྟེན་འབྲེལ་སྨོན་ལམ་མཐུ་ཡིས་མ་འོངས་འདུལ༔ སྐྱེས་བུ་དེ་ལ་དགོངས་ནས་ཟབ་གཏེར་སྦས༔ རྟ་ཕག་ཡིད་བཞིན་ནོར་བུའི་ཟབ་ཆོས་ལ༔ སྒྲུབ་ཐབས་ཕྱི་ནང་གསང་བ་དེ་བཞིན་ཉིད༔ ཀུན་གྱི་སྔོན་འགྲོ་མདོ་དང་བསྟུན་པ་ནི༔ མདུན་བསྐྱེད་གཙོར་བསྟན་སངས་རྒྱས་སུམ་ཅུ་ལྔ༔ ཞེས་སོགས་བསྔགས་པར་མཛད་པ་ལྟུང་བ་བཤགས་པའི་ཆོ་ག་འདི་ཉིད། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པས་ཉ་པ་ལྔ་བརྒྱའི་དོན་དུ་གསུངས་ནས་ཉ་དང་མི་རྣམས་གཏན་གྱི་བདེ་བ་ལ་དབུགས་འབྱིན་པར་མཛད་ཅིང་། སངས་རྒྱས་སུམ་ཅུ་རྩ་ལྔ་འདི་དག་གི་མཚན་རེ་རེ་ཙམ་རྣ་བར་ཐོས་པས་ཀྱང་ལས་ངན་གྱི་སྡིག་སྒྲིབ་མ་ལུས་དག་ནས། ཕྱི་མ་ཕྱིར་མི་ལྡོག་པའི་སར་སྐྱེ་བར་གསུངས་པ་སོགས་ཕན་ཡོན་དང་བྱིན་རླབས་ཀྱི་ཚན་ཁ་མཆོག་དང་ལྡན་པའི་དབང་བསྐུར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ། སྒོ་གསུམ་གུས་པ་ཆེན་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་བླ་མ་སོགས་ལན་གསུམ། དེ་ལྟར་གསོལ་པའི་ལན་དུ་ནུས་པ་འདྲི་བ་ལགས་ཏེ། ཧོ༔ བུ་ཁྱོད་སུ་ཡིན་སོགས། ཞེས་དྲིས་པའི་ལན་དུ་དམ་ཚིག་བསྲུང་བར་ནུས་པར་ཁས་བླང་ཞིང་སླར་ཡང་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདག་ནི་རིགས་ཀྱི་སོགས་ལན་གསུམ། རྒྱུད་སྦྱོང་བའི་ཕྱིར། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་སུམ་ཅུ་རྩ་ལྔ་ཐ་མི་དད་པར་བཞུགས་པའི་སྤྱན་སྔར། ཕྱག་འཚལ་བ་སོགས་ཡན་ལག་བདུན་པ་འབུལ་བར་མོས་པས་འདིའི་རྗེས་ཟློས། བདག་དང་སེམས་ཅན་ཐམས་ཅད་ དུས་རྟག་པར་བླ་མ་ལ་ཕྱག་འཚལ་ལོ༔ སོགས་གཞུང་གི་ཕྱག་འཚལ་གྱི་སྐབས་སུ་འབྱུང་བ་བཞིན། ཡོངས་སུ་བསྔོ་བར་བགྱི་འོ༔ བར་བརྗོད། སྔོན་ཆད་མ་རིག་པའི་སྒྲིབ་པས་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་མིག་དར་འཆིང་འཚལ། ཕྱག་ཐལ་སྦྱར་གྱི་བར་དུ་ལྷའི་མེ་ཏོག་གསར་པ་རེ་ཐོགས་ནས་རིགས་ཀྱི་ལྷ་སྐལ་བརྟག་པའི་ཕྱིར། མདུན་དུ་བཞུགས་པའི་ལྷ་ཚོགས་རྣམས་ཀྱི་དབུ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་བཅས་འབུལ་འཚལ། ཧོ༔ རྩ་གསུམ་བླ་མའི་སོགས། དེ་ལྟར་ཕུལ་པའི་མེ་ཏོག་ལྷ་ཚོགས་རྣམས་དང་སློབ་དཔོན་ལྷན་ཅིག་པས་སློབ་མའི་སྤྱི་བོར་དབང་རྟགས་ཅོད་པཎ་གྱི་ཚུལ་དུ་བཅིངས་ཤིང་། རིགས་ཀྱི་གསང་མཚན་བཏགས་པར་མོས། ཁྱོད་ཀྱི་སོགས། དེ་ནས་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གཞུག་པའི་ཕྱིར། ཁྱེད་རང་རྣམས་ལུས་གནད་རྣམ་སྣང་ཆོས་བདུན་དང་། ངག་གནད་རླུང་རང་སོར་བཞག །སེམས་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་ལྟར་རྩེ་གཅིག་ཏུ་གསལ་འདེབས་འཚལ། ཨ་མྲྀཏས་བསང་། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་སློབ་མ་རྣམས༔ བཅོམ་ལྡན་ཤཱཀྱའི་སོགས། སྤོས་རོལ་སྔགས་བཅས་ཀྱིས་བྱིན་དབབ་ཅིང་བརྟན། དེ་ལྟར་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཞུགས་པས་གནས་ལུགས་དོན་གྱི་ལྷ་ཞལ་སྒྲིབ་མེད་དུ་མཐོང་བའི་བརྡར་གདོང་གཡོགས་སོལ་ཅིག །ཧོ༔ ཇི་ལྟར་མིག་མཁན་སོགས། རང་སྣང་བདེ་བར་གཤེགས་པའི་དཀྱིལ་འཁོར་གྱི་ལྷ་ཞལ་མཐོང་བ་མེད་པའི་ཚུལ་གྱིས་མཐོང་བར་མོས་ཤིག །དེས་འཇུག་པའི་ཆོས་རྣམས་སོང་། ད་དབང་བསྐུར་བ་དངོས་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་མཐའ་རྟེན་བཅས་འབྱུང་བ་ལས། དང་པོ་སྐུ་བུམ་པའི་དབང་བསྐུར་བ་ནི། དབང་ལྷ་ནམ་མཁའ་གང་བའི་ཚོགས་དང་ལྷན་ཅིག་བདག་སློབ་དཔོན་གྱིས་ཐུན་མོང་རིག་པའི་དབང་ལྔ་རིམ་པར་བསྩལ་བས་མ་རིག་པ་ལྔ་དག །ཡེ་ཤེས་ལྔའི་དབང་ཐོབ། ཕུང་པོ་ལྔ་སངས་རྒྱས་ལྔར་གནས་གྱུར་པས་སྐུ་བུམ་པའི་དབང་ཡོངས་སུ་རྫོགས་པར་ཐོབ་པར་མོས། ཧཱུྃ༔ རིན་ཆེན་བུམ་པ་སོགས་རིགས་དབང་རྗེས་ཀྱི། འབྱུང་བར་གྱུར་ཅིག༔ བར། གཉིས་པ་གསུང་ཡིག་འབྲུའི་དབང་བསྐུར་བ་ནི། དབང་ལྷ་སློབ་དཔོན་དང་བཅས་པའི་མགྲིན་པ་ནས་གསུང་ཡིག་འབྲུ་ཨཱ་ལི་ཀཱ་ལི་རྒྱ་ཡིག་དང་བོད་ཡིག་གི་གཟུགས་ཁ་དོག་ལྔ་པའི་ཚོགས་ཆར་བབ་པ་བཞིན་བྱོན། སློབ་མའི་མགྲིན་པར་ཐིམ་པས། ངག་བྱེད་རྩོལ་གཡོ་བའི་དྲི་མ་སྦྱངས། སྒྲ་གྲགས་སྔགས་ཀྱི་རང་བཞིན་དུ་དག་པ་གསུང་ཡིག་འབྲུའི་དབང་ཡོངས་སུ་རྫོགས་པ་ཐོབ་པར་མོས། ཧཱུྃ༔ དུས་གསུམ་རྒྱལ་བའི་སྒྲ་སོགས། གསུམ་པ་ཐུགས་ཕྱག་མཚན་གྱི་དབང་བསྐུར་བ་ནི། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས། རྡོ་རྗེ། རིན་པོ་ཆེ། པདྨ། རལ་གྲི། འཁོར་ལོ་ལ་སོགས་པའི་ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པར་བྱོན། སློབ་མའི་སྙིང་གར་ཐིམ་པས་བདག་དང་མཚན་མར་དམིགས་པའི་འཛིན་རྟོག་གི་དྲི་མ་སྦྱངས། འདུས་མ་བྱས་ཤིང་ལྷུན་གྲུབ་ཡེ་ཁྱབ་སྤྲོས་བྲལ་གྱི་རང་ཞལ་མངོན་དུ་བྱེད་པ་ཐུགས་ཕྱག་མཚན་གྱི་དབང་ཡོངས་སུ་རྫོགས་པ་ཐོབ་པར་མོས། ཧཱུྃ༔ དུས་གསུམ་རྒྱལ་བའི་དཀྱིལ་སོགས། བཞི་པ་ཡོན་ཏན་ཐིག་ལེའི་དབང་བསྐུར་བ་ནི། ལྷ་ཚོགས་རྣམས་ཀྱི་ལྟེ་བ་ནས་ཡེ་ཤེས་ཆེན་པོའི་འོད་ཟེར་དཀར་སེར་དམར་ལྗང་སྔོ་བ་སྟེ། ཁ་དོག་རྣམ་པ་ལྔར་འཚེར་བའི་ཐིག་ལེའི་ཚོགས་དུ་མ་བྱོན། སློབ་མའི་ལྟེ་བར་ཐིམ་པས་གཟུང་འཛིན་གྱི་བག་ཆགས་ཤེས་བྱའི་སྒྲིབ་པ་སྦྱངས། བྲལ་སྨིན་གྱི་ཡོན་ཏན་མ་ལུས་པ་སྟོབས་སུ་གྱུར་པས་ཡོན་ཏན་ཐིག་ལེའི་དབང་ཡོངས་སུ་རྫོགས་པ་ཐོབ་པར་མོས། ཧཱུྃ༔ སྲིད་པ་ཆགས་བྱེད་སོགས། ལྔ་པ་ཕྲིན་ལས་འབྱུང་ལྔའི་དཀྱིལ་འཁོར་གྱི་དབང་བསྐུར་བ་ནི། ལྷ་ཚོགས་རྣམས་ཀྱི་གསང་བ་ནས་བདེ་བར་གཤེགས་པའི་ཕྲིན་ལས་ས་ཆུ་མེ་རླུང་ནམ་མཁའ་སྟེ། འབྱུང་བ་ལྔས་གར་ཁྱབ་ཐུགས་རྗེའི་ཕྲིན་ལས་ཁྱབ་གདལ་དུ་འཇུག་པར་མཚོན་པའི་དཀྱིལ་འཁོར་ལྔ་པོ་འཕྲོས། སློབ་མའི་གསང་བར་ཐིམ་པས་བྱ་རྩོལ་གྱི་སྤྲོས་པ་ལས་འདས་པ་རང་བྱུང་ལྷུན་གྲུབ་ཀྱི་ཕྲིན་ལས་འབྱུང་ལྔས་གར་ཁྱབ་ཏུ་འགྱེད་ཅིང་འགྲོ་དོན་བྱེད་པ་ལ་དབང་བའི་ཕྲིན་ལས་རབ་འབྱམས་ཀྱི་དབང་ཡོངས་སུ་རྫོགས་པ་ཐོབ་པར་མོས། ཧཱུྃ༔ ཕྱི་ནང་དབྱེར་མེད་སོགས། དེ་ལྟར་གཞི་རྒྱུད་ལ་ཡེ་གདོད་མ་ནས་བཞུགས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་རྣམས་ལ། དབང་གི་ཚོགས་གསོས་བཏབ་པས་དག་རྫོགས་སྨིན་ཏེ་ཆོས་ཀྱི་རྒྱལ་པོར་གྱུར་པ་ལ། བཀྲ་ཤིས་པའི་རྟགས་རྫས་བརྒྱད་དང་། འཁོར་ལོས་བསྒྱུར་པའི་འབྱོར་པའི་དཔལ་བདུན་པོས་མངའ་དབུལ་ཞིང་བཀྲ་ཤིས་བདེ་ལེགས་སུ་བྱས་པར་མོས། ཧཱུྃ༔ སྐྱོབ་བྱེད་གསེར་གདུགས་སོགས་ཀྱིས་རིམ་པར་ཕྱག་ཏུ་གཏད། དེ་ལྟར་སྨིན་ལམ་དབང་གི་རིམ་པ་ཟབ་མོ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་པ་ལེགས་པར་ཐོབ་པས། དམ་ཚིག་གི་གནས་རྣམས་བསྲུང་སྡོམ་ཚུལ་བཞིན་དུ་མཛད་དགོས་པས། དེ་ལྟར་བགྱི་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་དང་། ཆོ་གའི་རྗེས་གཞུང་ལས་འབྱུང་བ་བཞིན་བགྱིས་པས་གྲུབ་བོ།། །། ༈ གནམ་ཆོས་དགོངས་གཏེར་ཐུགས་ཀྱི་ཀློང་རྡོལ་ལས་བྱུང་བ་བཅོམ་ལྡན་འདས་ཀུན་རིག་གི་དབང་གི་ཟིན་བྲིས་གོ་བདེ་བར་བཀོད་པ་ལྟར་དབང་སྒྲུབ། ཁྲུས་ཀྱི་རྗེས་སེམས་བསྐྱེད་གསལ་གདབ་བཅས་མཎྜལ་སྔོན་དུ་འགྲོ་བས། ལོ་རྒྱུས་སོགས་དབང་དངོས་ཀྱི་མཐའ་རྟེན་སྣ་བདུན་རྒྱས་པ་དེ་བསྐུར། བསྡུས་པ་དང་ཁ་འཕངས་ཀྱི་རྟགས་རྫས་བཅས་ཀྱི་དབང་བསྐུར་བྱ་མི་དགོས། ཆོ་གའི་རྗེས་གནམ་ཆོས་སྤྱི་བཞིན་བྱའོ།། །། ༈ ཀློང་གསལ་རྡོ་རྗེ་སྙིང་པོའི་བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པའི་ཆོ་ག་དང་དབང་བསྐུར་གནས་ལུང་དང་བཅས་པ་མུན་འཇོམས་ཟླ་བའི་འོད་ཟེར་ལྟར་དབང་སྒྲུབ། དབང་དངོས་ཀྱི་རྗེས་མཐའ་རྟེན་བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་བཅས་རྒྱས་བསྡུས་གང་མོས་ཤིག་ངེས་པར་འགྲོ་དགོས་ཤིང་། ཆོ་གའི་རྗེས་རིམ་བཅས་བྱའོ།། །། ༈ མཆོག་གྱུར་གླིང་པའི་ཟུར་བཟའི་ཐུགས་དམ་སྐོར་དྲུག་གི་རྡོར་སེམས་སྒྲིབ་སྦྱོང་ཡེ་ཤེས་ཆུ་རྒྱུན་གྱི་དབང་བསྐུར་ཟུར་འདེབས་ཟླ་ཤེལ་མེ་ལོང་ལྟར་དབང་སྒྲུབ་ཀྱི་བཟླས་པའི་སྐབས་བྱེ་མ་བསྔགས། ཁྲུས་བུམ་དུ་རྡོར་སེམས་སྐད་ཅིག་གིས་བསྐྱེད་ནས། ཡིག་བརྒྱའི་མཐར། སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཏགས་པ་བཟླས་པས་བསྒྲུབ་ཅིང་། རྣམ་བུམ་དང་ཆབས་ཅིག་འོད་ཞུ་བྱ། དངོས་གཞིར་སྡིག་སྒྲིབ་དག་བྱེད་དང་། ཡོན་ཏན་ཡར་འཕེལ་གྱི་བུམ་དབང་གི་རྗེས་སུ་མྱོང་གྲོལ་རིལ་བུའི་དབང་སྦྱར་བ་བསྐུར་ཞིང་། རྗེས་ཆོག་བཅས་བྱའོ།། །། ༈ ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་ལོངས་སྐུ་འགྲོ་འདུལ་ངན་སོང་དོང་སྤྲུག་གི་ཕྲིན་ལས་དབང་བསྐུར་གནས་ལུང་དང་བཅས་པ་གཞན་ཕན་ཤིང་རྟ་ལྟར་དབང་སྒྲུབ་ཀྱི་བཟླས་པའི་སྐབས་བྱེ་མ་བསྔགས་ལ་ཧས་གདབ། བུམ་སྒྲུབ་རྗེས། ༼ནི༽གྲོལ་བ་བཅུ་གཅིག་གི་ལག་ལེན་གསལ་བྱེད་ངོ་མཚར་རྒྱ་མཚོའི་ས་བཅད་གསུམ་པ་ལྟར་རིལ་སྒྲུབ་སྦྱར། རིག་མེ་དོར་ལ་གནང་བ་ནོད། དབང་དངོས་གཞི་རྒྱས་པའི་ལུགས་བཞིན་བསྐུར་བའི་བུམ་དབང་གི་རྗེས་སམ། སྐུ་གསུང་ཐུགས་དབང་གི་འཕྲོས་སུ། དེ་ནས་རྗེས་འབྲེལ་མྱོང་གྲོལ་རིལ་བུ་ལ་བརྟེན་པའི་འཁོར་བ་དོང་ནས་སྤྲུག་པའི་ཕྲིན་ལས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་གདབ་པ་འདིའི་རྗེས་ཟློས། དཔལ་ལྡན་ངན་སོང་དོང་སྤྲུགས་ཀྱི༔ སོགས་གྲོལ་བ་བཅུ་གཅིག་གི་ལག་ལེན་ལྟར་མྱོང་གྲོལ་རིལ་བུའི་དབང་། དེའི་ཡན་ལག་རྣམས་དང་། སྨོན་ལམ་གྲུབ་ཀྱི་བར་བཏང་། དེ་ནས་སྔ་མའི་འཕྲོས་རྣམས་མཐར་ཆགས་སུ་བསྐུར། རྗེས་རིམ་བཅས་བྱ་ཞིང་། འདི་ལྟར་དབང་རྒྱས་པ་ཐོབ་པས་གཞུང་གསལ་བསྡུས་པའི་ལུགས་ཟུར་དུ་རང་གིས་ཞུ་མི་དགོས་ཤིང་གཞན་ལ་བསྐུར་ཆོག་པར་སྣང་ངོ་།། །། ༼འདིར་མཆོག་གླིང་ཐུགས་སྒྲུབ་བདེ་ཆེན་ཞིང་སྦྱོང་སྐོར་དབང་བཅས་མཁྱེན་བརྩེའི་གསུང་ཡོད།མཆན།༽ ༈ འབུམ་རྫོང་གཏེར་བྱོན་གུ་རུའི་ཐུགས་དམ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་འཁོར་བ་དོང་སྤྲུག་གི་དབང་རྒྱས་པ་བསྐུར་ཐབས་འགྲོ་དོན་ཀུན་ཁྱབ་ལྟར་དབང་སྒྲུབ་སྐབས། བུམ་སྒྲུབ་ཟིན་མཚམས་སུ། འདིའི་གཏེར་གཞུང་འགྲོ་དོན་ཆོས་དྲུག་གི་དང་པོ་མྱང་གྲོལ་རིལ་སྒྲུབ་སྦྱར། འདི་རྒྱུད་སྡེ་གོང་མ་ཡིན་ཅིང་། མཆོད་པའི་སྐབས་སྨན་རཀ་གཏོར་གསུམ་འབུལ་སྔགས་སརྦ་པཱུ་ཛའི་སྔགས་ཀྱི་མགོར་སྦྱར། ཚོགས་སྤྲོ་ན། ༼ཐ༽ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཕྲིན་ལས་སྙིང་པོ་བཞིན་གཏང་། འདི་ལ་དེང་སང་མགྱོགས་དབང་བཤམ་བཀོད་ཀྱིས་རྒྱས་བཏབ་པས་གཞུང་གི་དགོངས་པ་དང་འགལ་བའི་དོགས་པ་བྱུང་བར་སྣང་ངོ་། །དངོས་གཞི་དབང་རྒྱས་པ་མྱོང་གྲོལ་རིལ་བུའི་དབང་དང་བཅས་པ་བསྐུར་བའི་དམ་ཚིག་ཁས་བླངས་རྗེས། འདིའི་མགྱོགས་དབང་གི་དབང་སྒྲུབ་གོང་གི་འཐུས་ཤིང་ཟུར་དུ་བསྒྲུབ་མི་དགོས་པས། དེ་ལྟར་ཐོབ་པའི་བཀའ་དྲིན་གཏང་རག་དང་། སླར་ཡང་མགྱོགས་དབང་མདོར་བསྡུས་གསན་པའི་ཡོན་དུ་མཎྜལ། ཟུར་གསལ་མགྱོགས་དབང་གི་སེམས་བསྐྱེད་གསལ་གདབ་ནས། མཚམས་སྦྱོར་སྦྲེལ་ཏེ་མཐར་ཆགས་སུ་བསྐུར་ཞིང་། བཀྲ་ཤིས་ནི། ཧཱུྃ་ཧྲཱི༔ བྱིན་རླབས་སྤྲིན་འཁྲིགས་བླ་མ་རྗེ༔ དངོས་གྲུབ་ཆར་འབེབ་ཞི་དང་ཁྲོ༔ དགོས་འདོད་སྩོལ་མཛད་མཁའ་འགྲོའི་ཚོགས༔ རྩ་གསུམ་ལྷ་ཡི་བཀྲ་ཤིས་ཤོག །ཅེས་སོགས་དབང་གི་རྗེས་དང་། ཆོ་གའི་རྗེས་ཚོགས་ཡོད་ན། དྲང་ལྷག་གཏང་། གང་ལྟར་ཡང་མཆོད་བསྟོད་ཕྱིན་བྱང་ཆོག་གི་མཇུག་ནས་འབྱུང་བ་བཞིན་མཐར་དབྱུང་བས་གྲུབ་བོ།། །། ༈ རིགས་གསུམ་སྙིང་ཐིག་གི་པདྨ་གར་དབང་ཡོ་ག་དང་འབྲེལ་བ་ལྷ་ཉེར་གཅིག་པ་འཕགས་པ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་བསྙེན་སྒྲུབ་ཕྲིན་ལས་དང་བཅས་པ་གཞན་ཕན་མཁའ་ཁྱབ་ལྟར་དབང་སྒྲུབ་ཀྱི་བུམ་བཟླས་རྫོགས་པ་དང་། འོག་གི་རིལ་བུ་བསྒྲུབ་པ་སྦྱར་དགོས། དངོས་གཞིའི་དབང་བསྐུར་གྱི་ཐུགས་དབང་རྗེས། མྱང་གྲོལ་རིལ་བུའི་དབང་སྦྱར་ནས། དབང་དང་། ཆོ་གའི་རྗེས་བཅས་བྱའོ། །དེ་རྣམས་ཀྱིས་སྡིག་སྒྲིབ་ཞི་བའི་སྐོར་གྱི་དབང་དང་། སྤྱི་སྡོམ་ས་བཅད་ཆེན་མོའི་ཞི་བའི་ཕྲིན་ལས་ཀྱི་སྐོར་དུ་བཞུགས་པའི་དབང་བསྐུར་རྣམས་གྲུབ་པ་ཡིན་ནོ།། །། ༄༅། །གསུམ་པ་རྒྱས་པའི་ལས་ཀྱི་སྐོར་ལ། ཚེ་དང་། ཤེས་རབ། བསོད་ནམས། ལོ་ཏོག །རིགས་རྒྱུད། བསྟན་པ་རྒྱས་པ་དང་དྲུག་ལས། དང་པོ་ཡོན་ཏན་ཐམས་ཅད་ཀྱི་ཕྱི་མོ་ཚེ་རྒྱས་པར་བྱེད་པའི་སྐོར་ལ། འཇའ་ལུས་རྡོ་རྗེའི་སྐུ་བརྙེས་གྲུབ་ཆེན་དཔལ་ལྡན་རྡོ་རྗེའི་ཚེ་ཁྲིད་འཆི་མེད་རྡོ་རྗེའི་སྲོག་ཤིང་གི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་འཆི་མེད་རྡོ་རྗེའི་བཅུད་ལེན་ལྟར་དབང་སྒྲུབ། དངོས་གཞིར་དབང་རྒྱས་པ་དང་། བསྡུས་པ། རྗེས་རིམ་བཅས་བྱའོ།། །། ༈ གྲུབ་ཆེན་ཟླ་བ་པའི་ལུགས་ཀྱི་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་སྒྲུབ་ཐབས་རྗེས་གནད་དང་བཅས་པ་ཚེ་མཆོག་མཐར་ཕྱིན་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ འབྲི་གུང་པ་ཆོས་ཀྱི་གྲགས་པའི་དག་སྣང་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཀྱི་དབང་དོན་སྒྲུབ་པ་ནི། བརྒྱུད་འདེབས་འཆི་མེད་གྲུབ་པ་སྔོན་དུ་འགྲོ་བས། སངས་རྒྱས་ཆོས་དང་སོགས་ཀྱི་སྐྱབས་སེམས་ལན་གསུམ་དང་། བགེགས་གཏོར་བཏང་ཞིང་སྲུང་འཁོར་བསྒོམ། རཾ་ཡཾ་ཁཾ། རྣམ་དག་ཆོས་དབྱིངས་སོགས་ཀྱིས་མཆོད་རྫས་བརླབས། གཞུང་གསལ་ལྟར་བདག་ཉིད་བསྐྱེད་བཟླས་ཀྱི་རྣལ་འབྱོར་དང་། མདུན་གྱི་དཀྱིལ་འཁོར་བསྐྱེད་པའི་སྐབས། བདག་ཉིད་ཅེས་པ་དོར་ནས། བཟླས་པའི་སྟོང་ཚིགས་ཀྱི་མཆོད་བསྟོད། ལས་བུམ་དུ་འཁྱིལ་པ་བསྐྱེད་བཟླས་འོད་ཞུ་བཅས་བྱ། རིག་མེ་དོར་ནས་གནང་བ་ནོད། དབང་དངོས་ལ། མཁའ་ཁྱབ་ཀྱི་ཡིད་ཅན་ཐམས་ཅད་གནས་སྐབས་དུས་མ་ཡིན་པའི་འཆི་བ་འཇོམས་ཤིང་། མཐར་ཐུག་མགོན་པོ་ཚེ་དཔག་མེད་ཀྱི་གོ་འཕང་ལ་འགོད་པའི་སླད་དུ་དབང་བསྐུར་བ་ནོད་ནས་གདམས་ངག་ཉམས་སུ་བླང་བར་བྱ་སྙམ་པའི་སེམས་བསྐྱེད་པ་འདུ་མཛད་དེ་གསན་འཚལ། དེ་ལ་སྐབས་སུ་བབ་པ་འདིའི་ལོ་རྒྱུས་ཅུང་ཟད་ཅིག་ཞུ་ན། རྒྱ་གར་འཕགས་པའི་ཡུལ་དུ་དགྲ་བཅོམ་པ་བློ་གྲོས་དཔལ་ལ་ལྷའི་དགེ་བསྙེན་གྱིས་དངོས་སུ་ཕུལ་བ་སྒྲ་མི་སྙན་གྱི་ཚེ་གཟུངས་དང་འབྲེལ་བའི་གདམས་པ། རྗེ་འབྲི་གུང་བ་རིན་ཆེན་ཕུན་ཚོགས་ཀྱི་ཡང་སྤྲུལ་མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ་རིག་པ་འཛིན་པ་དཔལ་ཆོས་ཀྱི་གྲགས་པ་ལ། འཕགས་ཡུལ་གྱི་སློབ་དཔོན་དྷ་ན་ཤྲཱིས་དངོས་སུ་གནང་ཞིང་། ཕྱིས་བོད་ཁམས་སྐྱོང་བའི་ཞིང་སྐྱོང་ཆེན་མོ་རྡོ་རྗེ་ཀུན་གྲགས་མའི་མཚོ་འགྲམ་དུ་བཞུགས་པའི་སྐབས། དག་པའི་སྣང་བར་ཨོ་རྒྱན་ཆེན་པོས་དེའི་གདམས་ངག་རྒྱས་པར་བསྩལ་བའི་ཚུལ་གང་གི་གསུང་ལས་འབྱུང་བ་ནི། དེ་ཡང་ཆུ་མོ་གླང་ལོ་སོགས་གཞུང་གི་དབུ་ནས་འབྱུང་བ་ཉིད། བྱུང་བ་དང་ནམ་ལངས་འདུག་པ་དང་འགྲིགས་པས། རྟེན་འབྲེལ་གྱི་དགེ་མཚན་རྨད་དུ་བྱུང་བ་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཟབ་མོ་འདི་ཉིད་ཐུགས་ཉམས་སུ་བཞེས་པས་སྐུ་ཚེ་མཐར་ཕྱིན་ཅིང་། སྐལ་ལྡན་རྣམས་ལ་རིམ་པར་སྤེལ་བ་བྱིན་རླབས་ཀྱི་ཚན་ཁ་མཆོག་དང་ལྡན་པ་འདི་ཉིད་ཀྱི་དབང་བསྐུར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ། དད་མོས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དགའ་ཆེན་ཁྱོད་བདག་སོགས་ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་ཞིང་མཆོག་རྒྱ་མཚོ་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་ཚིག་རྗེས་སུ་དོན་གཞོལ་བས་ཚོགས་གསག་ཡན་ལག་བདུན་པ་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་སོགས་ལན་གསུམ། བླ་མའི་ཐུགས་ཀ་ནས་སྤྲོས་པའི་ལས་ཀྱི་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་བྱང་སྒོའི་བུམ་པས་ཁྲུས་བྱས་པས། དབང་གི་ཡེ་ཤེས་སྐྱེ་བ་ལ་བར་དུ་གཅོད་པའི་ཉེས་ལྟུང་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་བཀྲུས་ཤིང་། ལུས་ཤེལ་སྒོང་ལྟར་དྲི་མ་མེད་པར་གྱུར་པར་སྒོམས་ཤིག །ཧཱུྃ། དྲི་མ་རྣམ་དྲུག་སོགས་དབང་གཞུང་བཞིན་ཁྲུས་བྱ། དབང་གི་གཞི་དགོད་ཅིང་ཡེ་ཤེས་ཀྱི་བྱིན་དབབ་པའི་ཕྱིར། སློབ་བུ་རྣམས་མ་ཡེངས་པར་ཏིང་འཛིན་གྱི་རིམ་པ་འདི་ལྟར་རྩེ་གཅིག་ཏུ་སྒོམས་འཚལ། སྭ་བྷཱ་ཝ་སོགས། བདག་གི་རྣལ་འབྱོར་ལྟར་ལ། བདག་ཉིད་ཅེས་པའི་མལ་དུ། སློབ་མ་ཞེས་བསྒྱུར་ནས། འོག་མིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་ནས་སློབ་མ་ལ་སིབ་སིབ་ཐིམ་པས་སྒོ་གསུམ་བྱིན་གྱིས་བརླབས་པར་མོས། སྤོས་རོལ་བཅས་གཟུངས་མཐར། ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བཟླས་པས་བྱིན་དབབ། དེ་ཉིད་མི་ཉམས་ཤིང་བརྟན་པར་བྱ་བའི་ཕྱིར་ནུབ་སྒོའི་དྲིའི་ཆུས་ཨོཾ་ཨཱཿཧཱུྃ་བརྗོད་བཞིན། སློབ་མའི་གནས་གསུམ་དུ་ཐིག་ལེ་བཀོད་པ་རྡོ་རྗེ་གསུམ་གྱི་ཡི་གེར་གྱུར་པས་བརྟན་པར་མོས། འབྲུ་གསུམ་བརྗོད། དེ་ནས་དངོས་གཞིའི་དབང་བསྐུར་སྩོལ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་འཛིན་པ་སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་དབང་གི་ལྷ་དང་སློབ་དཔོན་ལྷན་ཅིག་པས། ལྷོ་སྒོའི་བུམ་པས་བཅོམ་ལྡན་འདས་ཚེ་དཔག་མེད་མགོན་ལ་སོགས་པ་རྒྱལ་བ་རྣམས་ཀྱི་སྐུའི་བྱིན་རླབས་འདུས་པའི་དབང་བསྐུར་བར་མོས། དབང་བསྐུར་རྡོ་རྗེ་སོགས་ཀྱིས་བུམ་དབང་བསྐུར་ཞིང་བུམ་ཆུ་བླུད། ནུབ་སྒོའི་བདུད་རྩི་མགྲིན་པར་བཞག་ཅིང་མྱང་བས་ཚེ་ལྷ་རྒྱལ་བ་རབ་འབྱམས་ཀྱི་གསུང་གི་བྱིན་རླབས་འདུས་པའི་དབང་བསྐུར་བར་མོས། དུས་གསུམ་སངས་རྒྱས་སོགས། ཤར་སྒོའི་ཤེལ་རྡོ་སྙིང་གར་བཞག་པས་ཚེ་ལྷ་རྒྱལ་བ་རབ་འབྱམས་ཀྱི་ཐུགས་ཀྱི་བྱིན་རླབས་འདུས་པའི་དབང་བསྐུར་བར་མོས། སངས་རྒྱས་ཀུན་གྱི་སོགས། སླར་ཤར་སྒོའི་ཚེ་གཏོར་སྤྱི་བོར་བཞག་པས་ཚེ་ལྷ་རྒྱལ་བ་རབ་འབྱམས་ཀྱི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པ་ཡེ་ཤེས་རྡོ་རྗེའི་བྱིན་རླབས་འདུས་པའི་དབང་བསྐུར་བར་མོས། བྷྲཱུྃ། ཚེ་ཟན་དངོས་གྲུབ་སོགས། དེས་དུས་མིན་འཆི་བའི་བར་ཆད་ཞི་ནས་ཚེ་དབང་ཕུན་སུམ་ཚོགས་པའི་སྐལ་པ་དང་ལྡན་པར་བྱས་པ་ཡིན་ནོ། །དེ་ནས་ཚེ་བསྲིང་གི་དབང་དངོས་ཞུ་བ་ནི། སློབ་མ་རྣམས་ཀྱིས་སློབ་དཔོན་དང་སོགས། འཚལ་བའི་མོས་པ་དང་བཅས་སྔགས་ཀྱིས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ན་མོ་བུདྡྷ་སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་མཐུས། སློབ་དཔོན་ཚེ་དཔག་མེད་དུ་སོགས། སྒྲ་མི་སྙན་གྱི་ཚེ་གཟུངས་བཟླ་བཞིན་རིལ་ཆང་སྦྱིན། ཐལ་མོ་མེ་ཏོག་དང་བཅས་ཏེ་སྨོན་ལམ་གདབ་པ་འདིའི་རྗེས་ཟློས། རྒྱ་གར་ནས་བྱོན་པའི་སོགས་ལན་གསུམ། དེ་ལྟར་བསྐུར་ཞིང་ཐོབ་པའི་འཆི་མེད་ཚེའི་དབང་དང་དངོས་གྲུབ་དེ་དག་མི་ཉམས་ཤིང་བརྟན་པའི་ཕྱིར། ལྷོ་སྒོའི་ཚེའི་མདའ་དར་གྱིས་སྤྱི་བོར་རྒྱ་གྲམ་དུ་རྒྱས་གདབ་པའི་ཚེ། དེ་ལས་འཕྲོས་པའི་སྣ་ཚོགས་རྡོ་རྗེའི་རྡུལ་གྱིས་ལུས་ཀྱི་བ་སྤུའི་མཐར་ཁྱབ་པའི་གོ་ཁྲབ་ཀྱིས་བསྲུང་ཞིང་བརྟན་པར་བྱས་པར་མོས། བྷྲཱུྃ། ཨཱ་ཡུཿའཆི་མེད་སོགས་ནས། བསྲུང་སྙམ་དུ་བསམ་པས་འདིའི་རྗེས་ཟློས། གཙོ་བོས་སོགས། རྗེས་མཆོད་བསྟོད། ནོངས་བཤགས། གཤེགས་གསོལ་གསུངས་ཀྱང་རྟེན་འབྲེལ་ཆེད་བརྟན་བཞུགས་བྱ་ཞིང་དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་བསྡུ་ལྡང་སོགས་གཞུང་བཞིན་བགྱིས་པས་འགྲུབ་བོ།། །། ༈ ཀློང་གསལ་རྡོ་རྗེ་སྙིང་པོའི་རྒྱལ་ཡུམ་རྣམ་པར་རྒྱལ་མའི་ཕྲིན་ལས་དང་རྗེས་གནང་ཚེ་དབང་དང་བཅས་པ་ཁྲིགས་བཀོད་འཆི་བདག་གཡུལ་རྒྱལ་ལྟར་དབང་སྒྲུབ། དངོས་གཞིར་རྗེས་གནང་དང་ཚེ་དབང་སྦྲེལ་མའི་ལུགས་སུ་བསྐུར་ཞིང་། མཐའ་རྟེན་རྫས་རྟགས་སྣ་བདུན་བསྡུས་པ་བྱ་ཞིང་། དབང་དང་ཆོ་གའི་རྗེས་ཀྱི་རིམ་པ་དང་བཅས་བྱའོ།། །། ༈ ཀློང་གསལ་རྡོ་རྗེ་སྙིང་པོའི་དབང་ཆེན་ཚེ་སྒྲུབ་ཉི་ཟླའི་གྭའུ་རྗེས་གནང་དང་བཅས་པའི་ཁྲིགས་བསྡེབས་ཉི་ཟླའི་ཟེར་ཐིགས་ལྟར་དབང་སྒྲུབ། དབང་དངོས། མཐར་རྫས་རྟགས་སྣ་བདུན་གོང་མཚུངས་སྦྱར་བས་བསྐུར་ཞིང་ཆོ་གའི་རྗེས་རིམ་དང་བཅས་བྱའོ།། །། ༼འདིར་སྟག་ཤམ་ཐུགས་སྒྲུབ་རྣམ་གསུམ་ལས་གུ་རུ་ཞི་བའི་ཚེ་དབང་ཟིན་བྲིས་ཅན་ཆོས་གླིང་གསུང་དཔལ་སྤུངས་དཀར་ཆག་ལས་འབྱུང་བ་ལྟར་བཞག་ཡོད།མཆན།༽ ༈ ཆོས་རྗེ་གླིང་པའི་བཀའ་གཏེར་དག་སྣང་ཟུང་འཇུག་གི་ཚེ་སྒྲུབ་ཚེ་དབང་དང་བཅས་པ་ཉེ་བརྒྱུད་འཆི་མེད་དཔལ་སྟེར་གསར་པ་ལྟར་དབང་སྒྲུབ། དབང་དངོས་བསྐུར་ཞིང་། རྗེས་རིམ་བཅས་བྱའོ།། །། ༈ ལོང་པོ་བཀྲ་ཤིས་ཚེ་བརྟན་གྱི་ལམ་ཟབ་བླ་མ་སྒྲུབ་པའི་ཆ་ལག་ཚེ་སྒྲུབ་རྡོ་རྗེ་སྙིང་པོའི་དབང་གི་ཆོ་ག་བདུད་རྩིའི་སྙིང་པོ་ལྟར་དབང་སྒྲུབ། ༼ཇ༽སངས་གླིང་བླ་མ་དགོངས་འདུས་ལས་བྱང་མེ་ཕྲེང་གི་སྔོན་རྗེས་སྦྱར། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ ཟུར་མཁར་དྲི་མེད་གླིང་པའི་འཆི་མེད་ཀློང་གསལ་རྡོ་རྗེའི་སྲོག་སྒྲུབ་ཀྱི་ཚེ་དབང་འཆི་མེད་སྙིང་པོ་བཀླག་ཆོག་ཏུ་བཀོད་པ་འཆི་མེད་བཅུད་འཛིན་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བཏང་ངོ་།། །། ༈ བྲག་གསུམ་བསྟན་འཛིན་ཟླ་འོད་རྡོ་རྗེའི་ཚེ་སྒྲུབ་འོད་ཀྱི་སྙིང་པོའི་དབང་དོན་སྒྲུབ་པ་ནི། གཏེར་གཞུང་གི་སྔོན་འགྲོའི་ཕྲིན་ལས་ལྟར་སྐྱབས་སེམས་རྗེས། བགེགས་གཏོར་བརླབ་ཅིང་འགུགས་བསྔོ་སྤྱི་ལྟར་སྦྱར། མཚམས་གཅོད་ནས་མཆོད་རླབས་གྲུབ་རྗེས་བྱིན་དབབ། དངོས་གཞིའི་ཕྲིན་ལས་བཞིན་བདག་མདུན་བུམ་པ་དབྱེར་མེད་དུ་གསལ་གདབ་ཅིང་སྤྱན་འདྲེན་ནས་བསྟོད་པའི་བར་གཏང་། ཛཔ྄་ཁང་ཕྱེས་ལ། ཛཔ྄་དགོངས་ལེའུ་བཏང་ནས་བཟླས་པ་ཅི་ནུས་བྱ། མཐར་ཐུགས་དམ་བསྐུལ་ཆོག་གི་ཚེ་བཅུད་འགུག་ཅིང་རྒྱས་གདབ། སྟོང་ཚིགས་ཀྱི་མཆོད་བསྟོད་བྱ། ལས་བུམ་རྟ་སྔགས་ཀྱིས་བརླབས། རྗེས་ཀྱི་ལས་རིམ་ལྟར་ཚོགས་མཆོད་བསྟབ་པའི་རྗེས། རིག་མེ་དོར་ཞིང་གནང་བ་ནོད། དབང་དངོས་ལ། མར་གྱུར་འགྲོ་བ་རྣམས་ཀྱི་དོན་དུ་ཚེ་བདག་པདྨ་འོད་དཔག་མེད་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་དེ་ཉིད་ཀྱི་རྣལ་འབྱོར་ཉམས་སུ་ལེན་པའི་ཕྱིར་སྨིན་བྱེད་དབང་བསྐུར་བ་ནོད་པར་བགྱི་སྙམ་པའི་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེ་ཡང་རྒྱལ་བ་ཐུགས་རྗེའི་གཏེར་ཆེན་དེ་ཉིད་ཀྱིས་ལུས་ཅན་མཐའ་དག་ལ་རྣམ་པར་གྲོལ་བའི་ལམ་དང་། ཕན་བདེའི་སྲོག་སྦྱིན་པའི་ཆོས་སྒོ་གྲངས་མེད་པ་དབྱེ་བར་མཛད་པ་ལས། གནས་སྐབས་དུས་མིན་གྱི་འཆི་བ་ལས་སྐྱོབ་ཅིང་། མཐར་ཐུག་མགོན་པོ་འོད་མི་འགྱུར་བའི་གོ་འཕང་ལ་དབུགས་འབྱིན་པར་བྱེད་པ་པདྨ་གསུང་གི་སྐོར་གྱི་མན་ངག་མཐའ་ཡས་པར་བསྟན་པ་ལས། སྐབས་སུ་བབ་པ་འདི་ནི། རང་གཞུང་ལས། བདག་འདྲ་ཨོ་རྒྱན་མཁན་པོ་པདྨ་ནི༔ སོགས་ཚེའི་སྒྲུབ་ཐབས་ཀྱི་མགོར་འབྱུང་བ་བཞིན། མ་འོངས་སྐལ་ལྡན་དོན་དུ་བསྡུས་ཏེ་བསྟན༔ ཞེས་དང་། ཚེ་དཔག་མེད་དངོས་ཨོ་རྒྱན་བླ་མ་ཡིས༔ སོགས་སྒྲུབ་ཐབས་དེ་གའི་མཇུག་ཏུ་འབྱུང་བ་བཞིན། ལས་འཕྲོ་སད་པའི་བུ་ལ་གཏོད་ཅིག་རྒྱ༔ ཞེས་གསུངས་པ་བཞིན་ཟབ་མོའི་གཏེར་དུ་གཏམས་པ་ཉིད་ཕྱིས་གཡུ་སྒྲའི་རྣམ་འཕྲུལ་རིག་འཛིན་བསྟན་འཛིན་ཟླ་འོད་རྡོ་རྗེའམ། ཨོ་རྒྱན་རྡོ་རྗེ་ཐོགས་མེད་རྩལ་གྱིས་སྤུ་བོ་ཕུ་ལུང་བཙན་དམར་སྲོག་གི་སྤུ་གྲིའི་བྲག་ནས་ཚེ་སྒྲུབ་འོད་ཀྱི་དྲྭ་བའི་ཆོས་སྐོར་དང་ལྷན་ཅིག་ཏུ་སྤྱན་དྲངས། ལུང་བྱང་ལྟར་གཏེར་ཞལ་ཕྱེས་ཤིང་གཏན་ལ་ཕབ་ནས་ཤིན་ཏུ་གསང་བའི་ཐུགས་ཉམས་སུ་བཞེས་མཐར་གསང་བའི་གྲོགས་གྲུབ་ཆེན་ཟླ་འོད་དབང་མོ་ལ་ཆིག་བརྒྱུད་དུ་སྤེལ་བ་ལས་རིམ་པར་བྱུང་བ། ཚེ་སྒྲུབ་འོད་ཀྱི་སྙིང་པོའི་སྨིན་བྱེད་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ། བླ་མ་ཚེ་དཔག་མེད་མགོན་དངོས་སུ་བཞུགས་པའི་སྤྱན་སྔར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། གཏེར་གཞུང་དབང་ཆོག་བཞིན། དགའ་ཆེན་ཁྱོད་བདག་སོགས་ལན་གསུམ། རྒྱུད་སྦྱོང་བའི་སླད་དུ། སྐྱབས་ཀྱི་ཞིང་མཆོག་རྒྱ་མཚོའི་སྤྱན་སྔར་སྒོ་གསུམ་གུས་པའི་ཡིད་ཀྱིས་བྱང་ཆུབ་སྙིང་པོའི་བར་སྐྱབས་སུ་འགྲོ་བའི་བློས་འདིའི་རྗེས་ཟློས། ན་མོ༔ འཆི་མེད་ཚེ་བདག་སོགས་སྔོན་འགྲོའི་ལས་རིམ་ལྟར་ལན་གསུམ། མཁའ་མཉམ་འགྲོ་བ་རྣམས་ཀྱི་དོན་དུ་འཆི་མེད་ཚེའི་མཆོག་བསྒྲུབ་སྙམ་པའི་སེམས་བསྐྱེད་ལ་འདིའི་རྗེས་ཟློས། སེམས་བསྐྱེད་འགྲོ་བ་སོགས་ལན་གསུམ། སྒོ་གསུམ་གུས་པས་ཕྱག་འཚལ་བ་ལ་སོགས་རྒྱུན་བཤགས་ཡན་ལག་བརྒྱད་པའི་དོན་ཡིད་ལ་དྲན་བཞིན་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས། དབང་གི་གཞི་དགོད་ཅིང་ཡེ་ཤེས་ཀྱི་བྱིན་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་གཅུན་ཏེ་དམིགས་པ་འདི་ལྟར་གསལ་ཐོབས། ཆོས་རྣམས་ཐམས་ཅད་སོགས་དངོས་གཞིའི་ཕྲིན་ལས་ནང་ལྟར། རང་སེམས་ཞེས་པར། སློབ་མ་ཞེས་བསྒྱུར་པས་ལྷར་བསྐྱེད་ནས། དེ་ལས་ལྕགས་ཀྱུ་ལྟ་བུ་ཡི༔ འོད་འཕྲོས་ཞིང་ཁམས་རབ་འབྱམས་ནས། །ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་ཏེ། །སློབ་མར་སིབ་སིབ་ཐིམ་པར་གྱུར། །སྤོས་རོལ་དབྱངས་ཀྱིས་སྤྱན་འདྲེན་དང་། རྩ་སྔགས་ལ། ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བཟླས་པས་བྱིན་དབབ། སྤྱི་ལྟར་བརྟན། ཚེ་འགུགས་པ་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་པདྨ་ཚེ་དཔག་ཏུ་མེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷ་ཚོགས་ལ་ཕོག་པས་ཐུགས་རྒྱུད་བསྐུལ་བས། སྐུ་གསུམ་གྱི་ངོ་བོ་ཞལ་གསུམ་དང༔ སོགས་ཛཔ྄་དམིགས་བཞིན། རྡོ་རྗེའི་སྲོག་ཐོབ་པར་མོས། མདའ་དར་གཡབ་ཅིང་། ཧཱུྃ་ཧྲཱི༔ བྱང་ཆུབ་མཆོག་ཏུ་སོགས་ཐུགས་དམ་བསྐུལ་ཞིང་ཚེ་འགུགས་སྔགས་བཅས་གྱེར། དབང་དངོས་གཞིར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ལྔ་ལས། དང་པོ་སྐུ་བུམ་པའི་དབང་བསྐུར་བ་ནི། བུམ་པ་རང་བྱུང་གི་གཞལ་ཡས་ཁང་གི་ནང་དུ་བུམ་བཅུད་སྐུ་ལྔ་ཚེ་ཡི་བདག་པོ་རིགས་ལྔའི་རང་བཞིན་དུ་བཞུགས་པས། སློབ་མའི་མགོ་བོའི་གནས་ལྔར་དབང་བསྐུར་བས་ཉོན་མོངས་པ་ལྔ་བཅོམ། ཕུང་པོ་ལྔ་ཡེ་ཤེས་ལྔར་གནས་འགྱུར། དབང་རྟགས་སུ་བཅོམ་ལྡན་འདས་ཚེ་ལྷ་རིགས་ལྔས་རྒྱས་གདབ་པས་སྐུ་ལྔའི་ཚེ་དབང་དམ་པ་ཐོབ་པར་མོས། ཧྲཱི༔ ཇི་སྙེད་སངས་རྒྱས་སོགས་བུམ་དབང་ལྔ་བསྐུར་ཞིང་སོ་སོར་བུམ་ཆུ་སྦྱིན་ལ། དེས་ཉོན་མོངས་པ་སོགས་བརྗོད། རྗེས་འབྲེལ་ཚེ་འབྲང་རིགས་འདུས་འཆི་མེད་སྤྲུལ་སྐུ་པདྨ་འབྱུང་གནས་ཀྱི་ངོ་བོར་གསལ་བ་སྤྱི་བོར་བཞག་ཅིང་དབང་བསྐུར་བས། འགྱུར་མེད་སྐུའི་ཚེ་དབང་དམ་པ་ཐོབ། ལུས་སྣང་སྟོང་འཇའ་འོད་ཀྱི་སྐུར་སྨིན་པར་མོས། ཨོཾ༔ སྤྲུལ་སྐུ་འཆི་མེད་སོགས། གཉིས་པ་གསུང་བདུད་རྩིའི་དབང་བསྐུར་བ་ནི། ལོངས་སྐུ་ཚེ་བདག་ཡབ་ཡུམ་གྱི་བྱང་སེམས་ཚེ་ཆང་བདུད་རྩིར་སྦྱར་བའི་བཅུད་ཀྱིས་བཀང་བའི་ཀཱ་པ་ལ་མགྲིན་པར་བཞག་ཅིང་མྱང་བས། རྩ་ཁམས་རླུང་གི་དྲི་མ་སྦྱང་། འགག་མེད་གསུང་གི་ཚེ་དབང་ཐོབ། ངག་འཆི་མེད་རྡོ་རྗེའི་གསུང་དུ་གྲུབ་པར་མོས། ཨཱ༔ ལོངས་སྐུ་ཚེ་དཔག་སོགས། གསུམ་པ་ཐུགས་རིལ་བུའི་དབང་བསྐུར་བ་ནི། ཆོས་སྐུའི་བླ་མ་སྣང་བ་མཐའ་ཡས་ཀྱི་རང་བཞིན་ཐིག་ལེའི་གཟུགས་སུ་ཤར་བ་འཆི་བ་མེད་པའི་རིལ་བུས་སྙིང་གར་དབང་བསྐུར་བས། གཉིས་སྣང་འཕོ་བའི་བག་ཆགས་སྦྱང་། འཁྲུལ་མེད་ཐུགས་ཀྱི་ཚེ་དབང་ཐོབ། ཡིད་མི་འགྱུར་རྡོ་རྗེའི་ཐུགས་སུ་གྲུབ་པར་མོས། ཧཱུྃ༔ ཆོས་སྐུ་ཀུན་བཟང་སོགས། བཞི་པ་ཡོན་ཏན་དཱུརྦའི་རྫས་མཆོག་གི་དབང་བསྐུར་བ་ནི། ཚེ་ལྷ་རྒྱལ་བའི་ཡོན་ཏན་གྱི་རྩལ་ལས་བྱུང་བ་ཡོན་ཏན་བཀྲ་ཤིས་ཚེ་འཕེལ་གྱི་རྫས་མཆོག་དཱུརྦའི་ཆུན་པོའི་དབང་ལྟེ་བར་བསྐུར་བས། ཤེས་བྱ་སྙོམས་འཇུག་གི་དྲི་མ་སྦྱང་། འདོད་འབྱུང་ཡོན་ཏན་གྱི་ཚེ་དབང་ཐོབ། ཡེ་ཤེས་རྡོ་རྗེའི་སྐུ་གྲུབ་པར་མོས། ཧྲཱི༔ འཆི་མེད་མྱ་ངན་སོགས། ལྔ་པ་ཕྲིན་ལས་མདའ་དར་གྱི་དབང་བསྐུར་བ་ནི། ཚེ་དཔག་མེད་ཀྱི་ཕྲིན་ལས་ཀྱི་རང་མདངས་ལས་ཤར་བ་ཁ་དོག་ལྔ་དང་ལྡན་པའི་མདའ་དར་གྱི་དབང་གསང་བར་བསྐུར་བས། བྱ་རྩོལ་གྱི་དྲི་མ་སྦྱང་། ཕྲིན་ལས་རབ་འབྱམས་ཀྱི་ཚེ་དབང་ཐོབ། རྩོལ་མེད་དོན་གྲུབ་རྡོ་རྗེའི་སྐུ་གྲུབ་པར་མོས། ཧཱ༔ མདའ་ནི་མི་འགྱུར་སོགས། མཐའ་རྟེན་ཚེ་སྦ་བསྟིམ་རྒྱས་གདབ་པ་ནི། ཁྱེད་རང་རྣམ་པའི་སྙིང་གར་ཕ་ལམ་ལས་གྲུབ་པའི་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པའི་ལྟེ་བར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་དབུས་སུ། དྭངས་སྲོག་ཧྲཱིཿདམར་འོད་ལྔ་འཕྲོ་བའི་ཁོག་པར་ཚེ་རྟེན་ནྲྀ་ལྗང་གུ་ཐིག་ལེ་དཀར་དམར་དང་ལྡན་པས་མཚན་པ། ཚེ་བཅུད་དྭངས་མ་ཐམས་ཅད་སྲོག་རྟེན་ལ་ཐིམ་པས་ཚེའི་སྲོག་ཕུར་ཐེབས། ཉི་ཟླ་ཁ་སྦྱོར་ཤིན་ཏུ་མཁྲེགས་པ་སྲུབས་མེད་པའི་ཕྱི་རོལ་སྣ་ཚོགས་རྡོ་རྗེའི་རྭ་རྣམས་སྟེང་དུ་མདུད་པ་རྡོ་རྗེ་ཕྱེད་པས་གཟེར་གྱིས་བཏབ་པས་ཅིས་ཀྱང་མི་ཤིགས་པར་མོས་ལ། སྐྱེ་ཤི་དང་བསྐུར་ཐོབ་ཀྱི་སྤྲོས་པས་མ་བསླད་པ་རང་བྱུང་གཉུག་མའི་དབྱིངས་སུ་མཉམ་པར་བཞག་པའི་ཏིང་འཛིན་གྱིས་ཆོས་དབྱིངས་སྐྱེ་འགགས་བྲལ་བའི་དབྱིངས་སུ་ཚེ་སྦས་པས་གཉུག་མ་རྡོ་རྗེའི་སྲོག་འགྲུབ་པའི་ངེས་ཤེས་སྐྱེད་ཅིག །ཧྲཱི༔ སྙིང་པོ་ཅིས་ཀྱང་སོགས་ཚེ་འགུགས་མཇུག་ཏུ་འབྱུང་བ་བརྗོད། བཀྲ་ཤིས་ཀྱིས་མངའ་དབུལ། དེ་ལྟར་སྨིན་བྱེད་ཚེ་དབང་ཟབ་མོ་ཐོབ་ནས་ཉམས་ལེན་ཚུལ་བཞིན་བགྱིས་པའི་ཡོན་ཏན་ནི། རང་གཞུང་ལས། འདི་སྒྲུབ་ཡོན་ཏན་བརྗོད་མི་ལངས༔ སོགས་ཚེའི་སྒྲུབ་ཐབས་ཀྱི་གཞུང་ནས་འབྱུང་བ་བཞིན། སྐལ་མཉམ་འཆི་མེད་རིག་འཛིན་འགྲུབ༔ ཅེས་བསྔགས་པ་སོགས་ཕན་ཡོན་ཁྱད་པར་ཅན་དང་ལྡན་པ་འབྱུང་ཡང་། དེའི་རྩ་བ་དམ་ཚིག་ལ་རག་ལས་པས། དེའི་བསྲུང་ཚུལ་ནི། གཞུང་ལས། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི༔ སོགས་ནས། སྒྲུབ་པར་གྱིས༔ ཞེས་འབྱུང་བ་བཞིན་རྩ་བ་དང་ཡན་ལག་གི་དམ་ཚིག་གསང་སྔགས་བླ་ན་མེད་པའི་དམ་སྡོམ་སྤྱི་དང་། བྱེ་བྲག་ཉམས་ལེན། རྟེན་བཞེངས། སྲོག་བསླུ་སོགས་མཐུན་ཕྱོགས་ཀྱི་དགེ་བ་ལ་བརྩོན་པ་གལ་ཆེ་བས། དེ་དག་ཚུལ་བཞིན་བརྩོན་པའི་དམ་བཅའ་དང་བཅས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་བཞིན་དང་། རྗེས་རིམ། ཚོགས་ལ་རོལ་ཞིང་ལྷག་མ་བསྔོ་བ་ནས། བརྟན་བཞུགས་སྦྱར་བ་ཙམ་མ་གཏོགས་གཞུང་བཞིན་བགྱིས་པས་འགྲུབ་བོ།། །། ༼འདིར་དཔལ་སྤྲུལ་པད་ཆོས་དག་སྣང་ཙཎྜ་ལཱིའི་སྐོར་ལས། རྩ་བསྙེན་འཆི་མེད་བཅུད་དྲིལ་རྩ་གཞུང་སྒྲུབ་ཐབས་དང་དབང་ཆོག་བཅས་དཔེ་དངོས་སྔར་ནས་ཡོད་ཀྱང་། དབང་བསྐུར་དགོས་མིན་གྱི་གསལ་ཁ་གང་ཡང་དེ་སྔ་མ་མཐོང་ཞིང་། ཟུར་རྒྱན་ཞིབ་ཆ་ཅན་འདིའི་ནང་ཡང་མེད་པ་འདིའོ།མཆན།་་་་༈ དཔལ་རི་སྤྲུལ་སྐུ་པདྨ་ཆོས་འབྱོར་རྒྱ་མཚོའི་དག་སྣང་ཚེ་ཡུམ་ཙཎྜ་ལཱིའི་དབང་དོན་སྒྲུབ་པ་ལ། བརྒྱུད་འདེབས་མཐར། སྒྲུབ་ཐབས་ཚ་ཟེར་འོད་བརྒྱ་འཆི་བདག་གཡུལ་འཇོམས་ཀྱི་སྐྱབས་ཡུལ་གསལ་བཏབ་ནས། སྐྱབས་སེམས་ཡན་ལག་བདུན་པའི་རྗེས། བགེགས་གཏོར་བྱིན་རླབས་འགུགས་བསྔོ་སྦྱར། བཀའ་བསྒོ་ནས་གཟུང་། དངོས་གཞི་བདག་མདུན་དབྱེར་མེད་དུ་བསྐྱེད་ཅིང་། བཟླས་པའི་དབུར་ཛཔ྄་ཁང་དབྱེ་ལ། དམིགས་པ་གསལ་བཏབ་སྟེ་བཟླས་པ་ཅི་ནུས་དང་། བུམ་བཟླས་སྤྱི་ལྟར་བྱ། སྟོང་ཚིགས་མཆོད་བསྟོད་ནས་ཚེ་འགུག་རྒྱས་གདབ་ཚོགས་མཆོད་ཀྱི་བསྒྲལ་བསྟབ་མཐའ་བར་གཏང་། ལས་བུམ་དུ་འཁྱིལ་པའམ་རྟ་མགྲིན་གང་རུང་གི་བསྐྱེད་བཟླས་འོད་ཞུ་བྱ། རིག་མེ་དོར་ཞིང་གནང་བ་ནོད། སློབ་མ་ཁྲུས་བྱས་འཚོགས་ནས། བགེགས་བསྐྲད། མཚམས་གཅོད། མེ་ཏོག་བཀྱེ་བསྡུ་ཟིན་ནས། འོ། མཐའ་མེད་པའི་སྲིད་འགྲོ་ཐམས་ཅད་གནས་སྐབས་དུས་མིན་གྱི་འཆི་བའི་འཇིགས་པ་ལས་སྐྱོབ་ཅིང་། མཐར་ཐུག་འཆི་མེད་ཀུན་ཏུ་བཟང་མོའི་གོ་འཕང་རིན་པོ་ཆེར་དབུགས་དབྱུང་བའི་སླད་དུ། སྨིན་ལམ་ཟམ་མོ་ནོད་དེ་ལམ་མཐར་ཕྱིན་གྱི་རྣལ་འབྱོར་ལ་འཇུག་པར་བྱའོ་སྙམ་པའི་ཐུགས་བསྐྱེད་པ་གསལ་བཏབ་སྟེ་གསན་འཚལ། དེ་ལའང་ཐུགས་རྗེའི་དབང་ཕྱུག་སྟོན་པ་རྡོ་རྗེ་འཆང་ཆེན་པོས། གདུལ་བྱའི་མོས་པ་ཐ་དད་པ་རྣམས་ལ་རང་སྐལ་དང་མཚུངས་པའི་ཆོས་ཕུང་ཇི་སྙེད་པ་སྣང་བར་མཛད་པ་ཐམས་ཅད། ཐེག་པ་རིན་པོ་ཆེ་གསུམ་དུ་འདུས་པའི་རྩེ་མོ་བླ་མེད་གསང་བའི་ཐེག་པ་ལའང་དབྱེ་བ་དང་རྣམ་གྲངས་མཐའ་ཡས་སུ་བཞུགས་པ་ལས། འདིར་རྒྱལ་བ་ཀུན་གྱི་བསྐྱེད་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད། བརྡ་དོན་རྟགས་ཀྱི་ཕྱག་རྒྱའི་རྣམ་རོལ་དུ་བཞེངས་ནས་གང་འདུལ་གྱི་ཕྲིན་ལས་སྲིད་པ་ཇི་སྲིད་བར་འཆར་བ་ལས། འདིར་རྣལ་འབྱོར་པ་རྣམས་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ལས་གྲོལ་ཏེ་ཚེ་ལ་དབང་བའི་དངོས་གྲུབ་གཙོ་བོར་གྱུར་པའི་ལས་རབ་འབྱམས་དང་། ཁྱད་པར་ནང་གི་ལམ་ལས་འཆི་མེད་རྡོ་རྗེའི་གོ་འཕང་སྩོལ་བ་ལ་ལྷག་པའི་ལྷ་མོ་གཞན་ལས་ཀྱང་ཆེས་རྨད་དུ་བྱུང་བའི་ངོ་མཚར་མངའ་བ་འཆི་མེད་ལྷ་མོ་ཙཎྜ་ལཱིའི་གདམས་སྐོར་འདི་ནི། དབྱིངས་ཕྱུག་ཡེ་ཤེས་ཀྱི་མཁའ་འགྲོ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་གཅིག་ཏུ་འདུས་པའི་རང་གཟུགས། བཀའ་དྲིན་མཚུངས་མེད་དབྱིངས་ཀྱི་ཡུམ་ཆེན་དཔལ་མོ་ཧེ་རུ་ཀཿབླ་མ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་འཕྲུལ། དཔལ་རི་སྤྲུལ་སྐུ་པདྨ་ཆོས་འབྱོར་རྒྱ་མཚོ་ཞེས་སྐྱེས་བུ་ཆེན་པོའི་རྣམ་ཐར་མཐའ་ཡས་པའི་མངའ་བདག་དེ་ཉིད། དཔལ་བསམ་ཡས་མཆིམས་ཕུར་ཟབ་མོའི་རྣལ་འབྱོར་ཐུགས་ཉམས་སུ་བསྟར་བའི་སྐབས། འབྲུག་ལོ་ཧོར་ཟླ་བཞི་པའི་ཡར་ཚེས་བཅོ་ལྔའི་ཐོ་རེངས་འོད་གསལ་གྱི་འཁོར་ལོར་འབྱམས་ཀླས་པའི་གཟིགས་ངོར། མངོན་རྟོགས་དང་མཐུན་པའི་ལྷ་མོ་ཙཎྜ་ལཱི་རིགས་བདག་ཨོ་རྒྱན་བླ་མ་ཧེ་རུ་ཀཿཡི་རྣམ་པར་བཞུགས་པ་མཇལ་ཞིང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ཆེན་བརྡའི་སྒོ་ནས་བསྩལ་ཅིང་། སླར་བྱིན་གྱིས་བརླབས་པའི་མཐུ་ཆེན་པོས་གདམས་སྐོར་རྣམས་ཐུགས་ཀྱི་མེ་ལོང་གི་ངོགས་སུ་ལམ་མེར་ཤར་བ་ཉིད། ཕྱིས་སྤེལ་བའི་དུས་སུ་སོན་པ་ན་ཡི་གེའི་གཟུགས་སུ་གཏན་ལ་འབེབ་པར་མཛད་ཅིང་། རང་ཉམས་སུ་བཞེས་ནས་སྐལ་ལྡན་གྱི་སྐྱེས་བུ་རྣམས་ལ་སྤེལ་བར་མཛད་པ། པདྨའི་རིགས་ཀྱི་ལྷ་མོ་སོགས་སྨིན་བྱེད་བདུད་རྩིའི་སྙིང་པོ་ལྟར་མཐར་ཆགས་སུ་བསྐུར། རྗེས་རིམ་ཚོགས་ལ་རོལ་ཞིང་། ལྷག་མ་བསྔོ་བ་སོགས་སྒྲུབ་ཐབས་འཆི་བདག་གཡུལ་འཇོམས་བཞིན་མཐར་དབྱུང་བས་འགྲུབ་བོ།། །། ༈ རྡོར་བྲག་རིག་འཛིན་ལྔ་པ་སྐལ་བཟང་པདྨ་དབང་ཕྱུག་གི་དག་སྣང་ཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད་ཀྱི་དབང་དོན་སྒྲུབ་པ་ལ། རྩ་གཞུང་ལྟར་བདག་མདུན་དབྱེར་མེད་ཀྱི་བསྐྱེད་བཟླས་ཚེ་འགུགས་གྲུབ་ཀྱི་བར་བྱས་ལ། ལས་བུམ་རྟ་སྔགས་ཀྱིས་བརླབས་ནས། རིག་མེ་དོར། དབང་དངོས་ལ། སེམས་བསྐྱེད་གསལ་བཏབ་ནས། འདིར་བོད་ཡུལ་ཕུར་ཐོགས་ཡོངས་ཀྱི་རྗེ་བོ་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་ཟློས་གར། རྡོར་བྲག་རིག་འཛིན་ལྔ་པ་སྐལ་བཟང་པདྨ་དབང་ཕྱུག་གམ་རྡོ་རྗེ་ཐོགས་མེད་རྩལ་གྱི་དག་པ་རབ་འབྱམས་ཀྱི་ཀློང་ནས་ཤར་པའི་ཟབ་མོ་དག་སྣང་གི་ཆོས་སྡེ་དང་། ཡང་ཟབ་དགོངས་པའི་གཏེར་ཁ་ཟུང་དུ་འཇུག་པའི་ཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད་ཀྱི་སྨིན་དབང་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ། བླ་མ་ཚེ་དཔག་མེད་དང་རྣམ་དབྱེར་མེད་པའི་དྲུང་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀུན་མཁྱེན་ཡེ་ཤེས་སོགས་ལན་གསུམ། རྒྱུད་སྦྱོང་བའི་སླད་དུ་བླ་མ་ཚེ་དཔག་མེད་གཙོ་བོར་གྱུར་པའི་སྐྱབས་ཀྱི་ཞིང་མཆོག་རྣམས་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བ་དང་། མཁའ་ཁྱབ་འགྲོ་བའི་དོན་ལ་དམིགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཐུགས་འདུན་བཅས་འདིའི་རྗེས་ཟློས། གཞུང་གི་ཡིག་ཆུང་ནས་བཤད་པ་བཞིན་སྐྱབས་སེམས་ཚིག་སྒྱུར་ཅན་ལན་གསུམ་རེ་དང་། གསག་སྦྱང་སྤེལ་གསུམ་གྱི་གནད་བསྡུས་པ་རྒྱུན་བཤགས་ཡན་ལག་བརྒྱད་པའི་དོན་དྲན་བཞིན་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས། དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་སློབ་མ་རྣམས་ཐ་མལ་གྱི་རྟོག་ཚོགས་སྤངས་ནས་འདི་ལྟར་སྒོམ་འཚལ། སྭ་བྷཱ་ཝས་སྟོང་པར་སྦྱང་། ཧྲཱི༔ དེ་བཞིན་དངོས་མེད་སོགས། བདག་མདུན་དབྱེར་མེད་ཅེས་པར། སྐལ་ལྡན་སློབ་མ་ཞེས་བསྒྱུར་ནས། དགྱེས་པར་བཞུགས༔ དེ་ལྟར་གསལ་བའི་གནས་གསུམ་རྡོ་རྗེའི་ཡིག་འབྲུ་དང་། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་ཆོས་ཀྱི་དབྱིངས་ན་བཞུགས་པའི་ཚེ་ལྷའི་དཀྱིལ་འཁོར་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས། དེ་ཐམས་ཅད་ཚེ་དཔག་ཏུ་མེད་པའི་སྐུར་བཞེངས་ཏེ་ཁ་བ་བུ་ཡུག་འཚུབས་པ་བཞིན་བྱོན་ནས། སློབ་མའི་ལུས་ལ་སིབ་སིབ་ཐིམ་པར་མོས། སྤོས་རོལ་དབྱངས་ཀྱིས་སྤྱན་འདྲེན་གྱེར། རྩ་སྔགས་ལ། ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པས་བྱིན་དབབ། ཏིཥྛ་བཛྲས་བརྟན། ཚེ་བཅུད་འགུགས་པ་ནི། གཙོ་བོའི་ཐུགས་ཀའི་འོད་ཀྱིས་རྩེ་མོ་ལས་སྤྲུལ་པའི་མཁའ་འགྲོ་མགྱོགས་མའི་ཚོགས་སྤྲོས། སློབ་མའི་བླ་ཚེ་ཡར་ཞིང་ཉམས་པ་རྣམས་དང་། འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ནས་སྒྲུབ་པའི་རྫས་དང་། སློབ་མ་ལ་བསྟིམ་པས་བླ་ཚེ་ཉམས་པ་སོར་ཆུད་ཅིང་འཆི་མེད་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་མོས། ཧཱུྃ༔ བཅོམ་ལྡན་མགོན་པོ་ཡེ་ཤེས་སོགས་ཚེ་འགུགས་གྱེར། བླ་མ་ཚེ་དཔག་མེད་ཀྱིས་བུམ་པའི་ཆུས་དབང་བསྐུར་བས་ལས་ཉོན་གྱིས་བསྐྱེད་པའི་ཚེའི་མི་མཐུན་པའི་ཕྱོགས་ཀུན་བཀྲུས། ཚེ་དབང་ཡེ་ཤེས་ཀྱི་དྭངས་བཅུད་དང་ནུས་པ་རྒྱུད་ལ་བླུག་པར་མོས། ཧྲཱི༔ ཕྱི་ནི་བུམ་པ་སོགས་ཀྱིས་བུམ་དབང་བསྐུར་ཞིང་བུམ་ཆུ་སྦྱིན། ཚེ་འབྲང་པདྨ་ཚེ་དཔག་མེད་དུ་གསལ་བ་སློབ་བུའི་སྤྱི་བོར་བཞག་པ་ལས་བདུད་རྩིའི་རྒྱུན་བབ། སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་ནས་མགོན་པོ་ཚེ་དཔག་མེད་དང་དབྱེར་མེད་པའི་འཆི་མེད་རྡོ་རྗེའི་སྲོག་གྲུབ་པར་མོས། ཧྲཱི༔ སྣང་བ་མཐའ་ཡས་སོགས། ཐབས་བདེ་བ་ཆེན་པོའི་དྭངས་བཅུད་ཀྱི་རིལ་བུ་ཕྱག་གཡས་སུ་བྱིན་པ་མྱང་བས་སྐྱེ་འཆི་མེད་པ་ཚེའི་དངོས་གྲུབ་ཐོབ་པར་མོས། འཆི་མེད་ཚེ་ཡི༴ དེ་ཀུན་ལྷུན་གྲུབ་ཚེ་དབང་ཐོབ་པར་ཤོག །རྩ་སྔགས་བརྗོད། ཤེས་རབ་སྟོང་པ་ཉིད་ཀྱི་དྭངས་བཅུད་ཚེའི་བདུད་རྩི་ཕྱག་གཡོན་དུ་བྱིན་པ་མྱང་བས་གཞོམ་གཞིག་དང་བྲལ་བ་ཚེའི་དངོས་གྲུབ་ཐོབ་པར་མོས། དཔོན་སློབ་མི་འབྲལ་སོགས་དང་རྩ་སྔགས་བརྗོད། ཚེ་མདའ་སློབ་བུའི་སྤྱི་བོར་རྒྱ་གྲམ་གྱི་ཚུལ་དུ་རེག་པས་ཚེ་དབང་ཕུན་སུམ་ཚོགས་པའི་དངོས་གྲུབ་དམ་པ་ལས་ནམ་ཡང་མི་འགྱུར་བའི་ཕྱག་རྒྱས་བཏབ་པར་མོས། རྩ་སྔགས་དང་། ཏིཥྛ་བཛྲ། བརྗོད། ཚེའི་ལྷ་ཚོགས་སློབ་དཔོན་དང་བཅས་པས་རབ་ཏུ་གནས་པའི་མེ་ཏོག་འཐོར་ཞིང་བཀྲ་ཤིས་བརྗོད་པར་གྱུར། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་སོགས་ཀྱི་ཚིག་བཅད་དང་། འཇིག་རྟེན་འདྲེན་པའི་གཙོ་བོ་སོགས་བརྗོད། དམ་ཚིག་ཁས་བླངས་སོགས་དབང་དང་ཆོ་གའི་རྗེས་རྣམས་གཞུང་གསལ་ལ་སྤྱིའི་ལུགས་ཀྱིས་བརྒྱན་པས་གྲུབ་བོ།། །། ༈ རིག་འཛིན་དྲུག་པ་ཁམས་གསུམ་ཟིལ་གནོན་གྱི་དག་སྣང་ཚེ་སྒྲུབ་ཉི་མའི་སྙིང་པོའི་ཚེ་དབང་ལྟར་དབང་སྒྲུབ། དབང་དངོས་གཞིའི་སྐབས། དབང་ཆོག་གི་ལོ་རྒྱུས་ནས་མཎྜལ་རྗེས། དེ་ནས་གསོལ་བ་འདེབས་པའི་སླད་དུ། ས་ཕྱོགས་དག་པ་ཡེ་ཤེས་རང་སྣང་རྒྱན་གྱི་ཞིང་དང་གཞལ་ཡས་ཁང་གི་སྙིང་པོར། བདག་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་ཁྱབ་བདག་གུ་རུ་ཚེ་དཔག་མེད་པའི་ངོ་བོར་བཞུགས་པའི་སྤྱན་སྔར། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གུས་པའི་ཡིད་ཀྱིས་བདག་ཅག་ཐེག་པ་ཆེན་པོ་གསང་བ་སྔགས་ཀྱི་ལམ་ལ་བཅུག་ནས། འཆི་མེད་རྡོ་རྗེའི་གྲོང་ཁྱེར་ཆེན་པོར་གཞུག་ཏུ་གསོལ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས། དགའ་ཆེན་ཁྱོད་བདག་སོགས་ལན་གསུམ། རྒྱུད་དབང་གིས་སྨིན་པར་བྱེད་པ་ལ། ལམ་གྱི་རྨིང་རྡོ་སྐྱབས་སུ་འགྲོ་དགོས་པས། མདུན་གྱི་ནམ་མཁར་རིན་པོ་ཆེའི་སྤྲིན་དང་འཇའ་ཚོན་འོད་ཀྱི་ཀློང་མཆོད་པའི་བཀོད་པ་བསམ་ཡས་ཀྱིས་བརྒྱན་པའི་ཞིང་གི་དབུས་ན། ཐེག་ཆེན་བླ་ན་མེད་པ་རྡོ་རྗེ་ཐེག་པའི་དཀོན་མཆོག་རྣམས་མངོན་སུམ་དུ་བཞུགས་པའི་སྤྱན་སྔར། དེང་ནས་བྱང་ཆུབ་རྡོ་རྗེ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་བློས་འདིའི་རྗེས་ཟློས། ཐུགས་རྗེའི་དབང་གིས་སོགས་ལན་གསུམ། ཞིང་མཆོག་དེ་རྣམས་དཔང་པོར་གསོལ་པའི་སྤྱན་སྔར། བྱང་ཆུབ་ལམ་གྱི་གེགས་ཚེ་རབས་སྔོན་ནས་ད་ལྟར་ཐུག་གི་བར་དུ་བསགས་པའི་ཉེས་ལྟུང་ཉམས་ཆག་ཐམས་ཅད་བཤགས་ནས། ལམ་གྱི་རྩ་བ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་བསྐྱེད་ཅིང་ཟབ་མོའི་ཆོ་ག་ཉམས་སུ་བླངས་ཏེ། འཁོར་བར་འཁོར་བའི་འགྲོ་བ་ཐམས་ཅད་མི་གནས་པའི་མྱང་འདས་དམ་པར་བདག་ཁོ་ནས་དྲང་བར་བྱའོ་སྙམ་པའི་དམ་བཅའ་ཡིད་ལ་བཀོད་དེ་འདིའི་རྗེས་ཟློས། སྔོན་ནས་བསགས་པའི་སོགས་ལན་གསུམ། ལམ་གྱི་མཐུན་རྐྱེན་བསོད་ནམས་ཀྱི་ཚོགས་གསག་པའི་སླད་དུ་ཞིང་མཆོག་དེ་རྣམས་ཀྱི་སྤྱན་སྔར། ཚོགས་གསག་གི་གནད་བསྡུས་པ་ཡན་ལག་བརྒྱད་པ་འབུལ་བའི་ཏིང་འཛིན་ལ་བློ་ཉེ་བར་བཞག་སྟེ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས་ལན་གསུམ། དབང་གི་གཞི་སྒྲུབ་པ་ཡེ་ཤེས་པ་དབབ་པའི་སླད་དུ། སྒོ་གསུམ་གྱི་གནད་ལེགས་པར་གཅུན་ཏེ་བདག་གིས་བརྗོད་པ་དང་མཐུན་པའི་དམིགས་པ་འདི་རྣམས་གསལ་འདེབས་པ་ཞུ། ཨོཾ་སྭ་བྷཱ་ཝ་སོགས་ནས་བྱིན་ཕབ་རྗེས། དེ་ལྟར་དབབ་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་སྙིང་པོ་མངོན་དུ་མ་བྱས་ཀྱི་བར་དུ་རབ་ཏུ་བརྟན་པར་བྱས་པར་མོས། ཏིཥྛ་བཛྲས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་རྒྱས་གདབ། དེ་ནས་ཚེའི་དབང་བསྐུར་བ་དངོས་ཀྱི། ཐོག་མར་ཚེ་འགུགས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བདག་མདུན་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་སྲོག་འོད་ཀྱི་ལྕགས་ཀྱུ་དང་། སྐུའི་ཆ་དང་འོད་ཟེར་གྱི་རྩེ་མོ་ལས་ཕོ་ཉ་མགྱོགས་མའི་ཚོགས་ཉི་ཟེར་ལ་རྡུལ་འཚུབས་པ་ལྟ་བུ་ཕྱོགས་བཅུ་ནམ་མཁའི་མཐར་ཁྱབ་པར་སྤྲོས་པ་རྣམས་ཀྱིས། བརྟན་གཡོའི་ཁམས་ཀྱིས་བསྡུས་པའི་འཁོར་འདས་ལམ་གསུམ་གྱི་ཚེ་བཅུད་ཐམས་ཅད་བདུད་རྩི་འོད་ཟེར། ཐིག་ལེ། ཡིག་འབྲུ། བཀྲ་ཤིས་རྟགས་ཀྱི་ཕྱག་རྒྱའི་རྣམ་པར་བཀུག་ཅིང་། མདུན་གྱི་རྫས་དང་། སློབ་མའི་སྤྱི་བོ་ལ་སོགས་པའི་གནས་དང་བ་སྤུའི་བུ་ག་ནས་ཞུགས་ཤིང་ཐིམ་པས། འཆི་བ་མེད་པའི་བཅུད་ལེན་དང་། འོད་ལུས་དྭངས་མའི་སྐུར་སྨིན་ཏེ་ཚེ་ལ་དབང་བའི་མཆོག་ཐོབ་པར་མོས། ཚེ་འགུགས་གཏང་། ཚེའི་བུམ་པ་གཞལ་ཡས་ཁང་རྒྱན་རྫོགས་བདུད་རྩིའི་བཅུད་ཀྱིས་བལྟམས་པའི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་ཚེ་དཔག་མེད་ཚེ་ལྷ་རྒྱལ་བ་རབ་འབྱམས་སྤྲིན་ལྟར་གཏིབས་པས་བསྐོར་བའི་ཕོ་བྲང་། སྣོད་བཅུད་ཡོངས་རྫོགས་ཀྱི་དཀྱིལ་འཁོར་གྱིས་སྤྱི་བོ་ནས་དབང་བསྐུར་ཞིང་དངོས་གྲུབ་བསྐུལ་བའི་གསོལ་བ་བཏབ་པས། སྐུའི་ཆ་དང་ཕྱག་གི་བུམ་པ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཚེའི་དངོས་གྲུབ་ཐམས་ཅད་འོད་ཟེར་བདུད་རྩིའི་རྣམ་པར་ཁོལ་ཞིང་ལུད་པ་ཚངས་བུག་ནས་ཞུགས། ལུས་གང་བས་སྔོན་གྱི་ལས་དང་འཕྲལ་བྱུང་རྐྱེན་ལས་གྱུར་པའི་ཚེ་གེགས་བར་ཆད་ཉེས་པའི་ཚོགས་ཐམས་ཅད་མུན་པར་ཉི་མ་ཤར་བ་ལྟར་ལྷག་མེད་དུ་སྦྱངས། ལྷ་དང་གཉིས་སུ་མེད་པའི་དངོས་གྲུབ་མཆོག་ལ་དབང་འབྱོར་པས་སྐྱེ་ཤི་བསྒྲེས་རྒུད་དང་བྲལ་བ་ཚེ་ལ་དབང་བའི་རིག་འཛིན་མཆོག་གི་སྐུར་གྱུར་པར་མོས། ཧྲཱི༔ རིན་ཆེན་བུམ་པ་སོགས། ཚེ་འབྲང་མགོན་པོ་ཚེ་དཔག་ཏུ་མེད་པ་དངོས་སུ་གསལ་བས་དབང་བསྐུར་ཞིང་ཚིགས་སུ་བཅད་པ་དང་རྩ་བའི་སྔགས་ཀྱིས་ཐུགས་དམ་བསྐུལ་བས། ཐུགས་རྗེ་ཆེན་པོའི་རྩལ་གཡོས་ཏེ་ཐུགས་སྲོག་དྭངས་མའི་འོད་ཀྱིས་ཚེ་ལྷ་རྩ་གསུམ་རྒྱལ་བའི་ལྷ་ཚོགས་མ་ལུས་པ་སྤྱན་དྲངས། སྐུ་ལ་བསྡུས་ཤིང་། སླར་བྱིན་རླབས་ཚེའི་དངོས་གྲུབ་བདུད་རྩི་འོད་ཟེར་ལྔ་ལྡན་གྱི་རྣམ་པར་བྱོན་པ་གནས་ལྔར་ཐིམ་པས། ཡེ་ཤེས་ལྔ་རྫོགས་མི་འགྱུར་སྐུ་ལྔའི་ཚེ་དབང་ཐོབ་པས་རྒྱལ་བ་ཚེ་དཔག་མེད་དང་གཉིས་སུ་མེད་པའི་འཆི་མེད་མཆོག་གི་དངོས་གྲུབ་དང་། ཕྱི་ནང་འབྱུང་ལྔའི་རྟེན་འབྲེལ་གྱི་སྒོ་ནས་འགྲོ་བ་ཐམས་ཅད་ལ་འཆི་བ་མེད་པའི་ཚེ་སོགས་ཐུན་མོང་དང་། བླ་ན་མེད་པ་མཆོག་གི་དངོས་གྲུབ་འབད་མེད་དུ་སྦྱིན་ནུས་པའི་མཐུ་ཐོབ་པར་མོས། ཧཱུྃ༔ སྐྱེ་ཤི་གཉིས་མེད་སོགས། སྲིད་ཞིའི་ཚེ་བཅུད་གཅིག་ཏུ་བསྡུས་པ་ཚེ་ཟན་བཅུད་ལེན་གྱི་རིལ་བུ་ལ་ལོངས་སྤྱོད་པས། རགས་ལུས་དྭངས་མའི་སྐུར་སྨིན་ནས་འཆི་བདག་གི་བདུད་བཅོམ། རང་རིག་དོན་གྱི་མགོན་པོ་ཚེ་དཔག་མེད་པའི་རང་ཞལ་སྒྲིབ་མེད་དུ་མཐོང་བའི་མཐུ་ཐོབ་པར་མོས། ཚེ་ཟན་བཅུད་དང་སོགས། རྩི་སྨན་ཤིང་དང་མེ་ཏོག་འབྲས་བུར་བཅས་པའི་བཅུད་ཀྱི་ཉིང་ཁུར་ཚེ་ལྷའི་གསང་བ་བྱང་ཆུབ་སེམས་ཀྱི་བདུད་རྩིས་གསོས་བཏབ་པའི། འཆི་མེད་ཚེའི་ཛ་གད་མྱང་བ་ཙམ་གྱིས་ཚེ་དང་ཡེ་ཤེས་མཆོག་གི་དངོས་གྲུབ་ཀྱི་བཅུད་མ་ལུས་ཤིང་ལུས་པ་མེད་པ་རང་དབང་དུ་གྱུར་པར་མོས། འབྲུ་བཅུད་སྟོང་ལ་སོགས། སླར་ཡང་བླ་མ་དང་གཉིས་སུ་མེད་པའི་ཚེ་བདག་རྩ་གསུམ་སྲུང་མའི་ཚོགས་དང་བཅས་པས། བདེན་ཚིག་གི་དབྱངས་ལྡིར་ཞིང་རབ་ཏུ་གནས་པའི་མེ་ཏོག་གི་ཆར་དབབ་པས། དབང་གི་དངོས་གྲུབ་དང་ཡེ་ཤེས་བསྐྱེད་བརྟན་གོང་ནས་གོང་དུ་འཕེལ་བའི་ཆོ་ག་མཛད་པར་མོས། ཚེ་མི་ཤིགས་པ་སོགས། དེ་ལྟར་ཚེ་དབང་ཟབ་མོ་ཡོངས་སུ་རྫོགས་པས་མགོན་པོ་ཚེ་དཔག་མེད་དང་གཉིས་སུ་མེད་པར་གྱུར་པ་ལ། ཆོས་ཀྱི་རྒྱལ་སྲིད་ཆེན་པོར་མངའ་གསོལ་བའི་ཆེད་དུ། འཁོར་ལོ་ལ་སོགས་པའི་རིན་ཆེན་སྣ་བདུན་དང་། རྒྱལ་བའི་མཚན་དཔེའི་དཔལ་ལས་གྲུབ་པའི་རྟགས་མཆོག་བརྒྱད། བྱིན་གྱིས་བརླབས་པའི་རྫས་བརྒྱད་ཀྱིས་གནས་སྐབས་མཐར་ཐུག་ཀུན་ཏུ་བཀྲ་ཤིས་པའི་སྣང་བ་རྒྱས་པའི་རྟེན་འབྲེལ་སྒྲིག་པར་མོས། སྤྱི་འགྲོའི་ཚིག་གིས་སོ་སོར་སྦྱིན། མཚམས་སྦྱོར་བཅས་བཀྲ་ཤིས་དང་། དམ་ཚིག་ཁས་བླང་ཕྱིན་དབང་གི་རྗེས་སྤྱི་བཞིན་དང་། ཆོ་གའི་རྗེས། ༼ན༽བྱང་གཏེར་ཐུགས་སྒྲུབ་བཞིན་བྱའོ།། །། ༈ རིག་འཛིན་བདུན་པ་ཀུན་བཟང་འགྱུར་མེད་ལྷུན་འགྲུབ་ཀྱི་དག་སྣང་གསང་སྐོར་རིགས་འདུས་ཚེ་སྒྲུབ་པདྨའི་རྒྱ་ཅན་གྱི་དབང་དོན་སྒྲུབ་པ་ནི། སྐྱབས་འགྲོ། ཐུགས་རྗེའི་དབང་གིས་སོགས་དང་། སེམས་བསྐྱེད། སྔོན་ནས་བསགས་པའི་སོགས་ལན་གསུམ་རེ་དང་། མཆོད་རྫས་རཾ་ཡཾ་ཁཾ་གིས་བསང་སྦྱང་། རྣམ་དག་ཆོས་དབྱིངས་སོགས་ཀྱིས་བརླབ། བདག་མདུན་དབྱེར་མེད་ཀྱི་ས་མཱ་དྷིས། ཨ༔ རང་བྱུང་ཡེ་ཤེས་སོགས་ནས་བཟླས་པ་ཅི་འགྲུབ་རྗེས། འདི་འོག་དབང་གི་སྐབས་སུ་འབྱུང་བའི་དམིགས་པ་བཅས། ཚེ་འགུགས་ནི། ཧྲཱི༔ བཅོམ་ལྡན་མགོན་པོ་ཡེ་ཤེས་སོགས་ལྕགས་སྡོང་མ་བཞིན་གྱེར། སྟོང་ཚིགས་འབུལ་ཞིང་ལས་བུམ་རྟ་སྔགས་ཀྱིས་བརླབ། རིག་མེ་དོར། དབང་དངོས་ལ། སེམས་བསྐྱེད་གསལ་བཏབ་སྟེ། དེ་ལ་འདིར་གསང་ཆེན་བསྟན་པའི་སྲོག་རྩ་རྡོར་བྲག་རིག་འཛིན་ཆེན་པོའི་སྐུ་ཕྲེང་བདུན་པ་ཀུན་བཟང་འགྱུར་མེད་ལྷུན་འགྲུབ་ཀྱི་དགོངས་ཉམས་ཟབ་མོ་དག་སྣང་གསང་བའི་ཆོས་སྡེ་ལས་བྱོན་པ། རིགས་འདུས་ཚེ་སྒྲུབ་པདྨའི་རྒྱ་ཅན་གྱི་དཀྱིལ་འཁོར་དུ་སྨིན་པར་བྱེད་པ་ལ། ངེས་ཤེས་བསྐྱེད་ཕྱིར་ལོ་རྒྱུས་མདོ་ཙམ་བསྙད་ན། རིག་འཛིན་ཆེན་པོ་དེ་ཉིད་འཆི་མེད་སྐུ་གསུམ་རིགས་འདུས་ཀྱི་ལྗགས་བསྙེན་མཛད་པའི་ཐུན་གྱི་སྐབས། ཤིང་གླང་ས་ག་ཟླ་བའི་ཚེས་བཅུའི་སྔ་ཆར་ནམ་མཁའ་ནས་སྔགས་ཀྱི་རང་སྒྲ་གྲགས་པའི་རྐྱེན་གྱིས་ཐུགས་ཉམས་གཏད་མེད་ཟི་བུན་དུ་སོང་བའི་ངང་། མདུན་གྱི་ནམ་མཁར་ཨོ་རྒྱན་ཚེ་དཔག་མེད་མངོན་རྟོགས་དང་མཐུན་པ་མདུན་མཁར་མངོན་སུམ་བྱོན་ཏེ་དབང་བསྐུར་ཡོངས་སུ་རྫོགས་པར་གནང་བའི་རྗེས་ཐོག །མཚོ་རྒྱལ་བོད་མོའི་རྣམ་པ་ཅན་གྱི་ཕྱག་ན་པི་ཝཾ་བསྣམས་པ་བརྡུངས་པའི་སྒྲ་དང་ལྷན་ཅིག་ཞལ་གདམས་བསྩལ་བ་ནི། ཀྱེ་ཧོ་མཁའ་འགྲོའི་བུ་ཁྱོད་སོགས་གཞུང་གི་མགོར་འབྱུང་བ། འདི་ལྟར་སྒོམས༔ ཞེས་དང་། གདམས་པ་ཟབ་མོ་འདི་ཉིད་ཀྱང༔ ཤིན་ཏུ་གསང་ཞིང་རང་ཉམས་ལོངས༔ རང་གཞན་ཚེ་ཡི་གསོས་སུ་འགྱུར༔ ཁོ་མོའི་ཐ་ཚིག་ཡལ་མ་འདོར༔ སྙིང་ལ་ཕུར་ཅིག་ས་མ་ཡ༔ ཞེས་གསུངས་ནས་གུ་རུ་ཡབ་ཡུམ་ཐུགས་ཀར་ཐིམ་པའི་མོད་དགོངས་ཉམས་དེ་ལས་བཞེངས་འཕྲལ་ཟིན་བྲིས་སུ་བཏབ་པའི་ཚེ་དབང་ཟབ་མོ་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་པ་བསྐུར་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ། བླ་མ་ཨོ་རྒྱན་ཚེ་དཔག་མེད་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀུན་མཁྱེན་ཡེ་ཤེས་སོགས་ལན་གསུམ། བླ་མ་ཨོ་རྒྱན་ཚེ་དཔག་མེད་ཡབ་ཡུམ་ལ་ཚེ་ལྷ་རྒྱལ་བ་ཞི་ཁྲོས་བསྐོར་བའི་སྤྱན་སྔར་དེང་ནས་སྙིང་པོ་བྱང་ཆུབ་ཀྱི་བར་སྐྱབས་སུ་འགྲོ་བའི་བློས་འདིའི་རྗེས་ཟློས། ཐུགས་རྗེའི་དབང་གིས་སོགས་ལན་གསུམ། འགྲོ་བ་རྣམས་གནས་སྐབས་དུས་མ་ཡིན་པའི་འཆི་བ་ལས་སྐྱོབ་ཅིང་མཐར་ཐུག་འཆི་མེད་མགོན་པོའི་རྒྱལ་སར་འགོད་པའི་བློས་འདིའི་རྗེས་ཟློས། སྔོན་ནས་བསགས་པའི་སོགས་ལན་གསུམ། ཞིང་མཆོག་དེ་རྣམས་ཀྱི་སྤྱན་སྔར་རྒྱུད་སྦྱོང་བའི་ཕྱིར་རྒྱུན་བཤགས་ཡན་ལག་བརྒྱད་པའི་ཏིང་ངེ་འཛིན་གསལ་བཏབ་ནས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས། ཡེ་ཤེས་ཀྱི་བྱིན་དབབ་པའི་སླད་དུ། སློབ་མ་རྣམས་འཆི་མེད་རིག་འཛིན་མ་ཧཱ་གུ་རུའི་སྐུ་འདི་ལྟར་དུ་གསལ་ཐོབས་ཤིག །ཨ༔ རང་བྱུང་ཡེ་ཤེས་སོགས་མངོན་རྟོགས་བཞིན་བསྐྱེད་ནས། འོད་ཀྱིས་ཡེ་ཤེས་སྤྱན་དྲངས་ནས༔ སློབ་མར་སིབ་སིབ་ཐིམ་པར་གྱུར། སྤོས་རོལ་དབྱངས་ཀྱིས་སྤྱན་འདྲེན་བརྗོད། ས་མཱ་ཛ༔ རྩ་སྔགས་དང་། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བཟླས་པས་བྱིན་དབབ། མེ་ཏོག་འཐོར་ཞིང་སྔགས་ཀྱིས་བརྟན། ཚེ་བཅུད་འགུགས་ཤིང་བསྡུ་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བདག་མདུན་བླ་མ་ཚེ་དཔག་མེད་མགོན་གནས་ལྷ་རིགས་བདག་དང་བཅས་པར་གསལ་བའི་སྐུ་ལས་ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་འཁྲིགས་པ་ལྟར་འཕྲོས། སློབ་མའི་བླ་ཚེ་ཆད་ཉམས་ཡར་པ་ཐམས་ཅད་དང་། འཁོར་འདས་བརྟན་གཡོ་རྩི་སྨན་གྱི་དྭངས་མའི་ནུས་བཅུད་མ་ལུས་པ་བསྡུས་ནས་རང་རང་གི་བུམ་པར་བསྐྱིལ་བ་སྒྲུབ་པའི་རྫས་དང་། སློབ་མར་བསྟིམ་པས་ཁམས་ལྔའི་ཚེ་བཅུད་ཉམས་པ་གསོས། ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བའི་ཚེའི་དངོས་གྲུབ་ཐོགས་མེད་དུ་ཐོབ་པར་མོས། མདའ་དར་གཡབ་ཅིང་། ཧྲཱི༔ བཅོམ་ལྡན་མགོན་པོ་ཡེ་ཤེས་སོགས་ཚེ་འགུགས་བརྗོད། མདུན་བསྐྱེད་མ་ཧཱ་གུ་རུ་ཚེ་དབང་རྩལ་གྱི་ཕྱག་གི་ཚེ་བུམ་གྱིས་སློབ་མའི་སྤྱི་བོར་དབང་བསྐུར་བསྩལ་བས་བདུད་རྩི་བུམ་པའི་ཁ་ནས་ལུད་པ་སྤྱི་བོ་ནས་ཞུགས། ལུས་ཁེངས། སྙིགས་མའི་ཕུང་ཁམས་ཡེ་ཤེས་སུ་སྨིན་ཅིང་འཆི་མེད་ནམ་མཁའ་ལྟ་བུའི་ལུས་དང་ཚེ་མཆོག་ཐོབ་པར་མོས། ཧྲཱི༔ མགོན་པོ་ཚེ་དཔག་མེད་པའི་དགོངས་པ་ཡིས༔ ལྷ་མོ་ཙཎྜ་ལཱི་ལ་ཐུགས་བརྒྱུད་ནས༔ འཆི་མེད་པདྨ་འབྱུང་གནས་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཚེ་ཡི་རིག་འཛིན་རྣམས་ལ་གསོལ་བ་འདེབས༔ ཚེ་དང་ཡེ་ཤེས་སོགས་ཀྱིས་བུམ་དབང་བསྐུར། འཆི་མེད་གྲུབ་པའི་བཅུད་ལེན་གྱི་རིལ་བུ་དང་། འཆི་མེད་ཡབ་ཡུམ་གྱི་བྱང་སེམས་བདུད་རྩིར་སྦྱར་པ་མྱང་བས། བགྲེས་རྒུད་བྲལ་བའི་ལང་ཚོ་དང་སྐྱེ་འཆི་མེད་པའི་སྲོག་གྲུབ་པར་མོས། ཧྲཱི༔ རྡོ་རྗེ་ཚེ་ཡི་སོགས། ཚེ་བཅུད་བསྟིམ་ཞིང་རྒྱས་གདབ་པ་ནི། སློབ་མ་ལྷར་གསལ་བའི་འོད་ཀྱིས་འཁོར་འདས་ཞིང་རྣམས་གང་བས་ཚེ་བཅུད་ཐམས་ཅད་བསྡུས་ནས་ཐུགས་སྲོག་ཧྲཱིཿལ་བསྡུས། སླར་ཧྲཱིཿཡི་འོད་ཟེར་གྱིས་རང་ལུས་འོད་ཀྱི་གོང་བུར་གྱུར། དེ་ཡང་མི་དམིགས་པ་ཀ་དག་གཉུག་མའི་གཤིས་ལུགས་ཀྱི་ངང་དུ་མཉམ་པར་འཇོག་མཛོད། ཨ༔ སྟོང་པའི་གོ་ཆ་སོགས། སླར་ཡང་ཆུ་ལས་ཉ་ལྡང་བ་བཞིན་བླ་མ་ཚེ་དཔག་མེད་ཀྱི་སྐུར་ལྡང་བ་ལ། ལྷ་ཚོགས་རྣམས་ཀྱིས་མེ་ཏོག་གི་ཆར་དང་ཤིས་པའི་ཚིག་གིས་མངའ་གསོལ་བར་གྱུར། ཤིས་པ་བརྗོད། དེ་ལྟར་དབང་ཐོབ་པའི་དམ་ཚིག་རྡོ་རྗེ་ཐེག་པའི་འདུལ་བ་ནས་བཤད་པ་སྤྱི་དང་། བྱེ་བྲག་པ་ནི། གཞུང་ལས། གཞན་ཡང་ཕྱི་ནང་བཅུད་ལེན་སོགས་ནས། ལམ་འཕྲང་བཅོས༔ ཞེས་གསུངས་པ་སོགས་ལ་འབད་དགོས་པས། དེ་ལྟར་མཛད་པའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་དང་། ཆོ་གའི་རྗེས་མཆོད་བསྟོད། ནོངས་བཤགས། བརྟན་བཞུགས། བསྡུ་ལྡང་། བསྔོ་སྨོན། ཤིས་བརྗོད་བཅས་སྤྱི་ལྟར་བྱས་པས་གྲུབ་བོ།། །། ༈ ལྷུན་གྲུབ་རབ་བརྟན་ནམ་འབའ་ལག་གཏེར་སྟོན་རྣམ་རྒྱལ་རྡོ་རྗེའི་ཚེ་སྒྲུབ་འཆི་བདག་དཔུང་འཇོམས་ཀྱི་དབང་བསྐུར་གསལ་བྱེད་འཆི་མེད་བཅུད་སྟེར་ལྟར་དབང་སྒྲུབ། དབང་དངོས་གཞིའི་ཚེ་འགུགས་སྔགས་བཅས་མཐར། དེ་ནས་དངོས་གཞིའི་དབང་རྣམས་རིམ་པར་འབྱུང་བ་ལ། ཐོག་མར་བུམ་པ་འདི་ཉིད་ཕྱི་རིན་པོ་ཆེའི་གཞལ་ཡས་ཁང་རྒྱན་རྫོགས་འོད་ཟེར་འབར་བའི་ནང་དུ་རྡོ་རྗེ་ཚེའི་ལྷ་ཚོགས་བཞུགས་པ། སློབ་མའི་སྤྱི་བོར་སྤྱན་དྲངས་ཤིང་སྔགས་ཀྱིས་བསྐུལ་བའི་མཐུས། དེ་རྣམས་ཀྱི་སྐུ་ལས་ཡེ་ཤེས་བདུད་རྩིའི་རྒྱུན་བྱུང་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་ལ་ཁྱབ་པས་ལུས་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས། སྐུ་མི་ཤིགས་རྡོ་རྗེའི་དབང་ཐོབ་པར་མོས། ཧཱུྃ༔ རིན་ཆེན་སྣ་ལྔའི་སོགས། དུང་ཆེན་བྷཉྫ་འབར་བའི་སྣོད་དུ་བྱང་སེམས་འཆི་མེད་སྨན་དང་སྦྱར་བའི་བཅུད་ཆེན་འདི་ཉིད་མྱང་བས། ལུས་ཀྱི་རྩ་ཁམས་ཐམས་ཅད་ལ་ཁྱབ་ངག་གི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས། གསུང་འགག་མེད་རྡོ་རྗེའི་ཚེ་དབང་ཐོབ་པར་མོས། ཧཱུྃ༔ དུང་ཆེན་བདེ་བ་སོགས། དབྱིངས་རྣམ་པར་དག་པའི་མེ་ལོང་ཡངས་པའི་མཁར་རིག་པ་རྡོ་རྗེ་ཚེའི་ལྷ་ཚོགས་བཞུགས་པ། ཁྱེད་རང་རྣམས་ཀྱི་སྙིང་གར་བཞག་པས་ཡིད་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས། སྣང་རིག་སྟོང་པ་དབྱེར་མེད་ཐུགས་རྡོ་རྗེའི་ཚེ་དབང་ཐོབ་པར་མོས། ཧཱུྃ༔ མེ་ལོང་ཡེ་ཤེས་སོགས། དྭངས་པའི་མན་ཤེལ་ཀ་ནས་དག་པའི་དབྱིངས་དང་ལྷུན་གྱི་གྲུབ་པའི་ཡེ་ཤེས་ཀྱི་རོལ་པ་ཟུང་དུ་འཇུག་པའི་ཐིག་ལེ་ཁྱེད་རང་རྣམས་ཀྱི་ལྟེ་བར་བཞག་པས། ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས། འབྲས་བུའི་ཡོན་ཏན་གཞི་ལ་རྫོགས་པའི་ཡེ་ཤེས་རྡོ་རྗེའི་སྐུར་སྨིན། རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ལ་དབང་ཐོབ་པར་མོས། ཧཱུྃ༔ ཡེ་ཤེས་ལྔ་ལྡན་སོགས། ཚེའི་མདའ་དར་རིགས་ལྔ་ལོངས་སྤྱོད་རྫོགས་པ་ཡབ་ཡུམ་གྱི་ཡེ་ཤེས་ཡོངས་རྫོགས་ཆེན་པོའི་བཀའ་རྟགས་གསང་བར་བཞག་པས། དུག་ལྔའི་རྟོག་སྒྲིབ་ལྷག་མེད་དུ་སྦྱངས། སྐུ་ལྔ་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱས་པར་མོས། ཧཱུྃ༔ ཚེ་བདག་རིགས་ལྔའི་སོགས། ཚེའི་འབྲང་རྒྱས་རྩ་གསུམ་ཚེ་ལྷའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ལ། ཕྱོགས་དུས་རྒྱལ་བ་སྲས་དང་དྲང་སྲོང་རིག་འཛིན་འཆི་མེད་གྲུབ་པའི་ཚོགས་ཀྱིས་བསྐོར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་དབང་བསྐུར་བས། ལས་དང་རྐྱེན་ལས་གྱུར་པའི་ཚེའི་བར་ཆད་ཐམས་ཅད་ཐུགས་རྗེའི་འོད་ཟེར་གྱིས་སྦྱངས། རྒྱན་འཁོར་རྒྱ་མཚོའི་ཚེ་དབང་བྱིན་རླབས་རྣམས་བཀྲ་ཤིས་རྟགས་ཀྱི་རི་མོ་གསལ་བའི་བདུད་རྩིའི་རྒྱུན་གྱིས་ལུས་ཀྱི་ནང་གང་བས། ཚེ་དང་ཡེ་ཤེས་ཀྱི་སྟོབས་འཕེལ་ཞིང་མི་ཤིགས་རྡོ་རྗེའི་སྐུ་ཐོབ་པར་མོས། ཧྲཱི༔ ངོ་མཚར་ཚེ་གཏོར་སོགས། སྲིད་ཞིའི་དྭངས་བཅུད་འདུས་པའི་ཚེའི་རིལ་བུ་དང་འཆི་མེད་བྱང་ཆུབ་སེམས་ཀྱི་བདེ་རྒྱུན་བདུད་རྩིའི་བཅུད་མཆོག་མྱང་བས། འཆི་བ་མེད་པའི་ཚེ་དང་རྒུད་པ་མེད་པའི་དཔལ་ལ་རྟག་ཏུ་སྤྱོད་པའི་སྐལ་བ་དང་ལྡན་པར་མོས། སྙིང་པོའི་སྔགས་བཟླ་བཞིན་ཚེའི་རིལ་ཆང་སྦྱིན། དེ་ལྟ་བུའི་ཚེ་དབང་མི་འགྱུར་བརྟན་པའི་ཕྱིར། རྒྱལ་བ་ཚེ་ལྷའི་ཕྲིན་ལས་ཀྱི་བཀའ་རྟགས་ཚེའི་མདའ་དར་སློབ་མའི་གནས་གསུམ་དང་། མདུན་རྒྱབ། དཔུང་པ་གཉིས་ཏེ། གནས་བདུན་པོར་རྒྱ་གྲམ་ཚུལ་དུ་བཞག་ནས། དོན་དམ་དཀོར་བདུན་ཡེ་རྫོགས་ཀློང་ཡངས་ཆེན་པོའི་དགོངས་པའི་རྒྱས་བཏབ་པས། ཕྱིན་ཆད་ཉེར་འཚེ་གང་གིས་ཀྱང་གླགས་མི་རྙེད་པའི་སྲུང་བ་ཆེན་པོའི་མཁར་དུ་ཚུད་པར་མོས། དང་པོ་ཆོས་ཀྱི་སོགས། མཐའ་རྟེན་ཤིས་པར་བྱ་བའི་སླད་དུ། བྱང་ཆུབ་ཡན་ལག་བདུན་གྱི་རང་བཞིན་རྒྱལ་སྲིད་བདུན་དང་། མཚན་བཟང་རྟགས་ཀྱི་ཕྱག་རྒྱ་རྣམ་པ་བརྒྱད། བྱིན་གྱིས་བརླབ་པའི་རྫས་རྣམས་ཀྱིས་མངའ་དབུལ་བས། ཐེག་ཆེན་ཆོས་ཀྱི་རྒྱལ་པོར་གྱུར་ནས། རྒྱལ་བའི་ཕྲིན་ལས་རབ་འབྱམས་ཀྱི་མཐུ་དཔལ་ལ་ལོངས་སྤྱོད་པའི་སྐལ་བ་ཕུན་སུམ་ཚོགས་པར་བྱས་པར་མོས། མཚམས་སྦྱོར་སྤྱི་མཐུན་བཅས་ཤིས་བརྗོད་སོགས་དང་། དབང་དང་ཆོ་གའི་རྗེས་རིམ་བཅས་བྱའོ།། །། ༼འདིར་མཁྱེན་བརྩེའི་དགོངས་གཏེར་མཚོ་སྐྱེས་སྙིང་ཐིག་གི་ཡུམ་བཀའ་མཁའ་འགྲོ་འཆི་མེད་མནྡཱ་རཿབའི་ཆོས་སྐོར་ཟབ་མོ་དང་། དབང་ཆོག་དིལ་མཁྱེན་རིན་པོ་ཆེས་ཆོག་ཁྲིགས་བཅས་ཡོད།མཆན།༽ ༈ ཀུན་གཟིགས་པདྨ་འོད་གསལ་མདོ་སྔགས་གླིང་པའི་དག་སྣང་པདྨ་ཚེའི་སྙིང་ཐིག་གི་ཚེ་ཡུམ་ཙཎྜ་ལཱའི་དབང་གི་ཆོ་ག་བདུད་རྩིའི་ཟིལ་ཐིགས་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༼འདིར་མཁྱེན་བརྩེའི་དག་སྣང་མི་ཏྲའི་སྙིང་ཐིག་ཚེ་སྒྲུབ་ཕྱི་ནང་གསང་བ་ཡང་གསང་མཆོག་སྒྲུབ་གཞུང་དང་། དབང་སྒྲིག་དིལ་མཁྱེན་རིན་པོ་ཆེའི་གསུང་ཡིན་ངེས་པ། མཇུག་མཛད་འཕྲོ་ལུས་པ་ལས་བོར་ཟག་ཏུ་སོང་ཉམས་ཆེ་བ་ཅན་བཅས་ཡོད།མཆན།༽ ༈ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་སྨྲ་བའི་སེང་གེ་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་འཆི་བླུའི་ཆ་རྐྱེན་ལས་གཤིན་བཀའ་གཏད་འོག་ཏུ་མངོན་སྤྱོད་ཟློག་པའི་སྐབས་སུ་འབྱུང་བས། ཚེ་རྒྱས་པའི་སྐོར་གྱི་དབང་བསྐུར་རྣམས་གྲུབ་བོ།། །། ༄། གཉིས་པ་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཤེས་རབ་རྒྱས་པར་བྱེད་པའི་སྐོར་ལ། སངས་རྒྱས་གླིང་པའི་བླ་མ་དགོངས་འདུས་ཀྱི་རྣོ་སོ་ངར་འདོགས་ཀྱི་ཡིག་ཆུང་དྲུག་གི་ནང་ཚན། བློ་འཕེལ་ཤེས་རབ་རལ་གྲིའི་རྗེས་གནང་གི་ཡི་གེ་ཡེ་ཤེས་རལ་གྲི་ལྟར་དབང་སྒྲུབ་ཀྱི་གསལ་བྱེད་ལ། ཚིག་བདུན་སོགས་གསོལ་འདེབས་རྗེས། ཐོག་མར་དག་བྱེད་ཀྱི་ཁྲུས་ཆོག་བྱ་བ་ནི། ཆུ་གཙང་རྫས་ལྡན་སློབ་དཔོན་གྱི་མདུན་དུ་བཞག་པ། དག་བྱེད་ཁྲུས་ཆབ་ཀྱི་སྟེང་དུ་ཟླ་བའི་གདན་ལ་ཨཱོྃ་དཀར་པོ་འོད་འཕྲོ་བ་གཅིག་གསལ་བའི་འོད་ཀྱིས༔ རང་བཞིན་གྱི་གནས་ནས་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་བཞུགས་པར་གྱུར༔ ཅེས་གསལ་བཏབ་ལ། ཚོགས་གསག་སྐྱབས་སེམས་ནི། ཀྱཻ༔ ཕྱོགས་བཅུའི་སྐྱབས་གནས་དཀོན་མཆོག་བདག་ལ་དགོངས༔སོགས།༼ཇ༽ལས་བྱང་མེ་ཕྲེང་བཞིན་གཏང་། རང་གི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་མཆོད་རྫས་འཛིན་པ་རྣམས་ཀྱིས་སླར་ཡང་མཆོད་པར་བསམ་ལ། ཨཱོྃ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌ་ཀི་ནཱི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་སྦྱར་བའི་པུཥྤེ་ནས་ཤབྡའི་བར་གྱིས་མཆོད། ཨཱོྃ་ཨཱཿཧཱུྃ་གུ་རུ་དྷེ་ཝ་སོགས་གཞུང་བཞིན། བཾ་ཧོ༔ ཞེས་བསྡུ་རྒྱ་སེ་གོལ་དང་བཅས་པས། སྤྱན་དྲངས་པའི་ལྷ་ཚོགས་རྣམས་འོད་ཟེར་གྱི་རང་བཞིན་དུ་གྱུར་ནས་མདུན་གྱི་ཁྲུས་ཆབ་ལ་ཐིམ་པས། མི་གཙང་བའི་ཉེས་བྱས་ཐམས་ཅད་འཇོམས་པའི་དག་བྱེད་མཆོག་ཏུ་གྱུར་པར་བསམ་ལ། ཨཱོྃ་ཨཱཿཧཱུྃ་ཧྲཱིཿསོགས་ནས། སྭཱ་ཧཱ༔ ཞེས་བཟླས་པ་བརྒྱ་རྩའི་མཐར། འཐོར་གཡབ་ཀྱིས་སྒྲུབ་པོ་དཔོན་སློབ་ཐམས་ཅད་ལ་འཐོར་ཞིང་ཡན་ལག་ལྔ་ཁྲུས་ཀྱི་མཚོན་བྱེད་དང་བཅས། ཁ་བཤལ། གོས་གདན་ལའང་འཐོར། བཟང་ཤིང་དྲི་ཞིམ་པོའི་བསང་དུད་ཀྱང་བདུག །དེ་ནས་བདག་བསྐྱེད་བསྒྲུབ་པ་ནི། བདག་གཞན་སེམས་ཅན་ཐམས་ཅད་ཀྱི། །མ་རིག་རྨོངས་པའི་མུན་བསལ་ནས། །ཐམས་ཅད་མཁྱེན་པའི་ཤེས་རབ་མཆོག །འཐོབ་ཕྱིར་འཇམ་དབྱངས་མགོན་པོ་བསྒྲུབ། །ཅེས་སླར་ཡང་ཀུན་སློང་གསལ་བཏབ་ལ། སརྦ་དྷརྨཱཿསོགས་གཞུང་བཞིན། ཧྲཱིཿསྔོན་པོས་མཚན་པ་ལ། ཨཱོྃ་ཧྲཱིཿདྷཱིཿམ་མེ་དཱི་པཾ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲ་ཛྙཱ་བརྡྷ་ནི་ཧྲཱིཿདྷཱིཿསྭཱ་ཧཱ། གཏེར་གཞུང་དུ་འདི་ལས་མ་བྱུང་བས་རྗེས་སུ་མཁྱེན་ལྡན་རྣམས་ཀྱིས་དཔྱོད།མཆན། ཞེས་པའི་སྔགས་ཀྱིས་བསྐོར་བ༔ དེ་ལས་འོད་ཟེར་སྔོན་པོ་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས་པས༔ རང་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་གཉིས་སུ་མེད་པར་བསྟིམ༔ བདག་གི་ཐུགས་ཀའི་སྔགས་ལས་འོད་ཟེར་འཕྲོས་པས་སོགས་ནས། ཡེ་ཤེས་དང་ལྡན་པར་བསམ་པའི་ངང་ནས༔ གོང་སྔགས། ཨཱོྃ་ཧྲཱིཿདྷཱིཿམ་མེ་དཱི་པཾ་སོགས་སྔགས་འདི་བར་མཚམས་གསུམ་སོ་སོར་ཅི་ནུས་རེ་བཟླའོ། །མདུན་བསྐྱེད་བསྒྲུབ་པའི་གོང་དུ་མཆོད་པ་བྱིན་གྱིས་བརླབ་པ་མཆོད་ཕྲིན་མེ་ཏོག་ཆར་རྒྱུན་ལས་འབྱུང་བ་ནི། དུང་ཞལ་ལ་སོགས་པ་ནས་བསང་ཆུ་ཀུ་ཤའི་ཆུན་པོས་བླངས་ཏེ༔ མཆོད་རྫས་རྣམས་ལ་གཏོར་ཞིང༔ ཨཱོྃ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་བྷི་ཤུདྡྷེ་སྭཱ་ཧཱ༔ ཞེས་པས། དངོས་པོ་དང་མཚན་མར་འཛིན་པའི་དྲི་མ་དང་འབགས་བཙོག་ཏུ་གྱུར་པའི་ཉེས་པ་ཐམས་ཅད་བསལ་བར་བསམ་སྟེ། དེ་ནས། བྷྲཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་སྣོད་རྣམ་པར་དག་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨཱོྃ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་རྫས་ཡང་དག་པའི་དངོས་པོ་སྟོང་པ་ལ༔ རྣམ་པ་སྒྱུ་མ་ལྟ་བུ་མང་ཞིང་རྒྱ་ཆེ་བར་བསམ་ལ༔ ཨཱོྃ་ཨཱཿབཛྲ་པུཥྤེ་ཧཱུྃ༔ ཨཱོྃ་ཨཱཿབཛྲ་དྷཱུ་པེ་ཧཱུྃ༔སོགས་ནས། ཤབྡ་ཧཱུྃ༔ ཞེས་པའི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་མཆོད་པའི་ཡོ་བྱད་ཐམས་ཅད་དངོས་ཉིད་དཔག་ཏུ་མེད་པ་རྣམས༔ མཆོད་པའི་ལྷ་མོ་རྣམས་ཀྱིས་མཛེས་ཤིང་ཡིད་དུ་འོང་བའི་རྒྱན་གྱིས་སྤྲས་ནས༔ ཕྱག་ན་མཆོད་པའི་རྫས་ཐམས་ཅད་བསྣམས་པ་ཅན་ལ་སོགས་པ་བསྐྱེད་པར་བྱའོ༔ མདུན་རྟེན་བཤོས་བུ་དང་མར་མེ་ཨ་མྲྀཏས་བསང་། སྭཱ་བྷཱ་ཝས་སྦྱང་། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པའི་ངང་ལས༔ མདུན་བསྐྱེད་བཤོས་བུ་སྐད་ཅིག་གི་སེཾ་ལས་སེངྒེ་སྔོན་པོ་གཉིས་བསྣོལ་བའི་སྟེང་དུ༔ སོགས་གཏེར་གཞུང་དབུའི་བདག་བསྐྱེད་ལྟར་ལ། བདག་ཉིད་ཅེས་པའི་མལ་དུ། བཅོམ་ལྡན་འདས་ཞེས་དང་། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་གཉིས་སུ་མེད་པར་ཐིམ༔ སྣང་གསལ་མར་མེ་སྐད་ཅིག་གིས་པདྨ་དང་ཟླ་བའི་སྟེང་དུ་ཧྲཱིཿལས་སོགས། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་གཉིས་སུ་མེད་པར་ཐིམ༔ ཞེས་ཁ་བསྒྱུར། དེ་ནས་བདག་མདུན་གྱི་ཐུགས་ཀའི་སོགས། གྱུར་ཅིང༔ འཇམ་དཔལ་གྱི་སོགས་འཕྲོ་འདུས་དམིགས་གནད་དང་ལྡན་པས། བསྙེན་པ་ཅི་ཙམ་ནུས་པ་བཟླས་རྗེས། གཏོར་མ་ཆུ་གཙང་ངམ། འོ་མས་བྲན་ཞིང་གོང་བཞིན་བསང་སྦྱང་། གཏེར་གཞུང་འོག་གི་རིལ་སྒྲུབ་སྐབས་ནས་འབྱུང་བའི་གཏོར་འབུལ་ནི། སྟོང་པའི་ངང་ལས་སྐད་ཅིག་གིས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་སོགས་ནས། ཧཱུྃ་སྔོན་པོ་གསལ་བར་གྱུར། ཨཱོྃ་ཨཱཿཧཱུྃ༔ ཞེས་བརྗོད་པས། ཧཱུྃ་ལས་མེ་འབར་སོགས་ནས། བདུད་རྩིར་གྱུར༔ ཨཱོྃ་ཨཱཿཧཱུྃ༔ ཞེས་བརྗོད་པས། ཨཱཿལས་འོད་འཕྲོས་སོགས་ནས། ཆེན་པོར་གྱུར༔ ཨཱོྃ་ཨཱཿཧཱུྃ༔ ཞེས་བརྗོད་པས། ཨཱོྃ་ལས་འོད་འཕྲོས་ཏེ་སོགས་ནས། སྤྱན་དྲངས་པ་རྣམས་མདུན་བསྐྱེད་དང་གཉིས་སུ་མེད་པར་བཞུགས་པའི་ལྗགས་འོད་ཟེར་གྱི་སྦུ་གུ་གཏོར་མ་ལ་ཟུག་ནས་གསོལ་བས་དགྱེས་པར་གྱུར་པར་དམིགས་ལ༔ གཏོར་མ་དང་པོ། བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་དང་། ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་གཏོར་མ་ཡེ་ཤེས་ཀྱི་བདུད་རྩི་དམ་པ་འབུལ་ལོ། །ཨཱོྃ་གུ་རུ་སརྦ་བུདྡྷ་བོ་དྷི་སཏྭ་དེ་ཝ་མཎྜལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་དཀོན་མཆོག་སྤྱི་དང་། གཏོར་མ་གཉིས་པ། རྗེ་བཙུན་བཅོམ་ལྡན་འདས་འཇམ་དཔལ་མགོན་པོ་དང་། འཕགས་མ་ལྷ་མོ་དབྱངས་ཅན་མ་ལ་གཏོར་མ་ཡེ་ཤེས་ཀྱི་བདུད་རྩི་དམ་པ་འབུལ་ལོ། །འཇམ་དཔལ་གྱི་རྩ་སྔགས་གོང་གསལ་ལ། ས་པ་རི་སོགས་ཤམ་བུ་བཏགས་པས་འཇམ་དཔལ་ཡབ་ཡུམ་དང་། གཏོར་མ་གསུམ་པ། དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་སྲུང་མ་དང་བཅས་པ་རྣམས་ལ་གཏོར་མ་ཡེ་ཤེས་ཀྱི་བདུད་རྩི་དམ་པ་འབུལ་ལོ། །ཨཱོྃ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྲུང་རྣམས་སོ་སོར་ཕུལ། ཨཱོྃ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པུཥྤེ་ནས་ཤབྡའི་བར་གྱིས་མཆོད། ཨཱོྃ༔ རང་བཞིན་དག་པའི་གཞལ་ཡས་ནས༔ སོགས་ནས། དངོས་གྲུབ་མྱུར་དུ་བསྩལ་དུ་གསོལ༔ བར་གྱིས་བསྟོད་ཅིང་འདོད་དོན་གསོལ། རྟ་ཤ་བཙན་གསུམ་ལ་གཏོར་མ་འབུལ་ཞིང་ཕྲིན་ལས་བཅོལ། ལས་བུམ་དུ་འཁྱིལ་པའི་བསྐྱེད་བཟླས་ཀྱིས་བརླབ། གཞུང་བཞིན་བདག་ཉིད་འཇུག་པ་འམ། འོད་ཟེར་ཆུ་རྒྱུན་གཅིག་མའི་དབང་བླངས་ཤིང་། སློབ་མ་གཞུག་པར་གནང་བ་ནོད། རྗེས་གནང་གི་ཡི་གེ་ཡེ་ཤེས་རལ་གྲི་ལྟར་རྗེས་གནང་དངོས་ཀྱི་མཐར། དམ་ཚིག་སྤྱི་དང་། བྱེ་བྲག་འདི་ཉིད་ཀྱི་གཞུང་ལས། ཞར་ལ་དམ་ཚིག་བསྟན་པ་ནི༔ སོགས་གཏེར་གཞུང་ནས་མདུན་བསྐྱེད་རྟགས་ཚད་གསུངས་པའི་མཇུག་ཏུ་ཡོད་པ། མ་ཉམས་བསྲུང་བ་ཤིན་ཏུ་གཅེས༔ ཞེས་པའི་བར་སྦྱར། ཞེས་གསུངས་པའི་ཁྱད་པར་གྱི་དམ་ཚིག་སོགས་སྦྱར་བས་བསྐུར། རྗེས་ཀྱི་བྱ་བ་མདུན་བསྐྱེད་སློབ་མ་ལ་བསྟིམས་ཟིན་པས་འཐུས། མ་འབྱོར་པ་དང་སོགས་དང་ཡི་གེ་བརྒྱ་པས་ནོངས་པ་བཤགས། སྒྲུབ་པའི་མཇུག་ནས་འབྱུང་བའི་རྫོགས་རིམ་གྱི་རྣལ་འབྱོར་ནི། རང་ཉིད་འཇམ་དཔལ་དུ་བསྒོམས་པའི་ཐུགས་ཀ་ནས༔ འཁོར་ལོ་རྩིབས་བཞི་སོགས་ནས། ཐིག་ལེ་དམར་པོ་གཅིག་ཏུ་གྱུར་པ་ལ་ཐིམ༔ དེ་ལ་སེམས་མ་ཡེངས་པར་དར་ཅིག་མཉམ་པར་གཞག༔ སླར་ཡང་ཐིག་ལེ་དེ་ཉིད་མར་མེ་ལས་མར་མེ་མཆེད་པ་བཞིན། ཐིག་ལེ་དམར་པོ་དེ་ལས་ཐིག་ལེ་སྔོན་པོ་གཉིས་པ་ཞིག་སྤྲོས་ནས། གཉིས་ཀ་འོད་ཟེར་འབར་བར་གྱུར་པ་ལ་ཤེས་པ་གཏད་དེ་མཉམ་པར་གཞག །སླར་ཡང་ཐིག་ལེ་དེ་གཉིས་ཅུང་ཟད་ཕན་ཚུན་དུ་གཡོ་ཞིང་འགུལ་བ་འོད་ཟེར་ཆེར་འབར་བར་གྱུར་པར་བསམ་ལ། ཧྲཱིཿདྷཱིཿལན་བདུན་བཟླ། སླར་ཡང་ཐིག་ལེ་དེ་གཉིས་སྐར་མདའ་གཡོ་བ་ལྟར་ནམ་མཁར་ཡར་གྱེན་དུ་འཕར་བ་དང་། ཐུར་དུ་འགྲོ་བ་རེས་མོས་ཀྱི་ཚུལ་དུ་འཁོར་ཞིང་། ཧྲཱིཿདྷཱིཿའི་རང་སྒྲ་དང་བཅས་པའི་འོད་ཟེར་གྱིས་སྟོང་ཁམས་གང་བར་གྱུར་པ་ལ་སེམས་གཏད་དེ། ཧྲཱིཿདྷཱིཿའི་བཟླས་པ་བརྒྱ་རྩ་བརྒྱད་དམ། ཉེར་གཅིག་བརྗོད། མཐར་ཐིག་ལེ་དེ་གཉིས་ཀྱང་འོད་དུ་ཡལ་ནས། སྣང་བ་ཐམས་ཅད་ཐུན་མཚམས་ཀྱི་ནམ་མཁའ་ལྟར་དམར་ལམ་གྱིས་གྱུར་པའི་ངང་དུ། ཆོས་ཐམས་ཅད་ཤིན་ཏུ་སྟོང་པ་ཉིད་འོད་གསལ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་གྱུར་པའི་ངང་དུ་མཉམ་པར་གཞག །ཅེས་བསྡུ། སླར་ཡང་ཧྲཱིཿདྷཱིཿའི་སྒྲ་བསྒྲགས་པས་བསྐུལ་ཏེ། སྐད་ཅིག་གིས་ཆུ་ལས་ཉ་ལྡང་བ་བཞིན། རང་ཉིད་བཅོམ་ལྡན་འདས་འཇམ་དཔལ་གྱི་སྐུར་ལམ་གྱིས་གསལ་བར་གྱུར། ཞེས་པས་ལྷར་ལྡང་། འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀུན། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །ཅེས་དགེ་བ་བསྔོ། མཁྱེན་རབ་ཡེ་ཤེས་ཉིན་བྱེད་འབུམ་གྱི་གཟིས། །བློ་གྲོས་ནམ་མཁའི་ཕ་མཐའི་གོ་འབྱེད་པ། །སྨྲ་བའི་གཏེར་ཆེན་འཇམ་དཔལ་ཡབ་ཡུམ་གྱིས། །རྟག་ཏུ་སྐྱོང་བའི་བཀྲ་ཤིས་དཔལ་འབར་ཤོག །ཅེས་སོགས་བཀྲ་ཤིས་ཀྱིས་མཐའ་བརྒྱན་པས་གྲུབ་བོ།། །། ༈ མཆོག་གྱུར་གླིང་པའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་སྨྲ་བའི་སེང་གེའི་ཕྲིན་ལས་དབང་བསྐུར་ལས་ཚོགས་དང་བཅས་པའི་གསལ་བྱེད་བློ་གྲོས་ཁ་འབྱེད་ལྟར་དབང་སྒྲུབ། དབང་དངོས་གཞིར་སྐུ་ཕྱག་རྒྱའི་དབང་གི་སྐབས། གཏེར་གཞུང་གི་དགོངས་པ་ལྷ་དབང་རྒྱས་པ་བསྐུར་བའི་ཕྱག་སྲོལ་ལ། ཐུན་མོང་འཇམ་མགོན་རྡོ་རྗེ་འཆང་གི་ཕྱག་བཞེས་རང་གཞུང་དུ་གསལ་བ་ལྟར་ཡིན་ཞིང་། ཡང་ཐུན་མིན་གུད་བྱང་ལུགས་རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཕྱག་བཞེས་ལྟར་ན། དབང་རྩ་བ་གཙོ་བོའི་སྐུ་དབང་སོང་བའི་རྗེས་སུ། བཅོམ་ལྡན་འཇམ་དཔལ་དཔའ་བོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཁྱེན་རབ་ཡེ་ཤེས་སྣང་བ་རྒྱས༔ རྩོམ་པའི་ཤེས་རབ་གྲུབ་པར་ཤོག༔ ཨོཾ་ཝཱ་ཀྱཻ་དཾ་ན་མ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཅོམ་ལྡན་ངག་གི་དབང་ཕྱུག་གིས༔ རིགས་ཀྱི་བུ་ལ་དབང༴ མཁྱེན་རབ་ཡེ་ཤེས་སྣང༴ གཟུངས་ཀྱི་ཤེས་རབ་གྲུབ་པར་ཤོག༔ ཨོཾ་ཝཱ་གཱི་ཤྭ་རཿམུཾ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཅོམ་ལྡན་གསུང་གི་མངའ་བདག་གིས༔ རིགས་ཀྱི་བུ་ལ་དབང༴ མཁྱེན་རབ་ཡེ་ཤེས༴ འཆད་པའི་ཤེས་རབ་གྲུབ་པར་ཤོག༔ ཨོཾ་ཧྲཱིཿདྷཱིཿམཱ་མེ་དཱི་པཾ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲ་ཛྙཱ་བརྡྷ་ནི་ཧྲཱིཿདྷཱིཿསྭཱ་ཧཱཿ ཀ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཅོམ་ལྡན་རྡོ་རྗེ་རྣོན་པོ་ཡིས༔ རིགས་ཀྱི་བུ་ལ་དབང༴ མཁྱེན་རབ་ཡེ་ཤེས༴ རྩོད་པའི་ཤེས་རབ་གྲུབ་པར་ཤོག༔ ཨོཾ་མཉྫུ་ཤྲཱི་བཛྲ་ཏཱིཀྵྞ་ཧ་ར་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཅོམ་ལྡན་རྡོ་རྗེ་དབྱངས་ཅན་མས༔ རིགས་ཀྱི་བུ་ལ་དབང༴ མཁྱེན་རབ་ཡེ་ཤེས༴ རྣོ་བའི་ཤེས་རབ་གྲུབ་པར་ཤོག༔ ཧྲཱིཾ་ཧྲཱིཾ་ཧྲཱིཾ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཅོམ་ལྡན་རིན་ཆེན་དབྱངས་ཅན་མས༔ རིགས་ཀྱི་བུ་ལ་དབང༴ མཁྱེན་རབ་ཡེ་ཤེས༴ བརྟན་པའི་ཤེས་རབ་གྲུབ་པར་ཤོག༔ ཨོཾ་ས་ར་སྭ་ཏྱཻ་མ་ཧཱ་མེ་དྷི་ཏིཥྛ་ཀུ་རུ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཅོམ་ལྡན་པདྨའི་དབྱངས་ཅན་མས༔ རིགས་ཀྱི་བུ་ལ་དབང༴ མཁྱེན་རབ་ཡེ་ཤེས༴ ཟབ་མོའི་ཤེས་རབ་གྲུབ་པར་ཤོག༔ ཨོཾ་ས་ར་སྭ་ཏྱཻ་ཧྲཱིཾ་ཧྲཱིཾ་ཧྲཱིཾ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཅོམ་ལྡན་ལས་ཀྱི་དབྱངས་ཅན་མས༔ རིགས་ཀྱི་བུ་ལ་དབང༴ མཁྱེན་རབ་ཡེ་ཤེས༴ རྒྱ་ཆེའི་ཤེས་རབ་གྲུབ་པར་ཤོག༔ ཨོཾ་པི་ཙུ་པི་ཙུ་པྲ་ཛྙཱ་བརྡྷ་ནི༔ ཛྭ་ལ་ཛྭ་ལ་མེ་དྷི་བརྡྷ་ནི༔ དྷི་རི་དྷི་རི་བུདྡྷི་བརྡྷ་ནི་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་འཇམ་མགོན་རྡོ་རྗེ་འཆང་རྣམ་གཉིས་ཀྱི་ཕྱག་བཞེས་གང་རུང་བྱས་ནས། དེས་སྐུ་ཕྱག་རྒྱའི་སོགས་བརྗོད་ཕྱིན་མཐར་ཆགས་སུ་བསྐུར་ཞིང་། རྗེས་རིམ་བཅས་བྱའོ།། །། ༈ ཀློང་གསལ་རྡོ་རྗེ་སྙིང་པོའི་ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་ཡེ་ཤེས་སྟོབས་འབར་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ ཀུན་གཟིགས་འོད་གསལ་སྤྲུལ་པའི་རྡོ་རྗེའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཕག་དཀར་ཡེ་ཤེས་གསལ་བྱེད་ཀྱི་སྨིན་བྱེད་ཆོ་ག་བྱིན་རླབས་སྣང་བའི་རྒྱན་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་ཀྱིས་བསྐུར་རོ།། །། ༼འདིར་མཁྱེན་བརྩེའི་དགོངས་གཏེར་རྩ་གསུམ་འོད་སྙིང་གི་ཆོས་སྡེ་ཕག་དཀར་ཚེ་སྒྲུབ་དང་། དེའི་དབང་སྒྲིག་དིལ་མཁྱེན་རིན་པོ་ཆེའི་གསུང་བཅས་ཡོད།མཆན།༽ ༈ ཕྱི་འགྱུར་པཎྜི་ཏ་མ་ཏིའི་ལུགས་ཀྱི་འཇམ་དཀར་༼འདོད་བུམ། 383༽ལྟར་དབང་སྒྲུབ་དང་། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ རྗེ་བཙུན་དམ་པ་རྒྱ་གར་ལུགས་ཀྱི་འཇམ་དཔལ་སྨྲ་བའི་སེང་གེ༼འདོད་བུམ། 395༽ལྟར་གྱི་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་མ་དཀར་མོ་༼འདོད་བུམ། 405༽ལྟར་དབང་སྒྲུབ། དབང་དངོས་གཞིའི། ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་ངོ་། །ཞེས་པའི་མཚམས། དེ་ལྟར་བྱས་པས་ཡེ་ཤེས་པའི་བྱིན་ལུས་ངག་ཡིད་གསུམ་བྱ་བྱེད་དང་བཅས་པ་ལ་འཇུག་ཅིང་ཕེབས་པར་འགྱུར་རོ། །གལ་ཏེ་མ་ཕེབ་ན་སྤོག་ཆོག་གི་སླད་དུ། རླུང་རོ་བསལ་ཏེ་བུམ་པ་ཅན་ཁ་སྦྱོར་དུ་བཟུང་ནས་དམིགས་པ་འདི་ལྟར་གསལ་ཐོབ་མཛོད། ཁྱེད་རང་རྣམས་དབྱངས་ཅན་ལྷ་མོར་གསལ་བའི་སྙིང་གར་ས་བོན་ཨོཾ་ཡིག་དེ་ཡོངས་སུ་གྱུར་པ་ལས་དབྱངས་ཅན་གྱི་འཁོར་ལོ་པདྨ་འདབ་བརྒྱད་དཀར་ཞིང་འཚེར་བའི་ལྟེ་བར་ཟླ་བ་ལ་ཧྲཱིཾཿ འདབ་མ་བརྒྱད་ལ་མདུན་ནས་གཡས་སྐོར་དུ་དབྱངས་ཀྱི་ཡི་གེ་གཉིས་གཉིས་འཁོར་བ་མར་མེའི་ཕྲེང་བ་ལྟར་འབར་བ་ལ། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་ཕོག་པའི་རྐྱེན་གྱིས། ཡི་གེ་རྣམས་གདན་ལས་འཕགས་ཏེ་མགོ་མཇུག་ལྡོག་ཅིང་འཕར་བ་རྣམས་ཤིན་ཏུ་གཡོ་ཞིང་འདར་བ་ལ་སེམས་རྩེ་གཅིག་ཏུ་གཏོད་ཅིག །ཅེས་བརྡ་སྦྱར་ལ། རླུང་རོ་བསལ་ཞིང་རླུང་ཁུག་གཅིག་འཛིན། སླར་རླུང་ལན་གཅིག་གཟུང་བའི་ཚེ། ཡི་གེ་དེ་རྣམས་ལས་འཕྲོས་པའི་འོད་ཀྱིས་ལུས་ཀྱི་ནང་ཐམས་ཅད་ཁྱབ་པས་མི་ཤེས་པའི་མུན་པ་བསལ། འོད་ཟེར་གྱི་རྩེ་མོ་བ་སྤུའི་བུ་ག་ནས་ཕྱིར་འཕྲོས་པས། འཁོར་འདས་ཀྱི་ཤེས་རབ་ནུས་བཅུད་ཐམས་ཅད་བསྡུས་ཏེ་སྙིང་གའི་ཡི་གེའི་འཁོར་ལོར་ཞུགས་པས། ཡི་གེ་རྣམས་སླར་ལྡོག་པ་ལས་གྲོལ་ཏེ་ལུགས་བཞིན་འཁོད་པ་ལས་ཆེས་ཆེར་འབར་བའི་འོད་ཟེར་གྱིས་ལུས་ཐམས་ཅད་ཁྱབ་པས། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་བློ་གྲོས་ཀྱི་རྩལ་ཁ་རྒྱས་པར་བསམ་ལ་རྩེ་གཅིག་ཏུ་མཉམ་པར་ཞོག་ཅིག །ཅུང་ཟད་མཉམ་པར་འཇོག །དེ་ལྟར་བྱས་པས་རྟགས་ནི། ལུས་བདེ་ཞིང་སོགས་ཕེབས་རྟགས་བརྗོད་ཅིང་། དབང་དང་། ཆོ་གའི་རྗེས་བཅས་བྱའོ། །དེ་དག་གིས་ཤེས་རབ་རྒྱས་བྱེད་ཀྱི་སྐོར་དུ་བཞུགས་པའི་དབང་བསྐུར་བ་རྣམས་གྲུབ་བོ།། །། ༄། གསུམ་པ་ཡོན་ཏན་ཐམས་ཅད་ཀྱི་གཞི་བསོད་ནམས་དང་དཔལ་འབྱོར་ལོངས་སྤྱོད་སྙན་གྲགས་རྒྱས་པར་བྱེད་པའི་སྐོར་ལ། ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་དགོངས་གཏེར་རིག་འཛིན་སྲོག་སྒྲུབ་ཀྱི་ཚེ་གཡང་འགུགས་པའི་ཁུངས་ལ་བརྟེན་ནས་༧འཇམ་མགོན་བླ་མ་རྡོ་རྗེ་གཟི་བརྗིད་རྩལ་གྱིས་མན་ངག་གནད་ཀྱིས་གསལ་བར་མཛད་པ། གུ་རུ་རཏྣ་ཐོད་ཕྲེང་རྩལ་ལ་བསྟེན་པའི་ཚེ་གཡང་འགུགས་པའི་ཕྲིན་ལས་ཚེ་བསོད་འདོད་རྒུའི་དཔལ་སྟེར་གྱི་ཚེའི་རྗེས་གནང་གཡང་གཏད་བཅས་བགྱིད་པ་ལ་གསུམ་གྱི། དང་པོ་དབང་དོན་སྒྲུབ་པ་ནི། སངས་རྒྱས་བླ་མའི་རྩ་གསུམ་དྲིལ་སྒྲུབ་ཡང་གཏེར་རམ། ཐུགས་སྒྲུབ་ཡིད་བཞིན་ནོར་བུ་བསམ་པ་ལྷུན་གྲུབ་མ་གང་རུང་གི་དབང་གི་རྗེས་འབྲེལ་དུ་བསྐུར་བའམ། ཟུར་དུ་བྱེད་པ་གང་ལྟར་ཡང་། ༼ང༽རྩ་གསུམ་དྲིལ་སྒྲུབ་བཟླ། ༼ཐ༽བསམ་ལྷུན་ཕྲིན་ལས་རྒྱས་འབྲིང་གང་ཡིན་གྱི་བཟླས་པ་ཡན་ལག་དང་བཅས་པ་གྲུབ་མཚམས། ཕྲིན་ལས་ཚེ་བསོད་འདོད་རྒུའི་དཔལ་སྟེར་གྱི་བྱིན་རླབས་དང་མདུན་རྟེན་བསྐྱེད་པ་དང་བཟླས་པ་གྲུབ་ཀྱི་བར་གཞུང་གསལ་མཐར་ཆགས་སུ་གཏང་། བཟླས་པའི་སྐབས་རྩ་བསྙེན་དང་ཚེ་བསྙེན་བུངས་བསྐྱེད་པ་ཆ་སྙོམས་དང་། རྣམ་སྲས། ཛམ་ལྷ། ནོར་རྒྱུན་མ་རྣམས་ཀྱི་སྔགས་གང་ནུས་ལ། ནོར་ལྷ་སྤྱིའི་གཟུངས་ཉེར་གཅིག་སོགས་ཅི་འགྲུབ་མཐར། བཟླས་པའི་ཁ་སྐོང་དང་། གཏོར་འབུལ་རྗེས། བཀའ་སྲུང་གཏོར་བསྔོས། ཚོགས་བསྒྲལ་བསྟབ་ཀྱི་མཐའ་བར་གཏང་། དེ་ནས་གཞུང་གསལ་སོ་སོའི་དམིགས་གནད་བཅས་ཚེ་འགུགས་ཚེ་གཏའ་སྡོམ་པ་དང་། གཡང་འགུགས་བཅས་བཏང་མཐར། སྤྲོ་ན་བདག་འཇུག་དང་གཡང་གི་དངོས་གྲུབ་ལེན་ཆོག་བཞིན་བདག་དབང་བླངས་པའམ། སྤྱི་ཙམ་དུ་རིག་མེ་དོར། གང་ལྟར་ཡང་མཐར་གནང་བ་ཞུ། གཉིས་པ་དབང་དངོས་ལ། རྩ་གསུམ་དྲིལ་སྒྲུབ་དང་། བསམ་ལྷུན་རྒྱས་འབྲིང་བསྡུས་པ་ཚེ་དབང་སོགས་གང་རུང་བསྐུར་བ་དང་འབྲེལ་ན། མཐའི་ཤིས་བརྗོད་ཀྱི་གོང་དུ་སེམས་བསྐྱེད་གསལ་བཏབ་ནས་འཇུག །སྒེར་ཐུབ་བྱེད་ན། ལས་བུམ་འཁྱིལ་པའི་སྔགས་ཀྱིས་བསྒྲུབས་ནས་སློབ་མ་རྣམས་ལ་ཁྲུས་ཆབ་གཏང་། རྩ་གསུམ་དྲིལ་སྒྲུབ་བམ། ཡིད་བཞིན་ནོར་བུ་གང་རུང་ལྟར་ང་རྒྱལ་གཟུང་བ་ནས་མཚམས་གཅོད་གྲུབ་པའི་བར་གྱིས་བྱུར་བསལ་ཞིང་བཀའ་བསྒོ་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་ཟིན་ནས། འོ་ན། སྤྱིར་ནམ་མཁའི་མཐའ་མཉམ་གྱི་འགྲོ་བ་རྣམས་དང་། ཁྱད་པར་ཛམ་བུ་གླིང་པ་རྣམས་སྙིགས་ལྔའི་རྒུད་པས་གཙེས་ཏེ་ཚེ་ཐུང་ཞིང་ལོངས་སྤྱོད་ཉམས་པའི་དུཿཁ་ལས་སྐྱོབ་པའི་ཕྱིར། ཚེ་གཡང་སྤེལ་བའི་ཕྲིན་ལས་ལ་འཇུག་རུང་དངོས་གྲུབ་ཟབ་མོའི་དབང་བསྐུར་ནོད་པར་བགྱིའོ་སྙམ་པའི་ཐུགས་རིན་པོ་ཆེ་ལེགས་པར་བསྐྱེད་ནས་གསན་འཚལ། དེའང་ཐབས་ལ་མཁས་ཤིང་ཐུགས་རྗེ་ཕྲིན་ལས་ཚད་མེད་པའི་བདག་ཉིད། རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་སྐྱེ་རྒུ་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་ཉེར་འཚོའི་དཔྱིད་དུ་ཕྲིན་ལས་དུས་ལས་མི་ཡོལ་བས། ཉི་ཟླ་སྒྲོན་མེའི་སྣང་བ། གྲུ་ཟམ། འབབ་སྟེགས། ཐེམ་སྐས་ལ་སོགས་པ་ཚུན་གྱི་ཕན་དང་བདེ་བའི་རྒྱུར་མཆིས་སོ་ཅོག་ཀྱང་བདེ་བར་གཤེགས་པའི་ཐུགས་རྗེའི་ཆ་ཤས་ཁོ་ན་ལས་གཞན་མ་ཡིན་ཞིང་། ཁྱད་པར་སྐལ་བ་མཆོག་ལྡན་རྣམས་ཐམས་ཅད་མཁྱེན་པའི་སར་དཀྲི་བའི་ཐེག་པ་ཆེན་པོའི་ཆོས་ཚུལ་ཟབ་མོས། འཆི་བ་མེད་པའི་གནས་དང་ཀུན་ཏུ་བཟང་པོའི་རྒྱལ་སྲིད་ལ་འགོད་པར་མཛད་ཅིང་། དེ་ལས་བར་མར་གྱུར་པ་རྣམས་བསྐལ་པ་དུ་མའི་བར་དུ་བདེ་ལེགས་ཀྱི་ཚེ་དང་བདེ་འབྱོར་ལ་ངལ་འཚོ་བཞིན་པ་ནས་རིམ་གྱིས་བླ་ན་མེད་པའི་སར་དབུགས་འབྱིན་པའི་ཐུན་མོང་གི་ཐེག་པའི་སྒོ་དང་། ཤིན་ཏུ་དམན་པའི་རིས་ཅན་རྣམས་ཀྱང་གནས་སྐབས་ཕྲལ་རྐྱེན་ཉེར་འཚེའི་ཕྱོགས་ལས་སྐྱོབ་ཅིང་དུས་མིན་གྱི་འཆི་བའི་བར་ཆད་དང་། ལོངས་སྤྱོད་དབུལ་བའི་སྡུག་བསྔལ་ལས་འདོན་པའི་ཕྲིན་ལས་རྟག་ཁྱབ་ལྷུན་གྲུབ་ཏུ་སྣང་བཞིན་པ་ལས། ད་ལམ་གྱི་སྐབས་སུ་བབ་པ་འདི་ནི། པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་སློབ་དཔོན་ཆེན་པོ་བི་མ་ལའི་རྣམ་རོལ། བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག །རིག་འཛིན་གྲུབ་ཐོབ་གཏེར་འབྱིན་ཐམས་ཅད་ཀྱི་རྒྱལ་པོ། འཇམ་དཔལ་དབྱངས་དངོས་༧མཁྱེན་བརྩེའི་དབང་པོའམ་པདྨ་འོད་གསལ་མདོ་སྔགས་གླིང་པས། ཁྲག་འཐུང་ནམ་མཁའ་འཇིགས་མེད་ཀྱི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱོན་པ་རིག་འཛིན་སྲོག་སྒྲུབ་ཀྱི་ཚེ་འགུགས་འོད་ཀྱི་དྲྭ་བ་དང་། གཡང་འགུགས་མེ་ཏོག་ཆར་བསིལ་གཉིས་ཀྱི་མན་ངག་ལ་བརྟེན་པར་ཞལ་གྱིས་འཆེས་ནས། དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་བསྩལ་པ། ཨོ་རྒྱན་བླ་མ་ཡིད་བཞིན་ནོར་བུ་རཏྣ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་ལ་བརྟེན་ནས། མཐོ་རིས་སུ་སྐྱེས་པ་ཀུན་ལ་གཅེས་པའི་རིང་པོར་འཚོ་བའི་ཚེ་དང་། བདེ་སྐྱིད་ཀྱི་གཞི་མ་ལོངས་སྤྱོད་སྤེལ་བའི་ཆོ་ག་ཚེ་བསོད་འདོད་རྒུའི་དཔལ་སྟེར་དང་འབྲེལ་བའི་ཚེ་དང་གཡང་གི་དངོས་གྲུབ་ཀྱི་རྗེས་གནང་དམ་པ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན་བགྱིད་པ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་ཕུལ་དུ་བཅུག །བླ་མ་དང་གུ་རུ་རཏྣ་ཐོད་ཕྲེང་གཉིས་སུ་མེད་པའི་སྤྱན་སྔར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ། དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །འགྲོ་རྣམས་མ་ལུས་སྐྱོབ་པའི་མགོན་པོ་མཆོག །ཨོ་རྒྱན་བླ་མ་རཏྣ་ཐོང་ཕྲེང་རྩལ། །བདག་གི་ལུས་ངག་ཡིད་གསུམ་བྱིན་རློབས་ལ། །ཚེ་གཡང་འདོད་རྒུའི་དངོས་གྲུབ་བསྩལ་དུ་གསོལ། །ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ངོར། ཆོས་ལྡན་གྱི་སྐྱེས་བུའི་འཚོ་བ་དུས་རིང་དུ་བསྲིང་བའི་སླད། ཐོག་མར་ཚེའི་དངོས་གྲུབ་སྦྱིན་པའི་སྦྱོར་བ་ཚེ་བཅུད་བསྡུ་བ་ལ་དམིགས་པ་འདི་བཞིན་དུ་མཛོད། བདག་རྡོ་རྗེ་སློབ་དཔོན་དང་མདུན་རྟེན་རྣམས་ཡོངས་གྲུབ་གུ་རུ་རྒྱས་པའི་ལས་མཛད་ཚེ་དབང་རཏྣ་ཐོད་ཕྲེང་རྩལ་རིག་པ་གཞི་རྫོགས་ཡེ་ཤེས་ཀྱི་ཕྱག་རྒྱ་ཡེ་ཤར་དུ་བཞུགས་པ་དང་། ཁྱེད་རང་སློབ་མ་རྣམས་ཀྱང་ཨ་འཐས་གཟུང་འཛིན་གྱི་འཆིང་བ་བཅད་དེ། གཞིར་གནས་ཡེ་ཤེས་ཀྱི་ཕྱག་རྒྱ་གཞལ་ཡས་ཁང་དང་བཅས་པ་འདི་ལྟར་གསལ་ཐོབས་ཤིག །ཕྲིན་ལས་ཀྱི། ཨོཾ་མ་ཧཱ་ཤཱུནྱ་ཏཱ༴ སྟོང་གསལ་རང་རིག་འདུས་མ་བྱས་པའི་དབྱིངས། །འགག་མེད་སོགས་ནས། མ་ལུས་ལུས་པ་མེད་པས་ཡོངས་བསྐོར་བའི། །རྡོ་རྗེ་གསང་བའི་མཎྜལ་ཆེན་པོར་ཤར། །བར་གྱིས་གསལ་བཏབ། དེ་ལྟར་གསལ་བའི་ངང་ནས་ཉིད་རྣམ་པས་སློབ་དཔོན་ལ་གུས་འདུད་བྱས་པའི་རྐྱེན་གྱིས་བསྐུལ་པས། བདག་མདུན་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་སོགས་དམིགས་རིམ་ཕོག །ཚེ་མདའ་གཡབ་ལ་སྤོས་རོལ་བཅས་ཚེ་འགུགས་གྱེར་བའི། སྙིང་པོའི་ཚེ་མཆོག་བདག་ལ་ཞེས་པའི་མལ་དུ། འདི་ལ་ཞེས་བསྒྱུར། མཐར་སྔགས་བརྗོད་ཅིང་རོལ་མོ་བྱ། དེ་ལྟར་བྱས་པས་རྩ་གསུམ་རྒྱལ་བའི་བྱིན་རླབས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་ཞུགས་པའི་མཐུས། ལས་དང་རྐྱེན་ལས་གྱུར་པའི་ཚེ་ཡི་འགལ་རྐྱེན་སྦྱངས། ཟག་བཅས་ཀྱི་སྒོ་གསུམ་ཟག་བྲལ་རྡོ་རྗེ་གསུམ་ལྡན་གྱི་ཕྱག་རྒྱས་ཐེབས། ཨོ་རྒྱན་ཚེ་དཔག་མེད་རཏྣ་ཐོད་ཕྲེང་རྩལ་གྱི་གསང་བ་གསུམ་གྱི་རྣམ་པར་ལམ་གྱིས་གྱུར་པ་དེ་ཉིད་ལས་ནམ་ཡང་མི་འདའ་བར་བརྟན་པའི་སླད་དུ། དངོས་གཞི་ཚེའི་དངོས་གྲུབ་ཀྱི་དབང་རྣམས་བསྐུར་བའི་ཐོག་མར། ཚེའི་འབྲང་རྒྱས་འདི་ཉིད་ཕོ་བྲང་པདྨ་འོད་སྣོད་བཅུད་ཡོངས་རྫོགས་ཡེ་ཤེས་རྒྱན་གྱི་དཀྱིལ་འཁོར་དུ་གསལ་བས་སྤྱི་བོར་དབང་བསྐུར་བས། འགྱུར་མེད་སྐུ་ཡི་རྡོ་རྗེ་བུམ་པའི་དབང་དང་དངོས་གྲུབ་ཐོབ་པར་མོས། །ཚེའི་བདག་འཇུག་བཞིན། ཨ༔ སྐྱེ་འཆི་མེད་པ་སོགས་སྔགས་བཅས་ཀྱིས་ཚེ་འབྲང་སྤྱི་བོར་གཞག །ཤེས་རབ་དབྱིངས་ཀྱི་བྷནྡྷ་ཐབས་ཆེན་འཆི་མེད་ཀྱི་བདེ་རྒྱུན་ཐིག་ལེར་འཁྱིལ་པས་མགྲིན་པར་དབང་བསྐུར་ཞིང་བདུད་རྩི་མྱང་བས། འགག་མེད་གསུང་གི་རྡོ་རྗེ་གསང་བའི་དབང་དང་དངོས་གྲུབ་ཐོབ་པར་མོས། ཨ༔ སྟོང་པའི་དབྱིངས་ལས་སོགས་ཀྱིས་དབང་བསྐུར་ཞིང་ཚེ་ཆང་སྦྱིན། ཐབས་ཤེས་མཉམ་སྦྱོར་དྭངས་མའི་ཕུང་པོར་འབར་བའི་ཚེའི་རིལ་བུས་སྙིང་གར་དབང་བསྐུར་ཞིང་། ཚེ་ལྷའི་ངོ་བོར་གསལ་བ་ཁ་སྒོ་ནས་བྱོན་སྙིང་དབུས་མི་ཤིགས་པའི་ཐིག་ལེར་རོ་གཅིག་ཏུ་བཞུགས་པས། འཕོ་མེད་ཐུགས་ཀྱི་རྡོ་རྗེ་ཤེར་ཡེའི་དབང་དང་དངོས་གྲུབ་ཐོབ་པར་མོས། ཨ༔ མི་ཤིགས་ཐུགས་ཀྱི་སོགས་བརྗོད་བཞིན་ཚེ་རིལ་གྱི་དབང་བསྐུར་ཞིང་སྦྱིན། ཡོངས་རྫོགས་ཡེ་ཤེས་རྡོ་རྗེའི་རང་བཞིན་དཔལ་གྱི་གཏོར་མ་རང་སྣང་དག་པའི་དབྱིངས་ཀྱི་གཏོར་སྣོད་འཇའ་ཟེར་ཐིག་ལེའི་དྲྭ་གུར་པདྨོ་བཀོད་པའི་ཞིང་དུ། རིག་པ་རང་ཤར་ལྷུན་གྲུབ་ཨོ་རྒྱན་ཚེ་དབང་རཏྣ་ཐོད་ཕྲེང་རྩལ་རྩ་གསུམ་རྒྱ་མཚོའི་ཚོམ་བུ་དང་བཅས་པས་གནས་བཞིར་དབང་བསྐུར་བས། མཚན་རྟོག་གི་ཡུལ་ལས་འདས་པའི་འཆི་མེད་རྡོ་རྗེ་རིག་པ་རྩལ་གྱི་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་མོས། ཨ༔ བདེ་ཆེན་རྣམ་ཀུན་སོགས་བརྗོད་ཅིང་གཏོར་མ་རིན་ཆེན་འབར་བ་གནས་བཞིར་གཏུགས། དེ་ལྟར་ཚེ་དབང་གི་དངོས་གྲུབ་དམ་པ་བསྐུར་པས་ཟག་བཅས་ཀྱི་ལུས་ངག་ཡིད་གསུམ་ཆ་སྙོམས་དང་བཅས་པ་འཆི་མེད་རྡོ་རྗེའི་སྐུ་གསུང་ཐུགས་ཡེ་ཤེས་བདེ་བ་ཆེན་པོའི་དཔྱིད་དུ་སྨིན་པ། དེ་ཉིད་ལས་མི་འདའ་བའི་ཕྱིར་ཚེ་གཏའ་བསྡམ་པའམ་ཚེ་སྦ་ཞིང་རྒྱས་གདབ་པ་ནི། ཚེའི་མདའ་དར་གནས་བཞིར་རྒྱ་གྲམ་འབར་བའི་ཕྱག་རྒྱས་རེག་པས། རྡུལ་བྲལ་གཞོན་ནུ་བུམ་པ་སྐུ་རུ་རྒྱས་གདབ་པས་གཉུག་མའི་བཙན་ས་ཟིན་སྟེ། ཉེས་པའི་ཕྱོགས་གང་གིས་ཀྱང་མི་ཕྱེད་པར་རབ་ཏུ་བརྟན་པར་བསྒྲུབས་པའི་ངེས་ཤེས་སྐྱེད་མཛོད། ཧཱུྃ་ཧྲཱི༔ ཆོས་སྐུ་མི་འགྱུར་སོགས་ཚེ་འགུགས་མཐར་འབྱུང་བ་གྱེར་ཞིང་ཚེ་མདའ་གནས་བཞིར་རྒྱ་གྲམ་གྱི་ཚུལ་དུ་འཇོག །དེ་རྣམས་ཀྱིས་བྱང་ཆུབ་སྒྲུབ་ཅིང་ཆོས་ལྡན་གྱི་བྱ་བ་ལ་འཇུག་པའི་འགལ་རྐྱེན་ཚེའི་བར་ཆད་བསྲུང་ཞིང་། རིང་པོར་འཚོ་བའི་མཆོག་སྦྱིན་པའི་དངོས་གྲུབ་དམ་པའི་དབང་བསྐུར་གྲུབ་ནས། མཐུན་རྐྱེན་དཔལ་གྱི་འབྱོར་པ་སྤེལ་ཕྱིར་སྲིད་ཞིའི་ཕྱྭ་གཡང་འགུགས་པའི་ཆོ་ག་དང་འབྲེལ་བའི་དཔལ་གྱི་དངོས་གྲུབ་སྦྱིན་པའི་དབང་གི་སྦྱོར་བ་བཅུད་གཡང་འགུགས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སླར་ཡང་བདག་མདུན་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ཉི་མ་བྱེ་བའི་སོགས་གཡང་འགུགས་དམིགས་པ་ཕོག་ནས། གཡང་མདའ་གཡབ་ལ་གཡང་འགུགས་སྔགས་བཅས་གྱེར། མཐར་མེ་ཏོག་འཐོར་ཞིང་། ཡེ་དྷར་གྱིས་རབ་གནས་བྱ། དེ་ལྟར་བྱས་པས་སྲིད་ཞིའི་ཕྱྭ་གཡང་དྭངས་བཅུད་འུབ་ཀྱིས་བསྡུས་པ། སྒྲུབ་རྫས་དང་ཁྱེད་རང་རྣམས་ལ་བསྟིམས་ཤིང་། མི་འགྱུར་བར་རབ་ཏུ་གནས་པས་བརྟན་པར་བསྒྲུབས་ནས། དངོས་གཞིའི་དངོས་གྲུབ་གཡང་གི་ནོར་བུ་གཏད་ཅིང་དབང་སྦྱིན་པ་ནི། གཏེར་གྱི་བུམ་པ་སྣོད་བཅུད་ཡོངས་རྫོགས་དཔལ་ལྡན་ནོར་བུ་པདྨོ་དྲྭ་བ་བཀོད་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ། བདེ་བར་གཤེགས་པའི་བྱིན་རླབས་རྡོ་རྗེ་ནོར་བུ་རིན་ཆེན་དགོས་འདོད་དབྱིག་གི་འོད་ཟེར་བདུད་རྩིའི་ཆར་ཆེན་འབེབ་བཞིན་པ་འདི་ཉིད། སྤྱི་བོ་ལ་སོགས་པའི་གནས་གསུམ་དུ་སྤྱན་དྲངས་ཤིང་དབང་བསྐུར་བས། སངས་རྒྱས་བསོད་ནམས་ཆེན་པོའི་ཕྲིན་ལས་ཀྱིས། ཁྱེད་རང་རྣམས་ཀྱི་ཚེ་རབས་སྔོན་དང་ད་ལྟར་བསགས་པའི་དབུལ་ཕོངས་ཀྱི་སྡུག་བསྔལ་རྒྱུ་འབྲས་བག་ཆགས་དང་བཅས་པ་སྦྱངས། འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པ་བུམ་བཟང་དཔག་བསམ་དབང་པོ་དང་། འཛད་པ་མེད་པ་ནམ་མཁའི་མཛོད། འགྱུར་བ་མེད་པ་བདེ་བར་གཤེགས་པའི་བསོད་ནམས་ཆེན་པོའི་མཐུ་དཔལ་རྣམས་བསྩལ་ཞིང་ཐོབ་པས། ལྷ་དང་གཉིས་སུ་མེད་པའི་རྡོ་རྗེ་གསུམ་དུ་གྲུབ། སྲིད་ཞིའི་དཔལ་གཡང་ལོངས་སྤྱོད་ཐམས་ཅད་ཀྱི་དབང་ཕྱུག་རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཕྲིན་ལས་རྒྱ་མཚོ་ལ་དབང་འབྱོར་བའི་དངོས་གྲུབ་དང་བྱིན་དབང་མ་ལུས་པ་རྩལ་སྤྲུགས་སུ་ཐོབ་པར་མོས། གཏེར་བུམ་མམ་གཡང་བཤོས་ཀྱིས་གནས་གསུམ་དུ་གཏུགས་ཤིང་། ཧཱུྃ། བདེ་མཆོག་བདེ་སྤྱོད་སོགས་གཡང་གི་དངོས་གྲུབ་ལེན་ཆོག་སྔགས་བཅས་གྱེར། དེ་ལྟར་བྱས་པས་གུ་རུ་བདེ་བ་ཆེན་པོ་རཏྣ་ཐོད་ཕྲེང་རྩལ་རྩ་གསུམ་ནོར་ལྷ་རབ་འབྱམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སྐྱེ་རྒུའི་རེ་བ་སྐོང་བའི་དབང་དང་དངོས་གྲུབ་རྫོགས་པར་ཐོབ་པ་དེ་ཉིད་འཕེལ་རྒྱས་བརྟན་པའི་སླད་དུ། གཡང་གི་བདུད་རྩི་དང་བཀྲ་ཤིས་དཔལ་གྱི་ཕྱེ་མར་གྱིས་ཞལ་སྲོས། ཕྱོགས་བཅུའི་དཀོན་མཆོག་རྩ་གསུམ་ནོར་ལྷ་རབ་འབྱམས་རྣམས་མདུན་གྱི་ནམ་མཁར་བྱོན་པ་དང་། སློབ་དཔོན་དགོངས་པ་གཅིག་དང་དབྱངས་གཅིག་པས་བཀྲ་ཤིས་རྟགས་ཀྱི་མེ་ཏོག་ཆར་དུ་བསྙིལ་ཞིང་། བདེན་ཚིག་རྡོ་རྗེའི་སྒྲ་དབྱངས་ལྡིར་བས། ཚེ་གཡང་དགེ་ལེགས་ཀྱི་འབྱོར་པ་འཕེལ་རྒྱས་བརྟན་པར་བསྒྲུབས་པར་མོས། ཕུན་སུམ་ཚོགས་པ་སོགས་ཞལ་ནས་གསུངས་པ་དང་། ལས་གཞུང་གི་བཀྲ་ཤིས། འབད་དང་རྩོལ་བས་སོགས། འཆི་མེད་ཚེ་ཡི་དཔལ་སོགས། ཉིན་མོ་བདེ་ལེགས་སོགས་བརྗོད་ཅིང་ཕྱེ་མར་སོགས་སྦྱིན། མེ་ཏོག་ཆར་བསྙིལ་རོལ་མོ་བསྒྲག །འོ། དེ་རྣམས་ཀྱི་ཚེ་གཡང་ཁ་སྤྲོད་དང་འབྲེལ་བའི་ཚེའི་དབང་དང་། དཔལ་གྱི་ཕྱྭ་གཡང་འགུགས་ཤིང་སྤེལ་བའི་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་པས། དེའི་དམ་ཚིག་རྡོ་རྗེ་ཐེག་པའི་གཞུང་ནས་འབྱུང་བའི་སྤང་བླང་སྤྱི་དང་། ཚེ་དང་ལོངས་སྤྱོད་སྤེལ་བའི་མི་མཐུན་ཕྱོགས་སྤང་ཞིང་། མཐུན་ཕྱོགས་ཀྱི་ཚོགས་གཉིས་སྤེལ་བ་ལ་བརྩོན་པར་མཛོད་ཅིག །རྩ་དབང་དང་འབྲེལ་ན་དེའི་དབང་རྗེས་རྣམས་འདི་ན་བྱ། མི་འབྲེལ་ན། དེ་ལས་བྱུང་བའི་ལེགས་བྱས་ཀྱི་དགེ་བ་ཅི་མཆིས་པ་རྣམས་ཡོངས་བསྔོའི་རྒྱས་འདེབས་ཀྱང་ཆབས་ཅིག་ཏུ་མཛོད། བསོད་ནམས་འདི་ཡིས་སོགས་བརྗོད་པས་གྲུབ། གསུམ་པ་རྗེས་རིམ་ནི། ཆོ་གའི་གཞུང་གང་ཡིན་གྱི་ཚོགས་ལ་རོལ། ལྷག་མ་ནས་གཟུང་མཐར་ཆགས་སུ་གཏང་ཞིང་། རྗེས་ཀྱི་མཆོད་བསྟོད་མཐར། ཧཱུྃ། བདེ་མཆོག་བདེ་སྤྱོད་སོགས་ཀྱིས་ཚེ་གཡང་གཉིས་ཀའི་དངོས་གྲུབ་སྟབས་གཅིག་ཏུ་སོ་སོའི་རྫས་ཀྱི་དབང་བླང་། ནོངས་བཤགས། བརྟན་བཞུགས། བསྡུ་ལྡང་། བསྔོ་སྨོན། བཀྲ་ཤིས་བཅས་མཐའ་རྒྱས་སུ་སྤེལ་བས་གྲུབ་བོ།། །། ༈ ཟུར་མཁར་དྲི་མེད་གླིང་པའི་ཐུགས་སྒྲུབ་ཡོན་ཏན་ཀུན་འབྱུང་གི་གསང་སྒྲུབ་པདྨ་རྒྱལ་པོ་ཛམ་བྷ་ལའི་དབང་གི་ཆོག་སྒྲིག་འདོད་རྒུའི་གཏེར་བུམ་ལྟར་དབང་སྒྲུབ་སྐབས། ཐོག་མར་བརྒྱུད་འདེབས་སྦྱར་ཞིང་། ལས་བྱང་གི་ཛཔ྄་བསྐུལ་རྗེས། བཟླས་དམིགས་ནི། བསྙེན་ཡིག་ཡིད་བཞིན་དབང་རྒྱལ་ལས། བདག་མདུན་ཛཾ་ལ་གཙོ་བོའི་སོགས་ནས། ཀྱི་ལི་ལི་འཁོར་བར་གྱུར། ཅེས་གཞི་བསྒྲུབས་ལ། བདག་གི་ཐུགས་ཀའི་སོགས་གཟི་བྱིན་བསྐྱེད་པའི་དམིགས་གནད་བཅས་བསྙེན་སྔགས་བརྒྱ་རྩ་ལས་མི་ཉུང་བ་བཟླ། བདག་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་སོགས་ཕྱྭ་གཡང་སྡུད་པའི་དམིགས་པ་གསལ་བཏབ་ནས་སྒྲུབ་སྔགས་ལྔ་བཅུ་ཉུང་མཐའ་བྱས་པ་བཟླ། ཡང་འོད་ཟེར་སྦུབས་ཅན་སྨྱུག་མ་ལྟ་བུ་སོགས་ལས་སྦྱོར་དམིགས་པ་གསལ་ཞིང་ལས་སྔགས་དང་འཁོར་སྔགས་ཉེར་གཅིག་ལས་མི་དམན་པས་མཚོན། བསྙེན་སྒྲུབ་ལས་གསུམ་གྱི་སྔགས་ཅི་འགྲུབ་བཟླས་མཐར། སྟོང་ཚིགས་སོགས་གཞུང་གསལ་དང་། བསམ་ལྷུན་གསོལ་འདེབས་རྗེས། ཟུར་གསལ་ལྟར་བསེ་རག་བརྫངས་ནས་སྲུང་འཁོར་བསྒོམ། གཡང་འགུགས་དམིགས་པ་ནི། བདག་བསྐྱེད་ཐུགས་རྗེའི་འོད་ཟེར་གྱིས༔ མདུན་བསྐྱེད་སོགས་བསྙེན་ཡིག་ལྟར་གསལ་ལ། ལས་བྱང་འོག་གི་གཡང་འགུགས་གྱེར། ཁྲུས་སྒྲུབ་མ་རིག་མུན་སེལ་བཞིན་ལས་བུམ་བསྒྲུབ་པར་བཤད་ཀྱང་། འདིར་དཔེ་མ་བཞུགས་པས། སྤྱི་འགྲོའི་འཁྱིལ་པས་བསྒྲུབ། བཀའ་གཏེར་སྲུང་མ་སྤྱི་དང་། བྱེ་བྲག་གཏེར་སྲུང་སྤུ་གྲི་མཆེད་གསུམ་གྱི་རྒྱུན་གྱི་ཕྲིན་ལས་ཟུར་གསལ་སྦྱར། ལས་བྱང་གི་ཚོགས་བྱིན་བརླབ་ནས་བསྐང་བཤགས་མཐའ་བར་གཏང་། ལས་བྱང་འོག་གི་ཐུགས་དམ་བསྐུལ་བའང་གྱེར། བདག་འཇུག་ལེན་པའམ། མི་ནུས་ན་རིག་པའི་མེ་ཏོག་དོར། གང་ལྟར་ཡང་གནང་བ་ནོད། དབང་དངོས་མཐར་ཆགས་སུ་བསྐུར་ནས། ཆོ་གའི་རྗེས་ཚོགས་ལ་རོལ་ནས། ལྷག་མ་ཕྱིན་བཏང་ལ། ནོངས་བཤགས་རྗེས། རྟེན་འཛུག་དང་གཡང་གཏའ་བསྡམ་པ་དགོས་མིན་གང་ལྟར་ཡང་། བརྟན་བཞུགས་བྱ། བདག་བསྐྱེད་བསྡུ་ལྡང་སོགས་མཐར་ཆགས་སུ་བྱའོ།། །། ༈ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་ནོར་ལྷ་སྐྱེས་མཆོག་ཚུལ་བཟང་གི་དབང་ཆོག་ནོར་བུའི་ཆུན་པོ་ལྟར་དབང་སྒྲུབ། བསེ་རག་བཀར་བ་སྔོན་འགྲོས་དབང་དངོས་གཞི། རྗེས་རིམ་བཅས་བྱའོ།། །། ༈ རིག་འཛིན་ཆོས་རྒྱལ་རྡོ་རྗེའི་ས་གནམ་དགོངས་གཏེར་ཟུང་འཇུག་ཨོ་རྒྱན་ཛཾ་དཀར་མཁའ་འགྲོ་ནོར་ལྷའི་དབང་དོན་སྒྲུབ་པ་ནི། ཚིག་བདུན་སོགས་གསོལ་འདེབས་སྔོན་འགྲོས། ཟུར་རྒྱན་ལྡེབ་བྱང་ལྟར་སྐྱབས་ཡུལ་གསལ་བཏབ་ནས། སྐྱབས་ཡུལ་རྣམས་རང་ལ་ཐིམ་པར་མོས། གཏེར་གཞུང་སྒྲུབ་ཐབས་འདོད་རྒུའི་དངོས་གྲུབ་ཆར་འབེབ་བཞིན། གཞི་བགེགས་ལ་གཏོར་མ་བསྔོ་བ་ནས་བརྩམ། བསང་གི་མཐར། མཆོད་རྫས་རྣམས། རཾ་ཡཾ་ཁཾ་གིས་བསང་སྦྱང་། རྣམ་དག་ཆོས་དབྱིངས་སོགས་ཀྱིས་བརླབས། ཨོཾ་ཤཱུནྱ་ཏཱ་སོགས་བདག་དང་མདུན་གྱི་དཀྱིལ་འཁོར་བསྐྱེད་པ་ནས། བསྟོད་པའི་རྗེས། བདག་མདུན་གྱི་བསྙེན་བཟླས་སོ་སོར་གཙོ་འཁོར་རྣམ་པ་ཕྱེད་པར་བཟླས་ནས་སྟོང་ཚིགས་ཀྱི་མཆོད་བསྟོད་འབུལ། གཡང་འགུགས་གྱེར། འདོད་རྒུ་ཀུན་འབྱུང་འགྲོ་ཕན་རྒྱ་མཚོ་བཞིན་ཚོགས་བྱིན་བརླབ་ནས་བསྟབ་པའི་མཐའ་བར་འབུལ། གཏེར་གཞུང་གི་དབང་ལེན་བྱས་མཐར་གནང་བ་ནོད། དབང་དངོས་ལ། འོ། མ་གྱུར་ནམ་མཁའི་མཐས་གཏུག་པའི་སེམས་ཅན་ཐམས་ཅད་རྒྱུ་འདོད་ཆགས་ལ་བརྟེན་པའི་ཕྱིན་ཅི་ལོག་གི་ལྟ་སྤྱོད་ཀྱིས་བསྐྱེད་པའི་འབྲས་བུ་དབུལ་བའི་དུཿཁ་ལས་བསྒྲལ་བའི་ཕྱིར། ནོར་གྱི་བདག་པོ་བསྒྲུབ་པའི་ཐོག་མར་སྨིན་དབང་ཞུ་བར་བགྱིའོ་སྙམ་པའི་སེམས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེའང་ཕྱོགས་དུས་ཀྱི་རྒྱལ་བ་ཀུན་ལས་ལྷག་པའི་བཀའ་དྲིན་ཅན་རིགས་འདུས་མ་ཧཱ་གུ་རུ་པདྨ་སམྦྷ་ཝས་འཛམ་གླིང་སྤྱི་དང་། ཁྱད་པར་གངས་ཅན་ལྗོངས་ཀྱི་སྐྱེ་རྒུ་ཡོངས་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་རླབས་པོ་ཆེ་སྤེལ་བའི་ཐབས་མཐའ་ཡས་པར་བསྩལ་པ་རྣམས། ཕྱི་རབས་ཀྱི་དོན་ལ་དགོངས་ཏེ་ཕལ་ཆེར་ཟབ་མོའི་གཏེར་དུ་སྦས་ཤིང་། དུས་བབ་འགྲོ་འདུལ་གྱི་སྐྱེས་མཆོག་རིམ་པས་གཏེར་ཞལ་དབྱེ་བར་མཛད་པ་ལས། འདིར་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་འགྲོ་བ་དབུལ་བའི་སྡུག་བསྔལ་གྱིས་མནར་པ་རྣམས་ལ་ཚད་མེད་པའི་ཐུགས་རྗེའི་སྒྱུ་འཕྲུལ་ལས་བཞེངས་པ། འཕགས་པ་ཛམྦྷ་ལ་དཀར་པོ་དང་ཨོ་རྒྱན་བླ་མ་དབྱེར་མེད་དུ་བསྒྲུབ་པའི་མན་ངག །ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་སྒོ་ནས་ཚེ་གཡང་སྒྲུབ་པའི་ཐབས་དང་འབྲེལ་བ་སྟེ། འདི་ནི་ལྷ་སྲས་ཐ་ཆུང་མུ་ཁྲི་བཙན་པོའི་རྣམ་འཕྲུལ་རིག་འཛིན་ཆོས་རྒྱལ་རྡོ་རྗེ་དེ་ཉིད་གཉན་རྫོང་རྡོ་རྗེ་ཁྱུང་ཕུག་ཏུ་ཐུགས་དམ་ལ་བཞུགས་པའི་སྐབས་ཤིག་ཏུ། མཁའ་འགྲོ་བདེ་ཆེན་རྒྱལ་མོས་དེའི་བྲག་ནས་གཏེར་སྒྲོམ་ལས་ཤོག་སེར་ཕྱུང་སྟེ། སྤྱན་ལམ་དུ་བསྟན་ཅིང་ཤོག་སེར་གྱི་བརྡ་འགྲོལ་བར་མཛད་པ་དུས་བབས་ལུང་བྱང་དང་བསྟུན་ནས་གཏན་ལ་ཕབ་པ། ས་གནམ་དགོངས་གཏེར་ཟུང་འཇུག་གི་ཚུལ་དུ་བྱོན་པ་སྟེ། གཞུང་ལས། བཅོམ་ལྡན་སྙིང་རྗེའི་གཏེར་ཆེན་སྤྱན་རས་གཟིགས༔ སོགས་གཏེར་གཞུང་དབུ་ནས་འབྱུང་བ་བཞིན། གནས་དུས་རྟེན་འབྲེལ་འཛོམས་དུས་ཡི་གེར་ཐོབས༔ ཞེས་དང་། གཏེར་ཤོག་མ་ཕྱི་མཁའ་འགྲོས་དངོས་སུ་སྟོན༔ སོགས་གཏེར་གཞུང་མཇུག་ཏུ་འབྱུང་བ་བཞིན། དེས་ན་བརྒྱུད་པ་གསུམ་ལྡན་བྱིན་རླབས་ཆེ༔ ཞེས་སོགས་བསྔགས་པར་མཛད་པ་དེ་ཉིད་ཀྱི་བྱིན་རླབས་གཏོར་མའི་དབང་བསྐུར་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་པ་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདེ་གཤེགས་ཀུན་འདུས་རིག་འཛིན་དགོངས། །སྐུ་གསུམ་བླ་མ་ཚེ་ཡི་བདག །ཨོ་རྒྱན་མཁའ་འགྲོ་ནོར་ལྷ་ཡི། །དངོས་གྲུབ་དབང་བསྐུར་བསྩལ་དུ་གསོལ། །ལན་གསུམ། རྒྱུད་སྦྱོང་བའི་སླད་དུ། ཨོ་རྒྱན་མཁའ་འགྲོ་ནོར་ལྷ་ཛཾ་བྷ་ལ་དཀར་པོ་གཙོ་བོར་གྱུར་པའི་ཞིང་མཆོག་མཁའ་ཁྱབ་ཏུ་བཞུགས་པའི་སྤྱན་སྔར། སྐྱབས་སུ་འགྲོ་བ་སོགས་བདུན་རྣམ་དག་གི་དོན་དྲན་པས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་སོགས་ལན་གསུམ། དབང་གི་གཞི་དགོད་པའི་ཐོག་མར་བདག་རྡོ་རྗེ་སློབ་དཔོན་ཡང་ཐ་མལ་པ་འདི་ལྟ་བུ་མ་ཡིན་པར། ཨོ་རྒྱན་བླ་མ་གཙོ་འཁོར་གྱི་སྐུ་འདི་ལྟར་དུ་བཞུགས་ཡོད་སྙམ་པའི་ངེས་ཤེས་བསྐྱེད་ཅིང་། ཁྱེད་རང་སློབ་མ་རྣམས་ཀྱང་མ་ཧཱ་གུ་རུའི་གསལ་སྣང་བརྗོད་ཚིག་དང་མཐུན་པར་བསྒོམ་འཚལ། བདག་ཉིད་པདྨ་འབྱུང་གནས་སྐུ༔ སོགས་བདག་བསྐྱེད་བཞིན། སྣང་སྟོང་གཟི་བྱིན་འབར་བར་བསྐྱེད༔ དེ་ནས་མདུན་དུ་བསྐྱེད་པའི་དཀྱིལ་འཁོར་པ་ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་སྐུ་རྟེན་དང་བརྟེན་པར་བཅས་པ་འདི་ལྟར་གསལ་ཐོབས་ཤིག །ཧཱུྃ་ཧྲཱི༔ རང་མདུན་གསེར་གྱི་སོགས་མདུན་བསྐྱེད་བཞིན། ཕྱོགས་བཞིར་ཛམ་ལྷ་རིགས་བཞི་གསལ༔ བར་གྱིས་གསལ་བཏབ། དེ་ལྟར་བསྐྱེད་པའི་དཔོན་སློབ་མདུན་བསྐྱེད་དང་བཅས་པའི་གནས་གསུམ་སྐུ་གསུང་ཐུགས་རྡོ་རྗེའི་ཡི་གེ་གསལ་བ་ལས་འོད་འཕྲོས། མཁའ་ཁྱབ་ཀྱི་ཞིང་ན་བཞུགས་པའི་རྩ་གསུམ་ཐམས་ཅད་ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་རྒྱན་འཁོར་རྣམ་ལྔའི་ཕྱག་རྒྱར་སད་པ་སྤྲིན་ཕུང་གཏིབས་པ་བཞིན་དུ་བྱོན། ཁྱེད་རང་རྣམས་ལ་ཐིམ་པས་ལྷ་དང་གཉིས་སུ་མེད་པར་བྱིན་བརླབ། མདུན་བསྐྱེད་ལ་ཐིམ་པས་ཐུགས་རྗེའི་གཟི་བྱིན་ལྷག་པར་འབར་བར་སྒོམས། བྱས་ལ་སྤོས་རོལ་དབྱངས་ཀྱིས་ཡེ་ཤེས་པ་སྤྱན་འདྲེན་ལ་བསྟིམ། སྤྱི་ལྟར་བརྟན། དངོས་གཞིའི་དབང་གི་ཐོག་མར་འཁོར་འདས་ཀྱི་ཕྱྭ་གཡང་འགུགས་ཤིང་རྒྱལ་བའི་བྱིན་ནུས་བསྡུ་བ་ནི། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་ཕོ་ཉའི་ཚོགས་གྲངས་མེད་པ་འཕྲོས། སྲིད་ཞིའི་ཚེ་གཡང་ལེགས་པའི་དཔལ་འབྱོར་དང་རྒྱལ་བ་རབ་འབྱམས་ཀྱི་བྱིན་རླབས་ནུས་སྟོབས་ཐམས་ཅད་འོད་ཟེར་ཐིག་ལེ། བཀྲ་ཤིས་རྫས་རྟགས། ལྷ་ཀླུ་མིའི་ནོར་བུ། འཆི་མེད་གྲུབ་པའི་རྫས་ལ་སོགས་པའི་རྣམ་པར་བསྡུས་ནས། སྒྲུབ་རྫས་དང་སློབ་མ་ལ་ཐིམ་པས་འདོད་རྒུའི་དཔལ་འབྱོར་ཕུན་སུམ་ཚོགས་པ་རབ་ཏུ་རྒྱས་པར་མོས། མདའ་དར་གཡབ་ཅིང་། ཧཱུྃ་ཧྲཱི༔ བདེ་བ་ཅན་གྱི་ཞིང་ཁམས་ན༔ སྡུག་བསྔལ་སྒྲ་ཡང་སོགས་གཡང་འགུགས་གྱེར། བྱིན་རླབས་ཡོངས་རྫོགས་གཏོར་མ་ལ་བརྟེན་པའི་དོན་དབང་ནོར་བུའི་ལུགས་སུ་བསྐུར་བ་ནི། གཏོར་སྣོད་འོག་མིན་དཔལ་ལྡན་བཀོད་པའི་ཞིང་གི་བཀོད་པ་འབྱམས་ཀླས་པའི་དབུས་སུ་གཏོར་མ་ཨོ་རྒྱན་མཁའ་འགྲོ་ནོར་ལྷ་རྩ་གསུམ་རབ་འབྱམས་གཏེར་བདག་དང་བཅས་པའི་ལྷ་ཚོགས། མཆོག་ཐུན་དངོས་གྲུབ་སྩོལ་བ་ལ་དགྱེས་པའི་མདངས་དང་གཟི་བྱིན་འབར་བཞིན་བཞུགས་པ་སློབ་བུའི་སྤྱི་བོར་སྤྱན་དྲངས་པ་དང་ལྷན་ཅིག །ལྷ་ཚོགས་རྣམས་ཀྱི་གནས་བཞི་ནས་བདུད་རྩིའི་ཆུ་རྒྱུན་དཀར་དམར་མཐིང་ག་སྣ་ཚོགས་པའི་མདངས་ཅན་དང་བཅས། བ་སྤུའི་བུ་གའི་མཐར་ཐུག་པའི་སྐུའི་ཆ་རྣམས་ནས་དངོས་གྲུབ་ཚེ་གཡང་དཔལ་འབྱོར་ནོར་བུའི་གྲུ་ཆར་བབས་པ། ཁྱེད་རང་རྣམས་ཀྱི་གནས་བཞིར་ཐིམ་པས་སྐུ་གསུང་ཐུགས་མཆོག་གི་ཚེ་དབང་དངོས་གྲུབ་མ་ལུས་པ་ཡོངས་སུ་རྫོགས་པ་རྩལ་སྤྲུགས་སུ་ཐོབ་པར་མོས། ཨོཾ་ཨཱཿཧཱུྃ༔ སྐུ་གསུམ་བླ་མ་སོགས་གཞུང་གསལ་དངོས་གྲུབ་བླང་དབང་དང་། རྩ་སྔགས་ལ། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱིཿ ཞེས་གནས་བཞིར་བསྐུར། འཆི་མེད་ཀྱི་དྭངས་བཅུད་འདུས་པའི་ཐབས་ཤེས་ཀྱི་རྫས་དང་གཡང་རྫས་རྣམས་ཕྱག་ཏུ་གཏད་པས། སྐུ་གསུམ་བླ་མ་ནོར་ལྷའི་བྱིན་རླབས་ཚེ་དབང་མཆོག་གི་དཔལ་དང་འབྱོར་པའི་དངོས་གྲུབ་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་དུ་ཐོབ་ཅིང་། རྒྱས་པའི་ཕྲིན་ལས་རྒྱ་མཚོ་ཐོགས་མེད་དུ་མ་བྱས་ཡེ་རྫོགས་ལྷུན་གྱིས་གྲུབ་པའི་ཁྱབ་གདལ་ཀློང་ཡངས་ཆེན་པོའི་དགོངས་པའི་ནུས་པ་དང་ལྡན་པར་མོས། ཧཱུྃ་ཧྲཱི༔ སྐུ་གསུམ་བླ་མ་ཚེ་ཡི་སོགས། སླར་ནམ་མཁའ་གང་བའི་རྩ་གསུམ་ནོར་ལྷའི་ཚོགས་ཀྱིས་བཀྲ་ཤིས་ཀྱི་དབྱངས་སུ་ལྡིར་ཞིང་། དགེ་ལེགས་ནོར་བུའི་གྲུ་ཆར་བསྙིལ་བར་མོས། ཨོཾ་ཨཱཿཧཱུྃ༔ སྐྱེ་འགག་གནས་གསུམ་སོགས་ཤིས་པ་བརྗོད། དེ་ལྟར་དབང་བསྐུར་ཐོབ་པའི་དམ་ཚིག་གི་རིམ་པ་སྤྱི་དང་། བྱེ་བྲག་འཁོར་འདས་གཉིས་འཛིན་ཐེ་ཚོམ་གྱི་རྟོག་པས་མ་བཅིངས་པར་ཡེ་མཉམ་གདལ་བ་ཆེན་པོར་ལྷུན་གྱིས་རྫོགས་པའི་ལྟ་བའི་རྩིས་ཟིན་པས་དཀོན་མཆོག་མཆོད་ཅིང་། གཏན་པ་མེད་པའི་མཆོད་སྦྱིན་ལ་སོགས་ཚོགས་གཉིས་སྤེལ་པའི་ཐབས་ལ་བརྩོན་དགོས་པས། དེ་བཞིན་བགྱི་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་བྱའོ། །ཆོ་གའི་རྗེས། ཚོགས་ལ་རོལ་ཞིང་ལྷག་མ་ནས་རྟ་བྲོ་བར་དང་། མཆོད་བསྟོད། ནོངས་བཤགས། བརྟན་བཞུགས། བསྡུ་ལྡང་། བཀྲ་ཤིས་བསྔོ་སྨོན་བཅས་གཏེར་གཞུང་དང་སྤྱི་ཁྱབ་ལྟར་སྦྱར་བས་གྲུབ་བོ།། །། ༈ གྲྭ་པ་མངོན་ཤེས་དབང་ཕྱུག་འབར་གྱི་ཛམ་དམར་༼འདོད་བུམ། 751༽ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ བལ་པོ་ཨ་ཧཱུྃ་འབར་གྱི་ཟབ་གཏེར་སླར་༧ཀུན་གཟིགས་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡང་གཏེར་དུ་བྱོན་པ་རྡོ་རྗེའི་ནོར་ལྷ་ཡཀྵ་ཛཾ་བྷ་ལ་ཆེན་པོའི་སྲོག་དབང་བསྐུར་བའི་ཆོ་ག་རིན་ཆེན་ཆུ་འཛིན་ལྟར་དབང་སྒྲུབ། དབང་དངོས་དམ་ཚིག་རྒྱས་བཤད་དང་འབྲེལ་བ། རྗེས་རིམ་བཅས་བྱའོ།། །། ༼འདིར་མཁྱེན་བརྩེའི་ས་གཏེར་རྩ་གསུམ་སྒྱུ་དྲྭའི་བཅོམ་ལྡན་འདས་མ་ནོར་རྒྱུན་ཡབ་ཡུམ་གྱི་ཆོས་སྐོར་དང་། དབང་སོགས་ཆོག་སྒྲིག་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་གསུང་ཅན་ཡོད།མཆན།༽ ༈ བྱང་གཏེར་ནོར་ལྷ་ཡོངས་རྫོགས་ཀྱི་དབང་དང་རྗེས་གནང་གི་ཆོ་ག་རཏྣའི་རྒྱན་ཕྲེང་གི་དབང་སྒྲུབ་ཀྱི་བདག་བསྐྱེད་༼བ༽རང་ཤར་སྔགས་ཕྲིན་བཏང་ནས་མདུན་བསྐྱེད་དབང་ཆོག་བཞིན་སྒྲུབ། དངོས་གཞིའི་དབང་དང་རྗེས་གནང་གཉིས་སྦྲེལ་ཏེ་བསྐུར་བའི་ལུགས་དབང་ཆོག་གི་རྗེས་གནང་གྲུབ་སྐབས་གསུངས་པ་བཞིན་བྱ་ཞིང་། ཆོ་གའི་རྗེས་དབང་ཆོག་བཞིན་ནོ།། །། ༈ ཀློང་གསལ་རྡོ་རྗེ་སྙིང་པོའི་ཆོས་སྡེའི་ཛམ་སེར་གྱི་དབང་དོན་སྒྲུབ་པ་ལ། བསྙེན་སྒྲུབ་ཀྱི་ཆོ་ག་འདོད་འཇོའི་སྙིང་པོ་བཞིན་བདག་མདུན་སོ་སོར་བསྐྱེད་བཟླས་དང་། བུམ་པ་སྤྱི་ལྟར་གསལ་བཏབ་སྟེ་བསྙེན་བཟླས་བརྒྱ་རྩ་འོད་ཞུ་བཅས་བྱ། མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་གིས་ལྷག་ཆད་ཁ་བསྐང་ཞིང་སྟོང་ཚིགས་ཀྱི་མཆོད་བསྟོད་འབུལ། དབང་དངོས་ལ། ནམ་མཁའ་དང་མཉམ་པའི་ཡིད་ཅན་ཐམས་ཅད་འདི་དང་གཏན་གྱི་དབུལ་བ་སེལ་ཕྱིར་འཕགས་པ་ཛཾ་བྷ་ལ་བསྒྲུབ་པའི་ཐོག་མར་སྣོད་རུང་གི་དབང་བསྐུར་ཞུ་སྙམ་པའི་ཐུགས་བསྐྱེད་ནས་གསན་འཚལ། དེ་ལྟ་བུའི་ཐབས་ཚུལ་ལའང་རྒྱལ་བས་གསར་རྙིང་རྒྱུད་སྡེ་གོང་འོག་རྣམས་སུ་རྒྱ་ཆེར་གསུངས་པ་ལས། སྐབས་སུ་བབ་པ་འདི་ནི་རིག་འཛིན་ཆེན་པོ་ཀློང་གསལ་སྙིང་པོས་ཁེ་མི་འགྱུར་རྡོ་རྗེའི་སྒྲོམ་ནས་སྤྱན་དྲངས་པའི་ཟབ་གཏེར་རྩ་གསུམ་རྡོ་རྗེ་སྙིང་པོའི་ཆོས་སྡེ་ལས་བྱོན་པ། འཕགས་པ་ཛམྦྷ་ལ་སེར་པོའི་རྣལ་འབྱོར་ལ་བརྟེན་ནས་འདོད་རྒུའི་འབྱོར་པ་ཡིད་བཞིན་དུ་འཇོ་བར་བྱེད་པའི་དབང་བསྐུར་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་བླ་མ་སོགས་དབང་གཞུང་བཞིན་ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ལན་དུ་གནང་བ་སྦྱིན་ཅིང་སྤྲོ་བ་བསྐྱེད་པ་ནི། ཛཾ༔ རྒྱལ་བ་རྣམས་ཀྱི་སོགས། རྒྱུད་དག་པར་བྱ་བའི་སླད་དུ་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པའི་དོན་གསལ་འདེབས་བཞིན་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས། དབང་གི་གཞི་འགོད་པའི་སླད་དུ་ཁྱེད་རང་གིས་ཐ་མལ་དུ་འཛིན་པའི་རྟོག་ཚོགས་རྣམས་མི་དམིགས་པའི་ངང་ནས་ལྷག་པའི་ལྷའི་སྐུ་འདི་ལྟར་དུ་གསལ་འདེབས་འཚལ། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་དཔལ་ལྡན་ཞིང་གི་དབུས། །སློབ་མའི་རིག་པའི་རང་རྩལ་མ་འགགས་པ། །པད་ཉིའི་སྟེང་དུ་ཛཾ་ཡིག་སོགས་ཆོ་གའི་མདུན་བསྐྱེད་བཞིན་བསྐྱེད་པའི། དེ་ལས་འོད་འཕྲོས་ཡེ་ཤེས་སྤྱན་དྲང་ནས། །སློབ་བུ་ལ་ཐིམ་གཉིས་སུ་མེད་པར་གྱུར། །སྤོས་རོལ་དབྱངས་ཀྱིས་སྤྱན་འདྲེན་ཚིགས་བཅད་མཐའི། འདིར་གཤེགས་བྱིན་ཆེན་ཕོབ། །རྩ་སྔགས་ལ། ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བརྗོད་པས་བྱིན་དབབ། སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ༔ སྤྱི་ལྟར་བརྟན། དངོས་གཞིའི་དབང་བསྐུར་བ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་རྣམས་རིམ་པར་འབྱུང་བ་ལས། དང་པོ་སྐུ་བུམ་པའི་དབང་བསྐུར་བ་ནི། བུམ་པ་གཞལ་ཡས་ཁང་དུ་བཅོམ་ལྡན་འདས་མགོན་པོ་ཛམྦྷ་ལ་རྩ་གསུམ་རྒྱལ་བའི་ཚོགས་དང་བཅས་པ་བཞུགས་པས། དེ་རྣམས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་བབ་པ་སློབ་བུའི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས། ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི། སྐུའི་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་མོས། ཛཾ༔ ཛམ་ལྷའི་གཏེར་གྱི་སོགས་བུམ་དབང་བསྐུར་ཞིང་བུམ་ཆུ་སྦྱིན། གཉིས་པ་གསུང་བདུད་རྩི་དང་ཕྲེང་བའི་དབང་བསྐུར་བ་ནི། བདེ་སྐྱོང་གི་སྣོད་དུ་རྒྱལ་བའི་གསུང་གི་དྭངས་བཅུད་བྱང་སེམས་བདུད་རྩིའི་ཐིག་ལེར་འཁྱིལ་པ་མྱོང་ཞིང་། འཕགས་པའི་གསུང་སྔགས་ཀྱི་རྣམ་པར་ཤར་བའི་ཕྲེང་བ་མགྲིན་པར་བཞག་པས་དབང་བསྐུར་བས། ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི། གསུང་གི་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་མོས། ཛཾ༔ ཛམ་ལྷའི་སྔགས་ཀྱི་སོགས། གསུམ་པ་ཐུགས་རྡོ་རྗེའི་དབང་བསྐུར་བ་ནི། འཕགས་པའི་ཐུགས་སྟོང་ཉིད་ཡེ་ཤེས་ཀྱི་སྙིང་པོའི་རྩལ་ལས་ཤར་པའི་རྡོ་རྗེ་སྙིང་གར་བཞག་པས། ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི། ཐུགས་ཀྱི་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་མོས། ཛཾ༔ སྒྲུབ་པའི་ཏིང་ངེ་སོགས། བཞི་པ་ཡོན་ཏན་སྐུ་བརྙན་གྱི་དབང་བསྐུར་བ་ནི། བྲལ་སྨིན་གྱི་ཡོན་ཏན་མཚན་དཔེའི་རྣམ་པར་བཞེངས་པའི་གཟུགས་སྐུ་ལྟེ་བར་བཞག་པའི་ཚེ། དེ་ལས་གཉིས་པ་ཞིག་མཆེད་པ་ཁྱེད་རང་ལ་ཐིམ་པས། བསགས་པ་སྙོམས་འཇུག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཞི། ཡོན་ཏན་གྱི་དབང་ཐོབ་པར་མོས། སངས་རྒྱས་ཐུགས་རྗེས་སོགས། ལྔ་པ་ཕྲིན་ལས་གཏོར་མའི་དབང་བསྐུར་བ་ནི། དཔལ་གྱི་གཏོར་མ་སྣོད་བཅུད་ཡོངས་རྫོགས་སྐུ་དང་ཞིང་ཁམས་སུ་བཞེངས་པ་གསང་བར་བཞག་པས། གཟུང་འཛིན་གཡོ་བ་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་དག །ཕྲིན་ལས་ཀྱི་དབང་ཐོབ་པར་མོས། བཅོམ་ལྡན་མགོན་པོ་སོགས། དེ་དག་གིས་འཕགས་པ་ཛཾ་བྷ་ལ་གཏེར་གྱི་འདོད་འཇོའི་དབང་བསྐུར་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་པ་ལེགས་པ་ཐོབ་པས། གསང་བ་བླ་ན་མེད་པའི་དམ་ཚིག་སྤྱི་དང་བྱེ་བྲག་འདོད་ཡོན་ལ་ཆགས་པ་མེད་པའི་བློས་ཡར་མགྲོན་དཀོན་མཆོག་ལ་མཆོད་པ་དང་། མར་མགྲོན་ལ་སྦྱིན་པ་ལ་སོགས་པའི་སྤང་བླང་གནས་རྣམས་བསྲུང་སྡོམ་ཚུལ་བཞིན་བགྱི་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། ཆོ་གའི་རྗེས་ཆོག་འདོད་འཇོའི་སྙིང་པོ་བཞིན་ནོ།། །། ༈ གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལ་ཛམ་ལྷ་རིགས་དགུ་སོ་སོ། རིགས་དགུ་འཁོར་མང་གཅིག་བསྡུས། ཛམ་སེར། ཛམ་དམར་དང་། ཛམ་ནག་བཀའ་རྒྱ་ཅན་སྟེ་ཛམ་ལྷ་ཉེར་གཅིག་ཏུ་གྲགས་པ་རྣམས་ཀྱི་དབང་སྒྲུབ་ལ། སྐྱབས་སེམས་ནི། ན་མོ༔ དཀོན་མཆོག་གསུམ་དང་སོགས་ལན་གསུམ། མཆོད་གཏོར་རྣམས་ཀ་དག་ཀློང་ནས་སོགས་ཀྱིས་བྱིན་གྱིས་བརླབ། བདག་བསྐྱེད་ནི། རང་ཉིད་སྐད་ཅིག་གུ་རུ་པདྨ་འབྱུང་། །གསང་བའི་བདག་པོ་དབྱེར་མེད་སྐུ་མདོག་མཐིང་། །རྡོ་རྗེ་སྡིགས་མཛུབ་ཁྲོ་བོའི་ཆས་ཀུན་རྫོགས། །སྣང་གྲགས་ལྷ་སྔགས་བདེ་ཆེན་རོལ་པར་གྱུར། །ཅེས་གསལ་བཏབ་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊཿ ཅེས་ཅི་ནུས་བཟླ། མདུན་རྟེན་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་མདུན་གྱི་གཞིར། །རིན་ཆེན་ལས་གྲུབ་སྐྱེད་ཚལ་དང་། ཁང་བརྩེགས་ཡིད་འོང་བཀོད་མཛེས་དབུས། །སྣ་ཚོགས་པདྨ་ཟླ་གདན་ལ། །ཞེས་པའི་མཚམས་སུ། སྐུའི་ཛམ་ལྷ་དཀར་པོ་ལ་མཚོན་ན། ནོར་བདག་ཛཾ་དཀར་ཞལ་གསུམ་པ༔ སོགས་དང་། དེ་བཞིན་དུ། གསུང་གི་ཛཾ་ལྷ་དམར་པོ། ཐུགས་ཀྱི་ཛཾ་ལྷ་སྔོན་པོ། ཡོན་ཏན་ཛཾ་ལྷ་སེར་པོ་ལ། འཕགས་པ་ནོར་བདག་ཛཾ་སེར་ནི༔ སོགས་དང་། ཕྲིན་ལས་ཛཾ་ལྗང་། རིགས་འདུས་ཛཾ་ནག །ཛཾ་ཁྲ་འདྲ་མིན་གསུམ་སྟེ་རིགས་དགུ་སོ་སོ་བ་རྣམས་དང་། ཛཾ་ལྷ་རིགས་དགུ་འཁོར་མང་གཅིག་བསྡུས་ལ། བཀོད་མཛེས་ཀྱི། །དབུས་དང་ཕྱོགས་མཚམས་པདྨའི་གདན། །འདབ་བརྒྱད་ལ་གནས་ཟླ་གདན་སྟེང་། །དབུས་སུ་ཛཾ་ལྷ་སོགས། སོ་སོར་འབྱིན་འཇུག་གིས་མངོན་རྟོགས་གཏེར་གཞུང་སྦྱར། ཐུགས་རྗེ་ཆེན་པོ་རིགས་ལྔའི་ཆ་ལག་ཛཾ་སེར་དམིགས་བཟླས་འོག་ཏུ་འབྱུང་བ་བཞིན་དང་། ཛཾ་ལྷ་ཉེར་གཅིག་གཞུང་ནས་གབ་པའི་ཛཾ་དམར་མི་ཞོན་དང་། ཛཾ་ནག་གཉིས་བཀའ་རྒྱ་ཅན་སྟེ།་་་ཕྱི་མ་གཉིས་ཀྱི་མངོན་རྟོགས་དང་བཟླས་པ་བཅས་འོག་ཏུ་འབྱུང་།མཆན། བཅུ་གསུམ་སོ་སོར་སྐབས་ཐོབ་གང་ལྟར་ཡང་། བདག་ཐུགས་འོད་ཟེར་ལྕགས་ཀྱུ་ཡིས། །ཆོས་དབྱིངས་ཁྱབ་པའི་ཞིང་ཁམས་དང་། །ལྕང་ལོ་ཅན་གྱི་ཕོ་བྲང་ནས། །ནོར་བདག་འཁོར་བཅས་སྤྱན་དྲངས་བསྟིམ། །ཛཾ་ལྷ་སྤྱིའི་ལས་བྱང་འདོད་རྒུའི་ཆར་འབེབ་བཞིན། ཧཱུྃ༔ བྱང་ཕྱོགས་གཏེར་གྱི་སོགས། སྤྱན་འདྲེན་བཞུགས་མཆོད་གཏོར་འབུལ་བསྟོད་བཤགས་ཕྲིན་བཅོལ་རྣམས་སྦྱར། བཟླས་དམིགས་དམིགས་བསལ་ཡོད་པ་རྣམས་སོ་སོའི་གཞུང་བཞིན་དུ་གྲུབ་ན་ལེགས། འདིར་སྤྱིར་བཏང་ཙམ་དུ་འཇུག་བདེའི་སླད། ཛཾ་ལྷའི་ཐུགས་ཀར་ཟླ་གདན་ལ། །ཐུགས་སྲོག་ས་བོན་སྔགས་ཕྲེང་བཅས། །རང་མདོག་གཡས་སྐོར་འཁོད་པར་བསམ། །བདག་ཐུགས་འོད་ཀྱིས་མཆོད་པས་མཉེས། །ཐུགས་བསྐྱེད་དམ་བཅའ་རྗེས་དྲན་ཏེ། །འོད་ཟེར་སྤྲུལ་ཚོགས་འཇིག་རྟེན་ཁྱབ། །མཁོ་རྒུའི་དཔལ་འབྱོར་ལོངས་སྤྱོད་བསྡུས། །ཅི་འདོད་དངོས་གྲུབ་སྩོལ་བར་གྱུར། །ཅེས་གསལ་གདབ་ཅིང་སོ་སོའི་སྐབས་སྦྱར་གྱི་བསྙེན་སྔགས་ཅི་ནུས་བཟླ། མཐར། ཛཾ་ལྷ་སྤྱིའི་ལས་བྱང་འདོད་རྒུའི་ཆར་འབེབ་ཀྱི་མཆོད་པ། གཏོར་དབུལ། བསྟོད་བཤགས་ཕྲིན་བཅོལ་བཅས་སྐབས་ཐོབ་བསྒྱུར་བ་སྦྱར། ༧ ཐུགས་ཆེན་རིགས་ལྔའི་ཛཾ་སེར་སྐབས། གཞན་རྣམས་གོང་བཞིན་ལ། མདུན་རྟེན་བསང་སྦྱང་། སྟོང་པའི་ངང་ལས་མདུན་དུ་ལྕང་ལོ་ཅན་གྱི་ཕོ་བྲང་བཀོད་པས་མཛེས་པའི་དབུས་སུ་པད་ཟླའི་གདན་ལ། སྐད་ཅིག་གིས་ཛཾ་བྷ་ལ་སེར་པོ་སོགས་ནས། བྱིན་པར་གྱུར༔ ཅེས་བསྐྱེད་ཅིང་། ཛཾ་ལྷ་སྤྱིའི་ལས་བྱང་བཞིན་སྤྱན་འདྲེན་ནས་བཤག་པ་ཕྲིན་བཅོལ་བར་མཐར་ཆགས་སུ་བཏང་ལ་བཟླས་དམིགས་བཅས་བསྙེན་པ་ཅི་ནུས་སུ་བྱ་བ་ཁྱད་པར་རོ། །དབང་དངོས་གཞི་ལ་སྒྲུབ་ཐབས་བཅུ་གསུམ་པོ་སོ་སོར་གཟུངས་དབང་དེ་མཚུངས་བསྐུར། རྗེས་རིམ་ནི། སོ་སོར་ཛཾ་ལྷ་སྤྱིའི་ལས་བྱང་བཞིན། སླར་ཡང་། སྟོང་གསུམ་འདི་འམ་སོགས་མཆོད་པ། གཏོར་འབུལ། བཤགས་པ། ཕྲིན་བཅོལ་བཅས་དང་། བརྟན་བཞུགས། དགེ་བ་འདི་ཡིས་མྱུར་དུ་བདག །ནོར་གྱི་བདག་པོ་འགྲུབ་གྱུར་ནས། །སོགས་དགེ་བསྔོ། བཀྲ་ཤིས་སྤྱི་འགྲེས་ཀྱིས་མཐའ་བརྒྱན་ཅིང་བདག་བསྐྱེད་དམིགས་མེད་དུ་བཞག་པས་གྲུབ་བོ། ༧ །གནམ་ཆོས་ཛམ་ལྷ་ཉེར་གཅིག་གི་ཛཾ་དམར་བཀའ་རྒྱ་ཅན་གྱི་མངོན་རྟོགས་ནི། ནོར་ལྷ་འཕགས་པ་སྨུག་འཛིན་ནི༔ སྐུ་མདོག་དམར་པོ་གཡས་ལྕགས་ཀྱུ༔ གཡོན་པས་ནེའུ་ལེ་འཛིན་ནས་ནི༔ ནོར་བདག་པོ་ལ་འཆིབས་ནས་རྒྱུག༔ བསྙེན་པ་ནི། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་ཧྲཱིཿདྷ་ན་མེ་དྷི་ཧཱུྃ་སྭཱ་ཧཱ༔ ཞེས་བཟླའོ། །ཞེས་དང་། ཛམ་ནག་བཀའ་རྒྱ་ཅན་གྱི་མངོན་རྟོགས་ནི། ཧཱུྃ་ལས་ཛཾ་བྷ་ལ་ནག་པོ༔ ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔ ཁྲག་གིས་བཀང་བའི་ཐོད་པ་དང༔ གཡོན་པས་ནེའུ་ལེ་རབ་ཏུ་འཛིན༔ སྤྱན་གསུམ་དམར་ཟླུམ་ཅུང་ཟད་ཁྲོ༔ ཞབས་གཉིས་བརྐྱང་བསྐུམ་འདོར་ཐབས་བཞེངས༔ སྐུ་ལ་རིན་ཆེན་རྒྱན་ཆ་གསོལ༔ གནོད་སྦྱིན་བྱེ་བ་འབུམ་གྱིས་བསྐོར༔ བསྙེན་པ་ནི། ཨོཾ་ཛཾ་ལུཾ་སྭཱ་ཧཱ༔ ཞེས་བཟླ། འདི་དག་གི་གཏེར་གཞུང་ཡིག་ཆུང་ཡོད་པ་སླད་ནས་དཔེ་འབྱོར་ན་ཛཾ་ལྷ་ཉེར་གཅིག་གི་གཞུང་གི་གྲལ་དུ་གསར་གཞག་དང་འདི་ཉིད་དབྱུང་བ་བཅས་བྱ་དགོས་པ་ཕྱིས་འབྱོན་རྣམས་ཀྱི་ཐུགས་ལ་བཅང་འཚལ། ཛཾ་ནག་གི་ཕྲིན་བཅོལ་རྗེས། ཆགས་མེད་ཆོག་སྒྲིག་གི་ལས་བྱང་གཡང་འགུགས་སྦྲགས་མ་གཡང་སྐྱབས་ཡིད་བཞིན་ནོར་བུ་ལན་གསུམ་སོགས་སྦྱར་ནུས་ན་མཆོག་ཏུ་འགྱུར་རོ།། །། ༈ གཉལ་པ་ཉི་མ་ཤེས་རབ་ཀྱི་གཏེར་བྱོན་རྣམ་སྲས་ཕྱི་སྒྲུབ་སེར་ཆེན་ལྷ་དགུ་སྤྲིན་གསེབ་མ་༼འདོད་བུམ། 699༽ལྟར་དབང་སྒྲུབ། རྗེས་གནང་དངོས། རྗེས་རིམ་བཅས་དང་། ༈ །ནང་སྒྲུབ་མདུང་དམར་ཅན་རྩ་སྒྲུབ་རྟ་སྔོན་མ་༼འདོད་བུམ། 711༽ལྟར་དབང་སྒྲུབ། རྗེས་གནང་དངོས། རྗེས་རིམ་བཅས་དང་། ༈ །གནུབ་ལུགས་བཀའ་མ་དང་གཉལ་གཏེར་ཟུང་འཇུག་གསང་སྒྲུབ་དྲག་པོ་རྟ་སྔོན་ཅན་མ་༼འདོད་བུམ། 719༽ལྟར་དབང་སྒྲུབ། རྗེས་གནང་དངོས། རྗེས་རིམ་བཅས་དང་། ༈ །ཡང་གསང་མདུང་དམར་ཅན་ཕྱག་མཚན་བཞི་པ་༼འདོད་བུམ། 729༽ལྟར་དབང་སྒྲུབ། རྗེས་གནང་དངོས། རྗེས་རིམ་བཅས་བྱའོ།། །། ༈ རཏྣའི་རྣམ་སྲས་མདུང་དམར་ཅན། རཏྣའི་རྟ་གསང་གི་གསང་བདག་གཏུམ་པོའི་སྐབས་དང་། ༈ །པད་གླིང་རྣམ་སྲས་མདུང་དམར་བླ་མ་ནོར་རྒྱམ་སྐབས་བཅས་གོང་དུ་སོ་སོའི་རྗེས་འབྲེལ་སོང་གྲུབ་པ་ཡིན་ནོ།། །། ༈ མཆོག་གྱུར་གླིང་པའི་བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་བཀའ་སྲུང་རྣམ་སྲས་རིགས་གསུམ་གྱི་སྲོག་དབང་བསྐུར་བའི་སྐབས། དབང་དོན་སྒྲུབ་པ་ལ། ཐོག་མར་སྐྱབས་སེམས་ནི། ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སྐྱབས་ཀྱི་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས༔ གསང་བའི་བདག་པོའི་གོ་འཕང་བསྒྲུབ་པར་བགྱི༔ ལན་གསུམ། བདག་བསྐྱེད་ནི། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རང་རིག་ཧཱུྃ༔ ཡོངས་གྱུར་རྡོ་རྗེ་བེ་ཅོན་ཆེ༔ མཐིང་ནག་རབ་ཁྲོས་འཇིགས་པའི་ཚུལ༔ སྤྱན་གསུམ་ཞལ་བསྒྲད་མཆེ་བ་གཙིགས༔ དབུ་སྐྲ་དམར་སེར་མེ་ལྟར་འབར༔ དར་སྔོན་སྟོད་གཡོགས་སྟག་ཤམ་དང༔ ཀླུ་བརྒྱད་སྦྲུལ་གྱི་རྣམ་པས་བརྒྱན༔ ཐོད་སྐམ་ལྔ་ཡི་དབུ་རྒྱན་དང༔ ཐོད་རློན་ལྔ་བཅུའི་དོ་ཤལ་འཕྱང༔ ཕྱག་གཡས་རྡོ་རྗེ་ནམ་མཁར་གསོར༔ གཡོན་པས་སྡིགས་མཛུབ་ཐུགས་ཀར་གཏོད༔ རྩེ་ལ་སྤྲུལ་པའི་ཁྱུང་ཆེན་ནི༔ ཀྲང་ཀྲིང་སྒྲ་སྒྲོག་མཐིང་ནག་འབར༔ གནམ་ལྕགས་རྭ་དང་མཆུ་སྡེར་ཅན༔ ཀླུ་གདོན་གདུག་པ་ཞལ་དུ་གསོལ༔ མེ་དཔུང་འབར་བའི་གཤོག་པ་རྡེབ༔ གྲངས་མེད་ཉི་ཟེར་རྡུལ་ལྟར་འཕྲོ༔ ཞབས་གཉིས་དོར་སྟབས་པད་ཉི་དང༔ བདུད་བཞི་བསྣོལ་བའི་གདན་གྱི་སྟེང༔ ཡེ་ཤེས་མེ་དཔུང་དབུས་ན་འགྱིང༔ དམ་ཡེ་གཉིས་མེད་ཆེན་པོར་གསལ༔ དེ་ཡི་ཐུགས་ཀར་པད་ཉིའི་སྟེང༔ ཧཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་སྔགས་ཕྲེང་མེ་འོད་བཅས༔ རང་སྒྲ་སྒྲོག་བཞིན་ཞལ་ནས་ཐོན༔ ཕྱོགས་བཅུའི་བདེ་གཤེགས་མཆོད་པས་མཉེས༔ ཁམས་གསུམ་འགྲོ་བའི་སྒྲིབ་པ་སྦྱང༔ སྡེ་བརྒྱད་འབྱུང་པོ་གཟིར་ཞིང་བརླག༔ ཕྱི་སྣོད་དྲག་པོའི་གཞལ་ཡས་ཁང༔ ནང་བཅུད་ལྷ་དང་སྔགས་ཀྱི་སྒྲ༔ གཉིས་མེད་ཡེ་ཤེས་འཁོར་ལོར་གྱུར༔ ཅེས་གསལ་བཏབ་ལ། ཨོཾ་ནཱི་ལཱཾ་བྷ་ར་དྷ་ར་བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ༔ ཅེས་བཟླ། གསང་བདག་གི་བུམ་པར་དམིགས་ཏེ། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་དབུས། །རྡོ་རྗེ་འཛིན་རྒྱལ་གསང་བའི་བདག །ཁྲོ་བརྗིད་རྒྱན་རྫོགས་རྡོ་རྗེ་ཕྱར། །སྡིགས་མཛུབ་མེ་འོད་ཕོ་ཉ་འགྱེད། །འཁོར་འདས་ཟིལ་གནོན་ཐུགས་ཀར་ནི། །ཧཱུྃ་སྔོན་གསང་བའི་སྔགས་ཀྱིས་བསྐོར། །བདག་ཐུགས་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་ལྷའི་ཐུགས་རྒྱུད་བསྐུལ། །སྔགས་ལས་བདུད་རྩིའི་ཆུ་རྒྱུན་བབས། །བུམ་ཆུར་དབྱེར་མེད་རོ་གཅིག་པས། །རྡོ་རྗེ་གསུམ་གྱི་བདེ་བའི་རྒྱུན། །བྱིན་རླབས་སྙིང་པོར་འཁྱིལ་བར་བསམ། །སྔགས་གོང་བཞིན་བཟླས་མཐར་དུང་ཆུ་མཆོད་རྒྱ་འབྲུ་གསུམ་གྱིས་ཕུལ་ཞིང་བུམ་ལྷ་འོད་ཞུ་བྱ། མདུན་གྱི་མཆོད་གཏོར་རྣམས། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་ལ་གནས་པའི་ཨཱཿཡིག་ལས་བྱུང་བའི་ཐོད་པའི་སྣོད་དུ་བཅུད་ཐམས་ཅད་ཧཱུྃ་ཨོཾ་སྭཱ་ཨཾ་ཧཱ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་ལྕགས་ཀྱུ་ལྔ་དང་སྒྲོན་མ་ལྔར་གྱུར་པ། སོ་སོའི་ས་བོན་གྱི་མཚན་པ་དང་བཅས་པའི་འོག་གི་རླུང་གཡོས་མེ་སྦར། རྫས་ཐམས་ཅད་ཞུ་ཞིང་འདྲེས་པའི་སྟེང་གི་ནམ་མཁའ་ལ་ཨོཾ་ཨཱཿཧཱུྃ་གི་ཡི་གེ་གསུམ་གནས་པ་ལས་འཕྲོས་པའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །ཡི་གེ་གསུམ་ལ་ཐིམ་སྟེ་རིམ་པར་ཞུ་བ་ལས་དམ་ཚིག་གི་རྫས་དང་རོ་གཅིག་ཏུ་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ཧོཿས་བྱིན་གྱིས་བརླབ། མདུན་གྱི་དཀྱིལ་འཁོར་བསྐྱེད་པ་ནི། ཧཱུྃ༔ ཆོས་དབྱིངས་རྣམ་པར་དག་པའི་སོགས་ཕྲིན་ལས་འདོད་རྒུའི་ཆར་འབེབ་གྱེར་བསྒོམ་བཟླས་པའི་མཐའ་བར་བྱ། བསྟོད་གསོལ་བཞིན། གཏོར་མ་ཡི་གེ་གསུམ་གྱིས་བསང་སྦྱང་དང་། འབྲུ་གསུམ་གྱིས་བརླབ། རྩ་སྔགས་སོ་སོར་གཏོར་སྔགས་བཏགས་པ་ལན་བདུན་རེས་འབུལ་ཞིང་། བཻ༔ བྱང་ཕྱོགས་སྐྱོང་མཛད་སོགས་ཕྲིན་བཅོལ་དང་བསྟོད་པ་བཅས་དང་། བསྐང་བཤགས་ནི། ཆོས་ཉིད་རྣམ་པར་དག་པའི་སྔགས་སྭ་བྷཱ་ཝས་སྟོང་པར་སྦྱང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབ། ཨོཾ་བཛྲ་སྥ་ར་ཎ་ཁཾ་གིས་མཁའ་ཁྱབ་ཏུ་སྤེལ་ནས། ཧཱུྃ༔ ཆོས་དབྱིངས་འགྱུར་མེད་སོགས་མཐར་ཆགས་སུ་གཏང་ངོ་། །གཉིས་པ་དབང་དངོས་ལ། འོ་ན། ནམ་མཁའ་རབ་འབྱམས་ཀྱི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་གནས་སྐབས་ལོངས་སྤྱོད་དང་། མཐར་ཐུག་གཏན་གྱི་བདེ་བ་མཆོག་གིས་དབུལ་བའི་འཇིགས་པ་ལས་སྐྱོབ་ཅིང་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ཕྱིར། ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་རིགས་གསུམ་འདུས་པའི་སྲོག་དབང་ཟབ་མོ་ནོད་པར་བགྱིའོ་སྙམ་པའི་ཀུན་སློང་བཟང་པོ་དང་ལྡན་པས་གསན་འཚལ། དེ་ལྟ་བུའི་ཐབས་ཚུལ་ལའང་གསར་རྙིང་བཀའ་གཏེར་རྣམས་ཀྱི་ཁོངས་སུ་མཐའ་ཡས་པར་བྱོན་པ་ལས། སྐབས་སུ་བབ་པ་འདི་ནི་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་མངའ་བདག་གི་སྲས་ཀྱིས་མཐའི་སོ་ཁ་བསྲུང་བའི་སྲུང་མར་གནང་ནས་མ་འོངས་པའི་དོན་ལ་གཏེར་དུ་སྦ་བའི་ཞལ་གདམས་བཅས་བསྩལ་པ་ལ་བརྟེན་ནས་མཐའ་བཞིའི་རྒྱལ་པོ་རྣམས་འབངས་སུ་ཚུད། མངའ་ཐང་ལྷ་ཀླུའི་དབང་པོ་དང་མཉམ་པའི་ཕྲིན་ལས་ཀྱི་ནུས་རྩལ་མངོན་དུ་གྱུར་ནས། མ་ཧཱ་གུ་རུའི་བཀའ་བཞིན་མ་སྤེལ་བར་ཟབ་མོའི་གཏེར་དུ་རྒྱས་བཏབ་པ་ཉིད། ཕྱིས་ལྷ་སྲས་འབྲིང་པོ་ས་བཅུའི་དབང་ཕྱུག་དམ་འཛིན་མུ་རུབ་བཙན་པོ་ཆོས་ཀྱི་བློ་གྲོས་ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར། ༧སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པ་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་གོ་སྟོད་འོད་འབར་བྲག་ནས་སྤྱན་དྲངས་པའི་བདུད་རྩི་ལྔའི་ཤོག་བུའི་ངོས་ནས་ཕབ་རིམ་བཞིན་དུ་མངའ་བདག་ཆོས་རྒྱལ་ཁྲི་སྲོང་གི་ཟློས་གར་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་བཀའ་བབས་བདུན་གྱི་འཁོར་ལོས་བསྒྱུར་བ། ༧པདྨ་འོད་གསལ་མདོ་སྔགས་གླིང་པས་ཡི་གེར་བཀོད་པར་མཛད་དེ་གཏན་ལ་ཕབ་པ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་རིགས་གསུམ་གཅིག་དྲིལ་གྱི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ལས་ཚོགས་དང་བཅས་པ་སྔོན་ཆད་ས་སྟེང་དུ་མ་གྲགས་པའི་གདམས་ཟབ་རྨད་དུ་བྱུང་བ་འདི་ཉིད་ཀྱང་། གཏེར་གཞུང་ལས། གསང་བདག་གོས་སྔོན་ཅན་ལ་འདུད༔ སོགས་ལས་སྦྱོར་ཕྲིན་ལས་མྱུར་འགྲུབ་ཀྱི་དབུ་ནས་འབྱུང་བ་བཞིན། ཤིན་ཏུ་ཟབ་ཅིང་འདྲིལ་བར་བསྟན༔ ཞེས་དང་། བདག་ཉིད་པདྨ་འབྱུང་གནས་ཀྱིས༔ སོགས་བླ་རྡོ་སྲོག་འཁོར་གྱི་ཡིག་ཆུང་མགོར་འབྱུང་བ་བཞིན། བསྟན་པ་རབ་ཏུ་རྒྱས་པར་བྱེད༔ ཅེས་དང་། འདི་ལྟར་སྒྲུབ་པའི་གང་ཟག་དེ༔ སོགས་སྲོག་གཏད་རྗེས་གནང་གི་མཇུག་ཏུ་འབྱུང་བ་བཞིན། འདོད་དགུའི་བསམ་པ་འགྲུབ་པར་འགྱུར༔ ཞེས་བསྔགས་པར་མཛད་པའི་སྲོག་གཏད་རྗེས་གནང་སྙིང་གི་དྭངས་མ་ཟབ་ཁྱད་ཅན་རིག་འཛིན་བླ་མའི་ཕྱག་བཞེས་ཀྱིས་བརྒྱན་པ་བསྐུར་བ་ལ་སོགས་མཎྜལ། སློབ་དཔོན་ཉིད་གསང་བདག་རྡོ་རྗེ་འཛིན་པ་དངོས་ཡིན་སྙམ་པའི་ངེས་ཤེས་ཀྱི་དད་པ་དང་ལྡན་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སྲོག་དབང་གཞུང་ལྟར། ཧོ༔ གསང་བའི་བདག་པོ་སོགས་ལན་གསུམ། སྣོད་རུང་དུ་བྱ་བ་རྒྱུད་སྦྱོང་བའི་སླད་དུ། བླ་མ་དཀོན་མཆོག་རྩ་གསུམ་སྲུང་མ་དང་བཅས་པའི་ཚོགས་ཀྱི་ཞིང་མཆོག་མཁའ་ཁྱབ་ཀྱི་འཁོར་ལོར་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། གོང་བཞིན་སྐྱབས་སེམས་སྦྲེལ་བ་ལན་གསུམ། རྒྱུན་བཤགས་ཡན་ལག་བརྒྱད་པའི་སྒོ་ནས་ཚོགས་གསག་པའི་སྒོམ་དོན་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས། འདི་ལྟར་ཆོས་སྐྱོང་ཆེན་པོའི་སྲོག་དབང་ཐོབ་ཕྱིན་ཆད་རྡོ་རྗེ་ཐེག་པའི་འདའ་དཀའ་སྤྱི་དང་། ཁྱད་པར་གནོད་སྦྱིན་དབང་པོའི་མདོ་རྒྱུད་ནས་འབྱུང་བའི་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་བསྲུང་དགོས་པར་གདམས་པ་ལགས་པས་དེ་དོན་ཐུགས་ལ་བཅང་འཚལ། ཧོ༔ བསོད་ནམས་ཡེ་ཤེས་སོགས། དེས་འཇུག་པའི་རིམ་པ་གྲུབ། སྲོག་དབང་དངོས་བསྐུར་བ་ལ། ཐོག་མར་སློབ་མ་གཉེན་པོ་སྟོབས་ཀྱི་ལྷའི་སྐུ་འདི་ལྟར་དུ་གསལ་ཐོབས་ཤིག །སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སོགས་གོང་གི་བདག་བསྐྱེད་བཞིན། དམ་ཡེ་གཉིས་མེད་ཆེན་པོར་གསལ༔ དེ་ལྟར་བསྒོམས་པའི་མདུན་དུ་སྒྲུབ་པའི་རྟེན་རྣམས་དང་དབྱེར་མེད་པ་རྒྱལ་ཆེན་གཙོ་འཁོར་བསྐྱེད་ཅིང་མཆོད་བསྟོད་བཟླས་པ་བཅས་ལེགས་པར་གྲུབ་ཟིན་པ་ཉིད། ཁྱེད་རང་གི་བློ་ངོར་སླར་ཡང་འདི་ལྟར་གསལ་འདེབས་འཚལ། ཕྲིན་ལས་ལྟར། ཧཱུྃ༔ ཆོས་དབྱིངས་རྣམ་པར་དག་པའི་སོགས་ནས། མི་འགྱུར་སྐུ་ཡི་འཁོར་ལོ་རྩིབས་བཞིའི་དབུས༔ བར་དང་། འོག་གི །གནོད་སྦྱིན་དབང་པོ་གསེར་མདོག་བརྗིད་ཆགས་པ༔ སོགས་ནས། གཞན་ཡང་ལྷ་སྲིན་སྡེ་བརྒྱད་བསམ་མི་ཁྱབ༔ རྒྱལ་པོའི་བཀའ་ཉན་ཕྲིན་ལས་སྒྲུབ་པར་གསལ། །དེ་ལྟར་བསྐྱེད་ནས་སྲོག་སྙིང་གཏད་པ་དངོས་གཞིར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས། བརྟན་བྱེད། ཡོངས་རྫོགས་སྙིང་པོའི་སྲོག་དབང་བཅས་རིམ་པར་འབྱུང་བ་ལས། དང་པོ་སྐུའི་དབང་བསྐུར་བ་ནི། སློབ་དཔོན་གསང་བའི་བདག་པོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། མདུན་དུ་བཞུགས་པའི་རྒྱལ་པོ་ཆེན་པོ་འཁོར་དང་བཅས་པའི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་སྐུ་ལས་སྐུ་གཉིས་པ་རེ་མཆེད་དེ། ཁྱེད་རང་གསང་བདག་ཏུ་གསལ་བ་ལ་གཡས་སུ་ལན་གསུམ་བསྐོར་ནས་སླར་ཁྱེད་རང་གི་དཔྲལ་བར་ཐིམ་པས་རྒྱལ་ཆེན་འཁོར་བཅས་ཀྱི་སྐུའི་སྲོག་དབང་དུ་གྱུར་པར་མོས། བཻ༔ ཆོས་སྐྱོང་རྒྱལ་པོ་སོགས་ཀྱིས་གཙོ་བོ་གསུམ་གྱི་སྐུ་རིམ་བཞིན་དཔྲལ་བར་གཞག །དེས་རྒྱལ་ཆེན་འཁོར་དང་བཅས་པའི་སྐུ་སྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །གཉིས་པ་གསུང་གི་དབང་བསྐུར་བ་ནི། སླར་ཡང་སློབ་དཔོན་གསང་བའི་བདག་པོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། མདུན་དུ་བཞུགས་པའི་རྒྱལ་ཆེན་འཁོར་དང་བཅས་པའི་ཐུགས་རྒྱུད་བསྐུལ། དེ་རྣམས་སོ་སོའི་མགྲིན་པ་ནས་རང་རང་གི་སྲོག་སྔགས་རང་མདོག་འོད་ཟེར་འབར་བ་བྱུང་། སློབ་མ་གསང་བདག་ཏུ་གསལ་བའི་མགྲིན་པར་ཐིམ་པས། རྒྱལ་ཆེན་འཁོར་བཅས་ཀྱི་གསུང་གི་སྲོག་དབང་དུ་གྱུར་པར་མོས། བཻ༔ ཞི་རྒྱས་ཕྲིན་ལས་སོགས་སྔགས་གོང་བཞིན་སོ་སོར་མ་འཁྲུལ་བར་སྦྱར་ཞིང་སྔགས་བྱང་མགྲིན་པར་གཞག །དེས་རྒྱལ་ཆེན་འཁོར་དང་བཅས་པའི་གསུང་སྔགས་བཟླ་བ་ལ་དབང་བར་བྱས་པ་ཡིན་ནོ། །གསུམ་པ་ཐུགས་ཀྱི་དབང་བསྐུར་བ་ནི། ཡང་སློབ་དཔོན་གསང་བའི་བདག་པོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། མདུན་དུ་བཞུགས་པའི་རྒྱལ་ཆེན་འཁོར་དང་བཅས་པའི་ཐུགས་རྒྱུད་བསྐུལ། དེ་རྣམས་སོ་སོའི་སྙིང་ག་ནས་ཐུགས་རྟགས་རང་རང་གི་ཕྱག་མཚན་གཟི་འོད་འབར་བའི་ཚོགས་བྱུང་། སློབ་མ་གསང་བདག་ཏུ་གསལ་བའི་སྙིང་གར་ཐིམ་པས། རྒྱལ་ཆེན་འཁོར་བཅས་ཀྱི་ཐུགས་ཀྱི་སྲོག་དབང་དུ་གྱུར་པར་མོས། བཻ༔ ཁམས་གསུམ་རྣམ་པར་སོགས་ཀྱིས་རིམ་བཞིན་ཕྱག་མཚན་སྙིང་གར་གཞག །དེས་རྒྱལ་ཆེན་འཁོར་དང་བཅས་པའི་ཐུགས་ཏིང་ངེ་འཛིན་སྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །བཞི་པ་ཡོན་ཏན་གྱི་དབང་བསྐུར་བ་ནི། རྒྱལ་པོ་ཆེན་པོ་རིགས་གསུམ་འཁོར་དང་བཅས་པའི་བླ་རྡོ་སྲོག་གི་འཁོར་ལོ་སློབ་བུའི་ཕྱག་ཏུ་གཏད་པས། རྒྱལ་ཆེན་འཁོར་བཅས་བསྙེན་ཅིང་སྒྲུབ་པའི་རྣལ་འབྱོར་ལ་དབང་ཞིང་། ཡོན་ཏན་གྱི་མཐུ་དབང་དུ་གྱུར་པར་མོས། བཻ༔ རྣལ་འབྱོར་ལུས་དང་སོགས་ཀྱིས་རིམ་བཞིན་གཏད། དེས་རྒྱལ་ཆེན་འཁོར་དང་བཅས་པའི་ཡོན་ཏན་བསྙེན་ཅིང་སྒྲུབ་པའི་རྣལ་འབྱོར་ལ་འཇུག་པར་དབང་བར་བྱས་པ་ཡིན་ནོ། །ལྔ་པ་ཕྲིན་ལས་ཀྱི་དབང་བསྐུར་བ་ནི། ཕྲིན་ལས་འཛད་མེད་གཏེར་གྱི་ལོངས་སྤྱོད་ལྷ་ཀླུ་མིའི་རིན་པོ་ཆེ་ལ་སོགས་པའི་དཔལ་འབྱོར་གྱི་ཟས་གོས་ནོར་དབྱིག་རིན་ཆེན་རྣམས་ཕྱག་ཏུ་གཏད་པས། སྣོད་བཅུད་ཀྱི་དཔལ་འབྱོར་སྤེལ་བ་ལ་སོགས་པ་རྒྱལ་ཆེན་འཁོར་དང་བཅས་པའི་ཕྲིན་ལས་ཀྱི་སྲོག་ལ་མངའ་དབང་བསྒྱུར་བའི་མཐུ་ཐོབ་པར་མོས། བཻ༔ ཞལ་ཟས་རྣམས་ལ་སོགས། དེས་རྒྱལ་ཆེན་འཁོར་དང་བཅས་པའི་ཕྲིན་ལས་ཀྱི་སྦྱོར་བ་རབ་འབྱམས་གང་བརྩམ་འབད་མེད་དུ་འགྲུབ་པ་ལ་དབང་བར་བྱས་པ་ཡིན་ནོ། །དྲུག་པ་དེ་ཉིད་ཀྱི་ནུས་སྟོབས་རྒྱུད་ལ་བརྟན་ཅིང་རབ་ཏུ་གནས་པར་བྱ་བ་གསང་བདག་གི་བུམ་དབང་བསྐུར་བ་ནི། བཅོམ་ལྡན་འདས་དཔལ་གསང་བའི་བདག་པོའི་ལྷ་ཚོགས་བཞུགས་པའི་རྣམ་རྒྱལ་གྱི་བུམ་པ་སློབ་བུའི་སྤྱི་བོར་བཞག་ཅིང་བུམ་ཆུ་མྱང་བས། ཡི་དམ་ལྷག་པའི་ལྷའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་གཉིས་སུ་མེད་པའི་དབང་ཐོབ་པས། ཆོས་སྐྱོང་བའི་རྒྱལ་པོ་འཁོར་བཅས་ཟིལ་གྱིས་གནོན་ཅིང་བདག་གི་བཀའ་ལས་འདའ་བའི་དབང་མེད་པ་གཉེན་པོ་སྟོབས་ཀྱི་མཐུ་རྩལ་ནུས་པ་ཡོངས་སུ་རྫོགས་པའི་དབང་ཐོབ་པར་མོས། ཧཱུྃ༔ རྒྱལ་བ་ཀུན་གྱི་སོགས། བདུན་པ་གཏོར་དབང་བསྐུར་ཞིང་ཡོངས་རྫོགས་སྙིང་པོའི་སྲོག་གི་ངོ་སྤྲོད་གདབ་པ་ནི། སྣོད་བཅུད་ཡོངས་སུ་རྫོགས་པ་གཏོར་མ་ལ་བརྟེན་ནས་གནས་སྐབས་དངོས་གྲུབ་རྣམ་གཉིས་འབད་མེད་ལྷུན་གྲུབ་ཏུ་ཐོབ་པ་དང་། མཐར་ཐུག་གནས་ལུགས་དོན་གྱི་ངོ་སྤྲོད་གདབ་པས་དྲེགས་པ་རྒྱ་མཚོའི་སྟོང་སྲོག་ཅིག་ཅར་དུ་ཆོད་པའི་མཐུ་དབང་རྩལ་སྤྲུགས་སུ་ཐོབ་པའི་ངེས་ཤེས་སྐྱེད་ཅིག །གཏོར་མ་རྣམས་སྣོད་གཅིག་ཏུ་བསྡུས་པ་ཐོགས་ལ། ཧཱུྃ༔ བཅོམ་ལྡན་གསང་བའི་སོགས། དེ་ལྟར་སྲོག་དབང་ཆིག་དྲིལ་དུ་བསྐུར་པས། དྲེགས་པའི་སྟོང་སྲོག་གཅིག་ཏུ་འདུས་ཤིང་། འཁོར་འདས་ཀུན་གྱི་སྲོག་ལ་མངའ་དབང་སྒྱུར་བའི་དབང་མཆོག་རྫོགས་པ་ཡིན་ནོ། །དེ་དང་རྗེས་སུ་འབྲེལ་བ་ཐུན་མིན་གྱི་གང་ཟག་མཚན་ཉིད་དང་ལྡན་པ་ལ། ཤིན་ཏུ་ཡང་གསང་མཆོག་གི་རྟེན༔ དེ་ཁོ་ན་ཉིད་ཀྱི་བློ་རྡོ་རྡོ་རྗེའི་ལུས་ལ་བཅའ་བའི་མན་ངག་གི་གནད་འདི་རྣམས་རྩེ་གཅིག་ཏུ་སྒོམ་མཛོད། གཏེར་གཞུང་བླ་རྡོ་སྲོག་འཁོར་གྱི་ཡིག་ཆུང་སྲོག་གི་སྙིང་པོའི་མཇུག་གི །ཁྱོད་རང་གསང་བའི་བདག་པོའི་སྐུ༔ དྭངས་གསལ་འཇའ་ཚོན་ལྟ་བུར་སོགས་ནས། དབྱེར་མེད་ལྟ་བའི་གདེངས་བསྐྱེད་ནས༔ རླུང་རོ་བསལ་ཞིང་བུམ་ཅན་ཟུངས༔ རླུང་རོ་བསལ་ནས་བུམ་ཅན་གཟུང་བཅུག །བུམ་ཅན་རླུང་བཟུང་སྦྱོར་བ་ཡིས། །གཏུམ་མོའི་མེ་སྦར་སོགས་ནས། འབད་མེད་བསྒྲུབས༔ གསང་གསུམ་དངོས་གྲུབ་ཐོབ་པར་མོས། །རླུང་བུམ་པ་ཅན་གཟུང་། མཐར་ནི་སྤྱི་བོའི་སོགས། བདག་གི་ཅེས་པར་སློབ་མའི་ཞེས་བསྒྱུར་ནས། བར་དུ་མི་འབྲལ་བསམ༔ དམིགས་གནད་ལྡན་པས་རླུང་གཟུང་འཚལ། །བར་རླུང་གཟུང་ཞིང་། སླར་ཡང་བུམ་ཅན་རླུང་སྦྱོར་གྱིས། །མགྲིན་པའི་ལྷ་ཚོགས་བསྐུལ་བ་ཡིས། །དེ་བཞིན་མགྲིན་པའི་སོགས། བདག་གི་ཅེས་པར། སློབ་མའི་ཞེས་བསྒྱུར་ནས་ཚིག་རྐང་གསུམ་གྱི་མཐར་རླུང་གཟུང་བཅུག །སླར་ཡང་བུམ་ཅན་རླུང་སྦྱོར་གྱིས། །སྙིང་གའི་ལྷ་ཚོགས་བསྐུལ་བ་ཡིས། །སྙིང་གའི་ལྷ་ཚོགས་སོགས། བདག་གི་ཅེས་པར་སློབ་མའི་ཞེས་བསྒྱུར་ནས་ཚིག་རྐང་གསུམ་གྱི་མཐར་རླུང་གཟུང་། སླར་ཡང་བུམ་ཅན་རླུང་སྦྱོར་གྱིས། །ལྟེ་བའི་ལྷ་ཚོགས་བསྐུལ་བ་ཡིས། །ལྟེ་བའི་ལྷ་ཚོགས་སོགས། བདག་གི་ཅེས་པར་སློབ་མའི་ཞེས་བསྒྱུར་ནས་ཚིག་རྐང་བཞིའི་མཐར་རླུང་གཟུང་། འཇམ་རླུང་བཟུང་ཞིང་སོགས་ནས། གཞན་དུ་ནམ་ཡང་མ་ཡིན་ནོ༔ དེ་ལྟར་ངེས་པས་འཇམ་རླུང་བཅས། །རང་ངོ་སྐྱོངས་ལ་མཉམ་པར་ཞོག །འཇམ་རླུང་བཟུང་ལ་ཅུང་ཟད་མཉམ་པར་འཇོག་བཅུག །དེ་ལྟ་བུའི་སྲོག་གཏད་མན་ངག་ཁྱད་པར་ཅན་ཐོབ་པའི་དགོས་ཆེད་དང་། ཕན་ཡོན་བསྟན་པ་ནི། གཏེར་གཞུང་ལས། འདི་ལྟ་བུ་ཡི་གདམས་པ་སོགས་ནས། མཐར་ཐུག་གོ༔ ཞེས་དང་། རྒྱུན་དུ་མཆོད་དང་བསྟོད་ལ་བརྩོན༔ སོགས་བླ་རྡོ་སྲོག་འཁོར་གྱི་ཡིག་ཆུང་དེ་གའི་གོང་དུ་འབྱུང་བ་བཞིན། བརྟེན་ན་ལོངས་སྤྱོད་ངེས་པར་འཕེལ༔ ཞེས་སོགས་གསུངས་པ་ལྟར་འབྱུང་བར་འགྱུར་རོ། །ཞེས་དེ་ཁོ་ན་ཉིད་ཀྱི་བླ་རྡོ་རྡོ་རྗེའི་ལུས་ལ་བཅའ་བའི་སྲོག་གཏད་ནི་ཤིན་ཏུ་ཟབ་པས་བཀའ་དམ་པར་བྱ། ཐུན་མོང་སྣོད་རུང་ཙམ་ལ་བུམ་དབང་དང་། གཏོར་དབང་ཁོ་ནས་ཀྱང་ཆོག་གོ །དེ་ལྟར་སྲོག་དབང་ཟབ་མོ་ལེགས་པར་ཐོབ་པས། དེང་ཕྱིན་ཆད་བླ་ན་མེད་པའི་རྒྱུད་སྡེ་ནས་གསུང་པའི་དམ་ཚིག་སྤྱི་དང་། བྱེ་བྲག་འདི་ཉིད་ཀྱི་གཞུང་ལས། དེ་ལྟར་ཐོབ་པའི་རྣལ་འབྱོར་པས༔ སོགས་སྲོག་གཏད་རྗེས་གནང་སྙིང་གི་དྭངས་མའི་མཇུག་བཞིན། བསོད་ནམས་ཚོགས་ཆེན་གོང་དུ་སྤེལ༔ ཞེས་གསུངས་པས་མཚོན། རྟེན་སྒྲུབ་སྐོང་བའི་རྫས་རྣམས་ཚོགས་པས་རྟག་ཏུ་མཆོད་སྐོང་ལ་བརྩོན་པ་དང་། རང་འདོད་འཁྲི་བས་མ་བསླད་པར་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ཆེད་དུ་ལས་ཀྱི་སྦྱོར་བ་ལ་འབད་པ་སོགས། དམ་སྡོམ་གྱི་གནས་ལ་ཚུལ་བཞིན་དུ་བགྱི་བར་ཞལ་གྱིས་བཞེས་པ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་འགྲེས་དང་། ཆོ་གའི་རྗེས། སླར་ཡང་གཏོར་མ་ཁ་གསོས་ལ་བྱིན་བརླབ་ནས། བསྟོད་གསོལ། བསྐང་བཤགས་བཅས་བསྐྱར་མཐར། དམ་སྤྱི་བཞིན། ན་མོ། རིག་འཛིན་སོགས་འགུགས་པའི་མཐར། རྣམ་སྲས་རིགས་གསུམ་སྔགས་ཤམ་དུ། ནྲྀ་ཏྲི་བཛྲ་སོགས་ཀྱིས་འགུག་འཆིང་སྡོམ་མྱོས་བྱས་ལ། ཨོཾ་ཨཱཿཧཱུྃ་ཧོཿས་བརླབ་སྟེ། རྩ་སྔགས་སོ་སོར་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་འབུལ་ཞིང་། ཧཱུྃ། ཆོས་ཀྱི་དབྱིངས་ནས་སོགས་ལ། མཐུ་སྟོབས་དབང་ཕྱུག་རྒྱལ་ཆེན་རྣམ་ཐོས་སྲས། །ལྕམ་དྲལ་སོགས་དང་། བ་ལིཾ་ཏ། །དཀར་མངར་ཤིང་ཏོག་ལ་སོགས་མཁོ་རྒུའི་རྫས། །སོ་སོའི་སོགས་སྦྲེལ་བའི་ཚིག་རྐང་གཉིས་པོ་བསྒྱུར་བས་གཏོར་མ་སྟོབ་ཅིང་འདོད་དོན་གསོལ། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། སརྦ་པཱུ་ཛ་མེ་གྷ་ཧོཿ ཞེས་ཉེར་སྤྱོད་སྨན་རཀ་གཏོར་མ་དང་བཅས་པས་མཆོད། ཧཱུྃ། སྐུ་གསུམ་ཀུན་འདུས་བཅོམ་ལྡན་གསང་བའི་བདག །ཆོས་སྐྱོང་རྒྱལ་པོ་ཡབ་གཅིག་རྣམ་ཐོས་སྲས། །ཡེ་ཤེས་རྣམ་རོལ་ངོ་མཚར་རྨད་བྱུང་བས། །རྒྱལ་བའི་བསྟན་སྲུང་མཛད་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། མ་རྙེད་ཡོངས་སུ་སོགས་དང་། ཡིག་བརྒྱས་ནོངས་པ་བཤགས། འདིར་ནི་གཟུགས་དང་སོགས་ཀྱིས་ཡེ་ཤེས་པ་རྟེན་ལ་བསྟིམ། ཨོཾ་ཨཱཿཧཱུྃ་གིས་དམ་ཚིག་པ་རང་ལ་བསྟིམ། གཙྪ་གཙྪ་སྭ་བྷཱ་བཱ་ནཱཾ་གྱིས་འཇིག་རྟེན་པ་རྣམས་རང་གནས་སུ་གཏང་། ཧཱུྃ་གསུམ་གྱིས་བདག་བསྐྱེད་འོད་གསལ་དུ་བསྡུ་ཞིང་། ཕཊ་གསུམ་གྱིས་སླར་གཉུག་མའི་ལྷའི་སྐུར་ལྡང་། དགེ་བ་འདི་ཡིས་མྱུར་དུ་བདག །གསང་བའི་བདག་པོ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན། རབ་འབྱམས་དཀྱིལ་འཁོར་སོགས་བཀྲ་ཤིས་ཅི་རིགས་པས་མཐའ་བརྒྱན་པས་གྲུབ་བོ།། །། ༈ གྲྭ་པ་མངོན་ཤེས་དབང་ཕྱུག་འབར་གྱི་ཞང་བློན་རྡོ་རྗེ་བདུད་འདུལ་༼འདོད་བུམ། 733༽བཞིན་བསྒྲུབ་ཅིང་དབང་བསྐུར་བའི་སྐབས། གཞུང་གི་མཇུག་ཏུ་གསལ་བཞིན། གཙོ་བོ་གསུམ་དྲིལ་སྒྲུབ་གཅིག་བསྡུས་ཀྱི་དབང་བསྒྲུབ་ཅིང་བསྐུར་སྐབས།མངོན་རྟོགས་ཀྱི་གདན་བསྐྱེད་པར། འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར། ཞེས་དང་། དཀྱིལ་འཁོར་གྱི་དབུས་སུ་ཕྱི་སྒྲུབ། གཡས་སུ་ནང་སྒྲུབ། གཡོན་དུ་གསང་སྒྲུབ། ༼འདོད་བུམ་ནང་ཕྱོགས་མཚམས་འཁོར་འགོད་ཚུལ་ནང་སྒྲུབ་གཙོ་འཁོར་དགུ་པ་ལྟར་ལས་འདི་ལྟའི་གསལ་ཁ་མེད་ཀྱང་ཡིག་ཆ་གཞན་གྱི་དགོངས་པ་ཡིན་རྒྱུའི་མ་བཅོས་པར་བཞག།མཆན།་་་་དེ་རྒྱབ་མདུན་དུ་ཡུམ། གཡས་སུ་རྣོན་པོ། གཡོན་དུ་འཇིགས་བྱེད། རྒྱབ་ཏུ་ཉི་མིག །དེའི་མཚམས་བཞིར་ཤར་ལྷོ་ནས་ཛཾ་བྷ་ལ་དཀར་པོ་སོགས་གཡས་སྐོར་གྱིས་བཞི་བསྐྱེད། བཟླས་པའི་སྐབས། གཙོ་འཁོར་བཅུ་གཅིག་གི་གཙོ་བོ་གསུམ་ཕྱོགས་གཅིག་གིས་འཐུས། འཁོར་ཡུམ་སོགས་བཞི། ཛཾ་ལྷ་སོགས་བཞི་སྟེ། འཁོར་མང་གི་ལུགས་ཀྱི་གོ་རིམ་འདི་བཞིན་ལ། ཐོག་མར་ཡི་དམ་གྱི་སྔགས་དང་། དེ་ནས་གཙོ་འཁོར་རྣམས་ཀྱི་སྔགས་སོ་སོར་བཟླ། དབང་དངོས་ཀྱི་ལོ་རྒྱུས་སྐབས་སུ། ཕྱི་གནོད་སྦྱིན་ལྟར་སྒྲུབ་པ་གཙོ་འཁོར་དྲུག་པ། ནང་མགོན་པོ་ལྟར་སྒྲུབ་པ་གཙོ་འཁོར་དགུ་པ། གསང་བ་བདུད་ལྟར་སྒྲུབ་པ་གཙོ་འཁོར་ལྔ་པ། དེ་རྣམས་དྲིལ་སྒྲུབ་ལུགས་གཙོ་འཁོར་བཅུ་གཅིག་པ་རྣམས་སུ་ཡོད་པ་ལས། ད་ལམ་གྱི་སྐབས་འདིར་ཐམས་ཅད་ཀྱི་གནད་འདུས་དྲིལ་སྒྲུབ་ལྟར་བསྐུར་བས། ཕྱི་ནང་གསང་བ་ཐམས་ཅད་ཀྱི་དབང་བསྐུར་རྫོགས་ཤིང་། དོན་དུ་གཉེར་བ་པོ་ལ་ཕྱི་ནང་གསང་གསུམ་སོ་སོར་བསྐུར་ཞིང་བསྒྲུབ་པ་ལ་དབང་བའི་ནུས་པ་འཇོག་པར་བྱེད་པ། དྲིལ་སྒྲུབ་ཀྱི་རྗེས་སུ་གནང་བ། ཞེས་དང་། སློབ་མ་དྲིལ་སྒྲུབ་ཀྱི་གཙོ་བོ་གསུམ་དང་། མདུན་རྟེན་ལྷ་བཅུ་གཅིག་པར་གོང་བཞིན་བསྐྱེད། སྔགས་ཀྱི་རྗེས་ཟློས་ཀྱང་ལུགས་གོང་བཞིན་བྱས་པ་བཅུག་པས་འགྲུབ། ༧ ཡང་སྤྲོས་བཅས་ཀྱིས་སོ་སོར་བསྐུར་བར་འདོད་ན། ཕྱི་སྒྲུབ་མངོན་རྟོགས་བཟླས་སྔགས་བཅས་པ་བསྒྱུར་ཁ་མི་དགོས། ནང་སྒྲུབ་སྐབས་ཀྱང་ཕྱི་སྒྲུབ་བསྙེན་པའི་མཇུག་ཏུ་ནང་སྒྲུབ་མངོན་རྟོགས་གསུངས་པ་ཉིད་ལ། བྱང་ཤར་གྱི་རྩིབས་ལ་ཡུམ་བསྣན། བཟླས་པའི་སྐབས་ཀྱང་སྔགས་གསུམ་དང་ཡུམ་སྔགས་བསྣན། གསང་སྒྲུབ་ལ་འཁོར་ལོ་རྩིབས་བཞིའི་ཤར་དུ་ཡུམ། ལྷོར་རྣོན་པོ། ནུབ་ཏུ་ཉི་མིག །བྱང་དུ་འཇིགས་བྱེད་རྣམས་བསྐྱེད་དེ། སྔགས་བཟླ་སྐབས་དེ་བཞིན་སོ་སོའི་སྔགས་བཟླ། དབང་གི་ལོ་རྒྱུས་འཁྱོགས་མཚམས་ལ། ཕྱི་གནོད་སྦྱིན་ལྟར་སྒྲུབ་པ་གཙོ་འཁོར་དྲུག་པ་སོགས་སོ་སོ་དང་། བསྐྱེད་པ་དང་། བཟླས་ལུང་དང་། ཕྱག་མཚན་དུས་ཀྱང་དེ་བཞིན་སོ་སོར་བསྒྱུར་དགོས་ཤིང་། འདིར་ནི་ཕྱག་བཞེས་བཞིན་དྲིལ་སྒྲུབ་ཉིད་བསྐུར་པས་ལུགས་གསུམ་ཀའི་གོ་ཆོད་བཞིན་མཛད་པ་ཡིན་ནོ།། །། ༈ གནམ་ཆོས་ནོར་བདག་ཨ་པ་ར་ཙིཏྟའི་དབང་དོན་སྒྲུབ་པ་ལ། སྐྱབས་སེམས་ནི། ན་མོ༔ དཀོན་མཆོག་གསུམ་དང་སོགས་ལན་གསུམ། མཆོད་རྫས། ཀ་དག་ཀློང་ནས་སོགས་ཀྱིས་བརླབ། བདག་བསྐྱེད་ནི། རང་ཉིད་པདྨ་འབྱུང་གནས་དཀར༔ རྡོ་རྗེ་གཡས་ལ་བྷནྡྷ་གཡོན༔ ཁ་ཊྭཱཾ་གྲུ་མོར་བརྟེན་པ་བསྐྱེད༔ སྤྲུལ་སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ དེ་ཡི་ངང་ལ་སྔགས་འདི་བཟླ༔ ཞེས་པས་གུ་རུ་ཞི་བར་བསྒོམས་ལ། བཛྲ་གུ་རུ་ཅུང་ཟད་བཟླ། གཏེར་གཞུང་སྒྲུབ་ཐབས་བཞིན། རང་ཉིད་རྣམ་ཐོས་སྲས་སོགས་ནས། ནེའུ་ལེ་འཛིན༔ བདག་ཐུགས་འོད་ཟེར་ཕོ་ཉ་ཡིས། །རང་རང་གནས་ནས་ཐུགས་དམ་བསྐུལ། །སྤྱན་དྲངས་བསྐྱེད་པ་ལ་ཐིམ་གྱུར། །ཨོཾ་བཛྲ་ཨ་པ་ར་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛ༔ ༼ཝི༽ནོར་ལྷ་སྤྱིའི་ལས་བྱང་འདོད་རྒུ་ཆར་འབེབ་ལྟར་སྤྱན་འདྲེན་ནས་མཆོད་པའི་མཐའ་བར་གཏང་། བསྟོད་པ་ནི། གཏེར་གཞུང་གི །ཧཱུྃ༔ དཔག་ཏུ་མེད་པའི་སོགས་ཀྱིས་བསྟོད། བཟླས་དམིགས་གསལ་གདབ་པ་ནི། བདག་ཐུགས་འོད་ཀྱིས་མདུན་བསྐྱེད་བསྐུལ། །དེ་ལས་འོད་འཕྲོས་འཁོར་འདས་ཀྱི། །ལེགས་ཚོགས་ཐམས་ཅད་བསྡུས་ཤིང་བསྟིམ། །གང་འདོད་ལས་ཀུན་སྒྲུབ་པར་བསམ། །སྔགས་གོང་མ་བསྙེན་པའི་དོན་དུ་བརྒྱ་རྩ་སོགས་དང་། འོག་མ་སྒྲུབ་པ་ལས་སྦྱོར་གྱི་ཚུལ་དུ་ཕྱེད་ཆ་བཟླ། དངོས་གཞི་གཟུངས་དབང་ལྟར་བསྐུར། རྗེས་མཆོད་བསྟོད་གོང་བཞིན་དང་། ནོར་ལྷ་སྤྱིའི་ལས་བྱང་བཞིན་ཉེས་བྱས་བཤགས་ཤིང་ཕྲིན་ལས་བཅོལ། བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང་། སྨོན་ཤིས་བཅས་གསང་བ་སྤྱི་ལྟར་བྱ་བ་འམ། གནམ་ཆོས་སྒེར་ལུགས་ཤིན་ཏུ་སྤྲོས་མེད་གང་བྱེད་སྐབས་དང་བསྟུན་པས་གྲུབ།། །། ༈ གནམ་ཆོས་ཇོ་བོ་ཚོགས་བདག་བཀའ་གཏད་ཀྱི་དབང་སྒྲུབ་ལ། སྐྱབས་སེམས་ནས། བཛྲ་གུ་རུའི་བཟླས་པ་གྲུབ་ཀྱི་བར་ཨ་པར་ཙིཏྟ་བཞིན་དང་། མདུན་རྟེན་ལ་དམིགས་ཏེ། མདུན་དུ་ཚོགས་བདག་སྐུ་མདོག་དམར༔ ཞལ་གཅིག་ཕྱག་བཞི་གླང་ཆེན་དབུ༔ གཡས་གཉིས་ནོར་བུ་ལྕགས་ཀྱུ་སྟེ༔ གཡོན་གཉིས་ཞགས་པ་ནཻའུ་ལེ་འཛིན༔ ནེའུ་ལེ་བྱི་བའི་གདན་སྟེང་དུ༔ ཞབས་གཉིས་ཕྱེད་པའི་སྐྱིལ་མོས་བཞུགས༔ བདག་ཐུགས་འོད་ཀྱིས་ལྷ་གནས་ནས། །བསྐྱེད་པ་དང་འདྲ་སྤྱན་དྲངས་གྱུར། །གཏེར་གཞུང་གསོལ་ཁ་བཞིན། ཧཱུྃ༔ ཇོ་བོ་ཚོགས་ཀྱི་བདག་པོ་སོགས་ནས། ཕྲིན་ལས་གྲུབ་པར་མཛོད༔ བསྙེན་དམིགས་ཨ་པར་ཙིཏྟའི་སྐབས་བཞིན་གསལ་ནས། ཨོཾ་བྷཻ་རུ་ཙ་ན་པ་ཏྲ་ཏྲིང་ཀ་ལ་སོགས་རྩ་བསྙེན་དང་། སྤེལ་ཚིག་སྦྱར་བའང་ཅུང་ཟད་བཟླ། གཏོར་མ་ཨ་ཀཱ་རོས་བརླབས་ལ། ཧཱུྃ༔ སྐྱེས་པ་ས་ཡི་སོགས་གཏེར་གཞུང་བཞིན་གྱིས་བསྔོས་ལ་ཕྲིན་ལས་བཅོལ། དངོས་གཞི་ཆོས་སྐྱོང་སྤྱིའི་བཀའ་གཏན་བཞིན་བསྐུར། རྗེས་ཨ་པར་ཙིཏྟ་བཞིན་ལ་རིགས་པས་འཕྲུལ་པས་གྲུབ།། །། ༈ གནམ་ཆོས་རྟ་ལྷ་ཨཱརྱ་རེ་མནྟའི་བཀའ་གཏད་ཀྱི་དབང་སྒྲུབ་ལ། སྐྱབས་སེམས་ནས་གུ་རུ་ཞི་བའི་བསྙེན་པ་གྲུབ་ཀྱི་བར་ཨ་པར་ཙིཏྟ་དང་འདྲ། མདུན་བསྐྱེད་ནི། རང་གི་མདུན་དུ་སོགས་གཏེར་གཞུང་བཞིན། ཚ་ཞང་བྱས་ནའང་དེ་རང་ཡིན༔ བདག་ཐུགས་འོད་ཀྱིས་རང་འདྲའི་ཚོགས། །སྤྱན་དྲངས་གཉིས་སུ་མེད་པར་བསྟིམ།། ༼ཝི༽ནོར་ལྷ་སྤྱིའི་ལས་བྱང་འདོད་རྒུ་ཆར་འབེབ་བཞིན་སྤྱན་འདྲེན་ཕྱིན་རེ་མནྟའི་བསྒྱུར་ཁ་བཅས་གཏང་། བསྙེན་དམིགས་ཨ་པར་ཙིཏྟ་བཞིན་སྦྱར་ནས་སྔགས་སྔ་མ་བུངས་བསྐྱེད་ཅིང་། ཕྱི་མའང་ཅུང་ཟད་བཟླ། མཆོད་གཏོར་ཨ་ཀཱ་རོས་བརླབ་སྟེ། ཧཱུྃ༔ རྟ་ལྷ་ཨཱརྱ་རེ་མནྟ༔ སོགས་གསོལ་ཀ་གཏེར་གཞུང་མཐར་ཆགས་བཏང་བས་འབུལ། དངོས་གཞིར་ཆོས་སྐྱོང་སྤྱིའི་བཀའ་གཏད་བཞིན་བསྐུར། རྗེས་ཨ་པར་ཙིཏྟ་བཞིན་ལ་རིག་པས་འཕྲུལ་བས་གྲུབ།། །། ༈ གནམ་ཆོས་ཀུ་བེ་རའི་བཀའ་གཏད་ཀྱི་དབང་དོན་སྒྲུབ་པ་ལ། སྐྱབས་སེམས་མཆོད་བརླབ་ཨ་པར་ཙིཏྟ་ལྟར་ལ། བདག་བསྐྱེད་ནི། ཧྲཱིཿ སྐད་ཅིག་དྲན་རྫོགས་པདྨ་ཧེ་རུ་ཀཿ ཁྲོ་ཆགས་ཉམས་རྒྱས་ཐོད་དབྱུག་སྡིགས་མཛུབ་སྒྲེང་། །རྟ་སྐད་བཞད་པས་ཁམས་གསུམ་དབང་སྡུད་སྐུ། །ཡེ་ཤེས་མེ་ཀློང་པད་ཉིའི་གདན་ལ་འགྱིངས། །དྭངས་སྲོག་ཧྲཱིཿཡིས་འོད་དང་སྒྲ་གདངས་ཀྱིས། །རྩ་གསུམ་བྱིན་བསྡུས་དྲེགས་པ་ཟིལ་གནོན་གྱུར། །ཅེས་གསལ་བཏབ་ནས། སྙིང་པོ་ཧྲཱིཿགཅིག་ཅི་ཙམ་ནུས་པ་བགྲང་། མདུན་རྟེན་རཾ་ཡཾ་ཁཾ་གིས་བསང་། སྭ་བྷཱ་ཝས་སྦྱང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ཏེ། ཧཱུྃ། མདུན་དུ་ནོར་ལྷ་ཀུ་བེ་ར༔ སོགས་སྒྲུབ་ཐབས་ཆགས་མེད་ཀྱི་ཆོག་སྒྲིག་ལྟར་བསྐྱེད་པ་ནས་གཟུང་བཟླས་པ་དང་པོ་ཅི་ཙམ་ནུས་པ་བྱ། གཞན་རྣམས་ཞར་བྱུང་དུ་ཆེད་ཀྱིས་སྤྲོ་ན་ལས་དབང་སྒྲུབ་སྐབས་དོར་བས་འཐུས། དངོས་གཞི་ཆོས་སྐྱོང་སྤྱིའི་བཀའ་གཏད་ལྟར་བསྐུར། རྗེས་ལ། འབྲུ་གསུམ་གྱིས་མཆོད་གཏོར་བརླབ། བསྙེན་སྔགས་ལ་གཏོར་སྔགས་སྤྱི་འགྲོ་བཏགས་པ་ལན་གསུམ་གྱིས་གཏོར་མ་འབུལ། བསྙེན་སྔགས་ལ། ཨརྒྷཾ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ་བཏགས་པས་མཆོད། ཧཱུྃ། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀའི། །དམ་ལ་གནས་པའི་མཐུ་བོ་ཆེ། །འཇིག་རྟེན་བྱང་ཕྱོགས་སྐྱོང་མཛད་པའི། །དཔལ་མགོན་ཀུ་བེ་ར་ལ་བསྟོད། །ཅེས་པས་བསྟོད། རྟ་བདག་འཁོར་དང་བཅས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། གཤེགས་བསྟིམ་སྐབས་དང་བསྟུན། སྨོན་ཤིས་མདོར་བསྡུས་པས་གྲུབ་བོ།། །། ༈ ཆགས་མེད་བཞི་པ་ཀརྨ་བསྟན་འཛིན་ཕྲིན་ལས་ལ་བཀའ་བབས་པའི་བཀའ་གཏེར་ཟུང་འཇུག་ཤ་ཟ་མཁའ་འགྲོ་མཆེད་གསུམ་གྱི་སྲོག་གཏད་ཐུན་མོང་མ་ཡིན་པ་ཌཱ་ཀིའི་ཐུགས་བཅུད་ལྟར་དབང་སྒྲུབ་སྐབས། དབུས་སུ་རྡོ་རྗེ་མཁའ་འགྲོ་ནོར་སྟེར་མ་མཐིང་། གཡས་སུ་རིན་ཆེན་མཁའ་འགྲོ་གོས་སྟེར་མ་ལྗང་སེར། གཡོན་དུ་པདྨ་མཁའ་འགྲོ་ཟས་སྟེར་མ་དམར་མོ་བསྐྱེད་དགོས། སྲོག་དབང་དངོས། རྗེས་རིམ། གཏོར་འབུལ་སོགས་རྒྱས་བསྡུས་སྐབས་དང་བསྟུན་ནོ།། །། ༈ མཆོག་གླིང་ཟབ་བདུན་ཀུན་འཁྱིལ་མཆེད་གསུམ་གྱི་རྗེས་གནང་གོང་དུ་རྩ་གསུམ་ཚེ་ཟབ་སྐབས་སུ་སོང་ངོ་།། །། ༈ བྱང་གཏེར་མངའ་དབང་རིན་ཆེན་འབར་བ་འོག་ཏུ་འབྱུང་བ་རྣམས་ཀྱིས། བསོད་ནམས་ལོངས་སྤྱོད་རྒྱས་བྱེད་སྐོར་དུ་བཞུགས་པའི་དབང་དང་རྗེས་གནང་རྣམས་སོང་གྲུབ་པ་ཡིན་ནོ།། །། ༄། བཞི་པ་ལོ་ཏོག་འབྲས་བུ་རྒྱས་བྱེད་ཀྱི་སྐོར་ལ། གནམ་ཆོས་ལས་བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་དབང་སྒྲུབ། དངོས་གཞི་གཟུངས་དབང་། རྗེས་གནམ་ཆོས་སྤྱི་བཞིན་བྱའོ།། །། ༈ གནམ་ཆོས་ཀླུ་རྒྱལ་དགའ་བོའི་བཀའ་གཏད་ཀྱི་དབང་དོན་སྒྲུབ་པ་ནི། ན་མོ༔ དཀོན་མཆོག་གསུམ་དང་སོགས་ཀྱི་སྐྱབས་སེམས་ལན་གསུམ་དང་། ཀ་དག་ཀློང་ནས་སོགས་ཀྱིས་མཆོད་རྫས་བརླབ། བདག་བསྐྱེད་ནི། རང་ཉིད་སྐད་ཅིག་གསང་བའི་བདག །མཐིང་ནག་རྡོ་རྗེ་སྡིགས་མཛུབ་སྒྲེང་། ཁྲོ་བོའི་ཆས་རྫོགས་འབར་བའི་ཀློང་། །པད་ཉིའི་གདན་ལ་དོར་སྟབས་འགྱིང་། །དམ་ཡེ་དབྱེར་མེད་ཆེན་པོར་རྫོགས། །ཐུགས་ཀར་ཉི་སྟེང་ཐུགས་སྲོག་ཧཱུྃ། །མཐའ་མར་སྔགས་ཀྱི་ཕྲེང་བ་ཡི། །འོད་ཀྱིས་འཕགས་མཆོད་འགྲོ་སྒྲིབ་སྦྱང་། །རྡོ་རྗེ་གསུམ་གྱི་བྱིན་རླབས་བསྡུས། །དྲེགས་པ་ཟིལ་མནན་ཐལ་བར་བརླག །སྣང་གྲགས་ལྷ་སྔགས་རོལ་པར་གྱུར། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་བཟླ། མདུན་བསྐྱེད་ནི། རང་གི་མདུན་དུ་ཀླུའི་རྒྱལ་པོ་དགའ་བོ་སོགས་ཀླུ་མཆོད་གཞུང་བཞིན་མཆོད་པའི་མཐའ་བར་བཏང་། ཧཱུྃ། འོག་ཕྱོགས་རྒྱ་མཚོ་ཀླུ་ཡི་ཡུལ། །བཀྲ་ཤིས་འོ་མའི་རྒྱ་མཚོ་ནས། །ཀླུ་གཡང་དངོས་གྲུབ་ཀུན་གྱི་བདག །ཀླུ་རྒྱལ་ཆེན་པོ་ཁྱེད་ལ་བསྟོད། །ཅེས་བསྟོད། བཟླས་དམིགས་ནི། ཀླུ་རྒྱལ་ཐུགས་ཀར་ཟླ་སྟེང་ཕུཿ སྔགས་ཀྱིས་བསྐོར་བ་བཟླས་པས་བསྐུལ། །ཀླུ་ནད་ས་བདག་གདུག་རྩུབ་ཞི། །ཀླུ་གཡང་སྤྲིན་ལྟར་གཏིབས་པར་བསམ། སྔགས་བཟླ། བཀའ་གཏད་དངོས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཀླུ་རྒྱལ་དགའ་བོའི་དཀའ་གཏད་ཞུ་སྙམ་པའི་སེམས་བསྐྱེད་ནས་གསན་འཚལ། དེའང་རྒྱལ་བ་ཚད་མེད་པའི་ཐུགས་རྗེའི་བདག་ཉིད་ཀྱིས་གདུལ་བྱ་གང་འདུལ་དེར་སྣང་གི་མཛད་པའི་ཕྲིན་ལས་རྨད་དུ་བྱུང་བའི་ཆ་ཤས་ལས། ཀླུའི་རིགས་སུ་གྱུར་པའི་འགྲོ་བ་རྣམས་ཀྱི་མགོན་དང་། སངས་རྒྱས་ཀྱི་བསྟན་པ་སྲུང་བའི་དཔལ་དུ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཀླུའི་རྒྱལ་པོའི་ཚུལ་དུ་བཞེངས་པ་ཀླུ་རྒྱལ་དགའ་བོའི་སྒྲུབ་ཐབས་དང་འབྲེལ་བའི་བཀའ་གཏད་འདི་ནི། སྤྲུལ་སྐུ་མི་འགྱུར་རྡོ་རྗེས་སྟོབས་ཆེན་གླང་གི་ལོ་ལ་དགོངས་པའི་གཏེར་ལས་ཕྱུང་སྟེ་གཏན་ལ་ཕབ་པ་དང་རྗེས་སུ་འབྲེལ་བའི་བཀའ་གཏད་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །རྡོ་རྗེ་འཛིན་པའི་བཀའ་དྲིན་གྱིས། །བདག་ལ་ཀླུ་རྒྱལ་དགའ་བོ་ཡི། །བཀའ་གཏད་ཟབ་མོ་བསྩལ་དུ་གསོལ། །ལན་གསུམ། རྒྱུད་སྦྱོང་བའི་སླད་དུ་བདུན་རྣམ་དག་གི་སྒོམ་དོན་གསལ་འདེབས་བཞིན་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་སོགས་ལན་གསུམ། བཀའ་གཏད་དངོས་གཞིའི་ཐོག་མར་སློབ་དཔོན་ཉིད་གོང་གནོན་གྱི་ལྷ་བཅོམ་ལྡན་འདས་དཔལ་གསང་བའི་བདག་པོ་དངོས་སུ་བཞུགས་པའི་མདུན་དུ་སློབ་མ་རྣམས་གཉེན་པོ་སྟོབས་ཀྱི་ལྷ་གསང་བདག་ཁྲོ་བོའི་ཏིང་འཛིན་འདི་ལྟར་དུ་གསལ་ཐོབས་ཤིག །སློབ་མ་སྐད་ཅིག་གསང་བའི་བདག །སོགས་བདག་བསྐྱེད་བཞིན། དམ་ཡེ་དབྱེར་མེད་ཆེན་པོར་རྫོགས། །དེ་ལྟར་གསལ་བའི་ངང་ནས་གསང་སྔགས་འདིའི་རྗེས་ཟློས། གོང་གི་ཕྱག་རྡོར་སྔགས་ལན་གསུམ། མདུན་དུ་གནས་པའི་ཀླུ་གཟུགས་སྔར་བསྐྱེད་ཅིང་མཆོད་བསྟོད་བགྱིས་ཟིན་པ་ཉིད། སླར་ཡང་སྐུ་ཉིད་རྣམས་ཀྱི་བློ་ངོར་བདག་གིས་བརྗོད་པའི་ཚིག་རིས་དང་མཐུན་པའི་ཏིང་འཛིན་རིམ་པར་གསལ་འདེབས་པ་ཞུ། རང་གི་མདུན་དུ་སོགས་ཀླུ་མཆོད་བཞིན་ལ། ཀླུ་སྲིན་བཀར་བ་དོར་ནས། མཆོད་པའི་མཐར་གོང་གི་བསྟོད་པ་བཅས་བརྗོད། དེ་ལྟར་བསྐྱེད་བསྟིམ་མཆོད་བསྟོད་ཀྱིས་བསྐུལ་པས་དགྱེས་ཤིང་མཉེས་ནས། ཅི་བཅོལ་བའི་ལས་མཛད་པ་ལ་རིངས་ཤིང་ངོ་ཐོན་གྱི་ཚུལ་དུ་བཞུགས་པ་ཉིད། ཁྱེད་རང་རྣམས་ཀྱི་སྲུང་མར་གཏད་ཅིང་བཀའ་བསྒོས་པ་བཞིན་བསྒྲུབ་པར་ཞལ་གྱིས་བཞེས་ཤིང་། ཅི་བཅོལ་བའི་ཕྲིན་ལས་མཛད་པར་ཡོད་སྙམ་པའི་ངེས་ཤེས་སྐྱེད་ཅིག །ཀླུ་གཟུགས་ལག་ཏུ་གཏད་ལ། ཀླུའི་རྒྱལ་པོ་དགའ་བོ་འཁོར་དང་སོགས་བརྗོད། དེ་རྣམས་ཀྱིས་དགོངས་གཏེར་ཐུགས་ཀྱི་ཀློང་གསལ་ལས་བྱུང་བའི་ཀླུ་རྒྱལ་དགའ་བོའི་བཀའ་གཏད་ལེགས་པར་ཐོབ་པ་ཡིན་པས། དེང་ཕྱིན་ཆད་དམ་ཚིག་སྤྱི་དང་ཁྱད་པར་དུས་དུས་སུ་མཆོད་གཏོར་ལ་འབད་ཅིང་། ཐབ་གཞོབ། དམེ་མནོལ། ཀླུ་ནོར་ལ་འཚེ་བ། རང་དོན་ཉི་ཚེ་བར་དྲག་པོའི་ལས་བྱེད་པ་རྣམས་སྤང་དགོས་པས་དེ་ལྟར་བགྱི་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ། ཆོ་གའི་རྗེས། མཆོད་བསྟོད་མདོར་བསྡུས། གཞུང་གསལ་བཤགས་པ། གཤེགས་གསོལ་བྱ། བདག་བསྐྱེད་བསྡུ་ལྡང་། སྨོན་ཤིས་རྣམས་སྤྱི་ལྟར་བགྱིས་པས་གྲུབ་བོ།། །། ༈ གནམ་ཆོས་ཀླུ་རྒྱལ་མི་མགོན་དཀར་པོའི་བཀའ་གཏད་ཀྱི་དབང་དོན་སྒྲུབ་པ་ནི། སྐྱབས་སེམས་ནས། བདག་བསྐྱེད་བཟླས་པ་གྲུབ་ཀྱི་བར་ཀླུ་དགའ་བོ་བཞིན་དང་། མདུན་བསྐྱེད་ནི། སྒྲུབ་རྫས་མི་དམིགས་སྟོང་པའི་ངང་། །སོགས་གསོལ་ཁའི་ནང་གི །འོད་དུ་ཞུ་བས་ཀླུ་རྒྱལ་ནི། །ཞེས་པའི་མཚམས་སུ། མི་མགོན་དཀར་པོ་གཏེར་གྱི་བདག །སོགས་འོག་གི་བསྐང་གསོལ་གཡང་སྐྱབས་སྦྲགས་མའི་གཏོར་འབུལ་ལྟར། རྨ་གཡང་དངོས་གྲུབ་སྤྲིན་ལྟར་འཐིབས། །བར་འདིར་བླངས། གོང་འཕྲོས། རང་ཉིད་ཡི་དམ་ཐུགས་ཀ་སོགས་ནས། མདུན་བསྐྱེད་ཉིད་ལ་ཐིམ། བར། ཧཱུྃ༔ ཀླུ་རྒྱལ་མི་མགོན་དཀར་པོ་ནི༔ སོགས་དབུའི་གཏེར་གཞུང་གསོལ་མཆོད་ཀྱི་སྤྱན་འདྲེན་ནས་གཟུང་ཚང་བར་གཏང་། སྔ་མའི་འཕྲོས། ཀླུ་རྒྱལ་ཐུགས་ཀར་ཟླ་བའི་སྟེང་། །སོགས་ཀྱི་དམིགས་པ་གསལ་བཏབ་ནས། སྔགས་གོང་མ་བཟླ། སརྦ་སིདྡྷི་ཧཱུྃ་ཅན་ཅུང་ཟད་བཟླ། གཏོར་མ་རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་དང་། ཨ་ཀཱ་རོས་བྱིན་གྱིས་བརླབ། རིན་ཆེན་སྣོད་མཆོག་རྒྱ་ཆེ་བར། །གཏོར་མ་ཟག་མེད་སོགས་བསྐང་གསོལ་གཡང་སྐྱབས་སྦྲགས་མའི་དཀྱུས་སུ་འབྱུང་བ་ལྟར་བསྔོ་ཞིང་། ཉེར་སྤྱོད་ཀྱིས་མཆོད། ཧཱུྃ། བཅོམ་ལྡན་མགོན་པོ་སོགས། དབྱར་གྱི་ཆུ་བཞིན་འཕེལ་བར་མཛོད། །ཅེས་ལེ་ཚན་དང་པོ་ཁོ་ན་བཏང་བས་ཕྲིན་ལས་བཅོལ། དངོས་གཞི་ཆོས་སྐྱོང་སྤྱིའི་བཀའ་གཏད་ལྟར་བསྐུར། རྗེས་རིམ་ནི། མཆོད་གཏོར་ཨ་ཀཱ་རོས་བྱིན་གྱིས་བརླབས་ཏེ། ཧཱུྃ༔ ཀླུ་རྒྱལ་མི་མགོན་དཀར་པོ་ནི༔ སོགས་གཏེར་གཞུང་གསོལ་མཆོད། མ་ཐོགས་བཅོལ་པའི་ཕྲིན་ལས་མཛོད༔ བར་ཚར་གཅིག་བསྐྱར་བ་དང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། གཤེགས་བསྟིམ་གང་འོས་སྐབས་དང་བསྟུན། བདག་བསྐྱེད་བསྡུ་ལྡང་། སྨོན་ཤིས་བཅས་སྤྱི་མཐུན་གྱིས་བརྒྱན་པས་གྲུབ་བོ།། །། ༈ རིག་འཛིན་ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་འཕགས་མཆོག་སེངྒེ་སྒྲའི་དབང་དོན་སྒྲུབ་པ་ནི། སྒྲུབ་ཐབས་རྩ་གཞུང་བཞིན། སྐྱབས་སེམས་ནས་བརྩམ་བདག་མདུན་སོ་སོར་བསྐྱེད་བཟླས་མཐར། བུམ་པ་རང་བྱུང་གི་སོགས་སྤྱི་འགྲོའི་བུམ་བསྐྱེད་གསལ་བཏབ་ནས། སྙིང་པོ་བརྒྱ་རྩ་དང་། གཟུངས་ཅི་འགྲུབ་བཟླས་ནས་འོད་ཞུ་བྱ། དེ་ནས་གཏོར་འབུལ་གྲུབ་ནས། རིག་མེ་དོར་ཞིང་གནང་བ་ནོད། དབང་དངོས་ལ། འོ། མར་གྱུར་གྱི་སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་ཀླུ་གདོན་ལ་སོགས་པའི་གནོད་པ་དང་། ས་འཚིག་ཐན་པ་ལ་སོགས་པའི་ཉེས་པ་ལས་སྐྱོབ་ཅིང་། མཐར་ཐུག་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གོ་འཕང་ལ་འགོད་པའི་ཕྱིར་སྨིན་བྱེད་ཟབ་མོ་ནོད་ནས་གདམས་ངག་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་དང་བཅས་གསན་འཚལ། དེ་ལྟ་བུའི་སྒྲུབ་ཐབས་ཀྱང་གསར་རྙིང་གི་གཞུང་རྣམས་སུ་དུ་མ་ཞིག་གསུངས་པ་ལས། འདིར་འཕགས་མཆོག་སེངྒེ་སྒྲའི་སྒྲུབ་ཐབས་བཀའ་མ་དང་། རིག་འཛིན་ཐུགས་ཀྱི་རྡོ་རྗེ་འམ་ཀརྨ་བཀའ་བརྒྱུད་ཕྲིན་ལས་རྣམ་པར་རྒྱལ་བའི་སྡེའི་ཟབ་མོ་དགོངས་པའི་གཏེར་ལས་བྱུང་བ་ཟུང་འཇུག་སྟེ། བཀའ་གཏེར་བརྒྱུད་པའི་ཆུ་བོ་གཅིག་དྲིལ་དུ་མཛད་པའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བར་མྱོང་བས་གྲུབ་པ་འདི་ཉིད་ཀྱི་སྨིན་དབང་བྱིན་རླབས་གཏེར་ཆེན་མཚམས་སྦྱོར་གྱིས་བརྒྱན་པ་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱོར་ལ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྗེས་གནང་གི་གཞུང་བཞིན། ཀུན་མཁྱེན་ཡེ་ཤེས་སོགས་ལན་གསུམ། རྒྱུད་སྦྱོང་བའི་སླད་དུ་འཕགས་པ་གཙོ་བོར་གྱུར་པའི་ཞིང་མཆོག་རྒྱ་མཚོ་མདུན་མཁར་བཞུགས་པའི་སྤྱན་སྔར་ལྔ་རྣམ་དག་ཚུལ་བཞིན་མཛད་པའི་བློས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་སོགས་ལན་གསུམ། དབང་དངོས་གཞིར་སྐུ་གསུང་ཐུགས་དང་། གཏོར་མའི་བྱིན་རླབས་བཅས་རྣམ་པ་བཞིར་འབྱུང་བ་ལས། དང་པོ་སྐུའི་དབང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སངས་རྒྱས་ཀུན་གྱི་སོགས་ལན་གསུམ། ཁྱེད་རང་རྣམས་ཡིད་གཞན་དུ་མ་ཡེངས་པར་ལྷའི་སྐུ་འདི་ལྟར་གསལ་འདེབས་འཚལ། ཨོཾ་ཤཱུནྱ་ཏཱ་སོགས། སློབ་མ་འཛིན་མེད་སྣང་བའི་ཆ༔སོགས་བདག་བསྐྱེད་ལྟར། འོད་འཕྲོས་ཡེ་ཤེས་ཚོགས་སྤྱན་དྲངས། སློབ་མར་སིབ་སིབ་ཐིམ་པར་གྱུར། སྤོས་རོལ་བཅས་སྤྱན་འདྲེན་ཚིགས་བཅད་དང་། རྩ་སྔགས་ལ་ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱཿབཏགས་པ་བཟླས་པས་བྱིན་དབབ། དེ་བརྟན་པར་བྱ་བའི་ཕྱིར་ལྷ་དང་སློབ་དཔོན་དབྱེར་མེད་པས་རྣམ་རྒྱལ་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་ལུས་ཀྱི་དྲི་མ་དག །སྣང་བ་ལྷའི་འཁོར་ལོར་འཆར་བའི་ནུས་པ་རྒྱུད་ལ་བཞག་པར་མོས། བཀྲ་ཤིས་བུམ་པའི་སོགས། གཉིས་པ་གསུང་གི་དབང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སངས་རྒྱས་ཀུན་གྱི་སོགས་ལན་གསུམ། ལྷ་དང་སློབ་དཔོན་དབྱེར་མེད་པའི་མགྲིན་པ་ནས་རྒྱལ་ཀུན་གསུང་གི་རང་གཟུགས་ཡི་གེ་འཁོར་ལོའི་རྣམ་པར་ཤར་བའི་ཚོགས་འཕྲོས། སློབ་མའི་མགྲིན་པར་ཐིམ་པས་ངག་གི་སྒྲིབ་པ་དག །སྒྲ་གྲགས་སྔགས་རྡོ་རྗེའི་རང་བཞིན་དུ་དག་པའི་ནུས་པ་རྒྱུད་ལ་བཞག་པར་མོས། རྒྱལ་ཀུན་གྱི་ནི་སོགས་ཀྱིས་སྔགས་བྱང་མགྲིན་པར་གཞག །རྗེས་འབྲེལ་སྔགས་ཀྱི་བཟླས་ལུང་སྦྱིན་པ་ནི། སློབ་དཔོན་འཕགས་མཆོག་སེངྒེ་སྒྲར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་ལས་གཉིས་པ་འཕྲོས། ཞལ་ནས་ཐོན། སློབ་མ་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་སྲོག་གི་མཐར་འཁོད་པ་ལས་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས་པར་མོས་ལ་འདིའི་རྗེས་ཟློས། སྙིང་པོ་ལན་གསུམ་དང་གཟུངས་རིང་བརྗོད། དེ་བརྟན་པར་བྱ་བའི་ཕྱིར་ཕྲེང་བ་མགྲིན་པར་བཞག་སྟེ། རིན་ཆེན་ཤེལ་གྱི་སོགས། གསུམ་པ་ཐུགས་ཀྱི་དབང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སངས་རྒྱས་ཀུན་གྱི་སོགས་ལན་གསུམ། ལྷ་དང་སློབ་དཔོན་དབྱེར་མེད་པའི་ཐུགས་ཀ་ནས་ཡེ་ཤེས་སེམས་དཔའི་སྐུ་གསལ་ལ་རྫོགས་པ་བྱོན་ནས་སློབ་མའི་སྙིང་གར་ཐིམ་པས་ཡིད་ཀྱི་སྒྲིབ་པ་དག །དྲན་རྟོག་ཆོས་ཉིད་ཀྱི་རོལ་པར་རྟོགས་པའི་ནུས་པ་རྒྱུད་ལ་བཞག་པར་མོས། འགྲོ་འདུལ་རྗེ་བཙུན་སོགས་ཀྱིས་སྐུ་སྤྱི་བོར་གཞག །དེ་བརྟན་པར་བྱ་བའི་ཕྱིར་རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་གི་བརྡས་མཚོན་ཏེ། སེམས་ཀྱི་ངོ་བོ་ཀ་དག་གཏིང་གསལ་སྟོང་པ་ཉིད་ལས་མ་གཡོས་བཞིན་དུ། རང་རྩལ་གྱི་སྣང་ཆ་མ་འགགས་པའི་སྣང་སྟོང་ཟུང་འཇུག་གི་དགོངས་པ་མངོན་དུ་གྱུར་པར་མོས། དྲི་མེད་ཤེལ་ལྟར་སོགས། བཞི་པ་བྱིན་རླབས་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ནི། གཏོར་མ་སྣོད་བཅུད་འཕགས་པའི་དཀྱིལ་འཁོར་རྩ་གསུམ་ལྷ་ཚོགས་ཏིལ་གྱི་གོང་བུ་བཞིན་བཞུགས་པ། སློབ་མའི་གནས་ལྔར་བཞག་པས་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་དབང་དངོས་གྲུབ་མ་ལུས་པ་རྩལ་སྤྲུགས་སུ་ཐོབ་པར་མོས། གཏོར་མ་ལྷ་དང་སོགས། དེ་ལྟར་དབང་བསྐུར་ཐོབ་པའི་དམ་ཚིག་གི་རིམ་པ་རྡོ་རྗེ་ཐེག་པའི་རྒྱུད་གཞུང་རྣམས་ནས་གསུངས་པ་བཞིན་སྲུང་སྡོམ་ཚུལ་བཞིན་མཛད་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། ཆོ་གའི་རྗེས་མདུན་བསྐྱེད་ལ་མཆོད་བསྟོད། ནོངས་བཤགས། བརྟན་བཞུགས། སརྦ་བྷཱུ་ཏ་གཙྪས་ཀླུ་བརྒྱད་ཕྱོགས་སྐྱོང་ཡུལ་ལྷ་སོགས་རང་གནས་སུ་གཤེགས། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན། ཤིས་པའི་ཚིག་གིས་མཐའ་བརྒྱན་པས། ལོ་ཏོག་རྒྱས་བྱེད་སྐོར་ལས་འབྱུང་བའི་དབང་བསྐུར་གྱི་སྐོར་རྣམས་གྲུབ་བོ།། །། ༄། ལྔ་པ་ཡོན་ཏན་གྱི་སྣོད་དུ་གྱུར་པ་རིགས་རྒྱུད་རྒྱས་པར་བྱེད་པའི་སྐོར་ལ། མཆོག་གྱུར་གླིང་པའི་ཟབ་བདུན་རྩ་གསུམ་ཚེ་ཟབ་ཀྱི་ཆ་ལག་རིན་ཆེན་མཁའ་འགྲོ་སོ་སོར་འབྲང་མའི་དབང་ཆོག་གསལ་བར་བཀོད་པ་གསེར་གྱི་བུམ་བཟང་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བགྱིས་ལ། ས་འདིར་བཞུགས་པ་ནི་དེ་ཙམ་མོ།། །། ༄། དྲུག་པ་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྒྱས་པར་བྱེད་པའི་སྐོར་ལ། སངས་རྒྱས་གླིང་པའི་གཏེར་བྱོན་ཐུབ་དབང་གནས་བརྟན་བཅུ་དྲུག་གི་རྗེས་གནང་དབང་དོན་སྒྲུབ་པའི་ཐོག་མར་ཡན་ལག་ལྔ་ཁྲུས་སོགས་རྒྱས་པར་མ་གྲུབ་ནའང། དུང་ཞལ་དུ་དྲི་བཟང་སྦྱར་བའི་ཆུས་སྒོ་དྲུང་དུ་ཡན་ལག་ལྔ་ཁྲུས་ལམ་ཙམ་བྱ་ཞིང་། ཁ་བཤལ། འདོན་ཚིག་བརྗོད་མི་དགོས། དེ་ནས་ཞིག་གླིང་གི་མཆོད་པའི་སྤྲིན་ཕུང་ངམ། ཀུན་གཟིགས་མཁྱེན་བརྩེའི་དབང་པོའི་ཕན་བདེའི་འབྱུང་གནས་གང་རུང་གི་གནས་ཆོག་འདོད་གསོལ་མཐའ་བར་གཏང་ཞིང་།་་་མཁྱེན་བརྩེའི་གསུང་ལྟར་ན་རྗེས་ཆོག་གི་གཏོར་འབུལ་གྲུབ་ཀྱི་བར་བྱ།མཆན། སྔ་མའི་སྐབས་སྐྱབས་སེམས་རྗེས། ཐུགས་རྗེ་ཆེན་པོའི་བདག་བསྐྱེད་རྒྱས་བསྡུས་གང་རུང་ངམ། ཤིན་ཏུ་བསྡུ་ན། རང་ཉིད་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར་པར་བསམ་ལ། མཆོད་བརླབ་ལ་འཇུག །རྗེས་གནང་ཆོ་གར་ལྷ་ལ་དབང་བསྐུར་ཡི་གེ་གསུམ་གྱི་རྒྱས་གདབ་གསུངས་པའང་། སྤྲོ་ན་ལུགས་གཉིས་ཀར་ཁྲུས་གསོལ་རྗེས་བྱ། མ་ནུས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་བར་སེམས། ཕྱི་མར་གསུངས་པའི་གཟུངས་བཟླ་བ་གྲུབ་ན་ལེགས་ཤིང་། གཟུངས་བུམ་བསྒྲུབ་པ་དགོས་གནད་དང་བསྟུན་པ་ལས་དབང་རྐྱང་ལ་ངེས་པར་མི་དགོས། གང་ལྟར་ཡང་། རྗེས་གནང་གི་ཆོ་ག་ལྟར་མདོར་བསྡུས་པའི་ཚུལ་གྱིས་བདག་ཉིད་འཇུག་པའམ། ཏིང་འཛིན་གྱི་དབང་བླངས་ནས། རྗེས་གནང་དངོས་ལ། འོ་ན། མཁའ་ཁྱབ་ཀྱི་སེམས་ཅན་ཕ་མར་གྱུར་པ་འདི་དག་འཁོར་མཚོ་ཉམ་ང་བའི་རུམ་ནས་བསྒྲལ་ཏེ། ཞི་བ་བླ་ན་མེད་པའི་གྲོང་ཁྱེར་དུ་དབུགས་དབྱུང་བ་དང་། གནས་སྐབས་དང་མཐར་ཐུག་ཀུན་ཏུ་འཇིག་རྟེན་གསུམ་གྱི་ཕན་བདེའི་འབྱུང་གནས་ཉག་གཅིག་ཏུ་གྲུབ་པའི་ལྷ་མིའི་མཆོད་སྡོང་གཅིག་པུར་གྱུར་པ། མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་པོར་འཚོ་གཞེས་བརྟན་པར་བྱེད་པའི་སླད་དུ། ཐུབ་དབང་གནས་བརྟན་བཅུ་དྲུག་གིས་བསྐོར་བའི་ཆོ་ག་ཉམས་སུ་བླང་བར་བྱེད་པ་ལ་དབང་བའི་རྗེས་གནང་ཟབ་མོ་གསན་པར་བྱ་སྙམ་པའི་ཀུན་སློང་བཟང་པོ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་རིན་པོ་ཆེ་གསལ་བཏབ་སྟེ་གསན་འཚལ། དེ་ལྟ་བུའི་ཆོས་ཚུལ་མདོ་སྔགས་ཀྱི་བཀའ་སྲོལ་ཐ་དད་པར་བྱོན་པ་ལས། སྐབས་སུ་བབ་པ་འདི་ནི། ལྷ་སྲས་དམ་འཛིན་ཆོས་ཀྱི་བློ་གྲོས་ཀྱི་རྣམ་འཕྲུལ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་སངས་རྒྱས་གླིང་པས་དབང་ཆེན་གསུང་གི་དབེན་གནས་བསམ་ཡས་མཆིམས་ཕུའི་ལམ་ཁ་བྲག་སྣ་སེངྒེའི་གདོང་འདྲ་བ་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་རྒྱལ་པོ་བཀའ་འབུམ་གྱི་ཆ་ལག་ཏུ་བྱོན་པ། སྟོན་མཆོག་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་མཉམ་མེད་ཐུབ་པའི་དབང་པོ་འཕགས་པ་གནས་བརྟན་བཅུ་དྲུག་འཁོར་དང་བཅས་པའི་སྒྲུབ་ཐབས་ངོ་མཚར་རྨད་དུ་བྱུང་བ་འདི་ཉིད་ཀྱི་ཆོ་ག་ལ་དུས་དང་རྒྱུན་དུ་འབད་པས་བརྩོན་ན། དཀོན་མཆོག་གསུམ་གྱི་རྟེན་ཡུན་རིང་དུ་གནས་པ་དང་། དམ་པའི་ཆོས་ཀྱི་བཤད་སྒྲུབ་དར་བ་དང་། འཕགས་པའི་དགེ་འདུན་གྱི་སྡེ་འཕེལ་བ་དང་། རང་རང་གི་ཚུལ་ཁྲིམས་རྣམ་པར་དག་ཅིང་ཐོས་བསམ་སྒོམ་སྒྲུབ་འཕེལ་བ་དང་། ནད་གདོན་སོགས་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང་། ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་རྒྱས་པ་དང་། འགྲོ་བ་རྣམས་དད་ཅིང་འདུན་པ་དང་། འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་སྟེ། མདོར་ན་ཆོས་དང་མཐུན་པའི་བསམ་སྦྱོར་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་བ་ལ་སོགས་པ་དགོས་པ་དང་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་ལྡན་ཞིང་། ཕན་བདེ་ཡོངས་ཀྱི་སྨན་ཡོན་གཅིག་པུར་ངེས་པའི་གདམས་ངག་དང་འབྲེལ་བའི་རྗེས་གནང་ཁྱད་པར་ཅན་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ། དེ་ནས་མཚམས་སྦྱོར་སྤྱི་འགྲོའི་མཆོད་ཆོག་གང་ཡིན་གྱི་སྐྱབས་འགྲོ་དང་། སེམས་བསྐྱེད་བྱས་ལ། གསོལ་གདབ་སོགས་ནས་མཐར་ཆགས་སུ་བསྐུར། རྗེས་རིམ་ལ། ཆོ་ག་སྔ་མ་ལྟར་ན། གཏང་རག་གི་མཆོད་པ་དམིགས་བསལ་གཞུང་དུ་མ་གསུང་ནའང་། མཆོད་བསྟོད་སོགས་ཕུལ་ན་ལེགས་པའི་ཡན་ལག་ཏུ་འགྱུར་ཞིང་དགག་བྱ་མེད་པས། དེ་ལྟར་ན། མཆོད་པའི་སྤྲིན་གཟུངས་ཀྱིས་སྤེལ་ཏེ། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པས་མཉེས་པར་བྱ། མ་འབྱོར་པ་དང་སོགས་ཤྭ་ལོ་ཀས་ནོངས་པ་བཤགས་ཤིང་། བརྟན་བཞུགས་བྱ། འཇིག་རྟེན་པ་རྣམས། ལོ་ཀ་སརྦ་གཙྪས་གཤེགས། བསྟན་པ་རྒྱས་པའི་སྨོན་ལམ་དང་། དགེ་བསྔོ། བཀྲ་ཤིས་ཀྱིས་བརྒྱན་པའམ། ཡང་ན་གཏོར་འབུལ་གོང་དུ་སོང་བས་འདིར་དོར་ནས། མཆོད་པའི་སྤྲིན་གཟུངས་ཀྱིས་སྤེལ་ཞིང་ཡན་ལག་བདུན་པ་ནས། བཀྲ་ཤིས་རྫོགས་ཀྱི་བར་ཀུན་གཟིགས་མཁྱེན་བརྩེའི་གསུང་ཆོ་ག་ཕྱི་མར་འབྱུང་བ་ལྟར་གཏང་ན་སྟབས་བདེ་བའང་ཤེས་པར་མཛོད་ཅིག་གུ།། །། ༈ ཀློང་གསལ་རྡོ་རྗེ་སྙིང་པོའི་རྗེ་བཙུན་བྱམས་པ་མགོན་པོའི་ཆོ་ག་དབང་བསྐུར་དང་བཅས་པ་ལུང་རྟོགས་བཅུད་སྤེལ་ལྟར་དབང་སྒྲུབ། དབང་དངོས། གཏོར་འབུལ་མཆོད་བསྟོད་སོགས་རྗེས་རིམ་བཅས་བྱའོ།། །། ༈ གནམ་ཆོས་ཐུགས་གཏེར་ལས་བྱུང་བའི་ཐུབ་པ་གནས་བཅུའི་དབང་སྒྲུབ་བསྡུས་པས་དབང་དོན་སྒྲུབ་པ་དང་། དབང་བཤད་ལོ་རྒྱུས་ཆགས་མེད་གསུང་བཞིན་ལ། ཤིན་ཏུ་གལ་ཆེ་བ་ཡིན། དེ་ལྟ་བུའི་དབང་བསྐུར་ཟབ་མོ་བགྱི་བ་ལ་ཐོག་མར། བླ་མ་ཐུབ་དབང་གནས་བརྟན་འཁོར་ཚོགས་དང་བཅས་པའི་སྤྱན་སྔར་སྟོང་གསུམ་རབ་འབྱམས་ཀྱི་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་བློས་བླངས་ཏེ་ལྟོས་པ་མེད་པར་མཎྜལ་དུ་འབུལ་བར་མོས་པས་འདིའི་རྗེས་ཟློས། དབང་གཞུང་བཞིན། ཀྱཻ༔ བླ་མ་ཐུབ་དབང་སོགས། བླ་མ་ཉིད་བསྟན་པའི་བདག་པོ་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་དངོས་ཡིན་སྙམ་པའི་ངེས་ཤེས་དང་། དད་མོས་རྩེ་གཅིག་ཏུ་བསྐྱེད་དེ་ཐལ་མོ་མེ་ཏོག་དང་བཅས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨོཾ༔ བླ་མ་ཐུབ་དབང་སོགས་ལན་གསུམ། རྒྱུད་སྦྱོང་བའི་སླད་དུ། མདུན་གྱི་ནམ་མཁར་རིན་པོ་ཆེའི་སྤྲིན་ལ་བརྟེན་པའི་སེང་གེ་ཆེན་པོ་བརྒྱད་པའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ། པདྨ་དང་ཟླ་བའི་གདན་ལ་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་མཆོག་ཤཱཀྱའི་དབང་པོ་ལ། འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་གཙོ་བོར་གྱུར་པའི་ཞིང་མཆོག་རྒྱ་མཚོ་རང་རང་གི་ཞབས་འབྲིང་བཀའ་སྡོད་དང་བཅས་པས་བསྐོར་བ་གཟི་བྱིན་ལམ་མེར་བཞུགས་པའི་དྲུང་དུ། གསག་སྦྱོང་སྤེལ་བའི་སྙིང་པོ་ཡན་ལག་བདུན་པའི་དོན་རེ་རེ་ནས་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་སོགས་ལན་གསུམ། སྔོན་ཆད་མ་རིག་གཉིས་འཛིན་གྱིས་སྒྲིབ་པས་རང་རིག་གི་ལྷ་ཞལ་མ་མཐོང་བའི་མཚོན་བྱེད་མིག་དར་འཆིང་འཚལ། འབྲུ་གསུམ་བརྗོད། སྟོན་མཆོག་རིན་པོ་ཆེ་འཁོར་བཅས་མཇལ་བའི་ཕྱག་རྟེན་ལྷའི་མེ་ཏོག་རིན་པོ་ཆེའི་ཕྲེང་བ་མཛེས་ཤིང་མ་ཉམས་པ་རེ་ཕྱག་ཏུ་ཐོགས་པར་མོས། པུཥྤེ་མ་ལ་ཧོཿ འདི་ལྟ་བུའི་དབང་ཞུ་བ་ལ་དབང་སྲོག་དམ་ཚིག་གི་རིམ་པ་སྤྱི་དང་། ཁྱད་པར་སྐུ་གསུང་ཐུགས་ཀྱིས་ཕྱེ་བ་འདི་རྣམས་ཚུལ་བཞིན་དུ་བསྲུང་དགོས་པས། དེ་ལྟར་མཛད་སྙམ་པར་དམ་འཆའ་བ་དང་། ལུས་ངག་ཡིད་དམ་ཚིག་གི་དཔང་པོར་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་འདེབས་པ་ཡིན་པས། ཁེ་ཉེན་གྱི་དོན་དྲན་པས་སྲུང་སྡོམ་ཚུལ་བཞིན་དགོས་པ་མཁྱེན་འཚལ། ཧཱུྃ༔ འདི་ནི་སྐུ་ཡི་སོགས། དེ་སྐད་བསྒྲགས་པ་རྣམས་བསྲུང་བར་ཁས་བླང་ཞིང་ཐ་ཚིག་གི་བྲོ་བོར་བ་འདིའི་རྗེས་ཟློས། ཀྱཻ༔ བླ་མའི་བཀའ་བཞིན་སོགས། དེས་ན་སྤྲོ་བ་བསྐྱེད་ཅིང་རྗེས་སུ་འཛིན་པ་སློབ་དཔོན་གྱིས་སྦྱིན་པ་ལགས་ཏེ། དེ་བས་དམ་ཚིག་སོགས། ཁྱེད་རང་དཀྱིལ་འཁོར་ཆེན་པོའི་མཐའ་ནས་གཡས་སྐོར་གྱིས་རིམ་པར་ཕྱོགས་བཞི་སོ་སོ་ནས་ལྷ་ཚོགས་རྣམས་ཀྱི་ཞབས་ལ་ཕྱག་བྱ་བའི་བློས་འདིའི་རྗེས་ཟློས། ཤར་ནས་ཞི་བའི་སོགས། སླར་ཤར་གྱི་སྒོ་དྲུང་དུ་འཁོད་ནས་ལྷ་ཚོགས་རྣམས་ཞལ་མཇལ་བའི་ཕྱག་རྟེན་དུ། ལྷའི་མེ་ཏོག་རིན་པོ་ཆེའི་ཕྲེང་བ་གསར་པ་རེ་ཕྱག་ཏུ་ཐོགས་པ་དེ་ཉིད། སྔོན་ནས་འབྲེལ་བའི་ལྷག་པའི་ལྷ་ཡིས་བཞེས་སུ་གསོལ་སྙམ་པའི་འདུན་པ་རྩེ་གཅིག་པས་འདིའི་རྗེས་ཟློས་ལན་གསུམ་གྱི་མཐར་སྔགས་དང་བཅས་ཏེ་དཀྱིལ་འཁོར་དུ་ཕུལ་ཅིག །བདག་གི་མེ་ཏོག་སོགས་ལན་གསུམ་དང་། སྔགས་བཅས། དེས་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པ་གྲུབ། དེ་ནས་ནང་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བཅུག་པའི་ཕྱིར་བྱིན་དབབ་པ་ནི། དེའང་སྒོ་གསུམ་ཐ་མལ་པ་ལ་བཅུད་མི་ཆགས་པས། དེའི་ཕྱིར་སློབ་མ་རྣམས་ཀྱིས་སྣང་བ་གཟུང་འཛིན་གྱི་ཞེན་པས་མ་བཅིངས་པར། སྣང་དམིགས་སྤྲོས་པ་དང་བྲལ་བའི་ཡེ་ནས་མཉམ་རྫོགས་རང་བྱུང་རང་ཤར་གྱི་དཀྱིལ་འཁོར་བར་གསལ་འདེབས་དང་། ཡེ་ཤེས་ཀྱི་བྱིན་བསྡུ་བའི་དམིགས་པ་འདི་ཉིད་བརྟན་པོར་སྒོམས་ཤིག །ཁྱོད་ནི་ཐུབ་དབང་སོགས་སྤོས་རོལ་བཅས། རྩ་སྔགས་ལ། བཛྲ་ཨཱ་ཝེ་སོགས་བཏགས་པ་བཟླས་པས་བྱིན་དབབ། གཞུང་བཞིན་བརྟན་པར་བྱ། མིག་དབྱེ་བ་ནི། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་འཕྲོས། མ་རིག་པས་བསྒྲིབས་པའི་ལིང་ཏོག་མིག་རས་དང་ལྷན་ཅིག་བསལ་བར་མོས། ཧཱུྃ༔ འདི་ནི་རྡོ་རྗེའི་སོགས། དེ་ལྟར་ཕྱེས་པ་རང་བྱུང་ཡེ་ཤེས་ཀྱི་མིག་གིས་དོན་དམ་རྒྱལ་བའི་དཀྱིལ་འཁོར་པ་ཐམས་ཅད་མཐོང་བ་མེད་པའི་ཚུལ་གྱིས། མངོན་སུམ་རང་བབ་ཀྱི་སྤྱོད་ཡུལ་དུ་བཀྲ་ལམ་གྱིས་མཐོང་བར་མོས་ལ་སྤྲོ་བ་སྐྱེད་ཅིག །ཧཱུྃ༔ འདི་ནི་ཐུབ་དབང་སོགས། དེ་དག་གིས་སྦྱོར་བའི་ཆོས་རྣམས་གྲུབ་ནས། དངོས་གཞི་ལ་དབང་རྣམ་པ་ལྔ་རིམ་པར་འབྱུང་བ་ལས། དང་པོ་བུམ་པའི་དབང་བསྐུར་བ་ནི། རིན་པོ་ཆེའི་བུམ་པ་གཞལ་ཡས་ཁང་ཐར་པ་ཆེན་པོའི་ཕོ་བྲང་བྱང་ཆུབ་མཆོག་གི་རྒྱན་དུ་ཤར་བའི་བཀོད་པ་ཚད་མེད་པ་དང་ལྡན་པའི་ནང་དུ་རྒྱལ་མཆོག་ཤཱཀྱ་སེང་གེ་ལ། རྒྱལ་ཚབ་འཕགས་པའི་གནས་བརྟན་བཅུ་དྲུག་ཞབས་འབྲིང་བ་བཀའ་སྡོད་དང་བཅས་པ་ཏིལ་གོང་ཁ་བྱེ་བ་ལྟར་བཞུགས་པ་སློབ་བུའི་སྤྱི་བོར་བཞག་པས། དེ་རྣམས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་བབ་པ་སྤྱི་བོ་ནས་ཞུགས་པས་ལུས་ཀྱི་ནང་གང་ནས་ལས་ཉོན་བག་ཆགས་ཀྱི་དྲི་མ་ལྷག་མ་དང་བཅས་པ་བཀྲུས། ལུས་ནང་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང་བར་གྱུར་པར་མོས། ཧཱུྃ༔ འདི་ནི་ཕྱི་ལྟར་སོགས་ཀྱིས་དབང་བསྐུར་ཞིང་བུམ་ཆུ་སྦྱིན། གཉིས་པ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ནི། སློབ་དཔོན་ལ་གུས་འདུད་མཛད་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ་བས། ཐུབ་དབང་གཙོ་འཁོར་སོ་སོའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས། སློབ་བུའི་དཔྲལ་བ་ནས་ཞུགས་ཤིང་ཐིམ་པས་ལུས་ཀྱི་སྒོ་ནས་ཚུལ་ཁྲིམས་འཆལ་བ་གཙོ་བོར་གྱུར་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་ནས་སྐུའི་དབང་ཐོབ། ལུས་ཀྱི་མཚན་མར་འཛིན་པ་གཏོར། མཚན་དཔེས་བརྒྱན་པའི་འགྱུར་མེད་རྡོ་རྗེའི་སྐུ་འགྲུབ་པར་མོས། ཧཱུྃ༔ འདི་ནི་ཐུབ་དབང་སོགས་སྐུ་དབང་ཡོངས་རྫོགས་བསྐུར། བཟླས་ལུང་གཏེར་གཞུང་ནང་འོག་ཏུ་འབྱུང་བ་བཞིན་དེར་བགྱིས་ཀྱང་རུང་མོད་དེ། འདིར་སྤྱི་འགྲོའི་ཁུལ་དུ་བྱས་ན། གསུམ་པ་གསུང་བཟླས་པ་སྔགས་ཀྱི་ལུང་སྦྱིན་པ་ནི། སླར་ཡང་སློབ་མས་གུས་འདུད་བྱས་པའི་རྐྱེན་གྱིས་སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་པའི་ཐུགས་ཀའི་སྔགས་འཁོར་ལས་སྔགས་ཕྲེང་གསེར་བཙོ་མའི་ཕྲེང་བ་ལྟ་བུ་མཐའ་ཡས་པའི་འོད་ཕྲེང་འཕྲོ་བཞིན་པ་བྱོན། ཞལ་ནས་ཐོན། སློབ་མའི་མགྲིན་པ་ནས་ཞུགས། ཐུགས་ཀར་ཟླ་གདན་ལ་གནས་པའི་ཧཱུྃ་ཡིག་སེར་པོའི་མཐར་གཡས་སྐོར་གྱིས་འཁོད་པ་ལས་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས། ངག་གི་སྒོ་ནས་ཚུལ་ཁྲིམས་འཆལ་པ་གཙོ་བོར་གྱུར་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་ནས་གསུང་གི་དབང་ཐོབ། ངག་གི་མཚན་མར་འཛིན་པ་ཞི་ནས། ཡན་ལག་བཅུ་གཉིས་ཀྱི་ཆོས་སྒྲ་སྒྲོག་པའི་འགག་མེད་རྡོ་རྗེའི་གསུང་འགྲུབ་པར་མོས་པས་འདིའི་རྗེས་ཟློས། སྔགས་ལན་གསུམ། བཞི་པ་ཐུགས་ཕྱག་མཚན་གྱི་དབང་བསྐུར་བ་ནི། སླར་ཡང་སློབ་དཔོན་ལ་གུས་འདུད་མཛད་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ་བས། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཐུགས་ཀྱི་ཡེ་ཤེས་ཕྱག་མཚན་གྱི་རྣམ་པར་ཤར་བ་རིམ་པར་བྱོན། སློབ་བུའི་སྙིང་ག་ནས་ཞུགས། ཡིད་ཀྱི་སྒོ་ནས་ཚུལ་ཁྲིམས་འཆལ་བ་གཙོ་བོར་གྱུར་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་ནས་ཐུགས་ཀྱི་དབང་ཐོབ། ཡིད་ཀྱི་མཚན་མར་འཛིན་པ་ཞི་ནས། ཟག་མེད་ཏིང་འཛིན་གྱི་རྒྱ་མཚོ་སྒོམ་པར་ནུས་པ་འཁྲུལ་མེད་རྡོ་རྗེའི་ཐུགས་འགྲུབ་པར་མོས། ཧཱུྃ༔ འདི་ནི་ཐུབ་དབང་གསེག་ཤང་སོགས་ཀྱིས་ཕྱག་མཚན་རྣམས་སྙིང་གར་གཞག །ལྔ་པ་མཐའ་རྟེན་བྱིན་རླབས་གཏོར་མའི་དབང་བསྐུར་བ་ནི། གཏོར་སྣོད་ཐར་པ་ཆེན་པོའི་ཕོ་བྲང་ཆོས་ཀྱི་དབྱིངས་དང་མཉམ་པའི་དབུས་སུ། གཏོར་མ་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱའི་དབང་པོ། རྒྱལ་ཚབ་འཕགས་པ་གནས་བརྟན་ཆེན་པོ་བཅུ་དྲུག་ཞབས་འབྲིང་བཀའ་སྡོད་དང་བཅས་པའི་སྟེང་འོག་ཕྱོགས་མཚམས་རྣམས་སུ། བསྐལ་བཟང་གི་སངས་རྒྱས་བྱང་སེམས་ཉན་རང་འཕགས་ཚོགས་རྒྱ་མཚོ་བླ་མ་བརྒྱུད་པའི་ཚོགས་ཀྱིས་བསྐོར་བ། བཀྲག་མེར་རེ། འོད་ཀྱི་ལེ། བྱིན་ཐིབས་སེ་བཞུགས་པ། སློབ་བུའི་སྤྱི་བོར་སྤྱན་དྲངས་ཤིང་གསོལ་བ་བཏབ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་ཐོབ་པས། ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི། ཚེ་དཔལ་ལེགས་ཚོགས་རྒྱས། སྣང་སེམས་དབང་དུ་འདུས། མི་མཐུན་པའི་ཕྱོགས་ཚར་བཅད། ཉོན་ཤེས་ཀྱི་དྲི་མ་བག་ཉལ་དང་བཅས་པ་དྲུངས་ནས་ཕྱུང་སྟེ། རྟོགས་གྲོལ་དུས་མཉམ་གྱི་དགོངས་པ་ཀློང་དུ་གྱུར་ནས། བསྟན་དང་འགྲོ་བའི་དོན་ཀུན་བདེ་བླག་ཏུ་སྒྲུབ་ནུས་པའི་མཐུ་དབང་དམ་པ་ཐོབ་པར་མོས། ཧཱུྃ༔ འདི་ནི་ཐུབ་པ་སོགས་ཀྱིས་གཏོར་མ་སྤྱི་བོར་གཞག །སླར་ཡང་ནམ་མཁའི་དབྱིངས་ཁྱབ་པའི་རྒྱལ་བ་སྲས་བཅས་ལྷ་དང་དྲང་སྲོང་རྣམས་ཀྱིས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཚིགས་སུ་བཅད་པའི་གླུ་དབྱངས་དང་བཅས་མེ་ཏོག་གི་ཆར་བསྙིལ་བས། ཕྱོགས་དུས་ཀུན་ཏུ་དགེ་ལེགས་ཀྱི་སྣང་བས་ཁྱབ་ཅིང་བརྟན་པར་བྱས་པར་མོས། ཕུན་སུམ་ཚོགས་པ་སོགས་ཞལ་ནས་གསུངས་པའི་བཀྲ་ཤིས་བརྗོད། དེ་རྣམས་ཀྱི་སྒོ་ནས་ཐུབ་དབང་གནས་བརྟན་བཅུ་དྲུག་གི་དབང་བསྐུར་ཟབ་མོ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་པ་རྫོགས་པར་གྲུབ་པ་ལགས་པས། གནས་སྐབས་དེ་དག་ཏུ་ཐོབ་ཅིང་ཁས་བླང་བའི་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་དུ་བསྲུང་བ་དང་། འདི་ཉིད་ཀྱི་སྒོ་ནས་རྒྱལ་བསྟན་རིན་པོ་ཆེ་ཡུན་དུ་གནས་པའི་བྱ་བ་གཙོ་བོར་བཏོན་པའི་དོན་གཉིས་རླབས་པོ་ཆེ་སྒྲུབ་པ་གལ་ཤིན་ཏུ་ཆེ་བས། དེ་ལྟར་འབད་པར་བགྱི་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་གི་མཎྜལ་ནི། ཀྱཻ༔ བླ་མ་ཐུབ་དབང་གནས་བཅུ་ལ༔ དབང་བསྩལ་སྐུ་དྲིན་གཏང་རག་ཏུ། །གླིང་བཞི་སྲིད་པའི་དགེ་ཚོགས་ནི༔ ཅི་མཆིས་བསྡུས་ཏེ་མཎྜལ་འབུལ༔ ཞེས་རྗེས་ཟློས་ཀྱིས་འབུལ་བཅུག །ལུས་འབུལ། དགེ་བསྔོ་དང་། ཆོ་གའི་རྗེས། ཀུན་གཟིགས་མཁྱེན་བརྩེའི་དབང་པོའི་ཆོག་སྒྲིག་གནས་ཆོག་མཇུག་གི་རྗེས་རིམ་ཡན་ལག་བདུན་པ་ཕྱིན་མཐར་དབྱུང་བ་ལྟ་བུ་སྤྱི་ལྟར་ལ། བསྟན་པ་རྒྱས་པའི་སྨོན་ལམ་སྤྱི་དང་བྱེ་བྲག་པ་གདབ་བོ། །དེ་རྣམས་ཀྱིས་བསྟན་པ་རྒྱས་བྱེད་ཀྱི་ཆོ་ག་དང་འབྲེལ་བའི་དབང་བསྐུར་གྱི་རིམ་པ་སྟེ། སྤྱི་སྡོམ་རྒྱས་པའི་ཕྲིན་ལས་ཀྱི་སྐོར་དུ་བཞུགས་པའི་དབང་བསྐུར་རྣམས་གྲུབ་པ་ལགས་སོ།། །། ༄༅། །བཞི་པ་དབང་གི་ལས་ཀྱི་སྐོར་ལ། རོང་ཟོམ་པཎྜི་ཏ་ཆོས་ཀྱི་བཟང་པོའི་ཟབ་གཏེར་ཀུན་གཟིགས་འཇམ་པའི་རྡོ་རྗེ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་སླད་ནས་ཡང་གཏེར་དུ་བཀའ་བབ་པ། པདྨ་མཁའ་འགྲོ་རིགས་བྱེད་རྩལ་གྱི་བསྙེན་སྒྲུབ་ཕྲིན་ལས་ཀྱི་བྱང་བུ་དབང་བསྐུར་དང་བཅས་པ་བདེ་ཆེན་དགྱེས་པའི་དབྱངས་སྙན་ལྟར་དབང་སྒྲུབ། དབང་དངོས། གྲོལ་བྱེད་ཟབ་ཁྲིད་དང་བཅས་པ་འཆད། ཆོ་གའི་རྗེས་རིམ་བཅས་སོ།། །། ༈ ཞིག་པོ་གླིང་པའི་བདེ་མཆོག་མཁའ་འགྲོ་གསང་སྒྲུབ་ཀྱི་སྨིན་བྱེད་ཆོག་ཟིན་བལྟས་ཆོག་ཏུ་བཀོད་པ་དབང་ཆེན་འཕྲུལ་གྱི་བཅུད་འབེབ་ལྟར་དབང་སྒྲུབ་སྐབས། བཀའ་གཏེར་སྲུང་མའི་གཏོར་འབུལ་སྤྱི་དང་། བྱེ་བྲག་རྒྱལ་པོ་གཡུ་ཕྲེང་ཅན་གྱི་མཆོད་གཏོར་ཡི་གེ་གསུམ་གྱིས་བསང་སྦྱང་། འབྲུ་གསུམ་གྱིས་བརླབ་སྟེ། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས། སྲུང་མ་རྒྱལ་པོ་གཡུ་ཕྲེང་ཅན་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། གཏེར་གཞུང་རྒྱལ་པོ་གཡུ་ཕྲེང་ཅན་གྱི་སྒྲུབ་ཐབས་ལྟར། འབོད་སྔགས་ཤམ་དུ། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་ལན་གསུམ་གྱིས་གཏོར་མ་བསྔོས་ལ། ཧཱུྃ༔ མ་གཡེལ་དགྲ་བླ་སོགས་ནས། མཐུ་མ་ཆུང༔ ཞེས་པའི་མཚམས། དམ་རྫས་ཕུད་གཏོར་འདི་བཞེས་ལ། །རྐྱེན་དང་བར་ཆད་ཞི་བར་མཛོད། །ཟས་ནོར་ལོངས་སྤྱོད་ཆར་ལྟར་ཕོབ། ཁམས་གསུམ་སྲིད་གསུམ་དབང་དུ་སྡུས། །བཅོལ་པའི་སོགས་སྦྲེལ་བའི་ཕྲིན་བཅོལ་བཅས་སྦྱར། དབང་དངོས། རྗེས་ཆོག་སྐབས། ཚོགས་ལ་རོལ་རྗེས། སྤྲོ་ན་ཞིག་གླིང་རྒྱལ་འདུས་བཞིན་དང་། སྐབས་འདིར་བསྡུས་པའི་ལུགས། ༼ཉ༽འཇའ་ཚོན་དཀོན་སྤྱི་བཞིན་ལྷག་མ་བཏང་མཐར། འདི་ཉིད་ཀྱི་ལས་བྱང་མཇུག་གི །ཧཱུྃ༔ མི་མངོན་དབྱིངས་ནས་སོགས་ཀྱིས་ཐུགས་དམ་བསྐུལ། དཀོན་སྤྱིའི་ཆད་བརྟན་རྟ་བྲོ་གྲུབ་ནས། ལས་བྱང་ལྟར་མཆོད་ཅིང་བསྟོད་ལ། དངོས་གྲུབ་བླང་བ་ནི། ཧཱུྃ། བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས། །འགྲོ་ལ་རྩེ་གཅིག་དགོངས་པའི་ཐུགས་དམ་ཅན། །བླ་མ་བདེ་མཆོག་ཡི་དམ་དཀྱིལ་འཁོར་ལྷ། །འཁོར་བཅས་མཁྱེན་བརྩེ་ཡེ་ཤེས་སྒོ་ཕྱེས་ལ། །དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ། །སྒྲུབ་མཆོག་བདག་ལ་དུས་འདིར་བསྩལ་དུ་གསོལ། །འཇིག་རྟེན་འདས་པའི་བྱིན་རླབས་དངོས་གྲུབ་དང་། །བརྟན་གཡོའི་དྭངས་མ་ཁྱད་པར་འདོད་པའི་དོན། །ད་ལྟ་ཉིད་ལ་དབང་དུ་འདུས་ནས་ཀྱང་། །རང་སྣང་དབང་འདུས་གཞན་སྣང་ཟིལ་གྱིས་གནོན། །བསམ་དོན་ཡིད་བཞིན་འགྲུབ་པའི་དངོས་གྲུབ་སྩོལ། །ཨཱོྃ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨ་ཏྲི་ནྲྀ་ཛ་སིདྡྷི་ཀུ་རུ་སྡུས་པཱ་ཤཾ་ཀུ་རུ་ཧཱུྃ་ཛ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ནོངས་བཤགས་ནི། ཧཱུྃ༔ བླ་མ་ཡི་དམ་སོགས་ལས་བྱང་གི་མཆོད་རླབས་འཕྲོས་སུ་འབྱུང་བ་ཡིག་བརྒྱ་བཅས་བརྗོད། མདུན་བསྐྱེད་བརྟན་བཞུགས་དང་། བདག་བསྐྱེད་བསྡུ་ལྡང་ནི། བདག་གི་སྙིང་ག་ནས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་འོད་དམར་པོའི་རྣམ་པར་ཞུ་སྟེ་རང་ལྷར་གསལ་བའི་ཐུགས་སྲོག་ཧྲཱིཿདང་དབྱེར་མེད་དུ་འདྲེས། དེའང་མི་དམིགས་པ་འོད་གསལ་བདེ་བ་ཆེན་པོའི་ངང་དུ་ཐིམ་པར་གྱུར་པར་མོས་ལ་མཉམ་པར་གཞག །སླར་ཡང་རང་ཉིད་བདེ་མཆོག་འཁོར་ལོ་ཡབ་ཡུམ་གྱི་སྐུར་གྱུར་པའི་གནས་གསུམ་དུ་ཨཱོྃ་ཨཱཿཧཱུྃ་གིས་མཚན་པར་གྱུར། ཞེས་ཐུན་མཚམས་ཀྱི་ལྷར་ལྡང་། སྨོན་ལམ་ནི། བདག་གཞན་དུས་གསུམ་བསགས་པའི་དགེ་བ་ཡིས། །རླུང་སེམས་སྣང་བ་དབང་དུ་འདུས་ནས་ཀྱང་། །འཁོར་འདས་ཀུན་གྱི་ཁྱབ་བདག་བདེ་བ་ཆེ། །བདེ་མཆོག་ཡབ་ཡུམ་གོ་འཕང་མྱུར་ཐོབ་ཤོག །བཀྲ་ཤིས་ནི། ཧྲཱིཿ དུས་གསུམ་བདེ་གཤེགས་ཀུན་རྣམས་འདུས་པའི་བདག༔ སྤྲུལ་སྒྱུར་སྣ་ཚོགས་འགྲོ་དོན་གར་ཐབས་སྒྱུར༔ སྣང་སྲིད་ཟིལ་གནོན་དྲེགས་པ་དབང་དུ་སྡུད༔ བདེ་མཆོག་འཁོར་ལོའི་ལྷ་ཚོགས་བཀྲ་ཤིས་ཤོག༔ ཕྱི་རོལ་ཡུལ་སྣང་མཐའ་དག་དབང་དུ་འདུས། །རླུང་སེམས་འཁྲུལ་རྟོག་ནང་གི་དབུ་མར་ཞུགས། །འགྱུར་མེད་བདེ་ཆེན་རྡོ་རྗེ་དྲྭ་བ་སྡོམ། །ཆོས་དབྱིངས་ཀུན་ཁྱབ་ཆེན་པོའི་བཀྲ་ཤིས་ཤོག །ཅེས་པ་རྣམས་སྦྱར་བས་གྲུབ་བོ།། །། ༈ ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་སྒྲོལ་མ་དམར་མོ་གསང་སྒྲུབ་ཀྱི་དབང་ཆོག་ཀུན་ཕན་སྙིང་གི་བདུད་རྩི་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ མཆོག་གྱུར་གླིང་པའི་རྩ་གསུམ་ཚེའི་ཟབ་པའི་པདྨ་མཁའ་འགྲོ་དབང་གི་ལྷ་མོའི་དབང་བསྐུར་བའི་ཆོ་གའི་ལྷན་ཐབས་ཁྲིགས་སུ་བསྡེབས་པ་པདྨ་རཱ་གའི་བུམ་པ་ལྟར་དབང་སྒྲུབ་ཀྱི་བུམ་བཟླས་མཐར། ༼འི༽འདི་ཉིད་ཀྱི་བཀའ་སྲུང་ལྷ་ཆེན་གྱི་དབང་ཆོག་སིནྡྷུ་བ་རའི་ཆུ་རྒྱུན་ལྟར། ལྷ་ཆེན་བསྐྱེད་བཟླས་རྗེས། པདྨ་མཁའ་འགྲོའི་གཏོར་འབུལ། ལྷ་ཆེན་གཏོར་འབུལ། པདྨ་མཁའ་འགྲོའི་ཚོགས་རྣམས་སྦྲེལ། དངོས་གཞིར་པདྨ་མཁའ་འགྲོའི་དབང་བསྐུར་བྱིན་རླབས་ཐུན་མོང་བའི་མཐར། དམ་ཚིག་བསྒྲག་གཟུང་སོགས་ལ་འཇུག །ཐུན་མོང་མ་ཡིན་པའི་བྱིན་རླབས་གཅིག་བརྒྱུད་མ་གུད་དུ་སྦས་ཤེས་པར་བྱ། རྗེས་གཏང་རག་དང་ཞུ་ཡོན་ཕྱོགས་འདུས་བྱས་ཏེ། ལོ་རྒྱུས་ནས་གཟུང་ལྷ་ཆེན་དབང་ཆོག་སིནྡྷུ་བ་རའི་ཆུ་རྒྱུན་ལྟར་བསྐུར། ཆོ་གའི་རྗེས། དབང་ཆོག་གཉིས་པོ་གབ་སྤྲད་པས་བཏང་བས་གྲུབ་བོ།། །། ༈ ཆོས་རྗེ་གླིང་པའི་གནོད་སྦྱིན་ཛམྦྷལ་དམར་པོའི་གསང་སྒྲུབ་ཀྱི་རྗེས་གནང་སྲོག་གཏད་ཐུན་མོང་མ་ཡིན་པ་ཇི་ལྟར་བྱ་བའི་ཡི་གེ་ཁམས་གསུམ་དབང་བྱེད་ལྟར་དབང་སྒྲུབ། དངོས་གཞི་དབང་ཐུན་མོང་དང་། རྗེས་རིམ་བཅས་བྱ། འདིའི་ཐུན་མིན་དང་། ལས་མཁན་དབང་ཕྱུག་དམར་པོའི་བཀའ་གཏད་བསྒྲུབ་ཅིང་རྗེས་གནང་མན་ངག་གུད་སྦས་ལས་ཤེས་པར་བྱོས།། །། ༈ བྱང་གཏེར་ལྷ་ཆེན་བསོད་ནམས་དཔལ་འབར་གྱི་དབང་གི་ཐོག་མར་གོང་ནོན་བདག་བསྐྱེད་ནི། སྐྱབས་འགྲོ། ཐུགས་རྗེའི་དབང་གིས་འགྲོ་དོན་མཛད༔ བླ་མ་རྣམས་ལ་སྐྱབས་སུ་མཆི༔ མི་འབྲལ་རྩེ་གཅིག་བྱིན་རློབ་པའི༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ ལེགས་ཉེས་སྟངས་འཛིན་དངོས་གྲུབ་སྟེར༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ སྨོན་འཇུག་དོན་དམ་སེམས་བསྐྱེད་ནི། སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་འཐོབ་བྱ་སྙམ༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་ཅིང༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ འཇུག་པའི་བྱང་ཆུབ་སེམས་བསྐྱེད་དེ༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ཚོགས་གསག་ཡན་ལག་བཅུ་པ་ནི། བླ་མ་ཡི་དམ་མཁའ་འགྲོ་གནས་འདིར་གཤེགས༔ ཉི་ཟླ་པད་གདན་མཛེས་ལ་དགྱེས་པར་བཞུགས༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་སྤྲིན་ཀུན་གྱིས་མཆོད༔ སྔོན་ནས་ད་བར་མི་དགེ་བཅུ་བསགས་བཤགས༔ དུས་གསུམ་དགེ་ཚོགས་སྤྱོད་ལ་རྗེས་ཡི་རང༔ བདག་གཞན་ཡོངས་གྲོལ་ཆོས་འཁོར་བསྐོར་བར་བསྐུལ༔ འགྲོ་དོན་མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ སྒོ་གསུམ་དགེ་སྤྱད་མ་ལུས་བྱང་ཆུབ་བསྔོ༔ མཁའ་མཉམ་འགྲོ་རྣམས་སྐུ་གསུམ་མངོན་གྱུར་ཤོག༔ ཅེས་སྐྱབས་སེམས་དང་ཚོགས་གསག་རྗེས། རཾ་ཡཾ་ཁཾ། རྣམ་དག་ཆོས་དབྱིངས་སོགས། ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ་གིས་བྱིན་བརླབ། བདག་མདུན་དབྱེར་མེད་ཀྱི་ཏིང་འཛིན་དང་ལྡན་པས། ཨོཾ་སྭ་བྷཱ་ཝ་སོགས། དང་པོ་སྟོང་པའི་ངང་ལས་ཧྲཱིཿདམར་པོ་ཞིག་བསམ༔ དེ་ལས་འོད་ཟེར་དམར་པོ་འཕྲོས་པདྨ་དབང་གི་ཞིང་ཁམས་ཁྱབ༔ ཚུར་འདུས་པ་ལས་རང་ཉིད་སློབ་དཔོན་པདྨ་འབྱུང་གནས་སྐུ་མདོག་དམར་པོ་པདྨ་རཱ་གའི་མདོག་ལྟ་བུ༔ སྤྱན་རྩ་དམར་པོ་མདངས་དང་ལྡན་པ༔ དབང་གི་འཇོལ་བེར་དམར་པོ་མནབས་པ༔ དབུ་ལ་པད་ཞུ་གསོལ་བ༔ ཕྱག་གཉིས་དབང་སྡུད་ལྕགས་ཀྱུའི་ཕྱག་རྒྱ་མཛད་པ༔ ཉི་ཟླ་པདྨའི་གདན་ལ་བཞུགས་པ༔ དེའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས༔ ཨོ་རྒྱན་ནས་དམ་ཚིག་པ་ཅི་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་པར་གྱུར༔ སྤོས་རོལ་བཅས། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་སོགས་ཚིག་བདུན་དབྱངས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བཛྲ་ས་མ་ཡ་ཛཿཛ༔ ཞེས་སྤྱན་དྲངས། བཞུགས་ཕྱག་ནི། དབྱིངས་ནས་སྤྱན་དྲངས་ཡེ་ཤེས་པ༔ དམ་ཚིག་འཁོར་ལོར་དབྱེར་མེད་བཞུགས༔ དངོས་གྲུབ་ཆར་འབེབ་བར་ཆད་སེལ༔ རང་རིག་ལྷ་དང་མཇལ་ཕྱག་འཚལ༔ ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ མཆོད་པ་ནི། ཧཱུྃ༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ལས༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ ཉེར་སྤྱོད་འདོད་ཡོན་སྨན་རཀ་གཏོར༔ ཟག་མེད་བདེ་བ་ཆེན་པོར་བཞེས༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་སོགས། ཤབྡ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཧོ༔ བསྟོད་པ་ནི། ཧྲཱི༔ མ་བཅོས་སྤྲོས་བྲལ་སོགས་ཤྭ་ལོ་ཀ་གཅིག་གིས་བསྟོད། ཛཔ྄་དམིགས་ནི། ཐུགས་ཀར་ཟླ་སྟེང་རྡོ་རྗེའི་ལྟེ་བ་རུ༔ ཧྲཱིཿམཐར་སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས༔ འཕགས་མཆོད་བྱིན་རླབས་དངོས་གྲུབ་རང་ལ་བསྡུས༔ འགྲོ་དྲུག་སྒྲིབ་སྦྱང་སྣོད་བཅུད་པདྨ་འོད༔ དམ་ཅན་མཁའ་འགྲོ་དྲེགས་པ་དབང་དུ་བསྡུས༔ སྣང་གྲགས་རིག་གསུམ་སྐུ་གསུང་ཐུགས་སུ་གསལ༔ ཞེས་གསལ་བཏབ་ནས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་པཱ་ཤཾ་ཀུ་རུ་རཏྣ་སིདྡྷི་ཛཿཛ༔ ཞེས་བཟླས་མཐར། ཡེ་ཤེས་ལྷ་ཚོགས་སོགས་ཀྱིས་ཛཔ྄་མཆོད་བསྟོད་བཤགས་ཆབས་ཅིག་ཏུ་ཕུལ། རང་ཉིད་གུ་རུ་འོད་དུ་ཞུ་ནས་རྟ་མགྲིན་དུ་བསྐྱེད་པ་ནི། ཧྲཱིཿ ཞེས་བརྗོད་པས་རིག་པ་ཧྲཱིཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས། དབང་ཆེན་རྟ་མགྲིན་སྐུ་མདོག་དམར་ནག་དབུ་ཚངས་པའི་འཇིག་རྟེན་དུ་སླེབ་པ། ཞབས་རྒྱ་མཚོའི་གཏིང་དུ་བརྐྱང་བ། ཉི་ཟླ་གཟའ་སྐར་རྐེད་ལ་འཁོར་བ། རི་རབ་ལ་སྟེགས་བྱས་པ། ཕྱག་གཡས་པས་གཟུགས་ཁམས་འདེགས་ཤིང་གཡོན་པས་འདོད་ཁམས་མནན་པ། དུར་ཁྲོད་ཀྱི་ཆས་ཀྱིས་ཀུན་ནས་བརྒྱན་པ། རྟ་སྐད་གཡས་གཡོན་སྟེང་འོག་ཏུ་བསྒྲགས་པས་ཕོ་རྒྱུད་མོ་རྒྱུད་གཟའ་ཀླུ་ཐམས་ཅད་དབང་དུ་སྡུད་པ། ཧྲཱིཿཧཱུྃ་ཕཊ་གསུམ་གྱི་སྒྲ་འབྲུག་ལྟར་ལྡིར་བས་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་སྐུར་གྱུར། ཅེས་གསལ་བཏབ་པའི། ཐུགས་ཀར་ཉི་སྟེང་ཧྲཱིཿདམར་སྔགས་ཀྱིས་སྐོར་བའི་འོད་ཟེར་གྱིས་རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུས། དྲེགས་པ་ཐམས་ཅད་ཚར་བཅད་ནས་དབང་དུ་བྱས། ཕྲིན་ལས་རབ་འབྱམས་ལྷུན་གྱིས་གྲུབ་པར་དམིགས་ལ། ཧྲཱིཿམ་ཧཱ་ཀྲོ་དྷ་པདྨཱནྟ་ཀྲྀཏ་ཧྱཾ་གྲཱྀ་ཝ་ཧཱུྃ་ཧཱུྃ་ཕཊ༔ ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་ཧྲཱིཿཧཱུྃ་ཕཊ༔ ཅེས་བཟླས་མཐར། ཨརྒྷཾ་སོགས་ཀྱིས་མཆོད། རྟ་མགྲིན་རྒྱལ་པོ་དབང་གི་ལྷ། །དྲེགས་པ་ཀུན་འདུལ་པདྨ་འབྱུང་། །བླ་མ་རིག་འཛིན་སྤྲུལ་སྐུ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་བསྟོད། དེ་ནས་ལྷ་ཆེན་གྱི་མཆོད་གཏོར་བསང་སྦྱང་། རང་ཉིད་སློབ་དཔོན་པདྨར་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས༔ མཆོད་རྫས་ལ་ཕོག༔ ཟག་པ་མེད་པའི་བདུད་རྩིར་གྱུར༔ ཨརྒྷཾ་ལས་མཆོད་ཡོན་རོ་བརྒྱ་དང་ལྡན་པ༔ དྷཱུ་པེ་ལས་བདུག་སྤོས༔ པུཥྤེ་ལས་མེ་ཏོག༔ ཨཱ་ལོ་ཀེ་ལས་མར་མེ༔ གནྡྷེ་ལས་དྲི་ཆབ༔ ནཻ་བིདྱཱ་ལས་ཞལ་ཟས༔ ཤབྡ་ལས་རོལ་མོ་ལ་སོགས་པ་མཆོད་རྫས་བསམ་གྱིས་མི་ཁྱབ་པ། འཕྲུལ་དགའ་ལྷའི་འདོད་ཡོན་ལྟ་བུར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དྷཱུ་པེ་ནས། ཤབྡའི་བར་དང་། གཏོར་ཆེན་བསང་སྦྱང་། གཏོར་སྣོད་ཀྱི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ལྟ་བུ་ལྟེ་བ་ལ༔ རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ༔ དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ༔ དེའི་སྟེང་དུ་ཀཾ་ལས་མི་མགོའི་སྒྱེད་པུ་གསུམ༔ དེའི་སྟེང་དུ་བྷྲཱུྃ་ལས་གཏོར་སྣོད་ཟངས་ཀྱི་ཟླ་གམ་འཇིག་རྟེན་གྱི་ཁམས་དང་མཉམ་པའི་སྟེང་དུ༔ ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད་པས་ཤ་ལྔ༔ བདུད་རྩི་ལྔ༔ རི་རབ་ལྷུན་པོ༔ གསེར་གྱི་རི་བདུན་དང༔ རོལ་པའི་མཚོ་བདུན༔ གླིང་བཞི་གླིང་ཕྲན་གྱིས་བསྐོར་བ་ཙམ་དུ་རྒྱ་ཆེ་ཞིང་འཕངས་མཐོ་བ་འདོད་ཡོན་ལྷ་མོར་བཅས་པའི་ལོངས་སྤྱོད་འཛད་མེད་མཁའ་དབྱིངས་རྒྱན་གྱི་གཏེར་དུ་འཆར་བར་གྱུར་པར་བསམ། ཨོཾ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བྷ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་སྭཱ་ཧཱ་བཟླས་པས་བྱིན་བརླབས། མདུན་རྟེན་བསང་སྦྱང་། སྟོང་པའི་ངང་ལས་རང་གི་མདུན་དུ་ཨེ་ལས་ཟླ་གམ་རཀྟའི་དཀྱིལ་འཁོར་རིན་པོ་ཆེ་སྣ་ཚོགས་ཀྱིས་མཛེས་པར་བརྒྱན་པའི་སྐྱེད་མོས་ཚལ། འཕྲུལ་དགའ་ལྷའི་ཞིང་གི་བཀོད་པའི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པའི་གནས་སུ་བྷྲཱུྃ་ལས་ཐིག་ལེ་དམར་པོའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པ་གེ་སར་དང་བཅས་པའི་ལྟེ་བར་འཁོར་ལོ་དམར་པོ་རྩིབས་བརྒྱད་པ། དེའི་ལྟེ་བར་པདྨ་རཱ་ག་ལས་གྲུབ་པའི་ཕོ་བྲང་གཞལ་ཡས་ཁང་ཟླ་གམ་སྒོ་གཅིག་པ་རྒྱན་དང་བཀོད་པ་ཡོངས་སུ་རྫོགས་པའི་དབུས་སུ། པདྨ་ཉི་ཟླ་ཟངས་ཀྱི་ཟླ་གམ་རྣམས་གདན་ཐབས་སུ་བརྩེགས་པའི་སྟེང་དུ། སྲིད་པ་གསུམ་གྱི་དྭངས་བཅུད་འདུས་པའི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་འོད་འབར་བ། ཨོཾ་མ་ཧཱ་དེ་བ་ཧཱུྃ། ཞེས་བརྗོད་པའི་རྐྱེན་གྱིས་ཧྲཱིཿཡིག་དེ་ཉིད་ཡོངས་སུ་གྱུར་པ་ལས། འདོད་པ་ཁམས་ཀྱི་དབང་ཕྱུག་ལྷ་ཆེན་པོ་བསོད་ནམས་དཔལ་འབར་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ཏིལ་མར་གྱིས་བསྐུས་པ་ལ་ཉི་མ་བྱེ་བའི་འོད་ཀྱིས་འཁྱུད་པ་ལྟར་གཟི་བརྗིད་འབར་བ། ཞལ་གཅིག །ཕྱག་བཞི་པ། སྤྱན་གསུམ་ཟླུམ་འཁྱིལ་ཕྱོགས་བཅུར་གཟིགས་པ། ཞི་མ་ཁྲོའི་ཉམས་ཀྱིས་སྒེག་ཅིང་འཛུམ་པའི་ཞལ་མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ། ལྗགས་དབང་སྡུད་ཀྱི་དཀྱིལ་འཁོར་ཟླ་གམ་དམར་པོའི་དཀྱིལ་ནས་ཧྲཱིཿདམར་པོ་ལས་འོད་ཟེར་འཕྲོ་བ། དབུ་སྐྲ་རལ་པ་མཛེས་པས་བར་སྣང་ཁྱབ་པ། སྤྱི་གཙུག་ན་ཡིད་བཞིན་གྱི་ནོར་བུ་འོད་འབར་བས་མཚན་པ། ཕྱག་གཡས་དང་པོས་ལྕགས་ཀྱུ་དམར་པོ་བསྣམས་པས་འཇིག་རྟེན་ཁམས་ཀྱི་ཟས་ནོར་ཐམས་ཅད་འགུགས་པ། འོག་མས་རིན་པོ་ཆེའི་ཞགས་པ་འཕེན་པས་འཇིག་རྟེན་ན་ཆེ་བའི་ལྷ་མིའི་དབང་པོ་རྣམས་འཛིན་པ། གཡོན་གྱི་དང་པོས་ནོར་བུ་རིན་པོ་ཆེ་བསྣམས་པ་ལས་དགོས་འདོད་ཆར་བཞིན་འབེབ་པ། འོག་མས་སྲིད་པའི་མེས་པོ་བསྣམས་པའི་འོད་ཀྱིས་འདོད་ཁམས་ཐམས་ཅད་གཡོ་བར་བྱེད་པ། གཅེར་བུ་རབ་ཏུ་རྒྱས་པའི་མཚན་མ་དམར་པོ་གྱེན་དུ་སྒྲེང་བ། དབུ་དང་། སྐུ་དང་། ཡན་ལག་གི་ཆ་ཀུན་ལྷའི་རིན་པོ་ཆེ་དུ་མས་བརྒྱན་པ། མེ་ཏོག་གི་ཕྲེང་བ་དང་དར་གྱི་ཅོད་པན་འཕྱངས་པ། རེག་པ་ཙམ་གྱིས་སྲིད་པ་གསུམ་གྱི་བརྟན་པ་འཕྲོག་ཅིང་འགུགས་པར་བྱེད་པའི་འོད་ཟེར་དམར་པོའི་ཕྲེང་བ་རབ་ཏུ་འཁྲིགས་པའི་ཀློང་ན་བཞུགས་པ། དེའི་གཡོན་དུ་ཡུམ་ཨུ་མཱཿདེ་བཱི་སྐུ་མདོག་དམར་མོ་ཆགས་པའི་ཉམས་ཅན་ལང་ཚོ་རྒྱས་ཤིང་། ཞལ་གཅིག་ཞི་འཛུམ་བཞད་པའི་མདངས་ལྡན་སྤྱན་གསུམ་པ། ཕྱག་གཡས་དངུལ་དཀར་གྱི་མེ་ལོང་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་ན་མི་ཟད་པའི་རིན་པོ་ཆེའི་གཏེར་འཇོ་བའི་བུམ་པ་འཛིན་པ། དར་དང་རིན་པོ་ཆེ་དང་མེ་ཏོག་ལ་སོགས་པའི་རྒྱན་གྱི་བྱེ་བྲག་དུ་མས་མཛེས་པར་བརྒྱན་པའོ། །གཞལ་ཡས་ཁང་གི་ཕྱི་རོལ་གྱི་འཁོར་ལོའི་གཡས་ཀྱི་རྩིབས་ལ་ཚོགས་བདག་གླང་གདོང་དམར་པོ་གཡས་རིན་པོ་ཆེའི་ལྕགས་ཀྱུ་གཡོན་ལ་ཕུག་དང་ནོར་བུ་བསྣམས་པ་རིན་པོ་ཆེའི་བྲག་རི་དང་བྱི་བའི་གདན་ལ་བཞུགས་པ། ལྷོ་ནུབ་ཀྱི་རྩིབས་ལ་གཞོན་ནུ་ཀཱརྟྟི་ཀེ་དཀར་པོ་གཡས་ནོར་བུ་རིན་པོ་ཆེ་དང་གཡོན་རིན་པོ་ཆེས་བཀང་བའི་སྒྲོམ་བུ་བསྣམས་ཤིང་རིན་ཆེན་བྲག་རིའི་གདན་ལ་མཛེས་པར་བཞུགས་པ། རྒྱབ་ཀྱི་རྩིབས་ལ་ཏྲིག་ཤ་ནག་པོ་གཡས་རིན་པོ་ཆེ་འབར་བ་ཐུགས་ཀར་དང་གཡོན་ནེའུ་ལེའི་རྐྱལ་པ་འཛིན་ཞིང་རིན་ཆེན་ཉི་ཟླ་པདྨའི་གདན་ལ་བཞུགས་པ། ནུབ་བྱང་གི་རྩིབས་ལ་ཛམ་བྷ་ལ་དམར་པོ་གཡས་རིན་པོ་ཆེ་དང་གཡོན་ནེའུ་ལེའི་རྐྱལ་པ་བསྣམས་ཤིང་པདྨ་ཉི་ཟླ་བུམ་པའི་གདན་ལ་བཞུགས་པ། གཡོན་གྱི་རྩིབས་ལ་རྣམ་ཐོས་སྲས་དམར་པོ་ཞལ་གཅིག་ཕྱག་བཞི་པ་གཡས་གཉིས་མདུང་དམར་དང་རིན་པོ་ཆེ་གཡོན་གཉིས་ནེའུ་ལེ་དང་ལྕགས་ཀྱུ་བསྣམས་ཤིང་སེང་གེའི་གདན་ལ་བཞུགས་པ། བྱང་ཤར་གྱི་རྩིབས་ལ་ཨ་པ་རཱ་ཙིཏྟ་དཀར་པོ་ཕྱག་གཡས་རིན་པོ་ཆེ་དང་གཡོན་བུམ་པ་བསྣམས་ནས་པུས་ཙུག་གིས་བུམ་པའི་ཁྲི་ལ་བཞུགས་པ། མདུན་གྱི་རྩིབས་ལ་ཞང་བློན་རྡོ་རྗེ་བདུད་འདུལ་སྔོན་པོ་གཡས་རིན་པོ་ཆེའི་སྒྲོམ་བུ་དང་གཡོན་ནོར་བུ་རིན་ཆེན་འབར་བ་བསྣམས་ཤིང་བཻ་ཌཱུརྻའི་ཁྲི་ལ་བཞུགས་པ། ཤར་ལྷོའི་རྩིབས་ལ་གང་བ་བཟང་པོ་གསེར་མདོག་གཡས་གཏེར་གྱི་བུམ་པ་དང་གཡོན་ནེའུ་ལེའི་རྐྱལ་པ་བསྣམས་པ་རྟ་མཆོག་གསེར་གྱི་མདོག་ཅན་གྱི་སྟེང་ན་བཞུགས་པ། དེ་ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་སྒེག་ཅིང་ཆགས་པའི་ཉམས་ཅན། རང་འོད་ཀྱི་ཕྲེང་བ་འཁྲིགས་པའི་ཀློང་ན་བརྗིད་པས་རོལ་པའོ། །གཞན་ཡང་སྟེང་འོག་བར་མཚམས་ཀུན་ཏུ་སྲིད་པ་གསུམ་ལ་དབང་བར་བྱེད་པའི་ལྷ་ཆེན་ནོར་ལྷ་རབ་འབྱམས་ཏིལ་གང་ཁ་ཕྱེས་པ་ལྟ་བུས་ཡོངས་སུ་གང་བའི། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་དང་། སྲོག་ཡིག་ཧྲཱིཿདམར་པོས་མཚན་པར་གྱུར། བདག་ཉིད་ཀྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ནུབ་ཕྱོགས་དབང་གི་ཞིང་དང་སུམ་ཅུ་རྩ་གསུམ་ལྷའི་ཡུལ་གཞན་འཕྲུལ་དབང་བྱེད་ཀྱི་གནས་རྣམས་སོགས་སུ། དབང་ཕྱུག་ཆེན་པོ་བཞུགས་པའི་ཐུགས་ཀར་ཕོག་པ་ཙམ་གྱིས་སྔོན་གྱི་དམ་ཚིག་རྗེས་སུ་དྲན་ནས་འཁོར་དང་བཅས་པ་ཁམས་གསུམ་གཡོ་བའི་ཆོ་འཕྲུལ་དང་བཅས། གློག་ལྟར་མྱུར་བའི་ཤུགས་ཀྱིས་སྐད་ཅིག་ལ་མདུན་དུ་གཤེགས་པར་གྱུར། གུ་གུལ་གྱི་དུད་པ་གཏང་། རོལ་མོ་ལྡིར་ཞིང་དབྱངས་དང་བཅས་པས། ཧྲཱི༔ ནུབ་ཕྱོགས་པདྨ་འབར་བའི་ཞིང་ཁམས་ཆེ། །ཐམས་ཅད་དབང་དུ་སྡུད་པའི་དཀྱིལ་འཁོར་ནས༔ དབང་ཕྱུག་ཆེན་པོ་ཀྵེ་ཏྲ་པཱ་ལ་དང༔ ཡུམ་གཅིག་ཨུ་མཱཿདེ་བཱི་འཁོར་དང་བཅས༔ བཞེངས་ཤིག་དབང་ཕྱུག་དབྱིངས་ནས་བཞེངས༔ གནས་མཆོག་འདི་རུ་གཤེགས་སུ་གསོལ༔ གཤེགས་ཤིང་བཞུགས་པའི་གནས་ངན་ཡང༔ སློབ་དཔོན་པདྨའི་སྤྱན་སྔ་རུ༔ སྲིད་གསུམ་དབང་དུ་སྡུད་པར་ཞལ་བཞེས་ལྟར༔ དད་མོས་གདུང་བ་བསྐྱེད་པ་དང༔ བདག་ཅག་ཕོངས་པ་བསལ་བའི་ཕྱིར༔ པདྨ་འབར་བའི་གཞལ་ཡས་ནས༔ དབང་ཕྱུག་ཡབ་ཡུམ་འཁོར་དང་བཅས༔ དམ་ལ་མ་འདའ་ད་ཚུར་བྱོན༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ཨེ་ཤ་ཙིཏྟ་ཧྲིཾ་ཡཾ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་སྤྱན་དྲངས། བཞུགས་གསོལ་ནི། ཧྲཱིཿ ངོ་མཚར་བཀོད་པ་མཛེས་པའི་གནས། །ལྷུན་གྲུབ་རིན་ཆེན་བརྩེགས་པའི་ཁྲི། །ཉི་ཟླ་པད་གདན་བརྗིད་པ་ལ། །ལྷ་ཆེན་འཁོར་བཅས་དགྱེས་པར་བཞུགས། །ས་མ་ཡ་ཏིཥྛ་ལྷན། ཕྱག་འཚལ་བ་ནི། ཧྲཱིཿ སྲིད་པ་གསུམ་གྱི་བརྟན་པ་འཕྲོགས། །དཔལ་ཆེན་དབང་གི་སྐུར་སྟོན་པའི། །ལྷ་ཚོགས་སྤྲུལ་པར་བཅས་པ་ལ། །བརྐྱང་བསྐུམ་གར་གྱིས་ཕྱག་བགྱི་འོ། །ཨ་ཏི་པཱུ་ཧོ། དམ་གཞག་ནི། ཧྲཱིཿ པདྨ་རྟ་མཆོག་རྒྱལ་པོ་དང་། །རིག་འཛིན་སློབ་དཔོན་སྤྱན་སྔ་རུ། །ཇི་ལྟར་དམ་བཅས་དྲན་མཛོད་ལ། །དབང་གི་ཕྲིན་ལས་ཡིད་བཞིན་སྒྲུབས། །བཛྲ་ས་མ་ཡ་ཧཱུྃ། མཆོད་པ་འབུལ་བ་ནི། ཧྲཱིཿ དྲི་མེད་དག་པའི་ཨརྒྷཾ་དང་། །དྲི་ཞིམ་སྣ་ཚོགས་སྦྱར་བའི་སྤོས། །མེ་ཏོག་མཆོག་གི་རྒྱན་ཕྲེང་བསྟར། །སྣང་གསལ་སྒྲོན་མེའི་སྣང་བ་འབར། །དག་གཙང་དྲི་ལྡན་གནྡྷེ་བྱུག །བཅུད་ལྡན་ཞལ་ཟས་རི་ལྟར་སྤུངས། །སྒྲ་སྙན་རོལ་མོ་དང་བཅས་པའི། །དཔག་ཡས་མཆོད་པའི་བྱེ་བྲག་རྣམས། །དབང་ཕྱུག་ཆེན་པོ་ཡབ་ཡུམ་དང་། །ནོར་ལྷ་རབ་འབྱམས་ཚོགས་ལ་འབུལ། །བདག་གི་བསམ་པ་འགྲུབ་པར་མཛོད། །ཨོཾ་མ་ཧཱ་དེ་བ་ས་པ་རི་ཝཱ་ར་ཨརྒྷཾ་དྷཱུ་པེ་པུཥྤེ་ནས། ཤབྡ་པཱུ་ཛ་ཧོཿ རིན་པོ་ཆེའི་མཆོད་པ་འབུལ་བ་ནི། ཧཱུྃ༔ རིན་ཆེན་གསེར་དང་རིན་ཆེན་གཡུ༔ དེ་བཞིན་བྱེ་རུ་ཟངས་དང་ལྕགས༔ དུང་དང་ར་གན་བདུན་པོ་འདི༔ དབང་ཕྱུག་འཁོར་དང་བཅས་ལ་འབུལ། །རིན་ཆེན་གཏེར་གྱི་པཱུ་ཛ་འདི། །བདག་ཅག་ཕུན་ཚོགས་དོན་དུ་བཞེས། །བཞེས་ནས་གཏེར་གྱི་སིདྡྷི་དང་། །སྙན་གྲགས་མཁའ་མཐར་ཁྱབ་པ་དང་། །མཐུ་དང་ལོངས་སྤྱོད་སིདྡྷི་སྩོལ། །བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ དབང་ཕྱུག་ཆེན་པོ་མི་བཟད་ཁྲོ་བོའི་སྐུ༔ སོགས་ནས། བདག་ལ་སྐྱེ་འགྲོ་མོས་སུ་ཆུགས་ལ་དབང་དུ་སྡུས༔ ཞེས་པའི་བར་བསམ་རྒྱུད་ཨར་ལ་གཏད་པ་ནས་འབྱུང་བ་ལྟར་གྱི་གཙོ་བོ་ཡབ་ཡུམ་དང་། ཕུན་ཚོགས་ལོངས་སྤྱོད་གཏེར་ལ་མངའ་བརྙེས་ཤིང་། །ཆོས་བྱེད་ཕོངས་པ་སེལ་མཛད་ནོར་གྱི་ལྷ། །འདོད་རྒུའི་དཔལ་ཀུན་སྟེར་མཛད་ཐམས་ཅད་ལ། །བསྟོད་དོ་དཔལ་དང་འབྱོར་པའི་དངོས་གྲུབ་སྩོལ། །ཅེས་པས་འཁོར་རྣམས་ལ་བསྟོད། བཟླས་པ་ནི། མདུན་བསྐྱེད་ཡབ་ཡུམ་གཉིས་ཀྱི་ཐུགས་ཀར་ཉི་མའི་ལྟེ་བར་ཧྲཱིཿདམར་པོ་རེས་མཚན་པའི་མཐར་སོ་སོའི་སྔགས་ཀྱི་ཕྲེང་བས་བསྐོར་བར་བསམ། བདག་བསྐྱེད་ཀྱི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཐ་ཚིག་གཉན་པོ་རྗེས་སུ་དྲན་སྟེ། གཉིས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་དམར་གློག་གི་ཞགས་པ་བ་ཐག་གཟེངས་པ་ལྟ་བུ་ཕྱོགས་བཅུར་འཕྲོས་པས་སྲིད་པ་གསུམ་གྱི་བརྟན་གཡོའི་དངོས་པོ་ཐམས་ཅད་དང་། ཁྱད་པར་གང་ལ་དམིགས་པ་ཐམས་ཅད་འོད་དམར་གྱི་རྣམ་པར་ཞུ་ནས་ཚུར་འདུས་ཤིང་དབང་དུ་བྱས་པར་བསམ་ལ། ཨོཾ་དེ་བ་ཤྭ་ར་མ་ཧཱ་ཨེ་ཤ་ཙིཏྟ་ཧྲཱིཾ་ཡཾ་ཛཿཛ༔ ཨུ་མཱཿདེ་བཱི་ཨེ་ཤ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛ༔ ཞེས་པ་ཡབ་ཡུམ་གྱི་རྩ་སྔགས་དྲིལ་བ་གཙོ་བོར་བཟླ། ལས་སྔགས་བཟླ་བར་སྤྲོ་ན། ཡབ་ཀྱི་སྔགས་མཐར། སརྦ་ལོ་ཀ་བཱ་སུ་མ་ཧཱ་རཏྣ་མྱུར་དུ་ཁུག་ཁུག༔ སྡུས་སྡུས་ཧྲཱིཾ་ཧྲཱིཾ་ཛ་ཛ༔ ཞེས་དང་། ཡུམ་སྔགས་མཐར། བཱ་སུ་རཏྣ་འུབས་འུབས་ཧྲཱིཾ་ཧྲཱིཾ་ཛཿཛཿཁུག་ཁུག༔ ཅེས་བཏགས་པ་སྐབས་སྦྱར་གྱིས་བཟླ། སྤྲོ་ན་འཁོར་སྔགས་ལ། སླར་ཡང་རང་གི་ཐུགས་ཀའི་འོད་ཀྱིས་ལྷ་ཆེན་ཡབ་ཡུམ་བསྐུལ་བས། དེ་ལས་འོད་ཟེར་འཕྲོས། འཁོར་རྣམས་ལ་ཕོག་པས་སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པས་འཇིག་རྟེན་ཁམས་ཀྱི་ཟས་ནོར་ལོངས་སྤྱོད་ལྷ་ཀླུ་མི་གསུམ་གྱི་གཙོ་བོ་སོགས་དམིགས་བྱ་ཐམས་ཅད་བདག་གི་དབང་དུ་བསྡུས་པར་དམིགས་ལ། དབང་ཆོག་ནས་འབྱུང་བའི་འཁོར་སྔགས་ཨོཾ་ག་ཎ་པ་ཏི་སོགས་སོ་སོའི་ཤམ་བུར། ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛ༔ ཞེས་པ་བཏགས་པ་ཅུང་ཟད་རེ་བཟླའོ། །ཐུན་མཐར་གཏོར་མ་འབུལ་བ་ནི། དཀར་གཏོར་རཾ་ཡཾ་ཁཾ་གིས་བསང་སྦྱང་། སྔགས་དྲུག་ཕྱག་དྲུག་གིས་བྱིན་བརླབས། དམར་གཏོར་གོང་བཞིན་བསང་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ལྟ་བུ༔ ལྟེ་བ་ལ་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ༔ དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ༔ དེའི་སྟེང་དུ་ཀཾ་ལས་མི་མགོའི་སྒྱེད་པུ་གསུམ༔ དེའི་སྟེང་དུ་བྷྲཱུྃ་ལས་གཏོར་སྣོད་ཟངས་ཀྱི་ཟླ་གམ་འཇིག་རྟེན་གྱི་ཁམས་དང་མཉམ་པའི་སྟེང་དུ༔ ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད་པས་ཤ་ལྔ༔ བདུད་རྩི་ལྔ་ཡི་གཏོར་མ༔ རི་རབ་ལྷུན་པོ༔ གསེར་གྱི་རི་བདུན་དང༔ རོལ་པའི་མཚོ་བདུན༔ གླིང་བཞི་གླིང་ཕྲན་གྱིས་བསྐོར་བ་དང་མཉམ་པ༔ འདོད་ཡོན་གྱི་སྤྲིན་ཕུང་མཁའ་ཁྱབ་ཏུ་སྤྲོ་བར་གྱུར༔ ཅེས་བྱིན་གྱིས་བརླབས་ནས། ཧཱུྃ། ཐམས་ཅད་དབང་དུ་སྡུད་པའི་དཀྱིལ་འཁོར་ནས༔ དབང་ཕྱུག་ཆེན་པོ་ཀྵེ་ཏྲ་པཱ་ལ་དང༔ སོགས་བསམ་རྒྱུད་ཨར་གཏད་ལས་འབྱུང་བ་ལྟར། དགྱེས་ནས་སིདྡྷི་བདག་ལ་བསྩལ་དུ་གསོལ༔ མ་ཧཱ་ཛྙཱ་ན་པཱུ་ཛ་ཧོ༔ ཞེས་དང་། ལྷ་རྣམས་ཀྱི་ལྗགས་འོད་ཀྱི་སྦུ་གུ་རྩེ་མོ་གསུམ་པས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་སྐུ་གསུང་ཐུགས་མཉེས་ཤིང་ཚིམས་པར་གྱུར། ཡབ་ཡུམ་རྩ་སྔགས་སོ་སོར་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཏགས་པ་དང་། འཁོར་རྣམས་ལ། ཨ་ཀཱ་རོ་བཅས་ཀྱིས་ལན་གསུམ་རེ་ཕུལ་ནས། ཧཱུྃ༔ སུམ་ཅུ་རྩ་གསུམ་ལྷའི་གནས་མཆོག་དང༔ འཕྲུལ་དགའི་ཡུལ་གྱི་དབུས་ན་ལྷ་ཡི་གནས༔ དབང་མཆོག་པདྨ་ཟླ་གམ་སོགས་མཆོད་བསྐུལ་ནས་འབྱུང་བ་ལྟར། ལྷ་ཆེན་ནོར་ལྷ་བརྒྱད་ལ་མཆོད་པ་འབུལ༔ དབང་གི་ཕྲིན་ལས་འགྲུབ་པར་མཛད་དུ་གསོལ༔ ཞེས་མཆོད་བསྐུལ་བྱ། ༈ དབང་གཏོར་འབྲང་རྒྱས་འདྲ་བའི་མཐའ་མར་ནོར་ལྷ་བརྒྱད་ལ་ལྷ་བཤོས་ཆུང་བ་བརྒྱད། དེའི་མཐར་ཏིང་ལོ་བརྒྱད། དེའི་མཐར་མཐེབ་ཀྱུ་བརྒྱད་ཀྱིས་བསྐོར་བར་ཟས་ཕུད་སྣ་ཚོགས་པས་བཀང་བ་དང་། སྲོག་རྟེན་སྲིད་མེས་གཟུགས་དར་སྣས་དྲིལ་བ་དཀྱིལ་འཁོར་དབུས་སུ་འབྲུ་དམར་པོས་བཀང་བའི་སྣོད་ཁར་འཇོག །མཚམས་སྦྱོར་གྱི་ཁྱད་པར། འོ། མར་གྱུར་གྱི་འགྲོ་བ་ཐམས་ཅད་མཐའ་མེད་པའི་འཁོར་བ་མྱ་ངམ་གྱི་ཐང་ཆེན་པོར་འཁྱམས་པ་རྣམས་བདག་གིས་ཐབས་ལ་མཁས་པའི་ཕྲིན་ལས་ཀྱིས་དབང་དུ་བསྡུས་ནས་གཏན་བདེའི་གོ་འཕང་དམ་པར་དབུགས་དབྱུང་བར་བྱ། དེའི་ཕྱིར་དུ་འདོད་པ་ཁམས་ཀྱི་རྗེ་བཙན་དབང་ཕྱུག་ལྷ་ཆེན་པོའི་དབང་བསྐུར་ཟབ་མོ་ནོད་དེ་གང་ལ་གང་འདུལ་གྱི་དབང་གི་ཕྲིན་ལས་བརྩམ་པར་བྱའོ་སྙམ་པའི་ཀུན་སློང་བཟང་པོ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་སྟེ་གསན་པ་ཞུ། དེའང་རྒྱལ་བ་ཐབས་མཁས་ཤིང་ཚད་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པས་རྗེས་འཇུག་གདུལ་བྱའི་ཁམས་དབང་མོས་པ་དང་མཚུངས་པའི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས། ནམ་མཁའ་ཇི་སྲིད་བར་འགྲིབ་མེད་ལྷུན་གྲུབ་ཏུ་མཛད་པའི་ཚུལ་བསམ་གྱིས་མི་ཁྱབ་པར་སྟོན་པ་ཡིན་ཏེ། ཟ་མ་ཏོག་ལས། འདུལ་བའི་སེམས་ཅན་ལ་བསྟེན་ནས། །ཕན་པའི་སྤྱོད་པ་བསམ་མི་ཁྱབ། །བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས། །བསམ་མི་ཁྱབ་པར་ཡོངས་སུ་བསྟན། །ཞེས་དང་། ཀུན་བྱེད་ལས། སྤྲུལ་པ་སྐུ་ཡི་རང་བཞིན་བསྟན་པ་ནི། །ཇི་ལྟར་འདུལ་བའི་སྐུ་རུ་སྤྲུལ་ནས་བཞུགས། །ཞེས་གསུངས་པ་བཞིན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་གཙོ་བོ་སོགས་ཞི་ཆགས་ཁྲོས་པའི་རྣམ་འགྱུར་མཐའ་ཡས་པར་བསྟན་ཅིང་། དེ་དང་མཐུན་པའི་རྒྱུད་དང་སྒྲུབ་ཐབས་ལས་ཚོགས་ཀྱི་སྐོར་དུ་མས་གནས་སྐབས་སྐྱེ་དགུའི་རེ་བ་ཡིད་བཞིན་སྐོང་ཞིང་། མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་ལམ་དང་འབྲེལ་བའི་ཆོས་སྒོ་རབ་འབྱམས་སྣང་བར་མཛད་པ་ལས། ད་ལམ་གྱི་སྐབས་སུ་བབ་པ་འདི་ནི། ངོ་བོ་སངས་རྒྱས་འོད་དཔག་མེད་ཉིད་རྣམ་པ་འདོད་པ་ཁམས་ཀྱི་དབང་ཕྱུག་ཆེན་པོའི་སྐུར་བསྟན་ནས། འདོད་ཁམས་ཀྱི་བདག་པོའི་དབང་དུ་གྱུར་པའི་འགྲོ་བ་རྣམས་དངོས་དང་བརྒྱུད་ནས་ཕན་པ་དང་བདེ་བ་ལ་སྦྱོར་བའི་ཕྲིན་ལས་ཅན་ཕྱི་ནང་གཉིས་ཀས་མཆོད་པའི་ཡུལ་དུ་གྱུར་ཅིང་། ཁྱད་པར་རྒྱལ་བ་ཤཱཀྱ་ཐུབ་པ་ཆེན་པོའི་དགེ་བསྙེན། ནང་པ་སངས་རྒྱས་པའི་བསྟན་པ་སྲུང་བའི་ལྷ་ཆེན་པོ་བརྒྱད་ཀྱི་གཙོ་བོར་བཞུགས་ཤིང་། སླར་སངས་རྒྱས་གཉིས་པ་ཨོ་རྒྱན་པདྨ་འབྱུང་གནས་དེ་ཉིད་རྒྱ་གར་ཤར་ཕྱོགས་རབ་ཏུ་རྒྱུ་བ་ཞེས་བྱ་བའི་དུར་ཁྲོད་དུ་དགོངས་པ་ལ་བཞུགས་པའི་ཚེ། ལྷ་ཆེན་པོ་འཁོར་བཅས་ཀྱིས་ཆོ་འཕྲུལ་དུ་མས་ཏིང་འཛིན་གྱི་དྲོད་ཉུལ་བའི་ཚེ་ཕྱག་རྒྱ་གཉན་པོའི་ཟིལ་འོག་ཏུ་བཅུག་སྟེ་བཀའ་འབངས་སུ་བཙུད། སྲོག་སྙིང་ཕུལ་ནས་ཕྲིན་ལས་བསྒྲུབ་པར་དམ་བཅས། དེ་ཉིད་ལ་བསྟེན་པའི་རྒྱུད་དང་སྒྲུབ་ཐབས་དུ་མ་གཏེར་དུ་སྦ་བར་མཛད་པ་སྟེ། གཞུང་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རྒྱ་གར་ཤར་ཕྱོགས་དུར་ཁྲོད་ནི༔ རབ་ཏུ་རྒྱུ་བ་ཞེས་བྱ་བར༔ དབང་ཕྱུག་ཆེན་པོ་དམ་ལ་བཏགས༔ སྲོག་སྙིང་ཕུལ་ནས་ལས་ལ་བཀོལ༔ ཕྲིན་ལས་སྒྲུབ་པའི་གྲོགས་བྱེད་པར༔ ཁས་བླངས་དམ་ཚིག་ཕོག་པ་ཡིན༔ ཞེས་དང་། ཕྱི་རབས་སྔགས་འཆང་དོན་ཆེད་དུ༔ དབང་ཕྱུག་ཆེན་པོའི་སྒྲུབ་པ་སྦས༔ ཞེས་སོགས་གསུངས་པ་ལས། འདིར་དུས་གསུམ་ཀུན་མཁྱེན་མ་ཧཱ་གུ་རུ་ཉིད་བོད་ཡུལ་དུ་ཆོས་སྐྱོང་རྒྱལ་པོའི་དོན་དུ་ཕེབས་ནས། དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་པའི་མངའ་གསོལ་རབ་གནས་ཚར་བའི་དུས། ཆོས་རྒྱལ་གྱི་བློན་པོ་གཟའ་མིག་དམར་གྱི་སྤྲུལ་པ་མཆིམས་རྡོ་རྗེ་སྤྲེ་ཆུང་གིས། ཀྱཻ་སློབ་དཔོན་ཆེན་པོ་ལགས༔ བདག་རྡོ་རྗེ་སྤྲེ་ཆུང་བྱ་བ༔ ཚེ་རབས་སྔོན་མའི་སྦྱིན་ཤུགས་མེད་པས༔ ད་ལྟ་དབུལ་བར་སྐྱེས༔ བཟོད་པ་མ་བསྒོམས་པས་གཟུགས་བྱད་ངན༔ བུད་མེད་ནག་ཆགས་ཀྱི་ཡིད་དུ་མི་འོང༔ དཀོར་ནོར་མེད་པས་རྒྱལ་བློན་རྣམས་ཀྱི་སྤྱན་སྔར་མི་ཆུག་གདའ་བས༔ སློབ་དཔོན་གྱིས་བདག་ལ་ཐུན་མོང་གི་དངོས་གྲུབ་འབྱུང་བའི་མན་ངག༔ ཚེགས་ཆུང་ལ་དོན་ཆེ་བ་ཞིག་གནང་བར་ཞུ༔ ཞེས་ཞུས་སོ༔ སློབ་དཔོན་གྱིས་བཀའ་བསྩལ་པ༔ ཨེ་མ་སྤྲེ་ཆུང་སྙིང་རེ་རྗེ༔ ལས་ཅན་རིགས་ཀྱི་བུ་ཁྱོད་ནི༔ སྦྱིན་ཤུགས་ཆུང་ཡང་ཤེས་རབ་ཆེ༔ སྐྱེ་གཟུགས་ངན་ཡང་བརྩོན་འགྲུས་ཆེ༔ དངོས་གྲུབ་མྱུར་དུ་འབྱུང་བ་ཡི༔ གདམས་པ་ནོར་བུ་ལྟ་བུ་འདི༔ སྙིང་ལ་ཆོངས་ལ་སྒྲུབ་པ་གྱིས༔ ཞེས་གསུངས་ནས། ལྷ་ཆེན་པོ་འདི་ཉིད་ཀྱི་རྒྱུད་དང་སྒྲུབ་ཐབས་བཅས་པ་བསྩལ་ཅིང་། དེ་ཉིད་ཀྱིས་ཉམས་སུ་བླངས་པས་མངོན་དུ་གྱུར་པའི་མཚན་མ། བོད་ཀྱི་རྒྱལ་བློན་རྣམས་དང་བཙུན་མོ་བཅས་པ་དབང་དུ་བསྡུས་ཤིང༔ བོད་འབངས་ནོར་དང་བཅས་པ་རྣམས་སྤྲིན་བཞིན་དུ་འདུས་པས༔ གུ་རུ་པདྨ་ལ་བཀའ་དྲིན་བསབ་པའི་ཕྱིར་དུ༔ གསེར་འོད་ཆེན་ཉི་ཤར༔ གཡུ་ནམ་མཁའ་འོད་འཕྲོ༔ ཁྲབ་སྐར་མ་འོད་འཕྲོ༔ བེར་ནག་དགུ་སྤུངས༔ རྟ་ནག་འབྲོང་འདུལ་རྣམས་ཕུལ་ལོ༔ དེའི་དུས་སུ་ལས་ཚོགས་ཚང་བར་གནང་ངོ༔ རྗེ་པདྨའི་ཞལ་ནས༔ རྡོ་རྗེ་སྤྲེ་ཆུང་ཁྱོད་ལ༔ མན་ངག་རྣམས་ཚང་བར་བྱིན་གྱིས༔ རྒྱ་བོད་ཀུན་ལ་འདི་བས་ལྷག་པའི་དབང་སྡུད་ཟབ་པ་མེད༔ འདི་སྙིང་དང་འདྲ་བས༔ རང་གི་ཉམས་སུ་ལོངས་ལ་གཞན་ལ་མ་སྤེལ་ཅིག༔ ཅེས་གསུངས་ཏེ༔ དཔེ་མ་བུ་བརྒྱད་དུ་བཀོད་ནས༔ གཏེར་དུ་སྦ་བར་མཛད་པ་ལས། ཐམས་ཅད་ཀྱི་སྙིང་པོའི་ཟབ་གནད་རྡོ་རྗེ་སྤྲེ་ཆུང་ལ་གནང་བ་འདི་ཉིད། བྱང་ཟང་ཟང་ལྷ་བྲག་གི་རྐེད་བྲག་རི་དུག་སྦྲུལ་སྤུངས་འདྲར་གཏེར་དུ་སྦས་པ་ཉིད། ཕྱིས་འདོན་པའི་དུས་སུ་སོན་པ་ན། ཞང་སྣ་ནམ་པ་རྡོ་རྗེ་བདུད་འཇོམས་ཀྱི་རྣམ་པར་འཕྲུལ་པ་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་དངོས་གྲུབ་རྒྱལ་མཚན་གྱིས་བོད་ཁམས་སྐྱོབ་པའི་ཐུགས་གཏེར་མཛོད་ལྔ་འདུས་པའི་ཆོས་མཛོད་ཆེན་མོ་སྤྱན་འདྲེན་པར་མཛད་པའི་ནང་ཚན། ནུབ་ཟངས་མཛོད་དམར་པོའི་ཆོས་སྡེ་ལས། རྟེན་འབྲེལ་ཆོས་བདུན་གྱི་ལྷ་ཆེན་མ་ཧཱ་དེ་ཝ་ལ་བསྟེན་ནས་ཁམས་གསུམ་སྲིད་གསུམ་དབང་དུ་བསྡུ་བའི་སྐོར་ལས་བྱོན་པ། ལྷ་ཆེན་དབང་ཕྱུག་ཆེན་པོ་བསོད་ནམས་དཔལ་འབར་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཟབ་མོ་བསྒྲུབ་པར་བགྱི་བ་ལ། བདག་ཉིད་ཀྱི་བགྱི་བར་འོས་པའི་རིམ་པ་རྣམས་ལེགས་པར་གྲུབ་ཟིན་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་བཅུག །བླ་མ་དང་མ་ཧཱ་གུ་རུ་པདྨ་འབྱུང་གནས་ཐ་མི་དད་པའི་དྲུང་དུ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱཻ༔ བླ་མ་རིག་འཛིན་དགོངས་སོགས་ལན་གསུམ། དེ་ལྟར་གསོལ་པའི་ལན་དུ་གནང་བ་སྦྱིན་ནས་དམ་ཚིག་བསྲུང་བར་གདམས་ཤིང་སྤྲོ་བ་བསྐྱེད་པ་འདི་ལ་གསན་འཚལ། བུ་ཁྱོད་ལས་ཀྱི་འཕྲོ་སོགས་བརྗོད། མདུན་གྱི་ནམ་མཁར་རིན་པོ་ཆེའི་སྤྲིན་ཕུང་མཆོད་པའི་བཀོད་པ་དུ་མས་མཛེས་པའི་དབུས་སུ། དུས་གསུམ་བདེ་གཤེགས་ཀུན་འདུས་མ་ཧཱ་གུ་རུ་པདྨ་འབྱུང་གནས་རྩ་གསུམ་རྒྱལ་བའི་འཁོར་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་དེང་ནས་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་འགྲོ་ཞིང་། ཐེག་པ་ཆེན་པོའི་སེམས་བསྐྱེད་པའི་མི་མཐུན་པའི་ཕྱོགས་ཉམས་ཆག་སྡིག་སྒྲིབ་ཐམས་ཅད་བཤགས་པ་དང་། སྨོན་པ་དང་འཇུག་པ་དོན་དམ་པའི་བདག་ཉིད་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་རྣམས་ཀྱི་སྒོམ་དོན་ཐུགས་ལ་ངེས་པས་འདིའི་རྗེས་ཟློས་མཛོད། ཐུགས་རྗེའི་དབང་གིས་སོགས་སེམས་བསྐྱེད་བཅས་ལན་གསུམ། དེ་ནས་ལྷ་ཆེན་འཁོར་བཅས་ཀྱི་དབང་བསྐུར་སྦྱིན་པའི་ཐོག་མར་གཉེན་པོ་སྟོབས་ཀྱི་ལྷའི་བསྐྱེད་རིམ་ཕོག་ཅིང་། བྱིན་རླབས་གཏོར་མའི་དབང་བསྐུར་བ་ཡིན་པས་འདི་ལྟར་གསལ་ཐོབས་ཤིག །ཨོཾ་སྭ་བྷཱ་ཝ་སོགས། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་སྦྱངས། དེའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་ས་ཕྱོགས་འདི་ཉིད་པདྨ་དབང་གི་ཞིང་ཁམས་ཆེན་པོར་གྱུར་པའི་དབུས་སུ། སློབ་མ་སྐད་ཅིག་གིས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་འདུས་པའི་ངོ་བོ་སློབ་དཔོན་པདྨ་འབྱུང་གནས་སྐུ་མདོག་དམར་པོ་པདྨ་རཱ་གའི་མདོག་སོགས་དབང་སྒྲུབ་སྐབས་ལྟར། ཉི་ཟླ་པདྨའི་གདན་ལ་བཞུགས་པའི་ཐུགས་ཀར་ཧྲཱིཿཡིག་དམར་པོ་འོད་ཟེར་འབར་བས་མཚན་པ་ལས་འཕྲོས་པའི་འོད་ཟེར་དང་། བདག་སློབ་དཔོན་ཡང་མ་ཧཱ་གུ་རུ་སྨྲོས་མ་ཐག་པའི་ཆ་ལུགས་རྫོགས་པའི་སྐུར་གསལ་བའི་ཐུགས་སྲོག་ཧྲཱིཿཡིག་ལས་འཕྲོས་པའི་འོད་ཀྱིས་ཕྱོགས་བཅུའི་ཞིང་རབ་འབྱམས་དང་། ཁྱད་པར་ལྷོ་ནུབ་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་སོགས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པའི་སྐུ་དཔག་ཏུ་མེད་པ་སྤྱན་དྲངས་པ་རྣམས་དང་། མདུན་བསྐྱེད་ཀྱི་ལྷ་ཚོགས་དབྱེར་མེད་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་གཉིས་སུ་མེད་པར་ཐིམ་པས། གུ་རུའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་ཤིང་དབྱེར་མེད་དུ་གྱུར་པའི་ང་རྒྱལ་བརྟན་པོ་མཛོད་ཅིག །སྤོས་རོལ་དབྱངས་བཅས་གུ་རུའི་གཏོར་མ་བཏེགས་ལ། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་སོགས། མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་པཱ་ཤཾ་ཀུ་རུ་ཛ་ཛ༔ ཨ་བྷི་ཥིཉྩ་མཾ༔ རྡོ་རྗེའི་སློབ་མ་འདི་རྣམས་ཀྱིས། གུ་རུའི་སྐུ་གསུང་ཐུགས་དང་དབྱེར་མེད་པའི་དབང་ཐོབ་ནས༔ ལུས་ངག་ཡིད་གསུམ་ནུས་མཐུ་དང་ལྡན་པར་གྱུར་ཅིག༔ གུ་རུ་པདྨའི་ཐུགས་རྗེ་དང་གཉིས་སུ་མེད་པར་གྱུར་ཅིག༔ ཅེས་བརྗོད་བཞིན་གཏོར་མ་སྤྱི་བོར་གཞག །དེས་གཉེན་པོ་སྟོབས་ཀྱི་ལྷར་བསྐྱེད་ཅིང་ཡེ་ཤེས་པའི་བྱིན་དབང་བསྐུར་བ་སོང་ནས། དངོས་གཞི་ལྷ་ཆེན་འཁོར་བཅས་ཀྱི་དབང་བསྐུར་བ། ལུང་འབོགས་པ། དངོས་གྲུབ་བླང་བ། རྗེས་གནང་སྦྱིན་པ་རྣམས་སུ་འབྱུང་བའི། དང་པོ་དབང་བསྐུར་བའི་སླད་དུ་དམིགས་པ་འདི་ལྟར་མཛོད་ཅིག །སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་ས་ཕྱོགས་འདི་ཉིད་འཕྲུལ་དགའ་ལྷའི་ཞིང་གི་བཀོད་པ་དང་ལྡན་པའི་དབུས་སུ་པདྨ་ཉི་ཟླ་ཟངས་ཀྱི་ཟླ་གམ་བརྩེགས་པའི་གདན་ལ། ཁྱེད་རང་རྣམས་ཀྱི་རླུང་སེམས་འདུས་པའི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་གསལ། དེ་ལས་འོད་ཟེར་འཕྲོས་འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་བསྡུས། དེ་ཡོངས་སུ་གྱུར་པ་ལས་འདོད་པ་ཁམས་ཀྱི་དབང་ཕྱུག་ལྷ་ཆེན་པོ་བསོད་ནམས་དཔལ་འབར་སོགས་མངོན་རྟོགས་ལྟར་གཙོ་བོ་ཡབ་ཡུམ་དུ་བསྐྱེད་དེ། རྒྱན་གྱི་བྱེ་བྲག་དུ་མས་མཛེས་པར་བརྒྱན་པའི་སྐུར་ལམ་གྱིས་གྱུར་པར་མོས་པ་དང་། སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་དམར་པོ་དབང་གི་ཕྱག་རྒྱའི་རྣམ་པ་ཅན་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་པས། ནུབ་ཕྱོགས་པདྨ་དབང་གི་གཞལ་ཡས་ཁང་དང་སུམ་ཅུ་རྩ་གསུམ་གྱི་གནས་འཕྲུལ་དགའ་ལྷའི་ཡུལ། པཱ་ལཀྴ་ལྗོན་པའི་ཤིང་དྲུང་སོགས་གར་བཞུགས་ཀྱི་གནས་སུ་ལྷ་ཆེན་པོ་འཁོར་དང་བཅས་པ་ལ་ཕོག་པ་ཙམ་གྱིས་སྣང་སྲིད་ཐམས་ཅད་གཡོ་ཞིང་འུར་འུར་ཆེམས་ཆེམ་གྱི་སྒྲ་དང་བཅས། སྤྲིན་ཆེན་རླུང་གིས་བསྐྱོད་པ་ལྟར་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པའི་ཚོགས་བྱིན་ཐིབས་སེ་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་རྩེ་གཅིག་ཏུ་མཛོད། གུ་གུལ་སྤོས་རོལ་དབྱངས་ཀྱིས། ཧྲཱི༔ ནུབ་ཕྱོགས་པདྨ་འབར་བའི་སོགས་ནས། ཛཿཧཱུྃ་བཾ་ཧོཿའི་བར་ལས་བྱང་བཞིན་བརྗོད་པས་བྱིན་དབབ། དེ་ནས་མདུན་དུ་བཤམས་པའི་གཏོར་མ་ཉིད་སྔར་བསྐྱེད་བསྟིམ། མཆོད་བསྟོད་བཟླས་པ། བསྐུལ་བ། གཏོར་མ་འབུལ་ཞིང་ཕྲིན་ལས་བཅོལ་བ་བཅས་གྲུབ་ཟིན་པ་ཉིད། སླར་ཡང་ཁྱེད་རང་རྣམས་ཀྱི་བློ་ངོར་འདི་ལྟར་དུ་གསལ་འདེབས་པ་ཞུ། མདུན་དུ་གཏོར་མའི་སྣོད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྐྱེད་མོས་ཚལ་འཕྲུལ་དགའ་ལྷའི་ཞིང་གི་བཀོད་པ་དང་ལྡན་པའི་དབུས་སུ། སྣ་ཚོགས་པདྨ་དང་འཁོར་ལོ་དམར་པོ་རྩིབས་བརྒྱད་པའི་ལྟེ་བར་པདྨ་རཱ་ག་ལས་གྲུབ་པའི་ཕོ་བྲང་གཞལ་མེད་ཁང་ཟླ་གམ་སྒོ་དང་བཅས་པ། རྒྱན་དང་བཀོད་པའི་ཁྱད་པར་མཆོག་ཏུ་གྱུར་པ་རྣམས་ཀྱིས་མཛེས་པར་སྤུད་པའི་ནང་དུ་པདྨ་ཉི་ཟླ་ཟངས་ཀྱི་ཟླ་གམ་རྣམས་བརྩེགས་པའི་ཁྲི་ལ། འདོད་པ་ཁམས་ཀྱི་དབང་ཕྱུག་ལྷ་ཆེན་པོ་བསོད་ནམས་དཔལ་འབར་སོགས་བསྐྱེད་ཆོག་ལྟར། ཏིལ་གང་ཁ་ཕྱེས་པ་ལྟར་ཁམས་གསུམ་དབང་དུ་སྡུད་པའི་གཟི་བྱིན་དང་། དགྱེས་ཤིང་གུས་པའི་འཛུམ་མདངས་ལམ་མེར་གསལ་བ་ལ། བདག་སློབ་དཔོན་གྱི་ཐུགས་ཀ་ནས་དྲེགས་པ་དབང་དུ་བྱེད་པའི་འོད་དམར་ཛཿཡིག་རྡོ་རྗེའི་ལྕགས་ཀྱུའི་དབྱིབས་ཅན་འཕྲོས། མདུན་དུ་བཞུགས་པའི་ལྷ་ཆེན་འཁོར་བཅས་ལ་ཕོག་པ་ཙམ་གྱིས་རྒྱུད་རང་དབང་མེད་པར་བསྐུལ་ཏེ་རང་འདྲའི་སྐུ་གཉིས་པ་རེ་མཆེད། དེའི་འོད་ཟེར་གྱིས་བརྟན་གཡོའི་དངོས་པོ་ཐམས་ཅད་བཀུག་ནས་སློབ་མ་རྣམས་ཀྱི་དབང་དུ་བྱས་ཤིང་འབངས་སུ་བསྡུས། སླར་ལྷ་སོ་སོ་ཁྱེད་རང་རྣམས་ལ་ཐིམ་པས་ལྷ་ཆེན་འཁོར་བཅས་ཀྱི་སྲོག་ལ་དབང་ཐོབ། ཁམས་གསུམ་སྲིད་གསུམ་བྲན་དུ་ཁོལ་བའི་མཐུ་ཐོབ་པར་མོས་ཤིག །ཧྲཱི༔ ལྷ་ཆེན་དབང་ཕྱུག་ཡབ་ཡུམ་སྐུ་བཞེངས་ལ༔ འདོད་ཁམས་མི་ནོར་སོགས་གཙོ་འཁོར་དགུ་སོ་སོའི་སྐུ་འམ་མ་འབྱོར་ན་གཏོར་མ་ཁོ་ནས་དབང་བསྐུར། གཉིས་པ་ལུང་སྦྱིན་པའི་སླད་དུ། རྟེན་དང་གཏོར་མ་ལྷ་ཆེན་འཁོར་དང་བཅས་པ་ཁྱེད་རང་རྣམས་ལ་འབངས་སུ་གཏད་ཅིང་དབང་གི་ཕྲིན་ལས་གང་འདོད་ཡིད་བཞིན་དུ་བསྒྲུབས་ནས། ལྷ་དེ་རྣམས་ཁྱེད་རང་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་སྙམ་པའི་ངེས་ཤེས་བསྐྱེད་མཛོད། གསང་རྟེན་གཏོར་མ་སྐུ་ཙཀ་བཅས་ལག་ཏུ་གཏད་ལ། ཧྲཱི༔ དབང་ཕྱུག་འདི་ལ་སོགས་བརྗོད། གསུམ་པ་དངོས་གྲུབ་བླང་བའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། གཏོར་རྫས་སྲིད་པ་གསུམ་གྱི་བརྟན་གཡོའི་དྭངས་མའི་བཅུད་བསྡུས་པའི་ཐིག་ལེར་འཁྱིལ་པ་དང་། གཏོར་ཟན་ལྷ་ཚོགས་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་དངོས་གྲུབ་འདུས་པའི་བདུད་རྩི་ཆེན་པོ་ལ་ལོངས་སྤྱད་པས། ཕྲིན་ལས་དངོས་གྲུབ་རབ་འབྱམས་ཀྱི་དཔལ་ལ་རྟག་ཏུ་སྤྱོད་པའི་སྐལ་པ་མཆོག་དང་ལྡན་པར་མོས་མཛོད། ཅེས་དཔོན་སློབ་ལྷན་གཅིག་པས་གཏོར་ཟན་རོལ་ཞིང་ཐོད་ཆང་མྱོང་། སྨོན་ལམ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོ༔ བདག་ཉིད་སློབ་དཔོན་འཁོར་བཅས་ཀྱིས༔ ཞལ་ཟས་སོགས་བརྗོད། བཞི་པ་བཀའི་རྗེས་སུ་གནང་བ་སྦྱིན་པ་ནི། རིགས་ཀྱི་བུ་ཁྱེད་རྣམས་ལ་སྔོན་གྱི་ལས་འཕྲོ་ཡོད་པ་ཡིན་པས༔ སོགས། གཞན་ལ་མ་སྤེལ་ཅིག༔ དུས་རྒྱུན་དུ་དབང་ཕྱུག་གི་རྟེན་དང་མ་བྲལ་བར་གྱིས་ཤིག༔ མཆོད་བསྟོད་གཏོར་མ་རྒྱུན་མ་ཆད་པར་གྱིས་ཤིག༔ ཇི་སྐད་གདམས་པ་འདི་དག་གཙོ་བོར་བྱས་ཏེ་དམ་ཚིག་གི་རིམ་པ་མཐའ་དག་ཚུལ་བཞིན་དུ་སྲུང་སྡོམ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ་ཕྱིན་སྤྱི་ལྟར་རོ། །རྗེས་རིམ་ནི། མཆོད་པ་རྣམས་ཁ་གསོས་ལ། རཾ་ཡཾ་ཁཾ་གིས་བསང་། སྭ་བྷཱ་ཝས་སྦྱང་། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨ་བརྟ་ཡ་ཨ་བརྟ་ཡ་ཧོཿ བཛྲ་སྥ་ར་ཎ་ཁཾ། ཞེས་རྒྱ་ཆེར་སྤེལ་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་གཏོར་མ་གཙོ་འཁོར་ཐམས་ཅད་དང་། ཨོཾ་མཉྫུ་ཀུག་ཏ་ཧཱུྃ༔ ནཻ་བིདྱཱ་པཱུ་ཛ་ཧོ༔ ཞེས་པས་ཡབ་ལ་ཏིང་ལོ་དང་། ཨོཾ་ཨི་ལི་སི་ལི་སྭཱ་ཧཱ༔ ནཻ་བིདྱཱ་པཱུ་ཛ་ཧོ༔ ཞེས་ཡུམ་ལ་ཆངས་ཟན་སོ་སོར་ལན་བདུན་རེ་འབུལ་མཐར། ཨེ་མཉྫུ་ཀུག་ཏ་ཧཱུྃ༔ སིདྡྷི་ཨ་ལ་ལ་ཧོ༔ ཞེས་ཏིང་ལོ་ཆངས་ཟན་ནས་དུམ་རེ་དངོས་གྲུབ་ཀྱི་ཚུལ་དུ་རང་ཉིད་ཀྱིས་རོལ། སླར་ཡང་། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་རཏྣ་པཱུ་ཛ་ཧོཿས་མཆོད། བསྟོད་ཅིང་འདོད་དོན་གསོལ་བ་ནི། ཧཱུྃ༔ འདོད་ཁམས་ལྷ་ཆེན་བསོད་ནམས་དཔལ་དུ་འབར༔ དབང་ཕྱུག་ཆེན་པོ་མ་ཧཱ་དེ་བ་ནི༔ གཅེར་བུ་བརྗིད་ལྡན་རིན་ཆེན་རྒྱན་གྱིས་སྤྲས༔ སྐུ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་འགྱེད༔ ཡོན་ཏན་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ༔ ལྷ་མོ་ཡུམ་ཆེན་ཨུ་མཱཿདེ་བཱི་དང༔ ཚོགས་ཀྱི་བདག་པོ་གཞོན་ནུ་ཀཱརྟྟི་ཀ༔ ཏྲིག་ཤ་ནག་པོ་ནོར་ལྷ་ཛམ་བྷ་ལ༔ རྣམ་ཐོས་སྲས་དང་གཏེར་བདག་ཨ་པ་རཱ༔ ཞང་བློན་བདུད་འདུལ་གང་བ་བཟང་པོ་དང༔ ནོར་ལྷ་མང་པོ་བཀའ་ཉན་ཕོ་ཉར་འགྱེད༔ དབང་ཕྱུག་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད༔ འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ དགྱེས་ཤིང་མཉེས་ཏེ་དབང་གི་ཕྲིན་ལས་མཛོད༔ ཟས་ནོར་དགོས་འདོད་ཆར་ལྟར་དབབ་ཏུ་གསོལ༔ འབྱོར་པ་ལོངས་སྤྱོད་མང་པོ་རི་ལྟར་སྤུངས༔ ཆེ་བཙན་འཇིག་རྟེན་ཐམས་ཅད་བྲན་དུ་ཁོལ༔ སྙན་གྲགས་སྒྲ་ཡིས་འཇིག་རྟེན་ཁེངས་པར་མཛོད༔ འཇིག་རྟེན་ཀུན་གྱི་བདག་པོ་བྱེད་པར་ཤོག༔ ཅེས་འདོད་དོན་གསོལ། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། ཡེ་ཤེས་པ་གཤེགས། དམ་ཚིག་པ་རྟེན་ལ་བསྟིམ་པའམ་རྟེན་མེད་ན་འོད་དམར་པོའི་རྣམ་པར་ཞུ་བ་རང་གི་སྣ་གཡོན་ནས་ཞུགས་ལྟེ་བའི་ཨ་ཐུང་ལ་ཐིམ་པས་སྣང་སེམས་དབང་དུ་འདུས་པར་བསམ། བདག་བསྐྱེད་བསྡུ་ལྡང་སྤྱི་ལྟར་བྱ། སྨོན་ལམ་ནི། བདག་གི་དགེ་བའི་རྩ་བ་འདིས༔ བསམ་པ་ཡིད་བཞིན་འགྲུབ་གྱུར་ནས༔ ཐར་པའི་འབྲས་བུ་ཐོབ་པར་ཤོག༔ ཅེས་དང་། བཀྲ་ཤིས་ཀྱི་རིམ་པ་ཇི་ལྟར་རིགས་པ་བརྗོད་དོ།། ༧ །།ལྷ་ཆེན་རླུང་ཞགས་ཕྱི་ནང་གསང་བ་དང་བཅས་པའི་དབང་ལ། ཐོག་མར་སྐྱབས་སེམས་ནས། གོང་ནོན་དག་དང་། མདུན་བསྐྱེད་ཀྱི་མཆོད་པ་བྱིན་བརླབ་བཅས་གོང་གི་བསོད་ནམས་དཔལ་འབར་སྐབས་བཞིན་སོང་རྗེས། མདུན་རྟེན་བསང་སྦྱང་། སྟོང་པའི་ངང་ལས་ཡཾ་ཞེས་བརྗོད་པས་རང་གི་མདུན་དུ་རླུང་གི་དཀྱིལ་འཁོར་ལྗང་གུ་རྒྱ་གྲམ་གཞུ་བདུངས་པ་ལྟ་བུའི་འཆང་གཟུང་ལ་ཡཾ་དང་། མཆོག་མ་རྣམས་ལ་གཡོ་བའི་བ་དན་རེ་རེས་མཚན་པ། དེའི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་ས་གཞི་ལ་བརྟེན་པའི་སྐྱེད་མོའི་ཚལ་འཕྲུལ་དགའ་ལྷའི་ཞིང་གི་བཀོད་པའི་ཁྱད་པར་རྣམས་ཀྱིས་མཛེས་པའི་དབུས་སུ། པདྨ་ཉི་ཟླ་མིའུ་རིགས་བཞི་བསྣོལ་བའི་གདན་ལ། རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་སྲིད་པ་གསུམ་གྱི་སྐྱེ་འགྲོ་དང་བསོད་ནམས་ལོངས་སྤྱོད་ཐམས་ཅད་བཀུག་ཅིང་བསྡུས་པ་ཧྲཱིཿདམར་པོར་གྱུར་པ་གདན་གྱི་སྟེང་དུ་བབས། དེ་ཡོངས་སུ་གྱུར་པ་ལས། འདོད་ཁམས་དབང་ཕྱུག་ཆེན་པོ་རླུང་གི་ཞགས་པ་སྐུ་མདོག་དམར་པོ་གཅེར་བུ་རལ་པ་སྤྲིན་ལྟར་གཏིབས་པ༔ ཕྱག་གཡས་ཀྱིས་ཁ་ཊྭཱཾ་རྩེ་གསུམ་དང༔ གཡོན་པས་ལྕགས་མདའ་ལྕགས་གཞུ་བསྣམས་པ༔ མཚན་མ་དམར་པོ་གྱེན་དུ་སྒྲེང་བ༔ ཞབས་གཉིས་བརྐྱང་བསྐུམ་གྱིས་བཞུགས་པ༔ ཡུམ་ཨུ་མཱཿདེ་བཱི་སྐུ་མདོག་དམར་མོ་གཅེར་བུ་བྷ་ག་རྒྱས་པ། ཕྱག་གཡས་ཟངས་ཀྱི་གྲི་གུག་བསྣམས་པས་ཡབ་ལ་འཁྱུད་པ། གཡོན་པས་མེ་རླུང་གི་འཁོར་ལོ་འཛིན་པ། ཞབས་གཡས་བརྐྱང་གཡོན་བསྐུམ་གྱིས་ཡབ་ལ་འཁྲིལ་བ། དེའི་ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར་ནག༔ ལྷོ་རུ་རིན་ཆེན་མཁའ་འགྲོ་སེར་ནག༔ ནུབ་ཏུ་པདྨ་མཁའ་འགྲོ་དམར་ནག༔ བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་ནག༔ བཞི་ཀའང་གཅེར་བུ་རལ་པ་ཅན། ཕྱག་གཡས་ལྕགས་ཀྱུ་དང་ཁ་ཊྭཱཾ་གཡོན་པས་རླུང་གི་བ་དན་བསྣམས་པའོ། །སླར་ཡང་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་སྲིད་པ་གསུམ་གྱི་དྭངས་བཅུད་བསྡུས་ཏེ་ཧྲཱིཿཡིག་དམར་པོ་གསུམ་དུ་གྱུར་པ་མདུན་བསྐྱེད་ཀྱི་མདུན་དང་གཡས་གཡོན་དུ་བཞུགས་པ་ལས། མདུན་དུ་མུ་སྟེགས་དབང་ཕྱུག་ཆེན་པོ་ཉི་ཟླ་རླུང་གི་འཁོར་ལོ་སྐུ་མདོག་སྨུག་ནག་གཅེར་བུ་རལ་པ་སྤྲིན་ལྟར་གཏིབས་པ༔ ཕྱག་གཡས་ལྕགས་ཀྱུ་བསྣམས་པས་གང་ལ་བྱ་བའི་རྣམ་ཤེས་འགུགས་པ༔ གཡོན་ཞགས་པ་བསྣམས་པས་ལོ་ཀའི་ཟས་ནོར་སྡུད་པ༔ མཚན་མ་དམར་པོ་གྱེན་དུ་སྒྲེང་པ༔ ཞབས་གཉིས་བརྐྱང་བསྐུམ་གྱིས་པདྨ་ཉི་ཟླའི་གདན་ལ་བཞུགས་པ༔ གཡས་སུ་དབང་ཕྱུག་ཆེན་པོ་ནོར་བུ་བསམ་འཕེལ༔ སྐུ་མདོག་དམར་པོ་གཅེར་བུ་རལ་པ་སྤྲིན་ལྟར་གཏིབས་པ༔ ཕྱག་གཉིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཐུགས་ཀར་འཛིན་པ་ལས་དགོས་འདོད་ཆར་ལྟར་འབེབ་པ། མཚན་མ་དམར་པོ་གྱེན་དུ་སྒྲེང་པ༔ ཞབས་གཉིས་རྡོ་རྗེའི་གདན་དང་གངས་ཏི་སི་མནན་པའོ༔ གཡོན་དུ་དབང་ཕྱུག་ཆེན་པོ་སྣང་བ་དབང་སྡུད༔ སྐུ་མདོག་དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཡས་འཕྲུལ་གྱི་མེ་ལོང་བསྣམས་པས་ཁམས་གསུམ་ས་ལེར་གཟིགས་པ༔ གཡོན་པས་ཉི་ཟེར་ཞགས་པ་བསྣམས་པས་ཁམས་གསུམ་གྱི་ཟས་ནོར་དབང་དུ་སྡུད་པ༔ མཚན་མ་དམར་པོ་གྱེན་དུ་སྒྲེང་པ༔ ཞབས་གཉིས་ཀྱིས་རྡོ་རྗེའི་གདན་དང་གངས་དཀར་ཏི་སེ་མནན་པའོ༔ དེ་དག་ཐམས་ཅད་ཀྱང་ཞི་མ་ཁྲོའི་ཉམས་ཅན། ལང་ཚོ་རྒྱས་ཤིང་སྒེག་པ། མཆེ་བའི་མྱུ་གུ་གཙིགས་ཤིང་། དམར་ཟླུམ་འཁྱིལ་བའི་སྤྱན་ཕྱོགས་བཅུར་གཡོ་ཞིང་ཆགས་པ་ནན་པོའི་ཉམས་འགྱུར་རྫོགས་པ། དར་དང་རིན་པོ་ཆེ་དང་མེ་ཏོག་གི་རྒྱན་ཕྲེང་གསོལ་བ། སྐུ་ལས་ཐམས་ཅད་དབང་དུ་བྱེད་པའི་འོད་ཟེར་དམར་པོ་འཕྲོ་བས་སྟོང་གསུམ་འཇིག་རྟེན་ཐམས་ཅད་མེར་མེར་འཁྱོམ་འཁྱོམ་བྱེད་པ་ཞིག་ཏུ་གསལ་བར་གྱུར། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་ཐུགས་སྲོག་ཧྲཱིཿས་མཚན་པར་གྱུར། བདག་ཉིད་སློབ་དཔོན་པདྨར་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས༔ དབང་ཕྱུག་ཆེན་པོའི་སོགས་ནས། ཀརྨ་ཌཱ་ཀི་ནཱི༔ ཛཿཧཱུྃ་བཾ་ཧོ༔འི་བར་གཏེར་གཞུང་མཆོད་ཕྲིན་འཇིག་རྟེན་དབང་སྡུད་བཞིན་དང་། བཞུགས་ཕྱག་དམ་གཞག་རྣམས་གོང་གི་ལྷ་ཆེན་བསོད་ནམས་དཔལ་འབར་གྱི་སྐབས་བཞིན་སྦྱར། དེ་ནས་དཀྱུས་ཀྱི་མཆོད་པ། ཧྲཱི༔ དྲི་མེད་དག་པའི་ཨརྒྷཾ་འདིའི༔ སོགས་ནས། རཏྣ་པཱུ་ཛ་ཧཱུྃ༔ བར་དང་། བསྟོད་པ་ནི། འོག་གི།་་་ཧྲཱི༔ བསྐལ་པ་རླུང་གི་འཁོར་ལོའི་སོགས་ནས། མཁའ་འགྲོ་བཞི་ལ་ཕྱག་འཚལ་བསྟོད༔ ཅེས་དང་། གོང་གི།་་་ཧྲཱི༔ བསྐལ་པ་མེ་རི་འབར་བའི་ཀློང་དཀྱིལ་སོགས། སྣང་བ་དབང་སྡུད་ཁྱོད་ལ་ཕྱག་འཚལ་བསྟོད༔ བར། བཟླས་དམིགས་ནི། མདུན་བསྐྱེད་ལྷ་ཆེན་རིགས་བཞི་སོ་སོའི་ཐུགས་ཀར་ཉི་མའི་ལྟེ་བར་སྲོག་ཡིག་ཧྲཱིཿས་མཚན་པའི་མཐར་སྔགས་ཕྲེང་འཁོད་པ་དང་། ཡུམ་དང་། མཁའ་འགྲོ་རྣམས་ཀྱི་ཐུགས་དཀར་ཉི་མ་ལ་ཧྲཱིཿརང་མདོག་གིས་མཚན་པར་བསམ། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་ཕྱུག་གཙོ་འཁོར་རྣམས་ལ་ཕོག་པས་དམ་ཚིག་རྗེས་སུ་དྲན་ཅིང་སྐུ་དང་སྔགས་ལས་འཕྲོས་པའི་འོད་དམར་གྱིས་སྲིད་པ་གསུམ་གྱི་བརྟན་གཡོའི་དངོས་པོ་ཐམས་ཅད་དང་། ཁྱད་པར་གང་ལ་དམིགས་པ་རང་དབང་མེད་པར་བཀུག་ནས་བདག་གི་དབང་དུ་འུབ་འུབས་བསྡུས་པར་བསམ་ནས། ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར༔ ཀོ་བྷི་ར༔ ཨུ་ཙུཥྨ་ཀུག་ཏ་ཧཱུྃ༔ ཨཱ་ཀརྵཱ་ཡ་ཧྲཱིཾ་ཛ༔ ཞེས་བཟླ་ཞིང་། དབང་རྐྱང་ཙམ་ལ་བཟླས་པའི་རྣམ་གྲངས་གཞན་མི་དགོས་པར་སེམས། ཐུན་མཚམས་སུ་གཏོར་མ་འབུལ་བ་ནི། དཀར་གཏོར་རཾ་ཡཾ་ཁཾ་གིས་བསང་སྦྱང་། སྔགས་དྲུག་ཕྱག་དྲུག་གིས་བརླབ། དམར་གཏོར་བསང་སྦྱང་། སྟོང་པའི་ངང་ལས་གཏོར་སྣོད་ཀྱི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་སོགས་ནས། མཁའ་དབྱིངས་རྒྱན་གྱི་གཏེར་དུ་འཆར་བར་གྱུར་བར་སྔགས་བཅས་གོང་བཞིན་བརྗོད་པས་བྱིན་གྱིས་བརླབ། ལྷ་ཆེན་མཆེད་བཞི་ཡུམ་འཁོར་བཅས་ཀྱི་ལྗགས་འོད་ཀྱི་སྦུ་གུ་ཁ་ཊྭཱཾ་གའི་དབྱིབས་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་མོས་ལ། གོང་གི་སྔགས། ཨེ་མཉྫུ་ནས། ཨུ་ཙུཥྨ་ཀུག་ཏ་ཧཱུྃ༔ གྲྀཧྣ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་ཉེར་གཅིག་གམ་བདུན་གྱིས་གཙོ་འཁོར་རྣམས་ལ་ཕུལ། དབང་ཕྱུག་ཆེན་པོ་སྡེ་བཞི་པོ༔ མཆོད་པ་བཞེས་ལ་དངོས་གྲུབ་སྩོལ༔ སྤྲོ་ན་གཏོར་སྔགས་གཏོར་འབུལ་ཕྲིན་བཅོལ་རྗེས་ནས་འབྱུང་བ་རྣམས་འདིར་བླངས་ནས་སོ་སོར་འབུལ། གང་ལྟར་ཡང་། འོག་གི།་་་ཧྲཱི༔ བསྐལ་པ་རླུང་གི་གདན་སྟེང་དུ༔ ལྷ་ཆེན་དབང་ཕྱུག་སོགས། ཧྲཱི༔ ཡུམ་ཆེན་ཨུ་མ་སོགས། ཧྲཱི༔ ཤར་ཕྱོགས་སོགས། གོང་གི།་་་ཧྲཱི༔ ཉི་ཟླ་གཉིས་ཀྱི་སོགས་ནས། སྣང་བ་དབང་དུ་སྡུད་དུ་གསོལ༔ ཞེས་བར་སྐབས་ཀྱི་གཏོར་སྔགས་རྣམས་དོར་ནས་མཆོད་བསྐུལ་བྱའོ། །དེ་ནས་སློབ་མ་ལ་དབང་བསྐུར་བའི་སྐབས་མཚམས་སྦྱོར་གྱི་ཁྱད་པར། འོ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་གྲོལ་གཏན་གྱི་བདེ་མཆོག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་འཐོབ་པར་བྱ། དེའི་ཆེད་དུ་མོས་པ་དང་ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པའི་འགྲོ་བ་ཐམས་ཅད་བདག་གི་ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཀྱིས་དབང་དུ་བྱ་བའི་སླད་དུ། འདོད་པ་ཁམས་ཀྱི་བདག་པོ་ལྷ་ཆེན་རླུང་གི་ཞགས་པ་དབང་ཕྱུག་ཆེན་པོ་ལས་མཁན་དང་བཅས་པའི་དབང་བསྐུར་གསན་ཏེ་ཚུལ་བཞིན་དུ་བསྒྲུབས་ནས། དབང་གི་ཕྲིན་ལས་ལ་བརྩོན་པར་བགྱིའོ་སྙམ་པའི་ཀུན་སློང་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་རིན་པོ་ཆེ་ལེགས་པར་གསལ་བཏབ་སྟེ་གསན་འཚལ། དེ་ལ་འདིར་འགྲོ་བ་རྣམས་ཀྱི་མོས་སྣང་དམ་པའི་ཆོས་ལ་བསྡུ་བའི་སླད་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་ཉིད་རྩ་བ་གསུམ་དང་། བཀའ་སྡོད་ཡེ་ཤེས་ལས་དང་འཇིག་རྟེན། འཁོལ་དང་ཡང་འཁོལ་གྱི་ཚུལ་ཐ་དད་པར་བསྟན་པའི་དབང་གིས་རྒྱུད་དང་དབང་དང་སྒྲུབ་ཐབས་མན་ངག་མཐའ་ཡས་པར་སྣང་བར་མཛད་པ་ལས། ད་ལམ་གྱི་སྐབས་སུ་བབས་པ་འདོད་ཁམས་དབང་ཕྱུག་ལྷ་ཆེན་རླུང་གི་ཞགས་པ་འདི་ནི། དོན་ལ་སེམས་དཔའ་ཆེན་པོ་པདྨའི་སྤྱན་ཉིད་རྣམ་པ་འཇིག་རྟེན་འདི་ན་དབང་ཆེ་ཞིང་མཐུ་དང་ལྡན་པ་འདོད་ཁམས་པའི་འགྲོ་བ་མཐའ་དག་གི་ཡིད་ལ་རང་དབང་དུ་བྱེད་པའི་ལྷ་ཆེན་མ་ཧཱ་དེ་བ་དེ་ཉིད་ཀྱིས་རྒྱལ་བའི་ཞལ་མཐོང་ཞིང་། བསྟན་པ་སྲུང་བའི་ཆོས་སྐྱོང་དུ་རང་དམ་བཅས། སླར་རིག་འཛིན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་གྱི་སྤྱན་སྔར་རང་རྟགས་སྲོག་གི་སྙིང་པོ་ཕུལ་ནས་ཕྲིན་ལས་བསྒྲུབ་པར་ཁས་བླངས་པའི་དབང་གི་ཆོས་སྐྱོང་ཆེན་པོ་ཡིན་ཏེ། གཏེར་གཞུང་རྡོ་རྗེའི་གསུང་ལས། ཨོ་རྒྱན་པདྨ་འབྱུང་གནས་ང༔ རྒྱ་གར་ཤར་ན་ཡོད་ཙ་ན༔ མུ་སྟེགས་དྲེགས་པ་ལྷ་ཆེན་ནི༔ དབང་ཕྱུག་ཆེན་པོ་ཞེས་བྱ་བ༔ འཇིགས་བྱེད་ཆེན་པོ་དྲག་པོ་དེ༔ ང་ཡི་མདུན་དུ་འོང་ནས་ནི༔ རྣལ་འབྱོར་སྨྱོན་པ་ཅི་བྱེད་ཟེར༔ བར་ཆད་ཐོ་འཚམས་བྱེད་དུ་བྱུང༔ དེ་དུས་ང་ཡི་དགོངས་པས་གཟིར༔ ཕྱག་གཡོན་རྣ་བ་གཡས་པ་བཟུང༔ གཡས་པའི་རྡོ་རྗེས་མགོ་ནས་གཟིར༔ ནུ་མའི་བར་དུ་ཐལ་གྱིས་སོང༔ སྐད་ངན་འོ་དོད་ཙེར་གྱི་བྱུང༔ རྣལ་འབྱོར་རྫུ་འཕྲུལ་མཐུ་སྟོབས་ཅན༔ བདག་ནི་ཁྱེད་ཀྱི་འབངས་སུ་མཆི༔ ཐུགས་རྗེས་དགོངས་པ་ཀློད་པར་ཞུ༔ ཞེས་ཟེར་ཏེ་སྲོག་སྙིང་ཕུལ་ནས་འཇིག་རྟེན་དབང་དུ་བསྡུ་བའི་ལས་བཅོལ༔ དེའི་ཕྱིར་ན་པདྨའི་བཀའ་ཉན་ཡིན་ནོ༔ ད་ལྟ་འདི་བས་སྟོབས་ཆེ་བ་འཇིག་རྟེན་ན་མེད་དོ༔ ཅེས་གསུངས་ཤིང་། དེ་ལྟ་བུའི་དབང་གི་བཀའ་ཉན་འདི་ཉིད་བོད་ཡུལ་ཆོས་སྐྱོང་བའི་རྒྱལ་པོའི་བློན་པོ་མཆིམས་རྡོ་རྗེ་སྤྲེ་ཆུང་གི་ཞུས་པའི་ངོར་ཟབ་པའི་གདམས་ངག་ཚངས་སྤྲུགས་སུ་བསྩལ་ཅིང་། གྲུབ་པའི་རྟགས་མཚན་མངོན་དུ་གྱུར་ཏེ། ཆོས་སྐོར་རྣམས་མ་འོངས་ཕྱི་མའི་དུས་ལ་དགོངས་ཏེ་ཟབ་མོའི་གཏེར་དུ་སྦ་བར་མཛད་པ་སྟེ། གཞུང་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རྒྱ་གར་རྒྱ་ནག་ཁ་ཆེའི་ཡུལ༔ དྷ་ན་ཀོ་ཤའི་ཡུལ་དུ་བྱོན༔ ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས༔ བོད་དུ་གཏེར་ཆེན་འབུམ་ཕྲག་གཅིག༔ གཏེར་ཕྲན་བྱེ་བ་ས་ཡ་སྦས༔ ལྷ་བྲག་བྲག་ལ་ཐུགས་གཏེར་དང༔ ཡང་གཏེར་སྦས་པས་འགྲོ་དོན་བྱེད༔ དབང་ཕྱུག་ཆེན་པོ་རླུང་ཞགས་ཀྱི༔ ཟབ་རྒྱའི་གནད་ཐིག་གཞན་ན་མེད༔ སྙིང་ཏིག་ཟབ་མོ་ཟང་ཟང་ལྷ་བྲག་དང༔ ལྷོ་བྲག་གནམ་སྐས་ཅན་ལ་སྦས༔ གཡས་རུ་གཙང་འཕྲང་གཡག་སྙིང་རོང༔ གཙང་གི་ཕུང་པོ་རི་བོ་ཆེ༔ ཞལ་བཟང་ནག་པོའི་བྲག་རི་ལ༔ རྐྱང་སྒྲུབ་ཁ་ཐོར་རེ་རེ་སྦས༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ཡི༔ སྒྲུབ་ཐབས་དེ་ལས་གཞན་ན་མེད༔ མུ་སྟེགས་དབང་ཕྱུག་ཆེན་པོ་ལ༔ སྒྲུབ་ཐབས་གཏེར་ཁ་བརྒྱ་རྩ་གཅིག༔ མ་འོངས་པ་ཡི་དོན་ཕྱིར་སྦས༔ ཞེས་གསུངས་པ་བཞིན། བྱང་ཟང་ཟང་ལྷ་བྲག་གི་རྐེད་བསེ་སྒྲོམ་སྨུག་པོའི་ནང་། ནུབ་ཟངས་མཛོད་དམར་པོར་བསྩལ་ཏེ་ཟབ་མོའི་གཏེར་དུ་རྒྱས་བཏབ་པ་ཉིད། བོད་ཡུལ་ཕུར་ཐོགས་ཡོངས་ཀྱི་རྒྱལ་པོ་སྣ་ནམ་རྡོ་རྗེ་བདུད་འཇོམས་དངོས་སུ་བྱོན་པ་༧རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་ནམ་གཏེར་ཆེན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་སྤྱན་དྲངས་པའི་ཟབ་ཆོས་ལྔ་བརྒྱ་ཕྲག་གཅིག་གི་ནང་ཚན། རྟེན་འབྲེལ་ཁྱད་པར་ཅན་གྱི་ཆོས་བདུན་ལས་འདོད་ཁམས་ཀྱི་བདག་པོ་ལྷ་ཆེན་པོའི་སྒྲུབ་སྐོར་ལའང་གཙོ་བོ་ལྷ་ཆེན་རླུང་གི་ཞགས་པ་མཁའ་འགྲོ་བཞིས་བསྐོར་བ་དང་། བཀའ་ཉན་རྣམ་པ་གསུམ་དང་འབྲེལ་བའི་དབང་བསྐུར་སྒྲུབ་ཐབས་ལས་ཚོགས་རབ་འབྱམས་སུ་བཞུགས་པ་ལས། ཐོག་མར་གཙོ་བོ་དབང་ཕྱུག་ཆེན་པོ་ལྷ་ཆེན་རླུང་གི་ཞགས་པའི་སྒྲུབ་ཐབས་དང་འབྲེལ་བའི་དབང་བསྐུར་ཟབ་མོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་བཅུག །སློབ་དཔོན་ཉིད་མ་ཧཱ་གུ་རུ་པདྨ་འབྱུང་གནས་ཐ་མི་དད་པའི་དྲུང་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ དགོངས་སུ་གསོལ༔ སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ལན་སྦྱིན་པ་དང་། སྤྲོ་བ་བསྐྱེད་པ་འདི་ལ་གསན་འཚལ། བུ་ཁྱོད་སྔོན་བསོད་ནམས་ཀྱི་སོགས། རྒྱུད་སྦྱོང་བའི་སླད་དུ། མདུན་གྱི་ནམ་མཁར་གུ་རུ་པདྨ་འབྱུང་གནས་གཙོ་བོར་གྱུར་པའི་ཚོགས་ཀྱི་ཞིང་མཆོག་དམ་པའི་སྤྱན་སྔར། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམ་པ་གསུམ་སོགས་ཚིག་རིས་མཐུན་པའི་སྒོམ་དོན་ཏིང་ངེ་འཛིན་ལ་རྩེ་གཅིག་པའི་ཡིད་ཀྱིས་འདིའི་རྗེས་ཟློས་མཛོད། ཐུགས་རྗེའི་དབང་གིས་སོགས་ལན་གསུམ། རྗེས་གནང་དངོས་ལ་གཉེན་པོ་སྟོབས་ཀྱི་རྩ་བའི་ལྷ་བསྒོམ་ཞིང་བྱིན་དབབ་པ། ལྷ་ཆེན་པོའི་རྗེས་གནང་དབང་བསྐུར་བ། ལུང་འབོགས་པ། དངོས་གྲུབ་བླང་བ། གནང་བ་སྦྱིན་པ་རྣམས་སུ་འབྱུང་བས། དང་པོའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། སྭ་བྷཱ་ཝ་སོགས། གཉིས་བསྡུས་ཀྱི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་ལས། ཁྱེད་རང་རྣམས་སྐད་ཅིག་གིས་སློབ་དཔོན་པདྨ་འབྱུང་གནས་སྐུ་མདོག་དམར་པོ༔ དབང་གི་བེར་དམར་པོ་མནབས་པ༔ དབུ་ལ་ཤ་བའི་སྙན་ཞུ་གསོལ་བ༔ དབང་སྡུད་ལྕགས་ཀྱུའི་ཕྱག་རྒྱ་བཅས་ནས༔ ཉི་ཟླ་པདྨའི་གདན་ལ་བཞུགས་པའི༔ ཐུགས་ཀར་ཧྲཱིཿཡིག་དམར་པོས་མཚན་པ་དང་། སློབ་དཔོན་ཡང་སྔར་བསྐྱེད་པའི་ཆ་ལུགས་ཅན་གྱི་མ་ཧཱ་གུ་རུའི་སྐུར་གསལ་བའི་ཐུགས་སྲོག་ཧྲཱིཿཡིག་ལས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་ཀྱི་ཞིང་རབ་འབྱམས་དང་། ཁྱད་པར་པདྨ་འབར་བའི་ཞིང་ནས། རྗེ་བཙུན་ཆེན་པོ་ཐོད་ཕྲེང་རྩལ་གྱི་ཐུགས་རྒྱུད་བསྐུལ་ཏེ་མདུན་གྱི་ནམ་མཁར་ཚུར་བྱོན། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པས་མ་ཧཱ་གུ་རུའི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་བྱིན་དབང་དངོས་གྲུབ་ཐོབ་པར་མོས་ཤིག །བླ་གཏོར་སྤྱི་བོར་གཞག་ལ། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་པཱ་ཤཾ་ཀུ་རུ་ཛ་ཛ༔ ཨ་བྷི་ཥིཉྩ་མཾ༔ མ་ཧཱ་གུ་རུ་པདྨ་འབྱུང་གནས་ཀྱི༔ སོགས་བརྗོད། གཉིས་པ་འདོད་ཁམས་དབང་ཕྱུག་ལྷ་ཆེན་པོའི་རྗེས་གནང་དབང་སྐུར་སྒྲུབ་པའི་དོན་དུ་དམིགས་པ་འདི་ལྟར་དུ་མཛོད། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་རྣམས་གནས་པའི་ས་ཕྱོགས་འདི་ཉིད་ཀྱི་འོག་གཞི་ཡཾ་ཞེས་བརྗོད་པས་རླུང་གི་དཀྱིལ་འཁོར་ལྗང་ནག་རྒྱ་གྲམ་གཞུ་བདུངས་པ་ལྟ་བུའི་འཆང་གཟུང་ལ་ཡཾ། མཆོག་མ་རྣམས་ལ་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་རིན་པོ་ཆེའི་ས་གཞི་ལ་བརྟེན་པའི་སྐྱེད་མོའི་ཚལ་འཕྲུལ་དགའ་ལྷའི་ཞིང་ཁམས་ཀྱི་བཀོད་པ་རྫོགས་པའི་དབུས་སུ་པདྨ་ཉི་ཟླ་མིའུ་རིགས་བཞི་བསྣོལ་བའི་གདན་ལ། རླུང་སེམས་འདུས་པའི་ཡི་གེ་ཧྲཱིཿདམར་པོ་ལས་འོད་ཟེར་འཕྲོས། སྲིད་པ་གསུམ་གྱི་དྭངས་བཅུད་བསྡུས་ཤིང་ཐིམ། དེ་ཡོངས་སུ་གྱུར་པ་ལས་འདོད་ཁམས་དབང་ཕྱུག་ཆེན་པོ་རླུང་གི་ཞགས་པ་སོགས་ནས། རླུང་གི་བ་དན་བསྣམས་པའོ། །དེ་དག་ཐམས་ཅད་ཀྱང་ཞི་མ་ཁྲོའི་ཉམས་ཅན་སོགས། འཁྱོམ་འཁྱོམ་བྱེད་པ་ཞིག་ཏུ་གསལ་བ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་གྲངས་མེད་པ་འཕྲོས་པས། འདོད་ཁམས་ལྷའི་གནས་དང་། དུར་ཁྲོད་ཆེན་པོ་བརྒྱད། པཱ་ལཀྴའི་ཤིང་དྲུང་། ནུབ་ཕྱོགས་དབང་གི་གཞལ་ཡས་སོགས་གང་དུ་བཞུགས་པའི་གནས་ནས་རིགས་བཞི་ཕོ་མོ་བསྣོལ་བའི་གདན་ལས་སྐུ་བཞེངས་ཏེ། མཁའ་འགྲོ་མ་བཞིས་ཕྱོགས་བཞི་ནས་ཁ་ཊྭཱཾ་ཀ་དང་བ་དན་གཡོབ་ཅིང་སྐད་ཅིག་ལ་གློག་ལྟར་མྱུར་བའི་དབང་གི་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་བར་སྣང་ལ་ཚུར་འུ་རུ་རུ་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །གུ་གུལ་གཏུལ། རོལ་མོའི་སྒྲ་དང་བཅས། ཧྲཱི༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ ནུབ་ཕྱོགས་པདྨ་འབར་བའི་གཞལ་ཡས་སོགས་མཆོད་ཕྲིན་ནང་ལྟར། ཀརྨ་ཌཱ་ཀི་ནཱི༔ ཛཿཧཱུྃ་བཾ་ཧོ༔ བར་བརྗོད། མདུན་དུ་བཤམ་པའི་གཏོར་མ་འདི་ཉིད་སྔར་སྨྲོས་མ་ཐག་པའི་མཚན་ཉིད་ཅན་གྱི། འདོད་ཁམས་དབང་ཕྱུག་ཆེན་པོ་རླུང་གི་ཞགས་པའི། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་དུ་ལམ་གྱིས་གསལ་བར་གྱུར། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ་བས་གཏོར་མ་དང་གཉིས་སུ་མེད་པར་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་པ་ལས་སྐུ་གཉིས་པ་ཞིག་འཕྲོས། ཁྱེད་རང་རྣམས་ལ་གཉིས་མེད་དུ་ཐིམ་པར་མོས་ཤིག །གཏོར་མ་ཉི་ཟླ་ཅན་ཐོགས་ལ། ཧྲཱི༔ འདོད་ཁམས་དབང་ཕྱུག་ལྷ་ཆེན་སྐུར་བཞེངས་ལ། །འདོད་ཁམས་མི་ནོར་ལོངས་སྤྱོད་ཐམས་ཅད་སྡུས༔ སྐལ་ལྡན་ལས་ཅན་རིགས་ཀྱི་བུ་འདི་ལ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་སྐུར་ཅིག༔ ཀ་བྷི་ར་ཀོ་བྷི་ར༔ དང་པོ་རླུང་ཞགས་སྐབས་བར་འདིར། བཛྲ་ཌཱ་ཀི་ནཱི༔ རཏྣ༴ པདྨ༴ ཀརྨ༴ སྦྱར་རྗེས་མ་གསུམ་ལ་མི་སྦྱར། པཱ་ཤཾ་ཀུ་རུ་ཛ་ཛ༔ ཨ་བྷི་ཥིཉྩ་མཾ༔ གསུམ་པ་ལུང་འབོགས་པ་ནི། གཏོར་མ་དང་སྒྲུབ་རྟེན་ཕྱག་ཏུ་གཏད་ཅིང་སློབ་དཔོན་གྱིས་མདུན་བསྐྱེད་ལ་བཀའ་བསྒོས་པ་བཞིན། བརྟན་གཡོ་དབང་དུ་སྡུད་པའི་ཕྲིན་ལས་སོགས་འདོད་པའི་དངོས་གྲུབ་ཡིད་བཞིན་དུ་སྒྲུབ་ཅིང་མི་འབྲལ་བར་འགྲོག་པའི་ངེས་ཤེས་སྐྱེད་འཚལ། དབང་ཕྱུག་འདི་ལ་སྦྱིན་ལགས་ཀྱིས༔ འདི་ལ་འགོ་བར་མཛད་དུ་གསོལ༔ ཟས་ནོར་ལོངས་སྤྱོད་དངོས་གྲུབ་རྣམས༔ སྦྱིན་པའི་ཕྲིན་ལས་མཛད་དུ་གསོལ༔ ཞེས་པས་གཏོར་མ་སྤྱི་བོར་བཞག་ཅིང་ལག་ཏུ་གཏད་དེ། ཁྱེད་རང་རྣམས་ཀྱིས་དུས་རྒྱུན་དུ་དབང་ཕྱུག་གི་རྟེན་དང་མི་འབྲལ་བ་དང༔ མཆོད་པ་རྒྱུན་མ་ཆད་པར་གྱིས་ཤིག༔ བཞི་པ་དངོས་གྲུབ་བླང་བའི་དོན་དུ་གཏོར་ཟན་ལྷ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། བརྟན་གཡོའི་དྭངས་བཅུད་ཀྱི་ཞུན་མར་འཁྱིལ་པ་དཔོན་སློབ་རྣམས་ཀྱིས་རོལ་པས། དངོས་གྲུབ་མཆོག་གི་སྐལ་བ་ལ་ལོངས་སྤྱོད་ཅིང་དབང་གི་ཕྲིན་ལས་རབ་འབྱམས་སྒྲུབ་པའི་མཐུ་དབང་ཐོབ་པར་མོས་ཤིག །གཏོར་ཟན་དང་གཏོར་རྫས་དཔོན་སློབ་གཉིས་ཀས་རོལ། སྨོན་ལམ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོ༔ བདག་ཉིད་སློབ་དཔོན་འཁོར་བཅས་ཀྱིས༔ སོགས། འགྲོ་བ་ཐམས་ཅད་བདག་གི་དབང་དུ་འདུས་པར་གྱུར་ཅིག༔ བར་བརྗོད། ལྔ་པ་རྗེས་སུ་གནང་བ་སྦྱིན་པ་ནི། འདི་ལ་གསན་པས་ཁྱབ་པར་གདའ་སྟེ། སྐལ་ལྡན་རིགས་ཀྱི་སློབ་བུ་ཁྱེད་ལ༔ སོགས་གནང་བ་སྦྱིན་པ། རྗེས་གནང་མ་ཐོབ་པ་ལ་མ་སྤེལ་ཅིག༔ དུས་རྟག་ཏུ་མཆོད་གཏོར་གྱི་རིམ་པ་མ་ཆག་པར་བརྩོན་པར་མཛོད་ཅིག །ཚོགས་དང་གཏོར་མ་གཞན་ལ་མི་སྦྱིན་ནོ༔ བྱ་བ་ཐམས་ཅད་གཞན་གྱིས་མི་མཐོང་བར་བྱའོ༔ ཇི་སྐད་བསྒོས་པའི་རིམ་པ་དང་། བླ་མ་ལ་གུས་པ་སོགས་རྡོ་རྗེ་ཐེག་པའི་དམ་ཚིག་རྣམས་ཚུལ་བཞིན་དུ་འཛིན་དགོས་པས། དེ་ལྟར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང་། དེས་འདོད་ཁམས་དབང་ཕྱུག་ཆེན་པོ་རླུང་གི་ཞགས་པའི་རྗེས་གནང་གྲུབ་པའི་གཏང་རག་གི་ཡོན་དང་།། ༧ །།སླར་ཡང་ཕྱི་སྒྲུབ་མུ་སྟེགས་དབང་ཕྱུག་ཆེན་པོ་ཉི་ཟླ་རླུང་གི་འཁོར་ལོའི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ། བླ་མ་དང་མ་ཧཱ་གུ་རུ་དབྱེར་མེད་པའི་དྲུང་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ དགོངས་སུ་གསོལ༔ སོགས་སྐབས་ཐོབ་སོ་སོའི་སྒྱུར་ཁ་ཅུང་ཟད་བཅས་སྔར་ལྟར་ལ། སྟོང་པའི་ངང་ལས་ཁྱེད་རང་རྣམས་གནས་པའི་ས་ཕྱོགས་འདི་ཉིད་རིན་པོ་ཆེའི་ས་གཞི་ལ་བརྟེན་པའི་སྐྱེད་མོའི་ཚལ། འཕྲུལ་དགའ་ལྷའི་ཞིང་ཁམས་ཀྱི་བཀོད་པ་རྫོགས་པའི་དབུས་སུ། རླུང་སེམས་འདུས་པའི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་ལས་འོད་ཟེར་འཕྲོས། སྲིད་པ་གསུམ་གྱི་བརྟན་གཡོའི་དྭངས་བཅུད་ཐམས་ཅད་བསྡུས་ཤིང་ཐིམ། དེ་ཡོངས་སུ་གྱུར་པ་ལས། མུ་སྟེགས་དབང་ཕྱུག་ཆེན་པོ་ཉི་ཟླ་རླུང་གི་འཁོར་ལོ་སོགས་མངོན་རྟོགས་ལྟར་ཕྱི་སྒྲུབ་རྐྱང་པ་དང་། འོག་གི་ཞི་མ་ཁྲོའི་ཉམས་ཅན་སོགས་ནས། ཞིག་ཏུ་གསལ་བ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་གྲངས་མེད་པ་འཕྲོས་པས། འདོད་ཁམས་ལྷའི་གནས་དང་། དུར་ཁྲོད་ཆེན་པོ་བརྒྱད། པཱ་ལཀྴའི་དྲུང་། ནུབ་ཕྱོགས་དབང་གི་གཞལ་ཡས་སོགས་གང་དུ་བཞུགས་པའི་གནས་ནས་སྐད་ཅིག་གློག་ལྟར་མྱུར་བའི་དབང་གིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་བར་སྣང་ལ་ཚུར་འུ་རུ་རུ་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །གུ་གུལ་བསྲེག་ཅིང་རོལ་མོའི་སྒྲ་དང་བཅས། ཧྲཱི༔ བསྐལ་པ་མེ་རི་འབར་བའི་ཀློང་དཀྱིལ་ན༔ ཉི་མ་ཟླ་བ་གཉིས་ཀྱི་གདན་སྟེང་ན༔ ཧྲཱིཿལས་བྱུང་བའི་མ་ཧཱ་དེ་ཝ་ནི༔ སྐུ་མདོག་དམར་ནག་གཅེར་བུ་རལ་པ་ཅན༔ ཞལ་ནས་ཧྲཱིཿདང་ཛཿཡི་སྔགས་སྒྲ་སྒྲོག༔ སྲིད་གསུམ་ཟིལ་གནོན་འཇིག་རྟེན་དབང་དུ་སྡུད༔ སློབ་དཔོན་པདྨའི་བཀའ་ཉན་དམ་ཚིག་ཅན༔ མུ་སྟེགས་དབང་ཕྱུག་ཉི་ཟླ་རླུང་འཁོར་ཚོགས། །དམ་ལས་མ་འདའ་གནས་འདིར་ད་ཚུར་བྱོན། །དབང་གི་ཕྲིན་ལས་རབ་འབྱམས་འགྲུབ་པར་མཛོད། །ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ ཨུ་ཙུཥྨ་ཀུག་ཏ་ཧཱུྃ༔ བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོ༔ མདུན་དུ་བཤམས་པའི་གཏོར་མ་སོགས་སྐབས་ཐོབ་སྒྱུར་སོ་ཅུང་ཟད་དང་། དངོས་གྲུབ་བླང་བའི་སྨོན་ལམ་རྗེས་ཟློས་སྐབས་མཁའ་འགྲོ་རིགས་བཞིའི་ལྷ་སྔགས་དོར་བ་བཅས་ལས། གཞན་རླུང་ཞགས་ལྟར་དམ་ཚིག་ཁས་བླང་བར་དང་། དེས་ཕྱི་སྒྲུབ་མུ་སྟེགས་དབང་ཕྱུག་ཆེན་པོ་ཉི་ཟླ་རླུང་གི་འཁོར་ལོའི་རྗེས་གནང་གྲུབ་པའི་གཏང་རག་གི་ཡོན་དང་།། ༧ །།སླར་ཡང་ནང་སྒྲུབ་དབང་ཕྱུག་ཆེན་པོ་ནོར་བུ་བསམ་འཕེལ་གྱི་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་སོགས་སྔར་གྱི་ཉི་ཟླ་རླུང་འཁོར་ལྟར་ལ། དེ་ཡོངས་སུ་གྱུར་པ་ལས། དབང་ཕྱུག་ཆེན་པོ་ནོར་བུ་བསམ་འཕེལ༔སོགས་མངོན་རྟོགས་ལྟར། ཞབས་གཉིས་རྡོ་རྗེའི་གདན་དང་གངས་ཏི་སེ་མནན་པ༔ ཞི་མ་ཁྲོའི་ཉམས་ཅན་སོགས། ཞིག་ཏུ་གསལ་བ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་སོགས་ཕྱི་སྒྲུབ་ཉི་ཟླ་རླུང་འཁོར་སྐབས་ལྟར་ལ། ཧྲཱི༔ རིན་ཆེན་འབར་བའི་གཞལ་ཡས་ན༔ གངས་དཀར་ཏི་སེའི་གདན་སྟེང་ན༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ནི༔ ནོར་བུ་བསམ་འཕེལ་འཁོར་དང་བཅས། དམ་ལས་མ་འདའ་ད་ཚུར་བྱོན། །དབང་གི་ཕྲིན་ལས་འགྲུབ་པར་མཛོད། ཨེ་མཉྫུ་སོགས་ཕྱི་སྒྲུབ་ལྟར་འགྲེས་སོ།། །། ༧ སླར་ཡང་གསང་སྒྲུབ་དབང་ཕྱུག་ཆེན་པོ་གསང་བ་ཡང་ཁོལ་སྣང་བ་དབང་སྡུད་ཀྱི་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་སོགས་སྔར་ལྟར་ལ། མངོན་རྟོགས་སྐབས། གྱུར་པ་ལས། དབང་ཕྱུག་ཆེན་པོ་སྣང་བ་དབང་སྡུད་སོགས། གངས་དཀར་ཏི་སེ་མནན་པ༔ ཞི་མ་ཁྲོའི་ཉམས་ཅན་སོགས། ཞིག་ཏུ་གསལ་བ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་སོགས་ཕྱི་སྒྲུབ་ཉི་ཟླ་རླུང་འཁོར་སྐབས་ལྟར་ལ། ཧྲཱི༔ པདྨ་འབར་བའི་གཞལ་ཡས་ན༔ དབང་སྡུད་འཁོར་ལོའི་གདན་སྟེང་ན༔ མུ་སྟེགས་དབང་ཕྱུག་ཆེན་པོ་ནི༔ སྣང་བ་དབང་སྡུད་འཁོར་དང་བཅས། །དམ་ལས་མ་འདའ་ད་ཚུར་བྱོན། །དབང་གི་ཕྲིན་ལས་འགྲུབ་པར་མཛོད། ཨེ་མཉྫུ་ཀུག་ཏ་སོགས་གོང་ལྟར་དང་། དེ་རྣམས་ཀྱི་སྒོ་ནས་ནུབ་ཟངས་མཛོད་དམར་པོའི་ཆོས་སྡེ་ལས་བྱོན་པའི་རྟེན་འབྲེལ་ཆོས་བདུན་གྱི་ནང་ཚན་འདོད་པ་ཁམས་ཀྱི་དབང་ཕྱུག་ཆེན་པོ་རླུང་གི་ཞགས་པ་གཙོ་འཁོར། ཕྱི་ནང་གསང་སྒྲུབ་སོ་སོ་དང་འབྲེལ་བའི་དབང་བསྐུར་གྱི་རིམ་པ་བླ་མ་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་པ་ལེགས་པར་གྲུབ་པ་ཡིན་པས་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་འབུལ་བ་ཞུ་སོགས་ལུས་ལོངས་སྤྱོད་འབུལ་བ་ཕྱིན་སྤྱི་ལྟར་དང་། རྗེས་ཆོག་ནི། མཆོད་པ་ཁ་གསོས། མཱཾ་ས། ཚེ་གལ། ཆང་གླུམ། ཟས་སྣའི་ཚོགས་གཏོར་བཤམས་པ། རཾ་ཡཾ་ཁཾ་གིས་བསང་། སྭ་བྷཱ་ཝས་སྦྱང་། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨ་བརྟ་ཡ་ཨ་བརྟ་ཡ་ཧོཿབཛྲ་སྥ་ར་ཎ་ཁཾ་གིས་སྤེལ། ནམ་མཁའ་མཛོད་ཀྱི་སྔགས་ལན་བདུན་དང་། མཆོད་ཕྲེང་འཇིག་རྟེན་དབང་སྡུད་མཇུག་གི །ཧྲཱི༔ ཐམས་ཅད་དབང་དུ་སྡུད་པའི་དཀྱིལ་འཁོར་ནས༔ སོགས་ཀྱིས་ཚོགས་གཏོར་འབུལ་བའི་རས་མ། ཨེ་མཉྫུ་ཀུག་ཏ་ཧཱུྃ༔ སིདྡྷི་ཨ་ལ་ལ་ཧོ༔ས་དངོས་གྲུབ་ཏུ་རོལ། ཨོཾ་བཛྲ་ཨརྒྷཾ་དྷཱུ་པེ་པུཥྤེ་ནས། ཤབྡ་སརྦ་རཏྣ་པཱུ་ཛ་ཧོཿ ཞེས་ཉེར་སྤྱོད་ཀྱིས་མཆོད། ཧྲཱིཿ འདོད་ཁམས་ལྷ་ཆེན་དཔལ་དང་ལྡན། །དབང་ཕྱུག་ཡབ་ཡུམ་འཁོར་དང་བཅས། །འདིར་གཤེགས་བརྒྱན་པའི་མཆོད་སྤྲིན་ཚོགས། །བཞེས་ནས་དབང་གི་ཕྲིན་ལས་མཛོད། །རྒྱལ་བློན་རྗེ་འབངས་བཙུན་མོ་འཁོར། །འབྲུ་ནོར་ཐེག་ཆེན་དགེ་འདུན་ཚོགས། །རླུང་སེམས་སྣང་བ་དབང་དུ་སྡུས། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སོགས་སྤྱི་ལྟར་འདོད་དོན་གསོལ། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། མདུན་གྱི་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་རྟེན་ཡོད་ན་དེ་ལ་བསྟིམ། མེད་ན་འོད་དམར་པོའི་རྣམ་པར་ཞུ་བ་རང་གི་སྣ་བུག་གཡོན་ནས་ཞུགས་ལྟེ་བའི་ཨ་ཐུང་ལ་ཐིམ་པས་རླུང་སེམས་སྣང་བ་དབང་དུ་འདུས་པར་བསམ། སྨོན་ལམ་ནི། བདག་གི་དགེ་བའི་རྩ་བ་འདིས༔ བསམ་པ་ཡིད་བཞིན་འགྲུབ་གྱུར་ནས༔ ཐར་པའི་འབྲས་བུ་ཐོབ་པར་ཤོག༔ ཅེས་དང་། གཞན་ཡང་སྨོན་ཤིས་ཀྱིས་མཐའ་བརྒྱན་པས་གྲུབ་ཅིང་། འདི་རྣམས་སོ་སོར་སྲོག་རྟེན་སོགས་དགོས་པར་སྣང་ནའང་ལག་ལེན་འདེབས་པ་ཆེར་མི་འབྱུང་བས་དབང་རྐྱང་བཀའ་སྲོལ་མ་ཆད་ཙམ་དུ་སྤྲོས་པ་དང་། མན་ངག་གིས་མ་བརྒྱན་པའི་རྟ་རྐྱང་བཞིན་དུ་བྱས་པའོ།། །། ༈ པདྨ་ལས་འབྲེལ་རྩལ་གྱི་ལྷ་ཆེན་༼འདོད་བུམ། 759༽ལྟར་དབང་སྒྲུབ་སྐབས། བདག་བསྐྱེད་ཡི་དམ་གཞན་ལ་བསྟེན་པའམ། རྗེས་གནང་དབུར་གསུངས་པ་བཞིན་ལྷ་ཆེན་གྱི་བདག་བསྐྱེད་དང་མདུན་བསྐྱེད་དམ། བདག་མདུན་དབྱེར་མེད་ཀྱིས་བསྒྲུབ། དབང་དངོས་རྫོགས་པར་བསྐུར་ཞིང་། གཏོར་དབང་བསྡུས་པ་ཟུར་དུ་བསྐུར་མི་དགོས་ཤིང་གཞན་ལ་བསྡུས་པ་ཟུར་བཀོལ་གྱིས་བསྐུར་རུང་བ་ཡིན་ཞིང་། རྗེས་རིམ་བཅས་བྱའོ།། །། ༈ ཨོ་རྒྱན་གཏེར་བདག་གླིང་པའི་ཐུགས་ཆེན་བདེ་གཤེགས་ཀུན་འདུས་ཀྱི་བཀའ་སྲུང་ལྷ་ཆེན་གྱི་རྗེས་གནང་ཐུན་མོང་མ་ཡིན་པ་དང་།། །། ༈ མཆོག་གླིང་ཟབ་བདུན་པདྨ་མཁའ་འགྲོའི་བཀའ་སྲུང་ལྷ་ཆེན་གྱི་དབང་ཆོག་སིནྡྷུ་བ་རའི་ཆུ་རྒྱུན་དང་།། །། ༈ མཆོག་གླིང་ཐུགས་ཆེན་པདྨ་སྒྱུ་འཕྲུལ་དྲྭ་བའི་བཀའ་སྲུང་ལྷ་ཆེན་བཀའ་གཏད་དབང་གི་ལྕགས་ཀྱུ་གསུམ་པོ་གོང་དུ་སོ་སོའི་སྐབས་སུ་སོང་ངོ་། །དེ་རྣམས་ཀྱིས་དབང་གི་ལས་ཚོགས་ཁོངས་སུ་བཞུགས་པའི་སྨིན་བྱེད་ཀྱི་སྐོར་རྣམས་གྲུབ་བོ།། །། ༄༅། །ལྔ་པ་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་སྤྱི་དང་བྱེ་བྲག་གཉིས། དང་པོ་སྤྱིར་འགྲོ་བ་ལ། གྲུ་གུ་ཡང་དབང་གི་འཇོམས་བྱེད་རྩལ་ཆེན་ཉི་ཟླ་ནག་པོའི་བཀའ་གཏད་སྒོམ་ལུང་སྦས་པ་མ་བུ་བསྡེབས་པའི་ཡི་གེ་ཐུན་མཚམས་ཉི་ཟླའི་ཁ་ལོ་ལྟར་དབང་སྒྲུབ་སྐབས། ལས་བྱང་མངོན་རྟོགས་ཚ་ཟེར་ནག་པོའི་གདུང་བྱེད་ཀྱི་བརྡ་ཡིག་ཟུར་བྱང་ལྟར། བཀའ་གཏད་དངོས་ཀྱི་བརྒྱུད་འདེབས་མཉམ་འདོན་ནམ་རྗེས་ཟློས་ཀྱི་བརྒྱུད་པའི་ཁ་སྐོང་ནི། སུམ་ལྡན་རྡོར་འཛིན་འགྱུར་མེད་དོན་ཀུན་གྲུབ། །པདྨ་གར་དབང་བླ་མ་མཆོག་ཉིད་དང་། །དབྱེར་མེད་དམ་པ༴ མཐུ་སྟོབས་དྲག་སྔགས་ལུང་རྟོགས་བསྟན་པ་འཛིན། །བྱིན་རླབས་བརྒྱུད་པའི་བླ་མ་རིམ་པར་བྱོན། །གདམས་ཟབ་བརྒྱུད་འཛིན་བླ་མ་མཆོག་ཉིད་སོགས་འདི་ཕྱིན་བརྒྱུད་པ་ཕྱི་མ་འབྱུང་འགྱུར་རྣམས་ཁ་སྐོང་མི་དགོས་པར་བྱས་པ་ཡིན། རྗེས་བཅས་སོ།། །། ༈ མཆོག་གླིང་ཟབ་བདུན་རྩ་གསུམ་ཚེ་ཟབ་ཀྱི་ཆ་ལག་ལས་ཀྱི་མཁའ་འགྲོ་རྡོ་རྗེ་སྡེར་མོའི་དབང་ཆོག་གསལ་བར་བཀོད་པ་གཡུའི་བུམ་བཟང་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་ཀྱིས། དྲག་པོ་སྤྱིར་གཅེས་པའི་སྐོར་ལས་འབྱུང་བའི་དབང་གཉིས་པོ་གྲུབ་བོ།། །། ༄། གཉིས་པ་མངོན་སྤྱོད་བྱེ་བྲག་ཏུ་བསྒྲུབ་པའི་སྐོར་ལ། སྲུང་བ། ཟློག་པ། གསད་པ། མཐའ་སྡུད་དང་བཞི་ལས། དང་པོ་སྲུང་བའི་སྐོར་ལ། འདིར་དབང་དམིགས་བསལ་མི་བཞུགས་སོ།། །། ༄། གཉིས་པ་ཟློག་པའི་སྐོར་ལ། སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པའི་བོད་ཁམས་བདེ་ཐབས་ཆོས་བཅུའི་ནང་ཚན། བསྟན་པ་སྲུང་བའི་སྐོར་བཞི་ལ། གཤིན་རྗེ་འཇིགས་བྱེད་རོལ་པ། རྟ་མགྲིན་བསྐལ་པའི་མེ་དཔུང་། ཕུར་པ་ཁྲོ་རྒྱལ་སྟོབས་འདུས། མགོན་པོ་གནམ་ལྕགས་ཐོག་མདའ་བཅས་བཞུགས་པ་ལས། སྔ་མ་གསུམ་གྱི་དབང་བཀའ་ཟུར་དུ་མི་བཞུགས་ཀྱང་། གུ་རུའི་ཐུགས་དམ་ཟབ་པ་སྐོར་བདུན་གྱི་རྣོ་སོ་ཡིན་པས། དེའི་དབང་ཐོབ་པས་ཆོག་པར་གསུངས། ཕྱི་མ་མགོན་པོ་གནམ་ལྕགས་ཐོག་མདའི་སྲོག་དབང་ལ། དབང་དོན་སྒྲུབ་པ་ནི། གཏེར་གཞུང་གི །བླ་མ་མགོན་པོ་སོགས་སྐྱབས་སེམས་ནས་བདག་བསྐྱེད་བསྙེན་པ་གྲུབ་ཀྱི་བར་དང་། འོག་ནས། གཏོར་མཆོད་རཾ་ཡཾ་ཁཾ་གིས་སྦྱངས༔ དྲག་པོ་བནྡྷའི་སོགས་བྱིན་རླབས་ནས་མདུན་བསྐྱེད་བསྟོད་པའི་མཐའ་བར་དང་། གོང་གི་སྒྲུབ་དམིགས་ནི། ཡབ་ཡུམ་ཐུགས་ཀར་ཉི་མ་ལ༔སོགས་ནས། སྒྲུབ་པར་བསམ༔ ཞེས་གསལ་བཏབ་ནས། ཨོཾ་མ་ཧཱ་ཀཱ་ལ་སིཾ་ཧ་སོགས་མདུན་བསྐྱེད་སྤྱན་འདྲེན་སྐབས་སུ་འབྱུང་བའི་སྔགས་བཟླ། སློབ་མ་གཞུག་པར་གནང་བ་ནོད། སྲོག་དབང་དངོས་ལ། མར་གྱུར་གྱི་འགྲོ་བའི་བདེ་སྐྱིད་ལ་འཚེ་བའི་མཐའ་དམག་སོགས་གཟུགས་ཅན་གཟུགས་མེད་ཀྱི་གཡུལ་ངོ་ཟློག་པ་དང་། རྒྱལ་བའི་བསྟན་པ་ཡོངས་ལ་འཚེ་བའི་འགལ་རྐྱེན་མཐའ་དག་བསྲུང་བའི་ཕྱིར། དཔལ་ལྡན་མགོན་པོ་སེང་གེའི་གདོང་པ་ཅན་གྱི་སྲོག་གཏད་ཞུ་སྙམ་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པས་གསོན་ཅིག །དེ་ལ་སྐབས་སུ་བབ་པ་འདི་ནི། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་ལས་ཅན་རྗེ་འབངས་འདུས་པ་ཕྱི་མ་རྣམས་ལ་ཟབ་རྒྱས་ཀྱི་གདམས་ངག་རྒྱ་མཚོ་ལྟ་བུ་དང་། བོད་ཁམས་བདེ་ཐབས་ཆོས་བཅུར་གསུངས་པའི་ནང་ཚན། བསྟན་པ་སྲུང་བའི་ཆོས་བཞི། དེ་ལའང་གཤིན་རྗེ་འཇིགས་བྱེད་རོལ་པ། རྟ་མགྲིན་བསྐལ་པའི་མེ་དཔུང་། ཕུར་པ་ཁྲོ་རྒྱལ་སྟོབས་འདུས། མགོན་པོ་གནམ་ལྕགས་ཐོག་མདའ་རྣམས་ཀྱི་ནང་ཚན་ལས་བྱོན་པ་སྟེ། དཔལ་ལྷ་སྲས་དམ་འཛིན་མུ་རུབ་བཙན་པོ་ཡེ་ཤེས་རོལ་པ་རྩལ་གྱིས་གུ་རུ་རྗེ་ལ་གསོལ་པ། མ་འོངས་སུམ་ཅུ་ཁ་རལ་ལ༔ བོད་ཁམས་སྡུག་བསྔལ་ལ་སྤྱོད་ཅིང༔ བསྟན་པ་ཉམས་ཤིང་འཇིག་པ་ན༔ གསང་སྔགས་རྣལ་འབྱོར་ཐམས་ཅད་ཀྱི༔ སྐུ་ལ་བསྡོ་བའི་དགྲ་འདུལ་ཞིང༔ སངས་རྒྱས་བསྟན་པ་གཉན་པོ་ཡི༔ སོ་ཁ་སྲུང་བའི་སྲུང་མ་ཆེ༔ དྲག་རྩལ་མཐུ་ལྡན་མྱུར་མགྱོགས་ཅན༔ བཀྲ་ཤིས་མྱུར་མགྱོགས་ཆེ་བ་ཡི༔ མགོན་པོའི་སྒྲུབ་པ་བསྩལ་དུ་གསོལ༔ ཞེས་ཞུས་གུ་རུས་བཀའ་བསྩལ་པ༔ དེ་ལྟར་བསྟན་པ་སྲུང་བའི་ཐབས༔ སྙིང་པོར་བསྡུས་ཏེ་འདི་རུ་བསྟན༔ ཞེས་བསྟན་སྲུང་རྣམས་ཀྱི་མཐུ་སྟོབས་འདུས་པ། ཟློག་མེད་དཔལ་མགོན་གནམ་ལྕགས་ཐོག་མདའི་སྒྲུབ་སྐོར་བསྩལ་པ་རྣམས་ཐུགས་ཉམས་སུ་བཞེས་ཤིང་། བསྟན་པ་བསྲུང་བའི་ཕྲིན་ལས་མཐའ་ཡས་པར་མཛད་ནས་མ་འོངས་ཕྱི་མའི་དོན་ལ་གཏེར་དུ་སྦས་པ། ཕྱིས་འགྲོ་འདུལ་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས། མདོ་ཁམས་ནམ་མཁའ་མཛོད་ཀྱི་ལྷོ་ཕྱོགས་གཤིན་རྗེའི་རྦ་དོང་ནས་སྤྱན་དྲངས་པའི་ཤོག་དྲིལ་ལས་བྱོན་པ། དཔལ་མགོན་སེང་གེའི་གདོང་ཅན་གྱི་སྲོག་དབང་ཟབ་མོ་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ། བླ་མ་བདུད་འདུལ་ཡེ་ཤེས་ཀྱི་མགོན་པོ་དབྱེར་མེད་པའི་དྲུང་དུ་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧཱུྃ༔ སངས་རྒྱས་ཀུན་གྱི་སོགས་གཏེར་གཞུང་བཞིན་ལན་གསུམ། རྒྱུད་སྦྱོང་བའི་སླད་དུ་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། རྒྱུན་བཤགས་ཡན་ལག་བརྒྱད་པ་དོན་དང་མཐུན་པའི་ཏིང་འཛིན་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས། དེ་ལྟར་གསོལ་བ་བཏབ་ཅིང་རྒྱུད་དག་པར་བྱས་པ་ལ། མཁྱེན་བརྩེའི་སྒོ་ཕྱེས་ཏེ་སྲོག་དབང་བསྐུར་བའི་ཕྱིར་ལྷའི་སྐུར་གསལ་གདབ་པ་ནི། སློབ་མ་རྣམས་ཐ་མལ་དུ་འཛིན་པའི་རྟོག་ཚོགས་སྤངས་ཏེ། བདུད་འདུལ་ཡེ་ཤེས་ཀྱི་མགོན་པོའི་སྐུ་འདི་ལྟར་དུ་སྒོམས་ཤིག །སྣང་ཡུལ་དུར་ཁྲོད་རོལ་པའི་ཞིང་། །གྲུ་གསུམ་ཨེ་ཡི་ཀློང་དཀྱིལ་དུ༔ སོགས་བདག་བསྐྱེད་ལྟར་ལ། བདག་ཉིད་ཅེས་པར་སློབ་མ་ཞེས་བསྒྱུར་ནས། ཡེ་ཤེས་མེ་ཕུང་ཀློང་དུ་བཞུགས༔ བར། དེ་ལྟར་གཉེན་པོ་སྟོབས་ཀྱི་ལྷའི་གསལ་སྣང་རྫོགས་པར་གྱུར་པ་ལ། སྲོག་གཏད་དངོས་གཞིར་གསུམ་ལས། དང་པོ་སྐུའི་སྲོག་གཏད་པ་ནི། མདུན་དུ་བཤམས་པའི་གཏོར་མ་འདི་ཉིད་ལས་ཀྱི་མགོན་པོའི་དཀྱིལ་འཁོར་བ་འདི་ལྟར་དུ་གསལ་བར་སྒོམས་ཤིག །མདུན་དུ་དུར་ཁྲོད་ས་གཞིའི་དབུས༔ འཁོར་ལོ་རྩིབས་བརྒྱད་ལྟེ་བ་ལ༔ དཔལ་འབར་བདུད་མགོན་སེང་གེའི་གདོང༔ མཐིང་ནག་སོགས་མདུན་བསྐྱེད་བཞིན་ལ། རླུང་གཤོག་འཆིབས༔ གཡོན་དུ་བདུད་མོ་སོགས་བསྒྱུར་ནས། བདུད་དམག་འབུམ་གྱིས་བསྐོར༔ དྲག་རྩལ་མེ་ལྟར་འབར་བ་འོ། །དེ་ལྟར་མངོན་སུམ་དུ་བཞུགས་པའི་རྟེན་གཏོར་ཕྱག་ཏུ་གཏད་ཅིང་བཀའ་བསྒོས་པས། སྐུའི་སྲོག་ལ་དབང་ཐོབ་པར་གྱུར་ནས། ཇི་ལྟར་བཅོལ་བའི་ཕྲིན་ལས་ཐོགས་པ་མེད་པར་བསྒྲུབ་པ་ཡོད་སྙམ་པའི་འདུན་པ་མཛོད། ཧཱུྃ༔ ལས་ཀྱི་མགོན་པོ་སོགས། ཨོཾ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་སོགས་ལ། ཀཱ་ཡ་སོགས་བཏགས་པས་གཏད། སློབ་མ་དང་ཆོས་སྐྱོང་དམ་བསྲེ་བའི་སླད་དུ། བདུད་རྩིའི་དམ་ཆུ་ཞལ་བསྲེས་ཏེ་བྱིན་ཞིང་གཉིས་ཀའི་དམ་ཚིག་དཔང་པོར་བཞག་པས། དམ་ཚིག་གཅིག་ཏུ་འདྲེས་པའི་དབང་གིས་ལས་མགོན་སློབ་མའི་ལུས་དང་གྲིབ་མ་བཞིན་འགྲོགས་ནས་ལས་གང་བཅོལ་བྱེད་པ་ཡིན་པས། བུས་ཀྱང་ཕྱི་ནང་གསང་བའི་རྟེན་མཆོད་སྐོང་བ་སོགས་ཚུལ་བཞིན་དུ་བཤམས་ཤིང་། དུས་དང་རྒྱུན་གྱི་མཆོད་བསྟོད་རྣམས་མ་ཆག་པར་བརྩོན་དགོས་པས། དེ་ལྟར་བགྱི་བའི་ཐ་ཚིག་གི་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། བཛྲ་ས་མ་ཡ་སོགས་གཏོར་མར་བདུད་རྩི་བྲན་པའི་ཞམ་ཆུ་སློབ་བུར་བྱིན། སློབ་མས་བདུད་རྩི་གཏོར་མར་སྦྲེང་ངོ་། །གཉིས་པ་གསུང་གི་སྲོག་གཏད་པ་ནི། མདུན་བསྐྱེད་ལས་མགོན་ཡབ་ཡུམ་གྱི་ཐུགས་ཀར་ཉི་མའི་གདན་ལ་ས་བོན་ཧཱུྃ་དང་བྷྱོའི་མཐར་སྔགས་ཀྱིས་བསྐོར་བ་དང་། ལས་མཁན་སྡེ་བརྒྱད་ཀྱི་སྙིང་གར་རང་རང་གི་སྲོག་ཡིག་རྣམས་གསལ་ཞིང་། གསང་བའི་སྔགས་སློབ་དཔོན་གྱི་རྗེས་སུ་བཟླས་པའི་འོད་ཀྱིས་མདུན་གྱི་ལས་མགོན་འཁོར་བཅས་བསྐུལ་བར་མོས་ལ་སྔགས་འདིའི་རྗེས་ཟློས། ལན་གསུམ། རང་རང་གི་སྲོག་ཡིག་ལས་གཉིས་པ་རེ་མཆེད། སློབ་མ་ཡེ་ཤེས་མགོན་པོར་གསལ་བའི་ཐུགས་སྲོག་གི་གདན་ལ་ཐིམ་པས་གསུང་གི་སྲོག་ལ་དབང་ཐོབ་པར་གྱུར་ཅིང་། ཕྲིན་ལས་ཐམས་ཅད་ཡིད་བཞིན་དུ་བསྒྲུབ་པའི་མཐུ་རྩལ་རྫོགས་པར་མོས། ཧཱུྃ༔ དམ་ཚིག་འཛིན་པའི་སོགས་རྩ་སྔགས་ཤམ་བཏགས་ཀྱིས་སྔགས་བྱང་དང་ཕྲེང་བ་གཏད། གསུམ་པ་ཐུགས་ཀྱི་སྲོག་གཏད་པ་ནི། མདུན་བསྐྱེད་ལས་མགོན་ཡབ་ཡུམ་གྱི་ཐུགས་ཀ་ནས་ཕྱག་མཚན་འོད་འབར་བ་བྱུང་། སློབ་མ་ཡེ་ཤེས་མགོན་པོའི་ཐུགས་སྲོག་གི་གདན་ལ་ཐིམ་པས་ཐུགས་ཀྱི་སྲོག་ལ་དབང་ཐོབ་པར་གྱུར་ཅིང་། ཇི་ལྟར་འདོད་པའི་ཕྲིན་ལས་ཐོགས་མེད་ཡིད་བཞིན་དུ་བསྒྲུབ་པ་ཡོད་སྙམ་པར་མོས། ཧཱུྃ༔ སངས་རྒྱས་ཀུན་གྱི་སོགས་རྩ་སྔགས་ཤམ་བཏགས་ཀྱིས་ཕྱག་མཚན་གཏད། བཞི་པ་ཡོངས་རྫོགས་སྙིང་པོའི་སྲོག་དབང་ནི། ཁྱད་པར་གྱི་སྒྲུབ་རྫས་སྲོག་འཁོར་བླ་རྡོ་རྣམས་ཕྱག་ཏུ་གཏད་པས། འདི་ཉིད་བསྙེན་ཅིང་བསྒྲུབ་པ་དང་། ལས་ལ་སྦྱོར་བའི་སྒོ་ནས་ཚར་གཅོད་རྗེས་འཛིན་གྱི་ཕྲིན་ལས་རབ་འབྱམས་བསྒྲུབ་པར་རྗེས་སུ་གནང་བ་དང་། ཡང་སྒོས་ཆོས་སྐྱོང་དྲེགས་བྱེད་ཕྱི་རུ་མ་ཆད་ཅིང་། དོན་དམ་རང་བྱུང་གི་རིག་པ་ནང་དུ་མ་ལུས། གཉིས་ཀ་ཟང་ཐལ་སྙིང་པོ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་རྟོགས་པའི་ལྟ་བས་སྟོང་སྲོག་གཅིག་ཆོད་ཀྱི་དཔའ་གདེང་དང་ལྡན་ནས་དྲེགས་པ་རྒྱ་མཚོའི་སྲོག་དབང་གི་སྙིང་པོ་ཐོབ་པའི་ངེས་ཤེས་བསྐྱེད་འཚལ། ཧཱུྃ༔ བདུད་ཀྱི་མགོན་པོ་སོགས་རྩ་སྔགས་བཅས་བརྗོད། དེ་དག་གིས་སྲོག་དབང་ཟབ་མོ་རིག་པ་འཛིན་པའི་ཕྱག་བཞེས་ཀྱིས་བརྒྱན་པ་གྲུབ་པ་ཡིན་ཏེ། གཞུང་ལས། སློབ་མས་དམ་ཚིག་སོགས། ཡལ་བར་མ་དོར་ཅིག༔ ཅེས་བསྔགས་པར་མཛད་པའི་དོན་ལ་ཡིད་ཆེས་ཀྱི་ངེས་པ་དང་ལྡན་པས། སྤྱི་དང་བྱེ་བྲག་གི་དམ་ཚིག་གི་གནས་རྣམས་ལ་སྲུང་སྡོམ་གྱི་བསླབ་པ་འཛིན་པ་མིག་ལྟར་གཅེས་སྤྲས་ཀྱི་སྒོ་ནས་མཛད་པ་གལ་ཆེ་བས། སྲུང་སྡོམ་ཚུལ་བཞིན་བགྱི་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་རོ། །ཆོ་གའི་རྗེས་ཐུན་གཏོར་ལ་དམིགས་ཏེ། རཾ་ཡཾ་ཁཾ། ཨ་ལས་ཐོད་པའི་སྣོད་དུ་གཏོར་མ་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་དྲོད་མདངས་དང་བཅས་པ། ཟག་མེད་ཀྱི་བདུད་རྩིའི་རང་བཞིན་དུ་སྦར་པ་དཔལ་མགོན་འཁོར་དང་བཅས་པའི་ལྗགས་ཕྱག་མཚན་གྱི་སྦུ་གུས་དྲངས་ཤིང་གསོལ་བས་མཉེས་པར་གྱུར། ཞིང་སྐྱོང་སྔགས་ལ། ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཞེས་བཏགས་པ་ལན་བདུན་ནམ་གསུམ་གྱིས་བསྔོས་ལ། ཧཱུྃ། དཔལ་ལྡན་མགོན་པོ་འཁོར་བཅས་ཀྱིས། །བསྟན་དགྲའི་ཤ་ཁྲག་མཆོད་གཏོར་བཞེས། །རྡོ་རྗེ་འཛིན་པའི་སྤྱན་སྔ་རུ། ཁས་བླངས་དམ་བཅས་དྲན་མཛོད་ལ། །བསྟན་དགྲ་མ་ལུས་སྒྲོལ་ལ་ཤོག །དུས་ལ་བབ་པོ་ས་མ་ཡ། །རྟགས་ཕྱུངས་མཚན་མ་མྱུར་དུ་སྟོན། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་བསྐུལ་ཞིང་ཐུན་གཏོར་འཕང་། ཨོཾ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་པཉྩ་ཨ་མྲྀཏ་བ་ལིངྟ་རཀྟ་ཁཱ་ཧིས་མཆོད། ཧཱུྃ༔ རྒྱལ་བའི་བསྟན་པ་སོགས་ཤོ་ལོ་ཀས་བསྟོད། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། གཤགས་བསྟིམ་གང་འོས་སྐབས་དང་བསྟུན། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན། ཤིས་བརྗོད་བཅས་སྤྱི་ལྟར་བགྱིས་པས་གྲུབ་བོ།། །། ༈ བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་གཏོར་དབང་ཟུར་བཀོལ་གནམ་ལྕགས་ཞུན་ཐིགས་ལྟར་དབང་དོན་སྒྲུབ་པའི་སྐབས། བཟླས་པ་མཆོད་བསྟོད་རྫོགས་པའི་མཐར། འདིར་ལས་གཤིན་དང་། མགོ་གསུམ་བཀའ་གཏད་སྦྱོར་ན་སྟབས་བདེ་བས། ༼ཛི༽འཆི་བསླུ་འཆི་བདག་གདོང་ཟློག་བཞིན། རང་འཇམ་དཔལ་གཤིན་རྗེ་གཤེད་དུ་གསལ་བའི་སོགས་ལས་གཤིན་བསྐྱེད་དྲངས་ནས་བསྟོད་བསྐུལ་གྱི་ཕྱོགས་སྐྱོང་བཅུའི་མཇུག་གི །ས་བདག་འཁོར་དང་བཅས་པ་ལ༔ མཆོད་ཅིང་བསྟོད་དོ་ཕྲིན་ལས་མཛོད༔ བར་གཏང་། མགོ་གསུམ་སྐབས་འདིར་བསྒྲུབ་འདོན་མི་དགོས་པས། ལས་བུམ་སྤྱི་ཙམ་དུ་འཁྱིལ་པའི་སྔགས་ཀྱིས་བརླབ། དཀྱིལ་འཁོར་བར་རིག་མེ་དོར་ལ་གནང་བ་ཞུ། དབང་དངོས་གཞིར་རྒྱས་པ་གཏོར་དབང་སྐུ་གསུང་ཐུགས་དང་ཡོན་ཕྲིན་ལས། བསྡུས་པ་ཡོངས་རྫོགས་བཅས་སྦྲེལ་བ་བསྐུར་མཐར། སྤྱི་འགྲོའི་བཀའ་བསྒོ་སྦྱོར་ཞིང་། སླར་གསུང་བཟླས་ལུང་དང་། ཐུགས་ཀྱི་དགོངས་པ་ངོ་སྤྲོད་བཅས་གྲུབ་རྗེས། དེ་རྣམས་ཀྱིས་སོགས། བྱིན་རླབས་དབང་སྐུར་རྒྱས་པར་གྲུབ་པ་ལགས། དེ་ནས་དཔལ་ཆེན་པོ་ཡ་མཱནྟ་ཀའི་བཀའ་སྡོད་སོགས་ལས་གཤིན་བཀའ་གཏད་བཞིན། མཆོད་བསྟོད་ལ་བརྩོན་པར་བྱ་དགོས་སོ། །བར་མཐར་ཆགས་སུ་བསྐུར། ༼ཡི༽དེ་ནས་སླར་ཡང་བཅོམ་ལྡན་འདས་འཇམ་དཔལ་ཁྲོ་བོའི་སོགས་མི་ཁ་སྲུང་ཟློག་མནན་སྲེག་སོགས་ཀྱི་ལག་ལེན་གསལ་བྱེད་སྨྲ་ངན་དཔུང་འཇོམས་ཀྱི་དཀྱུས་དེར་འབྱུང་བའི་མགོ་གསུམ་བཀའ་གཏད་ཀྱི་མཎྜལ་ནས། གཏོར་གསོས་མཐེབ་ཀྱུ་ཤ་དུམ་འབྲུ་སྣ་རྣམས། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་གིས་བརླབ། སམྦྷ་ར་གྲངས་གང་འོས་ཀྱིས་བསྔོ་སྐབས། གཏོར་མའི་ནང་དུ་མཐེབ་ཀྱུ་སོགས་ལས་རྡོར་གྱིས་འབུལ་བཅུག །བཀའ་གཏད་མཐར་དམ་ཆུ་བསྲེ་བ་བྱིན་ནས། སླར་ཡང་གཏོར་ཆུང་བསྔོས་ལ། སླར་ཡང་གཏོར་མ་བསྔོས་ཤིང་ཕྲིན་ལས་བཅོལ་བ་བཞིན་བྱེད་པར་ཁས་བླངས་ནས་རང་གནས་སུ་དགའ་བའི་སེམས་ཀྱིས་གཤེགས་པར་མོས་མཛོད། ཧཱུྃ༔ འཇམ་དཔལ་བཀའ་ཡི་ཕོ་ཉ་ཆེ༔ སོགས་གོང་གི་མི་ཁ་གཏོ་ཡིས་ཟློག་པའི་དཀྱུས་སུ་འབྱུང་བའི། ཟློག་སྒྱུར་དྲག་པོའི་ཕྲིན་ལས་མཛོད༔ ཅེས་པའི་མཐར། བཀའ་གཏད་མཇུག་གི་སརྦ་བྷཱུ་ཏ་སོགས་བརྗོད། དེ་རྣམས་ཀྱིས་རིག་འཛིན་སྨྲ་བའི་སེངྒེ་དྲག་པོའི་སྐུར་བཞེངས་པ་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་བྱིན་རླབས་གཏོར་མའི་དབང་བསྐུར་དང་། བཀའ་སྡོད་འཆི་བདག་ལས་ཀྱི་གཤིན་རྗེ་དང་། ལས་མཁན་ནག་པོ་མགོ་གསུམ་གྱི་བཀའ་གཏད་བཅས་རྒྱས་པར་གྲུབ་པ་ཡིན་པས་དམ་ཚིག་སྤྱི་དང་ཁྱད་པར་གྱིས་ཕྱེས་པ་རྣམས་ཚུལ་བཞིན་བསྲུང་དགོས་པས། དེ་ལྟར་བགྱིད་པའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་རྗེས་རྣམས་དང་། ཆོ་གའི་རྗེས་ལས་གཤིན་ལ། འབུལ་གཏོར་འབྲུ་གསུམ་གྱིས་བསང་སྦྱང་། ཨོཾ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་འབུལ། ཨོཾ་བཛྲ་ཨརྒྷཾ་པུཥྤེ་ནས། ཤབྡ་ཨ་མྲྀཏ་རཀྟ་སརྦ་པཱུ་ཛ་ཁཱ་ཧིས་མཆོད། ལས་གཤིན་ཡབ་ཡུམ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་སོགས་ཀྱིས་ཕྲིན་ལས་བཅོལ་ཞིང་གཏོར་མ་ཕུལ། མ་རྙེད་ཡོངས་སུ་སོགས་དང་། ཡིག་བརྒྱས་ནོངས་པ་བཤགས། བཛྲ་མཱུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་འབྲུ་གསུམ་གྱིས་རང་གི་ཐུགས་སྲོག་གདན་ལ་བསྟིམ། ཕ་རོལ་རྒོལ་འཇོམས་ཀྱི་མཆོད་པ་ཁ་གསོས་ལ། ཡི་གེ་གསུམ་གྱིས་བསང་སྦྱང་། འབྲུ་གསུམ་གྱིས་བརླབ། ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་འདོད་ཡོན་སོགས་ཀྱིས་མཆོད། ཧཱུྃ་ཧྲཱི༔ ངོ་བོ་འོད་གསལ་སོགས་ཀྱིས་བསྟོད། ཧཱུྃ་ཧྲཱི༔ སྙིང་པོ་བྱང་ཆུབ་སོགས་ཀྱིས་དངོས་གྲུབ་བླངས། མ་རྙེད་ཡོངས་སུ་སོགས་དང་ཡིག་བརྒྱས་ནོངས་པ་བཤགས། ཡེ་ཤེས་གཤེགས་བསྟིམ་སྐབས་དང་སྦྱར། དམ་ཚིག་པ་རང་ལ་བསྡུ། ཕྲིན་ལས་སམ་སྒོམ་བཟླས་གང་རུང་གི་མཇུག་ནས་འབྱུང་བ་བཞིན། བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་བཅས་བྱའོ། །དེ་དག་གིས་ཟློག་པའི་ལས་དང་འབྲེལ་བའི་དབང་བསྐུར་དང་བཀའ་གཏད་རྣམས་གྲུབ་བོ།། །། ༄། གསུམ་པ་གསད་པ་ཉམས་པ་བདུན་རྒྱུད་གཅོད་པའི་སྐོར་ལ། དབང་དང་རྗེས་གནང་བཀའ་གཏད་མི་བཞུགས་སོ།། །། ༄། བཞི་པ་མཐའ་སྡུད་འབྱུང་བ་བཞི་ལ་གཏད་པ་ལ། ས། ཆུ། མེ། རླུང་བཞིའི། དང་པོ་སྲུང་བའི་མཐའ་སྡུད་ས་ལ་གནན་པའི་ལས་ལ། གནམ་ཆོས་ཐུགས་གཏེར་མིང་གི་མངོན་བརྗོད་ཀྱི་ཀིང་ཀང་རིགས་བཅོ་ལྔའི་སྒྲུབ་ཐབས་ལས། ཀིང་ཀང་དམར་བྱེད་ཀྱི་དབང་སྒྲུབ། དངོས་གཞི་གཟུངས་དབང་། རྗེས་གནམ་ཆོས་སྤྱི་བཞིན་ནོ།། །། ༄། གཉིས་པ་ཆུ་ལ་གཏད་པའི་ལས་དང་། ༄། གསུམ་པ་གསད་པའི་མཐའ་སྡུད་མེ་ལ་བསྲེག་པའི་ལས། ༄། བཞི་པ་ཟློག་པའི་མཐའ་སྡུད་རླུང་ལ་བསྐུར་བའི་ལས་གསུམ་ལ་དབང་དམིགས་བསལ་ཟུར་དུ་མི་འབྱུང་ཞིང་། དེ་ཡན་ཆད་ཀྱིས་བསྐྱེད་པ་མ་ཧཱ་ཡོ་གའི་སྐོར་གྱི་སྨིན་གྲོལ་ལས་ཚོགས་དང་བཅས་པའི་དབང་ཁྲིད་ཀྱི་རིམ་པ་ཐམས་ཅད་ལེགས་པར་གྲུབ་པ་ཡིན་ནོ།། །། ༄༅། །སྤྱི་དོན་གཉིས་པ་རྫོགས་པ་ལུང་ཨ་ནུ་ཡོ་གའི་སྐོར་ལ། དྲིན་ཅན་སློབ་དཔོན་མ་ཀུན་དགའ་འབུམ་པའི་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར། རྒྱལ་བས་ལུང་བསྟན་གསང་ཆེན་བཀའི་སྡུད་པོ་མཛོད་ཆེན་རྣམ་ལྔའི་མངའ་བདག་འཇམ་མགོན་རྡོ་རྗེ་འཆང་དངོས་༧པདྨ་གར་དབང་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་ཉིད་ཀྱིས། ཡར་ལུང་ཤེལ་གྱི་བྲག་ཕུག་ཏུ་བདུད་རྩི་སྨན་གྱི་སྒྲུབ་ཆེན་མཛད་པའི་སྐབས་སུ། བརྒྱུད་པ་གོང་མའི་ཕྱག་དཔེ་ཡིན་ངེས་པའི་གླེགས་བམ་ཞིག་མཁའ་འགྲོ་གཏད་རྒྱའི་ཚུལ་གྱིས་ཕྱག་ཏུ་སོན་ཞིང་། ཕྱིས་སུ་གཏེར་ཆེན་མཆོག་གྱུར་གླིང་པས་འགྲོ་མགོན་དུང་མཚོ་རས་པའི་སྔོན་གནས་རྗེས་དྲན་དང་གདམས་པའི་ཉེ་བརྒྱུད་དམིགས་བསལ་དུ་ཐོབ་པར་སྣང་བ་ལས། དབང་ལུང་གསན་པའི་ཚུལ་བསྟན་པའི་རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་དབང་གི་ཆོ་ག་བཻ་ཌཱུརྻའི་དོ་ཤལ་ལྟར་དབང་སྒྲུབ། སྙན་གསན་འབེབ་ཅིང་སྣོད་བརྟག་པ་སྔོན་དུ་འགྲོ་བས་དབང་དངོས་གཞིའི་ལོ་རྒྱུས་མཇུག་གི །གངས་ཅན་འཛིན་མའི་ཁྱོན་ཡོངས་སུ་ཁྱབ་པའི་ཟབ་ཆོས་འདི་ཉིད། བར་ལམ་མཚན་ཙམ་ལས་དངོས་སུ་མི་སྣང་བར་གྱུར་ནའང་། དེང་གི་དུས་བསྟན་པ་ཡོངས་རྫོགས་ཀྱི་ཉིན་བྱེད། བོད་ཁམས་དུས་སྐབས་ཀྱི་ཚ་གདུང་སེལ་བའི་དཔག་བསམ། དཀྱིལ་འཁོར་ཡོངས་ཀྱི་ཁྱབ་བདག་གསང་བའི་བདག་པོ་རྡོ་རྗེ་འཛིན་རྒྱལ་རྡོ་རྗེ་སློབ་དཔོན་གྱི་ཚུལ་དུ་མིའི་སྲིད་པར་སྟོན་མཛད། རྒྱལ་བ་ཤཱཀྱའི་དབང་པོ་དང་རྒྱལ་ཚབ་མཚོ་སྐྱེས་བླ་མའི་རྡོ་རྗེའི་ལུང་གིས་ལན་གཅིག་མ་ཡིན་པར་བསྔགས་པའི་དྲིལ་ཆེན་ཡང་ནས་ཡང་དུ་བསྒྲགས་པ། སྐུ་ཆེ་བའི་ཡོན་ཏན་མཐའ་ཡས་པའི་རྣམ་ཐར་བསྟན་པ་སྤྱི་དང་། བྱེ་བྲག་སྙིང་པོའི་བསྟན་པ་ལ་སྟོན་པ་གཉིས་པ་ལྟ་བུའི་བཀའ་དྲིན་མཚུངས་པ་མེད་པའི་གཏེར་ཆེན། དུས་གསུམ་དུ་འབྱོན་པར་དཀའ་བའི་མིའི་ཁྱུ་མཆོག །རྡོ་རྗེ་འཆང་ཆེན་པོ་༧འཆི་མེད་པདྨ་གར་དབང་འགྱུར་མེད་རྡོ་རྗེ་གཡུང་དྲུང་གླིང་པ་མཆོག་གིས། རབ་བྱུང་བཅུ་བཞི་པའི་ནང་གསེས། སྟོད་འགྲེལ་གྱི་བརྡ་ལས་ཀཱ་ལ་དཱུ་ཏི་སྟེ་བོད་སྐད་དུ། དུས་ཀྱི་ཕོ་ཉ་ཞེས་འབོད་པ། རྒྱ་རྩིས་པའི་ས་ཕོ་རྟའི་ལོར། གངས་ལྗོངས་རྒྱལ་བསྟན་ཆབ་སྲིད་དང་བཅས་པའི་ཞབས་རིམ། ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པ་དང་། པདྨ་འོད་གསལ་མདོ་སྔགས་གླིང་པ་སྟེ། གཏེར་ཆེན་ཡབ་སྲས་ཀྱི་གཏེར་ལུང་གི་དོན་བཞིན། བདུད་རྩི་ཡོན་ཏན་གྱི་གནས་མཆོག་ཡར་ལུང་ཤེལ་གྱི་བྲག་ཕུག་ཏུ། སྒྲུབ་པའི་རྟེན་སོགས་ཁྱད་པར་འཕགས་པའི་ཕུན་སུམ་ཚོགས་པའི་ཡན་ལག་དང་བཅས་པས། རྒྱུད་ཟབ་སྒྱུ་འཕྲུལ་ཞི་ཁྲོའི་ཚོགས་སྒྲུབ་བདུད་རྩི་སྨན་གྱི་སྒྲུབ་པ་དང་བཅས་མཐའ་རྒྱས་སུ་མཛད་པས། སུམ་ཅུའི་དམར་ཐག་གི་དུས་འགྱུར་ཐམས་ཅད་ཕྱིར་བསྲིངས་པ་སོགས། བོད་ཁམས་ཐམས་ཅད་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་བཀའ་དྲིན་གཞལ་མཐའ་མ་མཆིས་པ་བསྩལ་བའི་སྐབས་དེར། དབྱིངས་ཀྱི་མཁའ་འགྲོ་མས་གཏེར་དཔེ་ཕྱག་ཏུ་གཏད་ཅིང་། དཀྱིལ་འཁོར་གྱི་གཙོ་བོ་ལས་དབང་རྒྱུད་བྱིན་རླབས་ཀྱི་རིམ་པ་གསན་པར་ངེས་ཀྱང་། རྡོ་རྗེ་སློབ་དཔོན་འདི་ཉིད་སྦས་པའི་རྣལ་འབྱོར་གྱི་བརྟུལ་ཞུགས་ཁོ་ནར་ཐུགས་གཞོལ་བས། གསང་བའི་རྣམ་ཐར་ཐམས་ཅད་རང་ཅག་རྣམས་ཀྱི་སྐལ་བར་ཆེས་སྦས་ཚུལ་དུ་གྱུར་མོད། ཚུར་མཐོང་གི་ངོར། སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པར་ཉེ་བརྒྱུད་ཀྱི་བཀའ་བབ་བཞུགས་པ་ལས་གསན་པའི་ཚུལ་སྟོན་པར་མཛད་པ་དང་། དོན་ལ་བཀའ་བབ་བདུན་དུ་གྲགས་པའི་ཡང་གཏེར་གྱི་ཁོངས་སུ་འདུ་ཞིང་། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་ཞེས་ཡོངས་སུ་གྲགས་པའི་བཀའ་བབ་རིན་པོ་ཆེ་ཕྱག་ཏུ་སོན་པ་དང་ལྷན་ཅིག །རྒྱལ་བ་ཀུན་ཏུ་བཟང་པོའི་དགོངས་པའི་རྩལ་འཕོས་པའི་རྒྱལ་བ་དགོངས་བརྒྱུད་ཀྱི་བྱིན་རླབས། ཨོ་རྒྱན་ཆེན་པོ་ཡབ་ཡུམ་ལ་སོགས་ལས་རིག་རྩལ་བརྡའི་དབང་བསྐུར། གཏེར་ཆེན་མཆོག་གྱུར་གླིང་པ་ལས་གང་ཟག་སྙན་ཁུངས་ཀྱི་བརྒྱུད་པ་དང་། ཤོག་སེར་ཚིག །མན་ངག་དོན་བརྒྱུད་བཅས། བརྒྱུད་པ་དྲུག་ལྡན་ཡོངས་སུ་རྫོགས་པའི་ཟབ་ཆོས། མཁའ་འགྲོའི་སྙིང་ཁྲག་གི་དྭངས་མར་གྱུར་པ་འདི་ཉིད་ལ་སྨིན་གྲོལ་གྱི་ལམ་མཆོག་སོགས་བཙུད་ཅིང་སྦྲེལ་ནས་མཐར་ཆགས་སུ་བསྐུར་བའི་གཏོར་དབང་འཕྲོས་ཀྱི། དབང་ཡོངས་རྫོགས་ཀྱི་མཚན་གྱི་རྔ་བསྒྲག་ཅོད་པན་གྱི་དབང་དེའི་རྫས་སྔར་འགྲིམ་དཀྱིལ་དུ་རིགས་བརྟགས་སྐབས་ཕུལ་པའི་མེ་ཏོག་དེ་སྦྱིན་དགོས། ཆོ་གའི་རྗེས་ཆོག་བཅས་སོ།། །། ༈ བདུད་ཀློང་གཏེར་ཁ་གཉིས་འདུས་གཏུམ་མོའི་མེ་དབང་ཀཿཐོག་ངེས་དོན་དབང་པོའི་ཡིག་ཆ་ལྟར་དབང་སྒྲུབ་སྐབས། དག་མཉམ་རོལ་པས་རྡོར་སྙིང་ལྟར་སྐྱབས་སེམས་ནས་བདག་བསྐྱེད་གསལ་བཏབ། བཟླས་པའི་སྐབས། མདུན་བུམ་སོ་སོར་དྭངས་པའི་རྒྱ་མཚོ་ལ་གཟའ་སྐར་ཤར་བ་ལྟར་དམིགས་ནས་བདག་མདུན་ལ་བྱིན་བསྡུས། སྣང་སྲིད་གཞིར་བཞེངས་ཀྱི་དགོངས་པ་དང་བུམ་པར་སྤྱི་འགྲོའི་དམིགས་རིམ་བཅས་ཆབས་ཅིག་ཏུ་བྱས་ནས། བཟླས་པ་ཅི་འགྲུབ་དང་། བདག་མདུན་བུམ་གསུམ་ལ་དམིགས་པའི་མཆོད་བསྟོད་དང་། བུམ་ལྷ་འོད་ཞུ་བྱ། མདུན་བསྐྱེད་ལ་ཉེས་བྱས་བཤགས། དབང་དངོས་ལ། སྔོན་འགྲོ་རྣམས་གཏང་། འོ། མཁའ་ཁྱབ་ཀྱི་ཕ་མ་འདི་རྣམས་ལས་ཉོན་གྱི་འཆིང་བ་ལས་གྲོལ་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་ཅི་ནས་ཀྱང་འགོད་པར་བྱ། དེའི་ཆེད་དུ་གསང་བའི་དཀྱིལ་འཁོར་ཟབ་མོར་འཇུག་པའི་ཐོག་མར་རྒྱུད་སྨིན་པར་བྱེད་པའི་དབང་བསྐུར་ཞུ་སྙམ་པའི་ཀུན་སློང་དང་ལྡན་པས་གསན་འཚལ། དེ་ལའང་སྐབས་སུ་བབ་པ་འདི་ཉིད། ལྷ་དང་དཀྱིལ་འཁོར་གང་སོགས་ལོ་རྒྱུས་ནས་གཟུང་། བྱིན་དབབ་ཅིང་བརྟན་པ་བཅས་གཞུང་བཞིན་བཏང་། དེ་རྣམས་ཀྱི་སྔོན་འགྲོ་སྦྱོར་བའི་ཆོས་ཡན་ལག་དང་བཅས་པ་གྲུབ་ནས། དངོས་གཞི་ལ་དབང་བཞི་བྱིན་བརླབས་ཀྱི་ཚུལ་དུ་བསྐུར་བས་ལུས་ངག་ཡིད་གསུམ་དག་རྫོགས་སྨིན་པར་བྱེད་པ་དང་། ཁྱད་པར་གཏུམ་མོའི་བྱིན་རླབས་ཀྱིས་བདེ་དྲོད་བཙན་ཐབས་སུ་འབེབ་པ་བཅས་རྣམ་གྲངས་ལྔ་ཡོད་པ་ལ། ཐོག་མར་དེ་རྣམས་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ༔ རིགས་ཀྱི་བདག་ཉིད་སོགས་ལན་གསུམ། དེ་ལྟར་གསོལ་བ་འདེབས་པ་སྔོན་དུ་སོང་ནས། དང་པོ་སྐུ་བུམ་པའི་དབང་བསྐུར་བ་ནི། བླ་མའི་ཐུགས་ཀའི་འོད་ཀྱིས་སྤྱན་དྲངས་པའི་གདན་གསུམ་ཚང་བའི་དབང་གི་ལྷ་སློབ་དཔོན་དང་བཅས་པས་དབང་བསྐུར་བསྩལ་བར་མོས། ཧཱུྃ་ཧྲཱི༔ གཞོན་ནུ་བུམ་སྐུ་སོགས་ཀྱིས་སྤྱི་བོར་གཞག་ཅིང་བུམ་ཆུ་བླུད། གཉིས་པ་གསུང་གསང་བའི་དབང་བསྐུར་བ་ནི། བདེ་སྐྱོང་གི་སྣོད་བཅུད་རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་དུ་རྫོགས་པས་གསུང་གསང་བའི་དབང་བསྐུར་དམ་པ་བསྩལ་བར་མོས། ཧཱུྃ་ཧྲཱི༔ བྷནྡྷ་མཚན་ལྡན་སོགས་ཀྱིས་མགྲིན་པར་བསྐུར་ཞིང་ངག་ཏུ་བླུད། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། སིནྡྷུ་རའི་དཀྱིལ་འཁོར་གྱི་གཙོ་བོ་ལས་སྤྲུལ་པའི་ཕོ་ཉ་དངོས་གྲུབ་ཀྱི་དོན་དུ་བྱིན་པའི་ཤེས་རབ་མའི་རེག་བྱས་དྲངས་པས། ཟག་མེད་བདེ་སྟོང་ཐུགས་ཀྱི་དབང་བསྐུར་བ་བསྩལ་བར་མོས། ཧཱུྃ་ཧྲཱི༔ དུས་གསུམ་རྒྱལ་བ་སོགས་ཀྱིས་ལག་ཏུ་གཏད། བཞི་པ་ཡོངས་རྫོགས་ཡེ་ཤེས་རྡོ་རྗེའི་ཚིག་དབང་བསྐུར་བ་ནི། གཞི་ཀ་དག་ཆོས་སྐུའི་རང་བཞིན་ཤེལ་ལྟ་བུ། གདངས་འགག་མེད་ཀྱི་སྣང་ཆ་ལོངས་སྐུ་མེ་ལོང་ལྟ་བུ། རྩལ་སྣང་ལྷུན་གྲུབ་མ་འདྲེས་གསལ་ལ་སྤྲུལ་སྐུ་རྨ་བྱའི་མདངས་ཀྱི་འཇའ་རིས་བཀྲ་བ་ལྟ་བུ་སྟེ། དེ་རྣམས་དབྱེར་མེད་མེ་ལོང་དུ་ཤར་བའི་དཔེས་དུ་མ་རོ་གཅིག་ཁྱབ་བརྡལ་ཆོས་སྐུའི་དགོངས་པ་མངོན་དུ་བྱེད་པ་ཚིག་དབང་རིན་པོ་ཆེ་ཐོབ་པར་མོས། ཧཱུྃ་ཧྲཱི༔ ཆོས་སྐུ་སྐྱེ་མེད་སོགས། ལྔ་པ་ཁྱད་པར་གཏུམ་མོའི་བྱིན་རླབས་ཀྱི་དབང་བསྐུར་བ་ལ། དངོས་དང་རྗེས་འབྲེལ་མཐའ་རྟེན་དང་གསུམ་ལས། དང་པོ་གཏུམ་མོའི་མེ་དབང་དངོས་ནི། འོ། ཁྱེད་རང་རྣམས་སོགས་ནས། ཐིམ་པར་སྒོམས་ལ༔ རླུང་ཁ་སྦྱོར་བུམ་པ་ཅན་བཟུང་བའི་ངང་ནས་བླ་མས་བརྡ་སྤྲད་པའི་དོན་ལ་མ་ཡེངས་པར་སྒོམས་ཤིག །ཧཱུྃ༔ ངོ་བོ་ཆོས་སྐུའི་སོགས། སྒོམས་ཤིག༔ གཉིས་པ་དེ་དང་རྗེས་སུ་འབྲེལ་བ་དྲོད་ཀྱི་བོགས་འདོན་མེ་དབང་བསྐུར་བ་ནི། སློབ་དཔོན་གྱི་བརྗོད་ཚིག་དང་མཐུན་པའི་དམིགས་པ་གསལ་ཐོབས་ཤིག །ཧཱུྃ་ཧྲཱི༔ དཔལ་འབར་ཡེ་ཤེས་སོགས། སྐུར་གྱུར་པའི་མོས་པ་མཛོད་ལ༔ དཔོན་སློབ་ལྷན་གཅིག་པས་རླུང་བུམ་པ་ཅན་གཟུང་འཚལ། རླུང་ཁུག་གསུམ་ཙམ་འཛིན། གསུམ་པ་མཐའ་རྟེན་ལ་གཉིས་ལས། དང་པོ་ཧེ་རུ་ཀའི་དབང་བསྐུར་བ་ནི། རྣལ་འབྱོར་དབང་ཕྱུག་ཆེན་པོའི་སྤྱོད་པའི་ཆས། །རས་དཀར་དྲི་མེད། རུས་པའི་རྒྱན་དྲུག །ཐོད་རྔ་རྐང་གླིང་རྣམས་གཏད་པས། དེང་ཕྱིན་ཆད་ཅིར་སྣང་ཐམས་ཅད་དབྱིངས་ཀྱི་རང་རྩལ། བརྡ་རྟགས་ཐབས་ཤེས་ཟུང་འཇུག་གི་བརྡ་རྟགས། དོན་བདེ་སྟོང་ཁ་སྦྱོར་ཡེ་གནས་རང་ཤར་བའི་རིག་པ་བདེ་ཆེན་མཆོག་ཏུ་མི་འགྱུར་བའི་དཀྱིལ་འཁོར་དུ་ཤེས། འཇིག་རྟེན་པས་བཏགས་པའི་རྟོག་སྤྱོད་ཆས་གོས་རྣམས་སྤངས་ཏེ། བརྟུལ་ཞུགས་མཆོག་གི་སྤྱོད་པས་ལམ་གྱི་ཡེ་ཤེས་གོང་དུ་སྤོར་བའི་རྟེན་འབྲེལ་སྒྲིག་མཛོད། ཧཱུྃ་ཧྲཱི༔ རང་རིག་འཕོ་མེད་སོགས། འགྱུར་རོ༔ གཉིས་པ་བར་ཆད་སེལ་ཕྱིར་གཏོར་མའི་དབང་བསྐུར་བ་ནི། རྩ་གསུམ་ཡོངས་རྫོགས་དཔལ་གྱི་གཏོར་མ་སྣོད་བཅུད་དཀྱིལ་འཁོར་དུ་རྫོགས་པའི་དབང་བསྐུར་བས། སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས། མཁའ་འགྲོ་དམ་ཅན་རྣམས་ལུས་དང་གྲིབ་མ་བཞིན་འགྲོགས་ནས། ཕྲིན་ལས་བསྒྲུབ་པར་ཞལ་གྱིས་བཞེས་པར་མོས། ཧཱུྃ་ཧྲཱི༔ དཔལ་གཏོར་སྣང་སྲིད་སོགས་ནས། བཀའ་འདི་སྲུངས༔ཤིག་ཅེས་ཐ་ཚིག་གི་དམ་བསྒྲགས་པ་ཡིན་པས། བསྲུང་མཚམས་ཀྱི་རིམ་པ་ལས་མི་འདའ་བར་དམ་ཚིག་ལ་ཚུལ་བཞིན་གནས་པར་མཛོད་ཅིག །དེ་ལྟར་ཉམས་ལེན་ལ་ཅི་དགར་དབང་བའི་སྨིན་བྱེད་སྔོན་དུ་སོང་ནས། འདིར་ས་བཅུའི་དབང་ཕྱུག་བདུད་འདུལ་ནུས་ལྡན་རྡོ་རྗེའི་སོགས་ཁྲིད་ཡིག་ཟབ་དོན་ཀུན་འདུས་ལྟར། ལམ་མཆོག་མཐར་ཕྱིན་པར་སྤེལ་བར་བྱའོ། །བར་མཐར་ཆགས་སུ་དལ་བུར་འཆད། རྗེས་ཀྱི་རིམ་པ་ནི། དེ་ལྟར་དབང་དང་གདམས་ངག་ཟབ་མོས་རྒྱུན་སྨིན་ཅིང་གྲོལ་བར་བྱས་པ་ལ། བཀྲ་ཤིས་པའི་རྫས་རྟགས་དང་རྒྱལ་སྲིད་རིན་ཆེན་སྣ་བདུན་གྱིས་མངའ་དབུལ་བས་བདེ་ལེགས་དམ་པའི་འབྱོར་པ་གོང་དུ་སྤེལ་བར་མོས། རྫས་རྟགས་སྣ་བདུན་ཚིག་བཅད་སྤྱི་འགྲེས་ཀྱིས་གཏད། མཚམས་སྦྱོར་བཅས་བཀྲ་ཤིས་བརྗོད། དེ་རྣམས་ཀྱིས་གཏེར་ཁ་གཉིས་འདུས་རྩ་རླུང་ཐིག་ལེའི་སྨིན་གྲོལ་ཟབ་མོ་གདན་ཐོག་གཅིག་ཏུ་རྫོགས་པར་ཐོབ་པའི། དམ་ཚིག་གི་རིམ་པ་ཚུལ་བཞིན་བསྲུང་བ་དང་། ཉམས་ལེན་གནད་དུ་དྲིལ་ནས་མངོན་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པ་ལ་བསླབ་དགོས་པས། དེ་ལྟར་བགྱི་བར་དམ་བཅའ་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་ལུས་དབུལ། དགེ་བསྔོ་བཅས་སློབ་མ་གྱེས། ཆོ་གའི་རྗེས། ཚོགས་མཆོད། གཏང་རག་མཆོད་བསྟོད། ནོངས་བཤགས། གཤེགས་བརྟན་གང་འོས། དམ་ཚིག་པ་རང་དང་རང་ཡང་ཧཱུྃ་ཕཊ་གསུམ་གསུམ་གྱིས་བསྡུ་ལྡང་། དགེ་བསྔོ་སྨོན་ཤིས་ཀྱིས་བརྒྱན་པ་རྣམས་སྤྱི་བཞིན་དུ་སྦྱར་རོ།། །། ༈ མཆོག་གྱུར་གླིང་པའི་ལུང་ཆེན་རྡོ་རྗེ་བཀོད་པ། བཀའ་འདུས་ཆོས་ཀྱི་རྒྱ་མཚོ་འམ་ཚོགས་ཆེན་འདུས་པ་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་ལྟར། བདག་བསྐྱེད། སྟ་གོན། དབང་སྒྲུབ། དབང་དངོས་གཞིར་འདུས་མདོའི་རྩ་བའི་དབང་ཆེན་གྱི། ཕྱི་དབང་རྒྱུད་ཀྱི་ཆུ་བོའི་བུམ་པའི་དབང་གི་སྐབས་སུ། ཐོག་མར་སྔགས་ཚན་ལྔ་པོས་ཞི་བའི་རྣམ་བུམ་གྱི་དབང་བསྐུར་ཞིང་བུམ་ཆུ་སྦྱིན། སླར་སྔགས་དེ་ཉིད་ཀྱིས་ཁྲོ་བོའི་གསང་བུམ་གྱི་དབང་བསྐུར་ཞིང་བདུད་རྩི་སྦྱིན། ནང་དབང་འབྱུང་བའི་ཆུ་བོའི་རྡོ་རྗེ་སློབ་དཔོན་དབང་གི་རྡོར་དྲིལ་ནི་ཐོད་པ་སྔགས་བྱང་ཅན་གྱི་གཡས་གཡོན་གྱི་རྡོར་དྲིལ་དེ་སྦྱིན། ནང་དབང་གི་ཕན་དབང་ལྷ་སྐུ་ཕྱག་རྒྱ་ཞི་བའི་དབང་ཐམས་ཅད་ལ་སྔགས་ནི། ཨོཾ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ༔ ཞེས་དང་། ཁྲོ་བོ་ཐམས་ཅད་ལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཅེས་དང་། རིག་འཛིན་བླ་མའི་དབང་ལ། ཨོཾ་མ་ཧཱ་གུ་རུ་ཤ་རི་རཾ་གཱི་ལི་ཧཱུྃ༔ ཞེས་དང་། རྡོ་རྗེ་ཕུར་པའི་དབང་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ རྣམས་སྦྱར། སྒྲུབ་དབང་གྲགས་པའི་ཆུ་བོའི་མར་མེའི་དབང་ལ། མར་མེ་ལྔ་སོ་སོས་བསྐུར། ཡི་གེ་འབྲུ་ལྔའི་དབང་གི་སྐབས་སུ་ཐོད་པའི་སྔགས་བྱང་ཡང་འགྲོ་དགོས། ཞི་ཁྲོ་སྦམས་ཙཀ་གི་སྔགས་ལ། རུ་ལུ་དང་། ཨོཾ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཞེས་སྦྱར། གསང་དབང་རྫོགས་པའི་ཆུ་བོ་རིམ་པར་བསྐུར། མཐའ་རྟེན་ཚེ་དབང་ཡང་དཀྱུས་ལྟར་བསྐུར། ༼འདིར་རྩ་དབང་པར་རྙིང་བྲི་རྐོས་སྐབས་ཀྱི་ཆད་འཛུད་ཡོད་པ་དཀྱུས་སུ་བཙུད་གྲུབ་པས་འདིར་མ་བཞག།མཆན།༽ ཚེ་ཞལ་བྲག་གི་གཏེར་བྱོན་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི་ལས་བྱང་རྡོ་རྗེ་ཕྲེང་བའི་ཚེ་དབང་ཡང་འདི་ཀས་འཐུས་པ་འཇམ་མགོན་རྡོ་རྗེ་འཆང་གི་ཞལ་རྒྱུན་ནོ། །དེ་ཕྱིན་མཐར་ཆགས་སུ་བསྐུར་རོ། །ཆོ་གའི་རྗེས་ཀྱི་ལྷག་མའི་སྐབས། ཀྵོ་བྷ་ཀཱ་ར་ཧཱུྃ་ཕཊ༔ ཅེས་པའི་འཕྲོས་སུ། མདོ་ལུང་ལྔ་དགོངས་རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་གཅིག་པའི་ལྷག་མའི། ཧཱུྃ༔ དང་པོ་ཕུད་ཀྱིས་སོགས་ནས། བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ བར་གྱི་ཚན་དང་པོ་དེ་གཏང་། དེ་ནས་གཞུང་གི །ཧཱུྃ༔ རྡོ་རྗེ་དབྱིངས་ཀྱི་སོགས་ཀྱི་ཡར་གནས་དང་། ཧོ༔ ལྷག་མའི་ལྷ་ཚོགས་དགོངས་སུ་གསོལ༔ སོགས་ཀྱིས་མར་གནས་ཀྱི་ལྷག་མ་གཏོང་བའམ། ཡང་ན། འདིའི་མལ་དུ་རྣམ་པ་ཕྱེད་ཕྱིར་མཆོག་གླིང་། ༼ང༽དམ་ཆོས་ཤོག་སྡེ་དྲུག་པའི་ན་རག་དོང་སྤྲུགས་ཀྱི་ལྷག་མ་གཏང་། བསྡུ་ན། ལྷག་དཀྱིལ་མི་དགོས། ཞིང་ལྤགས་སྟེང་ཁྲིའུའི་ཁར་གཙང་ལྷག །དེ་ཞབས་དམེ་ལྷག །མཐར་ཉེར་སྤྱོད་སོགས་ཕྱག་ལེན་རྒྱུན་བཞིན་གྱིས་ཞུ་བ་སྔོན་འགྲོས། ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོཿཧྲཱིཿ སློབ་དཔོན་གྱིས་འབར་བའི་རྒྱ་བཅས་བདུད་རྩི་སྦྲེང་། ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛཿས་ཡར་མགྲོན་ཁྲོ་དཀྱིལ་མདུན་མཁའ་དང་། དེ་འོག་མར་མགྲོན་དབང་ཕྱུག་སོགས་སྤྱན་དྲངས་པར། ཧཱུྃ༔ རྡོ་རྗེ་དབྱིངས་ཀྱི་སོགས་ཡར་གནས་མཆོད་ཅིང་དམ་བསྒྲག །ལས་རྡོར་གྱིས་ལྷག་གཏོར་གོང་འོག་གཉིས་ཀར་སྨན་རཀ་བཏབ་ལ། མ་ཧཱ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧིས་འབུལ་བ་འདི་སྔ་མ་འབྲིང་རྒྱས་ཀྱི་སྐབས་སུའང་བྱ་དགོས། གཙང་ལྷག་ཕྱིར་བསྲེས་ཏེ། ཧོ༔ ལྷག་མའི་ལྷ་ཚོགས་སོགས་ཀྱིས་ལྷག་གཏོར་ཕྱིར་གཏང་ཞིང་། སྔགས་ཀྱིས་ལྷག་མགྲོན་གཤེགས། གཞན་དབང་ཆོག་བཞིན་གྱིས་གྲུབ་བོ།། །། ༈ མདོ་ལུང་ཆེན་པོ་ལྔའི་དགོངས་པ་ཕྱག་རྒྱ་གཅིག་པའི་དོན་དབང་གི་ཆོ་ག་ལུང་ཆོས་བདུད་རྩིའི་ཞུན་ཐིགས་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་ཚོགས་མཆོད་འབུལ་ཞིང་། མཆོད་བསྟོད་ཕྱིན་མི་དགོས་པར་གསུངས་པས། དེ་ལྟར་རམ། སྤྲོ་ན་གོང་གི་རྡོ་རྗེ་བཀོད་པའི་དབང་ཆོག་ཏུ་གསུངས་པ་བཞིན་བྱའོ།། །། ༈ ཟབ་བདུན་རྟ་མགྲིན་དབང་གི་ཟབ་པའི་ལུང་ལུགས་དངུལ་བྱང་མའི་རྟ་མགྲིན་སྙིང་པོ་དོན་འདུས་ལ། དབང་དོན་སྒྲུབ་པ་སྨིན་བྱེད་སྙིང་པོ་གཏོར་མའི་དབང་བསྐུར་གྱི་ཡི་གེ་པདྨའི་ཟིལ་ཐིགས་བཞིན་བགྱིས་པའི་སྟོང་ཚིགས་རྗེས། ༼ཇི༽ཆོས་སྐྱོང་ཟབ་མོ་སྐོར་དགུའི་ཕྱག་དྲུག་པའི་ཕྱི་སྒྲུབ་སྦྱར་དགོས་པས། མཆོད་གཏོར་རྣམས། རཾ་ཡཾ་ཁཾ་གིས་བསང་སྦྱང་། བྷྲཱུྃ་ལས་བྷཉྫ་འབར་བ་རུ༔ ཨོཾ་ཨཱཿཧཱུྃ་ལས་བྱུང་བ་ཡི༔ ཡེ་ཤེས་ལྔ་ཡི་བདུད་རྩི་དང༔ དགའ་བ་བཞི་ཡི་དམར་ཆེན་པོ༔ བདུད་རྩི་ཤ་ལྔ་བཟའ་བཅའི་ཚོགས༔ དུར་ཁྲོད་གསང་བའི་མཆོད་པའི་སྤྲིན༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ༔ ཞེས་ཟབ་བདུན་ཕྱག་བཞི་པ་ནས་འབྱུང་བས་བྱིན་གྱིས་བརླབ། མདུན་རྟེན། ཤཱུནྱ་ཏཱས་བསང་སྦྱང་ནས། ཕྱག་དྲུག་པའི་གཏེར་གཞུང་གི །ཧཱུྃ། ཆོས་རྣམས་དམིགས་མེད་སོགས་ནས་བསྟོད་པའི་མཐའ་བར་གཏང་། དམིགས་པ་སྤྱི་ཁྱབ་བྱིན་བསྡུ་དམ་གཞག་རྒྱུད་བསྐུལ་ཕྲིན་ལས་བཞི་བསྒྲུབ་བཅས་གསལ་བཏབ་ལ་གཙོ་སྔགས་དང་། འཁོར་རྣམས་ཀྱི་སྔགས་སྒོས་སྒྲུབ་བཞིན་བཟླ་བར་གསུངས་པས་སྤྲོ་ན་དེ་བཞིན་དང་། མི་ནུས་ན། དྲིལ་སྒྲུབ་སྔགས་ནི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཊ་བིགྷྣཱན་བི་ནཱ་ཡ་ཀ་ཤྲཱི་དེ་བཱི་རེ་མ་ཏཱི་ཏྲཀ་རཀྴ་ཛི་ན་མི་ཏྲ་ཊ་ཀི་རཱ་ཛ་ཀྵེ་ཏྲེ་པཱ་ལ་ཏྲཀྵད་མ་མ་ཏིཾ་ལཾ་མ་བྷྱོ༔ ཞེས་པ་བཟླས་མཐར་། བྱིན་རླབས་བཅས་གསོལ་ཁ་འབུལ། ༼ཐི༽ཟབ་བདུན་ཕྲིན་ལས་མཇུག་གི་སྤྱི་ཆིངས་བཞིན་ཚོགས་བྱིན་བརླབ་ནས་བསྒྲལ་བསྟབ་མཐར། ལས་བུམ་རྟ་སྔགས་ཀྱིས་བསྒྲུབས་ནས། རིག་མེ་དོར་ཞིང་གནང་བ་ནོད། དངོས་གཞིར་ལོ་རྒྱུས་སྐབས། དབང་གི་ཟབ་པ་ལ། ཞེས་པའི་འཕྲོས་སུ། ཟངས་བྱང་མ་དང་། དངུལ་བྱང་མ་གཉིས་སུ་བཞུགས་པ་ལས། སྐབས་སུ་བབ་པ་དངུལ་བྱང་མའི་ལུང་ལུགས་རྟ་མགྲིན་སྙིང་པོ་དོན་འདུས་ཀྱི་བྱིན་བརླབ་གཏོར་མའི་དབང་བསྐུར་ཉིད་བསྒྲུབ་པར་སོགས་བསྒྱུར་བ་དང་། སློབ་མ་ལྷ་བསྐྱེད་སྐབས། སྙིང་པོ་དོན་འདུས་ལུགས་བསྒྱུར་ནས། གཏོར་དབང་རྒྱས་པ་གྲུབ་རྗེས། གོང་གི །སླར་ཡང་དཔལ་གྱི་གཏོར་མ་ཕྱི་སྣོད་དབང་ཆེན་སོགས་ཀྱིས་མཚམས་སྦྱར་བའི་གཏོར་དབང་བསྡུས་པ་བཅས་མཐར་ཆགས་སུ་བསྐུར་ཞིང་། ཤིས་བརྗོད་རྗེས། དེ་ལྟར་དཔལ་རྟ་མགྲིན་དབང་གིས་ཟབ་པའི་ལུང་ལུགས་དངུལ་བྱང་མའི་རྟ་མགྲིན་སྙིང་པོ་དོན་འདུས་ཀྱི་བྱིན་བརླབ་གཏོར་མའི་དབང་བསྐུར་ལེགས་པར་སོགས་བསྒྱུར་ནས། དམ་ཚིག་ཁས་བླང་རྗེས། དེ་ལྟར་བྱིན་བརླབ་གཏོར་མའི་དབང་བསྐུར་གྲུབ་པའི་གཏང་རག་དང་། སླར་ཡང་རྩ་བའི་ཐུགས་སྒྲུབ་དགོངས་པ་ཀུན་འདུས་ཀྱི་བཀའ་སྲུང་། ཆོས་སྐྱོང་ཟབ་མོ་སྐོར་དགུའི་ཕྱི་སྒྲུབ་ཕྱག་དྲུག་པ་མཐིང་གའི་གཏོར་དབང་བྱིན་རླབས་དངོས་གྲུབ་ཐིག་ལེ་ཞུ་བའི་ཡོན་དུ་མཎྜལ། ལོ་རྒྱུས་མཐར་གསོལ་འདེབས་སྦྲེལ་བ་ནས་གཟུང་། དབང་གི་རྗེས་མཐར་དབྱུང་། ཆོ་གའི་རྗེས། ཕྱག་དྲུག་པ་དང་། རྟ་མགྲིན་བཅས་སོ་སོར་གཏོར་དབང་མཇུག་ཏུ་གསལ་བ་བཞིན་ནམ། ཡང་ན་རྟ་མགྲིན་གྱི་ཚོགས་རོལ་ནས། ལྷག་མའི་རྗེས། ཕྱག་དྲུག་པའི་གསོལ་ཁའི་བྱིན་བརླབ་མཐར། བསྐང་བཤགས་རྫོགས་ཀྱི་བར་སླར་ཡང་གཏང་། དེ་ནས་ཕྲིན་ལས་མཇུག་ཆིངས་ཀྱི་ཆད་ཐོ་ནས་རྟ་བྲོའི་རྗེས། དམ་སྤྱིའི་འགུགས་པ་ནས་བཀྲ་ཤིས་མཐའ་བར་གྱིས་ཕྱག་དྲུག་པའི་རྗེས་བསྡུ། སླར་སྙིང་པོ་དོན་འདུས་བཞིན། ཧཱུྃ༔ ཡེ་ཤེས་རོལ་པའི་སོགས་ཀྱིས་མཆོད། ཧཱུྃ༔ ངོ་བོ་འགྱུར་བ་སོགས་ཀྱིས་བསྟོད། མཇུག་ཆིངས་བཞིན། དངོས་གྲུབ་བླང་བ། ནོངས་བཤགས། བརྟན་བཞུགས། བསྡུ་ལྡང་། བསྔོ་སྨོན་རྣམས་དང་། སྙིང་པོ་དོན་འདུས་མཇུག་གི་སྨོན་ལམ་བཀྲ་ཤིས་བཅས་བྱས་ན་ལེགས་སམ་སྙམ་མོ།། །། ༈ ལུང་ལུགས་མི་གཡོ་བ་རྡོ་རྗེ་ཟམ་པའི་དབང་བསྐུར་བཀླག་ཆོག་ཏུ་བསྡེབས་པ་བདེ་ཆེན་མྱུ་གུ་ལྟར་དབང་སྒྲུབ་སྐབས། ཕྲིན་ལས་བདེ་ཆེན་དགྱེས་དབྱངས་ཀྱི་ནང་སྒྲུབ་ལྷ་བཅོ་ལྔ་པའི་ཕྲིན་ལས་བཟླས་པ་གཞི་བསྟོད་ཡིག་བརྒྱའི་བར་བཏང་ནས། རིག་མེ་དོར་ཞིང་གནང་བ་ནོད། དེ་ནས་སླར་ཕྲིན་ལས་དེ་ཉིད་ཀྱི་སེམས་བསྐྱེད་ནས་མཆོད་བརླབ་རྗེས། གསང་སྒྲུབ་ལྷ་བཅུ་གསུམ་པའི་མངོན་རྟོགས་དང་། རྩ་བའི་ཕྲིན་ལས་ཀྱི་སྙན་གསན་དྲང་སྟིམ་མཆོད་བསྟོད་སྨོན་ལམ་རྗེས། ཛཔ྄་ཀྱི་དགོངས་པ་བཟླ་བའི་སྔགས་བཅས་གསང་སྒྲུབ་བཞིན་བཅུག་ནས། གཞི་བསྟོད་ནོངས་བཤགས་ཡིག་བརྒྱ་བཅས་རྫོགས་པ་དང་། ལས་བུམ་འཁྱིལ་པས་བསྒྲུབ། རིག་མེ་དོར་ཞིང་གནང་ཞུ་བྱ། དབང་དངོས་གཞིར་ནང་སྒྲུབ་ཀྱི་དབང་ཕྱི་དབང་རྒྱུད་ཀྱི་ཆུ་བོ་དང་། ནང་དབང་འབྱུང་བའི་ཆུ་བོ་གཉིས་རྫོགས་པའི་རྗེས། མཚམས་སྦྱོར་ལ། ཕན་ནུས་ཀྱི་དབང་བསྐུར་ལེགས་པར་བགྱིས་གྲུབ་ནས། སླར་ཡང་གསང་སྒྲུབ་ལྷ་བཅུ་གསུམ་པའི་སོགས་སྦྲེལ་ནས། སྒྲུབ་དབང་གྲགས་པའི་ཆུ་བོ་དང་། གསང་དབང་རྫོགས་པའི་ཆུ་བོ་བཅས་བསྐུར་རྗེས། དམ་ཚིག་ཁས་བླང་ཕྱིན་དང་། ཆོ་གའི་རྗེས་ཚོགས་མཆོད་ནས་གཟུང་བཀྲ་ཤིས་ཀྱི་བར་སོ་སོར་ལན་རེ་བྱ་དགོས་སོ།། །། ༈ མཆོག་གྱུར་གླིང་པའི་ལུང་ལུགས་ཐུགས་ཀྱི་ཕུར་གཅིག་མའི་ཐོག་མར་དབང་དོན་སྒྲུབ་པ་ལ་སྐྱབས་འགྲོ་ནི། བླ་མ་དཀོན་མཆོག་གསུམ་རྣམས་དང༔ ཧེ་རུ་ཀཿདང་མཁའ་འགྲོ་མ༔ སྐྱབས་ཡུལ་རྒྱ་མཚོ་ཁྱེད་རྣམས་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སེམས་བསྐྱེད་ནི། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ རྫོགས་པའི་སངས་རྒྱས་འཐོབ་འདོད་ལ༔ བར་དུ་གཅོད་པའི་བདུད་འདུལ་ཕྱིར༔ དཔལ་ཆེན་གོ་འཕང་འཐོབ་པར་བྱ༔ རྒྱུན་བཤགས་ནི། རྡོ་རྗེ་སློབ་དཔོན་སོགས། བགེགས་གཏོར་བསང་སྦྱང་བྱིན་བརླབ་འགུགས་བསྔོ་རྣམས་སྤྱི་ལྟར་བཏང་རྗེས། ཧཱུྃ༔ ཉོན་ཅིག་ལོག་འདྲེན་སོགས་གཏེར་གཞུང་རྩ་སྒྲུབ་ཀྱི་བཀའ་བསྒོ་མཚམས་གཅོད་ནས་གཟུང་མཐར་ཆགས་སུ་བཏང་ཞིང་བདག་དང་སྒྲུབ་རྫས་དབྱེར་མེད་ཀྱི་ཏིང་འཛིན་གསལ་བཏབ་ལ། བཟླས་པའི་སྐབས་སུ་ཛཔ྄་ཁང་ཕྱེས་ཏེ་བཟླས་དམིགས་བཞིན་ཏིང་འཛིན་དང་ལྡན་པས་བསྙེན་པ་ཅི་ནུས་དང་། སྤྲོ་ན་བུམ་དཀྱིལ་སྐད་ཅིག་གིས་སྤྱི་ལྟར་བསྐྱེད་དེ་བཟླས་པ་བྱེད། གང་ལྟར་ཡང་སྟོང་ཚིགས་ཀྱི་མཆོད་བསྟོད་འབུལ་ཞིང་བུམ་ལྷ་འོད་ཞུ་བྱ། ཚོགས་བྱིན་བརླབ་ནས་བསྒྲལ་བསྟབ་བར་གཏང་། འཁྱིལ་པའི་སྔགས་ཀྱིས་ལས་བུམ་བསྒྲུབ། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །དབང་དངོས་ལ། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་ཞིང་བཀའ་བསྒོས་ལ་སྲུང་བའི་འཁོར་ལོས་མཚམས་གཅད། མེ་ཏོག་བཀྱེ་བསྡུ་ཟིན་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བའི་གཟེབ་ལས་དབྱུང་སྟེ་བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབུགས་དབྱུང་བར་བྱ། དེའི་ཕྱིར་དུ་དཀྱིལ་འཁོར་ཆེན་པོར་འཇུག་པའི་སླད་དུ་སྨིན་ལམ་ཟབ་མོ་ཞུ་བར་བགྱིའོ་སྙམ་པའི་ཀུན་སློང་བཟང་པོ་འདུ་མཛད་དེ་གསན་འཚལ། དེ་ལའང་གང་ཟག་གི་དབང་པོའི་བློ་ཁྱད་དང་མཐུན་པར་ཐེག་པའི་འཇུག་སྒོ་མཐའ་ཡས་པ་ཞིག་རྒྱལ་བ་ཚད་མེད་པའི་ཐུགས་རྗེ་ཅན་དེས་གསུངས་པས། དེ་ཐམས་ཅད་ཀྱང་བསྡུ་ན་ཐེག་རིམ་དགུར་འདུ་བ་ལས། སྐབས་སུ་བབ་པ་འདི་ནི་ལུང་རྫོགས་པ་ཨ་ནུ་ཡོ་གའི་ཆོས་སྡེར་གཏོགས་པ་སྟེ། གཏེར་གཞུང་རྩ་བ་རྡོ་རྗེའི་གསུང་ལས། ཨེ་མ་བདག་འདྲ་པདྨ་དང༔ མཁས་པ་སོགས་རྩ་སྒྲུབ་མཇུག་ནས་འབྱུང་བ་བཞིན། སྒྲུབ་ཅིང་འགྲོ་དོན་སྤྱོད༔ ཅེས་གསུངས་པ་བཞིན། ལྷ་སྲས་དམ་འཛིན་མུ་རུབ་བཙན་པོའི་རྣམ་འཕྲུལ་༧སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་གསུང་གི་ཡོན་ཏན་གྱི་གནས་མཆོག །ཡེ་རྒྱལ་ནམ་མཁའ་མཛོད་སངས་རྒྱས་སྟོང་རྩ་རང་བྱོན་དུ་ཡོད་པའི་གནས་ནས་མཛོད་ལྔ་སྒྲོམ་གསུམ་གྱི་ཆོས་བཀའ་རྒྱ་མཚོ་ལྟ་བུ་ཞིག་སྤྱན་དྲངས་པའི་ཆོས་སྡེ་ལས་བྱོན་ཅིང་། ཟབ་མོའི་བརྡ་བཀྲོལ་ནས་ལུང་ཟིན་ཆོས་ཀྱི་བདག་པོའི་གཙོས་སྐལ་ལྡན་རྣམས་ལ་རིམ་པར་སྤེལ་བའི་ལུང་ལུགས་ཐུགས་ཀྱི་ཕུར་གཅིག་གི་དབང་བཞི་རྡོ་རྗེ་སྤྱི་བླུགས་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་པ་ཉིད་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་བཅུག །བླ་མ་དང་ལྷག་པའི་ལྷ་བཅོམ་ལྡན་འདས་དཔལ་ཆེན་པོ་དང་གཉིས་སུ་མེད་པའི་ངེས་ཤེས་བསྐྱེད་དེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། གཏེར་གཞུང་དབང་ཆོག་དབང་བཞི་རྡོ་རྗེ་སྤྱི་བླུགས་ལྟར། ཧོ༔ བླ་མ་གསང་སྔགས་སོགས་ལན་གསུམ། དེ་ལ་ཐོག་མར་ལམ་གྱི་རྨིང་རྡོ་སྐྱབས་སུ་འགྲོ་དགོས་པས། མདུན་གྱི་ནམ་མཁར་བླ་མ་དང་ཐ་མི་དད་པའི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་པ། རྩ་གསུམ་སྲུང་མ་དང་བཅས་པ་བཀྲ་ལམ་གྱིས་བཞུགས་པའི་སྤྱན་སྔར། སྙིང་པོ་བྱང་ཆུབ་ཀྱི་བར་དུ་སྐྱབས་ཀྱི་དམ་པར་གཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། བླ་མ་དཀོན་མཆོག་སོགས་གོང་བཞིན་ལན་གསུམ། ལམ་གྱི་གཞུང་ཤིང་བྱང་ཆུབ་མཆོག་ཏུ་སྨོན་པའི་སེམས་བསྐྱེད་ནས་ཟབ་མོའི་རྣལ་འབྱོར་གྱི་མཐུས། དཔལ་ཆེན་པོའི་གོ་འཕང་ཉེ་བར་བསྒྲུབ་སྙམ་པ་བྱང་ཆུབ་ཀྱི་སེམས་སྐྱེད་ལ་བློ་བཞག་སྟེ་འདིའི་རྗེས་ཟློས། སེམས་ཅན་ཀུན་གྱི་སོགས་ལན་གསུམ། ལམ་གྱི་མཐུན་རྐྱེན་རྒྱུད་སྦྱང་བའི་ཕྱིར་ཚོགས་གསག་ཡན་ལག་བརྒྱད་པའི་དོན་ཐུགས་ཀྱིས་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས་ལན་གསུམ། ལམ་གྱི་སྲོག་གསང་བ་སྤྱི་དང་། ཁྱད་པར་ཨ་ནུ་ཡོ་གས་བསྡུས་པའི་སྡོམ་པ་དང་དམ་ཚིག་རྣམས་ཚུལ་བཞིན་དུ་བླངས་ནས་བསྲུང་སྙམ་པའི་དམ་བཅའ་བརྟན་པོ་དང་ལྡན་པས་འདིའི་རྗེས་ཟློས། ཧོ༔ ཧེ་རུ་ཀཿདཔལ་སོགས་དབང་ཆོག་ལྟར་ལན་གསུམ། དེ་ལྟར་ཁས་བླངས་པའི་སྡོམ་པ་དང་དམ་ཚིག་གི་རིམ་པ་རྡོ་རྗེ་འཆང་གི་ལུང་གི་ངེས་པ་ཚད་མར་གྱུར་པ་རྣམས་ལས་ནམ་ཡང་འདའ་བར་མི་རུང་བས། ཁེ་ཉེན་གྱི་གནད་བསྒྲག་སྟེ་དམ་ཚིག་གི་དཔང་པོ་རྡོ་རྗེ་སྤྱི་བོར་བཀོད། ཆུ་ནན་ལྕེ་ལ་བཞག་པས་སྙིང་ནང་དུ་སིམ་པར་མོས། ཧཱུྃ༔ རྡོ་རྗེ་གསང་བའི་སོགས། འདིར་ཇི་སྐད་བསྒྲགས་ཤིང་ཁྱེད་རང་རྣམ་པས་གཡར་དམ་དུ་ཁས་བླངས་པ་ལས་འདའ་བར་མི་བགྱིད་པའི་བློས་ཐ་ཚིག་གི་མནའ་བོར་བ་འདིའི་རྗེས་ཟློས། ས་མ་ཡ་སོགས། དབང་གི་གཞི་དགོད་པ་ཡེ་ཤེས་ལྷའི་བྱིན་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་གཅུན་ཏེ་འདི་ལྟར་གསལ་ཐོབས་ཤིག །ཨོཾ་སྭ་བྷཱ་ཝ་སོགས། ཆོས་ཐམས་ཅད་རང་བཞིན་གྱིས་མི་དམིགས་པའི་སྟོང་པ་ཉིད་དུ་སྦྱངས། དེའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་བྲག་ཆེན་རུ་ཏྲ་པད་ཉིའི་སྟེང་དུ་དཔལ་ཆེན་པོའི་སྐུར་བསྒོམ་པ་ནི། སློབ་མ་མ་བཅོས་རྫོགས་པའི་སྐུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་སོགས་རྩ་སྒྲུབ་ལྷ་བསྐྱེད་ལྟར། ཡེ་ཤེས་མེ་ཕུང་འབར་བའི་ཀློང༔ ཞེས་དང་། རང་རིག་རང་རྩལ་ངང་དུ་བསྐྱེད༔ དེ་ལྟར་གསལ་བའི་གནས་གསུམ་དུ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་འདུས་པའི་ཡི་གེས་མཚན་པར་གསལ་ཐོབས། དེ་ནས་སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་གྱིས་སོགས་དབང་ཆོག་ལྟར། མཉམ་པར་འཇོག་འཚལ། སྤོས་རོལ་བཅས་སྤྲོ་ན་བྱིན་འབེབ་སྦྱར། ཀཱི་ལ་ཡའི་ཤམ་བུར་འབེབ་སྔགས་བཏགས་པ་བཟླས་པས་ཡེ་ཤེས་དབབ། དེ་ལྟར་དབབ་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲས་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་ཅིང་བརྟན། དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། དེ་ནས་དངོས་གཞི་ཕན་ནུས་ཟབ་མོའི་དབང་གི་སྙིང་པོ་རྣམས་རིམ་པར་འབྱུང་བ་ལས། དང་པོ་ཕྱི་མཚན་མའི་དཀྱིལ་འཁོར་དུ་སློབ་མའི་རྒྱུད་ཀྱི་ཉོན་མོངས་པ་ཡེ་ཤེས་སུ་བསྒྱུར་བ་བུམ་པའི་དབང་བསྐུར་བ་ལ། བུམ་པ་མཁའ་དབྱིངས་ཡུམ་གྱི་ཕོ་བྲང་བདེ་ཀློང་ཡངས་པའི་ནང་དུ། བུམ་བཅུད་བདེ་གཤེགས་རྒྱལ་བའི་འཁོར་ལོ་བདེ་ཆེན་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་བའི་བདུད་རྩིའི་རྒྱུན་གྱི་དབང་བསྐུར་བས། ལུས་ཀྱི་ནང་གང་། སྒྲིབ་པ་ལྔ་དག །སྐུ་ལྔའི་ཡེ་ཤེས་ཀྱི་ས་བོན་གསོས་བཏབ་པས་ཕུང་པོ་དག་པ་རྡོ་རྗེའི་སྐུ་གྲུབ་པར་མོས་ཤིག །བུམ་པ་ཐོགས་ལ། ཧཱུྃ༔ མཁའ་དབྱིངས་ཡུམ་གྱི་སོགས་ཀྱིས་དབང་བསྐུར་ཞིང་བུམ་ཆུ་སྦྱིན། དེ་ལྟར་དབང་བསྐུར་བས་སོགས། བརྒྱན་པར་མོས༔ཤིག །ནང་ཡི་དམ་ལྷའི་ཐུགས་རྗེ་རྒྱུད་ལ་འཇུག་པར་བྱེད་པ་ལ། སྒྲུབ་པའི་ཕུར་པ་འདི་ཉིད་ཕྱི་ལྟར་ན་ཁམས་གསུམ་ཕུར་བུའི་དབྱིངས་སུ་རྫོགས་པའི་དཀྱིལ་འཁོར་ཆེན་པོ། མཚན་མ་རྫས་ཀྱི་ལྷ་ཚོགས་མངོན་སུམ་དུ་གསལ་བའི་ཕོ་བྲང་གསལ་ཞིང་རྫོགས་པ། ཐལ་བར་འབྱིན་པའི་མཚོན་ཆ་ཆེན་པོ། ནང་ལྟར་ན་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་རྩ་རླུང་ཐིག་ལེ་བདེ་ཆེན་གྱི་ཕོ་བྲང་། ཟག་མེད་དགའ་བ་བཞིའི་འབྱུང་གནས་ཆེན་པོ། གསང་བ་ལྟར་ན་ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་གཞི་ལ་རྫོགས་པ། བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་རང་བྱུང་རིག་པའི་ཡེ་ཤེས་ཆེན་པོའི་དོན་མཚོན་པ་སྒྲུབ་པའི་ཕུར་བུའི་དབང་བསྐུར་བས། ཡེ་ཤེས་ལྔའི་སྐུ་གསུང་ཐུགས་ཀྱི་གསང་བ་མི་ཟད་པའི་དབང་དང་དངོས་གྲུབ་མ་ལུས་པ་རྩལ་སྤྲུགས་སུ་ཐོབ་པས། སློབ་མ་དཔལ་ཆེན་རྩ་བའི་དཀྱིལ་འཁོར་གྱི་དབང་ཕྱུག་ཆེན་པོར་དངོས་སུ་གྱུར་ཏེ། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་སྣང་སྲིད་གཞིར་བཞེངས་ཀྱི་དགོངས་པ་རང་སྣང་ལྷའི་འཁོར་ལོར་དག །མཚན་མ་རྫས་ཀྱི་ཕུར་པ་ལས་ལ་འགྱེད་པའི་ཚད་མེད་སྙིང་རྗེའི་བསྒྲལ་འདྲེན་གྱིས་གཞན་སྣང་ཟིལ་གྱིས་ནོན། བདེ་ཆེན་ཐིག་ལེའི་ཕུར་པ་ཡུམ་གྱི་མཁའ་ལ་ཐེབས་པ་སོགས་ཕུར་བཞིའི་དགོངས་སྤྱོད་རོལ་པའི་ཕྲིན་ལས་ཀྱིས་ཐུན་མོང་མཆོག་གི་དངོས་གྲུབ་འགྲུབ་པའི་མཐུ་དབང་ཡོངས་རྫོགས་ཐོབ་པར་མོས་ཤིག །ཧཱུྃ༔ སྣང་སྲིད་ཕུར་བུའི་སོགས་དང་ཛཔ྄་དབྱངས་བཅས་སྒྲུབ་ཕུར་སློབ་མའི་གནས་གསུམ་དུ་གཞག །སླར་སློབ་མའི་གཙོ་བོའི་ལག་ཏུ་གཏད་དེ། སྲིད་པ་ཕུར་བུ་ལག་ཏུ་གཏད་པས་གཞི་ཀ་དག་གི་དགོངས་པ་ལས་མི་གཡོ་བ་ལྟ་བའི་རྫོང་ལ་གནས། ལྷའི་གསལ་སྣང་གྱད་དུ་གྱུར་པས་བསྐྱེད་པའི་འཕྲང་ལས་གྲོལ། འབྲས་བུ་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པས་སྙིང་རྗེའི་སྲོག་དང་ལྡན་པས། བདག་དཔལ་ཆེན་པོ། ཕུར་པ་སྲས་མཆོག །གཟས་པ་པོ་དངོས་སུ་གསལ་བ་སྟེ་གསལ་བ་གསུམ་དང་ལྡན་པའི་ངང་ནས། ཕུར་བུ་ཀླད་ལ་ལན་གསུམ་བསྐོར་བས་བདག་སྲུང་། རྐེད་པར་བསྐོར་བས་འཁོར་རྣམས་བསྲུང་ཞིང་ཚུར་ལ་མི་ལྡོག །མདུན་དུ་བསྒྲིལ་བས་དགྲ་བགེགས་བསྒྲལ། གཡས་སུ་ཚམ་རྔམ་བྱས་པས་འབྱུང་པོ་ཕོ་རྒྱུད་གཟིར་ཞིང་བསྒྲིལ་བས་ཕོ་རྒྱུད་བསྒྲལ། གཡོན་དུ་ཚམ་རྔམ་བྱས་པས་མོ་རྒྱུད་འགུགས་ཤིང་བསྒྲིལ་བས་མོ་རྒྱུད་གཟིར། ཆོས་དབྱིངས་ཕྱག་རྒྱས་ཐུགས་ཀར་གཟུང་བས་ལུང་གསུམ་གསོ་བ་གསུམ་གྱི་སྲོག་སྡོམ་དང་ལྡན་པས་གཟུང་། སླར་ཡང་གར་པད་སྟངས་སྟབས་དང་བཅས་པས་ཕུར་ཐུན་རྡོ་རྗེའི་ཆར་གྱིས་གཟས་པོ་རྡུལ་དུ་བརླགས་པར་མོས་པའི་ཏིང་འཛིན་དང་ལྡན་པས་ཀཱི་ལ་ཡའི་ཛཔ྄་དབྱངས་བཅས་ཕུར་བསྐོར་སྟང་སྟབས་ལ་འཇུག་པ་ཞུ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཞེས་པ་ལན་དགུའི་མཐར། སརྦ་བིགྷྣཱན་བཾ་ཧཱུྃ་དགྲ་བགེགས་མཱ་ར་ཡ་ཕཊཿ ཅེས་བཏགས་པ་དབྱངས་དང་བཅས་པས་དཔོན་སློབ་ལྷན་གཅིག་ཕུར་བསྐོར་བྱའོ། །དེ་དག་གིས་སོགས། བྱས་པ་ཡིན༔ནོ། །གཉིས་པ་གསང་བ་ཟབ་མོའི་དབང་གསུམ་ལས། དང་པོ་ལུས་དཀྱིལ་ལ་བརྟེན་ནས་གསང་བའི་དབང་བསྐུར་བ་ནི། བླ་མ་ཡབ་ཡུམ་སོགས་ཀྱི་མཐར་གསང་རྫས་བྱིན་ལ་དག་པ་བརྗོད་དེ། ཡིན་ནོ༔ གཉིས་པ་གསང་བ་བྷ་ག་ཆོས་འབྱུང་གི་དཀྱིལ་འཁོར་ལ་བརྟེན་ནས་ ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི༔ བླ་མའི་ཡུམ་ལས་སྤྲུལ་པའི་ཕྱག་རྒྱ་མོ་ཕོ་ཉའི་དངོས་གྲུབ་སྦྱིན་ནུས་པའི་ཡོན་ཏན་རྫོགས་པ་སྤྲོས་པའི་རིག་མ་སློབ་བུ་ལ་གཏད་པས་ཐབས་ཤེས་ གཉིས་ཀ་དཔལ་ཆེན་པོ་ཡབ་ཡུམ༔ སོགས་ནས། ཁྱབ་པར་བཀྲམ༔པས་རྒྱུ་འབྲས་ཀྱི་དགའ་བ་བཞིའི་མཐར་དཔེའི་ཡེ་ཤེས་མངོན་སུམ་དུ་འཆར་བའི་ངོ་བོ་སྐྱོང་འཚལ། རིག་ཙཀ་གཏད་ལ། ཧཱུྃ༔ ཤེས་རབ་ཡུམ་གྱི་སོགས་ནས། ཡིན༔ནོ། །གསུམ་པ་དབང་ཐམས་ཅད་ཀྱི་རྩེ་མོ་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ རིག་པའི་རྩལ་དབང་བསྐུར་བ་ནི༔ གཞི་ཀ་དག་གི་ཡེ་ཤེས་རང་གསལ་ཤེལ་ལྟ་བུ། ཤེལ་དང་ཤེལ་འོད་ཐ་མི་དད་ཅིང་གདངས་མ་འགགས་པའི་རང་རྩལ་རང་འོད་རང་ཆས་སུ་གནས་པ། དེ་གཉིས་ཀྱང་ངོ་བོ་སྟོང་པ། རང་བཞིན་གསལ་བ། རྣམ་པ་ཕྱི་ནང་གང་དུའང་མི་གནས་པའི་ཟང་ཐལ་གཉིས་སུ་མེད་པའི་དཔེས་མཚོན་སྟེ། རང་གྲོལ་ཆེན་པོའི་དགོངས་པ་ལས་མི་གཡོ་བའི་ངང་དུ་མཉམ་པར་ཞོག་ཅིག །ཤེལ་རྡོ་ཕྱར་ལ། ཧཱུྃ༔ ཕྱི་དང་ནང་མེད་སོགས་ནས། ཡིན་ནོ༔ དེ་རྣམས་ཀྱི་སྒོ་ནས་ལུང་ལུགས་ཐུགས་ཀྱི་ཕུར་གཅིག་མའི་དབང་བསྐུར་ཤིན་ཏུ་ཟབ་ཅིང་གཉན་ལ་གལ་ཆེ་བ་ཉིད་ལེགས་པར་ཐོབ་པ་ཡིན་པས། དབང་སྲོག་འདའ་དཀའི་དམ་ཚིག་གི་རིམ་པ་ཁས་བླངས་པ་བཞིན་སྲོག་གི་དྭངས་མ་ལས་གཅེས་པར་བསྲུང་སྡོམ་བགྱིད་དགོས་པས། དེ་ལྟར་མཛད་པའི་ཞེ་བཅད་དྲག་པོ་དང་ལྡན་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ་ཕྱིན་སྤྱི་བཞིན་བྱ། ཆོ་གའི་རྗེས་ཚོགས་ལ་རོལ་པ་ཕྱིན་མཐར་ཆགས་སུ་བཏང་བའི་རྟ་བྲོའི་རྗེས་དཀྱིལ་འཁོར་པར་མཆོད་ཅིང་བསྟོད་ནས། དངོས་གྲུབ་བླངས་མཐར་ནོངས་པ་བཤགས་ཤིང་། ཡེ་ཤེས་པ་རྟེན་ལ་བསྟིམ། བསྡུ་ལྡང་། གོ་བགོ །སྨོན་ཤིས་བཅས་མཐར་དབྱུང་བས། རྫོགས་པ་ལུང་ཨ་ནུ་ཡོ་གའི་སྐོར་དང་འབྲེལ་བའི་སྨིན་ལམ་གྱི་སྐོར་རྣམས་གྲུབ་པ་ཡིན་ནོ།། །། ༄༅། །སྤྱི་དོན་གསུམ་པ་རྫོགས་པ་ཆེན་པོ་མན་ངག་ཨ་ཏི་ཡོ་ག་ལ། སེམས་ཀློང་མན་ངག་གི་སྡེ་གསུམ་ལས། དང་པོ། ཨ་ཏི་བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ཞེས་གསུངས་པའི་རྫོགས་པ་ཆེན་པོ་ཕྱི་སེམས་སྡེའི་སྐོར་ལ། སྔོན་བྱོན་བཀའ་མ་ཟབ་ཅིང་རྒྱ་ཆེ་བ་རང་རྐང་ཚུགས་པ་བཞུགས་བཞིན་པ་དང་། གཏེར་མའི་ཕྱོགས་འདིར་གུ་རུ་ཡེ་ཤེས་ཁྱུང་དྲག་གི་གཏེར་མ་གསེར་གྱི་རུས་སྦལ་དང་། ཉང་གཏེར་སངས་རྒྱས་ལག་བཅང་། སངས་གླིང་ཕྱག་ཆེན་ཀློང་ཡངས་མཐའ་བྲལ། དྲི་མེད་ལྷུན་པོའི་དོན་ཏིག་དང་ཟབ་ཏིག །བསྟན་གཉིས་གླིང་པའི་འཁོར་བ་རྩད་གཅོད། བདུད་འདུལ་བའི་ཕྱག་ཆེན་རིགས་སོགས་བཞུགས་ཀྱང་ཁྲིད་རྒྱུན་མི་སྣང་ལ། འདིར་ས་བཅད་ཙམ་དུ། རཏྣ་གླིང་པའི་ཕྱག་རྒྱ་ཆེན་པོ་མ་རིག་མུན་སེལ་ཉི་མའི་སྙིང་པོའི་ཟབ་ཁྲིད་འབོགས་པ་ལ། ཐོག་མར་སེམས་བསྐྱེད་གསལ་བཏབ་རྗེས། དེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་པ་རྡོ་རྗེ་འཆང་ཆེན་པོས་སོགས་གཏེར་གཞུང་སྔོན་འགྲོ་མ་རིག་མུན་སེལ་ལྟར། དང་པོ་ལོ་རྒྱུས་ནི་ ཞེས་པའི་མཚམས་སུ། སྐུ་གསུམ་ནས་བརྒྱུད་ཅེས་པས༔ དེ་ཡང་བདེ་ཆེན་པདྨོ་བཀོད་པ་ཞེས་བྱ་བ༔སོགས་ལོ་རྒྱུས་གསལ་བའི་སྒྲོན་མེ་ལྟར། རྒྱ་དང་བཅས་ནས་གཏེར་དུ་སྦས་སོ༔ ཞེས་གསུངས་པ་དེ་ཉིད་འདོན་པའི་དུས་སུ་སོན་པ་ན། ཞུས་ལན་ལུང་བྱང་མཁར་ཆུ་རྟ་རྒྱུན་མ་ལས། ཕྱག་ཆེན་ཉི་མའི་སྙིང་པོ་འདི༔ དཀོན་མཆོག་འབྱུང་གནས་སྐྱེ་བ་གཅིག༔ སྐྱེས་ཐོབ་བློ་ལྡན་སྦས་པའི་ཚུལ༔ བརྫུབ་ཆེ་བརྟག་དཀའ་ངེས་མེད་གཅིག༔ པདྨ་མཁའ་འགྲོས་བྱིན་གྱིས་བརླབས༔ བརླ་གཡས་ནང་ན་མཁའ་འགྲོ་ཡི༔ ཤ་མཚན་སྤྱན་འདྲས་མཚན་པ་གཅིག༔ ཁྱུང་ཆེན་རི་ཡི་ལྷོ་རུ་འབྱུང༔ གཏེར་འདི་སྐལ་ལྡན་དེ་ཡིས་འདོན༔ ཞེས་རྡོ་རྗེའི་ལུང་གིས་བསྟན་པ་བཞིན། ལང་གྲོ་ལོ་ཙཱ་བའི་རྣམ་འཕྲུལ་གཏེར་སྟོན་རྒྱལ་པོ་ལྔའི་ཡ་གྱལ། སྤྲུལ་སྐུ་རཏྣ་གླིང་པས་ལྷོ་བྲག་དཔལ་གྱི་མཁར་ཆུ་རྟ་རྒྱུན་མའི་བྲག་ལོགས་ལས་ཟབ་གཏེར་གྱི་རྒྱ་བཀྲོལ་ཏེ། སྐལ་ལྡན་ཆོས་ཀྱི་བདག་པོ་རྣམས་ལ་སྤེལ་བ་ནས་བཟུང་། བདག་ཅག་གི་འཁོར་ལོའི་དབང་ཕྱུག་མཆོག་གི་ཞལ་སྔ་ནས་ཀྱི་བར་དུ་འདྲེས་ཁྱེར་དང་དམ་ཉམས་ཀྱིས་བསྲེ་བསླད་མ་ཞུགས་ཤིང་། བྱིན་རླབས་ཀྱི་ཟིལ་ཆེན་མ་ཉམས་པར་བྱོན་པ་ལགས་སོ། །གཉིས་པ་ཆོས་ཀྱི་དགོས་ཆེད་ནི༔ ནམ་མཁས་གར་ཁྱབ་སོགས་སྔོན་འགྲོ་མ་རིག་མུན་སེལ་གྱི་སྔ་མའི་འཕྲོས་ནས་མཇུག་གི །དབང་ནི་ཏིང་འཛིན་བླ་མའི་གཏོར་དབང་གང་དག་གཅིག་གིས་སྨིན་པར་བྱ་སྟེ༔ ཞེས་གསུངས་པ་ནི། སྔ་མར་གྲུབ་ཟིན་པས་འཐུས་པ་ལགས། དེ་ལྟར་སྨིན་པར་བྱེད་པའི་སོགས་ནས། རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེའོ༔ བར། དེ་ནས་དངོས་གཞིའི་ཁྲིད་རིམ་འཆད་པ་ལ། དུས་གསུམ་སངས་རྒྱས་ཀྱི་དགོངས་བཅུད༔སོགས་གཞུང་དངོས་གཞི་ལྟར། དབང་པོ་མཐོ་དམན་གྱི་རིམ་པ་ལ་མན་ངག་འདེབས་ལུགས་ཞེས་པའི་བར། དེ་ནས་ལྷན་ཐབས་ཀྱི་ཞལ་གྱི་གདམས་པ་འདི་ལ་དོན་གསུམ་གྱིས་བསྟན་ཏེ༔ དང་པོ་གང་ཟག་སོགས་ལག་ཁྲིད་ལྷན་ཐབས་གསལ་བའི་སྒྲོན་མེ་ལྟར། རྟེན་ཅིང་འབྲེལ་བས་ཟབ་པ་ཞལ་གྱི་གདམས་པ་མཐར་ཐུག་པའོ༔ བར། དངོས་གཞི་གནད་ཀྱི་གདམས་པ་འདི་ལ༔ སྤྱི་དོན་དྲུག་གིས་བསྟན་ཏེ༔སོགས་དངོས་གཞིའི་སྔ་མའི་འཕྲོས་ནས། གདུལ་བྱའི་སྣང་བ་འཆར་ལུགས་ཙམ་ཡིན་ནོ༔ བར། དེ་ནས་རྗེས་ཆོས་ཀྱི། ཕྱག་རྒྱ་ཆེན་པོ་མ་རིག་མུན་སེལ་རིན་ཆེན་སྒྲོན་མེ་ལ༔ སྤྱི་དོན་གསུམ་ལས་རྗེས་ཀྱི་གདམས་པ་བསྟན༔ དེ་ལ་བཞི་སྟེ༔སོགས་རྗེས་ཆོས་ལྟར། གཉིས་སུ་མེད་པར་བསྔོ་བར་བྱའོ༔ བར་དལ་བུས་བཀླག །དེ་ལྟར་ཁྱད་པར་རྨད་དུ་བྱུང་བའི་གདམ་ངག་འདི་ཉིད་ཀྱི་ཕན་ཡོན་ནམ། རྟོགས་པ་བརྗོད་པ་སྙིང་པོར་དྲིལ་བ་ནི། ཕྱག་ཆེན་མུན་སེལ་ཉི་མ་འདིས༔སོགས་དངོས་གཞིའི་འཕྲོས། ཨོ་རྒྱན་པདྨའི་ཐུགས་བཅུད་ཡང་དག་པ་འདི་རྫོགས་སོ༔ ཞེས་རྡོ་རྗེའི་གསུང་འདོད་ཁྱེར་གྱིས་བསྲེ་བསླད་མ་ཞུགས་པའི་དོན་ཐུགས་ཉམས་སུ་བཞེས་ཏེ་དལ་འབྱོར་དོན་ལྡན་དུ་མཛད་པ་དང་། འདིའི་སྒོ་ནས་སོགས་ཀྱི་མཚམས་སྦྱོར་དགེ་བསྔོ་བཅས་ཀྱིས་གྲུབ་བོ།། །། ༈ གཏེར་ཁ་སྔ་ཕྱིའི་གོ་རིམ་དང་བསྟུན། ཨོ་རྒྱན་དྲི་མེད་ཀུན་དགའི་ཕྱག་ཆེན་ལ་ཁྲིད་བསྡུས་སྙིང་པོ་ཙམ་ལས་མ་བཞུགས་པས། རཏ་གླིང་ཕྱག་ཆེན་གྱི་ཟབ་ཁྲིད་སྔོན་འགྲོ་དངོས་རྗེས་རང་རྐང་ཚུགས་པ་གོང་དུ་དྲངས་པ་ཡིན། དེ་རྗེས་བཀའ་བབ་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པས་བྲག་དམར་མགྲིན་པ་བཟང་པོ་ནས་དངོས་གྲུབ་ཏུ་རྙེད་པ་དྲི་མེད་ཀུན་དགའི་ཡང་གཏེར་མཐར་ཐུག་གི་གདམས་པ་ངོ་མཚར་ཅན། ཨོ་རྒྱན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ལ་ཕུལ་བ་རྟོགས་པ་དོན་གྱི་བརྒྱུད་པ་མཁའ་ཁྱབ་ཏུ་སྤེལ་བའི་གདམས་ངག་ཕྱག་རྒྱ་ཆེན་པོའི་དམར་ཁྲིད་ཡེ་ཤེས་རང་གྲོལ་འདིར་འཆད་ན་འབྲེལ་ཆགས་པར་སྣང་ངོ་།། །། ༈ སྐབས་འདིར་མཆོག་གྱུར་གླིང་པའི་གཏེར་བྱོན་རྫོགས་ཆེན་སྡེ་གསུམ་ལས། སེམས་སྡེའི་སྐོར་བཞུགས་སུ་གསོལ་དགོས་པ་བརྒྱུད་ཡིག་ཆེན་མོར་རྗེས་སུ་གདམས་པ་བསྩལ་པ་བཞིན། རྗེས་སུ་བསྒྲུབ་པར་སྨོན་ཡང་། བདག་གིས་ལག་ལེན་དུ་བསྟར་བའི་སྐལ་པ་མ་བྱུང་བས། སླད་ནས་འབྱོན་པའི་དམ་པ་རྣམས་ཀྱིས་རིན་ཆེན་གཏེར་གྱི་མཛོད་ཁང་འདི་ཉིད་ཀྱི་སྙིང་པོར་བཞུགས་སུ་གསོལ་གྲུབ་པར་ཅི་ནས་ཀྱང་གསོལ་བ་འདེབས་པ་ལགས་སོ།། །། ༄། གཉིས་པ་རྫོགས་པ་ཆེན་པོ་ནང་ཀློང་སྡེའི་སྐོར་ལ། བཀོད་པ་ཆེན་པོ་ལས། ནམ་མཁའ་ཅན་ལ་ཀློང་གི་སྡེ། །ཞེས་གསུངས་པའི་ཟབ་མོ་ཀློང་གི་སྡེ་ལའང་། བཀའ་མར་རྒྱུད་ཀློང་ཆེན་རབ་འབྱམས་རྒྱལ་པོ་ལ་སོགས་པ་དང་། སྨིན་གྲོལ་གྱི་མན་ངག་བཅས་བཞུགས་ཤིང་། གཏེར་མར་ཐང་སྟོང་སྙན་བརྒྱུད་དུ་བཞུགས་པའི་སྐོར་གྱི་སྨིན་གྲོལ་ཁྱད་པར་ཅན་ད་ལྟའང་རྒྱུན་མ་ཆད་པར་བཞུགས་ལ། རིན་ཆེན་གཏེར་གྱི་མཛོད་ཆེན་མོའི་སྐབས་འདིར། མཆོག་གླིང་རྫོགས་ཆེན་སྡེ་གསུམ་ལས་ཀློང་སྡེའི་སྐོར་གྱི་སྨིན་གྲོལ་རྒྱབ་རྟེན་བཅས་ཆེད་ཀྱིས་བཞུགས་དགོས་པར་གསུངས་པའང་། སྔ་མ་བཞིན་གྱི་རྒྱུ་མཚན་མཁྱེན་པར་མཛད་དུ་གསོལ་ལོ།། །། ༄། གསུམ་པ་རྫོགས་པ་ཆེན་པོ་གསང་བ་མན་ངག་སྡེ་ལ། བཀོད་པ་ཆེན་པོ་ལས། རིམ་རྩོལ་ཅན་ལ་མན་ངག་གོ །ཞེས་གསུངས་པའང་ནང་གསེས་ཀྱིས་དབྱེ་ན། ཨ་ཏི། སྤྱི་ཏི། ཡང་ཏི་གསུམ་ལས། དང་པོ་ཨ་ཏི་ཡོ་ག་མན་ངག་སྙིང་ཐིག་གི་སྐོར་ལ། བི་མ། པདྨ། བཻ་རོ། རྣམ་གསུམ་དགོངས་པ་གཅིག་དྲིལ་སྟེ་བཞི་ལས། དང་པོ་སློབ་དཔོན་ཆེན་པོ་བི་མ་ལའི་བཀའ་སྲོལ་ལ། སྐབས་འདིར་བི་མ་ལའི་རྣམ་འཕྲུལ་གནས་བརྟན་ཆེན་པོ་ལྡང་མ་ལྷུན་གྲུབ་རྒྱལ་མཚན་གྱིས་དབུ་རུ་ཞྭ་པདྨ་དབང་ཆེན་གྱི་ལྷ་ཁང་ནས་ཟབ་གཏེར་དུ་སྤྱན་དྲངས་པ། རྫོགས་པ་ཆེན་པོ་ཡང་གསང་གནད་ཀྱི་གདམས་པ་ཟབ་མོ་རྒྱུད་བཅུ་བདུན་གྱི་དབང་ཆོག་བཀའ་རྒྱ་ཅན་རྫོགས་པ་རང་བྱུང་དབང་གི་ཆུ་བོའི་རྒྱུད་ཀྱི་དགོངས་དོན་ལས་བྱུང་བ། གར་དབང་ཞིག་པོ་གླིང་པའི་ཡིག་ཆ་ལ། རྒྱུད་ཀྱི་དགོངས་པས་ཕྱེ་བ། སྟ་གོན་གྱི་དབང་སྔོན་དུ་འགྲོ་བས། རྡོ་རྗེ་རྣམ་འཇོམས་ཁྲུས་ལུང་གི་དབང་། ཞི་བ་བྱང་ཆུབ་སེམས་ཀྱི་དབང་། ཁྲོ་བོ་རིགས་ཀྱི་དབང་། ཚེ་དབང་རིན་ཆེན་ཡེ་ཤེས་འཁོར་ལོ། རང་ལུས་ཞིང་ཁམས་ཀྱི་དབང་གསང་བ་ཞེས་བྱ་བའམ་རིག་པ་རང་གི་དབང་། བཀའ་རྟགས་ཕྱག་རྒྱའི་དབང་། གསང་བ་ཡེ་ཤེས་འཁོར་ལོའི་དབང་ངམ་མཁའ་དབྱིངས་བུམ་པའི་དབང་། རྫོགས་ཆེན་རང་སྣང་གི་ལྟ་བ་བསྟན་པའི་དབང་། འཁོར་ལོ་རིན་ཆེན་སྐུ་ལྟར་འབར་བའི་དབང་རྣམས། ཁོག་དབུབ་དབང་རིན་ཆེན་འཁོར་ལོ་རྣམ་པར་བཤད་པ་ལྟར་ཕ་རོལ་ཏུ་ཕྱིན་པ་བཅུའི་གྲངས་ལྡན་ནམ། ཡང་ན། སྔོན་འགྲོ་སྟ་གོན་དང་། རྣམ་འཇོམས་ཀྱི་དབང་གཉིས་གཅིག་ཏུ་བརྩི་བ་དང་། རྫོགས་ཆེན་རིག་པ་རང་སྣང་གི་དབང་དང་། འཁོར་ལོ་རིན་པོ་ཆེ་སྐུ་ལྟར་བསྐུར་བ་གཉིས་གཅིག་ཏུ་བརྩིས་ལ། གཞན་གོང་ལྟར་གྱིས་བཀྲ་ཤིས་པའི་རྟགས་ཀྱི་གྲངས་ལྡན་དུ་བཞེད་པ་དང་། ཡང་ན། བཤད་མ་ཐག་པ་ལྟར་ལ། སྟ་གོན། རྣམ་འཇོམས། ཞི་དབང་གསུམ་གཅིག་ཏུ་བརྩིས་པས་རྒྱལ་སྲིད་རྣམ་པ་བདུན་གྱི་གྲངས་སུའང་བཤད་ཅིང་། གང་ལྟར་ཡང་རྒྱལ་བ་ཞང་སྟོན་གྱི་གཏེར་མ་ཁྲོས་མ་ནག་མོའི་གསང་བའི་རྒྱུད་ལས་བྱུང་བ། ཞིག་གླིང་འོད་གསལ་སྒྱུ་མ་གཏེར་བཞད་རྩལ་གྱི་ཡིག་ཆ་ལྟར་སྲོག་དབང་བཀའ་རྒྱ་མ་བཅས་སོ།། །། ༧ བི་མའི་སྙིང་ཐིག་ཆེན་མོའི་རིང་བརྒྱུད་བར་མ་ཆད་པ་དང་། ཉེ་བརྒྱུད་བི་མ་ལས་བྱིན་གྱིས་བརླབས་པའི་སྟོབས་ཀྱིས་ཟབ་མོ་དགོངས་པའི་ཀློང་ནས་རྡོལ་པ། ཀརྨ་སྙིང་ཐིག་གི་སྨིན་བྱེད་སྙིང་ཐིག་ཆེན་མོ་ལས་ལོགས་སུ་མེད་པར་བཀའ་བསྩལ་པ་བཞིན་ནའང་། སྙིང་ཐིག་ཆེན་མོའི་སྨིན་ལམ་སྐོར་གཞུང་རྩ་བར་གྱུར་པས་རྟོགས་ཅུང་དཀའ་ཞིང་། འདིར་མན་ངག་ཆོག་བསྒྲིགས་ཕྲ་ཐིག་དང་བཅས་པ་བཞུགས་པས་ལག་ལེན་བདེ་བ་དང་། བི་མའི་སྙིང་ཐིག་ཆེན་མོའི་དབང་བསྐུར་མ་ཐོབ་པའི་རིགས་ལ། སྐབས་འདིར་ཁྲིད་འཆད་པ་མི་བདེ་བར་སྣང་བས་དེ་ལ་ཕན་པའི་ཆེད་གསར་དུ་ཞབས་ཏོག་བགྱིས་པ་ལ། རྫོགས་པ་ཆེན་པོ་སྙིང་ཏིག་གི་སྤྲོས་བཅས་ཀྱི་དབང་ལྕེ་བཙུན་གྱིས་མཛད་པ་ལྟར་དབང་བཞི་དང་། རྫོགས་པ་ཆེན་པོའི་དབང་གསུམ་རྗེ་རང་བྱུང་ཞབས་ཀྱིས་མཛད་པ་ལྟར་སྤྲོས་མེད་ཀྱི་དབང་། ཤིན་ཏུ་སྤྲོས་མེད་ཀྱི་དབང་། རབ་ཏུ་སྤྲོས་མེད་ཀྱི་དབང་བཞི་པོ་ལ། དབང་བཞིའི་དུས་དང་མཚན་མ་བསྟན་པའི་ཕྲ་ཐིག་དང་། རིག་འཛིན་བརྒྱུད་པའི་མན་ངག་གིས་བརྒྱན་ཏེ་ཞིབ་རྒྱས་སུ་བསྐུར་བས་སྨིན་པར་བྱས་ནས། ཉམས་ལེན་ལག་ཁྲིགས་མའི་ཁྲིད་ཡིག་ལྟར་གྲོལ་བྱེད་ཀྱི་གདམས་ཁྲིད་འབོགས་ཤིང་། རྒྱབ་རྟེན་ལ་དེ་རྣམས་དང་རྩ་ཚིག་བཅས་ཀྱི་ལུང་རྣམས་རིམ་པར་འཆད་ཉན་བྱ། ༧ རྩ་བ་སྙིང་ཐིག་ཆེན་མོའི་དབང་ལུང་གི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་ཞི་ཁྲོ་རབ་འབྱམས། སྤྲུལ་སྐུ་རྡོ་རྗེ་འཆང་ཆེན། སྟོན་པ་རྡོ་རྗེ་སེམས་དཔའ། གསང་བདག་ཕྱག་ན་རྡོ་རྗེ། སློབ་དཔོན་དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སེངྷ། ཛྙཱ་ན་སཱུ་ཏྲ། བི་མ་ལ་མི་ཏྲ། ཉང་བན་ཏིང་འཛིན་བཟང་པོ། གནས་བརྟན་ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེངྒེ་དབང་ཕྱུག །ཞང་སྟོན་བཀྲ་ཤིས་རྡོ་རྗེ། སྲས་མཁས་པ་ཉི་འབུམ། གུ་རུ་ཇོ་འབེར། འཁྲུལ་ཞིག་སེངྒེ་རྒྱབ་པ། གྲུབ་ཆེན་མེ་ལོང་རྡོ་རྗེ། རིག་འཛིན་ཀུ་མ་རཱ་ཛ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར། མཁས་གྲུབ་ཁྱབ་བརྡལ་ལྷུན་གྲུབ། འཇམ་དབྱངས་གྲགས་པ་འོད་ཟེར། འཁྲུལ་ཞིག་སངས་རྒྱས་དབོན་པོ། རྒྱལ་སྲས་ཟླ་བ་གྲགས་པ། གྲུབ་ཆེན་ཀུན་བཟང་རྡོ་རྗེ། མཚུངས་མེད་རྒྱལ་མཚན་དཔལ་བཟང་། མཚུངས་མེད་སྣ་ཚོགས་རང་གྲོལ། གསུང་སྤྲུལ་བསྟན་འཛིན་གྲགས་པ། མཁས་གྲུབ་མདོ་སྔགས་བསྟན་འཛིན། གསང་བདག་ཕྲིན་ལས་ལྷུན་གྲུབ། ཆོས་རྒྱལ་གཏེར་བདག་གླིང་པའམ་རྡོ་རྗེ་སྙིང་པོ་ལའོ། ༧ །ཡང་དབང་ཁྲིད་ཡོངས་རྫོགས་དང་། ཟབ་པ་པོད་བཞིའི་ལུང་གི་བརྒྱུད་ཚུལ་གཅིག་ནི། ཀུ་མ་རཱ་ཛ་ནས། རྗེ་ཀརྨ་པ་རང་བྱུང་རྡོ་རྗེ། སྨན་ལུང་པ་མི་བསྐྱོད་རྡོ་རྗེ། སྤྲོ་ལུང་པ་ཀུན་དགའ་སྨོན་ལམ། རིན་པོ་ཆེ་ཤཱཀྱ་འབུམ། མཚུར་ཕུ་བ་དོན་གྲུབ་འོད་ཟེར། ལོ་ཆེན་བསོད་ནམས་རྒྱ་མཚོ། སྨན་ཆུ་བ་ནམ་མཁའ་རིན་ཆེན། སྤྲུལ་སྐུ་ཞིག་པོ་གླིང་པ། སོག་ཟློག་པ་བློ་གྲོས་རྒྱལ་མཚན། གོང་ར་ལོ་ཆེན་གཞན་ཕན་རྡོ་རྗེ། བོན་ལུང་པ་གར་དབང་ཚུལ་ཁྲིམས་རྒྱལ་མཚན། རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ་ལའོ། ༧ །ཡང་ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་སྙིང་ཐིག་གི་དབང་ཁྲིད་ལུང་རྣམས་ཐོབ་པའི་བརྒྱུད་པ་ནི། ཀུ་མ་རཱ་ཛ་ཡན་གོང་ལྟར་ལ། ཀརྨ་པ་རང་བྱུང་རྡོ་རྗེ་ནས། ལོ་ཆེན་གཞན་ཕན་རྡོ་རྗེའི་བར་སྔར་ལྟར་ལས། སྤྲུལ་སྐུ་བོན་ལུང་པ་གར་དབང་ཚུལ་ཁྲིམས་རྒྱལ་མཚན་ནས་གཏེར་ཆེན་རྗེས་གསན། ཉེ་བརྒྱུད་ནི། སློབ་དཔོན་ཆེན་པོ་བི་མ་མི་ཏྲས་ཡེ་ཤེས་ཀྱི་སྐུས་དངོས་སུ་བྱིན་གྱིས་བརླབ་ཅིང་རྗེས་སུ་བཟུང་ནས་གདམས་ངག་གཏད་པ་སྟེ་བརྒྱུད་པའི་ཆུ་བོ་ཆེན་པོ་གཅིག་འདྲེས་སུ་རྗེ་གསུམ་པར་བཀའ་བབས་པ་ཡིན་ཅིང་། དེ་སོགས་བརྒྱུད་ཚུལ་དུ་མ་འདུས་པ་སྨིན་གླིང་གཏེར་ཆེན་རིན་པོ་ཆེ་ནས། རྒྱལ་སྲས་འགྱུར་མེད་རིན་ཆེན་རྣམ་རྒྱལ། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། འགྱུར་མེད་ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། ཀུན་གཟིགས་མཁྱེན་བརྩེའི་དབང་པོ། འཇམ་མགོན་རྡོ་རྗེ་འཆང་ལ་བརྒྱུད་པ་ཐམས་ཅད་བཀའ་བབ་སྟེ་རྗེས་སུ་བཟུང་བའི་བྱིན་རླབས་ཆུ་བོ་གཅིག་འདྲེས་སུ་གྱུར་པའོ། །ཀར་ལུགས་དོན་གྱི་བརྒྱུད་པ་ནི་བརྒྱུད་ཡིག་དཀར་ཆགས་སུ་བཞུགས་པ་ལྟར་རོ།། །། ༈ གར་དབང་ཞིག་པོ་གླིང་པའི་རྫོགས་ཆེན་གསང་བ་སྙིང་ཐིག་གི་དབང་དོན་སྒྲུབ་མཆོད་ནི། བརྒྱུད་འདེབས་སྔོན་དུ་འགྲོ་བས། རང་ཉིད་ཐུན་མཚམས་ལྷའི་ང་རྒྱལ་བཅས་བགེགས་གཏོར་བརླབ་འགུགས་བསྔོ་བ་སྤྱི་ལྟར་དང་། ཆོག་སྒྲིག་ལྟར། ཧཱུྃ༔ རྣམ་དག་རྒྱལ་བ་སོགས་ཀྱིས་བཀའ་བསྒོ་ཞིང་བགེགས་བསྐྲད། སྲུང་འཁོར་བསྒོམ་པ་ནི། ཧཱུྃ། བདག་ཉིད་དཔལ་གྱི་ཟེར་སྤྲིན་ལས། །སྟེང་འོག་ཕྱོགས་མཚམས་སྲུང་བའི་གུར། །སྲ་བརྟན་མེ་དཔུང་འབར་བ་འཁྲིགས། །སྲུང་བའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །བཛྲ་ཛྭ་ལ་རཀྵ་བྷྲཱུྃ། ཞེས་བསྒོམ། ཆོག་སྒྲིག་གི་སྐྱབས་སེམས་ཚོགས་གསག་དང་། མཆོད་རྫས་རཾ་ཡཾ་ཁཾ་གིས་བསང་སྦྱང་། རྣམ་དག་ཆོས་དབྱིངས་ངང་ཉིད་སོགས། ཨཱོྃ་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་སྥ་ར་ཎ་ཁཾ་གིས་བྱིན་གྱིས་བརླབས། བརྗོད་མེད་དོན་བཤགས་དང་ཡིག་བརྒྱ་བཟླས་པས་ཉེས་ལྟུང་བཤགས། བདག་བསྐྱེད་ནི། ཨཱོྃ་མ་ཧཱ་ཤཱུནྱ་ཏཱས་སྟོང་པར་སྦྱང་། སྟོང་དང་སྙིང་རྗེའི་ངང་ཉིད་ལས༔ སོགས་གཏེར་གཞུང་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་བཞིན། དབྱེར་མེད་བསྟིམ༔ བར་དང་། ཨཱོྃ་བཛྲ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་དུ་བསྟིམ། བཟླས་དམིགས་ནི། ཐུགས་ཀའི་ཐིག་ལེ་ཐིག་ཕྲན་སོགས་ཀྱིས་གསལ་བཏབ་ལ། འབྲུ་ལྔ་དང་འབྲུ་དྲུག་སྦྲེལ་བ་དང་། ཡིག་བརྒྱ་ཅི་འགྲུབ་བཟླ། མདུན་རྟེན་རྣམས་ཤཱུནྱ་ཏཱས་སྟོང་པར་སྦྱང་། སྟོང་པའི་ངང་ལས་དཀྱིལ་འཁོར་སྒྲུབ་རྫས་བྷྲཱུྃ་ལས། ཐར་པ་ཆེན་པོའི་སོགས་ཆོག་སྒྲིག་བཞིན་བསྐྱེད་ཅིང་སྤྱན་དྲང་བ་ནས་བསྟོད་པའི་མཐའ་བར་གཏང་། བཟླས་དམིགས་ནི། དེ་ལྟར་ཞི་ཁྲོའི་སོགས་ནས། འཁོར་བ་བསྒོམ༔ བདག་ཐུགས་འོད་ཀྱིས་མཆོད་ཅིང་བསྐུལ། །སྤྲོས་པས་འཕགས་མཆོད་འགྲོ་སྒྲིབ་སྦྱངས། །བསྡུས་པས་བྱིན་རླབས་དངོས་གྲུབ་ཐོབ། །སྣང་གྲགས་རྟོག་ཚོགས་ཆོས་ཉིད་ཀློང་། ཁྱབ་བརྡལ་ཀུན་བཟང་དབྱིངས་སུ་རྫོགས། །ཞེས་བསྙེན་སྒྲུབ་སྦྲེལ་བའི་ཏིང་འཛིན་གསལ་བཏབ་ནས། ཞི་ཁྲོའི་སྤྱི་སྔགས་ཚན་གཉིས་སོ་སོར་ཅི་ནུས་བཟླས། དམིགས་པའི་འཕྲོ་འདུས་སྤྱི་ཁྱབ་བཅས། ཞི་ཁྲོའི་སྔགས་ཕུང་ཤམ་བུར་ལས་བཞིའི་འཕྱང་བཏགས་པ་ཅུང་ཟད་བཟླ། མཐར་སྟོང་ཚིགས་འབུལ། བདག་བསྐྱེད་ཀྱི་བསྙེན་པ་གསུང་པ་སྒྲུབ་པར་ཞུགས་པའི་སྐབས་ཀྱི་དགོངས་པར་སྣང་བས་འདིར་ཟུར་དུ་བྱ་མི་དགོས། དབང་དོན་བུམ་པ་བསྐྱེད་བཟླས་ནི། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང་། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་དབུས། །རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས། །མཚོ་ལ་གཟའ་སྐར་ཤར་ལྟར་གསལ། །རང་སྲོག་སྔགས་ཕྲེང་གཟུངས་ཐག་བརྒྱུད། །བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །བུམ་ལྷའི་སྐུ་ལས་འོད་འཕྲོས་པས། །རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུས། །སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབ་པས་བུམ་ཆུར་དབྱེར་མེད་འདྲེས། །སྐུ་གསུང་ཐུགས་ཀྱི་དབྱིག་ཏུ་བསམ། །སྔར་གྱི་ཞི་ཁྲོའི་སྔགས་ཚན་གཉིས་པོ་སོ་སོའི་ཤམ་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཏགས་པ་བརྒྱ་རྩ་རེ་ལས་མི་ཉུང་བ་བཟླ། ལས་བུམ་དུ་རྡོ་རྗེ་རྣམ་འཇོམས་གསལ་བཏབ་ལ། ན་མཿཙཎྜ་སོགས་བཟླ། མཐར། ཨཱོྃ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས། ལྷ་ཚོགས་བདེ་བ་ཆེན་པོར་ཞུ། །བུམ་པའི་ཆུ་དང་དབྱེར་མེད་གྱུར། །ཞེས་འོད་ཞུ་བྱ། བཀའ་སྲུང་ལ། གཏེར་གཞུང་རྡོ་རྗེ་ལེགས་པའི་སྒྲུབ་ཡིག་ལྟར། རང་ཉིད་སྐད་ཅིག་དྲན་རྫོགས་སོགས་ནས། གཉིས་སུ་མེད་པར་བསྟིམ༔ ཞེས་གསལ་བས་བསྙེན་པ་ཅུང་ཟད་བཟླ། དམ་སྤྱི་ལྟར་མཆོད་གཏོར་བྱིན་གྱིས་བརླབ། དམིགས་མེད་སྟོང་པའི་སོགས་ཀྱིས་མདུན་རྟེན་བསྐྱེད་ཅིང་། རྟེན་ལ་ཐིམ་པར་བསམ༔ གཏེར་གཞུང་གསོལ་མཆོད་ཀྱི་ཡི་གེ་ལྟར། ཀྱཻ༔ རྡོ་རྗེ་འཛིན་པའི་སོགས་ནས། མཆོད་པའི་མཐར། སྤྲོ་ན་སྒྲུབ་ཡིག་ལྟར་འབོད་སྔགས་ཅུང་ཟད་བཟླ། གང་ལྟར་ཡང་སླར་གཏོར་མ་ཡི་གེ་གསུམ་དང་འབྲུ་གསུམ་གྱིས་བསང་སྦྱང་བརླབ། ཨཱོྃ་བཛྲ་སཱ་དྷཱུ་ཧས་བྱ་ཧུས་བྱ་སརྦ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ ལྷོ་ནུབ་སྲིན་པོའི་སོགས་ཀྱིས་ཕྲིན་ལས་བཅོལ་ཞིང་གཏེར་སྲུང་གཏོར་འབུལ་བྱ། ཆོག་ཁྲིགས་གཞུང་གསལ་ཚོགས་བྱིན་རླབས་ནས། ཚོགས་ཕུད་ཕུལ། འདིར་རྩ་གསུམ་སྤྱི་བསྐང་གཏང་ན་ལེགས། གང་ལྟར་ཡང་། ཧྲཱིཿ བླ་མ་རྒྱལ་བ་སོགས་ཀྱིས་ཐུགས་དམ་བསྐུལ། དབང་དངོས་སྟ་ཕྱེ་ན་འདིར་སློབ་མ་སྟ་གོན་བྱས་ལ། ལྷག་མ་ཕྱིན་མཐར་དབྱུང་། ཕྱིར་ཉིན་དབང་སྒྲུབ་གོང་བཞིན་བྱ། སྦྲེལ་ན་འདིར་རིག་མེ་དོར་བས་བདག་དབང་བླངས་ཤིང་སློབ་མ་གཞུག་པར་གནང་བ་ནོད། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་བསྔོས་ཤིང་བསྐྲད་དེ་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་ཟིན་ནས། འོ། མར་གྱུར་གྱི་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་ཟད་པ་འཁོར་བའི་འདམ་ལས་བསྒྲལ་ཏེ་གདོད་མའི་སངས་རྒྱས་ཀུན་བཟང་བླ་ན་མེད་པའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ཡང་གསང་བླ་ན་མེད་པའི་དཀྱིལ་འཁོར་ཆེན་པོར་ཞུགས་ནས་གདམས་ངག་མ་ལུས་པ་ཚུལ་བཞིན་དུ་ཉམས་སུ་བླང་སྙམ་པའི་ཀུན་སློང་རྒྱ་ཆེན་པོ་དང་བཅས་གསན་འཚལ། དེའང་རྒྱལ་བ་ཐབས་མཁས་ཤིང་ཐུགས་རྗེའི་མཐའ་ལ་གཏུགས་པ་མེད་པ་ཀུན་བཟང་ཧེ་རུ་ཀཿརྡོ་རྗེ་འཆང་ཆེན་པོས་གང་འདུལ་གྱི་སྐུར་བཞེངས་ཏེ། གདུལ་བྱའི་ཁམས་དབང་གི་རྗེས་སུ་མཐུན་པའི་ཆོས་སྒོ་ཐེག་པའི་རིམ་པ་ཇི་སྙེད་ཅིག་བསྟན་པ་ཐམས་ཅད་ཀྱི་མཐར་ཐུག །མན་ངག་གནད་ཀྱི་སྐྱེལ་སོ་འོད་གསལ་རྫོགས་པ་ཆེན་པོ་ལ་འདུས། དེའང་གང་ཟག་དབང་པོ་གསུམ་གྱི་རིམ་པར་ཕྱེ་བས་སེམས་ཀློང་མན་ངག་གི་སྡེ་གསུམ་དུ་བསྟན་པའི་ནང་ཚན། སྙིང་པོའི་ཡང་ཞུན་ཨ་ཏི་རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར་སྐལ་ལྡན་དབང་པོ་དང་བརྩོན་འགྲུབ་ཡང་རབ་ལོ་ཟླ་ཙམ་གྱིས་འོད་སྐུར་གྲོལ་བའི་ཟབ་ཆོས། བཀའ་གཏེར་དག་སྣང་གི་བཀའ་སྲོལ་གསུམ་དུ་བཞུགས་པ་ལས་ཟབ་མོ་གཏེར་གྱི་ཕྱོགས། དེ་ལའང་གྲུབ་པའི་སློབ་དཔོན་ཆེན་པོ་རྣམ་པ་གསུམ་པོ་དོན་ལ་སྟོན་འཁོར་དགོངས་པ་དབྱེར་མེད་ཆེན་པོར་བཞུགས་ཀྱང་། གདུལ་བྱ་གང་འདུལ་གྱི་སྣང་ཚུལ་དང་མཐུན་པར་པཎ་ཆེན་བི་མ་ལ་དང་། ཨོ་རྒྱན་ཆེན་པོ། རྣམ་སྣང་ལོ་ཙཱ་བ་རྣམ་པ་གསུམ་གྱི་དགོངས་ཉམས་ཀྱི་བཀའ་བསྡུ་སོ་སོར་བྱོན་པ་ལས། འདིར་འོད་ལུས་འཕོ་བ་ཆེན་པོའི་སྐུར་གྲུབ་པའི་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲའི་དགོངས་བཅུད་རྗེན་པར་ཕྱུང་སྟེ། ཉང་བན་ཏིང་འཛིན་བཟང་པོ་སོགས་ཐུགས་ཀྱི་སྲས་མཆོག་རྣམས་ལ་མནོག་ཆོས་སུ་བསྩལ་པ། རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ཡང་ཟབ་སྙིང་པོའི་གཞུང་དང་འབྲེལ་བའི་སྨིན་བྱེད་ཟབ་མོ་བགྱིད་པའི་སྐབས་སུ་བབ་པ་ལགས། གཏེར་གཞུང་ལོ་རྒྱུས་ཀྱི་ཡི་གེ་ལས། དེའང་། རྫོགས་པ་ཆེན་པོའི་རྒྱུད་ཐམས་ཅད་ཀྱི་ཡང་སྙིང་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་ཀྱི་ཡང་རྩེ་སོགས་ནས། སྤྲོ་ན། ཕྲ་མེན་མཆོད་རྟེན་དུ་གསང་བའི་གཏེར་གནས་སུ་སྦས་པའོ༔ བར་མཐར་ཆགས་སུ་བཀླག་པའམ། ཡང་དངོས་སྟ་ཕྱེ་སྐབས་ལྟ་བུར་བསྡུ་ན། ཡུམ་སྣང་གསལ་སྒྲོན་གཉིས་ཀྱི་སྲས་སློབ་དཔོན་མཉྫུ་ཤྲཱི་མི་ཏྲ། ཞེས་པའི་འཕྲོས་སུ། དེ་ཉིད་ལ་འཇམ་དཔལ་གྱིས་ལུང་བསྟན་པ་བཞིན་དུར་ཁྲོད་བསིལ་བའི་ཚལ་དུ་བྱོན་ནས་དགའ་རབ་རྡོ་རྗེ་དང་མཇལ། རྫོགས་པ་ཆེན་པོ་མན་ངག་སྡེའི་ཆོས་རྣམས་རྫོགས་པར་ཞུས་ནས་དགོངས་པ་མངོན་དུ་གྱུར། ཐིག་ལེ་གསང་བ་སྙན་བརྒྱུད་ཀྱི་རྒྱུད་ལུང་མན་ངག་རྡོ་རྗེ་གདན་གྱི་བྱང་ཤར་ཕ་ཝཾ་རྒྱ་གྲམ་ཅན་དུ་གཏེར་དུ་སྦས། དེའི་ཚེ་རྒྱ་ནག་གི་ཡུལ་གྲོང་ཁྱེར་ཤོ་ཁྱམས་ནག་པོ་བྱ་བར་ཡབ་ཁྱིམ་བདག་དགེ་འདུན་དང་། ཡུམ་སྣང་བ་མཁྱེན་ལྡན་ཟུང་གི་སྲས་མཁས་པ་ཤྲཱི་སེངྷ་ཞེས་བྱ་བ་དེ་གྲོང་ཁྱེར་གསེར་གླིང་དུ་བྱོན་པའི་ལམ་ཁར་སྤྱན་རས་གཟིགས་ཀྱིས་ལུང་བསྟན་པ་བཞིན་དུ། དུར་ཁྲོད་སོ་ས་གླིང་དུ་བྱོན་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་མཇལ་ནས་གདམས་ངག་རྩལ་སྤྲུགས་སུ་བསྩལ་པ་དང་། རྒྱུད་རྣམས་ལུང་བསྟན་པ་བཞིན་གཏེར་ནས་ཕྱུང་སྟེ་སླར་རྒྱ་ནག་བཀྲ་ཤིས་ཁྲི་སྒོའི་ལྷ་ཁང་གི་ཀ་བའི་ལོགས་ལ་སྦས། དེ་ཚེ་རྒྱ་གར་ཤར་ནུབ་ཏུ་འཁྲུངས་པའི་མཁས་པ་ཡེ་ཤེས་མདོ་དང་། བི་མ་ལ་གཉིས་ལ་རྡོ་རྗེ་སེམས་དཔས་ལུང་བསྟན་པ་བཞིན། སློབ་དཔོན་གཉིས་པོས་དུར་ཁྲོད་བསིལ་བྱེད་དུ་བྱོན་ནས་ཤྲཱི་སེངྷ་དང་མཇལ་ཏེ་གདམས་ངག་རྫོགས་པར་ཞུས། ཡེ་ཤེས་མདོ་ལ་ལུང་བསྟན་པ་བཞིན་གཏེར་དཔེ་རྣམས་བཀྲ་ཤིས་ཁྲི་སྒོའི་ལྷ་ཁང་ནས་ཕྱུང་སྟེ་དུར་ཁྲོད་བྷ་སིང་དུ་དགོངས་པ་ལ་བཞུགས། དེའི་ཚེ་སླར་པཎ་ཆེན་བི་མ་ལར་མཁའ་འགྲོ་མ་དཔལ་གྱི་བློ་གྲོས་མས་ལུང་བསྟན་པ་བཞིན་དུར་ཁྲོད་དེར་བྱོན་ནས་ཡེ་ཤེས་མདོ་དང་མཇལ་ཞིང་གདམས་ངག་གི་སྙིང་པོ་གསང་བ་སྙིང་ཐིག་གི་སྐོར་དཔེ་རྒྱུད་དང་བཅས་པ་གནང་ངོ་། །དེའི་ཚེ་འཇམ་དཔལ་སྤྲུལ་པའི་ཆོས་ཀྱི་རྒྱལ་པོས་བོད་ཡུལ་མུན་པའི་གླིང་དུ་ཆོས་ཀྱི་སྒྲོན་མེ་སྦར་བའི་སྐབས། རྒྱ་གར་གྱི་རྒྱལ་པོ་སེང་གེ་བཟང་པོ་ལ་གསེར་ཕྱེའི་སྐྱེས་བསྐུར་བའི་ལན་དུ་མདོ་སྔགས་ཀྱི་ཆོས་ལ་མཁས་པའི་པཎྜི་ཏ་ཞིག་བརྫངས་དགོས་པའི་བཀའ་མཆིད་གནང་བས། དེའི་ཚེ་མཆོད་གནས་པཎྜི་ཏ་ལྔ་བརྒྱ་བཞུགས་པར་རྒྱུ་མཚན་ཞུས་པས། མཁས་པ་བི་མ་ལ་མི་ཏྲ་བྱོན་ནས་མངའ་བདག་བཙད་པོ་དང་མཇལ་ཞིང་གསོལ་བ་བཏབ་པའི་ངོར་མདོ་སྔགས་ཀྱི་ཆོས་རྣམས་བསྒྱུར་བཤད་མཛད། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པའི་རྒྱུད་ལུང་མན་ངག་རྣམས་མངའ་བདག་རྗེ་འབངས་ལ་མནོག་ཆོས་སུ་བསྩལ་པ། ཟུར་མཁར་རྡོའི་མཆོད་རྟེན་གྱི་ཡང་དབེན་དུ་ཆོས་རྒྱལ་དང་། ལྷ་སྲས་མུ་རུབ། ཉང་ཏིང་འཛིན་བཟང་པོ། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། གཉགས་དྲི་མེད་ཟླ་ཤར་རྣམས་ལ་རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ཟབ་དོན་བསྡུས་པའི་དཀྱིལ་འཁོར་ཞལ་ཕྱེ་ནས་དབང་བསྐུར་ཞིང་གདམས་ངག་མ་ལུས་པ་གནང་། ཆོས་སྐོར་རྒྱས་པ་པཎ་ཆེན་ཉིད་ཀྱིས་མཆིམས་ཕུའི་དགེ་གོང་དུ་གཏེར་རྒྱས་བཏབ། དེའི་སྙིང་པོ་བསྡུས་པའི་ཡང་ཟབ་ཀྱི་བེ་བུམ་ཉང་བན་ཆེན་པོས་ཀ་དཔེར་བཏབ་པ། དབུ་རུ་ཞྭའི་ལྷ་ཁང་གི་ཀེའུ་ཚང་དུ་རྒྱུད་ཀྱི་དཔེ་དང་། ཀ་བའི་ཁོང་གསེང་དང་། ཕྲ་མེན་མཆོད་རྟེན་ལ་གསང་བ་སྙིང་ཏིག་ཟབ་དོན་བསྡུས་པའི་སྐོར་རྣམས་སྦས་ཤིང་། རྡོ་རྗེ་ལེགས་པ་ལ་གཉེར་དུ་གཏད་པའི་རྒྱུད་སྐོར་རྣམས་ལྡང་མ་ལྷུན་རྒྱལ་གྱིས་ཕྱུང་ཞིང་། མན་ངག་གི་སྐོར་རྣམས་གཞུང་ལས། ཕྲ་མེན་མཆོད་རྟེན་ཀ་བའི་ཁོང་གསེང་དུ༔སོགས་ལོ་རྒྱུས་མཇུག་བཞིན། དུས་ལ་བབ་ཚེ་ལས་ཅན་དེ་དང་སྤྲོད༔ དེ་ནས་རྒྱས་བསྡུས་གང་ལྟར་ན་ཡང་། ཅེས་ལུང་བསྟན་གཉེར་དུ་གཏད་པ་བཞིན། དུས་བབ་སྤྲུལ་པའི་གཏེར་འབྱིན་ཆེན་པོ་དེ་ཉིད་ཀྱིས་སྤྱན་དྲངས་པའི་ཟབ་པའི་མཐར་ཐུག་ཡིད་ཆེས་པའི་བྱིན་རླབས་མཆོག་དང་ལྡན་པ་བདག་ཅག་གི་རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོའི་བར་དུ་འདྲེས་ཁྱེར་དང་དམ་ཉམས་ཀྱི་བསྲེ་བསླད་མ་ཞུགས། བྱིན་རླབས་ཀྱི་དྲོད་རྟགས་མ་ཡལ་བ་འདི་ལྟ་བུའི་དབང་བསྐུར་བ་ལའང་སྔོན་འགྲོ་སློབ་མ་ལྷག་གནས་ཀྱི་ཆོས་དང་། དངོས་གཞི་སྨིན་དབང་གཉིས་སུ་ཡོད་པ་ལས། ཐོག་མར་སློབ་མ་ལྷག་པར་གནས་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་དུ་བཅུག་ལ། སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། གཏེར་གཞུང་སྨིན་བྱེད་དབང་གི་ཆུ་བོ་ལྟར། ཧོ༔ བླ་མ་དཀྱིལ་འཁོར་སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ངོར་མཁྱེན་བརྩེའི་སྒོ་ཕྱེས་ཏེ་བཀའི་གནང་བ་སྦྱིན་པ་ནི། ཁྱོད་ནི་ཐེག་ཆེན་སོགས། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་རྒྱལ་བ་ཞི་ཁྲོ་བཀའ་བརྒྱད་ཀྱི་ལྷ་ཚོགས་སློབ་དཔོན་དང་བཅས་པའི་སྤྱན་སྔར་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་། བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་དང་། དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་སྤྲིན་རྒྱ་མཚོས་ཡོངས་སུ་མཆོད་བཞིན་པར་སྡིག་པ་བཤགས་པ་དང་། འཕགས་སྐྱེའི་དགེ་བ་ལ་ཡི་རང་བ་དང་། བླ་ན་མེད་པའི་སེམས་བསྐྱེད་ནས་སྨོན་འཇུག་གི་སྡོམ་པ་གཟུང་བ་རྣམས་ཀྱིས་བསོད་ནམས་ཀྱི་ཚོགས་བསགས་པའི་དོན་ཐུགས་ལ་ངེས་པས་འདིའི་རྗེས་ཟློས། ཧོ༔ བླ་མ་མཆོག་དང་སོགས་ལན་གསུམ། སླར་ཡང་འཁོར་གསུམ་གྱི་སྤྲོས་པ་ལས་འདས་པའི་དོན་དམ་རང་རིག་ཡེ་གསལ་དམིགས་མེད་ཀྱི་སེམས་བསྐྱེད་པ། ཡེ་ཤེས་ཀྱི་ཚོགས་གསག་པའི་དོན་ཐུགས་ལ་བཞག་སྟེ་འདིའི་རྗེས་ཟློས། ཇི་ལྟར་དུས་གསུམ་སོགས་ཤྭ་ལོ་ཀ་ཚན་གཉིས་ལན་གསུམ། རྡོ་རྗེ་ཐེག་པའི་འདུལ་མདོ་སྤྱི་དང་། ཁྱད་པར་རིགས་ལྔ་སོགས་གསང་བ་བླ་མེད་ཀྱི་སྡོམ་པ་མ་ལུས་པ་འཛིན་པའི་བློས་འདིའི་རྗེས་ཟློས། སྡོམ་པ་ཡི་ནི་སོགས་ལན་གསུམ། སླར་ཡང་ཁྱད་པར་གྱི་དོན་ཞུ་བའི་སླད་ནན་ཏན་གྱི་སྒོ་ནས་སློབ་དཔོན་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བླ་མ་ལྷ་ཚོགས་སོགས་ལན་གསུམ། དེ་ནས་དཀྱིལ་འཁོར་པའི་ལྷ་ལ་དབང་ཞུ་བའི་དོན་དུ་ངོ་ཆེན་གྱི་ཚུལ་དུ་གསོལ་བ་འདེབས་པ་ནི་སློབ་དཔོན་གྱིས་བགྱི་བ་ལགས་ཏེ། ཧོ༔ རྒྱལ་བ་ཞི་ཁྲོའི་སོགས། སློབ་བུའི་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབ་པའི་ཕྱིར། གནས་གསུམ་དུ་དྲིའི་ཐིག་ལེ་བྱས་པ་ཟླ་བ་པདྨ་ཉི་མ་ལ་གནས་པའི་རྡོ་རྗེ་གསུམ་གྱི་ཡི་གེས་མཚན་པར་གྱུར་པའི་འོད་ཀྱིས་ལུས་ངག་ཡིད་གསུམ་གསལ་བར་བྱས་ནས། རྒྱལ་བའི་རྡོ་རྗེ་གསུམ་གྱི་བྱིན་རླབས་རྒྱུད་ལ་ཞུགས་པར་མོས་ཤིག །གནས་གསུམ་དུ་དྲིའི་ཆུས་ཐིག་ལེ་བྱ། སླར་ཡང་གསང་སྔགས་ཀྱི་བཅུད་ཁྱད་པར་ཅན་གྱི་སྣོད་དུ་རུང་བའི་ཕྱིར། སློབ་བུའི་སྤྱི་བོར་དཔལ་རྡོ་རྗེ་སེམས་དཔའ་བསྒོམས་པའི་ཐུགས་ཀར་ཟླ་གདན་ལ་ཐུགས་སྲོག་ཧཱུྃ་གི་མཐར་ཡིག་བརྒྱས་བསྐོར་བར་གསལ་བ་ལ་ཡིག་བརྒྱ་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པས་བདུད་རྩིའི་རྒྱུན་བབས། སྐུ་གང་། ཞབས་ཀྱི་མཐེ་བོང་ནས་བརྒྱུད་སྤྱི་བོ་ནས་ཞུགས་པས་སྡིག་སྒྲིབ་ཐམས་ཅད་བཀྲུས། ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང་བས་རྒྱུད་བྱིན་གྱིས་བརླབས། མཐར་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་རང་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་མོས་པས་ཡི་གེ་བརྒྱ་པ་ལྷན་ཅིག་ཏུ་གསུང་འཚལ། ཅུང་ཟད་བཟླ། དངོས་གྲུབ་ཀྱི་ལྟས་བརྟག་པའི་ཕྱིར་སོ་ཤིང་ཐལ་སྦྱར་གྱིས་བཟུང་བའི་རྩ་བ་སོ་ལ་དྲུད་པས་སྡིག་སྒྲིབ་སྤྱི་དང་། ཁྱད་པར་ཤ་ཟོས་པའི་ཉེས་པ་ཐམས་ཅད་སྐྱུག་པར་མོས་ཤིང་། མིག་བཙུམས་ལ་དངོས་གྲུབ་ཀྱི་ལྟས་བསྟན་དུ་གསོལ་སྙམ་པའི་འདུན་པས་འདིའི་རྗེས་ཟློས་བཅས་སོ་ཤིང་གི་ར་བར་དོར་ཅིག །རྒྱལ་བ་ཞི་ཁྲོའི་སོགས་སྔགས་བཅས་ཀྱིས་འདོར་དུ་གཞུག་ཅིང་མཚན་མ་བཤད། ངག་གི་སྡིག་སྒྲིབ་སྦྱོང་བའི་ཕྱིར་དུང་ཞལ་གྱི་ཆུ་བདུད་རྩིའི་རང་བཞིན་དུ་སྔགས་ཀྱིས་བརླབས་པ་འདི་གཡོན་པས་ལན་གསུམ་གྱི་བར་དུ་བཏུང་བའི་ལྷག་མ་རྒྱབ་ངོས་སུ་དོར་ཅིག །ཨཱོྃ་ཧྲཱིཿསོགས་ལན་བདུན་བཟླས་པས་བྱིན་གྱིས་བརླབས་ཤིང་སྦྱིན། དངོས་གྲུབ་ཀྱི་སྐལ་པ་རྨི་ལམ་བརྟག་པ་ལ་བར་ཆད་མི་འབྱུང་བའི་ཕྱིར་སྲུང་སྐུད་ལྔ་སྒྲིལ་རྡོ་རྗེའི་མདུད་པ་ཅན་སྔགས་ཀྱིས་བྱིན་གྱིས་བརླབས་པ་ཐབས་ཀྱི་དཔུང་གཡོན་དང་། ཤེས་རབ་མའི་དཔུང་གཡས་སུ་ཆིངས་ཤིག །སྲུང་སྐུད་སྔགས་ཤམ་བཅས་པ་བསྔགས་ནས་གདགས་ཤིང་། ཧཱུྃ༔ སྐལ་ལྡན་རིགས་ཀྱི་སོགས་ཀྱི་མཐར་རྡོ་རྗེའི་རྒྱ་གྲམ་བཏབ་པས་རྒྱས་གདབ། རྨི་ལམ་མི་འཁྲུགས་ཤིང་གསལ་བའི་ཕྱིར་ཀུ་ཤའི་ཆུན་པོ་ཟུང་འདིའི་ཆུང་བ་སྔས་དང་། ཆེ་བ་སྟན་དུ་གྱིས་ལ་མཚན་མ་བརྟག་པར་བྱོས་ཤིག །ཉོན་ཅིག་སྐལ་ལྡན་སོགས་ཀྱིས་ཀུ་ཤ་གཏད། དེ་ནས་སློབ་མས་སོགས་ནས་སྲུང་བའི་ཆོ་ག་བྱ་དགོས་པར་གསུངས་སོ། །དེ་རྣམས་ཀྱིས་དབང་གི་སྔོན་འགྲོ་སློབ་མ་ལྷག་པར་གནས་པའི་ཆོས་རྣམས་གྲུབ། དངོས་སྟ་ཕྱེ་ཚེ་བསྔོ་སྨོན་དང་། ཆོ་གའི་རྗེས་རིམ་བྱ། དངོས་སྟ་ཕྱེས་ན་སྐབས་འདིར། དབང་སྒྲུབ་སྔར་བཞིན་སླར་བྱས་ནས། ལོ་རྒྱུས་ཀྱི་མཐར། གཉིས་པ་དངོས་གཞིའི་སྨིན་དབང་དངོས་ལའང་འཇུག་པ་དང་། དངོས་གཞི་གཉིས་ལས། དང་པོ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ། མིག་དར་མེ་ཏོག་སྤྱི་ལྟར་གཏད། ༼དངོས་སྟ་ཕྱེས་ན་འདིར་གསོལ་གནང་། སྐྱབས་སེམས་ཚོགས་གསག་སྡོམ་གཟུང་། ལྷ་ལ་གནང་ཞུ། སྒྲིབ་སྦྱོང་རྣམས་སྟ་གོན་སྐབས་ལྟར་སླར་བྱ།མཆན།༽ བླ་མ་དཀྱིལ་འཁོར་གྱི་ཁྱབ་བདག་དངོས་སུ་བཞུགས་པའི་སྤྱན་སྔར་དད་མོས་རྩེ་གཅིག་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བླ་མ་རྒྱལ་བ་སོགས་ལན་གསུམ། གསང་བའི་དཀྱིལ་འཁོར་ཟབ་མོ་འདིར་དབང་ཐོབ་པ་རྣམས་འཛིན་པ་དམ་ཚིག་ལ་རག་ལས་པས། ཇི་སྐད་ཁས་བླངས་པའི་སྡོམ་པ་རྣམས་སྲོག་ལྟར་གཅེས་པས་མི་ཉམས་པར་བསྲུང་དགོས་པས། བསྲུང་འདས་ཀྱི་དཔང་པོར་རྡོ་རྗེའི་མནའ་ཆུ་སྦྱིན་པ་སྙིང་དབུས་ཡེ་ཤེས་སེམས་དཔར་བཞུགས་ནས་ལེགས་ཉེས་ཀྱི་སྟངས་འཛིན་པར་བྱེད་པས་ཁེ་ཉེན་གྱི་གནས་ལ་གཟོབ་འཚལ། འདི་ནི་དམ་ཚིག་སོགས། སླར་ཡང་རྡོ་རྗེ་སྤྱི་བོར་བཞག་སྟེ། སློབ་དཔོན་ནི་སངས་རྒྱས་ཐམས་ཅད་ཀྱི་གདུང་གསོབ་ཡིན་པས། དེའི་ཕྱིར་བརྙས་པ་སྤངས་ཏེ་བཀའ་བཞིན་བསྒྲུབ་དགོས་པར་གདམས་ཤིང་། དམ་ལ་བཞག་པའི་དོན་ཤེས་པར་གྱིས་ཤིག །དེང་ནས་སྐལ་ལྡན་སོགས། དབང་གི་གཞི་དགོད་པ་ཡེ་ཤེས་ལྷའི་གཟི་བྱིན་དབབ་པའི་སླད་དུ། སྒོ་གསུམ་ཐ་མལ་དུ་འཛིན་པའི་རྟོག་ཚོགས་སྤངས་ཏེ་འདི་ལྟར་གསལ་ཐོབས། ཨཱོྃ་སྭ་བྷཱ་ཝ་སོགས། གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་པ་བློ་ལས་འདས་པའི་སྟོང་པ་ཉིད་དུ་སྦྱངས། དེའི་ངང་ལས་སློབ་མ་རྣམས་སྐད་ཅིག་གིས་པད་ཟླའི་གདན་ལ་སོགས་ཀྱིས་ལྷར་བསྐྱེད་ཅིང་བྱིན་དབབ། དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་པ་དེ་ཉིད་ཁྱེད་རང་རྣམས་ཀྱི་གཉུག་མ་མི་ཤིགས་པའི་རྒྱུད་ལ་བྱང་ཆུབ་བར་དུ་བརྟན་པར་གྱུར། ཏིཥྛ་བཛྲས་བརྟན། དཀྱིལ་འཁོར་གྱི་ལྷ་ལ་བཟང་ངན་མ་དམིགས་ཀྱང་རང་རང་གི་སྔོན་ནས་འབྲེལ་བའི་ལྷ་དེ་ཉིད་འགྲུབ་ཐག་ཉེ་བས། དེའི་སླད་རིགས་བརྟག་པའི་ཕྱིར་གཉིས་འཛིན་གྱི་སྒྲིབ་པས་མིག་ལྡོངས་པའི་མཚོན་བྱེད་མིག་དར་དམར་པོ་བཅིངས་ནས། ཐལ་སྦྱར་གྱི་བར་དུ་ཨུ་དུམ་ཝ་རའི་མེ་ཏོག་གི་ཕྲེང་བ་ཐོགས་པ་དེ་ཉིད་ཚེ་རབས་ཀྱི་ལྷས་བཞེས་སུ་གསོལ་སྙམ་པའི་དམོད་བོར་བ་དང་བཅས་འདིའི་རྗེས་ཟློས། རྒྱལ་བ་ཞི་ཁྲོའི་སོགས། དེ་ལྟར་ཕུལ་པས་མེ་ཏོག་དབུས་སུ་བབས་པ་རྣམས་ཀྱི་གསང་མཚན་འོད་གསལ་སྒྱུ་མ་གཏེར་བཞད་རྩལ་ཞེས་བྱ་བ་དང་། ཤར་དུ་སོགས་ནས། ཐོགས་མེད་གཏེར་བཞེད་རྩལ་ཞེས་བྱ་བར་ཟུངས་ཤིག །མིག་དབྱེ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཀྱཻ༔ བླ་མ་རྒྱལ་བ་སོགས། བླ་མའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུས་མིག་རས་དང་ཆབས་ཅིག་མ་རིག་པའི་སྒྲིབ་གཡོགས་བསལ་བར་མོས། སྐལ་ལྡན་རིགས་ཀྱི་སོགས། དེ་ལྟར་མ་རིག་པས་ལྡོངས་པའི་མིག་ཐུགས་རྗེའི་ཐབས་ཀྱིས་ཡེ་ཤེས་ཀྱི་སྤྱན་གསར་དུ་ཕྱེས་པས། མཚན་མའི་དཀྱིལ་འཁོར་འདིའི་མཚོན་པའི་རང་སྣང་གི་དཀྱིལ་འཁོར་ཆེན་པོ་མཐོང་བར་གྱུར་པའི་བརྡ་དོན་རྣམ་གཞག་མདོ་ཙམ་བརྗོད་པར་སྙན་གཏད་ཀྱིས་མོས་གུས་དང་སྤྲོ་དགའ་སྐྱེད་ཅིག །ཀྱཻ། སྐལ་ལྡན་རིགས་ཀྱི་བུ་དག་སོགས་ཟུར་གསལ་དཀྱིལ་འཁོར་རྣམ་དག་ཉིད་མཐར་ཆགས་སུ་བཀླག །དེ་རྣམས་ཀྱིས་དཀྱིལ་འཁོར་དུ་འཇུག་པའི་བྱ་བ་རྣམས་གྲུབ་པ་ལགས། གཉིས་པ་ཞུགས་ནས་མངོན་པར་དབང་བསྐུར་བ་དངོས་གཞི་ལ་བུམ་དབང་། གསང་དབང་། ཤེར་དབང་། ཚིག་དབང་། རྩལ་དབང་སྟེ་རྣམ་པ་ལྔ་འབྱུང་བ་ལས། དང་པོ་བུམ་པའི་དབང་བསྐུར་རྗེས་འབྲེལ་དང་བཅས་པ་ཞུ་བའི་ཡོན་དུ་མཎྜལ། སྒོ་གསུམ་དང་བ་ཆེན་པོས་ཕྱག་འཚལ་ཞིང་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་མ་བླ་མ་སོགས་ལན་གསུམ། བུམ་དབང་དངོས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་རྣམ་པ་ལྔ་ལས། དང་པོ་སྐུའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། བདག་རྡོ་རྗེ་སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་གདན་གསུམ་ཚང་བའི་དབང་ལྷ་མདུན་མཁར་སྤྱན་དྲངས་པ་རྣམས་དང་ལྷན་ཅིག་ཏུ་རྣམ་རྒྱལ་བུམ་པའི་ཆུས་དབང་བསྐུར་བས། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག་ནས་བྱིན་རླབས་འཇུག་པའི་སྣོད་རུང་དུ་བསྒྲུབས། ལུས་ནང་ཐམས་ཅད་བདུད་རྩིས་གང་བས་སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་པར་མོས། ཧཱུྃ༔ བུམ་པ་གཞལ་ཡས་སོགས་ཀྱིས་དབང་བསྐུར་ཞིང་བུམ་ཆུ་བླུད། མདུན་བསྐྱེད་ཞི་ཁྲོ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་མཆེད། སློབ་མའི་སྤྱི་བོ་ནས་བྱོན། གཞི་ལུས་ལ་ཐིམ་པར་མོས། ཧཱུྃ༔ ཡིད་ཆོས་རྣམ་དག་སོགས་ཀྱི་ལྷ་དབང་རྣམས་བསྐུར། དེ་ལྟར་རྒྱལ་བ་ཞི་ཁྲོ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་སློབ་མའི་ལུས་ལ་ཐིམ་པས་སྐུའི་དབང་ཐོབ། ལུས་སྣང་ཨ་འཐས་གདོས་བཅས་སུ་འཛིན་པའི་དྲི་མ་དག །རྒྱལ་བ་ཞི་ཁྲོའི་ལྷའི་སྐུ་སྣང་སྟོང་ཟུང་འཇུག་ཡེ་ཤེས་ཀྱི་སྐུར་ལམ་གྱིས་གྱུར་པར་མོས། གཉིས་པ་གསུང་གི་དབང་བསྐུར་བ་ནི། ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་གསུང་སྔགས་ཡི་གེའི་ཕྲེང་བ་ཁ་དོག་སྣ་ཚོགས་པའི་རྣམ་པ་ཆར་བབ་པ་ལྟར་བྱོན། སློབ་མའི་སྤྱི་བོ་ནས་ཞུགས། མགྲིན་པར་ཐིམ་པར་མོས། ཧཱུྃ༔ རྒྱལ་བ་ཞི་ཁྲོ་སོགས་ཀྱིས་སྔགས་བྱང་སྤྱི་བོར་བཞག །བུམ་ཆུ་གནས་བཞིར་གཏོར། དེ་ལྟར་གསུང་ཡིག་འབྲུའི་དབང་བསྐུར་པས་གསུང་གི་དབང་ཐོབ། སྐྱེ་འགགས་སུ་ལྟ་བའི་ངག་གི་དྲི་མ་དག །སྒྲ་གྲགས་ཐམས་ཅད་རྒྱལ་བ་ཞི་ཁྲོའི་གསུང་ལྗགས་སྟེང་སྔགས་ཀྱི་རང་སྒྲ་ཆུ་བོའི་རྒྱུན་བཞིན་དུ་འཆར་བར་གྱུར་པའི་མོས་པ་མཛོད། གསུམ་པ་ཐུགས་ཀྱི་དབང་བསྐུར་བ་ནི། རྣམ་རྒྱལ་བུམ་པ་སྤྱི་བོར་བཞག་པས་རྒྱལ་བ་ཞི་ཁྲོའི་ཐུགས་རྗེ་ཡེ་ཤེས་ཀྱི་ཆུ་རྒྱུན་ཚངས་བུག་ནས་བྱོན་སྙིང་གར་ཐིམ་པར་མོས། ཧཱུྃ༔ རྣམ་པར་རྒྱལ་བ་སོགས། དེ་ལྟར་ཐུགས་ཡེ་ཤེས་ཆེན་པོའི་རྒྱུན་སྙིང་གར་ཐིམ་པས་ཐུགས་ཀྱི་དབང་ཐོབ། གཟུང་འཛིན་གཉིས་རྟོག་གི་དྲི་མ་དག །རྒྱལ་བ་ཞི་ཁྲོའི་ཐུགས་ཟབ་གསལ་གཉིས་མེད་ཀ་དག་ལྷུན་གྲུབ་ཀྱི་དགོངས་པ་མངོན་དུ་གྱུར་པར་མོས། བཞི་པ་ཡོན་ཏན་རྒྱན་དང་ཕྱག་མཚན་གྱི་དབང་བསྐུར་བ་ནི། དབུ་རྒྱན་རིན་པོ་ཆེའི་ཁང་བུའི་ནང་དུ་རིགས་ལྔའི་རྒྱལ་བ་ཡབ་ཡུམ་གྱི་སྐུ་གསལ་ལ་རྫོགས་པ་མགོ་བོར་བཅིངས་པས་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་འབྱུང་གནས་རྒྱལ་སྲིད་དམ་པར་དབང་འབྱོར་པར་མོས། ཧཱུྃ༔ སྙིང་པོ་ཕྱག་མཚན་སོགས། དཔལ་ཆེན་ཁྲག་འཐུང་བཀའ་བརྒྱད་ཡབ་ཡུམ་གྱི་བདེ་སྟོང་མི་འགྱུར་བའི་ཕྱག་རྟགས་རྡོ་རྗེ་དྲིལ་བུ་ཕྱག་ཏུ་གཏད་པས། ཐབས་ཤེས་ཟུང་འཇུག་དབྱིངས་དང་ཡེ་ཤེས་ཁ་སྦྱོར་བདེ་བ་ཆེན་པོའི་ལོངས་སྤྱོད་ཀྱི་ཡོན་ཏན་དམ་པ་ལ་དབང་འབྱོར་བར་མོས། ཧཱུྃ༔ མི་འགྱུར་སྐུ་ལྔ་སོགས། དེ་ལྟར་ཡོན་ཏན་རྒྱན་དང་ཕྱག་མཚན་གྱི་དབང་བསྐུར་པས་ཡོན་ཏན་གྱི་དབང་ཐོབ། འབྲས་བུ་གཞན་ནས་རེ་བའི་འབད་རྩོལ་གྱི་དྲི་མ་དག །ཡེ་ནས་ལྷུན་གྲུབ་ཡེ་ཤེས་ཆེན་པོའི་ཡོན་ཏན་རང་ཆས་སུ་རྫོགས་པས་རེ་བ་ཡིད་བཞིན་དུ་སྐོང་ནུས་པའི་མཐུ་ཐོབ་པར་མོས། ལྔ་པ་ཕྲིན་ལས་དམ་རྫས་དང་བཀའ་རྟགས་ཀྱི་དབང་བསྐུར་བ་ནི། སྨན་རཀ་གཏོར་མ་ཕྱག་ཏུ་གཏད་པས་བསྙེན་སྒྲུབ་མཆོད་གཏོར་སོགས་དཀྱིལ་འཁོར་གྱི་ལས་རབ་འབྱམས་ཀྱི་སྒོ་ནས་བདག་དོན་མཆོག་ཐུན་གྱི་དངོས་གྲུབ་འགྲུབ་པའི་ཕྲིན་ལས་ལ་དབང་འབྱོར་བར་མོས། སྐུ་ལྔ་ལྷུན་གྲུབ་སོགས་རཀྟ་དང་གཏོར་མ། གཉིས་ཐོབ་ཤོག༔ རྒྱལ་བ་ཞི་ཁྲོའི་ཡེ་ཤེས་ལྔའི་བཀའ་རྟགས་ཅོད་པཎ་གྱི་འཕུར་མ་སྤྱི་བོར་བཏགས་ཤིང་དབང་བསྐུར་བས་དབང་བསྐུར་བ་ལ་སོགས་པའི་གཞན་དོན་གྱི་ལས་རབ་འབྱམས་བསྒྲུབ་པ་ལ་ཐོགས་པ་མེད་པའི་ཕྲིན་ལས་ཀྱི་མཐུ་དབང་ཐོབ་པར་མོས། ཧཱུྃ༔ རྒྱལ་བ་ཞི་ཁྲོའི་སོགས། དེ་ལྟར་ཕྲིན་ལས་སྒྲུབ་རྫས་བཀའ་རྟགས་ཀྱི་ཕྱག་རྒྱས་དབང་བསྐུར་པས་ཕྲིན་ལས་ཀྱི་དབང་ཐོབ། བྱ་རྩོལ་སྤྲོས་བཅས་ཀྱི་དྲི་མ་དག །རྟག་ཁྱབ་ལྷུན་གྲུབ་གྱི་ཕྲིན་ལས་ཐོགས་པ་མེད་པས་དོན་གཉིས་བདེ་བླག་འགྲུབ་པའི་མཐུ་དབང་རྫོགས་པར་མོས་ཤིག །དེ་ལྟར་བུམ་པའི་དབང་བསྐུར་པས་ལུས་ཀྱི་སོགས། གཉིས་པ་གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། སླར་ཡང་དཀྱིལ་འཁོར་ཆེན་པོར་ལན་གསུམ་དུ་བསྐོར་ཞིང་འདུད་ཕྱག་དང་བཅས་མཛད་པར་མོས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་རྒྱལ་བ་སོགས་ལན་གསུམ། དེ་ལྟར་ཞུས་པའི་ལན་དུ་སྣོད་བརྟགས་པའི་སླད་དོན་གྱི་གནད་བསྒྲགས་ཏེ་ནུས་པ་འདྲི་བ་ནི། བླ་མེད་གསང་བ་སོགས། དེའི་ལན་གསོལ་བ་འདིའི་རྗེས་ཟློས། གསང་བ་བླ་མེད་སོགས། དེས་ན་སྣོད་དང་ལྡན་པར་རིག་སྟེ། གསང་བའི་དབང་གི་སྔོན་འགྲོ་ཡེ་ཤེས་དབབ་པའི་དོན་དུ། སློབ་མ་རྣམས་ལངས་ལ་ཐལ་མོ་སྤྱི་བོར་སྦྱར༔ སོགས་ནས། དམིགས་པ་རྩེ་གཅིག་ཏུ་གཏོད་ཅིག །སྤོས་རོལ་དབྱངས་ཀྱིས། ཀྱེ་ཧོ་ལས་ཅན་སོགས་ཀྱིས་བྱིན་དབབ། བདག་རྡོ་རྗེ་སློབ་དཔོན་ཀུན་བཟང་རྡོ་རྗེ་སེམས་དཔའ་ཡུམ་རྡོ་རྗེ་སྙེམས་མ། ལུས་དཀྱིལ་ཞི་ཁྲོ་བཀའ་བརྒྱད་ཀྱི་ལྷ་ཚོགས་དང་བཅས་པར་གསལ་ཞིང་། ཡབ་ཡུམ་བདེ་བ་ཆེན་པོར་རོལ་པའི་སྒྲས་མཁའ་ཁྱབ་ཀྱི་རྒྱལ་བ་ཐམས་ཅད་སྤྱན་དྲངས། ཐུགས་ཀར་ཞུགས་པའི་བདེ་རྒྱུན་བྱང་ཆུབ་ཀྱི་སེམས་དཀར་དམར། ཐོད་པའི་བདུད་རྩི་དང་སྦྱར་ཏེ༔ སོགས། དེ་ལྟར་གསང་བའི་དབང་བསྐུར་པས་སོགས། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། བླ་མ་ལ། ཕྱག་རྒྱ་མཚན་དང་ལྡན་པ་སོགས། གདབ་པ་འདིའི་རྗེས་ཟློས། ཀྱེ་ཧོ་རྒྱལ་བ་སོགས། ཤེས་རབ་ཡེ་ཤེས་ཀྱི་དབང་གི་སྔོན་འགྲོ་ཡེ་ཤེས་པ་དབབ་པའི་སོགས་གསང་དབང་སྐབས་བཞིན་བྱིན་དབབ། སྔར་ཕུལ་པའི་ཤེས་རབ་མ་དང་བླ་མ་མཉམ་པར་རོལ་པའི་བདེ་རྒྱུན་ལྗགས་ཐོག་ཏུ་བཞག་པའི་རྐྱེན་གྱིས་ཐ་མལ་པའི་རྟོག་ཚོགས་འགག །སྨྲ་མེད་ཀྱི་དགའ་བདེ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་མོས་ལ། བདུད་རྩི་བྱིན་ལ། ཧོ༔ བདེ་བ་མཆོག་གི་སོགས། ལང་ཚོའི་དཔལ་དང་མཚན་ཉིད་རྫོགས་པའི་རིག་མའི་ལུས་གོས་དང་བྲལ་བའི་ཆུ་སྐྱེས་ངོམས་ཤིང་། རྟོག་པ་བསལ་བའི་གླུ་འདི་ལྟར་བླངས་པར་མོས། ཧོ༔ ང་ཡི་བྷ་ག་སོགས། དེ་ལྟར་དྲིས་པའི་ལན་དུ་གུས་པ་དང་བཅས་འདིའི་རྗེས་ཟློས། ཧོ༔ བདེ་བའི་རང་བཞིན་སོགས། མཐར་པདྨའི་ཟིལ་པ་གཡའ་དཀར་དང་བཅས་པ་སློབ་མས་གཞིབ་པའི་མཐུས་དྲངས་པའི་བདེ་སྟོབས་འབར་ཞིང་། རླུང་དང་རླུང་སྦྱོར་ལུས་སྤྲུགས་བྱས་པས་དྭངས་མ་ལུས་ལ་འཁྲེམས་པས་ལུས་བཀྲག་མདངས་དང་ལྡན་པར་མོས། དེ་ནས་སློབ་དཔོན་གྱི་ཕྱག་གཡོན་པས་ཕྱག་རྒྱའི་སྲིན་ལག་ནས་བཟུང་སྟེ། བུའི་ལག་པ་གཡས་སུ་གཏད་པར་མོས། ཧོ༔ སངས་རྒྱས་ཀུན་སྐྱེད་སོགས་ཀྱིས་རིག་ཙཀ་གཏད། དེ་ལྟར་བྱིན་པའི་ཡུམ་རྡོ་རྗེ་སྙེམས་མ་དང་། བུ་རྣམས་ཀུན་བཟང་རྡོ་རྗེ་སེམས་དཔར་གསལ་བས་ཐབས་འདི་ལ་བརྟེན་ནས། རང་གནས་མི་འགྱུར་བདེ་བ་ཆེན་པོ་མཆོག་གི་ཡེ་ཤེས་མངོན་དུ་བྱའོ་སྙམ་པའི་འདུ་ཤེས་ལ་དྲན་པ་ཉེ་བར་བཞག་སྟེ། བདེ་བ་བསྐུལ་བའི་ཐབས། ཕྱག་རྒྱའི་མཁའ་གསང་བལྟ་བ་དང༔ སོགས། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས་སོགས། བཞི་ལ་ཚིག་དབང་རིན་པོ་ཆེ་ཞུ་བའི་ཡོན་དུ་གསེར་གྱི་མཎྜལ། བླ་མ་ཀུན་བཟང་ཞི་ཁྲོའི་སྤྱན་སྔར་མི་ཕྱེད་གུས་པས་ཕྱག་འཚལ་ཞིང་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ བླ་མ་རྒྱལ་བ་སོགས་ལན་གསུམ། ཚིག་དབང་གི་སྔོན་འགྲོ་ཡེ་ཤེས་པ་དབབ་པའི་སོགས་གསང་དབང་སྐབས་བཞིན་བྱིན་དབབ། དངོས་གཞི་སེམས་འཛིན་གྱི་རྟེན་དམིགས་པ་འབོགས་པ་ནི། སློབ་བུའི་སྙིང་གར་སོགས་ནས། མེ་ལོང་སྤྱི་བོར་བཞག་པའི་བརྡ་དང་ཚིག་གིས་གནས་ལུགས་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་ངོ་སྤྲད་པའི་དོན་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་འཚལ། ཧོ༔ ཨ་ནི་སྐྱེ་བ་སོགས། དེ་ལྟར་ཚིག་དབང་བསྐུར་པས༔སོགས། ལྔ་པ་ཐོད་རྒལ་རིག་པའི་རྩལ་དབང་ཞུ་བའི་ཡོན་དུ་ལུས་ངག་ཡིད་གསུམ་རྒྱུ་ནོར་ཁ་རྗེ་དབང་ཐང་བདོག་པ་དང་བཅས་པ་ལྟོས་མེད་དུ་འབུལ་བར་མོས་པས་མཎྜལ། སློབ་བུ་ལུས་གཅེར་བུར་ཕྱུང་སྟེ། རབ་ཏུ་གུས་པས་ཕྱག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ བླ་མ་རྒྱལ་བ་སོགས་ལན་གསུམ། དེ་ནས་སློབ་མ་རྣམས་ལུས་དྲང་སྲོང་གི་འདུག་སྟངས་ཙོག་པུར་རྐང་པའི་ལོང་བུ་གཉིས་གཤིབས། རྐང་མཐིལ་རང་བབ་པུས་མོ་གཉིས་བྲང་ལ་སྦྱར། རྒལ་ཚིགས་དྲང་པོར་བསྲང་། མཇིང་པ་ཨན་ཙམ་བསྟོད། མིག་ཟིམ་བུས་བལྟས་པས་རྒྱ་མཚོ་ལ་གཟའ་སྐར་ཤར་བ་ལྟ་བུ་ནམ་མཁའ་རྐྱེན་དང་བྲལ་བའི་མཐོངས་སུ་དབྱིངས་ཀྱི་སྣང་བ་རྨ་བྱའི་མདངས་དང་འདྲ་བ། མེ་ལོང་གི་དཀྱིལ་འཁོར་གསལ་བའི་ངང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་སྣ་ཚོགས་པའི་གཟུགས་སུ་འཆར་བའི་ཡུལ་དང་ཡུལ་ཅན་དུ་རྟོག་པའི་གཉིས་འཛིན་གྱིས་མ་བསླད་པར་འཁོར་གསུམ་ལས་འདས་པའི་རང་རིག་རྗེན་པ། བློ་འདས་སོ་སོར་རྟོག་པའི་ཡེ་ཤེས་ཉག་གཅིག་མའི་སྟེང་དུ་འཛིན་ཞེན་མེད་པར་ཞོག་ཅིག །དར་ཅིག་གཞག །དེ་ལྟ་བུའི་དོན་རང་བྱུང་རང་ཤར་རང་གནས་རང་ལ་རྫོགས་པའི་དབྱིངས་ཡེ་ཟུང་འཇུག་བྱ་རྩོལ་སྣང་དམིགས་ངོས་གཟུང་དང་བྲལ་བ། གང་དུའང་མི་གནས་ཤིང་གར་ཡང་མ་འགགས་པ། དབྱིངས་རིག་སྣང་སྟོང་ཟུང་འཇུག་ཤེལ་དང་འཇའ་ཚོན་ལྟ་བུའི་དཔེ་མཚོན་ཏེ་རང་གསལ་གདོད་མའི་བཞུགས་ཚུལ་ཅར་ཕོག་ཏུ་ངོ་སྤྲད་པའི་དོན་ཤེས་པར་མཛད་ནས། དེ་ལས་མི་འདའ་བའི་ཉམས་ལེན་ལ་འབུངས་ཤིག །རྡོ་རྗེ་སེམས་དཔའི་མེ་ལོང་སྤྱི་བོ་དང་མིག་གཉིས་སུ་བཞག་ལ། ཧཱུྃ༔ སྐལ་ལྡན་བུ་ཁྱོད་སོགས། དེ་ལྟར་ལྷུན་གྲུབ་རང་གནས་ངོ་སྤྲོད་ཀྱི་དབང་བསྐུར་པས༔ ཐོད་རྒལ་སོགས། དེ་དག་གིས་འོད་གསལ་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་ཁོང་སྙིང་ཕྱུང་བ་གསང་བ་སྙིང་ཏིག་ཡང་ཟབ་བསྡུས་པའི་དབང་གི་རིམ་པ་རྣམས་ལེགས་པར་གྲུབ་པ་ཡིན་པས། བསྲུང་བྱའི་དམ་ཚིག་གསང་བའི་མདོ་ནས་ཇི་སྐད་བཤད་པ་སྤྱི་དང་། བྱེ་བྲག་མེད་ཕྱལ་གཅིག་པུ་ལྷུན་གྲུབ་ཀྱི་དགོངས་ཉམས་ལས་མི་འདའ་བ་སོགས་ཚུལ་བཞིན་མ་ཉམས་པར་བསྲུང་དགོས་པས། དེ་ལྟར་བགྱི་བའི་འདུན་པ་དང་བཅས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་དང་། ཆོ་གའི་རྗེས་ཚོགས་ལ་རོལ་ཞིང་། ལྷག་མ་ཡི་གེ་གསུམ་གྱིས་སྦྱང་སྤེལ་བསྒྱུར་ལ། འབྲུ་གསུམ་གྱིས་བརླབ། ཨ༔ སེམས་བྱུང་ལྟར་སྣང་ལྷག་སྡུད་ཚོགས༔ སེམས་ཉིད་སྐྱེ་མེད་ཚོགས་ལྷག་བཞེས༔ གཟུང་འཛིན་གློ་བུར་བར་ཆད་དང༔ འཁྲུལ་སྣང་ཞི་བའི་ཕྲིན་ལས་མཛོད༔ ཅེས་ལྷག་མ་ཕྱིར་འབུལ། མཆོད་བསྟོད་མཐར་བརྟན་བཞུགས་སྦྱར་བ་ཙམ་ལས་ཆོག་སྒྲིག་བཞིན་བྱའོ།། །། ༈ རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར་ལྕེ་བཙུན་ཆེན་པོའི་བི་མ་ལའི་སྙིང་ཐིག་གི་སྨིན་བྱེད་ལག་ལེན་གསལ་བར་བཀོད་པ་གསེར་འགྱུར་རྩི་མཆོག་ལྟར་དབང་སྒྲུབ། དབང་དངོས་ཀྱི་ཤིན་ཏུ་སྤྲོས་མེད་བརྡའི་དབང་གི་སྐབས་སུ། མེ་ལོང་དང་ཤེལ་རྡོ་སྟབས་གཅིག་ཏུ་བསྐུར་ཞིང་། ལུས་དབུལ་རྗེས། དེས་རྒྱུད་སྨིན་པར་བྱེད་པ་བྱིན་རླབས་དབང་གི་རིམ་པ་ལེགས་པར་སོང་ནས། གྲོལ་བྱེད་ལམ་གྱི་སྙིང་པོ་གདམས་ངག་གི་ཟབ་ཁྲིད་གསན་པའི་ཡོན་དུ་མཎྜལ། སེམས་བསྐྱེད་གསལ་གདབ་སྔོན་དུ་འགྲོ་བས། དེ་ལ་འདིར་འོད་གསལ་རྡོ་རྗེ་རྩེ་མོའི་སོགས་ཁྲིད་ཡིག་སྙིང་པོའི་བཅུད་དྲིལ་ཐིག་ལེ་གསང་རྫོགས་ཉིད་དལ་བུས་གོ་བརྡ་འཕྲོད་ངེས་མཐར་ཆགས་སུ། གསོལ་བ་འདེབས་པ་ལགས་སོ། །བར་བཀླག །དེ་ལྟར་སྨིན་གྲོལ་གྱི་ལམ་ཟབ་མོ་ཚང་སྤྲུགས་སུ་གྲུབ་པ་ལགས་པས་སོགས་ཀྱིས་མཚམས་སྦྱར་ལ་དགེ་བསྔོ་དང་། ཆོ་གའི་རྗེས་རིམ་བཅས་བྱའོ།། །། ༄། གཉིས་པ་སློབ་དཔོན་ཆེན་པོ་པདྨའི་བཀའ་སྲོལ་ལ། ལས་འབྲེལ་རྩལ་གྱི་གཏེར་བྱོན་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་རྒྱས་པར་བཀྲལ་པའི་མཁའ་འགྲོ་ཡང་ཏིག་གི་དབང་གཉིས་ཆུ་བོ་གཅིག་འདྲེས་ཕྱི་མའི་ཡིག་ཆ་རིན་པོ་ཆེ་དབང་གི་ཕྲེང་བ་ལྟར་སྨིན་གྲོལ་ཞིབ་པར་འབོགས་པའི་སྐབས། ཨཱོྃ། ཐོག་མར་དབང་གི་སྣོད་རུང་རྒྱུད་དག་པར་བྱེད་པ་རྣལ་འབྱོར་སྤྱི་ཁྲུས་ལ། སློབ་མ་རྣམས་འདུས་ཤིང་དྲི་བཟང་པོའི་ཆུས་ཡན་ལག་ལྔ་ཁྲུས་བྱས་ཏེ། ཕྱག་བཅས་གྲལ་དུ་འཁོད་པ་ལ། འོ། མར་གྱུར་གྱི་འགྲོ་བ་མཐའ་མེད་སྲིད་པའི་དགོན་པ་འཇིགས་ཆེན་འབུམ་ཕྲག་དུ་མས་གཙེས་པའི་མ་རྣམས་ལ། ཤས་མི་བཟོད་པའི་སྙིང་རྗེ་ཆེན་པོས་ཁྱབ་པར་བྱས་ནས། དེ་རྣམས་ཞི་བ་བླ་ན་མེད་པ་ཀུན་བཟང་ཡངས་པ་ཆེན་པོའི་གྲོང་ཁྱེར་དུ་བདག་ཁོ་ནས་དབུགས་དབྱུང་བར་བྱ། དེའི་ཆེད་དུ་སྐལ་པ་བཟང་པོ་ཡང་རབ་ལོ་ཟླ་ཙམ་གྱིས་གདོད་མའི་རྒྱལ་ཐབས་མཆོག་ལ་སྦྱོར་བ། ཨ་ཏི་རྫོགས་པ་ཆེན་པོའི་ཟབ་ལམ་ལ་འཇུག་པའི་ཆེད་དུ་སྨིན་གྲོལ་གྱི་གདམས་པ་ཆིག་རྫོགས་སུ་ནོད་པར་བགྱིའོ་སྙམ་པའི་ཀུན་སློང་བཟང་པོ་གསལ་བཏབ་སྟེ་གསན་འཚལ། དེ་ལ་འདིར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་གྱི་མཐར་ཐུག་སོགས་ནས། མཁའ་འགྲོ་སྙིང་ཐིག་ཅེས་ཡོངས་སུ་གྲགས་པའི་སྨིན་གྲོལ་གྱི་གདམས་ངག་ཚང་སྤྲུགས་སུ་སྟོན་པ་ལ། སྤྱི་དོན་རྣམ་པ་གསུམ་ལས། སྤྱི་དོན་དང་པོ་སྦྱོར་བའི་རིམ་པ་ལ་གཉིས་ཏེ། འཆད་ཡུལ་སློབ་མ་སོགས་ཁྲིད་ཡིག་ཟབ་ལམ་གསལ་བྱེད་ལྟར་ལ་སྐྱབས་སེམས་སོ་སོར་འདོན་པའི་རྗེས་ཟློས་ལན་གསུམ་རེའི་རྗེས་སོ་སོའི་དཀྱུས་ལ་འཇུག་པས། འདིར་ཡང་བསླབ་བྱ་ཕན་ཡོན་གོ་དོན་སོགས་བཀའ་དང་བསྟན་བཅོས་རྣམས་ལས་ཇི་ལྟར་འབྱུང་བ་བཞིན་ཉམས་སུ་ལེན་དགོས་པ་ལགས། ལྔ་པ་རྡོར་སེམས་སྒོམ་བཟླས་ནི། བཅུད་ཁྱད་པར་ཅན་བླུགས་པ་ལ་སྣོད་དྲི་མ་མེད་པ་དགོས་པ་ལྟར། ཟབ་མོའི་ལམ་གྱི་ཉམས་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་སྐྱེ་བར་བྱེད་པ་ལ་བར་དུ་གཅོད་པའི་འགལ་རྐྱེན་སྡིག་སྒྲིབ་ཐམས་ཅད་སྦྱོང་དགོས། དེ་སྦྱོང་བར་བྱེད་པའི་ཐབས་ཀྱི་མཆོག་ནི། རྣལ་འབྱོར་གྱི་སྤྱི་ཁྲུས་ཆེན་མོ་ན་རཀ་དོང་སྤྲུག་གི་ཆོ་ག་བསྒྲུབ་པ་ལ། བདག་རྡོ་རྗེ་སློབ་དཔོན་གྱིས་སྦྱོར་བའི་རིམ་པ་བདག་ཉིད་བླ་མའི་རྣལ་འབྱོར་ལ་ཞུགས་ཏེ། ཚོགས་རྟེན་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་བསྐྱེད་ཅིང་། སྤྱན་འདྲེན། མཆོད་བསྟོད་ཀྱིས་མངའ་དབུལ་བ་བཅས་སྔོན་དུ་བཏང་ནས། དཔོན་སློབ་རྣམས་ཀྱི་ཉམས་ཆག་བསྐང་བའི་དོན་དུ་སྣང་གསལ་གྱི་མཆོད་པ་དང་། དམ་ཚིག་སྐོང་བ་ཕྱིའི་མཆོད་བསྟོད། བཤགས་པ་བཅས་ཀྱིས་སྙན་གསན་དབབ་ཅིང་། གསོལ་བ་འདེབས་པ་བགྱིད་པའི་སྐབས་སུ་བབ་པ་ལགས་པས། དེའི་སྐབས་སུ་སྐུ་ཉིད་རྣམས་ཀྱིས་ཀྱང་ཉམས་ཆག་སྡིག་སྒྲིབ་སྦྱོང་བྱེད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་རྡོ་རྗེ་སེམས་པའི་སྒོམ་བཟླས་མཛད་དགོས་པས། འདི་ལྟར་གསལ་འདེབས་འཚལ། དེ་ལ། ལྔ་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། བྱང་ཆུབ་ཀྱི་སེམས་གཉིས་སྔར་བཞིན་དྲན་པའི་ངང་ནས། ཁྱེད་རང་རྣམས་ཀྱི་སྤྱི་བོར་པདྨ་དང་ཟླ་བའི་དཀྱིལ་འཁོར་སོགས་རྡོར་སེམས་སྒོམ་བཟླས་ཁྲིད་ཡིག་ལྟར། བ་སྤུའི་བུ་ག་ཐམས་ཅད་ནས་ཐོན་པར་བསམ་སྟེ། གསང་སྔགས་རྒྱལ་པོ་ཡི་གེ་བརྒྱ་པ་དང་ཡང་སྙིང་ཡི་གེ་དྲུག་པའི་བཟླས་པ་ལ་ནན་ཏན་བསྐྱེད་འཚལ། ཞེས་པའི་དམིགས་གནད་བརྡ་སྤྲད་དེ་སློབ་བུར་ཡིག་བརྒྱ་བཟླར་གཞུག །སློབ་དཔོན་གྱིས་རིན་ཆེན་དབང་གི་ཕྲེང་བའི་གཞུང་གི་དབུ་ནས་འབྱུང་བ་བཞིན། བདག་ཉིད་སྐད་ཅིག་གིས་སོགས་ཀྱིས་བདག་བསྐྱེད་གསལ་བཏབ་ནས། ཡེ་ཤེས་པ་སྤྱན་དྲངས་ཤིང་མདུན་གྱི་ནམ་མཁར་བཞུགས་པ་ལ། སྤྲུལ་པའི་ལྷ་མོས་མཆོད་པར་གྱུར། ཨཱོྃ་བཛྲ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ཡེ་ཤེས་ཀྱི་འཁོར་ལོ་རྣམས་བདག་ལ་ཐིམ་པར་བསམ་ནས། ལྷ་བདག་གཉིས་སུ་མེད་པའི་དགོངས་ཉམས་བསྐྱངས་ཤིང་བཟླས་པ་ཅི་ནུས་བྱ། མདུན་མཁར་བཤགས་ཡུལ་ཚོགས་རྟེན་གསལ་གདབ་པ་ནི། སྣང་སྲིད་ཐམས་ཅད་སོགས་ནས། ལ་སོགས་པས་མཛེས་པའི་གཞལ་ཡས་ཁང་གཉིས་བརྩེགས་ཀྱི་འོག་ཁང་དུ། བདེ་གཤེགས་རིགས་ལྔ་ཡབ་ཡུམ། སེམས་དཔའ། སེམས་མ། སྒོ་བ་ཡབ་ཡུམ། འགྲོ་འདུལ་ཐུབ་པ་དྲུག་དང་བཅས་པ་གསལ་བ། དེ་དག་གི་སྐུའི་གདངས་ལས་སྟེང་ཁང་གི་དབུས་སུ་ཧེ་རུ་ཀཿརིགས་ལྔ་ཡབ་ཡུམ་ལ་གནས་ཀྱི་ཀོའུ་རི་མ་བརྒྱད་ཀྱིས་བསྐོར་བ། དེ་དག་གི་ཕྱི་རོལ་དུ་ཡུལ་གྱི་ཕྲ་མེན་བརྒྱད་དང་། སྒོ་མ་བཞི། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་རྣམས་རང་རང་གི་རྒྱན་དང་། ཕྱག་མཚན། རྣམ་འགྱུར་ཐམས་ཅད་གསལ་ལ་རྫོགས་ཤིང་། གཞན་ཡང་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་སྤྲིན་ཕུང་བཞིན་དུ་བྱིན་ཐིབས་སེ་བཞུགས་པ། ལྷ་ཚོགས་རྣམས་ལས་འོད་ཟེར་འཕྲོས་པས། ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་སྤྱན་དྲང་པར་གྱུར། ཧཱུྃ། མ་ལུས་སེམས་ཅན་སོགས་ནས། གཤེགས། །ཨཱོྃ་གུ་རུ་ཤཱནྟིཾ་ཀྲོ་དྷ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ དེ་ལྟར་སྤྱན་དྲངས་པ་རྣམས་མདུན་གྱི་ནམ་མཁར་བཞུགས་པ་ལ། རང་གི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་བསྟོད་ཕུལ་བས་མཉེས་པར་གྱུར། ཨཱོྃ། ཕྱི་ནང་གསང་བ་བླ་ན་མེད་པ་ཡི། །མཆོད་པའི་སྤྲིན་ཕུང་རབ་འབྱམས་རྒྱ་མཚོ་རྣམས། །མ་ལུས་བློ་ཡིས་བླངས་ཏེ་གུས་འབུལ་གྱིས། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨཱོྃ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ངང་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེའི་རྣམ་འཕྲུལ་སྣ་ཚོགས་སྟོན་མཛད་ཅིང་། །འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པའི་ལྷ། །ཞི་ཁྲོ་རབ་འབྱམས་ཚོགས་ལ་ཕྱག་འཚལ་བསྟོད། །ཅེས་མཆོད་ཅིང་བསྟོད། ཛཿཧཱུྃ་བཾ་ཧོཿསོགས་ནས། ཡེ་ཤེས་སྐུ་མཆོག་ལན་གསུམ་བར་གཏང་། འདིར་ལས་བུམ་རྟ་མགྲིན་བསྐྱེད་བཟླས་འོད་ཞུ་བྱ། དེ་ནས་སློབ་དཔོན་གྱིས་རྡོར་སེམས་ཡང་སྙིང་བསྐུལ་ཏེ་དཔོན་སློབ་ལྷན་ཅིག་པས་ཡིག་དྲུག་བརྒྱ་རྩ་བཟླ། སླར་ཡང་སྡིག་ལྟུང་ལ་གནོང་འགྱོད་དྲག་པོས་དག་ཚང་གི་དབུགས་དབྱུང་སྩོལ་བར་གསོལ་བ་འདེབས་པ་འདི་ཆབས་ཅིག་མཛོད། ཁྲིད་ཡིག་ལྟར། མགོན་པོ་བདག་ནི་སོགས་ནས། མཛད་དུ་གསོལ། བར་དཔོན་སློབ་ཆབས་ཅིག་པས་འདོན། སློབ་དཔོན་གྱིས། དེ་ལྟར་གསོལ་བ་བཏབ་པས་སོགས་ནས། མ་མཐོང་གི་བར་དུ་འབད་པར་བྱ་བ་གལ་ཆེའོ། །རྣལ་འབྱོར་སྤྱི་ཁྲུས་ཀྱི་སྒོ་ནས་སྡིག་སྒྲིབ་ཉམས་ཆག་ཐམས་ཅད་བཤགས་པའི་རྒྱལ་པོ་ན་རཀ་དོང་སྤྲུགས་ཀྱི་ཆོ་ག་བགྱིད་པ་ལ། ཐོག་མར་ལུས་ཀྱི་སྒོ་ནས་ཕྱག་འཚལ་བའི་སླད་དུ་འདུན་པ་འདི་བཞིན་དུ་མཛོད། བླ་མ་བདེ་གཤེགས་རྩ་གསུམ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་ཉི་ཟླ་པདྨའི་གདན་ལ། དབང་པོའི་མངོན་སུམ་འདྲ་བར་ཞལ་ལམ་མེར་བྱིན་ཐིབས་སེ་བཞུགས་པར་གསལ་གདབ་པའི་སྤྱན་སྔར། ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་བརྐྱང་ཕྱག་འཚལ་བ་དང་། ངག་གི་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱི་མཚན་ནས་འབོད་ཅིང་། བཤགས་པའི་ཡིད་རྩེ་གཅིག་པས་དཔོན་སློབ་ཆབས་ཅིག་ཏུ་གསུང་འཚལ། ༼དི༽ན་རཀ་དོང་སྤྲུག་སྐོང་བཤགས་སུ་གྲགས་པ་ལྟར། ཨེ་མ་ཧོ༔ ཕྱོགས་བཅུ་དུས་བཞི་ཀུན་གྱི་བདག་ཉིད་ཆེ༔ སོགས་ནས། རིག་འཛིན་རྒྱལ་བའི་ཞིང་དུ་གྲགས༔ བར་མཉམ་དུ་འདོན། དེ་ནས་སློབ་དཔོན་གྱིས། ངག་གི་སྒོ་ནས་འགྱོད་ཚངས་ཀྱི་བཤགས་པ་བྱ་བ་ནི། ཁྱེད་རང་རྣམས་ཀྱི་སྤྱི་བོར་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞི་ཞིང་འཛུམ་ལ་ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་སྤྲས་ཤིང་རྡོར་དྲིལ་འཛིན་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པ་དང་སྙོམས་པར་འཇུག་པ། ཡབ་ཀྱི་ཐུགས་ཀར་ཟླ་སྟེང་ཐུགས་སྲོག་ཧཱུྃ་དཀར་སྔགས་ཕྲེང་དང་བཅས་པ་གསལ་ཐོབས་ལ། ཉམས་ཆག་སྡིག་ལྟུང་བཤགས་པའི་ཕྱིར་གདུང་བ་དྲག་པོས་གསོལ་འདེབས་ཀྱི་ཚུལ་དུ་གསང་སྔགས་བཟླ་ཞིང་། སྔར་བྱས་སྡིག་ལྟུང་ལ་གནོང་འགྱོད་ཀྱི་སེམས་དང་། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བགྱིད་པའི་དམ་བཅའ་བཅས་དམིགས་བཟླས་བགྱིས་པས། ཐུགས་སྲོག་སྔགས་ཕྲེང་ལས་བདུད་རྩིའི་རྒྱུན་བྱུང་། སྐུའི་དབྱིབས་བརྒྱུད། སྦྱོར་མཚམས་ནས་བབ། རང་རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་གང་། སྡིག་ལྟུང་དམ་ཚིག་ཉམས་ཆག་ཐམས་ཅད་རྣག་ཁྲག་དུད་ཁུ་ལ་སོགས་པའི་རྣམ་པར་དབང་པོའི་སྒོ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་ཐོན་པར་མོས་པ་སྟེ། བདུད་རྩི་འབེབ་སྦྱོང་གི་དམིགས་གནད་ལ་ནན་ཏན་བསྐྱེད་དེ་ཡིག་བརྒྱ་ལྷན་ཅིག་གསུང་འཚལ། ཡིག་བརྒྱ་གང་འགྲུབ་བཟླར་གཞུག །དེ་ལྟར་བཤགས་ཤིང་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་གསང་བ་གསུམ་དང་རོ་གཅིག་ཏུ་གྱུར་པར་མོས་ཤིག །དེའི་ཕན་ཡོན་ནི། གཞུང་ལས། འདི་དག་དག་པར་སོགས་ན་རཀ་སྐོང་བཤགས་ལྟར། སྲས་སུ་སྐྱེ༔ ཞེས་རྡོ་རྗེའི་གསུངས་མི་བསླུ་བའི་ཐ་ཚིག་ཅན་དེ་ལ་ངེས་ཤེས་སྐྱེད་ཅིག །སླར་ཡང་དུས་གསུམ་དུ་བསགས་པའི་སྡིག་ལྟུང་གི་ཚོགས་ལ་གནོང་འགྱོད་དྲག་པོ་དང་བཅས་ཏེ་མཐོལ་ཞིང་བཤགས་ནས། སླན་ཆད་མི་བགྱིད་པའི་སྡོམ་སེམས་ཀྱི་ཞེ་གཅད་དྲག་པོ་དང་བཅས་པས་འདི་སྐད་ཆབས་ཅིག་ཏུ་གསུང་འཚལ། ཧོ༔ ཞི་ཁྲོ་རབ་འབྱམས་དགོངས་སུ་གསོལ༔ སོགས་ནས། མཁའ་འགྲོ་དམ་ཅན་སྤྱན་སྔར་བཤགས༔ དེ་ནས་སློབ་དཔོན་གྱིས། དེ་ནས་ཡིད་ཀྱི་སྒྲིབ་པ་སྦྱང་ཕྱིར་ལྟ་བའི་ཀློང་བཤགས་བྱ་བ་ནི། ཁྱེད་རང་རྣམས་ལུས་གནད་རྡོ་རྗེའི་སྐྱིལ་ཀྲུང་གིས་འཁོད་དེ། དེ་ལྟ་བུའི་བཤགས་བྱ་བཤགས་བྱེད་ཀྱི་སྤྲོས་པ་ཐམས་ཅད་གདོད་ནས་མ་གྲུབ་པའི་རང་ངོ་ལ་མཉམ་པར་བཞག་སྟེ། ཡེངས་མེད་ཀྱི་ངང་ནས་འདི་སྐད་གསུང་འཚལ། དེ་ཡང་ཀུན་གཞི་སོགས་ནས། དབྱེ་བསྲི་མེད་པའི་ཀློང་དུ་བཤགས་པར་བགྱི༔ སློབ་དཔོན་གྱིས། དེ་དག་དང་རྗེས་སུ་འབྲེལ་བ་དམ་རྫས་བདུད་རྩི་དང་། རཀྟ། ཚོགས་གཏོར། སྣང་གསལ་མར་མེའི་མདངས་རྣམས་ཀྱིས་བསྐང་བའི་རིམ་པ་འདི་དག་ཀྱང་ཆབས་ཅིག་ཏུ་མཛད་འཚལ། ཧཱུྃ༔ མ་བཅོས་རང་བྱུང་སོགས་སྐོང་ཆོག་རྣམས་མཐར་ཆགས་སུ་གཏང་ཞིང་བར་སྐབས་སུ་མཆོད་རོལ་ཡང་བྱ། དབང་གཞུང་མར་མེའི་པྲ་བརྟག་ལ་དམ་སྐོང་གི་རྟགས་མ་བྱུང་བར་དུ་འབད་པ་ཆེན་པོས་ལན་གྲངས་དུ་མར་བསྐྱར་དགོས་པར་གསུངས་པ་བཞིན་གལ་ཆེ་ཡང་། འདྲ་འབག་གི་སྐབས་སུ་འདི་ཙམ་གྱིས་འཐུས་པར་བྱས་ནས། སླར་ཡང་སྐོང་བསྡུས་ཉིད་ཚར་གྲངས་ཇི་ལྟར་འདོད་པ་བཏང་བས་ས་བཅད་ཚང་བར་འགྱུར། གང་ལྟར་ཡང་། སླར་ཡང་ཐུགས་གཞན་དུ་མ་ཡེངས་པར་བཤགས་པའི་རྒྱལ་པོ་བརྗོད་མེད་དོན་གྱི་བཤགས་པ་འདི་ཆབས་ཅིག་མཛད་འཚལ། སླར་ཡང་ཡེ་ཤེས་སྐུ་མཆོག་ཚར་གསུམ་ངེས་པར་བྱ། དེ་ལྟར་དམ་སྐོང་དོང་སྤྲུག་གི་ཆོ་ག་ཟབ་མོའི་མཐུ་ལ་བརྟེན་ནས་སློབ་བུའི་རྒྱུད་ལ་ཆགས་པའི་རྟོག་སྒྲིབ་ཉམས་ཆག་ཐམས་ཅད་ལྷག་མ་མེད་པར་དག་ཚངས་སུ་གྱུར་པ་ལ། གཏང་རག་གི་དོན་དུ་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱི་ནང་གི་མཆོད་ཅིང་བསྟོད་པ་འབུལ་བ་ཡིན་པས། བརྗོད་ཚིག་དང་མཐུན་པའི་ཏིང་ངེ་འཛིན་གསལ་འདེབས་འཚལ། འཇིག་རྟེན་འདི་འམ་སོགས་རིན་ཆེན་དབང་གི་ཕྲེང་བར་འབྱུང་བ་སྔར་བཞིན། ཞི་ཁྲོ་རབ་འབྱམས་ཚོགས་ལ་ཕྱག་འཚལ་བསྟོད། །བར་བརྗོད། དེ་དག་རྣམས་ཀྱི་སྒོ་ནས་སྣོད་ཀྱི་དྲི་མ་བཀྲུ་བ་དང་མཚུངས་པ་སྡིག་སྒྲིབ་སྦྱོང་བྱེད་ཆོ་ག་གྲུབ་ནས། བཅུད་ཁྱད་པར་ཅན་སྨིན་གྲོལ་གྱི་གདམས་ངག་སེངྒེའི་འོ་མ་ལྟ་བུ་འདི་ཉིད་བླུག་པའི་སྣོད་སྦྱངས་པའི་གསེར་སྣོད་ལྟ་བུ་བསོད་ནམས་དཔག་ཏུ་མེད་པ་དང་ལྡན་པའི་སྐྱེས་བུ་དགོས་པས། དེའི་ཕྱིར་ན། དྲུག་པ་བླ་མའི་རྣལ་འབྱོར་ནི། ཟབ་མོའི་ལམ་གྱི་སོགས་ཁྲིད་ཡིག་ལྟར། སྔོན་འགྲོ་ཐུན་མོང་བའི་དབང་དུ་བྱས་པའོ།། །།བར་དང་། ཚོགས་ཀྱི་དགའ་སྟོན་འོག་ནས་འབྱུང་བ་བཞིན་འདིར་བྱ་ཞིང་། དེ་ལྟར་ཁྱེད་རང་རྣམས་སྣོད་ཁྱད་པར་ཅན་དུ་ཆོ་ག་ཟབ་མོའི་མཐུས་གྲུབ་པ་ལ། སློབ་དཔོན་དཀྱིལ་འཁོར་པ་དང་བཅས་པས་བཀྲ་ཤིས་ཀྱི་གླུ་དབྱངས་ལྡིར་ཞིང་མེ་ཏོག་གི་སིལ་མ་ཆར་དུ་བསྙིལ་བས་དགེ་ལེགས་སུ་སྤེལ་ཞིང་། ལྷ་ཚོགས་རྣམས་ཀྱང་སློབ་མ་ལ་གཉིས་སུ་མེད་པར་ཐིམ་ནས་རྒྱུད་བྱིན་གྱིས་བརླབས་ཤིང་། ཕྱིན་ཆད་ཉེས་ལྟུང་གི་ཕྱོགས་ལས་རྣམ་པར་རྒྱལ་བའི་མཐུ་དབང་དངོས་གྲུབ་ཐོབ་པར་མོས་ཤིག །བཀྲ་ཤིས་ཇི་ལྟར་འོས་པ་དང་དགེ་བསྔོ་བཅས་བྱའོ།། ཨཱཿ བྱིན་རླབས་སྒོ་འབྱེད་མཁའ་འགྲོའི་བརྡ་དབང་དང་སྦྲེལ་ན། བཀྲ་ཤིས་གྲུབ་ནས། དེ་དག་གི་སྒོ་ནས་རྒྱུད་དག་བྱེད་ཀྱི་ཆོ་ག་ལེགས་པར་གྲུབ་ནས། ཞེས་མཚམས་སྦྱར་ནས། དཀྱུས་བསྟན་ལ་འཇུག །སོ་སོར་བྱེད་ཚེ། སློབ་མར་ཁྲུས་བྱས་གྲལ་དུ་འཁོད་པ་ལ། སེམས་བསྐྱེད་གསལ་གདབ་ལ་མཚམས་སྦྱོར་འབྲེལ་ཆགས་སྦྱར་རྗེས་འདིར་འཇུག །སྤྱི་དོན་གཉིས་པ་བཅུད་ཁྱད་པར་ཅན་དུ་བསྒྲུབ་པའི་ཕྱིར་དབང་དངོས་ལ་རྣམ་གྲངས་བརྒྱད་ལས། དང་པོ་བྱིན་རླབས་ཀྱི་སྒོ་འབྱེད་པ་མཁའ་འགྲོའི་བརྡ་དབང་ཟབ་མོ་བགྱིད་པའི་སྐབས་སུ་བབས་པ་སྟེ། དེ་ལའང་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་སྔོན་འགྲོ་ནི། བྱུར་དང་མི་ཤིས་མཐའ་དག་བསལ་བའི་སླད་དུ་སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་དང་། ཁྲོ་བོའི་ཚོགས་ཀྱིས་སློབ་མའི་སྒོ་གསུམ་ལ་འཚེ་ཞིང་བྱང་ཆུབ་བསྒྲུབ་པའི་ལམ་ལ་བར་ཆད་བྱེད་པའི་འབྱུང་པོ་ཐམས་ཅད་རྒྱང་རིང་དུ་བསྐྲད་པར་མོས་ཤིག །རོལ་མོའི་སྒྲ་དང་གུལ་ཡུངས་བཅས་ཧཱུྃ་བཞིའི་དྲག་སྔགས་བཟླས་པས་བགེགས་བསྐྲད། གཞུང་ལས་དངོས་བསྟན་དུ་མེད་ཀྱང་དོན་གྱི་ཐོབ་པས། སླར་ཁྲོ་ཚོགས་འོད་ཟེར་དང་བཅས་པ་ཚུལ་འདུས་པས། ཕྱི་རོལ་དུ་རྡོ་རྗེའི་སྲུང་བའི་གུར་ཁང་མེ་རི་དང་བཅས་པས་སྲུང་མཚམས་ཀྱི་དཀྱིལ་འཁོར་རབ་ཏུ་བརྟན་པར་གྱུར་པར་མོས་ཤིག །བཛྲ་རཀྵ་ཛྭ་ལ་བྷྲཱུྃ། ཞེས་སྲུང་འཁོར་གསལ་བཏབ། གཉིས་པ་དངོས་གཞི་ནི། ཐུགས་འདུན་འདི་བཞིན་དུ་མཛོད། སློབ་དཔོན་སྐད་ཅིག་གིས་ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ་མཐིང་ནག་རྡོ་རྗེ་དང་དྲིལ་བུ་འཛིན་པའི་པང་དུ་མཁར་ཆེན་བཟའ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གཉིས་ཀ་རིན་པོ་ཆེ་དང་རུས་པས་བརྒྱན་པ་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པར་སྒོམས་ཤིག །སློབ་མའི་གནས་གསུམ་དུ་དྲིའི་ཐིག་ལེ་རེ་བཀོད། དྲི་ཡི་ཐིག་ལེ་བཀོད་པས་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་པའི་རྐྱེན་གྱིས། སློབ་མ་རྣམས་པད་ཟླའི་སོགས་ནས། དཀྱིལ་ན་ཡོད་པར་གསལ་ཐོབས། སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་ལ་བརྟེན་ནས་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། སྟེང་ཕྱོགས་ཀྱི་ནམ་མཁའི་དབྱིངས་སུ་རྡོ་རྗེ་ཕག་མོ་མཐིང་ནག་གྲི་གུག་དང་ཐོད་ཁྲག་འཛིན་མ་ལ་སངས་རྒྱས་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་ནས་སློབ་མའི་སྙིང་གར་ཐིམ་པས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས། རྐང་འོག་གི་གཡུང་དྲུང་འཁྱིལ་བ་གཡོན་དུ་འཁྱིལ་ལེར་འཁོར་བས། ནམ་མཁའི་མཐོངས་ནས་ཕར་བུན་བུན་དུ་ཡོད་པར་སྒོམས་ཤིག །རོལ་མོའི་སྒྲ་དང་ཚིལ་གུལ་གྱི་དུད་པ་དང་། ཨཱོྃ་བུདྡྷ་ཌ་ཀི་ནཱི་སོགས་ཤམ་ཅན་དྲག་ཏུ་བཟླས་པས་བྱིན་དབབ། སླར་ཡང་སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་ལ་བརྟེན་ནས་སོགས། དམིགས་བསལ། སྟེང་ཕྱོགས་སོགས་ཀྱི་མལ་དུ། ཤར་ཕྱོགས་ཀྱི་ནམ་མཁའ་ནས་རྡོ་རྗེ་མཁའ་འགྲོ་སྔོན་མོ་རྡོ་རྗེ་དང་ཐོད་ཁྲག་འཛིན་མ་ལ། རང་འདྲའི་རྡོ་རྗེ་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས། སློབ་མའི་སྤྱི་བོར་ཐིམ་པས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུའི་བྱིན་རླབས་སོགས་དང་། འབེབ་སྔགས་ཨཱོྃ་བཛྲ་ཌཱ་ཀི་ནཱི་ཧ་རི་ནི་ས་ས་མ་ཡ་ཛཿཛཿ བཛྲ་པྲ་ཝེ་ཤ་ཡ་ཧོཿ ཞེས་བསྒྱུར་བ་བཅས་ཁྱད་པར་རོ། །དེ་བཞིན་དུ། སླར་ཡང་སློབ་དཔོན་ལ་སོགས་དང་། ལྷོ་ཕྱོགས་ཀྱི་ནམ་མཁའ་ནས་རིན་ཆེན་མཁའ་འགྲོ་གསེར་མདོག་རིན་པོ་ཆེ་དང་ཐོད་ཁྲག་འཛིན་མ་ལ། རང་འདྲའི་རིན་ཆེན་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས། སློབ་མའི་མགྲིན་པར་ཐིམ་པས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་སོགས་དང་། ཨཱོྃ་རཏྣ་ཌཱ་ཀི་ནཱི་ཧ་རི་སོགས་བསྒྱུར། ནུབ་ཕྱོགས་ནས་པདྨ་མཁའ་འགྲོ་དམར་མོ་པདྨ་དང་ཐོད་ཁྲག་འཛིན་མ་ལ། རང་འདྲའི་པདྨ་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས། སློབ་མའི་ལྟེ་བར་ཐིམ་པས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་བྱིན་རླབས་སོགས་དང་། ཨཱོྃ་པདྨ་ཌཱ་ཀི་ནཱི་ཧ་རི་སོགས་བསྒྱུར། བྱང་ཕྱོགས་ནས་ལས་ཀྱི་མཁའ་འགྲོ་ལྗང་གུ་སྣ་ཚོགས་རྡོ་རྗེ་དང་ཐོད་ཁྲག་འཛིན་མ་ལ། རང་འདྲའི་ལས་ཀྱི་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས། སློབ་མའི་གསང་བར་ཐིམ་པས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བྱིན་རླབས་སོགས་དང་། ཨཱོྃ་ཀརྨ་ཌཱ་ཀི་ནཱི་ཧ་རི་སོགས་འབྱིན་འཇུག་བཅས་བྱིན་དབབ། དེ་ལྟར་བྱིན་དབབ་པས་འཁྲབ་པ་དང་སོགས། ཕེབས་པའི་རྟགས་སུ་གསུངས་པ་རྣམས་ཇི་ལྟར་བྱུང་ཡང་། དགག་སྒྲུབ་མེད་པར་མ་བཅོས་རྣལ་མའི་དེ་བཞིན་ཉིད་ཀྱི་དགོངས་ཉམས་བསྐྱང་འཚལ། དེ་དག་གིས་མཁའ་འགྲོའི་བྱིན་རླབས་འཇུག་ཅིང་དབང་གི་སྒོ་འབྱེད་པས་བར་ཆད་མེད་ཅིང་དངོས་གྲུབ་ཕུན་སུམ་ཚོགས་པའི་སྐལ་པ་རྒྱུད་ལ་འཇོག་པར་བྱེད་པ་ཡིན་ཞིང་། མཐའ་རྒྱས་ཀྱི་ཡན་ལག་དགའ་སྟོན་ཚོགས་ཀྱི་འཁོར་ལོའི་མཆོད་པས་བཀྲ་ཤིས་པར་བྱ་བ་ལ། དཔོན་སློབ་ལྷན་ཅིག་པས་འཇུག་པ་ཞུ། འདིར་མཁའ་འགྲོ་སྙིང་ཐིག་གཞུང་གི་ཚོགས་མཆོད་ཉིད་མཛད་དགོས་ཀྱང་། རིན་གཏེར་དཀྱུས་གཅིག་ཏུ་རྫོགས་པའི་སྐབས་ཟོར་ཡངས་པའི་ཆེད་དུ་མདོར་བསྡུས་པ་ནི། ལས་སློབ་ཀྱིས་ཕྱག་དང་མཎྜལ་ཕུལ་ནས། ཧོཿ རང་བཞིན་རྣམ་པར་དག་པའི་དཀྱིལ་འཁོར་འདིར། རྡོ་རྗེའི་སློབ་དཔོན་སློབ་མར་བཅས་པ་རྣམས་ཟབ་མོ་རྡོ་རྗེའི་རྣལ་འབྱོར་ལ་འཇུག་པ་ཞུ། ཞེས་བསྐུལ་ནས་ཨཱོྃ་ཧྱ་གྲཱི་ཝ་ཧཱུྃ་གིས་ང་རྒྱལ་གཟུང་། ཨཱོྃ་ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྷྲཱྀ་ཝ་ར་ཙ་ཧྲི་ཡ་ཧ་རི་ནི་ས་རཀྵ་ཨུ་ཙ་ཏ་ཡ་ཕཊ་ཀྱིས་བགེགས་བསྐྲད། ཨཱོྃ་བཛྲ་རཀྵ་རཀྵ་ཧཱུྃ་གིས་སྲུང་འཁོར་བསྒོམ། ཚོགས་རྟེན་དཀོན་མཆོག་ཀུན་བཟང་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་ནམ་མཁའ་གང་བར་སད་པར་མོས་ལ། སྐྱབས་སེམས་ནི། དཀོན་མཆོག་བླ་མ་རྩ་གསུམ་དང་། །ཀུན་བཟང་ཞི་ཁྲོའི་ལྷར་སྐྱབས་མཆི། །འགྲོ་དྲུག་སེམས་ཅན་ཀུན་བསྒྲལ་ཕྱིར། །བྱང་ཆུབ་སེམས་གཉིས་བསྐྱེད་ཅིང་གཟུང་། །ལན་གསུམ། སྐྱབས་ཡུལ་རྣམས་རང་ལ་ཐིམ་པར་མོས། ལྷ་གསལ་གདབ་པ་ནི། སྭ་བྷཱ་ཝས་གཉིས་རྟོག་སྦྱང་། ཆོས་སྐུ་མ་སྐྱེས་མཉམ་པ་ཆེན་པོ་ལས། །འབྱུང་བ་རིམ་བརྩེགས་ཉི་ཟླ་པདྨའི་སྟེང་། །བྷྲཱུྃ་ལས་གཞལ་ཡས་ཁང་པ་རྒྱན་བཀོད་རྫོགས། །དེ་དབུས་བདེ་གཤེགས་རིགས་ལྔ་ཡབ་ཡུམ་དང་། །སེམས་དཔའ་སེམས་མ་སྒོ་སྐྱོང་ཐུབ་པ་དྲུག །སྣང་ལ་རང་བཞིན་མེད་པའི་མདངས་འོད་ལས། །སྟེང་ཁང་འཇིགས་རུང་ཁྲོ་བོའི་ཞིང་ཁམས་དབུས། །རིགས་ལྔའི་ཁྲག་འཐུང་ཡབ་ཡུམ་ཀེ་སེང་དང་། །སྒོ་སྐྱོང་དབང་ཕྱུག་མ་ཚོགས་འཁོར་བཅས་རྣམས། །རྒྱན་རྫོགས་གསལ་བརྟན་འོད་ཟེར་འབར་བར་གྱུར། །ཞེས་རྟེན་བསྐྱེད། ནམ་མཁའི་དཀྱིལ་ནས་ཞི་ཁྲོའི་དཀྱིལ་འཁོར་པ། །སྣོད་བཅུད་ཡོངས་རྫོགས་སྤྱན་དྲངས་གནས་བདག་ལ། །ཐིམ་པས་སྐྱེ་མེད་འོད་གསལ་ཆེན་པོའི་དབྱིངས། །ཞིང་སྐུ་དག་རྫོགས་ལྷ་ཡི་འཁོར་ལོར་གྱུར། །ཞེས་སྣོད་བཅུད་ལྷ་དང་དཀྱིལ་འཁོར་དུ་གསལ་གདབ། དེ་ལས་འོད་འཕྲོས་བླ་མ་ཡི་དམ་ལྷ། །ཞི་ཁྲོ་རབ་འབྱམས་སྤྱན་དྲངས་གཉིས་མེད་གྱུར། །སྤོས་རོལ་བཅས། ཧཱུྃ། མཉམ་པའི་དབྱིངས་ནས་རང་སྣང་ཐུགས་རྗེའི་ལྷ། །ཀུན་བཟང་རིགས་ལྔ་བླ་མ་ཡབ་ཡུམ་ཚོགས། །མཁའ་འགྲོ་དམ་ཅན་རྒྱལ་བའི་འཁོར་ལོ་རྣམས། །བསོད་ནམས་ཞིང་དུ་སྤྱན་འདྲེན་གཤེགས་སུ་གསོལ། །ཨཱོྃ་བཛྲ་ས་མ་ཡ་ཛཿས་སྤྱན་དྲངས་ནས། སྔར་བསྐྱེད་པའི་དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་བཞུགས་པ་ལ། ཨཱོྃ་པདྨ་ཙནྡྲ་སུརྻ་མ་དྷ་ལ་ཀ་མ་ལཱ་ཡེ་སྟྭཾ། གྱིས་གདན་འབུལ། ཧཱུྃ། དུས་གསུམ་བདེ་གཤེགས་མཁའ་འགྲོའི་སྤྱན་ལམ་དུ། །ནམ་མཁའི་མཐར་ཁྱབ་ལུས་སྤྲུལ་གུས་ཕྱག་འཚལ། །དུག་ལྔ་རྣམ་དག་ཡེ་ཤེས་གྲུབ་པའི་རྫས། །འཆི་མེད་བདུད་རྩི་རྒྱལ་བའི་དཀྱིལ་འཁོར་འབུལ། །ཨཱོྃ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། ཞེས་ཕྱག་དང་བདུད་རྩིས་མཉེས་པར་བྱ། ཐབས་ཤེས་ཀྱི་ཚོགས་རྫས་ལ་བདུད་རྩི་འཐོར་ཞིང་། སྭ་བྷཱ་ཝས་སྦྱང་། སྟོང་ལས་རླུང་མེ་ཐོད་སྒྱེད་སྟེང་། །ཨ་ལས་ཐོད་པའི་སྣོད་ཡངས་པར། །ཡོ་བྱད་ཤ་ལྔ་བདུད་རྩི་ལྔ། ཁ་ཆོད་ཟླ་དཀྱིལ་རྡོ་རྗེ་ལ། །ཡི་གེ་གསུམ་དང་འབྲུ་ལྔས་མཚན། །བདག་ཐུགས་འོད་ཀྱིས་མེ་རླུང་བསྐུལ། །ཞུ་ཁོལ་རླངས་པས་འབྲུ་ལྔ་པོ། །རིགས་ལྔ་ཡབ་ཡུམ་གསལ་བར་གྱུར། །བདེ་ཆེན་སྦྱོར་བའི་བྱང་སེམས་རྒྱུན། །བཅུད་དང་འདྲེས་པས་བདུད་རྩིར་ཞུ། །སླར་ཡང་འབྲུ་གསུམ་འོད་ཟེར་གྱིས། །རྒྱལ་བ་ཀུན་བསྐུལ་རྗེས་ཆགས་ཀྱི། །སེམས་རྒྱུན་ཐོད་པའི་བདུད་རྩིར་འདྲེས། །རིགས་ལྔ་རྡོ་རྗེ་ཟླ་བ་ཡང་། །འོད་ཞུ་བདུད་རྩིར་རོ་གཅིག་པས། །ཡེ་ཤེས་སྤྲིན་དུ་འཆར་བར་གྱུར། །ཞེས་བྱིན་གྱིས་བརླབ། མཆོད་པའི་ཁྱད་པར་རྣམ་པ་དྲུག་འབུལ་བ་ནི། བླ་མ་ཡི་དམ་མཁའ་འགྲོ་ལ། །ལྷ་རྫས་ཕྱི་མཆོད་རྣམ་ལྔ་དང་། །ནང་མཆོད་དུར་ཁྲོད་རྫས་ཀྱིས་མཆོད། །གསང་བ་མཉམ་སྦྱོར་དགྱེས་མཆོད་དང་། །ཡང་གསང་མཉམ་ཉིད་རོལ་པས་མཆོད། །རྩ་བརྒྱད་སྟོང་སྦྱར་བདུད་རྩི་དང་། །འདོད་ཡོན་གཏོར་མའི་མཆོད་པ་འབུལ། །ཞེས་དང་། ཨཱོྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་སརྦ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧིའི་སྔགས་ལན་བདུན་ནམ་ལྔས་འབུལ། ཚོགས་མཆོད་དངོས་ནི། ཕུད་དང་པོ་གཏོར་མར་བྲན་ལ། ཀུན་བཟང་ཡབ་ཡུམ་ཞི་ཁྲོ་རབ་འབྱམས་ཚོགས། །དུས་གསུམ་བདེ་གཤེགས་རིག་འཛིན་བླ་མ་དང་། །སློབ་དཔོན་ཆེན་པོ་པདྨ་ཡབ་ཡུམ་ལ། །བདེ་ཆེན་ཚོགས་ཀྱི་མཆོད་པ་དམ་པ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །སྐུ་གསུང་ཐུགས་ཀྱི་ཉམས་ཆག་བསྐང་གྱུར་ཅིག །རྡོ་རྗེ་ཕག་མོ་བདེ་གཤེགས་རིགས་ཀྱི་ཡུམ། །མཁའ་འགྲོ་སྡེ་ལྔ་སོ་སོའི་སྤྲིན་ཚོགས་དང་། །སྲོག་སྒྲུབ་ལ་སོགས་དམ་ཅན་རྒྱ་མཚོའི་ཚོགས། །སྔོན་ཚེ་སློབ་དཔོན་པདྨའི་སྤྱན་སྔ་རུ། །སྙིང་ཐིག་བསྟན་པ་སྲུང་བར་ཞལ་བཞེས་པ། །ཡེ་ཤེས་འཇིག་རྟེན་ལས་གྲུབ་ཚོགས་བཅས་དང་། །དཔལ་མགོན་གཞི་བདག་མགྲོན་རིགས་ཐམས་ཅད་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང་། །དགྱེས་མཛད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །མི་མཐུན་རྐྱེན་རྣམས་མ་ལུས་ཟློག་པ་དང་། །རྣལ་འབྱོར་བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །ཅེས་རོལ་མོ་དང་བཅས་པས་མཆོད་ནས་བསྟོད་ཅིང་བཤགས་པ་ནི། ཧཱུྃ། ངང་ཉིད་མ་སྐྱེས་ཆོས་སྐུ་དག་པ་ལས། །སྐྱེ་བའི་ཆོ་འཕྲུལ་སྣ་ཚོགས་སྟོན་མཛད་པ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད། །ཧཱུྃ། དུས་གསུམ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །དཔང་གྱུར་དམ་ཅན་རྒྱ་མཚོ་དགོངས་སུ་གསོལ། །ཡེ་ཤེས་མཁའ་འགྲོ་ཡབ་ཡུམ་ཆོས་ཀྱི་སྐུ། །ཡེ་ནས་བདག་དང་དབྱེ་བ་མེད་པ་ལས། །མ་རིག་དབང་གིས་བདག་གཞན་གཉིས་སུ་སྣང་། །གཉིས་འཛིན་ཐེ་ཚོམ་ལོག་ལྟ་ཅི་བགྱིས་པ། །རང་དྭངས་རིག་པའི་ཀློང་དུ་མཐོལ་ལོ་བཤགས། །བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ། །ཧཱུྃ། རིགས་ལྔའི་མཁའ་འགྲོ་གཙོ་འཁོར་དགོངས་སུ་གསོལ། །ཡིད་དཔྱོད་ལྟ་བས་མཐའ་བྲལ་དོན་མ་རྟོགས། །ཞེན་འཛིན་འཆིང་བས་བསྐྱེད་རྫོགས་དོན་མ་གསལ། །དུས་ལ་མ་བབ་སྤྱོད་པ་ཆོས་དང་འགལ། །རེ་དོགས་དབང་གིས་འབྲས་བུ་གཞན་ནས་བཙལ། །བྱར་མེད་ཕྲིན་ལས་རྣམ་བཞིའི་དོན་མ་ཤེས། །གསང་བའི་གཞུང་ལས་འགལ་བ་ཅི་བགྱིས་ཀུན། །མཉམ་ཉིད་རང་གྲོལ་ཀློང་དུ་མཐོལ་ལོ་བཤགས། །བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ། །ཧཱུྃ། མ་སྲིང་མཁའ་འགྲོ་དམ་ཅན་རྒྱ་མཚོ་དགོངས། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པ། །ཕྱི་ནང་གསང་མཆོད་བདུད་རྩི་གཏོར་མ་དང་། །ཞལ་ཟས་ཚོགས་ཀྱི་མཆོད་པས་སོ་སོར་བཤགས། །བདག་གིས་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་དང་། ཡི་གེ་བརྒྱ་པ་བརྗོད། བྷྱོ། འཁོར་ལོ་ཡེ་ཤེས་གཞལ་ཡས་དང་། །གནས་ཡུལ་དུར་ཁྲོད་ཞིང་ཁམས་ནས། །གཙོ་མོ་རྡོ་རྗེ་མཁའ་འགྲོ་དང་། །རིགས་ལྔའི་མཁའ་འགྲོ་དཔལ་འབར་མ། །དཔའ་བོ་དཔའ་མོ་ཉི་ཤུ་བཞི། །རི་རབ་རྡུལ་མཉམ་མཁའ་འགྲོ་རྣམས། །མཛེས་སྒེག་རོལ་པ་ཅིར་ཡང་སྟོན། །མ་ངེས་རྣམ་འགྱུར་སྤྱོད་པ་ཅན། །སྐལ་ལྡན་བདེ་ཆེན་ཡེ་ཤེས་བསྐྱེད། །སྐལ་བ་མེད་པའི་ཚེ་བཅུད་ལེན། །ཉམས་པའི་དགྲ་ལ་ཆད་པ་གཅོད། །དམ་ཚིག་བཀའ་ཡི་གཉེར་འཛིན་རྣམས། །དམ་རྫས་བདུད་རྩིའི་མཆོད་པ་དང་། །ཚོགས་གཏོར་འདོད་ཡོན་འདི་བཞེས་ལ། །འཁོར་སྲུངས་རྐྱེན་ཟློགས་བར་ཆད་སོལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་ཕྲིན་ལས་བཅོལ། ཚོགས་བར་པ་ལས་སློབ་ཀྱིས་བཏེགས་ལ། ཧོཿ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ། །ཞེས་པས་དྲངས། ཨ་ལ་ལ་ཧོཿ ཞེས་དཔོན་སློབ་ཀུན་གྱིས་བླངས་ཤིང་ནང་གི་སྦྱིན་སྲེག་ཏུ་མཆོད་ཅིང་རོལ། ལྷག་མ་བསྡུས་པར་གཙང་ལྷག་གིས་མནན། ཞལ་ཆབ་ཀྱིས་བྲན། ཨཱོྃ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། བྷྱོ། ལས་ཀྱི་མཁའ་འགྲོ་མི་བསྲུན་མ། །འཇིག་རྟེན་མཁའ་འགྲོ་རྫུ་འཕྲུལ་ཅན། །ཤ་ཟ་མཁའ་འགྲོ་ཡང་སྤྲུལ་དང་། །གཞན་ཡང་མཁའ་འགྲོའི་ཚོགས་མང་པོ། །ལྷག་མའི་གཏོར་མ་འདི་ཁྱེར་ལ། །བགེགས་དང་བར་ཆད་ཞི་བ་དང་། །ཡིད་ལ་བསམ་པ་ཀུན་འགྲུབ་མཛོད། །ཨཱོྃ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། ཞེས་པས་ལྷག་གཏོར་བཏང་། ཟོར་འཕེན་ཕྱིན་དབང་གི་སྐབས་འདི་སོགས་རྒྱུན་དུ་བྱ་བ་གལ་མི་ཆེ་བས་མ་སྤྲོས། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་བསྩལ་པ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་དང་ཡི་གེ་བརྒྱ་པས་ཉམས་ཆག་བཤགས། ཡེ་ཤེས་རྣམ་དག་ལྷུན་གྱིས་གྲུབ་པའི་ལྷ། །བླ་མ་བདེ་གཤེགས་ཡེ་ཤེས་མཁའ་འགྲོ་དང་། །དུས་རྣམ་ཀུན་ཏུ་འདུ་འབྲལ་མེད་པ་ཡི། །བདེ་ཆེན་ས་ལ་རྟག་ཏུ་རོལ་པར་ཤོག །ཧེ་རུ་ཀཿདཔལ་གྲོང་ཁྱེར་དུ། །ཚོགས་ཀྱི་འཁོར་ལོས་མཆོད་པ་ཡིས། །བདག་དང་འགྲོ་བ་མ་ལུས་ཀུན། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ། བཛྲ་མུཿས་ཡེ་ཤེས་ཀྱི་འཁོར་ལོ་གཤེགས། ཨཱོྃ་ཨཱཿཧཱུྃ་ཛཿཧཱུྃ་བཾ་ཧོཿས་དམ་ཚིག་གི་འཁོར་ལོ་རང་ལ་བསྟིམ། ངོ་བོ་རང་བཞིན་ཐུགས་རྗེ་མངོན་དུ་གྱུར། །བླ་མ་ཡི་དམ་མཁའ་འགྲོའི་བྱིན་རླབས་དང་། །སྐུ་ལྔ་ཡེ་ཤེས་རོལ་པའི་བཀྲ་ཤིས་ཀྱིས། །འཁོར་འདས་ཡོངས་གྲོལ་མཆོག་གི་བཀྲ་ཤིས་ཤོག །ཅེས་རོལ་མོའི་སྒྲ་དང་མེ་ཏོག་གི་ཆར་གྱིས་དགེ་ལེགས་ཀྱི་མཚན་མ་ཕྱོགས་མཐར་ཁྱབ་པར་བྱའོ། །དེ་རྣམས་ཀྱི་སྒོ་ནས་བྱིན་རླབས་ཀྱི་སྒོ་འབྱེད་པ་མཁའ་འགྲོའི་བརྡ་དབང་ཟབ་མོ་ཡན་ལག་དང་བཅས་པ་གྲུབ་པས། མཁའ་འགྲོའི་བྱིན་རླབས་འཇུག་ཅིང་དབང་གི་སྒོ་འབྱེད་པས་བར་ཆད་མེད་ཅིང་དངོས་གྲུབ་ཕུན་སུམ་ཚོགས་པ་འབྱུང་བར་འགྱུར་བ་ཡིན་ནོ།། ༧ །།དེ་ནས་བུམ་དབང་གི་སྔོན་འགྲོ་ཐུན་མོང་གི་འཇུག་པ་སྦྲེལ་དགོས་པས། གཉིས་པ་ལུས་ཀྱི་སྒྲིབ་པ་སྦྱང་ཞིང་སྤྲུལ་པའི་སྐུར་གྲོལ་བར་བྱེད་པ་སྤྲོས་བཅས་ཕྱི་བུམ་པའི་དབང་བསྐུར་བ་ལ་གསུམ་ལས། དང་པོ་སྔོན་འགྲོ་ལའང་ཐུན་མོང་དང་། ཐུན་མིན་གཉིས་ཡོད་པ་ལས། དང་པོ་ཐུན་མོང་གི་འཇུག་པ་སྦྱིན་པ་ལ། ཐོག་མར་གུས་པའི་འདུད་ཕྱག་སྔོན་དུ་འགྲོ་བས། མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱར་ཞིང་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱཻ༔ ཀུན་བཟང་རྡོ་རྗེ་སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ལན་དུ་ཉམས་ལེན་ལ་བརྩོན་པར་ནུས་སམ་དྲི་བ་བགྱིད་པ་ལགས་ཏེ། ཀྱཻ༔ རིགས་ཀྱི་བུ་མཆོག་སོགས། ཞེས་དྲིས་པའི་ལན་གསོལ་བ་འདིའི་རྗེས་ཟློས། ཀྱཻ༔ ཇི་ལྟར་ཐུགས་ཀྱིས་སོགས། དེ་ནས་རྒྱུད་ལ་ཉེས་ལྟུང་གི་དྲི་མ་དང་བཅས་པས་དབང་གི་ཡེ་ཤེས་ལ་མི་དབང་བས། དེ་ཉིད་སྦྱོང་བའི་ཐབས་ཟབ་མོ་སྟོབས་བཞི་ཚང་བའི་སྒོ་ནས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་འདི་ལྟར་མཛད་འཚལ། གོང་གི་རྡོར་སེམས་སྒོམ་བཟླས་རྒྱས་བསྡུས་གང་འོས་གཏང་། དེ་ལྟར་སྡིག་སྒྲིབ་ཆག་ཉམས་སྦྱོང་བའི་ཆོ་ག་ཟབ་མོ་སྔོན་དུ་སོང་ནས། སྒོ་གསུམ་ལ་བར་ཆད་མི་འཇུག་པའི་ཕྱིར་སྲུང་བའི་འཁོར་ལོའི་དམིགས་གནད་གསལ་གདབ་པ་ནི། བླ་མའི་ཐུགས་ཀའི་སོགས། གཡོགས་པར་བསྒོམས་པས། ཉེར་འཚེ་བར་ཆད་གང་གིས་ཀྱང་གླགས་མི་རྙེད་པར་བསྲུང་བར་གྱུར་པའི་ངེས་ཤེས་བསྐྱེད་ལ། དཔོན་སློབ་ཀུན་གྱིས་ཧཱུྃ་གི་སྒྲ་དབྱངས་དི་རི་རི་ལྷན་ཅིག་བཟླ་བར་མཛོད། ཧཱུྃ་གི་ཛཔ྄་དབྱངས་བྱ། དེ་ལྟར་བྱས་པས་སྣང་སྲིད་ཐམས་ཅད་འབྲུ་གཅིག་ཧཱུྃ་གི་རང་བཞིན་དུ་གྱུར་པ་ཚུར་འདུས་པས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་སོགས་ནས། སྲུང་འཁོར་ཅིས་ཀྱང་མི་ཆོད་མི་ཤིགས་པ་རྡོ་རྗེའི་རང་བཞིན་དུ་གྱུར་པར་སྒོམས་ཤིག །ཟབ་མོའི་དཀྱིལ་འཁོར་གཉན་པོར་འཇུག་པར་བྱེད་པ་ལ་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་སློབ་པར་མ་བྱས་ན་ཡེ་ཤེས་རྒྱུད་ལ་མི་གནས་པས། དེའི་ཕྱིར་དམ་ཚིག་གི་བསྲུང་མཚམས་མཐའ་ཡས་པ་ཞིག་མཆིས་པ་ལས། འདིར་ཕྱིའི་དམ་ཚིག་གི་རིམ་པ་མདོར་བསྡུས་ཏེ་བསྟན་པ་འདི་རྣམས་ཚུལ་བཞིན་བསྲུང་བར་ནུས་སམ། ཞེས་ནུས་པ་འདྲི་བ་འདི་ལ་སྙན་གཏོད་ཅིག །ཀྱེ་མ་རིགས་ཀྱི་སོགས། དེ་ལྟར་དྲིས་པ་ལ་ཇི་ལྟར་བསྒོས་པའི་རིམ་པ་རྣམས་བསྲུང་སྡོམ་བགྱིད་སྙམ་པའི་དམ་བཅའ་བ་དང་བཅས་འདིའི་རྗེས་ཟློས། ཀྱཻ༔ སངས་རྒྱས་ཐམས་ཅད་སོགས། འདིར་དགའ་སྟོན་ཚོགས་འཁོར་སྤྲོ་ན་ལེགས་ཀྱང་། བསྡུ་ན། དེ་དག་གིས་ཐུན་མོང་གི་འཇུག་པ་གྲུབ་པས་དགའ་སྟོན་གཏང་རག་གི་ཡོན་དུ་ལྷ་དང་བླ་མའི་སྤྱན་སྔར་མཎྜལ། དེ་ལྟར་བགྱིས་པ་ལས་བྱུང་བའི་དགེ་ཚོགས་ཡོངས་བསྔོའི་རྒྱས་འདེབས་མཛད་འཚལ། བསོད་ནམས་འདི་ཡིས་སོགས་དགེ་བསྔོ་བཅས་སློབ་མ་གྱེས། སྟ་གོན་དང་མི་སྦྲེལ་ན་སློབ་དཔོན་གྱིས་དགེ་བསྔོ་སྨོན་ཤིས་ཀྱིས་གྲུབ། ཕྱིར་ནངས་འདི་ནས་འཇུག་ཅིང་། གང་ལྟར་ཡང་ཟུར་གསལ་བརྒྱུད་འདེབས་དང་། ཁྲིད་ཡིག་བཞིན་སྐྱབས་སེམས་སྔོན་དུ་འགྲོ་བས། སྐད་ཅིག་གིས་རང་ཉིད་ཀུན་བཟང་ཡབ་ཡུམ་མཐིང་ག་འཁྲིལ་སྦྱོར་ཅན། ཕྱག་མཚན་ཡབ་རྡོ་རྗེ་དྲིལ་བུ། ཡུམ་གྲི་གུག་ཐོད་པ་འཛིན་པ། སྐྱིལ་མོ་ཀྲུང་རིན་པོ་ཆེ་དང་རུས་པས་བརྒྱན་པའི་སྤྱི་བོར་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དཀར་པོ། མགྲིན་པར་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སེར་པོ། སྙིང་གར་རྣམ་པར་སྣང་མཛད་ཡབ་ཡུམ་མཐིང་ག །ལྟེ་བར་སྣང་བ་མཐའ་ཡས་ཡབ་ཡུམ་དམར་པོ། གསང་བར་དོན་ཡོད་གྲུབ་པ་ཡབ་ཡུམ་ལྗང་གུ །ཕྱག་མཚན་གཙོ་བོ་ཡབ་ཡུམ་དང་འདྲ་བའོ། །ཡན་ལག་བཞི་ལ་སྒོ་མ་བཞི་སྟེ། དེའང་ལག་པ་གཡས་པ་ལ་ལྕགས་ཀྱུ་མ། གཡོན་པ་ལ་ཞགས་པ་མ། རྐང་པ་གཡས་པ་ལ་ལྕགས་སྒྲོག་མ། གཡོན་པ་ལ་དྲིལ་བུ་མ། ཐམས་ཅད་ཀྱང་འཇའ་ཚོན་ལྟ་བུའི་སྐུ་སྣང་ལ་རང་བཞིན་མེད་པ་གྲགས་སྟོང་རྡོ་རྗེའི་སྔགས་སྒྲ་ཆུ་བོའི་རྒྱུན་དུ་བཟླ་ཞིང་། རིག་སྟོང་དབྱེར་མེད་འོད་གསལ་གྱི་དགོངས་པའི་རང་ངོ་ལ་མཉམ་པར་བཞག་སྟེ། ཨཱོྃ་ཨཱཿཧཱུྃ། ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ་སིདྡྷི་ཕ་ལ་ཧཱུྃ་ཛཿ ཞེས་བཟླ། སྔགས་བརྗོད་ཅིང་ས་ལྷའི་ཚོམ་བུ་བཀོད། མཆོད་པ་བཤམ་ནས། རང་ཉིད་ས་གནོན་སོགས་ནས། རཀྵ་རཀྵ་ཧཱུྃ་བར་གཏང་། ས་གཟུང་བའི་ཆོ་ག་ནི་སྤྱིར་ས་གཞི་དུལ་བ་དང་། རས་བྲིས་ཀྱི་ཕྱོགས་ལ་མ་བྱས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་བས་དོར་ལ། རང་ཉིད་སྐད་ཅིག་གིས་སོགས་བུམ་པ་དང་། ལྷ་སྟ་གོན་མཐར་ཆགས་སུ་བྱ། སྦྱིན་སྲེག་ལ། མཆོད་སྲེག་གི་རྫས་རྣམས་ལས་ཆུས་བསང་། ཨཱོྃ་ཨཱཿཧཱུྃ། ལན་གསུམ་གྱིས་མཆོད་སྲེག་གི་རྫས་རྣམས་བྱིན་གྱིས་བརླབ། ཨཱོྃ་བཛྲ་ཛྭ་ལ་རཾ་གྱིས་མདུན་ངོས་ནས་མེ་སྦར། ཧཱུྃ་ཧཱུྃ་ཧཱུྃ་གིས་རླུང་གཡབ། ཐབ་ལས་ཆུ་དང་ཨཱོྃ་བཛྲ་སཏྭ་ཧཱུྃ་བཾ་གྱིས་བསང་། ཨཱོྃ་མ་ཧཱ་ཤཱུནྱ་ཏཱས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་ཐབ་ཡངས་ཤིང་རྒྱ་ཆེ་བ། གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པའི་ནང་དུ་མེ་ལྷ་དཀར་པོ་སོགས་ནས་དཀོན་མཆོག་མཆོད་པའི་སྐབས། མེ་ལྷའི་སྟེང་གི་ཆ་ལ་བླ་མ་དང་དཀོན་མཆོག་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་རང་གི་སྙིང་གའི་འོད་ཀྱིས་སྤྱན་དྲངས། དེ་རྣམས་རིན་པོ་ཆེའི་ཁྲི་དང་པདྨའི་གདན་ལ་དགྱེས་པའི་གཟི་བྱིན་དང་ལྡན་པར་བཞུགས་པའི་ལྗགས་དང་། དགང་བླུག་རྡོ་རྗེ་རྩེ་གཅིག་པའི་འོད་ཀྱི་སྦུ་གུས་བདུད་རྩིའི་བྱོན་ཟན་ཕུལ་བ་གསོལ་བར་གྱུར། ན་མོ་རཏྣ་ཏྲ་ཡ་ཡཱ། བུདྡྷ་དྷརྨ་སངྒ་བྷྱཿ ཨཱོྃ་ཨགྣ་ཡེ་སྭཱ་ཧཱ། ལན་བདུན། བདག་ཅག་སློབ་མར་བཅས་པའི་སྡིག་སྒྲིབ་ཉེས་ལྟུང་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱོན་སྐྱེམས་འབུལ། ཨཱོྃ་བཛྲ་ཨརྒྷཾ་པཱ་དྱཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ན་མོ་གུ་རུ་བྷྱཿསོགས་ཀྱིས་རྫས་སྤུང་ངམ། སོ་སོར་ཇི་ལྟར་རིགས་པ་འབུལ་ཞིང་། སྐབས་སྐབས་སུ་གོང་བཞིན་སྤེལ་ཚིག་གིས་འདོད་དོན་གསོལ། སངས་རྒྱས་ཐམས་ཅད་སོགས་དང་། མགོན་པོ་ཐུགས་རྗེ་སོགས་ཀྱིས་བསྟོད། སླར་ཡང་སྙིང་གའི་འོད་ཀྱིས་མ་ཧཱ་གུ་རུ་བླ་མ་རིག་འཛིན་གྱི་ཚོགས་དང་བཅས་པ་སྐད་ཅིག་གིས་མདུན་གྱི་ནམ་མཁར་སྤྱན་དྲངས། དེ་རྣམས་རིན་ཆེན་སེང་ཁྲིའི་སྟེང་དུ་བརྟན་པར་བཞུགས་པའི་ལྗགས་དང་། དགང་བླུག་སོགས་སྔར་ལྟར་ལ། བྱོན་ཟན་འབུལ་སྔགས། ཨཱོྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཨཱོྃ་ཨགྣེ་ཡེ་སོགས་དང་། རྫས་སྤུང་ངམ་སོ་སོ་གང་ཡིན་ལ། ཨཱོྃ་མ་ཧཱ་གུ་རུ་པདྨ་སིདྡྷི་ཧོཿས་འབུལ་ལ། ཨཱོྃ་བཛྲ་ཨརྒྷཾ་སོགས་མཆོད་པ་དང་། མ་བཅོས་སྤྲོས་བྲལ་སོགས་དང་། འོག་མིན་ཆོས་དབྱིངས་སོགས་ཤ་ལོ་ཀ་རེས་བསྟོད་ཅིང་དཀོན་མཆོག་གསུམ་མཆོད་བཞིན་བསྐྱར་ནས་འབུལ། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ཐར་པ་ཆེན་པོའི་ཕོ་བྲང་གི་ནང་དུ་བདེ་གཤེགས་ཞི་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་དང་། དེའི་སྟེང་ཕྱོགས་སུ་དཔལ་ཆེན་ཁྲོ་བོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་བཞུགས་པར་གསལ་བར་གྱུར། བདག་དང་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿས་བསྟིམ། ལྷ་ཚོགས་རྣམས་ཀྱི་ལྗགས་དང་། དགང་བླུག་སོགས་གོང་ལྟར་ལ། ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ་ཛཿཧཱུྃ་བཾ་ཧོཿ ཨཱོྃ་ཨགྣ་ཡེ་སོགས་ཀྱིས་བྱོན་སྐྱེམས་དང་། ཧཱུྃ། དངོས་སུ་འབྱོར་དང་སོགས་ཀྱིས་མཆོད། བརྗོད་མེད་ཤེས་རབ་སོགས་ཀྱིས་བསྟོད། ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ་སོགས་ཤམ་བུ་བཅས་ཀྱིས་རྫས་སྤུང་ངམ་སོ་སོར་འབུལ། ཧཱུྃ། ཕྱོགས་བཅུ་རབ་འབྱམས་རྒྱལ་བའི་ཞིང་ཁམས་ན། །མཆོད་པའི་སྤྲིན་ཕུང་ནམ་མཁའི་མཐའ་ཀླས་པ། །དངོས་དང་ཡིད་ཀྱིས་རྣམ་འཕྲུལ་ཇི་སྙེད་ཀུན། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་གུས་པས་མཆོད། །ཨཱོྃ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་སོགས་ཀྱིས་མཆོད། ཧཱུྃ། ཞི་བ་ལྷུན་གྱིས་གྲུབ་པ་ཡི། །རང་བཞིན་རྣམ་དག་དཀྱིལ་འཁོར་དུ། །ཕུང་པོ་ཉོན་མོངས་གནས་དག་པའི། །བདེ་གཤེགས་བཞི་བཅུ་གཉིས་ལ་བསྟོད། །ཆེ་མཆོག་གདོད་ནས་རྫོགས་སངས་རྒྱས། །གར་དགུའི་རོལ་པར་རབ་དགྱེས་ཤིང་། །སྣ་ཚོགས་རྣམ་པར་འཕྲུལ་པའི་བདག །ཁྲག་འཐུང་ལྔ་བཅུ་བརྒྱད་ལ་འདུད། །ཅེས་བསྟོད། གང་ཡང་བདག་བློ་སོགས་ཀྱིས་ནོངས་པ་བཤགས་ཤིང་གཤེགས་བསྡུ་བྱ། སླར་ཡང་ཐུགས་ཀའི་འོད་ཀྱིས་ནོར་ལྷ། ཆོས་སྐྱོང་། གཞི་བདག །འབྱུང་པོ་དང་བཅས་པ་མཆོད་སྦྱིན་གྱི་འོས་སུ་གྱུར་པའི་མགྲོན་རྣམས་ཐམས་ཅད་སྐད་ཅིག་གིས་སྤྱན་དྲངས་པ་ལ། སྲེག་རྫས་སོ་སོའི་བཞེད་རྒུར་འཆར་བའི་སྤྲིན་གྱིས་ཚིམས་ཤིང་མཉེས་པར་མོས་ལ། ན་མཿསརྦ་སོགས་ཀྱིས་རྫས་སྤུང་ངམ་སོ་སོར་འབུལ། མཆོད་སྦྱིན་དམ་པ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་སོགས་ཀྱིས་ཕྲིན་ལས་བཅོལ། བཛྲ་མུཿས་ཡས་མགྲོན་དང་། སརྦ་བྷཱུཏ་གཙྪས་མས་མགྲོན་རྣམས་རང་རང་གི་གནས་སུ་སོང་བར་བསམ། སླར་ཡང་མེ་ལྷ་ལ་གཏང་རག་གི་སླད་དུ། ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་རྫས་སྤུང་ངམ་སོ་སོ་གང་ཡིན་ཇི་ལྟར་འོས་པ་དང་། ཨརྒྷཾ་སོགས་ཀྱིས་མཆོད། འཇིག་རྟེན་དབང་ཕྱུག་སོགས་ཀྱིས་བསྟོད། མ་འབྱོར་པ་དང་སོགས་ཀྱིས་བཤགས་ཤིང་། སྔགས་བརྗོད་པས་ཡེ་ཤེས་པ་རང་གནས་སུ་གཤེགས་ཤིང་། དམ་ཚིག་པ་འབར་བའི་རྣམ་པར་བསམ། ལེགས་བྱས་འདི་སོགས་དགེ་བ་ཀུན། །མི་གནས་བྱང་ཆུབ་ཆེན་པོར་བསྔོ། །འཁོར་འདས་ཀུན་ཁྱབ་འོད་གསལ་དབྱིངས། །ཡོངས་གྲོལ་ཆེན་པོའི་བཀྲ་ཤིས་ཤོག །ཅེས་པས་མཐའ་བརྒྱན། སློབ་མ་རྣམས་ཁྲུས་ནས་དབྱུང་། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་ཆུ་བོ་བཞིའི་རྦ་རླབས་ལ་འཕྱན་པ་རྣམས་གདོད་མའི་རྒྱལ་སྲིད་མཆོག་ལ་སྦྱོར་བའི་སླད་དུ། མཆོག་གསང་བླ་ན་མེད་པའི་དཀྱིལ་འཁོར་དུ་འཇུག་པའི་ཐོག་མར་ཐུན་མོང་མ་ཡིན་པའི་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ཞུ་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་པ་དང་བཅས་གསན་འཚལ། དེ་ལ་འདིར་ཐེག་པ་ཆེན་པོའི་སོགས་དབང་གཞུང་ལྟར། ནམ་འདོར་མི་ཤེས་པས་འཇིག་པར་སླ་ལ། རྒྱུ་འབྲས་མི་བསླུ་བའི་ངེས་པ་སོ་སོར་སྨིན་ཞིང་། མ་བྱས་པའི་ལས་དང་མི་འཕྲད། བྱས་པའི་དངོས་པོ་ཆུད་མི་ཟ་བར་ཡང་ནས་ཡང་དུ་འཁོར་ཞིང་སྨིན་ནས། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་ཐར་བ་ཞིག་ད་རེས་མ་འགྲུབ་ན། ནམ་བཞག་གཏན་གྱི་འདུན་མ་སྟོར་བ་ཡིན་པས། ད་ལྟ་བསྐལ་པ་བཟང་པོའི་མཐུན་རྐྱེན་དོན་གཉིས་བསྒྲུབ་ནུས་པའི་རྒྱུ་ཚོགས་འཛོམ་པའི་སྐབས་འདིར་ཅི་ནས་ཀྱང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་བརྩོན་དགོས་པ་ལགས། དེའང་གང་ཟག་གི་བློའི་ཁྱད་པར་དང་འཚམ་པར་འཇུག་སྒོའི་ཐེག་པ་བགྲངས་ལས་འདས་པར་བསྟན་པ་ཐམས་ཅད་ཀྱང་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་སུ་འདུ་བ་ལས། འདིར་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ལམ་ཟབ་མོ། སྐལ་ལྡན་ཡང་རབ་ལོ་ཟླ་ཙམ་གྱིས་གདོད་མའི་གཞི་དབྱིངས་སུ་གྲོལ་བར་བྱེད་པའི་མཆོག་གསང་བླ་ན་མེད་པ། ཐེག་པ་ཐམས་ཅད་ཀྱི་རྩེ་མོ། དུས་གསུམ་གྱི་རྒྱལ་བ་ཡོངས་ཀྱི་གཤེགས་ཤུལ། ཡང་ཏི་རྫོགས་པ་ཆེན་པོ་མན་ངག་སྡེའི་ཉིང་ཁུ། སངས་རྒྱས་ཀུན་དངོས་ཨོ་རྒྱན་བླ་མ་པདྨ་འབྱུང་གནས་ཀྱི་བཀའ་སྲོལ། རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཐུགས་ཁྲག །མངའ་བདག་སྲས་མོ་ལྷ་ལྕམ་པདྨ་གསལ་གྱི་རྣམ་འཕྲུལ་སྤྲུལ་སྐུ་རིན་ཆེན་ཚུལ་རྡོར་རམ་པདྨ་ལས་འབྲེལ་རྩལ་གྱིས་ལྡང་ལྷ་ཁྲ་མོ་བྲག་ནས་སྤྱན་དྲངས་པ། ཤར་གཏེར་སྨིན་པ་འབྲས་བུ་ལྟ་བུའི་ཆོས་སྡེ་ཟབ་མོ་མཁའ་འགྲོ་སྙིང་ཐིག་གི་རྩ་བ་ལ། ཀུན་མཁྱེན་ཆེན་པོ་དྲི་མེད་འོད་ཟེར་གྱི་དགོངས་པའི་ཀློང་སྒྲོམ་འོད་གསལ་དབྱིངས་ཀྱི་ཀློང་མཛོད་ལས་བྱུང་བས་གནད་རྒྱས་པར་བཀྲལ་པ། ཡང་ཟབ་མཁའ་འགྲོ་ཡང་ཏིག་ཡིད་བཞིན་ནོར་བུའི་སྐོར་ལས་བྱོན་པའི་སྨིན་བྱེད་རིན་པོ་ཆེ་དབང་གི་ཕྲེང་བ། གྲོལ་བྱེད་གདམས་ཁྲིད་དང་བཅས་པ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་པ་ཉིད་བསྒྲུབ་པའི་སྐབས་སུ་བབ་པ་སྟེ། དེ་ལའང་སྔོན་འགྲོ་དམ་ཚིག་ཉམས་ཆག་སྐོང་བའི་ལུང་དབང་། དངོས་གཞི་སྒོ་འབྱེད་མཁའ་འགྲོའི་བརྡ་དབང་། བྱིན་རླབས་བླ་མའི་ལམ་དང་འབྲེལ་བའི་བུམ་གསང་ཤེར་ཡེ་བཞི་པའི་དབང་། ཁྱད་པར་ཀ་དག་གི་རྩལ་དབང་། ལྷུན་གྲུབ་རིག་པའི་རྩལ་དབང་། མཁའ་འགྲོ་དོན་གྱི་དབང་། གཞན་དོན་རྗེས་འཛིན་གྱི་བཀའ་གཏད། བརྒྱུད་འཛིན་ལ་གཏད་རྒྱ། བར་ཆད་སྲུང་ཕྱིར་བཀའ་སྲུང་བཀའ་གཏད་དེ། དབང་གི་རྩ་བ་བརྒྱད་ལ། ཡན་ལག་གི་རྣམ་གྲངས་བཞི་དང་བཅས་པ་བཞུགས་པ་ལས། ཡན་ལག་གི་རིམ་པ་དག་བྱེད་སྤྱི་ཁྲུས་ཀྱི་དབང་སྔོན་དུ་འགྲོ་བས། དངོས་གཞིའི་དང་པོ་མཁའ་འགྲོའི་བརྡའི་དབང་བསྐུར་བ་དང་། གཉིས་པ་སྤྲོས་བཅས་བུམ་པའི་དབང་བསྐུར་བ་ལ། ཐུན་མོང་དང་། ཐུན་མིན་གྱི་སྔོན་འགྲོ་གཉིས་སུ་འབྱུང་བ་ལས། ཐུན་མོང་གི་སྔོན་འགྲོ་བཅས་སྔ་མ་གསུམ་ལེགས་པར་གྲུབ་ཟིན་ནས། ད་ལམ་བུམ་དབང་གི་ཐུན་མོང་མ་ཡིན་པའི་སྔོན་འགྲོ་སློབ་མ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ། བླ་མ་དཀྱིལ་འཁོར་གྱི་དབང་ཕྱུག་ཆེན་པོར་བཞུགས་པའི་དྲུང་དུ། ཐར་པ་མཆོག་གི་གྲོང་ཁྱེར་ཆེན་པོར་བདག་ཅག་འཇུག་པར་འཚལ་ན། སྤྲོ་དགའ་དང་བཅས་པས་སོ་བྱང་སྔགས་གསུམ་གྱི་སྡོམ་པ་དང་དམ་ཚིག་གི་རིམ་པ་རྣམས་སྩོལ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་མ་དུས་གསུམ་སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ལན་དུ་སྤྲོ་བ་བསྐྱེད་ཅིང་རྗེས་སུ་གདམས་པ་འདི་ལ་སྙན་གཏོད་ཅིག །ཀྱེ་མ་སྣོད་དང་སོགས། སྔགས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་རྟེན་རྒྱུད་སྡོམ་པ་གསུམ་ལྡན་དུ་བསྒྲུབ་དགོས་པས། དེ་ལ་ཐོག་མར་སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་སུ་འགྲོ་བ་ལ། མདུན་གྱི་ནམ་མཁར་དཀོན་མཆོག་རྒྱ་མཚོ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར། ཕྱི་ལྟར་ན་སངས་རྒྱས་ཆོས་དང་དགེ་འདུན། ནང་ལྟར་ན་བླ་མ་ཡི་དམ་མཁའ་འགྲོ་སྟེ་དཀོན་མཆོག་རྩ་བ་གསུམ་པོ་ལ། འདི་ནས་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས། ཐལ་མོ་མེ་ཏོག་དང་བཅས་འདིའི་རྗེས་ཟློས། ཕྱོགས་བཅུའི་སངས་རྒྱས་སོགས་སྐྱབས་འགྲོ་ཚན་གསུམ་པོ་མི་སྦྲེལ་བར་སོ་སོར་ལན་གསུམ་རེ་བྱ། དེས་སྐྱབས་སུ་འགྲོ་བ་སྔོན་དུ་སོང་ནས། སྒོ་གསུམ་ཉེས་སྤྱོད་ལས་སྡོམ་པ་སོ་སོ་ཐར་པའི་སྡོམ་པ་རྣམས་བླངས་ནས་བསྲུང་སྙམ་པས་འདིའི་རྗེས་ཟློས། བླ་མ་ཀུན་བཟང་སོགས་ལན་གསུམ། ནང་བྱང་ཆུབ་སེམས་དཔའི་སྡོམ་པ་གཟུང་བའི་སླད་དུ་འབྲས་བུ་ལ་དམ་བཅའ་བ་སྨོན་པའི་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོ༔ བླ་མ་ཀུན་བཟང་སོགས་ལན་གསུམ། དེ་ལྟར་ཡུལ་དུ་གྱུར་པའི་འགྲོ་བ་རྣམས་ཀྱི་དོན་དུ་བདག་གིས་བླ་ན་མེད་པའི་ལམ་འདིར་ཞུགས་ནས་བསླབ་པ་རྣམས་ལ་སློབ་ཅིང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྒྲུབ་པའི་སླད་དུ་སྨིན་བྱེད་ཀྱི་རིམ་པ་ཟབ་མོ་ཞུ་སྙམ་པའི་རྒྱུ་ལ་དམ་བཅའ་བ་འཇུག་པའི་སེམས་བསྐྱེད་པ་འདིའི་རྗེས་ཟློས། སྔོན་གྱི་རྒྱལ་བ་སོགས་ལན་གསུམ། གསང་བ་རིག་པ་འཛིན་པའི་སྡེ་སྣོད་ཀྱིས་བསྡུས་པ་རིགས་ལྔའི་སྡོམ་པ་དང་དམ་ཚིག་རྣམས་བླངས་ཤིང་སྲུང་སྡོམ་བགྱིད་སྙམ་པའི་དམ་བཅའ་བརྟན་པོས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ནི་སོགས་ལན་གསུམ། སླར་ཡང་ད་ལྟ་འདིར་རྒྱལ་བ་སྲས་བཅས་སྡོམ་པའི་རྟེན་དང་དཔང་པོར་བཞུགས་པའི་སྤྱན་སྔར། ཇི་སྐད་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམས་མི་ཉམས་པར་བསྲུང་ཞིང་འཛིན་པར་ནན་ཏན་གྱི་སྒོ་ནས་གཡར་དམ་དུ་ལེན་པའི་བློས་འདིའི་རྗེས་ཟློས། ཡར་མཆོད་གུས་ཤིང་སོགས་ལན་གསུམ། སྒོ་གསུམ་ཐ་མལ་པ་དབང་བསྐུར་བའི་རྟེན་དུ་མི་རུང་བས། སློབ་མ་རྣམས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་གཉིས། གཡས་རྡོ་རྗེ་ཐུགས་ཀར་གཏོད་དེ་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་། སྣང་སྟོང་སྒྱུ་མ་ལྟ་བུའི་སྐུར་གསལ་བའི་གནས་གསུམ་དུ་དྲིའི་ཐིག་ལེ་བཀོད་པ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་འདུས་ཀྱི་ཡིག་འབྲུ་གསུམ་དུ་གྱུར་པས་མཚན་པར་མོས། འབྲུ་གསུམ་བརྗོད་བཞིན་ཐིག་ལེ་བཀོད། དེ་ལྟར་གསལ་བའི་གནས་གསུམ་གྱི་ཡིག་འབྲུ་གསུམ་དང་། སློབ་དཔོན་གྱི་གནས་གསུམ་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བ་སྤྱན་དྲངས་ནས། ཁྱེད་རང་རྣམས་ཀྱི་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་པར་མོས། སྔགས་བརྗོད་ཅིང་རོལ་མོ་དང་བཅས་པས་བྱིན་དབབ། སླར་ཡང་དཔོན་སློབ་གཉིས་ཀའི་ཐུགས་ཀའི་འོད་ཀྱིས་རིགས་ལྔའི་སངས་རྒྱས་དང་། བླ་མ་ཡི་དམ་དཔག་ཏུ་མེད་པ་ཆར་བབ་པ་བཞིན་དུ་བྱོན་པ་རྣམས་སློབ་མའི་སྤྱི་བོ་ནས་མར་ཐིམ་པས་ཕུང་པོའི་ཞེན་པ་སྦྱངས་ནས། ཡེ་ཤེས་ལྔའི་རང་བཞིན་དུ་བྱིན་གྱིས་བརླབས་པའི་ངེས་ཤེས་སྐྱེད་ཅིག །ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿསོགས་དང་སྤོས་རོལ་གྱིས་བྱིན་དབབ། སླར་ཡང་རིགས་ལྔའི་སངས་རྒྱས་དཔག་ཏུ་མེད་པ་བྱོན་ནས་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར་པས། བདུད་རྩིའི་རྒྱུན་གྱིས་ལུས་གང་བར་མོས་པས་བདུད་རྩི་ལྗགས་ཐོག་ཏུ་མྱོང་མཛོད། བདུད་རྩི་སྦྱིན། དངོས་གྲུབ་ཀྱི་སྐལ་བ་བརྟག་པའི་དོན་དུ། དཀྱིལ་འཁོར་གྱི་ཤར་ལྷོ་རུ་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་མེ་ཏོག་གི་ཚོམ་བུ་བཀོད་པའི་རྭ་བར། སོ་ཤིང་མཐོ་གང་སོགས་ནས། ཚོམ་བུའི་སྟེང་དུ་ལྟོས་པ་མེད་པར་སྐྱུར་འཚལ། དེ་ལྟར་དོར་བས་སོ་ཤིང་ཕྱོགས་བཞི་དབུས་དང་སོགས་ནས། བལྡབ་ལ་བསྐྱར་དགོས་པར་གསུངས་སོ། །ཟབ་མོའི་ལམ་འདིར་ཞུགས་པ་ལས་ཕྱིར་མི་ལྡོག་པའི་ཕྱིར་ཆོས་མིན་གྱི་བློ་མི་སྐྱེ་ཞིང་། ཡང་དག་པའི་ལམ་ལ་བློ་དད་ཅིང་སྤྲོ་བ་བསྐྱེད་པའི་ཕྱིར་ཟབ་མོའི་ཆོས་བཤད་པ་འདི་ལ་གསན་འཚལ། ཀྱཻ། རིགས་ཀྱི་བུ་རྣམས་སོགས། དངོས་གྲུབ་ཀྱི་ལྟས་རྨི་ལམ་གྱི་སྒོ་ནས་བརྟག་པ་ལ་བར་ཆད་བསྲུང་བའི་དོན་དུ། སྲུང་སྐུད་དམར་པོ་ལྔ་བསྒྲིལ་སོགས་ནས། གཡས་སུ་བཅིངས་པས་བར་ཆད་ཐམས་ཅད་རབ་ཏུ་བསྲུང་བར་གྱུར་པར་མོས། ཨཱོྃ་ཨཱཿཧཱུྃ། ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཛཿ ཞེས་བཟླས་པས་བསྔགས་པའི་སྲུང་སྐུད་བཅིངས། རྨི་ལམ་མི་འཁྲུགས་ཤིང་གསལ་བའི་ཕྱིར། འབྲུ་གསུམ་གྱི་བྱིན་གྱིས་བརླབས་པའི་ཀུ་ཤའི་ཆུན་པོ་ཆེ་ཆུང་ཚན་གཉིས་བྱིན་པས་ཆེ་བ་ལག་གཡས་སུ་སྟན་དང་། ཆུང་བ་གཡོན་པས་སྔས་ཀྱི་དོན་དུ་ཟུངས་ཤིག །འབྲུ་གསུམ་བརྗོད་ཅིང་བྱིན། དོ་ནུབ་ཚོགས་དང་གཏོར་མ་སྔོན་དུ་འགྲོ་བས་བླ་མ་དང་དཀྱིལ་འཁོར་ལ་མགོ་ཕྱོགས་པས་སེང་གེའི་ཉལ་སྟབས་སུ་བྱས་ཏེ། བླ་མ་དང་རིགས་ལྔའི་སོགས་ནས། གསོལ་བ་བཏབ་ལ༔ཉལ་བས། བཟང་ངན་གྱི་མཚན་མ་རྨི་ལམ་དུ་ལུང་སྟོན་པར་འགྱུར་ཞིང་། བཟང་བར་བྱུང་ན་སྐལ་ལྡན་དུ་ཤེས་པ་དང་། ངན་ན་ཚོགས་གཏོར་གྱིས་ཟློག་པའི་ཐབས་དང་། བདེན་མེད་དུ་ཤེས་པས་ཆོས་ཉིད་ཀྱི་དོན་བསྒོམས་པས་ཞི་བར་འགྱུར་རོ། །དེ་རྣམས་ཀྱིས་སྔོན་འགྲོ་ཐུན་མིན་སྟ་གོན་གྱི་རིམ་པ་ལེགས་པར་གྲུབ་པ་སོགས་ཀྱིས་དགེ་བསྔོ་བྱས་ལ་སློབ་མ་གྱེས། གཞུང་དུ་མི་གསལ་ཡང་གསང་བ་སྤྱིའི་འགྲོས་བཞིན་སློབ་དཔོན་གྱིས། ཚོམ་བུའི་ལྷ་མདུན་གྱི་ནམ་མཁར་འོད་ཀྱི་དཀྱིལ་འཁོར་དུ་བཞུགས་པར་མོས་ལ། གོང་གསལ་ཚོགས་མཆོད་བཏང་རྗེས། ཉེར་སྤྱོད་ཀྱིས་མཆོད་ཅིང་། བརྗོད་མེད་ཤེས་རབ་སོགས་ཀྱིས་བསྟོད། ཡིག་བརྒྱས་ནོངས་པ་བཤགས་ཤིང་བརྟན་ལ་ཚོམ་བུ་བསལ། བསྔོ་སྨོན་ཤིས་བརྗོད་བཅས་བྱའོ། །ཐིག་ཚོན་ཀྱི་བྱ་བ་སོགས་རས་བྲིས་ཀྱི་ཕྱོགས་སུ་མ་བྱས་ཀྱང་མི་འགལ། བཤམས་བཀོད་གྲུབ་ནས། ཕྱིར་ནངས་སྔར་ལྟར་བརྒྱུད་འདེབས། སྐྱབས་སེམས། སྟ་གོན་སྐབས་ལྟར་བདག་བསྐྱེད་མཐར་མདུན་བསྐྱེད་བསྒྲུབས་ནས་བསྟོད་པའི་རྗེས། གཏོར་མ་སྭ་བྷཱ་ཝས་སྦྱང་། འབྲུ་གསུམ་བརྗོད་པས་བྱིན་གྱིས་བརླབས་ནས། བཛྲ་གུ་རུ་དང་། ཞི་ཁྲོའི་སྤྱི་སྔགས་སོ་སོར་གཏོར་སྔགས་བཏགས་པས་བླ་མ་ཡི་དམ་དང་། གཏེར་བདག་དམ་ཅན་མཁའ་འགྲོ་སྤྱི་རྣམས་ལ་ནམ་མཁའ་མཛོད་ཀྱི་སྔགས་ལན་གསུམ་རེས་གཏོར་མ་དབུལ། བུམ་པའང་སྔར་སྟ་གོན་ལྟར་བསྒྲུབ། ལས་བུམ་དུ་རྡོར་སེམས་བསྐྱེད་སྒྲུབ་བྱ། སླར། ཨཱོྃ་བཛྲ་ཨརྒྷཾ་པཱ་དྱཾ་སོགས་ཀྱིས་མཆོད། བརྗོད་མེད་ཤེས་རབ་སོགས་ཀྱིས་བསྟོད། སྐབས་འདིར་ཤན་པ་སྲོག་སྒྲུབ་མའི་གཏོར་འབུལ་གལ་ཆེ་ཞིང་། འདི་ཕྱིན་དབང་ཁྲིད་རྣམས་སྦྲེལ་ནས་བསྐུར་སྐབས། ༼འདོད་བུམ། 609༽ལྟར་ཤན་པ་སྲོག་སྒྲུབ་མའི་དབང་སྒྲུབ་ཟུར་གསལ་ལྟར་དང་། ལྡང་ལྷའི་གཏོར་འབུལ་བཅས་སྦྱར། བཀྲ་ཤིས་ཇི་ལྟར་རིགས་པས་མངའ་དབུལ་ནས། བུམ་དབང་གི་འཇུག་པ་དངོས་ནས་ཚིག་དབང་རྫོགས་པའི་བར་དཔེ་འབྱོར་ན་བདག་འཇུག་པདྨ་ཀློང་ཡངས་ལྟར་མདོར་བསྡུས་པའི་ཚུལ་ལམ། རིག་པའི་མེ་ཏོག་དོར་བས་བདག་ཉིད་དཀྱིལ་འཁོར་དུ་ཞུགས་ནས། སློབ་མ་གཞུག་པའི་གནང་བ་ཞུ། སྤྲོས་བཅས་བུམ་དབང་གི་དངོས་གཞིའི་སྦྱོར་བ་ནི། སློབ་དཔོན་དང་དཀྱིལ་འཁོར་ཡོལ་བས་སྒྲིབ་པའམ། སྒོ་བཅད་པའི་ཕྱི་རོལ་དུ། ལས་རྡོར་གྱིས་སློབ་མ་རྣམས་ཁྲུས་ནས་དབྱུང་སྟེ་འདི་སྐད་བརྗོད། སྔོན་ཆད་གཉིས་འཛིན་མ་རིག་པས་བསྒྲིབས་པས་ཤེས་རབ་ཀྱི་མིག་ལྡོངས་པས་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་མ་མཇལ་བའི་བརྡར་གདོང་གཡོགས་བཅིང་འཚལ། འབྲུ་གསུམ་གྱིས་གཏད། ཁྱེད་རང་རྣམས་ཕྱག་ལུ་གུ་རྒྱུད་དུ་སྦྲེལ་ཏེ་ལས་ཀྱི་རྡོ་རྗེའི་ཕྱག་གི་རྡོ་རྗེ་ལ་བཟུང་ཞིང་། དཀྱིལ་འཁོར་གྱི་ཕྱི་རོལ་ནས་བསྐོར་བ་ལན་གསུམ་མཛད་འཚལ། བསྐོར་བ་གསུམ་བྱས་ལ། དེ་ནས་སྒོ་སྲུང་ཁྲོ་བོའི་དབང་པོ་ལ་ཡེ་ཤེས་རིན་པོ་ཆེའི་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་འཇུག་པའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ༔ ཁྲོ་བོ་མི་བཟད་སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་སྣོད་ཀྱི་སྐལ་བ་བརྟག་པའི་སླད་དུ་སློབ་དཔོན་གྱིས་དྲི་བ་བགྱིད་པ་ལན་གྱི་སྒོ་ནས་ལན་གསུམ་དུ་བགྱིད་པ་ནི། ཁྱེད་ཅག་སུ་ཡིན་ཅི་ཞིག་བྱེད། དེའི་ལན་དུ་འདི་སྐད་གསུང་འཚལ། བདག་ནི་སྐལ་ལྡན་སོགས་དྲིས་ལན་ཚར་གསུམ་བྱ། དེས་སྣོད་དང་ལྡན་པར་རིག་སྟེ། དཀྱིལ་འཁོར་གྱིས་བར་ཆད་མཐའ་དག་བསལ་ཞིང་། བསྲུང་བའི་རིམ་པ་སློབ་དཔོན་གྱིས་བགྱིད་པ་ཡིན་པས། ཁྱེད་རང་རྣམས་ཀྱིས་ཉམས་ཆག་བཤགས་ཤིང་གསོལ་བ་འདེབས་པའི་སྒོ་ནས་ཡི་གེ་བརྒྱ་པ་གསུང་འཚལ། ཡིག་བརྒྱ་འུར་འདོན་བྱར་གཞུག །དེའི་སྐབས་སློབ་དཔོན་གྱིས་བགེགས་ལ་གཏོར་མ་བསྔོ་ཞིང་བཀའ་བསྒོ་གུལ་ཡུངས་དྲག་སྔགས་ཀྱིས་བསྐྲད་ཅིང་སྲུང་འཁོར་བསྒོམ། སླར་ཡང་ཐར་པ་ཆེན་པོའི་ཕོ་བྲང་དུ་འཇུག་པའི་སླད་དུ་མཎྜལ་ལན་གྲངས་ལྔའི་བར་དུ་འབུལ་འཚལ། དེ་ལྟར་མཎྜལ་སྔོན་དུ་འགྲོ་བས་ཐལ་མོ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ༔ རིགས་ལྔ་བདེ་བར་སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་ཐུགས་རྗེ་ཚད་མེད་པས་ཡེ་ཤེས་ཀྱི་སྒོ་ཕྱེས་ཏེ། བདེ་གཤེགས་སྙིང་པོའི་དཀྱིལ་འཁོར་ཆེན་པོར་ཞུགས་པར་མོས་པས་ནང་དུ་འོང་ནས། བླ་མ་ཁྱབ་བདག་སྐུ་རྡོ་རྗེའི་བདག་ཉིད་ཅན་དུ་བཞུགས་པ་དང་། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་རྗེས་གཟིགས་པའི་སྤྱན་སྔར་ཕྱག་འཚལ་ཞིང་མེ་ཏོག་ཕུལ་ནས་རང་རང་གི་གྲལ་དུ་འཁོད་པར་མཛོད་ཅིག །སླར་ཡང་དཀྱིལ་འཁོར་དབང་ཕྱུག་རྡོ་རྗེ་སློབ་དཔོན་མཆོག་ལ་གུས་པ་བསྐྱེད་དེ། ནན་ཏན་གྱི་སྒོ་ནས་ཞུ་བ་འབུལ་བའི་དོན་དུ་ཐལ་མོ་མེ་ཏོག་དང་བཅས་པས་འདིའི་རྗེས་ཟློས། ཀྱཻ༔ བླ་མ་རྡོ་རྗེ་སོགས་ལན་གསུམ། དེའི་ལན་དུ་སྤྲོ་བ་བསྐྱེད་ཅིང་གནང་བ་སྦྱིན་པ་ནི། ཀྱཻ་མ༔ ཁྱོད་ནི་སྣོད་མཆོག་སོགས། སླར་ཡང་འདོད་པའི་དོན་ལ་ནན་ཏན་རྩེ་གཅིག་གིས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདག་ནི་འབྲས་བུ་སོགས་ལན་གསུམ། འདི་ལྟར་གསང་བ་བླ་ན་མེད་པའི་དཀྱིལ་འཁོར་བཟང་པོ་འདིར་ཞུགས་པས་དངོས་གྲུབ་དམ་པ་འཐོབ་པར་འགྱུར་ཞིང་། འདི་ལྟ་བུའི་ཐབས་ཚུལ་ཟབ་མོ་དཀྱིལ་འཁོར་གཉན་པོ་མ་མཐོང་བ་རྣམས་ལ་རླུང་ཕྱོགས་ཙམ་དུའང་མི་སྨྲ་བར་གདམས་ཤིང་། ཁེ་ཉེན་གྱི་གནད་བསྒྲག་པ་འདི་ལ་གསན་འཚལ། ཨེ་མ་ཨེ་མ་སོགས། སླར་ཡང་དམ་ཚིག་གི་དཔང་པོར་རྡོ་རྗེའི་མནའ་ཆུ་ལྕེ་ལ་བཞག་པ་སྙིང་དབུས་སུ་ཐིམ་པར་མོས་ལ། དེང་ཕྱིན་ཆད་གསང་དམ་གཉན་པོ་ཚུལ་བཞིན་དུ་བསྲུང་ཞིང་། རྡོ་རྗེ་སློབ་དཔོན་གྱི་བཀའ་ལས་ནམ་ཡང་འདའ་བར་མི་རུང་བའི་དོན་ཐུགས་ལ་ངེས་འཚལ། འདི་ནི་ཁྱོད་ཀྱི་སོགས། རྒྱུད་བྱིན་གྱིས་བརླབ་པའི་ཕྱིར་ཡེ་ཤེས་པའི་བྱིན་དབབ་པ་ཡིན་པས། སློབ་མ་རྣམས་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ངག་གནད་རླུང་རང་བབས་སུ་ཞོག །ཡིད་ཀྱི་གནད་མ་ཡེངས་པར་སྙིང་གི་ནང་དུ་སོགས་ནས། འཁོར་བ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་པས། སློབ་དཔོན་གྱི་ཐུགས་ཀའི་ས་བོན་སོགས། གར་བྱེད་པར་བསམ་ལ། རིག་པ་བཟོ་མེད་ཀྱི་ངང་དུ་མཉམ་པར་ཞོག་ཅིག །འབེབ་རྫས་བདུག་ཅིང་། ཨཱོྃ་ཨཱཿཧཱུྃ། ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ་སིདྡྷི་ཕ་ལ་ཧཱུྃ་ཛཿ ཞེས་དྲག་ཏུ་བཟླ་ཞིང་རོལ་མོའི་སྒྲ་དང་བཅས་པས་བྱིན་དབབ། དེ་ལྟར་བྱིན་དབབ་པས་ཡེ་ཤེས་པ་ཕེབས་པའི་རྟགས་སུ་སོགས་ནས། ཅན་སྐྱེ་བ་ལ་སོགས་འབྱུང་བ་ཡིན་ནོ། །ནང་ཡེ་ཤེས་ཀྱི་གསང་སྒོ་འབྱེད་པའི་ཕྱིར་དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་སྒོ་མ་བཞི་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ༔ ཤར་སྒོ་སྲུང་བའི་སོགས་རིམ་བཞིན་སྒོ་བཞིར་བྱ། ཁྱེད་རང་རྣམས་ཀྱི་ཕྱག་ཏུ་མེ་ཏོག་མ་ཉམས་པ་རེ་ཐོགས་ལ། སྔོན་ནས་འབྲེལ་ཞིང་ཐུགས་རྗེས་འཛིན་པའི་རིགས་ཀྱི་ལྷ་གང་ཡིན་པས་བཞེས་སུ་གསོལ་སྙམ་པའི་འདུན་པས་འདིའི་རྗེས་ཟློས་དང་བཅས། དཀྱིལ་འཁོར་ཆེན་པོར་འབུལ་བའི་བློས་ཕྱག་རྒྱའི་དཀྱིལ་འཁོར་དུ་འབུལ་འཚལ། ཀྱཻ༔ བདེ་གཤེགས་རིགས་ལྔའི་སོགས། སྤྱི་ཙམ་དུ། དེ་ལྟར་ཕུལ་པའི་མེ་ཏོག་གང་དུ་བབས་ཀྱང་དཀྱིལ་འཁོར་གྱི་ཁྱབ་བདག་ཆེན་པོའི་ཡེ་ཤེས་ཀྱི་སྐུ་དབྱིངས་ལས་མ་འདས་པས། ཁྱེད་རང་རྣམས་ཀྱི་ལྷག་པའི་ལྷར་སྟོན་པ་ཀུན་ཏུ་བཟང་པོ་རྣམ་པར་སྣང་མཛད་ཉིད་དུ་ཟུངས་ལ་ཡི་དམ་གྱི་ལྷ་རུ་ངོ་ཤེས་པར་གྱིས་ཤིག །ཅེས་གདམས། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་སློབ་མའི་མིག་ལ་ཕོག་པས། ཚེ་རབས་ནས་བསགས་པའི་མ་རིག་པའི་སྒྲིབ་པ་དང་མིག་དར་ལྷན་ཅིག་ཏུ་བསལ་བར་མོས། གསེར་ཐུར་ཐོགས་ལ། སྟོན་པ་རིགས་ལྔའི་སོགས། དེ་ལྟར་སྒྲིབ་བྲལ་ཡེ་ཤེས་ཀྱི་སྤྱན་ཐོབ་པ་ལ་བལྟ་བར་བསྐུལ་ཞིང་། དཀྱིལ་འཁོར་དང་ལྷའི་རྣམ་དག་བཤད་པ་འདི་ལ་སྙན་གཏོད་ཅིག །ཀྱེ་མ་རིགས་ཀྱི་སོགས་ནས། རང་བཞིན་གྱིས་འབེབ་པའི་རྟགས་སོ། །དེ་ལྟར་སྣང་བའི་དོན་རྟགས་ཀྱི་དཔེས་མཚོན་ཏེ། ལྷུན་གྲུབ་ཡེ་ཤེས་རིགས་ལྔ་རྒྱལ་བའི་དཀྱིལ་འཁོར་མ་བཀོད་གདོད་ནས་རྫོགས་པའི་ལྷ་ཞལ་མངོན་སུམ་དུ་མཐོང་ཞིང་། དེ་ལྟ་བུའི་དཀྱིལ་འཁོར་བའང་གཞན་དུ་མ་གྲུབ་པར་རང་བྱུང་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་གདན་གསུམ་ཚང་བའི་ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་བར། ཡེ་གནས་རང་བྱུང་གསལ་རྫོགས་སུ་བཞུགས་པའི་བརྡ་དོན་ངོ་སྤྲད་པའི་དོན་ཐུགས་ལ་ངེས་འཚལ། དེ་རྣམས་ཀྱིས་སྤྲོས་བཅས་བུམ་དབང་གི་སྦྱོར་བའི་ཆོས་འཁོར་དང་བཅས་པ་གྲུབ་ནས། གཉིས་པ་བུམ་པའི་དབང་བསྐུར་བ་དངོས་གཞི་ལ། ལྷ་དང་ལས་ཀྱི་འབྲེལ་བའི་དབང་། རིགས་ཀྱི་བདག་པོའི་དབང་། འདུ་འབྲལ་མེད་པ་ཀུན་ཏུ་བཟང་པོའི་དབང་། ཡེ་ཤེས་རྣམ་དག་ཆུའི་དབང་། དེ་ཉིད་མཚོན་པ་བརྡའི་དབང་། གཤིས་ཀྱི་ངོ་བོ་དོན་གྱི་དབང་། བརྟན་ཅིང་མཐར་ཕྱིན་པ་དམ་ཚིག་གི་དབང་བཅས་རྣམ་པ་བདུན་འབྱུང་བ་ལས། དེ་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ། དཀྱིལ་འཁོར་གྱི་ཁྱབ་བདག་རྡོ་རྗེ་སློབ་དཔོན་ལ་མི་ཕྱེད་གུས་པས་ཕྱག་འཚལ་ཞིང་། མེ་ཏོག་འབུལ་བ་དང་བཅས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀུན་བཟང་ཡབ་ཡུམ་སོགས་ལན་གསུམ། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་སེང་གེའི་ཁྲི་ལ་འཁོད་པར་གྱུར་པ་ལ། དང་པོ་ལྷ་དང་ལས་ཀྱི་འབྲེལ་བའི་དབང་བསྐུར་བ་ཡིན་ཏེ། ཀློང་གསལ་ལས། མེ་ཏོག་གང་ལ་ཕོག་པ་ཡི། །རིགས་སྦྱོར་རིག་པའི་དབང་ལྔ་བསྐུར། །ཞེས་འབྱུང་བ་བཞིན་བགྱིད་པ་ལ་དམིགས་འདུན་འདི་ལྟ་བུ་མཛོད། སློབ་མ་རྣམས་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་གནས་ལྔར་རིགས་ལྔའི་རྒྱལ་ཡབ་ཡུམ། ཡན་ལག་བཞི་ལ་སྒོ་མ་བཞི་དང་བཅས་པར་གསལ་བ་ལ། སྔར་ཕུལ་པའི་མེ་ཏོག་དེ་ཉིད་རིགས་ཀྱི་ལྷའི་ངོ་བོར་བྱིན་གྱིས་བརླབས་ཏེ་སྤྱི་བོར་བཅིངས་པར་མོས། མེ་ཏོག་གང་ལ་སོགས་ནས། འདི་ཡིན་པས། ལུས་ཐ་མལ་དུ་འཛིན་པའི་བག་ཆགས་ལྡོག་ནས་ཡི་དམ་གྱི་ལྷ་དང་གཉིས་སུ་མེད་པར་གྲོལ་བའི་ཕྱིར། བསྐྱེད་པའི་རིམ་པ་འདི་ལྟར་བསྒོམ་དགོས་པ་ཡིན་ཏེ། ཁྱེད་རང་རྣམས་ཀུན་བཟང་ཡབ་ཡུམ་མཐིང་ག་འཁྲིལ་སྦྱོར། ཕྱག་མཚན་ཡབ་རྡོ་རྗེ་དྲིལ་བུ། ཡུམ་གྲི་གུག་ཐོད་པ་འཛིན་པ། སྐྱིལ་མོ་ཀྲུང་རིན་པོ་ཆེ་དང་རུས་པས་བརྒྱན་པའི་སྤྱི་བོར་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དཀར་པོ། མགྲིན་པར་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སེར་པོ། སྙིང་གར་རྣམ་པར་སྣང་མཛད་ཡབ་ཡུམ་མཐིང་ག །ལྟེ་བར་སྣང་བ་མཐའ་ཡས་ཡབ་ཡུམ་དམར་པོ། གསང་བར་དོན་ཡོད་གྲུབ་པ་ཡབ་ཡུམ་ལྗང་གུ། ཕྱག་མཚན་གཙོ་བོ་ཡབ་ཡུམ་དང་འདྲ་བའོ། །ཡན་ལག་བཞི་ལ་སྒོ་མ་བཞི་རྣམས་སྔར་བཞིན་ཏེ། ལག་པ་གཡས་པ་ལ་ལྕགས་ཀྱུ་མ། གཡོན་པ་ལ་ཞགས་པ་མ། རྐང་པ་གཡས་པ་ལ་ལྕགས་སྒྲོག་མ། གཡོན་པ་ལ་དྲིལ་བུ་མ་སྐྱེད་ལ། ཨཱོྃ་ཨཱཿཧཱུྃ། ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ་སིདྡྷི་ཕ་ལ་ཧཱུྃ་ཛཿ ཞེས་བཟླ་ཞིང་། དེ་ཡང་འཇའ་ཚོན་ལྟ་བུའི་སྐུ་སྣང་ལ་རང་བཞིན་མེད་པས་གྲགས་སྟོང་དུ་བཟླས་པའི་མཐར། ཐམས་ཅད་སྣང་སྟོང་དབྱེར་མེད་འོད་གསལ་གྱི་ངང་ནས་ལམ་དུ་ཁྱེར་བས། ཉོན་མོངས་པ་ལྔ་ཡེ་ཤེས་སུ་གྱུར་ཏེ། ཕྲིན་ལས་བཞིས་སེམས་ཅན་གྱི་དོན་བྱེད་པར་འགྱུར་ཞིང་། དེ་ལྟ་བུའི་བསྐྱེད་རིམ་ལ་རྫོགས་རིམ་གནད་ཀྱི་སྙིང་འཛེར་འདི་ལྟར་གདབ་སྟེ། རང་རིག་མི་འགྱུར་ཀུན་ཏུ་བཟང་། །རིག་རྩལ་མ་འགགས་རིགས་ལྔ་སྟེ། །ཡེ་ཤེས་རང་གྲོལ་སྒོ་མ་བཞི། །གང་ཤར་ཆོས་ཉིད་རོལ་པ་ལ། །སྤང་བླང་དགག་སྒྲུབ་རེ་དོགས་མེད། །ཐམས་ཅད་རང་གྲོལ་གཉུག་མའི་ངང་། །ཞེས་དང་། ངོ་བོ་རྟེན་མེད་རང་བཞིན་སོ་སོར་གསལ། །ཐུགས་རྗེ་འགག་མེད་ཕྱོགས་རིས་འཛིན་པ་མེད། །ཐམས་ཅད་སྣང་སྟོང་གཞི་མེད་རྩ་བ་བྲལ། །སྣང་མིན་སྟོང་མིན་མུ་བཞི་འདས་པའི་དོན། །ལྔ་ལྡན་འོད་གསལ་དོན་དམ་སྙིང་པོ་ནི། །སྣང་བས་སྟོང་སྟེ་མེ་ལོང་གཟུགས་བརྙན་འདྲ། །སྟོང་པས་སྟོང་སྟེ་ཆུ་ཟླའི་རང་བཞིན་ཉིད། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་གདངས། །གསང་སྔགས་ཀུན་གྱི་ཡང་གསང་རྫོགས་པ་ཆེ། །མཐའ་གྲོལ་ཀློང་ཡངས་ཆེན་པོའི་དགོངས་པ་བསྐྱང་། །དེ་ལྟར་བསྐྱེད་རྫོགས་ཟུང་འཇུག་ཟབ་མོའི་ལམ་ལ་ཆུ་བོའི་རྒྱུན་བཞིན་དུ་གནས་པར་གྱིས་ཤིག །དེ་ནི་དབང་ལ་སྔ་བ་ལྷ་དང་ལས་ཀྱི་འབྲེལ་བའི་དབང་བསྐུར་པས། སོ་སོའི་སྔོན་ནས་འབྲེལ་བའི་ལྷ་མྱུར་དུ་འགྲུབ་ནས་དངོས་གྲུབ་འབྱུང་བའི་དགོས་པ་ཡོད་དོ། །གཉིས་པ་རིགས་ཀྱི་བདག་པོའི་དབང་བསྐུར་བ་ནི། ཀློང་གསལ་ལས། སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་དག་གི་དབང་བསྐུར་བྱ། །ཞེས་གསུངས་པ་བཞིན། རིགས་ལྔའི་སྐུ་གསུང་ཐུགས་སོགས་ཀྱིས་རྡོ་རྗེ་སེམས་དཔའི་ཆུ་དབང་བསྐུར་ཞིང་དག་པ་བརྗོད། གསུང་གི་དབང་བསྐུར་བ་ནི། སློབ་མ་དེ་ཉིད་སྣང་བ་མཐའ་ཡས་ཡབ་ཡུམ་དམར་པོ། གཡས་པདྨ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པའི་མགྲིན་པར་པད་ཟླའི་སྟེང་དུ་ཨཱཿཡིག་དམར་པོ་ཞིག་སྒོམས། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་སྤྲིན་གཏིབས་པ་ཙམ་སྣང་བ་མཐའ་ཡས་ཀྱི་རང་བཞིན་དུ་བྱོན་ནས་བཀྲ་ཤིས་བརྗོད་ཅིང་། བླ་མ་དང་སྣང་བ་མཐའ་ཡས་དབྱེར་མེད་དུ་སློབ་མའི་མགྲིན་པར་ཞུགས་པར་མོས། ཧཱུྃ༔ འདུ་ཤེས་ཕུང་པོ་སོགས། ཐུགས་ཀྱི་དབང་བསྐུར་བ་ནི། སློབ་མ་རྣམ་པར་སྣང་མཛད་ཡབ་ཡུམ་མཐིང་ག་གཡས་འཁོར་ལོ་ཐུགས་ཀར་འཛིན་ཞིང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧཱུྃ་མཐིང་ག་ཞིག་སྒོམས། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་སྤྲིན་གཏིབས་པ་ཙམ་རྣམ་པར་སྣང་མཛད་ཀྱི་རང་བཞིན་དུ་བྱོན་ནས་བཀྲ་ཤིས་བརྗོད་ཅིང་། བླ་མ་དང་རྣམ་སྣང་དབྱེར་མེད་དུ་སློབ་མའི་སྙིང་གར་ཞུགས་པར་མོས། ཧཱུྃ༔ རྣམ་ཤེས་ཕུང་པོ་སོགས་ནས། ཥིཉྩ་ཨཱོྃ། ཀྱེ་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །འོ། རིགས་ཀྱི་བུ་སོགས། ཡོན་ཏན་གྱི་དབང་བསྐུར་བ་ནི། སློབ་མ་རིན་ཆེན་འབྱུང་ལྡན་སེར་པོ་གཡས་རིན་པོ་ཆེ་ཐུགས་ཀར་འཛིན་ཅིང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པའི་ལྟེ་བར་པད་ཟླའི་སྟེང་དུ་ཏྲཱཾ་སེར་པོ་ཞིག་སྒོམས། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་སྤྲིན་གཏིབས་པ་ཙམ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་དུ་བྱོན་ནས་བཀྲ་ཤིས་བརྗོད་ཅིང་། བླ་མ་དང་རིན་ཆེན་འབྱུང་ལྡན་དབྱེར་མེད་སློབ་མའི་ལྟེ་བར་ཞུགས་པར་མོས། ཧཱུྃ༔ ཚོར་བའི་ཕུང་པོ་སོགས། ཕྲིན་ལས་ཀྱི་དབང་བསྐུར་བ་ནི། སློབ་མ་དོན་ཡོད་གྲུབ་པ་ཡབ་ཡུམ་ལྗང་གུ་གཡས་རལ་གྲི་ཐུགས་ཀར་འཛིན་ཞིང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པའི་གསང་བར་པད་ཟླའི་སྟེང་དུ་ཨཱཿལྗང་གུ་ཞིག་སྒོམས། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་སྤྲིན་གཏིབས་པ་ཙམ་དོན་ཡོད་གྲུབ་པའི་རང་བཞིན་དུ་བྱོན་ནས་བཀྲ་ཤིས་བརྗོད་ཅིང་། བླ་མ་དང་དོན་ཡོད་གྲུབ་པ་དབྱེར་མེད་དུ་སློབ་མའི་གསང་བར་ཞུགས་པར་མོས། ཧཱུྃ༔ འདུ་བྱེད་ཕུང་པོ་སོགས་ནས། འགྱུར་རོ༔ དེ་ལྟར་རིག་པའི་དབང་ལྔ་བསྐུར་པས་ཉོན་མོངས་པ་ལྔ་དག་ཅིང་། ཡེ་ཤེས་ལྔ་ཐོབ་ནས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ལ་དབང་ཐོབ་པའི་ནུས་པ་འཇོག་པའི་དགོས་པ་ཡོད་དོ། །གསུམ་པ་འདུ་འབྲལ་མེད་པ་ཀུན་ཏུ་བཟང་པོའི་དབང་བསྐུར་ནི། སློབ་མ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ག་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པར་གསལ་བས། སློབ་དཔོན་ལ་མོས་གུས་དྲག་པོ་བྱས་པའི་རྐྱེན་གྱིས། བླ་མའི་རྟོགས་པ་དགོངས་བརྒྱུད་དོན་གྱི་བྱིན་རླབས་མ་ལུས་པ་སློབ་མའི་རྒྱུད་ལ་འཕོས་པར་མོས། ཨཱོྃ་ཨཱཿཧཱུྃ༔ ཐབས་དང་ཤེས་རབ་སོགས། བཞི་པ་དབང་ཐམས་ཅད་ཀྱི་བརྟན་བྱེད་ཡེ་ཤེས་རྣམ་དག་ཆུའི་དབང་བསྐུར་བ་ནི། ལྷ་ཐམས་ཅད་སོགས། རིམ་པར། ཤར། ནུབ། དབུས། ལྷོ། བྱང་རྣམས་ཀྱི་བུམ་པའི་དབང་བསྐུར་ཞིང་། ཁྲུས་བྱས་རྗེས། དེ་ལྟར་བུམ་པ་ལྔའི་བདུད་རྩིའི་ཆུ་རྒྱུན་གྱི་དབང་བསྐུར་པས་ཉོན་མོངས་པ་ལྔ་དག །སྐུ་ལྔ་དང་ཡེ་ཤེས་ལྔ་ཐོབ། ཕུང་པོ་ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོར་གསལ་བའི་དགོས་པ་ཡོད་དོ། །ལྔ་པ་དེ་ཉིད་མཚོན་པ་བརྡའི་དབང་བསྐུར་བ་ནི། རིགས་ཀྱི་བུ་ཁྱོད་ལ་སོགས་ནས། དོན་བྱེད་པའི་བརྡ་ཡིན་ནོ༔ དེ་ལྟར་བརྡའི་དབང་བསྐུར་པས། གདོད་ནས་ཆོས་ཐམས་ཅད་རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན། རང་གནས་ཀྱི་དོན་ཁོང་དུ་ཆུད་ཅིང་རྟོགས་པའི་དགོས་པ་ཡོད་དོ། །དྲུག་པ་གཤིས་ཀྱི་ངོ་བོའི་གནས་ལུགས་མཚོན་པ་དོན་གྱི་དབང་བསྐུར་བ་ནི། ཀློང་གསལ་ལས༔ དེ་ལྟར་བརྡའ་ཡིས་ངོ་སྤྲད་ཀྱང༔ ལོགས་ན་ཡོད་པ་མ་ཡིན་ཏེ༔ རང་གི་ལུས་སེམས་འདི་ལ་ཚང༔ ཞེས་གསུངས་པའི་དོན་ངོ་སྤྲོད་པ་ཡིན་པས་ངེས་པར་མཛད་འཚལ། རིགས་ཀྱི་བུ་འདས་མ་འོངས་སོགས་ནས། དགོངས་པ་ཡིན་ནོ། །བར། དེ་ལྟར་རང་ཉིད་ལ་རྫོགས་པའི་རིག་པའི་ཡེ་ཤེས་ལྔ་ཚན་དུ་ངོ་སྤྲད་པས། སངས་རྒྱས་རང་ལ་ཡོད་པར་ཡིད་ཆེས་པའི་དགོས་པ་ཡོད་དོ། །བདུན་པ་བརྟན་ཅིང་མཐར་ཕྱིན་པར་བྱེད་པ་དམ་ཚིག་གི་དབང་བསྐུར་བ་ནི། ཐལ་འགྱུར་ལས༔ དབང་བརྟན་པ་ཡི་དམ་ཚིག་བཤད༔ དབྱེ་ན་བརྗོད་ཀྱི་མི་ལང་ཡང༔ མདོར་བསྡུས་སྐུ་དང་གསུང་དང་ཐུགས༔ རྣལ་འབྱོར་ལུས་ངག་ཡིད་ལ་སྦྱར༔ ཞེས་གསུངས་པ་བཞིན། དམ་ཚིག་གི་བདུད་རྩི་ལྕེ་ལ་བྱིན། བཀའ་ནན་གྱི་རྡོ་རྗེ་སྤྱི་བོར་བཀོད་དེ། བསྲུང་མཚམས་ཀྱི་རིམ་པ་མདོར་དྲིལ་ཏེ་གདམས་པ་ལ་སྙན་གཏོད་ཅིག །ཀྱེ་རིགས་ཀྱི་བུ་དག་སོགས་ནས། འབའ་ཞིག་བསྒྲུབ་པར་བྱའོ། །དེ་ལྟར་དམ་ཚིག་བསྲུང་མཚམས་བསྟན་པ་བཞིན་བསྲུང་བས་སྔར་གྱི་སྡོམ་པ་ཐོབ་པ་རྣམས་མི་ཉམས་ཤིང་བརྟན་ལ། ཡོན་ཏན་གསར་དུ་སྐྱེ་བས་དངོས་གྲུབ་ཐམས་ཅད་འགྲུབ་པའི་དགོས་པ་ཡོད་དོ།། ༼རྩ་གཞུང་དུ་བུམ་དབང་དག་བརྗོད་འཇམ་མགོན་གསུང་མཆན་དུ་བཀོད་པ་བཞིན་འདིར་བཀླག།མཆན།༽ དེ་རྣམས་ཀྱིས་བུམ་པའི་དབང་བསྐུར་བ་དངོས་གཞི་ལེགས་པར་གྲུབ་ཅིང་། གསུམ་པ་རྗེས་ཀྱི་རིམ་པ་ལའང་གསུམ་ལས། དང་པོ་དགའ་སྟོན་གྱི་ཡོན་འབུལ་བ་ནི། ཀློང་གསལ་ལས༔ དབང་བསྐུར་ཐོག་མ་ཐ་མ་རུ༔ དགའ་སྟོན་མ་བྱས་དངོས་གྲུབ་མེད༔ དགའ་སྟོན་ཆེན་པོས་མཆོད་པ་ཡིས༔ བླ་མ་དང་ནི་དེ་ཡི་འཁོར༔ དེ་བཞིན་རང་གི་རྡོ་རྗེ་སྤུན༔ གཅིག་དང་གཉིས་དང་གསུམ་དག་ནས༔ བརྒྱ་སྟོང་གྲངས་མེད་དག་ལ་ནི༔ ཚོགས་ཀྱི་དགའ་བ་སུས་བྱས་པ༔ སྟོན་མོ་ཡོན་དང་བཅས་པ་ཡིས༔ རྣལ་འབྱོར་པ་རྣམས་མགུ་བྱས་ན༔ ལེགས་པ་ཐམས་ཅད་འགྲུབ་པ་དང༔ ཉེས་པ་ཀུན་ལས་གྲོལ་བར་འགྱུར༔ ཞེས་དང་། བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་རྡོ་རྗེ་སྤུན་ལ་སོགས༔ ཚོགས་མཆོད་ཡོན་གྱིས་མ་མཉེས་ན༔ ནད་མང་ཚེ་ཐུང་བར་ཆད་འབྱུང༔ ཐུན་མོང་དངོས་གྲུབ་མེད་པ་དང༔ མཆོག་ལས་རིང་དུ་སོང་བ་དང༔ ཚེ་འཕོས་ཡི་དྭགས་སྐྱེ་བ་བརྒྱུད༔ ཅེས་སོགས་གསུངས་པ་ལྟར་ཤེས་པར་བྱས་ནས། ལུས་ལོངས་སྤྱོད་ཀྱིས་བསྡུས་པའི་བདོག་དགུའི་དངོས་པོ་ཐམས་ཅད་ལྟོས་པ་མེད་པར་དབང་བསྐུར་ཐོབ་པའི་བཀའ་དྲིན་གཞལ་བའི་སླད་དུ་འབུལ་བའི་བློས་མཎྜལ། གོང་དུ་བཤད་པ་ལྟར་ཚོགས་འཁོར་གྱི་དགའ་སྟོན་ཡང་བྱའོ། །གཉིས་པ་བཀའ་བཞིན་བསྒྲུབ་པར་དམ་བཅའ་བ་ནི། ཀློང་གསལ་ལས༔ བླ་མ་དང་ནི་དབང་མཆོག་གི༔ གསུང་དང་གཞུང་ལས་འགལ་བ་ན༔ ན་རག་སྡུག་བསྔལ་མྱོང་བར་འགྱུར༔ ཞེས་དང་། ཇི་སྐད་དུ། བཀའ་བཞིན་བསྒྲུབ་ན་མངོན་མཐོ་དང་། །ངེས་ལེགས་མྱུར་དུ་འགྲུབ་པ་འོ། །ཞེས་གསུངས་པས་དམ་ཚིག་དང་སྡོམ་པའི་རིམ་པ་རྣམས་སྲོག་ལས་གཅེས་པར་བསྲུང་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ལན་གསུམ། གསུམ་པ་སྐྱོན་ཡོན་བསྟན་པ་ནི། དེ་ལྟ་བུའི་དབང་མ་ཐོབ་ན་སྐྱོན་དང་ཉེས་པ་ཇི་ལྟ་བུ་ཞིག་ཡོད་སྙམ་ན། ཀློང་གསལ་ལས༔ དཔེར་ན་ཞིང་ས་གཤིན་པོ་ཡོད་གྱུར་ཀྱང༔ སོ་ནམ་རིམ་པར་མ་བྱས་ན༔ འབྲས་བུ་སྨིན་པར་མི་འགྱུར་ལྟར༔ སེམས་ལ་ཆོས་ཉིད་གནས་གྱུར་ཀྱང༔ དབང་གིས་སྨིན་པར་མ་བྱས་ན༔ རྣལ་འབྱོར་དངོས་གྲུབ་ག་ལ་ཐོབ༔ དབང་མེད་འཁོར་བའི་མཐའ་སྙེགས་ཏེ༔ འདི་ཕྱིའི་བདེ་བ་ཐོབ་པ་མེད༔ ཅེས་གསུངས་ལ། དབང་ཐོབ་པའི་ཡོན་ཏན་ནི། དེ་ཉིད་ལས། དབང་ཐོབ་རིགས་ཀྱི་བུ་དེ་ཉིད༔ ཚེ་འདིར་བསམ་པ་ཀུན་འགྲུབ་དང༔ ཕྱི་མ་མངོན་པར་རྫོགས་སངས་རྒྱས༔ ཞེས་སོགས་རྒྱ་ཆེར་གསུངས་པ་རྣམས་མི་བསླུ་བའི་ངེས་པ་ཡིན་པས་དབང་ཐོབ་པའི་ཚུལ་ལ་སྤྲོ་བ་སྐྱེད་ཅིག །དེ་ལྟར་སྤྲོས་བཅས་ཕྱི་བུམ་པའི་དབང་བསྐུར་བ་སྔོན་དུ་སོང་ནས། དེ་ཉིད་ཀྱི་བསྐྱེད་རྫོགས་རྒྱུད་ལ་བརྟེན་པའི་རིམ་པ་རིགས་ལྔའི་བདེ་བར་གཤེགས་པ་ཕྱི་དཀྱིལ་འཁོར་གྱི་འཁོར་ལོ་སྒྲུབ་པ་དང་། ནང་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྒྲུབ་པ། གསང་བ་ཐབས་ཤེས་གཉིས་མེད་ཀྱི་རྣལ་འབྱོར་སྙིང་པོ་ཡེ་ཤེས་ཀྱི་རིགས་ལྔར་སྒྲུབ་པའི་བསྐྱེད་རྫོགས་ལ་ཉམས་ལེན་མཐིལ་ཕྱིན་པ་གཞུང་བཞིན་མཛད་དགོས་པ་ཡང་། ཡང་ཟབ་མཁའ་འགྲོ་སྙིང་ཐིག་གི་ཟབ་ལམ་གྱི་གདམས་པ་ཉམས་སུ་ལེན་པའི་ཁྲིད་རིམ་ལས། སྔོན་འགྲོ་ཐུན་མོང་གི་ཆོས་རྣམས་ཁར་སང་གི་སྐབས་སུ་གྲུབ་ནས། འདིར་གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོས་སོགས་ཁྲིད་ཡིག་ལྟར། སྐུ་རྡོ་རྗེ་སྤྲུལ་པའི་སྐུར་གཉིས་སུ་མེད་པར་འགྱུར་རོ། །ཞེས་པའི་བར་དལ་བར་བཀླག །དེ་དག་རྣམས་ཀྱིས་བུམ་དབང་གི་ལམ་ལ་བརྟེན་པའི་སྨིན་གྲོལ་ཚང་སྤྲུགས་སུ་ཐོབ་པ་ལགས་སོགས་ཀྱིས་དགེ་བསྔོ་བྱ་བ་འམ། སྦྲེལ་ཏེ་བསྐུར་ན་གསང་དབང་གི་དབུར་སྦྲེལ་བ་སོགས་འདི་ཕྱིན་ཐམས་ཅད་ལ་འགྲེས་སུ་ཤེས་དགོས་སོ།། ༧ །།གསུམ་པ་ངག་གི་སྒྲིབ་པ་སྦྱོང་ཞིང་ངག་ལོངས་སྤྱོད་རྫོགས་སྐུར་གྲོལ་བར་བྱེད་པ་སྤྲོས་མེད་ནང་གི་གསང་བའི་དབང་བསྐུར་བ་ལ་སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་ལས། དང་པོ་སྦྱོར་བ་སྔོན་དུ་འགྲོ་བ་ནི། དཀྱིལ་འཁོར་ཆེན་པོའི་ལྷོ་ཕྱོགས་སུ་བླ་མ་གསུང་རྡོ་རྗེའི་བདག་ཉིད་ཅན་དུ་བཞུགས་པའི་དྲུང་དུ་སྤྲོས་མེད་ནང་གི་གསང་བའི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ། ཞེས་དང་། ཕྱག་རྒྱ་དབུལ་ཞིང་གསོལ་བ་གདབ་པ་ནི། མཚན་ཉིད་རྫོགས་ཤིང་ལང་ཚོ་གསལ་བའི་ཤེས་རབ་མ་དབང་རྟེན་ཕུལ་བར་དམིགས་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཁྱོད་ནི་སོགས། དེ་ལྟར་ཕྱག་རྒྱ་ཕུལ་པས་བདེ་ཆེན་གསང་བའི་དབང་མྱུར་དུ་ཐོབ་པའི་དགོས་པ་ཡོད་དོ། །སློབ་དཔོན་བདག་ཉིད་གཞིའི་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན་པ་དར་དང་རིན་པོ་ཆེ་སོགས་རྒྱན་གྱི་རྣམ་པ་ཡོངས་སུ་རྫོགས་པའི་སྐུར་གསལ་བར་གྱུར། དེའི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་གྲངས་མེད་པ་འཕྲོས་པས། དཀྱིལ་འཁོར་གྱི་ལྷ་ཚོགས་ལ་གསང་དབང་གི་དོན་དུ་མཉེས་པའི་མཆོད་པ་དང་བསྟོད་པ་ཕུལ་བར་གྱུར། ཧཱུྃ། དངོས་སུ་འབྱོར་དང་སོགས་དང་། ཨཱོྃ་བཛྲ་ཨརྒྷཾ་པཱ་དྱཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧིས་མཆོད། བརྗོད་མེད་ཤེས་རབ་སོགས་ཀྱིས་བསྟོད། ཧཱུྃ་གིས་མཆོད་ལྷ་རང་ལ་ཐིམ་པར་མོས། སྔོན་ཆད་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་གཉན་པོ་མ་མཐོང་བའི་བརྡར་གདོང་གཡོག་བཅིང་བ་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་མེ་ཏོག་གི་ཕྲེང་བ་རེ་ཕྱག་རྟེན་དུ་གཟུང་བར་མོས། འབྲུ་གསུམ་གྱིས་གཏད། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་དད་མོས་རྩེ་གཅིག་པས་བསྐོར་བ་གསུམ་དང་ཕྱག་གསུམ་འཚལ་མཛོད། ཡེ་ཤེས་ཀྱི་བྱིན་ཆེན་དབབ་ཅིང་རང་ལུས་དཀྱིལ་འཁོར་དུ་ངོ་སྤྲད་པ་ནི། སློབ་མ་རྣམས་ལངས་སོགས། སྦྱར་ལ། ཁྱེད་རང་རྣམས་ཡིད་གཞན་དུ་མ་ཡེངས་པར་ཡེ་ཤེས་མཁའ་འགྲོའི་སྐུ་འདི་ལྟར་གསལ་ཐོབས་ཤིག །ཀྱེ་མ་རིགས་ཀྱི་སོགས་ནས། གཅིག་སྒོམས་ཤིག །དེ་ལྟར་གསལ་བའི་ངང་ནས་བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མོས་གུས་ཀྱི་ཤུགས་བསྐྱེད་ཅིང་། མ་ཡེངས་པར་རིག་པ་ངར་དང་བཅས་པས་གཟེངས་བསྟོད་ལ་རིག་པ་འཛིན་མེད་ཀྱི་ངང་དུ་མཉམ་པར་ཞོག་ཅིག །དྲི་བཟང་པོའི་སྤོས་གཏུལ་ཞིང་རོལ་མོའི་སྒྲ་དང་བཅས་པས་བྱིན་དབབ། དེ་ལྟར་དབབ་པས་ཡེ་ཤེས་ཕེབས་པའི་རྟགས་སུ་བདེ་སྟོང་གི་ཉམས་བཟང་པོ་རྒྱུད་ལ་སྐྱེ་བར་འགྱུར་བས། དེའི་རང་ངོ་ལ་མ་ཡེངས་པར་མཉམ་པར་ཞོག །ཅུང་ཟད་འཇོག་བཅུག །བདེ་ཆེན་ལུས་ཀྱི་དཀྱིལ་འཁོར་ལ་བལྟ་བར་དབང་ཞིང་གསང་དབང་གི་སྣོད་དུ་གྱུར་པའི་བརྡར་གདོང་གཡོག་སོལ་ཅིག །འབྲུ་གསུམ་བརྗོད་པས་བསལ། འོ། རིགས་ཀྱི་བུ་ཁྱོད་སོགས་ནས། ཡེ་ཤེས་ཆེན་པོ་ཉིད༔ ཅེས་གསུངས་པ་ལྟར་རོ། །དེ་ལྟར་རང་ལུས་ཡེ་ནས་ལྷུན་གྱིས་གྲུབ་པ་རྒྱལ་བའི་དཀྱིལ་འཁོར་དུ་ངོ་སྤྲད་པས། གནས་ལུགས་ཀྱི་དགོངས་པ་རང་ལ་ཡོད་པར་གོ་བའི་དགོས་པ་ཡོད་དོ། །སློབ་དཔོན་གྱི་ལུས་ཀྱི་དཀྱིལ་འཁོར་མ་འདྲེས་གསལ་རྫོགས་སུ་བཞུགས་པ་ལ། དངོས་གྲུབ་ཀྱི་སྐལ་བ་བརྟག་པའི་སླད་དུ་མེ་ཏོག་གི་ཕྲེང་བ་ཕུལ་ཅིག །ཅེས་མེ་ཏོག་འདོར་བཅུག །དེ་ལྟར་ཕུལ་བའི་གནས་དཀྱིལ་འཁོར་ཡང་གཞན་ན་མེད་དེ། སློབ་དཔོན་གྱི་གཞི་ལུས་རྒྱལ་བའི་དཀྱིལ་འཁོར་དང་དབྱེར་མེད་པ་ཡེ་ནས་ཡིན་པའི་རྒྱུ་མཚན་དྲན་པར་བྱས་ཏེ་མེ་ཏོག་དོར་བས། ཁྱེད་རང་རྣམས་ཀྱི་མེ་ཏོག་ཕོག་པའི་ལྷ་རྣམ་པར་སྣང་མཛད་སོགས་ནས། འདི་ཡིན་ནོ། །དེས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་གང་ཐོག་མར་སྒྲུབ་ཤེས་པའི་དགོས་པ་ཡོད་དོ། །གཉིས་པ་དངོས་གཞིའི་དབང་བསྐུར་བ་ནི། སློབ་དཔོན་བདག་ཉིད་ཡབ་དཔའ་བོ་སོགས་ནས། བྷ་གར་ཕབ་པ། མེ་ལོང་ཡུ་བ་ཅན་གྱིས་བླངས་ཏེ་ཐོད་པའི་བདུད་རྩིར་ཞུ་བ་ལྕེ་ཐོག་ཏུ་བཞག་པར་མོས། ཀྱེ་མ་ཀྱེ་མ་སོགས་ནས། ཡེ་ཤེས་སྐྱེས་པར་མོས་ལ། འོག་རླུང་དྲག་ཏུ་སོགས་ནས། མནན་ཏེ་ཡེ་ཤེས་སྐྱེས་པའི་རང་ངོ་ལ་དར་ཅིག་མཉམ་པར་ཞོག་ཅིག །ཉམས་ཅུང་ཟད་སྐྱོང་དུ་འཇུག །སླར་ཡང་དེའི་དོན་ངོ་སྤྲད་པ་ནི། ཨེ་མ་སྐལ་ལྡན་སོགས་ནས། རྗེས་དམ་འབོགས་དང་། དག་བརྗོད་ཀྱི། སངས་རྒྱ་བ་ཡིན་ནོ། །དེ་ལྟར་གསང་བའི་དབང་བསྐུར་བ་ཟབ་མོ་ཐོབ་ནས། ལམ་གྱི་རིམ་པ་རྒྱུད་ལ་བརྟེན་པའི་ཚུལ་གྱི་ཁྲིད་འཆད་པ་ཡིན་ཏེ། དེ་ཡང་ཕྱི་ནང་གི་སྒོ་ནས་རུ་ཤན་དབྱེ་བ་རྡོ་རྗེ་སྐྱིལ་ཀྲུང་གི་སྦྱོར་བས་ལུས་སྒྲིབ་སྦྱོང་ཞིང་སྐུ་རྡོ་རྗེའི་ཉེ་རྒྱུ་བསྒྲུབ་པའི་རིམ་པ་སྔོན་དུ་བསྟན་ཟིན་ནས། གཉིས་པ་ངག་གི་སྔོན་འགྲོ་ལ་བཞི་སྟེ་སོགས་ཁྲིད་ཡིག་ལྟར། ལོངས་སྤྱོད་རྫོགས་པའི་སྐུར་གཉིས་སུ་མེད་པར་འགྱུར་རོ། །ཞེས་པའི་བར་དལ་བུས་བཀླག །ཁྱད་པར་ནང་མཁའ་འགྲོའི་དཀྱིལ་འཁོར་ལ་བརྟེན་ནས་གཏུམ་མོ་དང་། རླུང་གི་སྦྱོར་བ་གཞུང་བཞིན་ཚད་ལ་ཕེབས་པར་སྦྱངས་པས། ཤེར་དབང་གི་མངོན་རྟོགས་རྒྱུད་ལ་སྐྱེས་པའི་སྣོད་རུང་དུ་བསྒྲུབ་པ་ལ་འབད་པར་འཚལ་ཞིང་། དེ་དག་རྣམས་ཀྱིས་གསང་དབང་གི་ལམ་ལ་བརྟེན་པའི་སྨིན་གྲོལ་ཚང་སྤྲུགས་སུ་ཐོབ་པ་ལགས་པས་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ། དགའ་སྟོན་ཚོགས་འཁོར་སྔར་བཞིན་བྱའོ།། ༧ །།བཞི་པ་ཡིད་ཀྱི་སྒྲིབ་པ་སྦྱོང་ཞིང་བདེ་བ་ཆེན་པོའི་སྐུར་གྲོལ་བ་ཤིན་ཏུ་སྤྲོས་མེད་གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་ལའང་སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་ལས། དང་པོ་སྦྱོར་བ་སྔོན་དུ་འགྲོ་བ་ནི། དཀྱིལ་འཁོར་ཆེན་པོའི་ནུབ་ཕྱོགས་སུ་བླ་མ་ཐུགས་རྡོ་རྗེའི་ངོ་བོར་བཞུགས་པ་ལ། དབང་གསུམ་པ་ཞུ་བའི་ཡོན་དུ་མཎྜལ། ཟབ་མོའི་དེ་ཉིད་གནང་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཀྱེ་ བཅོམ་ལྡན་བདེ་ཆེན་སོགས་ལན་གསུམ། དམ་ཚིག་སྦྱིན་པ་ནི། འདི་ལྟ་བུའི་དབང་བསྐུར་བ་ཟབ་མོ་བློ་ཆེན་རྣམས་ཀྱི་སྤྱོད་ཡུལ་ཡིན་པས། གསང་བ་སྤྱི་དང་ཁྱད་པར་གྱི་དམ་ཚིག་འདི་རྣམས་ལ་གནས་ཤིང་མ་ཉམས་པར་བསྲུང་དགོས་པར་གདམས་པ་འདི་ལ་སྙན་གཏོད་ཅིག །ཀྱེ་མ༔ གསང་བ་ཤེས་རབ་སོགས་ལན་གསུམ། དེའི་དོན་ལས་མི་འདའ་བར་ཚུལ་བཞིན་བསྲུང་བར་ཁས་བླང་བའི་དམ་ཚིག་གཟུང་བ་འདིའི་རྗེས་ཟློས། ཤི་འམ་སྲོག་ལ་སོགས་ལན་གསུམ། དེ་ལྟར་དམ་ཚིག་བླངས་ནས་དབང་བསྐུར་དམ་པ་མྱུར་དུ་སྩོལ་བར་ཞུ་བའི་ཕྱིར། བླ་མ་ལ་ཕྱག་འཚལ་ཞིང་བསྐོར་བ་བྱེད་པའམ་མོས་པ་དང་། གསང་བའི་དཀྱིལ་འཁོར་གཉན་པོ་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་འཚལ། འབྲུ་གསུམ་གྱིས་གཏད། ཡེ་ཤེས་ཀྱི་བྱིན་དབབ་པ་ནི། ཁྱེད་རང་རྣམས་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་གསལ་འདེབས་འཚལ། དཔོན་སློབ་གཉིས་ཀ་སྐད་ཅིག་གིས་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་གཅེར་བུ་སྐྲ་གྲོལ་བ། རུས་པའི་རྒྱན་དང་ལྡན་པ། ཞལ་གཅིག་ཕྱག་གཉིས་མ། སྤྱི་བོར་ཕག་ཞལ་མཐིང་ནག་ངུར་བ། གཡས་གྲི་གུག་དང་གཡོན་ཐོད་པ་ཁྲག་གིས་བཀང་བ་ཐུགས་ཀར་འཛིན་པ་གསལ་བར་སྒོམས། སློབ་བུས་སློབ་དཔོན་ལ་དད་མོས་གདུང་ཤུགས་དྲག་པོ་བྱས་པའི་རྐྱེན་གྱིས། སློབ་དཔོན་གྱི་ཐུགས་ཀ་ནས་རང་འདྲའི་རྡོ་རྗེ་ཕག་མོའི་སྐུ་ཡུངས་འབྲུ་ཙམ་དཔག་ཏུ་མེད་པ་ཆར་དྲག་གཡོ་བ་བཞིན་དུ་བྱོན། སློབ་མའི་བ་སྤུའི་སྒོ་ཀུན་ནས་ཞུགས། སྙིང་གར་ཐིམ་པས་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་སྐྱེས་པར་སྒོམས་ཤིག །རྡོ་རྗེ་ཕག་མོ་སོགས། འབེབ་པའི་རྫས་བདུག་ཅིང་རོལ་མོའི་སྒྲ་དང་བཅས་པས་བྱིན་དབབ། དེ་ལྟར་བྱིན་དབབ་པས། ཡེ་ཤེས་ཀྱི་དཀྱིལ་འཁོར་ཟབ་མོའི་དེ་ཉིད་མཐོང་བར་དབང་བའི་བརྡར་གདོང་གཡོགས་སོལ་ཅིག །འབྲུ་གསུམ་གྱིས་བསལ། གུས་པ་བསྐྱེད་པ་ནི། རིག་ཙཀ་ཐོགས་ལ། དགའ་ཆེན་གྱི་དངོས་གྲུབ་སྦྱིན་པར་ནུས་པའི་ཤེས་རབ་མ་མཚན་ཉིད་རྫོགས་ཤིང་ལང་ཚོས་མཛེས་པ་སློབ་མའི་མདུན་དུ་བྱོན་པ་ལ། དབང་བསྐུར་ཞུ་བའི་དོན་དུ་ཡིད་ཀྱིས་ཕྱག་འཚལ་ཞིང་བསྐོར་བ་བྱས་ཏེ་མེ་ཏོག་འབུལ་འཚལ། སངས་རྒྱས་ཐམས་ཅད་ཀྱི་གསང་དོན་ཟབ་མོའི་གནས་ལུགས་རྟོགས་པར་བྱེད་པའི་གདམས་ངག་ཡུམ་གྱི་མཁའ་དཀྱིལ་གྱི་ཆེ་བའི་ཡོན་ཏན་མཚོན་དོན་ངོ་སྤྲད་པ་ནི། འོ། རིགས་ཀྱི་བུ་སོགས་ནས། གུས་པར་གྱིས༔ དེ་ལྟར་གསང་སྔགས་ཀྱི་ལམ་ནི་ཟབ་མོའི་ཐབས་ཀྱིས་གྲོལ་བ་ཡིན་ལ། ཐབས་ཀྱི་མཆོག་ནི་བདེ་བ་ཆེན་པོ་སྒོམ་པ་སྟེ། དེའི་འབྱུང་གནས་ནི་ཡུམ་ལས་འབྱུང་ལ། ཡུམ་གྱི་ལུས་ཀྱི་རང་བཞིན་བྷ་ག་ཡེ་ཤེས་ཀྱི་མཁའ་དབྱིངས་དམ་པ་འདི་ཉིད་ལ་གུས་པས་བརྟེན་པ་དང་། བུད་མེད་ཐམས་ཅད་ལ་དཔའ་མོའི་བློས་མཆོད་པའི་དོན་དུ་མདུན་གྱི་ཤེས་རབ་མ་ལ། སླར་ཡང་ཡིད་ཀྱིས་ཕྱག་དང་བསྐོར་བ་སྔོན་དུ་འགྲོ་བས་མེ་ཏོག་ཕུལ་བས་མཉེས་པར་མཛོད་ཅིག །གཉིས་པ་ཤེར་དབང་དངོས་གཞི་ལ། མཁའ་གསང་བསྟན་པ་ནི། ཤེས་རབ་མ་དགྱེས་པའི་རྣམ་འགྱུར་གྱིས་ཆུ་སྐྱེས་ངོམས་ཤིང་འདི་སྐད་གསུང་བར་མོས། ཧཱུྃ༔ ང་ཡི་བྷ་ག་སོགས། སློབ་དཔོན་གྱིས་ཕྱག་རྒྱ་མའི་གཡོན་གྱི་སྲིན་ལག་ནས་བཟུང་སྟེ་སློབ་མའི་ལག་གཡོན་དུ་སྦྱིན་པར་མོས། ཧཱུྃ༔ ཡེ་ཤེས་ལྷ་མོ་སོགས། བྱིན་གྱིས་བརླབས་ནས་བརྡས་བསྐུལ་ཞིང་བདེ་བ་འབར་བའི་དོན་ཡེ་ཤེས་ཆེན་པོར་ངོ་སྤྲད་པ་ནི། དེ་ལྟར་བྱིན་པའི་ཤེས་རབ་མ་དང་སློབ་མ་རྣམས་ཐ་མལ་གྱི་རྟོག་པ་སྤངས་ནས་ལྷ་སྔགས་ཆོས་ཀྱི་འདུ་ཤེས་དང་ལྡན་པས་རོལ་ཅིག །ཀྱེ་མ་ལས་ལྡན་སོགས་ནས། ལྷོད་ཀྱིས་མཉམ་པར་ཞོག་ཅིག །དེ་ལྟར་ཤེས་རབ་བྷ་གའི་དཀྱིལ་འཁོར་དུ་དབང་བསྐུར་པས། གཟུང་འཛིན་གྱི་རྟོག་པ་ཕྲ་རགས་འགགས་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་པས། སྡུག་བསྔལ་ཐམས་ཅད་བདེ་བར་ཤར་ཞིང་། བདེ་བའི་ངོ་བོ་སྟོང་པར་ངོ་འཕྲོད་པས་འོད་གསལ་བདེ་བ་ཆེན་པོའི་ཡེ་ཤེས་ལ་རྒྱུན་དུ་གནས་ཤིང་། བདེ་བ་ལ་བདེ་བའི་རང་བཞིན་སྟོང་པར་འཛིན་པ་ལས་འདས་པའི་བློ་བྲལ་ཆེན་པོའི་དོན་ལ་གཞོལ་བའི་སྒོ་ནས། ཐབས་གྲོལ་གྱི་ལམ་ལ་གང་ཟག་གི་བློ་ཡི་ནུས་པ་དང་འཚམ་པར་ཞུགས་ནས། བདེ་སྟོང་གི་དོན་ལ་ཡེ་སྟོང་གི་རྩིས་ཟིན་པར་བསྐྱངས་པས་ཡོན་ཏན་ཕུན་སུམ་ཚོགས་པ་འབྱུང་བ་ཡིན་ནོ། །གསུམ་པ་རྗེས་རིམ་དབང་དེའི་དག་པ་བརྗོད་པ་ནི། ཀྱེ་མ་སྐལ་ལྡན་སོགས། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཟབ་མོ་ཐོབ་ནས། ལམ་གྱི་རིམ་པ་ཉམས་སུ་བླང་པའི་ཟབ་ཁྲིད་འཆད་པ་ཡིན་ཏེ། གསུམ་པ་སེམས་ཀྱི་སྔོན་འགྲོ་ལ་གསུམ་སྟེ་སོགས་ཁྲིད་ཡིག་ལྟར། གོམས་པ་ལ་འཇུག་པར་བྱའོ། །ཞེས་པའི་བར་དལ་བུས་བཀླག །ཁྱད་པར་དབང་གསུམ་པའི་ལམ་རྒྱུད་ལ་བརྟེན་ནས་ཉམས་སུ་ལེན་པའི་རིམ་པ་ལ། སྦྱོར་དངོས་རྗེས་གསུམ་གྱི་ཆོ་ག་ལག་ཏུ་བསྟར་ནས། ཕོ་ཉའི་ལམ་མཆོག་མཐར་ཕྱིན་པ་གཞུང་བཞིན་དུ་བསྒྲུབས་པས། དབང་བཞི་པའི་མངོན་རྟོགས་རྒྱུད་ལ་སྐྱེ་བའི་སྐལ་པ་ཅན་དུ་བསྒྲུབ་དགོས་པ་ལགས། དེ་ལྟར་ཤིན་ཏུ་སྤྲོས་མེད་ཤེར་དབང་གི་ལམ་ལ་བརྟེན་པའི་སྨིན་གྲོལ་ཚང་སྤྲུགས་སུ་ཐོབ་པ་ལགས་པས་བཀའ་དྲིན་གཏང་རག་གི་སླད་དུ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཚོགས་ཀྱི་དགའ་སྟོན་གྱིས་མཆོད་པའི་རྣལ་འབྱོར་ལ་འཇུག་པ་ཞུ། གོང་སྨྲོས་བཞིན་ཚོགས་འཁོར་ངེས་པར་བྱའོ།། ༧ །།ལྔ་པ་ལུས་ངག་ཡིད་གསུམ་དུ་འཛིན་པའི་སྒྲིབ་པ་ཀུན་སྦྱོང་ཞིང་ཆོས་སྐུ་རྫོགས་པ་ཆེན་པོའི་ཟབ་དོན་མཐར་ཐུག་པ། རབ་ཏུ་སྤྲོས་མེད་ཡང་གསང་ཚིག་དབང་རིན་པོ་ཆེ་བསྐུར་བ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། དང་པོ་སྦྱོར་བ་སྔོན་འགྲོ་ནི། དཀྱིལ་འཁོར་ཆེན་པོའི་བྱང་ཕྱོགས་སུ་བླ་མ་སྐུ་བཞི་ལྷུན་གྲུབ་ཆེན་པོའི་ངོ་བོར་བཞུགས་པའི་སྤྱན་སྔར། དབང་བཞི་པ་ཞུ་བའི་ཡོན་དུ་རིན་པོ་ཆེ་གསེར་གྱི་མཎྜལ་ཕུལ། ཡང་དག་དོན་གྱི་གནས་ལུགས་མངོན་སུམ་སྟོན་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཀྱེ་དུས་གསུམ་སོགས་ལན་གསུམ། མཆོག་གི་དངོས་གྲུབ་སྒྲུབ་པའི་རྟེན་མཚོན་པའི་ཕྱིར་ཚོམ་བུ་དང་། མེ་ལོང་། ཐོད་པའི་དཀྱིལ་འཁོར་བསྐྱེད་ནས་མཆོད་ཅིང་ཚོགས་ཀྱི་དགའ་སྟོན་གྱིས་མཉེས་ཤིང་ཚོགས་རྫོགས་པར་བྱ་བ་ནི། འདི་ལྟར་བདག་གིས་བརྗོད་པའི་ཚིག་རིས་དང་མཐུན་པར་ཁྱོད་རང་རྣམས་ཀྱིས་ཀྱང་དམིགས་པའི་ཏིང་འཛིན་ལ་འབད་འཚལ། སློབ་དཔོན་ཉིད་སྐད་ཅིག་གིས་དཔའ་བོ་རྟ་མགྲིན་དམར་པོ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་བསྣམས་པ། ཕག་མོ་དམར་མོ་གཅེར་བུ་གྲི་ཐོད་འཛིན་པ་དང་འཁྲིལ་སྦྱོར་དུ་བཞུགས་པའི་སྐུར་གསལ་བ་དང་། མདུན་གྱི་ཚོམ་བུའི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་ཕག་མོ་དང་དཔལ་རྟ་མགྲིན་ཡབ་ཡུམ། གཉིས་ཀའང་སྐུ་མདོག་དམར་པོ། མཚམས་བཞིར་རིགས་བཞིའི་མཁའ་འགྲོ་ཡབ་ཡུམ་མཐིང་སེར་དམར་ལྗང་ཅན། གཙོ་འཁོར་ཐམས་ཅད་ཀྱི་ཕྱག་གཉིས་རང་རྟགས་ཀྱིས་མཚན་པའི་གྲི་གུག་དང་ཐོད་ཁྲག་བསྣམས་ཤིང་། ཡུམ་རྣམས་ཀྱི་གྲུ་མོར་ཁ་ཊྭཱཾ་ག་བརྟེན་པ། ལྷ་ཚོགས་རྣམས་ཀྱི་གནས་གསུམ་རྡོ་རྗེ་གསུམ་གྱི་ཡི་གེས་མཚན་པ་ལས་འཕྲོས་པའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཤིང་། ཨཱོྃ་ཨཱཿཧཱུྃ་གཉིས་སུ་མེད་པར་ཐིམ། བླ་མ་ཡབ་ཡུམ་སྙོམས་པར་སོགས་ནས། བདུད་རྩི་ལ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་པར་མོས། སླར་ཡང་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱི་ཚོམ་བུའི་དཀྱིལ་འཁོར་ལ་མཆོད་ཅིང་བསྟོད་པར་གྱུར། ཨཱོྃ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཛྙཱ་ན་པཉྩ་ཨ་མྲྀཏ་ཁཱ་ཧིས་བདུད་རྩི་དང་། ཨཱོྃ་བཛྲ་ཨརྒྷཾ་པཱ་དྱཾ་སོགས་ཀྱིས་མཆོད། འོད་གསལ་དབྱིངས་ལས་ལོངས་སྐུའི་རྩལ། །ཐབས་ཤེས་སྤྲུལ་པ་ཕྱག་རྒྱར་བཞེངས། །རིགས་ལྔ་མཁའ་འགྲོའི་དཀྱིལ་འཁོར་ལྷར། །སྒོ་གསུམ་གུས་པས་འདུད་ཅིང་བསྟོད། །ཅེས་བསྟོད། དེ་ལྟར་མཆོད་ཅིང་བསྟོད་པས་ལྷ་ཚོགས་དགྱེས་པས་འོད་དུ་ཞུ་ནས་རང་གི་སྙིང་གར་ཐིམ། སླར་མེ་ལོང་གི་དཀྱིལ་འཁོར་ཆོས་འབྱུང་ཐར་པ་ཆེན་པོའི་གཞལ་ཡས་ཁང་གི་དབུས་སུ་རྡོ་རྗེ་ཕག་མོ་དང་རྟ་མགྲིན་ཡབ་ཡུམ་དམར་པོ་གྲི་ཐོད་བསྣམས་པ། མཐའ་སྐོར་དུ་བླ་མ་བརྒྱུད་པའི་ཚོགས་དང་བཅས་པ་བཞུགས་པ་ལ། རང་གི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་འཕྲོས་པས་སྣང་སྲིད་ཐམས་ཅད་མཆོད་པའི་ལྷ་མོ་ལྔར་གྱུར་ཏེ། ནམ་མཁའ་ཁྱབ་པར་གང་ནས་མཆོད་སྤྲིན་སྣ་ཚོགས་ཐོགས་པས་མཆོད་དེ། བླ་མ་མཁའ་འགྲོའི་དཀྱིལ་འཁོར་ལྷ་ཚོགས་རབ་ཏུ་དགྱེས་ཤིང་སྙོམས་པར་ཞུགས་པས་བྱང་ཆུབ་སེམས་ཀྱི་རྒྱུན་བབས་པ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་གྱུར་པའི་བདུད་རྩིའི་སྤྲིན་གྱིས། བླ་མ་ཡི་དམ་གྱི་དཀྱིལ་འཁོར་པའི་ལྷ་ཚོགས་ལ་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ཨཱོྃ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཛྙཱ་ན་པཉྩ་ཨ་མྲྀཏ་ཁཱ་ཧིས་བདུད་རྩིའི་ཐིགས་གཏོར། སླར་ཡང་རྩ་བ་གསུམ་གྱི་ལྷ་ཚོགས་དགྱེས་པ་སྐོང་བའི་ཚོགས་ཀྱི་མཆོད་པའི་ཕྲིན་ལས་སྔོན་དུ་འགྲོ་བས། རིག་འཛིན་བརྒྱུད་པའི་བླ་མ་རྣམས་ལ་དད་མོས་གདུང་བ་དྲག་པོས་ཕུར་ཚུགས་སུ་གསོལ་བ་འདེབས་པ་བཅས་དཔོན་སློབ་ལྷན་ཅིག་པས་མཛད་འཚལ། གོང་བཞིན་ཚོགས་མཆོད་ཕུལ་ནས་སྨོན་ཤིས་བཅས་བྱ། ཨཱོྃ་ཨཱཿཧཱུྃ། ཆོས་ཀུན་ཀ་ནས་དག་པ་ཡེ་ཤེས་ཀྱི། །སོགས་བརྒྱུད་འདེབས་སྦྱར་བས་བར་སྐབས་ཀྱི་བརྒྱུད་ལུགས་གང་མོས་སྐབས་བསྟུན་གྱིས་འདོར་ལེན་བྱ། གསང་སྔགས་རབ་ཏུ་གསང་བའི་དོན་ཉེ་བར་མཚོན་ཕྱིར་དམ་ཚིག་བསྒྲག་པ་ནི། ཟབ་མོ་དབང་བཞི་པའི་ཁྱད་པར་གྱི་དམ་ཚིག་བསྲུང་དུ་མེད་པར་ཡེ་སྲུང་ཡེ་དག་གི་དགོངས་སྤྱོད་ཀྱི་རིམ་པ་ཚུལ་བཞིན་འཛིན་པའི་དམ་བཅའ་བརྟན་པོས་འདིའི་རྗེས་ཟློས། ཨཱོྃ་ཨཱཿཧཱུྃ་ཧྲཱིཿམ༔ བསྲུང་དུ་མེད་པའི་སོགས། སྣོད་ཁྱད་པར་ཅན་དུ་སྒྲུབ་པར་བྱེད་པ་ཡེ་ཤེས་དབབ་པ་ནི། ཁྱེད་རང་རྣམས་ཡུལ་གཞན་དུ་མ་ཡེངས་པར་དམིགས་གནད་འདི་བཞིན་རྩེ་གཅིག་ཏུ་བསྒོམ་འཚལ། སློབ་མའི་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པས། ངག་གནད་རླུང་རང་བབས་སུ་ཞོག །སེམས་ཀྱི་གནད་སྨིན་ཕྲག་ཏུ་སོགས་ནས། འཁོར་བ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་པས། དེའི་སྒྲ་དང་འོད་ཟེར་དང་། བླ་མ་ལ་བཅོས་མིན་གྱི་མོས་གུས་བསྐྱེད་པའི་མཐུས། བླ་མའི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་དང་བཅས་པས། བླ་མ་ཡི་དམ་སོགས་ནས། དྲངས་པ་སློབ་མ་ལ་སིབ་སིབ་ཐིམ་པས་རྒྱུད་ལ་ཡེ་ཤེས་ཁྱད་པར་ཅན་སྐྱེ་བའི་ནུས་པ་ཅན་དུ་བྱིན་གྱིས་བརླབས་པར་མོས་ཤིག །སྤོས་རོལ་བཅས་བྱིན་དབབ། གཉིས་པ་དངོས་གཞི་ལ། གཟུང་འཛིན་རང་གྲོལ་གྱི་ཡེ་ཤེས་མངོན་སུམ་གནད་ཐོག་ཏུ་ཕབ་སྟེ། རིག་པ་བློ་འདས་ཀྱི་རང་ཞལ་རྗེན་པ་རང་ཐོག་ཏུ་ངོ་སྤྲད་པའི་བརྡ་ཐབས་རྣམ་པ་ལྔ་འབྱུང་བ་ལས། དང་པོ། གནས་པ་ལ་བརྟེན་ནས་ངོ་སྤྲོད་པ་ཡིན་པས་མ་ཡེངས་པར་འདིའི་དོན་ངོ་ཤེས་པར་གྱིས་ཤིག །འོ་རིགས་ཀྱི་བུ། དར་ཅིག་སོགས་ནས། ངོ་ཤེས་པར་གྱིས་ཤིག །དེ་ལྟར་བྱས་པས་གནས་པར་སྣང་ཡང་གང་དུའང་མི་གནས་ཤིང་། སེམས་ཉིད་སྤྲོས་པ་དང་བྲལ་བའི་གནས་ལུགས་ཀྱི་དོན་ཤེས་པའི་ཐབས་བསྟན་པ་ཡིན་ནོ། །གཉིས་པ་སེམས་འཕྲོ་བར་སྙམ་པའི་འགྲོ་ས་ལ་བརྟེན་ནས་ངོ་སྤྲོད་པ་ནི། སློབ་མ་རྣམས་ལངས་ཏེ་རིམ་པ་བཞིན་ཕྱོགས་བཞིའི་ནམ་མཁའ་ལ་མིག་གི་ལྟ་སྟངས་དང་བཅས་ལུས་ནམ་མཁའི་དཀྱིལ་ནས་ཕར་ཡེར་རེ་འགྲོ་བར་སྒོམས་ཤིག །ཀྱེ་མ་ཀྱེ་མ་སོགས་ནས། སྟོང་པ་ཡིན༔ དེ་ལྟར་བྱས་པས་འགྲོ་འོང་ལྟར་སྣང་ཡང་གནས་པ་ཉིད་ལས་དོན་དུ་གར་ཡང་ཕྱིན་པ་མེད་པས། འགྲོ་འོང་མེད་པའི་དོན་རྟོགས་པའི་ཐབས་བསྟན་པ་ཡིན་ནོ། །གསུམ་པ་སེམས་གང་ནས་སྐྱེ་འོ་སྙམ་པའི་བྱུང་ས་ལ་བརྟེན་ནས་ངོ་སྤྲོད་པ་ནི། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས༔ སེམས་ནི་སོགས་ནས། བྱུང་བར་ལྟོས༔ དེ་ལྟར་བགྱིས་པས་སེམས་རྟོག་སྐྱེས་ཤིང་འབྱུང་བ་ལྟར་སྣང་ཡང་། དོན་ལ་འདི་ལས་བྱུང་བའི་གནས་མེད་པས་འདི་ནས་འབྱུང་གི་གཞི་རྩ་བྲལ་བའི་རང་བཞིན་གང་དུའང་བརྗོད་དུ་མེད་པའི་དོན་ལ་མཉམ་པར་ཞོག་ཅིག །ཀྱེ་མ་རིགས་ཀྱི་བུ་ཁྱོད་ཉོན། །སོགས་ནས། ཤེས་པར་གྱིས། དེ་ལྟར་བྱས་པས་སེམས་ཀྱི་རང་བཞིན་གང་ལས་མ་བྱུང་། གང་དུའང་མ་གནས། གང་དུའང་མི་འགག་པ། སྐྱེ་འགག་ཏུ་མ་གྲུབ། རྒྱུ་རྐྱེན་ལས་འདས་པ། གདོད་ནས་མ་སྐྱེས་པའི་གནས་ལུགས་ཀྱི་དོན་རྟོགས་པའི་ཐབས་བསྟན་པ་ཡིན་ནོ། །བཞི་པ་སྣང་སེམས་ཆོས་ཉིད་ཀྱི་རྒྱན་དུ་ཡེ་ནས་གྲོལ་བས། ཚོགས་དྲུག་གི་ཡུལ་ཤེས་གཏད་མེད་ཟང་ཐལ་གཉུག་མའི་རང་བཞིན་དུ་ངོ་སྤྲོད་པ་ལ། ཐོག་མར་མིག་གི་ཡུལ་དུ་གཟུགས་ལ་བརྟེན་ནས་ཡུལ་སེམས་སྣང་སྟོང་རྩ་བྲལ་དུ་ངོ་སྤྲོད་པ་ནི། ཁྱོད་རང་གི་མདུན་གྱི་ནམ་མཁའི་དཀྱིལ་ན་རྒྱལ་བ་རིགས་ལྔའི་སྐུ་གཟུགས་རྒྱན་དང་ཆ་ལུགས་རྫོགས་པ་བཀྲ་ལམ་གྱིས་གསལ་བར་བསྒོམས་ནས་ལྟོས་ལ་འདིའི་དོན་གོ་བར་མཛོད། ཀྱེ་མ་རིགས་ཀྱི་སོགས། དེ་ལྟར་བྱས་པས་གཟུགས་སུ་སྣང་བར་འཛིན་མཁན་གྱི་སེམས་གཞི་མེད་རྩ་བ་བྲལ་བས། དེས་བཟུང་བའི་ཡུལ་གྱི་གཟུགས་སེམས་ལས་གཞན་གང་དུའང་གྲུབ་པ་མེད་པས། སྣང་སྟོང་སྐྱེ་བ་མེད་པ་མཐོང་བའི་ཐབས་ཡིན་ནོ། །ཡང་། རྣ་བའི་ཡུལ་དུ་སྒྲ་གྲགས་པའི་ཡུལ་སེམས་གྲགས་སྟོང་རྩ་བྲལ་དུ་ངོ་སྤྲད་པ་ནི། སྙན་དང་མི་སྙན་སྣ་ཚོགས་པའི་སྒྲ་ལ་ཉན་ནས་འདིའི་དོན་གོ་བར་མཛོད་ཅིག །ཀྱེ་མ་རིགས་ཀྱི་སོགས། དེ་ལྟར་བྱས་པས་སྒྲར་གྲགས་པ་འཛིན་མཁན་གྱི་སེམས་ཉིད་གཞི་རྩ་བྲལ་བས། དེས་ཉན་པའི་ཡུལ་གྱི་སྒྲ་སེམས་ལས་གཞན་དུ་མ་གྲུབ་པས། གྲགས་སྟོང་འགག་པ་མེད་པའི་དོན་མཐོང་བའི་ཐབས་ཡིན་ནོ། །ཡང་། སྣ་ཡི་ཡུལ་དུ་དྲི་ཚོར་བའི་ཡུལ་སེམས་ཚོར་སྟོང་རྩ་བྲལ་དུ་ངོ་སྤྲད་པ་ནི། བཟང་ངན་སྣ་ཚོགས་པའི་དྲི་བདུག་པ་སྣར་ཚོར་བར་བྱས་ནས་འདིའི་དོན་གོ་བར་མཛོད་ཅིག །ཀྱེ་མ་རིགས་ཀྱི་སོགས། དེ་ལྟར་བྱས་པས་དྲིའི་ཚོར་བ་འཛིན་མཁན་གྱི་སེམས་ཉིད་གཞི་རྩ་བྲལ་བས། དེས་ཚོར་བའི་ཡུལ་གྱི་དྲི་སེམས་ལས་གཞན་དུ་མ་གྲུབ་པས། ཚོར་སྟོང་གནས་པ་མེད་པའི་དོན་མཐོང་བའི་ཐབས་ཡིན་ནོ། །ཡང་། ལྕེའི་ཡུལ་དུ་རོ་མྱང་བའི་ཡུལ་སེམས་མྱང་སྟོང་རྩ་བྲལ་དུ་ངོ་སྤྲད་པ་ནི། ཞིམ་མི་ཞིམ་སྣ་ཚོགས་པའི་རོ་མྱང་བ་ལྕེའི་མྱོང་བར་བྱས་ནས་འདིའི་དོན་གོ་བར་མཛོད་ཅིག །ཀྱེ་མ་རིགས་ཀྱི་སོགས། དེ་ལྟར་བྱས་པས་ལྕེ་ཡི་ཡུལ་དུ་རོ་མྱང་བ་འཛིན་མཁན་གྱི་སེམས་ཉིད་གཞི་རྩ་བྲལ་བས། དེས་མྱོང་བའི་ཡུལ་རོ་སེམས་ལས་གཞན་དུ་མ་གྲུབ་པས། མྱོང་སྟོང་དམིགས་པ་མེད་པའི་དོན་མཐོང་བའི་ཐབས་ཡིན་ནོ། །ཡང་། ལུས་ཀྱི་ཡུལ་དུ་རེག་བྱ་མྱོང་བའི་ཡུལ་སེམས་རེག་སྟོང་རྩ་བྲལ་དུ་ངོ་སྤྲད་པ་ནི། ཕྲག་པའི་གོས་ཕུད་ལ། ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་རྩུབ་སྣ་ཚོགས་ཀྱི་རེག་བྱ་ལུས་ཀྱིས་རེག་པའི་ཚོར་བ་མྱོང་བར་བྱས་ནས་འདིའི་དོན་གོ་བར་མཛོད་ཅིག །ཀྱེ་མ་རིགས་ཀྱི་སོགས་ནས། བྲལ་བ་ཡིན། དེ་ལྟར་བྱས་པས་ལུས་ཀྱི་ཡུལ་དུ་རེག་བྱར་འཛིན་མཁན་གྱི་སེམས་ཉིད་གཞི་རྩ་བྲལ་བས། དེས་བཟུང་བའི་ཡུལ་རེག་བྱ་སེམས་ལས་གཞན་དུ་མ་གྲུབ་པས། རེག་སྟོང་འཛིན་པ་མེད་པའི་དོན་མཐོང་བའི་ཐབས་ཡིན་ནོ། །ཡང་། ཡིད་ཀྱི་ཡུལ་དུ་ཤར་བའི་ཆོས་སྐྱིད་སྡུག་དང་། དགའ་མི་དགའ། ཆགས་སྡང་ལ་སོགས་པའི་རྟོག་པ་སྣ་ཚོགས་པ་འབྱུང་དུ་ཆུགས་ལ་འདིའི་དོན་གོ་བར་མཛོད། ཀྱེ་མ་རིགས་ཀྱི་སོགས་ནས། ཇི་བཞིན་ནོ༔ དེ་ལྟར་བྱས་པས་ཡིད་ཀྱི་ཡུལ་དུ་ཤར་བའི་ཆོས་སུ་འཛིན་མཁན་གྱི་སེམས་ཉིད་གཞི་རྩ་དང་བྲལ་ཞིང་། དེར་ཤར་པའི་ཆོས་རྣམས་སེམས་ལས་གཞན་དུ་མ་གྲུབ་པས། དྲན་སྟོང་གྲུབ་པ་མེད་པའི་དོན་མཐོང་བའི་ཐབས་ཡིན་ནོ། །དེ་ལྟར་ངོ་སྤྲད་པས་ཕྱིའི་གཟུགས་སོགས་ཡུལ་དྲུག་དང་། ནང་འཛིན་མཁན་གྱི་སེམས་དྲུག་པོ་ཡེ་སྟོང་གཞི་མེད་རྩ་བ་དང་བྲལ་བར་ཤེས་པས། གཟུང་འཛིན་གྱི་ཡུལ་སེམས་གདོད་ནས་གྲུབ་མ་མྱོང་བས་རང་ཤར་རང་གྲོལ་དུ་རྟོགས་པར་བྱེད་པ་ཡིན་ནོ། །ལྔ་པ་ཉོན་མོངས་རང་གྲོལ་དུ་ངོ་སྤྲད་པ་ནི། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཀུན་གདོད་ནས་མ་གྲུབ་པའི་ཕྱིར། ཉོན་མོངས་པ་དུག་གསུམ་དང་། དུག་ལྔའི་རྟོག་པ་དར་ལ་དྲགས་པ་སྐྱེ་རུ་ཆུགས་ལ་འདིའི་དོན་གོ་བར་མཛོད་ཅིག །ཀྱེ་མ་རིགས་ཀྱི་སོགས་ནས། མེད་པར་གྲོལ༔ དེ་ལྟར་བྱས་པས་ཉོན་མོངས་པའི་རྟོག་པ་ཇི་ལྟར་ཤར་ཡང་། ཤར་མཁན་གྱི་སེམས་ཉིད་གཞི་མེད་རྩ་བྲལ་དུ་དྭངས་པས། དེས་བསྐྱེད་པའི་ཉོན་མོངས་པ་སེམས་ལས་གཞན་དུ་མ་གྲུབ་པས། སྐྱེ་གྲོལ་དེར་འཛིན་མེད་པའི་དོན་མཐོང་ཞིང་ཉོན་མོངས་རྩ་བྲལ་ཡེ་ཤེས་ཆེན་པོར་རྟོགས་པའི་ཐབས་ཡིན་ནོ། །གསུམ་པ་རྗེས་རིམ་དག་པ་བརྗོད་པ་ནི། ཨེ་མ་སྐལ་ལྡན་སོགས་ནས། ལྷུན་གྱིས་གྲུབ༔ དེ་ལྟར་ཚིག་དབང་རིན་པོ་ཆེ་ལེགས་པར་ཐོབ་ནས། ལམ་གྱི་རིམ་པ་ཉམས་སུ་ལེན་པའི་ཟབ་ཁྲིད་འཆད་པ་ཡིན་ཏེ། དོན་གཉིས་པ་ཟབ་ལམ་སྒོམ་པ་དངོས་གཞིའི་ཁྲིད་ལ་སོགས་ཁྲིད་ཡིག་ལྟར། ཕྱི་མ་ནི་ཕབ་པའི་དོན་ལ་མཉམ་པར་འཇོག་པའི་གནས་ལུགས་སྟོན་པ་ཡིན་ནོ། །ཞེས་པའི་བར་དལ་བུས་བཀླག །དེ་དག་རྣམས་ཀྱི་དབང་བཞི་པའི་ལམ་ལ་བརྟེན་པའི་སྨིན་གྲོལ་ཚང་སྤྲུགས་སུ་ཐོབ་པ་ལགས་པས་བཀའ་དྲིན་བསབ་པའི་དགའ་སྟོན་དུ་མཎྜལ། སྔ་མ་བཞིན་ཚོགས་ཀྱི་འཁོར་ལོས་མཆོད། སྐབས་འདིར་དགེ་བསྔོ་བཅས་མཚམས་འཇོག་དགོས་ནའང་དེ་ལྟར་བྱའོ།།༧ །།དྲུག་པ་སེམས་ཉིད་ཀྱི་ངོ་སྤྲོད་བླ་ན་མེད་པ་གནས་ལུགས་སྤྲོས་བྲལ་དུ་སྟོན་པ་གཞི་ཁྲེགས་ཆོད་ཀྱི་ལམ་དང་འབྲེལ་བ་རིག་པ་རྩལ་གྱི་དབང་ལ། ཐོག་མར་བླ་མ་ཀ་དག་དོན་གྱི་སངས་རྒྱས་གུ་རུའི་རྣམ་པར་བཞུགས་པའི་སྤྱན་སྔར། རིག་པ་མེ་ལོང་ལྟ་བུའི་དོན་རྟོགས་པའི་ཆེད་དུ་མཎྜལ། དབང་གཞུང་དུ་མཎྜལ་མ་གསུངས་ཀྱང་། ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་དུ་གསུངས་པ་དང་འཇུག་པ་བདེ་བའི་ཕྱིར་སྦྱར་བ་འགལ་བ་མེད་སྙམ། དང་པོ་སྔོན་འགྲོ་སྣོད་སྦྱོང་ཞིང་བྱིན་གྱིས་བརླབ་པའི་རིམ་པ་ནི། བླ་མ་གཞིའི་སངས་རྒྱས་ཆོས་སྐུ་ཀུན་ཏུ་བཟང་པོའི་རྣམ་པར་བཞུགས་པ། དེའི་མདུན་གྱི་དཀྱིལ་འཁོར་པདྨ་འདབ་བརྒྱད་འོད་ལྔའི་དྲྭ་བ་རྡོར་རྭ་མེ་རི་དང་བཅས་པ་མཆོད་སྤྲིན་རྒྱ་མཚོས་བསྐོར་བའི་ནང་དུ། ཐོད་པ་བདུད་རྩིས་བཀང་བའི་དབུས་སུ་པདྨའི་སྡོང་པོ་སོགས་ནས། དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས་བསྐོར་ནས་གཙོ་དང་འཁོར་དུ་སྣང་བའི་དཀྱིལ་འཁོར་ཆེན་པོར་བཞུགས་པར་བསྐྱེད་དོ། །སློབ་དཔོན་དང་དཀྱིལ་འཁོར་པ་དེ་རྣམས་ཀྱི་ཐུགས་ཀའི་འོད་ཟེར་ཆོས་དབྱིངས་མཁའ་ཁྱབ་དུ་འཕྲོས་པས། དུས་གསུམ་གྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པའི་རྣམ་པར་ནམ་མཁའ་གང་བ་སྤྱན་དྲང་པར་གྱུར། སྤོས་རོལ་བཅས། ཧོཿ ཆོས་དབྱིངས་རྣམ་དག་ལྷུན་གྲུབ་ཆེན་པོ་ནས། །དཔག་ཡས་ཐུགས་རྗེའི་རྣམ་འཕྲུལ་འགྱེད་པའི་ལྷ། །བླ་མ་རིག་འཛིན་རྩ་གསུམ་ཞི་ཁྲོའི་ཚོགས། །འདིར་གཤེགས་བདག་ལ་དགོངས་ཤིང་བྱིན་གྱིས་རློབས། །གདོད་ནས་བྱང་ཆུབ་རྡོ་རྗེ་སྙིང་པོའི་གདུང་། །དཀོན་མཆོག་གསུམ་དངོས་དམ་ཆོས་རིན་ཆེན་མཛོད། །དུས་གསུམ་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་པ། །ད་ལྟ་དངོས་བཞུགས་བླ་མས་བྱིན་གྱིས་རློབས། །ཨཱོྃ་བཛྲ་ས་མ་ཡ་ཛཿས་སྤྱན་དྲངས། སྤྱན་དྲངས་པའི་ལྷ་ཚོགས་བསྐྱེད་པའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་བསྟིམ་པར་གྱུར་པར་མོས་ལ། ཛཿཧཱུྃ་བཾ་ཧོཿ ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ཏེ་ཕྱི་ནང་གསང་བ་བླ་ན་མེད་པའི་ལོངས་སྤྱོད་ཆེན་པོས། ལྷ་ཚོགས་རྣམས་ལ་མཆོད་བསྟོད་ཕུལ་བས་དགྱེས་པ་བསྐྱེད་པར་གྱུར་པར་མོས་ལ། སྣང་སྲིད་རྣམ་དག་སངས་རྒྱས་ཞིང་ཁམས་འདིར། །ཀུན་བཟང་མཆོད་པའི་སྤྲིན་ཕུང་འདི་ཕུལ་བས། །ནམ་མཁའི་མཐའ་ཀླས་གྱུར་པའི་འགྲོ་བ་རྣམས། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པར་ཤོག །ཨཱོྃ་སརྦ་ཏ་ཐཱ་ག་ཏ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་པས་མཆོད། མངོན་པར་བྱང་ཆུབ་ཆོས་སྐུར་དག་པ་ལས། །མཛད་པའི་རྣམ་འཕྲུལ་སྒྱུ་མའི་སྐུར་བཞེངས་པ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། སླར་ཡང་ཚོགས་རྟེན་དེ་རྣམས་ཀྱི་སྤྱན་སྔར། རང་གཞན་རྣམས་ཀྱི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་ཕྱག་འཚལ་ཞིང་། ངག་གིས་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་མཚན་བརྗོད་པ་དང་། ཡིད་ཀྱིས་ཐོག་མེད་ནས་བསགས་པའི་སྡིག་ལྟུང་སྒྲིབ་གཉིས་སྤྱི་དང་། ཁྱད་པར་ལམ་ཟབ་མོའི་དབང་གི་ཡེ་ཤེས་སྐྱེ་བ་ལ་བར་དུ་གཅོད་པའི་རྟོག་སྒྲིབ་ཉམས་ཆག་གི་ལས་བསགས་པ་ཐམས་ཅད་གནོང་འགྱོད་དྲག་པོས་བཤགས་ཤིང་སྐོང་བའི་སླད་དུ་ན་རཀ་སྐོང་བཤགས་ཀྱི་ཆོ་ག་དཔོན་སློབ་ལྷན་ཅིག་པས་ཚུལ་བཞིན་མཛད་པ་ཞུ། ན་རཀ་སྐོང་ཆོག་སྔར་བཞིན་གཏང་། དེ་ལྟར་རྒྱུད་དག་པར་བྱེད་པའི་ཆོ་ག་སྔོན་དུ་སོང་ནས། སེམས་བསྐྱེད་པ་ནི། མཆོག་གསང་སྙིང་པོའི་དཀྱིལ་འཁོར་དུ་འཇུག་པར་བྱེད་པ་ལ། བདག་དང་གཞན་དུ་སྣང་བ་ཐམས་ཅད་གཉིས་མེད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཆེན་པོའི་ཀློང་དུ་དག་མཉམ་ཆེན་པོར་ཡེ་སངས་རྒྱས་པ་ཡིན་པ་ལ། དེ་ལྟར་མ་རྟོགས་པའི་གཉིས་འཛིན་གྱི་བློས་མེད་བཞིན་འཁྲུལ་པའི་ཡོ་ལང་མི་བཟད་པའི་སྡུག་བསྔལ་དོས་དྲགས་ལ་མཐའ་མེད་པས་བཅིངས་པ་འདི་རྣམས་དགྲོལ་བའི་ཕྱིར། དོན་དམ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཞུགས་ནས་རིག་པ་རྩལ་གྱི་དབང་བསྐུར་བ་ཟབ་མོ་ནོད་དེ། གཉིས་མེད་ཡེ་ཤེས་ཀྱི་ལམ་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལན་གསུམ། གསོལ་བ་གདབ་པ་ནི། གནས་ལུགས་ཟབ་མོའི་དོན་ཅིག་ཆར་དུ་སྟོན་པའི་བླ་མ་མཆོག་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད་དེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཀྱེ། བླ་མ་རྣམས་ཀྱིས་སོགས་ལན་གསུམ། གཉིས་པ་དངོས་གཞི་བཅུད་བླུགས་ཏེ་སྨིན་གྲོལ་ལ་དགོད་པ་བྱིན་རླབས་ཀྱི་སྟོབས་ཀྱིས་སྣང་སྲིད་ཆོས་སྐུའི་དཀྱིལ་འཁོར་རྟོགས་གྲོལ་དུས་མཉམ་དུ་བྱེད་པ་ལའང་ཀུན་འདུས་སྤྱི་དང་། མཚན་བརྒྱད་བྱེ་བྲག་ཏུ་བསྐུར་བ་གཉིས་ལས། དང་པོ་བླ་མའི་བྱིན་རླབས་ཀུན་འདུས་ཀྱི་སྤྱི་དབང་བསྐུར་བ་ནི། རྩ་བའི་བླ་མ་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་དང་ཐ་དད་མེད་པ་ལ། མོས་གུས་ཀྱིས་གསོལ་བ་དྲག་ཏུ་བཏབ་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་རྗེའི་རྩལ་གཡོས་ཏེ། ཐུགས་ཀ་ནས་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས་པས་དུས་གསུམ་གྱི་བླ་མ་བདེ་བར་གཤེགས་པའི་ཚོགས་ཐམས་ཅད་བརྒྱུད་གསུམ་རིག་འཛིན་བླ་མའི་རྣམ་པར་བྱོན་ནས། སློབ་མ་ལ་སིབ་སིབ་ཐིམ་པས་དགོངས་བརྒྱུད་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་པའི་ངེས་ཤེས་བརྟན་པོར་སྐྱེད་ཅིག །སྤོས་རོལ་དབྱངས་བཅས། ཨཱོྃ་གུ་རུ་ ཀུན་བཟང་ཡབ་ཡུམ་ བཛྲ་ས་མ་ཡ་ཛཿ དེ་བཞིན་ཐོག་མཐའ་སོ་སོར་སྦྱར་བའི། རིགས་ལྔ་སོགས་དང་། པདྨ་ལས་འབྲེལ་རྩལ། བར་དང་། དེ་ནས་མཁའ་འགྲོ་སྙིང་ཐིག་གཙོ་བོར་བརྒྱུད་ན། ཤྭ་བན་རྒྱལ་སྲས་ལེགས་པ། ཀུན་མཁྱེན་རང་བྱུང་རྡོ་རྗེ། གཡུང་སྟོན་རྡོ་རྗེ་དཔལ། ཆོས་རྗེ་རོལ་པའི་རྡོ་རྗེ། ཆོས་ཀྱི་རྡོ་རྗེ། ནམ་མཁའ་རྡོ་རྗེ། ཚུལ་ཁྲིམས་འབུམ། ཚུལ་ཁྲིམས་རྒྱལ་མཚན། ཕྲིན་ལས་ཕུན་ཚོགས། ཡེ་ཤེས་རྒྱལ་མཚན། ཀཿཐོག་བྱང་སེམས་ཆེན་པོ། རྫ་ཡིག་ཚུལ་ཁྲིམས་རྒྱལ་མཚན། རྩེ་ལེ་བསོད་ནམས་རྣམ་རྒྱལ། ཐུགས་སྲས་རྒྱལ་བ་མཆོག་དབྱངས། རྗེ་ཕྲིན་ལས་མཚན་ཅན། གྲུབ་ཆེན་ཀུན་བཟང་དཔལ་འབྱོར། མཁས་གྲུབ་མདོ་སྔགས་བསྟན་འཛིན། གསང་བདག་ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་རིག་འཛིན་འགྱུར་མེད་རྡོ་རྗེ་རྩལ། ངག་དབང་ཀུན་དགའ་བསྟན་འཛིན། པདྨ་ལྷུན་གྲུབ། བདེ་ཆེན་སྙིང་པོ། བསྟན་འཛིན་རྣམ་དག །གར་དབང་ཆོས་སྐྱོང་བཟང་པོ། ཀརྨ་གཞན་ཕན་བསྟན་པ་དར་རྒྱས། འཁོར་ལོའི་མགོན་པོ་འཇམ་མགོན་རྡོ་རྗེ་འཆང་དངོས་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ། ཡང་མཁའ་འགྲོ་ཡང་ཏིག་གི་བརྒྱུད་པ་ནི། ལས་འབྲེལ་ཡན་གོང་ལྟར་ལ། ཀུན་མཁྱེན་དྲི་མེད་འོད་ཟེར། བདེ་ལེགས་རྒྱ་མཚོ། ཡོན་ཏན་དཔལ་བ། སངས་རྒྱས་རིན་ཆེན། སངས་རྒྱས་རྒྱལ་མཚན། རྫ་ཡིག་ཚུལ་ཁྲིམས་རྒྱལ་མཚན། རྩེ་ལེ་བསོད་ནམས་རྣམ་རྒྱལ། ཨོ་རྒྱན་བསྟན་འཛིན། ཀརྨ་གུ་རུ། ཀུན་བཟང་དཔལ་འབྱོར། མདོ་སྔགས་བསྟན་འཛིན། ཕྲིན་ལས་ལྷུན་གྲུབ། ཆོས་རྒྱལ་གཏེར་བདག་གླིང་པ། འགྱུར་མེད་རིན་ཆེན་རྣམ་རྒྱལ། འགྱུར་མེད་པདྨ་བསྟན་འཛིན། འགྱུར་མེད་ཕྲིན་ལས་རྣམ་རྒྱལ། པདྨ་བསྟན་སྐྱོང་འགྱུར་མེད། དཔའ་བོ་གཙུག་ལག་ཆོས་རྒྱལ། ཨོ་རྒྱན་ཆོས་འཕེལ། ཀརྨ་འཕེལ་རྒྱས། ཀརྨ་གཞན་ཕན་བསྟན་པ་དར་རྒྱས། རྒྱལ་བས་ལུང་བསྟན་འཇམ་མགོན་རྡོ་རྗེ་འཆང་དངོས། ཡང་ཁྲིད་བརྒྱུད་ལྟར་ན། གཏེར་ཆེན་འགྱུར་མེད་རྡོ་རྗེ་ཡན་འདྲ་ལ། དེ་ནས། རྗེ་བཙུན་མི་འགྱུར་དཔལ་སྒྲོན། ཨོ་རྒྱན་བསྟན་འཛིན་རྡོ་རྗེ། འགྱུར་མེད་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། ཀློང་ཆེན་གསུམ་པ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ། མཛོད་ལྔའི་མངའ་བདག་འཇམ་མགོན་རྡོ་རྗེ་འཆང་དངོས། དེས་བདག་སངས་རྒྱས་ཀརྨ་པའི་མཚན་འཛིན་ཀུན་བཟང་མཁའ་ཁྱབ་རང་བྱུང་ལྷན་སྐྱེས་རྡོ་རྗེའམ་སྣ་ཚོགས་རང་གྲོལ་ལའོ། །འདི་དག་ནི་སྨིན་གླིང་གཏེར་ཆེན་རིན་པོ་ཆེ་ནས་བརྒྱུད་པ་གཙོ་ཆེར་བྱས་པ་སྟེ། བར་སྐབས་ཀྱི་བླ་བརྒྱུད་གང་བྱེད་སོ་སོའི་བློ་ངོ་དང་བསྟུན་ཆོག །སླར་ཡང་སློབ་མ་རྣམས་ལུས་གནད་ལངས་ཏེ་སྤྱི་བོར་ཐལ་མོ་སྦྱར། ངག་གནད་སྟེང་རླུང་མནན། འོག་རླུང་བསྡམས་ཏེ་ཁ་སྦྱོར་དུ་གཟུང་། ཡིད་གནད་ཡུལ་གཞན་དུ་མ་འཕྲོ་བར་འདི་ལྟར་བསྒོམས་ཤིང་། མོས་གུས་ཀྱི་རྩལ་ཕྱུངས་ཏེ་གསོལ་བ་བཏབ་པས། བླ་མའི་ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་པས། ལྷ་ཚོགས་རྣམས་སྤྱན་དྲངས་ནས་སློབ་མར་ཐིམ་པས་རྒྱུད་ལ་བྱིན་རླབས་ཞུགས་པར་མོས་ཤིག །འོ་ཁྱེད་རྣམས་སོགས་ལ་འབྲུ་གསུམ་སོ་སོའི་སྐབས་ཐོབ་བཟླ་ཞིང་སྤོས་རོལ་བྱ། གཉིས་པ་མཚན་བརྒྱད་ཀྱི་བྱིན་རླབས་བྱེ་བྲག་ཏུ་བསྐུར་བ་ལ་སྐུ་ལྔ་ལྷུན་གྲུབ་སོགས་ནས། གསུམ་ལས། དང་པོ་སྐུ་ལྔ་ལྷུན་གྲུབ་ཀྱི་བྱིན་དབང་བསྐུར་བ་ནི། སློབ་མ་རྣམས་ལུས་གནད་ལངས་ཏེ་སྤྱི་བོར་ཐལ་མོ་སྦྱར། ངག་གནད་སྟེང་རླུང་མནན། ལོག་རླུང་བསྡམས་ཤིང་ཁ་སྦྱོར་དུ་གཟུང་། ཡིད་གནད་ཡུལ་གཞན་དུ་མ་འཕྲོ་བར་དད་མོས་ཀྱི་རྩལ་ཕྱུངས་ཏེ་ཁྱད་པར་གྱི་དམིགས་གནད་འདི་ལྟར་སྒོམས་མཛོད། ཀྱེ། རིགས་ཀྱི་བུ་རྣམས་སོགས་ནས། ཐོད་པ་འཛིན་པའི་སྙིང་གར་པདྨ་དང་ཟླ་ཉིའི་སྟེང་དུ་ཧཱུྃ་མཐིང་ནག་གསལ་བ་གཡོན་སྐོར་དུ་འཁོར་བ་ལ་སེམས་གཏོད་ཅིག །ཡང་ཆོས་ཀྱི་དབྱིངས་སོགས། ཧཱུྃ་བཟླ་ཞིང་སྤོས་རོལ་བྱ། ཡང་སློབ་མ་པདྨ་མཁའ་འགྲོར་གསལ་བའི་མགྲིན་པར་པདྨ་དང་ཟླ་ཉིའི་སྟེང་དུ་ཡི་གེ་ཏྲཱཾ་སེར་པོ་གསལ་བ་གཡོན་སྐོར་དུ་འཁོར་བ་ལ་སེམས་གཏོད་ཅིག །འོག་མིན་ནས་སོགས། ཏྲཱཾ་བཟླ་ཞིང་སྤོས་རོལ་བྱ། ཡང་སློབ་མ་པདྨ་མཁའ་འགྲོར་གསལ་བའི་ལྟེ་བར་པདྨ་དང་ཟླ་ཉིའི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་གསལ་བ་གཡོན་སྐོར་དུ་འཁོར་བ་ལ་སེམས་གཏད་པ་དང་། ཨོ་རྒྱན་ནས་སོགས། ཧྲཱིཿབཟླ་ཞིང་སྤོས་རོལ་བྱ། ཡང་སློབ་མ་པདྨ་མཁའ་འགྲོར་གསལ་བའི་གསང་བར་པདྨ་དང་ཟླ་ཉིའི་གདན་ལ་ཨཱཿལྗང་གུ་གསལ་བ་གཡོན་སྐོར་དུ་འཁོར་བ་ལ་སེམས་གཏད་པ་དང་། ལྷོ་ནུབ་རྔ་ཡབ་སོགས། ཨཱ་བཟླ་ཞིང་སྤོས་རོལ་བྱ། ཡང་། སློབ་མ་པདྨ་མཁའ་འགྲོར་གསལ་བའི་སྤྱི་བོར་པདྨ་དང་ཟླ་ཉིའི་གདན་ལ་ཨཱོྃ་དཀར་པོ་གསལ་བ་གཡོན་སྐོར་དུ་འཁོར་བ་ལ་སེམས་གཏད་པ་དང་། རྡོ་རྗེ་གདན་ནས་སོགས། ཨཱོྃ་བཟླ་ཞིང་སྤོས་རོལ་བྱའོ། །གཉིས་པ་སྐུ་གསུམ་བདེ་ཆེན་དུ་དབང་བསྐུར་བ་ནི། སློབ་མ་རྣམས་པདྨ་མཁའ་འགྲོ་སྔར་བཞིན་དུ་གསལ་བའི་སྤྱི་བོ། མགྲིན་པ། སྙིང་ག་གསུམ་དུ་པདྨ་ཟླ་ཉི་བརྩེགས་པའི་གདན་ལ། ཨཱོྃ་དཀར་པོ། ཨཱཿདམར་པོ། ཧཱུྃ་སྔོན་པོ་རྣམས་སོ་སོར་འཁོར་བཞིན་པ་གསལ་ཐོབས་ཤིག །ཡང་། སྐུའི་བླ་མ་སོགས་ནས། ཨཱོྃ་ལ་ཐིམ་པར་སྒོམས་ཤིག །ཨཱོྃ་བཟླ་སྤོས་རོལ་བྱ། ཡང་། གསུང་གི་བླ་མ་སོགས་ནས། ཨཱཿལ་ཐིམ་པར་སྒོམས་ཤིག །ཨཱཿབཟླ་ཞིང་སྤོས་རོལ་བྱ། ཡང་། ཐུགས་ཀྱི་བླ་མ་སོགས་ནས། ཧཱུྃ་ལ་ཐིམ་པར་སྒོམས་ཤིག །ཧཱུྃ་བཟླ་ཞིང་སྤོས་རོལ་བྱའོ། །གསུམ་པ་ཐིག་ལེ་ཉག་གཅིག་ཏུ་དབང་བསྐུར་བ་ནི། དེ་ལྟར་བྱིན་རླབས་ཀྱི་དབང་གི་རིམ་པ་སྔོན་དུ་བསྐུར་ནས། དོན་གྱི་ཡེ་ཤེས་གནས་ལུགས་ཀ་དག་ཐིག་ལེ་ཉག་གཅིག་ཏུ་དབང་བསྐུར་བ་ཡིན་པས། ཐམས་ཅད་གྲལ་ལ་འཁོད་པ་སོགས་ནས། བདུད་རྩི་རེ་བླུད་པ་མྱང་ནས་མ་ཡེངས་པར་འདིའི་དོན་ལ་རྩེ་གཅིག་ཏུ་མཉམ་པར་ཞོག་ཅིག །དཀྱིལ་འཁོར་གྱི་སྟེང་གི་དངོས་གྲུབ་རྟེན་ཐོད་པའི་བདུད་རྩི་དེ་སྦྱིན། ཨེ་མ་སྐལ་ལྡན་སོགས་ནས། ཆོས་ཉིད་དོ། །དེ་ལྟར་དུས་གསུམ་གྱི་རྟོག་དཔྱོད་དང་བྲལ་བ་ད་ལྟའི་ཤེས་པ་སྨྲ་མེད་ངོས་གཟུང་དང་བྲལ་བའི་གཞི་ཐོག་ཏུ་རང་སོར་ཞོག །འདི་སྒོམ་གྱི་གཏད་སོ་དང་། བདེ་གསལ་མི་རྟོག་པར་བརྟགས་ཤིང་ཞེན་པའི་བཅོས་སླད་མ་བྱེད་པར་ལྷོད་ཀྱིས་ཀློད། རེ་དོགས་དགག་སྒྲུབ་ཀྱི་འཕྲོ་འདུ་མ་བྱེད་པར་ཤེས་པ་ཉག་གཅིག་མའི་སྟེང་དུ་ལིང་གིས་སྐྱུར། འཛིན་པའི་རྟོག་པ་རྦད་ཀྱིས་ཆོད་ལ་སྒོམ་མེད་ཡེངས་མེད་ཀྱི་དབྱིངས་སུ་ཕྱམ་གྱིས་ཞོག་ཅིག །ཅུང་ཟད་རེ་འཇོག་ཏུ་བཅུག །དེ་ལྟར་བྱས་པས་ངོ་བོའི་གཤིས་ལུགས་གང་ནས་ཀྱང་མ་སྐྱེས། གར་ཡང་མ་འགགས། གང་དུའང་མི་གནས་ཤིང་། དུས་གསུམ་གྱི་སྤྲོས་པས་ནམ་ཡང་གོས་མ་མྱོང་བའི་གཉུག་མ་གཤིས་ཀྱི་དོན། ནམ་མཁའ་ལ་ནམ་མཁའ་བཞིན་གཞག་ཏུ་མེད་པའི་ངང་བཞག་སྤྲོས་པ་ཡོངས་བྲལ་ཆེན་པོ། ཡོད་མེད་ཡིན་མིན་གང་གི་ངོ་བོར་ཡང་མ་གྲུབ་ཅིང་མ་སྐྱེས་པའི་གདོད་མའི་གནས་ལུགས་ཀྱི་ངང་ངམ་ཀློང་དུ། བསམ་བརྗོད་ལས་འདས་པའི་རང་བཞིན་ཡེ་ནས་རྫོགས་པའི་ཀ་དག་ཆེན་པོའི་བཞུགས་ཚུལ་ངོ་བོ་སྟོང་ལ། རང་བཞིན་གསལ་བ། དེ་གཉིས་ཟུང་འཇུག་འདུ་འབྲལ་མེད་པའི་ཆོས་ཉིད་ཅན་གྱི་སེམས་ཉིད་སྟོང་པ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་རྫོགས་པའི་དོན་ལ་གཏིང་ཐག་ཆོད་པར་ངོ་འཕྲོད་པས་ཀ་དག་གི་རྩལ་དབང་རྫོགས་པ་ཡིན་ནོ། །གསུམ་པ་རྗེས་སྤྲོ་དགའ་སོགས་ནས། གྲུབ་པ་ཡིན་ནོ། །དེ་ལྟར་སྨིན་པར་བྱེད་པ་ཀ་དག་རིག་པའི་རྩལ་དབང་ཟབ་མོ་ཐོབ་ནས། གྲོལ་བྱེད་ཀྱི་ཟབ་ལམ་ཉམས་སུ་བླང་བྱའི་སྙིང་པོ་དངོས་གཞི་རིག་པའི་རང་ངོ་སྤྲོད་པའི་ཁྲིད་འཆད་པ་ཡིན་ཏེ། གཉིས་པ་དངོས་གཞི་རིག་པའི་རང་ངོ་སྤྲད་པ་ལ། སོགས་ཁྲིད་ཡིག་ལྟར། ཕྱི་ནང་བྱ་བ་ཀུན་བཏང་སྟེ། །ཞེས་གསུངས་པ་ལྟར་རོ། །ཞེས་པའི་བར་དལ་བུས་བཀླག །དེ་རྣམས་ཀྱིས་གཞི་ཀ་དག་ཁྲེགས་ཆོད་ཀྱི་སྨིན་བྱེད་དབང་དང་། གྲོལ་བྱེད་ཀྱི་གདམས་པ་བཅས་ཐོད་རྒལ་རིག་པའི་རྩལ་དབང་ལ་འཇུག་ཏུ་རུང་བའི་སྔོན་འགྲོ་ལེགས་པར་ཐོབ་པས། སྐུ་དྲིན་གཞལ་ཕྱིར་དགའ་སྟོན་གྱི་ཡོན་དུ་ལུས་དང་ལོངས་སྤྱོད་ཀྱིས་བསྡུས་པའི་བདོག་པ་ཐམས་ཅད་བློས་བླངས་ཏེ་འབུལ་བར་མོས་པས་མཎྜལ། གོང་བཞིན་ཚོགས་མཆོད་ཀྱིས་དགའ་སྟོན་བྱའོ།། ༧ །།བདུན་པ་ཡེ་ཤེས་ཀྱི་གསང་སྒོ་དབྱེ་བ་བླ་ན་མེད་པ་ལྷུན་གྲུབ་ཐོད་རྒལ་གྱི་རིག་པའི་རྩལ་དབང་བསྐུར་བ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་སྦྱོར་བ་སྔོན་འགྲོ་ནི། བླ་མ་བདེ་གཤེགས་ཀུན་འདུས་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོའི་ངོ་བོར་བཞུགས་པའི་དྲུང་དུ། འོད་གསལ་སྙིང་པོའི་དཀྱིལ་འཁོར་མཐོང་ཞིང་ཆོས་ཉིད་ཟད་པའི་ས་ལ་ཕྱིན་པའི་ཕྱིར། ལྷུན་གྲུབ་རིག་པ་རྩལ་གྱི་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་རིན་ཆེན་གསེར་ལ་སོགས་པས་སྐུ་གསུམ་མཎྜལ། བླ་མ་ཡེ་ཐོག་དོན་གྱི་སངས་རྒྱས་དངོས་སུ་བཞུགས་པ་ལ། ཐོད་རྒལ་རིག་པའི་རྩལ་དབང་ཞུ་བའི་སླད་དུ་དོན་དམ་དབྱིངས་ཀྱི་དགོངས་ཉམས་གསལ་བཏབ་སྟེ། ལྷུན་གྲུབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་འཇུག་པར་སེམས་བསྐྱེད་དེ་འདིའི་རྗེས་ཟློས། བདག་དང་མཐའ་ཡས་སོགས་ཁྲེགས་ཆོད་སྐབས་ལྟར་ལན་གསུམ། གཉིས་པ་ལྷུན་གྲུབ་རིག་པའི་རྩལ་དབང་བསྐུར་བ་དངོས་གཞི་ལ་གཉིས་ལས། དང་པོ་རང་བྱུང་རིག་པའི་རྩལ་དབང་བསྐུར་བ་ནི། སློབ་མ་རང་རང་གི་སྤྱི་བོར་པདྨ་སོགས་ནས། ཐོབ་པར་བསམ་ལ། དཔོན་སློབ་ལྷན་གཅིག་པས་ཨཱོྃ་བརྒྱ་རྩ་བརྒྱད་བཟླ་བ་ཞུ། ཞེས་བཟླ། ཡང་མགྲིན་པར་སོགས། དེ་བཞིན་སོ་སོར་སྦྱར་ཞིང་བཟླས་པ་བརྒྱ་རྩ་བྱ་བ་འགྲེའོ། །དེ་རྣམས་ནི་ཡི་གེ་སོགས་ནས། འཆར་སླ་བ་དང་། གནས་ལྔའི་ཡི་གེའི་འཕྲོ་འདུ་ལ་བཟླས་པ་བྱས་ནས། སྐུ་ལྔ་ཡེ་ཤེས་ལྔར་གསལ་བས་ཉོན་མོངས་པ་ལྔ་དག་པའི་དགོས་པ་ཡོད་དོ། །མདུན་དུ་བཤམས་པའི་ཐོད་པའི་དཀྱིལ་འཁོར་གྱི་སྟེང་གི་ནམ་མཁར་བརྒྱུད་གསུམ་རིག་འཛིན་བླ་མ། དུས་གསུམ་བདེ་གཤེགས་སངས་རྒྱས། ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་གསལ་བར་གྱུར། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། དེ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཞིང་ཡབ་ཡུམ་བདེ་རོལ་མཛད་པའི་མཐུ་ལ་བརྟེན་ནས། ཕྱོགས་བཅུར་བཞུགས་པའི་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ནམ་མཁའ་གང་བར་སད་ཅིང་། རྗེས་ཆགས་བདེ་བའི་རྒྱུན་དུ་ཞུ་བ་དཀྱིལ་འཁོར་པ་ལ་ཐིམ་པས། དེ་རྣམས་ལྷག་པར་དགྱེས་པའི་རོལ་པས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་ཐོད་པར་འཁྱིལ་བའི་རྒྱུན་སློབ་མའི་ལྕེ་ལ་བཞག་པས། བདེ་སྟོང་བསམ་བརྗོད་ལས་འདས་པའི་ཡེ་ཤེས་སྐྱེས་པའི་རང་ངོ་ལ། སེམས་སྤྲོ་བསྡུ་སོགས་ནས། དོན་གྱི་རྩལ་དབང་ཐོབ་པ་ཡིན་ནོ། །གཉིས་པ་དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བརྟེན་པ་ལ་གསུམ་སྟེ་སོགས་ཁྲིད་ཡིག་ལྟར། མཐར་ཐུག་སྣང་བཞི་མཐར་ཕྱིན་ནས་ལྷག་མེད་དུ་འགྲུབ་པའོ། །གསུམ་པ་དབབ་དོན་དེ་ཉིད་སོགས་ཁྲིད་ཡིག་ནང་ནས། གསུམ་ལས། བར་དང་། དང་པོ་ངོ་སྤྲོད་དངོས་ལའང་སྦྱོར་བ་དང་། དངོས་གཞི་གཉིས་ལས། དང་པོ་སྦྱོར་བའི་རིམ་པ་ནི། བླ་མ་གཞིའི་སངས་རྒྱས་ཆོས་སྐུ་ཀུན་ཏུ་བཟང་པོའི་རྣམ་པར་བཞུགས་པ། དེའི་མདུན་གྱི་སོགས་གོང་གི་ཁྲེགས་ཆོད་རྩལ་དབང་སྐབས་ལྟར། དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད། །ཅེས་པའི་བར་དང་། ན་རཀ་སྐོང་ཆོག་དོར་ནས་དེའི་མལ་དུ་ཚོགས་ཀྱི་འཁོར་ལོས་ངེས་པར་མཆོད། སེམས་བསྐྱེད་པ་ནི། མཆོག་གསང་སྙིང་པོའི་སོགས་གོང་བཞིན་སེམས་བསྐྱེད་དང་། གསོལ་གདབ་བཅས་བྱ། བྱིན་དབབ་པ་ནི། ཁྱེད་རང་རྣམས་གཞིའི་སངས་རྒྱས་ཀུན་བཟང་ཡབ་ཡུམ་དུ་གསལ་བའི་ངང་ནས། སྐུ་བཞིའི་བདག་ཉིད་བླ་མ་ལ་མོས་གུས་བྱས་པའི་རྐྱེན་གྱིས་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་གྱི་དཀྱིལ་འཁོར་ལ་ཕོག་པས་ཐམས་ཅད་ལ་ཟག་མེད་བདེ་ཆེན་གྱི་མཆོད་པ་ཕུལ་ཞིང་། སློབ་བུའི་རྒྱུད་བྱིན་གྱིས་རློབ་པའི་ཐུགས་རྒྱུད་བསྐུལ་པས་བྱང་ཆུབ་ཀྱི་སེམས་སུ་ཞུ་ནས་ཐོད་པའི་བཅུད་དུ་འཁྱིལ་པ་བུའི་ལྕེ་ཐོག་ཏུ་བཞག་པས། ཡིད་དཔྱོད་ལས་འདས་པའི་བདེ་སྟོང་གི་རྟོགས་པ་རྒྱུད་ལ་སྐྱེས། སླར་ཡང་བླ་མ་ལ་མོས་གུས་བཅོས་མིན་གྱིས་གསོལ་བ་བཏབ་པས། ཐུགས་ཀའི་འོད་ཟེར་གྱིས་བླ་མ་བདེ་གཤེགས་རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས། ནམ་མཁའ་བར་སྣང་ས་གཞི་གང་བར་སྤྱན་དྲངས་ཤིང་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས། སྐུ་གསུང་ཐུགས་རྡོ་རྗེ་གསུམ་དང་། རྒྱན་འཁོར་ལྔའི་བྱིན་རླབས་རྩལ་རྫོགས་སུ་ཐོབ་པའི་ངེས་ཤེས་སྐྱེད་ཅིག །ཧཱུྃ་ཧཱུྃ་ཧཱུྃ། ཕེཾ་ཕེཾ་ཕེཾ། ཧྲཱིཾ་ཧྲཱིཾ་ཧྲཱིཾ། ཛཿཧཱུྃ་བཾ་ཧོཿ པྲ་བྷེ་ཤ་ཡ། པྲ་བྷེ་ཤ་ཡ། ཞེས་བཟླ་ཞིང་སྤོས་རོལ་བཅས་བྱིན་དབབ། དེས་སྦྱོར་བའི་རིམ་པ་གྲུབ། གཉིས་པ་ངོ་སྤྲོད་དངོས་གཞི་ནི། སློབ་མ་རྣམས་ལུས་གནད་ཆོས་སྐུའི་བཞུགས་སྟངས་སེང་གེ་ཁྱི་ཚུགས་ལྟ་བུ་སྟེ། རྐང་མཐིལ་གཉིས་སྤྲད་པའི་ནང་དུ་ལག་པའི་ཁུ་ཚུར་གཉིས་བཞག་ནས་རོ་སྟོད་བསྲང་། མཇིང་པ་ཡིད་ཙམ་དགྱེ་སྟེ་མིག་སྨིན་ཕྲག་གི་ནམ་མཁའ་ལ་ཧད་པོར་བལྟ། ངག་རླུང་མཆུ་སོ་མ་རེག་པའི་བར་ནས་དལ་གྱིས་འགྲོ་འོང་བྱེད་པའི་ཅུང་ཟད་ཕྱིར་འཛིན་ལ་བསླབ། ཡིད་དུས་གསུམ་གྱི་སྤྲོས་པ་བཅད་ནས་རྡོ་རྗེ་སེམས་དཔའི་མེ་ལོང་གི་བརྡས་མཚོན་པའི་དཔེ་དོན་ལ་འཛིན་མེད་ཡེངས་མེད་ཀྱི་ངང་དུ་ཞོག་ཅིག །ཤེལ་རྡོ་ཕྱར་ལ། ཀྱེ། སྐལ་ལྡན་རྣམས་འདི་ལྟར་ཤེས་པར་གྱིས་ཤིག །དེ་ཡང་སོགས་ཁྲིད་ཡིག་ལྟར། མངོན་སུམ་གྱི་ལམ་གྱིས་མཚོན་པར་བྱེད་པ་ཡིན་ལ། བར་དང་། དེའང་མཚོན་བྱེད་ཀྱི་དཔེས་མཚོན་ཏེ་ངོ་སྤྲད་པ་ནི། འཁོར་འདས་གང་དུའང་མ་ཕྱེ་བའི་སྔོན་རོལ་ན། རང་གི་རིག་པའི་ཡེ་ཤེས་དྲི་མ་མེད་པ། སྐུ་གསུམ་ཡེ་ཤེས་དང་བཅས་པ་འདི་བཞིན་དུ་གནས་ཏེ། དེ་ཡང་མན་ཤེལ་དྲི་མ་མེད་པ་ངོ་བོ་ཀ་དག་གི་སྦུབས་ན། སྐུ་ལྔ་ཡེ་ཤེས་ལྔ་དང་བཅས་པ་འོད་གསལ་དུ་གནས་པ་གཞོན་ནུ་བུམ་པའི་སྐུ་ལ་ཐུགས་རྗེ་རིག་པའི་སྙིང་པོ་ཅན་དུ་བཞུགས་པ་ནི་ཡེ་ཐོག་གཞིའི་གནས་ལུགས་སོ། །ཉི་མའམ་མར་མེ་ཤེལ་འོད་དུ་འཆར་དུ་བཅུག་པ་བསྟན་ལ། ཀྱེ། སྐལ་ལྡན་རྣམས་མ་ཡེངས་པར་ལྟོས་ཤིག །འདི་ལྟར་ཤེལ་འོད་ཕྱིར་གསལ་བ་ནི། གཞི་སྟོང་པ་ཀ་དག་གི་ངང་ལས་ལྷུན་གྲུབ་འོད་ལྔའི་རང་བཞིན་ཕྱིར་གསལ་དུ་ཤར་དུས། འོད་ལྔ་ཡེ་ཤེས་ཀྱི་རང་གདངས་ལས། དཀར་པོ་ཕྲ་ཕྲོ་ཐུགས་རྗེར་རིག་པས། རང་སྣང་རང་ཤར་དུ་ཤེས་པས་གདོད་མའི་ཀུན་ཏུ་བཟང་པོ་གཞི་ཐོག་དེ་ཉིད་དུ་གྲོལ་བའི་དཔེའོ། །མ་ཤེས་པས་སྐད་ཅིག་གཉིས་པར་འཛིན་པ་འཕྲོ་མཐུད་པ་ལས། འོད་ལྔས་ཡུལ་དང་ལུས་ཀྱི་འཁྲུལ་གཞི་བྱས། ཕྲ་ཕྲོ་ལྟར་རིག་པ་ཐུགས་རྗེའི་རྩལ་སེམས་སུ་འཁྲུལ་ཏེ། ལས་དང་བག་ཆགས་སྣ་ཚོགས་སུ་བསགས་པས་ཁམས་གསུམ་འཁོར་བར་འཁྱམས་སོ། །ད་ལྟ་རང་གི་སྙིང་དབུས་ན་གདོད་མའི་མགོན་པོ་འོད་མི་འགྱུར་བ་དེ་མཚན་ཉིད་གསུམ་ལྡན་དུ་བཞུགས་ཏེ། ངོ་བོ་སྟོང་པ་ཤེལ་དྲི་མ་མེད་པ་ལྟར་ཀ་དག་གི་ངང་ནས། རང་བཞིན་གསལ་བ་འོད་ལྔ་ལྷུན་གྲུབ་ཏུ་གསལ་བ་ལ། ཐུགས་རྗེ་རིག་པ་ཕྲ་ཕྲོ་སྣང་བ་ལྟར་སེམས་སུ་ཡོད་དེ། ཡེ་ཤེས་ནི་སྙིང་ན་གནས་ཏེ། དེའི་གདངས་གློ་བར་སོང་བ་རླུང་གི་རྟས་ཁུར་བས་སེམས་ཞེས་བྱ་བར་སོང་སྟེ། སྣ་ཚོགས་པ་རྟོག་ལ་ངོ་བོ་མེད་པར་ཤར་བ་འདི་རང་ཡིན་ནོ། །ཕྱིས་བེམ་རིག་བྲལ་དུས་རླུང་བར་སྣང་ལ་ཡལ་བས་གདངས་ནང་དུ་འདུས་ཏེ། རིག་པ་ལྷུན་གྲུབ་ཆེན་པོའི་སྐུ་ནང་གསལ་དུ་དར་ཅིག་གནས་པ་ལས། རྣམ་ཤེས་ནམ་མཁའ་ལ་ཐིམ། ནམ་མཁའ་འོད་གསལ་ལ་ཐིམ་དུས། སྐད་ཅིག་དང་པོར་སྟོང་གསལ་སྤྲོས་པ་དང་བྲལ་བ་གདོད་མའི་ཀ་དག་གི་སྣང་བ་དབྱར་མ་སྟོན་གྱི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ་འཆར་རོ། །དེ་རང་ངོ་ཤེས་པས་སྐད་ཅིག་ལ་གདོད་མའི་ངང་དུ་གྲོལ་ལོ། །དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པས་ཞི་ཁྲོའི་དཀྱིལ་འཁོར་སྣང་ཞིང་། ཟུང་འཇུག་ཡེ་ཤེས་ལ་ཐིམ་པས་ཡེ་ཤེས་བཞི་སྦྱོར་སྣང་ཞིང་། ཡེ་ཤེས་ལྷུན་གྲུབ་རིན་ཆེན་པོ་ཆེ་ལ་ཐིམ་པས་ཡར་ཀ་དག་གི་སྣང་བ། བར་འོད་གསལ་གྱི་འཇིག་རྟེན། མར་འགྲོ་དྲུག་གི་སྣང་བ་མཐོང་སྟེ། བླ་མའི་གདམས་ངག་གིས་གྲོལ་བ་ནི། ཤེལ་གྱི་ཕྱི་འོད་ནང་དུ་ཐིམ་པ་ལྟར་སྣང་ངོ་། །དེའི་ཚེ་ཤེལ་དྲི་མ་མེད་པ་ནི་ངོ་བོ་ཀ་དག་གི་སྣང་བའོ། །ཕྲ་ཕྲོ་དང་འོད་ལྔ་སྦུབས་སུ་འཁྱིལ་བ་ནི་སྤྲུལ་སྐུ་དང་ལོངས་སྐུ་ཆོས་སྐུར་ཐིམ་ནས། ནང་གསལ་བུམ་པའི་སྐུར་ཐིམ་ལ་མ་རྨུགས་པ་གཞོན་ནུ་བུམ་པའི་སྐུར་ཐུགས་རྗེ་རིག་པའི་སྙིང་པོར་བཞུགས་པའི་དཔེའོ། །དེའི་དུས་ན་འོད་ཕྱིར་མི་གསལ་ཡང་ནང་ན་ཕྲ་བའི་རྣམ་པར་ཡོད་པ་བཞིན། ཆོས་སྐུ་ཀ་དག་གི་ངང་ན་རང་བཞིན་འོད་དང་ཐུགས་རྗེ་རིག་པའི་ཆ་ཙམ་དུ་བཞུགས་པ་ནི་ཤེས་རབ་མཁའ་ལ་འཁྱིལ་བའི་དཔེས་མཚོན་པ་ཡིན་ནོ། །མན་ཤེལ་བསྡུས་ནས། མཚོན་བྱ་དོན་གྱི་ ངོ་སྤྲོད་བྱ་བ་ནི། ཆོས་གཞན་ནས་བདེ་གཤེགས་སྙིང་པོ་སོགས་ཁྲིད་ཡིག་ལྟར་ལ། རིག་པའི་ཡེ་ཤེས་ལྔ་ཚན་བདུན་གྱི་ངོ་སྤྲོད་བྱ་བ་ནི། གསེར་ཕྲེང་ལས། དངོས་གཞི་དེ་ཉིད་ངོ་སྤྲོད་པ་ནི། རྣམ་པ་མང་ཡང་འདིར་བསྡུ་ན་ལྔ་ཚན་བདུན་ལས། དང་པོ་སྐུ་ལྔར་ངོ་སྤྲད་པ་ནི། དེ་ལྟར་གནད་ཀྱིས་མཐོང་བའི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་སྐུ་དང་ཡེ་ཤེས་ཀྱི་རང་གདངས་འོད་དང་ཐིག་ལེར་སྣང་བ་འདི་རང་ངོ་འོད་གསལ་དུ་སྣང་བས་རྣམ་སྣང་གི་སྐུ། འོད་གསལ་འགྱུར་བ་མེད་པས་མི་བསྐྱོད་རྡོ་རྗེའི་སྐུ། དེ་ཉིད་འཕེལ་བ་དང་བཅས་པས་རིན་ཆེན་འབྱུང་ལྡན་གྱི་སྐུ། སྣང་བ་ཚད་མེད་པས་སྣང་བ་མཐའ་ཡས་ཀྱི་སྐུ། འོད་ལྔ་ལྷུན་གྲུབ་ཏུ་ཤར་བས་དོན་ཡོད་གྲུབ་པའི་སྐུ་སྟེ་གཞི། དེར་སྣང་གཟུང་འཛིན་དང་བྲལ་བས་སྟོང་གསལ་དུ་སྒོམ་པས་ལམ། རིགས་ལྔ་སོ་སོའི་སྐུར་གསལ་དུས་འབྲས་བུའོ། །གཉིས་པ་ཡེ་ཤེས་ལྔར་ངོ་སྤྲད་པ་ནི། འོད་གསལ་དེ་ཉིད་དྲི་མ་མེད་ཅིང་སྐུའི་འཆར་གཞི་བྱེད་པས་མེ་ལོང་ཡེ་ཤེས། དེ་ཉིད་དབྱེར་མེད་པས་མཉམ་ཉིད་ཡེ་ཤེས། དེ་ལ་བློའི་བྱེ་བྲག་སོ་སོར་འཆར་བས་སོ་སོར་རྟོག་པའི་ཡེ་ཤེས། དེ་ཉིད་མ་བཙལ་ལྷུན་གྱིས་གྲུབ་པས་བྱ་གྲུབ་ཡེ་ཤེས། དེ་ཐམས་ཅད་ཡེ་སྟོང་རྩ་བ་དང་བྲལ་བས་ཆོས་དབྱིངས་ཡེ་ཤེས་སྟེ་གཞི། དེ་ཉིད་ས་ལེ་སིང་ངེ་སྒོམ་པ་ལམ། དེ་མཐར་ཕྱིན་ནས་སྣང་སྲིད་འོད་སྣང་དུ་ཤར་བ་འབྲས་བུའོ། །གསུམ་པ་རིགས་ལྔར་ངོ་སྤྲད་པ་ནི། འོད་གསལ་གྱི་སྣང་བ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཤེགས་ཤུལ་ཡིན་པས་དེ་བཞིན་གཤེགས་པའི་རིགས། དེ་ཉིད་འོད་གསལ་ལས་འཕོ་འགྱུར་མེད་པས་རྡོ་རྗེའི་རིགས། ཡོན་ཏན་འབྱུང་བས་རིན་པོ་ཆེའི་རིགས། སྐྱོན་གྱིས་མ་གོས་པས་པདྨའི་རིགས། དེ་ཉིད་གོམས་ན་ལྷག་མེད་འགྲུབ་པས་ལས་ཀྱི་རིགས་ཏེ་གཞི། དེའི་ངང་ལ་ཡེ་རེ་ཝལ་ལེ་སྒོམ་པ་ལམ། མཐར་ཕྱིན་ནས་ཕྱིར་མི་ལྡོག་པ་འབྲས་བུའོ། །བཞི་པ་འོད་ལྔར་ངོ་སྤྲད་པ་ནི། འོད་གསལ་དེ་ཉིད་དྲི་མ་མེད་པས་དཀར་པོ། ཡོན་ཏན་རྫོགས་པས་སེར་པོ། མ་བཙལ་སྣང་བས་དམར་པོ། བྱ་རྩོལ་རྫོགས་པས་ལྗང་གུ། མི་འགྱུར་བརྟན་པས་མཐིང་ག་སྟེ་གཞི། དེ་ཉིད་སྒོམ་པ་ལམ། མཐར་ཕྱིན་པ་འབྲས་བུའོ། །ལྔ་པ་རླུང་ལྔར་ངོ་སྤྲད་པ་ནི། འོད་གསལ་དེ་ཉིད་ཡེ་ཤེས་ཀྱི་དྲོད་དང་མ་བྲལ་བས་མེ་དང་མཉམ་པའི་རླུང་། འཁོར་འདས་ཀྱི་སྲོག་འཛིན་པས་སྲོག་འཛིན་པའི་རླུང་། དེ་ཉིད་གོམས་པས་འཁོར་འདས་སོ་སོར་འབྱེད་པས་དྭངས་སྙིགས་འབྱེད་པའི་རླུང་། དག་མ་དག་ཀུན་ནས་འོད་ལྔ་དང་ཡེ་ཤེས་དེས་ཁྱབ་པས་ཁྱབ་བྱེད་ཀྱི་རླུང་། འཁོར་བའི་སྲོག་བཅད་ནས་མྱ་ངན་ལས་འདས་པའི་སར་སྐྱེལ་བས་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་སྟེ་གཞི། དེ་ཉིད་སྒོམ་པ་ལམ། དེ་ཉིད་མཐར་ཕྱིན་པ་འབྲས་བུའོ། །དྲུག་པ་ཤེས་རབ་ལྔར་ངོ་སྤྲད་པ་ནི། འོད་གསལ་རྟོགས་མ་རྟོགས་ལས་འཁོར་འདས་གཉིས་སུ་འབྱེད་པས་འབྱེད་པའི་ཤེས་རབ། ཡེ་ཤེས་སུ་སྡུད་པས་སྡུད་པའི་ཤེས་རབ། ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་ཤེས་རབ། འོད་སྣང་འགྲོ་འོང་དང་བཅས་པས་བསྐྱོད་པའི་ཤེས་རབ། དེ་ཉིད་རྟོགས་ན་འཁོར་བ་ལས་སྒྲོལ་བས་སྒྲོལ་བའི་ཤེས་རབ་སྟེ་གཞི། དེ་ཉིད་སྒོམ་པ་ལམ། མཐར་ཕྱིན་པ་འབྲས་བུའོ། །བདུན་པ་མཁའ་འགྲོ་ལྔར་ངོ་སྤྲད་པ་ནི། འོད་མཐིང་ག་སངས་རྒྱས་མཁའ་འགྲོ། དཀར་པོ་རྡོ་རྗེ་མཁའ་འགྲོ། སེར་པོ་རིན་ཆེན་མཁའ་འགྲོ། དམར་པོ་པདྨ་མཁའ་འགྲོ། ལྗང་གུ་ལས་ཀྱི་མཁའ་འགྲོ་སྟེ་གཞི། དེ་ཉིད་སྒོམ་པ་ལམ། མཐར་ཕྱིན་པ་འབྲས་བུའོ། །མདོར་ན་དབྱིངས་སྟོང་གསལ་སོགས་ཁྲིད་ཡིག་ལྟར། གཉིས་པ་སྤྲོ་བསྐྱེད། གསུམ་པ་རྣལ་བཞིས་ཉམས་བླང་། རྗེས་སྣང་ཉམས་འཆར་ཚུལ་སོགས། དཔག་བསམ་གྱི་ཤིང་ལྟར་འབད་མེད་ལྷུན་གྲུབ་ཏུ་འབྱུང་ཞིང་རྒྱུན་མི་ཆད་པ་ཡིན་ནོ། །བར་དང་། དེ་ལྟར་མངོན་སུམ་ལྷུན་གྲུབ་རིག་པའི་རྩལ་དབང་བསྐུར་པས། འོད་གསལ་སྙིང་པོའི་དཀྱིལ་འཁོར་མཐོང་ནས་ཆོས་ཉིད་ཟད་པའི་ས་ལ་ཕྱིན་པར་བྱེད་ནུས་པ་ཡིན་ནོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། དེ་རྣམས་ཀྱི་སྒོ་ནས་ལྷུན་གྲུབ་རིག་པའི་རྩལ་དབང་གྲོལ་བྱེད་ཀྱི་གདམས་ངག་ཟབ་ཁྲིད་དང་བཅས་པ་སྨིན་སློབ་ཀྱི་ཚུལ་དུ་ཐོབ་པ་ཡིན་པས། བཀའ་དྲིན་གསོབ་པའི་ཡོན་དུ་སྒོ་གསུམ་བློ་ཡི་ཉེར་སྤྱད་དུ་གྱུར་པ་ཐམས་ཅད་བློས་བླངས་ཏེ་འབུལ་བར་མོས་པས་མཎྜལ། སླར་ཡང་བླ་མ་དང་མཁའ་འགྲོ་མཉེས་ན་དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར་བས། དེས་ན་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ལ་དགའ་སྟོན་ཚོགས་ཀྱི་འཁོར་ལོས་མཆོད་པ་དང་། བཀྲ་ཤིས་བརྗོད་པས་མཐའ་བརྒྱན་པ་བཅས་ལ་དཔོན་སློབ་ལྷན་ཅིག་པས་འཇུག་པ་ཞུ། སྔར་བཞིན་ཚོགས་མཆོད་རྒྱས་པར་བཏང་ནས་ཤིས་པ་བརྗོད་དོ།། ༧ །།བརྒྱད་པ་བྱིན་རླབས་མཐར་ཕྱིན་པར་བྱེད་པ་མཁའ་འགྲོ་དོན་གྱི་དབང་བསྐུར་བ་ལ་སྔོན་འགྲོ་དངོས་གཞི་རྗེས་རིམ་གསུམ་ལས། དང་པོ་སྦྱོར་བ་སྔོན་འགྲོའི་རིམ་པ་ནི། བླ་མ་དཀྱིལ་འཁོར་གྱི་ཁྱབ་བདག་ཆེན་པོའི་ངོ་བོར་བཞུགས་པའི་དྲུང་དུ་མཁའ་འགྲོ་དོན་གྱི་ཟབ་དབང་གཉན་པོ་ཞུ་བའི་ཡོན་དུ་མཎྜལ། འདི་ལྟར་ཡེ་གཞི་རྣམ་པར་དག་པ་ཀ་དག་ཆོས་སྐུའི་དབྱིངས་སུ་རིག་པ་ཡེ་ཤེས་སྙིང་པོ་རང་གསལ་ལྷུན་གྲུབ་གནས་ལུགས་དོན་གྱི་སངས་རྒྱས་སུ་ཡེ་ནས་བཞུགས་པ་ལ། དེ་ལྟར་མ་རྟོགས་པའི་དབང་གིས་གཟུང་འཛིན་དུ་འཁྲུལ་པས་ཁམས་གསུམ་རིགས་དྲུག་གི་དུཿཁ་ལ་ཡུན་རིང་དུ་སྤྱོད་པ་ཨ་ཐང་ཆད། དེའི་ཆེད་དུ་རང་རིག་སྙིང་པོ་སྤང་ཐོབ་བྲལ་བའི་དོན་མངོན་དུ་བྱ་སྙམ་དུ་སེམས་བསྐྱེད་དེ་འདིའི་རྗེས་ཟློས། བདག་དང་མཐའ་ཡས་སོགས་ལན་གསུམ། ཁྱེད་རང་རྣམས་ལངས་ཏེ་རྐང་པའི་ལོང་བུ་གཉིས་གཤིབ། ཕྱག་ཐལ་མོ་སྦྱར། སྨིན་མཚམས་སུ་པདྨ་རཀྟ་དང་སིནྡྷུ་ར་བསྲེས་པའི་ཐིག་ལེ་བཀོད་ལ། བླ་མ་ལ་བཅོས་མིན་གྱི་མོས་གུས་ཤུགས་ཕྱུངས་ཤིག །འོ། དོ་ནུབ་མཁའ་འགྲོ་སོགས་བརྗོད། གཉིས་པ་དངོས་གཞི་ཁྱད་པར་ཅན་དུ་བསྒྲུབ་པ་ལ། བསྐྱེད་རྫོགས་ཀྱི་བྱིན་བརླབ་གཉིས་ལས། དང་པོ་བསྐྱེད་རིམ་དོན་གྱི་བྱིན་རླབས་ཀྱི་དབང་བསྐུར་བ་ནི། སློབ་མ་རང་གི་ལུས་དཔའ་བོ་རྟ་མགྲིན་དང་སོགས། མཚམས་རྣམས་སུ་སྔགས་བཟླ་ཞིང་སྤོས་རོལ་བྱ། དེ་དག་ནི་སོགས། གཉིས་པ་རྫོགས་རིམ་དོན་གྱི་བྱིན་རླབས་ཀྱི་དབང་བསྐུར་བ་ནི། སློབ་མ་རྣམས་གྲལ་དུ་འཁོད་དེ་ལུས་བསམ་གཏན་གྱི་ཆོས་དང་ལྡན་པས་མ་ཡེངས་པར་དམིགས་པ་འདི་ལྟར་སྒོམ་འཚལ། མདུན་དུ་ཐོད་པ་བདུད་རྩིས་བཀང་བ་བཤམས་པའི་སྟེང་གི་ནམ་མཁར་དུས་གསུམ་རྩ་བརྒྱུད་ཀྱི་བླ་མ། ཡི་དམ་རྒྱལ་བ་ཞི་ཁྲོ། ཡེ་ཤེས་མཁའ་འགྲོ་སྡེ་ལྔའི་དཀྱིལ་འཁོར་པ་ཐམས་ཅད་བཀྲ་ལམ་མེར་བཞུགས་པར་གསལ། ཐབས་ཤེས་མཉམ་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་རྒྱུན་ཐོད་པའི་བདུད་རྩི་དང་འདྲེས་པ་བུའི་ལྕེ་ཐོག་ཏུ་བཞག་པས། ཟག་བཅས་ཀྱི་སྒོ་གསུམ་ཟག་མེད་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པར་མོས། ཞེས་བདུད་རྩི་སྦྱིན། དེ་ལྟར་བདུད་རྩི་མྱངས་པས་ལུས་ཀྱི་ནང་ཁེངས། རྒྱུད་ལ་ཟག་མེད་ཀྱི་བདེ་བ་ཆེས་ཆེར་འབར་བས། རྩོལ་བྲལ་རང་བྱུང་གི་ཡེ་ཤེས་སྒྲ་རྟོག་གི་ཡུལ་ལས་འདས་པ། བདེ་སྟོང་ནམ་མཁའ་ལྟ་བུའི་དོན་མངོན་དུ་བྱས་པའི་རང་ངོ་ལ་ལྷོད་ཀྱིས་ཀློད་ལ་ཞོག་ཅིག །ཉམས་བསྐྱང་དུ་བཅུག །དེ་ལྟར་མཉམ་པར་བཞག་པའི་ཚེ་ངོ་བོ་གང་དུའང་མ་གྲུབ་ཅིང་རང་བཞིན་གྱིས་སྟོང་པར་གནས་པ་ནི་ཆོས་ཀྱི་དབྱིངས་ཀྱི་མཁའ་འགྲོ་མའོ། །སྟོང་པའི་རང་བཞིན་གསལ་ཞིང་མ་འགགས་པར་སྣང་བ་ནི་རྡོ་རྗེ་མཁའ་འགྲོ་མའོ། །སྟོང་པ་དང་གསལ་བ་ཟུང་དུ་འཇུག་ཅིང་ཐ་དད་མེད་པ་རང་བཞིན་གྱིས་རིས་མེད་པར་མཉམ་པར་གནས་པ་ནི་རིན་ཆེན་མཁའ་འགྲོ་མའོ། །སྟོང་གསལ་རིག་པའི་སྙིང་པོ་སོ་སོར་མ་འདྲེས་པར་གསལ་ལ་རྫོགས་པའི་རང་བཞིན་གཉིས་སུ་མེད་ཅིང་། རྟོག་དཔྱོད་ལས་འདས་པའི་གསལ་སྟོང་མི་རྟོག་པའི་རང་ངོར་ལྷང་ངེ་བུད་པ་ནི་པདྨ་མཁའ་འགྲོ་མའོ། །དེ་ལྟ་བུའི་སྟོང་གསལ་རིག་པའི་སྙིང་པོ་ཅན་གྱི་ཡེ་ཤེས་ཀུན་ལ་ཁྱབ་ཅིང་གང་དུའང་མི་གནས་པ་རང་གྲོལ་གྱི་ཆ་ནི་ལས་ཀྱི་མཁའ་འགྲོ་མ་སྟེ། དེ་ལྟར་མ་བཙལ་གདོད་ནས་རྫོགས་པ་ལྷུན་གྲུབ་ཡེ་ཤེས་ཆེན་པོའི་གནས་ལུགས་ཚུལ་བཞིན་རྟོགས་པ་ནི་མཁའ་འགྲོ་དོན་གྱི་དབང་ཐོབ་པ་ཞེས་བྱ་བ་ཡིན་ནོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། དེ་ལྟར་མཁའ་འགྲོ་དོན་གྱི་དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པས། བླ་མ་མཁའ་འགྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐུ་དྲིན་བསབ་པའི་ཕྱིར། ཕྱི་ནང་གསང་བའི་ཁྱད་པར་གྱིས་ཕྱེ་བའི་མཆོད་པའི་སྤྲིན་དུ་དམིགས་པའི་མཎྜལ། སླར་ཡང་བླ་མ་མཁའ་འགྲོའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་དགའ་སྟོན་ཚོགས་ཀྱི་འཁོར་ལོས་མཆོད་པ་སྔར་བཞིན་བྱའོ།། ཧཱུྃ །།སྤྱི་དོན་གསུམ་པ་རྗེས་གཞན་དོན་བཀའ་རྒྱ་དང་བཅས་པ་ལ། གཞན་བཀའ། གཏད་རྒྱ། བཀའ་བསྒོ་དང་གསུམ་ལས། དང་པོ་དབང་དང་བཤད་པའི་རྒྱུན་འཛིན་ནུས་ངེས་པའི་སློབ་མ་ལ་གཞན་དོན་གཏད་རྒྱའི་བཀའ་ཡི་གནང་བ་སྦྱིན་པ་ནི། བླ་མ་རིགས་རྣམས་ཀུན་བདག་དོན་གྱི་སངས་རྒྱས་དངོས་སུ་བཞུགས་པའི་དྲུང་དུ། བདོག་དགུའི་ལོངས་སྤྱོད་མཐའ་དག་གཞན་དོན་གཏད་རྒྱའི་ནུས་དབང་ཞུ་བའི་ཡོན་དུ་འབུལ་བའི་བློས་མཎྜལ། ཐོག་མར་མདུན་གྱི་ནམ་མཁར་འོད་གསལ་སྙིང་ཏིག་གི་ཟབ་ལམ་བརྒྱུད་པའི་བླ་མ་ཐམས་ཅད་བྱིན་འོད་ལམ་མེར་བཞུགས་པ་དང་། བདག་རྡོ་རྗེ་སློབ་དཔོན་ཡང་དེ་རྣམས་ངོ་བོ་རྣམ་དབྱེར་མེད་ཅིང་། རྣམ་པ་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆོས་སྐུ་ཀུན་ཏུ་བཟང་པོའི་རང་བཞིན་མངོན་སུམ་དུ་བཞུགས་པར་གྱུར་པ་ལ། གཞན་དོན་ཕུན་སུམ་ཚོགས་པའི་མཐུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་མོས་གུས་ཀྱི་དད་འདུན་རྩེ་གཅིག་པས། རིག་འཛིན་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ་འདི་ལྷན་ཅིག་གསུང་འཚལ། བརྒྱུད་འདེབས་འདོན། དེ་ལྟར་གསོལ་བ་བཏབ་པས། རྩ་བརྒྱུད་ཀྱི་འགྲོ་མགོན་རྣམས་ཚད་མེད་པའི་ཐུགས་རྗེའི་རྩལ་གཡོས་ཏེ། གཏོར་མ་འདི་དང་ཐ་དད་མེད་པར་སློབ་མའི་སྤྱི་བོར་བྱོན་ནས་གཞན་དོན་བྱེད་པར་རྗེས་སུ་གནང་བ་བསྩལ་ཞིང་། སློབ་མར་ཆུ་ལ་ཆུ་བཞག་པ་བཞིན་ཐིམ་པས་གཞན་དོན་ཕུན་ཚོགས་བསྒྲུབ་པའི་ནུས་པ་རྒྱུད་ལ་རྫོགས་པར་མོས། བླ་མའི་གཏོར་མ་མགོར་བཞག །འོ། རིགས་ཀྱི་བུ་སོགས་བརྒྱུད་འཛིན་སོ་སོར་ལན་གསུམ་རེ་བརྗོད་པས་དབང་བསྐུར། དེང་ཕྱིན་ཆད་ཟས་ནོར་ཁེ་གྲགས་ཀྱི་ཕྱིར་མ་ཡིན་པར་སྐལ་བ་དང་ལྡན་པ་རྣམས་ལ། སྨིན་གྲོལ་གྱི་གདམས་པ་རྣམས་ཚུལ་བཞིན་བསྟན་ཅིང་བཤད་ནས། རྒྱུད་གདམས་ངག་གི་ཆུ་བོའི་རྒྱུན་མི་ཆད་པར་སྤེལ་དགོས་པ་ཡིན་ནོ། །དེ་ལྟར་གཞན་དོན་གཏད་རྒྱའི་དབང་བཀའ་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་ལུས་ལོངས་སྤྱོད་དང་བཅས་པ་ལྟོས་མེད་དུ་འབུལ་བའི་བློས་མཎྜལ། སླར་དགའ་སྟོན་ཚོགས་ཀྱི་འཁོར་ལོས་མཆོད་པ་དཔོན་སློབ་ལྷན་ཅིག་པས་གོང་ལྟར་བྱ། གཉིས་པ་ཉམས་ལེན་སྒྲུབ་པའི་རྒྱུན་འཛིན་ནུས་ངེས་པའི་སློབ་མ་ལ་ཁྱད་པར་གཏད་རྒྱའི་དབང་བསྐུར་བ་ནི། དེ་ཡང་སྙིང་དང་འདྲ་བའི་སློབ་མ་མཆོག་གིས་སོགས་ནས། གཞན་དོན་འགྲུབ་པ་ཁྱེད་རྣམས་ལ་ཡོངས་རྫོགས་གཏད་རྒྱའི་དབང་སྦྱིན་པ་ཡིན་པས། ཐོག་མར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ། སློབ་བུ་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔར་གསལ་བའི་གནས་གསུམ་དུ་བདུད་རྩིའི་ཐིག་ལེ་བཏབ་པས། གཉུག་མའི་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་ཡེ་ནས་བཞུགས་པའི་ནུས་པ་སད་པར་གྱུར་པ་ལ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་བླ་མ་རྣམ་པར་སྣང་མཛད་དང་སངས་རྒྱས་མཁའ་འགྲོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་བླ་མ་སྣང་བ་མཐའ་ཡས་དང་པདྨ་མཁའ་འགྲོ། སྙིང་ཁ་ཆོས་ཀྱི་འཁོར་ལོར་བླ་མ་མི་བསྐྱོད་པ་དང་རྡོ་རྗེ་མཁའ་འགྲོ། ལྟེ་བ་སྤྲུལ་པའི་འཁོར་ལོར་བླ་མ་རིན་ཆེན་འབྱུང་ལྡན་དང་རིན་ཆེན་མཁའ་འགྲོ། གསང་གནས་བདེ་སྐྱོང་གི་འཁོར་ལོར་བླ་མ་དོན་ཡོད་གྲུབ་པ་དང་ལས་ཀྱི་མཁའ་འགྲོ་སྟེ། དེ་ལྟར་གནས་ལྔར་རིགས་ལྔ་ལ་མཁའ་འགྲོ་སྡེ་ལྔ་སོ་སོས་བསྐོར་བ་གསལ་ཐོབས། སློབ་དཔོན་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཀུན་ཏུ་བཟང་པོ་དངོས་སུ་བཞུགས་པ་ལ། སྒོ་གསུམ་དང་བས་གུས་འདུད་བྱས་པའི་རྐྱེན་གྱིས་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། སྟེང་ཕྱོགས་ ཀྱི་ནམ་མཁའ་ནས་བརྒྱུད་གསུམ་རིག་འཛིན་བླ་མ་ཐམས་ཅད་དང་། རྣམ་སྣང་སངས་རྒྱས་མཁའ་འགྲོ་སོགས་ནས། འགྲུབ་པར་འགྱུར་བའི་བྱིན་དབང་ཐོབ་པར་མོས་ཤིག །སྤོས་རོལ་སྔགས་བཅས་ཀྱིས་བྱིན་དབབ་པའི་དབང་བསྐུར། དེ་བཞིན་དུ། ཡང་། སློབ་དཔོན་དཀྱིལ་འཁོར་སོགས་གོང་ལྟར་ལ། སྟེང་ཕྱོགས་ཞེས་པར། ནུབ་ཕྱོགས། ཤར་ཕྱོགས། ལྷོ་ཕྱོགས། བྱང་ཕྱོགས། ཞེས་སོགས་རིགས་ལྔ་སོ་སོའི་སྐབས་ཐོབ་ཀྱི་འདོར་ལེན་བསྒྱུར་ཁ་དང་སྔགས་བཟླ་ཞིང་སྤོས་རོལ་བཅས་བྱ། སླར་ཡང་སློབ་དཔོན་ལ་གུས་འདུད་བྱས་པའི་རྐྱེན་གྱིས། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། སྟེང་འོག་ཕྱོགས་བཅུའི་ནམ་མཁའི་ཁམས་ཐམས་ཅད་ནས་བརྒྱུད་གསུམ་རིག་འཛིན་བླ་མ་ཐམས་ཅད་དང་། དཔའ་བོ་མཁའ་འགྲོ་སོགས་ནས། ཀུན་ཏུ་ཐིམ་པས། མི་ཟད་རྒྱན་འཁོར་ལྔའི་གསང་བ་བསམ་གྱིས་མི་ཁྱབ་པའི་སྒོ་ནས་འགྲོ་དོན་ཕྱོགས་མེད་དུ་འགྲུབ་ཅིང་། འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་མཐའ་རྒྱས་སུ་སྤེལ་ཞིང་རྒྱས་པར་བྱེད་ནུས་པའི་དབང་དམ་པ་ཐོབ་པར་མོས་ཤིག །འོ། རིགས་ཀྱི་བུ་སོགས་ཀྱིས་སྐུ་གསུང་ཐུགས་རྟེན་གནས་གསུམ་དུ་བཞག་ཅིང་ལག་ཏུ་གཏད། ཞལ་སྐྱེམས་བདུད་རྩི་དྲངས། འོད་གསལ་སྙིང་པོ་དོན་གྱི་གཞལ་ཡས་ནས། །བརྒྱུད་གསུམ་བླ་མ་འཇའ་ལུས་རྡོ་རྗེའི་སྐུ། །མི་ཟད་རྒྱན་གྱི་འཁོར་ལོའི་སྤྲུལ་པ་ཡིས། །ཨ་ཏིའི་སྒྲུབ་བརྒྱུད་དར་བའི་བཀྲ་ཤིས་ཤོག །ཅེས་སོགས་བཀྲ་ཤིས་གང་རྒྱས་བརྗོད་ཅིང་། གསེར་གྱི་མཎྜལ་འབུལ་ཞིང་གོང་ལྟར་ཚོགས་འཁོར་གྱི་དགའ་སྟོན་ཡང་སྤེལ། སླར་ཡང་ཟབ་ཁྲིད་ཀྱི་མཇུག་གི་བྱ་བ་ལ། བཞི་པ་སྨོན་ལམ་གྱི་མཇུག་བསྡུ་ལ་བརྟེན་ནས་རྩིས་ཆེ་བའི་བཀའ་རྒྱས་བཏབ་པ་ནི་སོགས་ནས། གནད་རྣམས་ལ་འདྲིས་པར་བྱའོ། །བར་རྫོགས་པར་གདབ་བོ། །གསུམ་པ་བདག་དོན་དང་གཞན་དོན་གཉིས་ཀ་ལ་སྤྲོ་བའི་སྙིང་རྗེ་ཅན་བརྒྱུད་པ་འཛིན་ནུས་པའི་སློབ་མའི། བར་ཆད་སྲུང་ཞིང་ཕྲིན་ལས་བསྒྲུབ་པའི་ཕྱིར་བཀའི་སྲུང་མ་ལ་གཉེར་དུ་གཏད་པའི་བཀའ་བསྒོ་བྱ་བ་ནི། ཐོག་མར་སློབ་དཔོན་ཉིད་ཁྱབ་བདག་པདྨ་ཧེ་རུ་ཀའི་རྣམ་པར་བཞུགས་པ་ལ། བཀའ་སྲུང་ལ་གཉེར་དུ་གཏད་པ་བཀའ་བསྒོའི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ། ཁྱེད་རང་མ་ཡེངས་པར་དམིགས་པ་འདི་དག་རྩེ་གཅིག་ཏུ་གསལ་འདེབས་འཚལ། པད་ཉི་བམ་རོའི་གདན་ལ་དཔོན་སློབ་གཉིས་དབང་ཆེན་རྟ་ཕག་ཡབ་ཡུམ་སྐུ་མདོག་དམར་པོ། ཞལ་གཅིག་ཕྱག་གཉིས་གྲི་ཐོད་བསྣམས་པར་གསལ་བ་དང་། མདུན་དུ་བཤམས་པའི་གཏོར་མ་དེ་ཉིད་སྐད་ཅིག་གིས་སྙིང་ཐིག་གཉན་པོའི་བཀའི་སྲུང་མ་རྡོ་རྗེ་གཡུ་སྒྲོན་མ་དང་། ཁྱབ་འཇུག་རཱ་ཧུ་ལ། གནོད་སྦྱིན་ཤན་པ་དམར་ནག །སྔགས་བདག་ཁྲོས་མ་སྲོག་སྒྲུབ་མ་རྣམས། འཁོར་དང་སྤྲུལ་པ་ཡང་འཁོར་དང་བཅས་པ་དམ་ཚིག་ལ་གནས་ཤིང་། མཐུ་རྩལ་ནུས་སྟོབས་འབར་བའི་གཟི་བྱིན་བཅས་འཁོད་པར་གྱུར་པ་ལ། སློབ་དཔོན་གྱིས་བཀའ་བསྒོས་ཤིང་གཉེར་དུ་གཏད་པ་བཞིན། བརྒྱུད་འཛིན་བུའི་ལུས་དང་གྲིབ་མ་བཞིན་འགྲོགས་ཤིང་ཅི་བཅོལ་བའི་ཕྲིན་ལས་བསྒྲུབ་པར་ཞལ་གྱིས་བཞེས་པར་མོས་ཤིག །གདོད་མའི་རྒྱལ་བ་ཆོས་སྐུ་ཀུན་ཏུ་བཟང་པོ་ལ་སོགས་པ་ནས། བདག་ཅག་གི་དཔལ་མགོན་དམ་པ་འདྲེན་མཆོག་འཁོར་ལོའི་མགོན་པོ་དྲིན་ཅན་རྩ་བའི་བླ་མའི་བར་དུ་བྱོན་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་སོགས་ལན་གསུམ་རེ་བརྗོད། འདིར་མཁའ་འགྲོ་སྙིང་ཐིག་གི་བཀའ་སྲུང་ཁྱད་པར་བ་སྲོག་སྒྲུབ་མའི་བཀའ་གཏད་ཀྱང་༼འདོད་བུམ། 609༽ལྟར་སྦྱར་རོ། །དེ་རྣམས་ཀྱི་སྒོ་ནས་པདྨའི་བཀའ་སྲོལ་འོད་གསལ་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་དང་། མཁའ་འགྲོ་ཡང་ཏིག་གཉིས་ཀ་ཆུ་བོ་གཅིག་འདྲེས་ཀྱི་སྨིན་གྲོལ་གྱི་རིམ་པ་ཆ་ཚང་སྨིན་སློབ་ཏུ་བསྟན་པའི་རིམ་པ་གབ་སྦས་མེད་པར་ཕུལ་གྲུབ་པ་ཡིན་པས། རྡོ་རྗེ་ཐེག་པའི་གསང་བ་སྤྱི་དང་། བྱེ་བྲག་གིས་བསྡུས་པའི་དམ་ཚིག་རྣམས་ཚུལ་བཞིན་དུ་འཛིན་པ་དང་། ཁྱད་པར་ཟབ་ཆོས་འདི་ཉིད་རང་དོན་ཉམས་ལེན་སྒྲུབ་པའི་རྒྱལ་མཚན་བཙུག་ཅིང་། གཞན་དོན་སྐལ་ལྡན་གྱི་སློབ་མ་རྗེས་སུ་གཟུང་ནས་སྨིན་གྲོལ་གྱི་བསྟན་པའི་ཆུ་བོ་མི་ཆད་པར་སྤེལ་ཞིང་། དམ་མེད་དང་ཕལ་པའི་སྐྱེ་བོའི་ལག་ཏུ་འཆལ་བར་མི་གཏོད་པའི་གསང་དམ་སྲོག་ལྟར་བསྲུང་དགོས་པ་ལགས་པས། དེ་ལྟར་བགྱི་བར་ཞལ་གྱིས་བཞེས་པ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ལན་གསུམ། གཏང་རག་གི་མཎྜལ། ལུས་ལོངས་སྤྱོད་དབུལ་བ་རྣམས་སྤྱི་ལྟར་དང་། སླར་ཡང་སྙིང་ཏིག་ཟབ་མོའི་སྨིན་གྲོལ་གྱི་གདམས་ངག་ཚང་སྤྲུགས་སུ་ཐོབ་པའི་དགའ་སྟོན་གྱིས་བརྒྱུད་གསུམ་རིག་འཛིན་བླ་མ་དང་། རྩ་བ་གསུམ་གྱི་ལྷ་ཚོགས་དགྱེས་པ་སྐོང་བར་བྱེད་པའི་ཆོ་ག་དཔོན་སློབ་ལྷན་ཅིག་པས་མཛད་པ་ཞུ། ཚོགས་མཆོད་རྒྱས་པར་ཕུལ་ཞིང་། སྤྲོ་ན། ༼དི༽ཧོཿ མཐའ་ཡས་ཐེག་པ་སོགས་ཀུན་མཁྱེན་ཀློང་ཆེན་པའི་ཆོས་སྤྱོད་ནས་འབྱུང་བ་སོགས་སྨོན་ལམ་གྱི་རིམ་པ་གཞན་ཡང་བྱའོ། །ཞལ་ནས་གསུངས་པའི་བཀྲ་ཤིས་སྔོན་དུ་འགྲོ་བས་ཤིས་པ་རྒྱ་ཆེར་བརྗོད། དེ་ལྟར་བགྱིས་པ་ལས་བྱུང་བའི་དགེ་བའང་འཁོར་གསུམ་སྤྲོས་པ་ཐམས་ཅད་གཉིས་མེད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རོ་གཅིག་པའི་ལྟ་བ་ཟབ་མོས་རྩིས་ཟིན་པའི་ཡོངས་སུ་བསྔོ་བའི་རྒྱས་འདེབས་ཀྱང་ཆབས་ཅིག་ཏུ་མཛད་འཚལ། བསོད་ནམས་འདི་ཡིས་སོགས་ཀྱིས་གྲུབ་བོ།། །།
དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ དབང་གི་གནས་མཆོག་པདྨ་ཤེལ་ཕུག་གི་དཀར་ཆག་ (Volume 62, Text 1)
༁ྃ༔ དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ དབང་གི་གནས་མཆོག་པདྨ་ཤེལ་ཕུག་གི་དཀར་ཆག་བཞུགས༔ སྡེ་གསུམ་སྤྱི་སྐོར། ྈྈྈ ན་མོ་གུ་རུ༔ སྡེ་དྲུག་གནས་ཡིག་སྐོར་གསུམ་ལས༔ ཨོ་རྒྱན་ཆེན་པོས་འདི་སྐད་གསུངས༔ ཨ་ཧོ༔ མཁའ་སྤྱོད་དག་པའི་ཞིང་ཁམས་རྣམས༔ ས་ལ་འཕོས་པ་རྒྱ་གར་ཡུལ༔ ཡན་ལག་ཙམ་ཞིག་བོད་དུ་སྣང༔ དེ་བས་བོད་རྣམས་གྲུབ་ཐོབ་ཉུང༔ དེ་ཕྱིར་པདྨ་བདག་ཉིད་ཀྱིས༔ བོད་ཀྱི་ས་གནད་གང་བཟང་དུ༔ སྒྲུབ་པ་བྱས་ཤིང་བྱིན་གྱིས་བརླབས༔ མཁའ་སྤྱོད་ཞིང་དང་རྒྱ་གར་གྱི༔ གནས་དང་དུར་ཁྲོད་ལ་བཞུགས་པའི༔ རིག་འཛིན་མཁའ་འགྲོའི་ཚོགས་ཐམས་ཅད༔ སྤྱན་དྲངས་གནས་མཆོག་སོ་སོར་བསྟིམས༔ མཁའ་སྤྱོད་གནས་དང་དབྱེར་མེད་བྱུང༔ དཀར་ཆག་བཏབ་སྟེ་གཏེར་དུ་སྦས༔ སྤྱི་དོན་བཤད་པ་དང་པོའི་སྐོར༔ ས་མ་ཡ་རྒྱ་རྒྱ༔ རྒྱ་གར་སོ་ས་གླིང་གི་གནས༔ བོད་ཀྱི་ཡུལ་དུ་སྤྱན་དྲངས་ནས༔ བསྟིམས་པའི་ས་ནི་མཆིམས་ཕུ་ཡིན༔ དེ་ཉིད་གཅིག་ལས་གཉིས་མཆེད་ཚུལ༔ ཁམས་ཀྱི་སྨད་ཤོད་ཛཾ་དུ་འཕོས༔ ལུང་པ་པདྨ་ཁ་ཕྱེ་འདྲ༔ དབུས་ཀྱི་ལུང་པའི་མདོ་དག་ལ༔ བྲག་དཀར་ཤེལ་གྱི་གུར་ཕུབ་འདྲ༔ སྒྲུབ་ཕུག་པདྨ་ཤེལ་ཕུག་འདིར༔ ཨོ་རྒྱན་པདྨ་བདག་ཉིད་ཀྱིས༔ བདེ་གཤེགས་འདུས་པའི་སྒྲུབ་ཆེན་བྱས༔ ཕུག་པའི་ནང་རྣམས་ཐམས་ཅད་དུ༔ དཀྱིལ་འཁོར་དགུ་ཀློང་རང་བྱོན་བྱུང༔ བདེ་བར་གཤེགས་པ་ཐིམ་པས་ན༔ མཐོང་ཚད་ངན་སོང་སྐྱེ་སྒོ་ཆོད༔ གཡས་ཀྱི་ལུང་པའི་རི་གདོང་རྣམས༔ ཕ་ཝོང་བྱ་ཁྱུ་བབས་པ་འདྲ༔ རྒྱ་གར་དུར་ཁྲོད་ཆེན་པོ་ནས༔ བྱོན་པའི་རྡོ་དང་ས་ཤིང་ཡིན༔ དབུས་སུ་ང་ཡི་སྒྲུབ་ཆུ་དང༔ སྐུ་གསུང་ཐུགས་ཀྱི་རང་བྱོན་བཞུགས༔ གཡོན་གྱི་བྲག་དཀར་རྒྱལ་མཚན་འདྲ༔ ཨོ་རྒྱན་ང་ཡི་ཞབས་རྗེས་དང༔ འགྲོ་ཕན་འདོད་པའི་ཟབ་གཏེར་གསུམ༔ འབྲེལ་ཚད་དོན་ལྡན་རྟེན་གཏེར་གསུམ༔ ས་བཅུད་གསོ་བའི་བཅུད་གཏེར་གསུམ༔ འདོན་མི་རུང་བའི་གཏེར་དྲུག་སྟེ༔ ཟབ་པའི་གཏེར་ཆེན་དགུ་ཡང་སྦས༔ གཟིམ་ཕུག་ནང་གི་ཐོ་ཕྱི་ལ༔ ཤིན་ཏུ་གཅེས་པའི་གཏེར་ལྔ་སྦས༔ ནུབ་བྱང་མཚམས་ཀྱི་བྲག་དཀར་ན༔ བདག་གིས་རིགས་གསུམ་མགོན་པོ་བསྒྲུབས༔ ཞལ་མཐོང་སྒྲོམ་འདྲའི་བྲག་ལ་ཐིམ༔ སྐུ་གསུང་ཐུགས་ཀྱི་རྟགས་དང་ལྡན༔ གཡས་ཕྱོགས་བྲག་དཀར་དཔལ་གཏོར་འདྲ༔ ཧེ་རུ་ཀཿདཔལ་རང་བྱོན་བཞུགས༔ གཡས་ལོགས་རི་ཡི་བྲག་དཀར་ལ༔ སྐུ་གསུམ་སྙིང་པོ་རང་བྱོན་བཞུགས༔ བོད་ལ་ཕན་པའི་ནོར་གཏེར་སྦས༔ བཏོན་ན་ས་བཅུད་ཉམས་པར་འགྱུར༔ གསོལ་བ་བཏབ་ན་དངོས་གྲུབ་འབྱུང༔ བསྐོར་ན་ལོངས་སྤྱོད་ཚེ་གཡང་འཕེལ༔ ཆགས་ཚུལ་དཀར་ཆག་གཉིས་པའི་སྐོར༔ ས་མ་ཡ་རྒྱ་རྒྱ༔ གསུམ་པ་ཕན་ཡོན་བཤད་པ་ནི༔ དབུས་ཀྱི་པདྨ་ཤེལ་ཕུག་ཉིད༔ བསྐོར་ན་ལས་ཀྱི་སྒྲིབ་པ་བྱང༔ ཚོགས་འཁོར་བསྐོར་ན་དངོས་གྲུབ་འབྱུང༔ ཞག་བདུན་སྒྲུབ་ན་ཉམས་རྟོགས་འཕེལ༔ བཀུར་བསྟི་ཕུ་དུད་སུས་བྱས་པ༔ བསོད་ནམས་ཚོགས་ཆེན་རབ་རྫོགས་ཏེ༔ མཐར་ཐུག་ལེགས་པའི་ལམ་ལ་སྦྱོར༔ ནད་གདོན་ཞི་འདོད་གནས་འདི་སྐོར༔ ཚེ་བསོད་རྒྱས་འདོད་གནས་འདི་སྐོར༔ ཉམས་རྟོགས་འཕེལ་འདོད་གནས་འདིར་སྒྲུབས༔ གཞན་དུ་ལོ་གཅིག་བསྒྲུབས་པ་བས༔ གནས་འདིར་ཞག་གཅིག་ཚོགས་འཁོར་འཕགས༔ ཅི་ཕྱིར་ཞེ་ན་དཔའ་བོ་དང༔ མཁའ་འགྲོའི་ཚོགས་རྣམས་འདུས་པ་ཡི༔ ཚོགས་ཀྱི་དཀྱིལ་འཁོར་ཡིན་པའི་ཕྱིར༔ གྲོང་ཁྱེར་མི་གཅིག་འབོད་པ་བས༔ གྲོང་ཁྱེར་དངོས་སུ་ཕྱིན་ནས་ཀྱང༔ ལོངས་སྤྱོད་འགྱེད་ན་ལྷག་པའི་ཕྱིར༔ དེ་བས་དོན་འདི་གོ་བར་གྱིས༔ ས་མ་ཡ་རྒྱ་རྒྱ༔ དབང་གི་གནས་མཆོག་དཀར་ཆག་འདི༔ ཨོ་རྒྱན་རྗེ་ཡིས་གསུངས་པ་བཞིན༔ མཚོ་རྒྱལ་ཁོ་མོས་ཡི་གེར་བྲིས༔ ལས་ཅན་བུ་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ་རྒྱ༔ ྈྈྈ ལྷ་སྲས་མུ་རུབ་བཙད་པོའི་རྣམ་པར་འཕྲུལ་པ་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་གནས་མཆོག་ནམ་མཁའ་མཛོད་ནས་སྤྱན་དྲངས་པའི་ཁ་བྱང་དང་། འཕྲལ་དུ་སློབ་དཔོན་རིན་པོ་ཆེ་ཡབ་ཡུམ་གྱིས་དངོས་སུ་གསུངས་པའི་ཡང་བྱང་དང་སྙིང་བྱང་ལ་བརྟེན་ནས། མེ་འབྲུག་རྒྱལ་ཟླའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཉི་ཤར་ལ་བོད་ཆེན་པོའི་སའི་ཐིག་ལེ་སྡེ་དགེ་ཆོས་རྒྱལ་ཆེན་པོའི་ཕོ་བྲང་གི་ཤར་གྱི་ཕྱོགས་ཀྱི་ཡུལ་ལྗོངས། སྨད་ཤོད་ཛཾ་ནང་ཕུ་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་གནས་པདྨ་ཤེལ་ཕུག་གི་གནམ་མཐོངས་ནས་བདག་ཅག་འདུས་པ་ཉེར་ལྔ་ཙམ་གྱིས་མཐོང་བར་དངོས་སུ་སྤྱན་དྲངས་ཤིང་། དེ་འཕྲལ་སྐལ་ལྡན་གྱི་འདུས་པ་ཉིས་བརྒྱ་བརྒལ་བར་བྱིན་རླབས་བསྩལ་ཏེ་ཐམས་ཅད་ཀྱི་ཡིད་ཆེས་རྩོད་བྲལ་དུ་གྱུར་པའི་མཆོང་ཤོག་སྨུག་པོའི་ངོས་ལས་ཕབ་རིམ་བཞིན། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་དག་པར་བྲིས་པའི་དགེ་བས། བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཟབ་གཏེར་གྱི་བསྟན་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།
ཨོ་རྒྱན་པདྨའི་ཐུགས་བཅུད་མངའ་བདག་ཡབ་སྲས་ཀྱི་ཐུགས་དམ་རྒྱུན་གྱི་ཉམས་ལེན་ལས༔ དམིགས་མེད་རྩ་གསུམ་ཀུན་འདུས་ཀྱི་དབང་ཆོག་ (Volume 5, Text 1)
༔ཨོ་རྒྱན་པདྨའི་ཐུགས་བཅུད་མངའ་བདག་ཡབ་སྲས་ཀྱི་ཐུགས་དམ་རྒྱུན་གྱི་ཉམས་ལེན་ལས༔ དམིགས་མེད་རྩ་གསུམ་ཀུན་འདུས་ཀྱི་དབང་ཆོག་བཞུགས་སོ༔ ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཡཻ་ཧཱུྃ༔ བདག་འདྲ་པདྨའི་ཁྱད་ཆོས༔ ཡང་ཟབ་ཡིད་བཞིན་ནོར་བུ་མངའ་བདག་ཡབ་སྲས་ཀྱི་རྒྱུན་གྱི་ཐུགས་དམ་དུ་གདམས་པ༔ གཅིག་ཆོག་རྒྱལ་པོའི་དཀྱིལ་འཁོར་གྱི་ལྷ་དབང་དུས་གཅིག་བསྐུར་པས་རྩ་བ་གསུམ་གྱི་དབང་ཐོབ་པར་བྱེད་པ་འདི་ལ་སྔོན་འགྲོ་དངོས་གཞི་རྗེས་ལས༔ དང་པོ་དབེན་པའི་གནས་སུ་དྲི་བཟང་ཆུས་ཆག་ཆག་གདབ༔ རཏྣ་དང་སིནྡྷུ་རས་བྱུགས་ལ༔ པདྨ་འདབ་མ་དྲུག་པ་དབུས་དམར༔ ཤར་མཐིང༔ ལྷོ་སེར༔ ནུབ་དམར༔ བྱང་ལྗང༔ ལྷོ་ནུབ་ཀྱི་པདྨ་དང༔ བྱང་ཤར་གྱི་པདྨ་འདབ་མ་སྔོན་པོ་དང་དཀར་པོ་བྲིས༔ དེའི་སྟེང་མཉྫིལ་ལམ་ཁྲིའུའི་ཁར༔ བུམ་པ་མཚན་ལྡན་དུ་ཨ་མྲྀཏ་དང་བུམ་རྫས་ཆུས་སུམ་གཉིས་བཀང༔ ཁ་རྒྱན་སྐུ་རྟེན་ཙཀ་ལིས་བརྒྱན་པ་བཤམ༔ མཐའ་སྐོར་དུ་སྨན་རཀ་གཏོར་གསུམ་ཕྱི་ནང་གི་མཆོད་པ་རྒྱས་པར་བཤམས་ལ་བཞག༔ བདུད་རྩིའི་ཁར་མེ་ལོང་དྲི་མ་མེད་པ་ལ༔ སིནྡྷུ་རའི་ཆོས་འབྱུང་པདྨ་འདབ་དྲུག་གིས་མཚན་པར་སོ་སོའི་སྙིང་པོ་དང༔ དབྱངས་གསལ་བྲིས་ལ་དར་དམར་པོས་ཁ་བཅད་ལ་བཞག༔ དར་དམར་གྱི་གུར་ཕུབ༔ བུ་མོ་མཚན་ལྡན་དམ་ཚིག་ཅན་ལ་ཁྲུས་བྱ༔ རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཡང་བཞག༔ དེ་ནས་གཏོར་མ་གཏང༔ མཚམས་བཅད༔ མཆོད་པ་ཅི་རིགས་བྱ༔ རང་ཉིད་པདྨ་གུ་རུར་གསལ་བའི་སྤྱི་བོར་སྤྱན་རས་གཟིགས༔ མགྲིན་པར་ཚེ་དཔག་མེད༔ སྙིང་གར་མི་འཁྲུགས་པ༔ ཐུགས་ཀའི་ཆ་སྨད་དུ་རྡོ་རྗེ་གྲོ་ལོད༔ ལྟེ་བར་སེང་གདོང་ཅན༔ གསང་གནས་སུ་ཛམྦྷ་ལ་རྣམས་སོ་སོའི་སྒྲུབ་ཐབས་ལྟར་བསྐྱེད་ལ་སྙིང་པོ་སྟོང་བཟླ༔ བདག་གི་ཐུགས་ཀ་ནས་སྙིང་པོ་འོད་ཟེར་དང་བཅས་པ་བྱུང་ནས་མདུན་གྱི་བུམ་པར་ཞུགས༔ དབུས་སུ་པདྨ་གུ་རུ༔ ཤར་དུ་མི་འཁྲུགས་པ༔ ལྷོར་སྤྱན་རས་གཟིགས༔ ནུབ་ཏུ་རྡོ་རྗེ་གྲོ་ལོད༔ བྱང་དུ་མཁའ་འགྲོ་སེང་གདོང་ཅན༔ སྟེང་དུ་ཚེ་དཔག་མེད༔ འོག་ཏུ་ཛམྦྷ་ལ་རྣམས་བསྐྱེད་ལ་ཡེ་ཤེས་པ་བསྟིམས་ལ་མཆོད་བསྟོད་བྱ༔ དེ་ནས་སོ་སོའི་སྙིང་པོ་སྒྲུབ་ཐབས་ནས་འབྱུང་བ་ལྟར་བཟླས་པའི་མཐར༔ སིདྡྷི་ཨ་བྷི་ཥིཉྩ་ཨཱ་ཝེ་ཤ་ཡ་ཛཿ ཞེས་བརྒྱ་སྟོང་ཉེར་གཅིག་སོགས་ཀྱི་བསྙེན་པར་བྱས་ལ༔ བདག་གི་བསྙེན་པའི་འོད་ཟེར་མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག༔ དེ་ལས་འོད་འཕྲོས་རྩ་བ་གསུམ་གྱི་ལྷ་ཚོགས་མཆོད་འོད་ཚུར་འདུས་ལྷའི་ཐུགས་ཀར་ཐིམ༔ དེ་རྗེས་ཆགས་ཀྱི་ཚུལ་དུ་ཞུ་ནས༔ བུམ་ཆུ་དང་དབྱེར་མེད་དུ་གྱུར་པར་བསམས་ལ༔ བསྙེན་པ་ཅི་འགྲུབ་བྱ༔ དེ་ནི་སྔོན་འགྲོའི་རིམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞི་སློབ་མ༔ ཁྲུས་ནས་ཕྱུངས་ཏེ་བགེགས་ལ་གཏོར་མ་བྱིན་ལ་བསྐྲད༔ དྲང་དོན་གྱི་ཆོས་བཤད༔ སྐྱབས་འགྲོ་སེམས་བསྐྱེད་ཕོག༔ ཕྱག་འཚལ༔ གསེར་སྨན་འབྲུ་རིགས་མཎྜལ་ཕུལ་ལ༔ གསོལ་བ་གདབ་པ་འདི་སྐད་དོ༔ ན་མོ༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ བདག་ནི་ལས་དང་སྐལ་བར་ལྡན༔ བདག་ཅག་ཐུགས་རྗེས་བསྐྱབ་པའི་ཕྱིར༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ཞེས་ཞུ༔ དེ་ནས་བླ་མས་འདི་སྐད་བརྗོད༔ ཀྱེ་མ་རིགས་ཀྱི་བུ་ཁྱོད་ཉོན༔ ཀུན་གྱི་བར་ཆད་མ་མཆིས་སམ༔ འབྱོར་པ་ཀུན་དང་ལྡན་གྱུར་རམ༔ རྩ་གསུམ་དམ་ཚིག་བསྲུང་ནུས་སམ༔ འགྲོ་དོན་རྒྱ་ཆེན་བྱེད་ནུས་སམ༔ ཞེས་དྲི༔ དེ་ནས་སློབ་མས༔ བླ་མས་ཇི་ལྟར་གསུངས་པ་བཞིན༔ ཚིག་དོན་རྣམས་དང་བདག་ཉིད་ལྡན༔ དམ་ཚིག་རྣམས་ལས་འདའ་རེ་ཀན༔ ཞེས་བརྗོད༔ དེ་ནས་མནའ་ཆུ་བླུད་པ་ནི༔ ཧཱུྃ་འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ༔ འདས་ན་སྲེག་ཅིང་དམྱལ་བར་ལྟུང༔ བསྲུངས་ན་དངོས་གྲུབ་ཐམས་ཅད་ཐོབ༔ ཅེས་ཆུ་བླུད༔ དེ་ནས་སློབ་མ་པདྨ་གུ་རུར་གསལ་བའི་གནས་རྣམས་སུ༔ ལྷ་ཚོགས་སྒྲུབ་ཐབས་བཞིན་གསལ་བཏབ་ལ༔ གནས་གསུམ་གྱི་སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་ལས་འོད་ཟེར་འཕྲོས༔ རང་བཞིན་གྱི་གནས་ནས་ལྷ་ཚོགས་སྤྱན་དྲངས་ལ་རྩ་སྔགས་ཀྱི་མཐར༔ ཨཱ་ཝེ་ཤ་ཡ་ཨཱཿབཏགས་ལ་རོལ་མོའི་སྒྲས་ཡེ་ཤེས་དབབ་པ་ཆུ་ལ་ཆུ་བཞག་ལྟ་བུར་བཞག༔ དེ་ནས་བུམ་པ་སློབ་མའི་སྤྱི་བོར་བཞག་ལ༔ ཧཱུྃ་བུམ་པ་ཡེ་ཤེས་ལྔ་ལྡན་ཕོ་བྲང་ནས༔ རྩ་གསུམ་ལྷ་ཚོགས་བུམ་ཆུའི་ངོ་བོར་གསལ༔ དཀྱིལ་འཁོར་ལྷ་ཚོགས་སྐུ་ཡི་དབང་བསྐུར་རོ༔ ཧྲཱིཿཔདྨ་གུ་རུ་བཛྲ་ས་མནྟ་ས་ཏྲི་ལོ་ཀེ་ཤྭ་ར་བཛྲ་ལོ་ཀ་ཨཱ་ཡུརྫྙཱ་ན་དྷཱ་ཀི་ནཱི་སིཾ་ཧ་མུ་ཁ་ཛམྦྷ་ལ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བརྗོད་པས༔ ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས༔ སློབ་མའི་སྤྱི་བོར་ཕོག༔ ལུས་ཀྱི་སྡིག་པ་དག༔ དཀྱིལ་འཁོར་གྱི་ལྷ་སློབ་མའི་ལུས་ལ་ཐིམ༔ སྐུའི་དངོས་གྲུབ་ཐོབ་པར་བསམ༔ དེས་ལུས་དག་པར་བྱེད་པ་བུམ་པའི་དབང་ཐོབ་བསྐྱེད་རིམ་བསྒོམ་པ་ལ་དབང་བ་དང༔ འབྲས་བུ་སྤྲུལ་སྐུ་ཐོབ་པར་འགྱུར་རོ༔ དེ་ནས་མེ་ལོང་གི་བྱང་སེམས་ལྕེ་ལ་བཞག་ལ༔ ཧཱུྃ་བྱང་སེམས་དཀར་དམར་བདེ་བའི་རང་བཞིན་བཅུད༔ དཀྱིལ་འཁོར་ལྷ་ཚོགས་གསུང་གི་དབང་བསྐུར་རོ༔ གོང་གི་རྩ་སྔགས་ཀྱི་མཐར༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བརྗོད་པས་ལྷ་ཚོགས་རྣམས་ཀྱི་གསུང་ལས་འོད་ཟེར་དམར་པོ་འཕྲོས་པས་སློབ་མའི་མགྲིན་པར་ཕོག༔ ངག་གི་སྡིག་པ་དག༔ གསུང་གི་བདག་ཉིད་སོ་སོའི་རྩ་སྔགས་དང༔ ཨཱ་ལི་ཀཱ་ལིའི་ཡིག་འབྲུ་རྣམས་སློབ་མའི་ངག་ལ་ཐིམ༔ གསུང་གི་དངོས་གྲུབ་ཐོབ༔ ངག་དག་པར་བྱེད་པ་གསང་བའི་དབང་ཐོབ༔ ངག་གིས་སྙིང་པོ་བཟླས་པ་ལ་དབང༔ འབྲས་བུ་ལོངས་སྐུ་ཐོབ་པར་འགྱུར་རོ༔ དེ་ནས་གཟུངས་མ་སློབ་མའི་ལག་ཏུ་གཏད་དེ༔ ཧཱུྃ་ཐབས་དང་ཤེས་རབ་གཉིས་མེད་པའི༔ ལྷན་སྐྱེས་ཡེ་ཤེས་འདི་ལས་བྱུང༔ ཕྱག་རྒྱ་ཆེན་པོའི་དབང་བསྐུར་རོ༔ གོང་གི་སྔགས་ཀྱི་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ན་མཿས་མནྟ་ན་མ་ཏི་པ་ས་ན་མ་སིདྡྷི་ཧཱུྃ༔ ཞེས་བརྗོད་པས་ལྷ་ཚོགས་རྣམས་ཀྱི་ཐུགས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ སློབ་མའི་སྙིང་ཁར་ཐིམ༔ ཡིད་ཀྱི་སྒྲིབ་པ་དག༔ ཐུགས་ཕྱག་མཚན་གྱི་རྣམ་པ་དཔག་ཏུ་མེད་པ་ཐིམ་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསྒོམ༔ ཡིད་དག་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ རྫོགས་པའི་རིམ་པ་བསྒོམ་པ་ལ་དབང༔ འབྲས་བུ་ཆོས་སྐུ་ཐོབ་པར་འགྱུར་རོ༔ དེ་ནས་སྐུ་རྟེན་གྱི་ཙཀ་ལི་མེ་ལོང་གི་ནང་དུ་བསྟན་ལ༔ ཧཱུྃ་སྣང་ལ་རང་བཞིན་མེད་པ་ལོངས་སྤྱོད་རྫོགས༔ ཐུགས་ནི་སྐྱེ་བ་མེད་པ་ཆོས་ཀྱི་སྐུ༔ རྩ་གསུམ་ལྷ་ཚོགས་འཇའ་ཚོན་ལྟ་བུའི་སྐུ༔ ནང་ལྟར་མཉམ་ཉིད་ཆོས་སྐུའི་ངང་དུ་བཞུགས༔ གསང་བ་ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ པདྨ་གུ་རུ་སྤྲུལ་སྐུས་འགྲོ་དོན་མཛད༔ མི་འཁྲུགས་རྒྱལ་པོས་བར་དོའི་སྡུག་བསྔལ་སེལ༔ སྤྱན་རས་གཟིགས་ཀྱི་ཐུགས་རྗེས་འགྲོ་བ་འདུལ༔ རྡོ་རྗེ་གྲོ་ལོད་སྲིད་གསུམ་གདུག་པ་འདུལ༔ མཁའ་འགྲོ་སེང་གདོང་ཅན་གྱིས་དགྲ་བགེགས་འདུལ༔ བཅོམ་ལྡན་ཚེ་དཔག་མེད་ཀྱིས་འཆི་མེད་སྩོལ༔ གནོད་སྦྱིན་ཛམྦྷ་ལ་ཡིས་ཟས་ནོར་བསྡུ༔ ཕྲིན་ལས་གང་འདོད་ལྷུན་གྱིས་གྲུབ་མཛད་པ༔ འདོད་ཆགས་ཞེ་སྡང་ང་རྒྱལ་ཕྲག་དོག་དག༔ གཏི་མུག་རབ་རིབ་མུན་པ་ཀུན་བསལ་ཏེ༔ ཆོས་དབྱིངས་ཡེ་ཤེས་མེ་ལོང་མཉམ་པ་ཉིད༔ སོར་རྟོག་ཡེ་ཤེས་བྱ་གྲུབ་ཀུན་ཏུ་བཟང༔ ལྟ་བ་སངས་རྒྱས་དཀྱིལ་འཁོར་ལྷ་ཚོགས་ཏེ༔ གང་ཤར་རང་གྲོལ་མ་འགག་སལ་ལེ་བ༔ རང་བཞིན་མི་འགྱུར་རང་ལ་ཤར་བ་ཡིན༔ སྒོམ་པ་མི་འགྱུར་མི་ཞིག་གསལ་བསྒོམ་བྲལ༔ སྤྱོད་པ་འགག་མེད་སྐྱོན་བྲལ་ཡོན་ཏན་སྤྱོད༔ འབྲས་བུ་རང་གྲོལ་ཡེ་ཤེས་ཀུན་ཏུ་བཟང༔ དམ་ཚིག་གཞན་དོན་ཕྲིན་ལས་སྣ་ཚོགས་སྤྱོད༔ ལྟ་བ་སྒོམ་པ་སྤྱོད་པ་འབྲས་བུ་ཡང༔ དཀྱིལ་འཁོར་ལྷ་ཚོགས་སྐུ་གསུང་ཐུགས་ལ་ཚང༔ རིག་སྟོང་གྲགས་སྟོང་དྲན་སྟོང་སྟོང་པའི་ཚོགས༔ སེམས་བྱུང་སྟོང་གསལ་རང་བྱུང་མ་འགག་གསལ༔ རྣམ་རྟོག་འགྱུ་དྲན་ངོ་བོ་ཉིད་ཀྱིས་སྟོང༔ ཡེ་ཤེས་ལྷན་ཅིག་སྐྱེས་པ་རྩོལ་སྒྲུབ་མེད༔ རྟག་ཏུ་དེ་ཉིད་ངང་དུ་གནས་པར་བྱ༔ ཞེས་བརྗོད་རྩ་སྔགས་གོང་གི་མཐར༔ དྷརྨཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་བས་བསྐུར་བརྗོད་ཀྱི་འཛིན་པ་དག༔ དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ༔ སྐལ་བ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང༔ འབྲས་བུ་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་ཐོབ་པར་འགྱུར༔ དེ་ནས་བླ་མའི་ལུས་ཀྱི་ལྷ་རྣམས་འོད་དུ་ཞུ་ནས་བླ་མ་ལ་ཐིམ༔ བླ་མ་ཡང་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་པའི་ངང་ནས་རང་དཀྱིལ་འཁོར་ལྷ་སྣང་ལ་རང་བཞིན་མེད་པའི་སྐུ་རུ་གསལ་བཏབ་ལ་ངག་གྲགས་སྟོང༔ ཐུགས་རིག་སྟོང་དུ་གནས་པར་གྱིས་ཤིག༔ ཅེས་བརྗོད་ལ༔ དེ་ནས་གཏོར་མ་འོད་རྣམ་པ་ལྔའི་གཞལ་ཡས་ཁང་དུ་དཀྱིལ་འཁོར་ལྷ་ཚོགས་འོད་དུ་ཞུ་ནས་ཐིམ་པར་བསམ་ཞིང་གཏོར་མ་སྤྱི་བོར་བཞག་ལ༔ ཧཱུྃ་ཆོས་སྐུ་སྟོང་གསལ་མཁའ་མཉམ་དྲི་མ་མེད༔ ལོངས་སྐུ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ༔ སྤྲུལ་སྐུ་གང་ལ་གང་འདུལ་སྤྲུལ་སྒྱུར་འགྱེད༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་རྒྱུད་བསྐུལ་ན༔ སྐལ་ལྡན་རིགས་ཀྱི་བུ་ལ་བརྟན་པར་མཛོད༔ ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ་བར་ཤོག༔ ཅེས་པའི་མཐར༔ བ་ལིཾ་ཏ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥིཉྩ་ཤཱནྟིཾ་པུཥྚིཾ་བ་ཤཾ་མཱ་ར་ཡ་ཧཱུྃ༔ ཞེས་བརྗོད་ལ་གཏོར་མས་དབང་བསྐུར༔ ལྷ་སོ་སོར་རྗེས་གནང་བྱེད་ན་སོ་སོའི་སྒྲུབ་ཐབས་ནས་འབྱུང་བ་ལྟར༔ སྐུ་གསུང་ཐུགས་ཀྱི་གནས་གསུམ་ནས་འོད་ཟེར་འཕྲོ་འདུ་སྤྱི་འགྲོ་ལྟར་བྱས་ལ་སྐུའི་རྗེས་གནང་ལ་མེ་ཏོག་ལ་སྔགས་བཟླས་པ་གཏོར༔ གསུང་ལ་སྔགས་ཀྱི་བཟླས་ལུང༔ ཐུགས་ལ་ལྷ་སོ་སོའི་སྐུ་མཚོན་གང་བ་སྤྱི་བོར་ཐིམ་ནས་སྙིང་ཁར་ལྷན་ཅིག་བྱོན་པར་བསམ༔ སོ་སོའི་གཏོར་མ་སྤྱི་བོར་བཞག་ལ་ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ རྗེས་ཀྱི་དམ་ཚིག་ལ་ལུས་ལྷར་བསྒོམ༔ ངག་སྙིང་པོ་བགྲང༔ ཡིད་ཆོས་ཉིད་དང་མ་བྲལ་བར་བྱའོ༔ དེ་ནས་མཆོད་བསྟོད་གཏོར་མ་འབུལ༔ ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་དཀྱིལ་འཁོར་བསྡུ༔ བཀྲ་ཤིས་བསྔོ་བ་སྨོན་ལམ་སོགས་རྗེས་སྤྱོད་སྤྱི་དང་མཐུན་པར་བྱས༔ དེས་ནི་དཀྱིལ་འཁོར་ལྷ་ཚོགས་ཀྱི་དབང་དུས་གཅིག་ལ་ཐོབ་པ་ཡིན་ནོ༔ སྨིན་བྱེད་དབང་བསྐུར་ཟབ་མོའི་སྐོར༔ བཀའ་གསང་འདུས་པའི་བཅུད་ཕྱུང་བ༔ ད་ལྟའི་མངའ་བདག་ཡབ་སྲས་དང༔ མ་འོངས་ལས་ལྡན་དོན་ཕྱིར་དུ༔ སྲིན་ཤོག་སེར་པོའི་ལེབ་ཉིད་ལ༔ མ་འོངས་ང་ཡི་གསུང་སྲས་དང༔ འཕྲད་པར་སྨོན་ལམ་རྒྱས་གདབ་སྟེ༔ མཆོད་རྟེན་པདྨ་ཅན་དུ་སྦས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ གྷུཧྱ༔ བརྡ་ཐིམ༔ མནྟྲ།གཧྱཧྱ། བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་ཤོག་སེར་ངོས་ནས་དག་པར་ཕབ་པའོ། །འདི་ཉིད་ཀྱི་ཡི་གེ་པ་ནི་ལྷ་དབང་བརྒྱ་བྱིན་ཞེས་པས་བགྱིས་པའོ།། ཨོ་རྒྱན་པདྨ་འབྱུང་གནས་ཀྱི་ཐུགས་བཅུད་མངའ་བདག་ཡབ་སྲས་ཀྱི་ཐུགས་དམ་རྒྱུན་གྱི་ཉམས་ལེན་ལས༔ པདྨ་གུ་རུའི་སྒྲུབ་ཐབས་བཞུགས་སོ༔ ན་མོ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དུས་གསུམ་སངས་རྒྱས་ཀུན་གྱི་སྐུ༔ གསུང་དང་ཐུགས་ནི་མ་ལུས་པ༔ གཅིག་ཏུ་བསྡུས་ལ་ཕྱག་འཚལ་འདུད༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ བླ་མ་སྒྲུབ་ཐབས་དཔག་མེད་བརྩམས༔ ཡང་ཟབ་རྒྱུན་ཁྱེར་དྭངས་མའི་སྙིང༔ བླ་མ་ཡིད་བཞིན་ནོར་བུ་འདི༔ ད་ལྟའི་མངའ་བདག་ཡབ་སྲས་དང༔ མ་འོངས་རྩུབ་འགྱུར་བསྐལ་པའི་མཐར༔ ང་ཡི་གསུང་སྲས་དོན་དུ་བཀོད༔ འདི་ལ་རྒྱུན་དུ་བཟླས་པ་ན༔ ལོ་དྲུག་ཕུང་པོ་ལྷག་མེད་འགྲུབ༔ འགྲོ་དོན་རྒྱ་ཆེན་འབྱུང་བའི་ཕྱིར༔ རིན་ཆེན་ས་ལ་གཏེར་དུ་སྦས༔ གསུང་གི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་ཧཱ་གུ་རུའི་ཞབས་ལ་གུས་པས་འདུད༔ ཟབ་ལམ་བླ་མའི་སྒྲུབ་ཐབས་ནི༔ རྒྱ་ཆེ་ཡང་ཟབ་མང་ཡོད་ཀྱང༔ ཡང་ཟབ་ནང་གི་སྙིང་ཐིག་དོན༔ གུ་རུ་པདྨའི་སྒྲུབ་པ་ཡིན༔ ཐབས་ལ་སྔོན་འགྲོ་དངོས་གཞི་དང༔ རྗེས་ཀྱི་རིམ་པ་གསུམ་དུ་བསྟན༔ སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད་བྱ༔ གཉིས་པ་འཁོར་འདས་ཆོས་རྣམས་ཀུན༔ སྟོང་ཞིང་བདག་མེད་སེམས་ཅན་ལ༔ བརྩེ་བའི་སྙིང་རྗེ་ཚད་མེད་བསྒོམ༔ སྟོང་དང་སྙིང་རྗེའི་ངང་ཅན་ལས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་རིག་ཡི་གེ་ཧྲཱིཿདཀར་པོ༔ འོད་འཕྲོས་སངས་རྒྱས་བྱང་སེམས་མཆོད༔ སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྦྱངས༔ ཚུར་འདུས་བདག་ཉིད་པདྨ་འབྱུང༔ སྐུ་མདོག་དཀར་དམར་མདངས་དང་ལྡན༔ ཕྱག་གཉིས་མཉམ་གཞག་མཚན་ལྡན་གྱི༔ ཐོད་པ་བདུད་རྩིས་གང་བ་བསྣམས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ ཟབ་བེར་ཆོས་གོས་བེར་ཕྱམ་གསོལ༔ དབུ་ལ་པཎ་ཞྭ་ལྷུབ་ཅན་མཛེས༔ སྙན་རྒྱན་རིན་ཆེན་གསེར་གཡུས་སྤྲས༔ འཇའ་ཚོན་སྣ་ལྔའི་ཀློང་དཀྱིལ་དུ༔ འཛུམ་མདངས་འོད་དང་ལྡན་པར་བསམ༔ དེ་ཡི་གནས་གསུམ་ས་བོན་ལས༔ འོད་འཕྲོས་ནུབ་ཕྱོགས་རྔ་ཡབ་གླིང༔ པདྨ་འོད་ཀྱི་གཞལ་ཡས་ནས༔ རང་འདྲའི་ཡེ་ཤེས་སེམས་དཔའ་ནི༔ སྤྱན་དྲངས་ཕྱི་ནང་གསང་བ་ཡི༔ མཆོད་པས་མཆོད་ལ་གཉིས་མེད་བསྟིམ༔ སླར་ཡང་སྐུ་ལས་འོད་འཕྲོས་པས༔ ཀུན་བཟང་རྒྱལ་བ་རིགས་ལྔ་དང༔ དགའ་རབ་འཇམ་དཔལ་ཤྲཱི་སིཾ༔ སངས་རྒྱས་བྱང་སེམས་ཡི་དམ་ལྷ༔ དཀོན་མཆོག་གསུམ་དང་རིག་འཛིན་ཚོགས༔ མཁའ་འགྲོ་ཆོས་སྐྱོང་མ་ལུས་དང༔ གཞན་ཡང་སྐྱབས་གྱུར་རེ་ལྟོས་རྣམས༔ འོད་ཟེར་ལྟ་བུར་སྤྱན་དྲངས་བསྟིམ༔ ཀུན་འདུས་པདྨ་གུ་རུར་བསམ༔ དེ་ལྟར་གསལ་བའི་ཐུགས་ཀ་ན༔ ས་བོན་མཐའ་སྐོར་སྲོག་སྔགས་ཉིད༔ འགལ་མེ་འཁོར་ཞིང་འཁྱིལ་བའམ༔ མུ་ཏིག་རྩར་ལ་བརྒྱུས་པ་ལྟར༔ གསལ་དྭངས་མ་ཡེངས་སེམས་གཏད་པས༔ རྩ་སྔགས་འདི་ཉིད་བཟླས་པར་བྱ༔ ཨོཾ་ཨཱཿཧཱུྃ་པདྨ་གུ་རུ་ས་མ་ཡ་ཛ་ཛ༔ དྷརྨཱ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པའི་བཟླས་བརྗོད་བྱས་མ་ཐག༔ སྐུ་ལས་འོད་ཟེར་དཔག་མེད་འཕྲོས༔ ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི༔ བར་ཆད་ཞི་ཞིང་བྱང་ཆུབ་བཀོད༔ རིགས་འདུས་རྒྱལ་བའི་སྐུར་གྱུར་ཏེ༔ རྫོགས་པའི་སངས་རྒྱས་ཐོབ་པར་བསམ༔ གཞན་ཡང་གནོད་བྱེད་གདོན་བགེགས་སོགས༔ གདུག་སེམས་ངན་པ་ཀུན་ཞི་ནས༔ བྱང་ཆུབ་སེམས་དང་ལྡན་པར་བསྒོམ༔ འདི་ལྟར་བསྒོམས་པའི་སྐྱེས་བུ་དེ༔ བདག་གིས་བྱིན་རླབས་སྨོས་ཅི་དགོས༔ དུས་གསུམ་རྒྱལ་བའི་སྲས་སུ་གྱུར༔ ཚེ་གཅིག་རིག་འཛིན་ཐེ་ཚོམ་མེད༔ དེ་ལྟར་བླ་མའི་དཀྱིལ་འཁོར་ཀུན༔ ལོགས་ན་ཡོད་པ་མ་ཡིན་ཏེ༔ སྐྱེ་མེད་ཆོས་སྐུའི་རང་རྩལ་ལས༔ འགག་མེད་ལོངས་སྐུའི་རོལ་པས་བརྒྱན༔ གནས་མེད་སྤྲུལ་སྐུས་གང་འདུལ་སྟོན༔ ཐིག་ལེ་འཇའ་ཚོན་ཐིག་ཕྲན་དང༔ ཟེར་ཐག་རྡོ་རྗེ་ལུ་གུ་རྒྱུད༔ སྐྱེ་མེད་ནམ་མཁའི་ངང་དུ་བལྟ༔ གསུམ་པ་རྗེས་ཀྱི་བྱ་བ་ནི༔ སྤྱི་དང་མཐུན་པར་ལེགས་པར་སྦྱར༔ བདག་འདྲ་པདྨའི་ཟབ་མོའི་ལམ༔ བླ་སྒྲུབ་བྱ་སླ་དོན་ཆེ་འདི༔ དེང་སང་མངའ་བདག་ཡབ་སྲས་ཀྱི༔ རྒྱུན་གྱི་ཐུགས་དམ་ཉམས་ལེན་དུ༔ པདྨ་བདག་གིས་བཀའ་གསལ་བཀོད༔ མ་འོངས་བསྐལ་པའི་དུས་ཀྱི་ཚེ༔ ང་ཡི་གསུང་སྲས་ཆོས་བདག་གིས༔ འདི་ཉིད་གསང་བའི་གཏེར་ནས་ཕྱུང༔ ལས་ཅན་སྐྱེས་བུ་བདུན་དག་ལ༔ རིམ་གྱིས་བསྟན་ནས་ཉམས་བླངས་ནས༔ པདྨ་ང་ཡི་ཞལ་མཐོང་སྟེ༔ ཚེ་གཅིག་རིག་འཛིན་རྙེད་པར་འགྱུར༔ ད་ལྟ་སྤེལ་བའི་གནས་མེད་པས༔ ལ་བསེ་དམར་པོའི་སྒྲོམ་བུར་བཅུག༔ གཏེར་སྲུང་དུར་ཁྲོད་བདག་མོ་དང༔ རཱ་ཧུ་ལ་དང་པེ་ཀར་ལ༔ གཉེར་གཏད་སྐུ་གདུང་པདྨ་ཅན༔ བྲེ་དང་བུམ་པའི་མཚམས་སུ་སྦས༔ གསུང་གི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བརྡ་ཐིམ༔ མ།ཐགྷུ།ཧྱ།༔ བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་ཤོག་སེར་ངོས་ནས་དག་པར་ཕབ་པའོ། །བཀྲ་ཤིས་པར་གྱུར་ཅིག །ཤུབྷཾ།། ཨོ་རྒྱན་པདྨའི་ཐུགས་བཅུད་མངའ་བདག་ཡབ་སྲས་ཀྱི་ཐུགས་དམ་རྒྱུན་གྱི་ཉམས་ལེན་ལས༔ བཅོམ་ལྡན་མི་འཁྲུགས་པའི་སྒྲུབ་ཐབས་བཞུགས་སོ༔ ན་མོ་བཛྲ་ས་ཏྲི་ཧཱུྃ༔ ལས་སྒྲིབ་སྦྱོང་མཛད་བཅོམ་ལྡན་འདས༔ མི་འཁྲུགས་པ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སེམས་ཅན་འགྲོ་བ་མ་ལུས་པ༔ ངན་སོང་སྡུག་བསྔལ་བསལ་བའི་ཕྱིར༔ མི་འཁྲུགས་པ་ཡི་སྒྲུབ་ཐབས་བཤད༔ མ་འོངས་བསྐལ་པ་ཐ་མའི་ཚེ༔ ངན་སོང་སྒོ་ཁེགས་ཡང་ཟབ་འདི༔ གསུང་གི་སྲས་དང་འཕྲད་པར་ཤོག༔ འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཅོམ་ལྡན་ལས་སྒྲིབ་སྦྱོང་ལ་འདུད༔ རང་གཞན་འགྲོ་བའི་དོན་གྱི་ཕྱིར༔ བཅོམ་ལྡན་རྡོ་རྗེ་མི་འཁྲུགས་པའི༔ སྒྲུབ་པའི་ཐབས་ལ་གསུམ་ཡིན་ཏེ༔ སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད་བྱ༔ གཉིས་པ་སྟོང་དང་སྙིང་རྗེའི་ངང༔ པདྨ་ཟླ་བའི་གདན་སྟེང་དུ༔ རང་རིག་ཧཱུྃ་ལས་བཅོམ་ལྡན་འདས༔ མི་འཁྲུགས་རྒྱལ་པོ་སྐུ་མདོག་མཐིང༔ ལོངས་སྤྱོད་རྫོགས་པའི་རྒྱན་རྣམས་རྫོགས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ ཕྱག་གཡས་ས་གནོན་ཕྱག་རྒྱ་ལ༔ གཡོན་པས་མཉམ་གཞག་རྡོ་རྗེ་འཛིན༔ འོད་དང་འོད་ཟེར་འཕྲོ་བར་བསམ༔ དཔྲལ་བར་འཁོར་ལོ་ཨོཾ་གྱིས་མཚན༔ མགྲིན་པར་པདྨ་ཨཱཿཡིས་མཚན༔ ཐུགས་ཀར་རྡོ་རྗེ་ཧཱུྃ་གིས་མཚན༔ གནས་གསུམ་ཡིག་འབྲུ་དག་ལས་ནི༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ རང་བཞིན་གནས་དང་ཤར་ཕྱོགས་ནས༔ བཅོམ་ལྡན་མི་འཁྲུགས་རྡོ་རྗེ་ལ༔ སངས་རྒྱས་བྱང་སེམས་ཚོགས་ཀྱིས་བསྐོར༔ མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ༔ མཆོད་པ་མཎྜལ་དག་པས་མཆོད༔ ཛཿཧཱུྃ་བཾ་ཧོཿས་གཉིས་མེད་བསྟིམ༔ རིགས་ལྔས་དབང་བསྐུར་དབུར་བརྒྱན་བསམ༔ ཐུགས་སྲོག་ཧཱུྃ་ཡིག་རྡོ་རྗེའི་མཐར༔ སྲོག་གི་སྙིང་པོ་འདི་ཡིས་བསྐོར༔ ཨོཾ་བཛྲ་ས་མནྟ་ས་ཏྲི་ཧཱུྃ༔ དེ་མཐར་ངན་སོང་སྒྲིབ་སྦྱོང་གི༔ ཀཾ་ཀ་ནི་ཡི་གཟུངས་སྔགས་ཀྱི༔ འོད་ཟེར་ལྔ་ལྡན་ཡིག་འབྲུ་རྣམས༔ གཅིག་ལས་གཅིག་མཆེད་མར་མེ་ལྟར༔ འབར་ཞིང་རང་ལུས་འོད་ཀྱིས་ཁེངས༔ དེ་ལས་འོད་འཕྲོས་ཕྱོགས་བཅུ་ཡི༔ རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི༔ ངན་སོང་སྡུག་བསྔལ་ཐམས་ཅད་བསལ༔ གནས་སྤར་མི་འཁྲུགས་ཞིང་ཁམས་སུ༔ བཅོམ་ལྡན་འདས་ཀྱི་ཐུགས་དང་བསྲེ༔ རང་སོའི་ངང་ལ་མཉམ་པར་གཞག༔ གསུམ་པ་འཁོར་འདས་ཐམས་ཅད་ཀུན༔ སྟོང་ཉིད་ཡེ་ཤེས་རྒྱ་ཡིས་གདབ༔ རང་རིག་བཅོམ་ལྡན་མི་འཁྲུགས་པ༔ ཐིག་ལེ་ལྔ་ལྡན་འོད་ཕུང་བསམ༔ དེ་ཡི་ངང་ལ་རྟག་ཆད་དང༔ ཡིན་མིན་འཁོར་འདས་ཐམས་ཅད་ཀུན༔ མཉམ་ཉིད་ཆོས་སྐུའི་ངང་ལ་བཞག༔ རྗེས་སྤྱོད་སྤྱི་དང་མཐུན་པར་བྱ༔ མ་འོངས་འགྲོ་བའི་དོན་གྱི་ཕྱིར༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ བཅོམ་ལྡན་ལས་སྒྲིབ་སྦྱོང་བ་ཡི༔ སྒྲུབ་ཐབས་ཟབ་མོ་དོན་ཆེན་འདི༔ མ་འོངས་འགྲོ་བའི་དོན་ཕྱིར་དུ༔ ད་ལྟའི་མངའ་བདག་ཡབ་སྲས་ཀྱི༔ ཐུགས་དམ་རྒྱུན་གྱི་ཉམས་ལེན་དུ༔ སྲིན་ཤོག་ལེབ་ལ་ཡི་གེར་བཀོད༔ མ་འོངས་ང་ཡི་གསུང་གི་སྲས༔ དམ་འཛིན་སྲིད་མཐའི་སྐྱེ་བ་དང༔ འཕྲད་ནས་འགྲོ་བ་མ་ལུས་པ༔ ངན་སོང་སྡུག་བསྔལ་སྦྱོང་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ མ་མོ་དུར་ཁྲོད་ཀྱི་བདག་མོ་དང༔ གཟའ་རཱ་ཧུ་ལ་དང༔ པེ་ཧར་རྒྱལ་པོ་གསུམ་ལ་གཏད་དོ༔ ཐུབ་པར་སྲུངས་ཤིག༔ བརྡ་ཐིམ༔ བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་ཤོག་སེར་ངོས་ནས་དག་པར་ཕབ་པའོ། །ཤུབྷཾ།། ཨོ་རྒྱན་པདྨའི་ཐུགས་བཅུད་མངའ་བདག་ཡབ་སྲས་ཀྱི་ཐུགས་དམ་རྒྱུན་གྱི་ཉམས་ལེན་ལས༔ སྤྱན་རས་གཟིགས་ནམ་མཁའ་རྒྱལ་པོའི་སྒྲུབ་ཐབས་བཞུགས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ ཡི་དམ་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སྙིགས་མའི་འགྲོ་བའི་དོན་ཕྱིར་དང༔ མངའ་བདག་ཡབ་སྲས་ཐུགས་དམ་དུ༔ སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་བཀོད༔ མ་འོངས་ང་ཡི་གསུང་སྲས་དང༔ འཕྲད་ནས་འགྲོ་བ་མ་ལུས་པ༔ ཚེ་གཅིག་བྱང་ཆུབ་ཐོབ་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྙིང་རྗེ་ཆེན་པོ་བཅོམ་ལྡན་འདས༔ འགྲོ་བ་འདུལ་མཛད་དེ་ལ་འདུད༔ འཕགས་པའི་ཐུགས་བཅུད་ཟབ་ཁྱད་ཅན༔ སྒྲུབ་པའི་ཐབས་ལ་གསུམ་ཡིན་ཏེ༔ སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད་བྱ༔ གཉིས་པ་སྟོང་པའི་ངང་ཉིད་ལས༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ བདག་གཞན་བརྗེ་ཕོད་སྙིང་རྗེ་བསྒོམ༔ སྟོང་དང་སྙིང་རྗེའི་ངང་ཉིད་ལས༔ པཾ་ལས་པདྨ་འདབ་སྟོང་སྟེང༔ དེ་སྟེང་ཟླ་བའི་དཀྱིལ་འཁོར་དཀར༔ དེ་སྟེང་རང་རིག་ཧྲཱིཿདཀར་བསམ༔ ཧྲཱིཿལས་འོད་འཕྲོས་ཕྱོགས་བཅུ་ཡི༔ རྒྱལ་བ་མཉེས་པའི་མཆོད་པ་འབུལ༔ སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྦྱངས༔ ཚུར་འདུས་ཧྲཱིཿལ་ཐིམ་པ་ལས༔ བདག་ཉིད་བཅོམ་ལྡན་སྤྱན་རས་གཟིགས༔ སངས་རྒྱས་ཀུན་འདུས་བཅུ་གཅིག་ཞལ༔ རྩ་ཞལ་དཀར་པོ་འོད་ཟེར་འཕྲོ༔ རིགས་དྲུག་སེམས་ཅན་བརྩེ་བས་གཟིགས༔ གཡས་དང་གཡོན་ནི་ལྗང་དང་དམར༔ དམྱལ་བ་ཡི་དྭགས་འདྲེན་ཅིང་སྒྲོལ༔ དབུས་དམར་གཡས་ལྗང་གཡོན་ཞལ་དཀར༔ ལྷ་མིན་མི་དང་དུད་འགྲོ་ཡི༔ མངལ་སྒོ་བསྒག་ཅིང་ཐར་ལམ་འདྲེན༔ དབུས་ལྗང་གཡས་དཀར་གཡོན་དམར་གྱིས༔ ལྷ་ཡི་སྐྱེ་བ་ཀུན་བསྒགས་ནས༔ བདེ་ཆེན་ས་རུ་སྤོར་ཞིང་སྒྲོལ༔ ཁྲོ་ཞལ་དུད་ཀ་རྔམ་པ་ཡིས༔ འགྲོ་ཀུན་ཀུན་ཏུ་འོད་ཀྱི་སར༔ འགོད་ཅིང་སྟེང་ཞལ་ལི་ཁྲིའི་མདོག༔ སངས་རྒྱས་བླ་མ་འོད་དཔག་མེད༔ འཛུམ་པའི་ཞལ་ལྡན་གཟིགས་པ་ཡིས༔ འགྲོ་རྣམས་པདྨ་ཅན་དུ་ཁྲིད༔ རྩ་ཕྱག་དང་པོ་ཐལ་མོ་སྦྱར༔ གཡས་ཀྱི་གཉིས་པས་ཤེལ་ཕྲེང་དང༔ གཡོན་པས་ཨུཏྤལ་དཀར་པོ་ནི༔ ཁྱུང་གཤོག་ལྡིང་བ་ལྟ་བུར་འཛིན༔ གཡས་ཀྱི་ལྷག་མའི་ཕྱག་བཅུ་ན༔ རྡོ་རྗེ་རིན་ཆེན་པདྨ་གྲི༔ རིལ་བ་སྤྱི་བླུགས་བུམ་པ་ཞགས༔ ཨུཏྤལ་འཁོར་ལོ་རྒྱ་གྲམ་འཛིན༔ གཡོན་གྱི་ལྷག་མའི་ཕྱག་བཅུ་ན༔ ཤེས་རབ་རལ་གྲི་སྡེ་སྣོད་ཀྱི༔ པུསྟི་ཨུཏྤལ་མུ་ཏིག་གི༔ ཕྲེང་བ་རྡོ་རྗེ་དྲིལ་བུ་དང༔ འཁར་གསིལ་མཆོད་རྟེན་པར་བུ་དང༔ འཁོར་ལོ་འཛིན་ཅིང་ཞབས་གཉིས་པོ༔ དྲང་པོར་གཤིབས་ཏེ་གཡོ་མེད་བཞུགས༔ ལོངས་སྐུའི་ཡན་ལག་སུམ་ཅུ་གཉིས༔ ཟླ་བའི་ཕྱག་རྒྱའི་ཚུལ་དུ་མཛེས༔ སྤྲུལ་སྐུའི་ཉིང་ལག་སྟོང་མངའ་བ༔ མཐིལ་དུ་ཞི་བའི་སྤྱན་རེ་རེ༔ སངས་རྒྱས་འཁོར་ལོས་སྒྱུར་བ་ནི༔ སྟོང་གི་ཚུལ་དུ་མཚོན་པར་བཞུགས༔ ལོངས་སྤྱོད་རྫོགས་པའི་རྒྱན་རྣམས་དང༔ སྦྲུལ་དང་རི་དྭགས་དར་ཤམ་སོགས༔ ཕྱག་གདུབ་ཞབས་གདུབ་ན་བཟས་སྤྲས༔ དེ་ལྟ་བུ་ཡི་གནས་གསུམ་ལས༔ ཡི་གེ་གསུམ་ལས་འོད་ཟེར་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང༔ རིག་ལྔའི་སངས་རྒྱས་ཐམས་ཅད་ཀྱིས༔ དབང་བསྐུར་བྱིན་བརླབས་སྤྱི་བོའི་གཙུག༔ འོད་དཔག་མེད་པས་དབུར་རྒྱན་བསམ༔ དེ་ལྟར་ནམ་མཁའ་རྒྱལ་པོ་ཡི༔ སྐུ་ལས་འོད་ཟེར་དཔག་མེད་འཕྲོས༔ རང་བཞིན་དག་པའི་ཞིང་ཁམས་དང༔ པོ་ཏ་ལ་ཡི་གནས་མཆོག་ནས༔ རང་འདྲའི་བཅོམ་ལྡན་སྤྱན་རས་གཟིགས༔ མདུན་གྱི་ནམ་མཁའ་བྱོན་པར་བསམ༔ དེ་ལས་འོད་ཟེར་དཔག་མེད་འཕྲོས༔ རང་ལ་ཐིམ་པའི་ངང་དུ་བསམ༔ མདུན་བསྐྱེད་ལྷ་ཚོགས་མ་ལུས་པ༔ འོད་ཀྱི་ཕུང་པོར་ཞུ་ནས་སུ༔ རང་ལ་ཐིམ་པའི་ངང་དུ་བལྟ༔ སླར་ཡང་རང་ཉིད་བཅོམ་ལྡན་འདས༔ བཅུ་གཅིག་ཞལ་དུ་གསལ་བ་ཡི༔ སྐུ་ལས་འོད་ཟེར་དཀར་པོ་འཕྲོས༔ ལྷ་རྣམས་འཆི་འཕོ་ལྟུང་བྱེད་ཀྱི༔ སྡུག་བསྔལ་ཀུན་གྲོལ་ཐམས་ཅད་ཀྱང༔ སྤྱན་རས་གཟིགས་ཀྱི་ངོ་བོར་གྱུར༔ འོད་ཟེར་སྔོན་པོ་འཕྲོས་པ་ལས༔ ལྷ་མིན་འཐབ་རྩོད་སྡུག་བསྔལ་ཞི༔ འཕགས་པའི་སྐུ་ཡི་ངོ་བོར་གྱུར༔ འོད་ཟེར་ལྗང་གུ་དཔག་མེད་འཕྲོས༔ དུད་འགྲོ་གླེན་ལྐུགས་སྡུག་བསྔལ་སྦྱངས༔ ཐམས་ཅད་འཕགས་པའི་སྐུ་རུ་གྱུར༔ འོད་ཟེར་དམར་པོ་དཔག་མེད་འཕྲོས༔ འགྲོ་བ་མི་ཡི་གནས་སུ་ཕོག༔ མི་རྣམས་སྐྱེ་འཆིའི་སྡུག་བསྔལ་ལས༔ ཐར་ཏེ་འཕགས་པའི་སྐུ་རུ་གྱུར༔ འོད་ཟེར་སེར་པོ་ཕྱོགས་བཅུར་འཕྲོས༔ ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་བསལ༔ འོད་ཟེར་ནག་པོ་ཕྱོགས་བཅུར་འཕྲོས༔ དམྱལ་བ་ཚ་གྲང་སྡུག་བསྔལ་བསལ༔ ཐམས་ཅད་འཕགས་པའི་སྐུ་རུ་གྱུར༔ འོད་ཟེར་སྣ་ཚོགས་འཕྲོས་པ་ལས༔ སྣང་སྲིད་སེམས་ཅན་འགྲོ་དྲུག་རྣམས༔ རང་འདྲའི་བཅུ་གཅིག་ཞལ་དུ་གྱུར༔ སྒྲ་རྣམས་ཡི་གེ་དྲུག་པའི་སྒྲ༔ ཤེས་རིག་སྣང་སྟོང་འཛིན་མེད་ངང༔ མཁྱེན་པའི་ཡེ་ཤེས་ཀུན་རྒྱས་ཏེ༔ སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང༔ ནང་བཅུད་སེམས་ཅན་སྤྱན་རས་གཟིགས༔ སྒྲ་གྲགས་ཡི་གེ་དྲུག་པའི་སྒྲ༔ སྣང་སེམས་དབྱེར་མེད་ངང་ཉིད་ལས༔ ཡི་གེ་དྲུག་པ་འབུམ་དུ་བཟླས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཅེས་པའི་བཟླས་བརྗོད་བྱས་པའི་ཚེ༔ རིགས་དྲུག་སྤྱན་གཟིགས་གསལ་བ་ཡི༔ ཞལ་ནས་སྔགས་སྒྲ་འབྲུག་སྟོང་དུ༔ ལྡིར་བར་བསམས་ལ་ཏིང་འཛིན་བསྐྱེད༔ དེ་ལྟར་བསྐྱེད་རིམ་དང་ལྡན་པས༔ ཡི་གེ་དྲུག་པ་སུས་བགྲང་པ༔ མི་དེ་འཕགས་པའི་གོ་འཕང་ཐོབ༔ སྣོད་ཀྱི་འཇིག་རྟེན་ཐམས་ཅད་ནི༔ བདེ་བ་ཅན་གྱི་ཞིང་ཁམས་མཐོང༔ ནང་བཅུད་སེམས་ཅན་ལྷ་སྐུར་གསལ༔ སྒྲ་རྣམས་ཡིག་དྲུག་སྒྲ་རུ་ཐོས༔ གཉིས་འཛིན་འཁྲུལ་པ་རང་སར་དག༔ ཐོད་རྒལ་ཉམས་མྱོང་ནང་ནས་འཆར༔ སེམས་ཅན་ཀུན་ལ་སྙིང་རྗེ་སྐྱེ༔ སྣང་བ་གཏད་མེད་ཟང་ཐལ་འགྱུར༔ ཚེ་གཅིག་སངས་རྒྱས་ཐེ་ཚོམ་མེད༔ རྫོགས་པའི་རིམ་པ་བསྒོམ་པ་ནི༔ མ་བཅོས་འཛིན་མེད་ཆོས་ཀྱི་དབྱིངས༔ གསལ་ཞིང་སྟོང་པ་བདེ་ཆེན་ངང༔ མཚན་བཅས་གཉིས་འཛིན་བློ་དང་བྲལ༔ བརྗོད་མེད་ཁྱབ་བརྡལ་ཆེན་པོའི་ངང༔ དབྱར་མ་སྟོན་གྱི་ནམ་མཁའ་ལྟར༔ དམིགས་མེད་དྲང་པོའི་ངང་ལ་ཞོག༔ གསུམ་པ་རྗེས་སྤྱོད་བསྔོ་བ་དང༔ སྨོན་ལམ་རྒྱས་གདབ་སྤྱི་དང་མཐུན༔ འཕགས་པ་སྤྱན་རས་གཟིགས་དབང་གི༔ སྒྲུབ་ཐབས་ཟབ་གནད་ཁྱད་པར་ཅན༔ སྔོན་ཆད་བོད་དུ་འདི་མ་བསྟན༔ མངའ་བདག་ཡབ་སྲས་ཐུགས་དམ་དུ༔ སྲིན་ཤོག་ལེབ་ལ་ཡི་གེར་བཀོད༔ མཆོད་རྟེན་པདྨ་ཅན་དུ་སྦས༔ མ་འོངས་ང་ཡི་གསུང་སྲས་དང༔ འཕྲད་ནས་འགྲོ་དོན་མཐའ་རྒྱས་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བརྡ་ཐིམ༔ བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་ཤོག་སེར་ངོས་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ལྷ་དབང་བརྒྱ་བྱིན་ཞེས་པས་བགྱིས་པ་དགེ་ལེགས་སུ་གྱུར་ཅིག། ཨོ་རྒྱན་པདྨའི་ཐུགས་བཅུད་མངའ་བདག་ཡབ་སྲས་ཀྱི་ཐུགས་དམ་རྒྱུན་གྱི་ཉམས་ལེན་ལས༔ ཚེ་དཔག་མེད་སྐུ་གསུམ་རིགས་ལྔ་ཀུན་འདུས་ཀྱི་སྒྲུབ་པ་བཞུགས་སོ༔ ན་མོ་གུ་རུ་ཨཱ་ཡུཿཛྙཱ་ན་ཧཱུྃ༔ བདག་འདྲ་པདྨའི་ཁྱད་ཆོས་གནད༔ ཡང་ཟབ་ཚེ་སྒྲུབ་སྙིང་པོའི་བཅུད༔ དེང་སང་མངའ་བདག་ཡབ་སྲས་དང༔ མ་འོངས་པ་ཡི་གསུང་སྲས་ཉིད༔ ཟབ་མོའི་གཏེར་ལ་སྤྱོད་པའི་དུས༔ ཚེ་ཡི་རིག་འཛིན་བརྙེས་པའི་ཕྱིར༔ སྐུ་དང་ཡེ་ཤེས་མཚོན་པ་ཡི༔ ཤོག་སེར་སྲིན་གྱི་ཤོག་གུ་ལ༔ སྣ་ཁྲག་རྒྱ་སྣག་བསྲེས་ཏེ་བྲིས༔ བྱང་སེམས་དཀར་དམར་རྩི་ཡིས་བཏབ༔ དྲག་སྤྱོད་རྩུབ་འགྱུར་བསྐལ་པའི་མཐར༔ གསུང་གི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྡོ་རྗེ་ཚེ་ཡི་ལྷ་ལ་འདུད༔ དམ་ཆོས་བསྒྲུབ་པའི་གང་ཟག་གི༔ ཚེ་ཡི་བར་ཆད་བསལ་བ་དང༔ མཆོག་གི་རིག་འཛིན་ཐོབ་བྱའི་ཕྱིར༔ བཅོམ་ལྡན་ཚེ་དཔག་མེད་པ་ཡི༔ སྒྲུབ་པའི་ཐབས་ལ་གསུམ་ཡིན་ཏེ༔ སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད་བྱ༔ ཚོགས་གསག་ཡན་ལག་བདུན་པ་སོགས༔ སྤྱི་དང་མཐུན་པར་ལེགས་པར་བྱ༔ གཉིས་པ་ཆོས་རྣམས་སྟོང་པའི་ངང༔ འགྲོ་ལ་སྙིང་རྗེ་ཚད་མེད་བསྒོམ༔ སྟོང་དང་སྙིང་རྗེའི་ངང་ཉིད་ལས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་རིག་ཧྲཱིཿལས་ཚེ་དཔག་མེད༔ སྐུ་མདོག་དམར་པོ་འོད་དང་ལྡན༔ ཞལ་གསུམ་ཕྱག་ཀྱང་དྲུག་པ་སྟེ༔ གཡས་ཞལ་དཀར་པོ་ཆུ་ཤེལ་འདྲ༔ ཟླ་བའི་འོད་ལྟར་དཀར་ཞིང་འཚེར༔ གཡོན་ཞལ་མར་གད་མདོག་ཅན་ཏེ༔ ལྗང་ཞིང་འོད་འཕྲོ་མཛེས་པའི་ཞལ༔ དབུས་ཞལ་པདྨ་རཱ་གའི་མདོག༔ དམར་གསལ་འོད་འཕྲོ་འཛུམ་མདངས་ཅན༔ ཕྱག་གཡས་དང་པོ་པདྨའི་ཕྲེང༔ ཐུགས་ཀར་འཛིན་ཞིང་གཡོན་དང་པོ༔ མཉམ་བཞག་ཚེ་ཡི་བདུད་རྩིས་བཀང༔ གཡས་ཀྱི་ལྷག་གཉིས་རྡོ་རྗེ་དང༔ ནོར་བུ་རིན་ཆེན་འབར་བ་བསྣམས༔ གཡོན་གྱི་ལྷག་གཉིས་འཁོར་ལོ་དང༔ རྡོ་རྗེ་རྒྱ་གྲམ་བསྣམས་པ་སྟེ༔ ན་བཟའ་ལྷབ་ལྷུབ་མཛེས་པས་སྤྲས༔ དབུ་རྒྱན་སྙན་རྒྱན་མགུལ་རྒྱན་དང༔ དོ་ཤལ་ཚངས་སྐུད་ལ་སོགས་པ༔ ལོངས་སྤྱོད་རྫོགས་པའི་རྒྱན་རྣམས་རྫོགས༔ ཞབས་གཉིས་སྐྱིལ་ཀྲུང་རྒྱབ་ཡོལ་ནི༔ འཇའ་ཚོན་སྣ་ལྔའི་རང་བཞིན་ཅན༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ འོད་འཕྲོས་བདེ་གཤེགས་ཐམས་ཅད་ཀྱི༔ ཚེ་ཡི་དངོས་གྲུབ་མ་ལུས་བསྡུས༔ རང་གི་ལུས་ལ་ཐིམ་པར་བསམ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཧྲཱི༔ ཞག་རེ་སྟོང་རེར་བརྒྱ་རྩ་བཟླས༔ དེ་ལྟར་མ་ཆག་བྱས་གྱུར་ན༔ དུས་མིན་འཆི་བའི་འཇིགས་དང་བྲལ༔ བཅུ་ཐུབ་པ་ཡང་བརྒྱ་ཐུབ་འགྱུར༔ ཚེ་འཕོས་ནུབ་ཕྱོགས་བདེ་ཆེན་ནམ༔ པདྨ་འོད་ཀྱི་གཞལ་ཡས་སུ༔ འོད་དཔག་མེད་དང་པདྨ་ངའི༔ ཞལ་མཐོང་རིག་འཛིན་ས་ཐོབ་འགྱུར༔ འདི་ལ་ཐེ་ཚོམ་ཡོད་རེ་ཀན༔ མི་བསྟན་སྙིང་གི་དཀྱིལ་དུ་བཅང༔ དེ་ནས་དམིགས་པ་འདི་བསྒོམ་སྟེ༔ རང་གི་སྙིང་གི་དཀྱིལ་ནང་དུ༔ ཚེ་བདག་བླ་མ་པདྨ་འབྱུང༔ སྐུ་མདོག་དཀར་གསལ་ཤེལ་ལྟ་བུ༔ ཐུགས་ཀར་ཉི་ཟླའི་གའུ་འི་ནང༔ སྐྱེ་མེད་ཡི་གེ་ཨཿགཅིག་བསམ༔ ཡབ་ཡུམ་སྦྱོར་བའི་བར་མཚམས་ནས༔ བྱང་སེམས་དཀར་དམར་རྒྱུན་བབས་ཏེ༔ གནས་ལྔ་རྩ་ཡི་འཁོར་ལོ་གང༔ ཚེ་དཔལ་བསོད་ནམས་ཀུན་རྒྱས་ཏེ༔ དབང་རྣམས་རྫོགས་པར་ཐོབ་པར་གྱུར༔ ཞག་རེ་ལ་ནི་ཐུན་རེ་བྱ༔ ནད་གདོན་ཚེ་ཡི་བར་ཆད་ནི༔ དུས་རྣམས་ཀུན་ཏུ་འབྱུང་མི་འགྱུར༔ སྤྲོས་མེད་རྫོགས་པའི་རིམ་པ་ནི༔ ཁམས་གསུམ་འཁོར་འདས་ཐམས་ཅད་ཀུན༔ རང་ཉིད་ཚེ་དཔག་མེད་ལ་ཐིམ༔ རང་ཡང་འཇའ་ཡི་ཕུང་པོར་གྱུར༔ སྙིང་ཁའི་བླ་མ་ཡབ་ཡུམ་ལ༔ ཆུ་ལ་ཆུ་བཞག་ལྟ་བུར་ཐིམ༔ བླ་མ་ཡབ་ཡུམ་འོད་དུ་ཞུ༔ ཐུགས་ཀའི་ཡི་གེ་ཨཿལ་ཐིམ༔ ཨཿནི་སྐྱེ་མེད་དབྱིངས་སུ་བཞག༔ དེ་ཡི་ངང་ལ་རྟག་ཆད་དང༔ ཡོད་མེད་དགག་སྒྲུབ་ཀུན་སྤངས་ཏེ༔ ཕ་རོལ་རིག་པའི་རྩལ་ལ་སྦྱང༔ ཟླ་བ་ཉི་མ་ནམ་མཁའི་དབྱིངས༔ དེ་རྣམས་ཀུན་ལ་བོགས་འདོན་བྱ༔ གསུམ་པ་རྗེས་སྤྱོད་སྤྱི་བཞིན་བྱ༔ བསྐལ་པ་དུས་ཀྱི་སྙིགས་མ་ལ༔ མི་རྣམས་ཚེ་ཐུང་ལོངས་སྤྱོད་དབུལ༔ སྙིང་རུས་ཆུང་ཞིང་སྡུག་སྲན་མེད༔ དེ་དུས་ཚིག་ཉུང་དོན་ཆེ་བའི༔ ཚེ་སྒྲུབ་གདམས་པ་ཟབ་ཁྱད་ཅན༔ བདག་འདྲ་པདྨའི་ཐུགས་ཀྱི་བཅུད༔ སྔོན་ཆད་གཞན་ལ་འདི་མ་བསྟན༔ མངའ་བདག་ཡབ་སྲས་ཐུགས་དམ་དུ༔ ཉིང་ཁུ་བ་ཡི་བཅུད་འདི་ཉིད༔ མ་གབ་གསལ་བར་བསྟན་པ་ཡིན༔ རྒྱུན་གྱི་ཉམས་ལེན་དྭངས་མར་འཚལ༔ མ་འོངས་ང་ཡི་གསུང་སྲས་ནི༔ དམ་འཛིན་སྐྱེ་མཐའ་སྨྱོན་པ་དང༔ འདི་འཕྲད་རང་གཞན་དོན་འགྲུབ་འགྱུར༔ ཞེས་པ་བདག་འདྲ་པདྨས་ཡི་གེར་བཏབ་སྟེ༔ རྒྱལ་པོ་ཡབ་སྲས་ཀྱི་ཐུགས་དམ་རྒྱུན་ཁྱེར་དུ་གདམས་པ་ཤོག་སེར་ངོས་ལེབ་ལ་དག་པར་བཀོད་དེ་མཆོད་རྟེན་པདྨ་ཅན་དུ་གཏེར་དུ་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བཀའ་སྲུང་དུར་ཁྲོད་བདག་མོ་དང༔ གཟའ་རཱ་ཧུ་ལ་དང༔ པེ་ཧར་སྐྱེས་བུ་གསུམ་ལ་གཏད་དོ༔ དུས་ཀྱི་ཐ་མར་པདྨ་ངའི་གསུང་གི་སྲས་པོ་མཚན་ལྔ་རྟགས་དང་ལྡན་པ་དེ་དང་འཕྲད་པར་ཤོག༔ རྒྱ་རྒྱ་རྒྱ༔ བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་ཤོག་སེར་ངོས་ནས་དག་པར་ཕབ་པའི་ཡི་གེ་པ་ནི་དྷེ་ཝ་སཾསྐྲྀ་ཞེས་བྱ་བས་བགྱིས་པའོ།། ཨོ་རྒྱན་པདྨའི་ཐུགས་བཅུད་མངའ་བདག་ཡབ་སྲས་ཀྱི་ཐུགས་དམ་རྒྱུན་གྱི་ཉམས་ལེན་ལས༔ གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་སྒྲུབ་ཐབས་བཞུགས་སོ༔ ན་མོ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ རྡོ་རྗེ་དྲག་པོ་རྩལ་ལ་འདུད༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རང་གི་སྒྲུབ་པ་རང་གིས་བྱས༔ བོད་ཡུལ་ས་འོག་གཏེར་གནས་སུ༔ ཐུགས་སྒྲུབ་སྒྲུབ་པ་མང་སྦས་ཀྱང༔ ཟབ་ལ་གནད་ཆེའི་ཁྱད་ཆོས་འདི༔ མ་འོངས་བསྐལ་པའི་ཡང་མཐའ་ལ༔ མི་རྣམས་ཚེ་ཐུང་ལོངས་སྤྱོད་དབུལ༔ འཁྲུགས་རྩོད་མུ་གེའི་བསྐལ་པ་དར༔ འདྲེ་དང་འགོང་པོས་ཡུལ་ཁམས་གང༔ རྒྱལ་འགོང་དམ་སྲིས་སྐྱེ་འགྲོ་ཡི༔ སྲོག་ལ་རྒོལ་ཞིང་ངན་སོང་ཁྲིད༔ དེ་དུས་པདྨའི་གསུང་གི་སྲས༔ དམ་འཛིན་སྐྱེ་མཐའ་རྫུ་འཕྲུལ་ཅན༔ ནུབ་ཀྱི་ཕྱོགས་སུ་སྐྱེ་བ་ལེན༔ དེ་དུས་དྲག་པོ་གྲོ་བོ་ལོད༔ གསང་སྒྲུབ་འདི་ཉིད་གཏེར་ནས་བཏོན༔ ཉམས་སུ་བླངས་ནས་རང་གཞན་ཀུན༔ རིག་འཛིན་ས་ལ་ལྷུན་གྲུབ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་གསང་དོན་གྱི་ལྷ་ལ་འདུད༔ རྒྱལ་འགོང་དམ་སྲི་ཚར་གཅོད་ཕྱིར༔ གུ་རུ་རྡོ་རྗེ་གྲོ་ལོད་ཀྱི༔ སྒྲུབ་པའི་ཐབས་ལ་གསུམ་ཡིན་ཏེ༔ སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད་བྱ༔ གཉིས་པ་ཆོས་ཀུན་མ་ལུས་པ༔ སྟོང་ཉིད་སྙིང་རྗེའི་ངང་དུ་བསམ༔ དེ་ཡི་ངང་ལས་སེམས་ཅན་ལ༔ བྱང་སེམས་སྙིང་རྗེ་ཚད་མེད་བསྒོམ༔ སྟོང་དང་སྙིང་རྗེའི་ངང་ཉིད་ལས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་རིག་ཧྲཱིཿལས་གསེར་གྱི་ནི༔ ཕུར་པ་འོད་ཟེར་འཕྲོ་བར་བསྒོམ༔ དེ་ལས་འོད་འཕྲོས་དམ་སྲི་དང༔ རྒྱལ་འགོང་ལོག་འདྲེན་ཐམས་ཅད་བསྒྲལ༔ རྒྱལ་བ་མཉེས་པའི་མཆོད་པ་ཕུལ༔ ཚུར་འདུས་ཕུར་པ་གདན་བཅས་རྣམས༔ འོད་དུ་ཞུ་ནས་མེ་ལས་ནི༔ གྲུབ་ཅིང་ཧྲཱིཿདམར་ཚ་འོད་བསམ༔ དེ་ལས་རང་ཉིད་གུ་རུ་ནི༔ རྡོ་རྗེ་གྲོ་ལོད་རབ་བྱུང་ཆས༔ སྐུ་མདོག་དཀར་དམར་མདངས་དང་ལྡན༔ ཕྱག་གཡས་རྡོ་རྗེ་སྐྱབས་སྦྱིན་ལ༔ གཡོན་པས་ཕུར་པ་འཛིན་ཞིང་འགྱིང༔ སྟག་ལྤགས་གདན་ལ་བཞུགས་པར་བསམ༔ དེ་ཉིད་གནས་འགྱུར་དྲན་རྫོགས་སུ༔ གཏུམ་དྲག་རྡོ་རྗེ་གྲོ་བོ་ལོད༔ སྐུ་མདོག་སྨུག་ནག་རབ་བྱུང་ཆས༔ སྨིན་མ་དམར་སེར་མེ་འོད་འབར༔ སྐྲ་བསིགས་ཨཾ་གཙིགས་སྡང་མིག་བགྲད༔ སྙན་ལ་དུང་གི་ཝཾ་མིག་མཛེས༔ མི་མགོ་རློན་པ་སྐྲ་ཅན་གྱི༔ དོ་ཤལ་ཁྲག་གི་ཟར་བུ་འཛག༔ ཐང་ཤམ་ཆོས་གོས་ངུར་སྨྲིག་ཅན༔ གཡས་བསྐུམ་གཡོན་བརྐྱང་གར་སྟབས་སུ༔ སྟག་མོ་གྲུས་མའི་སྟེང་ན་འགྱིང༔ སྐུ་ལས་ཁྲོ་ཆུང་དཔག་མེད་འཕྲོ༔ མེ་རླུང་དབུས་སུ་བཞུགས་པར་བསྒོམ༔ དེ་ཡི་གནས་གསུམ་སྐུ་གསུང་ཐུགས༔ ཡི་གེས་མཚན་ལས་འོད་འཕྲོས་པས༔ རང་བཞིན་གནས་དང་ལྷོ་ནུབ་དང༔ པདྨ་འོད་ཀྱི་གཞལ་ཡས་ནས༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ༔ མཎྜལ་གསུམ་དང་ཕྱི་ནང་གི༔ མཆོད་པ་སྨན་རཀ་བ་ལིཾ་ཏ༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་པས་མཆོད༔ ཧཱུྃ༔ བདེར་གཤེགས་ཀུན་འདུས་རྡོ་རྗེ་འཆང༔ ལོག་འདྲེན་ཚར་གཅོད་གྲོ་བོ་ལོད༔ ཆོས་སྐུ་ཁྱབ་བརྡལ་ཀུན་ཏུ་བཟང༔ རང་རིག་རྩ་གསུམ་ཐུགས་དམ་བསྐུལ༔ ལོག་འདྲེན་དམ་སྲི་མ་ལུས་པ༔ དབང་དུ་སྡུས་ལ་ལུས་ངག་ཡིད༔ ཐལ་བ་རྡུལ་དུ་བརླག་པར་མཛོད༔ ཅེས་པས་ཐུགས་དམ་བསྐུལ་བ་ལས༔ ཐུགས་ཀའི་ཧཱུྃ་གི་མཐའ་སྐོར་དུ༔ སྲོག་ཡིག་སྙིང་པོས་བསྐོར་བར་བསམ༔ ཞལ་ནས་སྔགས་སྒྲ་གྲགས་པ་ཡི༔ མཚོན་ཆ་རྣོ་བའི་རང་བཞིན་གྱིས༔ ལོག་འདྲེན་དགྲ་བགེགས་དམ་སྲི་རྣམས༔ དབང་བསྡུས་བསྒྲལ་དང་ལས་ལ་བཀོལ༔ གང་ལ་དམིགས་པ་འཕྲུལ་ཤེས་བྱ༔ སྐབས་སུ་རིག་པ་ངར་ལྡན་པས༔ ཧཱུྃ་དང་ཕཊཿཀྱི་སྔགས་སྒྲ་སྒྲོག༔ རིག་སྔགས་གསང་བའི་རྒྱལ་པོ་འདི༔ བདུན་འབུམ་བཟླས་པས་འགྲུབ་པར་འགྱུར༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་གྲོ་བོ་ལོད་ལོ་ཀ་སརྦ་ཧཱུྃ༔ སྐབས་སུ་གསང་སྔགས་མཚོན་ཆ་འདིས༔ དྲེགས་པ་གཟིར་ཞིང་ལས་ལ་བཀོལ༔ ཨཱོཾ་བཛྲ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཅེས་བཟླས་ཉམས་སམ་རྨི་ལམ་དུ༔ ལྷ་རྟགས་ཨ་ཙར་སྟག་ཞོན་དང༔ ལུས་ལ་མེ་འབར་མཚོན་ཆ་ཐོགས༔ སེམས་ཅན་བསད་པ་ལ་སོགས་འབྱུང༔ དེ་དུས་བསད་པའི་ལས་སྦྱོར་ནི༔ གསང་བའི་ཡིག་ཆུང་བཞིན་དུ་བྱ༔ རྫོགས་རིམ་དགྲ་ལ་སྙིང་རྗེ་བསྒོམ༔ མ་འོངས་འགྲོ་བའི་དོན་གྱི་ཕྱིར༔ རང་གི་སྒྲུབ་པ་རང་གིས་བྱས༔ དམ་སྲི་འཇོམས་པའི་ཐོ་བ་འདི༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ གནོད་སྦྱིན་རྫོང་གི་གནས་མཆོག་ཏུ༔ རྡོ་རྗེ་གྲོ་ལོད་སྐུར་བཞེངས་ཏེ༔ བདུད་དང་དམ་སྲི་འབྱུང་པོ་བཏུལ༔ ད་ལྟའི་མངའ་བདག་ཡབ་སྲས་དང༔ མ་འོངས་ལས་ལྡན་དོན་ཕྱིར་དུ༔ ཐུགས་དམ་རྒྱུན་ཁྱེར་གདམས་པ་འདི༔ ཟབ་པ་བདུན་དུ་ཤོག་སེར་ལ༔ པདྨ་བདག་གིས་ཡི་གེར་བཏབ༔ མཆོད་རྟེན་པདྨ་ཅན་དུ་སྦས༔ མ་འོངས་རྩུབ་འགྱུར་བཞི་བཅུའི་ཚེ༔ བདག་གི་གསུང་སྲས་ཆོས་ཀྱི་བདག༔ དམ་འཛིན་སྐྱེ་བའི་སྐྱེ་མཐའ་དང༔ འཕྲད་དུས་གཏེར་སྲུང་ཁྱེད་རྣམས་ཀྱིས༔ རུ་ང་ཕྲག་དོག་མ་མཛད་པར༔ གསང་བའི་རྒྱ་གསུམ་ཁྲོལ་ལ་གཏོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བདག་འདྲ་པདྨས་སྲིན་ཤོག་སྐུ་གསུམ་ཡེ་ཤེས་མཚོན་པའི་ངོས་ལ་འཕྲུལ་གྱི་ཡི་གེར་བཏབ༔ བྱང་སེམས་དཀར་དམར་བདུད་རྩིས་རྒྱས་བསྡམས་ཏེ༔ མ་མོ་དུར་ཁྲོད་ཀྱི་བདག་མོ་དང༔ གཟའ་རཱ་ཧུ་ལ་དང༔ པེ་ཧར་སྐྱེས་བུ་གསུམ་ལ་གཏད་དོ་ཐུབ་པར་སྲུངས་ཤིག་བརྡ་ཐིམ༔ རྒྱ་རྒྱ་རྒྱ༔ བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་ཤོག་སེར་ངོས་ནས་དག་པར་ཕབ་པའོ། །བཀྲ་ཤིས་པར་གྱུར་ཅིག །ཐུགས་དམ་གསང་བའི་ལྷ་ལ་འདུད༔ དགྲ་བོ་བསད་པའི་ཡིག་ཆུང་ནི༔ བྲུབ་ཁུང་ཁྲུ་གང་ནག་པོ་ལ༔ དུག་དང་རབས་ཆད་ཁྲག་གིས་བྱུགས༔ དགྲ་བོའི་མིང་རུས་ལིངྒ་བཅའ༔ དགུག་གཞུག་བྱས་ལ་བསྟིམས་ཤིང་བཅིང༔ གོང་གི་ཏིང་འཛིན་རབ་ལྡན་པས༔ ངན་སྔགས་གདུག་པའི་ཁ་ཆུ་བཟླས༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཏྲི་ཡང་ཛ་ཛཿ ཀཱ་ལ་རུ་ཏྲི་ཡ་ཧཱུྃ་ཕཊ༔ དུ་ན་རུ་ཏྲ་རུ་ཏྲ་ཐུཾ༔ བྷ་ཏི་སྲོག་བྲིང་བྲིང་ཐུན་ཧྲཱི་ཛི་ཛི༔ ཤུ་ལ་རཱ་ཙ་ཏྲི་ཤྲཱི་ཛ་ཡང་ཛ་སྲོག་བྲིང་བྲིང་ཛཿཛཿ བཛྲ་ཏྲི་ན་དུ་ཁ་ཐུཾ་ཏྲི་ས་མ་ཡ་སྲོག་བྲིང་བྲིང་ཧྲིང་ཛཿཛཿ རཱ་ཙ་ས་མ་ཡ་ཨ་ཤུག་མེ་རཱ་ཙ་སྲོག་ཧྲིང་ཧྲིང་ཛཿཛཿ ཡུངས་ཀར་ཡུངས་ནག་སྐེ་ཚེའི་འབྲས་བུ་དང༔ ཏིལ་ནག་ཀེ་ཚེ་ཤང་ཚེ་ལ༔ སྔགས་ཤིང་ལིང་ག་ཐུན་གྱིས་བྲབ༔ རྟགས་ཀྱི་རིམ་པ་འདི་ལྟར་འབྱུང༔ མོན་དང་བན་བཙུན་བྱ་ནག་འོང༔ དེ་ནས་ལས་བཞིའི་ཐུན་མཚམས་སུ༔ སྲོག་གཅོད་སྔགས་འདི་བརྒྱ་རྩ་བཟླས༔ དགྲ་བོ་ཚེའི་སྲོག་ལ་ཐུཾ་ཧྲིལ༔ ཙིཏྟ་བཾ་ལོག་ཐུཾ་རྦད༔ རཀྴ་ཐིབ་སྲོག་ལ་ཐིབ་བྲིང་ཤག༔ ཐུཾ་རིལ་དབུགས་སྲོག་ལ་ཐུཾ་ཐུཾ༔ རྩ་ལ་རྦད་རྦད༔ ཁོང་ཁྲག་རྦུད་རྦུད༔ དེ་རྗེས་བླ་རྟགས་རིམ་པ་ནི༔ ཤིང་གཅོད་བྲག་གཤག་བསྒོ་བ་ཉན༔ ར་དང་རི་དྭགས་བསད་པ་དང༔ མི་བསད་ཁྲག་འཇིབ་རྒྱུ་མ་ཟ༔ དེ་བྱུང་ལིངྒ་མིང་རུས་ཕྱུང༔ གོང་གི་སྔགས་མཇུག་རཾ་བཏགས་ལ༔ གདུག་པ་སྐྱེར་པའི་མེ་ལ་བསྲེག༔ ཐལ་བ་ལྷ་ཁང་ཐེམ་འོག་མནན༔ ཞག་ནི་ཉེར་གཅིག་དག་གིས་འགྲུབ༔ གཏང་རག་ཚོགས་གཏོར་བཟང་པོ་བཤམ༔ སྔགས་ཤམ་ལིངྒ་བཏགས་ལ་ཕུལ༔ བདག་དང་ཆོས་སྐྱོང་གསུམ་པོ་ཡང༔ དབྱེར་མེད་སྤྲོས་བྲལ་ངང་ལ་བཞག༔ ཤིན་ཏུ་ཟབ་པའི་ཡིག་ཆུང་འདི༔ གཞུང་དུ་མ་བསྟན་ཟུར་དུ་བཀོལ༔ གསུང་གི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་ཤོག་སེར་ངོས་ནས་དག་པར་ཕབ། བླ་མ་ཁམས་པ་རྣམ་གཉིས་མཉེས་ཕྱིར་བྲིས་པའོ། །དགེ་བས་སངས་རྒྱས་བསྟན་དགྲ་སྒྲོལ་བར་ཤོག། ཨོ་རྒྱན་པདྨའི་ཐུགས་བཅུད་མངའ་བདག་ཡབ་སྲས་ཀྱི་ཐུགས་དམ་རྒྱུན་གྱི་ཉམས་ལེན་ལས༔ མཁའ་འགྲོ་སེངྒེའི་གདོང་པ་ཅན་གྱི་སྒྲུབ་ཐབས་བཞུགས་སོ༔ ན་མོ་ཛྙཱ་ན་དྷཱ་ཀི་ནཱི་སིཾ་ཧ་མུ་ཁ་ཧཱུྃ༔ རྡོ་རྗེ་མཁའ་འགྲོ་མ་ལ་འདུད༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རྒྱ་གར་རྡོ་རྗེ་གདན་ཉིད་དུ༔ མུ་སྟེགས་སྟོན་པ་ལྔ་བརྒྱ་དང༔ ལུང་རིག་རྩོད་པ་བྱས་པའི་ཚེ༔ མུ་སྟེགས་སྟོན་པ་ལྔ་བརྒྱ་ལས༔ བདག་ཉིད་རྒྱལ་བར་གྱུར་པའི་ཚེ༔ ཁོ་ཅག་ཁྲོས་པས་འདི་སྐད་བསྒྲགས༔ ངན་སྔགས་གདུག་པའི་མཚོན་ཆ་འདིས༔ ཁྱོད་ཉིད་འཇོམས་པར་བྱེད་ཅེས་ཏེ༔ ངན་སྔགས་དམོད་མོའི་མཚོན་ཆ་ཡི༔ དུག་མདའི་སྒྲུབ་པ་ལ་ཞུགས་ཏེ༔ གནས་ཚེ་ཐུན་གྱི་ནུས་མཐུ་ཡིས༔ ནང་པའི་པཎྜི་ཏ་རྣམས་ནི༔ ལ་ལ་བརྒྱལ་དང་ལ་ལ་རེངས༔ དེ་སོགས་ཆོ་འཕྲུལ་བྱུང་བའི་ཚེ༔ བདག་ཀྱང་འཇིགས་ཤིང་གཡའ་བ་ཡི༔ སྔངས་སྐྲག་འཇིགས་སྣང་ཤར་བའི་ཚེ༔ མཁའ་འགྲོ་རྡོ་རྗེ་བདུད་འདུལ་མས༔ འཇིགས་པ་མི་དགོས་དབུགས་ཕྱུངས་ཏེ༔ སྐད་ཅིག་མདུན་གྱི་ནམ་མཁའ་ལ༔ ཁྱེར་ཏེ་དུར་ཁྲོད་བསིལ་བའི་ཚལ༔ བཻ་ཌཱུརྱ་ཡི་ལྟོ་བའི་སྟེང༔ དྷཱ་ཀི་སེངྒེའི་གདོང་པ་ཅན༔ མངོན་སུམ་བཞུགས་པའི་དྲུང་དུ་བསྐྱལ༔ སེངྒེའི་གདོང་ཅན་མཁའ་འགྲོ་དེ༔ འཇིགས་པའི་གདོང་ནས་མེ་ཆེན་འབར༔ ཕྱག་གཡས་གནམ་ལྕགས་གྲི་གུག་ཕྱར༔ གཡོན་པས་ཐོད་ཁྲག་ཞལ་དུ་གསོལ༔ སྐུ་མདོག་བཻ་ཌཱུརྱ་ཡི་མདོག༔ ཞབས་གཉིས་རོལ་པའི་ཚུལ་དུ་བཞུགས༔ སྤྱན་གསུམ་བདག་ལ་འབྲུ་ཚུགས་གཟིགས༔ ཁྱོད་ཉིད་མུ་སྟེགས་ངན་སྔགས་ལ༔ མི་འཇིགས་གོ་ཆ་ཆེན་པོ་ནི༔ ཁོ་མོའི་སྒྲུབ་ཐབས་ཟབ་མོ་སྦྱིན༔ འདི་ཉིད་སྒོམ་དང་སྔགས་བཟླས་པས༔ འཇིགས་པ་ཀུན་ལས་གྲོལ་བར་འགྱུར༔ ཞེས་པའི་གསུང་བཞིན་བཟླས་བརྗོད་དང༔ སྒོམ་བཟླས་ཕྲིན་ལས་བྱས་མ་ཐག༔ མུ་སྟེགས་སྟོན་པ་ལྔ་བརྒྱ་འཁོར་བཅས་རྣམས༔ གནམ་ལྕགས་རྡོ་རྗེའི་ཐོག་གིས་བསད༔ དེ་ནས་མཁའ་ལས་སྒྲ་བྱུང་སྟེ༔ འདི་ནི་སེངྒེའི་མཐུ་སྟོབས་ཞེས༔ མི་ཡི་སེངྒེ་སྒྲ་སྒྲོག་གྲགས༔ དེ་འདྲའི་གདམས་ངག་ཁྱད་པར་ཅན༔ ལོ་རྒྱུས་དང་མཐུན་ཟབ་གནད་འདི༔ དེང་སང་མངའ་བདག་ཡབ་སྲས་དང༔ མ་འོངས་ང་ཡི་གསུང་གི་སྲས༔ བྱད་མ་རྦོད་གཏོང་བཟློག་པའི་ཕྱིར༔ ཟབ་གནད་འདི་ལ་ནན་ཏན་སྐྱེད༔ སྲིན་ཤོག་འཕྲུལ་གྱི་ཡི་གེ་ལ༔ པདྨ་བདག་གིས་ཡི་གེར་བཀོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ལས་དང་ལྡན་པའི་རྣལ་འབྱོར་གྱིས༔ དྷཱ་ཀི་སེང་གདོང་བསྒྲུབ་པ་ལ༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད་བྱ༔ གཉིས་པ་ཆོས་རྣམས་སྟོང་པའི་ངང༔ འགྲོ་ལ་སྙིང་རྗེ་ཚད་མེད་བསྒོམ༔ སྟོང་དང་སྙིང་རྗེའི་ངང་ཉིད་ལས༔ རང་རིག་ཧཱུྃ་ལས་གནམ་ལྕགས་ཀྱི༔ རྡོ་རྗེ་རྩེ་དགུ་འོད་དུ་འབར༔ དེ་ལས་འོད་འཕྲོས་གདོན་བགེགས་བསྒྲལ༔ ཚུར་འདུས་རྡོ་རྗེ་གདན་བཅས་ཞུ༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་རིག་ཧཱུྃ་སྔོན་འོད་འཕྲོས་བསམ༔ དེ་ལས་བདག་ཉིད་མཁའ་འགྲོ་མ༔ སེང་གདོང་སྐུ་མདོག་བཻཌཱུརྱ༔ འོད་འཕྲོ་སྣང་ལ་རང་བཞིན་མེད༔ སྤྱན་གསུམ་ཁྲོ་ཆུ་ལྟ་བུར་ཁོལ༔ གནམ་ལྕགས་རལ་པ་གྱེན་དུ་གཟེངས༔ གནམ་ལྕགས་མཆེ་བ་མན་དུ་གཙིགས༔ ཕྱག་གཡས་གྲི་གུག་མཁའ་ལ་ཕྱར༔ གཡོན་པས་ཐོད་ཁྲག་ཞལ་དུ་གསོལ༔ ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་བརྗིད༔ སྐུ་ལ་དུར་ཁྲོད་དཔལ་ཆས་བརྒྱན༔ ཡེ་ཤེས་མེ་དཔུང་ཀློང་དུ་བཞུགས༔ གནས་གསུམ་ཡི་གེས་མཚན་པ་ལས༔ འོད་འཕྲོས་བསིལ་བ་ཚལ་ཆེན་ནས༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ༔ ཕྱི་ནང་གསང་གསུམ་མཆོད་པས་མཆོད༔ རྒྱས་གདབ་མི་བསྐྱོད་དབུར་བརྒྱན་བསམ༔ དྷཱ་ཀིའི་ཞལ་ནས་ཧཱུྃ་ཧཱུྃ་གི༔ སྒྲ་གྲགས་འཇིག་རྟེན་ཁམས་གསུམ་རྣམས༔ ཡམ་ཡམ་འདར་འདར་ཁྲིག་པར་བསམ༔ འཇིག་རྟེན་དྲེགས་པའི་ལྷ་ཆེན་རྣམས༔ སྔངས་སྐྲག་འཇིགས་ཤིང་བྲོས་པར་བསམ༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང༔ ཡི་གེ་ཧཱུྃ་གི་མཐའ་སྐོར་དུ༔ རང་སྔགས་ཡི་གེ་བཅུ་བཞི་པ༔ དྲག་པོ་མེ་ཡི་མདོག་ཅན་དུ༔ ཕྲེང་བ་བརྒྱུས་པ་ལྟ་བུར་བསམ༔ སྔགས་ཕྲེང་དག་ལས་འོད་ཟེར་ནི༔ མཚོན་ཆའི་རིགས་བྱེད་དཔག་མེད་འཕྲོས༔ གནོད་བྱེད་དགྲ་བགེགས་ཐམས་ཅད་ཀུན༔ གཟུགས་ཕུང་ཐལ་བར་བརླག་པར་བསམ༔ གཟུངས་སྔགས་རྒྱལ་པོ་འདི་ཉིད་ནི༔ འབྲུ་འབུམ་གཅིག་བཟླས་འགྲུབ་པར་འགྱུར༔ ཨོཾ་བཛྲ་སིཾ་ཧ་མུ་ཁ་སིདྷི་ཧཱུྃ་ཧཱུྃ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ རང་གི་ལག་གཉིས་རཾ་ལས་ནི༔ མེ་ཡི་དཀྱིལ་འཁོར་གྲུ་གསུམ་པ༔ ཚ་འོད་མདངས་ལྡན་བརྡབས་པའི་བར༔ དགྲ་བགེགས་འབྱུང་པོ་བྱད་མ་རྣམས༔ ཐལ་བ་རྡུལ་བཞིན་བརླག་པར་བསམ༔ ངག་གིས་དམོད་པ་ཟློག་ཚིག་བརྗོད༔ རྗེས་སུ་དམིགས་མེད་རྒྱ་ཡིས་གདབ༔ གསུམ་པ་འཁོར་འདས་ཆོས་རྣམས་ཀུན༔ སེང་གདོང་མཁའ་འགྲོའི་སྒྲུབ་ཐབས་འདི༔ ཀུན་ཀྱང་རང་རྩལ་རིག་པ་ཡིས༔ སྣང་ལ་རང་བཞིན་མེད་པའི་སྐུ༔ འཇའ་ཚོན་ལྟ་བུར་ཤར་བ་དེ༔ རང་རིག་ཡི་གེ་ཧཱུྃ་ལ་བསྡུ༔ ཧཱུྃ་ཡང་དམིགས་མེད་ཆོས་ཀྱི་སྐུ༔ གསལ་སྟོང་འཛིན་མེད་ངང་དུ་བཞག༔ རྗེས་སྤྱོད་སྤྱི་དང་མཐུན་པར་སྤྱོད༔ དེ་ལྟར་ཌཱ་ཀིའི་གསང་སྒྲུབ་ནི༔ ཟབ་ལ་མཐུ་ཆེ་ཡང་ཟབ་གནད༔ བདག་འདྲ་པད་འབྱུང་ཐོད་ཕྲེང་གིས༔ ཤོག་སེར་སྲིན་གྱི་ཤོག་བུ་ལ༔ རྒྱ་ནག་འཕྲུལ་གྱི་ཡི་གེར་བྲིས༔ མཆོད་རྟེན་པདྨ་ཅན་དུ་སྦས༔ མ་འོངས་བསྐལ་པའི་ཡང་མཐའ་ལ༔ སྔགས་པ་སྡིག་སེམས་ལྡན་པ་དང༔ དགེ་སློང་ཁྲིམས་ཉམས་ནང་རྨེ་བྱེད༔ མུ་སྟེགས་བོན་གྱིས་ངན་སྔགས་བརྩམ༔ མཐུ་དང་སྤྱོད་པས་ཕུང་བཤིག་བྱེད༔ དེ་དུས་ཟློག་པའི་མཚོན་ཆ་འདི༔ གསུང་གི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ བཀའ་སྲུང་དུར་ཁྲོད་བདག་མོ་དང༔ གཟའ་རཱ་ཧུ་ལ༔ པེ་ཧར་སྐྱེས་བུ་གསུམ་ལ་གཏད་དོ༔ ཐུབ་པར་སྲུངས་ཤིག་བརྡ་ཐིམ༔ བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་མཆོད་རྟེན་པདྨ་ཅན་གྱི་ནང་ནས་གདན་དྲངས་པའི་སྲིན་ཤོག་སེར་པོའི་ངོས་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཁྲོ་བོ་དཔལ་གྱིས་ཞུས་སོ།། ཨོ་རྒྱན་པདྨའི་ཐུགས་བཅུད་མངའ་བདག་ཡབ་སྲས་ཀྱི་ཐུགས་དམ་རྒྱུན་གྱི་ཉམས་ལེན་ལས་ཛམྦྷ་ལའི་སྒྲུབ་ཐབས་བཞུགས་སོ༔ ན་མོ་ཛམྦྷ་ལ་ཝཱ་ཤཾ་ཧཱུྃ༔ གནོད་སྦྱིན་ནོར་འཆང་གཏེར་གྱི་བདག༔ དངོས་གྲུབ་སྟེར་མཛད་དེ་ལ་འདུད༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ དེང་སང་མངའ་བདག་ཡབ་སྲས་དང༔ མ་འོངས་ལས་ལྡན་དོན་ཕྱིར་དུ༔ ཟས་ནོར་དངོས་གྲུབ་འབྱུང་བའི་ཕྱིར༔ གནོད་སྦྱིན་ནོར་གྱི་དབང་པོ་ཡི༔ སྒྲུབ་ཐབས་ཟབ་མོ་འདི་ལྟར་བཀོད༔ གསུང་གི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ གནོད་སྦྱིན་ནོར་ལྷའི་ཚོགས་ལ་འདུད༔ ཟས་ནོར་དངོས་གྲུབ་འབྱུང་བའི་ཕྱིར༔ གནོད་སྦྱིན་ནོར་ལྷའི་དབང་པོ་ཡི༔ སྒྲུབ་ཐབས་སྔོན་འགྲོ་དངོས་གཞི་དང༔ རྗེས་ཀྱི་རིམ་པ་གསུམ་ཡིན་ཏེ༔ སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད་བྱ༔ གཉིས་པ་ཆོས་རྣམས་སྟོང་པའི་ངང༔ འགྲོ་ལ་སྙིང་རྗེ་ཚད་མེད་བསྒོམ༔ སྟོང་དང་སྙིང་རྗེའི་ངང་ཅན་ལས༔ རང་ཉིད་གནས་པའི་ས་ཕྱོགས་སུ༔ རིན་ཆེན་ལྔ་ལས་གྲུབ་པ་ཡི༔ གཞལ་ཡས་རྒྱན་དང་ལྡན་པར་བསམ༔ དེ་དབུས་རིན་ཆེན་ཁྲི་ཡི་སྟེང༔ དར་ཟབ་པདྨ་ཉི་ཟླའི་སྟེང༔ རང་སེམས་པདྨ་རཱ་ག་ལས༔ གྲུབ་པའི་ལྕགས་ཀྱུ་འོད་འཕྲོ་བའི༔ ཡུ་བ་ཛཾ་གྱིས་མཚན་པར་བསམ༔ དེ་ལས་འོད་འཕྲོས་ཕྱོགས་བཅུ་ཡི༔ མི་ནོར་ཟས་གསུམ་གྲགས་པ་དང༔ ཚེ་དང་དཔལ་འབྱོར་མ་ལུས་པ༔ དབང་དུ་བསྡུས་ལ་ཚུར་བསྟིམས་པས༔ ལྕགས་ཀྱུ་ཛཾ་ཡིག་སྐད་ཅིག་གིས༔ གནོད་སྦྱིན་ནོར་བདག་ཛམྦྷ་ལ༔ དབང་གི་མདོག་ཅན་སྐུ་མདོག་དམར༔ ཕྱག་གཡས་དབང་སྡུད་ལྕགས་ཀྱུ་འཛིན༔ གཡོན་པ་གཏེར་གྱི་བུམ་པ་ནི༔ དགོས་འདོད་འབྱུང་བའི་ནོར་བུས་བཀང༔ ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་བཞུགས༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ ཞི་ཁྲོ་འཛུམ་བཅས་བཞད་པའི་ཞལ༔ དགྱེས་པའི་ཚུལ་དུ་བཞུགས་པར་བསམ༔ གནས་གསུམ་ཡི་གེའི་འོད་འཕྲོས་པས༔ བྱང་ཕྱོགས་ལྕང་ལོ་ཅན་དང་ནི༔ ཁྱད་པར་ཚངས་པའི་འཇིག་རྟེན་ནས༔ རང་འདྲའི་ཡེ་ཤེས་སེམས་དཔའ་ནི༔ སྤྱན་དྲངས་ཕྱི་ནང་གསང་བ་དང༔ རིན་ཆེན་བ་ལིཾ་མཎྜལ་མཆོད༔ གཉིས་མེད་བསྟིམས་ལ་དབང་གི་ལྷ༔ འོད་དཔག་མེད་པས་དབུར་བརྒྱན་བསམ༔ སླར་ཡང་ཐུགས་ཀའི་ཉི་མ་ཡི༔ དཀྱིལ་འཁོར་གཟི་བརྗིད་ལྡན་པའི་སྟེང༔ ཐུགས་སྲོག་ལྕགས་ཀྱུ་ཛཾ་ཡིག་མཐར༔ སྲོག་གི་སྙིང་པོས་བསྐོར་བར་བསམ༔ རང་གི་ཞལ་ནས་སྲོག་སྔགས་ཀྱི༔ སྒྲ་གྲགས་རང་གི་ཐུགས་ཀ་ནས༔ རང་འདྲའི་ལས་བྱེད་ཕོ་ཉ་ནི༔ དཀར་སེར་དམར་ལྗང་མཐིང་གའི་མདོག༔ ཆེ་ཆུང་མཚོན་གང་ཚད་ཙམ་ནི༔ ཏིལ་གྱི་ག་འུ་ཁ་ཕྱེས་ལྟར༔ འཇིག་རྟེན་ཁམས་ཀུན་ཡོངས་བཀང་སྟེ༔ ཁམས་གསུམ་འགྲོ་བ་ཐམས་ཅད་ཀྱི༔ ཚེ་དཔལ་བསོད་ནམས་དཔལ་འབྱོར་དང༔ ཟས་ནོར་ལོངས་སྤྱོད་སྙན་གྲགས་དང༔ གྲགས་པ་འཁོར་དང་ལས་བཞི་ཡི༔ དགོས་འདོད་མ་ལུས་ཐམས་ཅད་ཀུན༔ དབང་དུ་བསྡུས་ནས་རང་ཉིད་ཀྱི༔ བུམ་པའི་ནང་དུ་ཐིམ་པར་བསམ༔ གསང་སྔགས་རྒྱལ་པོ་འདི་ཉིད་བཟླས༔ ཨོཾ་ཨཱཿཧཱུྃ༔ ཝཱ་ཤཾ་ཛམྦྷ་ལ་ཙིཏྟ་སིདྡྷི་ཧཱུྃ༔ ཨ་ནྲྀ་ཏྲི་ལོ་ཀ་རཏྣ་ཨ་ཛི་པཱ་ཤཾ་ཀུ་རུ་ཧཱུྃ༔ དེ་ལྟར་བཟླས་པ་བྱེད་པའི་ཚེ༔ དབང་སྡུད་སྤྲོ་བསྡུའི་དམིགས་པ་ནི༔ གོང་བཞིན་ཡང་ཡང་མ་ཡེངས་བྱ༔ དེ་ལྟར་རྒྱུན་དུ་ཉམས་བླངས་ན༔ ཟས་ནོར་ལོངས་སྤྱོད་དཔལ་དང་གྲགས༔ འབད་མེད་འབྱུང་ཞིང་འགྲོ་བ་ཀུན༔ དབང་དུ་འདུ་ཞིང་བཀུར་བར་འགྱུར༔ རྫོགས་རིམ་འཁོར་འདས་ཆོས་རྣམས་ཀུན༔ རང་སེམས་མ་བྱུང་གང་ཡང་མེད༔ གསུམ་པ་རྗེས་ཀྱི་བྱ་བ་ནི༔ སྤྱི་དང་མཐུན་པར་ལེགས་པར་བྱ༔ དེ་ལྟར་ནོར་སྒྲུབ་ཟབ་ཁྱད་ཅན༔ བྱ་སླ་ཉམས་ལེན་བདེ་བ་འདི༔ སྔོན་ཆད་གཞན་ལ་འདི་མ་བསྟན༔ མངའ་བདག་ཡབ་སྲས་ཐུགས་དམ་དུ༔ པདྨ་བདག་གིས་ཡི་གེར་བཀོད༔ མ་འོངས་རྩུབ་འགྱུར་དུས་ཀྱི་མཐར༔ གསུང་གི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ མ་མོ་དུར་ཁྲོད་ཀྱི་བདག་མོ་དང༔ གཟའ་རཱ་ཧུ་ལ་དང༔ པེ་ཧར་སྐྱེས་བུ་གསུམ་ལ་གཏད་དོ༔ ཐུབ་པར་སྲུངས་ཤིག༔ བརྡ་ཐིམ༔ བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་ཤོག་སེར་ངོས་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ལྷ་དབང་བརྒྱ་བྱིན་ཞེས་པས་བགྱིས་པ་ལེགས་སོ། །ཤུབྷཾ།། ཨོ་རྒྱན་པདྨའི་ཐུགས་བཅུད་མངའ་བདག་ཡབ་སྲས་ཀྱི་ཐུགས་དམ་རྒྱུན་གྱི་ཉམས་ལེན་ལས༔ རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ངེས་དོན་དགོངས་པ་ཉམས་སུ་བླང་བ༔ རྒྱུན་གྱི་ཉམས་ལེན་བཞུགས་སོ༔ པདྨ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཡཻ་ཧཱུྃ༔ བླ་མ་རིག་འཛིན་རྒྱལ་བའི་དཀྱིལ་འཁོར་ལྷ༔ རིགས་འདུས་དཔའ་བོ་མཁའ་འགྲོའི་ཚོགས་ལ་འདུད༔ བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་གིས༔ རྒྱ་གར་ཤར་ནུབ་ཨོ་རྒྱན་མཁའ་འགྲོའི་ཡུལ༔ དེ་ལ་སོགས་པའི་ཡུལ་རིགས་ཐམས་ཅད་ཀུན༔ ཞབས་ཀྱིས་བཅགས་ཤིང་མཁས་གྲུབ་རིག་འཛིན་ལ༔ དབང་དང་གདམས་པ་ལུས་པ་མེད་པར་ཉན༔ ཕྱག་རྒྱ་ཆེན་པོ་ཚེ་ཡི་རིག་འཛིན་ཐོབ༔ བོད་འདིར་མངའ་བདག་རྒྱལ་པོ་ཡབ་སྲས་ཀྱིས༔ དགོངས་པ་རྫོགས་ཕྱིར་དམ་ཆོས་མ་ལུས་བསྒྱུར༔ སེམས་ཅན་བསོད་ནམས་གསོག་པའི་ཞིང་ས་རུ༔ བསམ་ཡས་གཙུག་ལག་སྐུ་རྟེན་རབ་གནས་བསྒྲུབས༔ མངའ་བདག་ཡབ་སྲས་རྒྱུན་གྱི་ཐུགས་དམ་དུ༔ བྱ་སླ་ཚེགས་ཆུང་དོན་ཆེའི་གནད་རྣམས་བསྡུས༔ ཁྱད་པར་ཡང་དྲིལ་སྙིང་གི་གདམས་པའི་སྐོར༔ སྲིན་ཤོག་སྲིན་གྱི་འཇམ་མཉེན་ལེབ་ཉིད་ལ༔ པདྨ་བདག་གིས་ཡི་གེའི་རིས་སུ་བྲིས༔ རྫོགས་ཆེན་སེམས་སྡེ་ཀློང་སྡེ་མན་ངག་སྡེ༔ ཀུན་གྱི་དགོངས་པའི་མཐར་ཐུག་སྙིང་པོའི་དོན༔ ཟབ་ལ་རྒྱ་ཆེའི་དོན་རྣམས་ཀུན་བསྡུས་ཏེ༔ ཉིན་མཚན་གཉིས་ཀྱི་རྣལ་འབྱོར་ལ་བརྟེན་ནས༔ ཀུན་བཟང་འོད་ལུས་གྲུབ་པའི་གདམས་པ་འདི༔ མངའ་བདག་ཡབ་སྲས་རྒྱུན་གྱི་ཐུགས་དམ་མཛོད༔ རྒྱུན་དུ་ཉམས་བླངས་ཚེ་གཅིག་འོད་ལུས་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད་ཡིག་བརྒྱ་དང༔ བླ་མའི་རྣལ་འབྱོར་ཚོགས་གསག་མཎྜལ་སོགས༔ ཆོས་སྤྱོད་སྤྱི་ཡི་རིམ་པ་བཞིན་དུ་བྱ༔ གཉིས་པ་རང་ཉིད་དབེན་པའི་གནས་ཉིད་དུ༔ འཇམ་པའི་གདན་བཏིང་ཁྲུས་དང་གཙང་སྦྲ་བྱ༔ དབེན་པར་ངལ་བསོ་མདུན་གྱི་ནམ་མཁའ་ལ༔ ཐིག་ལེ་འོད་ཟེར་སྣ་ལྔ་འཕྲོ་བའི་དབུས༔ ཀུན་བཟང་ཞི་ཁྲོ་རང་ཉིད་གང་འདོད་པའི༔ ཕྱག་མཚན་རྒྱན་རྣམས་གསལ་ཞིང་དོད་པ་ནི༔ འཇའ་ཚོན་སྣ་ལྔའི་རང་བཞིན་ལྟར་གསལ་བའི༔ གསལ་འཚེར་ལྷུན་སྡུག་ཡིད་ཀྱི་འཛིན་ཕུར་གདབ༔ དེ་ནས་རང་ཉིད་རྡོ་རྗེ་སྐྱིལ་ཀྲུང་བཅའ༔ ལག་གཉིས་རྡོ་རྗེ་ཁུ་ཚུར་བརླ་སྟེང་བཞག༔ མིག་གཉིས་གྱེན་བཟློག་སོར་ཚད་བཅུ་གཉིས་སུ༔ ཉི་མ་འོད་ཟེར་སྤྲིན་སོགས་མེད་པ་ཡི༔ ནམ་མཁའི་དབྱིངས་སུ་ལྟ་སྟངས་ངང་ལ་བཞག༔ རྫི་མ་མི་བཀྲབ་སྟེང་རླུང་འོག་རླུང་གཉིས༔ ཁ་སྦྱར་ངང་ནས་སེམས་ཉིད་ཀུན་རྟོག་དང༔ སྤྲོ་བསྡུ་འཁོར་འདས་བྱ་བ་ཀུན་དོར་ཏེ༔ རྩེ་གཅིག་སྤྲོས་བྲལ་ཆེན་པོར་བཞག་པར་བྱ༔ དེ་ལྟར་བྱས་པས་དུ་བ་སྨིག་རྒྱུ་དང༔ སྲིན་བུ་མེ་ཁྱེར་གློག་སོགས་རྟགས་བཅུ་འཆར༔ དེ་ནས་ཉི་མ་ཟླ་བ་མར་མེ་སོགས༔ གང་ལ་གང་འདོད་ཉིད་ལ་གོང་བཞིན་དུ༔ ལུས་གནད་རླུང་དང་ལྟ་སྟངས་ལ་སོགས་པ༔ མ་ཡེངས་བལྟས་པས་ཐིག་ལེ་གསང་སྒྲོན་དང༔ དག་དབྱིངས་སྒྲོན་མ་རྡོ་རྗེ་ལུ་གུ་རྒྱུད༔ འཇའ་ཚོན་ལྟ་བུར་འགུལ་དང་འཕྲིགས་མེད་ཅིང༔ རང་གནས་ཡེ་ཤེས་དབང་པོའི་མངོན་སུམ་གསལ༔ གཉིས་འབྲེལ་གསུམ་འབྲེལ་ཉི་ཤུ་རྩ་ལྔ་དང༔ བརྒྱ་ཕྲག་ཐིག་ལེ་བྱེ་བ་མཁར་ཕོར་ཙམ༔ རྡོ་རྗེ་སེམས་དཔའ་རིགས་ལྔ་ཞི་ཁྲོ་ཡི༔ སྐུ་རྐྱང་ཕྲ་བ་སྡོམ་དང་ནོར་བུ་དང༔ མཁར་ཐབས་རྩེ་གསུམ་མཆོད་རྟེན་ཡིག་འབྲུའི་ཚུལ༔ སྐུ་དང་ཕྱག་མཚན་ཡོངས་རྫོགས་མ་ངེས་འཆར༔ དེ་ནི་སྐུ་གསུམ་དོན་གྱི་སངས་རྒྱས་ཏེ༔ ངོ་སྤྲོད་མཐོང་བས་ཚེ་གཅིག་སངས་རྒྱས་ཐོབ༔ ལོགས་ནས་མ་བྱུང་རང་གི་རིག་རྩལ་ལས༔ བྱུང་བ་ཡིན་ཕྱིར་ངོ་སྤྲོད་གདིང་ཚད་རྣམས༔ སྙིང་ཐིག་གསང་བའི་རྒྱུད་རྣམས་ཇི་བཞིན་དུ༔ ཉམས་བླང་གོ་བའི་གདར་ཤ་ཆོད་པར་བྱ༔ མཚན་དུས་མུན་པ་དཀར་གསལ་མེད་པ་འམ༔ ནམ་གུང་དབེན་པའི་གནས་སུ་རང་ཉིད་འདུག༔ ལུས་གནད་ལྟ་སྟངས་རླུང་སྦྱོར་གདིང་ལྡན་པས༔ སྤྲོས་བྲལ་ངང་ནས་མཉམ་པར་གཞག་པའི་ཚེ༔ ཐིག་ལེ་ཐིག་ཕྲན་གཅིག་སྣང་ལུ་གུ་རྒྱུད༔ སྐུ་དང་ཕྱག་མཚན་ཡིག་འབྲུ་མཆོད་རྟེན་སོགས༔ ཉི་ལྟར་གསལ་འཚེར་ལྷུན་སྡུག་ངོ་སྤྲོད་འཆར༔ དེ་ལ་དགའ་དང་མི་དགའི་རྟོག་དཔྱོད་སོགས༔ གང་ཡང་མི་བསམ་དེ་ཉིད་ངང་ལ་བལྟ༔ བལྟས་པས་སྤྱན་དང་མངོན་པར་ཤེས་པ་དང༔ སྐུ་དང་ཡེ་ཤེས་འོད་གསལ་གཉུག་མའི་དོན༔ ཆོས་ཉིད་ཟད་པའི་མཐའ་ལ་གཏིང་ཕྱིན་ཏེ༔ རྫོགས་ཆེན་བྱ་བྲལ་འབྲས་བུ་ཡེ་ཤེས་ལམ༔ རྩོལ་སྒྲུབ་སྤང་བླང་མེད་པར་ཐོབ་པར་འགྱུར༔ རྟགས་ཚད་དྲོད་རྟགས་སྐུ་གདུང་འབར་བ་ཡི༔ རྒྱུད་དང་ཀློང་གསལ་ཉི་མའི་རྒྱུད་ལ་སོགས༔ བཤད་པའི་དོན་བཞིན་གོམས་འདྲིས་ལྡན་པར་མཛོད༔ འདི་ནི་རྫོགས་ཆེན་གསང་བའི་དོན་རྣམས་ཀུན༔ སྙིང་པོ་གཅིག་དྲིལ་རྒྱུན་གྱི་ཉམས་ལེན་དུ༔ ཉུང་ངུར་བསྡུས་ཏེ་པདྨས་ཡི་གེར་བཀོད༔ མངའ་བདག་ཡབ་སྲས་གདོང་དམར་བོད་ཀྱི་མི༔ རྗེ་དཔོན་ཡིན་ཕྱིར་འཇིག་རྟེན་གཡེང་བ་ཆེ༔ ཉམས་ལེན་མང་ན་ཉམས་སུ་ལེན་དཀའ་བས༔ ཡང་སྙིང་འདི་ལ་རྒྱུན་གྱི་ཉམས་ལེན་མཛོད༔ མ་འོངས་དྲག་སྤྱོད་རྩུབ་འགྱུར་བསྐལ་པའི་དུས༔ ངེད་ཀྱི་སྲས་མཆོག་ལྷ་སྲས་དམ་འཛིན་འདི༔ སྲིད་མཐའི་སྐྱེ་བ་སྦས་པའི་བརྟུལ་ཞུགས་འཛིན༔ འདི་དང་འཕྲད་ནས་འགྲོ་བའི་དོན་བྱེད་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བཀའ་སྲུང་དུར་ཁྲོད་ཀྱི་བདག་མོ་དང༔ གཟའ་རཱ་ཧུ་ལ༔ པེ་ཧར་སྐྱེས་བུ་གསུམ་ལ་གཏད་དོ༔ ས་མ་ཡ༔ བདག་འདྲ་རིག་འཛིན་གར་གྱི་དབང་ཕྱུག་རྩལ་གྱིས་ཤོག་སེར་ངོས་ནས་དག་པར་ཕབ་པའི་ཡི་གེ་པ་ནི་དྷེ་བའི་མིང་ཅན་གྱིས་བགྱིས་པའོ།། ཐུགས་དམ་ཟབ་པ་སྐོར་བདུན་གྱི་རྫོགས་ཆེན་ཡང་ཟབ་ཉིན་མཚན་རྣལ་འབྱོར་གྱི་ཞལ་གདམས་ཟུར་དུ་བཀོད་པ་བཞུགས་སོ༔ རང་ཉིད་རྡོ་རྗེ་སེམས་དཔར་གསལ་བ་ཡི༔ རྩ་གསུམ་འདབ་མ་སྟོང་ལྡན་ཚུལ་བཞིན་བསྒོམ༔ བུམ་ཅན་རླུང་བཟུང་མིག་བཙུམ་རྐང་པ་གཉིས༔ རྡོ་རྗེ་སྐྱིལ་ཀྲུང་ལག་གཉིས་རྒྱབ་ཏུ་བསྣོལ༔ རྐང་མཐེབ་གཉིས་བཟུང་ལྟག་རྩ་དྲག་ཏུ་འཐེན༔ འཁྲུལ་འཁོར་བྱེད་ཚེ་རྩ་འདབ་དབྱིངས་ཐིག་དང༔ ལུ་གུ་རྒྱུད་དང་འཇའ་ཚོན་ཞི་ཁྲོ་སྐུ་གཟུགས་སོགས༔ མེར་མེར་འཁྲིག་འཁྲིག་ཁེངས་བསམ་མ་བྱུང་བར༔ བསྒོམས་ལ་དམིགས་གཏད་འབྱོངས་ཚེ་མིག་གཉིས་པོ༔ རི་རབ་ཁང་ཁྱིམ་གང་བྱུང་ཐད་དཀར་འབིགས༔ སྣང་སྲིད་འཇའ་དང་འོད་ཀྱི་ཞིང་དུ་འཆར༔ ནམ་མཁའི་དབྱིངས་སུ་ཀུན་བཟང་རིགས་ལྔའི་ཞིང༔ ལྷག་མེད་འགྲུབ་པའི་ཟབ་གནད་འདི་ལྟ་བུ༔ གཞན་དུ་ཨི་འདུག་རྟོག་དཔྱོད་མཛོད༔ བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་ཤོག་སེར་ངོས་ནས་དག་པར་ཕབ་པའོ།། ཨོ་རྒྱན་པདྨའི་ཐུགས་བཅུད་མངའ་བདག་ཡབ་སྲས་ཀྱི་ཐུགས་དམ་རྒྱུན་གྱི་ཉམས་ལེན་ལས༔ གཟའ་རཱ་ཧུ་ལའི་སྒྲུབ་ཐབས་གནམ་ལྕགས་ཐོག་མདའ་ཞེས་བྱ་བ་བཞུགས་སོ༔ ན་མོ་བཛྲ་པཱ་ཎི་ཧཱུྃ༔ གསང་བདག་རྡོ་རྗེ་གཏུམ་པོ་དང༔ རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཟབ་གཏེར་ཡང་ཟབ་སྙིང་གི་མཆོག༔ རྗེ་རྒྱལ་མངའ་བདག་ཡབ་སྲས་ཀྱི༔ ཐུགས་དམ་རྒྱུན་ཁྱེར་ཉམས་ལེན་རྣམས༔ མི་འཆལ་བསྲུང་བར་བྱ་བ་ཡི༔ བཀའ་སྲུང་དྲག་པོ་རཱ་ཧུ་ལའི༔ སྒྲུབ་ཐབས་ཟབ་མོ་འདི་ཉིད་བཀོད༔ དུར་ཁྲོད་ཤིང་གཅིག་བྲག་ནག་གམ༔ དབེན་ཞིང་འཇིགས་པའི་ས་ཕྱོགས་སུ༔ ཉི་ཤུ་གཉིས་སམ་ཉེར་དགུ་ལ༔ སྒྲུབ་པའི་ཐབས་འདི་བརྩམ་པར་བྱ༔ དམར་གཏོར་ར་ཁྲག་ཤ་ཡིས་བརྒྱན༔ དར་ནག་གུར་ཕུབ་ལྕགས་སྣོད་དམ༔ བྷནྡྷ་བསེ་ཕོར་སྣོད་དུ་བཤམ༔ སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད་དང༔ ཡི་དམ་ལྷ་ཡི་བསྙེན་པ་བྱ༔ དང་པོ་ཆོས་ཉིད་སྟོང་པའི་ངང༔ བདག་བསྐྱེད་པདྨ་གུ་རུ་འམ༔ རྡོ་རྗེ་གྲོ་ལོད་ཉིད་ལ་བྱ༔ མདུན་དུ་ཁྲག་མཚོ་འཁྱིལ་བའི་དབུས༔ དགྲ་བགེགས་བསྒྱེལ་བའི་གདན་སྟེང་དུ༔ རཾ་ཡིག་ཡོངས་སུ་གྱུར་པ་ལས༔ འཇིགས་བྱེད་གདུག་བྱེད་རཱ་ཧུ་ལ༔ སྐུ་མདོག་དམར་སྐྱ་མིག་སྟོང་ལྡན༔ དབུ་དགུ་ཞལ་གདངས་མཆེ་བ་གཙིགས༔ རལ་པ་དམར་སེར་གྱེན་དུ་བརྫེས༔ རལ་པའི་གསེབ་ནས་བྱ་རོག་གདོང༔ ཀེཾ་ཀེཾ་ཀྵེཾ་གྱི་སྒྲ་སྒྲོག་ཅིང༔ ཕྱག་གཡས་ཆུ་སྲིན་རྒྱལ་མཚན་བསྣམས༔ གཡོན་པས་རྭ་ཡི་མདའ་གཞུ་འཛིན༔ སྐུ་སྨད་སྦྲུལ་དུ་འཁྱིལ་ཞིང་བརྗིད༔ ཐོད་ཕྲེང་སྦྲུལ་སོགས་དུར་ཁྲོད་ཆས༔ རབ་འཇིགས་མེ་དཔུང་ཀློང་དབུས་ན༔ སྡེ་བརྒྱད་སྣང་སྲིད་ལྷ་འདྲེར་བཅས༔ འཇིགས་པའི་དབུས་ན་བཞུགས་པར་བསམ༔ གནས་གསུམ་ཡི་གེའི་འོད་འཕྲོ་ཞིང༔ འབོད་སྔགས་བཟླས་བརྗོད་བགྱིས་པ་ཡིས༔ ལྷོ་ནུབ་རྒྱུ་བའི་ས་ཕྱོགས་སུ༔ གཟའ་མཆོག་འཁོར་བཅས་སྤྱན་འདྲེན་ལ༔ གཉིས་མེད་བསྟིམས་ཏེ་རང་ཉིད་ཀྱིས༔ གང་བཅོལ་ཕྲིན་ལས་བསྒྲུབ་པར་བསམ༔ ཧྲི་ཤག་རུ་རག་རཾ༔ ནཱ་གེ་ཙིཏྟ་ཏྲཾ༔ མ་མ་ཡོ་ཟ་གྷྲཾ༔ ཧ་ཧེ་ཀེ་ཤ་ལ་ཛཿཛ༔ འབོད་སྔགས་ཟབ་མོ་འདི་ཉིད་ནི༔ བདུན་གསུམ་ཉི་ཤུ་རྩ་གཅིག་བཟླ༔ ཞག་གྲངས་ཉི་ཤུ་རྩ་གཅིག་བྱ༔ སྐབས་སུ་མདུན་གྱི་གཏོར་མ་དེ༔ དགྲ་བོའི་ཤ་ཁྲག་བྱིན་བརླབས་ཏེ༔ འབོད་སྔགས་ཤམ་ལ་བ་ལིཾ་ཏ༔ བཏགས་ལ་ཉི་ཤུ་རྩ་གཅིག་བཟླ༔ གཟའ་བདུད་འཁོར་དང་བཅས་པ་ཡིས༔ དགྲ་བགེགས་ཤ་ཁྲག་ཚེ་སྲོག་རྣམས༔ ཧབ་སྒྲ་ཏིར་ཏིར་ཟོས་པར་བསམ༔ ཉམས་སམ་རྨི་ལམ་སྣང་བ་རུ༔ བན་དེ་ཞང་བློན་ཆེ་བཙུན་གཟུགས༔ རང་ལ་འདུད་པའི་ཚུལ་གྱིས་འབྱུང༔ དེ་ནས་བདུད་རྩི་སྦྱིན་པ་ཡིས༔ དམ་བསྲེ་དམ་བཞག་རྒྱས་པར་བྱ༔ ལས་སྦྱོར་གསད་པའི་མན་ངག་ནི༔ བདག་ཉིད་རྡོ་རྗེ་གྲོ་ལོད་ནི༔ གནས་བསྒྱུར་རང་ཉིད་རཱ་ཧུ་ལ༔ རབ་འཇིགས་སྟོང་གསུམ་ཁེངས་པ་ཡི༔ ལག་གཉིས་མེ་འབར་ཚ་ཞིང་བསྲེག༔ བརྡབས་པའི་བར་དུ་དགྲ་བགེགས་དང༔ དམིགས་བྱ་འཁོར་དང་བཅས་པ་རྣམས༔ བྱ་སྤུ་མེ་ཡིས་བསྲེག་པ་བཞིན༔ ཐལ་བ་རྡུལ་དུ་བརླག་པར་བསམ༔ དྲག་སྔགས་བསད་པའི་ཐོག་མདའ་འདི༔ འབུམ་ཕྲག་གཅིག་བཟླས་འགྲུབ་པར་འགྱུར༔ རཱ་ཧུ་ལ་ཡ་མ་ནཱ་ག་དྷེ་ཝ་ཡཀྵ་དྷ་ཤ་གྷྲི་ཝ་ཆེ་གེ་མོ་མཱ་ར་ཡ་རྦད་སོད༔ ནྲྀ་ཏྲི་སརྦ་དུཥྚཱན་ཤ་ཏྲུཾ་མཱ་ར་ཡ་རྦད་སོད་སོད༔ བྱ་ཁྲས་བྱིའུ་དེད་པ་དང༔ མཁར་བསྒྱེལ་མཚོན་ཆ་ཐོགས་པ་དང༔ མེ་འབར་ནགས་མེ་བསྲེགས་པ་སོགས༔ རྨི་ལམ་བྱུང་ན་འགྲུབ་པ་ཡིན༔ བསྟོད་བསྐུལ་ལས་བཅོལ་ཐལ་མོ་བརྡབ༔ གཏོར་མ་དགྲ་ཕྱོགས་ཟོར་དུ་འཕང༔ དེ་ལྟར་བྱས་པས་དགྲ་བོ་ནི༔ མྱུར་དུ་བརླག་པར་གདོན་མི་ཟ༔ རྗེས་སྤྱོད་དམིགས་མེད་རྒྱ་ཡིས་གདབ༔ ཡང་ཟབ་གཟའ་ཡི་སྒྲུབ་པ་འདི༔ མངའ་བདག་ཡབ་སྲས་ཐུགས་དམ་གྱི༔ རྒྱུན་གྱི་ཉམས་ལེན་སྲུང་མ་འདི༔ བདག་འདྲ་པདྨ་ཐོད་ཕྲེང་གིས༔ མ་འོངས་བསྟན་པའི་བཙས་སུ་བཞག༔ གསུང་གི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ཁྀ་ཐི།མཾ༔ ཁ་ཐམ༔ རྒྱ་རྒྱ་རྒྱ༔ བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་ཤོག་སེར་ངོས་ནས་དག་པར་ཕབ་པའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཤུབྷཾ།། །།
ལམ་ཟབ་བླ་མ་སྒྲུབ་པ་ལས༔ ཚེ་སྒྲུབ་རྡོ་རྗེའི་སྙིང་པོ་ (Volume 49, Text 1)
ྈ ལམ་ཟབ་བླ་མ་སྒྲུབ་པ་ལས༔ ཚེ་སྒྲུབ་རྡོ་རྗེའི་སྙིང་པོ་བཞུགས་སོ༔ ྈྈྈྈྈྈ གུ་རུ་དྷེ་བ་དྷཱ་ཀི་ནཱི༔ ལམ་ཟབ་བླ་མ་སྒྲུབ་པ་ལས༔ རིག་འཛིན་ཚེ་ཡི་སྒྲུབ་ཐབས་ནི༔ རྒྱུད་ལས༔ ཚེ་སྒྲུབ་རྡོ་རྗེའི་སྙིང་པོ་ནི༔ བཀྲ་ཤིས་གནས་སུ་སྟེགས་བུའི་དབུས༔ བྷནྡྷ་མཚན་བཟང་བདུད་རྩིས་གཏམས༔ གཞན་ཡང་མཆོད་ཚོགས་མཛེས་པར་བཤམ༔ ཞེས་པས༔ རིག་འཛིན་གོང་མས་བྱིན་གྱིས་བརླབས་ཤིང་བཀྲ་ཤིས་པའི་དབེན་གནས་སུ༔ སྟེགས་བུ་དམར་པོ་ལ་མེ་ཏོག་སིལ་མ་བཀྲམ༔ ཐོད་པ་མཚན་བཟང་གི་ནང་དུ་བཅུད་ལེན་གྱི་སྨན་དང་ཨ་མྲྀཏ་འབྲུ་བཅུད་བཟང་པོ་སྦྱར་བ་དང༔ བཅུད་ལེན་གྱི་རིལ་བུ་བཅས་བཤམ༔ གཞན་ཡང་སྨན་གཏོར་རཀྟ་མཆོད་ཚོགས་བག་དྲོ་བརྗིད་ལྡན་གྱིས་མཛེས་པར་བྱའོ༔ དེ་ནས་དངོས་གཞི་ནི༔ རྒྱུད་ལས༔ བགེགས་བསྐྲད་མཚམས་གཅོད་སྐྱབས་སེམས་སོགས༔ སྔོན་དུ་འགྲོ་བས་རྒྱུད་སྦྱངས་ལ༔ བདག་མདུན་འཆི་མེད་ཚེ་ཡི་བདག༔ པདྨ་བཛྲ་ཡབ་ཡུམ་གསལ༔ སྤྱན་དྲངས་མཆོད་ཚོགས་ཅི་རིགས་འབུལ༔ ཞེས་པས༔ བགེགས་ལ་གཏོར་མ་སྦྱིན་ནས་བསྐྲད༔ སྲུང་བའི་འཁོར་ལོས་མཚམས་གཅད༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད༔ མཆོད་གཏོར་བྱིན་གྱིས་བརླབ༔ དེ་ནས་ལྷ་བསྒོམ་པ་ནི༔ ཧྲཱི༔ འདི་ལྟར་སྣང་བའི་དངོས་ཀུན་གདོད་ནས་སྟོང༔ སྟོང་པའི་རིག་རྩལ་འགག་པ་མེད་པའི་གདངས༔ སྣོད་བཅུད་པདྨ་ཚེ་ཡི་ཕོ་བྲང་དབུས༔ མ་བཅོས་ལྷུན་རྫོགས་མགོན་པོ་ཚེ་ཡི་བདག༔ པདྨ་བཛྲ་དམར་གསལ་ཆགས་ཉམས་རྒྱས༔ ཁྲོ་འཛུམ་མཆེ་བ་བཞི་གཙིགས་སྤྱན་གསུམ་པ༔ ཕྱག་གཉིས་པདྨ་ཚེ་ཡི་བུམ་པ་འཛིན༔ གསང་བ་ཡེ་ཤེས་མནྡཱ་ར་བ་འཁྲིལ༔ དར་དང་རིན་ཆེན་ཨུཏྤལ་རུས་པས་བརྒྱན༔ རྡོ་རྗེའི་སྐྱིལ་ཀྲུང་པད་ཉི་ཟླ་བའི་སྟེང༔ སྣང་སྟོང་ཟུང་འཇུག་འོད་ཀྱི་སྐུར་གསལ་བའི༔ ཐུགས་ཀར་ཚེ་དཔག་མེད་མགོན་ཡབ་ཡུམ་གྱི༔ འོད་ཟེར་འཕྲོས་འདུས་ཡེ་ཤེས་སྤྱན་དྲངས་བསམ༔ སྤྱན་འདྲེན་ནི༔ ཧྲཱི༔ ནུབ་ཕྱོགས་ཨོ་རྒྱན་དབང་གི་ཕོ་བྲང་ནས༔ འཆི་མེད་པདྨ་བཛྲ་ཡབ་དང་ཡུམ༔ ཚེ་ལྷ་རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས༔ ཐུགས་རྗེའི་དབང་གིས་འདིར་གཤེགས་བརྟན་པར་བཞུགས༔ བཛྲ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ན་མོ༔ དྲན་པས་ཚེ་དང་ཡེ་ཤེས་ཀྱི༔ དངོས་གྲུབ་མཆོག་སྩོལ་རིགས་བརྒྱའི་བདག༔ པདྨ་བཛྲ་ཚེ་ཡི་ལྷར༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ མཆོད་པ་འབུལ་བ་ནི༔ ཧྲཱི༔ པདྨ་ཚེ་ཡི་ལྷ་ཚོགས་ལ༔ ཉེར་སྤྱོད་འདོད་ཡོན་ཕྱི་མཆོད་འབུལ༔ སྨན་གཏོར་རཀྟ་ནང་མཆོད་འབུལ༔ བདེ་ཆེན་གསང་བའི་མཆོད་པ་འབུལ༔ བློ་བྲལ་མཆོག་གི་མཆོད་པ་འབུལ༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་སོགས། ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཚོགས་ཀྱི་མཆོད་པ་ནི༔ རཾ་ཡཾ་ཁཾ་གིས་བསང་སྦྱང༔ ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱི༔ ཞེས་པས་བྱིན་གྱིས་བརླབས་ལ་འབུལ་བ་ནི༔ ཧྲཱི༔ པདྨ་ཚེ་ཡི་ལྷ་ཚོགས་ལ༔ ཞལ་ཟས་ཚོགས་མཆོད་འབུལ་བ་ནི༔ སྣོད་ཀྱི་འཇིག་རྟེན་བྷནྡྷ་རུ༔ བཅུད་ཀྱི་འགྲོ་དྲུག་ཚོགས་སུ་སྤུངས༔ དགོངས་བརྒྱུད་དག་པས་བྱིན་བརླབས་པའི༔ ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ཆེ༔ འདོད་ཡོན་ལྔ་ལྡན་མཆོད་པ་འདི༔ འཆི་མེད་ལྷ་ཚོགས་རྣམས་ལ་འབུལ༔ ཉམས་ཆག་སྡིག་སྒྲིབ་ཉེས་ལྟུང་བཤགས༔ ཚེ་བདུད་བར་ཆད་བཀུག་ཅིང་བསྒྲལ༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ བཟླས་བརྗོད་བྱ་བ་ནི༔ རྒྱུད་ལས༔ ཐུགས་སྲོག་སྔགས་ཕྲེང་གསལ་བཏབ་ལ༔ འོད་ཟེར་བདུན་གྱིས་ཚེ་བཅུད་བསྡུས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཔདྨ་བཛྲ་དྷུ་མ་གྷ་ཡེ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ འབུམ་ཕྲག་གཅིག་བཟླས་ཚེ་གེགས་ཞི༔ ཟླ་དྲུག་བརྩོན་པས་འཆི་མེད་འགྲུབ༔ ཐུན་མཐར་བསྟོད་ཅིང་ཐུགས་དམ་བསྐུལ༔ ཕྱག་རྒྱ་བདུན་གྱིས་ཚེ་རྒྱས་གདབ༔ ཅེས་པས་ཛཔ྄་དགོངས་གསལ་གདབ་པ་ནི༔ རང་གི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚེ་དཔག་མེད་ཡབ་ཡུམ་དུ་གསལ་བའི་ཡབ་ཀྱི་ཐུགས་ཀའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཧྲཱིཿཡིག་གིས་མཚན་པའི་མཐར་སྔགས་ཀྱི་ཕྲེང་བ་རང་སྒྲ་སྒྲོག་ཅིང་འོད་ཟེར་བཅས་གསལ་བཏབ་བོ༔ ཚེ་བཅུད་བསྡུ་བ་ནི༔ བཟླས་པའི་རྐྱེན་གྱིས་ཐུགས་སྲོག་དང་སྔགས་ཕྲེང་ལས་འོད་ཟེར་རིམ་བཞིན་དུ་འཕྲོས་པས༔ རང་གི་བླ་ཚེ་ཆད་ཉམས་ཡར་པ་ཐམས་ཅད་དང༔ འབྱུང་བ་ཆེན་པོ་ས༔ ཆུ༔ མེ༔ རླུང་གི་བཅུད༔ སེམས་ཅན་གྱི་ཚེ་བསོད༔ འཕགས་པའི་ཐུགས་རྗེ་ཡེ་ཤེས་ཐམས་ཅད་འོད་ཟེར་བདུད་རྩིའི་རྣམ་པར་བཀུག་སྟེ་ཐུགས་སྲོག་ས་བོན་ལ་སིབ་སིབ་ཐིམ་པས་འཆི་མེད་རྡོ་རྗེའི་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་བསམས་ལ་སྔགས་དག་ཅིང་སེལ་མེད་པར་བཟླ་འོ༔ ཐུན་མཐར་མཆོད་པ་སྔོན་དུ་འགྲོ་བས་བསྟོད་པ་ནི༔ ཧྲཱི༔ རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ ཐུགས་རྗེའི་ཆགས་པ་རཱ་གའི་མདངས་འོད་འཚེར༔ ཚེ་དང་ཡེ་ཤེས་དངོས་གྲུབ་མཆོག་སྩོལ་བ༔ པདྨ་བཛྲ་རྩལ་ལ་ཕྱག་འཚལ་བསྟོད༔ བསྐུལ་བ་ནི་ཚེ་མདའ་གཡབ་ཅིང༔ ཧྲཱི༔ ཚེ་བདག་པདྨ་བཛྲ་རྩལ༔ གསང་བ་ཡེ་ཤེས་མནྡཱ་ར༔ ཡབ་ཡུམ་མཉམ་སྦྱོར་འཕྲོ་འདུ་ལས༔ ཕོ་ཉ་མགྱོགས་མ་ཕྱོགས་བཅུར་སྤྲོས༔ ཧྲཱི༔ རིག་འཛིན་རྣལ་འབྱོར་བདག་ཅག་གི༔ བླ་ཚེ་ཆད་ཉམས་ཡར་པ་ཁུག༔ འབྱུང་བཞིའི་བཅུད་ཀྱི་དྭངས་མ་ཁུག༔ ཁམས་གསུམ་སྐྱེ་འགྲོའི་ཚེ་བསོད་ཁུག༔ ཕྱོགས་བཅུའི་རྩ་གསུམ་རྒྱལ་བ་ཡི༔ ཐུགས་རྗེ་བྱིན་རླབས་ནུས་མཐུ་ཁུག༔ དམ་ཚིག་ཚེ་ཡི་རྫས་ལ་སྟིམས༔ རྣལ་འབྱོར་ལུས་ངག་ཡིད་ལ་སྟིམས༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ཚེ་བྷྲཱུྃ་གཡུ་བྷྲཱུྃ་གཡུ་ཚེ་བྷྲཱུྃ༔ ཨཱ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུྃ༔ རྒྱས་གདབ་པ་ནི༔ ཧྲཱི༔ དང་པོ་ཐིག་ལེ་ཉག་གཅིག་རྒྱ༔ གཉིས་པ་ཐབས་དང་ཤེས་རབ་རྒྱ༔ གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ༔ བཞི་པ་ཚད་མེད་བཞི་ཡི་རྒྱ༔ ལྔ་པ་ཡེ་ཤེས་ལྔ་ཡི་རྒྱ༔ དྲུག་པ་ཕ་རོལ་ཕྱིན་དྲུག་རྒྱ༔ བདུན་པ་དགོངས་པའི་རྩལ་གྱི་རྒྱ༔ ཕྱག་རྒྱ་བདུན་གྱི་རྒྱས་གདབ་པས༔ ཚེ་སྲོག་སེམས་ཀྱི་དབྱིངས་སུ་བསྟིམས༔ སེམས་ཉིད་གཉུག་མ་སྐྱེ་འཆི་བྲལ༔ རྡོ་རྗེ་སྙིང་པོའི་རང་བཞིན་ནོ༔ བཛྲ་ཛྙཱ་ན་གརྦྷ་ཨ༔ ཞེས་བརྗོད་ཅིང་དགོངས་པ་བསྐྱང༔ ཚོགས་ལ་རོལ༔ ལྷག་མ་བསྡུས་ལ་བདུད་རྩིས་བསང༔ ཨོཾ་ཨཱཿཧཱུྃ༔ ལྷག་ལ་དབང་བའི་མཁའ་འགྲོ་གིང༔ མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང༔ དམ་ཚིག་གསང་བའི་བདུད་རྩི་བཞེས༔ འཁོར་སྲུངས་རྐྱེན་ཟློགས་ཚེ་དཔལ་སྤེལ༔ ས་མ་ཡ་ཨ་མྲྀཏ་ཁཱ་ཧི༔ སྨོན་ལམ་གདབ་བོ༔ རྫོགས་རིམ་ནི༔ རྒྱུད་ལས༔ རྫོགས་རིམ་ཀ་དག་ངང་ལ་བཞག༔ གང་ཤར་རྟོག་པ་ལམ་དུ་ཁྱེར༔ སྐྱེ་འཆི་མེད་པའི་གདིང་རྙེད་ན༔ ཚེ་ཡི་རིག་འཛིན་ཨེ་མ་ཧོ༔ ཞེས་པས༔ སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ༔ རང་ཡང་ཐུགས་སྲོག་ཧྲཱིཿའི་བར་དུ་བསྡུས་ཏེ་མི་དམིགས་པའི་ངང་ཀ་དག་བྱ་རྩོལ་དང་བྲལ་བའི་དབྱིངས་སུ་མཉམ་པར་བཞག་གོ༔ དེའང་རྫོགས་པ་ཆེན་པོ་ནམ་མཁའ་ཆེ་སྙིང་པོའི་རྒྱུད་ལས༔ ཡང་དག་འཆི་མེད་དོན་གྱི་དགོངས་པ་ནི༔ ལུས་སེམས་ཁོང་ཀློད་མིག་འབྲས་ནམ་མཁར་གཏད༔ རླུང་ནི་རང་བབས་ཅུང་ཟད་ནང་དུ་གཟུང༔ རིག་སྟོང་ཟང་ཐལ་ཅོག་བཞག་སྦུབས་སུ་གཞུག༔ དུས་གསུམ་རྟོག་ཚོགས་གང་དང་ཅི་ཤར་ཡང༔ སྐྱེ་མེད་འགག་མེད་རྩོལ་མེད་གཉུག་མའི་གནས༔ མཐའ་གྲོལ་ཀློང་ཡངས་ཆེན་པོར་ཐག་ཆོད་ན༔ གཟུང་འཛིན་སྐྱེ་འཆིའི་རྫུན་ཕུག་རང་སར་བརྡིབ༔ འཆི་མེད་གདོད་མའི་ས་ལ་ད་ལྟར་ཕྱིན༔ ཞེས་སོ༔ རྗེས་ཐོབ་ལྷའི་སྐུར་ལྡངས་ལ་བསྔོ་སྨོན་བཀྲ་ཤིས་སོགས་བྱའོ༔ ཡང་རྒྱུད་ལས༔ རྟགས་མཐོང་རང་དོན་དངོས་གྲུབ་བླང༔ གཞན་དོན་ཚེ་ཡི་དབང་ཡང་བསྐུར༔ ཚེ་སྒྲུབ་ལེའུ་བདུན་པ་འོ༔ ཞེས་པས་དངོས་གྲུབ་བླང་བ་ནི༔ དངོས་ཉམས་སུ་ལྷ་ཞལ་མཐོང་བ༔ ཛཔ྄་སྒྲ་ཐོས་པ༔ བྷནྡྷ་འཕར་བ༔ བདུད་རྩི་ཁོལ་ཞིང་འཕེལ་བ༔ དྲི་བཟང་པོ་འཐུལ་ཞིང་ཉམས་དགའ་བ༔ རྨི་ལམ་དུ་ཉི་ཟླ་ཤར་བ༔ རྩི་ཤིང་ལོ་ཏོག་ཆུ་བོ་རྒྱས་པ༔ དཀར་མངར་ཤིང་ཏོག་གི་བཟའ་བཏུང་ལ་ལོངས་སྤྱོད་པ་སོགས་རྟགས་བཟང་པོ་བྱུང་བའི་ཚེ༔ གཏང་རག་གི་མཆོད་ཚོགས་རྒྱ་ཆེར་ཕུལ༔ བཟླས་པ་མང་དུ་བྱ༔ དེའི་ཚེ་མདུན་བསྐྱེད་ཐོད་པའི་ལྷ་ཚོགས་ཀྱི་གནས་གསུམ་ནས་ཚེའི་བདུད་རྩི་འོད་ཟེར་དང་བཅས་པ་དཔག་ཏུ་མེད་པ་བྱུང༔ རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ལུས་པ་བསྩལ་བར་བསམ༔ ཐུགས་དམ་བསྐུལ༔ དེ་ནས་ཐོད་པ་བདུད་རྩི་དང་བཅས་པ་རང་གི་སྤྱི་བོར་བླངས་ལ༔ ཧྲཱི༔ འཆི་མེད་བདེ་ཆེན་པདྨ་བཛྲ་རྩལ༔ རིག་འཛིན་མཁའ་འགྲོའི་ཚོགས་བཅས་དབྱིངས་ནས་བཞེངས༔ སྐྱེ་ཤི་མེད་པ་དོན་གྱི་དབང་མཆོག་སྐུར༔ ཚེ་དང་ཡེ་ཤེས་དངོས་གྲུབ་བསྩལ་དུ་གསོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཞེས་བརྗོད་ཅིང་གནས་གསུམ་དུ་རེག་ལ་དབང་དང་དངོས་གྲུབ་བླང༔ མཐར་ཐོད་པའི་ལྷ་ཚོགས་འོད་དུ་ཞུ་ནས་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམ་ལ་བདུད་རྩི་དང་བཅུད་ལེན་གྱི་རིལ་བུ་སོགས་ལོངས་སྤྱད༔ ཚོགས་ཀྱི་དགའ་སྟོན་ལ་རོལ༔ བཀྲ་ཤིས་སྨོན་ལམ་རྒྱ་ཆེར་བྱའོ༔ གཞན་ལ་ཚེའི་དབང་བསྐུར་ན་མཎྜལ༔ ཚེ་དཔག་མེད་མགོན་ངོ་བོ་ཉིད༔ སློབ་དཔོན་མཆོག་ཉིད་བདག་ལ་དགོངས༔ དུས་མིན་འཆི་བའི་བར་ཆད་སོལ༔ སྐྱེ་འཆི་མེད་པའི་དབང་བསྐུར་སྩོལ༔ ཅེས་གསོལ་བ་གདབ༔ རྒྱུད་སྦྱང༔ སློབ་མ་ལྷར་བསྐྱེད༔ ཡེ་ཤེས་དབབ༔ བརྟན་པར་བྱ༔ ཚེ་འགུགས་པའི་ཐུགས་དམ་བསྐུལ༔ དེ་ནས་བདུད་རྩིའི་སྣོད་ལྷ་དང་གཞལ་ཡས་ཁང་དུ་གསལ་བ་སྤྱི་བོར་བཞག་ཅིང་གོང་ལྟར་དབང་དང་དངོས་གྲུབ་སྦྱིན༔ ཐོད་པའི་ལྷའི་སྐུ་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱུང༔ སློབ་མའི་ལུས་ཀྱི་ནང་གང༔ སྐུ་གསུང་ཐུགས་ཀྱི་ཚེའི་དངོས་གྲུབ་ཐོབ་པར་བསམ༔ མཐར་ལྷ་འོད་དུ་ཞུ་བའི་བདུད་རྩི་བྱིན་ལ༔ ཧྲཱི༔ ཚེ་བདག་མགོན་པོ་ཞུ་བའི་བཅུད༔ ཚེ་ཡི་བདུད་རྩི་འདི་བྱིན་པས༔ རྩ་རླུང་བྱང་སེམས་རབ་ཏུ་འཕེལ༔ བདེ་ཆེན་ཚེ་ཡི་དབང་ཐོབ་ཤོག༔ སྔགས་བརྗོད༔ ཚེ་བཅུད་རིལ་བུ་སྦྱིན་ལ༔ ཧྲཱི༔ རྡོ་རྗེ་ཚེ་ཡི་སྒྲུབ་པའི་རྫས༔ བཅུད་ལེན་རིལ་བུ་འདི་བྱིན་པས༔ ཟག་མེད་བདེ་བའི་ལོངས་སྤྱོད་ཀྱིས༔ ཡེ་ཤེས་ཚེ་ཡི་དབང་ཐོབ་ཤོག༔ སྔགས་བརྗོད༔ ཚེ་རྒྱས་གདབ་ཅིང་བཀྲ་ཤིས་རྒྱས་པར་བརྗོད་དོ༔ ཚེ་སྒྲུབ་པའི་རྒྱབ་ཆོས་སུ༔ རང་གིས་སྲོག་གཅོད་སྤང༔ གཞན་ལ་སྲོག་ཆོད་ཅེས་མི་བསྒོ༔ གང་འབྱོར་གྱི་སེམས་ཅན་སྲོག་བསླུ་བྱས་པའི་དཔྲལ་བར་ཉི་ཟླའི་རྟགས་གདབ་ཅིང་ཚེ་རིང་བའི་བཀྲ་ཤིས་སྨོན་ལམ་བྱ༔ སེམས་ཅན་ཐམས་ཅད་ལ་ཚེ་རིང་བའི་སྨོན་ལམ་གདབ༔ སཱཙྪ་གདབ༔ ཉེའུ་འདོན༔ ལམ་འཕྲང་བཅོས༔ དགེ་འདུན་ལ་བསྙེན་བཀུར༔ ནད་པ་ལ་སྨན་སྦྱིན༔ དབུལ་ཕོངས་ལ་ཟས་སྐོམ་སྟེར་བ་སོགས་དམ་ཚིག་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལམ་ཟབ་སྒྲུབ་པའི་ཆ་རྐྱེན་དུ༔ རིག་འཛིན་ཚེ་ཡི་གདམས་པ་འདི༔ ཚེ་བདག་པདྨ་བཛྲ་གྱིས༔ དཔལ་གྱི་དབང་ཕྱུག་ཁྱོད་ལ་གདམས༔ གསང་བའི་ཉམས་ལེན་སྙིང་པོར་དྲིལ༔ མ་འོངས་དོན་ཕྱིར་གཏེར་དུ་སྦོས༔ སྙིགས་མའི་དུས་སུ་ཕན་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ༔ ཁོ་བོ་ལོང་པོའི་རིག་སྔགས་འཛིན་པ་མངྒ་ལས་སྒྲུབ་གནས་ཟངས་མདོག་དཔལ་རིའི་བྲག་གཡུ་སྒོ་ཅན་ནས་སྤྱན་དྲངས་པའོ། །སརྦ་མངྒ་ལཾ།། །། ༈ འདིའི་བརྒྱུད་པ། ཆོས་ལོངས་སྤྲུལ་གསུམ། ཡེ་ཤེས་མཚོ་རྒྱལ། དཔལ་གྱི་དབང་ཕྱུག །ལོང་པོ་བཅས་སྡེ་གྲུབ་ཆེན་བཀྲ་ཤིས་ཚེ་བརྟན། ལྷ་བཙུན་ཆེན་པོ། པདྨ་ཕྲིན་ལས་དབང་ཕྱུག །མང་ཐོས་མི་འགྱུར་རྡོ་རྗེ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། ཞབས་དྲུང་རྡོ་རྗེ་སྙིང་པོ། བླ་མ་ཨོ་རྒྱན་འགྲོ་འདུལ། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད། དེས་སོ།། །།
ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་བརྒྱུད་འདེབས་ཐུགས་རྗེ་མཁའ་ཁྱབ་ (Volume 22, Text 1)
ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་བརྒྱུད་འདེབས་ཐུགས་རྗེ་མཁའ་ཁྱབ་བཞུགས་སོ། །ཀུན་བཟང་སྣང་བ་མཐའ་ཡས་ཆོས་ཀྱི་སྐུ །པདྨ་རྒྱལ་པོ་རིགས་ལྔ་ལོངས་སྤྱོད་རྫོགས། །རིགས་དྲུག་འགྲོ་འདུལ་མཚོ་སྐྱེས་སྤྲུལ་སྐུ་ལ། །གསོལ་བ་འདེབས་སོ་ཐུགས་རྗེ་མཁའ་ཁྱབ་ཤོག །རྡོ་རྗེ་བཙུན་མོ་གསང་འཛིན་མཁར་ཆེན་བཟའ། །འཇིག་རྟེན་མགོན་པོ་སྤང་སྟོན་ཆོས་ཀྱི་དབང་། །འཇའ་འོད་སྐུར་གཤེགས་མ་ཎི་རིན་ཆེན་ལ། །གསོལ་བ་འདེབས་སོ་ཐུགས་རྗེ་མཁའ་ཁྱབ་ཤོག །སྔ་འགྱུར་བསྟན་པའི་རྒྱལ་མཚན་སེང་གེའི་སྒྲ །ཐུགས་རྗེ་ཆེ་དངོས་དཔལ་ལྡན་ཀཿཐོག་པ། །སྣང་བཞི་མཐར་ཕྱིན་ཚུལ་ཁྲིམས་འབུམ་པ་ལ། །གསོལ་བ་འདེབས་སོ་ཐུགས་རྗེ་མཁའ་ཁྱབ་ཤོག །ཐེག་དགུའི་ཆོས་མཛོད་འབུམ་གྱི་སྒོ་འབྱེད་མགོན། །མཁས་ཤིང་གྲུབ་བརྙེས་བུ་འབོར་ཡེ་ཤེས་མཚན། །ཕྱོགས་མེད་འགྲོ་འདུལ་བྱང་སེམས་ཆོས་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེ་མཁའ་ཁྱབ་ཤོག །ཤེས་རབ་གསུམ་དང་དབང་ཕྱུག་བརྒྱད་ཀྱི་མཛོད། །མངའ་བདག་ཐུགས་སྤྲུལ་པཎ་ཆེན་པདྨ་དབང་། རིག་འཛིན་གྲུབ་མཆོག་ཀརྨ་གུ་རུ་ལ། །གསོལ་བ་འདེབས་སོ་ཐུགས་རྗེ་མཁའ་ཁྱབ་ཤོག །བདུད་ཀྱི་གཡུལ་འཇོམས་བློ་གྲོས་རྒྱལ་མཚན་འཛིན། །ཆོས་ཀུན་དབང་འབྱོར་དྲི་མེད་ཡེ་ཤེས་ཅན། །གསང་བདག་དཔའ་བོ་ཕྲིན་ལས་ལྷུན་གྲུབ་ལ། །གསོལ་བ་འདེབས་སོ་ཐུགས་རྗེ་མཁའ་ཁྱབ་ཤོག །བཀའ་གཏེར་ཤིང་རྟ་ཆོས་རྒྱལ་གཏེར་བདག་གླིང་། །རྒྱལ་བའི་གདུང་འཚོབ་རིན་ཆེན་རྣམ་པར་རྒྱལ། །བསླབ་གསུམ་དབང་ཕྱུག་ཨཱོ་ཌཱི་ཡ་ན་ལ། །གསོལ་བ་འདེབས་སོ་ཐུགས་རྗེ་མཁའ་ཁྱབ་ཤོག །གསང་ཆེན་ཕྲི༵ན་ལ༵ས་སྤེལ་མཛད་རྣམ༵་རྒྱལ༵་མཚན། །པ༵དྨ༵ས་བྱིན་བརླབས་དབ༵ང་བཞིའི་རྒྱལ༵་ཐབས་འཆང་། །སངས་རྒྱས་བསྟན་སྐྱོང་ཀུན་དགའི་འདྲེན་མཆོག་ལ། །གསོལ་བ་འདེབས་སོ་ཐུགས་རྗེ་མཁའ་ཁྱབ་ཤོག །འཇ༵མ་དཔལ་དབྱ༵ངས་དངོས་མཁྱེ༵ན་ནུས་བརྩེ༵་བའི་དབང་། །སྨིན་གྲོལ་བཅུད་སྦྱིན་རྩ་བའི་བླ་མ་དང་། དཀྱིལ་འཁོར་ལྷ་ཚོགས་མཁའ་འགྲོ་དམ་ཅན་ལ། །གསོལ་བ་འདེབས་སོ་ཐུགས་རྗེ་མཁའ་ཁྱབ་ཤོག །འཁོར་འདས་དབྱེར་མེད་ལྟ་བའི་གདིང་ཐོབ་ཅིང་། །སྟོང་ཉིད་སྙིང་རྗེ་སྒོམ་གྱི་རྩལ་ཆེན་རྫོགས། །མཁའ་ཁྱབ་འགྲོ་སྒྲོལ་སྤྱོད་པ་མཐར་ཕྱིན་ཏེ། །འཇིག་རྟེན་མགོན་པོའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདིའང་ཡིག་དྲུག་པ་བློ་གྲོས་མཐའ་ཡས་ཀྱིས་སྒྲུབ་ཐབས་མཛེས་རྒྱན་དུ་བྲིས་པ་དགེ་ལེགས་འཕེལ།། །།
གཡང་བསང་འདོད་དགུའི་ཆར་འབེབ་ (Volume 50, Text 2)
གཡང་བསང་འདོད་དགུའི་ཆར་འབེབ་བཞུགས་སོ། །གཙང་ཞིང་དག་པར་སྦྱར་བའི་བསང་གི་མཆོད་རྫས་ཅི་འབྱོར་པ་རྣམས། རཾ་ཡཾ་ཁཾ་གིས་སྦྱང་། ཨོཾ་ཨཱཿཧཱུྃ་བསང་རྫས་རྡོ་རྗེ་བདུག་སྤོས་ལས་བྱུང་བའི་མཆོད་པའི་ཁྱད་པར་ཀུན་བཟང་རྣམ་པར་རོལ་པའི་འོད་ཟེར་སྤྲིན་གྱི་དྲྭ་བ་ཞིང་ཁམས་རྒྱས་པར་བཀོད་པ་ལས་དགོས་འདོད་ནམ་མཁའ་མཛོད་ཀྱི་ཆར་རྒྱུན་ཟད་མེད་དུ་འཇོ་བར་གྱུར། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་བྱིན་བརླབས། ཀྱེ། ཚོགས་གཉིས་ནོར་བུ་རྒྱས་པའི་སྤྲིན་ཆེན་ལས། གྲུབ་གཉིས་འདོད་རྒུའི་གྲུ་ཆར་འཇོ་བ་ཡིས། །དོན་གཉིས་རེ་སྐོང་རྩ་གསུམ་ནོར་ལྷའི་ཚོགས། །འདིར་གཤེགས་བསང་གི་དགའ་སྟོན་བཞེས་སུ་གསོལ། །རིན་ཆེན་འབྲུ་སྨན་བཟའ་བཏུང་འབྱོར་རྒུའི་ཚོགས། །འབར་བྱེད་མེ་དང་སྦྱར་བའི་དུད་པའི་སྤྲིན། །མི་གཙང་ཉེས་ཀུན་སེལ་བྱེད་བདུད་རྩིའི་ཆར། །གང་བཞེད་འདོད་དགུར་འཆར་བའི་རོལ་མོ་འདིས། །རྩ་གསུམ་འདུས་ཞལ་རཏྣ་ཐོད་ཕྲེང་རྩལ། །སྐུ་ལྔ་མཚན་བརྒྱད་རྣམ་འཕྲུལ་བསམ་མི་ཁྱབ། །དགོངས་བརྡ་སྙན་བརྒྱུད་རིག་འཛིན་བླ་མ་བསང་། །བྱིན་རློབས་དབང་སྐུར་ཉམས་རྟོགས་གོང་དུ་སྤོར། །བདེ་ཆེན་རྡོ་རྗེའི་རང་གདངས་ལས་ཤར་བའི། །རབ་འབྱམས་ཞི་ཁྲོ་ཁྱབ་བདག་སྒྲུབ་སྡེ་བརྒྱད། །རྒྱུད་སྡེ་བཞི་དྲུག་ཐེག་དགུའི་ཡི་དམ་བསང་། །མཆོག་ཐུན་འདོད་དགུའི་དངོས་གྲུབ་མ་ལུས་སྩོལ། །རྨད་བྱུང་རྡོ་རྗེ་ལུས་ཀྱི་ད་ལ་ནས། །རྩ་རླུང་ཐིག་ལེའི་རང་བཞིན་རྣམ་དག་པའི། །འབུམ་ཕྲག་ཡངས་པའི་དཔའ་བོ་མཁའ་འགྲོ་བསང་། །ཉེས་ལྟུང་ཀུན་སོལ་བདེ་ཆེན་ཡེ་ཤེས་སྐྱེད། །ཡེ་ཤེས་འཇིག་རྟེན་སྣ་ཚོགས་ཚུལ་སྟོན་ཞིང་། །རྣམ་བཞིའི་ལས་སྒྲུབ་མཐུ་སྟོབས་བསམ་མི་ཁྱབ། །རྒྱུད་གསུམ་དམ་ཅན་དྲེགས་པའི་དཔུང་ཚོགས་བསང་། །གང་བརྩམ་ལས་ཀུན་ཐོག་མེད་འགྲུབ་པར་མཛོད། །བསོད་ནམས་བསམ་མི་ཁྱབ་པའི་ནོར་བུའི་གཏེར། །དགེ་ལེགས་ཕན་བདེའི་འདོད་འཇོ་དཔག་བསམ་དབང་། །རབ་འབྱམས་ནོར་ལྷ་གཏེར་བདག་མ་ལུས་བསང་། །ཕུན་ཚོགས་སྡེ་བཞིའི་བང་མཛོད་འགེངས་པར་མཛོད། ཁྱད་པར་ས་བརྒྱད་སེམས་དཔའ་ནོར་ལྷའི་ཚུལ། །རྒྱལ་ཆེན་རྣམ་ཐོས་སྲས་དང་ཛམ་བྷ་ལ། །ནོར་སྦྱིན་འཕགས་མ་སྤྲུལ་འཁོར་བཅས་རྣམས་བསང་། །ཚེ་བསོད་དཔལ་འབྱོར་ཡར་ཟླ་ལྟར་འཕེལ་མཛོད། །གཞན་ཡང་ཡུལ་ལྷ་གཞི་གནས་གཏེར་གྱི་བདག །ལོ་ཟླ་ཞག་དུས་སྤར་སྨེ་ས་བདག་སོགས། །སྣང་སྲིད་མགྲོན་དུ་འོས་པ་ཐམས་ཅད་བསང་། །ཞི་དང་བཀྲ་ཤིས་བདེ་ལེགས་འཕེལ་བར་མཛོད། །ཕྱི་སྣོད་རྣམ་དག་ཡུམ་ལྔའི་མཁའ་ཀློང་མཆོག །ནང་བཅུད་རྣམ་དག་ལྷ་དང་ལྷ་མོའི་སྤྲིན། །ཕུང་ཁམས་སྐྱེ་མཆེད་གདན་གསུམ་དཀྱིལ་འཁོར་ཆེ། །ཡེ་ནས་དག་མཉམ་ཆོས་སྐུའི་རོལ་པར་བསང་། །དེ་ཕྱིར་བསང་བྱ་བསང་བྱེད་མ་དམིགས་ཀྱང་། །ཀུན་རྫོབ་རྟེན་འབྲེལ་ཆོ་ག་ཟབ་མོའི་མཐུས། །མི་གཙང་ཉེས་ལྟུང་རྒུད་པ་ཀུན་སངས་ཤིང་། །སྲོག་ལུས་དབང་ཀླུང་སྙན་གྲགས་གཟི་མདངས་སྤེལ། །སྣོད་བཅུད་རྫོགས་ལྡན་གསར་པའི་སྒོ་འཕར་ཕྱེས། །བརྟན་གཡོ་སྲིད་ཞིའི་ཕྱྭ་གཡང་དབང་དུ་སྡུས། །དཔལ་འབྱོར་འཛད་མེད་དབྱར་གྱི་མཚོ་ལྟར་སྐྱིལ། །ཆོས་སྲིད་མི་ནུབ་ནོར་བུའི་རྒྱལ་མཚན་སྒྲེངས། །དོན་གཉིས་བསམ་ཀུན་འགྲུབ་པའི་བཀྲ་ཤིས་སྩོལ། །ཀུན་བཟང་ཡེ་ཤེས་བཞེད་སྐོང་དུ། །ཀུན་བཟང་བསྟན་པའི་རྒྱལ་མཚན་གྱིས། །ཀུན་ཕན་ལྷག་པའི་བསམ་པས་བྲིས། །ཀུན་དགའི་དུས་སྟོན་དར་གྱུར་ཅིག། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
གསང་སྔགས་ལམ་གྱི་རིམ་པ་རིན་པོ་ཆེ་གསལ་བའི་སྒྲོན་མེའི་འགྲེལ་པ་རིན་ཆེན་ཕྲེང་བ་ (Volume 60, Text 2)
༄༅༔ གསང་སྔགས་ལམ་གྱི་རིམ་པ་རིན་པོ་ཆེ་གསལ་བའི་སྒྲོན་མེའི་འགྲེལ་པ་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ༔ འགྲེལ་པ་རིན་ཆེན་ཕྲེང་བ་ཞེས་བྱ་བ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ གང་ཞིག་གསང་སྔགས་རྡོ་རྗེ་ཐེག་པའི་དོན༔ ཚེ་གཅིག་སངས་རྒྱས་ཐོབ་བྱེད་ཁྱད་པར་ཆོས༔ ཉམས་ལེན་ལམ་རིམ་རིན་ཆེན་སྒྲོན་མེ་ཡི༔ བཤད་འགྲེལ་རིན་ཆེན་ཕྲེང་བ་བྲི་བར་བྱ༔ མན་ངག་འདི་ལ་གསུམ་སྟེ༔ ཀླད་དང་གཞུང་དང་མཇུག་གོ༔ དང་པོ་ནི༔ རྒྱ་གར་སྐད་དུ༔ མནྟྲ་སྱ་པ་ཐ་ཀྲ་མ་ལ་ནཱ་མ༔ བོད་སྐད་དུ༔ གསང་སྔགས་ལམ་གྱི་རིམ་པ་ཞེས་བྱ་བ༔ ཞེས་པའོ༔ གཉིས་པ་གཞུང་དོན་ལ་གཉིས་ཏེ་ཕྱག་འཚལ་བ་དང་རྩོམ་པར་དམ་བཅའ་བ་འོ༔ དང་པོ་ཕྱག་འཚལ།་་་ལ་གསུམ་སྟེ༔ བསྡུས་དོན༔ དགོས་དོན༔ ཚིག་དོན་ནོ༔ དང་པོ་བསྡུས་དོན།་་་ལ་བཞི་སྟེ༔ གང་ལ༔་་་ཕྱག་འཚལ། གང་གིས༔་་་བཙལ། དུས་ནམ༔ ཚུལ་ཇི་ལྟར་བཙལ་བའོ༔ དང་པོ་ནི་་་གང་ལ་ཕྱག་འཚལ་ན།ཀུན་བཟང་ལ༔ གཉིས་པ་ནི་་་གང་གིས་བཙལ་ན།སློབ་དཔོན་པདྨས༔ གསུམ་པ་ནི༔་་་དུས་ནམ། མན་ངག་འདི་རྩོམ་དུས༔ བཞི་པ་ནི་་་ཚུལ་ཇི་ལྟར་ན།རང་བཞིན་གཉིས་སུ་མེད་པའོ༔ གཉིས་པ་དགོས་དོན་ལ་ལྔ༔ ཕྱག་བཙལ་བས་ཚོགས་རྫོགས༔ དེས་བར་ཆད་མི་འབྱུང༔ དེས་རྩོམ་པ་མཐར་ཕྱིན༔ དེས་རང་གཞན་གྱི་དོན་འགྲུབ༔ དེས་ཐུགས་དགོངས་རྫོགས་པའི་དགོས་པའོ༔ གསུམ་པ་ཚིག་དོན་ནི༔ རྩ་བ་གསུམ་ལ་གུས་པས་ཕྱག་འཚལ་ལོ༔ གཉིས་བཅོམ་གཉིས་ལྡན་གཉིས་འདས་གཉིས་དཔལ་མཆོག༔ བྱ་བ་ནི༔ བཅོམ་པ་ནི།་་་ཡུལ་དང་ཡུལ་ཅན་གཟུང་བ་དང་འཛིན་པ་གཉིས་བཅོམ༔ ལྡན་པ།་་་གཟུང་འཛིན་གཉིས་མེད་རིག་པ་ཡེ་ཤེས་ཀྱི་དོན་གཉིས་དང་ལྡན༔ འདས་པ།་་་ཡོད་མེད་གཉིས་ཀྱི་མཐའ་གཉིས་ལས་འདས༔ གཉིས་མེད་ཀྱི་དོན་རང་ཆས་སུ་ཡོད་པ་གནས་པ་གཞིའི་དཔལ༔ དེ་ཇི་བཞིན་ཤེས་པ་རྟོགས་པ་མཆོག་གི་དཔལ་གཉིས་དང་ལྡན༔ མ་ལུས་འདུས་ཤིང་ཡང་དག་ཟོལ་མེད་པ༔ བྱ་བ་ནི༔ མ་ལུས་པས་ན་ཀུན་ཞེས་བྱ་སྟེ༔ སངས་རྒྱས་ཀྱི་དགོངས་པ།་་་ལྷག་མ་མེད་པར་འདུས་པས་ན་འདུས་ཞེས་བྱ་སྟེ༔ དུས་གསུམ་སངས་རྒྱས་ཀྱི་དགོངས་པ་ཀུན་ཏུ་བཟང་པོའི་ཐུགས་སུ་འདུས་ཤིང༔ སྤྱོད་ཡུལ་ཡོངས་སུ་ཡང་དག་པས་ན་བཟང་པོ་ཞེས་བྱ་སྟེ༔ རིག་པ་གཉིས་མེད་ལ་གཉིས་འཛིན་འཁྲུལ་པའི་ཟོལ་མེད་པའོ༔ སངས་རྒྱས་བདེ་གཤེགས་དྲུག་པ་ཀུན་འདུས་བཟང༔ བྱ་བ་ནི༔ སངས་རྒྱས་ནི།་་་གཉིས་འཛིན་འཁྲུལ་པ་ཐམས་ཅད་སངས༔ གཉིས་མེད་ཡེ་ཤེས་ངོ་བོ་རྒྱས༔ དགོངས་པ་ནར་སོན་པས་ན་བདེ་གཤེགས༔ སྐུ་ལྔ་དབྱེར་མེད་པས་ན་དྲུག་པ༔ དགོངས་པ་མ་ལུས་པས་ན་ཀུན༔ གཅིག་ཏུ་འདུས་པས་འདུ༔ སྤྱོད་ཡུལ་ཡོངས་སུ་དག་པས་ན་བཟང་པོའོ༔ གུས་གདུང་དང་བའི་སྒོ་ནས་ཕྱག་འཚལ་ལོ༔ ཞེས་པ་ནི༔ ཕྱག་འཚལ་བ་ནི།་་་ལུས་གུས་པ་ཡིད་གདུང་བ༔ སེམས་དང་བའི་སྒོ་ནས་ཕྱག་འཚལ་ལོ༔ གཉིས་པ་རྩོམ་པར་དམ་བཅའ་བ་ལ་བཞི་སྟེ༔ རྩོམ་པོ།་་་གང་གིས་གང་་་རྩོམ་པ།གང་གི་ཕྱིར༔་་་བརྩམ་པ། ཚུལ་ཇི་ལྟར་རྩོམ་པའོ༔ དང་པོ་ནི༔་་་གང་གིས་རྩོམ་ན། བདག་ཉིད་རྣལ་འབྱོར་ཨོ་རྒྱན་པད་འབྱུང་དེས༔ ཞེས་པས༔ ཡང་དག་པའི་དོན་རྟོགས་པ་ལ་གོམས་པས་ན་བདག་ཉིད༔ ཆོས་ཉིད་རྣལ་མའི་དོན་ལ་རིག་པ་ཡེ་ཤེས་ཀྱི་དགོངས་པ་འབྱོར་པས་ན་རྣལ་འབྱོར༔ ཡུལ་ཨོ་རྒྱན་དུ་མེ་ཏོག་པདྨ་ལ་བརྫུས་ནས་བྱོན་པས་ན་ཨོ་རྒྱན་པད་འབྱུང་ཞེས་བྱ་སྟེ༔ དེས་མཛད་པའོ༔ དེ་ནི་སྐུ་ཆེ་བའི་ཡོན་ཏན་དང་ལྡན་ཅིང་མན་ངག་རྩོམ་པའི་ཚད་དུ་གྱུར་པ་ཡིན་ནོ༔ གཉིས་པ་ནི༔་་་གང་རྩོམ་པ། རྡོ་རྗེ་ཐེག་པ་ཚེ་གཅིག་གྲོལ་བྱེད་ལམ༔ ཞེས་པས༔ རང་གཞན་གྱི་ལུས་ངག་ཡིད་གསུམ་དང༔ ཧེ་རུ་ཀའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པས་ན་རྡོ་རྗེ༔ དེ་ནི་ཡ་ནཱ་ཞེས་པ་ལ་དྲངས་ནས་ཐེག་པ་སྟེ༔ ཡང་དག་སངས་རྒྱས་ཀྱི་སར་འདེགས་པའོ༔ མན་ཏྲ་ཞེས་པ་ལ་དྲངས་ན་སྔགས་ཏེ༔ ཤེས་སྐྱོབ་ཀྱི་ནུས་པ་དང་ལྡན་པའོ༔ བཛྲ་ལ་དྲངས་པས་རྡོ་རྗེ་འཇིག་དྲལ་མེད་པའོ༔ དེས་ན་བཛྲ་མན་ཏྲ་ཡ་ནཱ་ཞེས་པས༔ རྡོ་རྗེ་སྔགས་ཀྱི་ཐེག་པ་ཞེས་གསུངས་ཏེ༔ ཕྱི་མཚན་ཉིད་ལས་ཁྱད་པར་འཕགས་སོ༔ དེ་ཡང་མཚན་ཉིད་པ་སངས་རྒྱ་བ་ལ་མི་ཚེ་དང་སྐལ་པ་མང་པོ་བགྲང་དགོས་ལ༔ འདིར་ཚེ་གཅིག་ལུས་གཅིག་ཁོ་ནར་གྲོལ་བར་བྱེད་པ་སངས་རྒྱ་བའི་ལམ་མོ༔ གསུམ་པ་ནི༔་་་གང་གི་ཕྱིར་བརྩམ་པ། ཕྱི་རབས་རྣལ་འབྱོར་ལས་ལྡན་དོན་ཆེད་དུ༔ ཞེས་པ་སྟེ༔ གོང་མའི་རྗེས་སུ་འཇུག་པས་ན་ཕྱི་རབས༔ དཀར་པོའི་ལས་འབྲེལ་ཡོད་པས་ན་རྣལ་འབྱོར༔ གསང་སྔགས་ཀྱི་སྐལ་པ་ཡོད་པས་ན་ལས་ལྡན་ཏེ༔ དེ་དག་གི་དོན་གྱི་ཆེད་དུ་མཛད་པའོ༔ བཞི་པ་ནི༔་་་ཚུལ་ཇི་ལྟར་རྩོམ་པ། ཉམས་ལེན་ལམ་རིམ་རིན་ཆེན་སྒྲོན་མེ་བྲི༔ ཞེས་པས་དོར་བྱ་ལ་ལོག༔ བླང་བྱ་ལ་འཇུག་པས་ན་ཉམས་ལེན༔ དེ་ཉིད་ལ་བརྟེན་ནས་ཡང་དག་སངས་རྒྱས་ཀྱི་སར་ཕྱིན་ཅིང་བགྲོད་པར་བྱེད་པས་ན་ལམ༔ དེའི་ཐབས་རིམ་པས་སྟོན་པས་ན་རིམ༔ མཆོག་དང་ཐུན་མོང་གི་ཡོན་ཏན་ཐམས་ཅད་འབྱུང་བས་ན་རཏྣ༔ མ་རིག་པའི་མུན་པ་སེལ་བར་བྱེད་པས་ན་སྒྲོན་མེ་ཞེས་བྱ་བ་བྲི་བར་བྱའོ༔ ༈ རྩ་བའི།་་་གཉིས་པ་གཞུང་གི་དོན་ལ་གསུམ་སྟེ༔ གཞི༔ ལམ༔ འབྲས་བུའོ༔ དང་པོ་གཞི་ལ་གཉིས་ཏེ༔ གནས་ལུགས་དང༔ འཁྲུལ་ལུགས་སོ༔ དང་པོ་གནས་ལུགས་ངོ་ཡིས་གཟུང་བ་ནི༔ གཉིས་མེད་ལྷུན་གྲུབ་ཀ་དག་ཡེ་སངས་རྒྱས༔ ཞེས་པས༔ འདི་ལ་བཞི་སྟེ༔ དང་པོ་གཉིས་མེད་དུ་གནས་པའི་གནས་ལུགས་སོ༔ དེ་ལ་ལྔ་ལས༔ ཅིར་ཡང་སྣང་ལ་གང་དུ་ཡང་ངེས་པ་མེད་པས་ངོ་བོ་སྣང་སྟོང་གཉིས་མེད༔ སེམས་ཉིད་གདོད་ནས་མ་སྐྱེས་ལ་མ་སྐྱེས་པ་ཉིད་ཅིར་ཡང་མ་འགགས་པས་མཚན་ཉིད་སྐྱེ་འགག་གཉིས་མེད༔ སྣང་ཚད་རང་གི་སེམས་ཡིན་ལ་སེམས་ལས་མ་གཏོགས་པའི་ཆོས་གཞན་མེད་པས་སྣང་བ་རང་སྣང་གཉིས་མེད༔ རང་སྣང་གཉིས་མེད་ཀྱི་སེམས་དེ་སྔར་མེད་གསར་དུ་བྱུང་བ་མ་ཡིན་ཏེ་གདོད་ནས་ཡོད་པས་གནས་ལུགས་རང་གཞན་གཉིས་མེད༔ དེ་ལྟར་གཉིས་མེད་མ་ཡིན་པའི་ཆོས་གཞན་མེད་པས་གཉིས་མེད་ཆེན་པོ་འོ༔ མདོར་ན་ཆོས་ཉིད་སྟོང་པ་ལས༔ ཆོས་ཅན་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་རུང་མི་འགགས་པར་འཆར་བས༔ གཉིས་མེད་མཐའ་ལས་གྲོལ་བའོ༔ དེ་ལྟར་གཉིས་མེད་དུ་ངོ་སྤྲད་པའི་དགོས་པ་ནི༔ གཞན་སེལ་གྱིས་གཉིས་ཆོས་ཐ་དད་དུ་འཛིན་པའི་ཞེན་པ་གྲོལ་བ༔ དོན་གཉེར་གཉིས་མེད་རྟོགས་པ༔ ངོ་བོ་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་གཉིས་མེད་ཐིག་ལེ་ཉག་གཅིག་ཏུ་གནས་པའོ༔ གཉིས་པ་ལྷུན་གྲུབ་ཏུ་གནས་པའི་གནས་ལུགས་ལ་ཡང་ལྔ་ལས༔ ཆོས་ཐམས་ཅད་ཀྱི་གཤིས་ཅིར་ཡང་མ་གྲུབ་པ་ནི་ཆོས་ཉིད་ལྷུན་གྲུབ༔ ཆོས་ཐམས་ཅད་ཀྱི་རྩལ་ཅིར་ཡང་མ་འགགས་པ་ནི་ཆོས་ཅན་ལྷུན་གྲུབ༔ ཆོས་ཐམས་ཅད་ཀྱི་ངོ་བོ་ཅིར་ཡང་མི་རྟོག་པ་ནི་གཉིས་མེད་ལྷུན་གྲུབ༔ དེ་གཞན་གྱིས་བྱས་པ་མ་ཡིན་ཏེ་གདོད་མ་ནས་དེ་ལྟར་གྲུབ་པ་ནི་རང་བཞིན་ལྷུན་གྲུབ༔ འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ལྷུན་གྲུབ་མ་ཡིན་པའི་ཆོས་གཞན་མེད་པས་ལྷུན་གྲུབ་ཆེན་པོའོ༔ མདོར་ན་ཆོས་ཉིད་སྟོང་པ་ལ༔ ཆོས་ཅན་འཁོར་འདས་ཀྱི་ཆོས་ཐམས་ཅད་འབྱུང་རུང་དུ་གྲུབ་ལ༔ བདེན་པ་རང་རྒྱུད་དུ་མི་གནས་པས་ལྷུན་གྲུབ་མཐའ་དང་བྲལ་བའོ༔ དེ་ལྟར་ལྷུན་གྲུབ་ཏུ་ངོ་སྤྲད་པས༔ གཞན་སེལ་གཞན་ནས་རྩོལ་བའི་ཞེན་པ་གྲོལ་བའོ༔ དོན་གཉེར་བཙལ་ཞིང་བསྒྲུབ་མི་དགོས་པར༔ རྟོགས་པའི་ངོ་བོ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་སེམས་སུ་ལྷུན་གྲུབ་པའོ༔ གསུམ་པ་གཞི་ཀ་དག་ཏུ་གནས་པའི་གནས་ལུགས་ལ་ཡང་ལྔ་ལས༔ རང་བཞིན་སྟོང་པ་ཉིད་ལ་དངོས་པོའི་ཆོས་ཀ་ནས་དག་པ་ནི་དབྱིངས་རྣམ་དག༔ སྟོང་པའི་རྩལ་འགགས་མེད་དུ་རང་སྣང་བ་ལ་རང་རྒྱུད་ཀྱི་བདེན་པ་ཀ་ནས་དག་པ་ནི་ཡེ་ཤེས་རྣམ་དག༔ ངོ་བོ་སྣང་སྟོང་གཉིས་མེད་ལ་ཐ་དད་ཀྱི་ཆོས་ཀ་ནས་དག་པ་ནི་གཉིས་མེད་རྣམ་དག༔ དེ་གློ་བུར་དུ་བྱས་པ་མ་ཡིན་ཏེ་གདོད་ནས་ཡོད་པ་ནི་རང་བཞིན་རྣམ་དག༔ ཀ་དག་མ་ཡིན་པའི་ཆོས་གཞན་མེད་པ་ནི་རྣམ་དག་ཆེན་པོ་འོ༔ མདོར་ན་ཆོས་ཉིད་སྟོང་པ་ལ༔ ཆོས་ཅན་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་རུང་མ་སྤངས་ལ༔ རང་བཞིན་རྣམ་པར་དག་པས་རྣམ་དག་མཐའ་བྲལ་ལོ༔ དེ་ལྟར་ཀ་དག་ཏུ་ངོ་སྤྲད་པས༔ གཞན་སེལ་འཁྲུལ་པ་རང་རྒྱུད་པར་འཛིན་པའི་ཞེན་པ་གྲོལ་བ༔ དོན་གཉེར་རྣམ་དག་རྟོགས་པ༔ ངོ་བོ་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པའོ༔ བཞི་པ་ཡེ་ནས་སངས་རྒྱས་སུ་གནས་པའི་གནས་ལུགས་ནི༔ རང་རིག་པ་བྱང་ཆུབ་ཀྱི་སེམས་ཏེ༔ གཉིས་ཆོས་འཁྲུལ་པ་སངས་ལ་གཉིས་མེད་ཡེ་ཤེས་རྒྱས་པས་སངས་རྒྱས་སོ༔ དེ་ཡང་འཁྲུལ་པ་ཡོད་པ་གཅིག་མེད་པར་སངས་ནས༔ གཉིས་མེད་མེད་པ་གཅིག་ཡོད་པར་རྒྱས་པ་ནི་མ་ཡིན་ཏེ༔ གཤིས་ལ་འཁྲུལ་པ་མ་གྲུབ་ཅིང༔ ངོ་བོ་གཉིས་མེད་ཡེ་ཤེས་སུ་རྒྱས་པས་ཡེ་ནས་སངས་རྒྱས་པ་ཡིན་ཏེ༔ རང་བཞིན་སྟོང་པ་ཆོས་སྐུ༔ རང་མདངས་གསལ་བ་ལོངས་སྐུ༔ གསལ་སྟོང་གཉིས་མེད་སྤྲུལ་སྐུ༔ རང་བཞིན་སྟོང་པ་ཇི་ལྟ་བ༔ རང་མདངས་གསལ་བ་ཇི་སྙེད་པ༔ གསལ་སྟོང་གཉིས་མེད་དམ་དབྱེར་མེད་དེ་མཁྱེན་པའི་ཡེ་ཤེས་སོ༔ གཤིས་ལ་འཁྲུལ་པ་མེད་པས་སྤངས་པ་ཕུན་སུམ་ཚོགས༔ ངོ་བོ་གཉིས་མེད་དུ་ཡོད་པས་རྟོགས་པ་ཕུན་སུམ་ཚོགས༔ དེ་ལྟར་ཡེ་ནས་སངས་རྒྱས་མ་ཡིན་ན༔ བསྒོམས་ཀྱང་སངས་རྒྱས་མི་འབྱུང་སྟེ༔ ས་ལེ་སྦྲམ་ཡེ་ནས་གསེར་མ་ཡིན་ན༔ བྱས་ཀྱང་གསེར་དུ་མི་འགྲོ་བ་བཞིན་ནོ༔ དེ་ལྟར་ཡེ་ནས་སངས་རྒྱས་སུ་བསྟན་པས༔ གཞན་སེལ་གཞི་ལ་འཁྲུལ་པ་གྲུབ་པར་འདོད་པའི་ཞེན་པ་གྲོལ་བ༔ དོན་གཉེར་ཡེ་ནས་སངས་རྒྱས་སུ་རྟོགས་པ༔ ངོ་བོ་རང་རིག་སྐུ་དང་ཡེ་ཤེས་སུ་རྟོགས་པའོ༔ གཉིས་པ་འཁྲུལ་ལུགས་ནི༔ སྙིང་པོ་མ་རིག་ལས་ཉོན་ལོག་སྡུག་བསྔལ༔ ཞེས་པས༔ འདི་ལ་ལྔ་སྟེ༔ དང་པོ་འཁྲུལ་པའི་གཞི་ནི༔ སེམས་ཉིད་བདེ་གཤེགས་སྙིང་པོ་ཡོད་མེད་ཀྱི་མཐའ་དང་བྲལ་བའོ༔ དེ་ཉིད་རང་ངོ་མ་ཤེས་པ་ལ་ཡོད་མེད་འདྲ་མི་འདྲར་བཟུང་ནས་འཁྲུལ་ལོ༔ གཉིས་པ་རྒྱུ་ནི༔ མ་རིག་པའོ༔ དེ་ལ་གཉིས་ལས༔ དང་པོ་ལྷན་ཅིག་སྐྱེས་པ་ནི་རིག་པར་ངོ་མ་ཤེས་པའོ༔ དེ་ཡང་གང་གིས་ངོ་མ་ཤེས་ན་རང་གིས༔ གང་མ་ཤེས་ན་རང༔ རྒྱུ་མཚན་སྟོན་མཁན་མེད་ནས༔ ཚུལ་མུན་ཁང་གི་གཟུགས་ལྟར༔ དཔེ་ཐོ་ལ་ཐོར་མ་ཤེས་པ་བཞིན་ནོ༔ གཉིས་པ་ཀུན་ཏུ་བརྟགས་པ་ནི་མེད་པ་ལ་ཡོད་པར་བཏགས་པའོ༔ དེ་ཡང་གང་གིས་བཏགས་ན་རང་གི་ཡིད་ཀྱིས༔ གང་ལ་བཏགས་ན་ཡུལ་སེམས་གཉིས་ལ༔ ཇི་ལྟར་བཏགས་ན་རང་གཞན་གཉིས་སུ༔ དཔེ་ཐོ་ལ་མིར་བཏགས་པ་བཞིན་ནོ༔ གསུམ་པ་རྐྱེན་ནི༔ ལས་གསུམ་དང་ཉོན་མོངས་ལྔའོ༔ དེ་ཡང་དགེ་བའི་ལས་ཀྱིས་འདོད་ཁམས་ཀྱི་ལྷ་མི་ལ་སོགས་མཐོ་རིས་སུ་སྐྱེ་བ༔ མི་གཡོ་བས་ཚངས་རིས་སུ་སྐྱེ་ཞིང༔ མི་དགེ་བས་ངན་སོང་དུ་སྐྱེའོ༔ ཉོན་མོངས་པ་ནི༔ ཞེ་སྡང་གིས་དམྱལ་བ༔ འདོད་ཆགས་ཀྱིས་ཡི་དྭགས༔ གཏི་མུག་གིས་དུད་འགྲོ༔ ཕྲག་དོག་གིས་ལྷ་མིན༔ ང་རྒྱལ་གྱིས་ལྷ་དང་མི་རུ་སྐྱེའོ༔ དེ་ཡང་ལས་གསུམ་དང་ལྡན་པའི་ནུས་པའོ༔ བཞི་པ་བྱེད་པ་པོ་ནི༔ ལོག་རྟོག་གི་སྐད་ཅིག་མ་ཡིན་ཏེ༔ དེའི་རྒྱུན་སྦྲེལ་བ་ལས་འཁོར་བའི་ཆོས་འབྱུང་བས་མ་དག་པའི་གཞན་དབང་ངོ༔ དེ་ཡང་སྟོང་པ་ལས་སྤྲོས་པ་བྱུང༔ དེས་རིག་པ་ལ་བདག་ཏུ་བཟུང༔ བདག་ལ་ལྟོས་ནས་གཞན་བྱུང་སྟེ༔ གཞན་གྱི་ཆ་ལས་ཆགས་སྡང་རྨོངས་གསུམ་སྐྱེས༔ དེས་ལས་གསུམ་དུ་བསགས༔ ལས་རྣམ་སྨིན་དུ་མྱོང་སྟེ༔ ལོག་རྟོག་གི་སྐད་ཅིག་མ་རྒྱུན་དང་བཅས་པས༔ འདྲ་བ་གཞན་བྱུང་དང་ཡོད་པར་དམིགས་པ་ལ་བརྟེན་ནས༔ རྟག་པ་དོན་ལྟར་དུ་ཆགས༔ ཆགས་པ་ལ་ཞེན་ཏེ༔ འཁྲུལ་པ་རུ་བལྟས་ནས་འཁོར་བའི་ཆོས་གྲུབ་བོ༔ ལྔ་པ་འབྲས་བུ་ནི༔ རིགས་དྲུག་གི་ལུས་བླངས་ནས༔ གནས་སོ་སོ་རུ་སྡུག་བསྔལ་སྣ་ཚོགས་ལ་སྤྱོད་པའོ༔ དེ་ལ་སྤྱི་ཚན་དུ་ཐོག་མཐའ་གཉིས་ཀ་མེད་ལ༔ སྒོས་ཚན་དུ་ཐ་མ་ཡོད་པའོ༔ དེ་ལྟར་འཁྲུལ་ལུགས་བསྟན་པའི་དགོས་པ་གཉིས་ཏེ༔ གཞན་སེལ་གྱི་དགོས་པ་ནི༔ གཞི་ལ་འཁྲུལ་པ་རང་རྒྱུད་ལ་གྲུབ་པར་འདོད་པའི་ཞེན་པ་གྲོལ་བའོ༔ དོན་གཉེར་བའི་དགོས་པ་ནི༔ གཞི་ལ་འཁྲུལ་པ་མ་གྲུབ་ཅིང་རང་བཞིན་རྣམ་དག་རྟོགས་པའོ༔ དེ་ཡང་འཁྲུལ་པ་སྒྲོ་བཏགས་གློ་བུར་བར་འདུག་པས་དེའི་རང་བཞིན་ཤེས་ན་འཁྲུལ་པ་རང་སར་གྲོལ་ཏེ༔ ཐོ་རུ་ཤེས་པ་ན་མིར་འཛིན་གྱི་འཁྲུལ་པ་རང་སངས་སུ་གྲོལ་བ་བཞིན་ནོ༔ ༈ གཞུང་དོན་གཉིས་པ་ལམ་ལ་གསུམ༔ ལམ་གྱི་སྔོན་དུ་འགྲོ་བ༔ ལམ་རང་གི་ངོ་བོ༔ ལམ་དེའི་ཆ་རྐྱེན་ནོ༔ དང་པོ་ལ་གསུམ་སྟེ༔ ཕུན་སུམ་ཚོགས་པ་ལྔས་བསྒྲུབ་པའི་གཞི་གཟུང་བ༔ སྲུང་བའི་འཁོར་ལོའི་རིམ་པ་བསྟན་པ༔ གནད་ལྔའི་སྒོ་ནས་ལམ་ལ་འཇུག་པའོ༔ དང་པོ་ལ་ལྔ་སྟེ༔ ཕུན་སུམ་ཚོགས་ལྔས་བསྒྲུབ་གཞི་གཟུང་བ་ནི༔ ཞེས་པས༔ གནས་གང་དུ༔ དུས་ནམ༔ གང་ཟག་གང་གིས༔ རྫས་གང༔ ཐབས་ཇི་ལྟར་བསྒྲུབ་པའོ༔ དང་པོ་གནས་གང་དུ་ནི༔ བྲག་ནགས་དུར་ཁྲོད་ཕུག་སོགས་སྐྱོན་ཡོན་བརྩི༔ ཞེས་པས༔ བྲག་ཕུག་མ་མོ་དང་སྲིན་པོའི་གནས་ཡིན༔ རིག་པ་དྭངས༔ ཐབས་ལམ་ལ་དགའ༔ ནགས་ཁྲོད་ཀླུ་དང་གནོད་སྦྱིན་གྱི་གནས་ཡིན༔ གནས་པ་ཆེ༔ གསར་པ་ལ་དགའ༔ དུར་ཁྲོད་གཤིན་རྗེ་ཤ་ཟ་དང་ཌཱཀྐིའི་གནས་ཡིན༔ བྱིན་རླབས་ཆེ༔ རྙིང་པ་ལ་དགའ༔ ས་ཕུག་ཐེའུ་བྲང་མ་མོ་དང་དམ་སྲིའི་གནས་ཡིན༔ ཡེ་འདྲོག་མང༔ མ་མོ་བསྒྲུབ་པ་ལ་དགའ༔ ཤིང་རྐང་གཅིག་གི་ལྷ་རྟེན་ཡོད་པ་མུ་སྟེགས་ཀྱི་གནས་ཡིན༔ དབང་ཕྱུག་ཆེན་པོ་བསྒྲུབ་པ་ལ་དགའ༔ དེའི་སོགས་ཁོངས་སུ་གནས་མཐའ་དག་ཤེས་པར་བྱའོ༔ སྐྱོན་ཡོན་བརྩི་ཞེས་པ་ལ་གསུམ་སྟེ༔ མཚན་ཉིད་མི་ལྡན་པའི་སྐྱོན༔ ལྡན་པའི་ཡོན་ཏན༔ ལྡན་ཚུལ་ངོས་གཟུང་བའོ༔ དང་པོ་སྐྱོན་ནི༔ ཤར་རི་མཐོ་ན་ཚེ་ལ་གནོད༔ ནུབ་ཧར་པོར་སོང་ན་བཀྲ་མི་ཤིས༔ རི་སྣ་མདུང་ཚུགས་སུ་ཟུག་ན་བར་ཆད་འོང༔ ཚ་གྲང་མ་མཉམ་ན་ནད་འཇུག༔ གདོན་གདུག་པ་ཅན་ཡོད་ན་བར་ཆད་འོངས༔ རྒྱུ་སྲང་ཟུག་ན་མིའི་འཚེ་བ་ཡོང༔ གཞན་ཡང༔ སྟེང་ན་བྲག་ལྷུང་དུ་ཆ་བ་དང༔ ངུས་པའི་མཆི་རིས་འདྲ་བ་དང༔ སྡེར་སེན་གྱིས་བྲད་པ་འདྲ་བ༔ ཤི་ལྤགས་རྒྱངས་པ་འདྲ་བ༔ སྒོ་ལ་གྲོག་མདོ་ཟུག་པ༔ སྒོ་ན་མི་ལངས་པ་ལྟ་བུ་བྱུང་བ་རྣམས་ནི༔ ས་དགྲ་ཡིན་པས་སྐྱོན་ཅན་ནོ༔ གཉིས་པ་ཡོན་ཏན་ནི༔ བྲག་སྐྱིལ་མོ་ཀྲུང་བྱས་པ་འདྲ་ན་ཏིང་ངེ་འཛིན་སྐྱེ༔ པདྨ་ཁ་བྱེ་བ་འདྲ་ན་རྟོགས་པ་སྐྱེ༔ ས་དང་གནམ་གྲུ་གསུམ་དུ་ཡོད་ན་འགྲུབ་ཐག་ཉེ༔ རྒྱབ་རི་མཐོ་ན་བག་དྲོ༔ བྱང་རི་མཐོ་ན་བཀྲ་ཤིས༔ ལྷོ་འདུ་ས་འདྲ་ན་ལོངས་སྤྱོད་འདུ༔ ས་དགྲ་གང་ཡང་མི་འདུག་ན་བཀྲ་ཤིས་ཏེ༔ ཡོན་ཏན་ཆེའོ༔ གསུམ་པ་ལྡན་ཚུལ་ངོས་གཟུང་བ་ནི༔ ས་པདྨ་འདབ་བརྒྱད་དུ་ཡོད་པ༔ གནམ་འཁོར་ལོ་རྩིབས་བརྒྱད་དུ་ཡོད་པ༔ རྒྱབ་རི་མཐོ་བ༔ བྱང་རི་སྣུམ་པ༔ གཡས་དར་དཀར་གྱི་ཡོལ་བ་འདྲ་བ༔ གཡོན་རི་སྤུངས་པ་འདྲ་བ༔ མདའ་ཕྱག་རྒྱ་བསྣོལ་བ་འདྲ་བ༔ རི་ཐམས་ཅད་སྣུམ་ཞིང་ཁེངས་པ༔ མདོར་ན་ནུབ་མཐོ༔ བྱང་སྐྱོབ༔ ཤར་གཞོལ༔ ལྷོ་འདུད༔ མདུན་ཐང༔ ཆུ་བོ་དབང་གི་ཕྱོགས་ནས་འབབ་པ༔ ཉི་མ་རྟག་ཅིང་གངས་མཐོ་བ༔ གསལ་ཆ་ཆེ་ཞིང་སོ་ཐུབ་པ༔ ཚ་གྲང་སྙོམས་ཤིང་གཞི་བདག་འཇམ་པ༔ ཐག་ཉེ་རིང་རན་ཞིང་ས་བཙན་པ༔ བཀྲ་ཤིས་ཤིང་གྲུབ་ཐོབ་ཀྱི་ཞབས་ཀྱིས་བཅགས་པ་གཅིག་བཙལ་ལོ༔ དེར་དགོན་པ་འདེབས་པ་ལ༔ སའི་སྙིང་ནོན་དགོས་ཏེ༔ པདྨའི་འདབ་མ་འདྲ་ན་ལྟེ་བ་ལ༔ སྐྱིལ་ཀྲུང་འདྲ་ན་བསྣོལ་མཚམས་སུ༔ ཆོས་འབྱུང་འདྲ་ན་འཕེལ་ཀ་ལ༔ མི་འདྲ་ན་སྙིང་ཁ་ལ༔ ཕག་གམ་གླང་པོ་འདྲ་ན་མིག་ཚིལ༔ ལྟོ་ཚིལ༔ བཞག་གམ་མཁལ་མ་ལ་གདབ་བོ༔ གཞན་ཡང་སྒང་གི་གཤོང༔ གཤོང་གི་སྒང༔ ལོགས་ཀྱི་ཁུགས༔ ཁུགས་ཀྱི་རྔམས༔ མདོར་ན་སའི་སྙིང་ནོན་པ༔ ས་མ་བོ་ཞིང་གཞུང་འདྲིལ་བ་ལ་གདབ་པའོ༔ དེ་ལས་གཞན་པ༔ ཕག་གི་ཟེ་བ༔ གླང་གི་རྐང་པ༔ མིའི་སུག་གཤམ་ལ་མི་གདབ་པའོ༔ ས་དགྲ་བསྲུང་བའི་རྟེན་འབྲེལ་ནི༔ རི་སྣ་ཟུག་པ་དང༔ ཁ་དོག་སྔོན་པོའི་ས་དགྲ་ཡོད་ན་མེའི་རི་མོ་བྱ༔ གྲོག་མདོ་རི་ཧྲུལ་ཆད་པ་ལ་ཆུའི་རི་མོ་བྱ༔ སྡེར་སེན་གྱིས་བྲད་པའམ་ཤི་ལྤགས་འདྲ་ན་བཀྲ་ཤིས་རྫས་བརྒྱད་བྲི༔ སྟེང་ནས་ལྷུང་ལ་ཁད་པ་ལ་མཆོད་རྟེན་བརྩིགས༔ མཚན་མ་བཟེད་པ་འདྲ་ན་ཕོ་རྟགས་གཟུགས༔ བྲག་སྦྲ་ཙམ་སྒོའི་ཐད་ཀ་ན་འདུག་ན༔ ས་དགྲ་ཆེ་བས་རྟེན་འབྲེལ་མང་དུ་བྱའོ༔ གཞན་ཡང་སེམས་ཅན་གྱི་གཟུགས་འདྲ་བ་འདུག་ན༔ དེའི་གཉེན་པོར་གང་འགྲོ་བའི་གཟུགས་བྱའོ༔ མདུན་དུ་གཤོང་བུ་མི་འབྲུ༔ ཤར་དུ་མཆོད་རྟེན་མི་བརྩིག་གོ༔ ཁང་པའི་ས་དགྲ་ལ༔ བྱང་ཁ་ལྷོ་མིག༔ གདུང་རོ་འདོན༔ དང་ནད་འདྲི༔ ཀ་བ་གྲལ་གཤིབས༔ རླུང་ཁ་ཁྱེངས༔ སྒོ་ཕུག་གསལ༔ སྣེ་ཐུང་གདོང་ཐུག་རྣམས་ས་དགྲ་ཡིན་པས༔ ཐད་ཀར་བཀྲ་ཤིས་ཀྱི་མཚན་མ་དང་སྙིང་པོ་བྲི༔ དེ་ལ་ལྷོ་གཤིན་རྗེ་རུ་སྒོའི་ཁ་མི་བསྟན༔ ལྷོ་ནུབ་སྲིན་པོའི་སྟེང་དུ་མལ་མི་བཅའ༔ ནུབ་བྱང་རླུང་ལྷའི་སྟེང་དུ་གཡོས་མི་བྱ༔ ཤར་ལྷོ་མེ་ལྷར་ཐབ་གཟུག༔ བྱང་ཤར་དབང་ལྡན་ལ་མལ་བཅའ་འོ༔ མལ་གྱི་ས་དགྲ་ནི༔ རི་ལ་མགོ་བོ་ཐུར་བསྟན༔ མལ་མགོ་སྒོར་བསྟན༔ གདུང་གིས་མལ་གྱི་རྐེད་པ་བཅད་པ༔ ལྟེམས་མཚམས༔ སྐས་རྩ༔ སྐོོ་འཕྲེད༔ སྟན་ཁ་འགག་བསྟན༔ ལྤགས་རློན་གདན་གཏིང༔ ལྷྭམ་ཟོན་སྔས་འཇུག༔ དེ་རྣམས་མལ་གྱི་ས་དགྲ་ཡིན་པས་མི་བྱའོ༔ དེས་ན་ས་གནད་འདོམ་གང་ལ་དགེ་སྦྱོར་འཕེལ་དང་མི་འཕེལ་གྱི་གནད་ཡོད་དོ༔ ཕྱི་ནང་སྣོད་བཅུད་ནང་སེམས་གཅིག་གི་ངོ་བོ་ཡིན་པའི་ཕྱིར༔ རྟེན་ཕྱི་རོལ་གྱི་སྐྱོན་ཡོན་གང་ཡིན་པ་དེ༔ བརྟེན་པ་ནང་སེམས་ཅན་གྱི་རྒྱུད་ལ་ཡོད་པ་ཡིན་ནོ༔ གཉིས་པ་དུས་ནི༔ ཚེས་སྐར་གཟའ་བཟང་ཡར་ངོའི་སྔ་གོང་འཇུག༔ ཅེས་པས༔ ཚེས་གཅིག་གམ༔ གསུམ་མམ༔ བརྒྱད་དམ༔ ཉ་ལ་སོགས་པ་བཟང་བ༔ སྐར་མ་རྒྱལ་སྨད༔ ནམ་མཐོང༔ ཤེ་ས༔ བྲེ་ལ་སོགས་པ་བཟང་བ༔ གཟའ་ཕུར་བུ་ལ་སོགས་བཟང་བ་དར་བའི་ཚེ༔ དེ་ནས་ཟླ་བ་ཡར་ངོའི༔ དུས་ཚོད་སྔ་གོང་སྟེ་ཕྱེད་གོང་ལ་འཇུག༔ མདོར་ན་ཚེས་དང་སྐར་མ་གཟའ་ཐམས་ཅད༔ རྒྱུད་ལུང་མན་ངག་ཀུན་དང་བསྟུན་པའི་བཟང་པོ་ལ་ཞུགས་པས་དོན་ཐམས་ཅད་འགྲུབ་པ་ཡིན་ཏེ༔ རྒྱས་པའི་དུས་ན་སྐར་མ་མགོ་ལག་རྒྱལ་སོགས་བཟང་པོ་གསུམ་གཅེས་སོ༔ གསུམ་པ་གང་ཟག་ནི༔ དད་གུས་དབང་དམ་ཤེས་རབ་གདེང་དང་ལྡན༔ ཞེས་པས༔ དད་པ་ཆེན་པོས་དཀར་པོའི་ཆོས་ལ་འཇུག་ནུས་པ༔ མོས་གུས་ཆེན་པོས་བླ་མ་སངས་རྒྱས་སུ་མཐོང་བ༔ དབང་བཞི་ཐོབ་པས་མན་ངག་གི་སྣོད་དུ་རུང་བ༔ དམ་ཚིག་ཆེ་བས་བསྒྲུབ་པའི་གཞི་ཐིངས་པ༔ ཤེས་རབ་ཆེ་བས་ངེས་པའི་དོན་གོ་ནུས་པ༔ ལྟ་བའི་གདེང་དང་ལྡན་པས་ཉམ་ང་དང་འཁུ་འཁྲིག་མེད་པ༔ ཆོས་དྲུག་དང་ལྡན་པའོ༔ དེ་ལས་གཞན་པ༔ དད་པ་མེད་ན་འཁོར་བ་ལ་བློ་མི་ལྡོག༔ མོས་གུས་མེད་ན་བྱིན་རླབས་མི་འཇུག༔ དབང་མ་ཐོབ་ན་མན་ངག་གི་སྣོད་དུ་མི་རུང༔ དམ་ཚིག་ཉམས་ན་སྒྲུབ་པའི་གཞི་རྟེན་མེད༔ ཤེས་རབ་མེད་ན་ངེས་པའི་དོན་མི་གོ༔ ལྟ་བའི་གདེང་དང་མི་ལྡན་ན་བར་ཆད་འབྱུང་བས་དེ་ལྟར་ན་སྣོད་དུ་མི་རུང་སྟེ༔ མཚན་ཉིད་ལྡན་ལ་མན་ངག་སྦྱིན༔ དེ་ལས་གཞན་ལ་བསྟན་མི་བྱ༔ ཞེས་སོ༔ བཞི་པ་རྫས་ནི༔ ཟས་སྨན་མཆོད་སྐོང་སྒྲུབ་པའི་རྫས་རྣམས་གསག༔ ཅེས་པས༔ འདི་ལ་ལྔ་སྟེ༔ འཚོ་བ་ཟས་ཀྱི་ཡོ་བྱད་ལྡབ་ཏུ་བཤམ་སྟེ༔ མ་གྲུབ་ན་སྤོགས་ལ་བསྒྲུབ་དགོས་པའོ༔ ནད་ཟློག་སྨན་གྱི་ཡོ་བྱད་སྨན་དང་ཡི་གེ་རུ་གཤོམ་སྟེ༔ ནད་བྱུང་ན་འབྱུང་བ་ཆ་མཉམ་དགོས་པའོ༔ གཞན་ཡང་ལྟ་བ་དང་དམིགས་པ་རྟེན་འབྲེལ་གྱི་སྒོ་ནས་ཀྱང་བཅོས་སོ༔ མཆོད་པའི་རྫས་ནི༔ མ་རུལ༔ མ་རྙིང༔ མ་ཟག་པ༔ མདངས་དང་ལྡན་པ་བཤམ་སྟེ༔ བདེ་གཤེགས་ཐམས་ཅད་དགྱེས་པ་ཡིན་ནོ༔ སྐོང་བའི་རྫས་ནི༔ མ་ནོར༔ མ་གྱག༔ མ་ཉམས༔ མ་རྙིང༔ རོ་དང་ལྡན་པ་བཤམ་སྟེ༔ དམ་ཅན་ཐུགས་དམ་བསྐང་བ་ཡིན་ནོ༔ སྒྲུབ་པའི་རྫས་ནི༔ མང་ཞིང་ཚན་ཆེ་བ༔ ལྷ་སོ་སོའི་རྗེས་སུ་མཐུན་ཞིང་ཁ་དོག་དྲི་རོ་དང་ལྡན་པ་རྣམས་གསག་ཅིང་བཤམས་པས༔ བྱིན་རླབས་སྤྲིན་བཞིན་འོང་བ་ཡིན་ནོ༔ མཆོད་པའི་རྫས་ཀྱིས་བདེ་གཤེགས་མཉེས༔ སྐོང་བའི་རྫས་ཀྱིས་དམ་ཅན་སྐོང༔ སྒྲུབ་རྫས་ཚོགས་པས་བྱིན་རླབས་འབྱུང༔ ཞེས་སོ༔ ལྔ་པ་སྒྲུབ་པའི་ཐབས་ནི༔ མ་དྲེད་རྩེ་གཅིག་དཀའ་ཐུབ་མཐར་འདོན་ནོ༔ ཞེས་པས༔ བློ་མ་དྲེད་པས་ཤེས་པ་རྩེ་གཅིག་ཏུ་དྲིལ་ཏེ་དཀའ་ཐུབ་ཀྱིས་སྡེ་བཙུགས་ནས༔ སྙིང་རུས་ཆེན་པོས་སྒྲུབ་པ་མཐའ་རུ་འདོན་ནོ༔ དེ་ཡང་དགྲ་གཉེན༔ ནོར་ཟས༔ གཟུང་འཛིན༔ ཆགས་སྡང༔ ཉོན་མོངས་རྣམ་རྟོག་ལ་སོགས་པའི་ཕྱོགས་སུ་ཤོར་ན༔ ངན་དྲེད་དུ་སོང་བས་དོན་མི་འགྲུབ༔ སྒྲུབ་པའི་དུས་ན༔ འབྲི་བ་དང་ཀློག་པ་དང་འཛིན་པ་བསམ་མནོ༔ རྩོམ་པ་ལ་སོགས་པའི་བློ་རུ་སོང་ན༔ བཟང་དྲེད་ཡིན་པས་མི་འགྲུབ༔ དེས་ན་དེ་གཉིས་ཀ་དང་བློ་མ་དྲེད་པར༔ གང་སྒྲུབ་པ་དེ་ཉིད་ལ་ཤེས་པ་རྩེ་གཅིག་ཏུ་ཕུར་ཚུགས་སུ་དྲིལ་ཏེ༔ ལྟོགས་མོད༔ འཁྱགས་མོད༔ ཤི་མོད༔ ཆད་མོད་བསམ་པའི་སྡུག་སྲན་བྱེད༔ དཀའ་ཐུབ་ས་རྡོ་བཙུགས་ནས་སྙིང་རུས་ཆེན་པོས་སྒྲུབ་པ་འདི་མཐར་འདོན་དགོས་སྙམ་པའི་སྒོ་ནས་སྒྲུབ་པའོ༔ དེ་ཡང་དང་པོ་འཇུག་པའི་དུས་སུ་སྐྱབས་འགྲོ་བྱ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད༔ ལྷ་ཡི་ང་རྒྱལ་དང་ལྡན་པར་བྱས་ལ༔ གཏོར་མ་གསུམ་བཤམས་ཏེ༔ དང་པོ་བླ་མ་དང་དཀོན་མཆོག་ལ་ཕུལ་གསོལ་བ་གདབ༔ བར་པ་ཆོས་སྐྱོང་ལ་ཕུལ་ལ་བར་ཆད་མ་གཏང་ཞིག་པར་ཕྲིན་ལས་གཞོལ༔ ཐ་མ་གཞི་བདག་ལ་ཕུལ་ལ་གནས་པོ་ཞུ༔ དེ་ནས་རང་དང་གནས་དང་གནས་བདག་གསུམ་པོ་མི་དམིགས་པའི་ངང་ལ་བཞག་གོ༔ དེ་ནས་མཚམས་གཅད་དེ༔ སྒོ་དྲུང་དུ་ཐོ་དཀར་པོ་གཅིག་བརྩིགས༔ བར་ཆད་མི་འབྱུང་བའི་རྟེན་འབྲེལ་ཡིན༔ མལ་འོག་ཏུ་ས་དཀར་པོའི་གཡུང་དྲུང་རིས་བྱ༔ སྡོད་ཚུགས་པའི་རྟེན་འབྲེལ་ཡིན༔ དེ་ནས་སྡུག་སྲན་དང༔ སྙིང་རུས་དང༔ གོ་ཆ་དང་འདུན་པ་སྐྱེད་ལ་མཚམས་དམ་པོར་བཅད་པས་བར་ཆད་མི་འབྱུང་ཞིང་མྱུར་དུ་འགྲུབ་པ་ཡིན་ནོ༔ ཉིན་མོ་སྣང་བ་བཟོ་མེད་ལྷུག་པར་གཞག༔ སྲོད་ལ་རིག་པ་གཟེངས་བསྟོད་ལ་མ་བྱིང་མ་རྨུགས་པར་སིང་ངེ་ཡེར་རེ་བཞག་གོ༔ ནམ་གུང་གཉིད་དང་ཆོས་ཉིད་བསྲེས་ལ་རྟོག་མེད་དུ་ཉལ༔ ཐོ་རངས་དྲན་པ་གསལ་བཏབ་ལ་ལྷའི་ང་རྒྱལ་གྱིས་ལྡང༔ ལུས་ལྷར་བསྒོམ༔ ངག་སྔགས་བགྲང༔ སེམས་སྤྲོས་བྲལ་ལ་གཞག༔ དམ་བཅའ་ཡུན་ཐུང་ལ་གྲངས་མང་བར་བསླབ་བོ༔ དེ་ནས་བསྐྱེད་རིམ་ལ་ཆོ་ག་གསུམ་མམ་སྐད་ཅིག་དྲན་རྫོགས་ལས་ལྷར་བསྐྱེད༔ བཟླས་པའི་སྔོན་ལ༔ ཨོཾ་རུ་ཙི་ར་མ་ཎི་པྲ་བརྡྷ་ནཱ་ཡ་སྭཱ་ཧཱ། ཞེས་པ་བདུན་དང༔ རྟེན་འབྲེལ་སྙིང་པོ་བདུན་གྱིས་ཕྲེང་བ་བྱིན་གྱིས་བརླབ༔ ཕྲེང་བ་མི་ལག་མི་འགྲིམ༔ ས་ལ་མི་གཞག་གོ༔ སྔགས་ནི་སྒྲ་ཆེ་བ་མ་ཡིན༔ ཆུང་བ་མྱུར་བ་བུལ་བ་ཞ་བ༔ ཆད་པ་ནོར་བ་ཡིན་ཏེ་སྐྱོན་བདུན་པོ་དེ་བསལ་ལ༔ སྔགས་ཀྱི་འོད་ཟེར་རམ༔ འཕྲོ་འདུའམ༔ ཕྲེང་བ་ལ་རིག་པ་གཏད་ནས་བཟླའོ༔ འོད་ཟེར་ནི་ཞི་རྒྱས་དབང་དྲག་བཞི་དཀར་སེར་དམར་ནག་གོ༔ འཕྲོ་འདུ་ནི༔ ཕར་འཕྲོས་པས་བདེ་གཤེགས་མཆོད༔ ཚུར་འདུས་པས་དངོས་གྲུབ་ཐོབ་པའོ༔ ཕྲེང་བ་ནི་མགལ་མེའི་འཁོར་ལོ་ལྟ་བུའོ༔ མི་ཚིག་གིས་བར་མི་གཅད༔ ཁྱད་པར་བསྙེན་པའི་དུས་སུ་ཆོད་ན་བསྙེན་པའི་གོ་མི་ཆོད༔ བཟླས་པའི་མཇུག་ཏུ༔ ཨོཾ་ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཱཻ༔ ཨོ་ཨཱོ༔ ཨཾ་ཨཱ༔ ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ འགྲུབ་པར་གྱུར་ཅིག་སྭཱ་ཧཱ༔ ཞེས་བརྗོད་པས་མྱུར་དུ་འགྲུབ༔ ཆད་པ་སྐོང༔ བྱིན་རླབས་ཆེ་བ་ཡིན་ནོ༔ སྔགས་བཟླ་བའི་དུས་ན་མཚོན་རྩེ་ཁ་རུ་མི་འཇུག༔ མཆིལ་མ་ཕྱིར་མི་འདོར༔ ལྷའི་དྲན་པས་གཟུང༔ སྟོང་པའི་རྒྱས་གདབ༔ ལྷ་ཡིན་ནོ་སྙམ་པ་ནི་དོན་སྤྱི་ཡིན༔ སེམས་ཉིད་ལྷ་ཡི་ངོ་བོར་ཧྲིལ་སོང་ནས༔ ལྷ་དང་རིག་པ་དབྱེར་མེད་ནི་དོན་རང་མཚན་ནོ༔ འཕྲོ་འཇོག་ཙ་ན་ཏིང་ངེ་འཛིན་གསལ་གདབ༔ དགེ་བའི་རྩ་བ་བསྔོ༔ སྒྲུབ་པ་མ་ཐོན་བར་ལ་གཞན་དོན་མི་བྱ༔ ཆོས་མི་བཤད༔ གནས་མི་སྤོ༔ སྟན་མི་སྤྲུག༔ གདོང་པ་དང་ལག་པ་མི་བཀྲུ༔ སྐྲ་དང་ཁ་སྤུ་མི་འདྲེག༔ ཐོན་པ་དང་དངོས་གྲུབ་བླང༔ བཤགས་པ་བྱ༔ གཏང་རག་གཏང༔ དགེ་བའི་རྩ་བ་བསྔོ་འོ༔ གཉིས་པ་བསྲུང་བའི་འཁོར་ལོའི་རིམ་པ་བསྟན་པ་ནི༔ རྣལ་འབྱོར་སྲུང་བའི་འཁོར་ལོའི་རིམ་པ་ནི༔ ཞེས་པ༔ ཆོས་ཟབ་ན་བདུད་ཟབ༔ སྒྲུབ་པ་བྱེད་པ་ལ་བར་ཆད་འོང་བས༔ དེ་དག་སྲུང་བའི་འཁོར་ལོ་ལ་དྲུག་ལས༔ དང་པོ་བྱང་ཆུབ་སེམས་ཀྱིས་སྲུང་བ་ནི༔ ལུས་ཅན་རྣམས་ཀྱིས་བྱང་ཆུབ་མཆོག་འཐོབ་བསྒོམ༔ ཞེས་པས༔ སྐྱེ་འགྲོ་ལུས་ཅན་དབུགས་ཀྱིས་བསྡུས་ཤིང༔ ཤེས་པས་ཟིན་པ་རྣམས་ཀྱིས་དང༔ ཁྱད་པར་བདག་ལ་གནོད་བྱེད་ཀྱི་གཙོ་བྱས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན༔ སྡུག་བསྔལ་དང་བྲལ༔ བྱང་ཆུབ་སངས་རྒྱས་སྐུ་གསུམ་གྱི་གོ་འཕང་མཆོག་འཐོབ་པར་བྱ༔ དེའི་ཆེད་དུ་ལྷ་བསྒོམ༔ སྔགས་བཟླ༔ ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ་སྙམ་དུ་སེམས་བསྐྱེད༔ དེ་ནི་བསྲུང་བ་ཀུན་གྱི་མཆོག་ཡིན་ཏེ༔ གནོད་བྱེད་ཁོ་རང་གི་དོན་དུ་སྒྲུབ་པ་བྱེད་པ་ལ༔ ཁོ་རང་གིས་བར་དུ་མི་གཅོད་པས་སོ༔ གཉིས་པ་མཚོན་ཆ་ལྔས་སྲུང་བ་ནི༔ ལྷ་མཚན་རྡོ་རྗེ་འཁོར་ལོ་མཚོན་མེས་བསྲུང༔ ཞེས་པས༔ རང་སྐད་ཅིག་མའི་ངང་ལ་ཡི་དམ་ལྷ་གང་ཡིན་དུ་བསྒོམ༔ དེའི་ཐུགས་ཀར་རྩ་བའི་ས་བོན་ཡིག་འབྲུ་བསམ༔ ཐུགས་ཀའི་ཡིག་འབྲུ་ལས་ཡི་དམ་གང་ཡིན་གྱི་ཕྱག་མཚན་འོད་ཟེར་དང་བཅས་པ་ཕར་འཕྲོས་པས་གདོན་བགེགས་ཐམས་ཅད་བཅོམ༔ ཚུར་འདུས་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཕྱག་མཚན་རྩེ་མོ་ཕྱིར་བསྟན་པའི་གུར་དུ་བསམ་མོ༔ ཡང་ཐུགས་ཀའི་ཡིག་འབྲུ་ལས་རྡོ་རྗེ་འོད་ཟེར་དང་བཅས་པ་ཕར་འཕྲོས༔ འདུས་པས་ཐམས་ཅད་རྡོ་རྗེའི་གུར་དུ་བསམ་མོ༔ ཡང་ས་བོན་ལས་འཁོར་ལོ་འོད་ཟེར་དང་བཅས་པ་འཕྲོས་འདུས་པ་ལས་ཐམས་ཅད་འཁོར་ལོའི་གུར་དུ་བསམ༔ ཡང་ས་བོན་ལས་མཚོན་ཆ་སྣ་ཚོགས་འཕྲོས་འདུས་པས་ཐམས་ཅད་མཚོན་ཆའི་གུར་དུ་བསམ་མོ༔ ཡང་ས་བོན་ལས་མེའི་འོད་ཟེར་འཕྲོས་འདུས་པས་ཐམས་ཅད་མེའི་གུར་ཁང་དུ་བསམ་མོ༔ འདི་ནི་འཁོར་གཡོག་བསྲུང་བ་ལ་ཟབ་བོ༔ གསུམ་པ་ཡིག་འབྲུ་གསུམ་གྱིས་སྲུང་བ་ནི༔ ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཡིག་བསྒོམ༔ ཞེས་པས༔ རང་གི་ལུས་སངས་རྒྱས་ཐམས་ཅད་ཀྱི་སྐུའི་རང་བཞིན་ཨོཾ་དཀར་པོ་གཅིག་ཏུ་བསམ༔ དེ་ཇེ་ཆེར་གྱུར་པའི་ནང་དུ༔ ངག་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རང་བཞིན་ཨཱཿདམར་པོ་གཅིག་ཏུ་བསམ༔ དེ་ཇེ་ཆེར་གྱུར་པའི་ནང་དུ༔ ཡིད་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་རང་བཞིན་ཧཱུྃ་མཐིང་ནག་གཅིག་ཏུ་གྱུར་པར་བསམ༔ དེ་ལྟར་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཀྱི་ཡི་གེར་གྱུར་པར་བསམ་ཞིང་སྒོམ་པ་ལ༔ བར་དུ་གཅོད་པ་མེད་དེ་འདི་ནི་རང་ཉིད་ཁོ་ནའོ༔ བཞི་པ་ཞི་དྲག་གསུམ་བརྩེགས་ཀྱིས་སྲུང་བ་ནི༔ སྤྱན་རས་འཇམ་དཔལ་ཡི་དམ་གང་ཡིན་བསྒོམ༔ ཞེས་རང་གང་བསྲུང་བ་ཙམ་ཁྱབ་པར་འཕགས་པ་སྤྱན་རས་གཟིགས་སུ་བསྒོམ༔ དེ་ནི་ཞི་བའི་རང་བཞིན་ནོ༔ དེའི་ཐུགས་ཀར་འཇམ་དཔལ་ཁྲོས་པ་གཤིན་རྗེ་གཤེད་བསྒོམ༔ དེ་ནི་ཁྲོ་བོའི་རང་བཞིན་ནོ༔ དེའི་ཐུགས་ཀར་རང་གི་ཡི་དམ་གང་ཡིན་དུ་བསྒོམ༔ དེ་ནི་གཉིས་སུ་མེད་པའི་རང་བཞིན་ནོ༔ དེ་ལྟར་ཞི་དྲག་དབྱེར་མེད་དུ་གནས་པ་ལ༔ བར་དུ་གཅོད་པ་མེད་དེ༔ འདི་ནི་ཡུལ་དང་ལུང་པ་སྲུང་ན་ཟབ་བོ༔ ལྔ་པ་རང་བྱུང་ལྷུན་གྱིས་གྲུབ་པའི་སྲུང་བ་ནི༔ རྡོ་རྗེའི་ས་ར་གུར་དང་མདའ་མེ་བསྒོམ༔ ཞེས་པས༔ རྐང་མཐིལ་རྡོ་རྗེའི་ས་གཞི༔ རྩིབ་མ་རྡོ་རྗེའི་ར་བ༔ པགས་པ་རྡོ་རྗེའི་གུར༔ སྐྲ་དང་བ་སྤུ་མདའི་ར་བ༔ སོ་དང་སེན་མོ་མེ་རབ་ཏུ་འབར་བར་བསྒོམ༔ དེ་རྣམས་ནི་དེ་ལྟར་ཡིན་སྙམ་དུ་ཤེས་ཤིང་དྲན་པས་ཆོག་སྟེ༔ འདི་ནི་རང་བསྲུང་བ་ལ་ཟབ་བོ༔ དྲུག་པ་དོན་དམ་མཚན་མ་མེད་པས་སྲུང་བ་ནི༔ བྱ་བྱེད་ངོ་བོ་མི་དམིགས་ངང་ལ་གཞག༔ ཅེས་པས༔ བར་དུ་གཅད་བྱའི་ཡུལ༔ གཅོད་བྱེད་ཀྱི་བགེགས༔ བར་ཆད་རང་གི་ངོ་བོ་དང་གསུམ༔ དབྱེར་མེད་སྤྲོས་བྲལ་མི་དམིགས་པའི་ངོ་བོར་ཤེས་ཤིང༔ སྟོང་ཉིད་ཀྱི་ངང་ལ་གཞག་གོ༔ དེ་ལ་གང་གིས་ཀྱང་བར་དུ་མི་ཆོད་དེ༔ སྟོང་པ་ལ་སྟོང་པས་གླགས་མི་རྙེད་པའོ༔ དེ་རྣམས་ཀྱང་སྒྲུབ་པ་ལ་འཇུག་པའི་ནུབ་མོ་དང༔ སྐབས་སུ་ཚང་བར་བསྒོམ༔ སྲོད་ཀྱི་ཐུན་འགོར་བྱང་སེམས་ཀྱི་སྲུང་བ་དང༔ མཚན་མེད་སྲུང་བ་གང་འགྲུབ་བྱའོ༔ གསུམ་པ་གནད་ལྔའི་སྒོ་ནས་ལམ་ལ་འཇུག་པ་ནི༔ གནད་ལྔའི་སྒོ་ནས་ལམ་ལ་འཇུག་པ་ནི༔ ཞེས་པས༔ གནད་ལྔའི་སྒོ་ནས་ཐེག་ཆེན་གྱི་ལམ་ལ་འཇུག་པ་ལ་ནི་ལྔ་སྟེ༔ སྐྱབས་འགྲོས་ཆོས་ཀྱི་གཞི་བཅའ་བ༔ ཡི་གེ་བརྒྱ་པ་བགྲང་ལ་སྒྲིབ་པ་སྦྱང་བ༔ ལས་འབྲས་དང་མི་རྟག་པ་སྒོམ་ལ་བློ་སྦྱང་བ༔ མཎྜལ་དང་གཏོར་མ་གཏང་ལ་ཚོགས་གསག་པ༔ མཆོད་པ་ཕུལ་ལ་ཚོགས་ཡོངས་སུ་སྤེལ་བའོ༔ དང་པོ་ནི༔ ཐུན་མོང་ཁྱད་པར་བླ་མེད་གསུམ་སྐྱབས་འགྲོ༔ ཞེས་པས༔ འདི་ལ་གཉིས་ཏེ༔ སྤྱིར་བསྟན་པ་དང༔ བྱེ་བྲག་ཏུ་བསྟན་པའོ༔ དང་པོ་ལ་ལྔ་ལས༔ དང་པོ་སྐྱབས་སུ་འགྲོ་བའི་ཡུལ་ནི༔ དཀོན་མཆོག་གསུམ་སྟེ༔ སྐྱོབ་པའི་ནུས་པ་ཡོད་ཅིང༔ ཐུགས་རྗེ་ཐབས་ལ་མཁས་པའི་ཕྱིར་རོ༔ གསུམ་གྱི་དང་པོ་སངས་རྒྱས་ལ་གསུམ་སྟེ༔ ངོ་བོ་གནས་ལུགས་མངོན་དུ་བྱས་པས༔ ངེས་ཚིག་འཁྲུལ་པ་སངས་ལ་ཡེ་ཤེས་རྒྱས་པ༔ དབྱེ་ན་ཆོས་སྐུ་གཟུགས་སྐུ་གཉིས་སམ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་མམ༔ ཡེ་ཇི་བཞིན་དང༔ རྟོགས་པ་མངོན་གྱུར་རོ༔ གཉིས་པ་ཆོས་ལ་གསུམ་སྟེ༔ ངོ་བོ་རྣམ་པར་དཀར་བ༔ མཚན་ཉིད་ལྟུང་བ་ལས་འཛིན་པ༔ དབྱེ་ན་རྒྱུ་འབྲས་གཉིས་སམ༔ སྡེ་སྣོད་གསུམ་མམ༔ ཐེག་པ་དགུའོ༔ གསུམ་པ་དགེ་འདུན་ལ་གསུམ་སྟེ༔ ངོ་བོ་མི་དགེ་བས་དབེན་པ༔ ངེས་ཚིག་དགེ་བ་ལ་འདུན་པ༔ དབྱེ་བ་ཕྱི་གཟུགས་རྟགས་ཀྱི་དགེ་འདུན༔ གཞན་དོན་སེམས་ཀྱི་དགེ་འདུན༔ ཡང་དག་དོན་གྱི་དགེ་འདུན་ནོ༔ གཉིས་པ་སྐྱབས་འགྲོ་གསུམ་པོ་བསྟེན་པའི་ངོ་བོར་བསྟན་པ་ནི༔ ཆོས་ཀྱིས་བསྒྲུབ་བྱ་སངས་རྒྱས་ཡིན་པ་དང༔ སངས་རྒྱས་ཀྱི་དགོངས་པ་སྟོན་པ་ཆོས་ཡིན་པ་དང༔ ཆོས་ཉམས་སུ་ལེན་པ་དགེ་འདུན་ཡིན་པས་བསྟེན་པའི་ངོ་བོ་ཡིན་ནོ༔ གསུམ་པ་སྐྱབས་འགྲོ་བྱེད་པའི་གང་ཟག་ལ་གསུམ་སྟེ༔ ངོ་བོ་ནི་སྐྱབས་སུ་སོང་མ་སོང་གི་སྐྱོན་ཡོན་ཤེས་ནས་འཇུག་པའོ༔ མཚན་ཉིད་རྒྱུ་འབྲས་ལ་ཡིད་ཆེས་པའི་གང་ཟག་གོ༔ དབྱེ་ན་གསུམ༔ ཉན་རང༔ བྱང་སེམས༔ གསང་སྔགས་རིག་པ་འཛིན་པའི་གང་ཟག་གོ༔ བཞི་པ་ཚུལ་ཇི་ལྟར་སྐྱབས་སུ་འགྲོ་བ་ལ་གཉིས་ལས༔ ཐུན་མོང་གི་འགྲོ་ཚུལ་ནི༔ སངས་རྒྱས་ལ་སྐྱབས་སུ་སོང་བས༔ འཇིག་རྟེན་པའི་ལྷ་ལ་ཕྱག་མི་འཚལ༔ ཆོས་ལ་སྐྱབས་སུ་སོང་བས་སེམས་ཅན་ལ་གནོད་པ་མི་བསྐྱལ༔ དགེ་འདུན་ལ་སྐྱབས་སུ་སོང་བས༔ མུ་སྟེགས་པ་དང་མི་འགྲོགས་པའོ༔ ཁྱད་པར་གྱི་འགྲོ་ཚུལ་གསུམ་ནི༔ ཆོས་སྤྱོད་རྒྱུན་གྱི་སྐྱབས་འགྲོ༔ སྒྲུབ་པ་གཞིའི་སྐྱབས་འགྲོ༔ རྟོགས་པ་དོན་གྱི་སྐྱབས་འགྲོའོ༔ ལྔ་པ་སྐྱབས་འགྲོའི་ཕན་ཡོན་ནི༔ ནང་པ་སངས་རྒྱས་ཀྱི་ཁོངས་སུ་ཚུད་པ༔ སྡོམ་པ་ཐམས་ཅད་ཀྱི་རྟེན་བྱེད་པ༔ མི་དང་མི་མ་ཡིན་པས་མི་ཚུགས་པ༔ གནས་སྐབས་ཕན་བདེ་དང༔ མཐར་ཐུག་སངས་རྒྱས་ཐོབ་པའོ༔ གཉིས་པ་སྐྱབས་འགྲོ་བྱེ་བྲག་ཏུ་བཤད་པ་ལ་གསུམ༔ ཐུན་མོང་གི༔ ཁྱད་པར་གྱི༔ བླ་ན་མེད་པའི་སྐྱབས་འགྲོའོ༔ དང་པོ་ཐུན་མོང་གི་སྐྱབས་འགྲོ་ལ་གསུམ་ལས༔ དང་པོ་སྐྱབས་གནས་ངོས་གཟུང་བ་ནི༔ སངས་རྒྱས་ནི་སྤྲུལ་པའི་སྐུ་ཁོ་ན་དམ་པར་འཛིན་ཏེ་ཤཱཀྱ་ཐུབ་པ༔ ཆོས་ནི་རྒྱུའི་ཐེག་པ་བདེན་པ་བཞི༔ ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གཙོར་བྱེད༔ དགེ་འདུན་ཕྱིའི་ཆ་ལུགས་དང་སྤྱོད་ལམ་གྱིས་འདུལ་བ་ཕྱི་གཟུགས་རྟགས་ཀྱི་དགེ་འདུན་ནོ༔ གཉིས་པ་སྐྱབས་སུ་འགྲོ་བྱེད་ཀྱི་གང་ཟག་ནི་ཉན་ཐོས་རང་རྒྱལ་གཉིས་སོ༔ གསུམ་པ་སྐྱབས་སུ་འགྲོ་ཚུལ་ནི༔ རང་དོན་དུ་བྱེད་པའོ༔ ཐུན་མོང་གི་སྐྱབས་འགྲོ་ལ་བརྟེན་ནས་སོ་སོ་ཐར་པའི་སྡོམ་པ་སྐྱེ༔ དེ་ཆོ་གའི་དུས་སུ་ཐོབ༔ དེ་ལམ་བདེན་པ་བཞིས་སྦྱངས་ནས༔ འབྲས་བུ་སྲིད་པ་གསུམ་ན་དགྲ་བཅོམ་པ་ཐོབ༔ གཉིས་པ་ཁྱད་པར་གྱི་སྐྱབས་འགྲོ་ལ་གསུམ༔ དང་པོ་སྐྱབས་གནས་ངོས་གཟུང་བ་ནི༔ སངས་རྒྱས་ནི་སྤངས་རྟོགས་ཕུན་སུམ་ཚོགས་པ་སྟེ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ༔ དེ་ཡང་ཆོས་སྐུ་དག་པ་གཉིས་ལྡན༔་་་དབྱིངས་རང་བཞིན་རྣམ་པར་དག་པ། སྤང་བྱ་གློ་བུར་གྱི་དྲི་མ་དང་བྲལ་བས་དག་པའོ། །ལོངས་སྐུ་ངེས་པ་ལྔ་ལྡན༔ སྤྲུལ་སྐུ་མ་ངེས་པ་ལྔ་ལྡན༔ ཆོས་ནི་རྒྱུ་ཡི་ཐེག་པ་དོན་རྣམ་པར་ངེས་པའི༔ མཚན་ཉིད་མེད་པའི་འཁོར་ལོ་ལྷག་པ་ཤེས་རབ་ཀྱི་བསླབ་པ་ལ་གཙོར་བྱེད༔ དགེ་འདུན་ནི་གཞན་དོན་སེམས་ཀྱི་དགེ་འདུན་ཏེ༔ བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེའོ༔ གཉིས་པ་སྐྱབས་སུ་འགྲོ་བྱེད་ཀྱི་གང་ཟག་ནི༔ བྱང་ཆུབ་སེམས་དཔའི་གང་ཟག་སྟེ༔ དབང་པོ་རྣོན་པོ་དང༔ བརྟུལ་པོའི་རིགས་གཉིས་སོ༔ གསུམ་པ་སྐྱབས་སུ་འགྲོ་ཚུལ་ནི༔ ཚད་མེད་པ་བཞིའི་སྒོ་ནས་རང་གཞན་གཉིས་ཀྱི་དོན་བྱེད་པའོ༔ ཁྱད་པར་གྱི་སྐྱབས་འགྲོ་དེ་ལ་བརྟེན་ནས་བྱང་སེམས་ཀྱི་སྡོམ་པ་སྐྱེ༔ དེ་སེམས་བསྐྱེད་ཀྱི་དུས་སུ་ཐོབ༔ དེ་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱངས་ནས༔ འབྲས་བུ་བསྐལ་པ་གསུམ་ནས་སངས་རྒྱས་ཐོབ་བོ༔ གསུམ་པ་བླ་ན་མེད་པའི་སྐྱབས་འགྲོ་ལ་གཉིས་ཏེ༔ གསང་སྔགས་སྤྱིའི་སྐྱབས་འགྲོ་དང༔ ཁྱད་པར་ཨ་ཏིའི་སྐྱབས་འགྲོ་འོ༔ དང་པོ་ལ་གསུམ་ལས༔ དང་པོ་སྐྱབས་གནས་ངོས་གཟུང་བ་ནི༔ སངས་རྒྱས་ནི་སྐུ་ལྔ་དབྱེར་མེད་གཅིག་དང་དུ་མ་བྲལ་བ༔ ཆོས་ནི་འབྲས་བུ་རྡོ་རྗེ་ཐེག་པ༔ གསང་སྔགས་སྤྱིའི་སྐྱབས་འགྲོ༔ ལུང་དུ་བསྟན་ཅིང་རྨད་བྱུང་བ༔ བསླབ་པ་གསུམ་གང་དུ་ཡང་བསྟན་དུ་བཏུབ་སྟེ༔ གསང་སྔགས་ཀྱི་ཆོས་ལ་གཙོ་བོར་བྱེད༔ དགེ་འདུན་ནི་ཡང་དག་དོན་གྱི་དགེ་འདུན་ཏེ༔ མི་དགེ་བ་ངང་གིས་མི་གནས་པའོ༔ གཉིས་པ་སྐྱབས་སུ་འགྲོ་བྱེད་ཀྱི་གང་ཟག་ནི༔ གསང་སྔགས་རིག་པ་འཛིན་པའི་རྣལ་འབྱོར་ཏེ༔ སྡོམ་པ་གསུམ་ལྡན་ནོ༔ གསུམ་པ་སྐྱབས་སུ་འགྲོ་ཚུལ་ནི༔ རང་གཞན་གྱི་ལུས་ངག་ཡིད་གསུམ་དང༔ དཀོན་མཆོག་གསུམ་དབྱེར་མེད་པས༔ ཡུལ་དང་ཡུལ་ཅན་གཉིས་མེད་འགྲོའོ༔ བླ་མེད་ཀྱི་སྐྱབས་འགྲོ་དེ་དག་ལ་བརྟེན་ནས་གསང་སྔགས་ཀྱི་སྡོམ་པ་སྐྱེ་སྟེ༔ དེ་དབང་གི་དུས་སུ་ཐོབ༔ དེ་ལམ་རིམ་པ་གཉིས་ཀྱིས་སྦྱངས་ནས་སྐྱེ་བ་གཅིག་གཉིས་སམ༔ གསུམ་མམ༔ ལྔ་ནས་སངས་རྒྱས་སོ༔ གཉིས་པ་ཨ་ཏིའི་སྐྱབས་འགྲོ་ལ་གསུམ་སྟེ༔ དང་པོ་དཀོན་མཆོག་གསུམ་པོ་ངོས་གཟུང་བ་ནི༔ རིག་པ་སྐུ་བཞིར་གནས་པ་སངས་རྒྱས་དཀོན་མཆོག༔ དེ་ཉིད་སྟོང་པ་དབྱེར་མེད་པའོ༔ དེ་ཤེས་ཀྱི་ཤེས་པ་ཆོས་དཀོན་མཆོག་སྟེ༔ ཨ་ཏི་ཡོ་ག་ཁྱད་པར་རྨད་དུ་བྱུང་བ་སྟེ༔ ངེས་པའི་དོན་གྱི་ཆོས༔ གཤིས་ལ་སྡིག་པ་མ་གྲུབ་ཅིང༔ ངོ་བོ་ཟག་པ་མེད་པའི་དགེ་བར་གནས་པ་ནི༔ ཡང་དག་དོན་གྱི་དགེ་འདུན་ནོ༔ གཉིས་པ་སྐྱབས་སུ་འགྲོ་བྱེད་གང་ཟག་ངོས་གཟུང་བ་ནི༔ སྐྱེས་མཆོག་གང་ཟག་ཡང་རབ་ཨ་ཏིའི་རྣལ་འབྱོར་རོ༔ གསུམ་པ་སྐྱབས་སུ་འགྲོ་ཚུལ་ལ་གསུམ༔ དཀོན་མཆོག་རང་གི་སེམས་ལ་གྲུབ་པར་ཤེས་པ་ནི་དོན་དུ་གཉེར་བའི་སྐྱབས་འགྲོ༔ རང་གི་སེམས་མ་ཡིན་པའི་དཀོན་མཆོག་གསུམ་མེད་པར་རྟོགས་པ་ནི་གཞན་སེལ་བའི་སྐྱབས་འགྲོ༔ སེམས་ཉིད་དཀོན་མཆོག་གི་རང་བཞིན་གཅིག་དང་དུ་མ་དང་བྲལ་ཞིང༔ མཐའ་གང་ལ་ཡང་མི་གནས་པ་གཉིས་མེད་རང་གྲོལ་དུ་རྟོགས་པ་ནི་ཡང་དག་བླ་མེད་ཀྱི་སྐྱབས་འགྲོའོ༔ དེས་ན་སངས་རྒྱས་ཀྱི་བཀའ་བཞིན་དུ་སྒྲུབ་ཅིང་གསུང་ན་བླ་མ་ཡིན༔ དེའི་གསུང་བཞིན་སྒྲུབ་ན་སློབ་མ་ཡིན༔ དེའི་ཆ་རྐྱེན་སྒྲུབ་ན་ཡོན་བདག་ཡིན༔ དེ་ལྟ་བུ་གང་ན་ཡོད་པ་དེ་ན་སངས་རྒྱས་ཀྱི་བསྟན་པ་ཡོད་དོ༔ གཉིས་པ་ཡི་གེ་བརྒྱ་པས་སྒྲིབ་པ་སྦྱོང་བ་ནི༔ དཀར་དམར་ནག་གསུམ་བརྒྱ་བཟླས་མཆོད་སྦྱངས་བསྐངས༔ ཞེས་པས༔ དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད༔ དེ་ནས་རང་ཡི་དམ་ལྷ་རུ་བསྒོམ༔ དེའི་ཐུགས་ཀར་ས་བོན་གྱི་ཡིག་འབྲུ་གཅིག་ལ༔ ཡི་གེ་བརྒྱ་པ་དཀར་དམར་ནག་གསུམ་གྱིས་བསྐོར་བར་བསམ་ལ༔ ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་བ༔ སུ་པོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ༔ ཤྲེ་ཡཱཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ༔ མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཞེས་བརྒྱ་བཟླས་པས༔ ཡི་གེ་བརྒྱ་པ་དཀར་པོ་ལས་འོད་དཀར་པོ་འཕྲོས༔ བདེ་གཤེགས་སྐུ་ལ་མཆོད་པ་ཕུལ༔ རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྒྲིབ་པ་སྦྱངས༔ སྐུའི་དམ་ཚིག་ཉམས་པ་ཐམས་ཅད་བསྐངས་པར་བསམ༔ བརྒྱ་པ་དམར་པོ་ལས་འོད་དམར་པོ་འཕྲོས་པས༔ བདེ་གཤེགས་གསུང་ལ་མཆོད་པ་ཕུལ༔ རང་གཞན་སེམས་ཅན་ཐམས་ཅད་ཀྱི་ངག་གི་སྒྲིབ་པ་སྦྱངས༔ གསུང་གི་དམ་ཚིག་ཉམས་པ་ཐམས་ཅད་བསྐངས་པར་བསམ༔ བརྒྱ་པ་ནག་པོ་ལས་འོད་ཟེར་ནག་པོ་འཕྲོས་པས༔ བདེ་གཤེགས་ཐུགས་ལ་མཆོད་པ་ཕུལ༔ རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་སྒྲིབ་པ་སྦྱངས༔ ཐུགས་ཀྱི་དམ་ཚིག་ཉམས་པ་ཐམས་ཅད་བསྐངས་པར་བསམ་མོ༔ དེ་ནས་རང་ཉིད་འོད་དུ་ཞུ་ནས་ཡིག་འབྲུར་གྱུར༔ ཡི་གེ་སྐྱེ་མེད་སྟོང་ཉིད་མི་དམིགས་པའི་ངང་ལ་བཞག་གོ༔ དང་པོ་མང་དུ་བཟླས༔ དེ་ནས་བརྒྱའམ་ཉེར་གཅིག་ལ་སོགས་པ་གང་འགྲུབ་རེ་བསྒྲང༔ དེས་སྡིག་སྒྲིབ་ཐམས་ཅད་དག༔ ཉམས་ཆག་ཐམས་ཅད་བསྐང་ངོ༔ གསུམ་པ་ལས་རྒྱུ་འབྲས་དང་འཆི་བ་མི་རྟག་པ་སྒོམ་ལ་བློ་སྦྱོང་བ་ནི༔ དལ་འབྱོར་ལས་འབྲས་མི་རྟག་ཉེས་དམིགས་བསྒོམ༔ ཞེས་པས༔ འདི་ལ་བཞི་ལས༔ དང་པོ་དལ་འབྱོར་རྙེད་པར་དཀའ་བ་སྒོམ་པ་ནི༔ བྱང་ཆུབ་སྒྲུབ་པའི་རྟེན་ནི་དལ་འབྱོར་ཁོ་ན་ཡིན་ལ༔ དལ་བ་ཞེས་བྱ་བ་ནི༔ མི་ཁོམས་པའི་གནས་བརྒྱད་དང་བྲལ་བ་ལ་བྱ་སྟེ༔ མི་ཁོམས་པ་བརྒྱད་ནི༔ དམྱལ་བ་ཡི་དྭགས་དུད་འགྲོ་དང༔ ཚེ་རིང་ལྷ་དང་ཀླ་ཀློ་དང༔ སངས་རྒྱས་མི་འབྱུང་ལོག་ལྟ་དང༔ ལྐུགས་པ་འདི་དག་མི་ཁོམས་བརྒྱད༔ ཅེས་པས༔ ངན་སོང་གསུམ་དང་ལྷ་ཚེ་རིང་པོ་སྟེ་མི་མ་ཡིན་པའི་འགྲོ་བ་བཞི་དང༔ སངས་རྒྱས་ཀྱི་བསྟན་པ་མེད་པའི་ས་དང༔ ཡོད་ཀྱང་མ་ཁྱབ་པའི་མཐའི་ཀླ་ཀློ་དང༔ ལས་འབྲས་མེད་ཅེས་ལོག་པར་ལྟ་བ་དང༔ འོན་ལོང་དིག་ལྐུགས་ལ་སོགས་པ་དབང་པོ་མ་ཚང་བའི་མིས་བསྡུས་པ་བཞི་སྟེ་བརྒྱད་དོ༔ སྐྱོན་བཞི་གཉིས་བརྒྱད་པོ་དེ་དང་བྲལ་བ་ནི་དལ་བ་སྟེ༔ ཆོས་ཁྱད་པར་ཅན་གྱི་རྟེན་དུ་རུང་བ་ཡིན་ནོ༔ འབྱོར་པ་ནི༔ མིར་གྱུར་ཡུལ་གྱི་དབུས་སྐྱེས་དང༔ དབང་པོ་ཚང་ཞིང་གནས་ལ་དད༔ དེ་བཞིན་ལས་མཐའ་མ་ལོག་པའོ༔ ཞེས་པས༔ མི་ཉིད་དུ་གྱུར་པ་དང༔ ཡུལ་དབུས་སུ་སྐྱེས་པ་དང༔ དབང་པོ་ཚང་བ་དང༔ སངས་རྒྱས་བསྟན་པའི་གནས་ལ་དད་པ༔ ལས་ཀྱི་མཐའ་མ་ལོག་པ་སྟེ་རང་འབྱོར་ལྔ་དང༔ སངས་རྒྱས་རྣམས་བྱོན་ཆོས་གསུངས་དང༔ བསྟན་པ་གནས་དང་དེ་རྗེས་འཇུག༔ གཞན་ཕྱིར་སྙིང་རྗེ་ལྔ་ཡིན་ནོ༔ ཞེས་པས༔ སངས་རྒྱས་འཇིག་རྟེན་དུ་བྱོན་པ༔ དེས་ཆོས་གསུངས་པ༔ བསྟན་པ་དེ་ཡུན་དུ་གནས་པ༔ བསྟན་པའི་རྗེས་སུ་འཇུག་པ༔ གཞན་གྱི་ཕྱིར་བརྩེ་བའི་ཐུགས་རྗེ་ཡོད་པ་སྟེ༔ གཞན་འབྱོར་ལྔའོ༔ དེ་ལྟར་ཡོན་ཏན་ལྔ་གཉིས་བཅུ་དང་ལྡན་པ་དེ་ནི་འབྱོར་པ་ཞེས་བྱ་སྟེ༔ ཆོས་ལ་སྤྱད་དུ་ཡོད་པའོ༔ དེ་ནི་རྒྱུ་རྐྱེན་ངོ་བོ་གང་ལ་བརྟགས་ཀྱང་ཐོབ་པ་ཤིན་ཏུ་དཀའ་བ་ཡིན་པས༔ དེ་ལྟར་བསྒོམས་ན་འཁོར་བ་ལ་བློ་ལྡོག་པ་ཡིན་ནོ༔ གཉིས་པ་ལས་རྒྱུ་འབྲས་ལ་གསུམ་སྟེ༔ ལས་ཀྱི་ངོ་བོ་ངོས་གཟུང་བ་དང༔ སོ་མཚམས་དབྱེ་བ༔ རྣམ་གྲངས་སོ༔ དང་པོ་ནི༔ གང་ཉེས་པར་སྤྱད་པས་དངོས་སམ་བརྒྱུད་ནས་སྡུག་བསྔལ་བསྐྱེད་པ་ནི་སྡིག་པ་སྟེ་མི་དགེ་བའི་ལས་སོ༔ དེ་ལ་གསུམ་སྟེ་རང་བཞིན་གྱི་ཁ་ན་མ་ཐོ་བ་སྤྱད་པ་ཉིད་ན་སྡིག་ཏུ་གྱུར་པ༔ མཚམས་མེད་པ་ལྔ༔ དེ་དང་ཉེ་བ་ལྔ༔ མི་དགེ་བ་བཅུའོ༔ བཅས་པའི་ཁ་ན་མ་ཐོ་བ་སྤྱད་པ་ཉིད་ན་ལྟུང་བར་གྱུར་པ༔ སྡོམ་པ་གསུམ་གྱི་ཉེས་པའོ༔ འཇིག་རྟེན་གྱི་ཁ་ན་མ་ཐོ་བ༔ གཞན་གྱིས་སྡིག་ཅན་བྱེད་པ་སྟེ༔ མི་ཤེས་པ༔ བག་མེད་པ༔ མ་གུས་པ༔ ཉོན་མོངས་པའོ༔ གང་ལེགས་པར་སྤྱད་པས་དངོས་སམ་བརྒྱུད་ནས་བདེ་བ་སྐྱེད་པ་ནི་དགེ་བའོ༔ དེ་ལ་གསུམ༔ འཁོར་གསུམ་དམིགས་པ་དང་བཅས་ནས་གཏོང་བ་བསོད་ནམས་ཆ་མཐུན་དགེ་བ༔ ངེས་འབྱུང་གི་སེམས་ཀྱིས་ཀུན་ནས་བླངས་ནས་གཏོང་བ་ཐར་པ་ཆ་མཐུན་གྱི་དགེ་བ༔ འཁོར་གསུམ་ཡང་དག་མི་དམིགས་པར་ཤེས་པ་ཐར་པ་བླ་ན་མེད་པའི་དགེ་བའོ༔ དགེ་སྡིག་གཉིས་ཀ་མ་ཡིན་པ་ནི་ལུང་མ་བསྟན་གྱི་ལས་སོ༔ གཉིས་པ་ལས་ཀྱི་སོ་མཚམས་དབྱེ་བ་ལ་བདུན་ལས༔ དང་པོ་དོན་གྱི་དགེ་བ་གནས་ལུགས་འདུས་མ་བྱས༔ དོན་གྱི་མི་དགེ་བ་འདུས་བྱས་འཁོར་བའི་ཆོས་སོ༔ ༢ རང་བཞིན་གྱི་དགེ་བ་རིག་པ་ཡེ་ཤེས༔ རང་བཞིན་གྱི་མི་དགེ་བ་ཉོན་མོངས་དུག་ལྔའོ༔ ༣ གཤིས་དགེ་བ་ཆོས་ཉིད་སྟོང་པ༔ གཤིས་མི་དགེ་བ་མ་རིག་པའོ༔ ༤ ཡང་དག་པའི་དགེ་བ་བློ་ལས་འདས་པ༔ ཡང་དག་པའི་མི་དགེ་བ་ཡིད་ཀྱིས་བསླད་པའོ༔ ༥ ཡིད་ལ་མི་བྱེད་པ་ནི་མྱང་འདས་ཏེ་དགེ་བ༔ ཡིད་ལ་བྱེད་པ་ནི་འཁོར་བ་སྟེ་མི་དགེ་བའོ༔ ༦ དུག་གསུམ་ཆ་ཕྲ་མོས་སྦགས་པའི་དགེ་བས་མཐོ་རིས་གསུམ༔ དུག་གསུམ་གྱིས་ཀུན་ནས་བསླངས་པའི་སྡིག་པས་ངན་སོང་གསུམ་བསྐྱེད་དོ༔ ༧ ཐབས་ཤེས་ཀྱི་དགེ་བས་མི་གནས་པའི་མྱང་འདས༔ ཐབས་ཤེས་ཅི་རིགས་པའི་དགེ་བས་ཕྱོགས་གཅིག་པའི་མྱང་འདས་སོ༔ གསུམ་པ་ལས་ཀྱི་རྣམ་གྲངས་ལ༔ གཅིག་ཏུ་དཀར་བའི་ལས༔་་་དགེ་བ་ཁོ་ནའོ། །གནག་པའི་ལས༔་་་མི་དགེ་བ་ཁོ་ན། འདྲེས་པའི་ལས་་་དགེ་སྡིག་འདྲེས་པ་སྟེ།གསུམ༔ བསམ་པ་དཀར་ལ་སྦྱོར་བ་གནག་པ༔་་་མི་ནག་མདུང་ཐུང་ཅན་བསད་པ་ལྟ་བུའོ། །བསམ་པ་ནག་ལ་སྦྱོར་བ་དཀར་བ༔་་་གསོད་པའི་ཕྱིར་བསྙེན་བཀུར་བྱེད་པ་ལྟ་བུའོ། །བསམ་སྦྱོར་གཉིས་ཀ་དཀར་བ༔་་་སངས་རྒྱས་འཐོབ་པའི་ཕྱིར་དགེ་བ་ལ་སྦྱོར་བ་ལྟ་བུའོ། །གཉིས་ཀ་ནག་པ༔་་་ཞེ་སྡང་གིས་བསད་པ་ལྟ་བུ། མཐོང་ཆོས་འབྲས་བུ་ཅན༔་་་ཚེ་འདིར་རྣམ་སྨིན་མྱོང་བའི་ལས་སོ། །སྐྱེས་ནས་མྱོང་གྱུར༔་་་སྐྱེ་བ་ཕྱི་མ་ལ་མྱོང་ངེས་པ། ལན་གྲངས་གཞན་ལ་མྱོང་བ༔་་་སྐྱེ་བ་གསུམ་ཕན་ལ་མྱོང་བའི་ལས་སོ། །ལས་དཀར་རྣམ་སྨིན་དཀར་བ༔་་་དགེ་བ་བྱས་པས་བདེ་འགྲོར་སྐྱེས་པའོ། །ལས་ནག་རྣམ་སྨིན་ནག་པ༔་་་མི་དགེ་བ་བྱས་པས་ངན་འགྲོར་སྐྱེས་པའོ། །ལས་དཀར་རྣམ་སྨིན་ནག་པ༔་་་མི་སྡུག་བསྔལ་ཅན་ལྟ་བུ། ལས་ནག་རྣམ་སྨིན་དཀར་བ༔་་་གླང་པོ་ཆེ་རབ་བརྟན། འཕེན་བྱེད་དགེ་བ་ལ་རྫོགས་བྱེད་ཀྱང་དགེ་བ༔་་་ལྷར་སྐྱེ་བ། འཕེན་བྱེད་དགེ་བ་ལ་རྫོགས་བྱེད་མི་དགེ་བ༔་་་མི་དབུལ་པོ་ལྟ་བུ། འཕེན་བྱེད་ཀྱང་མི་དགེ་བ་ལ་རྫོགས་བྱེད་ཀྱང་མི་དགེ་བ༔་་་དུད་འགྲོར་སྐྱེས་པའི་སྡུག་བསྔལ་ཅན་ལྟ་བུ། འཕེན་བྱེད་མི་དགེ་བ་ལ་རྫོགས་བྱེད་དགེ་བའི་ལས་་་ཀླུ་ཕྱུག་པོ་ལྟ་བུ།ཡོད་དོ༔ མི་དགེ་བ།་་་བདག་གིས་བྱས་པའི་ལས་གཞན་ལ་་་སྡུག་བསྔལ་མྱོང་བར།མི་སྨིན༔ དགེ་མི་དགེ།་་་གཞན་གྱིས་བྱས་པ་བདག་ལ་མི་སྨིན༔ རང་གིས།་་་ལས་མ་བྱས་པ་དང་མི་འཕྲད༔ རང་གིས་དགེ་སྡིག་གི།་་་བྱས་པའི་ལས་ཆུད་མི་ཟ༔ དགེ་སྡིག་ལས།་་་དཀར་ནག་གི་ལས་མི་འཆོལ་བས༔ དེ་ཕྱིར།་་་ཤིན་ཏུ་ཕྲ་བ་ནས་་་མི་དགེ་བ་དང་དགེ་བ་ལ།འདོར་ལེན་བྱའོ༔ གསུམ་པ་མི་རྟག་པ་བསྒོམ་པ་ལ་གསུམ་སྟེ༔ སྐྱེས་ཕན་ཆད་འཆི་ངེས་པར་འདུག༔ དེ་ཀ་མི་རྟག་པའི་ངོ་བོ་ཡིན་པར་འདུག༔ དོན་སྙིང་ལ་མཚོན་ཕོག་པའི་སྐྱེས་བུ་དང་འདྲ༔ དེ་ཡང་ནམ་འཆི་ངེས་པ་མི་འདུག༔ དེ་ཀ་མི་རྟག་པའི་མཚན་ཉིད་ཡིན་ཏེ༔ རྩྭ་ཁའི་ཟིལ་པ་དང་འདྲ༔ འཆི་བ་ལ་ཅིས་ཀྱང་མི་ཕན་པར་འདུག༔ དེ་ཀ་མི་རྟག་པའི་ཁྱད་ཆོས་ཡིན་ཏེ༔ ཉི་མ་རྒས་པའི་གྲིབ་སོ་དང་འདྲའོ༔ དང་པོ་འཆི་ངེས་པ་ལ་རྒྱུ་མཚན་གསུམ༔ སྔར་སྐྱེས་པ་ལུས་པ་མེད་པ་དང༔ ཚེ་ལ་བསྣོན་པ་མེད་ཅིང་འབྲི་བ་ཡོད་པ་དང༔ ལུས་སེམས་འདུས་བྱས་ཡིན་ཏེ་འཆི་ངེས་པའོ༔ གཉིས་པ་ནམ་འཆི་ངེས་པ་མེད་པ་ལ་ཡང་རྒྱུ་མཚན་གསུམ་སྟེ༔ ཚེ་ལ་དུས་བཏབ་མེད་པ་དང༔ འཆི་རྐྱེན་མང་བ་དང༔ འདུས་བྱས་འཇིག་པའི་རང་བཞིན་ཅན་ཡིན་པས་ནམ་འཆི་ངེས་པ་མེད་དོ༔ གསུམ་པ་འཆི་བ་ལ་ཅིས་ཀྱང་མི་ཕན་པ་ལའང་རྒྱུ་མཚན་གསུམ་སྟེ༔ བསགས་པའི་ནོར༔ འབྲེལ་བའི་གཉེན༔ བརྩིགས་པའི་མཁར་གྱིས་མི་ཕན་པའོ༔ དེ་ལྟར་མི་རྟག་པ་བསྒོམས་པས་འཇིག་རྟེན་འདི་ལ་བློ་ལྡོག་པ་ཡིན་ནོ༔ བཞི་པ་འཁོར་བའི་ཉེས་དམིགས་བསྒོམ་པ་ནི༔ འཁོར་བ་ནི་ཁམས་གསུམ་གྱི་སེམས་ཅན་ཡིན་ལ༔ དེ་དག་ནི་སྡུག་བསྔལ་གྱི་རང་བཞིན༔ སྡུག་བསྔལ་གྱི་ངོ་བོ༔ སྡུག་བསྔལ་གྱི་ཡོ་ལང་ཡིན་ཏེ༔ རྩ་བའི་སྡུག་བསྔལ་བཞི་ནི་ལུ་གུ་རྒྱུད་དང་འདྲ་སྟེ་གཅིག་གཤམ་ལ་གཅིག་འབྲེལ༔ ཡན་ལག་གི་སྡུག་བསྔལ་དྲུག་ནི་རྒྱ་མཚོའི་རླབས་དང་འདྲ་སྟེ་བུད་པ་དང་སངས་པ་མེད༔ ཉིང་ལག་གི་སྡུག་བསྔལ་གནམ་གྱི་སྐར་མ་དང་འདྲ་སྟེ་གྲངས་དང་ཚད་མེད༔ དེས་ན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་ཡོ་ལང༔ སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས་པོ༔ གང་དུ་ཕྱིན་ཀྱང་སྡུག་བསྔལ་གྱི་གནས་སོ༔ གང་ཡིན་ཀྱང་སྡུག་བསྔལ་གྱི་བསྣོན་མར་འདུག་སྟེ༔ ལོ་ཀའི་ཕུན་སུམ་ཚོགས་པ་ཐམས་ཅད་སྡུག་བསྔལ་གྱི་རྒྱུ༔ མ་ཚོགས་པ་ཐམས་ཅད་སྡུག་བསྔལ་གྱི་འབྲས་བུ་སྟེ༔ སྡུག་བསྔལ་ལུ་གུ་རྒྱུད་དང་འདྲ་བ༔ གཅིག་གཤམ་ནས་གཅིག་འབྲེལ་ཆུའི་གཉེར་མ་དང་འདྲ་སྟེ་བུད་པ་དང་སངས་པ་མེད༔ གནམ་གྱི་སྐར་མ་དང་འདྲ་སྟེ་གྲངས་དང་ཚད་མེད་དོ༔ མདོར་ན་འདོད་པ་སེམས་ཀྱི་ཆོ་འཕྲུལ༔ མྱོང་བ་ལུས་ཀྱི་སྡུག་བསྔལ༔ སྣང་བ་ཡུལ་གྱི་སྡུག་བསྔལ༔ སྒོ་གསུམ་རྩོལ་སྒྲུབ་ཀྱི་སྡུག་བསྔལ་ཏེ༔ སྡུག་བསྔལ་མེད་པ་གཅིག་ཀྱང་མེད་དོ༔ དེ་ལྟར་བསམ་ཙ་ན་འཁོར་བ་འདི་ལ་བློ་ལྡོག་པ་ཡིན་ནོ༔ བཞི་པ་མཎྜལ་དང་གཏོར་མས་ཚོགས་གསོག་པ་ལ་གཉིས་ལས༔ དང་པོ་མཎྜལ་དབུལ་བ་ནི༔ སྒྲུབ་དང་མཆོད་པའི་མཎྜལ་གཉིས་སུ་འབུལ༔ ཞེས་པས༔ སྒྲུབ་པའི་མཎྜལ་དགོད་པ་དང༔ མཆོད་པའི་མཎྜལ་དབུལ་བའོ༔ དང་པོ་ནི༔ སྒྲུབ་པའི།་་་མཎྜལ་ཕྱིས་པས་སྟོང་པ་ཉིད་དུ་བསམ༔ སྟོང་པའི་ངང་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པ་བསམ༔ དེའི་ཕྱོགས་བཞི་དབུས་དང་ལྔར་སེང་གེའི་ཁྲི་རིན་པོ་ཆེས་སྤྲས་པ༔ ཉི་ཟླ་པདྨ་དང་བཅས་པའི་གདན་ལྔ་བསམ༔ ཁྲི་དབུས་མའི་སྟེང་ན་རྩ་བའི་བླ་མ༔ ཤར་དུ་ཡི་དམ༔ ལྷོར་སངས་རྒྱས༔ ནུབ་ཏུ་ཆོས༔ བྱང་དུ་དགེ་འདུན་དཀོན་མཆོག་གསུམ༔ དེ་རྣམས་ལས་འོད་ཟེར་འཕྲོས་པས༔ རྩ་བའི་བླ་མ་ལ་བཀའ་བརྒྱུད་ཀྱི་བླ་མ་ཐམས་ཅད་བསྟིམ༔ ཡི་དམ་ལ་གསང་སྔགས་ཀྱི་ལྷ་ཚོགས༔ སངས་རྒྱས་ལ་སྐུ་གསུམ་ཡེ་ཤེས་ལྔ་ཕྱོགས་བཅུའི་སངས་རྒྱས༔ ཆོས་ལ་བསྟན་སྒྲུབ་འགོག་པའི་ཆོས་ཐམས་ཅད༔ དགེ་འདུན་ལ་ཉན་རང་བྱང་ཆུབ་སེམས་ཀྱི་དགེ་འདུན་དཔག་ཏུ་མེད་པ་བསྟིམ༔ དེ་རྣམས་ལ་ལུས་ལོངས་སྤྱོད་དགེ་བའི་རྩ་བ་ཐམས་ཅད་དབུལ༔ མཆོད་པའི་སྤྲིན་ཚོགས་དཔག་ཏུ་མེད་པས་མཆོད་ལ༔ ངག་ཏུ་བླ་མ་ཡི་དམ་ཇོ་བོ་དཀོན་མཆོག་བཞེས་ཤིག༔ བདག་གི་ལུས་ལོངས་སྤྱོད་དགེ་རྩ་ཐམས་ཅད་ཡོངས་སུ་དབུལ་ལོ་བཞེས་ཤིག༔ བླ་མ་ཡི་དམ་ལྷ་ཚོགས་དཀོན་མཆོག་གསུམ་པོ༔ བདག་ལ་རྟོགས་པ་མཆོག་ཏུ་གྱུར་པ༔ ཉམས་མྱོང་རྒྱུན་ཆད་མེད་པ༔ སྣང་བ་རྟེན་འབྲེལ་དུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་གསོལ་བ་ལན་གསུམ་གདབ༔ དེ་ནས་རྟེན་འཁོར་ལོ་ལྔ་པོ་མདུན་གྱི་ནམ་མཁའ་ལ་བཏེགས་ལ༔ ཨོཾ་སརྦ་གུ་རུ་ལོ་ཀ་པཱུ་ཙ་དྷརྨ་ཡེ་སྭཱ་ཧཱ༔ ཞེས་སོ༔ གཉིས་པ་མཆོད་པའི་མཎྜལ་དབུལ་བ་ནི༔ མཎྜལ་དེ་ཕྱིས་པས་རྒྱ་མཚོ་སྔོ་ལ་དྭངས་པ་གཅིག་ཏུ་བསམ༔ དེའི་དབུས་སུ་ཚོམ་བུ་གཅིག་བཀོད་པས༔ དབུས་ཀྱི་རི་རབ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་དབྱིབས་གྲུ་བཞི་བང་རིམ་ལྔ་དང་ལྡན་པ༔ རྒྱ་ཆེ་ལ་དཔངས་མཐོ་བ་གཅིག་བསམ༔ ཤར་དུ་ཚོམ་བུ་གཅིག་བཀོད་པས་ལུས་འཕགས་པོ་དུང་ལས་གྲུབ་པ་དབྱིབས་ཟླ་གམ་རྒྱ་ཆེ་ལ་དཔངས་མཐོ་བ་གཅིག་བསམ༔ ལྷོ་རུ་གཅིག་བཀོད་པས་འཛམ་བུ་གླིང་བཻ་ཌཱུརྻ་ལས་གྲུབ་པ་དབྱིབས་སོག་ཁ༔ ནུབ་ཏུ་གཅིག་བཀོད་པས་བ་གླང་སྤྱོད་ཤེལ་དམར་པོ་ལས་གྲུབ་པ་ཟླུམ་པོ༔ བྱང་དུ་གཅིག་བཀོད་པས་སྒྲ་མི་སྙན་གསེར་ལས་གྲུབ་པ་གྲུ་བཞི༔ ཤར་དང་དབུས་ཀྱི་བར་དུ་གཅིག་བཀོད་ལ་ཟླ་བའི་དཀྱིལ་འཁོར་ཆུ་ཤེལ་ལས་གྲུབ་པ༔ རྒྱ་ཆེ་ལ་དཔངས་མཐོ་བ་གཅིག་བསམ༔ ནུབ་དང་དབུས་ཀྱི་བར་དུ་གཅིག་བཀོད་ལ་ཉི་མའི་དཀྱིལ་འཁོར་མེ་ཤེལ་ལས་གྲུབ་པ་གཅིག་བསམ༔ དེ་རྣམས་ཀྱི་བར་ཐམས་ཅད་མཆོད་པའི་སྤྲིན་སྣ་ཚོགས་གཅལ་དུ་བཀྲམ་པ༔ རཏྣ་སྣ་ཚོགས་ཀྱིས་ཕྱུར་ལུད་དུ་བཀང་བ༔ སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔས་གང་བ༔ ལྷའི་བུ་དང་བུ་མོ་མང་པོ་གླུ་ལེན་ཅིང་གར་བསྒྱུར་བ་དང་བཅས་པ་དམིགས་ལ་དབུལ་ལོ༔ རང་གི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་ཐམས་ཅད་ཀྱང་ལྟོས་པ་མེད་པར་དབུལ་བ་སྟེ་སྒྲུབ་མཆོད་ཀྱི་མཎྜལ་གཉིས་སུ་འབུལ་བར་བྱའོ༔ གཉིས་པ་གཏོར་མ་གཏང་བ་ནི༔ སྣ་ཚོགས་ལམ་ཁྱེར་གཏོར་མས་ཚོགས་གཉིས་གསག༔ ཅེས་པས༔ འདི་ལ་གཉིས་ཏེ༔ གནད་སྤྱིར་བསྟན་པ་དང༔ གཏང་ཐབས་བྱེ་བྲག་ཏུ་བཤད་པའོ༔ དང་པོ་ལ་ལྔ་སྟེ༔ ངོ་བོ༔ ངེས་ཚིག༔ རྣམ་གྲངས༔ མགྲོན་ངོས་གཟུང་བ༔ གཏོར་མའི་དེ་ཉིད་དོ༔ དང་པོ་ངོ་བོ་ནི༔ དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་སྟེ༔ ཆོས་ཉིད་སྟོང་པའི་རྩལ་ཆོས་ཅན་གཏོར་མར་འཆར་བའོ༔ གཉིས་པ་ངེས་ཚིག་ནི༔ འཛིན་པ་མེད་པས་གཏོར༔ ཀུན་ལ་ཁྱབ་པས་མ་ཞེས་བྱ་སྟེ༔ རྟོག་མེད་ཡེ་ཤེས་ཀྱི་རོལ་པས་མགྲོན་བཞི་ཚིམས་པའོ༔ གསུམ་པ་རྣམ་གྲངས་ལ་ལྔ་སྟེ༔ འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སྣང་འཛིན་མེད་དུ་རྟོགས་ནས༔ ཉོན་མོངས་ཡེ་ཤེས་སུ་ཤར་བ་ནི་འགྱུར་མེད་ཡེ་ཤེས་ཀྱི་གཏོར་མ༔ ཆོས་ཐམས་ཅད་རང་སྣང་གཉིས་མེད་དུ་རྟོགས་ནས་སྡུག་བསྔལ་བདེ་བར་འཆར་བ་ནི་བདེ་ཆེན་བྱང་ཆུབ་སེམས་ཀྱི་གཏོར་མ༔ ཕྱི་ནང་སྣོད་བཅུད་སེམས་ཀྱིས་ཁྱབ་ཚད་ཆོས་ཉིད་ཀྱིས་ཁྱབ་པ་ནི་ཡོངས་སུ་ཁྱབ་པའི་གཏོར་མ༔ ཆོས་ཉིད་བྱང་ཆུབ་ཀྱི་སེམས་མ་བྱུང་མ་སྐྱེས་པ་ནི་དག་པ་ཆོས་ཉིད་ཀྱི་གཏོར་མ༔ ཐམས་ཅད་ཡང་དག་གཉིས་མེད་ཀྱི་ལམ་དུ་འགྲོ་བ་ནི་སྣ་ཚོགས་ལམ་ཁྱེར་གྱི་གཏོར་མའོ༔ བཞི་པ་མགྲོན་ངོས་གཟུང་བ་ལ་གཉིས་ཏེ༔ ཕྱི་མཚན་ཉིད་དང་ནང་གསང་སྔགས་སོ༔ དང་པོ་ཕྱི་མཚན་ཉིད་ལྡན་པ༔ སྲི་ཞུའི་མགྲོན་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཉན་རང་བྱང་སེམས་ཀྱིས་བསྐོར་བའམ༔ ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བའོ༔ ཡོན་ཏན་གྱི་མགྲོན་གསང་བདག་ཕྱག་ན་རྡོ་རྗེ་ལ་གཙང་རིས་མགོན་པོས་བསྐོར་བ༔ སྙིང་རྗེའི་མགྲོན་འཕགས་པ་སྤྱན་རས་གཟིགས་ལ་རིགས་དྲུག་སེམས་ཅན་གྱིས་བསྐོར་བ༔ ལན་ཆགས་ཀྱི་མགྲོན་དཔལ་རྟ་མགྲིན་ལ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུས་བསྐོར་བའོ༔ གཉིས་པ་ནང་གསང་སྔགས་ལྟར་ན༔ སྲི་ཞུའི་མགྲོན་བླ་མ་ཡི་དམ་ལ་ཞི་ཁྲོའི་ལྷ་ཚོགས་ཀྱིས་བསྐོར་བ༔ ཡོན་ཏན་མཁའ་འགྲོ་སྡེ་ལྔ་ལ་ཆོས་སྐྱོང་ཕོ་མོས་བསྐོར་བ༔ སྙིང་རྗེ་དུས་གསུམ་ཕ་མ་ལ་རིགས་དྲུག་སེམས་ཅན་གྱིས་བསྐོར་བ༔ ལན་ཆགས་རང་གི་སྲུང་མ་ལ་ལྷ་སྲིན་སྡེ་བརྒྱད་ཀྱིས་བསྐོར་བའོ༔ ལྔ་པ་གཏོར་མའི་དེ་ཉིད་ལ་བཞི་སྟེ༔ དོན་དང་རྟགས༔ དགོངས་པ་དང་སྤྱོད་ལམ༔ ལས་དང་རིམ་པ༔ སྐྱོན་དང་ཡོན་ཏན་ནོ༔ དང་པོ་ལ་དོན་སྐྱེ་འགག་གཉིས་མེད༔ རྟགས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་ཡིག་འབྲུའི་ཆོ་འཕྲུལ་ལོ༔ གཉིས་པ་གཏོར་མའི་དགོངས་པ་བཞི་ནི༔ བདག་ཡི་དམ་ལྷར་གསལ་བ༔ གནས་གཞལ་ཡས་ཁང་དུ་གསལ་བ༔ མགྲོན་རྣམས་ལྷ་ཕོ་མོར་གསལ་བ༔ རྫས་བདུད་རྩིའི་རྒྱ་མཚོར་གསལ་བའོ༔ གཏོར་མའི་སྤྱོད་ལམ་བཞི་ནི༔ འབགས་པ་དང་བཙོག་པ་མེད༔ བོ་བ་དང་ཟག་པ་མེད་པ༔ དངོས་པོ་བཟང་ཞིང་དྲི་མས་མ་གོས་པ༔ སེམས་མ་གཡེང་ཞིང་ཏིང་ངེ་འཛིན་གསལ་བའོ༔ གསུམ་པ་གཏོར་མའི་ལས་བཞི་ནི༔ ཚོགས་གཉིས་རྫོགས་པ༔ སྒྲིབ་གཉིས་སྦྱོང་བ༔ བར་ཆད་གཉིས་ཞི་བ༔ དངོས་གྲུབ་གཉིས་ཐོབ་པའོ༔ གཏོར་མའི་རིམ་པ་བཞི་ནི༔ སྒྲུབ་པའི་གཏོར་མ་བསྐྱིལ་བས་དམ་ཅན་འདུས་པ༔ རྒྱུན་གཏོར་བཏང་བས་ལས་མྱུར་བ༔ དུས་གཏོར་དང་སྐོང་གཏོར་མ་ཆག་པས་བསམ་པ་འགྲུབ་པ༔ དྲག་པོའི་གཏོར་མ་ཟོར་དུ་འཕངས་པས་དགྲ་བགེགས་ཐུལ་བའོ༔ བཞི་པ་གཏོར་མའི་དེ་ཉིད་མ་ཤེས་པའི་སྐྱོན་ནི༔ ཆུ་མ་བླུག་ན་སྤེལ་བར་མི་ནུས༔ བྱིན་གྱིས་མ་བརླབ་ན་རྒྱལ་བ་དང་དམ་ཚིག་ཉམས༔ བསྔོ་བ་ལོག་ན་སྒྲིབ་པ་གསོག༔ མ་འབྱོར་ན་ལུང་སྐམ་གྱི་རི་དྭགས་སུ་སྐྱེ༔ རྒྱུ་རྐྱེན་མ་ཚང་ན་མགྲོན་མི་འཚོགས༔ མགྲོན་མ་འཚོགས་ན་བཏང་བའི་འབྲས་བུ་མེད༔ རྫས་མ་འཚོགས་ན་སྤྱན་དྲངས་ཀྱང་མི་འབྱོན༔ དམ་རྫས་ངོ་མ་ཤེས་ན་ལྷའི་ཆད་པ་འོང༔ ཆོ་ག་གཞུང་མ་བསྲང་ན་སྲུང་མའི་ཆད་པ་འོང༔ མ་གཏང་ན་བསམ་པ་མི་འགྲུབ༔ སྒྲུབ་པ་མ་ཐོན་བར་ལ་གཏོར་གཞོང་བཤལ་ན་ཆོས་སྐྱོང་མི་འདུ༔ གཏོར་གཞོང་ཁ་ཕྱིར་བསྟན་ནས་ཕོ་ན་དངོས་གྲུབ་ལོག༔ གཏོར་མ་གཏོང་ཁར་མ་སྒུལ་ན་ལེན་མི་ནུས་སོ༔ དེ་ཉིད་ཤེས་པའི་ཡོན་ཏན་ནི༔ ཆུ་བླུགས་པས་སྤེལ་བར་ནུས༔ བྱིན་གྱིས་བརླབས་པས་རྒྱལ་བ་དང་དམ་ཚིག་མི་ཉམས་པ་ལ་སོགས་སྐྱོན་དེ་དག་ལས་ལོག་པ་ཡོན་ཏན་ནོ༔ གཉིས་པ་གཏང་ཐབས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ༔ ལམ་ཁྱེར་དང༔ རྒྱུན་གཏོར་རོ༔ དང་པོ་ལ་བཞི་སྟེ༔ ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་གཏོར་མའོ༔ དང་པོ་ཕྱི་སྣ་ཚོགས་ལམ་ཁྱེར་གྱི་གཏོར་མ་ལ་བདུན་ཏེ༔ སྣོད༔ རྫས༔ བྱིན་གྱིས་བརླབ་པ༔ སྤྱན་དྲང་ཞིང་བདུན་རྣམ་དག་བྱ་བ༔ མཆོད་ཅིང་བསྟབ་པ༔ བསྔོ་ཞིང་ཕྲིན་ལས་བཅོལ་བ༔ གཤེགས་ཤིང་གཏོར་མ་གཏང་བའོ༔ དང་པོ་ནི་རཏྣ་སྟེ་ཆེ་ཆུང་གང་ཡོད༔ གཉིས་པ་རྫས་ནི་ཞལ་ཟས་སྣ་ཚོགས་དཀར་གསུམ་མངར་གསུམ་གྱིས་བརྒྱན་པ༔ གསུམ་པ་བྱིན་གྱིས་བརླབ་པ་ལ་གཉིས་ལས༔ དང་པོ་རང་བརླབ་པ་ནི༔ རང་ཡི་དམ་ལྷར་བསྐྱེད་དེ༔ ཨོཾ་ཨཱཿཧཱུྃ༔ ཞེས་པས༔ སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ༔ མགྲིན་པར་པདྨའི་སྟེང་དུ་ཨཱ༔ སྙིང་ཁར་ཉི་མའི་སྟེང་དུ་ཧཱུྃ་བསམ་ལ༔ ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་བོ༔ གཉིས་པ་གཏོར་མ་བརླབ་པ་ནི༔ ཨོཾ་ཨཱཿཧཱུྃ་ཞེས་པ་ལན་བདུན་གྱིས་བདག་གི་གནས་གསུམ་གྱི་ཡིག་འབྲུ་ལས་འོད་འཕྲོས་པས་མི་གཙང་བའི་འབགས་བཙོག་སྦྱངས༔ ཡང་ལན་བདུན་གྱིས་བདུད་རྩིའི་རང་བཞིན་དུ་སྤེལ༔ ཡང་ལན་བདུན་གྱིས་ཡིད་ལ་གང་འདོད་པ་ལྟར་མོས་པར་བསྒྱུར་ཏེ༔ བཞི་པ་སྤྱན་དྲང་ཞིང་བདུན་རྣམ་དག་སོགས་བྱ་བ་ནི༔ བདག་གི་གནས་གསུམ་ནས་འོད་ཟེར་འཕྲོས་པས༔ དུས་གསུམ་རྒྱལ་བ་གཤེགས་སུ་གསོལ༔ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ མ་ཆགས་པདྨའི་གདན་ལ་བཞུགས༔ མཆོད་པ་རྣམས་ཀྱིས་མཆོད་པར་བགྱི༔ སྡིག་པ་མི་དགེ་སོ་སོར་བཤགས༔ དགེ་བ་ཀུན་ལ་རྗེས་ཡི་རང༔ མྱ་ངན་མི་འདའ་གསོལ་བ་འདེབས༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ ཐམས་ཅད་བྱང་ཆུབ་མཆོག་ཐོབ་ཤོག༔ ཅེས་པས༔ མདུན་གྱི་ནམ་མཁའ་ལ་པདྨ་སྟོང་ལྡན་གྱི་གདན་ལ་མགྲོན་བཞི་བྱོན་པར་བསམ་མོ༔ ལྔ་པ་མཆོད་ཅིང་བསྟབ་པ་ནི༔ སྲི་ཞུའི་མགྲོན་རྒྱལ་བ་སྲས་དང་བཅས་པ་རྣམས་མཆོད་པ་བཞེས༔ ཡོན་ཏན་གྱི་མགྲོན་དཔལ་ཕྱག་ན་རྡོ་རྗེ་ལ་གཙང་རིས་མགོན་པོས་བསྐོར་བ་རྣམས་མཆོད་པ་བཞེས༔ སྙིང་རྗེའི་མགྲོན་འཕགས་པ་སྤྱན་རས་གཟིགས་ལ་རིགས་དྲུག་གིས་བསྐོར་བ་རྣམས་མཆོད་པ་བཞེས༔ ལན་ཆགས་ཀྱི་མགྲོན་དཔལ་རྟ་མགྲིན་ལ་བགེགས་རིགས་ཀྱིས་བསྐོར་བ་རྣམས་མཆོད་པ་བཞེས༔ ཞེས་བརྗོད་ཅིང་སེ་གོལ་ལན་གསུམ་གཏོགས་པས་ཐམས་ཅད་ཚིམས་ཤིང་དགྱེས་ནས་བདག་ལ་དངོས་གྲུབ་སྟེར་བར་བསམ་མོ༔ དྲུག་པ་བསྔོ་ཞིང་ཕྲིན་ལས་བཅོལ་བ་ལ་གཉིས་ཏེ༔ དང་པོ་བསྔོ་བ་ནི༔ རིན་ཆེན་རྒྱ་ཆེའི་སྣོད་ནང་དུ༔ ཞལ་ཟས་སྣ་ཚོགས་གཏོར་མའི་རྒྱུ༔ དཀར་གསུམ་མངར་གསུམ་གཏོར་མའི་རྒྱན༔ འབྲུ་གསུམ་སྔགས་ཀྱིས་བྱིན་བརླབས་པས༔ མི་བཉེས་པ་དག་གང་ཡང་མེད༔ རྒྱལ་བ་མཆོད་པས་མཉེས་གྱུར་ཅིག༔ དམ་ཅན་ཐུགས་དམ་བསྐང་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམས་གྱུར་ཅིག༔ ལན་ཆགས་བུ་ལོན་བྱང་གྱུར་ཅིག༔ རྣམ་བཞིའི་མགྲོན་གྱི་རིགས་རྣམས་ལ༔ ཚད་མེད་གཏོར་མ་འདི་བསྔོས་པས༔ ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས༔ ཐམས་ཅད་མྱུར་དུ་སངས་རྒྱས་ཤོག༔ གཉིས་པ་ཕྲིན་ལས་བཅོལ་བ་ནི༔ ནད་དང་སྡིག་པ་དང་གདོན་བགེགས་ཐམས་ཅད་ཞི་བར་མཛད་དུ་གསོལ༔ ཚེ་དང་ལོངས་སྤྱོད་དབང་ཐང་རྒྱས་པར་མཛད་དུ་གསོལ༔ ལོག་པར་ལྟ་བ་རྣམས་དབང་དུ་བསྡུ་བར་མཛད་དུ་གསོལ༔ བསྟན་པ་བཤིགས་པ་རྣམས་བསྒྲལ་བར་མཛད་དུ་གསོལ༔ རྐྱེན་ངན་པ་དང་དུས་མ་ཡིན་པར་འཆི་བ་རྣམས་ཟློག་ཏུ་གསོལ༔ བདུན་པ་གཤེགས་ཤིང་གཏོར་མ་གཏང་བ་ནི༔ ཨོཾ་ཨཱཿཧཱུྃ་མུ༔ ཞེས་པས་མགྲོན་རྣམས་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ༔ དེ་ནས་གཏོར་མ་བསྒུལ་ལ་སྟེགས་ཀྱི་ཁར་ཁ་ནང་དུ་བསྟན་ལ་དབུལ་ལོ༔ དེས་དངོས་གྲུབ་རང་ལ་འོང༔ དགྲ་བགེགས་ཟློག་ན་ཁ་ཕྱིར་ལ་བསྟན་ལ་འཕང༔ དེས་གཏོར་མ་ཟོར་དུ་འགྲོ་བ་ཡིན་ནོ༔ གཉིས་པ་ནང་སྣ་ཚོགས་ལམ་ཁྱེར་གྱི་གཏོར་མ་ལ་བདུན༔ དང་པོ་སྣོད་ནི་ཀ་པཱ་ལ་མཚན་དང་ལྡན་པ༔ གཉིས་པ་རྫས་ནི་ཞལ་ཟས་སྣ་ཚོགས་པ་ལ་བདུད་རྩི་ལྔས་བརྒྱན་པའོ༔ གསུམ་པ་བྱིན་གྱིས་བརླབ་པ་ལ་གཉིས་སྟེ༔ རང་བརླབ་པ་ནི་ཡི་དམ་ལྷར་བསྐྱེད་ལ་འབྲུ་གསུམ་གྱིས་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་བརླབ་པའོ༔ གཉིས་པ་གཏོར་མ་བརླབ་པ་ནི༔ བདག་གི་གནས་གསུམ་ནས་ཡི་གེ་འབྲུ་གསུམ་ལས་གཏོར་མ་ལ་ཡི་གེ་དང་འོད་འཕྲོས༔ ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་གཏོར་མ་འོད་དུ་ཞུ༔ ཡང་བདུན་གྱིས་བདུད་རྩིའི་རང་བཞིན་ཤ་ཁྲག་དམར་གྱིས་བརྒྱན་པ་ནམ་མཁའ་དང་མཉམ་པར་བརླབས༔ ཡང་བདུན་གྱིས་འདོད་པའི་ལྷ་མོ་མང་པོ་གཏོར་མ་ལས་བྱུང་ནས་རང་རང་ཇི་ལྟར་འདོད་པ་ལྟར་མཆོད་པར་བསམ་མོ༔ བཞི་པ་མགྲོན་དགུག་པ་ནི༔ རང་གི་ཐུགས་ཀའི་ཧཱུྃ་ལས་ཛ༔ དེ་ལས་ལྷ་མོ་ལྕགས་ཀྱུ་མ་མང་པོ་སྤྲོས་ཏེ་སྤྱན་དྲངས་ལ༔ ཡན་ལག་བདུན་པའི་ཚུལ་དུ༔ བླ་མ་ཡི་དམ་མཁའ་འགྲོ་གཤེགས་སུ་གསོལ༔ བླ་མ་ལྷ་ཚོགས་ལ་ཕྱག་འཚལ༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ མཆོད་པ་རྣམས་ཀྱིས་མཆོད་པར་བགྱི༔ ཉམས་ཆག་སྡིག་སྒྲིབ་ཐམས་ཅད་བཤགས༔ གསང་སྔགས་བསྒྲུབ་ལ་རྗེས་ཡི་རང༔ མྱ་ངན་མི་འདའ་འགྲོ་དོན་མཛོད༔ གསང་སྔགས་འཁོར་ལོ་བསྐོར་དུ་གསོལ༔ ཕྱི་ནང་སྒྲིབ་པ་སྦྱང་དུ་གསོལ༔ ཡིད་འོང་སྙིང་པོ་འཐོབ་པར་སྨོན༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་པས༔ པདྨ་དང་རཏྣའི་གདན་ལ་མགྲོན་རྣམས་བྱོན་པར་བསམ་ལ༔ ལྔ་པ་མཆོད་ཅིང་བསྟབ་པ་ནི༔ རྩ་བའི་བླ་མ་བརྒྱུད་པ་དང་བཅས་པ་མཆོད་པ་བཞེས༔ ཡི་དམ་དཀྱིལ་འཁོར་ཕྱི་ནང་གི་ལྷ་ཚོགས་རྣམས་མཆོད་པ་བཞེས༔ མཁའ་འགྲོ་སྡེ་ལྔ་ལ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཀྱིས་བསྐོར་བ་རྣམས་མཆོད་པ་བཞེས༔ ཞེས་བརྗོད་ལ་སེ་གོལ་ལན་གསུམ་གཏོགས༔ དེ་རྣམས་དགྱེས་ནས་བདག་ལ་དངོས་གྲུབ་སྟེར་བར་བསམ༔ དྲུག་པ་བསྔོ་ཞིང་ཕྲིན་ལས་བཅོལ་བ་ནི༔ ཀ་པཱ་ལ་ཡི་སྣོད་ནང་དུ༔ ཞལ་ཟས་སྣ་ཚོགས་གཏོར་མའི་རྒྱུ༔ བདུད་རྩི་རྣམ་ལྔ་གཏོར་མའི་རྒྱན༔ འབྲུ་གསུམ་སྔགས་ཀྱིས་བྱིན་བརླབས་པས༔ མི་མཉེས་པ་ནི་གང་ཡང་མེད༔ བླ་མའི་དགོངས་པ་ལོངས་གྱུར་ཅིག༔ ཡི་དམ་ཐུགས་དམ་བསྐངས་གྱུར་ཅིག༔ མཁའ་འགྲོ་དམ་ཅན་མཉེས་གྱུར་ཅིག༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ཚད་མེད་གཏོར་མ་འདི་བསྔོས་པས༔ ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས༔ ཐམས་ཅད་མྱུར་དུ་སངས་རྒྱས་ཤོག༔ ཅེས་གཏོར་མ་བཏེགས་ལ་བསྔོ༔ དེ་ནས་ཕྲིན་ལས་བཅོལ་བ་གོང་དང་འགྲེའོ༔ བདུན་པ་གཏོར་མ་གཏང་བ་ཡང་གོང་ལྟར་རོ༔ གསུམ་པ་གསང་བ་སྣ་ཚོགས་ལམ་ཁྱེར་གྱི་གཏོར་མ་ལ་ཡང་བདུན་ཏེ༔ དང་པོ་སྣོད་ནི་ཕྱི་འཇིག་རྟེན་ནམ་མཁའ་ཁྱབ་ཚད་དོ༔ གཉིས་པ་རྫས་ནི་བཅུད་ཀྱི་སེམས་ཅན་རྩི་ཤིང་མེ་ཏོག་འབྲུ་བཅུད་དང་བཅས་པའོ༔ གསུམ་པ་བྱིན་གྱིས་བརླབ་པ་ལ་གཉིས་ཏེ༔ བདག་བརླབ་པ་ནི་ཡི་དམ་ལྷ་སྣང་ལ་རང་བཞིན་མེད་པར་བསྒོམ༔ གཏོར་མ་བརླབ་པ་ནི༔ ཨོཾ་ཨཱཿཧཱུྃ་བདུན་གྱིས་བདུད་རྩིའི་རང་བཞིན་འདོད་ཡོན་ལྔ་རུ་བསམ༔ བཞི་པ་མགྲོན་སྤྱན་དྲང་བ་ནི༔ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་མགྲོན་བཞི་ཆོས་ཉིད་ལ་ཡེ་ཤེས་ཀྱི་རོལ་པས་བྱོན་པར་བསམ་མོ༔ ལྔ་པ་མཆོད་ཅིང་བསྟབ་པ་ནི༔ མགྲོན་བཞི་ཆོས་ཉིད་ཀྱི་རོལ་པ་ཡེ་ཤེས་ཀྱི་ལོངས་སྤྱོད་རྒྱུན་མི་ཆད་པའོ༔ དྲུག་པ་བསྔོ་ཞིང་ཕྲིན་ལས་བཅོལ་བ་ནི༔ སྣོད་ཀྱི་ལོ་ཀ་གཏོར་གཞོང་དུ༔ བཅུད་ཀྱི་སེམས་ཅན་གཏོར་མའི་རྒྱུ༔ བཀྲག་དང་གཟི་མདངས་གཏོར་མའི་རྒྱན༔ འབྲུ་གསུམ་སྔགས་ཀྱིས་བྱིན་བརླབས་པས༔ མི་མཉེས་པ་ནི་གང་ཡང་མེད༔ བླ་མ་དཀོན་མཆོག་དགོངས་པ་བསྐང་གྱུར་ཅིག༔ རྒྱལ་བ་རྒྱ་མཚོ་མཆོད་པས་མཉེས་གྱུར་ཅིག༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང་གྱུར་ཅིག༔ ཕ་མ་འགྲོ་དྲུག་སྦྱིན་པས་ཚིམས་གྱུར་ཅིག༔ བགེགས་རིགས་སྡེ་བརྒྱད་བུ་ལོན་བྱང་གྱུར་ཅིག༔ མགྲོན་བཞི་ཆོས་ཉིད་རོལ་པ་ལ༔ ཚད་མེད་གཏོར་མ་འདི་བསྔོས་པས༔ ཀུན་གྱིས་ཡང་དག་དོན་རྟོགས་ཤོག༔ ཅེས་བརྗོད༔ བདུན་པ་གཤེགས་ཤིང་གཏོར་མ་གཏང་བ་ནི༔ མགྲོན་རྣམས་ཆོས་ཉིད་དུ་ཐིམ་པར་བསམ༔ གཏོར་མ་སྣང་ལ་རང་བཞིན་མེད་པར་དབུལ་ལོ༔ གཏོར་མ་འདི་ནི་ཕྱི་ནང་སྣོད་བཅུད་རྩི་ཤིང་མེ་ཏོག་འབྲུ་བཅུད་གང་མཐོང་ཐམས་ཅད་བྱིན་གྱིས་བརླབ་ནས་གཏོང་བ་ཡིན་ནོ༔ བཞི་པ་དེ་ཁོ་ན་ཉིད་སྣ་ཚོགས་ལམ་ཁྱེར་གྱི་གཏོར་མ་ལ་ཡང་བཞི་སྟེ༔ གཏོར་སྣོད་ཆོས་ཉིད་མཉམ་པ་ཆེན་པོ༔ གཏོར་མ་རིག་པ་ཕྱོགས་མེད་དུ་འཆར་བ༔ གཏོར་རྒྱན་སྟོང་རིག་གཉིས་མེད༔ གཏོར་མ་སྟོང་པ་དེ་ལྟར་ཤེས་པའི་ཤེས་རབ་བོ༔ རང་སྣང་ཆོས་སྐུའི་གཞལ་ཡས་ནས༔ རྩ་བརྒྱུད་བླ་མ་གཤེགས་སུ་གསོལ༔ སྐུ་དང་ཡེ་ཤེས་གཞལ་ཡས་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ དྲན་པ་འཕྲུལ་གྱི་གཞལ་ཡས་ནས༔ མཁའ་འགྲོ་ཆོས་སྐྱོང་གཤེགས་སུ་གསོལ༔ ཆོས་ཉིད་རོལ་པའི་མཆོད་པ་འབུལ༔ སྐུ་གསུམ་མཉམ་པ་ཆེན་པོར་བཞེས༔ ཞེས་སོ༔ དེ་ལྟར་ཕྱི་ནང་གསང་དེའི་ལམ་ཁྱེར་གྱི་གཏོར་མས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་གསག་པར་བྱའོ༔ གཉིས་པ་རྒྱུན་གྱི་གཏོར་མ་གཏང་ལ་ཚོགས་གསག་པ་ནི༔ རྒྱུན་གཏོར་གསུམ་བདུན་བཅུ་གཅིག་ལ་སོགས་གཏང༔ ཞེས་པས༔ རྒྱུན་གཏོར་གསུམ་པའི་གཏང་ལུགས་ནི༔ རང་ཡི་དམ་གང་ཡིན་དེའི་སྤྱི་བོར་ཨོཾ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་བསམ༔ ཨོཾ་འཕྲོས་པས་གཙང་དམེ་སྦྱངས༔ ཨཱཿཡིས་བདུད་རྩིར་བསྒྱུར༔ ཧཱུྃ་གིས་འདོད་ཡོན་ལྔར་བརླབས་པའོ༔ དེ་ནས་ཨོཾ་ཨཱཿཧཱུྃ་མ་ཧཱ་ས་མ་ཡ་ཧཱུྃ༔ སརྦ་བྷ་ལིཾ་ཏ་ཁཱ་ཧི༔ ཞེས་བདུན་ནམ་གསུམ་བརྗོད་ལ་དང་པོ་བླ་མ་དཀོན་མཆོག་ལ༔ གཉིས་པ་ཡི་དམ་ཆོས་སྐྱོང་ལ༔ གསུམ་པ་རིགས་དྲུག་ལན་ཆགས་ཐམས་ཅད་ལ་གཏང་ངོ༔ འདི་རྒྱུན་དུ་གཏང་ན་བར་ཆད་སེལ་ཚོགས་རྫོགས་དངོས་གྲུབ་འབྱུང་ངོ༔ དུས་གཏོར་བདུན་དུ་བྱེད་ན༔ དང་པོ་བླ་མ་དཀོན་མཆོག་ལ༔ གཉིས་པ་ཡི་དམ་ཆོས་སྐྱོང༔ གསུམ་པ་བསྟན་པ་སྤྱིའི་ཆོས་སྐྱོང་ལྷ་དང་དྲང་སྲོང་ལྷན་ཅིག་སྐྱེས་པའི་ལྷ་ལ༔ བཞི་པ་གནས་བདག་གཞི་བདག་ཀླུ་ས་བདག་ལ༔ ལྔ་པ་རིགས་དྲུག་ཡི་དྭགས་ལ༔ དྲུག་པ་ལན་ཆགས་སྡེ་བརྒྱད་ལ༔ བདུན་པ་ཁས་ཞན་དབང་ཆུང་ལ་གཏང་ངོ༔ སྐོང་གཏོར་བཅུ་གཅིག་ཏུ་བྱེད་ན༔ དང་པོ་བླ་མ་དཀོན་མཆོག་ལ༔ གཉིས་པ་ཡི་དམ་ཆོས་སྐྱོང་ལ༔ གསུམ་པ་བསྟན་པ་སྤྱིའི་ཆོས་སྐྱོང་ལ༔ བཞི་པ་ལྷ་དང་དྲང་སྲོང་ལ༔ ལྔ་པ་ལྷན་ཅིག་སྐྱེས་པའི་ལྷ་འདྲེ་ལ༔ དྲུག་པ་གནས་བདག༔ བདུན་པ་རིགས་དྲུག༔ བརྒྱད་པ་ཡི་དྭགས༔ དགུ་པ་ལན་ཆགས༔ བཅུ་པ་ཀླུ་ས་བདག༔ བཅུ་གཅིག་པ་ཁས་ཞན་དབང་ཆུང་ལ་གཏང་ངོ༔ དེ་ཡང་བླ་མའི་གཏོར་མ་ལ༔ རང་ཡི་དམ༔ སྣོད་རཏྣ༔ འབྲུ་གསུམ་བྱིན་གྱིས་བརླབས་ལ༔ གུ་རུ་ས་མཱ་ཛཿས་སྤྱན་དྲངས༔ ཨོཾ་གུ་རུ་ཨི་དམ་བྷ་ལིན་ཏ་པྲ་ཏཱི་ཛ་ཡེ་སྭཱ་ཧཱ༔ ཞེས་འབུལ་ལོ༔ ཡི་དམ་ཆོས་སྐྱོང་ལ༔ རང་ཡི་དམ༔ སྣོད་རཏྣ༔ འབྲུ་གསུམ་གྱིས་བརླབས༔ བཛྲ་ས་མ་ཡ་ཛས་སྤྱན་དྲངས༔ རྩ་སྔགས་དང་ཨ་ཀཱ་རོས་དབུལ་ལོ༔ དེ་མིན་པ་ལ་སོགས་ལ་རང་ལྷ༔ སྣོད་རཏྣ༔ འབྲུ་གསུམ་གྱིས་བརླབས༔ བདེ་གཤེགས་བཞི་ལ་ཕྱག་འཚལ་ལོ༔ སརྦ་ཏ་ཐཱ་ག་ཏ་ཨ་བས་འབུལ་ཞིང་གཏང་ངོ༔ ལྔ་པ་བདེ་གཤེགས་རྣམས་ལ་མཆོད་པ་ཕུལ་ལ་ཚོགས་ཡོངས་སུ་སྤེལ་བ་ནི༔ རྣམ་དག་བདུན་དང་ཕྱི་ནང་གསང་མཆོད་འབུལ༔ ཞེས་པས༔ འདི་ལ་བཞི་ལས༔ དང་པོ་ཕྱག་དང་མཆོད་པ་ལ་སོགས་པ་ཐམས་ཅད་ཚང་བའི་སྤྱི་མཆོད་ནི་རྣམ་དག་བདུན་ཁོ་ན་ཡིན་ཏེ༔ སྒྲུབ་ཐབས་རེ་ན་རེ་རེ་ཡོད་དོ༔ དེ་ནི་འཁོར་འདས་ཀྱི་སྐྱོན་ཡོན་ཚོགས་རྫོགས་མི་རྫོགས་སྒྲིབ་པ་འདག་མི་འདག་ཐམས་ཅད་བདུན་རྣམ་པར་དག་མ་དག་ཡིན་པས༔ བདེ་བར་གཤེགས་པ་ཐམས་ཅད་སྤྱན་དྲངས་ལ་འདི་སྐད་དོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་བགེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང༔ དག་པ་མཐའ་བཞི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ ཚེ་རབས་བགྲངས་པའི་དགེ་བའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོའི་མཆོག་ཏུ་བསྔོ༔ ཞེས་པའོ༔ དེ་ལ་སངས་རྒྱས་པའི་མི་མཐུན་ཕྱོགས་ཞི་བ་ལ་ཕྱག་བཙལ་བའི་ཡན་ལག༔ ཚོགས་རྫོགས་དགོས་པ་ལ་མཆོད་པ༔ མི་མཐུན་ཕྱོགས་སེལ་བ་ལ་བཤགས་པ༔ དགེ་བའི་རྩ་བ་མང་དུ་སྤེལ་བ་ལ་རྗེས་སུ་ཡི་རང་བ༔ ཐེག་ཆེན་ཐབས་ཀྱིས་ཟིན་དགོས་པ་ལ་སེམས་བསྐྱེད༔ དཀོན་མཆོག་གསུམ་ལ་རྟེན་བཅའ་དགོས་པ་ལ་སྐྱབས་འགྲོ༔ དགེ་བའི་རྩ་བ་སྤེལ་ཞིང་སྙིང་པོ་གཟུང་དགོས་པ་ལ་བསྔོ་བའོ༔ དེས་ན་སངས་རྒྱས་པའི་ལམ་ལ་འགལ་རྐྱེན་སྤངས་ནས་མཐུན་རྐྱེན་ཚང་དགོས་པ་ཡིན་པས༔ ལམ་གྱི་གྲོགས་ཆེན་པོ་འདི་ཡིན་པ་དང༔ གཉིས་པ་ཐུན་མོང་ཕྱིའི་མཆོད་པ་ནི༔ ཡོན་ཆབ༔ མེ་ཏོག༔ བདུག་སྤོས༔ མར་མེ༔ དྲི་ཆབ༔ ཞལ་ཟས༔ རོལ་མོ༔ དེ་དག་ལ་ཞི་རྒྱས་དབང་དྲག་བཞི་ཀའི་མཆོད་པ་ཚང་སྟེ༔ ཡོན་ཆབ་དྲི་མཆོག་ཨརྒྷཾ་ཞི་མཆོད༔ མེ་ཏོག་མར་མེ་རྒྱས་མཆོད༔ སྤོས་དང་ཞལ་ཟས་དབང་མཆོད༔ རོལ་མོ་དྲག་པོའི་མཆོད་པའོ༔ ཡང་དེ་ཀ་རེ་རེ་ལ་བཞི་ཀ་ཚང་སྟེ༔ རོལ་མོ་ལ་དྲིལ་བུ་པི་ཝང་ཞི་བ༔ རྔ་དང་ཅང་ཏེའུ་རྒྱས་པ༔ དུང་དང་གླིང་བུ་དབང༔ ཆ་ལང་དྲག་པོའི་རོལ་མོའོ༔ མེ་ཏོག་ལའང་དཀར་པོ་ཞི་བ༔ སེར་པོ་རྒྱས་པ༔ དམར་པོ་དབང༔ སྔོ་ལྗང་དྲག་པོའི་མེ་ཏོག་གོ༔ དེ་བཞིན་དུ་ཐམས་ཅད་ལ་དོན་གྱིས་བཞི་བཞི་ཚང་སྟེ༔ དེ་ལྟར་མཆོད་པ་རྣམ་པ་ལྔ་བཤམས་ལ༔ ཡོན་ཆབ་དང་མར་མེ་ལ་ཨཱ༔ མེ་ཏོག་ལ་པུ༔ བདུག་སྤོས་ལ་དྷཱུ༔ དྲི་ཆབ་ལ་གན༔ ཞལ་ཟས་ལ་ནཻ་བསམ་སྟེ་བྱིན་གྱིས་བརླབས་ལ༔ གཙང་ཞིང་གཙང་མར་སྦྱར་པ་ཡི༔ ལྷ་རྫས་མེ་ཏོག་བདུག་སྤོས་དང༔ མར་མེ་དྲི་ཆབ་ཞལ་ཟས་དང༔ གསུང་སྙན་རོལ་མོའི་མཆོད་པ་འབུལ༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་བིདྱཱ༔ ཤབྡ༔ པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ༔ ཞེས་པས༔ ནམ་མཁའ་གང་བར་འབུལ་ལོ༔ གསུམ་པ་ནང་མཆོད་ལ་བཞི་སྟེ༔ འཁོར་གསུམ་ཡོངས་སུ་དག་པ་ལ་ཀུན་ཏུ་བཟང་པོའི་མཆོད་པ༔ ལྷ་རྣམས་དགྱེས་པ་བསྐྱེད་པ་ལ་ཕྱག་དང་ཞབས་བསིལ༔ དབྱེར་མེད་ལྷ་ལ་ལྷ་ཐིམ་པ་ལ་ལྷ་མོ་བཞི་བསྣོལ༔ སྤྱོད་ཡུལ་ཡོངས་སུ་དག་པ་ལ་ཏིང་ངེ་འཛིན་གྱི་མཆོད་པའོ༔ དང་པོ་ནི༔ བདེ་བར་གཤེགས་སོ་བཅོམ་ལྡན་འདས༔ རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས༔ སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན༔ ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཞེས་པས༔ མཆོད་རྫས་ནམ་མཁའ་གང་བ་དེ་དག་འབུལ་བའི་རྫས༔ དབུལ་བའི་ཡུལ༔ འབུལ་བྱེད་ཀྱི་མཁན་པོ་གསུམ་མི་དམིགས་པར་བསམ་པས་འཁོར་གསུམ་ཡང་དག་གོ༔ གཉིས་པ་ལྷ་རྣམས་དགྱེས་པ་བསྐྱེད་པ་ནི༔ ཡང་དག་དོན་དུ་དག་མོད་ཀྱང༔ འགྲོ་བ་རྣམས་ཀྱི་དོན་སླད་དུ༔ ཕྱག་དང་ཞབས་གཉིས་བསིལ་མཛོད་ལ༔ རྡོ་རྗེའི་གདན་ལ་བཞུགས་སུ་གསོལ༔ ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱཾ་དྷཱ་ར་པཱུ་ཛི་ཏེ་ན་མཿས་མནྟ་བྷུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ༔ ཞེས་དང་པོས་ཕྱག་དང་ཞབས་བསིལ༔ གཉིས་པས་ཞལ་བསིལ༔ གསུམ་པས་བདུད་རྩི་དྲི་མ་མེད་པ་གསོལ་ནས་དགྱེས་པར་བསམ་མོ༔ གསུམ་པ་དབྱེར་མེད་ལྷ་ལ་ལྷ་ཐིམ་པ་ནི༔ ཨོཾ་པ་ན་པེཾ་པེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ༔ ས་མ་ཡོ་ཏ་མུ༔ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ༔ པུཥྤེ་པུ༔ ཨཱ་ལོ་ཀེ་ཧྲཱི༔ གནྡྷེ་གན༔ ནཻ་བིདྱཱ་ནཾ༔ ཤབྡ་ཤ༔ ཞེས་པས༔ མཆོད་པའི་ལྷ་མོ་རྣམས་དང་པོས་ཕྱག་མཚན་གསལ་གདབ༔ གཉིས་པས་གར་སྟབས་སྒྱུར༔ གསུམ་པས་ལྷ་ལ་ལྷ་ཐིམ་དུ་དབུལ་ཏེ༔ དྷཱུ་པེ་མ་ཤངས༔ པུཥྤེ་མ་དབུ༔ མར་མེ་མ་སྤྱན༔ དྲི་མཆོག་མ་ཐུགས༔ ཞལ་ཟས་མ་ལྗགས༔ རོལ་མོ་མ་སྙན་ལ་ཐིམ་པར་བསམ་མོ༔ བཞི་པ་སྤྱོད་ཡུལ་ཡོངས་སུ་དག་པ་ནི༔ ཨོཾ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ ཕྱོགས་བཅུའི་ཞིང་ཁམས་མཉེན་འཇམ་བདེ༔ རིན་ཆེན་ཁང་པ་དབྱིབས་ལེགས་རྫིང༔ ལྗོན་ཤིང་གླུ་དབྱངས་ཚིགས་བཅད་སྒྲ༔ བླ་རེ་ན་བཟའ་བཟའ་བཏུང་མཆོག༔ ལྷ་དང་ལྷ་མོའི་གར་སྟབས་ཀྱིས༔ ཕྱོགས་བཅུའི་ཁམས་བཀང་རྒྱས་པར་འབུལ༔ ཨ་ལ་ལ་སྟེ་བཞེས་སུ་གསོལ༔ ཞེས་པས༔ སྣོད་ཀྱི་ལོ་ཀ་ཕྱོགས་བཅུའི་ཁམས་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ༔ ཐོག་མཉེན་པ་ལོགས་འཇམ་པ་འོག་བདེ་བ༔ ཡེ་ཤེས་རིན་པོ་ཆེའི་ཁང་པ༔ རི་ཐམས་ཅད་རིན་པོ་ཆེའི་ཕུང་པོ༔ ཆུ་ཐམས་ཅད་ཁྲུས་ཀྱི་རྫིང་བུ༔ ཤིང་ཐམས་ཅད་དཔག་བསམ་གྱི་ཤིང༔ སྒྲ་ཐམས་ཅད་གླུ་དང་དབྱངས་དང་ཚིགས་སུ་བཅད་པའི་སྒྲ༔ གོས་ཐམས་ཅད་བླ་རེ་དང་ན་བཟའ་དང༔ གདུགས་དང་རྒྱལ་མཚན་དང༔ རྫས་ཐམས་ཅད་བཟའ་བ་དང་བཏུང་བའི་མཆོག༔ འགྲོ་བ་ཐམས་ཅད་ལྷ་དང་ལྷ་མོ༔ རྐང་པ་སྟབས་བྱེད་ལག་པ་གར་བསྒྱུར་བས་ཕྱོགས་བཅུ་ནམ་མཁའི་ཁམས་གང་བར་བསམ་ལ་དབུལ་ལོ༔ བཞི་པ་གསང་བའི་མཆོད་པ་ལ་གསུམ་སྟེ༔ འཁྲུལ་སྣང་གཞི་མེད་དུ་བསྟན་པ་ལ་སྒྲོལ་མཆོད༔ ཐབས་ཤེས་ཟུང་འབྲེལ་དུ་བསྟན་པ་ལ་སྦྱོར་མཆོད༔ གཤིས་མཉམ་པ་ཉིད་དུ་བསྟན་པ་ལ་འདོད་ཡོན་གྱི་མཆོད་པའོ༔ དང་པོ་ནི༔ གཉིས་འཛིན་མཚན་མའི་ཆོས་རྣམས་ལ༔ ངོ་བོ་ཅིར་ཡང་གྲུབ་པ་མེད༔ ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས༔ གཉིས་སུ་མེད་པའི་མཆོད་པ་བཞེས༔ ཞེས་པས༔ གཉིས་འཛིན་འཁྲུལ་པ་མཚན་མའི་ཆོས་ཐམས་ཅད་ལ་ངོ་བོ་བདེན་པར་གྲུབ་པ་ཅི་ཡང་མེད་པས༔ གནས་ལུགས་སྟོང་པ་ཉིད་ཡེ་ནས་སངས་རྒྱས་པའི་རང་བཞིན་སྤྲོས་བྲལ་བདེ་བ་ཆེན་པོ་ཆོས་ཀྱི་སྐུ་རང་བྱུང་གི་ཡེ་ཤེས་ཡིན་ལ༔ དེའི་དོན་མཐོང་བ་ནི་མཆོད་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡིན་ཏེ༔ གཉིས་འཛིན་འཁྲུལ་པའི་སྣང་བ་འདི་གཉིས་མེད་ཡེ་ཤེས་སུ་སྒྲོལ་བས་ན་སྒྲོལ་མཆོད་དོ༔ གཉིས་པ་ཐབས་ཤེས་ཟུང་འབྲེལ་དུ་བསྟན་པའི་སྦྱོར་མཆོད་ནི༔ ཐབས་དང་ཤེས་རབ་གཉིས་མེད་པ༔ བདེ་ཆེན་སྤྲོས་བྲལ་ཐིག་ལེའི་སྐུ༔ ཡེ་ནས་གནས་པ་དོན་གྱི་མཆོག༔ འདུ་འབྲལ་མེད་པའི་མཆོད་པ་བཞེས༔ ཞེས་པས༔ ཆོས་ཐམས་ཅད་ཀྱི་གཤིས་ཅིར་ཡང་མ་ཡིན་པར་ཤེས་པ་ནི་ཤེས་རབ༔ དེའི་གདངས་འགགས་མེད་དུ་འཆར་བ་ནི་ཐབས༔ དེ་གཉིས་ཐ་མི་དད་པས་ན་གཉིས་སུ་མེད་པ༔ གཉིས་མེད་ཀྱི་དོན་ལ་མཚན་མའི་ཟུག་རྔུ་མེད་པས་བདེ་བ༔ དེ་ཐ་མལ་གྱི་བདེ་བ་ལས་ཁྱད་པར་དུ་གྱུར་པས་ཆེན་པོ༔ གཉིས་འཛིན་གྱི་ཟུག་རྔུ་མེད་པས་སྤྲོས་བྲལ༔ གཉིས་ཆོས་ཀྱི་གྲ་ཟུར་མེད་པས་ཐིག་ལེ༔ ཡོན་ཏན་གྱི་རྟེན་བྱེད་པས་ན་སྐུ་ཞེས་བྱ་སྟེ༔ དེ་གདོད་མ་ནས་ཡོད་པས་ཡེ་ནས་གནས་པ༔ ཡང་དག་པའི་དོན་དུ་ངེས་པས་ན་དོན་གྱི་མཆོག༔ དེ་ནི་དང་པོར་མ་འདུས་ཐ་མ་མི་འབྲལ་བས་ན་མཆོད་པའི་མཆོག་སྟེ༔ ཡང་དག་གཉིས་མེད་ཀྱི་དོན་ལ་སྦྱོར་བས་ན་སྦྱོར་མཆོད་དོ༔ གསུམ་པ་གཤིས་མཉམ་པ་ཉིད་དུ་བསྟན་པ་འདོད་ཡོན་གྱི་མཆོད་པ་ནི༔ མཉམ་པའི་སྒྲུབ་རྫས་ཆེན་པོ་ནི༔ བདག་དང་མཉམ་པའི་ཚོགས་ལ་འབུལ༔ བཟའ་བཅའ་བཏུང་བགོ་ལོངས་སྤྱོད་རྣམས༔ མི་དམིགས་མཉམ་པའི་མཆོད་པར་བཞེས༔ ཞེས་པས༔ ཆོས་ཐམས་ཅད་ཀྱི་གནས་ལུགས་བཟང་ངན་ཆེ་ཆུང་མེད་པས་མཉམ་པའི་སྒྲུབ་རྫས་ཆེན་པོ༔ དེ་ལྟར་ཤེས་ཙ་ན་འཁོར་འདས་གཉིས་སུ་མ་གྲུབ་པས་བདག་དང་མཉམ་པའི་ཚོགས༔ དེ་ཙ་ན་བཟའ་བཏུང་བགོ་བ་ལ་སོགས་པ་ལོངས་སྤྱོད་ཐམས་ཅད༔ སྤྱོད་ཡུལ་ཡོངས་སུ་དག་པས་ན་མི་དམིགས་པ་མཉམ་པའི་མཆོད་ཆེན་པོར་བཞེས་ཤིག་པའོ༔ དེ་ནི་འཁོར་འདས་བྱ་བྱེད་མཉམ་ཉིད་དུ་གྱུར་པ་མི་འཛད་འདོན་ཡོན་ལྷུན་རྫོགས་ཀྱི་མཆོད་པ་འབུལ་བའོ༔ དེ་རྣམས་གསང་སྔགས་ལམ་གྱི་སྔོན་འགྲོ་ཡིན༔ ཞེས་པས༔ དེ་ཡན་ཆད་ལམ་གྱི་སྔོན་འགྲོའོ༔ གཉིས་པ་ལམ་རང་གི་ངོ་བོ་ལ་གཉིས་ཏེ༔ ཐུན་མོང་ཐེག་པ་སྤྱིའི་ལམ༔ ཁྱད་པར་གསང་སྔགས་ཀྱི་ལམ་མོ༔ དང་པོ་ལ་གཉིས་ཏེ༔ བསླབ་པ་གསུམ་ལ་ལམ་གཞི་བཅའ་བ་ནི༔ ཞེས་པ་དང༔ སེམས་གསུམ་སྒོ་ནས་ལམ་ལ་འཇུག་པ་ནི༔ ཞེས་པ་གཉིས་ལས༔ དང་པོ་ལ་ལྔ་སྟེ༔ ངོ་བོ་ངོས་གཟུང་བ༔ མཚོན་བྱའི་སྒྲ་དོན༔ མཚན་ཉིད་ཀྱི་རང་ལྡོག༔ མཚན་གཞིའི་སྐྱེ་ཚུལ༔ གཉེན་པོའི་སྒོ་ནས་རྣམ་གྲངས་སུ་འགྱུར་ཚུལ་ལོ༔ དང་པོ་ངོ་བོ་ངོས་གཟུང་བ་ནི༔ མི་མཐུན་སྤོང་སེམས་མཉམ་འཇོག་རང་ངོ་ཤེས༔ ཞེས་པས༔ སངས་རྒྱས་བསྟན་པའི་མི་མཐུན་ཕྱོགས་ཐམས་ཅད་སྤོང་ཞིང་སྡོམ་པ་ནི་ཚུལ་ཁྲིམས་ཀྱི་བསླབ་པ༔ ལམ་ཐེག་པ་རང་རང་སྒོ་ནས་སེམས་མཉམ་པར་འཇོག་པའི་རིགས་ཐམས་ཅད་ཏིང་ངེ་འཛིན་གྱི་བསླབ་པ༔ ཐེག་པ་སོ་སོའི་སྒོ་ནས་སེམས་རང་ངོ་ཤེས་པའི་ལྟ་བ་ཐམས་ཅད་ཤེས་རབ་ཀྱི་བསླབ་པའོ༔ དེས་ན་བརྗོད་བྱ་བསླབ་པ་གསུམ༔ རྗོད་བྱེད་སྡེ་སྣོད་གསུམ༔ ངོ་བོ་ལྟ་སྒོམ་སྤྱོད་པ་གསུམ་མོ༔ གཉིས་པ་མཚོན་བྱའི་སྒྲ་དོན་ནི༔ ཤཱི་ལ་ས་མཱ་དྷི་པྲ་ཛྙཱ་ཤིཀྵཱ་ན༔ ཞེས་པས༔ ཤཱི་ལ་ཤིཀྵཱ་ན་ཚུལ་ཁྲིམས་ཀྱི་བསླབ་པ་ཞེས་བྱ་ལ༔ སུ་ཤཱི་ལའི་རྐྱེན་གྱིས་བཙུན་པའམ་གཙང་མ་སྟེ་ཉེས་ལྟུང་གིས་མ་གོས་པའོ༔ ས་མཱ་དྷི་ཤིཀྵཱ་ན་ཏིང་འཛིན་གྱི་བསླབ་པ༔ མ་དྷཱ་རའི་རྐྱེན་གྱི་ཡིད་འཛིན་པ་སྟེ༔ མ་ན་ཡིད་དྷཱ་ར་ན་འཛིན་པའོ༔ པྲ་ཛྙཱ་ཤིཀྵཱ་ན་ཤེས་རབ་ཀྱི་བསླབ་པ༔ པ་ར་མརྠཿཔྲ་ཛྙཱའི་རྐྱེན་གྱིས་དོན་དམ་ཤེས་པའི་ཤེས་རབ་སྟེ༔ པ་ར་མརྠཿདོན་དམ༔ པྲ་ཛྙཱ་ནི་ཤེས་རབ་བོ༔ དེ་ཀ་ལ་སྡེ་སྣོད་རིན་པོ་ཆེ་གསུམ་ཞེས་བྱ་སྟེ༔ སྡེ་མང་པོ་སྣོད་བྱུང་ཁུངས་ཡོན་ཏན་འབྱུང་བས་ན་རཏྣའོ༔ གསུམ་པ་མཚན་ཉིད་ཀྱི་རང་ལྡོག་ནི༔ གནོད་སྦྱོར་ལོག་ཞུགས་ཁྱད་པར་ཐབས་ཀྱིས་ཟིན༔ ཞེས་པས༔ སེམས་ཅན་ཀུན་ལ་གནོད་པའི་སྦྱོར་བ་ལས་ལོག་པ་ཚུལ་ཁྲིམས༔ གནོད་སྦྱོར་ལས་ལོག་གི་སྟེང་དུ་གཞན་ལ་ཕན་འདོགས་པའི་བྱ་བ་ལ་ཞུགས་པ་བྱང་སེམས་ཀྱི་སྡོམ་པ༔ གནོད་སྦྱོར་ལས་ཀྱང་ལོག༔ ཕན་འདོགས་ཀྱི་བྱ་བ་ལ་ཡང་ཞུགས༔ དེ་ཡང་ཁྱད་པར་ཅན་གྱི་ཐབས་ཀྱིས་ཟིན་པ་ནི་གསང་སྔགས་ཀྱི་སྡོམ་པའོ༔ བཞི་པ་མཚན་གཞིའི་སྐྱེ་ཚུལ་ནི༔ བདེན་པའི་དོན་མཐོང་གོམས་འདྲིས་དེ་མི་འདའ༔ ཞེས་པས༔ སྡོམ་གསུམ་གང་ཟག་གཅིག་གི་རྒྱུད་ལ་སྐྱེས་ཤིང་བསྲུང་བའི་དབང་དུ་བྱས་ན༔ གནས་ལུགས་བདེན་པའི་དོན་མ་ནོར་བར་མཐོང་བ་ནི་ཤེས་རབ་སྟེ་གསང་སྔགས་སོ༔ དེ་གོམས་ཤིང་འདྲིས་པར་བྱེད་པ་ནི་ཏིང་ངེ་འཛིན་ཏེ་བྱང་སེམས༔ དེ་ལས་མི་འདའ་བ་ཚུལ་ཁྲིམས་ཏེ་ཉན་ཐོས༔ དེ་ལ་སྡོམ་གསུམ་མ་འདྲེས་ཡོངས་རྫོགས་ཡར་ལྡན་མི་འགལ་བྱ་བ་ཡིན་ཏེ༔ རང་ལྡོག་མ་འདྲེས༔ དགག་དགོས་ཡོངས་རྫོགས༔ ཡོན་ཏན་ཡར་ལྡན༔ གནད་ཀྱིས་མི་འགལ་བའོ༔ དེ་ཡང་སོ་ཐར་ཉོན་མོངས་སྤངས༔ བྱང་སེམས་སྦྱོང༔ གསང་སྔགས་ལམ་དུ་བྱེད་པས་ན་རང་ལྡོག་མ་འདྲེས་ལ༔ ཉོན་མོངས་པ་རང་རྒྱུད་པ་སྡོམ་པར་གཅིག་པས་ན་དགག་དགོས་ཡོངས་རྫོགས༔ ཉོན་མོངས་པས་མི་གནོད་ལ་སླར་གྲོགས་སུ་འགྲོ་བས་ན་ཡོན་ཏན་ཡར་ལྡན༔ སྡོམ་ལུགས་དང་སྲུང་ལུགས་ཐ་དད་ཀྱང་ཉོན་མོངས་པ་མི་དགེ་བ་ཐམས་ཅད་སྡོམ་པར་གཅིག་པས་ན་སྡོམ་གསུམ་གནད་ཀྱིས་མི་འགལ་བས་ཏེ༔ སྤྱིའི་ལྡོག་ནས་མཁར་བརྩིགས་པ་བཞིན་ནོ༔ སྡོམ་གསུམ་རྒྱུད་ཐོག་གཅིག་ཏུ་སྲུང་དུ་མི་བཏུབ་སྟེ༔ སོ་ཐར་དངོས་པོ་གཙོ་བའི་ཕྱིར༔ པགས་རིམ་དང་པོ་འདས་ནས་འཆོར་བར་བཤད་པས་སོ་སྙམ་ན་མ་ཡིན་ཏེ༔ དེ་ནི་ཐབས་མི་མཁས་ཤིང་ཤེས་རབ་ཆུང་བ་ཡིན་ལ༔ འདིར་ནི་ཐབས་མཁས་ཤིང་ཤེས་རབ་ཆེ་བའི་གནད་ཀྱིས༔ དངོས་རྣམས་དབྱེར་མེད་དུ་རྟོགས་ནས་འདོད་པའི་དྲི་མ་དང་ཕམ་པའི་ཉེས་པ་མི་ཡོང་ལ༔ སླར་ཡོན་ཏན་སྐྱེ་བ་ཡིན་ཏེ་དུག་ལ་སྔགས་མ་བཏབ་པ་དང་བཏབ་པའི་ཁྱད་པར་བཞིན་ནོ༔ ལྔ་པ་གཉེན་པོའི་སྒོ་ནས་རྣམ་གྲངས་སུ་འགྱུར་ཚུལ་ནི༔ གཉེན་པོའི་དབང་གིས་བརྒྱད་ཁྲི་བཞི་སྟོང་གསུངས༔ ཞེས་པས༔ སྤྱིར་བསླབ་པ་གསུམ་པོ་དེ་དུག་གསུམ་གྱི་གཉེན་པོ་ཡིན་ལ༔ བྱེ་བྲག་ཏུ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་གྱུར་པའི་དབང་གིས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་སོ༔ དེ་ལ་གཉིས་ཏེ༔ ཉོན་མོངས་པ་དང༔ དེའི་གཉེན་པོའི་ཆོས་ཀྱི་དོན་ནོ༔ དང་པོ་ཉོན་མོངས་པ་ནི༔ ཉོན་མོངས་པ་འཁྲུལ་སྣང་འདི་དག་རྒྱུ་མ་རིག་པ་ལས་བྱུང་སྟེ༔ རིག་པ་རང་ངོ་མ་ཤེས་ལ་འཁྲུལ་སྣང་རྒྱུན་སྦྲེལ་ནས་ཆགས་སྡང་རྨོངས་གསུམ་སྐྱེས་སོ༔ བརྒྱད་ཁྲི་བཞི་སྟོང་གི་གྲངས་ནི༔ འདོད་ཡོན་ལྔ་ལ་ཆགས་པའི་སེམས་ནི་འདོད་ཆགས་ཏེ༔ ནང་ཚན་ཉི་ཁྲི་ཆིག་སྟོང༔ རྩུབ་འགྱུར་ཚ་བ་དང་བཅས་པའི་སེམས་ནི་ཞེ་སྡང་སྟེ༔ ནང་ཚན་ཉི་ཁྲི་ཆིག་སྟོང༔ དོན་མི་རིག་མི་གོ་བའི་སེམས་ནི་གཏི་མུག་སྟེ༔ ནང་ཚན་ཉི་ཁྲི་ཆིག་སྟོང༔ དུག་གསུམ་གང་གི་ཡང་ཕྱོགས་གཅིག་ཏུ་མི་གནས་ལ༔ བག་ཆགས་བག་ལ་ཉལ་རྐྱེན་གང་འཕྲད་དུ་གསལ་བར་སྟོན་པ་ནི་དུག་གསུམ་ཆ་མཉམ་སྟེ༔ ནང་ཚན་ཉི་ཁྲི་ཆིག་སྟོང་སྟེ༔ བརྒྱད་ཁྲི་བཞི་སྟོང་ངོ༔ གཉིས་པ་དེའི་གཉེན་པོའི་ཆོས་ཀྱི་དོན་ནི༔ ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ངོ༔ དེ་ཡང་རྣམ་པར་དཀར་བའི་དོན་ལྟུང་བ་ལས་འཛིན་པས་ན་ཆོས༔ འབྱེད་ཅིང་འབྱིན་པས་ན་སྒོ་མོ༔ བརྒྱད་ཁྲི་བཞི་སྟོང་གི་གྲངས་ནི༔ གང་ཡང་རུང་བའི་ཉོན་མོངས་པ་ཞིག་བརྟོལ་སྐྱེས་པ་ལ༔ དེའི་གཉེན་པོར་གྱུར་ཙམ་གཅིག་ཆོས་ཀྱི་སྒོ་མོ་ཡིན་ལ༔ དེ་འདྲ་བ་བརྒྱད་ཁྲི་བཞི་སྟོང་ངོ༔ དེ་ཡང་འདོད་ཆགས་ཀྱི་གཉེན་པོར་གྱུར་ཚད་ཅིག་འདུལ་བ་སྟེ༔ ནང་ཚན་ཉི་ཁྲི་ཆིག་སྟོང་ངོ༔ ཞེ་སྡང་གི་གཉེན་པོར་གྱུར་ཚད་ཅིག་མདོ་སྡེ་སྟེ༔ ནང་ཚན་ཉི་ཁྲི་ཆིག་སྟོང་ངོ༔ གཏི་མུག་གི་གཉེན་པོར་གྱུར་ཚད་ཅིག་མངོན་པ་སྟེ༔ ནང་ཚན་ཉི་ཁྲི་ཆིག་སྟོང་ངོ༔ ཆ་མཉམ་གྱི་གཉེན་པོར་གྱུར་ཚད་ཅིག་གསང་སྔགས་ཏེ༔ ནང་ཚན་ཉི་ཁྲི་ཆིག་སྟོང་སྟེ༔ བརྒྱད་ཁྲི་བཞི་སྟོང་ངོ༔ ཆ་མཉམ་གྱི་གཉེན་པོར་གསང་སྔགས་ཡིན་པའི་རྒྱུ་མཚན་ནི༔ མ་རིག་པ་བག་ཆགས་བག་ལ་ཉལ་གྱི་གཉེན་པོ་ནི༔ དངོས་པོ་གཤིས་ཀྱི་གནས་ལུགས་རང་བྱུང་ལྷན་ཅིག་སྐྱེས་པ་ཡིན་ལ༔ དེ་གསང་སྔགས་ཀྱིས་སྟོན་པའོ༔ འབྲས་བུ་སངས་རྒྱས་སྒྲུབ་པ་ལ་བསླབ་པ་གསུམ་ལ་གཞི་བཅས་ལ༔ སྡོམ་པ་གསུམ་རྒྱུད་ལ་སྐྱེ་དགོས་ཏེ༔ དཔེར་ན་སྟོན་ཐོག་བསྒྲུབ་པ་ལ་ཞིང་ས་དང་སོ་ནམ་དགོས་པ་བཞིན་ནོ༔ དེས་ན་དེ་དག་མེད་ཁ་མེད་ཡིན་ནོ༔ གཉིས་པ༔ སེམས་གསུམ་སྒོ་ནས་ལམ་ལ་འཇུག་པ་ནི༔ ཞེས་པས༔ སེམས་གསུམ་གྱིས་ཁ་བསྒྱུར་བ་ལ་ནི་བཞི༔ བྱམས་པ༔ སྙིང་རྗེ༔ བྱང་ཆུབ་ཀྱི་སེམས༔ དེ་དག་སྡེ་སྣོད་གསུམ་དུ་ངོས་བཟུང་ལ་བསླབ་པ་གསུམ་དུ་བསྟན་པའོ༔ དང་པོ་བྱམས་པ་ནི༔ ཡིད་འོང་ཕ་མར་ཤེས་ཤིང་བདེ་ལྡན་བསྒོམ༔ ཞེས་པས༔ ཡུལ་གང་ཡང་ཡིད་དུ་འོང་ཞིང་དེ་དག་བདེ་བ་དང་ལྡན་པར་བྱའོ་སྙམ་པ་ནི་འཇིག་རྟེན་པའི་བྱམས་པ༔ ཡུལ་སེམས་ཅན་དེ་དག་ལ་ཕ་མར་ཤེས་ཤིང་དེ་རྣམས་བདེ་བ་དང་ལྡན་པར་བྱའོ་སྙམ་དུ་སྒོམ་པ་ནི་ཆོས་ཀྱི་བྱམས་པ༔ དེ་ལྟར་སེམས་ཅན་ཐམས་ཅད་ཕ་མར་ཤེས་ཤིང་དེ་དག་ལ་ཕན་གདགས་པའི་བློ་སྐྱེས་པ་ནི་བྱམས་པའི་ཏིང་ངེ་འཛིན༔ དེ་རྒྱུན་ཆགས་སུ་སྐྱེས་པ་ནི་བྱམས་པ་ཚད་མེད་པའམ་ཆེན་པོ་ཞེས་བྱའོ༔ དེ་ལ་གསུམ་ལས༔ སེམས་ཅན་ལ་དམིགས་པའི་བྱམས་པ་ནི༔ སེམས་ཅན་ཐམས་ཅད་ཕ་མར་ཤེས་ཤིང་དེ་དག་བདེ་བ་དང་ལྡན་པར་བྱ་སྙམ་པའི་བློ་སྐྱེས་པའོ༔ ཆོས་ལ་དམིགས་པའི་བྱམས་པ་ནི༔ དོན་དམ་པར་ཅིར་ཡང་མ་གྲུབ་པ་ཡིན་ཡང་ཀུན་རྫོབ་རྨི་ལམ་སྒྱུ་མ་ཙམ་གྱི་ངོར་མ་འདི་རྣམས་བདེ་བ་དང་ལྡན་པར་བྱ་སྙམ་པའི་བློ་འོ༔ དམིགས་པ་མེད་པའི་བྱམས་པ་ནི༔ དེ་ལྟར་སྒོམ་པའི་དུས་ཉིད་ན་རང་གཞན་ཐམས་ཅད་ཀྱི་ངོ་བོ་སྟོང་པ་ཉིད་སྤྲོས་བྲལ་ནམ་མཁའ་ལྟར་ཤེས་པས༔ གདངས་མ་འགགས་པར་བྱམས་པར་དུང་ངེ༔ གཤིས་མ་གྲུབ་པར་སྟོང་པར་ལྷག་གེ༔ ངོ་བོ་མི་རྟོག་མི་དམིགས་ཤིང་འཁོར་གསུམ་ཡོངས་སུ་དག་པའོ༔ གཉིས་པ་སྙིང་རྗེ་ནི༔ སེམས་ཅན་ཕ་མ་སྡུག་བསྔལ་བསྒྲལ་བར་བསམ༔ ཞེས་པས༔ ཡུལ་སེམས་ཅན་ཕ་མ་ཐམས་ཅད་སྡུག་བསྔལ་བར་མཐོང་ནས་ཤ་ཚས་མི་བཟོད་པའི་སྙིང་རྗེ་སྐྱེས་ཏེ་སྡུག་བསྔལ་དེ་དག་ལས་བསྒྲལ་བར་འདོད་པའི་བསམ་པ་ནི་འཇིག་རྟེན་པའི་སྙིང་རྗེ༔ སེམས་ཅན་ཐམས་ཅད་ཕ་མར་ཤེས་ནས་དེ་དག་སྡུག་བསྔལ་དུ་གནས་པ་ལ་ཤ་ཚས་མི་བཟོད་པའི་སྙིང་རྗེ་སྐྱེས་ནས་སྡུག་བསྔལ་ལས་བསྒྲལ་བར་འདོད་པའི་བློ་ནི་ཆོས་ཀྱི་སྙིང་རྗེ༔ མ་འདི་རྣམས་སྡུག་བསྔལ་བ་ལ་སྙིང་བརྩེ་བས་སྡུག་བསྔལ་དང་བྲལ་བར་འདོད་པ་ནི་སྙིང་རྗེའི་ཏིང་ངེ་འཛིན་ནོ༔ དེ་དུས་རྒྱུན་ཆད་མེད་པར་སྐྱེས་པ་ནི་སྙིང་རྗེ་ཚད་མེད་པའམ་ཆེན་པོ་ཞེས་བྱའོ༔ དེ་ལ་གསུམ་ལས༔ སེམས་ཅན་ལ་དམིགས་པའི་སྙིང་རྗེ་ནི༔ སེམས་ཅན་དུཿཁ་དང་བྲལ་བར་བྱ་སྙམ་པའོ༔ ཆོས་ལ་དམིགས་པའི་སྙིང་རྗེ་ནི༔ དོན་དམ་པར་ཅིར་ཡང་མ་གྲུབ་པ་ཡིན་ཡང་ཀུན་རྫོབ་སྒྱུ་མ་ཙམ་གྱི་ངོར་དུཿཁ་དང་བྲལ་བར་བྱའོ་སྙམ་པའོ༔ དམིགས་པ་མེད་པའི་སྙིང་རྗེ་ནི༔ དེ་ལྟར་སྒོམ་པའི་དུས་ཉིད་ན་རང་གཞན་ཐམས་ཅད་ཀྱི་ངོ་བོ་སྟོང་པ་ཉིད་ནམ་མཁའ་ལྟར་ཤེས་པས༔ གདངས་མ་འགགས་པ་སྙིང་རྗེར་དུང་ངེ༔ གཤིས་མ་གྲུབ་པ་སྟོང་པ་ཉིད་དུ་ལྷག་གེ༔ ངོ་བོ་མི་དམིགས་མི་རྟོག་ཅིང་འཁོར་གསུམ་ཡོངས་སུ་དག་པའོ༔ གསུམ་པ་བྱང་ཆུབ་ཀྱི་སེམས་ནི༔ སངས་རྒྱས་ཐོབ་འདོད་བསམ་པ་ལེན་དང་སྒྲུབ༔ ཅེས་པས༔ སེམས་བསྐྱེད་ལ་གཉིས་ཏེ༔ སྨོན་པ་དང་འཇུག་པའོ༔ དང་པོ་སྨོན་པ་ནི༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པའི་བསམ་པ་སྨོན་པའི་སེམས་སོ༔ དེ་ལྟར་ཁས་ལེན་པ་དང་མ་འཐོབ་པ་ཐོབ་པར་བྱེད་པ་སྨོན་པའི་སེམས་བསྐྱེད༔ དེའི་མི་མཐུན་ཕྱོགས་སྤོང་བ་སྨོན་པའི་སྡོམ་པའོ༔ གཉིས་པ་འཇུག་པ་ནི༔ གཞན་དོན་དུ་སངས་རྒྱས་འཐོབ་པར་བྱ་བའི་ཕྱིར་དེའི་སྤྱོད་པ་སྒྲུབ་པར་འདོད་པ་ནི་འཇུག་པའི་སེམས༔ དེ་ལྟར་ཁས་བླངས་ཤིང་རྒྱུད་ལ་སྡོམ་པ་ཐོབ་པར་བྱེད་པ་འཇུག་པའི་སེམས་བསྐྱེད༔ དེའི་སྤྱོད་པ་རྒྱུན་དུ་སྒྲུབ་ཅིང་མི་མཐུན་ཕྱོགས་སྤོང་བ་ནི་འཇུག་པའི་སྡོམ་པའོ༔ མདོར་ན་སེམས་ཅན་གྱིས་སངས་རྒྱས་འཐོབ་པར་འདོད་པའི་བསམ་པ་ནི་སྨོན་པ་བྱང་སེམས༔ དེ་ལག་ཏུ་བླངས་ནས་སྒྲུབ་པ་ནི་འཇུག་པ་བྱང་སེམས༔ དེས་ན་སྨོན་པ་གལ་ཆེ་སྟེ་སྨོན་པ་བྱང་སེམས་ལ་བློ་འབྱོངས་ན་འཇུག་པ་ཤུགས་ལ་འོང་ཞིང༔ སྨོན་པ་མ་སྐྱེས་ན་འཇུག་པ་སྒྲུབ་མི་སྲིད་དེ་མེད་ན་མི་འབྱུང་བའི་རྒྱུ་འབྲས་སོ༔ དེས་ན་ཡང་དག་སངས་རྒྱས་ཐོབ་པ་ལ་དོན་དམ་སེམས་བསྐྱེད་དགོས༔ དོན་དམ་བྱང་སེམས་སྐྱེ་བ་ལ་ཀུན་རྫོབ་བྱང་སེམས་དགོས༔ དེ་ལ་སྙིང་རྗེ་དགོས༔ སྙིང་རྗེ་སྐྱེ་བ་ལ་བྱམས་པ༔ བྱམས་པ་སེམས་ཅན་ཕ་མར་ཤེས་པ་ལས་སྐྱེའོ༔ དེས་ན་ཐེག་པ་ཆེན་པོའི་ལམ་གྱི་ངོ་བོ་ནི་བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཡིན་པས་མེད་ཁ་མེད་ཡིན་ནོ༔ དེ་དག་ལ་བརྟེན་ནས་རང་གཞན་གྱི་དོན་ཐམས་ཅད་འགྲུབ་པས་ལམ་གྱི་ཁ་བསྒྱུར་ཡིན་ཏེ་རྟའི་ཁ་ལོ་སྲབ་ཀྱིས་བསྒྱུར་བ་བཞིན་ནོ༔ བཞི་པ་དེ་དག་སྡེ་སྣོད་གསུམ་དུ་ངོས་བཟུང་ལ་བསླབ་པ་གསུམ་དུ་བསྟན་པ་ནི༔ སེམས་གསུམ་སྡེ་གསུམ་བསླབ་གསུམ་ཉམས་གསུམ་ཐུགས༔ ཞེས་པས༔ ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདག་གི་ཕ་མ་ཡིན་ཅིང་དྲིན་བསམ་གྱིས་མི་ཁྱབ་པ་ཡོད་པས་བདེ་བ་དང་ལྡན་པར་བྱའོ་སྙམ་དུ་སྒོམ་པ་ནི་བྱམས་པའི་སེམས༔ མ་འདི་རྣམས་དུཿཁ་སྣ་ཚོགས་ལ་སྤྱོད་པ་སྙིང་རེ་རྗེ་དུཿཁ་དེ་དག་དང་བྲལ་བར་བྱའོ་སྙམ་དུ་སྒོམ་པ་ནི་སྙིང་རྗེའི་སེམས༔ མ་འདི་རྣམས་བདེ་བ་དང་ལྡན༔ དུཿཁ་དང་བྲལ༔ མྱུར་དུ་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་འཐོབ་པར་བྱའོ་སྙམ་དུ་སྒོམ་པ་ནི་བྱང་ཆུབ་ཀྱི་སེམས་སོ༔ དེ་ཐམས་ཅད་ལ་ཀུན་ཏུ་སྙོམས་ཤིང་རྒྱུན་ཆད་མེད་པར་བསྒོམ་མོ༔ དེ་ལ་བྱམས་པ་ནི་ཞེ་སྡང་མེད་པའི་སེམས༔ སྙིང་རྗེ་འདོད་ཆགས་མེད་པའི་སེམས༔ བྱང་སེམས་གཏི་མུག་མེད་པའི་སེམས་དང་གསུམ་མོ༔ དེ་ཀ་སྡེ་སྣོད་གསུམ་ཡང་ཡིན་ཏེ༔ སྙིང་རྗེ་འདུལ་བ༔ བྱམས་པ་མདོ་སྡེ༔ བྱང་སེམས་མངོན་པའི་སྡེ་སྣོད་དོ༔ དེ་ཀ་བསླབ་པ་གསུམ་ཡང་ཡིན་ཏེ༔ འདོད་ཆགས་མེད་པའི་སྙིང་རྗེ་ཚུལ་ཁྲིམས༔ ཞེ་སྡང་མེད་པའི་བྱམས་པ་ཏིང་ངེ་འཛིན༔ གཏི་མུག་མེད་པའི་བྱང་སེམས་དེ་ཤེས་རབ་ཀྱི་བསླབ་པའོ༔ དེ་ཀ་ཉམས་གསུམ་ཡང་ཡིན་ཏེ༔ འདོད་ཆགས་དང་བྲལ་བའི་སྙིང་རྗེ་དེ་བདེ་བའི་ཉམས༔ ཞེ་སྡང་དང་བྲལ་བའི་བྱམས་པ་དེ་གསལ་བའི་ཉམས༔ གཏི་མུག་དང་བྲལ་བའི་བྱང་སེམས་དེ་མི་རྟོག་པའི་ཉམས་སོ༔ དེ་ལྟར་དུག་གསུམ་གང་ཡང་མེད་པ་དེ་སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པ་ཡིན་པས་ཐུགས་ཞེས་བྱའོ༔ དེས་ན་བྱམས་པ་སྙིང་རྗེ་བྱང་སེམས་གསུམ་པོ་དེ་ཐེག་པ་ཆེན་པོའི་ལམ་གྱི་ངོ་བོ་ཡིན་པས་མེད་ཀ་མེད་དོ༔ གཉིས་པ༔ ཁྱད་པར་གསང་སྔགས་ལམ་གྱི་ངོ་བོ་ནི༔ ཞེས་པས༔ གསང་སྔགས་ལམ་གྱི་ངོ་བོ་ལ་ལྔ་སྟེ༔ རྒྱུད་སྨིན་པར་བྱེད་པ་ལ་དབང༔ སྨིན་པ་གྲོལ་བར་བྱེད་པ་ལ་ལྟ་བ༔ ལྟ་བ་གོམས་པར་བྱེད་པ་ལ་སྒོམ་པ༔ དེ་དང་མི་འབྲལ་ཞིང་རྩལ་སྦྱོང་བ་ལ་སྤྱོད་པ༔ དེ་དག་ལས་མི་འདའ་བར་བྱེད་པ་དམ་ཚིག་གོ༔ དང་པོ་རྒྱུད་སྨིན་པར་བྱེད་པ་དབང་ནི༔ བུམ་གསང་ཡེ་ཤེས་བདེ་ཆེན་དབང་བཞི་བསྐུར༔ ཞེས་པས༔ བུམ་པའི་དབང༔ གསང་བའི་དབང༔ ཤེས་རབ་ཡེ་ཤེས་ཀྱི་དབང༔ བདེ་བ་ཆེན་པོའི་དབང་ངོ༔ དེ་བཞི་བསྐུར་བའི་དོན་གཏན་ལ་དབབ་པ་ལ་གཉིས་ཏེ༔ གོ་དོན་གཞག་པ་དང༔ ཉམས་སུ་བླང་ཚུལ་ལོ༔ དང་པོ་གོ་དོན་གཞག་པ་ལ་གསུམ་སྟེ༔ གྲངས་ངེས་པ༔ གོ་རིམ་ངེས་པ༔ སྒྲ་དོན་ནོ༔ དང་པོ་གྲངས་ངེས་ནི༔ སྤང་བྱ་འདོད་ཆགས་བཞི་སྤོང་བ་དང༔ སྒྲུབ་བྱེད་ཕྱག་རྒྱ་བཞི་སྟོན་པ་དང༔ འབྲས་བུ་སྐུ་བཞི་ཐོབ་པ་དང་གསུམ་དུ་ངེས་པའོ༔ དང་པོ་སྤང་བྱ་ནི༔ འདོད་ཁམས་ཀྱི་འདོད་ཆགས་ཐམས་ཅད་བཞིར་འདུས་ཏེ༔ གཞན་འཕྲུལ་དབང་བྱེད་པ་ལ་དགོད་པས་ཚིམས་པའི་ཆགས་པ་ཡོད་པས་དེ་དག་པར་བྱེད་པ་ལ་བུམ་དབང༔ འཕྲུལ་དགའ་བ་ལ་བལྟས་པས་ཚིམས་པའི་ཆགས་པ་ཡོད་པས་དེ་དག་པར་བྱེད་པ་ལ་གསང་དབང༔ དགའ་ལྡན་པ་ལ་ལག་པ་བཅངས་པས་ཚིམས་པའི་ཆགས་པ་ཡོད་པས་དེ་དག་པར་བྱེད་པ་ལ་ཤེས་རབ་ཡེ་ཤེས༔ འཐབ་བྲལ་མན་ཆོད་ལ་གཉིས་འཁྱུད་ཀྱིས་ཚིམས་པའི་ཆགས་པ་ཡོད་པས་དེ་དག་པར་བྱེད་པ་ལ་བདེ་བ་ཆེན་པོ་འོ༔ གཉིས་པ་སྒྲུབ་བྱེད་ཕྱག་རྒྱ་བཞི་ནི༔ བུམ་དབང་གིས་དམ་ཚིག་གི་ཕྱག་རྒྱ༔ གསང་དབང་གིས་ལས་ཀྱི་ཕྱག་རྒྱ༔ ཤེས་རབ་ཡེ་ཤེས་ཀྱིས་ཆོས་ཀྱི་ཕྱག་རྒྱ༔ བདེ་བ་ཆེན་པོས་ཕྱག་རྒྱ་ཆེན་པོ་སྟོན་པའོ༔ གསུམ་པ་འབྲས་བུ་སྐུ་བཞི་ཐོབ་པ་ནི༔ བུམ་དབང་གིས་སྤྲུལ་སྐུ༔ གསང་དབང་གིས་ལོངས་སྐུ༔ ཤེས་རབ་ཡེ་ཤེས་ཀྱིས་ཆོས་སྐུ༔ བདེ་ཆེན་གྱིས་ངོ་བོ་ཉིད་ཀྱི་སྐུ་ཐོབ་པ་དང་བཞིར་ངེས་སོ༔ གཉིས་པ་གོ་རིམ་ངེས་པ་ལ་གཉིས་ཏེ༔ ལྟ་བ་ལ་སྦྱར་བ་དང༔ རྟེན་དང་བརྟེན་པའི་ཚུལ་དུ་སྦྱར་བའོ༔ དང་པོ་ལྟ་བ་ལ་སྦྱར་བ་ནི༔ ཐེག་ཆེན་གྱི་ལྟ་བ་ཐམས་ཅད་བཞིར་འདུས་ཏེ༔ སེམས་ཙམ༔ དབུ་མ༔ གསང་སྔགས༔ རྫོགས་ཆེན་ནོ༔ དེ་བཞིན་དུ་དབང་ཡང་བཞིར་འདུས་ཏེ༔ བུམ་དབང་གིས་སྣང་བ་རང་སེམས་སྒྱུ་མ་ལྟར་བསྟན་པས་སེམས་ཙམ་གྱི་ལྟ་བ༔ གསང་དབང་གིས་ཆོས་ཐམས་ཅད་སྤྲོས་བྲལ་ནམ་མཁའ་ལྟར་བསྟན་པས་དབུ་མའི་ལྟ་བ༔ གསུམ་པས་བདེ་སྟོང་དབྱེར་མེད་དུ་བསྟན་པས་གསང་སྔགས་ཀྱི་ལྟ་བ༔ བཞི་པ་མཐའ་བྲལ་ཡེ་ཤེས་སངས་རྒྱས་སུ་བསྟན་པས་རྫོགས་ཆེན་གྱི་ལྟ་བའོ༔ གཉིས་པ་རྟེན་དང་བརྟེན་པའི་ཚུལ་དུ་སྦྱར་བ་ནི༔ ལུས་ཀྱི་ངོ་བོ་རྩ་ཡིན་ཏེ༔ དེ་ལ་རླུང་བརྟེན༔ དེ་ལ་ཁམས་བྱང་སེམས་བརྟེན༔ དེ་ལ་དོན་དམ་བྱང་སེམས་བརྟེན་པས༔ དང་པོ་ལུས་འདག་པ་ལ་བུམ་དབང༔ ངག་རླུང་གི་རང་བཞིན་འདག་པ་ལ་གསང་དབང༔ ཁམས་ཐིག་ལེ་བྱང་སེམས་འདག་པ་ལ་གསུམ་པ༔ དོན་དམ་བྱང་སེམས་རྟོགས་པར་བྱེད་པ་ལ་བཞི་པའོ༔ གསུམ་པ་སྒྲ་དོན་ནི༔ ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན་དྲི་མ་འཁྲུད་པས་ན་དབང་སྟེ༔ དང་པོས་ལུས་ཀྱི༔ གཉིས་པས་ངག་གི༔ གསུམ་པས་སེམས་ཀྱི༔ བཞི་པས་ལུས་ངག་ཡིད་གསུམ་ཀའི་དྲི་མ་འཁྲུད་པ་སྟེ༔ སྣོད་དག་པར་བཀྲུས་ན་བཅུད་བླུགས་སུ་རུང་བ་བཞིན་ནོ༔ ཨ་བྷི་ཥེ་ཀའི་སྒྲ་ལས་དྲངས་ན་སྐལ་པ་འཇོག་པས་ན་དབང་སྟེ༔ དང་པོས་ལྷ་བསྒོམ་པའི༔ གཉིས་པས་གཏུམ་མོ་ཙཎྜ་ལཱི་བསྒོམ་པའི༔ གསུམ་པས་བདེ་ཆེན་སྤྲོས་བྲལ་སྒོམ་པའི༔ བཞི་པས་ཟུང་འཇུག་བློ་འདས་སྒོམ་པའི་སྐལ་པ་འཇོག་པ་སྟེ༔ ཕས་བུ་ལ་ཕོགས་གཏོད་པ་བཞིན་ནོ༔ ཨ་བྷི་སི་ཏིའི་སྒྲ་ལས་དྲངས་ན་སྨིན་པར་བྱེད་པས་ན་དབང་སྟེ༔ དང་པོས་ལུས་ཕུང་ཁམས་སྐྱེ་མཆེད་ལྷ་རུ༔ གཉིས་པས་ངག་འབྱུང་འཇུག་གནས་གསུམ་སྔགས་སུ༔ གསུམ་པས་ཐིག་ལེ་བདེ་ཆེན་ཡེ་ཤེས་སུ༔ བཞི་པས་སེམས་སངས་རྒྱས་ཆོས་སྐུ་རུ་སྨིན་པར་བྱེད་པས་ན་དབང་སྟེ༔ རྒྱལ་པོར་དབང་བསྐུར་བ་བཞིན་ནོ༔ གཉིས་པ་ལམ་ཉམས་སུ་བླང་ཚུལ་ལ་བཞི་སྟེ༔ རྒྱུ་ལ་གནས་པ༔ རྐྱེན་ལས་ཐོབ་པ༔ ལམ་ཉམས་སུ་བླང་བ༔ འབྲས་བུ་སྐུ་བཞི་ཐོབ་པའོ༔ དང་པོ་རྒྱུ་ལ་གནས་པ་ལུས་ཕུང་ཁམས་སྐྱེ་མཆེད་ལྷ་རུ་གནས་པ་བུམ་དབང་གི་ས་བོན༔ ངག་རླུང་དང་ཡི་གེ་སྔགས་སུ་གནས་པ་གསང་དབང་གི་ས་བོན༔ ཁམས་དྭངས་མ་ཀུན་ད་བདེ་ཆེན་དུ་གནས་པ་གསུམ་པའི་ས་བོན༔ སེམས་སངས་རྒྱས་ཆོས་སྐུར་གནས་པ་བཞི་པའི་ས་བོན་ཡོད་པའོ༔ གཉིས་པ་རྐྱེན་ལས་ཐོབ་པ་ནི་དཀྱིལ་འཁོར་ཁོ་ན་ཡིན་ཏེ༔ གཞི་དཀྱིལ་འཁོར་དུ་བཅུག་པས་རྩ་བ་དབང་བསྐུར་དུ་བཏུབ་པ་ཡིན་པའོ༔ དེའང་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ནང་དོན་གྱི་དཀྱིལ་འཁོར་སྟོན་ཏེ༔ དང་པོས་ལུས་ལྷའི་དཀྱིལ་འཁོར༔ གཉིས་པས་ངག་སྔགས་ཀྱི༔ གསུམ་པས་ཐིག་ལེ་བདེ་ཆེན་གྱི༔ བཞི་པས་སེམས་སྐུ་བཞི་ངོ་བོ་ཉིད་ཀྱི་དཀྱིལ་འཁོར་དུ་སྟོན་པའོ༔ གསུམ་པ་ལམ་ཉམས་སུ་བླང་བ་ལ་མངོན་པར་རྟོགས་པ་བཞི་སྟེ༔ བསྐྱེད་རིམ་བུམ་དབང་གི་མངོན་རྟོགས༔ རྩ་རླུང་ཐིག་ལེ་གཏུམ་མོ་ཙཎྜ་ལཱི་ཐམས་ཅད་གསང་དབང་གི་མངོན་རྟོགས༔ རང་གཞན་གྱི་ལུས་ལ་བསྟེན་ནས་འོག་སྒོ་བདེ་ཆེན་སྒོམ་པ་ཐམས་ཅད་ཤེས་རབ་ཡེ་ཤེས་ཀྱི་མངོན་རྟོགས༔ དེ་ལས་སྐྱེས་པའི་གཉིས་མེད་ཡེ་ཤེས་ཆེན་པོ་ནི་བདེ་བ་ཆེན་པོའི་མངོན་རྟོགས་སོ༔ བཞི་པ་ལམ་ཉམས་སུ་བླངས་པའི་འབྲས་བུ་བཞི་ནི༔ དབང་དང་པོས་སྤྲུལ་སྐུ༔ གཉིས་པས་ལོངས་སྐུ༔ གསུམ་པས་ཆོས་སྐུ༔ བཞི་པས་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའོ༔ དེས་ན་ལུས་ངག་རྩ་ཁམས་ཐམས་ཅད་སངས་རྒྱས་སུ་ངོ་སྤྲོད་པ་དབང་ཁོ་ན་ཡིན་པས་མེད་ཀ་མེད་དོ༔ གཉིས་པ་སྨིན་པ་གྲོལ་བར་བྱེད་པའི་ལྟ་བ་ལ་གཉིས་ཏེ༔ བསྐྱེད་རིམ་སྦྱང་བ་དང༔ རྫོགས་རིམ་བསྟན་པའོ༔ དང་པོ་བསྐྱེད་རིམ་སྦྱང་བ་ནི༔ ཕྱི་ནང་སྣོད་བཅུད་གཞལ་ཡས་ལྷ་རུ་བསྐྱེད༔ ཅེས་པས༔ འདི་ལ་ལྔ་སྟེ༔ སྦྱང་གཞི༔ སྦྱང་བྱ༔ སྦྱོང་བྱེད༔ འབྲས་བུ༔ སྦྱོང་ཚུལ་ལོ༔ དང་པོ་སྦྱང་གཞི་ནི་སྣོད་བཅུད་བརྟན་གཡོའི་དངོས་པོ་ཐམས་ཅད་གཞལ་ཡས་ཁང་དང་ལྷའི་རང་བཞིན་དུ་གནས་པའོ༔ གཉིས་པ་སྦྱང་བྱ་ནི་དེ་ལྟར་ངོ་མ་ཤེས་པ་སྣོད་བཅུད་རང་རྒྱུད་དུ་འཛིན་པ་ཀུན་བཏགས་གློ་བུར་གྱི་དྲི་མ་འདིའོ༔ གསུམ་པ་སྦྱོང་བྱེད་ནི་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་དང་ལྷ་རུ་བསྒོམ་པའོ༔ བཞི་པ་འབྲས་བུ་ནི་ཀུན་བཏགས་གློ་བུར་གྱི་དྲི་མ་དག་ནས་དོན་རང་མཚན་མངོན་དུ་གྱུར་པའོ༔ ལྔ་པ་སྦྱོང་ཚུལ་ནི་སྟོང་པའི་ངང་ལས་འགགས་མེད་ཀྱི་སྙིང་རྗེ་གཉིས་མེད་ཡི་གེའི་རང་བཞིན་ལས༔ སྣོད་གཞལ་ཡས་ཁང༔ བཅུད་རང་གཞན་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་སྒོམ༔ དེ་ལ་དམ་ཚིག་ཡེ་ཤེས་གཉིས་ལས༔ རང་གཞན་གྱི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་སུ་གནས་པ་སྟེ༔ དེ་ལས་མི་འདའ་བའི་དམ་ཚིག་གི་ལྷར་གསལ་ཞིང་ཐ་མལ་གྱི་ལོག་རྟོག་མེད་པས་ན་སེམས་དཔའ་འོ༔ དེ་ལྟར་གདོད་ནས་གནས་ཤིང་ཡེ་ནས་ཡོད་པའི་དེ་ཉིད་ཤེས་པས་ན་ཡེ་ཤེས༔ གཉིས་འཛིན་གྱི་དྲི་མ་མེད་པས་ན་སེམས་དཔའ་སྟེ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པའོ༔ དེ་ནས༔ ཡེ་ནས་ཡོད་པ་ལ་ངོ་ཤེས་བྱས་པ་ཙམ་ལས༔ རང་བཞིན་གྱི་གནས་ནས་སྤྱན་དྲངས་ལ་བསྟིམ་ཞེས་བྱ་བ་ཡུལ་ཅན་གཞན་དུ་གྲུབ་པ་ནི་མེད་དེ༔ རང་སྣང་དབྱེར་མེད་དཀྱིལ་འཁོར་ལ༔ ཞེས་སོ༔ དེ་ལྟ་བུའི་བསྐྱེད་རིམ་དེ་ལ་ལམ་དུ་འགྲོ་བ་ལ་གནད་གསུམ་སྟེ༔ ཐ་མལ་གྱི་ཞེན་པ་སྦྱོང་བ་ལ་རྣམ་པ་གསལ་བ༔ དེའི་དེ་ཉིད་ཤེས་པ་ལ་རྣམ་དག་དྲན་པ༔ ཀུན་བཏགས་མཉམ་རྗེས་མེད་པ་ལ་ང་རྒྱལ་བརྟན་པའོ༔ དང་པོ་ཐ་མལ་གྱི་ཞེན་པ་སྦྱོང་བའི་རྣམ་པ་གསལ་བ་ནི༔ རྣམ་པ་གསལ་བར་བསྒོམས་པས་ཐུན་མོང་གི་ཡོན་ཏན་ཐམས་ཅད་འབྱུང་སྟེ༔ གདན་ཆེ་ལ་བརྟན་པས་ཚེ་རིང་བ༔ ཞབས་བགྲད་ཁམ་ཆེ་བས་སྡོད་ཚུགས་པ༔ སྐུ་ལང་ཚོ་རྒྱས་ཤིང་ཡིད་དུ་འོང་བ་བསྒོམས་པས་ནད་ཉུང་ཁམས་བཟང་བ༔ ཕྱག་མཚན་གསལ་བས་བསམ་པ་འགྲུབ་པ༔ རྒྱན་ཚང་བས་འབྱོར་པ་ལྡན་པ༔ ཞལ་དང་མཆེ་བ་སྐུ་མདོག་གསལ་བར་བསྒོམས་པས་ཐམས་ཅད་བཀའ་ཉན་ཅིང་སྣང་བ་དབང་དུ་འདུས་པའི་རྟེན་འབྲེལ་ལོ༔ དེས་ན་གཙོ་འཁོར་སྐུ་མདོག་ཞལ་ཕྱག་ཐམས་ཅད་མ་ལུས་ཤིང་གསལ་བར་བསྒོམས་པས་བར་ཆད་གང་གིས་ཀྱང་མི་ཚུགས་ཤིང་ཐུན་མོང་གི་ཡོན་ཏན་ཐམས་ཅད་འབྱུང་ངོ༔ གསལ་བ་གང་ཡང་མེད་ན་ཡོན་ཏན་གང་ཡང་མི་འབྱུང་ངོ༔ གཉིས་པ་དེའི་དེ་ཉིད་ཤེས་ཕྱིར་རྣམ་དག་དྲན་པ་ལ་གཉིས་ཏེ༔ རྟགས་དང་དོན་གྱི་རྣམ་དག་གོ༔ དང་པོ་ནི༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་ལ་སོགས་པར་སྒོམ་པ་ན༔ དབུ་གསུམ་ནི་སྐུ་གསུམ༔ ཕྱག་དྲུག་ནི་ཡེ་ཤེས་དྲུག༔ ཞབས་བཞི་ནི་རྫུ་འཕྲུལ་བཞིར་དྲན་པར་བྱའོ༔ སྐུ་མདོག་ནི༔ དཀར་པོ་སྐྱོན་གྱིས་མ་གོས་པ༔ སེར་པོ་ཡོན་ཏན་རྒྱས་པ༔ དམར་པོ་ཐུགས་རྗེ་ཆགས་པ༔ ལྗང་གུ་ཕྲིན་ལས་ཐོགས་མེད༔ མཐིང་གའམ་ནག་པོ་ཆོས་ཉིད་མི་འགྱུར་བའོ༔ ཕྱག་མཚན་ནི༔ རྡོ་རྗེ་འདུས་མ་བྱས་པ༔ འཁོར་ལོ་ཉོན་མོངས་གཅོད་པ༔ རིན་པོ་ཆེ་ཡོན་ཏན་འབྱུང་བ༔ པདྨ་སྐྱོན་གྱིས་མ་གོས་པ༔ རྒྱ་གྲམ་མམ་རལ་གྲི་ནི་ཕྲིན་ལས་ཐོགས་པ་མེད་པའོ༔ དེ་བཞིན་དུ་རང་རང་གི་སྒྲུབ་ཐབས་གང་ཡིན་པའི་གཞུང་བཞིན་བྱས་པས་ཡོན་ཏན་འབྱུང་ངོ༔ གཉིས་པ་དོན་གྱི་རྣམ་དག་ནི༔ དེ་དག་ཀྱང་བདེན་དངོས་སུ་གྲུབ་པ་མེད་པས་རང་བཞིན་སྟོང་པ་ཉིད་དུ་ཤེས་པར་བྱའོ༔ དེས་ན༔ གདངས་མ་འགགས་པ་ལྷ་རུ་ལམ་མེ༔ གཤིས་མ་གྲུབ་པ་སྟོང་པར་ཆམ་མེ༔ ངོ་བོ་གསལ་སྟོང་གཉིས་མེད་དུ་ལྷང་ངེ༔ དེ་ལྟར་གཉིས་མེད་དུ་བསྒོམས་པས་ཚོགས་གཉིས་རྫོགས་ནས་འབྲས་བུ་སངས་རྒྱས་ཐོབ་པ་ཡིན་ནོ༔ གསུམ་པ་ཀུན་བརྟགས་མཉམ་རྗེས་མེད་པར་ང་རྒྱལ་བརྟན་པ་ནི༔ གསལ་རུང་མི་གསལ་རུང་ལྷ་རང་ཡིན་ནོ་སྙམ་པའི་བསམ་པ་བྱ་ཞིང་ཐ་མལ་གྱི་སྣང་བ་མེད་པར་བྱའོ༔ དེས་ན་མཆོག་ཐུན་མོང་གི་ཡོན་ཏན་ཐམས་ཅད་ཚེ་འདི་ཉིད་ལ་འབྱུང་བ་ནི་བསྐྱེད་པའི་རིམ་པ་ཡིན་པས་མེད་ཀ་མེད་ཡིན་ནོ༔ བསྐྱེད་རྫོགས་གཉིས་མེད་ཀྱི་དོན་ནི༔ ཀུན་རྫོབ་ལམ་དུ་བྱེད་པ་བསྐྱེད་རིམ༔ དོན་དམ་མངོན་དུ་བྱེད་པ་ལ་རྫོགས་རིམ༔ དེ་གཉིས་ཐ་དད་གཉིས་སུ་མེད་པས་བསྐྱེད་རྫོགས་དབྱེར་མེད་ཟུང་འཇུག་ཡིན་ནོ༔ དེ་ཡང་སྣོད་བཅུད་ཐམས་ཅད་གདངས་མ་འགགས་པར་གསལ་བ་ནི་གཟུགས་སྐུ༔ གཤིས་སྟོང་པར་གནས་པ་ནི་ཆོས་སྐུ༔ ངོ་བོ་ཅིར་ཡང་མི་རྟོག་པ་ནི་གཉིས་མེད་ཡིན་ཏེ༔ གདངས་གཟུགས་སྐུ་ཡིན་ཙམ་ན་གཤིས་ཆོས་སྐུ་ལས་འོས་མེད༔ གཤིས་ཆོས་སྐུར་གནས་པ་ལས་གདངས་གཟུགས་སྐུ་ལས་འོས་མེད༔ དེའི་གནད་ཀྱིས་དབྱེར་མེད་ལས་འདས་པ་མེད་དོ༔ གཉིས་པ་རྫོགས་རིམ་བསྟན་པ་ནི༔ སྐྱེ་འགགས་གཉིས་མེད་རང་བྱུང་མཐའ་ལས་འདས༔ ཞེས་པས༔ གཞི་སྟོང་པའི་གནས་ལུགས་སེམས་ཉིད་ཀྱི་བཞུགས་ཚུལ་ཤེས་བྱའི་གཤིས་དེ་དངོས་པོར་མ་སྐྱེས༔ དངོས་མེད་དུ་མ་འགགས༔ ཐ་དད་དུ་མ་གྲུབ་པའི་སྐྱེ་འགག་གཉིས་མེད་དོ༔ དེ་ཡང་དངོས་པོར་མ་སྐྱེས་པས་སྟོང་པ༔ དངོས་མེད་དུ་མི་འགགས་པས་རིག་པ༔ ཐ་དད་དུ་མ་གྲུབ་པས་གཉིས་མེད་དོ༔ དེས་ན་ཆོས་ཐམས་ཅད་རང་གི་སེམས་ཡིན་ལ་སེམས་ནི་སྟོང་པ་ཉིད་དོ༔ དེ་ལ་ལྔ་སྟེ༔ རང་སྟོང་པ༔ ཡེ་སྟོང་པ༔ རང་བཞིན་གྱིས་སྟོང་པ༔ ཀུན་སྟོང་པ༔ མཉམ་པར་སྟོང་པའོ༔ དེ་ཡང་རང་སྟོང་པས་ཡུལ་མེད་པ་སྟེ་རྟག་པའི་ཆོས་སུ་མི་སྡོད་པ༔ ཡེ་སྟོང་པས་དུས་གློ་བུར་དུ་བྱུང་བ་མ་ཡིན་ཏེ་གདོད་མ་ནས་སྟོང་པ༔ རང་བཞིན་གྱིས་སྟོང་པས་སུས་ཀྱང་བྱས་པ་མ་ཡིན་ཏེ་གཤིས་རང་སྟོང་པ༔ ཀུན་སྟོང་པས་ཉི་ཚེའི་སྟོང་པ་མ་ཡིན་ཏེ་ཆོས་ཐམས་ཅད་ཀྱི་ཆོས་ཉིད༔ མཉམ་པར་སྟོང་པས་རོ་གཅིག་སྟེ་བཟང་ངན་མེད་པའོ༔ མདོར་ན་ཆོས་ཐམས་ཅད་ཀྱི་ཆོས་ཉིད་གཤིས་ཅིར་ཡང་མ་གྲུབ་པ་ནམ་མཁའ་ལྟ་བུའོ༔ སྟོང་པ་དེ་ཉིད་ཀྱི་གདངས་འགག་མེད་དུ་འཆར་བས་ན་སྣང་བ་ཞེས་བྱ༔ དེ་ལའང་ལྔ་སྟེ༔ སྣང་ཚད་གཅིག་རང་སྣང་བས་གཞན་མ་ཡིན་པ༔ བཀག་པ་མེད་པས་ཟང་ཐལ་དུ་སྣང་བ༔ གཏད་སོ་མེད་པས་ཁ་ཡན་དུ་སྣང་བ༔ དུས་བཏབ་མེད་པས་ངེས་མེད་དུ་སྣང་བ༔ ཕྱོགས་གཅིག་ཏུ་མ་གྲུབ་པས་སྣ་ཚོགས་སྣང་བ་སྟེ༔ འབྲས་བུ་སངས་རྒྱས་པའི་དུས་ན་སྐུ་དང་ཡེ་ཤེས་ཡོན་ཏན་སྣ་ཚོགས་སུ་སྣང༔ ལམ་རྣལ་འབྱོར་པའི་དུས་ན་ཉམས་དང་ཏིང་ངེ་འཛིན་རྟོགས་པའི་བྱེ་བྲག་སྣ་ཚོགས་སུ་སྣང༔ རྒྱུ་སེམས་ཅན་གྱི་དུས་ན་རིགས་དྲུག་གི་སྣང་བ་ཐམས་ཅད་བདེ་སྡུག་སྐྱོན་ཡོན་སྣ་ཚོགས་སུ་སྣང་ངོ༔ མདོར་ན་གཤིས་ཅིར་ཡང་མ་ཡིན་པའི་གནད་ཀས་གདངས་ཅིར་ཡང་འཆར་བ་ནམ་མཁའི་ཆོ་འཕྲུལ་ལྟ་བུའོ༔ དེས་ན་སྟོང་པའི་གདངས་འགག་མེད་དུ་སྣང་ལ༔ སྣང་བའི་རང་བཞིན་སྟོང་པར་གནས་པས་སྣང་སྟོང་གཉིས་མེད༔ དེ་ཡང་སྣང་བའི་སྟེང་དུ་སྟོང་པ་སྤྱན་དྲངས་པའམ༔ སྟོང་པ་སྣང་བའི་ལྷ་ལ་བཏབ་པའི་གཉིས་མེད་མ་ཡིན་ཏེ༔ སྣང་བའི་རང་བཞིན་དབྱིངས་སྟོང་པ་ཉིད་དུ་ལྷང་ངེ༔ དབྱིངས་སྟོང་པའི་གདངས་དེ་ཀ་རིག་པ་འགག་མེད་ཀྱི་རོལ་པར་ཁྲ་ཤིག་གེ༔ སྟོང་པ་དབྱིངས་ཀྱི་ཆོས་ཉིད༔ གསལ་བ་ཡེ་ཤེས་ཀྱི་ཕོ་སྒོ༔ གཉིས་མེད་གཤིས་ཀྱི་གནས་ལུགས་སོ༔ ཡང་སྐྱེ་མེད་འགག་མེད་ཀྱི་སྟེང་དུ་བཀུག་པའམ༔ འགག་མེད་སྐྱེ་མེད་ཀྱི་ཟླ་ལ་བཏབ་པ་ལྟ་བུ་ནི་མ་ཡིན་ཏེ༔ སྐྱེ་འགག་གཉིས་མེད་སྐུ་གསུམ་དུ་ཀྲོང་ངེ༔ མདོར་ན་གཉིས་བསྡུས་ཐམས་ཅད་གཉིས་མེད་གཉུག་མ་ཆོས་སྐུའོ༔ དེ་ཡང་ཆུ་དང་འོ་མ་ལྟར་འདྲེས་པའམ༔ ཕྱེ་ཆུ་ལྟར་བསྲེས་པའི་གཉིས་མེད་མིན༔ ཡང་རྟོགས་པའམ་སྒོམ་པའམ་ཤེས་ནས་གཉིས་མེད་དུ་སོང་བ་ཡང་མ་ཡིན༔ ཡང་གཉིས་ཀ་མེད་པའམ༔ གཅིག་ཏུ་སོང་བའམ༔ བཟང་ངན་མེད་པས་གཉིས་མེད་ཀྱང་མིན་ཏེ༔ ཆོས་ཐམས་ཅད་ཀྱི་གཤིས་བབས་སམ་ཡིན་ཚུལ་ལམ་གནས་ལུགས་དེ་གཉིས་མེད་ཐིག་ལེ་ཉག་གཅིག་ཏུ་གནས་པས་དབྱེ་བ་བྱར་མེད༔ བྱར་མི་བཏུབ༔ བྱ་མི་ཤེས་པ་སྟེ༔ སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པ་སྟེ་གཉིས་མ་གྲུབ་པས་གཉིས་མེད་དོ༔ ཐོག་དེ་རུ་སོང་བ་ལ་གཉིས་མེད་རྟོགས་ཞེས་བྱའོ༔ རྟོགས་ལྡན་ཞེས་བྱའོ༔ གཤིས་ཐོག་ཏུ་སོང་བ་ཞེས་བྱའོ༔ མདོར་ན་གཤིས་ཅིར་ཡང་མ་གྲུབ༔ གདངས་ཅིར་ཡང་མི་འགགས༔ ངོ་བོ་ཅིར་ཡང་མི་རྟོག༔ མཚན་ཉིད་མཐའ་དང་བྲལ༔ དོན་ཐིག་ལེ་ཉག་གཅིག་ཅིར་ཡང་མ་ཡིན་པས་ཅིར་ཡང་འཆར་བ་ལ༔ ཅིར་ཡང་འཆར་བས་ཀ་ཅིར་ཡང་མ་ཡིན་པ་སྟེ༔ ནམ་མཁའ་དང་ཆོ་འཕྲུལ་དབྱེར་མེད་པ་བཞིན་ནོ༔ དེས་ན་སྟོང་པ་དང་སྣང་བ་འབྲལ་མ་མྱོང༔ སྣང་དང་སྟོང་པ་འབྲལ་མ་མྱོང༔ སྣང་བས་སྟོང་པ་མ་སྤངས༔ སྟོང་པས་སྣང་བ་མ་སྤངས་པའོ༔ དེ་ཡང་རང་སྣང་ངོ་ཤེས་པས་སྣང་བ་སེམས་སུ་ཐག་ཆོད་པ་མེད་འཛིན་ཆད་པ་ལས་གྲོལ་བའི་ལྟ་བ་ཀུན་རྫོབ་ཤེས་པའི་ཤེས་རབ༔ རང་སྟོང་རང་ངོ་ཤེས་ཏེ་སེམས་ཉིད་སྟོང་པར་ཐག་ཆོད་པ་ཡོད་འཛིན་རྟག་པ་ལས་གྲོལ་བའི་ལྟ་བ་དོན་དམ་ཤེས་པའི་ཤེས་རབ༔ ཟུང་འཇུག་རང་ངོ་ཤེས་ཏེ་སྣང་སྟོང་གཉིས་མེད་དུ་ཐག་ཆོད་པས་རྟག་ཆད་གཉིས་ལས་གྲོལ་བའི་ལྟ་བ་ཐ་མི་དད་ཤེས་པའི་ཤེས་རབ་བོ༔ དེ་ལ་རྒྱུ་དང་རྐྱེན་མེད་སུས་ཀྱང་མ་བྱས་པས་ན་རང་བྱུང༔ ཕྱོགས་གཅིག་ཏུ་མི་གནས་པས་མཐའ་ལས་འདས་པའོ༔ དེ་ནི་སྐྱེ་མེད་ཀྱི་ངོས་ནས་ཅིར་ཡང་མ་ཡིན་ཏེ༔ ཡིན་པ་མེད་པའི་ལྟ་བ༔ འགག་མེད་ཀྱི་ངོས་ནས་གང་ཡང་ཡིན་པས༔ མིན་པ་མེད་པའི་ལྟ་བ༔ གཉིས་མེད་ཀྱི་ངོས་ནས་ཡིན་མིན་ཡོད་མེད་རྟག་ཆད་ཀྱི་མཐའ་ལས་འདས་པའོ༔ དེས་ན་བཤད་པ་མཐའ་ལས་འདས་པར་བཤད༔ སྒོམ་པ་མཐའ་ལས་འདས་པ་སྒོམ༔ སྤྱོད་པ་མཐའ་ལས་འདས་པ་སྤྱོད༔ བསྔོ་བ་མཐའ་ལས་འདས་པ་བསྔོ༔ དེས་ན་མཐའ་ཡེ་བྲལ༔ སྐྱོན་ཡེ་དག༔ ཡོན་ཏན་ཡེ་རྫོགས༔ གཉིས་མ་གྲུབ་པས་གཉིས་མེད༔ ཟུང་མ་རྙེད་པས་ཟུང་འཇུག༔ མཐའ་མ་རྙེད་པས་མཐའ་བྲལ༔ བཟང་ངན་མེད་པས་ཀུན་ཏུ་བཟང་པོ༔ སྡིག་པ་མ་རྙེད་པས་དགེ་སྡིག་མེད༔ མཉམ་ཁད་མ༔ ཟང་ཡག་མ་ཡིན་ནོ༔ གསུམ་པ་ལྟ་བ་གོམས་པར་བྱེད་པ་སྒོམ་པ་ནི༔ གནད་གསུམ་གཅུན་པས་རྟོག་མེད་རང་གསལ་འཆར༔ ཞེས་པས༔ འདི་ལ་བཞི་སྟེ༔ སྒོམ་སྐྱེ་བའི་གནད༔ སྐྱེས་པ་རང་གི་ངོ་བོ༔ ཉམས་འཆར་ཚུལ༔ གོལ་ས་གཅད་པའོ༔ དང་པོ་ནི་གནད་གསུམ་སྟེ༔ འཕྲུལ་འཁོར་ལུས་ཀྱི་གནད༔ ལྟ་སྟངས་མིག་གི་གནད༔ གཞག་ཐབས་སེམས་ཀྱི་གནད་དོ༔ དང་པོ་ནི་གནས་དབེན་པར་མལ་བདེ་བ་སྟན་འབོལ་བའི་སྟེང་དུ་ལུས་ཀྱི་ཆོས་གསུམ་ནི༔ རྐང་པ་སྐྱིལ་ཀྲུང༔ ལག་པ་མཉམ་གཞག༔ ལུས་པོ་ཡ་ཡོ་དང་དགྱེ་སྒུར་མེད་པར་རང་སོ་ལ་ཆམ་བཞག་གོ༔ དེས་སྒོམ་རང་བབས་སུ་ཡོང་ལ་འཕྲུལ་འཁོར་བཅའ་མ་ཤེས་ན་སྒོམ་མི་སྐྱེའོ༔ གཉིས་པ་ལྟ་སྟངས་མིག་གི་གནད་གསུམ་ནི༔ མིག་ཚམ་ཚུམ་མི་བྱ༔ ཁྱར་ཁྱུར་མི་བྱ༔ ལོགས་དང་ཟུར་དུ་མི་གཅུ་བར་ཐད་ཀའི་སོ་གཅིག་ལ་ཕུར་ཚུགས་སུ་གཏད་དོ༔ དེས་སྒོམ་རང་བབས་སུ་འོང་སྟེ་མིག་དང་ཤེས་པ་གནད་གཅིག་ཡིན་ནོ༔ ལྟ་སྟངས་མེད་ན་སྒོམ་མི་འཆར་རོ༔ གསུམ་པ་གཞག་ཐབས་སེམས་ཀྱི་གནད་གསུམ་ནི༔ དེ་ཐ་མལ་དུ་མ་ཡེངས༔ རྟོག་པར་མ་འགྱུས༔ ཡིད་ཀྱིས་བཟོ་མ་བྱས་པར་ཤེས་པ་རང་ལུགས་སུ་ཆམ་བཞག་གོ༔ དེས་སྒོམ་རང་བབས་སུ་འོང་ལ་ཡེངས་པ་དང་འགྱུས་ན་སྒོམ་མི་སྐྱེའོ༔ གཉིས་པ་སྐྱེས་པ་རང་གི་ངོ་བོ་ནི༔ དེ་ལྟར་གནད་ཀྱིས་གཅུན་པས་རང་ལུགས་སུ་བཞག་པས་རྣམ་རྟོག་ཕྲ་རགས་ཐམས་ཅད་རང་སར་ཉལ་ཞི་ནས་སེམས་རང་སར་ལྷག་གི་གནས་པ་ཞིག་འོང༔ དེ་ཀ་ལ་ཞི་གནས་ཟེར༔ དེའི་གདངས་མ་འགགས་པར་ཡུལ་མེད་རང་གསལ་དུ་རྗེན་ནེ་ལྷང་ངེ་བ་ཞིག་འོང༔ དེ་ཀ་ལ་ལྷག་མཐོང་ཟེར༔ དེ་གཉིས་ཤེས་པ་སྐད་ཅིག་མའི་སྟེང་ན་དབྱེར་མེད་གཅིག་གི་ངོ་བོར་ཧྲིལ་གནས་པ་ཞིག་ཡོང༔ དེ་ཀ་ལ་ཞི་གནས་ལྷག་མཐོང་གཉིས་མེད་ཟེར་བ་ཡིན་ནོ༔ དེ་བློ་ཡུལ་དུ་བྱས་ན་གོ་བ༔ ཡུལ་མེད་དུ་ཉམས་སུ་མྱོང་ན་ཉམས༔ ཤེས་པ་ཉིད་དེའི་ངོ་བོར་ཧྲིལ་ལེ་འདུག་ན་རྟོགས་པ་ཡིན༔ དུས་གསུམ་སངས་རྒྱས་ཀྱི་དགོངས་པ་བྱ་བ་དེ་ཡིན༔ དེ་བླ་མ་གདམས་ངག་ཆེ་ནས་བྱས་པ་མིན༔ སློབ་མ་ཤེས་རབ་ཆེ་ནས་བྱུང་བའང་མིན༔ གནས་ལུགས་སམ་གཤིས་ཐོག་ཏུ་ཕེབས་པ་བྱ་བ་ཡིན་ནོ༔ གསུམ་པ་ཉམས་འཆར་ལུགས་ནི༔ དེ་ལྟར་བསྒོམས་པས་བདེ་གསལ་མི་རྟོག་པའི་ཉམས་གསུམ་འཆར་ཏེ༔ རྣམ་པར་རྟོག་པ་དང་བྲལ་བའི་ཤེས་པ་ལ་མི་རྟོག་པ་ཞེས་བྱའོ༔ དེ་ལ་གསུམ༔ བསྒོམ་བྱ་སྒོམ་བྱེད་ཀྱི་ཞེན་སྣང་མེད་པས་བཟང་རྟོག་དང་བྲལ༔ རྣམ་རྟོག་ཕྲ་རགས་ཀྱི་རྒྱུན་ཆད་ནས་ངན་རྟོག་དང་བྲལ༔ རིག་པ་ཡུལ་མེད་དུ་རང་ངོ་ཤེས་པས་ལུང་མ་བསྟན་དང་བྲལ་བའོ༔ རྟོག་མེད་ཀྱི་ངང་ནས་རིག་པའི་རང་གདངས་མ་འགགས་པར་ཡེ་རེ་འདུག་པ་ནི་གསལ་བའོ༔ དེ་ལ་གསུམ་སྟེ༔ ཡུལ་མེད་དེ་རང་གསལ་བ༔ གློ་བུར་བྱུང་བ་མ་ཡིན་ཏེ་ཡེ་ནས་གསལ་བ༔ སུས་ཀྱང་མ་བྱས་ཏེ་རང་བཞིན་གྱིས་གསལ་བའོ༔ དེ་ལ་མི་མཐུན་པའི་འགལ་རྐྱེན་མེད་པས་བདེ་བའོ༔ དེ་ལ་གསུམ་སྟེ༔ མཚན་མའི་ཟུག་རྔུ་མེད་དེ་མཚན་མ་མེད་པའི་བདེ་བ༔ གཉིས་འཛིན་གྱི་ཞེན་སྣང་མེད་པས་གཉིས་སུ་མེད་པའི་བདེ་བ༔ དེ་ལ་རྒྱུ་རྐྱེན་མེད་པས་འདུས་མ་བྱས་ཀྱི་བདེ་བའོ༔ དེ་ལྟ་བུའི་ཉམས་སྐྱེས་པ་ལ་མ་ཆགས་པ་གསུམ་སྒོམ་པ་སྐྱོན་མེད་ཡིན་ཏེ༔ བདེ་བ་ལ་མ་ཆགས་པ་སྨྱོན་པ་ལྟ་བུའི་སྤྱོད་པ༔ གསལ་བ་ལ་མ་ཆགས་པ་བུ་ཆུང་གི་རྨི་ལམ་ལྟ་བུ༔ མི་རྟོག་པ་ལ་མ་ཆགས་པ་བརྟུལ་ཞུགས་མཐར་ཕྱིན་པའི་རྣལ་འབྱོར་པ་ལྟ་བུའོ༔ དེ་ལ་ཆགས་ན་སྲིད་པ་གསུམ་དུ་གོལ་ཏེ༔ བདེ་བ་ལ་ཆགས་ན་འདོད་ཁམས་སུ༔ གསལ་བ་ལ་ཆགས་ན་གཟུགས་ཁམས་སུ༔ མི་རྟོག་པ་ལ་ཆགས་ན་གཟུགས་མེད་དུ་གོལ༔ དེ་དག་ལ་མ་ཆགས་སྙམ་ཡང་ཆགས་སེམས་ཕྲ་མོ་འོང་ཞིང༔ མ་ཞེན་མནོ་ཡང་ཞེན་ཆོས་ཕྲ་མོ་ཡོད་པས༔ བཞི་པ་གོལ་ས་གཅད་ཅིང་སྐྱོན་བསལ་བ་ལ༔ མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ༔ དེ་ཡང་འདོད་ཁམས་ཀྱི་རྣམ་རྟོག་སྤོང་བ་ལ་བསམ་གཏན་གྱི་སྙོམས་འཇུག་བཞི་སྟེ༔ གཟུང་འཛིན་གྱི་རྣམ་རྟོག་མེད་པ་ལས་བསྒོམ་བྱ་སྒོམ་བྱེད་ཀྱི་སྤྱོད་པ་དང་བཅས་པ་ནི་བསམ་གཏན་དང་པོའོ༔ རྟོག་པ་དང་དཔྱོད་པ་མེད་ལ་དགའ་བའི་ཏིང་འཛིན་གྱི་རོ་མྱོང་བའི་འཛིན་པ་དང་བཅས་པ་ནི་བསམ་གཏན་གཉིས་པ༔ སེམས་གཡོ་བ་མེད་ལ་དབུགས་དབྱུང་རྔུབ་དང་བཅས་པ་ནི་གསུམ་པ༔ རྣམ་རྟོག་ཐམས་ཅད་དང་བྲལ་བའི་གསལ་སྟོང་གོ་མ་འགགས་པ་ནི་བསམ་གཏན་བཞི་པའོ༔ གཟུགས་ཁམས་ཀྱི་རྣམ་རྟོག་སྤོང་བ་ལ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྟེ༔ ཆོས་ཐམས་ཅད་ནམ་མཁའ་ལྟ་བུ་ཡིན་ནོ་སྙམ་དུ་བློས་བརྟགས་ནས་དེ་ལ་མཉམ་པར་འཇོག་པ་ནི་ནམ་མཁའ་མཐའ་ཡས༔ རྣམ་པར་ཤེས་པ་མཐའ་ཡས་ཤིང་ཕྱོགས་མེད་ཡིན་ནོ་སྙམ་དུ་བློས་བརྟགས་ནས་དེ་ལ་མཉམ་པར་འཇོག་པ་ནི་རྣམ་ཤེས་མཐའ་ཡས༔ འདུ་ཤེས་ཀྱི་གསལ་རིག་ཡོད་པའང་མ་ཡིན་ཏེ་མེད་པའང་མ་ཡིན༔ བློས་བྱར་མི་བཏུབ་པ་ཡིན་ནོ་སྙམ་དུ་བློས་བརྟགས་ནས་དེ་ལ་མཉམ་པར་འཇོག་པ་ནི་ཡོད་མིན་མེད་མིན༔ སེམས་ནི་ཅིའི་ངོ་བོར་ཡང་མ་གྲུབ་སྟེ་མེད་ཅིང་སྟོང་པ་ཡིན་ནོ་སྙམ་དུ་བློས་བརྟགས་ནས་དེ་ལ་བློ་འཇོག་པ་ནི་ཅིར་ཡང་མ་གྲུབ་པའི་སྐྱེ་མཆེད་དོ༔ དེ་དག་བློས་བརྟགས་པ་དང་ཡིད་ཆགས་པ་དང༔ སེམས་ཀྱི་ཉོན་མོངས་པའི་དྲི་མ་བག་ཙམ་ཡོད་པ་ཐམས་ཅད་མི་རྟོག་པ་ལ་གནས་པ་འགོག་པའི་སྙོམས་པར་འཇུག་པ་སྟེ༔ ཚོགས་དྲུག་ཡུལ་ལ་འཇུག་པ་ནང་དུ་འགག་ཅིང༔ རླུང་སེམས་ཀྱི་འགྱུ་བ་རྒྱུན་ཆད་པ་ལ་ཇི་སྲིད་དུ་མཉམ་པར་བཞག་གི་བར་ལ་གནས་པ་སྟེ་ཞི་གནས་ཀྱི་ཏིང་ངེ་འཛིན་མཐར་ཐུག་པ་ཡིན་ལ༔ དེ་ཤེས་རབ་ཀྱིས་གསོས་བཏབ་ནས་མཉམ་པར་འཇོག་པ་ནི་སོ་སོར་བརྟགས་འགོག༔ གཤིས་ཀྱིས་གཞོལ་ཕྱོགས་དེར་སོང་བ་ནི་བརྟགས་མིན་གྱིས་འགོག་པའོ༔ དེ་ནི་དོན་དམ་པའི་ལུང་མ་བསྟན་ཏེ༔ དེ་ལྟར་སྙོམས་འཇུག་དགུ་པོ་དེ་ལས་བསམ་གཏན་གྱི་སྙོམས་འཇུག་བཞི་ནི༔ ལྷག་མཐོང་སྐྱེད་པར་བྱེད་པ་ཞི་གནས་ཏེ་བསམ་གཏན་བཞིའི་ཏིང་ངེ་འཛིན་ནོ༔ གཤིས་དང་མཐུན་ཞིང་འཇིག་རྟེན་པའི་ཏིང་ངེ་འཛིན་རྣམས་ཀྱི་ནང་ནས་མཆོག་གོ༔ གཟུགས་མེད་པའི་སྙོམས་འཇུག་བཞི་ནི༔ ཏིང་ངེ་འཛིན་གྱི་གོལ་ས་ཡིན་ནོ༔ འགོག་པའི་སྙོམས་འཇུག་བཞི་ནི༔ ཉན་ཐོས་བཞིའི་ཏིང་ངེ་འཛིན་ནོ༔ དེ་ལྟར་དེ་རྣམས་ངོ་ཤེས་པས་ཏིང་ངེ་འཛིན་གྱི་བྱེ་བྲག་ཕྱེད་ཅིང༔ རང་གི་སྒོམ་པ་དེ་ལ་དེ་དག་གི་སེལ་དང་གོལ་ས་མི་འབྱུང་བ་ཡིན་ནོ༔ དེ་ལྟར་གོལ་ས་རེ་དོགས་བཅད་ནས་སྒོམ་སྐྱོན་མེད་དུ་ཉམས་སུ་བླངས་པས༔ མཉམ་བཞག་ལ་དེ་ལྟར་བདེ་གསལ་མི་རྟོག་པ་གསུམ་དུ་སིང་ངེ་ཡེར་རེ་གནས༔ རྗེས་ཐོབ་ལ་སྣང་བ་བཀྲ་གསལ་རྨི་ལམ་སྒྱུ་མ་ལྟ་བུ་བུན་ལོང་འཆར༔ རྒྱུ་འབྲས་ཀྱི་དེ་ཉིད་ཤེས༔ བསོད་ནམས་ཀྱི་བྲེ་ཁ་ཁེངས༔ ཏིང་ངེ་འཛིན་གྱི་དྲོད་ཐོབ་ཏེ༔ དེས་ཚོགས་ལམ་མཐར་ཕྱིན༔ མོས་སྤྱོད་ཀྱི་ས་ལ་སླེབས་པ་ཡིན་ནོ༔ དེ་ཡུན་རིང་དུ་བསྒོམས་པས་རང་གིས་རང་ལ་ཡོད་པའི་དོན་ཡུལ་མེད་རང་གསལ་མངོན་སུམ་དུ་མཐོང་ཞིང་རང་ངོ་ཤེས་པ་ནི་མཐོང་ལམ་སྟེ༔ སྣང་རིག་སྟོང་གསུམ་ཡུལ་མེད་དུ་གསལ༔ ཆོས་ཉིད་ཟག་པ་མེད་པའི་དོན་མངོན་སུམ་དུ་མཐོང༔ ཉོན་མོངས་པའི་སྒྲིབ་པ་རྩ་བ་ནས་ཟད༔ རྒྱུ་འབྲས་སྟོང་པར་རྟོགས་ཏེ་འཁོར་བ་རང་རྒྱུད་མེད་པ་དང་པོ་རབ་ཏུ་དགའ་བའི་ས་སྟེ༔ མཉམ་བཞག་སངས་རྒྱས་སུ་མཚུངས་པ༔ རྗེས་ཐོབ་སྒྱུ་མ་ལྟ་བུར་འཆར་རོ༔ དེ་གོམས་ཤིང་བརྟན་པར་བསྐྱངས་པས་གཉིས་ཆོས་ཐམས་ཅད་གཉིས་མེད་དུ་སོང༔ རང་སྣང་རང་ངོ་ཤེས་པས་སྣང་སེམས་གཅིག་ཏུ་འདྲེས༔ སྟོང་པ་རྒྱུ་འབྲས་སུ་ཤར་བས་རྟེན་འབྲེལ་མངོན་དུ་གྱུར་ཏེ༔ མཉམ་བཞག་ལ་ཆོས་ཐམས་ཅད་ཡུལ་མེད་རིག་པའི་ངོ་བོར་གསལ༔ རྗེས་ཐོབ་ལ་སྣང་ཡུལ་བག་ཙམ་ཡོད་པ་ནི་བསྒོམ་ལམ་མོ༔ དེ་རྒྱུན་བསྲིངས་པས་འཁོར་འདས་ཐམས་ཅད་ལ༔ སྐྱེ་འགག་གཉིས་མེད༔ མ་འདྲེས་ཡོངས་རྫོགས༔ ཡུལ་མེད་རང་གསལ་མངོན་དུ་གྱུར་པས་ཤེས་སྒྲིབ་གཏན་ནས་མེད་དེ༔ ཐམས་ཅད་ཡེ་ཤེས་སུ་འཆར་བའི་སྐད་ཅིག་མ་དེ་མཐར་ཕྱིན་གྱི་ལམ་སྟེ་སངས་རྒྱས་ཀྱི་སའོ༔ བཞི་པ་སྒོམ་པ།་་་དེ་དང་མི་འབྲལ་ཞིང་རྩལ་སྦྱོང་བ་སྤྱོད་པ་བསྟན་པ་ནི༔ སོ་སྤྱི་བོགས་གསང་ཡང་དག་ཁོ་ན་སྤྱོད༔ ཅེས་པས༔ དེ་ལ་གསུམ་སྟེ༔ དང་པོ་ལམ་གྱི་སོ་ཟུག་པ་ལ་ཐུན་མོང་སྤྱིའི་སྤྱོད་པ༔ བར་དུ་དེ་ལ་བོགས་འདོན་པ་ལ་བརྟུལ་ཞུགས་གསང་བའི་སྤྱོད་པ༔ ཐ་མ་ཡང་དག་དེ་ཁོ་ན་ཉིད་མཐར་ཕྱིན་པའི་སྤྱོད་པའོ༔ དང་པོ་ལམ་གྱི་སོ་ཟུག་པ་ཐུན་མོང་སྤྱིའི་སྤྱོད་པ་ནི༔ མི་ཚེ་ཐམས་ཅད་རྗེས་ལ་སྐྱེལ་ཞིང༔ རྗེས་ནི་སྤྱོད་པ་ཁོ་ན་ཡིན་པས་སྤྱོད་པ་ནི་གལ་ཤིན་ཏུ་ཆེ་སྟེ༔ ལྟ་བ་མཐོན་པོ་བློ་ཡུལ་དུ་གོ་ཡང༔ སྤྱོད་པ་དོན་དང་མི་མཐུན་ན་ལམ་ལོག༔ སྒོམ་པ་བཟང་པོ་སྐྱེས་ཀྱང་རྗེས་སྤྱོད་དེ་བཞིན་མ་བསྐྱང་ན་ཡལ་འགྲོ༔ དེས་ན་རྒྱུ་འབྲས་ཀྱི་གནད་གོ་བར་བྱ་སྟེ་དཀར་ནག་གི་ལས་ཤིན་ཏུ་ཕྲ་བ་ནས་འདོར་ལེན་བྱ༔ དེ་ནི་ཡང་དག་པའི་ལམ༔ ཤེས་བྱའི་དེ་ཁོ་ན་ཉིད༔ སངས་རྒྱས་བསྟན་པའི་ངོ་བོ་ཡིན་ཏེ༔ སྡིག་པ་ཅི་ཡང་མི་བྱ་སྟེ༔ དགེ་བ་ཕུན་སུམ་ཚོགས་པར་སྤྱད༔ རང་གི་སེམས་ནི་ཡོངས་སུ་འདུལ༔ འདི་ནི་སངས་རྒྱས་བསྟན་པ་ཡིན༔ ཞེས་པའི་དོན་ནོ༔ དེས་ན་མི་ལུས་ཐོབ་ནས་དམ་པའི་ཆོས་ཚུལ་བཞིན་དུ་བྱེད་ན༔ ལུས་ངག་ཡིད་གསུམ་ཐ་མལ་དུ་སྐད་ཅིག་ཀྱང་འཆོར་ཐབས་མེད་པས༔ ཉིན་མོ་ཤེས་པ་བཟོ་མེད་ཚོགས་དྲུག་ལྷུག་པ་རྨི་ལམ་སྒྱུ་མ་ལྟ་བུར་ཉམས་སུ་བླང༔ ནུབ་མོ་ཤེས་པ་སྤྲོ་བསྡུ་མེད་པར་བློ་རྟོག་མེད་ཀྱི་ངང་ལ་གཉིད་དང་ཆོས་ཉིད་བསྲེས་ལ་ཉལ༔ རྨི་ལམ་གྱི་འཁྲུལ་སྣང་ཡང་དག་པའི་ལམ་དུ་སྦྱངས༔ དེ་ཡང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སམ་བསྐྱེད་རྫོགས་ལ་སོགས་པ་གང་ལ་གོམས་པར་སྦྱང་ངོ༔ ནངས་ནུབ་ཐུན་གཏོར་དང་རྒྱུན་གཏོར་མ་ཆག་པ་གཏང༔ བདུན་རྣམ་དག་བྱ་ཞིང་ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཡི་གེ་བརྒྱ་པས་སྡིག་པ་བཤགས༔ རྒྱུ་འབྲས་ཀྱི་གནད་བལྟེམས༔ དལ་འབྱོར་རྙེད་པར་དཀའ་བ༔ འཆི་བ་མི་རྟག་པ༔ འཁོར་བའི་ཉེས་དམིགས་བསྒོམ༔ བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱང༔ བསྐྱེད་པའི་རིམ་པ་སྣང་སྲིད་ལྷའི་དཀྱིལ་འཁོར་བསྒོམ༔ རྫོགས་པའི་རིམ་པ་སྣང་ལ་རང་བཞིན་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུ་གཉིས་མེད་ཆེན་པོའི་ངང་ལ་གཞག༔ མཇུག་དགེ་བའི་རྩ་བ་བསྔོ༔ དེ་ལྟར་བྱེད་པ་ནི་ཐེག་པ་སྤྱི་དང་ཚུལ་མཐུན༔ ཡང་དག་པའི་ལམ་དུ་འགྲོ་སྟེ་ལམ་གྱི་སོ་ཚུགས་འགྲོ་བ་ཡིན་ནོ༔ གཉིས་པ་བར་དུ་བོགས་འདོན་བརྟུལ་ཞུགས་གསང་བའི་སྤྱོད་པ་བསྟན་པ་ནི༔ གོང་ལྟར་བྱས་ཏེ་ལམ་གྱི་སོ་ཚུགས༔ ཉམས་དང་གོ་བ་སྐྱེས༔ ཡིན་ལུགས་ལྟ་བའི་གདེང་བག་ཙམ་རྙེད་པ་དང༔ ལམ་དེ་ཉིད་ལ་བོགས་འདོན་ཅིང་རྟོགས་པ་དྲེས་ཐག་གཅད་པའི་ཕྱིར་གསང་སྤྱོད་ཉམས་སུ་བླང་ངོ༔ དེ་ཡང་རང་སྒོམ་པ་གལ་ཆེ་ཞིང་ཉམས་ལེན་བརྟན་པ་གཅིག་གི་སྒོ་ནས་གཅད་ཅིང་ཉམས་སུ་བླང་ངོ༔ ཐེག་པ་ཆེན་པོའི་ཉམས་ལེན་ཚུལ་བཞིར་འདུས་ཏེ༔ མཚན་ཉིད་ལྟར་ན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱང་བ་དང༔ ཡུལ་ཐམས་ཅད་བརྫུན་པར་ཤེས་པའི་ལྟ་བའོ༔ སྔགས་ལྟར་ན་བསྐྱེད་པའི་རིམ་པ་ལྷའི་འཁོར་ལོ་དང༔ རྫོགས་པའི་རིམ་པ་གཉིས་མེད་མཐའ་བྲལ་གྱི་ལྟ་བའོ༔ དང་པོ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སྦྱང་བ་ནི༔ རང་བྱང་ཆུབ་སེམས་ལ་བློ་འབྱོངས་ནས་སེམས་ཅན་ཐམས་ཅད་ཕ་མར་ཤེས་ན་དེས་གཅད་དེ༔ འདྲེར་འཛིན་གྱི་རྣམ་རྟོག་དང་བདག་འཛིན་གྱི་ལྟོས་ཐག་གཅད་ཅིང་བྱང་སེམས་ཀྱི་ཤུགས་ཕྱིན་པའི་ཕྱིར་གཉན་སར་ཕྱིན་ཏེ༔ དེ་ཡང་ས་དམིགས་སམ་གང་འཇིགས་འཇིགས་འདྲ་བ་གཅིག་ཏུ་མལ་བཅས་ལ༔ དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱ༔ བླ་མ་ལ་གསོལ་བ་གདབ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད༔ དེ་ནས་གནས་བདག་དེ་ཉིད་ཀྱིས་གཙོར་བྱས་པའི་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཚད་མེད་པ་དུང་དུང་པ་ཡུན་རིང་དུ་བསྒོམ༔ དེ་ནས་དོན་དམ་བྱང་སེམས་ཀྱི་སེམས་ལ་ལྷ་འདྲེ་གཉིས་མེད་སྤྲོས་བྲལ་བདེ་བ་ཆེན་པོ་སྐྱེ་འགག་གནས་གསུམ་དང་བྲལ་བའི་ངང་ལ་ཉལ་ལ་བསྡད༔ དེ་ལ་འཇིགས་པ་དང་ཉམ་ང་བ་ལ་སོགས་པ་རྣམ་རྟོག་བྱུང་ན༔ ཤེས་པ་ཁྲིམས་སྒྲིམས་ཆུན་བཅུན་ལ༔ འཇིགས་ཤིང་ཡ་ང་བ་འདི་སེམས་ཅན་ཕ་མར་མ་ཤེས་པར༔ འདྲེར་འཛིན་གྱི་རྣམ་རྟོག་སྐྱེས་ཏེ་དེའི་རང་གཟུགས་ཤར་བ་ཡིན་པས༔ ཁྱོད་ཀྱི་སྔར་གྱི་བྱང་ཆུབ་ཀྱི་སེམས་དེ་ནི་ཁ་ཚིག་དང་གོ་ཡུལ་ལས་མི་འདུག་པས༔ དེས་དོན་མི་འགྲུབ་སྙམ་དུ་ཆུན་བཅུན་ཏེ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དུང་པ་སྒོམ་ལ༔ གཞི་བདག་དེས་གཙོར་བྱས་པའི་ལྷ་འདྲེ་ཐམས་ཅད་ལ་ལུས་ལྟོས་མེད་ཀྱི་སྦྱིན་པ་ལིང་བཏང་ལ༔ ཤ་ཁྲག་ལྷ་བ་རྐང་ཇི་ལྟར་དགའ་བ་ལྟར་ཁྱེར་སྙམ་ལ་བློས་ལིང་བཏང་ལ༔ བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་ལྷན་བཞག་གོ༔ དེ་བཞིན་དུ་འདྲེར་འཛིན་དང་ལྷ་འདྲེའི་རྣམ་རྟོག་བྱུང་མ་ཐག་རང་གི་བྱང་ཆུབ་སེམས་ལ་ལྟེམ་རྐྱང་བྱུང་ནས་འདྲེར་འཛིན་གྱི་རྣམ་རྟོག་སྐྱེས་པའི་རང་གཟུགས་ཡིན་སྙམ་དུ་བསམས་ཤིང༔ ལུས་ལྟོས་མེད་ཀྱི་སྦྱིན་པ༔ སེམས་བྱམས་སྙིང་རྗེ་ལ་ལྷན་ལྷན་བཞག་གོ༔ མངོན་སུམ་ལ་སོགས་པར་བྱུང་ན་དེ་ཉིད་ཀྱི་ཕང་དུ་མཆོངས་ཤིང་ཁ་ནང་དུ་ཕྱིན་ཏེ་ལུས་ལྟོས་མེད་ཀྱི་སྦྱིན་པ་གཏང༔ སེམས་བྱམས་སྙིང་རྗེ་དང་མི་འབྲལ་བར་བྱ༔ མཇུག་སྨོན་ལམ་གདབ་ཅིང་དགེ་བའི་རྩ་བ་ཡོངས་སུ་བསྔོའོ༔ དེ་ནས་རང་གི་འདྲེར་འཛིན་གྱི་རྣམ་རྟོག་རྒྱུན་ནམ་ཆད་ཙ་ན༔་་་རྣམ་རྟོག་ཆོམ་པ་དང་འདྲེ་ཐུལ་བ་དུས་གཅིག་འོངས། འདྲེར་སྣང་དང་ཆོ་འཕྲུལ་ཞི་ནས་གནས་བདག་དེ་ཉིད་རང་གི་དབང་དུ་གྱུར་ཏེ་དགྲ་ཐུལ་བ་དང་གནངས་ལོན་པ་དུས་གཅིག་འོང་ངོ༔ སེམས་ཅན་ཕ་མར་ཤེས་པས་འདྲེར་འཛིན་གྱི་རྟོག་པ་མི་སྐྱེ༔ དེ་སྐྱེས་ན་ཕ་མར་མ་ཤེས་པ་ཡིན་པས་ད་རུང་ཕ་མའི་བློ་སྦྱང༔ གཉིས་པ་ཡུལ་ཐམས་ཅད་བརྫུན་པར་ཤེས་ཤིང་སྣང་ཚད་རྨི་ལམ་སྒྱུ་མར་ཤེས་པའི་ལྟ་བ་དེས་གཅད་དེ༔ དེའང་འདྲེར་འཛིན་གྱི་རྣམ་རྟོག་དང་སྣང་བ་བདེན་དངོས་སུ་འཛིན་པའི་ཞེན་སྣང་བཅད་ཅིང་རྫུན་སྣང་གིས་ལྟ་བ་ལ་བོགས་དབྱུང་བའི་ཕྱིར་གང་གཉན་པའི་སར་ཕྱིན་ལ༔ སྐྱབས་འགྲོ་བྱ༔ གསོལ་བ་གདབ༔ སེམས་བསྐྱེད་ལ༔ ཀུན་རྫོབ་ཏུ་ཡུལ་ཐམས་ཅད་རྫུན་པ༔ བློ་ཐམས་ཅད་འཁྲུལ་པ༔ སྣང་བ་འདི།་་་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པའི་ངང་ནས༔ དོན་དམ་པར་ཅིར་ཡང་མ་གྲུབ་པ་སྤྲོས་བྲལ་སྟོང་པའི་ངང་ལ་ཉལ་ཏེ་བསྡད་དོ༔ དེ་ལ་འཇིགས་པ་དང་ཉམ་ང་བ་དང་བག་ཚ་བ་ལ་སོགས་པ་བྱུང་ན་ཤེས་པ་ཆུན་གཅུན་ལ༔ འཇིགས་ཤིང་ཉམ་ང་བ་འདི༔ ཡུལ་ཐམས་ཅད་ནི་བརྫུན་ཞིང་བློ་ཐམས་ཅད་འཁྲུལ་པ༔ སྣང་བ་འདི་རྨི་ལམ་སྒྱུ་མ་ལྟ་བུར་མ་ཤེས་པར་འདྲེར་འཛིན་གྱི་རྣམ་རྟོག་སྐྱེས་ཏེ་དེའི་རང་གཟུགས་ཤར་པ་ཡིན་པས༔ ཁྱོད་ཀྱི་བདེན་མེད་ཀྱི་ལྟ་བ་དེ་ནི་ཁ་ཚིག་དོན་སྤྱི་བློ་ཡུལ་གོ་བ་ཙམ་ལས་མི་འདུག་པས༔ འདིས་ཡང་དག་པའི་དོན་མི་འགྲུབ་སྙམ་དུ་ཤེས་པ་ཆུན་གཅུན་ཏེ་གྲུང་བཏོན་ལ་བདེན་མེད་སྒྱུ་མ་ལྟ་བུའི་ངང་དུ་ལིང་བཞག་གོ༔ དེ་བཞིན་དུ་འདྲེར་འཛིན་གྱི་རྣམ་རྟོག་དང་ཆོ་འཕྲུལ་ལ་སོགས་པ་བྱུང་མ་ཐག་ཏུ༔ བདེན་མེད་ཀྱི་དོན་མ་ཤེས་པར་འདྲེར་འཛིན་གྱི་རྣམ་རྟོག་སྐྱེས་པའི་རང་གཟུགས་ཤར་བ་ཡིན་སྙམ་དུ་བསམ་གྱིན༔ བདེན་མེད་སྒྱུ་མ་ལྟ་བུ་ལ་ངོས་ཙིར་ཙིར་བཟུང་ངོ༔ མངོན་སུམ་ལ་སོགས་པར་བྱུང་ན་བདེན་མེད་ཀྱི་དོན་ཤེས་པར་བྱས་ལ་དེ་ཉིད་ཀྱི་ཕང་དུ་ཕྱིན་པས་མེད་སྣང་དུ་ཟང་ཐལ་འགྲོའོ༔ དེ་ནས་ཡུལ་ཐམས་ཅད་བརྫུན་པར་ཤེས་ཤིང༔ རང་གི་འདྲེར་འཛིན་གྱི་རྣམ་རྟོག་རྒྱུན་ནམ་ཆད་ཙམ་ན༔ ཆོ་འཕྲུལ་རང་ཞིར་འགྲོ་སྟེ༔ ཕོག་འགྱེལ་དུས་གཅིག་ཡོང་ངོ༔་་་རྟོག་པ་སངས་པ་དང་འདྲེ་ཟད་པ་དུས་གཅིག་འོངས། གསུམ་པ་རང་ལ་བསྐྱེད་རིམ་བརྟན་པོ་ཡོད་ཅིང་སྣང་བ་ལྷ་སྐུར་འཆར་ན་དེས་གཅད་དེ༔ དེའང་འདྲེར་འཛིན་གྱི་རྣམ་རྟོག་དང་སྣོད་བཅུད་ལྷ་རུ་འཛིན་པའི་ཞེན་སྣང་གཅད་ཅིང་བསྐྱེད་རིམ་ལ་བོགས་དབྱུང་བའི་ཕྱིར་གང་གཉན་སར་ཕྱིན་ལ༔ སྐྱབས་འགྲོ་བྱ༔ གསོལ་བ་འདེབས༔ སེམས་བསྐྱེད་བྱ༔ དེ་ནས་གནས་དེ་གཞལ་ཡས་ཁང་དུ་བསྒོམ༔ གཞི་བདག་དེས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་ཡི་དམ་ལྷ་རུ་བསྒོམ༔ ངག་དེའི་སྔགས་བཟླས་ཤིང་ཤེས་པ་གྲུང་བཏོན༔ རིག་པ་ངར་བསྐྱེད་ལ་དེ་ལྟར་ཡུན་རིང་དུ་བསྒོམ༔ དེ་ནས་དོན་དམ་སྟོང་ཉིད་གནད་ཀྱིས་ཟིན་པར་བྱ་སྟེ༔ སྣང་ལ་རང་བཞིན་མེད་པའི་ངང་ལ་ཉལ་ལོ༔ དེར་ཉམ་ང་བ་དང་འཁུ་འཁྲིག་གི་རྣམ་རྟོག་བྱུང་ན༔ ཤེས་པ་རྩེ་གཅིག་ཏུ་ཧྲིལ་བཏང་ལ་འཇིགས་ཤིང་ཉམ་ང་བའི་འདྲེར་སྣང་འདི༔ སྣང་བ་ཡི་དམ་དུ་མ་ཤེས་པར་འདྲེ་གདོན་དུ་འཛིན་པའི་རྟོག་པ་སྐྱེས་ཡོད་པས་དེའི་རང་གཟུགས་ཤར་པ་ཡིན༔ ཁྱོད་ཀྱི་བསྐྱེད་རིམ་དེ་ཚིག་དང་གོ་བ་བློ་ཡུལ་ལས་མི་འདུག༔ དེས་སངས་གང་དུ་རྒྱ་སྙམ་དུ་བསམ་སྟེ་ཤེས་པ་ཕྱོགས་གཅིག་ཏུ་ཧྲིལ་བཏང་ལ༔ རང་གཞན་ཐམས་ཅད་ཡི་དམ་ལྷ་རུ་ལམ་བསྒོམས་ཏེ༔ རང་གི་ཐ་མལ་གྱི་ལུས་འདི་བདུད་རྩིར་བྱིན་གྱིས་བརླབས་ལ་གནོད་བྱེད་ཀྱི་གཙོར་བྱས་པ་ཐམས་ཅད་ལ་འབུལ་ལོ༔ དེ་ནས་གཉིས་མེད་སྤྲོས་བྲལ་གྱི་ངང་ལ་ཆམ་བཞག་གོ༔ དེ་བཞིན་དུ་འདྲེར་སྣང་དང་ཆོ་འཕྲུལ་ལ་སོགས་པ་བྱུང་མ་ཐག༔ སྣང་བ་ལྷའི་སྐུའི་དོན་མ་རྟོགས་པར་འདྲེར་འཛིན་གྱི་རྣམ་རྟོག་སྐྱེས་པའི་རང་གཟུགས་ཡིན་སྙམ་དུ་བསམ་གྱིན་ལྷ་རུ་ཡེར་བསམ༔ ལུས་ཚོགས་སུ་དབུལ༔ མངོན་སུམ་དུ་བྱུང་ན་རང་གཞན་གཉིས་ཀ་ཡི་དམ་ཡིན་པའི་གནད་ཤེས་པར་བྱས་ལ༔ ཡི་དམ་ནང་མཇལ་བ་རེ་དགའ་སྙམ་དུ་བསམ་གྱིན་ཕང་དུ་འཁྱུད༔ ཞལ་ནང་དུ་ཕྱིན་ལ༔ ཐ་མལ་གྱི་ལུས་འདི་ཚོགས་སུ་དབུལ་ལོ༔ དེ་ནས་སྣང་བ་ལྷ་རུ་ཤེས་ཤིང་འདྲེ་རྟོག་རྒྱུན་ནམ་ཆད་ཙ་ན༔ ཆོ་འཕྲུལ་རང་ཞིར་འགྲོ་ཞིང་གཞི་བདག་དེ་དབང་དུ་འདུའོ༔ བཞི་པ་རང་ལ་རྫོགས་རིམ་གྱི་ལྟ་བ་ཡོད་ཅིང་གཉིས་མེད་མཐའ་བྲལ་གྱི་དོན་གོ་བའི་ལྟ་བ་ཡོད་ན་དེས་གཅད་དེ༔ དེ་ཡང་ཉམ་ང་བ་དང་བག་ཚ་བ་འདྲེར་འཛིན་གྱི་རྟོག་པ་ལ་སོགས་པ་གཅད་ཅིང༔ རྫོགས་རིམ་གཉིས་མེད་ཀྱི་དོན་ལ་བོགས་དབྱུང་བའི་ཕྱིར་གཉན་སར་ཕྱིན་ལ༔ སྐྱབས་འགྲོ་དང༔ སེམས་བསྐྱེད་དང༔ གསོལ་འདེབས་བྱ༔ དེ་ནས་ལུས་སེམས་གཉིས་མེད༔ རང་གཞན༔ དགྲ་གཉེན༔ ལྷ་འདྲེ༔ མདོར་ན་གཉིས་ཆོས་གང་ཡང་མེད་པར་གཉིས་མེད་ཀྱི་ངང་ལ་ཆམ་བཞག་ལ་དེའི་རྒྱུན་མ་ཡེངས་པར་སྐྱོང་ངོ༔ དེ་ལ་ཆོ་འཕྲུལ་དང་འདྲེ་རྟོག་བྱུང་ན༔ རང་གི་ཤེས་པ་རྩེ་གཅིག་ཏུ་མ་སོང་བར་འདྲེ་རྟོག་སྐྱེས་པའི་རང་གཟུགས་ཤར་པ་ཡིན་སྙམ་དུ་བསམས་ལ༔ གཉིས་མེད་རྩེ་གཅིག་ཏུ་ཧྲིལ་གཏོང་ངོ༔ དེ་བཞིན་འདྲེར་རྟོག་ནམ་སྐྱེས་མ་ཐག་གཉིས་མེད་དུ་ཡེར་ཡེར་བཞག་གོ༔ མངོན་སུམ་དུ་བྱུང་ན་ཤེས་པ་གཉིས་མེད་རྩེ་གཅིག་ཏུ་ཧྲིལ་བཏང་ལ༔ ལྟ་བ་ལ་བོགས་དབྱུང་ཞིང་གཉིས་མེད་ཀྱི་དོན་སྦྱངས་སུ་བྱུང་བ་རེ་དགའ་སྙམ་དུ་བསམ་ནས་ཕང་དུ་ཕྱིན་པས༔ གཞི་མེད་རྩ་བྲལ་སྟོང་ཉིད་ཟང་ཐལ་དུ་འགྲོ་སྟེ༔ དོན་ལ་བདེན་པར་མ་གྲུབ་པའི་གནད་ཀས་སོ༔ དེ་ནས་རང་ལ་གཉིས་མེད་ཀྱི་དོན་སྐྱེས་ནས༔ གཉིས་སྣང་དང་འདྲེར་འཛིན་གྱི་རྣམ་རྟོག་རྒྱུན་ནམ་ཆད་ཙ་ན་ཕྱི་རོལ་གྱི་ཆོ་འཕྲུལ་རང་ཞིར་འགྲོ༔ གཉིས་མེད་ཀྱི་རྟོག་པ་ནམ་སྐྱེས་ཙ་ན་གདོན་བགེགས་དེ་དབང་དུ་འདུ་བ་ཡིན་ཏེ༔ སྣང་སེམས་རྟེན་འབྲེལ་གཅིག་ཡིན་པའི་གནད་ཀས་སོ༔ དེ་ན་རང་གནས་ཙ་ན་བདུད་ཀྱང་གནས༔ རང་ཞི་ཙ་ན་བདུད་ཀྱང་ཞི༔ རང་གྲོལ་ཙ་ན་བདུད་ཀྱང་གྲོལ༔ རང་འདུས་ཙ་ན་བདུད་ཀྱང་འདུས་པ་ཡིན་ཏེ༔ དེས་ན་ལོ་གསུམ་བསྒོམས་པ་བས་གཉན་ས་གཅིག་ཆོད་པ་བོགས་ཆེ་བ་ཡིན་ནོ༔ གསང་སྤྱོད་དེ༔ འདྲེ་གདོན་ཁོ་ན་གཅིག་པུ་ལ་མ་ཡིན་ཏེ༔ དགྲ་གཉེན་དགག་སྒྲུབ༔ མཛེ་རིམས་ལྷོག་པ་ལ་སོགས་པ་ཉམ་ང་བ་ཐམས་ཅད་དམ༔ མི་གཙང་མི་སྡུག་པ་ལ་སོགས་པ་སྐྱུག་བྲོ་བ་ཐམས་ཅད་དམ༔ ཉམས་དམའ་ཤེད་ཆུང་ངོ་ཚ་ལ་སོགས་པ་བག་ཚ་བ་ཐམས་ཅད་དམ༔ མདོར་ན་ཉོན་མོངས་རྣམ་རྟོག་སྐྱེས་ཚད་ལ་གོང་བཞིན་གཏང་ངོ༔ གསུམ་པ་ཐ་མ་ཡང་དག་དེ་ཁོ་ན་ཉིད་མཐར་ཕྱིན་པའི་སྤྱོད་པ་ནི༔ དེ་ལྟར་ཐུན་མོང་སྤྱིའི་སྤྱོད་པས་ལམ་གྱི་སོ་ཚུགས༔ བརྟུལ་ཞུགས་གསང་བའི་སྤྱོད་པས་བོགས་ཐོན་ཏེ་ལྷ་འདྲེ་གཉིས་མེད༔ གཙང་བཙོག་གཉིས་མེད༔ མདོར་ན་གཉིས་འཛིན་གྱི་མདུད་པ་གྲོལ༔ བཟང་ངན་གྱི་འདོར་ལེན་ཟད༔ ཐེ་ཚོམ་དང་སྒྲོ་འདོགས་ཆོད༔ ཁྲིགས་ཆ་དང་གཟའ་གཏད་མེད༔ སྤང་སྒྲུབ་དང་ཞེན་སྣང་མེད་དེ༔ འཁོར་འདས་ཀྱི་དཀྱིལ་འཁོར་འདི་ཐམས་ཅད་གཉིས་མེད་ཡེ་ཤེས་ཀྱི་རྦ་ཀློང་གཅིག་ཏུ་ཆམ་གྱིས་སོང་ནས༔ གཉིས་མེད་ཟུང་འཇུག་བདེ་བ་ཆེན་པོའི་ངོ་བོར་རྗེན་ནེ༔ དེ་ཙ་ན་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལྕགས་ཀྱུ་ཁྱེར་ནས་བྱུང་ཡང་ཉམ་ང་བ་དང་བག་ཚ་བ་མེད༔ སངས་རྒྱས་རྡོ་རྗེ་སེམས་དཔའ་བྱོན་ཀྱང་ཐེ་ཚོམ་དང་སྒྲོ་འདོགས་གཅད་རྒྱུ་མི་གདའ་འོ༔ དེ་ཀ་ལ་ཡང་དག་དེ་ཁོ་ན་ཉིད་ཀྱི་སྤྱོད་པ་ཞེས་བྱའོ༔ དེས་ན་སྤྱོད་པ་འདི་ནི་གནས་ལུགས་ཀྱི་སོ་ཚུགས༔ ལྟ་བའི་བོགས་འདོན༔ ཉམས་ལེན་གྱི་བྲེ་སྲང༔ འབྲས་བུ་མཐར་འདོན་པའི་ཆོས་ཤིན་ཏུ་ཟབ་པ་ཡིན་ནོ༔ ལྔ་པ་དེ་དག་ལས་མི་འདའ་བར་བྱེད་པ་དམ་ཚིག་བསྟན་པ་ནི༔ མཉམ་རྗེས་བཟའ་བཅང་བསྲུང་བའི་དམ་ལྔ་དབོག༔ ཅེས་པས༔ དབང་བཞི་ཀ་ལ༔ མཉམ་གཞག༔ རྗེས་ཐོབ༔ བཟའ་བ༔ བཅང་བ༔ བསྲུང་བའི་དམ་ཚིག་ལྔ་ལྔ་སྟེ་ཉི་ཤུ་རྩ་ལྔ་དབོག་ཞེས་པའོ༔ དང་པོ་བུམ་དབང་གི་མཉམ་གཞག་གི་དམ་ཚིག་བསྐྱེད་རིམ་སྒོམ་པ༔ རྗེས་ཐོབ་ཀྱི་དམ་ཚིག་ལྷ་དང་མི་འབྲལ་ཞིང་ལུས་ངག་ཐ་མལ་དུ་མི་འཁྲུལ་བ༔ བཟའ་བའི་དམ་ཚིག་ཤ་ལྔ་བདུད་རྩི་ལྔ་ལ་རོལ་པ༔ བཅང་བའི་དམ་ཚིག་རྡོ་རྗེ་དྲིལ་བུ་མི་འབྲལ་བ༔ བསྲུང་བའི་དམ་ཚིག་སྣོད་བཅུད་གཞལ་ཡས་ལྷ་རུ་ཤེས་པའོ༔ གཉིས་པ་གསང་དབང་ལ་མཉམ་གཞག་གི་དམ་ཚིག་གཏུམ་མོ་ཙཎྜ་ལཱི་སྒོམ་པ༔ རྗེས་ཐོབ་ཀྱི་དམ་ཚིག་རྗེས་སྤྱོད་ཐམས་ཅད་གཏུམ་མོའི་ཉམས་དང་མི་འབྲལ་བ༔ བཟའ་བའི་དམ་ཚིག་ཟས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩི་མེ་རུ་བྱིན་གྱིས་བརླབས་ནས་རོལ་པ༔ བཅང་བའི་དམ་ཚིག་རླུང་ཁ་སྦྱོར་ཉེར་གཅིག་སྒོམ་པ༔ བསྲུང་བའི་དམ་ཚིག་ཁམས་མི་ཉམས་པར་བྱེད་པའོ༔ དབང་གསུམ་པའི་མཉམ་གཞག་གི་དམ་ཚིག་དངོས་སམ་ཡིད་ཀྱི་རིག་མ་བསྟེན་པ༔ རྗེས་ཐོབ་ཀྱི་བདེ་ཆེན་ཉམས་དང་མི་འབྲལ་བར་བྱེད་པ༔ བཟའ་བའི་ཟས་སྙོམས་འཇུག་གི་ཚུལ་དུ་རོལ་པ༔ བཅང་བའི་བྱང་སེམས་ལུས་ལ་མི་ཉམས་པར་བྱེད་པ༔ བསྲུང་བའི་གཟུངས་མ་མཚན་ལྡན་བསྟེན་པའོ༔ དབང་བཞི་པའི་མཉམ་གཞག་གི་དམ་ཚིག་ཟུང་འཇུག་གཉིས་མེད་སྒོམ་པ༔ རྗེས་ཐོབ་ཀྱི་རྗེས་སྤྱོད་ཐམས་ཅད་དེའི་ངོ་བོར་འཆར་བ༔ བཟའ་བའི་ཆོས་ཉིད་དུ་རོལ་པ༔ བཅང་བའི་རྟག་ཏུ་གཉིས་མེད་ཀྱི་དོན་ལ་གནས་པ༔ བསྲུང་བའི་གཉིས་མེད་ཡེ་ཤེས་ལས་མི་འདའ་བ་འོ༔ དེས་ན་དབང༔ ལྟ་བ༔ སྒོམ་པ༔ སྤྱོད་པ༔ དམ་ཚིག་ལྔ་རྒྱུད་ཐོག་གཅིག་ན་གནས་ཤིང་འབྲལ་མེད་དུ་ཤེས་པ་ནི་མན་ངག་གི་གནད་དེ༔ སྨིན་བྱེད་བུམ་པའི་དབང༔ གྲོལ་བྱེད་ལམ་བསྐྱེད་རིམ་གྱི་ལྟ་བ༔ ཡིད་ལ་ལྷ་བསྒོམ་པ༔ དེའི་དོན་ལ་སྤྱོད་པ༔ དེ་ལས་མི་འདའ་བའི་དམ་ཚིག་གི་ཐོག་གཅིག་ན་ཀྲོང་ངེ༔ སྨིན་བྱེད་གསང་བའི་དབང༔ གྲོལ་བྱེད་ལམ་རྩ་རླུང་ཤེས་པའི་ལྟ་བ༔ གཏུམ་མོ་ཙཎྜ་ལཱི་སྒོམ་པ༔ དེའི་དོན་ལ་སྤྱོད་པ༔ དེ་ལས་མི་འདའ་བའི་དམ་ཚིག་གི་ཐོག་གཅིག་ན་ཀྲོང་ངེ༔ སྨིན་བྱེད་ཤེས་རབ་ཡེ་ཤེས་ཀྱི་དབང༔ གྲོལ་བྱེད་འོག་སྒོ་བདེ་ཆེན་གྱི་ལྟ་བ༔ ཐིག་ལེ་དབབ་ལྡོག་གི་གནད་སྒོམ་པ༔ དེའི་དོན་ལ་སྤྱོད་པ༔ དེ་ལས་མི་འདའ་བའི་དམ་ཚིག་དང་ལྔ་ཐོག་གཅིག་ན་རུག་གེ༔ སྨིན་བྱེད་བདེ་བ་ཆེན་པོའི་དབང༔ གྲོལ་བྱེད་ལམ་ཟུང་འཇུག་མཐའ་བྲལ་གྱི་ལྟ་བ༔ གནས་ལུགས་གཉིས་མེད་ཀྱི་དོན་སྒོམ་པ༔ དེའི་དོན་ལ་སྤྱོད་པ༔ དེ་ལས་མི་འདའ་བའི་དམ་ཚིག་དང་ལྔ་ཐོག་གཅིག་ན་ཀྲོང་ངེ༔ དེ་ལྟར་ཤེས་ཙ་ན་ལམ་ལ་ནོར་བ་མེད༔ ལམ་མ་ནོར་བ་ནས་ཞུགས་ཙ་ན༔ འབྲས་བུ་ཕྱིན་ཅི་མ་ལོག་པ་མི་ཐོབ་མི་སྲིད་པས་ཤིན་ཏུ་ཟབ་པ་ཡིན་ནོ༔ དེ་རྣམས་གསང་སྔགས་ལམ་གྱི་ངོ་བོ་ཡིན༔ ཞེས་པས༔ དེ་དག་གིས་ལམ་རང་གི་ངོ་བོ་བསྟན་ཟིན་པའོ༔ གསུམ་པ་ལམ་དེའི་ཆ་རྐྱེན་ལ་གསུམ་ལས༔ རྣལ་འབྱོར་ལྔ་ཡིས་ཉམས་ལེན་གྱི་གནད་བསྟན་པ༔ གེགས་སེལ་བཞིས་ལམ་གྱི་སྐྱོན་བསལ་བ༔ བོགས་འདོན་གསུམ་གྱིས་ལམ་མཐར་འདོན་པའོ༔ དང་པོ་ལ་ལྔ་སྟེ༔ རྣལ་འབྱོར་ལྔ་ཡིས་ཉམས་སུ་བླང་བ་ནི༔ ཞེས་པས༔ ཉལ་བ༔ ལྡང་བ༔ ཟ་བ༔ རྒྱུན་གྱི༔ དུས་གནད་ཀྱི་རྣལ་འབྱོར་ལྔ་ཡིས་ཉམས་སུ་ཇི་ལྟར་བླང་བའི་ཚུལ་ནི༔ དང་པོ་ཉལ་བའི་རྣལ་འབྱོར་ནི༔ རྟོག་མེད་ཆོས་སྐུར་ཉལ་ལ་འཆི་རྟོག་སྦྱང༔ ཞེས་པས༔ གཉིད་ལོག་ཁ་འདི་ལ་འཆི་བ་དང་ཆོས་མཐུན་པས་དུས་གནད་གལ་ཆེ་སྟེ༔ རྒྱུན་བཤགས་དང་སྡོམ་པ་གཟུང་བ་ལ་སོགས་རྒྱུད་ཡོངས་སུ་དག་པར་བྱ༔ ཉོན་མོངས་དུག་གསུམ་གྱི་རྟོག་པ་གཅད༔ སྔ་ཕྱིའི་འབྲེལ་བཅད་དེ་སྣང་དམིགས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་གཤིས་ཅིར་ཡང་མ་ཡིན་པའི་ངང་ལ་ཆམ་བཞག༔ གཉིད་རྫོགས་རིམ་སྤྲོས་བྲལ་རྟོག་མེད་ཆོས་སྐུའི་ངང་དུ་ལོག་པས་འཆི་བ་ལམ་དུ་བྱེད་པ་ཡིན་ནོ༔ དེ་ཡང་སྣོད་བཅུད་གཙོ་འཁོར་ཐུགས་ཀའི་ས་བོན་ལ་བསྡུ༔ དེ་མི་དམིགས་པ་དེ་བཞིན་ཉིད་ཀྱི་ངང་ལ་ཉལ་བ་ལ་བསླབ་པས་འཆི་རྟོག་ལམ་དུ་བསླང་ནས་སྦྱང་བའོ༔ གཉིས་པ་ལྡང་བའི་རྣལ་འབྱོར་ནི༔ འགག་མེད་ལོངས་སྐུར་ལངས་ཏེ་སྐྱེ་རྟོག་སྦྱང༔ ཞེས་པས༔ ལྡང་བ་སྐྱེ་བ་དང་ཆོས་མཐུན་པས་ཐོ་རངས་གཉིད་སད་མ་ཐག་རྫོགས་རིམ་སྟོང་པའི་ངང་ནས་རིག་པ་འགག་མེད་ལྷ་ལོངས་སྤྱོད་རྫོགས་སྐུ་རུ་ཀྲོང་བསམ་ལ་ལངས་ཏེ་སྐྱེ་བའི་རྟོག་པ་སྦྱང་བ་ཡིན༔ དེ་ནས་ལས་རྒྱུ་འབྲས་ཀྱི་གནད་ཤེས་པར་བྱ་སྟེ༔ རང་ཡི་དམ་གང་བྱེད་ཀྱི་དགེ་སྦྱོར་གནད་དུ་བཏང་བས་བོགས་གཞན་བས་ཆེ་སྟེ༔ ཐོ་རངས་ཀྱི་དུས་དེ་ན་ཟས་ཟོས་པ་དྭངས་སྙིགས་ཕྱེད་དེ་དྭངས་མ་རྩ་མིག་ཏུ་ཁྲེམས༔ སྙིགས་མ་ཐུར་དུ་འཁྱོལ༔ རྩ་སྦུབས་ཐམས་ཅད་སྟོང་སང་ངེ་ཡོད་པའི་དུས་དེར༔ ཕྱི་ནང་གསང་གསུམ་གྱི་རྟེན་འབྲེལ་གང་ཡང་སྐྱེ་སླ་སྟེ༔ རྩ་དབུ་མ༔ རླུང་ཡེ་ཤེས༔ ཁམས་བདེ་ཆེན༔ སེམས་གཉིས་མེད་ཡེ་ཤེས་སུ་འཆར་བ་ཡིན་ནོ༔ སྨན་ལ་སོགས་པའང་དྲོ་གོང་ལ་གཏང་ཞིང༔ རིམས་སྲུང་ལ་སོགས་པའང་དྲོ་གོང་ལ་བྱེད་དོ༔ ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ཐོ་རངས་ཁོ་ནར་སངས་རྒྱས་པའི་རྒྱུ་མཚན་ཡང་དེ་ཡིན་ནོ༔ གསུམ་པ་ཟ་བའི་རྣལ་འབྱོར་ནི༔ དབང་བཞིའི་བདུད་རྩིར་བརླབས་ལ་བཟའ་བཏུང་རོལ༔ ཅེས་པས༔ ཕྱི་ནང་གི་སྦྱིན་སྲེག་དོན་འདྲ་བས༔ དབང་བཞིའི་ཟས་ལ་ཟས་ཀྱི་རྣལ་འབྱོར་བཞི་ཡོད་དེ༔ བསྐྱེད་རིམ་ལམ་དུ་བྱེད་ན༔ ཟས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ལ་ལྟོ་བར་དཀྱིལ་འཁོར་བསྐྱེད་དེ་ལྷ་ལ་ལྷ་ཐིམ་པའི་ཚུལ་དུ་རོལ༔ གཏུམ་མོ་ལམ་དུ་བྱེད་ན་ཟས་ཡེ་ཤེས་ཀྱི་མེ་རུ་བྱིན་གྱིས་བརླབས་ཏེ་མེ་ལ་མེ་བསྣོན་པའི་ཚུལ་དུ་རོལ༔ འོག་སྒོ་བདེ་ཆེན་ལམ་དུ་བྱེད་ན༔ ཟས་ཐབས་ཤེས་རབ་བདེ་བར་བྱིན་གྱིས་བརླབས་ལ་སྙོམས་འཇུག་གི་ཚུལ་དུ་རོལ༔ བཞི་པ་རྫོགས་རིམ་ལམ་དུ་བྱེད་ན༔ ཟས་སྣང་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་བྱིན་གྱིས་བརླབས་ཏེ་ཆོས་ཉིད་ལ་ཆོས་ཉིད་རོལ༔ མདོར་ན་རང་ཉམས་སུ་གང་ལེན་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས༔ དེ་དང་གཉིས་སུ་མེད་པར་བཟའ་བ་དང་བཏུང་བ་ལོངས་སྤྱོད་ཅིང་རོལ་པས་ཟས་ཅི་ཟོས་པ་ཏིང་ངེ་འཛིན་གྱི་རྒྱུ་རུ་འགྲོའོ༔ བཞི་པ་རྒྱུན་གྱི་རྣལ་འབྱོར་ནི༔ སྣ་ཚོགས་ཐབས་ཀྱིས་བཟུང་ལ་ལམ་དུ་གཏང༔ ཞེས་པས༔ ལམ་ཚུལ་བཞིན་བྱེད་པའི་རྣལ་འབྱོར་པ་ལ༔ ཐམས་ཅད་ནས་ཐམས་ཅད་དུ་ཉོན་མོངས་པ་རང་རྒྱུད་པ་སྤྱད་དུ་མེད་པས༔ སྐྱེས་ཚད་ཐམས་ཅད་སྣ་ཚོགས་པའི་ཐབས་ཁྱད་པར་ཅན་གྱིས་གནད་ནས་བཟུང་ལ་ཡང་དག་པའི་ལམ་དུ་གཏང་ངོ༔ དེ་ལ་ཉོན་མོངས་པ་ནི་དུག་ལྔ་ཡིན་ལ་དེ་ལམ་དུ་གཏོང་ཚུལ་ནི༔ སེམས་འདོད་ཆགས་སུ་ལམ་སྐྱེས་ཙ་ན་དེའི་ངོ་བོ་ལ་བལྟ་ཞིང་ངང་ལ་བཞག་པས༔ གཤིས་ཅི་ཡང་མ་ཡིན་པའི་སྟོང་པ་ལ༔ གདངས་འགག་པ་མེད་པར་འཆར་བས༔ བདེ་སྟོང་གཉིས་མེད་ཀྱི་ངོ་བོར་མངོན་དུ་གྱུར་པ་ནི་འདོད་ཆགས་རྡོ་རྗེའོ༔ དེའི་ངོ་བོ་སོ་སོར་རྟོག་པའི་ཡེ་ཤེས་སོ༔ ཞེ་སྡང་གི་ངོ་བོ་ལ་བལྟ་ཞིང་ངང་ལ་བཞག་པས༔ གཤིས་སྟོང༔ གདངས་གསལ༔ གསལ་སྟོང་གཉིས་མེད་ཀྱི་ངོ་བོར་མངོན་དུ་གྱུར་པ་ནི་ཞེ་སྡང་རྡོ་རྗེ་སྟེ༔ དེའི་ངོ་བོ་མེ་ལོང་ཡེ་ཤེས་སོ༔ གཏི་མུག་གི་ངོ་བོར་བལྟ་ཞིང་ངང་ལ་བཞག་པས༔ གཤིས་སྟོང༔ གདངས་མི་རྟོག་པ་སྟེ༔ མི་རྟོག་སྟོང་པའི་ཡེ་ཤེས་སུ་གྱུར་པ་ནི་གཏི་མུག་རྡོ་རྗེའོ༔ དེའི་ངོ་བོ་ཆོས་དབྱིངས་ཡེ་ཤེས་སོ༔ དེ་བཞིན་དུ་ང་རྒྱལ་སྣང་སྟོང་མཉམ་ཉིད་ཡེ་ཤེས༔ ཕྲག་དོག་རིག་སྟོང་བྱ་གྲུབ་ཡེ་ཤེས༔ ཡང་མི་དགེ་བཅུ་ཡང་དུག་ལྔར་འདུས༔ དུག་ལྔ་ཡང་དུག་གསུམ་དུ་འདུས་ཏེ༔ འདོད་ཆགས༔ ཞེ་སྡང༔ གཏི་མུག་གོ༔ དེ་ཐབས་ཀྱིས་བཟུང་བས་ཉམས་སུ་མྱོང་ན་སྡེ་སྣོད་གསུམ་དུ་འགྲོ༔ དུག་གསུམ་རང་ག་མ་ལས་ལྡོག་ན་བསླབ་གསུམ་ཡིན་ནོ༔ དེ་ཡང་འདོད་ཆགས་ཀྱི་ངོ་བོ་ལ་བལྟ་ཞིང་ངང་ལ་བཞག་པས་བདེ་བ་རུ་མྱོང༔ འདུལ་བའི་སྡེ་སྣོད་དུ་འགྲོ༔ འདོད་ཆགས་རང་ག་མ་ལས་ལོག༔ ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ནོ༔ ཞེ་སྡང་གི་ངོ་བོ་ལ་བལྟས་ཤིང་ངང་ལ་བཞག་པས་གསལ་བར་མྱོང༔ མདོ་སྡེར་འགྲོ༔ ཞེ་སྡང་རང་ག་མ་ལས་ལྡོག༔ ཏིང་ངེ་འཛིན་གྱི་བསླབ་པ་ཡིན་ནོ༔ གཏི་མུག་གི་ངོ་བོ་ལ་བལྟས་ཤིང་ངང་ལ་བཞག་པས་མི་རྟོག་པར་མྱོང༔ མངོན་པའི་སྡེ་སྣོད་དུ་འགྲོ༔ གཏི་མུག་རང་ག་མ་ལས་ལྡོག༔ ཤེས་རབ་ཀྱི་བསླབ་པ་ཡིན་ནོ༔ ཉོན་མོངས་སྐྱེས་ཚད་ལ་དེ་བཞིན་གནད་ནས་བཟུང་ལ་ལམ་དུ་གཏང་ངོ༔ ལྔ་པ་དུས་གནད་ཀྱི་རྣལ་འབྱོར་ནི༔ དྲོ་སྲོད་སྐྱེས་ཤར་འདའ་ཁ་བར་དོར་བལྟེམ༔ ཞེས་པས༔ དྲོ་གོང་སྲོད་ལ༔ ཉོན་མོངས་པ་དྲག་པོ་དང་རྣམ་རྟོག་རྩུབ་མོ་སྐྱེས་པ༔ རྣམ་པར་མི་རྟོག་པའི་ཡེ་ཤེས་ཤར་བ༔ འདའ་ཁ་འཆི་བའི་དུས༔ བར་དོ་རྣམས་ལ་གནད་ནས་བཟུང་ནས་རྣལ་འབྱོར་ཐང་ལྷོད་མེད་པར་ལྟེམ་པ་གལ་ཆེ་སྟེ༔ དེ་ཡང་ཐོ་རངས་སྔ་དྲོའི་དུས་ན་ཟས་ཀྱི་དྭངས་སྙིགས་ཕྱེད་ཤེས་པ་གྲུང་འཐོན༔ ཁམས་དང་བློ་གསལ་བར་ཡོད་དེ་སྐྱོན་ཡོན་གཉིས་ཀའི་སྟོབས་ཆེ་བས་གནད་དུ་གཏང་བ་གལ་ཆེའོ༔ སྲོད་ལ་ཉལ་བའི་དུས་ན་ཐིག་ལེ་སྟོབས་ཞན༔ འཇིགས་སྐྲག་གི་སྣང་བ་མང༔ ལྷ་འདྲེའི་ཆོ་འཕྲུལ་ཆེ༔ འཆི་བ་དང་ཆོས་མཐུན་ཏེ་སྐྱོན་ཡོན་གྱི་སྟོབས་ཆེ་བས་ཐབས་ཀྱིས་གཟུང་བ་གལ་ཆེའོ༔ ཉོན་མོངས་པ་དྲག་པོ་དང་རྣམ་རྟོག་རྩུབ་མོ་སྐྱེས་པའི་དུས་སུ་ལམ་དུ་མ་ཐོང་ན༔ ཆེར་སྲོག་གི་བར་ཆད་འོང་ཞིང་བསླབ་པ་འཆལ༔ ཏིང་ངེ་འཛིན་གྱི་གེགས་བྱས་ནས་ཡང་དག་པའི་ལམ་འཆོར་བས་གནད་ནས་བཟུང་ལ་ལམ་དུ་གཏང་ངོ༔ གཉིས་མེད་ཀྱི་ཡེ་ཤེས་སྐྱེས་ནས་ཤེས་པ་མི་རྟོག་པའི་ངོ་བོར་ཧྲིལ་སོང་བའི་དུས་ན་ཐབས་ཀྱིས་གནད་ནས་བཟུང་ལ་ལམ་དུ་གཏང་ངོ༔ དེ་གནད་དུ་སོང་བའི་ངང་ལ་སྐད་ཅིག་ཀྱང་མ་ཡེངས་པར་གདན་དེའི་ཐོག་འཕྲུལ་འཁོར་དེའི་ཁོངས་སུ་ཡུན་རིང་དུ་བསྒོམ་པ་ཡིན༔ འདུན་པ་དང་སྨོན་ལམ་ལ་སོགས་པ་ཐམས་ཅད་ཀྱི་རྟེན་འབྲེལ་དེའི་དུས་སུ་བསྒྲིག་པ་ཡིན་ནོ༔ དེ་ནི་མི་འགྲུབ་ཀ་མེད་ཡིན་ལ༔ དེ་ལས་གཞན་པ་ཐ་མལ་གྱི་སེམས་རྣམ་རྟོག་དང་འདྲེས་པས་བསྒྲིགས་ཀྱང་མི་འགྲིག་སྟེ་སྒྲིག་པོ་རང་ཡང་རྣམ་རྟོག་ཡིན་པའི་ཕྱིར༔ གྲང་ནད་ལ་གྲང་བས་མི་ཕན་པ་བཞིན་ནོ༔ ནམ་ཞིག་འཆི་བའི་དུས་སུ་གང་གིས་མཚམས་སྦྱར་བའི་ལམ་དེ་ཉིད་ཀྱི་སྟོབས་སུ་ཧྲིལ་འགྲོ་བས༔ བཟང་པོའི་རྟེན་འབྲེལ་སྒྲིག་པ་གལ་ཆེ་སྟེ༔ སྡིག་པའི་ལས་ཐམས་ཅད་བརྗེད་དུ་གཞུག༔ དགེ་བའི་ལས་ཐམས་ཅད་དྲན་པར་བྱས༔ ཉམས་ལེན་གང་བརྟན་པའི་སྟེང་དུ་ཤེས་པ་རྩེ་གཅིག་ཏུ་བཏང་ལ༔ འཁྲུལ་སྣང་སྐད་ཅིག་ཀྱང་མེད་པར་བྱའོ༔ མདོར་ན་དུས་དེ་རྣམས་སུ་ལེགས་ཚོགས་ཀྱི་རྟེན་འབྲེལ་བསྒྲིག་གོ༔ བར་དོའི་དུས་གནད་ལ་གསུམ་སྟེ༔ རབ་བར་དོ་མེད་པར་སངས་རྒྱ་བ༔ འབྲིང་བར་དོ་ནས་རྒྱ་བ༔ ཐ་མ་སྐྱེ་བ་ལེན་ལུགས་སོ༔ དང་པོ་རབ་ལ་བཞི་སྟེ༔ འབྱུང་བ་ཐིམ་ལུགས༔ རྟོག་པ་འགག་ལུགས༔ མི་རྟོག་པའི་ཡེ་ཤེས་འཆར་ཚུལ༔ དེ་ངོས་ཟིན་ནས་སངས་རྒྱ་ལུགས་སོ༔ དང་པོ་འབྱུང་བ་ཐིམ་ལུགས་ལ་བཞི༔ ས་ཆུ་ལ་ཐིམ་པས་ལྟེ་བའི་རྩ་མདུད་འཇིག༔ ས་རླུང་མལ་འཆུག༔ ལུས་པོ་ལྕི༔ ཤེས་པ་བྱིང༔ སྨིག་རྒྱུ་ལྟ་བུའི་སྣང་བ་འཆར༔ གཉིས་པ་ཆུ་མེ་ལ་ཐིམ་པས་སྙིང་ཁའི་རྩ་མདུད་འཇིག༔ ཆུ་རླུང་མལ་འཆུག༔ ཁ་སྣ་སྐམ༔ ཤེས་པ་འཚུབ༔ དུ་བ་ལྟ་བུའི་སྣང་བ་འཆར་རོ༔ གསུམ་པ་མེ་རླུང་ལ་ཐིམ་པས་མགྲིན་པའི་རྩ་མདུད་འཇིག༔ མེ་རླུང་མལ་འཆུག༔ དྲོད་འཐུལ་སྣང་བ་གསལ་འགྲིབ་ཡོང༔ སྲིན་བུ་མེ་ཁྱེར་ལྟ་བུའི་སྣང་བ་འཆར༔ བཞི་པ་རླུང་རྣམ་པར་ཤེས་པ་ལ་ཐིམ་པས་གསང་གནས་ཀྱི་རྩ་མདུད་འཇིག༔ རླུང་གི་རླུང་མལ་འཆུག༔ དབུགས་སྣ་ལྡོག༔ ཤེས་པ་བག་ཙམ་འཁྲུལ༔ འོད་ཀྱི་སྣང་བ་བག་ཙམ་འཆར་རོ༔ དེ་ལྟར་འབྱུང་བ་ཐིམ་པ་དང་དབང་པོའི་ཉམས་ཡུལ་ལྔ་འགག་གོ༔ གཉིས་པ་རྟོག་པ་འགག་ཚུལ་ནི༔ རྩ་དབུ་མའི་མར་སྣ་ན་མའི་དྭངས་མ་ཨའི་གཟུགས་སུ་ཡོད་པ་རོ་མའི་ནུས་པ་ཉམས་ནས་གྱེན་ལ་འགྲོ་བས་དམར་ལམ་འཆར༔ དེའི་ཚེ་འདོད་ཆགས་ཀྱི་རྟོག་པ་འགག༔ དབུ་མའི་ཡར་སྣ་ན་ཕའི་དྭངས་མ་ཧཾ་ཡིག་གི་གཟུགས་སུ་ཡོད་པ་རྐྱང་མའི་ནུས་པ་ཉམས་ཏེ་ཐུར་ལ་བབས་པས་དཀར་ལམ་འཆར༔ དེའི་ཚེ་ཞེ་སྡང་གི་རྟོག་པ་འགག༔ དེ་ནས་སྤྱི་བོ་ཁྱབ་བྱེད་ཀྱི་རླུང་མལ་འཆུག༔ ནག་ལམ་འཆར༔ དེའི་དུས་སུ་གཏི་མུག་གི་རྟོག་པ་འགག༔ དེ་ལྟར་དུག་གསུམ་འགགས་པས་ང་རྒྱལ་དང་ཕྲག་དོག་རང་འགགས་སུ་འགྲོ་སྟེ༔ དུག་གསུམ་པོ་རྩ་གསུམ་དུ་འདུས་པའི་ཕྱིར་རོ༔ དེའི་ཚེ་ཕྱི་དབུགས་ཆད་དོ༔ གསུམ་པ་མི་རྟོག་པའི་ཡེ་ཤེས་འཆར་ཚུལ་ནི༔ ཕྱི་དབུགས་ཆད་ནང་དབུགས་མ་ཆད་པའི་བར་དེར༔ ཉི་མ་ཡར་འགྲོ་བ་དང་ཟླ་བ་མར་འགྲོ་བའི་དུས་དེར་དབུ་མར་རླུང་སེམས་ཚུད་དེ༔ དེ་གསུམ་དབུ་མར་གནས་ཤིང་རྟོག་ཚོགས་འགགས་པའི་གནད་ཀས་རྣམ་པར་མི་རྟོག་པའི་ཡེ་ཤེས་སངས་རྒྱས་ཆོས་སྐུའི་དགོངས་པ་ཟན་གཅིག་ཟ་ཡུན་ཙམ་ཞིག་འཆར་རོ༔ བཞི་པ་དེ་ངོས་ཟིན་ནས་སངས་རྒྱ་ལུགས་ནི༔ དེ་ལྟར་གོམས་འདྲིས་བྱས་པ་དང་གདམས་ངག་བསྟན་པའི་སྟོབས་ཀྱིས༔ རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་རང་ངོ་ཤེས་པས་ཆོས་སྐུ་མ་བུ་འཕྲོད་ནས་སངས་རྒྱ་སྟེ༔ དེ་ནས་རིག་པ་ཚངས་བུག་ནས་འཐོན་ཏེ་ཆོས་ཀྱི་དབྱིངས་སུ་གཤེགས་པ་ཡིན་ནོ༔ དེ་ནི་དབང་པོ་རབ་བར་དོ་མེད་པར་སངས་རྒྱ་བའི་མན་ངག་གོ༔ གཉིས་པ་དབང་པོ་འབྲིང་བར་དོར་སངས་རྒྱ་བའི་མན་ངག་ལའང་བཞི་ལས༔ འབྱུང་བ་ཐིམ་ལུགས་དང༔ རྟོག་པ་འགག་ལུགས་གཉིས་སྔར་དང་འདྲ༔ གསུམ་པ་ཆོས་ཉིད་བར་དོ་འཆར་ཚུལ་ནི༔ དབང་པོ་རབ་ཀྱི་ལྟར་རྟོག་མེད་ཆོས་སྐུའི་དགོངས་པ་ངོས་མ་ཟིན་པར༔ རིག་པ་སྙིང་ནང་ན་གནས་པ་དེ་རྩ་དར་དཀར་གྱི་སྐུད་པ་ལྟ་བུའི་ལམ་ནས་ཞུགས་ཏེ༔ དེ་ནས་ཕྱིར་འཐོན་པ་དང་བེམ་རིག་བྲལ་ནས་ཞག་གཅིག་བརྒྱལ་འགྲོ༔ བརྒྱལ་བ་སངས་ནས་ཆོས་ཉིད་ཀྱི་བར་དོ་སྒྲ་འོད་ཟེར་དང་ཐིག་ལེའི་སྣང་བ་འཆར་རོ༔ སྒྲ་ནི་ཆོས་ཉིད་མའི་རང་སྒྲ་དབྱར་དགུན་འབྱེད་པའི་འབྲུག་སྒྲ་ལྟ་བུ་ཆེ་ལ་དྲག་པ་གྲགས༔ འོད་ནི་རིག་པའི་རང་མདངས་གསལ་ལ་དྭངས་པ་འཆར༔ འོད་ཀྱི་གསེབ་ན་ཟེར་འཕྲོ་བ་སོས་ཀ་ཐང་ལ་སྨིག་རྒྱུ་ལྟ་བུ་མེར་མེར་བ་འཆར་རོ༔ བཞི་པ་རང་ངོ་ཤེས་ནས་སངས་རྒྱ་ལུགས་ནི༔ ད་ལྟ་ངོ་སྤྲད་པ་དང་ཉམས་སུ་བླངས་པའི་དབང་གིས་སྒྲ་འོད་ཟེར་གྱི་སྣང་བ་དེ་དག་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ཤེས་ནས་སངས་རྒྱའོ༔ དེ་ཡང་ཡང་གོམས་འདྲིས་ཀྱི་བྱེ་བྲག་གིས༔ རྫོགས་རིམ་སྟོང་ཉིད་ཀྱི་དོན་ལ་གོམས་པའི་རྣལ་འབྱོར་པ་ཡིན་ན༔ སྒྲ་འོད་ཟེར་གྱི་སྣང་བ་དེ་དག་སྣང་སྟོང་གཉིས་མེད་ཀྱི་ཡེ་ཤེས་སུ་ཤར་ནས་ཆོས་ཀྱི་སྐུ་རུ་སངས་རྒྱའོ༔ བསྐྱེད་རིམ་ལྷའི་རྣལ་འབྱོར་ལ་གོམས་པ་ཡིན་ན༔ སྒྲ་འོད་ཟེར་གྱི་སྣང་བ་དེ་དག་རང་མདངས་ལྷའི་དཀྱིལ་འཁོར་དུ་ཤར་ནས་ལོངས་སྤྱོད་རྫོགས་པའི་སྐུ་རུ་སངས་རྒྱའོ༔ རྫུན་སྣང་སྟོང་པའི་རྣལ་འབྱོར་པ་ཡིན་ན༔ སྒྲ་འོད་ཟེར་གྱི་སྣང་བ་དེ་དག་རྨི་ལམ་སྒྱུ་མ་ལྟ་བུར་ཤར་ནས་སྤྲུལ་པའི་སྐུ་རུ་སངས་རྒྱའོ༔ འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སྣང་དུ་ཤེས་པའི་རྣལ་འབྱོར་པ་ཡིན་ན༔ སྒྲ་འོད་ཟེར་གྱི་སྣང་བ་དེ་དག་རང་ཤར་དང་རང་གྲོལ་དུ་ཤེས་ནས་ངོ་བོ་ཉིད་ཀྱི་སྐུ་རུ་སངས་རྒྱ་བ་ཡིན་ནོ༔ དེས་ན་རང་རེ་ཉམས་ལེན་བཞི་པོ་གང་ལ་གནས་བལྟས་ལ༔ གང་ལ་ཉམས་རྟོགས་སྐྱེས་པའི་སྒོ་ནས་བར་དོ་གཅད་དོ༔ གསུམ་པ་དབང་པོ་ཐ་མ་སྐྱེ་བ་ལེན་ལུགས་ནི་ལྔ་ལས༔ འབྱུང་བ་ཐིམ་ལུགས་དང༔ རྟོག་པ་འགག་ལུགས་སྔར་དང་འདྲའོ༔ གསུམ་པ་ཡིད་ཀྱི་ལུས་གྲུབ་ཚུལ་ནི༔ རྟེན་འབྲེལ་བརྒྱད་ཀྱིས་ཡིད་ལུས་གྲུབ་སྟེ༔ འོད་རང་སྣང་མ་ཤེས་པ་ནི་མ་རིག་པ༔ དེའི་དབང་གིས་རླུང་ལྔ་འདུས་ནས་འཁོར་བར་བྱེད་པ་འདུ་བྱེད༔ དེ་ལས་ཤེས་པ་གསལ་དུ་སོང་ནས་ཡུལ་འཛིན་སྐྱེ་བ་ནི་རྣམ་ཤེས༔ དེ་ལས་བར་དོའི་ཡིད་དང་ཡིད་ཀྱི་ལུས་གཉིས་འབྱུང༔ དེ་ལས་ཤེས་པ་རྣོ་མྱུར་དུ་སྐྱེ་བས་སྐྱེ་མཆེད་འབྱུང༔ དེ་ཡུལ་དང་འཕྲད་པ་རེག་པ༔ དེས་བདེ་སྡུག་མྱོང་བ་ཚོར་བ༔ དེ་ལ་ཆགས་སྡང་སྐྱེས་པ་སྲེད་པ༔ དེ་ལྟར་བརྒྱད་ཀྱིས་ཡིད་ལུས་གྲུབ་བོ༔ བཞི་པ་བར་དོའི་སྣང་བ་འཆར་ལུགས་ནི༔ སྔར་གྱི་བག་ཆགས་དང་ལས་ཀྱི་སྣང་བ་འཆར་ཏེ་སྔར་གྱི་ཡུལ་དང་ཁྱིམ་དུ་འོང༔ ཉེ་དྲུང་ཀུན་དང་ཡིད་ཀྱིས་འགྲོགས༔ ཟས་དང་གནས་དང་བརྟེན་སའི་ངེས་པ་མེད༔ ཡིད་ཀྱི་ལུས་ཀྱིས་དྲི་མའི་ཟས་ཟ༔ སྐྱེ་གནས་དང་མའི་མངལ་དང༔ དེ་བཞིན་གཤེགས་པའི་སྐུ་དང༔ རྡོ་རྗེ་གདན་མ་ཡིན་པ་ཐམས་ཅད་ལ་ཐོགས་པ་མེད་པར་འགྲོ༔ རྟག་ཏུ་འཇིགས༔ སྔངས༔ སྐྲག༔ ཤ་ཟ་སྲིན་པོ༔ གཅན་གཟན༔ ཁ་ཆར༔ བུ་ཡུག་གི་སྣང་བ་འཆར་རོ༔ སྐྱབས་དང་འཁྲི་ས་ཐམས་ཅད་དུ་འཚོལ༔ སྐྱེ་མཆེད་གསལ་ཞིང་ཡིད་ཀྱི་དབང་པོ་ཚང་བ༔ ལྷའི་མིག་རྣམ་པར་དག་པ་དང༔ བར་དོའི་སེམས་ཅན་ནང་གིས་མཐོང་བ་ཡིན་ནོ༔ ལྔ་པ་སྐྱེ་བ་ཕྱི་མ་ལེན་ཚུལ་ནི༔ གོང་གི་རང་མདངས་མཆོག་གི་འོད་གསལ་དེ་ནུབ་ནས༔ ཐུན་མོང་འོད་ཀྱི་ལམ་ལྔ་ཤད་ཀྱིས་འཆར་རོ༔ ལྷན་ཅིག་སྐྱེས་པའི་མ་རིག་པ་དེ་རང་ངོ་མ་ཤེས་ལ༔ ཀུན་ཏུ་བརྟགས་པའི་མ་རིག་པས་གཞན་དུ་བརྟགས༔ གཞན་སྣང་ལ་འཛིན་པ་ཞུགས་པས་འགྲོ་དྲུག་ཏུ་སྐྱེ་བ་ཡིན་ཏེ༔ རི་དྭགས་རྒྱ་རུ་ཚུད་པའམ་སྦྲང་མ་བ་རྒྱར་འཐུམས་པ་བཞིན་ནོ༔ དེ་ཡང་འོད་དཀར་པོ་ལ་འཛིན་པ་ཞུགས་ན་དམྱལ་བ༔ དམར་པོ་ལ་ཡི་དྭགས༔ ནག་པོ་ལ་དུད་འགྲོ༔ སེར་པོ་ལ་མི༔ ལྗང་གུ་ལ་ལྷ་དང་ལྷ་མ་ཡིན་དུ་སྐྱེའོ༔ དེའི་དུས་སུ་རིགས་དྲུག་གི་སྡུག་བསྔལ་བསམ་ལ་འོད་ལྔ་པོ་གང་ལའང་འཛིན་པ་མི་བྱ༔ བར་དོའི་ཤེས་པ་འདི་བསྒྱུར་སླ་བས་དྲན་པས་ཟིན་ན་བདེ་བ་ཅན་ལྟ་བུར་འདུན་པ་བཏང་བས་ཐེ་ཚོམ་མེད་པར་སྐྱེའོ༔ གཉིས་པ༔ ལམ་དེའི་གེགས་བཞིའི་སྐྱོན་སེལ་བསྟན་པ་ནི༔ ཞེས་པས༔ གཉིས་པ་ལམ་གྱི་གེགས་བསལ་བ་ལ་བཞི་སྟེ༔ ཏིང་ངེ་འཛིན་ཉམས་ཀྱི་གེགས་བསལ་བ་དང༔ ལུས་ལ་ན་ཚ་སྡུག་བསྔལ་གྱི་གེགས་བསལ་བ༔ སེམས་རྣམ་རྟོག་ལྷ་འདྲེའི་གེགས་བསལ་བ༔ རྐྱེན་སྣང་གློ་བུར་གྲིབ་ཀྱི་གེགས་བསལ་བའོ༔ དང་པོ་ཏིང་ངེ་འཛིན་ཉམས་ཀྱི་གེགས་བསལ་བ་ནི༔ བྱིང་རྒོད་ཉམས་གསུམ་བཅོས་ལ་ལམ་དུ་གཏང༔ ཞེས་པས༔ འདི་ལ་ལྔ་སྟེ༔ བྱིང་ན་གསེང་བ༔ རྒོད་ན་གནན༔ ཕན་པའི་ཉམས་ལམ་དུ་གཏང་བ༔ གནོད་པའི་ཉམས་གྲོགས་སུ་འཁྱེར་བ༔ ཕན་གནོད་མེད་པའི་ཉམས་བོགས་སུ་འདོན་པའོ༔ དང་པོ་བྱིང་བ་ལ༔ བྱིང་བ་རྨུགས་པ་འཐིབས་པ་ལ་སོགས་པ་ནི་དོན་མཐུན་ཏེ་བྱིང་བའོ༔ དེ་ལ་བྱིང་བ་ནི་རིག་པའི་རང་མདངས་མ་རྙེད་པ༔ རྨུགས་པ་ནི་གསལ་བའི་ཉམས་ཀྱིས་མ་ཟིན་པ༔ འཐིབས་པ་ནི་གཉིད་དང་འདྲེས་པའོ༔ གཉིས་པ་རྒོད་པ་ལ༔ གཡོ་བ༔ སྤུན་པ༔ འཕྲོ་བ༔ འགྱུ་བ་ལ་སོགས་པ་དོན་མཐུན་ཏེ་རྒོད་པའོ༔ དེ་ལ་གཡོ་བ་ནི་སེམས་གནས་སུ་མི་འདོད་པ༔ སྤུན་པ་ནི་ཡུད་ཙམ་གནས་ཀྱང་ཡུན་རིང་དུ་མི་གནས་པ༔ འཕྲོ་བ་ནི་ཤེས་པ་ཡུལ་ལ་འཇུག་པའོ༔ འགྱུ་བ་ལ་གཉིས༔ འོག་འགྱུས་ནི་སེམས་གནས་སྙམ་བྱེད་པ་ལ་མ་ཚོར་བར་འགྱུས་པའོ༔ རང་འགྱུས་ནི་སེམས་གནས་ཀྱིན་འདུག་གསལ་གྱིན་འདུག་སྙམ་པའི་ཚོར་བ་ཕྲ་མོ་ཞིག་སྒོམ་གྱི་གསེབ་ཏུ་ཞུགས་པའོ༔ རྒོད་པ་ལ་གཉིས༔ གཞན་རྒོད་ནི་ཤེས་པ་རྐྱེན་གསུམ་གྱིས་རྒོད་པ༔ རང་རྒོད་ནི་གནས་ཆ་མེད་པར་ཤེས་པ་ཡེར་བའོ༔ མདོར་ན་བྱིང་རྒོད་གཉིས་ཀའི་རྐྱེན་གྱི་རྩ་བ་གཅིག་སྟེ༔ ཤེས་པ་འཇུར་ལ་མ་ཐེབས་པར་བཏང་སྙོམས་སུ་ལུས་པ་ལས་བྱུང་ངོ༔ དེ་གཉིས་བསལ་བ་ལ༔ བྱིང་ན་སྙིང་ཁར་སེམས་བཟུང་ལ་ཤེས་པ་ཞུར་གཞུར༔ ཆུན་གཅུན༔ རྩེ་གཅིག་མདུང་ཚུགས་ཆིག་དྲིལ་དུ་བསྒོམ་མོ༔ དེས་བྱིང་མི་ནུས་ཏེ་སྲང་དུ་ཚུད་འགྲོའོ༔ རྒོད་ན་སེམས་ལྟེ་འོག་ཏུ་བཟུང་ལ་ཞུར་གཞུར༔ ཆུན་གཅུན་ལ་ཕུར་ཚུགས་སུ་བསྒོམ༔ དེས་ཆིག་དམིགས་ལ་ཧྲིལ་སོང་ནས་འཕྲོ་རྒོད་མི་ཡོང་ངོ༔ མདོར་ན་རྩེ་གཅིག་ཕུར་ཚུགས་སུ་སོང་ན་བྱིང་རྒོད་གཉིས་ཀ་མི་ཡོང་ངོ༔ གསུམ་པ་ཕན་པའི་ཉམས་ལམ་དུ་གཏང་བ་ནི༔ བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་བཟང་པོའམ༔ བྱམས་སྙིང་རྗེ་ཞེན་ལོག་གི་བློ་འམ༔ མོས་གུས་ལ་སོགས་པ་གཏིང་ནས་ལྷོངས་པ་སྐྱེས་པའི་དུས་སུ་དེའི་རོ་མྱང་ནས་ལུས་ངག་གི་སྤྲོས་པ་སྤྱད་ན༔ ཉམས་དེ་ཉིད་རླུང་ཁ་ཕོག་ནས་ཡལ་འགྲོ་བས༔ བདག་ཉིད་གཞན་དབང་དུ་འགྲོ་བའི་བྱ་བ་བསྐྱེད་ལ༔ དེ་ཉིད་རླུང་སེམས་ཀྱི་རྟེན་འབྲེལ་ཉམས་སུ་ཤེས་པའི་བློ་གྲོས་ཀྱིས༔ དགར་འཛིན་དང་ཞེན་སྣང་མེད་པར་རང་གི་ངོ་བོ་བལྟས་ཤིང་ངང་ལ་བཞག་པས་གཉིས་མེད་ཡེ་ཤེས་ཀྱི་ངོ་བོར་འཆར་ཏེ༔ ཉམས་ཞེན་མེད་ཀྱི་སྣ་མི་བསྐྱིལ་བར་འུར་བསྐྱང་ངོ༔ ཡང་ཉམས་དགའ་བ་དང༔ ཞེན་ལོག་པ་དང༔ སྙིང་རྗེ་བཙན་ཐབས་སུ་སྐྱེས་ནས་ངུ་བ་ལ་སོགས་པ་བྱུང་ན་རིག་པ་ངོས་གཟུང༔ ལྟ་བའི་གནད་ཤེས་པར་བྱས་ཏེ༔ དེའི་རོ་མི་མྱོང་བར་ངང་ལ་བཞག་གོ༔ རོ་མྱང་ན་རྒྱལ་པོ་ལ་སོགས་པའི་ཆོ་འཕྲུལ་ཡིན་པའང་སྲིད་དོ༔ བཞི་པ་གནོད་པའི་ཉམས་གྲོགས་སུ་འཁྱེར་བ་ནི༔ ན་ཚེ་ཟུག་གཟེར་རམ་སྙིང་རླུང་ཁམས་འདུས་ལ་སོགས་པ་ཅི་བྱུང་ཡང་ཉམས་སྣང་དུ་ཤེས་པར་བྱས་ཏེ༔ ཞུམ་ཞིང་བྱུར་དུ་མི་བལྟ༔ སྣང་ཡུལ་དང་འཛིན་སེམས་རང་ཤར་རང་གྲོལ་བས༔ སྐྱོན་དུ་མི་བལྟ་ཡོན་ཏན་དུ་མི་གཟུང་བར་རང་ཤར་རང་གྲོལ་བྱུང་རྒྱལ་དུ་བསྐྱང་ངོ༔ ལྔ་པ་ཕན་གནོད་མེད་པའི་ཉམས་བོགས་སུ་འདོན་པ་ནི༔ ཀུན་གཞི་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་ས་བོན་གྱི་ཚུལ་དུ་གནས༔ རྡོ་རྗེའི་ལུས་ལ་རྩ་ཡིག་རླུང་སེམས་སུ་གནས་པ་དེ་དག་ངོ་སྤྲད་ཅིང་ཏིང་ངེ་འཛིན་གནད་དུ་བསྣུན་ནས་བསྒོམས་པས༔ གནས་ལུགས་རང་ངོ་ཤེས༔ རྩ་མདུད་གྲོལ༔ རླུང་སེམས་དྭངས༔ བག་ཆགས་འདག་ཅིང་ཡོན་ཏན་གྱི་སྣ་སློང་བས༔ འཁོར་འདས་ཀྱི་སྣང་བ་སྣ་ཚོགས་ཉམས་ལ་འཆར་རོ༔ དེ་དག་ལ་བུ་ག་ཡོད་ན་རླུང་འཇུག༔ རྟོག་པ་སྐྱེས་ན་བདུད་ལྡང༔ བཏང་སྙོམས་སུ་ལུས་ན་ལམ་དུ་མི་འགྲོ་བས་ཐམས་ཅད་ཉམས་སུ་ཤེས་པར་བྱ་སྟེ༔ གང་ལ་ཡང་སྐྱོན་དུ་མི་བལྟ་ཡོན་ཏན་དུ་མི་གཟུང༔ རེ་དོགས་དང་འཁུ་འཁྲིག་མེད་པར་ཉམས་སྣང་གསུམ་སོགས་རང་ཤར་རང་གྲོལ་དུ་བཅོས་ལ་བསྐྱངས་པས་ཐམས་ཅད་བོགས་སུ་ཐོན་ནས་འགྲོ་བ་ཡིན་ནོ༔ མདོར་ན་སྒྲུབ་པ་བྱེད་པའི་དུས་ན༔ རེས་བློ་ལས་སུ་རུང་ཞིང་དགེ་སྦྱོར་འཕེལ་ཏེ་སྒོམ་ཆེན་རྒྱང་གླུ་ཙེ་རེ༔ རེས་བློ་བཀོལ་དུ་མི་བཏུབ་དགེ་སྦྱོར་འགྲིབ་ཤེས་པ་འཚུབས་པས་སྒོམ་ཆེན་ཡུས་ཁ་སྟོང་ངེ༔ མདོར་ན་མཐོ་དམན་གྱི་ཉམས་སྣ་ཚོགས་སྐྱེ་བས་ཞུམ་པ་དང་ཁེངས་པ་མེད་པར༔ ཞེན་མེད་བྱུང་རྒྱལ་དུ་གནད་ནས་གཟུང་ཞིང་ལམ་དུ་གཏང༔ སྒྲུབ་པ་ལ་ཐང་ལྷོད་ལྟེམ་རྐྱང་མེད་པར་བྱས་པས་ཐམས་ཅད་བོགས་སུ་ཐོན་འགྲོ་བ་ཡིན་ནོ༔ གཉིས་པ་ལུས་ལ་ན་ཚ་སྡུག་བསྔལ་གྱི་གེགས་བསལ་བ་ནི༔ ནད་ཀྱི་གཞི་རྒྱུ་རྐྱེན་འབྲས་ངོས་བཟུང་བཅོས༔ ཞེས་པས༔ ནད་ཀྱི་གཞི༔ འབྱུང་བའི་རྒྱུ༔ སློང་བའི་རྐྱེན༔ སྨིན་པའི་འབྲས་བུ་རྣམས་ངོས་གཟུང་བ་དང༔ དེ་བཅོས་པའི་ཐབས་གཉིས་སོ༔ དང་པོ་ནད་ཀྱི་གཞི་ནི་ཀུན་གཞི་དང་རྩ་ཁམས་བག་ལ་ཉལ་བག་ཆགས་ཀྱི་ཚུལ་དུ་གནས་སོ༔ གཉིས་པ་འབྱུང་བའི་རྒྱུ་ནི་མ་རིག་པ་དང་བདག་ཏུ་འཛིན་པ་སྟེ་བསགས་པའི་ལས་ངན་ནོ༔ གསུམ་པ་སློང་བའི་རྐྱེན་ནི་ཉོན་མོངས་རྣམ་རྟོག་འདྲེ་དང་བཅས་པའོ༔ བཞི་པ་སྨིན་པའི་འབྲས་བུ་ནད་རྣམས་ངོས་གཟུང་བ་ནི་ཚ་གྲང་བད་ཀན་གཟེར་ཐབས་སྦོས་ནད་ཀྱི་གཙོས་བྱས་ཏེ་ནད་བཞི་བརྒྱ་རྩ་བཞིའོ༔ དེ་ལ་ལྷན་ཅིག་སྐྱེས་པའི་ནད་རྒྱུ་གཙོ༔ ཀུན་བརྟགས་ཀྱི་ནད་རྐྱེན༔ ནད་གང་ལ་ཡང་འདི་ལྔ་ཚང་དགོས་ཏེ༔ གཞི་བག་ལ་ཉལ་རྒྱུ་ལས་ངན༔ རྐྱེན་ཉོན་མོངས༔ མཚམས་སྦྱོར་རྣམ་རྟོག༔ མཇུག་སྡུད་རླུང༔ རྒྱབ་རྟེན་ལྷ་འདྲེ༔ དེ་ཡང་རྒྱུ་འདོད་ཆགས་ཀྱི་ས་བོན་ཀུན་གཞི་ལ་ཡོད༔ རྐྱེན་འདོད་ཆགས་དྲག་པོས་བསླངས་པས་གྲང་བའི་ནད་དུ་ལྡང༔ ནའོ་ཐུ་ན་ནི་སྙམ་པའི་རྣམ་རྟོག་གིས་མཚམས་སྦྱར༔ དེས་ཐུར་སེལ་གྱི་རླུང་ལོག༔ གདོན་མོ་རིགས་བལྟའོ༔ དེ་བཞིན་དུ་རྒྱུ་ཞེ་སྡང་གི་ས་བོན༔ རྐྱེན་ཞེ་སྡང་དྲག་པོས་བསླངས༔ རྣམ་རྟོག་གིས་མཚམས་སྦྱར༔ མཉམ་གནས་ཀྱི་རླུང་ལོག༔ ནད་མཁྲིས་པ༔ གདོན་མ་མོ༔ རྒྱུ་གཏི་མུག་གི་ས་བོན༔ རྐྱེན་ཉོན་མོངས་པ་གཏི་མུག༔ ནའོ་ཐུའོ་སྙམ་པའི་རྣམ་རྟོག་གིས་མཚམས་སྦྱར༔ གྱེན་རྒྱུའི་རླུང་ལོག༔ གདོན་ཀླུ་གནོད༔ ནད་བད་ཀན་ནོ༔ རྒྱུ་ཕྲག་དོག་གི་ས་བོན༔ རྐྱེན་ཕྲག་དོག་དྲག་པོས་བསླངས༔ རྟོག་པས་མཚམས་སྦྱར༔ སྲོག་འཛིན་གྱི་རླུང་ལོག༔ གདོན་བཙན༔ ནད་གཟེར་ཐབས་སོ༔ རྒྱུ་ང་རྒྱལ་གྱི་ས་བོན༔ རྐྱེན་ང་རྒྱལ་དྲག་པོས་བསླངས༔ རྟོག་པས་མཚམས་སྦྱར༔ ཁྱབ་བྱེད་ཀྱི་རླུང་ལོག༔ གདོན་རྒྱལ་གནོད༔ ནད་སྦོས་ནད་དོ༔ དེ་དག་བཅོས་པ་ལ༔ རྒྱུ་མ་རིག་པ་ཡིན་པས་ལྷན་སྐྱེས་ཀྱི་ཡེ་ཤེས་ངོས་གཟུང༔ རྐྱེན་ཉོན་མོངས་པ་ཡིན་པས་སེམས་མཉམ་པར་གཞག༔ མཚམས་སྦྱོར་རྣམ་རྟོག་ཡིན་པས་རྣམ་རྟོག་རྒྱུན་གཅད༔ མཇུག་སྡུད་རླུང་ཡིན་པས་རླུང་གནད་དུ་གཏང༔ རྒྱབ་རྟེན་ལྷ་འདྲེ་ཡིན་པས་ལྷ་འདྲེའི་རྣམ་རྟོག་སྤང་ངོ༔ དེ་ལྟར་ངོས་བཟུང་བྱས་པས་ནད་གང་ཡང་དྲག་གོ༔ གཉིས་པ་དེ་བཅོས་པ་ལ་གསུམ་སྟེ༔ རབ་ངང་ལ་གཞག༔ འབྲིང་སྒོམ་གནད་དུ་གཏང༔ ཐ་མ་དམིགས་པས་བཅོས་པའོ༔ དང་པོ་རབ་ངང་ལ་གཞག་པ་ནི༔ སྤྲོས་བྲལ་ངང་བཞག་རྒྱུན་ཆད་སྐྱེས་ནས་སེལ༔ ཞེས་པས༔ ནད་དེ་ལ་ཕན་པའི་སྨན་ཐུན་གཅིག་མི་གཏང༔ རིམ་གྲོ་ཡི་གེ་བརྒྱ་པ་གཅིག་ཀྱང་མི་བྱ༔ སྐྱོན་དུ་མི་གཟུང༔ ཡོན་ཏན་དུ་མི་བལྟ༔ བཟོ་མེད་བྱུང་རྒྱལ་དུ་བསྐྱང༔ སྤྲོས་བྲལ་རང་ལུགས་རྟོག་མེད་ཀྱི་ངང་ལ་ཆམ་གཞག༔ དེ་ལྟར་བཞག་པས་རྣམ་རྟོག་རྒྱུན་ཆད༔ རྟོག་མེད་ཡེ་ཤེས་སྐྱེས་ནས་ནད་དེ་ཉིད་སེལ་ལོ༔ དེ་ལ་སྔོན་འགྲོའི་དུས་སུ་ནད་མི་བཙལ༔ དངོས་གཞིའི་དུས་སུ་ནད་མི་བསྒོམ༔ རྗེས་ཀྱི་དུས་སུ་ནད་ཀྱི་རོ་མི་མྱོང་ངོ༔ དེས་ནད་རྙིང་པ་འཐོན་གསར་པས་མི་ཚུགས་སོ༔ གཉིས་པ་འབྲིང་སྒོམ་གནད་དུ་གཏང་བ་ནི༔ གནོད་པའི་ཟས་ཟ་འཕྲིགས་བཅད་ལྟོས་མེད་བསྐྱུར༔ ཞེས་པས༔ འདི་ལ་གསུམ་སྟེ༔ འགལ་སྒྱུར༔ འཕྲིགས་གཅད༔ རོ་སྙོམས་པའོ༔ དང་པོ་འགལ་སྒྱུར་ནི༔ ནད་དེ་འདོད་ཐོག་ཏུ་ཁྱེར་ལ་ནད་ཁྱོད་ལ་བརྟེན་ནས་རྣམ་རྟོག་གི་གྲེས་ཐག་གཅོད་དུ་ཡོད་པ་རེ་དགའ་སྙམ་དུ་བསམ་སྟེ༔ ཤེས་པ་དགའ་སིང་ངེ་གཏང༔ ནད་དེ་ལ་གནོད་པའི་ཟས་ཟ༔ སྤྱོད་ལམ་བྱ༔ དེ་ལ་དྲི་ཆེན་བར་པ་བླངས་ལ་དྲོད་མ་ཡལ་བ་ཚུགས་ཚད་དུ་བཟའ༔ དྲི་ཆུ་བར་པ་ཡང་ཚུགས་ཚད་བཏུང་ངོ༔ དེ་ནས་རླུང་རྩོལ་བསྒོམས་པས་སྟོད་ནད་ཡིན་ན་སྐྱུགས་སུ་འགྲོ༔ སྨད་ནད་ཡིན་ན་བཤལ་དུ་འགྲོ༔ ནད་འཐོན་པ་དང་གཅོད་སྨན་དུ་འགྲོ་འོ༔ གཉིས་པ་འཕྲིགས་གཅད་པ་ནི༔ བཞིན་གྱི་མདངས་སྟོན༔ ངག་གི་འཁུན་གཅད༔ ཡིད་རེ་དོགས་ཀྱི་འཕྲིགས༔ ན་ན་ནི༔ ཐུ་ན་ནི༔ ཤི་ན་ནི༔ ཐུ་རུ་ཡོད་པས་མི་ཡོང་ངམ་སྙམ་པའི་རྟོག་པ་མེད་པར་འཁུ་འཁྲིག་རྦད་བཅད་ལ་ལྟོས་མེད་དུ་རྒྱང་བསྐྱུར་རོ༔ གསུམ་པ་རོ་སྙོམས་པ་ནི༔ འཕྲང་བྱུང་ཙ་ན་ལུང་བླང་དགོས་པས་ཤེས་པ་གྲུང་བཏོན་ཏེ་དགེ་སྦྱོར་གསལ་བཏབ་ལ༔ རྟེན་འབྲེལ་དམིགས་པ་མི་བསྒོམ༔ རིམ་གྲོ་དང་སྨན་དཔྱད་མི་བྱ༔ ན་ཟུག་དེ་ཉིད་ཀྱི་ངོ་བོ་ལ་བལྟས་ཤིང་ངང་ལ་བཞག་པས༔ ཉམས་མྱོང་སྐྱེས་པ་ཡིན་ན་རང་ཡལ་དུ་འགྲོ༔ རྟོགས་པ་སྐྱེས་པ་ཡིན་ན་གསལ་སྟོང་དུ་འཆར༔ ཐ་མ་ཡང་ནད་ལ་དུཿཁ་དང་རྣམ་རྟོག་མི་འབྱུང་ངོ༔ གསུམ་པ་ཐ་མ་དམིགས་པས་བཅོས་པ་ནི༔ དཀར་དམར་ནག་པོའི་ཧཱུྃ་སྤྲོས་སྟེང་འོག་གདོན༔ ཞེས་པ༔ དང་པོ་སེམས་བསྐྱེད༔ སྐྱིལ་ཀྲུང་བཅའ༔ རང་ཡི་དམ་གྱི་ལྷ་རུ་བསྒོམ༔ དེའི་སྙིང་གི་དཀྱིལ་དུ་ཧཱུྃ་མཐིང་ནག་ནས་ཙམ་ཞིག་བསྒོམ༔ དེ་ནས་ནད་གང་ཡིན་བརྟགས་ལ༔ ཚ་བ་ཡིན་ན་སྙིང་ནང་གི་ཧཱུྃ་ལས་ཧཱུྃ་དཀར་པོ་ནས་ཙམ་ཞིག་འཕྲོས་པས་ཁོག་སྟོད་ཐམས་ཅད་བསྐོར་ནས༔ ནད་དང་སྟེང་གདོན་ཐམས་ཅད་ཁབ་ལེན་གྱིས་ལྕགས་བསྡུས་པ་ལྟར་འུབ་རིལ་བསྡུས༔ སྤྱི་གཙུག་ནས་འཐོན་ཏེ་ནམ་མཁའ་ལ་ཡལ་བར་བསམ་ལ་རླུང་གྱེན་ལ་འབུད༔ གྲང་བ་ཡིན་ན་སྙིང་གི་ཧཱུྃ་ལས་ཧཱུྃ་དམར་པོ་ནས་ཙམ་ཞིག་མཆེད་ནས་ཁོག་སྨད་ཐམས་ཅད་བསྐོར༔ ནད་དང་འོག་གདོན་ཐམས་ཅད་བསྡུས༔ འོག་སྒོ་ནས་འཐོན་ཏེ་སའི་གཏིང་དུ་སོང་བར་བསམ༔ ཡན་ལག་གི་ནད་དམ་བྲང་ངར་ལ་སོགས་པ་ཁོལ་བུར་ན་ན༔ གང་ན་སར་ཧཱུྃ་ནག་པོ་ནས་ཙམ་ཞིག་བསམ་སྟེ༔ ཐམས་ཅད་བསྡུས་ནས༔ སྐྲངས་པའི་དམིགས་སམ་སོར་མོའི་རྩེ་མོ་ནས་འཐོན་པར་བསམ་མོ༔ ངོས་མ་ཟིན་པའི་ནད་ལ་སྙིང་ནང་གི་ཧཱུྃ་ལས་ཧཱུྃ་མཐིང་ཁ་མཆེད་དེ་སྤྲོས་པས་ལུས་ཀྱི་སྟོད་སྨད་ཐམས་ཅད་བསྐོར༔ སྟེང་འོག་གི་གདོན་དང་ནད་ཀུན་བསྡུས་ནས་རླུང་གང་རྒྱུ་བའི་སྣ་ནས་འཐོན་ཏེ་བར་སྣང་ལ་ཡལ་བར་བསམ་མོ༔ ངང་ལ་བཞག་པ་ལ་ཤེས་པ་མི་རྟོག་པའི་ངང་དུ་ཧྲིལ་འགྲོ་དགོས༔ ཟློག་སྒོམ་ལ་ཐེ་ཚོམ་དང་འཁུ་འཕྲིགས་མེད་པར་ལྟོས་མེད་དུ་རྒྱང་བསྐྱུར་དགོས༔ དམིགས་པ་ལ་ཤེས་པ་ཆིག་དམིགས་སུ་འགྲོ་དགོས༔ དེ་གསུམ་ཀ་ལ་བློ་ཁེལ་ཞིང་འཇུར་དྲགས་པ་གལ་ཆེའོ༔ གསུམ་པ་སེམས་རྣམ་རྟོག་ལྷ་འདྲེའི་གེགས་བསལ་བ་ནི༔ རང་ལས་གཞན་མེད་ཡ་ང་འཁུ་འཁྲིག་བཅད༔ ཅེས་པས༔ ཉམས་ཐལ་ཐོལ་སྐྱེས་པའི་དུས་སུ་རྩ་གནས་ཀྱི་རྟེན་འབྲེལ་དང༔ རྣམ་རྟོག་གི་ཐེར་ཟུག་གིས་བདུད་རིགས་ལྷ་འདྲེའི་ཆོ་འཕྲུལ་དང་ཐེར་ཟུག་འོང་ངོ༔ དེ་ལ་འཇིགས་པ་དང་ཉམ་ངའི་རྣམ་རྟོག་སྐྱེས་ན་མྱུར་དུ་གནད་ནས་བཟུང་ལ་ལམ་དུ་གཏང་ངོ༔ དེ་རང་གར་བཞག་པའམ་དེའི་དབང་དུ་ཤོར་ན༔ ཕྱིས་བསྒྲུབ་པ་ནམ་བྱེད་ཀྱི་བར་ཆད་དུ་ཡོང་བ་ཡིན་ནོ༔ གཞན་ཡང་མཐོ་དམན་གྱི་གེགས་བྱུང་བ་དེ་ཉིད་ལམ་དུ་མ་ཐོངས་ན༔ ཕྱིས་བསྒྲུབ་པ་བྱེད་པའི་དུས་ན་དེ་ཉིད་སྐྱེད་དང་བཅས་པ་ཞིག་བྱུང་ནས་བར་ཆད་དུ་འགྲོ་བ་ཡིན་པས་ལམ་དུ་གཏོང་བ་གལ་ཆེ་སྟེ༔ སྤྱིར་ལམ་དུ་གཏང་བ་ནི༔ རྩ་བ་རང་གི་རྣམ་རྟོག་ལམ་སྲང་བཅད་ལ༔ གདོན་དང་ཆོ་འཕྲུལ་ལྟར་སྣང་བ་འདི་རང་གི་བློ་འཁྲུལ་པའི་རང་ངོར་ཤར་པ་ཡིན་ཏེ༔ རང་ལས་གཞན་པའི་ལྷ་འདྲེ་ནི་གཏན་ནས་རང་མེད་དོ༔ དེ་ཡང་གདོན་དང་ཆོ་འཕྲུལ་ལྟར་སྣང་བའི་དུས་ཉིད་ན༔ བློ་འཁྲུལ་པའི་རང་ངོར་ཤར་པ་ཡིན་ཏེ༔ དེ་ཉིད་སྐྱེ་འགག་གནས་གསུམ་དང་བྲལ་ཞིང་མ་གྲུབ་པར་ཤེས་པའི་གནད་ཀྱིས༔ ཆོ་འཕྲུལ་ནམ་བྱུང་བའི་དུས་ན་འཕྲུལ་འཁོར་བཅས༔ ལྟ་སྟངས་བཞག་ནས་ངོ་བོ་ལ་བལྟས་པས་གསལ་སྟོང་དུ་འཆར་ཏེ༔ རྣམ་རྟོག་གསལ་སྟོང་དུ་ཤར་ཙམ་ན་ལམ་དུ་བསླངས་པ་ཡིན་ནོ༔ གཞན་ཡང་ལྷའི་ང་རྒྱལ་དང་ལྡན༔ ལྟ་བའི་གདེང་ཆེ༔ ཟབ་མོའི་གནད་ཤེས༔ སྙིང་སྟོབས་གདེང་དང་ལྡན་པར་བྱས་ཏེ༔ ཉམ་མམ་ཡ་ང་དང་བག་ཚ་འཁུ་འཁྲིག་རྦད་ཀྱིས་བཅད་ལ༔ བདུད་ཚོགས་འདྲེ་དམག་གང་བྱུང་ཡང་བ་སྤུའི་བུ་ག་གཅིག་ཀྱང་སྐྱོད་པར་མི་ནུས༔ བར་ཆད་བྱ་བ་འོང་རང་མི་འོང༔ ཚུགས་རང་མི་ཚུགས་བསམ་པའི་སེམས་དཔའ་བར་བྱའོ༔ འདྲེ་དང་བར་ཆད་ན་བ་ལ་སོགས་པ་བྱུང་ན་ནི་སྙམ་པའི་རྣམ་རྟོག་མང་བ་ནི་འདྲེ་ལ་སྣ་ལེན་བྱེད་པ་ཡིན་ནོ༔ དེས་ན་ལྷ་འདྲེ་ལྟར་སྣང་བ་ཐམས་ཅད་རང་གི་རྣམ་རྟོག་གི་རང་གཟུགས་ཤར་པ་ཡིན་གྱི༔ གཞན་དུ་གྲུབ་པ་སྤུ་ཙམ་ཡང་མེད་པས་རྣམ་རྟོག་གི་རྒྱུན་བཅད༔ ཕུང་པོ་ཚོགས་སུ་དབུལ༔ ལུས་གཟན་དུ་སྦྱིན༔ བདག་འཛིན་བློས་ལིང་གཏང༔ གནད་ནས་བཟུང་ལ་ལམ་དུ་གཏང་ངོ༔ བཞི་པ་རྐྱེན་སྣང་གློ་བུར་གྲིབ་ཀྱི་གེགས་བསལ་བ་ནི༔ དམ་ཉམས་གྲོགས་གནས་ཟས་ཀྱི་གྲིབ་བཞི་བསལ༔ ཞེས་པས༔ གྲིབ་བཞི་སྟེ༔ དམ་ཚིག་ཉམས་པའི༔ གྲོགས་ཀྱི༔ གནས་ཀྱི༔ ཟས་ཀྱི་གྲིབ་བོ༔ དང་པོ་ནི་དམ་ཚིག་ཉམས་པའམ༔ ཉེན་པའམ༔ སེལ་ཞུགས་པ་ལས་འབྱུང་ངོ༔ གཉིས་པ་གྲོགས་ཀྱི་གྲིབ་ནི༔ གྲོགས་དམ་ཉམས་པའམ༔ སྡོམ་པ་ཤོར་བའམ༔ མི་སྡིག་པོ་ཆེ་དང་གློ་བུར་དུ་འཕྲད་པའམ༔ ཁ་འདྲེས་པ་ལས་འབྱུང་ངོ༔ གཞན་ཡང༔ མཛེ་ཅན༔ མི་ཐོང༔ ཤན་པ༔ ཡུགས་ས༔ འདྲེ་ཅན་ལ་སོགས་པ་ལས་འོང་ངོ༔ གསུམ་པ་གནས་ཀྱི་གྲིབ་ནི༔ གནས་སྡིག་ཁང༔ འདྲེ་ཁང༔ འཁོན་ཁང༔ དམ་ཁང་ལ་སོགས་པར་བསྡད་པ་ལས་གྲིབ་འབྱུང་ངོ༔ བཞི་པ་ཟས་ཀྱི་གྲིབ་ནི༔ འཁོན་ཟས༔ དམེ་ཟས༔ སྡིག་ཟས་ལ་སོགས་པ་ལས་ཟས་ཀྱི་གྲིབ་འབྱུང་ངོ༔ བཞི་པོ་དེ་རྣམས་ཀྱིས་ལུས་ལ་ནད་འཇུག་ཏིང་ངེ་འཛིན་འགྲིབ༔ ཆོས་སྐྱོང་ལྡོག་གོ༔ དེ་དག་གི་རྨི་རྟགས་ནི༔ དམ་ཚིག་ཉམས་ན་ནམ་སྲོད་ལ༔ རྨི་ལམ་དུ།་་་ཐུར་དུ་ཕྱིན་པ་འོང་ངོ༔ གྲོགས་ལ་གྲོགས་ཀྱི་མི་གཙང་བ་རང་ལ་གོས་པ་འབྱུང༔ གནས་ལ་གནས་མི་གཙང་བར་འདུག་པ་འབྱུང་ངོ༔ ཟས་ལ་རང་གི་མི་གཙང་བ་དང་དྲི་མས་གོས་པའི་ཟས་ཟོས་པ་འབྱུང་ངོ༔ དེ་དག་བསལ་བ་ལ་རབ་འབྲིང་ཐ་གསུམ་ལས༔ རབ་དབང་བསྐུར་ཞུ་བས་གསོ༔ འབྲིང་ཡི་གེ་བརྒྱ་པས་བཤགས༔ ཐ་མ་ཁྲུས་ཆོག་བྱའོ༔ མདོར་ན་ཚོགས་གཏང༔ མཆོད་པ་དབུལ༔ གྲིབ་བཤགས་གྲིབ་སེལ་གྲིབ་མདོས་གྲིབ་སྐོང་ལ་སོགས་པ་མང་དུ་བྱའོ༔ གསུམ་པ༔ ལམ་དེའི་བོགས་འདོན་གནད་དུ་གཏང་བ་ནི༔ ཞེས་པས༔ ལམ་དེའི་བོགས་འདོན་གསུམ་གྱིས་ལམ་མཐར་འདོན་པ་སྟེ༔ བོགས་མི་འབྱུང་བའི་སྐྱོན་བསལ་བ༔ བོགས་འབྱུང་བའི་གཞི་བཅའ་བ༔ བོགས་ཇི་ལྟར་འདོན་པའི་ཐབས་སོ༔ དང་པོ་བོགས་མི་འབྱུང་བའི་སྐྱོན་བསལ་བ་ནི༔ སྐྱོན་གྱི་རྩ་བ་བདག་འཛིན་བློ་ཡིས་གཏང༔ ཞེས་པས༔ སྐྱོན་ཡོད་པ་ལ་ཡོན་ཏན་མི་འབྱུང་ལ༔ སྐྱོན་གྱི་རྩ་བ་བདག་དང་བདག་གིར་འཛིན་པའི་ཞེན་སྣང་འདི་དག་ཡིན་པས༔ བདག་འཛིན་གྱི་ལྟོས་ཐག་བཅད༔ དགྲ་གཉེན་གྱི་འཛིན་པ་སྤང༔ ལོ་ཀ་བློ་ཡིས་ལིང་གིས་གཏང་ལ༔ ཆོས་མིན་གྱི་བསམ་པ་མེད་པར་བྱ་སྟེ༔ ཀཱ་མ་ཤ་དམ་པའི་ཆོས་ཁོ་ན་ལ་བྱའོ༔ དེ་ལྟར་དེའི་སྐྱོན་མ་བསལ་ན་བོགས་ཐོན་པ་མེད་དེ་རྡོའི་ཐོག་ཏུ་མྱུ་གུ་མི་སྐྱེ་བ་བཞིན་ནོ༔ མདོར་ན་སྐྱོན་ཐམས་ཅད་ཀྱི་རྩ་བ་བདག་འཛིན་བློས་མ་གཏང་བ་དེ་ཡིན་ནོ༔ གཉིས་པ་བོགས་འབྱུང་བའི་གཞི་བཅའ་བ་ནི༔ ཡོན་ཏན་གཞི་མ་ཉམས་ལེན་དྲག་པོ་བྱ༔ ཞེས་པས༔ རང་གང་ལ་ཞུགས་པའི་ལམ་དེ་ཉིད་ལ་སྒོམ་བསྲན་བསྐྱེད་ལ་སྣ་ཁ་གཅིག་ནམ་ཟིན་ཟིན་ལ་འབད་དོ༔ གཅིག་ལ་སྒོམ་མ་ནུས་པར༔ མགོ་མང་པོ་བཟུང་སྟེ་རྒྱལ་པོའི་ཟས་ལྟར་སྣ་མང་པོ་སྤོས་ན་དོན་མི་འགྲུབ་པས༔ ལམ་འཇུག་ལྡོག་གི་གནད་མང་པོ་ཤེས་པར་བྱས་ཏེ༔ མྱོང་བ་གང་སྐྱེས་ལ་བློ་དྲིལ་ནས་འཇུག་ཅིང་ལམ་གཞན་ལས་ལྡོག་གོ༔ དེས་ན་ཡོན་ཏན་གྱི་སྣ་གཅིག་ནམ་ཟིན་བར་ལ་ཕུར་ཚུགས་གཅིག་ཏུ་འདྲིལ་དགོས་པ་ཡིན་ཏེ༔ ལམ་འོག་མ་ལ་མ་བརྟེན་ན་གོང་དུ་སྤོར་མི་ཐུབ་པའོ༔ དེ་ལྟར་བྱས་པས་སྣ་ཟིན་ཅིང་མྱོང་བ་སྐྱེས་ཏེ་ངོ་བོ་མཐོང་ནས་བོགས་འབྱུང་བ་ཡིན་ཏེ༔ ཞིང་ས་གཤིན་པོ་ལ་ས་བོན་གྲུང་པོ་ཐེབས་པ་བཞིན་ནོ༔ མདོར་ན་ཡོན་ཏན་ཐམས་ཅད་འབྱུང་བའི་གཞི་མ་ཉམས་ལེན་དྲག་པོ་ཡིན་པས་དེ་ལ་ནན་ཏན་བྱའོ༔ གསུམ་པ་བོགས་ཇི་ལྟར་འདོན་པའི་ཐབས་ལ་གཉིས་ཏེ༔ རང་ལམ་གང་ལ་གནས་པ་དེ་ལ་བོགས་འདོན་པ་དང༔ སྔར་མེད་གསར་དུ་སྐྱེས་པའི་ཉོན་མོངས་རྣམ་རྟོག་བོགས་སུ་འདོན་པའོ༔ དང་པོ་ནི༔ རང་གི་ལམ་ལ་བོགས་མེད་གཞན་གྱིས་འདོན༔ ཞེས་པས༔ རང་གི་ལམ་ཐབས་ཀྱི་ཆོས་ལ་གནས་ཤིང་དེ་ལ་བོགས་མེད་ན༔ དངོས་པོ་དང་མཚན་མར་ཞེན་ནས་ཐབས་རྐྱང་དུ་སོང་བའི་སྐྱོན་ཡིན་པས༔ གཞན་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པའི་ཤེས་རབ་ཀྱིས་བོགས་འདོན་ནོ༔ རང་ཤེས་རབ་ཀྱི་ཆོས་ལ་གནས་ཤིང་དེ་ལ་བོགས་མེད་ན༔ ཤེས་རབ་རྐྱང་དུ་སོང་ནས་སྟོང་པ་ཕྱོགས་གཅིག་པར་གོལ་བའི་སྐྱོན་ཡིན་པས༔ རྒྱུ་འབྲས་ཀྱི་གནད་བལྟེམས་ལ་ཐབས་ཀྱི་ཆོས་ཀྱིས་བོགས་འདོན་ནོ༔ དེ་བཞིན་དུ་རང་ཞི་གནས་ལ་གནས་ཤིང་བོགས་མ་བྱུང་ན༔ གནས་ལུགས་མ་གོ་བའི་སྐྱོན་ཡིན་པས༔ ཡིན་ལུགས་ངོ་སྤྲད་ལ་ལྷག་མཐོང་གིས་བོགས་འདོན༔ ལྷག་མཐོང་ལ་གནས་ཤིང་བོགས་མི་འདུག་ན༔ གནས་ཆ་ཡུན་ཐུང་བའི་སྐྱོན་ཡིན་པས༔ དྲན་པ་བརྟེན་ཅིང་ཞི་གནས་ཀྱིས་བོགས་འདོན་ནོ༔ དེ་བཞིན་མཉམ་རྗེས་ལ་སོགས་པ་ཐམས་ཅད་ལ་ཤེས་པར་བྱའོ༔ མདོར་ན་རྒྱུན་དུ་ཉམས་སུ་ལེན་པ་ནི་བོགས་ཐམས་ཅད་ཀྱི་གནད་དོ༔ གཉིས་པ་སྔར་མེད་གསར་དུ་སྐྱེས་པའི་ཉོན་མོངས་རྣམ་རྟོག་བོགས་སུ་འདོན་པ་ལ་གཉིས་ཏེ༔ ཉོན་མོངས་བོགས་སུ་འདོན་པ་དང༔ རྣམ་རྟོག་བོགས་སུ་འདོན་པའོ༔ དང་པོ་ནི༔ ཉོན་མོངས་གནད་ནས་བཟུང་ལ་ལམ་དུ་གཏང༔ ཞེས་པས༔ ཉོན་མོངས་མི་སྐྱེ་བ་ནི་མེད་ལ་རང་རྒྱུད་པ་ལམ་དུ་མི་འགྲོ་བས༔ སྐྱེས་པ་དེ་ཉིད་གནད་ནས་བཟུང་ལ་ལམ་དུ་བཏང་ནས་བོགས་འདོན་དགོས་སོ༔ དེ་ལ་གསུམ་སྟེ༔ མ་གཏང་བའི་སྐྱོན༔ བཏང་པའི་ཡོན་ཏན༔ ཇི་ལྟར་གཏོང་བའི་ཐབས་སོ༔ དེ་ཡང་འདོད་ཆགས་ལྟ་བུ་གཅིག་ལ་སྦྱར་ན༔ དང་པོ་མ་གཏང་བའི་སྐྱོན་ནི༔ མི་དང་མི་མ་ཡིན་པའི་འདོད་ཆགས་ཅན་གཞན་གྱི་དབང་དུ་བདག་འཆོར་རོ༔ འདོད་ཆགས་ཆེར་སྐྱེས་ཤིང་དེའི་ལས་གསོག༔ གྲང་ནད་འཇུག༔ མོ་གདོན་བལྟ༔ ཕྱི་མ་མངལ་གྱི་སྲིན་བུ་ལ་སོགས་པར་སྐྱེ་སྟེ་རྒྱུ་འབྲས་རྗེས་སུ་འགྲོ་ལྡོག་ངེས་པའོ༔ གཉིས་པ་བཏང་པའི་ཡོན་ཏན་འདོད་ཆགས་ཅན་གྱི་མི་དང་མི་མ་ཡིན་པ་ཐམས་ཅད་ཚུར་རང་གི་དབང་དུ་འདུ༔ བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ༔ གྲང་བའི་ནད་འབྱང༔ མོ་གདོན་ལས་གྲོལ༔ མོ་རིགས་སྲུང་མས་སྟོངས་གྲོགས་བྱེད༔ ཕྱི་མ་བདེ་བ་ཅན་དུ་སྐྱེའོ༔ གསུམ་པ་ཇི་ལྟར་ལམ་དུ་གཏོང་བའི་ཐབས་ནི༔ འདོད་ཆགས་དྲག་པོ་སྐྱེས་པའི་དུས་སུ༔ སྟན་དེའི་ཐོག་འཕྲུལ་འཁོར་དེའི་ཁོངས་སུ་ལམ་དུ་གཏང་དགོས་སོ༔ དེ་ལ་གསུམ༔ ཕག་སྣར་རྡོ་མི་རྡེག༔ ཀོང་བུ་དྲོ་བ་ལ་ཕྱི༔ དགྲ་ཟིན་མ་ཐག་ཏུ་གསད་པའོ༔ དང་པོ་ཕག་སྣར་རྡོ་མི་རྡེག་པ་ནི༔ ཉོན་མོངས་དེ་རྩལ་རྫོགས་སུ་འཇུག་པ་ཡིན༔ གཉིས་པ་ཀོང་བུ་དྲོ་ཕྱི་ནི༔ ལས་མ་གསག་པ་ལ་ལམ་དུ་གཏོང་བ་ཡིན༔ གསུམ་པ་དགྲ་ཟིན་མ་ཐག་ཏུ་གསད་པ་ལ་གོ་དོན་དང་གཏོང་ཐབས་དངོས་གཉིས༔ དང་པོ་གོ་དོན་ནི༔ སེམས་ཀྱི་ངོ་བོ་་་འདུས་མ་བྱས་ཀྱི།ཡེ་ཤེས་སུ་ཤར་བའི་དུས་ན་རྟེན་འབྲེལ་བསྒྲིག་པ་ཡིན་ནོ༔ ཡེ་ཤེས་ཀྱི་གཞི་ལ་དེ་མེད་ན་ལམ་དུ་མི་འགྲོ་བ་ཡིན་ནོ༔ མེ་ལོང་མ་དྭངས་ན་བྱད་མི་འཆར་བ་བཞིན་ནོ༔ དེས་ན་ཉོན་མོངས་པ་དེ་རྩལ་རྫོགས༔ ལས་མ་གསག༔ ངོ་བོ་ཡེ་ཤེས་སུ་ཤར་བའི་ངང་ལ་རྟོག་པ་གཞན་གྱིས་བར་མ་ཆོད་པ་ཞིག་གནད་ཆེའོ༔ ཆོད་ན་རྟོག་པ་དེའི་མཐུར་སྨིན་ནོ༔ དེའི་ཐོག་ནས་ལམ་དུ་བཏང་པས་གཟོད་ལམ་དུ་འགྲོ་བ་ཡིན་ཏེ༔ གསེར་འགྱུར་གྱི་རྩི་བཞིན་ནོ༔ གཉིས་པ་གཏོང་ཐབས་དངོས་ནི༔ འདོད་ཆགས་ཀྱི་ངོ་བོ་ལ་བལྟས་ཤིང་ངང་ལ་བཞག་པས༔ བདེ་སྟོང་གཉིས་མི་རྟོག་ཡེ་ཤེས་ཀྱི་ངོ་བོར་ལྷན་འཆར༔ དེའི་ངང་ནས་བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་ལམ་དུ་གཏོང་ངོ༔ དེ་ཡང་དང་པོ་སེམས་བསྐྱེད༔ བར་དུ་སྤྲོས་བྲལ་ལ་གཞག༔ ཐ་མ་བསྔོ་བའི་རྒྱས་གདབ་བོ༔ དེའི་བྱེད་ལས་ནི༔ སེམས་བསྐྱེད་པས་ཐེག་ཆེན་གྱི་ལམ་དུ་འགྲོ༔ སྤྲོས་བྲལ་ལ་བཞག་པས་རྟོགས་པ་སྐྱེ༔ བསྔོ་བ་བྱས་པས་དགེ་བ་འཕེལ་བ་ཡིན་ནོ༔ དེ་རེ་རེ་ལ་དང་པོ་སྐྱེས་ནས་ལམ་དུ་སོང་ཙམ་རེ་ཉམས་སུ་བླང་ངོ༔ སེམས་བསྐྱེད་ནས་བསྔོ་བའི་བར་ལ་རྟོག་པ་གཞན་གྱིས་བར་མ་ཆོད་པར་བྱའོ༔ ཆོད་ན་ལམ་དུ་མི་འགྲོ་འོ༔ དེ་བཞིན་དུ་ཞེ་སྡང༔ གཏི་མུག༔ ང་རྒྱལ༔ ཕྲག་དོག་བཞི་ཀ་ལ་ཤེས་པར་བྱའོ༔ ཐམས་ཅད་ཀྱི་གནད་ལ༔ གང་སྐྱེས་དེ་རྩལ་རྫོགས༔ ལས་མ་གསག༔ ཡེ་ཤེས་སུ་ཤར༔ ངང་མ་ཤོར༔ རྟོག་པ་གཞན་གྱིས་བར་མ་ཆོད་པ་ལ་མ་ཡེངས་པར།་་་ལམ་དུ་གཏོང་བ་ཡིན་ནོ༔ གཉིས་པ་རྣམ་རྟོག་བོགས་སུ་འདོན་པ་ནི༔ རྣམ་རྟོག་ལམ་དུ་བཏང་ལ་བོགས་སུ་འདོན༔ ཞེས་པས༔ དེ་ལ་གཉིས་ཏེ་བཟང་རྟོག་དང་ངན་རྟོག་གོ༔ དང་པོ་བཟང་པོའི་རྣམ་རྟོག་ནི༔ ཉམས་བཟང་བ་ཤེས་པ་འུར་བ་ལྷ་ལ་སོགས་པའི་མཐོང་སྣང་བྱུང་བ་ན༔ དེ་ལ་བཟང་པོར་བལྟས༔ ཡོན་ཏན་དུ་བཟུང༔ རོ་མྱངས་ན་ཉམས་དེ་ཁོ་ནས་ཡལ་འགྲོ༔ བཏང་སྙོམས་སུ་བཞག་ན་བོགས་མི་འབྱུང་བས༔ དེ་ལ་བཟང་རྟོག་མ་ཞུགས༔ ཡོན་ཏན་དུ་མ་ཞེན༔ རོ་མ་མྱངས༔ ཡེ་ཤེས་སུ་ཤར༔ ངང་མ་ཤོར༔ རྟོག་པ་གཞན་གྱིས་བར་མ་ཆོད་པར་ལམ་དུ་གཏོང་ངོ༔ གཏོང་ལུགས་གོང་དང་འདྲའོ༔ གཉིས་པ་ངན་རྟོག་ནི༔ ཉམས་མི་དགའ་བ་ཤེས་པ་འཚུབ་པ་འདྲེ་སྣང་ལ་སོགས་པ་བྱུང་ན༔ དེ་ལ་ངན་པར་བལྟས༔ སྐྱོན་དུ་བཟུང༔ རོ་མྱངས་ན་བར་ཆད་དུ་འགྲོ་བས་ལམ་དུ་གཏང་ངོ༔ དེ་ལ་ངན་རྟོག་མ་ཞུགས༔ སྐྱོན་དུ་མ་ཞེན༔ རོ་མ་མྱངས༔ ཡེ་ཤེས་སུ་ཤར༔ ངང་མ་ཤོར༔ རྟོག་པ་གཞན་གྱིས་བར་མ་ཆོད་པར་ལམ་དུ་གཏང་བར་བྱ་ལ༔ གཏོང་ལུགས་གོང་དང་འདྲ་བས་བོགས་སུ་འདོན་པར་བྱའོ༔ དེ་རྣམས་ལམ་གྱི་ཆ་རྐྱེན་ཡན་ལག་ཡིན༔ ཞེས་པས༔ རྣལ་འབྱོར་ལྔ་དང་གེགས་སེལ་བཞི་བོགས་འདོན་གསུམ་པོ།་་་དེ་དག་རྣམས་ནི་ལམ་གྱི་ཆ་རྐྱེན་ཡན་ལག་ཏུ་བསྟན་པ་ཡིན་ནོ༔ ༈ གཞུང་དོན་གསུམ་པ༔ ལམ་དེ་མཐར་ཕྱིན་མངོན་གྱུར་འབྲས་བུ་ནི༔ ཞེས་པས༔ ལམ་ཉམས་སུ་བླངས་ནས་མཐར་ཕྱིན་པའི་འབྲས་བུ་ལ་བཞི་སྟེ༔ འབྲས་ཆོས་ངོས་གཟུང་བ༔ འགྲོ་དོན་བྱེད་ཚུལ༔ དགོངས་པ་ལ་བཞུགས་ལུགས༔ གདུལ་བྱ་ཐུགས་རྗེས་གཟིགས་ཚུལ་ལ་གཞན་གྱིས་ལོག་རྟོག་ཟློག་པའོ༔ དང་པོ་འབྲས་ཆོས་ངོས་གཟུང་བ་ནི༔ སྐུ་ལྔ་གསུང་ལྔ་ཐུགས་ཡོན་ཕྲིན་ལས་ལྔ༔ ཞེས་པས༔ ལམ་སྒྲིབ་བྱེད་ཀྱི་དྲི་མ་དག་པའི་ཚེ་རང་བཞིན་ཡེ་ནས་སངས་རྒྱས་པའི་དོན་མངོན་དུ་བྱེད་པའོ༔ དེ་ལ་དོན༔ རྟགས༔ ངོ་བོ༔ སྣང་ཚུལ་བཞི་སྟེ༔ དོན་གཉིས་མེད་ཀྱི་ཡེ་ཤེས་ཐུགས་སུ་ཆུད་པ༔ རྟགས་དྲུག་པ་རྡོ་རྗེ་འཆང་དུ་སྣང་བ༔ ངོ་བོ་རང་རིག་པ་རང་བྱུང་གི་ཡེ་ཤེས་གཅིག་དང་དུ་མ་དང་བྲལ་ཞིང་མཐའ་གང་ལ་ཡང་མི་གནས་པ༔ སྣང་ཚུལ་འབྲས་བུའི་ཆོས་ཉེར་ལྔར་སྣང་སྟེ༔ གཞི་བརྟེན་པའི་སྐུ་ལྔ༔ གོ་བརྡ་སྤྲོད་པའི་གསུང་ལྔ༔ མཁྱེན་པའི་ཡེ་ཤེས་ཐུགས་རྗེ་ལྔ༔ དགོས་པ་འབྱུང་བའི་ཡོན་ཏན་ལྔ༔ གཞན་དོན་བྱེད་པའི་ཕྲིན་ལས་ལྔ་སྟེ༔ ལྔ་ལྔ་ཉི་ཤུ་རྩ་ལྔའོ༔ དང་པོ་སྐུ་ལྔ་ནི༔ སྐྱེ་མེད་མཐའ་བྲལ་རྣམ་དག་གི་ཡེ་ཤེས་སྐུ་བཞིའི་རྟེན་བྱེད་པ་ནི་ཆོས་སྐུ༔ ཆོས་ཐམས་ཅད་སྣང་ལ་འཛིན་མེད་དུ་སྤྱོད་ཅིང་ཡོན་ཏན་རྫོགས་པའི་སྐུ་ལ་བརྟེན་ནས་སྤྲུལ་པའི་སྐུའི་རྟེན་བྱེད་པ་ལོངས་སྐུ༔ ཆོས་སྐུ་ལས་མ་གཡོས་པར་གདུལ་བྱའི་བློ་དང་མཐུན་པར་སྤྲུལ་ནས༔ གང་ལ་གང་འཚམས་སུ་སྟོན་པའི་ཡེ་ཤེས་ཡོན་ཏན་གྱི་རྟེན་བྱེད་པ་ནི་སྤྲུལ་པའི་སྐུ༔ སྟོང་རིག་དབྱེར་མི་ཕྱེད་པའི་ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་རྟེན་བྱེད་པ་ནི་རྡོ་རྗེའི་སྐུ༔ ཆོས་ཐམས་ཅད་རང་རིག་པའི་ཡེ་ཤེས་ཡུལ་མེད་རང་རིག་གསལ་བ་ནི་མངོན་བྱང་གི་སྐུའོ༔ གཉིས་པ་གསུང་ལྔ་ནི༔ བརྗོད་བྲལ་རྣམ་དག་གི་ཡེ་ཤེས་བསམ་བརྗོད་ཀྱི་གཞིར་གྱུར་པ་ནི་དོན་གྱི་གསུང༔ སྐུ་མཐོང་བས་དོན་གྱི་བརྡ་འཕྲོད་པའི་ཡེ་ཤེས་ནི་དགོངས་པ་བརྡའི་གསུང༔ གདུལ་བྱའི་ངོར་ཚིག་རེ་རེས་དོན་རེ་གོ་བའི་ཐུགས་ཡེ་ཤེས་ལྔ་དང་ལྡན་པའི་བྱིན་རླབས་ཀྱིས་དོན་གསལ་བར་བྱེད་པ་ཚིག་གི་གསུང༔ གྲགས་སྟོང་གཉིས་མེད་ཀྱི་གོ་བརྡ་འཕྲོད་པའི་ཡེ་ཤེས་ནི་རྡོ་རྗེའི་གསུང༔ གསུང་དབྱངས་ཡན་ལག་དྲུག་ཅུས་རིགས་དྲུག་ལ་བརྡ་སྤྲོད་པ་སྒྲ་སྐད་ཐམས་ཅད་རང་རིག་པར་གསལ་བའི་ཡེ་ཤེས་ནི་མངོན་བྱང་གསུང་ངོ༔ གསུང་ལྔ་པོ་ལ་ཡང་ངོ་བོ་བརྡ་སྤྲོད་པ་གཅིག་ལ་བརྗོད་ཚུལ་རྟོགས་པ་ཐ་དད་དོ༔ གསུམ་པ་ཐུགས་ལྔ་ནི༔ ཆོས་ཉིད་སྟོང་པ་མི་རྟོག་པའི་ཡེ་ཤེས་བདེ་བ་ཆེན་པོའི་ཐུགས༔ ཆོས་ཐམས་ཅད་གསལ་བར་མི་རྟོག་པའི་ཡེ་ཤེས་ནི་རྣམ་པར་མི་རྟོག་པའི་ཐུགས༔ ཆོས་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ནི་མཉམ་པ་ཉིད་ཀྱི་ཐུགས༔ ཆོས་ཐམས་ཅད་སྣང་སྟོང་དབྱེར་མི་ཕྱེད་པའི་ཡེ་ཤེས་ནི་རྡོ་རྗེའི་ཐུགས༔ ཞེན་མེད་ཡེ་ཤེས་ཀྱི་ལས་བཞིས་འགྲོ་དོན་མཛད་པ་ནི་འགྲོ་བ་སྒྲོལ་བའི་ཐུགས་སོ༔ བཞི་པ་ཡོན་ཏན་ལྔ་ནི༔ ཞིང་ཁམས༔ གཞལ་ཡས༔ འོད་ཟེར༔ གདན་ཁྲི༔ རྒྱན་ཆའོ༔ དེ་ཡང་དང་པོ་ཆོས་སྐུའི་ཞིང་ཁམས་ནི༔ དབྱིངས་རང་བཞིན་གྱིས་རྣམ་པར་དག་པའོ༔ ལོངས་སྐུའི་རང་གསལ་འོད་ཀྱི་འཁོར་ལོའོ༔ སྤྲུལ་སྐུའི་སྟོང་གསུམ་མི་མཇེད༔ རྡོ་རྗེ་དང་མངོན་བྱང་ལ་མ་བཤད༔ གཉིས་པ་གཞལ་ཡས་ནི༔ ཆོས་སྐུའི་འོག་མིན་ཆོས་ཀྱི་དབྱིངས༔ ལོངས་སྐུའི་རང་སྣང་ཡེ་ཤེས༔ སྤྲུལ་སྐུའི་རང་སྣང་དཀྱིལ་འཁོར༔ རྡོ་རྗེ་དང་མངོན་བྱང་ལ་མ་བཤད༔ གསུམ་པ་འོད་ཟེར་ནི༔ ཆོས་སྐུ་ལ་ཡེ་ཤེས་ལྔའི་འོད་ཟེར༔ ལོངས་སྐུ་ལ་ཡེ་ཤེས་ཀྱི་རང་མདངས་འོད་ལྔ་རུ་འབར་བ༔ སྤྲུལ་སྐུ་ལ་སྐུའི་གནས་རེ་རེ་ནས་ཀྱང་འོད་ཟེར་བྱེ་བ་བརྒྱ་སྟོང་ཕྲག་དྲུག་ཅུ་ཡོད་པར་གསུངས༔ བཞི་པ་གདན་ཁྲི་ནི༔ ཆོས་སྐུ་ལ་ལྟ་བ་ཁ་སྦྱོར༔ ལོངས་སྐུ་ཤེས་རབ་ཁ་སྦྱོར༔ སྤྲུལ་སྐུ་ཐུགས་རྗེ་ཁ་སྦྱོར་གྱི་གདན་ཁྲིའོ༔ ལྔ་པ་རྒྱན་ཆ་ནི༔ ཆོས་སྐུ་ལ་སྐྱེ་མེད་རྣམ་དག་གི་རྒྱན༔ ལོངས་སྐུ་ལ་འགགས་མེད་རང་གསལ་གྱི་རྒྱན་ཏེ༔ ཐུན་མོང་མ་ཡིན་པའི་མཚན་དཔེ་དང༔ རྟགས་ཀྱི་རྒྱན་བཅུ་སྟེ༔ དབུ་རྒྱན༔ སྙན་རྒྱན༔ མགུལ་རྒྱན༔ དོ་ཤལ༔ དཔུང་རྒྱན༔ ཕྱག་གདུབ་གཉིས༔ ཞབས་གདུབ་གཉིས༔ སེ་མོ་དོ་དང་བཅུའོ༔ སྤྲུལ་སྐུའི་རྒྱན་ཐུན་མོང་གི་མཚན་དང་དཔེ་བྱད་དོ༔ རྡོ་རྗེ་དང་མངོན་བྱང་ལ་མ་གསུངས་སོ༔ ལྔ་པ་ཕྲིན་ལས་ལྔ་ནི༔ ཞི་རྒྱས་དབང་དྲག་མངོན་སྤྱོད་དེ༔ ལས་དང་ཉོན་མོངས་དགྲ་བགེགས་ཐམས་ཅད་མེད་པ་ནི་ཞི་བའི་ལས༔ ཚེ་དང་བསོད་ནམས་རང་རིག་པའི་ཡེ་ཤེས་རྒྱས་པར་སྟོན་པ་ནི་རྒྱས་པ༔ སེམས་དང་རིག་པ་འཁོར་འདས་ཐམས་ཅད་དབང་དུ་འདུས་པ་ནི་དབང༔ མི་མཐུན་པའི་དབྱིངས་ཐམས་ཅད་ཚར་གཅོད་པ་ནི་དྲག་པོ༔ གནས་ལུགས་མངོན་དུ་གྱུར་པ་ནི་མངོན་སྤྱོད་ཀྱིའོ༔ གཉིས་པ་འགྲོ་དོན་བྱེད་ཚུལ་ནི༔ རྟེན་ཅན་རྟེན་མེད་ངོ་བོ་ཉིད་དོན་བྱེད༔ ཅེས་པས༔ རྟེན་ཅན་གྱིས་དོན་བྱེད་པ༔ རྟེན་མེད་ཀྱིས་དོན་བྱེད་པ༔ ངོ་བོ་ཉིད་ཀྱིས་དོན་བྱེད་པ་གསུམ་ལས༔ དང་པོ་རྟེན་ཅན་གྱིས་དོན་བྱེད་པ་ནི༔ གཞི་ཆོས་སྐུ་གཉིས་སུ་མེད་པའི་ཡེ་ཤེས་ལ་བརྟེན་ནས་གདུལ་བྱ་དག་པ་ལ་ལོངས་སྐུ༔ མ་དག་པ་ལ་སྤྲུལ་སྐུ་མཛད་དེ་ཡེ་ཤེས་ཡོད་པའི་ལུགས་སོ༔ གཉིས་པ་རྟེན་མེད་ཀྱིས་མཛད་པ་ནི༔ སངས་རྒྱས་ལ་རང་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་མེད་མོད་ཀྱང་གདུལ་བྱའི་བློ་སྣང་དུ་གཟུགས་སྐུ་གཉིས་སུ་སྣང་ནས་དོན་མཛད་པ་སྟེ་ཡེ་ཤེས་མེད་པའི་ལུགས་སོ༔ གསུམ་པ་ངོ་བོ་ཉིད་ཀྱིས་མཛད་པ་ནི༔ ཆོས་ཐམས་ཅད་ཀྱི་ཆོས་ཉིད་གཤིས་ཀྱི་ངོ་བོ་ཅིར་ཡང་མ་ཡིན་པ་ཉིད་ལས༔ རྩལ་ཅིར་ཡང་མ་འགགས་པ་ཤར་ནས་མཛད་པ་སྟེ་གཉིས་མེད་ཀྱི་ལུགས་སོ༔ དེ་ཡང་དོན་མཛད་པ་པོ་སྐུ་ལྔ་ལྷུན་གྲུབ་དྲུག་པ་རྡོ་རྗེ་འཆང་ངོ༔ སྐུ་ལྔ་ཡོན་ཏན་གྱི་ལྡོག་ཆ་ནས་ཕྱེ་ཡི་དངོས་པོ་ཐ་དད་ལྟར་བདེན་པ་ནི་མ་ཡིན་ནོ༔ དེ་ཡང་རྡོ་རྗེ་དང་མངོན་བྱང་གཉིས་ནི་སྐུ་གསུམ་གྱི་ཆ་ལས་བཏགས་པས་སྐུ་བརྟགས་པ་བ་ཡིན་ལ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ནི་མཚན་ཉིད་པའོ༔ དེ་ལའང་ཆོས་སྐུ་ནི་བདག་དོན་དགོངས་པའི་ཆ་ཡིན་པས་འགྲོ་དོན་མི་མཛད་ལ༔ གཟུགས་སྐུ་གཉིས་ནི་གཞན་དོན་མཛད་པའི་ཆའོ༔ དེ་ལ་གཉིས་ཏེ༔ གདུལ་བྱ་དག་པ་ས་བཅུའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལ་ལོངས་སྐུས་དོན་མཛད༔ མ་དག་པ་རིགས་དྲུག་ལ་སྤྲུལ་སྐུས་དོན་མཛད་དོ༔ དེ་ལ་བཞི༔ སྐུའི་དོན་མཛད་པ་ནི་མཛད་པ་བཅུ་གཉིས༔ གསུང་གི་མཛད་པ་ལ་བཞི་སྟེ༔ དབྱེ་བ་ལ་དགོངས་ཏེ་མཛད་པ་གསུང་རབ་ཡན་ལག་བཅུ་གཉིས༔ བསྡུ་བ་ལ་དགོངས་ཏེ་མཛད་པ་སྡེ་སྣོད་གསུམ༔ གཉེན་པོ་ལ་དགོངས་ཏེ་མཛད་པ་སྤོང་སྦྱོང་ལམ་དུ་བྱེད་པ་གསུམ༔ རྒྱུ་འབྲས་ལ་དགོངས་ཏེ་མཛད་པ་སྔགས་མཚན་ཉིད་གཉིས་སོ༔ ཐུགས་ཀྱི་མཛད་པ་མངོན་པར་ཤེས་པ་དྲུག༔ བསམ་གྱིས་མི་ཁྱབ་པའི་མཛད་པ་ནི་བསམ་གྱིས་མི་ཁྱབ་པ་བཞིའོ༔ གསུམ་པ་དགོངས་པ་ལ་བཞུགས་ཚུལ་ནི༔ གཅིག་དང་ཐ་དད་གཉིས་སུ་མེད་པར་བཞུགས༔ ཞེས་པས༔ གཞི་བདེན་པ་དབྱེར་མེད་མཐའ་གང་ལ་ཡང་མི་གནས་ཤིང་གཅིག་དང་ཐ་དད་ལས་གྲོལ་བར་གནས་པའི་དོན་མངོན་དུ་བྱས་པ་མཐར་ཐུག་གི་འབྲས་བུ༔ སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མཁྱེན་པ་གཉིས་ལྡན་གྱི་ཡེ་ཤེས་མཐའ་གང་ལ་ཡང་མི་གནས་ལ༔ གཅིག་དང་དུ་མ་དང་བྲལ་ཞིང༔ གཅིག་དང་ཐ་དད་ལས་གྲོལ་བར་བཞུགས་སོ༔ དེ་ཡང་ཀུན་ཏུ་བཟང་པོའི་ཡོན་ཏན་གྱི་ཁྱད་པར་ལས་འབྲས་ཆོས་ཉེར་ལྔར་སྣང་བས་གཅིག་དང་བྲལ་ལ༔ འབྲས་ཆོས་ཉེར་ལྔ་ཡང་ཀུན་ཏུ་བཟང་པོའི་ཐུགས་རང་བྱུང་ཡེ་ཤེས་གཅིག་ཏུ་འདུས་པས་དུ་མ་དང་བྲལ་བའོ༔ ཡང་གདུལ་བྱའི་ངོ་བོ་ལ་དུས་གསུམ་སངས་རྒྱས་ལྟར་སྣང་བས་གཅིག་དང་བྲལ་ལོ༔ དེ་དག་བདེན་པ་རང་རྒྱུད་དུ་མི་གནས་ཏེ་སྟོང་པ་བདག་མེད་དུ་གཅིག་པས་དུ་མ་དང་བྲལ་ལོ༔ དགོངས་པ་གཅིག་ཏུ་བདེན་ན་རྟོག་ཚོགས་གནས་འགྱུར་རྫུན་དུ་འགྱུར༔ ཐ་དད་དུ་བདེན་ན་སངས་རྒྱས་གཅིག་ལ་སྤྲུལ་པ་དུ་མ་མི་འཆར་བར་འགྱུར༔ དེས་ནས་གཅིག་དང་ཐ་དད་ལས་གྲོལ་བ་གཉིས་སུ་མེད་པར་བཞུགས་སོ༔ བཞི་པ་གདུལ་བྱ་ཐུགས་རྗེས་གཟིགས་ཚུལ་ལ་གཞན་གྱི་ལོག་རྟོག་ཟློག་པ་ནི༔ གཟིགས་ཚུལ་གྲུབ་དང་མ་གྲུབ་བདེན་རྫུན་བརྟག༔ ཅེས་པས༔ གཟིགས་ཚུལ༔ ཞེས་པ་ནི་རང་གི་ཚུལ་ཏེ༔ གང་གཟིགས་ན་གདུལ་བྱ་སེམས་ཅན་གྱི་ཁམས་འདི་གཟིགས༔ གང་གིས་གཟིགས་ན་སྟོན་པ་སངས་རྒྱས་ཀྱི་ཐུགས་རྗེས༔ ཚུལ་ཇི་ལྟར་གཟིགས་པ་ལ་གསུམ་སྟེ༔ ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་མ་སྐྱེས་པར་གཟིགས༔ ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་མ་འགགས་པར་གཟིགས༔ གཉིས་མེད་མཁྱེན་པའི་ཡེ་ཤེས་ཀྱིས་སྐྱེ་འགག་གཉིས་སུ་མེད་པར་གཟིགས་སོ༔ གྲུབ་དང་མ་གྲུབ་བདེན་རྫུན་བརྟག༔ ཅེས་པ་ནི་གཞན་གྱི་ལོག་རྟོག་ཟློག་པ་སྟེ༔ འོ་ན་གཟིགས་པར་བྱ་བའི་ཡུལ་སེམས་ཅན་གྱི་ཁམས་འདི་དག་སངས་རྒྱས་ཀྱི་ངོས་ནས་གྲུབ་བམ་མ་གྲུབ༔ དང་པོ་ལྟར་ན་འཁྲུལ་སྣང་འདི་དག་བདེན་དངོས་སུ་འགྱུར་ཏེ༔ ཡང་དག་གི་ཤེས་ངོར་གྲུབ་པའི་ཕྱིར༔ འདོད་ན༔ བརྫུན་པས་བསལ༔ གཉིས་པ་ལྟར་ན༔ སངས་རྒྱས་ལོག་ཤེས་ཅན་དུ་འགྱུར་ཏེ༔ མེད་པ་ལ་ཡོད་པར་གཟིགས་པའི་ཕྱིར༔ ཟླ་བ་གཉིས་འཛིན་གྱི་མིག་ཤེས་བཞིན་ནོ༔ ཞེས་པས་ན༔ དངོས་པོ་རང་རྒྱུད་པར་བདེན་པར་ཐལ་བ་ནི་ཁྱབ་པ་མ་གྲུབ༔ བདེན་པ་དབྱེར་མེད་མཐའ་བྲལ་དུ་ཐལ་བ་ནི་འདོད་པ་ཡིན་ནོ༔ ༈ རྩ་བའི།་་་གསུམ་པ་མཇུག་གི་དོན་ལ་གཉིས་ཏེ༔ དང་པོ་ཆོས་ཀྱི་ཆེ་བ་བསྟན་པ་ནི༔ ཚེ་འདིར་སངས་རྒྱས་ཐོབ་བྱེད་ཉེ་བའི་ལམ༔ རང་མཚན་མངོན་དུ་སྟོན་པ་ངེས་པའི་ཆོས༔ ཐབས་དང་ཤེས་རབ་གཉིས་ལྡན་ཤིང་རྟའི་སྲོལ༔ ཕམ་བྱེད་རྒྱལ་གྱུར་བླ་མེད་ཐེག་མཆོག་གོ༔ གཉིས་པ་དགེ་བ་ཐམས་ཅད་མཁྱེན་པར་བསྔོ་ཞིང་མཚན་དང་མཛད་བྱང་ཡོངས་སུ་རྫོགས་ཚུལ་དང་བཅས་བསྟན་པ་ནི༔ འདི་སྦྱར་དགེ་བ་དྲི་མེད་རྣམ་དག་གིས༔ ལུས་ཅན་ཐམས་ཅད་སྨིན་གྲོལ་ལམ་ཞུགས་ཏེ༔ རང་ཆས་ཤེས་རྟོག་སྒྲིབ་ཟད་ཉེས་དག་ནས༔ ཡང་དག་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག༔ གསང་སྔགས་ལམ་གྱི་རིམ་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ་ཞེས་བྱ་བ༔ ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝས་མཛད་པ་རྫོགས་སོ༔ གསང་སྔགས་བླ་མེད་ཐེག་པའི་མཆོག༔ ཡང་དག་ངེས་པ་དོན་གྱི་ཆོས༔ ཚེ་གཅིག་སངས་རྒྱས་ཉེ་བའི་ལམ༔ ཨེ་མ་ཡིད་བཞིན་ནོར་བུ་འོ༔ འདི་དགེས་ལུས་ཅན་འགྲོ་བ་ཀུན༔ རྡོ་རྗེ་ཐེག་པའི་སྒོར་ཞུགས་ཏེ༔ རང་ཆས་རང་ངོ་ཤེས་གྱུར་ནས༔ རྫོགས་པའི་སངས་རྒྱས་ཐོབ་པར་ཤོག༔ འགྲེལ་པ་རིན་ཆེན་ཕྲེང་བ་ཞེས་བྱ་བ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མངྒ་ལཾ།། །།
མཁས་པ་ཟངས་གླིང་དབང་ཕྱུག་གིས་མཛད་པའི་གཏད་ཟློག་ཟབ་མོའི་ཕྱག་ལེན་ཟབ་གནད་དུ་བཀོད་པ་ (Volume 54, Text 2)
༄༅། །མཁས་པ་ཟངས་གླིང་དབང་ཕྱུག་གིས་མཛད་པའི་གཏད་ཟློག་ཟབ་མོའི་ཕྱག་ལེན་ཟབ་གནད་དུ་བཀོད་པ་བཞུགས་སོ། ། འཇིག་རྟེན་དྲག་པོའི་མགོན་ལ་ཕྱག་འཚལ་ལོ། །མ་འོངས་དུས་ཀྱི་སྙིགས་མ་ལ། །དྲག་སྔགས་སྦྱོར་བ་རྦོད་གཏོང་གིས། །སྐམ་གཏད་རློན་གཏད་གང་ཡང་རུང་། །བཤིག་པའི་འཁོར་ལོ་འདི་ཡིན་ནོ། །ཐེབས་ལྡོག་རྩིས་ལ་ཐེབས་དུས་སུ། །སྐམ་རློན་གཉིས་ཆར་བཅུག་པར་བྱ། ཁོ་ཡིས་སྐམ་རློན་གང་བཅུག་པའི། །སྡེ་བརྒྱད་རྣམས་དང་དམ་ཚིག་གཅིག །དེ་ཕྱིར་དེ་རྣམས་བཤིག་ཅིང་ཧྲུལ། །ལོ་རེར་གསུམ་གསུམ་བསྐྱར་ལ་འཇུག །དགུན་དུས་སྐམ་དང་དབྱར་དུས་རློན། །དེ་ལྟར་དམ་ཚིག་གཅིག་ཟློག་ཡིན། །དགོས་གནད་་་སྐམ་རློན་གཉིས་ཀ།བཤིག་ཅིང་བར་དུ་ཞལ་ཤེས་ལྟར་ལིངྒ་འཇུག་པ།་་་གནད་འབེབ་མཚོན། །ངན་གཏད་སེམས་འཆང་འདུན་གྲོས་མཁན། །རང་སྲོག་བཅད་དེ་བཙུན་པར་རིག །ས་མ་ཡ། དེ་ཡི་ལག་ལེན་བཅའ་ཐབས་ལ། གླང་གཡག་འོག་ཅན་རྭ་གཡས་པ། །མི་རྟ་ཁྱི་གསུམ་རྡུང་མྱོང་རབ། །འབྲིང་པོ་དེ་གཉིས་རྭ་གང་རྙེད། །ཐ་མ་གང་བྱུང་རྭ་རྩེ་ཚང་། །གས་ཆག་མེད་པའི་རྭ་ནང་དུ། །བུལ་ཡོད་ས་དྲོད་ལུད་ཀྱིས་སྦས། །བར་རུལ་བུལ་མངོན་སྐམ་ནང་དུ། །ཞི་ཟློག་ཀླུ་སྨན་་་རྭ་ནང་དུ།འཛོམ་པར་བླུགས། །དྲག་ཟློག་ཁྲག་སྣ་དུག་སྣ་བླུགས། །དར་ཚོན་སྣ་ལྔ་འབྲུ་སྣ་དང་། །དུག་རིགས་མེད་པའི་སྨན་རྣམས་དང་། །དཀར་གསུམ་མངར་གསུམ་ཅི་འཛོམ་གྱིས། །རྭ་ནང་སུམ་ཆ་བཀང་ལ་བཞག །དེ་ནས་འཁོར་ལོ་ཁ་སྦྱར་བལྟབ། །ཚོན་སྐུད་ཀྱིས་བཅིངས་རེ་བས་བཏུམས། །དེ་ཕྱིར་ཚོན་སྐུད་སྣ་ལྔས་དཀྲིས། །ལ་ཆ་སྤྲ་ཚིལ་རྒྱ་ཡིས་བཏབ། །སྦྱོང་བ་བྱ་ཞིང་འབྱུང་སྔགས་བཟླ། །དེ་ཉིད་རྭ་ནང་བཅུག་བྱས་ལ། །སླར་ཡང་གོང་གི་རྫས་ཀྱིས་བཀང་། །སྤྲ་ཚིལ་ལ་ཆས་བསྡམས་བྱས་ནས། །ཆུ་ཡིས་མི་འཇིག་ལག་ཚགས་གནད། །རེ་ནག་སྒྲིལ་ཞིང་སྐུད་པས་བསྡམ། །ཡང་ན་ཁྱི་ཐོད་གས་ཆག་མེད། །ཀླད་ཁུང་ནང་བཅའ་ལག་ལེན་རྣམས། །གོང་བཞིན་བྱེད་པ་མཐོང་བས་ཤེས། །ས་མ་ཡ། དྲག་ཟློག་བྱེད་ན་དུག་སྣ་དང་། ཁྲག་སྣ་རྙེད་ཚད་རོ་སོལ་དང་། །དུར་ཁྲོད་བསྲེགས་ཐལ་མི་རྟ་ཁྱི། །རུས་ཕྱེ་རྦབ་རྡོའི་ཕྱེ་མས་བཀང་།་་་རྭའི་ནང་། ཡུགས་སྐྲས་བཅིངས་ཤིང་ཞབས་མས་བཏུམས། །ལག་ལེན་བཅའ་ཐབས་གོང་ལྟར་རོ། །ཞི་བར་སྤང་ཀོང་ཀླུ་གཏོར་གཏང་། །ཆུ་གཏོར་ཞི་བའི་ལས་གཞུང་བསྲང་། །དྲག་པོར་གསེར་སྐྱེམས་གཟུ་དཔང་དང་། །བདེན་བཀུག་བསྐུལ་དང་དྲག་གཏད་བྱ། །སྨན་རག་དམར་སྦྲེང་ཟོར་དུ་འཕང་། །སྔགས་པ་ནང་འགྲས་བྱུང་བའི་ཚེ། །མཁས་གྲུབ་ཟངས་གླིང་དབང་ཕྱུག་གིས། །ཌཱ་ཀི་མ་ཡི་བཀའ་དང་བསྟུན། །མི་མཐུན་ཕྱོགས་རྣམས་ཟློག་པའི་ཕྱིར། །བཤིག་འཁོར་མན་ངག་འདི་བྱས་པས། །བྱད་སྟེམས་མཁན་ཀུན་ཁ་རེ་སྐྱེངས། །ས་མ་ཡ། ཟབ།ྀཨཚ། ༄༅། །ངན་གཏད་བཤིག་འཁོར་འབྲི་བའི་ཐབས། །གྲོ་ཤོག་སྐམ་འཐས་གཞི་མ་ལ། །ཞི་དྲག་གང་བྱེད་སྐྱོབ་གཏོང་ལ། །ཕོ་འཁོར་མོ་འཁོར་སོ་སོར་བྲི། །རང་གཞན་ཁ་རླངས་དྲི་མེད་གཙང་། །ཕོ་འཁོར་མུ་ཁྱུད་རྩིབས་བརྒྱད་བཅའ། །ལྟེ་བ་ལ། ཕུ་ཕུ། སྤུ་ཏ་སྤུ་ཏ་བདག་ཆེ་གེ་མོ་ལ་ཕ་རོལ་གྱིས་རྦད་འདྲེ་རྦོད་གཏོང་མནན་གཏད་བྱས་པ་ཐམས་ཅད་ཁོ་རང་ལ་ཟློག །རྩིབས་བརྒྱད་ལ། ཕུ་ཕུ་གཉིས་རེ་བྲི། རྩིབས་མཆན་ལ། རྩིབས་རྩེར་བསྐྱོན་པའི་ཚུལ་དུ་ཕ་རོལ་ངན་སྔགས་ཆེ་གེས་བྱས་པའི་རྦོད་གཏོང་མནན་གཏད་ནུས་པ་ཅི་ཡོད། སྤུ་ཏ་སྤུ་ཏ་མནན་འདྲེ་མ་ཧཱ་ཀྲོ་དྷ་ཡ་ཧཱུྃ་སི་ཏི་སི་ཏི་ཡ་ཧཱུྃ། ཞེས་བྲི། མཐའི་མུ་ཁྱུད་ལ། ཕུ་མ་ནི་སི་ནི་ཨ་ལོ་གནྡྷེ་ཧོཿ སི་ནི་ས་ཁའི་ག་ཁའི་ནཱ་ག་ལེ་ནཱ་ག་ལེ་ཨ་གེ་ཨ་གེ་ནཱ་ག་རཱ་ཙ་ནཱ་ག་རཱ་ཙ་ཙི་ཙི་ཛི་ཙི་འདུ་ཤེ་འདུ་ཤེ་འདུ་ས་ཡ་འདུ་ས་ཡ་ནཱ་ག་རཱ་ཙ་ཕ་རོལ་ཆེ་གེ་མོས་རྦད་འདྲེ་རྦོད་གཏོད་མནན་གཏད་བསམ་སྦྱོར་ངན་པ་བྱས་པ་ཐམས་ཅད་ཁོ་རང་ལ་ཟློག་ཟློག་རུལ་རུལ། ཅེས་ཡིག་མགོ་ཕྱིར་བསྟན་ཚག་སྤང་བྲིས་བསུབ་མེད་པ་བྲི། དེའི་ཕྱི་ལ་རུ་སྦལ་སྐྱེ་མཆེད་དོད་པ་དང་མཆོད་རྟེན་བཅུ་ཕྱོགས་བཅུར་བཀོད་ཚུལ་གྱིས་བྲི། མོ་འཁོར་པདྨ་འདབ་བརྒྱད་ལ། ལྟེ་བ་ལ། ཕུ་ཕུ་སྤུ་ཏ་སྤུ་ཏ་བདག་ཆེ་གེ་མོ་ལ་ཕ་རོལ་གྱིས་རྦད་འདྲེ་རྦོད་གཏོང་མནན་གཏད་བྱས་པ་ཐམས་ཅད་ཁོ་རང་ལ་ཟློག །འདབ་བརྒྱད་རེ་རེ་ལ། ཕུ་ཕུ་སི་ཏི་སི་ཏི་ཕུ་ཕུ་ཕཊ་ཕུ་ཕུ་ཟློག་ཟློག །ཕུ་ཕུ་སི་ཏི་སི་ཏི་ཕུ་ཕུ་སྤོ་ཏ་སྤོ་ཏ་ཕུ་ཕུ་ཧཱུྃ་ཕུ་ཕུ་སྤོ་ཏ་ཡ་ཕུ་ཕུ་བྷི་ཏི། མུ་ཁྱུད་སྔགས་ཕོ་འཁོར་དང་མཚུངས། མོ་འཁོར་སྔགས་རྣམས་མགོ་ནང་བསྟན་དང་གཡོན་སྐོར་དུ་བྲི། ལྷག་ཆད་བྲིས་བསུབ་ཚག་སྤང་། འཁོར་ལོ་གཉིས་ཐིག་གཅིག་ལ་དྲངས་ནས་འདོད་གསོལ་མང་ཉུང་མེད་པ་རུ་སྦལ་ཕོ་དང་གཟུགས་སྟོབས་ཆེ་ཆུང་མེད་པར་བྲིས་མཐར་པདྨ་འདབ་མ་བཅུ་བྲིས་པ་ཕོ་འཁོར་གྱི་མཆོད་རྟེན་རེ་དང་ཁ་སྦྱོར་ཡོང་བ་བྱེད། ཞི་དྲག་སྐབས་བསྟུན་རྫས་རྣམས་བྱུག །ཕོ་སྔགས་་་དྲག་ཟློག་བྱེད་ན།དམོད་པ་སྦྱར་བ་་་བཟླས།གཉིས། །སྐམ་ཐུན་བྲབ་ཅིང་ཟློག་པ་བྱེད། །མཚན་མོ་སྔགས་དང་་་བཟླ་ཞིང་།དམོད་པ་སྦྲེལ། །རློན་ཐུན་རྡེག་ཅིང་གཤེད་དུ་དབབ། །ཞག་རྫོང་བྲིས་བལྟབ་བརླ་ནང་གཞུག །ལག་ལེན་གོང་བཞིན་བྱས་ལ་གཏད། །ས་མ་ཡ། རྒྱ་རྒྱ་རྒྱ། །ྀཨཚ། ༈ སྦྱོང་ཁྲུས་དག་བྱེད་ནི། དང་པོ་རང་འཐག་ལིངྒ་གཉིས་བར་རོ། །གདོང་གཅིག་སྐྲ་ཡིས་འཁོར་ལོ་དཀྲིས། །ཀུ་ཀུ་རཱ་ཙའི་ཐོད་པར་བཅུག །ཁོ་ཡི་མིང་ལ་དུག་ཁྲག་བྱུག །ཟེར་ཡང་དཀར་གསུམ་མངར་གསུམ་བྱུག །དྲག་པོའི་མན་ངག་ྀཨཚ། ༈ གཏད་རུལ་འཛུད་པའི་ལག་ལེན་བཞུགས་སོ། །དཔལ་དྲེགས་པའི་བདག་པོ་ལ་ཕྱག་འཚལ་ལོ། །གཏད་རུལ་གྱི་ཞལ་ཤེས་ནི། དང་པོ་འཁོར་ལོ་ལེགས་པར་བྲིས་ལ་མགོ་ནས་དྲིལ་བལྟབ་ཅིང་ཆུང་ངུ་བྱས་ལ་ཚོན་སྐུད་སྔོ་དམར་གྱིས་རིམ་པ་གསུམ་དུ་དཀྲིས་ལ་བཅད། དེ་ནས་རྒྱབ་ཏུ་གསུམ་དཀྲིས་ལ་བཅད། དེ་ཡུགས་ས་མོའི་དོར་རྟས་དྲིལ། དེ་ཚོན་སྐུད་ཀྱིས་གོང་ལྟར་དཀྲིས། དེ་ལ་ཆས་ལེགས་པར་དྲིལ། དེ་རང་གི་བརླ་གཡས་ལ་ལན་གསུམ་བསྐོར་བ་ཕྱིར་བྱས། དེ་ནས་རྐང་པ་གཡས་ལ་ཕྱི་སྐོར་ལན་གསུམ་བྱས། དེ་ནས་རང་འཐག་གི་ལྟེ་ཁུང་དུ་ལན་གསུམ་དྲང་། དེ་ནས་གླང་རུར་བཅུག་ལ་ཁ་གཡམ་པས་བཅད་དེ་རེ་བས་ལེགས་པར་ཕུར་ལ་དྲིལ་ཏེ་དྲེས་ཐིག་གིས་དམ་པར་བཅིངས། རང་ལ་གནོད་དོགས་ཡོད་པའི་མཚོ་ལ་ཅི་མང་བསྐྱུར། སྐམ་ལ་ཡང་ཁྱི་མགོ་གས་ཆག་མེད་པའི་ནང་དུ་གོང་ལྟར་བྱས་ལ། ལ་བཙས་སམ་མཆོད་རྟེན་རྣམ་རྟོག་ཡོད་པའི་སར་བཅུག །འཁོར་ལོའི་ལྟེ་བའི་མིང་རུས་ལ་གླ་རྩིས་བྱུགས། འཁོར་ལོ་བྲི་བ། བཅའ་གཞི་བྱེད་པ། མཚོ་ལ་བསྐྱུར་བ་སོགས་ལ་ཡང་རླུང་སྣ་གཡས་ནས་རྒྱུ་བ་ཞིག་ངེས་པར་དགོས། འཁོར་ལོ་བྲི་བ་དང་མཚོ་ལ་བསྐྱུར་བ་གཉིས་ལྟོ་སྟོང་ལ་བྱ། ལན་ཅི་མང་བཟང་ངོ་། །རྒྱུ་ཆུང་ལ་ཕན་ཡོན་ཆེ་བ་ཡིན་ནོ་གསུང་ངོ་། །འཁོར་ལོ་འདི་འཇུག་དུས་གསེར་སྐྱེམས་བཏང་། །འདོད་གསོལ་འདི་ལྟར་བྱ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ༴ དཔའ་བོ་མཁའ་འགྲོ་རྣམས་ཀྱི་བཀའ༴ ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀའ༴ ཡུལ་ལྷ་གཞི་བདག་རྣམས་ཀྱི་བདེན་པ་དང་། ཆོས་ཉིད་དོན་དམ་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། རྣལ་འབྱོར་པ་བདག་གི་སྔགས་དང་རྫས་དང་རྟེན་འབྲེལ་གྱི་བདེན་པས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གཞན་གྱིས་ཕུང་བཤིག་རྦོད་གཏོང་མནན་གཏད་སྦྱོར་བ་ངན་པ་བྱས་པ་ཐམས་ཅད་ཤིགས་ཤིག །ཟློག་ཅིག །སྒྱུར་ཅིག །རུལ་ཅིག །བརླག་ཅིག །མེད་པར་གྱུར་ཅིག །ཅེས་བརྗོད་ལ་ཐལ་མོ་ལན་གསུམ་དུ་བརྡབ། ཀླུ་གཉན་དྲེགས་པ་ཅན་ཁྱེད་རྣམས་དང་། བདག་ཅག་འཁོན་མེད་ཅིང་བསྡུམ་བྱས་པ་ཡིན་པས་གཤེད་དང་བདུད་དུ་མ་གནོད་ཅིག །ལྷ་དང་དཔལ་དུ་མཛོད་ཅིག །ཞི་བ་དང་བདེ་ལེགས་སུ་མཛོད་ཅིག །ཅེས་བརྗོད་ལ་མེ་ཏོག་འཐོར་རོ།། །། ༈ ན་མོ་ཡ་མཱ་རི། གཏེར་སྟོན་གྱི་རུས་རྒྱ། མཚན་སྐྱེས་བུ་ཟངས་གླིང་དབང་ཕྱུག་ཏུ་གྲགས་པ། དྲག་སྔགས་ལ་མཁས་པ་ཆེན་པོ་དེས་བསམ་ཡས་མཆོད་རྟེན་ནག་པོ་ནས་འཁོར་ལོ་སྤྱན་དྲངས་ཤིང་། ཌཱ་ཀི་མས་མན་ངག་དངོས་སུ་གནང་བའི་གཏད་རུལ་ནག་པོ་ཟངས་གླིང་མའམ། རུ་སྦལ་ཁ་སྦྱོར་གྱི་འཁོར་ལོར་གྲགས་པ་འདི་ལ་གཞུང་ཚིགས་གཅད་ལྷུག་དང་། ཚིག་ཟུར་འདྲ་མིན་མང་དུ་སྣང་ནའང་། འཁོར་ལོ་དང་ལག་ལེན་ཕལ་ཆེར་གཅིག་ཅིང་ཕྱག་ལེན་བར་མ་ཆད་པའི་གདམས་ཟབ་ཐུགས་རྩིས་ཅན་ཡིད་ཆེས་པ་ཡིན་ནོ། །དེ་ལ་དང་པོ་འཁོར་ལོ་བཅའ་བ་ནི། རྒྱ་ཤོག་ལ་ཀླུ་སྨན་གྱིས་བྱུགས་ནས་སྐམ་པ་དང་། རྒྱ་སྣག་གཙང་མས་གཞུང་ལྟར་བྲི།་་་ཚོན་འབྱེད་ན། ཕོ་འཁོར་གྱི་རུ་སྦལ་སེར་པོ་དང་། མོ་འཁོར་དམར་པོར་བྱེད་པར་སྣང་ངོ་། །ལྟེ་བའི་ཡི་གེ་སྒོར་མོར་བྲི་བ་དང་། ཕྲེང་དུ་བྲི་བ་གང་ཡང་རུང་། སྒོར་མོར་བྲི་ན་སྟེང་ནས་བརྩམ་སྟེ་འཁོར་བར་བྲི། ཕོ་འཁོར་ལ་ཡིག་མགོ་ཕྱིར་བསྟན་ནས་གཡས་སྐོར་དང་། མོ་འཁོར་ཡིག་མགོ་ནང་བསྟན་གཡོན་དུ་བསྐོར། འཁོར་ལོ་གཉིས་རྒྱ་ཆེ་ཆུང་མེད་པར་བྱེད། ཕོ་འཁོར་ལ་འཁོར་ལོ་རྩིབས་བརྒྱད་དང་། རྩིབས་མཆན་ཡི་གེ་གཞུང་གསལ་ལྟར། མོ་འཁོར་ལ་པདྨ་འདབ་བརྒྱད་ལ་སྔགས་གཞུང་ལྟར་ལས། པད་མཆན་ལ་ཡི་གེ་འབྲི་རྒྱུ་མེད། འབྲི་བའི་ཚེ་ཟས་དཀར་གསུམ་ཟ་ཞིང་གཙང་སྦྲ་ལ་གནས་པ་དང་རང་གཞན་གྱི་ཁ་རླངས་དང་དྲི་མ་སོགས་མ་ཕོག་པ་གལ་ཆེ། གཏད་རུལ་རྐྱང་པ་ལ་འཁོར་ལོ་གཉིས་ཁོ་ནས་ཆོག །ཕྱིར་ཟློག་དྲག་ལས་བྱེད་ན་དེའི་བར་དུ་ལིངྒ་མན་ངག་ལྟར་བཅུག །བདག་གི་ཞེས་པ་རང་གི་མིང་དམིགས་བསལ་ཡོད་ན། ཀླུའི་དུག་སོགས་སྤངས་བའི་ཕྱིར་གླ་རྩི་དང་གུར་གུམ་བྱུགས། དེ་སྟེང་ཀླུ་ལ་མི་གནོད་པའི་ཕྱིར་བྲག་ཞུན་དང་ཀླུ་སྨན་གྱིས་མནན། རློན་གཏད་བྱེད་ན་གླང་ནག་པོའི་རྭ་ཕྱི་ནང་ཐམས་ཅད་ཀླུ་སྨན་གྱིས་བྱུགས། རྭ་རྩེར་ཡང་ཀླུ་སྨན་དང་དཀར་གསུམ་མངར་གསུམ་བླུགས། དེ་ནས་འཁོར་ལོ་རང་འཐག་གི་འོག་ཏུ་འདྲེན་པ་སོགས་ཞལ་ཤེས་ལྟར་དང་། ཁྱད་པར་འབྱུང་བ་ལྔའི་ཁྲུས་སྤྱི་ལྟར་ནན་ཏན་དུ་བྱས་ནས་མོ་འཁོར་གྱི་སྟེང་དུ་ཕོ་འཁོར་ཁ་སྦྱར་གཡས་གཡོན་ནས་བལྟབས་ལ་མགོ་ནས་མར་བསྒྲིལ།་་་ཁྱི་ཐོད་དུ་འཇུག་ན་གྲུ་བཞིར་བལྟེབས་ནས་ཆིངས་སྤྱི་ལྟར་བྱེད་གསུངས། ཚོན་སྐུད་སྔོ་དམར་གྱིས་དཀྲིས་ནས་བཅུག །དེ་སྟེང་ཡང་ཀླུ་སྨན། རིན་པོ་ཆེ། འབྲུ་སྣ། དར་སྣ། དཀར་གསུམ་མངར་གསུམ་སོགས་ཤ་ཆང་དང་གླ་རྩིའི་དྲི་མེད་པའི་གཙང་མ་ཅི་འབྱོར་བླུགས། ཁ་ལ་ཆས་ཆུ་མི་འགྲོ་བར་དམ་དུ་བཅད། རེ་བས་དྲིལ། རྩྭ་ཐིག་གིས་བསྡམས་པ་ལ་རྒྱས་བཏབ། སྐམ་གཏད་བྱེད་ན་གཞན་གོང་ལྟར་ལ། འཇུག་སྣོད་ཁྱི་དཀར་པོའི་ཐོད་པར་བྱས་ན་ལེགས། ཀླུ་སྨན་རིགས་དམིགས་བསལ་མ་འབྱོར་ཡང་ཆོག་གོ །གཉིས་པ་ལས་ལ་འཇུག་པ་ནི། སྔགས་པ་རང་ཉིད་ཐོ་རངས་སྔ་བར་ལངས་ལ་ཡི་དམ་གྱི་ལས་གཞུང་བསྲང་ཞིང་ཆོས་སྐྱོང་ལ་ཕྲིན་ལས་བཅོལ། གཞི་བདག་ལ་གཏོར་མ་གཏང་། ཁྱད་པར་སྲུང་འཁོར་ནན་ཏན་བསྒོམ། འདི་རང་ལ་ནི། བཅས་ཆོག་གི་མན་ངག་ཏུ་གསུངས་པས་སྒེར་དུ་ལྷ་སྒོམ་སྔགས་བཟླས་ཀྱི་བསྒྲུབ་པ་མེད། འོན་ཀྱང་ཕྱག་ལེན་ཕལ་ཆེར་ལ་གཤིན་རྗེ་ཡང་ཟློག་གི་སྲུང་ཟློག་དང་འབྲེལ་བར་མཛད་སྲོལ་ལྟར་འགྲུབ་ན་ལེགས་གསུངས། དེ་ནས་རློན་གཏད་ལ་ཀླུ་ཐེབས་དང་། སྐམ་གཏད་ལ་སྡེ་བརྒྱད་ཐེབས་དུས་དང་བསྟུན། མཚོའམ་ཆུ་མིག་ཆུ་ཡི་རྦ་འཁོར་སོགས་ཀླུ་བདུད་དྲག་པོ་གནས་པའམ། ལ་བཙས་དང་མཆོད་རྟེན་སྙིང་པ་ལམ་གྱི་བཞི་མདོ་སོགས་སྡེ་བརྒྱད་དྲག་པོ་གནས་པའི་སར་འགྲོ། ཕ་རོལ་པོས་གང་དུ་གཏད་རྒྱབ་པའི་དོགས་པ་དམིགས་བསལ་ཡོད་ན་དེར་བཅུག་པས་ལས་ཤིན་ཏུ་མྱུར་བར་གསུངས། རབ་ལམ་ལ་ཞུགས་ནས་དང་། དེ་ལྟར་མ་བྱུང་ཡང་གནས་དེར་སླེབ་ནས་ཚུར་གནས་དེ་མི་མཐོང་བའི་སར་མ་སླེབ་བར་རང་དང་གྲོགས་རྣམས་ངག་གཅད། རྩ་ཆུ་དང་མཆིལ་མ་ཕྱིར་འདོར་མི་དགོས་པ་བྱུང་ན་བཟང་། ལས་དངོས་ནི། དེར་སླེབས་ནས་རླུང་གཡོན་རྒྱུ་དང་བསྟུན་བདག་ཉིད་ཡི་དམ་གྱི་ང་རྒྱལ་བརྟན་པོས་གསེར་སྐྱེམས་ལན་གསུམ་སོགས་གཏང་། མ་ཉེས་པའི་དཔང་གཟུག །བདེན་པ་བདར། དམོད་མོ་བཅས། སྣོད་དེ་ཉིད་ལན་གསུམ་བསྐོར་བའི་མཐར་མཚོ་སོགས་ཀྱི་གཏིང་དུ་གཏིང་རྡོ་བཅས་འཕང་། སྐམ་གཏད་ཡིན་ན་མནན་པ་སྤྱི་ལྟར་བྱ། གང་ལྟར་ཡང་ཕ་རོལ་པོས་གང་ལ་གཏད་པའི་སྡེ་བརྒྱད་རྣམས་ཀྱིས་མངོན་སུམ་དུ་གུས་པའི་ཚུལ་གྱིས་བླངས་ཏེ་རང་གི་བཀའ་བཞིན་སྒྲུབ་པའི་དམིགས་པ་དྲག་ཏུ་བྱའོ། །དེ་ནས་ཕྱི་མིག་མི་བལྟ་བར་ལོག་ལ་གོམ་པ་གསུམ་རེའི་མཚམས་སུ་ཐོ་རེ་བརྩིགས་ནས་ཐོ་བདུན་བརྒྱབ། སྲུང་འཁོར་གསལ་བར་བསྒོམ་མོ། །གལ་ཏེ་དྲག་ལས་འབྲེལ་བར་བྱེད་ན་འཁོར་ལོ་ཁ་སྦྱར་གྱི་བར་དུ་དགྲ་བོའི་ལིངྒ་བཅུག །ཕྱི་རོལ་ནས་ཡུགས་ས་མའི་དོར་རྟས་དྲིལ། ཚོན་སྐུད་སྔོ་དམར་གྱིས་བཅིངས་པ་ཧོམ་ཁུང་དུ་བཅུག །གཤིན་རྗེ་ཡང་ཟློག་སོགས་དྲག་པོའི་ལས་གཞུང་བསྲངས་ནས། ཉིན་མོ་ཡུངས་དཀར་དང་མཚན་མོ་ཡུངས་ནག་སྟེ་ཀེ་ཚེའི་འབྲས་བུ་ལ་དྲག་སྔགས་བཟླས་པས་བྲབ་པ་སོགས་གཞུང་གསལ་ཞག་བདུན་གྱིས་མཚན་རྟགས་མ་མཐོང་བའི་བར་དུ་བསྒྲུབ། དེ་ནས་དྲག་བསྐུལ་སོགས་དང་བཅས་མངོན་སྤྱོད་ཀྱི་གཏད་ཁྲམ་སྤྱི་ལྟར་སྦ་བ་ཡིན་ཀྱང་རྒྱུན་དུ་ཕྱག་བཞེས་སུ་མི་མཛད་དོ། །གསུམ་པ་ཕན་ཡོན་ནི། དེ་ལྟར་བགྱིས་པས་སྤྱིར་ལུང་པ་གཅིག་གི་མནན་གཏད་ངན་ཐབས་བྱས་པ་ཐམས་ཅད་དུས་གཅིག་ལ་རུལ་བས་ཡུལ་ཁམས་སྤྱིར་བདེ་ཞིང་བཀྲ་ཤིས་དང་དགེ་ལེགས་འབྱུང་། ཁྱད་པར་རང་དང་སྦྱིན་བདག་སོགས་གང་གི་དོན་དུ་བྱེད་པ་དེ་ལ་ཕ་རོལ་པོས་ངན་གཏད་བྱས་པ་ཐག་ཉེ་རིང་གང་དུ་ཡོད་ཀྱང་རུལ་ཞིང་ཞིག་པས་ནུས་པ་མི་འབྱུང་བ་དང་། བྱད་གཏད་ལས་གྲོལ་བས་བདེ་སྐྱིད་ཕུན་སུམ་ཚོགས་པ་འཕེལ་བར་འགྱུར་རོ། །དེ་ཡང་ཕ་རོལ་བས་གཏད་གང་དུ་རྒྱབ་ཡོད་ཤེས་དཀའ་བས། རློན་གཏད་དང་། སྐམ་གཏད་གཉིས་ཀ་བྱ་ཞིང་། ལན་གཅིག་གིས་མ་འགྲུབ་ན་ཡང་ཡང་བསྐྱར་བས་ངེས་པར་འགྲུབ་བོ། །ཞེས་པའང་ལག་ལེན་གྱི་ཞལ་ཤེས་ཕལ་ཆེར་གསལ་བར་བཀོད་པ་སྟེ། འགྲོ་ཀུན་བྱད་གདོན་གཏད་ཁྲམ་གྱི་གཡུལ་ལས་བི་ཛ་ཡནྟུ། མངྒ་ལཾ།། །།
རིག་འཛིན་གབ་བྱང་གནད་ཀྱི་མིག་ཚགས་ (Volume 10, Text 2)
རིག་འཛིན་གབ་བྱང་གནད་ཀྱི་མིག་ཚགས་བཞུགས་སོཿ བརྡ་བརྒྱུད་རིག་འཛིན་རྒྱ་མཚོར་འདུདཿ རིག་འཛིན་འདུས་པའི་གབ་བྱང་ནིཿ ལྷ་ལ་ཡེ་ཤེས་སེམས་དཔའ་གབཿ སྣང་སྲིད་ཟིལ་གནོན་ཐུགས་ཀ་རུཿ རིག་འཛིན་རྒྱལ་པོ་རྡོ་རྗེ་ཆོསཿ སྐུ་མདོག་བྱེ་རུ་སྣུམ་བཀུས་ལྟརཿ གསལ་འཚེར་བཀྲག་མདངས་ལྡན་པ་ལཿ ཞལ་གཅིག་ཕྱག་གཉིས་ཞི་མ་ཁྲོཿ གཅེར་བུ་རུས་རྒྱན་ཐོར་ཚུགས་ཅནཿ རྡོ་རྗེ་དྲིལ་བུ་བསྣོལ་བའི་པངཿ རྣལ་འབྱོར་སྔོན་མོ་གྲི་ཐོད་ཅནཿ ཆ་ལུགས་ཡབ་འདྲ་གཉིས་ཀ་འངཿ ཤིན་ཏུ་ཆགས་པའི་རྣམ་འགྱུར་ཅནཿ ཟག་མེད་བདེ་བ་ཆེན་པོར་སྦྱོརཿ མི་ལ་གཅེས་པ་རྣམ་ཤེས་ལྟརཿ ཕྱག་རྒྱ་རྟགས་ཀྱི་ལྷ་སྐུ་ཀུནཿ ཟིལ་གནོན་ཡེ་ཤེས་སེམས་དཔའ་ནིཿ ཤིན་ཏུ་གསལ་བརྟན་ཐོན་པ་གནདཿ ས་མ་ཡཿ སྔགས་ལ་གབ་པ་འདི་ལྟ་སྟེཿ བསྙེན་པ་འབྲུ་འབུམ་སྔོན་སོང་ནསཿ རིག་འཛིན་སྲོག་སྒྲུབ་སྙིང་པོ་ནིཿ ཐོག་མཐའ་ཨོཾ་དང་ཧཱུྃ་བཞག་ནསཿ བར་ན་བཅུ་གཉིས་གྲོང་མཛེས་པཿ རིག་འཛིན་སྲོག་གི་ཡང་སྙིང་ཡིནཿ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃཿ འབུམ་ཕྲག་བཅུ་གཉིས་དངོས་གྲུབ་ཐོབཿ ས་མ་ཡཿ ཏིང་འཛིན་དོ་ལིའི་མན་ངག་གབཿ ལྷ་ལ་གསལ་བརྟན་ཐོབ་པའི་ཚེཿ ཐུགས་ཀའི་སྔགས་ཕྲེང་གཡས་སྐོར་ལསཿ སྔགས་ཕྲེང་ལུ་གུ་རྒྱུད་དུ་འཕྲོསཿ ཡེ་ཤེས་སེམས་དཔའི་ཞལ་ནས་ཐོནཿ ཡུམ་གྱི་ཞལ་ཞུགས་སྐུའི་དབྱིབས་བརྒྱུདཿ ཐུགས་ཀའི་བཾ་ལ་གཡོན་དུ་འཁོརཿ མཁའ་གསང་ནོར་བུའི་ལམ་བརྒྱུད་དེཿ མགལ་མེ་ལྟ་བུར་འཁོར་བ་ཡིསཿ ཡབ་ཡུམ་བདེ་བ་ཆེན་པོའི་ཉམསཿ བཟོད་དུ་མེད་པར་འབར་བ་ལསཿ ཐུགས་རྗེའི་འོད་ཟེར་ཀུན་ཏུ་འཕྲོསཿ གཙོ་དང་འཁོར་བཅས་ཐམས་ཅད་ཀྱངཿ བདེ་སྟོང་ཡེ་ཤེས་ཉམས་འུར་བསཿ ཅང་ཏེའུ་དྲིལ་བུ་ཁྲོ་ལོ་ལོཿ ཞལ་ནས་ཧཱུྃ་གླུ་ཀྱུ་རུ་རུཿ དབྱིངས་རིག་གཉིས་མེད་བྱང་ཆུབ་སེམསཿ རྩལ་སྣང་དག་པ་རབ་འབྱམས་ཀྱིཿ དཀྱིལ་འཁོར་གཅིག་ཏུ་རྫོགས་པ་ལཿ རིག་པ་གཏད་དེ་གཡོ་མེད་བཞགཿ ࿋ གལ་ཏེ་སྣང་སྲིད་སྣོད་བཅུད་ཀྱིཿ དངོས་སྣང་ཞིག་པར་མ་གྱུར་ནཿ དཀྱིལ་འཁོར་འཁོར་ལོའི་འོད་ཟེར་གྱིསཿ སྣོད་བཅུད་སྦྱངས་ཏེ་རང་ལ་བསྟིམཿ ལྷ་དང་སྣང་བ་ཆོས་ཉིད་གསུམཿ གཅིག་ཏུ་འདྲེས་པར་མ་གྱུར་བརཿ ཏིང་འཛིན་གནད་ཀྱི་འཛིན་ཕུར་གདབཿ ང་རུ་འཛིན་པའི་ང་རྒྱལ་དངཿ དག་པ་དྲན་པའི་བསྐྱེད་རིམ་དངཿ རྣམ་པ་བཅོས་ནས་གསལ་བ་དེསཿ ཟུང་འཇུག་འབྲས་བུ་འབྱིན་མི་ནུསཿ དབྱིངས་ཀྱི་གསལ་ཆ་ལྷར་ཤར་བསཿ བསོད་ནམས་ཚོགས་ཆེན་འདི་ཡིས་རྫོགསཿ དེ་ལ་དངོས་ཞེན་རྣམ་དག་པསཿ ཡེ་ཤེས་ཚོགས་ཀྱང་རྫོགས་པ་ཡིནཿ ས་མ་ཡཿ དེ་ཚེ་འབྲས་བུས་ནོད་ཚུལ་གྱིཿ མན་ངག་གབ་པ་འདི་ལྟ་སྟེཿ ཐ་མལ་ལུས་ལ་ཡེ་ཤེས་ཀྱིཿ ས་ཆོད་རིག་འཛིན་བརྙེས་པའི་ཚུལཿ རྒྱུ་དང་རྗེས་མཐུན་ཁྱད་པར་གནདཿ སློབ་དཔོན་བཀུར་ཞིང་གསག་སྦྱང་བརྩོནཿ མོས་གུས་གཡོ་བ་གཡོ་ཉམས་ལཿ དབང་གི་དཀྱིལ་འཁོར་ཡོངས་རྫོགས་ཤིངཿ ཡེ་ཤེས་མཐོང་བས་ས་དང་པོཿ དམ་ཚིག་མ་ཉམས་དཀྱིལ་འཁོར་ལྷཿ རང་དུ་ཤེས་པ་ས་གཉིས་པཿ དཀྱིལ་འཁོར་གཙོ་ལ་སེམས་ཟིན་པཿ གསུམ་པ་ཡིན་ནོ་རིག་པ་འཛིནཿ དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལཿ སེམས་འཛིན་ཐོབ་པ་ས་བཞི་པཿ དེ་ལྟར་མན་ཆད་ཐོབ་པའི་ཉམསཿ ཏིང་ངེ་འཛིན་ལ་དགའ་བྲོད་དངཿ འཕེལ་འགྲིབ་རིམ་གྱིས་བརྟན་འགྱུར་ཞིངཿ སྦས་ཚུལ་རྣམ་སྨིན་རིག་འཛིན་ནོཿ་་་སྒྱུ་འཕྲུལ་ལས་རིམ་སོགས་དང་རྣམ་པར་བཤད་ཚུལ་མི་མཚུངས་ཀྱང་དོན་གྱི་འཇོག་ཚུལ་མཚུངས་པའི་རྣམ་གཞག་ཕྱིན་ཅི་མ་ལོག་པ་ཡོད་པས་མན་ངག་གི་དགོངས་པ་ལོངས་པར་བྱ། དེ་ལས་དཀྱིལ་འཁོར་འཁོར་ལོ་ནིཿ གསལ་བར་ཟིན་པ་ས་ལྔ་པཿ རླུང་སེམས་གདེང་ཐོབ་ལྟ་བས་ཟིནཿ རྟེན་དང་བརྟེན་པའི་འཁོར་ལོ་རྣམསཿ ཤིན་ཏུ་ཕྲ་བའི་རྡུལ་ཕྲན་དུཿ སྤྱན་གྱི་དཀར་ནག་ཕྲ་མོ་ཚུནཿ མ་འདྲེས་ཀུན་ནས་གསལ་བ་ནིཿ དྲུག་པ་མངོན་དུ་གྱུར་པའོཿ ཕྱི་ནང་སྣོད་བཅུད་གང་དུ་ཡངཿ རླུང་སེམས་དབྱེར་མེད་སེམས་ཟིན་པསཿ རྡོ་རྗེའི་བཟླས་པས་དུས་འདའ་བཿ བདུན་པ་རིང་དུ་སོང་བ་སྟེཿ དེ་མན་ཀུན་བཟང་སྤྱོད་པ་ལྔཿ ཁ་ན་མ་ཐོ་མེད་པར་སྤྱོདཿ གནས་དག་དགོན་པ་བས་མཐའ་བཟུངཿ འཚོ་བ་དག་པ་ཆོས་མཐུན་ཟསཿ གྲོགས་དག་བླ་མ་ཚངས་མཚུངས་ལྡནཿ སྡོམ་པ་དག་པ་སོ་ཐར་དངཿ བྱང་སེམས་རིག་འཛིན་ཉེས་མ་གོསཿ ཆོས་དག་བསྐྱེད་དང་རྫོགས་པ་གཉིསཿ གཙོ་བོར་ལྷ་ཡི་ལམ་ཁྱེར་བསླབཿ དེ་ཡན་ས་ཡི་ལྷག་མ་རྣམསཿ སྙན་བརྒྱུད་ཡིད་བཞིན་ནོར་བུ་ཡིཿ མ་རྒྱུད་ཨ་ནུའི་ལམ་མཆོག་ལཿ བརྟེན་ནས་བགྲོད་པ་ལམ་འདིའི་ལུགསཿ འོན་ཀྱང་ལམ་དང་ཉམས་ལྔའི་འགྲོསཿ བསྐྱེད་རིམ་ཤིན་ཏུ་གོམས་པའི་རྟགསཿ ཡེངས་དང་མ་ཡེངས་མེད་པར་འཆརཿ མཉམ་གཞག་རྗེས་ཐོབ་མཐའ་ལས་གྲོལཿ སྐྱེ་འཆིའི་གདིང་ཐོབ་ཚེ་དབང་སྟེཿ བརྒྱད་པ་མི་གཡོའི་ས་ཡིན་ནོཿ དེ་ནས་གོམས་པ་བརྟན་པའི་རྟགསཿ ལུས་ལ་ཚོར་བའི་ཟུག་རྔུ་མེདཿ ངག་ལ་བདེན་ཐོབ་ཆོས་རྣམས་ཤེསཿ ཡིད་ལ་མངོན་ཤེས་སྣ་ཚོགས་འཆརཿ མཁའ་འགྲོ་བདེ་གཤེགས་ལུང་ཡང་སྟོནཿ དགྲ་བགེགས་གཉིས་ལ་བདེན་པས་འཇུགཿ དགུ་བཅུ་ཕྱག་རྒྱའི་ཏིང་འཛིན་ནོཿ དེ་ནས་མཐར་ཕྱིན་ཀུན་ཏུ་འོདཿ དག་པ་རབ་འབྱམས་ཆེན་པོའི་དུསཿ ལྷུན་གྱི་གྲུབ་པའི་རིག་འཛིན་ཏེཿ སྣང་བའི་ཆོ་འཕྲུལ་འོད་ལྔར་འཆརཿ ལུས་ངག་ཡེ་ཤེས་འོད་གསལ་སྐུཿ རྣམ་པར་རྟོག་པ་རྩད་ནས་ཆོདཿ རིག་པ་ཆོས་སྐུ་འགྱུར་མི་སྲིདཿ བདག་ཏུ་ལྟ་བའི་ས་བོན་ཞིགཿ མངོན་པར་ཤེས་པ་གཉིས་ཀ་འཆརཿ སྐྱེ་འཆི་གནད་གཅོད་སྡུག་བསྔལ་མེདཿ སྐུ་ལྔ་ལྷུན་གྲུབ་རིན་ཆེན་སྦུབསཿ ལོངས་སྐུ་ཆེན་པོའི་སྣང་བ་འཆརཿ ས་མ་ཡཿ བསྐྱེད་རྫོགས་ཟབ་ཟབ་གྲངས་མང་ཡངཿ ལམ་གྱི་གནད་དང་ས་ཡི་ཆོདཿ སྦས་དོན་བཙན་ཐབས་མན་ངག་གནདཿ རྒྱུད་སྡེའི་ཡང་སྙིང་འདི་མེད་ནཿ ཀུན་བརྟགས་བསྐྱེད་རིམ་འབད་བསྒོམས་ཀྱངཿ གནས་སྐབས་མངོན་ཞེན་དགག་པ་ཙམཿ ཡང་ན་བདུད་དང་རུ་ཏྲར་གོལཿ ཟུང་འཇུག་མིང་དུ་ཟད་པའི་ཚེཿ རྟགས་མཚན་བློ་ཡི་སྣང་བ་ལཿ ཡེ་ཤེས་ལྷ་ནི་གྲུབ་བོ་སྙམཿ འདོད་ཡོན་བདུད་ཀྱི་ཆོ་འཕྲུལ་ལཿ རིག་པ་འཛིན་པའི་ས་ནོན་སྙམཿ སྔགས་ཀྱི་བསྟན་པ་ཉམས་པའི་ཚེཿ རང་བྱུང་རྡོ་རྗེ་འཇིགས་མེད་གླིངཿ འབྲེལ་ཚད་དོན་དང་ལྡན་པར་ཤོགཿ ས་མ་ཡཿ རྒྱ་རྒྱ་རྒྱཿ གུ་ཧྱཿ རྡ་ཐིམཿ
གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་བྱུང་བའི་ཁྲོ་བོ་རྡོ་རྗེ་མཆུའི་ངག་ཁྲིད་ཟིན་བྲིས་ (Volume 45, Text 2)
༄༅། །གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་བྱུང་བའི་ཁྲོ་བོ་རྡོ་རྗེ་མཆུའི་ངག་ཁྲིད་ཟིན་བྲིས་བཞུགས་སོ། ། གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ། གནམ་ཆོས་རྡོ་རྗེ་མཆུ་ཡི་སྒྲུབ་ཐབས་ཀྱི། །མན་ངག་ཞལ་ཤེས་ཉམས་སུ་བླང་བདེར་འགོད། །སྒྲུབ་གཏོར་ཤིང་སྡེར་ལ་སོགས་ཆེ་བའི་ནང་། །ཟན་ནི་གྲུ་གསུམ་ཧོམ་ཁུང་དབྱིབས་ཅན་དམར། །དེ་སྟེང་གཏོར་མ་ནག་པོ་ཟུར་གཉིས་པ། །དཔེ་འུ་རིས་ལས་བྱུང་བ་ལྟར་དུ་བཅའ། །རྩང་དང་དམར་རྒྱན་མི་བྱ་ཤ་རྒྱན་བཙུགས། །སྟོད་ནི་ཁྲོ་བོ་སྨད་ནི་མཆོད་པར་དམིགས། །རྒྱུན་དུ་ལས་བྱང་འདོན་དུས་གསོ་བྲན་བྱ། །དེ་ཡི་མཐའ་སྐོར་རམ་ནི་གར་བདེ་རུ། །སྐྱེར་པའི་རྩང་ཐུར་བཙུགས་པའི་ཀོང་ཟོར་དང་། །སཱཙྪ་ནག་པོ་ཕུར་པ་མཐོ་རེ་ཙམ། །ཚྭ་དང་ཅོང་ཞི་ཞིབ་བཏུལ་ཁྲག་དང་བསྲེས། །དེ་ལ་ལྕགས་ཕྱེ་བཏབ་ནས་ཡོད་ན་བཟང་། །དེ་ཉིད་རྡོ་ཐུན་མང་པོར་བྱུག་པ་དང་། །དེ་དག་སེར་གཏའ་བཀྲམ་རྒྱུ་སྔགས་ཕྱིར་བཞག །གཏེར་གསར་ལུགས་འདིར་སྔགས་དང་ཤོག་དྲིལ་དང་། །རྫས་དང་འཁོར་ལོ་མི་དགོས་ཟབ་ཁྱད་ཡིན། །འོན་ཀྱང་དེ་དག་ཐོན་ན་བཟང་བའི་ཕྱིར། །རཀྵ་ཞེས་པའི་སྔགས་དེའི་ཤོག་དྲིལ་ནི། །གྲོ་ག་ལ་བྲིས་སཱཙྪའི་ནང་དུ་བཅུག །ཕུར་པ་ཐུང་ན་ཕུར་པའི་རྐེད་པར་དཀྲི། །ཕུར་པ་རིང་ན་འཆང་གཟུང་ཨཱཿཡིག་དང་། །འཆང་གཟུང་འགོ་མར་ཨོཾ་དང་འོག་མ་ཧཱུྃ། །ཕུར་པའི་ལོགས་གསུམ་སྲུང་སྔགས་བཀོད་བྱ་སྟེ། །སྟོད་ལ་ཨོཾ་དང་སྔགས་མཇུག་ཕུར་རྩེར་སྟོན། །ལོགས་གཅིག་ལ་ནི་ཨོཾ་ནས་ཀོན་གྱི་བར། །གཅིག་ལ་ཙ་ནས་རཾ་གྱི་བར་དུ་བྲི། །གཅིག་ལ་གྷ་ནས་ཀྵ་ཡི་བར་དུ་བྲི། །ཕུར་པ་ཐམས་ཅད་བཙག་གིས་དམར་པོར་བྱུག །ཡུངས་དཀར་ཐལ་ཆེན་སྔགས་པ་རས་གཙང་བསྟུམ། །ཕུར་པའི་སྐེ་ལ་ཚོན་སྐུད་སྣ་ལྔས་བཅིང་། །གྲོ་ག་མཆོག་ཡིན་ཤོག་གུ་འཐུག་པོ་ལ། །དབུས་སུ་ཧཱུྃ་ཡིག་རྩེ་ལ་ཁྲོམ་ཡིག་བཀོད། །དེ་ཡི་མཐའ་སྐོར་ཁྲོ་བོ་རྡོ་རྗེ་མཆུས། །ཡུལ་འདིའི་ལོ་ཐོག་འབྲས་དྲུག་ཐམས་ཅད་ལ་སྲུངས་ཤིག །སེར་བ་མ་གཏང་ཞིག །ཅེས་པ་སེར་ལམ་གཅོད་པའི་འཁོར་ལོ་སྟེ། །སྒྲུབ་རྟེན་གཏོར་མའི་རྩེ་ལ་བཙུགས་རྒྱུ་ལ། །རང་གིས་བསྲུང་རྒྱུའི་གྲོང་པ་ཐམས་ཅད་ཀྱི། །མིང་རྣམས་ཡུལ་འདི་ཞེས་པའི་ས་དེར་བྲི། །དེ་རྒྱབ་མུ་ཁྱུད་བསྙེན་སྔགས་བྲི་བ་སྟེ། །དེ་རྒྱབ་རྩིབས་བཅུ་ལ་ནི་ཧཱུྃ་ཡིག་རེ། །དེ་རྣམས་ཡིག་མགོ་ཕྱི་ལ་བསྟན་པ་སྟེ། །དེ་རྒྱབ་མུ་ཁྱུད་གདོང་ཟློག་སྔགས་བྲི་བ། །དེ་ནི་ཡིག་མགོ་ནང་དུ་བསྟན་པར་བྱ། །དེ་རྒྱབ་མུ་ཁྱུད་ཅུང་ཙམ་ཆེ་བ་ལ། །འཁོར་ལོ་རྡོ་རྗེ་རིན་ཆེན་པདྨ་དང་། །རྒྱ་གྲམ་རྣམས་ནི་ཕྲེང་གྲངས་མེད་པ་བྲི། །ཡུལ་ཀུན་བྲིས་ལ་གཏོར་མའི་རྩེ་རུ་བཙུགས། །གཅིག་དེ་གལ་ཆེ་ས་ཡི་སེར་ཐོའི་ནང་། །ཟོར་དང་ཐུན་ནི་གདོང་ཟློག་འཕེན་རྒྱུ་ཡིན། །ཤིང་རལ་དང་ནི་གདོང་ཟློག་སྔགས་བྲི་སྟེ། །ཤིང་རལ་ཡང་ནི་སེར་ལམ་བཞག་རྒྱུ་འོ། །གདོང་ཟློག་སྔགས་ཀྱི་མཇུག་ཏུ་འདི་ཡང་བྲི། །གཡས་སུ་བྱོལ་ཅིག །གཡོན་དུ་ཟུར་ཅིག །གློག་མོའི་ལྕེ་ཆོད། འབྲུག་མོའི་སྒྲ་ཆོག །སེར་བ་དཀར་པོའི་རྐང་པ་ཆོག་ཅིག །ཤ་ལཾ་བྷྲི་ཏི་སཏྭཾ་བྷ་ཡ་སཏྭཾ་བྷ་ཡ༔ ཨུ་ཙཊྚ་ཡ་ཨུ་ཙཊྚ་ཡ༔ ཕཊ་ཕཊ་སྭཱ་ཧཱ༔ ཡ་ཡ་ས་ཏྲི་ཀ་ཏྲི༔ རུ་རུ་ཙི་རུ་ས་ར་ཡ་ཛ་ཛ༔ ཨོཾ་བཛྲ་ཏ་ཀི་ནི་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ༈ སེར་སྲུང་སྙན་རྒྱུད་ཡི་གེ་མེད་པ་ནི། སྔགས་པ་ནུས་ལྡན་གདུང་རུས་ཕྱེ་མ་ནི། །སཱཙྪའི་ནང་དུ་བསྲེ་བ་ཟབ་པར་བརྩི། །ཕག་ཚིལ་ཆུ་དག་སྦྲུལ་ཚིལ་རྩང་ཕག་ཤ །གླ་རྩི་བཙན་དུག་བྱ་རོག་འུག་པའི་སྒྲོ །མུ་ཟི་རྐྱང་རྟིལ་དུད་པས་སེར་བ་ཆད། །ཡང་ན་རྩང་པའི་ཤ་དང་སྦྲུལ་ཤ་དང་། །ཕག་ཚིལ་གུ་གུལ་གླ་རྩི་ཆུ་དག་ནག །གྲོ་ཕྱེ་བསྲེས་པའི་རིལ་བུ་མང་པོ་འཚག །དུད་པ་ཐིངས་བ་ཙམ་གྱིས་སེར་བ་ཆད། །ཡང་ན་སྲེ་མོང་ཤ་དང་རྩང་པའི་ཤ །རྟ་བོན་རྐྱང་བོན་མུ་ཟི་ནག་པོ་དང་། །ཕག་མོའི་བྲུན་དང་གུ་གུལ་གླ་རྩི་དང་། །སྤྱང་བྲུན་ར་ཐུག་ལུག་ཐུག་རྨང་ཁའི་སྤུ། །དུད་པ་ཐིངས་བ་ཙམ་གྱིས་སེར་བ་ཆད། །རོ་རས་ཤ་ཆེན་གུ་གུལ་སེ་བ་དང་། །རྒྱ་སྐག་མུ་ཟི་ཡུངས་དཀར་ལྡོང་རོས་ཏེ། །རྫས་བརྒྱད་འཛོམ་ན་དུད་པ་ཐིངས་བས་ཆོག །དེ་དག་རྫས་ཀུན་འཛོམ་པར་དཀའ་བ་སྟེ། །གང་འཛོམ་ཕྱོགས་སྡུད་བྱས་ལ་སྔགས་ནས་འཚག །ནམ་ཡིན་མི་བདུག་ཕོག་ཐུག་འགྲོ་དོགས་ཡོད། །ཨུས་ཐུག་མི་ཐུབ་ཤོམ་དུས་ཞད་ཙམ་བདུག །སེར་གཏའ་རྫས་སྣ་དེ་དག་སྔོན་ནས་བསགས། །གཏོར་མཆོད་བཅས་ལ་མཚམས་བསྡམ་ཞག་བདུན་བསྒྲུབ། །ཆོ་ག་གཅིག་གིས་བདག་མདུན་དུས་གཅིག་བསྒོམ། །བདུག་མདུན་ཕྱི་རོལ་བྷྲཱུྃ་ཡིག་ཡོངས་གྱུར་པ། །འཁོར་ལོ་རྩིབས་བརྒྱད་སྟེང་འོག་རྩིབས་གཉིས་བཅས། །རྩིབས་རྣམས་རལ་གྲི་སོ་གཉིས་རྩེ་རྣོ་ལྟར། །རྩིབས་ནང་རྩིབས་རྩེར་རང་འདྲའི་ཁྲོ་བོ་བཅུ། །འཁོར་ལོའི་ནང་ནི་སྦུབ་ཆལ་ཁ་སྦྱོར་ལྟར། །སྟོང་པའི་ནང་དུ་བདག་མདུན་དཀྱིལ་འཁོར་གསལ། །རྩིབས་རྣམས་སྔ་དྲོ་གཡས་དང་ཕྱི་དྲོ་གཡོན། །དྲག་ཏུ་འཁོར་བའི་རྩེ་མོས་གནོད་བྱེད་གཏུབ། །དེ་རྒྱབ་འཁོར་ལོ་ཆུང་ངུ་མང་པོ་འབྲེལ། །དེ་རྒྱབ་རྡོ་རྗེ་རིན་ཆེན་པདྨ་དང་། །རྒྱ་གྲམ་མེ་རི་ཁ་དོག་ལྔ་ལྡན་གུར། །དེ་སྟེང་སྤྱི་གཙུག་ཐད་ཀྱི་ནམ་མཁའ་ལ། །གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན་པ་ཡི། །དབུས་སུ་ཤཱཀྱ་ཐུབ་པ་སྟོང་ཕྲག་བཞུགས། །རྩིབས་སྟོང་ནང་དུ་བསྐལ་བཟང་སངས་རྒྱས་སྟོང་། །བཞུགས་ནས་སྟེང་ཐོག་གནོད་པ་སྲུང་བར་བསྒོམ། །རང་གི་རྐང་ཞབས་གཡུ་ཡི་གྲོད་པ་ནི། །ཆེན་པོ་རྐང་པས་ནེམ་ནེམ་མནན་ཡོད་བསམ། །དེ་ཡིས་འོག་འཁྱུག་སྲུང་བར་བྱེད་པར་བསམ། །མདུན་བསྐྱེད་རྡོ་རྗེ་མཆུ་ཡི་ཐུགས་ཀ་རུ། །རང་གི་བསྲུང་རྒྱུའི་ལོ་ཐོག་ཀུན་ཚུད་བསྒོམ། །ཉིན་ཕྱེད་ཡན་ལ་བསྙེན་སྔགས་སྭཱ་ཧཱ་ཅན། །ཉིན་ཕྱེད་ནས་གཟུང་སྔགས་འདིས་སེར་གཏའ་སྔགས། །ཨོཾ་བཛྲ་དུན་ཏོ་ཨི་ཀ་ནི་ཀོན༔ ཙ་ལ་མ་ལ་ཏི་ལི་རཾ་རཾ༔ གྷ་རུ་ཎཿཨ་ཏི་སེར་བ་སྲུངས་མི་ཏི་སེར་བ་རཀྵ༔ སེར་གཏའ་ཐམས་ཅད་ཁྱུང་དང་ཁྲོ་བོར་བསྒོམ། །དེ་འདྲ་དཔག་མེད་སྤྱན་དྲངས་བསྟིམ་བྱ་ཞིང་། །ཐུན་བཞིར་ལས་བྱང་བསྟོད་པ་ཡན་ཆད་འདོན། །དགོང་མོའི་ཐུན་ལ་ཚོགས་དང་གཏོར་འབུལ་བྱ། །དེ་ལྟར་བསྙེན་ཚད་ཞག་བདུན་བསྒྲུབས་བྱས་པས། །མཁར་ལས་བཟང་པོ་བྱས་དང་བཙན་སར་འདུག །ར་ལུག་ཁྱིམ་དུ་བཙུད་དང་ཤྭ་རགས་བརྩིག །ནགས་ཚལ་མཐུག་པོའི་ནང་དུ་འདུག་པ་དང་། །ཞིང་གི་རིབ་མ་བཙན་པོ་བྱས་པ་རྨི། །གཞན་ཡང་མཚན་ལྟས་བཟང་ན་འགྲུབ་པ་ཡིན། །གཞུང་ན་མེད་ཀྱང་སྔགས་རྒན་གསུང་རྒྱུན་ལ། །ལུག་ཁྱུ་མ་ཐུབ་རྨིས་ན་ངན་ཞེས་ཟེར། །ད་རུང་སྒྲུབ་པ་ཞག་གྲངས་བསྲིང་ན་ལེགས། །དེ་ལྟར་སྒྲུབ་པ་ཚར་ནས་སེར་བསང་བྱ། །ཡུལ་དེའི་གཞི་བདག་དྲག་རིམ་མིང་ནས་འབོད། །ལོ་ཐོག་འདི་དག་ཁྱེད་ལ་བཅོལ་བ་ཡིན། །སེར་བ་མ་གཏོང་ཁྱེད་ཀྱིས་ཐུབ་པར་སྲུངས། །མཐུ་དང་ནུས་པ་ཅི་འདུག་ལྟ་འོ་བརྗོད། །དེ་ནས་ཕུར་པ་སཱཙྪ་མཁར་སྒོང་སོགས། །གང་འོས་སོ་སོར་སེར་གཏའ་བཀྲམ་རྒྱུ་བསྐུར། །འཁོར་ལོ་བལྟབས་ནས་ཕྱིང་པ་སོགས་ཀྱིས་བསྟུམ། །སེར་བ་རྒྱུན་དུ་འོང་བའི་སེར་ལམ་གྱི། །སེར་ཐོའི་ནང་དུ་བཞག་རྒྱུ་བསྐུར་བས་ཆོག །སཱཙྪ་འཁོར་ལོ་ཆུ་ཡིས་མི་འཇིག་བྱ། །སེར་ཐོ་རྣམས་ཀྱང་ཁྲོ་བོ་ཁྱུང་བཅས་བསྒོམ། །རྒྱུན་དུ་ལས་བྱང་འདོན་དུས་བསྐྱེད་བསྟིམ་བྱ། །སེར་གཏའ་རྣམས་ལ་བུད་མེད་མི་རེག་བྱ། །དམ་ཚིག་རང་དང་སྡེ་ཡིས་བསྲུང་བྱ་གཉིས། །རང་གི་ཕྲེང་བ་གཞན་གྱིས་ལག་མི་འགྲིམ། །ཕྱི་ཤ་མི་ཟ་མགོ་ལ་མར་མི་བཀུ །སླ་ངར་བརྫིས་པའི་ཟས་ནི་མི་ཟ་ཞིང་། །མནའ་རྫུན་མི་སྨྲ་སླ་ང་མགོར་མི་གྱོན། །སྨེ་ཅན་དམ་ཉམས་ཁ་འཕྲོ་འཐུང་མི་རུང་། །སྒྲུབ་ཚེ་སྔགས་ཚིག་གཞན་གྱིས་མ་ཚོར་བྱ། །སེར་བ་སྲུང་ཚེ་གདམས་ངག་སྤེལ་མི་རུང་། །མི་གཙང་གོས་སྨེ་གོན་པར་མི་བྱ་འོ། །སྡེ་ཡིས་བསྲུང་བྱ་མནའ་གཉན་སྐྱེལ་ལེན་དང་། །ཉ་དང་སྦལ་སྦྲུལ་ཕྱི་བ་གསོད་མི་རུང་། །ཤིང་གཉན་གཅོད་དང་ཆུ་མིག་ནེལ་སེང་རློག །གླང་དང་རྔ་བྲན་བཤའ་བར་མི་རུང་ངོ་། །འཛིང་རྩོད་ངུ་འབོད་ཀླུ་ཤིང་མེར་མི་བཅུག །སེར་བ་སྔགས་དུས་སྔགས་པའི་ངོར་མི་ལྟ། ཁྱི་དང་བུ་མེད་སྔགས་པའི་རྩར་མི་གཏང་། །སྔགས་པའི་སྔོན་དུ་ར་ལུག་མི་འདེད་ཅིང་། །སེར་བ་སྔགས་སྟངས་མི་རུང་དམ་ཚིག་ཡིན། ༈ །དེ་ནས་དུས་དང་དུས་མིན་སེར་བ་གཉིས། །ཚེས་བཞིའི་སྔ་དྲོ་སྤྲིན་ནི་སེར་ནག་བྱུང་། །ཚེས་བརྒྱད་ཕུག་རོན་སྐེ་ཡི་མདོག་འདྲའི་སྤྲིན། །བཅུ་གཅིག་ར་མ་རྒྱ་མོའི་སྦོ་འདྲ་དང་། །བཅོ་ལྔ་ཁམ་ནག་ཐལ་བ་གནམ་སྟོར་འདྲ། །བཅོ་བརྒྱད་རྟ་སྐྱའི་རྔ་མ་གྱེན་བཤད་འདྲ། །ཉི་ཤུ་སྤྲིན་དམར་སེམས་ཅན་གཟུགས་འདྲ་བ། །ཉེར་དགུ་སྤྲིན་ནི་དུད་ཁ་མགོ་ཆེ་བ། །དེ་དག་སེར་བའི་དུས་ཡིན་སྔགས་དམིགས་སྒྲིམ། །དུས་མིན་སྤྲིན་ནི་རྨ་བྱའི་མགྲིན་འདྲ་དང་། །དུང་བརྩེགས་འདྲ་ན་སེར་སྤྲིན་ཡིན་པས་སྔགས། །གཡུ་འབྲུག་འདྲ་ན་ཕྱི་འཕྲད་འོང་བའི་རྟགས། །དཀར་པོ་སྲན་མ་གཏོར་འདྲ་ཕྱིར་ཉིན་འོང་། །དཀར་པོ་དུང་འདྲའི་དཀྱིལ་དུ་གཟུགས་བརྙན་འདྲ། །ཕྱིར་ཉིན་འམ་ནི་སྲོད་ལ་འོང་བ་ཡིན། །ར་མ་རྒྱ་མོའི་སྦོ་འདྲ་དམའ་ཞིང་འཁྲུགས། །རྨུགས་ཆེན་བྱུང་ན་འཕྲལ་དུ་འོང་བ་ཡིན། ཁང་རྨིང་ས་རྡུལ་འདྲ་ན་དེ་མ་ཐག །ནམ་མཁའ་སྐྱ་དང་འོད་དེ་འཕྲལ་དུ་འོང་། །ཕུབ་རུལ་ཐལ་བ་གཏོར་འདྲ་ཕྲལ་དུ་འོང་། །དུད་ཁ་བང་རིམ་ཆགས་པ་འདྲ་བ་དང་། །སྤྲིན་ཀུན་དམའ་ཞིང་འཁྲུག་ན་འོང་བ་ཡིན། །འབྲུག་ནི་རྐང་པའི་འོག་ནས་གྲགས་འདྲ་དང་། །གྲམ་རྡོ་ཆད་འདྲ་འབྲུག་སྐད་ཡང་ཡང་ཆད། །གློག་ནི་དམའ་ཞིང་ཁྱིམ་དུ་འཁྱུག་འདྲ་དང་། །སྤྲིན་ནི་ཐལ་བ་འདྲ་ཞིང་དམའ་ལ་འཁྱུག །འབྲུག་སྒྲ་ཆེ་ཞིང་ནམ་མཁའ་གསལ་ལ་སྐྱ། །ནམ་མཁའ་མཐིང་ནག་འབྲུག་སྒྲ་གློག་ཀྱང་མྱུར། །སྤྲིན་དལ་རླུང་འཚུབ་ཀ་ར་ར་བྱེད་ན། །ཉི་མ་ཕྱི་དྲོ་མུན་འཚུབ་དུས་ལ་འོང་། །སྤྲིན་དཀར་འཕང་མཐོ་རླུང་དྲག་ཤེད་ཆེ་ན། །ཉི་མ་ཕྱེད་ཡོལ་མན་གྱིས་སེར་བ་འོང་། །དུད་ཁ་སེམས་ཅན་གཟུགས་འདྲ་ཀླུ་ཡིན་ཏེ། ཁམ་ནག་རླུང་འཚུབ་འབྲུག་གློག་ཆེ་བ་ན། །བདུད་ཀྱི་སེར་བ་མུན་འཚུབ་ནམ་ཕྱེད་འོང་། །སེར་པོ་རླུང་འཚུབ་སྐོར་སྐོར་བཙན་གྱི་ཡིན། །སྤྲིན་ནག་ནམ་མཁའ་སྐྱ་ལ་འཚུབ་མ་འོང་། །ལྷ་སྲིན་སྡེ་བརྒྱད་འདུས་པའི་སེར་བ་ཡིན། །སྤྲིན་ནག་ཐད་དཀར་འཁྱིལ་ཞིང་གཞན་རྣམས་དྭངས། །དེ་ནི་གཟའ་ཡི་སེར་བ་ཡིན་པར་བཤད། །དེ་ལྟར་སེར་བ་བཅས་ནས་བྱུང་བའི་དུས། །དེ་ལ་ཁ་གྱུས་སྔགས་ནི་མི་རུང་སྟེ། །སྡེ་བརྒྱད་ཁྲག་སྐྱུག་གཟའ་ཡི་ལྟོ་བ་འགས། །རང་ཉིད་སྡེ་བརྒྱད་ཀུན་དང་འགྲས་ཚབ་ཆེ། །དེ་ཕྱིར་སེར་སྤྲིན་ལ་ནི་རྒྱབ་རྟེན་བསྔགས། །ཕྱི་ལྟས་བྱས་ལ་ཕུ་དང་སྡིགས་མཛུབ་བྱ། །ཕྱག་གཡོན་རླུང་འཚུབ་སྤྲོས་པས་སེར་སྤྲིན་གཏོར། །ཕྱག་གཡས་མེ་དཔུང་འབར་བས་སེར་བ་བཞུས། །སེར་སྤྲིན་བྱུང་ནས་བཟུང་སྟེ་གདོང་ཟློག་སྔགས། །འདི་ཉིད་དྲག་ཏུ་བརྗོད་ཅིང་སྔགས་པར་བྱ། ཨོཾ་བཛྲ་དུན་ཏོ་ཨི་ཀ་ནི་ཀོན༔ ཙ་ལ་མ་ལ་ཏི་ལི༔ སེར་བ་མཱ་ར་ཡ་ཕཊ༔ ཟློག་ཟློག༔ གནོད་བྱེད་སེར་བ་སེར་བྱེད་དང་བཅས་པ་ཛྭ་ལ་རཾ་རཾ༔ སེར་སྤྲིན་གཏོར་མ་ཐུབ་ཅིང་འཁྲིགས་བསྡད་ན། །ལྕགས་ཕྱེ་བསྲེས་པའི་ཐུན་ནི་ཡོད་ན་འཕང་། །ལག་གཡས་རྡོ་རྗེའི་ཕྱག་རྒྱ་བྱས་ནས་ཀྱང་། །སེར་ལམ་སྟོན་པའི་སྔགས་འདི་བརྗོད་བྱ་སྟེ། ཨོཾ་བཛྲ་དུན་ཏོ་ཨི་ཀ་ནི་ཀོན༔ ཙ་ལ་མ་ལ་ཏི་ལི༔ སེར་བ་བྷྱོ་བྷྱོ་དྷི་ར་བྷྱོ་འདིར་བྷྱོ༔ ཞེས་པའི་སྔགས་ནི་དེ་ཡི་མཇུག །ལོ་ཐོག་མེད་པའི་ས་ཕྱོགས་སུ། །ནགས་ཚལ་ཆེ་ན་འདི་ཉིད་སྦྱར། ནགས་རི་ལ་རྒྱོབ་ཡ་ཆོམས། སྤང་རི་ཆེ་ན་འདི་ཉིད་སྦྱར། །སྤང་རི་ལ་རྒྱོབ་ཡ་ཡོཾ༔ བྲག་རི་ཆེ་ན་འདི་ཉིད་སྦྱར། །བྲག་རི་ལ་རྒྱོབ་ཡ་ཧོཾ༔ རྫ་རི་ཆེ་ན་འདི་ཉིད་སྦྱར་། །རྫ་རི་ལ་རྒྱོབ་ཡ་ཡཱ༔ མཚོ་འམ་ཆུ་ཆེན་ཡོད་པ་ན། ཆུ་ལ་རྒྱོབ་ཡ་ཡཱ༔ ཞེས་པ་གང་རུང་ཤམ་བུ་གཅིག་སྦྱར་གྱིས། །ཐམས་ཅད་སྦྱར་ནི་མི་རུང་ངོ་། །དེ་ཕྱོགས་རྡོ་རྗེས་ལམ་བསྟན་པས། །སེར་བ་དེ་རུ་འགྲོ་བར་འགྱུར། །གལ་ཏེ་སེར་རྐང་བཙུགས་བྱུང་ན། །ཡོད་ན་ཤིང་རལ་གཡུག་བྱ་སྟེ། །མེད་ན་རལ་གྲིའི་ཕྱག་རྒྱ་གཡུག །གནམ་ལྕགས་ངར་མའི་རལ་གྲི་ཡིས། །སེར་བའི་རྐང་པ་བཅད་པར་བསྒོམ། །ལག་པ་ཁྱུང་གི་ཕྱག་རྒྱ་བྱས། ཁྱུང་གིས་གཤོག་པས་སེར་སྤྲིན་རྣམས། །གཤག་ཅིང་མེ་ཡིས་བསྲེགས་པར་བསྒོམ། །དེས་མ་ཐུབ་ན་ཐུན་དང་ཟོར། ཁྲོ་བོ་ཁྱུང་བཅས་མེ་འབར་བསྒོམ། །སེར་བའི་གདོང་དུ་བརྒྱབ་པ་ཡིས། །སེར་བ་སེར་བྱེད་གཞོབ་པར་བསྒོམ། །རྡོ་རྗེའི་འགྲོས་བྱས་ཕུར་པ་འདྲིལ། །སེར་འབྲུ་ཁར་བཅུག་གནམ་དུ་སྟོར། །ཤིན་ཏུ་ཐུ་ན་ཞྭ་གོས་བརྡབ། །རྟེན་གཏོར་འཕང་པས་ཐེ་ཚོམ་མེད། །དེ་ནས་སེར་བ་ཡལ་བ་དང་། །ཉམས་ལེན་སྟོང་ཉིད་ངང་ལ་བཞག ༈ །དེ་ནས་སྐད་ཅིག་དྲན་རྫོགས་སུ། །རང་ཉིད་ཁ་སར་པ་ཎིའི་སྐུ །ནམ་མཁའ་ཁྱབ་པའི་ཕྱག་གཡས་ཀྱིས། །མཆོག་སྦྱིན་མཐིལ་ནས་ཧྲཱིཿདཀར་ལས། །བདུད་རྩི་འོ་མའི་མདོག་ལྟ་བུ། །ཆུ་བོ་ཆེན་པོའི་རྒྱུན་བཞིན་བབ། །ལྷ་འདྲེ་ཀུན་ལ་ཁྲུས་བྱས་པས། །སྣད་ཡར་སྨད་འགྲམ་བྱུང་བ་གསོས། །བདུད་རྩི་འཐུང་བས་ངོམ་ཞིང་ཚིམས། །ཐལ་མོ་སྦྱར་ནས་ཆོས་ཉན་བསྒོམ། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལྷ་འདྲེ་རྣམས་ལ་ཆོས་སྦྱིན་དང་། །འབུ་སྲིན་རྣམས་ལ་སྐྱབས་ཀྱི་སྦྱིན། །རྩམ་ཟན་རྣམས་ལ་ཟང་ཟིང་སྦྱིན། །སེམས་ཅན་ཀུན་ལ་བྱམས་པའི་སྦྱིན། །སེར་སྲུང་སྦྱིན་པ་རྣམ་བཞི་འདིས། །བླ་མེད་བྱང་ཆུབ་འབྲས་ཐོབ་ཤོག །ཅེས་བརྗོད་བསྔོ་བ་སྨོན་ལམ་བྱ། །ཐོག་ཆོད་སྐྱ་ནི་ཞམ་པའི་དུས། །གཏང་རག་བསང་མཆོད་ཐོན་ན་ལེགས། །ཚོགས་དང་མཆོད་གཏོར་རྒྱས་པར་འབུལ། །གཏང་རག་ལེགས་སོ་ཐོན་ན་ནི། །དེ་ཕྱིར་སྲུང་ཡང་སླ་བ་ཡིན། །སེར་གཏའ་རྣམས་ཀྱང་བསྡུས་ན་ལེགས། །རབ་གནས་སྤར་ནས་ཕྱིར་ལོ་བཀྲམ། །གལ་ཏེ་བསྡུ་བར་མ་གྲུབ་ན། །རྗེས་ཆོག་སྐབས་སུ་དམིགས་པས་བསྡུ། །བསྟིམས་པའི་ལྷ་རྣམས་གཤེགས་གསོལ་བྱ། །དེ་དག་ཐམས་ཅད་རྡོ་རྗེ་མཆུ། ཁོ་ནའི་གཞུང་ནས་བྱུང་བ་སྟེ། །རྡོ་རྗེ་མཆུ་ཡི་རྩ་སྔགས་མཇུག །ག་རུ་ཊཿཧཾ་ས་ཙ་ལེ་ཙ་ལེ་སྭཱ་ཧཱ༔ ཡོར་གེ་ག་གེ་སད༔ བཾ་བཾ་སད༔ རཾ་རཾ་སད༔ ཕུར་ཕུར་སད༔ པྲ་མུ་ཏི་སད༔ ཅེས་པའི་ཤོག་དྲིལ་བྲིས་ནས་ཀྱང་། །རང་སྔགས་དེ་ཡིས་ཅི་འགྲུབ་སྔགས། །སེར་དུང་ལ་ནི་དཀྲིས་ཏེ་བཅིང་། །བུས་པས་སེར་བ་ཐུབ་པར་བཤད། །སིར་སྒྲ་ཙིར་སྒྲ་གྲགས་པ་འམ། རྨི་ལམ་མགར་ཚང་མགར་བྱེད་མཐོང་། །ཉམས་སྣང་ལྕགས་རྡུང་སྒྲ་ཐོས་ན། །ཐོག་ནི་འོང་བའི་ལྟས་ཡིན་པས། །ཐོག་དམིགས་གཞུང་དུ་གསལ་ལྟར་ལས། །ནི་ནཱ་ག་ཛ་མུན་ཏི་ཨ༔ དེ་ཉིད་ཅུང་ཟད་བཟླས་པས་ཐུབ། །མཐིང་ཤོག་ལ་ནི་གསེར་གྱིས་བྲིས། །རང་སྔགས་དེས་སྔགས་བཏག་པ་ན། །ཐོག་སྲུང་དེ་ལས་ཟབ་པ་མེད། །རང་བྱུང་བ་དང་ཨོ་རྒྱན་གསུངས། །དེ་གཉིས་གཞན་ནས་ཁ་བསྐངས་བྱས། །ལྷ་བཙུན་སྔོན་མོའི་གཏེར་མ་ཡི། །རྡོ་རྗེ་མཆུ་ནི་རྒྱས་ན་ཡང་། །གཏེར་རྙིང་དབང་ལུང་བརྒྱུད་པ་དཀོན། །འཁྲུགས་ཆེ་ཕལ་གྱིས་ ལག་ལེན་དཀའ། །སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ལ། ཁྲོ་བོ་ཉིད་ཀྱིས་གསུངས་པའི་ཕྱིར། །བརྒྱུད་པ་ཉེ་ཞིང་རྣོ་བ་ཡིན། །དེ་སྔོན་ཐུབ་པའི་ལག་བླངས་མང་། །འོན་ཀྱང་ འདོན་འགྲིགས་ཕྱག་ལེན་བཅས། །གསར་བུ་རྣམས་ལ་ཕན་པའི་ཕྱིར། །འདི་ཡི་དབང་ལུང་ཐོབ་ཕྱི་ནས། །དཔེ་ཆ་ཡོད་པས་ཆོག་པ་འདི། །གཏེར་བློན་རཱ་ག་ཨ་སྱས་ བསྒྲིགས། །དགེ་སློང་བརྩོན་འགྲུས་ཅན་གྱིས་བྲིས། །ཉེས་འགལ་སེར་བདག་རྣམས་ལ་བཤགས། །དགེ་བས་རྩམ་ཟན་མི་རྣམས་ལ། །མི་འཇིགས་སྐྱབས་ཀྱི་སྦྱིན་པར་ ཤོག །མངྒ་ལཾ།། །། ༈ ཟུར་གཉིས་མདུན་འབུར་དོད་ཀྱིས་དཀྱིལ་གཤོང་། གདན་ཟན་གྲུ་གསུམ། མར་རྒྱན་དང་རྩང་མི་བཙུགས། ཧོམ་ཁུང་དམར། གཏོར་མ་ནག་པོ་མ་ཐོན་ཟན་མདོག་རུང་།
དུས་ངན་སྙིགས་མའི་སེམས་ཅན་ཐམས་ཅད་ནད་ཀྱི་འཇིགས་པ་ལས་སྐྱོབ་པའི་མན་ངག་གུ་རུ་དྲག་པོ་མཐིང་གའི་སྒྲུབ་ཐབས་ཟབ་མོ་དགོངས་པའི་གཏེར་ལས་ཕྱུང་སྟེ་འགྲོ་བའི་དོན་དུས་ལ་བབས་ཚེ་བཀོད་པར་བྱས་སོ༔ (Volume 14, Text 2)
ན་མོ་གུ་རུ་བཛྲ་པདྨཱ་ཀ་ར་ཡ༔ དུས་ངན་སྙིགས་མའི་སེམས་ཅན་ཐམས་ཅད་ནད་ཀྱི་འཇིགས་པ་ལས་སྐྱོབ་པའི་མན་ངག་གུ་རུ་དྲག་པོ་མཐིང་གའི་སྒྲུབ་ཐབས་ཟབ་མོ་དགོངས་པའི་གཏེར་ལས་ཕྱུང་སྟེ་འགྲོ་བའི་དོན་དུས་ལ་བབས་ཚེ་བཀོད་པར་བྱས་སོ༔ ཧདྷ་ས་མ་ཡ་རྒྱ་རྒྱ་རྒྱ༔ ན་མོ་གུ་རྱ་པདྨ་བཛྲ་ཡེ༔ ཆོས་སྐུ་སྣང་བ་མཐའ་ཡས་ཉིད༔ མ་རུངས་གདུག་པ་འདུལ་བའི་ཕྱིར༔ པདྨ་འབྱུང་གནས་ཐོད་ཕྲེང་རྩལ༔ དུས་ངན་གདུག་འདྲེ་འདུལ་ཕྱིར་དུ༔ ཀརྨ་དྲག་པོར་ཁྲོས་པའི་སྐུ༔ མ་རུངས་ཚར་གཅོད་དམ་སྲིའི་གཤེད༔ སྙིགས་མའི་འགྲོ་ལ་དཔལ་དུ་ཤར༔ སྒྲུབ་ཐབས་མཁའ་འགྲོའི་སྙིང་ཁྲག་འདི༔ མུ་ཁྲི་བཙན་པོ་ཁྱོད་ལ་གཏད༔ མ་འོངས་ཉི་ཤུ་ཁ་རལ་དུས༔ འདྲེ་སྲིན་མངོན་རྒྱུག་འགྲོ་ལ་འཚེ༔ མི་ནོར་ནད་གདོན་དགྲ་ཡིས་འཇིགས༔ དེ་དུས་ཁྱེད་ཀྱི་སྤྲུལ་པ་ཡིས༔ འདི་སྤེལ་འགྲོ་བའི་བར་ཆད་སེལ༔ སྐལ་ལྡན་ལས་ཅན་རྣལ་འབྱོར་རྣམས༔ སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་བསྒོམ༔ ཆོས་བྱེད་སྲོག་གི་གོ་ཆར་ཤོག༔ ས་མ་ཡ་རྒྱ་རྒྱ་རྒྱ༔ དཀོན་མཆོག་གསུམ་དངོས་པདྨ་འབྱུང༔ སྙིང་ནས་འགྲོ་ཀུན་སྐྱབས་སུ་མཆི༔ མར་གྱུར་དུས་གསུམ་སེམས་ཅན་རྣམས༔ སངས་རྒྱས་ཐོབ་པར་སེམས་བསྐྱེད་དོ༔ ལན་གསུམ། ཨོཾ་སྭ་བྷཱ་བ་སོགས། རང་སེམས་ཀ་དག་རྫོགས་པ་ཆེན་པོའི་ཀློང་ལས༔ རང་རྩལ་འགག་མེད་ཀྱི་རང་མདངས༔ ནམ་མཁའ་ལས་སྤྲིན་ལྡང་བ་ལྟ་བུ༔ གུ་རུ་དྲག་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཁྲོ་ཞིང་གཏུམ་པ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་པ་མེ་དཔུང་མཚོན་ཆའི་ཐོག་སེར་འབེབ་པ༔ གནོད་བྱེད་དམ་སྲི་རྒྱལ་འགོང་རྡུལ་དུ་བརླག་པ༔ གཡོན་གནམ་ལྕགས་ཀྱི་སྡིག་པ་མགོ་དགུ་རྭ་བཅོ་བརྒྱད་དང་ལྡན་པས་དགྲ་བགེགས་དམ་སྲི་ཧབ་ཧབ་ཏུ་གསོལ་ཞིང་རྗེས་མེད་དུ་བརླག་པ༔ ཞེ་སྡང་མེ་ལྟར་འབར་བ་འཛིན་པ༔ དབུ་སྐྲ་རལ་པ་དམར་པོས་བར་སྣང་ཁེངས་པའི་གསེབ་ནས་ཁྲོ་ཚོགས་མཚོན་ཆ་ཆར་ལྟར་འབེབ་པ་ཐོད་སྐམ་ལྔས་དབུ་ལ་བརྒྱན་པའོ༔ སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་པ༔ ཞབས་གཉིས་རྒྱལ་བསེན་ཕོ་མོ་མནན་པ༔ བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་བཞུགས་པ༔ ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ༔ བདུད་དང་ལོག་འདྲེན་ཐམས་ཅད་ཚར་གཅོད་པ༔ གཡས་སུ་ཡཀྴ་མེ་དབལ་དམར་སྨུག་གཡས་ཐོ་བ་དང་གཡོན་ལྕགས་ཀྱུ་འཛིན་པ༔ ཆ་ལུགས་གཙོ་བོ་ལྟ་བུ༔ གཡོན་དུ་ཁྲོས་མ་ནག་མོ་གྲི་གུག་ཐོད་ཁྲག་བསྣམས་པ༔ སྐུ་མདོག་མཐིང་ནག་ཁྲོ་མོའི་ཆས་ཀུན་རྫོགས་པ༔ མདུན་དུ་ལྕགས་སྡིག་ནག་པོ་རྒྱལ་བསེན་དམ་སྲི་ཟས་སུ་ཟ་བ༔ རྒྱབ་ཏུ་ཐང་ལྷ་རྡོ་རྗེ་འབར་བ་མཐིང་ནག༔ གཡས་རལ་གྲིས་རྒྱལ་འགོང་སྲོག་རྩ་གཅོད་ཅིང༔ གཡོན་དམ་སྲིའི་ཙིཏྟ་ཞལ་དུ་གསོལ་བ༔ ཁྲོ་གཏུམ་འཇིགས་སུ་རུང་བ་རྟ་ནག་ལ་ཞོན་པ༔ སྟེང་དུ་ཡེ་ཤེས་བྱ་ཁྱུང་ནག་པོ་རལ་གྲིའི་གཤོག་པ༔ སྤུ་གྲིའི་མཇུག་མ༔ མཆུ་སྡེར་དང་རྭ་རྩེ་ནས་བསྐལ་པའི་མེ་འབར་བ༔ ཀླུ་རིགས་དང་ནད་བདག་ཕོ་མོ་ཟས་སུ་ཟ་བ༔ སྒྲོ་གསེབ་ལས་རྡོ་རྗེ་མཚོན་ཆའི་མེ་ཆར་འབེབ་པ༔ ཕྱག་གཡས་རྡོ་རྗེ་དང་གཡོན་དུག་སྦྲུལ་ཞལ་དུ་གསོལ་བ༔ སྲིད་གསུམ་ཟིལ་གྱིས་གནོན་པའོ༔ གཙོ་བོའི་གནས་གསུམ་ཨོཾ་ཨཱཿཧཱུྃ་ལས་འོད་ཟེར་འཕྲོས་པས། རྔ་ཡབ་ཟངས་མདོག་དཔལ་གྱི་རི་བོ་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པའི་ལྷ་ཚོགས་འཁོར་དང་བཅས་པ་སྤྱན་དྲངས་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར༔ སླར་ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཞི་ཁྲོའི་ལྷ་ཚོགས་ཐོད་ཕྲེང་སྡེ་ལྔ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས༔ སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས༔ ཡེ་ཤེས་ལྔ་ཡི་དབང་བསྐུར༔ དབང་རྟགས་སུ་རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར༔ རང་གི་ཐུགས་ཀར་ཡེ་ཤེས་སེམས་དཔའ་པདྨ་བཛྲ་སྐུ་མདོག་མཐིང་ག་རྡོ་རྗེ་དང་དྲིལ་བུ་བསྣོལ་ཐབས་སུ་འཛིན་པ་ཡུམ་མནྡཱ་ར་བ་ལ་འཁྱུད་པ༔ ལོངས་སྐུའི་ཆ་ལུགས་རྫོགས་པ༔ མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་ཐུགས་ཀར་ཟླ་བ་དང་ཉི་མའི་སྟེང་དུ་ཏིང་འཛིན་སེམས་དཔའ་ཐུགས་སྲོག་ཧཱུྃ་ཡིག་མཐིང་ག་ལ་སྔགས་ཕྲེང་གཡས་སུ་འཁོར་བ་ལས་འོད་ཟེར་མཐིང་ནག་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་མཆོད༔ བྱིན་རླབས་ནུས་མཐུ་བསྡུས་ཏེ་ཐུགས་ཀར་ཐིམ༔ འོད་ཟེར་ཕྱི་སྣོད་འཇིག་རྟེན་ནང་བཅུད་རིགས་དྲུག་སེམས་ཅན་གཟུགས་ཅན་གཟུགས་མེད་ཐམས་ཅད་ལ་ཕོག༔ སྡུག་བསྔལ་སྡིག་སྒྲིབ་སྦྱངས༔ མ་རུངས་གདུག་པ་ཅན་ཚར་བཅད༔ ཚེ་བསོད་མཐུ་སྟོབས་ནུས་པ་ཐམས་ཅད་བསྡུས་ནས་ཐུགས་སྲོག་སྔགས་ཕྲེང་ལ་ཐིམ་པས་སྔགས་ཀྱི་རང་སྒྲ་འབྲུག་སྟོང་དུས་གཅིག་ལྡིར་བ་ལྟ་བུའི་སྒྲ་སྒྲོག་པས༔ ཕྱི་སྣོད་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང༔ ནང་བཅུད་སེམས་ཅན་གུ་རུ་དྲག་པོའི་སྐུར་གྱུར༔ སྒྲ་གྲགས་ཐམས་ཅད་དྲག་པོ་སྔགས་ཀྱི་སྒྲ༔ དྲན་རྟོག་ཐམས་ཅད་ཐུགས་བློ་འདས་ཀ་དག་རྫོགས་པ་ཆེན་པོའི་ཀློང་ནས་འཁོར་འདས་དབྱེར་མེད་སྐྱེ་འཆི་འགྲོ་འོང་བྲལ་བ་ནམ་མཁའ་ལྟ་བུའི་ངང་ནས་གཟུངས་སྔགས་གྲགས་སྟོང་འབྲུག་སྒྲ་ལྟ་བུ་བཟླས་པར་བྱའོ༔ ཞི་བསྙེན་བཟླ་བ་ནི༔ ཟླ་གདན་ཐུགས་སྲོག་ལ་དམིགས༔ ཨོཾ་པདྨ་བཛྲ་ཧཱུྃ༔ འབུམ་ཕྲག་དྲུག་གམ་བཞི་བཟླས་པས་འགྲུབ༔ ྈྈྈ དྲག་སྔགས་ཉི་གདན་ཐུགས་སྲོག་ལ་དམིགས༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཕཊ༔ འབུམ་ཕྲག་གསུམ་མམ་བཞི་བཟླས་འགྲུབ༔ འཁོར་རྣམས་ལ༔ ཨོཾ་ཁྲོཾ་ག་རུ་ཌ་ཧཱུྃ་ཕཊ༔ ཁྱུང༔ ཨོཾ་བཛྲ་ཧཱུྃ༔ ཡཀྴ་ཧཱུྃ༔ མེ་དབལ༔ རཀྴ་ཧཱུྃ༔ སྡིག་པ༔ ཨོཾ་བཛྲ་བྷཱ་རཱ་ཧཱི་ཧཱུྃ་ཕཊ༔ ཁྲིའམ་སྟོང་བཟླས་པས་འགྲུབ༔ ཁྲོས་མ༔ ཨོཾ་བཛྲ་འབར་བ་རྩལ་རཱ་ཙ་བིགྷྣཱན་མཱ་ར་ཡ་ཕཊ༔ བརྒྱ་ཕྲག་བཟླ༔ ཐང་ལྷ༔ སྡེ་བརྒྱད་གཟིར་ན༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་བྷྱོ་བྷྱོ༔ ཟློག་ཟློག༔ བྷྱོ་ཟློག་ཅིག༔ བྱད་མ་རྦོད་གཏོང་སྡང་དགྲ་གནོད་བྱེད་དམ་སྲི་ཕོ་མོ་ནད་བདག་ཡམས་བདག་ཡུལ་འདྲེ་འབྱུང་པོ་མཐའ་ཡི་དམག་དཔུང་ནད་མུག་མཚོན་འཁྲུགས་ཐམས་ཅད་མཱ་ར་ཡ་ཕཊ༔ ཟློག་ཟློག༔ ནན་ནན༔ ཁ་ཐཾ་ཁ་ཆིངས༔ ལན་བརྒྱའམ་ཉེར་གཅིག་བཟླ༔ ལས་ཚོགས་རིམ་པ་གཞན་དུ་ཤེས༔ མཐར་ནི་བདག་ལུས་སྣོད་བཅུད་ཀུན༔ སྐྱེ་མེད་ཡི་གེ་ཧཱུྃ་ལ་ཐིམ༔ དམིགས་མེད་ཀ་དག་ཀློང་དུ་ཐིམ༔ གདོད་མའི་ཀུན་བཟང་མངོན་གྱུར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གབ་རྒྱ༔ གསང་རྒྱ༔ སྐལ་ལྡན་ལས་ཅན་བུ་ལ་གཏད་རྒྱ༔ ཀྱེ་མ་ཉོན་དང་ལས་ཅན་རིག་འཛིན་རྣམས༔ མ་འོངས་སྙིགས་མ་ཉི་ཤུ་ཁ་རལ་དུས༔ སྐལ་མེད་འགྲོ་རྣམས་ལོག་སྤྱོད་བདུད་ཀྱིས་ཁྱེར༔ བླ་མ་ཆོས་མེད་དཀོར་ནག་དུག་གིས་འཆིང༔ ཚུལ་འཆོས་མཁས་པས་སྐལ་མེད་སེམས་ཅན་བསླུ༔ རབ་བྱུང་སྡོམ་ཉམས་ཁས་དྲག་ནོར་ལ་བརྣག༔ ལྐོག་ཏུ་ཆགས་སྤྱོད་མངོན་དུ་མི་ཐབས་མཁས༔ ཐར་མེད་སེམས་ཅན་ཀུན་གྱིས་སྐྱབས་སུ་འཛིན༔ བུད་མེད་ཁྲེལ་མེད་འདོད་ཆགས་མེ་ལྟར་འབར༔ འདུལ་བའི་བསྟན་སྣུབ་ཡུལ་སྡེ་གྲོང་ཡུལ་དཀྲུག༔ ལུས་ངན་སེར་སྐྱ་ཐམས་ཅད་དེ་ལ་འདུ༔ རྗེ་དཔོན་ཁྲེལ་མེད་འགྲོ་བའི་བདེ་སྐྱིད་འཕྲོག༔ དམག་འཁྲུགས་བདེན་རྫུན་གོ་ལོག་བཙན་པོས་འདུལ༔ ལུས་ངན་སེམས་ཅན་དེ་ཡི་བྲན་དུ་སྐྱེ༔ སྐྱེ་བོ་དྲེགས་པས་སངས་རྒྱས་བསྟན་ལ་སྡང༔ དབེན་གནས་བཅོམ་ཞིང་དགེ་འདུན་ཆོས་འཁོར་བཤིག༔ དགེ་མེད་རྐུན་ཇག་ཁྲམ་པ་དཔོན་དུ་བཀུར༔ དེ་རྣམས་སྙིགས་དུས་སེམས་ཅན་རང་རྟགས་ཡིན༔ བླ་མ་འདྲེན་སྟོབས་གང་ཆེ་སྐུ་ཚེ་ཐུང༔ སྒོམ་ཆེན་རྟོགས་ལྡན་ཐམས་ཅད་ཀུན་གྱིས་སྡང༔ སྐྱེ་བོ་ཆོས་ལྡན་ཐམས་ཅད་རྐྱེན་ངན་མང༔ དེ་འདྲའི་དུས་ཤར་སེམས་ཅན་སྡུག་བསྔལ་མནར༔ མནའ་སྡིག་སྲོག་གཅོད་ལས་འབྲས་དངོས་སུ་སྨིན༔ མཁའ་འགྲོ་ཆོས་སྐྱོང་ལྷ་སྲིན་སྡེ་བརྒྱད་འཁྲུགས༔ དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་གཞི་བདག་འཁྲུགས༔ མ་མོ་འཁྲུགས་པས་རིམས་ནད་སྣ་ཚོགས་འབྱུང༔ མི་མཐུན་རྐྱེན་ངན་འགོས་ནད་ཡམས་ནད་ཀྱིས༔ ས་སྟེང་མི་ནོར་ཐམས་ཅད་གློ་བུར་འཆི༔ སུས་ཀྱང་བཅོས་ཐབས་མེད་པ་རང་བྱས་ལས༔ སངས་རྒྱས་ཐུགས་རྗེ་ཆུང་བ་མ་ཡིན་ནོ༔ གཏེར་མིན་གཏེར་འདྲ་ས་སྟེང་ཟོག་པོས་འདུལ༔ ཨོ་རྒྱན་བདག་གི་ཕོ་ཉ་ཁྱི་བས་བརྙས༔ བླ་གཟུགས་ཕྲག་དོག་ཅན་གྱིས་འགྲོ་དོན་འགོག༔ སེར་གཟུགས་ང་རྒྱལ་ཅན་གྱིས་ངན་སྨྲས་སྒྲོག༔ ལས་ངན་ཕོ་མོས་གཤེད་མ་བས་ཀྱང་སྡང༔ ཡེ་ཤེས་སྤྱན་ལྡན་རྒྱལ་བས་ལུང་བསྟན་ཀྱང༔ བདུད་ཀྱིས་བསླུས་པའི་སེམས་ཅན་ཡིད་མི་ཆེས༔ དེ་རྣམས་ཐར་མེད་མར་འགྲོའི་ཟང་ཐལ་ཡིན༔ ང་ཉིད་དངོས་སུ་བྱོན་ཀྱང་གྲོལ་རེ་ཀན༔ དེ་འདྲའི་དུས་སུ་སྒྲུབ་པ་དང་དུ་ལོངས༔ སུ་མ་མགུ་ཡང་ང་ལ་གསོལ་བ་ཐོབ༔ ཅི་ལྟར་བྱུང་ཡང་ཡིད་གཉིས་ཐེ་ཚོམ་སྤོངས༔ པད་འབྱུང་ཆོས་གཏེར་བརྒྱུད་པ་ཉམས་སུ་ལོངས༔ རྐྱེན་ངན་ཅི་བྱུང་ཐམས་ཅད་གྲོགས་སུ་ཁྱེར༔ རི་ཁྲོད་གངས་ཁྲོད་དབེན་གནས་སྒྲུབ་པ་གྱིས༔ བསྙེན་སྒྲུབ་ཚད་སྐྱོལ་བསྐྱེད་རྫོགས་གཙོ་བོར་ཐོན༔ མཚན་ལྡན་ཕྱག་རྒྱ་སྐལ་ལྡན་སློབ་མ་སྐྱོངས༔ ཆོས་ཀྱི་ཡང་སྙིང་རང་སེམས་ངོ་བོ་སྐྱོངས༔ འདི་ཕྱི་ཀུན་ཏུ་པད་འབྱུང་ངས་མི་བསླུ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ད་ལྟ་དྲག་པོ་ཐུགས་ཀྱི་སྒྲུབ་པ་འདི༔ སྦས་གནས་འགའ་ལ་འགའ་རེ་སྦས་པ་ཡོད༔ དེ་ཡང་དུས་བབ་ཁྱོད་ལ་གཏད་པ་ཡིན༔ ཐུགས་སྒྲུབ་འདི་ཉིད་ཐུགས་ཀྱི་ཀློང་དུ་སྦས༔ མེ་ཁམས་རྟ་ལུག་ནད་ཡམས་མེ་ལྟར་འབར༔ ཏྲེ་ཏྲེ་ཧོན་གྱིས་བོད་ཀྱི་ནོར་ལུག་བརླག༔ དམ་སྲི་གྲོད་པ་མགོ་ནི་མངོན་དུ་རྒྱུག༔ རྒྱ་ནད་མཐའ་ནད་མི་ཡི་སྲོག་ལ་འབབ༔ རྒྱ་ཐེལ་ཅན་དང་སྲིན་མོ་དངོས་སུ་འོང༔ དེ་དུས་འདི་དང་འཕྲད་པའི་སྐལ་ལྡན་རྣམས༔ མི་འཇིགས་རིན་ཆེན་སྲོག་གི་གོ་ཆ་ཡིན༔ ཐེ་ཚོམ་མེད་པར་སྐལ་ལྡན་རྣམས་ལ་སྤེལ༔ ཉམས་སུ་ལོངས་དང་བྱིན་རླབས་ཁྱད་པར་འཕགས༔ བཛྲ་གུ་རུ་རླུང་དར་རྒྱུན་ཁ་དང༔ མ་ཎི་སཱཙྪ་ཆུ་གཏོར་གླུད་ཡས་ཐོངས༔ རྡོ་རྗེ་གྲོ་ལོད་སྲིད་གསུམ་གཏིང་ཟློག་འབད༔ ནད་བདག་དམ་སྲི་གླུད་དང་བསད་མནན་ཟློག༔ མན་ངག་ཁ་ཚར་རིམ་གྱིས་སྤེལ་བར་གྱིས༔ རིག་འཛིན་ཆོས་རྒྱལ་རྡོ་རྗེའི་ཆོས་སྐལ་མཛོད༔ མ་འོངས་སེམས་ཅན་སྐྱོབ་པའི་འགྲོ་དོན་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཅེས་ས་སྤྲེལ་གནམ་ལོ་གསར་ཚེས་གནས་ཆེན་ཙ་རི་ཏྲ་ཡི་གནས་སྒོ་འབྱེད་པའི་ཚེས་གཅིག་ཏིང་འཛིན་རྒྱལ་པོའི་དུས་དགོངས་པའི་གཏེར་ལས་ཕྱུང་སྟེ་སྤེལ་བས། སངས་རྒྱས་བསྟན་པ་གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཆོས་ཡུན་དུ་གནས་ཤིང་རྒྱལ་ཁམས་བདེ་སྐྱིད་དཔལ་འབྱོར་གྱིས་ཡུན་དུ་འཚོ་ཞིང་དམ་པའི་ཆོས་ལ་སྤྱོད་པའི་སྐལ་པ་དང་ལྡན་པར་གྱུར་ཅིག །ཆུ་མོ་ལུག་གི་ལོ་ནས་ས་ཕོ་སྤྲེལ་བར་གསང་རྒྱ་བྱས་པས་བར་ཆད་གང་གིས་མི་ཚུགས་པར་ཟབ་རྒྱ། མངྒ་ལཾ།། ༈ །། ྈ དྲག་པོ་ཁྲོས་པའི་ལྷ་ལ་འདུད༔ ལས་ཚོགས་ཟབ་པའི་མཐར་ཐུག་ནི༔ ལས་ཀྱི་རྣམ་སྨིན་སྒྲིབ་སྦྱོང་ནི༔ ཨོཾ་པདྨ་བཛྲ་ཧཱུྃ༔ དུས་གསུམ་བསགས་པའི་སྡིག་སྒྲིབ་བར་ཆད་ནད་གདོན་སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཟླ༔ ༈ དྲག་སྔགས་ཤམ་བུ་སྡེ་བརྒྱད་སོགས་གཟིར་བ་གཞུང་ལྟར༔ ཁྱུང་ཤམ་ལ༔ མི་ནད་ལ་རྩ་སྔགས་མཐར༔ ཨོཾ་རྒྱ་ནད་སོད༔ རྒྱུ་གཟེར་སོད༔ ཚད་རིམས་མགོ་གཟེར་སོད༔ ནག་པོ་སྙིང་གཟེར་སོད༔ དམར་ནག་རྒྱུ་གཟེར་སོད༔ མཁྲིས་པ་རྩ་རྒྱུག་སོད༔ གཉན་ལྷོག་འགགས་གཟེར་སོད༔ ནད་རིགས་བཞི་བརྒྱ་རྩ་བཞི་གཏོང་བའི་ནད་བདག་ཕོ་མོའི་སྲོག་ལ་རྦད་རྦད་རཾ་རཾ་སོད༔ སྔགས་ཆུ་བྱས་པ་འཐུང་བས་ཆོག༔ ༈ ནོར་ནད་ལ་རྩ་སྔགས་མཐར༔ བྱ་ཁྱུང་ནག་པོ་ཏྲེ་ཏྲེ་ཧོན་གྱི་སྲོག་ལ་རྦད་རྦད༔ གློ་ནད་ཁ་ཚའི་ནད་ཞི་ཞི༔ གག་ལྷོག་འགོས་ནད་སྲོག་ལ་རྦད་རྦད་རཾ་རཾ་སོད༔ ཅེས་སྔགས་ཆུ་བྱ༔ ༈ རྟ་ནད་ལ་རྩ་སྔགས་མཐར༔ ལ་བ་བཙན་དུག་གླན་དུག་རྟ་ནད་སྲོག་ལ་རྦད་ཞི་ཞི༔ སྔགས་ཆུ་བྱའོ༔ ༈ བརྣང་སྔགས་ལ༔ ཧག་ཕྱུང་གྱུར་ཕུད༔ ཕུ་བྱ༔ ༈ ཁྱི་སྨྱོན་སྔགས་ལ༔ རྩ་སྔགས་མཐར༔ ཁྱི་ནད་ཤ་ཟ་ནག་པོའི་གདོན་ལ་རྦད་རྦད༔ བྱེ་མ་སྔགས་ལ་བཏབ༔ ཨོཾ་ཁྱི་མི་མིན་རུ་རུ་རཾ་རཾ་སྭཱ་ཧཱ༔ ཟན་དང་ཕ་ཝཾ་ལོང་བུ་སྔགས༔ སེར་བ་སྲུང་ཐབས༔ སད་སྲུང་གཞན་དུ་གསལ༔ ཤོག་དྲིལ་ལྕགས་སྦུག་མ་འདི༔ བསམ་ཡས་མཆོད་རྟེན་ནག་པོ་ནས་གདན་དྲངས༔ དྲག་མཐིང་ལས་ཚོགས་གསང་རྒྱ༔ ཟབ་རྒྱ༔ ཆོས་རྒྱལ་རྡོ་རྗེ་བདག་གིས་བཏོན་པ་ས་མ་ཡ་རྒྱ་རྒྱ་རྒྱ༔ ྈྈ རིག་འཛིན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༔ དུས་ངན་སྙིགས་མ་ཉི་ཤུ་ཁ་རལ་དུས༔ མི་ནད་ནོར་ནད་ཁྱི་ནད་སྣ་ཚོགས་འོང༔ གློ་བུར་བཅོས་མེད་ནད་རིགས་བྱུང་གྱུར་ན༔ ཕོ་ལ་གསེར་ཤོག་མོ་ལ་མཐིང་ཤོག་དང༔ ནོར་ལ་ཤོག་སེར་ཁྱི་ལ་ཤོག་སྔོན་ལ༔ རྒྱ་སྣག་གཙང་མས་ཡིག་འབྲུ་མ་ནོར་བྲི༔ མི་ལ་བཏགས་ན་ལོ་གྲངས་ཉི་ཤུ་བསྲུང༔ ནོར་བརྒྱ་སྲུང་གཅིག་ལོ་བཅུ་བར་དུ་བསྲུང༔ རྟ་ལུག་སོགས་ལ་དེ་དང་འདྲ་བ་ཡིན༔ ཁྱི་ལ་ལོ་བཅུ་བར་བསྲུང་ཐེ་ཚོམ་མེད༔ རྫས་སྔགས་དམིགས་པ་གང་ཡང་མི་དགོས་སོ༔ པདྨ་ཐོད་ཕྲེང་རྩལ་གྱི་ཕོ་ཉ་ཨ་ཙ་ར་ཡི་ཆ་བྱད་ཅན་གཅིག་མངོན་དུ་བྱོན་ནས་དགོས་པ་ཁྱད་པར་ཅན་གྱི་དུས་སུ་ཨོ་རྒྱན་ཕྱག་དམ་མ་ཉམས་པའི་ཤོག་སེར་རིག་འཛིན་ཉིད་ལ་གནང་བ་གབ་སྦས་མེད་པར་ཕབ་པར་བཀའ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཆོས་རྒྱལ་རྡོ་རྗེས་ས་ཕོ་སྤྲེལ་གྱི་ལོ་སར་ཚེས་གཅིག་ལ་བྲིས་པ་མངྒ་ལཾ།། །། ༈ མི་ཡི་འགོག་འདིས་ལོ་ཉི་ཤུ་ཐུབ། སིབ། ༈ ནོར་བརྒྱ་བརྒྱ་ལ་སྲུང་བ་གཅིག་བཏགས ཁྱི་ནད་འགོག་ལོ་ཉི་ཤུ་ཐུབ། འབུ་རུ། རིམས་ནད་ཐམས་ཅད་ཐུབ། ན་ལོ་བཅུ་ལ་བསྲུང་ཐུབ། གློ་ཧོན་ཁ་ཚ་འགོས་་ནད་ཐམས་ཅད་ཐུབ།
གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་གསོལ་འདེབས་ (Volume 3, Text 2)
གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་གསོལ་འདེབས་ཞལ་གསུང་མ་ནི། ཀུན་ཁྱབ་འགྱུར་མེད་རྟག་བརྟན་རྡོ་རྗེའི་སེམས། །མཐའ་ཡས་དངོས་པོ་ཀུན་གྱི་ངོ་བོ་ཉིད། །རང་བཞིན་འོད་གསལ་སྙིང་རྗེའི་སྒྱུ་འཕྲུལ་གར། །ཅིར་ཡང་འཆར་བ་དཔལ་ལྡན་བླ་མར་འདུད། །ཕུལ་བྱུང་བསོད་ནམས་ཡེ་ཤེས་རྒྱ་མཚོའི་དངོས། །བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་སྐུ་སོགས། །སྣ་ཚོགས་སྐྱེས་པ་རབས་ཀྱི་ཕྲེང་བ་ནི། །དུ་མའི་ཟློས་གར་སྟོན་ལ་གསོལ་བ་འདེབས། །གྲངས་མེད་བསྐལ་པར་གོམས་པའི་སྙིང་རྗེའི་མཐུས། །བོད་ཡུལ་དབུས་ཀྱི་ནོར་འཛིན་གྲུབ་པའི་གཞིར། །དཔལ་ལྡན་སྨྱོས་རིགས་རྡོ་རྗེ་འཛིན་དབང་གི །སྲས་སུ་ཉེ་བར་བལྟམས་ལ་གསོལ་བ་འདེབས། །གཞོན་ནུ་ཉིད་ནས་བཟང་པོའི་བག་ཆགས་མཐུ། །ལེགས་པར་སད་པས་དབང་བསྐུར་ཆོས་འཆད་སོགས། །དམ་པའི་རྣམ་འགྱུར་ངང་གིས་གསལ་བའི་ཚུལ། །བཅོས་མ་བྲལ་བར་སྟོན་ལ་གསོལ་བ་འདེབས། །དད་དང་སྙིང་རྗེ་ཆེན་པོའི་སྟོབས་རྒྱས་ཤིང་། ཐེག་མཆོག་ལྷ་སྔགས་སྐྱེས་རབས་གླེང་གཞི་སོགས། །འབད་རྩོལ་མེད་པར་ཐོས་པ་ཙམ་གྱིས་མཁྱེན། །འཁོར་ཚོགས་དགའ་བ་བསྐྱེད་ལ་གསོལ་བ་འདེབས། །རིགས་མཆོག་བདག་པོ་རྡོ་རྗེ་འཛིན་དབང་གིས། །བྱིན་བརླབས་དབང་བསྐུར་ཕྱི་ནང་བར་ཆད་བསལ། །སྔགས་ཆོག་སྒྲུབ་ཐབས་དུ་མ་ལོ་བརྒྱད་ནས། །ཐོགས་མེད་གསུང་བར་མཛད་ལ་གསོལ་བ་འདེབས། །བཤེས་གཉེན་དུ་མའི་གསུང་ངག་ཉེར་བསྟེན་ནས། །རིགས་པའི་གནས་དང་ཐེག་པ་རྣམ་གསུམ་གྱི། །གཞི་ལམ་འབྲས་བུའི་རྣམ་གཞག་ཇི་སྙེད་པ། །མཐའ་དག་མཁྱེན་པར་མཛད་ལ་གསོལ་བ་འདེབས། ཁྱད་པར་སྐྱབས་ཀུན་སྙིང་པོ་རིག་འཛིན་རྗེར། །སྡོམ་པ་གསུམ་གྱི་བཀའ་དྲིན་ལེགས་ནོས་ཤིང་། །དཔག་ཡས་རྒྱུད་སྡེའི་དབང་ལུང་མན་ངག་གི །བདུད་རྩི་ངོམས་པར་གསོལ་ལ་གསོལ་བ་འདེབས། །གཞན་ཡང་བཤེས་གཉེན་ལྔ་ཕྲག་རྣམ་ལྔ་ལས། །མདོ་དང་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པ། །ལེགས་པར་གསན་ནས་བསྟན་པའི་སྲོག་འཐུད་པའི། །ཐུགས་བསྐྱེད་རྨད་དུ་བྱུང་ལ་གསོལ་བ་འདེབས། །མ་རྨད་ཐོས་དང་བསམ་པའི་ཤེས་རབ་ཀྱིས། །མདོ་སྔགས་གཞུང་ལུགས་ཀུན་གྱི་དེ་ཉིད་དོན། །འཕགས་བོད་མཁས་གྲུབ་དུ་མའི་བཞེད་སྲོལ་བཞིན། །མ་འདྲེས་ཐུགས་སུ་ཆུད་ལ་གསོལ་བ་འདེབས། །དབེན་པའི་གནས་སུ་བླ་མ་ཞི་ཁྲོ་དང། །སྒྲུབ་སྡེ་བརྒྱད་སོགས་རབ་འབྱམས་ལྷག་པའི་ལྷ། །བསྙེན་ཅིང་སྒྲུབ་ཚེ་ཞལ་གཟིགས་ལུང་བསྟན་པའི། །ངོ་མཚར་མཚན་མ་བརྙེས་ལ་གསོལ་བ་འདེབས། །མྱུར་བདེ་རྫོགས་རིམ་ཟབ་མོའི་གསང་བ་ཀུན། །ཐུན་མོང་མིན་པའི་གནད་ཀྱིས་བྱང་ཆུབ་ནས། །རྩ་རླུང་ཐིག་ལེའི་འགྲོས་རྣམས་དབུ་མའི་དབྱིངས། །རྗེས་མཐུན་རྫོགས་པར་གྱུར་ལ་གསོལ་བ་འདེབས། །གདོད་མའི་མགོན་པོ་རྩ་བའི་བླ་མ་དང་། །ཐུགས་ཡིད་དབྱེར་མེད་འདྲེས་པས་ཟབ་མོའི་དོན། །ཀ་དག་རྫོགས་ཆེན་རང་སྣང་རིས་མེད་ཀྱི། །དགོངས་པ་མངོན་དུ་གྱུར་ལ་གསོལ་བ་འདེབས། །ལྷུན་གྲུབ་ཐོད་རྒལ་རྡོ་རྗེའི་གསེང་ལམ་ཆེར། །ཡེ་ཤེས་ནང་གསལ་གཞོན་ནུ་བུམ་སྐུའི་གདངས། །མངོན་སུམ་རྟགས་སྣང་མཐར་ཕྱིན་སྣང་བ་གསུམ། །མངོན་གྱུར་ཡེ་ཤེས་གཟིགས་ལ་གསོལ་བ་འདེབས། བཟང་པོའི་ལས་ཀྱི་འཕྲོ་བཞིན་མཁའ་འགྲོ་ཡི། །ལུང་གིས་བསྐུལ་ནས་ཤ་འུག་ལྟག་སྒོ་སོགས། །གཏེར་གནས་རྣམས་ནས་ཟབ་གཏེར་འདོད་པ་དགུའི། །སྒོ་འཕར་གཅིག་ཅར་ཕྱེ་ལ་གསོལ་བ་འདེབས། །པདྨ་འབྱུང་གནས་བི་མ་བཻ་རོ་དང་། །མཚོ་རྒྱལ་ཉང་དང་ཆོས་དབང་ཀུན་མཁྱེན་སོགས། །དམ་པ་དུ་མས་དངོས་ཉམས་རྨི་ལམ་དུ། །དབང་བསྐུར་ལུང་བསྟན་ཐོབ་ལ་གསོལ་བ་འདེབས། །རྡོ་རྗེ་ཐེག་པའི་ངེས་དོན་ཟབ་མོའི་ལམ། །ཇི་བཞིན་མངོན་གྱུར་སྲིད་ལས་རྣམ་གྲོལ་ཀྱང་། །སྲིད་པར་རྗེས་སུ་ཆགས་པའི་སྒྱུ་ཐབས་ཀྱི་། །བདེ་ཆེན་ཡེས་ཤེས་བརྙེས་ལ་གསོལ་བ་འདེབས། །དེ་ཉིད་རྣམ་པ་བཅུ་ཡི་མཐར་སོན་པས། །བསྙེན་སྒྲུབ་ཕྲིན་ལས་བཞི་ཡིས་རིས་ཅན་འགྲོ །ཚར་གཅོད་རྗེས་འཛིན་ཐོགས་མེད་མཐུ་གྲུབ་པའི། །རྡོ་རྗེ་འཛིན་དབང་མཆོག་ལ་གསོལ་བ་འདེབས། །ཐེག་པ་སྤྱི་དང་ཁྱད་པར་གསང་སྔགས་ཀྱི། །དབང་ལུང་མན་ངག་གདམས་པ་དུ་མ་ཡིས། །སྐལ་པའི་ཁྱད་པར་ཇི་བཞིན་སྨིན་པ་དང། །གྲོལ་བའི་ལམ་བཟང་སྟོན་ལ་གསོལ་བ་འདེབས། །དྲི་མེད་བཞེད་གཞུང་ལུང་རིགས་དཔུང་ལྡན་པས། །རྒོལ་ངན་རྩོད་པའི་ཕྱོགས་ལས་རྣམ་རྒྱལ་ཞིང་། །རྩོམ་ཚེ་ཚིག་དོན་འབྲེལ་ཆགས་ལེགས་བཤད་ཀྱིས། །བློ་གསལ་ངོ་མཚར་བསྐྱེད་ལ་གསོལ་བ་འདེབས། །མཆོག་དང་བར་པ་དམན་པའི་འགྲོ་ཀུན་ལ། །བསྟོད་དང་དབུགས་དབྱུང་སྤྲོ་བ་བསྐྱེད་པ་སོགས། །བསྡུ་བའི་དངོས་པོ་རྣམ་བཞིས་སོ་སོའི་ཡིད། །ཀུན་དགའི་དགའ་སྟོན་སྤེལ་ལ་གསོལ་བ་འདེབས། །བསྟན་པའི་རྩ་ལག་དཀོན་མཆོག་གསུམ་གྱི་རྟེན། །ཇི་སྙེད་བསོད་ནམས་ཞིང་དུ་སྤེལ་མཛད་ཅིང་། །ཕ་རོལ་ཕྱིན་དྲུག་རླབས་ཆེན་སྤྱོད་པ་ལས། །ནམ་ཡང་ཉམས་པ་མེད་དེར་གསོལ་བ་འདེབས། །ལྷ་མིའི་མཆོད་འོས་ཀུན་གྱིས་གུས་བཏུད་ཀྱང་། །རྙེད་དང་བཀུར་བསྟིའི་ཁྱད་པར་གང་ལ་ཡང་། །སྲེད་པ་སྤངས་པས་རྟག་ཏུ་འཆིང་གྲོལ་བ། །བརྟུལ་ཞུགས་གྲུབ་པའི་དཔའ་བོར་གསོལ་བ་འདེབས། །ལྔ་བདོའི་མཐུ་ཡིས་རྒྱལ་བའི་བསྟན་པ་ཡང་། །སྣུམ་ཟད་མར་མེ་ལྟ་བུར་གྱུར་པ་ལ། །སྣ་ཚོགས་ཐབས་ཀྱིས་འཕེལ་ཞིང་རྒྱས་པའི་ཐབས། །བརྩོན་པའི་སྙིང་སྟོབས་ལྡན་ལ་གསོལ་བ་འདེབས། །དེ་ལྟར་སྐུ་གསུང་ཐུགས་ཀྱི་མཛད་པ་རྣམས། །ཕུལ་བྱུང་ཡོན་ཏན་ཀུན་གྱིས་ལེགས་འབྱོར་ཞིང་། །འགྲོ་ལ་ཕན་པའི་མཛད་པས་དམ་པ་ཞེས། །བསྔགས་པའི་མེ་ཏོག་འཐོར་དེར་གསོལ་བ་འདེབས། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱིས་བར། །གང་གི་རྣམ་ཐར་ཡིད་ལ་བྱེད་པ་དང་། །མོས་གུས་རྒྱུན་མི་ཆད་པའི་གདུང་ཤུགས་ཀྱིས། །གསོལ་བ་སྙིང་ནས་འདེབས་པར་བྱིན་གྱིས་རློབས། །སྒོ་གསུམ་མི་དགེའི་ལས་ལས་རྣམ་གྲོལ་ཞིང་། །བག་ཡོད་དྲན་དང་བརྩོན་པའི་སྙིང་སྟོབས་ཀྱིས། །རྣམ་དཀར་དགེ་ཚོགས་རྒྱ་ཆེན་སྒྲུབ་པ་ལ། །ལྷོད་པ་མེད་པའི་སྙིང་སྟོབས་ལྡན་པར་ཤོག །ཐེག་པ་གསུམ་དང་ཁྱད་པར་གསང་ཆེན་གྱི། །ངེས་པའི་ཐེག་པར་ཡིད་ཆེས་གསུམ་ལྡན་པས། །ཟབ་མོའི་ལམ་ཀུན་ཇི་བཞིན་ཁོང་ཆུད་ནས། །དོན་གཉིས་བསམ་པ་ལྷུན་གྱིས་འགྲུབ་པར་ཤོག །གང་ཚེ་མགོན་ཁྱོད་བྱང་ཆུབ་མཆོག་བརྙེས་པའི། །ཞིང་དེར་འདུས་པ་དང་པོར་འགྱུར་བ་དང་། །ཆོས་མིག་རྡུལ་བྲལ་རྫོགས་སངས་རྒྱས་ཉིད་དུ། །ལུང་སྟོན་སྐལ་བཟང་བདག་གིས་ཐོབ་གྱུར་ཅིག །ཅེས་སྡེ་སྣོད་འཛིན་པ་བསྟན་འཛིན་གར་དབང་གིས་མངོན་པར་དང་བས་རིང་མོ་ནས་བསྐུལ་བ་དང་། ཉེ་ཆར་མདོ་ཁམས་པ་བླ་མ་དཔལ་ལྡན་སེང་གེས་གསེར་གྱི་མེ་ཏོག་དང་བཅས་ཏེ། བདག་ཉིད་ཀྱི་རྣམ་ཐར་གསོལ་འདེབས་སུ་བྱས་པ་ཞིག་བསྐུལ་བ་སྔར་བརྗོད་པའི་ཡོན་ཏན་དེ་དག་དང་མི་ལྡན་ཀྱང་འདུ་ཤེས་གསུམ་ལྡན་གྱི་སྤྱོད་ཚུལ་རྣམས་བརྗོད་པ་སྐབས་སུ་མ་འབྲེལ་བས། སྙན་ངག་མཁན་གྱི་རབ་རྟོག་གི་དཔེར་བརྗོད་དང་མཚུངས་པར་ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་དགེ་སྦྱོང་བློ་གསལ་རྒྱ་མཚོའོ། ༈ །གདོད་ནས་རྣམ་དག་ཀུན་ཁྱབ་རིག་པའི་གཤིས། མཚན་འཛིན་འཁྲུལ་པའི་སྦུབས་ལས་རབ་གྲོལ་བ། འགྱུར་མེད་བདེན་དོན་གནས་ལུགས་མངོན་སུམ་དུ། ཡོངས་གཟིགས་རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །ཅེས་གསེར་ཟངས་གྲུབ་ཆེན་འགྱུར་མེད་ཀློང་གྲོལ་གྱིས་བསྐུལ་ངོར་འགྱུར་མེད་རྡོ་རྗེས་སོ། ༈ །བསླབ་གསུམ་རྣམ་དག་མང་ཐོས་འཇིག་རྟེན་མིག །ཟབ་མོའི་གནས་ལུགས་མངོན་གྱུར་རྣལ་འབྱོར་མཆོག །སྐལ་ལྡན་སྐུ་བཞིར་སྨིན་མཛད་ངག་གི་དབང་། །ཆོས་དཔལ་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །ཞེས་པ་འདི་ནི་ཆོས་འབྱུང་ཟངས་ཀྱི་མཚོ་བྲག་གི་འདུས་སྡེས་བསྐུལ་ངོར་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་སོ།། །།
དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ འཕགས་པ་ཐུགས་རྗེ་ཆེན་པོ་ནམ་མཁའ་རྒྱལ་པོའི་ཕྲིན་ལས་རང་གཞུང་འགྲོ་དོན་ལྷུན་གྲུབ་ནོར་བུ་པདྨའི་ཕྲེང་བ་ (Volume 24, Text 2)
༁ྃ༔ དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ འཕགས་པ་ཐུགས་རྗེ་ཆེན་པོ་ནམ་མཁའ་རྒྱལ་པོའི་ཕྲིན་ལས་རང་གཞུང་འགྲོ་དོན་ལྷུན་གྲུབ་ནོར་བུ་པདྨའི་ཕྲེང་བ་བཞུགས་སོ༔ ྈྈྈྈྈྈྈྈྈ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ འཕགས་མཆོག་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ༔ དེ་སྒྲུབ་ལས་བྱང་རིམ་པ་འདི་བཞིན་བྱ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་སྔོན་འགྲོའི་ལས་རིམ་བརྒྱད་བསྟན་ནོ༔ སྐྱབས་སུ་འགྲོ་དང་སེམས་བསྐྱེད་དང༔ སྒྲུབ་རྫས་བཤམ་དང་བཤགས་སྦྱང་དང༔ བཀའ་བསྒོ་དང་ནི་མཚམས་གཅད་དང༔ བྱིན་གྱིས་དབབ་དང་མཆོད་བྱིན་བརླབ༔ སྔོན་འགྲོ་རྣམ་པ་རིམ་དགུ་འོ༔ ན་མོ་གུ་རུ་དྷེ་ཝ་དྷཱ་ཀཱི་ནཱི༔ ས་མ་ཡཱ་རྒྱ་རྒྱ་རྒྱ༔ དང་པོ་སྐྱབས་སེམས་བཤགས་སྦྱང་སྔོན་སོང་ནས༔ གསུམ་པ་བགེགས་ལ་བཀའ་བསྒོ་བ་ནི༔ བདག་ཉིད་སྐད་ཅིག་གིས་དཔལ་ཆེན་པོ་པདྨ་དབང་ཆེན་སྐུ་མདོག་དམར་ནག་ཤིན་ཏུ་ཁྲོས་པ་ཞལ་གསུམ་ཕྱག་དྲུག་པ༔ གཡས་ཞལ་དཀར་བ༔ གཡོན་ཞལ་སྔོ་བ༔ དབུས་ཞལ་དམར་ནག་ཏུ་འབར་བ༔ སྤྱན་གསུམ་སྡང་མིག་བར་སྣང་གི་ཁམས་སུ་གཟིགས་པ༔ སྨ་ར་སྨིན་མ་མེ་འོད་འཕྲོ་བ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ༔ གནམ་ལྕགས་ཀྱི་མཆེ་བ་ཟང་ཡག་ཏུ་གཙིགས་པ༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོ་ན་མེ་ལྟར་དུ་འབར་བ༔ སྐྲ་གསེབ་ན་རྟ་མགོ་ལྗང་གུ་གསུམ་གྱིས་རྟ་སྐད་ནམ་མཁའི་དབྱིངས་སུ་སྒྲོག་པས༔ སྣང་སྲིད་ཐམས་ཅད་དབང་དུ་སྡུད་ཅིང་བགེགས་དཔུང་ཐམས་ཅད་ཟིལ་གྱིས་གནོན་པ༔ ཕྱག་དྲུག་གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་སྦྲུལ་ཞགས༔ གཡོན་གསུམ་ན་དྲིལ་བུ་བྷན་དམར་ལྕགས་སྒྲོག་བསྣམས་པ༔ ཞབས་བཞི་གྱད་ཀྱི་འདོར་ཐབས་སུ་བསྒྲད་པ༔ ས་བདག་ཀླུ་གཉན་ཐམས་ཅད་གནོན་པ༔ ཡུམ་མཆོག་ཙ་ཏི་དབང་ཕྱུག་མ་དང་གཉིས་མེད་དུ་འཁྲིལ་བ༔ དུར་ཁྲོད་ཀྱི་ཆས་བརྒྱད་དང་དཔལ་གྱི་ཆས་དགུས་བརྒྱན་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་ཧྲཱིཿཧྲཱིཿཞེས་པའི་སྒྲ་སྒྲོག་པས༔ འཇིག་རྟེན་གྱི་ཁམས་ཀྱི་བགེགས་དཔུང་ཐམས་ཅད་ཚར་གཅོད་པ༔ ཧཱུྃ་ཧཱུྃ་ཞེས་པའི་སྒྲ་སྒྲོག་པས༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཡེ་ཤེས་ཀྱི་མེ་དཔུང་དང༔ འཇའ་འོད་དང་ཡིག་འབྲུ་དང་མཚོན་ཆ་ལ་སོགས་པ་རང་སྣང་ལས་གྲུབ་པའི་གཞལ་ཡས་ཀྱི་ཁང་ཆེན་པོ་གཅིག་ཏུ་བསམ༔ ཧྲཱིཿཧཱུྃ༔ ང་ནི་དཔལ་ཆེན་དབང་གི་ལྷ༔ རྟ་སྐད་རྔམ་སྒྲོག་བར་ཆད་སེལ༔ རང་རིག་རང་འཁྲུལ་སེམས་ཅན་རྣམས༔ ཉོན་མོངས་རྣམ་རྟོག་བག་ཆགས་ཀྱིས༔ ལྷ་དང་འདྲེ་བགེགས་གཉིས་སྣང་ཡང༔ རྣམ་པར་རྟོག་པའི་བགེགས་ཡིན་ནོ༔ འདྲེ་བགེགས་རང་གི་སེམས་ལས་བྱུང༔ སེམས་ཉིད་ཡེ་ནས་ཆོས་སྐུ་ལ༔ བགེགས་དང་བར་ཆད་མིང་ཡང་མེད༔ གཉིས་མེད་རང་གྲོལ་ཆོས་སྐུའི་མཚམས༔ འདི་ལ་སུས་ཀྱང་འདའ་མི་འགྱུར༔ ཧྲཱིཿཧྲཱིཿཧཱུྃ་ཧཱུྃ་ཕཊ་ཕཊ༔ བྱིན་འབེབ་ནི༔ ཧཱུྃ་ཧྲཱི༔ རྒྱལ་བའི་ཞིང་མཆོག་རི་བོ་ཏ་ལ་དང༔ ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་དཔག་མེད་ནས༔ བླ་མ་རིག་འཛིན་རྒྱལ་བ་རྒྱ་མཚོའི་ཚོགས༔ ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྲས་འཁོར་བཅས༔ དཔའ་བོ་མཁའ་འགྲོ་བསྟན་སྲུང་རྒྱ་མཚོ་རྣམས༔ རང་རང་སོ་སོའི་གནས་ནས་སྐུ་སྐྱོད་ལ༔ གཞལ་ཡས་དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ སྒྲུབ་མཆོག་རྣལ་འབྱོར་རྣམས་ལ་དབང་ཞི་སྐུར༔ སྒྲུབ་རྫས་བདུད་རྩིའི་རྒྱ་མཚོར་བསྒྱུར་དུ་གསོལ༔ སྣང་གསལ་ཞུན་མར་འདི་ལ་མདངས་ཕྱུངས་ཤིག༔ འདིར་ཚོགས་སྐལ་ལྡན་རྣམས་ལ་དངོས་གྲུབ་སྩོལ༔ སརྦ་མ་ཧཱ་གུ་རུ་ཨཱརྱ་ལོ་ཀེ་ཤྭ་ར་གྷ་གྷ་རཱ་ཛ་ཛྙཱ་ན་དྷཱ་ཀི་ས་པ་རི་ཝཱ་ར་ཨ་བེ་ཤ་ཡ་ཨཱ་ཨཱ༔ མཆོད་པ་བྱིན་རླབས་ནི༔ ཨོཾ་བཛྲ་ཨ་མྲྀཏ་སོགས༔ སྭ་བྷཱ་ཝས་སྦྱང༔ སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ། འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི༔ མཆོད་ཡོན༔ ཞབས་བསིལ༔ མེ་ཏོག༔ བདུག་སྤོས༔ སྣང་གསལ༔ དྲི་ཆབ༔ ཞལ་ཟས༔ རོལ་མོ་ལ་སོགས་པ༔ ས་གཞི་དང་ནམ་མཁའ་བར་སྣང་ཐམས་ཅད་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ བཛྲ་ཨརྒྷཾ་ཨཱཿཧཱུྃ༔ དེ་བཞིན་དུ། བཛྲ་པུཥྤེ༴ བཛྲ་དྷཱུ་པེ༴ བཛྲ་ཨཱ་ལོ་ཀེ༴ བཛྲ་གྷནྡྷེ༴ བཛྲ་ནཻ་བིདྱ༴ བཛྲ་ཤབྡ་ཨཱཿཧཱུྃ༔ མ་ཧཱ་བྷོ་དྷི་ཙིཏྟ་གྷ་ཎ་གྷུ་ཧྱ་སརྦ་པཱུ་ཙ་ཧོ༔ ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བྷ་ལ་བྷ་ཏི་གུ་ཧྱ་ས་མ་ཡེ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་རཀྟ་ཛྭ་ལ་མ་དྷ་ལ་ཧཱུྃ་ཧྲཱིཿཋ༔ དེ་ནས་ཏིང་འཛིན་རྣམ་གསུམ་ནི༔ ཨ༔ ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད༔ སྟོང་ཉིད་བསམ་བརྗོད་བྲལ་བ་ཡི༔ ཐུགས་རྗེས་ཀུན་ཏུ་སྣང་བ་ཡི༔ སེམས་ཅན་ཡོངས་ལ་ཁྱབ་པར་བསྒོམ༔ སྟོང་ཞིང་སྙིང་རྗེའི་ངང་ཉིད་ལས༔ རང་བྱུང་རྒྱུ་ཡི་ས་བོན་ཧྲཱི༔ ཨ་འཐས་འཁྲུལ་པའི་ཞེན་པ་བཟློག༔ སྒྱུ་མ་ལྟ་བུའི་ཏིང་འཛིན་བསྐྱེད༔ གཞལ་ཡས་ཁང་བསྐྱེད་པ་ནི༔ རང་བྱུང་རྒྱུ་ཡི་ས་བོན་ལས༔ འོད་ཟེར་རྣམ་པ་ལྔ་འཕྲོས་པས༔ འབྱུང་བ་རྣམ་དག་བརྩེགས་པའི་སྟེང༔ རང་བྱུང་ལྷུན་གྲུབ་གཞལ་ཡས་ཁང༔ རྣམ་དག་འོད་ལྔའི་དཀྱིལ་དབུས་སུ༔ སྒྲུབ་གསུམ་རིག་པས་འཕྲུལ། དེ་ནས་སྤྱན་འདྲེན་པ་ནི༔ མ་ལུས་སེམས་ཅན་སོགས། ཧཱུྃ་ཧྲཱི༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ༔ ཆོས་ཀྱི་དབྱིངས་ནས་འགྲོ་བའི་དོན་ཕྱིར་དུ༔ གཟུགས་ཀྱི་སྐུར་བཞེངས་ཕོ་བྲང་གཞལ་ཡས་འདིར༔ འཁོར་བ་དོང་ནས་སྤྲུགས་ཕྱིར་གཤེགས་སུ་གསོལ༔ འཕགས་མ་དུས་གསུམ་སངས་རྒྱས་ཀུན་གྱི་ཡུམ༔ ནོར་འཛིན་གསང་འཛིན་སྒྲོལ་མ་དཀར་སྔོན་དང༔ རྒྱལ་བ་རིགས་ལྔ་སེམས་དཔའ་ལྕམ་དྲལ་རྣམས༔ འཁོར་བ་དོང་ནས་སྤྲུགས་ཕྱིར་གཤེགས་སུ་གསོལ༔ འགྲོ་དྲུག་དོན་མཛད་སྤྲུལ་སྐུ་ཐུབ་པ་དྲུག༔ གང་ལ་གང་འདུལ་ཐབས་སྤྲུལ་སྣ་ཚོགས་ཀྱིས༔ སངས་རྒྱས་སྟོང་རྩ་རྒྱལ་བ་འཁོར་བཅས་རྣམས༔ འཁོར་བ་དོང་ནས་སྤྲུགས་ཕྱིར་གཤེགས་སུ་གསོལ༔ སྒོ་སྐྱོང་སྲུང་མ་ལྷ་དང་རིག་འཛིན་དང༔ དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས༔ རྒྱལ་ཆེན་སྡེ་བཞི་ནོར་ལྷ་རྒྱ་མཚོར་བཅས༔ འཁོར་བ་དོང་ནས་སྤྲུགས་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་ཧྲཱི༔ དེ་ལྟར་འཕགས་པའི་ལྷ་ཚོགས་འཁོར་བཅས་ནི༔ མཆོད་འོས་བསྒྲུབ་འོས་འཁོར་དང་བཅས་པ་རྣམས༔ གནས་འདིར་བྱོན་ལ་སྒྲུབ་མཆོག་འཁོར་བཅས་ལ༔ དབང་གཞི་བསྐུར་ཞིང་བྱིན་གྱིས་བརླབ་པ་དང༔ བགེགས་དང་ལོག་འདྲེན་བར་ཆད་སེལ་བ་དང༔ མཆོག་ཐུན་དངོས་གྲུབ་དམ་པ་སྩོལ་བ་དང༔ འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་མཛོད༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱི༔ རྣམ་དག་ལྷུན་གྲུབ་གཞལ་ཡས་འདིར༔ པདྨ་ཉི་ཟླའི་གདན་སྟེངས་སུ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས༔ མ་ཧཱ་གུ་རུ་ཨཱརྻ་ལོ་ཀེ་ཤྭ་ར་གྷ་གྷ་རཱ་ཛ་ཛྙཱ་ན་དྷཱ་ཀི་ས་པ་རི་ཝཱ་ར་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱི༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་རིན་པོ་ཆེ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ༔ གཉིས་སུ་མེད་པར་ཕྱག་འཚལ་ལོ༔ མ་ཧཱ་གུ་རུ་ཨཱྱྰ་ལོ་ཀེ་ཤྭ་ར་གྷ་གྷ་རཱ་ཛ་ཛྙཱ་ན་དྷཱ་ཀི་ན་མོ་པུ་རུ་ཤ་ཡ་ཧོ༔ མཆོད་པ་ནི༔ ཧཱུྃ་ཧྲཱི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ༔ ལྷ་རྫས་ཕྱི་ཡི་མཆོད་པ་འབུལ༔ རང་བྱུང་ནང་གི་མཆོད་པ་འབུལ༔ གཉིས་མེད་གསང་བའི་མཆོད་པ་འབུལ༔ བ་ལིཾ་གཏོར་མའི་མཆོད་པ་འབུལ༔ དམ་རྫས་བདུད་རྩིའི་མཆོད་པ་འབུལ༔ རིགས་དྲུག་བསྒྲལ་པའི་རཀྟ་འབུལ༔ སྤང་བླང་མེད་པའི་མཆོད་པ་འབུལ༔ མཆོད་པར་འོས་པ་རྣམས་ཀྱི་ཐུགས་དམ་བསྐང༔ བསྟེན་པར་འོས་པ་རྣམས་ཀྱི་ཐུགས་དམ་བསྐང༔ བསྒྲུབ་པར་འོས་པ་རྣམས་ཀྱི་ཐུགས་དམ་བསྐང༔ མ་ཧཱ་གུ་རུ་ཨཱརྻ་ལོ་ཀེ་ཤྭ་ར་གྷ་གྷ་རཱ་ཛ་ཛྙཱ་ན་དྷཱ་ཀི་ས་པ་རི་ཝཱ་ར་ཨརྒྷཾ་སོགས། སྨན་རཀ་ཁ་ཧི་བཏགས་ལ་མཆོད༔ བསྟོད་པ་བྱ་བ་ནི༔ ཧཱུྃ་ཧྲཱི༔ དྲི་མེད་པད་སྡོང་བརྩེགས་པའི་མཚོ་གླིང་དུ༔ སྐྱེ་མེད་ཆོས་སྐུས་གཞན་དོན་སྣ་ཚོགས་མཛད༔ ཆོས་སྐུ་ཞི་ཞལ་ཚད་མེད་བཞི་ཡི་ཚུལ༔ འཕགས་མཆོག་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད༔ རྣམ་དག་གསུང་མཆོག་པདྨ་རིགས་ཀྱི་ལྷ༔ སྐུ་མདོག་དམར་པོ་པདྨ་རཱ་གའི་མདོག༔ ཐབས་ཤེས་དབྱེར་མེད་པད་རྡོར་ཚེ་བུམ་བསྣམས༔ རིགས་མཆོག་པདྨའི་རྒྱལ་ལ་ཕྱག་འཚལ་བསྟོད༔ ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང༔ སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང༔ གང་ལ་གང་འདུལ་དེ་ལ་དེར་སྟོན་པ༔ འཕགས་མཆོག་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ རང་བྱུང་གཉིས་མེད་ལྷན་ཅིག་སྐྱེས་པའི་ཡུམ༔ བདེ་སྟོང་ཟག་མེད་བདེ་བས་ཚིམས་མཛད་མ༔ དགའ་བཞི་དོན་གྱི་སྣང་སྲིད་དབང་སྡུད་མ༔ གསང་ཡེ་དྷཱ་ཀི་མ་ལ་ཕྱག་འཚལ་བསྟོད༔ འཕགས་པའི་སྲས་དང་སྲས་མོའི་ཚུལ་འཛིན་པ༔ ནོར་འཛིན་གསང་འཛིན་སྒྲོལ་མ་དཀར་སྔོན་དང༔ རྒྱལ་བ་རིགས་ལྔ་སེམས་དཔའ་ལྕམ་དྲལ་དང༔ ཐུབ་དྲུག་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ སངས་རྒྱས་སྟོང་རྩ་ཚད་མེད་སྒོ་བ་བཞི༔ བདག་སྐྱོབ་ལྷ་དང་རིག་འཛིན་སྲུང་མ་དང༔ རྒྱལ་ཆེན་སྡེ་བཞི་ནོར་ལྷ་རྒྱ་མཚོར་བཅས༔ དྲེགས་པ་ལྕམ་དྲལ་དམ་ཅན་རྒྱ་མཚོ་དང༔ བསྟོད་འོས་ཀུན་ཀྱང་གུས་པས་བསྟོད་པར་བགྱི༔ ཚོགས་མཆོད་ཡང་གསང་བླ་སྒྲུབ་ལྟར་དུ་བྱའོ༔ གྷུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་མ་ཡ་རྒྱ་རྒྱ་རྒྱ༔ དེ་ནས་བསྐུལ་བ་ནི༔ ཧཱུྃ་ཧྲཱི༔ མ་གཡེལ་མ་གཡེལ་བླ་མ་རིག་འཛིན་ཚོགས༔ མ་གཡེལ་མ་གཡེལ་ཀུན་བཟང་སྣང་མཐའ་ཡས༔ མ་གཡེལ་མ་གཡེལ་འཕགས་མཆོག་ནམ་མཁའི་རྒྱལ༔ མ་གཡེལ་མ་གཡེལ་ཡབ་ཡུམ་སྲས་འཁོར་ཚོགས༔ མ་གཡེལ་མ་གཡེལ་དམ་ཅན་རྒྱ་མཚོའི་ཚོགས༔ མ་གཡེལ་མ་གཡེལ་ཕོ་ཉ་ལས་མཁན་ཚོགས༔ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ སྤྱན་རས་གཟིགས་དབང་ཡབ་ཡུམ་སྲས་འཁོར་བཅས༔ པོ་ཏ་ལ་ཡི་གནས་ནས་སྐུ་སྐྱོད་ལ༔ ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ་བ་དང༔ འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་མཛོད༔ རྒྱལ་བའི་སྤྱི་མེས་ཀུན་བཟང་སྣང་མཐའ་ཡས༔ རང་རིག་བློ་འདས་ལྟ་བའི་གནས་ལུགས་ལ༔ ཡེ་གྲོལ་རྟོགས་པའི་ཐུགས་དམ་རྒྱུད་བསྐུལ་གྱིས༔ ཉོན་མོངས་ལས་སྒྲིབ་མ་ལུས་ཞི་བ་དང༔ འཁོར་བ་དོང་ནས་སྤྲུག་པའི་ཕྲིན་ལས་མཛོད༔ ལོངས་སྐུ་ཐུབ་ཆེན་རྒྱལ་བ་རིགས་ལྔའི་ཚོགས༔ རང་རིག་རྟོག་བྲལ་ལྟ་བའི་གཤིས་ལུགས་ལ༔ མ་བཅོས་ཡེ་གྲོལ་ཐུགས་དམ་རྒྱུད་བསྐུལ་གྱིས༔ རང་རིག་ཡེ་ཤེས་རྒྱས་པར་མཛད་པ་དང༔ འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་མཛོད༔ སྤྲུལ་སྐུ་སྲས་མཆོག་སེམས་དཔའ་ལྕམ་དྲལ་ཏེ༔ རང་རིག་རང་གྲོལ་སྤྱོད་པའི་ཆོ་རོལ་ལས༔ རང་ཤར་རང་གྲོལ་ཐུགས་དམ་རྒྱུད་བསྐུལ་གྱིས༔ རང་རིག་རང་སྣང་དབང་སྡུད་མཛད་པ་དང༔ འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་མཛོད༔ ཕོ་ཉ་ལས་མཁན་ཚོགས་རྣམས་སྐུ་སྐྱོད་ལ༔ དྲེགས་པ་ལྕམ་དྲལ་བཀའ་སྡོད་བྲན་གཡོག་རྣམས༔ མཐུ་སྟོབས་དྲག་པོའི་ཀློང་ནས་སྐུ་སྐྱོད་ལ༔ དགྲ་བགེགས་མཐའ་ཡི་དམག་དཔུང་ཟློག་པ་དང༔ ཐར་པའི་གེགས་བྱེད་དགྲ་བགེགས་རྡུལ་དུ་རློགས༔ ངོ་བོ་ཉིད་སྐུ་རྟ་མཆོག་དབང་གི་ལྷ༔ རང་རིག་འཁྲུལ་བྲལ་འབྲས་བུ་ཀློང་ཡངས་ལ༔ སྐུ་བཞི་རང་ཆས་ཐུགས་དམ་རྒྱུད་བསྐུལ་གྱིས༔ རིག་གྲོལ་དུག་ལྔའི་དགྲ་བགེགས་བསྒྲལ་བ་དང༔ འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་མཛོད༔ བཀའ་སྲུང་དམ་ཅན་རྒྱ་མཚོ་སྐུ་སྐྱོད་ལ༔ དགྲ་བགེགས་མཐའ་ཡི་དམག་དཔུང་ཟློག་པ་དང༔ ཐར་པའི་གེགས་བྱེད་དགྲ་བགེགས་རྡུལ་དུ་རློགས༔ ཕོ་ཉ་ལས་མཁན་ཚོགས་རྣམས་སྐུ་སྐྱོད་ཅིག༔ དྲེགས་པ་ལྕམ་དྲལ་བཀའ་སྡོད་བྲན་གཡོག་རྣམས༔ མཐུ་སྟོབས་དྲག་པོའི་ཀློང་ནས་སྐུ་སྐྱོད་ལ༔ དགྲ་བགེགས་མཐའ་ཡི་དམག་དཔུང་ཟློག་པ་དང༔ ཐར་པའི་གེགས་བྱེད་དགྲ་བགེགས་རྡུལ་དུ་རློགས༔ ཧཱུྃ་ཧྲཱི༔ འཕགས་མཆོག་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་པ༔ གཟུགས་སྐུ་འཇིགས་པའི་ཆ་ལུགས་སྣ་ཚོགས་སྟོན༔ འགག་མེད་གསུང་དབྱངས་ང་རོ་ཕྱོགས་བཅུར་སྒྲོགས༔ ཉོན་མོངས་འཁོར་བའི་གཅོང་ནད་རྒྱུན་ཆོད་ལ༔ ལོག་རྟོག་གཉིས་སྣང་མཉམ་ཉིད་དབྱིངས་སུ་སྤོར༔ རང་རིག་རང་གྲོལ་གཏོར་མ་འདི་བཞེས་ལ༔ ཕྲིན་ལས་རྣམ་བཞིའི་འགྲོ་དོན་ལྷུན་གྲུབ་ཅིང༔ འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ བཀའ་གཏེར་བསྟན་པ་གཉན་པོ་བསྲུང་མཛད་པ༔ འཇིག་རྟེན་དང་ནི་ཡེ་ཤེས་ལས་གྲུབ་པའི༔ ཆོས་སྐྱོང་ཞིང་སྐྱོང་ལྕམ་དྲལ་འཁོར་དང་བཅས༔ བཀའ་སྡོད་ལས་མཁན་ཕོ་ཉ་བྲན་གཡོག་རྣམས༔ ཐུན་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ སྔོན་ཚེ་འཕགས་པའི་སྤྱན་སྔར་ཁས་བླངས་བཞིན༔ དམ་ལྡན་རྣལ་འབྱོར་བདག་གིས་རྦད་བསྐུལ་གྱིས༔ མཐུ་རྩལ་རྫུ་འཕྲུལ་ཕྱུང་བའི་དུས་ལ་བབ༔ ཕྲིན་ལས་རྣམ་བཞིའི་ལས་རྣམས་གང་བཅོལ་པ༔ སྐད་ཅིག་ཐོགས་མེད་མྱུར་དུ་བསྒྲུབ་ཏུ་གསོལ༔ སངས་རྒྱས་བསྟན་པ་གཉན་ལ་འཚེ་བྱེད་པའི༔ ཞིང་བཅུའི་དགྲ་བགེགས་ཐམས་ཅད་མྱུར་སྒྲོལ་ལ༔ སྡང་དགྲ་གནོད་བྱེད་ཟ་འདྲེ་ཕུང་སྲི་དང༔ གོད་འདྲེ་ཆུང་སྲི་འགབ་འདྲེ་འབྱུང་པོ་རྣམས༔ སྐད་ཅིག་མྱུར་སྒྲོལ་ཐལ་བ་རྡུལ་དུ་རློགས༔ བཀའ་གཏེར་བསྟན་པར་འཚེ་བྱེད་ཅིང༔ དཀོན་མཆོག་དབུ་འཕང་སྨད་བྱེད་དང༔ རྣལ་འབྱོར་ཡོངས་ལ་འཚེ་བྱེད་པའི༔ བར་ཆད་འབྱུང་པོ་ཐམས་ཅད་རྡུལ་དུ་རློགས༔ ས་འོག་ས་སྟེང་ས་བླར་རྒྱུ་བ་ཡི༔ ལྷ་འདྲེ་མི་གསུམ་དབང་དུ་སྡུས༔ འབྱུང་བཞིའི་ལུས་ལ་འཚེ་བྱེད་པའི༔ ནད་གདོན་སྡིག་སྒྲིབ་ཞི་བ་དང༔ འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་མཛོད༔ དངོས་གྲུབ་ལེན་པ་ནི༔ ཧཱུྃ་ཧྲཱི༔ རྣམ་དག་བདེ་བ་ཆེན་པོའི་ཕོ་བྲང་ནས༔ འཕགས་མཆོག་ནམ་མཁའི་རྒྱལ་པོ་ཡབ་ཡུམ་དང༔ སྲས་འཁོར་དམ་ཅན་རྒྱ་མཚོ་འཁོར་བཅས་ཀྱིས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྣ་ཚོགས་ཀྱི༔ དཔག་ཡས་དངོས་གྲུབ་སྣ་ཚོགས་བསྩལ་དུ་གསོལ༔ ཕྲིན་ལས་གང་བརྩམ་ལྷུན་གྱིས་གྲུབ་པའི་དཔལ༔ བུམ་པ་བཟང་དང་དཔག་བསམ་ནོར་བུའི་ཚུལ༔ ཡིད་བཞིན་རེ་སྐོང་ཆེན་པོའི་དངོས་གྲུབ་ནི༔ ད་ལྟ་ཉིད་དུ་བདག་ལ་བསྩལ་དུ་གསོལ༔ ཡང་དག་བླ་མེད་དོན་དམ་བཅུད་ཀྱི་གཏེར༔ འབད་མེད་དགོས་འདོད་འབྱུང་བའི་རིན་པོ་ཆེ༔ གནས་སྐབས་མཐུ་ལྡན་འབྲས་བུ་ཕུན་ཚོགས་ཤིང༔ མཆོག་ཐུན་དངོས་གྲུབ་དམ་པ་བསྩལ་དུ་གསོལ༔ ལྷག་ཆད་ཁ་སྐོང་བ་ནི༔ འཕགས་པའི་ལྷ་ཚོགས་འཁོར་བཅས་དགོངས་སུ་གསོལ༔ བདག་ཅག་མ་རིག་ལུས་ངག་ཡིད་གསུམ་གྱི༔ མ་འབྱོར་པ་དང་ཉམས་ཆག་ཅི་མཆིས་པ༔ གནོང་འགྱོད་དྲག་པོའི་སེམས་ཀྱིས་མཐོལ་ལོ་བཤགས༔ བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པས་ལྷག་ཆད་བསྐང༔ ཀ་དག་ཀློང་ཡངས་ཆེན་པོའི་ངང་དུ་བཞག་པར་བྱའོ༔ ཤིས་པ་ནི༔ ཧཱུྃ་ཧྲཱི༔ བསྐལ་བཟང་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ འགྲོ་ཀུན་ཐུགས་རྗེས་སྐྱོབ་པའི་གཉེན་གཅིག་པོ༔ གང་འདུལ་ཐབས་ཀྱིས་འགྲོ་བློའི་མུན་སེལ་བ༔ བླ་མ་ནམ་མཁའི་རྒྱལ་པོའི་བཀྲ་ཤིས་ཤོག༔ སྣ་ཚོགས་ཐབས་སྤྲུལ་འགྲོ་ཀུན་སྐྱོབ་མཛད་ཅིང༔ མཆོག་ཐུན་དངོས་གྲུབ་དམ་པ་ཆར་འབེབ་པ༔ དྷཱ་ཀི་སྲས་འཁོར་སྒོ་བ་སྒོ་མའི་ཚོགས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ ཕྲིན་ལས་གང་བརྩམ་ཐོགས་པ་མི་མངའ་ཞིང༔ གང་ལ་གང་འདུལ་སྤྲུལ་བསྒྱུར་སྣ་ཚོགས་འགྱེད༔ མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་མཛད་པ༔ མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག༔ དུས་དང་གནས་སྐབས་མ་ལུས་ཐམས་ཅད་དུ༔ སངས་རྒྱས་བསྟན་པ་རིན་ཆེན་དར་རྒྱས་ཤིང༔ སྐྱེ་འགྲོ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང༔ བསམ་དོན་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག༔ བསྔོ་བ་ནི༔ ན་མོ་བདག་ཅག་དཔོན་སློབ་མཆེད་ལྕམ་འཁོར་བཅས་ཀྱིས༔ འཕགས་པའི་ལྷ་ཚོགས་སྐྱེད་རྫོགས་བསྒྲུབས་པ་དང༔ ཟག་བཅས་ཟག་མེད་དགེ་བ་ཅི་བསགས་མཐུས༔ ཚེ་གཅིག་སངས་རྒྱས་འཁོར་བ་དོང་སྤྲུགས་ཤོག༔ བདག་གཞན་དུས་གསུམ་དགེ་བ་ཅི་བསགས་པ༔ ནམ་མཁའི་མཐའ་ཁྱབ་སེམས་ཅན་མ་ལུས་པ༔ བླ་མེད་ཐེག་པ་ཆེན་པོའི་སྣོད་གྱུར་ནས༔ ཀུན་ཀྱང་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག༔ ཅེས་རྒྱུན་སྤྱོད་ལ་གནས་པར་བྱའོ༔ ཨེ་མ་འཕགས་མཆོག་ནམ་མཁའི་རྒྱལ་པོ་ཡི༔ སྒྲུབ་ཐབས་ལས་བྱང་ནོར་བུ་པད་ཕྲེང་འདི༔ ཨོ་རྒྱན་མ་ཧཱ་གུ་རུའི་བཀའ་བཞིན་དུ༔ བུད་མེད་མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ བཀའ་འདི་མ་འོངས་སྙིང་གི་བུ་དང་འཕྲད་པར་ཤོག༔ བདུད་མགོན་སེང་གདོང་ཡབ་ཡུམ་སྲས་ལ་གཏད༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ སིང་ཧཱ་མུ་ཁ་སི་ན་ར་མ་དྷརྨ་ས་མ་ཡ༔ བཛྲ་རཀྵ་རཀྵ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ མནྟྲ་གུ་ཧྱ༔ དྷ་ཐིམས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ། རིག་འཛིན་བདུད་འདུལ་རྡོ་རྗེ་ཡིས། སྒྲོ་བྲག་པདྨ་འོད་ནས་བཏོན། ལོ་ལྔའི་བར་དུ་བཀའ་རྒྱས་གདམས། རིག་འཛིན་ཆེན་པོ་གར་གྱི་དབང་ཕྱུག་ཆོས་རྒྱ་མཚོའི་བཀའ་ཡིས་བསྐུལ་བའི་ངོར། རིག་འཛིན་བདུད་འདུལ་རྡོ་རྗེ་ཡིས། ཀཿགནམ་ཆོས་རྒྱལ་ཕོ་བྲང་ཡང་དབེན་དུ། ཤོག་སེར་ངོས་ནས་དག་པར་ཕབ་པ་ཡི། ཡི་གེའི་རིག་བྱེད་ཨོ་རྒྱན་བསྟན་སྲུང་ངོ་། ༈ །ཀྱེ་མ་ད་ལྟ་བཞུགས་དང་མ་འོངས་འབྱོན་རྣམས་ཀུན༔ ཡང་དག་དོན་ལ་རྨོངས་པའི་སྒྲོག་གིས་བཅིངས༔ རྟོག་གེའི་གོ་ཡུལ་ཤེས་རབ་ཕྲན་བུ་ཡིས༔ སྒྲ་དོན་ཡིན་སྨྲ་བཀའ་གཙང་རས་ཆོད་མཁན༔ མཁས་འདོད་མེ་ཁྱེར་སྤྲེལ་འདྲའི་གང་ཟག་འགས༔ རང་བཟོ་རས་ཆོད་རང་ཚུགས་བབས་ཅོལ་གྱིས༔ བྱིན་རླབས་ན་བུན་ཡལ་དང་བར་ཆད་རྒྱུ༔ ཐར་པའི་ལམ་བགག་གྲུབ་ཐོབ་སྐར་ཚོགས་བསྒྲིབས༔ མི་ཁོམས་གནས་ལྡན་རྟོག་གེས་བཟོ་བཅོས་ན༔ བདུད་མགོན་ཡབ་ཡུམ་བམ་རོ་ཕོ་མོ་ཡིས༔ སྲོག་རྩ་ཆོད་ལ་སྙིང་ཁྲག་ཐང་ལ་ཕོས༔ འཆི་ནས་རྡོ་རྗེ་དམྱལ་བར་སྐྱོལ་ཅིག་ས་མ་ཡ༔ ཀྵེ་ཏྲ་པཱ་ལས་བཀའ་འདི་དམ་པར་ཆོངས༔ ཚུལ་ལྡན་རྣམས་ལ་མགོན་སྐྱོབ་གྲོགས་མཛོད་ཅིག༔ ས་མ་ཡ༔ ྈྈྈྈྈ ཤོག་སེར་བུ་ལ་ཞལ་བཤུས་པའི་ཡི་གེ་པ་ནི། དུས་མཐའི་བན་སྦྲང་ས་ཏ་དྷརྨ་པ་ཀ་རའོ། །ཇི་སྲིད་འཇིག་རྟེན་བསྐལ་པ་མ་སྟོངས་བར། །དེ་སྲིད་དམ་པའི་ཆོས་འདི་མ་རྫོགས་སོ། །སརྦ་ཛ་ག་སྟཾ།། །།
རྩ་གསུམ་ཞི་ཁྲོ་སྤྱིའི་སྒྲུབ་པ་ཆེན་པོའི་ཁོག་དབུབ་ཁྱེར་བདེར་བཀོད་པ་གཅིག་ཤེས་ཀུན་གྲོལ་ (Volume 41, Text 2)
༄༅། །རྩ་གསུམ་ཞི་ཁྲོ་སྤྱིའི་སྒྲུབ་པ་ཆེན་པོའི་ཁོག་དབུབ་ཁྱེར་བདེར་བཀོད་པ་གཅིག་ཤེས་ཀུན་གྲོལ་ཞེས་བྱ་བ་བཞུགས་སོ། ། གུ་རུ་ཏྲི་མཱུ་ལེ་བྷྱེ་ན་མཱ་མི། དབྱིངས་གཅིག་ཡེ་ཤེས་དུ་མའི་གར་མཛད་པས། །བྱིན་རླབས་སྤྲིན་འཁྲིགས་དངོས་གྲུབ་ཆར་རྒྱུན་འབེབ། །ཕྲིན་ལས་འདོད་རྒུའི་ལོ་ཏོག་སྐྱེད་མཛད་པ། །རྩ་གསུམ་དཀྱིལ་འཁོར་རྒྱ་མཚོར་གུས་པས་འདུད། །རབ་འབྱམས་དངོས་གྲུབ་བདེ་བླག་སྒྲུབ་པའི་ཐབས། །རྒྱུད་ལུང་གྲུབ་པའི་མན་ངག་ངེས་པ་ལས། །རིག་འཛིན་བྱེ་བ་གཤེགས་པའི་ཤུལ་ལམ་ཆེ། །སྐལ་ལྡན་རྣམས་ལ་བགོ་སྐལ་བཞིན་དུ་སྣང་། །དེའང་གསང་སྔགས་སྔ་འགྱུར་གྱི་རྒྱུད་ལུང་མན་ངག་རྣམས་ལས་ཆེ་ཐང་དུ་བསྔགས་ཤིང་དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་འགྲུབ་པར་བྱེད་པའི་ཐབས་ཟབ་རྨད་དུ་བྱུང་བ་ཚོམ་བུ་ཚོགས་སུ་སྒྲུབ་པའི་ལག་ལེན་པྲ་ཁྲིད་གཞུང་སོ་སོ་ལས་མང་དུ་འབྱུང་མོད། འདིར་རྩ་གསུམ་ཞི་ཁྲོ་སྤྱི་ལ་འཇུག་ཅིང་ཁྱེར་བདེ་ཁོ་ནའི་དབང་དུ་བྱས་ཏེ་དགོད་པ་ལ་གསུམ། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་གཟུང་བ། བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲང་བ། རྗེས་ལས་ཀྱི་རིམ་པ་མཐའ་རྒྱས་སུ་བྱ་བའོ། །དང་པོ་ནི། གཏེར་གཞུང་ཕལ་མོ་ཆེར། སྟོན་པ་གནས་དང་འཁོར་དང་དུས༔ ཡོ་བྱད་ལ་སོགས་གཞིར་ལྡན་ནས༔ ཞེས་འཆད་པ་མང་ཡང་། འདིར་གསང་སྔགས་ལམ་རིམ་ལྟར་ན། དང་པོ་སྒྲུབ་པའི་གནས་ཕུན་སུམ་ཚོགས་པ་ནི། གུ་རུ་རིན་པོ་ཆེ་སོགས་གྲུབ་ཐོབ་གོང་མས་གྱིས་བརླབས་པ། དབེན་ལ་ཉམས་དགའ་ཞིང་དམ་ཉམས་སྡེ་འཁྲུགས་སོགས་ཀྱི་གྲིབ་ཀྱིས་མ་གོས་པའོ། །གཉིས་པ་དུས་ནི། རྒྱལ་བའི་དུུས་ཆེན་བཞི། ར་བ་བཞིའི་ཡར་ངོ་། ཡར་མར་གྱི་ཚེས་བཅུ། དེ་རྣམས་མ་འཛོམ་ཡང་གཟའ་སྐར་འཕྲོད་སྦྱོར་དགེ་བ་ལའོ། །གསུམ་པ་སྒྲུབ་པ་པོ་ནི། རྡོ་རྗེ་སློབ་དཔོན་རྒྱལ་ཐེབས་གཟུངས་མ་གཙོ་བོར་གྱུར་པའི་སྟོན་འཁོར་ཐམས་ཅད་སོ་སོའི་མཚན་ཉིད་གཞུང་མཐུན་དགོས་པར་གསུངས་ཀྱང་། སྤྱི་ཙམ་དུ་སྒྲུབ་པ་གང་བྱ་རྒྱུ་དེ་ཉིད་ཀྱི་དབང་ལུང་རྫོགས་པར་ཐོབ་ཅིང་བསྙེན་པས་ལས་རུང་དུ་བྱས་པ། བསྒྲུབ་བྱ་ལ་ཐེ་ཚོམ་མེད་ཅིང་དད་པ་རྩེ་གཅིག་དང་ལྡན་པ། སྒྲུབ་པ་པོ་ནང་ཕན་ཚུན་དམ་སེལ་གཏན་ནས་མེད་པ་ཞིག་གལ་ཆེའོ། །བཞི་པ་ཡོ་བྱད་ནི། དཀྱིལ་འཁོར་རྡུལ་ཚོན་མི་འགྲུབ་པའི་སྐབས་སུ་རས་བྲིས་ཚད་ལྡན་མེད་ཐབས་མེད་ཅིང་། སྐུ་གསུང་ཐུགས་ཀྱི་རྟེན། སོ་སོའི་གཞུང་ནས་བཤད་པའི་སྒྲུབ་རྫས། མཆོད་རྫས། རྒྱན་རྫས་ལ་སོགས་པ་དམ་ཚིག་གི་ཡོ་བྱད་ཐམས་ཅད་ཚགས་སུ་ཚུད་པར་བྱའོ། །ལྔ་པ་སྒྲུབ་པའི་ཐབས་ནི། ཡིད་ཆེས་རྩོད་བྲལ་གྱི་བཀའ་མ་དང་གཏེར་མ་ལས་བྱོན་ཅིང་དམ་སེལ་གྱི་བརྒྱུད་པས་མ་བསླད་པ། རྒྱུད་ལུང་མན་ངག་ཁུངས་བཙུན་གྱི་དགོངས་པ་དང་མཐུན་ཅིང་འཁྲུལ་པ་མེད་པ། བྱིན་རླབས་ཀྱི་གཟི་བྱིན་དང་ལྡན་པ་ཞིག་དགོས་སོ། ༈ །གཉིས་པ་སྒྲུབ་པའི་གཞུང་བསྲང་བ་ལ་གཉིས། སྔོན་འགྲོ་དང་དངོས་གཞིའི་ལས་རིམ་མོ། །དང་པོ་ལ་གཉིས། བསོད་ནམས་ཀྱི་དཔུང་སྐྱེད་པ། སའི་ཆོ་ག་བྱ་བའོ། །དང་པོ་ལ་བླ་མ་དགོངས་འདུས་ལས་རིམ་པ་བཅུར་བཤད་པ་སོགས་མང་ཡང་བདེ་འདུས་བསྙེན་སྒྲུབ་ཆེན་མོ་པྲ་ཁྲིད་ལྟར་ན་བཞི། རང་རྒྱུད་སྦྱོང་བ། ཆོས་འཁོར་བསྐོར་བ། གཏོར་མ་གཏོང་བ། སྦྱིན་གཏོང་བྱ་བའོ། །དེ་རེ་རེ་ལ་བཞི་བཞིར་འབྱུང་སྟེ་དང་པོ་ནི། ལུས་ཀྱི་སྒྲིབ་པ་སྦྱང་ཕྱིར། སཱཙྪ་གདབ། ཉེའུ་འདོན་སོགས་སྲོག་བསླུ། རྣམ་འཇོམས་སྨེ་བརྩེགས་ཀྱི་ཁྲུས་བྱ། ངག་སྒྲིབ་སྦྱང་ཕྱིར། ན་རག་དོང་སྤྲུགས་དང་ཡིག་བརྒྱ་བཟླ། ཡིད་སྒྲིབ་སྦྱང་ཕྱིར་སེམས་བསྐྱེད་བླང་། བླ་མའི་རྣལ་འབྱོར་བསྒོམ། ཞི་བའི་སྦྱིན་སྲེག་བླུགས། གསུམ་ཀའི་ཕྱིར་དུ་ཕྱག་བསྐོར་དང་མཁའ་འགྲོ་ཆོས་སྐྱོང་ལ་ཚོགས་སྐོང་རྒྱ་ཆེན་བྱ། གཉིས་པ་ཆོས་འཁོར་བསྐོར་བ་ནི། ཆོས་ཉིད་ཀྱི་དོན་རྟོགས་ཕྱིར་སྒྲུབ་ཁང་གི་ཤར་དུ་ཤེར་ཕྱིན། བདུད་འཇོམས་ཕྱིར་ལྷོར་སྟོབས་པོ་ཆེ། རྒྱུ་འབྲས་གོ་ཕྱིར་ནུབ་ཏུ་ལང་ཀར་གཤེགས་པ། བར་ཆད་ཞི་ཕྱིར་བྱང་དུ་ཏོག་གཟུགས་དང་གྲྭ་ལྔ་བཀླག །གསུམ་པ་གཏོར་མ་གཏོང་བ་ནི། བྱིན་རླབས་འབྱུང་ཕྱིར་སྲི་ཞུ། ཕྲིན་ལས་བཅོལ་ཕྱིར་ཡོན་ཏན། འབྱོར་པ་ཐོབ་ཕྱིར་སྙིང་རྗེ། བུ་ལོན་འཁོར་ཕྱིར་ལན་ཆགས་ཀྱི་མགྲོན་རྣམས་ལ་ཕྱི་ཆུ་གཏོར་དང་མདོས་གླུད། ནང་གཏོར་མ། གསང་བ་ལུས་ཀྱི་མཆོད་སྦྱིན་བྱའོ། །བཞི་པ་སྦྱིན་པ་གཏོང་བ་ནི། དངོས་སུ་སྣང་བའི་མགྲོན་བཞི་ལ་དངོས་འབྱོར་ཅི་རིགས་པས་མཉེས་ཤིང་ཚིམས་པར་བྱེད་པ་སྟེ། བླ་མ་དགེ་འདུན། རྗེ་དབོན་དང་ཡོན་ཏན་ཅན། ནད་པ་དབུལ་ཕོངས་བྱ་རིགས་ཆུ་གནས། བུ་ལོན་ཆགས་པ་དང་མི་མཛའ་བ་རྣམས་ཡོན་དང་བཟའ་བཏུང་ཅི་འབྱོར་བསྟབས་ལ་སྒྲུབ་པ་མཐར་ཕྱིན་ཞིང་བར་ཆད་མེད་པའི་སྨོན་ལམ་གདབ་བོ། །གཉིས་པ་སའི་ཆོ་ག་ལ་ལྔ། བརྟག་པ། བསླང་བ། དབང་དུ་བྱ་བ། སྦྱང་བ། གཟུང་ཞིང་བསྲུང་བའོ། །དང་པོ་ནི། མཚན་ཉིད། རྟེན་འབྲེལ། ལྟོ་འཕྱེ་བརྟག་པ་རྣམས་ཏེ་སྒྲུབ་གནས་རྙིང་པ་ལ་མི་དགོས་སོ། །གཉིས་པ་སྣང་བ་མི་ལས་བསླངས་ཟིན་པའི་དབང་དུ་བྱས་ཏེ་མི་སྣང་བ་ལས་བསླང་བ་ལ་གཉིས། ས་ལྷ། མི་མིན་ཡུལ་བདག་སྤྱི་ལའོ། །དང་པོ་ནི། དཀྱིལ་འཁོར་གང་དུ་བྱ་བའི་གཞི་སྟེགས་བྱི་དོར་བྱས་པར་ཚོམ་བུ་གཅིག་བཀོད་པའི་མདུན་དུ་མཆོད་གཏོར་དཀར་ཟླུམ་མཐེབ་རིལ་གྱིས་མཚན་པ་གཉིས་དང་། གསེར་སྐྱེམས། མཐའ་སྐོར་བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམ་ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཀོད། བདག་བསྐྱེད་གང་ལ་བྱ་བའི་ཕྱི་ནང་གི་མཆོད་གཏོར་གང་དགོས་ཕུགས་ལོགས་ལྟ་བུར་བཤམ་ཞིང་། འོག་གི་སྐབས་སོ་སོར་དགོས་པའི་ཡོ་བྱད་རྣམས་ཀྱང་སྔ་ཚགས་སུ་ཚུད་པར་བྱའོ།།དེ་ནས་ཐོག་མར་བདག་གི་རྣལ་འབྱོར་ནི། ལུགས་འགའ་ཞིག་ཏུ་གཙོ་རྐྱང་དྲན་རྫོགས་སུ་བསྐྱེད་ནས་བཟླས་པ་བརྒྱ་རྩ་ཙམ་བྱས་པས་ཆོག་པ་ཡོད་ཀྱང་། སྤྱི་ཁྱབ་ལྟར་ན། ཚིག་བདུན་གསོལ་འདེབས་དང་བརྒྱུད་འདེབས་སྔོན་དུ་འགྲོ་བས་སྐྱབས་སེམས་ཚོགས་གསོག་གིས་རྒྱུད་སྦྱང་། སོ་སོའི་སྒྲུབ་ཐབས་དང་མཐུན་པའི་མངོན་རྟོགས་རྒྱུན་ཁྱེར་ལྟ་བུ་ཉུང་འདུས་ཀྱིས་གསལ་བཏབ་ལ་བཟླས་པའི་མཐར་བསྡུ་ལྡང་བྱ། མཆོད་གཏོར་རྣམས། ཨོཾ་བཛྲ་ཨ་མྲྀཏས་བསང་། རཾ་ཡཾ་ཁཾ་གིས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝིདྱཱ་ཤབྡ་པཱུ་ཛ་ས་མ་ཡ་ཧཱུྃ༔ ཞེས་དང། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་རྒྱ་དང་བཅས་པས་བརླབ། ཚོམ་བུ་ཉིད། བཾ་ལས་སའི་ལྷ་མོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། རིན་པོ་ཆེའི་བུམ་པ་བསྣམས་པ། ཞི་ཞིང་འཛུམ་པའི་ཉམས་ཅན། དར་གྱི་སྟོད་གཡོགས་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ལྟེ་བ་ཡན་ཆད་ས་ལས་འཐོན་པར་གྱུར། རང་གི་སྙིང་གའི་འོད་ཟེར་གྱིས་ས་འོག་ནས་ཡེ་ཤེས་ཀྱི་ལྷ་མོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར། རིན་ཆེན་འབྱུང་གནས་ཀྱིས་རྒྱས་གདབ།་་་དབུ་བརྒྱན་པར་གྱུར། ཨོཾ་པྲི་ཐི་ཝཱི་དེ་ཝཱི་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་མཆོད། ཨ་ཀཱ་རོའི་སྔགས་ཀྱིས་གཏོར་མ་ཕུལ་ལ་ས་གནོན་གྱི་རྒྱས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དུ། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་ཀྱང་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་གསོལ་བ་བཏབ་པས་རིག་པ་འཛིན་པ་ཁྱོད་ཅི་དགའ་བར་སྤྱོད་ཅིག་ཅེས་གནང་བ་བྱིན་ནས་དེ་ཉིད་དུ་ཐིམ་པར་གྱུར། ཞི་རོལ་བཅས་གཏོར་མ་ཕྱིར་ཕུལ། གཉིས་པ་མི་མིན་ཡུལ་བདག་སྤྱི་ལས་བསླང་བ་ནི། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། སྡྱཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱཿ ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ༔ དགོངས་ཤིག་ས་བདག་ལྷ་ཀླུ་སྡེ་དང་དཔུང༔ གངས་རི་གཡའ་རྩེ་ལུ་མ་སྐྱེད་མོས་ཚལ༔ མཚོ་རྫིང་ལྟེང་ཀ་སོ་སོའི་གནས་རྣམས་ནས༔ ལྷ་ཀླུ་ས་བདག་གནས་འདིར་སྤྱན་འདྲེན་གྱིས༔ ཛམ་གླིང་གྲུ་བཞིར་སྒྲུབ་པའི་ས་བསླང་ཕྱིར༔ ས་བདག་འཁོར་དང་བཅས་པ་འདིར་གཤེགས་ཏེ༔ བྱིན་བརླབས་བསྔོས་པའི་གཏོར་མ་འདི་བཞེས་ལ༔ རིན་ཆེན་གཏེར་གྱི་ས་འདི་བསྩལ་དུ་གསོལ༔ བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪ༔ གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་བསམ་ཞིང་འཇམ་རོལ་དང་བཅས་གཏོར་མ་དང་གསེར་སྐྱེམས་ཕྱིར་འབུལ། མཆོད་པ་རྣམས་བསྡུའོ། །གསུམ་པ་དབང་དུ་བྱ་བ་ནི། སྟེགས་བུའི་མདུན་ནས་སློབ་དཔོན་གྱིས་དབང་མཆོག་གི་ཕུར་བུ་བཟུང་ལ། བདག་ཉིད་ལས་ཀྱི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། ཕུར་བུ་ལ་ཐིམ། དེ་ཉིད་དཔལ་རྟ་མགྲིན་གྱི་སྐུ་གྱུར་པར་བསམ་ལ། ཧཱུྃ་པདྨཱནྟ་ཀྲྀཏ་ཧཱུྃ་ཕཊཿ ཅེས་བཏབ་སྟེ་ལན་བདུན་བཟླས་པས། ཕུར་བུ་ལས་བྱུང་བའི་འོད་ཟེར་དམར་པོས་ས་གཞི་ཐམས་ཅད་ཁྱབ། བདག་གི་དབང་དུ་གྱུར་པར་བསམ་མོ། །འདི་དགོངས་འདུས་ལས་སྟོབས་པོ་ཆེ། ཕུར་པ་ལས་རྡོ་རྗེ་གཞོན་ནུར་བསྐྱེད་པ་སོགས་གཞུང་རྣམས་སུ་འདྲ་མིན་དམིགས་བསལ་བྱུང་བ་ལ་དེ་ལྟར་བྱ་དགོས་སོ། །བཞི་པ་སྦྱང་བ་ལ། སྔགས་དང་ཕྱག་རྒྱས་སྦྱང་བ་ནི། སློབ་དཔོན་གྱི་ལག་གཡས་རྡོ་རྗེ་རྩེ་ལྔ་པར་བསམས་ནས་ཕྱག་རྡོ་རྗེ་དང་བཅས་སྟེགས་བུའི་སྟེང་དུ་བཞག །ཐམས་ཅད་ཀྱི་རྡོ་རྗེ་དང་བཅས་ལག་གཡས་ས་ལ་རེག་པའི་ཚུལ་བྱས་ནས། ཨོཾ་སྭཱ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭཱ་བྷཱ་ཝ་ཤུདྡྷོ྅་ཧཾ། ལན་གསུམ་གྱིས་ས་ལ་བསྣུན། ཏིང་ངེ་འཛིན་གྱིས་སྦྱང་བ་ནི། བདག་གི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཕྲ་མོ་གྲངས་མེད་པ་ཕྱོགས་བཅུར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས། ཞི་བའི་རིགས་ལ། རྣམ་དག་ཡེ་ཤེས་ཀྱི་ཞིང་ཁམས་ཆེན་པོར་གྱུར། ཅེས་དང་ཁྲོ་བོ་ལ། དུར་ཁྲོད་རོལ་པའི་ཞིང་ཁམས་ཆེན་པོར་གྱུར། ཅེས་མོས། ལྔ་པ་གཟུང་ཞིང་སྲུང་བ་ནི། བགེགས་གཏོར་བྱིན་བརླབས། བཀུག་ཅིང་སྔགས་ཀྱིས་བསྔོ། ལས་བྱང་ལྟར་བཀའ་བསྒོ་ཞིང་མཚམས་བཅད། སྲུང་འཁོར་བསྒོམ། སློབ་དཔོན་དཀྱིལ་འཁོར་དབུས་སུ་བཞེངས་ཏེ་ལས་ཕུར་ཐོགས་ལ། བདག་གི་ཐུགས་ཀ་ནས་ཁྲོ་བོ་བཅུ་སྤྲོས་པའི་ཚོགས་ཀྱིས་ས་གཞི་གང་བར་གྱུར། ཕུར་བུ་རྣམས་སྟོད་ཞལ་གསུམ་ཕྱག་དྲུག་ཕུར་བུ་འདྲིལ་བ། སྨད་ལྕགས་ཕུར་མེའི་ཚྭ་ཚྭ་འཕྲོ་བར་གྱུར། ཕུར་བུ་བསྒྲིལ་ཞིང་། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱན་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊཿ ལན་གསུམ། ཕུར་བུ་ལས་འཕྲོས་པའི་ཁྲོ་ཆུང་དང་མེའི་འོད་ཀྱིས་ས་གཞི་ཁེངས་པར་གྱུར། སྤྲོ་ན་འདིར་སྟངས་སྟབས་དང་བསྐོར་བ་སོགས་རྒྱས་བསྡུས་གང་རུང་བྱའོ། ༈ །རྩ་བའི་གཉིས་པ་དངོས་གཞི་ལ་གསུམ། ཡེ་ཤེས་ཀྱི་ལྷ་བསྙེན་པ་དང་ཉེ་བར་བསྙེན་པའི་རིམ་པ། ལྷ་དང་དབྱེར་མེད་དུ་བྱེད་པའི་སྒྲུབ་པའི་རིམ་པ། གྲུབ་ནས་དངོས་གྲུབ་ལེན་པ་སྒྲུབ་པ་ཆེན་པོའི་རིམ་པའོ། །དང་པོ་ལ་བཅུ་སྟེ། མཚམས་གསུམ་རྟེན་བཅའ་སྟ་གོན་བྱ། །རྒྱན་འགོད་མངའ་གསོལ་བརྡ་སྦྱར་ཅིང་། །བསྲེ་བསྣན་སྐོས་གདབ་བྱིན་འབེབ་བོ། །ཞེས་པའི་དང་པོ་ཕྱི་མཚམས་གཅད་པ་ནི། དཀྱིལ་འཁོར་གྱི་ཁང་པའི་ཕྱོགས་བཞིར་ཐོ་བཞི་ལ་རྒྱལ་ཆེན་སོ་སོའི་སྐུའམ་སྔགས་བྱང་རྒྱལ་མཚན་དང་བཅས་བཙུགས་ལ་སོ་སོའི་མདུན་དུ་སྟེགས་གཙང་མར་གཏོར་མ་དཀར་ཟླུམ་མདུན་དུ་མཐེབ་ཀྱུ་རིལ་བུས་མཚན་པ་རེ་དང་། དེའི་མདུན་དུ་གཡོན་ཕྱོགས་ནས་བརྩམ་པའི་ཆུ་གཉིས་ཉེར་སྤྱོད་ལྔ་བཅས་བཤམ། སྒྲུབ་པ་པོ་རྣམས་རོལ་ཆས་སོགས་སེར་སྦྲེང་གི་ཚུལ་གྱིས་སྒྲུབ་ཁང་ནས་དོན་ཏེ་ཤར་གྱི་ཐོ་མདུན་དུ་འཁོད་ལ། མཆོད་གཏོར་རྣམས། ཨོཾ་བཛྲ་ཨ་མྲྀཏས་བསང་། རཾ་ཡཾ་ཁཾ་གིས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝིདྱཱ་ཤབྡ་པཱུ་ཛ་ས་མ་ཡ་ཧཱུྃ༔ ཞེས་དང་། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་རྒྱ་དང་བཅས་པས་བརླབ། བདག་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་ཡི་གེ་ཕུཿའཕྲོས་པས་པི་ཝཾ་དུ་གྱུར། དེ་ཡོངས་སུ་གྱུར་པ་ལས་ཡུལ་འཁོར་སྲུང་དཀར་པོ་པི་ཝཾ་འཛིན་པ་དྲི་ཟའི་འཁོར་གྱིས་བསྐོར་བའི་ཐུགས་ཀ་དང་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ བསྡུ་རྒྱ་བཅས། ཧཱུྃ། གསང་བདག་སྤྱན་སྔར་དམ་མནོས་ཤིང་། །བསྟན་པ་བསྲུང་བར་ཞལ་བཞེས་པ། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ཨོཾ་དྷྲིཥྚ་རཱཥྚ་ཡ་སྭཱ་ཧཱཿ ལན་བདུན། ཨོཾ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། རྩ་སྔགས་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། དྲི་ཟའི་མངའ་བདག་ཡུལ་འཁོར་སྲུང་། །ཞི་བའི་ལས་མཛད་སྐུ་མདོག་དཀར། །ལྷ་ཡི་ཐུགས་དམ་པི་ཝཾ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱིས། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། ཨོཾ་དྷྲྀཥྚ་རཱཥྚ་ཡ་སྭཱ་ཧཱ། ཏིཥྛ་བཛྲ་ཞེས་བརྟན་བཞུགས་བྱ། ལྷོའི་མཐོ་རྩར་འཁོད་ལ་མཆོད་གཏོར་རྣམས་གོང་ལྟར་བྱིན་བརླབ། བདག་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་ཡི་གེ་ཕུཿའཕྲོས་པས་རལ་གྲིར་གྱུར། དེ་ཡོངས་སུ་གྱུར་པ་ལས་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་པ་གཤིན་རྗེའི་འཁོར་གྱིས་བསྐོར་བའི་ཐུགས་ཀ་དང་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། རི་རབ་ཀྱི་ལྷོ་ཕྱོགས་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ རྒྱ་དང་བཅས། ཧཱུྃ། གསང་བདག་སྤྱན་སྔར་དམ་མནོས་ཤིང་། །བསྟན་པ་བསྲུང་བར་ཞལ་བཞེས་པ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ཨོཾ་བི་རཱུ་ཌྷ་ཀཱ་ཡ་སྭཱ་ཧཱ། ལན་བདུན། ཨོཾ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། རྩ་སྔགས་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། གཤིན་རྗེའི་མངའ་བདག་འཕགས་སྐྱེས་པོ། །མངོན་སྤྱོད་ལས་མཛད་སྐུ་མདོག་སྔོ། །ཚར་གཅོད་བེ་ཅོན་རལ་གྲི་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱིས། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། ཨོཾ་བི་རཱུ་ཌྷ་ཀཱ་ཡ་སྭཱ་ཧཱ། ཏིཥྛ་བཛྲ་ཞེས་བརྟན་བཞུགས་བྱ། ནུབ་ཀྱི་ཐོ་རྩར་འཁོད་ལ་མཆོད་གཏོར་བྱིན་བརླབ། བདག་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་ཡི་གེ་ཕུཿའཕྲོས་པས་སྦྲུལ་ཞགས་སུ་གྱུར། དེ་ཡོངས་སུ་གྱུར་པ་ལས་སྤྱན་མི་བཟང་དམར་པོ་སྦྲུལ་ཞགས་འཛིན་པ་ཀླུའི་འཁོར་གྱིས་བསྐོར་བའི་ཐུགས་ཀ་དང་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། རི་རབ་ཀྱི་ནུབ་ཕྱོགས་ནས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ རྒྱ་དང་བཅས། ཧཱུྃ། གསང་བདག་སྤྱན་སྔར་དམ་མནོས་ཤིང་། །བསྟན་པ་བསྲུང་བར་ཞལ་བཞེས་པ། །རྒྱལ་པོ་ཆེན་པོ་སྤྱན་མི་བཟང་། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། །བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ཨོཾ་བི་རཱུ་པཱཀྵ་ཡ་སྭཱ་ཧཱ། ལན་བདུན། ཨོཾ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། སྔགས་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། ཀླུ་ཡི་མངའ་བདག་སྤྱན་མི་བཟང། །དབང་གི་ལས་མཛད་སྐུ་མདོག་དམར། །ཚོགས་རྫོགས་མཆོད་རྟེན་སྦྲུལ་ཞགས་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱིས། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། ཨོཾ་བི་རཱུ་པཱཀྵ་ཡ་སྭཱ་ཧཱ། ཏིཥྛ་བཛྲ་ཞེས་བརྟན་བཞུགས་བྱ། བྱང་གི་ཐོ་རྩར་འཁོད་ལ་མཆོད་གཏོར་རྣམས་བྱིན་བརླབ། བདག་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་ཡི་གེ་ཕུཿའཕྲོས་པ་ནེའུ་ལེར་གྱུར། དེ་ཡོངས་སུ་གྱུར་པ་ལས་རྣམ་ཐོས་སྲས་ལྗང་གུ་ནེའུ་ལེ་འཛིན་པ་གནོད་སྦྱིན་གྱི་འཁོར་གྱིས་བསྐོར་བའི་ཐུགས་ཀ་དང་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། རི་རབ་ཀྱི་བྱང་ཕྱོགས་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ རྒྱ་དང་བཅས། ཧཱུྃ། གསང་བདག་སྤྱན་སྔར་དམ་མནོས་ཤིང་། །བསྟན་པ་བསྲུང་བར་ཞལ་བཞེས་པ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ཨོཾ་བཻ་ཤྲ་བ་ཎ་ཡ་སྭཱ་ཧཱ། ལན་བདུན། ཨོཾ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། སྔགས་མཐར། ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། གནོད་སྦྱིན་མངའ་བདག་རྣམ་ཐོས་སྲས། །རྒྱས་པའི་ལས་མཛད་ལྗང་སེར་སྐུ །གཏེར་འཆང་བེ་ཅོན་ནེའུ་ལེ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱིས། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། ཨོཾ་བཻ་ཤྲ་མ་ཎ་ཡ་སྭཱ་ཧཱ། ཏིཥྛ་བཛྲ། ཞེས་བརྟན་བཞུགས་བྱའོ། །གཉིས་པ་བར་མཚམས་ལ་གཉིས། དམ་སྲི་མནན་པ། སྒོ་བྱང་གདགས་པའོ། །དང་པོ་ནི། དུག་ཤོག་ལ་དམ་སྲིའི་ལིངྒ་བྱ་མཆུ་ཅན་ཡན་ལག་ལྕགས་སྒྲོག་གིས་བསྡམས་པའི་སྙིང་གར་ཛཏྲི<!TCC Tibetan character 4,146 undefined in unicode!>་ཁ་སྤྲོད་མཐར་མགྲིན་པ་ནས་བརྩམ་སྟེ་ཡིག་མགོ་ཕྱིར་བསྟན་པ། ཡ་མ་དམ་སྲི་གམ་པ་རི་མཱ་ར་ཛཿཛཿནན༔ ཏྲིའུ་ཏྲིའུ་མཱ་ར་ཡ་ན་མ་ཤོ་ཛ༔ ཁུག་ནན༔ ཞེས་དང་། གཟུགས་ཀྱི་མཐར་ཡིག་མགོ་ནང་དུ་བསྟན་ལ། དུས་དྲུག་དང་བཅུར་རྒྱུ་བའི་ཉུལ་ལེ་དམ་སྲི་རྒྱལ་འགོང་འབྱུང་པོའི་ཚོགས་དང་བཅས་པའི་ལུས་ངག་ཡིད་གསུམ་མཐུ་སྟོབས་ཐམས་ཅད་ནོན་ཅིག༔ བསྐལ་པ་མ་སྟོངས་ཀྱི་བར་དུ་མ་ལྡངས་ཤིག༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནན༔ ཞེས་པ་རྣམས་ཀྱི་མཐར་ཛ་ཁྲོམ་གྱིས་བསྐོར་བ་བྲིས་ལ། འགྲུབ་ན་སྒྲུབ་པའི་སྔ་ཉིན་ལྟ་བུར་ཕུར་པ་སོགས་དྲག་པོའི་ཕྲིན་ལས་གཏང་བའི་ཚོགས་ཐ་མའི་གདབ་ཁ་དང་འབྲེལ་བར་བཀུག་བསྟིམ་གྲངས་མང་བྱས་ལ་ཐུན་གདབ། འདྲེ་ལྟེབ་ཏུ་བཅག་ཅིང་ཚོན་སྐུད་ཀྱིས་བཅིང་། ཐོད་ངན་ནམ་ཁྱི་ཐོད་ལྟ་བུར་བཅུག །ཕུང་རེས་དྲིལ་ལ་རྩང་གིས་གཟིར་བའི་མནན་ཆས་བྱ། སྒོ་དྲུང་དུ་དོང་གྲུ་གསུམ་བྲུས་པ་ལ་བཀོད། དེ་ཙམ་མི་འགྲུབ་པའི་སྐབས་ཀྱང་ལིངྒ་དོང་ནང་དུ་བཏིང་། སློབ་དཔོན་གྱིས་གསེར་སྐྱེམས་ཐོགས་ལ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་གྱིས་བྱིན་བརླབས་ལ། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། ཁྱད་པར་་་འདིར་སྐབས་སོ་སོའི་ལྷའི་མཚན་ཁ་བསྒྱུར།ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོག་མངག་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་སོགས་ཡུལ་གཞི་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །ཅེས་པའི་ཚིག་མཚམས་གསུམ་པོར་གསེར་སྐྱེམས་ཕུལ། འདིར་བཀའ་བརྒྱད་སོགས་ཁྲོ་བོའི་རིགས་ལ་དེའི་ང་རྒྱལ་བཟུང་བཞིན་པ་དེས་འཐུས། ཞི་བའི་རིགས་ལ་ཁྲོ་བོའི་ང་རྒྱལ་གཟུང་དགོས་པས། གུ་རུ་ཞི་བ་ལ་ཨརྩིག་བརྗོད་དེ་བླ་མ་དྲག་པོ་དང་། ཐུགས་རྗེ་ཆེན་པོ་ལ་རྟ་སྔགས་ཀྱིས་རྟ་མགྲིན་དུ་གསལ་བ་སོགས་འགྲེས་སྦྱར་ལ། ཨེ་ཡཾ་རཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དམ་སྲི་ཕོ་མོ་གཟུགས་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་་་སྐབས་གང་ཡིན་པའི་ལྷ་མཚན་སྦྱར་ལ།ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་དངོས་གྲུབ་ལ་བར་དུ་གཅོད་པའི་ཡ་མ་དམ་སྲི་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ལན་གསུམ་གྱིས་དགུག་གཞུག་བྱས་ལ། འོག་གི་འདོན་ཚིག་དང་བསྟུན་ཏེ་སྐྱེར་ཕུར་སོར་བཞི་པ་གདབ། ཐུན་རྫས་བྲབ། གུ་གུལ་བདུག །དུར་རྡོ་ལ་རི་གླིང་དང་རྒྱ་གྲམ་བྲིས་པས་མནན་ལ། ཧཱུྃ༔ དམ་སྲི་བྱ་བའི་ལས་ངན་འདིས༔ རྡོ་རྗེ་སློབ་དཔོན་སྐུ་ལ་བསྡོས༔ མཆེད་ལྕམ་རྣམས་ལ་གནོད་ཅིང་གཙེས༔ རྒྱལ་ཁམས་ཀུན་ཏུ་མི་དགེ་བཏང༔ གསང་སྔགས་ལམ་ཀྱི་སྒོ་ཡང་བཀག༔ བཀའ་འདས་ནམ་ཡང་མི་གཏོང་བས༔ ད་ནི་ཁྲོ་བོའི་ཕུར་ཚོགས་གདབ༔ ཐུན་ཚོགས་གདབ་སྟེ་དུད་ཚོགས་གཏིབ༔ གཏུབ་ཅིང་སྲིན་པོའི་ཞལ་དུ་བསྟབ༔ རི་རབ་བརྗིད་པའི་འོག་ཏུ་མནན༔ ཞེས་པའི་མཐར་འབེབ་རིང་འོག་ས་ཆུ་མེ་རླུང་རིམ་པ་བཅུ་གསུམ་རེ་དང་། སཱཙྪ་ནག་པོས་མནན་ཏེ། ཧཱུྃ༔ གཅིག་ནི་བརྗོད་མེད་ཉག་ཅིག་རྒྱ༔ གཉིས་པ་ཐབས་དང་ཤེས་རབ་རྒྱ༔ གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ༔ བཞི་པ་ཕྱག་རྒྱ་བཞི་ཡི་རྒྱ༔ ལྔ་པ་ཡེ་ཤེས་ལྔ་ཡི་རྒྱ༔ དྲུག་པ་ཕ་རོལ་ཕྱིན་དྲུག་རྒྱ༔ བདུན་པ་ཡན་ལག་བདུན་གྱི་རྒྱ༔ བརྒྱད་པ་རྣམ་ཐར་བརྒྱད་ཀྱི་རྒྱ༔ དགུ་པ་ཐེག་པ་རིམ་དགུའི་རྒྱ༔ བཅུ་པ་ཁྲོ་རྒྱལ་བཅུ་ཡི་རྒྱ༔ ཁྱོད་ལ་རྒྱ་བཅུ་བརྩེགས་ཏེ་བཏབ༔ རི་རབ་བརྗིད་པས་སྟེང་ནས་མནན༔ དཔའ་བོའི་བྲོ་ར་བྱས་ཏེ་བརྡུངས༔ བསྐལ་པ་བྱེ་སྙེད་མཐའ་རུ་མནན༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུ་ཁྲོ་རྒྱལ་འཁོར་བཅས་བཞུགས་པར་བསམ་ལ། མཆེད་ལྕམ་རྣམས་སྲིན་ལག་ལུ་གུ་རྒྱུད་དུ་སྦྲེལ་ཏེ་ལས་བཞིའི་བྲོ་གཞན་ནས་འབྱུང་བ་ལྟར་རམ། བསྡུ་ན་ལས་བྱང་སོ་སོར་འབྱུང་བའི་བྲོ་བརྡུང་ཞིང་ཧཱུྃ་བཞིའི་སྔགས་བརྗོད་དོ། །གཉིས་པ་སྒོ་བྱང་ཕྱི་ནང་གཉིས་ལས། ཕྱིའི་སྒོ་གོང་དུ་ར་སོག་གམ་རོ་རས་ལ་གཤིན་རྗེ་གཤེད་ཀྱི་སྐུ་སྙིང་པོ་འདོད་གསོལ་བྲིས་པ་དང་སྐྱེར་ཕུར་ལ་སྙིང་པོ་བྲིས་ཏེ་རྒྱབ་ཏུ་བཏགས་པ་བཀོད། དམར་གཏོར་དང་མཆོད་ཡོན་སོགས་བཤམས་ལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཨ་ལས་བྷཉྫའི་སྣོད་དུ་མཆོད་པའི་དངོས་པོ་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པར་འཆར་བས་ནམ་མཁའ་གང་བ། གཏོར་སྣོད་བྷཉྫ་འབར་བར། གཏོར་རྫས་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་འདོད་ཡོན་ཕུང་པོ་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབ། སོ་སོའི་ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ལས་ཀྱི་གཤིན་རྗེ་ནག་པོ་བེ་ཅོན་དང་འཁོར་ལོ་ཐོགས་པ་ཁྲོ་བོའི་ཆས་ལྡན་མ་ཧེ་ཉི་ཟླ་པདྨའི་གདན་ལ་བཞེངས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་འཕྲོས། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཨོཾ་བཛྲ་ཀརྨ་ཡ་མ་རཱ་ཛ་ཧཱུྃ༔ ལན་བདུན། ཨརྒྷཾ་སོགས་ནས་ཤབྡའི་བར་གྱིས་མཆོད། ཀྲོ་དྷ་ཡ་མ་རཱ་ཛ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ༔ གསང་ཆེན་ལྷུན་གྲུབ་ཕོ་བྲང་ནས༔ བཅོམ་ལྡན་ཆོས་རྗེས་བཀའ་བསྩལ་ལྟར༔ བདག་ཅག་རིག་འཛིན་སྒྲུབ་པ་པོས༔ བཀའ་གསང་གཞུང་ཆེན་འདི་སྒྲུབ་པས༔ འདི་ལ་གནོད་ཅིང་བར་གཅོད་རྣམས༔ ས་འདི་ཡན་ཆད་མ་གཏང་ཞིག༔ ཕྱི་འཁོར་སྐྱོང་བའི་མུ་རན་ལ༔ རྡོ་རྗེའི་ཡལ་གམ་ཐུབ་པར་མཛོད༔ ཨོཾ་བཛྲ་ཡ་མ་རཱ་ཛ་ས་མ་ཡ་སཏྭཾ༔ ཞེས་ལན་གསུམ་བཟླས་ནས་མེ་ཏོག་གཏོར་ཞིང་། ཏིཥྛ་བཛྲས་བརྟན་བཞུགས་བྱ། ནང་སྒོར་ར་སོག་གམ་ཤིང་བྱང་ལ་བདུད་རྩི་འཁྱིལ་བའི་སྐུ་སྔགས་འདོད་གསོལ་སྐྱེར་ཕུར་སྔགས་ལྡན་བཅས་བཀོད། མཆོད་གཏོར་རྣམས་གོང་ལྟར་བྱིན་བརླབ། སོ་སོའི་ལས་སྔགས་ཀྱིས་བསང་སྦྱང་སྔར་ལྟར། སྟོང་པའི་ངང་ལས་པད་ཉིའི་གདན་ལ་བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་དང་དགྲ་སཏྭ་ཐོགས་ཏེ་བཞེངས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ༔ ལན་བདུན། ཨརྒྷཾ་སོགས་ནས་ཤབྡའི་བར་གྱིས་མཆོད། བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ༔ ཁྲོ་བོ་བདུད་རྩི་འཁྱིལ་བའི་སྐུ༔ སྤྲུལ་པའི་འོད་ཟེར་དགྲ་བགེགས་འདུལ༔ དངོས་གྲུབ་བདུད་རྩིའི་རྒྱ་མཚོ་སྐྱིལ༔ དམ་སྲི་ཐལ་བ་རྡུལ་དུ་རློགས༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཚིནྡྷ་ཚིནྡྷ་དམ་སྲི་མཱ་ར་ཡ་ཕཊ༔ ཅེས་དང་། ཏིཥྛ་བཛྲས་བརྟན་བཞུགས་བྱའོ། །སྒོ་བྱང་གཉིས་མ་འཛོམ་པའམ་བསྡུ་ན་ཕྱི་སྒོའི་གཤིན་རྗེ་ཁོ་ནས་ཆོག་གོ །སྒོ་ཐེམ་གྱི་ནང་དུ་བྲུབ་ཁུང་ཞིག་གི་ནང་དུ་ཟན་ལིང་ལ་སེང་ལྡེང་ངམ་སྐྱེར་པའི་ཕུར་བུའི་དབལ་ལ་མི་གཡོ་བའི་སྔགས་དང་། མགུལ་དུ་རྒྱ་ཤོག་ལ་སྒོ་འདི་ཡན་ཆད་སུ་ཡང་མ་འདའ་ཞིག་ཅེས་བྲིས་ཏེ་བཏགས་པས་བཏབ། སྒོ་འདི་ཡན་ཆད་སུ་ཡང་མ་འདའ་ཞིག༔ ཅེས་བརྗོད། གསུམ་པ་གསང་མཚམས་ལ་གཉིས། མ་ཏྲཾ་བསྒྲལ་བ་དང་ཁྲོ་བཅུའི་ཕུར་གདབ་བོ། །དང་པོ་ནི། ཞི་བའི་དཀྱིལ་འཁོར་དུར་ཁྲོད་མེད་པའི་རིགས་ཕལ་ཆེར་ལ་མཛད་སྲོལ་མི་འདུག་པས་འདི་བཞག་ནས་འོག་གི་ཕུར་གདབ་ལ་འཇུག་པས་ཆོག །འོན་ཀྱང་བླ་མེད་ཡིན་ཕྱིན་དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པས་སྦྱོར་ཡང་འགལ་བ་མེད་པ་སྟེ་རཏ་གླིང་ཐུགས་གསང་སོགས་ལས་བཤད་པ་ལྟར་དང་། ཁྲོ་བོའི་རིགས་སོགས་དཀྱིལ་འཁོར་དུར་ཁྲོད་བཅས་པ་ལ་ནི་ངེས་པར་གལ་ཆེ་བ་ཡིན། དེའང་སློབ་དཔོན་ཆེན་པོས་མཛད་པའི་ཡང་དག་གསང་འགྲེལ་དང་། ཧཱུྃ་ཀཱ་རའི་མཉམ་སྦྱོར་དཀྱིལ་ཆོག་སོགས་ཆོ་གའི་ཆིངས་བཅུ་གཉིས་ཀྱི་རྩིས་འགོས་བསྡུས་པ་སོགས་ཕྱག་ལེན་རྒྱས་བསྡུས་མང་ཡང་། གཏེར་མའི་ཕྱོགས་སུ་བཀའ་བརྒྱད་བདེ་འདུས་ཉིད་ཁུངས་ཟབ་ཅིང་དོན་འདུས་པས་དེ་ལྟར་ན། དཀྱིལ་འཁོར་གྱི་གཞིར་མ་ཏྲཾ་གི་གཟུགས་བརྙན་མགོ་ལྷོ་ནུབ་ཏུ་བསྟན་པ་གན་རྐྱལ་དུ་བཞག །སྟེགས་བུའི་ཤར་ངོས་སུ་སློབ་དཔོན་ཞལ་ནུབ་ཏུ་ཕྱོགས་ཏེ་ཕྱག་ཏུ་གཡབ་དར་དྲིལ་བུ་བསྣམས་ནས། གཞུང་གང་ཡིན་གྱི་ལས་སྔགས་བརྗོད་ལ། བདག་ཉིད་ལས་ཀྱི་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བའི་སྐུར་གྱུར་པར་བསམ། ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ཏེ། མ་ཏྲཾ་ཀ་རུ་དྲ་ཛ༔ ལན་བདུན་བརྗོད། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་་་སྐབས་གང་ཡིན་པའི་ལྷ་མཚན་སྦྱར་ལ།ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཞེས་བདེན་སྟོབས་བརྗོད་པ་སྔོན་འགྲོས། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། རྣམ་པ་མ་ཏྲཾ་རུ་དྲ༔ ངོ་བོ་དངོས་གྲུབ་ལ་བར་དུ་གཅོད་པའི་བདུད་དང་ལོག་འདྲེན་ཐམས་ཅད་མ་ཏྲཾ་རུ་དྲ་ཨཱ་ཀརྴ་ཡ་ཛ༔ ཏྲི་ཡཾ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་བཀུག་སྟེ་གཟུགས་ལ་བསྟིམས་ནས། ཧཱུྃ༔ མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད༔ སྔོན་ཡང་སྒྲུབ་པ་ཀུན་ལ་བསྒྲིབས༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས༔ བསྒྲལ་ནས་དུར་ཁྲོད་ཆེན་པོར་བྱས༔ ཁུངས་དང་རྫས་བཅས་གང་ལས་བྱུང༔ ཁུངས་དང་རྫས་བཅས་བདག་ལས་བྱུང༔ བདག་མེད་སྟོང་པའི་ཐོ་བས་གཞོམ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ མ་ཏྲཾ་རུ་དྲ་ཛ༔ ཨཱ་ཀརྴ་རུ་དྲ་ཛ༔ ཁ་ཏྲཾ་རུ་དྲ་ཛ༔ ཞེས་པས་ཆོས་དང་གང་ཟག་གི་བདག་རྟག་པ་དང་ཆད་པར་ལྟ་བ་རྣམས་གཞོམ་པའི་དོན་དུ། མ་ཏྲཾ་གི་གཟུགས་དེ་ཉིད་སློབ་དཔོན་གྱི་ཞབས་གཡས་པའི་དོར་སྟབས་ཀྱིས་མནན་ལ། ཧཱུྃ༔ མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད༔ རོལ་པའི་སྟབས་ཀྱིས་མནན་པ་ནི༔ འཇིགས་བྱེད་ཆེན་པོ་ཧེ་རུ་ཀས༔ མགོ་ནི་ལྷོ་ནུབ་མཚམས་སུ་བསྟན༔ རྐང་པ་བྱང་ཤར་མཚམས་སུ་བསྟན༔ ཁྲོ་རྒྱལ་ཞབས་ནི་གཡས་གཡོན་གྱིས༔ གྱད་ཀྱི་དོར་སྟབས་ཚུལ་དུ་མནན༔ ཨཱོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་སཏྭཾ༔ མ་ཧཱ་དེ་ཝ་རུ་དྲ་ཛ༔ ཛཿཧཱུྃ༔ ཞེས་ལན་བདུན་བཟླ་ཞིང་། ཐམས་ཅད་ཀྱི་ལག་གཡས་ཀྱི་སོར་མོ་གསུམ་སྦྲེང་བ་ཁ་ཊྭཱཾ་གའི་རྒྱས་སྙིང་གར་སྣུན་ཚུལ་བྱས་ལ། གཟུགས་ཕུང་ཧྲུལ་གྱིས་ཞིག །མ་རིག་སྒོ་ལྔའི་སྦུབ་དྲལ། རྣམ་ཤེས་ཏྲི་ནག་པོར་གནས་པ་ཐུགས་ཀའི་འོད་ཀྱིས་སྦྱངས་པས་ཧཱུྃ་ཡིག་དཀར་པོར་གྱུར་པ་བདག་གི་ཐུགས་ཀར་ཐིམ་ནས་གཉིས་སུ་མེད་པར་གྱུར་པར་བསམ་ཞིང་། སྟེགས་བུའི་མཐར་སྔར་དམ་སྲི་མནན་པའི་སྐབས་ཅི་ལྟ་བ་བཞིན་དུ་བྲོ་བརྡུང་། བསྡུ་ན་བྲོ་བརྡུང་མེད་ཀྱང་ཆོག །གང་ལྟར་ལས་ཀྱི་རྡོ་རྗེས་མ་ཏྲཾ་གི་ལྷུ་ཚིགས་སོ་སོར་ཕྲལ་ནས་སྟེགས་བུའི་ལྷོ་ནུབ་ཏུ་མགོ །ནུབ་ཏུ་སྙིང་། ནུབ་བྱང་དུ་ལག་གཡོན། བྱང་དུ་རྐང་གཡོན། བྱང་ཤར་དུ་གསང་གནས། ཤར་དུ་རྐང་གཡས། ཤར་ལྷོར་ལག་གཡས། ལྷོར་གློ་བ་སྟེ་ཕྱོགས་མཚམས་རྣམས་སོ་སོར་བཀོད། སློབ་དཔོན་ཤར་དུ་གནས་པས་བྷྲཱུྃ་ཛྙཱ་ན་མཎྜ་ལ་བྷྲཱུྃ༔ ཐུགས་ཀ་ནས་བྷྲཱུྃ་འཕྲོས་ཁོག་པ་ལ་ཐིམ་པས། ཁོག་པ་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་དུར་ཁྲོད་བརྒྱད་ར་བ་མེ་དང་བཅས་པས་བསྐོར་བར་གྱུར། ཅེས་བསམ། ཞི་བ་ལྟ་བུ་ལ། ཁོག་པ་ཡེ་ཤེས་རོལ་པའི་གཞལ་ཡས་ཁང་ཆེན་པོར་གྱུར། ཅེས་བསྒྱུར། ཐམས་ཅད་ཀྱིས་ལག་གཡས་ཕྱི་དང་གཡོན་ནང་དུ་བྱས་པའི་ཁུ་ཚུར་དཔུང་མགོར་བསྣོལ་ཞིང་། ཧཱུྃ་པྲ་བེ་ཤ་ཡ་ཕཊ༔ ཅེས་ལན་བདུན་བཟླས་ནས་རྒྱ་བཀྲོལ་ཏེ། དཀྱིལ་འཁོར་གྱི་སྒོ་ཤག་གིས་ཕྱེ་བར་གྱུར་པར་བསམ་ལ། དེ་ནས་སློབ་དཔོན་རྡོ་རྗེའི་འགྲོས་གར་གྱིས། ཧཱུྃ་ཧཱུྃ་ཧཱུྃ། ཧ་ཧ་ཧ། ཕཊ་ཕཊ་ཕཊཿ ཅེས་བརྗོད་ནས་དཀྱིལ་འཁོར་ལ་གཡས་སུ་ལན་གསུམ་བསྐོར་ནས། དཀྱིལ་འཁོར་གྱི་ནང་དུ་ཚུད་པར་གྱུར། ཞེས་བརྗོད་དོ། །གཉིས་པ་ཁྲོ་བཅུའི་ཕུར་གདབ་ནི། སྟེགས་བུའི་དབུས་ཀྱི་ཁྲིའུ་ཁར་སློབ་དཔོན་ཞལ་ཤར་དུ་ཕྱོགས་པར་བཞུགས་པའི་མདུན་དུ་སེང་ལྡེང་གི་ཕུར་བུ་ཙནྡན་དམར་པོས་ཁ་དོག་བསྒྱུར་ཞིང་རྩེ་མོར་མེ་ཏོག་ཕྲེང་བ་བཅིངས་པ་བཅུ་བཤམ། དཀྱིལ་འཁོར་གྱི་ཕྱོགས་མཚམས་བརྒྱད་དང་ཤར་ནུབ་ཀྱི་ཕྱི་རྣམས་སུ་ཕུར་གདན་བཅུ་བཀོད་ལ། རང་གི་ཐུགས་ཀ་ནས་ཧཱུྃ་ཡིག་བཅུ་སྤྲོས་ཕུར་བུ་རྣམས་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས་སྟོད་ཁྲོ་བོའི་གཟུགས་ཅན་སྨད་ཕུར་བུ་འབར་བའི་རྣམ་པ་ཅན་དུ་གྱུར་པར་བསམ་ལ། ཐམས་ཅད་ཧཱུྃ་མཛད་ཀྱི་རྒྱ་དང་། སུམྦྷ་ནིའི་སྔགས་ཀྱིས་ཕྱོགས་བཅུའི་བགེགས་རྣམས་བཀུག་པ་ལ། སློབ་དཔོན་གྱིས་ལག་གཡས་ཀྱིས་ཐོ་བ་དང་། གཡོན་པས་ཕུར་བུ་བཟུང་ལ། ཧཱུྃ༔ སྟེང་འོག་ཕྱོགས་མཚམས་འཇིག་རྟེན་ཀུན༔ ཞེ་སྡང་རྡོ་རྗེ་བླ་ན་མེད༔ སྐུ་གསུང་ཐུགས་སྤྲུལ་སྟོབས་དང་ལྡན༔ ཏ་ཀྲིཏ་ཁྲག་འཐུང་ཁྲོ་རྒྱལ་བཅུ༔ འཇིགས་ཚུལ་རྔམས་པའི་སྟངས་སྟབས་ཀྱིས༔ གདུག་པའི་ཚོགས་རྣམས་བརླག་པར་མཛོད༔ དུར་ཁྲོད་གསང་བའི་གནས་མཆོག་འདིར༔ རང་བྱུང་ཁྲོ་རྒྱལ་ཆེན་པོ་བཅུ༔ ལོག་འདྲེན་བདུད་བགེགས་མཚམས་གཅད་ཕྱིར༔ ཁྲོ་བཅུའི་ཕུར་པ་གདབ་པར་བྱ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཀྲོ་ཏ་ ཧཱུྃ་ཀཱ་ར་ཧཱུྃ༔ གནོད་བྱེད་འབྱུང་པོ་ གརྫ་གརྫ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་སོགས་དེ་བཞིན་སྦྱར་ཏེ། བི་ཛ་ཡ་ཧཱུྃ༔ ྎཧ་ན་ཧ་ན་ཧཱུྃ་ཕཊ༔ ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ཧ་ཡ་གྲཱི་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཨ་པ་ར་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཨཱརྻ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ཅེས་འབར་བའི་སྟངས་སྟབས་དང་བཅས་སྟེང་གི་ཕུར་བུ་ཤར་གྱི་ཤར་དང་། ཕྱོགས་ཕུར་ཤར་ནས་ལྷོ་སོགས་རིམ་གྱིས་གཡས་སྐོར་དང་། མཚམས་ཕུར་བྱང་ཤར་ནས་ནུབ་བྱང་སོགས་གཡོན་སྐོར་དང་། འོག་གི་ཕུར་བུ་ནུབ་ཀྱི་ནུབ་ཏུ་གདབ་པས། བགེགས་རྣམས་ཀྱི་སྙིང་ཕུག་ནས་གཡོ་འགུལ་མེད་ཅིང་འོད་གསལ་བར་གྱུར་པར་བསམ་ཞིང་། ཕུར་བུ་ལས་བྱུང་བའི་འོད་ཟེར་སྲུང་བའི་འཁོར་ལོར་འཁྲིགས་པས་ཕྱོགས་མཚམས་ཐམས་ཅད་ཁྱབ་པར་གྱུར། ཅེས་དང་། ལས་གཞུང་སོ་སོ་ལས་འབྱུང་བའི་སྲུང་འཁོར་གྱི་ཚིག་བརྗོད་ཅིང་བསྲུང་བྱ་སྲུང་བྱེད་ཐམས་ཅད་ལས་འདས་པ་དེ་ཁོ་ན་ཉིད་ཀྱི་སྲུང་འཁོར་ཡང་བྱ། མ་ཏྲཾ་དང་ཕུར་པ་དེ་དག་རེ་ཞིག་ཕྱོགས་སུ་བསྡུ་ནས་རྒྱན་བཀོད་སྐབས་སུ་སླར་བཀྲམ་པར་བྱའོ། །གཞུང་རྙིང་རྣམས་ལས་རྒྱལ་ཆེན་བཞི་པོ་སོ་པའི་ཚུལ་དང་། ཁྲོ་བཅུའི་མཚམས་ཕུར་ཇག་པའི་སྐུང་གི་ཚུལ་དུ་བཞག་པ་ཡིན་པར་བཤད་ཅིང་། ས་ཆོག་སྐབས་ཁྲོ་བཅུའི་ཕུར་གདབ་ཡོད་པའི་རིགས་ལ་སྐབས་དེར་དངོས་སུ་གདབ་ཅིང་འདིར་གདབ་མི་དགོས་པར་སྔགས་ཚིག་ཙམ་བརྗོད་པས་ཐུགས་དམ་བསྐུལ་བ་ཡིན་ཞེས་སྨིན་ལུགས་གསུང་རྒྱུན་དུ་འབྱུང་ངོ་། །བཞི་པ་རྟེན་གྱི་དཀྱིལ་འཁོར་བཅའ་བ་ལ་ཐོག་མར་ཆག་ཆག་གདབ་པ་ནི། དུང་ཕོར་རམ་ཀ་པཱ་ལར་བདུད་རྩི་རྣམ་པ་ལྔར་སྦྱར་བའི་དྲི་བཟང་གི་ཆུས་དཀྱིལ་འཁོར་གྱི་གཞི་ལ་རྡོ་རྗེ་ཁུ་ཚུར་གྱིས་བྱང་ཤར་ནས་གཡས་སྐོར་དུ་ཁྱབ་པར་ཁྱེམ་མེད་པར་བྱུག་ཅིང་། ཧཱུྃ༔ བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ དམ་རྫས་བདུད་རྩི་ཡེ་ཤེས་ལྔ་ལྡན་པའི༔ བདེ་གཤེགས་རྒྱལ་བའི་སྐུ་གསུང་ཐུགས་སྒྲུབ་ཕྱིར༔ བཀའ་གསང་རྨད་དུ་བྱུང་བའི་ཆག་ཆག་འདེབས༔ ཨོཾ་མ་ཧཱ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ༔ ཞེས་བརྗོད་ཅིང་ཞི་རོལ་བྱ། དེ་ནས་ཐིག་ཚོན་གྱི་བྱ་བ་ལ་འཇུག་པ་ཡིན་ཡང་དེ་དག་གཞུང་སོ་སོ་ལས་འབྱུང་བ་ལྟར་ལག་ཏུ་ལོན་དགོས་པ་དང་། དཀྱིལ་འཁོར་རས་བྲིས་ཙམ་ལ་བསྟེན་པའི་སྐབས་སུ་ནི་དེ་དག་མི་མཁོ་བས་འདིར་མ་སྨྲོས་སོ། །ལྔ་པ་སྟ་གོན་ལ་བཞི། ལྷ། བུམ་པ། ཡོ་བྱད། སློབ་མ་སྟ་གོན་ལ་གནས་པའོ། །དེའང་སློབ་མ་ལ་དབང་བསྐུར་བ་དང་འབྲེལ་ན་དེ་རྣམས་སྐབས་འདིར་སྦྱར། མ་འབྲེལ་ན་སྦྱོར་མི་དགོས་མོད། འོན་ཀྱང་ཡོ་བྱད་སྟ་གོན་ནི་ནམ་དུའང་དགོས་པས་སྒྲུབ་པའི་རྫས་ཚང་བར་བསགས་ལ་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་རྣམ་རོལ་འབའ་ཞིག་ཏུ་མོས་པས་བྱིན་བརླབ། ལྷ་སྟ་གོན་ནི་གཙོ་བོར་དཀྱིལ་འཁོར་བྲི་བར་གནང་བ་ཞུ་བའི་དོན་ཡིན་པས་གྲུབ་ན་ལེགས་པ་ལས་ལྷག་སྐྱོན་དུ་མི་འགྱུར་བས་དེ་ལྟར་ན། དཀྱིལ་འཁོར་བྱ་བའི་སྟེགས་བུའི་དབུས་གཙོ་བོའི་གནས་སུ་བདུད་རྩི་དྲི་བཟང་སྦྱར་བའི་ཆབ་ཀྱིས་ཐིག་ལེ་གྲུ་བཞི་འཁོར་རྣམས་ཀྱི་གནས་སུ་ཟླུམ་པོ་རེ། དེ་རྣམས་སུ་ལྷ་སོ་སོའི་སྔགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་ས་མ་ཡ་སཏྭཾཿ བཏགས་པ་བརྗོད་ཅིང་མེ་ཏོག་གི་ཚོམ་བུ་གཙོ་འཁོར་ཕྱེད་པར་བཀོད། ཕྱི་ནང་གི་མཆོད་པས་བསྐོར། ལས་བྱང་ལྟར་མཆོད་པ་བྱིན་བརླབ། དམ་ཚིག་པ་བསྐྱེད། ཡེ་ཤེས་འཁོར་ལོ་བསྟིམ། ཕྱག་མཆོད་བསྟོད་པའི་བར་དུ་སོང་ནས། ཐམས་ཅད་ཀྱིས་ཐལ་མོ་སྦྱར་ཏེ། ཧོ༔ དུས་གསུམ་བླ་མ་ཡི་དམ་ལྷ༔ ཡི་དམ་རྒྱལ་བ་རྒྱ་མཚོའི་ཚོགས༔ མཁའ་འགྲོ་དམ་ཅན་མ་ལུས་དགོངས༔ དཀྱིལ་འཁོར་བཟང་པོ་ལེགས་བྲིས་ནས༔ བདག་ཅག་བསྙེན་སྒྲུབ་ལས་གཞུང་བསྲང༔ སྟ་གོན་ལ་ནི་གནས་པར་མཛོད༔ ལན་གསུམ་བརྗོད། རྡོ་རྗེ་སློབ་དཔོན་གྱིས་སེ་གོལ་གསུམ་བྱས་ལ་ལྷ་རྣམས་བར་སྣང་འོད་ཀྱི་དྲྭ་བར་བཞུགས་པར་མོས། ཚོམ་བུ་དང་མཆོད་གཏོར་རྣམས་བསྡུའོ། །འདིར་ཡང་ལས་བྱང་གི་མངོན་རྟོགས་རྒྱས་པ་མི་ལྕོགས་པ་ལྟ་བུ་ལ། སྒྲུབ་པའི་གཞིར་རང་བྱུང་ཡེ་ཤེས་ཀྱི་གཞལ་མེད་ཁང་ཆེན་པོར། ཆེ་གེ་མོའི་ལྷ་ཚོགས་དྭངས་པའི་མཁའ་ལ་འཇའ་ཚོན་ཤར་བ་ལྟར་སྐད་ཅིག་གིས་གསལ་བར་གྱུར། ཅེས་གདོད་ནས་གྲུབ་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བཏབ་ལ་མཆོད་བསྟོད་བྱས་པས་ཀྱང་ཆོག་གོ །སྒྲུབ་པའི་མཐར་སློབ་མ་ལ་དབང་བསྐུར་བ་སོགས་བུམ་པ་སྟ་གོན་དགོས་པའི་རིགས་ལ་བསྡུ་བར་འདོད་ན། བུམ་པ་ལྷ་གྲངས་སམ་རྣམ་བུམ་དང་ལས་བུམ་ཙམ་འདུ་བྱ། དྲག་སྔགས་ཡུངས་ཐུན་གུ་གུལ་དུད་པས་བགེགས་བསྐྲད། བུམ་པ་ཆས་སུ་གཞུག་པའི་སྔགས་བཀའ་དགོངས་སོགས་ནས་འབྱུང་བ་ལྟར་རམ། གཙོ་བོའི་སྙིང་པོ་བརྗོད་ལ་ནང་བཅུད་མགུལ་ཆིངས་ཁ་རྒྱན་ལྡན་པ་བཀོད། མཆོད་པ་བཤམས་ཤིང་བྱིན་བརླབ། བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་ཕྱི་རིན་པོ་ཆེའི་བུམ་པའི་རྣམ་པ་ལ་ནང་གཞལ་ཡས་ཁང་བདུད་རྩིའི་རྒྱ་མཚོ་འཁྱིལ་བའི་དབུས་སུ། ཆེ་གེ་མོའི་དཀྱིལ་འཁོར་གྱི་ལྷ་ཚོགས་མཚོ་རྫིང་དྭངས་པར་ཟླ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། སྔགས་ཙམ་གྱིས་མཆོད། ཕྱག་འཚལ་ཤློ་ཀ་སོགས་གཅིག་གིས་བསྟོད། གཟུངས་ཐག་བླངས་ལ། རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་འཕྲོས་བུམ་པའི་ལྷ་རྣམས་ལ་ཕོག །སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་བཅུད་དུ་འཁྱིལ་བར་བསམ། བསྙེན་སྒྲུབ་ཀྱི་སྔགས་བཟླ། མཐར། ཨོཾ་ཨཱཿཧཱུྃ་གིས། བདུད་རྩིའི་མཆོད་ཡོན་ཕུལ་བས་ལྷ་རྣམས་འོད་དུ་ཞུ་བ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། ལས་བུམ་དུ་འཁྱིལ་བ་དང་རྟ་མགྲིན་ལྟ་བུ་སོ་སོའི་ལས་ཀྱི་ལྷ་བསྐྱེད་ལ་སྔགས་བཟླས་པས་བྱིན་བརླབ། དྲུག་པ་རྒྱན་འགོད་པ་ནི། དཀྱིལ་འཁོར་ལྡིང་ཁྲི་རིམ་གསུམ་མམ་གཉིས་ཡོད་པའི་འོག་མར་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། བདག་བསྐྱེད་མཆོད་གཏོར་ལོགས་གང་བདེར་བཤམ། བཀའ་བརྒྱད། ཡང་དག །ཕུར་པ་ལྟ་བུ་ཁྱད་ཆོས་ཆེན་པོ་ཅན་མིན་པའི་སྒྲུབ་རྫས་སྤྱི་ཙམ་དུ། སྐུ་གཟུགས། ཙཀླི། རྒྱུད་དམ་གཞུང་པོད། སྔགས་བྱང་། རྡོ་རྗེ་སོགས་ཕྱག་མཚན། ཤེལ་རྡོ་བཅས་སྐུ་གསུང་ཐུགས་རྟེན། རྣམ་རྒྱལ་བུམ་པ། སྒྲུབ་པའི་གཏོར་ཆེན། སྨན་རག །ཚེ་འབྲང་། ཚེ་རིལ། ཚེ་ཆང་། མདའ་དར། མྱང་གྲོལ་སྒྲུབ་པ་དང་འབྲེལ་ན་རིལ་བུ་བུམ་པ། ཞི་རྒྱས་དབང་དྲག་དང་བཀའ་གཏེར་སྲུང་མའི་གཏོར་མ། དབང་བསྐུར་བྱེད་ན་དེ་དང་མཐུན་པའི་དབང་རྫས་ཚང་བ། དཀྱིལ་འཁོར་རྒྱན་རྫས་སོགས་གཞི་མདུན་སྟེགས་བུའི་སྟེང་དུ་དགོད། བདག་གི་རྣལ་འབྱོར་བཟླས་པའི་བར་སོང་ནས་སྟོང་ཚིགས་ཕུལ། སླར་ཛཔ྄་དབྱངས་བྱ་བའི་ཚེ་རྡོ་རྗེ་སློབ་དཔོན་གྱིས་དྲིལ་སྤོས་འཛིན་པས་སྣ་དྲངས། རྟེན་སྒྲུབ་མཆོད་པའི་རྫས་རྣམས་ཐོགས་པའི་སེར་སྦྲེང་གིས་དཀྱིལ་འཁོར་ལ་གཡས་སྐོར་ལན་གསུམ་བྱས་ཏེ་མདུན་དུ་འཁོད་ནས་དབྱངས་དང་བཅས་པས། ཧཱུྃ༔ བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་བཀོད་པ་ནི༔ ཐུགས་རྗེའི་སྐུ་མཆོག་འགྲོ་ཀུན་ཐར་པར་འདྲེན༔ སྐུ་གསུང་ཐུགས་རྟེན་དངོས་གྲུབ་ཀུན་འབྱུང་གནས༔ ཡོན་ཏན་ཕྲིན་ལས་མ་ལུས་རྫོགས་པའི་དཔལ༔ ཕོ་བྲང་སྣོད་བཅུད་རྟགས་ལྡན་རྒྱན་དུ་བཞུགས༔ ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས༔ ཐུགས་རྗེས་རྣམ་འཕྲུལ་གཙོ་འཁོར་ལྷ་ཚོགས་བཅས༔ གསང་བའི་དམ་རྫས་སྨན་གཏོར་རཀྟ་དང༔ སྣོད་བཅུད་ཡོངས་རྫོགས་བུམ་པ་གཞལ་ཡས་གསལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་མ་ལུས་རྫོགས༔ མ་རིག་ལོག་རྟོག་དྲྭ་བ་གཅོད་པའི་གྲི༔ ཤེས་རབ་ཐབས་ལྡན་ལོག་རྟོག་འབིགས་པའི་མདའ༔ དྲི་མེད་རང་གསལ་སྐུ་གསུམ་མེ་ལོང་མཛེས༔ རིགས་ལྔ་རབ་མཚོན་དར་སྣ་ལྔ་ཡིས་བརྒྱན༔ དག་བྱེད་ཁྲུས་བུམ་ཚོན་སྐུད་དྲྭ་བ་དང༔ དར་དཔྱང་གཟུངས་ཐག་སྒབ་སྐོར་འཕན་ཕྲན་དང༔ ཀུན་ཁྱབ་བླ་བྲེ་ཤེས་སྐྱོབ་ཡོལ་བ་དང༔ རྒྱན་དྲུག་ཅོད་པན་མི་ནུབ་རྒྱལ་མཚན་དང༔ རྡོ་རྗེ་དྲིལ་བུ་རྔ་དང་ཌཱ་མ་རུ༔ པི་ཝཾ་གླིང་བུ་ཕོ་གླིང་མོ་གླིང་དང༔ དུང་དང་ཆ་ལང་མཁར་རྔ་ཏིང་ཏིང་ཤག༔ སྐུ་གསུང་ཐུགས་རྟེན་མཆོད་པའི་ཚོགས་དཔག་མེད༔ སྐལ་ལྡན་བདག་ཅག་དངོས་གྲུབ་ཡོངས་འགྲུབ་ཅིང༔ འགྲོ་ཀུན་སྡུག་བསྔལ་རྒྱ་མཚོ་བསྒྲལ་བྱའི་ཕྱིར༔ དཀྱིལ་འཁོར་གཞལ་ཡས་ཁང་འདིར་དགྱེས་པར་བཞུགས༔ ཨོཾ་ཛྙཱ་ན་ས་མ་ཡེ་མ་ཧཱ་ཛྙཱ་ན་ཤཱུནྱ་ཏིགྣ༔ མ་ཧཱ་དྲྀ་ཤ་ཀཱི་ལ་ཡ་དྷརྨ་ཀཱ་ཡ་བཛྲ་ཏིཥྛ་ཛྙཱ་ན་ས་མ་ཡེ་ཧཱུྃ༔ མུ་ཀུ་ལེན་དྷ་རི་ཀ་ཏ་ཧཱུྃ༔ དྷརྨ་དྷཱ་ཏུ་ས་མ་ཡ་ཏིཥྛ་ལྷན༔ ཞེས་དབྱངས་དང་ཞི་རོལ་བཅས་བྱ་ཞིང་སྒྲུབ་རྫས་རྣམས་ལས་སློབ་སོགས་ཀྱིས་ནོར་འཁྲུལ་མེད་ཅིང་བག་དྲོ་ལྷུན་ཆགས་དང་བ་འདྲེན་པར་དགོད། དེའང་དཀྱིལ་འཁོར་དབུས་སུ་གཞུང་གང་ཡིན་པའི་སྒྲུབ་རྫས་ཀྱི་གཙོ་བོ་ཐོད་པ། རྣམ་བུམ། མྱང་གྲོལ་བུམ་པ་སོགས་ཁྲིའུའི་ཁར་བཀོད། ལྡིང་ཁྲི་གོང་མར་སྐུ་གསུང་ཐུགས་རྟེན། རྒྱབ་ངོས་སུ་གཏོར་ཆེན་རྒྱན་སྤྲོས་ཅན། དཀྱིལ་འཁོར་གྱི་རྡོར་རྭའི་སྟེང་ཁྲོ་བཅུའི་ཕུར་བུ། མཐའ་སྐོར་ཤར་དུ་མཆོད་ཡོན་ནས་བརྩམ་སྟེ་ཆུ་གཉིས་ཉེར་སྤྱོད་མཚམས་འཛིན་བཅས། ཕྱོགས་བཞིར་རལ་གྲི་བཞི། མཚམས་བཞིར་མདའ་དར་མེ་ལོང་ཅན་བཞི་བཙུགས་པ་ཚོན་སྐུད་ཀྱི་དྲྭ་བས་སྦྲེལ། གཞན་ཡང་ཟུར་བཞིར་རྒྱལ་མཚན། ལོགས་བཞིར་འཕན། དར་གྱི་དྲྭ་ཕྱེད་སོགས་སོ་སོའི་ཕྱག་ལེན་ལས་བྱུང་བ་ལྟར་མཛེས་བརྗིད་ཆགས་པ་དང་། སྟེང་ན་དར་གྱི་གདུགས་དབུབ། གཤམ་དུ་སྟག་གཟིག་གི་སྒབ་དཀྲིས་ཀྱིས་བསྐོར། དཀྱིལ་འཁོར་མདུན་རྒྱབ་གང་བདེར་མཆོད་གཏོར་ཁ་ཟས་བཟང་དགུས་བརྒྱན་པའི་གཡས་གཡོན་ཆོས་གཏེར་སྲུང་མ་སྤྱི་དང་བྱེ་བྲག་གི་གཏོར་འབུལ། ཆད་བརྟན་རྒྱུན་བཞག །རྒྱུན་གསོའི་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར། ཕྱི་མཆོད་བརྒྱ་རྩ་སོགས་ཡོད་ན་མཐའ་སྐོར་སྟེགས་བུ་རིམ་པ་ཅན་ལ་གོ་རིམ་མ་འཆོལ་བར་བཀོད། གཞན་ཡང་ཉིན་རེ་བཞིན་འབུལ་རྒྱུའི་ཆོས་སྐྱོང་གཏོར་སྤུངས། ཆད་མདོ་བརྟན་མ། ཚོགས་ཀྱི་ཡོ་བྱད་ཀྱིས་མཚོན་ཕྲིན་ལས་ལ་དགོས་པ་རྣམས་དང་། དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་ལྕགས་ཧོམ་དུ་ཉུ་ལེའི་ལིངྒ། ལས་ཕུར་སྟེགས་བཅས། ཡུངས་དཀར་སོགས་ཐུན་རྫས་རྣམས་ཀྱང་འདུ་བྱ། སློབ་དཔོན་གྱི་མདུན་གཡོན་ནས་བརྩམ་སྟེ་ནང་མཆོད། རྡོར་དྲིལ། ཌཱ་མ་རུ། མེ་ཏོག་གི་སྣོད། ལས་བུམ་རྣམས་བཞག་གོ །མཆོད་རྫས་རྣམས་ལ་སྤྱི་ཁྱབ་ཏུ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱཿ ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཁའ་ཁྱབ་ཏུ་སྤེལ་བར་བྱའོ། །བདུན་པ་ཚོགས་སྒྲུབ་ཀྱི་ལས་ལ་འཇུག་རུང་གི་བྱ་བ་སྒྲུབ་པ་པོ་རྣམས་མངའ་གསོལ་ཞིང་གནས་སུ་དགོད་པ་ནི། རྒྱལ་ཐེབས་ཀྱིས་དབྱངས་བོར་ལེན་དང་ལས་ཀྱི་རྡོ་རྗེས་ཐོད་ཆང་མར་ཟེད་ཅན་ཚིག་བསྟུན་སོ་སོར་དྲང་བ་སོགས་ལག་ལེན་ལྟར་བྱས་ལ། ཧཱུྃ༔ སངས་རྒྱས་གདུང་འཚོབ་རྡོ་རྗེ་རྒྱལ་པོ་ཉིད༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྫོགས༔ དུག་ལྔ་རྩད་གཅོད་དངོས་གྲུབ་ཀུན་འབྱུང་གནས༔ སྟོན་པའི་སྒྲོན་མེར་མངའ་གསོལ་དགྱེས་པར་བཞུགས༔ ཞེས་དང་། རྒྱལ་ཚབ་ལ། ཧཱུྃ༔ བླ་མའི་གདུང་འཚོབ་སྐུ་གསུང་ཐུགས་ཀྱི་སྲས༔ དམ་ཆོས་ཆར་འབེབ་ཚེ་དང་དངོས་གྲུབ་སྤེལ༔ དབང་བསྐུར་ཕྲིན་ལས་རྣམ་བཞི་མཐར་ཕྱིན་པ༔ རྒྱལ་ཚབ་སྟོན་པར་མངའ་གསོལ་དགྱེས་པར་བཞུགས༔ ཡུམ་ལ། གཉིས་མེད་བདེ་སྐྱེད་མཚན་ཉིད་རབ་ཏུ་བཟང༔ ཀུན་བཟང་ཡུམ་དུ་མངའ་གསོལ་དགྱེས་པར་བཞུགས༔ རྡོ་རྗེ་ལས་པར། ཕྲིན་ལས་གཞུང་བསྲང་བསྙེན་སྒྲུབ་མཐར་ཕྱིན་མཛད༔ རྡོ་རྗེ་ཀརྨ་མངའ་གསོལ་དགྱེས་པར་བཞུགས༔ གིང་ལ། བར་གཅོད་བགེགས་བསྒྲལ་གཟུགས་ཕུང་ལྷ་ལ་སྟོབ༔ རྡོ་རྗེ་གིང་མཆོག་མངའ་གསོལ་དགྱེས་པར་བཞུགས༔ མཚམས་པར། ཕྱི་ནང་མཚམས་གཅོད་བར་ཆད་ཐམས་ཅད་སྲུང༔ རྡོ་རྗེ་མཚམས་པར་མངའ་གསོལ་དགྱེས་པར་བཞུགས༔ སྤྱན་པར། དངོས་གྲུབ་བགེགས་གཉིས་དུས་དང་དྲོད་ཚད་མཁྱེན༔ རྡོ་རྗེ་སྤྱན་པར་མངའ་གསོལ་དགྱེས་པར་བཞུགས༔ དུས་མཚམས་པར། ཕྲིན་ལས་སྐབས་སྦྱར་དུས་འཛིན་ནམ་ཚོད་མཁས༔ རྡོ་རྗེ་དུས་མཚམས་མངའ་གསོལ་དགྱེས་པར་བཞུགས༔ ཕྱག་ཚང་། ཕུད་གཙང་གཡོས་མཁས་ཕྱི་ནང་བྱ་བྱེད་མཁས༔ རྡོ་རྗེ་ཕྱག་ཚང་མངའ་གསོལ་དགྱེས་པར་བཞུགས༔ བྱན་པོར། གཡོ་མཁན་ཆད་ལྷག་མེད་ཅིང་གཙང་སྦྲ་ལྡན༔ རྡོ་རྗེ་བྱན་པོར་མངའ་གསོལ་དགྱེས་པར་བཞུགས༔ མཆེད་ལྕམ་གཞན་རྣམས་ལ། གསལ་དག་ཛཔ྄་མཁས་དད་ལྡན་བརྩོན་པར་བཞུགས༔ གསེར་ཕྲེང་མཆེད་ལྕམ་མངའ་གསོལ་དགྱེས་པར་བཞུགས༔ རྡུལ་འཕྱག །ཀུན་གྱི་བཀའ་སྒྲུབ་ཕྱི་ཡི་ཉུལ་ལེ་སྐྲོད༔ རྡུལ་འཕྱག་སྐྱེས་བུར་མངའ་གསོལ་དགྱེས་པར་བཞུགས༔ ཞེས་སོ་སོར་མངའ་གསོལ་ཞིང་རང་གྲལ་དུ་འཁོད་པ་ལས་ནམ་ཡང་མ་འཕྱུགས་པར་བྱའོ། ཁྲོ་བོའི་རིགས་སོགས་ལ་དེའི་རྗེས་འབྲེལ་དུ་ཆས་སུ་འཇུག་ཅིང་རྟགས་གདབ་དགོས་པས། ཆས་རྣམས་ལས་རྡོར་སོགས་ཀྱིས་ཐོགས། རྒྱལ་ཚབ་པས་དབྱངས་བོར་ལེན་ཚུལ་གྱིས། ཧཱུྃ༔ དོན་དམ་སྤྲོས་མེད་རྒྱུ་མའི་ཁོང་གསེང་ཅན༔ ཡེ་ཤེས་ལྔ་ལྡན་ཐོད་པའི་དབུ་རྒྱན་གསོལ༔ ཐེག་མཆོག་དོན་སྟོན་གླང་ཆེན་ཀོ་རློན་གསོལ༔ འཁོར་བ་མི་སྤང་མི་ལྤགས་གཡང་གཞི་གསོལ༔ ཞེ་སྡང་ཉིད་འཇོམས་སྦྲུལ་ནག་ཆུན་པོ་གསོལ༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་སྟག་ཤམ་གསོལ༔ འཁོར་བའི་བཅུད་ལེན་ཞག་གི་ཟོ་རིས་གསོལ༔ ཆགས་པ་དབང་སྡུད་རཀྟའི་ཐིག་ལེ་གསོལ༔ སྐྱེ་འཆི་རྩད་གཅོད་ཐལ་ཆེན་ཚོམ་བུ་གསོལ༔ སྐུ་གསུམ་ལྷུན་གྲུབ་ཐོད་ཕྲེང་ཚར་གསུམ་གསོལ༔ ཅིས་ཀྱང་མི་ཤིགས་རྡོ་རྗེའི་གོ་ཁྲབ་གསོལ༔ མ་རིག་ནགས་སྲེག་ཡེ་ཤེས་མེ་དཔུང་གསོལ༔ ཞིང་བཅུ་ཡོངས་སྒྲོལ་དཔལ་གྱི་ཆས་བཅུ་འདི༔ དབང་ཕྱུག་ཆེན་པོའི་སྐུ་ལ་རྒྱན་དུ་བཞེས༔ ཞེས་རྗེས་ཟློས་དང་བཅས་ཚིག་དང་བསྟུན་ནས་དཔལ་གྱི་ཆས་རྣམས་ལས་ཀྱི་རྡོ་རྗེས་རྒྱལ་ཚབ་པར་རིམ་པར་ཕུལ་ལ་རྡོ་རྗེ་སློབ་དཔོན་སོགས་ཐམས་ཅད་ཀྱི་གནས་སོ་སོར་བགོ་ཞིང་བརྒྱན་པའི་ཚུལ་བྱའོ། །བརྒྱད་པ་བརྡ་སྦྱར་བ་ནི། བརྡའ་སྒོ་ཕྱག་ལས་གཞུང་དུ་ཡོད་པའི་རིགས་ལ་དེ་ཉིད་འདིར་སྦྱར། རང་གཞུང་དུ་མེད་པ་སོགས་ལ། ཧཱུྃ། སྣང་སྲིད་འཁོར་འདས་གདོད་མ་ནས། །རྣམ་དག་ལྷུན་གྲུབ་རྒྱལ་བའི་ཞིང་། །མ་རྟོགས་གཉིས་འཛིན་སྒྲིབ་གཡོགས་སྒོ །རང་རིག་བརྡ་ཡིས་དབྱེ་བར་བྱ། །བྷྲཱུྃ་པྲ་ཝེ་ཤ་ཡ་ཕཊ། ཅེས་བརྡ་སྒོ་དབྱེ། ཧཱུྃ། ཁམས་གསུམ་ཡེ་ནས་རང་བྱུང་བའི། །བདེ་གཤེགས་རྒྱལ་བའི་དཀྱིལ་འཁོར་ཉིད། །བརྡ་དང་གར་གྱིས་མཚོན་ནས་ཀྱང་། །གཉིས་སུ་མེད་པར་ཕྱག་བགྱི་འོ། །ཨ་ལ་ལ་ཧོཿ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་བརྡ་ཕྱག་འཚལ། ཤིན་ཏུ་བསྡུ་ན། གདོད་ནས་རང་བྱུང་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་མཇལ་བའི་སྒོ་གློ་བུར་འཁྲུལ་པའི་དྲི་མས་བཅད་པ་རིག་པ་ཡེ་ཤེས་ཀྱི་བརྡ་མཇལ་བས་ལྷག་གེར་ཕྱེས་པར་བསམ་ལ། བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ཅེས་བརྡ་སྒོ་དབྱེ། རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཅི་ལྟར་ཤར་ཡང་རང་རིག་ལས་གུད་དུ་མེད་པའི་གནས་ལུགས་ཆུ་ལ་ཆུ་བཞག་པ་ལྟ་བུར་རྟོགས་པས། ཨ་ཏི་བྷཱུ་ཧོ༔ པྲ་ཏི་བྷཱུ་ཧོ༔ ཞེས་བརྡ་ཕྱག་འཚལ་བ་ཙམ་གྱིས་ཀྱང་འགྲུབ་བོ། །དགུ་པ་བསྲེ་བསྣན་བྱ་བ་ནི། སྐབས་འདིར་དབང་མ་ཐོབ་པའི་མཆེད་གསར་བུ་རྣམས་དཀྱིལ་འཁོར་བྱང་ཤར་ལྟ་བུར་ལོགས་སུ་ཕྱེ། སློབ་དཔོན་གྱི་མདུན། རྡོར་དྲིལ། བདུད་རྩི། ཡུངས་ཐུན་སོགས་བཀོད་ནས། ལས་བྱང་བདུད་རྩི་བྱིན་བརླབ་སྔོན་དུ་འགྲོ་བས་སྨན་མཆོད་ཁཱ་ཧི་བཅས་བྱ། སློབ་དཔོན་གྱིས། བདག་ཉིད་དཔལ་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་ཡ་ལས་ལྕགས་ཀྱི་སྡིག་པ་མགོ་དགུ་རྭ་བཅོ་བརྒྱད་པ་སྤྲོས། དེ་ལས་ཡེ་ཤེས་ཀྱི་མེ་འབར་བས་སློབ་བུའི་སྡིག་སྒྲིབ་ཐམས་ཅད་བསྲེགས་པར་གྱུར་པར་བསམ་ཞིང་། ཨོཾ་ཨཱཿཧཱུྃ་བཛྲ་ཡཀྵ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བཟླ་ཞིང་ཡུངས་ཐུན་གྱིས་བྲབ། ལས་བྱང་ལྟར་བཀའ་བསྒོ་བགེགས་བསྐྲད་བརྗོད། དྲག་སྔགས་ཡུངས་ཐུན་གུ་གུལ་དུད་པ་རོལ་མོ་སོགས་ཚམ་རྔམ་གྱིས་བགེགས་བསྐྲད། གསར་བུ་རྣམས་ཀྱི་རྒྱུད་སྦྱང་བའི་ཕྱིར་རྗེས་ཟློས་བྱར་གཞུག་སྟེ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་བརྗོད། སྙིང་གར་ཡེ་ཤེས་སེམས་དཔའ་ཚོན་གང་པ་རེ་ཡོད་པར་སྒོམས་ལ་བྱིན་གྱིས་བརླབས་པའི་བདུད་རྩི་རྡོ་རྗེས་ལྕེ་ཐོག་ཏུ་ལན་གསུམ་བཞག་ནས། ཧཱུྃ༔ ཇི་སྙེད་སངས་རྒྱས་ཐམས་ཅད་དང༔ བྱང་ཆུབ་སེམས་དང་རྡོ་རྗེ་འཛིན༔ དེ་བཞིན་སྒྲུབ་པའི་རྣལ་འབྱོར་པ༔ དེ་དག་ལ་ནི་སྙིང་རིང་ན༔ རྡོ་རྗེ་ཡཀྵ་གནོད་སྦྱིན་གྱིས༔ ཁྱོད་ཀྱི་སྙིང་ལ་ཞུགས་ཏེ་འཐུང༔ སྙིང་ལ་ཡང་དག་གནས་པ་འོ༔ འདི་ནི་སེམས་ཅན་དམྱལ་བའི་ཆུ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དམ་ཚིག་བསྲུངས་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཅེས་བྱིན་པས། སློབ་མས་ཀྱང་། ཨི་དནྟེ་ན་ར་ཀན་ས་མ་ཡ་ཡཀྵ་ཧཱུྃ༔ ཞེས་མྱངས་པ་སྙིང་གའི་ཡེ་ཤེས་སེམས་དཔའ་ལ་ཐིམ་ནས་དབྱེར་མེད་དུ་གྱུར་པར་བསམ་མོ། །འདྲེས་ཟིན་བསྣན་པ་ནི། རྒྱལ་ཚབ་པས་བདུད་རྩི་གཡོན་སྐོར་དུ་གསར་རྙིང་ཐམས་ཅད་ལ་བྲིམ་ཞིང་གཙོ་སྔགས་ཛཔ྄་དབྱངས་ལན་གསུམ་མཇུག་ཏུ་འཇམ་རོལ་དང་བཅས་པས་བདུད་རྩི་མྱངས་ནས་ཐམས་ཅད་ཀྱིས། ཨོཾ༔ དཔལ་ལྡན་སངས་རྒྱས་སྐུ་འཆང་བ༔ རྡོ་རྗེ་མི་ཕྱེད་སྐུ་དང་ལྡན༔ དེང་བདག་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་སྐུ་ཡི་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨཱ༔ དཔལ་ལྡན་སངས་རྒྱས་གསུང་འཆང་བ༔ རྡོ་རྗེ་མི་ཕྱེད་གསུང་དང་ལྡན༔ དེང་བདག་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་གསུང་གི་དངོས་གྲུབ་སྩོལ༔ ཨཱཿསརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཧཱུྃ༔ དཔལ་ལྡན་སངས་རྒྱས་ཐུགས་འཆང་བ༔ རྡོ་རྗེ་མི་ཕྱེད་ཐུགས་དང་ལྡན༔ དེང་བདག་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཧཱུྃ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཞེས་དང་། སློབ་དཔོན་གྱིས། དེང་ཕྱིན་ཆད་མཆེད་གསར་རྙིང་ཐམས་ཅད་སྐལ་པ་མཉམ་ཞིང་དམ་ཚིག་གཅིག་ཏུ་འདུས་པ་ཡིན་པས་དམ་ཚིག་གཞུང་བཞིན་དུ་བསྲུང་བར་གྱིས་ཤིག །ཅེས་བསྒོ། ཐམས་ཅད་ཀྱི་ཕྱག་ཐལ་སྦྱར་གྱི་བར་དུ་མེ་ཏོག་བཟུང་ལ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སློབ་དཔོན་དང༔ དམ་ཚིག་འབྲེལ་བའི་མཆེད་དང་ལྕམ་དྲལ་གྱིས༔ སྒྲུབ་མཆོག་རྣམས་སུ་བྱིན་གྱིས་བརླབས་པ་ཡི༔ བཀའ་དྲིན་རྗེས་སུ་དྲན་ཕྱིར་གཏང་རག་གཏོང༔ ཞེས་དྲིན་ལན་གྱི་མེ་ཏོག་འཐོར། དེ་ནས་རྡོ་རྗེའི་གྲལ་དུ་གཞག་པ་ནི། མཆེད་གསར་པ་རྣམས་རང་རང་གི་གྲལ་དུ་འཁོད་ནས། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ བསྙེན་སྒྲུབ་རྣམ་བཞི་བསྟེན་ཅིང་བསྒྲུབ་པ་དང༔ ཡི་དམ་ལྷ་ཚོགས་ཛཔ྄་བསྙེན་བགྲང་བའི་ཕྱིར༔ དམ་ཚིག་རྡོ་རྗེའི་གྲལ་དུ་མཆི་བར་གནང༔ ཞེས་བརྗོད་ཅིང་མཆེད་གསར་པ་རྣམས་རང་གྲལ་དུ་འཁོད། སློབ་དཔོན་གྱིས། ཧཱུྃ༔ རྡོ་རྗེ་འདུ་འབྲལ་མེད་པའི་གཟུངས་ཐག་ལ༔ དམ་ཚིག་སྲོག་གིས་བསྡུས་པའི་མཆེད་དང་ལྕམ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འཐོབ་བྱའི་ཕྱིར༔ ཐམས་ཅད་དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག༔ ཅེས་བརྗོད་དེ་དམ་ཚིག་གི་བསླབ་བྱ་རྒྱས་པར་བྱ། དེ་ནས་ཐམས་ཅད་ལྷའི་ང་རྒྱལ་དང་ལྡན་པས། ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་རྡོ་རྗེ་ཐུགས་ཀར་གསོར་བ་དང་། ཨོཾ་བཛྲ་གྷཎྜེ་ཧཱུྃ། ཞེས་དྲིལ་བུ་དཀྲོལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾཿ ཞེས་ཐུགས་ཀར་འཁྱུད་རྒྱ་བྱས་ལ་དྲིལ་བུ་དཀྲོལ་བ་དང་རོལ་ཆེན་བརྒྱ་བརྡུང་སོགས་རོལ་མོའི་སྒྲ་ཆེར་བསྒྲག་གོ །བཅུ་པ་ལྷ་བསྟིམ་ཞིང་བྱིན་དབབ་པ་ནི། རང་གྲལ་ནས་དཀྱིལ་འཁོར་ལ་ཕྱོགས་པར་བཞེངས་ལ། བདག་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་སྤྲིན་གཏིབས་པ་བཞིན་བྱོན་ནས་རང་རང་གི་གནས་སུ་བཞུགས་པར་བསམ་ཞིང་རོལ་མོ་དང་བཅས་པས། ཧཱུྃ༔ སྤྲོས་མེད་རྟོག་བྲལ་མཁའ་དབྱིངས་དག་པ་ནས༔ སྐྱེ་མེད་རྡོ་རྗེའི་སྐུ་གསུང་ཐུགས་མངའ་བ༔ འགྲོ་དོན་རང་བྱུང་བཅོམ་ལྡན་ཐུགས་རྗེའི་ལྷ༔ དཀྱིལ་འཁོར་ལྷ་ཚོགས་ཡབ་ཡུམ་སྲས་འཁོར་བཅས༔ སྟོང་ཉིད་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་གྱིས༔ སྤྲུལ་པ་དབྱིངས་ནས་རོལ་ཞིང་གཤེགས་སུ་གསོལ༔ ཞེས་དང་གཙོ་འཁོར་སྔགས་མཐར། ས་མ་ཡ་ཏིཥྛ་ལྷན༔ ཞེས་བཏགས་པ་བརྗོད། གོང་དུ་ལྷ་སྟ་གོན་བྱས་ན་ནམ་མཁར་བཞུགས་པ་དེ་ཉིད་དཀྱིལ་འཁོར་ལ་བསྟིམ་པར་མོས། བསྡུ་ན་སྤྱན་འདྲེན་སྐོས་གདབ་འདི་མ་བྱས་ཀྱང་ཆོག་གོ །བྱིན་དབབ་པ་ནི། བྱང་ལུགས་སོགས་ཀྱིས་ཐོག་མར་ཚིག་བདུན་དང་། བཞེངས་ཤིག་པདྨའི་བསྐུལ་གཏང་། ལྷོ་ལུགས་ཁ་ཅིག་རཏྣའི་རིག་འཛིན་བྱིན་འབེབ་གཏང་བ་སོགས་ཡོད་པས་གྲུབ་ན་དེ་ལྟར་བྱ་ཆོག་ལ། བྱིན་འབེབ་དངོས་ཀྱི་འདོན་བྱ་ལས་བྱང་སོ་སོ་ནས་འབྱུང་བ་ལྟར་རམ། སྤྱི་ཙམ་དུ་བཀའ་མ་ལྟར་བྱེད་ན། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་རློབ་པའི་དུས་ལ་བབ། །དབང་མཆོག་བསྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་སྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། །ཅེས་དང་། སྙིང་པོའི་མཐར། ཨོཾ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཨཱཿཧ་ཛྷཻཾཿ ཞེས་བརྗོད་ཀྱང་ཟོར་ཡང་བས་ལེགས་ལ། གཏེར་མའི་ཕྱོགས་སུ་རྒྱས་པར་སྤྲོ་ན་ལྷ་བཙུན་གྱི་མེ་ཏོག་ཆར་བསིལ་ལྟ་བུ་ལོངས་ཁྱབ་དང་སྦྱར་བས་འཐུས་མོད། འབྲེལ་དང་བྱིན་རླབས་ཆེ་བ་ཉང་གཏེར་བདེ་འདུས་ལས་འབྱུང་བ་ལྟར་ན། སྒྲུབ་པ་པོ་རྣམས་ཞྭ་གོས་སོགས་གཟི་བྱིན་བསྐྱེད་དེ་དཀྱིལ་འཁོར་ལ་བསྐོར། དར་སྣའི་གཡབ་མོ་དང་སྤོས་དུད་དབྱངས་རོལ་བཅས། ཧཱུྃ། དུས་གསུམ་བདེ་གཤེགས་རྒྱལ་བ་རྣམས། །ཆོས་སྐུ་སྐྱེ་བ་མེད་པ་ལས། །གཟུགས་སྐུས་འགྲོ་བའི་དོན་བགྱིད་ཕྱིར། །གཉིས་མེད་དབྱིངས་ནས་སྐུ་བཞེངས་ཤིག །རྣལ་འབྱོར་རིག་འཛིན་སྒྲུབ་པ་པོས། །དངོས་གྲུབ་མ་ལུས་འཐོབ་བྱའི་ཕྱིར། །ལྷ་དང་རིག་འཛིན་སྲུང་མའི་ཚོགས། །སྤྲུལ་པ་འཁོར་དང་བཅས་པ་རྣམས། །མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང་། །དངོས་གྲུབ་མ་ལུས་ཆར་ལྟར་ཕོབ། །དབང་མཆོག་མ་ལུས་བདག་ལ་སྐུར། །སྐུ་ཡི་གར་སྟབས་གློག་ལྟར་འཁྱུགས། །གསུང་གི་ང་རོ་འབྲུག་ལྟར་ལྡིར། །ཐུགས་ཀྱི་བརྩེ་བས་བདག་ལ་དགོངས། །དཀྱིལ་འཁོར་འདི་ལ་བྱིན་ཅིག་ཕོབ། །སྒྲུབ་རྫས་རྣམས་ལ་བྱིན་གྱིས་རློབས། །གཞལ་ཡས་འདི་ལ་བརྟན་པར་བཞུགས། །མཐུ་དང་རྩལ་གྱི་ནུས་པ་ཕྱུངས། །རྟགས་དང་མཚན་མ་དངོས་སུ་སྟོན། །ཐུགས་དམ་གཉན་པོའི་དུས་ལ་བབ། །ས་མ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཧཱུྃ་ཨ་ཨཱཿ ཞེས་མཐར་རོལ་འོག་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ཏེ་གནས་དང་སྒྲུབ་པ་པོ་དཀྱིལ་འཁོར་ཡོ་བྱད་དང་བཅས་པ་ལ་བྱིན་ཕབ་པས། སྐུ་གསུང་ཐུགས་ཡེ་ཤེས་ཆེན་པོའི་རོལ་པར་གྱུར་པར་བསམ་ལ་རང་གྲལ་དུ་འཁོད་དེ་ཛཔ྄་དབྱངས་ལན་གསུམ་དང་། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་རྒྱུན་སྤྱོད་སོགས་བྱས་པས་གྲུབ་བོ། །ཉེ་བར་བསྙེན་པ་ནི་ཕྲིན་ལས་ཀྱི་གཞུང་བསྲང་བ་ཡིན་ཏེ་འོག་ནས་འབྱུང་ངོ་། ༈ །གཉིས་པ་ལྷ་དང་དབྱེར་མེད་དུ་བྱེད་པའི་སྒྲུབ་པ་དངོས་ལ་གསུམ། ཛཔ྄་དགོངས་བཟླས་པས་དངོས་གྲུབ་སྒྲུབ་པ། དེའི་བར་གཅོད་བསལ་བ། དུས་གྲངས་རྟགས་ཚད་ཀྱི་རིམ་པའོ། །དང་པོ་ནི་ཕྲིན་ལས་དང་འབྲེལ་དགོས་པས་རྩ་གསུམ་གང་སྒྲུབ་ཀྱི་ལས་གཞུང་ཉིད་རབ་ཉིན་ལན་གསུམ་མཚན་ལན་གསུམ་སྟེ་དུས་དྲུག །འབྲིང་ཉིན་གཉིས་མཚན་གཉིས་ཏེ་དུས་བཞི། ཐ་མས་ཀྱང་ཉིན་མཚན་གཉིས་ལ་ཚར་རེ་བསྲང་དགོས་པས་ལས་གཞུང་མང་ཉུང་དང་བསྟུན་ལ་རབ་འབྲིང་གཉིས་པོ་གང་བདེ་ལག་ཏུ་བླང་སྟེ། ཐུན་དང་པོ་ལ་བརྒྱུད་འདེབས། སྐྱབས་སེམས་ནས་བརྩམ་སྔོན་འགྲོ་རྣམས་རྒྱས་པར་གཏང་། དངོས་གཞི་དམིགས་བསལ་ཅན་མ་གཏོགས་ཏིང་འཛིན་གསུམ་གྱིས་བདག་མདུན་དབྱེར་མེད་དུ་བསྒོམས་ལ་ཡེ་ཤེས་འཁོར་ལོ་བསྟིམ་ཞིང་མཆོད་བསྟོད་སོགས་བྱ། བཟླས་པའི་དབུར་ཛཔ྄་ཁང་ཕྱེས་ཏེ་གཟུངས་ཐག་བླངས་ལ་ཛཔ྄་དབྱངས་ལན་གསུམ་སྔོན་དུ་འགྲོ་བའི་བདག་མདུན་གཉིས་ཀར་སྤྲོ་བསྡུའི་དམིགས་པ་དང་བཟླས་པ་གསུང་མི་ཆད་དུ་བྱ་དགོས་པས། ཐུན་པ་རྣམས་ཀྱིས་ཀྱང་འགྲུབ་ན་ལྷ་དེའི་རྒྱུན་ཁྱེར་ལྟ་བུའི་མངོན་རྟོགས་གསལ་གདབ་ལ་སྔགས་རྒྱུན་བླང་། དེ་ནས་བཟུང་གྲོལ་ཉིན་ཐུན་ཐ་མའི་བར་སྔགས་སྒྲ་སྐད་ཅིག་ཀྱང་མ་ཆད་པར་བྱ། ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ཀྱིས་ལྷག་ཆད་ཁ་བསྐང་ཞིང་ནུས་པ་བརྟན་པར་བྱས་ལ་སྟོང་ཚིགས་ཕུལ། ཉུ་ལེ་བསྐྲད་གཟིར་དང་བྱིན་འབེབ་བྱས་པས་ཐུན་དང་པོ་གྲུབ། གཉིས་པ་ལ་མཆོད་པ་ཁ་གསོས་ལ་བྱིན་རླབས་མདོར་བསྡུས་ཙམ་ལས་སྔོན་འགྲོ་གཞན་མི་དགོས། གཞུང་རྒྱས་པ་འགའ་ཞིག་ཏུ་བརྡ་སྒོ་ཕྱག་དམ་བཅའ་བྱིན་འབེབ་ཡོད་པ་རྣམས་ཐུན་རེ་རེ་བཞིན་གཏང་སྲོལ་སྣང་བ་སོགས་ལུགས་སྲོལ་དེ་མཐུན་བྱས་ཀྱང་རུང་། ཏིང་འཛིན་རྣམ་གསུམ་ཕྱིན་ཆད་ཐུན་དང་པོ་དང་འདྲ། ཐུན་གསུམ་པར་ཡང་དེ་དང་མཚུངས་ལ་བཟླས་པ་སྟོང་ ཚིགས་བཅས་གྲུབ་པ་དང་། བཀའ་གཏེར་སྲུང་མའི་གཏོར་ཆོག །ཚོགས་མཆོད། སྐོང་གསོལ། སྨིན་ལུགས་ལྟར་ན་སྐབས་འདིར་ཕྱི་རོལ་དུ་ཆ་གསུམ་གཏོར་མ་གཏང་། ཚོགས་ལ་རོལ་ཅིང་ལྷག་མ་བཙོན་དུ་འཛིན། ཆོས་སྐྱོང་གཏོར་འབུལ་དང་ལས་གཞུང་ཆད་བརྟན་རྟ་བྲོ། གཏང་རག་མཆོད་བསྟོད། ནོངས་བཤགས། བརྟན་བཞུགས། བསྔོ་སྨོན། ཤིས་བརྗོད་བཅས་གྲུབ་ནས། མུན་རུབ་ཙམ་དུ་ཉུ་ལེ་བསྐྲད་ནས་བྱིན་འབེབ་དང་ཛཔ྄་དབྱངས་ལན་གསུམ་བཅས་ཉིན་ཐུན་གྲོལ་ལོ། །མཚན་ཐུན་གསུམ་པོར་འདོན་འགྲིགས་ཉིན་ཐུན་གཉིས་པ་དང་མཚུངས་ལ། ཐུན་མཇུག་སོ་སོར་བར་ཆད་བསལ་ཞིང་བྱིན་འབེབ་པ་མ་ཆད་པར་བྱའོ། །འབྱོར་མཁོས་ཅན་གྱིས་སྤྲོས་པ་རྒྱས་པར་བྱེད་ན། ཉམས་ཆག་སྐོང་བའི་ཕྱིར་དོང་སྤྲུགས་སྐོང་བའི་ཆོ་ག །འཆི་མེད་ཀྱི་དངོས་གྲུབ་སྤེལ་བའི་ཕྱིར་ཚེ་ཆོག །བར་ཆད་བསལ་བའི་ཕྱིར་རྡོ་རྗེ་མཚམས་པ་རྣམས་ཟུར་དུ་བཞག་ནས་སོ་སོའི་རང་གཞུང་ལས་འབྱུང་བའམ། སྤྱི་ཙམ་དུ་རྡོར་སེམས། བླ་མ་ལོངས་སྐུ །རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ལ་བརྟེན་ཏེ་སོ་སོའི་ཕྲིན་ལས་བྱ་བ་ནི་གཞུང་དོན་དང་འབྲེལ་བ་གལ་ཡང་ཆེའོ། །རྒྱུད་ལས། འཁོར་ལ་བཀའ་བསྒོ་དགེ་སྦྱོར་བསྐུལ། །ཞེས་ཆེད་དུ་གསུངས་པས་རྡོ་རྗེ་སློབ་དཔོན་གྱིས་སྒྲུབ་མཆེད་རྣམས་ལ་སྐབས་སྐབས་སུ་བླང་དོར་གྱི་བསླབ་བྱ་དང་དམ་ཚིག་བཤད། བསྐྱེད་བཟླས་ཀྱི་དམིགས་པ་གོ་སླ་དོན་འདུས་བཤད་གྲུབ་ན་གལ་ཆེའོ། །གཉིས་པ་དངོས་གྲུབ་ལ་བར་དུ་གཅོད་པ་བསལ་ཅིང་བྱིན་རླབས་ཀྱི་གཟི་བྱིན་དབབ་པ་ནི། སློབ་དཔོན་ནམ་རྒྱལ་ཐེབས་མདུན་དུ་ཧོམ་ཁུང་ཉུ་ལེའི་ལིངྒ་བཅས་པ་དང་། ལས་ཕུར། ཐུན་རྫས་རྣམས་དགོད་ལ། རྟེན་བསྐྱེད་པ་ནི། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་ལྟ་བའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར་པར་བསམ་ལ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་ཆེ་གེ་མོའི་ལྷ་ཚོགས་བཀའ་སྡོད་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛཿཏྲི་བཛྲ་ཨང་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་གྱིས་འགུགས་གཞུག་བྱས་ལ། ཕུར་ཐུན་ཚོམ་བུར་བསྐུལ་བ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་ཁྲོ་གཏུམ་སྐུར་བསྟན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ སྲས་འཁོར་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ དྲག་པོའི་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུས་འགུགས༔ ལྕགས་ཀྱུས་ཟུངས་ལ་ཕུར་པས་ཐོབས༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློགས༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ གནོད་བྱེད་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཅེས་དྲག་སྔགས་ཕུར་བསྐོར་བྱས་པས་གདབ་ཅིང་ཐུན་གྱིས་བྲབ། ཁྱད་པར་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བ་ནི། ཧཱུྃ༔ ཤར་ཕྱོགས་དཀར་པོ་དུང་གི་གཞལ་ཡས་ནས༔ ཁྲག་མདོག་དམར་མོ་བསེ་ཡི་ལན་ཕྲན་ཅན༔ སྤྱན་རྩ་དམར་ཟླུམ་ཉི་མའི་ཟེར་ལྟར་འཕྲོ༔ སྨིན་མ་གློག་འཁྱུག་བར་སྣང་གོ་སྐབས་འབྱེད༔ བུ་ཡུག་ཐོག་འབེབ་ཤངས་ནས་རྡོ་རྗེ་འཁྱུག༔ བཞད་པ་ཧེ་དང་དཔལ་གྱི་སྤུ་གྲིས་གཏམས༔ རྔམ་པའི་ལྗགས་འདྲིལ་བསྐལ་པའི་མེ་ཆེན་འབར༔ ཨག་ཚོམ་མེ་འབར་རབ་འབྱམས་སྲིད་པ་སྲེག༔ བསྐལ་པའི་འབྲུག་སྒྲ་སྙན་ནས་འབྲུག་སྟོང་སྒྲོག༔ ལག་པ་དམར་པོ་སྤུ་གྲི་འབུམ་གྱིས་གཏམས༔ སེན་མོ་ལྕགས་ཀྱུའི་རྩེ་ལ་མེ་ཆེན་འབར༔ བ་སྤུ་གནམ་ལྕགས་ཞུན་མའི་རྡོ་རྗེ་འཁྲུགས༔ སྨིན་མཚམས་ལྕགས་ཀྱི་ཁྲོ་ཆུང་ཆར་འབེབས་ཤིང༔ ཞབས་ཀྱི་ཕུར་པས་སྲིན་མོ་ལྔ་བརྒྱ་གཟིར༔ རལ་པའི་གསེབ་ནས་ཁྲག་གི་ཆར་པ་འབེབ༔ ཤིན་ཏུ་མི་བཟད་གཏུམ་ཆེན་ཁྲག་འཐུང་མ༔ སྲིན་མོའི་སྙིང་འབྱིན་ཆངས་པར་བཅུག་ནས་གསོལ༔ ཤིན་ཏུ་མི་བཟད་འབར་བའི་སྐུ་གཅིག་མ༔ དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་ཀླུ་སྲིན་སྒྲོལ༔ ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ༔ ན་བཟའ་དམར་པོ་སྲིན་གྱི་གཡང་གཞི་གསོལ༔ ཕྱོགས་བཅུར་ཁ་བལྟས་ཕྱོགས་སྐྱོང་ཞབས་ཀྱིས་མནན༔ བདུད་ལ་བབ་ན་སྙིང་ཁྲག་དྲོན་མོ་གསོལ༔ སྲིན་ལ་བབ་ན་སྲོག་རྩ་དམར་པོ་གཅོད༔ དགྲ་ལ་བབ་ན་དུག་གི་ཁ་ཆུ་འདེབས༔ བགེགས་ལ་བབ་ན་རཱུ་པ་རྡུལ་དུ་རློག༔ དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལས་སྤྲུལ༔ དམ་ཉམས་དགྲ་དང་འབྱུང་པོ་བགེགས་ལ་སོགས༔ ཕུང་པོ་དུམ་བུར་གཏུབས་ལ་དོན་སྙིང་སྲེགས༔ དམ་ཉམས་ཉུལ་ལེའི་བར་ཆད་རྡུལ་དུ་རློགས༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ་གྲུ་བུ་གྲུ་ཨ་པ་ཙེ༔ རཱུ་པ་ཙེ༔ ན་ར་ཙེ༔ ཙ་མེད་ཐུན་ཐུན༔ ན་ཤ་སཏྭཾ་བྷ་ཡ༔ ཡཀྴ་བྱིན༔ ཡཀྴ་བྱིན༔ ཕྱེ་མ་ཕྱེ་མ༔ རྡུལ་ཕྲན་རྡུལ་ཕྲན༔ ཙིཏྟ་རྦད་ནན༔ ཨོཾ་སུམྦྷ་ནི་སོགས་དང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པྲ་མ་རཱ་ཛ་ཏྲིག་ནན༔ དྷ་ན་རཀྴ་རྦུད་ལིང༔ ཏྲིའུ་ཏྲིའུ་མ་མ་ན་ཡ་ཤོ་ན་ཛ་མཱ་ར་ཡ༔ རྦད་རྦད༔ དྲག་སྔགས་སྤོས་རོལ་དང་ཁྱད་པར་གྱི་དབྱུག་པས་སྡིགས་ཤིང་ཐུན་གྱིས་བྲབ་བོ། །ཉུ་ལེ་བསྐྲད་གཟིར་རྒྱས་པ་འདི་བཞིན་མི་ལྕོགས་པའི་ཐུན་སྔ་མ་རྣམས་ཀྱི་མཇུག་ཏུ་སྟབས་བདེ་བྱེད་ན། ཛཔ྄་ཀྱི་སྟོང་ཚིགས་ཀྱི་རྗེས་སུ་རྡོ་རྗེ་མཚམས་པས་གུ་གུལ་དུད་པ་དང་ཐུན་བྲབ་སྟེ་དཀྱིལ་འཁོར་ལ་བསྐོར་ལ། དྲག་སྔགས་སོ་ལྔ་པ་སོགས་དང་། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱཾ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ༔ ཅེས་སྡེར་མོའི་སྔགས་དྲག་ཏུ་བརྗོད་པས་ཚར་བཅད་ལ་སྲུང་འཁོར་གསལ་གདབ་པས་ཀྱང་དོན་འཐུས་སོ། །དེ་མ་ཐག་དངོས་གྲུབ་སྟེར་བའི་ལྷ་འབྱུང་བས་བྱིན་དབབ་དགོས་པར་གསུངས་པས་ཆས་སོགས་སྔོན་བཤད་ལྟར་བྱས་ལ་བྱིན་འབེབ་བརྗོད་ཅིང་ཛཔ྄་དབྱངས་ལན་གསུམ་དུ་གྱེར་རོ། །གསུམ་པ་ཚད་མ་དུས་གྲངས་རྟགས་གསུམ་ལས། དུས་སྨིན་སློབ་ལ་ཟླ་བ་དྲུག །མོས་སློབ་ཀྱི་དབང་དུ་མཛད་ནས་ཟླ་བ་གཅིག་གམ། ཞག་བདུན་ནམ། ཉིན་ཞག་གསུམ་གྱིས་མཐའ་རྟེན་པར་བསྒྲུབས་པས་ཀྱང་དུས་དང་དབང་པོ་དང་མཐུན་པར་དངོས་གྲུབ་ཅི་རིགས་པ་ཐོབ་པར་འགྱུར་བར་གསུངས་སོ། །གྲངས་དང་རྟགས་ནི་གསང་བ་སྤྱི་དང་སོ་སོའི་གཞུང་ལས་འབྱུང་བ་ལྟར་རོ། །གལ་ཏེ་རྟགས་ཚད་ངན་པ་བྱུང་ན་ཉུ་ལེ་སྐྲོད། རྟ་བྲོ་བརྡུང་། དམ་སེལ་གྱི་ལྟས་ལ་ཡིག་བརྒྱ་བཟླ་ཞིང་བཤགས་རྒྱུད་བཀླག །གྲིབ་མི་གཙང་བ་ལ་རྣམ་འཇོམས་སྨེ་བརྩེགས་སོགས་ཀྱི་བུམ་ཁྲུས་བྱ། རྟགས་ཚད་བཟང་ངན་གང་ལའང་རེ་དོགས་དང་དགག་སྒྲུབ་མེད་པར་དབྱིངས་སུ་བསྐྱེལ་བ་གནད་ཡིན། དངོས་གྲུབ་ཀྱི་ལྟས་བཟང་ངེས་པ་ཅན་བྱུང་ན་དེ་ཉིད་དུ་རྒྱུན་གྱི་དངོས་གྲུབ་ལེན་པ་གནད་དུ་ཆེ་བས་ཐོད་པ་མཚན་ལྡན་ཆང་དང་ཆོས་སྨན་སྦྱར་བས་བཀང་བ་མདུན་དུ་བཞག་ལ། ཧཱུྃ༔ བདེ་གཤེགས་རྒྱལ་བ་མ་ལུས་དགོངས་སུ་གསོལ༔ རིག་འཛིན་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས༔ ལྷ་ཡི་དགེ་བསྙེན་དམ་ལྡན་ཐམས་ཅད་ཀྱིས༔ ཚུལ་བཞིན་སྒྲུབ་པའི་རྣལ་འབྱོར་བདག་ཅག་ལ༔ ཚེ་དང་ཆོས་དང་ཕྲིན་ལས་རྣམ་བཞི་དང༔ རྐང་མགྱོགས་མིག་མཐོང་རིལ་བུ་མཁའ་སྤྱོད་དང༔ མཐུ་དང་རྫུ་འཕྲུལ་མངོན་ཤེས་ནུས་མཐུ་དང༔ སྲིད་ནོར་ཟས་དང་འདོད་དགུའི་དངོས་གྲུབ་སྩོལ༔ ཨ་ལ་ལ་ཧོ༔ ཞེས་བརྗོད་ལ་བདུད་རྩི་མྱོང་ངོ་། ༈ །གསུམ་པ་གྲུབ་ནས་དངོས་གྲུབ་བླང་བ་སྒྲུབ་པ་ཆེན་པོའི་ལས་རིམ་ནི་དངོས་སྦྱོར་སྒྲོལ་ལ་བརྟེན་པ་ཡིན་ཡང་མོས་སློབ་ཀྱི་སྐབས་སུ་རྫས་ལ་བརྟེན་ཏེ་བླང་བ་ལ་གསུམ། དངོས་གྲུབ་ཀྱི་རྫས་བཤམ་པ། ཆོ་གའི་སྔོན་འགྲོ །ཆོ་ག་དངོས་སོ། །དང་པོ་ནི། སྒྲུབ་པ་སང་གྲོལ་རྒྱུའི་དེ་རིང་གི་དགོང་ཐུན་ནས་དངོས་གྲུབ་བླང་བའི་རྫས་བཤམས་ཏེ། དཀྱིལ་འཁོར་གྱི་མདུན་དུ་གཞི་དཀར་པོའི་སྟེང་དུ་གྲོའི་གཡུང་དྲུང་གཡས་འཁྱིལ་དུ་བྲིས་པའི་དབུས་སུ། རིན་པོ་ཆེའི་སྣོད་དུ་འབྲུ་བཟང་གི་ཕྱེ་མ་མངར་གསུམ་དང་ཞོ་མར་འོ་མས་སྦྲུས་པའི་ནོར་བུ་འབར་བའི་གཟུགས་དང་ཕྱོགས་བཞིར་ལས་བཞིའི་འབྲང་རྒྱས་བཟའ་བཅའ་སྣ་ཚོགས་པས་བསྐོར་བ། གཡས་སུ་མངར་གསུམ་ཐུད་དང་བསྲེས་པའི་རིལ་བུ་དང་། གཡོན་དུ་བྷནྡྷ་བཟང་པོར་འབྲུ་བཅུད་བདུད་རྩི་ལ་ཨ་མྲྀཏ་བཏབ་པའང་བཤམ། གཉིས་པ་ཆོ་གའི་སྔོན་འགྲོ་ནི། དགོང་ཐུན་བཟླས་པའི་གཤམ་དུ། སླར་ཡང་རང་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་གྲངས་མེད་པ་འཕྲོས། མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཕོག་པས་སྔོན་གྱི་ཐུགས་དམ་རྗེས་སུ་དགོངས་ཏེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད། འོད་ཟེར་སྣ་ལྔའི་རྣམ་པས་བདག་དང་སྒྲུབ་པའི་རྫས་ལ་ཐིམ་པས་ཡེ་ཤེས་མཆོག་གི་གཟི་བྱིན་འབར་བར་གྱུར། བསྙེན་སྒྲུབ་སྔགས་ཤམ་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཞེས་བཏགས་པ་བརྒྱ་རྩ་ཙམ་བཟླ། ཕྱིར་ནངས་ཐོར་ཐུན་ལ་ཕྲིན་ལས་གཞུང་བསྲངས་ཏེ། བཟླས་པ་ཁ་སྐོང་སྟོང་ཚིགས་བཅས་གྲུབ་ནས་བསྙེན་རྒྱུན་སྔ་མ་གྲོལ། དངོས་གྲུབ་བླང་བའི་སྔགས་བཏགས་པ་རྒྱུན། གཏོར་བསྔོ། ཚོགས་མཆོད་སོགས་རྒྱས་པར་བྱེད། ཚོགས་ཐ་མའི་སྐབས་ཉུལ་ལེའི་ལིངྒ་མེར་བསྲེགས་ལ་ཆོས་སྲུང་གཏོར་མར་བསྟབ། ཡང་ཕྱག་ལེན་ཕལ་མོ་ཆེར་དངོས་གྲུབ་ཀྱི་རྫས་ད་ནངས་རང་དུ་བཤམ། སྔ་ནུབ་ཀྱི་དམིགས་བཟླས་འདི་མི་བྱེད་པའང་ཡོད་པས་ལོང་ཁྱབ་དང་བསྟུན་ཆོག །གསུམ་པ་ཆོ་ག་དངོས་ལ། དངོས་གྲུབ་ལ་མི་དབང་བའི་ལྟ་ཉན་གྱི་བགེགས་ཚར་གཅད་པའི་ཕྱིར་ལས་བྱང་ལྟར་བགེགས་བསྐྲད་ཅིང་དྲག་སྔགས་ཡུངས་ཐུན་སོགས་ཚམ་རྔམ་བྱས་ལ་སྲུང་འཁོར་བསྒོམ། སྤོས་རོལ་གཡབ་དར་བཅས་བྱིན་དབབ། སྤྱི་བཤགས་ཡེ་ཤེས་སྐུ་མཆོག་ལྟ་བུ་བརྗོད་ལ་མཁོན་གཅུགས་སྦྱང་། དེ་ནས་དངོས་གྲུབ་བསྐུལ་བ་ནི། ཧཱུྃ༔ ལྷ་དང་རིག་འཛིན་མཁའ་འགྲོ་དགོངས༔ འདིར་འདུས་རིག་འཛིན་བདག་ཅག་རྣམས༔ སྨིན་གྲོལ་གཉིས་ཀྱིས་རྒྱུད་སྦྱངས་ཤིང༔ བསྐྱེད་རྫོགས་གཉིས་ཀྱིས་ལས་གཞུང་བསྲངས༔ བསྙེན་སྒྲུབ་རྣམ་བཞི་མཐའ་རུ་ཕྱིན༔ ལས་དང་ཐུགས་རྗེ་མཐུན་པ་ཡིས༔ ཞི་རྒྱས་དབང་དྲག་ཡིད་བཞིན་གཏེར༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ་ཨཱ༔ ཧཱུྃ༔ དངོས་གྲུབ་བསྩལ་དང་སྩོལ་བར་མི་དམིགས་ཀྱང༔ བདེ་གཤེགས་རྒྱལ་བ་རྣམས་ཀྱི་བྱིན་གྱི་རླབས༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་རྗེ་དང༔ ཚོགས་ལམ་སྦྱོར་ལམ་གནས་པའི་རིག་འཛིན་དང༔ བདེ་གཤེགས་ཡོངས་རྫོགས་རྣམས་ཀྱིས་ཞལ་བཞེས་ལྟར༔ སྒྲུབ་མཆོག་བདག་ལ་སྔོན་གྱི་སྨོན་ལམ་མཐུས༔ ཚེ་དང་ཆོས་དང་ལས་བཞི་ལྷུན་གྲུབ་དང༔ རྐང་མགྱོགས་མིག་སྨན་རིལ་བུ་མཁའ་སྤྱོད་དང༔ སྲིད་དང་ཟས་ནོར་མཐུ་རྩལ་དངོས་གྲུབ་སྩོལ༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ དེ་ལྟར་རྩེ་གཅིག་ཐུགས་དམ་རྒྱུད་བསྐུལ་བས། །རྩ་བའི་དཀྱིལ་འཁོར་ལྷ་རྣམས་མཉམ་སྦྱོར་བའི། །སྦྱོར་མཚམས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། །འགྲོ་དྲུག་སེམས་ཅན་རྒྱུད་སྦྱངས་མཁའ་ཁྱབ་ཀྱི། །བདེ་བར་གཤེགས་པ་རྣམས་ལ་དགྱེས་པ་བསྐྱེད། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །དངོས་གྲུབ་ཚུར་བསྡུས་བདག་དང་སྒྲུབ་རྫས་ལ། །ཐིམ་པས་འཆི་མེད་བདུད་རྩིའི་དྭངས་མ་ཆེ། །དངོས་གྲུབ་ཀུན་གྱི་སྙིང་པོར་འཁྱིལ་བར་གྱུར། །ཅེས་གསལ་བཏབ་ལ། བསྙེན་སྒྲུབ་ལྷ་སྔགས་ཤམ་དུ། ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ གུ་ཎ་སིདྡྷི་ཏྲཱཾ༔ ཀརྨ་སིདྡྷི་ཧྲཱི༔ སརྦ་ལོ་ཀ་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཏགས་པ་སྟོང་ཕྲག་གམ་བརྒྱ་རྩ་ལས་མི་ཉུང་བ་བཟླས་པས། དངོས་གྲུབ་ཐམས་ཅད་འོད་ཟེར་འཇའ་ཚོན་ལྟ་བུའི་རྣམ་པས་བདག་གི་གནས་ལྔར་ཐིམ་པར་བསམ། སྐྱ་རེངས་འཆར་ཁ་དང་བསྟུན་སྐུ་གསུང་ཐུགས་རྟེན། རྣམ་རྒྱལ་བུམ་པ་སོགས་སྒྲུབ་རྫས་རྣམས་རྒྱལ་ཚབ་དང་ལས་རྡོར་གྱིས་བཏེགས་ལ་དངོས་གྲུབ་ལེན་པ་ནི། ཧྲཱི༔ ཡེ་ཤེས་ལུས་ཅན་འགྲན་དུ་མེད་པ་ཡི༔ གཟི་བརྗིད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཚངས་པའི་དབྱངས་ལ་ཆོས་ཀྱི་ཆར་ཆེན་འབེབ༔ ནུས་པ་སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ གཟུངས་དྲན་ཏིང་འཛིན་མཁྱེན་བརྩེ་ཡོངས་ཀྱི་གཞི༔ འོད་གསལ་སྙིང་པོའི་དངོས་གྲུབ་བསྩལ་དུ་གསོལ༔ ཡིད་བཞིན་ནོར་བུ་དཔག་བསམ་བུམ་པ་བཟང༔ འདོད་འབྱུང་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ༔ གདུལ་བྱ་སོ་སོའི་མོས་པ་ཇི་བཞིན་དུ༔ ཐོགས་མེད་འཇུག་པའི་དངོས་གྲུབ་བསྩལ་དུ་གསོལ༔ སྲུང་དང་ཞི་རྒྱས་དབང་དང་མངོན་སྤྱོད་སོགས༔ ཐུན་མོང་ལས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ མཁའ་སྤྱོད་རིལ་བུ་མིག་སྨན་རྐང་མགྱོགས་སོགས༔ ཁྱད་པར་གྲུབ་པའི་དངོས་གྲུབ་བསྩལ་དུ་གསོལ༔ ཚེ་དང་ཡོ་བྱད་འདོད་རྒུར་བསྒྱུར་ལ་སོགས༔ ཕྱི་ནང་དབང་བཅུའི་དངོས་གྲུབ་བསྩལ་དུ་གསོལ༔ མཐོང་ཐོས་དྲན་རེག་གདུལ་བྱ་སྨིན་ཅིང་གྲོལ༔ བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་དང་རང་གཞུང་སོ་སོ་ནས་འབྱུང་བའི་དངོས་གྲུབ་སྐུལ་ཚིག་བཅས་ཀྱི་མཐར་སྔགས་བརྗོད་པས་གནས་གསུམ་དུ་གཏུགས། རྫས་རྣམས་བཟའ་བཏུང་བྱས་ཏེ་ལོངས་སྤྱད་པས། སྟན་ཐོག་དེ་ཉིད་དུ་དངོས་གྲུབ་རྣམ་གཉིས་བདེ་བླག་གི་ཚུལ་གྱིས་ཐོབ་པར་བསམ་ལ་དགོངས་པའི་གདིང་བཟུང་ངོ་། །གཞན་དོན་དབང་བསྐུར་བྱེད་ན་རྒྱས་བསྡུས་གང་ཡིན་པ་སྐབས་འདིར་སྦྲེལ་ལོ། ༈ །རྩ་བའི་གསུམ་པ་མཐའ་རྒྱས་རྗེས་ཀྱི་རིམ་པ་ལ་གསུམ། དཀྱིལ་འཁོར་དང་འབྲེལ་བའི་རྗེས་ཆོག །ཕྱི་མཚམས་བཀྲོལ་བ། སློབ་དཔོན་ལ་ནོངས་བཤགས་དང་སྐུ་དྲིན་གསོལ་ཞིང་སྨོན་ལམ་དང་ཤིས་བརྗོད་བྱ་བའོ། །དང་པོ་ནི། དངོས་གྲུབ་བླང་བ་ཁོ་ནའམ་དབང་བསྐུར་གྲུབ་པའི་རྗེས་སུ་ལྷག་ཆོག་བཏང་ཞིང་སྔར་བཙོན་དུ་བཟུང་བའི་ལྷག་མ་དང་ལྷན་ཅིག་སྒྲུབ་ཁང་ལྷོ་ནུབ་གོམ་པ་བདུན་ཅུའི་བར་སྐྱེལ། ཆོས་སྲུང་གཏོར་འབུལ་སྐབས་དེ་དག་གི་གཏོར་མ་རྣམས་ཡང་ཐོག་ལྟ་བུར་འབུལ། ཆད་བརྟན་ལའང་རྒྱུན་བཞག་ཕྱིར་བསྐྱང་ཞིང་རྟ་བྲོ་བརྡུང་། གཏང་རག་གི་མཆོད་བསྟོད་རྒྱས་པར་བྱས་ལ་ནོངས་པ་བཤགས། མདུན་བསྐྱེད་ཀྱི་ལྷ་ཡེ་ཤེས་པ་རྣམས་རས་བྲིས་ཀྱི་དཀྱིལ་འཁོར་རམ་རྟེན་ལ་བརྟན་བཞུགས་བྱ། དམ་ཚིག་པ་རང་ལ་བསྡུ་ཞིང་བདག་གི་རྣལ་འབྱོར་ཡང་འོད་གསལ་དུ་བསྡུ་ནས། རྒྱུན་སྤྱོད་དང་གོ་བསྒོ་དམིགས་བསལ་བྱེད་ན་སྤྱི་ཙམ་དུ། ཧཱུྃ༔ ངར་འཛིན་རྣམ་དག་སྒྱུ་ལུས་འཇའ་འདྲ་འདི༔ བླ་མེད་སྐུ་གསུང་ཐུགས་སུ་རྒྱས་བཏབ་ནས༔ བདེན་པ་དབྱེར་མེད་ལྟ་སྤྱོད་ཟུང་འབྲེལ་ཏེ༔ རྒྱུན་དུ་འགྲོ་བ་འདྲེན་པའི་སྤྱོད་ལམ་བྱའོ༔ ཨོཾ་ཨཱཿཧཱུྃ༔ བཛྲ་ཧྲཱིཿཨཱ༔ མི་འགྱུར་མི་ཤིགས་རྡོ་རྗེའི་གུར༔ སྟོང་པའི་གོ་ཆ་བླ་ན་མེད༔ ཆོས་སྐུ་སྐྱེ་མེད་རྡོ་རྗེ་ཡིན༔ མཚན་མའི་སྤྱོད་ཡུལ་ཀུན་བཅོམ་ནས༔ ཆོས་ཀྱི་དབྱིངས་སུ་རྒྱས་བཏབ་པས༔ སངས་རྒྱས་ཀྱིས་ཀྱང་མི་གཟིགས་ན༔ གནོད་བྱེད་བགེགས་ཀྱིས་ག་ལ་མཐོང༔ ཧཱུྃ་ཧཱུྃ་ཧཱུྃ༔ བཛྲ་རཀྵ་རཀྵ་ཧཱུྃ༔ ཨོཾ་བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཧཱུྃ༔ ཞེས་རྒྱས་གདབ་བོ། །གཉིས་པ་མཚམས་བཀྲོལ་ཅིང་དཀྱིལ་འཁོར་བསྡུ་བ་ནི། རྒྱལ་ཐོ་བཞི་ལ་ཟླུམ་གཏོར་བཞི། སྒོ་བྱང་གཉིས་ལ་དམར་གཏོར་རེ་རེ་དང་ཕྱི་མཆོད་བཅས་བཤམ། ཕྱི་རོལ་གྱི་ཤར་གྱི་ཐོ་རྩར་ཕྱིན་ཏེ་མཆོད་གཏོར་བྱིན་རླབས་སྔར་ལྟར་རམ་བསྡུ་ན། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ༔ གསུམ་གྱིས་བརླབས་ལ། ཧཱུྃ༔ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང༔ རྡོ་རྗེ་འཛིན་པའི་བཀའ་བཞིན་དུ༔ སྒྲུབ་པ་སྲུང་མཛད་སྐུ་དྲིན་དུ༔ གཏང་རག་མཆོད་སྦྱིན་གཏོར་མ་བཞེས༔ ཨོཾ་དྷྲྀཥྚ་རཱཥྚ་ཡ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་གྱིས་གཏོར་མ་ཕུལ། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ༔ ཤར་ཕྱོགས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང༔ ཞི་བའི་ཕྲིན་ལས་མཐར་ཕྱིན་སྐུ་མདོག་དཀར༔ ཐུགས་རྗེའི་དབང་གིས་འགྲོ་དོན་པི་ཝཾ་བསྣམས༔ ཤར་ཕྱོགས་དྲི་ཟའི་མཚམས་གཅོད་ཆེ་ལ་བསྟོད༔ བཛྲ་མུ༔ དེ་ནས་ལྷོའི་ཐོ་རྩར་ཕྱིན་ལ་མཆོད་གཏོར་རྣམས། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ༔ ལན་གསུམ། ཧཱུྃ༔ རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ རྡོ་རྗེ་འཛིན་པའི་བཀའ་བཞིན་དུ༔ སྒྲུབ་པ་སྲུང་མཛད་སྐུ་དྲིན་དུ༔ གཏང་རག་མཆོད་སྦྱིན་གཏོར་མ་བཞེས༔ ཨོཾ་བི་རཱུ་ཌྷ་ཀཱ་ཡ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ལན་གསུམ། ཨོཾ་བཛྲ་ཨརྒྷཾ་སོགས། ཧཱུྃ༔ ལྷོ་ཕྱོགས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ མངོན་སྤྱོད་ཚུལ་གྱིས་འགྲོ་དོན་སྐུ་མདོག་སྔོ༔ དུག་གསུམ་འཇོམས་མཛད་བེ་ཅོན་རལ་གྲི་བསྣམས༔ ལྷོ་ཕྱོགས་གཤིན་རྗེའི་མཚམས་གཅོད་ཆེ་ལ་བསྟོད༔ བཛྲ་མུ༔ ནུབ་ཀྱི་ཐོ་རྩར་འཁོད་ལ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ༔ ལན་གསུམ། ཧཱུྃ༔ རྒྱལ་པོ་ཆེན་པོ་སྤྱན་མི་བཟང༔ རྡོ་རྗེ་འཛིན་པའི་བཀའ་བཞིན་དུ༔ སྒྲུབ་པ་སྲུང་མཛད་སྐུ་དྲིན་དུ༔ གཏང་རག་མཆོད་སྦྱིན་གཏོར་མ་བཞེས༔ ཨོཾ་བི་རཱུ་པཱཀྵ་ཡ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ལན་གསུམ། ཨོཾ་བཛྲ་ཨརྒྷཾ་སོགས། ཧཱུྃ༔ ནུབ་ཕྱོགས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང༔ སྐུ་མདོག་སྨུག་ནག་དབང་ལྡན་བརྗིད་པའི་སྐུ༔ བསོད་ནམས་ཚོགས་རྫོགས་པུ་རི་སྦྲུལ་ཞགས་བསྣམས༔ ནུབ་ཕྱོགས་ཀླུ་དབང་མཚམས་གཅོད་ཆེ་ལ་བསྟོད༔ བཛྲ་མུ༔ བྱང་གི་ཐོ་རྩར་འཁོད་ལ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ༔ ལན་གསུམ། ཧཱུྃ༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ རྡོ་རྗེ་འཛིན་པའི་བཀའ་བཞིན་དུ༔ སྒྲུབ་པ་སྲུང་མཛད་སྐུ་དྲིན་དུ༔ གཏང་རག་མཆོད་སྦྱིན་གཏོར་མ་བཞེས༔ ཨོཾ་བཻ་ཤྲ་བ་ཎ་ཡ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་གྱིས་ཕུལ། ཨོཾ་བཛྲ་ཨརྒྷཾ་སོགས། ཧཱུྃ༔ བྱང་ཕྱོགས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ ཆེ་བའི་ཡོན་ཏན་མཐར་ཕྱིན་སྐུ་མདོག་ལྗང༔ རིན་ཆེན་གཏེར་བདག་རྒྱལ་མཚན་ནེའུ་ལེ་འཛིན༔ བྱང་ཕྱོགས་གནོད་སྦྱིན་མཚམས་གཅོད་ཆེ་ལ་བསྟོད༔ བཛྲ་མུ༔ ཞེས་གཤེགས། སྒོ་བྱང་ཕྱི་ནང་བཀྲོལ་བ་ནི། ཕྱི་སྒོར་མཆོད་གཏོར་བཤམས་ལ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ༔ ལན་གསུམ་དང་། ཨོཾ་ཀྲོ་དྷ་ཡ་མ་རཱ་ཛ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་གྱིས་གཏོར་མ་ཕུལ། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ༔ བགེགས་ཀྱི་གཉེན་པོ་གཤིན་རྗེའི་གཤེད༔ ངོ་མཚར་རྨད་བྱུང་སྒྲུབ་པ་ཡི༔ ཕྱི་རོལ་སྒོ་ཡི་སྲུང་མ་མཛད༔ ཁྱོད་ཀྱི་ཐུགས་དམ་ངོ་མཚར་ཆེ༔ གཏང་རག་མཆོད་བཞེས་དབྱིངས་སུ་གཤེགས༔ བཛྲ་མུ༔ ཞེས་ལྷ་གཤེགས་སྒོ་བྱང་བསྡུའོ། །ནང་སྒོར་མཆོད་གཏོར་བཤམས་ལ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ༔ ལན་གསུམ། ཨོཾ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ། ཨརྒྷཾ་སོགས། ཧཱུྃ༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ ངོ་མཚར་རྨད་བྱུང་སྒྲུབ་པ་ཡི༔ ཕྱི་ནང་སྒོ་ཡི་སྲུང་མ་མཛད༔ ཁྱེད་ཀྱི་ཐུགས་དམ་ངོ་མཚར་ཆེ༔ གཏང་རག་མཆོད་བཞེས་དབྱིངས་སུ་གཤེགས༔ བཛྲ་མུ༔ ལྷ་གཤེགས་སྒོ་བྱང་བསྡུའོ། །དེ་ནས་ནང་དུ་ཕྱིན་ལ་སློབ་དཔོན་ནམ་རྒྱལ་ཚབ་པས་དཀྱིལ་འཁོར་ནུབ་ཏུ་འཁོད་ལ། ཨོཾ་བཛྲ་ཀཱི་ལ་ཡ་ཨུཏྐཱི་ལ་ཡ་སརྦ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་ལག་གཉིས་སྐམ་པའི་རྒྱ་དང་བཅས་དང་པོར་གདབ་རིམ་ལས་ལྡོག་ཕྱོགས་སུ་ཕྱུང་སྟེ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ༔ ཞེས་ཕུར་རྩེ་འོ་མས་བཀྲུ །ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་ཡིད་ལ་བྱས་ཏེ་དྲིལ་བུ་དཀྲོལ་ཞིང་། ཨ་ཀཱ་རོའི་སྔགས་བརྗོད་བཞིན་པས་འཇམ་རོལ་དང་བཅས་རས་བྲིས་དཀྱིལ་འཁོར་བསྡུའོ། །གསུམ་པ་ཐོག་མར་ནོངས་བཤགས་བྱ་བ་ནི། མཆེད་ལྕམ་རྣམས་ཕན་ཚུན་དུ་ཕྱག་བྱས་ལ་རེས་མོས་ཚུལ་གྱིས། ཧོ༔ ཐམས་ཅད་རྡོ་རྗེ་མཆེད་དང་ལྕམ་དྲལ་ཏེ༔ བདེ་བར་གཤེགས་པའི་སློབ་མར་དམ་མནོས་ནས༔ ཀུན་ཀྱང་མཐུན་པར་སྤྱོད་པའི་དམ་ཚིག་ལ༔ མཉམ་ཉིད་ངང་ལས་ལེགས་ཉེས་དབྱེར་མེད་ཀྱང༔ ལུས་ངག་རྣམ་པར་དག་པའི་ཚུལ་ཙམ་དུ༔ གཞུང་ལས་ཉམས་ཤིང་ཐུགས་དང་འགལ་བ་རྣམས༔ རྣམ་དག་བསམ་པས་མི་གནས་ཚིག་འདིས་བཤགས༔ འཛིན་མེད་ངང་དུ་བཟོད་པར་བཞེས་མཛོད་ལ༔ རང་བཞིན་དག་པའི་ཚངས་པ་བསྩལ་དུ་གསོལ༔ ཨ་ཨ་ཨ༔ དེ་ནས་རྡོ་རྗེ་སློབ་དཔོན་ལ་གཏང་རག་འབུལ་ཞིང་བཟོད་པར་གསོལ་བ་ནི་ཐམས་ཅད་ཀྱིས་ཕྱག་བྱ། ལུས་ལོངས་སྤྱོད་འབུལ་བའི་བློས། ཧོ༔ རྡོ་རྗེ་སློབ་དཔོན་ཆེན་པོ་དཔལ་མཆོག་ལྡན༔ གསུང་རབ་རྒྱ་མཚོ་ལྷ་མིའི་འདྲེན་པའི་དཔལ༔ ཡང་དག་དོན་སྟོན་འཁོར་བའི་སྡུག་བསྔལ་སྐྱོབ༔ འཇིག་རྟེན་འདི་ན་ཕ་མའི་ཚུལ་དུ་གནས༔ བཀའ་དྲིན་བཟང་ཡང་བསྙེན་བཀུར་རྔོ་མ་ཐོགས༔ སྡོམ་གསུམ་བསྲུང་བྱ་དམ་ཚིག་གང་ཉམས་ཀྱང༔ ཉེས་ལྟུང་སྒྲིབ་པར་མི་འགྱུར་དག་བྱའི་ཕྱིར༔ མཐོལ་བཤགས་བཟོད་པར་གསོལ་གྱིས་ཚངས་པར་མཛོད༔ ཅེས་ཞབས་སྤྱི་བོར་བླངས་ཤིང་བླ་མ་སྤྱི་གཙུག་ཏུ་འབྲལ་མེད་གཟུང་ངོ་། །ནོངས་བཤགས་དང་བཀའ་དྲིན་གསོལ་བ་གཉིས་པོ་སྤྲོས་པ་བསྡུ་བའི་སྐབས་མ་བྱས་ཀྱང་ཆོག་གོ །དེ་ནས་སྨོན་ལམ་སྤྱི་ལྟར་གདབ་པ་ནི་ཐལ་མོ་སྦྱར་ལ། ཀྱེ་ཧོ༔ མི་གནས་ཡེ་ཤེས་ཆོས་ཀྱི་དཀྱིལ་འཁོར་དུ༔ མ་བཅོས་ལྷུན་གྲུབ་ཡོན་ཏན་རྫོགས་པའི་དཔལ༔ རབ་འབྱམས་རྒྱལ་བའི་བཀའ་ལུང་ཡོངས་རྫོགས་ནས༔ འགྲོ་བ་ཡོངས་ཀྱི་དཔལ་དུ་འགྱུར་བར་ཤོག༔ འདི་ལྟ་བུ་ཡི་དཀྱིལ་འཁོར་རྟག་ཏུ་བརྩོན༔ བཀའ་དྲིན་ཆེ་བའི་རྡོ་རྗེ་སློབ་དཔོན་དང༔ ལུ་གུ་རྒྱུད་ཀྱི་འབྲེལ་བའི་མཆེད་ལྕམ་རྣམས༔ འབྲལ་མེད་དག་པའི་ཞིང་དུ་འཚོགས་པར་སྨོན༔ བླ་མེད་སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་འདིར༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ཐོབ་བར༔ ས་ལམ་མཐར་ཕྱིན་འགྲོ་བ་ཐབས་ཀྱིས་སྒྲོལ༔ སྐུ་གསུམ་ཡེ་ཤེས་ལྔ་ལ་སྤྱོད་པར་ཤོག༔ ཅེས་རྩེ་གཅིག་པའི་ཡིད་ཀྱིས་སྨོན་ལམ་གདབ། ཁྱད་པར་མར་མེ་སྨོན་ལམ་བྱ་བ་ནི། ཐམས་ཅད་ཀྱིས་ལག་གཡས་སུ་མར་མེ་དང་སྤོས་རེ་ཐོགས། རྒྱལ་ཐེབས་པས་དབྱངས་བོར་ལེན་བྱས་ཏེ། ཧཱུྃ༔ བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ རྡོ་རྗེ་སློབ་དཔོན་གཉན་གྱིས་དབུ་མཛད་ནས༔ དམ་ཚིག་ལྡན་པའི་མཆེད་དང་ལྕམ་དྲལ་རྣམས༔ དེང་ནས་བྱང་ཆུབ་སྙིང་པོ་མ་ཐོབ་བར༔ འཁོར་བའི་གཡང་ས་ཆེན་པོར་མི་ལྟུང་ཞིང༔ མ་རིག་མུན་པའི་ནང་དུ་མི་འཁྱམས་ཤོག༔ གཅོང་རོང་དོག་མོའི་གནས་སུ་མི་སྐྱེ་དང༔ དམྱལ་བའི་ཟངས་ཁར་གནས་སུ་མི་ལྟུང་ཞིང༔ གཅན་གཟན་གདུག་པའི་སྒྲ་སྐད་མི་གྲགས་ཤིང༔ མཚོན་ཆ་གདུག་པའི་དབལ་གྱིས་མི་ཕོག་ཤོག༔ རྡོ་རྗེ་སློབ་དཔོན་བཀའ་དྲིན་ཆེ་བ་དང༔ མཚན་ལྡན་གཟུངས་མ་རྡོ་རྗེ་མཆེད་ལྕམ་རྣམས༔ མི་འབྲལ་འགྲོགས་པའི་ཏིང་འཛིན་རྩེ་གཅིག་གིས༔ ས་བཅུ་རིམ་གྱིས་ཁྱད་པར་བགྲོད་པར་ཤོག༔ ནམ་ཞིག་ཚེ་འཕོས་འཆི་བའི་དུས་བྱུང་ཚེ༔ མ་རིག་དབང་གིས་འཁོར་བར་ལྟུང་སྲིད་ན༔ སྣང་གསལ་མར་མེས་མ་རིག་སྡུག་བསྔལ་སོལ༔ ཉོན་མོངས་དབང་གིས་རིགས་དྲུག་གནས་འཁྱམས་ན༔ སྣང་གསལ་མར་མེས་འགྲོ་དྲུག་སྡུག་བསྔལ་སོལ༔ རྒྱུ་མཆོག་འདི་ཡིས་ས་བཅུ་ཡོངས་སྒྲོལ་ཏེ༔ ཤེས་བྱའི་སྒྲིབ་བྱང་ཕྱིར་མི་ལྡོག་པར་ཤོག༔ སྣང་གསལ་གོ་འབྱེད་ཞུན་མར་མདངས་ལྡན་འདི༔ བདེ་གཤེགས་ཡོངས་ལ་ཕུལ་བའི་མཐུ་བྱིན་གྱིས༔ ས་བཅུ་འདས་ཏེ་ས་རྣམས་ཡོངས་ནོན་ཤོག༔ ཀུན་ཏུ་འོད་དང་མ་ཆགས་པདྨའི་སྤྱན༔ འཁོར་ལོ་ཚོགས་ཆེན་སྟུག་པོ་བཀོད་པའི་ས༔ དེ་བ་ཀོ་ཤ་ཀུན་བཟང་དབྱེར་མེད་ས༔ རྡོ་རྗེ་སེམས་མིང་ལྕང་ལོ་ཅན་གྱི་གནས༔ བླ་མའི་ས་དང་སྲིད་གསུམ་གཞི་རྫོགས་ས༔ རྩོལ་བྲལ་ལྷུན་པོའི་ས་ལ་ཐིག་ལེ་ཡི༔ ས་ལམ་འགྲོ་རྣམས་མ་ལུས་ལྷུན་གྲུབ་ནས༔ གཟུགས་སྐུ་གཉིས་ཀྱི་འགྲོ་དོན་ཡོངས་རྫོགས་ཤོག༔ ཅེས་དང་གཞན་ཡང་སྤྲོ་ན་ཐེག་པ་ཆེན་པོའི་སྨོན་ལམ་སྤྱི་དང་ཁྱད་པར་རྒྱ་ཆེར་གདབ་པས། དུས་གཉན་པའི་ཕྱིར་འགྲུབ་པར་འགྱུར་རོ། །དེ་ནས་ཞལ་ནས་གསུངས་པའི་བཀྲ་ཤིས་ཚིགས་སུ་བཅད་པས་ཐོག་དྲངས། ལས་གཞུང་སོ་སོར་འབྱུང་བས་མཚོན་པའི་ཤིས་བརྗོད་རྒྱས་པར་སྤེལ་ལ་མེ་ཏོག་ཆར་དུ་བསྙིལ་ཏེ་རོལ་མོ་སྙན་པར་ཁྲོལ་བ་སོགས་ཀྱིས་དགེ་ལེགས་བྱ། ཁ་སྐོང་དང་ལས་མྱུར་དུ་འགྲུབ་པའི་སྦྱིན་སྲེག་འགྲུབ་ན་མཆོག་ཏུ་འགྱུར་ཞིང་། གནས་སྲུང་བ་དང་དགའ་སྟོན་སོགས་མཐའ་རྒྱས་གཞན་དུ་བཤད་པ་ལྟར་ཅི་འགྲུབ་བྱས་པས་ཕྱིན་ཆད་ལེགས་ཚོགས་རྒྱ་ཆེར་འཕེལ་བར་འགྱུར་རོ། །གསང་བ་ཆེན་པོའི་མྱུར་ལམ་མཐར་ཐུག་པ། །ཚོམ་བུ་ཚོགས་སུ་བསྒྲུབ་ལ་ཚུལ་བཞིན་དུ། །ཞུགས་པའི་རིག་འཛིན་ཕྲེང་བས་ས་སྟེང་ཁྱོན། །རབ་མཛེས་བསྟན་པའི་སྙིང་པོ་རྒྱས་བྱེད་ཤོག །བསྙེན་པས་ཡེ་ཤེས་ཐུགས་བསྐུལ་ཏེ། །སྒྲུབ་པས་ལྷ་རྟོག་གཉིས་མེད་གྲུབ། །སྒྲུབ་པ་ཆེན་པོས་སྐུ་ལྔ་ཡི། །གོ་འཕང་ཚེ་འདིར་འགྲུབ་གྱུར་ཅིག །ཅེས་བཀའ་དགོངས་སོགས་སྒྲུབ་པའི་པྲ་ཁྲིད་དམིགས་སུ་བསལ་ཞིང་རང་རྐང་ཚུགས་པའི་ཕྱག་ལེན་དར་བའི་རིགས་ལ་མི་མཁོ་ཡང་། རྩ་གསུམ་གང་ཡང་རུང་བ་སྤྱི་ལ་འགྲེ་ཆོག་པའི་དབང་དུ་བྱས་ཏེ་དུས་ཞབས་ཀྱི་སྔགས་རིག་འཛིན་པའི་གཟུགས་བརྙན་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས། གཏེར་ཁ་གོང་འོག་དང་བྱང་གཏེར། ཆོས་རྒྱལ་རཏྣ་གླིང་པའི་གཏེར་གཞུང་རྣམས་ལས་ཟོར་ཡང་བ་གུང་བསྒྲིགས་ཏེ་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་སྤེལ་བ་དགེ་ལེགས་འཕེལ།། །།
ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ལས་བྱང་ཚོགས་གཉིས་སྤུངས་པ་ (Volume 23, Text 2)
༈ ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ལས་བྱང་ཚོགས་གཉིས་སྤུངས་པ་བཞུགས་སོ༔ བཛྲ་བྷོ་ཏྲའི་གཏེར་མ། ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས༔ མཆོད་གཏོར་རིམ་པ་བྱ་བ་ནི༔ རིན་པོ་ཆེའི་སྣོད་དུ་གཏོར་མ་དཔེའུ་ཆུང་ལྟར་བཤམས་ཏེ༔ ཁྲིའུ་དང་མཉྫིའི་ཁར་བཞག་སྟེ༔ རང་སྟན་བདེ་བ་ལ་འདུག་སྟེ༔ ཐོག་མར་སྐྱབས་སུ་འགྲོ་བ་འདི་ལན་གསུམ་བྱའོ༔ ཧྲཱི༔ བདག་གཞན་བླ་མེད་རྫོགས་སངས་མ་རྒྱས་བར༔ ཆོས་སྐུ་ལྔ་ལྡན་བླ་མའི་སྐུ་ལ་སྐྱབས་སུ་མཆིའོ༔ བདག་གཞན་བླ་མེད་རྫོགས་སངས་མ་རྒྱས་བར༔ ལོངས་སྐུ་ཐུགས་རྗེ་ཆེན་པོའི་སྐུ་ལ་སྐྱབས་སུ་མཆིའོ༔ བདག་གཞན་བླ་མེད་རྫོགས་སངས༴ དཔལ་ཆེན་རྟ་མགྲིན་དྲག་པོའི་ལྷ་ལ་སྐྱབས་སུ་མཆིའོ༔ བདག་གཞན༴ གསང་བ་ཡེ་ཤེས་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆིའོ༔ བདག་གཞན༴ སྤྲུལ་སྐུ་རྒྱལ་སྲས་པདྨའི་སྐུ་ལ་སྐྱབས༴ བདག་གཞན༴ ཆོས་སྐྱོང་སྲུང་མ་གཏེར་བདག་རྣམས་ལ་སྐྱབས་སུ༴ བདག་གཞན༴ ཆོས་མཛད་མཆེད་ལྕམ་སྒྲུབ་མཛད་རྣམས་ལ༴ གཉིས་པ་སེམས་བསྐྱེད་པ་ནི༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བདག་གིས་འདི་བཟུང་འཁོར་བ་མ་སྟོངས་བར༔ རིག་དྲུག་ཕ་མ་སྡུག་བསྔལ་བསྐྱབ་བྱའི་ཕྱིར༔ ཐེག་མཆོག་འདིར་ཞུགས་ཐུགས་རྗེ་ཆེན་པོ་བསྒྲུབ༔ སྒྲ་དབྱངས་མ་ཎིས་སེམས་ཅན་སྐྱོབ་བྱེད་ཅིང༔ ཚད་མེད་བཞི་ཡིས་ཆོས་ཀྱི་རྨང་བཏིངས་ཏེ༔ སྨོན་འཇུག་གཉིས་ཀྱིས་ལག་ལེན་གནད་སྦྱངས་ནས༔ རིག་དྲུག་ཕ་མ་སྦྱིན་པ་གསུམ་གྱིས་བསྐྱབ༔ སྐུ་གསུམ་འབྲས་བུ་ཐོབ་པར་སེམས་བསྐྱེད་དོ༔ གསུམ་པ་ཚོགས་གསག་པ་ནི༔ དངོས་འབྱོར་ཡིད་སྤྲུལ་མཎྜལ་བཤམས་ལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བྱམས་སེམས་སྙིང་རྗེའི་མཎྜལ་གཞི་མ་ལ༔ བསྐྱེད་རྫོགས་ཞི་ལྷག་ཉམས་རྟོགས་ཚོམ་བུ་བཀྲམ༔ སྟོང་གསལ་འགག་མེད་གང་སྣང་ལོངས་སྤྱོད་འཐིབས༔ ཐུགས་རྗེ་ཆེན་པོ་ཞི་ཁྲོའི་ལྷ་ཚོགས་མཆོད༔ གསེར་གྱི་ས་གཞི་འབྱུང་ལྔ་བརྩེགས་པའི་སྟེང༔ རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླས་བརྒྱན༔ བྱེ་བ་ཕྲག་བརྒྱ་སྟོང་གསུམ་འབྲས་བུ་བརྩེགས༔ འཕྲུལ་དགའི་འདོད་ཡོན་མཆོད་སྤྲིན་སྣ་ཚོགས་གཏིབས༔ སྐུ་གསུམ་ཞིང་ཁམས་བཀོད་པ་ཁྱད་འཕགས་འདི༔ ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་མཆོད༔ ཐུགས་རྗེས་བཞེས་ལ་བདག་གི་ཤེས་རྒྱུད་ཁྲོལ༔ ཇི་སྲིད་འགྲོ་དྲུག་བླ་མེད་མ་ཐོབ་བར༔ ཐར་པ་བསྒྲུབ་ལ་བར་གཅོད་མི་འབྱུང་ཞིང༔ ཐུགས་རྗེའི་ལྷ་དང་དབྱེར་མེད་སངས་རྒྱས་ཏེ༔ ཁམས་གསུམ་སེམས་ཅན་སྐུ་གསུམ་ཐོབ་པར་ཤོག༔ བཞི་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི༔ མདུན་དུ་ཀཾ་ལས་ཐོད་པའི་སྒྱེད་བུ་གསུམ་བསམ༔ དེའི་སྟེང་དུ་རང་གི་ཐུགས་ཁ་ནས༔ ཨ་དཀར་པོ་འཕྲོས༔ གཏོར་མ་སྨན་རཀ་དང་བཅས་པ་ལ་ཕོག༔ འོད་དུ་ཞུ་བ་ལས༔ ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བ༔ སྟོང་གསུམ་དང་མཉམ་པའི་ནང་དུ༔ ཤ་ལྔ་བདུད་རྩི་ལྔས་གང་བའི་སྟེང་ན༔ སྙིང་པོ་ལྔ་བསམ་ལ༔ གཏོར་མའི་ཞབས་སུ༔ རང་གི་ཐུགས་ཀ་ནས་ཡཾ་འཕྲོས་པས་རླུང་བྱུང་བས་རཾ་ལས་མེ་སྦར༔ ཐོད་རྫས་ཞུ་ཞིང་ཁོལ༔ ཨོཾ་ཨཱཿཧཱུྃ་བཞི་བརྗོད་པས་དང་པོས་སྐུའི་བདུད་རྩི་དཀར་མེར་གྱིས་གང་བར་བསམ༔ གཉིས་པས་གསུང་གི་བདུད་རྩི་དམར་མེར་གྱིས་གང་བར་བསམ༔ གསུམ་པས་ཐུགས་ཀྱི་བདུད་རྩི་སྔོན་པོས་གང་བར་བསམ༔ བཞི་པས་བདུད་རྩི་ཁ་དོག་ལྔ་ལྡན་རོ་མཆོག་བརྒྱ་དང་ལྡན་པ༔ རོ་སྦྲང་རྩི་སྐོལ་བ་ལྟ་བུར་གྱུར་པར་བསམ་མོ༔ ལྔ་པ་བཀའ་བསྒོ་མཚམས་གཅད་པ་ནི༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཧྲཱི༔ ང་ནི་ཁྲོ་རྒྱལ་རྟ་མགྲིན་ཏེ༔ རྟ་སྐད་རྔམ་འཚེར་བར་ཆད་སེལ༔ སྐུ་ལས་འོད་ཟེར་བར་གཅོད་བཏུལ༔ མེ་རི་རྡོ་རྗེའི་རྭ་བས་ཕྱོགས་མཚམས་ཆོད༔ བགེགས་ཞེས་བྱ་བའི་མིང་ཡང་མེད༔ མ་རྟོགས་འཁྲུལ་པའི་སེམས་ཅན་ལ༔ ལྷ་དང་འདྲེ་བགེགས་གཉིས་སྣང་ཡང༔ སེམས་ཉིད་ཡེ་གྲོལ་སྤྲོས་མེད་ལ༔ འདྲེ་བགེགས་ཞེས་པ་ག་ལ་སྲིད༔ རྣམ་རྟོག་གཉིས་འཛིན་བགེགས་སུ་ཤར༔ བགེགས་ནི་རང་གི་སེམས་ལས་བྱུང༔ སེམས་ཉིད་ཐུགས་རྗེ་ཆེན་པོའི་ཐུགས༔ སྟོང་གསལ་ངང་དུ་མཚམས་ཆོད་ཅིག༔ ཧྲཱིཿབཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ དེ་རྣམས་སྔོན་དུ་འགྲོ་བའི་ལེའུ་དང་པོའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དངོས་གཞི་བསྐྱེད་རིམ་བསྒོམ་པ་ནི༔ ཨོཾ༔ བྱམས་པ་ཚད་མེད་ངང་ལས་ནི༔ ཨཱ༔ དགའ་བ་ཚད་མེད་འཇའ་སྤྲིན་འཁྲིགས༔ ཧཱུྃ༔ སྤྲུལ་སྐུའི་སྙིང་རྗེས་ཀུན་ལ་ཁྱབ༔ ཧྲཱི༔ སྐུ་ལྔ་རྫོགས་པའི་ངོ་བོར་བསམ༔ དེ་ལས་འོད་ཟེར་ཕར་འཕྲོས་པས༔ འཕགས་པ་མཆོད་ནས་སྣོད་ལ་ཕོག༔ གཞལ་ཡས་ཁང་དུ་ལམ་མེར་བསམ༔ ཚུར་འདུས་བདག་ལུས་རྣམ་སྨིན་བསྲེགས༔ རང་རིག་ཉི་ཟླ་པདྨའི་སྟེང༔ སྐད་ཅིག་ཐུགས་རྗེ་ཆེན་པོའི་སྐུ༔ དམར་པོ་ཞལ་གཅིག་ཕྱག་བཞི་པ༔ དང་པོ་གཉིས་ནི་ཐུགས་ཀར་ཐལ་མོ་སྦྱར༔ གཡས་འོག་པད་རཱག་ཕྲེང་བ་འདྲེན༔ གཡོན་འོག་མེ་ཏོག་ཡུ་བ་འཛིན༔ སྐྱིལ་ཀྲུང་རིན་ཆེན་དར་གྱིས་བརྒྱན༔ དབུ་སྐྲ་ཐོར་ཚུགས་གྱེན་དུ་བརྫེས༔ དར་གྱི་ཅོད་པན་ཟེ་པྲོག་ཅན༔ གསལ་ལ་དངོས་པོ་མེད་པར་བསྐྱེད༔ གཡས་སུ་མི་རོ་ཉི་ཟླའི་སྟེང༔ ཡི་དམ་རྟ་མགྲིན་ཁྲོས་པའི་རྒྱལ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ གཡས་པས་གསེར་གྱི་ཌཱ་རུ་འཁྲོལ༔ གཡོན་པས་དངུལ་གྱི་དྲིལ་བུ་གསིལ༔ དབུ་གཙུག་རྟ་མགོ་ཕྱོགས་བཅུར་འཚེར༔ དཔའ་བོ་རྒྱ་མཚོའི་དབུས་ན་འགྱིང༔ རུས་རྒྱན་གར་སྟབས་ཤིགས་སེ་བསྒོམ༔ གཡོན་དུ་མི་རོ་ཉི་ཟླའི་སྟེང༔ ཡུམ་ཆེན་གསང་ཡེ་སྐུ་མདོག་དམར༔ ཞལ་གཅིག་མཆེ་གཙིགས་སྤྱན་གསུམ་མ༔ ཕྱག་གཡས་གྲི་གུག་གཡོན་ཐོད་ཁྲག༔ རུས་པའི་རྒྱན་དྲུག་གར་སྟབས་ཅན༔ ཨཱ་རལླི་ཡི་སྒྲ་སྒྲོག་ཅིང༔ སྤྱི་གཙུག་ཕག་ཞལ་ངུར་སྒྲ་འབྱིན༔ དཔའ་མོ་རྒྱ་མཚོས་བསྐོར་བར་བསྒོམ༔ དེ་ཡི་སྤྱི་གཙུག་ཉི་ཟླའི་སྟེང༔ བླ་མ་པདྨ་འབྱུང་གནས་ནི༔ སྐུ་མདོག་མཐིང་ནག་གཟི་བརྗིད་ལྡན༔ ཨ་ཙར་ཆ་བྱད་རུས་རྒྱན་ཅན༔ གཡས་པས་སེང་ལྡེང་ཅང་ཏེའུ་འཁྲོལ༔ གཡོན་པས་དངུལ་དཀར་དྲིལ་བུ་གསིལ༔ གཞོན་ཚུལ་གར་སྟབས་འོད་ཟེར་འཁྱིལ༔ བླ་མ་རྒྱ་མཚོའི་དབུས་ན་བཞུགས༔ དེ་ཡི་རྒྱབ་ཕྱོགས་ཐམས་ཅད་ན༔ ཆོས་སྐྱོང་སྲུང་མ་རྒྱ་མཚོ་དང༔ དམ་ཅན་གཏེར་བདག་རྒྱ་མཚོ་རྣམས༔ ཐམས་ཅད་ཕྲིན་ལས་ཚུལ་བཞིན་བྱེད༔ འོད་ཟེར་སྐར་ལྟར་འཁྲུགས་པར་བསམ༔ གདོང་དུ་རིག་དྲུག་སེམས་ཅན་རྣམས༔ མ་ཎིའི་སྒྲ་དབྱངས་ལྡིར་བར་བསམ༔ དེ་ལྟར་མ་ཡེངས་གསལ་གདབ་བོ༔ དེ་ནས་གཉིས་པ་སྤྱན་འདྲེན་པ་ནི༔ རོལ་མོའི་ཚོགས་དང་བཅས་ཏེ་འདི་སྐད་དོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བཛྲ་གུ་རུ་ ཧ་ཡ་གྲཱི་ཝ་ དྷུ་མ་གྷ་ཡེ་ ཧ་རི་ནི་ས་ སརྦ་སིདྡྷི་ཧཱུྃ་ཧྲཱིང་ཧྲཱིང༔ ཞེས་བརྒྱ་སྟོང་གིས་ཉམས་སྐྱོང་ཞིང༔ ཧཱུྃ་ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ སྐུ་མདོག་མཐིང་ནག་གར་སྟབས་ཅན༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ བསིལ་བ་ཚལ་དུ་ཡོན་ཏན་བརྙེས༔ པདྨ་སཾ་བྷ་གཤེགས་སུ་གསོལ༔ རི་བོ་ཏ་ལར་ཤེས་བྱ་བརྙེས༔ བློ་ལྡན་མཆོག་སྲེད་གཤེགས་སུ་གསོལ༔ ཨོ་རྒྱན་ཡུལ་དུ་རྒྱལ་སྲིད་བསྐྱངས༔ པདྨ་རྒྱལ་པོ་གཤེགས༴ མ་ག་ཏ་རུ་རྫུ་འཕྲུལ་བརྙེས༔ ཉི་མ་འོད་ཟེར་གཤེགས༴ རྡོ་རྗེ་གདན་དུ་བསྟན་པ་གསོས༔ ཤཱཀྱ་སེངྒེ་གཤེགས༴ ཨ་སུ་རར་བྱོན་མུ་སྟེགས་བཏུལ༔ སེངྒེ་སྒྲ་སྒྲོག་གཤེགས༴ བོད་ཀྱི་ཡུལ་བྱོན་གཏེར་གྱིས་བཀང༔ རྡོ་རྗེ་གྲོ་ལོད་གཤེགས༴ སྲིན་པོའི་ཡུལ་བྱོན་ཆོས་ཀྱིས་བསྐྱངས༔ པདྨ་ཐོད་ཕྲེང་གཤེགས་སུ་གསོལ༔ ཧཱུྃ༔ རི་བོ་ཏ་ལའི་ཞིང་ཁམས་ནས༔ བྱང་སེམས་སྙིང་རྗེ་བརྩེ་བའི་བདག༔ ཐུགས་རྗེ་ཆེན་པོ་འགྲོ་དྲུག་སྐྱབས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ རབ་འཇིགས་ཆོས་འབྱུང་གདན་སྟེང་ནས༔ རྔམ་པའི་ང་རོས་བགེགས་འདུལ་གཙོ༔ དཔལ་ཆེན་རྟ་མགྲིན་འཇིགས་པའི་སྐུ༔ གནས་འདིར་སྤྱན་འདྲེན་གཤེགས༴ དུར་ཁྲོད་གནས་བརྒྱད་རོ་སྟེང་ནས༔ ཁྲོ་ཚུལ་ཆགས་པ་གཞོན་ཚུལ་ཅན༔ གསང་ཡེ་ཡུམ་ཆེན་མཁའ་འགྲོའི་གཙོ༔ མཁའ་འགྲོའི་ཚོགས་བཅས་གཤེགས་སུ་གསོལ༔ བླ་མ་རྒྱ་མཚོ་གཤེགས་སུ་གསོལ༔ རྒྱལ་བ་རྒྱ་མཚོ༴ དཔའ་བོ་རྒྱ་མཚོ༴ མཁའ་འགྲོ་རྒྱ་མཚོ༴ ཆོས་སྐྱོང་རྒྱ་མཚོ༴ གཏེར་བདག་རྒྱ་མཚོ༴ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་ཞུ༔ སྐུ་གསུང་ཐུགས་ཀྱི་བྱིན་ཕོབ་ཅིག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་སཏྭཾ༔ ཞེས་སྤྱན་དྲང་ངོ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སྟོང་གསུམ་གཞལ་ཡས་ཡངས་པའི་ནང༔ རིན་ཆེན་སྣ་ལྔ་སེངྒེའི་ཁྲི༔ ཉི་ཟླ་པདྨ་དར་ཟབ་སྟེང༔ རྒྱལ་སྲས་པདྨ་ཐོད་ཕྲེང་དང༔ བླ་མ་རྒྱ་མཚོ་མ་ལུས་ཀུན༔ གཟི་བརྗིད་འཛུམ་པས་བཞུགས་སུ་གསོལ༔ ཐུགས་རྗེ་ཆེན་པོ་བྱམས་མགོན་དང༔ རྒྱལ་བ་རྒྱ་མཚོ་བཞུགས་སུ་གསོལ༔ དཔལ་ཆེན་རྟ་མགྲིན་རྒྱལ་པོ་དང༔ དཔའ་བོ་རྒྱ་མཚོ་བཞུགས་སུ་གསོལ༔ མཁའ་འགྲོ་གསང་ཡེ་གཙོ་མོ་དང༔ མཁའ་འགྲོ་རྒྱ་མཚོ་བཞུགས་སུ་གསོལ༔ ཆོས་སྐྱོང་སྲུང་མ་ཐམས་ཅད་དང༔ གཏེར་བདག་རྒྱ་མཚོ་མ་ལུས་རྣམས༔ གཟི་བརྗིད་འཛུམ་པས་བཞུགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བཞི་པ་ཕྱག་འཚལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདིར༔ ཚོགས་གཉིས་རྫོགས་ཤིང་སྒྲིབ་སྦྱོང་ཕྱིར༔ བདག་དང་ཁམས་གསུམ་སེམས་ཅན་རྣམས༔ བླ་མ་རྒྱ་མཚོའི་སྐུ་ལ་ཕྱག་འཚལ་འདུད༔ ཐུགས་རྗེ་རྒྱ་མཚོའི་སྐུ་ལ་ཕྱག་འཚལ་འདུད༔ དཔའ་བོ་རྒྱ་མཚོའི་སྐུ་ལ་ཕྱག་འཚལ་འདུད༔ མཁའ་འགྲོ་རྒྱ་མཚོའི་སྐུ་ལ་ཕྱག་འཚལ་འདུད༔ ཆོས་སྐྱོང་རྒྱ་མཚོའི་སྐུ་ལ་ཕྱག་འཚལ་འདུད༔ གཏེར་བདག་རྒྱ་མཚོའི་སྐུ་ལ་ཕྱག་འཚལ་འདུད༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ལྔ་པ་མཆོད་པ་འབུལ་བ་ནི༔ བརྒྱད་ཡོད་དེ༔ མཎྜལ༔ ཕྱི་མཆོད༔ ནང་མཆོད༔ གསང་མཆོད༔ སྨན་མཆོད༔ རཀྟ༔ གཏོར་མ༔ དུག་ལྔའོ༔ དང་པོ་མཎྜལ་འབུལ༔ གཉིས་པ་ཕྱི་མཆོད་ནི༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཧྲཱི༔ སྟོང་ཁམས་འདི་འམ་གཞན་དག་ན༔ ཤེས་བྱས་བསྡུས་དང་མ་བསྡུས་པའི༔ མེ་ཏོག་བདུག་སྤོས་མར་མེ་དང༔ ཞལ་ཟས་སྒྲ་སྙན་ཡིད་འོང་རྣམས༔ རྒྱལ་སྲས་ཨོ་རྒྱན་ཡབ་ཡུམ་དང༔ བླ་མ་རྒྱ་མཚོའི་ཚོགས་ལ་འབུལ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དང༔ རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ༔ དཔལ་ཆེན་རྟ་མགྲིན་ལྷ་ཚོགས་དང༔ དཔའ་བོ་རྒྱ་མཚོའི་ཚོགས་ལ་འབུལ༔ གསང་བ་ཡེ་ཤེས་གཙོ་མོ་དང༔ མཁའ་འགྲོ་རྒྱ་མཚོའི་ཚོགས་ལ་འབུལ༔ ཆོས་སྐྱོང་རྒྱ་མཚོའི་ལྷ་ཚོགས་དང༔ གཏེར་བདག་རྒྱ་མཚོའི་ཚོགས་ལ་འབུལ༔ ཕྱི་ཡི་མཆོད་པར་བཞེས་ནས་ཀྱང༔ བདག་གཞན་ཚོགས་རྫོགས་སྡིག་སྒྲིབ་སྦྱང་བར་མཛོད༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་བཛྲ་པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷཻ༔ ནཻ་ཝིདྱཱ༔ ཤབྡ༔ པཱུ་ཙ་ཧོ༔ ཞེས་འཕུལ་ལོ༔ གསུམ་པ་ནང་མཆོད་འབུལ་བ་ནི༔ ཧྲཱི༔ དབང་པོ་ལྔ་ཡི་མེ་ཏོག་གསུར་ཆེན་སྤོས༔ རྐང་གླིང་རྔ་སྒྲ་ཞུན་ཆེན་མེ༔ དྲི་ཆེན་ཞལ་ཟས་དྲི་ཆུའི་སྐྱེམས༔ དུག་གསུམ་སྐུ་གསུམ་ཕྱི་ཡི་གར༔ དུག་ལྔ་ཡེ་ཤེས་ལྔར་བསྒྱུར་ཏེ༔ པདྨ་ཐོད་ཕྲེང་ལྷ་ཚོགས་དང༔ བླ་མ་རྒྱ་མཚོའི་ལྷ་ཚོགས་མཆོད༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དང༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་མཆོད༔ དཔལ་ཆེན་རྟ་མགྲིན་ལྷ་ཚོགས་དང༔ དཔའ་བོ་རྒྱ་མཚོའི་ལྷ་ཚོགས་མཆོད༔ གསང་བ་ཡེ་ཤེས་གཙོ་མོ་དང༔ མཁའ་འགྲོ་རྒྱ་མཚོའི་ལྷ་ཚོགས་མཆོད༔ ཆོས་སྐྱོང་རྒྱ་མཚོའི་ལྷ་ཚོགས་དང༔ གཏེར་བདག་རྒྱ་མཚོའི་ལྷ་ཚོགས་མཆོད༔ ནང་གི་མཆོད་པར་བཞེས་ནས་ཀྱང༔ རིགས་དྲུག་རང་སེམས་རྟོགས་པར་མཛོད༔ བཞི་པ་གསང་མཆོད་འབུལ་བ་ནི༔ ཧྲཱི༔ ཐུགས་རྗེ་ཀུན་འདུས་དཀྱིལ་འཁོར་འདིར༔ གསང་བའི་མཆོད་པ་འབུལ་བ་ནི༔ སྣང་བ་ཡབ་ཀྱི་ཐབས་མཆོག་དང༔ སྟོང་པ་ཡུམ་གྱི་ཤེས་རབ་སྦྱར༔ མཁའ་གསང་གཉིས་མེད་སྦྱར་བ་ཡི༔ ཐིག་ལེ་དཀར་དམར་བྱང་སེམས་རྒྱུན༔ བདེ་བའི་རོ་སྙོམས་ཟག་མེད་དེ༔ གསལ་སྟོང་སྣང་སྟོང་རིག་སྟོང་དང༔ བདེ་སྟོང་དྲན་སྟོང་མཆོད་པར་འབུལ༔ སྐུ་ལུས་རྒྱས་ཕྱིར་བཞེས་སུ་གསོལ༔ དགའ་བཞི་ཞེན་མེད་བཞེས་ནས་ཀྱང༔ རྒྱུ་དྲུག་བདག་གཞན་སེམས་ཅན་གྱི༔ ཟག་བཅས་འཁོར་བའི་རྒྱུད་དག་ནས༔ ཟག་མེད་སྐུ་གསུམ་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ལྔ་པ་སྨན་མཆོད་འབུལ་བ་ནི༔ ཀ་པཱ་ལ་བཏེགས་ཏེ༔ ཧྲཱི༔ ཐུགས་རྗེ་ཀུན་འདུས་དཀྱིལ་འཁོར་འདིར༔ སྨན་གྱི་མཆོད་པ་འབུལ་བ་ནི༔ རྩ་བ་བརྒྱད་ལ་ལོ་མ་སྟོང༔ ཚོགས་བརྒྱད་ཉོན་མོངས་སྟོང་དག་ཕྱིར༔ ར་ས་ཡ་ན་ཨ་མྲྀ་ཏ༔ ཡོན་ཏན་བསམ་འདས་མཆོད་པ་ནི༔ བླ་མ་རྒྱ་མཚོའི་ཚོགས་ལ་མཆོད༔ ཐུགས་རྗེ་རྒྱ་མཚོའི་ཚོགས་ལ་མཆོད༔ དཔའ་བོ་རྒྱ་མཚོའི་ཚོགས་ལ་མཆོད༔ མཁའ་འགྲོ་རྒྱ་མཚོའི་ཚོགས་ལ་མཆོད༔ ཆོས་སྐྱོང་རྒྱ་མཚོའི་ཚོགས་ལ་མཆོད༔ གཏེར་བདག་རྒྱ་མཚོའི་ཚོགས་ལ་མཆོད༔ ཐུགས་རྗེས་བརྩེར་དགོངས་བཞེས་མཛོད་ལ༔ གྲོལ་དུས་མེད་པའི་གཟུང་འཛིན་ཕྲོལ༔ ཆོད་དུས་མེད་པའི་ཞེན་པ་ཆོད༔ རང་གསལ་ཆོས་ཉིད་དོན་རྟོག་ཤོག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི༔ ཞེས་མཚན་རེ་རེ་བཞིན་དུ་འབུལ་ལོ༔ དྲུག་པ་རཀྟ་འབུལ་བ་ནི༔ ཧྲཱི༔ ཐུགས་རྗེ་ཀུན་འདུས་དཀྱིལ་འཁོར་འདིར༔ རཀྟའི་མཆོད་པ་འབུལ་བ་ནི༔ འཁོར་བ་བསྒྲལ་པའི་བྷནྡྷ་རུ༔ ང་བདག་བསྒྲལ་པའི་ཁྲག་གིས་བཀང༔ འདོད་ཆགས་བསྒྲལ་པའི་རྦ་ཀློང་ལ༔ ཞེ་སྡང་བསྒྲལ་པའི་ལྷུ་དུམ་འཕྱོ༔ གཏི་མུག་བསྒྲལ་པའི་ཞག་ཆེན་འཁྱིལ༔ སྐྱེ་ཤི་རྩད་གཅོད་རཀྟ་འདི༔ ཆགས་མེད་ཡུམ་གྱི་མཁའ་ལས་བབས༔ བླ་མ་རྒྱ་མཚོའི་ལྷ་ཚོགས་མཆོད༔ ཐུགས་རྗེ་རྒྱ་མཚོའི་ལྷ་ཚོགས་མཆོད༔ དཔའ་བོ་རྒྱ་མཚོའི་ལྷ་ཚོགས་མཆོད༔ མཁའ་འགྲོ་རྒྱ་མཚོའི་ལྷ་ཚོགས་མཆོད༔ ཆོས་སྐྱོང་རྒྱ་མཚོའི་ལྷ་ཚོགས་མཆོད༔ གཏེར་བདག་རྒྱ་མཚོའི་ལྷ་ཚོགས་མཆོད༔ ཐུགས་རྗེས་བརྩེར་དགོངས་བཞེས་མཛོད་ལ༔ རིགས་དྲུག་འཁོར་བའི་སེམས་ཅན་རྣམས༔ སྡུག་བསྔལ་རྒྱ་མཚོ་སྐེམ་པ་དང༔ བྱང་ཆུབ་མྱུར་དུ་ཐོབ་པར་མཛོད༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མ་ཧ་རཀྟ་ཁཱ་ཧི༔ བདུན་པ་གཏོར་མ་འབུལ་བ་ནི༔ ཧྲཱི༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདིར༔ གཏོར་མའི་མཆོད་པ་འབུལ་བ་ནི༔ སྣང་བ་སྣོད་ཀྱི་གཏོར་གཞོང་དུ༔ ཁམས་གསུམ་རིགས་དྲུག་གཏོར་མར་བཤམས༔ བྱ་སྤྱོད་སྣ་ཚོགས་གཏོར་རྒྱན་སྤྲས༔ རྣམ་ཤེས་འགྱུ་རྟོག་སྨན་རཀ་བྲན༔ སྐྱེ་མེད་ཆིག་ཆོད་གུར་ཆེན་ཕུབ༔ ཉམས་མྱོང་རྟོག་པའི་རོ་མཆོག་བདའ༔ བདུད་རྩི་འདོད་ཡོན་འབྱོར་ལྡན་འདིས༔ བླ་མ་རྒྱ་མཚོའི་ལྷ་ཚོགས་མཆོད༔ ཐུགས་རྗེ་རྒྱ་མཚོའི་ལྷ་ཚོགས་མཆོད༔ དཔའ་བོ་རྒྱ་མཚོའི་ལྷ་ཚོགས་མཆོད༔ མཁའ་འགྲོ་རྒྱ་མཚོའི་ལྷ་ཚོགས་མཆོད༔ ཆོས་སྐྱོང་རྒྱ་མཚོའི་ལྷ་ཚོགས་མཆོད༔ གཏེར་བདག་རྒྱ་མཚོའི་ལྷ་ཚོགས་མཆོད༔ ཐུགས་རྗེས་བརྩེར་དགོངས་བཞེས་མཛོད་ལ༔ དབང་དང་དངོས་གྲུབ་མཆོག་ཐུན་སྩོལ༔ རྒྱུད་དྲུག་འཁོར་བའི་སེམས་ཅན་རྣམས༔ ཡེ་གྲོལ་གཞི་ཡི་དོན་རྟོགས་ནས༔ རང་གྲོལ་ལམ་གྱི་ཚོགས་རྫོགས་ཏེ༔ ལྷུན་གྲུབ་འབྲས་བུའི་གདིང་ལོན་ཤོག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཞེས་མཚན་རེ་རེ་བཞིན་འབུལ་ལོ༔ བརྒྱད་པ་དུག་ལྔ་ཡེ་ཤེས་སུ་འབུལ་བ་ནི༔ ཧྲཱི༔ ཐུགས་རྗེ་ཀུན་འདུས་དཀྱིལ་འཁོར་འདིར༔ དུག་ལྔ་རང་གྲོལ་མཆོད་པ་ནི༔ ཁམས་གསུམ་འཁོར་བའི་སེམས་ཅན་གྱི༔ གཏི་མུག་ཆོས་དབྱིངས་ངང་དུ་འབུལ༔ རིག་སྟོང་ཆེན་པོའི་དོན་རྟོགས་ཤོག༔ ཞེ་སྡང་རྡོ་རྗེའི་རིགས་ལ་འབུལ༔ གསལ་སྟོང་མེ་ལོང་དོན་རྟོགས་ཤོག༔ ང་རྒྱལ་རིན་ཆེན་རིགས་ལ་འབུལ༔ གྲགས་སྟོང་མཉམ་ཉིད་དོན་རྟོགས་ཤོག༔ འདོད་ཆགས་པདྨའི་རིགས་ལ་འབུལ༔ བདེ་སྟོང་སོར་རྟོག་དོན་རྟོགས་ཤོག༔ ཕྲག་དོག་ལས་ཀྱི་རིགས་ལ་འབུལ༔ དྲན་སྟོང་བྱ་གྲུབ་དོན་རྟོགས་ཤོག༔ དུག་ལྔ་ཡེ་ཤེས་རང་བྱུང་འདིས༔ བླ་མ་རྒྱ་མཚོའི་ལྷ་ཚོགས་མཆོད༔ ཐུགས་རྗེ་རྒྱ་མཚོའི་ལྷ་ཚོགས་མཆོད༔ དཔའ་བོ་རྒྱ་མཚོའི་ལྷ་ཚོགས་མཆོད༔ མཁའ་འགྲོ་རྒྱ་མཚོའི་ལྷ་ཚོགས་མཆོད༔ ཆོས་སྐྱོང་རྒྱ་མཚོའི་ལྷ་ཚོགས་མཆོད༔ གཏེར་བདག་རྒྱ་མཚོའི་ལྷ་ཚོགས་མཆོད༔ ཐུགས་རྗེས་བརྩེར་དགོངས་བཞེས་མཛོད་ལ༔ སྐྱེ་མེད་ཞི་གནས་བརྟན་པ་དང༔ འགག་མེད་ལྷག་མཐོང་གསལ་བ་དང༔ དབྱེར་མེད་ཟང་ཐལ་ངང་གནས་ཤོག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མ་ཧཱ་པཉྩ་པཱུ་ཙ་ཧོ༔ ཛྙཱ་ན་སརྦ་པཱུ་ཛ་ཧོ༔ ཞེས་ལྷ་རེ་རེའམ༔ སྤྱིར་དྲིལ་ཏེ་འབུལ༔ བསྟོད་པ་ལ་དྲུག་ཡོད་པའི་དང་པོ་བླ་མ་རྒྱ་མཚོ་ལ་བསྟོད་པ་ནི༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ན་མོ་ཧཱུྃ༔ ཧྲཱི༔ པདྨ་ལས་འཁྲུངས་ཡབ་ཡུམ་རུས་མ་སྐྱེས༔ པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་བསྟོད༔ གནས་ལྔ་ཀུན་སྦྱངས་བྱང་སེམས་ཐུགས་རྗེར་ལྡན༔ པདྨ་སམྦྷའི་སྐུ་ལ་ཕྱག་འཚལ་བསྟོད༔ བདེ་གཤེགས་ཞལ་མཇལ་ཡོན་ཏན་ཀུན་ཏུ་རྒྱས༔ བློ་ལྡན་མཆོག་སྲེད་སྐུ་ལ་ཕྱག༴ རྒྱལ་པོའི་སྲིད་བཟུང་འགྲོ་ཀུན་ཆོས་ལ་བཙུད༔ པདྨ་རྒྱལ་པོའི་སྐུ་ལ་ཕྱག༴ སྐྱེ་འགྲོའི་སྒྲིབ་སྦྱངས་རིག་འཛིན་བཞི་པོ་ཐོབ༔ ཉི་མ་འོད་ཟེར་སྐུ་ལ་ཕྱག༴ བདུད་བཞི་བཏུལ་ནས་བསྟན་པའི་སྒྲོན་མེ་སྦར༔ ཤཱཀྱ་སེངྒེའི་སྐུ་ལ་ཕྱག༴ མུ་སྟེགས་བཏུལ་ནས་སྟོན་པའི་རྒྱལ་ཚབ་མཛད༔ སེང་གེ་སྒྲ་སྒྲོག་སྐུ་ལ་ཕྱག༴ སྤྲུལ་པ་སྣ་ཚོགས་བོད་ཁམས་ཆོས་ལ་བཀོད༔ རྡོ་རྗེ་གྲོ་ལོད་སྐུ་ལ་ཕྱག༴ སྐྱེ་འཆི་མི་མངའ་འཛམ་གླིང་ཀུན་ཏུ་བྱོན༔ པདྨ་ཐོད་ཕྲེང་སྐུ་ལ་ཕྱག༴ རྩ་བརྒྱུད་དུས་གསུམ་བརྒྱུད་པའི་བླ་མ་མཆོག༔ བླ་མ་རྒྱ་མཚོའི་སྐུ་ལ་ཕྱག་འཚལ་བསྟོད༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ བདག་དང་མོས་པའི་གང་ཟག་ཐམས་ཅད་ལ༔ བྱིན་རླབས་ཆུ་བོའི་རྒྱུན་བཞིན་ཕོབ༔ བདག་ནི་ཁམས་གསུམ་འཁོར་བར་འཁྱམས༔ ཁྱེད་ཀྱི་ཐུགས་རྗེས་བཟུང་དུ་གསོལ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ན་མོ་ཧཱུྃ༔ ཞེས་པས་བསྟོད་དོ༔ གཉིས་པ་ཡི་དམ་ཞི་བ་ཐུགས་རྗེ་ཆེན་པོ་ལ་བསྟོད་པ་ནི༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དུས་གསུམ་སངས་རྒྱས་ངོ་བོ་ཐུགས་རྗེ་ཆེ༔ འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ཀྱི་སྐུ༔ ཆགས་མེད་སྙིང་རྗེས་འགྲོ་བའི་དོན་མཛད་པའི༔ སྐུ་མདོག་དམར་གསལ་སྐུ་ལ་ཕྱག་འཚལ་བསྟོད༔ སྤྱན་གྱི་འོད་ཟེར་འགྲོ་ལ་ཐུགས་རྗེས་བཟུང༔ ཞལ་ནས་ཆོས་སྒྲ་མ་ཎིའི་སྒྲ་དབྱངས་མཛད༔ ཤངས་ནས་རླུང་འབྱུང་ཉོན་མོངས་དུག་ལྔ་འཇོམས༔ རིག་པ་ཐུགས་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ སྙན་ནས་སྒྲ་དབྱངས་རིགས་དྲུག་འདུལ་ཐབས་མཛད༔ སྤྲུལ་སྐུ་ཐུགས་རྗེ་ཆེན་པོའི་སྐུ་ལ་བསྟོད༔ ཕྱག་གཉིས་དབྱིངས་དང་ཡེ་ཤེས་དབྱེར་མེད་སྦྱོར༔ གཡས་འོག་བགྲང་ཕྲེང་བྱང་ཆུབ་ལམ་སྟོན་བསྟོད༔ གཡོན་འོག་པདྨ་འཁོར་བའི་སྐྱོན་མ་གོས༔ སྐྱེ་འཆི་རྩད་གཅོད་ཐུགས་རྗེ་ཆེ་ལ་བསྟོད༔ ཞབས་གཉིས་འགྲོ་བའི་དོན་དུ་མཉམ་པར་བཞུགས༔ ཕ་རོལ་ཕྱིན་དྲུག་ཐུགས་རྗེ་ཆེ་ལ་བསྟོད༔ རུས་པའི་རྒྱན་དྲུག་འགྲོ་དྲུག་དབང་དུ་སྡུད༔ འཇིག་རྟེན་དབང་ཕྱུག་སྐུ་ལ་ཕྱག་འཚལ་བསྟོད༔ རིགས་འདུས་བཅུ་གཅིག་ཞལ་དང་སྤྱན་སྟོང་སོགས༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམས་ལ་བསྟོད༔ དགྱེས་པའི་ཚུལ་གྱིས་ཛཔ྄་བསྟོད་མཆོད་པ་བཞེས༔ ཁམས་གསུམ་རིགས་དྲུག་སེམས་ཅན་གྱི༔ སྡིག་སྒྲིབ་སྦྱངས་ནས་སྐུ་གསུམ་ཐོབ་པར་མཛོད༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གསུམ་པ་ཡི་དམ་ཁྲོ་བོ་རྟ་མགྲིན་ལ་བསྟོད་པ་ནི༔ ཨོཾ་ཨཱཿཧཱུྃ༔ བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ ཧྲཱི༔ ཡེ་ཤེས་རིག་པ་ཉིད་ལས་བསྐྱེད་པའི་ལྷ༔ རང་བྱུང་རྟ་མཆོག་དཔལ་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་ཐུགས་ཁྲོས་རྟ་མགྲིན་དབང་གི་རྒྱལ༔ སྐུ་མདོག་དམར་ནག་བདུད་བཞི་བཏུལ་ལ་བསྟོད༔ སྤྱན་གསུམ་རབ་འཇིགས་སྡང་མིག་དགྲ་ལ་བསྒྲད༔ འཇིགས་བྱེད་རྟ་མགྲིན་དབང་ལ་ཕྱག་འཚལ་བསྟོད༔ ཞལ་ནི་ཨག་ཚོམ་ཨམ་གཙིགས་མཆེ་བ་གཙིགས༔ སྐྱེ་འཆི་རྩད་གཅོད་རྟ་མགྲིན་རྒྱལ་ལ་བསྟོད༔ དབུ་གཙུག་རྟ་མགོ་ལྗང་ཞུར་ཙེ་རེ་རེ༔ ཁམས་གསུམ་དབང་སྡུད་རྟ་མགྲིན་རྒྱལ་ལ་བསྟོད༔ ཕྱག་གཡས་དབང་སྡུད་སེང་ལྡེང་ཌཱ་རུ་འཁྲོལ༔ སྣང་བ་དབང་སྡུད་རྟ་མགྲིན་རྒྱལ་ལ་བསྟོད༔ གཡོན་པས་ཟིལ་གནོན་དངུལ་གྱི་དྲིལ་བུ་གསིལ༔ འགྲོ་དྲུག་ཤེས་གྲོལ་རྟ་མགྲིན་རྒྱལ་ལ་བསྟོད༔ དུར་ཁྲོད་ཆས་བརྒྱད་མི་རོའི་སྟེང་ན་འགྱིང༔ ཁྲོ་ཆེན་རྟ་མགྲིན་རྒྱལ་ལ་ཕྱག་འཚལ་བསྟོད༔ ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་སྟག་ཤམ་ཅན༔ དྲག་པོ་རྟ་མགྲིན་རྒྱལ་ལ་ཕྱག་འཚལ་བསྟོད༔ རིགས་བཞི་དཔའ་བོ་དྲེགས་པ་ཀུན་འདུལ་སོགས༔ དཔའ་བོ་རྒྱ་མཚོའི་སྐུ་ལ་ཕྱག་འཚལ་བསྟོད༔ བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ དབང་དང་དངོས་གྲུབ་མཆོག་ཐུན་བསྩལ་དུ་གསོལ༔ འབར་བ་གསུམ་གྱིས་སྒོ་གསུམ་རབ་ཁོངས་ལ༔ སྐུ་གསུམ་ཐོབ་པའི་དངོས་གྲུབ་བསྩལ་དུ་གསོལ༔ བསྡུ་བ་བཞི་ཡིས་སྣང་སྲིད་དབང་སྡུས་ལ༔ སྣང་སྲིད་ཟིལ་གནོན་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿབཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ བཞི་པ་མཁའ་འགྲོ་རྒྱ་མཚོ་ལ་བསྟོད་པ་ནི༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿདྷུ་མ་གྷ་ཡེ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ སྟོང་ཉིད་དབྱིངས་ལས་བཞེངས་པའི་སྐུ༔ མ་གཅིག་བདེ་གཤེགས་ཡུམ་ཆེན་སྐུ་ལ་བསྟོད༔ སྐྱེ་འགྲོ་ཀུན་ལ་མ་ལྟར་བརྩེ་བྱེད་མ༔ ཐུགས་རྗེའི་ཡུམ་ཆེན་རྣལ་འབྱོར་མ་ལ་བསྟོད༔ སྐུ་མདོག་དམར་མོ་དུག་ལྔ་རང་སར་དག༔ གསང་བ་ཡེ་ཤེས་མཁའ་འགྲོ་མ་ལ་བསྟོད༔ རུས་པའི་རྒྱན་དྲུག་ཕར་ཕྱིན་དྲུག་དང་ལྡན༔ ཀུན་ཏུ་བཟང་མོ་ཡུམ་ཆེན་སྐུ་ལ་བསྟོད༔ ཚད་མེད་བཞི་ལྡན་བདེ་བའི་གར་སྟབས་མཛད༔ རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་བསྟོད༔ དུག་གསུམ་རྩད་གཅོད་ཕྱག་གཡས་གྲི་གུག་བསྣམས༔ རྡོ་རྗེ་ཕག་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ སྐུ་མདོག་མ་ངེས་ཆ་ལུགས་ཅིར་ཡང་སྒྱུར༔ སྣ་ཚོགས་རིགས་བཞིའི་མཁའ་འགྲོ་མ་ལ་བསྟོད༔ ཕྱག་གཡོན་ཐོད་ཁྲག་སྲིད་གསུམ་མ་ལུས་འདུལ༔ བདག་མེད་བདེ་སྟོང་ཆོས་དབྱིངས་མཁའ་འགྲོ་མ་ལ་བསྟོད༔ ཁ་ཊྭཱཾ་རྩེ་གསུམ་འཁོར་བའི་གཡུལ་ངོ་ཟློག༔ ཡེ་ཤེས་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཐབས་ཤེས་དབྱེར་མེད་ཞབས་གཉིས་གར་སྟབས་མཛད༔ ཤེས་རབ་བདེ་ཆེན་མཁའ་འགྲོ་མ་ལ་བསྟོད༔ བཅུ་དྲུག་གཞོན་ཚུལ་ཁྲོས་མ་འཛུམ་པའི་མདངས༔ བདེ་གཤེགས་མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད༔ ནམ་མཐོང་དྲན་པས་ཟག་མེད་བདེ་བ་སྤོར༔ ཀུན་བཟང་ཡུམ་ཆེན་སྐུ་ལ་ཕྱག་འཚལ་བསྟོད༔ སྐུ་མདོག་དཀར་མོ་ཆ་ལུགས་སྣ་ཚོགས་སྟོན༔ རྡོ་རྗེ་ཌཱ་ཀི་མ་ལ་ཕྱག༴ སྐུ་མདོག་སེར་མོ་ཆ་ལུགས་སྣ་ཚོགས་སྟོན༔ རིན་ཆེན་ཌཱ་ཀི་མ་ལ་ཕྱག༴ སྐུ་མདོག་དམར་མོ་ཆ་ལུགས་སྣ་ཚོགས་སྟོན༔ པདྨ་ཌཱ་ཀི་མ་ལ་ཕྱག༴ སྐུ་མདོག་ལྗང་གུ་ཆ་ལུགས་སྣ་ཚོགས་སྟོན༔ ཀརྨ་ཌཱ་ཀི་མ་ལ་ཕྱག༴ སྐུ་མདོག་མ་ངེས་ཆ་ལུགས་སྣ་ཚོགས་སྟོན༔ ཆོས་དབྱིངས་ཌཱ་ཀི་མ་ལ་ཕྱག༴ ཕྱག་རྒྱ་ཆེན་པོའི་རིག་འཛིན་བཞི་ལ་སོགས༔ བདག་ཅག་རྣམས་ཀྱིས་ཐོབ་པར་མཛད་དུ་གསོལ༔ རིགས་བཞི་ལ་སོགས་བྱེ་བ་ཐེར་འབུམ་གྱི༔ མཁའ་འགྲོ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཨོཾ་ཨཱཿཧཱུྃ༔ བྷུདྡྷ་ཌཱ་ཀི་ནཱི་ན་མོ་ཧཱུྃ༔ བཛྲ་ཌཱ་ཀི་ནཱི་ན་མོ་ཧཱུྃ༔ རཏྣ་ཌཱ་ཀི་ནཱི་ན་མོ་ཧཱུྃ༔ པདྨ་ཌཱ་ཀི་ནཱི་ན་མོ་ཧཱུྃ༔ ཀརྨ་ཌཱ་ཀི་ནཱི་ན་མོ་ཧཱུྃ༔ སརྦ་ཌཱ་ཀི་ནཱི་ན་མོ་ཧཱུྃ༔ བི་ཤྭ་ཌཱ་ཀི་ནཱི་ན་མོ་ཧཱུྃ༔ ལོ་ཀ་ཌཱ་ཀི་ནཱི་ན་མོ་ཧཱུྃ༔ སིདྡྷི་ཌཱ་ཀི་ནཱི་ཧཱུྃ་ཧཱུྃ་ཧྲཱིང་ཧྲཱིང༔ ལྔ་པ་ཆོས་སྐྱོང་རྣམས་ལ་བསྟོད་པ་ནི༔ ཧཱུྃ༔ དུས་གསུམ་བདེ་གཤེགས་འཕྲིན་ལས་གཅིག་བསྡུས་པ༔ འཇིག་རྟེན་འདས་ཀྱང་དྲག་ཤུལ་རྔམས་སྟབས་ཅན༔ དྲག་པོའི་ཆ་ལུགས་དགྲ་བགེགས་སྲོག་རྩ་གཅོད༔ ཆོས་སྐྱོང་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ དྲུག་པ་གཏེར་བདག་རྣམས་ལ་བསྟོད་པ་ནི༔ ཧྲཱི༔ ཨུ་རྒྱན་ལ་སོགས་རིག་འཛིན་ཐམས་ཅད་ཀྱིས༔ གཉེར་གཏད་ལུང་འཛིན་དམ་ཆོས་བྱ་ར་བྱེད༔ སྐལ་ལྡན་རྣམས་ལ་ལུང་བཞིན་བུ་ནོར་གཏད༔ གཏེར་བདག་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད་པ་བྱའོ༔ དེ་ནས་བཤགས་པ་བྱ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདིར༔ བདག་ཅག་རིག་འཛིན་ཕོ་མོ་རྣམས༔ རྒྱུད་དྲུག་འཁོར་བའི་སེམས་ཅན་གྱིས༔ ཚེ་རབས་ཐོག་མ་མེད་པ་ནས༔ ད་ལྟའི་དུས་འདི་ཡན་ཆད་དུ༔ ལུས་ཀྱིས་མི་དགེ་གསུམ་སྤྱད་ཅིང༔ ངག་གིས་མི་དགེ་བཞི་དང་ནི༔ སེམས་ཀྱིས་མི་དགེ་གསུམ་ལ་སོགས༔ ངན་སོང་རྒྱུ་བསགས་ཐམས་ཅད་མཐོལ་ལོ་བཤགས༔ ཉན་ཐོས་ཉིས་བརྒྱ་ལྔ་བཅུ་སྟེ༔ སོ་སོ་ཐར་པའི་སྡོམ་པ་ཉམས་པ་དང༔ ནང་ལྟར་གསང་སྔགས་དམ་ཚིག་སྟེ༔ ས་མ་ཡ་ནི་འབུམ་སྡེ་ཉམས༔ གསང་བ་བྱང་སེམས་བསླབ་པ་སྟེ༔ སྟོང་ཕྲག་དྲུག་སོགས་ཉམས་པ་དང༔ སྣོད་མེད་མི་ལ་དམ་ཆོས་བསྟན༔ དམ་མེད་མི་ལ་དབང་བཞི་བསྐུར༔ རང་སེམས་སངས་རྒྱས་ལོགས་སུ་བཅད༔ འབྲས་བུ་གཞན་ནས་རེ་བ་དང༔ རིགས་དྲུག་ཕ་མ་ཡིན་པ་ལ༔ ཉེ་རིང་དགྲ་གཉེན་བཟུང་བ་དང༔ ཆོས་མཛད་དགོངས་པ་གཅིག་པ་ལ༔ གྲུབ་མཐའ་སྤང་བླང་བྱས་པ་དང༔ བླ་མས་ངོ་སྤྲོད་བཏབ་གྱུར་ནས༔ འཇིག་རྟེན་བྱ་བས་ཚེ་འདིར་གཡེངས༔ ཉམས་ལེན་མྱོང་རྟོགས་ཤོར་བ་ཀུན༔ བླ་མ་རྒྱ་མཚོའི་དྲུང་དུ་བཤགས༔ རྒྱལ་བ་རྒྱ་མཚོའི་དྲུང་དུ་བཤགས༔ དཔའ་བོ་རྒྱ་མཚོའི༴ མཁའ་འགྲོ་རྒྱ་མཚོའི༴ ཆོས་སྐྱོང་རྒྱ་མཚོའི༴ གཏེར་སྲུང་རྒྱ་མཚོའི་དྲུང་དུ་བཤགས༔ ཅེས་བཤགས༔ དེ་ནས་ཛཔ྄་དབྱངས་བྱ་བ་ནི༔ བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བདེ་གཤེགས་མཆོད༔ སེམས་ཅན་གྱི་སྡིག་སྒྲིབ་སྦྱངས༔ ཚུར་འདུས་ལྷ་ཚོགས་རྣམས་ཐུགས་དམ་རྒྱུད་བསྐུལ་བར་བསམ༔ ཉམས་སྤར་ཞིང་འཆམས་ཏེ༔ ཛཔ྄་དབྱངས་བར་སྣང་འབྲུག་ལྡིར་བ་ལྟར་འུར་ཆེ་ལ་གདངས་དྲག་པར་བཟླའོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བཛྲ་གུ་རུ་ཧ་ཡ་གྲཱི་ཝ་དྷུ་མ་གྷ་ཡེ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ་ཧྲཱིང་ཧྲཱིང༔ ཞེས་པ་བདེ་གཤེགས་རྒྱ་མཚོ་ཐམས་ཅད་དྲིལ་བའི་སྙིང་པོའོ༔ བརྒྱ་སྟོང་བྱེ་བ་རེའི་མཚམས་སུ་དངོས་གྲུབ་རེ་ལེན་ཞིང༔ གཏོར་ཚོགས་རེ་གཏང་ངོ༔ དངོས་གྲུབ་ལེན་ཚིག་ནི་འདི་སྐད་དོ༔ ཨོཾ་ཨཱཿཧཱུྃ༔ ཧྲཱི༔ ཐུགས་རྗེ་ཀུན་འདུས་ལྷ་ཚོགས་ལ༔ རྣལ་འབྱོར་མཆེད་ལྕམ་མོས་གུས་བྱེད༔ གསོལ་བ་སྙིང་གི་དཀྱིལ་ནས་འདེབས༔ བྱིན་རླབས་ཐུགས་ཀྱི་ཀློང་ནས་ཞུ༔ ལུས་སྒྲིབ་དག་ནས་བུམ་དབང་སྐུར༔ སྤྲུལ་པ་སྐུ་ཡི་དངོས་གྲུབ་ཞུ༔ ངག་སྒྲིབ་དག་ནས་གསང་དབང་སྐུར༔ ལོངས་སྤྱོད་རྫོགས་པའི་དངོས་གྲུབ་ཞུ༔ ཡིད་སྒྲིབ་དག་ནས་ཚིག་དབང་སྐུར༔ སྐྱེ་མེད་ཆོས་སྐུ་ཐོབ་པར་མཛོད༔ ཐུན་མོང་ཚེ་རིང་ནད་མེད་དང༔ གྲུབ་ཆེན་བརྒྱད་སོགས་དངོས་གྲུབ་ཞུ༔ མཐར་ཐུག་དུག་ལྔ་རང་གྲོལ་ནས༔ ཡེ་ཤེས་ལྔ་པོ་རྟོགས་པར་མཛོད༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་བླ་མ་རྒྱ་མཚོ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་རྒྱལ་བ་རྒྱ་མཚོ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་དཔའ་བོ་རྒྱ་མཚོ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་མཁའ་འགྲོ་རྒྱ་མཚོ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་ཆོས་སྐྱོང་རྒྱ་མཚོ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་གཏེར་བདག་རྒྱ་མཚོ་སིདྡྷི་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཅེས་པས་གཏོར་མ་དང་བདུད་རྩི་མགོ་ལ་གཏུག་གོ༔ ཧོ༔ བདེ་གཤེགས་རྒྱ་མཚོའི་དངོས་གྲུབ་རྣམས༔ བསྙེན་སྒྲུབ་སྒོམ་པའི་རིག་འཛིན་མཆེད་ལྕམ་ལ༔ རིག་འཛིན་བཞི་ཡི་དབང་མཆོག་ད་སྐུར་ཅིག༔ དྲི་མ་བཞི་དག་ཡེ་ཤེས་རང་གསལ་ཤོག༔ ཨོཾ་ཨཱཿཧཱུྃ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཨོཾ༔ ཨཱཿཨ་བྷི་ཥིཉྩ་ཨཱ༔ ཨཱཿཨ་བྷི་ཥིཉྩ་ཧཱུྃ༔ ཨཱཿཨ་བྷི་ཥིཉྩ་ཧྲཱི༔ དངོས་གཞིའི་ལེའུ་སྟེ་གཉིས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈ ད་ནི་ཚོགས་འབུལ་བ་ནི༔ འབྱོར་ཚོགས་ཅི་ཆེར་བཤམས་ལ༔ ཧྲཱི༔ བདེ་གཤེགས་ཀུན་འདུས་ལྷ་ཚོགས་རྣམས༔ ཞལ་ཟས་ཚོགས་འབུལ་ཞལ་ཕྱེ་ཞིག༔ རཾ་ཡཾ་ཁཾ་གིས་དག་པར་སྦྱངས༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་གྱུར༔ འདོད་པའི་ཡོན་ཏན་ལྔ་ཡིས་བརྒྱན༔ ལོངས་སྤྱོད་རྒྱན་གྱི་གཏོར་ཚོགས་འདི༔ གུ་རུ་པདྨ་འབྱུང་གནས་ཞལ་དུ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ གུ་རུ་པདྨ་ཐོད་ཕྲེང་ཞལ་དུ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ གུ་རུ་པདྨ་སམྦྷའི་ཞལ་དུ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ གུ་རུ་བློ་ལྡན་མཆོག་སྲེད་ཞལ་དུ༴ གུ་རུ་པདྨ་རྒྱལ་པོའི༴ གུ་རུ་ཉི་མ་འོད་ཟེར༴ གུ་རུ་ཤཱཀྱ་སེང་གེའི༴ གུ་རུ་སེང་གེ་སྒྲ་སྒྲོག༴ གུ་རུ་རྡོ་རྗེ་གྲོ་ལོད༴ གུ་རུ་རྩ་བའི་བླ་མའི༴ གུ་རུ་བརྒྱུད་པའི་བླ་མའི༴ གུ་རུ་བླ་མ་རྒྱ་མཚོའི་ཞལ་དུ་ག་ཎ་ཙཀྲ་པཱུ་ཙ་ཁཱ་ཧི༔ ཡི་དམ་ལ་འབུལ་བ་ནི༔ ཧྲཱི༔ ཐུགས་རྗེ་ཆེན་པོའི་ཞལ་དུ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་ཞལ་དུ༴ ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་ཞལ་དུ༴ ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་ཞལ་དུ༴ ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས༴ ཐུགས་རྗེ་ཆེན་པོ་དོན་ཡོད་ཞགས་པའི༴ ཐུགས་རྗེ་ཆེན་པོ་སྒྲིབ་པ་ཀུན་སེལ༴ ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ༴ ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག༴ ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབ༴ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས༴ ཐུགས་རྗེ་ཆེན་པོ་སྡུག་བསྔལ་ཀུན་སེལ༴ ཐུགས་རྗེ་ཆེན་པོ་མཚན་བརྒྱ་རྩའི༴ ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཞལ་དུ་གཱ་ཎ་ཙཀྲ་པཱུ་ཙ་ཁཱ་ཧི༔ དཔའ་བོ་རྒྱ་མཚོ་ལ་འབུལ་བ་ནི༔ ཧྲཱི༔ བཅོམ་ལྡན་དཔལ་ཆེན་རྟ་མགྲིན་ཞལ་དུ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ རྟ་མགྲིན་དྲེགས་པའི་ཞལ་དུ༴ རྟ་མགྲིན་ནག་པོའི་ཞལ་དུ༴ རྟ་མགྲིན་དྲེགས་པ་སྲོག་འཕྲོག༴ རྟ་མགྲིན་དྲེགས་པ་ལྷ་ལྔའི༴ རྟ་མགྲིན་བདེ་གཤེགས་འདུས་པའི༴ རྟ་མགྲིན་འཇིགས་བྱེད་གཏུམ་ཆེན༴ རྟ་མགྲིན་ནཱ་ག་ཀླུ་འདུལ༴ རྟ་མགྲིན་སྤུ་གྲིའི༴ རྡོ་རྗེ་གིང་གི༴ རིན་ཆེན་གིང་གི༴ པདྨ་གིང་གི༴ ཀརྨ་གིང་གི༴ སྣ་ཚོགས་གིང་གི༴ འཇིག་རྟེན་གིང་གི༴ དཔའ་བོ་རྒྱ་མཚོའི་ཞལ་དུ་ག་ཎ་ཙཀྲ་པཱུ་ཙ་ཁཱ་ཧི༔ མཁའ་འགྲོ་ལ་འབུལ་བ་ནི༔ ཧྲཱི༔ མཁའ་འགྲོ་གསང་བ་ཡེ་ཤེས་ཞལ་དུ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ རྡོ་རྗེ་ཕག་མོའི་ཞལ་དུ༴ རྡོ་རྗེ་རྣལ་འབྱོར་མའི་ཞལ་དུ༴ རྡོ་རྗེ་དགྱེས་མའི༴ རྡོ་རྗེ་དབྱིངས་ཕྱུག་མའི༴ རྡོ་རྗེ་ཀུན་འདུལ་མའི༴ བྷཾ་ག་ལའི་མཁའ་འགྲོའི༴ སྒྲོལ་མ་ཇོ་མོའི༴ རྡོ་རྗེ་ཀུན་གྲོལ་མའི༴ རྒྱ་མཚོ་གླིང་གི་མཁའ་འགྲོའི༴ གངས་དཀར་རྩེའི་མཁའ་འགྲོའི༴ རྡོ་རྗེ་དྷཱ་ཀིའི༴ རིན་ཆེན་དྷཱ་ཀིའི༴ པདྨ་དྷཱ་ཀིའི༴ ཀརྨ་དྷཱ་ཀིའི༴ འཇིག་རྟེན་དྷཱ་ཀིའི༴ ཤ་ཟ་དྷཱ་ཀིའི༴ སྣ་ཚོགས་དྷཱ་ཀིའི༴ མཁའ་འགྲོ་རྒྱ་མཚོའི་ཞལ་དུ་ག་ཎ་ཙཀྲ་པཱུ་ཙ་ཁཱ་ཧི༔ ཆོས་སྐྱོང་ལ་འབུལ་བ་ནི༔ ཧྲཱི༔ ཆོས་སྐྱོང་རྒྱ་མཚོའི་ཞལ་དུ་ག་ཎ་ཙཀྲ་པཱུ་ཙ་ཁཱ་ཧི༔ གཏེར་བདག་རྒྱ་མཚོའི་ཞལ་དུ་ག་ཎ་ཙཀྲ་པཱུ་ཙ་ལ་ཁ་ཁ་ཁཱ་ཧི༔ ཞེས་པས་འབུལ་ཞིང་ཚོགས་ལ་རོལ་པར་བྱའོ༔ གཉིས་པ་ལྷག་མ་རྣམས་བསྡུས་ལ༔ གཏོར་སྣོད་གཅིག་ཏུ་བསྩལ་ཏེ༔ ཁ་ཕྲུས་བྱིན་གྱིས་བརླབས་ལ༔ ཧོ༔ དཀྱིལ་འཁོར་མཐའ་སྐྱོང་དབང་ཕྱུག་ཉི་ཤུ་སོགས༔ ལྷག་ལ་དབང་བའི་མཁའ་འགྲོ་ལས་བྱེད་རྣམས༔ འདོད་ཡོན་ལྷག་མཆོད་དྲི་ཆུས་བརྒྱན་པ་འདི༔ དབང་པོའི་ཡུལ་དུ་གང་ལ་གང་འདོད་འབུལ༔ རང་རང་བུད་མེད་གཉེན་འདུན་དཔུང་དང་བཅས༔ ཤེས་བྱའི་ཀློང་དུ་རེ་བ་ཚིམས་གྱུར་ཅིག༔ རང་རང་ལས་ཀྱི་འབྲས་བུ་སྒྲུབ་པ་དང༔ སྒྲུབ་མཆེད་རྣམས་ཀྱི་བར་ཆད་ཟློག་པ་དང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྡུ་བ་དང༔ སངས་རྒྱས་བསྟན་པ་བསྲུང་བའི་འཕྲིན་ལས་མཛོད༔ ཨོཾ་སརྦ་དྷཱ་ཀི་ནཱི༔ རཏྣ་དྷཱ་ཀི་ནཱི༔ ཤ་ར་ན་པྲ་ཏི་བྷོ་ཁཱ་ཧི༔ ཞེས་སོ། དེ་ནས་གཏོར་མ་རྣམས་ཕྱིར་བཏེགས་ལ༔ སྨན་རཀྟ་བྲན་ལ་འདི་སྐད་དོ༔ བྷྱོ༔ ཐུགས་རྗེ་ཆེན་པོའི་བཀའ་ཉན་ཚོགས༔ རྒྱལ་བ་རྒྱ་མཚོ་འཁོར་བཅས་རྣམས༔ དམ་རྫས་བཀའ་ཡི་གཏོར་མ་ལོངས༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ བཅོམ་ལྡན་དཔལ་ཆེན་རྟ་མགྲིན་དང༔ མཁའ་འགྲོ་རྒྱ་མཚོའི་ཚོགས་བཅས་རྣམས༔ དམ་རྫས་བཀའ་ཡི་གཏོར་མ་ལོངས༔ བཅོལ་པའི༴ ཟློག་སྒྱུར༴ ཡུམ་ཆེན་གསང་བ་ཡེ་ཤེས་དང༔ དཔའ་བོ་རྒྱ་མཚོ་འཁོར་བཅས་རྣམས༔ དམ་རྫས༴ བཅོལ་པའི༴ ཟློག་སྒྱུར༴ མགོན་པོ་མ་ཧཱ་ཀཱ་ལ་དང༔ ཆོས་སྐྱོང་རྒྱ་མཚོ་འཁོར་བཅས་རྣམས༔ དམ་རྫས༴ བཅོལ་པའི༴ ཟློག་སྒྱུར༴ རྡོ་རྗེ་ལེགས་པ་སྨན་སྐྱོང་དང༔ གཏེར་བདག་རྒྱ་མཚོ་འཁོར་བཅས་རྣམས༔ དམ་རྫས༴ བཅོལ་པའི༴ ཟློག་སྒྱུར༴ རྡོ་རྗེ་གཡུ་བུན་ལ་སོགས་པའི༴ བོད་སྐྱོང་བརྟན་མ་བཅུ་གཉིས་ཀྱང༔ དམ་རྫས༴ བཅོལ་པའི༴ ཟློག་སྒྱུར༴ དགེ་བསྙེན་མཁའ་རི་ལ་སོགས་པའི༔ དགེ་བསྙེན་ཉི་ཤུ་རྩ་གཅིག་ཀྱང༔ དམ་རྫས༴ བཅོལ་པའི༴ ཟློག་སྒྱུར༴ རྒྱལ་ཆེན་སྡེ་བཞི་ལ་སོགས་པའི༔ གཙང་རིགས་བདུན་ཅུ་རྩ་གཉིས་ཀྱང༔ དམ་རྫས་བཀའ་ཡི་གཏོར་མ་ལོངས༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཅེས་གཏོར་མ་རྒྱུ་ཕྱོགས་སུ་བཏང་ངོ༔ དེ་ནས་དཀྱིལ་འཁོར་བསྡུ༔ ལྷག་ཆད་མ་ཎི་བརྒྱ་རྩས་བསྐང༔ མད་ཆད་དཀྱིལ༔ བཀྲ་ཤིས་བརྗོད་པ་ནི༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཐུགས་རྗེ་ཀུན་འདུས་དཀྱིལ་འཁོར་འདིར༔ སྒོམ་སྒྲུབ་བསྙེན་པའི་བྱིན་རླབས་ཀྱིས༔ བྱིན་རླབས་ཉི་ཟླའི་ཟེར་ལྟར་ཤར༔ ཐུགས་རྗེ་ཆུ་བོའི་རྒྱུན་ལྟར་བབས༔ ཁམས་གསུམ་བདེ་ལེགས་ཀུན་འབྱུང་བ༔ ཐུགས་རྗེ་སྤྱན་རས་གཟིགས་ཀྱིས་གཙོར་བྱས་ཏེ༔ རྒྱལ་བ་རྒྱ་མཚོའི་བཀྲ་ཤིས་ཤོག༔ ཨོ་རྒྱན་པདྨ་ཐོད་ཕྲེང་སོགས༔ བླ་མ་རྒྱ་མཚོའི་བཀྲ་ཤིས་ཤོག༔ བཅོམ་ལྡན་རྟ་མགྲིན་ལ་སོགས་པའི༔ དཔའ་བོ་རྒྱ་མཚོའི་བཀྲ་ཤིས་ཤོག༔ གསང་བ་ཡེ་ཤེས་ལ་སོགས་པའི༔ མཁའ་འགྲོ་རྒྱ་མཚོའི་བཀྲ་ཤིས་ཤོག༔ ཆོས་སྐྱོང་སྲུང་མ་མ་ལུས་དང༔ གཏེར་བདག་རྒྱ་མཚོའི་བཀྲ་ཤིས་ཤོག༔ ཅེས་མེ་ཏོག་གཏོར༔ རོལ་མོ་སྦིར༔ སྤྱོད་ལམ་ནི་ཐུགས་རྗེ་ཆེན་པོའི་ང་རྒྱལ་དང་མ་བྲལ་བའི་ངང་ལས༔ ལས་རྣམས་བསྐྱང་བར་བྱའོ༔ བསྔོ་བ་ནི༔ ཧོ༔ དུས་གསུམ་ཚོགས་གཉིས་ལས་བྱུང་དགེ་བ་རྣམས༔ དམིགས་མེད་ཡེ་གྲོལ་ཆོས་དབྱིངས་ཀློང་དུ་བསྔོ༔ བདག་གིས་དགེ་རྩ་བླ་མེད་འདི་བྱས་པས༔ ཁམས་གསུམ་རིགས་དྲུག་སེམས་ཅན་མ་ལུས་ཀུན༔ བདེ་ཆེན་ལྷུན་གྲུབ་ཞིང་དུ་སངས་རྒྱས་ཏེ༔ འབྲས་བུ་སྐུ་ལྔ་མྱུར་དུ་ཐོབ་པར་ཤོག༔ ཨེ་མ་བདག་འདྲ་ཤེལ་དཀར་མཚོ་སྒྲོན་ལ༔ ཁྱད་འཕགས་རྒྱ་མཚོའི་ཟབ་ཆོས་བླ་མེད་གནང༔ ལན་གསུམ་ལུང་ཞུས་ཡི་གེའི་རིས་སུ་བཏབ༔ ནོར་འཁྲུལ་གབ་སྦས་མེད་པར་བདག་གིས་བསྒྲིགས༔ འདི་ལ་རྒྱུན་དུ་ལག་ལེན་འབད་གྱུར་ན༔ འབྲས་བུ་སྐུ་གསུམ་ཚེ་གཅིག་ཐོབ་པ་དང༔ འགྲོ་བ་སྒྲོལ་བའི་གྲུ་བོ་ཆེ་རུ་འགྱུར༔ གོ་སླ་ཁྱེར་བདེ་འདི་འདྲ་གཞན་ན་མེད༔ ཟབ་པའི་ཕྱིར་ན་རིན་ཆེན་གཏེར་དུ་སྦས༔ སྐལ་ལྡན་ལས་ཅན་སྙིང་གི་བུ་མཆོག་གཅིག༔ ཕྱི་མའི་དུས་སུ་ཕྱོགས་འདིར་འབྱུང་ངམ་སེམས༔ དེ་ཡི་གདུལ་བྱ་བོད་ཁམས་ཀུན་ལ་འབྱུང༔ སྐལ་ལྡན་སྐྱེས་མཆོག་དེ་དང་འདི་འཕྲོད་ཤོག༔ ྈྈྈྈ གཏེར་རྒྱ༔ ཨེ་མ་ཇོ་སྲས་སྣང་བ་གུ་ཡང་བ། ཁུ་སྟོན་རྡོ་རྗེ་གླིང་པ་བདག་གིས་ནི། ཨོ་རྒྱན་མཁའ་འགྲོའི་ལུང་བྱོན་ཏེ། གླང་ལོ་ཟླ་བ་དགུ་པའི་ཚེས་གསུམ་དགོང་མོར། ལས་ལྡན་སློབ་མ་བསོད་ནམས་མགོན་པོ་དང་བསྡོངས་ཏེ། ཀླུ་བདུད་དང་གནམ་སྨན་དཀར་མོ་གནས་པའི་གནས། ཨུམ་སྟེང་མཚོ་མོ་མེ་ལོང་འགྲམ་ནས་གདན་དྲངས་ཏེ། སྔན་ལུང་དང་ཆུའི་ཕུ། ཆོས་རྫོང་སྒང་དུ། སྐལ་ལྡན་གྱི་སློབ་མ་སྐྱེས་མཆོག་གསེར་གླིང་པས་བསྐུལ་ཏེ། ཚེས་བཅུ་གཅིག་ལ། ཨོ་རྒྱན་བླ་དཔེ་དཀྲུག་ཡིག་ལས་དག་པར་ཕབ་བོ། །ཨོ་རྒྱན་ཉིད་ཀྱིས་ལུང་བསྟན་འདུག་པའི་ཕྱིར། །ཤོག་སེར་བླ་དཔེ་དང་བཅས་པ་ལྷག་མ་མ་ལུས་པར་གཏད་དོ། །དེ་ཡི་དགེ་བས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོའི་ཞིང་དུ་གྲོལ་བར་གྱུར་ཅིག །རིགས་དྲུག་འཁོར་བ་དོང་ནས་སྤྲུགས་པར་ཤོག་ཅིག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།
དཔལ་མགོན་ཞལ་བཞི་པའི་ལས་བྱང་ལས་བཞི་རྣམ་རོལ་ (Volume 38, Text 2)
༄༅། །དཔལ་མགོན་ཞལ་བཞི་པའི་ལས་བྱང་ལས་བཞི་རྣམ་རོལ་ཞེས་བྱ་བ་བཞུགས་སོ། ། ན་མོ་བཛྲ་དྷཱ་རཱ་ཡ། རྒྱལ་བ་ཀུན་གྱི་བསྟན་སྲུང་ཕྱིར། །ཧེ་རུ་ཀ་དཔལ་ནག་པོ་ཆེར། །ཡོངས་བཞེངས་དེ་ལ་གུས་བཏུད་ནས། །འཕྲིན་ལས་ཆོ་ག་མདོ་ཙམ་བཤད། །འདིར་དཔལ་མགོན་ལྕམ་དྲལ་མཆོད་ཅིང་མཉེས་པར་བྱ་བའི་ལས་ཀྱི་རིམ་པ་ལ་སྦྱོར་བ་དངོས་གཞི་རྗེས་ཀྱི་བྱ་བའོ། །དང་པོ་སྔོན་འགྲོ་ནི། དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པས་རྒྱུན་གྱི་མཆོད་གཏོར་ནར་མའམ། ཉེར་དགུ་སོགས་ཁྱད་པར་ཅན་གྱི་དུས་ལ་ཡིད་དང་མཐུན་པའི་གནས་ཁང་ལེགས་པར་བརྒྱན། བྲིས་སྐུ་སོགས་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་ཁེབས་དང་ལྡན་པ་ལ་འབྲུ་ནག་གི་ཚོམ་བུ་བཀོད་པའི་ཁར། འབྲུ་ནག་གི་ངར་ཕྱེ་སོགས་གཙང་ཞིང་བཟང་བའི་རྒྱུ་དམ་རྫས་དང་བཅས་པ་ལ་གཏོར་མ་རི་རབ་བང་རིམ་བཞི་སྟེང་དུ་གཙོ་བོའི་བཤོས་བུ་གྲུ་གསུམ་སྙིང་གཟུགས་མ་བཞག །བང་རིམ་དང་པོའི་ཕྱོགས་བཞིར་མདུན་ནས་བརྩམ་སྟེ་བཤོས་བུ་གྲུ་གསུམ་སྦྲུལ་དཀྲིས། གྲུ་གསུམ་པ་དམར་ནག །གྲུ་གསུམ་གཡས་གཅུས་གཟའ་མིག །གྲུ་གསུམ་རྐྱང་པ་སྟེ་ལས་མཁན་བཞིའི་བཤོས་བུ། བང་རིམ་གྱི་རྩ་བར་ཕོ་ཉ་སྤྱི་ལ་བཤོས་བུ་གྲུ་གསུམ་གྲངས་མེད་མཐེབ་ཀྱུས་བསྐོར་བ། དེ་དག་ལ་ཤ་ཁྲག་སོགས་བཟའ་བཅའ་སྣ་ཚོགས་པས་བརྒྱན་ཅིང་མདའ་བྱ་རྒོད་དམར་ནག་གི་ཅོད་པན་བཏགས་པ་གཟུག །དེའི་མདུན་དུ་ཐུན་མཐའི་འབུལ་གཏོར་དང་། གཡས་སུ་སྨན་ཕུད། གཡོན་དུ་རཀྟ། དེ་དག་གི་མདུན་ངོས་སུ་ཕྱིའི་ཉེར་སྤྱོད་ལྔ་དང་། དབང་པོའི་མེ་ཏོག་ལ་སོགས་པ་ཁྱད་པར་གྱི་མཆོད་པ་རྣམས་དང་། གཞན་ཡང་ཡི་དམ་དང་ཆོས་སྐྱོང་གཞན་གྱི་གཏོར་མ་ཡོད་ན་གོ་རིམ་མ་ནོར་བར་ལག་ལེན་སྤྱི་འགྲོ་ལྟར་བསྒྲིག །སྒྲུབ་པ་པོའི་མདུན་དུ་རྡོར་དྲིལ་ནང་མཆོད་གཡབ་དར་སོགས་དང་རོལ་མོའི་ཆས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚང་བར་བཤམས་ནས། ཆོ་གའི་སྔོན་འགྲོ་ནི་ཉིན་ཞག་དེ་ཉིད་ཀྱི་ཁོངས་སུ་བདག་བསྐྱེད་གཞན་སྔོན་དུ་སོང་ན་སྐབས་འདིར་སྙིང་པོ་ངག་ཏུ་བརྗོད་པའི་སྒོ་ནས་སྐད་ཅིག་གིས་ལྷར་གསལ་བཏབ་པས་ཆོག་ལ། དེ་ལྟར་མ་སོང་ན་ཡི་དམ་ཞི་ཁྲོའི་རིགས་གང་རུང་ཞིག་གི་བདག་བསྐྱེད་སྐབས་འདིར་བྱའོ། །མཆོད་རྫས་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ། ཡེ་ཤེས་མེ་རླུང་ཆུ་ཡིས་དངོས་འཛིན་སྦྱངས། །དུར་ཁྲོད་ཞིང་ཁམས་ནམ་མཁའ་མཛོད་ཀྱི་སྤྲིན། །ཕྱི་ནང་འདོད་ཡོན་མཆོད་པའི་ཆར་འབེབ་པས། །རབ་འབྱམས་ནམ་མཁའི་ཁམས་རྣམས་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱ། ཤབྡ་ཨཱཿཧཱུྃ། ཞེས་མཆོད་ཅིང་རོལ་མོའི་སྒྲ་སྦྱར། གཏོར་མ་ལ་དམིགས་ཏེ། རཾ་ཡཾ་ཁཾ༔ སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང༔ ཨ་ལས་ཐོད་པར་ཤ་ལྔ་བདུད་རྩི་ལྔ༔ ས་བོན་གྱིས་མཚན་སྟེང་དུ་འབྲུ་གསུམ་གྱི༔ འཕྲོ་འདུས་རྫས་ཞུ་ཉེས་སྐྱོན་དྲི་མ་སྦྱངས༔ ཡེ་ཤེས་བཅུད་དྲངས་གཉིས་མེད་བདུད་རྩི་ཆེས༔ བཀའ་སྲུང་འཁོར་བཅས་དགྱེས་སྐོང་ནུས་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ལན་གསུམ་གྱི་བྱིན་གྱིས་བརླབ། གཉིས་པ་དངོས་གཞི་ནི། མདུན་རྟེན་བསང་། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་དྷརྨ་དྷཱ་ཏུ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ སྣང་གྲགས་འཁོར་འདས་ཆོས་ཀུན་སྟོང་པར་གྱུར༔ སྟོང་པའི་ངང་ལས་མདུན་དུ་རབ་འཇིགས་ཀྱི༔ དུར་ཁྲོད་ཆེན་པོ་འཇིགས་ཤིང་སྐྱི་གཡའི་དབུས༔ བྷྲཱུྃ་ལས་མཐིང་ནག་གྲུ་གསུམ་གཞལ་ཡས་ཁང༔ རྒྱ་ཁྱོན་ཆོས་དབྱིངས་དང་མཉམ་ལྟེ་བ་རུ༔ པདྨ་ཉི་ཟླ་དྲེགས་པ་བསྣོལ་བའི་སྟེང༔ མཐིང་ནག་ཧཱུྃ་ལས་སྐྱེས་པའི་ཁྲོ་བོའི་རྒྱལ༔ མ་ཧཱ་ཀཱ་ལ་དྲེགས་པ་ཀུན་འདུལ་ནི༔ ཞལ་བཞི་ཕྱག་བཞི་མི་བཟད་རྔམ་པའི་གཟུགས༔ གཡས་དཀར་གཡོན་དམར་དབུས་མཐིང་སྟེང་ཞལ་ལྗང༔ གཡས་པའི་ཕྱག་གཉིས་གྲི་གུག་རལ་གྲི་གདེངས༔ གཡོན་གཉིས་ཐོད་ཁྲག་རྡོ་རྗེའི་དབྱུག་པ་བསྣམས༔ དམར་སེར་རལ་པ་གྱེན་བརྫེས་ཁྲོ་ཆུང་སྤྲོ༔ གཡས་གཡོན་རྡོ་རྗེའི་གཤོག་པ་རྣམ་པར་གདེངས༔ དུར་ཁྲོད་ཆས་དང་དཔལ་གྱི་ཆས་བཅུས་སྤྲས༔ ཞབས་གཉིས་དོར་སྟབས་དྲེགས་པའི་སྙིང་གར་བརྫིས༔ གསང་བའི་ཡུམ་མཆོག་རེ་ཏི་སྔོ་སྐྱའི་མདོག༔ ཁ་ཊྭཱཾ་ནད་རྐྱལ་འཛིན་ཅིང་ཡབ་དང་འཁྲིལ༔ རབ་འཇིགས་མེ་དཔུང་འབར་བའི་ཀློང་དུ་གསལ༔ ཤར་དུ་ན་ལས་ཀླུ་བདུད་རྔམ་པའི་གཟུགས༔ མཐིང་ནག་སྦྲུལ་ཞགས་གྲི་གུག་ཕྱག་ན་བསྣམས༔ རལ་པ་གྱེན་བརྫེས་སྐུ་སྨད་སྦྲུལ་དུ་འཁྱིལ༔ དུར་ཁྲོད་ཆས་གསོལ་དྲེགས་པའི་འཁོར་གྱིས་བསྐོར༔ ལྷོ་རུ་ཡ་མ་རཱ་ཛ་གཤིན་རྗེའི་གཙོ༔ དམར་ནག་རྡོ་རྗེའི་ཐོད་དབྱུག་དུང་ཁྲག་འཐུང༔ དུར་ཁྲོད་ཆས་ལྡན་མ་ཧེ་སེར་ནག་ཞོན༔ རབ་འཇིགས་དྲེགས་པ་མང་པོའི་འཁོར་གྱིས་བསྐོར༔ ནུབ་ཏུ་རཱ་ཧུ་ལ་ཉིད་དམར་ནག་མདོག༔ ཆུ་སྲིན་ཞགས་པ་ཐོད་ཁྲག་ཕྱག་ན་བསྣམས༔ མིག་སྟོང་དང་ལྡན་ཆུ་སྲིན་དམར་སྐྱ་ཞོན༔ དུར་ཁྲོད་ཆས་གསོལ་དྲེགས་པའི་འཁོར་གྱིས་བསྐོར༔ བྱང་དུ་ཀྵ་ལས་སྲིན་པོ་སྨུག་ནག་ནི༔ གཡས་གཡོན་རལ་གྲི་དུང་ཁྲག་ཞལ་དུ་རྔུབ༔ དུར་ཁྲོད་ཆས་ལྡན་ཞབས་གཉིས་དོར་སྟབས་བགྲད༔ ལས་བྱེད་དྲེགས་པ་མང་པོའི་འཁོར་གྱིས་བསྐོར༔ གཞན་ཡང་བཀའ་སྡོད་དྲེགས་པ་ལས་བྱེད་དང༔ ཤ་ཟ་བཤན་པ་སྤྲུལ་པ་ཡང་སྤྲུལ་བཅས༔ གསལ་བའི་ཐུགས་ཀའི་འོད་ཀྱིས་རང་འདྲ་བའི༔ ཡེ་ཤེས་སེམས་དཔའ་འཁོར་བཅས་སྤྱན་དྲངས་བསམ༔ སྤྱན་འདྲེན་པ་ནི། སྦྱར་བའི་སྤོས་བསྲེག་རོལ་མོའི་འགྱུར་བ་དང་བཅས་པའི་ང་རོའི་དབྱངས་ཀྱིས། ཧཱུྃ༔ ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང༔ གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་པ༔ སྲིན་པོའི་གཟུགས་ཅན་དྲེགས་པ་སྤྱན་འདྲེན་ན༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ལས་བྱེད་དྲེགས་པ་ཀླུ་བདུད་གཤིན་རྗེའི་རྒྱལ༔ དྲང་སྲོང་ཆེན་པོ་ཤ་ཟ་སྲིན་པོ་སོགས༔ རང་རང་སྤྲུལ་དང་ཡང་སྤྲུལ་བཀའ་ཉན་བཅས༔ དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ༔ བཞད་པའི་ང་རོ་འབྲུག་སྒྲ་སྟོང་ལྡིར་ཞིང༔ རྔམ་པའི་སྟང་སྟབས་སྲིད་པ་གསུམ་གཡོ་བ༔ འཇིག་རྟེན་འདས་དང་མ་འདས་འཁོར་གྱི་ཚོགས༔ ཕྱོགས་བཅུའི་ཞིང་ནས་གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཛྙཱ་ན་ནཱ་ཐ་རེ་མ་ཏི་ས་མ་ཡ་ཛ༔ ནཱ་ག་རཀྴ་ཡ་མ་རཱ་ཛ་རཱ་ཧུ་ལ་རཀྴ་ས་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་སྤྱན་དྲངས་པས་སྤྲིན་གཏིབས་པ་བཞིན་བྱོན་པར་བསམ་ནས། བཞུགས་སུ་གསོལ་བ་ནི། ཧཱུྃ༔ རབ་འཇིགས་དུར་ཁྲོད་བསྐལ་མེ་འཁྲུགས་པའི་དབུས༔ ལོག་འདྲེན་དྲེགས་པ་པདྨ་ཉི་ཟླའི་སྟེང༔ དྲེགས་པ་ཀུན་འདུལ་ལྷ་མཆོག་འཁོར་དང་བཅས༔ འཕྲིན་ལས་བསྒྲུབ་ཕྱིར་བརྟན་པར་བཞུགས་སུ་གསོལ༔ པདྨ་ཙནྡྲ་སཱུརྻ་ཏི་ར་ས་མ་ཡ་ཏིཥྛ་ལྷན༔ ཞེས་བཞུགས་སུ་གསོལ། དམ་ལ་བཞག་པ་ནི། ཡི་དམ་གྱི་སྙེམ་པ་བརྟན་པོས། མགོན་པོ་འཁོར་བཅས་ཀྱི་སྤྱི་བོར་རྡོ་རྗེ་བཞག །བདུད་རྩི་ལྕེ་ལ་བླུད་པར་མོས་ཏེ། ཀྱཻ༔ ལེགས་ལྡན་མགོན་པོ་རྡོ་རྗེ་ནག་པོ་ཀྱེ༔ སྔོན་ཚེ་ཀུན་བཟང་རྡོ་རྗེ་འཆང་དབང་གིས༔ ཁྱོད་ནི་གསང་སྔགས་བཀའ་ཡི་སྲུང་མར་བསྐོས༔ རིག་འཛིན་སློབ་དཔོན་པདྨ་ཐོད་ཕྲེང་གིས༔ དམ་ཚིག་གཉན་པོའི་གཉེར་ཁ་ཡོངས་གཏད་པའི༔ ཁས་བླངས་དམ་བཅས་གཡེལ་བར་མ་མཛད་པར༔ བཅོལ་བའི་འཕྲིན་ལས་སྒྲུབ་ལ་མ་གཡེལ་ཅིག༔ ཨོཾ་མ་ཧཱ་ཀཱ་ལ་ས་མ་ཡ་རཀྵནྟུ༔ ཞེས་དམ་ལ་བཞག་པས་ཇི་ལྟར་བསྒོ་བའི་འཕྲིན་ལས་སྒྲུབ་པ་ལ་ངོ་ཐོན་དུ་བཞུགས་པར་བསམ་མོ། མཆོད་པ་ནི། ཧཱུྃ༔ དཔལ་ཆེན་མཐུ་སྟོབས་དབང་ཕྱུག་འཁོར་བཅས་ལ༔ མ་རུངས་ལོག་འདྲེན་དགྲ་དང་བགེགས་རྣམས་ཀྱི༔ དབང་པོ་ལྔ་དང་ཚིལ་ཆེན་དོན་སྙིང་ལྔ༔ ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མ་དང༔ དམར་ཆེན་རཀྟ་པཉྩ་ཨ་མྲྀཏ༔ མཐུན་རྫས་འདོད་པའི་ལོངས་སྤྱོད་བསམ་མི་ཁྱབ༔ མ་ལུས་དངོས་བཤམས་ཡིད་སྤྲུལ་དམ་པ་འདི༔ བསྟན་སྲུང་རྒྱལ་པོ་འཁོར་དང་བཅས་ལ་འབུལ༔ ཐུགས་རྗེ་ཐུགས་དམ་དབང་གིས་བཞེས་ནས་ཀྱང༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་དུ་གསོལ༔ སརྦ་པཱུ་ཛ་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་པ་ཙམ་གྱིས་མཆོད་པའམ། སྤྲོ་ན། ཧཱུྃ། བཀའ་ཡི་བསྟན་སྲུང་དཔལ་ལྡན་ནག་པོ་ཆེ། །ལྕམ་དྲལ་ཕོ་ཉ་འཁོར་དང་བཅས་རྣམས་ལ། །དངོས་སུ་བཤམས་དང་ཏིང་འཛིན་རྣམ་རོལ་ལས། །མངོན་པར་སྤྲུལ་པའི་མཆོད་པ་འདི་འབུལ་ལོ། །དམར་ཆེན་ཨརྒྷཾ་རྦ་ཀློང་འཁྲུག་པའི་དབྱིངས། །རྣམ་བཀྲ་དབང་པོའི་མེ་ཏོག་ལང་ལོང་འཕྱོ། །སྦྱར་དང་རང་བྱུང་སྤོས་སྤྲིན་གཏིབས་པའི་རུམ། །ཞུན་ཆེན་སྣང་གསལ་སྒྲོན་མེ་གློག་སྟོང་འཁྱུག །མཁྲིས་ཆེན་བྱུག་པའི་ཆར་རྒྱུན་རྒྱ་མཚོར་བསྐྱིལ། །ཤ་རུས་བཟའ་བའི་ཞལ་ཟས་རི་བོར་སྤུངས། །རྔམ་བརྗིད་རོལ་མོའི་སྒྲ་ཡིས་ས་གསུམ་གཡོ། །མདོར་ན་ཕྱི་ནང་གསང་བའི་དམ་རྫས་སུ། །གྱུར་པའི་འདོད་ཡོན་ལོངས་སྤྱོད་མི་ཟད་གཏེར། །ནམ་མཁའ་མཛོད་ཀྱི་སྒོ་འཕར་ཕྱེ་སྟེ་འབུལ། །ཐུགས་དམ་དབང་གིས་བཞེས་ནས་འཕྲིན་ལས་མཛོད། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་མ་ཧཱ་ཤ་མ་ཤཱ་ན་པཱུ་ཛ་ཨརྒྷཾ་ནས་ཤབྡའི་བར་དང་། ཧཱུྃ། རྩ་བརྒྱད་སྟོང་ལས་སྦྱར་བའི་འཆི་མེད་སྨན། །འབྲུ་བཅུད་མྱོས་བྱེད་དཔའ་བོའི་ཆང་དང་སྦྱར། །ཟག་མེད་བདུད་རྩི་མཆོག་གི་མཆོད་པ་འདི། །དཔལ་ལྡན་མགོན་པོ་འཁོར་དང་བཅས་ལ་འབུལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། ཧཱུྃ། དགྲ་བགེགས་སྙིང་ཁྲག་རྦ་ཀློང་འཁྲུག་པའི་མཚོར། །སྣ་ཚོགས་ཁྲག་སྣ་སྟོང་གི་འདབ་ལྡན་ཅན། །འདོད་ཡོན་ལྷ་མོའི་ལྦུ་འཕྲེང་གཡོ་བ་འདི། །དཔལ་ལྡན་མགོན་པོ་འཁོར་དང་བཅས་ལ་འབུལ། །མ་ཧཱ་རཀྟ་ཁཱ་ཧི། ཧཱུྃ། སྟོང་གསུམ་དང་མཉམ་རང་བྱུང་ཀ་པཱ་ལར། །ཤ་ཆེན་ལྔ་དང་བདུད་རྩི་རྣམ་ལྔ་སོགས། །སྣ་ཚོགས་བཟའ་བའི་འདོད་ཡོན་གཏོར་མ་འདི། །དཔལ་ལྡན་མགོན་པོ་འཁོར་དང་བཅས་ལ་འབུལ། །མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་དང་། མགོན་པོ་འཁོར་བཅས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་མ་ཧཱ་ཀཱ་ལ་བི་ཀཱ་ལ་ཏྲི་ཡཾ་ཛ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཀཱ་ལི་དེ་ཝཱི་ཧཱུྃ་བྷྱོ་ཧཱུྃ་ས་པ་རི་ཝཱ་ར་སོགས། ནཱ་ག་རཀྴ་ཡ་མ་རཱ་ཛ་རཀྴ་ས་རཱ་ཧུ་ལ་རཀྴ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་སོགས། དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། དུག་གསུམ་ནད་ཀྱི་སྨན་པ། རྣལ་འབྱོར་ཡོངས་ཀྱི་དགྲ་བླ། བདུད་དཔུང་སྒྲོལ་བའི་དཔའ་བོ། བསྟན་པའི་བཀའ་སྲུང་ཆེན་པོ། ལེགས་ལྡན་ནག་པོ་ཆེན་པོ་ཞལ་བཞི་པ། ཡུམ་ཆེན་མ་མོ་ནམ་གྲུ །བཀའ་སྡོད་ལས་མཁན་སྡེ་བཞི། སྲོག་གཅོད་བཤན་པ་བྱེ་བའི་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྟོངས་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་འཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་འཕྲིན་ལས་མཛོད་ཅིག །ཅེས་ཕྲིན་ལས་བཅོལ་བས་ལས་ཐམས་ཅད་བསྒོ་བ་བཞིན་མཛད་པར་བསམ་མོ། །བསྟོད་པ་ནི། ཧཱུྃ༔ རབ་འཇིགས་དུར་ཁྲོད་བསྐལ་མེ་འབར་བའི་ཀློང༔ རིག་འཛིན་སྲོག་ཤིང་རྣལ་འབྱོར་དགྲ་བླ་ཆེ༔ བསྟན་པའི་བཀའ་སྲུང་མཐུ་སྟོབས་རྫུ་འཕྲུལ་ཅན༔ དྲེགས་པ་ཀུན་འདུལ་ཁྱོད་ལ་བདག་བསྟོད་དོ༔ སྲིད་གསུམ་ཟིལ་གནོན་ཉམས་པ་རྩད་ནས་གཅོད༔ རྣམ་བཞིའི་འཕྲིན་ལས་ཅི་བཅོལ་ཐོགས་པ་མེད༔ ཐོད་ཕྲེང་རྩལ་གྱིས་དབང་བསྐུར་དམ་ཚིག་ཅན༔ ཤ་ཟ་ནག་པོ་ཁྱོད་ལ་བདག་བསྟོད་དོ༔ ཕྱོགས་བཞིའི་གནས་ནས་སངས་རྒྱས་བསྟན་པ་སྲུང༔ སྤྲུལ་པ་སྣ་ཚོགས་སྟོང་གསུམ་ཁྱབ་པར་འགྱེད༔ སྐྱེ་འགྲོའི་སྲོག་དབུགས་དྲོད་ལ་དབང་བྱེད་པའི༔ དྲེགས་པ་འཁོར་དང་བཅས་ལ་བདག་བསྟོད་དོ༔ ཞེས་དང་། ཀ་དག་དབྱིངས་ལས་སྙིང་རྗེས་ཁྲོས་པའི་སྐུ། ཁ་དོག་མི་བཟད་དུས་མཐའི་ཆར་སྤྲིན་འདྲ། །ག་ཤ་མགོ་ཕྲེང་དུར་ཁྲོད་ཆས་ཀྱིས་བརྒྱན། །ང་རོའི་གད་མོས་ས་གསུམ་གཡོ་ལ་བསྟོད། །ཅ་ཅོ་གདུང་བའི་ཤུགས་ཀྱིས་བསྐུལ་བསྒྲུབ་ཚེ། །ཆ་ལུགས་ཕྲིན་ལས་རྣམ་བཞིའི་རོལ་གར་གྱིས། །ཇ་རིལ་ཐོད་པའི་གུར་ཁང་བསྐལ་མེའི་ཀློང་། །ཉ་རྒྱས་སྟོན་ཟླའི་མཛེས་པ་ངོམ་ལ་བསྟོད། །ཏ་ཐཱ་ག་ཏའི་སྤྱན་སྔར་ཞལ་བཞེས་པའི། །ཐ་ཚིག་རྡོ་རྗེའི་དམ་ལས་མི་འདའ་བར། །ད་ལྟ་དམ་ཚིག་ལྡན་པའི་རྣལ་འབྱོར་ལ། །ནམ་མཁའ་མཛོད་ཀྱི་དངོས་གྲུབ་སྦྱིན་ལ་བསྟོད། །པ་སངས་ལྟར་དཀར་མཆེ་བའི་རྣོ་དབལ་གྱིས། །ཕ་རོལ་སྡེ་དང་བཅས་པ་ཞལ་བསྟབ་ཚེ། །བ་ལང་སྤྱོད་སོགས་གླིང་བཞིའི་དྲེགས་པ་ཀུན། །མ་ལུས་ཞུམ་སྟེ་ཁྱོད་སྐྱབས་གསོལ་ལ་བསྟོད། །ཙ་ཏུར་བཞིན་གྱི་སྤྲིན་རུམ་ཆེན་པོ་ལས། །ཚ་ངར་རྡོ་རྗེའི་མེ་ཆར་མི་བཟད་པས། །ཛ་ལང་གདུག་པའི་དཔུང་ཚོགས་མ་ལུས་པ། །ཝ་སྐྱེས་བཞིན་དུ་འཇོམས་པར་མཛད་ལ་བསྟོད། །ཞ་རེངས་ལ་སོགས་མི་བཟད་ཆོ་འཕྲུལ་གྱིས། །ཟ་མ་ཙམ་ལ་དགྲ་བོ་དཔུང་དང་བཅས། །འ་འུར་བརླག་མཛད་རྒྱལ་བའི་བསྟན་སྲུང་གཙོ། །ཡ་མཚན་ཆོ་འཕྲུལ་ཅིར་ཡང་སྟོན་ལ་བསྟོད། །ར་བ་གངས་རིས་མཛེས་པའི་སྨན་ལྗོངས་འདིར། །ལ་ལར་ཞི་དང་ལ་ལར་ཁྲོ་གཏུམ་གྱིས། །ཤ་ཁྲག་དོན་སྙིང་དབུགས་ལ་ལོངས་སྤྱོད་ཀྱང་། །ས་བཅུའི་དབང་ཕྱུག་ཆེན་པོར་གྱུར་ལ་བསྟོད། །ཧ་ཅང་གཅམ་བུ་མིན་པའི་གདུང་བའི་དབྱངས། །ཨ་ལ་ལ་ཞེས་ཁྱོད་ལ་གུས་བསྟོད་ན། །ཧ་ཧའི་གསུང་དང་དགྱེས་པའི་ཞལ་བཟང་པོ། །ཨ་ཧོ་མིག་གི་བདུད་རྩིར་སྟོན་པར་མཛོད། །ཅེས་བསྟོད་ནས། མགོན་པོ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལ་བདག་གི་ཐུགས་ཀའི་ས་བོན་གྱིས་བསྐུལ་བས་ཅི་འདོད་པའི་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་པར་བསམ་ལ། གོང་གནོན་གྱི་བཟླས་པ་ཅི་རིགས་པ་བྱས་ནས། ཨོཾ་མ་ཧཱ་ཀཱ་ལ་བི་ཀཱ་ལ་ཏྲི་ཡཾ་ཛ་ཧཱུྃ་ཧཱུྃ་ཕཊ༔ ཅེས་དང་། ཡུམ་འཁོར་རྣམས་ཀྱི་སྔགས་སོ་སོར་མགོར་ཨོཾ་དང་མཐར་ཧཱུྃ་ཕཊ་བཏགས་ཏེ་བཟླ་བར་བྱའོ། །དེ་ནས་སྐོང་བ་བྱེད་པར་འདོད་ན་སྐོང་རྫས་རྣམས་བསང་སྦྱང་། སྟོང་པའི་ངང་ལས་གནས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་སྐོང་རྫས་ལ་སོགས་པ་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མཁོ་རྒུ་ཚང་བ། བཟང་རྒུས་འབྱོར་པ། མཛེས་རྒུས་བརྒྱན་པ། ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན། བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་ཐམས་ཅད་གང་བར་བསམ། ན་མཿསརྦ་ཏ་ཐཱ་ག་ཏེ༴ བཛྲ་སྥ་ར་ཎ་ཁཾ། ཞེས་རྒྱ་ཆེར་སྤེལ་ནས། ཧཱུྃ། ཧེ་རུ་ཀ་དཔལ་ཐུགས་རྗེ་ཁྲོས་པའི་གར། །མི་བཟད་བདུད་ཀྱི་སྟོབས་འཕྲོག་ནག་པོ་ཆེ། །འཇིགས་རུང་སྲིན་པོའི་གཟུགས་ཅན་གདོང་བཞི་པ། །བཀའ་སྡོད་ཕོ་ཉར་བཅས་པ་ད་ཚུར་བྱོན། །ཕ་མཐའ་བརྒལ་པའི་འཇིག་རྟེན་ཁྱོན་གང་བའི། །དངོས་བཤམས་ཡིད་སྤྲུལ་འདོད་ཡོན་འབྱོར་པའི་ཚོགས། །ངོ་མཚར་ཀུན་བཟང་མཆོད་པའི་སྤྲིན་ལྟ་བུར། །འབུལ་ལོ་བརྩེ་བས་དགོངས་ཏེ་བཞེས་སུ་གསོལ། །གདུག་ཅན་དགྲ་དང་བགེགས་རྣམས་བསྒྲལ་པ་ཡི། །གཟུགས་ཕུང་ལས་གྲུབ་དམར་གྱི་ཨརྒྷཾ་དང་། །དྲག་པོའི་ཉེར་སྤྱོད་སྙན་བརྗིད་རོལ་མོའི་སྒྲ། །ཤ་ལྔ་བདུད་རྩི་རྣམ་ལྔས་ཐུགས་དམ་བསྐང་། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བདའ་དང་། །རེག་བདེ་རྒྱལ་སྲིད་བདུན་དང་བཀྲ་ཤིས་པའི། །རྟགས་རྫས་ལྷ་མིའི་འདོད་ཡོན་འབྱོར་པའི་ཚོགས། །མི་ཟད་ནམ་མཁའ་མཛོད་ཀྱིས་ཐུགས་དམ་བསྐང་། །འཆི་མེད་བདུད་རྩི་ཛ་གད་མ་ད་ན། །དགྲ་བགེགས་སྙིང་ཁྲག་ལྦུ་ཕྲེང་འཁྲུག་པའི་མཚོ། །ལྷུན་པོ་ལྟར་བརྗིད་འདོད་དགུའི་བ་ལིཾ་ཏ། །མཉམ་སྦྱོར་དགའ་བཞིའི་རོལ་པས་ཐུགས༴ མྱུར་འགྲོའི་ཅང་ཤེས་བརྗིད་ལྡན་གཡག་རྒོད་ངར། །མཛེས་པའི་ལུག་ནག་བྱ་རོག་འཕུར་ལྡིང་གཡོ། །དཔའ་གཏུམ་ཁྱི་སོགས་ཀུན་ཀྱང་མུན་པའི་མདོག །སྣ་ཚོགས་རྒྱན་གྱིས་སྤྲས་པས་ཐུགས༴ དར་ནག་གཡབ་དར་འདོད་ཡོན་དུར་ཁྲོད་ཆས། །ནག་པོའི་ཞྭ་གོས་གྲི་གུག་རལ་གྲི་དང་། །མདུང་ཐུང་བྷཉྫ་བྱ་རོག་རྒྱལ་མཚན་སོགས། །མཐུན་པའི་དམ་རྫས་ཚོགས་ཀྱིས་ཐུགས༴ སྐུ་གཟུགས་སྔགས་བྱང་གྲི་རྒོད་སྙིང་ནང་དུ། །སྲོག་འཁོར་བླ་རྡོའི་ཆས་བཅུག་སྨྱུག་རྒོད་མདར། །སྟག་གཟིག་རས་མ་དར་སྣས་དཔྱངས་པ་སོགས། །མི་འབྲལ་གསང་བའི་རྟེན་གྱིས་ཐུགས༴ རྣམ་བཀྲའི་སྤྱན་གཟིགས་ཁོར་ཡུག་ཀུན་ཏུ་བྲེས། །གར་འཆམ་ཕྱག་རྒྱའི་རོལ་གར་བརྗིད་བག་གཡོ། །ཡས་ཐགས་མདོས་ཀྱིས་སྣང་སྲིད་མ་འདྲེས་འཆར། །བརྟན་གཡོའི་དངོས་ཀུན་ཚོགས་པས་ཐུགས༴ ཕུང་ཁམས་སྦྱང་གཞི་བསྐྱེད་རྫོགས་ལམ་གྱིས་སྦྱངས། །བསྙེན་སྒྲུབ་ལས་ཀྱི་སྦྱོར་བ་རྩེ་མོར་སོན། །ཆོས་ཀུན་ཀ་ནས་དག་པའི་བདེ་ཆེན་གདངས། །སྒྱུ་མའི་རོལ་པར་ཤར་བས་ཐུགས་དམ་བསྐང་། །ཞེས་བསྐང་བ་བྱ་ཞིང་མ་སྐོང་པ་རྣམས་བཤགས་པར་བསམ་ལ། ཧཱུྃ། རྒྱལ་བ་ཀུན་གྱི་ཕྲིན་ལས་དྲག་པོའི་སྐུ །གཏུམ་ཆེན་ནག་པོ་ཆེན་པོར་རྣམ་རོལ་བ། །ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་པ་རྣམས། །ཐུགས་རྗེའི་བརྩེ་བས་བདག་ལ་དགོངས་སུ་གསོལ། །བདག་ནི་གསང་སྔགས་དཀྱིལ་འཁོར་སྒོར་ཞུགས་ནས། །འདའ་ཀའི་དམ་ཚིག་གཉན་པོ་གཉེར་བླངས་ཏེ། །ཚུལ་བཞིན་སྒྲུབ་པར་ཁས་བླངས་དམ་བཅས་ཀྱང་། །མི་ཤེས་རྨོངས་པས་འགལ་འཁྲུལ་ནོངས་གྱུར་ཏེ། །ཐུགས་དང་འགལ་བར་གྱུར་པ་ཅི་མཆིས་པ། །གནོང་འགྱོད་དྲག་པོས་མཐོལ་ཞིང་འཆགས་བགྱིད་ན། །འགྱུར་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །ཅེས་དང་ཡིག་བརྒྱ་མང་དུ་བཟླའོ། །དེ་ནས་འཕྲིན་ལས་གསོལ་བ་ནི། ཧཱུྃ༔ དཔལ་ལྡན་དྲེགས་པ་འཁོར་དང་བཅས་པ་རྣམས༔ རྣམ་དག་ཐུགས་ཀྱི་རེ་བ་ཡོངས་གང་ནས༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང༔ དཀོན་མཆོག་གསུམ་གྱི་དབུ་འཕང་ཆེར་མཐོ་ཞིང༔ འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང༔ ཁམས་གསུམ་འགྲོ་ཀུན་བདེ་སྐྱིད་རབ་ལྡན་ཞིང༔ བཅོལ་པའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ ཅེས་གསོལ་ནས་གཙང་སར་ཕུལ་ཏེ་རྗེས་ཀྱི་བྱ་བ་ལ་འཇུག་པའམ། གལ་ཏེ་དྲག་པོའི་ལས་ལ་བསྐུལ་བར་འདོད་ན་ཐུན་གྱི་གཏོར་མ་ལ་རཀྟ་བྲན་ནས་བདེན་པའི་སྟོབས་བརྗོད་དེ་དམིགས་བྱ་བཀུག །སྨན་ཕུད་བྲན་ནས་ཤ་ཁྲག་བདུད་རྩིར་སྤེལ་བ་ལྷ་སྔགས་ལ་གཏོར་སྔགས་བཏགས་ཏེ་ཕུལ་བས་ཧབ་དིར་གྱིས་གསོལ་བར་བསམ་ལ། ཧཱུྃ་བྷྱོ༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ ཁས་བླངས་མ་གཡེལ་དམ་ལ་འདུས༔ དྲག་པོའི་ལས་ལ་སྐུ་བསྐྱོད་འཚལ༔ མདོག་ནག་གཟུགས་ཐུང་གཟི་བརྗིད་ཅན༔ གཡས་པ་གྲི་གུག་རལ་གྲི་འཛིན༔ གཡོན་པ་ཐོད་ཁྲག་རྩེ་གསུམ་འཕྱར༔ འབར་བའི་ཆས་ཀྱིས་སྐུ་ལ་བརྒྱན༔ སྤྲུལ་པ་སྣ་ཚོགས་ཕྱོགས་བཅུར་འགྱེད༔ འདིར་གཤེགས་ཤ་ཁྲག་གཏོར་མ་ལོངས༔ གདུག་པའི་དགྲ་བགེགས་མྱུར་དུ་སྒྲོལ༔ དུས་ལ་བབ་བོ་ས་མ་ཡ༔ བྷྱོ་བྷྱོ་བྷྱོ༔ ཞེས་དང་ལས་སྔགས་དྲག་ཏུ་བཟླས་པས་མགོན་པོ་འཁོར་བཅས་ཀྱིས་དགྲ་བོ་ལྷག་མེད་དུ་གསོལ་ཞིང་ཚར་བཅད་པར་བསམ་ནས་གཏོར་མ་དགྲ་ཕྱོགས་སུ་འཕང་ངོ་། །གསུམ་པ་རྗེས་ནི། སླར་ཡང་མཆོད་པ་གསར་དུ་བཤམས་པས་མཆོད་ཅིང་བསྟོད་ནས། མ་རྙེད་ཡོངས་སུ་མ་ཚང་དང་། །ཞེས་སོགས་ཀྱིས་ནོངས་པ་བཤགས། ཡེ་ཤེས་པ་གཤེགས་པའམ་རྟེན་ལ་བརྟན་བཞུགས་བྱ། དམ་ཚིག་པ་རང་ལ་བསྟིམ། འཇིག་རྟེན་པའི་འཁོར་རྣམས་གཙྪ་གཙྪ་སྭ་བྷཱ་ཝཱ་ནཱཾ་ཞེས་པས་རང་གནས་སུ་གཤེགས། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པ་རྣམས་བྱའོ། །དཔལ་ལྡན་ཧེ་རུ་ཀ་དཔལ་གདུལ་དཀའི་འགྲོར། །རྗེས་ཆགས་བདུད་འདུལ་དཔའ་བོ་ཞལ་བཞི་པར། །རྣམ་རོལ་འཁོར་བཅས་སྒྲུབ་ཅིང་མཆོད་པའི་ཐབས། །ཉུང་གསལ་འཇུག་བདེའི་འཕྲིན་ལས་ཁྲིགས་སུ་བསྡེབས། །ཚུལ་འདིས་མཆོད་བསྙེན་ནན་ཏན་ལྷུར་བྱེད་དེར། །དམ་ཅན་དབྱིངས་ནས་དགྱེས་པས་རྗེས་སྐྱོང་ཞིང་། །མི་འབྲལ་ལུས་དང་གྲིབ་མ་ལྟར་འགྲོགས་ནས། །རྣམ་བཞིའི་ཕྲིན་ལས་འབད་མེད་ལྷུན་གྱིས་གྲུབ། །ཅེས་གཏེར་མགོན་ཞལ་བཞི་པའི་ལས་བྱང་ལས་བཞི་རྣམ་རོལ་ཞེས་བྱ་བ་འདི་ནི། རྣམ་དཔྱོད་བློ་གྲོས་ཀྱི་ནོར་ལྡན་ཀླུ་ཁང་པ་གྲ་ལྔས་ནན་ཏན་ཆེན་པོས་བསྐུལ་བ་ལས། རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་ཨོ་རྒྱན་སྨིན་གྲོལ་གླིང་གི་དགེ་གནས་སུ་སྦྱར་བའི་ཡི་གེ་པ་ནི་རྣམ་གྲོལ་ལོ།། །།
རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ མདོ་བྱང་རབ་ཏུ་གསལ་བ་ (Volume 62, Text 2)
༁ྃ༔ རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ མདོ་བྱང་རབ་ཏུ་གསལ་བ་བཞུགས་སོ༔ སྡེ་གསུམ་སྤྱི་སྐོར། ྈྈྈྈྈྈ ན་མོ་གུ་རུ༔ ཆོས་དབྱིངས་ཀློང་ནས་སྣང་བཞི་མཐར་ཕྱིན་སྐུ་ལྔ་ཡོངས་རྫོགས་ཡོན་ཏན་རྒྱས་པའི་སྐུ༔ འཇིག་རྟེན་ཀུན་ཏུ་གྲགས་ཤིང་མི་སློབ་ཟུང་འཇུག་མངོན་གྱུར་ཤྲཱི་སིང༔ ཀུན་གྱི་སྤྱི་དཔལ་ཆེན་པོར་གྱུར་པ་བླ་མ་དཔལ་ཆེན་ཧེ་རུ་ཀ༔ རྗེ་བཙུན་ཆེན་པོ་བཀའ་དྲིན་ཅན་གྱི་བདག་ཉིད་དེ་ལ་རྟག་ཏུ་གུས་ཕྱག་འཚལ༔ ཨོ་རྒྱན་པདྨ་བདག་ཉིད་ཀྱིས༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དེ༔ སིནྡྷུའི་རྒྱ་མཚོའི་གླིང་ཉིད་དུ༔ ངོ་མཚར་པདྨའི་སྟེང་དུ་འོང༔ རྒྱལ་བ་ཀུན་གྱིས་རབ་ཏུ་གནས༔ ཨོ་རྒྱན་རྒྱ་གར་ལ་སོགས་པའི༔ མཁས་གྲུབ་བརྒྱ་དང་རྩ་བརྒྱད་བསྟེན༔ སྡེ་སྣོད་གསུམ་དང་ཁྱད་པར་བཞིའི༔ དགོངས་སྤྱོད་མ་ལུས་ལོན་པར་བྱས༔ མན་ངག་བཅུད་ཀྱི་སྙིང་པོར་དྲིལ༔ ལྟ་བ་དགོངས་ཀློང་མངོན་གྱུར་པའི༔ ཡེ་ཤེས་སྐུ་ཅན་དཔལ་སེང་ལ༔ གདམས་པའི་མཐར་ཐུག་ཞུས་པའི་ཚེ༔ མི་ཡུལ་ཀུན་ཏུ་མ་གྲགས་པའི༔ རིག་རྩལ་དབང་མཆོག་བདག་གིས་ཐོབ༔ དེ་ཉིད་བོད་དུ་སྤེལ་བའི་སྣོད༔ གཅིག་ཀྱང་མ་མཆིས་གབ་པའི་ཚེ༔ མངའ་བདག་ཁྲི་སྲོང་ལྡེའུ་བཙན་དང༔ མཁས་པའི་དབང་པོ་བཻ་རོ་དང༔ ཀུན་ལས་ཁྱད་འཕགས་མཚོ་རྒྱལ་ཏེ༔ ལས་ཅན་སྐལ་ལྡན་གསུམ་གྱི་ངོར༔ ཤྲཱི་སིཾ་ཧའི་ཐུགས་ཀྱི་བཅུད༔ བླ་མ་དགོངས་པ་རྣམ་པ་བཞི༔ སྦྱིན་ཏེ་ཡང་ཏིག་དགོངས་ཉམས་བསྟན༔ གཞན་ཡང་རྗེ་འབངས་མཆེད་བདུན་ལ༔ དམ་ཆོས་རྫོགས་ཆེན་སྡེ་གསུམ་བཤད༔ ད་ལྟ་ཤིན་ཏུ་སྤེལ་ཕངས་པས༔ ཟབ་པ་ཐུགས་ཀྱི་གཏེར་དུ་སྦས༔ ནམ་ཞིག་ལས་ཅན་བུར་འཕྲད་ནས༔ གདམས་པ་སྣ་རེས་གྲོལ་བར་འགྱུར༔ སྙན་ནས་སྙན་དུ་བརྒྱུད་པ་གཅེས༔ གང་ཞིག་འགྲོ་དོན་སྒོ་དབྱེ་ཙམ༔ སྒྲུབ་ཐབས་སྣ་རེ་སྦྱིན་པར་བྱ༔ ཡོངས་རྫོགས་སྤེལ་བའི་སྣོད་མེད་དོ༔ དེ་ཕྱིར་མདོ་བྱང་མ་སྟོན་ཅིག༔ བུ་ཡིག་དཀར་ཆག་འདྲ་རུ་བྲིས༔ སྤྱི་དོན་ཙམ་ལས་བསྟན་མི་བྱ༔ ས་མ་ཡ༔ རྒྱ་རྒྱ༔ མན་ངག་སྤྱི་ལ་གཅེས་པའི་སྙིང་ལྟ་བུ༔ གདམས་པའི་མཐར་ཐུག་ཡང་ཟབ་ཚིག་བཞི་དང༔ དེ་ཡང་ཟབ་ལ་མཚན་གསོལ་མདུང་ཚུག་མ༔ གྲངས་ལ་མཚན་གསོལ་མ་བུ་བཅོ་བརྒྱད་དང༔ མཐར་ཐུག་མི་གསལ་ནམ་མཁའི་ཞུན་མ་དང༔ ཆེ་བ་བརྗོད་པ་ཉི་མ་ཀློང་ཆུབ་དང༔ ཤིན་ཏུ་གསང་བ་སིཾ་ཧའི་བརྡ་ལ་གབ༔ རིག་འཛིན་བླ་མའི་ཟབ་གསང་བརྡ་བཞི་སྟེ༔ ཤིན་ཏུ་གསང་བ་སྙིང་གི་བྱང་བུ་ལགས༔ རེ་རེ་ཙམ་ལས་གཞན་ལ་སྤེལ་མི་རུང༔ མཐར་ཐུག་བླ་མའི་སྒྲུབ་ཐབས་རྩ་བ་འདི༔ ཟབ་པས་ཉི་ཟླའི་རྒྱ་ཅན་ཐུགས་ཀྱི་བཅུད༔ རང་གི་ཉམས་ལེན་གཞན་ལ་སྟེར་འོས་མེད༔ དེ་ལ་དབང་བ་འདི་ཉིད་ཐོན་པའི་ཚེ༔ ལོ་གཅིག་གམ་ནི་ཡང་ན་ལོ་གསུམ་ཁོངས༔ སྐྱེས་བུ་དཔྲལ་བར་སྨེ་བ་དམར་པོས་མཚན༔ བྱིས་པའི་ཚུལ་ཅན་དེ་ལ་མཐའ་ནས་སྟེར༔ གནས་ཀྱི་ཉེ་འདབས་འདི་རུ་ཤིན་ཏུ་འབྱུང༔ རྩ་བའི་ཚན་བཞི་རྒྱབ་ཆོས་རྣམ་པ་བཞི༔ དཔེ་ལ་ལྟོས་ཕྱིར་མ་བུ་ཉིད་དུ་ཡོད༔ སྤྱི་དང་སྡེ་གསུམ་རྩ་བའི་ཆོས་ཡིན་ལ༔ བརྒྱུད་གསུམ་གླུ་ཡི་སྡེ་སྟེ་རྒྱབ་ཆོས་བཞི༔ ཁོག་ཕུབ་མན་ངག་མཐར་ཐུག་ཁུངས་བཙུན་པའོ༔ འདི་བརྒྱད་ཀུན་ལས་རྩ་བའི་ཆོས་བཞི་ནི༔ ཕྱི་སྐོར་སེམས་སྡེ་ནམ་མཁའི་ཀློང་ཡངས་དང༔ ནང་སྐོར་ཀློང་སྡེ་ཉི་མ་ཀློང་ཆུབ་དང༔ གསང་སྐོར་མན་ངག་འོད་ཟེར་མཐའ་ཡས་ཏེ༔ ཕྱི་སྐོར་ནམ་མཁའི་ཀློང་ཡངས་སྐོར་བརྒྱད་དང༔ ནང་སྐོར་ཉི་མ་ཀློང་ཆུབ་སྐོར་དགུ་རྣམས༔ སློབ་དཔོན་བཻ་རོ་ཙ་ནས་བོད་དུ་བསྒྱུར༔ འདི་ནི་ཤྲཱི་སིཾ་ཧའི་ཐུགས་བཅུད་དེ༔ ཟབ་ལ་འདྲིལ་ཞིང་གཞན་ལ་མ་བསྟན་པ༔ སློབ་དཔོན་བདག་ལ་སྤེལ་བར་བཀའ་གནང་མེད༔ བཻ་རོ་ལ་ནི་གནང་བ་བསྩལ་འདུག་པས༔ མ་བུར་བསྡེབས་ཏེ་འདི་རུ་བཞག་པ་འོ༔ མན་ངག་སྐོར་དགུ་འོད་ཟེར་མཐའ་ཡས་ནི༔ པདྨ་བདག་གིས་དཔལ་སེང་ཉིད་ལ་ཞུས༔ ཟབ་པའི་མཐར་ཐུག་འདི་རུ་གདམས་པ་ནི༔ མན་ངག་ཉི་ཤུ་རྩ་དྲུག་བསྟན་པ་འོ༔ ཕྱི་སྐོར་བླ་མ་སུམ་ཅུ་རྩ་གཅིག་ལས༔ སློབ་དཔོན་རྣམས་ཀྱི་བསྒོམ་ཚུལ་ཁྱད་པར་ཡང༔ རིམ་པའི་ཚུལ་དུ་བསྒྲིགས་པར་མ་བྱས་ཏེ༔ རྩ་བའི་བླ་མ་དབུས་སུ་སྒོམ་པ་ཡིན༔ འགྲོ་འདུལ་བླ་མའི་སྒྲུབ་ཐབས་ཟབ་པ་ནི༔ ཡང་ཟབ་བསྟན་པའི་སྙིང་པོ་ཞེས་བྱ་འོ༔ འདི་ནི་སྤྱི་ཆོས་ཡིན་པས་སྤེལ་ཡང་རུང༔ འདི་ཡི་བྱིན་རླབས་བླ་མའི་སྤྱི་ལྟ་བུ༔ ཁྱད་པར་དགོངས་པའི་རང་བཞིན་ཉམས་བསྐྱང་བ༔ གླུ་ཡི་སྡེ་ཚོགས་སྔ་ཕྱི་གཉིས་སུ་བརྗོད༔ ཕྱི་སྐོར་བྱིན་རླབས་བླ་མའི་བྱིན་རླབས་གཉིས༔ ཁྲིགས་སུ་བསྡེབས་ནས་བསྐུར་ཚུལ་བདུན་གྱི་ཤེས༔ ཕྱི་སྐོར་བྱིན་རླབས་ཨ་ཡིག་མདའ་འཕེན་མ༔ ཟླ་བའི་ཞུན་མ་སྙིང་གི་མུན་སེལ་ཡིན༔ གྲོལ་བའི་ཁྲིད་ནི་དོན་བཞིའི་ཁོངས་སུ་རྫོགས༔ སེམས་ཀྱི་རང་བཞིན་རྟོགས་པར་བྱ་བ་ལས༔ སྟོང་ཉིད་ཆོས་དབྱིངས་བརྡལ་ཁྱབ་གདམས་པ་ཞེས༔ དེ་ཉིད་རྗེས་འབྲེལ་དགོངས་པ་མཐར་གསལ་བ༔ དགོངས་པ་རང་གསལ་ལྟ་བ་ཀློང་ཡངས་ཞེས༔ དེ་ཡི་ཕྱི་སྐོར་ཆོས་ཚན་བརྒྱད་ཡིན་ལ༔ རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་སྒྲུབ་པ་ཡང༔ ཤྲཱི་སིཾ་ཧས་རྒྱུད་ལས་བཀྲལ་བའི་ཚུལ༔ རྡོར་དབྱིངས་རྡོ་རྗེ་རྩེ་མོ་འོད་གསལ་ཞེས༔ ཡི་དམ་ཁྲོ་བོའི་སྒྲུབ་པ་འདི་ལ་མེད༔ ད་ནི་ནང་སྐོར་ཀློང་སྡེ་སྐོར་དགུ་ནི༔ རིག་འཛིན་བླ་མ་འགྲོ་འདུལ་བཅོ་ལྔ་ཡང༔ རྒྱ་གར་ཡུལ་གྱི་སློབ་དཔོན་ཆེན་པོ་རྣམས༔ འགྲོ་དོན་ཕྱིར་དུ་བོད་ཀྱི་ཡུལ་དུ་འཁྲུངས༔ དེ་ཡི་དབང་བྱས་ཡེ་ཤེས་མཚོ་རྒྱལ་ལ༔ ལྷ་སྲས་ཀྱིས་ཞུས་ལྷ་སྲས་གཤེགས་རྗེས་སུ༔ ཟུར་མཁར་བཟའ་ཡིས་ཡི་གེར་བཀོད་པ་དག༔ ངན་ལམ་བནྡེས་ཁྲིགས་སུ་བཏབ་པ་འདི༔ བླ་མའི་ཕྲིན་ལས་དགོངས་པ་འོད་གསལ་ཞེས༔ འདི་ཡི་བྱིན་རླབས་བླ་མའི་སྤྱི་སྐོར་ལས༔ གྲུབ་པའི་ཚུལ་སྟོན་བཀའ་བབས་དབང་བསྐུར་ཞིང༔ ཐུགས་ཀྱི་བྱིན་རླབས་རྡོ་རྗེའི་གླུ་རྣམས་བླང༔ ཞི་བ་རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི༔ སྒྲུབ་པ་ཟབ་གསལ་ཀློང་ཡངས་ཞེས་བྱ་དེ༔ གཙོ་བོ་ཆོས་ཉིད་ཀློང་ལས་བསྐྱེད་པ་མེད༔ སྐུ་གསུམ་དོན་གྱི་ཕྲིན་ལས་ཆེན་པོ་འོ༔ དེ་ཡི་བྱིན་རླབས་དགོངས་པ་བརྡ་བཞིའི་དབང༔ གསང་གསུམ་རྡོ་རྗེ་འབར་བ་ཞེས་བྱར་བརྗོད༔ ཡི་དམ་ཁྲོ་བོ་མངོན་རྫོགས་རྒྱལ་པོ་ནི༔ མདོ་ལུང་ཆེན་པོའི་རྒྱུད་ལས་བཏུས་པ་སྟེ༔ དགའ་རབ་རྡོ་རྗེས་མཛད་པའི་ལུགས་བཞིན་དུ༔ ཤྲཱི་སིཾ་ཧའི་ཆོས་ཀྱི་ཁྱད་ཆོས་སོ༔ ཕྲིན་ལས་ཉི་མ་མཐའ་ཡས་ཞེས་བྱ་སྟེ༔ དབང་བསྐུར་འཇུག་པའི་སྔོན་འགྲོ་ཡན་ལག་བཅུ༔ རྩ་བ་དགུ་བསྒྲིལ་འཇུག་ཅིང་སྨིན་པའི་སྒོ༔ མཐའ་རྟེན་ཡན་ལག་གཉིས་ཏེ་ཉི་ཤུ་ཡིན༔ དབང་གི་གཏེར་མཛོད་ཆེན་པོ་ཞེས་བྱ་འོ༔ ཁྲིད་ཀྱི་བྱིན་རླབས་བརྡ་བཞི་བསྟན་པ་དང༔ གཡུ་སྒྲ་སྙིང་པོའི་དགོངས་བཅུད་ཇི་ལྟ་བུར༔ འདི་རུ་ཡི་གེ་བཏབ་པར་བྱས་པ་སྟེ༔ འདི་ནི་ཀློང་སྡེའི་ཆོས་ཀྱི་ཁོང་སྙིང་དག༔ དང་པོ་ཁམས་ཀྱི་སྨད་དུ་བཻ་རོ་ཡིས༔ མི་ཕམ་ཞེས་པའི་རྒན་པོ་ཞིག་ལ་གནང༔ གཡུ་སྒྲས་དེ་ཡི་དུས་སུ་མ་ཐོས་ཏེ༔ སླར་ཡང་དེ་བཞིན་བཻ་རོ་ཙ་ན་ཡི༔ ཨོ་རྒྱན་བདག་དང་རྗེ་འབངས་མཆེད་དྲུག་རྣམས༔ རུ་དམ་ལུང་པ་ཕ་བོང་ནག་པོའི་སྟེང༔ བཞུགས་པའི་ཚེ་ན་བཻ་རོས་གཡུ་སྒྲར་གདམས༔ དེ་ཡི་དུས་སུ་ཇོ་མོ་མཚོ་རྒྱལ་གྱིས༔ ཡི་གེར་བཏབ་སྟེ་གཏེར་དུ་སྦས་པར་བརྩམ༔ ཁྲིད་ཀྱི་དངོས་གཞི་བརྡ་བཞིའི་སྒོམ་ཚུལ་ཡང༔ ལྟ་བ་རང་སངས་ཀློང་ཡངས་ཞེས་བྱ་འོ༔ རྗེས་འབྲེལ་ཤན་འབྱེད་ནམ་མཁའི་སྒོ་འབྱེད་ཅེས༔ ནང་སྐོར་རིམ་པ་དགུ་པོ་དེ་ཡིས་རྫོགས༔ མན་ངག་སྐོར་ལ་ཐོག་མར་པདྨ་བདག༔ རྒྱ་གར་ཡུལ་ནས་དཀའ་བ་མང་པོ་ཡིས༔ མཉེས་པ་གསུམ་གྱིས་སློབ་དཔོན་བསྟེན་པ་རྣམས༔ ཐམས་ཅད་ཡེ་ཤེས་སྐུ་ཅན་ཤ་སྟག་སྟེ༔ དེ་དག་སྒྲུབ་པའི་ཚུལ་ནི་འདི་ལྟ་སྟེ༔ བླ་མ་ཡོངས་རྫོགས་སྒོམ་པའི་གསེང་ལམ་ཞེས༔ བྱིན་རླབས་སྤྱི་ལས་ཁྱད་པར་མཚན་དང་ནི༔ སྐུ་ཡི་རྣམ་པས་སྔོན་དུ་སྐུས་དབང་བསྐུར༔ གསུང་ལ་གདམས་པ་ཐུགས་ལ་རྡོ་རྗེའི་གླུ༔ དགོངས་པའི་ཉམས་སྐྱོང་བཞི་ཡིས་རྫོགས་པ་ལ༔ དབང་བསྐུར་དགོངས་པ་མཐར་ཕྱིན་ཞེས་བྱ་འོ༔ ཡི་དམ་པདྨའི་སྙིང་ཏིག་ཞི་ཁྲོ་གཉིས༔ ཐིག་ལེ་ལྔ་རྫོགས་འོད་ཟེར་ཀློང་ཐིམ་ཞེས༔ ལྟ་བ་ཀློང་ཡངས་དབྱིངས་ཀྱི་རྫོང་དང་ལྡན༔ རིག་པ་རང་བྱུང་འཕྲང་གི་སྒོ་ལྕགས་ཚུལ༔ རྫོང་འཕྲང་དབྱེར་མེད་བདེ་གཤེགས་འདུས་པ་ཞེས༔ དབང་གི་མདོ་བྱང་སྤྱི་བླུགས་ཞེས་བྱ་འོ༔ ཞི་ཁྲོའི་དབང་ཆེན་རྡོ་རྗེའི་གནས་སྦྱང་ངོ༔ ཁྲིད་ཀྱི་སྔོན་འགྲོ་སྤྲོས་བཅས་སྤྲོས་མེད་དང༔ ཤིན་ཏུ་སྤྲོས་མེད་རབ་ཏུ་སྤྲོས་མེད་དེ༔ ཟད་སར་འཁྱོལ་བའི་ཡེ་ཤེས་གསེང་ལམ་མོ༔ ལྟ་བ་དངོས་གཞི་ཤྲཱི་སིཾ་ཧ་ཡི༔ གདམས་པའི་གཟེར་བདུན་སེམས་ལ་བཏབ་ཚུལ་ནི༔ ཡེ་ཤེས་རིག་པའི་རལ་གྲི་ཞེས་བྱ་འོ༔ རྗེས་འབྲེལ་ལྟ་བ་སྙན་བརྒྱུད་རྣམ་གསུམ་ནི༔ གདམས་པ་ཀུན་གྱི་མཐར་ཐུག་སྤྱི་ཏིར་རྫོགས༔ ཡེ་ཤེས་ལྟ་བའི་རྒྱལ་པོ་ཞེས་བྱ་འོ༔ འདི་ནི་གསང་བའི་ཀློང་དགུ་འདིའི་མཐའ་རུ༔ མན་ངག་དགོངས་པའི་ཞེ་ཕུགས་བཏགས་པ་ཡི༔ ཚེ་གཅིག་ཟུང་འཇུག་སྐུ་རུ་འགྱུར་བ་སྟེ༔ གདམས་པའི་མཐར་ཐུག་འདི་འདྲ་སྔོན་མ་བསྟན༔ ཆིག་བརྒྱུད་གནུབས་ཆེན་མཁར་ཆེན་རྣམས་ལ་སྤེལ༔ རེ་ཞིག་སུམ་ཅུ་དུས་ཀྱི་མར་གཤམ་ལ༔ གདམས་པ་མ་བུ་ནམ་མཁའི་ཀློང་དུ་མཇལ༔ ཕན་ཚུན་གབ་སྤྲད་བེ་རོའི་སྐྱེས་མཐའ་ཞིག༔ བློ་གྲོས་མིང་ཅན་དེ་ལ་བདག་པོར་གཏད༔ དེ་ལ་གཅེས་པའི་སྡེ་དྲུག་བསྟན་པ་ནི༔ ལོ་རྒྱུས་སྙིང་གི་ཏི་ཀ་ཆེན་པོ་དང༔ ལུང་བསྟན་གསལ་བའི་སྒྲོན་མེ་གབ་རྒྱ་ཅན༔ ཁྱད་པར་ཤིན་ཏུ་གཅེས་པའི་སྙིང་གི་ཁྲག༔ མཁའ་འགྲོ་དགོངས་པ་ཀློང་གསལ་ལས་བཏུས་པའི༔ ཕྲིན་ལས་ཡེ་ཤེས་མཁའ་འགྲོའི་དགོངས་རྒྱན་དང༔ ཟབ་པ་ཡུམ་གྱི་དབང་བསྐུར་རྣམ་པ་གཉིས༔ ཤིན་ཏུ་གཅེས་པས་ལོ་གསུམ་ཁོངས་དག་ལ༔ ལྷོ་ཡི་ཕྱོགས་ནས་སྤྲེལ་གྱི་ལོ་པ་འམ༔ རྟ་ཡི་ལོ་པ་སྙིང་གར་སྨེ་བ་དམར༔ བྱིས་པའི་ཚུལ་ཅན་དེ་ཉིད་བདག་པོར་འགྱུར༔ མ་འོངས་ཡབ་སྲས་གཉིས་པོ་མཇལ་བའི་ཚེ༔ དེ་དུས་གཉིས་པོས་ཉམས་ལེན་བྱེད་པ་ལས༔ རླུང་ཕྱོགས་ཙམ་ཡང་གཞན་ལ་བསྒྲག་མི་རུང༔ བཀའ་ཡི་སྲུང་མ་དྲེགས་པ་སྡེ་གསུམ་གྱི༔ ཕྲིན་ལས་གློག་གི་སྤུ་གྲི་མ་བུ་བཅས༔ མཐའ་རྟེན་ཚེ་ཡི་གདམས་པ་གསང་བའི་ལམ༔ འཆི་མེད་བདུད་རྩིའི་སྨན་ལུང་ཆེན་མོ་སྟེ༔ སྦས་པའི་གནས་མཆོག་ཆེན་པོའི་དཀར་ཆག་ཅན༔ ཕྲིན་ལས་ལ་གཅེས་བྱང་བུ་བཅུ་ཕྲག་སྟེ༔ ཆད་ལྷག་མེད་པར་ཡོངས་སུ་རྫོགས་པ་འོ༔ དེ་ཉིད་ས་སྟེང་འབྱུང་བའི་བསྐལ་པའི་དུས༔ རྒྱ་ཡི་ཡུལ་ཕྱོགས་མུན་པ་འཁྲུགས་པ་འདྲ༔ བལ་བོའི་ཡུལ་ནི་ཁྲག་མཚོ་ཁོལ་བ་འདྲ༔ བོད་ཀྱི་ཡུལ་ནི་རྔ་ཐོག་སྲན་མ་བཞིན༔ སྟོད་སྨད་ཟིང་ཟིང་ལོང་ལོང་གྱུར་པ་ན༔ ས་གནད་ཤིན་ཏུ་ཆེ་བ་འབྲི་ལུང་དུ༔ ཁ་བྲག་མ་ཡི་ཐུགས་སྒྲུབ་ཆེན་མོ་ཡི༔ ཚོགས་ཀྱི་འཁོར་ལོ་འབུམ་ཕྲག་བརྩོན་པ་དང༔ མཁོ་མཐིང་མ་ཡི་བདེ་གཤེགས་འདུས་པ་ཡི༔ ལས་ཀྱི་སྦྱོར་བའི་གཟེར་ཆེན་གདབ་པར་བྱ༔ ཤེལ་ཕུག་མ་ཡི་བཀའ་བརྒྱད་རྫོང་འཕྲང་གི༔ བདུད་རྩི་སྨན་གྱི་སྒྲུབ་པ་བྱེད་པ་སོགས༔ རྟེན་འབྲེལ་གོ་མ་འགགས་པར་བསྒྲིགས་པ་ན༔ སྟོད་སྨད་ཀུན་གྱི་གཡོ་འཁྲུགས་ཅུང་ཞིག་ཞི༔ དེ་ནས་ལྕགས་སྤྲེལ་ལོ་ཡི་སྔ་རྗེས་ལ༔ འཁྲུགས་པའི་སྐབས་ཞི་མུ་གེའི་བསྐལ་པ་འབྱུང༔ སྤྱི་རོང་ཕྱོགས་སུ་འབྲུ་ཡི་གཏེར་ཁ་སྦས༔ ཁྲི་སྒོའི་ཕྱོགས་སུ་རིན་ཆེན་གཏེར་ཁ་སྦས༔ ཤོད་ཆེན་བཅོ་བརྒྱད་གཏེར་གྱིས་ཕྱུར་བུར་བཀང༔ རོང་མདོ་རྣམས་སུ་བརྟན་མར་མདོས་བྱ་ཞིང༔ མ་མོ་རྣམས་ཀྱི་དྲུང་དུ་མདོས་ཆེན་ཕུལ༔ ཆུ་ཀླུང་ཆེན་པོ་བཞི་རུ་ཀླུ་གཏའ་བསྡམས༔ དེ་ཡིས་མུ་གེའི་བསྐལ་པ་ཅུང་ཟད་ཞི༔ ཤིང་སྟག་ལོ་ཡི་སྔ་རྗེས་ཐམས་ཅད་ལ༔ མུ་གེའི་བསྐལ་ཞི་ནད་ཀྱི་བསྐལ་པ་འབྱུང༔ ལྷ་རི་རྩེ་ལྔར་སྨན་གྱི་སྒྲུབ་པ་བྱ༔ སེང་གེ་རྫོང་གསུམ་སྨན་གྱི་གཏེར་ཆེན་སྦས༔ དབུས་གཙང་ཁམས་ལ་སྨན་གྱི་འགྱེད་ཆེན་བྱ༔ ཆུ་སྤྲེལ་ལོ་ལ་སྟོད་སྨད་མཐའ་འུར་འདྲོག༔ བསམ་ཡས་མཐིལ་དུ་བདེ་གཤེགས་འདུས་པ་སྒྲུབས༔ ཡོངས་རྫོགས་ཕུག་ཏུ་ཕུར་པའི་ལས་སྦྱོར་བྱ༔ རི་བོ་བཀྲ་བཟང་འདབས་སུ་མཆོད་རྟེན་བཞེངས༔ དེ་ཡིས་སྟོད་སྨད་གཡོ་འཁྲུགས་ཅུང་ཞིག་ཞི༔ ཤིང་སྤྲེལ་ལོ་ལ་ལྷ་སའི་མཐིལ་དག་ཏུ༔ གཏམ་ངན་ལྷ་མིའི་གནས་སུ་གྲགས་པ་འབྱུང༔ དེ་ལ་ཕན་ཕྱིར་གཙང་གི་ཕུང་པོ་ཆེར༔ བདེ་གཤེགས་འདུས་པའི་སྒྲུབ་ཆེན་ལན་གསུམ་བྱ༔ ལྷ་སའི་མཐིལ་དུ་རྡོ་རྗེ་འཛིན་རྣམས་ཀྱིས༔ ང་ཡི་སྒྲུབ་པ་བར་ཆད་ཀུན་སེལ་གྱི༔ སྒྲུབ་པ་ལས་སྦྱོར་མཐའ་རྫོགས་ཡང་ཡང་བྱ༔ མེ་བྱ་ལོ་ལ་སྟོད་སྨད་ཐམས་ཅད་དུ༔ ཙི་ཙི་ཛྭ་ལའི་ནད་ཀྱིས་ཟིན་པའི་དུས༔ བསམ་ཡས་མཆིམས་ཕུར་གནས་ཆེན་བྱིན་འབེབ་བྱ༔ བོད་ཀྱི་མཚོ་ཆེན་ལྔ་ལ་ཀླུ་གཏའ་བསྡམ༔ ལྕགས་ཁྱི་ལོ་ལ་སྟོད་སྨད་ཀུན་ནས་འཁྲུགས༔ བོད་ཀྱི་ཡུལ་ཀུན་སིལ་བུར་འཐོར་བའི་ཚེ༔ སྨད་ཀྱི་ཕྱོགས་ནས་རྡོ་རྗེའི་མིང་ཅན་ནི༔ སྟག་གི་ལོ་པ་ལྷོ་ནས་གློག་ལྟར་འཁྱུགས༔ སྦས་པའི་ཡུལ་ཕྱེ་འགྲོ་བ་དབུགས་དབྱུང་བྱེད༔ བོད་ཡུལ་བདེ་སྐྱིད་འབྱུང་འགྱུར་དེ་ཙམ་ལས༔ ཞིབ་པར་སེང་བྲག་ཁ་བྱང་ཆེན་མོར་ལྟོས༔ འདི་ཉིད་ས་སྟེང་བྱུང་བ་ཙམ་གྱིས་ནི༔ མོན་བྲག་དཀར་པོ་བྲག་གི་གཏེར་ཁ་ཐོན༔ ཤིན་ཏུ་གཅེས་པའི་ལུང་བྱང་སྡེ་བདུན་ལྟར༔ བོད་ཀྱི་ས་གནས་ཐམས་ཅད་གསོ་བ་དང༔ བོད་དང་བོད་ཀྱི་མེ་བཙའ་ཉམས་པ་རྣམས༔ ཚུལ་བཞིན་གསོས་ན་དྲུག་ཅུའི་སྐོར་གསུམ་ལ༔ རྒྱལ་བའི་བསྟན་པ་བོད་ཀྱི་བདེ་སྐྱིད་གནས༔ ཞེས་པའི་མདོ་བྱང་ལེགས་པར་བསྟན་པ་འདི༔ མཚོ་རྒྱལ་ཁྱོད་ཀྱིས་གསང་བའི་ཡི་གེར་ཐོབས༔ མ་འོངས་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ྈྈྈྈྈ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་བདེ་ཆེན་པདྨ་ཤེལ་ཕུག་གི་གནམ་ཁུང་ནས་སྤྱན་དྲངས་པའི་ཤོག་སེར་ལས་གཏན་ལ་ཕབ་རིམ་བཞིན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་འཕེལ། ཞུས་སོ།། །།
ཐུགས་དམ་ཟབ་པ་སྐོར་བདུན་གྱི་གསོལ་འདེབས་ (Volume 5, Text 2)
ཐུགས་དམ་ཟབ་པ་སྐོར་བདུན་གྱི་གསོལ་འདེབས་བཞུགས་སོ། །ཨོཾ་ཨཱཿཧཱུྃ། ཀུན་བཟང་རིགས་ལྔ་རྡོར་འཆང་རྡོ་རྗེ་སེམས། །དགའ་རབ་རྡོ་རྗེ་མཁས་པ་ཤྲཱི་སིཾ། །ཨོ་རྒྱན་པདྨ་མངའ་བདག་ཡབ་སྲས་དང་། །རིག་འཛིན་ཆེན་པོ་གར་གྱི་དབང་ཕྱུག་ལ། །གསོལ་བ་འདེབས་སོ་མངོན་སུམ་བྱིན་གྱིས་རློབས། །ཉམས་སྣང་གོང་དུ་འཕེལ་བར་བྱིན་གྱིས་རློབས། །རིག་པ་ཚད་ལ་ཕེབ་པར་བྱིན་གྱིས་རློབས། །ཆོས་ཉིད་ཟད་སར་སྐྱོལ་བར་བྱིན་གྱིས་རློབས། །སྐུ་གསུམ་གདོད་མའི་ཀློང་དུ་སངས་རྒྱས་ཤོག །ཅེས་པ་འདི་གུང་ཐང་བཀའ་བཅུ་པ་ཆོས་འབྱོར་དཔལ་བཟང་སོགས་སློབ་མ་མང་ཞིག་གིས་བསྐུལ་ངོར། བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་ཐུན་མཚམས་སུ་བགྱིས་པའོ། །འདི་ཉིད་ཀྱི་ཡི་གེ་པ་ནི་དྷེ་བའི་མིང་ཅན་གྱིས་སྣང་རྩེ་མཆོད་ཁང་དུ་བྲིས་པའོ།། །།
ལམ་ཟབ་བླ་མ་སྒྲུབ་པ་ལས། ཚེ་སྒྲུབ་རྡོ་རྗེའི་སྙིང་པོའི་དབང་གི་ཆོ་ག་བདུད་རྩིའི་སྙིང་པོ་ (Volume 49, Text 2)
༄༅། །ལམ་ཟབ་བླ་མ་སྒྲུབ་པ་ལས། ཚེ་སྒྲུབ་རྡོ་རྗེའི་སྙིང་པོའི་དབང་གི་ཆོ་ག་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བུདྡྷ་ཡ། རིང་འཚོའི་ཆུ་གཏེར་སྤེལ་བ་ལ། །ཟླ་གཞོན་ཇི་བཞིན་དུས་ཀྱི་མུན། །འཇོམས་མཛད་པདྨ་བཛྲ་འདུད། །བྱིན་ཆགས་ཚེ་དབང་ཁྲིགས་སུ་བསྡེབ། །བཀྲ་ཤིས་དབེན་པའི་གནས་སུ་ཡར་ངོའི་ཚེས་བཟང་པོར་སྟེགས་བུ་དམར་པོ་ལ་མེ་ཏོག་སིལ་མ་བཀྲམ། དེ་དབུས་ཁྲི་འུའི་ཁར་ཐོད་པ་མཚན་བཟང་ནང་དུ་འབྲུ་བཅུད་བཟང་པོ་ཚེ་རྫས་དང་སྦྱར་བས་བཀང་ལ་བཞག །གཡས་གཡོན་དུ་ཚེ་རིལ་དང་ཚེ་མདའ། མདུན་དུ་སྨན་གཏོར་རཀྟ། ཕྱི་མཆོད་བསྐོར་བཤམ་དང་ཚོགས་གཏོར་སོགས་འདུ་བྱའོ། །དེ་ནས་བགེགས་བསྐྲད་སྲུང་འཁོར་སྐྱབས་སེམས་མཆོད་པ་བྱིན་རླབས་རྣམས་དགོངས་འདུས་ལས་བྱང་མེ་ཏོག་ཕྲེང་མཛེས་སམ་སྤྱི་མཐུན་ཞིག་གཏང་། ལས་གཞུང་གི་ལྷ་བསྒོམ་པ་ནས་ཛཔ྄་བཟླས་ཀྱི་བར་བདག་མདུན་དབྱེར་མེད་དུ་བསྒྲུབས་ལ་བཟླས་པ་ཅི་འགྲུབ་མཐར། མཆོད་བསྟོད་དང་ཚེ་འགུགས་བྱ། ཏིང་ངེ་འཛིན་གྱིས་དབང་བླང་། ལས་བུམ་བྱིན་བརླབ། དེ་ནས་སློབ་མ་རྣམས་ལ་ཁྲུས་བྱ་ཞིང་བགེགས་བསྐྲད། སྲུང་འཁོར་གསལ་བཏབ། མཚམས་སྦྱོར་ཅི་རིགས་པ་དང་ཁྱད་པར། དེའང་ཇི་སྐད་དུ། འཁོར་བར་སྲོག་ལས་གཅེས་པ་ནི། །གཞན་དུ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་མཐོ་རིས་ཡོན་ཏན་བདུན་གྱི་གཙོ་བོ་ཚེ་སྲོག་གི་རྒྱུན་རིང་དུ་གནས་པ་ཉིད་ལུས་ཅན་རྣམས་ཀྱི་བསྒྲུབ་བྱ་ཁྱད་པར་དུ་གྱུར་པ་ཡིན་ཞིང་། ཚེ་རིང་བའི་རྒྱུ་སྒྲུབ་པ་དང་དེའི་བར་ཆད་སེལ་བའི་ཐབས་ཀྱི་སྒོ་དུ་མ་རྒྱལ་བ་ཐུགས་རྗེ་ཅན་གྱིས་བསྟན་པ་རྣམས་ལས། མཆོག་ཏུ་ཟབ་ཅིང་འབྲས་བུ་མྱུར་དུ་སྨིན་པར་བྱེད་པ་རྡོ་རྗེ་ཐེག་པའི་ལྷ་སྔགས་ལས་ཀྱི་རིམ་པའི་ཐབས་ཟབ་མོ་ཇི་སྙེད་ཅིག་བཞུགས་པ་རྣམས་ལས་ཁྱད་པར་འཕགས་པ། གངས་ཅན་འགྲོ་བའི་སྐྱབས་གཅིག་ཚེ་དཔག་མེད་དངོས་གུ་རུ་པདྨའི་ཞལ་ལུང་ཟབ་མོ་གཏེར་གྱི་ཕྱོགས་སུ་བཞུགས་ཤིང་བྱོན་པ་མཐའ་ཡས་པའི་ནང་ནས། མཁར་ཆེན་དཔལ་གྱི་དབང་ཕྱུག་རྣམ་རོལ་ལོང་པོ་བཅས་སྡེ་གྲུབ་ཆེན་བཀྲ་ཤིས་ཚེ་བརྟན་གྱིས་གནས་མཆོག་ཟངས་མདོག་དཔལ་རིའི་བྲག་གཡུ་སྒོ་ཅན་ནས་སྤྱན་དྲངས་པའི་ལམ་ཟབ་བླ་སྒྲུབ་ཀྱི་ཆ་ལག་ཚེ་སྒྲུབ་རྡོ་རྗེའི་སྙིང་པོ་འདི་ནི། གཏེར་སྟོན་ཉིད་འཆི་མེད་ཀྱི་གྲུབ་པ་བརྙེས་ཤིང་འཁྲུལ་ཞིག་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་གྱུར་པས་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང་ཡིད་ཆེས་ཀྱི་ངེས་པ་སྐྱེད་པའི་ཟབ་ཆོས་ཁྱད་པར་དུ་འཕགས་པ་སྟེ། དེ་ལྟ་བུའི་ཚེ་དབང་ཟབ་མོ་སྒྲུབ་པ་ལ་སོགས་བརྗོད་ནས་མཎྜལ་འབུལ་དུ་གཞུག །བླ་མ་དང་དཀྱིལ་འཁོར་གྱི་བདག་པོ་ཐ་དད་མེད་པའི་དྲུང་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཚེ་དཔག་མེད་མགོན་ངོ་བོ་ཉིད༔ སློབ་དཔོན་མཆོག་ཉིད་བདག་ལ་དགོངས༔ དུས་མིན་འཆི་བའི་བར་ཆད་སོལ༔ སྐྱེ་འཆི་མེད་པའི་དབང་བསྐུར་སྩོལ༔ ལན་གསུམ། བླ་མ་དང་དཀྱིལ་འཁོར་གཙོ་བོ་དབྱེར་མེད་པ་ལ་ཚེ་ལྷ་རིག་འཛིན་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པས་བསྐོར་ཏེ་བཞུགས་པའི་སྤྱན་སྔར། ཚོགས་གསག་ཡན་ལག་བཅུ་པ་ཚུལ་བཞིན་བྱ་བའི་མོས་པས་བསྒོམ་དོན་གསལ་ཐོབས་ལ་འདིའི་རྗེས་ཟློས། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ལན་གསུམ། ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་དམ་ཚིག་པའི་ལྷ་སྐུ་འདི་བཞིན་གསལ་ཐོབས་ཤིག །ཧྲཱི༔ འདི་ལྟར་སྣང་བའི་སོགས་ལས་གཞུང་ལྟར་བརྗོད་པས་གསལ་གདབ། སྤྱན་འདྲེན་དང་སྙིང་པོའི་མཐར་ཨཱ་བེ་ཤ་ཡ་ཨ་ཨཱཿབཏགས་པ་དྲག་ཏུ་བརྗོད་ལ་སྤོས་རོལ་བཅས་བྱིན་དབབ། ཏིཥྛ་བཛྲས་དེ་ཉིད་དབྱེར་མེད་དུ་བརྟན་པར་བྱ། དེ་ནས་ཚེ་འགུགས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བདག་མདུན་ཚེ་བདག་ཡབ་ཡུམ་གྱི་ཐུགས་སྲོག་དང་སྔགས་ཕྲེང་ལས་འོད་ཟེར་རིམ་བཞིན་དུ་འཕྲོས་པས༔ ཁྱེད་རང་གི་བླ་ཚེ་ཆད་ཉམས་ཡར་པ་ཐམས་ཅད་དང༔ འབྱུང་བ་ཆེན་པོ་ས༔ ཆུ༔ མེ༔ རླུང་གི་བཅུད༔ སེམས་ཅན་གྱི་ཚེ་བསོད༔ འཕགས་པའི་ཐུགས་རྗེ་ཡེ་ཤེས་ཐམས་ཅད་འོད་ཟེར་བདུད་རྩིའི་རྣམ་པར་བཀུག་སྟེ་ཁྱེད་རང་རྣམས་ལྷར་གསལ་བའི་ཐུགས་སྲོག་ས་བོན་ལ་སིབ་སིབ་ཐིམ་པས་འཆི་མེད་རྡོ་རྗེའི་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་མོས་ཤིག༔ ཚེ་མདའ་གཡབ་ཅིང་། ཧྲཱི༔ ཚེ་བདག་པདྨ་བཛྲ་སོགས་ཚེ་འགུགས་བརྗོད། བདུད་རྩིའི་སྣོད་ལྷ་དང་གཞལ་ཡས་ཁང་དུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པས་ཐོད་པའི་ལྷའི་སྐུ་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱུང༔ སློབ་མའི་ལུས་ཀྱི་ནང་གང༔ སྐུ་གསུང་ཐུགས་ཀྱི་ཚེའི་དངོས་གྲུབ་ཐོབ་པར་མོས་ཤིག༔ སྒྲུབ་རྟེན་ཐོད་པ་ཐོགས་ལ། ཧྲཱི༔ འཆི་མེད་བདེ་ཆེན་པདྨ་བཛྲ་རྩལ༔ རིག་འཛིན་མཁའ་འགྲོའི་ཚོགས་བཅས་དབྱིངས་ནས་བཞེངས༔ སྐྱེ་ཤི་མེད་པ་དོན་གྱི་དབང་མཆོག་སྐུར༔ ཚེ་དང་ཡེ་ཤེས་དངོས་གྲུབ་བསྩལ་དུ་གསོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཞེས་གནས་གསུམ་དུ་བཞག །ཐོད་པའི་ལྷ་ཚོགས་འོད་དུ་ཞུ་ནས་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པ་ངག་ལ་བྱིན་པས་དྭངས་མ་སྒྲིབ་བྲལ་དུ་སྨིན། བདེ་ཆེན་མཆོག་ཏུ་མི་འགྱུར་བའི་དངོས་གྲུབ་ཐོབ་པར་མོས། ཐོད་པའི་བདུད་རྩི་སྦྱིན་ལ། ཧྲཱི༔ ཚེ་བདག་མགོན་པོ་ཞུ་བའི་བཅུད༔ ཚེ་ཡི་བདུད་རྩི་འདི་བྱིན་པས༔ རྩ་རླུང་བྱང་སེམས་རབ་ཏུ་འཕེལ༔ བདེ་ཆེན་ཚེ་ཡི་དབང་ཐོབ་ཤོག༔ སྔགས་བརྗོད། འཁོར་འདས་བརྟན་གཡོའི་དྭངས་བཅུད་འདུས་པའི་རིལ་བུ་མྱང་བ་ལ་བརྟེན། འཆི་མེད་ཡེ་ཤེས་ཀྱི་དགོངས་པ་ཀློང་དུ་གྱུར། གཞོམ་བྲལ་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པར་མོས་ཤིག །ཚེ་རིལ་སྦྱིན་ལ། ཧྲཱི༔ རྡོ་རྗེ་ཚེ་ཡི་སྒྲུབ་པའི་རྫས༔ བཅུད་ལེན་རིལ་བུ་འདི་བྱིན་པས༔ ཟག་མེད་བདེ་བའི་ལོངས་སྤྱོད་ཀྱིས༔ ཡེ་ཤེས་ཚེ་ཡི་དབང་ཐོབ་ཤོག༔ སྔགས་བརྗོད། དེ་ལྟར་ཚེ་དབང་ཟབ་མོས་ཚེ་ཉམས་པ་གསོས་ཤིང་མི་འགྱུར་ཚེའི་དངོས་གྲུབ་ལ་དབང་འབྱོར་པ་དེ་ཉིད་ནམ་ཡང་མི་འགྱུར་བརྟན་པའི་ཕྱག་རྒྱས་བཏབ་པར་མོས་ཤིག །ཧྲཱི༔ དང་པོ་ཐིག་ལེ་ཉག་གཅིག་རྒྱ༔ སོགས་ལས་གཞུང་ལྟར་བརྗོད་ཅིང་སྙིང་གར་རྡོ་རྗེ་བཞག །བཀྲ་ཤིས་རྒྱས་པར་བརྗོད། དེ་དག་རྣམས་ཀྱི་སྒོ་ནས་ཚེ་སྒྲུབ་རྡོ་རྗེའི་སྙིང་པོའི་དབང་བསྐུར་གྲུབ་པ་ཡིན་པས་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་ཁྱད་པར་སྲོག་གཅོད་སྤང་ཞིང་སྲོག་བསླུ་བྱ་བ་སོགས། འཕྲལ་དང་ཡུན་དུ་ཚེ་སྤེལ་བའི་རྣམ་དཀར་གཞུང་ལས་ཇི་སྐད་འབྱུང་བ་རྣམས་ཚུལ་བཞིན་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་དང་གཏང་རག་འབུལ་བ་ཕྱིན་ཆད་སྤྱི་ལྟར་བྱ། སློབ་དཔོན་གྱིས་ཚོགས་ལ་རོལ་ཅིང་ལྷག་མ་གཏང་། གཏང་རག་མཆོད་བསྟོད་ནོངས་བཤགས་བསྡུ་རིམ་བསྔོ་སྨོན་ཤིས་བརྗོད་རྣམས་གཞུང་དང་སྤྱི་མཐུན་བྱས་པས་འགྲུབ་བོ། །སྐྱེ་ཀུན་ཚེ་བདག་ཡབ་ཡུམ་གྱིས། །བྱིན་རླབས་བདུད་རྩིའི་རྒྱུན་བཟང་ཐོབ། །ཚེ་སྲོག་རྡོ་རྗེ་ལྟར་བརྟན་ནས། །དོན་གཉིས་སྒྲུབ་ལ་གེགས་མེད་ཤོག །གདམས་ཟབ་ཁྱད་པར་དུ་འཕགས་པ་འདིའང་ཤིན་ཏུ་དཀོན་པར་མཐོང་ནས་བླ་མའི་བཀའ་དྲིན་འབད་པས་ནོས་ཤིང་འབྲེལ་འཇོག་ཙམ་གྱི་ཞབས་ཏོག་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྒྱས་པའི་དུས་བཟང་པོར་རྟག་བརྟན་དགའ་བའི་ཚལ་དུ་བགྱིས་པ་དགེ་ལེགས་འཕེལ།། །།
ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་ལས་བྱང་བལྟས་ཆོག་ཏུ་བསྒྲིགས་པ་བདེ་བ་རབ་འབྱམས་ (Volume 22, Text 2)
༄༅། །ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་ལས་བྱང་བལྟས་ཆོག་ཏུ་བསྒྲིགས་པ་བདེ་བ་རབ་འབྱམས་ཞེས་བྱ་བ་བཞུགས་སོ། ། བླ་མ་དང་བཅོམ་ལྡན་འདས་ཐུགས་རྗེའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །དག་པ་གཉིས་ལྡན་གཟི་བརྗིད་འོད་དཔག་མེད། །ངེས་པ་ལྔ་ལྡན་རྣམ་སྣང་གངས་ཆེན་མཚོ། །མཁྱེན་པ་གཉིས་ལྡན་འགྲོ་འདུལ་ཐུགས་རྗེའི་བདག །སྒོ་གསུམ་དྭངས་མའི་ཐིག་ལེར་འབྲལ་མེད་བཞུགས། །དུས་གསུམ་རྒྱལ་བའི་ཡུམ་གྱིས་ཕྱག་བྱས་པ།། ཡི་གེ་དྲུག་པའི་རིག་སྔགས་སྒྲུབ་པ་ཡི། །ཕྲིན་ལས་བྱང་བུ་གཏེར་གཞུང་གསེར་གྱི་ཕྲེང་། །མཛེས་བྱེད་ཆོག་ཁྲིགས་གཡུ་ཡི་ཕྲ་ཚོམ་བསྟར། །གང་ཡི་གེ་དྲུག་པ་ནི་འབྲེལ་ཆོག་རྣམ་པ་བརྒྱད་ཀྱིས་གསང་སྔགས་གཞན་ལས་ཁྱད་པར་དུ་བྱས་པ་ཡིན་མོད། གསང་སྔགས་རང་ག་མར་བཟླས་པ་ལས་སྔགས་ཀྱི་ཆོ་ག་སྦྱོར་དངོས་རྗེས་གསུམ་དང་འབྲེལ་བ་ཉིད་བྱེ་བ་འབུམ་གྱིས་ཁྱད་པར་འཕགས་པས། དེ་ལྟ་བུའི་ཆོ་གའི་རིམ་པའང་གསུང་རྡོ་རྗེ་པདྨཱ་ཀ་རའི་ཞལ་ལུང་མ་བསླད་པ་ཉིད་རྩ་བའི་རྒྱུད་དང་མཚུངས་མོད་ཀྱི། ད་ལྟའི་ཆོ་གའི་ཁྲིགས་རིམ་དང་བསྟུན་པའི་ཁ་སྐོང་ཅུང་ཟད་རིགས་མཐུན་ནས་ལེན་པ་ནི་བཀའ་ཡིས་རྗེས་སུ་གནང་བ་ལྟར་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཡིན་མོད། དེ་ལའང་ཁྲིགས་སུ་བྱ་བ་མེད་ན་ཐོས་ཆུང་རྣམས་ནི་ཕ་ཕོར་གཙང་ཞེན་ལ་གཡེངས་ཤིང་། ཆེན་པོ་རྣམས་ནི་ཁྱེར་བདེ་ཁོ་ནར་འདམ་པས། མཐའ་དེ་གཉིས་སེལ་བའི་ཕྱིར་འདི་བཤད་པ་ལའང་དོན་ཡོད་པས་དེ་ལ་གསུམ། སྔོན་འགྲོ་གཞིའི་དོན། དངོས་གཞི་ལམ་གྱི་དོན། མཐར་ཐུག་གྲུབ་པའི་དོན་ནོ། །དང་པོ་ལ་གཉིས། སྦྱོར་བ་ཡོ་བྱད་ཀྱི་ཤོམ། ཆོ་གའི་སྔོན་འགྲོའི་ལས་རིམ་མོ། །དང་པོ་ལ། སྒྲུབ་ཆེན། དབང་བསྐུར། རབ་གནས་དང་གཤིན་པོ་རྗེས་འཛིན་སོགས་སྐབས་ཐོབ་དང་བསྟུན་དགོས་པས་རྣམ་པ་མང་དུ་འགྱུར་ཞིང་། དུས་བཟང་མཆོད་པ་ལྟ་བུར། མདུན་བསྐྱེད་རྟེན་སྐུ་གཟུགས་བྲིས་འབུར་རམ། དཔལ་གྱི་གཏོར་མའམ། ཚོམ་བུའི་དཀྱིལ་འཁོར་ཙམ་ལ་དམིགས་པའི་རྟེན་བྱས་ཏེ། ཆུ་གཉིས་ཉེར་སྤྱོད་སྨན་རཀ་གཏོར་གསུམ། ཚོགས་ཀྱི་ཡོ་བྱད། སྔོན་གཏོར། སྲུང་མའི་གཏོར་འབུལ། ཆད་བརྟན་སོགས་འདུ་བྱ། རྒྱུན་གྱི་ཉམས་ལེན་ལྟ་བུར་ཕྱི་ནང་གི་མཆོད་པ་གང་འབྱོར་ལ་བརྟེན་ནས་གཙོ་བོར་དམིགས་པས་ཁྱབ་པར་བྱའོ། །གཉིས་པ་ཆོ་གའི་སྔོན་འགྲོ་ལ་བདུན་ཏེ། བགེགས་བསྐྲད་མཚམས་གཅོད་སྐྱབས་སེམས་དང་། །ཚོགས་གསག་བྱིན་འབེབ་བྱིན་རླབས་སོ། །ཞེས་པ་ལྟར་ལས། དང་པོ་བགེགས་ལ་གཏོར་མ་བྱིན་ཏེ་བསྐྲད་པ་ནི། རང་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་གཡས་བེ་ཅོན། གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་ཅིང་ཁྲོ་གཏུམ་བཟོད་དཀའི་ཆས་ཅན། གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་གྱུར། སྔོན་འགྲོའི་གཏོར་མ་བསང་ཆུས་བྲན་ཏེ། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་བརླབ། སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་བཀུག །ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྣེ་དཾ་བ་ལྱཱ་དི་སྭཱ་ཧཱ། ལན་གསུམ་གྱིས་བསྔོས་ལ་བཀའ་བསྒོ་བ་ནི། ཧཱུྃ༔ ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས༔ ང་ནི་འཇིགས་བྱེད་དབང་གི་སྐུ༔ གལ་ཏེ་བཀའ་ལས་འདས་པ་ན༔ ཁྱོད་ཀྱི་ལུས་ངག་རྡུལ་ཕྲན་བཞིན༔ བརླག་པར་འགྱུར་གྱིས་གཞན་དུ་མིན༔ དེ་བས་རང་གི་གནས་སུ་དེངས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སུམ་བྷ་ནི་སུམ་བྷ་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་ཝཱན་བིདྱཱ་རཱ་ཛཱ་ཡ་ཧཱུྃ་ཕཊ༔ བགེགས་གཏོར་དོར། གུ་གུལ་ཡུངས་ཐུན་ཚམ་རྔམ་དྲག་པོས་བསྐྲད་དོ། །གཉིས་པ་མཚམས་བཅད་པ་ནི། ཧྲཱིཿཧཱུྃ༔ ང་ནི་ཁྲོ་རྒྱལ་རྟ་མགྲིན་ཏེ༔ རྟ་སྐད་རྔམ་སྒྲོག་བར་ཆད་སེལ༔ སྐུ་ཡི་འོད་ཟེར་མཚོན་ཆའི་གུར༔ མེ་རི་འབར་བས་ཕྱོགས་མཚམས་གཅོད༔ མ་རྟོགས་འཁྲུལ་པའི་སེམས་ཅན་རྣམས༔ རྣམ་རྟོག་མ་རིག་བག་ཆགས་ཀྱིས༔ ལྷ་དང་འདྲེ་བགེགས་གཉིས་སྣང་ཡང༔ རྣམ་པར་རྟོག་པ་བགེགས་ཡིན་ཕྱིར༔ འདྲེ་བགེགས་རང་གི་སེམས་ལས་བྱུང༔ སེམས་ཉིད་ཡེ་ནས་ཆོས་སྐུ་ལ༔ བགེགས་དང་བར་ཆོད་ག་ལ་ཡོད༔ ཐམས་ཅད་རང་གྲོལ་ཆོས་སྐུའི་མཚམས༔ འདི་ལས་སུ་ཡང་འདའ་མ་བྱེད༔ ཧྲཱིཿཧཱུྃ་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བརྗོད་ནས་བར་དུ་གཅད་བྱ་གཅོད་བྱེད་ཐམས་ཅད་རང་བཞིན་མ་གྲུབ་པའི་གནས་ལུགས་ཤེས་པ་ནི་མཚམས་གཅོད་ཀྱི་མཆོག་སྟེ། སྤྲོས་པ་ལ་དགའ་ན་ཡོངས་རྫོགས་སོགས་ལས་འབྱུང་བའི་མཚམས་ལྔ་གཅད་པར་གསུངས་སོ། །གསུམ་པ་སྐྱབས་སུ་འགྲོ་བ་ནི། སྐྱབས་ཡུལ་དཀོན་མཆོག་གསུམ་གྱི་ངོ་བོར་གྱུར་པ་བླ་མ་ཐུགས་རྗེ་ཆེན་པོ་རིགས་བདག་དང་བཅས་པ་སྤྱི་གཙུག་ཉི་ཟླ་པདྨའི་གདན་ལ་མངོན་སུམ་བཞིན་དུ་བཞུགས་པར་གྱུར་པར་མོས་ལ། ན་མོ༔ བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ་གྱི་ངོ་བོར་གྱུར་པ་བླ་མ་རྡོ་རྗེ་འཛིན་པ་ལ་སྐྱབས་སུ་མཆིའོ༔ ཞེས་དང་། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང༔ སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ༔ བདག་དང་འགྲོ་དྲུག་གུས་པས་སྐྱབས་སུ་མཆི༔ ཞེས་ལན་གསུམ་བརྗོད། བཞི་པ་སེམས་བསྐྱེད་པ་ནི། སྐྱབས་ཡུལ་དེ་ཉིད་དཔང་དུ་བྱས་ཏེ། བདག་གི་སྒོ་གསུམ་འབད་རྩོལ་གྱིས་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ༔ ཐུགས་རྗེ་ཆེན་པོའི་གོ་འཕང་ཐོབ་པར་བྱའོ༔ དེའི་ཕྱིར་བདག་ཉིད་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་ལ་འཇུག་པར་བྱའོ༔ ཞེས་ལན་གསུམ་གྱིས་ཀུན་རྫོབ་སྨོན་འཇུག་གི་སེམས་བསྐྱེད་ནས། དམིགས་མེད་སྤྲོས་བྲལ་དུ་ལྷང་ངེར་བཞག་ལ་དོན་དམ་སེམས་བསྐྱེད། དེའི་བསླབ་བྱ་ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །ཅེས་པའི་དོན་ནན་དུ་བསྒོམ་མོ། །ལྔ་པ་ཚོགས་གསག་ནི། སྐྱབས་ཡུལ་རྣམས་ཚོགས་ཞིང་དུ་བྱས་ཏེ། ཧྲཱི༔ བླ་མ་ཡི་དམ་འཁོར་བཅས་འདིར་གཤེགས་ཤིག༔ ཉི་ཟླ་པད་གདན་མཛེས་པའི་དབུས་སུ་བཞུགས༔ དད་ཅིང་གུས་པས་ལུས་ངག་ཡིད་ཕྱག་འཚལ༔ ཕྱི་ནང་གསང་མཆོད་དངོས་འབྱོར་ཡིད་སྤྲུལ་འབུལ༔ སྡོམ་པ་གསུམ་ལས་ཉམས་ཆག་འགལ་འཁྲུལ་བཤགས༔ དགེ་འདུན་རྣམས་ཀྱི་དགེ་སྤྱོད་བདག་ཡི་རང༔ དུས་གསུམ་འགྲོ་ལ་གང་འདུལ་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་སེམས་ཅན་བསྐྱབ་ཏུ་གསོལ༔ ཚོགས་གཉིས་ལས་བྱུང་དགེ་བ་བྱང་ཆུབ་བསྔོ༔ བདག་གཞན་བླ་མེད་བྱང་ཆུབ་འབྲས་ཐོབ་ཤོག༔ ཅེས་རྒྱུད་དག་པར་བྱས་ནས་ཚོགས་ཞིང་རྣམས་རང་ལ་བསྡུའོ། །དྲུག་པ་བྱིན་འབེབ་པ་ནི་གཞུང་འདིའི་ལུགས་ཀྱིས་འོག་ཏུ་སྣོད་བཅུད་བྱིན་བརླབ་ཉིད་ལས་ཟུར་དུ་མི་དགོས་ཀྱང་། སྤྲོས་པ་ལ་དགྱེས་པ་རྣམས་ཀྱིས་སྦྱར་བ་ལྟར་སྤྲོ་ན། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་སཏྭཾ༔ ཞེས་ཡེ་ཤེས་ཀྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པར་མོས་ལ་སྤོས་བསྲེག །རོལ་མོ་བཅས། ཧཱུྃ་ཧྲཱི༔ རྣམ་དག་སྤྲོས་དང་བྲལ་བའི་ངང་ཉིད་ལས༔ མ་འགགས་ཐུགས་རྗེའི་རང་རྩལ་གཙོ་དང་འཁོར༔ གནས་འདིར་སྐུ་གསུང་ཐུགས་ཀྱི་བྱིན་ཕོབ་ལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མ་ཧཱ་ཀཱ་རུ་ནི་ཀཱ་ཡ༔ སརྦ་ས་མ་ཡ༔ ཨཱ་བེ་ཤ་ཡ་ཨཿཨཱ༔ ཞེས་བརྗོད་དོ། །བདུན་པ་བྱིན་གྱིས་བརླབ་པ་ལ་གསུམ། མཆོད་རྫས། སྒྲུབ་རྫས། སྣོད་བཅུད་བྱིན་རླབས་སོ། །དང་པོ་ནི། བདག་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས་མཆོད་རྫས་ཀྱི་དངོས་འཛིན་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་བདག་གི་ཐུགས་ལས་ཧཱུྃ་སོ་སོར་སྤྲོས་པ་ལས་བྱུང་བའི། ཕྱི་ནང་གསང་བའི་འདོད་པའི་ཡོན་ཏན་སོ་སོའི་མཚན་ཉིད་ཐམས་ཅད་ཚང་བའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པས་ནམ་མཁའ་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ། དེ་བཞིན་དུ། པུཥྤེ་ དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་ཝིདྱཱ་ ཤབྡ་ཨཱཿཧཱུྃ། ཞེས་དང་། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཞེས་ཉེར་གཅིག་བརྗོད་པས། ཨོཾ་གྱིས་བདུད་རྩི་རིགས་ལྔ་འོད་དུ་ཞུ་བའི་བྱང་སེམས་དཀར་མེར་གྱིས་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་པཱུ་ཛ་ས་མ་ཡེ་ཧཱུྃ༔ ཞེས་བརྗོད། ཨཱཿཡིས་རཀྟ་འཁོར་བ་ཡོངས་སྒྲོལ་གྱི་བྱང་སེམས་དམར་མེར་གྱིས་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་པཱུ་ཛ་ས་མ་ཡེ་ཧཱུྃ༔ ཞེས་བརྗོད། ཧཱུྃ་གིས་གཏོར་མ་འདོད་ཡོན་ལྔ་ལྡན་གྱི་ཕུང་པོ་སྣོད་བཅུད་དང་མཉམ་པར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ས་མ་ཡེ་ཧཱུྃ༔ ཞེས་བརྗོད། ཧྲཱིཿཡིས་དམ་རྫས་ཐམས་ཅད་མཚན་བཅས་དེར་འཛིན་གྱི་རྣམ་པར་རྟོག་པ་དང་བྲལ་བར་གྱུར། ཧྲཱིཿདྷརྨ་དྷཱ་ཏུ་ཧཱུྃ༔ ཨོཾ་བཛྲ་ཛྙཱ་ན་ཏིཥྛ་ས་མ་ཡ་ཧཱུྃ༔ ཧྲཱིཿམུ་ཀུ་ལེནྟ་རི་ག་ཏེ་ཧཱུྃ༔ ཧྲཱིཿསརྦ་ག་ཎ་པཱུ་ཛ་ས་མ་ཡ་ཧཱུྃ༔ ཞེས་རོལ་མོའི་སྒྲ་དང་བཅས་བྱིན་གྱིས་བརླབ་བོ། །གཉིས་པ་སྒྲུབ་རྫས་ནི། ཆོ་ག་དཀྱུས་མ་ཙམ་ལ་མི་དགོས་ཤིང་། ཚོམ་བུ་ཚོགས་སྒྲུབ་སོགས་ཡོ་བྱད་ཡོད་པའི་སྐབས་སུ། སྟོང་པའི་ངང་ལས་སྒྲུབ་རྫས་རྣམས་ངོ་བོ་ཡེ་ཤེས་ཀྱི་རང་བཞིན། རྣམ་པ་འགྲོ་འདུལ་དཀྱིལ་འཁོར་གྱི་རྒྱན། ཕྲིན་ལས་ཉོན་མོངས་པའི་རྟོག་ཚོགས་དབྱིངས་སུ་སྦྱོང་བའི་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་འབྱམས་ཀླས་པར་གྱུར། ཕུར་པ་བཞི་ལ། ཧྲཱིཿབཛྲ་ཀཱི་ལ་ཡ་ཧཱུྃ༔ རལ་གྲི་བཞི་ལ། ཨོཾ་བཛྲ་ཏཱིཀྵྞ་ཧཱུྃ༔ མདའ་དར་བཞི་ལ། ཨོཾ་བཛྲ་ཤ་ར་ཏི་ཧཱུྃ༔ མེ་ལོང་བཞི་ལ། ཧྲཱིཿབཛྲ་ཛྙཱ་ན་སཱུརྻ་ཧཱུྃ༔ ཚོན་སྐུད་ཀྱི་དྲྭ་བ། ཧྲཱིཿབཛྲ་པཎ་ར་གཱཙྪ་ཧཱུྃ༔ ཞེས་བྱིན་གྱིས་བརླབ། གསུམ་པ་སྣོད་བཅུད་ནི། ཕྱི་ནང་སྣོད་བཅུད་སྣང་སྲིད་ཐམས་ཅད་ཐུགས་རྗེ་ཆེན་པོའི་རྟེན་དང་བརྟེན་པའི་རང་བཞིན་དུ་གདོད་ནས་རྣམ་པར་དག་པའོ། །ཧྲཱིཿཨེ་ཡཾ་བཾ་ལཾ་སུཾ་རཾ་བྷྲཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་བརླབས་ཏེ་དེ་དག་གིས་སྔོན་འགྲོ་གྲུབ་བོ། །གཉིས་པ་དངོས་གཞི་ལ་དངོས་དང་། ཆོ་གའི་མཇུག་དོན་གཉིས། དང་པོ་ལ། རྟེན་དང་བརྟེན་པ་མཆོད་བསྟོད་འབུལ། །ཏིང་འཛིན་ཛཔ྄་བཟླས་རྫོགས་རིམ་མོ། །ཞེས་པ་ལྟར་ལས། དང་པོ་སྣོད་ཀྱི་ཞེན་པ་སྦྱོང་ཕྱིར་རྟེན་གཞལ་ཡས་ཁང་བསྐྱེད་པའི་ཐོག་མར་ཏིང་འཛིན་གསུམ་བསྒོམ་པ་ནི། སྐྱེ་མེད་ཨའི་སྒྲ་དོན་གྱིས་མཚོན་ནས། ཆོས་ཐམས་ཅད་མི་དམིགས་ཤིང་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་ཀྱི་ངང་ལས། དེ་ལྟར་མ་རྟོགས་པའི་འགྲོ་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་མཁའ་ཁྱབ་ཏུ་བསྒོམ་ཞིང་། སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་རང་བཞིན་ཧྲཱིཿཡིག་དཀར་པོའི་རྣམ་པར་ནམ་མཁར་ཏལ་གྱིས་བྱུང་བར་མོས་ལ། ཨ༔ ཡེ་ནས་མ་སྐྱེས་སྟོང་གསལ་ངང༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ༔ ཀུན་སྣང་བྱང་ཆུབ་སེམས་སྤྲིན་ལས༔ ཨཱཿདྷརྨ་དྷཱ་ཏུ་བཛྲ་ས་མཱ་ཏི་ཨོཾ༔ ཧྲཱི༔ རང་བྱུང་རིག་པ་ཧྲཱིཿདཀར་གསལ༔ ཧཱུྃ་ཛྙཱ་ན་བཛྲ་ཙིཏྟ་ཧྲཱི༔ ཧྲཱིཿལས་བྷྲཱུྃ་འཕྲོས་གཞལ་ཡས་ཁང༔ དལ་དབུས་པདྨའི་སྙིང་པོ་ཟླུམ༔ འདབ་དྲུག་མུ་ཁྱུད་པད་སྡོང་མཛེས༔ གྲུ་ཆད་བར་ཁྱམས་སྒོ་ཁྱུད་རྫོགས༔ མཉམ་ཡངས་འོད་ཀྱི་ཁང་པར་གསལ༔ གཉིས་པ་ཐ་མལ་ལུས་ཞེན་ཕྲལ་ཕྱིར་བརྟེན་པ་དམ་ཚིག་པ་བསྐྱེད་ཅིང་ཡེ་ཤེས་པ་གཞུག་པ་ཡན་ལག་དང་བཅས་པ་ནི། དལ་དབུས་རང་རིག་ཧྲཱིཿའོད་འབར༔ རྣམ་སྨིན་ལུས་བསྲེགས་ཧྲཱིཿདེ་ཉིད༔ ཉི་ཟླ་པད་སྟེང་ཐུགས་རྗེའི་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ ཕྱག་གཡས་པད་ཕྲེང་ཐུགས་ཀར་འདྲེན༔ ཕྱག་གཡོན་པད་སྟེང་བདུད་རྩིའི་བུམ༔ རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས༔ རང་འདྲའི་ཡུམ་ཆེན་གསང་ཡེ་མ༔ ལུས་དང་གྲིབ་མའི་ཚུལ་དུ་འཁྲིལ༔ འཇའ་རིས་འོད་ལྔའི་རྒྱབ་ཡོལ་མཛེས༔ ཧྲཱི༔ སྤྱི་གཙུག་རིགས་བདག་འོད་དཔག་མེད༔ མཐའ་ཡས་ཞལ་གཅིག་ཕྱག་གཉིས་ནི༔ མཉམ་གཞག་ཕྱག་རྒྱ་བུམ་པ་འཛིན༔ སྐྱིལ་ཀྲུང་ཉི་ཟླ་པདྨར་བཞུགས༔ མཚན་དང་དཔེ་བྱད་བཟང་པོས་སྤྲས༔ ཧྲཱི༔ ཐུགས་ཀར་རྟ་མགྲིན་དམར་པོ་ནི༔ ཞལ་གཅིག་ཕྱག་གཉིས་དབུ་གཙུག་ན༔ རྟ་མགོ་ལྗང་ཞུར་རྟ་སྐད་འཚེར༔ ཕྱག་གཡས་དབང་སྡུད་ཕྱག་རྒྱ་གདེངས༔ ཕྱག་གཡོན་ཞགས་པས་འཇིག་རྟེན་འདྲེན༔ དུར་ཁྲོད་ཆས་གསོལ་ཞབས་གཉིས་ནི༔ མི་རོའི་སྟེང་ན་བསྐྱང་བསྐུམ་བཞུགས༔ ཙིཏྟའི་སྒོ་སྲུང་བར་ཆད་སེལ༔ ཧྲཱི༔ རིགས་འདུས་རང་ལས་སྤྲུལ་པའི་འཁོར༔ ནོར་འཛིན་སྲས་མཆོག་གཡས་ནས་འདུད༔ གསང་སྔགས་འཛིན་མ་གཡོན་ནས་འདུད༔ ཀུན་ཀྱང་སྤྱི་གཙུག་རིགས་ལྔས་བརྒྱན༔ ཧྲཱི༔ འདབ་དྲུག་པདྨའི་གདན་སྟེང་དུ༔ ལྷ་ཡི་ཐུབ་པ་ཨོཾ་དཀར་གསལ༔ ལྷ་མིན་ཐུབ་པ་མ་སྔོན་པོ༔ མི་ཡི་ཐུབ་པ་ཎི་སེར་པོ༔ བྱོལ་སོང་ཐུབ་པ་པད་སེར་ནག༔ ཡི་དྭགས་ཐུབ་པ་མེ་ལྗང་དམར༔ དམྱལ་བའི་ཐུབ་པ་ཧཱུྃ་མཐིང་ནག༔ ཀུན་ཀྱང་འགྲོ་འདུལ་འོད་ཟེར་འགྱེད༔ ཧྲཱི༔ ཕྱི་རོལ་པད་འཁོར་བཞི་ལྡན་ལ༔ དུས་གསུམ་སངས་རྒྱས་སྟོང་རྩ་གཉིས༔ འགྲོ་འདུལ་སྐུ་མདོག་སྣ་ཚོགས་འབར༔ ཐུགས་རྗེ་ཆེན་པོའི་རོལ་པར་གསལ༔ ཧྲཱི༔ སྒོ་བཞིར་བདུད་བཞི་བརྫིས་པའི་སྟེང༔ ཤར་སྒོར་བཛྲ་ཧེ་རུ་ཀ༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་གདེངས༔ ལྷོ་སྒོར་རཏྣ་ཧེ་རུ་ཀ༔ སེར་ནག་ཞལ་གཅིག་ཕྱག་གཉིས་གདེངས༔ ནུབ་སྒོར་པདྨ་ཧེ་རུ་ཀ༔ དམར་ནག་ཞལ་གཅིག་ཕྱག་གཉིས་གདེངས༔ བྱང་སྒོར་ཀརྨ་ཧེ་རུ་ཀ༔ ལྗང་ནག་ཞལ་གཅིག་ཕྱག་གཉིས་གདེངས༔ ཀུན་ཀྱང་འདོར་སྟབས་བདུད་བཞི་འཇོམས༔ གཞན་ཡང་བླ་མ་རིག་འཛིན་ལྷ། །མཁའ་འགྲོ་དམ་ཅན་སྤྲིན་ལྟར་འཐིབས། །ཐམས་ཅད་ཐུགས་རྗེའི་དཀྱིལ་འཁོར་ཏེ། །འཁོར་བ་བསྒྲལ་ཞིང་དྲང་སླད་དུ། །དུག་ལྔའི་ཚུལ་གྱིས་དུག་ལྔ་འཇོམས། །སརྦ་ཛྙཱ་ན་མཎྜ་ལ་བྷྲཱུྃ་ཧཱུྃ༔ དེ་ལྟར་དམ་ཚིག་སེམས་དཔར་བསྐྱེད་ནས་རང་བྱུང་ཐུགས་རྗེ་ཆེན་པོར་བྱིན་གྱིས་བརླབ་ཅིང་དབང་བསྐུར་བ་ནི། ལྷ་ཚོགས་རྣམས་ཀྱི་གནས་གསུམ་དུ། །འབྲུ་གསུམ་གདོད་མའི་རྡོ་རྗེ་གསུམ། །དཔའ་བོ་འབྲུ་ལྔ་ཡེ་ཤེས་དངོས། །ཡོངས་གྱུར་དབང་བསྐུར་རིགས་ཀྱི་བདག །གཙོར་བཞུགས་རིགས་ལྔའི་རྒྱལ་བ་ཡིས། །སྤྱི་བོའི་གནས་ལྔར་མཚན་པར་གྱུར། །ཧྲཱི༔ ཡེ་ནས་རང་བྱུང་ཐུགས་རྗེ་ཆེ༔ དུས་གསུམ་རྒྱལ་བའི་སྐུ་གསུང་ཐུགས༔ ཡེ་ཤེས་ལྔ་བདག་ཅོད་པན་དབང༔ འབྲུ་བརྒྱད་གསལ་བསྒོམ་རང་དབང་ཐོབ༔ ཨོཾ་ཨཱཿཧཱུྃ༔ ཞེས་རྒྱས་གདབ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་དབང་བསྐུར་ཞིང་བྱིན་གྱིས་བརླབས་པ་ལ་ཡེ་ཤེས་ཀྱི་འཁོར་ལོ་གཞུག་པ་ནི། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་བསམ་ལ། ཧྲཱི༔ ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས༔ བདེ་ཆེན་ཆོས་དབྱིངས་ངང་ཉིད་ལས༔ རྩོལ་བྲལ་མཚན་བཅས་མི་དམིགས་ཀྱང༔ ཐུགས་རྗེ་ཉི་གསལ་འོད་བཞིན་དུ༔ འཁོར་འདས་མཉམ་སྦྱོར་ཐུགས་རྗེའི་བདག༔ རིགས་བདག་གཙོ་འཁོར་སྤྲུལ་པའི་ཚུལ༔ དཀྱིལ་འཁོར་ཕྱག་རྒྱར་སྐུ་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་བདག་ལ་དགོངས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་རུ་ཎི་ཀཱ་མཎྜལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་སྤྱན་དྲངས་པའི་ལྷ་ཚོགས་རྣམས། ཧྲཱི༔ སྐུ་ལྔ་བླ་མ་སྤྱན་རས་གཟིགས༔ དབང་ཆེན་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཡང་དག་དོན་ལ་མཉམ་ཉིད་ཕྱིར༔ གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་ས་མ་ཡ༔ ཞེས་པས་དམ་ཡེ་གཉིས་ཆུ་དང་འོ་མ་ལྟར་རོ་མཉམ་དུ་གྱུར་པ་ལ་ཕྱག་གིས་བཀུར་བ་ནི། ཧྲཱི༔ རྒྱལ་བ་ཀུན་འདུས་ཡོན་ཏན་རྫོགས༔ བླ་མ་རྣམས་ལ་ཕྱག་འཚལ་ལོ༔ སྐུ་ལྔའི་བདག་ཉིད་འོད་མཐའ་ཡས༔ ཚེ་དཔག་མེད་ལ་ཕྱག་འཚལ་ལོ༔ སངས་རྒྱས་ཀུན་དངོས་བཅོམ་ལྡན་འདས༔ ཐུགས་རྗེ་ཆེན་པོར་ཕྱག་འཚལ་ལོ༔ ཐུགས་རྗེའི་རྩལ་རྫོགས་བདུད་དཔུང་འཇོམས༔ རྟ་མགྲིན་དཔལ་ལ་ཕྱག་འཚལ་ལོ༔ རྒྱལ་བ་སྲས་བཅས་སྐྱེད་མཛད་མ༔ གསང་ཡེ་ཡུམ་ལ་ཕྱག་འཚལ་ལོ༔ དབྱིངས་དང་ཡེ་ཤེས་ངོ་བོ་ཉིད༔ སྲས་མཆོག་ཟུང་ལ་ཕྱག་འཚལ་ལོ༔ འགྲོ་འདུལ་ཡང་དག་རྫོགས་སངས་རྒྱས༔ ཐུབ་པ་དྲུག་ལ་ཕྱག་འཚལ་ལོ༔ འཁོར་བ་དོང་སྤྲུགས་བཅོམ་ལྡན་འདས༔ སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ༔ ཡེ་ཤེས་བཞི་རྫོགས་བདུད་བཞི་འདུལ༔ སྒོ་སྐྱོང་བཞི་ལ་ཕྱག་འཚལ་ལོ༔ ཕྱོགས་བཅུ་དུས་གསུམ་ཀུན་བཞུགས་པའི༔ རྒྱལ་སྲས་ཚོགས་ལ་ཕྱག་འཚལ་ལོ༔ བར་ཆད་སྲུང་ཞིང་དངོས་གྲུབ་སྟེར༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ཞེས་དང་། སྣང་བ་ཡབ་ལ་སྟོང་པ་ཡུམ༔ སྣང་སྟོང་གཉིས་མེད་ཐུགས་རྗེ་ཆེ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ༔ གཉིས་མེད་ཚུལ་གྱིས་ཕྱག་འཚལ་ལོ༔ ན་མོ་པཱུ་རུ་ཤ་ཡ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཞེས་ལྷ་དང་བདག་དབྱེར་མེད་དུ་རྟོགས་པའི་ཚུལ་གྱིས་ཕྱག་བྱའོ། །གསུམ་པ་ཚོགས་དྲུག་ཡུལ་བཅས་སྦྱོང་ཕྱིར་མཆོད་པ་ལ་གསུམ། རྣམ་ལྔ་ཕྱིའི་མཆོད་པ། རང་བྱུང་ནང་གི་མཆོད་པ། ཏིང་ངེ་འཛིན་གསང་བའི་མཆོད་པ་སྟེ། དེ་དག་སྤྱིར་འབུལ་བ་ནི། ཧྲཱི༔ ཀུན་འབྱུང་ནམ་མཁའི་ཀློང་ཡངས་ནས༔ བདུག་སྤོས་མེ་ཏོག་མར་མེ་དྲི༔ བཤོས་གཙང་སིལ་སྙན་རོལ་མོ་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ རང་བྱུང་རྣམ་དག་བདུད་རྩི་དང༔ འཛིན་ཆགས་བྲལ་བའི་གཏོར་མ་དང༔ རིགས་དྲུག་བསྒྲལ་པའི་རཀྟ་དང༔ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་གཏིབས༔ ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས༔ བླ་མ་དཀོན་མཆོག་ཡི་དམ་ལྷ༔ བདག་ཉིད་ཆེན་པོའི་ལྷ་ཚོགས་མཆོད༔ གཉིས་མེད་དགྱེས་པར་ཚིམས་གྱུར་ནས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཧྲཱི༔ ཐུགས་རྗེ་ཆེན་པོ་སྐུ་ཡི་ལྷ༔ མཐའ་ཡས་གསུང་ལ་རྟ་མགྲིན་ཐུགས༔ གསང་བ་ཡེ་ཤེས་ཀུན་གྱི་ཡུམ༔ ནོར་འཛིན་གསང་སྔགས་འཛིན་མ་སྲས༔ རྒྱལ་བ་རིགས་དྲུག་ཐུབ་པ་དྲུག༔ སངས་རྒྱས་སྟོང་རྩ་ཁྲོ་ཆེན་བཞི༔ མཆོད་བཞེས་དམ་སྐོངས་དངོས་གྲུབ་ཞུ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་རུ་ཎི་ཀ་གུ་ཧྱ་ཛྙཱ་ན་སརྦ་ཡོ་གི་ནཱི་བཛྲ་པུཥྤེ་ དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་ཝིདྱ་ ཤབྡ་སརྦ་པཱུ་ཛ་ཧོ༔ ཞེས་པ་ཙམ་མམ། སྤྲོ་ན་སྤར་ཁབ་ཏུ་སྦྱར་བའི་ཁྱད་པར་མཆོད་པ་རྣམས་སོ་སོར་འབུལ་བའི་ཐོག་མར་སྨན་མཆོད་ནི། ཧྲཱི༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ རྒྱུད་དྲུག་སེམས་ཅན་ཀུན་གྲོལ་ཞིང༔ དུག་ལྔ་སེལ་བའི་བདུད་རྩི་འདི༔ དཔའ་བོ་མཆོག་དང་མཉམ་སྦྱར་ཏེ༔ དགྱེས་སྐོང་དངོས་གྲུབ་སྩོལ་ཕྱིར་འབུལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿསརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ དགོངས་པ་བརྡ་དང་སྙན་ནས་ལེགས་བརྒྱུད་པའི༔ རྩ་བརྒྱུད་བླ་མ་བཀའ་དྲིན་ཅན་རྣམས་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཆོས་སྐུའི་བདག་ཉིད་རིགས་ཀྱི་གཙོར་གྱུར་པ༔ བཅོམ་ལྡན་མཐའ་ཡས་རྒྱལ་བ་རིགས་དྲུག་ལ༔ རྣམ་དག་བདུད་རྩིའི༴ ཐུགས་རྗེས་བརྩེར་དགོངས༴ ཨོཾ་མ་ཧཱ་པཉྩ༴ ཡེ་ཤེས་དབྱིངས་ལས་ཤར་བ་འགྲོ་བའི་མགོན༔ ཐུགས་རྗེའི་བདག་ཉིད་དཀྱིལ་འཁོར་གཙོ་བོ་ལ༔ རྣམ་དག་བདུད་རྩིའི༴ ཐུགས་རྗེས་བརྩེར་དགོངས༴ ཨོཾ་མ་ཧཱ་པཉྩ༴ གཉིས་མེད་མཉམ་སྦྱོར་རྒྱལ་བ་སྐྱེད་མཛད་མ༔ གསང་བ་ཡེ་ཤེས་བདེ་ཆེན་མཁའ་འགྲོ་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ རིག་པའི་རྒྱལ་པོ་ཁྲོ་བོ་ཀུན་གྱི་རྗེ༔ སྣང་སྲིད་དབང་སྡུད་རྟ་མགྲིན་རྒྱལ་པོ་ལ༔ རྣམ་དག་བདུད་རྩིའི༴ ཐུགས་རྗེས་བརྩེར་དགོངས༴ ཨོཾ་མ་ཧཱ་པཉྩ༴ སྣང་སྟོང་དབྱེར་མེད་བྱང་ཆུབ་སེམས་དཔའི་ཚུལ༔ ནོར་བུ་འཛིན་དང་གསང་སྔགས་འཛིན་མ་ལ༔ རྣམ་དག་བདུད་རྩིའི༴ ཐུགས་རྗེས་བརྩེར་དགོངས༴ ཨོཾ་མ་ཧཱ་པཉྩ༴ ཐུགས་རྗེའི་མཆོག་མངའ་གང་འདུལ་སྐུར་སྟོན་པའི༔ སྤྲུལ་སྐུ་ཐུབ་དྲུག་འགྲོ་བ་འདུལ་མཛད་ལ༔ རྣམ་དག་བདུད་རྩིའི༴ ཐུགས་རྗེས་བརྩེར་དགོངས༴ ཨོཾ་མ་ཧཱ་པཉྩ༴ འཁོར་བའི་རྒྱུད་སྦྱོང་བསྟན་པ་མཐར་ཕྱིན་མཛད༔ སངས་རྒྱས་སྟོང་སྐུ་དུས་གསུམ་སྟོན་པ་ལ༔ རྣམ་དག་བདུད་རྩིའི༴ ཐུགས་རྗེས་བརྩེར་དགོངས༴ ཨོཾ་མ་ཧཱ་པཉྩ༴ སྒོ་བཞི་སྲུང་མཛད་བདུད་བཞི་འཇོམས་མཛད་ལྷ༔ ཁྲོ་རྒྱལ་རྣམ་བཞི་ཕྲིན་ལས་རྫོགས་མཛད་ལ༔ རྣམ་དག་བདུད་རྩིའི༴ ཐུགས་རྗེས་བརྩེར་དགོངས༴ ཨོཾ་མ་ཧཱ་པཉྩ༴ ཞིང་ཁམས་མཐའ་ཡས་ཀུན་བཞུགས་དུས་གསུམ་གྱི༔ རྒྱལ་བ་སྲས་བཅས་ཕྲིན་ལས་མཐར་ཕྱིན་ལ༔ རྣམ་དག་བདུད་རྩིའི༴ ཐུགས་རྗེས་བརྩེར་དགོངས༴ ཨོཾ་མ་ཧཱ་པཉྩ༴ སངས་རྒྱས་བསྟན་པ་སྲུང་ཞིང་རྒྱས་མཛད་པ༔ དམ་ཅན་མཁའ་འགྲོ་དྲེགས་པའི་ཚོགས་རྣམས་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཞེས་མཐེབ་སྲིན་ཉི་ཟླའི་གྭ་འུས་གཅུས་ཏེ་འབུལ། ཧྲཱི༔ ལྕེ་ཡི་དམ་ཚིག་རྡོ་རྗེ་ལ༔ རྡོ་རྗེ་ཅན་གྱིས་འབྲུ་གསུམ་བསྒོམ༔ བདུད་རྩི་ལྔ་དང་སྦྱར་བའི་སྨན༔ ཟོས་ན་སྐུ་གསུང་ཐུགས་ཐོབ་འགྱུར༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་དངོས་གྲུབ་བླང་ངོ་། །གཏོར་མ་ནི། ཧྲཱི༔ དྲི་མེད་པདྨའི་སྣོད་ཡངས་སུ༔ ལོངས་སྤྱོད་བརྒྱད་ལྡན་ཞལ་ཟས་སྤུངས༔ སྦྱངས་རྟོགས་སྤར་བྱས་བདུད་རྩི་ཆེ༔ འདོད་ཡོན་ལྷ་མོའི་སྤྲིན་གཏིབས་ནས༔ དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ༔ འཛིན་རྟོག་བག་ཆགས་སྦྱང་ཕྱིར་བཞེས༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ རཀྟ་ནི། ཧྲཱི༔ ཆགས་བྲལ་བདེ་ཆེན་རཀྟ་མཆོག༔ རྒྱུད་དྲུག་སྲིད་རྩ་རྩད་བཅད་ནས༔ འཁོར་བ་ཐུགས་རྗེས་མི་གཏོང་བའི༔ དམར་ཆེན་མཆོད་པ་བཞེས་སུ་གསོལ༔ ཨོཾ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ སྦྱོར་སྒྲོལ་ནི། སྲིད་གསུམ་ཐམས་ཅད་སངས་རྒྱས་ཞིང༔ ཡེ་ནས་འགྱུར་མེད་ལྷུན་གྲུབ་ལ༔ གཉིས་མེད་རྟོགས་པའི་སྦྱོར་སྒྲོལ་མཆོད༔ བདེ་ཆེན་རང་གྲོལ་དབྱིངས་སུ་རོལ༔ མ་ཧཱ་ཏ་ན་ག་ཎ་པཱུ་ཛ་ཧོ༔ དེ་ཁོ་ན་ཉིད་ནི། སྣང་གྲགས་འཛིན་རྟོག་འཁྲུལ་པའི་ཆོས༔ ཡེ་ནས་རྒྱལ་བའི་སྐུ་གསུང་ཐུགས༔ དམ་ཚིག་ལས་ཆོས་ཕྱག་རྒྱ་ཆེ༔ མཉམ་སྦྱོར་མ་བཅོས་འགག་པ་བྲལ༔ སྤང་བླང་མི་དམིགས་ཡང་དག་དོན༔ ཀ་དག་ཡེ་རྫོགས་མཆོད་པ་འབུལ༔ དྷརྨ་དྷཱ་ཏུ་མ་ཧཱ་པཱུ་ཛ་ཧོ༔ ཞེས་མཆོད་དོ། །བཞི་པ་དོན་རྟགས་རང་ལ་རྫོགས་ཕྱིར་བསྟོད་པ་བྱ་བ་ནི། ཧྲཱི༔ བདེ་གཤེགས་རྒྱལ་བ་འདུས་པའི་སྐུ༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ ཞལ་གཅིག་རང་བྱུང་ཡེ་ཤེས་གསལ༔ ཕྱག་གཉིས་ཐབས་ཤེས་འགྲོ་བ་འདུལ༔ སྐུ་དམར་འཁོར་འདས་ཡེ་ཤེས་དབང༔ རིན་ཆེན་རྒྱན་ཕྲེང་ཆོས་ཉིད་རོལ༔ ཕྱག་གཡས་པད་ཕྲེང་འཁོར་བ་འདྲེན༔ ཕྱག་གཡོན་བདུད་རྩིས་དུག་ལྔ་འཇོམས༔ ཞབས་གཉིས་སྐྱིལ་ཀྲུང་རྫོགས་སངས་རྒྱས༔ གསང་ཡེ་ཡུམ་འཁྱུད་ཆོས་དབྱིངས་སྦྱོར༔ ཉི་ཟླ་པད་གདན་དུག་གསུམ་དག༔ འོད་ལྔའི་རྒྱབ་ཡོལ་སྐུ་ལྔ་རྫོགས༔ ཡེ་ནས་རང་བྱུང་ཐུགས་རྗེའི་སྐུ༔ འཇིག་རྟེན་མགོན་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ དུས་གསུམ་རྒྱལ་བ་འདུས་པའི་གསུང༔ འགྲོ་བའི་མགོན་པོ་ཚེ་དཔག་མེད༔ མཐའ་བྲལ་ཐིག་ལེ་ཉག་གཅིག་ཞལ༔ འཁོར་འདས་མཉམ་གཞག་ཕྱག་རྒྱ་ཅན༔ སྤྲོས་བྲལ་ཡེ་ཤེས་བུམ་པ་འཛིན༔ བདེ་གསལ་མི་རྟོག་མཉམ་པའི་སྟེང༔ ཆོས་སྐུ་མི་འགྱུར་སྐྱིལ་ཀྲུང་བཞུགས༔ ཆོས་ཉིད་རོལ་པའི་མཚན་དཔེ་རྫོགས༔ འདྲེན་པའི་གཙོ་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ ཕྱོགས་བཅུའི་རྒྱལ་བ་འདུས་པའི་ཐུགས༔ སྣང་སྲིད་དབང་སྡུད་རྟ་མཆོག་དཔལ༔ ཟང་ཐལ་ཞལ་གཅིག་ཀུན་ཏུ་བཟང༔ རྟ་གདོང་ས་ལམ་དུས་གཅིག་གཅོད༔ འཁོར་འདས་ཟིལ་གནོན་རྟ་སྐད་སྒྲོག༔ ཕྱག་གཡས་ཐབས་ཀྱིས་སྲིད་དབང་བསྒྱུར༔ ཕྱག་གཡོན་ཤེས་རབ་འགྲོ་ཀུན་འདྲེན༔ དུར་ཁྲོད་ཆས་ཀྱིས་ལོག་ལྟ་འཇོམས༔ བརྐྱང་བསྐུམ་ཞབས་ཀྱིས་བདུད་བཞི་འདུལ༔ རོ་གདན་ཆོས་སྐུ་ལྷུན་གྱིས་གྲུབ༔ ཐུགས་རྗེའི་དཔལ་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ རིགས་འདུས་རང་ལས་སྤྲུལ་འཁོར་རྣམས༔ འགྲོ་འདུལ་ཕྲིན་ལས་ཅིར་ཡང་སྟོན༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདག༔ བདུད་བཞི་འཇོམས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་དོ། །ལྔ་པ་ཡིད་ཀྱི་འཛིན་རྟོག་སྦྱང་ཕྱིར་འཕྲོ་འདུའི་ཏིང་ངེ་འཛིན་དང་། དྲུག་པ་ཐ་མལ་ངག་ཞེན་བཟློག་ཕྱིར་ཡང་སྙིང་བཟླས་པ་ཆབས་ཅིག་ཏུ་བསྟན་པ་ལ་བཞི། དང་པོ་ཕྱི་ཞི་བར་བསྙེན་པ་ནི། སྐུ་གསུང་ཐུགས་དང་སྦྱར་བའི་སྤྲོ་བསྡུ་གསག་སྦྱོང་དངོས་གྲུབ་བསྡུ་བའི་དགོངས་པ་སྟེ། ཧྲཱི༔ ལྷ་གསུམ་ཐུགས་ཀར་ཟླ་བའི་སྟེང༔ ཧྲཱིཿམཐར་ཡི་གེ་དྲུག་མས་བསྐོར༔ ཞེས་པས་གཙོ་བོ་དང་། རྟ་མགྲིན། འོད་དཔག་མེད་གསུམ་ཀའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་མར་མེ་ལྟར་འབར་བ་སྔགས་ཀྱི་ཕྲེང་བས་བསྐོར་བ་གསལ་བཏབ་ནས། བདག་ཉིད་རྩ་བའི་ཐུགས་ཀ་ནས༔ སྔགས་ཕྲེང་འོད་ཟེར་དཀར་པོ་འཕྲོས༔ བདེ་གཤེགས་ཀུན་གྱི་སྐུ་ལ་ཕོག༔ སྐུ་མཆོད་མཉེས་ནས་དངོས་གྲུབ་ཐོབ༔ བདག་ལ་འདུས་ཤིང་འོད་ཟེར་དེས༔ ཁམས་གསུམ་སེམས་ཅན་ལུས་སྒྲིབ་སྦྱངས༔ སེམས་ཅན་ལུས་ཀུན་དབང་དུ་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་ཅི་ནུས་བཟླ། སྤྱི་གཙུག་སྣང་མཐའི་ཐུགས་ཀ་ནས༔ སྔགས་ཕྲེང་འོད་ཟེར་དམར་པོ་འཕྲོས༔ བདེ་གཤེགས་ཀུན་གྱི་གསུང་ལ་ཕོག༔ གསུང་མཆོད་མཉེས་ནས་དངོས་གྲུབ་ཐོབ༔ བདག་ལ་འདུས་ཤིང་འོད་ཟེར་དེས༔ ཁམས་གསུམ་སེམས་ཅན་ངག་སྒྲིབ་སྦྱངས༔ སེམས་ཅན་ངག་ཀུན་དབང་དུ་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་བཟླ། རྟ་མགྲིན་ཐུགས་ཀའི་སྔགས་ཕྲེང་ལས༔ འོད་ཟེར་མཐིང་ག་རབ་འཕྲོས་པས༔ བདེ་གཤེགས་ཀུན་གྱི་ཐུགས་ལ་ཕོག༔ ཐུགས་མཆོད་མཉེས་ནས་དངོས་གྲུབ་ཐོབ༔ བདག་ལ་འདུས་ཤིང་འོད་ཟེར་དེས༔ ཁམས་གསུམ་སེམས་ཅན་ཡིད་སྒྲིབ་སྦྱངས༔ སེམས་ཅན་ཡིད་ཀུན་དབང་དུ་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་བཟླ་སྟེ། དེའང་། ཕྱི་ནི་སྲོག་སྦས་ཞི་བའི་ཚུལ༔ ཡི་གེ་དྲུག་པ་རྡོ་རྗེའི་སྒྲ༔ ཛཔ྄་དབྱངས་རྨ་བྱའི་མགྲིན་སྐད་ལྟར༔ ངག་འཇམ་སོས་དལ་ཁུག་པར་བཟླ༔ ཞེས་པའི་ཚུལ་གྱིས་བཟླའོ། །གཉིས་པ་ནང་ཁྲོ་བོར་བསྒྲུབ་པ་ནི། ལྷ་གསུམ་དང་སྦྱར་བའི་སྤྲོ་བསྡུ་དྲེགས་པ་ཚར་གཅོད་ཀྱི་དགོངས་པ་སྟེ། བདག་ཉིད་ལྷ་གསུམ་ཐུགས་ཀ་ནས༔ སྔགས་ཕྲེང་ཁྲོ་ཆུང་མཚོན་ཐོགས་ཤིང༔ ཞལ་ནས་ཕཊ་སྒྲོག་ཚྭ་ཚྭ་འཁྲུག༔ སྟོང་གསུམ་བཀང་ནས་ལོག་ལྟའི་ཚོགས༔ གང་དག་ཞི་བས་མི་ཐུལ་བའི༔ བདུད་དང་དགྲ་བགེགས་བརྡུང་ཚར་བཅད༔ བཀའ་སྡོད་བྲན་ཁོལ་བྱེད་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཕཊ༔ ཅེས་བཟླ་སྟེ། དེའང་། ནང་ལྟར་ཟབ་མོ་སྐུ་གསུམ་རྫོགས༔ ཡི་གེ་བཅུ་གཅིག་བདུད་བཞི་འཇོམས༔ ཛཔ྄་དབྱངས་སེར་འབྲུག་ལྡིར་བ་ལྟར༔ འུར་ཆེམས་མཐའ་རུ་གྲགས་པར་བཟླ༔ ཞེས་པ་ལྟར་རོ། །གསུམ་པ་གསང་བ་དོན་དམ་མཆོག་གི་ལས་སུ་སྦྱོར་བ་ནི། རླུང་འབྱུང་འཇུག་གནས་གསུམ་དང་སྦྱར་བའི་ཉམས་རྟོགས་སྤར་བའི་དགོངས་པ་སྟེ། དེ་ལྟར་སྐུ་གསུམ་ལྷ་ཚོགས་ཀྱང༔ བདག་ཉིད་ཐུགས་རྗེ་ཆེན་པོ་ལ༔ འདུས་ཏེ་རྣམ་པ་ཡོངས་ཀྱིས་མེད༔ གཉིས་མེད་དོན་གྱི་ལྷར་གནས་པའོ༔ ཞེས་པའི་དགོངས་པ་བཟུང་ནས། གཞུང་ལས། རྔུབས་པའི་རླུང་ལ་ཨོཾ་དང་མ༔ གནས་པའི་རླུང་ལ་ཎི་དང་པད༔ འབྱིན་པའི་རླུང་ལ་མེ་ཧཱུྃ་ཧྲཱི༔ ཡེ་ནས་རང་བྱུང་རང་ལ་རྫོགས༔ དེ་དོན་ཤེས་བྱས་རླུང་གིས་བཟླས༔ ཉམས་རྟོགས་ཡེ་ཤེས་འབར་བར་འགྱུར༔ ཞེས་པ་ལྟར་བཟླ་ཞིང་། དེས་སུན་ན་ངག་བཟླས་ཀྱང་ཅི་རིགས་བྱའོ། །བཞི་པ་ཆོས་ཉིད་དོན་གྱི་དགོངས་པས་ཡེ་ཤེས་རིག་པ་གསལ་གདབ་པ་ལ། སྣང་བ་ལྷ་སྐུར་རྒྱས་འདེབས་པ་ནི། ཧྲཱི༔ སྣང་བ་ཐུགས་རྗེ་ཆེན་པོའི་སྐུ༔ གཟུང་འཛིན་བྲལ་བའི་སེམས་ལ་ལྟོས༔ སྣང་བ་ཐམས་ཅད་རང་སྣང་ཡིན༔ ཡེ་ཤེས་རིག་པ་ངོ་མཚར་ཆེ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སྒྲ་གྲགས་གསུང་དུ་རྒྱས་འདེབས་པ་ནི། ཧྲཱི༔ སྒྲ་གྲགས་ཐུགས་རྗེ་ཆེན་པོའི་གསུང༔ ཚིག་དང་བྲལ་བའི་དོན་ལ་ལྟོས༔ གྲགས་པ་ཐམས་ཅད་རང་སྒྲ་ཡིན༔ ཡེ་ཤེས་རིག་པ་ངོ་མཚར་ཆེ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ རྟོག་ཚོགས་ཐུགས་སུ་རྒྱས་འདེབས་པ་ནི། ཧྲཱི༔ རྟོག་ཚོགས་ཐུགས་རྗེ་ཆེན་པོའི་ཐུགས༔ ཡེ་ཤེས་ཟང་ཐལ་ངང་ལ་ཞོག༔ གྲོལ་བ་ཐམས་ཅད་རང་གྲོལ་ཡིན༔ ཡེ་ཤེས་རིག་པ་ངོ་མཚར་ཆེ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ རང་རིག་ལྷ་དང་གཉིས་སུ་མེད་པར་བལྟ་བ་ནི། ཧྲཱི༔ རང་རིག་ལྷ་དང་གཉིས་སུ་མེད༔ གཉིས་འཛིན་བྲལ་བའི་སེམས་ལ་ལྟོས༔ ལྟ་བྱེད་རྟོག་པ་རང་སར་གྲོལ༔ བལྟས་པས་ཐུགས་རྗེ་ཆེ་མི་མཐོང༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སེམས་ལས་ལྷ་ལོགས་སུ་མི་བཙལ་བ་ནི། ཧྲཱི༔ མ་བལྟས་བཞག་པས་ལྷ་དང་མཇལ༔ མ་བསྒྲུབ་གནས་པས་སངས་རྒྱས་འགྲུབ༔ གྲུབ་པ་མེད་དོ་ཅིར་མི་དགོངས༔ རང་བྱུང་ཐུགས་རྗེ་ཆེན་པོ་ཡིན༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ རང་བྱུང་གི་ལྟ་བ་ནི། ཧྲཱི༔ རང་སྣང་སྣང་བ་མཐའ་ཡས་ཡིན༔ རང་གསལ་རྟ་མགྲིན་རྒྱལ་པོ་ཡིན༔ རང་གྲོལ་གསང་བ་ཡེ་ཤེས་ཡུམ༔ ཡེ་ནས་མ་སྐྱེས་ཐུབ་པ་དྲུག༔ རང་བཞིན་བརྗོད་མེད་སངས་རྒྱས་སྟོང༔ ཕྲིན་ལས་ལྷུན་རྫོགས་ཁྲོ་ཆེན་བཞི༔ ཡེ་ཤེས་རིག་པ་ངོ་མཚར་ཆེ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སྐུ་གསུམ་དབྱེར་མེད་ཀྱི་དགོངས་པ་ནི། ཧྲཱི༔ ཐམས་ཅད་དབྱེར་མེད་ཆོས་ཀྱི་སྐུ༔ མ་འགགས་རང་གསལ་ལོངས་སྤྱོད་རྫོགས༔ སྣ་ཚོགས་འཛིན་གྲོལ་སྤྲུལ་པའི་སྐུ༔ ཡེ་ཤེས་རིག་པ་ངོ་མཚར་ཆེ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སྐབས་སུ་ཚངས་པའི་མགྲིན་དབྱངས་ཀྱིས༔ ཡེ་ཤེས་རིག་པ་གསལ་འདི་གདབ༔ ཅེས་གསུངས་པས་སྙན་པའི་དབྱངས་ཀྱི་རྟ་ལ་བསྐྱོན་ཏེ་ཅི་རིགས་པར་བཟླ་ཞིང་། སྐབས་འདིར་དབང་དོན་དུ་བུམ་པ་བསྒྲུབ་པ་དང་། སྐྱེ་བདུན་སྒྲུབ་པའི་སྒོམ་བཟླས་སོགས་སྐབས་དང་སྦྱར་ལ་གཞུག་གོ །བཟླས་པའི་མཐར་སྟོང་ཚིགས་འབུལ་བ་ནི། ཧཱུྃ༔ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད༔ བག་མེད་འགལ་འཁྲུལ་ཉམས་ཆག་བཤགས༔ མ་ཧཱ་ཨ་མྲྀཏ་བ་ལིཾ་ཏ་རཀྟ་པཱུ་ཛ་ཁཱ་ཧི༔ བདུན་པ་སེམས་ཀྱི་དེ་ཉིད་བསྟན་ཕྱིར་རྫོགས་རིམ་བསྒོམ་པ་ལ། གཟུང་བའི་ཡུལ་སྦྱོང་ཕྱིར་ལྷ་སེམས་སུ་བསྟན་པ། འཛིན་པའི་གེགས་གཞོམ་ཕྱིར་སེམས་སྟོང་པར་བསྟན་པ། བློས་བྱས་ཀྱི་དྲི་མ་འཁྲུད་ཕྱིར་དབྱེར་མེད་ཀྱི་ཐིག་ལེར་བསྟན་པ་རྣམས་ནི། རྒྱུད་ལས། ལྷ་ཉིད་སེམས་སུ་ཤེས་བྱ་སྟེ༔ བསྒོམ་བྱའི་ལྷ་དེ་སྒྲུབ་བྱེད་ཀྱི༔ མཁན་པོ་དག་ཀྱང་སེམས་ཉིད་དེ༔ ལྷ་དང་ལྷ་མིན་འབྱེད་པ་སེམས༔ དེ་ལྟར་སེམས་ཀྱི་རང་བཞིན་སྟོང༔ ངོ་བོ་མཚན་ཉིད་ཐམས་ཅད་སྟོང༔ དེ་ཡང་ཐ་དད་མ་ཡིན་ཏེ༔ སྣང་སྟོང་གཉིས་འཛིན་བློ་ལས་འདས༔ གཉིས་མེད་གཉིས་སུ་མེད་པར་ཤེས༔ སྟོང་གསལ་སྤྲོས་མེད་ཆོས་ཀྱི་སྐུ༔ བདེ་ཆེན་ཐིག་ལེ་གཅིག་ཏུ་རྫོགས༔ ཞེས་པ་རྣམས་ཚིག་ངག་ཏུ་བརྗོད་མི་བརྗོད་གང་ལྟར་ཡང་དོན་གསལ་གདབ་ལ་རང་བྱུང་རིག་པ་སྤྲོས་བྲལ་གྱི་གཤིས་ལུགས་བསྐྱང་ངོ་། །འདིར་རྩ་བའི་དགོངས་པའི་རྗེས་སུ་འབྲངས་ཏེ་མ་ཎི་རིན་ཆེན་ཡབ་སྲས་རྣམས་ཡིག་དྲུག་བསྙེན་པ། ཡི་གེ་བཅུ་གཅིག་སྒྲུབ་པ། ཡིག་བདུན་མཆོག་གི་ལས་སྦྱོར་དུ་བཞེད། ཕྱག་བཞེས་སུ་བཟླས་པའི་དངོས་གཞི་ཡིག་བདུན་དང་། བཅུ་གཅིག་པ་ཐུན་མཇུག་ཏུ་བརྒྱ་རྩ་ཙམ་བཟླ་བར་སྣང་ངོ་། །དེས་དངོས་གཞིའི་ལས་རིམ་ལེགས་པར་གྲུབ་བོ། །གཉིས་པ་ཆོ་གའི་མཇུག་གི་ལས་རིམ་ནི། ཚོགས་མཆོད་གཏོར་འབུལ་བརྟན་སྐྱོང་བྲོ། །དངོས་གྲུབ་བླང་ཞིང་དཀྱིལ་འཁོར་བསྡུ། །བསྔོ་སྨོན་ཤིས་བརྗོད་བྱ་བ་འོ། །ཞེས་པ་ལྟར་བདུན་གྱི་དང་པོ་ཚོགས་མཆོད་བྱ་བ་ནི། མ་ད་ན་མཱཾ་ས་བ་ལ་གཙོ་བོར་གྱུར་པའི་དམ་ཚིག་གི་ཡོ་བྱད་རྣམས་བཤམ། རྒྱུན་གྱི་མཆོད་པ་ལྟ་བུར་མི་དགོས་ཀྱང་ཚོགས་ཀྱི་འདུ་བ་དང་ཚོམ་བུ་ཚོགས་སྒྲུབ་སོགས་ལ་ཚོགས་ཕྲིན་གདབ་པ་ནི། ལས་ཀྱི་རྒྱལ་ཐེབས་ཀྱིས། ཧོ༔ དགོངས་སུ་གསོལ་ལོ༔ སྤྲོས་པ་མེད་པའི་དབྱིངས་རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པ་ན༔ ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྲས་བཅས་སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་དང༔ ཕྱིའི་གྲུབ་པ་མོ་དང༔ ནང་གི་རྣལ་འབྱོར་མ་དང་དམ་ཅན་རྒྱ་མཚོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་མ་ལུས་པ་རྣམས་གསན་ཅིང་དགོངས་སུ་གསོལ༔ རྒྱལ་བ་རྒྱ་མཚོ་ཁྱེད་རྣམས་ཀྱི་ཐུགས་དམ་བསྐང་ཞིང༔ བདག་ཅག་གི་གཡར་དམ་བསྐང་ཕྱིར་འབྱོར་ཚོགས་གཞུང་བཞིན་དུ་གུས་པས་འབུལ་ལགས་ན༔ ཐུགས་རྗེས་བཞེས་ཤིང་དགོངས་པ་ཅི་གནང༔ ཨ་ལ་ལ་ཧོ༔ ཞེས་ཞུ། སློབ་དཔོན་གྱིས། ཧྲཱི༔ ཐུགས་རྗེ་ཆེན་པོ་འགྲོ་འདུལ་དཀྱིལ་འཁོར་གྱི༔ ལྷ་ཚོགས་རྣམས་དང་རྡོ་རྗེ་སློབ་དཔོན་མཆེད༔ འགྲོ་དོན་ཡལ་བར་མི་འདོར་ཐུགས་བརྩེའི་ཕྱིར༔ གསོལ་བར་གནང་གིས་འབྱོར་ཚོགས་གཞུང་བཞིན་དུ་དྲོངས་ཤིག༔ ཨ་ལ་ལ་ཧོ༔ ཞེས་ལན་གདབ། བྱིན་གྱིས་བརླབ་པ་ནི། ཆུ་ཆང་ནང་མཆོད་ཀྱིས་སྦྱངས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་སརྦ་དྲ་བྱཾ་ཤོ་དྷ་ནི་ཧཱུྃ་ཕཊ༔ ལན་བདུན། ཧྲཱི༔ བདག་ཉིད་ལྷར་གསལ་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་གསུམ་རྣམ་སྤྲོས་ཏེ༔ རཾ་འཕྲོས་དངོས་འཛིན་རྣམ་རྟོག་སྦྱངས༔ ཡཾ་འཕྲོས་བག་ཆགས་ཞེན་སྣང་གཏོར༔ ཁཾ་འཕྲོས་གཉིས་འཛིན་དྲི་མ་བཀྲུས༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཨོཾ་དང་ཨཱཿདང་ཧཱུྃ་སྤྲོས་པས༔ ཨོཾ་གྱིས་འདོད་ཡོན་ལོངས་སྤྱོད་སྤེལ༔ ཨཱཿཡིས་ཡེ་ཤེས་བདུད་རྩིར་བཞུ༔ ཧཱུྃ་གིས་བགེགས་བསྐྲད་ཐུགས་དམ་བསྐང༔ ཨོཾ་ཨཱཿཧཱུྃ༔ ཞེས་ལན་གསུམ་བརྗོད། ཚོགས་ཞིང་སྤྱན་འདྲེན་པ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་སཏྭཾ༔ ཧྲཱི༔ ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྲས་འཁོར་བཅས༔ རྒྱལ་བའི་སྐུ་ལ་སྒྲིབ་སྐྱོན་མི་མངའ་ཡང༔ འགྲོ་བའི་ཚོགས་གསག་བསྙེན་སྒྲུབ་བགྱི་སླད་དུ༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་འདིར་གཤེགས་ཤིག༔ བཛྲ་ས་མ་ཡ་ཛ་ཧོ༔ དེ་ནས་སྤྱིར་མཆོད་པ་ནི་ཚོགས་ཀྱི་ཡོ་བྱད་བཏེགས་ལ། ཧཱུྃ༔ རིན་ཆེན་ཁང་བཟང་གནས་མཆོག་འདིར༔ སྨན་གྱི་ཆག་ཆག་མཎྜལ་བཤམ༔ གདན་ཁྲི་ན་བཟའ་རྒྱན་ཕྲེང་མཛེས༔ གླུ་གར་རོལ་མོ་སྣ་ཚོགས་དང༔ མེ་ཏོག་མར་མེ་ཙནྡན་ཕྲེང༔ ཞལ་ཟས་དྲི་ཆབ་སིལ་སྙན་རྣམས༔ སྤྲིན་ཕུང་འཁྲིགས་ལྟར་ནམ་མཁའ་གང༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་མཆོད༔ ཨོཾ༔ གཟུགས་མཛེས་ལྷ་མོས་མེ་ལོང་འཛིན༔ རྐང་པས་སྟབས་བྱེད་ལག་གར་བསྒྱུར༔ མང་པོས་ནམ་མཁའི་ཁམས་བཀང་ནས༔ དཀྱིལ་འཁོར་ལྷ་ཚོགས་སྤྱན་ལ་མཆོད༔ ཨོཾ༔ སྒྲ་སྙན་ལྷ་མོས་པི་ཝང་འཛིན༔ རྐང་པས་སྟབས་བྱེད་ལག་གར་བསྒྱུར༔ མང་པོས་ནམ་མཁའི་ཁམས་བཀང་ནས༔ དཀྱིལ་འཁོར་ལྷ་ཚོགས་སྙན་ལ་མཆོད༔ ཨོཾ༔ དྲི་ཞིམ་ལྷ་མོས་སྤོས་ཕོར་འཛིན༔ རྐང་པས་སྟབས་བྱེད་ལག་གར་བསྒྱུར༔ མང་པོས་ནམ་མཁའི་ཁམས་བཀང་ནས༔ དཀྱིལ་འཁོར་ལྷ་ཚོགས་ཤངས་ལ་མཆོད༔ ཨོཾ༔ རོ་མཆོག་ལྷ་མོས་ཞལ་ཟས་འཛིན༔ རྐང་པས་སྟབས་བྱེད་ལག་གར་བསྒྱུར༔ མང་པོས་ནམ་མཁའི་ཁམས་བཀང་ནས༔ དཀྱིལ་འཁོར་ལྷ་ཚོགས་ཞལ་ལ་མཆོད༔ ཨོཾ༔ རེག་བྱའི་ལྷ་མོས་མཉེན་འཇམ་འཁྲིལ༔ རྐང་པས་སྟབས་བྱེད་ལག་གར་བསྒྱུར༔ མང་པོས་ནམ་མཁའི་ཁམས་བཀང་ནས༔ དཀྱིལ་འཁོར་ལྷ་ཚོགས་སྐུ་ལ་མཆོད༔ ཨོཾ༔ ཆོས་ཀྱི་ལྷ་མོས་རྡོ་རྗེ་འཛིན༔ རྐང་པས་སྟབས་བྱེད་ལག་གར་བསྒྱུར༔ མང་པོས་ནམ་མཁའི་ཁམས་བཀང་ནས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་ལ་མཆོད༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཞེས་མཆོད། བྱེ་བྲག་ཏུ་མཆོད་པར། ཚོགས་ཕུད་ཆ་གསུམ་དུ་སྤྲོས་པའི་དང་པོ་མཆོད་པ་ནི་བདུད་རྩི་བྲན་ནས་སྟེགས་ལ་བཀོད་དེ། ཧྲཱི༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ༔ སྐུ་གསུང་ཐུགས་ལྡན་ལྷ་ཚོགས་རྣམས༔ གཙོ་འཁོར་བྲན་དང་བཅས་པ་ཡིས༔ ཚོགས་ཕུད་མཆོད་པར་བཞེས་སུ་གསོལ༔ ཞེས་འདོད་ཡོན་དྲུག་གིས་མཆོད་པས་དགྱེས་པར་བསམ་མོ། །བར་པས་བཤགས་པ་ནི། ཧྲཱི༔ བླ་མ་ཡི་དམ་ལྷ་ཚོགས་དགོངས༔ འབྱོར་ཚོགས་ཆུང་བས་སྐུ་མ་བསྐངས༔ བསྙེན་སྒྲུབ་ཡུན་ཐུང་རྟགས་མ་ཐོན༔ རྟོགས་པའི་རྩལ་ཆུང་ཐུགས་མ་རྟོགས༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ས་མ་ཡ་ཧོ༔ ཞེས་དང་། ཡིག་བརྒྱ་བཟླས་པས་ཉམས་ཆག་དག་པར་བསམ་མོ། །ཐ་མ་བསྒྲལ་བ་ནི། ལིངྒ་ལོགས་སུ་བཅས་པ་མེད་ན་ཚོགས་ཟན་ཆ་གསུམ་པ་དེའི་འདོད་ཡོན་གྱི་ལྷ་མོ་རང་ལ་བསྡུས་ནས༔ བདག་ཉིད་དཔའ་བོ་རྟ་མཆོག་རོལ་པའི་སྐུར་གྱུར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། འཕགས་པ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབ་ཀྱིས་མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །བཛྲ་ཨངྐུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་དགུག་གཞུག་བྱས་ལ། ཕུར་བུས་གདབ་ཅིང་། ཧྲཱིཿཧཱུྃ༔ དཔལ་ཆེན་རྟ་མགྲིན་ཁྲོ་བོའི་རྒྱལ༔ དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ རི་རབ་ཕུར་པ་དགྲ་ལ་གཟིར༔ དབུ་གཙུག་རྟ་སྐད་བགེགས་དཔུང་སྲེག༔ ཞབས་གཉིས་འདོར་སྟབས་བདུད་བཞི་འཇོམས༔ དུར་ཁྲོད་ཆས་ཀྱིས་མཁའ་འགྲོ་སྡུད༔ གདུག་པའི་ཚོགས་བསྒྲལ་ཞལ་དུ་སྟོབས༔ ཧ་ཧ་ཁཱ་ཧི་ཁཱ་ཧི༔ ཧྲཱིཿཔདྨཱནྟ་ཀྲྀཏ་ཨ་མུ་ཀཾ་ཤ་ཏྲཱུཾ་དགྲ་བགེགས་མཱ་ར་ཡ་ཛ་རྦད༔ ཅེས་བསྒྲལ་ནས་ཞལ་དུ་སྟོབ་པས་དགྱེས་པར་བྱའོ། །ཚོགས་ལ་རོལ་པ་ནི། ལས་རྡོར་གྱིས་སློབ་དཔོན་ནས་བརྩམ་སྟེ་རིམ་བཞིན། ཧོ༔ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ༔ ཞེས་དྲང་། ལེན་པ་པོས་ཀྱང་པད་ཀོར་བཅས། ཨ་ལ་ལ་ཧོ༔ ཞེས་བླངས་ལ་འདོད་ཡོན་ལྔ་ལོངས་སྤྱད་ནས། སྨོན་ལམ་གདབ་པ་ནི། ཧོ༔ འགྲོ་བའི་དོན་ཕྱིར་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བས་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་མཉེས་པ་དང༔ བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་རྣམས་ཀྱིས་མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་ལོངས་སྤྱོད་པར་གྱུར་ཅིག༔ ཨ་ལ་ལ་ཧོ༔ ཞེས་བརྗོད། ལྷག་མའི་ཆོ་ག་ལ་ཐོག་མ་ཡར་གནས་ནི། གཙང་ལྷག་ལ་སྨན་ཕུད་སྦྲེང་སྟེ། ཧྲཱིཿཧཱུྃ་ཧྲཱིཿཧཱུྃ་ཧྲཱིཿཧཱུྃ༔ ཧྲཱི༔ དབང་ཆེན་ཐུགས་རྗེའི་ལྷ་ཚོགས་རྣམས༔ རིག་འཛིན་མཁའ་འགྲོའི་ཚོགས་བཅས་ཀུན༔ རྨད་བྱུང་གཏོར་མ་འདི་བཞེས་ལ༔ དམ་སྐོངས་དབང་དང་དངོས་གྲུབ་སྩོལ༔ ཧྲཱིཿཔདྨཱནྟ་ཀྲྀཏ་ས་མ་ཡ་དེ་བཱི་ཀྲོ་དྷཱི་སརྦ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཞེས་མཆོད་ལ་ལྷག་ཕུད་བསྲེག་ཏེ་མར་གནས་ནི། ཧྲཱི༔ དང་པོ་ཕུད་ཀྱིས་མི་མཆོད་དུ༔ དབང་ཆེན་ལྷ་ཚོགས་ཕུད་ཀྱི་བདག༔ དེ་ནས་ཚོགས་ལ་མི་རོལ་དུ༔ དཔའ་བོ་དཔའ་མོ་ཚོགས་ལ་དགྱེས༔ དེ་ནས་ལྷག་མས་མི་མཆོད་དུ༔ ཆོས་ཉིད་ཡེ་ནས་རྒྱུ་འབྲས་གཅིག༔ ལྷག་མ་ཁ་ཆུས་མི་བྲན་དུ༔ ཁྱེད་དང་ངེད་གཉིས་དམ་ཚིག་འབྲེལ༔ ཨོཾ་ཨཱཿཧཱུྃ་ཨུཙྪིཥྚ་བཛྲ་ཨ་དྷིཥྛ་ས་མུ་ཤ་ཀྲྀ་ས་མ་ཡེ་ཧཱུྃ་ཕཊ༔ ལྕེ་རྟ་མགྲིན་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་བྱང་སེམས་བབ༔ ལྷག་མ་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཞེས་ཛ་གད་ཀྱི་ཁ་ཕྲུ་བཏབ་ཅིང་དམ་བསྲེས་པས། དམ་ལས་མི་འདའ་བར་ལས་བྱེད་པར་བསམ་ལ། ཧྲཱི༔ དཔལ་གྱི་བཀའ་ཉན་ཚོགས་ཀྱི་ལྷག་སྡུད་རྣམས༔ དབང་ཕྱུག་ཆེན་པོ་བཀའ་ཉན་ལས་བྱེད་ཚོགས༔ ལས་རྣམས་ཞལ་གྱིས་བཞེས་པའི་དམ་ཅན་མ༔ དཔལ་གྱི་བཀའ་སྡོད་ཅི་བགྱིས་བཀའ་ཉན་ཚོགས༔ མཁའ་འགྲོ་གིང་ཆེན་ལངྐའི་ཚོགས་དང་བཅས༔ དུར་ཁྲོད་བདག་དང་མ་བདུན་སྲིང་མོ་བཞི༔ འབར་མ་ཕོ་ཉ་དབང་ཕྱུག་ཉི་ཤུ་བརྒྱད༔ མཛེས་པའི་སྐུ་ལ་གཞོན་སྒེག་ཚུལ་ཡང་སྟོན༔ མེ་ཏོག་ཆུན་པོ་མཛེས་པའི་སྐེད་འཆིང་ཅན༔ ཕྱག་ན་རཏྣའི་གཞོང་ཐོགས་གཏོར་ལེན་མ༔ རྡོ་རྗེ་ཕྲ་མེན་མངག་གཞུག་བྱེད་པའི་ཚོགས༔ བཀའ་ཡི་ཕམ་ཕབ་གཏོར་མ་འདི་ལོངས་ལ༔ བཅོལ་པའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧྲཱིཿཧྲཱིཿཧྲཱི༔ བྷྱོ་བྷྱོ་བྷྱོ༔ ཞེས་བརྗོད་ཅིང་རོལ་མོ་དང་བཅས་པས་ཕྱི་རོལ་དུ་བསྐྱལ་ལོ། །གཉིས་པ་གཏོར་མ་གཏང་བ་ནི། གཏེར་སྲུང་གི་གཏོར་མ་སོགས་གཏོར་གྲལ་ནས་བླངས་ལ་རྡོ་རྗེའི་འགྲོས་ཀྱིས་ཕྱིར་བསྣུར་དུ་བཞག །སྨན་རཀ་བྲན་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཧྲཱི༔ དཔལ་གྱི་གཏོར་ལེན་དམ་ཚིག་ཅན༔ མཁའ་འགྲོ་ཤུགས་འགྲོ་མ་མོའི་ཚོགས༔ དང་པོ་ཞལ་བཞེས་དམ་མ་འདའ༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ མི་མཐུན་རྐྱེན་རྣམས་ཟློག་ཏུ་གསོལ༔ བཛྲ་པྲ་མོ་ཧ་ཟློག་བྷྱོ༔ ཞེས་རོལ་མོའི་སྒྲ་དང་བཅས་པས་ཕྱིར་འབུལ། གསུམ་པ་བརྟན་མ་བསྐྱང་བ་ནི། གཏོར་གཞོང་སྨན་ཕུད་ཀྱིས་བཤལ་བའི་ཆུ། ཨོཾ་ཨཱཿཧཱུྃ༔ གིས་བདུད་རྩིར་བརླབས་ལ། ཧྲཱིཿཧཱུྃ༔ དགུང་སྔོན་སྟེང་དང་གངས་རི་གཡའ་རྩེ་དང༔ སྤང་ལྗོངས་སྐྱེད་མོས་ཚལ་དང་ནགས་འདབས་དང༔ ཕྱོགས་མཚམས་སྟེང་འོག་དག་ན་གནས་པ་ཡི༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཚོགས༔ སློབ་དཔོན་པདྨའི་སྤྱན་སྔར་ཁས་བླངས་བཞིན༔ རང་རང་གནས་ནས་འདིར་བྱོན་གཏོར་མ་བཞེས༔ རྣལ་འབྱོར་བདག་ཅག་འཁོར་སྲུངས་རྐྱེན་ཟློག་སྒྱུར༔ ཅེས་གཏོར་མ་གཙང་སར་འབུལ། བཞི་པ་རྟ་བྲོ་རྡུང་བ་ནི། གཏོར་གཞོང་ཁ་སྦུབས་པ་རི་རབ་ཏུ་གསལ་བའི་འོག་ཏུ་དམ་སྲི་མནན་པར་བསམ་ལ་རྡོ་རྗེས་རྒྱས་བཏབ་ནས། ཧྲཱིཿཧཱུྃ༔ ཐུགས་རྗེས་འགྲོ་འདུལ་དཀྱིལ་འཁོར་འདིར༔ བར་གཅོད་དམ་སྲི་འདུལ་བའི་ལྷ༔ ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ༔ གཏུམ་ཆེན་རྔམ་པའི་སྒྲ་སྒྲོག་ཅིང༔ དཔལ་གྱི་རྟ་སྐད་ཙེ་རེ་རེ༔ ཁྲོ་བོའི་འབྲུག་སྒྲ་འུ་རུ་རུ༔ རོལ་པའི་རྟ་བྲོ་ཆེམས་སེ་ཆེམ༔ བདུད་དང་དམ་སྲི་རྡུལ་དུ་རློག༔ ཧྲཱིཿཔདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཡ་མ་དམ་སྲི་སཏྭམྦྷ་ཡ་ནན༔ ཞེས་བྲོ་བརྡུང་ངོ་། །ལྔ་པ་དངོས་གྲུབ་བླང་བ་ནི། སྒྲུབ་གཏོར་ལྷར་གསལ་བའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་ལ། ཛཔ྄་ཀྱི་བྱང་དྲངས་ཏེ། ཧཱུྃ༔ ནམ་མཁའི་སྐུ་མངའ་འགྲན་དུ་མེད་པ་ཡི༔ འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ འགྲོ་དྲུག་སྒྲོལ་མཛད་ཆོས་ཀྱི་འབྲུག་སྒྲ་སྒྲོག༔ འགག་མེད་གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ ཡེ་ཤེས་ཐུགས་ཀྱི་རྡོ་རྗེ་འགྱུར་བ་མེད༔ འཆི་མེད་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ས་གཞིའི་དྲོད་ལྟར་ཡོན་ཏན་ཟད་མི་ཤེས༔ ཡོན་ཏན་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ༔ ཆོ་འཕྲུལ་སྣ་ཚོགས་འགྲན་མེད་ཉི་ཟླའི་ཚུལ༔ ཕྲིན་ལས་འགྲོ་དོན་མཐར་ཕྱིན་དངོས་གྲུབ་སྩོལ༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ༔ བླ་མེད་ཐར་པའི་དངོས་གྲུབ་བསྩལ་དུ་གསོལ༔ དམ་ཅན་མཁའ་འགྲོས་དངོས་གྲུབ་བསྩལ་དུ་གསོལ༔ དང་པོ་བསྒྲུབས་ནས་དེང་གི་ཞག་གྲངས་ཐེམས༔ དུས་ལས་མི་འདའ་ཐུགས་རྗེས་དངོས་གྲུབ་སྩོལ༔ སརྦ་སིདྡྷི་ཧཱུྃ་ཨཱ༔ ཞེས་དངོས་གྲུབ་ནོད་པའི་ལྷ་འོད་དུ་ཞུ་བའི་དམ་རྫས་ལ་ལོངས་སྤྱད། དྲུག་པ་དཀྱིལ་འཁོར་བསྡུ་བའི་ཐོག་མར་ཁ་སྐོང་ནོངས་བཤགས་ནི། ཨཱ་ལི་ཀཱ་ལི་ཡིག་བརྒྱ་མང་དུ་བཟླས་ལ། ཧྲཱི༔ བདག་ཅག་མ་རིག་ལུས་ངག་ཡིད་གསུམ་གྱིས༔ མ་འབྱོར་པ་དང་ཉམས་པ་ཅི་མཆིས་པ༔ དཀྱིལ་འཁོར་ལྷ་ཚོགས་འཁོར་བཅས་སྤྱན་སྔ་རུ༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་རབ་ཏུ་བཤགས༔ ཞེས་བཟོད་པར་གསོལ། རྟེན་ཡོད་ན། འདིར་ནི་རྟེན་དང་ལྷན་ཅིག་ཏུ༔ སོགས་ཀྱིས་ཚོགས་ཀྱི་ཡེ་ཤེས་པ་བརྟན་བཞུགས་བྱ། རྡུལ་ཚོན་སོགས་དང་འབྲེལ་ན། ཧཱུྃ༔ ཆོས་སྐུ་སྐྱེ་མེད་སྤྲོས་པའི་མཐའ་བྲལ་ཡང༔ ཐུགས་རྗེའི་དཀྱིལ་འཁོར་མ་འདྲེས་ཡོངས་རྫོགས་ཤར༔ གང་འདུལ་འགྲོ་བའི་སྡུག་བསྔལ་ཀུན་བསལ་ནས༔ སླར་ཡང་ཆོས་དབྱིངས་སྐྱེ་མེད་ཀློང་དུ་མུ༔ ཞེས་དཀྱིལ་འཁོར་བསྡུ་ཞིང་། ཡེ་ཤེས་ལྷ་ཚོགས་གནས་འདིར་བྱོན་པ་ལེགས༔ བདག་སོགས་འགྲོ་རྣམས་བསོད་ནམས་སྐལ་པར་ལྡན༔ དམིགས་མེད་སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༔ སླར་ཡང་ཐུགས་རྗེས་འབྱོན་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་མུ༔ ཞེས་བརྗོད་པས། རང་གི་སྙིང་གའི་འོད་ཀྱིས་ཕོག་པས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་གཞལ་ཡས་ཁང་ལྷ་དང་བཅས་པ་ལ་ཐིམ༔ དེ་ཡང་རིམ་བཞིན་ཐུགས་སྲོག་དྭངས་མའི་ཧྲཱིཿལ་ཐིམ༔ དེ་གྱེན་རྫོགས་མི་དམིགས་པའི་ངང་དུ་བསྡུས་ནས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཧྲཱི༔ བདག་ཉིད་སྒྱུ་མ་ཆུ་ཟླ་འཇའ་ཚོན་བཞིན༔ འགྲོ་བའི་དོན་ཕྱིར་ཐུགས་རྗེས་སྐུར་བཞེངས་ནས༔ སྟོང་ཉིད་སྙིང་རྗེའི་ཐུགས་རྗེ་ཟུང་འབྲེལ་བས༔ རྒྱུན་དུ་འགྲོ་བ་འདྲེན་པའི་སྤྱོད་ལམ་བྱའོ༔ ཞེས་སླར་ཡང་ཟུང་འཇུག་གཉུག་མའི་སྐུར་ལངས་ནས་ཐུན་མཚམས་ཀྱི་རྣལ་འབྱོར་ལ་འཇུག་གོ །བདུན་པ་བསྔོ་སྨོན་དང་ཤིས་བརྗོད་གཉིས་ལས། དང་པོ་ནི། ཨེ་མ་ཧོ༔ ཐོག་མའི་བྱམས་མགོན་ཀུན་བཟང་སྣང་མཐའ་ཡས༔ ཡེ་ཤེས་རིགས་ལྔ་ཐུགས་རྗེ་ཆེན་པོའི་ཚོགས༔ གང་ལ་གང་འདུལ་རང་བྱུང་སྤྲུལ་པའི་སྐུ༔ ཡབ་ཡུམ་འཁོར་བཅས་བདག་ལ་དགོངས་སུ་གསོལ༔ ཀུན་གཞི་མཐའ་བྲལ་མཁའ་ལྟར་ཡངས་པའི་ཀློང༔ ཀ་དག་ལྷུན་གྲུབ་རང་བྱུང་ཡེ་ཤེས་ཏེ༔ རང་ལ་ཡོད་ཀྱང་རང་ངོ་མ་ཤེས་པས༔ འཁོར་བར་འཁྱམས་པའི་སེམས་ཅན་སྙིང་རེ་རྗེ༔ བདེ་གཤེགས་བྱམས་མགོན་རྒྱལ་བ་སྲས་དང་བཅས༔ འོད་གསལ་འདུས་མ་བྱས་པའི་བདེན་སྟོབས་ཀྱིས༔ བདག་ལ་སངས་རྒྱས་ཡོན་ཏན་ཡོངས་རྫོགས་ནས༔ ཐུགས་རྗེའི་སྟོབས་ཀྱིས་འགྲོ་དོན་བྱེད་པར་ཤོག༔ བདག་གིས་འདི་ལྟར་བསགས་པའི་དགེ་བ་འདིས༔ མཐོང་ཐོས་དྲན་རེག་མྱོང་ཚོར་འབྲེལ་བ་ཡིས༔ འབད་རྩོལ་མི་དགོས་སྐད་ཅིག་འདི་ཉིད་ལ༔ སྐྱེ་འགྲོ་མ་ལུས་དུས་གཅིག་གྲོལ་བར་ཤོག༔ གྲོལ་ནས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང༔ འོད་དཔག་མེད་ཀྱི་བདུད་རྩི་ཐོབ་པ་དང༔ སྤྱན་རས་གཟིགས་ཀྱིས་དབུགས་དབྱུང་ལུང་བསྟན་ནས༔ འགྲོ་བའི་དོན་དུ་པད་འབྱུང་སྐུ་ཐོབ་ཤོག༔ ཅེས་དོན་ཏིག་ལས་བྱུང་བའི་བྱིན་རླབས་ཅན་སོགས་ཐེག་པ་ཆེན་པོའི་བསྔོ་སྨོན་སྤྱི་དང་། ཡང་སྙིང་འདུས་པ་གསུང་གི་དཀྱིལ་འཁོར་དུ། །དངོས་གྲུབ་མཐར་ཕྱིན་བསྒྲུབས་པའི་ཕྲིན་ལས་ཀྱིས། །མཁའ་མཉམ་འགྲོ་ཀུན་སྲིད་མཚོ་ལས་བསྒྲལ་ཏེ། །ཐུགས་རྗེ་ཆེན་པོའི་ས་ལ་འགོད་པར་ཤོག །ཅེས་སོགས་ཁྱད་པར་དུ་གདབ་བོ། །གཉིས་པ་ཤིས་བརྗོད་ནི། མེ་ཏོག་ཆར་དུ་བསྙིལ་ལ། ཧྲཱིཿ ཐུགས་རྗེ་ཆེན་པོ་ཡེ་ཤེས་ལྷ་ཡི་ལྷ། །སྣང་བ་མཐའ་ཡས་ཚེ་དབང་སྒྲུབ་པའི་གསུང་། །ཐུགས་མཆོག་རྟ་མགྲིན་སྒྲུབ་པའི་བར་ཆད་སེལ། །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །གསང་བ་ཡེ་ཤེས་སངས་རྒྱས་ཀུན་གྱི་ཡུམ། །ནོར་བུ་འཛིན་པ་ཐབས་ཀྱི་རང་བཞིན་ཏེ། །གསང་སྔགས་འཛིན་མ་ཤེས་རབ་གསལ་བའི་ཡུམ། །ཡབ་ཡུམ་སྲས་དང་བཅས་པའི་བཀྲ་ཤིས་ཤོག །རྒྱལ་བ་རིགས་དྲུག་སྐུ་དྲུག་དབྱིངས་སུ་རྫོགས། །སྤྲུལ་སྐུ་ཐུབ་དྲུག་འགྲོ་འདུལ་སྐྱེ་སྒོ་གཅོད། །དུས་གསུམ་སངས་རྒྱས་སྟོང་རྩ་ཐུགས་རྗེའི་བདག །བདེ་གཤེགས་རྒྱལ་བ་རྣམས་ཀྱི་བཀྲ་ཤིས་ཤོག །རིགས་བཞིའི་ཁྲག་འཐུང་ལོག་འདྲེན་བདུད་བཞི་འཇོམས། །འཁོར་གྱི་མཁའ་འགྲོས་སྒྲུབ་པའི་གྲོགས་མཛད་པ། །དམ་ཅན་རྒྱ་མཚོས་ཕྱི་ནང་བར་ཆད་སེལ། །དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །ཅེས་དང་། གཞན་ཡང་བཀྲ་ཤིས་པའི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད་པས་དགེ་ལེགས་སུ་བྱའོ། །སྤྱི་དོན་གསུམ་པ་མཐར་ཐུག་གྲུབ་མཐར་ལ་ཟླ་བའི་ཆོས་ལ་བདུན། ཤེས་བྱ་ལྟ་བའི་དོན། གནས་པ་སྒོམ་པའི་དོན། ཁྱེར་ཐབས་སྤྱོད་པའི་དོན། ཐག་ཆོད་འབྲས་བུའི་དོན། བརྟན་ཐོབ་དབང་གི་དོན། འདའ་དཀའ་དམ་ཚིག་གི་དོན། ལྷུན་གྲུབ་ཕྲིན་ལས་ཀྱི་དོན་ཏེ། དེ་དག་ཐུགས་ཁྲིད་གསལ་སྒྲོན་ལས་འབྱུང་བ་ལྟར་ཐོས་པས་གཏན་ལ་དབབ། བསམ་པས་ཡིད་གཉིས་ཕྲལ། བསྒོམ་པས་ཉམས་སུ་མྱང་སྟེ་ཚེ་འདི་ཉིད་ལ་ཐུགས་རྗེའི་དབང་ཕྱུག་གི་གོ་འཕང་མངོན་དུ་འགྱུར་བ་ལ་བརྩོན་ལྡན་དུ་བྱའོ། །ཆུ་ལྷའི་མངལ་དུ་ལྷུངས་པའི་ཉིན་བྱེད་བཞིན། །བསྟན་པའི་གཞུག་འདིར་ཡིད་བཞིན་ནོར་བུས་ཀྱང་། །མི་བསྒྲུན་དམ་ཆོས་སྙིང་པོ་འདི་ལྟ་བུ། །རྙེད་པ་ལྟ་ཅི་མཚན་ཙམ་ཐོས་པ་དཀའ། །འདི་རྙེད་ཕུར་ཚུགས་ཉམས་སུ་མི་ལེན་པར། །ཟབ་ཟབ་མང་པོས་འགྲམ་ཆུ་ལྡང་བ་ནི། །ཡི་དྭགས་གཏེར་སྲུང་བཞིན་དུ་དོན་ཆུང་བས། །དབེན་རིར་སྒྲུབ་པ་སྙིང་པོར་དྲིལ་བར་སྨོན། །བྱང་ཆུབ་སེམས་ཀྱི་ཏིང་འཛིན་རྩལ་ཆེན་རྫོགས། །ཐུགས་རྗེ་ཆེན་པོའི་དགོངས་སྤྱོད་ལྷུན་གྱིས་གྲུབ། །ཕྱོགས་མཐར་ཡི་གེ་དྲུག་པའི་ཕྲིན་ལས་ཀྱིས། །འཁོར་བ་མ་སྟོངས་བར་དུ་དོན་བྱེད་ཤོག །ཅེས་པའང་རིགས་ཀུན་ཁྱབ་བདག་བརྩེ་བ་ཆེན་པོའི་བཀའ་ཡིས་རྗེས་སུ་གནང་ཞིང་། ཉེ་ཆར་རིག་འཛིན་བླ་མ་དམ་པ་དཀོན་མཆོག་བསྟན་འཛིན་གྱིས་རིན་ཆེན་གཉིས་པའི་མེ་ཏོག་བཅས་བསྐུལ་མ་གནང་བས། གཏེར་གཞུང་རྡོ་རྗེའི་གསུང་དང་སངས་རྒྱས་དྭགས་སྟོན་ཆེན་པོའི་སྤར་ཁབ་སོགས་རྩ་བར་བཟུང་། རྩ་སྒྲུབ་གཙུག་གི་ནོར་བུའི་དགོངས་དོན་ཀཿཐོག་པ་ཡབ་སྲས་ཀྱི་ཕྱག་བཞེས་ས་བཅད་ཀྱིས་ཟུར་བརྒྱན། མཁན་ཆེན་ཨོ་ཌཱི་ཡ་ནའི་ལྗགས་བསྒྲིགས་བཀླག་ལུང་མ་བཞུགས་སྟབས་ལེགས་ཆ་ཙམ་བཏུས་ཏེ་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ། ཡིག་དྲུག་སྨྲ་བ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་བསྒྲིགས་པ། འགལ་འཁྲུལ་གང་མཆིས་ཚེ་རབས་ཀྱི་སྡིག་དང་ལྷན་ཅིག་ཏུ་བཤགས་ཤིང་། དགེ་བས་ཆོས་འདིའི་བསྟན་པ་ནམ་མཁའི་མཐར་ཁྱབ་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།
བཀའ་བརྒྱད་གསང་རྫོགས་ལས་བྱང་སྐོང་ཟློག་ཤིན་ཏུ་བསྡུས་པ་ (Volume 15, Text 2)
༄༅། །བཀའ་བརྒྱད་གསང་རྫོགས་ལས་བྱང་སྐོང་ཟློག་ཤིན་ཏུ་བསྡུས་པ་བཞུགས་སོ། ། བཀའ་བརྒྱད་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་ནས། །ལས་བྱང་སྐོང་བཟློག་ཤིན་ཏུ་བསྡུས་པ་ནི། །རང་གཞན་ཉེར་མཁོའི་དོན་དུ་བྲི་བ་ལ། །ཡི་དམ་མཁའ་འགྲོས་བཀས་གནང་བྱིན་གྱིས་རློབས། །དེ་ལ་གོང་གཏོར་དང་། ཚོགས་མཆོད། ཟློག་གཏོར་སོགས་ཕྱག་ལེན་ལྟར་བཤམས་ལ། སྐྱབས་སེམས་ཚོགས་གསོག་ནི། ཚིག་བདུན་གསོལ་འདེབས་སྔོན་དུ་འགྲོ་བས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ལན་གསུམ་བྱ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །སྔོན་འགྲོའི་ལས་བདུན་ནི། ཧཱུྃ༔ རྒྱལ་བ་ཞི་ཁྲོ་ཡོངས་རྫོགས་དཀྱིལ་འཁོར་དུ༔ སྣང་སྲིད་རྣམ་དག་ཡེ་ཤེས་ལྷ་ཡི་ཚོགས༔ ཀུན་བཟང་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ རིག་རྩལ་རྣམ་དག་ཐབས་ཤེས་གཡུང་དྲུང་ལྷ༔ འདི་ལ་ལོག་པར་ལྟ་བའི་དགྲ་དང་བགེགས༔ བདུད་སྡེ་དཔུང་བཅས་ཐམས་ཅད་ཕྱིར་དེངས་ཤིག༔ ཨོཾ་སུམྦྷ་སོགས། ཧཱུྃ༔ བདག་ཉིད་དཔལ་ཆེན་ཁྲག་འཐུང་ཐུགས་ཀ་ནས༔ དྲག་པོའི་བྱིན་རླབས་མཚོན་ཆ་གུར་ཁང་འབར༔ དྲེགས་པ་ལྷ་ཆེན་ཕྱོགས་སྐྱོང་བསྣོལ་བའི་སྟེང༔ ཆེ་མཆོག་ལྷ་ཚོགས་ཧཱུྃ་སྒྲོག་བར་ཆད་སེལ༔ ཨོཾ་བཛྲ་ཙཀྲ་ཏིཀྵྞ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ སྣང་སྲིད་ཐམས་ཅད་བདེ་ཆེན་གཞལ་ཡས་ཁང༔ རང་གསལ་ཡེ་ཤེས་འཆར་སྒོ་ད་ཕྱེས་ཤིག༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ རང་གསལ་བརྡ་ཡིས་དོན་དམ་མཇལ་ཕྱག་འཚལ༔ ཧཱུྃ་ཧེ་རུ་ཀ་ཨ་ཏི་པཱུ་ཧོ་པྲ་ཏཱིཙྪ་ཧོ༔ སྲོག་གི་ཕྱིར་ཡང་མི་གཏོང་སྒྲུབ་ལགས་སོ༔ ཧཱུྃ་ཙིཏྟ་བཛྲ་ས་མ་ཡེ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང༔ ལོངས་སྐུ་རིགས་ལྔ་ཞི་ཁྲོ་འཁོར་དང་བཅས༔ སྤྲུལ་སྐུ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཐུགས་དམ་དབང་གིས་འདིར་གཤེགས་བྱིན་ཆེན་ཕོབ༔ ཨོཾ་ཤྲཱི་བཛྲ་དྷཱ་ར་དེ་བ་སརྦ་དུཥྚཱན་དྷཱ་ཀི་ནཱི་ས་མ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧཱུྃ༔ རང་དང་གཉིས་མེད་ལྷ་ཚོགས་ལ༔ མར་མེ་སྨན་གཏོར་རཀྟ་དང༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས༔ ཐུགས་དམ་བསྐང་ཕྱིར་འབུལ་གྱིས་བཞེས༔ ཨོཾ་ཨཱཿཧཱུྃ་བཛྲ་པུཥྤེ་དྷཱུཔྤེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་བ་ལིངྟ་རཀྟ་མ་ཧཱ་པཱུ་ཛ་ས་མ་ཡེ་སྭཱ་ཧཱ༔ ཡི་གེ་བརྒྱ་པས་བཤགས་པ་བྱའོ། །དངོས་གཞི་ནི། ཧཱུྃ༔ སྤྲོས་མེད་ཡང་དག་དེ་བཞིན་ཉིད༔ དེ་བཞིན་ཀུན་ཁྱབ་ཀུན་ཏུ་སྣང༔ ཆོས་རྣམས་རང་བྱུང་རྟེན་འབྲེལ་ཏེ༔ ཧཱུྃ་ནི་ཐམས་ཅད་སྐྱེད་པའི་རྒྱུ༔ བསྐལ་པ་གསུམ་གྱིས་འཇིག་རྟེན་སྟོང༔ སྣོད་བཅུད་སྦྱང་ཕྱིར་འབྱུང་རིམ་བརྩེགས༔ རྣམ་དག་ཡུམ་ལྔའི་མཁའ་ཀློང་གསལ༔ ཨོཾ་ཨཱཿཧཱུྃ་ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ༔ བྷྲཱུྃ་ཧཱུྃ༔ བྷྲཱུྃ་ལས་ཡེ་ཤེས་གཞལ་ཡས་ཁང༔ དུར་ཁྲོད་རབ་འཇིགས་དཀྱིལ་འཁོར་བསྐྱེད༔ ཟླ་གམ་ཡེ་ཤེས་འཆར་སྒོའི་དབུས༔ ཆོས་སྐུ་མི་འགྱུར་ཨེ་རུ་གསལ༔ བྷནྡྷ་སྐམ་རློན་ཐོད་ཕྲེང་བརྩེགས༔ རིན་ཆེན་མཛེས་པའི་དཀྱིལ་འཁོར་དགུ༔ འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས༔ གྲུ་ཆད་བར་ཁྱམས་སྒོ་ཁྱུད་སོགས༔ ཕྱི་ནང་མེད་པར་ཀུན་ཏུ་གསལ༔ རང་བྱུང་ལྷུན་གྲུབ་ངོ་མཚར་ཆེ༔ དྲེགས་པ་པདྨ་ཉི་ཟླའི་གདན༔ གཙོ་དང་འཁོར་བཅས་མཚན་པར་གསལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བྷཉྫ་ཛྙཱ་ན་ཨེ་ཙཀྲ་མ་དྷ་ལ་བྷྲཱུྃ༔ རུ་ཏྲ་ཀྲོ་དྷི་ཏི་ར་བཾ༔ མ་སཱུརྻ་མ་དྷ་ལ༔ ཨ་ཙནྡྲ་མ་དྷ་ལ༔ པཾ་པདྨ་མ་དྷ་ལ༔ ཧཱུྃ༔ རྒྱུ་ཡི་ཡི་གེ་གདན་ལ་བབས༔ སྤྲོ་བསྡུའི་སྦྱོར་བས་དཔལ་ཆེན་སྐུ༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཞབས་བཞི་གྱད་ཀྱི་དོར་སྟབས་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་ཧཱུྃ༔ སྤྱན་དགུ་ཞལ་བསྒྲད་མཆེ་བ་གཙིགས༔ གཡས་ཀྱི་ཕྱག་གསུམ་རྡོ་རྗེ་གདེངས༔ གཡོན་གྱི་ཕྱག་གསུམ་བྷན་དམར་བསྣམས༔ དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན༔ གནམ་ཞལ་ཡུམ་ཆེན་ཀུན་བཟང་སྦྱོར༔ གཡས་པས་གཙོ་འཁྱུད་ཁ་ཊྭཱཾ་བསྣམས༔ གཡོན་པས་དུང་དམར་གཙོ་ལ་སྟོབ༔ ཡབ་ཡུམ་སྦྱོར་བའི་བྱིན་རླབས་ཀྱིས༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ བསྐལ་པའི་མེ་དཔུང་དབུས་ན་བཞུགས༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ་མ་ཧཱ་ཀྲོ་དྷིི་ཤཱ་རཱི་སཏྭམ༔ ཧཱུྃ༔ དཔལ་ཆེན་ཡབ་ཡུམ་ཐུགས་ཀ་ནས༔ ཕྱོགས་བཞི་མཚམས་བཞིའི་དཀྱིལ་འཁོར་དུ༔ མཐིང་ནག་ཧཱུྃ་གི་ཡིག་འབྲུ་སྤྲོས༔ ཁྲག་འཐུང་ཡབ་ཡུམ་འཁོར་བཅས་བསྐྱེད༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ རྒྱུ་ལས་སྐྱེད་པའི་སྔགས་བརྗོད་པས༔ ཁྲོ་རྒྱལ་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ བསྐལ་པའི་མེ་ལྟར་འབར་ཀློང་ནས༔ རང་བྱུང་ཡེ་ཤེས་ཁྲོ་ཚོགས་ཤར༔ ཤར་དུ་བཛྲ་ཧེ་རུ་ཀ༔ ལྷོ་རུ་འཇམ་དཔལ་གཤིན་རྗེ་གཤེད༔ ནུབ་ཏུ་དབང་ཆེན་རྟ་མཆོག་དཔལ༔ བྱང་དུ་རྡོ་རྗེ་གཞོན་ནུ་ཆེ༔ ཤར་ལྷོར་བླ་མེད་ཧེ་རུ་ཀ༔ ལྷོ་ནུབ་རིག་འཛིན་ཐོད་པ་རྩལ༔ ནུབ་བྱང་དྲེགས་པ་ཀུན་འདུལ་ཆེ༔ བྱང་ཤར་སྟོབས་ལྡན་ནག་པོ་སྟེ༔ ཉི་མ་དང་ནི་འོད་ཟེར་བཞིན༔ དཔལ་ཆེན་སོ་སོའི་སྤྲུལ་འཁོར་བཅས༔ ཕྱི་རོལ་སྒོ་བ་རིགས་བཞི་དང༔ མཁའ་འགྲོ་དབང་ཕྱུག་གིང་ལང་ཀ༔ འབར་མ་མ་སྲིང་བཀའ་སྡོད་ཚོགས༔ བསམ་གྱིས་མི་ཁྱབ་ཡོངས་རྫོགས་གཏིབས༔ སྐུ་གསུང་ཐུགས་སུ་བྱིན་རློབས་ལ༔ ཡེ་ཤེས་ལྔ་ཡི་དབང་སྐུར་ཅིག༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ མ་ཧཱ་མུ་དྲ་ས་མ་ཡ་ཧོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་སྭཱ་ཧྲཱིཿཧཱ༔ ཧཱུྃ༔ རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ ཞི་ཁྲོ་ཡོངས་རྫོགས་སྐུ་བཞེངས་ཤིག༔ སྲིད་གསུམ་གདུག་པའི་ཚོགས་བསྒྲལ་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཨེ་ཧྱེ་ཧི་ས་མ་ཡ༔ ཛཿཧཱུྃ་བཾ་ཧོ༔ ཧྲཱིཾ་ཧྲཱིཾ་ཛ༔ ཧཱུྃ༔ བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་འདིར༔ དམ་ཚིག་ཡེ་ཤེས་དབྱེར་མེད་པར༔ ཆུ་ལ་ཆུ་བཞག་ཇི་བཞིན་དུ༔ དུ་མ་རོ་གཅིག་བརྟན་པར་བཞུགས༔ ས་མ་ཡ་ཨཱ་བེ་ཤ་ཡ་ཏིཥྛ་ལྷན༔ ཧཱུྃ༔ ཆོས་རྣམས་རང་བཞིན་ཡེ་ནས་དག༔ རྟོག་འཁྲུལ་འཇིག་རྟེན་སེམས་ཅན་ལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྟོན༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏིཙྪ་ཧོ༔ ན་མ་ཧྲཱིཾ༔ ཧཱུྃ༔ དཔལ་ཆེན་ཡོངས་རྫོགས་ལྷ་ཚོགས་ལ༔ ཕྱག་རྒྱ་གར་གྱི་མཆོད་པ་འབུལ༔ ཡེ་ཤེས་གླུ་བྲོའི་མཆོད་པ་འབུལ༔ ཉེར་སྤྱོད་ཕྱི་ཡི་མཆོད་པ་འབུལ༔ འདོད་ཡོན་ནང་གི་མཆོད་པ༴ དུག་ལྔ་གསང་བའི་མཆོད་པ༴ དུག་གསུམ་ཤ་ཁྲག་རུས་མཆོད་འབུལ༔ བདུད་རྩི་སྨན་གྱི་མཆོད་པ༴ དམ་རྫས་གཏོར་མའི་མཆོད་པ༴ རཀྟ་དམར་གྱི་མཆོད་པ༴ ཛ་གད་ཕུད་ཀྱི་མཆོད་པ༴ སྦྱོར་སྒྲོལ་མཆོག་གི་མཆོད་པ་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་བཛྲ་པུཥྤེ་དྷཱུཔྤེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཻ་ཤབྡ་སརྦ་པཱུ་ཛ་ས་མ་ཡེ་ཧཱུྃ༔ མ་ཧཱ་པཉྩ་ཨ་མྲྀཏ་བྷ་ལིངྟ་རཀྟ་ཁ་ཁ་ཁཱ་ཧི༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ སྐྱེ་འགག་གཉིས་མེད་ངང་ཉིད་ལས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྡན༔ འགྲོ་བ་འདུལ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཆེ་མཆོག་སྐུ་ནི་གཤིན་རྗེ་གཤེད༔ ཆེ་མཆོག་གསུང་ནི་རྟ་མགྲིན་དབང༔ ཆེ་མཆོག་ཐུགས་ནི་དཔལ་རྡོ་རྗེ༔ ཆེ་མཆོག་ཡོན་ཏན་ཡོངས་རྫོགས་ཉིད༔ ཆེ་མཆོག་ཕྲིན་ལས་ཀཱི་ལ་ཡ༔ ཆེ་མཆོག་རྦོད་གཏོང་མ་མོའི་གཙོ༔ ཆེ་མཆོག་རིག་འཛིན་རིགས་ཀྱི་གཙོ༔ ཆེ་མཆོག་ཕོ་ཉ་དྲེགས་པའི་གཙོ༔ ཆེ་མཆོག་དམོད་པ་དྲག་སྔགས་གཙོ༔ ཆེ་མཆོག་སྤྲུལ་པ་སྲས་མཆོག་གཙོ༔ ཆེ་མཆོག་བཀའ་སྡོད་དམ་ཅན་གཙོ༔ ཡོངས་རྫོགས་དཔལ་ཆེན་འཁོར་བཅས་གཙོ༔ ཡེ་ནས་རང་དང་གཉིས་མེད་ཕྱིར༔ གཉིས་མེད་གུས་པས་ཕྱག་འཚལ་བསྟོད༔ ཡི་གེ་བརྒྱ་པ་བརྗོད་ཅིང་བཤགས་པ་བྱའོ། །བཟླས་པ་ནི། ཧཱུྃ༔ གསང་བ་ཡོངས་རྫོགས་དཀྱིལ་འཁོར་དུ༔ ཆེ་མཆོག་དཔལ་དགུའི་ལྷ་ཚོགས་རྣམས༔ ཡབ་ཡུམ་གར་དགུའི་ཉམས་དང་ལྡན༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་རྫོགས༔ ཛཔ྄་ཀྱིས་སྐུ་གསུང་ཐུགས་རྒྱུད་བསྐུལ༔ ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་གང༔ བསྡུས་པས་ཡུམ་གྱི་མཁའ་ལ་འཁྱིལ༔ གསང་བའི་སྦུབས་ནས་ཐུགས་ཀར་ཐིམ༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་གཏོང་ངོ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷཱ་པདྨ་ཀྲོ་དྷཱི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཅེས་སྤྱི་དྲིལ་དྲག་སྔགས་སོ་ལྔ་པ་བཟླས། སྟོང་ཕྲག་རེའི་མཚམས་སུ། ཧཱུྃ༔ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས༔ ཕྱི་ནང་གསང་མཆོད་ཛཔ྄་བསྙེན་འབུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་བཤགས༔ མ་ཧཱ་ཨ་མྲྀཏ་རཀྟ་བྷ་ལིངྟ་ཁཱ་ཧི༔ ཞེས་སྟོང་ཚིགས་ཀྱི་མཆོད་བསྟོད་འབུལ། ཚོགས་ལས་ནི། ཚོགས་བདུད་རྩིས་བྲན། ཨོཾ་ཨུ་ཙུསྨ་བཻ་ཏ་ལཱི་ཀྲོ་དྷ་ནི་སརྦ་དྲ་བྱཾ་ཤྭ་དྷཱ་ཡ་སྭཱ་ཧཱ༔ ཧཱུྃ༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ ཆོས་རྣམས་ཐམས་ཅད་སྒྱུ་མར་རིག༔ རིག་པའི་ཡེ་ཤེས་རཾ་ཡཾ་ཁཾ༔ ཚོགས་ཀྱི་དངོས་པོ་བསྲེག་གཏོར་བཀྲུས༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ ཞི་ཁྲོ་ཡོངས་རྫོགས་སྐུ་བཞེངས་ཤིག༔ སྲིད་གསུམ་གདུག་པའི་ཚོགས་བསྒྲལ་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཧྱེ་ཧི་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཧྲཱིཾ་ཧྲཱིཾ་ཛ༔ ཚོགས་ཕུད་འབུལ་ལ། ཧཱུྃ༔ བླ་མེད་མཆོག་གི་མཆོད་སྦྱར་བ༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ འདོད་ཡོན་ལྷ་མོས་རབ་བརྒྱན་འབུལ༔ དམ་བསྐངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ བར་པ་བཤགས་པ་ནི། ཧཱུྃ༔ མ་རིག་བདག་ཅག་ལུས་ངག་སེམས༔ བག་མེད་དམ་འགལ་འབྱོར་ཚོགས་ཆུང༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ ཐུགས་དམ་འགལ་འཁྲུལ་བཟོད་པར་གསོལ༔ ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ ས་མ་ཡ་ཧོ༔ ཚོགས་ཐ་མ་དང་ལིངྒ་བཤམས་ལ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ༔ བསྒྲལ་བའི་ཞིང་བཅུ་ཚང་བ་དང༔ རྣལ་འབྱོར་བདག་ལ་འཚེ་བྱེད་པའི༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ ཐམས་ཅད་གནས་འདིར་མྱུར་དུ་ཁུག༔ དགྲ་བགེགས་ནྲི་ཏྲི་བཛྲ་ཨངྒུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷཱཎྜེ་ཧོ༔ བཛྲ་པྲ་ཝེ་ཤ་ཡ་ཕཊ༔ བཛྲ་ཨཱ་བེ་ཤ་ཡ་ཨཱ༔ ཞེས་དགུག་གཞུག་དབྱེ་བསྟིམ་དྲག་ཏུ་བྱ། ཕུར་བུ་ཐོགས་ལ། ཧཱུྃ༔ ང་ནི་ཡོངས་རྫོགས་ཧེ་རུ་ཀ༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ དཔལ་ཆེན་ལྷ་ཚོགས་དུས་ལ་བབས༔ གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུ་བསྣམས༔ ལྕགས་ཀྱུས་ཟུངས་ལ་ཕུར་པས་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློགས༔ དྲག་སྔགས་སོ་ལྔ་པའི་མཐར། དགྲ་བགེགས་ནྲི་ཏྲི་ཤ་ཏྲཱུཾ་ཧུར་ཐུཾ་ཛ་ནྲི་ཏྲི་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བསྒྲལ་བའི་ལིང་རོ་ཤ་ཁྲག་དང་སྦྱར་བ་ཕུལ་ལ། ཧཱུྃ༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་ཞལ་ཕྱེས་ཤིག༔ བག་ཆགས་ཀུན་སྦྱང་འཁོར་བའི་ལམ་དགག་ཕྱིར༔ དགྲ་བགེགས་བསྒྲལ་པའི་དུག་གསུམ་ཤ་ཁྲག་འདི༔ ཟ་བྱེད་མི་འགྱུར་ཆོས་ཉིད་ཀློང་དུ་རོལ༔ བཛྲ་ཡཀྴ་ཀྲོ་དྷ་ཛྭ་ལ་ཁ་རཾ་ཁཱ་ཧི༔ སྐོང་བ་ནི། སྐོང་རྫས་རྣམས་སྔགས་དྲུག་ཕྱག་དྲུག་གམ་ནམ་མཁའ་མཛོད་ཀྱིས་བྱིན་བརླབས་ལ། ཧཱུྃ༔ ཞི་ཁྲོ་རྒྱལ་བ་ཡོངས་རྫོགས་ལྷ༔ འགྲོ་ལ་ཕན་མཛད་ཐུགས་རྗེའི་བདག༔ སེམས་ཅན་ཀུན་གྱི་གཉེན་གཅིག་པོ༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ ཧཱུྃ༔ ཤར་ནས་བཛྲ་ཨཀྵོ་བྷྱ༔ རྡོ་རྗེ་རིགས་ཀྱི་ཐུགས་དམ་ལས༔ ཞེ་སྡང་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ ཧཱུྃ༔ ལྷོ་ནས་རཏྣ་སམ་བྷ་ཏྲཱཾ༔ རིན་ཆེན་རིགས་ཀྱི་ཐུགས་དམ་ལས༔ ང་རྒྱལ་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ ཧཱུྃ༔ ནུབ་ནས་པདྨ་དྷེ་བ་ཧྲཱི༔ པདྨ་རིགས་ཀྱི་ཐུགས་དམ་ལས༔ འདོད་ཆགས་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ ཧཱུྃ༔ བྱང་ནས་ཨ་མོ་གྷ་སིདྡྷི༔ ལས་ཀྱི་རིགས་ཀྱི་ཐུགས་དམ་ལས༔ ཕྲག་དོག་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ ཧཱུྃ༔ དབུས་ནས་བཻ་རོ་ཙ་ན་ཨོཾ༔ དེ་བཞིན་རིགས་ཀྱི་ཐུགས་དམ་ལས༔ གཏི་མུག་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ ཞེས་དང་ཡི་གེ་བརྒྱ་པའི་བཤགས་པ་སྔོན་དུ་འགྲོ་བས། ཧཱུྃ༔ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བཞི་བཅུ་རྩ་གཉིས་ལྷ་ཚོགས་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་སྤྱན་འདྲེན་གཤེགས་སུ་གསོལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་རྟེན་གྱིས་བཞུགས༔ གཉིས་སུ་མེད་པར་ཕྱག་འཚལ་མཆོད་པ་འབུལ༔ ཐུགས་དམ་སྐོང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང༔ སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ༔ སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང༔ ཐུགས་དམ་གཉན་པོ་སྐོང་བའི་དམ་རྫས་ནི༔ རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད་རྩི་དང༔ ཁྱད་པར་རྨད་དུ་བྱུང་བའི་གཏོར་མ་དང༔ འཁོར་བ་རྒྱུ་ལས་བསྒྲལ་བའི་རཀྟ་དང༔ རྣམ་དག་རྒྱུ་བསྒྲལ་བམ་ཆེན་རྫས་མཆོག་དང་། འབྲུ་བཅུད་སྟོང་ལ་སྦྱར་བའི་ཛ་གད་དང༔ ཕྱི་ནང་མཆོད་པ་ཚོགས་ཀྱི་ཡོ་བྱད་ཀྱིས༔ བསྐང་ངོ་བསྐལ་པར་ཐུགས་དམ་གཉན་པོ་བསྐང༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་མཛོད། ཚེ་དབང་བསོད་ནམས་ལོངས་སྤྱོད་རྒྱས་པར་མཛོད༔ ཁམས་གསུམ་སྲིད་གསུམ་གདུལ་བྱ་དབང་དུ་སྡུས༔ གནོད་བྱེད་དགྲ་བགེགས་འབྱུང་པོ་ཚར་ཆོད་ཅིག༔ ཧཱུྃ༔ ཆེ་མཆོག་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ སུམ་ཅུ་རྩ་གཉིས་ལྷ་ཚོགས་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་སོགས་གོང་ལྟར་འགྲེ །ཧཱུྃ༔ ཡང་དག་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ ལྔ་བཅུ་རྩ་བརྒྱད་ལྷ་ཚོགས་ཐུགས་དམ་ཅན༔ མི་མངོན་སོགས། ཧཱུྃ༔ གཤིན་རྗེ་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ ལྔ་བཅུ་རྩ་བཞིའི་ལྷ་ཚོགས་ཐུགས་དམ་ཅན༔ མི་མངོན་སོགས། ཧཱུྃ༔ པདྨ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ དྲུག་ཅུ་རྩ་གསུམ་ལྷ་ཚོགས་ཐུགས་དམ་ཅན༔ མི་མངོན་སོགས། ཧཱུྃ༔ ཕུར་པ་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ བདུན་བཅུ་རྩ་གཉིས་ལྷ་ཚོགས་ཐུགས་དམ་ཅན༔ མི་མངོན་སོགས། ཧཱུྃ༔ མ་མོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ བདུན་བཅུ་རྩ་གཉིས་ལྷ་ཚོགས་ཐུགས་དམ་ཅན༔ མི་མངོན་སོགས། ཧཱུྃ༔ རིག་འཛིན་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ ཉི་ཤུ་རྩ་དྲུག་ལྷ་ཚོགས་ཐུགས་དམ་ཅན༔ མི་མངོན་སོགས། ཧཱུྃ༔ འཇིག་རྟེན་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ སུམ་ཅུ་རྩ་གཉིས་ལྷ་ཚོགས་ཐུགས་དམ་ཅན༔ མི་མངོན་སོགས། ཧཱུྃ༔ དྲག་སྔགས་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ ཉི་ཤུ་རྩ་བརྒྱད་ལྷ་ཚོགས་ཐུགས་དམ་ཅན༔ མི་མངོན་སོགས། ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་བར་ཁྱམས་ཁོར་ཡུག་ནས༔ དཔལ་གྱི་བཀའ་སྲུང་ཡོངས་རྫོགས་མཐུ་རྩལ་ཅན༔ སོ་སོའི་གནས་ནས་སྤྱན་འདྲེན་གཤེགས་སུ་གསོལ༔ དཀྱིལ་འཁོར་ཆེན་པོའི་བར་ཁྱམས་བརྟན་པར་བཞུགས༔ གཉིས་མེད་གུས་པས་བསྟོད་ཅིང་མཆོད་པ་འབུལ༔ ཐུགས་དམ་སྐོང་གྱུར་སོ་སོའི་ཕྲིན་ལས་མཛོད༔ ཧཱུྃ༔ བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང༔ ཅེས་སོགས་སྔར་ལྟར་འགྲེས། དེ་ནས་བཟློག་པའི་ཕྲིན་ལས་གསོལ་བ་ནི། ཐལ་མོ་བརྡབ་ཅིང་། ཧོ༔ དེ་ལྟར་བསྐངས་བསྐང་གསོལ་གསོལ་ནས༔ ད་ནི་འདི་ལྟར་བཟློག་ཏུ་གསོལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ཡས་ཀྱི་བདུད་ཁ་གཡོས་པ་ཟློག༔ མས་ཀྱི་སྲི་རུ་ལྡང་བ་ཟློག༔ ཕ་ཚན་ནང་གི་རྒྱབ་འདྲེ་ཟློག༔ དར་ཚན་ནང་གི་སྟོང་འདྲེ་ཟློག༔ གཡས་ནས་ཕོ་བརྒྱས་མདའ་བདར་ཟློག༔ གཡོན་ནས་མོ་བརྒྱས་དུག་གཡོས་ཟློག༔ རྒྱབ་ནས་མི་གསུམ་གྲོས་བྱེད་ཟློག༔ མདུན་ནས་རྟ་གསུམ་སྲབ་འཆའ་ཟློག༔ འུག་པ་སྤང་ལ་དགོད་པ་ཟློག༔ སྲིན་བྱ་གད་ཁར་འབོད་པ་ཟློག༔ ལོག་ལ་ཝ་སྤྱང་བརྒྱལ་བ་ཟློག༔ སྲོད་ལ་ཁྱིམ་བྱ་འཚེར་བ་ཟློག༔ ཐོ་རངས་སྒོ་ཁྱི་ངུ་བ་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ བན་བོན་ངན་པའི་སྔགས་ཟོར་ཟློག༔ ལོ་ཀག་ཟླ་ཀག་ཀིང་ཀང་ཟློག༔ གློ་བུར་བརྒྱད་ཅུ་རྩ་གཅིག་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་ཟློག༔ དུས་མིན་འཆི་བ་བཅོ་བརྒྱད་ཟློག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་ཟློག༔ རྩིས་བྱས་རྡེ་འུ་ནག་པ་ཟློག༔ མོ་ངན་རྨི་ལམ་ངན་པ་ཟློག༔ མི་ནག་སྐྱེ་བོའི་ཡ་ག་ཟློག༔ བྲན་འཁོར་ངན་པའི་དམོད་མཆུ་ཟློག༔ ཕོ་བདུད་དེ་ནི་གཡས་སུ་བྷྱོ༔ མོ་བདུད་དེ་ནི་གཡོན་དུ་བྷྱོ༔ སྤྱི་བདུད་དེ་ནི་མཁའ་ལ་བྷྱོ༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ངན་པ་ཐམས་ཅད་སྡང་བའི་དགྲ་དང་གནོད་པའི་བགེགས་ལ་བྷྱོ་བྷྱོ༔ ཟློག་ཟློག༔ དྲག་སྔགས་དང་། བདུད་པྲ་མཱ་ར་ཡ་རྦད་ནན༔ ར་ཙ་དུན་ལིང་ཤག་རྦད་ནན༔ ཁ་ལ་ཛ་མ་ལིང་རྦད་ནན༔ ཤིག་ཤིག་དུམ་དུམ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནན༔ རྨུགས་རྨུགས་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཞེས་བཟླ། ཅུང་ཟད་རྒྱས་པར་བྱེད་ན་ཟློག་བྱང་འདི་དཔལ་དང་བཀའ་སྡོད་བཅས་ཐམས་ཅད་ཀྱི་སྐོང་བའི་མཐར་་་་་རྣལ་འབྱོར་བདག་ཅག་འཁོར་བཅས་ལ་སོགས་མན། མཆན། སྦྱར་རོ། །དེ་ནས་ལྷག་མ་ནི། ཧཱུྃ༔ དཔལ་གྱི་བཀའ་ཉན་ལྷག་སྡུད་མ༔ མཁའ་འགྲོ་ཤུགས་འགྲོ་དབང་ཕྱུག་དང༔ གིང་དང་འབར་མ་ལངྐའི་ཚོགས༔ ཤ་ཁྲག་དམར་གཏོར་འདི་བཞེས་ལ༔ སྔོན་ཚེ་དཔལ་ཆེན་བཀའ་ལུང་བཞིན༔ ད་ལྟ་རྣལ་འབྱོར་བདག་ཅག་གི༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་ཨཱཿཧཱུྃ་ཨུཙྪིཥྚ་བཛྲ་ཨ་དྷིཥྛ་ས་མུ་དྲ་ཀྲཱ་མ་ས་མ་ཡ་ཧཱུྃ་ཕཊ༔ ཆད་མདོ་ནི། ཧཱུྃ༔ སྔོན་ཚེ་བར་དང་ཐ་མ་ལྔ་བརྒྱའི་དུས༔ དགོངས་བརྡ་སྙན་བརྒྱུད་བདེ་གཤེགས་རིག་འཛིན་གྱི༔ སྤྱན་སྔར་གནས་ཡུལ་མ་མོ་མཁའ་འགྲོ་དང༔ སྲུང་མ་དམ་ཅན་དྲེགས་པའི་ཚོགས་རྣམས་ཀྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཅོལ་པའི་ཕྲིན་ལས་མཛད་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ ཟོར་འཕང་བ་ནི། ཧཱུྃ༔ མ་ཉེས་དཔང་དུ་དཀོན་མཆོག་བཞུགས༔ དགྲ་བགེགས་མ་གཏོགས་སྐུ་ཟུར་ཅིག༔ བཀའ་བརྒྱད་ལྷ་ཚོགས་དམག་དཔུང་སྐྱེད༔ དགྲ་བགེགས་སྙིང་ལ་གཏོར་ཟོར་རྒྱོབ༔ ཨོཾ་བཛྲ་སརྦ་དུཥྚཱན་ཏྲིག་ནན་ཨེ་ཧུར་ཐུཾ་ཛ་དགྲ་བགེགས་ནྲི་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་བྷྱོ་བྷྱོ༔ ཞེས་འཕང་། བརྟན་མ་ནི། བྷྱོ༔ བརྟན་མ་སྐྱོང་མཛད་མ་དང་སྲིང༔ དཔལ་གནས་མ་དང་ཡང་དག་ཤེས༔ ཁྱུང་བཙུན་ཀོང་ལྷ་གཡུ་བུན་མ༔ མེ་ཏོག་ཟླ་འོད་བྱང་རྒྱལ་མ༔ གསེར་ཐང་ཀུན་བཟང་ཤཱནྟིཾ་དཔལ༔ ཀླུ་མོ་གཟི་འབར་ལ་སོགས་པ༔ བརྟན་མ་བཅུ་གཉིས་གཏོར་མ་ལོངས༔ མི་མཐུན་གནོད་པའི་རྐྱེན་རྣམས་ཟློག༔ ཧཱུྃ་བཛྲ་ཨ་མྲྀཏ་ཁཱ་ཧི༔ མ་མ་ཧྲཱིཾ་མ་མ་ཧྲཱིཾ་ཁཱ་ཧི་ཁཱ་ཧི༔ བྲོ་བརྡུང་བ་ནི། གཏོར་གཞོང་ཁ་སྦུབས་ལ། ཧཱུྃ༔ དཔལ་ཆེན་འཁོར་བཅས་རོལ་པའི་བྲོ༔ དགྲ་བགེགས་དམ་སྲིའི་སྟེང་དུ་བརྡུང༔ དགྲ་བགེགས་དུམ་བུ་ཕྱེ་མར་བཏང༔ རུ་དྲ་དམ་སྲི་རྡུལ་དུ་རློག༔ ཧཱུྃ་སཏྭམ་བྷ་ཡ་ནན༔ སླར་གཏོར་གཞོང་སྨན་ཕུད་དང་འབྲུ་སྣས་བཀང་ལ། བྷྲཱུྃ་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་བརྗོད། རྗེས་ཆོག་ནི། མཆོད་བསྟོད་རྒྱས་བསྡུས་གང་རིགས་གཏོང་རག་ཏུ་ཕུལ། སྐུ་གསུང་ཐུགས་ཀྱི་ལྷག་ཆད་སྐོང་བའི་ཕྱིར་ཨཱ་ལི་ཀཱ་ལི་དང་ཡི་གེ་བརྒྱ་པ་བཟླ། རྟེན་ཡོད་ན་བརྟན་བཞུགས་བྱ། བསྡུ་རིམ་ནི། ཧཱུྃ༔ དང་པོ་ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ འགྲོ་དོན་སྐྱེ་བའི་ཆོ་འཕྲུལ་ཚོམ་བུ་དགུ༔ ཞི་ཁྲོ་ཡོངས་རྫོགས་འགྲོ་བ་ཀུན་བཏུལ་ནས༔ སླར་ཡང་ཆོས་དབྱིངས་རྣམ་དག་ཀློང་དུ་བསྡུ༔ ཨོཾ་ཨཱཿཧཱུྃ་བཛྲ་མུ༔ རྒྱུན་སྤྱོད་ནི། ཧཱུྃ༔ ངར་འཛིན་རྣམ་དག་སྒྱུ་ལུས་འཇའ་འདྲ་འདི༔ དཔལ་ཆེན་སྐུ་གསུང་ཐུགས་སུ་རྒྱས་བཏབ་སྟེ༔ བདེན་གཉིས་དབྱེར་མེད་ལྟ་སྤྱོད་ཟུང་འབྲེལ་བས༔ རྒྱུན་དུ་འགྲོ་བ་འདྲེན་པའི་སྤྱོད་ལམ་བྱ༔ ཨོཾ་ཨཱཿཧཱུྃ་བཛྲ་ཧྲཱི༔ བསྔོ་སྨོན་ནི། ཧོ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་དགེ་སྤྱད་མཐུས༔ བདག་གཞན་འགྲོ་བ་མ་ལུས་ཐམས་ཅད་ཀུན༔ ཞི་རྒྱས་དབང་དྲག་ལས་བཞིར་མངའ་བརྙེས་ཤིང༔ སྐུ་གསུམ་ལྷུན་གྲུབ་འགྲོ་དོན་མཐར་ཕྱིན་ཤོག༔ བཀྲ་ཤིས་ནི། ཧཱུྃ༔ བདེ་གཤེགས་ཞི་བ་ཡེ་ཤེས་རིགས་ལྔའི་དབྱིངས༔ ཁྲག་འཐུང་ཁྲོ་བོ་ཚོམ་བུ་དགུ་རུ་སྟོན༔ མ་མོ་མཁའ་འགྲོ་དཔལ་གྱི་བཀའ་སྡོད་བཅས༔ ཡོངས་རྫོགས་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག༔ ཅེས་སོགས་བྱའོ། །ལས་བྱང་བསྡུས་པ་འདི་ཙམ་ལ་བརྟེན་ནས་བསྙེན་སྒྲུབ་མདོ་ཚང་ཙམ་བྱེད་ན། ཟླ་བ་གཅིག་གི་དབང་དུ་བྱས་ཏེ་བདུན་གཅིག་ཏུ་ཞི་བར་བསྙེན་པ། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཞེས་བཟླ། འདིའི་སྐབས། ཆེ་མཆོག་དཔལ་དགུའི་དབུ་རྒྱན་ལ་བདེ་གཤེགས་ཞི་བ་རིགས་ལྔ་དངོས་སུ་གསལ་ཞིང་། ཞར་བྱུང་ཉི་མ་དང་འོད་ཟེར་བཞིན་རིགས་སོ་སོའི་སེམས་དཔའ་སེམས་མ་དང་། ཐུབ་དྲུག །ཀུན་བཟང་ཡབ་ཡུམ་བཅས་གསལ་བ་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་སྦྱངས་ཏེ་སྔགས་སྒྲ་སྒྲོག་པར་བསམ་ལ་བཟླའོ། །དེ་ནས་བདུན་གསུམ་དུ་སྤྱི་དྲིལ་དྲག་སྔགས་སོ་ལྔ་པ་བཟླས་ཤིང་ཁྲོ་བོར་སྒྲུབ་པ་དང་། ཐ་མ་ཞག་གཅིག་ཏུ་བསྒྲལ་ལས་དང་བཟློག་པ་རྒྱས་བསྡུས་གང་རིགས་བྱ་བ་ནི་ལས་ལ་སྦྱར་བའོ། །དེ་ནས་གྲུབ་ན་ལྷག་ཆད་ཁ་སྐོང་ཞི་བའི་སྦྱིན་སྲེག་ཀྱང་བྱའོ། །དེས་བསྙེན་སྒྲུབ་ལས་རུང་དུ་འགྱུར་བ་ཡིན་ནོ། །ཡི་དམ་མཐར་ཐུག་སྒྲུབ་སྡེ་བཀའ་བརྒྱད་དེ། །བཀའ་བརྒྱད་མཐར་ཐུག་གསང་བ་ཡོངས་རྫོགས་ཀྱི། །བསྙེན་སྒྲུབ་ཟབ་མོའི་ཉམས་ལེན་ལ་བརྟེན་ནས། །བདུད་ལས་རྣམ་རྒྱལ་དཔལ་ཆེན་སྐུ་འགྲུབ་ཤོག །ཅེས་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ཕྲིན་ལས་སྐོང་ཟློག་མདོར་བསྡུས་འདི་ནི། ལྷོ་བྲག་ཤར་གྱི་ལྷ་བྲོ་བ་སྤྲུལ་སྐུ་ཆོས་ཀྱི་དབང་པོའི་ཕྱག་བཞེས་ཟིན་བྲིས་ལྟར། སྤང་སྟོན་གདུང་འཛིན་དབང་ཕྱུག་མིང་གིས་འདོན་བདེར་བསྒྲིགས་པ་དགེ་ལེགས་འཕེལ། སླར་ཡང་ཧོལ་ཁོངས་ཅུང་ཟད་མཆིས་པ་རྣམས་བསབས་ཤིང་ནག་འགྲོས་བཀླག་པས་གྲུབ་པར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོ་རྡོ་རྗེ་གཟི་བརྗིད་རྩལ་གྱིས་བྲིས་པ་སརྦ་སཏྭ་ཤྲཱི་ཧེ་རུ་ཀ་ཛྙཱ་ན་སིདྡྷི་བྷ་བ་ཏུ།། །།
རྟ་མགྲིན་དཔའ་བོ་གཅིག་པ་གནམ་ལྕགས་མེའི་འཁོར་ལོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་གདོན་བགེགས་ཀུན་འཇོམས་ (Volume 26, Text 2)
༄༅། །རྟ་མགྲིན་དཔའ་བོ་གཅིག་པ་གནམ་ལྕགས་མེའི་འཁོར་ལོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་གདོན་བགེགས་ཀུན་འཇོམས་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ཧ་ཡ་གྲཱི་བཱ་ཡ། ཆགས་མེད་པདྨའི་རིགས་མཆོག་ཧེ་རུ་ཀ །འགྲན་བྲལ་སྲིད་ཞི་ཀུན་ལ་དབང་བསྒྱུར་དེས། །ཡེ་ཤེས་བྱིན་ཆེན་བདག་ལ་དབབ་པ་དང་། །ལག་ལེན་བཀོད་འདིས་གཞན་ཕན་མཐུ་ནུས་སྩོལ། །དཔལ་རྟ་མགྲིན་དམར་པོའི་མན་ངག་ཟབ་ལ་འདྲིལ་བ་འདི་ཉིད་ཉམས་སུ་ལེན་པ་ལ་གསུམ། བདག་བསྐྱེད་བསྙེན་པ། མདུན་བསྐྱེད་སྒྲུབ་པ། གཉིས་ཀ་ལ་བརྟེན་པའི་ལས་སྦྱོར་རོ། །དེ་དག་གི་ཐོག་མར་རྟེན་བཅའ་བ་ནི། སེང་ལྡེང་དབྱུག་ཏོ་ཐོད་སྐམ་དང་རྡོ་རྗེའི་ཏོག་ཅན་ཁྲུ་གང་པ་གཉིས་སྙིང་པོའི་ནང་གཞུག་དང་དར་དམར་པོའི་ཅོད་པན་གདགས། གཅིག་སྟེགས་བུའི་དབུས་སུ་གཟུག་ལ་སྨན་གཏོར་རཀྟ་དང་ཆུ་གཉིས་ཉེར་སྤྱོད་ཀྱིས་བསྐོར། གཅིག་ལས་ཀྱི་དོན་དུ་སྒྲུབ་པ་པོའི་མདུན་དུ་གཟུག མཚམས་དམ་དུ་བཅད། སྟན་བདེ་བར་འདུག་ནས། དང་པོ་བསྙེན་པ་ལ་འཇུག་སྟེ། ཚིག་བདུན་གསོལ་འདེབས་སྔོན་དུ་འགྲོ་བས། བརྒྱུད་འདེབས་ནི། ཐོག་མའི་མགོན་པོ་ཆོས་སྐུ་འོད་དཔག་མེད། །ལོངས་སྤྱོད་ལྷུན་རྫོགས་དབང་ཆེན་རྟ་མཆོག་དཔལ། །སྣང་སྲིད་ཟིལ་གནོན་སྤྲུལ་སྐུ་ཐོད་ཕྲེང་རྩལ། །བདུད་འདུལ་དབྱིངས་ཀྱི་དབང་ཕྱུག་མཚོ་རྒྱལ་མ། །ཆོས་ཀྱི་རྒྱལ་པོ་ཚངས་པ་ལྷའི་མེ་ཏོག །མོན་གྱི་སྒོམ་པ་ཧ་མི་ནཱ་ཐ་དང་། །དེ་སྤྲུལ་ལྷོ་རི་མངའ་བདག་མོལ་མི་འཁྱིལ། །པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞབས། །རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ལྷ། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་གཏེར་སྲུང་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྡོ་རྗེ་གསུམ་གྱི་ཏིང་འཛིན་གྱད་དུ་གྱུར། །མཐུ་སྟོབས་ནུས་པའི་རྩལ་ཆེན་ཕྱོགས་མེད་རྫོགས། །གདོན་བགེགས་འབྱུང་པོ་ལྷག་མེད་ཚར་བཅད་ནས། །རྟ་མགྲིན་དབང་ཆེན་གོ་འཕང་མྱུར་འགྲུབ་ཤོག །འདིར་བསྙེན་སྒྲུབ་ཀྱི་ཐོག་མར་དཀར་བགེགས་བསྔོ་བ་དང་། མཚམས་གཅོད་སྲུང་འཁོར་སྤྲོ་ན་སྤྱི་མཐུན་བྱ། སྐྱབས་འགྲོ་ནི། བདག་ནི་དེང་ནས་བྱང་ཆུབ་བར༔ བླ་མ་དཀོན་མཆོག་ཡི་དམ་ལྷ༔ པདྨ་དབང་གི་དཀྱིལ་འཁོར་དུ༔ སྐྱབས་སུ་མཆི་འོ་ཐུགས་རྗེས་ཟུངས༔ ལན་གསུམ། སེམས་བསྐྱེད་པ་ནི། སེམས་ཅན་མ་ལུས་ཐམས་ཅད་ཀུན༔ སངས་རྒྱས་ས་ལ་འགོད་བྱའི་ཕྱིར༔ རྟ་མགྲིན་དབང་གི་དཀྱིལ་འཁོར་དུ༔ བདག་ནི་འཇུག་ཅིང་བསྒྲུབ་པར་བགྱི༔ ལན་གསུམ། ཡན་ལག་བདུན་པས་ཚོགས་གསག་ཅིང་རྒྱུད་སྦྱང་བ་ནི། ཕྱོགས་བཅུ་དུས་གསུམ་ཐམས་ཅད་ཀྱི༔ བླ་མ་ཡི་དམ་ལྷ་ཚོགས་དང༔ རྒྱལ་བ་མ་ལུས་སྲས་དང་བཅས༔ དཔའ་བོ་མཁའ་འགྲོར་སྐྱབས་སུ་མཆི༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྡིག་པའི་ཚོགས་རྣམས་མཐོལ་ལོ་བཤགས༔ བདག་གཞན་དགེ་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ དགེ་བ་བྱང་ཆུབ་ཆེན་པོར་བསྔོ༔ ལན་གསུམ་བྱའོ། །མཆོད་རྫས་བྱིན་བརླབ་ནི། ཧཱུྃ༔ གནས་ཁང་དུར་ཁྲོད་རོལ་པའི་ཞིང༔ མཆོད་རྫས་བསོད་ནམས་ཡེ་ཤེས་རྒྱུ༔ བདེ་བ་ཆེན་པོའི་ཡེ་ཤེས་རྫས༔ འགྲིབ་མེད་རྟག་པའི་རྒྱན་དུ་ཤར༔ ཨོཾ་བཛྲ་སརྦ་པཱུ་ཛ་མེ་གྷ་ས་མ་ཡེ་ཧཱུྃ༔ བདག་བསྐྱེད་བཟླས་པ་དང་བཅས་པ་ནི། ཆོས་ཐམས་ཅད་རང་རིག་འོད་གསལ་བྱང་ཆུབ་ཀྱི་སེམས་སྟོང་པ་ཆེན་པོའི་རང་མདངས་ལས་དཔལ་རྟ་མགྲིན་དབང་གི་རྒྱལ་པོ་སྐུ་མདོག་དམར་ནག་དུས་མཐའི་མེ་ལྟར་རབ་ཏུ་འབར་བ༔ ཞལ་གཅིག་ཕྱག་གཉིས་པ༔ གཡས་རྡོ་རྗེའི་ཐོད་དབྱུག་ནམ་མཁར་གསོར་བས་རྒྱལ་འགོང་དྲེགས་པ་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་འགེམས་པ༔ གཡོན་སྡིགས་མཛུབ་ཐུགས་ཀར་གཏོད་པའི་རྩེ་ལས་ཡེ་ཤེས་ཀྱི་མེའི་ཞགས་པ་འཕྲོ་བས་མ་རུངས་པའི་གདུག་པ་ཅན་ཐམས་ཅད་ལྷག་མེད་དུ་སྲེག་པ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ༔ མཆེ་བ་གཙིགས་ཤིང་སྨ་ར་དང་སྨིན་མ་རབ་ཏུ་འབར་བ༔ སྤྱན་གསུམ་སྡང་མིག་དྲག་ཏུ་གཟིར་བ༔ དྲག་ཤུལ་ཁྲོས་པའི་ཉམས་འགྱུར་ཡོངས་སུ་རྫོགས་པ༔ དབུ་སྐྲ་དམར་སེར་མེའི་ཚྭ་ཚྭ་འཕྲོ་བ་གྱེན་དུ་བསྒྲེངས་པའི་སྤྱི་བོར་རྟ་གདོང་ལྗང་གུ༔ ཞུར་དཀར་པོ༔ ཕྲུམ་ཕྲུམ་སེར་པོ༔ རྔོག་མ་དམར་པོ༔ རྟ་སྐད་དྲག་པོ་ནམ་མཁར་འཚེར་བས་ས་གསུམ་གཡོ་བ༔ གླང་ཆེན་གྱི་ཀོ་བས་སྟོད་གཡོགས་ཤིང༔ སྟག་གི་པགས་པའི་ཤམ་ཐབས་གསོལ་བ༔ ཞིང་ལྤགས་ཀྱིས་སྐེད་དཀྲིས་ཤིང༔ ཕྱག་ཞབས་ཐམས་ཅད་ལ་སྦྲུལ་དང་ཐོད་པས་བརྒྱན་པ༔ ཐོད་པ་སྐམ་པོ་ལྔས་དབུར་བརྒྱན་ཅིང༔ རློན་པ་ལྔ་བཅུའི་དོ་ཤལ་འཕྱང་བ༔ ཞབས་གཉིས་གྱད་ཆེན་པོའི་དོར་སྟབས་ཀྱིས་པདྨ་ཉི་མ་རྒྱལ་བསེན་ཕོ་མོའི་གདན་ལ་འགྱིང་བ༔ སྐུ་ཆེ་ལ་ཡན་ལག་རགས་པ༔ ཡེ་ཤེས་ཀྱི་མེ་རི་རབ་ཏུ་འབར་ཞིང་འཁྲུགས་པའི་ཀློང་ན་ཁམས་གསུམ་གྱི་དབང་ཕྱུག་ཆེན་པོར་བཞུགས་པའི་སྐུའི་ཆ་དང་བ་སྤུའི་ཁུང་བུ་ཚུན་ཆད་ཐམས་ཅད་རང་འདྲ་བའི་སྤྲུལ་པ་གྲངས་མེད་པས་གཏམས་པ༔ ཞེས་གསལ་སྣང་མ་ཐེབས་བར་དུ་སེམས་རྩེ་གཅིག་ཏུ་བཟུང་། ང་རྒྱལ་བརྟན་པོ་བསྐྱེད། དག་པ་དྲན་པས་སྣང་སྟོང་ཟུང་འཇུག་གི་བསྐྱེད་རིམ་གནད་དུ་འབྱོར་པ་ན། བཟླས་པའི་དམིགས་པ་ནི། ཐུགས་ཀར་པདྨ་དང་ཉི་མའི་དབུས་སུ་ཧྲཱིཿདམར་པོའི་མཐར་སྔགས་ཀྱི་ཕྲེང་བ་རང་སྒྲ་སྒྲོག་བཞིན་པ་བཟླས་པའི་རྐྱེན་གྱིས་ཕྱི་ནང་གི་ལྷ་རྣམས་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟར་བསྒྲགས་ཤིང༔ འོད་ཟེར་མེ་དང་མཚོན་ཆ་ལྟ་བུ་ཕྱོགས་བཅུར་འཕྲོས་པས་སྲིད་པ་གསུམ་གྱི་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུས༔ ཟིལ་གྱིས་མནན༔ ཅི་བསྒོ་བའི་ལས་བསྒྲུབས༔ མ་རུངས་པའི་གདུག་པ་ཅན་སྤྱི་དང༔ ཁྱད་པར་རྒྱལ་བསེན་དམ་སྲི་འབྱུང་པོའི་ཚོགས་ཐམས་ཅད་རྩྭ་སྦུར་མེ་ཡིས་བསྲེགས་པ་ལྟར་དངོས་མེད་ཀ་དག་གི་ཀློང་དུ་བསྲེགས་ཤིང་སྦྱངས༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་བསྟིམས༔ སྣང་སྲིད་སྣོད་བཅུད་ཐམས་ཅད་དཔལ་རྟ་མཆོག་རོལ་པའི་སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་སུ་བྱིན་གྱིས་བརླབས་པར་གྱུར༔ ཅེས་སྤྲོ་བསྡུའི་དམིགས་པ་དང་མ་བྲལ་བར། ཧྲཱིཿཔདྨ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་མི་ཚིག་གིས་བར་མ་ཆད་པར་བཟླ། གྲངས་ཚད་འབུམ་ཕྲག་གསུམ་མོ། །ཐུན་མཐར་ཁ་སྐོང་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ལན་གསུམ་དང་། སྟོང་ཚིགས་མཆོད་བསྟོད། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་མ་ཧཱ་པཱུ་ཛ་པྲ་ཏཱིཙྪ་སྭཱ་ཧཱ། སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིན་ཏ་པཱུ་ཛ་ཧོཿ ཧྲཱི༔ རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུང༔ ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས༔ སྤྱན་རས་གཟིགས་དབང་ཧྲཱིཿལས་རྔམས་ཆེན་སྐུ༔ རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་བསྟོད༔ ཅེས་པའི་མཐར་ནོངས་པ་བཤགས། བསྡུ་ལྡང་དང་བསྔོ་སྨོན་འོག་ནས་འབྱུང་བ་ལྟར་བྱའོ། །སླར་སྐྱབས་སེམས་ནས་བརྩམ་ཐུན་ལ་འཇུག་ཅིང་དེ་ལྟ་བུའི་བསྙེན་པ་ཐེམས་པ་ན། གཉིས་པ་སྒྲུབ་པའི་རིམ་པ་ནི། བདག་བསྐྱེད་བཟླས་པ་དང་བཅས་སྔོན་དུ་འགྲོ་བས། མདུན་རྟེན། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་བས་སྦྱང་། ཆོས་ཐམས་ཅད་རང་རིག་འོད་གསལ་བྱང་ཆུབ་སེམས་སྟོང་པ་ཆེན་པོའི་རང་མདངས་ལས༔ མདུན་གྱི་རྟེན་དཔལ་རྟ་མགྲིན་དབང་གི་རྒྱལ་པོ་སོགས་བདག་བསྐྱེད་སྐབས་ལྟར་ལ། སྤྲུལ་པ་གྲངས་མེད་པས་གཏམས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་དབུས་སུ་པདྨ་དང་ཉི་མའི་གདན་ལ་ཧྲཱིཿདམར་པོ། དེ་དག་ལས་འོད་ཟེར་འཕྲོས་པས་བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནས་ཡེ་ཤེས་སེམས་དཔའ་སྐད་ཅིག་གིས་སྤྱན་དྲངས་པར་གྱུར། རོལ་མོ་དབྱངས་བཅས་སྤྱན་འདྲེན་པ་ནི། ཧཱུྃ༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ ཐུགས་རྗེ་ཁྲོས་པས་དགྲ་བགེགས་འཇོམས་མཛད་པ༔ ཁྲོ་མཆོག་དབང་གི་རྒྱལ་པོ་སྤྱན་འདྲེན་ན༔ དབང་གི་རྟ་སྐད་འཚེར་ཞིང་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ བཞུགས་སུ་གསོལ་བ་ནི། ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ དགྲ་བགེགས་དྲེགས་པ་བསྣོལ་བའི་གདན་སྟེང་དུ༔ དབང་གི་རྒྱལ་པོ་བཅོམ་ལྡན་ལྷ་ཡི་ལྷ༔ མི་གཡོ་དགྱེས་བཞིན་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ དབང་བསྐུར་རྒྱས་གདབ་པ་ནི། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། དབང་གི་ལྷ་འཁོར་བཅས་སྤྱན་དྲངས་པ་རྣམས་ཀྱིས་བུམ་པའི་བདུད་རྩིས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་ལུད་པ་ལས་རིགས་ཀྱི་བདག་པོ་འོད་དཔག་ཏུ་མེད་པས་དབུ་བརྒྱན་པར་གྱུར། ཕྱག་འཚལ་བ་ནི། ཧཱུྃ༔ ཆགས་མེད་སྐྱོན་བྲལ་པདྨ་རིགས་ཀྱི་ལྷ༔ ཀླུ་དབང་ཚུལ་གྱིས་གདུག་པ་འདུལ་མཛད་པ༔ རབ་འཇིགས་བསྐལ་པའི་མེ་ལྟར་གཟི་བརྗིད་འབར༔ ཁྲོ་རྒྱལ་རྟ་མགྲིན་སྐུ་ལ་ཕྱག་འཚལ་བསྟོད༔ ན་མོ་པུ་རུ་ཤ་ཡ་ཧོ༔ མཆོད་པ་ནི། ཧཱུྃ༔ ཕྱི་མཆོད་ཉེར་སྤྱོད་འདོད་ཡོན་འཇིག་རྟེན་གང༔ ནང་མཆོད་སྦྱོར་སྒྲོལ་བདེ་ཆེན་རྨད་དུ་བྱུང༔ ཁྱད་པར་མཆོད་པ་པཉྩ་ཨ་མྲྀ་ཏ༔ དམར་ཆེན་རཀྟ་ཚོགས་དང་གཏོར་མས་མཆོད༔ ཨོཾ་ཤྲཱི་ཧ་ཡ་གྲཱི་བ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས། ཤབྡ་ཀཱ་མ་གུ་ཎ་པཱུ་ཛ་ཧོ༔ མ་ཧཱ་ཨ་མྲིཏ་རཀྟ་བ་ལིཾ་ཏ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བསྟོད་པ་ནི། ཧཱུྃ༔ ཡེ་ཤེས་ཧ་ཡ་གྲཱི་བ་རྟ་མཆོག་དཔལ༔ ཆགས་མེད་སྐུ་ནི་ནུབ་ཀའི་དམར་ཐག་ལྟར༔ འབར་བའི་སྐུ་ལ་རལ་པ་གྱེན་དུ་བརྫེས༔ མ་རིག་ཚངས་པ་ཁ་སྦུབ་གནོན་པའི་ལྷ༔ པདྨ་རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ༔ དེ་ནས་བདག་མདུན་གཉིས་ཀ་ལ་དམིགས་པའི་སྤྲོ་བསྡུའི་ཏིང་ངེ་འཛིན་གསལ་ཞིང་བརྟན་པས་གོང་གི་བསྙེན་སྔགས་ཤམ་དུ། བཛྲ་ས་མ་ཡ་སཏྭཾ༔ ཞེས་བཏགས་པ་བཟླ། གྲངས་ཚད་ནི་འབུམ་ཕྲག་བཞིའོ། །ཞང་བྱུང་ལས་ཀྱི་དབྱུག་པའང་ལྷར་བསྐྱེད། སྔགས་འཁོར་སྤྲོ་བསྡུའི་དམིགས་པ་དང་བཅས་ལྷ་སྔགས་ཀྱི་བྱིན་རླབས་བསྟིམས་ལ་ནུས་ལྡན་དུ་བྱ། ཐུན་མཚམས་ཀྱི་བྱ་བ་ནི་གོང་དུ་སྨོས་པ་ལྟར་ལ་མདུན་བསྐྱེད་རྟེན་ལ་བསྟིམ་མོ། །གསུམ་པ་ལས་སྦྱོར་ནི། བསྙེན་སྒྲུབ་ཀྱི་གྲངས་ཐེམས་པ་དང་། ཐོག་མར་བདག་མདུན་གཉིས་ཀའི་བསྐྱེད་བཟླས་ཁྱུག་ཙམ་རེ་བཏང་ནས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ༔ དེའི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་བྱུང་བས་རང་གི་སྙིང་གའི་ཧྲཱིཿལ་ཐིམ༔ ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པ་ལས་ཡེ་ཤེས་ཀྱི་མེ་འབར་བས་ལུས་ཀྱི་ནང་གང༔ ལུས་ལ་གནས་པའི་ནད་གདོན་སྡིག་སྒྲིབ་དམ་སྲི་འབྱུང་པོའི་བར་ཆད་ཐམས་ཅད་བསྲེགས་ཤིང་སྦྱངས་པར་གྱུར༔ ཅེས་དམིགས་ལ་བསྙེན་སྒྲུབ་ཀྱི་སྔགས་མཐར། ཨཿཡཿམཿདུཿརུཿཙཿཤཿནཿརཱ་ཛ་ཧཾ་ཤཾ་ཏྲིག་ནན་ཁ་རག་སྨ་ཤ་ན་རཾ་རཀྴ་ཛྭ་ལ་རཾ་ཧཱུྃ༔ རཾ་རཀྴ་ཛྭ་ལ་རཾ་རྦད༔ རཾ་རཀྴ་ཛྭ་ལ་རཾ་བྷྱོ༔ རཾ་རཀྴ་ཛྭ་ལ་རཾ་བྱེར༔ རཾ་རཀྴ་ཛྭ་ལ་རཾ་རྨུགས༔ རཾ་རཀྴ་ཛྭ་ལ་རཾ་མྱོགས༔ རཾ་རཀྴ་ཛྭ་ལ་རཾ་ནན༔ སརྦ་བིགྷྣཱན་མཱ་ར་ཡ་ཕཊ༔ ཅེས་བཟླ། ཡང་ལུས་ཀྱི་ནང་གི་མེ་ཆེར་འབར་བས་གནས་ཁང་དང་ལུང་པ་ཐམས་ཅད་གང༔ གནས་ལ་འཁྲི་བའི་དམ་སྲི་གདོན་བགེགས་འབྱུང་པོ་ཐམས་ཅད་བསྲེགས་ཤིང་སྦྱངས་པར་བསམ་ལ་བཟླ། ཡང་མེ་ལྕེ་ཆེར་འབར་བས་སྟོང་གསུམ་འཇིག་རྟེན་གྱི་ཁམས་གང༔ དེ་དག་ན་གནས་པའི་སྡེ་བརྒྱད་མ་རུངས་པ་ཐམས་ཅད་བསྲེགས་ཤིང་གཟིར༔ ཁྱད་པར་མེའི་གསེབ་ནས་རང་འདྲའི་ཁྲོ་ཆུང་དཔག་ཏུ་མེད་པ་འཕྲོས༔ དམ་སྲི་རྒྱལ་བསེན་གདུག་པ་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་རྡོ་རྗེའི་དབྱུག་པས་ཐལ་བ་བུན་བུན་དུ་བརྡུངས༔ ཡེ་ཤེས་ཀྱི་མེ་ལྕེས་ལྷག་མེད་དུ་བསྲེགས་པར་གྱུར༔ ཅེས་དམིགས་ལ་བཟླའོ། །གྲངས་ནི་ཁྲི་ཕྲག་གཅིག་གོ །འདི་དག་གི་སྐབས་སུ་སྣང་སེམས་རོ་གཅིག་ཏུ་བསྲེས་ལ་དགོངས་པའི་གདིང་བསྐྱེད་པ་གལ་ཆེ་གསུངས་སོ། །རྗེས་ཚོགས་དང་སྐོང་བཤགས་གཏང་བར་སྤྲོ་ན་རིགས་མཐུན་གྱི་གཞུང་གཞན་ནས་བླང་། གོང་སྨོས་ལྟར་མཆོད་བསྟོད་འབུལ། དངོས་གྲུབ་བླང་བ་ནི། ཁྲོ་རྒྱལ་རྟ་མགྲིན་དབང་ཆེན་དགོངས་སུ་གསོལ༔ ཁྱེད་ལ་བསྙེན་སྒྲུབ་བགྱིས་པའི་བྱིན་རླབས་ཀྱིས༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན་ཐོབ་ཅིང༔ དབང་དྲག་འགུགས་བསྐྲད་གཟིར་མནན་ལ་སོགས་པ༔ ཕྲིན་ལས་ཐམས་ཅད་འགྲུབ་པར་མཛད་དུ་གསོལ༔ སྙིང་པོའི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ༔ ཞེས་རྟེན་གནས་གསུམ་དུ་གཏུག །བདུད་རྩི་མྱང་། ནོངས་བཤགས་ནི། བདག་ནི་མ་རིག་འཁྲུལ་པའི་དབང་གྱུར་པས༔ རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་དང༔ སྒོ་གསུམ་ཉེས་པའི་ཚོགས་རྣམས་ཅི་མཆིས་པ༔ ཁྲོ་མཆོག་རྟ་མགྲིན་སྐུ་ལ་མཐོལ་ལོ་བཤགས༔ ཞེས་དང་ཡིག་བརྒྱ་བརྗོད། མདུན་བསྐྱེད་རྟེན་ལ་བརྟན་བཞུགས་སྤྱི་མཐུན་བྱ། ཧཱུྃ༔ རང་རིག་སྐྱེ་བ་མེད་པ་ལས༔ འགག་མེད་རྡོ་རྗེ་སྲིན་པོར་ཤར༔ འགགས་པ་ཉིད་ནས་འགག་མེད་པ༔ སྤྲོས་བྲལ་ཀ་དག་ཀློང་དུ་ཐིམ༔ ཞེས་བདག་བསྐྱེད་འོད་གསལ་དུ་བསྡུ། སླར་གཉུག་མའི་ལྷ་སྐུར་ལྡངས་ལ་གནས་གསུམ་བསྲུང་། བསྔོ་སྨོན་ནི། དགེ་འདིས་མཐའ་ཡས་སེམས་ཅན་ཀུན༔ ཁྲག་འཐུང་པདྨ་དབང་ཆེན་གྱི༔ གོ་འཕང་བྱང་ཆུབ་མྱུར་ཐོབ་སྟེ༔ བདུད་ལས་རྣམ་པར་རྒྱལ་བར་ཤོག༔ ཤིས་བརྗོད་ནི། བླ་མ་རྟ་མཆོག་ཧེ་རུ་ཀའི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས༔ མཆོག་ཐུན་དངོས་གྲུབ་ཀུན་ཐོབ་ནས༔ ཕྲིན་ལས་ཐོགས་མེད་བཀྲ་ཤིས་ཤོག༔ ཅེས་སོགས་རྒྱས་པར་བརྗོད། དེ་ལྟར་བསྙེན་སྒྲུབ་ཚད་ལྡན་ཐེམས་ནས་རྫས་སྲུང་། སྔགས་མདུད། ནད་གདོན་རྐྱེན་ལ་བཀའ་བསྒོ། སྲུང་ཟློག་ཉེར་མཁོའི་ལས་ཕྲན་ཐམས་ཅད་བསྒྲུབ་པས་ནུས་པ་ཐོགས་མེད་དུ་འབྱིན་ཅིང་། རཱ་ཛ་སྲུང་བའི་ཙཀྲ་ཆེན་མོ་དང་འབྲེལ་ན་ཤིན་ཏུ་རྣོ་བར་འགྱུར་རོ། ༈ །འདིའི་སྒོ་ནས་སློབ་མ་རྗེས་སུ་འཛིན་ན། སྟེགས་བུའི་དབུས་སུ་སྒྲུབ་རྟེན་དབྱུག་ཏོ་དང་། མེ་ཞགས། མེ་ལོང་རྣམས་བཀོད་ལ་མཆོད་གཏོར་བཤམ། ལས་ཀྱི་དབྱུག་པ། དཔལ་འབར་དམར་པོ་རྩེ་གསུམ། ལས་བུམ་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། བསྙེན་སྒྲུབ་ལས་གསུམ་གྱི་ཕྲིན་ལས་དང་བཟླས་པ་གོང་དུ་སྨོས་པ་རྣམས་བཏང་། ལས་བུམ་རྟ་སྔགས་ཀྱིས་བྱིན་བརླབས། སློབ་མ་ལ་ཁྲུས་བྱ། སེམས་བསྐྱེད་གསལ་གདབ། ཆོས་བཤད་ཁྱད་པར། དེའང་བཅོམ་ལྡན་འདས་དཔལ་རྟ་མགྲིན་དབང་ཆེན་དང་ངོ་བོ་ཆོས་ཀྱི་དབྱིངས་སུ་གཅིག་ཅིང་རྣམ་པ་གྲུབ་པའི་རིག་འཛིན་མཆོག་གི་ཚུལ་བཟུང་བ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་གདུལ་དཀའི་འགྲོ་བ་སྤྱི་དང་། ཁྱད་པར་བོད་ཡུལ་མུན་པའི་རྒྱལ་ཁམས་སུ་སྐྱེ་བའི་འགྲོ་བ་རྣམས་ལ་སངས་རྒྱས་ལས་ཀྱང་ལྷག་པའི་བཀའ་དྲིན་ཅན་དེ་ཉིད་ཀྱིས། མ་འོངས་སྙིགས་མའི་དུས་སུ་བོད་ཁམས་ཐམས་ཅད་རྒྱལ་བསེན་འབྱུང་པོའི་འཚེ་བས་མནར་བ་ལ་ཐུགས་རྗེས་དགོངས་ནས། དེའི་གཉེན་པོར་དཔལ་རྟ་མགྲིན་དམར་པོའི་མན་ངག་ཟབ་ལ་འདྲིལ་བ་འདི་ཉིད་མཛད་ནས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་ལ་གནང་། མངའ་བདག་ཆེན་པོས་མོན་གྱི་སྒོམ་པ་ཧ་མི་ནཱ་ཐ་ལ་གཏད་ནས་ཁྱོད་རང་གིས་ཉམས་སུ་ལོངས། གཞན་ལའང་ཕན་པར་གྱིས། དཔེ་རྒྱུད་མེས་ཀྱི་གཙུག་ལག་ཁང་པྲ་དུན་རྩེའི་ཀ་ཞུ་ལ་གཏེར་དུ་སྦོས་ཤིག །ཅེས་གདམས་པ་དང་། གུ་རུ་རིན་པོ་ཆེ་ཐོག་མར་གཙང་སྟོད་ལ་རུའི་གསེར་ཁ་ལ་བྱོན་པའི་སྐབས་མི་མ་ཡིན་པས་བར་ཆད་བྱས་པ་བཏུལ་ཞིང་། མོན་གྱི་རྒྱལ་པོ་སེ་འདར་ཁ་སྡེ་བརྒྱད་ཀྱི་གནོད་པ་ལས་གྲོལ་བར་མཛད་པའི་རྒྱལ་བསེན་གནད་འབེབ་སྲོག་གི་འཁོར་ལོ་ཡང་གཏེར་གནས་དེར་རྒྱས་བཏབ་པར་མཛད་པ་ཉིད། གདུལ་བའི་དུས་སུ་སོན་པ་ན། གཙང་རུ་ལག་གི་ལྷོ་རོང་ཟར་གྱི་ཕྱོགས་སུ་བྱུང་བའི་ལྷོའི་མངའ་བདག་ཆེན་པོའི་བརྒྱུད་པ་མོལ་མི་འཁྱིལ་ཅེས་གྲགས་པས་བྱང་པྲ་དུན་རྩེའི་ཀ་ཕོག་ནས་སྤྱན་དྲངས་པའི་གདམས་པ་སྔོན་དུས་སྔགས་པ་རྣམས་ལ་དར་བ་བྱུང་ནའང་། བར་སྐབས་སུ་བརྒྱུད་པ་དམིགས་གསལ་མ་བྱུང་། དུས་ཕྱིས་རབ་ཚེས་ལྕགས་འབྲུག་ལོར་བཀའ་བབ་ཆེན་པོ་བདུན་གྱི་མངའ་བདག །ཆོས་སྒོ་བསམ་གྱིས་མི་ཁྱབ་པར་དབང་སྒྱུར་བའི་ཤིང་རྟ་ཆེན་པོ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཞིང་སྐྱེས་མཁའ་འགྲོས་རྒྱལ་པོ་སྲོག་གི་འཁོར་ལོའི་དཔེ་རྙིང་དངོས་སུ་ཕུལ་ཅིང་རྟ་མགྲིན་དཔའ་བོ་གཅིག་པའི་གདམས་སྐོར་རྣམས་བྱིན་རླབས་ཀྱི་ཚུལ་དུ་བསྩལ་བ་གཏན་ལ་ཕབ་ཅིང་། སྐལ་ལྡན་རྣམས་ལ་བཀའ་དྲིན་དུ་བསྩལ་པས་སློབ་མ་ལའང་བར་ཆད་བསལ་བའི་མཚན་མ་མངོན་དུ་བྱུང་བ་སོགས་བྱིན་རླབས་ཀྱི་བབ་ཆེན་པོ་དང་ལྡན་པའི་རྟ་མགྲིན་དཔའ་བོ་གཅིག་པའི་རྗེས་གནང་བསྒྲུབ་པ་ལ། སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། པདྨ་སེམས་གཙོ་ཁྱོད་ལ་འདུད། །ཐར་པ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོར་སྐྱབས་གསོལ་ཏེ། །ཐེག་ཆེན་ཁང་པར་གཞུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ལན་གསུམ། དེ་ནས་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། སློབ་དཔོན་དང་མདུན་བསྐྱེད་དབང་ཆེན་རྟ་མཆོག་རྒྱལ་པོ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བྱ་བའི་ཡིད་ཀྱིས་བསྒོམ་དོན་རེ་རེ་བཞིན་གསལ་ཐོབ་ལ་འདིའི་རྗེས་ཟློས། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ། དེ་ནས་ཐོག་མར་བར་ཆད་བསལ་བའི་སླད་དུ་བཀའ་བསྒོ་བྱ་བ་ཡིན་པས་དམིགས་པ་རྣམས་རིམ་བཞིན་གསལ་ཐོབ་ཅིག །སློབ་དཔོན་དཔལ་རྟ་མགྲིན་དབང་གི་རྒྱལ་པོ་སྐུ་མདོག་དམར་ནག་སོགས་བདག་བསྐྱེད་སྐབས་ལྟར་ལ། སྤྲུལ་པ་གྲངས་མེད་པས་གཏམས་པ༔ དེའི་ཐུགས་ཀའི་ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པ་ལས་ཡེ་ཤེས་ཀྱི་འོད་ཟེར་མེའི་ཚྭ་ཚྭ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་ལ་ཕོག་པས་མེ་ཕུང་འབར་བས་ལུས་ཀྱི་ནང་ཐམས་ཅད་གང་། ལུས་ལ་གནས་པའི་ནད་གདོན་སྡིག་སྒྲིབ་དམ་སྲི་འབྱུང་པོའི་བར་ཆད་ཐམས་ཅད་བསྲེགས་ཤིང་སྦྱངས་པར་མོས་ཤིག །གཡས་པས་ལས་ཀྱི་དབྱུག་པ་ཕྱར། གཡོན་གསལ་ཤིང་མེ་འབར་བ་གདེངས་ལ། ཧཱུྃ༔ ང་ནི་པདྨ་རྟ་མགྲིན་རྒྱལ༔ ཁམས་གསུམ་འདི་ན་སུ་ཡང་རུང༔ རྣལ་འབྱོར་སྒྲུབ་ལ་བར་གཅོད་ཀུན༔ ད་ལྟ་ཉིད་དུ་སོ་སོར་དེངས༔ གལ་ཏེ་མི་ཉན་འཚེ་བྱེད་ན༔ རྡོ་རྗེའི་དབྱུག་པས་ཀླད་ནས་གཞོམ༔ ཡེ་ཤེས་མེ་ཡིས་གཞོབ་ཏུ་བསྲེག༔ མིང་གི་ལྷག་མ་མེད་པར་བྱེད༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ བསྙེན་སྒྲུབ་སྔགས་མཐར་ལས་སྔགས་བཏགས་པ་བཟླ། དབྱུག་པ་ཀླད་ལ་བསྐོར། མེས་ལུས་ལ་བསྐོར། རྫས་རྒོད་དམ་གུ་གུལ་བདུག །ཐུན་གཏོར། ཡང་ལུས་ཀྱི་ནང་གི་མེ་སོགས་དམིགས་ལ་སྔགས་བཟླ་བ་སོགས་དང་། ཡང་མེ་ལྕེ་ཆེར་འབར་བས་སོགས་དམིགས་ལ་སྔགས་བཟླ་བ་སོགས་སྔར་བཞིན་བྱས་ལ་མཐར། རྡོ་རྗེའི་དབྱུག་པ་སྤྱི་བོར་བཞག་ལ། བཛྲ་རཀྵ་ཙཀྲ་ཛྭ་ལ་བྷནྡྷ་བྷནྡྷ་བཾ་བྷྲཱུྃ༔ ལུས་ལ་རྡོ་རྗེའི་གོ་ཁྲབ་ཀྱིས་གཡོགས་ཏེ་ཅིས་ཀྱང་མི་ཤིགས་པར་གྱུར། རྗེས་གནང་ཙམ་ལ་དགོས་ངེས་མེད་ཀྱང་སྤྲོ་ན་བདེན་ཚིག་བརྗོད་པ་ནི། ནམ་མཁའ་མེད་པར་གྱུར་ན་ཡང་། །སྔགས་ཀྱི་དངོས་གྲུབ་མེད་མི་འགྱུར། །ལྷ་དང་དྲང་སྲོང་གིས་བཤད་པའི། །རིག་སྔགས་བསླུ་བར་མི་སྲིད་ན། །འདོད་ཆགས་བྲལ་བས་བྱས་པ་ཡི། །གསང་སྔགས་སྦྱོར་བས་བསླུས་པ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །སྔགས་དང་ཏིང་འཛིན་མི་བསླུ་ཞིང་། །རྟེན་འབྲེལ་ནུས་པ་བསམ་མི་ཁྱབ། བདེན་པ་ཆེན་པོའི་ནུས་མཐུ་ཡིས། །ནད་གདོན་བགེགས་དང་བར་ཆད་ལས། །དེང་ནས་རྟག་ཏུ་རྒྱལ་གྱུར་ཅིག །ཛ་ཡ་ཛ་ཡ་སུ་ཛ་ཡ། །ཞེས་བརྗོད། དེ་དག་གིས་སྔོན་འགྲོ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གྲུབ་ནས། དངོས་གཞི་དངོས་གྲུབ་སྒྲུབ་པའི་རྗེས་སུ་གནང་ཞིང་དབང་བསྐུར་བ་ལ། དང་པོ་སྐུའི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་རྟ་མགྲིན་དབང་གི་རྒྱལ་པོ་སྐུ་མདོག་དམར་ནག་སོགས་བདག་བསྐྱེད་ལྟར་བརྗོད། སྤྲུལ་པ་གྲངས་མེད་པས་གཏམས་པར་དམིགས་ལ་སེམས་རྩེ་གཅིག་ཏུ་གཟུང་མཛོད། ཅེས་ཅུང་ཟད་བཞག །དེས་སྐུའི་རྗེས་གནང་ཐོབ། ལུས་ཀྱི་སྡིག་སྒྲིབ་བར་ཆད་ཐམས་ཅད་བྱང་། སྐུའི་བྱིན་རླབས་རྒྱུད་ལ་ཞུགས་པ་ཡིན་ནོ། །དེ་བརྟན་པར་བྱ་བའི་ཕྱིར་སྒྲུབ་པའི་བེ་ཅོན་དབང་ཆེན་རྟ་མགྲིན་དངོས་སུ་གསལ་བ་སྤྱི་བོར་བཞག་པར་མོས་ཤིག །མདུན་རྟེན་དབྱུག་ཏོ་སྤྱི་བོར་བཞག་ལ། ཧཱུྃ༔ འབར་བའི་རྡོ་རྗེའི་དབྱུག་པ་ནི༔ རྟ་མཆོག་དཔལ་དང་གཉིས་སུ་མེད༔ གཟི་བྱིན་བསྐྱེད་པའི་དབང་བསྐུར་བས༔ སྐུ་ཡི་ཡེ་ཤེས་གྲུབ་པར་ཤོག༔ སྒྲུབ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་མི༔ དབྱུག་པ་ཡེ་ཤེས་ཀྱི་ལྷར་གསལ་བ་ཁྱེད་རང་ལ་ཐིམ་པར་མོས་ཤིག །གཉིས་པ་གསུང་གི་རྗེས་སུ་གནང་བའི་སླད་དུ་འདུན་པ་འདི་ལྟར་མཛོད། སློབ་དཔོན་ལ་མོས་གུས་བྱས་པས་དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་པད་ཉིའི་དབུས་སུ་ཧྲཱིཿདམར་པོ་སྔགས་ཀྱི་ཕྲེང་བ་རང་སྒྲ་སྒྲོག་བཞིན་པས་བསྐོར་བ་ལ་ཕོག །དེ་ལས་སྔགས་ཕྲེང་གཉིས་པ་དམར་ནར་གྱིས་བྱུང་། ཞལ་ནས་ཐོན། ཁྱེད་རང་གི་ཞལ་ནས་ཞུགས། ཐུགས་ཀར་པད་ཉིའི་སྟེང་དུ་ཧྲཱིཿདམར་གསལ་འོད་འཚེར་བའི་མཐར་འཁོད། བཟླས་པའི་རྐྱེན་གྱིས་ཕྱི་ནང་གི་ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟར་བསྒྲགས་ཤིང་། འོད་ཟེར་མེ་དང་མཚོན་ཆ་ལྟ་བུ་ཕྱོགས་བཅུར་འཕྲོས་པས་སྲིད་པ་གསུམ་གྱི་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུས༔ ཟིལ་གྱིས་མནན༔ ཅི་བསྒོ་བའི་ལས་བསྒྲུབས༔ མ་རུངས་པའི་གདུག་པ་ཅན་སྤྱི་དང༔ ཁྱད་པར་རྒྱལ་བསེན་དམ་སྲི་འབྱུང་པོའི་ཚོགས་ཐམས་ཅད་རྩྭ་སྦུར་མེ་ཡིས་བསྲེགས་པ་ལྟར་དངོས་མེད་ཀ་དག་གི་ཀློང་དུ་བསྲེགས་ཤིང་སྦྱངས༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་བསྟིམས༔ སྣང་སྲིད་སྣོད་བཅུད་ཐམས་ཅད་དཔལ་རྟ་མཆོག་རོལ་པའི་སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་སུ་བྱིན་གྱིས་བརླབས་པར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། བསྙེན་སྔགས་ལན་གསུམ། སྒྲུབ་སྔགས་ལན་གསུམ་རེའི་རྗེས་ཟློས་བྱར་གཞུག །ལས་སྦྱོར་གྱི་བཟླས་པའི་ལུང་གི་སླད་དུ་དམིགས་པ་འདི་ལྟར་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་བྱུང་བ་ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཧྲཱིཿལ་ཐིམ༔ ཧྲཱིཿཡིག་སོགས་གོང་གསལ་ལས་སྦྱོར་དམིགས་པ་གསུམ་སྦྲེལ། བར་མཚམས་བཟླ་བ་རྣམས་མི་དགོས་པས། ཡེ་ཤེས་ཀྱི་མེ་ལྕེས་ལྷག་མེད་དུ་བསྲེགས་པར་བསམ་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས། སྒྲུབ་སྔགས་ལས་སྔགས་བཏགས་པ་ལན་གསུམ། དེས་གསུང་གི་རྗེས་སུ་གནང་བ་ཐོབ། ངག་གི་སྡིག་སྒྲིབ་བར་ཆད་ཐམས་ཅད་བྱང་། གསུང་གི་བྱིན་རླབས་རྒྱུད་ལ་ཞུགས་པ་ཡིན་ནོ། །དེ་བརྟན་པར་བྱ་བའི་སླད་དུ་མེའི་ཞགས་པས་མགྲིན་པར་དབང་བསྐུར་བར་མོས་ཤིག །མེ་ཞགས་ཙཀླི་མགྲིན་པར་བཞག་ལ། ཧྲཱི༔ འབར་བ་མེ་ཡི་ཞགས་པ་ནི༔ རྡོ་རྗེའི་སྔགས་དང་གཉིས་སུ་མེད༔ ནུས་པ་བསྐྱེད་པའི་དབང་བསྐུར་བས༔ གསུང་གི་ཡེ་ཤེས་འགྲུབ་པར་ཤོག ༔སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩཱ་མི༔ གསུམ་པ་ཐུགས་ཀྱི་རྗེས་སུ་གནང་བའི་དོན་འདི་ལྟར་ཤེས་ནས་རྟོགས་པར་མཛོད་ཅིག །འདི་ལྟར་ལྷ་སྔགས་ཀྱིས་མཚོན་ཏེ་འཁོར་འདས་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་རང་གི་སེམས་ཉིད་ཀྱི་སྣང་བ་ཙམ་ལས་བདེན་དངོས་སུ་གྲུབ་པ་རྡུལ་ཙམ་ཡང་མེད་ཅིང་། སེམས་ཀྱི་རང་བཞིན་གདོད་ནས་སྤྲོས་པ་ཐམས་ཅད་བྲལ་བའི་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་བློའི་སྤྱོད་ཡུལ་ལས་འདས་པའི་འོད་གསལ་གཉུག་མའི་གནས་ལུགས་དེ་ཁོ་ན་ཉིད་ཀྱི་ངང་དུ་མཉམ་པར་འཇོག་འཚལ། ཞེས་པའི་དོན་ལ་ཅུང་ཟད་འཇོག །དེས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ། ཡིད་ཀྱི་སྡིག་སྒྲིབ་བར་ཆད་ཐམས་ཅད་བྱང་། ཐུགས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་པ་ཡིན་ནོ། །དེ་བརྟན་པར་བྱ་བའི་སླད་དུ་མེ་ལོང་གི་དབང་བསྐུར་བར་མོས་ཤིག །མེ་ལོང་སྙིང་གར་བཞག་ལ། ཨ༔ ཆོས་རྣམས་མེ་ལོང་གཟུགས་བརྙན་ལྟར༔ སྣང་ཙམ་ཉིད་ནས་ངོ་བོས་སྟོང༔ བློ་འདས་ཆེན་པོའི་དབང་བསྐུར་བས༔ ཐུགས་ཀྱི་ཡེ་ཤེས་གྲུབ་པར་ཤོག༔ སྒྲུབ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་མི༔ དེ་ལྟར་རྗེས་གནང་དང་བརྟན་བྱེད་ཀྱི་དབང་བསྐུར་བཅས་ལེགས་པར་གྲུབ་པ་ལ་བཀྲ་ཤིས་པའི་ཚིགས་སུ་བཅད་པས་ཀྱང་མངའ་གསོལ་བར་མོས་ཤིག །རྟེན་སྙིང་དང་ཞལ་ནས་གསུངས་པས་ཐོག་དྲངས་ཤིས་པ་བརྗོད་ཅིང་མེ་ཏོག་གི་ཆར་དང་རོལ་མོའི་སྒྲ་སྦྱར་རོ། །དེ་དག་གིས་མངའ་བདག་མོལ་མི་འཁྱིལ་གྱི་ཡང་གཏེར་རྟ་མགྲིན་དཔའ་བོ་གཅིག་པ་གནམ་ལྕགས་མེའི་འཁོར་ལོའི་རྗེས་གནང་བྱིན་རླབས་ཤིན་ཏུ་ཟབ་མོ་ལེགས་པར་ཐོབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་བསྒྲག་བཟུང་། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་བཅས་བྱ། རྗེས་གཏང་རག་མཆོད་བསྟོད་ནས་ཤིས་བརྗོད་ཀྱི་བར་ཡང་གོང་དུ་བསྟན་པ་བཞིན་བྱས་པས་འགྲུབ་བོ། །རྡོ་རྗེའི་དབྱུག་ཏོས་མ་རུངས་ཀླད་པ་བཅོམ། །ཡེ་ཤེས་མེ་ཡི་ཞགས་པས་ལོག་འདྲེན་འཆིང་། །རིག་སྔགས་གནམ་ལྕགས་འཁོར་ལོའི་བཙན་རྫོང་དུ། །ཚུད་ནས་བར་ཆད་གཡུལ་ལས་རྣམ་རྒྱལ་ཤོག །ཅེས་སྔོན་མེད་ངོ་མཚར་ཆེན་པོའི་གསང་བ་ཟབ་མོ་རྣམས་ལ་ཅི་དགར་སྤྱོད་པའི་སྐལ་བཟང་ཅན་པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཟབ་ཆོས་འདིའི་ཞབས་ཏོག་ཏུ་དམིགས་ནས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲར་སྦྱར་བ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།། །།
མཉམ་མེད་རྗེ་བཙུན་སྒམ་པོ་པ་རིན་པོ་ཆེའི་ཞལ་གདམས་གསང་ལམ་བླ་མ་སྒྲུབ་པའི་མན་ངག་གི་སྒྲུབ་ཐབས་ཕྲིན་ལས་ཀྱི་བྱང་བུ་བཀླག་ཆོག་ཏུ་བཀོད་པ་ཉི་མའི་སྙིང་པོ་ཡེ་ཤེས་རྒྱན་གྱི་བླ་བྲེ་ (Volume 68, Text 2)
༄༅། །མཉམ་མེད་རྗེ་བཙུན་སྒམ་པོ་པ་རིན་པོ་ཆེའི་ཞལ་གདམས་གསང་ལམ་བླ་མ་སྒྲུབ་པའི་མན་ངག་གི་སྒྲུབ་ཐབས་ཕྲིན་ལས་ཀྱི་བྱང་བུ་བཀླག་ཆོག་ཏུ་བཀོད་པ་ཉི་མའི་སྙིང་པོ་ཡེ་ཤེས་རྒྱན་གྱི་བླ་བྲེ་ཞེས་བྱ་བཞུགས་སོ། ། གུ་རུ་ཤྲཱི་ཙིནྡྷ་མ་ཎི་པུཎྱེ་རཏྣ་ཡེ་ན་མོ། གཉུག་མ་ལྷན་ཅིག་སྐྱེས་པའི་གར། །ཡེ་ཤེས་ཐིག་ལེ་འགྱུར་མེད་བདེ། །རང་རིག་ཟླ་འོད་གཞོན་ནུར་བཞེངས། །སྐུ་ལྔའི་ཁྱབ་བདག་བླ་མར་འདུད། །གཞན་གྱིས་བརྗོད་མིན་ཕྱག་རྒྱ་ཆེ། །བླ་མའི་དྲིན་ལ་ལྟོས་པའི་ཕྱིར། །དེ་ཉིད་སྒྲུབ་པའི་ཞལ་གདམས་ཀྱི། །ངག་འདོན་བཀླག་པས་གྲུབ་པ་བཤད། །དེའང་འཁོར་བའི་གནས་རིས་གང་དུ་སྐྱེས་ཀྱང་སྙིང་པོ་མེད་པ་ཆུ་ཡི་ལྦུ་བ་ལྟར་མི་རྟག་ཅིང་། སྲིད་པའི་གནས་རིས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རྒྱུ་འབྲས་འབའ་ཞིག་ལ་སྤྱོད་པ་མ་གཏོགས་བདེ་བའི་གནས་སྐབས་གཅིག་ཀྱང་མེད་པར་ཤེས་ཤིང་། ཤིན་ཏུ་རྙེད་དཀའི་དལ་འབྱོར་ཡིད་བཞིན་འབྱུང་བའི་རིན་པོ་ཆེ་ལས་ལྷག་པ་འདི་དོན་མེད་ཀྱི་ལམ་དུ་ཆུད་གསན་པར་མི་བྲ་བའི་སྐྱེས་བུ། ཡང་དག་པའི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པས། ཚེ་འདིར་ལྟོས་པ་སྤུ་ཙམ་མེད་པར་གཏན་བདེ་བྱང་ཆུབ་ཆེན་པོ་འདོད་པའི་བློ་ལྡན་རྣམས་ཀྱིས་དོན་དུ་གཉེར་བར་བྱ་བའི་སྙིང་པོ་ནི། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ། བྱིན་རླབས་ཀྱི་བབ་ལས་ཅིག་ཆར་དུ་ཐོབ་པར་བྱེད་པ་ཉིད་ཡིན་ལ། ཁྱད་པར་རང་རེ་དྭགས་པོའི་བཀའ་བརྒྱུད་པ་རྣམས་བླ་མ་མིན་པར་བསམ་རྒྱུ་མེད་པའི་མོས་གུས་དཀར་པོ་ཆིག་ཐུབ་ཀྱི་ལམ་ནས། ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཟེར་བའི་སྒྲ་བོ་ཆེ་གཡེར་པོ་ཆེ། དེ་ཉིད་སྟན་ཐོག་གཅིག་གམ་ཚེ་གཅིག་ལ་མངོན་དུ་བྱེད་པར་འདོད་པ་རྣམས་ཀྱིས། རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་མངོན་སུམ་དུ་ལུང་གིས་བསྟན་པའི་བདག་ཉིད་ཆེན་པོ་དེ་ཉིད་ཀྱིས། ད་ལྟའི་ལྷ་རྗེ་སྙི་སྒོམ་ཞེས་བཙུན་པ་རྒན་པོ་འདི། མ་འོངས་པ་ན་སྙན་གྲགས་ཆེས་ཆེར་འབྱུང་ཞིང་། བྱིན་རླབས་ཀྱི་བབ་ཆེན་པོ་གཞན་ལས་ཁྱད་ཐོན་པས། བརྒྱུད་འཛིན་གྱི་གྲུབ་ཐོབ་ཆུ་བོའི་རྒྱུན་ལྟ་བུ་ཡོངས་ལས་ཆེ། མོས་གུས་ཀྱི་གསོལ་འདེབས་ནུས་པས་ཆོག །ད་ལྟ་དང་མི་འདྲ་བས་བྱིན་རླབས་མྱུར་བ་ཞིག་དེའི་ཚེ་ཡོང་། ཁོ་བོས་སེམས་ཅན་གྱི་དོན་དུ་དགེ་བའི་ལས་ཚན་པོ་ཆེ་བསགས་ཡོད་པ་ཡིན། སྨོན་ལམ་དང་སེམས་བསྐྱེད་ཀྱི་ས་བོན་རྒྱ་ཆེན་པོ་བཏབ་ནས་ཡོད། ཅེས་པ་ལ་སོགས་ཞལ་གྱིས་བཞེས་ཤིང་། དབུགས་དབྱུང་བསྩལ་པ་བཞིན་མངོན་སུམ་དུ་གྲུབ་པ། ས་བཅུའི་རྒྱུན་མཐར་བཞུགས་པའི་སྐྱེས་བུ་ཆེན་པོ། ཆོས་རྗེ་རིན་པོ་ཆེ་འཛམ་གླིང་གྲགས་པ་དང་། མཉམ་མེད་བསོད་ནམས་རིན་ཆེན་ནམ་རྗེ་བཙུན་སྒམ་པོ་པ་ཆེན་པོའི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་བྱའི་སྙིང་པོ་མ་ནོར་བ་ཡིན་ཞིང་། དེའང་གང་ཟག་ཕལ་པ་བདག་ལྟ་བུས་བརྩམས་པའི་མིང་པོ་ཆེ་ཚོང་དུས་ཀྱི་འོ་མ་ལྟ་བུ་མ་ཡིན་པ། དེ་བཞིན་གཤེགས་པ་འོད་དྲི་མ་མེད་པར་འཚང་རྒྱ་བར་ངེས་པའི་བླ་མ་རྡོ་རྗེ་འཆང་གི་ཞལ་ལུང་། བྱིན་རླབས་ཀྱི་དྲོད་མ་ཡལ་བ། མོས་གུས་ཀྱི་གསེང་ལམ་ལས་བླ་མའི་གོ་འཕང་ཆེན་པོ་སྟན་ཐོག་གཅིག་ཏུ་སྒྲུབ་པའི་ལམ་ཟབ་ཀྱི་མན་ངག་ཉམས་སུ་བླངས་བའི་ཆོ་ག་འདི་ལ་སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ནི། སྒྲུབ་བརྒྱུད་གོང་མས་བྱིན་གྱིས་བརླབས་ཤིང་བཀྲ་ཤིས་ལ་སྒབ་དྲོ་བ། དཔྱད་ལེགས་པའི་གནས་སུ་བསམ་གཏན་ཁང་བུ་ཕྱག་བདར་གྱིས་གཙང་བར་བྱས་ཤིང་། བྱིན་རླབས་ཅན་གྱི་རྟེན་དང་ཡིད་དུ་འོང་བའི་སྤྱན་གཟིགས་བཀྲམ་པའི་གོང་དུ། མཉམ་པའི་སྟེགས་བུའི་དབུས་སུ་མཉྫུའི་ཁར་སྒྲུབ་པའི་དམིགས་རྟེན་རིན་པོ་ཆེའི་མཎྜལ་སྐྱོན་གྱིས་མ་གོས་པར་དྲི་བཟང་དང་བ་བྱུང་གི་ཆུས་ཆག་ཆག་བཏབ་པར། མེ་ཏོག་གམ་འབྲུ་དཀར་གྱི་ཚོམ་བུ་གཙོ་འཁོར་ལྔ་པ་བཞུགས་སུ་གསོལ། དབང་དང་འབྲེལ་ན། གཡས་སུ་བུམ་གདན་ཆོས་འབྱུང་དམར་པོ་བསྣོལ་མའམ་མཎྜལ་ཚོམ་བུ་གཅིག་པའི་ཁར་བུམ་པ་སོ་ལྔའི་རྫས་ལྡན། མགུལ་ཆིང་དམར་པོ་ཅན་དུང་ཞལ་གཟུངས་རྡོར་བཅས་དང་། གཡོན་དུ་བླ་མ་ཡབ་ཡུམ་གྱི་གསང་རྫས་རྙེད་ན་རབ་མ་རྙེད་ན་བདུད་རྩི་རིལ་བུ་བཏབ་པའི་མ་ད་ན་མངར་གསུམ་དང་སྦྱར་བ་བྷནྡྷ་མཚན་ལྡན་དུ་བསྩལ་བའི་ཁར། མེ་ལོང་སིནྡྷུ་རའི་མཎྜལ་ཆོས་འབྱུང་བསྣོལ་བའི་ལྟེ་བར་པདྨ་འདབ་བཞིའི་དབུས་སུ་བྃ། དེའི་མཐར་མདུན་ནས་དབུ་བརྩམ་ཡིག་ངོ་ནང་བསྟན་གཡས་སྐོར་གྱིས་ཨོཾ་གསུམ་མའི་སྔགས་ཀྱིས་བསྐོར་བ་བཞག །དར་དམར་ཁ་གང་གྲུ་གསུམ་དུ་བལྟབས་པས་ཞལ་ཁེབས་དགབ། སློབ་དཔོན་གྱི་བདུན་ནམ། དཀྱིལ་འཁོར་གྱི་མདུན་གཡོན་དུ་ལས་བུམ་ཆིངས་ལྡན་ཅན་བཀོད། གང་ལྟར་ནའང་རྒྱབ་ཏུ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་གོང་གཏོར་ལྔ་ཚོམ་མམ། མ་ལྕོགས་ན་བླ་གཏོར་རྒྱན་ལྡན། དེའི་གཡོན་དུ་གཏེར་བདག་སྒམ་པོ་ལྷ་རྩེ་ལ་བསྔོ་རྒྱུའི་གཏོར་མ་དཀར་བཤོས་ཟླུམ་པོ། འཁོར་བདུན་དང་གཡོན་དུ་དཀར་ཟླུམ། གཡས་དང་རྒྱབ་ཏུ་ཟུར་གསུམ་དམར་པོ་རྣམས་རྒྱན་ལྡན་གྱི་མཐར་མཐེབ་ཀྱུས་བསྐོར། གཡས་སུ་མཆོད་པའི་མཎྜལ། མདུན་དུ་བདུད་རྩི་རིལ་བུ་དང་ལྡན་པའི་ནང་མཆོད་ཀ་པཱ་ལ་དང་། ཆུ་གཉིས་ཉེར་སྤྱོད། གཞན་ཡང་ཚོགས་ཀྱི་ཡོ་བྱད། སྤོས་ཆེན་གྱི་ཚབ། མི་འཆི་བཅུའི་ཕབས་ལྡན་གྱི་དྲི་ཞིམ་པོའི་སྦྱར་སྤོས། སྔོན་གཏོར། མཆོད་གཏོར་ཁ་གསོ་རྒྱུའི་ཡོ་བྱད་རྣམས་དང་། རང་གི་མདུན་དུ་ནང་མཆོད་རྡོར་དྲིལ། ཌཱ་མ་རུ། རྐང་གླིང་། མེ་ཏོག་སོགས་བཀོད་ལེགས་སུ་བཤམས། འདི་ནི་དཀྱུས་ཀྱི་སྒྲུབ་མཆོད་དང་། དབང་བསྐུར་དང་། ཚོགས་མཆོད་ཙམ་བྱེད་པའི་ལུགས་ཡིན་གྱི། ཕྱི་ནང་གསང་སྒྲུབ་སོ་སོའི་ཉམས་ལེན་དངོས་ཀྱི་སྐབས་སུ་འཇམ་མགོན་རྡོ་རྗེ་འཆང་ཆེན་པོས་བསྩལ་པའི་ཡིག་ཆར་གསུངས་པ་བཞིན་བྱ་དགོས་སོ།། །།གཉིས་པ་དངོས་གཞི་ལ་ཕྱི་ནང་གསང་གསུམ་ལས། དང་པོ་ཕྱི་གསོལ་འདེབས་ཀྱི་སྒྲུབ་པ་ལ། རྡོ་རྗེའི་གསུང་ལས། དང་པོ་སྐྱབས་འགྲོ་སེམས་བསྐྱེད་དེ། ཞེས་གསུངས་པས་ཚེ་འདི་ལ་མི་ཆགས་ཤིང་། སྣང་གྲགས་ཀྱི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུ་གདེངས་སུ་བཅུག །བླ་མ་དང་དཀོན་མཆོག་ལ་བློ་བཀལ་ཏེ། ལུས་རྣམ་སྣང་ཆོས་བདུན་བྱ། ངག་གིས་བརྗོད་པའི་དོན་ཡིད་ཀྱིས་གསལ་གདབ་ཅིང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དང་། མོས་གུས་དཀར་པོ་ཆིག་ཐུབ་མི་འབྲལ་བར་ཟུང་འཇུག་གཅིག་ཤེས་ཀུན་གྲོལ་གྱི་ས་མཱ་དྷི་ལ་གནས་པས། སྣང་གྲགས་རྟོག་ཡུལ་དག་པའི་སྣང་བར་སྦྱང་བ་ནི། བདག་ཉིད་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས་ཕྱག་གཡས་རྡོ་རྗེས་མཚན་པའི་གྲི་གུག་དང་། གཡོན་པས་ཐོད་པ་བདུད་རྩིས་བཀང་བ་བསྣམས་པ། གྲུ་མོ་ན་ཁ་ཊྭཱཾ་ག་ཡོད་པ། རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུར་གྱུར་པར་བསམ། བདུད་རྩི། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་ལས་རླུང་མེ་ཐོད་སྒྱེད་སྟེང་། །ཨ་ལས་རྡོ་རྗེའི་ཀ་པཱ་ལར། །ཤ་ལྔ་བདུད་རྩི་རྣམ་པ་ལྔ། །རླུང་མེས་བཀོལ་བས་དྲི་མ་སྦྱངས། །དམ་ཚིག་བདུད་རྩིར་འཁྱིལ་བའི་སྟེང་། །འབྲུ་གསུམ་འོད་ཀྱིས་ཡེ་ཤེས་ཀྱི། །བདུད་རྩི་སྤྱན་དྲངས་གཉིས་མེད་འདྲེས། །ཡེ་ཤེས་བདུད་རྩི་ཆེན་པོར་སྤར། །ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་རླབས། སྔོན་གཏོར་བདུད་རྩི་ལྟར་བྱིན་བརླབས་ནས། མགྲོན་རྣམས་ཕེཾ་གྱིས་སྤྱན་དྲངས། ཨོཾ་བཛྲ་ཨཱ་རལླི་ཧོཿ ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སཏྭཾ། དྲྀ་ཤྱ་ཧོཿ ཞེས་གཏོར་མ་འབུལ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ནས། ཤབྡའི་བར་གྱིས་མཆོད། ཞིང་སྐྱོང་དཔའ་བོ་མཁའ་འགྲོའི་ཚོགས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །མི་མཐུན་རྐྱེན་ཟློག་མཐུན་རྐྱེན་སྤེལ། །ལས་རྣམས་འགྲུབ་པའི་དངོས་གྲུབ་སྩོལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་ཕྲིན་ལས་བཅོལ་ཞིང་། བགེགས་རྣམས་ལ། གང་དག་ནག་པོའི་ཕྱོགས་གྱུར་ཅིང་། །གསང་སྔགས་ཟབ་མོའི་ཆོ་ག་ལ། །ཉན་དང་བལྟ་བར་མི་དབང་བ། །དེ་དག་ཐམས་ཅད་གཞན་དུ་དེངས། །གལ་ཏེ་བཀའ་ལས་འདའ་བྱེད་ན། །རྡོ་རྗེ་ཁ་ཊྭཱཾ་རབ་འབར་བས། །མགོ་བོ་ཚལ་པ་བརྒྱར་འགས་འགྱུར། །ཞེས་བཀའ་བསྒོས་ལ། སུམྦྷ་ནིས་བསྐྲད། འོག་ཐམས་ཅད་རྡོ་རྗེའི་ས་གཞི། བར་ཐམས་ཅད་རྡོ་རྗེའི་རྭ་བ། སྟེང་ཐམས་ཅད་རྡོ་རྗེའི་དྲྭ་བ་དང་གུར་བླ་བྲེས་སུ་གྱུར། ཧཱུྃ། སྤྲུལ་པའི་མཁའ་འགྲོ་ཕྲ་མེན་མ། །སྣ་ཚོགས་གཟུགས་ཅན་མ་རྣམས་ཀྱིས། །སྟེང་འོག་ཕྱོགས་མཚམས་སྒོ་སྡོམས་ལ། །ཕྱི་ནང་བར་ཆད་ཟློག་ཏུ་གསོལ། །ཞེས་མཚམས་བཅད། ལས་ཀྱི་རྡོ་རྗེས་ཕྱག་འཚལ་ནས། རྡོ་རྗེ་འཛིན་སོགས་དགོངས་སུ་གསོལ། །དཔའ་བོ་མཁའ་འགྲོ་མཉེས་བྱ་དང་། །ཡོན་བདག་བསོད་རྣམས་བསྐྱེད་བྱའི་ཕྱིར། །གཉིས་མེད་ཏིང་འཛིན་ས་ལ་བཞུགས། །ས་མཱ་དྷི་ཀྲ་མ་ཧོཿ ཞེས་ཏིང་ངེ་འཛིན་བསྐུལ། མཆོད་གཏོར་རྣམས་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་སྣོད། །ཡངས་ཤིང་རྒྱ་ཆེར་ཧཱུྃ་ཡིག་ལས། །བྱུང་བའི་རྡོ་རྗེའི་མཆོད་པའི་སྤྲིན། །ཀུན་བཟང་སྨོན་ལམ་ལྟ་བུར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ། པུཥྤེ་ནས། ཤབྡའི་བར་གྱིས་བྱིན་གྱིས་བརླབ་བོ། །ཚོགས་ཞིང་གསལ་གདབ་པ་ནི། རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སྤྱི་བོར་གྱད་དང་སེང་གེས་བཏེགས་པའི་རྡོ་རྗེ་རིན་པོ་ཆེའི་ཁྲི་དང་པད་ཟླའི་གདན་ལ། དུས་གསུམ་གྱི་དཀོན་མཆོག་ཀུན་འདུས་བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དེ་ཉིད་ཆོས་རྗེ་རིན་པོ་ཆེ་འཛམ་གླིང་གྲགས་པའི་རྣམ་པ་ཅན། ཚད་མེད་པའི་དགྱེས་འཛུམ་གཟི་འོད་འབར་བ། དེའི་དབུ་ཐོག་ནས་ཡར་ལ། རྗེ་བཙུན་བློ་གྲོས་མཐའ་ཡས། རྒྱལ་དབང་ཐེག་མཆོག་རྡོ་རྗེ་ཞྭ་ནག་གསེར་མདངས་ཅན། བྱམས་མགོན་པདྨ་ཉིན་བྱེད། ཀུན་གཟིགས་ཆོས་ཀྱི་སྣང་བ། ཡོངས་འཛིན་འཇམ་དཔལ་དཔའ་བོ། གྲུབ་དབང་བདེ་ཆེན་རྡོ་རྗེ། རིག་འཛིན་ཐུགས་ཀྱི་རྡོ་རྗེ།་་་ཁམ་པ་ཀུན་དགའ་བསྟན་འཛིན། མཐུ་ཆེན་ཆོས་ཀྱི་དབང་ཕྱུག།་་་བདེ་ཆེན་ཆོས་མགོན་སྐུ་ཕྲེང་གསུམ་པ། ཡོངས་འཛིན་ཀུན་དགའ་ལྷུན་གྲུབ། ཆོས་རྗེ་མི་ཕམ་བློ་གྲོས། ཨོ་རྒྱན་འཇའ་ཚོན་སྙིང་པོ། དེ་ཐམས་ཅད་ཀྱང་སྐུ་ལ་ཆོས་གོས་རྣམ་གསུམ། དབུ་ལ་སྒོམ་ཞྭ་མཐོང་གྲོལ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་། ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། དེའི་སྤྱི་བོར་མཉམ་མེད་ཟླ་འོད་གཞོན་ནུ། རྗེ་བཙུན་རྡོ་རྗེ་རྒྱལ་མཚན། མངའ་བདག་ཆོས་ཀྱི་བློ་གྲོས། མཁས་མཆོག་ནཱ་རོ་པཎ་ཆེན། གྲུབ་ཆེན་ཏཻ་ལོ་སངས་རྒྱས། ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་རྣམས་ཐོ་བརྩེགས་སུ་བཞུགས་པའི་ཕྱོགས་མཚམས་དང་། མཐོང་ཡུལ་བར་སྣང་ཐམས་ཅད་སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་འཇའ་སྤྲིན་འཐིབས་པའམ། དཔེར་ན་དཔག་བསམ་གྱི་ཤིང་ལོ་འབྲས་འཕྱོ་བ་ལྟར་བཞུགས་ཤིང་། བརྩེ་བའི་སྤྱན་གྱིས་གཟིགས་པ་དང་། འོག་ནས་རིགས་དྲུག་སྲིད་པ་གསུམ་གྱིས་བསྡུས་པའི་ཕ་མ་སེམས་ཅན་ཐམས་ཅད་ཀྱང་བང་རིམ་གྱི་ཚུལ་དུ་གནས་ནས། བདག་གིས་འདྲེན་དཔོན་ཚུལ་དུ་བྱས་པས། སྐྱབས་འགྲོ་འུ་རུ་རུ་ངག་གིས་འདྲེན་ནས། ཡིད་གུས་པས་སྐྱབས་སུ་འགྲོ་ཞིང་། ལུས་གུས་པས་ཕྱག་འཚལ་བར་བསམ་ལ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་རྣལ་འབྱོར་བསྟེན་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ཉེར་གཅིག་ལ་སོགས་པས་སྐྱབས་སུ་སོང་ནས། ཡན་ལག་བདུན་པ་འབུལ་བ་ནི། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །སོགས་ནས། ཕྱིར་བསྔོ་འོ། །བར་བརྗོད། ཁྱད་པར་གྱི་སྐྱབས་སུ་འགྲོ་བ་ནི། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་བཀའ་རྒྱུད་ཀྱི་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་རྩེ་གཅིག་པའི་ཡིད་ཀྱིས་བརྒྱ་རྩ་འམ། ཉེར་གཅིག་ལ་སོགས་པ་བརྗོད་མཐར། སེམས་བསྐྱེད་པ་ནི། བདག་དང་སྣང་བ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆེད་དུ། ལུས་ངག་ཡིད་གསུམ་དཀར་པོ་དགེ་བའི་ལས་ལ་ཅི་ནུས་ཀྱིས་འབད་པར་བྱ་འོ། །ཞེས་ཅི་ནུས་སུ་གྲངས་བསགས་ཤིང་བྱང་ཆུབ་ཀྱི་སེམས་ལ་བློ་གཞག །སེམས་བསྐྱེད་པ་འདིའི་མཐུ་ལ་བརྟེན་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཅེས་ཚད་མེད་བཞིའ་ིཕྲིན་ལས་ཀྱི་རྩལ་སྦྱང་། བརྒྱུད་པའི་བླ་མའི་ཞལ་རྒྱུན་བཞིན་ཚོགས་ཞིང་བསྡུ་བར་འདོད་ན། དེ་ལྟར་བགྱིས་པས་སྐྱབས་ཡུལ་ཐུགས་རྗེའི་འོད། །མཁའ་ཁྱབ་འགྲོར་ཞུགས་སྒྲིབ་སྦྱངས་ཡེ་ཤེས་ཀྱི། །ལུས་གྱུར་དག་པའི་ཞིང་ཁམས་རྣམས་སུ་གཤེགས། །སྐྱབས་ཡུལ་དགྱེས་པས་འོད་ཞུ་བདག་ལ་ཐིམ། །སྤྲོས་བྲལ་ཡེ་ཤེས་ཁྱབ་བརྡལ་ཀློང་དུ་གཞག །ཅེས་ཉམས་བསྐྱང་། དེ་ནས་བྱིན་རླབས་བཞི་སྐོར་གྱི་སྒྲིབ་སྦྱང་བསྒྲུབ་པའི་སླད། ཚོགས་རྟེན་སླར་ཡང་གསལ་གདབ་པ་ནི། གཞུང་གི་དགོངས་པ་བཞིན་སྐྱབས་ཡུལ་སྔར་ལྟར་སླར་གསལ་བ་དེ་ཉིད་གཙོ་བོར་བྱས་ཏེ་ཞིང་མཆོག་རྣམས་སྤྱན་འདྲེན་པ་དང་། སྔར་གྱི་སྐྱབས་ཡུལ་མི་བསྡུ་བར་ཞིང་མཆོག་གྲངས་མེད་སླར་སྤྱན་དྲངས་པ་དེ་ལ་བསྟིམ་པ་གཉིས་གང་མོས་བློ་དང་བསྟུན། གང་ལྟར་ཡང་། རྡོ་རྗེའི་གསུང་ལས། མཎྜལ་ཕུལ་ཞིང་གསོལ་བ་གདབ། །ཅེས་པའི་དོན་ལག་ཏུ་བླང་བའི་ཐོག་མར་རྒྱལ་བ་རྣམས་ཀྱི་ཞིང་སྦྱོང་བའི་སྨོན་ལམ་དང་། མཛད་སྤྱོད་ཀྱི་རྗེས་སུ་སློབ་པའི་ཏིང་འཛིན་གྱིས། ཐམས་ཅད་དུ་ཡང་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བཻ་ཌཱུརྻའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །ཅེས་པས་ས་གཞི་ཞིང་གི་བཀོད་པར་བྱིན་གྱིས་བརླབས། བདེ་ལྡན་འཇིག་རྟེན་བཀོད་པ་ལྟར། །རིན་ཆེན་ས་གཞི་མེ་ཏོག་བཅས། །ལྗོན་ཤིང་ཆུ་མཚོ་མ་ཚང་མེད། །ཆོས་སྒྲ་རྒྱ་ཆེན་ལྡན་པར་ཤོག །འཇིག་རྟེན་འདས་པའི་དགེ་ལས་བྱུང་། །རིན་ཆེན་བདུན་ལས་གྲུབ་པ་ཡི། །ཚང་མེད་འོད་ཟེར་འགྱེད་པའི་གནས། །རྒྱལ་བ་སྲས་བཅས་བཞུགས་གྱུར་ཅིག །ཅེས་ཐར་པ་ཆེན་པོའི་ཕོ་བྲང་དུ་བྱིན་གྱིས་བརླབས། རིན་ཆེན་དུ་མ་ལས་གྲུབ་སེང་གེའི་ཁྲི། །ཡིད་འོང་སྣ་ཚོགས་གོས་ཀྱིས་བཀབ་པ་འདི། །རྒྱལ་བ་སྲས་བཅས་རྣམས་ལ་བདག་འབུལ་ན། །འགྲོ་ཀུན་རྡོ་རྗེའི་གདན་ལ་བཞུགས་གྱུར་ཅིག །ཆོས་ཀྱི་ཁྲི་སྟན་བྱིན་གྱིས་བརླབས། ལྷ་དང་མི་ཡི་མཆོད་པའི་རྫས། །དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ། །ཕྱི་ནང་གསང་བ་བླ་མེད་པས། །ནམ་མཁའི་ཁམས་ཀུན་ཁྱབ་གྱུར་ཅིག །ཅེས་མཆོད་པའི་སྤྲིན་ཆེན་པོར་བྱིན་གྱིས་བརླབས་ནས། ཚོགས་ཞིང་སྔར་ལྟར་རྩ་བརྒྱུད་ཀྱི་བླ་མ་ཐོ་བརྩེགས་ལ། བཀའ་བརྒྱུད་བླ་མ་ལ་སོགས་རྩ་གསུམ་རྒྱ་མཚོས་བསྐོར་བ་གསར་དུ་བསྐྱེད་ཅིང་སྤྱན་འདྲེན་པའམ། སྤྱན་དྲངས་པ་སྔར་གསལ་བའི་རྟེན་དང་དབྱེར་མེད་དུ་བཞུགས་པ་གང་བྱེད་སྐབས་དང་བསྟུན་ཏེ། གུས་པ་དང་བཅས་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ ཞེས་དབྱངས་ཀྱི་རྟ་དང་། སྤོས་ཀྱི་སྤྲིན། རོལ་མོའི་སྒྲ་རྣམས་མ་ག་དྷ་བཟང་མོའི་རྟོག་བརྗོད་ལ་སོགས་ནས་འབྱུང་བ་བཞིན། རྒྱལ་བའི་ཞིང་རབ་འབྱམས་ཀུན་ཏུ་ཁྱབ་པས། རྒྱལ་བ་རྩ་གསུམ་མཆོག་གསུམ་སྲུང་མ་དང་བཅས་པ་སྤྱན་དྲངས་པ། མངོན་སུམ་དུ་བྱོན་ནས་རང་རང་གི་ཁྲི་སྟན་ལ་བཞུགས་སུ་གསོལ་བས། རང་གཞན་རྡོ་རྗེའི་གནས་ཐོབ་པའི་རྟེན་འབྲེལ་བསྒྲིགས་པར་བསམ་ལ། པདྨ་ཀ་མ་ལཱ་ཡ་སཏྭཾ། ཞེས་གདན་འབུལ། སྤྲུལ་པའི་ལྷ་མོའི་ཚོགས་ཀྱིས་གླུ་གར་རོལ་མོའི་སྒྲས་མཆོད་ཅིང་། ཁྲུས་གསོལ་བས་བདག་རྒྱུད་ཀྱི་དྲི་མ་དག་པར་བསམ་ལ། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ག་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད། ཕྱག་གིས་བསྙེན་བཀུར་བས་མཚན་དཔེས་བརྒྱན་པའི་སྐུ་ལྷ་ཡིས་མཆོད་པའི་གནས་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པར་མོས་ལ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཇི་སྙད་སུ་དག་སོགས་ཤྭ་ལོ་ཀ་བཞི་འམ། བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཀུན་གྱི་བྱེད་པོ་བླ་མ་ཡིན། བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་མ་ལུས་དང་། །བྱང་ཆུབ་སེམས་དང་རྒྱལ་སྲས་མ་ལུས་ཚོགས། །རྡུལ་གཅིག་སྟེང་ན་རྡུལ་སྙེད་བཞུགས་པ་ཡི། །བླ་མེད་འཕགས་པའི་ཚོགས་ལ་ཕྱག་འཚལ་ལོ། །ངོ་བོ་ཉིད་ཀྱི་དཀྱིལ་འཁོར་དུ། །མ་འགགས་སྣ་ཚོགས་ལྷ་ཡི་སྐུ། །མཐའ་ཡས་སྣ་ཚོགས་རྒྱུད་སྡེ་བཞིའི། །ཡི་དམ་རྣམས་ལ་ཕྱག་འཚལ་ལོ། །མཁའ་ལ་སྤྱོད་པའི་གནས་མཆོག་ནས། །མངོན་ཤེས་རྫུ་འཕྲུལ་ནུས་སྟོབས་ཅན། །སྒྲུབ་པོར་མ་ཡིས་བུ་བཞིན་སྐྱོང་། །གནས་གསུམ་མཁའ་འགྲོར་ཕྱག་འཚལ་ལོ། །ཡེ་ཤེས་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེའི་ཐབས་ཀྱིས་ཁྲོ་བོའི་སྐུར། །བསྐལ་པའི་མེ་ལྟར་འབར་བ་ཡི། །ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཞེས་བརྗོད། མཆོད་པས་བསྙེན་བཀུར་ཚོགས་རྫོགས་ནས་སངས་རྒྱས་ཀྱི་ཡོན་ཏན་རིན་པོ་ཆེ་མ་ལུས་པ་ཐོབ་པའི་རྟེན་འབྲེལ་འགྲིགས་པར་བསམ་ལ། སྣོད་བཅུད་ཡོངས་རྫོགས་མཎྜལ་འབུལ་བ་ནི། མཆོད་པའི་མཎྜལ་ལག་ལེན་སྤྱི་ལྟར་གྱིས། ཡིག་བརྒྱ་བརྗོད་ཅིང་རྡུལ་ཕྱིས་པས་སྒྲིབ་གཉིས་དག་པར་བསམ་ལ། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ་སོགས་ཀྱིས་ཚོམ་བུ་སོ་བདུན་མ་བཀོད་ཅིང་འབུལ། ས་གཞི་སྤོས་ཆུས་བྱུགས་ཤིང་སོགས་ཤོ་ལོ་ཀས་ཚོམ་བུ་བདུན་མ་གྲངས་མང་དབུལ། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་རྡོ་རྗེ་སློབ་དཔོན་དང་། །ཡི་དམ་ལྷ་ཚོགས་འཁོར་བཅས་དང་། །དུས་གསུམ་བདེ་གཤེགས་མ་ལུས་ལ། །གླིང་བཞི་རི་རབ་བཅས་པ་དང་། །གླིང་བཞི་བྱེ་བ་ཕྲག་བརྒྱ་དང་། །བྱེ་བ་འབུམ་དང་དུང་ཕྱུར་བཅས། །མཎྜལ་གཅིག་ཏུ་བསྡུས་ནས་ནི། །མོས་བློས་གོང་མ་རྣམས་ལ་འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ་གིས་འབུལ་ཞིང་། མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །དུས་གསུམ་བདེ་གཤེགས་དགོངས་པ་རྟོགས་པ་དང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང་། །ནམ་མཁའ་མཉམ་པའི་འགྲོ་བ་སྒྲོལ་བར་ཤོག །ཅེས་མཎྜལ་གྱི་སྨོན་ལམ་གདབ། གཞན་ཡང་བདག་པོས་མ་བཟུང་བ་བླ་མེད་ཀྱི་མཆོད་པ་རྣམས་འབུལ་བ་ནི། མེ་ཏོག་དམ་པ་སོགས་ཤོ་ལོ་ཀ་གསུམ་བརྗོད། དེ་ནས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་འབུལ་བས། སྔགས་རྒྱུད་རྒྱ་མཚོའི་སྣོད་དང་། བདག་པོ་རྡོ་རྗེ་འཆང་གི་གནས་ཐོབ་པའི་རྟེན་འབྲེལ་ཅན་དུ་བྱོན་པར་མོས་ལ། རྒྱལ་བ་དངོས་བྱོན་རྗེ་བཙུན་སྒམ་པོ་པ། །རབ་འབྱམས་ཚོགས་ཞིང་རྒྱ་མཚོར་བཅས་པ་ལ། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་བཤོས། །གཟུགས་སྒྲ་དྲི་རོ་རེག་བྱའི་མཆོད་སྤྲིན་དང་། །སྣང་སྟོང་དབྱེར་མེད་ཟུང་འཇུག་བདེ་བ་ཆེ། །རྣམ་ཀུན་མཆོག་ལྡན་འཁོར་ལོར་རྟག་རོལ་པའི། །ཟག་མེད་རྣམ་གསལ་རྡོ་རྗེའི་མཆོད་པ་ཆེ། །མཁའ་ཁྱབ་བློ་ལས་འདས་པའི་ངང་དུ་འབུལ། །ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་གནས་དག་སྟེ། །དཀོན་མཆོག་བླ་མའི་གོ་འཕང་ཐོབ་པར་ཤོག །ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ་ནས། ཤབྡའི་བར་དང་། བཛྲ་རཱུ་པ། ཤབྡ། གནྡྷེ། ར་ས། སྤརྴེ། མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་རྣམས་སྦྱར་བས་མཆོད། དེ་དག་ཅུང་ཟད་སྤྲོ་བར་འདོད་ན། རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང་། །སེམས་ཅན་ཉོན་མོངས་བག་ཆགས་སྦྱང་སླད་དུ། །སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། ཁམས་གསུམ་གནས་པའི་དྲི་མ་དག་གྱུར་ཅིག །ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་གྱུར་པའི། །ལྷ་རྫས་དབྱིབས་ལེགས་མེ་ཏོག་དམ་པ་འདི། །ནམ་མཁའ་གང་བར་སེམས་ཀྱིས་མངོན་སྤྲུལ་ནས། །གཞལ་མེད་ཁང་དུ་སྤྲིན་བཞིན་གཏིབས་གྱུར་ཅིག །སྔགས་ཐོག་མཐའ་གོང་ལྟར་ལ། པུཥྤེ༴ ཚུལ་ཁྲིམས་དྲི་ལྡན་སྤོས་མཆོག་དམ་འདི། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །སངས་རྒྱས་ཞིང་དུ་སྤོས་དྲིའི་ངད་ལྡང་བས། རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་མཉེས་གྱུར་ཅིག །དེ་བཞིན་དུ། དྷཱུ་པེ༴ ཉོན་མོངས་དུག་སྲེག་མ་རིག་མུན་སེལ་བའི། །ཤེས་རབ་གཟི་ལྡན་དཔལ་གྱི་སྒྲོན་མེ་འདི། །སྤྲིན་མེད་མཁའ་ལ་ཉི་ཤར་ཇི་བཞིན་དུ། །འོད་ཟེར་སྣང་བས་ཕྱོགས་བཅུར་གསལ་གྱུར་ཅིག །ཨཱ་ལོ་ཀེ༴ སྟོང་གསུམ་ཀུན་ཏུ་དྲི་ངད་དང་ལྡན་པའི། །སྤོས་དང་སྨན་སྦྱར་ཆུ་གཙང་རྒྱལ་བའི་ཁྲུས། །ཡེ་ཤེས་སྤྲིན་ཕུང་ཐུགས་རྗེའི་ཆར་རྒྱུན་གྱིས། །མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག །གནྡྷེ༴ རྒྱལ་བའི་སྐུ་ལ་བཀྲེས་པ་མི་མངའ་ཡང་། །འགྲོ་བའི་དོན་དུ་ལྷ་རྫས་བདུད་རྩིའི་བཤོས། །དག་ཅིང་གཙང་མར་བཤམས་ཏེ་འབུལ་ལགས་ན། །བསོད་ནམས་ཞིང་གྱུར་རྣམས་ཀྱིས་བཞེས་སུ་གསོལ། །ནཻ་བིདྱཱ༴ དྲིལ་ཆེན་སིལ་སྙན་རྣམ་གྲོལ་ཚངས་པའི་དབྱངས། །བསམ་དག་ངག་གིས་བསྟོད་པའི་གུས་མཆོད་འབུལ། །ས་བཅུ་རིམ་གྱིས་བགྲོད་ནས་སངས་རྒྱས་སར། །ཚོགས་གཉིས་རྫོགས་ནས་ཆོས་ཀྱི་རྒྱལ་པོར་ཤོག །ཤབྡ༴ ཞེས་ཕྱི་མཆོད་དང་། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །སྔགས་ཐོག་མཐའ་གོང་ལྟར་འགྲེ་བས། རཱུ་པ༴ ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཡིད་འོང་ལྡན། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཤབྡ༴ ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང་། །ཨ་གར་ལ་སོགས་དབང་པོ་ཚིམ་བྱེད་དྲི། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །གནྡྷེ༴ ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟས་བྱེད་རོ་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ར་ས༴ ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱ་ཁྱད་པར་འཕགས་པ་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །སྤརྴེ༴ ཞེས་ནང་མཆོད་དང་། བལྟ་དང་རྒོད་དང་ལག་འཛིན་དང་། །འཁྱུད་དང་གཉིས་སྤྲོད་སོགས་མཆོད་པས། །དབང་བསྐུར་བ་ནི་གྱུར་ནས་བདག །དཀྱིལ་འཁོར་ཀུན་གྱི་དོན་རྟོགས་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་གསང་མཆོད་དང་། རང་བཞིན་མེད་པའི་གནས་གོམས་པས། །ལྷ་ཡི་སྙིང་པོ་སྒོམ་བྱེད་པ། །དེ་ནི་མཆོད་པ་ཆེན་པོར་འདོད། །སངས་རྒྱས་ཐམས་ཅད་རྟོགས་བྱེད་པའོ། །ཞེས་དེ་ཁོ་ན་ཉིད་ཀྱི་མཆོད་པ་བཅས་འབུལ། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །སོགས་ཡན་ལག་ལྷག་མ་རྣམས་ཀྱང་བྱ། དེ་ནས་བྱིན་རླབས་མྱུར་དུ་འཇུག་བྱེད་གསོལ་འདེབས་ཀྱི་རྣལ་འབྱོར་ནི། རང་ཉིད་དུས་གསུམ་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མའི་སྐུར་གསལ་བའི་ཐུགས་ཀར། རིན་པོ་ཆེའི་ཁྲི། དར་ཟབ་ཀྱི་ཕོ་ལང་། པདྨ་ཉི་ཟླ་བརྩེགས་པའི་གདན་ལ། བརྟན་གཡོ་འཁོར་འདས་ཡོངས་ཀྱི་བདག་ཉིད། ཡིད་བཞིན་གྱི་ནོར་བུ་དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེ། རྡོ་རྗེ་འཛིན་པ་འཛམ་གླིང་གྲགས་པ་རབ་བྱུང་གི་ཆ་ལུགས། དབུ་ལ་སྒོམ་ཞྭ་དང་ཕྱག་གཉིས་མཉམ་གཞག ཞབས་གཉིས་སྐྱིལ་ཀྲུང་། ལྷུན་ཆགས་གཟི་བྱིན་འབར་བ། མདུན་དུ་བཞུགས་པའི་ཚོགས་ཞིང་རྒྱ་མཚོ་རྣམས་དགྱེས་འཛུམ་བརྩེ་བའི་མདངས་དང་ལྡན་པ། གསོལ་བ་བཏབ་པ་ཙམ་གྱིས་རྡོ་རྗེའི་ཡེ་ཤེས་འབེབ་ཅིང་མཆོག་གི་དངོས་གྲུབ་སྩོལ་བའི་བདག་ཉིད་ཅན་དུ་བཞུགས་པར་མོས་ལ། ཐུགས་རྗེ་དང་བཀའ་དྲིན་ཚད་མེད་པའི་ཡོན་ཏན་རྣམས་ལ་ངེས་ཤེས་འདྲོངས་པའི་དད་པས། ཅི་མཛད་ཁྱེད་ཤེས་བློ་གཏད་ལིང་བསྐྱུར་གྱི་གདུང་བ་དྲག་པོས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །དེ་བཞིན་དུ། བླ་མ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ། །ཞེས་མ་ནམ་བཞི་སྐོར་དུ་གྲགས་པས་ཕུར་ཚུགས་ཀྱི་གསོལ་འདེབས་བརྒྱ་སྟོང་ཁྲི་འབུམ་ལ་སོགས་པ་མཛེས་ཆོས་དང་ཀུ་རེ་སྤངས་ནས་མོས་གུས་ཀྱི་རྒྱུད་འཁུལ་བས་སྣང་བ་བཀྲག་མེད་བུན་ལོང་། རིག་པ་གཏད་མེད་ཟང་ཐལ་དུ་མ་གྱུར་གྱི་བར་གྱེར་མཐར། ཁྱད་པར་འདོད་དོན་གྱི་གསོལ་འདེབས་ནི། བདག་དང་སེམས་ཅན་ཐམས་ཅད་ཀྱི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ལམ་དུ་སློང་བར་བྱིན་གྱིས་བརླབ་ཏུ་གསོལ། ལམ་འཁྲུལ་པ་སེལ་བར་བྱིན་གྱིས་བརླབ་ཏུ་གསོལ། འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་། ཤེ་བྱའི་སྒྲིབ་པ་དང་། བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་ད་ལྟ་ཉིད་དུ་དག་པར་བྱིན་གྱིས་བརླབ་ཏུ་གསོལ། འདུག་ས་འདི་ཉིད་དུ་དག་པར་བྱིན༴ ཐུན་འདི་ཉིད་དུ་དག་པར་བྱིན༴ བདག་གི་རྒྱུད་འདི་དག་པར་བྱིན་གྱིས་བརླབ་ཏུ་གསོལ། རྒྱུད་འདི་རྣམ་པར་གྲོལ་བར་བྱིན༴ ད་ལྟ་ཉིད་དུ་གྲོལ་བར་བྱིན༴ འདུག་ས་འདི་ཉིད་དུ་གྲོལ་བར་བྱིན༴ ཐུན་འདི་ཉིད་དུ་གྲོལ་བར་བྱིན༴ བདག་གི་རྒྱུད་ལ་ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་ཕྱིན་ཅི་མ་ལོག་པ་སྐྱེ་བར་བྱིན༴ ད་ལྟ་ཉིད་དུ་སྐྱེ་བར་བྱིན༴ འདུག་ས་འདི་ཉིད་དུ་སྐྱེ་བར་བྱིན༴ ཐུན་འདི་ཉིད་དུ་སྐྱེ་བར་བྱིན༴ ཡེ་ཤེས་མཆོག་ཏུ་གྱུར་པ་ཕྱིན་ཅི་མ་ལོག་པ་སྐྱེ་བར་བྱིན༴ ད་ལྟ་ཉིད་དུ་སྐྱེ་བར་བྱིན༴ འདུག་ས་འདི་ཉིད་དུ་སྐྱེ་བར་བྱིན༴ ཐུན་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བརྒྱ་འམ་ཉེར་གཅིག་ལ་སོགས་པ་སྙིང་ཁུང་རུས་པའི་གཏིང་ནས་གསོལ་བ་གདབ་བོ། །དེ་ནས་རྡོ་རྗེའི་གསུང་ལས། དེ་རྗེས་བླ་མ་རང་ལ་བསྟིམ། །ཞེས་གསུངས་པས། དེ་ལྟར་རྩེ་གཅིག་གདུང་བས་བསྐུལ་བའི་མཐུས། །ཐུགས་རྗེའི་རྩལ་གཡོས་ཚོགས་ཞིང་དཀོན་མཆོག་རྣམས། །དགྱེས་པས་ཚུར་འདུས་སྙིང་གའི་བླ་མར་ཐིམ། །དེ་ཉིད་བདེ་བ་ཆེན་པོས་འོད་དུ་ཞུ། །རྡོ་རྗེ་གསུམ་བྱིན་དཀར་དམར་མཐིང་བའི་འོད། །ལུས་ངག་ཡིད་ལ་ཞུགས་པས་བླ་མ་ཡི། །གསང་བའི་དཀྱིལ་འཁོར་གསུམ་དང་རོ་གཅིག་པས། །ཐུགས་ཡིད་གཅིག་འདྲེས་མི་རྟོག་ངང་ལ་གཞག །ཅེས་ཉམས་བསྐྱང་། རྡོ་རྗེའི་གསུང་ལས། གནས་འགྱུ་གཏན་ལ་དབབ་པར་བྱ། །མ་སྒོམས་མ་ཡེངས་རང་བབ་སྐྱོངས། །ཞེས་གསུངས་པས། ཀུན་ཁྱབ་ཡེ་དག་རིག་པ་བྱང་ཆུབ་སེམས། །མི་སྒོམ་མི་ཡེངས་རང་བབས་གཉུག་མའི་གཤིས། །ཐ་མལ་ཤེས་པ་བཟོ་མེད་སོ་མ་རུ། །དུས་གསུམ་སྤྲོས་བྲལ་ངང་དུ་མཉམ་པར་གཞག །ཅེས་ལས་དང་པོ་པས་ཞི་གནས་ཀྱི་ཏིང་འཛིན་བསྒྲུབ། དེ་ནས་རྡོ་རྗེའི་གསུང་ལས། དེ་ནས་རིག་པ་རྗེན་ལ་ཕུད། །ཅེས་གསུངས་པས། དེ་ལྟར་མཉམ་པར་བཞག་པས་རང་རིག་རྩལ། །གནས་འགྱུ་གཉིས་མེད་རིག་པའི་ཀློང་དུ་གཅིག །མིང་མཚན་མདོག་དབྱིབས་གྲུབ་པ་མེད་པས་སྟོང་། །བདེ་ཆེན་འོད་གསལ་ཡེ་ཤེས་སྤྱོད་ཡུལ་ཆེ། །ཤར་གྲོལ་དུས་མཉམ་འཁོར་འདས་ངང་མཉམ་རྫོགས། །ཞེས་པས་གཞི་རྩ་བཅད་དེ་ཡེ་བཞུགས་ཀྱི་གནས་ལུགས་ངོ་གཟུང་། དེ་ནས་རྡོ་རྗེའི་གསུང་ལས། ཉོན་མོངས་བག་ཆགས་ཤེས་སྒྲིབ་གཏོར། །ཞེས་གསུངས་པས། དེ་ལྟར་མཉམ་པར་བཞག་པས་ཉམས་ཀྱི་རྩལ། །བདེ་གསལ་མི་རྟོག་རོ་ལ་མི་ཞེན་ཅིང་། །སྣང་སྟོང་དེར་འཛིན་ཤེས་པས་མ་བསླད་པའི། །བློ་འདས་སྒོམ་མེད་ཡེངས་མེད་ངོ་བོར་ལྟོས། །ཞེས་ཡིད་བྱེད་ཆ་ལས་འདས་པའི་གནས་ལུགས་ཀྱི་བཞུགས་ཚུལ་ཕྱིན་ཅི་མ་ལོག་པ་དེ་ཉིད་ཀྱི་ངོ་བོ་བསྐྱང་། དེ་ནས་རྩ་བ་རྡོ་རྗེའི་གསུངས་ལས། བདེ་ཆེན་སྣང་སེམས་ལྷན་ཅིག་སྐྱེས། །ཕྱི་ནང་དབྱེར་མེད་ངོ་སྤྲོད་བྱ། །ཞེས་གསུངས་པས། གཉིས་འཛིན་འཁྲུལ་སྣང་ཐམས་ཅད་གཉུག་མའི་རྩལ། །ཕྱི་ནང་སྣང་སེམས་བདག་གཞན་གཉིས་མེད་ཀློང་། །བདེ་ཆེན་སྐྱེ་མེད་ལྷན་ཅིག་སྐྱེས་པའི་གཤིས། །མཉམ་གདལ་རོ་གཅིག་ཆོས་སྐུའི་ཀློང་དུ་ཨ། །ཞེས་སེམས་དང་སེམས་བྱུང་རོ་གཅིག་པ། སེམས་ཉིད་ལྷན་གཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །ཅེས་གསུངས་པ་བཞིན། གཉིས་འཛིན་གྱི་ཤེས་པས་མ་བསླད་པའི་གཉིས་མེད་ཡེ་ཤེས་ཀྱི་བཞུགས་ཚུལ་ཇི་བཞིན་དུ་ཤེས་པའི་ཉམས་བཟོ་མེད་དུ་བསྐྱང་ངོ་། །དེ་ནས་རྡོ་རྗེའི་གསུང་ལས། སྒོམ་མེད་བྱ་རྩོལ་མཐའ་བྲལ་སྟོན། །ཞེས་གསུངས་པས། གནས་ལུགས་ཟང་ཐལ་གཅེར་མཐོང་ཕྱག་རྒྱ་ཆེ། །སྤྲོས་པའི་མཐའ་བྲལ་སྒོམ་མེད་ཆུ་བོའི་རྒྱུན། །སྤྱོད་ལམ་ཐམས་ཅད་ཡེངས་མེད་དོན་དང་འདྲེས། །ལྷན་སྐྱེས་རང་ངོ་མཐོང་བས་རེ་དོགས་ཟད། །སེམས་ཀྱི་གཏེར་ཆེན་རང་ལ་རྙེད་པ་མཚར། །ཞེས་ལྟ་སྒོམ་སྤྱོད་འབྲས་ཐམས་ཅད་ཟུང་འཇུག་ལྷན་ཅིག་སྐྱེས་པའི་དབྱིངས་སུ་བྱན་ཆུད་པའི་རྣལ་འབྱོར་ཆེན་པོའི་འཁོར་ཡུག་ཏུ་འཇུག་གོ །འདི་རྣམས་ཀྱི་དོན་རྒྱས་པར་སྨིན་སློབ་ཀྱིས་བཤད་ཉན་སྒོམ་སྒྲུབ་བྱ་བ་ལས། ངག་ཏུ་གྱེར་བས་དོན་འགྲུབ་པ་མིན་ཡང་། དེང་སང་དོན་བརྒྱུད་ཉམས་ལེན་གྱི་བསྟན་པ་རྟགས་ཙམ་འཛིན་པ་ལས་ཀྱང་མིང་ཙམ་ཐོས་པའི་དུས་སུ་ཕྱིན་ཟིན་པས། ཕྱིན་ཅི་མ་ལོག་པའི་གནས་མཐོང་བར་དཀའ་བ་དང་། ཕྱག་རྒྱ་ཆེན་པོའི་མཚན་ཐོས་པའང་སྲིད་པ་ཧྲུལ་པོར་བྱེད་པར་གསུངས་པ་ལ་ཡིད་ཆེས་ཏེ་བཀོད་པའོ། །ཐུན་མཚམས་ལ་བབ་པ་ན། སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་དང་། དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་ཁྱད་པར་གྱི་སྨོན་ལམ་དང་། བསྔོ་བས་རྒྱས་གདབ་པར་བྱའོ།། །། ༈ གཉིས་པ་ནང་སྒྲུབ་ཡི་དམ་གྱི་བསྙེན་སྒྲུབ་བྱེད་པ་སྟེ། རྡོ་རྗེའི་གསུང་ལས། ཟུང་འཇུག་རྨད་བྱུང་གསང་ལམ་འདིས། །ཞེས་ཐེག་པའི་ལམ་གྱི་དངོས་གཞི། བསྐྱེད་རྫོགས་གཉིས་པོ་ཟུང་འཇུག །སྣང་སྟོང་དབྱེར་མེད། དབང་རབ་ཀྱི་རྣལ་འབྱོར་ལ་གནས་པས། སྭ་བྷཱ་ཝའི་སྔགས་བརྗོད་ཅིང་དོན་དྲན་པས་ང་རྒྱལ་གཟུང་། སྟོང་པའི་ངང་ལས་རཾ་ཡཾ་ཁཾ་བརྗོད་པས་དངོས་འཛིན་ཨ་འཐས་ཀྱི་ཉེས་སྐྱོན་ཐམས་ཅད་དག །རང་སེམས་སྐྱེ་མེད་བསམ་བརྗོད་བྲལ་བ་ལས། རང་མདངས་འགག་མེད་ཅིར་ཡང་འཆར་བ། སྣང་སེམས་དབྱེར་མེད་ཀྱི་ངོ་བོ། དུས་གསུམ་རྒྱལ་ཡུམ་ཡེ་ཤེས་མཁའ་འགྲོ་མ་སྐུ་མདོག་དམར་གསལ་མེའི་མདོག་ཅན། རྩ་ཞལ་ཁྲོ་འཛུམ་འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོ་བ། དབུ་སྐྲ་ཁམ་ནག་གྱེན་དུ་ལངས་པའི་དབུས་སུ་ཕག་ཞལ་རྔམ་ལ་བརྗིད་པ། ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་ཅིང་། ཐོད་སྐམ་གྱི་དབུ་བརྒྱན་དང་། ཐོད་རློན་གྱི་དོ་ཤལ་འཕྱང་བ། ཕྱག་རྒྱ་ལྔ་དང་དར་དཔྱང་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ལང་ཚོ་རྒྱས་པ་གཅེར་མོ་བྷ་ག་དང་ནུ་མ་འབུར་ཞིང་། སྤྱན་གསུམ་ནམ་མཁའ་ལ་ཧྲིག་གེར་གཟིགས་པ། གྲུ་མོ་ན་ཁ་ཊྭཱཾ་ག་འཛིན་ཞིང་། ཞབས་གཡས་བསྐུམ་གཡོན་བརྐྱང་བས་བམ་རོའི་སྙིང་གར་མནན་ཏེ། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་དཀར་ཧཱུྃ། ལྟེ་བར་བཾ། དེ་ལས་འོད་ཟེར་འཕྲོས་པས་བཀའ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས། སངས་རྒྱས་བྱང་སེམས་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་ཕྱོགས་ཐམས་ཅད་ནས་ཁ་བ་བུ་ཡུག་འཚུབས་པ་ལྟ་བུ་སྤྱན་དྲངས་པ་རྣམས་མདུན་གྱི་ནམ་མཁར་བཞུགས་པར་བསམ་ལ། རྐང་གླིང་དང་། ཌཱ་མ་རུ་སོགས་རོལ་མོ་འཁྲོལ། སྤོས་ཆེན་ནམ་སྦྱར་སྤོས་གཏུལ་ལ། ཕེཾ་ཕེཾ་ཕེཾ། ཨོཾ་གུ་རུ་ཤྲཱི་བཛྲ་ཡོ་གི་ནཱི། ཨ་ཀཌྜྷ་ཡ་ཨ་ཀཌྜྷ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བྷནྡྷ་ཡ་བྷནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ཡེ། ཧྲྀ་ད་ཡ། ཨ་བ་ཏོ་ཥ་ཡ། ཛཿཧཱུྃ་བཾ་ཧོཿ ཨོཾ་ཨཱཿཧཱུྃ་སརྦ་ཝཱི་ར་ཡོ་གི་ནཱི། སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་དྲག་ཏུ་བརྗོད་ཅིང་སྤྱན་དྲངས་པའི་ཡེ་ཤེས་པ་མདུན་མཁར་བཞུགས་པ་ལ། སླར་ཡང་རང་གི་ཐུགས་ཀའི་ས་བོན་གྱི་ཡིག་འབྲུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། མདུན་གྱི་ནམ་མཁར་བཞུགས་པའི་ཡེ་ཤེས་པ་ལ་མཆོད་ཅིང་བསྟོད་པར་མོས་ལ། ཨོཾ་གུ་རུ་ཤྲཱི་བཛྲ་ཡོ་གི་ནཱི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་སྦྱར་བའི། པཱ་དྱཾ་ནས། ཤབྡའི་བར་དང་། པཉྩ་ཨ་མྲྀཏ་ཁཱ་ཧི། བཛྲ་མ་ཏང་གི་ཨཱཿཧཱུྃ། རྣམས་ཀྱིས་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པ་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། ཛཿཧཱུྃ་བཾ་ཧོཿས་ཡེ་ཤེས་པ་བདག་དམ་ཚིག་པ་དང་གཉིས་སུ་མེད་པར་ཐིམ་པར་གྱུར། །སླར་ཡང་རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་དབང་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས་པ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་བདུད་རྩིའི་བུམ་པས་དབང་བསྐུར་བར་གྱུར། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། བདུད་རྩིའི་རྒྱུན་གྱིས་སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར་པའི་རིགས་ཀྱི་བདག་པོར་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པུཥྤེ་ནས། མ་ཏང་གིའི་བར་གྱིས་གོང་བཞིན་མཆོད། ཆོས་དབྱིངས་ཡེ་ཤེས་སྐྱོན་བྲལ་བ། །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །ཕྱག་འཚལ་བཅོམ་ལྡན་ཀུན་རིག་ལའོ། །ཞེས་བསྟོད། སྐབས་འདིར་གཞུང་དུ་བདག་བསྐྱེད་ལ་མཆོད་པ་དམིགས་གསལ་མ་གསུངས་ཀྱང་། སྤྲོས་ན་མི་འགལ་བར་སེམས་པས། རང་ལས་སྤྲུལ་པའི་ལྷ་མོས་འཕྲུལ་དགའི་འདོད་ཡོན་ལྟར་མཆོད་པར་མོས་ལ། ཨོཾ་ཤྲཱི་བཛྲ་ཡོ་གི་ནཱི་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ་སྦྱར་བའི། པུཥྤེ་ནས། མ་ཏང་གིའི་བར་གྱིས་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །སོགས་ཀྱིས་བསྟོད། དེ་ནས་བཟླས་པའི་རྣལ་འབྱོར་གྱི་སྐབས་སུ་བབ་པ་ན། ལྷར་སྣང་སེམས་སྔགས་དབྱེར་མེད་ལྷན་ཅིག་སྐྱེས་སྦྱོར་གྱི་དགོངས་པར་ལ་བཟློ་བའམ། ལས་དང་པོ་བས་དེ་ཙམ་མི་ལྕོགས་ན། རང་གི་ལྟེ་བར་ཆོས་འབྱུང་དམར་པོའི་དབུས། ཙཎྜ་ལཱི་ཉི་མའི་དལ་གྱི་སྟེང་དུ་ས་བོན་ཧཱུྃ་ཡིག་དམར་པོའི་མཐར། ཨོཾ་གསུམ་མའི་སྔགས་ཁ་དོག་དམར་སེར། ཡིག་ངོ་ནང་བསྟན་གཡས་སྐོར་དུ་གནས་པ་གཡོན་སྐོར་དུ་འཁོར་བ་ལས། དམར་པོ་ཤས་ཆེ་བའི་འོད་ཟེར་སྣ་ལྔ་ཕྱོགས་བཅུར་འཕྲོས། རྒྱལ་བ་སྲས་བཅས་མཆོད་ཅིང་བྱིན་རླབས་བསྡུས། སྣོད་བཅུད་ཀྱི་དངོས་འཛིན་དང་ཉེས་སྐྱོན་སྦྱངས། སྣོད་ཀྱི་འཇིག་རྟེན་རང་བྱུང་ཆོས་འབྱུང་གི་གཞལ་ཡས་ཁང་། བཅུད་ཀྱི་སེམས་ཅན་རྡོ་རྗེ་རྣལ་འབྱོར་མའི་སྐུ་འབའ་ཞིག་པར་གྱུར་ནས་རྡོ་རྗེའི་སྔགས་སྒྲས་ཞིང་ཀུན་ཁྱབ། དེ་ཐམས་ཅད་ཀྱང་རང་སེམས་སྟོང་པ་ཉིད་རྣམ་ཀུན་མཆོག་ལྡན་གྱི་རང་བཞིན་ལས་མ་གཡོས་པར་ཤེས་པའི་དྲན་པ་དང་མ་བྲལ་བའི་ངང་། བཟླས་པའི་སྐྱོན་རྣམས་སྤངས་ལ་ངག་བཟླས་ཅི་ཙམ་ནུས་པ་བཟླ། ཐུན་མཚམས་ལ་བབ་པའི་ཚེ། ནང་མཆོད་འབུལ་བ་ནི། ཐོད་པར་གནས་པའི་བདུད་རྩི། ཨོཾ་ཨཱཿབིགྷྣཱནྟ་ཀྲིཏ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན། ཆངས་གཟུང་ལ་ཡཾ་དང་མཆོག་མ་གཉིས་ལ་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བ་རཾ་གྱིས་མཚན་པ། དེའི་སྟེང་དུ་ཀཾ་གསུམ་ལས་ཐོད་པ་བུམ་རིལ་གྱི་སྒྱེད་བུ་ལྟག་པ་ནང་དུ་བསྟན་པ་གསུམ་གྱི་སྟེང་དུ། ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ། དུམ་བུ་གཅིག་པ་དཔྲལ་བ་རང་ལ་བསྟན་པ། རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ། དེའི་དབུས་སུ་མུ་ལས་དྲི་ཆུ་བཻ་ཌཱུརྻ་ལྟ་བུ། ཤར་དུ་བི་ལས་དྲི་ཆེན་ཤེལ་ལྟ་བུ། ལྷོར་ར་ལས་རཀྟ་གསེར་བཙོ་མ་ལྟ་བུ། ནུབ་ཏུ་ཤུ་ལས་བྱང་སེམས་མཚལ་ལྟ་བུ། བྱང་དུ་མ་ལས་ཀླད་པ་དངུལ་ཆུ་ལྟ་བུ། སླར་ཡང་དབུས་སུ་ན་ལས་མིའི་ཤ །ཤར་ལྷོར་གོ་ལས་བ་ལང་གི་ཤ །ལྷོ་ནུབ་ཏུ་ཀུ་ལས་ཁྱིའི་ཤ །ནུབ་བྱང་དུ་ད་ལས་གླང་པོ་ཆེའི་ཤ །བྱང་ཤར་དུ་ཧ་ལས་རྟའི་ཤ །དེ་རྣམས་སླར་ཡང་ཡི་གེ་དེ་དག་གིས་མཚན་པའོ། །རང་གི་སྣ་བུག་གཡོན་པ་ནས་རླུང་ཧཱུྃ་གི་དབྱིབས་ཅན་འཕྲོས། ཧཱུྃ་ཧཱུྃ་བྱས་པས་རླུང་གི་དཀྱིལ་འཁོར་ལ་ཕོག །བ་དན་བསྐྱོད་པས་རླུང་གཡོས། མེ་སྦར་ཐོད་པ་དྲོས། རྫས་རྣམས་ཁོལ། ཉེས་པའི་སྐྱོན་རྣམས་ལྦུ་བའི་ཚུལ་དུ་ཕྱིར་ལུད། དེའི་སྟེང་དུ་ཨོཾ་ཨཱཿཧཱུྃ་གསུམ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། སྙིང་གའི་ས་བོན་གྱི་འོད་ཟེར་གྱི་ཕོ་ཉས་མདུན་གྱི་ནམ་མཁར་བསྒོམས་པ་དང་འདྲ་བའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། རྩ་གསུམ་དཀོན་མཆོག་དམ་ཅན་རྒྱ་མཚོ་འཁོར་དང་བཅས་པས་བསྐོར་བ་ནམ་མཁའ་གང་བ་ཙམ་དུ་བྱོན་པར་བསམ་ལ། འབར་བའི་ཕྱག་རྒྱ་དཔྲལ་བར་གཡོན་དུ་བསྐོར་ཞིང་། ཕེཾ་ཕེཾ་ཕེཾ། ཨོཾ་གུ་རུ་ཤྲཱི་བཛྲ་ཡོ་གི་ནཱི། ཨ་ཀཌྜྷ་ཡ་སོགས་གོང་བཞིན་བརྗོད་ནས། སྤྱན་དྲངས་པ་དེ་ཐམས་ཅད་ཀྱང་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་སད་ནས་བར་སྣང་དུ་བཞུགས་པ་ལ། སྤྲུལ་པའི་ལྷ་མོས་མཆོད་ཅིང་བསྟོད་པར་མོས་ལ། པི་ཝཾ་མ་དང་གླིང་བུ་མ། །རྫ་རྔ་མ་དང་རྔ་ཆེན་མ། །བཞད་མ་སྒེག་མ་གླུ་གར་མ། །མེ་ཏོག་མ་དང་སྤོས་ཆག་མ། །མར་མེ་མ་དང་དྲི་ཆབ་མ། །མེ་ལོང་མ་དང་རོ་འཛིན་མ། །རེག་བྱ་མ་དང་ཆོས་ལྡན་མ། །ནམ་མཁའ་གང་བའི་ཚོགས་རྣམས་ནི། །བཅོམ་ལྡན་འདས་མར་འབུལ་བར་བགྱི། །གཞན་ཡང་རིན་ཆེན་བདུན་སོགས་མཆོད་རྫས་ནམ་མཁའ་གང་བའི་སྤྲིན་གྱིས་མཆོད། ཨོཾ་བཛྲ་བཱི་ཎཱེ་ཧུྃ་ཧཱུྃ་ཕཊ། དེ་བཞིན་དུ་ཐོག་མཐའ་སྦྱར་བའི། ཝཾ་སེ༴ མུ་ར་ཛེ༴ མྲྀ་དཾ་གི༴ ཧཱ་སྱེ༴ ལཱ་སྱཻ༴ གཱིརྟཱི༴ ནིརྟཱི༴ པུཥྤེ༴ དྷཱུ་པེ༴ དཱི་པེ༴ གནྡྷེ༴ ཞེས་དང་། ཨོཾ་རཱུ་པ་བཛྲ་ཧུྃ་ཧཱུྃ་ཕཊ། དེ་བཞིན་དུ། ར་ས༴ སྤརྴེ༴ དྷརྨ་དྷཱརྟུ༴ ཞེས་ལྷ་མོ་བཅུ་དྲུག་དང་། ཨོཾ་ཤྲཱི་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པུཥྤེ་ནས། ཤབྡའི་བར་གྱིས་ཉེར་སྤྱོད་ཀྱིས་མཆོད། བསྟོད་པ་ནི། ཧཱུྃ། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཕགས་མ་ནི། །འཇིག་རྟེན་གསུམ་སོགས་ཕྱོགས་གཞན་རྒོལ་བས་མི་ཐུབ་ཅིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཆེན་མོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་སོགས་དབང་བྱེད་ལས་རྒྱལ་ཞིང་། །རྡོ་རྗེ་ཕག་མོ་ཁྲོ་མའི་གཟུགས་ཅན་གྲགས་སྙེམས་མ། །རྨོངས་བྱེད་རེངས་བྱེད་མྱོས་བྱེད་ལས་ནི་རྣམ་རྒྱལ་ཞིང་། །བདུད་ཀྱི་འཇིགས་པ་ཕམ་ཞིང་སྐེམ་པར་མཛད་པ་མོ། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་མ་ལ་འདུད། །བདུད་རྩིའི་ཀ་པཱ་ལ་གཡས་སུ་ཐོགས་ཏེ། ཆང་སྣ་བཞི་ཡི་ཆང་ཕུད་ལ། །ས་བཅུ་ནོན་ཕྱིར་ལག་མཆོད་བྱས། །ཤེས་རབ་གཡོན་གྱི་ལག་པ་ལ། །ཐབས་ནི་གཡས་ཀྱི་ལག་པས་མཆོད། །མཚན་ལྡན་རྡོ་རྗེའི་ཀ་པཱ་ལ། །ཀ་ནི་གང་དུ་འང་མི་གནས་ཤིང་། །པཱ་ནི་མ་སྐྱེས་སྐྱེ་བ་མེད། །ལ་ནི་བློ་འདས་ཡིད་དང་བྲལ། སྐུ་གསུམ་མི་འགྱུར་ཀ་པཱ་ལར། །ཟག་མེད་བདེ་བའི་ཆང་ཕུད་བལྟམས། །སྐྱེ་འཆི་མེད་པའི་བདུད་རྩི་བླུགས། །ཡི་གེ་གསུམ་གྱི་བྱིན་གྱིས་བརླབས། །ཨོཾ་གྱིས་སྐྱེ་མེད་སྤྲུལ་སྐུར་སྦྱངས། །ཨཱཿཡིས་འགག་མེད་ལོངས་སྐུར་བསྒྱུར། །ཧཱུྃ་གིས་བློ་འདས་ཆོས་སྐུར་སྤེལ། །ལན་གསུམ་དཀྲུགས་པའི་བདུད་རྩི་འདིས། །ཕ་རོལ་ཕྱིན་དྲུག་ལྷ་མོ་མཆོད། །མཉམ་ཉིད་དབྱིངས་སུ་བཞེས་སུ་གསོལ། །ཞེས་བརྗོད་པས་སྟེགས་སུ་གཞག །ལག་གཡས་ཌཱ་མ་རུ་འཁྲོལ་ཞིང་། གཡོན་པས་མཐེབ་སྲིན་སྦྱར་ཏེ་བདུད་རྩི་བླངས་ནས་ཕྱོགས་མཚམས་སུ་འཐོར་ཞིང་རྩ་སྔགས་བརྗོད་པས། ཕྱི་རོལ་གྱི་བགེགས་དང་མ་དག་པ་ཐམས་ཅད་ཚར་བཅད་ནས། མཁའ་འགྲོ་མའི་རྭ་གུར་སྲུང་བའི་འཁོར་ལོའི་རང་བཞིན་དུ་གྱུར། །རང་ཉིད་ལ་འཐོར་ཞིང་རྩ་སྔགས་བརྗོད་པས། བ་སྤུའི་བུ་ག་ཐམས་ཅད་ཀྱང་མཁའ་འགྲོ་མའི་ཚོགས་ཀྱིས་གང་བར་གྱུར། མཆོད་རྫས་ལ་འཐོར་ཞིང་རྩ་སྔགས་བརྗོད་པས། མཆོད་པའི་ཡོ་བྱད་ཐམས་ཅད་བདུད་རྩིའི་རང་བཞིན་དུ་གྱུར། ཡང་རྩ་སྔགས་གཅིག་བརྗོད་པའི་རྗེས། རྡོ་རྗེ་འཆང་ཆེན་རྡོ་རྗེ་རྣལ་འབྱོར་མར། །རྣམ་དག་ཡེ་ཤེས་བདུད་རྩིའི་མཉེས་མཆོད་འབུལ། །ཨོཾ་ཨཱཿཧཱུྃ། བརྩེ་བས་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ། །ཚིག་རྐང་གཉིས་དང་། འབྲུ་གསུམ་འོག་མ་རྣམས་ལ་སྦྱར་བ་རིགས་འགྲེའོ། །གྲུབ་ཆེན་ཏཻ་ལོ་མཁས་མཆོག་ནཱ་རོ་པར། ༴༴ མངའ་བདག་ལོ་ཙཱ་རྗེ་བཙུན་རས་ཆེན་ལ། ༴༴ འཛམ་གླིང་གྲགས་པ་འཇའ་ཚོན་སྙིང་པོ་ལ། ༴༴ མི་ཕམ་བློ་གྲོས་ཀུན་དགའ་ལྷུན་གྲུབ་ལ། ༴༴ ཆོས་ཀྱི་དབང་ཕྱུག་ཐུགས་ཀྱི་རྡོ་རྗེ་ལ། ༴༴ བདེ་ཆེན་རྡོ་རྗེ་འཇམ་དཔལ་དཔའ་བོ་ལ། ༴༴ ཆོས་ཀྱི་སྣང་བ་པདྨ་ཉིན་བྱེད་ལ། ༴༴ ཐེག་མཆོག་རྡོ་རྗེ་བློ་གྲོས་མཐའ་ཡས་ལ། ༴༴ དྲིན་ཅན་རྩ་བརྒྱུད་བླ་མ་ཐམས་ཅད་ལ། ༴༴ རྡོ་རྗེ་ཕག་མོའི་དཀྱིལ་འཁོར་ལྷ་ཚོགས་ལ། ༴༴ མཁའ་འགྲོ་ཆོས་སྐྱོང་གཏེར་སྲུང་གཞི་བདག་ལ། །རྣམ་དག་ཡེ་ཤེས་བདུད་རྩིའི་མཉེས་མཆོད་འབུལ། །ཨོཾ་ཨཱཿཧཱུྃ། བརྩེ་བས་བཞེས་ལ་རྐྱེན་ཟློགས་མཐུན་རྐྱེན་སྒྲུབས། །ཞེས་དང་བསྡུ་ན། ཨོཾ་ཨཱཿཧཱུྃ། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཡི་དམ་གྱི་ལྷར་གསལ་བའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་བརྗོད་ཅིང་བདུད་རྩིའི་ཐིགས་འཐོར་མཐར། རང་ཉིད་ཀྱིས་ཀྱང་བདུད་རྩི་ཅུང་ཟད་མྱང་ལ། འབྲུ་གསུམ་བརྗོད་པས། དངོས་གྲུབ་རྣམ་གཉིས་ཐོབ་པར་མོས། ནམ་མཁར་བཞུགས་པའི་འཁོར་གྱི་རྣལ་འབྱོར་མ་ཐམས་ཅད་གཙོ་མོ་ལ་འདུས། གཙོ་མོ་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མའི་གནས་གསུམ་འབྲུ་གསུམ་དཀར་དམར་མཐིང་གསུམ་གནས་པ་ལས། འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ། བུམ་གསང་ཤེས་རབ་བཞི་པའི་དབང་ཐོབ། སྒོ་གསུམ་ཐ་དད་དུ་འཛིན་པའི་དྲི་མ་དག །ལམ་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་བརྗོད་ཅིང་དབང་བཞི་བླངས་མཐར། བླ་མ་རྗེ་བཙུན་མ་རང་གི་སྤྱི་བོར་བྱོན། འོད་དམར་པོར་ཞུ་ནས་རང་ལ་ཐིམ་པས་དབྱེར་མེད་དུ་བསམ་མོ།། །། ༈ གསུམ་པ་གསང་སྒྲུབ་མོས་གུས་བླ་མའི་རྣལ་འབྱོར་གྱིས་ལྷ་དང་བླ་མ་དབྱེར་མེད་དུ་བསྒྲུབ་པ་ནི། རྡོ་རྗེའི་གསུང་ལས། །རབ་འབྱམས་དུས་གསུམ་རྒྱལ་བ་རྣམས། །མ་ལུས་ཀུན་འགྲུབ་འདི་ཁོ་ན། །ལྷ་དང་བླ་མ་དབྱེར་མེད་སྒྲུབས། །སྙིང་པོའི་ཡང་སྙིང་ཡིད་བཟླས་བྱོས། །ཞེས་གསུངས་པ་ཉིད་ཉམས་སུ་བླང་བ་ནི། རང་ཉིད་རྒྱལ་ཡུམ་དུ་གསལ་བའི་ཐུགས་ཀར། བླ་མ་རྡོ་རྗེ་འཛིན་པ་འཛམ་གླིང་གྲགས་པ་རབ་བྱུང་གི་ཆ་ལུགས་དབུ་ལ་སྒོམ་ཞྭ། ཕྱག་མཉམ་གཞག་ཞབས་སྐྱིལ་ཀྲུང་། སྐུ་ལྷུན་ཆགས་ཤིང་དྭངས་བ་འདྲེན་པ། བལྟ་བས་མི་ངོམས་པ། དྲི་མ་མེད་པའི་འོད་སྐུ་ཚོན་གང་ཙམ། དྲན་པ་ཙམ་གྱིས་ཚེ་འདིའི་སྣང་བ་ཧྲུལ་པོར་འགྲོ་བ། བསྒོམ་པ་ཙམ་གྱིས་བྱིན་རླབས་རང་བཞིན་དུ་འཇུག་པ། ཏིང་ངེ་འཛིན་གྱི་ཡོན་ཏན་རང་ཤུགས་ཀྱིས་སྐྱེ་བ། ཚད་མེད་བཞིའི་ཉམས་འུར་བ་ཞིག་ཏུ་གྱུར། ཅེས་བརྗོད་ཅིང་གསལ་བཏབ་ལ། ཕྱི་སྒྲུབ་སྐབས་སུ་ཡོད་པའི་མ་ནམ་བཞི་སྐོར་གྱི་གསོལ་འདེབས་ཅི་ཙམ་ནུས་པ་དང་། བླ་མ་རྡོ་རྗེ་འཛིན་པ་འཛམ་གླིང་གྲགས་པ་ལ་གསོལ་བ་འདེབས་སོ། །ཞེས་གྲངས་མེད་ཀྱིས་གསོལ་འདེབས་ཕུར་ཚུགས་སུ་བྱ། རྗེ་མི་བསྐྱོད་ཞབས་དང་འཇམ་མགོན་རྡོ་རྗེ་འཆང་ཆེན་པོས་བསྩལ་བའི་གསོལ་འདེབས་ཀྱི་རིམ་པའང་སྤྲོ་ན་གྱེར། གང་ལྟར་ཡང་། མཐར་འདོད་དོན་གསོལ་འདེབས་ཉེར་གཅིག་ཙམ་བརྗོད། ཨོཾ་ཨཱཿཧཱུྃ། ཞེས་བརྟན་གཡོ་འཁོར་འདས་ཀུན་གྱི་སྲོག་ཏུ་གྱུར་པའི་རྡོ་རྗེའི་ཡིག་འབྲུ་གསུམ་པོ་ལྕེ་མི་བསྐྱོད་པར་ཡིད་ཁོ་ནས་གྲངས་མང་བཟླ་ཞིང་། ལྷ་དང་བླ་མ་གཉུག་མའི་ཤེས་པ་རྣམས་དང་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ལ་བརྩོན་པས་ཉམས་སུ་བླངས་ཤིང་། སྤྲོ་བར་འདོད་ན་བསྙེན་ཡིག་ལས་རྟོག་པར་བྱའོ།། །།སྐབས་འདིར་དབང་བསྐུར་དང་འབྲེལ་ཚེ་རྣམ་བུམ་བསྒྲུབ་པ་ནི། བིགྷྣཱན་གྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས། བུམ་པ་ཆོས་འབྱུང་ཐར་པ་ཆེན་པོའི་ཕོ་བྲང་གཞལ་ཡས་ཁང་གི་ནང་དུ། བུམ་བཅུད་དུས་གསུམ་རྒྱལ་ཡུམ་ཡེ་ཤེས་མཁའ་འགྲོ་མ་སོགས་གོང་གི་ནང་སྒྲུབ་སྐབས་སུ་བཤད་པ་བཞིན་བསྟོད་པའི་མཐའ་བར་བསྐྱར་ཞིང་། གཟུངས་ཐག་ལག་གཡོན་གྱིས་བླངས་པ་སྙིང་གར་བཟུང་སྟེ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་བརྒྱུད། །བུམ་ལྷའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། །བདེ་ཆེན་ཉམས་འབར་བཞད་པའི་གར་དང་སྒྲས། །རྒྱལ་ཀུན་སྤྱན་དྲངས་བུམ་ལྷར་ཐིམ་པའི་མོད། །རྒྱན་འཁོར་ལྔ་ཡི་བྱིན་རླབས་བདུད་རྩིའི་རྒྱུན། །ཆེས་ཆེར་བབ་པས་བཅུད་འདྲེས་བྱང་ཆུབ་སེམས། །དཀར་དམར་འོད་ལྔའི་རྡོ་རྗེ་གསུམ་གྱི་རྡུལ། །འབར་འཁྲིགས་གཡོ་བས་བུམ་པ་གང་བར་གྱུར། །ཅེས་དམིགས་པའི་འཕྲུལ་འཁོར་བཅས་ཨོཾ་གསུམ་མ་ཅི་འགྲུབ་བསྙེན། མཐར། ཨོཾ་ཨཱཿཧཱུྃ་གིས། རྡོ་རྗེའི་མཆོད་ཡོན་ཕུལ་བས་བུམ་ལྷ་བདེ་བ་ཆེན་པོའི་རང་བཞིན་དུ་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་མོས། མདུན་བསྐྱེད་ཀྱི་དམིགས་རྟེན་སིནྡྷུ་རའི་དལ་བསྒྲུབ་པ་ནི། བིགྷྣཱན་གྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་ཆོས་འབྱུང་ཐར་པ་ཆེན་པོའི་ཕོ་བྲང་གཞལ་ཡས་ཁང་གི་དབུས་སུ། དུས་གསུམ་རྒྱལ་ཡུམ་ཡེ་ཤེས་མཁའ་འགྲོ་མ་སོགས་ནས་བསྟོད་པའི་མཐའ་བར་གོང་གི་ནང་སྒྲུབ་སྐབས་སུ་བཤད་པ་བཞིན་གཏང་། བཟླས་དམིགས་ནི། བདག་ཐུགས་འོད་དང་སྔགས་ཀྱི་སྒྲས། །མདུན་བསྐྱེད་རྡོ་རྗེ་རྣལ་འབྱོར་མ། །མཆོད་ཅིང་བསྐུལ་བས་དགྱེས་པ་བསྐྱེད། །གནས་གསུམ་འབྲུ་དང་ལྟེ་བ་ཡི། །སྲོག་ཡིག་སྔགས་ཀྱི་འཁོར་ལོ་ལས། །འོད་འཕྲོས་མཁའ་ཁྱབ་དབྱིངས་བཞུགས་པའི། །རྩ་གསུམ་དཀོན་མཆོག་རྒྱ་མཚོ་རྣམས། །རྡོ་རྗེ་བཙུན་མོའི་རྣམ་པར་བྱོན། །མདུན་བསྐྱེད་ལ་ཐིམ་བྱིན་རླབས་དབྱིག །སྣ་ཚོགས་ནོར་བུའི་འོད་ཟེར་ཕྲེང་། །བདག་ཐིམ་སྒྲིབ་བྱང་ཡེ་ཤེས་སྐྱེས། །འཕྲོ་འདུ་མགལ་མེའི་འཁོར་ལོའི་ཟེར། །རྒྱལ་བའི་དཀྱིལ་འཁོར་ཡོངས་ལ་ཁྱབ། །རྒྱན་འཁོར་རྒྱ་མཚོའི་བྱིན་རླབས་བསྡུས། །སྣོད་བཅུད་ལ་ཐིམ་ཞིང་སྐུར་སད། །མི་གཡོ་དགོངས་པ་གཏིང་གསལ་ངང་། །སྔགས་སྒྲས་རབ་འབྱམས་ཞིང་ཁམས་གཡོ། ཁྱབ་གདལ་ཡེ་ཤེས་བདེ་བ་ཆེ། །ཆོས་སྐུའི་དགོངས་པར་ལྷུན་གྱིས་གྲུབ། །ཅེས་དམིགས་ལ། ཨོཾ་གསུམ་མ་ཅི་ཙམ་ནུས་པ་བཟླ། ལས་ཀྱི་བུམ་པར་དབང་ཆོག་ནང་གསལ་བགེགས་མཐར་བྱེད་བསྐྱེད་ཅིང་བཞུ་བརྟུལ་བྱ་བའམ། དེའི་སྔགས་ཀྱི་རང་བཞིན་དུ་བསམ་ལ། ཨོཾ་ཨཱཿབིགྷྣཱནྟ་ཀྲིཏ་ཧཱུྃ་ཕཊ། ཅེས་བརྒྱ་རྩས་བསྒྲུབ། ཨོཾ་གསུམ་མ་བཟླ་བཞིན་པས་འོད་ཟེར་ཆུ་རྒྱུན་གཅིག་མའི་དབང་བཞི་བླང་བཞིན་པས་བདག་ཉིད་འཇུག་པ་སྔོན་དུ་བཏང་ནས། སློབ་མ་ལ་དབང་བསྐུར་བར་བྱའོ།། །།རྩ་བའི་གསུམ་པ་རྗེས་ཀྱི་རིམ་པ་ལ། ཐུན་དང་། ཐུན་མཚམས་གཉིས་ལས། །དང་པོ་ཚོགས་དང་གཏོར་མ་འབུལ་བ་ནི། ཞིང་ངམ་ཆོས་འབྱུང་གི་དལ་དགའ་བ་འཁྱིལ་བ་དཀར་དམར་གྱིས་མཚན་པའི་ཁར། ཐབས་ཤེས་ཀྱི་རྫས་ཚོགས་པར་བྱས་ལ། ནང་མཆོད་ལྟར་བྱིན་གྱིས་བརླབ། ཕེཾ་ཕེཾ་ཕེཾ། བདག་ཉིད་ལྷ་ཡི་ཐུགས་ཀ་ནས། །སྤྲོས་པའི་འོད་ཀྱིས་བླ་མ་དང་། །ཡི་དམ་རྡོ་རྗེ་རྣལ་འབྱོར་མ། །རྩ་གསུམ་མཁའ་འགྲོའི་དཀྱིལ་འཁོར་ལྷ། །མདུན་གྱི་ནམ་མཁར་སྤྱན་དྲངས་གྱུར། །ན་མོ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་འདི། རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ། ངོ་བོ་རྣམ་པར་དག་པ་ཨཱ་ལི་ཀཱ་ལི། མཚན་ཉིད་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི། བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཁཱ་ཧི། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཁཱ་ཧི། ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཁཱ་ཧི། སརྦ་པཉྩ་ཨ་མྲྀཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ཞེས་ལན་གསུམ་གྱིས་ཕུལ་ཏེ། ཧཱུྃ། བཞེངས་ཤིག་བླ་མ་རྣམས་བཞེངས་ཤིག །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོ་རྣམས། །བྱིན་རླབས་སྤྲིན་ཕུང་གཏིབས་པའི་ཀློང་། །རིག་འཛིན་མཁའ་འགྲོ་འབུམ་དང་བཅས། །ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །ཧཱུྃ། བཞེངས་ཤིག་ཡིད་མ་རྣམས་བཞེངས་ཤིག །བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མའི། །གྲུབ་གཉིས་དངོས་གྲུབ་དཀྲིགས་པའི་ཀློང་། །རིགས་ལྔའི་མཁའ་འགྲོ་དཔལ་འབར་མ། །འབུམ་ཕྲག་ཡངས་པའི་ཚོགས་དང་བཅས། །ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །ཧཱུྃ། བཞེངས་ཤིག་ཆོས་སྐྱོང་རྣམས་བཞེངས་ཤིག །དཔལ་ལྡན་མ་མགོན་ལྕམ་དྲལ་ནི། །ཕྲིན་ལས་གྲུབ་པའི་ཕོ་བྲང་ནས། །བསྟན་སྲུང་དམ་ཅན་རྒྱ་མཚོར་བཅས། །ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །གནས་ཁང་འདི་ལ་བྱིན་གྱིས་རློབས། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །འདིར་ཚོགས་རྣལ་འབྱོར་ཐམས་ཅད་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །སླར་ཡང་ཚོགས་ཕུད་གཏོར་མར་བསྟབས་ནས། བསང་སྦྱང་བྱིན་རླབས་ནང་མཆོད་ལྟར་བྱས་ལ། ན་མོ་གུ་རུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་བླ་མ། ཨོཾ་གསུམ་མ་ལ་གཏོར་སྔགས་སྦྱར་བ་གསུམ་གྱིས་ཡི་དམ། ཨ་ཀཱ་རོ་ལན་གསུམ་གྱིས་དཀོན་མཆོག་སོགས་སྤྱི་ཁྱབ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཆོས་སྐྱོང་རྣམས་ལ་འབུལ། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་དམར་པོ་འོད་ཀྱི་སྦུ་གུས་བདུད་རྩི་གཏོར་མ་གསོལ་བས། སྐུ་གསུང་ཐུགས་ཤིན་ཏུ་མཉེས་པར་གྱུར་ཏོ། །ཨོཾ་གུ་རུ་ཤྲཱི་བཛྲ་ཡོ་གི་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པུཥྤེ་ནས། ཤབྡའི་བར་དང་། པཉྩ་ཨ་མྲྀཏ། མ་ཏང་གི་རྣམས་ཀྱིས་མཆོད། བླ་མ་ཡི་དམ་མཁའ་འགྲོ་མ། །ཆོས་སྐྱོང་བཅས་ལ་བསྟོད་པར་བགྱི། །བདེ་བ་ཆེན་པོའི་ཡེ་ཤེས་སྤོར། །མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །ཞེས་བསྟོད་ཅིང་གསོལ་བ་གདབ། གནས་སྲུང་ཞིང་སྐྱོང་གི་དཔའ་བོ་མཁའ་འགྲོ་རྣམས་ལ། ཨོཾ་ཨེ་ཨཱ་རལླི་ཧོཿ ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སཏྭཾ། དྲྀ་ཤྱ་ཧོཿ ཞེས་པས་བསྔོས་ལ། ཞིང་སྐྱོང་དཔའ་བོ་མཁའ་འགྲོ་སོགས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །མི་མཐུན་རྐྱེན་ཟློགས་མཐུན་རྐྱེན་སྤེལ། །ལས་རྣམས་འགྲུབ་པའི་དངོས་གྲུབ་སྩོལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་ཕྲིན་ལས་བཅོལ། གཏེར་སྲུང་སྒམ་པོ་ལྷ་རྩེའི་གཏོར་འབུལ་ནི། གཏོར་མ་དང་གསེར་སྐྱེམས་བསང་སྦྱང་། སྟོང་པའི་ངང་ལས། རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས། ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབ། ཨ་ཀཱ་རོ་ལན་གསུམ་གྱིས་བསྔོས་ལ། འདོད་ཡོན་ལྔ་ལྡན་དམ་རྫས་གཏོར་མ་འདི། །ཟབ་གཏེར་སྲུང་མ་ལྷ་གཉན་འཁོར་བཅས་ལ། །འབུལ་གྱིས་དགྱེས་པར་བཞེས་ལ་བདག་ཅག་གི །འགལ་རྐྱེན་ཀུན་ཞི་ཚེ་དང་བསོད་ནམས་སྤེལ། །སྙིང་པོ་དོན་གྱི་བསྟན་པ་དར་བ་དང་། །བདག་ཅག་སྒྲུབ་པ་པོ་རྣམས་ཏིང་འཛིན་འཕེལ། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པ་ལ། །བར་གཅོད་བྲལ་ཞིང་རྒྱལ་ཁམས་ཀུན་ཏུ་ཡང་། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཕྲིན་ལས་མཛོད། །ཅེས་བརྗོད་པས་འབུལ་ཞིང་ཕྲིན་ལས་བཅོལ། ལས་རྡོར་གྱིས་ཐབས་ཤེས་ཀྱི་ཚོགས་རྫས་བཏེགས་ལ། གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ལེན་པ་པོས་ཀྱང་། བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འདོད་ཆགས་དྲི་མ་དང་བྲལ་བ། །གཟུངས་དང་འཛིན་པ་རྣམ་པར་སྤངས། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ལ་ལ་ཧོཿ ཞེས་པདྨའི་ཕྱག་རྒྱས་བླངས་ཤིང་ནང་གི་སྲེག་བླུག་གིས་རྡོ་རྗེའི་ལུས་དཀྱིལ་མཉེས་པར་བྱས་ནས། ལྷག་མ་རྣམས་ཕྱོགས་གཅིག་ཏུ་ལེགས་པར་བསྡུས་པ་གཙང་ལྷག་གིས་མནན་ལ། ཨ་ཀཱ་རོས་བརླབ་ཏེེ། ཕུད་དང་ལྷག་མའི་གཏོར་མ་བཟང་ཞིང་རྒྱ་ཆེ་བ་འདི། ཤ་ཟ་ལས་ཀྱི་མཁའ་འགྲོ་དུར་ཁྲོད་ཀྱི་ཕྲ་མེན་མ་རྣམས་ལ་འབུལ་ལོ། །བཞེས་ཤིང་ཚིམས་པར་མཛོད་ལ་བསྟན་པ་སྲུང་བ་དང་རྣལ་འབྱོར་པ་སྐྱོང་བ་དང་། དགྲ་བགེགས་འདུལ་བའི་ཕྲིན་ལས་མཛོད་ཅིག །ཅེས་བསྔོས་ལ་རོལ་མོའི་སྒྲ་དང་བཅས་གཙང་སར་སྤུངས། དེ་ནས་སླར་ཡང་། ཨོཾ་གུ་རུ་ཤྲཱི་བཛྲ་ཡོ་གི་ནཱི་བཛྲ་ཨརྒྷཾ་ནས། མ་ཏང་གིའི་བར་གྱིས་མཆོད། བླ་མ་ཡི་དམ་མཁའ་འགྲོ་མ། །སོགས་ཀྱིས་གོང་བཞིན་བསྟོད་ཅིང་གསོལ་བ་གདབ། མ་འབྱོར་པ་དང་ཉམས་པ་དང་། །སོགས་དང་ཡིག་བརྒྱས་ནོངས་པ་བཟོད་པར་གསོལ། སྨོན་ལམ་ཁྱད་པར་བ་ནི། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུངས་ཚིག་ཀྱང་མཆོག་ཏུ་ཚད་མ་སྟེ། །བདེན་པ་དེ་ཡིས་ལྷ་མོ་མཆོག་གིས་ནི། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོན་མེད་ཀྱཻ་ཡི་རྡོ་རྗེ་སྟོན། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང་། །བཙུན་མོའི་ཤུ་ཀྲ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །སེམས་ཅན་ཐམས་ཅད་སྡིག་མེད་ཅིང་། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །གང་གི་ལམ་ནས་འགྲོ་བ་ཡི། །སངས་རྒྱས་ཉིད་དང་འཕྲད་པར་ཤོག །མ་བརྒལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་བདག་གིས་སྒྲོལ། །ད་ལྟ་ཉིད་དུ་རྗེས་བརྩེ་བས། །རྣལ་འབྱོར་བསྟན་བཅོས་གནས་ལ་འགོད། །མདུན་བསྐྱེད་དང་། ཚོགས་མགྲོན་ཡོད་ན། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱི་དང་། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཞེས་བརྟན་བཞུགས་དང་། མེད་ན། ཨོཾ་ཨཱཿཧཱུྃ་གིས་རང་ལ་བསྡུ་ཞིང་། མགྲོན་ཐབས་རྣམས་བཛྲ་མུཿས་གཤེགས། ལྷར་སྣང་འོད་གསལ་དུ་བསྡུ་བ་ནི། ཐུགས་ཀའི་ས་བོན་འོད་ཀྱིས་སྣོད་བཅུད་རྣམས། །འོད་ཞུ་སྲུང་འཁོར་གཞལ་ཡས་ཁང་ལ་ཐིམ། །དེ་ཉིད་རང་ཐིམ་དེ་ཡང་ས་བོན་ལ། །དེ་ཡང་ཟླ་ཕྱེད་ཐིག་ལེ་དེ་ནཱ་ད། །དེ་ཡང་མི་དམིགས་འོད་གསལ་ངང་ལ་གཞག །ཅེས་ཉམས་བསྐྱང་། ལྷར་ལྡང་བ་ནི། སླར་ཡང་ཨོཾ་བཾ་སྔགས་ཀྱི་སྒྲ་བསྒྲགས་པས། །ལྷན་སྐྱེས་རྣལ་འབྱོར་མ་སྐུར་བཞེངས་པར་གྱུར། །ཅེས་བརྗོད། བསྔོ་སྨོན་ནི། དགེ་དེས་འགྲོ་བ་མ་ལུས་རྡོ་རྗེ་སེམས། །རྟག་བདེ་ཐབས་ཤེས་སྦྱོར་བས་འཆི་མེད་ཅིང་། །ནང་གི་ལམ་ནས་རྡོ་རྗེར་འགྲོ་བ་ཡི། །སངས་རྒྱས་ཉིད་ཀྱི་གོ་འཕང་འཐོབ་ཕྱིར་བསྔོ། །ཞེས་དང་། དགེ་བ་འདི་ཡིས་མྱུར་དུ་བདག །ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །བཀྲ་ཤིས་བརྗོད་པ་ནི། ཨོཾ། གྲུབ་པ་ཆེན་པོའི་ཡེ་ཤེས་བརྙེས། །བཀའ་བརྒྱུད་བླ་མའི་བཀྲ་ཤིས་ཤོག །བདེ་མཆོག་རྡོ་རྗེའི་དངོས་གྲུབ་སྟེར། །རྡོ་རྗེ་ཕག་མོའི་བཀྲ་ཤིས་ཤོག །ཕྲིན་ལས་རྒྱ་མཚོ་ལྷུན་གྱིས་གྲུབ། །ཆོས་སྐྱོང་སྲུང་མའི་བཀྲ་ཤིས་ཤོག །འཁོར་འདས་གཉིས་མེད་ཆོས་ཀྱི་དབྱིངས། །ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག །ཅེས་མེ་ཏོག་གི་ཆར་བསྙིལ་ཞིང་དགེ་ལེགས་ཀྱི་དཔལ་ལ་ལོངས་སྤྱོད་པར་བྱའོ། །གཉིས་པ་ཐུན་མཚམས་ལ་སོགས་པའི་རྒྱུན་གྱི་ཉམས་ལེན་ནི། རྡོ་རྗེའི་གསུང་ལས། སྤྱོད་ལམ་སྤང་བསྒྱུར་ཤེས་གསུམ་ཡིན། །དང་པོ་ཉོན་མོངས་པ་སྤང་བར་འདོད་ཅིང་། གཉེན་པོ་ཡེ་ཤེས་རྒྱུད་ལ་སྐྱེ་བར་འདོད་པ་ནི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་ནོ། །གཉིས་པ་བསྒྱུར་བ་ནི། གསང་སྔགས་ཡིན་ཏེ་ཇི་ལྟར་བསྒྱུར་ན། ཕྱི་གཞལ་ཡས་ཁང་དང་། ནང་ལྷ་དང་ལྷ་མོར་བསྒྱུར། ཟས་བདུད་རྩིར། རང་ལུས་དཀྱིལ་འཁོར། ཉོན་མོངས་ཡེ་ཤེས་སུ་བསྒྱུར། གསུམ་པ་ཤེས་པ་ནི། ཆོས་ཐམས་ཅད་ལ་སྤང་དུ་མེད། བླང་དུ་མེད། བསྒྱུར་དུ་མེད་པར་ཐམས་ཅད་སེམས་སུ་འདུས། སེམས་ཀྱི་རྣམ་འཕྲུལ་ཡིན། སྐྱེ་མེད་འོད་གསལ་དུ་ཤེས་པ་ནི་གཞི་ཤེས་པའོ། །ངོ་བོ་བསྒོམ་ཤེས་ན་ལྷ་འདྲེ་མི་གསུམ་གྱིས་མི་འགོང་བ་ཡིན། སྟོང་པ་དང་དམིགས་པ་ནི་ལྷ་འདྲེས་ཀྱང་ཤེས། སྤྲུལ་པ་སྣ་ཚོགས་ཀྱང་ཤེས་ཏེ། ལྷ་འདྲེས་ངོ་བོ་རྟོགས་མ་མྱོང་། ངོ་བོ་བསྒོམ་མི་ཤེས། ངོ་བོ་ལྷ་འདྲེའི་ཡུལ་དུ་མ་གྱུར་པ་ཡིན་ནོ། །ངོ་བོ་བསྒོམས་པས་རླུང་ཡང་རང་བཞིན་གྱིས་དབུ་མར་ཚུད་པ་དང་། ངོ་བོ་མཐོང་ཚུན་ནས་བསྐུལ་བ་ཙམ་མ་གཏོགས་གཞན་ཉམས་སུ་བླང་མི་དགོས། འཇམ་རླུང་ཅུང་ཟད་རེ་དང་། ཡིད་བཟླས་ཟབ་མོ་ལ་མི་ཚེ་དྲིལ། སྤྱིར་སངས་རྒྱས་བྱང་སེམས་ཐམས་ཅད་དང་། ཁྱད་པར་རྡོ་རྗེ་འཆང་། ཏཻ་ལོ། ནཱ་རོ་སོགས་དང། བླ་མ་ཡི་དམ་མཁའ་འགྲོ་རྣམས་དང་། གཞན་ཡང་ཡུལ་ཁྱད་པར་ཅན་དང་། གནས་ཁྱད་པར་ཅན། རྟེན་གསུམ་ཁྱད་པར་ཅན། བྱིན་རླབས་ངེས་ཅན། རང་དད་པའི་ཡུལ་གང་ཡིན་པ་ཐམས་ཅད་སྐད་ཅིག་གིས་སྤྱན་དྲངས། མ་ལུས་སེམས་ཅན་སོགས་བྱས་ཏེ་ཐུགས་ཀའི་བླ་མ་ལ་བསྟིམ། ཐུན་རྗེས་སུ་གསོལ་བ་ཕུར་ཚུགས་སུ་གདབ། དེས་ནི་མི་བསླུ་ཐག་ཆོད་ང་རང་ཤེས་སོ། །ཞེས་གསུངས་པ་ལྟར། གནས་སྐབས་ཀུན་ཏུ་ཉམས་ལེན་གྱི་སྙིང་པོར་དྲིལ་དགོས་པས་འབད་འཚལ་ལོ། །འདིར་ནི་གསོལ་འདེབས་སྒྲུབ་མཆོད་ཀྱི་རྣལ་འབྱོར་སྤྱི་འགྲོ་ཙམ་དུ་སྟན་ཐོག་གཅིག་ལ་ཚང་བར་འདོད་པ་དག་གི་དབང་དུ་བགྱིས་པ་སྟེ། ཞིབ་པར་ཉམས་ལེན་བྱེད་པ་རྣམས་ཀྱིས་འདོན་བསྒོམ་གྱི་སྙིང་པོ་རྣམས། བསྙེན་ཡིག་ཡེ་ཤེས་རང་གསལ་བཞིན་ལ། ངག་འདོན་གྱི་རིམ་པ་འདིར་གསལ་སྐབས་ཐོབ་ཀྱི་འབྱིན་འཇུག་སྤེལ་བས་འཐུས་པ་ཡིན་ནོ། །རྒྱལ་བས་ལུང་བསྟན་དཔལ་ལྡན་རྡོ་རྗེ་འཆང་། །ས་བཅུའི་དབང་ཕྱུག་མཉམ་མེད་སྒམ་པོ་པའི། །ཞལ་གདམས་གསང་ལམ་བླ་མའི་སྒྲུབ་ཐབས་ཀྱི། །ངག་འདོན་ཁྱེར་བདེ་འདུས་གསལ་འདི་བཀོད་དགེས། །རྒྱལ་བསྟན་སྙིང་པོ་དྭགས་བརྒྱུད་རིན་པོ་ཆེའི། །བསྟན་པ་དྲི་མེད་ཡུན་རིང་ཞབས་བརྟན་ཅིང་། །ཆོས་སྐུའི་གཏན་སྲིད་ཟིན་པའི་གྲུབ་ཐོབ་ཁྱུས། །ས་སྟེང་སྲིད་མཐའི་བར་དུ་འགེངས་པར་ཤོག །ཅེས་པའང་འགྲན་ཟླ་དང་བྲལ་བའི་ཆོས་ཀྱི་བང་མཛོད་རིན་ཆེན་གཏེར་མཛོད་ཆེན་པོའི་སྲིད་ཞུར། མང་ཐོས་ཀྱི་འདུལ་འཛིན་བླ་མ་ཐུབ་བསྟན་འཇམ་དཔལ་ཚུལ་ཁྲིམས་ནས་ནན་ཏན་གྱིས་བསྐུལ་བ་དོན་ཡོད་པར་བྱ་བ་དང་། རང་གཞན་གྱི་ཕྱོགས་ནས་ཉམས་ལེན་མཛད་པ་རེ་བྱུང་ན་དེ་དག་ལའང་སྨན་པའི་བློས། རྩ་བ་རྡོ་རྗེའི་ཚིག་རྐང་ཧ་ཅང་བསྡུས་ཤིང་། བསྙེན་ཟིན་ཡེ་ཤེས་རང་གསལ་ནང་ཞལ་འཕང་མང་བས། ངག་འདོན་ཉུང་ངུར་འདུ་བགྱིད་པ་པོ་ནི་དྭགས་པོ་བཀའ་བརྒྱུད་ཀྱི་རྗེས་འཇུག །རྟགས་ཙམ་འཛིན་པའི་བྱང་སེམས་ཀྱི་བཙུན་པ་མཁའ་ཁྱབ་རྡོ་རྗེས་མཚུར་མདོ་བོ་ལུང་གི་སྐྱེད་ཚལ་དར་རྒྱས་ཆོས་གླིང་གི་བསམ་གཏན་གྱི་ཁང་བུར་ས་ལུག་ཧོར་ཟླ་དགུ་པའི་དཀར་ཕྱོགས་ཀྱི་གྲལ་ཚེས་བཟང་པོར་བྲིས་པ་དགེ་ལེགས་འཕེལ།། །།
རྩ་བ་གསུམ་ཆོས་སྐྱོང་ནོར་གྱི་ལྷག་པའི་ལྷ་རབ་འབྱམས་ཀྱི་སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ (Volume 61, Text 2)
༄༅། །རྩ་བ་གསུམ་ཆོས་སྐྱོང་ནོར་གྱི་ལྷག་པའི་ལྷ་རབ་འབྱམས་ཀྱི་སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། ། སྤྱི་ཆིངས། ཨོཾ་སྭསྟི། ཁྱབ་བདག་སྟོན་པ་རྡོ་རྗེ་སེམས་དཔའ་ཉིད། །དཔལ་ལྡན་བླ་མ་མཆོག་གི་རྣམ་རོལ་ཅན། །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོར་ཡོངས་འཆར་བའི། །ངོ་མཚར་སྒྱུ་མའི་བྱེད་པོ་དེར་ཕྱག་འཚལ། །གདོད་མའི་ཡེ་ཤེས་དབྱིངས་སུ་དབྱེར་མེད་ཀྱང་། །སྣ་ཚོགས་འགྲོ་བློའི་རྗེས་སུ་ཐུགས་རྗེའི་རྩལ། །རྩ་གསུམ་འཁོར་ལོའི་རྣམ་རོལ་མཐའ་ཡས་པར། །འཆར་བའི་ཕ་མཐའ་འདི་ཞེས་མཚོན་དུ་ཅི། །འོན་ཀྱང་རང་སྐལ་མཉམ་པའི་དམན་བློ་ཅན། །འགྲོ་ལ་རྗེས་བརྩེའི་ཕན་པ་ལྷུར་བྱེད་པས། །རྒྱ་ཆེའི་སྒྲུབ་ཐབས་ཆུ་གཏེར་མ་བརྒལ་ཀྱང་། །རབ་ཟབ་སྙིང་པོའི་བདུད་རྩིས་འདོད་སྟེར་བྱེད། །དེ་ཕྱིར་རང་གཞན་ཕན་བདེ་ཡིས། །ཀུན་དགར་བྱེད་པ་བདུད་རྩིའི་སྐྱེས། །སྒྲུབ༵་པའི་ཐབ༵ས་ཚུལ་འདོ༵ད་འཇོ༵་ཡི། །བུམ༵་པ་བཟ༵ང་པོའི་དཔལ་འདི་སྦྱིན། །དེ་ཡང་རྡོ་རྗེ་ཐེག་པའི་ཆོས་ཚུལ་རྣམས་ལས། ལྷག་པའི་ལྷ་དུ་མའི་སྒྲུབ་ཐབས་མཐའ་ཡས་པ་ཞིག །སྐལ་པ་དང་ལྡན་པའི་འགྲོ་བ་རྣམས་ཀྱི་བསམ་པ་དང་རྗེས་སུ་མཐུན་པར་བྱུང་བ་ལས། འདིར་བྱིན་རླབས་ཀྱི་བཀའ་སྲོལ་མ་ཉམས་པར་རྒྱུན་ཆགས་སུ་བཞུགས་པའི་སྒྲུབ་ཐབས་ཉེ་བར་མཁོ་བ་དག་ཕྱོགས་གཅིག་ཏུ་སྡེབ་པ་ལ། དེ་དག་ཀྱང་བྱིན་རླབས་དང་རྗེས་གནང་དང་རིག་གཏད་དང་བཟླས་ལུང་ལ་སོགས་པའི་ཆོ་གའི་རྣམ་གྲངས་ཐ་དད་པའི་ཚུལ་ཅན་ཏེ། དེ་ཐམས་ཅད་ཀྱང་དང་པོར་དཀྱིལ་འཁོར་ཆེན་པོ་གཅིག་ཏུ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པ་དག་ལ་སྦྱིན་པར་བྱ་བ་ཡིན་གྱི། གཞན་དུ་ན་འབྲས་བུ་མཆོག་ཐོབ་པ་ལས་རིང་དུ་འགྱུར་བའོ། །དེས་ན་སློབ་དཔོན་ཡང་འདི་ཉིད་ཐོབ་པ་ཙམ་གྱིས་མི་ཆོག་སྟེ། རབ་ཏུ་དཀྱིལ་འཁོར་གྱི་བདག་པོ་འདིར་བསྟན་ལྷ་རིགས་གཙོ་བོ་རྣམས་ཀྱི་བསྙེན་པ་སོང་བའམ། མིན་ནའང་དཀྱིལ་འཁོར་ཆེན་པོ་གཅིག་གི་བསྙེན་པ་ཐེམས་ཤིང་ཆོ་ག་ལག་ལེན་ལ་མཁས་པ། ཁྱད་པར་འདི་ཉིད་ཀྱི་ཆོ་ག་དང་ལག་ལེན་ལ་གོམས་འདྲིས་དང་ལྡན་པ་ཞིག་ངེས་པར་དགོས་སོ། །དེ་ལ་སྒྲུབ་ཐབས་ཡོངས་སུ་གྲགས་པ་རྣམས་ཉེ་བར་མཁོ་བའི་ཕྱིར་དང་། ཤིན་ཏུ་དཀོན་པ་འགའ་ཞིག་ནི་རྒྱུན་མི་ཆད་པར་བྱ་བའི་ཕྱིར་དང་། ཕྱི་འགྱུར་གྱི་སྒྲུབ་ཐབས་འགའ་ཞིག་ཀྱང་ཉེར་མཁོའི་དབང་དུ་བྱས་ནས་ཕྱོགས་གཅིག་ཏུ་བཀོད་པའི་རྣམ་གྲངས་ནི་འདི་ལྟར་རོ། ༧ །དེ་ལ་བླ་མ་ཞི་བའི་སྐོར་ལ། བླ་མ་གསང་འདུས་ལས་ཐོད་ཕྲེང་རྩལ་སྒོས་སྒྲུབ་ཀྱི་ཟླུམ་པོ་བཞི་དབང་། གསང་འདུས་གཏོར་དབང་གནད་ཀྱི་ཤོག་གཅིག་མར་གྲགས་པ།་་་པད་གླིང་དང་ཆུ་བོ་གཅིག་འདྲེས། ཉང་གཏེར་བླ་མ་ཡོངས་རྫོགས་ཀྱི་གཏོར་དབང་རྣམས་སོ། ༧ །བླ་མ་དྲག་པོའི་སྐོར་ལ། ཉང་གཏེར་དྲག་དམར་བདེ་འདུས་ཀྱི་དབང་བཀའ་རྡོ་རྗེ་སྤྱི་བླུགས།་་་རྡོར་གླིང་དང་པད་གླིང་ཆུ་བོ་གཅིག་འདྲེས། འབྲིང་པོ་མེའི་སྤུ་གྲིའི་དབང་ཆོག །ཆེ་འབྲིང་གཉིས་ཀ་དང་འབྲེལ་བའི་བྱིན་རླབས་ལུ་གུ་རྒྱུད། དྲག་དམར་བཀའ་མ་འོ་བྲན་ལུགས། བྱང་གཏེར་དྲག་པོ་རྩལ་གྱི་བྱིན་རླབས་ཐུགས་རྗེའི་དབང་བསྐུར་རྣམས་སོ། ༧ །ཚེ་དཔག་མེད་ཀྱི་སྐོར་ལ། ཚེ་དཔག་མེད་ལུང་ལུགས་སངས་རྒྱས་གསང་བའི་མན་ངག །ཆོས་དབང་གི་གཏེར་མ་་་ཉང་དང་ཟུང་འབྲེལ།བླ་མ་ལོངས་སྐུའི་རྫོང་ཆེན་ཚེ་དབང་། བྱང་གཏེར་ཚེ་སྒྲུབ་ལྕགས་སྡོང་མ། པད་གླིང་ཚེ་སྒྲུབ་རྡོ་རྗེ་ཕྲེང་བའི་ཚེ་དབང་སྒྲུབ་ཁོག་ལས་གསུང་རྒྱུན་བཞིན་ཕྱུང་པ། གྲུབ་ཐོབ་ཐང་སྟོང་པའི་གདམས་པ་འཆི་མེད་དཔལ་སྟེར་གྱི་ཚེ་སྒྲུབ་རྣམས་སོ། ༧ །སྤྱན་རས་གཟིགས་ཀྱི་སྐོར་ལ། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཕྱག་བཞི་པ། རྒྱལ་པོ་ལུགས་ཀྱི་བཅུ་གཅིག་ཞལ། རྒྱལ་བ་རྒྱ་མཚོ་བདེ་གཤེགས་བཞི་སྒྲིལ་གྱི་སྒྲུབ་ཐབས་རྣམས་སོ། ༧ །འཇམ་དཔལ་གཤིན་རྗེའི་སྐོར་ལ། ཚེ་བདག་ཡང་ཟློག་མེའི་སྤུ་གྲིའི་རྣོན་པོ་ནང་གཅོད་ཀྱི་དབང་བཀའོ། ༧ །རྟ་མགྲིན་གྱི་སྐོར་ལ། རྟ་མགྲིན་གསང་སྒྲུབ་ཤངས་ལུགས། ཉང་གཏེར་རྟ་ནག་ལྕགས་རལ་ཅན། ཆོས་དབང་ལུགས་རྟ་ནག་གི་སྒྲུབ་ཐབས་རྣམས་སོ། ༧ །ཕྱག་རྡོར་གྱི་སྐོར་ལ། ལས་འབྲེལ་རྩལ་གྱི་ཕྱག་རྡོར་དྲེགས་འདུལ་བུམ་པ་དང་གཏོར་མའི་ལས་ཚོགས་ལ་བརྟེན་པ།་་་རྡོར་གླིང་དང་པད་གླིང་ཆུ་བོ་གཅིག་འདྲེས། བྱང་ཆུབ་གླིང་པའི་ཕྱག་རྡོར་གཏུམ་པོ་དྲག་པོ། གྲྭ་པའི་གཏེར་མ་ཕྱག་རྡོར་ཁང་བརྩེགས་ཀྱི་སྒྲུབ་ཐབས་རྣམས་སོ། ༧ །ཕག་མོའི་སྐོར་ལ། ཉང་གཏེར་མཁའ་འགྲོ་ཆེན་མོར་གྲགས་པ་ཕག་མོ་ཞལ་གཉིས་མ། རྡོ་རྗེ་ཕག་མོ་དོན་གྲུབ་མ། ཕག་མོ་དབུ་བཅད་མ། ཁྲོས་ནག་གི་སྒྲུབ་ཐབས་རྣམས་སོ། ༧ །ཤེས་རབ་ཀྱི་ལྷའི་སྐོར་ལ། མ་ཏི་ལུགས་ཀྱི་འཇམ་དཔལ་དཀར་པོ། དམ་པ་སངས་རྒྱས་ཀྱི་ལུགས་འཇམ་དཔལ་སྨྲ་སེང་། འཕགས་མ་དབྱངས་ཅན་མའི་སྒྲུབ་ཐབས་རྣམས་སོ། ༧ །ཕྲིན་ལས་ཀྱི་ལྷའི་སྐོར་ལ། རྣམ་འཇོམས་སངས་རྒྱས་གསང་བའི་ལུགས། རྣམ་འཇོམས་བ་རི་ལུགས། ཆོས་དབང་ལུགས་ཀྱི་དྲང་སྲོང་ལོཀྟྲི་པཱ་ལ། རིན་ཆེན་གླིང་པའི་ནཱ་ག་རཀྴའི་སྒྲུབ་ཐབས་རྣམས་སོ། ༧ །བསྟན་སྲུང་མགོན་པོའི་སྐོར་ལ། དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོ། ཉང་གཏེར་དཔལ་མགོན་ཕྱག་བཞི་པ། མགོན་པོ་དཀར་པོའི་ཚེ་དབང་། ཆོས་དབང་ལུགས་ཀྱི་མ་ནིང་།་་་འདི་ལ་རྡོར་གླིང་རཏ་གླིང་པད་གླིང་འཇའ་ཚོན་རྣམས་ཆུ་བོ་གཅིག་འདྲེས། གནུབས་ལུགས་ཀྱི་དཔལ་མགོན་སྟག་ཞོན། གནུབས་ལུགས་ཀྱི་མགོན་པོ་བེང་གི་སྒྲུབ་ཐབས་རྣམས་སོ། ༧ །བསྟན་སྲུང་སྣ་ཚོགས་པའི་སྐོར་ལ། ཡེ་ཤེས་མ་མོ་ཨེ་ཀ་ཛཱ་ཊི་སྡེ་བདུན་གྱི་སྦྲགས་སྒྲུབ། སྙིང་ཐིག་མ་མོ་ཨེ་ཀ་ཛཱ་ཊི་གཙོ་རྐྱང་། རེ་ཏཱི་རང་བྱུང་མ་བཀའ་གཏེར་གཉིས་ལྡན། ཉང་གཏེར་གཤོག་རྒོད་མ། ལས་འབྲེལ་ལུགས་ལྷ་མོ་སྲོག་སྒྲུབ་མ། ལས་འབྲེལ་ལུགས་གཟའ་རྒོད་དུག་གི་སྤུ་གྲི། ལས་འབྲེལ་ལུགས་གནོད་སྦྱིན་བཤན་པ་དམར་ནག །རྡོར་ལེགས་ཀྱི་སྒྲུབ་ཐབས་་་བྱང་གཏེར་དང་རཏྣའི།གཏེར་བརྒྱུད་གཉིས་ལྡན། རྒྱལ་སྲས་ལེགས་ལྡན་པའི་གཏེར་བྱོན་ཞིང་སྐྱོང་སེང་གདོང་ཅན། ཉང་གཏེར་དུར་ཁྲོད་མ་མོ། ཆོས་དབང་གི་བརྟན་མ་བཅུ་གཉིས། ཉང་གཏེར་དཀོར་བདག་པེ་ཧ་རའི་སྒྲུབ་ཐབས་རྣམས་སོ། ༧ །ནོར་ལྷའི་སྐོར་ལ། རྣམ་སྲས་་་གཉལ་པ་ཉི་ཤེའི་གཏེར་མ།ཕྱི་སྒྲུབ་སེར་ཆེན་སྤྲིན་གསེབ་མ་དང་། ནང་སྒྲུབ་མདུང་དམར་ཅན་རྟ་སྔོན་མ། གནུབས་ལུགས།་་་གསང་སྒྲུབ་དྲག་པོ་རྟ་སྔོན་མ། ཡང་གསང་ཕྱག་མཚན་བཞི་པ། གྲྭ་མངོན་གནོད་སྦྱིན་ཞང་བློན་རྡོ་རྗེ་བདུད་འདུལ། གྲྭ་མངོན་ཛཾ་དམར་ཆགས་པ་རྡོ་རྗེ། ལས་འབྲེལ་ལྷ་ཆེན་དབང་ཕྱུག་ཆེན་པོའི་སྒྲུབ་ཐབས་རྣམས་སོ། །དེ་དག་ལས་ཐོག་མར་བླ་མ་གསང་འདུས་ཀྱི་ཟླུམ་པོ་བཞི་དབང་དང་། དྲག་པོ་བདེ་འདུས་དང་། འཇམ་དཀར། ལེགས་ལྡན་སོགས་མཚམས་སྦྱོར་ཚིག་སྣ་བསྲིངས་པ་རྣམས་དང་། སྡེ་ཚན་རེ་ནས་སྒྲུབ་ཐབས་དབང་ཆོག་བཅས་པ་རེ་རེ་ཙམ་རེ་ཐོག་མར་བློ་ལ་ངེས་པར་བྱའོ། །དེ་ལྟར་ལེ་ཚན་དྲུག་ཅུ་ལ་བརྒྱུད་པའི་བཀའ་སྲོལ་དང་ཆོ་གའི་ཁྱད་པར་ལས་ནང་གསེས་སུ་ཕྱེ་བས་དྲུག་ཅུ་རྩ་བདུན་ནོ། །དེ་རྣམས་ལས་འཇམ་དཀར་དང་། འཇམ་དཔལ་སྨྲ་སེང་། དབྱངས་ཅན་མ། རྣམ་འཇོམས་རིགས་གཉིས་རྣམས་ནི་གསར་མ་ལས་བརྒྱུད་པ་ཡིན་ཞིང་། དྲག་པོ་འོ་བྲན་ལུགས། ཚེ་དཔག་མེད་ལུང་ལུགས། དཔལ་མགོན་ལེགས་ལྡན། རྣམ་སྲས་གསང་སྒྲུབ་དྲག་པོ་རྟ་སྔོན་མ་རྣམས་ནི་སྔ་འགྱུར་བཀའ་མ་དང་། སྟག་ཞོན་དང་བེང་རང་བྱུང་མ་རྣམས་ནི་བཀའ་གཏེར་གཉིས་ལྡན་དང་། གཞན་རྣམས་ནི་ཟབ་གཏེར་སྣ་ཚོགས་ལས་བྱུང་བའི་གདམས་པ་ཤ་སྟག་གོ །དེ་ལྟར་ལྷའི་རིགས་སོ་སོའི་དབྱེ་བ་དང་། རྒྱུད་སྡེ་གོང་འོག་གི་རིམ་པ་དང་། མཆོག་སྒྲུབ་དང་ལས་སྒྲུབ་ཀྱི་དབྱེ་བ་དང་། སྔགས་གསར་རྙིང་བཀའ་གཏེར་གང་དུ་གཏོགས་པ་དང་། རྒྱུད་གཞུང་གི་དངོས་བསྟན་དང་། མན་ངག་གི་དབྱེ་བ་དང་། གོང་དུ་བཤད་པ་ལྟར་བྱིན་རླབས་སོགས་སློབ་མ་རྗེས་གཟུང་གི་བྱ་བའི་ཁྱད་པར་བཞི་པོ་དེ་རྣམས་ཀྱི་རྣམ་པར་དབྱེ་བ་ཞིབ་མོར་ངེས་ཤིང་བློ་མཐུ་ཐོགས་པ་མེད་པས་ཚུལ་འདི་ལ་འཇུག་པར་བྱའོ། །རྣམ་འ༵གྱུར་སྣ་ཚོགས་ཡི་དམ་ལྷས། །གཉིས་མེ༵ད་ཡེ་ཤེས་གནས་ལུགས་དོན། །མཚོན་བྱས་རྡོ༵་རྗེ༵་འཛིན་དབང་གི །གོ་འཕང་སྒྲུབ་བྱེད་མྱུར་བདེའི་སྐྱེས། །རྩ་གསུམ་ལྷག་པའི་ལྷ་རབ་འབྱམས་ཀྱི་སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ཞེས་བྱ་བ་ལས་སྤྱི་ཆིངས་བཤད་པའི་ལེའུ་ཚན་ནོ།། །།
རྩ་རླུང་མཁའ་འགྲོའི་གསང་མཛོད་ལས། ས་གཅད་གསལ་བའི་མེ་ལོང་ (Volume 40, Text 2)
༄༅། །རྩ་རླུང་མཁའ་འགྲོའི་གསང་མཛོད་ལས། ས་གཅད་གསལ་བའི་མེ་ལོང་བཞུགས། ། རྩ་རླུང་མཁའ་འགྲོའི་གསང་མཛོད་འདི་ལ་དོན་གྱི་ས་གཅད་གཉིས་ཏེ། བླ་མ་བརྒྱུད་པའི་ལོ་རྒྱུས་དང་། དེ་ལས་བྱུང་བའི་གདམས་པའོ། །དང་པོ་བླ་མ་བརྒྱུད་པའི་ལོ་རྒྱུས་ནི། གཏེར་འབྱུང་སྣང་བའི་དགའ་སྟོན་དང་། ཡིད་ཆེས་ལུང་གི་ཆེ་བ་ལྟར་རོ། །གཉིས་པ་བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་དངོས་ལའང་གཉིས། སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་གདམས་པའོ། །དང་པོ་ནི་དབང་མཆོག་ཡེ་ཤེས་རང་ཤར་ལྟར་རོ། །གཉིས་པ་གྲོལ་བྱེད་ཀྱི་གདམས་པ་ལ་བཞི། ཕྱི་བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་ལ་བརྟེན་ནས་རང་ལུས་ལྷ་སྐུར་བསྒྲུབ་པ་དང་། ནང་འབྱིན་འཇུག་རླུང་གི་ཉམས་ལ་བརྟེན་ནས་རྩ་ཁམས་དྭངས་མ་རུ་བསྒྲུབ་པ། གསང་བ་ཀུན་རྫོབ་རྒྱུའི་ཐིག་ལེ་ལ་བརྟེན་ནས་དྭངས་མ་ཡེ་ཤེས་སུ་སྒྲུབ་པ་དང་། ཡང་གསང་གང་ལ་གང་འཚམ་གྱི་ལས་མཐར་དབྱུང་བའོ། །དང་པོ་བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་ལ་གསུམ། བསྐྱེད་རིམ་སྦྱང་བ། སྙིང་པོ་བགྲང་བ། བདེ་བ་བསྐུལ་བའོ། །གཉིས་པ་འབྱིན་འཇུག་རླུང་གི་ཉམས་ལེན་ལ་གཉིས། རྩ་བ་གཏུམ་མོའི་ཉམས་ལེན་དང་། ཡན་ལག་གནད་ཀྱི་ཉམས་ལེན་ནོ། །དང་པོ་ལ་བཞི། ཕྱི་གནས་ཀྱི་མཚན་ཉིད། ནང་ཟས་ཀྱི་མཚན་ཉིད། གསང་བ་གྲོགས་ཀྱི་མཚན་ཉིད། ཁོ་ན་ཉིད་ཀྱི་ཉམས་ལེན་ནོ། །དང་པོ་ནི་དབེན་ལ་མཐུན་རྐྱེན་འཛོམ་པའོ། །གཉིས་པ་ནི་ཁ་ཟས་བཅུད་ཅན་བསགས་པའོ། །གསུམ་པ་ནི་ཆོས་མཐུན་གྱི་གྲོགས་དང་འགྲོགས་པའོ། །བཞི་པ་ལ་གཉིས། སྟོང་ར་བསྒོམ་པ་དང་། རླུང་གི་རྣལ་འབྱོར་རོ། །དང་པོ་སྟོང་ར་སྒོམ་པ་ལ། ཕྱི་ལུས་དང་། ནང་རྩ་ཡི་སྟོང་ར་དང་། གསང་བ་གཏུམ་མོའི་མེ་ཚང་བཅའ་བའོ། །གཉིས་པ་རླུང་རྣལ་ལ་བཞི། འཇམ་རླུང་ལ་བསླབ་པ་དང་། བར་རླུང་ལ་བསླབ་པ་དང་། བུམ་པ་ཅན་ལ་བསླབ་པ་དང། དྲག་རླུང་ལ་བསླབ་པའོ། །གཉིས་པ་ཡན་ལག་གནད་ཀྱི་ཉམས་ལེན་ལ་དྲུག །དང་པོ་ཐུན་མོང་གཏུམ་མོའི་འཕྲུལ་འཁོར། གཉིས་པ་རྨི་ལམ་འོད་གསལ་ཁོར་ཡུག །གསུམ་པ་འོད་གསལ་འཁྲུལ་པ་རང་དག བཞི་པ་སྒྱུ་ལུས་བདེན་མེད་རང་གྲོལ། ལྔ་པ་བར་དོ་སྣང་བ་རང་གྲོལ། དྲུག་པ་འཕོ་བ་ཟབ་ལམ་རྣལ་འབྱོར་རོ། །གསུམ་པ་ཀུན་རྫོབ་རྒྱུའི་ཐིག་ལེ་ལ་གཉིས། སྤྱིར་བཤད་པ་དང་། སོ་སོར་བཤད་པའོ། །དང་པོ་ལ་ལྔ། རྒྱབ་ཐུར་གྱི་རྒྱུ་དང་། ཚད་དང་། རབ་གནས་དང་། སྦྱོང་ཐབས་ལྔ་དང་བཅུད་ལེན་ནོ། །གཉིས་པ་སོ་སོར་བཤད་པ་ལ་གཉིས། ཡབ་ཀྱི་ཉམས་ལེན་དང་། ཡུམ་གྱི་ཉམས་ལེན་ནོ། །དང་པོ་ལ་གསུམ། ཕྱག་རྒྱའི་བརྟགས་ཐབས། ཇི་ལྟར་བསྟེན་ཚུལ། བསྟེན་པ་ལ་ཕན་ཡོན་འབྱུང་ཚུལ་ལོ། །དང་པོ་ལ་གསུམ། ཕྱི་ལུས་ཀྱི་བརྟག་ཐབས། ནང་གི་བརྟག་ཐབས། གསང་བ་སེམས་ཀྱི་བརྟགས་ཐབས་སོ། །གཉིས་པ་བསྟེན་ཚུལ་ལ་གསུམ། སྔོན་འགྲོ་རྡོ་རྗེ་ཆུ་འཐུང་། དངོས་གཞི་ལག་པའི་འདུ་བྱེད། རྗེས་བྱ་སྙོམས་པར་འཇུག་པའོ། །གསུམ་པ་ཕན་ཡོན་ལ་གཉིས། གནས་སྐབས་ཀྱི་ཡོན་ཏན་བསྐྱེད་ཚུལ། མཐར་ཐུག་འབྲས་བུ་ཐོབ་ལུགས་སོ། །གཉིས་པ་ཡུམ་གྱི་ཉམས་ལེན་ལ་གསུམ། དཔའ་བོའི་མཚན་ཉིད། ཇི་ལྟར་སྦྱོར་བ། དེའི་ཕན་ཡོན་ནོ། །དང་པོ་ལ་གསུམ། མཚན་རྟགས་ཐམས་ཅད་རྫོགས་པ་རབ། ཕྱེད་ཙམ་འབྲིང་། སུམ་ཆ་ཙམ་ཐ་མའོ། །གཉིས་པ་ཇི་ལྟར་སྦྱོར་བ་ལ་གསུམ། སྔོན་འགྲོ་པདྨ་རླུང་འབྱིན། དངོས་གཞི་ཕྱིང་དྲིལ་གདམས་པ། རྗེས་བྱ་ལས་ལ་སྦྱར་བའོ། །གསུམ་པ་ཕན་ཡོན་ལ་གཉིས། ཐུན་མོང་དང་། མཆོག་གི་དངོས་གྲུབ་ཐོབ་ལུགས་སོ། །བཞི་པ་གང་ལ་གང་འཚམ་གྱི་ལས་མཐར་བྱུང་བ་ལ་བདུན། ཐུན་མོང་མིན་པའི་འཕྲུལ་འཁོར། མཚན་ལྡན་འགུག་པའི་ལྕགས་ཀྱུ། གྲོང་འཇུག་འགྲོ་དོན་རྒྱུན་སྐྱོང་། གེགས་སེལ་ཐར་པའི་སྲོག་གཟུང་། ལས་ཚོགས་གཏེར་གྱི་ཕྲེང་བ། བདུད་རྩི་ཆུ་མིག་སྒྲུབ་ཐབས། རྡོ་རྗེ་རྣལ་འབྱོར་མ་སྒྲུབ་ཐབས་སོ། །རྩ་རླུང་མཁའ་འགྲོའི་གསང་མཛོད་ཀྱི་ས་གཅད་གསལ་བའི་མེ་ལོང་ཞེས་བྱ་བ་འདི་ཡང་། དྲེའོ་ཤོད་པདྨ་རྒྱས་པའི་ཡུལ་དུ་སྙིགས་མའི་རྣལ་འབྱོར་འཇའ་ཚོན་སྙིང་པོ་ཅན་གྱིས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །། ༄། རྩ་རླུང་མཁའ་འགྲོའི་གསང་མཛོད་ལས། གཏེར་འབྱུང་སྣང་བའི་དགའ་སྟོན་བཞུགས། དགེ་ལེགས་ཟླ་ཤར་འོ་མཚོའི་དབུས། །འཁོར་བའི་སྐྱོན་བྲལ་པདྨའི་སྟེང་། །རང་བྱུང་བྱོན་པའི་རྣམ་རོལ་སྟོན། །བླ་མ་མཚོ་སྐྱེས་རྡོ་རྗེས་སྐྱོངས། །རབ་འབར་ཡེ་ཤེས་མེ་ཡི་ཀློང་། །གར་གྱི་ཉམས་དགུ་འབར་བའི་གཟི། །རྒོལ་ངན་ལོག་རྟོག་རྣམ་པར་གཞོམ། །ཡི་དམ་རྟ་མགྲིན་ཅན་དེ་རྒྱལ། །ཉི་མ་ཟླ་བའི་རྒྱུ་བ་གང་། །སྒྲ་གཅན་ལམ་དུ་མངོན་བཟུང་ནས། །དགའ་བཞིའི་ཡེ་ཤེས་རྒྱས་མཛད་མ། །མཁའ་འགྲོ་རྡོ་རྗེ་ཕག་མོར་འདུད། །མཆོག་དང་ཐུན་མོང་དངོས་གྲུབ་དཔལ། །སྟེར་བའི་བདག་ཉིད་རྗེ་བཙུན་མར། །དད་པའི་མེ་ཏོག་འདི་འཐོར་ན། །དགེ་བསམ་མཐར་ཕྱིན་ཤིས་པ་སྩོལ། །མཁྱེན་བརྩེའི་ཤིང་རྟ་ཉེར་བསྒྱུར་ནས། །རྒྱུད་དོན་ཉིན་བྱེད་དབང་པོ་གང་། །གཡའ་བྲལ་ཀུན་གསལ་ལྟོར་དྲངས་ཤིང་། །གཏེར་འབྱུང་སྣང་བའི་དགའ་སྟོན་སྤེལ། །དེ་ཡང་སྙིགས་མ་ལྔ་བདོ་དུས། །བསྟན་འགྲོ་སྐྱོབ་པའི་ཁུར་ལྕི་བ། །ཨོ་རྒྱན་ལས་འཕྲོ་གླིང་པ་དེའི། །རྟོགས་བརྗོད་རྒྱས་པ་གཞན་དུ་གསལ། ཁྱད་པར་རྒྱུད་རྒྱལ་གསང་ཆེན་སྙིང་། །ཡང་ཟབ་མཁའ་འགྲོའི་གསང་མཛོད་ཀྱི། །གཏེར་གྱི་འབྱུང་ཚུལ་ཀ་རི་སྒྲ། །སྒྲོག་འདིར་སྐལ་ལྡན་རྣ་བ་བློགས། །ལྕགས་སྤྲེལ་འབྲས་ལྡན་ཟླ་བ་ལ། །མཁའ་འགྲོ་སྤུ་ལང་དབུ་བརྙན་ཅན། །རིན་ཆེན་རུས་པས་བརྒྱན་པ་ཞིག །བྱུང་ནས་གསང་བའི་ལུང་འདི་སྐྱུག །ཐེ་ཚོམ་དྲི་མ་ཡོངས་སེལ་ལ། །རྟེན་འབྲེལ་གང་ཡང་ལེགས་པའི་གཞི། །བདེ་ཆེན་རྣམ་དག་བཀོད་པ་ཞིང་གི་ནི། །སྲིད་གསུམ་དབང་བསྒྱུར་འཁོར་ལོ་འཆང་། །ཆུ་སྐྱེས་གཞོན་ནུའི་དཔལ་དེ་ལ། །དགེ་ལེགས་སྦྲང་རྩི་འབུམ་དུ་འཛག །ཞིམ་པའི་བསུང་དང་ལྡན་པ་དེ། །ཡིད་ཀྱི་བུང་བ་དགྱེས་པར་རོལ། །དཔལ་གྱི་ས་འཛིན་མཐོན་པོའི་རྩེར། །དགའ་ལྡན་དགའ་བའི་གླུས་བསྐུལ་ཚེ། །སྣ་ཚོགས་དར་གྱི་རྒྱལ་མཚན་དེ། །མཚོ་དབུས་ཚུགས་ལ་ནོར་བུ་མཆོད། །ལང་ཚོས་སྒེག་པའི་ཟླ་བའི་བཞིན། །ཤར་རིའི་ཕྲག་པ་མཐོན་པོ་ལ། །འགོག་མེད་ངོམ་པའི་དཀྱིལ་འཁོར་གང་། །ཆུ་སྣོད་འབུམ་དུ་ངེས་པར་སྣང་། །དེས་ན་རྟེན་འབྲེལ་སྒོ་འཕར་བརྒྱ། །འབྱེད་པའི་ལྡེ་མིག་སུག་པར་སོན། །བདེ་ཆེན་ཕག་མོའི་བྷ་གའི་སྦུབ། །དགོས་འདོད་ནོར་བུའི་མཛོད་ལ་དབང་། །དེ་ལྟས་ལུང་གི་སྐྱོན་བཞིན་པར། །རྡོ་རྗེའི་དཔལ་གྱི་གདན་ས་རུ། །སོང་ནས་དགེ་འདུན་རྒྱ་མཚོའི་དབུས། །ལུང་རིག་སྐད་གསང་མཐོན་པོར་སྒྲོགས། །ལྷ་དང་མི་ཡི་ནོར་བུ་བཟང་། །གྲུབ་པའི་དབང་ཕྱུག་གཙུག་ཏུ་མཆོད། །དགོས་དགུ་རེ་བ་མ་ལུས་པ། །འདོད་པའི་དོན་གྲུབ་ཨེ་མ་མཚར། །རྟེན་འབྲེལ་སྒོ་འབྱེད་ལྡེ་མིག་མ། །པདྨོས་སྦྲང་རྩི་མངར་པོ་གང་། །འཛད་མེད་དགྱེས་པའི་གསུང་དང་བཅས། །ལྷུན་གྱིས་གྲུབ་པའི་དགའ་བས་མྱོས། །རླུང་ཁམས་རླུང་གི་བསྐྱེད་པ་ཅན། །ཡང་དབེན་དཔལ་གྱི་དགོན་པ་རུ། །འབྱོར་ཚེ་ཙི་འུ་དམར་པོ་ཡི། །ཕྲིན་ལས་གར་གྱི་སྣ་དག་འབྱུང་། །དེ་བཞིན་རི་ལོ་དབང་ལྡན་གྱིས། །ཐུགས་ཀྱི་བཞེད་པ་སྒྲུབ་པའི་ཕྱིར། །སོང་ནས་གང་ལ་གང་འཚམ་པ། །འབད་པའི་སྐྱིད་ཀྱི་སྐྱ་རེངས་ཀྱང་། །དེ་ཚེ་དཔལ་གྱི་ལྷ་མོ་ཡི། །གནས་ཆེན་འབྲེལ་བཞག་བྱོན་མཛོད་དང་། །རྟེན་འབྲེལ་ལེགས་པའི་པདྨོ་རྒྱས། །རང་གཞན་སྣང་བ་མགུ་བར་འབྱུང་། །ཞེས་པའི་ལུང་དང་མཐུན་པ་རུ། །སོང་ནས་རྒྱ་མདར་ཟམ་པའི་ཁར། །སྡོད་པའི་ནུབ་མོ་རྗེ་བཙུན་མ། །མངོན་སུམ་བྱོན་ནས་འདི་སྐད་གསུངས། །རིག་སྔགས་འཆང་བ་བྱེད་པའི་དཔལ། །མེ་ཤེལ་ཉི་མ་འཕྲད་པའི་ངོས། །རྟ་ཕག་སྦྱོར་བའི་ཨེ་དབྱིངས་སུ། །ཡིད་བཞིན་ནོར་བུ་ཡིབ་དེ་ཕྱུངས། །མི་ཤེས་མེད་དང་རྒྱུས་མེད་ཀྱི། །ཐབས་དང་ལྡན་པའི་མི་སྣང་སྒྲིབ། །རྡོ་རྗེ་གསང་མཛོད་གསང་ཞིང་སྤྱོད། །ཡང་ཟབ་ཟབ་པའི་དངོས་གྲུབ་འབྱུང་། །ཞེས་ཀྱི་ལུང་ལྟར་རིགས་མཐུན་གྲོགས། །པདྨ་མཁའ་འགྲོས་སྣ་དྲངས་ནས། །ལྕགས་བྱིའི་ཟླ་༣ཚེས་༡༠གནས་སུ་བསྐྱོད། །སྐལ་ལྡན་ཚོགས་ཀྱི་དག་སྣང་རྒྱས། ཁྱད་པར་ཕག་མོ་ཡུམ་གྱི་གནས། །མཁའ་འགྲོ་གསང་བའི་ཕུག་པའི་ནང་། །རྡོ་རྗེ་ཕག་མོའི་བྷ་ག་ནས། །ཟབ་མོ་དོན་གྱི་དངོས་གྲུབ་རྙེད། །བསྟན་འགྲོར་ཕན་རྒྱ་བསྐྱེད་པའི་ངོས། །གཏེར་ཚབ་བཟང་པོ་བཞག་བྱས་ཏེ། །བདེན་པའི་ཚིག་གི་ཕྲེང་བ་རིངས། །སྨོན་ལམ་སྲད་བུར་བརྒྱུས་ཏེ་སྤེལ། །དེ་ཚེ་དག་པའི་སྣང་ངོ་རུ། །མཚོ་སྐྱེས་རྡོ་རྗེའི་སྐུར་བཞེངས་པ། །འཇའ་འོད་འཁྲིགས་པའི་གུར་ཁང་ནས། །རྡོ་རྗེ་བཞད་པའི་གསུང་འདི་སྐད། །ང་ནི་སངས་རྒྱས་ཀུན་གྱི་ཐུགས། །འཆི་མེད་པདྨ་འབྱུང་གནས་ཏེ། །རྡོ་རྗེ་བཞད་པའི་གླུ་དབྱངས་འདི། །སྐལ་ལྡན་བུ་ཡི་རྣ་བར་སྤྲིང་། །ད་ལྟ་སྙིགས་མ་ལྔ་བདོ་དུས། །སངས་རྒྱས་བསྟན་པ་རྟགས་ཙམ་འཛིན། །གསང་སྔགས་ཨ་ཏི་བསྒོམ་པ་ཉུང་། །ཟབ་ལམ་རྩ་རླུང་ལོག་པར་བལྟ། །མཐའ་བཞི་བདུད་ཀྱི་མགོ་བོ་མཐོ། །ནད་མུག་མཚོན་གྱི་བསྐལ་ངན་ཤར། །འགྲོ་ལ་མི་འདོད་སྣ་ཚོགས་འབྱུང་། །དེ་ཚེ་སྨན་བཞེད་ཁྱོད་རང་བསྔགས། ཁྱད་པར་མི་ཤིས་རྒུད་པའི་ཚོགས། །ཡོངས་སུ་རྣམ་པར་བཅིལ་བྱེད་དུ། །མཁའ་འགྲོ་འབུམ་གྱི་སྙིང་གི་ཐིག །རྡོ་རྗེ་གསང་བའི་མཛོད་འདི་འོ། །དེ་སྐད་ཞལ་གྱི་ལུང་གནང་ཚེ། །གུ་རུའི་སྐུ་ལས་མཆེད་འདྲ་བའི། །མཁའ་འགྲོ་མཚོ་རྒྱལ་བོད་མོའི་ཆས། །ཞལ་གྱི་བདུད་རྩིའི་རྒྱུན་བབ་པ། །རིག་སྔགས་འཆང་བར་བྱེད་པའི་བུ། །ལོ་གསུམ་བཅད་རྒྱ་མངོན་བསྡམས་ནས། །སྲུང་བའི་གུར་ཁང་མ་སྦུབ་སྐྱོན། །ཚེ་ཡི་རྒྱུན་ཐག་ཐུང་ལ་རེ། །འོན་ཀྱང་ཚེ་འཛིན་རིགས་ཀྱི་མར། །ཚེ་ཡི་དམུ་ཐག་གཟུང་བཅུག་ན། །རྟེན་འབྲེལ་དམ་གསོ་ཉམས་བསྐང་དང་། །དགོས་སོ་རེ་བ་འགའ་ཙམ་འབྱུང་། །རིག་འཛིན་རྣམ་རོལ་རྡོ་རྗེ་འཆང་། །འཇིག་རྟེན་གསུམ་གྱི་མགོན་གྱུར་ནས། །བསྟན་འགྲོར་སྐྱིད་གྱི་ཉི་མ་འཆར། །བར་ཆད་བདུད་རིགས་རླུང་འཚུབས་གནོན། །ཟབ་དོན་དངོས་གྲུབ་རྙེད་པ་ཡི། །སྒྲོམ་བུ་དམ་ཅན་མགར་བས་མགར། །ཤོག་བུ་འཕགས་པའི་ཡུལ་ནས་བྱུང་། །སྣག་ཚ་ཁོ་མོའི་ཟླ་བའི་མཚན། །བཀའ་ཡི་རྒྱ་མདུད་གྲོལ་བའི་ཚེ། །མ་མོ་རྦོད་གཏོང་བསྟན་པའི་དལ། །དགུང་དུ་རླབས་བྱེད་གསང་མཛོད་འདིས། །རང་གཞན་གྲུབ་རིགས་བརྙེས་པ་འོ། །དེ་ལྟས་བོད་ཡུམ་ཆེན་མོ་ཡི། །ཞལ་གྱི་དྲོད་རླངས་མ་ཡལ་བའི། །བཀའ་ཆབ་སྤྱི་བོའི་གཙུག་ཏུ་བབས། །སྐོམ་པའི་གདུང་བ་གཅིག་ཅར་སེལ། །ཕྱི་ནང་གནས་ཀྱི་ཆགས་ཚུལ་གང་། །ཞིབ་པར་ཁོ་བོས་བགྱིས་པ་ཡི། །དཀར་ཆག་ཡི་གེར་བཏབ་པ་ལ། །གཟིགས་དང་དད་པའི་ངེས་ཤེས་འདྲོང་། ཁམས་གཟུགས་ཚོགས་པ་མ་གྱེས་པའི། །ཕྱོགས་ཀུན་ཉུལ་བའི་ལྡོམ་བུ་པ། །ཌཱ་ཀིའི་ལུང་གིས་སྐྱོང་བཞིན་པར། །དཔལ་རིའི་མདུན་དུ་བཅད་རྒྱ་བསྡམ། །འགྱོད་མེད་བློ་ལ་བདེ་བ་ཙམ། །མ་ཁོམ་རང་རྗེའི་དགེ་རྫོངས་སུ། །ཤར་དུ་བསྐྱོད་ཅིང་སླར་ལ་འཁོད། །རང་དགོས་བྲེལ་བ་རིམ་སེལ་བྱས། །དེ་རྗེས་ཆུ་མོ་ཕག་གི་ལོར། །ཧོར་ཟླ་དགུ་བའི་དཀར་ཕྱོགས་སུ། །དྲེ་ཤོད་དབང་གི་གནས་ཆེན་དུ། །རིལ་བུ་བུམ་སྒྲུབ་ཐུན་མཚམས་སུ། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། །སྣང་རིག་དབྱེར་མེད་ངང་དུ་བྱོན། །ཟབ་དོན་ཕབ་པའི་དུས་ཚིག་འཕྲོད། །ཐུགས་གསང་ཡེ་ཤེས་འཁོར་ལོ་ཕྱེད། །ཤོག་སེར་མཁའ་འགྲོའི་བརྡ་ཡིག་ཅན། །དཀྱུས་སུ་མཐོ་གང་ཞེང་སོར་བཞིས། །ཡིག་ཕྲེང་ཉི་ཤུ་གཅིག་གི་གྲངས། །ཕྱི་ལ་རྩ་གསུམ་འཁོར་ལོའི་ཚུལ། །བརྡ་ཡི་ཡིག་འབྲུ་རེ་རེ་ལ། །ངེས་པའི་ཐིག་ལེ་འབུམ་འབུམ་ཤར། །ཆོས་ཚན་ཉེར་ལྔའི་གྲངས་ལྡན་པ། །བོད་ཀྱི་ཡི་གེར་འབེབ་པར་བྱས། །དྲེ་འོ་ཤོད་ནས་ཕབ་དབུར་གཟུང་། །ཤ་རྫ་རྡོ་རྗེ་ལྷུན་པོའི་མདུན། །ཡང་དབེན་བདེ་ཆེན་རི་ཁྲོད་དུ། །ཤིང་བྱིར་ཕབ་པའི་མཐར་སོན་བྱས། ༈ །མཁའ་འགྲོའི་གསང་མཛོད་རིན་ཆེན་གདུགས། །ཕྲག་པར་འདེགས་པའི་སྙིང་སྟོབས་ཅན། །རླུང་སེམས་བསྟན་པའི་རྒྱལ་མཚན་རྩེར། །སྒྲེང་བར་བྱེད་པའི་འཇའ་ཚོན་པའོ། །བརྩམས་པའི་དགེ་བ་ཉིན་བྱེད་ཀྱིས། །རྒྱལ་བསྟན་པད་ཚལ་ཀུན་རྒྱས་ཏེ། །འགྲོ་བའི་རྨོངས་མུན་ཉེར་སེལ་ནས། །ཡང་དག་སྣང་བ་རྒྱས་གྱུར་ཅིག །ཅེས་གཏེར་འབྱུང་སྣང་བའི་དགའ་སྟོན་འདི་ཡང་མིག་དམར་ཞེས་པ་ཤིང་ཕོ་བྱི་བའི་ལོ། ཧོར་ཟླ་ལྔ་པའི་འོད་ལྡན་གྱི་ཟླ་བར་འཇའ་ཚོན་སྙིང་པོ་ཅན་གྱིས་བརྩམས་པ་འདི་ཡང་གསང་མཛོད་སེམས་ཀྱི་བསྟན་པ་རིན་པོ་ཆེའི་རྒྱན་དུ་གྱུར་ཅིག །སརྦ་མངྒ་ལཾ།། །། ༄། རྩ་རླུང་མཁའ་འགྲོའི་གསང་མཛོད་ལས། ལག་ལེན་ནོར་བུའི་ཕྲེང་བ་བཞུགས། འཁོར་འདས་ཆོས་ཀུན་ཁྱབ་བདག་ཆེན་པོའི་ངོར། །གཉིས་མེད་མཉམ་པར་གྲུབ་ཀྱང་གཟུགས་ཀྱི་སྐུ །མངོན་པར་ཞེན་མཛད་པད་སྡོང་རྩེར་བྱོན་ལྷར། །རླུང་གཡོ་འཁྲི་ཤིང་བཞིན་དུ་བདག་ཕྱག་འཚལ། །མང་མང་གསང་ཆེན་རྒྱུད་དོན་ལྕི་བའི་མངལ། །ཡང་ཡང་ཉམས་ལྟར་འཁུན་བུ་སྟོང་ལྡིར་བ། །གསལ་གསལ་ཡི་གེའི་ལམ་ལ་དུས་གཅིག་ཏུ། །ངེས་ངེས་ལག་ལེན་ནོར་བུའི་ཕྲེང་འདིར་སྤེལ། །དེ་ཡང་རྩ་རླུང་མཁའ་འགྲོའི་གསང་མཛོད་ཉམས་སུ་ལེན་པའི་རྣལ་འབྱོར་གྱིས་སྲིད་པའི་ཕུན་ཚོགས་མཐའ་དག་ཆུ་ཤིང་གི་སྙིང་པོ་ལྟར་མཐོང་ནས། དབེན་པའི་རི་ཁྲོད་དུ་ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པ་ལ་རྩེ་གཅིག་ཏུ་བརྩོན་པའི་བློ་དང་བཅས་ཏེ། ཐོག་མར་ལེགས་བཤད་ལམ་གྱི་རིམ་པ་ཞིག་ལ་ཞུགས་ནས། བྱང་ཆུབ་སྒྲུབ་ཐབས་ཀྱི་རྩ་བ་དགེ་བའི་བཤེས་གཉེན་བསྟེན་པ་དང་། བཤེས་གཉེན་བསྟེན་ནས་ལུས་ལས་སུ་རུང་བ་དལ་འབྱོར་རྙེད་དཀའ་བ་བསམ་པ་དང་། ལུས་ལས་སུ་རུང་ནས་སེམས་ལས་སུ་རུང་བ་འཆི་བ་མི་རྟག་པ་བསྒོམ་པ་དང་། མི་རྟག་པ་བྱུང་བའི་འོག་ཏུ་གར་སྐྱེ་ངེས་པ་མེད་པའི་འཁོར་བའི་ཉེས་དམིགས་བསམ་པ་དང་། ཉེས་དམིགས་མཐོང་ནས་ལས་རྒྱུ་འབྲས་ཀྱི་སྤང་བླང་བྱེད་པ་དང་། རྒྱུ་འབྲས་ཤེས་ནས་ཡུལ་ཁྱད་པར་ཅན་ལ་དད་པ་བཙལ་བ་དང་། དད་པ་སྐྱེས་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། རང་སྐྱབས་འོག་ཏུ་ཚུད་ནས་གཞན་དོན་དུ་སེམས་བསྐྱེད་པ་དང་། བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སྦྱོར་བ་ཞི་གནས་བསྒོམ་པ་དང་། ཞི་གནས་རྒྱུད་ལ་སྐྱེས་ནས་བདག་མེད་ཀྱི་ཤེས་རབ་བསྟན་པ་སོགས། རིམ་པ་བཞིན་དུ་འཇུག་ལ་མྱོང་བ་ཐོན་པར་བྱ། དེ་ནས་ཐབས་ཉེ་ལམ་ཟབ་མོ་རླུང་སེམས་ཟུང་འཇུག་པའི་ཉམས་ལེན་ལ་བརྩོན་ཏེ། ཐོག་མར་སྨིན་བྱེད་ཀྱི་དབང་བསྐུར་བ་ལ། གཏེར་འབྱུང་དང་ལོ་རྒྱུས་ཀྱིས་ངེས་ཤེས་བསྐྱེད་ཅིང་། ཡེ་ཤེས་རང་ཤར་ལྟར་དབང་བསྐུར། རྡོ་རྗེ་རྣལ་འབྱོར་གྱི་གཏོར་མ་འབུལ། སློབ་མས་ལོ་བཅུ་གཉིས་ཀྱི་བཅད་རྒྱར་གནས་པའི་ཁས་ལེན་བྱ། དེ་ནས་ཕྱི་བསྐྱེད་རིམ་ལྷ་ཡི་རྣལ་འབྱོར། ནང་འབྱིན་འཇུག་རླུང་གི་རྣལ་འབྱོར། གསང་བ་ཀུན་རྫོབ་རྒྱུ་ཡི་ཐིག་ལེ། ཡང་གསང་གང་ལ་གང་འཚམ་གྱི་ལས་མཐའ་རྣམས། ས་གཅད་ལྟར་ཉམས་སུ་ལོན་ངེས་བྱ་སྟེ། གདམས་པ་ཡིག་ཐོག་ཏུ་ལུས། ཉམས་ལེན་ལེ་ལོས་ཁྱེར། འབྲས་བུ་ཕྱི་དུས་སུ་འཇོག །ལྟ་བ་གོ་ཡུལ་དུ་འབྱམས། སྒོམ་པ་རེས་འཇོག་ཏུ་ཤོར། སྤྱོད་པ་ཡ་མ་ཟུང་དུ་སྐྱོང་ཞིང་། ཁ་ཆོས་དོན་དང་འཛོལ་བའི་རིགས་ལ་མ་ཤོར་བ་བྱའོ། །དེ་ཡང་དད་བརྩོན་དང་ལྡན་པའི་རྣལ་འབྱོར་གྱིས། ལོ་བཅུ་གཉིས་ཀྱི་བཅད་རྒྱ་དང་བསྟུན་པའི་གདམས་པ་ཉམས་སུ་ལེན་ཚུལ་ལ་གསུམ། དང་པོ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལྟར། བཤེས་གཉེན་བསྟེན་ཚུལ། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས། ལས་རྒྱུ་འབྲས། དད་པ་དང་སྐྱབས་འགྲོ །སེམས་བསྐྱེད་པ་རྣམས་ལ་ཟླ་བ་རེ་རེ་བྱས་པའི་ཟླ་བ་བདུན། ཞི་གནས་ཏིང་ངེ་འཛིན་ལ་ཟླ་བ་གཉིས། བདག་མེད་བསྒོམ་པ་ལ་ཟླ་བ་གསུམ་དང་བཅུ་གཉིས་ཏེ་ལོ་གཅིག་གོ །བསྐྱེད་རིམ་ལྷའི་རྣལ་འབྱོར་དང་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་པ་ལ་ཟླ་བ་གཅིག །སྟོང་ར་བསྒོམ་པ་ལ་ཟླ་བ་གཅིག །རྡོ་རྗེ་མཆུ་སྦྱོར་ལ་ཟླ་བ་གཅིག །རྡོ་རྗེ་ཤུབ་བུ་ལ་ཟླ་བ་གཅིག །འཇམ་རླུང་ལ་ཟླ་བ་གཅིག །བར་རླུང་ལ་ཟླ་བ་གཉིས། བུམ་པ་ཅན་ལ་ཟླ་བ་གསུམ་དང་བཅུ་གཉིས་ཏེ་ལོ་གཉིས། ཐུན་མོང་གཏུམ་མོའི་འཕྲུལ་འཁོར་ནི་འཇམ་རླུང་ནས་དྲག་རླུང་བར་དུ་སྤྱིར་རྒྱུག་པ་ཡིན་ནོ། །དེ་ནས་རྨི་ལམ། འོད་གསལ། སྒྱུ་ལུས། བར་དོ། འཕོ་བ་དང་ལྔ་ལའང་། གཞི་གཏུམ་མོ་ཉམས་ལེན། ལམ་གདམས་པ་རང་རང་གིས་བསྒྱུར། གྲོགས་འཕྲུལ་འཁོར་གྱི་སྦྱོར་ལུགས་ལ་བརྩོན་པའི་སྒོ་ནས་ལོ་རེ་རེ་ཉམས་སུ་བླངས་ཏེ་ལོ་བདུན། ཐིག་ལེའི་སྐོར་ནི་རྒྱབ་ཐུར་ལ་ཟླ་བ་བཞི། རྡོ་རྗེ་ཆུ་འཐུང་ངམ་པདྨ་རླུང་འབྱིན་ཟླ་བ་བཞི། ལག་པའི་འདུ་བྱེད་ཕྱི་ནང་རིལ་གྱི་གདམས་པ་ལ་ཟླ་བ་བཞི་དང་བཅུ་གཉིས་ཏེ་ལོ་བརྒྱད། ཕོ་ཁྲིད་མོ་ཁྲིད་གང་རུང་དང་ཐུན་མོང་མིན་པའི་འཕྲུལ་འཁོར་ལ་ལོ་གཉིས་ཏེ་ལོ་བཅུ། གྲོང་འཇུག་སྦྱོང་བ་ལོ་གཅིག །རླུང་གི་ལས་ཚོགས་ལ་ལོ་གཅིག་སྟེ་བཅུ་གཉིས་སོ། །དེས་ནི་རྣལ་འབྱོར་པ་ཇི་ལྟར་ཤེས་རབ་ཞན་ཡང་གཞུང་དུ་བཤད་པའི་ཡོན་ཏན་རྣམས་རྒྱུད་ལ་སྐྱེ་ངེས་སོ། །ཡང་ཤེས་རབ་འབྲིང་གི་རྣལ་འབྱོར་གྱིས་གོང་དུ་བཤད་པའི་ལོ་གཅིག་དེ་ལོ་ཕྱེད། ཟླ་གཅིག་དེ་ཟླ་ཕྱེད་དུ་བྱས་པའི་ལོ་དྲུག་དང་ཕྱེད། ཕྱེད་ལ་ཕྱེད་ཀྱིས་བསྲིངས་པའི་ལོ་བདུན་གྱིས་རྫོགས་སོ། །ཤེས་རབ་ཆེ་བའི་རྣལ་འབྱོར་ལ་ནི་གྲངས་ཚད་ཀྱི་ངེས་པ་མེད་དེ། གཞན་གྱི་ལོར་བསྒོམས་པ་ཟླ་བ། ཟླར་བསྒོམས་པ་ཞག །ཞག་བསྒོམས་པ་སྐད་ཅིག་གིས་རྟོགས་པའང་ཡོད་དོ། །ཇི་ལྟར་ཐ་མས་ཀྱང་གཏུམ་མོའི་དྲག་རླུང་གནད་ཉམས་སུ་གང་ལོན་བྱེད་ལ། ལོ་གསུམ་གྱི་བཅད་རྒྱ་ལ་གནས་པའི་དམ་བཅའ་བྱེད་དགོས་སོ། ༈ །ཉིན་ཞག་ཕྲུགས་གཅིག་གིས་ཉམས་ལེན་བྱེད་ལུགས་ནི། ཐོ་རེངས་སྔ་མོ་ལངས་ནས་དབྱངས་གསལ་ཉེར་གཅིག་དང་ཡི་གེ་བརྒྱ་པ་ཚར་གསུམ་བརྗོད། རླུང་གི་སྔོན་འགྲོའི་ཚིག་བཤད་བཏང་ལ་འབྱིན་འཇུག་རླུང་གི་ཉམས་ལེན་ལྟར་རླུང་ཁུག་དང་འཕུར་སུབ་ལུས་སྦྱང་འབེབ་ཆེན་བྱ་ལ་མཉམ་གཞག་སྐྱོང་། དེ་ནས་ནང་ཟས་བྱེད་ལ་བསང་དང་ཆུ་གཏོར་ཙམ་བྱས་ཀྱང་རུང་ལ། ཚར་མཐར་གཏུམ་མོ་ལྟར་རླུང་ཁུག་བརྒྱ་དང་ཐུན་མོང་གི་འཕྲུལ་འཁོར་ཚར་གསུམ་མམ་གཅིག་ལས་མི་ཉུང་བ་བྱས་ཤིང་ཉམས་སྐྱོང་ངོ། །དེ་ནས་ཉིན་ཕྱེད་ཀྱིས་ཚར་ནས་བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་ལྟར་འཇུག་ཅིང་དཔའ་བོ་མཁའ་འགྲོའི་སྲོག་སྙིང་ལྔ་བརྒྱ་རེ་བགྲངས་མཐར། རླུང་ཁུག་བརྒྱ་རྩར་སྦྱོང་ཞིང་དམིགས་མེད་དུ་བཞག །སྲུང་མ་སྤྱི་དང་རྣལ་འབྱོར་མ་ལ་གང་ཟ་ཕུད་ཀྱི་གཏོར་མ་འབུལ། དེ་ནས་ནུབ་ཟས་བྱེད་ནས་མཚན་ལྡན་འགུགས་པའི་ལྕགས་ཀྱུ་ལྟར་སུམ་བརྒྱ་བགྲངས་ལ་རླུང་ཁུག་བརྒྱ་དང་། ལུས་སྦྱིན་བསྔོ་སྨོན་སོགས་བྱ་ཞིང་དམིགས་མེད་ངང་དུ་ཉལ། དེ་ནས་ཐོ་རེངས་ལངས་ཏེ་ཉིན་བཞིན་ནན་འཁོར་རོ། །གཏང་བཞག་གི་ཚོད་ནི། ཁྲིད་གཞུང་གཞན་རྣམས་རླུང་སེམས་ཀྱི་བསྟན་པ་ལ་གནས་ཤིང་དད་པའི་ངེས་ཤེས་རྙེད་པའི་སློབ་མ་འགའ་ལ་སྤེལ་དུ་རུང་ཞིང་། རྒྱབ་ཐུར་གྱི་ལག་ལེན། མཚན་ལྡན་འགུགས་པའི་ལྕགས་ཀྱུ། བདུད་རྩི་ཆུ་མིག་སྒྲུབ་ཐབས། ཟབ་ཡིག་སྙིང་གི་རྒྱ་ཅན་རྣམས་ནི། དད་བརྩོན་ཤེས་རབ་ལྡན་ཞིང་རླུང་གི་ཉམས་ལེན་ཁོ་ན་ལ་བརྩོན་པའི་རིགས་བདུན་ཙམ་ལ་སྤེལ། རྡོ་རྗེ་ཆུ་འཐུང་། པདྨ་རླུང་འབྱིན། ཞལ་གདམས་གསུམ་ནི་སྲོག་དང་འདྲ་བའི་སློབ་མ་བསྟན་པ་ལ་ཕན་ངེས་པ་གསུམ་ལས་མང་དུ་སྤེལ་ན་གཏེར་སྲུང་མཁའ་འགྲོའི་བཀའ་ཆད་འབྱུང་ངོ་། ༈ །དེ་ལྟས་རྩ་རླུང་གཞུང་དོན་པདྨོའི་རྫིང་། །རྟོག་བཟོའི་ལང་ཚོ་ངོམས་པའི་ཆུ་འཐུང་གིས། །རྙོག་མིན་ཌཱ་ཀིའི་ལུང་གི་རྒྱུན་བཟང་པོ། །ཕབ་འདིས་ཤེས་ལྡན་སྐོམ་པའི་ནད་སེལ་ཤོག །རྣམ་དཀར་དགེ་བ་གཡས་འཁྱིལ་དུང་། །འགག་མེད་གྲགས་པའི་དབྱངས་རིང་པོ། །ཕན་བདེ་ལྡིང་ཁང་གསར་པའི་རྩེར། །སྒྲོག་པའི་དཔལ་ལ་སྤྱོད་གྱུར་ཅིག །ཅེས་རྩ་རླུང་མཁའ་འགྲོའི་གསང་མཛོད་ཀྱི་ལག་ལེན་ནོར་བུའི་ཕྲེང་བ་འདི་ཡང་། རྗེས་འཇུག་དོན་གཉེར་ཅན་ལ་ཕན་པའི་བློས་བསྐུལ་ནས། ཁོ་བོ་འཇའ་ཚོན་སྙིང་པོར་འབོད་པས་དྲེ་ཤོད་པདྨ་བརྩེགས་པའི་བྱང་ཕྱོགས་རྡོ་རྗེ་གླིང་གི་གདན་སར་བརྩམས་པ། རླུང་སེམས་ཟུང་དུ་འཇུག་པའི་རྣལ་འབྱོར་རྣམས་ཀྱི་སྙིང་གི་དཔྱིད་དུ་གྱུར་ནས་བསྟན་པ་རིན་པོ་ཆེའི་རྒྱན་དུ་གྱུར་ཅིག། །། ྈ རྩ་རླུང་མཁའ་འགྲོའི་གསང་མཛོད་ལས༔ ཡིད་ཆེས་ལུང་གི་ཆེ་བ་བཞུགས༔ ྈྈྈྈ མ་བཅོས་སྤྲོས་བྲལ་བདེ་ཆེན་ཀུན་ཏུ་བཟང༔ རང་བྱུང་ཡེ་ཤེས་སྣང་བ་འོད་པོ་ཆེ༔ རིག་རྩལ་འགག་མེད་གང་འདུལ་རྣམ་པར་རོལ༔
ཕྱག་རྡོར་གཏུམ་པོ་དྲག་སྔགས་མའི་དབང་གི་ཆོ་ག་དྲག་སྔགས་རྡོ་རྗེའི་ཞུན་ཐིགས་ (Volume 34, Text 2)
༄༅། །ཕྱག་རྡོར་གཏུམ་པོ་དྲག་སྔགས་མའི་དབང་གི་ཆོ་ག་དྲག་སྔགས་རྡོ་རྗེའི་ཞུན་ཐིགས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་ཙཎྜཱ་ཡ། རྒྱལ་ཀུན་སྟོབས་བཅུ་གཅིག་བསྡུས་རྡོ་རྗེའི་མཚོན། །གདེངས་པ་ཙམ་གྱིས་དུག་ལྔའི་གདོན་བགེགས་འཇོམས། །དྲག་སྔགས་བདག་པོ་ཀུན་ལ་མངའ་མཛད་པ། །སྟོབས་ལྡན་ནག་པོར་འདུད་དོ་བྱིན་གྱིས་རློབས། །གསང་བདག་དམོད་པ་དྲག་སྔགས་ཀྱི། །དཀྱིལ་འཁོར་ཚུལ་དུ་སྒྲུབ་པའི་ཐབས། །ཟབ་གཉན་རྡོ་རྗེའི་ཐ་རམ་སྒོ། །འབྱེད་བྱེད་དབང་གི་ལྡེ་མིག་དགོད། །འདིའི་སྨིན་བྱེད་ལག་ལེན་མདོར་བསྡུས་འགོད་པ་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་སྦྱོར་བ་ལ། དཀྱིལ་འཁོར་པདྨ་འདབ་བརྒྱད་ལ་ཚོམ་བུ་རེ་རེ་བཀོད་པའི་དབུས་སུ་ཟངས་ལྕགས་ཀྱི་སྣོད་དུ་དཔལ་གཏོར་སྟོད་ཟུར་གསུམ་པ་ལ་ཁྱུང་དང་རྡོ་རྗེ་ཉི་ཟླས་བརྒྱན་པ། པད་འདབ་བརྒྱད་ཀྱི་སྟེང་ཤར་དང་ཤར་ལྷོར་ཞི་གཏོར་གཉིས་ཀྱིས་མཚོན། ཕྱོགས་མཚམས་གཞན་དུ་རྒྱས་པ་དང་། དབང་། དྲག་གཏོར་གཉིས་རེ་རྒྱན་ལྡན་སྣོད་སོ་སོར་བཀོད། དེ་རྒྱབ་སྡེ་བརྒྱད་གཏོར་མ་སྤྱི་མཐུན་ནམ་ཐམས་ཅད་དམར་གཏོར་ཟུར་གསུམ་བྱས་ཀྱང་རུང་བ་ལ་སྲོག་ཡིག་ཤོག་བུར་བྲིས་པ་བཙུགས། དབུས་སུ་ཁྲིའུའི་ཁར་རྣམ་བུམ་བཅུད་ལྡན་སྟེང་ཐོད་ཆང་བཞག་ལ་དར་མཐིང་ནག་གིས་བཀབ། མདུན་ཕྱོགས་སུ་ཐ་ར་ནག་པོ་ལ་གཟའ་གཏོར་སྦྲུལ་དཀྲིས་གཙོ་འཁོར་གསུམ་པ་ལིངྒས་བརྒྱན་པ་དང་། ཁྱུང་ལྔ་གཅིག་བསྡུས། རྒྱལ་ཆེན་སྡེ་བཞིའི་ཙཀླི་སོ་སོ་བ། རཀྴའི་ཕྲེང་བ་རྣམས་བཀོད། སྨན་རཀ་གཏོར་གསུམ། ཕྱི་མཆོད་སྤྱི་ལྟར་བཤམ། སྔོན་གཏོར། ཚོགས་རྫས། ལས་བུམ་སོགས་ཚོགས་པར་བྱའོ། །དེ་ནས་གསོལ་འདེབས་སྔོན་དུ་འགྲོ་བས། སྐྱབས་སེམས། ཚོགས་གསག །བགེགས་གཏོར་སྤྱི་འགྲོ་གཏང་བ། བཀའ་བསྒོ་ནས་མཆོད་བསྟོད་གྲུབ་ཀྱི་བར་སོང་ནས་ཛཔ྄་ཁང་ཕྱེས་ལ་དམིགས་པའི་འཕྲོ་འདུ་གསལ་བས་ཞི་བཟླས་དང་ཁྲོ་བཟླས་ཅི་འགྲུབ། མཐར་ལས་སྦྱོར་བཟླས་པའང་ཁྱུག་ཙམ་བྱ། བུམ་བསྐྱེད་ཟུར་དུ་སྲོལ་མི་འདུག་ཀྱང་སྤྱི་མཐུན་གསལ་གདབ་དང་བཟླས་པ་གྲུབ་ནའང་ལེགས། གང་ལྟར་སྟོང་ཚིགས་མཆོད་བསྟོད་བྱ། ལས་བུམ་འཁྱིལ་པའི་སྔགས་ཀྱིས་བྱིན་བརླབས། གཏེར་སྲུང་ཐ་རའི་བསྐྱེད་བཟླས་དབང་ཆོག་གཤམ་ལྟར་བྱས་ལ་གཏོར་མ་འབུལ། ཚོགས་བཤགས་པ་ཡན་གྲུབ་ནས་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །གཉིས་པ་དངོས་གཞི་དབང་བསྐུར་བ་ལ་སློབ་མ་རྣམས་ལ་ཁྲུས་དང་བགེགས་བསྐྲད་སྲུང་འཁོར། སེམས་བསྐྱེད་གསལ་གདབ་བཅས་སྔོན་དུ་བཏང་ནས། ཆོས་བཤད་ཁྱད་པར། དེའང་གསང་བདག་ཕྱག་ན་རྡོ་རྗེ་འདི་ཉིད་ངེས་པའི་དོན་དུ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་གཅིག་ཏུ་བསྡུས་པ་ཡིན་པས་གསང་སྔགས་ཀྱི་སྟོན་པ་ཀུན་བཟང་རྡོ་རྗེ་འཆང་དང་སྟོན་འཁོར་དབྱེར་མེད་པའི་གསང་སྔགས་རིག་སྔགས་གཟུངས་སྔགས་ཀུན་གྱི་བདག་པོ། རྒྱལ་བ་ཀུན་གྱི་མི་ཟད་རྒྱན་འཁོར་ལྔའི་གསང་བའི་མཛོད་འཛིན་པ། གསང་ཆེན་དཀྱིལ་འཁོར་རབ་འབྱམས་རྒྱ་མཚོའི་འཁོར་ལོའི་དབང་ཕྱུག་ཏུ་བཞུགས་པ་ཡིན་ལ། རྣམ་པ་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཚུལ་གྱིས་རྣམ་འཕྲུལ་མཐའ་ཡས་པས་གཞན་དོན་མཛད་ཅིང་། ཁྱད་པར་ཤིན་ཏུ་གདུལ་བར་དཀའ་བའི་དྲེགས་བྱེད་ལྷ་སྲིན་འབྱུང་པོ་མ་རུངས་གདུག་ཅིང་གཏུམ་པའི་ཚོགས་རྣམས་འདུལ་བའི་གཉེན་པོ་སྟོབས་ཀྱི་ཕྱག་རྒྱར་བཞེངས་པ་སྟེ། དེ་ཉིད་ཀྱི་རྒྱུད་དང་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་པ་བཞུགས་པ་ལས་དམོད་པ་དྲག་སྔགས་ཀྱི་ཚུལ་དུ་སྒྲུབ་པ་འདི་ཉིད་སྙིགས་མའི་བསྟན་པས་སྡེ་བརྒྱད་གདུག་པ་ཅན་ཁ་དར་བའི་སྐབས་འདིར་ཆེད་དུ་བསྔགས་པར་དགོངས་ནས། སྔགས་དང་རྒྱུད་ཐམས་ཅད་ཀྱི་སྟོན་པ་ཨོ་རྒྱན་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་ལ་གདམས་ནས་ཟབ་མོའི་གཏེར་དུ་སྦས་པ། སྨོན་ལམ་ལས་འཕྲོའི་དུས་ལ་སོན་པའི་ཚེ་མངའ་བདག་ཆོས་རྒྱལ་ཉིད་ཀྱི་རྣམ་འཕྲུལ། མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱི་གཏེར་སློབ། གྲུབ་པའི་དབང་ཕྱུག་རིག་འཛིན་ངག་གི་རྡོ་རྗེས་ཐུགས་རྗེ་ཆེན་པོའི་ཕོ་བྲང་གནས་མཆོག་ཇ་པ་བྲག་དཀར་ནས་རྡོ་རྗེའི་རྒྱ་རིམ་པ་དུ་མ་བཀྲོལ་ཏེ་སྤྱན་དྲངས་ནས། ཉམས་བཞེས་དང་འཆད་སྤེལ་རྣམས་གསང་བའི་ལུང་བྱང་ལྟར་འཁྲུལ་མེད་མཐར་ཕྱིན་དུ་མཛད་པས་བྱིན་རླབས་ཀྱི་ཚན་ཁ་ཁྱད་པར་དུ་འཕགས་པ་དང་ལྡན་པའི་དབང་བསྐུར་ཟབ་མོ་བསྒྲུབ་པ་ལ་སོགས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །དེ་ནས་ཐོག་མར་སྣོད་བརྟག་པའི་དྲི་བ་བགྱི་བ་ཡིན་པས་འདི་ལ་གསན་འཚལ། ཀྱེ༔ གསང་སྔགས་གཉན་པོའི་ཐུགས་གཏེར་དཀྱིལ་འཁོར་འདིར༔ སྣོད་དང་མི་ལྡན་གཡོ་སྒྱུ་ལོག་ལྟ་ཅན༔ གསང་སྔགས་ཁྱད་གསོད་དཀོན་མཆོག་དཀོར་ལ་རྐུ༔ བླ་མའི་བཀའ་འདས་གསང་སྔགས་བོན་དུ་གྱེར༔ གསང་སྔགས་འཆལ་སྤྱོད་དམ་ཆོས་རྒྱབ་ཏུ་བོར༔ དེ་འདྲར་ཐུགས་གཏེར་དཀྱིལ་འཁོར་བཅུད་བསྡུས་འདི༔ མི་བསྟན་དམ་ཚིག་གཉན་པོ་འདྲལ་ཞིང་ཉམས༔ ཞེས་དྲིས་པའི་ལན་བཏབ་ཅིང་ཁས་ལེན་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ བདག་ནི་གསང་སྔགས་གཉན་པོར་འཇུག་པར་འཚལ༔ གསང་སྔགས་དམ་ཚིག་བསྲུང་ཞིང་དགེ་བར་བརྩོན༔ སྨིན་གྲོལ་དབང་མཆོག་དམ་པ་བདག་ལ་སྩོལ༔ བྱང་ཆུབ་ཐར་པའི་ལམ་མཆོག་བསྟན་དུ་གསོལ༔ ལན་གསུམ། སློབ་དཔོན་དང་གསང་བའི་བདག་པོའི་དཀྱིལ་འཁོར་རྩ་གསུམ་རྒྱལ་བའི་ལྷ་ཚོགས་མཁའ་ཁྱབ་ཏུ་བཞུགས་པ་ལ། བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྩེ་གཅིག་གུས་པ་ཆེན་པོས་སྐྱབས་སུ་མཆི་བའི་བློས་རྗེས་ཟློས། ཧཱུྃ༔ རྒྱལ་བ་རབ་འབྱམས་འདུས་པའི་སྐུ༔ རྡོ་རྗེ་གཏུམ་པོ་དྲག་རྩལ་ཅན༔ བདག་སོགས་བྱང་ཆུབ་ཐོབ་ཀྱི་བར༔ ལུས་ངག་ཡིད་གསུམ་དང་བས་སྐྱབས༔ ལན་གསུམ། ཕ་མར་གྱུར་པའི་རིགས་དྲུག་གི་འགྲོ་བ་མཐའ་དག་དཔལ་གསང་བའི་བདག་པོའི་གོ་འཕང་ལ་འགོད་པའི་ཆེད་དུ་རྡོ་རྗེ་གཏུམ་པོའི་སྨིན་གྲོལ་གྱི་སྒོར་འཇུག་པར་བགྱིའོ་སྙམ་དུ་བྱང་ཆུབ་མཆོག་གི་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧཱུྃ༔ བདག་དང་སེམས་ཅན་ཐམས་ཅད་ཀྱིས༔ རྡོ་རྗེ་གཏུམ་པོ་བསྒྲུབས་ནས་ནི༔ དྲེགས་བྱེད་རུ་ཏྲ་ཚར་བཅད་ནས༔ གཞན་དོན་ལྷུན་གྲུབ་སེམས་བསྐྱེད་དོ༔ ལན་གསུམ། སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་ཁ་དོག་ལྔ་ལྡན་འཕྲོས། ཁྱེད་རང་རྣམས་ལྷའི་དཀྱིལ་འཁོར་མཐོང་བ་ལ་སྒྲིབ་པའི་ལས་དང་ཉོན་མོངས་དུག་ལྔའི་རབ་རིབ་ཐམས་ཅད་བསལ་བར་མོས་ཤིག །དར་སྣ་ཁ་དོག་ལྔས་ཕྱི་ཚུལ་བྱས་ལ། ཧཱུྃ༔ ཁྱོད་ཉིད་དཀྱིལ་འཁོར་གཉན་པོར་འཇུག་པ་ལ༔ ལས་ཉོན་རབ་རིབ་དྲི་མས་བསྒྲིབས་པ་ན༔ ཡེ་ཤེས་སྒྲིབ་བྲལ་སྤྱན་ནི་དབྱེ་བར་བྱ༔ ཨོཾ་བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ དམ་ཆུ་སྦྱིན་ལ། ཧཱུྃ༔ འདི་ནི་ཁྱོད་ཀྱི་དམ་ཚིག་རྡོ་རྗེའི་ཆུ༔ དམ་ཚིག་བསྲུངས་ན་དངོས་གྲུབ་སྣ་ཚོགས་འཐོབ༔ བླ་མེད་ཐེག་པའི་འབྲས་བུ་ཚེ་འདིར་འགྲུབ༔ དམ་ཚིག་ཉམས་ན་དམྱལ་བར་སྐྱེ་བར་ངེས༔ དམ་ཚིག་གཉན་པོ་སྲོག་ལ་བབ་ཀྱང་སྲུངས༔ ཨ་མྲྀཏ་ས་མ་ཡ༔ དམ་ལས་མ་འདའ་ཞིག༔ གསང་བའི་དམ་ཚིག་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། ས་མ་ཡ་ཨི་དན་ཏེ་ན་ར་ཀན༔ སོ་ཕག་ཤི༔ དེ་ནས་དབང་གི་གཞི་དགོད་ཅིང་ཡེ་ཤེས་པའི་གཟི་བྱིན་དབབ་པ་ཡིན་པས་སྒོ་གསུམ་གྱི་གནད་བཅིངས་ཏེ། ཁྱེད་རང་རྣམས་དམ་ཚིག་པའི་ལྷའི་དཀྱིལ་འཁོར་གསལ་བ་ལ། གདོད་ནས་གྲུབ་པའི་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཏེ་གཉིས་མེད་དུ་བསྟིམ་པའི་དམིགས་པ་རྣམས་རྩེ་གཅིག་ཏུ་སྒོམས་ཤིག །འདིར་སྤྱི་མཐུན་ལྟར་རྡོ་རྗེ་གཏུམ་པོ་གཙོ་རྐྱང་ཙམ་བསྒོམ། འོག་གི་བྱིན་འབེབ་ཁོ་ན་བཏོན་ན་མ་འཐུས་པ་མི་འདུག་ཀྱང་། འདི་དག་གི་སྒེར་ཆོས་ལྟར། ལས་བྱང་གི་ཏིང་འཛིན་རྣམ་གསུམ་ནས་བརྩམ་ལྷ་བསྐྱེད་མངོན་རྟོགས་ཚང་མ་དང་སྤྱན་འདྲེན་ཡོངས་རྫོགས་བཏང་ལ། སྤོས་དང་དབྱངས་རོལ་བཅས། ཧཱུྃ་ཧྲཱི༔ ཆོས་དབྱིངས་ཀ་དག་ལྷུན་གྲུབ་ཕོ་བྲང་ནས༔ ཀུན་བཟང་རྡོ་རྗེ་འཆང་གིས་བྱིན་ཕོབ་ཅིག༔ བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ གསང་བདག་ཕྱག་ན་རྡོ་རྗེས་བྱིན༴ ཟངས་མདོག་དཔལ་རི་འོད་ཀྱི་ཕོ་བྲང་ནས༔ ཨོ་རྒྱན་རིག་འཛིན་བརྒྱུད་པས་བྱིན༴ མཁའ་སྤྱོད་དག་པའི་ཞིང་ཁམས་སོ་སོ་ནས༔ དཔའ་བོ་དཔའ་མོ་རྒྱ་མཚོས་བྱིན༴ དུར་ཁྲོད་མེ་རླུང་འཁྲུགས་པའི་ཕོ་བྲང་ནས༔ ཆོས་སྐྱོང་གཏེར་བདག་རྣམས་ཀྱིས་བྱིན་ཕོབ་ཅིག༔ བྱིན་རླབས་དངོས་གྲུབ་ཆར་རྒྱུན་སི་ལི་ལི༔ ཉམས་རྟོགས་རིག་པའི་ཡེ་ཤེས་ས་ལ་ལ༔ འདིར་ཚོགས་བུ་སློབ་རྣམས་ལ་བྱིན་ཕོབ་ཅིག༔ ཨོཾ་གུ་རུ་ཙིཏྟ་བཛྲ་པཱ་ཎི་གྷ་རུ་ཊ་ཙ་ལེ་ཙ་ལེ་ཨཱ་བེ་ཤ་ཡ་ཨ་ཨཱ༔ སྤྱི་བོར་རྡོ་རྗེ་རྒྱ་གྲམ་བཞག་ལ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་བྱང་ཆུབ་མ་ཐོབ་ཀྱི་བར་རོ་གཅིག་ཏུ་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ༔ དེས་དབང་གི་སྔོན་འགྲོའི་ཆོས་རྣམས་གྲུབ་ནས་དངོས་གཞིའི་དབང་རྣམས་རིམ་པར་བསྐུར་བ་ལ། ཕྱི་བུམ་པ། ནང་ཐོད་པ། གསང་བ་ལྷ་སྔགས་ཀྱི་དབང་རྣམས་འབྱུང་བས་དམིགས་འདུན་འདི་ལྟར་དུ་མཛོད་ཅིག །སློབ་དཔོན་དཀྱིལ་འཁོར་པའི་ལྷ་དང་ལྷན་ཅིག་པས་མཚན་ཉིད་ཡོངས་སུ་རྫོགས་པའི་རིན་པོ་ཆེའི་བུམ་པ་བདུད་རྩིའི་བཅུད་ཀྱིས་བཀང་བས་དབང་བསྐུར་པ་ལས་དུག་ལྔའི་སྒྲིབ་པ་གཏོར་ཅིང་བཀྲུས། སྐུ་ལྔའི་ནུས་པ་སྤྱི་བླུགས་ཀྱི་ཆོ་ག་རྫོགས་པ་ཡིན་སྙམ་དུ་མོས་མཛོད། བུམ་པས་དབང་བསྐུར་ལ། ཧཱུྃ༔ ཆོས་སྐུ་སྤྲོས་བྲལ་བརྡ་རུ་ལྟོ་བ་ཟླུམ༔ ལོངས་སྐུ་ལྔ་ལྡན་བརྡ་རུ་ཁ་དོག་ལྔ༔ ཐུགས་རྗེས་སྤྲུལ་པའི་བརྡ་རུ་རྨ་བྱའི་སྒྲོ༔ རང་རིག་འགྱུར་མེད་བརྡ་རུ་རྡོ་རྗེའི་གདན༔ ཁ་དོག་ལྔ་ལྡན་མགུལ་ཆིངས་ལྷབ་མ་ལྷུབ༔ ཕྱི་ནི་བུམ་པ་ནང་ནི་བདུད་རྩིའི་བཅུད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དུག་ལྔ་རྣམ་དག་སྐུ་ལྔའི་དབང་ཐོབ་ཤོག༔ ཨོཾ་གུ་རུ་ཙིཏྟ་བཛྲ་པཱ་ཎི་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཐོད་པ་ཐོགས་ལ། རང་བྱུང་པདྨ་བྷཉྫ་དུར་ཁྲོད་རོལ་པའི་ཕོ་བྲང་དུ་དཔལ་ཆེན་གསང་བའི་བདག་པོ་དངོས་སུ་གསལ་བའི་སྐུ་ལས་ཡེ་ཤེས་རྡོ་རྗེ་འོད་ཟེར་བདུད་རྩིའི་རྒྱུན་བྱུང་སྟེ་ཀུན་གཞིའི་སྒྲིབ་པ་བསལ། རྡོ་རྗེ་གཏུམ་པོ་ཉིད་དང་དབྱེར་མེད་དུ་བྱིན་གྱིས་བརླབས་པར་མོས་ཤིག །ཧཱུྃ༔ ཐོད་པ་དུར་ཁྲོད་འབར་བའི་དཀྱིལ་འཁོར་དུ༔ མེ་དཔུང་མཐིང་ནག་འབར་བའི་ཀློང་དཀྱིལ་ན༔ དྲེགས་བྱེད་རུ་དྲ་བསྣོལ་བའི་གདན་སྟེང་དུ༔ བཅོམ་ལྡན་གསང་བའི་བདག་པོ་གར་དགུར་ལྡན༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཀུན་གཞིའི་བག་ཆགས་སྒྲིབ་པ་དག་གྱུར་ནས༔ རྡོ་རྗེ་འཛིན་པའི་ས་ལ་རབ་གནས་ཤོག༔ ཨོཾ་གུ་རུ་ཙིཏྟ་བཛྲ་པཱ་ཎི་ཀ་པཱ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ འདིར་གཞུང་ཚིག་ལ་བརྟགས་ན་ཐོད་སྐུ་ཡིན་པ་འདྲ་ཞིག་སྣང་ཡང་ཕྱག་རྒྱུན་ལ་ངེས་པ་མ་བྱུང་བས་བརྟག་དགོས་པ་ཡོད་དོ། །དབུས་དང་ཕྱོགས་མཚམས་གཏོར་མ་རྣམས་རེ་རེ་བཞིན་བླངས་ཏེ་དབང་བསྐུར་ལ། གཏོར་མ་རྣམས་རྡོ་རྗེ་གཏུམ་པོ་གཙོ་འཁོར་རྣམས་སུ་གསལ་བ་ལས་ཡེ་ཤེས་ཀྱི་ལྷ་སྐུ་གཉིས་པ་རེ་འཕྲོས་ཁྱེད་རང་རྣམས་ལ་ཐིམ་པས་སོ་སོའི་དབང་དང་དངོས་གྲུབ་ཐོབ་པར་མོས་ཤིག །ཧཱུྃ༔ དབུས་ཕྱོགས་སྨུག་ནག་འབར་བའི་དཀྱིལ་འཁོར་ནས༔ གཏི་མུག་གནས་གྱུར་བུདྡྷ་རྡོ་རྗེའི་སྐུ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཏི་མུག་རྣམ་དག་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་བཛྲ་པཱ་ཎི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཤར་ཕྱོགས་མཐིང་གསལ་འབར་བའི་དཀྱིལ་འཁོར་ནས༔ ཞེ་སྡང་གནས་གྱུར་ལག་ན་རྡོ་རྗེའི་སྐུ༔ སྐལ་ལྡན༴ ཞེ་སྡང་རྣམ་དག་ཡེ་ཤེས་དབང༴ ཨོཾ་བཛྲ་པཱ་ཎི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལྷོ་ཕྱོགས་སེར་གསལ་རྒྱས་པའི་གཞལ་ཡས་ནས༔ ང་རྒྱལ་གནས་གྱུར་རཏྣ་རྡོ་རྗེའི་སྐུ༔ སྐལ་ལྡན༴ ང་རྒྱལ་རྣམ་དག་ཡེ་ཤེས་དབང༴ ཨོཾ་རཏྣ་པཱ་ཎི་ཨ་བྷི་ཥིཉྩ་ཏྲཱཾ༔ ཧཱུྃ༔ ནུབ་ཕྱོགས་ཟླ་གམ་དམར་ནག་གཞལ་ཡས་ནས༔ འདོད་ཆགས་གནས་གྱུར་པདྨ་རྡོ་རྗེའི་སྐུ༔ སྐལ་ལྡན༴ འདོད་ཆགས་རྣམ་དག་ཡེ་ཤེས་དབང༴ ཨོཾ་པདྨ་པཱ་ཎི་ཨ་བྷི་ཥིཉྩ་ཧྲཱི༔ ཧཱུྃ༔ བྱང་ཕྱོགས་ལྗང་ནག་དྲག་པོའི་གཞལ་ཡས་ནས༔ ཕྲག་དོག་གནས་གྱུར་ཀརྨ་རྡོ་རྗེའི་སྐུ༔ སྐལ་ལྡན༴ ཕྲག་དོག་རྣམ་དག་ཡེ་ཤེས་དབང༴ ཨོཾ་ཀརྨ་པཱ་ཎི་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ཤར་ལྷོ་རབ་འཇིགས་འབར་བའི་གཞལ་ཡས་ནས༔ རིག་པའི་སྐུ་ལ་རང་མདངས་ཤར་བའི་ལྷ༔ བཅོམ་ལྡན་དྲེགས་འདུལ་གསང་བའི་བདག་པོའི་སྐུ༔ སྐལ་ལྡན༴ ཞི་བའི་ཕྲིན་ལས་འགྲུབ་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་པཱ་ཎི་ཤཱནྟིཾ་ཀུ་རུ་ཧཱུྃ༔ ཧཱུྃ༔ ལྷོ་ནུབ་གཏུམ་དྲག་འབར་བའི་གཞལ་ཡས་ནས༔ རིག་པའི་རང་རྩལ་ཤར་བ་ཡོན་ཏན་ལྷ༔ བཅོམ་ལྡན་གསང་བདག་དྲེགས་འདུལ་རྒྱས་པའི་སྐུ༔ སྐལ་ལྡན༴ རྒྱས་པའི་ཕྲིན་ལས་འགྲུབ་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་པཱ་ཎི་པུཥྚིཾ་ཀུ་རུ་བྷྲཱུྃ༔ ཧཱུྃ༔ ནུབ་བྱང་རབ་གཏུམ་འབར་བའི་དཀྱིལ་འཁོར་ནས༔ རིག་པའི་རང་རྩལ་ཤར་བ་གསུང་གི་ལྷ༔ བཅོམ་ལྡན་དྲེགས་འདུལ་གསང་བདག་དབང་སྡུད་གསུང༔ སྐལ་ལྡན༴ སྣང་སྲིད་དབང་འདུས་འགུགས་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་པཱ་ཎི་ཝ་ཤཾ་ཀུ་རུ་ཧྲཱི༔ ཧཱུྃ༔ བྱང་ཤར་མཐིང་ནག་དྲག་པོའི་གཞལ་ཡས་ནས༔ རིག་པའི་རང་མདངས་ཕྲིན་ལས་དྲག་པོའི་ལྷ༔ དྲེགས་འདུལ་གསང་བདག་ཕྲིན་ལས་དྲག་པོར་བཞེངས༔ ཞིང་བཅུ་ལོག་འདྲེན་འདུལ་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་པཱ་ཎི་དགྲ་བགེགས་མཱ་ར་ཡ་ཕཊ༔ སྤྲུལ་པའི་ཁྱུང་ཆེན་རིགས་ལྔ་གནས་ལྔར་ཐིམ་པས་གདུག་པ་འདུལ་བའི་མཐུ་རྩལ་རྫོགས་པར་མོས། ཁྱུང་ལྔའི་ཙཀླི་གནས་ལྔར་བཞག་ལ། ཧཱུྃ༔ བདེ་གཤེགས་སྤྲུལ་པ་བྱ་ཁྱུང་ག་རུ་ཊ༔ ཞི་རྒྱས་དབང་དང་དྲག་པོའི་ཕྲིན་ལས་འབར༔ སྐུ་མདོག་དཀར་སེར་དམར་དང་མཐིང་ནག་སྐུ༔ གནམ་ལྕགས་རྭ་ལ་སྒྲོ་གཤོག་སྤུ་གྲི་འབར༔ གདུག་པ་ས་བདག་ཀླུ་གཉན་ཞལ་དུ་གསོལ༔ སྐལ་ལྡན༴ ས་བདག་ཀླུ་གཉན་ནད་ལས་གྲོལ་གྱུར་ཅིག༔ ཨོཾ་བུདྡྷ་ག་རུ་ཊ་ཙ་ལེ་ཙ་ལེ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ་བཛྲ་ག་རུ་ཊ་ཙ་ལེ་ཙ་ལེ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་རཏྣ་ག་རུ་ཊ་ཙ་ལེ་ཙ་ལེ་ཨ་བྷི་ཥིཉྩ་ཏྲཱཾ༔ ཨོཾ་པདྨ་ག་རུ་ཊ་ཙ་ལེ་ཙ་ལེ་ཨ་བྷི་ཥིཉྩ་ཧྲཱི༔ ཨོཾ་ཀརྨ་ག་རུ་ཊ་ཙ་ལེ་ཙ་ལེ་ཨ་བྷི་ཥིཉྩ་ཨཱ༔ རྒྱལ་ཆེན་བཞིའི་དབང་བསྐུར་བས་ཕྱོགས་བཞིའི་གདོན་འཁོར་རྣམས་ལ་མངའ་དབང་སྒྱུར་བའི་ནུས་པ་བརྙེས་པར་མོས་ཤིག །རྒྱལ་ཆེན་སྡེ་བཞིའི་ཙཀླི་རིམ་པར་གཏད་ལ། ཧཱུྃ༔ ཤར་ཕྱོགས་སྐྱོང་བའི་རྒྱལ་པོ་ཡུལ་འཁོར་སྲུང༔ སྐུ་མདོག་དཀར་ལ་པི་ཝཾ་ཕྱག་ན་བསྣམས༔ སྐལ་ལྡན༴ དྲི་ཟར་དབང་སྒྱུར་དབང་མཆོག་ཐོབ་པར་ཤོག༔ ཧཱུྃ༔ ལྷོ་ཕྱོགས་སྐྱོང་བའི་རྒྱལ་པོ་འཕགས་སྐྱེས་པོ༔ སྐུ་མདོག་སྔོ་ལ་རལ་གྲི་ཕྱག་ན་བསྣམས༔ སྐལ་ལྡན༴ གཤིན་རྗེར་དབང་སྒྱུར་དབང་མཆོག་ཐོབ་པར་ཤོག༔ ཧཱུྃ༔ ནུབ་ཕྱོགས་སྐྱོང་བའི་རྒྱལ་པོ་སྤྱན་མི་བཟང༔ སྐུ་མདོག་དམར་ལ་སྦྲུལ་ཞགས་ཕྱག་ན་བསྣམས༔ སྐལ་ལྡན༴ ཀླུ་བདུད་དབང་སྒྱུར་དབང་མཆོག་ཐོབ་པར་ཤོག༔ ཧཱུྃ༔ བྱང་ཕྱོགས་སྐྱོང་བའི་རྒྱལ་པོ་རྣམ་ཐོས་སྲས༔ སྐུ་མདོག་སེར་ལ་ཕྱག་ན་རྒྱལ་མཚན་བསྣམས༔ སྐལ་ལྡན༴ གནོད་སྦྱིན་དབང་སྒྱུར་དབང་མཆོག་ཐོབ་པར་ཤོག༔ རྗེས་འབྲེལ་དུ་བཟླས་པ་སྔགས་ཀྱི་ལུང་སྦྱིན་པ་ལ་འདུན་པ་འདི་བཞིན་དུ་མཛོད། ཧཱུྃ༔ སློབ་དཔོན་གསང་བདག་གསལ་བའི་ཐུགས་ཀ་རུ༔ ཧཱུྃ་མཐིང་ཐ་མར་སྔགས་ཕྲེང་འོད་ཟེར་ནི༔ སློབ་དཔོན་ཞལ་ནས་སློབ་མའི་ཞལ་དུ་ཞུགས༔ གཟུངས་སྔགས་རང་སྒྲ་སྙིང་པོ་སྔགས་ཀྱི་དབང༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཟུངས་སྔགས་གསུང་གི་དབང་མཆོག་ཐོབ་ནས་ཀྱང༔ གཟུངས་སྔགས་བཟླས་པ་ཆུ་བོའི་གཞུང་བཞིན་སྐྱོངས༔ གསང་སྔགས་འདི་རྣམས་ཀྱི་རྗེས་ཟློས། ཕྲེང་བ་སྦྲེལ་ལ་ལས་བྱང་གི་སྙིང་པོ་གོང་འོག་གསུམ་རེ། ལས་སྔགས་ཚར་གཅིག་བཟླར་གཞུག །དེ་རྣམས་ཀྱིས་གསང་བདག་དམོད་པ་དྲག་སྔགས་ཀྱི་ལྷ་སྐུ་ཕྱག་རྒྱའི་ཏིང་ངེ་འཛིན་གསལ་སྟོང་ཟུང་འཇུག་མཚན་ཉིད་གསུམ་ལྡན་བསྒོམ་པ་དང་། བཟླས་པ་སྔགས་ཀྱི་འཕྲོ་འདུས་བསྙེན་སྒྲུབ་ལས་སྦྱོར་བྱེད་པ་ལ་ནུས་པའི་གཟི་བརྗིད་མེ་ལྟར་དུ་འབར་བའི་བྱིན་རླབས་རྒྱུད་ལ་ཞུགས་པ་ཡིན་ནོ། །ཤིས་པ་བརྗོད་ཅིང་རོལ་མོ་བསྒྲག །བརྒྱུད་འཛིན་ཐུན་མོང་མིན་པ་ལ་སྡེ་བརྒྱད་ཀྱི་བཀའ་གཏད་བྱེད་ན། ཁྱེད་རང་གསང་བའི་བདག་པོར་གསལ་བ་ལ་སློབ་དཔོན་གྱིས་སྡེ་བརྒྱད་རྣམས་བྲན་དང་འབངས་སུ་གཏད་དེ་བཀའ་བསྒོས་པས་གུས་པའི་ཚུལ་གྱིས་ཁས་བླངས་པར་སྒོམས་ཤིག །སྡེ་བརྒྱད་གཏོར་མ་སྣོད་གཅིག་ཏུ་བསྡུས་པ་སློབ་མའི་ལག་ཏུ་གཏད་ལ། ཧཱུྃ༔ ཚངས་པ་གཤིན་རྗེ་ཀླུ་བདུད་བཙན་མ་མོ༔ གཟའ་དང་རྒྱལ་པོ་ལ་སོགས་སྡེ་བརྒྱད་ཚོགས༔ དགེ་བསྙེན་བརྟན་མ་སྐྱོང་མ་མ་ཡམ་དང༔ ཕྱག་རྡོར་ཐུགས་གཏེར་གཏེར་སྲུང་དྲེགས་བྱེད་རྣམས༔ སྔོན་ཚེ་དུས་གསུམ་སངས་རྒྱས་བཀའ་བཞིན་དང༔ ཨོ་རྒྱན་རྡོ་རྗེ་གླིང་ཕུག་ཨཱརྱ་གླིང༔ ཕྱག་རྡོར་དཀྱིལ་འཁོར་གཉན་པོའི་དྲུང་ཉིད་དུ༔ ཁས་བླངས་མནའ་བསྐྱལ་དམ་ཚིག་ཅི་བཞིན་དུ༔ སྐལ་ལྡན་སློབ་མ་འདི་ལ་གཏད་པ་ཡིན༔ གཏད་དོ་ཅི་བཅོལ་ཕྲིན་ལས་བསྒྲུབ་པར་གྱིས༔ གལ་ཏེ་བཅོལ་བཞིན་ཕྲིན་ལས་མ་བསྒྲུབ་ན༔ དམ་ཚིག་རྡོ་རྗེས་མགོ་བོ་འབིག་འགྱུར་ཞིང༔ དམྱལ་བར་སྐྱེ་བར་དམ་ཚིག་མ་མནོས་སམ༔ སྔོན་གྱི་དམ་ཚིག་དེ་བཞིན་དྲན་གྱིས་ལ༔ དགྲ་ལ་རྦད་ན་མཐུ་རྩལ་མ་ཆུང་ལ༔ བགེགས་ལ་རྦད་ན་དཔའ་རྩལ་ཧུར་ཕྱུངས་ཤིག༔ མ་འཁུ་མ་ལྡོག་ཕྲིན་ལས་དྲག་པོ་སྒྲུབས༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་གྷ་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཧཱུྃ་ཕཊ་ཥ་ཎ་རོ་མ་ཧཱ་ཙཎྜ་བཛྲ་གྷ་རུ་ཊ་ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཧཱུྃ་བྷྱོཿབྷྱོ༔ དམ་ལས་མ་འདའ་ཞིག༔ ས་མ་ཡ༔ རཀྵ་རཀྵ་ཧ་ན་ཧ་ན་ཨི་དཾ་ན་ར་ཀན༔ ཞེས་བརྗོད་ལ་རཀྟ་ཐིགས་རེ་དང་བསྙེན་སྒྲུབ་ནུས་པའི་དོ་གལ་ཅན་ལ་སྲོག་ཡིག་མིད་དུ་གཞུག །ཁྱད་པར་ཤིན་ཏུ་གཉན་པའི་གཏེར་སྲུང་གི་བཀའ་གཏད་རེ་རེ་ཙམ་ལ་བྱེད་ན། རང་ཉིད་དཔལ་གསང་བའི་བདག་པོར་གསལ་བའི་མདུན་དུ༔ མེ་རླུང་ཐོག་སེར་འཁྲུགས་པའི་དབུས་སུ༔ གཟའ་ཀླུ་ཐ་ར་ནག་པོ༔ སྐུ་མདོག་མཐིང་ནག་ཞལ་གཅིག་ཆུ་སྲིན་གྱི་མགོ་བོ་ཅན༔ ཞལ་དྲག་ཏུ་ཁྲོས་པ༔ སྤྱན་གསུམ་རབ་ཏུ་བགྲད་པ༔ མཆེ་བ་གཙིགས་པ༔ དུག་གི་ཁ་རླངས་འཐུལ་བ༔ སྦྲུལ་མཇུག་མཐིང་གས་རྒྱ་མཚོའི་གཏིང་ནས་དཀྲུགས་པ༔ ཕྱག་བཞི་གཡས་དང་པོས་ཐོག་ཆེན་འབར་བ་ཉེས་བྱས་དགྲ་བགེགས་ཀྱི་སྟེང་དུ་འབེབ་པ༔ དེ་ཡི་འོག་མས་སྤུ་གྲི་མེ་འབར་བ་བསྣམས་ནས་དམ་སྲི་ཕོ་མོའི་སྲོག་རྩ་གཅོད་པ༔ གཡོན་དང་པོས་ཐོད་པ་ཉམས་པའི་སྙིང་ཁྲག་གིས་བཀང་བ་ཞལ་དུ་གསོལ་བ༔ འོག་མས་བདུད་ཞགས་ཀྱིས་དགྲ་བགེགས་རྐེ་ནས་བཅིངས་པ༔ དེའི་གཡས་སུ་ཡབ་ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ་ལུས་པོ་གཅིག་ལ་མགོ་དགུ་མིག་གིས་གང་བ༔ དབུ་གཙུག་བྱ་རོག་གི་མགོ་བོ་ཅན༔ རྩ་བ་གཤིན་རྗེའི་ཞལ་གསུམ་ལྗང་ནག་དུད་ཁ་དྲག་ཏུ་ཁྲོས་པ༔ སྤྱན་དགུ་ཐུར་དུ་གཟིགས་པ༔ བར་པ་བདུད་ཀྱི་ཞལ་གསུམ་དམར་དཀར་ལྗང་བ༔ སྤྱན་དགུ་དམར་ལ་ཟླུམ་པ་བར་སྣང་དུ་གཟིགས་པ༔ སྟེང་མ་ལྷའི་ཞལ་གསུམ་ལྗང་དམར་དཀར་བ༔ ཞི་བའི་སྤྱན་དགུ་ནམ་མཁའི་དབྱིངས་ལ་གཟིགས་པ༔ ཞལ་གདངས་ཤིང་མཆེ་བ་གཙིགས་པ༔ སྨིན་མ་དང་སྨ་ར་དམར་སེར་ཁྲོ་འཁྲུག་བསྐལ་པའི་མེ་དང་མེ་སྟག་འཕྲོ་བ༔ ཕྱག་གཡས་ཆུ་སྲིན་གྱི་རྒྱལ་མཚན་དང་ཞགས་པ་ཐོགས་པ༔ གཡོན་པས་རྭ་ཡི་མདའ་གཞུ་དགྲ་བགེགས་ལ་གཟིར་བ༔ སྐུ་སྟོད་ནམ་མཁའི་དབྱིངས་ནས་གཟི་བརྗིད་དང་ལྡན་པ༔ སྐུ་སྨད་སྦྲུལ་མཇུག་འཁྱིལ་བ༔ སྐུ་མདོག་དུད་ཁ་སྦྲུལ་རིགས་ལྔས་བརྒྱན་པ༔ གང་གིས་མཐོང་ཡང་སྔངས་སྐྲག་བརྒྱལ་ནུས་པ༔ དེའི་གཡོན་ཕྱོགས་སུ་ཡུམ་ཀླུ་མོ་གློག་འཁྱུགས་མ་སྦལ་པའི་མགོ་ཅན་ཁྲག་མིག་མ་སྐུ་མདོག་ནག་མོ༔ དབུ་དགུ་ཕྱག་གཉིས་ཀྱིས་ཀླུ་ཤིང་དང་ཁྲག་མཚོ་བསྣམས་པ༔ སྐུ་སྨད་སྦྲུལ་མཇུག་འཁྱིལ་ཞིང་གཟི་འོད་འབར་བ༔ གཞན་ཡང་སྤྲུལ་པའི་གཟའ་བརྒྱད༔ རྒྱུ་སྐར་ཉེར་བརྒྱད་སྒོ་མ་བཞི༔ ལྷ་སྲིན་སྡེ་བརྒྱད་ཀྱིས་བསྐོར་བ༔ ཐོག་སེར་མེ་རླུང་དུག་མཚོ་ཁོལ་མའི་ནང་དུ་གསལ་བར་གྱུར༔ ཐ་རའི་ཐུགས་ཀར་ཧྲཱི༔ རཱ་ཧུ་ལའི་ཐུགས་ཀར་རཱ༔ གློག་འགྱུ་མའི་ཐུགས་ཀར་ནཱ༔ དེ་དག་ལས་འོད་ཟེར་འཕྲོས་པས་ནམ་མཁའི་དབྱིངས་དང་རྒྱ་མཚོའི་སྟེང་ནས་གཟའ་ཀླུ་ཐ་ར་ནག་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ རཀྵ་མི་ཀེ་ཏ་པཀྵ་མེ་ཀེ་ཐ་ར་ནག་པོ་ཛཿཛ༔ ཧྲཱིཿཤག་རུ་རག་རཾ་ནཱ་གེ་ཙིཏྟ་ཏྲཾ་མ་མ་ཡོང་ཟ་འགྲམ་ཧ་ཧི་ཀེ་ཤ་ལ་ཀེ་ཏ་ཀེ་ཏ་ཛཿཛ༔ ཤ་ཀ་རཀྴ་ཀ་ར་ཧཱུྃ༔ བྷྱོཿམི་ལི་ཕཊ༔ ནཱ་ག་ལི་ཧཾ་བཾ་ཏྲི་ཛ༔ སྔགས་ལན་གསུམ་བརྗོད། སློབ་དཔོན་དང་ཁྱེད་རང་གཉིས་ཀ་གསང་བདག་རྡོ་རྗེ་གཏུམ་པོ་དངོས་སུ་གསལ་བའི་མདུན་དུ་གཏེར་སྲུང་འཁོར་བཅས་གུས་པའི་ཚུལ་གྱིས་འཁོད་པ་ཉིད་ཁྱེད་རང་ལ་གཏད་དེ་དམ་ཚིག་བསྒྲགས་ཏེ་བཀའ་བསྒོས་པ་ཙམ་གྱིས་ཇི་ལྟར་བཅོལ་བའི་ཕྲིན་ལས་སྒྲུབ་པར་ཞལ་གྱིས་བཞེས་པར་མོས་ཤིག །ཐ་རའི་གཏོར་མ་གཏད་ལ། ཧཱུྃ་ཧྲཱི༔ བསམ་ཡས་ཨཱརྻ་པ་ལོའི་གླིང་དུ་ནི༔ དྲེགས་འདུལ་ཕྱག་རྡོར་དཀྱིལ་འཁོར་གཉན་པོའི་དྲུང༔ དབང་བསྐུར་དམ་བཞག་ཐ་ཚིག་ཁས་བླངས་བཞིན༔ སྐལ་ལྡན་བརྒྱུད་འཛིན་སློབ་མ་འདི་ཉིད་ལ༔ གཏད་པས་གང་བཅོལ་ཕྲིན་ལས་མྱུར་བར་སྒྲུབས༔ གང་བཅོལ་ཕྲིན་ལས་མྱུར་བར་མ་བསྒྲུབ་ན༔ དུས་གསུམ་སངས་རྒྱས་བཀའ་དང་པད་འབྱུང་བཀའ༔ གསང་བདག་བཀའ་ཡི་ཆད་པས་སྡིགས་འགྱུར་ཞིང༔ གནམ་ལྕགས་རྡོ་རྗེས་མགོ་བོ་འགེམས་པར་བྱེད༔ ལས་མཁན་གཤིན་རྗེའི་སྤྲུལ་པ་གནམ་ལྕགས་སྡིག༔ མགོ་དགུ་རྭ་ནི་བཅོ་བརྒྱད་མེ་འབར་བས༔ སྙིང་གི་ནང་ནས་སྲེག་ཅིང་ཟ་བར་བྱེད༔ དེ་བས་མ་འཁུ་གར་རྦད་ཞིང་བཅུ་སྒྲོལ༔ སྲོག་སྔགས་གོང་མ་གསུམ་གྱི་མཇུག་ཏུ། ཧེ་པ་གྲི་ལ་གཟའ་ཐ་ར་པྲ་མ་ནི་པྲ་མ་རཀྴ་གཟའ་ཀླུ་ཐ་ར་ནག་པོ་དགྲ་བོའི་སྲོག་ལ་འགྲིག་འགྲིག་ནཱ་ག་ལི་ཧཾ་ཤཾ་ཏྲི་ཛཿཛ༔ ཀླུ་མོ་སྦྲུལ་མགོ་ཁྲག་མིག་མ་དགྲ་ལ་དུན་བྷྱོ༔ ཨོཾ་ཧེ་པ་ཏྲི་ལ་ཐ་ར་ནག་པོ་དགྲ་བོའི་སྲོག་ལ་ཧུར་ཧུར་དུ་ཏྲི་ས་མ་ཡཱ༔ དགྲ་ལ་ཡཾ་ཡཾ་དགྲ་བོའི་སྲོག་ལ་ཆོ་ཆོ༔ དགྲ་ལ་རྒྱུག་རྒྱུག་མྱོས་མྱོས༔ རཱ་ཙ་དགྲ་བོའི་སྲོག་ལ་རྦད་རྦད་མཱ་ར་ཡ་སོད་སོད་མྱག་མྱག་རྦད་རྦད་ཐུཾ་ཐུཾ་རིལ་རིལ་ཡ་ཡ་བྷྱོཿབྷྱོ༔ ཞེས་བརྗོད་ལ་དམ་བསྲེ་ཞིང་སྲོག་གཏད། གཏོར་མ་རྣམས་རང་གནས་སུ་བཞག་ལ་བཟོད་གསོལ་ནི། ཧཱུྃ་ཧྲཱི༔ གཟའ་ཀླུ་ཐ་ར་ནག་པོར་བཟོད་པར་གསོལ༔ དྲང་སྲོང་གཟའ་བདུད་ཆེན་པོར་བཟོད་པར་གསོལ༔ ཀླུ་མོ་གློག་འོད་མ་ལ་བཟོད་པར་གསོལ༔ གཟའ་བརྒྱད་རྒྱུ་སྐར་ཚོགས་ལ་བཟོད་པར་གསོལ༔ སྤྲུལ་པ་ལྷ་སྲིན་ཚོགས་ལ་བཟོད་པར་གསོལ༔ བཟོད་པར་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཅེས་དང་ཡིག་བརྒྱ་ལན་གསུམ་བརྗོད། དེ་ནས་མཚམས་སྦྱོར་སྤྱི་ལྟར་བྱས་ལ། དམ་ཚིག་བསྒྲག་གཟུང་། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་རྣམས་བྱ། གསུམ་པ་རྗེས་རིམ། སྲོག་གཏད་བྱས་ན་སླར་གཏོར་མ་གསོ་བྲན་བྱེད། གསོལ་ཁ་གཏོང་བའང་བྱ། ཚོགས་ལ་རོལ། ལྷག་ཆོག་གཙང་སྐྱོང་རྗེས། གཏང་རག་མཆོད་བསྟོད་དང་ནོངས་པ་བཤགས། མདུན་བསྐྱེད་རྟེན་དང་བསྟུན་པའི་གཤེགས་བསྟིམ། བཀྲ་ཤིས་བསྡུ་ལྡང་བྱས་ལ་བསྔོ་སྨོན་སྤྱི་མཐུན་གྱིས་འགྲུབ་བོ། །གསང་བ་འཆོལ་སོགས་ནོངས་པ་རྩ་གསུམ་ལྷས། །བཟོད་པར་བཞེས་ནས་དམོད་པའི་དྲག་སྔགས་ཀྱིས། །གེགས་བྱེད་བདུད་ཀྱི་སྤྲིན་ཚོགས་ཕ་མཐར་བསྐྲད། །སྙིང་པོའི་བསྟན་པའི་ཉི་མ་རབ་གསལ་ཤོག །འདིའང་སྐྱེས་ཆེན་ཕྱོགས་སུ་མ་ལྷུང་བའི་ཡེ་ཤེས་སྤྱན་ལྡན་རྣམས་ཀྱིས་ཚད་མར་མཛད་པའི་གཏེར་སྟོན་དང་གཏེར་ཆོས་རྣམ་དག་ཏུ་སྣང་ཡང་རྒྱུན་དཀོན་པ་འབད་པས་བཙལ་ནས་རིན་པོ་ཆེ་གཏེར་གྱི་མཛོད་དུ་ཆ་ཤས་ཙམ་སྡུད་པའི་སྐབས། མཚམས་སྦྱོར་འདིའང་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
སྒྱུ་འཕྲུལ་སྐྱབ་སེམས་ (Volume 4, Text 2)
ན་མོ༔ བདག་སོགས་སེམས་ཅན་སྡུག་བསྔལ་གྲོལ་དོན་དུ༔ བྱང་ཆུབ་བར་དུ་སྐྱབས་སུ་བཟུང་བའི་གནས༔ བླ་མ་རྡོ་རྗེ་སེམས་དཔའ་དཀོན་མཆོག་གསུམ༔ ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ བདག་ནི་སྔོན་གྱི་རྒྱལ་བའི་མཛད་པ་བཞིན༔ སེམས་ཅན་ཀུན་གྱི་དོན་རབ་བརྩམ་པར་བྱ༔ སེམས་ཅན་མ་བརྒལ་བསྒྲལ་དང་མ་གྲོལ་སྒྲོལ༔ སེམས་ཅན་དབུགས་དབྱུང་མྱ་ངན་འདས་འགོད་འཇུག༔ འགྲོ་རྣམས་བདེ་ལྡན་སྡུག་བསྔལ་བྲལ་བ་དང༔ འཕགས་པའི་བདེ་ཐོབ་བཏང་སྙོམས་ལ་གནས་ཤོག༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་འདིར་བྱོན་ལ༔ འཕོ་འགྱུར་འབྲལ་མེད་ཀློང་དུ་བཞུགས་སུ་གསོལ༔ ཡེ་ནས་རྣམ་དག་ངང་དུ་ཕྱག་འཚལ་ལོ༔ ཆོས་ཉིད་རྣམ་རོལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ མ་རིག་སྡིག་པའི་ལས་བགྱིས་མཐོལ་ལོ་བཤགས༔ དབྱིངས་རིག་འདུ་འབྲལ་མེད་ལ་ཡི་རང་ངོ༔ ཁྱབ་གདལ་ཕྱོགས་ལྷུང་བྲལ་བའི་ཆོས་འཁོར་བསྐོར༔ དུས་གསུམ་རྟག་པར་མྱ་ངན་མི་འདའ་བཞུགས༔ དམིགས་མེད་དགེ་ཚོགས་མཁའ་མཉམ་འགྲོ་ལ་བསྔོ༔ སྒྱུ་འཕྲུལ་ཞི་ཁྲོའི་གོ་འཕང་ཐོབ་པར་ཤོག༔
ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་གྱི་ཆོས་སྡེ་བླ་མ་པདྨ་བཛྲའི་དབང་བསྐུར་བདུད་རྩིའི་ཆུ་རྒྱུན་བཀླག་ཆོག་ཏུ་བཀོད་པ་ (Volume 8, Text 2)
ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་གྱི་ཆོས་སྡེ་བླ་མ་པདྨ་བཛྲའི་དབང་བསྐུར་བདུད་རྩིའི་ཆུ་རྒྱུན་བཀླག་ཆོག་ཏུ་བཀོད་པ་བཞུགས་སོ།། ན་མོ་གུ་རུ་པདྨ་བཛྲཱ་ཡ། སྣང་མཐའ་ཡས་ཉིད་པདྨའི་རིགས་མཆོག་གི །བདེ་ཆེན་དགྱེས་པ་འཁོར་ལོའི་མགོན་པོར་བཞེངས། །པདྨ་བཛྲ་རྩལ་ཞིས་ཞིང་དང་སྐུའི། །བཀོད་པ་རབ་འབྱམས་སྤྲོ་མཛད་དེ་ལ་འདུད། །གང་དེའི་སྒྲུབ་ཐབས་སྙིང་པོའི་བཅུད། །ཉམས་སུ་ལེན་ལ་སྨིན་བྱེད་ཀྱི། །བདུད་རྩིའི་རྒྱུན་འདིས་སྐལ་བཟང་རྣམས། །ཐར་པའི་སྲོག་ཟུངས་འཚོ་བར་བྱོས། །ཞིག་གླིང་ཟབ་གཏེར་བླ་མ་པདྨ་བཛྲའི་དབང་བསྐུར་བའི་རིམ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཤོམ་ནི། སྟེགས་བུའི་དབུས་སུ་དཀྱིལ་འཁོར་རས་བྲིས་སམ་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པའི་དབུས་སུ་ཁྲིའུ་ལ་རྣམ་བུམ་དྲིའི་ཆབ་དང་ཉེར་ལྔའི་རྫས་ཀྱིས་བཀང་བ་མགུལ་ཆིངས་དམར་པོ་ཁ་རྒྱན་གཟུངས་རྡོར་ལྡན་པ་བཀོད་ལ་སྔགས་འདི་ལན་བརྒྱ་རྩ་བཟླ་བར་གསུངས་ཀྱང་དཀྱུས་ལ་བདུན་ཙམ་བཟླ། ཨཱོཾ་ཏཔྟེ་ཏཔྟེ་མ་ཧཱ་ཏཔྟེ་མ་དྷུ་རེ་སརྦ་དྷརྨཱ་དྷཱ་ཏུ་སྭ་བྷཱ་ཝ་བི་ཤུདྡྷོ྅་ཧཾཿ ཨ་མྲྀཏ་པཉྩ་སིདྡྷི༔ པུཥྤ་པཉྩ་སིདྡྷི༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨཱོཾ་དྷརྨ་ཨ་མྲྀཏ་པཉྩ་སིདྡྷི༔ ནཻ་ཏྱ་པཉྩ་སིདྡྷི༔ པ་ཏི་གྷ་ན་པཀྵ་སིདྡྷི༔ བཛྲ་པ་ཏཾ་ག་སརྦ་སིདྡྷི་ཧཱུྃ༔ ཞེས་སོ། །གཡས་སུ་བླ་མའི་གཏོར་ཆེན་རིན་ཆེན་འབར་བ། གཡོན་དུ་ཐོད་པ་བདུད་རྩིས་བཀང་བའི་ཁར་མེ་ལོང་སིནྡྷུ་ར་བརྡལ་བ་ལ་འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་པ་ལ་རིགས་ལྔ་ཡབ་ཡུམ་གྱི་ས་བོན་དགོད་པ་ནི། དབུས་སུ། ཧཱུྃ་མུཾ། ཤར་དུ་ཨཱོཾ་ལཱཾ། ལྷོར་ཏྲཱཾ་མཱཾ། ནུབ་ཏུ་ཧྲཱིཿཔཱཾ། བྱང་དུ་ཧཱ་ཏཱཾ། ཞེས་བཀོད་པའི་སྟེང་དུ་ཤེལ་རྡོ་བཞག་པ། བུམ་པའི་ཁ་རྒྱན་ནམ་མདུན་དུ་གཙོ་འཁོར་ཉི་ཤུའི་ལྷ་ཙཀ་ཚང་བ། གཞན་ཡང་ཆས་དབང་ནོར་བུའི་གཙུག་ཏོར། གསེར་གྱི་སྙན་ཆ། རིན་ཆེན་མགུལ་རྒྱན། རྡོ་རྗེ། བདུད་རྩིའི་ཐོད་པ། ཁ་ཊྭཱཾ། པྲོག་ཞུ། པདྨའི་དོ་ཤལ། དཔུང་རྒྱན། ཕྱག་གདུབ། སྟོད་གཡོགས་སྨད་དཀྲིས། ཆོས་གོས། དབྱངས་གསལ་ཡིག་འབྲུ་བཅས་ཀྱི་ཙཀ་ལི། རྡོར་དྲིལ་རྣམས་བཀོད། སྨན་རཀ་གཏོར་གསུམ་དང་ཕྱི་མཆོད་སྤྱི་ལྟར་བཤམ། ཕྲིན་ལས་ལ་མཁོ་བའི་གཏོར་མ་ཚོགས་རྫས། ལས་བུམ། མིག་དར་མེ་ཏོག་སོགས་ཚོགས་པར་བྱའོ། །གཉིས་པ་ལ་དབང་དོན་སྒྲུབ་མཆོད་ནི། གཏེར་གཞུང་ལྟར་ལས་བྱང་ཚང་བར་བཏང་། བདག་མདུན་དབྱེར་མེད་དམ་ཛཔ྄་ཁང་ཕྱེས་ལ་སྤྲོ་བསྡུའི་ཏིང་འཛིན་གསལ་བས་བཟླས་པ་ཅི་ནུས་བྱ། རྣམ་བུམ་སྤྱི་ལྟར་བསྒྲུབས། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས། བཀའ་གཏེར་སྲུང་མའི་གཏོར་འབུལ། ཚོགས་མཆོད་སྐོང་བ་བཅས་བཏང་ལ། ཏིང་ངེ་འཛིན་གྱི་དབང་ལེན་ནམ་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །དབང་དངོས་ཀྱི་ཐོག་མར་སྟ་གོན་སྤྲོ་ན་ཐུགས་རྗེ་ཆེན་པོ་ནས་ལེན། མདོར་བསྡུས་ཙམ་ལ་སློབ་མ་རྣམས་ཀྱིས་དབང་གི་ཕོ་བྲང་ལ་བསྐོར་བ་ལན་གསུམ་དང་གསོལ་འདེབས་བྱ་བར་གསུངས་པས་དེ་ལྟར་དང་། སྟབས་མི་བདེ་ན་བསྐོར་བ་བྱེད་པར་མོས་ལ་བླ་མ་སྐུ་གསུམ་མའི་གསོལ་འདེབས་ཙམ་བཏང་ན་ལེགས། སྒོའི་ཕྱི་རོལ་ཏུ་ལས་བུམ་གྱིས་ཁྲུས་བྱ། ནང་དུ་འཁོད་པ་ལ་སློབ་དཔོན་གྱིས། ཁྱེད་རང་རྣམས་བླ་མ་པདྨ་བཛྲ་རྩལ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བར་གསོལ་བ་འདེབས་པའི་དོན་དུ་ཐལ་མོ་མེ་ཏོག་དང་བཅས་ཏེ་འདིའི་རྗེས་ཟློས་མཛོད༔ ཀྱཻ༔ འགྲོ་བའི་མགོན་པོ་བླ་མ་མཆོག༔ པདྨ་བཛྲ་འཁོར་དང་བཅས༔ རྩ་བ་གསུམ་གྱི་ངོ་བོ་ལ༔ བདག་ཅག་སྨིན་པར་གསོལ་བ་འདེབས༔ བླ་མེད་མཆོག་གི་དཀྱིལ་འཁོར་དུ༔ བཀའ་དྲིན་ཆེན་པོ་མཛད་དུ་གསོལ༔ ལན་གསུམ་ཞུ། བླ་མས། ལེགས་འོངས་སྐལ་ལྡན་རིགས་ཅན་རྣམས༔ བླ་མེད་མཆོག་གི་དཀྱིལ་འཁོར་དུ༔ སྐུ་གསུམ་དབང་གིས་སྨིན་གྱུར་ནས༔ རིག་འཛིན་ས་ལམ་བགྲོད་འདོད་ན༔ དམ་ཚིག་འདི་རྣམས་ཁྱོད་ཀྱིས་སྲུངས༔ རྡོ་རྗེ་སློབ་དཔོན་ཅི་གསུང་པའི༔ ཕྲ་མོའི་བཀའ་ཡང་མི་གཅོག་ཅིང༔ ཐབས་ཤེས་གཉིས་ཀྱི་དམ་ཚིག་ཏུ༔ གསང་ཡུམ་སོགས་ལ་ལོག་ལྟ་སྤང༔ རྡོ་རྗེ་སློབ་དཔོན་མལ་ཆ་སྟན༔ སྐུ་ཡི་གྲིབ་མ་མི་འགོང་ཞིང༔ སྙིང་པོ་སྔགས་དང་ཕྱག་རྒྱ་དང༔ རྡོ་རྗེ་སྤུན་ལ་བརྙས་མི་བྱ༔ ཞེས་དམ་ཚིག་བཀའ་བསྒོ །དེ་ནས་བགེགས་གཏོར་བཏང་། ལས་བྱང་ལྟར་བཀའ་བསྒོ །སྲུང་འཁོར་བསྒོམས་ལ་མཚམས་བཅད། སེམས་བསྐྱེད་གསལ་བཏབ་ཆོས་བཤད་སྤྱི་དང་ཁྱད་པར། འདིར་འཆད་པར་བྱ་བ། དམ་པའི་ཆོས་ཐམས་ཅད་ཀྱི་མཐར་ཐུག་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་ཡང་སྙིང་ལམ་ཟབ་མོ་བླ་མའི་སྒྲུབ་ཐབས་ཐམས་ཅད་ལས་ཀྱང་ཁྱད་པར་དུ་མས་འཕགས་པ།སངས་རྒྱས་གཉིས་པ་པདྨཱ་ཀ་རས་གངས་རིའི་ལྗོངས་ཀྱི་ལས་ཅན་རྗེ་འབངས་རྣམས་ལ་སོ་སོའི་མོས་པ་དང་འཚམ་པར་བླ་མ་སྐུ་གསུམ་དུ་སྒྲུབ་པའི་ཐབས་རྒྱས་བསྡུས་མཐའ་ཡས་པར་གསུངས་པ་རྣམས་ཀྱི་ནང་ནས་ཁྱད་པར་དུ་འཕགས་པའི་གདམས་སྐོར་མང་པོ་ཞིག་ལྷ་སྲས་འབྲིང་པོ་དམ་འཛིན་མུ་རུབ་བཙད་པོ་ལ་གནང་སྟེ་མ་འོངས་པའི་གདུལ་བྱ་ལ་དགོངས་ནས་གཏེར་དུ་སྦས་པ་རྣམས་ཉིད་ཀྱི་སྐྱེ་བའི་སྒྱུ་འཕྲུལ་རིམ་པར་བྱོན་པ་རྣམས་ཀྱིས་དུས་སྐབས་དང་འཚམ་པར་ཕྱུང་སྟེ་འགྲོ་དོན་རྒྱ་ཆེར་མཛད་པའི་ནང་ནས། འདིར་ལྷ་སྲས་རྣམ་རོལ་སྤྲུལ་པའི་གཏེར་ཆེན་ཞིག་པོ་གླིང་པས། ར་ས་འཕྲུལ་སྣང་གི་གློ་འབུར་ནུབ་མ་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་གྱི་ཆོས་སྡེ་བླ་མ་པདྨ་བཛྲའི་དབང་བསྐུར་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ཏེ་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་དང་སྔགས་སྤྱི་ལྟར་གྱིས་མིག་དར་དང་མེ་ཏོག་གཏད། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མ་མཆིས་པ་ལ་དད་མོས་ཀྱི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ རྡོ་རྗེ་འཛིན་ལ་སྐྱབས་སུ་མཆི༔ མགོན་མེད་བདག་ལ་སྐྱོབ་པ་དང༔ འཁོར་བ་མཐའ་མེད་རྒྱ་མཚོ་ལས༔ མགོན་པོ་ཁྱེད་ཀྱིས་བསྐྱབ་ཏུ་གསོལ༔ ཞེས་ལན་གསུམ་ཞུས་པས། བླ་མས། ཀྱེ་ཧོཿསྐལ་ལྡན་ལས་ཅན་རྣམས༔ ཉོན་མོངས་ཉེས་པའི་མཚོ་སྤངས་ནས༔ ཚེ་གཅིག་སངས་རྒྱས་ལམ་སྦྱོར་བ༔ དབང་མཆོག་འདི་ཉིད་ཐོབ་པ་གང༔ ཁམས་གསུམ་འཁོར་བའི་གནས་ལས་སྒྲོལ༔ ལྷུན་གྱིས་གྲུབ་པའི་རིག་འཛིན་ཐོབ༔ དེ་ཕྱིར་ཁྱོད་རྣམས་འདིར་འདུག་ལ༔ དགའ་དང་དད་པས་གསོལ་བ་ཐོབ༔ ཅེས་བརྗོད། འདི་ལ་སྟ་གོན་མེད་སྐབས་རྒྱུད་སྦྱོང་བ་བཅུག་ན་ལེགས་པས། མདུན་གྱི་དཀྱིལ་འཁོར་རིགས་ཀུན་ཁྱབ་བདག་བླ་མ་པདྨ་བཛྲ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཚོགས་དང་བཅས་ཏེ་བཞུགས་པ་ལ། བདག་གཞན་མཁའ་ཁྱབ་ཀྱི་ཡིད་ཅན་མཐའ་དག་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ སོགས་ལན་གསུམ། ནམ་མཁའ་དང་མཉམ་པའི་ཕ་མ་སེམས་ཅན་མཐའ་དག་བླ་མ་སངས་རྒྱས་རིན་པོ་ཆེའི་གོ་འཕང་ལ་དགོད་པའི་ཆེད་དུ་ཟབ་ལམ་བླ་མའི་དཀྱིལ་འཁོར་དུ་ཞུགས་ནས་གྲོལ་བྱེད་ཀྱི་གདམས་པ་ཉམས་སུ་ལེན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ སོགས་གསུམ། ཚོགས་ཀྱི་ཞིང་དེ་དག་གི་སྤྱན་སྔར་ཡན་ལག་བཅུ་པའི་སྒོ་ནས་གསག་སྦྱོང་སྤེལ་གསུམ་ཚུལ་བཞིན་བྱ་བའི་བློས་སོ་སོའི་དོན་དྲན་པས་འདིའི་རྗེས་ཟློས། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ སོགས་གསུམ། བླ་མས་སྤྱི་བོར་རྡོ་རྗེ་བཞག་ལ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ ཁྱོད་རྣམས་ལས་དང་སྐལ་བར་ལྡན༔ སྐུ་གསུམ་མཆོག་གི་དཀྱིལ་འཁོར་འདི༔ མ་མཐོང་བ་ལ་སྨྲ་མི་བྱ༔ དེ་ཕྱིར་དམ་ཚིག་མཆོག་ཏུ་སྲུངས༔ ཞེས་དམ་བསྒྲག །དམ་ཆུ་སྦྱིན་ལ། འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་བསྲུངས་དངོས་གྲུབ་རྣམ་གཉིས་ཐོབ༔ གལ་ཏེ་དམ་ཚིག་ཉམས་གྱུར་ན༔ ཁྱོད་ནི་རྡོ་རྗེའི་དམྱལ་བར་ལྟུང༔ ཡཀྴ་རྡོ་རྗེ་ཁྲོས་པ་ཡིས༔ ཁྱོད་ཀྱི་སྙིང་ཁྲག་འཐུང་བར་འགྱུར༔ དེ་ཕྱིར་རྟག་ཏུ་དམ་སྲུངས་ཤིག༔ བཛྲ་ཨུ་ད་ཀ་ཋ༔ དེ་ནས་དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པ་ལ། ཁྱེད་རང་རྣམས་ལུས་གནད་རྣམ་སྣང་གི་ཆོས་དང་ལྡན་པ་ལ་ལག་པ་རྡོ་རྗེའི་ཐལ་མོ་སྤྱི་བོར་སྦྱོར། ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་ལྟར་རྩེ་གཅིག་ཏུ་སྒོམས་ཤིག །ཁྱེད་རང་རྣམས་སྐད་ཅིག་གིས་རྡོ་རྗེ་ཕག་མོ་དམར་གསལ་གྲི་ཐོད་འཛིན་ཅིང་རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་བརྐྱང་བསྐུམ་གྱིས་པད་ཉིའི་སྟེང་དུ་བཞུགས་པའི་སྙིང་གར་པདྨ་དམར་པོ་འདབ་མ་བརྒྱད་པའི་དབུས་སུ་རྡོ་རྗེ་རྒྱ་གྲམ་རེ་སྒོམས། རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཡཾ་ལྗང་གུ་རེ་གསལ། རྭ་བཞི་ལ་ཧ་རི་ནི་ས་བཞི་གསལ་བའི་རྒྱ་གྲམ་གྱི་སྟེང་དུ། ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཐུགས་སྲོག་ཧྲཱིཿདམར་པོ་ཚེག་དྲག་དང་བཅས་པའི་མཐའ་སྐོར་དུ་རྩ་བའི་སྙིང་པོ་རྣམས་མར་མེའི་ཕྲེང་བ་ལྟར་འཁོར་བ༔ རྒྱ་གྲམ་གྱི་ཡཾ་ལས་རླུང་གཡོས༔ རྒྱ་གྲམ་སྔགས་ཕྲེང་དང་བཅས་པ་ཆོས་བསྐོར་དུ་འཁོར་བ་ལས་འོད་ཟེར་འཕྲོས༔ རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་ནས༔ བླ་མ་པདྨ་བཛྲ་རྩལ་འཁོར་རིག་འཛིན་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བྱོན༔ འོད་ཀྱི་རྣམ་པས་སྙིང་གའི་ཐུགས་སྲོག་ས་བོན་རྣམས་ལ་ཐིམ་པར་སྒོམས་ཤིག༔ ལས་བྱང་གི་བྱིན་འབེབ་དབྱངས་བཅས་བརྗོད། གུ་གུལ་བསྲེག །རོལ་མོ་དྲག་ཏུ་ལྡིར་ལ་བྱིན་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་རབ་ཏུ་གནས་པར་བྱས་པར་མོས་ལ། ཏིཥྛ་བཛྲཿ ཞེས་རྡོ་རྗེ་མགོར་བཞག་ལ་བརྟན། འགྲིམ་དཀྱིལ་འདུ་བྱ། སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་རང་གི་རིགས་དང་འབྲེལ་བའི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་པའི་འདུན་པས་མེ་ཏོག་དོར་ལ་འདིའི་རྗེས་ཟློས། ཀྱཻ༔ བླ་མ་མཆོག་གི་དཀྱིལ་འཁོར་དུ༔ འབྲེལ་བའི་མེ་ཏོག་འདི་འཐོར་བས༔ སྔོན་ཚེ་བསྐལ་པ་གྲངས་མེད་ནས༔ འབྲེལ་བའི་སྟོབས་ཆེན་ཡི་དམ་ལྷ༔ གང་ཡིན་དེ་ལ་འབབ་པར་ཤོག༔ ཨོཾ་པུཥྤེ་སིདྡྷི་ཧོ༔ ཞེས་དོར་ལ་དབུས་སུ་བབས་ན་པདྨ་བཛྲ་རྩལ། ཤར་དུ་བབས་ན་པདྨ་ཐོད་ཕྲེང་རྩལ། ལྷོར་བབས་ན་པདྨ་རིན་ཆེན་རྩལ། ནུབ་ཏུ་བབས་ན་པདྨ་དབང་ཆེན་རྩལ། བྱང་དུ་བབས་ན་པདྨ་ཕྲིན་ལས་རྩལ་ཞེས་བགྱི་བར་གདགས་སོ། །དེ་ནས་མིག་འབྱེད་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ༔ བླ་མ་དཀྱིལ་འཁོར་ལྷ་ཚོགས་ཀྱིས༔ སྐལ་ལྡན་བདག་ལ་ཉེར་དགོངས་པས༔ མ་རིག་མུན་པ་བསལ་བྱས་ནས༔ དཀྱིལ་འཁོར་ལྷ་ཚོགས་ཞལ་སྟོན་འཚལ༔ ཅེས་བརྗོད། བླ་མས། ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ ཁྱོད་ཀྱི་མ་རིག་རྨོངས་པའི་མིག༔ ཡེ་ཤེས་སྣང་བ་ངས་ཕྱེ་འོ༔ དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག༔ བསྐལ་པར་བསགས་པའི་སྡིག་སྒྲིབ་དག༔ ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཅེས་པས་གདོང་བསལ། དེ་ལྟར་མ་རིག་པའི་སྒྲིབ་གཡོགས་བསལ་བས་དག་པ་ཡེ་ཤེས་ཀྱི་སྤྱན་ཐོབ་སྟེ་དཀྱིལ་འཁོར་ཁྱབ་བདག་པདྨ་བཛྲ། འཁོར་འགྲོ་འདུལ་གུ་རུ་དྲུག །ཐོད་ཕྲེང་སྡེ་ལྔ། མཚན་མཆོག་བརྒྱད་སོགས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་བཞིན་དུ་མཐོང་བར་མོས་ལ་དད་སྤྲོ་སྐྱེད་ཅིག །སྔར་ཕུལ་བའི་མེ་ཏོག་དེ་ཉིད་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས་ཤིག །ཧཱུྃ༔ ཅོད་པན་འདི་ནི་དཔའ་བོའི་རྟགས༔ ཁྱོད་ཀྱི་སྤྱི་བོར་བཏགས་པ་ཡིས༔ དབང་མཆོག་དམ་པ་དེར་ཐོབ་ནས༔ ཕྲིན་ལས་རྣམ་བཞི་མངོན་བྱེད་ཤོག༔ ཨཱོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཞེས་ཅོད་པན་སྤྱི་བོར་གདགས། དེ་རྣམས་ཀྱིས་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་གྲུབ། ཞུགས་ནས་མངོན་པར་དབང་བསྐུར་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ༔ བླ་མ་ཀུན་བཟང་རྡོ་རྗེ་འཛིན༔ པདྨ་བཛྲ་ཡབ་ཡུམ་དང༔ འཁོར་ཚོགས་མ་ལུས་ཐམས་ཅད་ཀྱིས༔ ལུས་ངག་ཡིད་གསུམ་ད་སྨིན་པར༔ མགོན་པོས་བདག་དབང་བསྐུར་དུ་གསོལ༔ ཞེས་ལན་གསུམ་ཞུ། སློབ་དཔོན་དང་དཀྱིལ་འཁོར་གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས་བླ་མ་པདྨ་བཛྲ་རྩལ་གྱི་དཀྱིལ་འཁོར་པ་རིག་འཛིན་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། ཁྲོ་བོ་རྣམས་ཀྱིས་བར་ཆད་ཀྱི་བགེགས་བསྲུངས། ལྷ་རྣམས་ཀྱིས་རོལ་མོའི་སྒྲ་བསྒྲགས། ལྷ་མོ་རྣམས་ཀྱིས་བཀྲ་ཤིས་ཀྱི་གླུ་དབྱངས་ལེན་ཞིང་། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཕྱག་ན་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་གང་བའི་བུམ་པ་བསྣམས་ནས་དབང་བསྐུར་བས་བདུད་རྩིའི་རྒྱུན་གྱིས་ལུས་ཀྱི་ནང་ཐམས་ཅད་གང། སྒྲིབ་པ་བཞི་དག །དབང་བཞི་ཡོངས་རྫོགས་ཐོབ་པར་མོས་ཤིག །རྣམ་བུམ་ཐོགས་ལ། ཧཱུྃ༔ བུམ་པ་བཟང་པོ་ལྷ་ཡི་གཞལ་ཡས་ཁང༔ ཡེ་ཤེས་བདུད་རྩིས་མ་རིག་དྲི་མ་འཁྲུད༔ སྒྲིབ་གཉིས་དག་ནས་སྐུ་གཉིས་མཆོག་ཐོབ་ཤོག༔ བུམ་རྫས་རིན་ཆེན་སྣ་ལྔ་ཡེ་ཤེས་ལྔ༔ སྐུ་ལྔ་ཡེ་ཤེས་ལྔ་ལྡན་དབང་ཐོབ་ཤོག༔ ཕུན་སུམ་ཚོགས་པ་ཁ་རྒྱན་དཔག་བསམ་ཤིང༔ དགོས་འདོད་ཆར་ལྟར་འབབ་པའི་བཀྲ་ཤིས་ཤོག༔ བུམ་རྫས་རིན་ཆེན་ལྔ་ཡིས་དབང་བསྐུར་བས༔ བུ་ཁྱོད་རིན་ཆེན་ལྔ་ལ་སྤྱོད་པར་ཤོག༔ ནས་སོགས་འབྲུ་སྣ་ལྔ་ཡིས་དབང་བསྐུར་བས༔ བུ་ཁྱོད་ནམ་མཁའ་མཛོད་ལ་དབང་ཐོབ་ཤོག༔ ག་པུར་ཙནྡན་དྲི་ཡིས་དབང་བསྐུར་བས༔ བཞི་བརྒྱ་རྩ་བཞིའི་ནད་ལས་ཐར་བར་ཤོག༔ ཅེས་བུམ་པ་གནས་བཞིར་གཏུགས་ཤིང་། ཧྲཱིཿཔདྨ་བཛྲ་ཧྲཱིཿདྷུ་མ་གྷ་ཡེ་ཌཱ་ཀི་ནཱི་བཛྲ་རཏྣ་པདྨ་ཀརྨ་བུདྡྷ་སརྦ་གུ་རུ་ས་པ་རི་ཝཱ་ར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་དབང་བསྐུར་ཞིང་གསང་མཚན་གྱི་ལུང་བསྟན་ནོ། །དེ་ནས་བྷནྡྷ་བདུད་རྩི་ལག་ཏུ་ཐོགས་ལ། ཨཱ༔ བྷནྡྷ་ཟླུམ་པོ་ཆོས་ཀྱི་དབྱིངས་ཀྱི་ངང༔ འཆི་མེད་དམ་རྫས་བདུད་རྩི་ཨ་མྲྀ་ཏ༔ ཉོན་མོངས་དུག་ལྔ་འཇོམས་པའི་ཡེ་ཤེས་ཆེ༔ སྐུ་ལྔ་ལྷུན་གྱིས་གྲུབ་པར་དབང་བསྐུར་རོ༔ ཨཱོཾ་ཨ་མྲྀཏ་ཀུཎྜ་ལཱི་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་མགྲིན་པར་བསྐུར། དེ་ནས་གཏོར་མ་རིན་ཆེན་འབར་བ་ཐོགས་ལ། གནས་བཞིར་གཏུག་སྟེ། ཧཱུྃ༔ དམ་རྫས་གཏོར་ཆེན་དག་པའི་བ་ལིཾ་ཏ༔ གཏོར་མ་འདོད་ཡོན་ལྔ་ལྡན་ཡེ་ཤེས་ལྔ༔ རྣམ་དག་བདུད་རྩི་བླ་མ་མཆོད་པའི་རྫས༔ དམ་རྫས་གཏོར་ཆེན་འབར་བས་དབང་བསྐུར་བས༔ མ་མོ་མཁའ་འགྲོ་དབང་དུ་བསྡུ་བ་དང༔ ཕྲིན་ལས་རྣམ་བཞིའི་འགྲོ་དོན་ལྷུན་གྲུབ་ཤོག༔ ཡང་གོང་ལྟར་རྩ་སྔགས་གཤམ་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སོགས་བརྗོད། དཀྱིལ་འཁོར་པའི་ལྷ་གཙོ་འཁོར་རྣམས་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ནས་ཁྱེད་རང་རྣམས་ཀྱི་གནས་སོ་སོར་ཐིམ་པས་ལྷ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་པར་མོས་ཤིག །གཙོ་འཁོར་རྣམས་ཀྱི་སྐུ་རྟེན་ཙཀླི་རིམ་པར་སྤྱི་བོ་དང་གནས་ལྔར་བཞག་སྟེ། ཧཱུྃ༔ སྐྱེ་འཆི་གཉིས་སྤངས་རྡོ་རྗེ་ལྟ་བུའི་སྐུ༔ མི་འགྱུར་མི་འཇིག་གཞོམ་གཞིག་དང་བྲལ་བ༔ བདེ་སྟོང་ཟུང་འཇུག་པདྨ་བཛྲ་རྩལ༔ ཡབ་ཡུམ་གཉིས་མེད་ཟུང་འཇུག་རོལ་པའི་ངང༔ དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དབང་བཞི་ཡོངས་རྫོགས་དམ་པ་ཐོབ་པར་ཤོག༔ ཨཱོཾ་ཧྲཱིཿཔདྨ་བཛྲ་ཧྲཱིཿདྷུ་མ་གྷ་ཡེ་ཌཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་འཁོར་ཚོགས་ཀྱི་དབང་བསྐུར་བ་ནི། ཧཱུྃ༔ སྐྱེ་འཆིའི་སྡུག་བསྔལ་མ་ལུས་སྐྱོབ་མཛད་ཅིང༔ ཐོས་བསམ་སྨིན་གྲོལ་སྐལ་ལྡན་བྱང་ཆུབ་བཀོད༔ གུ་རུ་པདྨ་འབྱུང་གནས་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞིའི་འགྲོ་དོན་ལྷུན་གྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་གྷུ་རུ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སོགས་གོང་བཞིན་ཚིག་མཇུག་འགྲེ་སྟེ། འཆི་འཕོ་ལྟུང་བྱེད་སྡུག་བསྔལ་ཀུན་སྐྱོབ་ཅིང༔ ཞི་བའི་ཕྲིན་ལས་འགྲོ་དོན་མཐར་ཕྱིན་པ༔ གུ་རུ་གསེར་ཐུབ་འཛིན་པས་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞིའི་འགྲོ་དོན་ལྷུན་གྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་བུདྡྷ་གུ་རུ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ལྷ་མིན་འཐབ་རྩོད་སྡུག་བསྔལ་ཀུན་སྐྱོབ་ཅིང༔ རྒྱས་པའི་ཕྲིན་ལས་འགྲོ་དོན་མཐར་ཕྱིན་པ༔ གུ་རུ་རྣམ་པར་རྒྱལ་བས་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞིའི་འགྲོ་དོན་ལྷུན་གྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ བྱོལ་སོང་གླེན་ལྐུག་སྡུག་བསྔལ་ཀུན་སྐྱོབ་ཅིང༔ དབང་གི་འགྲོ་དོན་མ་ལུས་མཐར་ཕྱིན་པ༔ གུ་རུ་སེང་ཧ་བརྟན་གྱིས་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞིའི་འགྲོ་དོན་ལྷུན་གྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་རཏྣ་གུ་རུ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་སྦྱོང་མཛད་ཅིང༔ ཕྲིན་ལས་མ་ལུས་འགྲོ་དོན་མཐར་ཕྱིན་པ༔ གུ་རུ་རྣམ་པར་སྣང་བྱེད་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞིའི་འགྲོ་དོན་ལྷུན་གྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་པདྨ་གུ་རུ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཚ་གྲང་སྡུག་བསྔལ་སྐྱོབ་པར་མཛད་པའི་ཕྱིར༔ ཐམས་ཅད་ཡོངས་རྫོགས་ཕྲིན་ལས་མཐར་ཕྱིན་པ༔ གུ་རུ་རྣམ་པར་གནོན་གྱིས་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞིའི་འགྲོ་དོན་མཐར་ཕྱིན་ཤོག༔ ཨོཾ་ཨཱཿཧཱུྃ་ཀརྨ་གུ་རུ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ༔ མེ་ལོང་ཡེ་ཤེས་སྐུ་མདོག་དཀར་པོ་འཕྲོ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ནད་གདོན་བར་ཆད་ཐམས་ཅད་ཞི་བར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་ཐོད་ཕྲེང་རྩལ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔ མཉམ་ཉིད་ཡེ་ཤེས་སྐུ་མདོག་སེར་པོ་འཕྲོ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས་པར་ཤོག༔ ཨོཾ་ཨཱཿཧཱུྃ་རཏྣ་ཐོད་ཕྲེང་རྩལ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ༔ སོར་རྟོག་ཡེ་ཤེས་སྐུ་མདོག་དམར་པོ་འཕྲོ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད་པར་ཤོག༔ ཨོཾ་ཨཱཿཧཱུྃ་པདྨ་ཐོད་ཕྲེང་རྩལ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ མངོན་སྤྱོད་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔ བྱ་གྲུབ་ཡེ་ཤེས་སྐུ་མདོག་ལྗང་ལ་འཚེར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དགྲ་བགེགས་ལོག་འདྲེན་གདུག་པ་ཚར་གཅོད་ཤོག༔ ཨོཾ་ཨཱཿཧཱུྃ་ཀརྨ་ཐོད་ཕྲེང་རྩལ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཐམས་ཅད་ལྷུན་གྲུབ་བུདྡྷ་ཐོད་ཕྲེང་རྩལ༔ ཆོས་དབྱིངས་ཡེ་ཤེས་མཐོན་མཐིང་འོད་ཟེར་འཕྲོ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཐམས་ཅད་ལྷུན་གྱིས་གྲུབ་པའི་དོན་བྱེད་ཤོག༔ ཨོཾ་ཨཱཿཧཱུྃ་བུདྡྷ་ཐོད་ཕྲེང་རྩལ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ འཁོར་བའི་སྐྱོན་གྱིས་ནམ་ཡང་མ་གོས་ཤིང༔ པདྨ་འབྱུང་གནས་ཉིད་ཀྱི་བྱིན་རླབས་མཆོག༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་ཤོག༔ ཨོཾ་བཛྲ་གུ་རུ་པདྨ་འབྱུང་གནས་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཡོན་ཏན་ཐམས་ཅད་ཐུགས་ལ་རྫོགས་པ་ཡི༔ གུ་རུ་པདྨ་སཾ་བྷའི་བྱིན་རླབས་མཆོག༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡོན་ཏན་ཐམས་ཅད་རྫོགས་པའི་དོན་བྱེད་ཤོག༔ ཨོཾ་བཛྲ་གུ་རུ་པདྨ་སམ་བྷ་ཝ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཤེས་བྱའི་ཆོས་ཀུན་མ་ལུས་ཐམས་ཅད་མཁྱེན༔ བློ་ལྡན་མཆོག་སྲེད་དཔལ་གྱིས་བྱིན་རློབས་ལ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཤེས་བྱའི་ཆོས་རྣམས་ཐམས་ཅད་མཁྱེན་པར་ཤོག༔ ཨོཾ་བཛྲ་གུ་རུ་བློ་ལྡན་མཆོག་སྲེད་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཁམས་གསུམ་སྲིད་གསུམ་མ་ལུས་དབང་སྡུད་པ༔ པདྨ་རྒྱལ་པོ་མཆོག་གི་བྱིན་རླབས་ནི༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད་པར་ཤོག༔ ཨོཾ་བཛྲ་གུ་རུ་པདྨ་རཱ་ཛ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གང་ལ་གང་འདུལ་གདུལ་བྱའི་འགྲོ་འདུལ་བ༔ ཉི་མ་འོད་ཟེར་མཆོག་གི་བྱིན་རླབས་ནི༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འགྲོ་ཀུན་ཐབས་ཀྱིས་འདུལ་བར་བྱེད་པར་ཤོག༔ ཨོཾ་བཛྲ་གྷུ་རུ་སཱུརྻ་འོད་ཟེར་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ལོག་འདྲེན་བདུད་བཞི་མ་ལུས་འདུལ་མཛད་པ༔ ཤཱཀྱ་སེང་གེ་མཆོག་གི་བྱིན་རླབས་ནི༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལོག་འདྲེན་བདུད་བཞི་མ་ལུས་འདུལ་བྱེད་ཤོག༔ ཨོཾ་བཛྲ་གུ་རུ་ཤཱཀྱ་སིཾ་ཧ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ལྟ་ལོག་མུ་སྟེགས་ཐམས་ཅད་ཚར་གཅོད་པ༔ སེང་གེ་སྒྲ་སྒྲོག་མཆོག་གི་བྱིན་རླབས་ནི༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལྟ་ལོག་ལམ་འཇུག་མ་ལུས་འདུལ་བྱེད་ཤོག༔ ཨོཾ་བཛྲ་གུ་རུ་སིཾ་ཧ་སྒྲ་སྒྲོག་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ལྷ་སྲིན་དྲེགས་པའི་ཚོགས་རྣམས་འདུལ་མཛད་པ༔ གུ་རུ་རྡོ་རྗེ་གྲོ་ལོད་བྱིན་རླབས་ནི༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དགྲ་བགེགས་ལོག་འདྲེན་ཐམས་ཅད་ཚར་གཅོད་ཤོག༔ ཨོཾ་བཛྲ་གུ་རུ་རྡོ་རྗེ་གྲོ་ལོད་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བསྐུར། དེ་ནས་རྒྱན་ཆས་རྣམས་ཀྱི་དབང་བསྐུར་བ་ནི། དེ་ལྟར་ཁྱེད་རང་རྣམས་ཡེ་ཤེས་ལྷའི་ཕྱག་རྒྱར་དངོས་སུ་གྱུར་པ་ལ་རྒྱན་དང་ཕྱག་མཚན་རྣམས་གནས་སོ་སོར་ཕུལ་ཏེ་མངའ་གསོལ་བས། བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ལ་མངའ་དབང་སྒྱུར་བར་མོས་ཤིག །གཙུག་གི་རིན་ཆེན་མགོར་བཞག་ལ། ཧཱུྃ༔ སྐྱབས་སྦྱིན་བྱམས་པ་ཆེན་པོ་སྟེ༔ དགོས་འདོད་ཀུན་འབྱུང་རིན་པོ་ཆེ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཡིད་ལ་བསམ་པ་ཀུན་འགྲུབ་ཅིང༔ ཉོན་མོངས་དུག་ལྔ་སེལ་གྱུར་ཅིག༔ ཙཱུ་ཌ་རཏྣ་ཨ་བྷི་ཥིཉྩ་ཨཱོཾ༔ གསེར་གྱི་སྙན་ཆ་ཐོགས་ལ། ཧཱུྃ༔ རབ་མཛེས་གསེར་གྱི་སྙན་ཆ་རིན་ཆེན་སྤྲས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ གསུང་དབྱངས་ཡན་ལག་དྲུག་ཅུ་རབ་ཐོབ་ཅིང༔ མ་འདྲེས་སངས་རྒྱས་ཆོས་ལ་སྤྱོད་པར་ཤོག༔ རཏྣ་ཀུཎྜ་ལ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ རིན་ཆེན་མགུལ་རྒྱན་ཐོགས་ལ། ཧཱུྃ༔ རབ་མཛེས་རིན་ཆེན་ནོར་བུའི་མགུལ་རྒྱན་འཆང༔ དགོས་འདོད་འབྱུང་བ་ཡིད་བཞིན་རིན་ཆེན་གཏེར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དྲན་པ་ཉེར་བཞག་ལ་སོགས་བྱང་ཆུབ་ཆོས༔ སུམ་ཅུ་རྩ་བདུན་དག་ལ་མངའ་བརྙེས་ནས༔ གསུང་དབྱངས་ཡན་ལག་དྲུག་ཅུའི་དབང་ཐོབ་ཤོག༔ རཏྣ་དྷརྨ་མཱ་ལ་ཨ་བྷི་ཥིཉྩ་ཨཱ༔ གསེར་གྱི་རྡོ་རྗེ་གཏད་ལ། ཧཱུྃ༔ ཡེ་ཤེས་ལྔ་ལྡན་དུག་ལྔ་ཀུན་འཇོམས་ཤིང༔ མ་རུངས་ཚར་གཅོད་གསེར་གྱི་རྡོ་རྗེ་འདིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འགྱུར་མེད་བརྟན་པ་ཐོབ་པའི་སྐུ་བརྙེས་ཤོག༔ རཏྣ་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བྷནྡྷའི་བདུད་རྩི་ཐོགས་ལ། ཧཱུྃ༔ ཐོད་པ་རྣམ་དག་ཡེ་ནས་ཆོས་ཀྱི་སྐུ༔ དམ་རྫས་བདུད་རྩི་འཆི་མེད་ཡེ་ཤེས་ཆེ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྐྱེ་ཤི་གཉིས་སྤངས་རྡོ་རྗེའི་སྐུ་ཐོབ་ཤོག༔ དྷརྨཱ་ཀ་པཱ་ལ་ཨ་མྲྀཏ་ཀུཎྜ་ལཱི་ཨ་བྷི་ཥིཉྩ་ཧཱུྃ༔ ཁ་ཊྭཱཾ་རྩེ་གསུམ་གཏད་ལ། ཧཱུྃ༔ དུག་གསུམ་རྩད་གཅོད་སྐུ་གསུམ་མཚོན་བྱེད་ཅིང༔ བདུད་དང་ལོག་འདྲེན་རྩད་གཅོད་ཁ་ཊྭཱཾ་གས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལྟ་ལོག་མུ་སྟེགས་འཇོམས་བྱེད་དབང་ཐོབ་ཤོག༔ རཏྣ་ཁ་ཊྭཱཾ་ག་ཨ་བྷི་ཥིཉྩ་ཧཱུྃ༔ རིན་ཆེན་པྲོག་ཞུ་ཐོགས་ལ། རིན་ཆེན་འབར་བ་རབ་མཛེས་ཡིད་འོང་ལྡན༔ རྒྱན་དང་བཀོད་པ་བསམ་གྱིས་མི་ཁྱབ་པས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རིགས་བདག་རྣམས་ཀྱི་མངའ་དབང་ཐོབ་གྱུར་ཅིག༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དོ་ཤལ་ཐོགས་ལ། ཧཱུྃ༔ དྲི་མེད་རྣམ་དག་སྐྱོན་མེད་པདྨའི་ཕྲེང༔ དོ་ཤལ་ཨུཏྤལ་བསྒྲིགས་པས་དབང་བསྐུར་ནས༔ དྲི་བྲལ་ཡེ་ཤེས་ཆེན་པོའི་སྐུ་བརྙེས་ཤོག༔ པདྨ་ཨུཏྤ་བ་ལི་ཨ་བྷི་ཥིཉྩ་ཧཱུྃ༔ དཔུང་རྒྱན་ཐོགས་ལ། ཧཱུྃ༔ རིན་ཆེན་རབ་མཛེས་དཔུང་རྒྱན་འོད་འཕྲོ་བ༔ ཀུན་ནས་དཔག་ཚད་སྣང་བྱེད་འདི་སྤྲས་པས༔ གཡུལ་ལས་རྣམ་རྒྱལ་བདུད་དབང་ཟིལ་ནོན་ཤོག༔ རཏྣ་ཀེ་ཡཱུ་རེ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྱག་གདུབ་ཐོགས་ལ། ཧཱུྃ༔ གསེར་ལས་ལེགས་བྱས་རིན་ཆེན་རྒྱན་གྱིས་སྤྲས༔ རབ་མཛེས་ཕྱག་གདུབ་འདི་ཡིས་རབ་སྤྲས་པས༔ འཁོར་འདས་གཉིས་མེད་རྟོགས་པའི་སྐུ་བརྙེས་ཤོག༔ རཏྣ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དར་ལའི་སྟོད་གཡོགས་དང་སྨད་དཀྲིས་ཐོགས་ལ། ལྷ་རྫས་ལེགས་བྱས་འཇམ་མཉེན་འཁྲིལ་བག་ཆགས༔ པདྨའི་མདངས་ལྡན་སྟོད་གཡོགས་སྨད་དཀྲིས་འདིས༔ སྐལ་ལྡན་བུ་ཡི་ལུས་ལ་རབ་བརྒྱན་པས༔ ཚུལ་ཁྲིམས་རྣམ་དག་ཕར་ཕྱིན་དྲུག་ལྡན་ཤོག༔ ནཻ་ཏྲ་ཝསཏྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཆོས་གོས་ཐོགས་ལ། ལྷ་རྫས་ལས་གྲུབ་སྲབ་འཇམ་ཡང་བའི་གོས༔ ཕར་ཕྱིན་དྲུག་ལྡན་སྡེ་སྣོད་ཆོས་གོས་འདིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཚན་དང་དཔེ་བྱད་ལྡན་པའི་སྐུ་བརྙེས་ཤོག༔ དྷརྨ་ཝ་ས་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ རྡོར་དྲིལ་གཉིས་ལག་ཏུ་གཏད་ལ། ཧཱུྃ༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ ཐབས་ཤེས་བདེ་སྟོང་ཟུང་འཇུག་སྐུ༔ སྐུ་གསུམ་ལྷུན་གྲུབ་དབང་ཐོབ་ཤོག༔ བཛྲ་གྷནྡྷེ་ཨ་བྷི་ཥིཉྩ་ཨཱ༔ མན་ཤེལ་སྤྱི་བོར་བཟུང་ལ། ཧཱུྃ༔ ཆོས་སྐུ་ནམ་མཁའི་རང་བཞིན་ལ༔ ལོངས་སྐུ་མ་འདྲེས་འཇའ་ཚོན་ལྟར༔ ཡེ་ཤེས་ཆེན་པོ་དེ་ཉིད་མཚོན༔ སྣང་སེམས་དབྱེར་མེད་ཆོས་ཀྱི་སྐུ༔ བློ་ལས་འདས་པ་ཡེ་ཤེས་ཆེ༔ བརྗོད་མེད་ཤེས་རབ་དབང་ཐོབ་ཤོག༔ བཛྲ་དྷརྨ་ཀཱ་ཡ་ཨཱ༔ དབྱངས་གསལ་གྱི་ཡིག་འབྲུ་སྙིང་གར་བཞག་ལ། ཧཱུྃ༔ ཨ་ནི་སྐྱེ་མེད་ཆོས་ཀྱི་སྐུ༔ ཨི་ནི་བདེ་ཆེན་ལོངས་སྤྱོད་རྫོགས༔ ཨུ་ནི་ཐུགས་རྗེ་སྤྲུལ་པའི་སྐུ༔ རྀ་ནི་འཁོར་འདས་རིག་པའི་དབྱིངས༔ ལྀ་ནི་ཡེ་ཤེས་རབ་གསལ་བ༔ ཨེ་ནི་མཐའ་བྲལ་ནམ་མཁའི་དབྱིངས༔ ཨོ་ནི་ཡེ་མེད་རྟོག་པ་མེད༔ ཨཾ་ནི་རང་ཆས་སྟོང་པ་ཉིད༔ ཨ་ནི་སྐྱེ་འགག་མཐའ་བྲལ་སྟེ༔ བརྒྱད་ཁྲི་བཞི་སྟོང་ཆོས་སྒོའི་དབང༔ མཁྱེན་པའི་ཡེ་ཤེས་དབང་ཐོབ་ཤོག༔ ཅེས་དང་ཨཀྵ་ལྔ་བཅུ་ཚར་གསུམ་བརྗོད། སྒྲུབ་རྫས་རྣམས་དང་སྒྲུབ་དཔེ་རྡོར་དྲིལ་སོགས་སྣོད་གཅིག་ཏུ་བསྡུས་པ་གཏད་ལ། སྒྲུབ་པའི་རྫས་རྣམས་དང་བཀའ་རྒྱུད་གླེགས་བམ་ཐབས་ཤེས་ཕྱག་རྒྱ་རྣམས་གཏད་པས་རང་དོན་སྒོམ་སྒྲུབ་གཞན་དོན་ཉན་བཤད་གཙོ་བོར་གྱུར་པའི་རྡོ་རྗེ་སློབ་དཔོན་གྱི་ལས་རབ་འབྱམས་སྒྲུབ་པའི་དབང་ཆེན་ཐོབ་པར་མོས་ཤིག༔ ཧཱུྃ༔ རྒྱལ་བའི་སྐུ་གསུང་ཐུགས་དང་ནི༔ ཡོན་ཏན་ཕྲིན་ལས་ལྷུན་གྲུབ་པ༔ ཐམས་ཅད་ཡོངས་རྫོགས་མ་ལུས་པ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཉན་འཆད་བསྒོམ་སྒྲུབ་ལ་སོགས་པ༔ སྐལ་ལྡན་སྨིན་གྲོལ་འབྱུང་བ་ཡི༔ དབང་རྣམས་ཡོངས་རྫོགས་ཐོབ་པར་ཤོག༔ ཅེས་བརྗོད། མེ་ཏོག་འཐོར་ལ་རྟེན་སྙིང་དང་བཀྲ་ཤིས་རྒྱས་པར་སྤེལ། དབང་བསྐུར་དེ་དག་རྣམས་ཀྱིས་ལུས་ངག་ཡིད་གསུམ་ཤེས་སྒྲིབ་དང་བཅས་པ་དག་ཅིང་། འབྲས་བུ་སྐུ་གསུམ་ཇི་ལྟ་བ་དང་ཇི་སྙེད་མཁྱེན་པའི་ཡེ་ཤེས་བླ་མ་རྡོ་རྗེ་འཆང་ཆེན་པོའི་ས་ཐོབ་པར་འགྱུར་རོ། །གཞུང་ལས། ཤིན་ཏུ་ཡང་ཟབ་དད་ལྡན་སྨིན་བྱེད་འདི༔ ལན་གཅིག་ཐོབ་པས་རིག་པ་འཛིན་པ་བརྙེས༔ ཞེས་གསུངས་པས་མཚོན་དགོས་པ་ཕན་ཡོན་རྒྱ་ཆེན་པོ་དང་ལྡན་པའི་བླ་སྒྲུབ་རྨད་དུ་བྱུང་བའི་དབང་བསྐུར་ལེགས་པར་གྲུབ་པ་ལགས་པས་སོགས་ཀྱིས་མཚམས་སྦྱར་ལ། དམ་ཚིག་ཁས་བླང་། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་བཅས་ཀྱིས་དབང་གྲུབ། གསུམ་པ་རྗེས་སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་། གཏོར་སྐྱོང་ནས་ཤིས་བརྗོད་ཀྱི་བར་ལས་བྱང་དང་གསང་བ་སྤྱི་འགྲོས་སྦྱར་བས་འཐུས་སོ། །ལམ་མཆོག་ཟབ་མོ་འདི་ལས་བདག་གཞན་ཀུན། །རྒྱུད་སྨིན་རྣམ་པར་གྲོལ་བའི་དཔལ་ལ་སྤྱོད། །བདེ་ཆེན་པདྨ་བཀོད་པའི་ཞིང་ཁམས་སུ། །དཀྱིལ་འཁོར་དབང་ཕྱུག་ཉིད་དང་དབྱེར་མེད་ཤོག །འདིའང་རྒྱུན་དཀོན་པས་ཆོས་བཀའ་ཆ་ཚང་བའི་ཆེད་དུ་རིན་ཆེན་གཏེར་གྱི་མཛོད་ཆེན་པོར་བཞུགས་སུ་གསོལ་བ་དང་ཆབས་ཅིག་ཏུ་པདྨ་གར་གྱི་དབང་ཕྱུག་གིས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་མཚམས་སྦྱོར་མདོ་ཙམ་བགྱིས་པ་དགེ་ལེགས་འཕེལ།། །།
རྡོ་རྗེ་ཕུར་པ་གནམ་ལྕགས་སྤུ་གྲིའི་དབང་གི་ཆོ་ག་ལག་ལེན་གྱིས་བརྒྱན་པ་གནམ་ལྕགས་ཞུན་འདྲིལ་ (Volume 32, Text 2)
༄༅། །རྡོ་རྗེ་ཕུར་པ་གནམ་ལྕགས་སྤུ་གྲིའི་དབང་གི་ཆོ་ག་ལག་ལེན་གྱིས་བརྒྱན་པ་གནམ་ལྕགས་ཞུན་འདྲིལ་ཞེས་བྱ་བ་བཞུགས་སོ། ། གུ་རུ་བཛྲ་ཀུ་མཱ་ར་ཡ་ན་མ་མཱི། རྟག་ཏུ་ཞི་ཡང་འབར་བ་ཆེན་པོའི་ཚུལ། །འགྱུར་མེད་དབྱིངས་ལས་ཅིར་ཡང་འགྱུར་བའི་སྐུ །སྟོབས་བཅུའི་མཐུ་དཔལ་གཅིག་བསྡུས་ཧེ་རུ་ཀ །ཕྲིན་ལས་འཁོར་ལོའི་མགོན་པོས་བདག་སྐྱོངས་ཤིག །གཏེར་སྟོན་གྲུབ་བརྒྱའི་ཚོགས་རྗེ་བདུད་འདུལ་གླིང་། །གཏེར་ཆོས་བྱེ་བའི་ཡང་བཅུད་མཁའ་འགྲོའི་སྙིང་། །བྱིན་ནུས་ཟླ་བྲལ་གནམ་ལྕགས་སྤུ་གྲི་ཡི། །སྨིན་བྱེད་མཚམས་སྦྱོར་ཤིན་ཏུ་མདོར་བསྡུས་དགོད། །རྡོ་རྗེ་ཕུར་པ་གནམ་ལྕགས་སྤུ་གྲིའི་དབང་གིས་སློབ་མ་སྨིན་པར་བྱ་བ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་བཞི་བསྙེན་སྒྲུབ་དབང་བསྐུར། རྗེས་མཐའ་རྒྱས་ཀྱི་རིམ་པའོ། །དང་པོ་ནི། བཀྲ་ཤིས་ཤིང་བྱིན་ཆགས་པའི་གནས་སུ་དུས་བཟང་པོ་ལ་གནས་ཁང་རྒྱན་གྱིས་བརྒྱན། སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པའི་མདུན་དུ་སྟེགས་བཟང་པོའི་སྟེང་རས་བྲིས་ཀྱི་དཀྱིལ་འཁོར་མཚན་ཉིད་ལྡན་པ་བཀྲམ། དབུས་སུ་མཉྫིའི་ཁར་བུམ་པ་མགུལ་ཆིངས་མཐིང་ག་ཅན། ཤར་དུ་དཀར་པོ། ལྷོར་སེར་པོ། ནུབ་ཏུ་དམར་པོ། བྱང་དུ་ལྗང་གུ་ཅན། བུམ་པ་ལྔ་ཀ་སོ་ལྔའི་བཅུད་དང་ཁ་རྒྱན་ལྡན་པ། དེ་རེ་རེའི་མདུན་དྲུང་དུ་བྷནྡྷ་ཨ་མྲྀཏས་བཀང་བ་རེ་རེ། དེ་དག་དང་མཉམ་དུ་དབུས་སུ་འཁོར་ལོ། ཤར་དུ་རྡོ་རྗེ། ལྷོར་པདྨ་དམར་སེར། ནུབ་ཏུ་དཔལ་བེའུ། བྱང་དུ་རྒྱ་གྲམ་གྱི་ཙཀ་ལི་བཀོད། གཙོ་བོ་དང་ཁྲོ་བཅུ་ཡབ་ཡུམ། ཟ་གསོད་ཉི་ཤུ་སྟེ་ལྷ་ཙཀ་སོ་གཅིག་ལྷ་གནས་སོ་སོའམ་དབུས་སུ་སྦམས་པ་དང་གཙོ་བོའི་ཕྱག་མཚན་བཞག །ལྷོར་གསང་ཐོད། སྒྲུབ་པོད། རྡོ་རྗེ་ཁ་ཊྭཱཾ། ནུབ་ཏུ་སྔགས་བྱང་དང་རཀྴའམ་ཐོད་ཕྲེང་། དཔལ་ཆས། རིག་ཙཀ །བྱང་དུ་དཔལ་གཏོར་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ། མཚམས་སུ་ལས་བཞི་དང་སྲས་བཞིའི་ཕུར་པ་དངོས་སམ་བྲིས་པ། གང་བདེར་དབུ་རྒྱན་སྒྲུབ་པོད་ཚེ་གཏོར་གཡང་རྫས་རྒྱལ་སྲིད་དང་བཀྲ་ཤིས་རྫས་རྟགས་ཀྱི་ཙཀ་ལི་རྣམས་བཀོད། བྱང་ངོས་སྟེགས་བུར་ཕུར་དཀྱིལ་ཨེ་ཁྲོམ་དབུས་ཀྱི་གྲུ་གསུམ་ལ་གཙོ་ཕུར། དེའི་དྲུང་དུ་གསོད་ཕུར། ཟླ་གམ་གསུམ་ལ་སྲས་མཆོག་ཉེར་གཅིག་བདུན་རེ། དེ་རྒྱབ་དྲག་འཁོར་རྩིབས་བརྒྱད་ཀྱི་ཕྱོགས་བཞིར་ཀྲོ་དྷ་བཞི། མཚམས་བཞིར་ཀཱི་ལ་ཡ་བཞི། དེ་རྒྱབ་རྩིབས་བཅུའི་དབུས་སུ་ཁྲོ་བཅུ་ཡབ་ཡུམ། གཡས་གཡོན་དུ་ཟ་གསོད། དེ་རྒྱབ་ཕྱོགས་བཞིར་སྒོ་མ་བཞི་བཅས་ཀྱི་ཕུར་པ་བཀོད། དེ་རྒྱབ་རིམ་བཞིན་ཕུར་སྲུང་བཅུ་གཉིས། དགེ་བསྙེན་ཉེར་གཅིག །གིང་བཞི། དབང་ཕྱུག་ཉེར་བརྒྱད་རྣམས་ཕུར་པ་དངོས་སམ་རྩང་ཕུར་གྲངས་དེ་མཚུངས་བཀོད། དེའི་མཐར་ཡང་སྨན་རཀ་གཏོར་མ་དང་དྲག་མཆོད་ཀྱིས་བསྐོར། གལ་སྲིད་ཕུར་ཁྲོམ་མ་འཛོམ་ན་རྩ་དཀྱིལ་གྱི་དབུས་སུ་གཙོ་ཕུར་དང་ལས་ཕུར་དངོས་སུ་བཀོད། གཞན་རྣམས་ཚན་བསྡུས་པའི་རེ་རེ་ཙམ་མམ་ཙཀ་ལི་ལ་རི་མོ་གྲངས་ཚང་བྲིས་པ་བཞག །དྲག་པོའི་ཉེར་སྤྱོད། སྨན་གཏོར་རཀྟ་སོགས་མཆོད་པ་སྤྱི་ལྟར་བཤམས་པས་མཐའ་བསྐོར། ཀཿཐོག་ཕྱག་བཞེས་ལྟར་བསྒྲལ་དབང་སྦྱོར་ན། རྫས་དཀྱིལ་ཀྱི་བྱང་དུ། དགྲ་ལིང་། གདབ་ཕུར། བྱ་འུག་གི་སྒྲོ། ལྕགས་ཀྱུ་སོགས་མཚོན་ཆས། ཐུན་ཆས། དབྱེ་རྫས། གུ་གུལ། གསེར་སྐྱེམས། འོ་མཚོ། ཁྲག་མཚོ་རྣམས་བཀོད་དགོས་པ་ཡིན་ཀྱང་དཀྱུས་ལ་མ་གྲུབ་ཀྱང་ཆོག །གཞན་ཡང་ལས་བུམ། སྨུག་ནག་དང་རང་བྱུང་མ་སོགས་སྲུང་མའི་གཏོར་འབུལ། སྔོན་གཏོར་ཚོགས་ཀྱི་ཡོ་བྱད་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་བསྙེན་སྒྲུབ་དབང་སྐུར་ལ་གཉིས། དབང་དོན་སྒྲུབ་མཆོད་དང་། དབང་བསྐུར་བའི་རིམ་པའོ། །དང་པོ་ནི། ཚིག་བདུན་དང་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་ཕྲིན་ལས་ལ་འཇུག་སྟེ། དེའང་བརྒྱུད་པ་འདིའི་རང་ལུགས་ལྟར་ན་ཐོག་མར་བྱིན་འབེབ། སྐྱབས་སེམས། གཞི་བགེགས་གཏོར་མ་རྣམས་ཟུར་གསལ་སྦྱར། ལས་བྱང་གི་བཀའ་བསྒོ་ནས་བརྩམ་རིམ་པར་གཏང་བ་ལས་བྱིན་འབེབ་སྐབས་མྱུར་མགྱོགས་འོད་འཕྲོ། བདག་བསྐྱེད་གྲུབ་མཚམས་བུམ་བསྐྱེད། དེ་ནས་གསང་སྒྲུབ་ཀྱིས་མདུན་བསྐྱེད་བྱས་ལ་དབང་བསྐུར་ཕྱིན་ལྷན་གཅིག་ཏུ་བྱས་སྟེ་བསྟོད་པ་རྫོགས་ཀྱི་བར་གཏང་། གསང་སྒྲུབ་ལྟར་བཟླས་དམིགས་བྱས་ལ་བཟླས་པ་དང་། མཐར་བུམ་ཛཔ྄་གཏང་བའི་བུམ་བསྙེན་གྲུབ་མཐར་མཆོད་པ་མདོར་བསྡུས་དང་། གསང་སྒྲུབ་བསྟོད་པས་བསྟོད། བུམ་ལྷ་འོད་ཞུ་བྱ། ལས་བུམ་བསྒྲུབ། ཚོགས་སྐོང་དང་སྲུང་མའི་གཏོར་ཆོག་གཏང་། ལྷག་མའི་མགོར་བཞག་ནས་དབང་བསྐུར་མཛད་པ་ལྟར་གྲུབ་ན་ལེགས། སྤྱི་འགྲོ་བྱེད་ནའང་དོན་དང་ནི་མི་འགའ་བས་བརྒྱུད་འདེབས་འཕྲོས་དཀར་བགེགས་སྤྱི་ལྟར་གཏང་། ལས་བྱང་བཀའ་བསྒོ་མཚམས་གཅོད་ནས་གཟུང་མཐར་ཆགས་སུ་གཏང་། དཀྱིལ་འཁོར་རྣམ་གསུམ་བསྐྱེད་ཚུལ་ཕུར་གཞུང་སྤྱི་ལྟར་ལ། བཟླས་དམིགས་གསལ་བཏབ་ནས་གཙོ་བསྙེན་ཅི་འགྲུབ། ཛཿཧཱུྃ་ཨཱཿབཏགས་པའི་སྒྲུབ་པ་བརྒྱ་རྩ། ཀྲོ་དྷི་རིགས་བཞིའི་བཟླས་པ་ཉེར་ལྔ་རེ་བྱ། གཙོ་འཁོར་ཡོངས་རྫོགས་ཀྱི་གཞི་སྙིང་གཅིག་དྲིལ་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོ༔ སུ་རུ་སུ་རུ༔ མུ་རུ་མུ་རུ༔ ཛྭ་ལ་ཛྭ་ལ༔ མ་ཐ་མ་ཐ༔ དྷ་ཏི་མ་མ་ཀརྨ་ཨི་དཾ་མ་ཏཾ་ཉ་ན་ཀ་ར་ཛ་ཡེ་བི་ཛ་ཡེ༔ ཨ་ཙི་ཏེ་ཨ་པ་ར་ཙི་ཏེ་མ་ར་སེ་ན་པྲ་མརྟ་ན་ཡེ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཅེས་པའང་བརྒྱ་རྩ་ཙམ་གྲུབ་ན་ལེགས། དེ་ནས་བུམ་ལྷ་གསལ་འདེབས་སྤྲོ་བསྡུ་སྤྱི་མཐུན་གྱིས་བུམ་བཟླས་གོང་སྨྲོས་ཀྱིས་འགྲེས་སྦྱར་ལ་བཟླ། མཐར་མཆོད་བསྟོད་ཕུལ། བུམ་པར་མཆོད་ཡོན་ཕུལ་ནས་འོད་ཞུ་བྱ། ལས་བུམ་དུ་བདུད་རྩི་འཁྱིལ་པ་བསྐྱེད་བཟླས་དང་སྲུང་མའི་གཏོར་ཆོག་གཏང་། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཡན། སྤྲོ་ན་བཤགས་པའི་དབུར་སྤྱི་བསྟོད་སྦྱར། རིག་པའི་མེ་ཏོག་དོར་བས། བདག་ཉིད་འཇུག་ཅིང་སློབ་མ་གཞུག་པར་གནང་བ་ནོད། དཀྱིལ་འཁོར་ལ་ཡོལ་བ་བཏང་ངོ་། །གཉིས་པ་དབང་བསྐུར་བའི་རིམ་པ་ལའང་གཉིས། འཇུག་པའི་ཆོས་དང་། དབང་དངོས་སོ། །དང་པོ་ནི། སློབ་མ་རྣམས་སྒོ་དྲུང་དུ་ཁྲུས་བྱས་ལ་འཁོད། སློབ་དཔོན་སྒོ་ནང་ངམ་རང་མལ་བཞུགས་པ་གང་བདེས། ཁྱེད་རང་རྣམས་དཀྱིལ་འཁོར་གཉན་པོའི་སྒོ་དྲུང་དུ་འཁོད་དེ་དད་མོས་རྩེ་གཅིག་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ ཡང་གསང་དཀྱིལ་འཁོར་བླ་ན་མེད༔ དངོས་གྲུབ་མ་ལུས་ཀུན་འབྱུང་ཕྱིར༔ ཡང་གསང་རྡོ་རྗེའི་དཀྱིལ་འཁོར་འདིར༔ བླ་མ་ཀུན་བཟང་ཧེ་རུ་ཀས༔ བདག་ཅག་སྨིན་པར་མཛད་པ་དང༔ སྲིད་པའི་རྡོ་རྗེ་བདག་ལ་བསྩལ་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ལན་སྦྱིན་པ་ལ་ཡིད་གཏོད་ཅིག །ཁྲོ་མཆོག་རྡོ་རྗེའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ ཉམས་ན་ལས་བྱེད་ཁྲོ་བོ་ཡིས༔ མགོ་བོ་ཚལ་པ་བརྒྱ་རུ་ཁོས༔ མ་ཉམས་ན་ནི་དངོས་གྲུབ་མཆོག༔ ཡང་གསང་དཀྱིལ་འཁོར་འདི་མཐོང་བས༔ ཚེ་འདིར་དངོས་གྲུབ་མ་ལུས་ཐོབ༔ ཕྲིན་ལས་གང་བརྩམ་མྱུར་དུ་འགྲུབ༔ ཅེས་པ་ལ་ལན་གསོལ་བ་འདིའི་རྗེས་ཟློས། བདག་ནི་སྐལ་ལྡན་རིགས་ཀྱི་བུ༔ སྔོན་སྦྱངས་ལས་འཕྲོ་ཅན་ཡིན་ནོ༔ དམ་ཚིག་མ་ལུས་བདག་གིས་བསྲུང༔ ཐུགས་རྗེས་བརྩེར་དགོངས་དབང་བསྐུར་སྩོལ༔ ཅེས་གསུམ་ཞུ། དེ་ནས་བགེགས་གཏོར་བྱིན་བརླབས། མགྲོན་བཀུག །སྔགས་རྒྱ་ལན་གསུམ་གྱིས་བསྔོ་བ་རྣམས་སྤྱི་ལྟར་བྱས་ལ་ལས་བྱང་གི་བཀའ་བསྒོ་དང་སྤྲོ་ན་བདེན་སྟོབས་བརྗོད་པ་དང་། གུ་གུལ་ཡུངས་ཐུན་རོལ་མོ་བཅས་པས་བསྐྲད། སློབ་མ་རྣམས་ནང་དུ་ཞུགས་ལ་རང་གྲལ་དུ་འཁོད། ལས་གཞུང་གི་མཚམས་གཅད་བཏང་ལ་སྲུང་འཁོར་བརྟན་པོ་བསྒོམ། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ། ཆོས་བཤད་ཇི་ལྟར་རིགས་པ་དང་ཁྱད་པར། དེ་ལ་འདིར་སྔ་འགྱུར་རྡོ་རྗེ་ཐེག་པའི་རྙིང་མ་ལ་སྒྲུབ་སྡེ་ཆེན་པོ་བརྒྱད་དུ་གྲགས་པའི་ནང་ཚན་ཕྲིན་ལས་ཕུར་པ་རོལ་པའི་ཏནྟྲ་བྱེ་བ་ཕྲག་བརྒྱའི་ཉམས་ལེན་གནད་ཀྱི་སྙིང་པོར་དྲིལ་བ། རྡོ་རྗེ་ཕུར་པ་གནམ་ལྕགས་སྤུ་གྲིའི་ཆོས་སྐོར་འདི་ཉིད། དཔལ་ཧེ་རུ་ཀ་དང་ཐ་མི་དད་ཅིང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ནུས་སྟོབས་གཅིག་ཏུ་བསྡུས་པ་རིག་འཛིན་པདྨ་ཐོད་ཕྲེང་རྡོ་རྗེ་གཤོག་རྒོད་རྩལ་གྱིས་གངས་ཅན་བོད་ཀྱི་ཡུལ་མཐའ་མོན་ཁ་ནེ་རིང་སེང་གེའི་རྫོང་དུ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་གྲུབ་ཆེན་འབྲོག་བན་ལོ་ཙཱ་སོགས་སྐལ་ལྡན་རྗེ་འབངས་འདུས་པ་ཐུན་མོང་མ་ཡིན་པ་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར། དཔལ་ཆེན་རྡོ་རྗེ་སྲིན་པོའི་དཀྱིལ་འཁོར་ནམ་མཁའ་ཁྱབ་པར་སྤྲུལ་ཏེ་དབང་བསྐུར་རྒྱུད་བཤད་མན་ངག་རྣམས་གནང་སྟེ། ཇི་སྐད་དུ། ཁྲོ་བོའི་རིགས་ནི་བརྗོད་ཀྱིས་མི་ལངས་ཀྱང༔ སྙིགས་དུས་དམ་སྲི་མཐའ་དམག་འདུལ་བ་ཡི༔ ཁྲོ་མཆོག་རྡོ་རྗེ་གཞོན་ནུ་འགྲན་ཟླ་བྲལ༔ ཞེས་དང་། ཡང་། བདག་འདྲ་པདྨ་རྡོ་རྗེ་གཤོག་རྒོད་ཀྱིས༔ བོད་ཡུལ་ཁ་བའི་རི་ཡི་ལྗོངས་ངོས་སུ༔ ཕུར་པའི་འགྱུར་བྱང་བཞི་བཅུ་ཙམ་ཞིག་སྦས༔ ཀུན་གྱི་སྙིང་པོ་སྙིང་བཅུད་དམ་པ་འདི༔ ད་ལྟ་སྤེལ་བའི་གནས་མེད་རཏྣའི་སར༔ འཇིག་མེད་གཏེར་སྦོས་མ་འོངས་དུས་ཀྱི་མཐར༔ སྒོ་བཞིའི་དམ་སྲི་མཐའ་དམག་ལྷུང་ཉེ་དུས༔ ང་སྤྲུལ་ནུས་ལྡན་རྡོ་རྗེས་འདི་རྙེད་ནས༔ སྟོད་ཧོར་གདུག་པའི་དམག་དཔུང་བཟློག་པ་དང༔ བོད་ཁམས་ཉི་ཞུར་ཙམ་ཞིག་བདེ་བར་འགྱུར༔ ཞེས་མ་འོངས་བོད་ཁམས་ཐམས་ཅད་མཐའི་དམག་གིས་འཇོམས་པའི་ཚེ་དེ་འདུལ་བྱེད་ཀྱི་གཉེན་པོ་ཐུན་མོང་མ་ཡིན་པར་འགྱུར་བའི་ཐ་ཚིག་དང་སྨོན་ལམ་གྱི་གཟེར་བཏབ་སྟེ། འབྲོག་བན་ཁྱེའུ་ཆུང་ལོ་ཙཱ་ལ་གཉེར་གཏད་ནས་སྤུ་རི་ཤེལ་གྱི་ཡང་སྒྲོམ་དུ་སྦས་ཤིང་གཏེར་སྲུང་སྨུག་ནག་འོད་འཕྲོ་དང་རང་བྱུང་རྒྱལ་མོ་ལ་བཅོལ་བར་མཛད་པ་ཉིད་འདོན་པའི་སྐྱེས་མཆོག་ནི་གཏེར་སྟོན་གྲུ་གུ་ཡང་དབང་གི་ལུང་བྱང་ལས༔ དུས་ངན་ཐ་མ་བསྟན་པ་མར་འགྲིབ་དུས༔ བོད་ཁམས་བདེ་བ་མཐའ་མིའི་དཔུང་གིས་འཇོམས༔ རི་བོ་རེ་ལ་སྔར་མེད་བཙན་རྫོང་བརྩིགས༔ དེ་ཚེ་སངས་རྒྱས་ནུས་ལྡན་རྡོ་རྗེ་ནི༔ ཤར་གྱི་ཕྱོགས་ནས་བདུད་འདུལ་རྡོ་རྗེ་ཡིས༔ གངས་ཅན་བདེ་བའི་བྱ་བཞག་སྣ་ཚོགས་སྒྲུབ༔ ཅེས་སོགས་གཏེར་ཁ་གསར་རྙིང་མང་པོ་ནས་ལུང་བསྟན་ཅིང་འགྲན་ཟླ་དང་བྲལ་བའི་གཏེར་སྟོན་གྲུབ་ཐོབ་ཀུན་གྱི་རྒྱལ་པོ་ཁྲག་འཐུང་བདུད་འདུལ་རྡོ་རྗེས་སྤྱན་དྲངས་ཏེ་ལོ་བཅུ་བདུན་གྱི་བར་དུ་གསང་བའི་རྒྱས་བཏབ། རིམ་བཞིན་ཤོག་སེར་བླ་དཔེ་ལས་ཞལ་བཤུས་ནས་བཀའ་བབས་ཆོས་ཀྱི་བདག་པོ་རྣམས་ལ་སྤེལ་བར་མཛད་པ་དེ་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་བསྒྲུབ་པ་ལ་བདག་ཉིད་ཀྱིས་བྱ་བའི་རིམ་པ་རྣམས་གྲུབ། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་དང་ཞུགས་ནས་མངོན་པར་དབང་བསྐུར་བ་གཉིས་སུ་ཡོད་པ་ལས་ཐོག་མར་འཇུུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མི་ཕྱེད་པ་ལ་དད་མོས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ༔ བླ་མ་རྩ་གསུམ་མ་ལུས་འདུས་པའི་སྐུ༔ བདག་སོགས་འགྲོ་རྣམས་འཁོར་བ་ལས་སྒྲོལ་དང༔ བླ་མེད་བྱང་ཆུབ་ལམ་ལ་འགོད་པའི་ཕྱིར༔ འགྲོ་བའི་དོན་དུ་བསྐུལ་ཞིང་གསོལ་བ་འདེབས༔ ཐུགས་རྗེ་ཆེན་པོའི་བརྩེ་བས་གཟུང་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་བཀའི་གནང་བ་བསྩལ་བའི་མོས་པ་མཛོད། ཀྱེ་མ༔ སྐལ་ལྡན་བུ་རྣམས་ཚུར་གསོན་དང༔ སྲིད་མཚོ་སྡུག་བསྔལ་མཐོང་ཙ་ན༔ རྣམ་དག་བྱང་ཆེན་སེམས་སྦྱོང་དགོས༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་སྡོམ་བཟུང་ནས༔ སྡོམ་པ་གསུམ་ལ་ལེགས་པར་བརྟེན་བྱས་སམ༔ སྔོན་ཆད་མ་སྦྱིན་བདག་གིས་སྦྱིན༔ སླར་ཡང་ཁྱད་པར་གྱི་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ༔ བླ་མ་སངས་རྒྱས་སྐྱབས་མགོན་དམ་པའི་ཆོས༔ ཐེག་པའི་འཇུག་སྒོ་རིམ་བཞིན་དུ༔ བདག་ཅག་རྣམས་ལ་ལེགས་གནང་སྒྲུབ་ལ་སྤྲོ༔ ཐུགས་རྗེ་བརྩེ་བ་ཆེན་པོས་གཟུང་དུ་གསོལ༔ དེ་ལ་ཐོག་མར་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། མདུན་གྱི་དཀྱིལ་འཁོར་དཔལ་ཆེན་རྡོ་རྗེ་གཞོན་ནུ་རྟེན་དང་བརྟེན་པར་བཅས་པ་ལ་བརྒྱུད་པ་དྲུག་ལྡན་གྱི་བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་ཏེ། མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་བདག་གཞན་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་སྒོ་གསུམ་འཇུག་པ་གཅིག་པས། གསག་སྦྱོང་གི་སྙིང་པོ་ཡན་ལག་བརྒྱད་པ་ཚུལ་བཞིན་བྱ་བའི་བློས་ཚིག་དོན་རེ་རེ་བཞིན་གསལ་ཐོབས་ལ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་ལན་གསུམ། སླར་ཡང་ཁྱད་པར་གྱི་མཆོག་གསུམ་རྩ་བ་གསུམ་གྱི་དཀྱིལ་འཁོར་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ་བླ་མ་རིག་འཛིན་ཡི་དམ་ལྷ༔ སངས་རྒྱས་ཆོས་མཆོག་འཕགས་པའི་དགེ་འདུན་ལ༔ འདི་བཟུང་བྱང་ཆུབ་སྙིང་པོ་མ་ཐོབ་བར༔ བདག་ནི་གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཞེས་དང་། མཁའ་ཁྱབ་ཀྱི་འགྲོ་བ་མ་ལུས་པ་དཔལ་ཆེན་སྐུ་གསུམ་གྱི་གོ་འཕང་ལ་འགོད་པའི་ཕྱིར་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་རིམ་པ་གཉིས་ལ་འཇུག་སྟེ། སྒྲོལ་བྱེད་ཀྱི་ཕྲིན་ལས་ཁྱད་པར་བ་ཐམས་ཅད་དང་དུ་བླང་སྙམ་པས་འདིའི་རྗེས་ཟློས། བདག་གིས་འགྲོ་བ་ཀུན་དོན་དུ༔ དཔལ་ཆེན་ལྷ་ཚོགས་བསྒྲུབས་ནས་ནི༔ དྲག་པོས་དགྲ་བགེགས་ཚར་བཅད་ནས༔ སྐུ་གསུམ་ཐོབ་པར་སེམས་བསྐྱེད་དོ༔ ལན་གསུམ། དབང་གི་རྟེན་དམ་ཚིག་དང་སྡོམ་པ་ལ་རག་ལས་པས། ཕྱི་ནང་གསང་བ་ཁྱད་པར་གྱིས་བསྡུས་པའི་དམ་ཚིག་དང་སྡོམ་པའི་གནས་མཐའ་དག་སྔོན་གྱི་རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་བསྲུངས་པ་བཞིན་དུ་བདག་གིས་ཀྱང་ལེགས་པར་བླངས་ནས་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་དང༔ རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱིས༔ ཕྱི་ནང་གསང་བ་མཆོག་གི་དམ་ཚིག་དང༔ སྡོམ་པ་རྒྱ་མཚོ་མཐའ་ཡས་བཟུང་བ་ལྟར༔ དེང་ནས་བདག་ཀྱང་ལམ་ཆེན་དེར་ཞུགས་ཏེ༔ འགྲོ་ལ་ཕན་ཕྱིར་དེ་དག་གཟུང་བར་བགྱི༔ ལན་གསུམ། དམ་ཆུ་སྦྱིན་ལ། ཧཱུྃ༔ འདི་ནི་ཁྱོད་ཀྱི་དམ་ཚིག་བདུད་རྩིའི་ཆུ༔ ཉམས་ན་སྲེག་ཅིང་རྡོ་རྗེ་དམྱལ་བར་ལྟུང༔ ཉམས་མེད་བསྲུངས་ན་ཚེ་འདིར་དངོས་གྲུབ་ཐོབ༔ དེ་ཕྱིར་སྙིང་ལ་གནས་མཛོད་རིགས་ཀྱི་བུ༔ བཛྲ་ས་མ་ཡ་ཨུ་ད་ཀ་ན་ར་ཀ་ཋ་ཋ༔ དེ་ནས་དམ་ཚིག་རྡོ་རྗེ་སྙིང་ཁར་བཞག དྲི་ཡི་ཐིག་ལེ་བྱས་ལ། ཧཱུྃ༔ འདི་ནས་བཟུང་སྟེ་སྐལ་ལྡན་བུ་ཁྱོད་ཀྱི༔ སྟོན་པ་རྒྱལ་བ་ཀུན་བཟང་ང་ཡིན་གྱིས༔ ང་ཡིས་ཁྱོད་ལ་ཇི་ལྟར་བསྒོ་བ་བཞིན༔ ཁྱོད་ཀྱིས་དེ་ལྟར་མ་ལུས་བྱ་དགོས་སོ༔ བརྙས་པར་བྱས་ན་འཆི་བའི་དུས་བྱས་ནས༔ རྡོ་རྗེ་དམྱལ་ལྟུང་སྡུག་བསྔལ་བཟོད་མེད་མྱོང༔ དེ་ཕྱིར་སྙིང་ལ་ཆོངས་ཤིག་རིགས་ཀྱི་བུ༔ བཛྲ་ས་མ་ཡ་ཏིཥྛ་རཀྵ་རཀྵ་ཧཱུྃ༔ དེ་ནས་མིག་དར་གཏད་ལ། འོ་ན་ཁྱེད་རང་རྣམས་སྔོན་ཆད་ཡང་གསང་བླ་ན་མེད་པ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ་མ་ཞུགས་པ་ཞུགས་པར་བྱེད་པ་མཚོན་བྱེད་ཀྱི་བརྡར་རས་ཡུག་དམར་པོ་རེ་རེས་གདོང་བཅིངས་པའི་མོས་པ་མཛོད་ཅིག །ཨོཾ་ཙཀྵུར་བྷནྡྷ་ཝཱ་ར་མ་ཎ་ཡ་ཧཱུྃ༔ དེ་ནས་མེ་ཏོག་གི་ཕྲེང་བ་ལག་ཏུ་གཏད་ལ། ཁྱོད་རྣམས་ཀྱིས་ཡི་དམ་ལྷ་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས་དང་མཇལ་བ་དེའི་ཚེ་ཕྱག་སྟོང་དུ་མཇལ་མི་རུང་བས། ཨུ་དུམ་ཝཱ་ར་ལ་སོགས་པའི་མེ་ཏོག་གི་ཆུན་འཕྱང་རེ་ཕྱག་ཏུ་གཏད་པའི་མོས་པ་མཛོད་ཅིག །ཨཱཿཁཾ་ཝཱི་ར་ཧཱུྃ༔ དེ་ནས་དབང་གི་གཞི་དགོད་པ་ལ་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་གནད་དྲང་པོར་སྲོངས། ངག་གནད་སྲོག་རྩོལ་ཁ་སྦྱོར་དུ་ཆིངས། སེམས་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གདོད་ནས་སྲིད་པ་ཕུར་བུའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པར་རྫོགས་པ་ལ། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་འདབ་མ་སྟོང་དང་ལྡན་པའི་སྟེང་དུ་ཟླ་བ་དང་ཉི་མའི་དཀྱིལ་འཁོར་ལ་བདུད་བཞི་བསྣོལ་བའི་གདན་གྱི་སྟེང་དུ། དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཉི་མ་བྱེ་བའི་འོད་ལྟར་འབར་བའི་གཟི་བྱིན་ཅན། སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། གཡས་ཞལ་དཀར་པོ་བཞད་པ། གཡོན་ཞལ་དམར་ལ་རྔམས་པ། དབུས་ཞལ་སྐུ་མདོག་དང་མཐུན་པ་ཁྲོས་པ། སྤྱན་དགུ་སྡང་མིག་ཕྱོགས་བཅུར་གཟིགས་པ། ཞལ་གདངས་ཤིང་ལྗགས་འདྲིལ་བ། རྣོ་དཀར་གྱི་མཆེ་བ་གངས་རི་ལྟར་བཞི་བཞི་གཙིགས་ཤིང་། ཧ་ཧ་དང་ཧི་ཧི་ཧཱུྃ་ཕཊཿཀྱི་སྒྲ་སྐད་འབྲུག་སྟོང་ལྡིར་བ། ཕྱག་གཡས་གཉིས་ན་རྡོ་རྗེ་རྩེ་དགུ་པ་དང་རྩེ་ལྔ་པ། གཡོན་གཉིས་ན་ཁ་ཊྭཱཾ་རྩེ་གསུམ་པ་དང་བསྐལ་པའི་མེ་དཔུང་འབར་བ་བསྣམས་པ། མཐའ་གཉིས་ཀྱིས་རི་རབ་ཀྱི་ཕུར་བུ་བསྒྲིལ་བས་ཉམས་པའི་དགྲ་གདོན་གྱི་སྲོག་སྙིང་འབྱིན་པ། རྡོ་རྗེའི་གཤོག་པ་དང་བསེ་ཁྲབ་སོགས་དཔལ་གྱི་ཆས་དང་། ཞིང་གླང་སྟག་གི་གཡང་གཞི་སོགས་དུར་ཁྲོད་རོལ་པའི་ཆས་ཐམས་ཅད་ཀྱིས་བརྒྱན་པ། དབུ་སྐྲ་དང་སྨ་ར་སྨིན་མ་དམར་སེར་འབར་བ། ཐོད་པ་སྐམ་པོ་ལྔའི་རྩེ་བྲན་གྱི་ཁོངས་སུ་དྲག་པོ་རིགས་ལྔ་བཞུགས་ཤིང། ཞབས་བཞི་གཡོན་བརྐྱང་བའི་འདོར་སྟབས་སུ་བསྒྲད་པ། ཡུམ་འཁོར་ལོ་རྒྱས་འདེབས་སྔོན་མོ་ཁ་ཊྭཱཾ་དང་ཐོད་ཁྲག་བསྣམས་པ། གཟིག་ཤམ་རུས་རྒྱན་མགོ་ཕྲེང་སོགས་ཁྲོ་མོའི་ཆས་ཐམས་ཅད་རྫོགས་པ་དང་མཉམ་པར་སྦྱོར་ཞིང་བསྐལ་པའི་མེའི་ཕུང་པོ་ཆེན་པོའི་ཀློང་དུ་བརྗིད་པའི་སྤྱི་བོར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཨོཾ་དཀར་པོ། མགྲིན་པར་པདྨ་དམར་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཨཱཿདམར་པོ། ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བ་ཁོང་སེང་གི་ནང་དུ་ཧཱུྃ་སྔོན་པོས་མཚན་པར་གྱུར་པ་དང་། སློབ་དཔོན་ཡང་དཔལ་ཆེན་རྡོ་རྗེ་གཞོན་ནུར་གསལ་བའི་བདག་མདུན་གྱི་ལྷ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ནམ་མཁའ་གང་བར་འཕྲོས་པས། འོག་མིན་གྱི་དབྱིངས་ན་བཞུགས་པའི་དཔལ་ཆེན་རྡོ་རྗེ་ཕུར་པའི་ལྷ་ཚོགས་རིག་འཛིན་བརྒྱུད་པའི་ཚོགས་དང་བཅས་པ་ཐམས་ཅད་འོད་ཆེམ་ཆེམ་ཁྲ་ཁྱུག་ཁྱུག་ཧཱུྃ་གླུ་དང་ཕཊ་སྒྲ་ལྡིར་ཞིང་། རྡོ་རྗེ་གར་གྱི་རོལ་པས་སྟོང་གསུམ་ཐམས་ཅད་ཤིག་ཤིག་ཡམ་ཡམ་དུ་བྱོན་ནས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད་ཅིག །དབྱངས་རོལ་བཅས་པས་བྱིན་འབེབ་བརྗོད། འབེབ་པའི་རྫས་བདུག །བཤུགས་པ་རྐང་གླིང་སོགས་ཟིལ་ཆགས་པར་བྱས་ལ་དབབ། དེ་ནས་སྤྱི་བོར་མེ་ཏོག་དང་རྡོ་རྗེ་བཞག་ལ། དེ་ལྟར་དབབ་པའི་ཡེ་ཤེས་པའི་བྱིན་རླབས་སྒོ་གསུམ་ལ་རབ་ཏུ་གནས་པར་བྱས་པ་མོས་མཛོད། ཏིཥྛ་བཛྲ། འགྲིམ་དཀྱིལ་བཀོད་ལ། ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད་སོ་སོའི་ཚེ་རབས་ནས་འབྲེལ་བའི་རིགས་ཀྱི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམས་པས་དཀྱིལ་འཁོར་དུ་འདོར་བའི་མོས་པ་དང་བཅས་ཏེ་འདིའི་རྗེས་ཟློས། ཨེ་མ༔ སྲིད་པའི་ཕུར་པ་བསྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡང་གསང་རིགས་བརྒྱའི་བདག་ཉིད་དཀྱིལ་འཁོར་འདིར༔ ཡེ་ཤེས་སྣང་བའི་མེ་ཏོག་འདི་དོར་བས༔ ཚེ་རབས་སྔོན་ནས་ལས་འབྲེལ་ལྡན་པའི་ལྷ༔ རང་བྱུང་རིག་པའི་ལྷ་ལ་ཕོག་པར་ཤོག༔ ཨཱོཾ་གྷུ་རུ་དྷེ་ཝ་དྷཱ་ཀི་ནཱི་བཛྲ་པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་འདོར་དུ་གཞུག །མེ་ཏོག་དབུས་སུ་བབ་ན། ཁྱེད་རང་གི་མེ་ཏོག་དབུས་སུ་བབས་པས། རིགས་ཀུན་འདུས་པ་བཛྲ་ཀུ་མཱ་ར་ཉིད་སྒོམ་པའི་སྐལ་ལྡན་དུ་ཤེས་པར་གྱིས། གསང་མཚན་ནི། རང་བྱུང་རྡོ་རྗེ་བདུད་འདུལ་རྩལ་ཡིན་ནོ། །ཞེས་དང་། དེ་བཞིན་ཤར་དུ། རྡོ་རྗེའི་རིགས་ཁྲོ་མཆོག་བཛྲ་ཀྲོ་ཏ་ཉིད་བསྒོམ་པའི༴ རྡོ་རྗེ་འདུས་པ་རྩལ། ལྷོར། རིན་ཆེན་རིགས་ཁྲོ་མཆོག་རཏྣ་ཀྲོ་ཏ་ཉིད༴ རཏྣ་འདུས་པ་རྩལ། ནུབ་ཏུ། པདྨའི་རིགས་ཁྲོ་མཆོག་པདྨ་ཀྲོ་ཏ་ཉིད༴ པདྨ་འདུས་པ་རྩལ། བྱང་དུ། ལས་ཀྱི་རིགས་ཁྲོ་མཆོག་ཀརྨ་ཀྲོ་ཏ་ཉིད༴ ཀརྨ་འདུས་པ་རྩལ་ཡིན་ནོ། །ཞེས་བརྗོད། མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་ཏུ་བསལ་བར་མོས་ཤིག །ཨེ་མ༔ ཇི་ལྟར་མིག་མཁན་མིག་འབྱེད་ལྟར༔ བུ་ཁྱོད་མ་རིག་ལིང་ཏོག་ནི༔ རིག་པའི་ངང་དུ་ད་དབྱེ་བས༔ དཀྱིལ་འཁོར་ལྷ་ལ་ལེགས་པར་ལྟོས༔ ཨོཾ་བཛྲ་པྲ་བེ་ཤ་ཡ་ཕཊ༔ ཡོལ་བ་བསལ། མདུན་གྱི་དཀྱིལ་འཁོར་དུར་ཁྲོད་གསང་ཆེན་རོལ་པའི་གཞལ་ཡས་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཁྲག་འཐུང་རིགས་ལྔ། ཀཱི་ལ་ཡ་རིགས་བཞི། ཡེ་ཤེས་ཀྱི་ཁྲོ་བཅུ་ཡབ་ཡུམ་ཟ་གསོད་ཉི་ཤུ །སྒོ་མ་བཞི། དམ་ཅན་བཅུ་དྲུག །གིང་དང་དབང་ཕྱུག་བཀའ་སྡོད་སྲུང་མའི་འཁོར་དང་བཅས་པ་མངོན་སུམ་དུ་མཇལ་བར་མོས་ཤིག །འདི་ལྟ་བུའི་དཀྱིལ་འཁོར་འདི་ཉིད་མ་དག་པ་སེམས་ཅན་གྱི་སྐབས་སུ་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་པར་ཤར་བ་འདི་ཀུན། ལམ་བསྒོམས་པས་དེའི་དྲི་མ་ཐམས་ཅད་སེལ་རིམ་བཞིན་ཡོན་ཏན་མངོན་དུ་གྱུར་ནས། དག་པ་སངས་རྒྱས་པའི་ཚེ་རང་སྣང་གི་འོག་མིན་ཆེན་པོ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཅིར་ཡང་སྣང་བར་འགྱུར་བ། དེ་དག་མཚོན་བྱ་མཚོན་བྱེད་ཀྱི་བརྡ་དང་རྟགས་ཡིན་པས་ཤེས་པར་མཛོད་ཅིག །དེ་དག་གིས་དཀྱིལ་འཁོར་དུ་འཇུག་པའི་བྱ་བ་རྣམས་གྲུབ་པ་ལགས། གཉིས་པ་ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ༔ བླ་མ་ཀུན་བཟང་ཆེ་བའི་མཆོག༔ རྡོ་རྗེ་འཛིན་རྒྱལ་དཀྱིལ་འཁོར་འདིར༔ བདག་ཅག་སྐལ་ལྡན་བུ་མཆོག་ལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཞེས་ལན་གསུམ། སྔར་ཕུལ་པའི་མེ་ཏོག་དེ་ཉིད་རིགས་ཀྱི་ལྷས་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས་ཤིག །ཧཱུྃ༔ ཅོད་པན་འདི་ནི་ཆེ་བཙན་འགྲན་བྲལ་རྟགས༔ རྒྱལ་བ་ཡི་དམ་ལྷ་དང་སྐལ་པ་མཉམ༔ འཁོར་ལོས་སྒྱུར་བའི་རྒྱལ་པོ་ཇི་བཞིན་དུ༔ ཆོས་ཀྱི་རྒྱལ་སྲིད་ཟིན་པའི་དབང་རྫོགས་ཤོག༔ ཨཱོཾ་པཉྩ་ཨ་ལངྐ་ར་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྔར་ཕུལ་པའི་མེ་ཏོག་སྤྱི་བོར་བཞག །སླར་ཡང་དམ་ཆུ་སྦྱིན་ལ། ཧཱུྃ༔ ཡང་གསང་རྡོ་རྗེ་འཛིན་རྒྱལ་ལས་བྱུང་བ༔ འདི་ནི་ཁྱོད་ཀྱི་དམ་ཚིག་སྲོག་ཆུ་སྟེ༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས་པར་བགྱི༔ གལ་ཏེ་ཉམས་པར་གྱུར་ན་རབ་སྲེག་ཅིང༔ མ་ཉམས་པས་ནི་ཡེ་ཤེས་མཆོག་ཆེན་པོ༔ ཡེ་ཤེས་རྡོ་རྗེ་ལས་ཀྱི་ཆུ་འདིས་འགྲུབ༔ ཨཱོཾ་བཛྲ་ཨུ་ད་ཏྲ་ཐ་ཡ་ཧཱུྃ༔ རིགས་ལྔའི་རྒྱལ་བ་བཞུགས་པའི་དབུ་རྒྱན་སྤྱི་བོར་བཅིང་བར་མོས་ཤིག །དབུ་རྒྱན་བསྐོན་ལ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྒྱལ་བ་རིགས་ལྔས་དབང་བསྐུར་བས༔ ཉོན་མོངས་འཁྲུལ་རྟོག་དབྱིངས་གྲོལ་ནས༔ རྒྱལ་བ་ཀུན་བཟང་མྱུར་འགྲུབ་ཤོག༔ ཨོཾ་མ་ཧཱ་ས་མནྟ་བི་ཛ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཐོག་མར་དཔལ་ཆེན་རྡོ་རྗེ་གཞོན་ནུ་རིགས་ལྔའི་སྐུ་གསུང་ཐུགས་ཀྱི་རྩ་བའི་དབང་བསྐུར་བ་ལ། བུམ་པ་ལྔ་པོ་དཔལ་ཆེན་ཁྲག་འཐུང་རིགས་ལྔ་རྟེན་དང་བརྟེན་པར་བཅས་པ་ཡོངས་སུ་རྫོགས་པའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན་བྱུང་། སྤྱི་བོ་ནས་ཞུགས་ལུས་ཀྱི་ནང་ཐམས་ཅད་གང་བས་ཕུང་པོ་ལྔ་སྒྲིབ་བྲལ་དུ་བྱས། འགྱུར་མེད་སྐུ་ལྔའི་དབང་ཐོབ། བྷནྡྷ་རྣམས་ཤེས་རབ་སྟོང་ཉིད་ཡུམ་གྱི་མཁའ་ཀློང་དུ་ཐབས་བདུད་རྩི་བདེ་བ་ཆེན་པོ་འཁྱིལ་བ་མགྲིན་པར་མྱང་བས་རླུང་ལྔ་སྒྲིབ་བྲལ་དུ་བྱས། འགག་མེད་གསུང་ལྔའི་དབང་ཐོབ། དཔལ་ཆེན་རིགས་ལྔའི་ཐུགས་ཀ་ནས་ཕྱག་མཚན་རྣམ་ལྔ་རིམ་བཞིན་སྤྲོས་ཏེ་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཉོན་མོངས་པ་ལྔ་སྒྲིབ་བྲལ་དུ་བྱས། སྤྲོས་བྲལ་ཐུགས་ལྔའི་དབང་ཐོབ་པར་མོས་ཤིག །དབུས་ཀྱི་བུམ་པ་མགོར་བཞག་ལ། ཧཱུྃ༔ རྣམ་དག་བུམ་པ་བདེ་ཆེན་འོད་ལྔའི་ཀློང༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ཡེ་ཤེས་ལས༔ འབར་བའི་ཁྲོ་རྒྱལ་ཆེན་པོ་མི་བཟད་པ༔ འགྱུར་མེད་སྐུ་ཡི་རྡོ་རྗེའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བྷྲཱུྃ་རཏྣ་ཨ་བྷི་ཥིཉྩ་ཨཱོཾ་ཨོཾ༔ འོ་ན་སྐལ་ལྡན་རིགས་ཀྱི་བུ་མཆོག་ལ༔ དབུས་ཀྱི་བུམ་པས་དབང་བསྐུར་པས༔ ཉོན་མོངས་པ་གཏི་མུག་གི་ཕུང་པོ་གནས་སུ་དག་ནས༔ འབྲས་བུ་རྣམ་དག་བདེ་བ་ཆེན་པོའི་སྐུ་མཆོག་རིན་པོ་ཆེ་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག༔ བྷནྡྷ་མགྲིན་པར་བཞག་ལ། ཧཱུྃ༔ བྷནྡྷ་སྟོང་གསལ་འོད་ལྔའི་ཀློང༔ ཆོས་ཉིད་ཟག་བྲལ་བདུད་རྩིར་འཁྱིལ༔ གྲགས་སྟོང་བརྗོད་བྲལ་ཆོས་ཀྱི་དབང༔ སྐལ་ལྡན་བུ་ལ་དབང་རྫོགས་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ན་སྐལ་ལྡན་བུ་མཆོག་ཁྱོད་ལ་འཆད་ཉན་གྱི་དབང་བསྐུར་པས༔ བླ་ན་མེད་པ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བའི་དབང་མཆོག་དམ་པ་དང་ལྡན་པར་གྱུར་ཅིག༔ འཁོར་ལོ་སྙིང་ཁར་བཞག་ལ། ཧཱུྃ༔ དུས་གསུམ་རྒྱལ་བ་ཀུན་གྱི་འཁོར་ལོའི་དབང༔ རྒྱལ་བ་ཀུན་གྱི་སྐུ་ནི་མྱུར་འགྲུབ་ཕྱིར༔ དུས་གསུམ་རྒྱལ་བའི་ཕྱག་མཚན་འདི་གཏད་པས༔ དཔལ་ལྡན་སྐུ་ཡི་དབང་བཞི་ཡོངས་རྫོགས་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ན་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་ལ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཐུགས་ཀྱི་དབང་བསྐུར་པས༔ ཡིད་དཔྱོད་ཀྱི་དེར་འཛིན་ཐམས་ཅད་དག་ནས༔ འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའི་དབང་མཆོག་དམ་པ་དང་ལྡན་པར་གྱུར་ཅིག༔ དེ་ནས་ཤར་གྱི་བུམ་པ་ཐོགས་ལ། ཧཱུྃ༔ མེ་ལོང་ཡེ་ཤེས་ལྔ་ལྡན་བུམ་པའི་ཀློང༔ འབར་བའི་ཁྲོ་རྒྱལ་ཆེན་པོ་མི་བཟད་པའི༔ ཞེ་སྡང་བདུད་འདུལ་ཁྲོ་རྒྱལ་ཐུགས་ཀྱི་ལྷས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་རྫོགས་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ན་སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཤར་གྱི་བུམ་པས་དབང་བསྐུར་པས༔ ཉོན་མོངས་པ་ཞེ་སྡང་གི་ཕུང་པོ་གནས་སུ་དག༔ ཕྲིན་ལས་ཐུགས་ཀྱི་ལྷ་ཚོགས་ཐམས་ཅད་ལུས་ལ་རྫོགས༔ འབྲས་བུ་ཐུགས་ཀྱི་རྡོ་རྗེ་ཐོབ་པའི་དབང་མཆོག་དམ་པ་དང་ལྡན་པར་གྱུར་ཅིག༔ བྷནྡྷ་མགྲིན་པར་བཞག་ལ། ཧཱུྃ༔ རང་བྱུང་བྷནྡྷ་གསལ་སྟོང་འོད་ལྔའི་ཀློང༔ བདེ་ཆེན་ཟག་བྲལ་འཆི་མེད་བདུད་རྩིར་འཁྱིལ༔ གྲགས་སྟོང་བརྗོད་བྲལ་དོན་གྱི་དབང་མཆོག་འདི༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་རྫོགས་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ན་སྐལ་ལྡན་རིགས་ཀྱི་བུ་མཆོག་ལ༔ ཐུགས་ཀྱི་གསུང་དབང་ངག་ལ་བསྐུར་པས༔ ཡིད་ཀྱི་འཛིན་རྟོག་ཐམས་ཅད་དག་ནས༔ འབྲས་བུ་ཐུགས་ཀྱི་གསུང་རྡོ་རྗེ་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག༔ རྡོ་རྗེ་ཐུགས་ཀར་བཞག་ལ། ཧཱུྃ༔ དུས་གསུམ་རྒྱལ་བ་ཀུན་གྱི་གསང་བ་འཛིན༔ ཁྲོ་མཆོག་བཛྲ་ཀྲོ་ཏ་ཡབ་དང་ཡུམ༔ རྣམ་དག་ལྷུན་གྲུབ་འགག་མེད་ཐུགས་ཀྱི་དབང༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་རྫོགས་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཀཱི་ལི་ཀཱི་ལ་ཡ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ན་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་རྣམས་ལ༔ ཕྲིན་ལས་ཐུགས་ཀྱི་ལྷ་མཆོག་གི་ཐུགས་དབང་སེམས་ལ་བསྐུར་པས༔ ཡིད་ཀྱི་འཛིན་རྟོག་གནས་ནས་དག་ནས༔ འབྲས་བུ་ཐུགས་ཀྱི་རྡོ་རྗེ་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག༔ ལྷོའི་བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ ང་རྒྱལ་རྣམ་དག་ཆོས་དབྱིངས་བུམ་པ་རུ༔ རང་བྱུང་ཁྲོ་རྒྱལ་གར་དགུའི་ཉམས་ལྡན་པ༔ ཁྲོ་མཆོག་རཏྣ་ཀུ་མཱར་ཡབ་ཡུམ་གྱིས༔ སྐལ་ལྡན་བུ་ལ་སྐུ་ཡི་དབང་རྫོགས་ཤོག༔ ཨོཾ་རཏྣ་ཀྲོ་ཏ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ན་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་ལ༔ ལྷོ་ཡི་བུམ་པས་དབང་བསྐུར་པས༔ ཉོན་མོངས་པ་ང་རྒྱལ་གྱི་ཕུང་པོ་གནས་སུ་དག༔ ཁྲོ་རྒྱལ་ཡོན་ཏན་གྱི་ལྷ་ཚོགས་ཐམས་ཅད་ཁྱོད་རང་རྣམས་ཀྱི་ལུས་ལ་རྫོགས༔ འབྲས་བུ་ཡོན་ཏན་གྱི་སྐུ་རྡོ་རྗེ་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག༔ དེ་ནས་བྷན་དྷ་མགྲིན་པར་བཞག་ལ། ཧཱུྃ༔ བྷནྡྷ་སྟོང་ཉིད་ཟླུམ་པོའི་གཞལ་ཡས་སུ༔ རྒྱལ་ཀུན་མ་ལུས་ཟག་བྲལ་བདེ་བའི་རྒྱུན༔ རེག་མྱོང་ཙམ་གྱིས་བདེ་ཆེན་ཐར་གླིང་བགྲོད༔ སྐལ་ལྡན་བུ་ལ་གསང་བའི་དབང་རྫོགས་ཤོག༔ ཨོཾ་རཏྣ་ཀྲོ་ཏ་ཀཱི་ལི་ཀཱི་ལ་ཡ་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ན་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་ལ༔ གསང་བའི་དབང་མཆོག་ངག་ལ་བསྐུར་པས༔ ངག་གི་འཛིན་རྟོག་ཐམས་ཅད་དག་ནས༔ འབྲས་བུ་ཡོན་ཏན་གྱི་གསུང་རྡོ་རྗེ་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག༔ པདྨ་དམར་སེར་སྙིང་གར་བཞག་ལ། ཧཱུྃ༔ དྲི་མེད་སྐྱོན་བྲལ་པདྨ་འོད་ལྔའི་ཀློང༔ ཡོན་ཏན་རྒྱལ་ཀུན་ལྷ་ཚོགས་ཚོམ་བུར་གསལ༔ འུབ་ཆུབ་བློ་འདས་ལྔ་ལྡན་ཐིག་ལེའི་དབང༔ སྐལ་ལྡན་བུ་ལ་ཐུགས་ཀྱི་དབང་རྫོགས་ཤོག༔ ཨོཾ་རཏྣ་ཀྲོ་ཏ་ཀཱི་ལི་ཀཱི་ལ་ཡ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ན་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་ལ༔ ཡོན་ཏན་གྱི་ཐུགས་དབང་སེམས་ལ་བསྐུར་པས༔ ཉོན་མོངས་པའི་ཕྲེང་ཐག་ཐམས་ཅད་རང་སར་དག་ནས༔ ཤེས་རབ་རིག་རྩལ་གྱི་དབང་ཐོབ༔ འབྲས་བུ་ཡོན་ཏན་གྱི་ཐུགས་རྡོ་རྗེ་ཐོབ་པའི་སྐལ་པ་དང་ལྡན་པར་གྱུར་ཅིག༔ དེ་ནས་ནུབ་ཀྱི་བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ འདོད་ཆགས་རྣམ་དག་ཆོས་དབྱིངས་བུམ་པ་རུ༔ སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་འོད་ཕུང་འབར༔ ཁྲོ་རྒྱལ་པདྨ་ཀྲོ་ཏ་ཡབ་ཡུམ་གྱིས༔ སྐལ་ལྡན་བུ་ལ་སྐུ་ཡི་དབང་རྫོགས་ཤོག༔ ཨཱོཾ་པདྨ་ཀྲོ་ཏ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ན་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་ལ༔ ནུབ་ཀྱི་བུམ་པས་དབང་བསྐུར་པས༔ ཉོན་མོངས་པ་འདོད་ཆགས་ཀྱི་ཕུང་པོ་གནས་སུ་དག༔ འབྲས་བུ་གསུང་གི་རྡོ་རྗེ་ཐོབ་པའི་སྐལ་པ་དང་ལྡན་པར་གྱུར་ཅིག༔ བྷནྡྷ་མགྲིན་པར་བཞག་ལ། ཧཱུྃ༔ རང་བྱུང་བྷནྡྷ་ལྷུན་གྲུབ་གཞལ་ཡས་སུ༔ གྲགས་སྟོང་ཟག་བྲལ་འཆི་མེད་བདུད་རྩིར་འཁྱིལ༔ འགག་མེད་བརྗོད་བྲལ་རང་བྱུང་བདེ་བའི་དབང༔ སྐལ་ལྡན་བུ་ལ་གསུང་གི་དབང་རྫོགས་ཤོག༔ ཨོཾ་པདྨ་ཀྲོ་ཏ་ཀཱི་ལི་ཀཱི་ལ་ཡ་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ན་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་ལ༔ གསུང་གི་གསང་དབང་ངག་ལ་བསྐུར་པས༔ ངག་འཆལ་ཚིག་གི་དྲི་མ་ཐམས་ཅད་དག་ནས༔ འབྲས་བུ་ངག་གི་གསུང་རྡོ་རྗེ་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག༔ དཔལ་བེའུ་སྙིང་ཁར་བཞག་ལ། ཧཱུྃ༔ རྒྱལ་ཀུན་གསུང་གི་དབང་ཕྱུག་ཐུགས་ཀྱི་དབང༔ འགྱུར་མེད་དཔལ་གྱི་བེའུ་འདི་གཏད་པས༔ འཇིགས་བྲལ་ཐུགས་ཀྱི་རྡོ་རྗེ་མྱུར་འགྲུབ་པའི༔ སྐལ་ལྡན་བུ་ལ་ཐུགས་དབང་རྫོགས་པར་ཤོག༔ ཨོཾ་པདྨ་ཀྲོ་ཏ་ཀཱི་ལི་ཀཱི་ལ་ཡ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ན་སྐལ་ལྡན་བུ་མཆོག་ཁྱོད་ལ༔ གསུང་གི་ཐུགས་དབང་སེམས་ལ་བསྐུར་པས༔ ཡིད་ཀྱི་འཁྲུལ་རྟོག་ཐམས་ཅད་རང་སར་དག་ནས༔ འབྲས་བུ་གསུང་གི་རྡོ་རྗེ་ཐོབ་པའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ དེ་ནས་བྱང་གི་བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ ཕྲག་དོག་རྣམ་དག་ཆོས་དབྱིངས་བུམ་པ་རུ༔ ཕྲིན་ལས་མངའ་བདག་ཁྲོ་རྒྱལ་གར་དགུར་ལྡན༔ ཁྲོ་རྒྱལ་ཀརྨ་ཀྲོ་ཏ་ཡབ་ཡུམ་གྱིས༔ སྐལ་ལྡན་བུ་ལ་སྐུ་ཡི་དབང་རྫོགས་ཤོག༔ ཨཱོཾ་ཀརྨ་ཀྲོ་ཏ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ན་སྐལ་ལྡན་བུ་མཆོག་ཁྱོད་ལ༔ བྱང་གི་བུམ་པས་དབང་བསྐུར་པས༔ ཉོན་མོངས་པ་ཕྲག་དོག་གི་ཕུང་པོ་གནས་སུ་དག༔ འབྲས་བུ་ཕྲིན་ལས་ཀྱི་རྡོ་རྗེ་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག༔ བྷནྡྷ་མགྲིན་པར་བཞག་ལ། ཧཱུྃ༔ མཚན་ལྡན་བྷནྡྷ་ལྷུན་གྲུབ་གཞལ་ཡས་སུ༔ ཟག་མེད་ཟག་བྲལ་བདུད་རྩི་འོད་དུ་འཁྱིལ༔ རང་གྲོལ་ཟག་མེད་བདེ་བ་ཆེན་པོ་ཡིས༔ སྐལ་ལྡན་བུ་ལ་གསུང་གི་དབང་རྫོགས་ཤོག༔ ཨཱོཾ་ཀརྨ་ཀྲོ་ཏ་ཀཱི་ལི་ཀཱི་ལ་ཡ་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ན་སྐལ་ལྡན་བུ་མཆོག་ཁྱོད་ལ༔ གསང་བའི་དབང་མཆོག་ངག་ལ་བསྐུར་པས༔ ངག་གི་བརྗོད་ཚིག་ཐམས་ཅད་རང་སར་དག་ནས༔ འབྲས་བུ་ཕྲིན་ལས་ཀྱི་གསུང་རྡོ་རྗེ་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག༔ རྒྱ་གྲམ་སྙིང་གར་བཞག་ལ། ཧཱུྃ༔ རྒྱལ་ཀུན་ཕྲིན་ལས་དབང་ཕྱུག་སྟོབས་པོ་ཆེ༔ སྲ་བརྟན་སྣ་ཚོགས་རྡོ་རྗེ་འདི་གཏད་པས༔ གདོད་མའི་གཞི་ལ་ཀ་དག་ལྷུན་རྫོགས་པའི༔ རྣམ་གྲོལ་བདེ་ཆེན་ཐུགས་ཀྱི་དབང་རྫོགས་ཤོག༔ ཨཱོཾ་ཀརྨ་ཀྲོ་ཏ་ཀཱི་ལི་ཀཱི་ལ་ཡ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ན་སྐལ་ལྡན་བུ་མཆོག་ཁྱོད་ལ༔ ཕྲིན་ལས་ཐུགས་ཀྱི་དབང་མཆོག་སེམས་ལ་བསྐུར་པས༔ རང་འཁྲུལ་སེམས་ཀྱི་སྡིག་སྒྲིབ་ཐམས་ཅད་དག་ནས༔ འབྲས་བུ་ཕྲིན་ལས་ཀྱི་ཐུགས་རྡོ་རྗེ་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག༔ དེས་རྩ་བའི་དབང་ལྔ་གྲུབ། དེ་ནས་ཕུར་པ་རྫས་ཀྱི་དཀྱིལ་འཁོར་གྱི་དབང་བསྐུར་བ་ལ། ཕུར་བུ་རྣམས་དཔལ་ཆེན་རྡོ་རྗེ་གཞོན་ནུ་གཙོ་འཁོར་དངོས་སུ་གསལ་བས་ཁྱེད་རང་རྣམས་ཀྱི་གནས་སོ་སོར་དབང་བསྐུར་བས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་སྟོབས་ཐམས་ཅད་གཅིག་ཆར་དུ་ཐོབ་པར་མོས་ཤིག །དབུས་ཀྱི་གཙོ་ཕུར་དཔྲལ་བར་བཞག །གསོད་ཕུར་ལག་ཏུ་གཏད་ལ། ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་དབུས་ཀྱི་པད་ཟླའི་སྟེང༔ དུས་གསུམ་བདེ་གཤེགས་ཕྲིན་ལས་འདུས་པའི་སྐུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་མ་ལུས་པའི༔ གཟི་བྱིན་དཔལ་འབར་ནུས་སྟོབས་བདེ་བའི་དབང༔ སྐལ་ལྡན་བུ་མཆོག་རྣམས་ལ་དབང་རྫོགས་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ འོ་ན་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱེད་རྣམས་ལ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་དབང་བསྐུར་པས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཡོངས་སུ་རྫོགས་པའི་དབང་མཆོག་དམ་པ་དང་ལྡན་པར་གྱུར་ཅིག༔ ཤར་གྱི་གཙོ་ཕུར་སྙིང་ཁར་བཞག་ལ། ཧཱུྃ༔ དཀྱིལ་འཁོར་དབུས་ཀྱི་ཤར་ཕྱོགས་རྩིབས་སྟེང་ན༔ དཔལ་ཆེན་ཕྲིན་ལས་འདུས་པའི་ཐུགས་ཀྱི་ལྷ༔ མ་ཧཱ་བཛྲ་ཀྲོ་ཏ་ཀཱི་ལ་ཡ༔ ཡབ་ཡུམ་འཁོར་དང་བཅས་པ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་གཟི་བྱིན་གྱིས༔ སྐལ་ལྡན་བུ་མཆོག་རྣམས་ལ་དབང་རྫོགས་ཤོག༔ ཨཱོཾ་མ་ཧཱ་བཛྲ་ཀྲོ་ཏ་ཀུ་མཱ་ར་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ན་སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས་ལ༔ བཛྲ་ཀྲོ་ཏ་ཀུ་མཱ་ར་ཡབ་ཡུམ་གྱིས་དབང་བསྐུར་པས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཡོངས་སུ་རྫོགས་པའི་དབང་མཆོག་དམ་པ་དང་ལྡན་པར་གྱུར་ཅིག༔ ལྷོའི་གཙོ་ཕུར་ལྟེ་བར་བཞག་ལ། ཧཱུྃ༔ དཀྱིལ་འཁོར་དབུས་ཀྱི་ལྷོ་ཕྱོགས་རྩིབས་སྟེང་ན༔ དཔལ་ཆེན་ཕྲིན་ལས་འདུས་པའི་ཡོན་ཏན་ལྷ༔ མ་ཧཱ་རཏྣ་ཀྲོ་ཏ་ཀཱི་ལ་ཡ༔ ཡབ་ཡུམ་འཁོར་དང་བཅས་པ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་གཟི་བྱིན་གྱིས༔ སྐལ་ལྡན་བུ་མཆོག་རྣམས་ལ་དབང་རྫོགས་ཤོག༔ ཨཱོཾ་མ་ཧཱ་རཏྣ་ཀྲོ་ཏ་ཀུ་མཱ་ར་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ན་སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས་ལ༔ ཁྲོ་མཆོག་རཏྣ་ཀྲོ་ཏ་ཀཱི་ལ་ཡ་ཡབ་ཡུམ་གྱི་དབང་བསྐུར་པས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཡེ་ཤེས་བྱིན་རླབས་ཐམས་ཅད་ཡོངས་སུ་རྫོགས་པའི་དབང་མཆོག་དམ་པ་དང་ལྡན་པར་གྱུར་ཅིག༔ ནུབ་ཀྱི་གཙོ་ཕུར་མགྲིན་པར་བཞག་ལ། ཧཱུྃ༔ དཀྱིལ་འཁོར་དབུས་ཀྱི་ནུབ་ཕྱོགས་རྩིབས་སྟེང་ན༔ དཔལ་ཆེན་ཕྲིན་ལས་ཀུན་འདུས་གསུང་གི་ལྷ༔ མ་ཧཱ་པདྨ་ཀྲོ་ཏ་ཀཱི་ལ་ཡ༔ ཡབ་ཡུམ་འཁོར་དང་བཅས་པ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་གཟི་བྱིན་གྱིས༔ སྐལ་ལྡན་བུ་མཆོག་རྣམས་ལ་དབང་རྫོགས་ཤོག༔ ཨཱོཾ་མ་ཧཱ་པདྨ་ཀྲོ་ཏ་ཀུ་མཱ་ར་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ན་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་རྣམས་ལ༔ ཁྲོ་མཆོག་པདྨ་ཀྲོ་ཏ་ཀཱི་ལ་ཡ་ཡབ་ཡུམ་གྱི་དབང་བསྐུར་པས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གཟི་བྱིན་ཐམས་ཅད་ཡོངས་སུ་རྫོགས་པའི་དབང་མཆོག་དམ་པ་དང་ལྡན་པར་གྱུར་ཅིག༔ བྱང་གི་གཙོ་ཕུར་གསང་གནས་སུ་བཞག་ལ། ཧཱུྃ༔ དཀྱིལ་འཁོར་དབུས་ཀྱི་བྱང་ཕྱོགས་རྩིབས་སྟེང་ན༔ དཔལ་ཆེན་ཕྲིན་ལས་འདུས་པའི་ལྷུན་གྲུབ་ལྷ༔ མ་ཧཱ་ཀརྨ་ཀྲོ་ཏ་ཀཱི་ལ་ཡ༔ ཡབ་ཡུམ་འཁོར་དང་བཅས་པ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་གཟི་བྱིན་གྱིས༔ སྐལ་ལྡན་བུ་མཆོག་རྣམས་ལ་དབང་རྫོགས་ཤོག༔ ཨོཾ་མ་ཧཱ་ཀརྨ་ཀྲོ་ཏ་ཀུ་མཱ་ར་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ན་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་རྣམས་ལ༔ དཔལ་ཆེན་ཀརྨ་ཀྲོ་ཏ་ཀཱི་ལ་ཡ་ཡབ་ཡུམ་གྱི་དབང་བསྐུར་པས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཡེ་ཤེས་ཀྱི་གཟི་བྱིན་ཡོངས་སུ་རྫོགས་པའི་དབང་མཆོག་དམ་པ་དང་ལྡན་པར་གྱུར་ཅིག༔ དེ་ནས་ཀཱི་ལ་ཡ་མཆེད་བཞིའི་དབང་ནི། དང་པོ་བཛྲ་ཀཱི་ལ་ཡའི་ཕུར་བུ་གཏད་ལ། ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་ཤར་ལྷོའི་རྩིབས་སྟེང་ན༔ ཐུགས་ཀྱི་སྲས་མཆོག་བཛྲ་ཀཱི་ལ་ཡས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མི་མཐུན་ཕྱོགས་ཀུན་ཞི་བའི་དབང་རྫོགས་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤཱནྟིཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ན་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་རྣམས་ལ༔ བཛྲ་ཀཱི་ལ་ཡའི་དབང་བསྐུར་པས༔ ཞི་བའི་ལས་ཀུན་ཐོགས་མེད་འགྲུབ་པའི་དབང་མཆོག་དམ་པ་དང་ལྡན་པར་གྱུར་ཅིག༔ རཏྣ་ཀཱི་ལ་ཡའི་ཕུར་བུ་གཏད་ལ། ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་ལྷོ་ནུབ་རྩིབས་སྟེང་ན༔ ཐུགས་ཀྱི་སྲས་མཆོག་རཏྣ་ཀཱི་ལ་ཡས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་དབང་རྫོགས་ཤོག༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་པུཥྚིཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ན་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་རྣམས་ལ༔ རཏྣ་ཀཱི་ལ་ཡ་ཡི་དབང་བསྐུར་པས༔ ཚེ་བསོད་དཔལ་འབྱོར་ཐམས་ཅད་རྒྱས་པའི་དབང་མཆོག་དམ་པ་དང་ལྡན་པར་གྱུར་ཅིག༔ པདྨ་ཀཱི་ལ་ཡའི་ཕུར་པ་གཏད་ལ། ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་ནུབ་བྱང་རྩིབས་སྟེང་ན༔ ཐུགས་ཀྱི་སྲས་མཆོག་པདྨ་ཀཱི་ལ་ཡས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྣང་གྲགས་དབང་དུ་འདུས་པའི་དབང་རྫོགས་ཤོག༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཝ་ཤཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ན་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱེད་རྣམས་ལ༔ པདྨ་ཀཱི་ལ་ཡ་ཡི་དབང་བསྐུར་པས༔ ཁམས་གསུམ་སྲིད་གསུམ་དབང་དུ་འདུས་པའི་དབང་མཆོག་དམ་པ་དང་ལྡན་པར་གྱུར་ཅིག༔ ཀརྨ་ཀཱི་ལ་ཡ་ཡི་ཕུར་བུ་གཏད་ལ། ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་བྱང་ཤར་རྩིབས་སྟེང་ན༔ ཐུགས་ཀྱི་སྲས་མཆོག་ཀརྨ་ཀཱི་ལ་ཡས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དགྲ་བགེགས་བདུད་དཔུང་བསྒྲལ་བའི་དབང་རྫོགས་ཤོག༔ ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་ཤ་ཏྲུཾ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ན་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་རྣམས་ལ༔ ཀརྨ་ཀཱི་ལ་ཡའི་དབང་བསྐུར་པས༔ དྲག་པོ་མངོན་སྤྱོད་ཀྱི་ལས་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པའི་དབང་མཆོག་དམ་པ་དང་ལྡན་པར་གྱུར་ཅིག༔ དེ་ནས་ཕྱག་མཚན་གྱི་དབང་ནི། གཡས་སུ་རྡོ་རྗེ་རྩེ་དགུ་རྩེ་ལྔ་རྩེ་གསུམ་ཕུར་པ་དང་། གཡོན་དུ་ཉི་མ་ཟླ་བ་ཁ་ཊྭཱཾ་མེ་དཔུང་གཏད་ལ། ཧཱུྃ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་ཀུན་འདུས་པ༔ ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གཞོན་ནུ་ཡི༔ དཔལ་ཆེན་སྐུ་ཡི་ཕྱག་མཚན་རྟགས་ཀྱི་རྒྱས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བྱམས་དང་སྙིང་རྗེའི་ཐབས་ཀྱིས་གང་འདུལ་བ༔ བདེར་གཤེགས་ཀུན་གྱི་ཕྲིན་ལས་རྫོགས་པ་ཡི༔ དབང་དང་དངོས་གྲུབ་དམ་པ་མྱུར་སྩོལ་ཕྱིར༔ ཕྲིན་ལས་ཀུན་ལ་ཐོགས་མེད་དབང་རྫོགས་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ བཛྲ་སཱུརྱ་ཙནྡྲ་ཛྭ་ལ་རཾ་ཏྲི་ཤཱུ་ལ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ན་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་རྣམས་ལ༔ དཔལ་ཆེན་གྱི་ཆས་ཕྱག་མཚན་གྱི་དབང་བསྐུར་པས༔ ཁམས་གསུམ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟར༔ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕྲིན་ལས་ཐམས་ཅད་འབད་མེད་ལྷུན་གྱིས་གྲུབ་པའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ སྐབས་འདིར་གསང་དབང་འབྱུང་བ་གཏེར་གཞུང་གབ་དཀྲུགས་སུ་མངོན་ཀྱང་། ཕྱག་རྒྱུན་ལྟར་འདིར་བསྐུར་ན། བླ་མ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་བྱས་ཏེ་ལྗགས་ཐོག་ཏུ་བྱིན་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཧཱུྃ་ཧྲཱི༔ ང་ནི་དུས་གསུམ་རྒྱལ་བའི་ཕྲིན་ལས་བདག༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ༔ རྒྱུ་དྲུག་འཁོར་བ་ཀ་དག་དབྱིངས་བསྒྲལ་ཕྱིར༔ ཡབ་ཡུམ་སྙོམས་འཇུག་བྱང་ཆུབ་སེམས་ཀྱི་རྒྱུན༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རང་གྲོལ་བདེ་བ་ཆེན་པོའི་དབང་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ༔ བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ན་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱེད་རྣམས་ལ༔ རྟོག་མེད་བྱང་ཆུབ་སེམས་ཀྱི་དབང་བསྐུར་པས༔ ངོ་བོ་ཀ་ནས་དག་པ་གདོད་མའི་ཀུན་ཏུ་བཟང་པོ་ཡབ་ཡུམ་དུ་འགྲུབ་པའི་དབང་མཆོག་ཐོབ་པར་གྱུར་ཅིག༔ དེ་ནས་ཁྲོ་བོ་བཅུའི་ཕུར་པ་གཏད་ལ། ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་དུ༔ དཀྱིལ་འཁོར་ཆེན་པོའི་སྟེང་འོག་ཕྱོགས་བཅུ་ཡི༔ པདྨ་ཉི་ཟླ་བཾ་གྱི་གདན་སྟེང་ན༔ རང་བྱུང་འབར་ཁྲོ་རྔམ་བརྗིད་ཁྲོ་རྒྱལ་བཅུ༔ ཡབ་ཡུམ་སྤྲུལ་པ་མགོ་བརྙན་ཁྲ་ཐབས་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིས༔ སྐལ་ལྡན་བུ་ལ་བྱིན་རླབས་ཡོངས་རྫོགས་ཤོག༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་སརྦ་མ་ཧཱ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་སརྦ་མ་ཧཱ་ཀྲོ་ཏཱི་ཤྭ་རཱི་སཏྭཾ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ འོ་ན་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་རྣམས་ལ༔ ཁྲོ་རྒྱལ་ཆེན་པོ་བཅུ་ཡབ་ཡུམ་གཙོ་འཁོར་དང་བཅས་པའི་དབང་བསྐུར་པས༔ ཁྲོ་རྒྱལ་ཐམས་ཅད་ཀྱི་མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་པའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ དེ་ནས་སྲས་ཕུར་ཉེར་གཅིག་གཏད་ལ། ཧཱུྃ༔ དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་དུ༔ དགྲ་བགེགས་ཕོ་མོ་བཅལ་བཀྲམ་གདན་སྟེང་ན༔ གཙོ་བོའི་བཀའ་བཞིན་རང་རང་ལས་བྱེད་པ༔ དགྲ་བགེགས་ཤན་པ་སྲས་སྤྲུལ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས་པ་ཡི༔ མཐུ་སྟོབས་དྲག་རྩལ་དངོས་གྲུབ་མ་ལུས་པ༔ སྐལ་ལྡན་བུ་མཆོག་འདི་ལ་མྱུར་སྩོལ་ལ༔ ཁམས་གསུམ་ཡོངས་སྒྲོལ་དབང་མཆོག་ཐོབ་པར་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཀཱ་ལ་རཱུ་པ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ན་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་རྣམས་ལ༔ ཕུར་པ་རྫས་ཀྱི་དཀྱིལ་འཁོར་གྱིས་དབང་བསྐུར་པས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ནུས་སྟོབས་ཐམས་ཅད་ཡོངས་སུ་རྫོགས་ནས༔ ཁམས་གསུམ་སྲིད་གསུམ་ཐམས་ཅད་ཆོས་ཉིད་ཟག་པ་མེད་པའི་དབྱིངས་སུ་སྒྲོལ་ནུས་པའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ དེ་རྣམས་ཀྱིས་ཕུར་པ་རྫས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་དབང་བསྐུར་བ་གྲུབ། དེ་ནས་སྐུ་གསུང་ཐུགས་ཡོངས་རྫོགས་ཆེན་པོའི་དབང་བསྐུར་བ་ལ། དཀྱིལ་འཁོར་གྱི་གཙོ་བོའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ། གསུང་ལས་སྔགས་ཀྱི་ཕྲེང་བ། ཐུགས་ལས་ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས། དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡོངས་སུ་རྫོགས་པར་མོས་ཤིག །གཙོ་བོའི་སྐུ་སྤྱི་བོར་བཞག་ལ། ཧཱུྃ༔ ཁྱབ་བརྡལ་དབྱིངས་ནས་རང་བྱུང་སྤྲུལ་པའི་ལྷ༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས་འཁོར་གྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལྷ་དབང་ལུས་ལ་རྫོགས་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་སརྦ་མ་ཧཱ་ཀྲོ་ཏ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྒྲུབ་ཡིག་སྙིང་གར་བཞག་ལ། ཧཱུྃ༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ རྨད་བྱུང་གྲགས་སྟོང་འགག་མེད་ཀཱི་ལ་ཡ༔ བསྙེན་སྒྲུབ་ལས་སྦྱོར་མ་ལུས་མཐར་སོན་ནས༔ རྟགས་དང་མཚན་མ་བཟང་པོ་མྱུར་སྟོན་ཅིང༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དྷརྨ་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་དང་ཁ་ཊྭཱཾ་ལག་ཏུ་གཏད་ནས། ཧཱུྃ༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ ཐུགས་ནི་གཡོ་མེད་རང་བྱུང་ཐུགས་སྲོག་བཅས༔ ཡེ་ནས་རང་བྱུང་ཡེ་ཤེས་སྙིང་པོའི་ངང༔ བརྗོད་བྲལ་སྟོང་གསལ་བྱ་རྫོགས་རྫོགས་པ་ཆེ༔ འུབ་ཆུབ་བློ་འདས་ཆེན་པོའི་དབང་རྫོགས་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དྷརྨ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ན་སྐལ་ལྡན་རིགས་གྱི་བུ་མཆོག་ཁྱོད་རྣམས༔ སྐུ་གསུང་ཐུགས་ཡེ་ཤེས་ཀྱི་བྱིན་རླབས་ཁྱད་པར་ཅན་ཡོངས་སུ་རྫོགས་པའི་དབང་མཆོག་དམ་པ་དང་ལྡན་པར་གྱུར་ཅིག༔ ཡེ་ཤེས་ཁྲོ་བཅུ་ཡབ་ཡུམ་ཟ་གསོད་དང་བཅས་པ་ལས་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་གནས་སོ་སོར་ཐིམ་པས་སོ་སོའི་མཐུ་སྟོབས་ནུས་བྱིན་ཡོངས་སུ་རྫོགས་པར་མོས་ཤིག །ཧཱུྃ་ཀཱ་རའི་སྐུ་གཏད་ལ། ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་དཀྱིལ་འཁོར་ནས༔ སྟེང་གི་ཕྱོགས་ནས་རྔམས་བརྗིད་སྐུར་བཞེངས་པ༔ ཁྲོ་བོའི་རྒྱལ་པོ་རྡོ་རྗེ་ཧཱུྃ་ཀཱ་ར༔ ཡུམ་ཆེན་ཁྲོ་མོ་རྡོ་རྗེ་སྒྲ་འབྱིན་མས༔ སྟེང་ཕྱོགས་དགྲ་བགེགས་ཐམས་ཅད་ཟློག་པ་དང༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ༔ སྐལ་ལྡན་བུ་མཆོག་འདི་ལ་དབང་རྫོགས་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཀྲོ་ཏཱི་ཧཱུྃ་ཀཱ་ར་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། རྣམ་པར་རྒྱལ་བའི་སྐུ་གཏད་ལ། ཧཱུྃ༔ ཤར་གྱི་ཕྱོགས་ནས་རྔམས་བརྗིད་སྐུར་བཞེངས་པ༔ ཁྲོ་བོའི་རྒྱལ་པོ་རྣམ་པར་རྒྱལ་བ་དང༔ ཡུམ་ཆེན་ཁྲོ་མོ་རྡོ་རྗེ་སྙེམས་མ་ཡིས༔ ཤར་ཕྱོགས་དགྲ་བགེགས་ཐམས་ཅད་ཟློག་པ་དང༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ༔ སྐལ་ལྡན་བུ་མཆོག་འདི་ལ་དབང་རྫོགས་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཀྲོ་ཏཱི་ནཱི་ལཾ་དཎྜ་བཛྲ་ཀཱི་ལི༴ གཤིན་རྗེ་གཤེད་པོའི་སྐུ་གཏད་ལ། ཧཱུྃ༔ ལྷོ་ཡི་ཕྱོགས་ནས་དཔལ་བརྗིད་སྐུར་བཞེངས་པ༔ ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་པོ་དང༔ ཡུམ་ཆེན་ཁྲོ་མོ་དུར་ཁྲོད་བདག་མོ་ཡིས༔ ལྷོ་ཕྱོགས་དགྲ་བགེགས་ཐམས་ཅད་ཟློག་པ་དང༔ དེང་འདིར་སྐལ་ལྡན་རིགས་ཀྱི་བུ་མཆོག་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་རབ་ཞུགས་ནས༔ དྲེགས་པའི་དགྲ་བགེགས་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཀྲོ་ཏཱི་ཨ་ཀྲོ་ཏེ་ཀ་བཛྲ་ཀཱི་ལི༴ མི་གཡོ་མགོན་པོའི་སྐུ་གཏད་ལ། ཧཱུྃ༔ ལྷོ་ནུབ་ཕྱོགས་ནས་ཁྲོ་གཏུམ་སྐུ་བཞེངས་པ༔ ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན་པོ་དང༔ ཡུམ་ཆེན་ཁྲོ་མོ་རྡོ་རྗེ་གཏུན་ཁུང་མས༔ ལྷོ་ནུབ་དགྲ་བགེགས་ཐམས་ཅད་ཟློག་པ་དང༔ དེང་འདིར་སྐལ་ལྡན་རིགས་ཀྱི་བུ་མཆོག་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་རབ་ཞུགས་ནས༔ དྲེགས་པའི་དགྲ་བགེགས་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཀྲོ་ཏཱི་ཨཱརྱ་ཨ་ཙ་ལ་བཛྲ་ཀཱི་ལི༴ རྟ་མགྲིན་གྱི་སྐུ་གཏད་ལ། ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་རབ་འཇིགས་སྐུར་བཞེངས་པ༔ ཁྲོ་བོའི་རྒྱལ་པོ་རྡོ་རྗེ་རྟ་མཆོག་དཔལ༔ ཡུམ་ཆེན་ཁྲོ་མོ་རྡོ་རྗེ་གཏུམ་མོ་ཡིས༔ ནུབ་ཕྱོགས་དགྲ་བགེགས་ཐམས་ཅད་ཟློག་པ་དང༔ དེང་འདིར་སྐལ་ལྡན་རིགས་ཀྱི་བུ་མཆོག་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་རབ་ཞུགས་ནས༔ དྲེགས་པའི་དགྲ་བགེགས་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཀྲོ་ཏཱི་ཧྱ་གྲཱྀ་ཝ་བཛྲ་ཀཱི་ལི༴ འདོད་རྒྱལ་གྱི་སྐུ་གཏད་ལ། ཧཱུྃ༔ ནུབ་བྱང་ཕྱོགས་ནས་གཏུམ་དྲག་སྐུར་བཞེངས་པ༔ ཁྲོ་བོའི་རྒྱལ་པོ་རྡོ་རྗེ་འདོད་པའི་རྒྱལ༔ ཡུམ་ཆེན་ཁྲོ་མོ་རྡོ་རྗེ་མདའ་སྙེམས་མས༔ ནུབ་བྱང་དགྲ་བགེགས་ཐམས་ཅད་ཟློག་པ་དང༔ དེང་འདིར་སྐལ་ལྡན་རིགས་ཀྱི་བུ་མཆོག་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་རབ་ཞུགས་ནས༔ དྲེགས་པའི་དགྲ་བགེགས་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཀྲོ་ཏཱི་ཨ་པ་ར་ཛི་ཏ་བཛྲ་ཀཱི་ལི༴ བདུད་རྩི་འཁྱིལ་པའི་སྐུ་གཏད་ལ། ཧཱུྃ༔ བྱང་གི་ཕྱོགས་ནས་རབ་འཇིགས་སྐུར་བཞེངས་པ༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་པ་དང༔ ཡུམ་ཆེན་ཁྲོ་མོ་རྡོ་རྗེ་རླུང་འབྱིན་མས༔ བྱང་ཕྱོགས་དགྲ་བགེགས་ཐམས་ཅད་ཟློག་པ་དང༔ དེང་འདིར་སྐལ་ལྡན་རིགས་ཀྱི་བུ་མཆོག་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་རབ་ཞུགས་ནས༔ དྲེགས་པའི་དགྲ་བགེགས་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཀྲོ་ཏཱི་ཨ་མྲྀཏ་ཀུཎྜ་ལཱི་བཛྲ་ཀཱི་ལི༴ ཁམས་གསུམ་རྣམ་རྒྱལ་གྱི་སྐུ་གཏད་ལ། ཧཱུྃ༔ བྱང་ཤར་མཚམས་ནས་དྲག་པོའི་སྐུར་བཞེངས་པ༔ ཁྲོ་རྒྱལ་ཆེན་པོ་ཁམས་གསུམ་རྣམ་རྒྱལ་དང༔ ཡུམ་ཆེན་ཁྲོ་མོ་རྡོ་རྗེ་གསོད་བྱེད་མས༔ བྱང་ཤར་དགྲ་བགེགས་ཐམས་ཅད་ཟློག་པ་དང༔ དེང་འདིར་སྐལ་ལྡན་རིགས་ཀྱི་བུ་མཆོག་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་རབ་ཞུགས་ནས༔ དྲེགས་པའི་དགྲ་བགེགས་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཀྲོ་ཏཱི་ཏྲཻ་ལོཀྱ་བི་ཛ་ཡ་བཛྲ་ཀཱི་ལི༴ སྟོབས་པོ་ཆེའི་སྐུ་གཏད་ལ། ཧཱུྃ༔ འོག་གི་ཕྱོགས་ནས་དྲག་པོའི་སྐུར་བཞེངས་པ༔ ཁྲོ་བོའི་རྒྱལ་པོ་ཆེན་པོ་སྟོབས་པོ་ཆེ༔ ཡུམ་ཆེན་ཁྲོ་མོ་རྡོ་རྗེ་སྐྱོད་བྱེད་མས༔ འོག་ཕྱོགས་དགྲ་བགེགས་ཐམས་ཅད་ཟློག་པ་དང༔ དེང་འདིར་སྐལ་ལྡན་རིགས་ཀྱི་བུ་མཆོག་ལ༔ མཐུ་སྟོབས་དྲག་རྩལ་ནུས་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཀྲོ་ཏཱི་མ་ཧཱ་བ་ལ་བཛྲ་ཀཱི་ལི༴ དེ་ནས་ཟ་བྱེད་བཅུའི་ཙཀ་ལི་རྣམས་རིམ་པར་གནས་གསུམ་དང་ལག་ཏུ་གཏད་ལ། དང་པོ་ཕག་གི་མགོ་ཅན་ནི། ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་དཀྱིལ་འཁོར་ནས༔ དཔལ་ཆེན་ཁྲོ་རྒྱལ་ཆེན་པོའི་བཀའ་ཉན་པ༔ ཟ་བྱེད་ཁྲོ་བོ་ཕག་གི་མགོ་བོ་ཅན༔ སྟེང་ནས་རྡོ་རྗེའི་ཐོག་ཆེན་འབེབ་མཛད་པ༔ རྟོག་ཚོགས་རང་གྲོལ་ཆོས་ཀྱི་དབྱིངས་དང་སྦྱོར༔ མཐུ་སྟོབས་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་མ་ལུས་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ར་སེ་ན་པྲ་མར་དྷ་ན་ཡེ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྟག་གི་མགོ་ཅན་གཏད་ལ། ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ དཔལ་ཆེན་རྣམ་པར་རྒྱལ་བའི་བཀའ་ཉན་པ༔ ཟ་བྱེད་ཁྲོ་བོ་སྟག་གི་མགོ་བོ་ཅན༔ ཤར་གྱི་ཕྱོགས་ནས་གཟིར་བར་མཛད་པ་པོ༔ འཇིགས་པ་བརྒྱད་སོགས་མ་ལུས་ཞི་མཛད་པ༔ མཐུ་སྟོབས་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་མ་ལུས་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི༴ སོགས་གོང་ལྟར་འགྲེ །གཡག་མགོ་ཅན་གཏད་ལ། ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ ཁྲོ་རྒྱལ་དབྱུག་པ་སྔོན་པོའི་བཀའ་ཉན་པ༔ ཟ་བྱེད་ཁྲོ་བོ་གཡག་གི་མགོ་བོ་ཅན༔ ཤར་ལྷོའི་ཕྱོགས་ནས་འཇོམས་པར་མཛད་པ་ཡི༔ ཐོགས་མེད་རྫུ་འཕྲུལ་སྟོབས་དང་ལྡན་པ་པོ༔ མཐུ་སྟོབས་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་མ་ལུས་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི༴ ཤ་བའི་མགོ་ཅན་གཏད། ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ ཁྲོ་རྒྱལ་གཤིན་རྗེ་གཤེད་པོའི་བཀའ་ཉན་པ༔ ཟ་བྱེད་ཁྲོ་བོ་ཤ་བའི་མགོ་བོ་ཅན༔ ལྷོ་ཕྱོགས་དགྲ་བགེགས་མ་ལུས་གསོད་མཛད་པ༔ འབྱོར་པ་དྲུག་ལྡན་མ་ལུས་རྒྱས་པར་མཛོད༔ མཐུ་སྟོབས་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་མ་ལུས་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི༴ གཟིག་གི་མགོ་ཅན་གཏད་ལ། ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ ཁྲོ་རྒྱལ་མི་གཡོ་མགོན་པོའི་བཀའ་ཉན་པ༔ ཟ་བྱེད་ཁྲོ་བོ་གཟིག་གི་མགོ་བོ་ཅན༔ ལྷོ་ནུབ་དགྲ་བགེགས་མ་ལུས་སྒྲོལ་མཛད་པ༔ རྫུ་འཕྲུལ་སྣ་ཚོགས་ཐོགས་མེད་སྟོབས་ལྡན་པ༔ མཐུ་སྟོབས་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་མ་ལུས་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི༴ བྱི་ལའི་མགོ་ཅན་གཏད་ལ། ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ ཁྲོ་རྒྱལ་རྟ་མགོ་ཅན་གྱི་བཀའ་ཉན་པ༔ ཟ་བྱེད་ཁྲོ་བོ་བྱི་ལའི་མགོ་བོ་ཅན༔ ནུབ་ཕྱོགས་དགྲ་བགེགས་ཐམས་ཅད་འཆིང་མཛད་པ༔ རྫུ་འཕྲུལ་སྟོབས་ཀྱིས་སྟོང་གསུམ་སྐད་ཅིག་ཉུལ༔ ཁམས་གསུམ་མ་ལུས་དབང་དུ་སྡུད་པར་བྱེད༔ མཐུ་སྟོབས་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་མ་ལུས་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི༴ སྤྱང་ཀིའི་མགོ་ཅན་གཏད་ལ། ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ ཁྲོ་རྒྱལ་འདོད་པའི་རྒྱལ་པོའི་བཀའ་ཉན་པ༔ ཟ་བྱེད་ཁྲོ་བོ་སྤྱང་ཀིའི་མགོ་བོ་ཅན༔ ནུབ་བྱང་མཚམས་ནས་དགྲ་བགེགས་འགུགས་མཛད་ཅིང༔ བརྣགས་པའི་དགྲ་བགེགས་བསྒྲལ་བའི་ལས་ལ་བརྩོན༔ མཐུ་སྟོབས་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་མ་ལུས་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི༴ སེང་གེའི་མགོ་ཅན་གཏད་ནས། ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་པའི་བཀའ་ཉན་པ༔ ཟ་བྱེད་ཁྲོ་བོ་སེང་གེའི་མགོ་བོ་ཅན༔ བྱང་ཕྱོགས་དགྲ་བགེགས་མ་ལུས་གནོན་མཛད་པ༔ རྫུ་འཕྲུལ་སྟོབས་ཀྱི་དགྲ་བགེགས་གནོན་ཅིང་སྒྲོལ༔ མཐུ་སྟོབས་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་མ་ལུས་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི༴ དོམ་གྱི་མགོ་ཅན་གཏད་ལ། ཧཱུྃ༔ བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ་བཀའ་ཉན་པ༔ ཟ་བྱེད་ཁྲོ་བོ་དོམ་གྱི་མགོ་བོ་ཅན༔ བྱང་ཤར་མཚམས་ནས་སྟོབ་པར་བྱེད་པ་ཡི༔ དགྲ་བགེགས་མ་ལུས་ཀུན་གྱི་གཉེན་པོར་ཆེ༔ མཐུ་སྟོབས་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་མ་ལུས་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི༴ དྲེད་ཀྱི་མགོ་བོ་ཅན་གཏད་ལ། ཧཱུྃ༔ བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེན་པོ་ཡི༔ བཀའ་ཉན་ཟ་བྱེད་དྲེད་ཀྱི་མགོ་བོ་ཅན༔ འོག་ཕྱོགས་དགྲ་བགེགས་མ་ལུས་སྤོར་མཛད་ཅིང༔ དུག་གསུམ་ཁམས་གསུམ་མ་ལུས་ཐམས་ཅད་སྒྲོལ༔ མི་ལྡོག་ཆོས་དབྱིངས་ཡེ་ཤེས་དབྱིངས་སུ་སྒྲོལ༔ མཐུ་སྟོབས་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་མ་ལུས་ཚར་གཅོད་དབང་ཐོབ་ཤོག༔ སྔགས་གོང་ལྟར་བརྗོད། དེ་ནས་གསོད་བྱེད་བཅུའི་ཙཀ་ལིས་སྔར་ལྟར་དབང་བསྐུར་བ་ལས། དང་པོ་རྨིགས་བུའི་མགོ་ཅན་གཏད་ལ། ཧཱུྃ༔ དུར་ཁྲོད་མེ་རི་འབར་བའི་ཀློང་དཀྱིལ་ནས༔ དཔལ་ཆེན་ཁྲོ་རྒྱལ་དབང་གི་བཀའ་ཉན་པ༔ གསོད་བྱེད་ཁྲོ་མོ་མི་བཟད་རྨིགས་བུའི་མགོ༔ ཚངས་པ་ལྷ་ཡི་གདོན་ཚོགས་རྡུལ་དུ་རློག༔ མངོན་སྤྱོད་ལས་མཛད་ཁྲོ་མོ་ཆེན་མོ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞི་མ་ལུས་མྱུར་འགྲུབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་རཀ་མོ་ཡག་མོ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཕཊ༔ བྱ་རྒོད་མགོ་ཅན་གཏད་ལ། ཧཱུྃ༔ དུར་ཁྲོད་མེ་རི་འབར་བའི་ཀློང་དཀྱིལ་ནས༔ དཔལ་ཆེན་ཁྲོ་རྒྱལ་དབང་གི་བཀའ་ཉན་པ༔ གསོད་བྱེད་ཁྲོ་མོ་མི་བཟད་བྱ་རྒོད་མགོ༔ དྲི་ཟའི་གདོན་ཚོགས་མ་ལུས་རྡུལ་དུ་རློག༔ གསོད་བྱེད་ལས་མཛད་ཁྲོ་མོ་ཆེན་མོ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞི་མ་ལུས་མྱུར་འགྲུབ་ཤོག༔ ཨོཾ་བཛྲ༴ སྔགས་གོང་ལྟར་བརྗོད། བྱ་རོག་མགོ་ཅན་གཏད་ལ། ཧཱུྃ༔ དུར་ཁྲོད་མེ་རི་འབར་བའི་ཀློང་དཀྱིལ་ནས༔ དཔལ་ཆེན་ཁྲོ་རྒྱལ་དབང་གི་བཀའ་ཉན་པ༔ གསོད་བྱེད་ཁྲོ་མོ་མི་བཟད་བྱ་རོག་མགོ༔ མེ་ལྷའི་གདོན་ཚོགས་མ་ལུས་རྡུལ་དུ་རློག༔ སྲོག་གཅོད་ཁྲོ་མོ་ལས་མཁན་ཆེན་མོ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞི་མ་ལུས་མྱུར་འགྲུབ་ཤོག༔ ཨོཾ་བཛྲ༴ འུག་པའི་མགོ་ཅན་གཏད་ལ། ཧཱུྃ༔ དུར་ཁྲོད་མེ་རི་འབར་བའི་ཀློང་དཀྱིལ་ནས༔ དཔལ་ཆེན་ཁྲོ་རྒྱལ་དབང་གི་བཀའ་ཉན་པ༔ གསོད་བྱེད་ཁྲོ་མོ་མི་བཟད་འུག་པའི་མགོ༔ གཤིན་རྗེའི་གདོན་ཚོགས་མ་ལུས་རྡུལ་དུ་རློག༔ ཁམས་གསུམ་སྒྲོལ་བྱེད་ཁྲོ་མོ་ཆེན་མོ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞི་མ་ལུས་མྱུར་འགྲུབ་ཤོག༔ ཨོཾ་བཛྲ༴ ཁྭ་ཏའི་མགོ་ཅན་གཏད་ལ། ཧཱུྃ༔ དུར་ཁྲོད་མེ་རི་འབར་བའི་ཀློང་དཀྱིལ་ནས༔ དཔལ་ཆེན་ཁྲོ་རྒྱལ་དབང་གི་བཀའ་ཉན་པ༔ གསོད་བྱེད་ཁྲོ་མོ་མི་བཟད་ཁྭ་ཏའི་མགོ༔ སྲིན་པོའི་གདོན་ཚོགས་མ་ལུས་རྡུལ་དུ་རློག༔ དྲེགས་པ་མ་ལུས་འཇོམས་མཛད་ཆེན་མོ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞི་མ་ལུས་མྱུར་འགྲུབ་ཤོག༔ ཨོཾ་བཛྲ༴ པུ་ཤུད་མགོ་ཅན་གཏད་ལ། ཧཱུྃ༔ དུར་ཁྲོད་མེ་རི་འབར་བའི་ཀློང་དཀྱིལ་ནས༔ དཔལ་ཆེན་ཁྲོ་རྒྱལ་དབང་གི་བཀའ་ཉན་པ༔ གསོད་བྱེད་ཁྲོ་མོ་མི་བཟད་པུ་ཤུད་མགོ༔ ཀླུ་ཡི་གདོན་ཚོགས་མ་ལུས་རྡུལ་དུ་རློག༔ ཁམས་གསུམ་སྒྲོལ་བྱེད་ཁྲོ་མོ་ཆེན་མོ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞི་མ་ལུས་མྱུར་འགྲུབ་ཤོག༔ ཨོཾ་བཛྲ༴ ཁྲ་ཡི་མགོ་ཅན་གཏད་ལ། ཧཱུྃ༔ དུར་ཁྲོད་མེ་རི་འབར་བའི་ཀློང་དཀྱིལ་ནས༔ དཔལ་ཆེན་ཁྲོ་རྒྱལ་དབང་གི་བཀའ་ཉན་པ༔ གསོད་བྱེད་ཁྲོ་མོ་མི་བཟད་ཁྲ་ཡི་མགོ༔ རླུང་ལྷའི་གདོན་ཚོགས་མ་ལུས་རྡུལ་དུ་རློག༔ ཁམས་གསུམ་སྒྲོལ་བྱེད་ཁྲོ་མོ་ཆེན་མོ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞི་མ་ལུས་མྱུར་འགྲུབ་ཤོག༔ ཨོཾ་བཛྲ༴ ཕ་ཝང་མགོ་ཅན་གཏད་ལ། ཧཱུྃ༔ དུར་ཁྲོད་མེ་རི་འབར་བའི་ཀློང་དཀྱིལ་ནས༔ དཔལ་ཆེན་ཁྲོ་རྒྱལ་དབང་གི་བཀའ་ཉན་པ༔ གསོད་བྱེད་ཁྲོ་མོ་མི་བཟད་ཕ་ཝང་མགོ༔ གནོད་སྦྱིན་གདོན་ཚོགས་མ་ལུས་རྡུལ་དུ་རློག༔ སྲིད་གསུམ་ཁྲོམ་འདེབས་ཁྲོ་མོ་ཆེན་མོ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞི་མ་ལུས་མྱུར་འགྲུབ་ཤོག༔ ཨོཾ་བཛྲ༴ སྲེ་མོང་མགོ་ཅན་གཏད་ལ། ཧཱུྃ༔ དུར་ཁྲོད་མེ་རི་འབར་བའི་ཀློང་དཀྱིལ་ནས༔ དཔལ་ཆེན་ཁྲོ་རྒྱལ་དབང་གི་བཀའ་ཉན་པ༔ གསོད་བྱེད་མི་བཟད་ཁྲོ་མོ་སྲེ་མོང་མགོ༔ བགེགས་ཀྱི་གདོན་ཚོགས་མ་ལུས་རྡུལ་དུ་རློག༔ དགྲ་སྲོག་རྔམས་མཛད་ཁྲོ་མོ་ཆེན་མོ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞི་མ་ལུས་མྱུར་འགྲུབ་ཤོག༔ ཨོཾ་བཛྲ༴ བྱི་བའི་མགོ་ཅན་གཏད་ལ། ཧཱུྃ༔ དུར་ཁྲོད་མེ་རི་འབར་བའི་ཀློང་དཀྱིལ་ནས༔ དཔལ་ཆེན་ཁྲོ་རྒྱལ་དབང་གི་བཀའ་ཉན་པ༔ གསོད་བྱེད་ཁྲོ་མོ་མི་བཟད་བྱི་བའི་མགོ༔ ས་བདག་གདོན་ཚོགས་མ་ལུས་རྡུལ་དུ་རློག༔ དགྲ་བོའི་བདུན་རྒྱུད་རྩད་གཅོད་ཁྲོ་མོ་ཆེན་མོ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞི་མ་ལུས་མྱུར་འགྲུབ་ཤོག༔ ཨོཾ་བཛྲ༴ དེ་ལྟར་སྤྲུལ་པའི་ཁྲ་ཐབས་ཟ་གསོད་ཉི་ཤུའི་དབང་བསྐུར་པས་དྲག་པོའི་ཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པར་འགྱུར་རོ། །དེ་ནས་ལས་བཞི་ལྷུན་གྲུབ་ཀྱི་དབང་ནི། གྲུ་ཆད་ཀྱི་ཕུར་པ་བཞི་གཏད་ལ། ཧཱུྃ༔ ལྷག་པའི་ལྷ་མཆོག་རྡོ་རྗེ་གཞོན་ནུ་ཡི༔ མི་འགྱུར་སྐུ་ཡི་ཕྱག་མཚན་རྟགས་ཀྱི་རྒྱ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་ཡོངས་རྫོགས་དཔལ༔ ཞི་རྒྱས་དབང་དང་དྲག་པོ་མངོན་སྤྱོད་སོགས༔ ཕྲིན་ལས་རྣམ་བཞི་འགྲོ་འདུལ་དབང་རྫོགས་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོ༔ ཤཱནྟིཾ་པུཥྚིཾ་བ་ཤཾ་མཱ་ར་ཡ་རུ་ཏྲ་པྲ་བེ་ཤ་ཡ་ཕཊ༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ན་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་རྣམས་ལ༔ ཞི་རྒྱས་དབང་དྲག་བཞིའི་དབང་བསྐུར་པས༔ ཕྲིན་ལས་རྣམ་བཞི་གང་བརྩམ་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པའི་དབང་མཆོག་དམ་པ་དང་ལྡན་པར་གྱུར་ཅིག༔ དེ་ནས་སྒོམ་སྒྲུབ་ཀྱི་དབང་ནི། སྲས་བཞིའི་ཕུར་པ་གཏད་ལ། ཧཱུྃ༔ ཕུང་ཁམས་རྣམ་དག་བདེ་ཆེན་ཆོས་ཀྱི་དབྱིངས༔ དུས་གསུམ་བདེ་གཤེགས་རྒྱལ་བ་མ་ལུས་བཞུགས༔ སྣང་སྲིད་མ་ལུས་རྡོ་རྗེ་ཕུར་པའི་ལྷ༔ གཙོ་འཁོར་མ་ལུས་འོད་སྐུའི་ཚོམ་བུ་རུ༔ རྟག་ཏུ་གཡོ་མེད་ལྷ་ཡི་ཏིང་འཛིན་བསྒོམ༔ རྒྱལ་ཀུན་ཐུགས་སྙིང་མེ་ཡི་སྤུ་གྲི་མཆོག༔ སྔགས་བཟླས་ཆུ་རྒྱུན་ཇི་བཞིན་གྲགས་སྟོང་སྒྲོག༔ ཐུགས་མཆོག་འགྱུར་མེད་ལྷམ་མེར་ཧཱུྃ་དུ་གསལ༔ དེང་འདིར་སྐལ་ལྡན་རིགས་ཀྱི་བུ་ཁྱོད་ཀྱི༔ སྒྲུབ་པའི་ཕྲིན་ལས་ནུས་མཐུའི་དབང་རྫོགས་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་སཾ་བྷོ་ནིར་མ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ན་སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས་ལ༔ ཕྲིན་ལས་བཞི་སྒྲུབ་ཀྱི་སྒྲུབ་ཕུར་ཆེན་པོ་འདི་གཏད་པས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཡོངས་སུ་རྫོགས་པའི་དབང་མཆོག་དམ་པ་དང་ལྡན་པར་གྱུར་ཅིག༔ དེ་རྣམས་ཀྱིས་ལྷ་དབང་རྗེས་འབྲེལ་དང་བཅས་པ་གྲུབ། དེ་ནས་བསྙེན་སྒྲུབ་ཛཔ྄་བཟླས་ཀྱི་དབང་བསྐུར་བ་ལ། དཀྱིལ་འཁོར་གཙོ་བོའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་སྲོག་ཧཱུྃ་ཡིག་གི་མཐར་འཁོད་པ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་སྒྲུབ་པར་མོས་ལ་སྔགས་རྣམས་ཀྱི་རྗེས་ཟློས་མཛོད། ཕྲེང་བ་སྦྲེལ་ལ་བསྙེན་སྒྲུབ་ཀྱི་སྔགས་ལན་གསུམ་རྗེས་ཟློས་བྱར་གཞུག །དེ་ནས་ཕྲེང་བ་དང་སྔགས་བྱང་མགྲིན་པར་བཞག་ལ། ཧཱུྃ༔ ཆོས་ཀྱི་དབྱིངས་ནས་འབར་བའི་སྐུར་སྟོན་པ༔ བདེ་གཤེགས་ཕྲིན་ལས་མ་ལུས་རྫོགས་པའི་དཔལ༔ སྒྲུབ་པའི་ཡེ་ཤེས་ལྷ་མཆོག་ཚོན་གང་བ༔ ཆུ་ཟླ་འཇའ་ཚོན་ལྟ་བུར་རྟགས་ཐོབ་ཀྱིས༔ བསྐྱེད་པའི་ལྷ་བསྒོམ་སྔགས་བཟླས་ཆུ་རྒྱུན་བཞིན༔ དེང་འདིར་སྐལ་ལྡན་རིགས་ཀྱི་བུ་མཆོག་ལ༔ ཛཔ྄་དབྱངས་སྙིང་པོ་སྔགས་ཀྱི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ ཛཿཧཱུྃ་ཨཱ༔ སརྦ་དྷརྨ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ འོ་ན་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་རྣམས་ལ༔ མན་ངག་སྙིང་པོ་ལུང་གི་བྱིན་རླབས་ཀྱི་བཀའ་དབང་འདི་གཏད་པས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གཙོ་འཁོར་བཀའ་སྡོད་བྲན་གཡོག་དང་བཅས་པའི་ལས་རབ་འབྱམས་རྒྱ་མཚོའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་སྐབས་འདིར་ཀཿཐོག་པའི་ཕྱག་བཞེས་སུ་དྲག་པོའི་བསྒྲལ་དབང་སྦྱོར་བར་མཛད་ཅིང་དེ་ལྟར་ན་གཏེར་གཞུང་བསྒྲལ་ལས་ཀྱི་དབུ་ནས་རིམ་པར་གཏང་། ལྷ་དབྱེའི་འཕྲོས་སུ་ཕུར་དབང་བསྐུར། གདབ་ལས་ཞལ་བསྟབ་ཡན་སོང་ནས་ཤེར་དབང་ལ་འཇུག་པ་ཁྲོ་བོའི་དབང་སྤྱི་དང་བསྟུན་པར་སྣང་མོད། ཆོས་བདག་བྲག་དམར་པའི་ལུགས་ལ་མ་བྱུང་ཞིང་ཆོས་དབང་སངས་གླིང་རཏྣ་སོགས་ཀྱི་ཕུར་པ་ལའང་བསྒྲལ་དབང་ཟུར་དུ་མེད་ལ། རཏྣའི་ཕུར་པ་དང་འདིའི་འགྲོས་མཐུན་པ་དང་། འདོན་བྱ་ཡིག་ཚོགས་ཧ་ཅང་མང་བར་འགྱུར་བས་མ་སྤྲོས་སོ། །དེ་ནས་སྲས་ཕུར་ལག་ཏུ་གཏད། དཔལ་ཆས་ལུས་ལ་བཀོན་པའི་ཚུལ་བྱས་ལ། ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ རྡོ་རྗེ་ཕུར་པ་འབར་བའི་ཀཱི་ལ་ཡ༔ ཡབ་ཡུམ་ཕྱག་རྒྱ་གར་གྱིས་བྱིན་གྱིས་བརླབས༔ བདེ་གཤེགས་ཡོངས་རྫོགས་ཕྲིན་ལས་འདུས་པའི་རྫས༔ སྐལ་ལྡན་བུ་ལ་ཕྱག་མཚན་འདི་གཏད་པས༔ གཟི་བྱིན་ནུས་སྟོབས་དཔལ་འབར་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ སརྦ་མ་ཧཱ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ན་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་རྣམས་ལ༔ དཔལ་གྱི་ཆས་བཅུ་ལུས་ལ་བཀོན་ཞིང༔ རྡོ་རྗེ་ཕུར་པ་ལག་ཏུ་གཏད་པས༔ ཕུར་པ་ཡེ་ཤེས་ཀྱི་ཁྲོ་བོའི་རང་བཞིན་དུ་བྱིན་གྱིས་བརླབས་ནས༔ མདོར་ན་དགྲ་བགེགས་འབྱུང་པོ་ལ་སོགས་པ་གང་ལ་རེག་པ་ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་ནུས་པའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ དེ་དག་རྣམས་ཀྱིས་བུམ་པའི་དབང་བསྐུར་བ་ཡོངས་སུ་རྫོགས་པ་དང་། གསང་བའི་དབང་བསྐུར་བ་རྣམས་སོང་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། མཚན་ཉིད་དང་ལྡན་པའི་རིག་མ་ལག་ཏུ་གཏད་པ་དང་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་ཡས་བབས་དང་མས་བརྟན་གྱི་དགའ་བཞིས་དྲངས་པའི་ལྷན་སྐྱེས་དཔེའི་ཡེ་ཤེས་མངོན་དུ་བྱས་པར་མོས་ཤིག །རིག་ཙཀ་གཏད་ལ། ཨེ་མ༔ ཐེག་ཆེན་སྣོད་གྱུར་སྐལ་ལྡན་བུ་མཆོག་རྣམས༔ དགའ་བཞིའི་གནས་སྟེར་ཤེས་རབ་མ་བྲལ་བའི༔ གསང་སྔགས་བསྒྲུབ་པས་གྲུབ་པ་ག་ལ་ཐོབ༔ སྣང་གྲགས་པདྨ་མཁའ་འགྲོའི་རིག་རྩལ་དབང༔ ཤེས་རབ་རང་བཞིན་བུད་མེད་བརྙས་མི་རུང༔ ལམ་མཆོག་དགའ་བཞིའི་ཡེ་ཤེས་མ་བརྟེན་པའི༔ འབྲས་བུ་སྐུ་བཞིའི་ཡེ་ཤེས་ཐོབ་མི་འགྱུར༔ དེ་ཕྱིར་ཐབས་ལམ་གཟུངས་མ་རྟག་ཏུ་བསྟེན༔ བདེ་སྟོང་ཟུང་འཇུག་རང་གྲོལ་བདེ་ཆེན་ངང༔ དགའ་བཞིའི་ཡེ་ཤེས་རྩེ་མོར་ལྷུན་གྱིས་གྲུབ༔ ཚེ་འདིར་རྡོ་རྗེ་འཆང་དབང་འགྲུབ་པར་འགྱུར༔ ཨོཾ་མ་ཧཱ་བྷོ་དྷི་ཛྙཱ་ན་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དབང་བཞི་པ་རིག་པའི་རྩལ་དབང་བསྐུར་བ་ཡིན་པས་ཁྱེད་རང་རྣམས་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པའི་ངང་ནས། སྙིང་གར་ཡེ་ཤེས་སེམས་དཔའ་ཚོན་གང་བ་མར་མེ་ལྟར་འབར་བ་ལ་ཤེས་པ་རྩེ་གཅིག་ཏུ་གཏོད་ཅིག །ཨེ་མ༔ སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ དབང་གི་རིགས་རྣམས་གང་བསྐུར་བ༔ ཐབས་དང་ཤེས་རབ་ཡང་དག་འབྲེལ་བའི་ལམ༔ རང་བྱུང་ཡེ་ཤེས་དོན་གྱི་དབང་མཆོག་ལ༔ བསྐུར་བྱ་སྐུར་བྱེད་གཉིས་མེད་ཡེ་གྲོལ་ཀློང༔ ཐམས་ཅད་མཉམ་རྫོགས་འུབ་ཆུབ་བློ་ལས་འདས༔ ཡེ་ནས་འཕོ་འགྱུར་མེད་པ་རྡོ་རྗེ་ལ༔ བགྲེས་རྒུད་གཞོམ་གཞིག་མི་མངའ་གཞོན་ནུའི་ཚུལ༔ ཕུར་ནི་ཆོས་དབྱིངས་ཁྱབ་བརྡལ་ཆེན་པོ་ལ༔ པ་ནི་རང་བྱུང་རིག་པའི་ཡེ་ཤེས་ཏེ༔ ཡང་དག་དོན་གྱི་ཕུར་པ་དེ་ཡིན་ནོ༔ ཐུགས་ཀར་རང་རིག་རང་བྱུང་སྲོག་དང་བཅས༔ ངོ་བོ་སྟོང་ཞིང་རང་བཞིན་གསལ་བ་ལ༔ ཐུགས་རྗེའི་རྩལ་སྣང་མ་འགགས་ཧུ་རེ་བ༔ རང་བྱུང་དོན་གྱི་རྡོ་རྗེ་གཞོན་ནུ་ཡིན༔ ཡེ་གྲོལ་ཆེན་པོའི་ངང་དུ་ཧྲིག་གེ་བ༔ ཀློང་གྲོལ་ཆེན་པོའི་ངང་དུ་ཆུ་རེ་བ༔ རང་གྲོལ་ཆེན་པོའི་ངང་དུ་ཁྲོ་ལེ་བ༔ འདི་ནི་རང་བྱུང་ཡེ་ཤེས་ཆེན་པོ་ཡིན༔ ཡང་དག་དོན་གྱི་རྡོ་རྗེ་གཞོན་ནུ་ཡིན༔ ཨེ་མ༔ སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ རྟག་ཏུ་དེ་ཉིད་ངང་ལ་གནས་པར་མཛོད༔ དེ་ལ་ཡེངས་འཛིན་མེད་པའི་གཟེར་གྱིས་ཐོབས༔ ཚེ་འདིར་ཀུན་བཟང་རྒྱལ་བ་འགྲུབ་པར་ངེས༔ ཕཊ༔ ཕཊ༔ ཕཊ༔ རང་བབས་ཀྱི་གནས་ལུགས་བློ་འདས་ཀ་དག་ཆེན་པོའི་ངང་དུ་ཞོག་ཅིག༔ ཅེས་ཡུན་གཅིག་འཇོག །དེ་ནས་བརྟུལ་ཞུགས་ནུས་པའི་དབང་བསྐུར་བ་ཡིན་པས་མཆེད་ལྕམ་ཐམས་ཅད་ཌཱ་དྲིལ་དཀྲོལ་བཞིན་པས་དཀྱིལ་འཁོར་ལ་བསྐོར་བ་བྱེད་ཅིང་བྲོ་འཁྲབ་པར་མོས་ལ་རིག་པ་གཏད་མེད་ཀྱི་ངང་དུ་སྐྱོངས་ཤིག །སློབ་མའི་གཙོ་བོ་ཞིག་ལ་ཌཱ་དྲིལ་གཏད། སློབ་དཔོན་གྱིས་ཀྱང་གར་གྱི་སྟབས་དང་ཌཱ་དྲིལ་དང་ཧྲོལ་སྤེལ་ཞིང་དབྱངས་དང་བཅས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བྷིག་ནཱན་བཾ་ཧཱུྃ་ཧཱུྃ་ཕཊ༔ གནས་ཡུལ་འདི་ནི་འོག་མིན་ཆོས་ཀྱི་དབྱིངས༔ ཡེ་ནས་འཛིན་པ་མེད་དོ་གཏད་མེད་ཟང་ཐལ་ངང༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་གྲགས་ཐམས་ཅད་ཀུན་བཟང་རྒྱལ་བའི་སྐུ༔ ཡེ་ནས་གཏད་མེད་བརྗོད་མེད་ཀ་དག་ཀློང་ཡངས་ངང༔ ཧཱུྃ་ཧཱུྃ་ཧཱུྃ༔ གནས་ཡུལ་འདི་ནི་འོག་མིན་བདེ་ཆེན་ཞིང༔ ཡེ་ནས་བསམ་བརྗོད་མེད་དོ་སྟོང་ཉིད་བདེ་ཆེན་མཁའ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་གྲགས་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྐུ༔ གཏད་མེད་འཛིན་མེད་རང་བྱུང་རང་གསལ་ཆེན་པོའི་ངང༔ ཧཱུྃ་ཧཱུྃ་ཧཱུྃ༔ གནས་ཡུལ་འདི་ནི་འོག་མིན་པད་འོད་ཞིང༔ ཡེ་ནས་རང་བྱུང་ཁྱབ་བརྡལ་ཆེན་པོར་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་གྲགས་ཐམས་ཅད་རིག་འཛིན་རྒྱལ་བའི་སྐུ༔ རང་རིག་རང་བྱུང་ལྷུན་གྲུབ་རྗེན་པ་ཟང་ཐལ་གཤིས༔ ཧཱུྃ་ཧཱུྃ་ཧཱུྃ༔ གནས་ཡུལ་འདི་ནི་འོག་མིན་མཁའ་འགྲོའི་ཞིང༔ རིག་འཛིན་དཔའ་བོ་མཁའ་འགྲོ་རྒྱ་མཚོའི་འོད་ཕུང་འབར༔ ཧཱུྃ་ཧཱུྃ་ཧཱུྃ༔ གནས་ཡུལ་འདི་ནི་སྤྲོས་བྲལ་སྒྱུ་མའི་གླིང༔ སྣང་གྲགས་བསྟན་སྲུང་རྒྱ་མཚོའི་ཚོགས་རྣམས་སྤྲིན་ཕུང་འཁྲིགས༔ གང་ཤར་ཆོས་ཉིད་རང་རྩལ་བདེ་ཆེན་ཀློང༔ གཟའ་གཏད་ཕྱོགས་འཛིན་ཀུན་བྲལ་རང་རིག་གཤིས༔ ཧཱུྃ་ཧཱུྃ་ཧཱུྃ༔ དེ་ནས་དཔལ་གཏོར་སྐུ་ཙཀ་དང་བཅས་པ་ཐོགས་ལ། དཔལ་གྱི་གཏོར་ཆེན་འདི་ཉིད་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པར་གསལ་བ་སྤྱི་བོར་བཞག་པས། གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་འོད་ཟེར་བདུད་རྩིའི་རྣམ་པར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་ཆེན་པོ་རྣམས༔ ཡེ་ཡིན་སྲིད་པ་རྡོ་རྗེ་བསྒྲུབ་པར་མཛོད༔ སྣང་གྲགས་ཐམས་ཅད་རྡོ་རྗེ་ཕུར་པའི་ལྷ༔ རང་བྱུང་ཁྲོ་རྒྱལ་ཆེན་པོར་འགྲུབ་པར་མཛོད༔ དཔལ་གཏོར་ཡི་དམ་ལྷ་དང་གཉིས་སུ་མེད༔ དངོས་གྲུབ་ཀུན་གཏེར་དམ་རྫས་བ་ལིང་ཏ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྐུ་བཞི་ཡེ་ཤེས་ལྔ་ཡི་དབང་རྫོགས་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ སརྦ་མ་ཧཱ་བྷ་ལིང་ཏ་ཤྲཱི་ཛྙཱ་ན་ཨ་བྷི་ཥིཉྩ་ཨ་ཨ༔ འོ་ན་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་ལ༔ དཔལ་གཏོར་ཡེ་ཤེས་ཀྱི་མེ་འབར་བ་ཕྱག་རྒྱ་ཆེན་པོའི་དབང་འདི་བསྐུར་པས༔ དུས་གསུམ་གྱི་བདེ་གཤེགས་རྒྱལ་བ་རྒྱ་མཚོ་ཐམས་ཅད་ཀྱི་ཐུགས་དམ་བསྐང་ཞིང་མི་མཐུན་པའི་བར་ཆད་ཐམས་ཅད་ཞི་བའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ དེ་ནས་ལས་རྡོར་གྱིས་ཕུར་སྲུང་བཅུ་གཉིས། དགེ་བསྙེན་ཉེར་གཅིག་དང་གིང་བཞི། སྒོ་མ་བཞི། དབང་ཕྱུག་ཉེར་བརྒྱད་བཅས་ཚོ་བཞིར་སྦོམ་ནས་དར་གྱིས་བཅིངས་ལ་སློབ་དཔོན་གྱི་མདུན་དུ་འབྲུ་སྣོད་ལ་བཙུགས། གཡས་གཡོན་འོ་མ་དང་རཀྟའི་མཚོ་བཤམས། མདུན་དུ་ཞུན་ཆེན་གྱི་མར་མེ་སྦར། སློབ་དཔོན་གྱིས་ལྕགས་ཀྱུའི་རྒྱས། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། དཀོན་མཆོག་གསུམ་དང་ཡི་དམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་བདག་ཉིད་རྩ་བའི་དཀྱིལ་འཁོར། ཕུར་པ་སྲས་ཀྱི་དཀྱིལ་འཁོར། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པའི་སྟོབས་ཀྱིས། བཀའ་ཡི་ཕུར་སྲུང་ཆེན་མོ་བཅུ་གཉིས་མིང་པོ་དང་བཅས་པ་རྣམས་དུར་ཁྲོད་ཆེན་པོ་བརྒྱད་དང་། བལ་ཡུལ་མཐིལ། ཚ་བ་རོང་། མོན་གྱི་ཡུལ། བསེ་ལུང་སྙེ་ནམ་ལ་སོགས་གང་ན་བཞུགས་པའི་གནས་ནས་སྐད་ཅིག་ལ་འདིར་མཆིས་པར་གྱུར་ཅིག །བཛྲ་ས་མ་ཡ་ཨངྒུ་ཤ་ཛཿ ཞེས་བཤུགས་རྐང་བསྒྲགས། དེ་ནས་ཕུར་བུ་རྣམས་ལ་ལས་རྡོར་ནས་གུ་གུལ་དང་ཤ་ཆེན་བདུག །སློབ་དཔོན་ནས་ཡུངས་ཐུན་བྲབ་བཞིན། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོ༔ ཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ༔ ཨ་པ་ར་ཛི་ཏེ༔ མ་ར་སེ་ན་པྲ་མརྟ་ན་ཡེ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཅེས་བཟླའོ། །སློབ་བུ་རྣམས་སྟོབས་ཆེན་དུ་བསྐྱེད་པ་ནི། ཁྱེད་རང་རྣམས་དཔའ་བོ་གོ་བརྗེས་པའི་ཚུལ་དུ་ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ་དུད་ཁ་ཞལ་གཡས་སྔོ། གཡོན་དམར་བ། དབུས་ཞལ་སྐུ་མདོག་དང་མཐུན་པ། ཕྱག་གཡས་གཉིས་ན་རྡོ་རྗེ་དང་རལ་གྲི་གཡོན་གཉིས་ན་བྷན་དྷ་དང་སྦྲུལ་ཞགས། ཐ་མ་གཉིས་ཀྱིས་རི་རབ་ཕུར་བུ་བསྒྲིལ་བ། ཞབས་བཞི་རྣམ་པར་བསྒྲད་ཅིང་། ཡུམ་སྐུལ་བྱེད་མ་དང་མཉམ་པར་སྦྱོར་བས་དྲེགས་ཚོགས་ཟིལ་གྱིས་གནོན་པའི་བདག་ཉིད་ཆེན་པོར་གྱུར་པར་མོས་ཤིག །ཅེས་བརྗོད་ལ་རྒྱས་པར་སྤྲོ་ན་གཏེར་གཞུང་གི་བསྐུལ་བྱང་དམར་ནག་གློག་ཕྲེང་ནང་བཞི་རྫོགས་ཀྱི་བར་བཏང་བའམ་བསྡུ་ན་དབང་གཞུང་རང་གིས་ཆོག་པས། སློབ་དཔོན་བཛྲ་ཀུ་མཱ་རའི་ང་རྒྱལ་དང་ལྡན་པས། ཧཱུྃ༔ བྲན་དང་བཀའ་ཉན་ཁས་བླངས་ཕོ་ཉའི་ཚོགས༔ སྔོན་ཚེ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ སྤྱན་སྔར་ཇི་ལྟར་ཁས་བླངས་དམ་བཅས་ལྟར༔ དམ་ཚིག་གཉན་པོ་དེ་ལས་མ་འདའ་བར༔ རིག་འཛིན་བདག་གིས་གཞུང་བཞིན་སྒྲུབ་ལགས་ཀྱིས༔ དམ་ཅན་སྲུང་མ་མ་གཡེལ་དམ་ལ་འདུས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་གྲུབ་པར་མཛོད༔ ཕུར་སྲུང་དམ་ཅན་བཅུ་གཉིས། གིང་དང་དགེ་བསྙེན། སྒོ་མ་བཞི་རྣམས་རིམ་པར་ཁྱེད་རང་ལ་ཅི་བགྱིའི་བྲན་དང་འབངས་སུ་གཏད་པར་མོས་ཤིག །ཕུར་སྲུང་བཅུ་གཉིས་ཀྱི་ཕུར་བུ་སློབ་དཔོན་གྱི་ཕྱག་གིས་འདྲིལ་ཅིང་སློབ་མའི་སྙིང་ག་ལྟེ་བ་ལག་མཐིལ་དུ་གཏད་ལ། ཧཱུྃ༔ ང་ནི་དཔལ་ཆེན་རྡོ་རྗེ་གཞོན་ནུ་སྟེ༔ ཁྱེད་རྣམས་དམ་ཚིག་མ་གཡེལ་དུས་ལ་བབ༔ ཤྭ་ན་ཆེན་མོ་མཆེད་བཞིའི་དུས་ལ་བབ༔ བདག་ཉིད་ཆེན་མོ་མཆེད་བཞིའི་དུས་ལ༴ ས་བདག་ཆེན་མོ་མཆེད་བཞིའི་དུས་ལ༴ དམ་ཉམས་ལས་ངན་བསྟན་པའི་དགྲ་བགེགས་རྣམས༔ སྐྱེ་རྒྱུད་ལྔ་ཕུང་རྡུལ་དུ་བརླག་པའི་ཕྱིར༔ བསྟན་འཛིན་སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ བྲན་དང་བཀའ་ཉན་ཕོ་ཉར་གཉེར་དུ་གཏད༔ སྐལ་ལྡན་འདི་ལ་ཚེ་རབས་ཐམས་ཅད་དུ༔ ལུས་དང་གྲིབ་ལྟར་མི་འབྲལ་འགྲོགས་པ་དང༔ ཕ་མས་བུ་ཚ་ཇི་བཞིན་བརྩེ་བར་མཛོད༔ གང་བཅོལ་ཕྲིན་ལས་མ་ལུས་བསྒྲུབ་པ་དང༔ ལོག་འདྲེན་དགྲ་བགེགས་མ་ལུས་ཚར་ཆོད་ལ༔ སྐལ་ལྡན་འདི་ཡི་བསྟན་སྲུང་ཕྲིན་ལས་མཛོད༔ ཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ༔ ཨ་པ་ར་ཛི་ཏེ༔ མ་ར་སེ་ན་པྲ་མརྟ་ན་ཡེ་དམ་ལས་མ་འདའ་བཛྲ་ས་མ་ཡ་འདུས་འདུས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏད། སློབ་མས་ཕུར་པ་རྣམས་གཡས་གཡོན་དུ་འདྲིལ། འདེབས་ཚུལ་དང་གདེངས་ཚུལ་བྱ། རྐེད་པ་ལ་ལན་གསུམ་བསྐོར། དེ་ནི་དཔའ་བོ་ལས་ལ་སྤྲད་པ་དང༔ ཁྱི་བཟང་བདག་པོ་ལ་འཕྲོད་པ་དང་འདྲ་བས༔ གང་བཅོལ་གྱི་ལས་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པར་འགྱུར་རོ༔ དེ་ནས་དགེ་བསྙེན་ཉེར་གཅིག་དང་གིང་བཞིའི་ཕུར་པ་གཏད་ལ། ཧཱུྃ༔ དཔལ་ཆེན་རྡོ་རྗེ་ཕུར་པའི་སྲུང་མ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་སྲུང་མའི་ཚོགས༔ དགེ་བསྙེན་བསེ་ལྕགས་དུང་དང་ཏཱ་ཀི་ནག༔ ཕོ་ཉ་ལས་མཁན་དགྲ་བོའི་སྲོག་ལ་རྔམས༔ ཟང་ཡག་རལ་གྲི་མེ་འབར་ཀླད་ལ་བསྐོར༔ གནམ་ལྕགས་ཕུར་པ་དགྲ་བགེགས་སྙིང་ལ་གཟིར༔ བྲན་དང་བཀའ་ཉན་ལས་བྱེད་ཕོ་ཉའི་ཚོགས༔ བརྣགས་པའི་ལས་ཀུན་མ་གཡེལ་མཐུ་མ་ཆུང༔ དམ་སྲི་དགྲ་བགེགས་མྱུར་སྒྲོལ་ལས་མཛོད་ཅིག༔ ཤྲཱི་ཀྲང་ཀ་ར་ཡ་མ་ར་སེ་ན་པྲ་མརྟ་ན་ཡེ་བཛྲ་ས་མ་ཡ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྱོགས་བཅུར་གཟིར་ཞིང་རྐང་མགོར་བསྐོར་ལ་ཞབས་སུ་གཏད། དབང་ཆེན་རྒྱལ་པོའི་བཀའ་བྲན་གཡོག་གིས་ཉན་པ་དང་འདྲ་སྟེ་ལས་ཐམས་ཅད་ཐོགས་མེད་དུ་འགྲུབ་པའོ༔ དེ་ནས་སྒོ་ཕུར་བཞི་གཏད་ལ། ཧཱུྃ༔ དཔལ་གྱི་བཀའ་ཉན་སྒོ་བཞི་སྲུང་མཛད་པ༔ པུ་ཤུད་ཀང་ཀ་སྲིན་བྱ་ཁྲ་མགོ་ཅན༔་་་མགོ་བརྙན་འདི་རྣམས་ལས་བྱང་སྐབས་དང་མི་མཐུན་དཔྱད། མཆན། འགུགས་ཤིང་འཆིང་སྡོམ་དགྲ་བགེགས་སྒྲོལ་མཛད་པ༔ ཚད་མེད་བཞི་ལྡན་ཕྱག་རྒྱ་རྣམ་བཞི་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞི་མ་ལུས་མྱུར་འགྲུབ་ཅིང༔ མངོན་སྤྱོད་དྲག་རྩལ་མཐུ་ཡི་དབང་ཐོབ་ཤོག༔ ཛཿཧཱུྃ་བཾ་ཧོ༔ མ་ར་སེ་ན་པྲ་མར་ཏ་ན་ཡེ་བཛྲ་ས་མ་ཡ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཕུར་པ་ཕྱོགས་བཞིར་འདྲིལ་བཞིན་བསྐོར་ལ་དཀྱིལ་འཁོར་སྒོ་བཞིར་འདེབས་པའི་ཚུལ་བྱའོ། །དེས་ནི་རྒྱལ་པོ་ཆེན་པོའི་འབངས་དཔའ་བོར་མངའ་གསོལ་བ་དང་འདྲ་སྟེ༔ ཕྲིན་ལས་རྣམ་བཞི་འབད་མེད་དུ་འགྲུབ་པར་ངེས་སོ༔ དེ་ནས་དབང་ཕྱུག་ཕུར་བུ་རྣམས་ལ་འགུགས་གཞུག་གོང་ལྟར་ལ་གཤམ། བདེན་པའི་སྟོབས་ཀྱིས། དབང་མོ་ཉི་ཤུ་རྩ་བརྒྱད་རྣམས། དུར་ཁྲོད་ཆེན་པོ་བརྒྱད། རི་རབ་ལྷུན་པོའི་ཕྱོགས་བཞི་སོགས་གང་ན་གནས་ཀྱང་ཞེས་བསྒྱུར་ཅིང་དགུག་གཞུག་བྱ་བ་སོགས་སྔོན་དང་འདྲ། ཧཱུྃ༔ བྲན་དང་བཀའ་ཉན་སོགས་ཀྱིས་བསྐུལ་བསྐྱར་ནས་གཏང་། སྤྲོས་པ་རྒྱས་ན་གཏེར་གཞུང་གི་བསྐུལ་གཏང་བར་བཤད། མ་ཚོགས་དབང་ཕྱུག་ཉེར་བརྒྱད་ཁྱེད་རང་རྣམས་ཀྱི་ལས་བྱེད་ཕོ་ཉ་བྲན་གཡོག་གི་ཚུལ་དུ་གཏད་པར་མོས་ཤིག །དབང་ཕྱུག་ཕུར་བུ་རྣམས་སློབ་མའི་སྙིང་ག་སོགས་དང་བརླ་གཡས་གཡོན་རྣམས་སུ་བཞག་ལ། ཧཱུྃ་བྷྱོ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་བཀའ་ཉན་ཚོགས༔ ལས་བྱེད་མ་ཚོགས་དབང་ཕྱུག་ཉེར་བརྒྱད་ཀྱིས༔ ཡང་གསང་གཉིས་མེད་ཚོགས་ཀྱི་དཀྱིལ་འཁོར་འདིར༔ ཇི་ལྟར་མཚན་ཙམ་འཛིན་པར་བྱེད་པ་ཡང༔ གཡོ་སྒྱུ་མེད་པར་སྙིང་ནས་གུས་ལྡན་པའི༔ སེམས་ཀྱིས་བླངས་ནས་སྤྱི་བོའི་གཙུག་ཏུ་བསྐུར༔ ཁྱོད་ཀྱིས་དེ་སྐད་བོར་ཏེ་དམ་བཅས་བཞིན༔ སྐལ་ལྡན་འདི་ལ་ལུས་གྲིབ་ཇི་བཞིན་དུ༔ ཕ་མས་བུ་ཚ་ལྟ་བུར་བརྩེ་སྲུང་མཛོད༔ བརྣགས་པའི་དགྲ་བགེགས་རྣམས་ལ་རྦད་པའི་ཚེ༔ གང་ལ་དམིགས་པའི་དགྲ་བགེགས་ཤོར་ར་རེ༔ སྐལ་ལྡན་ཁྱོད་ལ་བྲན་དུ་འདི་གཏད་པས༔ མཐུ་རྩལ་ཐོགས་མེད་ནུས་སྟོབས་དབང་རྫོགས་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཛཿཛཿཛ༔ བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ༔ ཛཿབྷྱོ༔ སྔོན་ཚེ་དཔལ་ཆེན་སྤྱན་སྔར་ཁས་བླངས་བཞིན༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ སྲུང་མར་གཏད་དེ་དམ་ཚིག་གཉན་པོ་སྲུངས༔ འབངས་སུ་གཏད་དེ་ཅི་བགྱིའི་བཀའ་ཉན་གྱིས༔ ལས་མཁན་ཕོ་ཉའི་ཚུལ་དུ་ཁྱོད་གཏད་པས༔ ཅི་བཅོལ་ལས་ཀུན་ཐོགས་མེད་སྒྲུབ་པ་དང༔ བཀའ་དང་དམ་ལས་འདའ་བར་མ་བྱེད་ལ༔ བསྟན་པ་གཉན་སྲུངས་སྒྲུབ་མཆོག་བུ་བཞིན་བསྲུང་མཛོད་ཅིག༔ འོ་ན་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་རྣམས་ལ༔ དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ལས་བྱེད་ཕོ་ཉའི་བཀའ་འདི་གཏད་པས༔ སྟོང་གསུམ་འཁོར་ལོས་བསྒྱུར་བ་ལྟ་བུའི་མངའ་དབང་དམ་པ་དང་ལྡན་པར་གྱུར་ཅིག༔ དེ་ནས་དབུ་རྒྱན་སྤྱི་བོར་བཀོན། སྒྲུབ་གཏོར་དང་རྒྱུན་གཏོར་ལག་གཡས་གཡོན་དུ་གཏད། སྒྲུབ་ཡིག་སྙིང་གར་བཞག །རོལ་ཆེན་བྱས་ལ། དེ་ནས་རྡོ་རྗེ་རྒྱལ་པོ་རབ་འབྱམས་བཀའི་དབང་ཆེན་བསྐུར་བས་ཕྲིན་ལས་རྣམ་པ་བཞི་ལ་ཐོགས་པ་མེད་པར་དབང་བསྐུར་བ་མཐུ་སྟོབས་ནུས་པའི་དབང་ཆེན་ཐོབ་པར་མོས་ཤིག །ཧཱུྃ༔ དུས་གསུམ་རྒྱལ་བ་རིག་འཛིན་དམ་པའི་སྲས༔ བསྐྱེད་རྫོགས་བརྟན་ཐོབ་ཕྲིན་ལས་རྣམ་པ་བཞི༔ མཐར་ཕྱིན་ཆོས་རྣམས་ཀུན་ལ་དབང་སྒྱུར་ཞིང༔ བསྙེན་སྒྲུབ་ལས་སྦྱོར་མ་ལུས་མཐར་སོན་ཅིང༔ བདག་གཞན་མ་ལུས་སྨིན་ཅིང་གྲོལ་བ་དང༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་བཀའ་གཏད་དབང༔ དེང་འདིར་སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རབ་འབྱམས་བཀའ་ཡི་དབང་རྫོགས་འདི་བསྐུར་བས༔ ཕྲིན་ལས་ནུས་མཐུ་ཐོགས་མེད་དབང་རྫོགས་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་མཱཾ༔ དེ་ལྟར་དབང་བསྐུར་ཡོངས་སུ་རྫོགས་པའི་མཐའ་རྟེན་དུ། ཚེ་འབྲང་དཔལ་ཆེན་ཚེའི་བདག་པོ་གཙོ་འཁོར་རྣམས་ཀྱི་སྐུ་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་འཕྲོས་འཁོར་འདས་བརྟན་གཡོའི་ཚེ་བསོད་དཔལ་འབྱོར། སྙན་གྲགས་དབང་ཐང་། ཕྱྭ་དང་གཡང་གི་དྭངས་བཅུད་མ་ལུས་པ་འུབ་ཀྱིས་བསྡུས་ནས་ཁྱེད་རང་རྣམས་དང་གཡང་རྫས་ལ་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་མངའ་དབང་བརྙེས་པར་མོས་ཤིག །ཚེ་གཏོར་སྤྱི་བོར་བཞག །ཕྱྭ་གཡང་གི་རྫས་རྣམས་གནས་གསུམ་དུ་བཞག་ཅིང་ལག་ཏུ་གཏད་ལ། ཧཱུྃ༔ སྲིད་པའི་ཕུར་པ་བདག་གིས་བསྒྲུབ་པ་དང༔ ཚེ་དབང་དངོས་གྲུབ་མ་ལུས་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་རྒྱལ་ཆེན་པོ་གཤེགས་སུ་གསོལ༔ ཁྲོ་ཆེན་འབར་བ་འཁོར་བཅས་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་མྱུར་དུ་བསྟན་པ་དང༔ བཛྲ་ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་ཏྲ་ཨཱཿཡུརྫྙཱ་ན་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ་བྷྲཱུྃ་ཧྲཱིཿཛཿཛཿཧཱུྃ་བྷྲཱུྃ་གུ་ཎ་བཛྲ་སརྦ་སིདྡྷི་ཧྲཱི༔ ཤཱནྟིཾ་པུཥྚིཾ་བ་ཤཾ་ཀརྨ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཨ་ཨ༔ ཧཱུྃ་ཧཱུྃ་ཧཱུྃ༔ བྷྲཱུྃ་བྷྲཱུྃ་བྷྲཱུྃ༔ སརྦ་ནྲྀ་ཛཿཛཿཛཿབྷྲཱུྃ་ཧཱུྃ་རཀྵ་རཀྵ༔ འོ་ན་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་རྣམས་ལ༔ ཚེ་དབང་དང་ཕྱྭ་གཡང་ལོངས་སྤྱོད་ཀྱི་མཆོག་དཔལ་འབྱོར་རིགས་རྒྱུད་དངོས་གྲུབ་སྣ་ཚོགས་ཀྱི་དབང་བསྐུར་པས༔ དུས་གསུམ་བདེ་གཤེགས་རིག་འཛིན་རྒྱལ་བ་རྒྱ་མཚོ་ཐམས་ཅད་ཀྱི་ཚེ་དབང་ལོངས་སྤྱོད་དབང་ཐང་དཔལ་འབྱོར་སྙན་གྲགས་མི་ཟད་པའི་ལོངས་སྤྱོད་ལ་མངའ་བརྙེས་པའི་མཆོག་དང་ཐུན་མོང་ཕུན་སུམ་ཚོགས་པའི་དངོས་གྲུབ་ལ་ལོངས་སྤྱོད་པའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན་དང་བཀྲ་ཤིས་པའི་རྫས་རྟགས་རྣམས་རིམ་པར་ཕུལ་ནས་མངའ་གསོལ་བར་མོས་ཤིག །ཅེས་དེ་རྣམས་ཚིགས་བཅད་སྤྱི་འགྲོ་བཅས་གཏད། མཚམས་སྦྱོར་བཅས་ཤིས་བརྗོད་རྒྱས་པར་བྱ། དེ་དག་རྣམས་ཀྱི་སྒོ་ནས་གཏེར་སྟོན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར་བ་མཆོག་གི་རིག་འཛིན་ཆེན་པོ་བདུད་འདུལ་ནུས་ལྡན་རྡོ་རྗེའི་ཟབ་གཏེར་ལས་བྱོན་པ་ཕུར་པ་གནམ་ལྕགས་སྤུ་གྲིའི་དབང་བསྐུར་ལེགས་པར་གྲུབ་པ་ལགས་པས་སོགས་ཀྱིས་མཚམས་སྦྱོར་སྤྱི་མཐུན་བྱས་ལ་གཙོ་བོས་ཇི་ལྟར་སོགས་དམ་ཚིག་ཁས་ལེན། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་བྱས་ལ་སློབ་མ་རྣམས་གྱེས་སོ། །གསུམ་པ་རྗེས་ཀྱི་བྱ་བ་སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་། གཏེར་སྲུང་གཏོར་སྐྱོང་། ཆད་བརྟན་རྟ་བྲོ། གཏང་རག་མཆོད་བསྟོད་ནོངས་བཤགས། རས་བྲིས་ལ་བརྟན་བཞུགས་དང་། དཀྱིལ་འཁོར་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་ཀྱི་བར་ལས་གཞུང་དང་གསང་བ་སྤྱིའི་འགྲོས་བཞིན་བྱས་པས་འགྲུབ་བོ། །ཟླ་བྲལ་ནུས་ལྡན་རྡོ་རྗེའི་གཏེར་གྱི་བཅུད། །སྙིགས་དུས་མཐའ་དམག་ཟློག་ལ་ཆེད་དུ་བསྔགས། །དེ་ཕྱིར་བསྟན་འཛིན་མཆོག་རྣམས་ཐུགས་ཀྱི་བུམ། །བདུད་རྩིའི་རྒྱུན་འདིས་ཡོངས་སུ་གཏམ་པར་མཛོད། །མ་རུངས་བདུད་དགྲ་དམ་སྲིའི་དཔུང་ཚོགས་རྣམས། །གནམ་ལྕགས་སྤུ་གྲིའི་དབལ་གྱིས་རྨིང་མེད་དུ། །བཅོམ་ནས་རྒྱལ་བསྟན་རྒྱས་པའི་བཀྲ་ཤིས་རྟགས། །ནམ་ཡང་མི་ནུབ་སྲིད་རྩེར་སྒྲེང་གྱུར་ཅིག །དེ་ལྟར་ཤིན་ཏུ་ཟབ་ཅིང་གཉན་ལ་ནུས་བྱིན་ཆེ་བར་ཡོངས་སུ་གྲགས་ཀྱང་བརྒྱུད་འཛིན་ཕྱོགས་རེ་བ་ཙམ་ལས་སྔ་འགྱུར་སྤྱི་ལ་ཁྱབ་བརྡལ་དུ་མ་གྱུར་པས་རྒྱུན་ཙམ་འཕེལ་འདོད་ལྷག་པའི་བློས་ཀུན་ནས་བསླངས་ཏེ། རིན་ཆེན་གཏེར་གྱི་མཛོད་ཆེན་པོར་བཞུགས་སུ་གསོལ་བའི་སྐབས་སུ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་སྨིན་བྱེད་མཚམས་སྦྱོར་ཉུང་གསལ་ཉིད་དུ་སྤེལ་བ་དགེ་ལེགས་འཕེལ།། །།
དཔལ་རྡོ་རྗེ་བདུད་རྩི་ལས་བདེ་བ་ཆེན་པོ་བླ་མའི་སྒྲུབ་ཐབས་ཀྱི་དབང་བསྐུར་ཡང་ཟབ་བདུད་རྩིའི་བཅུད་ཐིགས་ (Volume 30, Text 2)
ྈ དཔལ་རྡོ་རྗེ་བདུད་རྩི་ལས་བདེ་བ་ཆེན་པོ་བླ་མའི་སྒྲུབ་ཐབས་ཀྱི་དབང་བསྐུར་ཡང་ཟབ་བདུད་རྩིའི་བཅུད་ཐིགས་ཞེས་བྱ་བ་བཞུགས་སོ།། རྡོ་རྗེ་བདུད་རྩིའི་མཆོག་གྲུབ་པས། །བདེ་ཆེན་གར་གྱིས་སྲིད་དང་ཞི། །དབང་མཛད་གུ་རུ་སྙིང་དབུས་སུ། །བཀོད་ནས་གཏོར་དབང་མཚམས་སྦྱོར་སྤེལ། །ཚེས་བཅུ་གཙོ་བོར་གྱུར་པའི་དུས་བཟང་པོར་དབེན་པའི་གནས་སུ་གུ་རུ་རིན་པོ་ཆེའི་རྟེན་གང་འབྱོར་བཤམ་པའི་མདུན་དུ། སྟེགས་བཟང་པོའི་དབུས་སུ་རིན་པོ་ཆེའི་སྣོད་དུ་སྤོད་ལྡན་གྱི་གཏོར་མ་རིན་ཆེན་འབར་བ་རྒྱན་སྤྲོས་ཅན་སྐུ་ཙཀ་དར་གདུགས་དང་བཅས་པ་བཀོད་པའི་གཡས་གཡོན་སྨན་རཀ །མདུན་དུ་ཕྱི་མཆོད་ཕྲེང་ཚར་དུ་བཤམ། དངོས་གྲུབ་ཀྱི་རྫས་བཟའ་བཏུང་དང་། ཚོགས་ཀྱི་ཡོ་བྱེད་སོགས་འདུ་བྱས་ཏེ། བླ་མའི་ལས་བྱང་བཏང་ལ་བདག་མདུན་དབྱེར་མེད་དུ་བསྒྲུབ། བཟླས་པ་ཅི་ནུས་བྱ། རྟོགས་པས་མི་ཆུན་ན་གཏོར་མ་ཁྱད་པར་བླ་མའི་དཀྱིལ་འཁོར་དུ་གསལ་ལ་བཟླས་པ་བྱ། སྟོང་ཚིགས་དང་ཚོགས་མཆོད་ཕུལ། སློབ་མ་རྣམས་ལ་ཁྲུས་བྱ། བགེགས་བསྐྲད་ཅིང་སྲུང་འཁོར་སྒོམ། སེམས་བསྐྱེད་གསལ་གདབ། དེའང་གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་ལམ་ནས་ཚེ་གཅིག་གིས་བྱང་ཆུབ་འགྲུབ་པའི་ཐབས་ཀྱི་རྩ་བ་ནི་ཟབ་མོ་བླ་མའི་ལམ་མཆོག་ཁོ་ན་ཡིན་ཅིང་། དེ་ཉིད་སྒྲུབ་པའི་བཀའ་སྲོལ་མཐའ་ཡས་པ་ཀུན་ལས་ཁྱད་པར་དུ་མས་འཕགས་པ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་གསང་གསུམ་ཡོན་ཏན་མཛད་པ་དང་བཅས་པ་གཅིག་ཏུ་བསྡུས་པ། གདོང་དམར་བོད་ཡུལ་གྱི་འགྲོ་བ་ཡོངས་ཀྱི་སྐྱབས་གཅིག །ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ལ། གཉགས་ལོ་ཡེ་ཤེས་གཞོན་ནུས་བླ་མ་དང་ཡི་དམ་དབྱེར་མེད་པའི་རྣལ་འབྱོར་ཁྱད་པར་ཅན་ཞིག་སྩོལ་བར་གསོལ་བ་བཏབ་པའི་ཚེ་གུ་རུའི་ཞལ་ནས། བདག་གི་ངོ་བོ་དུས་གསུམ་གྱི་རྒྱལ་བ་རྣམས་དང་དབྱེར་མེད་ཅིང༔ རྣམ་པ་བདུད་རྩི་ཆེན་པོའི་ཡེ་ཤེས་གྲུབ་པ་མཆོག་གི་ཚུལ་བསྟན་པ་ཡིན་པས༔ རྣལ་འབྱོར་ཟབ་མོའི་མཐར་ཐུག་པ་གདམས་པར་བྱའོ༔ ཞེས་དགྱེས་པ་ཆེན་པོས་གནང་བ་བསྩལ་པ། གུ་རུ་བདེ་བ་ཆེན་པོ་རྡོ་རྗེ་བདུད་རྩི་མཆོག་གྲུབ་པའི་སྐུའི་རྣམ་འགྱུར་དུ་བསྟན་པའི་སྒྲུབ་ཐབས་ཤིན་ཏུ་ཟབ་ལ་ངོ་མཚར་བ་འདི་ཉིད། ཡར་ལུང་པདྨ་བརྩེགས་པའི་ཕུག་པར་གཏེར་དུ་སྦས་པ་སྤྲུལ་པའི་གཏེར་སྟོན་ར་མོ་ཤེལ་སྨན་ཡེ་ཤེས་བཟང་པོས་གཏེར་ནས་ཕྱུང་སྟེ་འགྲོ་དོན་ཅི་རིགས་མཛད་སླར་འདབ་གཏེར་དུ་བཞུགས་པ། དེང་སྐབས་གདུལ་བྱ་དུས་ལ་བབས་པའི་དབང་གིས་གཏེར་སྟོན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར་བ་མཆོག་གི་རིག་འཛིན་ཆེན་པོ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་གཏེར་སྲུང་སྔགས་ཀྱི་བདག་མོས་ཤོག་སེར་མངོན་སུམ་དུ་ཕུལ་བ་ལས་གཏན་ལ་ཕབ་པའི་ཟབ་ཆོས། རྡོ་རྗེ་བདུད་རྩིའི་སྐོར་ལས་བདེ་བ་ཆེན་པོ་བླ་མའི་སྒྲུབ་ཐབས་དང་འབྲེལ་བའི་གཏོར་དབང་ཟབ་པའི་མཐར་ཐུག་བསྐུར་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་བདུད་རྩིའི་ཡེ་ཤེས་སྐུ༔ བླ་མ་བདེ་བ་ཆེན་པོ་ཡིས༔ སྙིང་པོ་དོན་གྱི་དཀྱིལ་འཁོར་དུ༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ལན་གསུམ། མདུན་གྱི་ནམ་མཁར་མ་ཧཱ་གུ་རུ་བདེ་བ་ཆེན་པོ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་ནས་བཞུགས་པའི་སྤྱན་སྔར། བདག་གཞན་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་གུས་པ་ཆེན་པོས་སྐྱབས་སུ་མཆི་ཞིང་། སེམས་ཅན་ཐམས་ཅད་འཆི་མེད་བདེ་བ་ཆེན་པོའི་གོ་འཕང་མཆོག་ལ་འགོད་པའི་སླད་དུ་སྨིན་བྱེད་ཀྱི་དབང་ཞུ་བ་དང་། ཟབ་མོའི་ལམ་བསྒོམ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་དཔལ་ལྡན་སོགས་ལས་བྱང་ལྟར་ལན་གསུམ། དབང་གི་ཡེ་ཤེས་སྐྱེ་གནས་འཕེལ་བའི་རྟེན་ཏུ་གྱུར་པ་སོ་བྱང་གཉིས་དང་ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པ་ལས་བཤད་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཚུལ་བཞིན་དུ་བཟུང་སྙམ་པས་འདིའི་རྗེས་ཟློས། བདེ་གཤེགས་སྲས་བཅས་བདག་ལ་དགོངས༔ རིག་པ་འཛིན་པ་བདག་གིས་ནི༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་སྡོམ་པའི་ཚོགས༔ མ་ལུས་ཡོངས་སུ་གཟུང་བར་བགྱི༔ ལན་གསུམ། དེ་ནས་དབང་གི་གཞི་དགོད་པའི་ཕྱིར་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་གཞན་དུ་མ་ཡེངས་པར་དམིགས་པ་འདི་ལྟར་རྩེ་གཅིག་ཏུ་སྒོམས་ཤིག །དངོས་སྣང་ཐམས་ཅད་གདོད་ནས་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ངང་ལས། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་ཉི་མ་ཟླ་བ་བརྩེགས་པའི་གདན་གྱི་སྟེང་དུ། རང་རང་གི་རིག་པ་མ་བཅོས་པའི་ངོ་བོ་སྐད་ཅིག་གིས་མ་ཧཱ་གུ་རུ་བདེ་བ་ཆེན་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ལྡན་བཅུ་དྲུག་ལོན་པའི་ལང་ཚོ་ཅན། ཞལ་གཅིག་སྤྱན་གསུམ་ཁྲོ་འཛུམ་ཆགས་པའི་ཉམས་ཀྱིས་སྒེག་པ། དབུ་སྐྲའི་ཐོར་ཚུགས་པདྨ་གསར་པའི་ཕྲེང་བས་བཅིངས་ཤིང་རྡོ་རྗེའི་ཏོག་གིས་མཚན་པ། ཕྱག་གཡས་པས་རྡོ་རྗེ་ཐུགས་ཀར་གཏོད་པའི་ཚུལ་གྱིས་འཛིན་ཅིང་གཡོན་པས་དྲིལ་བུ་དཀུར་བརྟེན་པ། དར་གྱི་སྟོད་གཡོགས་དང་སྟག་ལྤགས་ཀྱི་ཤམ་ཐབས་ཅན། རིན་པོ་ཆེ་དང་མེ་ཏོག་གི་ཕྲེང་བ་རུས་པའི་རྒྱན་དང་དྲིལ་བུ་གཡེར་ཁའི་དྲྭ་བས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་པང་དུ་ཡུམ་རིན་ཆེན་མཱ་མ་ཀཱི་ཤཱཀྱ་དེ་བཱི་ལྷ་མོའི་ཚུལ་ཅན་གཞོན་ཞིང་སྒེག་ལ་རིན་པོ་ཆེ་དང་རུས་པའི་རྒྱན་ཅན་ཕྱག་གཉིས་གྲི་གུག་དང་བདུད་རྩིའི་ཐོད་པ་སྟོབ་པ་དང་མཉམ་པར་སྦྱོར་བ། འཇའ་ཟེར་འོད་ཕུང་འབར་བའི་ཀློང་ན་བཞུགས་པའི་གནས་གསུམ་ནས་འཕྲོས་པའི་འོད་ཟེར་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་དང་། ཁྱད་པར་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་ན་བཞུགས་པའི་བླ་མ་རྒྱལ་བ་སྲས་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ། ཐམས་ཅད་ཀྱང་གུ་རུ་བདེ་བ་ཆེན་པོའི་རྣམ་པར་བཞེངས་ཤིང་ནམ་མཁའ་ནས་ཆར་བབས་པ་ལྟར་བྱོན་ཏེ་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ཤིག །འབེབ་པའི་རྫས་བདུག །ཅང་ཏེ་དྲིལ་བུའི་སྒྲས་བསྐུལ་ལ། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་སོགས་ལས་བྱང་ལྟར་སྤྱན་འདྲེན་སྔགས་བཅས་བརྗོད་ལ་དབབ། རྡོ་རྗེ་མེ་ཏོག་མགོར་བཞག་ལ། ཏིཥྛ་བཛྲས་བརྟན་པར་བྱ། དེ་རྣམས་ཀྱིས་དབང་གི་སྔོན་དུ་འགྲོ་བ་རྣམས་གྲུབ་ནས། དངོས་གཞི་གཏོར་མ་ལ་བརྟེན་ཏེ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཀྱི་སྙིང་པོར་གྱུར་པ་བགྱི་བ་ལ་འདུན་པ་འདི་ལྟར་མཛོད་ཅིག །གཏོར་སྣོད་རང་བྱུང་ཡེ་ཤེས་ཀྱི་གཞལ་ཡས་ཁང་ཆེན་པོའི་ནང་དུ་གཏོར་མ་མ་ཧཱ་གུ་རུ་བདེ་བ་ཆེན་པོ་སངས་རྒྱས་ཐམས་ཅད་འདུས་པའི་སྤྱི་གཟུགས། རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བར་གསལ་བའི་དཔྲལ་བ་ནས་འོད་ཟེར་བདུད་རྩི་དཀར་པོའི་རྒྱུན་བྱུང་ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ། ལུས་ཀྱི་སྒྲིབ་པ་དག །བུམ་པའི་དབང་ཐོབ། སྣང་སྟོང་སྐུའི་ཕྱག་རྒྱ་མངོན་དུ་གྱུར་པར་མོས་ཤིག །གཏོར་མ་སྤྱི་བོར་བཞག་ལ། ཨོཾ༔ གཏོར་མའི་རྣམ་པ་ལྷ་དང་གཉིས་སུ་མེད༔ སྣང་སྟོང་ཟུང་འཇུག་བླ་མ་བདེ་བ་ཆེས༔ སྐལ་ལྡན་སློབ་མའི་ལུས་ལ་དབང་བསྐུར་བས༔ སྐུ་ཡི་ཕྱག་རྒྱ་ཆེན་པོ་འགྲུབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཤྲཱི་མ་ཧཱ་སུ་ཁ་སརྦ་སིདྡྷི་ཧཱུྃ༔ མ་ཧཱ་བ་ལིཾ་ཏ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཡང་གཏོར་མ་མ་ཧཱ་གུ་རུ་བདེ་བ་ཆེན་པོར་གསལ་བའི་མགྲིན་པ་ནས་འོད་ཟེར་བདུད་རྩི་དམར་པོའི་རྒྱུན་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། ངག་གི་སྒྲིབ་པ་དག །གསང་བའི་དབང་ཐོབ། གྲགས་སྟོང་གསུང་གི་ཕྱག་རྒྱ་མངོན་དུ་གྱུར་པར་མོས་ཤིག །གཏོར་མ་མགྲིན་པར་བཞག་ལ། ཨཱ༔ གཏོར་མའི་སྒྲ་དོན་སྔགས་དང་གཉིས་སུ་མེད༔ གྲགས་སྟོང་ཟུང་འཇུག་བླ་མ་བདེ་བ་ཆེས༔ སྐལ་ལྡན་སློབ་མའི་ངག་ལ་དབང་བསྐུར་བས༔ གསུང་གི་ཕྱག་རྒྱ་ཆེན་པོ་འགྲུབ་པར་ཤོག༔ གོང་གི་སྔགས་མཐར། མ་ཧཱ་བ་ལིཾ་ཏ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཡང་གཏོར་མ་མ་ཧཱ་གུ་རུ་བདེ་བ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་བདུད་རྩི་སྔོན་པོའི་རྒྱུན་བྱུང། ཁྱེད་རང་རྣམས་ཀྱི་སྙིང་ཁར་ཐིམ། ཡིད་ཀྱི་སྒྲིབ་པ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། བདེ་སྟོང་ཐུགས་ཀྱི་ཕྱག་རྒྱ་མངོན་དུ་གྱུར་པར་མོས་ཤིག །གཏོར་མ་སྙིང་ཁར་བཞག་ལ། ཧཱུྃ༔ གཏོར་མའི་རང་བཞིན་གསལ་ལ་འཛིན་པ་མེད༔ བདེ་སྟོང་ཟུང་འཇུག་བླ་མ་བདེ་བ་ཆེས༔ སྐལ་ལྡན་བུ་ཡི་ཡིད་ལ་དབང་བསྐུར་བས༔ ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་འགྲུབ་པར་ཤོག༔ སྔགས་མཐར། མ་ཧཱ་བ་ལི་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡང་གཏོར་མ་མ་ཧཱ་གུ་རུ་བདེ་བ་ཆེན་པོར་གསལ་བའི་གནས་གསུམ་ལས་འོད་ཟེར་བདུད་རྩི་དཀར་དམར་མཐིང་གའི་རྒྱུན་བྱུང་། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ། སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག །དབང་བཞི་པ་ཐོབ། རིག་སྟོང་ཡེ་ཤེས་ཀྱི་ཕྱག་རྒྱ་མངོན་དུ་གྱུར་པར་མོས་ཤིག །གཏོར་མ་སྤྱི་བོར་བཞག་ལ། ཧོ༔ གཏོར་མའི་ངོ་བོ་གདོད་ནས་སྐྱེ་བ་མེད༔ རིག་སྟོང་ཟུང་འཇུག་བླ་མ་བདེ་བ་ཆེས༔ སྐལ་ལྡན་སློབ་མའི་རྒྱུད་ལ་དབང་བསྐུར་བས༔ ཡེ་ཤེས་ཕྱག་རྒྱ་ཆེན་པོ་མངོན་གྱུར་ཤོག༔ སྔགས་མཐར། མ་ཧཱ་བ་ལི་ཏ་ཛྙཱ་ན་ཨ་བྷི་ཥིཉྩ་ཧོ༔ གཏོར་མ་ལྷར་གསལ་བ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་བླ་མའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་དང་གཉིས་སུ་མེད་པར་དོན་གྱི་ཡེ་ཤེས་མངོན་དུ་གྱུར་པར་མོས་ལ་ཐུགས་ཡིད་བསྲེས་ཏེ་རང་རིག་གི་ངོ་བོ་བསྐྱང་བ་ཞུ། ཞེས་བརྗོད་ལ་དར་གཅིག་མཉམ་པར་གཞག །གཏོར་རྫས་ཡེ་ཤེས་བདུད་རྩིའི་བཅུད་དུ་འཁྱིལ་པ་དེ་ཉིད་མགྲིན་པར་མྱང་བས་དངོས་གྲུབ་རྣམ་པ་གཉིས་སྟན་ཐོག་འདི་ཉིད་དུ་ཐོབ་པར་མོས་ཤིག །ཅེས་བརྗོད་ལ་གཏོར་མའི་ཆ་ཤས་དངོས་གྲུབ་ཀྱི་རྫས་སུ་བྱིན་ལ་ཤིས་བརྗོད་བྱ། དེ་ལྟར་བཅོམ་ལྡན་འདས་རྡོ་རྗེ་བདུད་རྩི་གསང་བ་ཆེན་པོའི་མན་ངག་སྙིང་གི་ཐིགས་པའི་སྐོར་ལས་དཔལ་བདེ་བ་ཆེན་པོའི་བླ་མ་སྒྲུབ་པའི་དབང་བསྐུར་གྱི་རིམ་པ་འདིའང་། གཞུང་ཉིད་ལས། དབང་བསྐུར་བྱེ་བ་བསམ་ཡས་ཀྱི༔ སྙིང་པོའི་བཅུད་བསྡུས་འདི་ཁོ་ན༔ ཡང་དག་ཡེ་ཤེས་འཕོ་བའི་ལམ༔ ཟབ་རྒྱ་ཀུན་གྱི་བཅུད་དུ་ཟུངས༔ ཞེས་བསྔགས་པ་རྡོ་རྗེའི་ཡེ་ཤེས་འཕོ་བའི་དབང་བསྐུར་ཀུན་གྱི་སྙིང་པོར་གྱུར་པ་ཉིད་ལེགས་པར་གྲུབ་པ་ཡིན་པས། སྤྱི་དང་བྱེ་བྲག་གི་དམ་ཚིག་གི་རིམ་པ་ལ་བསྲུང་སྡོམ་ཚུལ་བཞིན་བགྱི་བའི་འདུན་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏོང་རག་མཎྜལ། ལུས་འབུལ་བཅས་གྲུབ་ནས། དེ་ནས་དེ་དང་རྗེས་སུ་འབྲེལ་བ་ལ། གྲོལ་བྱེད་གདམས་ངག་ཕྱག་རྒྱ་བཞིའི་ཁྲིད་ཀྱི་རིམ་པ་རྩ་བ་རྡོ་རྗེའི་གསུང་འདི་ལ་ལེགས་པར་གསན་འཚལ། དེ་ནས་ཡང་ཟབ་མན་ངག་ནི༔ སོགས་ནས། མན་ངག་ཀུན་གྱི་སྙིང་པོར་ཟུངས༔ ཞེས་པའི་བར་དལ་བུས་བཀླག་པའམ་ནུས་ན་རྩ་ཚིག་ནོན་པ་ཙམ་གྱི་མདོར་བསྡུས་བཤད། དེ་ལྟར་ན་བདེ་བ་ཆེན་པོ་བླ་མའི་སྒྲུབ་ཐབས་ལས་སྨིན་གྲོལ་གྱི་རིམ་པ་རྣམས་ལེགས་པར་གྲུབ་པ་ཡིན་པས་དགེ་རྩ་རྫོགས་བྱང་དུ་བསྔོ་བར་ཞུ། ཞེས་སོགས་མཚམས་སྦྱར་ལ་དགེ་བསྔོ་བྱ། བླ་མས་ཚོགས་ལ་རོལ་ཅིང་ལྷག་མ་གཏང། མཆོད་བསྟོད་ནས་ཤིས་བརྗོད་ཀྱི་བར་ཡང་ལས་གཞུང་ལྟར་བྱས་པས་གྲུབ་བོ། །བདེ་ཆེན་འགྱུར་མེད་བླ་མའི་སྐུ །ལམ་མཆོག་འདི་ལས་མྱུར་འགྲུབ་སྟེ། །འཁྲུལ་པའི་དྲྭ་བར་ཆུད་པའི་འགྲོ །འོད་གསལ་དབྱིངས་སུ་འགྲོལ་བྱེད་ཤོག །ཅེས་པའང་ཟབ་ཆོས་འདིའི་ཞབས་ཏོག་ཏུ་འགྱུར་བའི་ལྷག་པའི་བློས་པདྨ་གར་དབང་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་སྤེལ་བ་དགེ་ལེགས་འཕེལ།། །།
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རིག་འཛིན་པདྨ་འབྱུང་གནས་ཀྱི་རྫོགས་རིམ་འོད་གསལ་རྫོགས་པ་ཆེན་པོའི་ཁྲིད་ཡིག་ཐིག་ལེ་གསེར་ཞུན་ (Volume 58, Text 2)
༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རིག་འཛིན་པདྨ་འབྱུང་གནས་ཀྱི་རྫོགས་རིམ་འོད་གསལ་རྫོགས་པ་ཆེན་པོའི་ཁྲིད་ཡིག་ཐིག་ལེ་གསེར་ཞུན་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨཱཀ་ར་ཡ། རྩོལ་མེད་ངེས་པའི་ཐེག་པ་ཆེ། །གྲོལ་བ་དྲུག་ལྡན་རྡོ་རྗེའི་རྒྱུད། །ཆོས་ཉིད་རང་སྒྲར་སྒྲོག་མཛད་པ། །ཀུན་བཟང་པདྨའི་ཞབས་ལ་འདུད། །མངོན་སུམ་ལམ་བྱེད་ཚེ་གཅིག་གིས། །གདོད་མའི་གྲོལ་སར་སྙེག་བྱེད་པ། ཁྲིད་ཚུལ་རྒྱ་མཚོའི་སྙིང་པོ་ནི། །རྩ་བའི་དགོངས་པ་དགྲོལ་བར་བྱ། །སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་མཆོག་ཐེག་དགུའི་ཡང་རྩེ་འོད་གསལ་རྫོགས་པ་ཆེན་པོའི་ཁྲིད་སྟོན་པ་ལ། འཆད་བྱེད་སློབ་དཔོན་དབང་དང་དམ་ཚིག་ལྡན་ཅིང་ཁྲེགས་ཆོད་དང་ཐོད་རྒལ་གྱི་རྟོགས་པ་དང་ལྡན་པ། འཆད་ཡུལ་གྱི་སློབ་མ་དད་པ་བརྩོན་འགྲུས་ཤེས་རབ་དང་ལྡན་ཅིང་ཚེ་འདིའི་འཁྲི་བ་ཆོད་པས་བླ་མའི་བཀའ་བཞིན་སྒྲུབ་པ། གནས་རང་བཞིན་གྱིས་དགེ་ཞིང་དབེན་ལ་བསམ་གཏན་གྱི་བར་ཆད་མེད་པ། དུས་དཔོན་སློབ་རྟེན་འབྲེལ་འཚོགས་པའི་སྐབས་དེ་ཉིད་དུའམ་བསིལ་དྲོད་སྙོམས་ལ་ཡེ་ཤེས་འཆར་སླ་བ། གྲོགས་དམ་ཚིག་གཙང་ཞིང་དག་སྣང་བརྩེ་སེམས་ཅན་དང་། མཐུན་རྐྱེན་ཡོ་བྱད་ཚོགས་པ་ན་འཆད་ཉན་དང་ཉམས་ལེན་ལ་བརྩོན་པ་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས་གསུངས་སོ། །འཆད་བྱ་གདམས་ངག་ཟབ་མོའི་ཁྲིད་ཚུལ་དངོས་བསྟན་པ་ལ་གསུམ། གང་ཞིག་ཉམས་སུ་བླང་བྱའི་དགོངས་པ་བསྟན། ཇི་ལྟར་ཉམས་སུ་ལེན་པའི་ལག་ཁྲིད་བཤད། དེ་ལྟར་ཉམས་སུ་བླངས་པའི་གྲོལ་ཚུལ་སྨྲོས་པའོ། །དང་པོ་ནི། རྩ་བ་རྡོ་རྗེའི་གསུང་ལས། མཐར་ཐུག་མཆོག་གི་རྫོགས་རིམ་ནི༔ གཞི་དབྱིངས་ཀ་དག་འདུས་མ་བྱས༔ གཞི་སྣང་ལྷུན་གྲུབ་ལམ་དུ་ཤར༔ དབྱེར་མེད་མངོན་གྱུར་འབྲས་བུར་སྨིན༔ འོད་གསལ་རྫོགས་ཆེན་དགོངས་པ་འོ༔ ཞེས་གསུངས་པ་ལྟར། འཁོར་འདས་ཀུན་གྱི་སྤྱི་གཞི་དབྱིངས་ཀྱི་ངོ་བོ་ཀ་དག་འདུས་མ་བྱས་པ་ལས་རང་བཞིན་རིག་པའི་རང་གདངས་གཞི་སྣང་ལྷུན་གྲུབ་ཀྱི་སྒོ་བརྒྱད་དུ་ཤར་ཏེ་ཐུགས་རྗེའི་རྩལ་གཡོས་པ་ལས་འཁོར་འདས་ཀྱི་ལམ་སྣང་སྣ་ཚོགས་སུ་ཤར་བ་ལ། རང་གི་རང་རྩལ་དུ་རྟོགས་དང་མ་རྟོགས་པའི་ཁྱད་པར་ལས་གྲོལ་འཁྲུལ་ཐ་དད་དུ་སྣང་བ་ཉིད། བླ་མའི་བྱིན་རླབས་དང་གདམས་ངག་ཟབ་མོའི་རྐྱེན་གྱིས་ཀ་དག་གི་གཞི་དང་། ལྷུན་གྲུབ་གཞི་སྣང་ངོ་བོ་དབྱེར་མེད་ཀྱི་རྟོགས་པ་མངོན་དུ་གྱུར་པ་ན་འཁྲུལ་པ་རུ་ལྡོག་ཅིང་དབྱིངས་སྣང་ཆོས་ཉིད་དུ་ཟད་དེ་གདོད་མའི་གྲོལ་སར་དག་པ་གཉིས་ལྡན་གྱི་འབྲས་བུར་སྨིན་པ་ནི། འོད་གསལ་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་དགོངས་པ་གཅིག་ཏུ་བསྡུས་པའོ། །གཉིས་པ་ཇི་ལྟར་ཉམས་སུ་ལེན་པའི་ལག་ཁྲིད་ལ་གཉིས། སྔོན་འགྲོ་རང་རྒྱུད་སྦྱོང་བ། དངོས་གཞི་ཉམས་སུ་བླང་བའོ། །དང་པོ་སྔོན་འགྲོ་ལ་གཉིས། ཐུན་མོང་དང་། ཐུན་མོང་མ་ཡིན་པའོ། །དང་པོ་ནི། འདས་རྗེས་ལས། མི་རྟག་སྙིང་རྗེ་བྱང་སེམས་སྦྱང་། །ཞེས་གསུངས་ཏེ། དེའང་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ཡིན་ཞིང་། དེ་རྒྱུད་ལ་སྐྱེད་པ་ལ། ཐོག་མར་ཕྱི་སྣོད་ནང་བཅུད་རང་ལུས་བཅས་མྱུར་དུ་མི་རྟག་འཇིག་པའི་ཚུལ་ལ་བློ་སྦྱང་། དེའི་རྟེན་དལ་འབྱོར་གྱི་མི་ལུས་རྙེད་དཀའ་བ་དང་། ལས་འབྲས་ནམ་ཡང་བསླུ་བ་མེད་པར་ཤི་བའི་འོག་ཏུ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཡུན་རིང་ལ་དོས་དྲགས་པ་མྱོང་འགྱུར་ལ་བསམ་སྟེ་ལྟར་སྣང་གི་བདེ་བ་སྙིང་པོ་མེད་པ་ལ་ཞེན་ལོག་དང་། སྲིད་འབྱོར་མཐའ་དག་ལས་ངེས་པར་འབྱུང་བའི་བློའི་ཤུགས་དྲགས་པོས། དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དཀོན་མཆོག་རྩ་བ་གསུམ་ལ་བློ་གཏད་ལིང་སྐྱུར་གྱིས་སྐྱབས་སུ་འགྲོ། རྒྱུ་ཀུན་རྫོབ་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་དུ་སེམས་བསྐྱེད་ཅིང་། འབྲས་བུ་དོན་དམ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱང་། ཉམས་རྟོགས་སྐྱེ་བའི་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་སྟོབས་བཞི་ཚང་བའི་སྒོ་ནས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་འབད། མཐུན་རྐྱེན་ཚོགས་གཉིས་ཟུང་འབྲེལ་དུ་སྤེལ་བ་ཕྱི་ནང་གསང་བའི་མཎྜལ་འབུལ། བྱིན་རླབས་བཙན་ཐབས་སུ་འཇུག་པའི་སླད་དུ་བཅོས་མིན་མོས་གུས་ཀྱི་ཤུགས་དྲགས་པོས་བླ་མའི་རྣལ་འབྱོར་གསོལ་འདེབས་ཀྱི་སྙིང་པོ་དང་བཅས་པ་ལ་དགེ་སྦྱོར་གྱི་གཙོར་བཏོན། བླ་མེད་སྤྱིའི་ལམ་སྲོལ་དང་མཐུན་པར་བསྐྱེད་རིམ་སྔོན་དུ་གཏང་བར་སྤྲོ་ན། སྐབས་འདིར་སྤྲོས་བཅས་ཀྱི་གཡེང་བ་མང་པོ་མི་དགོས་པས། བདག་གི་རྣལ་འབྱོར་དང་ལྡན་པས་ངོ་མཚར་ཆོས་དྲུག་གི་རྒྱབ་རྟེན་ནམ་སྙིང་པོར་གྱུར་པ་པདྨའི་སྙིང་པོའི་རྒྱུད་བཀླག་པ་སྟེ། དེ་དག་ཉམས་སུ་ལེན་པའི་ཚུལ་ནི་ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་རྩལ་གྱི་གསུང་རབས་ལས་རྟོགས་པར་བྱའོ། །སྐབས་འདིའམ་ཐོག་མ་ཉིད་ནས་འདི་ཉིད་ཀྱི་ཐུན་མོང་མིན་པའི་རིམ་གཉིས་ཀྱི་སྨིན་བྱེད་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། རྣམ་པ་ཉི་ཤུས་བྱང་ཆུབ་པའི་ཚུལ་གྱི་དབང་བསྐུར་བ་ཉིད་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་རབ་ཏུ་སྤྲོས་མེད་ཀྱི་ཚུལ་དུ་བསྐུར་བ་གནད་གདམས་དང་སྙན་བརྒྱུད་ཟུང་དུ་འབྲེལ་བའི་དགོངས་པ་ལྟར་ནོད། དམ་ཚིག་ཐུན་མོང་དང་ཁྱད་པར་སྲོག་བཞིན་དུ་བསྲུང་ངོ་། །གཉིས་པ་ཐུན་མོང་མ་ཡིན་པ་ནི། གཞུང་ལས། ལུས་ངག་ཡིད་ཀྱི་བྱ་བ་གཏང༔ རྡོ་རྗེའི་འདུག་སྟངས་ཧཱུྃ་གི་གླུས༔ བྱུང་གནས་འགྲོ་འོང་གཏན་འབེབ་ཅིང༔ རྣལ་དབབ་སོར་གཞུག་རང་ངོར་ཀློད༔ ཅེས་སྤྲོས་མེད་གནད་དུ་དྲིལ་བའི་དབང་གིས་ཁྲེགས་ཆོད་སྔོན་འགྲོ་ཆབས་ཅིག་ཏུ་བསྟན་ཏེ། དེའང་ཉམས་ལེན་འདིར་འཇུག་པའི་ཐོག་མ་ཉིད་ནས་སྒོ་གསུམ་འཁྲུལ་པའི་བྱ་བ་ཐམས་ཅད་ལིང་གིས་བཏང་སྟེ་རྣལ་འབྱོར་ལ་གཅིག་དྲིལ་བྱ་བའི་དབང་དུ་མཛད་པས་དེ་ལྟར་གྲུབ་ན་མཆོག་ཡིན་ཡང་། ཉམས་འོག་ཏུ་མི་ཆུད་པ་དག་གིས་སྤྱི་དང་མཐུན་པར་བྱ་བ་དགུ་ཕྲུགས་སུ་གཏོང་བ་ཐོད་རྒལ་སྔོན་འགྲོར་གཏང་ན་སྟབས་བདེ་བས། སྐབས་འདིའི་ཉམས་སུ་ལེན་པར་བྱ་བ་ལ་གཉིས། སྒོ་གསུམ་གྱི་སྔོན་འགྲོས་འཁོར་འདས་རུ་ཤན་དབྱེ་བ་དང་། རྣལ་དབབ་སོར་གཞུག་གོ །དང་པོ་ལའང་གཉིས། ཕྱི་ལྟར་དབྱེ་བ་གཞུང་གི་དངོས་བསྟན་དང་། ནང་ལྟར་དབྱེ་བ་མན་ངག་གིས་ཁ་བསྐང་བའོ། །དང་པོ་ལ་གསུམ་གྱི་ཐོག་མར་ལུས་ཀྱི་རུ་ཤན་དབྱེ་བ་ནི། བདེ་བའི་སྟན་ལ་རྐང་མཐིལ་གཉིས་སྦྱར་བའི་སོར་མོ་རྣམས་ས་ལ་བཙུགས། པུས་མོ་ཕྱིར་བསྐྱེད། རྒལ་ཚིགས་དྲང་པོར་བསྲང་། ལག་པ་གཉིས་སྤྱི་བོར་མ་རེག་པར་ཐལ་མོ་སྦྱར་ལ་གྲུ་མོ་གཉིས་ཐད་སོར་བརྒྱང་། མགྲིན་པས་ཨོལ་མདུད་མནན་ལ་ལྟག་རྩ་དྲང་པོར་འཐེན། ཉྭ་བཞི་ཤུགས་ཀྱིས་བསྒྲིམ། ལྟ་སྟངས་བར་སྣང་ལ་ཧ་རེ་གཏད། དམིགས་པ་ནམ་མཁའི་མཐོངས་སུ་རང་ལུས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་མེ་འབར་བ་ཞིག་ཏུ་བསྒོམས་ལ་ཅི་ཐུབ་ཏུ་བསྐྱང་། མི་ལྕོགས་པ་ན་ཧའི་སྒྲ་བཏོན་པ་དང་མཉམ་དུ་རང་གི་རིག་པ་ཨ་དཀར་པོའི་ངོ་བོར་སྟེང་གི་ནམ་མཁའ་ལ་རྒྱངས་ཀྱིས་སོང་བར་བསམས་ལ་ལུས་གན་རྐྱལ་དུ་ཁྲེས་སེ་འགྱེལ། སེམས་གཏད་མེད་འཛིན་མེད་ཀྱི་ངང་དུ་འཇོག་གོ །གཉིས་པ་ངག་རུ་ཤན་དབྱེ་བ་ནི། བདེ་བའི་སྟན་ལ་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་འཁོད་ཅིང་མིག་བར་སྣང་ལ་ཧད་པོར་གཏད་ལ། སྣང་བ་ཟིལ་གྱིས་གནོན་པའི་ཧཱུྃ་དྲག་པོ་ངར་དང་ལྡན་པ། དབུགས་ཐེངས་རེ་ལ་ཉེར་གཅིག་ཙམ་རེ་བརྗོད། དམིགས་པ་རང་གི་ཁ་ནས་ཧཱུྃ་ཡིག་གཅིག་ཐོན་གཉིས་ཐོན། མཐར་གྲངས་མེད་དུ་ཐོན་ནས་ཉེ་སྐོར་ཐོ་ཕྱི་ཐམས་ཅད་ཧཱུྃ་ཡིག་གིས་རོང་རོང་ཁེངས། དེ་ལས་སྤྲོས་ཏེ་མཐར་བློས་འཁྱུད་ཚད་ཧཱུྃ་གིས་གང་བར་མོས། ཡང་ཚུར་བསྡུས་ཏེ་ཉེ་སྐོར་རྣམས་ཁེངས། དེ་ནས་རང་གི་ཁར་གཅིག་ནས་གཉིས་སོགས་རིམ་གྱིས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་ཧཱུྃ་གིས་ཁེངས། ཧཱུྃ་དྲག་ཏུ་བཟླས་པས་ལུས་ཕྱི་ནང་ཐམས་ཅད་ཁྲོལ་ཚགས་ལྟར་སོང་། ཧཱུྃ་གི་ཤུགས་ཀྱིས་བར་སྣང་ལ་བཏེགས་ཏེ་ནམ་མཁའི་དབྱིངས་སུ་ཡེད་ཡེད་འདུག་པར་མོས། ངལ་ཞིང་ཆད་པ་ན་ཕཊ་དྲག་པོ་བརྗོད་ཅིང་སྒོམ་མཁན་གྱི་རང་ངོ་ལ་བལྟས་ཏེ་ཅི་གནས་སུ་བསྐྱང་ངོ་། །གསུམ་པ་ཡིད་རུ་ཤན་དབྱེ་བ་ལ་གཉིས་ཀྱི། དང་པོ་དམིགས་བཅས་ནི། ལུས་གནད་སྔར་བཞིན་བྱས་ལ། སྙིང་གི་དཀྱིལ་དུ་སེམས་ཉིད་ཨ་དཀར་པོ་གསལ་ལ་འཚེར་བ་ཞིག་བསྒོམ། དེ་ལས་འཕྲོས་པའི་འོད་ཀྱིས་ལུས་ཐམས་ཅད་གང་། ལུས་དང་ཨའི་འོད་དབྱེར་མེད་དུ་འདྲེས་པའི་འོད་ཀྱི་གོང་བུར་གྱུར་པ་དེ་ཀོ་མོག་ཏུ་རྡོ་བསྐྱུར་བ་ལྟར་འོད་དུ་ཡ་ལ་ལ་མཆེད། ཡང་ཚུར་འདུས་སྔར་བཞིན་སྙིང་གར་ཨ་དཀར་པོ་ལམ་གྱིས་གསལ་བདོ་བ་ན། ཕཊ་བརྗོད་ལ་དམིགས་པའི་སྤྲོ་བསྡུ་དེ་རྣམས་རྦད་ཀྱིས་བཅད་དེ་དམིགས་མེད་ཀྱི་ངང་ལ་ལྷན་གྱིས་གཞག །དེ་འབྱོངས་པ་ན་རིམ་གྱིས་ཨ་ཡིག་མཐིང་ག་དང་། སེར་པོ་དང་། དམར་པོ་དང་། ལྗང་གུར་བསྒྱུར། འོད་ཀྱང་དེ་དང་མཚུངས་པའི་སྤྲོ་བསྡུ་བྱའོ། །དེ་དག་གི་དང་པོ་ནི་ལུས་ཀྱང་འདུག་སྟངས་གཙོར་བཏོན། བར་པ་ངག་གི་བརྗོད་པ་གཙོར་བཏོན། ཕྱི་མ་ཡིད་ཀྱི་སྒོམ་པ་གཙོར་བཏོན་ཅིང་། དེ་གསུམ་རེ་རེས་ཀྱང་ལུས་ངག་ཡིད་གསུམ་ཀ་སྦྱོང་བར་བྱེད་པའི་གནད་ཁྱད་པར་བ་ཡོད་པས། རྫོགས་ཆེན་སྤྱི་སྐད་རྣམས་ལས་ཁྱད་པར་དུ་འཕགས་པའི་རྣལ་འབྱོར་འཁོར་འདས་རུ་ཤན་འབྱེད་པ་དང་སྒོ་གསུམ་གྱི་སྔོན་འགྲོ་ཆབས་གཅིག་ཏུ་བསྟན་པའོ། །གཉིས་པ་དམིགས་མེད་ནི། བྱ་བྱེད་ཐམས་ཅད་ཀྱི་གཞི་ལུས་ངག་ཡིད་གསུམ་ཡོད་པ་ལས་འཁོར་བར་འཁྱམས་མཁན་དང་སངས་རྒྱས་འཐོབ་མཁན་དེ་གསུམ་གྱི་ནང་ནས་སུ་ཡིན། བདེ་སྡུག་མྱོང་བ་པོ་དང་སྐྱེ་བ་བརྒྱུད་མཁན་དེ་གསུམ་ག་ཡིན་ནམ་སོ་སོ་བས་བྱེད་ཞིབ་ཏུ་བརྟགས་པས་ཐམས་ཅད་ཀྱི་རྩ་བ་སེམས་སུ་ཐག་ཆོད་པར་བྱས་ལ་ཐོག་མར་རྟོག་པ་རྩད་གཅད། དེ་ལྟར་འཁོར་འདས་ཀུན་གྱི་གཞི་རྩ་སེམས་འདི་ཁོ་ནས་བདག་མེད་པ་ལ་ང་དང་བདག་ཏུ་འཛིན་པས་འཁྲུལ་ན། ལུས་དང་ངག་གཉིས་པོ་དེ་དང་གཅིག་གམ་ཐ་དད། གཅིག་ན་སེམས་ཀྱང་ལུས་ངག་ལྟར་མཐོང་ཐོས་སུ་རུང་བའམ། ལུས་ངག་གཉིས་ཀྱང་སེམས་ལྟར་མི་དམིགས་པར་འགྱུར་ལ། ཐ་དད་ན་ལུས་རྡུལ་ཕྲན་ཅང་མེད། ངག་རང་ཡལ་རྗེས་མེད། སེམས་བྱ་ལམ་རྗེས་མེད་དུ་སོང་བ་ན་སྒོ་གསུམ་དུ་གདགས་གཞིའི་ཆོས་རང་མཚན་པ་ཅུང་ཟད་ཙམ་ཡང་མ་གྲུབ་པར་ཤེས་པས་བར་དུ་སེམས་ཀྱི་མཚང་བཙལ། སེམས་ཞེས་པའི་རིག་རིག་ཏུར་ཏུར་པོ་འདི་དང་པོ་ཕྱི་ནང་སྣོད་བཅུད་སྟེང་འོག་ཕྱོགས་མཚམས་གང་ལས་བྱུང་། ད་ལྟ་ཕྱི་ནང་ལུས་ཀྱི་སྟོད་སྨད་བར་གསུམ་གང་ལ་གནས། སྙིང་ལྟ་བུ་ལ་གནས་སྙམ་ན་དབྱིབས་དང་ཁ་དོག་ཆེ་ཆུང་ཇི་ལྟ་བུའི་མཚན་མས་གནས། མཐར་ཝལ་གྱིས་ཤར་ནས་ཡལ་གྱིས་སོང་སྙམ་བྱེད་ན་ཕྱི་ནང་གང་དུ་འགྲོ་ཞིང་འགག་པར་འགྱུར་ཞེས་ཞིབ་ཏུ་ཚོལ་ཞིང་དཔྱད་པས། ངོ་བོ་ངོས་གཟུང་ལས་འདས་པའི་གཞི་མེད་རྩ་བྲལ་རིག་སྟོང་འགྲོ་འོང་དང་བྲལ་བ་གཏན་ལ་ཕེབ་པར་བྱའོ། །གཉིས་པ་ནང་ལྟར་དབྱེ་བ་མན་ངག་གིས་ཁ་སྐོང་བ་ནི། རང་གི་ལུས་ལ་གདོད་ནས་རང་བཞིན་གྱིས་གྲུབ་པའི་རིགས་དྲུག་ཏུ་སྐྱེ་བའི་ས་བོན། སྤྱི་བོར་ཨ་དཀར་པོ། མགྲིན་པར་སུ་ལྗང་སེར། སྙིང་གར་ནྲྀ་སྔོ་སྐྱ། ལྟེ་བར་ཏྲི་དམར་ནག །གསང་བར་པྲེ་དམར་སྐྱ། རྐང་མཐིལ་གཉིས་སུ་དུ་དུད་ཀ་རྣམས་ཚུལ་དང་མཐུན་པར་གསལ་གདབ། རིགས་དྲུག་ཏུ་སྐྱེ་བའི་བག་ཆགས་རྣམས་ས་བོན་ལ་འདུས་པས་སོལ་དོང་དུ་དུ་བ་ཕྱུར་བ་ལྟར་ཡོད་པར་བསམ། ལུས་ཀྱི་དབུས་སུ་རྩ་དབུ་རྐྱང་རོ་གསུམ་སྐད་ཅིག་གིས་གསལ་བའི་སྙིང་དབུས་དབུ་མའི་ནང་དུ་ཧཱུྃ་མཐིང་ག །གཡས་རོ་མ་ལ་ཨོཾ་དཀར་པོ། གཡོན་རྐྱང་མ་ལ་ཨཱཿདམར་པོ་རྣམས་རྡོ་རྗེ་གསུམ་གྱི་ངོ་བོར་བཀྲག་མདངས་འོད་ཟེར་འབར་བར་གསལ་ལ། འབྲུ་གསུམ་འབུམ་ཕྲག་བདུན་དབྱངས་སྙན་པོས་བཟླས་པའི་ཚེ། དེ་ལས་ཡེ་ཤེས་ཀྱི་མེ་འུར་སྒྲ་དང་བཅས་པ་འབར་བས། སྤྱིར་སྒོ་གསུམ་གྱི་ཉམས་ཆག་སྡིག་སྒྲིབ། ཁྱད་པར་རིགས་དྲུག་ཏུ་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་དངོས་མེད་དུ་སྦྱངས་པར་མོས། ཐུན་འཇོག་པ་ན། ས་བོན་བསྲེགས་པའི་ཐལ་བ་ནག་སྤུང་ངེར་འདུག་པ་དེ། ཕཊ་བརྗོད་པས་སྤྱི་བོ་ནས་མགྲིན་པར་འཕོས། ཡང་ཕཊ་བརྗོད་པས་དེ་སྙིང་ག་སོགས་རིམ་པར་འོག་ཏུ་སྐྱེལ། མཐར་ཕཊ་བརྗོད་ལ་རྐང་མཐིལ་གྱི་ཐལ་བ་དེ་ཕྱིར་རྒྱངས་ཀྱིས་འཕངས་པར་བསམས་ལ་དམིགས་པའི་འཕྲོ་འདུ་རྣམས་རྦད་ཀྱིས་བཅད་དེ་རྩ་བྲལ་གྱི་ངང་ལ་ལྷན་ནེར་གཞག་གོ །གཉིས་པ་རྣལ་དབབ་སོར་གཞུག་ལ་གཉིས་ལས། དང་པོ་ནི། སྒོ་གསུམ་བྱེད་རྩོལ་གྱིས་དུབ་པ་དེ་ཉིད་མ་བཅོས་རྣལ་མའི་དོན་ལ་རང་བབས་སུ་དབབ་ཅིང་འཇོག་པ་སྟེ། བདེ་བའི་སྟན་ལ་ལུས་སེམས་སྐྱིལ་ལམ་ཙོག་པུ་སོགས་གང་བདེར་བསྒུལ་བསྐྱོད་མེད་པར་གཞག །ངག་སྨྲ་བརྗོད་ལྟ་ཅི་སྨྲོས། དབུགས་ཀྱི་འགྱུ་བའང་རང་བབས་སུ་གཏང་། སེམས་བཟང་ངན་གྱི་རྣམ་པར་རྟོག་པ་གང་ཡང་ཡིད་ལ་མི་བྱེད་པར་བཟོ་མེད་ལྷུག་པར་བཞག་པས། སྒོ་གསུམ་གཞི་ཐོག་ཏུ་དྭངས་ཏེ་རང་བབས་ཀྱི་བསམ་གཏན་སྐྱེ་བར་འགྱུར་བས་དེ་ཉིད་དགག་སྒྲུབ་མེད་པར་བསྐྱངས་པ་ན་སྐྱོན་དང་བྲལ་བའི་ཞི་གནས་འགྲུབ་པར་འགྱུར་རོ། །གཉིས་པ་ནི། རྣལ་དུ་ཕབ་པས་སེམས་ཉིད་གསལ་ལ་མི་རྟོག་པར་གནས་པ་དེ་ཉིད་དམིགས་པ་དང་ལྟ་སྟངས་ལ་སོགས་པའི་རྐྱེན་གྱིས་ཡང་དག་པའི་ལམ་ལ་སོར་གཞུག་པ་སྟེ། དེ་ལའང་སྤྱི་དང་ཁྱད་པར་གཉིས་ལས། དང་པོ་ནི། ལུས་གནད་ཆོས་བདུན་བཅའ་ཞིང་མིག་སྣ་རྩེའི་ནམ་མཁའ་ལ་ཟིམ་མེར་གཏད། ངག་གནད་རླུང་རང་འགྲོས་སུ་དལ་བར་གཞག །སེམས་གནད་ཚོགས་དྲུག་ཤེས་པ་ཇི་ལྟར་ཤར་ཡང་སྤྲོ་བསྡུ་མེད་པར་མི་རྟོག་པའི་ངང་བསྐྱང་བ་ཉན་ཐོས་ཀྱི་ལྟ་སྟངས། གཞན་དེ་ལྟར་ལས་ལྟ་སྟངས་བར་སྣང་ལ་ཧད་པོར་བལྟས་པས་ཤེས་པ་སྐད་ཅིག་མ་གསལ་ལ་མ་འགགས་པར་ཤར་བ་དེ་ཉིད་ཀྱང་རང་བཞིན་གྱིས་མ་གྲུབ་པ་སྣང་སྟོང་དབྱེར་མེད་དུ་རྟོགས་པ་བྱང་སེམས་ཀྱི་ལྟ་སྟངས། དེའི་ངང་མ་ཤོར་བར་ལངས་ཏེ་གོམ་པ་གྱ་ཚོམས་སུ་འདོར། མིག་ཀུན་ཏུ་གཡོ་ཞིང་བལྟ། ངག་ཏུ་ཧ་ཧ་ཧི་ཧི་སོགས་བརྗོད་ཅིང་རིག་པ་ཧུར་ཕྱུང་པས། སྣང་རྐྱེན་རྣམ་རྟོག་ཐམས་ཅད་རང་བྱུང་རང་ཤར་ཆུ་རླབས་ཆུར་ཐིམ་པ་ལྟར་རྟོགས་པ་ནི་ཁྲོ་བོའི་ལྟ་སྟངས་ཏེ། དེ་ལྟར་ལྟ་སྟངས་གསུམ་གྱིས་རིག་པ་སོར་གཞུག་པ་ནི་འདས་རྗེས་དོན་ཁྲིད་ཀྱི་དགོངས་པའོ། །གཉིས་པ་ཁྱད་པར་ཅན་གྱི་དམིགས་པ་དང་འབྲེལ་བ་ནི། ལུས་གནད་དང་ལྡན་པས་སྙིང་གར་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཧཱུྃ་མཐིང་ཚོན་གང་བ། རྡོ་རྗེའི་ལྟེ་བའི་འོག་ཏུ་རང་གི་རིག་པ་ཨ་དཀར་པོ་སྲན་མ་ཙམ་གསལ་གདབ། དེ་ནས་ཨ་ཡིག་རྒྱངས་ཀྱིས་ཐོན་སྟེང་གི་ཧཱུྃ་ཡིག་ལ་བསྐོར་བ་ཉི་ཤུ་ནས་བརྒྱ་ལ་སོགས་པ་བསྐོར་བར་བསམ། གསལ་བདོ་བ་ལ་ཕཊ་བརྗོད་པས་ཨ་དམིགས་མེད་དུ་ཡལ་བར་མོས་ལ་སེམས་མ་བཅོས་པའི་རང་ངོར་ལྷོད་ཀྱིས་ཀློད་ལ་གཞག །འདིས་མཉེན་བཙལ་ལམ་གཞུག་སོགས་ཀྱང་ཅིག་ཆར་དུ་འགྲུབ་ལ་སེམས་ཀྱི་ཁ་ལོ་གང་དུའང་སྒྱུར་བཏུབ་པར་འགྱུར་རོ།། །།རྩ་བའི་གཉིས་པ་དངོས་གཞི་ཉམས་སུ་བླང་བའི་རིམ་པ་ལ་གསུམ། ཀ་དག་ཁྲེགས་ཆོད། ལྷུན་གྲུབ་ཐོད་རྒལ། དེ་དག་གི་དོན་ངོ་སྤྲད་པའོ། །དང་པོ་ལ་གཉིས། གཞིར་གནས་རིག་པའི་རང་ངོ་བསྐྱང་བ་དང་། དགོངས་པའི་གཟེར་གདབ་པའོ། །དང་པོ་ནི། སེམས་ཀྱི་རྙོག་མས་མ་བསླད་པའི༔ རང་བྱུང་རིག་པ་སྐད་ཅིག་མ༔ ཕྱོགས་དང་མཚོན་པའི་ཡུལ་ལས་འདས༔ གསལ་སྟོང་རིག་པའི་སྙིང་པོ་ཅན༔ ཡེ་ནས་འགྱུར་བ་མེད་པར་སྣང༔ གཟུང་འཛིན་ཡུལ་དང་ཡུལ་ཅན་བྲལ༔ ཅེས་གསུངས་ཏེ། ཐུན་མོང་མ་ཡིན་པའི་སྔོན་འགྲོ་རྣམས་ལེགས་པར་འབྱོངས་པས་ཞི་གནས་སྐྱོན་དང་བྲལ་བའི་བསམ་གཏན་གྱི་གཞི་ཚུགས་པ་ན་ལྷག་མཐོང་གི་ཡེ་ཤེས་བསྐྱེད་པའི་ཕྱིར་དུ། རི་བོ་ཅོག་གཞག་ལུས་རྣམ་སྣང་གི་ཆོས་བདུན་ལྡན་དུ་འཆིང་། རྒྱ་མཚོ་ཅོག་གཞག་མིག་འབྲས་མི་འགུལ་བར་མདའ་གང་ཙམ་གྱི་བར་སྣང་ལ་ཧྲིག་གེར་བལྟ། རིག་པ་ཅོག་གཞག་སེམས་དུས་གསུམ་གྱི་རྣམ་པར་རྟོག་པ་གང་གིས་ཀྱང་མ་བསླད་པ་ད་ལྟའི་ཤེས་པ་གསལ་ལ་ངོས་གཟུང་དང་བྲལ་བའི་རང་བབ་ཆོས་ཉིད་ཀྱི་ངང་ལ་དགག་སྒྲུབ་བཟོ་བཅོས་མེད་པར་འཇོག་པ་ཉིད་ལ་རྒྱུན་བསྐྱངས་པས། སེམས་ཀྱི་རྙོག་མ་ཞེས་སྤུ་རིས་མི་འབྱེད་པའི་རྟོག་པ་ཕྲ་མོའང་དབྱིངས་སུ་དྭངས་ནས། བཟོ་མེད་རང་བྱུང་རིག་པ་སྐད་ཅིག་མ་འདི་ཉིད་གོ་ཡུལ་ཙམ་མིན་པར་ཆོས་སྐུ་རྗེན་པར་རྟོགས་པ་ནི་སྐྱེ་མེད་དུ་རྩད་ཆོད་ནས་ངོ་རང་ཐོག་ཏུ་འཕྲོད་པ་དང་། རིག་པའི་རང་རྩལ་མ་འགགས་པར་གསལ་བས་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་སུ་ཤར། གསལ་བའི་ངོ་བོ་གང་དུའང་མ་གྲུབ་པས་གདོད་ནས་སྟོང་། ཟུང་འཇུག་དེ་ཉིད་ཀྱང་རང་བྱུང་རིག་པའི་སྙིང་པོ་ཅན་དུ་ལྷུན་གྱིས་གྲུབ་ཅིང་། ཡེ་ནས་འཁྲུལ་གྲོལ་གྱི་མཚན་མས་མ་གོས་པས་འགྱུར་བ་མེད་པར་གནས་པའི་ཕྱིར། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་རིག་ཁོ་ནའི་རྩལ་ལས་གཞན་དུ་རྡུལ་ཙམ་མ་གྲུབ་པར་ཤེས་པས་འགག་མེད་དུ་གཏན་ལ་ཕབ་ནས་ཐག་གཅིག་ཐོག་ཏུ་བཅད་པ་དང་། བལྟ་བྱེད་ཀྱི་གཉེན་པོས་སླེབ་ཚེ་བལྟ་བྱའི་ཡུལ་སྟོང་ཉིད་རྩ་བྲལ་དུ་ཤར་བས་གཟུང་བའི་ཡུལ་སྟོང་། བལྟ་མཁན་གྱི་རིག་པ་ལ་ཚུར་བལྟས་པས་འགྱུ་སྟོང་སྐྱེ་མེད་དུ་གྲོལ་ནས་འཛིན་པའི་ཡུལ་ཅན་ཀ་དག་གི་ཡེ་ཤེས་སུ་ཤར། གཉིས་ཀའང་རྩོལ་མེད་རང་གྲོལ་འོད་གསལ་ཆོས་སྐུའི་དགོངས་པར་ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་པའི་ཚུལ་གྱིས་གཉིས་མེད་དུ་ཐག་བཅད་ནས་རྩལ་གྲོལ་ཐོག་ཏུ་སྦྱང་། དེ་དག་གི་བོགས་འདོན་སྐབས་སུ་སྤྲིན་མེད་པའི་ནམ་མཁའ་དྭངས་པར་ཉི་མ་ལ་རྒྱབ་ཕྱོགས་ཏེ་ལྟ་སྟངས་གཅུན་པས། དཔེ་ཕྱིའི་ནམ་མཁའི་སྟོང་མདངས་ཀྱི་གོ་ཕྱེས་ནས། དཔེ་ཅན་ནང་ཤེས་པའི་ནམ་མཁའ་རྣམ་པར་དག་པ་ལས། གསང་བ་འོད་གསལ་རྡོ་རྗེ་སྙིང་པོའི་ནམ་མཁའ་མཐའ་དབུས་ལས་འདས་པའི་ཆོས་ཉིད་གསལ་སྟོང་རིག་པའི་སྙིང་པོ་ཅན་སྐད་ཅིག་ལ་འཆར་བར་འགྱུར་རོ། །གཉིས་པ་དགོངས་པའི་གཟེར་གདབ་པ་ནི། ཨེ་མ་འཁོར་འདས་སྣང་སྲིད་ཆོས༔ ཤར་ཙམ་ཉིད་ནས་རང་གྲོལ་བ༔ ཁྲེགས་ཆོད་མི་གཡོ་དགོངས་པའི་གཟེར༔ མཉམ་ཉིད་ཆེན་པོའི་དབྱིངས་སུ་གདབ༔ ཅེས་གསུངས་ཏེ། ཟབ་པའི་གནད་བཞིས་མ་རྟོགས་ཤིང་རྟོགས་ན་སངས་རྒྱས་རང་ལ་གནས་པས་ངོ་མཚར་རྨད་དུ་བྱུང་བ། འཁོར་འདས་ཀྱིས་བསྡུས་པའི་སྣང་ཞིང་སྲིད་པའི་ཆོས་སྣ་ཚོགས་སུ་ཤར་ཡང་། ཤར་ཙམ་ཉིད་ནས་སྐྱེ་བ་མེད་པ་གནས་ལུགས་ཆོས་སྐུའི་རང་སར་གྲོལ་བ་ཀ་དག་ཁྲེགས་ཆོད་ཀྱི་རྟོགས་པ་གདེང་དུ་གྱུར་པ་ལ་རྐྱེན་སྣང་གང་གིས་ཀྱང་མི་གཡོ་བ་དེའི་ཚེ་རྣལ་འབྱོར་རྒྱལ་པོ་རང་ས་ཟིན་པ་ཡིན་པས། དགོངས་པ་མི་འགྱུར་བའི་གཟེར་སྲིད་ཞི་མཉམ་ཉིད་ཆེན་པོའི་དབྱིངས་སུ་གདབ་སྟེ་རྩལ་ཆེན་རྫོགས་པའི་བརྟུལ་ཞུགས་ལམ་དུ་བསླང་བར་བྱའོ།། །།གཉིས་པ་ཐོད་རྒལ་གྱི་ཉམས་ལེན་བཤད་པ་ལ་བཞི། སྔོན་འགྲོ། དངོས་གཞི། རྒྱུན་སྤྱོད། སྣང་ཉམས་ཀྱི་འཆར་ཚུལ་ཞར་བྱུང་དང་བཅས་པའོ། །དང་པོ་ནི། ལུས་ངག་ཡིད་ཀྱི་བྱ་བ་དགུ་ཕྲུགས་སུ་གཏང་བར་བྱ་སྟེ། ལུས་ཀྱི་ཕྱི་འཇིག་རྟེན་འཁྲུལ་པའི་བྱ་བྱེད། ནང་ཕྱག་སྐོར་དགེ་སྦྱོར། གསང་བ་འཕྲུལ་འཁོར་སྒུལ་སྐྱོད་སོགས་རྣམ་གཡེང་ཐམས་ཅད་སྤངས་ལ་གཅིག་པུར་འདུག །ངག་གི་ཕྱི་འཇིག་རྟེན་པའི་འཁྲུལ་གཏམ་སྣ་ཚོགས། ནང་ཁ་ཏོན་བཟླས་བརྗོད། གསང་བ་རླུང་རྩོལ་ལ་སོགས་པའང་སྤངས་ཏེ་མི་སྨྲ་བར་གནས། ཡིད་ཀྱི་ཕྱི་འཇིག་རྟེན་གྱི་རྣམ་རྟོག །ནང་བསྐྱེད་རྫོགས་སེམས་འཛིན། གསང་བ་རྟོག་པའི་འདུ་འཕྲོ་ཐམས་ཅད་སྤངས་ལ་རྟོག་མེད་ཀྱི་ངང་དུ་གནས་པར་བྱའོ། །གཉིས་པ་དངོས་གཞི་ལའང་གཉིས། སྒོ་གསུམ་གྱི་གནད་གཅུན་པ། གནད་བཞི་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པའོ། །དང་པོ་ནི། དགོངས་པ་དེ་ལས་མ་གཡོས་བཞིན༔ ལུས་གནད་སྐུ་གསུམ་བཞུགས་སྟངས་ལ༔ ངག་གནད་འགྲོ་འོང་དལ་བར་བསླབ༔ སེམས་གནད་རང་འགྲོས་ལས་མི་འཆོལ༔ ཞེས་གསུངས་ཏེ། དེའང་ཁྲེགས་མ་ཆོད་པར་ཐོད་མི་རྒལ། བྱ་བ་ཡིན་པས། ཁྲེགས་ཆོད་ཀྱི་རྟོགས་པ་བརྟན་པོར་མ་གྱུར་གྱི་བར་དུ་ཐོད་རྒལ་ལ་བསླབ་ཀྱང་ཟག་བཅས་ཀྱི་ཉམས་སྣང་ཡིན་པས་གྲོལ་བའི་རྒྱུར་མི་འགྱུར་བའི་ཕྱིར། སྔོན་དུ་ཁྲེགས་ཆོད་ཀྱི་དགོངས་པ་ཀློང་དུ་གྱུར་པ་དེའི་ངང་ལས་མ་གཡོས་བཞིན་དུ་སྣང་བཞིའི་འཆར་སྒོ་ལ་རིམ་གྱིས་བསླབ་དགོས་པས་ཐོག་མར་སྒོ་གསུམ་གྱི་གནད་དགུ་ལས། ལུས་ཀྱི་འདུག་སྟངས་གསུམ་ནི། ཙོག་པུར་རྐང་མཐིལ་སྤྲད། པུས་མོ་ཕྱིར་སྐྱེད། ལག་ངར་བསྲང་བའི་མཐིལ་གཉིས་རྐང་པའི་ནང་ནས་སར་བཙུགས། རོ་སྟོད་བསྲང་། མཇིང་པ་ཅུང་ཟད་གྱེན་དུ་བསྟོད་པ་ཆོས་སྐུའི་བཞུགས་སྟངས་སེངྒེ་ལྟ་བུ་དང་གཅིག །ལུས་ཁ་སྦུབ་པུས་བྲང་སྦྱར། རྒལ་ཚིགས་དྲང་པོར་བསྲང་། གྲུ་མོ་ས་ལ་བཙུགས་ཏེ་ལག་མཐིལ་གཉིས་ཀྱིས་ཀོས་ཀོ་ལ་བརྟེན་པའི་སོར་མོ་འགྲམ་པ་ལ་སྦྱར་བ་ལོངས་སྐུའི་བཞུགས་སྟངས་གླང་ཆེན་ཉལ་བ་ལྟ་བུ་དང་གཉིས། ཙོག་པུར་བསྡད་ལ་རྐང་པའི་ལོང་བུ་གཉིས་གཤིབས། ལག་པ་གཉིས་པུས་མོའི་རྒྱབ་ཏུ་བསྐོར། རྒལ་ཚིགས་བསྲང་བ་སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་དང་གསུམ་སྟེ། དེ་དག་ཀྱང་རང་གི་ཁམས་དང་གང་འཕྲོད་ལ་གཙོར་བྱེད་པའམ། ཉི་ཤར། ཉིན་གུང་། ཉི་ནུབ་གསུམ་ལ་རིམ་བཞིན་བྱ་བ་ཕྱག་ལེན་ཡིན་ནོ། །ངག་གི་གནད་གསུམ་ནི། ཐོག་མར་འཁྲུལ་པའི་གཏམ་བཀག་ནས་སྨྲ་བཅད་ཡུན་ཐུང་བ་ལ་བསླབ། བར་དུ་ཁ་ཏོན་བཟླས་བརྗོད་ཅུང་ཟད་ཙམ་མ་གཏོགས་གཏམ་ལབ་མི་བྱ། མཐར་ལག་གི་བརྡ་ཙམ་ལས་ཅིའང་མི་སྨྲ་བར་རླུང་གི་འགྲོ་འོང་ཤིན་ཏུ་དལ་བ་ལ་བསླབ་བོ། །ཡིད་ཀྱི་གསུམ་ནི། ཕྱིའི་དབྱིངས་སྤྲིན་མེད་ཀྱི་ནམ་མཁའ་དྭངས་པ་ལ་དབང་པོ་མི་འགྱུར་བ་མདུང་ཚུགས་སུ་གཏད་ནས་ནམ་མཁའ་ལ་སེམས་ཐིམ་འགྲོ་བ་ལྟ་བུའི་ཤེས་པ་དྲག་ཏུ་གཅུན་པས། ནང་གི་དབྱིངས་རྣམ་དག་སྒྲོན་མ་རིག་པ་སྟོང་གསལ་དུ་ལྷག་གེར་འཆར་བས། གསང་བའི་དབྱིངས་ཐིག་ལེ་སྟོང་སྒྲོན་འཆར་བའི་རྒྱུ་བྱེད་པར་འགྱུར་ཞིང་། དེ་དག་གང་གི་སྐབས་སུའང་རིག་པའི་རང་འགྲོས་རང་བབས་སུ་བསྐྱང་བ་ལས་རེ་དོགས་དགག་སྒྲུབ་རྟོག་དཔྱོད་ཀྱི་ལས་མི་འཆོལ་བ་གལ་ཆེའོ། །གཉིས་པ་གནད་བཞི་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་ནི། སྒོ་གནད་ལྡོག་ཕབ་ཟུར་བལྟས་ཀྱིས༔ ཡུལ་གནད་སྤྲིན་བྲལ་ནམ་མཁའ་ལ༔ མཐིང་ཁ་ཁྱབ་པ་དབྱིངས་ཀྱི་ཁྱིམ༔ རིག་པ་མ་བཀོད་ལུ་གུ་རྒྱུད༔ གསལ་འཚེར་དྭངས་པར་རྟེན་བྱས་ཏེ༔ བརྟེན་པ་རླུང་རིག་རྩེ་གཅིག་གཅུན༔ ཅེས་གསུངས་ཏེ། དེ་ལ་བཞི། དང་པོ་འཆར་བྱེད་སྒོའི་གནད་ནི། ཆོས་སྐུའི་གཟིགས་སྟངས་གྱེན་དུ་གཙུག་ཏོར་གྱི་རྣམ་པར་བལྟ་བ་ཞེས་མིག་གཉིས་གྱེན་དུ་ལྡོག་སྟེ་སྨིན་ཕྲག་གི་ནམ་མཁའ་ལ་ཧད་པོར་མི་འགུལ་བར་བལྟ་བ་དང་། ལོངས་སྐུའི་གཟིགས་སྟངས་གཡས་གཡོན་ཟུར་ཁྲིད་སྨྱུག་མ་བསྲང་བ་ལྟ་བུ་ཞེས་པ་ཐད་ཀའི་ནམ་མཁའ་ལ་ཟུར་གྱིས་ཧྲིག་གེར་བལྟ་བ་དང་། སྤྲུལ་སྐུའི་གཟིགས་སྟངས་དྲང་སྲོང་བསམ་གཏན་སྒོམ་པ་ལྟ་བུ་ཞེས་པ་ཕྱེད་བཙུམ་ཅུང་ཟད་ཐུར་ལ་ཕབ་ནས་ཟིམ་བུས་བལྟ་བ་རྣམས་གོང་གི་བཞུགས་སྟངས་གསུམ་དང་སྦྱར་དགོས་སོ། །གཉིས་པ་འཆར་གཞི་ཡུལ་གྱི་གནད་ནི། སྤྲིན་དང་བསེར་བུའི་རྐྱེན་དང་བྲལ་བའི་ནམ་མཁའ་དྭངས་པ་ལ་སྔ་དྲོ་ནུབ་དང་ཕྱི་དྲོ་ཤར་དུ་བལྟ་བའམ། འོད་གསལ་འཆར་སླ་བའི་ཆེད་དུ་དེ་ལས་ལྡོག་སྟེ་འཆར་ནུབ་ཀྱི་ཟེར་གཉིས་དང་སྦྱར་བ་ལ་ཐོག་མར་བསླབ་སྟེ། དེའང་ཉི་མ་ལས་ཁྲུ་གང་ཙམ་གྱིས་དམའ་བའི་ནམ་མཁའ་སྟོང་སང་ངེ་བ་དེ་ལ་ལྟ་སྟངས་གཏོད་པར་བྱའོ། །གསུམ་པ་དབྱིངས་རིག་གི་གནད་ནི། སྒོ་ཡུལ་འདུག་སྟངས་སོགས་ཀྱི་རྐྱེན་དང་། ཕྱི་ནང་གི་དབྱིངས་འཕྲད་པ་ལས། སྨིན་མཚམས་ཀྱི་མཐིང་ཁ་ཁྱབ་པ་ཆེན་པོའི་འོད་ལས་རིམ་གྱིས་མཆེད་དེ་འོད་ལྔའི་མུ་ཁྱུད་ཐིག་ཕྲན་དང་བཅས་པའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་རྫིང་བུར་རྡོ་བོར་བའི་རི་མོ་ལྟ་བུ་འལ་འོལ་ལ། མཐར་ཐིག་ལེ་དམར་ཟླུམ་གསལ་ལ་དྭངས་པར་འཆར། དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བདག་པོའི་སེམས་ཀྱི་རྗེས་འགྲོ་ལྡོག་བྱེད་པ་ཕྲ་བ་རྟ་རྔ་ལ་མདུད་པ་བཏབ་པ་ལྟ་བུའམ། མེ་ཏོག་དང་གསེར་སྐུད་ཀྱི་ཆུན་པོ། མུ་ཏིག་ཕྲེང་བ་ལྟ་བུ་འལ་འོལ་འགུལ་འཕྲིག་མི་གསལ་བར་འཆར་བ་དེ་ཉིད་དབྱིངས་ཀྱི་ར་བར་ཨར་ལ་གཏད་པས་རིམ་གྱིས་གསལ་འཚེར་དྭངས་ཤིང་འགུལ་བསྐྱོད་མེད་པ་ལ་རྟེན་དུ་བྱའོ། །བཞི་པ་རླུང་རིག་གི་གནད་ནི། དེ་ལ་བརྟེན་པ་ནང་གི་རླུང་རིག་ཟུང་འབྲེལ་རྩེ་གཅིག་ཏུ་གཅུན་པས་སྣང་བཞིའི་འཕེལ་རྫོགས་པར་འགྱུར་ཏེ། དེའང་རླུང་སྣ་ནས་མི་གཏོང་བར་མཆུ་སོ་ཡས་མན་མ་རེག་ཙམ་དུ་དལ་བུས་ཁ་ནས་རྒྱུ་བ་ཕྱི་ནང་སྙོམས་པ་ལས། ཕྱི་འཛིན་ཡིད་ཙམ་རིང་བ་བྱ། རིག་པ་རང་གི་ངོ་བོ་བལྟ་ཤེས་ཙམ་ལས་གསལ་མི་གསལ་དང་ཡིན་མིན་སོགས་རྟོག་དཔྱོད་ཀྱིས་མ་བསླད་པར། ཕྱི་སྣང་བ་མ་འགགས་ལ། ནང་འཛིན་པས་མ་བསླད་པ་ཀ་དག་རིག་སྟོང་གི་རང་སོ་བཟུང་བས་ཡུལ་དང་ཡུལ་ཅན་འདྲེས་པ་ལ་བསླབ། འོད་གསལ་གྱི་སྣང་བ་སྟེང་འོག་སོགས་སུ་ཡལ་ཡོལ་བྱེད་ནས་མི་གསལ་ན། དེའི་རྗེས་སུ་མིག་དང་སེམས་ཆེད་དུ་མི་འབྲང་བར་མིག་ཟུར་ནས་དལ་བུས་ཁྲིད་དེ་སྔར་བཞིན་འཆར་བ་ན་མ་ཡེངས་པར་རིག་པ་དང་རིག་གདངས་དབྱེར་མེད་དུ་གཅུན་ནོ། །གསུམ་པ་རྒྱུན་སྤྱོད་ནི། དུས་བཞིར་སངས་རྒྱས་མཉམ་པར་སྦྱོར༔ ཅེས་གསུངས་ཏེ། རྫོགས་པ་ཆེན་པོའི་རྣལ་འབྱོར་པས་དུས་བཞི་སངས་རྒྱས་མཉམ་སྦྱོར་གྱི་མན་ངག་དང་ལྡན་པའི་གནད་བཞི་ཆོས་ཉིད་ཀྱི་འཁོར་ལོས་ཆུ་བོ་རྒྱུན་གྱི་ཉམས་ལེན་ལ་བརྩོན་པར་བྱ་སྟེ། ཉིན་མོ་སྣང་བ་རྒྱས་གདབ་པ་ནི། མཉམ་རྗེས་ཐམས་ཅད་དུ་ཤེས་རིག་རང་ཚུགས་མ་ཤོར་བས་ཅི་སྣང་ཅི་ཤར་ཐམས་ཅད་གཉིས་མེད་ཡེ་གྲོལ་གྱི་དགོངས་པ་ཟང་ཐལ་ཆེན་པོར་ལ་བཟླ། དེ་ལྟར་མི་ལྕོགས་པའི་སྐབས་སུའང་ཤེས་པ་རྒྱ་ཡན་དུ་མ་ཤོར་བར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྩལ་སྦྱོང་ཞིང་དེའང་ཀ་དག་གི་དབྱིངས་སུ་སྐྱེལ། སྲོད་ལ་དབང་པོ་གནས་སུ་བསྡུ་བ་ནི། སྤྲུལ་སྐུའི་འདུག་སྟངས་བཅས་ཏེ། ལུས་ནང་རྩ་དབུ་མ་དམར་སྐྱ་དྭངས་གསལ་དྲང་པོར་གནས་པའི་ལྟེ་བར་པདྨ་དམར་པོ་འདབ་བཞིའི་ལྟེ་བར་ཨ་ཐུང་མེའི་རང་བཞིན་སྤྱི་བོར་ཧཾ་དཀར་པོ་བདེ་བའི་རང་བཞིན་ལ་སེམས་གཟུང་། རླུང་རོ་བསལ་ལ་བུམ་ཅན་ནམ། མི་ནུས་ན་བར་རླུང་བཟུང་སྟེ་འབར་འཛག་གི་རྐྱེན་གྱིས་བདེ་དྲོད་ཀྱི་ཡེ་ཤེས་སྐྱེས་པ་ལ་སེམས་གཟུང་། ནམ་གུང་ཤེས་པ་བུམ་པར་འཇུག་པ་ནི། འདུག་སྟངས་དང་དབུ་མ་སྔར་བཞིན་གསལ་བའི་སྙིང་གར་པདྨ་དམར་པོ་འདབ་བཞིའི་དབུས་སུ་ཨ་དཀར་པོ་འོད་འབར་བ་ལ་སེམས་གཏད། དེ་རྗེས་སྤྱི་བོར་ཡང་ཨ་དཀར་པོ་གསལ། དེ་ནས་དེ་གཉིས་ཀྱི་བར་དུ་ཨ་དཀར་ཤིན་ཏུ་ཕྲ་བ་ཉེར་གཅིག་ཕྲེང་བ་ལྟར་དམིགས་ལ་བུམ་ཅན་ནམ་འཇམ་རླུང་གཟུང་། གཉིད་དུ་འགྲོ་ཁར་ཨ་རྣམས་རིམ་གྱིས་སྙིང་གའི་ཨ་ལ་ཐིམ་པས། དེ་ཉིད་པདྨ་ཁ་ཟླུམ་པའི་ནང་དུ་བུམ་ནང་གི་མར་མེ་འབར་བ་ལྟ་བུར་བསྒོམས་ལ་རྨི་ལམ་འཛིན་པའི་འདུན་པ་བཅས་གཉིད་དུ་འགྲོ་བ་ལ་བསླབ། ཐོ་རངས་རིག་པ་རང་གསལ་གདབ་པ་ནི། གཉིད་སད་མ་ཐག་ཆོས་སྐུའི་འདུག་སྟངས་བཅས་མིག་བར་སྣང་ལ་གཏད་དེ་ཧ་སྒྲ་གསུམ་བུས་པས་སྙིང་གའི་པདྨ་ཁ་བྱེ། ཨ་དཀར་ཚངས་བུག་ནས་རྒྱངས་ཀྱིས་ཐོན། གཞུ་གང་ཙམ་གྱི་ནམ་མཁའ་ལ་ས་ལེ་འདུག་པ་ལ་སེམས་གཏད་དེ་རླུང་ཅུང་ཟད་ཕྱིར་འཛིན་བྱ། ཤེས་པ་རྒོད་ན་ཕྱིར་ཕབ་ལ་སྙིང་ནང་དུ་འདུག་པ་ལ་སེམས་གཏད་ཅིང་ལྟ་སྟངས་ཕབ། བྱིང་ན་གོང་བཞིན་བྱ་བ་སོགས་ཁམས་དང་བསྟུན་ནོ། །བཞི་པ་སྣང་ཉམས་ཀྱི་འཆར་ཚུལ་ཞར་བྱུང་དང་བཅས་པ་ནི། ཆོས་ཉིད་རང་གདངས་མངོན་སུམ་པའི༔ དབང་པོའི་སྤྱོད་ཡུལ་གོམས་པ་ལས༔ སྣང་བ་འཇའ་འོད་ཐིག་ལེ་དང༔ སྐུ་དང་ཞིང་ཁམས་གོང་དུ་འཕེལ༔ ཉམས་སྣང་དེ་ཉིད་རྩལ་རྫོགས་པས༔ ཚད་ཕེབས་ཆེན་པོར་གཡོ་འགུལ་བྲལ༔ མཐར་ཕྱིན་ཆོས་ཉིད་ཟད་པའི་དབྱིངས༔ གཏིང་གསལ་འདུས་མ་བྱས་པར་ཐིམ༔ ཞེས་གསུངས་ཏེ། གོང་ལྟར་ཉམས་སུ་བླངས་པས། དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། སྐུའི་རྟགས་སུ་ལུ་གུ་རྒྱུད་དུ་སྣང་སྟེ་རིག་པ་དབྱིངས་ཀྱི་ར་བར་ཚུད་པས་ཐིག་ལེ་སུམ་འབྲེལ་དུ་མཐོང་བ་ཚུན་ཆད་ཆོས་ཉིད་མངོན་སུམ་གྱི་སྣང་བ། དབྱིངས་རིག་སྨིན་མཚམས་དང་བྲལ་ཏེ་དབང་པོའི་མངོན་སུམ་དུ་སྣང་བ་ལས་དབྱིངས་སྣང་གྱེན་འགྲེང་རྩིབས་ཤར་སོགས་དབྱིབས་མ་ངེས་པ་དང་། ཐིག་ལེ་སྲན་མ་ནས་བསེ་ཕུབ་ཙམ་གྱི་བར་ཇེ་ཆེ་དང་། ལུ་གུ་རྒྱུད་ཇེ་གསལ་ཇེ་བརྟན་དུ་འགྱུར། ཐིག་ལེའི་ནང་དུ་ཕྱེད་སྐུའམ་སྐུ་རྐྱང་པ་འགུལ་འཕྲིག་མེད་པར་ཤར་བ་ནི་ཉམས་གོང་འཕེལ་གྱི་སྣང་བ། ཐིག་ལེ་རེ་རེའི་ནང་དུའང་རིགས་ལྔའི་ཚོམ་བུའི་དཀྱིལ་འཁོར་དུ་འཆར་ཞིང་དེ་འདྲ་ཚད་མེད་པས་ནམ་མཁའ་གང་བའི་འོད་ཟེར་རང་ལུས་དང་འབྲེལ། མ་བསྒོམ་ཡང་འགྱུར་བ་མེད་པ་རིག་པ་ཚད་ཕེབས་ཀྱི་སྣང་བ། ཕྱི་ཉམས་སྣང་གི་འཕེལ། ནང་སྒྱུ་ལུས་ཀྱི་ཆོས། གསང་བ་རྟོག་ཚོགས་ཀྱི་སེམས་ཟད་པས་གདོད་མའི་གྲོལ་སར་ཕྱིན་པ་ཆོས་ཉིད་ཟད་པའི་སྣང་བ་སྟེ། དེ་ལྟར་སྣང་བ་བཞི་པོ་མྱུར་དུ་མཐར་ཕྱིན་པའི་ཡན་ལག་ཏུ། མི་འགུལ་བ་གསུམ་ལ་གཞི་བཅའ། སྡོད་པ་གསུམ་གྱིས་ཚད་གཟུང་། ཐོབ་པ་གསུམ་གྱིས་གཟེར་གདབ། གདེང་བཞིས་གྲོལ་ཚད་བསྟན་པ་རྣམས་ཀྱང་གཞན་ལས་བཤད་པ་ལྟར་ཤེས་པར་བྱའོ།། །།གསུམ་པ་དེ་དག་གི་དོན་ངོ་སྤྲད་པ་ནི། སློབ་མ་རྣམས་སྒོ་ཡུལ་རླུང་རིག་གི་གནད་གཅུན། ངོ་སྤྲོད་འདེབས་པ་པོ་བསྒོམ་གཞིར་བྱས་ལ། བླ་མ་སྐུ་གསུམ་བརྒྱུད་པ་དང་བཅས་གསལ་གདབ། བཟོད་མེད་ཀྱི་མོས་གུས་དྲག་པོ་སྐྱེད་ལ་གསོལ་འདེབས་དང་། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་པའི་སྨོན་ཚིག་གིས་ཐུགས་རྒྱུད་བསྐུལ། མཐར་བླ་མ་བརྒྱུད་པ་དང་བཅས་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་པའི་ཤེས་པ་བཟོ་མེད་ཀྱི་ངང་ལ་ལྷོད་ཀྱིས་ཀློད། ཉི་ཟེར་ལ་བརྟེན་པའི་སྣང་བའམ། རྡོ་རྗེ་སེམས་དཔའི་མེ་ལོང་གིས་མཚོན་པར་བྱས་ཏེ། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ། །རང་ལ་བཞུགས་པའི་སྐུ་ཡེ་ཤེས༔ མིག་སྒོར་ཉི་ཟེར་འཕྲད་པར་སྣང༔ རང་བཞིན་མེ་ལོང་ནང་ཤར་བཞིན༔ སྣང་སྟོང་ངང་ལ་བཞག་པས་གྲོལ༔ རང་རིག་ཤེལ་ནང་འཇའ་ཚོན་བཞིན༔ ཤེལ་ཡང་ཉི་མའི་རྐྱེན་འཕྲད་ན༔ འཇའ་ཚོན་སྣ་ཚོགས་རྣམ་པར་གསལ༔ རང་ལ་ཡེ་གནས་ཡེ་ཤེས་ཉིད༔ གནད་ཀྱིས་གཅུན་པའི་རྐྱེན་འཕྲད་པས༔ མངོན་སུམ་སྣང་བ་ལྷུག་པར་འཆར༔ དེ་ཚེ་ཤར་མཁན་ངོ་བོ་ལ༔ ཤེས་རབ་ཆེན་པོའི་མིག་གིས་བལྟ༔ ཡོད་ཅེས་གཟུགས་དབྱིབས་མཚན་མ་མེད༔ མེད་པ་མ་ཡིན་གསལ་ཞིང་རིག༔ གཉིས་ཀ་གཉིས་མིན་མཐའ་བྲལ་བ༔ བསམ་གྱིས་མི་ཁྱབ་དགོངས་པ་ཞེས༔ རང་བྱུང་ཀུན་ཏུ་བཟང་པོས་བསྟན༔ ཞེས་རྡོ་རྗེའི་གསུང་གིས་བསྟན་པ་ལྟར་གདོད་ནས་རང་ལ་རང་ཆས་སུ་བཞུགས་པའི་སྐུ་དང་ཡེ་ཤེས་དེ་ཉིད་སྒོ་དང་ཡུལ་འཕྲད་ཅིང་རླུང་རིག་གཅུན་པའི་རྐྱེན་གྱིས་དབྱིངས་སྣང་དང་ལུ་གུ་རྒྱུད་ཀྱི་རྣམ་པར་དབང་པོའི་མངོན་སུམ་དུ་གསལ་བ་ཡིན་པས་ངོ་ཤེས་པར་གྱིས། མཐོང་བ་ཙམ་གྱིས་ལོངས་སྐུའི་ཞིང་དུ་རང་གྲོལ་བ་ཡིན་པས་ཐེ་ཚོམ་མེད་པའི་ངེས་ཤེས་སྐྱེད་ཅིག །དེའང་ངོ་བོའི་རྟགས་སུ་སྐྱེ་མེད་སྤྲོས་པ་དང་བྲལ་བ། རང་བཞིན་གྱི་རྟགས་སུ་འོད་ལྔ་སྣ་ཚོགས་སུ་གསལ་བ། ཐུགས་རྗེའི་རྟགས་སུ་ཤེས་པ་གསལ་སྟོང་དུ་འཆར་བ་འདི་ཁོ་ན་ཀུན་བཟང་གདོད་མའི་མགོན་པོ་ཉིད་རང་གི་སྙིང་དབུས་ན་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ལ་བཞུགས་པ་ཤེས་པར་གྱིས་ཤིག །དེ་ལྟར་མཐོང་མཁན་གྱི་ཤེས་པ་ལ་བལྟས་པས་རང་གསལ་རྗེན་པ། འཛིན་མེད་ཡེ་དྭངས། སྤྲོས་བྲལ་དུ་ཕྱ་ལེ། རང་གསལ་དུ་ཧྲིག་གེ་བ། ཉམས་སུ་མྱོང་ལ་བརྗོད་མི་ཤེས་པའི་ཟང་ཐལ་རྗེན་ནེ་བ་འདི་ཉིད་གནས་ལུགས་གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོའི་ཞལ་མཇལ་བ་ཡིན་པས་དེང་ཕྱིན་ཆད་འདི་དང་འབྲལ་བར་མ་བྱེད་ཅིག །སངས་རྒྱས་ཀྱི་དགོངས་པ་འདི་ལས་གཞན་ན་མེད་དོ། །མདོར་ན་དབྱིངས་སྟོང་གསལ་ཀ་དག་སྤྲོས་བྲལ་ཤེས་རབ་ཀྱི་ལྟ་བ་གཞིར་བཞག །དབྱིངས་སྣང་རིག་པ་ལྷུན་གྲུབ་འོད་གསལ་ཐབས་ཀྱི་སྒོམ་པ་ལམ་དུ་བྱས་པས། དོན་དམ་འདུས་མ་བྱས་པ་རང་བྱུང་རང་ཤར་སྐུ་གསུམ་གྱི་འབྲས་བུ་ད་ལྟ་ཉིད་ནས་མངོན་དུ་བྱས་པ་ཡིན་པས་དགའ་བ་དང་སྤྲོ་བ་སྐྱེད་ཅིག །ཅེས་སོགས་ཀྱིས་ངོ་སྤྲད་ཅིང་སྤྲོ་བ་བསྐྱེད་དོ།། །།རྩ་བའི་གསུམ་པ་དེ་ལྟར་ཉམས་སུ་བླངས་པའི་གྲོལ་ཚུལ་སྨྲོས་པ་ལ་གཉིས། ཞར་བྱུང་ལམ་གྱི་ཆིངས་བཤད། དངོས་གྲོལ་ཚུལ་བསྟན་པའོ། །དང་པོ་ནི། དེ་ལྟར་སྔོན་འགྲོས་རྒྱུད་སྦྱངས་ཤིང༔ དངོས་གཞི་དབྱིངས་རིག་ཉམས་མྱོང་ཚུལ༔ རྗེས་སུ་ངོ་སྤྲོད་ཟབ་མོ་ཡིས༔ ངེས་ཤེས་སྐྱེད་ཅིང་མཐར་དབྱུང་བས༔ ཞེས་གསུངས་པ་ནི་ལག་ཁྲིད་དུ་བསྟན་ཟིན་པ་ལྟར་རོ། །གཉིས་པ་དངོས་གྲོལ་ཚུལ་ནི། ལུས་ནི་འཕོ་ཆེན་འཇའ་སྐུར་ཡལ༔ ངག་རླུང་བརྗོད་པའི་མཐའ་ཀུན་ཟད༔ ཡིད་དཔྱོད་སྒྲིབ་གཉིས་ཀུན་དག་ནས༔ གཏིང་གསལ་རང་བྱུང་ཆོས་ཀྱི་སྐུར༔ ཡེ་ཤེས་ཉེར་ལྔར་འདུ་འབྲལ་མེད༔ ལོངས་སྤྱོད་རྫོགས་དང་སྤྲུལ་པ་ཡི༔ སྒྱུ་འཕྲུལ་དྲྭ་བ་ཅིར་ཡང་སྟོན༔ ཤིན་ཏུ་རྣམ་དག་འབྲས་བུའི་མཆོག༔ མ་ལུས་རྒྱལ་བ་ཀུན་གྱི་དབྱིངས༔ ཀུན་བཟང་པདྨ་བཛྲ་རྩལ༔ བདེ་ཆེན་རྒྱལ་པོ་ཚེ་འདིར་འགྲུབ༔ ཅེས་གསུངས་ཏེ། ལམ་རིམ་དེ་ལྟར་ཉམས་སུ་བླངས་པས། དབང་པོ་དང་བརྩོན་པ་རབ་འབྲིང་ཐ་མའི་ཁྱད་པར་ལས་ལོ་གསུམ་དང་དྲུག་དང་བཅུ་གཉིས་ལ་སོགས་པས་སྒོ་གསུམ་གྱི་དྲི་མ་རགས་པའི་ཆོས་སུ་འཛིན་པ་ཀུན་ཆོས་ཉིད་ཀྱི་ཀློང་དུ་ཟད་དེ། ལུས་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་འགྲུབ། ངག་རླུང་གི་འགྱུ་བ་ཟད། ཡིད་འཁྲུལ་རྟོག་སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་གྲོལ་ནས། ནང་གསལ་གཞོན་ནུ་བུམ་པ་སྐུར་སངས་རྒྱས་ཏེ་ཡེ་ཤེས་ཉེར་ལྔ་དང་འདུ་འབྲལ་མེད་པའི་ཆོས་སྐུའི་རང་རྩལ་ལས་གཟུགས་སྐུ་རྣམ་པ་གཉིས་ཀྱི་ཕྲིན་ལས་སྒྱུ་འཕྲུལ་དྲྭ་བ་རྩོལ་མེད་དུ་ཤར་ནས། འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་འབད་མེད་ལྷུན་གྱིས་གྲུབ་པ་ཁྱབ་བདག་པདྨཱཀ་རའི་གོ་འཕང་ཚེ་གཅིག་ལུས་གཅིག་ཏུ་འགྲུབ་པ་གདོན་མི་ཟའོ། ཁྲིད་ཚུལ་འདི་ནི་རྩ་བའི་གཞུང་ཉིད་ལས་ཇི་ལྟར་བསྔགས་པར་མཛད་པ་ལྟར། རིག་འཛིན་རྩལ་འཆང་རྣམས་ཀྱི་ཐུགས་ཀྱི་ཡང་ཞུན། ཁྱབ་བདག་པདྨཱཀ་རའི་དགོངས་ཉམས་མཐར་ཐུག་ཐིག་ལེ་གསང་སྐོར་གྱི་མདོ་ཆིངས་ཆེན་པོར་བསྟན་ཏེ། ཞལ་གདམས་ལས། མཚན་ཉིད་རྫོགས་པའི་སློབ་དཔོན་གྱིས༔ བརྩོན་འགྲུས་ལྡན་པའི་སློབ་མ་ལ༔ ཚུལ་བཞིན་ལག་ཁྲིད་གཏན་དབབ་ན༔ རྟགས་ཚད་མཐོང་བའི་ཆོས་ལ་འབྱུང༔ ཡེ་ཤེས་ཡིད་དཔྱོད་བྲལ་བར་སྐྱེ༔ འཇའ་ལུས་རྡོ་རྗེའི་གོ་འཕང་ཆེ༔ འཆི་མེད་ཡེ་ཤེས་ངེས་པར་འགྲུབ༔ ཅེས་བདེན་གསུང་རྡོ་རྗེའི་ཚིག་ཚད་མར་གྱུར་པས་ཆེ་ཐང་དུ་བསྔགས་པ་ལ་གུས་པ་དང་སྤྲོ་བས་ཉམས་ལེན་གྱི་སྙིང་པོར་གཟུང་བར་བྱའོ། །འདི་ལ་བརྟེན་ནས་སྲིད་གསུམ་ཁམས། །གདོད་མའི་དབྱིངས་སུ་དོང་སྤྲུགས་ཏེ། །ཀུན་བཟང་པདྨའི་དགོངས་ཟབ་ནི། །ཡོངས་སུ་རྫོགས་པར་སྐོང་བྱེད་ཤོག །ཅེས་པ་འདིའང་ཨོ་རྒྱན་སངས་རྒྱས་གཉིས་པའི་ཞལ་ཚབ་གཏེར་ཆེན་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱིས་ཐུགས་བརྩེ་བ་ཆེན་པོས་སྨིན་གྲོལ་གྱི་གདམས་པས་རྗེས་སུ་བཟུང་སྟེ་བཀའི་གནང་བ་བསྩལ་པ་ལྟར། པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་ཀུན་སྤུངས་པའི་གདན་ས་ཆེན་པོར་བྲིས་པ་དགེ་ལེགས་འཕེལ།། །།
ཚེ་སྒྲུབ་རྡོ་རྗེའི་ཕྲེང་བ་ལས༔ ཚེ་བདག་ཡབ་ཡུམ་སྲས་གསུམ་གྱི༔ ནང་སྒྲུབ་ལུང་གི་བྱང་བུ་ (Volume 21, Text 2)
༁ྃ༔ ཚེ་སྒྲུབ་རྡོ་རྗེའི་ཕྲེང་བ་ལས༔ ཚེ་བདག་ཡབ་ཡུམ་སྲས་གསུམ་གྱི༔ ནང་སྒྲུབ་ལུང་གི་བྱང་བུ་བཞུགས༔ ྈྈྈྈ བདེ་ཆེན་འགྱུར་མེད་སྐུ་ལ་འདུད༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཚེ་སྒྲུབ་གདམས་པ་མཐའ་ཡས་ཤེས༔ ཀུན་གྱིས་ཡང་དྲིལ་ཁྱེར་བདེ་ནི༔ ཚེ་བདག་ཡབ་ཡུམ་སྲས་གསུམ་གྱི༔ ནང་སྒྲུབ་སྤྲོས་མེད་རླུང་སེམས་དེ༔ སྔོན་དངོས་རྗེས་ཀྱིས་ཉམས་སུ་བླངས༔ ས་མ་ཡ༔ སྔོན་འགྲོ་དབེན་པའི་གནས་སུ་འདུག༔ ཐོ་རངས་རང་ཉིད་ལུས་གནད་བསྲང༔ རླུང་རོ་བསལ་ཞིང་རིག་པ་བསྒྲིམ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ༔ འགྲོ་ཕན་བྱང་ཆུབ་མཆོག་སེམས་བསྐྱེད༔ ཚོགས་གསག་ཡན་ལག་བདུན་པ་བྱ༔ སྒྲིབ་སྦྱོང་མཎྜལ་སྤྱི་དང་མཐུན༔ བླ་མའི་རྣལ་འབྱོར་རྩེ་གཅིག་བསྒོམ༔ རང་མདུན་ནམ་མཁའ་འོད་ལྔའི་ཀློང༔ གུ་རུ་པདྨ་ཚེ་དཔག་མེད༔ ཡབ་ཡུམ་བདེ་ཆེན་གཟི་བརྗིད་འབར༔ མངོན་སུམ་བཞུགས་བསམ་མོས་གུས་བསྐྱེད༔ ཧྲཱི༔ རྗེ་བཙུན་ཨོ་རྒྱན་རིན་པོ་ཆེ༔ རྒྱལ་བའི་དབང་པོ་ཚེ་དཔག་མེད༔ འགྲོ་བ་ཀུན་གྱི་གཉེན་གཅིག་པོ༔ མགོན་མེད་བདག་ལ་ཐུགས་རྗེས་ཟུངས༔ བདག་ལ་རེ་ས་གཞན་ན་མེད༔ སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པས༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ གསོལ་བ་རྩེ་གཅིག་བཏབ་པ་ཡིས༔ སྦྱོར་མཚམས་བྱང་སེམས་དཀར་དམར་རྒྱུན༔ གནས་བཞིར་བབས་པས་སྒྲིབ་བཞི་དག༔ དབང་ཐོབ་སྐུ་བཞིའི་ས་བོན་ཐེབས༔ བླ་མ་འོད་ཞུ་རང་ལ་ཐིམ༔ དབྱེར་མེད་གྱུར་བསམ་ངང་ལ་བཞག༔ ས་མ་ཡ༔ དངོས་གཞི་ཆོས་ཀུན་སྟོང་པར་བལྟ༔ ཨོཾ་ལས་ཚེ་དཔག་མེད་དུ་བསྒོམ༔ ཨོཾ་དཀར་སྤྲོ་བསྡུས་ཚེ་བཅུད་བསྡུ༔ ཡབ་ལ་བསྟེན་པའི་ཚེ་སྒྲུབ་ཀྱིས༔ རྡོ་རྗེའི་སྐུ་རུ་བསྒྲུབ་པ་འོ༔ ཨཱཾཿལས་ལྷ་མོ་ཙནྜ་བསྒོམ༔ ཨཱཾཿདམར་འོད་ཟེར་སྤྲོ་བསྡུ་བྱ༔ ཡུམ་ལ་བསྟེན་པའི་ཚེ་སྒྲུབ་སྟེ༔ རྡོ་རྗེའི་སྲོག་ཏུ་བསྒྲུབ་པ་འོ༔ ཧཱུྃ་ལས་ཐུགས་རྗེ་ཆེན་པོར་བསྒོམ༔ ཧཱུྃ་མཐིང་འོད་སྤྲོས་ཚེ་བཅུད་བསྡུ༔ སྲས་ལ་བསྟེན་ནས་ཚེ་སྒྲུབ་པས༔ འཆི་མེད་རྡོ་རྗེའི་ཐུགས་འགྲུབ་བོ༔ ཏིང་འཛིན་མེ་ཉིད་མ་གསལ་ན༔ བཟླས་བརྗོད་རླུང་གི་འཁྲུལ་འཁོར་བྱ༔ རླུང་གི་འབྱུང་འཇུག་གནས་གསུམ་པོ༔ སོ་སོའི་སྔགས་ཀྱི་རང་བཞིན་བསམ༔ སྔགས་གསུམ་ཡིད་ཀྱི་བཟླས་པ་བྱ༔ ལྟོ་བ་བརྒྱངས་ལ་བར་རླུང་བཟུང༔ ས་མ་ཡ༔ རྗེས་ནི་དབྱིངས་དང་རིག་པ་བསྲེ༔ དམིགས་མེད་རང་གསལ་སང་ངེར་བཞག༔ སྐྱེ་འཆིའི་རྟོག་པ་དབྱིངས་སུ་བཅད༔ རིག་རྩལ་བརྟུལ་ཞུགས་ཐོགས་མེད་ཀྱིས༔ འཆི་བདག་འཇིགས་པ་ཟིལ་གྱིས་མནན༔ མི་འགྱུར་འཕོ་མེད་ལྟ་བའི་རྒྱ༔ ས་མ་ཡ༔ དེ་གསུམ་དྲིལ་ཏེ་བསྒྲུབ་འདོད་ན༔ ལམ་ཁྱེར་ལུང་གི་བྱང་བུ་ཡང༔ སྔོན་དངོས་རྗེས་ཀྱི་རིམ་པས་བསྟན༔ སྔོན་འགྲོ་གསུམ་ལས་མཚམས་གཅོད་ནི༔ ཧཱུྃ༔ རྣམ་དག་ཆོས་དབྱིངས་ངང་ཉིད་ལ༔ བགེགས་ཞེས་བྱ་བའི་མིང་ཡང་མེད༔ རྡོ་རྗེ་མེ་ཡི་འཁོར་ལོ་འབར༔ མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་བཛྲ་རཀྵ་བྷྲཱུྃ༔ གློ་བུར་འཁྲུལ་རྟོགས་དབྱིངས་སུ་བཤགས༔ ཧཱུྃ་ཧྲཱི༔ སྣང་སྲིད་རྣམ་དག་རྒྱལ་བའི་ཞིང༔ ཕུང་ཁམས་སྐུ་དང་ཡེ་ཤེས་ཉིད༔ མ་རྟོགས་འཁྲུལ་པའི་ལས་བགྱིས་པ༔ གཉིས་མེད་བློ་འདས་ངང་དུ་བཤགས༔ ས་མ་ཡ་ཤུདྡྷེ་ཨ༔ སྣང་ཡུལ་ཡེ་ཤེས་མཆོད་པར་བརླབ༔ ཧཱུྃ་ཧྲཱི༔ སྣོད་བཅུད་ཀུན་ཏུ་བཟང་པོའི་སྤྲིན༔ ཡེ་ནས་ཕྱི་ནང་གསང་བར་གནས༔ བདེ་བ་ཆེན་པོའི་ལོངས་སྤྱོད་རྣམས༔ ཆོས་དབྱིངས་གང་བར་རྒྱ་ཆེར་སྤེལ༔ ཨོཾ་ཨཱཿཧཱུྃ༔ དངོས་གཞི་བསྐྱེད་བཟླས་སྒྲུབ་གསུམ་ལས༔ དང་པོ་དམ་ཚིག་དཀྱིལ་འཁོར་བསྐྱེད༔ ཧཱུྃ་ཧྲཱི༔ ཆོས་རྣམས་སེམས་ཉིད་སྟོང་པ་ཉིད༔ ཐམས་ཅད་ཡེ་ཤེས་ལྷུན་གྱིས་གྲུབ༔ གཉིས་མེད་བྱང་ཆུབ་སེམས་ཀྱི་དབྱིངས༔ འཆི་མེད་རྡོ་རྗེའི་དཀྱིལ་འཁོར་གསལ༔ བྷྲཱུྃ་བཛྲ་ཨ་ཡུ་ཥེ་བྷྲཱུྃ༔ གཞོམ་མེད་ཟླ་གམ་འབར་བ་རུ༔ པད་ཉིའི་སྟེང་དུ་ཧྲཱིཿདཀར་ལས༔ དབང་ཆེན་རྟ་མགྲིན་ཤེལ་གྱི་མདོག༔ ཕྱག་གཉིས་ཐལ་སྦྱར་ཚེ་བུམ་བསྣམས༔ ཧཱུྃ་ལས་རྟ་མགོ་སྟེང་ཕྱོགས་སུ༔ བཞད་སྒྲའི་ཁྲོཾ་ལས་ཁྱུང་ནག་པོས༔ ཟླ་གམ་གནམ་སྒོ་སྲུང་བར་གྱུར༔ སྤྱི་བོར་ཨོཾ་ལས་ཚེ་དཔག་མེད༔ དཀར་པོ་མཉམ་གཞག་ཚེ་བུམ་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཟླ་བའི་གདན་ལ་སྐྱིལ་ཀྲུང་བཞུགས༔ མགྲིན་པར་ཨཱཾཿལས་ཙནྜ་ལཱི༔ མེ་ཏོག་དམར་པོའི་རྒྱན་ཕྲེང་ཅན༔ ཞི་འཛུམ་གཡས་པས་རྡོ་རྗེ་དང༔ གཡོན་པས་དྲིལ་བུ་ཚེ་བུམ་འཛིན༔ བཅུ་དྲུག་ལང་ཚོ་བདེ་ཉམས་ཅན༔ པདྨའི་གདན་ལ་སེམས་སྐྱིལ་བཞུགས༔ ཐུགས་ཀར་ཧཱུྃ་ཡིག་མཐིང་ག་ལས༔ སྲས་མཆོག་ཐུགས་རྗེ་ཆེན་པོ་ནི༔ མཐིང་ག་པད་ཕྲེང་བུམ་པ་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཉི་མའི་གདན་ལ་སེམས་སྐྱིལ་བཞུགས༔ ཧཱུྃ་ཧྲཱི༔ ལུས་ངག་ཡིད་གསུམ་མ་བཅོས་པ༔ རྒྱལ་བའི་སྐུ་གསུང་ཐུགས་སུ་གསལ༔ དུག་ལྔ་མ་སྤང་རང་སར་དག༔ ཡེ་ཤེས་ལྔ་རུ་ལྷུན་གྱིས་གྲུབ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཧྲཱིཿསྭཱ་ཧཱ༔ ཡེ་ཤེས་འཁོར་ལོ་དགུག་ཅིང་བསྟིམ༔ ཧཱུྃ་ཧྲཱི༔ ཡེ་ནས་གཉིས་སུ་མེད་པའི་དབྱིངས༔ གཟུགས་ཀྱི་སྐུར་བཞེངས་ལོངས་སྤྱོད་རྫོགས༔ འཆི་མེད་རྡོ་རྗེའི་དཀྱིལ་འཁོར་རྣམས༔ ཉེ་བར་དགོངས་ཏེ་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཅིར་སྣང་ཡེ་ཤེས་རོལ་པས་མཆོད༔ ཧཱུྃ་ཧྲཱི༔ བདེ་ཆེན་ཡེ་ཤེས་འབར་བའི་དཔྱིད༔ ར་ས་ཡཱ་ན་ལས་བྱུང་བའི༔ ཕྱི་ནང་གསང་བའི་མཆོད་པའི་སྤྲིན༔ ཇི་ལྟར་འཆར་བ་དེ་ལྟར་རོལ༔ སརྦ་པཱུ་ཛ་ཧོ༔ རྡོ་རྗེའི་གླུ་ཡིས་བསྟོད་པ་ནི༔ ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྒྲིབ་པའི་དྲི་མ་མ་ལུས་སེལ༔ མཁའ་དང་མཉམ་པའི་སྐུ་མངའ་བ༔ རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ མཆོག་ཏུ་རྣམ་པར་དག་པའི་གསུང༔ གསུང་རབ་དམ་པ་ཡི་གེ་མེད༔ བརྗོད་དུ་མེད་ཅིང་སྤྲོས་བྲལ་བ༔ རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད༔ ཤིན་ཏུ་རྣམ་པར་དག་པའི་ཐུགས༔ ཆགས་མེད་ཡེ་ཤེས་གཉིས་མཁྱེན་པ༔ སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི༔ རྡོ་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད༔ སྒོ་གསུམ་གུས་པས་བརྡ་དོན་དྲན༔ སྙན་པའི་དབྱངས་དང་རོལ་མོ་ཡིས༔ བསྟོད་པས་རྡོ་རྗེའི་ཚེ་འགྲུབ་བོ༔ ས་མ་ཡ༔ གཉིས་པ་བཟླས་པའི་རྣལ་འབྱོར་ནི༔ སྤྱི་བོའི་ཚེ་དཔག་མེད་པ་ཡི༔ ཐུགས་ཀར་ཟླ་བའི་ཁང་བུ་ལ༔ ཨོཾ་ཡིག་གནས་པའི་འོད་ཟེར་གྱིས༔ འཁོར་འདས་ཚེ་བཅུད་ཨོཾ་དུ་བསྡུས༔ ཨོཾ་ལ་ཐིམ་པས་འོད་ཟེར་འབར༔ ལོ་བརྒྱ་ཐུབ་པའི་ཚེ་ཐོབ་བསམ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ མགྲིན་པའི་ལྷ་མོ་ཙནྜ་ལཱིའི༔ ཐུགས་ཀར་པདྨ་ཁ་སྤྲོད་དུ༔ ཨཱཾཿལས་འོད་ཟེར་དམར་པོ་འཕྲོས༔ འཁོར་འདས་ཚེ་བཅུད་ཨཱཾཿདུ་བསྡུས༔ སྙིང་གའི་ཨཱཾཿལ་སིབ་སིབ་ཐིམ༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་བསམ༔ ཨོཾ་དྷཱ་ཀི་ཙནྜ་ལཱི་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ སྙིང་གའི་ཐུགས་རྗེ་ཆེན་པོ་ཡི༔ ཐུགས་ཀར་ཉི་མའི་གུར་ཁྱིམ་དུ༔ ཧཱུྃ་མཐིང་ལས་ནི་འོད་ཟེར་འཕྲོས༔ འཁོར་འདས་ཚེ་བཅུད་ཧཱུྃ་དུ་བསྡུས༔ སྲོག་གི་ཡི་གེར་ཐིམ་པ་ཡིས༔ འཆི་མེད་རྡོ་རྗེའི་ཚེ་ཐོབ་བསམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཨ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ རང་ལས་སྤྲུལ་པའི་ཁྲོ་ཆུང་ཚོགས༔ ནམ་མཁའ་གང་བ་སྤྲོས་ནས་སུ༔ ཚེ་བདུད་ཐམས་ཅད་ཐལ་བར་བརླགས༔ བླ་ཚེ་འཁྱམས་ཡར་ཕྲོགས་ཀུན་བསྡུས༔ ནྲྀ་ཡི་རྣམ་པར་རང་ལ་ཐིམ༔ ཚེ་སྲོག་ཉམས་པ་སོར་ཆུད་ནས༔ ཚེ་དབང་རིག་འཛིན་འགྲུབ་པར་བསམ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཚེ་བྷྲཱུྃ་ཛཿ གཡུ་བྷྲཱུྃ་ཛཿ ཨ་ཡུརྫྙཱ་ན་ཏིཥྛ་ཨོཾ༔ ཞེས་པའི་དམིགས་བཟླས་ཚད་དུ་བསྐྱལ༔ ངེས་པར་འཆི་མེད་འགྲུབ་པར་འགྱུར༔ ས་མ་ཡ༔ གསུམ་པ་ཚེ་འབྲང་སྒྲུབ་པ་ནི༔ ཚེ་དང་གལ་གྱིས་བུམ་གཟུགས་བྱ༔ ལུང་གི་བྱང་བུའི་གཞུང་བསྲང་ལ༔ བྷྲཱུྃ་ལས་ཟླ་གམ་དམར་པོའི་ནང༔ ཚེ་བདག་ཞི་ཁྲོ་གང་རུང་ངམ༔ དྲིལ་སྒྲུབ་ལྷ་བཞི་རྫོགས་པར་བསྒོམ༔ བཟླས་པས་འོད་ཟེར་སྤྲོ་བསྡུ་བྱ༔ མདའ་དར་གཡབ་ཅིང་ཚེ་བཅུད་བསྡུ༔ བྷྲཱུྃ༔ ཚེ་ཡི་ཟླ་གམ་གཞལ་ཡས་ནས༔ འཆི་མེད་ལྷ་མཆོག་ཐུགས་དམ་བསྐུལ༔ སེམས་ཀྱི་ཁམས་ནས་ཚེ་ཉམས་ན༔ ནམ་མཁའི་ཁམས་ནས་བཅུད་སྡུས་ལ༔ དེ་བཞིན་རིགས་ཀྱི་ཚེ་སྩོལ་ཅིག༔ ཁྲག་གི་ཁམས་ནས་ཚེ་ཉམས་ན༔ ཆུ་ཡི་ཁམས་ནས་བཅུད་སྡུས་ལ༔ རྡོ་རྗེ་རིགས་ཀྱི་ཚེ་སྩོལ་ཅིག༔ ཤ་ཡི་ཁམས་ནས་ཚེ་ཉམས་ན༔ ས་ཡི་ཁམས་ནས་བཅུད་སྡུས་ལ༔ རིན་ཆེན་རིགས་ཀྱི་ཚེ་སྩོལ་ཅིག༔ དྲོད་ཀྱི་ཁམས་ནས་ཚེ་ཉམས་ན༔ མེ་ཡི་ཁམས་ནས་བཅུད་སྡུས་ལ༔ པདྨ་རིགས་ཀྱི་ཚེ་སྩོལ་ཅིག༔ དབུགས་ཀྱི་ཁམས་ནས་ཚེ་ཉམས་ན༔ རླུང་གི་ཁམས་ནས་བཅུད་སྡུས་ལ༔ ལས་ཀྱི་རིགས་ཀྱི་ཚེ་སྩོལ་ཅིག༔ ཚེ་བསྐུལ་འཁོར་འདས་ཚེ་བཅུད་འདུས༔ བདུད་རྩིའི་ཐིག་ལེར་འཁྱིལ་བར་བསམ༔ དེ་ནས་ཚེ་ཡི་དངོས་གྲུབ་བླང༔ ཧཱུྃ་ཧྲཱི༔ རྩ་བའི་བླ་མ་ཡབ་གཅིག་ཚེ་དཔག་མེད༔ དེ་ཡི་ཡུམ་མཆོག་ལྷ་མོ་ཙནྜ་ལཱི༔ ཐུགས་ཀྱི་སྲས་མཆོག་འཕགས་པ་སྤྱན་རས་གཟིགས༔ བཀའ་ཡི་ཕོ་ཉ་རྟ་མགྲིན་བྱ་ཁྱུང་བཅས༔ རྩ་གསུམ་ཚེ་ཡི་ལྷ་ལ་གསོལ་བ་འདེབས༔ དུས་མིན་འཆི་བ་ཟློག་པར་བྱིན་གྱིས་རློབས༔ སྐྱེ་འཆི་བགྲེས་རྒུད་མེད་པའི་ཚེ་དབང་སྩོལ༔ ཨོཾ་ཨཱཾཿཧཱུྃ་ཧྲཱིཿཁྲོཾ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་བདག་ལྷ་ཚོགས་རང་ཐིམ་བསམ༔ ཚེ་འབྲང་གནས་གསུམ་གཏུགས་ནས་སུ༔ དངོས་གྲུབ་བཅུད་དུ་བསམ་ལ་རོལ༔ དེ་ཡིས་རྡོ་རྗེའི་ཚེ་འགྲུབ་འགྱུར༔ ས་མ་ཡ༔ རྗེས་རིམ་གསུམ་ལས་ཚོགས་མཆོད་ནི༔ བཟའ་བཏུང་ཅི་འབྱོར་བདུད་རྩིར་བརླབ༔ ཧཱུྃ་ཧྲཱི༔ གདོད་ནས་བདུད་རྩི་ལྔར་གནས་པའི༔ རྨད་དུ་བྱུང་བའི་འདོད་ཡོན་ཚོགས༔ ཐབས་ཤེས་རོལ་པའི་དམ་ཚིག་རྫས༔ བྱང་ཆུབ་སེམས་ཀྱི་རྒྱན་དུ་རོལ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཕུད་ཀྱིས་མཆོད་ལ་ལྷག་མས་བརྔན༔ ཧཱུྃ་ཧྲཱི༔ ཚོགས་ཀྱི་འདུ་བའི་བགེགས་འཇོམས་ཤིང༔ གསང་བའི་བསྟན་པ་རྒྱས་མཛད་པའི༔ བྱང་ཆུབ་སེམས་སྤྲིན་བཀའ་ཉན་རྣམས༔ བདེ་ཆེན་ལོངས་སྤྱོད་འདི་རོལ་ལ༔ ཟག་མེད་ཡེ་ཤེས་ཕྲིན་ལས་སྤེལ༔ འདུ་བར་འོས་མིན་ཐམས་ཅད་སྒྲོལ༔ པདྨ་ཌཱ་ཀི་ནི་མ་མ་ཧྲིང་ཧྲིཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ལྷར་སྣང་དབྱིངས་སུ་བསྡུ་ཞིང་ལྡང༔ ཧཱུྃ་ཧྲཱི༔ བྱང་ཆུབ་སེམས་ཀྱི་དབྱིངས་ཉིད་ལས༔ ཐམས་ཅད་སྤྲོ་ཞིང་འདུ་བར་མཛད༔ འོད་གསལ་དབྱིངས་སུ་ཐམས་ཅད་བསྡུ༔ བདེ་ཆེན་ལས་ཤར་འགྱུར་བ་མེད༔ ཨོཾ་ཨཱཿཧཱུྃ༔ བསྔོ་སྨོན་ཤིས་བརྗོད་མཐའ་རྒྱས་བྱ༔ ཧཱུྃ་ཧྲཱི༔ བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ འགྱུར་བ་མེད་པར་ལྷུན་གྱིས་གྲུབ༔ འཆི་མེད་རྡོ་རྗེའི་གནས་ཐོབ་ནས༔ འགྲོ་བ་ཡོངས་ཀྱི་དཔལ་དུ་ཤོག༔ ཧཱུྃ་ཧྲཱི༔ འགྱུར་བ་མེད་པ་རྡོ་རྗེའི་སྐུ༔ འགག་པ་མེད་པ་རྡོ་རྗེའི་གསུང༔ འཁྲུལ་པ་མེད་པ་རྡོ་རྗེའི་ཐུགས༔ འཆི་མེད་རྡོ་རྗེའི་བཀྲ་ཤིས་ཤོག༔ ན་མོ་ཧཱུྃ༔ ཞེས་བརྗོད་ལྟ་བའི་ངང་ལ་བཞག༔ ཚེ་སྒྲུབ་ལུང་གི་བྱང་བུ་འོ༔ ས་མ་ཡ༔ མཚན་བཅས་རྫོགས་པའི་རིམ་པ་ནི༔ དང་པོ་ལྷ་ཡི་གསལ་སྣང་བསྟེན༔ དེ་ནས་བུམ་ཅན་རླུང་ལ་སྦྱང༔ དངོས་གཞིའི་ཉམས་ལེན་རིམ་པ་གསུམ༔ རང་ལུས་ཐབས་ཀྱི་ཚེ་སྒྲུབ་ནི༔ ཕུང་ཁམས་ཡབ་ཏུ་དག་པ་ཡི༔ དབུ་མ་སྲོག་ཤིང་ཚུལ་དུ་གནས༔ ཡར་སྣེ་ཡབ་ཀྱི་ཨོཾ་དཀར་པོ༔ མར་སྣེ་ཡུམ་གྱི་ཨཱཾ་དམར་པོ༔ སྲིན་ཞལ་ཕྱེ་འཛུམ་རླུང་གིས་སྦར༔ ཨཱཾཿགི་མེ་ཡིས་ཨོཾ་ཞུ་བས༔ དབུ་མ་བྱང་སེམས་དཀར་དམར་ཁེངས༔ ཡར་མར་རྡོ་རྗེ་ཕྱེད་པས་མཚན༔ མི་འགྱུར་རྡོ་རྗེའི་སྲོག་འགྲུབ་བསམ༔ བདེ་སྟོང་ངང་དུ་མཉམ་པར་བཞག༔ ས་མ་ཡ༔ གཞན་ལུས་ཡུམ་ལ་བསྟེན་པ་ནི༔ རིགས་ལྡན་རྒྱུད་དག་ཕྱག་རྒྱ་མ༔ ཙནྜ་ལཱི་ཡི་སྐུ་རུ་བསྒོམ༔ མཁའ་གསང་པདྨ་འདབ་བཞིའི་དབུས༔ ཨཱཾཿཡིག་བསམ་ལ་མཉམ་པར་སྦྱོར༔ ཆགས་པ་ཆེན་པོའི་འོད་ཟེར་གྱིས༔ འཁོར་འདས་དྭངས་བཅུད་ཨཱཾཿལ་བསྡུ༔ དེ་ཉིད་རྡོ་རྗེའི་ལམ་ནས་དྲངས༔ རང་གི་སྙིང་ཁའི་ཨོཾ་ལ་བསྟིམ༔ བདེ་སྟོང་ངང་དུ་མཉམ་པར་བཞག༔ ས་མ་ཡ༔ སྲས་ལ་བསྟེན་ནས་རྒྱུད་སྤེལ་བ༔ རང་གི་སྙིང་གར་སྲས་བཞུགས་པའི༔ ཐིག་ལེའི་རང་བཞིན་གཉིས་པ་སྤྲོས༔ ཡུམ་གྱི་མཁའ་ལ་བབ་པ་ལས༔ ཡུམ་གྱི་མཁའ་གསང་ཟླ་གམ་སྒོ༔ ཁྲོཾ་ལས་ཁྱུང་གིས་བསྲུང་བར་བསམ༔ སེམས་མཆོག་བསྐྱེད་ཅིང་སྨོན་ལམ་གདབ༔ གཞན་དོན་ནུས་པའི་རིགས་རྒྱུད་འབྱུང༔ ས་མ་ཡ༔ གསང་བ་ཟབ་མོའི་སྨིན་བྱེད་ནི༔ རྡུལ་ཚོན་ཚོམ་བུ་གང་འགྲུབ་ཀྱི༔ དཀྱིལ་འཁོར་དབུས་སུ་བུམ་པའི་ཁར༔ མཚན་ལྡན་ཐོད་པར་ཛ་གད་བཀང༔ མེ་ལོང་ལི་ཁྲི་བརྡལ་བ་ལ༔ ཆོས་འབྱུང་བསྣོལ་མ་ཨཱཾཿབྲིས་དགབ༔ དར་དམར་གུར་ཕུབ་ཤེལ་རྡོ་བཀོད༔ ཚེ་འབྲང་ཚེ་རིལ་ཆང་སོགས་དང༔ མཆོད་གཏོར་ཚོགས་ཀྱི་ཡོ་བྱད་བཤམ༔ བདག་མདུན་དབྱེར་མེད་བསྐྱེད་བཟླས་བྱ༔ ཁྱད་པར་ཚེ་འབྲང་སྒྲུབ་པ་དང༔ ཚེ་བཅུད་བསྡུ་ཞིང་ནུས་ལྡན་བྱ༔ སློབ་མར་ཁྲུས་བྱ་བགེགས་མཚམས་བཅད༔ མཎྜལ་ཕུལ་ལ་གསོལ་བ་གདབ༔ བདེ་ཆེན་དགྱེས་པར་རོལ་པ་ཡི༔ བླ་མ་འཆི་མེད་མགོན་པོ་དགོངས༔ ཟབ་མོའི་བདུད་རྩི་བླ་ན་མེད༔ དེ་རིང་བདག་ལ་བསྩལ་དུ་གསོལ༔ ལན་གསུམ་ཞུས་ཏེ་རྒྱུད་སྦྱོང་ཞིང༔ སྡོམ་གསུམ་ལེགས་པར་བཟུང་བར་བྱ༔ ལྷར་བསྐྱེད་ཡེ་ཤེས་དབབ་ཅིང་བརྟན༔ ནམ་མཁའ་གང་བའི་ལྷ་རྣམས་ཀྱིས༔ བུམ་པའི་བདུད་རྩིས་དབང་བསྐུར་བསམ༔ ཨོཾ༔ བུམ་པ་དབྱིངས་ཀྱི་གཞལ་ཡས་སུ༔ ཡེ་ཤེས་ལྷ་ཚོགས་འོད་དུ་ཞུ༔ དབང་གི་ཆུ་རྒྱུན་ལུས་ལ་ཞུགས༔ འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་ཤོག༔ བཛྲ་ཀ་ལ་ཤ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ༔ ཡབ་ཡུམ་སྦྱོར་བའི་བྱང་སེམས་རྒྱུན༔ ཐོད་པར་བསྐྱིལ་ཏེ་མྱང་བར་བསམ༔ ཨཱཾ༔ བླ་མ་ཡབ་ཡུམ་མཉམ་སྦྱོར་བའི༔ བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱུན༔ སྲིད་ཞིའི་དྭངས་བཅུད་ངག་ལ་ཞུགས༔ གཞོམ་མེད་གསུང་དུ་འགྲུབ་པར་ཤོག༔ མ་ཧཱ་སུ་ཁ་གུ་ཧྱ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཾ༔ མེ་ལོང་དལ་ལས་ཙནྜ་ལཱི༔ འཕྲོས་ཏེ་སྙོམས་ཞུགས་བདེ་སྐྱེས་བསམ༔ ཧཱུྃ༔ མཚན་ལྡན་ཙནྜ་ལཱིའི་ངོ་བོ༔ ཕྱག་རྒྱའི་རེག་བྱ་ལ་བསྟེན་ནས༔ ལྷན་སྐྱེས་བདེ་ཆེན་མཐའ་རུ་ཕྱིན༔ འོད་གསལ་ཐུགས་སུ་འགྲུབ་པར་ཤོག༔ པྲ་ཛྙཱ་ཛྙཱ་ན་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཤེལ་འོད་རྩལ་དང་ངོ་བོའི་དཔེས༔ དབྱིངས་རིག་མཚོན་བྱས་མཉམ་པར་བཞག༔ ཧོ༔ དབྱིངས་ཀྱི་ངོ་བོ་གདོད་ནས་སྟོང༔ རིག་པ་ཡེ་ཤེས་མ་འགགས་གསལ༔ ཟུང་འཇུག་ཀུན་བཟང་དགོངས་པ་རྟོགས༔ སྐྱེ་འཆིའི་འཛིན་རྟོག་རང་གྲོལ་ཤོག༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ་ཨ་ཨ༔ ཚེ་འབྲང་ལུས་དཀྱིལ་ལྷ་རྣམས་གསལ༔ འོད་ཟེར་དཀར་དམར་མཐིང་སེར་འཕྲོས༔ གནས་བཞིར་ཐིམ་པས་དབང་བཞི་པོ༔ རྩལ་རྫོགས་ཉིད་དུ་ཐོབ་བསམ་ལ༔ དངོས་གྲུབ་བསྐུལ་བའི་གསོལ་འདེབས་བརྗོད༔ ཚེ་ཡི་འབྲང་རྒྱས་གནས་བཞིར་གཏུགས༔ ལྷ་རྣམས་འོད་ཞུ་སློབ་མར་བསྟིམས༔ མཐའ་རྟེན་ཚེ་རིལ་ཚེ་ཆང་ཡང༔ བཀྲ་ཤིས་ཞལ་བསྲོའི་ཚུལ་དུ་སྦྱིན༔ དམ་ཚིག་ཁས་བླང་གཏོང་རག་འབུལ༔ འདིས་ནི་ཟབ་མོའི་སྣོད་དུ་རུང༔ གནས་སྐབས་ཚེ་ཡི་དངོས་གྲུབ་ཐོབ༔ མཐར་ཐུག་བདེ་ཆེན་ཡེ་ཤེས་བརྙེས༔ ནང་སྒྲུབ་རླུང་སྔགས་དབྱེར་མེད་པ༔ ལུས་ཀྱི་དཀྱིལ་འཁོར་དང་བཅས་པ༔ ཟབ་ཅིང་གནད་འདྲིལ་གསང་བའི་བཅུད༔ སྐལ་ལྡན་རྣམས་ཀྱི་སྙིང་ལ་ཕུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔
སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་གསལ་བར་བྱེད་པའི་ཡི་གེ་ཡིད་ཆེས་གསུམ་ལྡན་ (Volume 1, Text 2)
༄༅། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་གསལ་བར་བྱེད་པའི་ཡི་གེ་ཡིད་ཆེས་གསུམ་ལྡན་ཞེས་བྱ་བ་བཞུགསོ། །འདི་ལ་སློབ་དཔོན་པདྨའི་རྣམ་ཐར་རྒྱ་གར་ལུགས་ཅེས་བྱའོ།། ཨོཾ་སྭསྟི། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་གསལ་བར་བྱེད་པའི་ཡི་གེ་ཡིད་ཆེས་གསུམ་ལྡན་ཞེས་བྱ་བ། བླ་མ་ལ་ཕྱག་འཚལ་ལོ། གང་ཞིག་རྒྱལ་གསུང་ཆད་པ་མི་མངའ་སྒྲ་དབྱངས་རྒྱ་མཚོ་དེ་ཡང་རེས་འགའ་སློབ་དཔོན་ཚུལ་བཟུང་ནས། །དམ་ཆོས་འོད་ཀྱིས་ཕྱོགས་ཀུན་འགེངས་ཤིང་ལ་ལར་བགྲང་ཡས་དཀྱིལ་འཁོར་འཁོར་ལོའི་རྣམ་པར་སྟོན་མཛད་ཀྱང་། །ནམ་ཡང་འོད་གསལ་རྡོ་རྗེའི་ཐུགས་ལས་གཡོ་མེད་པདྨ་འབྱུང་གནས་དེ་ལ་གུས་པས་བཏུད་ནས་ནི། །གང་དེའི་གཏམ་ནི་ཚད་མར་གྱུར་པ་ཇི་ཙམ་རྙེད་པ་དེ་ཙམ་མུ་ཅོར་སྤངས་ཏེ་བྲི་བར་བྱ། །དེ་ཡང་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་འབྲས་བུའི་ཚུལ་ལྷག་པར་དར་བའི་སྐབས་ཤིག །ཡུལ་གྱི་མཆོག་མ་ག་དྷར་རྒྱལ་པོ་དེ་བ་པཱ་ལས་རྒྱལ་སྲིད་སྐྱོང་བར་བྱེད་ལ། དཔལ་ཨོ་ཌི་ཡ་ནའི་ཡུལ་ན་རྒྱལ་པོ་ཧ་ཡ་ལཱི་ལ་ཞེས་བྱ་བ་རྒྱལ་སྲིད་ཆོས་བཞིན་དུ་བྱེད་དོ། །དེའི་ཚེ་རྒྱལ་རིགས་རིག་པར་སྨྲ་བ་པོ། དཀོན་མཆོག་གསུམ་བླ་མར་བྱེད་པ་སྲ་དོ་ཞེས་བྱ་བ་དེ་ནི་ཨོ་ཌི་ཡ་ནའི་སྐད་ཀྱི་མིང་སྟེ། རྒྱ་གར་གྱི་སྐད་དུ་ན་སྲིག་དྷ་ར་མེ་ཏོག་ཕྲེང་བ་འཛིན་པ་ཞེས་བྱ་བ་ཡོད་དོ། །དེ་ལ་སྲས་མཚན་དང་ལྡན་པ་ཁ་དོག་དཀར་ལ་དམར་བ། སྲིན་ལག་ལ་པདྨའི་རི་མོ་ཡོད་པ། པདྨ་རྒྱས་པ་ལྟ་བུའི་མིག་དང་མཆུ་སྒྲོས་ཅན། པདྨ་ཨུཏྤལ་ལྕགས་ཀྱུ་ཞགས་པ་ལ་སོགས་པ་ཤ་མཚན་དགེ་བའི་ལྟས་དུ་མ་ཡོད་པ་ཞིག་བཙས་ཏེ་བཙས་སྟོན་ལ་སོགས་པ་ཆེར་བྱས། བྲམ་ཟེ་རྣམས་ཀྱིས་ལྟས་བརྟགས་པས། འགའ་ཞིག་གིས་རྒྱལ་སྲིད་བྱེད་པར་ལུང་བསྟན། འགའ་ཞིག་གིས་ཁམས་ཀྱི་རྒྱལ་ཕྲན་བྱེད་པར་ལུང་བསྟན། ཁ་ཅིག་གིས་ནི་དུར་ཁྲོད་ན་གནས་ཤིང་རིགས་ཉམས་པར་བྱེད་པར་ལུང་བསྟན། དེ་ལྟར་བཟང་ངན་མ་ངེས་པ་སྣ་ཚོགས་པར་ལུང་བསྟན་པ་ལས། གཅིག་ཏུ་མ་ངེས་པ་ལ། འོན་ཀྱང་ཐམས་ཅད་མཐུན་པར་གཞན་གྱིས་ཐུབ་པར་དཀའ་བར་ལུང་བསྟན་ནོ། །དེར་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་ཞིག་བྱུང་བ་ལ་དྲིས་པས། འདི་ནི་གསང་སྔགས་ཀྱི་སྒྲུབ་པ་པོ་མཆོག་ཏུ་འགྱུར་ཞིང་། པདྨའི་རིགས་ཀྱི་མཚན་ཉིད་ཐམས་ཅད་ཚང་བས་ན། འོད་དཔག་མེད་པས་བྱིན་གྱིས་རློབ་པར་འགྱུར་རོ། །དེའི་ཕྱིར་འདིའི་མིང་ནི་པདྨ་ཨ་བ་བྷ་སི་མཚམས་སྦྱར་བས་པདྨ་བ་བྷ་སི་ཞེས་ཐོགས་ཤིག་ཟེར་བ་ལྟར་བྱས་སོ། །དེ་ནས་ཁྱེའུ་དེ་ཆེར་སྐྱེས་ཙམ་ན། ཡི་གེ་དང་། བརྡའ་སྤྲོད་པ་དང་། རྟོག་གེ་དང་། སྨན་དཔྱད་དང་། བཟོ་གནས་རྣམས་དང་། བརྟག་པ་བརྒྱད་ལ་སོགས་པ་རིག་པའི་གནས་ཕྲ་མོ་ཐམས་ཅད་ལ་ཚེགས་མེད་པར་བློ་གྲོས་བྱང་བར་གྱུར་ཅིང་། ཥཾ་རག་ཥ་ཞེས་བྱ་བའི་གྲོང་ཁྱེར་གྱི་གཙུག་ལག་ཁང་དུ། འདུལ་བ་འཛིན་པ་ཞིག་ལས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་ལྔ་བླངས། ཆོས་མངོན་པ་དང་མདོ་སྡེའི་གཞུང་ལུགས་མང་དུ་ཐོས་པ་བྱས། སློབ་དཔོན་སྔགས་མཁན་ཤཱནྟི་རཱུ་པ་ཞེས་པ་ལ། བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་གྱི་དཀྱིལ་འཁོར་མང་པོར་དབང་བསྐུར་བ་ཞུས་ཏེ། མེ་ཏོག་ཐམས་ཅད་པདྨའི་རིགས་ཀྱི་ལྷ་ཁོ་ན་ལ་ཕོག་གོ །དེ་བཞིན་དུ་ཚོང་དཔོན་གྱི་བུ་སུ་ཁ་དེ་བ་ཞེས་བྱ་བ་གྲུབ་ཐོབ་འཕགས་པ་སྤྱན་རས་གཟིགས་དང་གཉིས་སུ་མེད་པ་ཞིག་དང་། སྨད་འཚོང་མ་སུ་ཁ་དྷ་རི་ཞེས་བྱ་བ་ཨོ་རྒྱན་གྱི་གནས་དེ་ཉིད་དུ་བྱུང་བའི་གྲུབ་བརྙེས་ཆེན་མོ་རྡོ་རྗེ་འཆང་དངོས་ལ་ཆོས་གསན་པ་དེ་དག་ཀྱང་བསྟེན་ནས་གསང་སྔགས་ནང་གི་གདམས་པ་ཡང་ཐོབ་པར་བྱས་སོ། །དེ་ནས་སྐྱེད་མོས་ཚལ་ཞིག་ཏུ་བསྙེན་པ་དང་། ཉེར་སྒྲུབ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་རྣམས་བྱས་པས། དང་པོར་ཐུག་ཆོམ་གྱི་སྒྲ་ཆེན་པོ་དང་འཇིགས་པའི་གཟུགས་སྣ་ཚོགས་པ་དང་། ཚལ་ལ་མེ་ཤོར་བ་དང་། ཁྱིམ་ཞིག་པ་སོགས་མི་འཚམ་པའི་ལྟས་དུ་མ་བྱུང་ཡང་། དེ་དག་གི་དབང་དུ་མ་བཏང་བར་བསྒོམས་པས། རིག་སྔགས་གྲུབ་སྟེ་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་གཙོ་བོར་གྱུར་པའི་སངས་རྒྱས་བྱང་སེམས་མང་པོ་མནལ་ལམ་དུ་ཞལ་གཟིགས་པ་དང་། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དངོས་སུ་ཡང་ཞལ་གཟིགས། མཁའ་འགྲོ་མ་དང་འབྱུང་པོ་ཕྲ་མོ་རྣམས་བྲན་དུ་འཁོལ་ལོ། །དེ་ནས་མི་རིང་པར་ཁྱིམ་གྱི་བྱ་བ་རང་ཉིད་ཀྱིས་མཛད་པར་བབ་པའི་ཚེ། ཡབ་ཀྱི་རིགས་ཀྱི་བྱ་བ་ལས། བྲམ་ཟེ་མདུན་ན་འདོན་རྣམས་དང་སྤྱོད་པ་མཚུངས་པར་རྒྱལ་པོའི་ཕོ་བྲང་དུ་ཡང་ཡང་འགྲོ་ཞིང་སྲིད་ཀྱི་བྱ་བ་དང་། སྐར་རྩིས་སོགས་ཀྱི་ལུང་སྟོན་པར་བྱེད་པ་ལས། དུས་དེའི་ཚེ་རྒྱལ་པོ་ཧ་ཡ་ལི་ལའི་བུ་ཨཀྵ་ལཱི་ལ་ཞེས་བྱ་བ་རྒྱལ་སྲིད་ལ་འཁོད་ནས་མི་རིང་བ་ཞིག་ཡིན་པས། དེའི་རྒྱལ་སྲིད་དམ་པའི་ཆོས་ལ་འགོད་པར་བཞེད་དེ། རྒྱལ་པོ་ཉིད་ཀྱང་དགེ་བ་རྒྱ་ཆེན་པོ་ལ་བསྐུལ། རང་གིས་ཀྱང་སྐྱེད་མོས་ཚལ་གྱི་དབུས་སུ། ལྷ་ཁང་དང་དགེ་འདུན་གྱི་གནས་བྱས་མཐའ་མཆོད་རྟེན་གྱིས་བསྐོར་ལྕགས་རི་རིམ་པ་མང་པོ་བྱས་སོ། །དེའི་ཚེ་སློབ་དཔོན་གྱི་གཡོག་ཏུ་གྱུར་པ་གཅིག་ནི་རྒྱལ་པོའི་ཡིག་མཁན་བྱེད་ལ། གཉིས་ནི་བློན་པོར་གཏོགས་པ་ཡོད་པས། དེ་རྣམས་ངན་སེམས་སྐྱེས་ཏེ། ཡུལ་འཁོར་འདི་རྣམས་རང་ཅག་གསུམ་གྱིས་བདག་གིར་བྱ་བའི་ཐབས་བྱའོ། །ཞེས་ལྐོག་ཏུ་བགྲོས་ནས་དུས་ལན་གཅིག་ཡིག་མཁན་དེས་རྒྱལ་པོ་ལ། པདྨ་ཨ་བ་བྷ་སཱི་འདི་ནི་ངེས་པར་རྒྱལ་སྲིད་བྱེད་པར་འདོད་དེ། འདི་ཉིད་དང་འདིའི་སྐྱེད་མོས་ཚལ་ན་གནས་པའི་རབ་ཏུ་བྱུང་བ་སྟོང་ཙམ་ཡོད་པ་ཡང་དགྲ་ཐབས་ལ་མཁས་ཤིང་གཡུལ་དུ་དཔའ་བ་ཁོ་ན་ཡིན་ལ། སྐྱེད་མོས་ཚལ་དེ་ཡང་གཙུག་ལག་ཁང་དུ་བསྒྱུར་བ་ཡིན་ནོ་ཞེས་བརྫུ་བར་བྱས་མོད་ཀྱི། དོན་དུ་ན་ལྕགས་རི་བརྟན་པོས་བསྐོར་བ་སོགས་རྒྱལ་པོ་དང་འཐབ་པའི་དོན་དུ་བྱས་པ་ཡིན་ནོ་ཞེས་བྱས། རྒྱལ་པོས་བློན་པོ་རྣམས་ལ་དྲིས་པས་ཀྱང་བློན་པོ་གཉིས་པོ་དེས་བསྒྲགས་པའི་རྐྱེན་དང་ཕྲག་དོག་གི་དབང་གིས་ཐམས་ཅད་ཀྱང་དེ་དང་མཐུན་པར་སྨྲ་བ་ན། རྒྱལ་པོས་བློན་པོ་དེ་རྣམས་དམག་ཚོགས་དང་བཅས་པ་བཏང་ངོ་། །དེ་སྐབས་ཨོ་རྒྱན་ན་རྒྱལ་པོ་རྣམས་བྲམ་ཟེ་དང་དགེ་སྦྱོང་དང་པཎྜི་ཏ་གསོད་པའི་ཁྲིམས་ནི་མེད་པས་མདུན་ན་འདོན་ཁྱོད་དང་ཁྱོད་ཀྱི་མཆོད་གནས་དགེ་འདུན་རྣམས་ཡོ་བྱད་བོར་ལ་རང་ཉིད་ཡུལ་གཞན་དུ་སོང་ཞིག་ཅེས་རྒྱལ་པོའི་བཀའ་བརྗོད་པས། དགེ་འདུན་རྣམས་སོང་ངོ་། །སློབ་དཔོན་ཡང་དེ་ལྟར་འགྲོ་བ་ལ། བློན་པོ་རྣམས་ཀྱིས་འདི་མ་བསད་ན་ཕྱིས་རང་ཅག་ལ་གནོད་དེ་འོང་ཟེར་ནས་གཤེད་མ་མང་པོ་བཏང་། དེ་དག་གིས་སློབ་དཔོན་ཞགས་པ་དང་ལྕགས་སྒྲོག་གིས་བཅིངས་པའི་ཚེ་རིག་སྔགས་ཀྱི་མཐུས་ཞགས་པ་རྣམས་བཅད། ལྕགས་སྒྲོག་རྣམས་བཅག །མཚོན་ཆ་རྣམས་བསྣུན་པས་ནི་སློབ་དཔོན་གྱི་སྐུ་ལ་གནོད་པ་མེད་ཅིང་མཚོན་ཆ་རྣམས་དུམ་བུ་མང་པོར་ཆག །མེ་ལ་བསྲེགས་པས་ཀྱང་མ་ཚིག །ཆུ་ལ་འཕངས་པས་བྱེའུ་ཟུལ་བྱེད་ཅིང་སོང་། གཡང་སར་འཕངས་པས་ཀྱང་མ་གནོད། སར་བྲུབ་ནས་སྐུངས་པས་ཀྱང་ཐག་རིང་པོར་ས་ཕུག་ནས་སོང་སྟེ་བཟུངས་ཀྱང་མ་ཐུབ་བོ། །དེ་ནས་སློབ་དཔོན་གྲོང་ཁྱེར་རྣམས་སུ་མ་སོང་སྟེ། ཡུལ་གཞན་གྱི་དུར་ཁྲོད་ནས་དུར་ཁྲོད་དུ་རྒྱུ་ཞིང་སྤྱོད་ལ། དུར་ཁྲོད་ཀྱི་འདྲེ་དང་སྲིན་པོ་རྣམས་ཀྱིས་གྲོགས་བྱས་ཏེ། སྔར་གྱི་རྒྱལ་པོའི་ཡིག་མཁན་དང་། བློན་པོ་དང་གཤེད་མ་དེ་དག་ཞག་བདུན་གྱི་ཁོངས་སུ་ལ་ལ་ཁང་ཁྱིམ་ཚིག་ནས་ཤི། ལ་ལ་རང་སྲོག་རང་གིས་བཅད་དེ་གཅིག་ཀྱང་མ་ལུས་སོ། །རྒྱལ་པོ་ཡང་སྦྲུལ་གདུག་པས་ཟིན་ཏེ་དུས་ལས་འདས། དེ་ནས་ཀྱང་སློབ་དཔོན་དུར་ཁྲོད་དེ་དག་ཏུ་ཡུན་རིང་དུ་གནས་ནས་འབྱུང་པོ་དང་སྲིན་པོ་དང་ཤ་ཟ་དང་མཁའ་འགྲོ་མ་སོགས་མཐུ་ཆེན་རྣམས་དང་གྲོགས་བཤེས་སུ་གྱུར། རིག་སྔགས་ཀྱི་བཟླས་པ་ལ་བརྩོན་པར་བྱས་པས། ཁམས་གསུམ་རྣམ་རྒྱལ་དང་གཤིན་རྗེ་གཤེད་ལ་སོགས་པ་རྡོ་རྗེ་ཁྲོ་བོ་ཐམས་ཅད་ཞལ་གཟིགས་ཤིང་གསུང་ཐོས། ནག་པོ་ཆེན་པོ་དང་མ་མོ་བདུན་སོགས་དང་མི་ལབ་པ་བཞིན་དུ་བྱེད། ཀླུ་དང་གནོད་སྦྱིན་གདུག་པ་ཅན་ཐམས་ཅད་བྲན་དུ་འཁོལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དྲག་སྔགས་འབུམ་ཕྲག་བརྒྱ་ལ་དབང་ཐོབ་བོ། །དེ་སྐབས་མི་མ་ཡིན་མཐུ་ཆེན་རྣམས་དང་ལྷན་ཅིག་ཏུ་འཛམ་བུའི་གླིང་ན་གདོད་ནས་གྲུབ་པའི་དུར་ཁྲོད་ཆེན་པོ་བརྒྱད་ཡོད་པ་རྣམས་སུ་ཡང་། སྔགས་བཟླས་པའི་རྫུ་འཕྲུལ་གྱིས་ཡང་ཡང་བྱོན། དེ་དག་ཏུ་གདོད་ནས་གྲུབ་པའི་ལྷའི་སློབ་དཔོན་བརྒྱད་དང་ཡང་མཇལ། ཐུན་མོང་གི་དངོས་གྲུབ་རེ་རེ་བསྒྲུབས་སོ། །དེ་ཡང་དུར་ཁྲོད་གྷོར་ཨནྡྷ་ཀ་ར་ན། སློབ་དཔོན་དྷནུ་སྐྲྀཏ་ཞེས་བྱ་བ་གནས། རལ་གྲིའི་དངོས་གྲུབ་བསྒྲུབས། དུར་ཁྲོད་ཚང་ཚིང་འཁྲིགས་པར་སློབ་དཔོན་སའི་བུ་ཞེས་བྱ། དངོས་གྲུབ་རིལ་བུའོ། །དུར་ཁྲོད་འབར་བ་འཁྲིགས་པར་སློབ་དཔོན་ཉི་མའི་བུ་ཞེས་བྱ་བ། དངོས་གྲུབ་མིག་སྨན་ནོ། །དུར་ཁྲོད་འཇིགས་བྱེད་ཐོད་པར་སློབ་དཔོན་ཨ་མྲྀཏ་པྲ་བྷ། དངོས་གྲུབ་མཆིལ་ལྷམ། དུར་ཁྲོད་ཨཊྚཊྚ་ཧ་ས་ན་སློབ་དཔོན་ཤི་བཾ་ཀ་ར། དངོས་གྲུབ་ནད་མཐའ་དག་འཇོམས་པའི་སྨན། དུར་ཁྲོད་དཔལ་གྱི་ནགས་སུ་སློབ་དཔོན་བ་ར་རུ་ཙི་སྟེ་མཆོག་སྲེད། དངོས་གྲུབ་འཆི་བ་མེད་པའི་བཅུད་ལེན། དུར་ཁྲོད་ཅ་ཅོ་ཅན་དུ་སློབ་དཔོན་གཅེར་བུ། དངོས་གྲུབ་གཏེར་གྱི་བུམ་པ། དུར་ཁྲོད་གཏུམ་དྲག་ཏུ་སློབ་དཔོན་ངན་སྤོང་། དངོས་གྲུབ་གསེར་འགྱུར་རྩིའོ། །དེ་རྣམས་ཐོབ་པས་རིག་པ་འཛིན་པར་ནི་གྱུར། ད་ནི་སྤྱོད་པ་སྤྱད་དེ་སངས་རྒྱས་ཐོབ་པར་བྱའོ་སྙམ་པ་ལ། མནལ་ལམ་དུ་སངས་རྒྱས་འོད་དཔག་ཏུ་མེད་པས། དེ་ཁོ་ན་ཉིད་མ་མཐོང་ཞིང་མངོན་ཤེས་མེད་པའི་དྲག་ཤུལ་དཔའ་བོའི་ལས་ཀྱིས་ནི། འདོད་པའི་དངོས་གྲུབ་ལ་ཤིན་ཏུ་བར་དུ་གཅོད་པ་ཡིན་ཅིང་། ཁྱོད་ཀྱི་འདི་ཙམ་གྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མི་ཐོབ་ལ། ཁྱོད་ཀྱི་ལས་འབྲེལ་ཡོད་པའི་སློབ་དཔོན་སངས་རྒྱས་དཔལ་ཡེ་ཤེས་ཡིན་པས། དེས་བསྟན་པ་བཞིན་དུ་སྒོམས་ཤིག་ཅེས་ལུང་བསྟན་བྱུང་། བདག་ཉིད་ཀྱིས་རྣམ་པར་བརྟགས་པས་ཀྱང་ནུས་པ་ནི་ཆེར་ཐོབ་ཀྱང་དེ་ཁོ་ན་ཉིད་སྒོམ་པའི་གནས་ལུགས་ལ་ཕྱོགས་བསླད་པར་རིག་ནས། ཡུལ་དབུས་མ་ག་དྷར་བྱོན། དེའི་ཚེ་ཡུལ་མ་ག་དྷར་རྒྱལ་པོ་དྷརྨ་པཱ་ལས་རྒྱལ་སྲིད་བསྐྱངས་ཏེ་ལོ་མང་དུ་ལོན། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་གྲུབ་པ་བརྙེས་ནས་སློབ་མ་སྐྱོང་བའི་དུས་ཀྱི་འགོ་ལ་སླེབ། ཆོས་ཀྱི་མྱུ་གུའི་དགོན་པར་མཁན་པོ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་ནས་དགེ་འདུན་ཕལ་ཆེན་སྡེ་པའི་སྡེ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་མཛད་དོ། །འདུལ་འཛིན་གཅིག་ལ་འདུལ་བ་འབུམ་སྡེ་ལན་གཅིག་ཉན་པས་དོན་ཐུགས་སུ་ཆུད་པར་མཛད། དེར་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསན་པས། ལྟ་བ་ནམ་མཁའ་དང་མཉམ་པར་གྱུར། སློབ་མ་གཞན་རྣམས་དབང་བསྐུར་ཞུ་བ་ལ་དཀའ་ཚེགས་ཆེན་པོ་དགོས་པ་ལ། སློབ་དཔོན་འདིས་དཀའ་ཚེགས་མེད་པ་ལ་དབང་ཐམས་ཅད་རྫོགས་པར་ཐོབ། སློབ་དཔོན་ཡེ་ཤེས་ཞབས་ཀྱི་སློབ་མ་སངས་རྒྱས་གསང་བ་ལ་ཡང་རྣལ་འབྱོར་གྱི་རྒྱུད་དུ་དབང་བསྐུར་བ་དང་མན་ངག་ཐོབ། སློབ་དཔོན་ཡེ་ཤེས་ཞབས་ལ། འདུས་པ་དང་། སྒྱུ་འཕྲུལ་དྲ་བ་དང་། ཟླ་གསང་ཐིག་ལེ་དང་། སངས་རྒྱས་མཉམ་སྦྱོར་དང་། ལས་ཀྱི་ཕྲེང་བ་སྟེ་ནང་རྒྱུད་སྡེ་ལྔ་ལ་སོགས་པ་རྒྱུད་དང་མན་ངག་མཐའ་དག་གསན་ནོ། །དེར་དབང་གི་ཡེ་ཤེས་ཇི་བཞིན་དུ་ངོ་འཕྲོད། ཟབ་གསལ་གཉིས་སུ་མེད་པའི་རྟོགས་པ་ལ་བརྟན་པ་ཐོབ། གནས་ལུགས་ལ་རེག་པར་གྱུར་ནས། ད་ནི་བདག་གིས་ཇི་ལྟར་བགྱི་ཞུས་པས། སློབ་དཔོན་ཡེ་ཤེས་ཞབས་ན་རེ། ཤར་ཕྱོགས་བྷངྒ་ལའི་ཡུལ་གྲོང་ཁྱེར་པཎཌུ་བའི་བྱང་ངོས། པརཤི་ཞེས་བྱ་བའི་ནགས་ཀྱི་མཐོངས་ན་རི་དེའུ་ཆུང་ཞིག་ཡོད་པ་དེར་དཔལ་ཧེ་རུ་ཀའི་སྒྲུབ་པ་གྱིས་ཤིག །ཅེས་གསུངས་པ་ལྟར། དེར་བྱོན་ཕྱག་རྒྱ་པདྨ་ཅན་ཡང་འབད་མེད་དུ་རྙེད་ནས། ཟླ་བ་དྲུག་བསྐྱེད་རྫོགས་ཟུང་འཇུག་གི་སྒྲུབ་པ་ཆེན་པོ་ཉམས་སུ་བླངས་པས་ཕྱོགས་བཅུའི་སངས་རྒྱས་མང་པོ་རྟག་ཏུ་ཞལ་གཟིགས་ཤིང་གསུང་འདྲི་བར་བྱུང་། མི་རིང་བ་ན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་གོ་འཕང་ཐོབ། རྡོ་རྗེའི་སྐུ་མངོན་དུ་མཛད་དོ། །དེ་ནས་ད་ནི་སེམས་ཅན་གྱི་དོན་ཅི་རིགས་པར་བྱའོ་ཞེས་དགོངས་ནས་ཡུལ་ཏི་རཱ་ཧུ་ཏི་ལ་སོགས་པ་ཐ་རུའི་རྒྱལ་ཁམས་རྣམས་དང་། ཀ་མ་རུ་དང་བལ་པོ་ལ་སོགས་པ་བྱང་ཕྱོགས་ཀྱི་ཡུལ་རྣམས་སུ་ལོ་ཤས་ཤིག་སྐལ་པ་དང་ལྡན་པ་ཅི་རིགས་པ་ལ་ཆོས་སྟོན་པ་དང་། གསེར་འགྱུར་གྱི་རྩི་དང་། བཅུད་ལེན་གྱི་སྨན་སོགས་ཀྱིས་སྐྱེ་བོ་སྟོང་ཕྲག་མང་པོ་ཚེ་བསྲིང་བ་དང་ལོངས་སྤྱོད་རྒྱས་པར་མཛད། ཆུ་མེད་པ་རྣམས་སུ་ཆུ་དབྱུང་བ་དང་། ཆུ་ཆེ་བ་རྣམས་སུ་ས་འོག་ཏུ་འཇུག་པ་སོགས་མང་དུ་མཛད་དེ། ཐ་རུའི་ཡུལ་དང་། ཙམ་པའི་ཕྱོགས་དང་། ཁ་སྱ་སོགས་ཀྱི་ཡུལ་ཀུན་ན་སློབ་དཔོན་འདིའི་སྒྲུབ་ཆུ་དང་། ཆུ་ས་འོག་ནས་རྒྱུར་བཅུག་པ་སོགས་ད་ལྟ་ཡང་མང་དུ་ཡོད། ཙེམྦཱརཎའི་ཡུལ་ན་བྷ་ཏི་ཟེར་བའི་ཆུ་ཆེན་པོ་ཞིག་ཉིན་ལམ་གཅིག་ཙམ་སའི་སྦུབས་སུ་བཅུག་པ་གཅིག་དང་། ཚ་ལམ་ཙམ་རེ་བཅུག་པ་གཉིས་ཡོད། དུས་དེ་ཙམ་ན་རྒྱ་གར་གྱི་ཡུལ་ལྷོ་ཕྱོགས་ཏྲི་ལིང་ག་དང་ཉེ་བ་ཏྲི་མ་ལ་ཙན་དན་གྱི་ནགས་ན་ལཀྵ་མཱན་གྱི་གནས་དང་ཉེ་བ་ན། ཤཱི་བས་ཐཱན་ཞེས་བྱ་བར་དབང་ཕྱུག་གི་ལིང་ག་ཁྲུ་གང་ཙམ་ཞིག་རང་བྱུང་དུ་བྱུང་། ཉིན་རེ་བཞིན་སྲོག་ཆགས་མང་པོ་བསད་པའི་ཁྲག་མཆོད་བྱེད་དགོས། དེར་མུ་སྟེགས་པ་རྣམས་ཀྱིས་དམོད་པ་དྲག་པོ་བྱས་པ་ཙམ་གྱིས་ནང་པའི་སྡེ་རྣམས་ལ་ནད་ཡམས་སོགས་མི་འཚམས་པ་དུ་མ་འབྱུང་བ་ཞིག་ཡོད། ཏྲི་མ་ལ་དེ་ཡུལ་བཟང་ཞིང་ནང་པ་མང་ལ། དཔལ་ཨོ་ཏནྟ་པུ་རིའི་མཆོད་པ་ཕལ་ཆེ་བ་ཡང་ཡུལ་དེ་ནས་འབྱུང་བ་ཡིན། དེ་ལ་རྟེན་རང་བྱུང་དེས་གནོད་པ་ཆེ་བ་ཞིག་བྱུང་། ཡང་ཤར་ཕྱོགས་བྷདྒ་ལ་དང་ཉེ་བ་ན་ལེནྡྲའི་ལྷོ་ནུབ་ན་ཡུལ་བཱ་ག་ལ་ཞེས་བྱ་བར་མཚོ་ཆུང་དུ་ཞིག་གསར་དུ་བརྡོལ་ཞིང་དེར་མུ་སྟེགས་ལ་དགའ་བའི་ཀླུ་གདུག་པ་ཅན་ཞིག་གནས་བཅས། མུ་སྟེགས་རྣམས་ཀྱིས་མཚོ་ལ་མཆོད་གཏོར་ཕུལ་བ་ཙམ་གྱིས་གསེར་དངུལ་མུ་ཏིག་རིན་པོ་ཆེ་སོགས་དཔག་ཏུ་མེད་པ་རྙེད་འོང་ཞིང་། ཡོ་བྱད་དེ་དག་ལ་བརྟེན་ནས། ཤར་ཕྱོགས་ཀྱི་ཡུལ་ཚོ་ལྔར་མུ་སྟེགས་ཀྱི་གྲྭ་གསར་པ་མང་པོ་ཚུགས། སངས་རྒྱས་པའི་སྡེ་རྣམས་ལ་ཀླུ་དེ་ཤིན་ཏུ་ཆོ་འཕྲུལ་ཆེ་བས་གནོད་པར་བྱུང་། མ་ག་དྷའི་རྒྱལ་པོའི་ཁབ་ན་ཤེལ་གྱི་ཕ་བོང་གཅིག་ལ་མུ་སྟེགས་པའི་ལྷ་བྲམ་ཟེའི་རིགས་ཀྱི་འབྱུང་པོ་མང་པོ་གནས་ནས་དཀའ་བས་སྒྲུབ་མི་དགོས་པར་མིག་མཐོང་དང་རྣ་ཉན་དང་མོ་རྩིས་ཀྱི་མངོན་ཤེས་སྟོན་པ་ཞིག་ཡོད་དོ། །དེ་རྣམས་བྱུང་ནས་རིང་པོར་མ་ལོན་པའི་སྐབས་ཡིན་པས་དེ་དག་འདུལ་བར་བཞེད་དེ། དཔལ་རྡོ་རྗེ་གདན་དུ་སྒོམ་ཁང་མཛད་ནས། རིག་པའི་ལྷ་འཁོར་ལོས་བསྒྱུར་བའི་དཀྱིལ་འཁོར་ཆེན་པོ་དྲུག་ཞལ་ཕྱེས། དཔལ་ཧེ་རུ་ཀའི་རིག་སྔགས་ཀྱིས་བསྒྲུབས་པས་འབར་བ་དང་བཞད་པ་སོགས་གྲུབ་པའི་རྟགས་ཉི་ཤུ་རྩ་གཅིག་བྱུང་ཞིང་། རྟེན་པའི་ཕུར་བུ་གསུམ་བྱུང་བ་ལས་ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་གྱི་ཕུར་བུ་སློབ་དཔོན་ཉིད་ཀྱིས་བླངས་ནས། རྫུ་འཕྲུལ་གྱིས་ཡུད་ཙམ་ལ་ལྷོ་ཕྱོགས་ཏྲི་མ་ལར་བྱོན། ལིང་ག་དང་ཉེ་བའི་ཤིང་སྡོང་གཅིག་ལ་བཏབ་པས། དེ་སྐོར་གྱི་ནགས་ཐམས་ཅད་ཚིག །ལིང་གའི་ཕྱེ་ལྷག་ཙམ་ཐལ་བར་སོང་། ཕྱིན་ཆད་ནང་པ་ལ་གནོད་པ་མ་བྱུང་། ཨོ་ཏནྟ་པུ་རིའི་མཆོད་པ་ཉམས་པ་རྣམས་གསོས། ཁྲོ་བོ་བདུད་རྩི་འཁྱིལ་བའི་ཕུར་པ་ནི་དཀྱིལ་འཁོར་གྱི་གཟུངས་མ་རྣལ་འབྱོར་མ་ངང་ཚུལ་ཅན་ཞེས་བྱ་བ་གཅིག་གིས་བླངས་ཏེ་ཡུལ་བྷང་ག་ལའི་མཚོ་དེ་ལ་བཏབ་པས། ཀླུ་འཁོར་བཅས་ཐལ་བར་སོང་། ཞག་བདུན་ནས་མཚོ་ཡང་བསྐམས། མུ་སྟེགས་ཀྱི་གྲྭ་དེ་རྣམས་ཞིག །ཆུང་བ་དེ་སྒྲུབ་གཡོག་ཀ་མ་རུའི་རྣལ་འབྱོར་པ་རཏྣ་ཤཱི་ལ་ཞེས་བྱ་བས་བླངས་ཏེ་རྒྱལ་པོའི་ཁབ་ཀྱི་ཤེལ་གྱི་ཕ་བོང་དེ་ལ་བཏབ་པས། དེ་སིལ་གྱིས་ཞིག །དེས་ཀྱང་ནང་པ་ལ་ཕན་པར་བྱུང་། དེ་གཉིས་ཀྱིས་ཀྱང་རིག་པ་འཛིན་པ་གྲུབ་སྟེ་མི་སྣང་བར་གྱུར་ལ། འདོད་ན་སྤྲུལ་པའི་ལུས་ཀྱིས་སྣང་བར་ཡང་བྱེད་དོ། །སློབ་དཔོན་གྱིས་ཏྲི་མ་ལར་ཅུང་ཟད་བཞུགས་ཏེ། ཙན་དན་ལས་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་ཞིག་བཞེངས་སོ། །བི་ཀྲ་མ་ཤཱི་ལར་སྒྲོལ་མའི་ལྷ་ཁང་ཆུང་ངུ་ཞིག་མཛད། དཔལ་ཨོ་རྒྱན་དུ་ཡང་བྱོན་ཏེ། སྐལ་པ་དང་ལྡན་པའི་སློབ་མ་ཅི་རིགས་པར་འདུས། ལྷ་ཁང་གཅིག་ཀྱང་བཞེངས། དེ་སྐབས་ཨོ་རྒྱན་དང་ཉེ་བའི་ཡུལ་ཀཙྪ་ན་ནང་པའི་སྡེ་དར་ཞིང་བཟང་བར་ཡོད། རྒྱལ་པོ་ཡང་དགེ་བསྙེན་པཎྜི་ཏ་ཞིག་གིས་བྱེད་པ་ཡིན་པ་ལ། ཡུལ་མོ་ལ་ཏཱ་ནའི་གྲོང་ཁྱེར་པཱ་ག་དའི་རྒྱལ་པོ་ནི་སྟག་གཟིག་ཏུ་རུཥྐ་ཡིན་པས་དེའི་དམག་གིས་ཀཙྪའི་ཡུལ་རྣམས་བཅོམ། ཆོས་གྲྭ་འགའ་ཞིག་ནི་བཤིག །མང་པོ་ཞིག་འཇོམས་ལ་ཁད་ཀྱི་སྐབས་སུ་ཆུ་ཀླུང་ནཱི་ལིའི་སྟེང་ན་ཚུར་དམག་རྣམས་གྲུ་དང་རྐྱལ་གྱི་སྤྱོད་པས་བྱུང་བ་ལ། ཆུ་ཚུར་ཁ་ནས་སློབ་དཔོན་གྱིས་ལྟ་སྟངས་དང་སྡིགས་མཛུབ་དྲག་ཏུ་མཛད་པས་གྲུ་ཆེ་བ་བདུན་དང་ཤིང་གཅིག་པའི་གྲུ་ཆུང་ལྔ་བརྒྱ་ཙམ་དང་རྐྱལ་ཞིང་འོང་བའི་མི་དང་བཅས་པ་ཐམས་ཅད་ཆུར་བྱིངས་ཏུ་རུཥྐའི་དཔའ་བོ་ཐམས་ཅད་ཤིའོ། །དེ་ཕྱིན་ཆད་མི་རབས་མང་པོར་ཡུལ་དེར་ཏུ་རུཥྐའི་གནོད་པ་མ་བྱུང་ངོ་། །དེ་ལྟར་ན་རབ་ཏུ་བྱུང་བའི་མཚན་པདྨ་ཨཱ་ཀ་ར་སྟེ་པདྨ་འབྱུང་གནས། དཀྱིལ་འཁོར་དུ་དབང་བསྐུར་བའི་གསང་མཚན། པདྨ་སཾ་བྷ་ཝ་སྟེ། པདྨ་འབྱུང་ལྡན། སྔོན་དུས་ཨོ་རྒྱན་གྱི་སྐྱེ་བོས་བླ་དྭགས་སུ་བཏགས་པ་ཀ་མ་ལ་ཀུ་ལི་ཤ་སྟེ་པདྨ་རྡོ་རྗེ། དེ་ཡང་དཔྲལ་བ་ན་རྡོ་རྗེས་མཚན་པའི་པདྨ་རྒྱས་པའི་རི་མོ་ཡོད་པས་སོ། །ཆུང་ངུའི་དུས་སུ་བཏགས་པའི་རིགས་ཀྱི་མིང་ནི་པདྨ་ཨ་བ་བྷ་སེ་སྟེ་པདྨ་འོད་ཟེར་ལྡན། སློབ་མ་རྣམས་ཀྱིས་གུས་པས་མཚན་གསོལ་བ་ནི་ཤྲཱི་མ་ཧཱ་སུ་ཁ་སྟེ། དཔལ་བདེ་བ་ཆེན་པོ། ཕྱིས་ཨོ་རྒྱན་དུ་བྱོན་པའི་སྐབས་ཨོ་ཌི་ཡ་ན་པ་རྣམས་ཀྱིས་མཚན་གསོལ་བ། སྔོན་གྱི་དཔལ་བདེ་བ་ཆེན་པོ་པདྨ་བཛྲ་དང་མཛད་པ་མཚུངས་པས་པདྨ་བཛྲ་ཞེས་གྲགས་སོ། །རྒྱ་གར་ཤར་ནུབ་ལྷོ་དང་དབུས་རྣམས་སུ་གོང་དུ་སྨོས་པ་དེ་དག་གཙོ་བོར་གྱུར་པའི་འགྲོ་དོན་ཅི་རིགས་པ་ཙམ་མཛད་ལ། དེ་བས་ཆུ་བོ་གངྒའི་བྱང་ཕྱོགས་བལ་པོ་ཡན་ཆད་དུ་འགྲོ་བའི་དོན་ཆེར་མཛད། དེ་བས་ཀྱང་འགྲོ་ལྡིང་གི་ཡུལ་དུ་འགྲོ་དོན་ཆེ་སྟེ་ཡུལ་ཁམས་དེ་དང་པོར་འདུལ་བར་མཛད་པ་པོ་ཡིན་པ་དང་། གསུང་གི་རྗེས་སུ་འབྲངས་པ་རྣམ་དག་ད་ལྟའི་བར་དུ་ཤིན་ཏུ་མང་བས་སོ། །དེ་བས་ཀྱང་བོད་ཁམས་སུ་འགྲོ་དོན་ཆེ་སྟེ། ཕྱོགས་འདིའི་སྔོན་ནས་ད་ལྟའི་བར་གྱི་མི་དང་མི་མ་ཡིན་པའི་འགྲོ་བར་གྱུར་པ་ལ། དངོས་བརྒྱུད་ཀྱི་ཁྱད་པར་ཙམ་མ་གཏོགས་སྤྲུལ་པའི་སྐུའི་རྣམ་པ་འདི་ཉིད་དང་། མཚན་འདི་ཉིད་རྟགས་མཚན་དུ་བྱས་ཏེ་གདུལ་བྱའི་ཞིང་དུ་མ་གྱུར་གཅིག་ཀྱང་མེད་པ་ལྟ་བུར་སྣང་བས་སོ། །དེ་དག་ཀྱང་རྣམ་པ་འདི་དང་མཚན་འདིས་མཚོན་པའི་དབང་དུ་བྱས་ཀྱི། གཞན་དུ་ཟུང་འཇུག་ཐོབ་པ་རྣམས་ཀྱི་རྣམ་པར་ཐར་པའི་མཐའ་ནི་སུ་ཞིག་གིས་བརྗོད་པར་ནུས། སློབ་དཔོན་འདི་ནི་གཙོ་བོར་མི་མ་ཡིན་འདུལ་བའི་འཕྲིན་ལས་ཅན་ཡིན་ཏེ། སྔོན་སྨོས་པ་དེ་དག་ཐམས་ཅད་ལས་ཀྱང་རྔ་ཡབ་གླིང་ཕྲན་སོགས་སུ་མི་མ་ཡིན་གྱི་འགྲོ་དོན་སྤྱོད་པ་ཆེས་ཆེར་རྒྱ་ཆེ་བ་ཡིན་ཏེ། སྔ་མ་དེ་དག་ནི་ཡུལ་ཉི་ཚེ་བར་སྐྱེ་བོ་ཉུང་ངུ་ལ་དུས་ལོ་གྲངས་བརྒྱ་སྙེད་དང་སྟོང་སྙེད་སོགས་ཡུན་ཐུང་ངུ་ཡིན་ལ། ཕྱི་མ་འདི་ལ་ནི་ཡུལ་དང་དུས་དང་སྐྱེ་བོ་གཞལ་བར་དཀའ་བའི་ཕྱིར་རོ། །དེ་ལ་འཕགས་ཡུལ་གྱི་གཏམ་རྒྱུད་ལ། རི་ཁ་བ་ཅན་གྱི་ཁོངས་སུ་བྱོན་ནས། ཀླུ་དང་གནོད་སྦྱིན་གདུག་པ་ཅན་ཐམས་ཅད་བཏུལ། རྒྱལ་པོ་ལ་སོགས་པ་རྫུ་འཕྲུལ་གྱིས་དད་པར་བྱས་སོ་ཞེས་པ་ཙམ་ལས་བོད་དུ་བྱོན་པའི་ལོ་རྒྱུས་རྒྱས་པ་མི་སྣང་ལ། དེ་ཡང་འགྲོ་ལྡིང་བཏུལ་བའི་སྔ་ཕྱི་གང་ཡིན་མི་གསལ་ཞིང་། བོད་པ་རྣམས་བོད་ཡུལ་ནས་སྲིན་པོའི་གླིང་ལ་བྱོན་པར་འདོད་པ་དང་། འགྲོ་ལྡིང་པ་རྣམས་ནི་འགྲོ་ལྡིང་ནས་དེར་བྱོན་པར་འདོད་དོ། །སྐུའི་བཀོད་པ་གཉིས་གཅིག་ཅར་བསྟན་པར་བྱས་ཀྱང་མི་འགལ་མོད། འགྲོ་ལྡིང་དུ་བྱུང་བའི་སློབ་མ་དང་ཡང་སློབ་འགའ་ཞིག་གིས་འགྲོ་དོན་མཛད་པའི་དུས་དང་བསྟུན་ན། བོད་དུ་བྱོན་པའི་རྗེས་སུ་འགྲོ་ལྡིང་དུ་བྱོན་པར་མངོན་ནོ། །དེ་ལ་བོད་དུ་བྱོན་པའི་ལོ་རྒྱུས་རྣམ་ཐར་དང་ཐང་ཡིག་ཏུ་གྲགས་པ་རྣམས་ལ་མང་པོ་ཞིག་སྣང་ཡང་རེ་ཞིག་བཏང་སྙོམས་སུ་བཞག །རྙིང་མ་བཀའ་མར་གྲགས་པ་རྣམས་ཀྱི་ནང་ནས་མན་ངག་ལྟ་ཕྲེང་དང་། ཕུར་པ་དང་རྟ་མགྲིན་སོགས་ཀྱི་ཆོས་སྐོར་མང་པོ་ཞིག་ལ་ལོ་རྒྱུས་སྤྱི་ཁོག་མཚུངས་པ་ཡིད་བརྟན་རུང་བར་སྣང་ལ། ནང་གསེས་མི་འདྲ་ཙམ་ནི་ཤིན་ཏུ་མང་ངོ་། །དེ་ཡང་སློབ་དཔོན་རྫུས་སྐྱེས་སུ་གླེང་བ་དང་། མངལ་སྐྱེས་སུ་གླེང་བ་དང་། འདམ་ཁར་གླེང་བ་སོགས་ཅི་རིགས་ཡོད་ལ། བོད་དུ་ཇི་ཙམ་བཞུགས་པ་ཡང་། འགའ་ཞིག་ལས་ལོ་གསུམ། འགའ་ཞིག་ལས་ལོ་དྲུག །གཞན་འགའ་ལས་ལོ་བཅུ་གཉིས། ཁ་ཅིག་བཅོ་བརྒྱད་ཅེས་སོགས་ཡོད་ལ། གཏེར་མ་རྣམས་ལས་ནི་ཉུང་བ་རྣམས་ལ་ལྔ་བཅུ་དང་། ཕལ་ཆེར་ལས་བརྒྱ་ལྷག་པར་འཆད་དོ། །དེ་ལ་དོན་གཞན་གདུལ་བྱ་སྣང་བ་དག་པ་རྣམས་ཀྱི་སྣང་ངོར་བསམ་ན་ནི། ད་ལྟར་ཡང་བཞུགས་ཤིང་། ཞིང་ཁམས་ཀུན་ཏུ་སྐུའི་སྣང་བ་གཅིག་ཅར་རྟག་ཏུ་སྟོན་པའང་ཡིན་པས་ཕྱོགས་གཅིག་ནས་ཚད་གང་ལྟར་བྱས་ཀྱང་རུང་མོད། འོན་ཀྱང་སྔ་ཕྱིར་དུས་བསྒྲིགས་པ་སོགས་ལ་ནི་དེ་མི་རུང་སྟེ། འདི་ལ་ནི་དེ་སྐབས་ཀྱི་མིའི་འགྲོ་བ་ཕལ་པ་རྣམས་ཀྱི་སྤྱི་མཐུན་པའི་སྣང་ངོར་སྣང་དུ་རུང་བ་གཅིག་གི་སྟེང་ནས་འཇོག་དགོས་པའི་ཕྱིར་རོ། །དེས་ན་རྒྱལ་པོའི་བཀའ་ཆེམས་ཀྱི་ཡི་གེ་རྣམ་པ་གསུམ་ཡོད་པར་གྲགས་པའི་རྦ་བཞེད་དངོས་དང་། རྦ་བཞེད་ལ་སྔ་དར་གྱི་འཕྲོ་འཐུད་ཅིང་། དེ་ལའང་བཀའ་གདམས་ཕྱོགས་ཤིག་གིས་ཁ་སྐོང་བྱས་པ་ཞིག་དང་། བླ་བཞེད་རྣམས་མཐོང་ཞིང་། རྒྱལ་བཞེད་ཀྱི་དོན་བླངས་ནས་བཀོད་པའི་ལོ་རྒྱུས་ཀྱི་ཡིག་རྙིང་འགའ་རེ་ཡང་མཐོང་བ་ལས། རྒྱས་བསྡུས་འཕྲན་བུ་མ་གཏོགས་ཕལ་ཆེར་གཏམ་རྒྱུད་ངོ་བོ་གཅིག་པ་ཁོ་ནར་སྣང་ལ། མཁས་མཆོག་དམ་པ་ཀུན་གྱིས་ཀྱང་། དེ་གསུམ་ཡིད་ཆེས་ཀྱི་ཁུངས་སུ་མཛད་ཅིང་། དེའི་ནང་གི་སློབ་དཔོན་པདྨའི་ལོ་རྒྱུས་རྣམས་ནི་སྔ་འགྱུར་བཀའ་མ་བ་རྣམས་ཀྱི་ལོ་རྒྱུས་ཕལ་ཆེ་བ་དང་སྤྱི་འགྲོས་འགྲིག་པར་ཡང་སྣང་ངོ་། དཔའ་བཞེད་དང་རྦ་བཞེད་ཡི་གེ་འདོན་ཚུལ་ཙམ་སྟེ་ངོ་བོ་གཅིག་ལ། འབའ་བཞེད་བྱ་བ་གཞན་ཞིག་ཡོད་ཟེར་ནའང་། དེའི་ལུགས་འདི་ཡིན་བྱ་བ་མ་མཐོང་ལ། རྦ་བཞེད་ལ་ཡིག་ནོར་བྱུང་བའི་གནས་ཀྱང་སྲིད་དོ། །འདིར་དེ་དག་གུང་སྤྲོས་ཏེ་བཤད་ན། ཤིན་ཏུ་ཡིད་ཆེས་པའི་གནས་སུ་འགྱུར་རོ། །དེ་ཡང་དེའི་ཚེ་སྤྲུལ་པའི་རྒྱལ་པོ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་ཡུལ་དུ་དམ་ཆོས་དར་བར་བཞེད་ནས། ཨ་ཙརྻ་བོ་དྷི་སཏྭ་ཞེས་གྲགས་པ་ཞི་བ་འཚོ་ཞེས་ཀྱང་བྱ། སློབ་དཔོན་དྷརྨ་ཤཱནྟི་གྷོཥ་ཞེས་བྱ་བ་སྤྱན་དྲངས་ཏེ། ཕོ་བྲང་ཀླུང་ཚུགས་ཞེས་བྱ་བའི་ཡང་ཐོག་ཏུ་དར་གྱི་གུར་ཕུབ་པར་བཞུགས་སུ་བཅུག །ཟླ་བ་བཞིར་དགེ་བ་བཅུ་རྟེན་འབྲེལ་བཅུ་གཉིས་ཁམས་བཅོ་བརྒྱད་རྣམས་ལས་བརྩམས་ཏེ་སློབ་དཔོན་གྱིས་ཆོས་བཤད་པས། བོད་འདྲེ་རྣམས་ཁྲོས་ནས། ཕོ་བྲང་འཕང་ཐང་ཆུས་ཁྱེར། དམར་པོ་རི་ལ་ཐོག་བརྒྱབ། ཡུལ་ཁམས་རྣམས་སུ་མི་ནད་ཕྱུགས་ནད་དང་། སད་དང་སེར་བ་ཆེར་བྱུང་བས། བོད་འབངས་ཐམས་ཅད་ཆོས་བྱས་པས་ལན་ཟེར། ཆོས་བྱར་མ་བཏུབ་ནས། རྒྱལ་པོ་རྦ་གསལ་སྣང་སོགས་ཆོས་བློན་ལྔ་དང་ལྷན་གཅིག་ཨ་ཙརྻའི་དྲུང་དུ་སོང་། གསེར་ཕྱེ་བྲེ་གང་ཡོན་དུ་ཕུལ། དེ་འདྲ་ལན་གསུམ་སོང་ནས་འདི་སྐད་ཅེས། ཨ་ཙརྻ་རེ་ཞིག་བལ་པོའི་ཡུལ་དུ་བཞུད་ལ། དེ་བར་རྒྱལ་པོས་བོད་མི་རྣམས་ལྷ་ཆོས་མི་བྱེད་དུ་མི་རུང་བར་གླེངས། རྔན་པ་བྱིན། ཞང་བློན་རྣམས་ཐབས་ཀྱིས་བྲིད་ནས། ཆོས་བྱེད་དུ་བཏུབ་པའི་ཚེ་སླར་ཡང་སྤྱན་འདྲེན་ནོ་ཞེས་ཞུས། ཨ་ཙརྻ་ན་རེ། བོད་ཀྱི་འདྲེ་སྲིན་གདུག་པ་ཅན་རྣམས་འདུལ་བ་ལ་སྔགས་མཁན་པདྨ་སཾ་བྷ་ཝ་ཞེས་བགྱི་བ་ད་ལྟ་ས་སྟེང་ན་མཐུ་རྩལ་ཆེ་ཤོས་དེ་སྤྱན་འདྲེན་དགོས་གསུང་། གསེར་ཕྱེ་ཁྱོར་བ་གང་བལ་པོའི་རྒྱལ་པོ་ལ་སྦྱིན་དགོས་གསུངས་ནས་བསྣམས། ལྷག་མ་བཙན་པོ་ཉིད་ལ་གཏད། ཕྱི་ལྟར་དུ་བསྐྲད་པ་ལྟར་བྱས་ཏེ་ཡར་བཞུད་དོ། །ཡང་གྲོ་སྣར་དང་། གསལ་སྣང་གཉིས་ཀྱིས་བལ་ཡུལ་དུ་བསྐྱལ། སླར་ལྡོག་ནས་རྦ་གསལ་སྣང་ཆོས་ཀྱི་སྤྱན་པར་བསྐོས། ཕོ་ཉ་སུམ་ཅུས་བསྐོར་ཏེ། ཆོས་ཀྱི་དོན་ལ་རྒྱ་ནག་ཏུ་ཕོ་ཉར་ཕྱིན། དེ་བར་ཞང་བློན་ཐམས་ཅད་བསྡུས་ནས། ཆོས་བྱེད་པའི་ཆད་སོ་གྲུབ། སློབ་དཔོན་སྤྱན་མ་དྲོངས་པའི་དུས་སྐབས་དེར་ཕོ་ཉ་རྣམས་ལ། རྒྱ་རྗེས་སོ་སོར་བྱ་དགའ་ཆེན་པོ་དང་། བཙན་པོ་ལ་དར་ཡུག་ཁྲི་ཕྲག་སོགས་སྐྱེས་ཆེན་པོ་དང་བཅས་ཏེ་སླེབས། དེ་ནས་ཡང་གསལ་སྣང་གིས། ཨ་ཙརྻ་གཉིས་པོ་སྤྱན་འདྲེན་དུ་བལ་པོར་ཕྱིན། འདིའི་སྐབས་སུ་རྦ་བཞེད་ལས། ཨ་ཙརྻ་བོ་དྷི་སཏྭ་དང་། སློབ་དཔོན་པདྨ་སཾ་བྷ་བ་དང་། ལྷ་ཁང་བརྩིག་པའི་ཆ་མཁན་མཁས་པ་གཅིག་སྟེ་གསུམ་བོད་དུ་འབྱོན་པའི་གྲབས་སེབ་བྱས་ནས་འདུག་སྐད། དེ་ནས་ཨ་ཙརྻ་བོ་དྷི་སཏྭས་གཞུང་ལམ་ལ་མགྱོགས་པར་བྱོན། སློབ་དཔོན་པདྨ་དང་ཆ་མཁན་དང་བལ་པོ་རྡོ་བཟོ་བ་སོགས་བསྡེབས་ནས་ཕེབས་ཏེ། ཡུལ་སོ་སོའི་མི་མ་ཡིན་འདུལ་བ་དང་། ས་ཆ་རྣམས་རྟོག་གིན་བྱོན། ཞེས་འབྱུང་ལ། བླ་བཞེད་ལས། ཨ་ཙརྻ་བོ་དྷི་སཏྭ་སྤྱན་འདྲེན་དུ་ཕྱིན་པ་མྱུར་བར་འགྲན་བཟང་དུ་བྱོན། བཙན་པོ་དང་བཀའ་མཆིད་མཛད། པདྨ་སམྦྷ་བ་སྤྱན་དྲངས་ནས་ལྷ་སྲིན་བཏུལ་ན་ལེགས་ཞེས་གསུངས་པ་ལྟར། རྦ་མང་རྗེ་གསལ་སྣང་དང་། སེང་མགོ་ལྷ་ལུང་གཟིགས་གཡོག་ལྔ་དང་བཅས་པ་སྤྱན་འདྲེན་དུ་བཏང་བ། སློབ་དཔོན་གྱིས་ཀྱང་མཁྱེན་ནས་མང་ཡུལ་དུ་བྱོན་འདུག་ཟེར་བ་སྣང་བ་གང་ལྟར་ཡང་མི་འགལ་མོད་སྔ་མ་འཐད་པར་བྱའོ། །དེ་སྐབས་སྐྱིད་གྲོང་ནས་ཚུར་བྱོན་དུས། བོད་ཀྱི་ལྷ་སྲིན་རྣམས་ཀྱིས་ཁ་ཆར་དྲག་པོ་ཕབ། ཕན་ཚུན་གྱི་རི་ཁ་ལྟེབས་པར་བྱུང་བ་ན་འཁོར་རྣམས་རྗེས་སུ་བཞག །སློབ་དཔོན་སྔོན་ལ་བྱོན་ཏེ་རིའི་ཁོང་སེང་ནས་བཞུད་ནས། ལྷ་སྲིན་དེ་རྣམས་བཅིངས་ཤིང་དམ་ལ་བཏགས་སོ། །དེ་ནས་བཟུང་ལམ་གྱི་མི་མ་ཡིན་ཐམས་ཅད་འདུལ་ཞིང་བྱོན། གཙང་པོ་ལ་རྫིངས་བཅས་ཏེ་ཆུ་གཞུང་ལ་སྤྱན་དྲངས་ཀྱིས་བྱོན་པ་ཡང་མང་། འོ་ཡུག་གི་ཐད་ཀ་ནས་ཕར་ཐོན། ལ་འདི་བརྒལ་བ་ན་ཉི་ཚེ་བའི་དམྱལ་བ་མང་པོ་ཡོད་པས་སྙིང་རྗེ་བྱའོ་གསུངས་ནས་ཕེབས། ཆུ་ཚན་དྲག་ཏུ་ཁོལ་བའི་དབུས་ན་སྲོག་ཆགས་ཡོད་པ་རྣམས་ལ་སློབ་དཔོན་གྱི་དགོངས་པ་མཛད་པས་ཆུ་རྣམས་འཇམ་གྱིས་འགྲོ་བ་བྱུང་། རྣལ་འབྱོར་པའི་བྱམས་པའི་ནུས་པ་བསྟན་པ་ཙམ་ཡིན། ལར་མྱོང་ངེས་ཀྱི་ལས་ལ་སངས་རྒྱས་ཀྱིས་ཀྱང་མཛད་དུ་མེད་གསུང། དགོངས་པ་བཞག་པས་སྔར་བཞིན་སོང་། རུ་མཚམས་སུ་ཡང་ཕེབས། གངས་དཀར་འཇིགས་ནས་ཐག་རིང་དུ་བྲོས། གནམ་དུ་ཕེབས་ནས་ད་ནི་ཐང་ལྷ་འདུལ་དགོས་གསུང་། དེ་ཕྱོགས་སུ་ཆས། ཟངས་ཁལ་ཚད་མ་ཞིག་ཏུ་ལུག་བོང་ཤི་བའི་ཤ་བཙོས་པ་དང་། ཀླུ་ཚ་ཟེར་བའི་མི་ཚན་གཅིག་ན་རེ། འདི་ཅི་ཡིན་ཟེར། ལོ་རྒྱུས་བསྙད་པས། ཧ་ཧ་བྱས་གནོད་སྦྱིན་འདུལ་བའི་ཐབས་ལྟ་ཟེར་བ་ལ། སློབ་དཔོན་གྱིས་གནོད་སྦྱིན་ཆེན་པོ་དམར་ཐབ་འཚལ་གསུངས་ནས་ཟངས་ལ་རྡོག་པ་རྒྱབ་ནས་བསྒྱེལ། དེར་ཐང་ལྷ་ཁྲོས་ཏེ་གངས་ལ་ཐུག་ཆོམ་བྱུང་། སྤྲིན་ནག་ཆགས་ནས་སྐྱེ་བོ་ཕལ་པས་བཟོད་པར་དཀའ་བའི་འབྲུག་དང་སེར་བ་དང་གློག་རྒྱུན་མི་འཆད་པ་བྱུང་ངོ་། །སློབ་དཔོན་གྱིས་གངས་རི་ལ་སྡིགས་མཛུབ་བསྟན་པས་གངས་ཆེར་ཞུ། ཐང་ལྷ་ཡར་ཞུ་དེ་ནས་གྲགས། སྙིང་དྲུང་དུ་འདི་ན་ཆོས་བྱེད་དུ་མི་སྟེར་བའི་ཀླུ་གདུག་པ་ཅན་ཞིག་འདུག་གསུང་། འདུལ་བར་དགོངས་པ་ལ་ཀླུ་དེ་ཕྱིའི་རྒྱ་མཚོར་བྲོས། ཕུག་པ་ཞིག་ཏུ་དཀྱིལ་འཁོར་ལྔ་བཞེངས། ཞག་གསུམ་དགོངས་པ་མཛད་པས། གངས་ཀྱི་ཐུག་ཆོམ་ཞི། ཡུལ་ཡང་འཇམ་པོར་གྱུར། ཀླུ་དང་ཐང་ལྷ་ཡང་དམ་འོག་ཏུ་ཆུད་ཅིང་ཆོས་ལ་བཀོད། གཞན་ཡང་གནམ་མཚོ་ལ་གནས་པའི་ལྷ་འདྲེ་རྣམས་དང་། ཇོ་མོ་གངས་དཀར་ལ་སོགས་པ་ལྷ་སྲིན་དཔག་ཏུ་མེད་པ་ཞིག་དེ་སྐབས་བཏུལ་ལོ། །དེ་ནས་ལེ་ཤོད་དུ་བྱོན། འཕན་ཡུལ་ལ་ཡུལ་ངན་ལུང་པ་རྟ་རོ་ཁ་ཕྱེ་བ་འདྲ་གསུངས་དངོས་སུ་མ་ཕེབས་ལྷ་འདྲེ་རྣམས་དམ་འོག་ཏུ་བསྩལ། སྟོད་ལུང་གི་གཡའ་རལ་མོ་ནས་མར་བྱོན། རི་ཉིལ་པ་ལ་སྡིགས་མཛུབ་བསྟན་པས་ལོག །བཙུན་མོ་འཕྲང་གི་བྲག་མུ་སྟེགས་རལ་པ་ཅན་བྲོ་འཁྲབ་པ་འདྲ་བ་འདིའི་གོང་མ་བཅད་ན། བོད་མུ་སྟེགས་ཀྱིས་འགེང་གསུངས་ནས་བཅད། ཞོང་བར་ཚོང་པ་ཀུན་ལ་གྲོ་ཐོབ་གསུང་པ་ལ། ཆུ་མ་མཆིས་ཞུས་པས། གསེག་ཤང་ས་ལ་ཐམ་ཐོམ་རྒྱབ་པས། ཆུ་མིག་བདུན་བྱུང་། ཞོང་བ་ལྷ་ཆུར་གྲགས། མཁར་ནག་འདི་ཀླུ་བཙན་ཐུ་བ་ཞིག་འདུག །འདུལ་བྱེད་ཅིག་བྱ་གསུང་། བྲག་ལ་རྡོ་རྗེ་སེམས་དཔའི་སྐུ་གཅིག་མཛད། བོད་ཀྱི་རྡོ་ལ་བཟོ་ཨེ་རུང་ཟེར་བལ་པོའི་བཟོ་བོས་ཤ་བ་ཞིག་ཀྱང་བརྐོས། དེ་ནས་ངམ་ཤོད་ལ་བྱོན་ཟུར་མཁར་མདའ་རུ་རྡོའི་མཆོད་རྟེན་ལྔ་བཞེངས་རབ་གནས་མཛད། དེ་ནས་ཕོ་བྲང་བྲག་དམར་འོམ་བུ་ཚལ་དུ་ཕེབས། བཙན་པོ་དང་མཇལ་བ་ལ་ཕོ་ཉས་བརྡའ་སྦྱར། ཕྱག་བཞེད་ཟེར་བ་ལ། སློབ་དཔོན་ན་རེ། ང་ཡི་ཕྱག་བཙན་པོས་མི་ཐུབ་གསུངས་ནས། ཕ་བོང་ཞིག་ལ་ཕྱག་མཛད་པས་ཤག་ཏེར་གས། རྒྱལ་པོའི་ན་བཟའ་ཕུད་པ་ལ་ཕྱག་མཛད་པས་ཐུལ་གྱིས་ཚིག །དེར་བཙན་པོས་སློབ་དཔོན་གྱི་ཞབས་ལ་ཕྱག་ཕུལ། དེའི་གོང་དུ་སང་ཤིས་བྲག་དམར་འགྲན་བཟང་དུ་རྒྱ་ནག་གི་ལྷ་ཁང་འགོའུ་དེ་ཤན་ལ་དཔེ་བླངས་བ་ཞིག་བཞེངས་ནི་གྲུབ། ཞལ་དྲོ་ནི་མ་གྲུབ་པའི་སྐབས་ཡིན་པས། སློབ་དཔོན་ཆེན་པོ་དེར་གདན་ཕེབས་པར་ཞུས་ནས་ཕེབས་རབ་གནས་མངའ་གསོལ་གྱི་ཚེ། རྒྱལ་པོ་དང་བློན་པོ་ཆེན་པོ་ནི་མ་བྱོན། གནངས་ཆེན་པོ་དང་གཟིམ་མལ་བ་ཀུན་གྱིས་བལྟ་བར་འོངས། སློབ་དཔོན་གྱིས་ལྷ་སྐུ་ཆེན་པོ་ཐམས་ཅད་མི་ལ་བྱ་བ་བཞིན་དུ་བྱས་ནས། སྟོན་མོ་བྱེད་པའི་སར་སྤྱན་དྲངས་སོང་བས། ཡིད་མ་ཆེས་ཏེ། ནམ་ཕྱེད་ལ་དེ་ཀུན་གྱིས་མར་མེ་ཁྱེར་ནས་བལྟས་པས། ནང་ན་འཇིམ་སྐུ་གཅིག་ཀྱང་མེད་པར་སྟོང་སང་ངེ་འདུག །དབྱུག་སྐར་གྱིས་བཙལ་བས་ཀྱང་རེག་ཐོགས་མི་འདུག་པས་ཡིད་ཆེས། ནངས་པར་སྒོ་སེང་ནས་བལྟས་པས། སྐུ་གཟུགས་ཐམས་ཅད་སྔར་བཞིན་འཁོད་པ་ལ། སློབ་དཔོན་པདྨས་མཆོད་པ་མཛད་པ་དང་། ལྷ་རྣམས་བཤོས་གསོལ་ཞིང་གཏམ་མཛད་པར་དངོས་སུ་མཐོང་། དེའི་ཉིན་མོ་སྤོས་དང་མར་མེ་ཐམས་ཅད་རང་འབར། རོལ་མོ་ཐམས་ཅད་རང་འཁྲོལ། ཅོང་རྣམས་རང་སྒྲ་སྒྲོག །འཕན་ལྔ་བཏགས་པ་ལྔ་བརྒྱར་འཕེལ། སྡེར་གཅིག་ཏུ་རྒུན་འབྲུམ་སྙིམ་པ་གང་ཙམ་ཞིག་ཡོད་པ་ཡང་དེར་འཚོགས་ཀྱི་མི་རྣམས་ཀྱིས་ཅི་ཙམ་ཟོས་ཀྱང་ཉུང་དུ་མ་སོང་། ཐམས་ཅད་ངོ་མཚར་སྐྱེས་སོ། །དེའི་ནངས་པར་གཟིམ་མལ་བ་ལྷ་ལུང་མཚོ་གཞེར་གཉན་ལེགས་ཅེས་བྱ་བ་ལ་པྲ་རྟེན་བྱས། ལྷ་མོ་འོད་ཟེར་ཅན་མའི་པྲ་སེ་ན་ཕབ་སྨྲ་རུ་བཅུག་པས། བོད་ཀྱི་ལྷ་ཀླུ་མི་སྲུན་པ་ཐམས་ཅད་ཀྱི་མིང་སྨྲས། འཕང་ཐང་དུ་ཆུ་ཐོག་འབེབས་པ་ཤམ་པོ། དམར་པོ་རི་ལ་ཐོག་འབེབས་པ་ཐང་ལྷ། མི་ནད་ཕྱུགས་ནད་གཏོང་བ་བརྟན་མ་བཅུ་གཉིས། སད་སེར་གཏོང་བ་བོད་ཀྱི་ལྷ་གཉན་དགུ་ཡིན་ནོ་ཞེས་སོགས་སྨྲས། དེའི་ནང་བར་ནས་བཟུངས་ཀྱང། ཚེ་རིགས་བཟང་བའི་བྱིས་པ་མང་པོ་ལ། རྒྱལ་ཆེན་བཞིའི་པྲ་ཕབ། གནོད་སྦྱིན་མེ་ལྷས་ཞལ་མངོན་སུམ་དུ་བསྟན། ལྷ་ཀླུ་གདུག་པ་ཅན་ཐམས་ཅད་ཀྱི་མིང་དང་གནས་དང་སྤྱོད་ཚུལ་སྨྲས། དེ་ནས་རྒྱལ་བློན་སོགས་ཡིད་ཆེས་པའི་ཕྱིར་དུ། ལྷ་འདྲེ་མ་རུངས་པ་རགས་རིམ་ཞིག་དངོས་སུ་མི་ལ་ཕབ་ནས། སྡིགས་ཤིང་གཟིར་བ་དང་ཆོས་བཤད་ནས་དམ་འོག་ཏུ་བཅུག །རང་རང་གི་སྲོག་སྔགས་དང་ཆོ་ག་རྣམས་སློབ་དཔོན་ལ་ཕུལ། དེས་ཀྱང་མ་ཐུལ་བ་རྣམས་སྦྱིན་སྲེག་མཛད་པ་སོགས་ཐབས་སྣ་ཚོགས་ཀྱིས་བཏུལ། དེ་འདྲ་བ་ལན་གཉིས་མཛད། དེར་སློབ་དཔོན་ན་རེ། སླན་ཆད་ལྷ་ཆོས་ཅི་བདེར་མཛོད། གཙུག་ལག་ཁང་དགོངས་པ་བཞིན་དུ་རྩིགས་ཤིག །སྔར་ལྷ་ཀླུ་དམ་འོག་ཏུ་ལན་གཉིས་ཆུད་ལགས་ཏེ། ད་དུང་ལན་གཅིག་བགྱིད་དེ་འཚལ་གསུང་། དེ་ནས་ཕོ་བྲང་ཟུར་ཕུད་རྐྱང་བུ་ཚལ་དུ་ཡང་ཕེབས། དེར་བཞུགས་དུས་མལ་གྲོ་གཟི་ཅན་ལ་སོགས་པའི་ཀླུ་རྣམས་བཏུལ། མལ་གྲོ་གཟི་ཅན་ན་རེ། ས་སྟེང་ན་བཙན་པོ་ཁྲི་སྲོང་ལྡེ་བཙན་ཆེ། ས་འོག་ན་ང་ཆེ། ངེད་གཉིས་གྲོགས་པོ་བྱ། རྒྱལ་པོ་ལ་ལྷ་ཁང་བཞེངས་པའི་གསེར་ཕྱེ་དྲེའུ་ཁལ་བཅུ་བཞི་འབུལ། གསེར་ཁུང་གླང་པོ་སྣར་ལེན་དུ་ཐོངས་ཟེར་བ་བཞིན་གསེར་རྣམས་དེ་ཁོ་ན་ལྟར་བྱུང་། རྒྱལ་པོ་པེ་དཀར་ཡང་བཏུལ་ཏེ། དེ་ཡང་ཁོང་འདུལ་བའི་དཀྱིལ་འཁོར་སྒྲུབ་དུས་པེ་ཀར་གྱིས་དཀྱིལ་འཁོར་བལྟར་འོངས་བས་མིག་ལ་ཕུར་བུ་བཏབ། སྔགས་ཉན་པས་རྣ་བ་ལ་བཏབ། སྔགས་ཟློས་པའི་མོད་བྱས་པས་ལྕེ་ལ་བཏབ། དེ་ནས་འབྲོས་པར་འདོད་པ་ལ་ཡན་ལག་བཞི་ལ་བཏབ་པས་འགྲོ་མ་ཐུབ། ད་བསྲེག་གོ་ཞེས་གསུངས་པས་ཤིན་ཏུ་སྐྲགས་ཏེ་མནའ་བོར་དམ་ལ་བཏགས། དེ་རྗེས་ཡར་ལྷ་ཤམ་པོ་འདུལ་དུ་བྱོན་པས། སློབ་དཔོན་གྱི་ཐོག་ཏུ་ཁོས་ཆུ་ཕབ། སློབ་དཔོན་གྱིས་བེར་སྣ་ནས་རྡོ་རྗེ་གདེངས་པས་ཆུ་གྱེན་ལ་ལོག་སླར་ལྷ་རྫིང་བམ་རྫིང་དུ་བླུག །དེར་རྡོ་རྗེ་འཕངས་པས་ཆུ་ཁོལ་ཏེ་ཤམ་པོའི་གངས་ཀྱི་སུམ་ཆ་ཙམ་ཞུ། དེར་ཁོ་གངས་ཀྱི་རྩེ་ལ་བསྡད་ནས། ང་ལ་དེ་ཙམ་དུ་ཐོ་འཚམས་པ་ཟེར། སློབ་དཔོན་གྱི་ཞལ་ནས། ཁྱོད་ཀྱང་ང་ལ་དེ་ཙམ་ཐོ་བརྩམས་པ་ད་ཕྱིན་དམ་འོག་ཏུ་མི་འཇུག་ན་བསྲེག་གོ་གསུངས་པས། དེར་སློབ་དཔོན་གྱི་ཞབས་ལ་ཕྱག་འཚལ་བཞིན་དུ། བདག་ནག་པོའི་རིགས་ཡིན་པས་ཆོས་བགྱི་བའི་རྔོ་མི་ཐོགས། ཕྱིན་ཆད་གནོད་པ་མི་བགྱིའོ་ཞེས་དམ་བཅས། དེ་ལྟར་ཟླ་བ་དྲུག་ཙམ་གྱི་རིང་ལ་མི་མ་ཡིན་ཕལ་ཆེར་དམ་འོག་ཏུ་ཚུད་པར་མཛད་དོ། །དེ་ནས་རྒྱལ་སྲིད་དང་བོད་འབངས་སྤྱི་ལ་ཕན་པའི་ཕྱིར། སྦྱིན་བསྲེག་རྒྱ་ཆེན་པོ་ཞིག་བགྱིའོ་གསུངས་པའི་སྐབས་ཤིག་དགའ་སྟོན་ཆེན་པོ་ཞིག་ལ་བཙན་པོའི་དབུ་སྐྲ་འཁྲུའོ་ཞེས་ཡོད་པ་ལ། ཨ་ཙརྻ་བོ་དྷི་སཏྭས་རི་རབ་ཀྱི་བྱང་ངོས་ན་ཆུ་མིག་རྟག་ཏུ་སྣང་བྱ་བ་ཡོད། དེ་ནས་ཆབ་བླངས་ཏེ་བཙན་པོའི་དབུ་བསིལ་ན་སྐུ་ཚེ་རིང་། རིགས་རྒྱུད་འཕེལ། ཆབ་སྲིད་ཆེན་པོ་ཤ་སྟག་འབྱུང་བ་ལགས་ཏེ་གསུང་། ཆབ་དེ་སུས་ལེན་པར་རྔོ་ཐོགས་ཞུས་པས། སློབ་དཔོན་སྔགས་མཁན་གྱིས་ནུས་གསུང་། སློབ་དཔོན་ལ་ཞུས་པས། གསེར་གྱི་བུམ་པའི་ཁ་དར་དཀར་གྱིས་བཅད། མཎྜལ་གྱི་དབུས་སུ་བཞག །སྔགས་བཟླས་ནས་བུམ་པ་ནམ་མཁའ་ལ་འཕངས་པས་ཇེ་མཐོ་ལ་མི་སྣང་བར་སོང་། ཟན་ཟ་ཡུན་གཅིག་ཙམ་ནས་སློབ་དཔོན་གྱི་མདུན་དུ་བུམ་པ་ཁྲོངས་ཀྱི་བྱུང་། དེར་བཙན་པོའི་དབུ་ཁྲུས་ཤིག་བྱས་བློན་པོ་ཀུན་ལ་གཏད་པས། ཁ་ཕྱེ་བའི་ནང་ན་ཆུ་སྐྱ་ཉོག་གེ་འདུག་ནས། བློན་པོ་ཀུན་ཚོགས་པའི་མདུན་སར་བྲིམས་པས། འདི་མོན་གྱི་སྨྱོ་ཆུ་ཡིན་ལས་ཆེ། ཕོ་ཐོངས་ཟེར་ནས། ཕྱིར་ཕོས་ཏེ་མེད་པར་བྱས་དེས་ཀྱང་དོན་མེད་ཆེན་པོ་བྱུང་། དེ་ནས་རྒྱལ་པོ་དང་འབངས་སྐལ་ལྡན་རྣམས་ལ་ཀྲི་ཡ་དང་། གསང་སྔགས་ནང་གི་དབང་བསྐུར་བར་ཡང་མཛད། རྗེ་འབངས་སྐལ་ལྡན་མང་པོ་ལ་མན་ངག་ལྟ་བའི་ཕྲེང་བ་གསུངས། རྡོ་རྗེ་རྣམ་འཇོམས་དང་། ཕུར་བུ་འབུམ་སྡེ་དང་། གཞན་ཡང་སྒྲུབ་ཐབས་མན་ངག་ཅི་རིགས་པ་སྟོན་ཅིང་། ཡུན་རིང་པོར་བཞུགས་ནས་བོད་ཁམས་ཐམས་ཅད་བདེ་སྐྱིད་དང་ལྡན་པར་བྱའོ་གསུང་བ་ཞིག་ཡོད་པ་ལ། ཕྱིས་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱི་རྒྱུ་བྱས། ནག་ཕྱོགས་ཀྱི་ལྷ་སྲིན་གདུག་པ་ཅན་སྙིང་ལ་ཞུགས་པའི་བློན་པོ་རྣམས་ཀྱིས་རྐྱེན་བྱས་ཏེ་མ་འགྲུབ་བོ། །དེ་ཡང་བཀའ་ཆེམས་ཀྱི་ཡི་གེ་རྣམས་ན། བོད་ཡུལ་བཟང་པོར་གཏོང་གསུངས་པའི་སྐབས་དེ་མན་ཆད་ཙམ་མ་གཏོགས་མ་བྲིས་པ་ནི། གསང་སྔགས་ནང་གི་ལོ་རྒྱུས་ཚོགས་སུ་མི་སྒྲོག་པའི་དབང་དུ་བྱས་པར་སྣང་ལ། དེར་དབང་བསྐུར་བ་ལ་ཡང་རིམ་པ་བྱེད་པ་ཞེས་གབ་ཚིག་ཏུ་ཡོད་དེ། སྔོན་དུས་གསང་སྔགས་པ་ནང་མ་གཏོགས་ཐུན་མོང་དུ་དབང་བསྐུར་བའི་མཚན་དོན་ཡང་གསང་བའི་སྲོལ་བྱུང་བས། རིམ་པ་ཞེས་བྱ་བའི་བརྡའ་ཆད་འདི་ཡིག་རྙིང་མང་པོ་ན་སྣང་ངོ་། །མན་ངག་ལྟ་ཕྲེང་གི་ལོ་རྒྱུས་རྙིང་པ་རྣམས་དང་། འོ་བྲན་དཔལ་གྱི་གཞོན་ནུའི་ཕུར་བུའི་གཏོང་ཐུན་དང་། གཞན་ཡང་ལོ་རྒྱུས་ཁ་འཐོར་བ་ཁུངས་མ་རྣམས་སུ་སྤྱི་ཁོག་དེ་མཐུན་པར་འབྱུང་བ་ལ། རྒྱལ་པོ་ལ་རིམ་པ་མཛད་པའི་ཚེ། བཙུན་མོ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་དང་འབྲོ་བཟའ་ཁྲི་རྒྱལ་མོ་བཙུན་ཞེས་བྱ་བ་ཕྱིས་རབ་ཏུ་བྱུང་བའི་མཚན་ཇོ་མོ་བྱང་ཆུབ་རྗེ་ཞེས་པ་དེ་སོགས་བཙུན་མོ་མཆོག་རྣམས་ཀྱིས་དཀྱིལ་འཁོར་མཆོད་པའི་གཟུངས་མ་བྱེད་པར་ཞུས་པས། དེ་ཀུན་སྐལ་པ་དང་ལྡན་པ་ཁོ་ནར་ཡང་མི་སྣང་གསུང་། འཆིམས་བཟའ་ལྷ་མོ་བཙན་དང་མཁར་ཆེན་བཟའ་མཚོ་རྒྱལ་གཉིས་མཆོད་པའི་གཟུངས་མ་བྱེད་པའི་སྐལ་པ་ཅན་དུ་ལུང་བསྟན་པས། ས་ཐག་རིང་བ་ལ་ཇི་ལྟར་བགྱི་ཞུས་པས། འདི་ལ་ཚེགས་མེད་གསུངས་ནས། སློབ་དཔོན་གྱིས་དགོངས་པ་ལ་མཉམ་པར་བཞག་པས། ཡུད་ཙམ་ཞིག་ན་དེ་གཉིས་དཀྱིལ་འཁོར་གྱི་མཐའ་རུ་སླེབ་བོ། །དེར་མ་ཟད་དེ་གཉིས་ལ་ལྷུན་གྱིས་གྲུབ་པའི་དགོངས་པ་སྐྱེས་ནས་ཕྱིས་འཇིག་རྟེན་གྱི་ལས་སྤངས་ཏེ་སྒྲུབ་པ་ལ་ཞུགས་སོ། །བཀའ་ཚིགས་ཀྱི་ཡི་གེ་གསུམ་ལས་དེ་གཉིས་གཞོན་ནུ་ནས་སྒྲུབ་པ་ལ་གཤེགས་པས་ཕྱག་རྗེས་ལྷ་ཁང་མེད་ཅེས་འབྱུང་བའི་དོན་ཡང་དེར་སྣང་། དེ་སྐབས་དབང་བསྐུར་བ་གྲོལ་བ་ན། རྒྱལ་པོའི་གཟིམ་མལ་པ་རྨ་ཅོ་ཅོ་བྱ་བས། ཞང་བློན་རྣམས་ལ་བཤད་ཀྱང་ཡིད་མ་ཆེས་པར། དེ་ཙམ་གྱི་ནུས་པ་མེད་དམ་སྙམ་པའི་སྐབས་རྒྱལ་པོའི་ལྷ་ཁང་གི་ས་འདུལ་མཛད་པའི་དུས། དཀྱིལ་འཁོར་བཞེངས་པའི་ཐིག་སྐུད་འཐེན་པ་ལ། བོད་ཀྱི་ཡུལ་ཁམས་ཀྱི་བུ་མོ་གཙང་མ་མཚར་བའི་མཐར་ཐུག་པ་གཉིས་དགོས་པ་བྱུང་བ་ལ། བོད་ཙམ་གྱི་ཡུལ་ཁམས་ཆེ་བ་ན། མཚར་བའི་མཐར་ཐུག་པ་སུ་ཡིན་མི་ཤེས་པའི་སྐབས། སྔགས་མཁན་ལ་དེའི་ནུས་པ་ཡོད་ཟེར་བས་བདེན་ན་འགུགས་པར་ཞུ་བྱས་པས། སློབ་དཔོན་གྱིས་དགོངས་པ་ལ་མཉམ་པར་བཞག་པས། དར་ཅིག་ནས་ལྕོག་རོ་བཟའ་བུ་ཆུང་སྨན་དང་། ལྕོག་རོ་བཟའ་ལྷ་བུ་སྨན་གཉིས་གང་ནས་བྱུང་ཆ་མེད་པར་དེར་བྱུང་། དེ་ལ་ཡེ་ཤེས་ཀྱི་ལྷ་ཕབ་སྟེ་ཐིག་སྣ་བ་བྱས་སོ། །ཕྱིས་བོད་འབངས་ཀྱི་མི་ཐམས་ཅད་བསྡུས་པས། དེ་གཉིས་ལས་མཚར་བ་ཡེ་མ་བྱུང་སྐད། དེར་བློན་པོ་རྣམས་ལྐོག་ཏུ་བགྲོས་ནས་སྔགས་མཁན་འདིས་བོད་འབངས་ཀྱི་ངོ་མཚར་ཅན་རྣམས་དང་ནོར་བཟང་པོ་ཐམས་ཅད་རྒྱ་གར་ལ་གཏོད་དམ་ཟེར། ཡང་ཁྱུང་པོ་རྟག་ཚ་ཟེར་བའི་བློན་པོ་གཅིག་ཆོས་ལ་ཤིན་ཏུ་མི་དད་པ་དེས་བསམ་པ་ལ། བྲག་དམར་འགྲན་བཟང་དང་སྔགས་མཁན་འདི་མེ་ལ་བསྲེག་དགོས་པར་འདུག་བསམས་ནས་སློབ་དཔོན་གྱི་དྲུང་དུ་ཕྱིན་པ་ཞིག་ལ། བློན་པོ་སོགས་སྐྱེ་བོ་མང་པོ་ཡོད་པའི་དབུས་དེར། ཁྱོད་འདི་ལྟ་བུ་བསམ་མམ་ཞེས་གསུངས་པས། ཤིན་ཏུ་ངོ་ཚ་ཞིང་ཕྱིར་ཡོང་ནས་མཐའི་མོན་བུ་འདིས་ཅི་ཡང་ཤེས་པར་འདུག་ཟེར་སྐད། ཡང་དབས་ལྡོངས་གཟིགས་ཟེར་བ་ཆོས་ལ་ཤིན་ཏུ་ཞེ་གནག་པ་ཞིག་ཡོད་པ་ལ། འདི་མི་རིང་བར་དབང་ཆེ་བར་གྱུར་ཏེ། ཆོས་དར་དུ་མི་སྟེར་བ་ཞིག་ཡོང་བ་འདུག་པས་ཚར་གཅོད་པའི་དུས་ལ་བབ་འདུག་གསུངས། ཡུད་ཙམ་ཞིག་དགོངས་པ་མཛད་པས། ཁོ་ཡང་དུས་དེ་རང་དུ་ལུས་ནས་ཁྲག་ཟགས་ནས་ཤི། དེ་ལྟར་སྔ་ཕྱིར་མི་དང་མི་མ་ཡིན་བཏུལ་བའི་ནུས་མཐུ་རྣམས་མཐོང་བས། བློན་པོ་རྣམས་རང་རང་གི་བསམ་པ་ངན་པ་དང་། བྱེད་སྤྱོད་ངན་པ་བྱེད་པ་ལ་སློབ་དཔོན་བཞུགས་པས་ཤིན་ཏུ་བག་དོག་པར་གྱུར་ཏེ། སློབ་དཔོན་རྒྱ་གར་དུ་འབྱོན་པའི་ཐབས་ཁོ་ན་སེམས་ཤིང་ཡོད་པའི་སྐབས། སློབ་དཔོན་གྱི་གསུང་ནས། བཙན་པོ་ཁྱོད་ཀྱི་ཡུལ་འདི་བཟང་པོར་བྱ། ངམ་ཤོད་ཀྱི་བྱེ་མ་ཚལ་དང་ནེ་གསིང་དུ་བྱ། གྲ་དང་དོལ་དང་རྟ་ལ་དང་ཡུལ་པོ་ཆེ་ཚུན་ཆད་ཆབ་མེད་པ་རྣམས་སུ་ཆུ་དབྱུང་། གྲམ་པ་ཐམས་ཅད་ཀྱང་ཞིང་སར་འགྱུར་བར་བྱས་ལ་བོད་ཀྱི་འཚོ་བ་བྱ། བཻ་ཤྲ་མ་ཎ་ལ་ནོར་བླངས་འཛམ་བུའི་གླིང་གི་དཀོར་ནོར་ཡོད་དོ་ཅོག་གི་འབྱུང་ཁུངས་བོད་དུ་འབྱུང་བར་བྱ། གཙང་པོ་སྤུབས་སུ་འཇུག །ཆབ་འདི་བས་ཆེ་བ་གཅིག་ཀྱང་ངས་སྦུབས་སུ་བཅུག་པ་ཡིན་གསུངས་པ་དང་། རྒྱ་དང་ཧོར་ལ་སོགས་པའི་རྒྱལ་པོ་ཐམས་ཅད་ཀྱང་བོད་ཀྱི་དབང་དུ་འདུས་པར་བྱའོ་སོགས་བཀའ་མཆིད་རྒྱ་ཆེར་གསུངས་པ་ལ། དེ་ལྟར་ཡོད་དམ་ཉམས་སད་པའི་ཕྱིར་མཛད་པར་ཞུས་པས། དཀྱིལ་འཁོར་བཞེངས་ནས་སྔ་དྲོ་གཅིག་དགོངས་པ་མཛད་པས་བྲག་དམར་གྱི་སྐམ་ས་གཅིག་ཏུ་ཆུ་ཆེན་པོ་བརྡོལ། མིང་ཀླུ་རྫིང་དུ་བཏགས། ད་དུང་མཛད་དགོས་ཞུས་པས་བྲག་དམར་མཚོ་མོ་མགུར། སྔར་བྱེ་མར་ཡོད་པ་ནེ་གསིང་དུ་སྔོ་ཆམ་གྱིས་སོང་། དེའི་ཕྱི་དྲོ་བྲག་གླ་བའི་གདོང་དུ་ནགས་ཆེན་པོ་སྐད་ཅིག་ལ་བྱུང་བས། གླ་བའི་ཚལ་དུ་མིང་བཏགས། ཡང་དེའི་སང་ཉིན་སྔ་དྲོ་དགོངས་པ་མཛད་པས། སྔར་ཟུང་མཁར་ལ་ཕུ་ཆུ་མེད་པ་ལ་ཕུ་ཆུ་ཆེན་པོ་ནར་གྱིས་བྱུང་། ད་ཞིང་ས་གང་དུ་བྱེད་གསུང་། དེ་ལྟར་ཐམས་ཅད་འོང་ངེས་པར་འདུག་པས། བློན་པོ་རྣམས་ཀྱིས་མདུན་ས་ཆུང་ངུར་གྲོས་བྱས་ནས། ཞིང་དང་ན་ཡར་ཀླུང་གིས་ཆོག །སྔགས་མཁན་འདིས་ཡུལ་བཟང་པོར་བཏང་ནས་རྒྱ་གར་བ་ལ་གཏོད་འདོད་པ་ཡིན། ད་འཕྲོ་བསྐུམས་ལ་མཐའི་མོན་བུ་འདི་རང་ཡུལ་ལ་བརྫང་པ་ལེགས་ཞེས་དབང་ཆེ་ཆེ་རྣམས་ཁ་འཆམ་ནས་བཙན་པོ་ལ། རྗེ་གཅིག་ལགས་མཐའི་མོན་བུ་འདི་མཐུ་རྩལ་ཆེ། བཙན་པོ་ཐུགས་ནི་ཆོས་ལ་གཏད། ཆབ་སྲིད་ནི་རྒྱ་གར་བས་འཕྲོག་ཏེ་འགྲོ་བར་མཆིས། ཞེས་སོགས་ཕྲ་མ་མང་པོ་དང་། སྔར་གྱི་གསུང་རེ་རེ་ལ་དེ་ལྟར་བྱར་མི་རུང་བའི་རྒྱུ་མཚན་ལོག་པ་མང་པོ་བཀོད། ད་ནི་ཨ་ཙརྻ་སྔགས་མཁན་རང་ལ་བྱ་དགའ་ཆེར་ཕུལ་སླར་རྒྱ་གར་དུ་བཞུད་པར་ཞུ་དགོས་ཞེས་ཡང་ཡང་ཞུས། སློབ་དཔོན་ཉིད་ལ་ཡང་བློན་པོ་རྣམས་ཀྱིས་དེ་ལྟར་ཞུ་བ་ཕུལ། དེར་བཙན་པོ་ཐུགས་མ་བདེ་སྟེ་སློབ་དཔོན་ལ་གསེར་ཕྱེ་བྲེ་གང་ཕུལ། ཕྱག་དང་བསྐོར་བ་བྱས། རང་ཚུལ་རྣམས་བརྗོད་པས། ང་གསེར་འདོད་ནས་འོངས་པ་མ་ཡིན། བོད་མཐའ་འཁོབ་ཀྱི་འདྲེ་སྲིན་གདུག་པ་ཅན་བཏུལ་ནས་ཆོས་དར་བར་བྱ་བ་དང་། ཡུལ་བཟང་པོར་བསྒྱུར་ནས་བོད་རྣམས་བདེ་བ་ལ་འགོད་པའི་ཕྱིར་འོངས་པ་ཡིན། གསེར་འདོད་ན་འདི་ལྟར་བྱས་པས་ཆོག་གསུངས་ནས། ཐན་སྐོར་གྱི་ས་རྡོ་ལ་ཕྱག་རེག་རེག་མཛད་པ་ཙམ་གྱིས་གསེར་དུ་སོང་། འོན་ཀྱང་བཙན་པོའི་ངོ་བསྲུང་བའི་ཕྱིར་ཁྱོར་གང་ཙམ་ཕྱག་ཏུ་བཞེས་ནས། རྡོ་རྗེ་གདན་ལ་མཆོད་པ་ཞིག་བྱ་གསུང་། ལྷག་མ་བཙན་པོ་ཉིད་ལ་གནང་ནས། བཟང་སེམས་བྱུར་གྱི་སྣ་འདྲེན་ཡིན། །སྙིང་རྗེ་རྒས་པ་ཞེ་སྡང་རྒྱུ། །རྗེ་ཡི་ཁ་ལོ་བློན་གྱིས་བསྒྱུར། །བོད་ཀྱི་བློན་འདྲེ་གདུག་པ་ཆེ། །སེམས་ཅན་ལས་ངན་སྤྱོད་པ་ལ། །རྒྱལ་བ་རྣམས་ཀྱི་ནུས་པའང་རྡུགས། ཞེས་གསུངས་ཏེ་བློན་པོ་རྣམས་ཟེར་བ་ལྟར་ཆད་སོ་བྱས། རྒྱལ་པོའི་ཡི་དམ་དུ་འཕགས་པ་སྤྱན་རས་གཟིགས་ལྷ་ལྔ་ཕོག་པ་ལས་ཕྱིས་རྒྱལ་པོས་ལྷ་ལྔའི་ནང་གི་རྟ་མགྲིན་གྲུབ། ཨརྻ་པ་ལོའི་གླིང་གི་རྟ་མགྲིན་གྱིས་རྟ་སྐད་བཏོན། འཛམ་བུ་གླིང་གི་སུམ་གཉིས་སུ་ཐོས་པར་གྲགས། ཨརྻ་པ་ལོའི་གླིང་གི་རྟ་མགྲིན་གྱི་སྐུ་འདྲ་དེ་ཡང་སྒྱུ་འཕྲུལ་དྲ་བ་ནས་བཤད་པ་དེར་འདུག །དེའི་ཚེ་མན་ངག་ལྟ་ཕྲེང་གི་འཕྲོ་ཡང་མདོར་བསྡུས་ཏེ་གསུངས་ནས། ངའི་ཆོས་འདི། ལྟ་བ་ཆོས་ཀྱི་སྐུ་དང་བསྟུན་དགོས། སྤྱོད་པ་བྱང་ཆུབ་ཀྱི་ཕྱོགས་དང་བསྟུན་དགོས། ལྟ་བའི་ཕྱོགས་སུ་སྤྱོད་པ་ཤོར་ན། དགེ་མེད་སྡིག་མེད་ཀྱི་ཆད་ལྟ་སྐྱེས་ནས་ཕྱིས་གསོར་ཡང་མི་རུང་། སྤྱོད་པའི་ཕྱོགས་སུ་ལྟ་བ་ཤོར་ན། དངོས་པོའི་མཚན་མས་བཅིངས་ནས་གྲོལ་བར་མི་འགྱུར། ངའི་སེམས་ཕྱོགས་འདི་ལྟ་བ་ཤས་ཆེ་བས། མ་འོངས་པ་ན་ཚིག་གི་མདོ་ནི་ཤེས། ཉམས་མྱོང་གི་གདིང་ནི་མ་རྙེད་ནས། འདྲ་མིན་མང་པོས་སེམས་ཅན་གྱི་དོན་བྱེད་པར་འདོད་པ་འོང་གསུང་། མན་ངག་རྣམས་ཀྱང་མཐར་རྒྱས་མ་རྫོགས། རྒྱལ་རྒྱུད་མངའ་ཐང་འཕེལ་བའི་སྦྱིན་སྲེག་ཀྱང་མཛད་འཕྲོ་ལ་ལུས། ལྷ་ཀླུ་དམ་བཞག་ལན་གསུམ་པ་ཡང་མ་གྲུབ། འོན་ཀྱང་མ་འོངས་པ་མཁྱེན་པས་སློབ་མ་རྣམས་ལ་དྲག་སྔགས་མང་དུ་གསུངས། དྲག་སྔགས་མང་པོ་དང་ཆོས་ཀྱི་དཔེ་མང་པོ་རྫ་ལ་སྦས། སྤྱིར་ན་རྫུ་འཕྲུལ་གྱི་བཀོད་པས་ཆོས་དང་ནོར་གྱི་གཏེར་ཁ་ཆེན་པོ་ཡོངས་སྡོམ་བརྒྱ་རྩ་བརྒྱད་ཡུལ་ཐ་དད་དུ་སྦས་ནས་མཐར་འདི་སྐད་དུ། བདག་དང་གཏན་པ་མེད་པའི་སྦྱིན་བདག་རྣམས། །ཚེ་རབས་འདི་འམ་ཚེ་རབས་གཞན་ཡང་རུང་། །འོག་མིན་ཞེས་བྱའི་གནས་མཆོག་དམ་པ་རུ། །རྣལ་འབྱོར་ཐེག་ཆེན་འབྲས་བུ་སྤྱོད་པར་ཤོག །ཅེས་སྨོན་ལམ་ཡང་ཡང་མཛད། སོ་སོ་ལ་ཞལ་གྱི་གདམས་པ་མང་དུ་གསུངས་ནས། གློ་བུར་དུ་ཡར་ལ་གཤེགས་ཏེ། ཡར་ལམ་རུ་ལག་བརྒྱུད་ནས་ཕེབས། ཆིབས་འཁྲིད་པ་དང་། ལོ་སྟེ་དགུ་སྣ་གོང་དང་། ཞང་ཉང་ཐང་ཞེས་བྱ་བ་བློན་པོ་དད་པ་ཅན་དེ་གཉིས་ཀྱིས་མང་ཡུལ་བར་དུ་སྐྱེལ་བར་བྱས་པ་ལས། བློན་པོ་ཁ་ཅིག་ན་རེ། སྔགས་མཁན་དེ་ནུས་པ་ཆེ་བས་མ་བསད་ན་བོད་ལ་བྱད་མ་བྱས་པར་འོངས་ཟེར་ནས་ལྐོག་ཏུ་གཤེད་མ་ཤིན་ཏུ་དཔའ་བ་བཅོ་བརྒྱད་རྟ་ལ་བསྐྱོན་ནས་བཏང་། སློབ་དཔོན་མང་གུང་དུ་བྱོན་དུས། ནངས་པར་འུ་ཅག་ལ་འཚེ་བ་བྱེད་པ་འོང་གསུང་། སང་ཉིན་དོང་བབས་ཀྱི་འཕྲང་ལ་བྱོན་དུས། གཤེད་མ་བཅོ་བརྒྱད་མཚོན་ཆ་ལག་ཏུ་བསྟར་ཏེ། སློབ་དཔོན་ལ་བརྡེག་པར་གཟས་པ་ཙམ་ལ་སློབ་དཔོན་གྱིས་ཕྱག་རྒྱ་བསྟན་པས། ཐམས་ཅད་ལུས་འཇིམ་གཟུགས་བཞིན་རེངས། ངག་སྨྲ་བརྗོད་མ་ཤེས། དེའི་བར་ལ་སློབ་དཔོན་སྐྱེལ་མི་དང་བཅས་པ་ཕར་གཤེགས། དེ་ནས་སྐྱེལ་མ་རྣམས་ཡུལ་དེའི་ལ་ཁ་ཞིག་ནས་ཚུར་ལྡོག་པའི་སྐབས་གསུང་ལས། བོད་ཀྱི་འདྲེ་སྲིན་ལྷ་ཀླུ་གདུག་པ་ཅན་རྣམས་ལན་གསུམ་འདུལ་དགོས་པ་ལས། གཅིག་འཕྲོ་ལ་ལུས། དེ་མ་ལུས་ན་རྒྱལ་པོ་སྐུ་ཚེ་རིང་། ཆབ་སྲིད་ཆེ། རྒྱལ་པོའི་རིགས་རྒྱུད་ཐམས་ཅད་ཀྱང་མངའ་ཐང་ཆེ། ཆོས་ཡུན་རིང་དུ་གནས་པ་ལས། དེ་ལུས་པ་དེ་ཡིད་ལ་གཅགས་སོ། །ཆོས་འཁོར་གཅིག་ཏུ་འབྱོངས་ནས་འོང་སྟེ་དེར་འཁྲུགས་པ་ཆེན་པོ་ཞིག་ཀྱང་འོང། ཆོས་ལ་སྐད་ཉག་བག་རེ་འོང་། ཀླུ་དང་རྒྱལ་པོ་འདི་ཕུགས་ཞེ་གནག་པར་འདུག །རྒྱལ་རྒྱུད་ཀྱང་ཁྲིམས་ལ་མི་གནས་པར་སིལ་བུར་འགྲོ། ཁར་སང་གི་འཚེ་བ་བྱེད་མི་རྣམས་ལ་འདི་གཏོར་ཞེས། ཡུངས་ཀར་སྦར་གང་གཏད། ལྷོ་ནུབ་མཚམས་སུ་སྲིན་པོ་འདུལ་དུ་འགྲོ་གསུངས་ནས། ཆིབས་ཀྱི་ཁ་ནས་ནམ་མཁའ་ལ་འཕུར་ཏེ་སྤྲིན་གསེབ་ན་ཡར་ཆོས་གོས་སྤུར་རེ་སྲེག་ཤང་ཁྲོལ་ལེ་བཞུད་པར་ཐམས་ཅད་ཀྱིས་མཐོང་། འདིའི་ས་ཡུལ་ནི་བོད་རྣམས་ལ་གུང་ཐང་ལ་ཐོག་ཡིན་པར་གྲགས་ཀྱང་། དོང་བབས་འཕྲང་གི་ཕ་རོལ་ཡིན་པར་བཤད་པས་རྒྱ་བོད་མཚམས་ཀྱི་རི་གཅིག་ཡིན་པར་ངེས་སོ། །སྐྱེལ་མི་རྣམས་ཚུར་ལོག །གཤེད་མ་རྣམས་ལ་ཡུངས་ཀར་དེ་གཏོར་བས། སྨྲ་ཤེས་འགྲོ་ནུས་པར་བྱུང་ངོ་། ཕོ་ཉ་གཉིས་པོས་ཀྱང་སློབ་དཔོན་གྱི་གསུང་རྣམས་སླར་རྒྱལ་པོའི་སྙན་དུ་ཕུལ་བས་བཙན་པོའི་ཐུགས་ལ་ཤིན་ཏུ་འགྱོད་པ་གཅགས་པར་གྱུར་ཅིང་། དེ་སྐབས་སློབ་དཔོན་གྱི་ཆོས་འཕྲོ་ལུས་པ་རྣམས་གསན་པའི་ཕྱིར། ཕྱིས་པཎྜི་ཏ་བི་མ་ལ་མི་ཏྲ་དང་། ཤཱནྟིཾ་གརྦྷ་ཆེད་ཀྱིས་སྤྱན་དྲངས་པ་ཡིན་པར་བཤད་དོ། །དེའི་རྗེས་སུ་བཙན་པོས་ལྷ་ཁང་བརྩིགས་པ་ལྟ་བུར་རྦ་བཞེད་ཁ་སྐོང་ཅན་ནས་འབྱུང་བ་ནི་ཚིག་བརྗོད་ཚུལ་གྱི་གོ་རིམ་དུ་སྣང་ངོ་། །སྔགས་རྙིང་མར་གྲགས་པའི་ཡིག་རྙིང་ཀུན་ན། ཨརྻ་པ་ལོའི་གླིང་ལ་སློབ་དཔོན་གྱིས་རབ་གནས་མཛད་པ་དང་། ཆོས་འཁོར་བསམ་ཡས་ཀྱི་ས་ཆོག་མཛད་པ་མགྲིན་གཅིག་ཏུ་བཤད་པར་སྣང་བ་འཐད་པར་ཡང་སེམས་ལ། དེས་ན་གོང་དུ་ལྷ་ཁང་བརྩིགས་པའི་ཐིག་སྣ་འདྲེན་པ་སོགས་ཀྱི་ལོ་རྒྱུས་ཀྱང་ཨརྻ་པ་ལོའི་གླིང་གི་ཡིན་པར་མངོན། རྦ་བཞེད་ན། བོད་ཡུལ་དབུས་སུ་ཟླ་བ་བཅོ་བརྒྱད་བཞུགས་བྱ་བ་དང་། རྦ་བཞེད་ཁ་སྐོང་ཅན་ན་བོད་ཡུལ་དུ་ཟླ་བ་བཅོ་བརྒྱད་བྱ་བ་དང་། བླ་བཞེད་ན་ཟླ་གྲངས་ཀྱི་གསལ་ཁ་མེད་ཅིང་། རྒྱལ་བཞེད་ཀྱི་དོན་བླངས་ཏེ་བྲིས་ཟེར་བའི་ཡིག་རྙིང་རྣམས་ན། བོད་ཡུལ་དབུས་ཀྱི་བྲག་དམར་དུ་ཟླ་བ་བཅོ་བརྒྱད་བཞུགས་བྱ་བ་ཡོད་པས། དུས་རིང་ཐུང་ལ་འདོད་ལུགས་ཕྲ་མོ་མ་གཏོགས་གཙོ་བོའི་དོན་ལ་མཐུན་ནོ། །འོན་ཀྱང་སྔགས་རྙིང་པའི་ལོ་རྒྱུས་ཡིག་རྙིང་ཁུང་ཆེ་ཆེ་མང་པོར་ཡང་ཆོས་འཁོར་བསམ་ཡས་ཡོངས་སུ་རྫོགས་པའི་རབ་གནས་ཀྱང་མཛད་པར་བཤད་ཅིང་། མཁས་མཆོག་བུས་ཀྱང་དེ་དང་མཐུན་པར་བཀོད་དོ། །རྣམ་སྤྲུལ་བསམ་གྱིས་མི་ཁྱབ་པས་ན། དེ་ཡང་ཡིན་མོད། གདུལ་བྱ་ཇི་ཙམ་གྱི་སྣང་ངོ་ཡིན་ན་ནི་མ་འཚལ་ལོ། །དུས་ཡུན་ཐུང་དུ་ཙམ་ལ་ཡང་ཡུལ་ཐམས་ཅད་དུ་བྱོན་པ་དང་། དེ་དག་ཏུ་ཡང་དངོས་སུ་ཆོས་མང་པོ་སྟོན་པ་དང་། གཏེར་ཁ་མང་དུ་སྦེད་པ་སོགས་དང་། ཡུལ་སོ་སོར་བྱོན་པ་དང་། བཞུགས་པ་དང་གཤེགས་པ་སོགས་མཛད་པ་སྣ་ཚོགས་པ་སྟོན་པ་མི་ཚར་རོ་སྙམ་དུ་ནི་བསམ་པར་མི་བྱ་སྟེ། མཐའ་ཡས་པའི་རྫུ་འཕྲུལ་ལ་མངའ་བརྙེས་པའི་ཕྱིར་རོ། །ཕྱིས་ཀྱང་སྐལ་པ་དང་ལྡན་པའི་གང་ཟག་གཅིག་གམ་མང་པོ་ལ་ཡང་། སྐུ་དང་གསུང་གི་སྣང་བ་ཐུན་མོང་དུ་སྟོན་པ་དང་། སྐལ་ལྡན་གྱི་གང་ཟག་ཤས་ཆེར་ཚོགས་པའི་ཡུལ་ཕྱོགས་ལ་ཡང་དངོས་སུ་བྱོན་པ་ཡང་སྲིད་དེ། འཕགས་པའི་ཡུལ་དུ་བི་རུ་པ་དང་། ལཱུ་ཡི་བ་དང་། ཛ་ལནྡྷ་རི་བ་ལ་སོགས་པ་ལན་མང་དུ་བྱོན་ཞིང་། ཕྱིས་བྱུང་རང་ཡང་བྱོན་པ་བཞིན་ནོ། །ཡང་རྒྱ་གར་ལྷོ་ཕྱོགས་ནས་ནུབ་དྲང་ཐད་དུ་གྲུ་རྒལ་ཏེ་འགྲོ་དགོས་པའི་ས། རྒྱ་མཚོའི་དབུས་ཀྱི་གླིང་ཆུང་ཌཱ་མི་ཌོ་དྭཱིཔ་ཞེས་བྱ་བ་ཡོད་དེ། སྔོན་སྲིན་པོ་དང་མཁའ་འགྲོ་མ་ནམ་མཁའ་ལ་ལྡིང་ཞིང་འགྲོ་བ་ཁོ་ནས་གང་བ་ཡིན་པས། ཌཱ་མི་ཊོ་སྟེ་འགྲོ་ལྡིང་ངོ་། །དུས་དེའི་ཚེ་ཡང་བུད་མེད་ཤས་ཆེ་བ་ཞིག་ནི་གདུག་པའི་མཁའ་འགྲོ་མ་རིག་སྔགས་སྣ་ཚོགས་པ་བྱེད་པའི་ཕྱིར་སྔགས་འཆང་མ་ཞེས་བྱ་བ་དེ་འདྲ་ཡིན་ལ། སྐྱེས་པ་ཡང་འབྱུང་པོ་མིའི་གཟུགས་ཅན་མང་པོ་ཡོད་དོ། །དེར་སློབ་དཔོན་པདྨ་འབྱུང་གནས་ཡུལ་གྱི་སྐྱེ་བོ་རྣམས་འདུལ་བར་བཞེད་དེ། གླིང་དེའི་བྲག་ཕུག་ཅིག་ཏུ་བཞུགས། སློབ་དཔོན་གྱི་དགོངས་པ་བཏང་བས། ཡུལ་དེའི་བདག་མོ་མ་མོ་དྲུག་ཅུ་རྩ་བཞིའི་སྤྲུལ་པ་རྒྱལ་པོའི་བཙུན་མོ་སྔགས་འཆང་མ་དྲུག་ཅུ་རྩ་བཞི་ཡོད་པས་དེ་རྣམས་ཏིང་ངེ་འཛིན་གྱི་མཐུས་དངོས་སུ་བཀུག་ནས། སྔགས་དང་ཕྱག་རྒྱ་དྲག་པོས་གཟིར་བས་བརྒྱལ་བ་དང་། རེངས་པ་དང་། ཚོར་བ་དྲག་པོ་གནད་དུ་ཕོག་པར་གྱུར། ད་སྦྱིན་སྲེག་གི་ཐབ་ཏུ་སྲེག་གོ་ཞེས་བསྡིགས་པས། དེ་རྣམས་ཐུལ་ཏེ་སློབ་དཔོན་ཅི་གསུང་བསྒྲུབ་པར་ཁས་བླངས་སོ། །དེ་རྣམས་སྔགས་འཆང་མའི་གཙོ་མོ་གཞན་ཐམས་ཅད་ཀྱང་བསྡུར་བཅུག་ནས་ཐམས་ཅད་འདུས་པ་ལ་ཆོས་བསྟན་ཏེ་དམ་བཞག་དང་པོ་མཛད་དོ། །ལན་གཅིག་སློབ་དཔོན་གྲོང་ཁྱེར་དུ་བཞུགས་པ་ལ། སྔགས་འཆང་མ་མང་པོས་འཛམ་བུ་གླིང་གི་མི་མང་པོ་ཁྲིད་ནས་ཟ་བར་གཟིགས་ཏེ། ཡང་བྲག་ཕུག་ཅིག་ཏུ་ཁྲོ་བོའི་དཀྱིལ་འཁོར་ཆེན་པོ་བཞེངས། མཁའ་འགྲོ་མ་ཐམས་ཅད་དབང་མེད་དུ་བཀུག་ནས་བསྡིགས་པས། དེ་རྣམས་འབྲོས་པར་བརྩམས་པ་ལ། ཐམས་ཅད་ཀྱི་ཡན་ལག་ལ་ཕུར་བུས་བཏབ། ཕྱིན་ཆད་འཛམ་བུ་གླིང་པའི་མི་རྣམས་ལ་གནོད་པ་མི་བྱེད་པའི་མནའ་བོར་རོ། །དེ་རྣམས་ལ་སེམས་བསྐྱེད་ཕོག་སྟེ་དམ་བཞག་གཉིས་པ་མཛད་དོ། །ཡང་དུས་གཞན་ཞིག་ན། མགྲོན་ཁང་ཞིག་ཏུ་བྱོན་པས། དེ་ན་བུད་མེད་མང་པོ་སྣོད་མང་པོར་ཆུ་སྐོལ་གྱིན་འདུག་པ། ཇི་ཞིག་ན་ཆུ་རྣམས་ལ་ལ་ཁྲག་ཏུ་འགྲོ། ལ་ལ་ཚིལ་དུ་འགྲོ། ལ་ལ་ཐིག་ལེར་འགྲོ། ལ་ལ་ཤ་ཆེན་དུ་འགྲོ། ལ་ལ་མར་ཁུར་འགྲོ། ལ་ལ་བུ་རམ་དུ་འགྲོ། ལ་ལ་འབྲུ་ཆན་དུ་འགྲོ། ལ་ལ་ཆང་དུ་འགྲོ་བ་སོགས་གཟིགས་ནས། དེ་རྣམས་ལ་དྲིས་པས། སློབ་དཔོན་ཡིན་པ་ངོ་མ་ཤེས་ཏེ། འདི་དག་ནི་འཛམ་བུ་གླིང་པའི་མི་རྣམས་ཀྱི་ལུས་བཅུད་ཟས་བཅུད་བཀུག་པ་ཡིན་ཟེར། ཁྱེད་རྣམས་ཀྱིས་སློབ་དཔོན་པདྨ་ཨཱ་ཀ་རའི་དྲུང་དུ་མནའ་བོར་བ་མ་ཡིན་ནམ་བྱས་པས། ངེད་རྣམས་ཀྱི་དཔོན་མོས་མནའ་བོར་ཡང་ཁོ་མོ་ཅག་གིས་མ་བོར་རོ་ཟེར་བས། ཡང་སྔར་ཀྱི་རི་ཕུག་དེར་དཀྱིལ་འཁོར་གྱིས་སྔགས་འཆང་མ་གཙོ་འཁོར་བསྡུས་པས་འབུམ་ཕྲག་བཅུ་གཉིས་བྱུང་སྐད་དེ། ཐམས་ཅད་ཀྱི་སྲོག་སྔགས་དང་སྒྲུབ་ཐབས་བླངས། གཙོ་མོ་རྣམས་དཀྱིལ་འཁོར་དུ་བཅུག །འཁོར་རྣམས་ལ་སེམས་བསྐྱེད་ཕོག །ཐམས་ཅད་ཀྱང་མནའ་འདོར་དུ་བཅུག་སྟེ་དམ་བཞག་གསུམ་པ་མཛད་དོ། གཞན་ཡང་ཡུལ་དེའི་གནོད་སྦྱིན་དང་སྲིན་པོ་དང་ཀླུ་གདུག་པ་ཅན་རྣམས་ཀྱང་བཏུལ། ཡི་དྭགས་བརྤཱ་རེ་ཞེས་བྱ་བ་ཡུལ་དེའི་རྒྱལ་པོའི་ཕོ་ལྷ་གདུག་རྩུབ་ཆེ་བ་གཅིག་ཡོད་ཀྱང་། རྒྱལ་པོ་བཏུལ་ན་དེ་ཡང་ཞོར་ལ་ཐུལ་བར་མཁྱེན་ནས། སངས་རྒྱས་ཀྱི་བསྟན་པ་དར་བའི་ཕྱིར། མི་རྣམས་ཀྱང་འདུལ་དགོས་པར་དགོངས་ཏེ། རྒྱལ་པོའི་ཕོ་བྲང་དང་ཉེ་བའི་ནགས་གཅིག་ཏུ་བཞུགས། དེར་རྒྱལ་པོའི་བཙུན་མོ་ཐམས་ཅད་དཀྱིལ་འཁོར་མཆོད་པའི་གཟུངས་མའི་དོན་དུ་ཏིང་ངེ་འཛིན་གྱི་མཐུས་ཡང་ཡང་བཀུག་པས། རྒྱལ་པོས་ཀྱང་བཙུན་མོ་རྣམས་མི་སྡོད་པར་ཤེས་ནས། ཕལ་པའི་གཟུགས་སུ་བསྒྱུར་ནས་ཕྱི་བཞིན་དུ་འབྲངས་པས། དེ་རྣམས་སློབ་དཔོན་གྱི་མཐའ་བསྐོར་ནས་འདུག་པ་མཐོང་ངོ་། །ནངས་པར་རྒྱལ་པོ་དམག་དང་བཅས་པ་མཚོན་ཆ་སྣ་ཚོགས་ཐོགས་ཏེ་སློབ་དཔོན་འཇོམས་དུ་འོངས་པ་ན། སློབ་དཔོན་གྱིས་ཡུངས་ཀར་གཏོར་བས། རྒྱལ་པོ་འཁོར་བཅས་ཀྱི་གོ་ཆ་དང་མཚོན་ཆ་རྣམས་ནི་ཚིག །མི་ཐམས་ཅད་ཀྱང་ཡན་ལག་ནས་ཁྲག་འཛག་ཅིང་ལུས་རེངས། ངག་ལྐུགས། སེམས་མྱོས་ཏེ་ཞག་གསུམ་ལུས། དེ་ནས་འཆི་བ་ལ་ཐུག་པ་ན། སྐྱེ་བོ་ཐམས་ཅད་ཀྱིས་གསོལ་བ་བཏབ་པས། སློབ་དཔོན་གྱི་བུམ་པའི་ཆུས་བཀྲུས་པས་སྐད་ཅིག་ལ་ཐམས་ཅད་བདེ་བར་གསོས་སོ། །དེ་ནས་རྒྱལ་པོ་འཁོར་བཅས་ཀྱིས་ཀྱང་ཞབས་ལ་ཕྱག་བཙལ། སློབ་དཔོན་གྱིས་གསུང་བཞིན་བསྒྲུབ་པར་བྱས་པས། སངས་རྒྱས་ཀྱི་བསྟན་པ་ཚུགས་ཤིག་གསུང་། ཡུལ་དབུས་མ་ག་དྷ་ནས་འདུལ་བ་མཁན་པོ་དང་། མདོ་སྡེ་མཁན་པོ་དང་། མངོན་པ་མཁན་པོ་སྤྱན་དྲངས། བིདྷ་ཞེས་བྱ་བ་དང་། ཨརྡྷཱ་ཞེས་བྱ་བ་དང་། སུ་དྷཱ་ཞེས་བྱ་བ་སྟེ་གཙུག་ལག་ཁང་གསུམ་བཞེངས། རབ་གནས་སློབ་དཔོན་གྱིས་མཛད། སྡེ་སྣོད་གསུམ་གྱི་བཤད་པ་དང་ལག་ལེན་རྐང་ཚུགས་པ་བཙུགས། སློབ་དཔོན་ཉིད་ཀྱིས་ནི་ཡུལ་དེར་མདོ་ལུགས་ཀྱི་ཐེག་པ་གཞན་ནི་ཆེར་མ་གསུངས། རྒྱལ་པོ་འཁོར་བཅས་ལ་ཆོས་ཀྱི་གདམས་པ་མང་དུ་གསུངས། སྐལ་པ་དང་ལྡན་པའི་སློབ་མ་དྲུག་ལ་རྒྱུད་དྲུག་བཤད། རྫོགས་རིམ་དང་ལས་ཚོགས་མང་དུ་གསུངས། སློབ་མ་དྲུག་པོས་ཀྱང་གྲུབ་པ་ཐོབ་བོ། །ཡུལ་སོ་སོ་ན་ལྷ་ཁང་ཆུང་དུ་ལྔ་ཙམ་བཞེངས་ཏེ་ཐམས་ཅད་ཆུ་ཚོད་གཅིག་ལ་དུས་གཅིག་ཏུ་གྲུབ་པ་ཡིན་སྐད། དེ་ལྟར་ཡུལ་དེར་ལོ་བཅུ་གཉིས་ཙམ་བཞུགས་ནས་མཐར་བླ་གོས་ཀྱིས་གཤོག་པའི་ཚུལ་དུ་བྱས་ནས། ནམ་མཁའི་ལམ་ལས་གྱ་གྱུར་གཤེགས་ནས་ལྷོ་ནུབ་རྔ་ཡབ་སྲིན་པོའི་གླིང་དུ་བཞུད་དོ་ཟེར། ལོ་བཅུ་གཉིས་ཞེས་པ་ཕྱེད་ལོ་ཡིན་ནམ་སྙམ་མོ། །དེང་སང་འགྲོ་ལྡིང་གི་གླིང་ན། དཔལ་ཟླ་གསང་ཐིག་ལེའི་རྒྱུད་ལ། བཤད་སྒྲུབ་བྱེད་ཚད་སློབ་དཔོན་འདིའི་ལུགས་ཁོ་ན་ཡིན་ལ། དེ་བཞིན་དུ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆེན་མོ་དང་། ཕྱག་རྡོར་དང་། རྡོ་རྗེ་གཎྜ་རི། གཤིན་རྗེ་གཤེད་དང་རྟ་མགྲིན་དང་། ནག་པོ་ཆེན་པོ་དང་། མ་མོ་བདུན་སོགས་ཀྱི་རྒྱུད་དང་། རྟོག་པ་ཆུང་ངུ་མང་དུ་ཡོད་ཅིང་། ཡུལ་དེ་ན་མཧཱ་ག་ནི་ཟེར་བའི་སྡེ་གཅིག་ཡོད་པར་སྣང་བ་སློབ་དཔོན་ཡེ་ཤེས་ཞབས་ཁོ་ནའི་རྗེས་འབྲང་ཡིན་ཞིང་། ཡེ་ཤེས་ཞབས་ཐུགས་སྲས་བཞི་དང་བཅས་པའི་གསུང་ཁོ་ན་ལ་རྩིས་སུ་ཆེ་བས། དེ་རྣམས་ལ་སློབ་དཔོན་པདྨ་འབྱུང་གནས་ཀྱི་ལུགས་སྲོལ་དགྱེས་རྡོར་དང་། དཔལ་མཆོག་དང་པོ་དང་། གོང་དུ་སྨོས་པ་དེ་རྣམས་ཤིན་ཏུ་དར་བར་ཡོད། རྒྱུད་དེ་དག་དང་འབྲེལ་བའི་བསྟན་བཅོས་དང་། གསང་བ་འདུས་པའི་མན་ངག་ཀྱང་སློབ་དཔོན་འདིས་མཛད་པ་ཡོད་པར་སྣང་ངོ་། །མཁའ་འགྲོ་མ་རྣམས་དམ་བཞག་དང་པོ་མཛད་པའི་གནས་དེ་ལམ་པ་སྡྱཱ་ཟེར། བྲག་ལ་ཕྱག་གིས་བཅོས་པའི་མེ་ཐབ་ཡོད། དམ་གཞག་ཕྱི་མ་གཉིས་མཛད་པའི་གནས་ལ་ཨལྤ་སྡྱཱ་ཟེར་ཏེ། མཁའ་འགྲོ་མ་རྣམས་ལ་ཕུར་བུས་བཏབ་པའི་ཕུར་བུའི་རྗེས་སྟོང་ཕྲག་ཙམ་དང་། གྲུབ་པའི་ཕུར་བུ་དེ་རྣམས་སྐྱེ་བོ་ཕལ་པའི་སྤྱོད་ཡུལ་དུ་མི་སྡོད་པས། གཞན་རྣམས་ཡལ་ཀྱང་། གཅིག་མ་འོངས་པའི་སེམས་ཅན་ཡིད་ཆེས་པའི་དོན་དུ་ཡེ་ཤེས་པ་སློབ་དཔོན་གྱི་སྐུ་ལ་བསྟིམས་ནས་རྫས་ཀྱི་ཕུར་བུ་བཞག་པ་ཡིན་ཟེར་བ་རྒྱུ་རྡོ་ཤིང་ཟངས་ལྕགས་སོགས་གང་དུ་ཡང་མཚོན་དུ་མེད་པ། བཅོས་མ་མི་འདྲ་བའི་རང་བྱོན་ལྟ་བུ་ཆེ་ཁྱད་མིའི་བོངས་སུམ་འགྱུར་ཙམ་ཞིག་ཡོད་ཅིང་། དེ་ཡང་དང་པོ་ཤིང་ལ་བཅོས་པའི་ཕུར་བུ་སྲ་དུ་རེ་ཡོད་པ་ལ། དེ་གྲུབ་པའི་དུས་རབ་ཏུ་འཕེལ་ཞིང་ཆེ་ཆུང་བློས་གང་བྱས་སུ་འགྲོ་བ་འགྲོ་འོང་དང་གསུང་གི་སྣང་བ་སོགས་ལྷ་དངོས་དང་འདྲ་བ། འབར་ཕྲེང་འཁྲིགས་པ་ཞིག་ཏུ་གྱུར་ལ། དེ་སྐབས་ཕྲ་མེན་སྔགས་འཆང་མའི་གཙོ་མོ་ཞིག་ལུས་རི་རྒྱལ་ཙམ་དུ་བསྒྱུར་ནས་བྲོས་པར་བརྩམས་པ་ལ། ཕུར་བུ་དེ་ཡང་རི་བོ་ཙམ་དུ་གྱུར་ནས་བཏབ། སླར་ཡེ་ཤེས་པ་སློབ་དཔོན་གྱི་སྐུ་ལ་བསྟིམས་པས། འོད་འཕྲོ་བ་དང་མེ་འབར་བ་སོགས་ཞི་ནས་ལྷག་རོ་ལུས་པའི་ཚུལ་དུ་དེ་ལྟར་གྱུར་སྐད་དོ། །དེ་ལྟར་སློབ་དཔོན་འདིའི་གཏམ་རྒྱུད་གྲུབ་ཆེན་ཞི་བ་སྦས་པའི་གསུང་རྒྱུན་སོགས་འཕགས་ཡུལ་ན་གྲགས་པ་ཐོར་རེ་བ་དང་། དེ་ལས་ཀྱང་ཞིབ་ཅིང་རྒྱས་པར་འགྲོ་ལྡིང་གི་སློབ་དཔོན་ལྷའི་འབྱུང་ལྡན་ལས་བརྒྱུད་པ་དེ་གཉིས་ཀྱི་དངོས་སློབ་རྣམས་ཀྱི་ཞལ་ལས་དངོས་སུ་ཐོས་པ་རྣམས་དང་། བོད་དུ་འགྲོ་དོན་མཛད་པའི་ཚུལ་ཡིག་རྙིང་ཁུངས་མ་མང་པོ་ཞལ་མཐུན་པར་བྱུང་བ་རྣམས་མཆོག་ཏུ་ཡིད་ཆེས་པར་བཟུང་སྟེ་བཀོད་པ་ཡིན་ལ། འགྲོ་ལྡིང་གི་ཡུལ་ལས་བྱུང་བ། རྒྱ་གར་མཁས་པ་ལས་བརྒྱུད་ནས། སློབ་དཔོན་འདིའི་གདམས་ངག་སྣ་རེ་ཙམ་ཡང་ཐོས་ཤིང་། ལོ་རྒྱུས་ཀྱི་ཡི་གེ་ནི་འཕགས་ཡུལ་ལས་བྱུང་བ་བདག་ཅག་གི་དངོས་སུ་མ་མཐོང་ཡང་ཁོ་བོ་ཅག་གི་བླ་མ་པཎ་གྲུབ་དེ་རྣམས་ཀྱི་བླ་མ་བརྒྱུད་པའི་གཏམ་རྒྱུད་ཀྱི་ཡི་གེར་གཏོགས་པ་དང་། འགྲོ་ལྡིང་གི་ཡུལ་དུ་ཆོས་དར་བའི་གཏམ་རྒྱུད་ཀྱི་ཡི་གེ་སོགས་ཀྱི་ནང་ན་ཡོད་པའང་མང་དུ་གཟིགས་ཤིང་། མཁས་གྲུབ་སྐྱེས་བུ་དམ་པ་རྣམས་ཀྱི་སྙན་ནས་སྙན་དུ་བརྒྱུད་པའི་གསུང་སྒྲོས་དྲི་མ་མེད་པ་རྣམས་གུང་བསྟུན་པ་སྟེ། དེ་ལྟར་ན་གཏམ་གྱི་སྦྱོར་བ་འདི་ལ་དབྲི་ཞིང་དོར་བར་བྱ་རྒྱུ་ཅུང་ཟད་ཀྱང་མེད་ལ། ངོ་མཚར་བའི་གཏམ་རྒྱུད་བདེན་པའི་དོན་ཅན་བསྣན་པར་བྱ་རྒྱུ་ནི་མང་དུ་འབྱུང་ངོ་། །འཕགས་ཡུལ་གྱི་གཏམ་ལས་ཀྱང་སློབ་དཔོན་འདིས། ཧུར་མུ་ཛུ་ཞེས་བྱ་བའི་གླིང་དང་། སི་ཀ་དྷ་ར་དང་། དྷ་ན་ཀོ་ས་དང་། རུག་མ་ལ་སོགས་པར་ཡང་བྱོན་ཏེ་འགྲོ་བའི་དོན་མཛད་དོ། །ཞེས་འབྱུང་ཡང་དེ་དག་གི་ལོ་རྒྱུས་མ་རྙེད་པ་དང་། བོད་ཀྱི་ཆོས་གདམས་ངག་སོ་སོའི་ཐུན་མོང་མ་ཡིན་པའི་དོན་དང་འབྲེལ་བའི་གཏམ་རྒྱུད་ངོ་མཚར་ཆེ་བ་མང་པོའང་མཐོང་མོད་ཀྱི་འདིར་ཧ་ཅང་མང་བར་འགྱུར་བའི་ཕྱིར་མ་བྲིས་པ་ཡིན་ནོ། །འདིར་སྨྲས་པ། བློ་ཆུང་འགའ་རེས་བླུན་དད་ཁོ་ནས་འགྲོ་རྣམས་དད་པ་སྤེལ་ཕྱིར་རང་བཟོའི་གཏམ་རྒྱུད་མང་པོ་སྦྱར། །སྐྱེ་བོ་ཕལ་ཆེར་ཤིན་ཏུ་རྨོངས་པས་བདེན་མིན་ཚིག་དོན་ལེགས་པ་མིན་ལའང་དད་པ་འཕེལ་སྲིད་མོད། །དཔྱོད་ལྡན་རྣམས་ཀྱིས་མཐོང་ཐོས་འགྱུར་ཚེ་ཁྲེལ་བརྡས་བྱེད་ཅིང་དེ་ཡི་རྒྱུ་ལས་ཆོས་དང་སྐྱེས་བུ་ནི། །རྣམ་དག་ཀུན་ལའང་ཐེ་ཚོམ་ཟར་འཇུག་འདི་ནི་བདུད་ཀྱི་ལས་ཡིན་འདི་ལས་གནོད་པ་ཆེ་བའང་གང་། །དེང་འདིར་ངོ་མཚར་གཏམ་ལ་ཡིད་གཉིས་སྤངས་ཤིང་ཧ་ཅང་ཐལ་བའི་ཆེ་བ་བརྗོད་པའང་མ་ཡིན་མོད། །གཏམ་གྱི་སྦྱོར་བ་ཉུང་ངུ་འདིས་ཀྱང་རང་བཟོའི་གླེགས་བམ་ཆེན་པོའི་གཏམ་དག་ལན་བརྒྱར་ཟིལ་གྱིས་མནན། །འདི་བྲིས་དགེ་བས་བདག་ཀྱང་མགོན་པོ་དེ་ཡི་གོ་འཕང་ཐོབ་ནས་འགྲོ་ཀུན་ཐར་པར་འདྲེན་གྱུར་ཅིག །གསལ་དག་ཡིད་ཆེས་གཏམ་འདི་སྨྲ་བའང་ངེས་པར་མགོན་དེའི་བྱིན་རླབས་སྙིང་ལ་ཞུགས་པ་ཁོ་ནས་སོ། །འཇིག་རྟེན་གྲགས་རྗེས་འབྲངས་དང་ཕྲ་མ་སྔ་བཙན་ཅན། །དེ་རྣམས་ཚུལ་འདིར་མོས་སྙམ་བདག་ལ་རེ་བའང་མེད། །བདག་དང་བདག་ཚིག་རྗེས་འབྲང་རྣམས་ཀྱི་དད་པའི་རྐྱེན། །དཔྱོད་ལྡན་རྣམས་ཀྱི་ཡིད་དང་རྣ་བའི་བདུད་རྩི་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་སྤྲུལ་པའི་སྐུ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་ཡིད་ཆེས་གསུམ་ལྡན་ཞེས་བྱ་བ་འདི་ཡང་། རང་དང་ལྷན་ཅིག་གནས་ཤིང་རྒྱུ་བ་གཙང་སྨྱོན་ཀུན་དགའ་དཔལ་བཟང་ཞེས་བྱ་བས་བསྐུལ་ཞིང་རང་ཉིད་ཀྱི་དད་པའི་གསོས་སུ་འགྱུར་བར་བསམས་ནས། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་སུམ་ཅུ་སོ་དྲུག་པ་ལ་ནགས་རྒྱལ་གྱི་དབེན་གནས་ཇོ་མོ་ནང་དུ་སྦྱར་བ་དགེ་ལེགས་འཕེལ། །མངྒ་ལཾ།། །།
གཡུ་ཐོག་སྙིང་གི་ཐིག་ལེའི་ཕྲིན་ལས་ཀྱི་བྱང་བུ་བལྟས་ཆོག་ཏུ་བཀོད་པ་བདུད་རྩིའི་རྫིང་བུ་ (Volume 29, Text 2)
༄༅། །གཡུ་ཐོག་སྙིང་གི་ཐིག་ལེའི་ཕྲིན་ལས་ཀྱི་བྱང་བུ་བལྟས་ཆོག་ཏུ་བཀོད་པ་བདུད་རྩིའི་རྫིང་བུ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་གུ་ཎ་ནཱ་ཐཱ་ཡ། སྟོབས་བཅུའི་བདག་ཉིད་བཻ་ཌཱུརྻ་ཡི་འོད། །རྒྱུ་འབྲས་ནད་ཀུན་གསོ་མཛད་སྨན་གྱི་བླ། །གངས་ཅན་ལྗོངས་སུ་གྲུབ་པའི་སྐུར་བཞེངས་པ། །གཡུ་ཐོག་འགྲོ་བའི་མགོན་པོ་ལ་ཕྱག་འཚལ། །གང་གི་སྒྲུབ་ཐབས་ཕྱི་ནང་གསང་གསུམ་ལས། །ཕྱི་མའི་ལས་གཞུང་དངོས་གྲུབ་འབྱུང་གནས་ལ། །ལྷན་ཐབས་ལྟོ་སྦྱར་འདུས་གསལ་ཁྱེར་བདེ་བ། ཁྱབ་བདག་བླ་མས་རྗེས་སུ་གནང་ཕྱིར་འགོད། །འདིར་རིགས་འདུས་སྨན་གྱི་རྒྱལ་པོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་། ཐུན་མོང་དང་ཁྱད་པར་གྱི་དམ་ཚིག་ལ་གནས་པའི་སྒྲུབ་པ་པོས། ལམ་ཟབ་གཞན་ལས་ཁྱད་པར་དུ་འཕགས་པའི་ཕྲིན་ལས་འདི་ཉིད་ལམ་དུ་ཁྱེར་བ་ལ་གཉིས། སྒྲུབ་པའི་རྟེན་བཅའ་བ། ཕྲིན་ལས་གྱེར་སྒོམ་དུ་བྱ་བའོ། །དང་པོ་ནི། སྨན་གྱི་ནགས་ཚལ་སོགས་ཉམས་དགའ་ཞིང་བྱིན་ཆགས་པའི་གནས་སུ། སྒྲུབ་པའི་ཁང་པ་བྱི་དོར་དང་རྒྱན་གྱིས་སྤྲས་པའི་གུང་དུ་འབྱོར་ན་སྐུ་གསུང་ཐུགས་ཀྱི་རྟེན་བྱིན་རླབས་ཅན་དགྲམ། མདུན་དུ་སྟེགས་བུའི་སྟེང་མངོན་རྟོགས་དང་མཐུན་པའི་བྲིས་དཀྱིལ་ལམ། མཎྜལ་གྱི་སྟེང་དུ་མེ་ཏོག་གི་ཚོམ་བུ་ལྔ་བཀོད་པའི་ཁར་མཉྫིས་བཏེགས་པའི་སྣོད་བཟང་པོར། གཏོར་མ་རིན་ཆེན་འབར་བ་པད་འདབ་དང་མཐེབ་ཀྱུ་བཞི་བཞིས་མཚན་པ་ཨ་རུ་ར་རྣམ་རྒྱལ་གྱི་གཟུགས་སོགས་རྒྱན་སྤྲོས་ཅན་ལ་འཛོམ་ན་སྐུ་གསུང་ཐུགས་ཀྱི་རྟེན་དུ་ཙཀླི་སྔགས་བྱང་མེ་ལོང་དར་གདུགས་མཐིང་ག་ཅན་བཤམ། མདུན་དུ་མཆོད་གཏོར། གཡས་གཡོན་དུ་སྨན་རཀ་ཐོད་པ་བཅུད་ལྡན། ཆུ་གཉིས་ཉེར་སྤྱོད་བྲེང་ཚར། སྒྲུབ་པའི་སྐབས་བསྐོར་བཤམ་བྱ། རྒྱབ་ངོས་སུ་རྒྱས་པར་སྤྲོ་ན་སྐོང་གཏོར་རྙིང་ལུགས་སྤྱི་འགྲེ་བཅའ། བསྡུ་ན་མེད་ཀྱང་ཆོག །གང་ལྟར་དེའི་གཡས་སུ་ལྕགས་སམ་བནྡྷའི་སྣོད་དུ་དམ་ཅན་སྡེ་དགུ་ལ་དམར་གཏོར་ཟུར་གསུམ་གཙོ་འཁོར་དགུ་འམ། བསྡུ་ན་དམར་གཏོར་གཅིག་ལ་མཐེབ་ཀྱུ་བརྒྱད་ཀྱིས་བསྐོར་བ་ཤ་ཁྲག་གིས་བརྒྱན་པ། གཡོན་དུ་དྲང་སྲོང་ལྷ་སྨན་སྤྱི་ལ་དཀར་ཟླུམ་འདབ་བཞི་རིལ་བུ་གང་འགྲུབ་ཀྱིས་བསྐོར་བ་སྨན་སྣ་དང་དར་སྣས་བརྒྱན་པ་བཤམ། སྒྲུབ་པ་མིན་པའི་དུས་མཆོད་ལྟ་བུར་གཏོར་མ་རིན་ཆེན་འབར་བའི་གཡས་གཡོན་དུ་སྨན་རཀ །ཉེར་སྤྱོད། བཀའ་སྲུང་གཏོར་མ་ཙམ་གྱིས་འཐུས་ཤིང་། མཎྜལ་དང་སྐུ་གསུང་ཐུགས་རྟེན་མདུན་གྱི་མཆོད་གཏོར་སོགས་ཀྱང་མ་འཛོམ་ན་མི་དགོས་སོ། །རྒྱས་བསྡུས་གང་ལ་ཡང་སྔོན་གཏོར་དཀར་བགེགས། ཞལ་ཟས། ཚོགས་ཀྱི་ཡོ་བྱད། ཆད་ཐོ་བརྟན་གཏོར། ཆོས་སྐྱོང་གཏོར་འབུལ་རྣམས་དང་། མེ་ཏོག་སྤོས་རོལ་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་ཕྲིན་ལས་དངོས་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་ལས་རིམ་མོ། །དང་པོ་ནི། བརྒྱུད་འདེབས་ཕྱི་གཏོར་བཀའ་བསྒོ་མཚམས། །སྐྱབས་སེམས་ཚོགས་གསག་བཤགས་པ་དང་། །བྱིན་དབབ་མཆོད་རྫས་བརླབ་པ་སྟེ། །སྔོན་དུ་འགྲོ་བའི་ལས་རིམ་མོ། །ཞེས་པ་སྟེ། ཐོག་མར་རྙིང་མ་སྤྱིའི་ཕྱག་སྲོལ་ལྟར་བརྒྱུད་འདེབས་རྒྱས་པ་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད་པ་ལྟར་རམ། དཀྱུས་སུ་བསྡུ་ན། དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །ཡེ་ཤེས་མཁའ་འགྲོའི་གཙོ་མོ་དཔལ་ལྡན་ཕྲེང་། །གངས་ཅན་འགྲོ་བའི་སྐྱབས་གཅིག་གཡུ་ཐོག་པ། །ཡེ་ཤེས་གཟུངས་དང་དཔལ་ལྡན་གཞོན་ནུའི་ཞབས། །སངས་རྒྱས་རིན་ཆེན་རཏྣ་བཛྲ་དང་། །དོན་གྲུབ་རྒྱལ་མཚན་བྲང་ཏི་དཀོན་མཆོག་སྐྱབས། །དཔལ་ལྡན་འཚོ་བྱེད་ཟུལ་ཕུ་སྨན་མོ་ཆེ། །བསོད་ནམས་དབང་པོ་མཚུངས་མེད་རྣལ་འབྱོར་ཆེ། །རི་ཁྲོད་ཞིག་པོ་ཟུར་མཁར་ཆོས་ཀྱི་རྗེ། །དཀོན་མཆོག་དཔལ་བཟང་ནམ་མཁའ་དཔལ་ལྡན་ཞབས། །བདུད་འཇོམས་རྡོ་རྗེ་བཀྲ་ཤིས་སྟོབས་ཀྱི་རྒྱལ། །ངག་གི་དབང་པོ་ཆོས་དབྱིངས་རང་སར་གྲོལ། །རྡོ་རྗེ་ཐོགས་མེད་རྗེ་བཙུན་གཏེར་བདག་གླིང་། །རིན་ཆེན་རྣམ་རྒྱལ་ཆོས་ཉིད་རང་གྲོལ་དང་། །པདྨ་བཤེས་གཉེན་ངག་དབང་ཀུན་ཏུ་བཟང་། །པདྨ་བདུད་འདུལ་ཡེ་ཤེས་མཆོག་གྲུབ་ཞབས། །བློ་གསལ་བསྟན་སྐྱོང་ལེགས་གྲུབ་མཁྱེན་བརྩེའི་དབང་། །ཡང་ན། ཟུར་མཁར་ཆོས་ཀྱི་རྗེ། ཞེས་པའི་རྗེས་སུ།དཀོན་མཆོག་དཔལ་བཟང་བྱམས་པའི་མཚན་ཅན་དང་། །མགོན་པོ་དཔལ་བ་དོན་ལེགས་དོན་གྲུབ་མཚན། །སྒམ་པོ་ཆོས་དབང་འབྲི་ཁུང་ཆོས་ཀྱི་གྲགས། །དཀོན་མཆོག་ལྷུན་གྲུབ་དཀོན་མཆོག་ཕྲིན་ལས་བཟང་། །བསྟན་འཛིན་འགྲོ་འདུལ་དཀོན་མཆོག་ཆོས་རྒྱ་མཚོ། །དོན་གྲུབ་ཆོས་རྒྱལ་བསྟན་པའི་ཉིན་མོར་བྱེད། །ཀརྨ་མཆོག་དགའ་འོད་གསལ་འགྱུར་བ་མེད། །ཞེས་སྦྱར། གང་ལྟར་མཐར། རྩ་བརྒྱུད་བླ་མ་འགྲོ་བའི་སྐྱབས་རྣམས་ལ། །གུས་པས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །ཕྱི་ནང་གསང་བའི་བསྙེན་སྒྲུབ་མཐའ་རུ་ཕྱིན། །བླ་མའི་བྱིན་རླབས་རྒྱུད་ལ་མྱུར་ཞུགས་ནས། །གཡུ་ཐོག་རྗེ་དང་ཡོན་ཏན་མཉམ་པར་ཤོག །སྟེང་སྒོ་རྣམ་གྲོལ་འོག་སྒོ་ཐབས་ལམ་འབྱོངས། །རྩ་རླུང་ཐིག་ལེ་ལྷ་སྔགས་ཆོས་སྐུར་སྨིན། །འབྱུང་འཁྲུགས་ཏིང་འཛིན་བདུད་ཀྱི་གེགས་ལས་གྲོལ། །འཆི་མེད་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་ཤོག །དུག་གསུམ་རྒྱུ་དང་ཉེས་གསུམ་འབྲས་བུའི་ནད། །འཚོ་མཛད་སྨན་པའི་རྒྱལ་པོ་བཅོམ་ལྡན་འདས། །ཚེ་འདིར་དཀའ་བ་མེད་པར་འགྲུབ་ནས་ཀྱང་། །མཁའ་ཁྱབ་སྐྱེ་དགུའི་སྐྱོབ་པ་ཉིད་གྱུར་ཅིག །གཉིས་པ་ཕྱི་གཏོར་གཏང་བ་ནི། རྒྱས་པར་སྤྲོ་ན་ཕྱི་གཏོར་བསྔོས་པས་ཀུན་ཚིམས་ལྟར། དཀར་ཕྱོགས། རིགས་དྲུག །བགེགས་རིགས་ཀྱི་གཏོར་མ་ཆ་གསུམ་སོ་སོར་བསྔོ། བསྡུ་ན་གཏོར་མ་དཀར་དམར་གཉིས་བཤམས་ལ། རང་ཉིད་སྐད་ཅིག་དཔལ་ཆེན་རྟ་མགྲིན་དུ། །གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། །རྫས་ཀྱི་སྐྱོན་སྦྱངས་རིན་ཆེན་སྣོད་ཡངས་སུ། །བདུད་རྩིའི་ངོ་བོ་འདོད་པའི་དངོས་པོར་གྱུར། །ཨོཾ་ཨཱཿཧཱུྃ། གསུམ། ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཡིས། །དཀར་ཕྱོགས་སྐྱོང་བའི་ལྷ་དང་རིགས་དྲུག་འགྲོ །གནོད་བྱེད་གདོན་བགེགས་འབྱུང་པོའི་ཚོགས་རྣམས་ཀུན། །ཐོགས་པ་མེད་པར་གནས་འདིར་རབ་འདུས་ཤིག །ས་མ་ཡ་ཛཿ ས་མ་ཡ་སཏྭཾ། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨ་དྱན་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་དང་། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་དཀར་གཏོར་བསྔོས་ལ། ཧཱུྃ། དཀར་ཕྱོགས་སྐྱོང་བའི་དམ་ཚིག་ཅན་རྣམས་དང་། །ཞི་བདག་ཚོགས་ཀུན་མཆོད་སྦྱིན་གཏོར་མ་ལོངས། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བར་ཆད་ཀུན་སོལ་མཐུན་རྐྱེན་མ་ལུས་སྒྲུབས། །འགྲོ་དྲུག་ལུས་ངག་ཡིད་གསུམ་རབ་ཚིམས་ནས། །སྡུག་བསྔལ་ཀུན་བྲལ་བདེ་ལ་སྤྱོད་གྱུར་ཅིག །ཡ་ཧི་གཙྪ། ཞེས་གཏོར་མ་ཕྱི་རོལ་དུ་འབུལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་དམར་གཏོར་བསྔོ། ས་མ་ཡ་ན་ར་ཀན་བཛྲ་ཧཱུྃ་ཕཊ། ཅེས་བརྗོད། གསུམ་པ་བཀའ་བསྒོ་བ་ནི། ཧཱུྃ་ཧྲཱིཿ ཉོན་ཅིག་སྐལ་མེད་བགེགས་ཀྱི་ཚོགས། །ང་ནི་གདོད་ནས་ལྷུན་གྲུབ་པ། ཁྲོ་རྒྱལ་ཀུན་གྱི་རྗེ་བཙན་ཡིན། །བདུད་དཔུང་ཐལ་བར་རློག་པར་བྱེད། །གསང་ཆེན་རིགས་འདུས་དཀྱིལ་འཁོར་འདིར། ཁྱེད་ཅག་འཇུག་པའི་སྐལ་མེད་པས། །གཞན་དང་གཞན་དུ་བྱེར་ཞིང་དེངས། །འདུག་ན་བརླག་པར་གདོན་མི་ཟ། །ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་གནོད་བྱེད་འབྱུང་པོ་སརྦ་བིགྷྣཱན་ཨུཙྪ་ཏ་ཡ་ཕཊ། ཅེས་དང་། ཧཱུྃ་བཞི་པའི་དྲག་སྔགས་དུད་རྫས་ཡུངས་ཐུན་རོལ་མོ་སོགས་ཀྱིས་བགེགས་བསྐྲད་ལ་འབྱུང་གཏོར་ཕྱིར་དོར་རོ། །བཞི་པ་སྲུང་འཁོར་ནི། ཧཱུྃ། རང་བྱུང་ཡེ་ཤེས་ཁྲོ་རྒྱལ་ང་། །མ་རིག་ལོག་རྟོག་བགེགས་ཀྱི་གཤེད། །ལྷ་འདྲེར་འཛིན་པའི་འཁྲུལ་སྣང་བགེགས། །བདེ་ཆེན་ཀློང་དུ་རང་གྲོལ་མཚམས། །སྟེང་འོག་ཕྱོགས་མཚམས་མ་ལུས་པ། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རྒྱ་གྲམ་མེ་དཔུང་འབར། །སྲ་བརྟན་སྲུང་བའི་གུར་ཁང་གྱུར། །ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་བཛྲ་ཙཀྲ་རཏྣ་པདྨ་ཀརྨ་ཛྭ་ལ་རཾ་རཀྵ་རཀྵ་ཧཱུྃ། ལྔ་པ་སྐྱབས་སུ་འགྲོ་བ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་རིགས་འདུས་སྨན་པའི་རྒྱལ་པོ་རྩ་གསུམ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ན་མོ། རིགས་འདུས་བདེ་གཤེགས་རྡོ་རྗེ་འཆང་། །ཕྱོགས་དུས་དཀོན་མཆོག་གསུམ་གྱི་དངོས། །བདག་གཞན་བྱང་ཆུབ་མ་ཐོབ་བར། །སྙིང་ནས་ཉེ་བར་སྐྱབས་སུ་མཆི། །ལན་གསུམ། དྲུག་པ་སེམས་བསྐྱེད་པ་ནི། ནམ་མཁས་ཁྱབ་པའི་སེམས་ཅན་རྣམས། སྡུག་བསྔལ་མཚོ་ལས་བསྒྲལ་བའི་ཕྱིར། །རྩ་བ་གསུམ་གྱི་གོ་འཕང་མཆོག །མ་ཐོབ་བར་དུ་བསྒྲུབ་པར་བྱ། །ལན་གསུམ་བརྗོད། བདུན་པ་ཚོགས་གསག་པ་ནི། ཧཱུྃ་ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་སྤྱན་འདྲེན་གཤེགས། །སེང་ཁྲི་པད་སྡོང་ཉི་ཟླའི་སྟེང་དུ་བཞུགས། །བདག་གཞན་སྒོ་གསུམ་གུས་ཕྱག་རྟག་ཏུ་འཚལ། །དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་གསང་བས་མཆོད། །ཉེས་ལྟུང་ཉམས་ཆག་འགལ་འཁྲུལ་ཅི་མཆིས་བཤགས། །དུས་གསུམ་དགེ་བའི་ཚོགས་ལ་རྗེས་ཡི་རང་། །གང་ལ་གང་འདུལ་ཆོས་འཁོར་བསྐོར་བཞིན་དུ། །མྱ་ངན་མི་འདའ་འགྲོ་བའི་དོན་དུ་བཞུགས། །བསོད་ནམས་ཡེ་ཤེས་གང་བསགས་བྱང་ཆུབ་བསྔོ། །འཁོར་བ་དོང་སྤྲུགས་བདེ་ཆེན་མཆོག་ཐོབ་ཤོག །ཅེས་སོ་སོའི་ཏིང་ངེ་འཛིན་ལ་བློ་བཞག་བཞིན་པས་ཚིག་ངག་ཏུ་བརྗོད། བརྒྱད་པ་ནོངས་པ་བཤགས་པ་ཁྱད་པར་དུ་བྱ་བ་ནི། སྐྱབས་གནས་བདག་ལ་བརྩེར་དགོངས་མཛོད། །ཐོག་མེད་དུས་ནས་ད་ལྟའི་བར། །བདག་གཞན་ལུས་ངག་ཡིད་གསུམ་གྱིས། །མི་དགེ་གང་བགྱིས་མཐོལ་ཞིང་བཤགས། །ཞེས་དང་ཡི་གེ་བརྒྱ་པ་བརྗོད་ལ་ཉམས་ཆག་བཤགས་ཤིང་། ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། དགུ་པ་བྱིན་དབབ་པ་ནི། མཁའ་ཁྱབ་ཀྱི་འཁོར་ལོར་བཞུགས་པའི་རྩ་བ་གསུམ་གྱི་ལྷ་ཚོགས་རིགས་འདུས་བླ་མའི་ཕྱག་རྒྱར་སད་པའི་གསང་བ་གསུམ་གྱི་བྱིན་རླབས་འོད་ཟེར་གྱིས་བདག་དང་གནས་ཡོ་བྱད་ཐམས་ཅད་བྱིན་གྱིས་བརླབས་པར་བསམ་ལ་མོས་གུས་ཀྱི་ཤུགས་བསྐྱེད་ཅིང་སྦྱར་སྤོས་རོལ་མོའི་སྒྲ་དང་བཅས་ཏེ། ཧཱུྃ་ཧྲཱིཿ ཆོས་དབྱིངས་སྤྲོས་པ་བྲལ་བའི་ཀློང་ཡངས་ནས། །འགྲོ་དོན་འདོད་དགུར་བསྒྱུར་བའི་གཙོ་དང་འཁོར། །རྒྱུ་དང་འབྲས་བུའི་ནད་སེལ་བདེ་གཤེགས་གཙོ། །སྔོན་མེད་སྨན་པའི་བྱིན་རླབས་དུས་འདིར་ཕོབ། །རིགས་ལྔ་སྐུ་ལྔ་རིག་པའི་ཡེ་ཤེས་ལྔ། །ཡེ་ཤེས་ལྔ་ལྡན་རྒྱལ་བ་ཡབ་ཡུམ་རྣམས། །འགྲོ་ལྔ་དུག་ལྔའི་ནད་ལས་གྲོལ་བའི་ཕྱིར། །དུས་འདིར་བྱིན་རློབས་སྨན་གྱི་བཅུད་ཕོབ་ཅིག །ལྷ་དང་དྲང་སྲོང་ཕྱི་ནང་སྡེ་བཞིའི་འཁོར། །རང་ལས་མི་གཞན་སྤྲུལ་པའི་ལྷ་ཚོགས་རྣམས། །བདུད་རྩི་སྨན་གྱི་དངོས་གྲུབ་སྟེར་ལ་དབང་། །གནས་དུས་རྫས་ལ་བདུད་རྩིའི་བྱིན་ཕོབ་ཅིག །བླ་མ་ཡི་དམ་མཁའ་འགྲོ་རབ་འབྱམས་དང་། །སྨན་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཀུན། །འདིར་གཤེགས་གནས་དང་ཡོ་བྱད་བྱིན་གྱིས་རློབས། །སྐལ་ལྡན་བུ་ལ་དབང་མཆོག་བསྐུར་དུ་གསོལ། །སྐུ་ཡི་དབང་སྐུར་བྱིན་རླབས་ལུས་ལ་ཞུགས། །ལུས་ཀྱི་ནད་གདོན་སྡིག་སྒྲིབ་དག་པར་མཛོད། །གསུང་གི་དབང་སྐུར་བྱིན་རླབས་ངག་ལ་ཞུགས། །ངག་གི་ནད་གདོན་སྡིག་སྒྲིབ་དག་པར་མཛོད། །ཐུགས་ཀྱི་དབང་སྐུར་བྱིན་རླབས་སེམས་ལ་ཞུགས། །ཡིད་ཀྱི་ནད་གདོན་སྡིག་སྒྲིབ་དག་པར་མཛོད། །སྐུ་གསུང་ཐུགས་དབང་ལུས་ངག་ཡིད་ལ་ཕོབ། །སྒྲིབ་གསུམ་དག་ནས་སྐུ་གསུམ་མངོན་གྱུར་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཅུ་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ། མཆོད་རྫས་ཉེས་པའི་དྲི་མ་སྦྱངས། །སྟོང་པའི་ངང་ལས་འབྲུ་བཞི་གསལ། །ཨོཾ་ཡིག་དཀར་པོ་འོད་འབར་བ། །རིགས་ལྔ་ཡབ་ཡུམ་ངོ་བོ་ཉིད། །མཚན་ལྡན་ཐོད་པར་ཞུ་བ་ལས། །འཆི་མེད་ཡེ་ཤེས་བདུད་རྩིར་གྱུར། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱཿ ལན་གསུམ། ཨཱཿཡིག་དམར་པོ་འོད་འབར་བ། །འཁོར་བ་སྐྱེ་མེད་དབྱིངས་སུ་བསྒྲལ། །དེ་ཉིད་ཐོད་པར་ཞུ་བ་ལས། །ཉོན་མོངས་འཇོམས་པའི་རཀྟར་གྱུར། །ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཕཊ། ལན་གསུམ། ཧཱུྃ་ཡིག་མཐིང་ག་འོད་འབར་བ། །བདེ་ཆེན་ཐུགས་ཀྱི་ངོ་བོ་ཉིད། །དེ་ཉིད་ཐོད་པར་ཞུ་བ་ལས། །འདོད་ཡོན་མི་ཟད་གཏོར་མར་གྱུར། །ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིནྟ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། གསུམ། ཧྲཱིཿཡིག་འོད་ལྔ་རབ་འབར་བ། །ལས་རྣམས་ཀུན་བྱེད་ནམ་མཁའ་མཛོད། །དེ་ཉིད་ཐོད་པར་འོད་དུ་ཞུ། །ཕྱི་ནང་གསང་མཆོད་བསམ་མི་ཁྱབ། །ཨརྒྷཾ་ནས། ཤབྡ་པཱུ་ཛ་མེ་གྷ་ཨོཾ་ཨཱཿཧཱུྃ། རཱུ་པ་ཤབྡ་གྷནྡྷེ་ར་ས་སྤརྴེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ག་ན་གུ་ཧྱ་པཱུ་ཛ་ཧོཿ ཞེས་རོལ་མོའི་སྒྲ་དང་བཅས་ཏེ་བྱིན་བརླབ་བོ། །གཉིས་པ་དངོས་གཞི་ནི། ཏིང་འཛིན་རྣམ་གསུམ་དཀྱིལ་འཁོར་བསྐྱེད། །སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་དང་། །མཆོད་བསྟོད་བྱིན་སྡུད་འཛབ་བཟླ་ཞིང་། །ཐུན་མཚམས་དངོས་གཞིའི་ལས་རིམ་བཅུ། །ཞེས་པ་སྟེ། དེ་ལ་ཐོག་མར་ཏིང་འཛིན་རྣམ་གསུམ་བསྒོམ་པ་ནི། ཧཱུྃ། ཆོས་རྣམས་མི་དམིགས་སྤྲོས་དང་བྲལ། །སྐྱེ་མེད་སྟོང་གསལ་ནམ་མཁའ་ཆེ། །ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་ལྟར་མ་རྟོགས་སེམས་ཅན་ལ། །མི་བཟོད་སྙིང་རྗེ་ཀུན་ཁྱབ་བསྒོམ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི། །ངང་ནས་འགྲོ་དོན་བསྒྲུབ་པའི་ཕྱིར། །རང་རིག་གསེར་གྱི་རྡོ་རྗེར་གྱུར། །གཉིས་པ་རྟེན་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ནི། དེ་ལས་ཨེ་འཕྲོས་ནམ་མཁའ་ཆེ། །ཡཾ་འཕྲོས་རླུང་གི་དཀྱིལ་འཁོར་ཏེ། །ར་འཕྲོས་རཀྟའི་རྒྱ་མཚོ་འཁྲུགས། །སུཾ་ལས་ཞིང་ཆེན་ས་གཞི་བརྡལ། །ཀེང་ལས་རུས་པའི་རི་རབ་སྟེང་། །རཾ་ལས་བསྐལ་པའི་མེ་དཔུང་འབར། །དེ་དབུས་སྣ་ཚོགས་བྷྲཱུྃ་འཕྲོས་ཏེ། །ཡོངས་གྱུར་ཡེ་ཤེས་གཞལ་ཡས་ཁང་། ཁྱམས་སྒོ་རྟ་བབས་མཚན་ཉིད་རྫོགས། །དེ་དབུས་པད་སྡོང་འདབ་མ་བཞི། །ཟླ་ཉི་བདུད་བཞི་རོ་གདན་སྟེང་། །ཧྲཱིཿམ་ཧ་རི་ནི་ས་རྣམས། །དབུས་དང་འདབ་བཞི་སོ་སོར་གསལ། །དེ་ལས་འོད་འཕྲོས་སངས་རྒྱས་མཆོད། །སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྦྱངས། །ཚུར་འདུས་རྡོ་རྗེ་གྲི་གུག་གྱུར། །དེ་ཉིད་གནས་གྱུར་དྲན་རྫོགས་སུ། །རྟ་མཆོག་ཡབ་ཡུམ་སྐུ་མདོག་དམར། །དབུ་གཙུག་རྟ་མགོ་རྟ་སྐད་འཚེར། །དབང་སྡུད་གྲི་གུག་ཕྱག་གཡས་ཕྱར། །བདུད་བཞིའི་ཁྲག་བཀང་ཐོད་པ་གཡོན། །བདུད་བཞིའི་སྟེང་དུ་བརྐྱང་བསྐུམ་བཞུགས། །རྡོ་རྗེ་ཕག་མོ་ཡུམ་དང་སྦྱོར། དེ་ཉིད་ཆ་ལུགས་ཡབ་འདྲ་ལ། །སྤྱི་གཙུག་ཕག་གདོང་ངུར་སྒྲ་སྒྲོག །གྲི་ཐོད་འཛིན་པས་ཡབ་ལ་འཁྱུད། །བཅུ་དྲུག་ལང་ཚོ་ཆགས་པའི་ཉམས། །ནུ་མ་བྷ་ག་རྒྱས་པའི་ཚུལ། །བསྐལ་པའི་མེ་ཀློང་བཞུགས་པར་བསྐྱེད། །མདུན་སོགས་ཕྱོགས་བཞིའི་འདབ་མ་ལ། །རྡོ་རྗེ་རིན་ཆེན་པདྨ་དང་། །ལས་ཀྱི་མཁའ་འགྲོ་རྣམ་པ་བཞི། །མཐིང་སེར་དམར་ལྗང་འོད་ཕུང་འབར། །གཡས་གཡོན་གྲི་གུག་ཐོད་ཁྲག་འཛིན། །རུས་པའི་རྒྱན་མཛེས་ཁྲོ་འཛུམ་འགྱིང་། །བརྐྱང་བསྐུམ་གར་ཐབས་རོ་སྟེང་བཞུགས། །སྤྱི་བོར་པད་སྡོང་འདབ་བཞི་ལ། །ཉི་ཟླའི་གདན་སྟེང་ལྟེ་དབུས་སུ། །རིགས་འདུས་བླ་མ་རྡོ་རྗེ་སེམས། །མཐིང་གསལ་ཞལ་གཅིག་ཕྱག་གཉིས་པ། །ཆོས་ཉིད་མི་འགྱུར་རྡོ་རྗེ་གཡས། །ཟག་མེད་བདེ་རྒྱས་ཐོད་པ་གཡོན། །གཅེར་བུ་རིན་ཆེན་རུས་རྒྱན་སྤྲས། ཁྲོ་འཛུམ་འགྱིང་བག་སྐྱིལ་ཀྲུང་གི །པང་དུ་རང་རིག་ཡུམ་གྱིས་འཁྱུད། །སྔོ་བསང་གཞོན་ཚུལ་ཆགས་པའི་ཉམས། །རབ་མཛེས་ཡིད་འོང་གྲི་ཐོད་འཛིན། །མདུན་སོགས་ཕྱོགས་བཞིར་རྣམ་སྣང་དང་། །རིན་འབྱུང་སྣང་མཐའ་དོན་ཡོད་གྲུབ། །རིག་པའི་ཡེ་ཤེས་རིགས་བཞི་པོ། །དཀར་སེར་དམར་ལྗང་སྐུ་མདོག་ཅན། །རང་རིགས་ཡུམ་སྦྱོར་ཕྱག་མཚན་ནི། །འཁོར་ལོ་རིན་ཆེན་པདྨ་དང་། །སྣ་ཚོགས་རྡོ་རྗེ་ཕྱག་གཡས་བསྣམས། །གཡོན་ཐོད་ཆ་ལུགས་གཙོ་ལྟར་བསྐྱེད། །ཐུགས་ཀར་སོ་སོའི་ས་བོན་དང་། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །གཞན་ཡང་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས། །སྨན་གྱི་བཀའ་སྲུང་མ་ལུས་པ། །སྤྲིན་ཕུང་འཁྲིགས་པ་ལྟ་བུར་གསལ། །འབྲུ་གསུམ་འོད་ཀྱིས་ཡེ་ཤེས་པ། །བསྒོམས་པ་དང་འདྲ་སྤྱན་དྲངས་གྱུར། །གསུམ་པ་སྤྱན་དྲང་བ་ནི། གདུང་བའི་དབྱངས་དང་རོལ་མོའི་སྒྲས་བསྐུལ་ཏེ། ཧཱུྃ་ཧྲཱིཿ ཆོས་དབྱིངས་སྤྲོས་བྲལ་ངང་ཉིད་ལས། །རིགས་འདུས་རྒྱལ་བ་སྐུ་བཞེངས་འཚལ། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་དེ་བ་ཌཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿ ཨེ་ཧྱེ་ཧི། ཛཿཧཱུྃ་བཾ་ཧོཿ བཞི་པ་བཞུགས་སུ་གསོལ་བ་ནི། ཧཱུྃ། དུས་གསུམ་རྒྱལ་བ་ཀུན་འདུས་པའི། །གསང་ཆེན་དཀྱིལ་འཁོར་དམ་པ་འདིར། །དབྱེར་མེད་ཆུ་ལ་ཆུ་བཞག་བཞིན། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ལྔ་པ་ཕྱག་འཚལ་བ་ནི། ཧཱུྃ་ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་གསུམ། །བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀྱི། །འབྱུང་གནས་ཡིད་བཞིན་ནོར་བུ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ན་མོ་ཨ་ཏི་པཱུ་ཧོཿ པྲ་ཏཱི་ཛ་ཧོཿ དྲུག་པ་མཆོད་པ་འབུལ་བ་ལ། །ཕྱི་ནང་གསང་མཆོད་སྨན་རཀ་གཏོར། །སྒྲོལ་དང་གླུ་གར་མཆོད་པ་དགུ །ཞེས་པ་རྣམས་ལས་དང་པོ་ཕྱི་མཆོད་ནི། ཧཱུྃ། མེ་ཏོག་བདུག་སྤོས་མར་མེ་དྲི། །བཤོས་གཙང་རོལ་མོ་ལ་སོགས་པ། །ཀུན་འབྱུང་ནམ་མཁའ་མཛོད་ལས་བྱུང་། །སྤྱན་སོགས་ཚིམ་ཕྱིར་མཆོད་པར་བཞེས། །ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་དེ་བ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། གཉིས་པ་ནང་མཆོད་ནི། ཧཱུྃ། ལྕེ་སོགས་དབང་ལྔའི་མེ་ཏོག་སྟེ། །གསུར་ཆེན་དྲི་མཆོག་ཞུན་ཆེན་མེ། །དྲི་ཆེན་དྲི་ཆུ་བཤོས་དང་བྱུག །ཐོད་རྔ་རྐང་གླིང་རོལ་མོ་མཆོག །དུག་གསུམ་སྐུ་གསུམ་དུག་ལྔ་ནི། །ཡེ་ཤེས་ལྔ་ཡི་ངང་དུ་མཆོད། །སྣང་སྲིད་འཁོར་དང་མྱ་ངན་འདས། །བདེ་ཆེན་རབ་འབྱམས་ཀློང་དུ་མཆོད། །ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་དེ་བ་ཌཱ་ཀི་ནཱི་ས་པ་རི་བཱ་ར་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ། གསུམ་པ་གསང་མཆོད་ནི། ཧཱུྃ། ཐབས་ཤེས་ཟླ་གསང་ཐིག་ལེ་ལས། །དཀར་དམར་བདེ་ཆེན་ཡེ་ཤེས་རྫས། །བླ་མ་ཡི་དམ་མཁའ་འགྲོ་ལ། །གཉིས་མེད་ངང་དུ་འབུལ་གྱིས་བཞེས། །ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་དེ་བ་ཌཱ་ཀི་ནཱི་ས་པ་རི་བཱ་ར་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ག་ཎ་གུ་ཧྱ་པཱུ་ཛ་ཧོཿ བཞི་པ་སྨན་མཆོད་ནི། ཧཱུྃ། རྩ་བ་ཡན་ལག་སྟོང་སྦྱར་སྨན། །དུག་ལྔ་ཡེ་ཤེས་ལྔར་གྱུར་པ། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་སྒྲུབ་རྫས་བཞེས། །ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་པ་ཙམ་མམ། སྤྲོ་ན། ཧཱུྃ་ཧྲཱིཿ རང་སེམས་སྐྱེ་མེད་ཆོས་སྐུར་ངོ་སྤྲོད་པའི། །བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །མཆོག་ཐུན་དངོས་གྲུབ་དགོས་འདོད་ཆར་འབེབ་པའི། །བརྒྱུད་པའི་བླ་མ་ཡིད་བཞིན་ནོར་བུ་ལ། །རྣམ་དགྎ ཐུགས་རྗེསྎ ཕུང་ཁམས་སྐྱེ་མཆེད་གདོད་ནས་རྣམ་དག་པའི། །རང་ལུས་ཡི་དམ་རྒྱལ་བའི་དཀྱིལ་འཁོར་ལ། །རྣམ་དགྎ ཐུགས་རྗེསྎ དམ་ཚིག་ཅན་ལ་དངོས་གྲུབ་བདེ་སྟེར་བའི། །མ་སྲིང་མཁའ་འགྲོ་རྒྱ་མཚོ་མ་ལུས་ལ། །རྣམ་དགྎ ཐུགས་རྗེསྎ རྒྱལ་བའི་བསྟན་སྲུང་ཞིང་བཅུ་སྒྲོལ་ལ་བརྩོན། །ཆོས་སྐྱོང་དམ་ཅན་རྒྱ་མཚོ་མ་ལུས་ལ། །རྣམ་དགྎ ཐུགས་རྗེསྎ སྐྱབས་མགོན་དཔུང་གྱུར་མཆོད་འོས་ཡི་དམ་ལྷ། །རང་སྣང་དག་པའི་གཙོ་འཁོར་ཁྱེད་རྣམས་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཆོད་པའི་མཐུས། ཁམས་གསུམ་ཡོངས་སྒྲོལ་འཁོར་བ་དོང་སྤྲུགས་ཤོག །ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། རྗེས་འབྲེལ་དུ་དངོས་གྲུབ་བླང་བ་ནི། ཧྲཱིཿ འཁོར་འདས་ཕྱི་ནང་གསང་བ་ཤེས་བྱ་དང་། །ཤེས་བྱེད་ལས་འདས་དམ་ཚིག་རྡོ་རྗེ་ཆེ། །ཐབས་ཤེས་མཐེབ་སྲིན་ཕྱག་རྒྱས་ཆོ་ག་བཞིན། །མྱོང་ན་དངོས་གྲུབ་མ་ལུས་ཐོབ་ཕྱིར་མྱང་། །ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཨོཾ་ཨཱཿཧཱུྃ། ལྔ་པ་རཀྟའི་མཆོད་པ་ནི། ཧཱུྃ། བྷནྡྷ་མཚན་ལྡན་འབར་བའི་སྣོད། །བདུད་བཞི་བསྒྲལ་པའི་སྙིང་ཁྲག་བཅུད། །རྣམ་རྟོག་འཁོར་བ་དབྱིངས་བསྒྲལ་ཕྱིར། །བླ་མ་ཡི་དམ་མཁའ་འགྲོ་མཆོད། །མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། དྲུག་པ་གཏོར་མའི་མཆོད་པ་ནི། ཧཱུྃ། སྣོད་བཅུད་གཏོར་མར་ལྷུན་གྱིས་གྲུབ། །གཉིས་སུ་མེད་པར་བྱིན་གྱིས་བརླབས། །འདོད་ཡོན་ལྷ་མོས་རབ་བརྒྱན་པ། །བདེ་བ་ཆེན་པོར་བཞེས་སུ་གསོལ། །མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་དང་། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་གུ་ཎ་སིདྡྷི་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། ཧྲཱིཿམ་ཧ་རི་ནི་ས་ཙིཏྟ་ཧྲཱིང་ཧྲཱིང་། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་སྔགས་ལན་གསུམ་གྱིས་འབུལ་ལོ། །བདུན་པ་བསྒྲལ་མཆོད་ནི། ཧཱུྃ། ཡང་དག་རྟོགས་པའི་མཚོན་ཆ་ཡིས། །མ་རྟོགས་སེམས་ཅན་དབྱིངས་སུ་བསྒྲལ། །སྒྲོལ་བ་ལས་ཀྱི་མཆོད་པ་ཆེ། །རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ། །རུ་དྲ་སརྦ་མཱ་ར་ཡ་ཁཱ་ཧི། བརྒྱད་པ་གླུ་གར་གྱི་མཆོད་པ་ནི། ཧཱུྃ། སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་སྐྱེ་བྲལ་བ། །འདུ་འབྲལ་མེད་པ་རྡོ་རྗེའི་གླུ། །ཉམས་དབྱངས་རང་གྲོལ་ཡེ་ཤེས་མཆོད། །ཨོཾ་ཏེ་ཏེ་ཧཱུྃ། ཏེ་ན་ཧཱུྃ། ཏེ་ཕུ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཧོཿ དགུ་པ་དོན་དམ་གྱི་མཆོད་པ་ནི། གདོད་ནས་རང་རིག་ལྷ་རུ་དག །མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུན། །མི་དམིགས་སྤྲོས་བྲལ་ཕྱག་རྒྱ་ཆེ། །རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ། །དྷརྨ་དྷཱ་ཏུ་མ་ཧཱ་མུ་དྲ་པཱུ་ཛ་ཧོཿ དེ་ནས་བདུན་པ་བསྟོད་པ་ནི། གསང་སྒྲུབ་ཀྱི་གཞུང་ལྟར། ཨོཾ། རྣམ་དག་ཆོས་སྐུའི་ཀློང་ཡངས་ལས། །སོགས་སམ། ཡང་ན། ཧཱུྃ། ཆོས་སྐུའི་བླ་མ་སྤྲོས་མེད་ཁྱབ་བརྡལ་ངང། །ལོངས་སྤྱོད་རྫོགས་སྐུ་བདེ་ཆེན་རོལ་པའི་དབྱིངས། །སྤྲུལ་སྐུ་གང་ལ་གང་འདུལ་འགྲོ་དོན་མཛད། །རིགས་འདུས་བླ་མ་སྨན་རྒྱལ་རྡོ་རྗེ་འཛིན། །ཀུན་བཟང་འགྱུར་མེད་སྐུ་ལ་གུས་ཕྱག་འཚལ། །འགག་མེད་ཚངས་དབྱངས་གསུང་ལ་གུས་ཕྱག་འཚལ། །མཐའ་བྲལ་དྲི་མེད་ཐུགས་ལ་གུས་ཕྱག་འཚལ། །ལུས་བདེ་ངག་ནུས་སེམས་རྟོགས་བྱིན་གྱིས་རློབས། །རྣམ་ཤེས་གཟུགས་ཚོར་འདུ་ཤེས་འདུ་བྱེད་ལྔ། །ཆགས་ཁྲོ་གཏི་མུག་ང་རྒྱལ་ཕྲག་དོག་ལྔ། །ཆོས་དབྱིངས་མེ་ལོང་མཉམ་སོར་བྱ་བ་གྲུབ། །རང་དག་རང་གྲུབ་རང་གསལ་རིགས་ལྔའི་སྐུ །ནམ་མཁའ་ས་ཆུ་མེ་རླུང་འབྱུང་བ་ལྔ། །རྣམ་དག་ཡུམ་ལྔར་བཅས་ལ་གུས་ཕྱག་འཚལ། །ལམ་ལྔ་གདན་ཐོག་གཅིག་ཏུ་བགྲོད་པ་དང་། །སྐུ་ལྔ་ཚེ་འདིར་ཐོབ་པར་བྱིན་གྱིས་རློབས། །སྣང་སྟོང་དབྱེར་མེད་རྟ་མཆོག་ཡབ་ཡུམ་སྐུ །སྣ་ཚོགས་སྤྲུལ་སྐུ་རིགས་བཞི་མཁའ་འགྲོར་བཅས། །ཆོས་བྱེད་སྐྱོང་མཛད་དམ་ཅན་བཀའ་སྲུང་བསྟོད། །ཕྲིན་ལས་ཐོགས་མེད་སྒྲུབ་པར་མཛད་དུ་གསོལ། །བརྒྱད་པ་བྱིན་བསྡུ་བ་ནི། སྤྱི་བོའི་བླ་མ་ལ་མོས་གུས་དྲག་ཏུ་བྱས་ཏེ། བདག་ལ་དབང་མཆོག་བསྐུར་དུ་གསོལ། །ཞེས་ངག་གམ་ཡིད་ཀྱིས་གསོལ་བ་ལན་གསུམ་བཏབ་ལ། སྤྱི་བོའི་རིགས་འདུས་བླ་མ་ཡབ་ཡུམ་ལ། །གུས་པ་ཆེན་པོས་གསོལ་བ་བཏབ་པ་ལས། །འོད་ཟེར་འཕྲོ་འདུས་སྲས་བཅས་རྒྱལ་བ་ཀུན། །སྤྱན་དྲངས་སྙོམས་འཇུག་བདེ་སྟོང་ངོ་བོར་ཞུ། །སྦྱོར་མཚམས་ནས་བྱུང་བྱང་སེམས་བདུད་རྩིའི་རྒྱུན། །སྤྱི་བོ་ནས་ཞུགས་ལུས་ནང་ཁེངས་པ་ཡིས། །སྒྲིབ་བཞི་དག་ཅིང་དབང་བཞིའི་ཡེ་ཤེས་ཐོབ། །སྐུ་བཞི་དབྱེར་མེད་བདེ་ཆེན་ཡེ་ཤེས་ངང་། །བློ་འདས་འོད་གསལ་གཉུག་མའི་རང་ཞལ་བལྟ། །དགུ་པ་འཛབ་བཟླ་བ་ནི། སྤྱི་བོའི་བླ་མ་ཡབ་ཡུམ་་ཡབ་ཀྱི་་་ཐུགས་ཀ་ནས། །སྔགས་ཕྲེང་བྱུང་བ་གསང་བའི་གནས་ནས་ཐོན། །རང་གི་ཚངས་བུག་ནས་ཞུགས་སྐུ་དབྱིབས་བརྒྱུད། །རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས། །སྤྱི་བོ་ནས་ཐོན་བླ་མ་ཡབ་ཡུམ་གྱི། །ཡུམ་གྱི་་་གསང་གནས་ནས་ཞུགས་སྔར་བཞིན་འཁོར་བ་ལས། །འོད་ཟེར་དཔག་མེད་འཕྲོས་པས་སངས་རྒྱས་རྣམས། །མཆོད་པས་མཉེས་ཤིང་བྱིན་རླབས་མ་ལུས་བསྡུས། །སེམས་ཅན་སྒྲིབ་སྦྱངས་རྩ་གསུམ་གོ་འཕང་བཀོད། །རང་ཉིད་རིགས་འདུས་རྒྱལ་བའི་ངོ་བོ་སྟེ། །སྣང་གྲགས་རྟོག་གསུམ་ལྷ་སྔགས་ཆོས་སྐུར་གྱུར། །ཞེས་པའི་དམིགས་པ་ལ་སེམས་རྩེ་གཅིག་ཏུ་གཏད་ལ། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་གུ་ཎ་སིདྡྷི་ཧཱུྃ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། ཧྲཱིཿམ་ཧ་རི་ནི་ས། ཙིཏྟ་ཧྲཱིང་ཧྲཱིང་སརྦ་སིདྡྷི་ས་མ་ཡ། ཛཿཧཱུྃ་བཾ་ཧོཿ ཞེས་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་སྔགས་ཉིད་ཅི་ནུས་བཟླ། ཡང་སྐབས་སུ་ཏིང་ངེ་འཛིན་གྱི་སྤྲོ་བསྡུས་ཐུགས་དམ་བསྐུལ་བ་ནི། རང་ཉིད་ལྷར་གསལ་སྤྱི་མགྲིན་སྙིང་ག་ནས། །འོད་ཟེར་དཀར་དམར་མཐིང་གསུམ་ཕྱོགས་བཅུར་འཕྲོས། །བདེ་གཤེགས་རྣམས་ཀྱི་སྐུ་གསུང་ཐུགས་ལ་ཕོག །མཆོད་པས་མཉེས་ཤིང་གསང་གསུམ་དངོས་གྲུབ་བསྡུས། །འགྲོ་བའི་སྒོ་གསུམ་སྒྲིབ་སྦྱངས་དབང་དུ་བསྡུས། །སླར་འདུས་བདག་གི་གནས་གསུམ་ཐིམ་པར་གྱུར། །ཞེས་མོས་ལ་སྔགས་བཟླ། ཐུན་མཐར། ཐུགས་ཀའི་འོད་ཀྱིས་འཁོར་འདས་བརྟན་གཡོའི་དྭངས་བཅུད་ཐམས་ཅད་དབང་དུ་བྱས་པར་མོས་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཨ་མྲྀཏ་ཛཱི་བནྟི་བྷཻ་ཥ་ཛྱེ་སརྦ་སིདྡྷི་ཧཱུྃ་ཧོཿསྭཱ་ཧཱ། ཞེས་རྒྱུན་གྱི་དངོས་གྲུབ་བསྡུ་བའི་སྔགས་ཀྱང་ཅུང་ཟད་བཟླའོ། །ཡང་ཚེ་སྒྲུབ་པར་འདོད་ན། རྩ་གསུམ་སྐུ་ལས་འོད་ཟེར་དམར་པོ་འཕྲོས། །འབྱུང་ལྔའི་དྭངས་བཅུད་སྐྱེ་འགྲོའི་ཚེ་བསོད་དཔལ། །རྒྱལ་བའི་བྱིན་རླབས་བདུད་རྩིའི་རྣམ་པར་བསྡུས། །སྤྱི་གཙུག་བླ་མའི་ཕྱག་གི་ཐོད་པར་བསྡུས། ཁོལ་ཞིང་ལུད་དེ་རང་གི་ཚངས་བུག་ནས། །འཁོར་ལོ་ལྔ་པོ་རིམ་བརྒྱུད་ལུས་ཀྱི་ནང་། །བདུད་རྩིས་རབ་གང་རྡོ་རྗེའི་ཚེ་ཐོབ་གྱུར། །གོང་གི་སྔགས་ཤམ་དུ། བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ། ཞེས་བཟླས་པས་འཆི་བ་བསླུ་ཞིང་ཚེ་ལ་དབང་བའི་རིག་འཛིན་དུ་འགྱུར་བར་གསུངས་སོ། །ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ་གསུམ་བཟླ། སྐུ་གསུང་ཐུགས་ཀྱི་ལྷག་ཆད་བསྐང་ཞིང་བྱིན་རླབས་བརྟན་པར་བྱའོ། །བཅུ་པ་ཐུན་མཚམས་ཀྱི་བྱ་བ་ནི། གསང་སྒྲུབ་ཆེད་དུ་བྱ་བའི་སྐབས་ལྟ་བུར་གཏོར་མའི་ལྷན་ཐབས་ཚོགས་གཉིས་མྱུར་རྫོགས་འདིར་སྦྱར་ཞིང་། འདོད་དོན་གསོལ་གདབ། མཆོད་བསྟོད་མདོར་བསྡུས། གཏོར་མགྲོན་བརྟན་བཞུགས་སམ་གཤེགས་གསོལ་བཀྲ་ཤིས་བཅས་བྱ་བ་ཡིན་ལ། དཀྱུས་སུ། ཧཱུྃ་ཧྲཱིཿ སྐྱེ་མེད་དབྱིངས་ལས་འགག་མེད་རྩལ་ཤར་བ། །མཁྱེན་བརྩེ་ནུས་པས་འགྲོ་འདུལ་རྩ་གསུམ་ལྷ། །རང་བཞིན་གནས་ནས་སྤྱན་དྲངས་གཉིས་མེད་བཞུགས། །ཕྱག་འཚལ་མཆོད་འབུལ་སྡིག་བཤགས་བསྟོད་ཅིང་བསྐུལ། །བསྙེན་སྒྲུབ་ལས་སྦྱོར་བཟླས་བརྗོད་ཏིང་འཛིན་བསྒོམ། །མི་མཐུན་ཕྱོགས་ཀུན་ཞི་ཞིང་འདོད་དགུ་རྒྱས། །རང་སྣང་དབང་འདུས་ལོག་འདྲེན་དགྲ་བགེགས་ཐུལ། །མཆོག་ཐུན་དངོས་གྲུབ་དུས་འདིར་མྱུར་སྩོལ་མཛོད། །ཅེས་པ་ཙམ་བྱའོ། །སྐབས་འདིར་ཆོས་སྲུང་གི་ཕྲིན་ལས་རྒྱས་བསྡུས་གང་རུང་འགྲུབ་ན་ལེགས་སོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། །ཚོགས་མཆོད་ཆད་བརྟན་རྟ་བྲོ་དང་། །དངོས་གྲུབ་བླང་ཞིང་གཏང་རག་དང་། །ནོངས་བཤགས་ཉེར་བསྡུ་བསྔོ་སྨོན་བྱ། །ཤིས་བརྗོད་རྗེས་ཀྱི་ལས་རིམ་བཅུ། །ཞེས་པ་རྣམས་ཀྱི་དང་པོ་ཚོགས་ཀྱི་མཆོད་པ་ལའང་། བྱིན་རླབས་སྤྱན་འདྲེན་མཆོད་བཤགས་བསྟབ། །གསང་གསོལ་ཚོགས་རོལ་ལྷག་མ་དགུ །ཞེས་པའི་དང་པོ་ཚོགས་བྱིན་གྱིས་བརླབ་པ་ནི། མཱཾ་ས་མ་ད་ན་བ་ལ་སོགས་ཚོགས་ཀྱི་ཡོ་བྱད་ཅི་འབྱོར་བ་འདུ་བྱས། ཆུ་ཆང་ནང་གསུམ་གྱིས་སྦྱངས་ལ། ཧཱུྃ་ཧྲཱིཿ རང་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས། །རཾ་ཡཾ་ཁཾ་འཕྲོས་ཚོགས་རྫས་བསྲེགས་སྦྱངས་བཀྲུས། །ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་བདུད་རྩིར་བསྒྱུར། །འདོད་ཡོན་ལྷ་མོས་མཆོད་རྫས་སྤྲིན་ཕུང་གཏིབས། །མ་ཧཱ་ག་ཎ་ཙཀྲ་སརྦ་ཕ་ལ་ཧོཿ གཉིས་པ་སྤྱན་འདྲེན་པ་ནི། ཧཱུྃ་ཧྲཱིཿ རིགས་འདུས་རྒྱལ་བའི་ལྷ་ཚོགས་རྣམས། །ཐུགས་དམ་ཐུགས་རྗེས་བརྩེར་དགོངས་ལ། །ཚོགས་ཀྱི་མཆོད་པ་བཞེས་སླད་དུ། །སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །ས་མ་ཡ་ཛཿ བཀོད་ལེགས་རབ་མཛེས་ཁྲི་ལ་བཞུགས། །བདག་གཞན་གུས་པས་ཕྱག་འཚལ་བསྟོད། །ཕྱི་ནང་གསང་མཆོད་དགྱེས་པར་བཞེས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ས་མ་ཡ་ཧོཿ གསུམ་པ་ཚོགས་ཕུད་མཆོད་པ་ནི། ཧྲཱིཿ མཛེས་ལྡན་དྲི་ཞིམ་རོ་བདའ་ཞིང་། །འཇམ་འཁྲིལ་གླུ་གར་བདེ་བའི་མཆོག །མ་ཚང་མེད་པའི་ཚོགས་ཕུད་འབུལ། །བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ། །ག་ཎ་ཙཀྲ་སརྦ་པཱུ་ཛ་ཧོཿ བཞི་པ་བཤགས་པ་ལ་སྐོང་བཤགས་གཉིས་ཏེ། རྒྱས་པར་སྤྲོ་ན་རྩ་བ་གསུམ་གྱི་མདངས་སྐོང་རིན་ཆེན་འོད་ཀྱི་དྲ་བ་བཤགས་པ་དང་བཅས་པ། བཀའ་སྲུང་སྡེ་དགུའི་མདངས་སྐོང་དགྲ་བགེགས་ཚར་གཅོད་བཅས་སྐབས་འདིར་སྦྱར་ལ། དཀྱུས་སུ་བསྟན་པ་འདི་བཞག་ནས་བསྒྲལ་བསྟབ་ལ་འཇུག །བསྡུ་ན། ཧཱུྃ། གསང་ཆེན་རིགས་འདུས་རྒྱལ་བའི་དཀྱིལ་འཁོར་འདིར། །ཕྱི་ནང་གསང་བའི་དམ་རྫས་མ་ཚང་མེད། །རྩ་གསུམ་ལྷ་ཚོགས་ཐུགས་དམ་གཉན་པོ་བསྐང་། །རྣལ་འབྱོར་བདག་གི་གཡར་དམ་སོར་སྩོལ་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་སཏྭ་ཨཱཿ ས་མ་ཡ་ཧོཿ ཧཱུྃ། ཐོག་མ་མེད་ནས་ད་ལྟའི་བར། །མ་རིག་འཁྲུལ་པའི་དབང་གྱུར་པས། །ཆག་ཉམས་འགལ་འཁྲུལ་ཅི་མཆིས་པ། །ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས། །བུདྡྷ་བཛྲ་རཏྣ་དང་། །པདྨ་ཀརྨའི་ཐུགས་དམ་བསྐང་། །གཏི་མུག་ཞེ་སྡང་ང་རྒྱལ་དང། །ཕྲག་དོག་བདེན་རྫུན་འཐས་པའི་ཚུལ། །ཀུན་གཞི་ཀ་དག་ཀློང་ཡངས་སུ། །ཡེ་ནས་སྐྱེ་འགག་སྤྲོས་མཚན་བྲལ། །ཀུན་རྫོབ་རང་སེམས་རྒྱལ་བ་དང་། །བཤགས་བྱ་བཤགས་བྱེད་གཉིས་སུ་མེད། །ཅེས་དང་ཡི་གེ་བརྒྱ་པ་བཟླའོ། །ལྔ་པ་བསྒྲལ་བསྟབ་ནི། རང་ཉིད་དབང་ཆེན་ཁྲོས་པའི་ང་རྒྱལ་དང་། ཚོགས་དུམ་དགྲ་བགེགས་སུ་དམིགས་ལ། ཧཱུྃ། རྒྱལ་བ་ཀུན་འདུས་རྩ་གསུམ་ལྷ་ཚོགས་བཀའ། །སྔགས་དང་ཕྱག་རྒྱ་ཏིང་འཛིན་བདེན་པའི་མཐུས། །མི་བཟད་གྲངས་མེད་སྤྲུལ་པའི་ཁྲོ་ཚོགས་རྣམས། །གློག་ལྟར་མྱུར་སྐྱོད་དགྲ་བགེགས་ད་ལྟ་ཁུག །དབང་མེད་རྟེན་འདིར་སྟིམས་ལ་ལྷ་དང་ཕྲོལ། །ཞིང་བཅུ་ལྡན་པའི་གནོད་བྱེད་དགྲ་བགེགས་འདི། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་གནས་སྤར་རོ། །གཟུགས་ཕུང་ད་ལྟ་སྐད་ཅིག་འདིར་གཞོམ་བྱ། །ཞེས་བཀུག་བསྟིམས་ཕྲལ་ནས་ཕུར་བུ་བསྒྲིལ་ཞིང་། ཧཱུྃ། བཅོམ་ལྡན་ཁྲོ་རྒྱལ་ཧེ་རུ་ཀ །སྲིད་གསུམ་དགྲ་བགེགས་ཀུན་གྱི་གཤེད། །ཕྱག་གཉིས་རི་རབ་ཕུར་བུ་འདེབས། །དམ་ཉམས་ཐལ་བ་རྡུལ་དུ་རློག །གནོད་བྱེད་རུ་དྲ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བསྒྲལ་པའི་ཤ་ཁྲག་བདུད་རྩིར་བརླབས་ཏེ་བསྟབ་པ་ནི། ཧཱུྃ། དགྲ་བགེགས་བསྒྲལ་པའི་ལྔ་ཕུང་འདི། །རིགས་ལྔ་ཁྲོ་རྒྱལ་ཞལ་དུ་བསྟབ། །ཆོས་ཀྱི་དབྱིངས་སུ་བཞེས་ནས་ཀྱང་། །ལོག་རྟོག་ཚར་གཅོད་དངོས་གྲུབ་ཞུ། ཁ་ཁ་ཁཱ་ཧི་ཁཱ་ཧི། དྲུག་པ་བདུད་རྩི་གསང་ནན་གྱི་མཆོད་པ་ནི། ཧཱུྃ། དུག་ལྔ་སྨན་གྱུར་འབྲུ་མཆོག་བཅུད། །བདུད་རྩི་དམ་པ་དཔའ་བོའི་རྫས། །ཛ་གད་རོ་མཆོག་སྟོང་ལྡན་པ། །ཟག་མེད་བདེ་སྐྱེད་མཆོད་འབུལ་བཞེས། །མ་ཧཱ་ཛ་གད་ཁཱ་ཧི། བདུན་པ་སྲུང་མའི་གསོལ་ཁ་ནི། རྒྱས་པར་ཆོས་སྐྱོང་གསོལ་ཁ་མྱུར་མགྱོགས་གློག་གི་འོད་འབར་གཞུང་ཉིད་ཚང་བར་སྦྱར། དཀྱུས་ཙམ་དུ་བསྡུ་ན། ཧོཿ སངས་རྒྱས་མངའ་བདག་སྟོན་པ་དམ་ཆོས་གཞི། །འདྲེན་པ་དགེ་འདུན་དཀོན་མཆོག་ཀུན་འདུས་ལ། །དགྱེས་མཉེས་མཆོག་གྱུར་ཞལ་ཟས་ཚོགས་མཆོད་འདིས། །གསོལ་ལོ་མཆོད་དོ་བྱིན་རླབས་དངོས་གྲུབ་སྩོལ། །ཧོཿ ཀུན་བཟང་སྨན་རྒྱལ་ཡེ་ཤེས་མཁའ་འགྲོ་མ། །པད་འབྱུང་གུ་ཎ་དབྱེར་མེད་རྡོ་རྗེ་འཛིན། །བྱིན་རླབས་ཆར་འབེབས་རྩ་བརྒྱུད་བླ་མ་ལ། །དགྱེས་མཉེས་མཆོག་གྱུར་ཞལ་ཟས་ཚོགས་མཆོད་འདིས། །གསོལ་ལོ་མཆོད་དོ་དབང་སྐུར་བྱིན་གྱིས་རློབས། །ཧོཿ རིགས་ལྔ་ཡབ་ཡུམ་རྟ་ཕག་མཁའ་འགྲོ་ལྔ། །ལྷ་དང་དྲང་སྲོང་ཡེ་ཤེས་སྨན་མོ་སོགས། །ཡི་དམ་དཀྱིལ་འཁོར་རྒྱལ་བ་མ་ལུས་ལ། །དགྱེས་མཉེས་མཆོག་གྱུར་ཞལ་ཟས་ཚོགས་མཆོད་འདིས། །གསོལ་ལོ་མཆོད་དོ་མཆོག་ཐུན་དངོས་གྲུབ་སྩོལ། །ཧཱུྃ། རྡོ་རྗེ་བདུད་འདུལ་མགོན་པོ་ཕོ་རྒྱུད་དང། །ཨེ་ཀ་ཛཱ་ཊི་ལྷ་མོ་མ་རྒྱུད་ཚོགས། །སྲོག་གི་སྤུ་གྲི་དམ་ཅན་མ་ལུས་པ། ཁྱབ་འཇུག་གཟའ་གདོང་སྡེ་བརྒྱད་རྒྱུ་སྐར་ཚོགས། །དགྲ་དུར་འཇིགས་བྱེད་སྲིན་པོ་ཀེང་རུས་འབུམ། །ཅེ་སྤྱང་མཆུ་དམར་གནས་ཡུལ་མཁའ་འགྲོ་འབུམ། །ཤཱནྟི་རོ་ཟན་མི་སྲུན་བདུད་མོའི་ཚོགས། །ཤན་པ་དམར་ནག་གནོད་སྦྱིན་བྱེ་བར་བཅས། །ཧོབ་སེ་ནག་པོ་སྲོག་བདག་ཚོགས་བཅས་ལ། །དགྱེས་མཉེས་ཚོགས་མཆོད་དགྲ་བགེགས་ཤ་ཁྲག་གིས། །གསོལ་ལོ་མཆོད་དོ་ཕྲིན་ལས་རྣམ་བཞི་སྒྲུབས། །ཧོཿ གཞན་ཡང་དམ་ཅན་ལྷ་སྲིན་སྡེ་བརྒྱད་ཚོགས། །གྲངས་མེད་སྟོང་ཁམས་ཁྱབ་རྒྱུག་རྩལ་ལྡན་ལ། །དགྱེས་མཉེས་མཆོག་གྱུར་ཞལ་ཟས་ཚོགས་མཆོད་འབུལ། །གསོལ་ལོ་མཆོད་ད་ོརྣལ་འབྱོར་སྟོངས་གྲོགས་མཛོད། །ཧོཿ ཡུལ་འདིའི་གཞི་བདག་གཉན་པོ་ལ་སོགས་ཏེ། །བོད་ཁམས་བརྟན་མ་ཡུལ་ལྷ་དགེ་བསྙེན་ལ། །དགྱེས་རབ་མཆོག་གྱུར་མཉེས་རབ་དམ་པའི་ཕུད། །གསོལ་ལོ་མཆོད་དོ་མི་མཐུན་བར་ཆད་སོལ། །ཅེས་པ་ཙམ་བྱའོ། །བརྒྱད་པ་ཚོགས་ལ་རོལ་པ་ནི། ལས་རྡོར་གྱིས་ཚོགས་རྫས་བཏེགས་ལ། ཀྱེ། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །སྣང་སྲིད་འཁོར་འདས་རོ་མཉམ་པས། །གསང་ཆེན་བདེ་བའི་ལོངས་སྤྱོད་ཆེ། །ཐེ་ཚོམ་སྤངས་ཏེ་བཞེས་པར་མཛོད། །ག་ཎ་ཙཀྲ་མ་ཧཱ་སུ་ཁ་ཧོཿ ཞེས་དང་། སློབ་དཔོན་གྱིས། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །འདོད་ཡོན་མི་དམན་རོལ་པ་ཆེ། །དཀྱིལ་འཁོར་ལྷ་ཚོགས་མ་ལུས་པ། །དྲི་མེད་དགྱེས་བྱེད་འདི་ལ་སྤྱོད། །ཨ་ལ་ལ་ཧོཿ ཞེས་བླངས་ལ་རྣལ་འབྱོར་པ་རྣམས་ནང་གི་སྦྱིན་སྲེག་གི་ཚུལ་དུ་རོལ་ལ། མོས་གུས་ཀྱི་གསོལ་འདེབས། རྡོ་རྗེའི་གླུ་གར་སོགས་བྱས་ལ་ཉམས་བསྐྱང་སྟེ་གསང་བ་མཆོག་གི་སྨོན་ལམ་ཡང་གདབ་བོ། །དགུ་པ་ལྷག་མ་གཏོང་བ་ནི། ཚོགས་ལྷག་བསྡུས་ལ་སློབ་དཔོན་གྱི་ཞལ་ཆབ་ཐ་མ་བྱིན་གྱིས་བརླབས་པའི་བདུད་རྩིས་བྲན་ལ། ཨོཾ་ཨཱཿཧཱུྃ། གསུམ། ལྷག་གཏོར་བདུད་རྩིའི་རྒྱ་མཚོ་འདོད་ཡོན་གྱི་ལོངས་སྤྱོད་ཟད་མི་ཤེས་པར་གྱུར། ཨེ་ཨཱ་རལླི་ཧྲཱིཾ་ཛཿ ཧཱུྃ། རིགས་འདུས་རྒྱལ་བའི་དཀྱིལ་འཁོར་གྱི། །བཀའ་དང་བསྟན་པ་སྲུང་བྱེད་ཅིང་། །ལྷག་ལ་དབང་བའི་ཚོགས་རྣམས་ཀུན། །ལྷག་མཆོད་འདི་ལོངས་ཕྲིན་ལས་སྒྲུབས། །ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སི་སྭཱ་ཧཱ། ཞེས་རོལ་མོའི་སྒྲ་དང་བཅས་ཚོགས་ལྷག་ཕྱི་རོལ་དུ་དོར་བར་བྱའོ། །གཉིས་པ་བཀའི་ཆད་ཐོ་འབུལ་བ་ནི། གཏོར་མ་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བརླབས་ལ། ཧཱུྃ་བྷྱོཿ རིགས་འདུས་རྒྱལ་བ་སྨན་རྒྱལ་རྡོ་རྗེ་འཆང་། །པདྨ་འབྱུང་གནས་གུ་ཎ་དབྱེར་མེད་ཀྱི། །སྤྱན་སྔར་བཀའ་སྲུང་དམ་ཅན་རྒྱ་མཚོ་དང་། །འཇིག་རྟེན་དྲེགས་པའི་ལྷ་འདྲེ་མ་ལུས་འདུས། ཁྱད་པར་གནོད་སྦྱིན་རྡོ་རྗེ་བདུད་འདུལ་སོགས། །སྨན་རྒྱལ་རིག་འཛིན་སྲུང་མའི་ཚོགས་རྣམས་ཀྱིས། །རང་རང་སྲོག་གི་སྙིང་པོ་ཕུལ་ནས་ཀྱང་། །རྡོ་རྗེ་འདའ་དཀའི་མནའ་ཆུ་བླུད་པའི་ཚེ། །གསང་ཆེན་སྒྲུབ་མཆོག་ཉམས་སུ་ལེན་རྣམས་ཀྱི། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ། །རྣལ་འབྱོར་ཚེ་སྲོག་སྲིང་བར་མ་ཆད་དམ། །མི་མཐུན་བར་ཆད་སེལ་བར་མ་ཆད་དམ། །དམ་ཉམས་སྲོག་རྩ་གཅོད་པར་མ་ཆད་དམ། །དམ་ལྡན་བུ་བཞིན་སྐྱོང་བར་མ་ཆད་དམ། །ཉན་བཤད་ཕྲིན་ལས་སྤེལ་བར་མ་ཆད་དམ། །རྒྱུད་བཞི་གཅེས་པར་བསྲུང་བར་མ་ཆད་དམ། །སྔོན་ཚེ་ཁས་བླངས་དམ་ལས་མ་འདའ་བར། །ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད། །ཅེས་འབུལ། གསུམ་པ་བརྟན་མ་སྐྱོང་བ་ནི། གཏོར་སྣོད་སྨན་རག་གིས་བཤལ་བ་བརྟན་གཏོར་དུ་བླུག །འབྲུ་གསུམ་གྱིས་བརླབས་ལ། ཧཱུྃ་བྷྱོཿ དགུང་སྔོན་མཐོ་དང་གངས་རི་མཚོ། །སྤང་གཤོང་ནགས་འདབས་སོགས་གནས་པའི། །མ་སྲིང་བརྟན་མ་བཅུ་གཉིས་པོ། །སྨན་གྱི་བསྟན་པ་སྲུང་བའི་ཕྱིར། ཁས་བླངས་དམ་བཅས་དྲན་པར་གྱིས། །རང་རང་མཐུན་པའི་མཆོད་པ་འབུལ། །མིང་སྲིང་གདུང་སེམས་རྒྱུན་མ་བཅད། །བདག་གི་འཁོར་སྲུངས་རྐྱེན་ངན་ཟློག །བཅོལ་པའི་ལས་ཀུན་གྲུབ་པར་མཛོད། །བཞི་པ་རྟ་བྲོ་ནི། འགུགས་གཞུག་བཅས་རི་རབ་འབར་བའི་འོག་ཏུ་དགྲ་བགེགས་དམ་སྲི་མནན་པར་མོས་ལ། ཧཱུྃ། དཔལ་ཆེན་འབར་བའི་ལྷ་ཚོགས་རྣམས། ཁྲོས་ཤིང་རྡོ་རྗེའི་བྲོ་བརྡུངས་པས། །གནོད་བྱེད་མ་ལུས་ཐལ་བར་རློག །ང་ཡིས་མི་ཐུབ་གང་ཡང་མེད། །གནོད་བྱེད་མཱ་ར་ཡ་ནན། ལྔ་པ་གཏང་རག་གི་མཆོད་བསྟོད་ནི། སྔགས་ཙམ་གྱིས་མཆོད། དུས་གསུམ་རྒྱལ་བ་ཀུན་འདུས་པ། །རྩ་བ་གསུམ་གྱི་ལྷ་ཚོགས་ལ། །སྒོ་གསུམ་གུས་པས་མཆོད་ཅིང་བསྟོད། །སྐུ་གསུམ་རང་ངོ་ཤེས་པར་ཤོག །ཅེས་བསྟོད། དྲུག་པ་དངོས་གྲུབ་བླང་བ་ནི། གཏོར་མ་སྤྱི་བོར་བཞག་ལ། ཧཱུྃ་ཧོཿ བདེ་ཆེན་ཀློང་ཡངས་རྒྱལ་བའི་དཀྱིལ་འཁོར་ནས། །བླ་མ་སྨན་རྒྱལ་རིགས་འདུས་ཐུགས་དམ་ཅན། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བྱིན་ཆེན་ཕོབ། །དངོས་གྲུབ་མ་ལུས་དུས་འདིར་བསྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་སརྦ་སིདྡྷི་ས་མ་ཡ་ཧོཿ ཞེས་བརྗོད་ལ་དངོས་གྲུབ་ཀྱི་ཆ་ཤས་ལོངས་སྤྱད། བདུན་པ་ནོངས་བཤགས་ནི། ཧཱུྃ། རིགས་འདུས་བླ་མ་རྒྱལ་བའི་གཙོ། །བདེ་ཆེན་ཚད་མེད་ཐུགས་རྗེས་དགོངས། །བདག་ཅག་བྱིས་པའི་རང་བཞིན་པས། །ལྷག་ཆད་ནོར་འཁྲུལ་བཟོད་པར་བཞེས། །ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ས་མ་ཡ་ཨ་ཨ་ཨཱཿ བརྒྱད་པ་ཉེར་བསྡུ་ནི། མདུན་བསྐྱེད་རྟེན་ཡོད་ན་འདིར་ནི་རྟེན་དང་སོགས་ཀྱིས་བརྟན་བཞུགས་བྱ། རྟེན་མེད་པ་དང་དབང་སྐུར་ཚོམ་བུའི་དཀྱིལ་འཁོར་སོགས་ལ། ཧོཿ སེམས་ཅན་དོན་མཛད་རྒྱལ་དང་སྲས། །ཐུགས་རྗེས་སྨིན་གྲོལ་ཆོས་འཁོར་བསྐོར། །རང་བཞིན་གནས་སུ་གཤེགས་མཛད་ནས། །སླར་ཡང་བརྩེ་བས་འབྱོན་པར་མཛོད། །བཛྲ་མུཿས་གཤེགས། དཀྱིལ་འཁོར་ཡང་། ཕྱི་ནང་གསང་བ་ལྔ་ཚན་ལྔ་ཡི་ཆོས། །རིགས་འདུས་རྒྱལ་བའི་དཀྱིལ་འཁོར་ཆེ་ལ་རྫོགས། །རབ་འབྱམས་བརྟན་གཡོ་ཀུན་ལ་ཡོངས་ཁྱབ་པ། །གཉིས་མེད་ཆོས་དབྱིངས་རོལ་པའི་དབྱིངས་སུ་སྡུད། །སརྦ་བུདྡྷ་མཎྜ་ལ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བསྡུ། བདག་བསྐྱེད་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས། །རིམ་འདུས་མི་དམིགས་ཆོས་ཀྱི་དབྱིངས་སུ་ཐིམ། །སླར་ཡང་སྒྱུ་མ་ལྟ་བུའི་གཟུགས་སྐུར་ཤར། །སྣང་གྲགས་རྟོག་ཚོགས་བླ་མའི་ཕྱག་རྒྱར་བཞེངས། །ཨོཾ་ཨཱཿཧཱུྃ། ཞེས་བདག་བསྐྱེད་ཀྱང་བསྡུ་ལྡང་བྱའོ། །དགུ་པ་བསྔོ་སྨོན་ནི། ཧོཿ བདག་གཞན་དུས་གསུམ་དགེ་བ་རྣམས། །མ་ལུས་དམིགས་མེད་གཅིག་བསྡུས་ནས། །རིགས་འདུས་རྒྱལ་བའི་སྐུ་གསུང་ཐུགས། །མཁའ་ཁྱབ་འགྲོ་བས་ཐོབ་པར་ཤོག །དེ་མ་ཐོབ་ཀྱི་གནས་སྐབས་སུ། །བར་ཆད་མེད་པར་དལ་འབྱོར་ཐོབ། །བཤེས་གཉེན་དམ་པས་རྗེས་སུ་བཟུང་། །བཀའ་བཞིན་སྒྲུབ་ལ་ནན་ཏན་ཤོག །ཆོས་རྣམས་སེམས་སུ་བློ་ཐག་ཆོད། །སེམས་ཉིད་ཆོས་སྐུར་རང་ངོ་ཤེས། །གཟུང་འཛིན་འཁྲུལ་སྣང་བག་ཆགས་ཞིག །གོམས་འདྲིས་བརྟན་པ་ཐོབ་པར་ཤོག །བཅུ་པ་ཤིས་བརྗོད་ནི། ཆོས་ཀྱི་དབྱིངས་ལས་བྱུང་བའི་བཀྲ་ཤིས་མཆོག །བླ་མ་ཡི་དམ་མཁའ་འགྲོ་འཁོར་བཅས་དང་། །ཆོས་སྐྱོང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཀྱིས། །དགེ་ལེགས་དཔལ་འབྱོར་གང་ལ་མྱུར་ཐོབ་ཤོག །ཅེས་དང་། ཕུན་སུམ་ཚོགས་པའི་ཚིགས་སུ་བཅད་པ་གཞན་ཡང་བརྗོད་ལ་མེ་ཏོག་གི་ཆར་བསྙིལ་བར་བྱའོ། །གསར་རྙིང་རྒྱུད་གཞུང་རྣམས་ལས་མགྲིན་གཅིག་ཏུ། །མཆོག་གི་སྒྲུབ་ཐབས་ལམ་ཟབ་འདི་ཉིད་བསྔགས། །བླ་སྒྲུབ་མཆོག་གྱུར་བསྐྱེད་རྫོགས་ཁ་ཚང་ཞིང་། །མྱུར་དུ་གྲུབ་སྟེར་འདི་ནི་ཁྱད་པར་འཕགས། །ཡོངས་གྲགས་གསུང་གི་ཚིག་དོན་མ་བསླད་ཅིང་། །དེ་ཉིད་མཛེས་བྱེད་གང་འདི་སྦྱར་བའི་དགེས། །བདག་གཞན་འགྲོ་ཀུན་རྒྱུ་འབྲས་ནད་སེལ་ཞིང་། །རིགས་འདུས་བླ་མའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདིའང་འགྲོ་ཀུན་འཚོ་མཛད་སྨན་གྱི་བླ་མ་ཁྱབ་བདག་མཁྱེན་བརྩེའི་དབང་པོས་སྨན་གྱི་ནོར་བུ་བཀྲ་ཤིས་པའི་གྲངས་ལྡན་བཅས་བཀའི་གནང་བ་བསྩལ་པ་ལས། ལྷ་དང་རིག་པ་འདི་ཉིད་ལ་མི་ཕྱེད་པའི་འདུན་པ་ལྷན་སྐྱེས་སུ་འཆང་བ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས། ལྟ་ན་སྡུག་གི་གྲོང་ཁྱེར་གཉིས་པ་གདན་ས་ཆེན་པོ་དཔལ་སྤུངས་ཀྱི་ཡང་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ།། །།
སྦས་ཡུལ་ལམ་ཡིག་པདྨ་དཀར་པོ་ལས་གསུངས་པའི་གུ་རུ་རྡོ་རྗེ་གྲོ་ལོད་ཞི་དྲག་གི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་སྨིན་གྲོལ་བཅུད་དྲིལ་ (Volume 13, Text 2)
༄༅། །སྦས་ཡུལ་ལམ་ཡིག་པདྨ་དཀར་པོ་ལས་གསུངས་པའི་གུ་རུ་རྡོ་རྗེ་གྲོ་ལོད་ཞི་དྲག་གི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་སྨིན་གྲོལ་བཅུད་དྲིལ་ཅེས་བྱ་བ་བཞུགས་སོ། ། མི་འགྱུར་དབྱིངས་ཀྱི་ཐིག་ལེ་ཆེ། །འཆོལ་བའི་རྣམ་འགྱུར་དྲག་པོ་ཡིས། །གདུལ་དཀའ་ཚར་གཅོད་རྗེས་འཛིན་མཁན། །གུས་པས་བསྙེན་ལ་བྱིན་རླབས་སྩོལ། །བླ་མ་ཞི་དྲག་བསྐྱེད་བཟླས་བྱེ་བ་བརྒྱ་ཕྲག་གི་སྙིང་པོ་བཅུད་དུ་དྲིལ་བ་འདི་ཉིད་ཀྱི་སྨིན་བྱེད་བསྒྲུབ་པར་འདོད་པས་བྱིན་ཆགས་པའི་གནས་སུ་ཡར་མར་གྱི་ཚེས་བཅུ་ལ་བབས་པའི་ཚེ། སྟེགས་བུར་མཎྜལ་དྲི་བཟང་གིས་བྱུགས་པར་འབྲུའི་ཚོམ་བུ་གཙོ་འཁོར་ལྔ་བཀོད་པའི་སྟེང་དུ་ཁྲིའུ་ལ་དཔལ་གཏོར་ཟུར་གསུམ་པད་འདབ་མེ་རིས་བརྒྱན་པ་ལ་གྲོ་ལོད་ཀྱི་སྐུ་རྟེན་དང་དར་གདུགས་དམར་པོ་ཕུབ་པ་བཤམ། གཡས་གཡོན་དུ་རྣམ་བུམ་དང་ལས་བུམ། མདུན་དུ་ཧཱུྃ་ཡིག་ཁ་དོག་ལྔ་ཙཀ་ལི་ཐ་དད་རེ་རེར་བྲིས་པ་དང་། རྒྱབ་ཏུ་སྣ་ཚོགས་རྡོ་རྗེ། གཡས་ཟུར་དུ་རྡོ་རྗེ་རྩེ་དགུ །གཡོན་ཟུར་དུ་ལྕགས་ཕུར་ཧཱུྃ་ཡིག་གིས་མཚན་པ། མདུན་དུ་རཀྴའམ་ཐོད་ཕྲེང་གང་རུང་དང་བཅས་པའི་དབང་རྫས། མཆོད་གཏོར་སྤྱི་མཐུན། སྤྲོ་ན་ཚོགས་གཏོར་རྒྱས་པའང་བཤམ་པར་བྱའོ། །དེ་ནས་སྒྲུབ་ཐབས་ལྟར་ཉམས་སུ་བླངས་ཏེ་རང་བྱུང་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་སྒྲུབ་པ་ནི། ཚིག་བདུན་དང་འཇའ་ཚོན་གསོལ་འདེབས་སྔོན་དུ་འགྲོ་བས། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་སྒྲོལ་བར་དམ་བཅའ་འོ༔ ལན་གསུམ་གྱིས་སྐྱབས་སེམས་བྱ། རང་སེམས་གཉུག་མ་བཟོ་མེད་ཀ་དག་བློ་འདས་ཀྱི་ངང་ནས། ཨོཾ་ཨཱཿཧཱུྃ། གསུམ། ཨོཾ་ནི་འགག་མེད་རིག་པའི་རྩལ། །ཨཱཿནི་ཡེ་སྟོང་མཐའ་དང་བྲལ། །ཧཱུྃ་ནི་ཟུང་འཇུག་བློ་ལས་འདས། །ཅིར་སྣང་ཆོས་ཉིད་འཁོར་ལོ་འོ། །ཞེས་དོན་དྲན་པ་ནི་སྔོན་འགྲོའི་ལས་རིམ་མཐའ་དག་གི་དང་པོའོ། །དེ་ནས་ཐོག་མར་ཞི་བར་བསྙེན་པ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ ཀུན་གཞི་སེམས་ཉིད་འོད་གསལ་ནི༔ རྒྱུ་ལས་མ་བྱུང་དངོས་འཛིན་བྲལ༔ རྐྱེན་གྱིས་མ་སྐྱེས་ལྷུན་གྲུབ་སྐུ༔ འཇའ་འོད་ལྔ་ལྡན་ཞིང་ཁམས་སུ༔ གུ་རུ་པདྨ་ཐོད་ཕྲེང་རྩལ༔ མཉམ་ཉིད་བདེ་ཡང་ཨ་ཙརྻ༔ དབུ་སྐྲ་ལྕང་ལོ་ཐོར་ཅོག་བསྒྲེངས༔ གཅེར་བུ་གཟི་མདངས་རས་གཟན་གསོལ༔ རྡོ་རྗེ་གདེངས་ཤིང་ཐོད་རྫས་བསྣམས༔ གཡོན་དུ་ཁ་ཊྭཱཾ་ཡུ་བ་དམར༔ ཞི་མ་ཁྲོ་འཛུམ་སྐྱིལ་ཀྲུང་བཞུགས༔ ཐིག་ལེ་འོད་ཀྱི་ཟེར་ཐག་བསྒྲེངས༔ བདེ་དྲོད་རང་འབར་ཟིལ་འོད་ལྡན༔ མ་བཅོས་རང་བབ་གསལ་སྟོང་འཆར༔ གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱང༔ རང་འདྲའི་ཚུལ་དུ་ཐིབས་ཀྱིས་བྱོན༔ ཛཿཧཱུྃ་བཾ་ཧོཿགཉིས་མེད་བསྟིམས༔ སླར་ཡང་རིགས་ལྔ་ཡབ་ཡུམ་གྱིས༔ བདུད་རྩི་བུམ་ལྔའི་ཆུ་ཡིས་བཀྲུས༔ སྒོ་གསུམ་ཐ་དད་སྒྲིབ་སྦྱངས་ཤིང༔ ཆུ་ལྷག་ཐོར་ཚུགས་སྣང་མཐས་བརྒྱན༔ གཟུགས་སྣང་སྒྱུ་འཕྲུལ་གསལ་སྟོང་ཉིད༔ ཀུན་ནས་ཀུན་ཀྱང་རང་རིག་ལྷ༔ ཙིཏྟ་འདབ་བརྒྱད་གདན་སྟེང་དུ༔ ཧཱུྃ་ཡིག་མཐའ་སྐོར་སྔགས་ཕྲེང་ནི༔ གཡས་སྐོར་འོད་ཀྱི་ཕྲེང་བར་བརྒྱུད༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ གསང་སྔགས་ཡི་གེ་བདུན་པ་ནི༔ ངག་བཅད་འབྲུ་འབུམ་བཟླས་པ་ན༔ སིདྡྷི་རྣམ་གཉིས་ཚེ་འདིར་ཐོབ༔ ཅེས་སོགས་ཕན་ཡོན་དཔག་མེད་གསུངས་པས་ཅི་འགྲུབ་བཟླ། གཉིས་པ་ཁྲོ་བོར་སྒྲུབ་པ་ནི། ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་ཐམས་ཅད་ཐིག་ལེ་ཉག་གཅིག་སྣང་བ་འགག་མེད་དུ༔ ཨོཾ་ཨོཾ་ཨོཾ༔ ཡེ་ནས་སྟོང་ཞིང་བདག་མེད་ངོས་བཟུང་དང་བྲལ་བ༔ ཨཱཿཨཱཿཨཱ༔ གསལ་སྟོང་ཟུང་འཇུག་གི་རང་བཞིན་ལྷུན་གྲུབ་ཆེན་པོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་ཉིད་རྣམ་པར་དག་པའི་ངང་ནས་མ་བཅོས་ལྷུན་གྲུབ་པདྨ་ཐོད་ཕྲེང་རྡོ་རྗེ་གྲོ་ལོད་རྩལ༔ སྐུ་མདོག་དམར་སྨུག༔ ཞལ་ལ་ཚོ་འབྲུམ་འཐོར་བ༔ སྤྱན་གསུམ་སྡང་མིག་ནམ་མཁའི་དབྱིངས་ལ་ཟུར་གཟིགས་ཧྲིག་གེ༔ ལྗགས་འདྲིལ་ཨམ་གཙིག་གིས་འབྲུག་སྒྲ་སྒྲོག་པ༔ ཨག་ཚོམ་དང་སྨིན་མ་ལ་མེ་འབར་བ༔ དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་ཏེ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་རཾ་དང་ཧཱུྃ་དགུས་མཚན་པས་དངོས་པོ་ཐམས་ཅད་སྐད་ཅིག་གིས་འཇོམས་པ༔ གཡོན་པས་ལྕགས་ཕུར་སྐུ་གསུམ་གྱི་ངོ་བོ་གང་ལ་གསོར་ཀྱང་གཉིས་མེད་རང་བཞིན་གྱིས་འདུལ་བ༔ ཐབས་ཤེས་དབྱེར་མེད་ཀྱི་ཞབས་བརྐྱང་བསྐུམ་གར་སྟབས་ལིངས་ལིང་མཛད་པས་བདུད་དང་བར་ཆད་ཟིལ་གྱིས་མནན་པ༔ རུས་པ་དང་རིན་པོ་ཆེས་བརྒྱན་ཅིང༔ ཆོས་གོས་དམར་པོ་གསེར་གྱི་དྲྭ་མིག་འོད་ཟེར་འབར་བ་འཆམ་སྟབས་སུ་གསོལ་བ༔ རྔམ་བརྗིད་ཤིན་ཏུ་ཁྲོས་པ་ཡེ་ཤེས་ཀྱི་མེའི་ཚྭ་ཚྭ་འཁྱུག་ཅིང༔ འུར་ཆོམ་གྱི་ཧཱུྃ་སྒྲ་འབྲུག་ལྟར་སྒྲོག་པས༔ ཁམས་གསུམ་འཇིག་རྟེན་ཐམས་ཅད་རང་དབང་མེད་པ་འདར་ཕྲིལ་ཕྲིལ༔ སྣང་བ་ཐམས་ཅད་རང་འོད་ལས་གྲུབ་པའི་འཇའ་ཟེར་ཁྲོ་ལོད་ཀྱི་རང་བཞིན༔ འོད་གོང་ཁྱབ་བདལ་ལྷུན་གྲུབ་ཏུ་གྱུར༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དམར་པོ་ལས་ཧཱུྃ་དམར་ནག་དཔག་ཏུ་མེད་པ་ནམ་མཁའ་ལ་འཕྲོས༔ བར་སྣང་ལ་ཟུག༔ ས་གཞི་ལ་བཀྲམ༔ ཕྱོགས་མཚམས་རིས་སུ་མེད་པ་ཧཱུྃ་སྒྲའི་རང་བཞིན་དུ་གྱུར༔ སྣང་སྲིད་ཐམས་ཅད་ངོ་བོ་རང་རིག་རྡོ་རྗེ་ཁྲོ་ལོད་ཡིན་པ་ལ། རྣམ་པ་ཧཱུྃ་ཡིག་རང་སྒྲ་སྒྲོག་པའི་ཚུལ་གྱིས་མེར་གྱིས་གང་། འཁོར་འདས་ཀྱི་དངོས་པོ་མ་ལུས་པ་རྡོ་རྗེ་ཁྲོ་ལོད། གསུང་གྲགས་སྟོང་ཧཱུྃ་སྒྲ །ཐུགས་མ་བཅོས་ཁྱབ་གདལ་གསུམ་གྱི་རང་བཞིན་འབའ་ཞིག་ཏུ་ཡེ་རྫོགས་ལྷུན་གྲུབ་ཆེན་པོར་གསལ་བའི་ངང་ནས། ཨོཾ་ཨཱཿཧཱུྃ། ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས་སོ། །རྡོ་རྗེ་གྲོ་ལོད་ཀྱིས་བྱིན་གྱིས་རློབས་མཛོད་ཅིག །གུ་རུ་པདྨ་སིདྡྷི་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་སྒྲ་སུམ་བསྒྲིལ་བདུན་བསྒྲིལ་སྦྱར་བས་བདུན་གསུམ་ཉེར་གཅིག་ཏུ་བཟླས་པ་འདི་ལྟར་འོག་གི་བར་མཚམས་རྣམས་ལའང་འགྲེ་ཤེས་པར་བྱའོ། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས་སོ། །རྡོ་རྗེ་གྲོ་ལོད་ཀྱིས་བྱིན་གྱིས་རློབས་མཛོད་ཅིག །གུ་རུ་པདྨ་སིདྡྷི་ཧཱུྃ།༴༴ སྤྲུལ་སྐུ་པདྨ་ཐོད་ཕྲེང་ལ་གསོལ་བ་འདེབས་སོ། །རྡོ་རྗེ་གྲོ་ལོད་ཀྱིས་བྱིན་གྱིས་རློབས་མཛོད་ཅིག །གུ་རུ་པདྨ་སིདྡྷི་ཧཱུྃ།༴༴ མཁའ་འགྲོ་བདེ་ཆེན་རྒྱལ་མོ་ལ་གསོལ་བ་འདེབས་སོ། །རྡོ་རྗེ་གྲོ་ལོད་ཀྱིས་བྱིན་གྱིས་རློབས་མཛོད་ཅིག །གུ་རུ་པདྨ་སིདྡྷི་ཧཱུྃ།༴༴ ཉང་བན་ཏིང་འཛིན་བཟང་པོ་ལ་གསོལ་བ་འདེབས་སོ། །རྡོ་རྗེ་གྲོ་ལོད་ཀྱིས་བྱིན་གྱིས་རློབས་མཛོད་ཅིག །གུ་རུ་པདྨ་སིདྡྷི་ཧཱུྃ།༴༴ རིག་འཛིན་འཇའ་ཚོན་སྙིང་པོ་ལ་གསོལ་བ་འདེབས་སོ། །རྡོ་རྗེ་གྲོ་ལོད་ཀྱིས་བྱིན་གྱིས་རློབས་མཛོད་ཅིག །གུ་རུ་པདྨ་སིདྡྷི་ཧཱུྃ།༴༴ དྲིན་ཅན་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས་སོ། །རྡོ་རྗེ་གྲོ་ལོད་ཀྱིས་བྱིན་གྱིས་རློབས་མཛོད་ཅིག །གུ་རུ་པདྨ་སིདྡྷི་ཧཱུྃ།༴༴ ཡི་དམ་ཞི་ཁྲོ་རབ་འབྱམས་ལ་གསོལ་བ་འདེབས་སོ། །རྡོ་རྗེ་གྲོ་ལོད་ཀྱིས་བྱིན་གྱིས་རློབས་མཛོད་ཅིག །གུ་རུ་པདྨ་སིདྡྷི་ཧཱུྃ།༴༴ མཁའ་འགྲོ་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས་སོ། །རྡོ་རྗེ་གྲོ་ལོད་ཀྱིས་བྱིན་གྱིས་རློབས་མཛོད་ཅིག །གུ་རུ་པདྨ་སིདྡྷི་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་སུམ་བསྒྲིལ་བདུན་བསྒྲིལ་གྱི་བཟླས་པ་ཅི་འགྲུབ་བྱ་བ་ནི་བདག་མདུན་བུམ་གསུམ་དཀྱིལ་འཁོར་སྒྲུབ་མཆོད་འཛབ་བསྙེན་སྤྲོ་བསྡུ་བདག་འཇུག་བླང་བ་ལ་སོགས་ལས་རིམ་མཐའ་དག་གཅིག་ཆར་དུ་འགྲུབ་པའི་ཟབ་གནད་ཡིན་ནོ། །དེ་ནས་དབང་རབ་སྣོད་ལྡན་གྱི་སློབ་མ་གང་ཡོད་རྣམས་ལས་བུམ་གྱིས་ཁྲུས་ནས་དབྱུང་ཞིང་། གྲལ་དུ་འཁོད་པ་དང་ཡིག་བརྒྱ་བཟླས་ལ་ཉམས་ཆག་བཤགས། གཉིས་འཛིན་བགེགས་རིགས་གདོད་ནས་མ་སྐྱེས་ཤིང་ཕྱིན་ཆད་འབྱུང་བ་མེད་པའི་དོན་དྲན་པས། ཨོཾ་ཨཱཿཧཱུྃ༔ མ་བཅོས་ལྷུན་གྲུབ་ཀ་དག་ལ༔ ལྷ་དང་འདྲེ་ཡི་མིང་ཡང་མེད༔ དག་དང་མ་དག་རང་སྣང་འདི༔ འགགས་མེད་གསལ་མདངས་ངོ་བོ་སྟོང༔ བགེག་དང་བར་ཆད་རང་སེམས་ཡིན༔ ཨོཾ་ཨཱཿཧཱུྃ་ཧྲཱིཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ སྣང་སྲིད་ཞིང་ཁམས་ལྷ་རུ་གསལ༔ དུག་གསུམ་སྐུ་གསུང་ཐུགས་སུ་གསལ༔ དུག་ལྔ་ཡེ་ཤེས་ལྔ་རུ་གསལ༔ འཁོར་བ་མྱང་འདས་བདག་གཞན་མེད༔ རང་བཞིན་ལྷུན་གྲུབ་མཚམས་བཅད་དོ༔ སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་་་ཤུདྡྷོ྅་ཧཾ༔ དྷརྨ་བཛྲ་རཀྵ༔ ཞེས་གསལ་བཏབ། སེམས་བསྐྱེད་གསལ་འདེབས་དང་། ཆོས་བཤད་ཁྱད་པར། དེའང་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་མ་ལུས་པའི་ཐུགས་རྗེ་ནུས་མཐུ་མཛད་ཕྲིན་ཡོན་ཏན་ཐམས་ཅད་གཅིག་བསྡུས་སུ་བྱིན་གྱིས་བརླབས་ནས་འགྲོ་བ་འདྲེན་པར་མངགས་པ་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཞེས་སྐུ་གསུམ་སྟོན་པའི་ཞིང་ཁམས་རབ་འབྱམས་རྒྱ་མཚོར་མཚན་དང་སྐུའི་རྣམ་འགྱུར་གཅིག་ཏུ་མ་ངེས་ཤིང་། སྣ་ཚོགས་སྒྱུ་འཕྲུལ་དྲྭ་བའི་རོལ་མོས་འཁོར་བ་ཇི་སྲིད་དེ་སྲིད་དུ་འགྲོ་བའི་དོན་མཛད་པ་ལས། ཞིང་འདིར་ཡོངས་སུ་གྲགས་པའི་གུ་རུ་མཚན་བརྒྱད་ཀྱི་ཡ་གྱལ། ལེགས་སྦྱར་སྐད་དུ་ཀྲོ་དྷ་ལོ་ཀོཏྟ་ར་སྟེ་ཁྲོ་བོ་འཇིག་རྟེན་མཆོག་ཅེས་འཇིག་རྟེན་གྱི་ཁམས་ན་ཆེ་བཙན་འགྲན་ཟླ་དང་བྲལ་བའི་ཡེ་ཤེས་ཀྱི་ཁྲོ་རྒྱལ་ཆེན་པོའི་སྐུར་བསྟན་པ། སྒྲ་དེ་ཟུར་ཆག་པའི་ངེས་དོན་མདོ་སྔགས་ཟུང་འཇུག་གི་སྐུའི་ཆས་ལས་རྡོ་རྗེ་གྲོ་བོ་ལོད་དེ་འཆོལ་བའི་ཁྲོ་རྒྱལ་ཆེན་པོ་འདི་ནི། སློབ་དཔོན་ཆེན་པོས་ཐོག་མར་བསམ་ཡས་ཀྱི་ས་གཞི་འདུལ་བའི་སྐབས་དང་། བར་དུ་བདུད་བློན་རྣམས་ཀྱིས་སྐུ་ལ་ཐོ་བརྩམ་པའི་དུས་དང་། མཐར་རྔ་ཡབ་པདྨ་འོད་དུ་གཤེགས་ཀར་མོན་སྤ་གྲོ་སྟག་ཚང་སེང་གེ་ཕུག་པ་སོགས་ཁམས་བོད་ཀྱི་སྟག་ཚང་མིང་ཅན་བཅུ་གསུམ་དུ་བདུད་འདུལ་རྡོ་རྗེ་གྲོ་ལོད་རྩལ་གྱི་སྐུར་བཞེངས་ནས། མི་དང་མི་མ་ཡིན་གདུག་ཅིང་གཏུམ་པ་ཐམས་ཅད་ཚར་བཅད་ཅིང་རྗེས་སུ་བཟུང་ནས་དམ་ལ་བཞག་པས་མཚོན། བོད་ཡུལ་གྱི་གདུལ་བྱ་མི་སྲུན་པ་རྣམས་འདུལ་བའི་སྐུའི་བཀོད་པ་ནི་འདི་ཁོ་ནར་བསྟན་པ་ཤས་ཆེ་ཞིང་། དེའི་སྒྲུབ་ཐབས་གདམས་ངག་ཟབ་མོ་རྒྱས་བསྡུས་ཅི་རིགས་པ་སྐལ་ལྡན་རྗེ་འབངས་རྣམས་ལ་བསྩལ་ཅིང་ཕྱི་རབས་ཀྱི་དོན་དུ་གཏེར་ཁ་དུ་མར་སྦས་པ་ལས། འདི་ནི་སྦས་པའི་གནས་ཆེན་པདྨ་བཀོད་ཀྱི་ཞིང་སོགས་བགྲོད་པ་ལ་བར་ཆད་སེལ་བའི་ཆ་རྐྱེན་དུ་དགོངས་ནས། གནས་ཀྱི་ལམ་ཡིག་ལུང་བསྟན། གུ་རུའི་སྐུ་ཚབ་པདྨ་བཤེས་གཉེན། མྱོང་གྲོལ་སྐྱེ་བདུན་གྱི་ཤ་སོགས་དང་ལྷན་ཅིག་གུ་རུའི་སྒྲུབ་གནས་ལྐོག་འཕྲང་ཕུག་ཏུ་སྐལ་དམན་ལ་སྦས་པའི་གཏེར་རྒྱས་བཏབ་པ། སྤྲུལ་པའི་རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོས་སྤྱན་དྲངས་ཤིང་ངོ་མཚར་བའི་ཆོ་འཕྲུལ་བཅས་སྐལ་ལྡན་རྣམས་རྗེས་སུ་བཟུང་ཞིང་རིམ་པར་སྤེལ་བའི་སྨིན་བྱེད་ཟབ་མོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བླ་མ་སངས་རྒྱས་ཀུན་འདུས་རིག་འཛིན་རྡོ་རྗེ་གྲོ་ལོད་དངོས་སུ་མོས་པས་ཐལ་མོ་མེ་ཏོག་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ བླ་མ་བདེ་གཤེགས་ཐམས་ཅད་ཀྱི༔ ངོ་བོ་པདྨ་ཐོད་ཕྲེང་རྩལ༔ བདག་ཅག་འདིར་འདུས་དད་ལྡན་ལ༔ སིདྡྷི་དངོས་གྲུབ་རྣམ་གཉིས་སྩོལ༔ ལན་གསུམ་ཞུས་པའི་ལན་དུ་བླ་མས། ཧོ༔ སྐལ་ལྡན་སྐྱེས་བུ་ཁྱེད་རྣམས་ཀུན༔ དལ་འབྱོར་ཐོབ་པ་གྲངས་མང་ཡང༔ གསང་སྔགས་ཟབ་མོའི་སྒོར་ཞུགས་དཀོན༔ དེང་ཉིད་བསོད་ནམས་ཚོགས་ལས་བྱུང༔ སླར་ཡང་ཟབ་མོའི་གདམས་ངག་ཉོན༔ སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལས་མྱུར་དུ་ངེས་པར་འབྱུང་བའི་བློ་དང་། ངེས་ལེགས་བྱང་ཆུབ་ཀྱི་གོ་འཕང་དོན་དུ་གཉེར་བའི་འདུན་པ་དྲག་པོ་སྔོན་དུ་འགྲོ་བས། དོན་དེ་བཞིན་འགྲུབ་པའི་སྐྱབས་དང་རེ་ས་དཀོན་མཆོག་རིན་པོ་ཆེ་ལས་གཞན་དུ་མ་མཆིས་པས་དཀོན་མཆོག་ཀུན་འདུས་དཔལ་ལྡན་བླ་མ་ལ་སྐྱབས་ཞུ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་བདེ་གཤེགས་སོགས་གསུམ། རང་ཉིད་འབའ་ཞིག་ཞི་བདེར་འཁོད་པས་མི་ཆོག །ཁམས་གསུམ་འགྲོ་བ་མཐའ་དག་ཕ་མ་ཤ་སྟག་ཡིན་པས་འདི་དག་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བའི་ཁུར་ཁྱེར་ཏེ་ཐེག་ཆེན་བྱང་ཆུབ་སེམས་ཀྱི་སྤྱོད་པ་ལ་བསླབས་ནས་རང་གཞན་དོན་གཉིས་བསྒྲུབ་འདོད་ཀྱི་བློས་འདིའི་རྗེས་ཟློས། སེམས་བསྐྱེད་འགྲོ་བ་སོགས། བྱང་ཆུབ་སྒྲུབ་པ་ལ་གེགས་སུ་གྱུར་པ་འཁོར་བ་ཐོག་མེད་ནས་བསགས་པའི་ལས་ཉོན་བག་ཆགས་སྒྲིབ་ཚོགས་ཅི་མཆིས་པ་ཐམས་ཅད་དེང་འདིར་ལྷ་དང་བླ་མ་དབྱེར་མེད་ཀྱི་སྤྱན་སྔར་སྙིང་ནས་མཐོལ་ཞིང་བཤགས་ལ། དེང་ཕྱིན་ཆད་འདི་ནས་བྱང་ཆུབ་ཀྱི་འབྲས་བུ་མཆོག་མ་ཐོབ་བར་དུ་སྒོ་གསུམ་གཏན་གྱི་འདུན་མ་དང་བཅས་པ་བླ་མའི་སྤྱན་སྔར་ལྟོས་མེད་དུ་འབུལ་བའི་འདུན་པ་རྩེ་གཅིག་མཛོད་ལ་འདིའི་རྗེས་ཟློས། ན་མོ་བདེ་གཤེགས་སྤྱན་སྔ་རུ། །སྔོན་ཆད་བག་མེད་ལས་ཉོན་སྒྲིབ། །མཐོལ་བཤགས་བྱང་བར་མཛད་དུ་གསོལ། །ཕྱིན་ཆད་སྒོ་གསུམ་ཉིད་ལ་འབུལ། །ལེགས་ཉེས་ཐམས་ཅད་ཁྱེད་རང་ཤེས། །ཞེས་ཞུ། བླ་མེད་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་སྒོར་ཞུགས་པ་ལ་སྒོ་གསུམ་དཀྱིལ་འཁོར་གསུམ་ལྡན་དུ་བསྒྲུབས་ནས་ཡེ་ཤེས་རྡོ་རྗེ་མི་ཟད་རྒྱན་གྱི་འཁོར་ལོས་སྐུ་གསུམ་དབྱེར་མེད་ཀྱི་གོ་འཕང་མངོན་དུ་བྱ་བ་ཉིད་མཆོག་ཏུ་ཟབ་པའི་ལམ་ཡིན་པས། སྣང་སྲིད་བླ་མའི་དཀྱིལ་འཁོར་ཡེ་གདོད་མ་ནས་ཡིན་པ་ལ་ཡིན་པར་གསལ་འདི་ལྟར་དུ་ཐོབ་ཅིག །ཨོཾ་ཨཱཿཧཱུྃ། ཞེས་བརྗོད་པའི་རྟེན་འབྲེལ་སྒྱུ་འཕྲུལ་ལས། བདག་རྡོ་རྗེ་སློབ་དཔོན་ནི་རྗེ་བཙུན་པདྨ་ཐོད་ཕྲེང་ཧེ་རུ་ཀའི་ཆ་བྱད་རུས་རྒྱན་ཐོར་ཚུགས་ཅན། སྟག་ཤམ་དང་རས་ཀྱི་ན་བཟའ་གསོལ་ཞིང་རྡོ་རྗེ་ཐོད་པ་ཁ་ཊྭཱཾ་བསྣམས་ནས་སྣང་སྲིད་ཟིལ་གནོན་གྱི་ལྟ་སྟངས་མཛད་པའི་སྐུར་གསལ། ཁྱེད་རང་རྣམས་ཀྱང་སྐད་ཅིག་དྲན་རྫོགས་སུ་བདུད་འདུལ་རྡོ་རྗེ་དྲག་པོ་རྡོ་རྗེ་ཁྲོ་ལོད་རྩལ་སྐུ་མདོག་དམར་སྨུག་ཨཾ་གཙིག་ཨག་ཚོམ་ཅན། སྤྱན་གསུམ་ཁྲོ་བོའི་སྡང་མིག་ཕྱོགས་བཅུར་གཟིགས་པ། དབུ་སྐྲ་ཁམ་སེར་གྱེན་དུ་འཁྱིལ་ཞིང་སྨིན་མ་ཨག་ཚོམ་ལས་མེ་འབར་བ། སྙན་ལ་དུང་གི་ཝང་མིག་དང་སྐུ་ལ་རུས་པའི་རྒྱན་དྲུག་གིས་སྤྲས་པ། དར་ངུར་སྨྲིག་གི་ཤམ་ཐབས་དང་དར་དམར་གྱི་ཆོས་གོས་གསེར་གྱི་པ་ཏྲ་རིས་ཅན་ལྷབ་ལྷུབ་ཏུ་གསོལ་བ། ཕྱག་གཡས་རྡོ་རྗེ་རྩེ་དགུ་དང་གཡོན་པས་ལྕགས་ཕུར་མེའི་ཚྭ་ཚྭ་འཕྲོ་བ་བསྣམས་ནས་གནོད་བྱེད་བདུད་ཀྱི་སྙིང་ལ་གཟིར་ཞིང་། སྐུ་གར་སྟབས་སུ་ལིང་ངེ་། འགྱིང་ཐབས་སུ་ལོག་གེ །མཆོང་སྟབས་སུ་ལྡེམ་མེ་བའི་ཞལ་ནས་ཧཱུྃ་གི་སྒྲ་དབྱངས་སྒྲོག་ཅིང་རབ་འཇིགས་བསྐལ་པའི་མེ་ཕུང་གི་ཀློང་ན་གཟི་བརྗིད་ཀྱི་དཔལ་དུ་འབར་བར་གསལ་བའི་ཐུགས་ཀར་ཧཱུྃ་ཡིག་དམར་གསལ་ལས་འོད་འཕྲོས་པས། ལྷོ་ནུབ་རྔ་ཡབ་ཟངས་མདོག་དཔལ་རི་པདྨ་འོད་ཀྱི་ཕོ་བྲང་དུ་རང་བྱུང་པདྨའི་རྒྱལ་པོའི་ཐུགས་དམ་གྱི་རྒྱུད་བསྐུལ་བས་སྐལ་ལྡན་བྱིན་གྱིས་རློབ་པའི་ཕྲིན་ལས་དུས་ལ་བབས་པར་གཟིགས་ནས། བསྒོམས་པ་ཇི་ལྟ་བའི་ཆ་བྱད་ཅན་དཔའ་བོ་མཁའ་འགྲོ་གྲངས་མེད་པའི་འཁོར་གྱིས་བསྐོར་བ་ནམ་མཁའི་ལམ་ནས་བྱ་རྒོད་གཟན་ལ་བབས་པ་བཞིན་བྱོན་ཏེ་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད་ཅིག །ཅེས་དམིགས་པ་སྤྲད་ལ་ཚིག་བདུན་གསོལ་འདེབས་དང་བཛྲ་གུ་རུའི་འཛབ་དབྱངས། སྤོས་དང་རོལ་མོ་སོགས་ཀྱིས་ཡེ་ཤེས་དབབ་ཅིང་བསྟིམ། སུ་པྲ་ཏིཥྛ་བརྗོད་ལ་མེ་ཏོག་འཐོར་ཞིང་རབ་ཏུ་གནས་པར་བྱའོ། །དེ་ནས་རྣམ་བུམ་ཐོགས་ལ། བུམ་པའི་ནང་དུ་གུ་རུ་པདྨ་ཐོད་ཕྲེང་ཧེ་རུ་ཀའི་ཆ་བྱད་སྟོང་གསལ་འོད་སྐུར་བཞུགས་པའི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་ནས་ཁྱེད་ཀྱི་གནས་གསུམ་དུ་ཐིམ་པའི་དམིགས་པ་མཛོད་ཅིག །ཧཱུྃ༔ བརྡ་དབང་བུམ་པའི་དཀྱིལ་འཁོར་འདིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྒོ་གསུམ་དྲི་མ་བག་ཆགས་དག༔ ཐོད་ཕྲེང་རྩལ་དང་དབྱེར་མེད་ཤོག༔ གུ་རུ་པདྨ་སིདྡྷི་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་གནས་གསུམ་དུ་གཏུག་ཅིང་བུམ་ཆུའང་སྦྱིན། འདི་སོགས་དབང་བསྐུར་ཕྱི་མ་རྣམས་ཀྱི་བར་མཚམས་ཐམས་ཅད་དུ་བཟླས་པའི་སྐབས་སུ་བཤད་པ་ལྟར་ཧཱུྃ་སྒྲ་སུམ་བསྒྲིལ་བདུན་བསྒྲིལ་གྱི་ཛཔ྄་དབྱངས་བྱ་དགོས་སོ། །དེས་གུ་རུ་ཞི་བའི་དབང་དང་བྱིན་རླབས་ཡོངས་རྫོགས་སུ་ཐོབ་པ་ཡིན་པས། ཐོད་ཕྲེང་རྩལ་གྱི་བསྙེན་སྒྲུབ་ལས་སྦྱོར་གང་བྱེད་ཀྱང་བར་ཆད་མེད་ཅིང་འགྲུབ་མྱུར་བ་ཡིན་ནོ། །སྒྲུབ་གཏོར་སྐུ་རྟེན་བཅས་ཐོགས་ལ། སྒྲུབ་གཏོར་སྐུ་རྟེན་བཅས་པདྨ་དྲག་པོ་རྡོ་རྗེ་གྲོ་ལོད་རྩལ་དངོས་སུ་གསལ་བ་སྤྱི་བོར་བཞག་པས། སྐུ་ལས་རང་འདྲའི་སྐུ་གཉིས་པ་འོད་ཀྱི་རང་བཞིན་ཅན་རེ་བྱུང་ནས་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད་ཅིག །ཧཱུྃ༔ སྒྱུ་འཕྲུལ་སྐུ་གཟུགས་བ་ལིཾ་དབང༔ རིགས་ཀྱི་བུ་ལ་བྱིན་འབེབ་ན༔ སྣང་སྟོང་རྡོ་རྗེའི་སྐུ་འགྲུབ་ནས༔ ཀུན་ཁྱབ་ཀུན་བྱེད་དབང་ཐོབ་ཤོག༔ གུ་རུ་པདྨ་སིདྡྷི་ཧཱུྃ།༴༴ ཞེས་སྤྱི་བོར་བསྐུར་ཞིང་ཧཱུྃ་འཛབ་གོང་བཞིན་བྱའོ། །བགྲང་ཕྲེང་ཐོགས་ནས། རིགས་ཀྱི་བུ་རྣམས་ལ་ཕྲེང་བ་ལག་ཏུ་གཏད་པ་དང་དུས་མཚུངས་པར། བདག་སློབ་དཔོན་གྱི་ལྗགས་ལས་ཧཱུྃ་ཡིག་གི་ཕྲེང་བརྒྱུད་བྱུང་སྟེ་ཁྱེད་ཀྱི་ངག་ལ་ཐིམ་པའི་མོས་པ་མཛོད། ཧཱུྃ༔ བརྗོད་བྱའི་ཚིག་དབང་ཧཱུྃ་འདི་ཡིན༔ བདེ་གཤེགས་ཀུན་གྱི་ཡང་སྙིང་སྟེ༔ རིགས་ཀྱི་བུ་ལ་ཧཱུྃ་བསྟིམས་པས༔ གྲགས་སྟོང་ཚངས་དབྱངས་དབང་ཐོབ་ཤོག༔ གུ་རུ་པདྨ་སིདྡྷི་ཧཱུྃ།༴༴ ཧཱུྃ་དབྱངས་བྱ་ཞིང་ཕྲེང་བ་འདྲེན་དུ་གཞུག །རྡོ་རྗེ་རྒྱ་གྲམ་སྙིང་གར་བཞག་ལ། ཐུགས་ཀྱི་རྟེན་སྣ་ཚོགས་རྡོ་རྗེ་སྙིང་གར་བཞག་པ་ཙམ་གྱིས། རིགས་འདུས་པདྨ་དྲག་པོ་གྲོ་ལོད་རྩལ་གྱི་ཐུགས་མཆོག་དྲི་བྲལ་གདོད་མའི་ཡེ་ཤེས་ཀྱི་དོན་མངོན་དུ་གྱུར་པའི་མོས་པ་མཛོད། ཧཱུྃ༔ ཕྲིན་ལས་བཞི་འགྲུབ་རྒྱ་གྲམ་དབང༔ རིགས་ཀྱི་བུ་ལ་འདི་བསྐུར་བས༔ རིག་པའི་རྩལ་དབང་ཐོབ་གྱུར་ནས༔ ཐོད་ཕྲེང་རྩལ་དང་དབྱེར་མེད་ཤོག༔ གུ་རུ་པདྨ་སིདྡྷི་ཧཱུྃ།༴༴ ཞེས་བསྐུར་ཞིང་ཧཱུྃ་འཛབ་བྱའོ། །དེ་ལྟ་བུའི་དབང་གིས་ཁྱེད་ཀྱི་སྒོ་གསུམ་གུ་རུའི་སྐུ་གསུང་ཐུགས་ཀྱི་ངོ་བོར་བྱིན་བརླབས་ནས། ཕྱག་མཚན་འདི་བཞིན་གཏད་པས། སྐྱེས་བུ་དཔའ་བོ་ལ་གོ་མཚོན་སྤྲད་པ་ལྟར། ཆེ་བའི་ཡོན་ཏན་རྫོགས་ཤིང་ཕྲིན་ལས་ཐོགས་མེད་འགྲུབ་པར་གྱུར་པའི་མོས་པ་མཛོད་ཅིག །རྡོ་རྗེ་ལག་པ་གཡས་སུ་བཞག་ལ། ཧཱུྃ༔ གསེར་གྱི་རྡོ་རྗེ་རྩེ་དགུ་འདི༔ ནམ་ཡང་འབྲལ་མེད་འཆང་བར་བྱ༔ དོན་ལ་རང་རིག་རང་གསལ་བརྡ༔ ཐབས་ཤེས་དབྱེར་མེད་དབང་ཐོབ་ཤོག༔ གུ་རུ་པདྨ་སིདྡྷི་ཧཱུྃ།༴༴ ལྕགས་ཕུར་གཡོན་དུ་གཏད་ལ། ཧཱུྃ༔ སྐུ་གསུམ་རང་བཞིན་ལྕགས་ཕུར་འདི༔ རིགས་ཀྱི་བུ་ལ་འདི་གཏད་པས༔ ཕྱི་ནང་བར་ཆད་རྡུལ་དུ་རློག༔ དུག་གསུམ་སྒྲོལ་བའི་དབང་ཐོབ་ཤོག༔ གུ་རུ་པདྨ་སིདྡྷི་ཧཱུྃ།༴༴ དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བསྐུར་ནས། ད་ནི་རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་བསྡུས་སྙིང་པོ་ཧཱུྃ་གི་དབང་བསྐུར་བ་ཡིན་པས། ཁྱེད་རང་རྣམས་གུ་རུ་དྲག་པོ་གྲོ་ལོད་རྩལ་དུ་གསལ་བཞིན་པའི་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་རྣམས་སུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཅིག་ཏུ་འདུས་པའི་རང་བཞིན་ཧཱུྃ་ཡིག་དཀར་དམར་མཐིང་སེར་ལྗང་གུ་འོད་འབར་བ་ལ། བླ་མའི་གནས་ལྔ་ནས་ཧཱུྃ་ཡིག་ཁ་དོག་ལྔ་རིམ་གྱིས་འཕྲོས། ཁྱེད་རང་གི་གནས་ལྔའི་ཧཱུྃ་ཡིག་སོ་སོར་ཐིམ། དེ་ལས་ཧཱུྃ་ཡིག་སོ་སོའི་མདོག་མཚུངས་གྲངས་མེད་པ་འཕྲོས་པས་སྣང་སྲིད་ཐམས་ཅད་ཧཱུྃ་ཡིག་ཁ་དོག་ལྔ་ལྡན་གྱིས་ཤིགས་ཤིག་མེར་མེར་གང་བའི་ཏིང་ངེ་འཛིན་མཛད་པར་ཞུ། ཧཱུྃ་དཀར་གྱི་ཙཀླི་སྤྱི་བོར་བཞག་ལ། དེ་ནས་སྤྱི་བོར་ཡི་གེ་ཧཱུྃ༔ དཀར་པོ་ཤེལ་ལྟར་གསལ་འཚེར་ཅན༔ དེ་བཞིན་སྣང་སྲིད་ཡིད་ཡུལ་ཀུན༔ ཧཱུྃ་དཀར་དྲི་མེད་འོད་ཟེར་འབར༔ ཧཱུྃ་ལས་ཧཱུྃ་འཕྲོས་ཧཱུྃ་སྒྲ་སྒྲོག༔ ཅེས་ཧཱུྃ་དཀར་སྤྱི་བོར་བསྟིམ་ཞིང་ཧཱུྃ་ཉེར་གཅིག་གི་འཛབ་དབྱངས་བྱའོ། །ཧཱུྃ་དམར་མགྲིན་པར་བཞག་ལ། དེ་ནས་མགྲིན་པར་ཡི་གེ་ཧཱུྃ༔ དམར་པོ་བྱེ་རུའི་མདོག་ལྟར་འཚེར༔ དེ་བཞིན་སྣང་སྲིད་ཡིད་ཡུལ་ཀུན༔ ཧཱུྃ་དམར་དྲི་མེད་འོད་ཟེར་འབར༔ ཧཱུྃ་ལས་ཧཱུྃ་འཕྲོས་ཧཱུྃ་སྒྲ་སྒྲོག༔ ཧཱུྃ་དབྱངས་བྱ། ཧཱུྃ་མཐིང་སྙིང་གར་བཞག་ལ། དེ་ནས་སྙིང་གར་ཡི་གེ་ཧཱུྃ༔ སྔོན་པོ་ནམ་མཁའི་མདོག་ལྟ་བུ༔ དེ་བཞིན་སྣང་སྲིད་ཡིད་ཡུལ་ཀུན༔ ཧཱུྃ་སྔོན་དྲི་མེད་འོད་ཟེར་འབར༔ ཧཱུྃ་ལས་ཧཱུྃ་འཕྲོས་ཧཱུྃ་སྒྲ་སྒྲོག༔ ཧཱུྃ་དབྱངས་བྱ། ཧཱུྃ་སེར་ལྟེ་བར་བཞག་ལ། དེ་ནས་ལྟེ་བར་ཡི་གེ་ཧཱུྃ༔ སེར་པོ་གསེར་ལྟར་གསལ་འཚེར་ཅན༔ དེ་བཞིན་སྣང་སྲིད་ཡིད་ཡུལ་ཀུན༔ ཧཱུྃ་སེར་དྲི་མེད་འོད་ཟེར་འབར༔ ཧཱུྃ་ལས་ཧཱུྃ་འཕྲོས་ཧཱུྃ་སྒྲ་སྒྲོག༔ ཧཱུྃ་དབྱངས་བྱ། ཧཱུྃ་ལྗང་གསང་བར་བཞག་ལ། དེ་ནས་གསང་བར་ཡི་གེ་ཧཱུྃ༔ ལྗང་གུ་མ་རྒད་གསལ་འཚེར་ཅན༔ དེ་བཞིན་སྣང་སྲིད་ཡིད་ཡུལ་ཀུན༔ ཧཱུྃ་ལྗང་དྲི་མེད་འོད་ཟེར་འབར༔ ཧཱུྃ་ལས་ཧཱུྃ་འཕྲོས་ཧཱུྃ་སྒྲ་སྒྲོག༔ ཧཱུྃ་དབྱངས་བྱ། དེ་ལྟར་སྐལ་ལྡན་གྱི་བུ་རྣམས་ལུས་སྣང་སྟོང་ལྷའི་དཀྱིལ་འཁོར་རིགས་འདུས་རྡོ་རྗེ་གྲོ་ལོད་ཀྱི་ངོ་བོར་དབང་བསྐུར་ཞིང་བྱིན་གྱིས་བརླབས། ངག་སྔགས་ཀྱི་འཁོར་ལོ་འབྲུ་གཅིག་གི་སྙིང་པོ་གྲགས་སྟོང་གཞོམ་མེད་རྡོ་རྗེའི་དབྱངས་ཀྱིས་འཁོར་འདས་ཀུན་ལ་ཡེ་ཤེས་ཀྱི་ཕྱག་རྒྱས་བཏབ་ནས། ད་ནི་སེམས་ཆོས་ཉིད་ཀྱི་དཀྱིལ་འཁོར་རིག་སྟོང་རྫོགས་པ་ཆེན་པོ་ཡེ་གྲོལ་བློ་འདས་སུ་ལ་ཟློ་བའི་རིག་པ་རྩལ་གྱི་དབང་བསྐུར་བར་བྱ་སྟེ། དེ་ཡང་གོང་དུ་སྨོས་པའི་སྣང་གྲགས་ཀྱི་དངོས་པོ་མ་ལུས་པ་ཧཱུྃ་དུ་གྱུར་པ་དེ་ཐམས་ཅད་རྡོ་ཁབ་ལེན་ལ་ལྕགས་འདུ་བ་ལྟར་ཁྱེད་རང་རྣམས་ལ་འདུས་ཤིང་ཐིམ། ཁྱེད་རང་གི་ལུས་ལྷ་སྐུར་གསལ་བ་དེ་ཡང་ལྦུ་བ་ཆུ་ལ་ཐིམ་པ་ལྟར་འོད་དུ་ཞུ་ཞིང་ཡལ་ཏེ། རིག་པའི་ངོ་བོ་ཧཱུྃ་ཡིག་གི་རྣམ་པ་ཞིག་ནམ་མཁར་ཡེ་རེ་ཡོད་པར་བསམ། དེ་ཡང་ཧཱུྃ་ཡིག་སྒོམ་མཁན་གྱི་སེམས་དང་བསྒོམ་པའི་ཧཱུྃ་གཉིས་སུ་མ་གྲུབ་པའི་རང་ངོ་ལ་རྗེན་ནེ་ཧྲིག་གེ་ཡེ་རེ་གསལ་ལེ་བར་བཞག་པས། བཞག་མཁན་དང་བཞག་རྒྱུའི་དངོས་པོར་མ་གྲུབ་ཀྱང་ཅང་མེད་སྟོང་པ་ཆད་མཐར་མ་ལྷུང་བའི། རིག་སྟོང་བློ་བྲལ་གྱི་ཡེ་ཤེས་ཀ་དག་གདོད་མའི་གནས་ལུགས་རང་ལ་རང་བྱུང་དུ་འཆར་བར་འགྱུར་ཞིང་། དེ་ཉིད་རང་ངོ་ཤེས་པ་ནི་དབང་ཐམས་ཅད་ཀྱི་ཡང་རྩེ་རིག་པ་རྩལ་གྱི་དབང་ཡང་ཡིན་ལ། ལྷ་ཐམས་ཅད་ཀྱི་ཁྱབ་བདག་རིགས་འདུས་པདྨ་དྲག་པོ་གྲོ་ལོད་རྩལ་ཡང་དེ་ཡིན་ཞིང་། ཆོས་ཐམས་ཅད་ཀྱི་ཡང་བཅུད་ཨ་ཏི་རྫོགས་པ་ཆེན་པོ་ཡང་འདི་ཡིན་པ་དང་། གདམས་ངག་ཉམས་ལེན་མཐའ་དག་གི་རྩ་བ་ཟབ་པའི་མཐར་ཐུག་ཀྱང་འདི་ལས་མེད་ཀྱི་དེ་ལྟར་ཤེས་པར་གྱིས་ཤིག །དེ་ལྟར་ཡིན་པར་ཡང་གཞུང་ཉིད་ལས། རང་སེམས་ཧཱུྃ་དང་དབྱེར་མེད་བསྲེ། །བསྐྱེད་རྫོགས་གཉིས་མེད་ཀློང་ཡངས་ངང་། །མ་བཅོས་ལྷུག་པའི་ཡི་གེ་ཧཱུྃ། །འདི་ཉིད་ཁོ་ན་བསྙེན་སྒྲུབ་མཆོག །གུ་རུའི་གསང་སྒྲུབ་ཡང་སྙིང་ཧཱུྃ། །འབྲུ་གཅིག་ཨ་ཏིའི་ཁྱད་ཆོས་ཡིན། །ཞེས་དང་། ཧཱུྃ་སྒྲུབ་ཀྱི་གཞུང་ཆེན་པོ་རྣམས་ནས་འདིའི་གནད་དོན་དགོས་པ་ཕན་ཡོན་རྒྱ་ཆེར་འབྱུང་བ་ཡིན་པས་ལྷ་སྒོམ་སྔགས་བཟླས་ཏིང་འཛིན་ཐམས་ཅད་ཡང་སྙིང་འདི་ལྟ་བུའི་རྣལ་འབྱོར་དང་མ་བྲལ་བར་མཛོད་ཅིག །ཅེས་གདམས་ལ་ཤིས་བརྗོད་བྱ། དམ་ཚིག་བསྒྲག་བཟུང་སོགས་དབང་རྗེས་སྤྱི་ལྟར་བྱ། ཚེས་བཅུའི་སྐབས་ཁེལ་བ་སོགས་སུ་སྤྲོ་ན་བཀའ་སྲུང་གཏོར་འབུལ། ཚོགས་སྐོང་བཤགས་རྣམས་དཀོན་མཆོག་སྤྱི་འདུས་ལྟར་བྱ་ཆོག །རྗེས་རིམ་གཞན་མི་དགོས། རང་བཞིན་རྫོགས་པ་ཆེན་པོ་སྤྲོས་མེད་ཁྱབ་གདལ་གྱི་ངང་ལ་མཉམ་པར་བཞག་ཅིང་། དེ་ལྟར་མ་རྟོགས་པའི་འགྲོ་ལ་སྙིང་རྗེས་སྨོན་ལམ་བཏབ་པ་ཙམ་གྱིས་འཐུས་པར་གསུངས་པའང་ཤེས་པར་བྱའོ། །སྣང་བ་ལྷ་སྐུ་ཕྱག་རྒྱ་གཅིག་པུར་ཐིམ། །སྒྲ་སྐད་གཞོམ་མེད་འབྲུ་གཅིག་རང་རྒྱས་ཐེབས། །འགྱུ་དྲན་ཉག་གཅིག་ཐིག་ལེ་ཆེན་པོར་རྫོགས། ཁྲོ་རྒྱལ་འཇིག་རྟེན་མཆོག་གི་དཔལ་བརྙེས་ཤོག །ཅེས་གཞན་ལ་ལྟོས་མི་དགོས་པར་ཚིག་ཉུང་དོན་འདུས་ཁྱེར་བདེའི་སླད་དུ་རིག་འཛིན་ཆེན་པོ་འདི་ཉིད་ཀྱི་ཟབ་ཆོས་ལ་སྔོན་དགེའི་བག་ཆགས་ཕྲ་མོ་སད་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བྲིས་པ་དགེ་ལེགས་འཕེལ།། །།
དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་་་འབྲིང་པོ།ལས་བཞིའི་སྙེ་མ་ (Volume 37, Text 2)
༄༅། །དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་་་འབྲིང་པོ།ལས་བཞིའི་སྙེ་མ་ཞེས་བྱ་བ་བཞུགས་སོ། ། དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་ལས་བཞིའི་སྙེ་མ་ཞེས་བྱ་བ། བླ་མ་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་ཐུགས་རྗེས་ཁྲོས་པའི་སྐུ། །མ་རུངས་བདུད་དཔུང་མཐར་མཛད་ནག་པོ་ཆེ། །ལེགས་ལྡན་ཚོགས་ཀྱི་བདག་པོར་གུས་བཏུད་ནས། །དེ་ཡི་སྒྲུབ་ཐབས་དོན་བསྡུས་མདོ་ཙམ་བྲི། །འདི་ཉིད་ཀྱི་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པས་ཉེར་དགུ་ལ་སོགས་པའི་དུས་ཁྱད་པར་ཅན་ལ། བྲིས་སྐུ་མཆོད་གཏོར་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་མཐོང་བརྒྱུད་བཞིན་ཚོགས་པར་བྱས་ནས། བདག་བསྐྱེད་ཀྱི་རྣལ་འབྱོར་སྔོན་དུ་འགྲོ་བས། མཆོད་པ་སྤྱི་དང་སྨན་གཏོར་རཀྟ་རྣམས་བྱིན་གྱིས་བརླབ། མདུན་བསྐྱེད་ཀྱི་རྟེན་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་ཁྲག་ཞག་འཁྲུག་པའི་ཀློང་མ་ལ་ཡ་གནམ་ལྕགས་འབར་བའི་དོ། རབ་ཏུ་འཇིགས་ཤིང་སྐྱི་གཡའ་བའི་གནས་སུ། དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཆེན་པོའི་ལྟེ་བར་པདྨ་དང་ཉི་མའི་སྟེང་དུ་མི་རོ་དང་རྟ་རོ་ལ་གནས་པའི་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོ་ཆེན་པོ་རྡོ་རྗེ་སྲིན་པོའི་གཟུགས་ཅན། སྐུ་མདོག་མཐིང་ནག་ཐུང་ཞིང་སྦོམ་ལ་ཡན་ལག་རགས་པ་ཉི་མ་འབུམ་གྱི་གཟི་བརྗིད་ཅན། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པའི་གྲ་ནས་ཁྲག་འཛག་པ། ལྗགས་འདྲིལ་ཞིང་དྲག་པོའི་སྐན་སྒྲ་རྡེབ་པ། ཁྲོ་གཉེར་བསྡུས་པའི་ཤངས་ནས་འཐོར་བྱེད་ཀྱི་རླུང་སྒྲ་འབྱིན་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་ལྡོག་པ། དབུ་སྐྲ་དང་སྨ་ར་སྨིན་མ་ཁམ་ནག་གྱེན་དུ་འབར་བ་ལས་སྐར་ཆེན་གྱི་འོད་འཕྲོ་བ། ཕྱག་གཡས་འབར་བའི་གྲི་གུག་དང་གཡོན་གདུག་པ་ཅན་གྱི་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། མཆན་གཡས་སུ་ཙན་དན་གྱི་བེང་ཆེན་གཟེར་བའི་བེང་སྟོད་ནས་ལྷ་དམག་འབུམ་དང་བེང་སྨད་ནས་བདུད་དམག་ཉིས་ཁྲི་ཆིག་སྟོང་འགྱེད་པ། སྐུ་ལ་དར་ནག་གི་འཇོལ་བེར་བརྩེགས་མར་གསོལ་ཞིང་གསེར་རྐེད་ནོར་བུའི་མིག་ཚངས་ཅན་བཅིངས་པ། ཐོད་པ་སྐམ་པོ་རིགས་ལྔའི་རྩེ་ཕྲན་ཅན་གྱི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུ་དང་རྡོ་རྗེའི་དོ་ཤལ་འཕྱང་བ། ཡན་ལག་སྦྲུལ་གྱིས་དཀྲིས་ཤིང་མི་ལྤགས་ཀྱི་སྟོད་གཡོགས་སོགས་དུར་ཁྲོད་འཇིགས་པའི་ཆས་ཅན། སག་ཏིའི་ལྷྭམ་ཡུ་རིང་གསོལ་ནས་གཡོན་བརྐྱང་བའི་སྟབས་ཀྱིས་འགྱིང་ཞིང་བརྗིད་པས་དགྲ་བགེགས་རྣམས་བརྫིས་པ། གཏུམ་ཞིང་མི་བསྲུན་པའི་ཉམས་ཅན། སྤྱི་བོར་བྱ་ཁྱུང་ནག་པོ་འཕུར་ཞིང་ལྡིང་བ། སྟ་ཟུར་གཉིས་ན་སེང་གེ་རལ་པ་སྤྲུག་པ། རྩིབ་ལོགས་ལ་འཕར་དྲེད་འཁྱུག་པ། ཞབས་ལས་སྟག་འཕྲོ་བ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་བདག་ཉིད་ཅན་དུ་བཞུགས་པའོ། །དེའི་གཡོན་དུ་ཉི་མ་དང་རོའི་གདན་ལ་ཡུམ་ཀྲོ་དྷཱི་ཤྭ་རཱི་མ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། རལ་པ་ཐུར་དུ་གཏིབས་པའི་གསེབ་ནས་མེ་སྟག་འཕྲོ་བ། ཞིང་གི་པགས་པས་སྟོད་གཡོགས་ཤིང་ཉི་ཟླ་གཟའ་སྐར་དང་འཇའ་འོད་འཁྲུགས་པ། སྟག་ལྤགས་དང་རེ་ལྡེའི་སྨད་དཀྲིས་ཅན། སྦྲུལ་ནག་གི་འཕྱང་འཕྲུལ་དང་ཆུ་སྲིན་གྱི་ཐོད་པས་བརྒྱན་པ། གཡས་སྦྲུལ་ཞགས་དང་གཡོན་ཐོད་སྐྱོགས་རུས་བཅུད་རྐང་ཀླད་དང་འབྲུ་མར་ཁྲག་ཆང་གིས་གང་བ་རོལ་ཞིང་སྟོབ་པ། གཡས་སུ་ལས་ཀྱི་མགོན་པོ་མདོག་ནག་ཅིང་མི་སྡུག་པའི་གཟུགས་ཅན་སྐྲ་ཁམ་པ་གྱེན་དུ་བརྫེས་ཤིང་གཡས་གྲི་གུག་དང་གཡོན་ཐོད་ཁྲག་ཐོགས་པ། གཡོན་བརྐྱང་གིས་རོའི་གདན་ལ་བཀའ་ནོད་པའི་ཚུལ་གྱིས་གནས་པའོ། །དེ་དག་གི་ཤར་དུ་ཧཱུྃ་ལས་ཁྲོ་ཆེན་བཛྲ་ཀིང་ཀ་ར་སྐུ་མདོག་མཐིང་ནག་རྔམས་ཤིང་ཁྲོས་པའི་ཉམས་ཅན་ཞལ་གཅིག་ཕྱག་གཉིས་པ། གཡས་མཚོན་ཆའི་འཁོར་ལོ་བསྐོར་ཞིང་དམིགས་པའི་མགོ་ལུས་འདྲལ་བ། གཡོན་ཐོད་པ་དགྲ་བོའི་སྙིང་ཁྲག་གིས་གང་བ་ཞལ་དུ་གསོལ་བ། མི་ལྤགས་ཀྱི་སྟོད་གཡོགས་དང་སྟག་ལྤགས་ཀྱི་སྨད་དཀྲིས་ཅན་སྦྲུལ་དང་ཐོད་པས་བརྒྱན་པ། གྲི་ཐོགས་གིང་ཆེན་བཅུ་གཉིས་སོགས་ལས་བྱེད་དྲེགས་པའི་ཚོགས་ཀྱིས་བསྐོར་བ། ལྷོར་ཡ་ལས་གནོད་སྦྱིན་ཟངས་མདོག་དམར་ནག་ཁ་གདངས་ཤིང་སྐན་སྒྲ་རྡེབ་པ། སྡང་མིག་གིས་དགྲ་དཔུང་སྲེག་ཅིང་རལ་པ་དམར་པོ་སྤྲིན་ལྟར་གཏིབས་པ། གཡས་གསེར་གྱི་སྤུ་གྲི་འཕྱར་ཞིང་གཡོན་བསེ་མདུང་འཛིན་པ། ཡུམ་བསེ་གདོང་ཟངས་མགྲིན་ཅན་དམར་ནག་འཇའ་ཚོན་གྱི་གོས་ཅན་བྱད་ཐག་དང་ནད་རྐྱལ་ཐོགས་པ། བསེའི་གྱད་ཆེན་བཞི། བསེ་མོ་བཞི། མི་དམར་བཤན་པ་བཞི་བཅུ་རྩ་གཉིས་སོགས་ལས་བྱེད་དྲེགས་པའི་ཚོགས་ཀྱིས་བསྐོར་བ། ནུབ་ཏུ་ཛ་ལས་གཟའ་བདུད་ཆེན་པོ་རཱ་ཧུ་ལ་སྐུ་མདོག་དུད་ཁ་སྲིན་པོའི་གཟུགས་ཅན་མགོ་བོ་དགུ་པ་ལུས་ཀུན་མིག་གིས་གང་ཞིང་གཏུམ་རྔམས་འཁྲུགས་པའི་ཉམས་ཅན། གཡས་གྲི་གུག་འཕྱར་བའི་རྩེ་ལས་སྐྱིན་ཐང་གི་འཁོར་ལོ་བསྐོར་ཞིང་། གཡོད་ཐོད་ཁྲག་རྔུབ་ཅིང་ཆུ་སྲིན་གྱི་ཞགས་པ་འཕེན་པ། སྐུ་སྨད་སྦྲུལ་དུ་འཁྱིལ་ཞིང་ཞིང་གི་གཡང་གཞི་དང་། ཐོད་སྦྲུལ་གྱི་ཕྲེང་བ་སོགས་འཇིགས་པའི་ཆས་ཀྱིས་བརྒྱན་པ། སྲིང་མོ་གདོང་མོ་བཞི། གཟའ་ཆེན་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་སོགས་སྲིད་གསུམ་དྲེགས་པའི་ཚོགས་ཀྱིས་བསྐོར་བ། བྱང་དུ་མ་ལས་འདོད་ཁམས་བདག་མོ་རེ་མ་ཏི་ནག་མོ་སྐེམ་ཞིང་རིད་ལ་གཏུམ་པའི་ཉམས་ཅན། ཞལ་གདངས་ཤིང་མཆེ་བ་གཙིགས་པའི་བར་དུ་མི་རོ་རངས་པོ་གསོལ་བ། དྲག་པོའི་སྐན་སྒྲ་རྡེབ་ཅིང་ཤངས་ནས་ནད་ཀྱི་ན་བུན་ཐུལ་བ། ལྟེ་བ་ནས་ཉི་མ་འཆར་ཞིང་སྤྱི་བོར་ཟླ་བ་ཚེས་པ། ཐོད་སྐམ་གྱི་དབུ་རྒྱན་དང་ཐོད་རློན་གྱི་དོ་ཤལ་ཅན། སྙན་གཡས་སེང་གེ་དང་གཡོན་པ་སྦྲུལ་དང་དྲིལ་བུས་བརྒྱན་པ། གཡས་ཁྲམ་ཤིང་འཕྱར་ཞིང་གཡོན་ནད་རྐྱལ་དགྲ་ལ་འགྱེད་པ། མི་ལྤགས་ཀྱི་སྟོད་གཡོགས་དང་རེ་ལྡེའི་སྨད་དཀྲིས་སྦྲུལ་གྱི་སྐ་རགས་ཅན། དྲེལ་རྟ་རྐང་གསུམ་སྲིན་པོའི་ཐོད་པའི་སྒ་དང་སྦྲུལ་གྱི་གོང་རྨེད་ཅན་ལ་ཆིབས་ནས་རཀྟའི་རྒྱ་མཚོར་རོལ་པ། ནད་ཀྱི་རྐྱལ་པ་ཚོན་གྱི་གྲུ་གུ་ཤོ་རྡེལ་དཀར་ནག་བདུད་ཀྱི་ཁྲམ་ཤིང་སྟེ་སྤྲུལ་པའི་མཚོན་ཆ་ལྔ་འཆང་བ་ནག་མོ་འབུམ་སྡེའི་འཁོར་དང་བཅས་ཏེ་རླུང་ནག་འཚུབས་མའི་དབུས་ན་བཞུགས་པ། དེ་དག་གི་ཕྱི་རོལ་དུ་སྤྲུལ་པ་དང་ཡང་སྤྲུལ་ཕོ་ཉ་ལས་བྱེད་སྡེ་བརྒྱད་དྲེགས་པའི་དམག་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། ཐམས་ཅད་ཀྱང་ཕྲིན་ལས་འདོད་རྒུར་སྒྱུར་ཞིང་སྒྲུབ་པ་པོའི་རེ་བ་སྐོང་བས་ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་ཡོངས་སུ་གང་བར་གྱུར། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། མ་ལ་ཡ་གནམ་ལྕགས་འབར་བའི་རི་བོ། དུར་ཁྲོད་ཆེན་པོ་བརྒྱད་སོགས་རང་བཞིན་གྱི་གནས་ནས་དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་སྤྲིན་ཕུང་གཏིབས་པ་བཞིན་བྱོན་པར་བསམ་ལ་ལྕགས་ཀྱུའི་རྒྱ་བཅིངས་ཏེ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊཿ ཨོཾ་བྷུརྐུར་མ་ཧཱ་ཀཱ་ལ་ས་མ་ཡ་ཧྲིཾ་ཧྲིཾ་ཨངྐུ་ཤ་ཛ་ཛཿ ཞེས་དང་། ཧཱུྃ། ལངྐ་ཡུལ་གྱི་གྲོང་གདལ་གྱི། །དབུས་ཀྱི་རི་བོ་མ་ལ་ཡ། །ཀོ་ཀ་ཐང་དམར་རྒྱ་མཚོའི་དོ། །དྲག་ཤུལ་ཡོད་པའི་རྩེ་མོ་ན། །དཔལ་ཆེན་རྡོ་རྗེ་སྲིན་པོ་ཡིས། །བདུད་ཀྱི་སྡེ་རྣམས་བཏུལ་ནས་ཀྱང་། །གསང་སྔགས་འཁོར་ལོ་བསྐོར་བའི་ཚེ། །མིང་གིས་དབང་བསྐུར་བྲན་དུ་ཁས་བླངས་པ། །རྡོ་རྗེ་རོ་ལངས་དུར་ཁྲོད་ཚོགས་ཀྱི་བདག །མགོན་པོ་ནག་པོ་ཆེན་པོ་དང་། །ཉེ་གནས་ཀྲོ་དྷཱི་ཤྭ་རཱི་མ། །ཡབ་ཡུམ་གཉིས་སུ་མེད་པའི་འཁོར། །ལངྐའི་བདག་པོ་ལ་སོགས་དང་། །སླས་དང་བྱི་མོ་བྲན་མོའི་ཚོགས། །འདུས་པ་ཆེན་པོའི་རྣལ་འབྱོར་པ། །ཕོ་མོ་འཁོར་དང་བཅས་པ་རྣམས། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་པ་ཏི་ས་པ་རི་ཝཱ་ར་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སཏྭཾ། ཨཱ་ཀརྴ་ཡ་ཧཱུྃ་ཛཿ ཨེ་ཨ་རལླི་ཧྲིཾ་ཧྲིཾ་ཛཿཛཿཞེས་པས་སྤྱན་དྲངས་ལ། ཧཱུྃ། རྡོ་རྗེ་བྲག་ཆེན་གཏམས་པ་དང་། །ཉི་ཟླ་པདྨ་རིན་ཆེན་ཁྲི། །བམ་ཆེན་བསྣོལ་བའི་གདན་སྟེང་དུ། །རབ་འཇིགས་དཔའ་བོ་འཁོར་བཅས་བཞུགས་སུ་གསོལ། །ཨོཾ་བྷུརྐུར་མ་ཧཱ་ཀ་ལ་རཀྨོ་ཀྲོ་དྷཱི་ཤྭ་རཱི་ནག་མོ་ཏིང་ལམ་ས་མ་ཡ་སཏྭཾ་ཏིཥྛ་བཛྲ། ཞེས་བཞུགས་སུ་གསོལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱིས། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྟོངས་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་དམ་ཚིག་གི་གཉེར་གཏད། ལྷ་ཡི་སྡེ་དཔོན་ཚོགས་ཀྱི་བདག །ལེགས་ལྡན་ནག་པོ་མཐུ་བོ་ཆེ། །དུར་ཁྲོད་བདག་པོ་སྒྲོལ་བའི་གིང་། །འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་པས་ཕྱག་བྱ། ཧཱུྃ། སྟོང་གསུམ་འདི་འམ་སྟོང་གསུམ་གཞན་དག་ན། །མེ་ཏོག་ཕྲེང་བ་ལ་སོགས་རིན་ཆེན་དབྱིག །ལ་དུ་ལ་ཕུག་ལ་སོགས་ཡིད་བཞིན་ཟས། །ཐང་སྐྱེས་ཆུ་སྐྱེས་ལ་སོགས་ལོངས་སྤྱོད་རྐྱེན། །འཆི་མེད་བདུད་རྩི་ལ་སོགས་དམ་ཚིག་ཆུ། །གུ་གུལ་ཚིལ་ཆེན་ལ་སོགས་བདུག་པའི་སྤྲིན། །ཞུན་ཆེན་མར་མེ་ལ་སོགས་སྣང་གསལ་མཆོག །བཤོས་གཙང་བཟའ་བཏུང་ལོངས་སྤྱོད་སྣ་ཚོགས་པའི། །རིམ་གསུམ་མཆོད་པས་ཚོགས་བདག་མཉེས་གྱུར་ཅིག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་པ་ཏི་ས་པ་རི་ཝཱ་ར་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཛ་ཧོཿ བཛྲ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པཱུ་ཛཿཧཱུྃ། ཞེས་པས་སྤྱིར་མཆོད་ནས། ཁྱད་པར་གྱི་མཆོད་པ་སྨན་ཕུད་རཀྟ་གཏོར་མ་གསུམ་འབུལ་ཚིག་ཆོ་ག་རིགས་མཐུན་གཞན་ནས་བླངས་པའི་མཐར་རྩ་སྔགས་ལ་སོ་སོའི་སྔགས་བཏགས་ནས་ཕུལ། བྱེ་བྲག་གཏོར་མ་ལ་རཀྟ་བྲན་ནས་དམིགས་བྱ་དགུག་བསྟིམ་བྱ། ནང་མཆོད་བྲན་ལ་ཨོཾ་ཨཱཿཧཱུྃ་གིས་ཤ་ཁྲག་བདུད་རྩིར་སྤེལ་ལ། ཧཱུྃ། རྣལ་འབྱོར་ཀུན་གྱི་དཔལ་མགོན་མཆོག །མ་ཧཱ་ཀཱ་ལ་མཐུ་རྩལ་ཅན། །དཀའ་ཐུབ་ནག་པོ་ཚུར་གསོན་ཅིག །ལེགས་ལྡན་ནག་པོ་མ་རུངས་པ། །ཤ་ཁྲག་དམར་གྱི་མཆོད་པ་བཞེས། །རང་གི་རྒྱལ་སྲིད་ལ་གནས་ཏེ། །གཞན་གྱི་སྡེ་རྣམས་ཕམ་མཛད་པ། ཁྲམ་ལ་བཏབ་པའི་དགྲ་བགེགས་རྣམས། །རོལ་ཅིག་དགོངས་ཤིག་དམ་ཚིག་གཙོ། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཅེས་པ་ཙམ་གྱི་མཐར་གཙོ་འཁོར་གྱི་སྔགས་ཤམ་དུ། མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་ཨ་མྲྀཏ་ཁཱ་ཧི། ཨི་དཾ་དྷཱུ་པེ་པུཥྤེ་གནྡྷེ་ནཻ་བིདྱཱ་བ་ལིཾ་ཏ་པི་པ་ཏོ་ཧོཿ ཞེས་མཆོད། བསྟོད་པ་ནི། ཧཱུྃ། ལྷ་མིན་དམག་ཚོགས་གཡུལ་བཟློག་ཅིང་། །ལྷ་དམག་དཀར་པོའི་དབུགས་འབྱིན་པའི། །ལེགས་ལྡན་ནག་པོ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བསོད་ནམས་གཟི་བརྗིད་འཕགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཚོགས་ཆེན་རྫོགས་ལ་ཕྱག་འཚལ་ལོ། །སྤྱོད་པ་རླབས་ཆེན་འཕགས་ལ་ཕྱག་འཚལ་ལོ། །དྲག་ཤུལ་མཐུ་ཆེན་ལྡན་ལ་ཕྱག་འཚལ་ལོ། །ཕ་རོལ་ཕྱིན་བཅུ་མངའ་ལ་ཕྱག་འཚལ་ལོ། །སྒྲིབ་པ་རྣམ་གཉིས་དག་ལ་ཕྱག་འཚལ་ལོ། །བདག་མེད་གཉིས་རྟོགས་ཁྱོད་ལ་ཕྱག་འཚལ་ལོ། །སྟོན་པའི་ལུང་བསྟན་ཐོབ་ལ་ཕྱག་འཚལ་ལོ། །སྔོན་གྱི་རྒྱལ་བ་རྣམས་དང་དགོངས་པ་གཅིག །རིག་འཛིན་གྲུབ་ཐོབ་རྣམས་དང་བྱིན་རླབས་གཅིག །མ་མོ་མཁའ་འགྲོ་རྣམས་དང་དམ་ཚིག་གཅིག །ལྷ་སྲིན་སྡེ་བརྒྱད་རྣམས་དང་མཐུ་རྩལ་གཅིག །སྔོན་གྱི་དྲང་སྲོང་རྣམས་དང་སྨོན་ལམ་གཅིག །ཚོགས་བདག་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ཙམ་གྱིས་བསྟོད་དེ་ཟོར་ཡང་བའི་དབང་དུ་བྱས་ལ་ཤེས་ན་བསྟོད་པ་རྒྱས་པ་གཞན་དུ་འབྱུང་བ་བཞིན་བྱའོ། །དེ་ནས་བཟླས་པ་བྱ་བ་ནི། མགོན་པོ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་ལ་སོགས་པའི་མཐར་རང་རང་གི་སྲོག་སྔགས་རིགས་ཀྱི་ཁ་དོག་ཅན་གྱིས་བསྐོར་བར། བདག་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཕོག་པས་ཐུགས་ཀྱི་རྒྱུད་རབ་ཏུ་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་པར་བསམ་ལ། ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། དེ་ལྟར་ཅི་འགྲུབ་བཟླས་པའི་མཐར་ཉེར་སྤྱོད་ལྔ་དང་ནང་མཆོད་ཕུལ་ལ། ཧཱུྃ། དྲག་པོ་སྐུ་ལྔ་རྒྱལ་བའི་བཀའ་སྡོད་མཆོག །ཡེ་ཤེས་ལྔ་ལྡན་རྒྱལ་བ་རིགས་ལྔའི་འཁོར། །ཕྲིན་ལས་བདུད་འདུལ་དགྲ་བགེགས་ཀུན་གྱི་གཤེད། །ལེགས་ལྡན་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །འབར་བའི་དཀྱིལ་འཁོར་གསན་ཅིང་དགོངས་སུ་གསོལ། །ཕྱི་ནང་གསང་བའི་མཆོད་པས་དགྱེས་པར་མཛོད། །དམ་ཚིག་འགལ་འཁྲུལ་ཉམས་ཆག་མཐོལ་ཞིང་བཤགས། །ཐུན་མོང་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་བསྟོད་ཅིང་ཕྲིན་ལས་གསོལ། འདིར་ཚོགས་མཆོད་བྱེད་ན་ཡི་དམ་གང་ལ་བསྟེན་པ་དེའི་གཞུང་བཞིན་དང་། ཡང་ན་ཚོགས་རྫས་བྱིན་གྱིས་བརླབས་ལ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨོཾ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་མཆོད། བར་བ་སྐོང་བཤགས་དང་འབྲེལ་བས་སྐོང་རྫས་བྱིན་གྱིས་བརླབས་ལ། ཧཱུྃ། བདག་ནི་རིག་འཛིན་སྒྲུབ་པ་པོ། །དམ་ལ་གནས་ཤིང་ལྷ་ལ་འཕྲེང་། ཁྱོད་ནི་སྲུང་མ་མཐུ་རྩལ་ཅན། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། ཁྱོད་ཀྱི་ཐུགས་དམ་གཉན་པོ་དེ། །ད་ལྟ་རྣལ་འབྱོར་བདག་བསྐུལ་ན། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །མ་ཧཱ་ཀཱ་ལ་གནས་འདིར་བྱོན། །ལེགས་ལྡན་ནག་པོ་གནས་འདིར་བྱོན། །དུར་ཁྲོད་སྒྲོལ་གིང་གནས་འདིར་བྱོན། །རྡོ་རྗེ་སྒྲོལ་བྱེད་གནས་འདིར་བྱོན། །ས་བཅུའི་དབང་ཕྱུག་གནས་འདིར་བྱོན། །རིག་འཛིན་སྲུང་མ་གནས་འདིར་བྱོན། །རྣལ་འབྱོར་དགྲ་བླ་གནས་འདིར་བྱོན། །ཚོགས་བདག་ཆེན་པོ་གནས་འདིར་བྱོན། །བོས་སོ་ཆོས་སྐྱོང་སྙན་མ་སྲ། །གཡབ་བོ་ལེགས་ལྡན་སྤྱན་མ་བརྟུལ། །སྒྲུབ་བོ་ཚོགས་བདག་གོང་མ་གཡེལ། །བསྐུལ་ལོ་བདུད་རྒྱལ་མཐུ་མ་ཆུང་། །དོ་ནུབ་ཁྱོད་ཀྱི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །ཧཱུྃ། མེ་ཏོག་སྤོས་དང་མར་མེ་དྲི། །ཞལ་ཟས་རོལ་མོའི་བྱེ་བྲག་དང་། །འཕན་གདུགས་ལྷབ་ལྷུབ་སྣ་ཚོགས་ཀྱིས། །ལེགས་ལྡན་འཁོར་བཅས་ཐུགས་དམ་བསྐང་། །ཤ་ཆེན་ལྔ་ནི་རི་ལྟར་སྤུངས། །བདུད་རྩི་ལྔ་ནི་མཚོ་ལྟར་བསྐྱིལ། །ཡེ་ཤེས་ལྔ་ལྡན་དམ་རྫས་འདིས། །དཔལ་མགོན་འཁོར་བཅས་ཐུགས༴ ཤ་ཆེན་ཁྲག་དང་དབང་པོ་ལྔ། །ཚིལ་ཆེན་ཞུན་མར་མཁྲིས་པ་དང་། །གཡང་གཞི་ལྷབ་ལྷུབ་རྐང་གླིང་སྒྲས། །དཔལ་མགོན་འཁོར་བཅས་ཐུགས༴ དམར་ཆེན་བཟའ་བཅའི་གཏོར་མ་དང་། །འབྲུ་བཅུད་བདུད་རྩི་བཏུང་བའི་རྒྱུན། ཁྱད་པར་དམ་རྫས་སྣ་ཚོགས་ཀྱིས། །དཔལ་མགོན་འཁོར་བཅས་ཐུགས༴ གླིང་བཞི་གླིང་ཕྲན་རི་རབ་དང་། །རིན་ཆེན་བདུན་དང་བཀྲ་ཤིས་རྫས། །འདོད་ཡོན་ལྔ་ཡི་མཆོད་པ་ཡིས། །དཔལ་མགོན་འཁོར་བཅས་ཐུགས༴ གཡག་ནག་རྟ་ནག་ཁྱི་ནག་དང་། །ལུག་ནག་བྱ་ནག་ལ་སོགས་པ། །རྟེན་པའི་དམ་རྫས་སྣ་ཚོགས་ཀྱིས། །དཔལ་མགོན་འཁོར་བཅས་ཐུགས་དམ་བསྐང་། །ཞེས་པ་ཙམ་གྱི་མཐར། བསྐང་ངོ་བཤགས་སོ་ཐུགས་དམ་ཅན། །དམ་ཅན་ཐུགས་དམ་བསྐངས་གྱུར་ནས། །བདག་གི་ཉམས་ཆག་བྱང་བར་མཛོད། །དངོས་གྲུབ་སྒྲུབ་ལ་བར་གཅོད་པའི། །འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་བསམ་པ་ཐམས་ཅད་སྒྲུབས། །རྟག་ཏུ་ཐུགས་དམ་མ་གཡེལ་བར། །བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་བསྐང་བར་བྱའོ། །བཤགས་པ་ནི། ཧོཿ ཡོན་ཏན་ལྷུན་རྫོགས་དངོས་གྲུབ་སྩོལ་མཛད་པའི། །རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །དཔལ་ཆེན་རྡོ་རྗེ་སྲིན་པོ་ཁྲོ་བོའི་རྒྱལ། །ལེགས་ལྡན་ནག་པོ་འཁོར་བཅས་དགོངས་སུ་གསོལ། །ཐེག་ཆེན་གསང་སྔགས་བླ་མེད་སྒོར་ཞུགས་ནས། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །རྟག་ཏུ་བསྲུང་ཞིང་སྡོམ་པར་ཁས་བླངས་ནས། །ཉམས་ཆག་འགལ་འཁྲུལ་ནོངས་པ་མཐོལ་ལོ་བཤགས། །ཐུན་བཞིའི་རྣལ་འབྱོར་སྒོམ་པར་ཁས་བླངས་ནས། །ཐ་མལ་ལས་ལ་ཡེངས་པ་མཐོལ་ལོ་བཤགས། །བདེ་གཤེགས་ཐུགས་རྒྱུད་བསྐུལ་བར་ཁས་བླངས་ནས། །ཐ་མལ་ལོང་གཏམ་སྨྲས་པ་མཐོལ་ལོ་བཤགས། །དམིགས་མེད་ཡེ་ཤེས་སྒོམ་པར་ཁས་བླངས་ནས། །དུག་གསུམ་རྟོག་པའི་དབང་གྱུར་མཐོལ༴ ཕྱི་ནང་གསང་རྟེན་འཛུགས་པར་ཁས་བླངས་ནས། །དགོས་པའི་དམ་རྫས་མ་ཚང་མཐོལ༴ རྟག་ཏུ་མཆོད་བསྟོད་བསྙེན་པར་ཁས་བླངས་ནས། །སྙོམ་ལས་ལེ་ལོས་གཡེངས་པ་མཐོལ༴ མན་ངག་སྦས་ནས་སྒྲུབ་པར་ཁས་བླངས་ནས། །གསང་བའི་གཉེར་ཁ་འཆོལ་བ་མཐོལ༴ དམ་རྫས་ཕུད་ཀྱིས་མཆོད་པར་ཁས་བླངས་ནས། །འབགས་བཙོག་ཉམས་པར་གྱུར་པ་མཐོལ༴ རྒྱལ་བའི་བཀའ་བཞིན་སྒྲུབ་པར་ཁས་བླངས་ནས། །གཟུ་ལུམ་རས་ཆོད་བགྱིས་པ་མཐོལ༴ ཟོལ་མེད་དམ་ཚིག་བསྲུང་བར་ཁས་བླངས་ནས། །ཉམས་གྲིབ་སྐྱོན་གྱིས་ཕོག་པ་མཐོལ༴ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི །དམ་ཚིག་འགལ་བ་མ་ལུས་སོ་སོར་བཤགས། །མཐོལ་བཤགས་འབུལ་ལོ་ཚངས་པར་མཛད་ནས་ཀྱང་། །དངོས་གྲུབ་མཆོག་གིས་བདག་རྒྱུད་གཏམས་པར་མཛོད། །ཅེས་དང་ཡིག་བརྒྱ་མང་དུ་བཟླའོ། །དེ་ལྟར་སྐོང་བཤགས་སྐབས་ཀྱི་ཕྲིན་ལས་ལ་མཁོ་བའི་དབང་དུ་བྱས་ཀྱི། རྒྱུན་གྱི་ཕྲིན་ལས་ལ་ནི། བཟླས་པའི་རྗེས་ཀྱི་བསྟོད་པ་དང་ཕྲིན་ལས་གསོལ་བའི་མཐར་ཐུན་གཏོར་ལ་དམིགས་བྱ་བཀུག་ལ་བདུད་རྩིར་སྤར་བས་མཆོད་ཅིང་། ཧཱུྃ། ལྷ་ཡི་སྡེ་དཔོན་ཚོགས་ཀྱི་བདག །ལེགས་ལྡན་ནག་པོ་མཐུ་བོ་ཆེ། །ཉེ་གནས་ཀྲོ་དྷཱི་ཤྭ་རཱི་མ། །གིང་དང་གནོད་སྦྱིན་སྲིན་པོ་དང་། །མ་མོ་མཁའ་འགྲོ་ཕོ་ཉ་དང་། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས། །ཟག་མེད་འདོད་ཡོན་བདུད་རྩི་ཡི། །དམ་རྫས་མཆོད་གཏོར་འདི་བཞེས་ལ། །དེང་འདིར་བཅོལ་པའི་ཕྲིན་ལས་མཛོད། །སྔར་བཅོལ་ལས་ཀྱི་གཏང་རག་མཛོད། །ཕྱི་བཅོལ་ལས་ཀྱི་གསོས་སུ་བཞེས། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད། །སློབ་དཔོན་སྐུ་དགྲ་ཁྱོད་ཀྱིས་ཐུལ། །སྒྲུབ་པ་པོ་ཡི་སྟོངས་གྲོགས་མཛོད། །ཅེས་གཏོར་མ་སྒྲུབ་ཁང་གི་ཡང་ཐོག་ལ་སོགས་པར་འབུལ་ལོ། །སླར་ཡང་གཏང་རག་གི་མཆོད་བསྟོད་དང་ནོངས་པ་བཤགས། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཏོར་མགྲོན་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ། གནས་གསུམ་དུ་ཡི་གེ་གསུམ་གྱི་རྒྱས་གདབ། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་ནོ། །བསྟན་སྲུང་རྒྱ་མཚོའི་སྡེ་དཔོན་ནག་པོ་ཆེ། །ལེགས་ལྡན་ཚོགས་ཀྱི་བདག་པོའི་ཕྲིན་ལས་གཞུང་། །སྙིང་པོར་དྲིལ་ནས་མདོར་བསྡུས་འདིར་བརྗོད་པའི། །བསོད་ནམས་བསྟན་པ་རྒྱས་པའི་རྒྱུར་གྱུར་ཅིག །དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་ལས་བྱང་རྒྱས་པ་ལས་སླར་ཡང་སྙིང་པོ་ཁྱེར་བདེར་དྲིལ་བ་ལས་བཞིའི་།
རིགས་འདུས་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ (Volume 27, Text 2)
༈༔ རིགས་འདུས་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་བཞུགས་སོ༔ ྈྈྈྈྈྈྈྈ བདག་འདྲ་རིག་འཛིན་པདྨ་འབྱུང་གནས་ཀྱིས༔ མ་འོངས་སེམས་ཅན་འགྲོ་ལ་བརྩེ་ཕྱིར་དུ༔ ཀུན་རྫོབ་མ་ཡིན་དོན་དམ་འབྲས་བུ་ཅན༔ ཐམས་ཅད་འདུས་པའི་རིགས་འདུས་རྡོ་རྗེ་སེམས༔ པདྨ་འབྱུང་གནས་གསང་ལྟར་སྒྲུབ་པའི་ཐབས༔ སྙིང་ཁྲག་ཐིགས་པ་སྲོག་གི་དྭངས་མ་བཤད༔ བསྒོམ་བསྒྲུབ་བྱས་ན་འཇའ་ལུས་ཆོས་སྐུ་ཐོབ༔ ཉམས་སུ་ལོངས་ཤིག་རྗེས་འཇུག་བུ་སློབ་རྣམས༔ ས་མ་ཡ་རྒྱ་རྒྱ་རྒྱ༔ དཀྱིལ་འཁོར་གཏོར་མ་གང་ཡང་མི་འཚལ་ཏེ༔ རང་ལུས་ལྷར་བསྐྱེད་ཀ་དག་གཏོར་མ་བཤམ༔ དྲན་རྟོག་རང་གྲོལ་སྤྱན་འདྲེན་བཞུགས་ཕྱག་འཚལ༔ བསྟོད་བྱ་བསྟོད་བྱེད་བྲལ་བའི་ངང་ལ་གཞག༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས་ནི༔ རང་རིག་མ་འགགས་དཀྱིལ་འཁོར་འདི་ལྟར་བསྒོམ༔ ཨོཾ་སྭ་བྷཱ་བ་སོགས༔ ཧྲཱི༔ ཆོས་རྣམས་ཐམས་ཅད་སྟོང་པའི་ངང་ཉིད་ལས༔ རང་སེམས་མ་འགགས་སྤྲུལ་པའི་རིག་རྩལ་གྱི༔ སྣ་ཚོགས་སྣང་བའི་ཆོ་འཕྲུལ་ཅི་ཡང་ཤར༔ ཡེ་ནས་རྣམ་དག་ཀུན་གཞིའི་དཀྱིལ་འཁོར་གསལ༔ དྷརྨ་དྷཱ་ཏུ་ཛྙཱ་ན་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ སྟོང་པའི་ངང་ལས་འཇའ་འོད་གཞལ་ཡས་ཁང༔ ཕྱི་ནང་ཟང་ཐལ་སྒྲིབ་མེད་གསལ་བའི་དབུས༔ རིན་ཆེན་ཁྲི་རྐང་པདྨ་ཉི་ཟླའི་སྟེང༔ མ་བཅོས་རང་བྱུང་ཧཱུྃ་གི་འཕྲོ་འདུ་ལས༔ རང་རིག་སྐད་ཅིག་བླ་མ་རྡོ་རྗེ་སེམས༔ སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པས་དངུལ་གྱི་དྲིལ་བུ་དཀུ་ལ་བསྟེན༔ རང་འོད་ཡུམ་འཁྱུད་དར་དང་རིན་ཆེན་བརྒྱན༔ རྡོ་རྗེ་སྐྱིལ་ཀྲུང་འཛུམ་བཅས་སང་ངེར་བཞུགས༔ འཇའ་འོད་ཟེར་གསུམ་ལུ་གུ་རྒྱུད་དུ་འབར༔ སྤྱི་བོར་རྣམ་སྣང་འཁོར་ལོ་དྲིལ་བུ་འཛིན༔ དཔྲལ་བར་འཁྲུགས་མེད་རྡོ་རྗེ་དྲིལ་བུ་འཛིན༔ མགྲིན་པར་མཐའ་ཡས་པདྨ་དྲིལ་བུ་འཛིན༔ སྙིང་གར་ལྷུན་གྲུབ་རྡོ་རྗེ་ཐོད་པ་འཛིན༔ ལྟེ་བར་རིན་འབྱུང་རིན་ཆེན་དྲིལ་བུ་འཛིན༔ གསང་བར་དོན་གྲུབ་རྒྱ་གྲམ་དྲིལ་བུ་འཛིན༔ དཀར་མཐིང་དམར་སྨུག་སེར་ལྗང་ཁ་དོག་ལྡན༔ ཀུན་ཀྱང་དར་དང་རིན་ཆེན་སྣ་ཚོགས་བརྒྱན༔ རང་འོད་ཡུམ་འཁྱུད་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ གཞན་ཡང་རང་ལུས་རྩ་གནས་ཐམས་ཅད་དུ༔ རྡོ་རྗེ་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པ༔ ཏིལ་གྱི་གང་བུ་ཁ་ཕྱེས་ལྟ་བུར་གྱུར༔ ཐུགས་ཀར་དྭངས་མ་ལྔ་ལྡན་འོད་ལྔའི་ཀློང༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་འཁོར་བཅས་གསལ༔ དཔྲལ་མགྲིན་ཐུགས་ཀར་ཨོཾ་ཨཱཿཧཱུྃ་ཡིག་ལས༔ འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་སེམས༔ རང་བཞིན་གནས་ནས་སྤྱན་དྲངས་གཉིས་མེད་ཐིམ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བཛྲ་ཛྙཱ་ན་སཏྭ་ཧཱུྃ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ བཛྲ་ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ སྐྱེ་མེད་རྣམ་དག་ཆོས་དབྱིངས་ཞིང་ཁམས་ནས༔ འགྱུར་མེད་བླ་མ་རིགས་འདུས་རྡོ་རྗེ་སེམས༔ བདག་གིས་དད་པས་སྤྱན་འདྲེན་གཤེགས་སུ་གསོལ༔ མ་འགགས་གསལ་སྟོང་ལྷུན་གྲུབ་ཞིང་ཁམས་ནས༔ རྒྱལ་བ་རིགས་ལྔ་རིགས་ཀྱི་ཡུམ་དང་བཅས༔ བདག་གིས་དད་པས་སྤྱན་འདྲེན་གཤེགས་སུ་གསོལ༔ བདེ་ཆེན་བདེ་སྤྱོད་དག་པའི་ཞིང་ཁམས་ནས༔ པདྨ་ཐོད་ཕྲེང་ཞི་ཁྲོ་རབ་འབྱམས་ཚོགས༔ བདག་གིས་དད་པས་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ༔ འདིར་བཤམས་པདྨ་ཉི་ཟླའི་གདན་སྟེང་དུ༔ བླ་མ་ཆེན་པོའི་ལྷ་ཚོགས་འཁོར་དང་བཅས༔ དམ་ཚིག་ཡེ་ཤེས་ཆུ་ལ་ཆུ་བཞག་ཚུལ༔ གཉིས་མེད་མཉམ་པའི་ངང་དུ་བཞུགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བཛྲ་ཛྙཱ་ན་སཏྭ་ཧཱུྃ༔ ས་མ་ཡ་ཏིཥྛ་ལྷན༔ ཡེ་ནས་རྣམ་དག་ལྷུན་གྲུབ་འདུས་མ་བྱས༔ བདེ་ཆེན་རོལ་པའི་ཁྱབ་བདལ་སྒྱུ་མའི་གར༔ རང་སྣང་མ་འགགས་གཞན་སྣང་དེར་སྟོན་པའི༔ རྡོར་སེམས་རིགས་ལྔའི་ལྷ་ལ་ཕྱག་འཚལ་ལོ༔ ས་མ་ཡ་ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ ཧཱུྃ༔ ཆགས་མེད་ཡེ་ཤེས་ཆེན་པོའི་ངོ་བོ་ལ༔ འདོད་དང་སྲེད་པ་ཞེས་བྱའི་མིང་ཡང་མེད༔ བདག་སོགས་འགྲོ་ཀུན་བསོད་ནམས་རྫོགས་ཕྱིར་དུ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ་ལོ་བཞེས༔ གཟུགས་སྒྲ་དྲི་རོ་རེག་ཆོས་རྣམ་པ་དྲུག༔ གཞན་ནས་མ་བྱུང་རང་སེམས་རིག་པའི་མདངས༔ རང་རིག་རང་གསལ་དཀྱིལ་འཁོར་ལྷ་ལ་འབུལ༔ བླང་དང་དོར་མེད་རོ་གཅིག་ངང་དུ་བཞེས༔ ཨརྒྷཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱཱ་ཤབྡ་པཱུ་ཛ་ཧོ༔རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པཱུ་ཛ་ཧོ༔ ཧཱུྃ༔ ཀུན་ཁྱབ་རང་སྣང་ཆོས་དབྱིངས་ཕོ་བྲང་ནས༔ མ་འགགས་གསལ་སྟོང་ཐུགས་རྗེའི་ཉི་མ་ཤར༔ ཆགས་མེད་ཉོན་མོངས་འཇོམས་པའི་ཚ་ཟེར་རྒྱས༔ ཀུན་བཟང་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཟག་མེད་བདེ་བ་ཆེན་པོའི་རོལ་པ་ལས༔ ངོ་མཚར་སྒྱུ་མ་ལྟ་བུའི་འཇའ་ཚོན་ཤར༔ འོད་གསལ་ངོ་བོ་ཉིད་ཀྱི་ཐིག་ལེས་བརྒྱན༔ ཀུན་བཟང་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཡེ་ཤེས་ལྔ་ཡི་འོད་ཀློང་དག་པའི་མཁའ༔ འགྱུར་མེད་རྡོ་རྗེ་ལྟ་བུའི་གཟུགས་སྐུ་གྲུབ༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན༔ ཀུན་བཟང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ པདྨ་ཉི་ཟླ་བརྩེགས་པའི་ཁྲི་སྟེང་དུ༔ བླ་མ་ཆེན་པོ་རྡོ་རྗེ་སེམས་དཔའ་ནི༔ དཀར་གསལ་མདངས་ལྡན་སྐུ་གསུམ་འདུས་པའི་དཔལ༔ ཐབས་ཤེས་དབྱེར་མེད་རྡོ་རྗེ་དྲིལ་བུ་འཛིན༔ ལོངས་སྤྱོད་རྫོགས་སྐུ་དར་དང་རིན་ཆེན་བརྒྱན༔ རྡོ་རྗེ་སྐྱིལ་ཀྲུང་དགྱེས་པའི་གར་གྱིས་བཞུགས༔ རྡོ་རྗེ་སྙེམས་མ་དཀར་མོ་འཁྲིལ་སྟབས་རོལ༔ དཀྱིལ་འཁོར་གཙོ་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ བླ་མ་ཆེན་པོ་རྡོ་རྗེ་སེམས་དཔའ་ཡི༔ སྐུ་ཡི་གནས་ལྔར་རིགས་ལྔའི་དཀྱིལ་འཁོར་རྫོགས༔ རྩ་གནས་ཐམས་ཅད་རྡོ་རྗེ་སེམས་དཔས་ཁེངས༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འོད་དུ་འབར༔ འཇའ་འོད་ཟེར་གསུམ་སྣང་སྲིད་རབ་འབྱམས་ཁྱབ༔ སྤྲུལ་བསྒྱུར་གར་གྱིས་འཁོར་བ་དོང་ནས་སྤྲུག༔ ཆོས་དབྱིངས་ངང་ལ་བདེ་ཆེན་འདུ་འབྲལ་མེད༔ ཞི་ཁྲོ་རབ་འབྱམས་ཀུན་འདུས་ཁྱོད་ལ་བསྟོད༔ ཧོ༔ ཐམས་ཅད་མཁྱེན་གཟིགས་ཡེ་ཤེས་ངོ་བོ་ལ༔ མི་ཤེས་མི་མཐོང་ཟེར་བའི་མིང་ཡང་མེད༔ སྤྱན་ལྔ་འཆང་བའི་ལྷ་རྣམས་དགོངས་སུ་གསོལ༔ བདག་ནི་མ་རིག་འཁྲུལ་པའི་དབང་གྱུར་པས༔ རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་རྣམས༔ རང་གནོང་འགྱོད་སེམས་དྲག་པོས་མཐོལ་ལོ་བཤགས༔ ཆོས་དབྱིངས་རྣམ་དག་ངང་དུ་བཟོད་པར་གསོལ༔ ཚངས་དབང་མཆོག་གི་དངོས་གྲུབ་དུས་འདིར་སྩོལ༔ ཧཱུྃ༔ རང་ཉིད་བླ་མར་གསལ་བའི་ཐུགས་ཀ་རུ༔ ཡེ་ཤེས་སེམས་དཔའ་སྨུག་ནག་ཞལ་གཅིག་པ༔ ཕྱག་གཉིས་རྡོ་རྗེ་གཡས་ལ་ཐོད་པ་གཡོན༔ འགྱིང་བག་ཚུལ་གྱིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ དེ་ཡི་ཐུགས་ཀར་རྡོ་རྗེ་ནས་འབྲས་ཙམ༔ ལྟེ་བར་ཟླ་གདན་ཧཱུྃ་ཡིག་དངུལ་གྱི་མདོག༔ བ་སྤུས་བྲིས་པ་ལྟ་བུས་གསལ་བར་མཚན༔ དེ་ཡི་མཐའ་མར་སྔགས་ཕྲེང་བསྐོར་བ་ལས༔ འོད་ཟེར་དཀར་པོ་ཕྱོགས་མཐའ་ཁྱབ་པར་འཕྲོས༔ བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི༔ སྡིག་སྒྲིབ་ཉེས་ལྟུང་མ་ལུས་ཀུན་བྱང་སྟེ༔ རྡོ་རྗེ་སེམས་དཔའི་སྐུ་རུ་གསལ་བར་གྱུར༔ སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ ཕྱི་སྣོད་གཞལ་ཡས་ནང་བཅུད་སེམས་ཅན་ལྷ༔ སྒྲ་གྲགས་སྔགས་གསལ་དྲན་རྟོག་ཏིང་འཛིན་ངང༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བཛྲ་ཛྙཱ་ན་སཏྭ་ཧཱུྃ༔ ཞེས་རྩ་བའི་སྔགས་དང༔ ཨོཾ་བཛྲ་སཏྭ་ཧཱུྃ༔ སྙིང་པོ་དང༔ ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ གསང་བའི་སྙིང་པོ་དང༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ ཞེས་སོགས་ཡི་གེ་བརྒྱ་པ་བརྗོད་དོ༔ དེ་ལྟར་བསྒོམ་ཞིང་རྩ་སྔགས་ཁྲི་ཕྲག་གསུམ༔ སྙིང་པོ་བྱེ་བ་གསང་སྙིང་སྟོང་རྩ་གསུམ༔ ཡི་གེ་བརྒྱ་པ་སྐབས་དང་བསྟུན་ཏེ་བཟླ༔ རྟགས་ནི་རང་ཉིད་མཁའ་ལ་འཕུར་བ་དང༔ གོས་དཀར་གྱོན་ཞིང་ཟམ་པ་ཆེན་པོ་བརྒལ༔ ལུས་ནས་ཁྲག་གམ་རྣག་སོགས་འབྱུང་བ་དང༔ རྩྭ་དང་སོག་མ་ནགས་རི་བསྲེགས་པ་སོགས༔ དེ་རྣམས་རྨིས་ན་འགྲུབ་པའི་རྟགས་ཡིན་པས༔ བསྐལ་པ་སྟོང་ནས་བསགས་པའི་སྡིག་སྒྲིབ་ཀྱང༔ མ་དག་གྱུར་ན་པདྨས་ཕྱི་རབས་བསླུས༔ ཁྱེར་སོ་གསུམ་གྱི་ངང་ལ་བཞག་པ་གནད༔ ཐུན་བསྡུའི་དུས་ན་ཕྱི་སྣོད་རང་ལ་བསྟིམ༔ རང་ཉིད་ཧཱུྃ་གྱུར་ཐིག་ལེའི་བར་དུ་བསྡུ༔ ཐིག་ལེ་དབྱིངས་དང་བསྲེ་ཞིང་སྤྲོས་མེད་བཞག༔ ཅིར་ཡང་མ་གྲུབ་རང་སེམས་རིག་པའི་མདངས༔ གང་ཤར་ངོ་བོ་ལྟ་ཞིང་རང་ཐོག་འཇོག༔ བསྒོམ་མེད་ཡེ་ཤེས་གཉུག་མའི་བྱ་ར་བྱ༔ སྐྱེ་འགགས་གནས་གསུམ་བྲལ་བའི་ངང་ལ་བཞག༔ འདིས་ནི་ཚེ་གཅིག་སངས་རྒྱས་མ་ཐོབ་ཀྱང༔ བར་དོར་མངོན་སངས་རྒྱ་བར་ཐེ་ཚོམ་མེད༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ བཀའ་འདི་ཆོས་སྐྱོང་ཤེལ་ཕྲེང་ཅན་གྱིས་སྲུངས༔ སུ་མ་ཏྲི་རཱ་ཛ་ས་མ་ཡ་རཀྵ་རཀྵ༔ སློབ་དཔོན་ཆེན་པོའི་གསུང་ལྟར་བདག་འདྲ་ནམ་མཁའི་སྙིང་པོས་བསམ་ཡས་མཆིམས་ཕུར་བཀོད་པའོ།། །།ཕྱི་སྣོད་གཞལ་ཡས་རང་ལུས་ལྷ་ལ་ཐིམ༔ རང་ཉིད་ཧཱུྃ་གྱུར་ཐིག་ལེའི་བར་དུ་བསྡུ༔ ཐིག་ལེ་དབྱིངས་དང་འདྲེས་ཤིང་སྤྲོས་པ་བྲལ༔ ཅིར་ཡང་མ་གྲུབ་རང་སེམས་རིག་པའི་མདངས༔ གང་ཤར་ངོ་བོ་བལྟས་ཤིང་རང་ཐོག་འཇོག༔ བསྒོམ་མེད་ཡེངས་མེད་གཉུག་མའི་བྱ་ར་བྱ༔ སྐྱེ་འགག་གནས་གསུམ་བྲལ་བའི་ངང་དུ་བཞག༔ དགེ་འདིས་པདྨ་འབྱུང་གནས་རྡོ་རྗེ་སེམས། །བདག་གིས་ཚེ་འདིར་གོ་འཕང་མཆོག་ཐོབ་ནས། །མཁའ་མཉམ་འགྲོ་ཀུན་གདོད་མའི་སངས་རྒྱས་ཀྱི། །ས་ལ་དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་རྡོ་རྗེ་སེམས་དཔའི་བསྡུ་རིམ་འདི་རྡོ་རྗེ་དྲག་པོས་བརྗོད་པའོ།། །། ༁ྃཿ ཡང་ཟབ་འཕོ་པའི་གདམས་ངག་འཇའ་ཟེར་ཆོས་སྐུ་མྱུར་འགྲུབ་བཞུགས་སོ༔ ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མ་འོངས་འགྲོ་བ་ཐམས་ཅད་ཀྱི༔ སྡིག་ཆེན་གཤིན་པོའི་དོན་ཆེད་དུ༔ ཚེ་གཅིག་སངས་རྒྱས་སྒྲུབ་པའི་ཐབས༔ ཟབ་ལམ་འཕོ་བའི་གདམས་ངག་བསྟན༔ དེ་ལ་སྦྱོར་དངོས་རྗེས་གསུམ་ལས༔ དང་པོ་རྡོར་སེམས་ཆོ་གར་འབད༔ དངོས་གཞི་འཕོ་བའི་གདམས་ངག་བསྟན༔ རྗེས་སུ་སྐྱེ་མེད་ངང་ལ་བཞག༔ དེ་ལའང་དམ་ལྡན་དགེ་སློང་གིས༔ རང་རྒྱུད་དག་པར་སྨིན་བྱས་ལ༔ གཤིན་པོའི་རོ་འམ་བྱང་བུའི་མདུན༔ རིགས་དྲུག་ཡུལ་བཀོད་སོ་སོར་དང༔ གུ་རུ་དྲུག་གི་སྐུ་གཟུགས་བཤམ༔ བགེགས་གཏོར་ཁྲུས་བུམ་རྡོར་དྲིལ་དང༔ མཁོ་བའི་ཡོ་བྱད་ཐམས་ཅད་བཤམ༔ བྱང་སེམས་ལྡན་ཞིང་སྙིང་རྗེར་བསྒོམ༔ རིག་པ་ངར་འདོན་ལྟ་སྟངས་བྱ༔ དབྱངས་སྙན་རོལ་མོའི་སྒྲ་ཡིས་བསྐུལ༔ རུས་པ་ཚེ་འདས་དངོས་སུ་བསྒོམ༔ བདེན་མེད་ངང་དུ་འདི་སྐད་དོ༔ ཧཱུྃ༔ རང་རིག་བླ་མ་རྡོ་རྗེ་སེམས༔ དག་པ་སྐུ་གསུམ་ངང་ལ་གནས༔ མ་དག་དངོས་འཛིན་མཚན་མ་བྲལ༔ ཡེ་ནས་རྡོ་རྗེ་འགྱུར་མེད་གསལ༔ རང་མདུན་པདྨ་འདབ་བཞིའི་དབུས༔ འཁོར་ལོ་སྔོན་པོ་རྩིབས་བརྒྱད་སྟེང༔ ནྲྀ་ཡིག་སྔོན་པོའི་འཕྲོ་འདུ་ལས༔ དམིགས་ཡུལ་ཚེ་འདས་གསོན་པོའི་ཚུལ༔ ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས༔ བདེན་མེད་མེ་ལོང་གཟུགས་བརྙན་ལྟར༔ སྟོང་གསལ་ངང་དུ་གནས་པར་གྱུར༔ དེ་ནས་བདེན་སྟོབས་བརྗོད་པ་ནི༔ ཛ༔ བླ་མ་ཡི་དམ་དཀོན་མཆོག་གསུམ༔ མཁའ་འགྲོ་ཆོས་སྐྱོང་བདེན་པ་ཡིས༔ ཚེ་འདས་རྣམ་ཤེས་གར་གནས་ཀྱང༔ སྐད་ཅིག་ཉིད་དུ་འདིར་ཁུག་ཅིག༔ ཧཱུྃ་ཛཿཛཿནྲྀ་ཛཿཊཱ་ཀི་ཧཱུྃ་ཛ༔ དམིགས་པ་ནི༔ རང་ཉིད་བླ་མར་གསལ་བའི་ཐུགས་ཀ་ནས༔ ཛཿཡིག་དམར་པོ་འཕྲོས་པས་རྣམ་ཤེས་ངོ་བོ་ནྲྀ་སྔོན་པོ་བཀུག་ནས་གཟུགས་ལ་བསྟིམ༔ དེ་ནས་བགེགས་གཏོར་མར་མེ་ཏིང་ལོ་ཆངས་བུ་ཕུང་པོ་ལ་བསྐོར་ཞིང༔ ཨོཾ་སརྦ་བིགྷྣཱན༔ ན་མཿསརྦ་ཏ་ཐཱ་ག་ཏེ་སོགས༔ ཧཱུྃ༔ ཚེ་ལས་འདས་པའི་ས་ལམ་བགེགས༔ མཆོད་སྦྱིན་གླུད་གཏོར་འདི་ཁྱེར་ལ༔ གཤིན་པོ་འདི་ལ་གེགས་མ་བྱེད༔ ཕྱོགས་མེད་ཕྱོགས་ཀྱི་གནས་སུ་དེངས༔ ཧཱུྃ༔ རང་རིག་བླ་མའི་ཐུགས་ཀ་ནས༔ ཡི་གེ་ཧཱུྃ་ཆེན་མཐིང་ནག་འཕྲོས༔ སྣང་སྲིད་ཐམས་ཅད་ཁྲོ་བོས་གང༔ མཚོན་ཆ་མེ་དཔུང་གློག་ལྟར་འཁྱུག༔ བཀའ་འདས་དམ་ལོག་འབྱུང་པོ་རྣམས༔ རྡུལ་ཕྲན་བཞིན་དུ་བརླགས་ནས་ཀྱང༔ བགེགས་དང་ལོག་འདྲེན་མིང་ཡང་མེད༔ མཚམས་ལས་མ་འདའ་བགེགས་ཀྱི་ཚོགས༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ སརྦ་བིགྷྣཱན་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ྄༔ དེ་ནས་རོལ་མོ་བསྒྲག༔ གུ་གུལ་བདུག༔ ཡུངས་དཀར་གྱིས་བྲབ་ལ་གཏོར་མ་ཕྱི་རོལ་དུ་དོར༔ དེ་ནས་བུམ་པའི་ཁྲུས་ཆུ་རུས་པ་ལ་དོར་ཞིང་སྡིག་སྒྲིབ་སྦྱོང་བ་ནི༔ ཧཱུྃ༔ ཉོན་ཅིག་དམིགས་ཡུལ་ཚེ་འདས་ཉོན༔ ང་ནི་བླ་མ་རྡོ་རྗེ་སེམས༔ སྡིག་སྒྲིབ་སྦྱོང་བའི་དཔལ་དུ་ཤར༔ ཐུགས་ཀའི་ཧཱུྃ་ཡིག་སྔོན་པོའི་མཐར༔ ཡི་གེ་བརྒྱ་པ་གཡས་སུ་འཁོར༔ དེ་ཉིད་འོད་ཞུ་བདུད་རྩི་དཀར༔ ཚེ་འདས་ཁྱོད་ཀྱི་སྤྱི་བོར་བབ༔ སྤྱི་གཙུག་རྐང་མཐིལ་ལུས་རྣམས་གང༔ སྡིག་སྒྲིབ་ཉེས་ལྟུང་བག་ཆགས་ཀུན༔ སྤྲིན་ལས་ཆུ་བུར་རྡོལ་བ་ལྟར༔ ཤེལ་སྒོང་ལྟ་བུར་དག་ནས་ཀྱང༔ སྒྲིབ་མེད་འཇའ་ཚོན་ལྟ་བུར་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བཛྲ་ཛྙཱ་ན་སཏྭ་ཧཱུྃ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཞེས་པའི་མཐར་ཡི་གེ་བརྒྱ་པ་དང༔ སརྦ་པཱ་པཾ་ཀཾ་ཀ་ནི་བི་ཤོ་དྷ་ཡ་ཨཱ་བ་ར་ཎ་ཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་བརྗོད་ཅིང་བཀྲུའོ༔ ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་བདུད་རྩིའི་ཆུ༔ དུག་ལྔའི་སྒྲིབ་པ་རྣམ་པར་དག༔ ཚེ་འདས་ཁྱོད་ལ་ཁྲུས་གསོལ་བས༔ དུག་ལྔའི་སྒྲིབ་པ་དག་གྱུར་ཅིག༔ གོང་ལྟར་སྔགས་རྣམས་བརྗོད༔ ཧཱུྃ༔ མེ་ལོང་ཡེ་ཤེས་བདུད་རྩིའི་ཆུ༔ ཞེ་སྡང་སྒྲིབ་པ་རྣམ་པར་དག༔ ཚེ་འདས་ཁྱོད་ལ་ཁྲུས་གསོལ་བས༔ ཞེ་སྡང་སྒྲིབ་པ་དག་གྱུར་ཅིག༔ གོང་ལྟར་དང༔ ཧཱུྃ༔ མཉམ་ཉིད་ཡེ་ཤེས་བདུད་རྩིའི་ཆུ༔ གཏི་མུག་སྒྲིབ་པ་རྣམ་པར་དག༔ ཚེ་འདས་ཁྱོད་ལ་ཁྲུས་གསོལ༴ གཏི་མུག་སྒྲིབ་པ་དག་གྱུར༴ ཧཱུྃ༔ སོར་རྟོག་ཡེ་ཤེས་བདུད་རྩིའི་ཆུ༔ འདོད་ཆགས་སྒྲིབ་པ་རྣམ་པར་དག༔ ཚེ་འདས་ཁྱོད་ལ་ཁྲུས་གསོལ༴ འདོད་ཆགས་སྒྲིབ་པ་དག་གྱུར༴ ཧཱུྃ༔ བྱ་གྲུབ་ཡེ་ཤེས་བདུད་རྩིའི་ཆུ༔ ཕྲག་དོག་སྒྲིབ་པ་རྣམ་པར་དག༔ ཚེ་འདས་ཁྱོད་ལ་ཁྲུས་གསོལ༴ ཕྲག་དོག་སྒྲིབ་པ་དག་གྱུར༴ ཧཱུྃ༔ ཡེ་ཤེས་ལྔ་ལྡན་བདུད་རྩིའི་ཆུ༔ ང་རྒྱལ་སྒྲིབ་པ་རྣམ་པར་དག༔ ཚེ་འདས་ཁྱོད་ལ་ཁྲུས་གསོལ༴ ང་རྒྱལ་སྒྲིབ་པ་དག་གྱུར༴ ཧཱུྃ༔ ཕ་རོལ་ཕྱིན་དྲུག་བདུད་རྩིའི་ཆུ༔ བག་ཆགས་རྣམ་དྲུག་རྣམ་པར་དག༔ ཚེ་འདས་ཁྱོད་ལ་ཁྲུས་གསོལ་བས༔ བག་ཆགས་རྣམ་དྲུག་དག་གྱུར་ཅིག༔ ཅེས་སྔགས་དང༔ དེ་ནས་རྡོ་རྗེ་ཐོགས་ལ༔ ཧཱུྃ༔ རྐང་གཉིས་གཙོ་བོ་འདྲེན་པའི་མཆོག༔ སངས་རྒྱས་དཀོན་མཆོག་བདེན་པ་ཡིས༔ ཉོན་མོངས་དུག་གསུམ་ཞི་གྱུར་ནས༔ འབྲས་བུ་སྐུ་གསུམ་མངོན་གྱུར་ཅིག༔ ཧཱུྃ༔ ཆགས་མེད་ཡེ་ཤེས་མཁྱེན་པའི་བདག༔ དམ་ཆོས་དཀོན་མཆོག་བདེན་པ་ཡིས༔ ཉོན་མོངས་དུག་གསུམ་ཞི་གྱུར་ནས༔ འབྲས་བུ་སྐུ་གསུམ་མངོན་གྱུར་ཅིག༔ ཧཱུྃ༔ བསོད་ནམས་ཚོགས་ཞིང་སྤྲུལ་པའི་སྐུ༔ དགེ་འདུན་དཀོན་མཆོག་བདེན་པ་ཡིས༔ ཉོན་མོངས་དུག་གསུམ་ཞི་གྱུར་ནས༔ འབྲས་བུ་སྐུ་གསུམ་མངོན་གྱུར་ཅིག༔ དེ་ནས་འབྱུང་བ་ལྔ་ཡི་མཚན་མ་ཐོགས་ལ༔ ཧཱུྃ༔ ས་ཆུ་མེ་རླུང་ནམ་མཁའི་ཁམས༔ རྐྱེན་དང་རྒྱུ་ཡི་རང་བཞིན་ལས༔ གཟུང་འཛིན་བག་ཆགས་རབ་ཏུ་འཐས༔ ཡེ་ནས་རྫོགས་པའི་བདེན་པ་ཡིས༔ རྟེན་འབྲེལ་བཅུ་གཉིས་འཁོར་བའི་གཞི༔ འཁོར་བའི་འཁོར་ལོ་ཞིག་གྱུར་ནས༔ སྐྱེ་མེད་དབྱིངས་སུ་རང་སར་དག༔ སྡུག་བསྔལ་ཐམས་ཅད་ཞི་གྱུར་ཅིག༔ ཅེས་རྩ་སྔགས་དང་སྙིང་པོ་ཡིག་བརྒྱ་ཤམ་བུ་བཏགས་པ་བཟླ་ཞིང་སྡིག་སྒྲིབ་ཐམས་ཅད་ཡི་གེ་ཀཾ་ནག་པོར་གྱུར་ནས་ཁྲུས་ཆུའི་ནང་དུ་ཐིམ་པར་བསམ་ཞིང་ཆུ་བོའི་གཞུང་དུ་དོར༔ དེ་ནས་དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མིན་མི་དང་ལྷ་ཡི་ཡུལ་ལྗོངས་རེ་དང༔ གུ་རུ་རྣམ་གནོན་རྣམ་སྣང་སིཾ་ཧ་རབ་བརྟན་རྣམ་རྒྱལ་པད་འབྱུང་སྲིད་ཐུབ་ཀྱི་སྐུ་གཟུགས་རྣམས་ཀྱང་སོ་སོར་བཞག་ལ༔ དེ་ནས་གུ་རུ་རྣམ་གནོན་ཐོགས་ལ༔ ཧཱུྃ་ཧཱུྃ་ཧཱུྃ༔ རྐང་མཐིལ་ནག་གསལ་ཐིག་ལེའི་དཀྱིལ་འཁོར་དུ༔ དམྱལ་བའི་གུ་རུ་སྨུག་ནག་རྣམ་པར་གནོན༔ ཞེ་སྡང་དམྱལ་བའི་ཡུལ་ལྗོངས་ཟད་པར་བྱེད༔ ཚེ་འདས་རྣམ་ཤེས་དུ་ཡིག་ནག་པོ་ནི༔ ཞེ་སྡང་དམྱལ་བའི་གནས་ནས་ཧཱུྃ་གིས་དྲངས༔ ཚ་གྲང་དམྱལ་བའི་སྡུག་བསྔལ་ཞི་གྱུར་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་པས་དམྱལ་བའི་ཡུལ་ནས་དྲངས་ཏེ་ཡི་གེ་པྲེ་གཅིག་ཏུ་གྱུར་པར་བསམ༔ དམྱལ་བའི་ལིང་ཚེ་བསྒྱུར་ལ༔ ཡི་དྭགས་གུ་རུ་རྣམ་སྣང་ཐོགས་ལ༔ ཧཱུྃ་ཧཱུྃ་ཧཱུྃ༔ གསང་གནས་སེར་གསལ་ཐིག་ལེའི་དཀྱིལ་འཁོར་དུ༔ ཡི་དྭགས་གུ་རུ་སེར་གསལ་རྣམ་སྣང་བྱེད༔ སེར་སྣ་ཡི་དྭགས་ཡུལ་ལྗོངས་ཟད་པར་བྱེད༔ ཚེ་འདས་རྣམ་ཤེས་པྲེ་ཡིག་སེར་པོ་ནི༔ སེར་སྣ་ཡི་དྭགས་ཡུལ་ནས་ཧཱུྃ་གིས་དྲངས༔ བཀྲེས་སྐོམ་ཡི་དྭགས་སྡུག་བསྔལ་ཞི་གྱུར་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་པས་ཡི་དྭགས་ཡུལ་ནས་དྲངས་ཏེ་ཡི་གེ་ཏྲི་སྔོན་པོ་ཞིག་ཏུ་གྱུར་པར་བསམ་ལ་ཡི་དྭགས་ལིང་ཚེ་བསྒྱུར༔ དེ་ནས་གུ་རུ་སིང་ཧ་རབ་བརྟན་ཐོགས་ལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ལྟེ་བ་སྔོ་ལྗང་ཐིག་ལེའི་དཀྱིལ་འཁོར་དུ༔ བྱོལ་སོང་གུ་རུ་སེང་གེ་རབ་བརྟན་མཐིང༔ བྱོལ་སོང་གླེན་ལྐུག་ཡུལ་ལྗོངས་ཟད་པར་བྱེད༔ ཚེ་འདས་རྣམ་ཤེས་ཏྲི་ཡིག་སྔོན་པོ་ནི༔ བྱོལ་སོང་གླེན་ལྐུག་ཡུལ་ནས་ཧཱུྃ་གིས་དྲངས༔ གཅིག་ཟ་གླེན་ལྐུག་སྡུག་བསྔལ་ཞི་གྱུར་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་པས་དུད་འགྲོའི་ཡུལ་ནས་དྲངས་ཏེ་ཡི་གེ་སུ་ལྗང་གུ་ཞིག་ཏུ་གྱུར་པར་བསམ་ལ་བྱོལ་སོང་གི་ལིང་ཚེ་བསྒྱུར༔ དེ་ནས་རྣམ་རྒྱལ་ཐོགས་ལ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྙིང་ག་ལྗང་གསལ་ཐིག་ལེའི་དཀྱིལ་འཁོར་དུ༔ ལྷ་མིན་གུ་རུ་ལྗང་ནག་རྣམ་པར་རྒྱལ༔ ཕྲག་དོག་ལྷ་མིན་ཡུལ་ལྗོངས་ཟད་པར་བྱེད༔ ཚེ་འདས་རྣམ་ཤེས་སུ་ཡིག་ལྗང་གུ་ནི༔ འཐབ་རྩོད་ལྷ་མིན་ཡུལ་ནས་ཧཱུྃ་གིས་དྲངས༔ འཐབ་རྩོད་ཕྲག་དོག་སྡུག་བསྔལ་ཞི་གྱུར་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་ནས་ལྷ་མིན་ཡུལ་ནས་དྲངས་ཏེ་ནྲྀ་ཡིག་སྣ་ཚོགས་ཞིག་ཏུ་གྱུར་པར་བསམ་ལ་ལྷ་མིན་ལིང་ཚེ་བསྒྱུར༔ དེ་ནས་པད་འབྱུང་ཐོགས་ལ༔ ཧཱུྃ་ཧཱུྃ་ཧཱུྃ༔ མགྲིན་པ་སྣ་ཚོགས་ཐིག་ལེའི་དཀྱིལ་འཁོར་དུ༔ མི་ཡི་གུ་རུ་པད་འབྱུང་དཀར་དམར་ཞལ༔ འདོད་ཆགས་མི་ཡི་ཡུལ་ལྗོངས་ཟད་པར་བྱེད༔ ཚེ་འདས་རྣམ་ཤེས་ནྲྀ་ཡིག་སྣ་ཚོགས་ནི༔ འདོད་ཆགས་མི་ཡི་ཡུལ་ནས་ཧཱུྃ་གིས་དྲངས༔ སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཞི་གྱུར་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་མི་ཡི་ཡུལ་ནས་དྲངས་ཏེ་ཨ་དཀར་པོ་ཞིག་ཏུ་གྱུར་པར་བསམ་ལ་ལིང་ཚེ་བསྒྱུར༔ དེ་ནས་སྲིད་ཐུབ་ཐོགས་ལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཀླད་པ་དཀར་གསལ་ཐིག་ལེའི་དཀྱིལ་འཁོར་དུ༔ ལྷ་ཡི་གུ་རུ་དཀར་གསལ་སྲིད་ཐུབ་འཛིན༔ ཕམ་ལྟུང་ལྷ་ཡི་ཡུལ་ལྗོངས་ཟད་པར་བྱེད༔ ཚེ་འདས་རྣམ་ཤེས་ཨ་ཡིག་དཀར་པོ་ནི༔ ཕམ་ལྟུང་ལྷ་ཡི་ཡུལ་ནས་ཧཱུྃ་གིས་དྲངས༔ ང་རྒྱལ་ཕམ་ལྟུང་སྡུག་བསྔལ་ཞི་གྱུར་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་པས་ལྷ་ཡི་གནས་ནས་དྲངས་པར་བསམ་ལ་ཡི་གེ་ཧྲཱིཿདཀར་དམར་གཅིག་ཏུ་གྱུར་ནས་སྙིང་པདྨ་འདབ་བརྒྱད་ལ་གནས་པར་བསམ་ལ༔ ལྷ་ཡི་ལིང་ཚེ་བསྒྱུར༔ དེ་ནི་རིགས་དྲུག་གནས་འདྲེན་ཏེ༔ རིགས་དྲུག་ལས་ཐར་པའི་གནས་ཀྱི་འཕོ་བའོ༔ གཉིས་པ་གཅིག་ཅར་གྱི་འཕོ་བ་ནི༔ ཚེ་འདས་དངོས་སུ་བསམ་ལ་སྐྱབས་སུ་འགྲོ་བ་དང་གསོལ་བ་འདེབས་པ་དམིགས་པ་བསྟན་པ་དང་གསུམ་མོ༔ དང་པོ་ལ་གཉིས་ཏེ༔ སྐྱབས་ཡུལ་བསྒོམ་པ་དང་སྐྱབས་སུ་འགྲོ་བའོ༔ གཉིས་པ་ལ་གསུམ་སྟེ༔ གསོལ་བ་འདེབས་པ༔ བཤགས་པ་བྱ་བ༔ སྨོན་ལམ་བཏབ་པ་དང་གསུམ་མོ༔ དང་པོ་སྐྱབས་ཡུལ་བསྒོམ་པ་ནི༔ ཧཱུྃ༔ དམིགས་ཡུལ་རིགས་ཀྱི་བུ་ཁྱོད་ཀྱི༔ མདུན་གྱི་ནམ་མཁའ་ཡངས་པ་རུ༔ བླ་མ་ཡི་དམ་མཁའ་འགྲོ་དང༔ དཀོན་མཆོག་གསུམ་དང་ཞི་ཁྲོའི་ལྷ༔ རྒྱལ་བ་སྲས་བཅས་མ་ལུས་ཀུན༔ སྤྲིན་ཕུང་འཐིབས་པ་ཇི་བཞིན་དུ༔ སྐད་ཅིག་ཉིད་ལ་གཤེགས་པར་གྱུར༔ ཧཱུྃ༔ དམིགས་ཡུལ་ཚེ་འདས་ཁྱོད་ཉོན་ཅིག༔ སྐྱེ་བ་སྔ་མ་བོར་ནས་སུ༔ ད་ལྟ་བར་དོ་ཡིད་ཀྱི་ལུས༔ ཤ་ཁྲག་ཕུང་པོ་བྲལ་ནས་ནི༔ འཆི་བ་བར་དོར་འཁྱམས་ཤིང་གནས༔ དབང་པོ་ཀུན་ཚང་ཐོགས་མེད་རྒྱུ༔ རྟེན་མེད་བྱ་སྒྲོ་རླུང་བསྐྱོད་ལྟར༔ བསམ་པ་ཙམ་གྱིས་གླིང་བཞི་འགྲིམ༔ ཉམ་ང་ཡིད་མུག་ཟ་ཟིའི་ངང༔ ངེས་མེད་གང་ལའང་ལྟོས་པ་མེད༔ འཇིགས་སྐྲག་སྡུག་བསྔལ་བསམ་མི་ཁྱབ༔ དངོས་མེད་ཡིད་ལུས་ཡིན་པའི་ཕྱིར༔ རྗེས་དང་གྲིབ་མ་གཟུགས་བརྙན་མེད༔ ཟག་བཅས་མངོན་ཤེས་ཡོད་པའི་ཕྱིར༔ གཞན་སེམས་རྒྱུ་བ་བཟང་ངན་ཤེས༔ ཡིད་ཀྱི་སྣང་བརྙན་སྒྱུ་མ་ལྟར༔ བདེན་མེད་བྱིས་པ་འཇའ་དེད་འདྲ༔ བསགས་པའི་ནོར་རྫས་ཤུལ་དུ་ལུས༔ འགྲོགས་པའི་ཉེ་འབྲེལ་རྣམས་དང་བྲལ༔ རྣམ་སྨིན་གྲིབ་མ་བཞིན་དུ་འགྲོག༔ འདུས་བྱས་མེ་ཏོག་ལྟ་བུར་ཡལ༔ གཤིན་རྗེའི་ཕོ་ཉ་སྐར་ལྟར་འཁྲུགས༔ ད་དུང་རང་སེམས་ཞལ་མ་མཐོང༔ དེ་ཡི་དབང་གིས་འཁོར་བར་འཁྱམས༔ ད་ཁྱོད་སྐྱབས་གཞན་མ་མཆིས་པས༔ ལུས་ཀྱིས་ཕྱག་འཚལ་གུས་པ་གྱིས༔ ངག་གིས་སྐྱབས་འགྲོ་དག་པ་གྱིས༔ ཡིད་ཀྱིས་གདུང་ཤུགས་དྲག་པོ་གྱིས༔ མ་ཡེངས་རྩེ་གཅིག་ངང་ལ་སྡོད༔ མདུན་གྱི་སྐྱབས་ཡུལ་ཐམས་ཅད་ལ༔ སྐྱབས་སུ་འགྲོ་བའི་ལད་མོ་གྱིས༔ འདིའི་སྐབས་སུ་ངོ་སྤྲོད་གང་ཤེས་བྱ༔ སྐྱབས་སུ་འགྲོ་བ་ནི༔ ཨེ་མ་ཧོ༔ དགོངས་སུ་གསོལ་ལོ་གསན་དུ་གསོལ༔ སྐྱབས་གསུམ་ངོ་བོ་དཀོན་མཆོག་གསུམ༔ མི་ཕྱེད་དད་པས་སྐྱབས་སུ་མཆི༔ གདུང་ཤུགས་དྲག་པོས་འོ་དོད་འབོད༔ བར་དོ་འཇིགས་པའི་འཕྲང་ལམ་ནས༔ དམིགས་ཡུལ་ཚེ་འདས་བསྐྱབ་ཏུ་གསོལ༔ སྐུ་གསུམ་ལྷུན་གྲུབ་ཀུན་ཏུ་བཟང༔ མི་ཕྱེད་དད་པས་སོགས༔ བླ་མ་ཆེན་པོ་རྡོ་རྗེ་འཆང༔ མི་ཕྱེད༴ རིགས་ཀུན་རྡོ་རྗེ་སེམས་དཔའ་ལ༔ མི་ཕྱེད༴ བཅོམ་ལྡན་རྒྱལ་བ་རིགས་ལྔ་ལ༔ མི་ཕྱེད༴ རྒྱལ་བ་ཤཱཀྱ་ཐུབ་པ་ལ༔ མི་ཕྱེད༴ ཕྱོགས་བཅུའི་སངས་རྒྱས་སྲས་བཅས་ལ༔ མི་ཕྱེད༴ ཞི་བ་བཞི་བཅུ་རྩ་གཉིས་ལ༔ མི་ཕྱེད༴ འབར་བ་ལྔ་བཅུ་རྩ་བརྒྱད་ལ༔ མི་ཕྱེད༴ ཉན་རང་བྱང་སེམས་ཁྲོ་བོ་ལ༔ མི་ཕྱེད༴ རྒྱུད་སྡེ་བཞི་ཡི་ལྷ་ཚོགས་ལ༔ མི་ཕྱེད༴ བསྐལ་བཟང་སངས་རྒྱས་ཐམས་ཅད་ལ༔ མི་ཕྱེད༴ ཨོཾ་ཨཱཿཧཱུྃ༔ སངས་རྒྱས་སྣང་བ་མཐའ་ཡས་ལ༔ མི་ཕྱེད༴ འཕགས་པ་སྤྱན་རས་གཟིགས་དབང་ལ༔ མི་ཕྱེད༴ རིག་འཛིན་པདྨ་འབྱུང་གནས་ལ༔ མི་ཕྱེད༴ རྒྱ་གར་གྲུབ་ཆེན་བརྒྱད་ཅུ་ལ༔ མི་ཕྱེད༴ བཀའ་ལུང་བརྒྱུད་པའི་བླ་མ་ལ༔ མི་ཕྱེད༴ རྩ་བརྒྱུད་གང་ཟག་བླ་མ་ལ༔ མི་ཕྱེད༴ ཡི་དམ་རྒྱལ་བ་རྒྱ་མཚོ་ལ༔ མི་ཕྱེད༴ བཀའ་སྲུང་དམ་ཅན་ཆོས་སྐྱོང་ལ༔ མི་ཕྱེད༴ ཀྱེ་མ་ཀྱེ་མ༔ དགོངས་སུ་གསོལ་ལོ་ཐུགས་རྗེས་གཟིགས༔ ཚེ་འདས་མ་རིག་འཁྲུལ་དབང་གིས༔ རིགས་དྲུག་འཁོར་བའི་འཁོར་ལོར་འཁྱམས༔ ཨ་འཐས་ཐེར་ཟུག་ཕུང་པོས་འཆིང༔ འདུས་བྱས་འདུན་གྲོས་འཇའ་ལྟར་ཡལ༔ འཆི་བ་མི་རྟག་ཉིད་ཀྱིས་ཟིན༔ འཇིགས་སྐྲག་བར་དོའི་འཕྲང་ལ་བསླེབས༔ དབང་མེད་ལས་ཀྱི་གཤིན་རྗེས་དེད༔ སྐྱབས་མེད་མགོན་མེད་དམིགས་ཡུལ་འདི༔ འཁོར་བར་འཁྱམས་པ་སྙིང་རེ་རྗེ༔ སྐྱོབ་མཛད་ལྷ་ལ་འོ་དོད་འབོད༔ འབྱུང་བའི་ཁམས་རྣམས་འཇིག་པའི་དུས༔ འཇིགས་པའི་སྒྲ་བཞིས་སྟོང་ཁམས་གང༔ ཐུགས་རྗེ་མ་ཆུང་བསྐྱབ་ཏུ་གསོལ༔ འཇིགས་པའི་འཕྲང་ལམ་བསྒྲལ་དུ་གསོལ༔ རང་ངོ་ཤེས་པར་བྱིན་གྱིས་རློབས༔ རྣམ་ཤེས་དྲན་མེད་བརྒྱལ་བའི་དུས༔ སྨིག་རྒྱུ་ལྟ་བུ་མེ་རེ་བ༔ ཐུགས་རྗེ་མ་ཆུང་སོགས༔ རང་རྩལ་ལྷ་ཚོགས་མཐོང་བའི་དུས༔ སྒྲ་འོད་ཟེར་གསུམ་བསམ་མི་ཁྱབ༔ ཐུགས་རྗེ༴ གཡང་ས་གསུམ་དུ་ལྷུང་བའི་དུས༔ ཉམ་ང་ཡིད་མུག་སྐྲག་ཅིང་སྔངས༔ ཐུགས་རྗེ༴ རིགས་དྲུག་བར་དོ་འཆར་བའི་དུས༔ རང་རང་སྲིད་པའི་ཤ་ཚུགས་འཛིན༔ ཐུགས་རྗེ༴ ངེས་མེད་རྟགས་རྣམས་འབྱུང་བའི་དུས༔ སེམས་སྨྱོ་སྡུག་བསྔལ་དཔག་ཏུ་མེད༔ ཐུགས་རྗེ༴ རོགས་མེད་གཅིག་པུར་འཁྱམས་པའི་དུས༔ གཉེན་གྲོགས་སྣང་བ་ཐམས་ཅད་དགྲ་རུ་ལངས༔ ཐུགས་རྗེ༴ བཀྲེས་སྐོམ་འཁྱགས་ཤིང་དུབ་པའི་དུས༔ ཟས་སྐོམ་ཐམས་ཅད་རྣག་ཁྲག་མཐོང༔ ཐུགས་རྗེ༴ གཤིན་རྗེའི་ཕོ་ཉས་ཟིན་པའི་དུས༔ བྱི་འུ་ཤ་མེད་རླུང་བསྐྱོད་འདྲ༔ ཐུགས་རྗེ༴ བར་དོ་སྲིད་པའི་འཕྲང་ལམ་ན༔ དམིགས་ཡུལ་ཚེ་འདས་འཁྱམས་པའི་དུས༔ ཐུགས་རྗེའི་ཕོ་ཉ་མ་ཆུང་ཞིག༔ སྐྱབས་སུ་མཆི་འོ་བསྐྱབ་ཏུ་གསོལ༔ འཇིགས་ལས་མྱུར་དུ་བསྐྱབ་ཏུ་གསོལ༔ བར་དོ་ལོངས་སྐུ་ཐོབ་པར་མཛོད༔ དམིགས་ཡུལ་ཚེ་འདས་ཐུགས་རྗེས་ཟུངས༔ ཞེས་བརྗོད་ལ་སྐྱབས་སུ་འགྲོ་བར་བྱའོ༔ སྐབས་འདིར་འཕོ་བའི་མཚམས་སྦྱོར་བྱ༔ དེ་ནས་གསོལ་བ་འདེབས་པ་ནི༔ ཧཱུྃ༔ དམིགས་ཡུལ་རིགས་ཀྱི་བུ་ཁྱོད་ཉོན༔ ཚེ་འདིའི་སྣང་བ་ནུབ་ནས་ནི༔ ཕྱི་མའི་སྣང་བ་མ་ཤར་ཏེ༔ སྲིད་པ་བར་མ་དོ་རུ་གནས༔ འདུས་བྱས་ཚེ་འདིའི་འདུན་གྲོས་ལ༔ མ་ཆགས་མ་འཛིན་ཤོལ་ལ་ཐོངས༔ གལ་ཏེ་ཞེན་ཆགས་འཛིན་ན་ནི༔ སྡུག་བསྔལ་དཔག་མེད་མྱོང་བར་འགྱུར༔ དེ་བས་དད་པའི་ཤུགས་ཀྱིས་སུ༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ལ༔ གསོལ་བ་ཐོབ་ལ་རིག་པ་གཏོད༔ ཨེ་མ་ཧོ༔ རང་བཞིན་རྣམ་དག་ཆོས་དབྱིངས་ཕོ་བྲང་ནས༔ འགྱུར་མེད་བླ་མ་རྡོ་རྗེ་འཆང་ཆེན་ལ༔ དད་མོས་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ ལམ་མྱུར་ཟབ་མོ་འཕོ་བ་འབྱོང་བ་དང༔ ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས༔ མ་ཤེས་དབང་གིས་འཁོར་བར་འཁྱམས་པ་ཡིས༔ སྡུག་བསྔལ་ཐར་མེད་མྱ་ངན་གཡང་སར་ལྷུངས༔ ཞེན་ཆགས་ཐེར་ཟུག་ལུས་ངན་ཕུང་པོས་འཆིང༔ མི་གཙང་འདམ་རྫབ་ཉོན་མོངས་གནས་ཁང་ནས༔ རང་རིག་བརྗོད་མེད་སྟོང་གསལ་ངོ་བོ་འདི༔ མི་ལྡོག་དག་པ་བདེ་ཆེན་ཞིང་ཁམས་སུ༔ སྣང་མཐའ་ཡས་པའི་ཐུགས་ཀར་འཕོ་བར་ཤོག༔ ྈ ཆོས་ཉིད་ཀློང་ཡངས་ཆེན་པོའི་ཕོ་བྲང་ནས༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་འཁོར་བཅས་ལ༔ ྈ དད་མོས་གདུང་ཤུགས་དྲག་པོས་སོགས༔ རྣམ་དག་འོད་ལྔ་ཐིག་ལེའི་དཀྱིལ་འཁོར་ནས༔ ལོངས་སྐུ་རིགས་ལྔ་ཡབ་ཡུམ་འཁོར་བཅས་ལ༔ ྈ དད་མོས་སོགས༔ གསལ་འཚེར་འོད་དཀར་ཁྱབ་པའི་དཀྱིལ་འཁོར་ནས༔ རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས་དཔའ་ལ༔ ྈ དད་མོས་སོགས༔ གང་ལ་གང་འདུལ་སྟོན་པའི་ཞིང་ཁམས་སུ༔ གསང་སྔགས་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་ལ༔ ྈ དད་མོས་སོགས༔ ཕྱོགས་བཅུ་མུ་མེད་རབ་འབྱམས་ཞིང་ཁམས་སུ༔ དུས་གསུམ་སངས་རྒྱས་སྲས་བཅས་ཐམས་ཅད་ལ༔ ྈ དད་མོས་སོགས༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ ཆོས་སྐུ་སྣང་བ་མཐའ་ཡས་འཁོར་བཅས་ལ༔ ྈ དད་མོས་སོགས༔ གདུལ་བྱ་འགྲོ་དོན་མཛད་པའི་དཀྱིལ་འཁོར་ནས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་འཁོར་བཅས་ལ༔ ྈ དད་མོས་སོགས༔ རྔ་ཡབ་དཔལ་རི་འོད་ཀྱི་གཞལ་ཡས་ནས༔ སྤྲུལ་སྐུ་པདྨ་འབྱུང་གནས་འཁོར་བཅས་ལ༔ ྈ དད་མོས་སོགས་༔ ཧཱུྃ་ཧྲཱི༔ ཀ་དག་སྤྲོས་ཞིའི་གནས་མཆོག་དམ་པ་ནས༔ བདེ་གཤེགས་རྒྱལ་བ་དགོངས་བརྒྱུད་བླ་མ་ལ༔ ྈ དད་མོས་སོགས༔ སྣང་སྟོང་རོལ་རྩེད་དག་པའི་ཕོ་བྲང་ནས༔ རང་བྱུང་རིག་འཛིན་བརྡའ་བརྒྱུད་བླ་མ་ལ༔ ྈ དད་མོས་སོགས༔ མཐའ་ཡས་འགྲོ་དོན་མཛད་པའི་ཕོ་བྲང་ནས༔ དག་གཙང་གང་ཟག་སྙན་བརྒྱུད་བླ་མ་ལ༔ ྈ དད་མོས་སོགས༔ ཐུགས་རྗེ་རྒྱུན་ཆད་མེད་པའི་ཕོ་བྲང་ནས༔ མཆོག་གསུམ་བཀའ་ལུང་བརྒྱུད་པའི་བླ་མ་ལ༔ ྈ དད་མོས་སོགས༔ བརྩེ་ཆེན་ལྡན་པའི་འགྲོ་འདུལ་ཞིང་ཁམས་ནས༔ དྲིན་ཆེན་རྩ་བ་བརྒྱུད་པའི་བླ་མ་ལ༔ ྈ དད་མོས་སོགས༔ ཞི་ཁྲོ་གར་སྟོན་རོལ་པའི་ཞིང་ཁམས་སུ༔ ཡི་དམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ ྈ དད་མོས་སོགས༔ ཕྲིན་ལས་མཐར་ཕྱིན་མཛད་པའི་ཞིང་ཁམས་སུ༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་འཁོར་བཅས་ལ༔ ྈ དད་མོས་སོགས༔ ཨོཾ་ཨཱཿཧཱུྃ༔ སྟོན་མཆོག་དམ་པ་སངས་རྒྱས་རིན་པོ་ཆེ༔ འདྲེན་པ་མཉམ་མེད་དམ་ཆོས་རིན་པོ་ཆེ༔ དགེ་བའི་བཤེས་གཉེན་དགེ་འདུན་རིན་པོ་ཆེ༔ བླ་ན་མེད་པ་བདེ་བ་ཆེན་པོའི་སྐུ༔ དཀོན་མཆོག་གསུམ་དང་བྱང་སེམས་ཉན་རང་ལ༔ ྈ དད་མོས་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ ལམ་མྱུར་ཟབ་མོ་འཕོ་བ་འབྱོང་བ་དང༔ ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས༔ མ་ཤེས་དབང་གིས་འཁོར་བར་འཁྱམས་པ་ཡིས༔ སྡུག་བསྔལ་ཐར་མེད་མྱ་ངན་གཡང་སར་ལྷུངས༔ ཞེན་ཆགས་ཐེར་ཟུག་ལུས་ངན་ཕུང་པོས་འཆིང༔ མི་གཙང་འདམ་རྫབ་ཉོན་མོངས་གནས་ཁང་ནས༔ རང་རིག་བརྗོད་མེད་སྟོང་གསལ་ངོ་བོ་འདི༔ མི་ལྡོག་དག་པ་བདེ་ཆེན་ཞིང་ཁམས་སུ༔ སྣང་མཐའ་ཡས་པའི་ཐུགས་ཀར་འཕོ་བར་ཤོག༔ ཅེས་གསོལ་བ་གདབ་བོ༔ བཤགས་པ་བྱ་བ་དང་སྨོན་ལམ་གདབ་པ་ནི༔ ཀྱེ་ཧོ༔ དམིགས་ཡུལ་འདི་དང་འགྲོ་བ་དྲུག༔ གདུང་ཤུགས་དྲག་པོས་གསོལ་བཏབ་པས༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམས༔ ཡེ་ཤེས་ཐུགས་རྗེའི་ཕྲིན་ལས་ཀྱི༔ དམིགས་མེད་བརྩེ་བས་དགོངས་སུ་གསོལ༔ བསྐལ་པ་སྔོན་ནས་ད་ཡི་བར༔ མ་རིག་སྒོ་གསུམ་ཉེས་སྒྲིབ་སྡིག༔ རྩ་བ་ཡན་ལག་ཉམས་ཆག་རྣམས༔ འགྱོད་སེམས་དྲག་པོས་མཐོལ་ལོ་བཤགས༔ ཅེས་ཀློང་བཤགས་སོགས་བཤགས་པ་རྣམས་འདོན་པར་བྱའོ༔ དེ་ནས་འཕོ་བ་དངོས་ནི༔ རང་ཉིད་བདེ་བར་འདུག༔ ཤེས་པ་ཧུར་ཕྱུང་རིག་པ་ངར་འདོན༔ ལྟ་སྟངས་ཆོས་ཉིད་དབྱིངས་སུ་བསྒྲིལ༔ རྩེ་གཅིག་མ་ཡེངས་ངང་དུ་བྱམས་སྙིང་རྗེ་ཚད་མེད་པར་བསྒོམ༔ རླུང་གིས་གཞུ་ཐབས་དང་ལྡན་པ་ལ་ཧཱུྃ་གིས་དྲངས་ཏེ༔ སེམས་ཀྱི་མདའ་ཤེས་རབ་ཀྱི་ངང་དུ་ཕཊ་ཀྱི་སྒྲས་བསྐུལ་ཞིང་འཕོ་བར་བྱའོ༔ སླར་ཡང༔ ཚེ་འདས་ཀྱི་ལུས་དེ་ཉིད་ཕྲུ་མ་ཕུས་བཏབ་པ་ལྟ་བུ་སྟོང་སང་ངེ་བ་ཕྱི་ནང་སྒྲིབ་མེད་ཟང་ཐལ་དུ་གསལ་བའི་སྙིང་པདྨ་དམར་པོ་འདབ་མ་བརྒྱད་པ་ལྟེ་བ་མཐིང་ག་འདབ་མ་དམར་པོ་ཟེའུ་འབྲུ་དཀར་པོ་གྱེན་དུ་ཁ་ཕྱེ་ནས་འདབ་མ་རྒྱས་པའི་སྟེང་དུ་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་ཕྱི་གསལ་ནང་གསལ་སྒྲིབ་མེད་ཡར་སྣེ་ཚངས་བུག་ཏུ་ཐོན་ཏེ༔ སྤྱི་བོར་ཁྲུ་གང་ཙམ་གྱི་སར་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་ཟུག་པ༔ རོ་མའི་རྩེ་ལ་ཐུགས་རྗེ་ཆེན་པོ༔ རྐྱང་མའི་རྩེ་ལ་པདྨ་འབྱུང་གནས་བསྐྱེད༔ དབུ་མའི་མར་སྣེས་པད་འདབ་ནོན་པའི་ནང་དུ་པདྨའི་ལྟེ་བར་ཟླ་བ་དང༔ ཉི་མའི་སྟེང་དུ་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དཀར་ལ་དམར་མདངས་ཆགས་པ༔ སྣུམ་ལ་འདྲིལ་བ་འོད་ཀྱི་རང་བཞིན་ཉི་མའི་སྙིང་པོ་ལྟ་བུ་འགུལ་ཁྱུག་ཁྱུག་བྱེད་པ་སྲན་མ་ཙམ་ཡི་གེ་ཧྲཱིཿཡི་ངོ་བོ་ཅན་འཕར་ལ་ཁད་པ་འོག་ནས་ཡི་གེ་ཕཊ྄་ཀྱིས་བཏེགས་པར་བསྒོམས་ལ༔ བདག་ཉིད་བླ་མའི་ཐུགས་ཀ་ནས་ཧཱུྃ་དགུ་སྤྲོས་ནས་བུ་ག་དགུ་བཀག་པར་བསམ་ལ༔ ཚེ་འདས་ཀྱི་སྤྱི་བོའི་སྐྲ་ནས་འཐེན་ལ་འདི་སྐད་དོ༔ ཧཱུྃ༔ དམིགས་ཡུལ་རིགས་ཀྱི་བུ་ཁྱོད་ཉོན༔ ཁྱོད་ཀྱི་གདོས་བཅས་ཕུང་པོ་འདི༔ སློག་རུལ་ལྟ་བུར་དོར་ནས་ཀྱང༔ ད་ལྟ་བར་དོ་ཡིད་ལུས་བླངས༔ སྔ་མའི་བག་ཆགས་དབང་གིས་ཏེ༔ མེ་ལོང་གཟུགས་བརྙན་ཤར་བ་འདྲ༔ རང་སེམས་གསལ་ལ་མ་འགགས་པ༔ དངོས་འཛིན་མཚན་མ་གང་ཡང་མེད༔ ཨ་འཐས་ཐེར་ཟུག་མ་འཛིན་པར༔ ལུས་མེད་ཉམས་ཀྱི་ངོ་བོ་ལྟོས༔ སྤྱི་བོར་ཁྲུ་གང་པད་ཟླའི་སྟེང༔ བླ་མ་སངས་རྒྱས་འོད་དཔག་མེད༔ དམར་གསལ་ཆོས་གོས་ཤམ་ཐབས་མཛེས༔ མཉམ་གཞག་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་ཟླ་བ་ཡིག་འབྲུའི་དབུས༔ ཐུགས་སྲོག་ཧྲཱིཿཡིག་དམར་པོ་གསལ༔ ཚེ་འདས་སྲོག་རྩ་དབུ་མ་ནི༔ ཚངས་བུག་ནང་ནས་སྤྱི་བོར་ཐོན༔ རྩེ་མོ་བླ་མའི་ཧྲཱིཿལ་ཟུགས༔ རོ་མར་ཐུགས་རྗེ་ཆེན་པོ་དཀར༔ རྐྱང་མར་པད་འབྱུང་དཀར་དམར་བཞུགས༔ སྙིང་ཁ་ཆོས་ཀྱི་འཁོར་ལོ་ན༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རྣམ་ཤེས་ངོ་བོ་ཐིག་ལེ་ཧྲཱི༔ མ་ཡེངས་ངང་དུ་རིག་པ་གཏོད༔ ཧཱུྃ༔ རང་རིག་བླ་མར་གསལ་བ་ཡི༔ ཐུགས་ཀའི་ཧཱུྃ་ལས་ཧཱུྃ་དགུ་འཕྲོས༔ འཁོར་བའི་སྐར་ཁུང་དགུ་བཀག་ནས༔ སྤྱི་བོར་ཐར་པའི་སྒོ་གཅིག་ཕྱེས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ༔ སྐུ་གསུམ་བླ་མའི་ཐུགས་རྗེ་ཡིས༔ ཚེ་འདས་རྣམ་ཤེས་དྲང་དུ་གསོལ༔ རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་ནི༔ ཚེ་འདས་ཞེ་སྡང་དག་མཛད་ནས༔ མེ་ལོང་ཡེ་ཤེས་དབྱིངས་སུ་དྲོངས༔ རིན་ཆེན་ཐོད་ཕྲེང་རྩལ་གྱིས་ནི༔ ཚེ་འདས་གཏི་མུག་དག་མཛད་ནས༔ མཉམ་ཉིད་ཡེ་ཤེས་དབྱིངས་སུ་དྲོངས༔ པདྨ་ཐོད་ཕྲེང་རྩལ་གྱིས་ནི༔ ཚེ་འདས་འདོད་ཆགས་དག་མཛད་ནས༔ སོར་རྟོག་ཡེ་ཤེས་དབྱིངས་སུ་དྲོངས༔ ཀརྨ་ཐོད་ཕྲེང་རྩལ་གྱིས་ནི༔ ཚེ་འདས་ཕྲག་དོག་དག་མཛད་ནས༔ བྱ་གྲུབ་ཡེ་ཤེས་དབྱིངས་སུ་དྲོངས༔ བུདྡྷ་ཐོད་ཕྲེང་རྩལ་གྱིས་ནི༔ ཚེ་འདས་དུག་ལྔ་དག་མཛད་ནས༔ ཆོས་དབྱིངས་ཡེ་ཤེས་དབྱིངས་སུ་དྲོངས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ སྤྱི་བོའི་བླ་མའི་ཐུགས་ཀ་ནས༔ འོད་ཟེར་མཐིང་ག་ལྕགས་ཀྱུའི་ཚུལ༔ དབུ་མའི་ནང་ནས་མདའ་ལྟར་འཕྲོས༔ རྣམ་ཤེས་ཐིག་ལེ་ལྕགས་ཀྱུས་དྲངས༔ རླུང་གི་རྟ་ཕོས་འོག་ནས་ཕུལ༔ དབུ་མའི་ནང་ནས་སྤྱི་བོར་ཐོན༔ བླ་མའི་ཐུགས་ཀའི་ཧྲཱིཿལ་ཐིམ༔ ཧཱུྃ༔ བརྗོད་པས་ཐིག་ལེ་ཧྲི་ལི་ལི་འཕར་བར་བསྒོམ༔ ཕཊ྄༔ བརྗོད་པས་རྩལ་ཆེན་མདའ་འཕང་བ་ལྟར་འོད་དཔག་མེད་ཀྱི་ཐུགས་ཀར་འཕངས་པར་བསམ༔ ཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད་ཐུགས་ཀའི་ཧྲཱིཿལ་ཆུ་བཞག་པ་ལྟར་འདྲེས་པར་བསམ༔ དེ་ནས་རྟགས་མ་བྱུང་གི་བར་གསོལ་བ་འདེབས་ཤིང་འཕོ་བ་ནི༔ རང་གི་བླ་མ་བརྒྱུད་རིམ་མམ༔ ཡང་ན༔ ཨེ་མ་ཧོ༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ༴ སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ༴ རྒྱལ་བ་དགོངས་བརྒྱུད་བླ་མ་ལ༴ རིག་འཛིན་བརྡའ་བརྒྱུད་བླ་མ་ལ༴ གང་ཟག་སྙན་བརྒྱུད་བླ་མ་ལ༴ བཀའ་བརྒྱུད་ཕྱི་ཡི་བརྒྱུད་པ་ལ༴ སྒྲུབ་བརྒྱུད་ནང་གི་བླ་མ་ལ༴ ཡང་དག་དོན་གྱི་བླ་མ་ལ༴ དྲིན་ཆེན་རྩ་བའི་བླ་མ་ལ༴ བཀའ་གཏེར་གསར་རྙིང་བླ་མ་ལ༴ ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་ལ༴ བཀའ་སྲུང་དམ་ཅན་གཏེར་བདག་ལ༴ ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔ རྣམ་ཤེས་དབྱིངས་དང་འདྲེས་པར་བྱིན་གྱིས་རློབས༔ ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས༔ ༈ མ་ཡེངས་ཚེ་འདས་རིག་པ་གཏོད༔ སྙིང་གར་པད་ཟླའི་གདན་སྟེང་དུ༔ རྣམ་ཤེས་ངོ་བོ་ཐིག་ལེ་ནི༔ ཕཊ྄་ཀྱིས་བསྐུལ་ཞིང་ཧཱུྃ་གིས་དྲངས༔ འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ ཧཱུྃ་ཕཊ྄༔ ཧཱུྃ་ཕཊ྄༔ ཧྲཱིཿཕཊ྄༔ ཅེས་བརྗོད༔ རྟགས་ནི་ལུས་རྔུལ༔ བདེ་དྲོད་འབར༔ དམིགས་པ་གསལ༔ གཤིན་པོའི་སྤྱི་བོར་རླངས་པའམ་ཆུ་སེར་ཐོན་ན་རབ་ཡིན་པས་སྤྱི་བོའི་སྐྲ་བསྒྲིལ་ལ་འདི་སྐད་དོ༔ ཧཱུྃ༔ འོད་དཔག་མེད་ཀྱི་ཐུགས་ཀ་རུ༔ ཚེ་ལས་འདས་པའི་རྣམ་ཤེས་ཐིམ༔ སྙིང་གི་པདྨའི་ཟླ་བ་དང༔ རྩ་ཡང་འོད་ཀྱི་རང་བཞིན་གྱུར༔ བླ་མའི་ཐུགས་ཀར་དལ་གྱིས་ཐིམ༔ སྐུ་གསུམ་བླ་མ་ཧཱུྃ་དུ་གྱུར༔ ཧཱུྃ་ཉིད་འོག་ནས་ཡར་ལ་ཞུ༔ ཐིག་ལེར་ཐིམ་ནས་ཐིག་ལེ་ཡལ༔ ཆོས་ཉིད་སྤྲོས་བྲལ་ངང་ལ་གནས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བླ་མ་ཡབ་ཡུམ་གསུམ་ཡང་ཧཱུྃ་དུ་གྱུར༔ ཧཱུྃ་ཡང་ཞབས་ཀྱུ་རིང་ཆ་ལ་ཐིམ༔ རིང་ཆ་ཧ་ལ་ཐིམ༔ ཧ་ཟླ་བ་ལ་ཐིམ༔ ཟླ་བ་ཐིག་ལེ་ལ་ཐིམ༔ ཐིག་ལེ་ཆོས་དབྱིངས་ཀློང་དུ་གསལ་བར་བསམ་ལ་མཉམ་པར་གཞག༔ བསྔོ་བ་སྨོན་ལམ་གྱི་རྒྱས་གདབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་འཕོ་བའི་གདམས་ངག་འཇའ་ཟེར་ཆོས་སྐུ་མྱུར་འགྲུབ་ཅེས་བྱ་བ་རྣམ་ཤེས་ཧཱུྃ་འདྲེན་གྱི་རིམ་པ༔ པདྨ་འབྱུང་གནས་ཀྱིས་གསུང་ལྟར་བདག་འདྲ་ཀླུའི་དབང་པོས་བྲིས༔ ནཱ་ག་རཀྴའི་ཁ་རུ་སྦས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ སརྦ་མངྒ་ལཾ༔ དགེའོ། །དགེའོ། །དགེའོ།། །།
བདུད་འདུལ་གཏེར་བྱོན་འཇམ་དབྱངས་རིགས་ལྔ་དང་དབྱངས་ཅན་མ་དམར་མོ་བཅས་ཀྱི་སྒྲུབ་ཐབས་དབང་གི་སྤྱི་ཆིངས་ཡེ་ཤེས་སྣང་བ་རྣམ་འབྱེད་ (Volume 17, Text 2)
༄༅། །བདུད་འདུལ་གཏེར་བྱོན་འཇམ་དབྱངས་རིགས་ལྔ་དང་དབྱངས་ཅན་མ་དམར་མོ་བཅས་ཀྱི་སྒྲུབ་ཐབས་དབང་གི་སྤྱི་ཆིངས་ཡེ་ཤེས་སྣང་བ་རྣམ་འབྱེད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མཉྫུ་ནཱ་ཐ་ས་ར་སྭ་ཏྱཻ། སྒྲིབ་བྲལ་མཁའ་སྔོན་དྭངས་པའི་དགོངས་དབྱིངས་ལས། །འོད་གསལ་ཡེ་ཤེས་ཉི་མ་འབུམ་བརྡལ་བས། །སྐྱེ་དགུའི་རྨོངས་པའི་མུན་ཁང་བརྟོལ་མཛད་པ། །འཇམ་མགོན་བླ་མས་སྐྱེ་ཀུན་རྗེས་སུ་སྐྱོངས། །བྱིན་རླབས་གཟི་ལྡན་སྒྲུབ་ཐབས་མཚུངས་བྲལ་བ། །གང་འདི་གནས་གཏེར་བརྒྱ་རྩའི་མངའ་བདག་གི །ཟབ་ཆོས་ནོར་བུའི་སྒྲོམ་ལས་ལེགས་ཕྱུངས་ཏེ། །སྐལ་བཟང་བློ་ཡི་དབུལ་བ་སེལ་ཕྱིར་བཀོད། ཁྱད་འཕགས་སྤྲུལ་པའི་གཏེར་ཆེན་བདུད་འདུལ་གླིང་པའི་ཟབ་གཏེར་ཡི་དམ་དམར་ནག་འཇིགས་གསུམ་དུ་གྲགས་པའི་ཆོས་སྡེ་ཕལ་ཆེར་དུས་རྟགས་སོགས་མ་འགྲིགས་པའི་དབང་གིས་ཡང་གཏེར་དུ་བྱོན་པར་སྣང་བ་ལས་ཡིག་མེད་ཨུ་པ་དེ་ཤའི་ཆོས་སྡེ་ཞི་སྒྲུབ་འཇམ་དཔལ་སྡེ་ལྔ་ཡུམ་དང་བཅས་པའི་སྒྲུབ་སྐོར་ཟབ་ཅིང་ཁ་ཚང་དོན་འདྲིལ་དུ་སྣང་བས། དེ་དག་གི་བསྙེན་སྒྲུབ་ཀྱི་རིམ་པ་ནི་འདིར་ཡི་གེས་འཇིགས་ནས་མ་བཀོད་པ་གཏེར་གཞུང་ལས་རྟོགས་དགོས་པ་དང་། འདི་གྲས་འཇམ་དཔལ་ཚེ་སྒྲུབ་ཤིན་ཏུ་ཟབ་པ་འཆི་བདག་བདུད་འཇོམས་ཀྱང་སངས་གླིང་ཟབ་རྒྱ་གཉིས་པ་འཇམ་དཔལ་དམར་པོ་ལོངས་སྤྱོད་ཚེ་འཕེལ་དང་ལྷ་སྔགས་དབང་སོགས་འདྲ་བར་སྣང་བས་དེར་བྱིན་རླབས་ཆུ་བོ་གཅིག་འདྲེས་སུ་བཞུགས་པ་ཡིན་ལ། འདིར་སྨིན་དབང་ལ་ཉེ་བར་མཁོ་བ་ཙམ་ཞིག་དགོད་པར་བྱ་བ་ལ་གཉིས། སྒྲུབ་ཐབས་རྣམས་སོ་སོར་བཤད། དབང་གི་ཆོ་ག་སྤྱི་དྲིལ་དུ་བསྟན་པའོ། །དང་པོ་ལ་དྲུག །ཕྱི། ནང་། གསང་བ། ཡང་གསང་། ཟུང་འཇུག །ཡུམ་རྣམས་སོ། །དང་པོ་ཕྱི་སྒྲུབ་འཇམ་དཔལ་དཀར་པོ་ཡེ་ཤེས་སེམས་དཔའ་འམ་གཞོན་ནུ་ཆུ་སྐྱེས་ལ་གསུམ། དང་པོ་སྦྱོར་བ་གཤོམ་ནི། སྟེགས་བུ་གཙང་མ་ཁེབས་ལྡན་གྱི་སྟེང་དུ་མཎྜལ་ལ་མེ་ཏོག་དཀར་པོའི་ཚོམ་བུ་ལྔ་བཀོད་པའི་ཁར་རྐང་གསུམ་སྟེང་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་དང་བཅས་པ་ལ་རྡོ་རྗེའི་ཙཀླིས་བརྒྱན། ལྷོར་དབུ་རྒྱན་དང་རིན་ཆེན། ནུབ་ཏུ་རྡོ་རྗེ་དང་པདྨ། བྱང་དུ་དྲིལ་བུ་དང་རལ་གྲི །མདུན་དུ་སྐུ་ཙཀ་རྡོར་དྲིལ་ལྷན་ཅིག་པ་དང་འཁོར་ལོ། སྔགས་བྱང་བཅས། གཡས་སུ་དཀར་མངར་གྱི་གཏོར་ཟླུམ་དཀར་པོ་རྒྱན་ལྡན། གཡོན་དུ་སྒྲུབ་དཔེ་དང་ཤེལ་ཕྲེང་། ཕྱག་མཚན་ཨུཏྤལ་སྔོན་པོ་པུསྟིས་མཚན་པའི་ཙཀླི་རྣམས་བཀོད། མཐར་ཕྱི་མཆོད་གཡས་སྐོར་དུ་བཀོད་དོ། །གཉིས་པ་དངོས་གཞི་སྒྲུབ་ཐབས་ལ། ཐོག་མར་སྐྱབས་སེམས་ནི། དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །བླ་མ་མཆོག་དང་དཀོན་མཆོག་གསུམ་པོ་དང་། །བཅོམ་ལྡན་རྗེ་བཙུན་འཇམ་དཔལ་གཞོན་ནུ་ལ། །ལུས་ངག་ཡིད་གསུམ་གུས་པས་སྐྱབས་སུ་མཆི། །བདག་གིས་ཁམས་གསུམ་འཁོར་བའི་སེམས་ཅན་གྱི། །མ་རིག་བློ་ཡི་གཏི་མུག་མུན་བསལ་ནས། །ཤེས་རབ་སྣང་བ་ཕྱོགས་མེད་རྒྱས་པའི་ཕྱིར། །འཕགས་པ་འཇམ་དཔལ་གཞོན་ནུ་བསྒྲུབ་པར་བགྱི། །ལན་གསུམ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམ། མཆོད་པ་བྱིན་བརླབ་ནི། རཾ་ཡཾ་ཁཾ། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང། །བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ། །ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས། །སོ་སོའི་ལྷ་མོའི་རོལ་པར་བཅས། །རབ་འབྱམས་ནམ་མཁའ་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་ས་མ་ཡེ་ཨཱཿཧཱུྃ། བདག་བསྐྱེད་ནི་གཏེར་གཞུང་ཕྱི་སྒྲུབ་ལྟར། ཨོཾ་སྭ་བྷཱ་བ་ནས་ སྤྱན་དྲངས་ཐིམ༔ བར་དང་། ཨོཾ་ཨཱརྻ་མཉྫུ་ཤྲཱི་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ ན་མོ་པུ་རུ་ཤ་ཡ་ཧོ༔ སྔགས་སྔ་མའི་མཐར། ཨརྒྷཾ་སོགས་དང་། རཱུ་པ་སོགས་སྦྱར་བས་མཆོད། མཎྜལ་མདོར་བསྡུས་ཕུལ། བཟླས་དམིགས་གསལ་བཏབ་ལ་འབྲུ་དྲུག་བཟླ། དེ་ནས་མདུན་བསྐྱེད་དཀྱིལ་འཁོར། ཨོཾ་བཛྲ་ཨ་མྲྀཏ་སོགས་ཀྱིས་བསང་། ཨོཾ་སྭ་བྷཱ་བས་སྦྱོང་བ་སོགས་བདག་བསྐྱེད་ལྟར་ལ། ཟླ་བའི་དཀྱིལ་འཁོར་ཉ་རྒྱས་དབུས༔ རང་བྱུང་ཡི་གེ་ཨ་དཀར་ས་ལེ་བ༔ འཕྲོ་འདུས་དོན་བྱས་ཡོངས་གྱུར་སྐུ་ཡི་ནི༔ ཞེས་བསྒྱུར། མཆོད་པའི་སྐབས། དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །ལྷ་རྫས་དག་པའི་ཉེར་སྤྱོད་རྣམས། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དངོས་གྲུབ་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་མཉྫུ་ཤྲཱི་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཤློ་ཀ་དེའི་ཚིག་རྐང་གཉིས་པར། ལྷ་རྫས་དག་པའི་འདོད་ཡོན་རྣམས། །ཞེས་དང་། སྔགས་སྔ་མའི་མཐར། རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ། འཛམྦུའི་གླིང་དང་གླིང་གཞན་རྣམས། །རིན་ཆེན་སྣ་བདུན་གྱིས་བཀང་སྟེ། །སྟོང་གསུམ་ལ་སོགས་མ་ལུས་པ། །ཞུམ་པ་མེད་པར་བྱས་ཏེ་འབུལ། །སྔགས་མཐར། རཏྣ་མཎྜལ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད། མདུན་བསྐྱེད་ཐུགས་ཀར་སྔགས་འཁོར་དང་འོད་ཟེར་སྤྲོ་བསྡུ་གསལ་བཏབ་ལ་བཟླས་པ་བྱ། དེ་ནས་བུམ་པ་བསང་སྦྱང་། རིན་ཆེན་བུམ་པ་མཚན་ཉིད་ཡོངས་རྫོགས་ནང་། །བཾ་ལས་བདུད་རྩིའི་རྒྱ་མཚོ་སོགས་མདུན་བསྐྱེད་ལྟར། མཆོད་པའི་བར་བཏང་། བུམ་ལྷའི་ཐུགས་ཀར་ཐུགས་སྲོག་སྔགས་འཁོར་དང་བཅས་པ་ལ། རང་གི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་ཡེ་ཤེས་བདུད་རྩིའི་ཆར་རྒྱུན་བབས་ཏེ་བུམ་པ་གང་བར་གྱུར། ཅེས་དམིགས་ལ་བཟླས་པ་བྱ། མཐར་མདུན་བུམ་ཆབས་ཅིག་ཏུ་མཆོད་པ་གོང་སྨོས་ལྟར་དང་། བསྟོད་པ། གང་གི་བློ་གྲོས་སོགས་སམ། རི་བོང་འཛིན་པ་ལྟར་དཀར་གླེགས་བམ་ཨུཏྤལ་ཕྱག་མཚན་ཅིང་། །རབ་མཛེས་ཤིན་ཏུ་ཞི་བའི་གཞོན་ནུ་ཟུར་ཕུད་ལྔ་པ་ཅན། །དགའ་བ་རྒྱ་ཆེན་ཐར་མཆོག་སྤྱན་ནི་པདྨའི་འདབ་ལྟར་ཡངས། །བློ་གྲོས་ངན་པ་སྲེག་མཁས་འཇམ་པའི་དབྱངས་ལ་རབ་ཏུ་འདུད། །ཅེས་རྒྱ་གཞུང་བྱིན་རླབས་ཅན་གྱིས་བསྟོད། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ནས་ཤེས་བྱ་མཐའ་དག་བདེ་བླག་ཏུ་རྟོགས་པར་མཛད་དུ་གསོལ། ཅེས་འདོད་དོན་གསོལ་ལ་ཡིག་བརྒྱ་བརྗོད། འབྲུ་གསུམ་གྱིས་བུམ་པར་དུང་ཆུ་ཕུལ་ལ་བུམ་ལྷ་འོད་ཞུ་བྱ། དེ་ནས་གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས། ཨོཾ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ གསུམ་གྱིས་བརླབ། ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཨཱརྻ་མཉྫུ་ཤྲཱི་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཞེས་ལན་གསུམ་གྱིས་ཕུལ། ཉེར་སྤྱོད་ལྔ་ཙམ་གྱིས་མཆོད། གཞོན་ནུའི་ཆ་ལུགས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་ཏུ་བརྒྱན། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད། །ཅེས་ཤློ་ཀ་གཅིག་གིས་བསྟོད། འདོད་གསོལ་གོང་ལྟར་བྱས་ལ། ཏིང་ངེ་འཛིན་གྱི་དབང་བླང་སློབ་མ་གཞུག་པར་གསོལ་བ་གདབ། ལས་བུམ་དུ་བདུད་རྩི་འཁྱིལ་བ་བསྐྱེད་བཟླས་བྱ། སྐབས་འདིར་འོག་ནས་འབྱུང་བ་ལྟར་སློབ་མ་ཟུང་དུ་མ་གྱུར་པ་ལ་དབང་བསྐུར་རོ། །གསུམ་པ་རྗེས་རིམ་ནི། མཆོད་པ་ཁ་གསོས། གོང་ལྟར་བྱིན་བརླབས། མཆོད་པ་སྤྲོ་ན་མདུན་བསྐྱེད་སྐབས་ལྟར་དང་། བསྡུ་ན་སྔགས་ཙམ་གྱིས་མཆོད། བསྟོད་པས་བསྟོད། འདོད་དོན་གསོལ། ནོངས་བཤགས་མ་རྙེད་ཡོངས་སུ་མ་ཚང་སོགས་དང་ཡིག་བརྒྱ་བརྗོད། མདུན་བསྐྱེད་རྟེན་ཡོད་ན་འདིར་ནི་རྟེན་དང་སོགས་ཀྱིས་བརྟན་བཞུགས་བྱ། རྟེན་མེད་ན་ཡེ་ཤེས་པ། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་གཤེགས། དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་ཀྱང་། ཨོཾ། ཆོས་ཉིད་སྐྱེ་བ་མེད་པ་ལས། །འགག་མེད་ཡེ་ཤེས་ཕྱག་རྒྱར་ཤར། །འགགས་པ་ཉིད་ན་འགག་མེད་པ། །སྤྲོས་བྲལ་ཀ་དག་ཀློང་དུ་ཐིམ། །ཞེས་འོད་གསལ་དུ་བསྡུ། སླར་ཡང་ཟུང་འཇུག་སྒྱུ་མའི་སྐུ །སྒོ་གསུམ་རྡོ་རྗེ་གསུམ་ལྡན་གྱུར། །ཅེས་ཐུན་མཚམས་ཀྱི་ལྷར་ལྡངས། འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེར་གཤེགས་ཤེས་རབ་ཐོབ་པར་ཤོག །ཅེས་སོགས་བསྔོ་སྨོན་དང་། ཤིས་བརྗོད་ཅི་རིགས་པ་བྱས་པས་འགྲུབ་བོ།། ༈ །།གཉིས་པ་ནང་སྒྲུབ་ཨ་ར་པ་ཙ་བློའི་མུན་སེལ་ལ། སྦྱོར་བ་གཤོམ་ནི་ཕྱི་སྒྲུབ་དང་འདྲ་བ་ལས། ཚོམ་བུ་དང་བུམ་པའི་མགུལ་ཆིངས་དམར་པོ་བྱ། ནང་སྒྲུབ་སྐུ་དང་ཕྱག་མཚན་རལ་པོད་ཙཀླི་དགོད་པ་ཙམ་ཁྱད་པར་རོ། །སྒྲུབ་ཐབས་ལའང་སྐྱབས་སེམས་ནས་མཆོད་པ་བྱིན་རླབས་ཡན་སྔར་ལྟར་ལ། བདག་བསྐྱེད་གཏེར་གཞུང་ལྟར། ཡན་ལག་བརྒྱད་ལྡན་མཚོ་ཆེན་སོགས་ནས། པུ་རུ་ཤ་ཡ་ཧོ༔འི་བར། མཆོད་པ་ནི། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་དབང་པོ་ཚིམས་བྱེད་རྣམས། །མོས་བློས་འཇམ་དཔལ་དབྱངས་ལ་བདག་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་ཨཱརྻ་མཉྫུ་ཤྲཱི་ཡེ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ། བསྟོད་པ་ནི། གཞོན་ནུའི་ཆ་ལུགས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་ཏུ་བརྒྱན། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད། །བཟླས་དམིགས་གསལ་བཏབ་ལ་བཟླས་པ་བྱ། མདུན་དཀྱིལ་བསང་སྦྱང་། མདུན་རྟེན་མི་དམིགས་སྟོང་པའི་ངང་ཉིད་ལས། །ཡན་ལག་བརྒྱད་ལྡན་སོགས་བདག་བསྐྱེད་ལྟར་ལ། ཉ་རྒྱས་ཟླ་སྟེང་དྷཱིཿཡིག་དམར་སེར་ལས༔ འོད་འཕྲོས་དོན་བྱས་འཕགས་པ་འཇམ་དཔལ་སྐུ༔ ཞེས་སོགས་ནས་བསྟོད་པའི་བར་སྔར་ལྟར་ལ། བསྟོད་པ་སྤྲོ་ན་གང་བློ་མ་སྦྱར། མདུན་བསྐྱེད་ཐུགས་ཀར་པདྨ་ཟླ་བའི་སྟེང་། །དྷཱིཿཡིག་དམར་སེར་མཐའ་མར་སྔགས་ཀྱིས་བསྐོར། །འོད་འཕྲོས་འཕགས་མཆོད་འགྲོ་ཀུན་གཏི་མུག་བསལ། །བྱིན་རླབས་དངོས་གྲུབ་ཐམས་ཅད་བསྡུས་ནས་ཐིམ། །ཞེས་བསྒོམས་ལ་འབྲུ་བདུན་བཟླ། བུམ་པ་བསང་སྦྱང་། རིན་ཆེན་བུམ་པ་མཚན་ཉིད་ཡོངས་རྫོགས་ནང་། །ཡན་ལག་བརྒྱད་ལྡན་སོགས་ནས་བསྟོད་པ་ཡན་མདུན་བསྐྱེད་ལྟར་ལ། བཟླས་དམིགས་ནས་བརྩམ། མཆོད་བསྟོད་ཁ་བསྒྱུར་ཙམ་ལས། གཏོར་འབུལ། རྗེས་ཆོག་གི་བར་ཕྱི་སྒྲུབ་ལྟར་ཆ་ཚང་བྱའོ།། ༈ །།གསུམ་པ་གསང་སྒྲུབ་འཇམ་དཔལ་ཡེ་ཤེས་སེམས་དཔའ་བླ་མེད་ལུགས་ལ་སྦྱོར་བ་གཤོམ་ནི། གཞུང་མཐུན་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། མ་འཛོམ་ན་ཚོམ་བུ་གཙོ་འཁོར་དགུ་བཀོད་པའི་དབུས་སུ་མཉྫི་ལ་འཇམ་དཔལ་ཕྱག་བཞི་པ་ཡུམ་དང་བཅས་པའི་སྐུ་གཟུགས་བཞུགས། ཤར་དུ་རྣམ་བུམ། དབུ་རྒྱན་སོགས་གཞན་ཐམས་ཅད་ཕྱི་སྒྲུབ་སྐབས་ལྟར་ལ་གཏོར་མ་དཔལ་གཏོར། ཕྱག་མཚན་རལ་པོད་མདའ་གཞུ་དང་། རྗེས་གནང་ཆས་མཚན་བརྗོད་གླེགས་བམ། གདུགས། རལ་གྲི་མདའ་གཞུ། དུང་དཀར། འཁོར་ལོ་རྣམས་ལྷག་པོར་བཞག །མཆོད་པའང་སྨན་རཀ་གཏོར་གསུམ་བསྣན་ལ་བཀོད་དོ། །སྒྲུབ་པའི་ཐབས་ལ། ཐོག་མར་དཀར་གཏོར་བགེགས་གཏོར་སྤྱི་འགྲོ་ཉུང་བསྡུས་གཏང་། བཀའ་བསྒོ་ཞིང་མཚམས་གཅོད་པ་ནི་ཆོས་དབང་བླ་མ་གསང་འདུས་ལྟ་བུས་བྱ། སྐྱབས་སེམས་ཚད་མེད་ཕྱི་སྒྲུབ་ལྟར་ལ། མཆོད་བརླབ་ནི། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་རིན་ཆེན་པདྨའི་སྣོད། །ཡངས་ཤིང་རྒྱ་ཆེར་ཕྱི་ནང་གསང་བ་ཡི། །མཆོད་རྫས་ཟག་མེད་བདེ་སྐྱེད་ཡེ་ཤེས་སྤྲིན། །འདོད་ཡོན་རོལ་མོ་ཅི་ཡང་འཆར་བར་གྱུར། ཨོཾ་སརྦ་པཱུ་ཛ་ས་མ་ཡེ་ཨཱཿཧཱུྃ། ཨོཾ་སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཨཱཿཧཱུྃ། བདག་བསྐྱེད་གཏེར་གཞུང་གསང་སྒྲུབ་ལྟར། ཨོཾ་མ་ཧཱ་ཤཱུནྱ་ཏཱས་སྦྱང་བ་ནས། རིགས་བདག་གི་རྒྱས་བཏབ་པའི་བར་སོང་ནས། མཆོད་པ་ནི། ཕྱི་མཆོད་ཆུ་གཉིས་ཉེར་སྤྱོད་རྣམ་པ་ལྔ། །ནང་མཆོད་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །གསང་མཆོད་བདུད་རྩི་སྨན་རཀ་བ་ལིཾ་ཏ། །དགྱེས་པར་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ། ཨོཾ་ཨཱརྻ་མཉྫུ་ཤྲཱི་ས་པ་རི་བཱ་ར་བཛྲ་ཨརྒྷཾ་སོགས། ཤབྡ་པཉྩ་ཀཱ་མ་གུ་ཎ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོཿཁཱ་ཧི། བསྟོད་པ་གཞུང་ལྟར་བྱ། བཟླས་པ་གྲུབ་ནས་སྔགས་ཙམ་གྱིས་མཆོད། གོང་གསལ་ཤློ་ཀ་གཅིག་གིས་བསྟོད་ལ་འདོད་དོན་གསོལ་བ་གདབ། མདུན་བསྐྱེད་ཕྱི་སྒྲུབ་ལྟར་དཀར་པོ་གཞོན་ནུ་ཆུ་སྐྱེས་བསྐྱེད་བསྟིམས་མཆོད་བསྟོད་བཟླས་པ་བཅས་དེར་བཤད་པ་ལྟར་ལ། འབྲུ་དྲུག་དང་། ཨ་ཨ་སརྦ་ཏ་ཐཱ་ག་ཏ་སོགས་སྔགས་རིང་བཟླ། དེ་དག་གི་དམིགས་པ་གསང་སྒྲུབ་ཏུ་འབྱུང་བ་ལྟར་བྱ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་དམིགས་པ་གསལ་གདབ། གཟུངས་ཐག་བླངས་ལ་བདག་བསྐྱེད་སྐབས་ལྟར་གཙོ་འཁོར་རྣམས་ཀྱི་སྙིང་པོ་དང་། སྔགས་རིང་ཅི་འགྲུབ་བཟླ། ཡིག་བརྒྱ་བརྗོད། འབྲུ་གསུམ་གྱིས་མཆོད་ཡོན་ཕུལ་ལ་འོད་ཞུ་བྱ། མདུན་བསྐྱེད་གཏོར་འབུལ་ནས་རྗེས་ཆོག་ཡན་ཆད་ཕྱི་སྒྲུབ་ཏུ་བཤད་པ་ལྟར་རོ།། ༈ །།བཞི་པ་ཡང་གསང་བློའི་མུན་སེལ་ལ། སྦྱོར་བ་གཤོམ་ལ། མཎྜལ་ལ་མེ་ཏོག་གི་ཚོམ་བུ་གཅིག་བཀོད་པའི་སྟེང་ཁྲིའུར་འདི་ཉིད་ཀྱི་སྐུ་རྟེན་བཀོད་པ་ཙམ་ལས། གཞན་ཐམས་ཅད་གསང་སྒྲུབ་དང་འདྲ་ཞིང་། ཕྱག་མཚན་བསྡུ་ན་རལ་པོད་ཙམ། འཛོམ་ན་དེ་སྟེང་མེ་ལོང་མདའ་རྡོ་རྗེ་ཞགས་པ། བུམ་པ་གཞུ་ཨུཏྤལ་ནོར་བུ་བཅས་བཅུ་པོའི་ཙཀླི་བཀོད། རྗེས་གནང་གསང་སྒྲུབ་དབང་གི་སྐབས་སོང་བས་འཐུས་པའི་ཕྱིར་འདིར་བསྡུ་ན་བཀོད་མི་དགོས། སྒྲུབ་ཐབས་སྐྱབས་སེམས་ནས་མཆོད་བརླབ་བར་གསང་སྒྲུབ་ལྟར་ལ། བདག་བསྐྱེད་ཐོག་མར་ནང་སྒྲུབ་ཀྱི། ཡན་ལག་བརྒྱད་ལྡན་མཚོ་ཆེན་ནས། བཻ་ཌཱུརྻ་གསལ་བའི༔ བར་དང་། དེ་ནས་འདི་ཉིད་ཀྱི་གཏེར་གཞུང་ལྟར། ཨུཏྤལ་ཡལ་ག་ལོ་འདབ་རྒྱས་པའི་རྩེར༔ མེ་ཏོག་འདབ་མ་འབུམ་ལྡན་ཟེའུ་འབྲུའི་དབུས༔ ཉ་རྒྱས་ཟླ་སྟེང་དྷཱིཿཡིག་དམར་སེར་ལས༔ གཟི་བྱིན་འོད་ཕུང་བདག་གི་ལུས་ཐིམ་པས༔ བདག་ཉིད་རྣམ་སྨིན་ཕུང་པོ་ཐུལ་བསྲེགས་ནས༔ སོགས་ནས། སྤྱན་དྲངས་བསྟིམ༔ བར་དང་། ཨོཾ་ཨཱཿཧཱུྃ་ཨཱརྻ་མཉྫུ་ཤྲཱི་དྷཱིཿམུཾ་སརྦ་བཛྲ་ས་མ་ཡ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་ཡ་སཏྭཾཿ མཆོད་པ་གསང་སྒྲུབ་ལྟར་ཤློ་ཀ་གཅིག་སྔགས་བཅས་ཀྱིས་མཆོད། ཡེ་ཤེས་ཕུང་པོ་རྒྱལ་བ་ཀུན་གྱི་ཡབ། །བློ་ཡི་མུན་སེལ་རྗེ་བཙུན་མཁྱེན་པའི་གཏེར། །དབྱངས་ཅན་ལྷ་མོ་ཚིག་གི་འབྱུང་གནས་མ། །ཐབས་ཤེས་མཉམ་པར་རོལ་ལ་གུས་པས་བསྟོད། །ཅེས་བསྟོད། བཟླས་དམིགས་དང་ལྕེ་སོགས་བྱིན་བརླབས་ལ་བཟླས་པ་བྱ། མདུན་རྟེན་བསང་སྦྱང་། མདུན་རྟེན་མི་དམིགས་སྟོང་པའི་ངང་ཉིད་ལས། །ཡན་ལག་བརྒྱད་ལྡན་སོགས་གོང་ལྟར་ལ། ཡེ་ཤེས་དྲངས་བསྟིམས་རྗེས་མཆོད་པ་བསྡུ་ན་གསང་སྒྲུབ་བདག་བསྐྱེད་ལྟར་ལ། ཅུང་ཟད་སྤྲོ་ན། ཆུ་གཉིས་ཉེར་སྤྱོད། འདོད་ཡོན་ལྔ་བཅས་ཕྱི་ནང་གི་སྒྲུབ་ཐབས་ལྟར་ལེན། རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི། །ར་ས་ཡ་ན་སྨན་ཆེན་པོ། །ཉོན་མོངས་ཆགས་པའི་རཀྟར་བཅས། །མཉམ་པ་ཆེན་པོར་བཞེས་སུ་གསོལ། །མ་ཧཱ་ཨ་མྲྀཏ་རཀྟ་ཁཱ་ཧི། ཤ་ལྔ་བདུད་རྩིའི་སྙིང་པོ་ཅན། །བཟའ་བཅའ་བཏུང་བའི་ཚོགས་ལྡན་པའི། །དམ་རྫས་མཆོག་གི་གཏོར་མ་འདི། །གཉིས་སུ་མེད་པར་བཞེས་སུ་གསོལ། །མ་ཧཱ་བ་ལིཾ་ཏ་ཁཱ་ཧི། བསྟོད་པ་གོང་གི་ཤློ་ཀ་གཅིག་པོའམ། སྤྲོ་ན་གང་བློ་མས་བསྟོད། བཟླས་པ་བྱས། བུམ་པ་སྒྲུབ་ཚུལ་གསང་སྒྲུབ་ཏུ་བཤད་པ་ལྟར་བྱ། གཏོར་འབུལ་ཟུར་དུ་མེད་ཀྱང་ཆོག །བྱེད་པར་སྤྲོ་ན། རཾ་ཡཾ་ཁཾ། སྟོང་པའི་ངང་ལས། གཏོར་གཞོང་པདྨ་བྷཉྫའི་སྣོད་དུ་གཏོར་མ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔའི་རང་བཞིན་དམ་ཡེ་གཉིས་སུ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་མཉེས་པར་གྱུར། སྙིང་པོའི་མཐར། ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་འབུལ། སྔགས་ཙམ་གྱིས་མཆོད་ཅིང་བསྟོད་ལ་འདོད་དོན་གསོལ་བ་ནས། རྗེས་ཆོག་མཐར་ཐུག་པའི་བར་ཕྱི་སྒྲུབ་ལྟར་བྱའོ།། ༈ །།ལྔ་པ་ཟབ་གསང་བླ་ན་མེད་པ་ཟུང་འཇུག་གི་སྒྲུབ་པ་ལ། ཁ་ཅིག་གིས་འདི་ཉིད་དམ་པའི་སྨྲ་སེང་དང་མཐུན་པས་དབང་ཡང་དེ་མཐུན་ཟུར་དུ་ཡོད་པར་བྱེད་ཀྱང་། དེ་ལྟ་ན་ཕྱི་སྒྲུབ་འཇམ་དཀར་ལ་ཁ་ཆེ་པཎ་ཆེན་ལུགས་དང་མཐུན་པའི་རྗེས་གནང་ཡོད་དགོས་པ་སོགས་འགའ་ཞིག་འགྱུར་བས་ཟུར་དུ་མི་བཞུགས་ལ། ཟུང་འཇུག་སྒྲུབ་པ་འདི་སྔ་མ་རྣམས་དང་སྡེ་ཚན་གཅིག་པའི་ཕྱིར་སྤྱི་དབང་བདུད་རྩིའི་བུམ་པ་ཁོ་ནས་འཐུས་པས། སྦྱོར་བ་གཤོམ་ལ། མཎྜལ་ཚོམ་བུ་གཅིག་པའི་སྟེང་ལུགས་འདིའི་སྐུ་རྟེན་བཀོད་པ་དང་། ཕྱག་མཚན་འཇོག་པ་ལས་གཞན་ཐམས་ཅད་ཡང་གསང་སྒྲུབ་པའི་སྐབས་དང་འདྲ། སྒྲུབ་ཐབས་ལ་སྔོན་གཏོར་དཀར་བགེགས་གཏང་། བགེགས་བསྐྲད་མཚམས་གཅོད། སྐྱབས་སེམས་བཅས་གསང་སྒྲུབ་ཏུ་སྨོས་པ་བཞིན་ལ། ཡན་ལག་བཅུ་པ་ནི། བླ་མ་ཡི་དམ་ལྷ་ཚོགས་གཤེགས། །ཉི་ཟླ་པདྨའི་གདན་ལ་བཞུགས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས། །གསང་སྔགས་སྒྲུབ་ལ་རྗེས་ཡི་རང་། །སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐུལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །སྙིང་པོ་སེམས་ཅན་དོན་དུ་བསྔོ། །ཡང་དག་རྡོ་རྗེའི་དོན་རྟོགས་ཤོག །ཅེས་པ་ཙམ་བྱ། ཚད་མེད་བསྒོམ། གསང་སྒྲུབ་ལྟར་མཆོད་པ་བརླབ། བདག་བསྐྱེད་རང་གཞུང་ལྟར། སྟོང་ཉིད་སྙིང་རྗེའི་ངང་ལས་སོགས་ནས། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཐིམ༔ ཞེས་པའི་བར་དང་། སྤྱན་འདྲེན་གྱི་སྔགས་ནས་མཆོད་བསྟོད་ཀྱི་བར་ཡང་གསང་སྐབས་སུ་བཤད་པ་ལྟར་བྱ། དེ་ནས་གཞུང་འདི་ཉིད་ལྟར་བཟླས་དམིགས་གསལ་བར་བསྒོམས་ལ་སྙིང་པོ་བཟླ། མདུན་རྟེན་བསང་སྦྱང་། མདུན་རྟེན་མི་དམིགས་སྟོང་པའི་ངང་ཉིད་ལས། །པད་ཟླར་དྷཱིཿལས་འཕགས་པ་འཇམ་དཔལ་སྐུ༔ ཞེས་སོགས་ཀྱིས་ལྷ་བསྐྱེད། སྔགས་ཀྱི་དྲངས་བསྟིམ་ནས་བརྩམ། མཆོད་བསྟོད་བར་ཡང་གསང་མདུན་བསྐྱེད་སྐབས་ལྟར་སོང་ནས་འདི་ཉིད་ཀྱི་བཟླས་པ་བྱ། བུམ་པའི་བསྐྱེད་བཟླས་གསང་སྒྲུབ་ཏུ་བཤད་པ་ལྟར་ལ། གཏོར་འབུལ་རྗེས་ཆོག་རྣམས་ནི་ཡང་གསང་ཇི་ལྟ་བར་བྱའོ།། ༈ །།དྲུག་པ་དབྱངས་ཅན་དམར་མོའི་གསང་སྒྲུབ་ལ། སྦྱོར་བ་གཤོམ་ནི། མཎྜལ་པདྨ་འདབ་བརྒྱད་འཇའ་འོད་རྡོར་ར་མེ་རིས་བསྐོར་བའི་ལྟེ་བར་ཉི་གདན་ལ་ཐིག་ལེ་དམར་པོ་ཅན་ནམ། མ་འཛོམ་ན་ཚོམ་བུ་དམར་པོ་གཅིག་བཀོད། དབང་རྫས་གཞན་གོང་དུ་སྨོས་པ་རྣམས་དང་འདྲ་བ་ལས་བུམ་པའི་མགུལ་ཆིངས་དམར་པོ། སྐུ་རྟེན་དང་ཕྱག་མཚན་ཨུཏྤལ་ཟླ་སྟེང་ནོར་བུས་མཚན་པ་དང་མེ་ལོང་། གཏོར་མའང་འགྲུབ་ན་བང་རིམ་སུམ་བརྩེགས་སྟེང་ཅོག་ཟླུམ་དམར་པོ་པདྨ་མང་པོས་བསྐོར་བ་ཉི་ཟླ་ནོར་བུས་བརྒྱན་པ་བཀོད། སྒྲུབ་ཐབས་སྐྱབས་སེམས་ནས་བརྩམ་ཕྱི་སྒྲུབ་ལྟར་ལ། སྐྱབས་འགྲོའི་ཚིག་རྐང་གསུམ་པར། རྗེ་བཙུན་འཕགས་མ་དབྱངས་ཅན་དམར་མོ་ལ། །ཞེས་དང་། སེམས་བསྐྱེད་ཚིག་རྗེས་མར། འཕགས་མ་དབྱངས་ཅན་དམར་མོ་བསྒྲུབ་པར་བགྱི། །ཞེས་བསྒྱུར། ཚད་མེད་དང་མཆོད་བརླབ་སོང་ནས། བདག་བསྐྱེད་རང་གཞུང་ལྟར། སྭ་བྷཱ་བས་སྦྱང། པཾ་ལས་པདྨ་དཀར་དམར་སོགས་ནས་ལྷ་བསྐྱེད། ཡེ་ཤེས་པ་དྲང་བསྟིམ། ཕྱག་མཆོད་སྔགས་ཡན་སོང་ནས། ཨོཾ་སྭ་ར་སྭ་ཏྱཻ་བཛྲ་ཨརྒྷཾ་སོགས་དང་། རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད། ཤེས་རབ་ཕར་ཕྱིན་སྒྲ་དབྱངས་ལྷ་མོའི་ཚུལ། །ཡིད་འཕྲོག་ཚངས་པའི་སྲས་མོ་ཁམས་གསུམ་ལ། །སྨྲ་བ་ངག་གི་དཔལ་སྟེར་སྐྱེ་དགུའི་གསོས། །བློ་གྲོས་མཆོག་སྦྱིན་མ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བཟླས་དམིགས་གསལ་བཏབ་ལ་བཟླས་པ་བྱ། དེ་ནས་མདུན་རྟེན་བསང་སྦྱང་། དཀྱིལ་འཁོར་རྟེན་བཅས་མི་དམིགས་སྟོང་པའི་ངང་། །དག་པའི་ཞིང་བཀོད་ཕུན་སུམ་ཚོགས་པའི་དབུས། །པཾ་ལས་པདྨ་དཀར་དམར་འབུམ་ལྡན་རྒྱས༔ དེ་སྟེང་ཨ་ལས་ཉ་རྒྱས་ཟླ་དཀྱིལ་ལ༔ ཧྲཱིཾཿཡིག་དམར་པོ་འོད་ཟེར་འབར་བ་ལས། །འཕགས་པ་མཆོད་ཅིང་སོགས་ནས་ཕྱག་སྔགས་ཡན་གཏེར་གཞུང་ལྟར་ལ། མཆོད་པ་ཕྱི་ནང་གི་ཚིགས་བཅད་ཕྱི་སྒྲུབ་ལྟར་ལ་མཚན་སྔགས་བརྗེ། བསྟོད་པ་བྲམ་ཟེ་ཕུར་བུས་མཛད་པ་ཚང་མ་ཤེས་ན་ལེགས། བསྡུ་ན་ཐོག་མའི་ཤློ་ཀ་གཅིག་ཙམ་མམ། ལྷོ་ཕྱོགས་རྒྱ་མཚོའི་འཇིང་རོལ་ན། །རྡོ་རྗེ་ཕག་མོ་བདེ་བ་ཅན། །དབྱངས་ཅན་བཅོམ་ལྡན་འདས་མ་ལ། །གུས་པ་ཆེན་པོས་བསྟོད་པར་བགྱི། །ཞེས་པ་ཙམ་གྱིས་བསྟོད། མདུན་བསྐྱེད་ཐུགས་ཀར་སྔགས་འཁོར་དང་སྤྲོ་བསྡུའི་དམིགས་པ་བྱས་ལ་སྙིང་པོ་བཟླ། བུམ་བསྐྱེད་རྒྱས་པར་སྤྲོ་ན་ཕྱི་སྒྲུབ་དང་བྱེད་ལུགས་མཚུངས། བསྡུ་ན་གསང་སྒྲུབ་ལྟར་བྱ། གཏོར་འབུལ་ཕྱི་སྒྲུབ་ཀྱིས་འགྲེ །རྗེས་ཀྱི་བྱ་བ་རྣམས་ཀྱང་དེ་ཀ་ལྟར་བྱས་པས་འགྲུབ་བོ།། ༈ །།རྩ་བའི་གཉིས་པ་སྤྱི་དྲིལ་དབང་གི་ཆོ་ག་ནི། ཟུང་དུ་མ་གྱུར་པའི་སློབ་མ་རྣམས་ཁྲུས་ནས་དབྱུང་། སྤྱི་འགྲོ་ལྟར་བགེགས་གཏོར་བཏང་ལ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་དུ་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ཡབ་ཡུམ་བཀའ་སྡོད་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། དེང་འདིར་རྡོ་རྗེའི་སློབ་མ་འདི་རྣམས་ལ་སྨིན་བྱེད་ཀྱི་དབང་བསྐུར་བ་བསྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་རིགས་ལོག་པར་འདྲེན་པ་ཐམས་ཅད་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་དཔལ་ཆེན་ཧེ་རུ་ཀ་འབར་བ་ཆེན་པོའི་སྟོབས་ཀྱིས་རྡུལ་ཕྲན་བཞིན་དུ་བརླག་པར་བྱེད་དོ། །ཞེས་དང་ལས་སྔགས། སུམྦྷ་ནི་དྲག་ཏུ་བརྗོད། གུ་གུལ་བདུག །ཡུངས་ཐུན་རོལ་མོ་བཅས་པས་བསྐྲད། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་སྲུང་བའི་གུར་ཁང་ཁྲོ་ཆུང་དང་མེ་ཕུང་འབར་བས་བཅིངས་ཏེ་བར་དུ་གཅོད་པ་གང་གིས་ཀྱང་གླགས་མི་རྙེད་པར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ། ཅེས་སྲུང་འཁོར་བརྟན་པོར་བསྒོམ། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། ཆོས་བཤད་ཇི་ལྟར་རིགས་པ་དང་བྱེ་བྲག་ཏུ། དེའང་ཐོག་མ་མེད་པ་ནས་ཐ་མ་མེད་པའི་དུས་གསུམ་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཙོ་བོར་གྱུར་པའི་རྣམ་པར་འཕྲུལ་པ་གང་འདུལ་དེར་སྟོན་གྱིས་འཁོར་བའི་རྒྱ་མཚོ་དོང་ནས་སྤྲུགས་པ་བསམ་གྱིས་མི་ཁྱབ་པའི་མཛད་ཕྲིན་ལ་མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་ཞིང་། ཡེ་ཤེས་རོལ་པ་རྒྱན་གྱི་བཀོད་པའི་སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་དང་ལྡན་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་རྡོ་རྗེ་ཐེག་པའི་གསང་བ་རྣམས་སུ་སྒྲུབ་ཐབས་ཀྱི་རིམ་པ་མཐའ་ཡས་པ་བཞུགས་ཤིང་། དེ་ལ་བརྟེན་ནས་དངོས་གྲུབ་བརྙེས་པའི་སློབ་དཔོན་རྣམས་ཀྱི་གདམས་ངག་གི་བཀའ་སྲོལ་འཕགས་བོད་གཉིས་སུ་རྒྱ་ཆེར་བྱོན་པ་ལས། འདིར་མཁྱེན་གཉིས་ཡེ་ཤེས་ཀྱི་མེ་ལོང་ལ་ཆགས་ཐོགས་ཀྱི་རྡུལ་དང་བྲལ་བ། སངས་རྒྱས་གཉིས་པ་པདྨ་སཾ་བྷ་བས་ཡེ་ཤེས་ཌཱ་ཀི་མཚོ་རྒྱལ་དང་འབྲོག་བན་ཁྱེའུ་ཆུང་ལོ་ཙཱ་གཉིས་ལ་ཆེད་དུ་བརྗོད་པའི་ཚུལ་གྱིས་གདམས་པར་མཛད་ཅིང། ཕྱི་རབས་བསྟན་པ་འཛིན་པའི་སྐྱེས་བུ་རྣམས་ཀྱི་མཁྱེན་དཔྱོད་ཀྱི་སྣང་བ་རྒྱས་པར་བྱེད་པའི་ཐབས་ལ་དགོངས་ཏེ། མདོ་ཁམས་གནས་ཆེན་ཉེར་ལྔའི་གཙོ་བོ་ཁྲོ་རི་རྡོ་རྗེ་ཟིལ་ཁྲོམ་གྱི་གནས་སྒོའི་འགྱུར་མེད་ཀེའུ་ཚང་དུ་གཏེར་རྒྱས་བཏབ་པ། ས་བཅུའི་དབང་ཕྱུག་གཏེར་ཆེན་བདུད་འདུལ་ནུས་ལྡན་རྡོ་རྗེས་རྫུ་འཕྲུལ་གྱི་རོལ་པས་སྤྱན་དྲངས། བགྲང་བྱ་ཕྲག་དགུའི་གསང་རྒྱ་ཐེམས་པ་ན་རྒྱལ་སྲས་འཇིགས་མེད་ནུས་ལྡན་རྡོ་རྗེ་ལ་བཀས་གནང་སྟེ་གཏན་ལ་ཕབ་པ། ཡི་དམ་དམར་ནག་འཇིགས་གསུམ་གྱི་ཞི་སྒྲུབ་འཇམ་དཔལ་ཡབ་ཡུམ་གྱི་སྐོར་ལ་སྒྲུབ་ཐབས་བདུན་དུ་བཞུགས་པའི་ཞེས་ཐམས་ཅད་ལ་སྤྱི་བཤད་དུ་སྦྱར་ནས། ཐོག་མར་ཕྱི་སྒྲུབ་འཇམ་དཔལ་དཀར་པོ་གཞོན་ནུ་ཆུ་སྐྱེས་དགོས་འདོད་ཀུན་འབྱུང་གི་དབང་བསྐུར་བསྒྲུབ་པ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་ལེགས་པར་གྲུབ་པ་ལགས་པས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སྔོན་འགྲོ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་ཞིང་ཁམས་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །ཕྱི་མ་རྣམས་ལ། གཉིས་པ་ནང་སྒྲུབ་འཇམ་དཔལ་དམར་པོ་ཨ་ར་པ་ཙ་བློའི་མུན་སེལ་གྱི་དབང་བསྐུར། གསུམ་པ་གསང་སྒྲུབ་འཇམ་དཔལ་གསེར་མདོག་ཡེ་ཤེས་སེམས་དཔའ་བློ་གྲོས་པད་ཚལ་རྒྱས་བྱེད་ཀྱི་དབང་བསྐུར། བཞི་པ་ཡང་གསང་འཇམ་དཔལ་དམར་སེར་ཤེས་རབ་སྐྱེད་བྱེད་བློའི་མུན་སེལ་གྱི་དབང་བསྐུར། ལྔ་པ་ཟབ་གསང་བླ་ན་མེད་པ་འཇམ་དཔལ་སྨྲ་སེང་ཡབ་་ཡུམ་ཟུང་འཇུག་གི་སྒྲུབ་པ་མཁའ་ཀློང་ཡངས་པའི་དབང་བསྐུར། ཅེས་སོ་སོར་བསྒྱུར། བླ་མ་དང་འཕགས་པ་འཇམ་དཔལ་ཐ་མི་དད་པ་ལ་གུས་པ་ཆེན་པོས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ༔ སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ༔ བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ༔ མགོན་པོ་ཆེན་པོ་བདག་འཚལ་ལོ༔ དམ་ཚིག་དེ་ཉིད་བདག་ལ་སྩོལ༔ བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ མགོན་པོས་བདག་ཀྱང་གཞུག་པར་འཚལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་བརྩེ་བས་དགོངས་ཏེ་གནང་བ་བསྩལ་ཞིང་སྤྲོ་བ་སྐྱེད་པའི་ཆེ་བ་བརྗོད་པ་ལ་སྙན་གཏོད་འཚལ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ་མཆོག་ཀུན༔ ཁྱེད་རྣམས་ཐེག་པ་ཆེན་པོའི་སྣོད་ཡིན་ཏེ༔ ཡང་གསང་བླ་མེད་སྤྱོད་ཚུལ་ཆོ་ག་རྣམས༔ དེ་རིང་ཁྱོད་ལ་ཡང་དག་བསྟན་པར་བྱ༔ དུས་གསུམ་ངེས་འབྱུང་ཡང་དག་རྫོགས་སངས་རྒྱས༔ སྐུ་གསུང་ཐུགས་ཀྱི་རང་བཞིན་རྡོ་རྗེ་ཅན༔ རྡོ་རྗེ་འཇིགས་བྲལ་གསང་སྔགས་མཐུ་ཡིས་ནི༔ མགོན་པོ་ཡེ་ཤེས་མཉམ་ཉིད་ཡང་དག་བརྙེས༔ བརྩེ་ཆེན་འཇམ་དཔལ་ཡེ་ཤེས་མཆོག་གི་ནི༔ བླ་མེད་གསང་སྔགས་སྦྱོར་བ་མཉམ་མེད་པས༔ བདུད་སྡེ་དཔུང་བཅས་མ་ལུས་ཀུན་བཅོམ་ནས༔ འཇིག་རྟེན་རྗེས་འཇུག་ཡང་དག་སྤྱོད་ནས་ཀྱང༔ ཆོས་འཁོར་བསྐོར་ནས་མྱང་འདས་ལམ་བགྲོད་ཅིང༔ མཉམ་མེད་རྒྱལ་བ་ཀུན་མཁྱེན་སྐུ་ཐོབ་ཕྱིར༔ བུ་ཀུན་བློ་གྲོས་རབ་ཡངས་འདི་གྱིས་ཤིག༔ དེ་ནས་ཐོག་མར་རྒྱུད་དག་ཅིང་སྣོད་དུ་རུང་བར་བྱ་བའི་སླད་དུ། བླ་མ་བཅོམ་ལྡན་འདས་འཇམ་དཔལ་དབྱངས་ལ་སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པས་བསྐོར་ཏེ་བཞུགས་པ་ལ། བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྒོ་གསུམ་རྩེ་གཅིག་གུས་པས་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས། དུས་འདི་ནས་བཟུང་སོགས་ལས་བྱང་ལྟར་ལན་གསུམ། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ལ་དགོད་པར་བྱ། དེའི་ཆེད་དུ་འཕགས་པ་འཇམ་དཔལ་དབྱངས་ཀྱི་ཐུགས་བསྐྱེད་པ་ལྟར་སེམས་བསྐྱེད་ཅིང་བྱང་ཆུབ་སྤྱོད་པའི་རྗེས་སུ་སློབ་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། བདག་གིས་ཁམས་གསུམ་འཁོར་བའི་སོགས་གསུམ། ཞིང་མཆོག་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་གསག་སྦྱང་སྤེལ་གསུམ་ཚུལ་བཞིན་བགྱིད་པའི་འདུན་པས་འདིའི་རྗེས་ཟློས། ཕྱི་སྒྲུབ་ནང་སྒྲུབ་གཉིས་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་དང་། གཞན་རྣམས་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚར་གསུམ་བྱ། དུང་ཞལ་དུ་དྲིའི་ཆུ་དང་བདུད་རྩི་བསྲེས་པའི་དམ་ཆུ་སྦྱིན་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་བདུད་རྩིའི་ཆུ༔ དམ་ཚིག་འདས་ན་སྲེག་ཅིང་དམྱལ་བར་ལྟུང༔ དམ་ཚིག་བསྲུངས་ན་དངོས་གྲུབ་ཚེ་འདིར་ཐོབ༔ དམ་ཚིག་བདུད་རྩིས་ལས་ཀུན་འགྲུབ་པར་འགྱུར༔ བཛྲ་ས་མ་ཡ་ཨུ་ད་ཀ་ན་ར་ཀན་ཋ་ཋ༔ དམ་ཚིག་གི་རྡོ་རྗེ་གནས་གསུམ་དུ་གཏུགས་ལ། དམ་ཚིག་ཡེ་ཤེས་གསང་མཆོག་རྡོ་རྗེ་འདི༔ སྐལ་ལྡན་ཁྱོད་ཀྱི་གནས་གསུམ་གཏུགས་པ་ཡིས༔ དཔལ་ཆེན་སྲོག་གི་རྡོ་རྗེ་འདི་བྱིན་པས༔ ང་ནི་གསང་མཆོག་འཇམ་དཔལ་རྡོ་རྗེ་སྟེ༔ ང་ཡིས་ཇི་ལྟར་བསྒོས་པའི་བཀའ་བཞིན་དུ༔ བུ་ཁྱོད་ཉམས་མེད་ཡང་དག་བསྒྲུབ་དགོས་སོ༔ གལ་ཏེ་ང་ཡི་བཀའ་ལས་འདས་གྱུར་ན༔ གསང་མཆོག་རྡོ་རྗེ་ཁྱོད་ཀྱི་གཤེད་མར་འགྱུར༔ རྡོ་རྗེ་འབར་བས་དམྱལ་བར་སྲེག་པར་བྱེད༔ བུ་ཁྱོད་དམ་ཚིག་ཉམས་མེད་སྙིང་ལ་ཆོངས༔ བཛྲ་ས་མ་ཡ་ཨུ་ད་ཀ་ན་ར་ཀན་ཋ་ཋ༔ དེས་རྡོ་རྗེའི་དམ་ཚིག་གཉན་པོའི་གནད་ལ་བཀར་ནས། དབང་གི་གཞི་རྟེན་སྒྲུབ་པ་ཡེ་ཤེས་པ་དབབ་པར་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཨེ་མ༔ བླ་མ་འཇམ་མགོན་ཆེ་བའི་མཆོག༔ རྗེ་བཙུན་མགོན་པོ་འཇམ་དབྱངས་ཀྱི༔ ཡེ་ཤེས་སེམས་དཔའ་དབབ་པར་མཛོད༔ བདག་ལ་འགོ་བར་མཛད་དུ་གསོལ༔ ཉེ་བར་འགོ་བར་མཛད་དུ་གསོལ༔ དབང་བསྐུར་བྱིན་རླབས་བསྩལ་དུ་གསོལ༔ གསུམ། ཁྱེད་རང་རྣམས་ལུས་གནད་བསྲང་། ངག་རླུང་ཁ་སྦྱོར་དུ་བཅིང་། ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ཅེས་བྱས་ལ་བསང་སྦྱང་སྟེ། སྒྲུབ་ཐབས་སོ་སོའི་མངོན་རྟོགས་ཀྱི་དབུ་ནས་ཡེ་ཤེས་སྤྱན་དྲངས་ཐིམ་པའི་བར་གོ་བརྡ་འཕྲོད་པར་དལ་བར་བཀླག །རང་ཉིད་ཅེས་པ་ལ་ཁྱེད་རང་ཞེས་སོགས་སྐབས་ཀྱི་ཁ་བསྒྱུར་བྱ། སྤོས་བརྟུལ། རོལ་མོ་བསྒྲག །སོ་སོའི་སྙིང་པོའི་གཤམ་དུ། ཨཱ་བེ་ཤ་ཡ་ཨ་ཨཱ༔ ཨེ་ཨཱ་རལླི་ཧྲིང་ཧྲིང་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་ལན་གསུམ་གྱི་མཐར་མི་གནས་པའི་ཡེ་ཤེས་ཆེན་པོར་བཞག་ལ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་སྒོ་གསུམ་ལ་རབ་ཏུ་གནས་པར་བྱས་པར་མོས་ཤིག །སྔགས་མཐར་ཏིཥྛ་བཛྲ་གྱིས་རྡོ་རྗེ་སྤྱི་བོར་བཞག་ལ་བརྟན་པར་བྱ། དེ་རྣམས་ཀྱིས་འཇུག་པའི་ཆོས་རྣམས་གྲུབ། དངོས་གཞི་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་འཚལ། གསོལ་བ་གདབ་པ་འདིའི་རྗེས་ཟློས། ཇི་ལྟར་བླ་མ་རྡོ་རྗེ་འཆང་དབང་གིས༔ ཡེ་ཤེས་སེམས་དཔའ་ཉིད་དུ་བདག་བསྒྲུབས་ཕྱིར༔ དེ་བཞིན་རྡོ་རྗེ་སློབ་དཔོན་ཁྱོད་ཀྱིས་ཀྱང༔ བདག་ལ་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཅེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པས། ལྷ་དང་སློབ་དཔོན་གཉིས་སུ་མེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་པ་རྣམས་དང་སློབ་དཔོན་ལྷན་ཅིག་པས་མི་བསྐྱོད་པའི་ངོ་བོ་བུམ་ཆུ་ལ་སོགས་པ་རིགས་ལྔའི་རང་བཞིན་ཅན་གྱི་རིག་པའི་དབང་རྣམས་རིམ་པར་བསྐུར་བར་མོས་ཤིག །བུམ་པ་རྡོ་རྗེ་བཅས་སྤྱི་བོར་བཞག་ལ། ཧཱུྃ༔ ཞེ་སྡང་རྣམ་དག་རྡོ་རྗེ་མི་བསྐྱོད་པའི༔ མེ་ལོང་ཡེ་ཤེས་རྒྱུད་ལ་སྐྱེ་བའི་ཕྱིར༔ རྡོ་རྗེ་མི་བསྐྱོད་པ་ཡི་གཟི་བྱིན་མཆོག༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་རྫོགས་ཤོག༔ རྩ་སྔགས་ཀྱི་ཤམ་བུར་ཨ་བྷི་ཥིཉྩ་མཱཾ༔ དེས་རྡོ་རྗེ་རིགས་ཀྱི་དབང་ཐོབ། ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར། མེ་ལོང་ཡེ་ཤེས་མངོན་དུ་བྱས་པར་མོས་ཤིག །རིན་པོ་ཆེ་དང་དབུ་རྒྱན་མགོར་བསྐོན་ལ། ཧཱུྃ༔ ང་རྒྱལ་རྣམ་དག་རྡོ་རྗེ་རིན་འབྱུང་གི༔ མཉམ་ཉིད་ཡེ་ཤེས་རྒྱུད་ལ་སྐྱེ་བའི་ཕྱིར༔ རྡོ་རྗེ་རིན་ཆེན་འབྱུང་ལྡན་གཟི་བྱིན་མཆོག༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་རྫོགས་ཤོག༔ རཏྣ་མཱ་ལཱ་ཏྲཱཾ་ཨ་བྷི་ཥིཉྩ་ཏུ་མཱཾ༔ དེས་རིན་ཆེན་རིགས་ཀྱི་དབང་ཐོབ། ང་རྒྱལ་དག །ཚོར་བའི་ཕུང་པོ་གནས་གྱུར། མཉམ་ཉིད་ཡེ་ཤེས་མངོན་དུ་བྱས་པར་མོས་ཤིག །པདྨ་དང་རྡོ་རྗེ་ལག་གཡས་སུ་གཏད་ལ། ཧཱུྃ༔ འདོད་ཆགས་རྣམ་དག་རྡོ་རྗེ་འོད་དཔག་མེད༔ སོར་རྟོག་ཡེ་ཤེས་རྒྱུད་ལ་སྐྱེ་བའི་ཕྱིར༔ རྡོ་རྗེ་འོད་དཔག་མེད་པའི་གཟི་བྱིན་མཆོག༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་རྫོགས་ཤོག༔ པདྨ་མཱ་ལཱ་ཨ་བྷི་ཥིཉྩ་ཏུ་མཱཾ༔ དེས་པདྨ་རིགས་ཀྱི་དབང་ཐོབ། འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། སོར་རྟོག་ཡེ་ཤེས་མངོན་དུ་བྱས་པར་མོས་ཤིག །རལ་གྲི་དང་དྲིལ་བུ་ལག་གཡོན་དུ་གཏད་ལ། ཧཱུྃ༔ ཕྲག་དོག་རྣམ་དག་རྡོ་རྗེ་དོན་ཡོད་གྲུབ༔ བྱ་གྲུབ་ཡེ་ཤེས་རྒྱུད་ལ་སྐྱེ་བའི་ཕྱིར༔ རྡོ་རྗེ་དོན་ཡོད་གྲུབ་པའི་གཟི་བྱིན་མཆོག༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་རྫོགས་ཤོག༔ ཨོཾ་ཀརྨ་མཱ་ལཱ་ཨ་བྷི་ཥིཉྩ་ཏུ་མཱཾ༔ དེས་ལས་ཀྱི་རིགས་ཀྱི་དབང་ཐོབ། ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། བྱ་གྲུབ་ཡེ་ཤེས་མངོན་དུ་བྱས་པར་མོས་ཤིག །སོ་སོའི་སྔགས་བྱང་འཁོར་ལོ་དང་དྲིལ་བུ་སྦྱིན་ལ། ཧཱུྃ༔ གཏི་མུག་རྣམ་དག་རྡོ་རྗེ་རྣམ་སྣང་གི༔ ཆོས་དབྱིངས་ཡེ་ཤེས་རྒྱུད་ལ་སྐྱེ་བའི་ཕྱིར༔ རྡོ་རྗེ་རྣམ་སྣང་མཛད་ཀྱི་གཟི་བྱིན་ཀུན༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་རྫོགས་ཤོག༔ ཨོཾ་བཻ་རོ་ཙ་ན་ཨ་བྷི་ཥིཉྩ་ཏུ་མཱཾ༔ དེས་དེ་བཞིན་རིགས་ཀྱི་དབང་ཐོབ། གཏི་མུག་དག །གཟུགས་ཀྱི་ཕུང་པོ་གནས་གྱུར། ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱས་པར་མོས་ཤིག །དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ཡིན་པས་དམིགས་པ་འདི་ལྟར་དུ་མཛོད། མདུན་བསྐྱེད་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་ཆད། ཁྱེད་རང་རྣམས་ལ་ཐིམ་པས་རྡོ་རྗེའི་སྐུ་དང་དབྱེར་མེད་དུ་བྱིན་གྱིས་བརླབས་པར་མོས་ཤིག །སོ་སོའི་སྐུ་སྤྱི་བོར་བཞག་ཅིང་ལག་ཏུ་གཏད་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་རང་བྱུང་སྐུ་ཆེ་བ༔ སངས་རྒྱས་ཀུན་གྱི་རང་བྱུང་སྐུ་ཡིན་ཏེ༔ སངས་རྒྱས་ཀུན་གྱི་སྐུ་ཡིས་བྱིན་བརླབས་པ༔ བླ་མ་འཇམ་མགོན་ཡབ་ཡུམ་་་དཔའ་རྐྱང་ཡིན་ན།་་་འཇམ་པའི་དབྱངས་ཀྱི་སྐུ་ཐོབ་ཅེས་བསྒྱུར། སྐུ་ཐོབ་ཤོག༔ རྩ་སྔགས་མཐར་ཛཿཧཱུྃ་བཾ་ཧོ༔ ཏིཥྛ་བཛྲ༔ ཞེས་བརྗོད། ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས། གང་ཚེ་བལྟ་བར་འདོད་པ་དང༔ ཅུང་ཟད་འདྲི་བར་འདོད་ན་ཡང༔ བླ་མ་འཇམ་མགོན་ཡབ་ཡུམ་ཁྱོད༔་་་དཔའ་རྐྱང་ལ་འཇམ་དཔལ་མགོན་པོ་ཞེས་བསྒྱུར། གེགས་མེད་པར་ནི་འགྲུབ་པར་ཤོག༔ དེས་ལུས་ལྷ་བསྒོམ་པ་ལ་དབང་བ་ཡིན་པས། དེང་ཕྱིན་ཆད་སྣང་སྟོང་ལྷའི་ཕྱག་རྒྱ་སྒོམ་པ་ལ་བརྩོན་པར་གྱིས་ཤིག །སློབ་དཔོན་འཇམ་དཔལ་ཡབ་ཡུམ་་་དཔའ་རྐྱང་ལ་འཇམ་དཔལ་དབྱངས་སུ། དུ་གསལ་བའི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་ཞལ་དུ་ཐོན་ནས། སློབ་མའི་མགྲིན་པར་ཞུགས། སྙིང་ཁའི་ས་བོན་ལ་ཐིམ་པས་རྡོ་རྗེའི་གསུང་དང་དབྱེར་མེད་དུ་བྱིན་གྱིས་རློབས་པར་མོས་ལ་སྔགས་འདིའི་རྗེས་ཟློས། སོ་སོའི་སྙིང་པོ་རྣམས་རྗེས་ཟློས་ལན་གསུམ་བྱར་གཞུག །སྒྲུབ་ཡིག་དང་ཕྲེང་བ་ལག་ཏུ་གཏད་ལ། སངས་རྒྱས་ཀུན་གྱི་རང་བྱུང་གསུང་ཆེ་བ༔ སངས་རྒྱས་ཀུན་གྱི་གསུང་དབྱངས་རྡོ་རྗེའི་སྒྲ༔ གསང་བའི་གསུང་ངག་བླ་ན་མེད་པའི་དབང༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་དབང་བྱེད་ཤོག༔ སརྦ་དྷརྨ་ཨ་བྷི་ཥིཉྩ་ཏུ་མཱཾ༔ སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས། བརྩེ་ཆེན་ཁྱོད་ཀྱི་ཤེས་རབ་འོད་ཟེར་གྱིས༔ འགྲོ་བློའི་གཏི་མུག་མུན་པ་རབ་བསལ་ཏེ༔ བཀའ་དང་བསྟན་བཅོས་ཟབ་མོ་རྟོགས་པ་ཡི༔ བློ་གྲོས་སྤོབས་པའི་སྣང་བ་བསྐྱེད་དུ་གསོལ༔ དེས་ངག་སྔགས་བཟླ་བ་ལ་དབང་བ་ཡིན་པས། དེང་ཕྱིན་ཆད་གྲགས་སྟོང་བཟླས་བརྗོད་ཆུ་བོའི་རྒྱུན་ལྟ་བུ་ལ་བརྩོན་པར་གྱིས་ཤིག །ལྷག་པའི་ལྷའི་ཐུགས་ཀ་ནས་མཁྱེན་གཉིས་ཡེ་ཤེས་ཀྱི་ངོ་བོ་ཕྱག་མཚན་གྱི་རྣམ་པ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་རྡོ་རྗེའི་ཐུགས་དང་དབྱེར་མེད་དུ་བྱིན་གྱིས་བརླབས་པར་མོས་ཤིག །སོ་སོའི་ཕྱག་མཚན་སྙིང་གར་བཞག་ཅིང་གཏད་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས་ཆེན་པོ༔ དུས་གསུམ་སངས་རྒྱས་ཀུན་གྱི་གསང་བ་འཛིན༔ གསང་བ་མཉམ་ཉིད་བདེ་ཆེན་ཡངས་པའི་ཀློང༔ བདེ་ཆེན་རིག་རྩལ་བསྒོམ་པའི་དབང་ཐོབ་ཤོག༔ མ་ཧཱ་སརྦ་ཙིཏྟ་མ་ཏི་ཨ་བྷི་ཥིཉྩ་ཏུ་མཱཾ༔ མེ་ཏོག་འཐོར་ལ་འདིའི་རྗེས་ཟློས། བརྩེ་ཆེན་ཁྱོད་ཀྱི་ཐུགས་རྗེའི་འོད་ཟེར་གྱིས༔ བདག་བློའི་མི་ཤེས་དྲི་ཚོགས་ཀུན་བཅོམ་ནས༔ འཆད་རྩོད་སྤོབས་པའི་སྣང་བ་རབ་རྒྱས་ཤིང༔ བློ་གྲོས་ཡངས་པའི་སྣང་བ་རྒྱས་པར་མཛོད༔ དེས་སེམས་ཆོས་ཉིད་ཀྱི་དོན་བསྒོམ་པ་ལ་དབང་བ་ཡིན་པས། དེང་ཕྱིན་ཆད་རིག་སྟོང་འོད་གསལ་གྱི་ཏིང་ངེ་འཛིན་དང་མ་བྲལ་བར་མཛོད་ཅིག །ཕྱི་སྒྲུབ་ནས་དབྱངས་ཅན་མའི་བར་དབང་སྣ་ལྔ་ལ་འདི་ནས་འོག་གི་གཏོར་དབང་ལ་འཇུག་པས་འཐུས་ཤིང་། གསང་སྒྲུབ་ཡེ་ཤེས་སེམས་དཔའི་དབང་ལ་འདིར་རྗེས་གནང་སྦྱོར་དགོས་པས། དེ་རྣམས་ཀྱིས་དབང་གི་དངོས་གཞི་གྲུབ་ནས། མཐའ་རྟེན་ཏུ་རྗེས་སུ་གནང་བ་ལ། རང་དོན་བསྙེན་སྒྲུབ་ལས་ཀྱི་སྦྱོར་བ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་སོགས་དོན་གཉིས་ཅི་དགར་སྤྱོད་པའི་གནང་བ་བསྩལ་ཅིང་རྒྱལ་ཐབས་སྤྱི་བླུགས་ཀྱི་ཆོ་གས་མངའ་གསོལ་བར་མོས་ཤིག །མཚན་བརྗོད་གླེགས་བམ་གཏད་ལ། ཧཱུྃ༔ འཇམ་མགོན་སྨྲ་བའི་སེང་གེ་མཚུངས་པ་མེད༔ འགྲོ་ལ་བརྩེ་ཆེན་ཐུགས་རྗེའི་འོད་ཟེར་ཅན༔ དམ་ཆོས་འདི་ཉིད་ཀློག་དང་ཀུན་ཆུབ་དང༔ རྒྱ་ཆེན་འགྲོ་བའི་དོན་རབ་སྤྱོད་པར་གྱིས༔ གསེར་གདུགས་སྤྱི་བོར་ཕུབ་ལ། ཧཱུྃ༔ ཁྱབ་བདག་གསེར་གདུགས་རཏྣས་ཀུན་ཁྱབ་ཅིང༔ སེམས་ཅན་སྡུག་བསྔལ་མ་ལུས་སྐྱོབ་བྱེད་པ༔ ཟབ་ཅིང་ཡང་གསང་རྒྱ་ཆེ་སྤྱོད་པ་དང༔ འགྲོ་བའི་དོན་རབ་འབད་མེད་འགྲུབ་གྱུར་ཅིག༔ གྲི་དང་མདའ་གཞུ་གཏད་ལ། ཧཱུྃ༔ བརྒྱད་ཁྲི་བཞི་སྟོང་དཔུང་འཇོམས་གཡུལ་རྒྱལ་གྲི༔ ཐབས་ཤེས་དབྱེར་མེད་མཚོན་པའི་མདའ་གཞུ་ཆེ༔ དཔའ་བོ་ཆེན་པོ་སྟོབས་མངའ་ཧེ་རུ་ཀ༔ བདུད་ཀྱི་དཔུང་རྣམས་མ་ལུས་འདུལ་མཛད་པ༔ རང་བྱུང་རིག་རྩལ་རྒྱས་པའི་དབང་ཐོབ་ཤོག༔ དུང་དཀར་འབུད་དུ་འཇུག་ལ། ཧཱུྃ༔ ཆོས་དུང་དཀར་པོ་དྲི་བྲལ་སྒྲ་ཆེན་པོ༔ རྣམ་ཀུན་རབ་སྒྲོག་སྙན་པའི་ཆོས་ཀྱི་སྒྲ༔ ཆོས་ཀྱི་རྔ་ཆེན་སྟོང་ཉིད་ཟབ་ཡངས་པ༔ དྲི་མེད་ཕྱོགས་བྲལ་ཀུན་ཏུ་སྒྲོག་པའི་དབང་ཐོབ་ཤོག༔ ཆོས་ཀྱི་འཁོར་ལོ་གཏད་ལ། ཧཱུྃ༔ འཁོར་ལོས་སྒྱུར་བ་ཆེན་པོ་དཔའ་བོ་ཆེ༔ བརྗོད་བྲལ་ཡང་དག་དོན་ལྡན་དེ་བཞིན་ཉིད༔ འདྲེན་པ་མཉམ་མེད་ཆོས་ཀྱི་འཁོར་ལོ་མཆོག༔ ཁྱོད་ཀྱིས་རྟག་བརྟན་འཁོར་ལོ་བསྐོར་བར་གྱིས༔ སྒྲུབ་ཡིག་གཏད་ལ། ཧཱུྃ༔ བདག་མེད་སེང་གེའི་སྒྲ་དང་ལྡན་པ་པོ༔ འདི་བསྒྲུབས་འབད་པས་ཀུན་མཁྱེན་སྐུ་འགྲུབ་ཕྱིར༔ མུ་སྟེགས་ཕས་རྒོལ་མ་ལུས་ཟློག་མཛད་པ༔ ནོར་འཁྲུལ་ཐམས་ཅད་རྣམ་པ་ཀུན་སྤངས་པ༔ རྩོད་བྲལ་ཡེ་ཤེས་རྒྱས་པའི་དབང་རྫོགས་ཤོག༔ རྡོ་རྗེ་སློབ་དཔོན་གྱི་སྲིན་ལག་བཟུང་དུ་འཇུག་ལ། ཧཱུྃ༔ འགྲོ་བའི་བླ་མ་སྟོན་པ་རྫོགས་སངས་རྒྱས༔ འགྱུར་མེད་རྟག་པར་རྒྱུན་བཞིན་དུ༔ ཇི་ལྟར་མ་ལུས་སྟོན་པ་རྡོ་རྗེ་སློབ་དཔོན་བདག་གིས་ཀྱང༔ བུ་ཁྱོད་ལ་ཡང་རྒྱལ་ཐབས་སྤྱི་བླུགས་གཏད༔ གྲོལ་བ་བདེ་བར་རྣམ་གྲོལ་ཡེ་ཤེས་ལུས༔ མི་ཟད་བདེ་ཆེན་གཏེར་ཆེན་པོ༔ བུ་ཁྱོད་ཀྱིས་ནི་རྒྱན་འཁོར་ལོངས་སྤྱོད་གྱིས༔ འདིར་དབང་ཐམས་ཅད་དཀྱུས་གཅིག་ཏུ་བསྐུར་བའི་དབང་དུ་བྱས་ཀྱི་རེ་རེ་ཁོལ་འདོན་དུ་བྱེད་ན་དེ་ཉིད་ལ་རྗེས་གནང་འདི་དག་སྦྱར་ན་ལེགས་སོ། །དབང་སྐུར་ཡོངས་སུ་རྫོགས་པའི་མཐའ་རྟེན་བྱིན་རླབས་གཏོར་མའི་དབང་ལ་འདུན་པ་འདི་ལྟར་མཛོད། གཏོར་མ་རྗེ་བཙུན་འཕགས་པ་འཇམ་དཔལ་དབྱངས་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་དང་བཅས་པ་མངོན་སུམ་བཞིན་དུ་གསལ་བ། ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་སྒོ་གསུམ་ལ་རྡོ་རྗེ་གསུམ་གྱི་དབང་དང་བྱིན་རླབས་མ་ལུས་པ་སྩོལ་བར་མོས་ཤིག །གཏོར་མ་གནས་གསུམ་དུ་བཞག་ལ། ཧཱུྃ༔ འཇིགས་བྲལ་སྟོན་པ་རྡོ་རྗེའི་ཐུགས་མངའ་བ༔ རྒྱལ་བ་དེ་བཞིན་གཤེགས་ཀུན་གསང་ཆེན་པོ༔ དགྱེས་མཛད་ཡེ་ཤེས་ཀུན་མཁྱེན་སྐུ་ཐོབ་ཕྱིར༔ འགྱུར་མེད་དཔལ་བརྟན་དཔལ་མཆོག་དབང་རྫོགས་ཤོག༔ རྩ་སྔགས་ཤམ་བུར་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ༔ གཏོར་མའི་ལྷ་ཚོགས་འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །འབྲུ་འཐོར་ཞིང་ཡེ་དྷར་དང་ཤིས་པ་བརྗོད། དེ་རྣམས་ཀྱིས་འཕགས་པ་འཇམ་དཔལ་་་སོ་སོའི་སྐབས་བསྟུན་བརྗོད་ལ། མངོན་པར་དབང་བསྐུར་བ་ཟབ་མོ་ཐོབ་པས༔ ལུས་ལ་ནད་མེད་པ་དང་སྐྱེ་འགྲོ་ཕོ་མོ་རྣམས་ཀྱིས་མཐོང་བ་ཙམ་གྱིས་དད་པ་དང༔ མཚན་དང་དཔེ་བྱད་ཐམས་ཅད་ཀྱིས་སྤྲས་པའི་འཕགས་པ་འཇམ་དཔལ་གྱི་སྐུ་ཐོབ་པ་དང༔ ཐེག་པ་ཕྱི་ནང་གསང་བ་ཐམས་ཅད་ལ༔ འཆད་རྩོད་རྩོམ་པ་ལ་ཐོགས་པ་མེད་པ་དང༔ གསུང་དབྱངས་ཡན་ལག་དྲུག་ཅུ་ཐོབ་པར་འགྱུར་རོ༔ ཡང་དག་མཐར་ཐུག་གི་འབྲས་བུའི་དོན་བླ་ན་མེད་པའི་ལྟ་སྤྱོད་སྒོམ་པའི་འབྲས་བུ་ལ་སྐྲག་པ་མི་སྐྱེ་བར་ངེས་ཤེས་ཐོབ་ནས༔ བློ་འགྲོ་ཞིང་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ༔ རིག་པའི་གནས་མཐའ་དག་ལ་མཁས་ཤིང༔ སེམས་ཅན་ཐམས་ཅད་ཀྱི་དོན་ཕྱོགས་མེད་དུ་འགྲུབ་པ་དང༔ འཕགས་པ་འཇམ་དཔལ་ཟུང་འཇུག་གི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཟག་མེད་བདེ་བ་ཆེན་པོ་ལ་ལོངས་སྤྱོད་པར་འགྱུར་རོ༔ ཞེས་བརྗོད། དེ་ནས་དབང་གི་རྗེས་དམ་ཚིག་བསྒྲག་བཟུང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་རྣམས་སྤྱི་ལྟར་བྱ། ༈ དབྱངས་ཅན་དམར་མོའི་དབང་གི་སྐབས། དབང་བཤད་ལ། དེ་ལ་རྗེ་བཙུན་འཕགས་མ་དབྱངས་ཅན་མ་འདི་ནི། ངོ་བོ་འཕགས་བཞིའི་སྐྱེད་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད། རྣམ་པ་གདུལ་བྱ་གང་འདུལ་གྱི་ཁམས་དབང་བསམ་པའི་ཁྱད་པར་ལས་རྟགས་ཀྱི་ཕྱག་རྒྱ་ཅིར་ཡང་སྒྱུར་བ་སྟེ། བཅོམ་ལྡན་འདས་འཇམ་དཔལ་དབྱངས་སོགས་དགྱེས་པ་སྐྱེད་པའི་ལྷ་མོ་རྡོ་རྗེ་རེག་བྱ་མ་དང་། གཤིན་རྗེ་གཤེད་པོའི་ཡུམ་རོ་ལངས་མ་དང་། རྒྱལ་བའི་བསྟན་པ་སྲུང་བའི་གཙོ་མོ་དམག་ཟོར་རྒྱལ་མོ། བོད་ཡུལ་གསང་སྔགས་བཀའི་སྡུད་པ་མོ་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་སྐུར་སྣང་བ་སོགས་སྤྲུལ་པའི་རྣམ་རོལ་མཐའ་ཡས་པས་གཞན་དོན་རྟག་ཁྱབ་ལྷུན་གྲུབ་ཏུ་མཛད་པ་དང་། བསྟན་ལས་ཕྱི་རོལ་དུ་ཕྱོགས་པའི་གྲུབ་མཐའི་བློ་གྲོས་ངན་པ་ལ་སྤྱོད་པ་རྣམས་གདུལ་བའི་སླད་དུ་ལྷོ་ཕྱོགས་ཡིད་ཀྱི་རྒྱ་མཚོར་ཚངས་པའི་སྲས་མོའི་སྐུར་བསྟན་པས་མཚོན་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་ཡིན་ལ། ཁྱད་པར་བརྟན་གཡོའི་སྒྲ་དབྱངས་ཐམས་ཅད་ཀྱི་བདག་མོར་གྲགས་ཤིང་སྨྲ་བ་ངག་གི་དཔལ་སྐྱེད་པའི་ཕྲིན་ལས་ཀྱིས། སྐྱེ་དགུ་ཀུན་གྱི་བློ་གྲོས་དང་ཤེས་རབ་ཀྱི་སྟོབས་རྩལ་སྤེལ་བ་ལ་འགྲན་ཟླ་དང་བྲལ་བའི་ལྷ་མཆོག་འདི་ཉིད་ཀྱི་སྒྲུབ་ཐབས་བྲམ་ཟེ་ཕུར་བུ་ནས་བརྒྱུད་པ་གསར་མ་ལ་ཡོངས་སུ་གྲགས་པ་སོགས་འགའ་ཞིག་མཆིས་པ་ལས། འདིར་རྒྱལ་ཀུན་ངོ་བོ་མཁས་པ་བློ་ལྡན་མཆོག་སྲེད་ཀྱི་རྡོ་རྗེའི་གསུང་བྱིན་རླབས་གཟི་བྱིན་འགྲན་ཟླ་དང་བྲལ་བ་གཏེར་ཆེན་བདུད་འདུལ་གླིང་པའི་གཏེར་བྱོན་དབྱངས་ཅན་མ་དམར་མོའི་དབང་བསྐུར་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ། གཞུང་གི་མཚམས་སྦྱོར་རྣམས་ལ། འཇམ་དཔལ་དབྱངས་སོགས་ཀྱི་ཚབ་ཏུ། རྗེ་བཙུན་འཕགས་མ་དབྱངས་ཅན་མའམ། བཅོམ་ལྡན་འདས་མ་སྒྲ་དབྱངས་ལྷ་མོ་ལྟ་བུ་བསྒྱུར་བས་འགྲུབ་བོ། །རྣམ་ཐར་བསམ་ཡས་འཇམ་དཔལ་དཔའ་བོ་བཞིན། །མཁྱེན་རབ་མཚུངས་མེད་རྡོ་རྗེ་རྣོན་པོར་མཚུངས། །སྨྲ་བ་ངག་ལ་དབྱངས་ཅན་དཔལ་ཞུགས་ཏེ། །རྒྱལ་བས་བསྔགས་པའི་ཕྲེང་མཛེས་བདག་ཐོབ་ཤོག །ཟབ་གསང་གི་ཆོས་སྡེ་འདིར་འཇམ་དབྱངས་སྒྲུབ་ཐབས་ཟབ་གནད་ལེགས་བསྡུས་སུ་མཛད་པ་ལྟ་བུའི་ཚིག་ཉུང་ཞིང་དོན་འདྲིལ་ལ། བྱིན་རླབས་ཤིན་ཏུ་ཆེ་བའི་གྲགས་པ་དོན་དང་ལྡན་པར་སྣང་བས་རིན་ཆེན་གཏེར་གྱི་མཛོད་ཆེན་པོར་གཅེས་པ་སྡུད་པའི་སླད་དུ། འཕགས་པ་འདི་དག་གི་སྤྱོད་ཡུལ་ལ་དང་འདོད་ཡིད་ཆེས་ཀྱི་དད་པ་ཐུན་མིན་མངའ་བ་ཀུ་སཱ་ལི་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།།།།
ཟབ་མོ་གསང་བ་ཡོངས་འདུས་ལས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་གསང་སྒྲུབ་པདྨ་ནོར་བུའི་རྒྱ་ཅན་ (Volume 36, Text 2)
༁ྃ༔ ཟབ་མོ་གསང་བ་ཡོངས་འདུས་ལས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་གསང་སྒྲུབ་པདྨ་ནོར་བུའི་རྒྱ་ཅན་བཞུགས༔ ྈྈྈྈྈྈྈྈྈྈ བླ་མ་དང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཟབ་མོ་གསང་བ་ཡོངས་འདུས་ལས༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མའི་གསང་སྒྲུབ་པདྨ་ནོར་བུ་ནི༔ སྔོན་འགྲོ་གསག་པ༔ དངོས་གཞི་བསྒོམ་པ༔ རྗེས་མཆོད་བསྟོད་ཀྱི་རིམ་པའོ༔ དང་པོ་མེ་ལོང་ལ་མཁའ་འགྲོ་གསང་བའི་མཎྜལ་ཅེས་སིནྡྷུ་རས་ཆོས་འབྱུང་བསྣོལ་མ་བྲིས༔ དབུས་སུ་པདྨ་འདབ་བཞི་ལ༔ ཨ་མ་ཧ་རི་ནི་ས་བཀོད༔ དེ་ཚོམ་བུ་ལྔའི་སྟེང་དུ་བཤམ༔ མཚན་ལྡན་ཐོད་པ་གླིང་གཅིག་ནང་དུ་བདུད་རྩི་སྨན་སྒྲུབ་ལས་བྱུང་བའི་སྨན་གཅིག་བཤམ༔ བུམ་པའི་སྟེང་དུ་མེ་ལོང་བཅས་བཤམ༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་མ་མཁའ་འགྲོ་བསྒྲུབ་སྙམ་པའི་སེམས་བསྐྱེད་དྲག་པོ་བྱེད༔ དངོས་གཞི་ཆོས་ཐམས་ཅད་སྟོང་པར་གྱུར༔ སྟོང་པའི་ངང་ལས་སྟེང་ཐམས་ཅད་རྡོ་རྗེའི་གུར༔ འོག་ཐམས་ཅད་རྡོ་རྗེའི་བྲག༔ བར་ཐམས་ཅད་རྡོ་རྗེའི་རྭ་བས་བསྐོར་བའི་དབུས་སུ་ཨེ་བྷྲཱུྃཿལས་ཆོས་འབྱུང་དམར་སྨུག་རྩ་བ་ཐུར་དུ་ཟུག་པ༔ རྩེ་མོ་ཡངས་པའི་དབུས་སུ་པདྨ་འདབ་བརྒྱད་དམར་པོའི་སྟེང་དུ༔ རང་སེམས་བཅོས་མིན་གྱི་རིག་པ་ཨ་མ་ཞེས་པ༔ འདབ་མ་བཞི་ལ་ཧ་རི་ནི་ས༔ དེ་ལས་འོད་འཕྲོས་དོན་གཉིས་བྱས༔ ཚུར་འདུས་པ་ལས་མ་གཅིག་ཡེ་ཤེས་ཀྱི་མཁའ་འགྲོ་མཚོ་རྒྱལ་མ༔ སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན་ཅིང་ལང་ཚོ་རྒྱས་པ༔ གཞོན་ཤ་ཆགས་པ༔ སྒེག་ཅིང་འཛུམ་པ༔ མཉེན་ཅིང་ལྡེམ་པ༔ ཆགས་པའི་མདངས་དང་ལྡན་ཅིང་བརྩེ་བའི་སེམས་དགའ་བའི་འཛུམ༔ པདྨ་གཞོན་ནུ་ཁ་བྱེ་ལ་ཁད་ལྟ་བུ༔ སྐུ་ལ་དར་དང་རིན་པོ་ཆེའི་རྒྱན་གྱིས་ཕྱུག་པ་འཁོར་ལོ་སྒྱུར་བའི་བཙུན་མོའི་ཆས་དང་ལྡན་པ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་དང་གཡོན་པས་བྷནྡྷ་དཀར་པོ་བདུད་རྩིས་བཀང་པ་བསྣམས་པ༔ ཞབས་ཕྱེད་སྐྱིལ་གྱིས་བཞུགས་ཤིང་བདག་དང་སེམས་ཅན་ལ་བརྩེ་བའི་རྣམ་པར་བསམ༔ པད་འདབ་བཞི་ལ་ཧ་ལས་བདེ་ཆེན་དཀར་མོ་གཡས་རྡོ་རྗེ༔ རི་ལས་སེར་མོ་རྒྱས་བྱེད་གཡས་རིན་པོ་ཆེ་འབར་བ༔ ནི་ལས་དམར་མོ་དགའ་བ་གཡས་པདྨ༔ ས་ལས་མཐར་བྱེད་ལྗང་མོ་གཡས་གཡུའི་རྡོ་རྗེ་རྒྱ་གྲམ་བསྣམས་པ༔ གཡོན་པས་བདུད་རྩི་ཀ་པཱ་ལ་བསྣམས་ཤིང༔ རྒྱན་ཆ་ལུགས་གཙོ་མོ་ལྟར་སྒེག་པར་བསམ༔ མཚམས་བཞིར་བདུད་རྩིས་བཀང་བའི་བྷནྡྷ་རེ་བསམ་པའི་ཕྱི་རོལ༔ ཡེ་ཤེས་དང་ལས་ལས་གྲུབ་པའི་མཁའ་འགྲོ་དཔའ་བོ་རྣམས་སྤྲིན་ལྟར་གཏིབས་པར་བསམ༔ གཙོ་མོའི་ཐུགས་ཀར་པདྨ་འདབ་བཞིའི་དབུས་སུ་ཨ་མ་དཀར་དམར་གཉིས་བརྩེགས༔ འདབ་བཞི་ལ་ཧ་རི་ནི་ས་བསམ༔ འཁོར་རྣམས་ཀྱི་ཐུགས་ཀར་ཡང་གཙོ་མོ་ལྟར་གསལ་ཞག་བདུན་དུ་དམིགས་པ་བསྒྲིམས་ནས་བསྙེན་པ་འདི་འབུལ་ལོ༔ ཨ་མ་བྱིན་རླབས་འོད་ཕུང་གཏིབས༔ ཞེས་བྱས་པས་བྱིན་གྱིས་བརླབས་པའི་རྟགས་ཁྱད་པར་ཅན་ལུས་ངག་ཡིད་གསུམ་ལ་འབྱུང༔ དེ་ཚེ་སྒྲུབ་པའི་ཚུལ་དུ་བདག་མཚོ་རྒྱལ་གོང་ལྟར་གསལ་བའི་སྤྱི་བོར་གྷུ་རུ་པདྨ་གསལ༔ དཔྲལ་བར་རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི་དབུས་སུ་དཀར་མོ་མཚོ་རྒྱལ༔ མགྲིན་པར་བཅུ་དྲུག་རྩའི་དབུས་སུ་སེར་མོ་མཚོ་རྒྱལ༔ སྙིང་ཁ་རྩ་འདབ་བརྒྱད་དབུས་སུ་སྔོན་མོ་མཚོ་རྒྱལ༔ ལྟེ་བ་རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས་སུ་དམར་མོ་མཚོ་རྒྱལ༔ གསང་གནས་རྩ་འདབ་ཉེར་གཉིས་དབུས་སུ་ལྗང་མོ་མཚོ་རྒྱལ༔ ཐམས་ཅད་སྐྲ་གྲོལ་གཅེར་མོ་རུས་པས་བརྒྱན་པ༔ རྣལ་འབྱོར་མ་གྲུབ་པའི་ཆ་ལུགས་ཕྱག་གཉིས་རྡོ་རྗེ་ཐོད་པ་བསྣམས་པ༔ འཁོར་རང་རང་ལ་རྩ་འདབ་ཀྱི་གྲངས་དང་མཉམ་པ་ཐམས་ཅད་རང་རང་གི་གཙོ་མོ་དང་གཉིས་མེད་དུ་བསྒོམ༔ སྤྱི་བོར་བླ་མའི་ཐུགས་ཀར་ཨ༔ ཐུགས་ཀ་གཙོ་མོའི་ཐུགས་ཀར་མ༔ དཔྲལ་བར་ཧ༔ མགྲིན་པར་རི༔ ལྟེ་བར་ནི༔ གསང་བར་ས་བསམ་ལ༔ ཐུགས་ཀ་ནས་རིམ་བཞིན་དམིགས་པ་ཡིག་འབྲུ་ལ་གཏད་ཅིང་རླུང་རོ་ལན་གསུམ་འབུད༔ སྟེང་རླུང་ཅུང་ཟད་མནན༔ འོག་རླུང་བསྡམ༔ བར་རླུང་ནེམ་མེ་བར་གཟུང༔ རླུང་ལྷག་མ་རང་སོར་འདུར་རྔུབ་བཞག་བཞིན་ཡིད་ཀྱིས་འདི་བཟླའོ༔ ཨ་མ་ཧ་རི་ནི་ས་ཧཱུྃ་ཛ༔ ཞེས་བཟླས༔ ཐུགས་ཀའི་མ་ཡིག་ལས་མེ་འབར་ཏེ༔ ལྟེ་བར་དྲོས༔ མགྲིན་པར་སླེབ༔ དེ་གཉིས་ཀྱི་མཁའ་འགྲོ་རྣམས་ལས་མེ་འབར་ཏེ་གསང་གནས་དྲོས་སྤྱི་བོར་སླེབ༔ དེ་རྣམས་ཀྱི་མཁའ་འགྲོ་མ་རྣམས་མེ་ཕུང་ཤིག་ཤིག་ཏུ་བསམ༔ སྤྱི་གཙུག་གྷུ་རུའི་ཐུགས་ཀའི་ཨ་ལས་འོད་འཕྲོས་བླ་མ་ཡང་བདེ་བའི་ཤུགས་ཀྱིས་ཐུགས་དམ་བསྐུལ༔ ཨ་ལས་བདུད་རྩིའི་རྒྱུན་བྱུང༔ གྷུ་རུའི་སྐུ་གང༔ སྐུའི་ཆ་ཐམས་ཅད་ནས་བདུད་རྩི་ཆེར་ལུད༔ སྤྱི་བོར་མཁའ་འགྲོ་མ་རྣམས་ལ་ཐིམ༔ བདེ་མེ་རེ་བ་ལ་ཤེས་པ་གཏད་ཅིང་གོང་ལྟར་བཟླ༔ དེ་བཞིན་མགྲིན་པ་ནས་གསང་གནས་ཡན་མཁའ་འགྲོ་ཐམས་ཅད་བདེ་དྲོད་འུ་རུ་རུ༔ སྔགས་སྒྲ་ཏི་རི་རི་བསམ་ལ་རིམ་བཞིན་དམིགས་པ་སྤོ་ཞིང་བསྒོམ༔ སྐབས་སུ་སྤྱི་བོའི་བླ་མ་ལ་གུས་པས་གསོལ་བ་བཏབ༔ སྐབས་སུ་རང་བབ་གནས་ལུགས་ངང་དུ་བཞག༔ དེ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་མདུན་བསྐྱེད་ཚོམ་བུ་ལྔ་ལ་འཕྲོས༔ དེ་རྣམས་རང་རང་གི་སྔགས་ལས་འོད་ཟེར་བདུད་རྩིའི་རང་བཞིན་ཚུར་གཟུངས་ཐག་བརྒྱུད་ནས་བར་མ་ཆད་པར་རང་གི་འཁོར་ལོ་ལྔའི་ལྷ་ལ་འདུས་པར་བསམ་ནས་རྡོ་རྗེའི་བཟླས་པ་ལ་འཇུག་གོ༔ དེ་ཡང་གཙོ་མོའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་རང་གི་ཐུགས་ཀར་བསྟིམ༔ དེ་བཞིན་དུ་དཔྲལ་བ་དང་མདུན་གྱི་ལྷ༔ མགྲིན་པ་དང་གཡས་ཀྱི་ལྷ༔ ལྟེ་བ་དང་རྒྱབ་ཀྱི་ལྷ༔ གསང་གནས་དང་གཡོན་གྱི་ལྷ་རྣམས་འོད་ཟེར་རང་མདོག༔ ཕར་ལ་མཆོད་སྤྲིན་གྱི་རྣམ་པར་སྤྲོས༔ ཚུར་ལ་དངོས་གྲུབ་ཀྱི་རྣམ་པར་བསྡུ༔ ལྷ་རེ་རེ་བཞིན་སེམས་གཏད་ཅིང་སྤྲོ་བསྡུ་བྱ་ཞིང་སྔགས་བཟླས་པ་ལ་བརྩོན༔ དེ་རྟགས་གསང་སྔགས་སྤྱི་མཐུན་འབྱུང་ངོ༔ བདག་ཡེ་ཤེས་མཚོ་རྒྱལ་གྱིས་འདོད་བློས་བྱས་པ་མེད༔ འདི་རྣམས་ཀྱི་ཚུལ་དང་མཐུན་པའི་རྒྱུད་ཅིག་ཨོ་རྒྱན་མཁའ་འགྲོའི་གནས༔ བྱ་ཀ་ལན་དྷ་ཀ་གནས་པའི་རི་ངོགས་ཀྱི་བྱང་ཤར༔ བྲག་ཁུང་ཆོས་འབྱུང་འདྲ་བ་ལ༔ དབྱར་མེ་ཏོག་པདྨ་དཀར་པོ་ཨུག་ཆོས་འདྲ་བས་བྲག་གི་སྒོ་ཁེབས་པ༔ དགུན་མེ་ཏོག་ཙམ་པ་ཀ་འདྲ་བའི་སྒང་བུ་རལ་གྲི་ལྟར་ཐུར་ལ་བསྟན་པ་ཞིག་འདུག༔ དེ་ལ་ནང་པའི་མཁའ་འགྲོ་མ་ས་ལེ་སྦྲམ་བྱ་བ་གཅིག་དང་གྲོགས་བྱས་ནས་ཨོ་རྒྱན་གྱི་ཡུལ་ཀུན་ཉུལ་ཚེ༔ མུ་སྟེགས་ཀྱི་མཁའ་འགྲོ་མ་ས་ལེ་འོད་བྱ་བ༔ ནམ་མཁའ་ལ་ལྡིངས་ནས་ཆར་ཆེན་པོ་ཕབ་སྟེ་ལམ་བཀག༔ ས་གཞི་ལ་འཛུལ་ཏེ་མེ་ཆེན་པོ་སྦར་ནས་ལམ་བཀག༔ བར་སྣང་ལ་ཁྱེར་ཏེ་ཐོག་ཕབ་ནས་བདག་གཉིས་གར་ཡང་འགྲོ་དབང་མ་སྟེར་ཚེ༔ བདག་གིས་མཁའ་འགྲོ་བདུད་འདུལ་མ་ལ་གསོལ་བ་བཏབ་ཅིང་གྷུ་རུ་པདྨ་སྤྱི་བོར་བསྒོམས་ནས་བསྡད་པས༔ མཁའ་འགྲོ་བདུད་འདུལ་མ་དངོས་སུ་ཞལ་བསྟན་ནས་ཡིག་བདུན་གྱི་ལུང་གནང༔ བྱ་ཀ་ལན་དྷ་ཀའི་བྲག་ཁུང་དུ་སོང་ཟེར་བའི་ལུང་བསྟན་པས༔ ད་ཆའི་མུ་སྟེགས་ཀྱི་མཁའ་འགྲོ་དེ་ལུས་ངག་ཡིད་གསུམ་དྲུ་གུའི་ཚུལ་དུ་འཆིངས་ནས་འདར་ཕྲི་ལི་ལི་བྱེད་འདུག༔ བདག་རང་སྙིང་རྗེ་སྐྱེས་ནས་དེ་རྗེས་སུ་འཛིན་བསམས་ཀྱང་གྲོགས་དེས་བྱེད་མ་བཅུག་ནས་སླར་བྲག་ཁུང་དུ་ཕྱིན་པས༔ བྲག་ཁུང་གི་མེ་ཏོག་འདབ་མ་བཀྱགས་ནས་ནང་དུ་སོང་བས་ཟངས་ཀྱི་སྦུ་གུ་ལ་ཕྲ་མེན་གཟིའི་ཕྲ་བཏབ་པ་གཅིག་འདུག༔ དེའི་ནང་དུ་ཆོས་འདི་རྣམས་མཁའ་འགྲོ་གཟིར་ཆེན་གྱི་ཡི་གེ་བྲིས་ནས་གདའ་བ་དེ་ཡིན༔ སློབ་དཔོན་ཆེན་པོ་པདྨ་ལ་དེའི་ལོ་རྒྱུས་ཞུས་པས་དེ་འདི་ལྟར་གྱིས་གསུངས་པའི་བཀའ་ལུང་ཞིབ་ཏུ་ནོད་ཅིང༔ བཀའ་རྒྱ་དམ་པར་གནང་བ་ཡིན་ནོ༔ དེ་ཕྱིར་མ་འོངས་གསང་བ་གནད་དོ༔ ཐུན་བར་མཆོད་བསྟོད་སོགས་ཕྱི་སྒྲུབ་ལྟར་བྱའོ༔ ྀཨཚ༔ གྷུ་ཧྱ༔ ཟབ་མོ་གསང་བ་ཡོངས་འདུས་ལས༔ མཁའ་འགྲོ་མཚོ་རྒྱལ་གྱི་སྙིང་ཐིག་ཆེན་མོ་མཁའ་སྤྱོད་ཨ་མའི་ཁྲིད་རིམ་ཟབ་དོན་འདུས་པ་བཞུགས༔ ྈྈྈྈྈྈྈྈྈྈྈྈྈྈ བླ་མ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྙིང་ཐིག་མཁའ་སྤྱོད་ཨ་མའི་ཁྲིད་རིམ་འདི་ལ་དོན་གསུམ་སྟེ༔ སྔོན་འགྲོ་དང༔ དངོས་གཞི་དང༔ རྗེས་ཀྱི་རིམ་པའོ༔ དང་པོ་སྔོན་དུ་འགྲོ་བ་བླ་མའི་རྣལ་འབྱོར་ལ་བསྟེན་ནས་མོས་གུས་ལ་སེམས་གཟུང་བ༔ དངོས་གཞི་ཨ་མའི་ཁྲིད་ལ་བསླབ་ནས་ཏིང་ངེ་འཛིན་ལ་སྦྱང་བ༔ རྗེས་ལམ་ཁྱེར་བོགས་དབྱུང་ཞིང་བརྟུལ་ཞུགས་ཀྱི་སྤྱོད་པས་ལམ་བཙལ་བའོ༔ དང་པོ་ནི༔ གནས་ནི་གཡའ་རི༔ གངས་ཁྲོད༔ ནགས་ཁྲོད༔ རྫ་ཁྲོད༔ དུར་ཁྲོད༔ སྤང་ལྗོངས༔ སྐྱེད་མོས་ཚལ་སོགས་གཉན་ཞིང་དབེན་པའོ༔ གྲོགས་ནི་ཆོས་མཐུན་ནོ༔ རྫས་ནི་སྒྲུབ་རྒྱགས་ལོ་ཟླའི་ཆས་སོ༔ དུས་ནི་སྟོན་ནམ༔ དཔྱིད་དུས་སམ༔ ཟླ་བ་གང་ཡིན་གྱི་མཁའ་འགྲོའི་དུས་གནད་དུའོ༔ དེ་ཡང་གནས་གང་ཡིན་ཡང་ས་མིག་མ་ནོར་བར་བཙལ་ནས་གནོན་དགོས་ཏེ༔ ས་མིག་ནི༔ ཆུང་སྟེ་སོར་བཅུ་བཞིའི་ཚད༔ འབྲིང་སྟེ་གྲུ་གསུམ་མམ་ཁྲུ་གང༔ ཆེ་སྟེ་གཞུ་འདོམ་གྱི་ཚད་དུ༔ ས་གང་ཡིན་པ་ལ༔ དབྱིབས་མི་འདྲ་བ་སེམས་ཅན་གྱི་གཟུགས༔ མི་དང་ལྷའི་གཟུགས༔ ཡིག་འབྲུ་ཕྱག་མཚན་གྱི་གཟུགས༔ དབྱིབས་ཀྱང་ཟླུམ་པོ༔ ནར་མོ༔ གྲུ་བཞི༔ གྲུ་ཆད༔ གྲུ་གསུམ༔ ས་མིག་འདྲ་བ༔ ས་མདོག་ཡུག་གཅིག་གི་ནང་ནས་མི་གཅིག་པ༔ སྐམ་ལ་རླན༔ གཤེར་ལ་སྐམ༔ བྲག་ལ་ས༔ ས་ལ་བྲག༔ ནགས་ལ་གསལ༔ སྤང་ལ་རལ༔ ས་རལ་ལ་སྤང༔ སྤང་ལ་ནགས༔ འཛེར་ཅེས་ས་འཛེར་གཞན་དང་མི་འདྲ་བ་ནི༔ ཟངས་ལ་ལྕགས་འཛེར་བཏབ་པ་ལྟ་བུ༔ ལྕགས་ལ་ཟངས་འཛེར་བཏབ་པ་ལྟ་བུ་ལ་ས་འཛེར་རོ༔ ས་མིག་ཅེས་པ་ནི༔ གསེར་མིག་གཡུ་ཡིས་བཀང་བ་ལྟ་བུ༔ དཔེར་ན་རྒྱན་ལ་ཕྲ་བཏབ་པ་ལྟ་བུའོ༔ གཉན་མིག་ཅེས་པ་ནི༔ སྒོ་ཡི་སྲོག་འཛེར་རམ་གཟེར་མིག་ལ་མེ་བཙའ་བཏབ་པ་ལྟ་བུ་སྟེ༔ གལ་ཆེ་ཞིང་ཡ་ང་བའི་ས་ལའོ༔ དུས་ཀྱང་རྣལ་འབྱོར་པས་བོགས་གར་ཆེ་བའི་དུས་སུའོ༔ ཚེས་གཉན་མཁའ་འགྲོའི་རྒྱུ་དུས་ནི༔ ཚེས་གཅིག༔ དྲུག༔ བཅུ་གཅིག༔ བཅུ་དྲུག༔ ཉེར་གཅིག༔ ཉེར་དྲུག་རྡོ་རྗེ་མཁའ་འགྲོའི་རྒྱུ་དུས༔ ཚེས་གཉིས༔ བདུན༔ བཅུ་གཉིས༔ བཅུ་བདུན༔ ཉེར་གཉིས༔ ཉེར་བདུན༔ རིན་ཆེན་མཁའ་འགྲོའི་རྒྱུ་དུས༔ ཚེས་གསུམ༔ ཚེས་བརྒྱད༔ བཅུ་གསུམ༔ བཅོ་བརྒྱད༔ ཉེར་གསུམ༔ ཉེར་བརྒྱད་པདྨ་མཁའ་འགྲོའི་རྒྱུ་དུས༔ ཚེས་བཞི༔ ཚེས་དགུ༔ བཅུ་བཞི༔ བཅུ་དགུ༔ ཉེར་བཞི༔ ཉེར་དགུ་ཀརྨ་མཁའ་འགྲོའི་རྒྱུ་དུས༔ ཚེས་ལྔ༔ ཚེས་བཅུ༔ བཅོ་ལྔ༔ ཉི་ཤུ༔ གནམ་སྟོང་རྣམས་སངས་རྒྱས་མཁའ་འགྲོའི་དུས་གནད་ཡིན་པས༔ ཚེས་དེའི་ལྷར་བསམས་ནས༔ ཞི་རྒྱས་དབང་དྲག་མཆོག་གི་ལས་དང༔ དུག་ལྔ་ཡེ་ཤེས་ལྔའི་སྒྲུབ་པ་ལ་ཞུགས་སོ༔ རྫས་ནི་རང་གི་ཁམས་གསོ་བའི་ཆ་རྐྱེན་ཡིན་པས་གོ་སླའོ༔ ས་མ་ཡ༔ དང་པོ་སྔོན་འགྲོ་བླ་མའི་མོས་གུས་ལ་སེམས་གཟུང་བ་ནི༔ དང་པོ་སེམས་བསྐྱེད༔ གཉིས་པ་སྐྱབས་སུ་འགྲོ༔ གསུམ་པ་སེམས་གཟུང་བའོ༔ དང་པོ་སེམས་བསྐྱེད་པ་ནི༔ ནམ་མཁས་མ་ཁྱབ་པ་མེད་དེ༔ ནམ་མཁའ་དེས་ཁྱབ་ཚད་དུ་སེམས་ཅན་གྱིས་ཁྱབ༔ སེམས་ཅན་དེ་ཐམས་ཅད་ཁམས་གསུམ་གྱིས་བསྡུས་ཏེ༔ ཁམས་གསུམ་གྱི་སེམས་ཅན་དེ་ཐམས་ཅད་རྒྱུ་མ་རིག་པ་ཉོན་མོངས་པས་འཁྲུལ་འབྱམས་སུ་འཁོར་བར་འཁོར་བས༔ འཁོར་བའི་སེམས་ཅན་དེ་ཐམས་ཅད་སྡུག་བསྔལ་འབའ་ཞིག་ལས་བདེ་བ་སྐད་ཅིག་མེད་པས༔ སྡུག་བསྔལ་གྱི་རྩ་བ་སྡིག་པའི་འབྲས་བུས་རྒྱུ་བྱས༔ ཉོན་མོངས་པ་ཆགས་སྡང་གིས་རྐྱེན་བྱས་ཏེ་འཁྲུལ་པའི་སེམས་ཅན་དེ་ཐམས་ཅད་ཀྱི་དོན་དུ་བདག་གིས་བླ་མ་མཁའ་འགྲོ་བསྒྲུབ་པར་བྱའོ༔ སྙམ་པས༔ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བར་གྱུར་ཅིག༔ སྡུག་བསྔལ་གང་ཡོད་པ་དེ་དང་བྲལ་བར་གྱུར་ཅིག༔ འདི་རྣམས་བདག་གི་ཕ་ཡིན་ནོ༔ འདི་རྣམས་བདག་གི་མ་ཡིན་ནོ༔ ཕ་མ་འདི་གཉིས་ཁོ་ནའི་དོན་དུ༔ བདག་གིས་ཚེ་འདི་བློས་བཏང་ནས༔ དམྱལ་བའི་མེ་མདག་ཀྱང་བཟོད་པར་བྱའོ༔ དེས་ན་བདག་གི་ལུས་འདི་སེམས་ཅན་གྱི་དོན་དུ་བསྔོའོ༔ ངག་འདི་འགྲོ་བའི་དོན་དུ་སྨྲའོ༔ ཡིད་འདི་སེམས་ཅན་ཀུན་ལས་དང་ཉོན་མོངས་པ་ཞི་བའི་ཐབས་ལ་བརྩོན་པར་བྱའོ༔ ཞེས་དགྲ་གདོན་ཕན་གནོད་ཀྱི་བསམ་པ་བོར་ནས་ཐམས་ཅད་སྙོམས་པར་བསྒོམ་མོ༔ གཉིས་པ་སྐྱབས་སུ་འགྲོ་བ་ནི༔ རང་གི་མདུན་གྱི་ནམ་མཁར་པདྨ་དང་ཟླ་བའི་གདན་ལ༔ ཨ་མ་གཉིས་དཀར་དམར་འོད་ཟེར་འཕྲོ་བ༔ དོན་གཉིས་བྱས་ནས་ཚུར་འདུས་པས༔ མ་ལས་ཨ་མ་མཚོ་རྒྱལ་ལང་ཚོ་དང་ལྡན་པ༔ རིན་པོ་ཆེ་དང་དར་ཟབ་སྣ་ཚོགས་ཀྱིས་བརྒྱན་ནས་བཅུ་དྲུག་སྒེག་པའི་གཟི་བརྗིད༔ ཕྱག་ན་རྡོ་རྗེ་དང་ཀ་པཱ་ལ་བསྣམས་པའི་སྤྱི་བོར་ཨ་ལས་གྷུ་རུ་པདྨ་ཨ་ཙ་རའི་ཆ་ལུགས་དཀར་དམར་མདངས་དང་ལྡན་ཅིང༔ དབུ་སྐྲ་ཐོར་ཚུག་རུས་ཕྲེང་གིས་བརྒྱན་ནས༔ ཕྱག་ཏུ་རྡོ་རྗེ་དང་ཀ་པཱ་ལ་ཚེ་བུམ་ཅན་བསྣམས་ཤིང་རས་དཀར་གྱི་གཟན་དང༔ སྨུག་པོའི་ན་བཟའ་བགོ་བ་དེ་གཉིས་ལ་རྩ་བརྒྱུད་བླ་མ༔ ཡི་དམ་ལྷ་ཚོགས༔ མཁའ་འགྲོ་ཆོས་སྐྱོང༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བར་བསམ་ལ༔ ཨ་མ་བདག་ལ་ཕན་གནོད་སྦྱིན་པར་བྱེད་པའི་ལས་ལུས་གཉིས་ཀྱིས་གཙོས་བྱས་པའི༔ ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད༔ དུས་དེང་ནས་བརྩམ་སྟེ་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་བླ་མ་མཁའ་འགྲོ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ༔ བླ་མ་མཁའ་འགྲོ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས༴ བླ་མ་མཁའ་འགྲོ་སྤྲུལ་པའི་སྐུ་ལ་སྐྱབས༴ བླ་མ་མཁའ་འགྲོ་ངོ་བོ་ཉིད་ལ༴ བླ་མ་མཁའ་འགྲོ་མངོན་པར་བྱང་ཆུབ་སྐུ་ལ་སྐྱབས་སུ་མཆིའོ༔ ཞེས་བརྒྱ་རྩ་དང༔ བླ་མ་ཨོ་རྒྱན་མཁའ་འགྲོའི་ཚོགས་ལ༴ བླ་མ་མཚོ་རྒྱལ་མཁའ་འགྲོའི་སྐུ༴ བླ་མ་དྲིན་ཅན་ཆོས་ཀྱི་རྗེ་ལ༴ ཞེས་སྐྱོ་ངལ་བར་དུ་བྱ༔ སྐྱོ་ནས་ཕཊ༔ ཅེས་དྲག་པོར་བརྗོད་ནས་རང་རིག་སྟེང་དུ་གནས་ཀྱི་བར་དུ་བཞག་གོ༔ གསུམ་པ་མོས་གུས་ལ་སེམས་འཛིན་པ་ནི༔ ཨ་མ་མཚོ་རྒྱལ༔ ཨ་མ་མཚོ་རྒྱལ༔ ཨ་མ་མཁྱེན་ནོ༔ ཞེས་བརྗོད་ནས་དད་པ་སྐྱེས་ན༔ གང་སྐྱེས་པ་དེ་ཉིད་ཀྱི་སྟེང་དུ་སེམས་མ་ཡེངས་པར་ཏུ་རེ་བཞག༔ མ་སྐྱེས་ན༔ ཨ་མ་ཡབ་ཡུམ་གྱི་རྣམ་པ་དྲན་པར་བྱེད་ནས་སྐྱེད༔ སྐུ་བྱད་དྲན་པར་བྱེད་ནས་སྐྱེད༔ ད་ལྟ་གང་དུ་བཞུགས༔ ཇི་ལྟར་མཛད་སྙམས་ནས་བུ་ཞོ་འཐུང་གིས་མ་དྲན་པ་ལྟར་འབོད་ཅིང་དད་པར་བྱའོ༔ དད་པ་སྐྱེས་ནས་བཅའ་བཅོས་མེད་པར་བཞག༔ རྗེས་ཤེས་ལ་ཕཊཿཅེས་བསམ་བློ་མེད་པར་རང་རིག་རྗེན་པར་ཉམས་སུ་བླང་ངོ༔ དེ་ལྟར་བྱས་པས་ཐུན་མོང་དུ་རྨི་ལམ་ལ་རྟགས་བཟང་པོ་གྲངས་མེད་པར་འབྱུང༔ ཉམས་མྱོང་མཚོ་ལྟར་སྐྱེ༔ རྟོགས་པ་འཁྲུངས༔ ངེས་ཤེས་སྐྱེ་ནས་འཁྲུལ་སྣང་ཆོད་པར་འགྱུར་རོ༔ ས་མ་ཡ༔ ྀཨཚ༔ གྷུ་ཧྱ༔ སྤྱི་དོན་གཉིས་པ་དངོས་གཞི་ལའང་གཉིས་ཏེ༔ ཐུན་མོང་དུ་གསག་སྦྱང་བྱ་བ༔ ཐུན་མིན་དུ་ཨ་མ་ལ་སེམས་བཟུང་ནས་ཏིང་ངེ་འཛིན་ལ་སེམས་སྦྱོང་བའོ༔ དང་པོ་གསག་པ་ནི༔ ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ༔ བདག་གིས་ལུས་འདི་སྦྱིན་གཏང་རྒྱ་ཆེན་པོ་བྱའོ་སྙམས་ནས༔ རང་གི་སྤྱི་བོར་ཨ་མ་མཚོ་རྒྱལ་དམར་མོ་རུས་པས་བརྒྱན་པ་ལང་ཚོ་དར་ལ་བབས་པ༔ མདངས་དང་ལྡན་ཅིང་ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་གར་གྱིས་འགྱིང་ཞིང༔ ཕྱག་གཉིས་གྲི་གུག་དང་ཐོད་པ་བསྣམས་པ༔ སྐུ་གཅེར་བུ་སྐྲ་གྲོལ་བའི་སྤྱི་བོར་གྷུ་རུ་པདྨ་ལ་བཀའ་བརྒྱུད་བླ་མ་ཐམས་ཅད་ཀྱིས་བསྐོར་བ༔ མདུན་དུ་ཡི་དམ་རྟ་མགྲིན་ལ་ཡི་དམ་ལྷ་ཚོགས་ཀྱིས་བསྐོར་བ༔ གཡས་སུ་སངས་རྒྱས་ཐུབ་པའི་དབང་པོ་ལ་དུས་གསུམ་དཀོན་མཆོག་གསུམ་གྱི་ལྷ་ཚོགས་ཀྱིས་བསྐོར་བ༔ གཡོན་དུ་རྡོ་རྗེ་ཕག་མོ་ལ་གསང་ཡེ་སྐུ་གསུམ་རིགས་ལྔ་གནས་གསུམ་མཁའ་འགྲོ་དཔའ་བོས་བསྐོར་བ༔ རྒྱབ་ཏུ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད༔ དམ་ཅན་བཀའ་སྡོད་ཡུལ་ལྷ་བཅས་པས་བསྐོར་ནས་བཞུགས་པར་བསམ༔ རང་གི་མཐའ་སྐོར་རིགས་དྲུག་ལན་ཆགས་ལྷ་འདྲེ་ཐམས་ཅད་ཁྲོམ་ལྟར་འདུས་པར་བསམ༔ དེ་ནས་རང་གི་རྣམ་པར་ཤེས་པ་ཨ་དཀར་པོ་སོར་བཞི་པའི་ཚད་འོད་ལྔ་མུ་ཁྱུད་ཤིགས་སེ་བསྐོར་བར་བསམ་ལ༔ རླུང་རོ་ལན་གསུམ་བུས༔ རླུང་གསར་དུ་བཟུང་བས་ལྟེ་བའི་ཨ་ཤད་དམར་རམ་གྱིས་མེ་འབར་བས་རླུང་ཤུགས་དྲག་ཏུ་ཕུལ་བས་སྙིང་གའི་ཨ་དེ་སྤར་གྱི༔ དཔེར་ན་རས་ཀྱི་འདབ་མ་རླུང་གིས་བཏེགས་པ་བཞིན་ཐག་ཐོགས་མེད་པར་སྤྱི་བོར་ཨ་མའི་ཐུགས་ཀར་ཐིམ་སྟེ་ཨ་མའི་ཐུགས་ཀའི་མ་ཡིག་དང་གཉིས་མེད་དུ་འདྲེས་ནས་བདེ་སྟོང་ཕྲི་ལི་ལི་གྱུར་པར་བསམ་ལ། ཕཊ་ཕཊ་ཕཊ༔ ཨ་མའི་སྐུ་དེ་བདེ་བས་གང་ནས༔ ཕེཾ་ཕེཾ༔ ཞེེས་བརྗོད་པས་མའི་གནས་ལྔ་ནས་སྤྲུལ་པའི་མཁའ་འགྲོ་ལྔ་འཕྲོས་ཏེ༔ མཁའ་འགྲོ་ལྔས་རང་གི་ཕུང་པོའི་ཕྱོགས་བཞི་དབུས་དང་ལྔ་ལ་འགྲེང་ནས༔ ལས་བྱེད་པའི་ཚུལ་གྱིས་གར་བྱས༔ གཙོ་མོའི་ཐུགས་ཀ་ནས་འོད་ཟེར་ཨ་ཡིག་བཞི་མཆེད་པས་ཨ་གསུམ་མི་མགོའི་སྒྱེད་བུ་རི་རབ་ཙམ་གསུམ་དུ་གྱུར་པའི་སྟེང་དུ་ཨ་གཅིག་ཐོད་སྣོད་ཀྱི་རྣམ་པའི་ཕྲུ་མ་སྟོང་གསུམ་དང་མཉམ་པར་བསམ༔ དེ་ནས་མཁའ་འགྲོ་ལྔས་གྲི་གུག་གིས་ཕུང་པོ་དུམ་བུར་བསིལ་ནས༔ ཐོད་པར་བཅུག་སྟེ༔ སྐྲ་རྩེ་བ་སྤུ་ཡང་མ་དྲོན་པར་སྤུངས༔ མགོ་དང་ཀླད་པ་ཤར་དུ་བཞག༔ སྙིང་དང་སྲོག་རྩ་དབུས་སུ་བཞག༔ མཆིན་པ་མཁྲིས་པ་ལྷོ་རུ་བཞག༔ མཚན་མ་མཁལ་མ་ནུབ་ཏུ་བཞག༔ གློ་བ་མཚེར་པ་བྱང་དུ་བཞག༔ དེའི་སྟེང་དུ་ཤ་ལྔ་བདུད་རྩི་ལྔའང་རང་རང་གནས་སུ་བཞག༔ དེ་སྟེང་པགས་པས་བཀབ་པས་ཟླ་བའི་དལ་དུ་གྱུར་ནས་ཁ་ཆོད་བྱས༔ དེ་སྟེང་གཙོ་མོའི་ཐུགས་ཀ་ནས་ཧཱུྃ་མཆེད་པས་ཁ་ཊྭཱཾ་ག་མགོ་ཐུར་དུ་བསྟན་པར་བསམ༔ རྩེ་མོ་གསུམ་ལ་ཨོཾ་ཨཱཿཧཱུྃ་གིས་མཚན་པ༔ ཡུ་བ་ལ་ཨོཾ་མཱུཾ་ཕྱོགས་བཞིར་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱཾ་པཱཾ་ཏཱཾ་ལཱཾ་བསམ༔ དེ་ནས་མཁའ་འགྲོ་སྡེ་ལྔས་ཐོད་པའི་འོག་ཏུ་ཡཾ་ལས་རླུང་རྡོ་རྗེ་རྒྱ་གྲམ་དུ་བྱས༔ དེའི་སྟེང་དུ་རཾ་དམར་ནག་ཏུ་བསམ༔ མཁའ་འགྲོས་རླུང་གཡབ་ཀྱིས་གཡབ་པས་ཡཾ་ལས་རླུང་འུར༔ རཾ་ལས་མེ་འབར་ནས་ཐོད་པ་དྲོས་ནས༔ ནང་གི་རྫས་ཐམས་ཅད་ཁོལ་ཅིང་ཕྱུར་ནས༔ ཕུང་པོའི་དྲི་མ་དང༔ སྙིགས་རོ་དང༔ མ་དག་པ་ཐམས་ཅད་ཁ་ཆོད་ཀྱི་བར་ནས་ཕྱིར་ལུད༔ མཁའ་འགྲོ་ལྔས་ནམ་མཁའ་ལ་བལྟས་ཏེ༔ ཨེ་ཨཱ་རལླི་ཕེཾ་ཕེཾ་ཕེཾ༔ ཧྲིཾ་ཧྲིཾ་ཧྲིཾ༔ ཛཿཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ཕཊ་ཕཊ་ཕཊ༔ ཅེས་དྲག་ཏུ་བརྗོད་པས༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ནས་རང་རང་གི་ས་བོན་རྣམས་ལ་ཐིམ་པས༔ རྡོ་རྗེ་ཁ་ཊྭཱཾ་ག་གཡས་སུ་འཁོར་བས༔ ནང་གི་རྫས་རྣམས་དཀྲུགས་པས༔ ས་བོན་རྣམས་ནས་བདུད་རྩིའི་རྒྱུན་བབས་པས་ཟླ་བ་ལ་ཐིམ༔ ཟླ་བ་ལས་བདུད་རྩི་བསིལ་ཟེར་དང་ལྡན་པ་བབས་ཏེ་ནང་གི་བཅུད་ཚ་བ་ངར་དང་ལྡན་པ་ལ་ཐིམ༔ དེ་ནས་ས་བོན་ཟླ་བ་དང་བཅས་པ་འོད་དུ་ཞུ་ནས་བཅུད་རྫས་ལ་ཐིམ་པས༔ བཅུད་རྫས་ཚ་གྲང་སྙོམས་ཤིང་རླངས་པ་ཕྱུ་རུ་རུ་འཕྲོ་བར་བསམ༔ དེ་ནས་མཁའ་འགྲོ་ལྔས་འབྲུ་གསུམ་གྱི་སྔགས་བརྗོད་ནས་རྫས་རྣམས་ཁ་ཊྭཱཾ་གས་དཀྲུགས་པས༔ རླངས་པ་སྒོ་མ་མཁའ་འགྲོ་དང༔ མཆོད་སྤྲིན་གྱི་གསེབ་ནས་ལྷ་མོ་བཅུ་དྲུག་གི་རྣམ་པ་ཕྱོགས་བཅུར་འཕྲོས་ནས༔ ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྒྱལ་བ་སྲས་བཅས༔ བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་ཐམས་ཅད་སྤྱན་དྲངས་ནས་དམ་ཚིག་པ་རྣམས་དང་གཉིས་སུ་མེད་པར་གྱུར༔ སྒོ་མ་བཞིས་འཇིག་རྟེན་གྱི་མགྲོན་གྱུར་ལྷ་སྲིན་སྡེ་བརྒྱད༔ ཡུལ་ལྷ་གཞི་བདག༔ འགྲོ་བ་རིགས་དྲུག༔ ལན་ཆགས་བགེགས་ཚོགས་ཐམས་ཅད་བཀུག་ཅིང་ཁྲོམ་ལྟར་འདུས་ནས༔ ཐམས་ཅད་འཁྲུགས་རྩོད་མེད་ཅིང༔ དགའ་མགུ་གུས་པས་འཁོད་པར་བསམ་ལ༔ ཨེ་ཨཱ་རལླི་ཕེཾ་ཕེཾ༔ ཧྲིཾ་ཧྲིཾ༔ ཨཱ་བྷེ་ཤ་ཡ་ཛ༔ ཨཱ་ཀར་ཤ་ཡ་ཛཿཧཱུྃ་བཾ་ཧོ༔ ཕཊ༔ ཕཊ༔ ཕཊ་ཕཊ༔ ཞེས་མགྲོན་སྤྱན་དྲངས་ཤིང༔ གཞུང་མཁའ་འགྲོའི་ལས་བྱང་བཏང་ནས་མཆོད༔ ཡང་ན་སྤྱོད་པ་ཕཊཿདགུའི་ངག་འདོན་ལྟར་བྱའོ༔ དེ་ནས་མཁའ་འགྲོ་སྡེ་ལྔས་བཅུད་བྷནྡྷས་གཅུས་ནས༔ མགྲོན་གྱུར་གོང་མ་ལ་མཆོད་པས༔ བདུད་རྩིའི་བཅུད་ལ་རླངས་པ་མཆོད་སྤྲིན་དཀར་་་རྡོ་རྗེ་མཁའ་འགྲོ།སེར་་རིན་ཆེན།དམར་་་པདྨ།ལྗང་་ཀརྨ།མཐིང་གའི་་་བྷུདྡྷ་མཁའ་འགྲོའི་མཆོད་སྤྲིན་ནོ།སྤྲིན་ཕུང་འཁྲིགས་པའི་གསེབ་ནས༔ ལྷ་མོ་བཅུ་དྲུག་གི་སྐུ་ཕྱེད་ཐོན་ནས་མཆོད་པས་རྒྱལ་བ་ཐམས་ཅད་མཉེས་ཤིང་དགྱེས་པར་བསམས་ནས༔ ཚར་ཉེར་གཅིག་གི་བར་དུ་དམིགས་པས་ཐུན་བཟུང་ནས་བླ་མ་མཚོ་རྒྱལ་ཨོ་རྒྱན་ཡབ་ཡུམ་བཀའ་བརྒྱུད་རིག་འཛིན་གྱི་ལྷ་ཚོགས་ལ་མཆོད་པར་བསམ་ལ༔ ཨོཾ་ཨཱཿཧཱུྃ་གྷུ་རུ་པདྨ་ཛྙཱ་ན་ཌཱ་ཀི་ནཱི་ཧ་རི་ནི་ས༔ ར་ཙ་ཧྲི་ཡ་སརྦ་ས་མ་ཡ༔ ཨི་དཾ་བྷ་ལིང་ཏ༔ སརྦ་པཉྩ་ཨ་མྲྀཏ་རཀྟ་པཱུ་ཙ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་དམིགས་པ་དང་སྤྲད་ལ་འབུལ༔ གཉིས་པ་ཡི་དམ་ལྷ་ཚོགས་ཐམས་ཅད་དགྱེས་ཤིང་བཞེས་པར་བསམ་ལ༔ ཨོཾ་ཨཱཿཧཱུྃ་གི་མཐར་ཡི་དམ་གང་འདོད་པའི་རྩ་སྔགས་ལ་ཁཱ་ཧི་སྦྱར༔ གསུམ་པ་མཁའ་འགྲོ་ལའང༔ འབྲུ་གསུམ་རྩ་སྔགས༔ བཞི་པ་ཆོས་སྐྱོང༔ ལྔ་པ་ནོར་ལྷ༔ དྲུག་པ་དམ་ཅན༔ བདུན་པ་ཡུལ་ལྷ་ལ༔ ཡུལ་འདི་ཡི་གཞི་བདག་གཉུག་མར་གནས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ༔ བདུན་པ་ལྷ༔ ཀླུ༔ བཙན༔ བདུད༔ ས་བདག༔ དམུ༔ རྒྱལ་པོ༔ གནོད་སྦྱིན༔ སྲིན་པོ༔ གཟའ༔ རྒྱུ་སྐར༔ ཐེའུ་རང༔ སྲོག་བདག༔ མ་མོ༔ མ་ཡམ༔ སྨན་མོ༔ བརྟན་མ༔ དྲང་སྲོང༔ གཟེད་སྨན༔ གངས་སྲིན་སོགས་ཕྱོགས་སྐྱོང་མགོན་པོ་བདུན་ཅུ༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད༔ བརྒྱད་པ་འགྲོ་བ་རིགས་དྲུག་ཁམས་གསུམ་གྱིས་བསྡུས་པ་ཐམས་ཅད་ལ་རང་རང་གི་ཡིད་དང་མཐུན་པར་སྦྱིན་ནས༔ སྡུག་བསྔལ་ཐམས་ཅད་བྲལ༔ བསམ་པ་ཐམས་ཅད་འགྲུབ༔ བདེ་བ་དང་ལྡན་ནས་བྱང་ཆུབ་ཐོབ་པར་བསམ་ལ་ཨོཾ་ཨཱཿཧཱུྃ་གི་མཐར་ཡི་གེ་ཕཊཿཀྱིས་སྤྲོས༔ དགུ་པ་རང་གི་ལས་གདོན༔ ལུས་གདོན༔ སྲོག་བདག༔ ཡེ་གདོན༔ རླུང་གདོན༔ ཕོ་གདོན༔ མོ་གདོན༔ བསེ་གདོན་སོགས༔ གདོན་སྟོང་ཕྲག་བརྒྱད་ཅུ༔ བགེགས་སུམ་སྟོང་དྲུག་བརྒྱ༔ བྱིས་པའི་གདོན་ཆེན་བཅོ་ལྔ༔ ནད་བདག༔ ཡམས་བདག༔ རིམས་བདག༔ སྣ་ལ་རྒྱུག་པ༔ རྗེས་སུ་འབྲང་བ༔ བག་ལ་ཞ་བ༔ ལུས་ལ་འཁྲིལ་བ༔ ལས་ཀྱིས་འགོ་བའི་ལན་ཆགས་ཀྱི་བདག་པོ་ཐམས་ཅད་ལ་རང་གི་ལུས་ཕུང་པོ༔ མ་ཤི་བའི་གསོན་པོ༔ ཤི་བའི་རོ༔ གཏོར་བའི་ཤ་ཁྲག༔ མཁོ་བའི་ཡོ་བྱད༔ དགོས་དགོས་བསགས་བསགས༔ ཡོད་པ་དངོས་སུ༔ མེད་པ་ཡིད་ཀྱིས་སྤྲུལ་ནས་འདོད་པ་ཚིམ་པར་གྱུར་ཅིག༔ ལན་ཆགས་བྱང་བར་གྱུར་ཅིག༔ ཤ་མཁོན་དག་པར་གྱུར་ཅིག༔ དེ་ཐམས་ཅད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་ལྡན་ནས༔ སྙིང་རྗེ་རྒྱུད་ལ་སྐྱེ་བར་གྱུར་ཅིག༔ འཁྲུལ་སྣང་རང་ངོ་ཤེས་པར་གྱུར་ཅིག༔ ཅེས་འོག་མ་འདི་རྣམས་ཚར་བདུན་རེ་དམིགས༔ ཨོཾ་ཨཱཿཧཱུྃ༔ ཕཊ་ཕཊ༔ ཕཊ་ཕཊ༔ ཅེས་བརྗོད༔ རྗེས་སུ་མཁའ་འགྲོའི་བསྟོད་པས་བསྟོད་ནས༔ སླར་སྦྱང་བ་ནི༔ བླ་མ་མཁའ་འགྲོའི་དཀྱིལ་འཁོར་རྣམས་ཕྱོགས་གཅིག་ཏུ་གྱུར་ནས་གཙོ་མོ་ཡབ་ཡུམ་ལ་འདུས༔ གཙོ་མོ་ཡབ་ཡུམ་འཁྲིལ་སྦྱོར་བདེ་སྟོང་དུ་རོལ་པའི་སྦྱོར་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་བདག་གི་ཚངས་བུག་ཏུ་བབས་ཏེ༔ ལུས་ནང་དུ་སོང་ནས་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་སོལ་ཁུ༔ ནད་ཐམས་ཅད་རྣག་ཁྲག༔ གདོན་ཐམས་ཅད་སྲོག་ཆགས་ཀྱི་རྣམ་པར་འོག་སྒོ་ནས་ཐོན༔ རྩ་རྒྱུས་ཐམས་ཅད་ཁེངས༔ བ་སྤུའི་བུ་ག་ཁ་ཕྱེ་སྟེ༔ ཕྱི་ནང་ཐམས་ཅད་དག་ནས་ཤེལ་གོང་ལྟ་བུར་བསམ་ལ་བླ་མ་མཁའ་འགྲོའི་ཡིག་བརྒྱ་འདི་བཟླའོ༔ ཨོཾ་ཨཱཿཧཱུྃ་གྷུ་རུ་ཌཱ་ཀི་ནཱི་ཛྙཱ་ན་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལཱ་ཡ༔ གྷུ་རུ་ཌཱ་ཀི་ནཱི་ཛྙཱ་ན་བཛྲ་སཏྭ་ཏཱེ་ནོ་པ༔ ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨཱ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ་བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ༔ གྷུ་རུ་ཌཱ་ཀི་ནཱི་ཛྙཱ་ན༔ བཛྲ་མཱ་མེ་མུཉྩ༔ གྷུ་རུ་ཌཱ་ཀཱི་ནཱི་ཛྙཱ་ན་བཛྲི་བྷ་ཝ༔ མ་ཧཱ་ས་མ་ཡ༔ གྷུ་རུ་ཌཱ་ཀི་ནཱི་ཛྙཱ་ན་བཛྲ་སཏྭ་ཨཱ༔ ཞེས་ཐུན་རེ་བརྒྱ་རྩ་རེར་ལས་མི་ཉུང་བར་བཟླས་པས༔ འོག་མ་རིགས་དྲུག༔ ལས་གདོན་ལུས་གདོན་གཉིས་ཀྱིས་གཙོས་པའི་སེམས་ཅན་གྱི་སྤྱི་བོར་གྷུ་རུའི་སྤྲུལ་པ་རེ་རེ་བཞིན་བྱོན་ནས་རང་ལྟར་གྱུར་པར་བསམ་མོ༔ ཁྱད་པར་གང་གནོད་ཀྱི་གདོན་ལ་སྙིང་རྗེ་དྲག་པོས་སྦྱང་ངོ༔ ྀཨཚ༔ གཉིས་པ་ཐུན་མིན་དུ་ཨ་མ་ལ་སེམས་གཟུང་བ་ལ་གཉིས༔ ཨ་མ་ལ་སེམས་འཛིན་ཅིང་ཞི་གནས་གཏན་ལ་ཕབ་པ༔ ཏིང་ངེ་འཛིན་གྱི་རྩལ་སྦྱངས་ནས་ལྷག་མཐོང་ཡེ་ཤེས་སུ་བསྒྲུབ་པའོ༔ དང་པོ་ནི༔ གོང་གི་གྷུ་རུ་ཡབ་ཡུམ་གཉིས་ལ་མོས་གུས་དུང་གིས་བསྐྱེད་ལ༔ གྷུ་རུ་པདྨ་འོད་དུ་ཞུ་བ་ལས་ཡི་གེ་ཨ་དཀར་པོ་ཚོན་གང་ཙམ་གཅིག་ཏུ་གྱུར༔ མཚོ་རྒྱལ་འོད་དུ་ཞུ་བ་ལས༔ མ་དམར་པོ་ཚོན་གང་ཙམ་གཅིག་ཏུ་གྱུར་པར་བསམ་ལ༔ རླུང་རོ་ལན་གསུམ་ཕུལ༔ དེ་ནས་རླུང་འཇམ་རླུང་སྦྱོར་བ་བཞི་ལྡན་དུ་ཚུར་རྔུབས་པ༔ མ་ཡིག་ཚངས་བུག་ནས་མར་ཞུགས་མགྲིན་པར་གནས༔ ཨ་ཡིག་སྣ་རྩེ་སོར་བཅུ་དྲུག་གི་སར་ལམ་མེར་ཡོད་པ་ལ་སེམས་གཏད་ལ༔ རླུང་ཕར་འཕྲོ་དུས་ཨ་ཡིག་དེ་འོད་ཙེ་རེ་བསྒོམ༔ ཚུར་རྔུབས་དུས་ཨ་ཡིག་ཧྲི་ལི་ལི་བྱུང་ནས་སྣ་སྒོ་ལ་རེག་པ་ཙམ་དུ་བསམས་ནས༔ ཨ་ཡིག་གི་འོད་ཟེར་དཀར་པོ་དངུལ་ཆུ་ལྟ་བུ་དང་ལས་རླུང་བསྡོངས་ནས་ཚུར་བྱུང་བས་མ་ཡིག་དམར་པོ་ལ་བདེ་ཕྲི་ལི་ལི་སིམ་ནས་མ་ཡིག་བདེ་བའི་ངར་གྱིས་དྲོད་འུ་རུ་རུ་ཡོད་པ་ལ་སེམས་གཏད༔ ཡང་རླུང་ཕར་འགྲོ་དུས་མ་ཡིག་གི་འོད་ཚ་བའི་ངར་དང་ལྡན་པ་དམར་སི་རི་རི་ཨ་ལ་ཐིམ་པས༔ ཨ་དེ་བདེ་ཕྲི་ལི་ལི་གྱུར་ནས༔ བདེ་བའི་ངར་གྱིས་ཆུ་ཤེལ་གྱི་ཟིལ་པ་ལྟ་བུ་ཕྲོམ་ཕྲོམ་དུ་ཡོད་པ་ལ་སེམས་གཏད༔ རླུང་དྲག་ཞན་འབྲིང་གསུམ་མིའི་ཁམས་དང་བསྟུན་ལ་ཞག་བདུན་དུ་སྦྱང༔ དེས་ས་བོན་ཡིག་འབྲུའི་མངོན་པར་བྱང་ཆུབ་པའི་ལམ་སྦྱང་ཡིན་པས༔ ཞི་གནས་ལྟེང་པོའི་གོལ་ས་ལས་གྲོལ་ལོ༔ གཉིས་པ་ཏིང་ངེ་འཛིན་གྱི་ཞི་གནས་ལ་སེམས་གཟུང་བ་ནི༔ དེ་ནས་མ་ཡིག་དེ་སྙིང་ཁར་བབ༔ ཨ་ཡིག་དེ་སྣ་སྒོའི་ལམ་ནས་མགྲིན་པར་བབ༔ མགྲིན་པ་ནས་སྙིང་དབུས་སུ་བབ་པས༔ ཨ་མ་གཉིས་མེད་ཁ་སྤྲོད་དུ༔ ཨ་ཡིག་དཀར་པོ་ཟླ་བ་ཀུན་དྷའི་རང་བཞིན་བདེ་ཕྲི་ལི༔ མ་ཡིག་རཀྟ་གཏུམ་མོའི་རང་བཞིན་ངོ་བོ་དམར་ལ་རེག་བྱ་ཚ་བ་དྲོད་འུ་རུ་རུ་བསམ་ལ་སེམས་རྩེ་གཅིག་ཏུ་གཏད་པས་བདེ་དྲོད་རྩོལ་མེད་དུ་འཆར་རོ༔ བདེ་དྲོད་སྐྱེས་ནས་ཨ་མ་ལ་འཛིན་པའི་ངོ་བོ་ཡང་ཕྲལ་ཏེ༔ བདེ་དྲོད་རང་ལ་སེམས་མ་ཡེངས་པར་གཏད་པས༔ རབ་ལ་བདེ་དྲོད་སྟོང་ཉིད་གཅིག་ཆར་དུ་འབྱུང༔ འབྲིང་ལ་བདེ་སྟོང༔ ཐ་མ་དྲོད་འབྱུང་ངོ༔ དེ་ལ་བར་དུ་སེམས་ཀྱི་གདར་ཤ་ཆོད་པར་བསྣུན་ཏེ༔ བདེ་སྡུག༔ བཟང་ངན༔ ཉོན་མོངས༔ རྣམ་རྟོག་ཕྲ་རག་སོགས་དུ་མའི་མཚང་ཕྱུངས་ཏེ༔ གསེར་དངུལ་སླད་འདོན་པ་ལྟར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གྷུ་ཧྱ༔ ྀཨཚ༔ དེ་ལྟར་བྱས་པས་ཅི་ཞིག་ལྟར་ནས་ཞི་གནས་ལ་རང་བྱན་ཚུད་པས་གནས་ཚོད་རང་གིས་གཟུང་ཆོག་པ༔ ལྷག་མཐོང་ངོ་བོ་རྟོགས་ཏེ་རང་སེམས་རང་ངོ་རང་ཡིད་ཆེས་པ་ནོར་བཅོལ་མ་རང་ལག་ཏུ་ཚུད་པ་ལྟ་བུ་འབྱུང་ངོ༔ དེ་ནས་གཉིས་པ་ཏིང་ངེ་འཛིན་རྩལ་སྦྱོང་བ་ལའང་གཉིས་ཏེ༔ ཏིང་ངེ་འཛིན་དེ་རྩལ་སྦྱོང་བ༔ ལྷག་མཐོང་ཡེ་ཤེས་སུ་སྒྲུབ་པའོ༔ དང་པོ་ཏིང་ངེ་འཛིན་གྱི་རྩལ་སྦྱོང་བ་ནི༔ བླ་མའི་ངོ་བོ་ཨ་དེ་དཔྲལ་བར་བསམ༔ མཁའ་འགྲོའི་ངོ་བོ་མ་དེ་ལྟེ་བར་བསམ་སྟེ༔ ལུས་ནང་རྩ་དབུ་མ་ཡར་སྣ་ཨ་ལ་ཟུག་པ་ཧར་བ༔ མར་སྣ་མ་ལ་ཟུག་པ་ཆོས་འབྱུང་གི་རྣམ་པར་བསམས་ནས༔ ལུས་གནད་ཕྱེད་སྐྱིལ་བྱ༔ ལག་པ་དགའ་བའི་ཕྱག་རྒྱ་བྱས་ནས༔ རླུང་དྲག་ཏུ་གསུམ་རྔུབས༔ འཕོངས་བརྡབ་པ་དང་མ་ལས་མེ་ཚ་རམ་མེ་འབར་བ་ལ་རླུང་གི་སྦུད་པས་བུས་པས་མེ་ལྕེ་སྙིང་ཁར་འཁོར༔ དྲོད་མགྲིན་པར་སླེབ༔ མེ་ལྕེ་མགྲིན་པར་འབར༔ དྲོད་དཔྲལ་བར་སླེབ་པས༔ ཨ་དེ་བདེ་བའི་ཤུགས་ཀྱིས་འདར་ཕྲི་ལི་ལི༔ ཟིལ་པ་ཕྲོམ་ཕྲོམ་དུ་བསམ༔ མེ་སྤྱི་བོར་འབར༔ དྲོད་ཚངས་བུག་ཏུ་སླེབ་པས༔ ཨ་ལས་བདུད་རྩི་བསིལ་ཟེར་དང་ལྡན་པ་ན་ར་ར་བབ་པར་བསམ༔ མེ་མར་ནོན་ནས་བདུད་རྩི་མགྲིན་པར་བབ༔ མེ་མར་ནོན་ནས་བདུད་རྩི་སྙིང་གར་བབ༔ དེ་ནས་འཁྱུད་པའི་ཕྱག་རྒྱ་དང་བཅས་ནས༔ བདུད་རྩི་མ་ལ་ཐིམ་པས་བདེ་མེ་རེ་རེ་གྱུར་པར་བསམ་ལ༔ བྲོས་དེད་ལ་སེམས་སྦྱང་སྒོམ་པའི་ཚེ་མཉམ་གཞག་བྱེད༔ བདེ་སྟོང་ལྷན་ཅིག་སྐྱེས་པའི་རྟོགས་པ་རྩོལ་མེད་དུ་འཆར་རོ༔ འདིའི་སྐབས་འཕྲུལ་འཁོར་དམིགས་པ་དང་བཅས་པས་རྩལ་སྦྱང་ངོ༔ གཉིས་པ་ལྷག་མཐོང་ཡེ་ཤེས་སུ་བསྒྲུབ་པ་ནི༔ དེ་ལྟར་དྲོད་ཡར་སྦར༔ ཐིག་ལེ་མར་དབབ་པས༔ ཨ་ལས་རྡོ་རྗེ་རྩེ་ལྔ་པ་ཞིག་ཏུ་གྱུར་ནས་མགྲིན་པར་བབ༔ མ་ལས་པདྨ་འདབ་བརྒྱད་ཅིག་ཏུ་གྱུར་ནས་སྙིང་གར་བྱོན་ཏེ་ཡོད་པར་བསམ༔ ཡིད་ཀྱིས༔ ཨ་མ་གསལ་བར་འོད་ཕུང་གཏིབས༔ ཞེས་གསོལ་བ་བཏབ་པས༔ རྡོ་རྗེ་དེ་པདྨའི་གདན་ལ་བབ་ནས་པདྨའི་ཟེའུ་འབྲུ་ལ་ཕྱེད་མར་ནུབ༔ ཕྱེད་ཡར་ཐོན་ཏེ༔ འགྲེང་བ་ལ་སེམས་གཏད་པ་ནི༔ ཐུགས་ཕྱག་མཚན་ལས་མངོན་པར་བྱང་ཆུབ་པའོ༔ དེ་ནས་ཡང་གོང་ལྟར་གསོལ་བ་བཏབ་པས༔ རྡོ་རྗེ་དང་པདྨ་ལས་མདངས་ཀྱི་འོད་ཟེར་ཕྱོགས་བཅུ་པདྨ་འོད་ཀྱི་ཕོ་བྲང་དུ་འཕྲོས་པས༔ ཕྱོགས་བཅུའི་བྱང་སེམས་དེ་བཞིན་གཤེགས་པ་ཡི་དམ་མཁའ་འགྲོ་མ་མོ་དམ་ཅན་ཐམས་ཅད་དང༔ ཁྱད་པར་པདྨ་འབྱུང་གནས་ཡབ་ཡུམ་ཡང་སྤྱན་དྲངས་ནས༔ མཚོ་ལ་ཁ་བ་བབ་པ་ལྟར་རྡོ་རྗེ་དང་པདྨ་ལ་ཐིམ་པས༔ དེ་གཉིས་འོད་འབར་ཏེ་གནས་གྱུར་ནས༔ རྡོ་རྗེ་ལས་གྷུ་རུ་པདྨ་སྐུ་མདོག་དཀར་ལ་དམར་བ༔ རྡོ་རྗེ་དང་ཐོད་པ་ཚེ་བུམ་བསྣམས་པ༔ སྐུ་ལ་རུས་པའི་རྒྱན་དྲུག་དང་སྤྲུལ་སྐུའི་རྒྱན་དུ་མས་བརྒྱན་པ༔ དབུ་སྐྲ་ཐོར་ཅོག་ལ་རུས་པའི་དུམ་བུས་མཛེས་པར་བརྒྱན་པའི་པང་དུ་པདྨ་ལས་མཁའ་འགྲོ་མཚོ་རྒྱལ་དམར་ལ་འོད་འབར་བ༔ གཞོན་ལ་འཛུམ་པ༔ གཅེར་བུ་རུས་པ་དང་རིན་པོ་ཆེས་བརྒྱན་ཅིང༔ ཕྱག་ཏུ་ཡིད་བཞིན་གྱི་ནོར་བུ་འོད་འབར་བ་དང༔ ཐོད་པ་བསྣམས་ནས་ཡབ་ལ་འཁྱུད་པ༔ སྐྲ་གྲོལ་ཅིང་ནུ་མ་དང་བྷ་ག་རྒྱས་པ༔ དགའ་བ་བཞིའི་ཡེ་ཤེས་བསྐྱེད་པར་བསམ་ལ༔ ཡུམ་གྱི་ཐུགས་ཀར་ཟླ་བའི་གདན་ལ་མ་ཡིག་ལ་ཀཱ་ལི་དམར་པོའི་ཕྲེང་བ་འཁོར་བ༔ ཡབ་ཀྱི་ཐུགས་ཀར་ཨ་ལས་ཨཱ་ལི་དཀར་པོའི་ཕྲེང་བ་འཁོར་བ༔ དེ་གཉིས་གཡས་སྐོར་གཡོན་སྐོར་དུ་འཁོར་བའི་འོད་ཟེར་དཀར་དམར་གྱིས་རང་གི་ལུས་ཕུང་ཐམས་ཅད་འོད་ཕུང་དུ་མཆེད་དེ༔ རང་འོད་ཀྱི་ནུས་པས་རང་གི་གནས་ཁང༔ ཡུལ་ཁམས༔ སྟོང་གསུམ་ཐམས་ཅད་འོད་མེ་རེ་རེ༔ ཐིག་ལེ་ཤིགས་ཤིག༔ ཟེར་ཐག་བྲིང་བར་ཁྱབ༔ བར་དུ་འོད་ཟེར་འཇའ་ཐིག་ཐམས་ཅད་ཨཱ་ལི་ཀཱི་ལིས་ཁྱབ༔ མཐར་ཐམས་ཅད་གྷུ་རུ་ཡབ་ཡུམ་གྱི་སྐུར་གྱུར་ནས་ཐེམ་མེ་ཏིལ་གང་ལྟ་བུས་སྟོང་གསུམ་ཁེངས་ཤིང༔ ཡབ་ཡུམ་གྱི་སྤྲུལ་པ་རེ་རེ་ལ་མཁའ་འགྲོ་སྡེ་ལྔས་བསྐོར་བར་བསམ་ལ༔ ཨ་མ་གསལ་བར་འོད་ཕུང་གཏིབས༔ ཅེས་སྨྲ་བ་བཅད་ནས་ཞག་བདུན་དུ་བསྒྲུབས་པས༔ དངོས་ཉམས་རྨི་ལམ་གསུམ་དུ་ཞལ་མཇལ་ཞིང་ལུང་བསྟན༔ འཇའ་འོད་འཁྱུགས༔ རང་ལུས་མི་སྣང་བར་གཞན་གྱིས་མི་མཐོང༔ དྲི་བཟང་འཐུལ༔ སྐབས་སུ་མཆོད་བསྟོད་བྱའོ༔ དེ་ནས་འོད་ཕུང་སྐུ་དང་ཐིག་ལེ་མཁའ་འགྲོ་ཐམས་ཅད་སྟོང་གསུམ་ཤིགས་ཤིག་ཏུ་གྱུར་ནས༔ བཅུད་ཀྱི་ཚོགས་ཐམས་ཅད་དཀར་དམར་སེར་ལྗང་མཐིང་གའི་རྣམ་པ་བསྡུས་ནས་ཚུར་རང་ལ་འདུས་པར་བསམ་པ་ནི་སྐུ་ཡོངས་རྫོགས་ཀྱི་མངོན་བྱང་སྤྲོ་བ་དང་བཅས་པའོ༔ དེ་ནས་ལྷ་ཚོགས་ཐམས་ཅད་གཙོ་བོ་རང་ལ་འདུས༔ རང་ཡང་འོད་ཕུང་གི་རྣམ་པས་གྷུ་རུ་ཡབ་ཡུམ་ལ་འདུས༔ ཡབ་ཡུམ་སྔགས་ཕྲེང་ལ་བསྡུ༔ སྔགས་ཕྲེང་ཨ་མ་གཉིས་ལ་འདུས༔ ཨ་མ་གཉིས་ཀྱང་མ་ཐིག་ལེར་གྱུར་ནས་ཨ་ཡིག་གི་སྟེང་དུ་ཡོད༔ ཨ་འོད་དུ་ཞུ་ནས་ཐིག་ལེ་ལ་བསྟིམ༔ ཐིག་ལེ་མི་དམིགས་པ་སྟོང་ཉིད་དུ་བཞག་པ་ནི་ཡུན་དུ་བྱའོ༔ སྟོང་པ་ཉིད་ལ་མངོན་པར་བྱང་ཆུབ་པ་ནི་ཕྱག་རྒྱ་ཆེན་པོའོ༔ དེ་ནི་ལྷག་མཐོང་ཡེ་ཤེས་སུ་སྒྲུབ་པའི་མན་ངག་ཟབ་མོའོ༔ ྀཨཚ༔ གྷུ་ཧྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈ སྤྱི་དོན་གསུམ་པ་རྗེས་ཀྱི་རིམ་པ་ལ་གཉིས༔ ལམ་ཁྱེར་བོགས་དབྱུང་བ་དང༔ བརྟུལ་ཞུགས་ཀྱི་སྤྱོད་པས་ལམ་རྩལ་སྦྱོང་ཞིང་མཐར་དབྱུང་བའོ༔ དང་པོ་བོགས་དབྱུང་བ་ནི༔ ཕོ་ཁྲིད་ལ་བརྟེན་ནས་རྣལ་འབྱོར་པའི་བོགས་འདོན་པ༔ མོ་ཁྲིད་ལ་བརྟེན་ནས་རྣལ་འབྱོར་མའི་བོགས་འདོན་པའོ༔ རྟེན་དགེ་སློང་མ་དང༔ དགེ་སློང་ཕ་གཉིས་ཡིན་ན་རང་ལུས་ཐབས་ལྡན་དུ་སྦྱོང་བའོ༔ དང་པོ་བུམ་ཆེན་རླུང་ལ་བསླབ་པ༔ གཉིས་པ་སྤྱོད་པ་འཕྲུལ་འཁོར་ལ་བསླབ་པའོ༔ འཕྲུལ་འཁོར་ལ༔ ཕོ་ཁྲིད་རྡོ་རྗེ་ཆུ་འཐུང༔ མོ་ཁྲིད་པདྨ་སྦྲུབས་འདྲེན་ནོ༔ དེ་གཉིས་ལ༔ ལུས་སྦྱང་རྩའི་ཁྲིད༔ ངག་སྦྱང་རླུང་གི་ཁྲིད༔ སེམས་སྦྱང་ཐིག་ལེའི་ཁྲིད༔ ཐིག་ལེ་ལ༔ དཀར་ཆ་ཡབ་ཀྱི་ཁྲིད༔ དམར་ཆ་ཡུམ་གྱི་ཁྲིད༔ གཉིས་མེད་སྦྱོར་བའི་ཁྲིད༔ སྦྱོར་མེད་ཐབས་ལྡན་གྱི་ཁྲིད་དོ༔ བརྟུལ་ཞུགས་ཀྱི་སྤྱོད་པས་ལམ་བཙལ་བ་ལ་གཉིས༔ གེགས་སེལ་བར་བྱས་ནས་ལམ་བཙལ་བ༔ སྤྱོད་པས་གཅོད་ནས་ལམ་བཙལ་བའོ༔ གེགས་སེལ་བ་ལའང་རྟེན་གཞི་ལུས་ཀྱི་གེགས་སེལ༔ བརྟེན་བྱ་རླུང་གི་གེགས་སེལ༔ དགོས་དོན་ཐིག་ལེའི་གེགས་སེལ་ལོ༔ སྤྱོད་པ་གཅོད་པ་ནི༔ དངོས་མེད་ལྷ་འདྲེ་ལ་གཅོད་པ༔ དངོས་ཅན་གཟུགས་ཅན་ལ་གཅོད་པའོ༔ དེ་ཐམས་ཅད་རང་དོན་དུ་གཅོད་པ་སེམས་ཀྱི་སྙེམ་འཛིན་གཅོད་པ༔ གཞན་དོན་དུ་གཅོད་པ་སེམས་ཅན་སྡུག་བསྔལ་ལས་བསྒྲལ་བའོ༔ ས་མ་ཡ༔ མཁའ་སྤྱོད་ཨ་མའི་ཁྲིད་རིམ༔ ཇོ་མོ་མཚོ་རྒྱལ་གྱི་སྙིང་ཐིག་མཁའ་སྤྱོད་མ་རྫོགས་སོ༔ ྀཨཚ༔ གྷུ་ཧྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་མོ་གསང་བ་ཡོངས་འདུས་ལས༔ མཁའ་འགྲོ་མཚོ་རྒྱལ་གྱི་གྲུབ་རྟགས་ལས་ཚོགས་ཟབ་མོ་ཉེར་གཅིག་བཞུགས་སོ༔ ྈྈྈྈྈྈ བླ་མ་ཡི་དམ་ལྷ་ལ་གུས་པས་འདུད༔ རྡོ་རྗེ་གསང་འདུས་ཡང་ཟབ་མཁའ་འགྲོའི་སྙིང་ཐིག་ལས༔ ཁྱད་པར་གྱི་ལས་ཚོགས་ཉི་ཤུ་རྩ་གཅིག་བསྟན་པ་ནི༔ གོང་དུ་བླ་མ་མཁའ་འགྲོའི་བསྙེན་སྒྲུབ་ཚད་དུ་བསྐྱལ་ཅིང་དྲོད་རྟགས་བརྙེས་པའི་རྣལ་འབྱོར་པས༔ མཁའ་འགྲོའི་ང་རྒྱལ་བརྟུལ་ཞུགས་ཀྱིས་སྤྱོད་པ་བྱ་བ་ནི༔ འཇིག་རྟེན་ལྷ་འདྲེ་དྲག་པོ་དམ་ལ་འདོགས་ཤིང་ལས་ལ་བཙུད་པ་ནི༔ ལྷ་སྲིན་གང་གནས་པའི་རྟེན་དེ་ནས་ས་བླངས་ལ་གཟུགས་བཅོས༔ གཏོར་མ་སྦྱིན་ལ༔ རང་མཁའ་འགྲོ་མཚོ་རྒྱལ་གྱི་ང་རྒྱལ་དང༔ གནས་ལྔར་མཁའ་འགྲོ་ལྔར་བསམ་ལ༔ ཨ་མ་ཧ་རི་ནི་ས༔ དྷེ་ཝ་ཡཀྴ་ཧཱུྃ་ཀཱ་ལ་ས་མ་ཡ་སཏྭཾ༔ ཞེས་བཟླས་པས་ལྷ་འདྲེ་གདུག་པ་ཅན་གང་ཡིན་ཡང་དམ་ལ་ཐོགས་ཤིང་ལས་ལ་འཁོལ་ལོ༔ ཟབ་རྒྱ༔ བླ་མ་མཁའ་འགྲོའི་རྣལ་འབྱོར་པས༔ དོན་འགྲུབ་བམ་མི་འགྲུབ་བརྟག་པ་ནི༔ རང་གི་སྔས་སུ་འཁར་བའི་སྣོད་དུ་ཆུ་གཙང་མའི་ནང་དུ་འོ་མ་བླུགས་ཏེ༔ རང་མཚོ་རྒྱལ་དཀར་མོ་ཉི་མའི་སྤྱན་དཔྲལ་བར་ཡོད་པའི༔ གནས་ལྔར་མཁའ་འགྲོ་སྡེ་ལྔ་བསམས་ལ༔ ཨ་མ་ཧ་ནི་རི་ས་ཆུ་བུར་མིག་གི་སྒོ་སོལ༔ ཙཀྵུཿསྭ་ཧཱ༔ ཞེས་སྟོང་ཕྲག་བཟླས་ནས་མིག་ལ་ཆུ་བྱུག༔ ཁོང་དུ་མིད༔ ཁྲུས་བྱས་ཏེ་ཉལ་བས༔ རབ་མིག་གིས་མཐོང༔ འབྲིང་ལུང་བསྟན༔ ཐ་མ་རྨི་ལམ་དུ་བརྡ་རྟགས་སྣ་ཚོགས་འབྱུང་ངོ༔ མཚོ་རྒྱལ་མཁའ་འགྲོ་ལྔ་ལ་གསོལ་བ་གདབ་བོ༔ ྀཨཚ༔ བླ་མ་མཁའ་འགྲོའི་རྣལ་འབྱོར་པས༔ པྲ་དབབ་པར་འདོད་ན༔ བུ་མོ་གཙང་མ་གྲོང་པའི་ཆོས་ཀྱིས་མ་གོས་པ་ལ་ཁྲུས་བྱ༔ དེ་མཁའ་འགྲོ་དམར་མོ་སྤྱན་གསུམ༔ དཔྲལ་བའི་སྤྱན་གྱིས་སྲིད་གསུམ་མཐོང་བ་གཅིག་ཏུ་བསྒོམས་ལ༔ ཨ་མ་ཧ་རི་ནི་ས༔ གང་གོ་ལི༔ ཆུ་བུར་མིག་གི་གོ་ཕྱེས་ཤིག༔ ཅེས་ནས་ལ་བཟླས་ནས་གཏོར་བས༔ ལེགས་ཉེས་ཐམས་ཅད་མཐོང་བར་འགྱུར་རོ༔ ྀཨཚ༔ བླ་མ་མཁའ་འགྲོ་གྲུབ་པའི་རྣལ་འབྱོར་པས༔ ལུས་བསྒྱུར་བར་འདོད་ན༔ ས་ལ་ཕག་པའི་གཟུགས་ལ་སོགས་པ་གང་འདོད་བྱས་ལ༔ ཨ་མ་ཧ་རི་ནི་ས༔ ས་གེ་ཡ༔ ཞེས་བརྒྱ་རྩ་བཟླས་ཤིང་གང་དུ་བསྒྱུར་བའི་དམིགས་པ་གཏད་དེ༔ ལན་གསུམ་འགྲེས་པས་གང་འདོད་པའི་གཟུགས་སུ་འགྱུར་རོ༔ ྀཨཚ༔ བླ་མ་མཁའ་འགྲོ་གྲུབ་པའི་རྣལ་འབྱོར་པས༔ ཕ་རོལ་གྱི་ཤེས་པ་སྒྱུར་འདོད་ན༔ རང་རྡོ་རྗེ་ཕག་མོར་བསྒོམས་པའི་ཐུགས་ཀར་མཚོ་རྒྱལ་དམར་མོ་རུས་རྒྱན་ཅན་བསྒོམས་ལ༔ ཨ་མ་ཧ་རི་ནི་ས༔ ཨ་མྲྀ་ཏཾ་ཀ་ལ༔ ཞེས་བཟླས་ཤིང་ཕག་མོའི་སྐད་ཀྱིས་ངུར་ནས༔ ཕ་རོལ་ལ་རིག་པ་གཏད་པས༔ ཤེས་པ་འགྱུར་རོ༔ ྀཨཚ༔ བླ་མ་མཁའ་འགྲོ་གྲུབ་པའི་རྣལ་འབྱོར་པས༔ ཆོས་སྨྲ་བའི་ཚེ༔ རང་གི་ལྕེ་པདྨ་འདབ་བཞིར་བསམས་ལ༔ ཡི་གེའི་རང་སྒྲ་སྒྲོག་པར་བསམས་ལ༔ ཨ་མ་ཧ་རི་ནི་ས༔ དྷརྨ་སརྦ་སྨྲས་སོ༔ ཞེས་བརྒྱ་རྩ་བཟླས་པས་ཆོས་གང་བཤད་ཕ་རོལ་གྱི་ཡིད་ལ་འཇུག་ཅིང་བྱིན་གྱིས་བརླབ་བོ༔ ྀཨཚ༔ བླ་མ་མཁའ་འགྲོ་གྲུབ་པའི་རྣལ་འབྱོར་པས༔ སྐྱེས་པ་དགུག་པར་འདོད་ན༔ གྲོ་ག་ལ་གང་བྱེད་ཀྱི་གཟུགས་བྲིས་ལ༔ སྙིང་གར་འཁོར་ལོ་རྩིབས་དྲུག༔ རྩ་སྔགས༔ མུ་ཁྱུད་ལ་ཤམ༔ དབུས་སུ་མིང་རྣྲྀཿབྲིས་ལ༔ རང་མཚོ་རྒྱལ་འགུགས་བྱེད་དམར་མོར་གསལ་ལ༔ ཨ་མ་ཧ་རི་ནི་ས༔ ཆེ་གེ་མོ་ཨཱ་ཀར་ཤ་ཡ་ཛ་ཛ༔ ཞེས་བསྒྲུབས་ནས་རྟགས་བྱུང་བ་དང་འཁོར་ལོ་ལག་མཐིལ་དུ་དྲིལ་བས་གང་ལ་བྱས་པ་ཁུག་པར་འགྱུར་རོ༔ བུད་མེད་འགུགས་པར་འདོད་ན༔ འཁོར་ལོ་གོང་ལྟར་མིང་ཡིག་བྲིས་ལ༔ ཨ་མ་ཧ་རི་ནི་ས༔ རྨར་ཆེ་གེ་མོ་ཨཱ་ཀར་ཤ་ཡ་ཧྲིཾ༔ ཞེས་བསྒྲུབས་ནས་འཁོར་ལོ་དྲིལ་ནས་མོས་མཐོང་སར་ཕྱིན་པས་མྱུར་དུ་ཁུག་པར་འགྱུར་རོ༔ ྀཨཚ༔ བླ་མ་མཁའ་འགྲོ་གྲུབ་པའི་རྣལ་འབྱོར་པས༔ ཆང་འགུགས་པར་འདོད་ན་ཐོད་པ་ཆང་གིས་བཀང་པ་ལ་བདུད་རྩི་བླུགས་ནས༔ བླ་མ་མཁའ་འགྲོ་ལ་མཆོད་བསྟོད་གསོལ་བ་བཏབ༔ ཨ་མ་ཧ་རི་ནི་ས༔ སུ་ར་སིདྡྷི་ཕ་ལ་ན་མ༔ ཞེས་བཟླས་པས་ཆང་ཁོལ་དུ་འོང་བས༔ རང་མཚོ་རྒྱལ་གྱི་སྤྱི་བོར་བླ་མ༔ སྙིང་གར་ཡི་དམ༔ ལྟེ་བར་མཁའ་འགྲོ་བསམས་ལ་ཧུབ་གསུམ་འཐུང༔ ལྷག་མ་བདུད་རྩི་རིལ་བུ་བྱས་ལ༔ ལུས་ལ་བཅངས༔ དཔྲལ་བར་བྱུགས་ལ༔ ཨ་མ་ཧ་རི་ནི་ས༔ སྨི་ཏི་ཟུང༔ ཞེས་བཟླས་པས་ཆང་མང་དུ་འདུའོ༔ གོང་གི་རིལ་བུ་དེ་ཕབ་དང་བསྲེས་ནས་ཆང་བཙོས་ན༔ ཆང་ཞིམ་ཞིང་ཆང་ཟད་པ་མེད་པར་འབྱུང་ངོ༔ ྀཨཚ༔ བླ་མ་མཁའ་འགྲོ་གྲུབ་པའི་རྣལ་འབྱོར་པས༔ མི་འདུ་བར་འདོད་ན༔ ཚོགས་དང་གཏོར་མ་བཟང་པོ་བཤམ༔ མཁའ་འགྲོ་ལ་གསོལ་བ་གདབ༔ ཨ་མ་ཧ་རི་ནི་ས༔ དྷཱ་ཀི་ཨེ་ཏྲུཾ་ཨེ་ཀ་ས་ར༔ ཞེས་བཟླས་ཤིང་ལག་མཐིལ་དུ་འཁོར་ལོ་བྲིས་ནས་སྔགས་ཏེ་མི་ལ་བསྟན་པས་ཁྲོམ་འདུའོ༔ ྀཨཚ༔ མཁའ་འགྲོ་མ་དང་མི་མ་ཡིན་དབང་དུ་བསྡུ་བར་འདོད་ན༔ དུར་ཁྲོད་དུ་འགྲོ་ནས་གཅེར་བུ་བྱས་ཏེ༔ རྐང་དུང་འབུད༔ རང་མཚོ་རྒྱས་བསམས་ལ༔ ཨ་མ་ཧི་རི་ནི་ས༔ བྷ་རི་ཧ་ས་ཛ༔ ཞེས་བཟླས་ཤིང་ཁྲག་གཏོར་བས༔ མི་མ་ཡིན་རྣམས་སྤྲིན་བཞིན་དུ་འདུ་ཞིང་གང་བཅོལ་བ་ཉན་ནོ༔ ྀཨཚ༔ ཟས་ནོར་འདུ་བར་འདོད་ན༔ ནང་ནུབ་ཟས་སྣ་ཆུ་དང་རིན་པོ་ཆེ་རྣམས་སྲེག་ཅིང༔ མེ་མཁའ་འགྲོའི་ཚོགས་སུ་བསམས་ལ༔ ཨ་མ་ཧ་རི་ནི་ས༔ བ་སུ་དྷ་ན་ཁ་དྷེ་རཏྣ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཞེས་མཆོད་པས་ཟས་ནོར་གཏེར་བརྡོལ་བ་ལྟར་འབྱུང་ངོ༔ ྀཨཚ༔ བླ་མ་མཁའ་འགྲོ་གྲུབ་པའི་རྣལ་འབྱོར་པས༔ ཚོང་རྒྱལ་བར་འདོད་ན༔ མཁའ་འགྲོ་ལ་གསོལ་བ་གདབ་ནས༔ ཨ་མ་ཧ་རི་ནི་ས༔ སྨ་ས་ར་ས་ཀུ་རུ༔ ཞེས་ཁོའི་ནོར་དེ་ལ་སྔགས་ཉེར་གཅིག་བཏབ་པས་ཚོང་རང་རྒྱལ་བར་འགྱུར་རོ༔ ྀཨཚ༔ ནོར་བསྒྲུབ་པར་འདོད་ན༔ ཐོད་པ་མཚན་ལྡན་དུམ་གཅིག་ནང་དུ༔ རིན་པོ་ཆེ་འབྲུ་དར་ཟབ་སྣ་ཚོགས་ཀྱིས་བཀང་ལ༔ མཁའ་འགྲོ་མཆོད་ཅིང་གསོལ་བ་བཏབ་སྟེ༔ ཨ་མ་ཧ་རི་ནི་ས༔ བ་སུ་པུས་ཏིང་ཀུ་རུ་སྭཱ་ཧཱ༔ ཞེས་བཟླས་པས་ནོར་ཕྱུག་པར་འགྱུར་རོ༔ ྀཨཚ༔ བླ་མ་མཁའ་འགྲོ་གྲུབ་པའི་རྣལ་འབྱོར་པས༔ གྲུབ་རྟགས་བསྟན་འདོད་ན༔ དང་པོ་མཁའ་སྤྱོད་སྒྲུབ་པ་ནི༔ སྐྱེ་བ་བདུན་པའི་ཁྲག་དང༔ ཤ༔ རུས་པ༔ སྨན་སྣ་ཚོགས་བསྲེས་ལ་རིལ་བུ་བྱས་ཏེ༔ ཐོད་པ་བཀང་ནས༔ ཨ་མ་ཧི་རི་ནི་ས༔ ཨེ་ཀ་པཱ་ལ༔ ཞེས་འབུམ་ཕྲག་བཟླས་པས་རིལ་བུ་མང་དུ་འཕེལ་ཅིང་འཕུར་རོ༔ དེ་ཁར་བཅུག་པས་མཁའ་སྤྱོད་འགྲུབ༔ ཚེ་ཉི་ཟླ་དང་མཉམ་མོ༔ ྀཨཚ༔ ས་སྤྱོད་བསྒྲུབ་ན༔ གནས་དབེན་པར༔ དོང་གྲུ་གསུམ་བྲུས་ལ་རང་དེར་འདུག༔ མཁའ་འགྲོ་མཚོ་རྒྱལ་ཡེ་ཤེས་ཀྱི་སྤྱན་ཅན༔ སྤྱན་ས་འོག་ཏུ་གཟིགས་པར་བསྒོམས་ལ༔ ཨ་མ་ཧ་རི་ནི་ས༔ ཨ་སྨན་བྷ་ག༔ ཞེས་བཟླས་པས༔ དང་པོ་བྱོལ་སོང༔ དེ་ནས་དམྱལ་བ་སོགས༔ དེ་ནས་ས་འོག་གི་གཏེར་ཐམས་ཅད་མཐོང་སྟེ་དབང་སྒྱུར་བར་འགྱུར་རོ༔ ྀཨཚ༔ མེས་མི་ཚིག་པར་འདོད་ན༔ ཨ་མ་ཧ་རི་ནི་ས༔ ཨག་ནེ་ཤན་ཏིང་ཀུ་རུ་སྭཱ་ཧཱ༔ ཞེས་མེར་མཆོངས་ཀྱང་མི་ཚིག་གོ༔ ཆུས་མི་བྱིང་བར་འདོད་ན༔ ཨ་མ་ཧ་རི་ནི་ས༔ པ་ནི་པུས་ཏིང་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ཆུས་མི་བྱིང་ངོ༔ གཡང་རྦབ་ཀྱིས་ཉེས་པ་མི་འོང་བར་འདོད་ན༔ ཨ་མ་ཧ་རི་ནི་ས༔ ཡཾ་པ་ར་ཎཱ་ཡ་སྭཱ་ཧཱ༔ གཡང་ལ་མཆོངས་ཀྱང་མི་སྐྱོན་ནོ༔ མགོ་མི་ཆག་པར་འདོད་ན༔ ཨ་མ་ཧ་རི་ནི་ས་ཧཱུྃ༔ ཞེས་མགོ་བརྡབ་ས་དེ་འབོལ་བར་བསྒོམས་པས་མི་སྐྱོན་ནོ༔ གངས་སོགས་འཁྱགས་པའི་སྟེང་དུ་ཉལ་ན༔ རླུང་དགང་ནས་བཟུང་ལ་གཏུམ་མོ་སྦར༔ ཨ་མ་ཧ་རི་ནི་ས་རཾ་རཾ༔ ཞེས་འཁྱག་མེར་བསྒོམ་མོ༔ དེ་ལྟར་བརྟུལ་ཞུགས་གང་བྱེད་ཀྱང་རླུང་ནང་དུ་རྔུབ་དུས་ཨ་བསམ༔ ནང་དུ་གནས་ཚེ་མར་བསམ༔ འབྱིན་ཚེ་ཧ་རི་ནི་ས༔ ཞེས་བསམས་ནས༔ འབྱང་བ་གལ་ཆེ༔ མཁའ་འགྲོ་སྤྱི་དྲིལ་གྱི་བསྙེན་པ་ནི༔ ཨོཾ་ཨཱཿཧཱུྃ་ཨ་མ་ཧ་རི་ནི་ས༔ ར་ཙ་ཧྲི་ཡ༔ ཞེས་མཁའ་འགྲོ་སྤྱི་གནད་ཡང་དག་པ་ཡིན་པས་རྟགས་ཚད་རྫོགས་པར་བསྒྲུབ་པ་གལ་ཆེའོ༔ མཁའ་འགྲོ་མའི་བརྟུལ་ཞུགས་ཀྱི་གྲུབ་རྟགས་ལས་ཚོགས་ཉེར་གཅིག་པ་རྫོགས་སོ༔ རྟགས་ཚད་ལྡན་པའི་རྣལ་འབྱོར་པས་སྣང་སྲིད་དབང་སྒྱུར་དུ་འགྲུབ་པར་ངེས་སོ༔ ྀཨཚ༔ གྷུ་ཧྱ༔ ཟབ་མོ་གསང་བ་ཡོངས་འདུས་ལས༔ བླ་མ་མཁའ་འགྲོའི་ལས་ཚོགས་འཐོར་བུ་སྣང་སྲིད་དབང་སྒྱུར་བཞུགས་སོ༔ ྈྈྈ བླ་མ་མཁའ་འགྲོ་མཆོག་ལ་གུས་པས་འདུད༔ ཟབ་མོ་རྡོ་རྗེ་གསང་འདུས་ཀྱི༔ མཁའ་འགྲོ་ཨ་མའི་ལས་ཚོགས་སྣང་སྲིད་དབང་སྒྱུར་བསྟན་པ་ནི༔ དང་པོ་རྩ་སྔགས༔ ཨ་མ་ཧ་རི་ནི་ས་ཧཱུྃ༔ ཞེས་བསྙེན་པ་ཚད་དུ་སྐྱོལ་ཅིང་ཨ་མ་གྲུབ་པའི་རྣལ་འབྱོར་པས༔ དང་པོ་ཞི་བའི་ལས་ཚོགས་ནི༔ རྒྱལ་པོའི་ཆད་པ་ལ་སོགས་འཇིགས་པ་དྲག་པོ་བྱུང་ན༔ རྒྱ་ཤུག་དང་ཙནྡན་གྱི་ལོ་མ་ལ༔ ཨ་མ་ཧ་རི་ནི་ས་ཤཱན་ཏིང་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་འབུམ་ཕྲག་གཅིག་བཟླས་ནས༔ རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས༔ མཚོ་རྒྱལ་མཁའ་འགྲོ་རིགས་ལྔ་ལ་གསོལ་བ་བཏབ་ནས༔ ཨ་མ༔ རྒྱལ་པོའི་ཆད་པའི་འཇིགས་པ་དང༔ ཕ་རོལ་པའི་དམག་ཚོགས་དང༔ མེ་དང༔ ཆུ་དང༔ གཅན་གཟན་དང༔ སྦྲུལ་གདུག་པ་ཅན་དང༔ མུ་གེ་དང༔ དུས་མ་ཡིན་པའི་འཆི་བའི་འཇིགས་པ་དང༔ འཇིགས་པ་བརྒྱད་ལས་ཐར་པར་གྱུར་ཅིག༔ བཟློག་པར་གྱུར་ཅིག༔ ཞི་བར་གྱུར་ཅིག༔ ཅེས་བྱས་པས་འཇིགས་པ་བརྒྱད་ལས་ཐར་བར་འགྱུར་རོ༔ ྀཨཚ༔ ཐ།ཐ་ཐ༔ རྒྱས་པའི་ལས་སྦྱོར་ནི༔ བུམ་པར་ཆུ་དང༔ རིན་པོ་ཆེ་དང༔ སྨན་དང༔ འབྲུ་ལ་སོགས་པ་བླུགས་ལ༔ ཨ་མ་ཧ་རི་ནི་ས་པུས་ཏིང་ཀུ་རུ་ཨཱ་ཡུཿསིདྡྷི་སྭཱ་ཧཱ༔ ཞེས་འབུམ་ཕྲག་གཅིག་བཟླས་ནས་ནངས་རེ་བཞིན་དུ༔ རང་ངམ་འཁོར་སོགས་གང་དགོས་ཀྱིས་ཁྲུས་བྱས་ཤིང་བཏུང་ན་ཚེ་དང༔ འཁོར་དང༔ ནོར་དང་། ལོངས་སྤྱོད་ལ་སོགས་པ་རྒྱས་པར་འགྱུར་རོ༔ ྀཨཚ༔ དབང་གི་ལས་ནི༔ མེ་ལོང་གི་སྟེང་དུ་བྱང་སེམས་དཀར་དམར་དང༔ སིནྡྷུ་རའི་ཡི་གེ་་་ཨ་ཧ་རི་ནི་ས༔བྱས་ཏེ༔ དེའི་སྟེང་དུ་རྫས་དེ་གསུམ་གྱི་རིལ་བུ་ཐུམ་པོར་བཞག་ལ༔ ཨ་མ་ཧ་རི་ནི་ས༔ པ་ཤང་ཀུ་རུ༔ ཨཱ་བེ་ཤ་ཨཱ༔ ཞེས་འབུམ་ཕྲག་བཟླས་ནས༔ ལས་སྦྱོར་ནམ་དགོས་དུས་སྨིན་མཚམས་སུ་ཐིག་ལེ་བྱས་པས༔ འགྲོ་བ་ཐམས་ཅད་ཀྱིས་རྒྱལ་པོའམ༔ སློབ་དཔོན་ནམ༔ ཕ་མ་ལྟ་བུ་མཐོང་ནས་མོས་ཏེ༔ མོས་པ་རྣམ་པ་བཞི་ཡིས་དབང་དུ་འདུས་པར་འགྱུར་རོ༔ ྀཨཚ༔ དྲག་པོའི་ལས་ཀྱིས་དགྲ་གསད་པ་ནི༔ རབས་ཆད་ཀྱི་ཐོད་པར་དགྲ་ཡི་ལིངྒ་བཅུག་སྟེ༔ དགུག་གཞུག་བྱས་ནས༔ ཉུངས་དཀར་ལ་སྔགས་ནས་ཐུན་བརྡེག་གོ༔ ཨ་མ་ཧ་རི་ནི་ས་ཨ་ཀ་ས་མ་ར་ཙ་ཕཊ༔ ཆེ་གེ་ཨུཾ་མཱ་ར་ཡ་རྦད༔ ཅེས་ཐུན་དྲག་ཏུ་བརྡེགས་པས་ཐོད་མིང་འཚག་པར་འོང་ངོ༔ དེ་ནས་སྦྱིན་སྲེག་གི་དུག་ཤིང་གི་མེ་ལ་བསྲེགས་པས་མྱུར་དུ་དགྲ་གུམ་མོ༔ ྀཨཚ༔ དེ་ནས་བྱེ་བྲག་ནི༔ དགྲ་བོ་འགུགས་པར་འདོད་ན༔ དུར་ཁྲོད་ཀྱི་རས་ལ་དགྲ་བོའི་རཱུ་པ་ར་ཁྲག་གིས་བྲིས་ལ༔ སྙིང་ཁར་ཡི་གེ་རྣྲྀ་ཛཿབྲི༔ ངག་ནས་ཨ་མ་ཧ་རི་ནི་ས་ཆེ་གེ་ཨཾ་ཀུ་ཤ་ནི་ཛ་ཛ༔ ཞེས་བཟླས་ཤིང་ལིངྒ་ལ་དགུག་གཞུག་བྱས༔ ལིངྒ་བྲུབ་ཁུང་དུ་བཅུག་ལ༔ ཉུངས་དཀར་ཐུན་གྱིས་བྲབ་པས་དགྲ་དངོས་སུ་དགུག་ནུས་སོ༔ ྀཨཚ༔ དགྲ་བཅིང་པ་ནི༔ དགྲ་བགེགས་གང་ཡིན་ལིང་ག་བྲིས་ལ༔ སྙིང་ཁར་རྣྲྀ་ཛཿཛཿནན༔ ཞེས་བྲིས་ལ༔ མཁར་ཟེར།་་་བལ་ནག་ཕྱིན་ཀ་ལོག་ཏུ་སྐུད་པས་བྱད་དུ་གཞུག་ལ༔ ཨ་མ་ཧ་རི་ནི་ས༔ མོན་དྷ་ཆིངས༔ ཞེས་བཟླས་ཤིང་ཉུངས་ནག་གི་ཐུན་གྱིས་བྲབ༔ ལིང་ག་མལ་འོག་ཏུ་མནན་ན༔ དགྲ་བགེགས་གང་ལ་བྱས་པ་དྲུ་གུ་ཐུལ་དུ་འཆིང་བར་འགྱུར་རོ༔ ྀཨཚ༔ དགྲ་བགེགས་བསྐྲད་པར་འདོད་ན༔ གུ་གུལ་དང་ནིམ་པ་སྦྱར་ལ༔ དགྲ་བགེགས་ཀྱི་ལིངྒ་བྲིས་ཏེ༔ རྫས་ཀྱི་དུད་པ་བཏང་ཞིང༔ ཨ་མ་ཧ་རི་ནི་ས་གརྫ་ཡ་ཕཊ༔ ཅེས་སྟོང་བཟླས་པས་དགྲ་ཡུལ་ནས་ཕྱུང་ཞིང༔ བགེགས་གནས་ནས་བསྐྲད་པར་འགྱུར་རོ༔ ྀཨཚ༔ དགྲ་ཡི་དམག་དཔུང་རེངས་པར་འདོད་ན༔ རྒྱ་ཤུག་གི་ལོ་མའམ༔ གྲོ་ག་ལ༔ དགྲའི་མིང་བྲིས་ལ༔ དམག་གི་མདུན་དུ་བསྲེག་ཅིང༔ ཨ་མ་ཧ་རི་ནི་ས༔ ཧ་ཀ་ཡི་ཧཱུྃ་ཕཊ༔ ཅེས་བཟླས་པས་དམག་དང་དགྲ་གང་ཡིན་ཡང་རུང་སྟེ་རེངས་པར་འགྱུར་རོ༔ དགྲ་བགེགས་ཡུལ་ནས་ཕུད་པ་ནི༔ དགྲ་བགེགས་ཀྱི་ལིངྒ་བྲིས་ལ༔ ཚེར་མའི་ཤིང་ལ་ཉུངས་ནག་བསྲེས་ལ༔ ཨ་མ་ཧ་རི་ནི་ས་ཆེ་གེ་སྥོ་ཏ་ཡ་སྥོ་ཏ་ཕཊ༔ ཐལ་བ་ཕྱོགས་ཐམས་ཅད་ལ་གཏོར་ཅིང་རླུང་ལ་བསྐུར་ན༔ དགྲ་བགེགས་ཡུལ་བུད་ནས་མི་ཆགས་སོ༔ ྀཨཚ༔ དབྱེ་བར་འདོད་ན༔ མཐུན་གཉིས་སམ༔ དགྲའི་ནང་ངམ༔ གྲོང་ཁྱེར་གྱི་ནང་དབྱེ་བ་ནི༔ ཤིང་གླ་བའི་བྱང་བུ་ལག་མཐིལ་དང་མཉམ་པའི་དུམ་བུ་ཟླུམ་པོ་གཉིས་ལ༔ ལྡོང་རོས་ཀྱིས་འཁོར་ལོ་རྩིབས་བཞི་པ༔ ཧ་རི་ནི་ས༔ དབུས་སུ་ལྟེ་བར་དགྲའི་མིང་བྲིས༔ མཐར་སྲོག་མཱ་ར་ཡ་ཕྱེ་ཕྱེས་བྲིས༔ རང་གིས་ཨ་མ་ཧ་རི་ནི་ས༔ སྲོག་མཱ་ར་ཡ་ཕྱེས་ཕྱེས༔ ཞེས་བཟླས་ཤིང་འཁོར་ལོ་གཉིས་དྲག་ཏུ་བརྡབ་ན་དགྲ་ནང་འཁྲུགས་ཤིང་མཐུན་གཉིས་བྲལ་བར་འགྱུར་རོ༔ ྀཨཚ༔ གཡུལ་ལས་རྒྱལ་བར་འདོད་ན༔ ཕུང་ས་དང་ལྕགས་ཕྱེ་བསྲེས་ལ༔ ཨ་མ་ཧ་རི་ནི་ས་ཨ་མྲྀ་ཀ་ར་ལ་ཕཊ༔ ཅེས་བཟླས་ཏེ་ས་དེ་གཏོར་ན་གཡུལ་ལས་རང་རྒྱལ་ལོ༔ ྀཨཚ༔ མཚོན་གྱིས་མི་ཚུག་པར་འདོད་ན༔ ཨ་མ་ཧ་རི་ནི་ས༔ ངུར་མོ་ཡ་མི་ལ་སྭཱ་ཧཱ༔ ཞེས་སྔགས་དེ་སྟོང་ཕྲག་དགུ་བཟླས་ནས་ཉུངས་དཀར་འབྲུ་བདུན་དང་ལྷན་ཅིག་ལུས་ལ་བཏགས་ན་མཚོན་གྱིས་མི་ཆུགས་སོ༔ ས་ལ་བཟླས་ཏེ་གཏོར་ན་ཕ་རོལ་གྱི་མཚོན་ཁ་འཆིང་བར་འགྱུར་རོ༔ ྀཨཚ༔ རྒྱལ་པོའི་དམག་དཔུང་བཟློག་པར་འདོད་ན༔ ཐོད་པ་སྦྱར་མའི་ནང་དུ་སྔགས་ཀྱི་འཁོར་ལོ་བྲིས་ཏེ༔ ཨ་མ་ཧ་རི་ནི་ས༔ ས་སྨ་ར་ས་ཀུ་རུ་སྭཱ་ཧཱ༔ ཞེས་འབུམ་ཕྲག་བཟླས་ཏེ༔ རྔ་བརྡུངས་པས་རྒྱལ་པོའི་དམག་དཔུང་ཐམས་ཅད་ལས་རང་རྒྱལ་ལོ༔ ྀཨཚ༔ དགྲ་བོ་སྨྱོ་བར་འདོད་ན༔ སྨྱོ་འབོག་གི་ཁྲག་གིས༔ དགྲ་ཡི་ལིངྒ་བྲིས་ལ༔ དུག་ཆུས་བྱུག༔ སྨྱོ་ནས་ཤི་བའི་སྙིང་དུ་བཅུག་ལ༔ ཨ་མ་ཧ་རི་ནི་ས༔ ཨུན་མན་ཏ་ཡ་ཕཊ༔ ཅེས་ཐང་ཕྲོམ་གྱིས་བྲབ་པས་གང་ལ་བྱས་པ་སྨྱོ་བར་འགྱུར་རོ༔ དགྲ་ལྐུགས་པར་འདོད་ན༔ དགྲའི་ལིངྒ་མིང་རུས་བྲིས་ལ༔ ལྐུགས་པའི་ལྕེར་བཅུག་ལ༔ ཉུངས་ནག་དང་གུ་གུལ་གྱིས་བྲབ་བོ༔ ཨ་མ་ཧ་རི་ནི་ས༔ ཀྲི་ཝང་སཏྭམ་བྷ་ཡ་ནན༔ ཞེས་ཆུ་མིག་ལྐུགས་པར་ལིངྒ་མནན་ན༔ དགྲ་ལྐུགས་པར་འགྱུར་རོ༔ དགྲ་བགེགས་སྲེག་པ་ནི༔ དུག་ཤིང་གི་མེ་ལ་དགྲ་བགེགས་ཀྱི་ལིངྒ་དང༔ མར་ནག༔ ཀེ་ཚེ་དང་གཏོར་མ་བཅས་བསྲེགས་ཏེ༔ ཨ་མ་ཧ་རི་ནི་ས༔ ཆེ་གེ་མོ་ཛྭ་ལ་རཾ་རཾ༔ ཞེས་རྫས་དང་ལིངྒ་རེ་རེ་ལ་བདུན་རེ་བཟླས་ཏེ༔ ཉི་ཤུ་རྩ་གཅིག་རེ་བསྲེག་ན་དགྲ་བགེགས་ཐམས་ཅད་བརླག་པར་འགྱུར་རོ༔ ྀཨཚ༔ དགྲ་བགེགས་མནན་པར་འདོད་ན། ཐོད་པ་མཚན་ངན་དུ་དགྲ་བགེགས་ཀྱི་ལིངྒ་བཅུག་ནས༔ མཁར་ནག་གིས་བཅིངས་ནས་དགུག་གཞུག་དྲག་ཏུ་བྱས་ཏེ༔ ཨ་མ་ཧ་རི་ནི་ས༔ ཆེ་གེ་མོ་མཱ་ར་ཡ་སཏྭམ་བྷ་ཡ་ནན༔ ཞེས་སྟོང་ཁྲི་བཟླས་ནས་དུར་ཁྲོད་དམ༔ མཆོད་རྟེན་རྨང་ངམ༔ ལྷ་ཁང་གི་ཐེམ་འོག་ཏུ་གནོན་ནོ༔ རྟ་བྲོ་བྱས་པས་དགྲ་བགེགས་གང་ཡང་གནོན་པར་འགྱུར་རོ༔ ྀཨཚ༔ ཕ་རོལ་གྱི་རྦོད་གཏོང་དང་བྱད་ཁ་ཟློག་པར་འདོད་ན༔ དགྲ་ཡི་ལིང་ག་བྲིས་ནས་སྙིང་ཁར་ཚོན་ཕུར་སོར་བརྒྱད་གདབ་སྟེ༔ ཨ་མ་ཧ་རི་ནི་ས་རྦོད་གཏོང་སརྦ་ཟློག༔ ཆེ་གེ་མོ་ལ་རྦད༔ ཅེས་ཉིན་ཞག་ཕྲུག་གཅིག་ཏུ་བཟླས་ཤིང༔ ལིངྒ་ཐོད་པ་མཚན་ངན་དུ་བཅུག་ལ༔ རང་གི་མལ་འོག་ཏུ་སྦས༔ དེས་ཟོར་ཁ་རང་གཤེད་དུ་ཟློག་པར་འགྱུར་རོ༔ ྀཨཚ༔ ལྟས་ངན་པ་དང་རྨི་ལམ་ངན་པ་ཟློག་ན༔ དམར་གཏོར་གཙོ་འཁོར་ལྔ་པ་བཤམས་ལ༔ མཁའ་འགྲོ་མ་ལ་གསོལ་བ་གདབ་སྟེ༔ ཨ་མ་ཧ་རི་ནི་ས༔ ཨ་པ་ན་ཡ་ཟློག་བྷྱོ༔ ཞེས་བཟླས་ནས་ཕྲིན་ལས་བཅོལ༔ གཏོར་མ་ཕྱོགས་ངན་དུ་འཕང་ན་རྨི་ལམ་ངན་པ་ལྟས་ངན་ལ་སོགས་པ༔ མི་མཐུན་པ་ཐམས་ཅད་ཟློག་པར་འགྱུར་རོ༔ ྀཨཚ༔ ལམ་དུ་ཞུགས་པའི་དགྲ་ཇག་ཟློག་ན༔ དགྲ་གཟུགས་ཐེམ་པའི་ཕྱི་རོལ་ལམ༔ ལམ་དུ་བྲིས་ལ༔ དེའི་སྙིང་ཁར་རྐང་པ་བཞག་ལ༔ ཨ་མ་ཧ་རི་ནི་ས༔ ཨངྐུ་ཤ་ཏྲཱུཾ་མཱ་ར་ཡ་ནན༔ ཞེས་ཉེར་གཅིག་རེ་བཟླས་ནས་དགྲ་བོ་རི་རབ་ཀྱིས་ནོན་པར་བསམས་ལ་འགྲོ་བས་འཇིགས་པ་མི་འབྱུང་ངོ༔ ྀཨཚ༔ ཡམས་ནད་དང་བགེགས་ཟློག་ན༔ དམར་གཏོར་ཁྲག་བྱུག་པ་གཅིག་བཤམས་ལ༔ མཁའ་འགྲོ་མ་ལ་གསོལ་བ་བཏབ་ནས༔ ཨ་མ་ཧ་རི་ནི་ས༔ འབྱུང་པོ་ཡ་མ་ཤ་ཟློག༔ ཅེས་བཟླས་ནས་གཏོར་མ་ཟོར་དུ་འཕངས་པས༔ མ་མོའི་ཡམས་ནད་དང་འབྱུང་པོ་ཐམས་ཅད་ཟློག་གོ༔ ྀཨཚ༔ འཕྲལ་དུ་ནད་པ་ལ་བྱིན་རླབས་བྱེད་ན༔ དམར་གཏོར་གཅིག་བཅོས་ནས་ཨ་མ་མཁའ་འགྲོ་ལ་གསོལ་བ་གདབ་ནས༔ ཨ་མ་ཧ་རི་ནི་ས་བྷ་ལིན་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་བརྒྱ་སྟོང་གིས་ཕུལ་ནས༔ ཨ་མ་ཨ་ཀ་ས་མ་ར་ཙ་ཕཊ༔ ཅེས་གཏོར་མ་ནད་པའི་སྟེང་དུ་བསྐྱུར་བས་ཕན་ནོ༔ རྟེན་འབྲེལ་བརྟག་པ་ནི༔ སྣོད་མ་ཆག་ཅིང༔ གཏོར་རྩེ་ཕར་དང་གཡས་གཡོན་དུ་བསྟན་ན་བཟང༔ སྣོད་ཆག་ཅིང་གཏོར་རྩེ་རང་ལ་བསྟན་ན་ངན་པས་བསྐྱར་རོ༔ ྀཨཚ༔
འགྲོ་འདུལ་འཕགས་པའི་ཐུགས་ཏིག་ལས། རྩ་བའི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་གཞན་ཕན་ཐུགས་རྗེའི་བཅུད་སྦྱིན་ (Volume 25, Text 2)
༄༅། །འགྲོོ་འདུལ་འཕགས་པའི་ཐུགས་ཏིག་ལས། རྩ་བའི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་གཞན་ཕན་ཐུགས་རྗེའི་བཅུད་སྦྱིན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མ་ཧཱ་ཀ་རུ་ཎི་ཀ་ཡེ། མཁའ་ཁྱབ་ཐུགས་རྗེའི་ཆུ་འཛིན་གསར་པའི་སྦུབས། །གཞན་ཕན་བདུད་རྩིའི་སྦྲང་ཆར་རྟག་འཇོ་བས། །རྒྱལ་ཀུན་རྣམ་ཐར་ཀུན་གསལ་མཛེས་པའི་རྒྱན། །བླ་མ་ཕྱག་ན་པདྨོས་རྗེས་འཛིན་མཛོད། །གངས་ཅན་ལྷ་གཅིག་སྒྲུབ་པའི་ཐབས། །ཀུན་ལས་རྨད་བྱུང་འགྲོ་འདུལ་ཆེ། །འཕགས་པའི་ཐུགས་ཀྱི་ཏི་ལ་ཀའི། །སྨིན་བྱེད་སྤེལ་བ་དོན་ལྡན་མཛོད། །དད་བརྩོན་སྐལ་པའི་ཁྱད་པར་རིན་པོ་ཆེའི་སྣོད་ལྟར་དག་པའི་རྡོ་རྗེ་སློབ་མའི་རྒྱུད་སྐུ་བཞི་རྡོ་རྗེའི་དབྱིངས་སུ་ངལ་འཚོ་བའི་དབང་གི་ཆོ་ག །རྒྱལ་ཀུན་སྤྱི་མེས་ཁྱབ་བདག་པདྨ་གར་གྱི་དབང་ཕྱུག་གི་རྡོ་རྗེ་བཞིའི་བྱིན་རླབས་ལ་བརྟེན་ནས་བྱ་བར་འདོད་པས། གང་དུ་བྱ་བའི་གནས་བྱི་དོར་དང་རྒྱན་བཀོད་ཀྱིས་མཛེས་པའི་གུང་དུ་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པའི་སྤྱན་སྔར་གཞུང་མཐུན་གྱི་དཀྱིལ་འཁོར་བཀྲམ་པའམ་མ་འཛོམ་ན། མཎྜལ་ལ་འབྲུ་དཀར་གྱི་ཚོམ་བུ་དབུས་སུ་ཆེ་བ་གཅིག །དེ་རྒྱབ་བརྒྱད། དེ་རྒྱབ་ཤར་ནུབ་ཏུ་ལྷག་རེ་བཅས་དྲུག །དེ་རྒྱབ་བཞི་བཅས་བཀོད་པའི་ལྟེ་བར་རྣམ་རྒྱལ་བུམ་པ་བཅུད་ལྡན་ཀྱི་ཁར་བྷཉྫ་མཚན་ལྡན་གསང་རྫས་ཀྱི་བདུད་རྩིའི་གཏམས་པའི་སྟེང་། མཁར་བའི་མེ་ལོང་སིནྡྷུ་རའི་རྡུལ་གྱིས་བཅགས་པར་ཆོས་འབྱུང་བསྣོལ་མའི་ལྟེ་བར་ཧྲཱིཿམ། ཕྱོགས་བཞིར་ཧ་རི་ནི་ས། ར་ཙ་ཧྲི་ཡ་ཞེས་ས་བོན་མཇུག་སྤྲོད་ཞལ་སྦྱོར་གྱི་ཚུལ་དུ་བཀོད་པ་དར་དམར་གྱིས་བཀབ། དེ་སྟེང་རྡོ་རྗེ་སེམས་དཔའི་མེ་ལོང་རྣམས་བརྩེགས་མར་བཤམས། དཀྱིལ་འཁོར་ཤར་དུ་ཁྲུས་བུམ་མགུལ་ཆིངས་དམར་པོ་ཅན། ལྷོར་ཚེ་བུམ་དང་ཚེ་རིལ་ཆང་བཅས། ནུབ་ཏུ་ཐོད་པར་མྱོང་གྲོལ་རིལ་བུ་དང་མྱོས་བྱེད་ལ་སིནྡྷུ་ར་བཏབ་པས་བཀང་ཞིང་དར་དམར་བཀབ་པ། བྱང་དུ་དཔལ་གཏོར་དམར་པོ་དར་གདུགས་རྟ་མགྲིན་གྱི་སྐུ་ཙཀ་ཅན། ཡང་རིན་པོ་ཆེའི་ཟ་མ་ཏོག་གི་ནང་མྱོང་གྲོལ་གྱི་རིལ་བུའི་བཀང་བ་བུམ་པའི་རྒྱབ་ཏུ་བཞག །གཞན་ཡང་། དབུ་རྒྱན། རྡོ་རྗེ། དྲིལ་བུ། རྡོར་དྲིལ་བསྣོལ་མ། ལྷ་ཙཀ་ཡོངས་རྫོགས། སྔགས་བྱང་། མེ་ལོང་དང་རྡོ་རྗེ། ཞི་ཆས། སྣ་ཚོགས་རྡོ་རྗེ། སྒོམ་དབང་རྟེན་དཀྱིལ་འཁོར། ཉན་དབང་གླེགས་བམ། སྒྲུབ་དབང་ཕྲེང་བ་བཅས་དང། མདུན་རྒྱབ་གང་བདེར་སྨན་རཀ་གཏོར་མ། དེ་དག་གི་མཐའ་ཉེར་སྤྱོད་ཀྱི་མཆོད་པས་བསྐོར། གཞན་ཡང་ཆོས་སྲུང་གཏོར་སྤུངས། ཆད་བརྟན། ཚོགས་ཀྱི་དམ་རྫས། དཀར་བགེགས། མིག་དར། མེ་ཏོག་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ། བརྒྱུད་འདེབས་ནས་བརྩམ་ལས་བྱང་གཞུང་བསྲང་། བཟླས་པའི་དབུར་ཛཔ྄་ཁང་དབྱེ། བསྙེན་སྒྲུབ་ལས་ཀྱི་བཟླས་པ་གསུམ་ལས་སྒྲུབ་པའི་བཟླས་པ་གཙོ་བོར་བཏོན། དེ་ཡང་རྡོ་རྗེའི་ཡེ་ཤེས་འབེབ་པའི་གཟུངས་སུམ་བརྒྱ་ཙམ་བཏང་ན། སེམས་དཔའ་བརྒྱད་བརྒྱ་རྩ་བརྒྱད་རེ། ཐུབ་དྲུག་སུམ་ཅུ། སྒོ་བཞི་ཉེར་གཅིག་ཙམ་རེ་བཟླ། ལས་བཞིའི་བཟླས་པ་བརྒྱ་ལས་མི་ཉུང་བ་བཟླས་རྗེས་ཡི་གེ་བརྒྱ་པའང་ཉེར་གཅིག་ཙམ་བཟླས། རྣམ་བུམ་བསང་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་ཕྱི་རིན་པོ་ཆེའི་བུམ་པའི་རྣམ་པ་ལ་ནང་གཞལ་ཡས་ཁང་བདུད་རྩིའི་རྒྱ་མཚོར་འཁྱིལ་བའི་དབུས་སུ། འཇིག་རྟེན་དབང་ཕྱུག་འགྲོ་འདུལ་སེམས་ཉིད་ངལ་གསོའི་དཀྱིལ་འཁོར་གྱི་ལྷ་ཚོགས་མཚོ་རྫིང་དྭངས་པར་ཟླ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་འཕྲོས༔ བུམ་པའི་ལྷ་རྣམས་ལ་ཕོག༔ སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་བཅུད་དུ་འཁྱིལ་བར་བསམ༔ བསྙེན་སྒྲུབ་ལས་སྔགས་ཐམས་ཅད་བཟླ། མཐར། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་མཆོད་ཡོན་ཕུལ་བས་ལྷ་ཚོགས་རྣམས་འོད་དུ་ཞུ་བ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། རིལ་བུའི་དབང་གི་དོན་དུ་རིལ་སྒྲུབ་ཟུར་བྱང་ལྟར་སྦྱར། ཁྲུས་བུམ་ལ་དམིགས་ཏེ། དག་བྱེད་ཁྲུས་ཀྱི་བུམ་པའི་ནང་དུ་སྐད་ཅིག་གི་ལས་ཀྱི་སེམས་དཔའ་འཁོར་བ་དོང་སྤྲུགས་གསལ་བའི་སྐུ་ལས་ཟླ་བ་ལྟར་དཀར་བའི་བདུད་རྩིས་བུམ་པ་ཡོངས་སུ་གང་བར་གྱུར། ཡིག་དྲུག་དང་གཟུངས་རིང་བཟླས་མཐར་འོད་ཞུ་བྱ། ནུབ་ཀྱི་ཐོད་པར་དམིགས་ཏེ། རང་བྱུང་པད་མ་བྷཉྫའི་ནང་དུ་དབང་མཛད་དྷཱ་ཀི་དམར་མོ་ལྕགས་ཀྱུ་ཞགས་པ་འཛིན་པ་ཆགས་པའི་ཉམས་རྒྱས་པ་གར་སྟབས་སུ་བཞུགས་པའི་མཁའ་གསང་བདེ་ཆེན་བདུད་རྩིའི་ཟིལ་མངར་གསང་རྫས་དང་རོ་གཅིག་ཏུ་གྱུར། དབང་གི་སྔགས་བཟླས་མཐར། བདེ་བ་ཆེན་པོའི་ངོ་བོར་ཞུ་བ་བདུད་རྩིའི་རྒྱ་མཚོར་གྱུར། ལས་ཐམས་ཅད་པའི་བུམ་པར་རྟ་མགྲིན་དམར་པོ་པདྨ་བྷཉྫ་བསྣམས་པ་ཁྲོ་ཆས་ཡོངས་སུ་རྫོགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། ཨོཾ་པདྨཱནྟ་ཀྲྀཏ་ཧཱུྃ་ཕཊ༔ ཅེས་བཟླས་མཐར། ཧཱུྃ་ཞེས་བརྗོད་པས་ལས་ཀྱི་ཁྲོ་བོས་བར་ཆད་ཀྱི་བགེགས་ཐམས་ཅད་ཟློག་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་ལས་བཅོལ། དོན་དབང་སྙིང་པོའམ་རིག་པའི་མེ་ཏོག་དོར་ཏེ་ལྷ་བདག་དབྱེར་མེད་དུ་ཤེས་པས་སློབ་མ་འཇུག་པར་གསོལ་བ་གདབ་སྟེ་གནང་བ་ཞུ། སློབ་མ་རྣམས་སྒོ་དྲུང་དུ་ཁྲུས་ནས་དབྱུང་། བགེགས་ལ་གཏོར་མ་བྱིན་ཏེ་བཀའ་བསྒོ་ཞིང་། སྲུང་འཁོར་གྱིས་རྒྱས་བཏབ་སྟེ་སེམས་བསྐྱེད་པའི་བློ་བཅོས་ཏེ། བདག་ཅག་རྣམས་གཏན་བདེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུ་གཅིག་པུ་ནི་རིན་ཆེན་བྱང་ཆུབ་ཀྱི་སེམས་ཡིན་ལ། སེམས་དེ་ཡང་བསྐྱེད་པའི་རྒྱུ་གོང་དུ་འཕེལ་བའི་ཐབས་རྨད་དུ་བྱུང་བ་ནི་སྙིང་རྗེ་ཆེན་པོ་སྟེ། དེ་ཉིད་ལྷག་པའི་ལྷའི་ཕྱག་རྒྱར་བཞེངས་པ་ནི་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ཏེ། དེ་ཉིད་ཀྱི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོ་ནི་སྐུ་དང་ཞིང་ཁམས་རྒྱ་མཚོའི་འབྱུང་གནས། ཕན་བདེ་མི་ཟད་པའི་གཞི་རྩ། སངས་རྒྱས་སྲས་དང་བཅས་པའི་རྣམ་ཐར་འཕགས་པ་འདི་གཅིག་པུས་མཛད་པའི་ངོ་མཚར་གྱི་རྣམ་ཐར་བསམ་མི་ཁྱབ་པ་མདོ་རྒྱུད་རྒྱ་མཚོ་ནས་བསྟན་ཅིང་། ལྷ་སྔགས་ཀྱི་རིམ་པའང་རྒྱུད་སྡེ་བཞི་ཀ་ནས་བསྟན་པས་དབང་དང་དཀྱིལ་འཁོར་སྤྲུལ་བཤད་ཀྱི་སྒོ་མཐའ་ཡས། ཁྱད་པར་རང་ཅག་ཁ་བ་རི་པ་ཕྱག་མཚན་དུ་བཞེས་པའི་ཞིང་ཡིན་པས། ཐོག་མར་ཆོས་ཀྱི་སྣོད་དུ་རུང་བའི་ཕྱིར་ཐེག་པ་ཆེན་པོའི་རིགས་ཅན་གྱི་མིའི་འགྲོ་བ་སྤེལ། བར་དུ་རྣམ་འཕྲུལ་སྣ་ཚོགས་པའི་སྒོ་ནས་སྣོད་བཅུད་ཀྱི་དཔལ་བསྐྱེད་ཅིང་དཀར་པོའི་ཆོས་ཀྱི་སྣང་བ་བཀྱེ། མཐར་མདོ་སྔགས་བསྟན་པ་ཡོངས་རྫོགས་ཁྱབ་བརྡལ་དུ་སྤེལ་བས་འགྲོ་བ་ཐམས་ཅད་ཐེག་ཆེན་གྱི་རིགས་ཅན་ཤ་སྟག་ཏུ་མཛད་པས་ཆོས་ཚིགས་ཀྱི་ཡུལ་དབུས་སུ་གྲགས་པ་དོན་ལ་གནས་པའི་དབང་གིས། འཕགས་པའི་ཡེ་ཤེས་སྔགས་ཀྱི་སྟོན་པ་རྡོ་རྗེ་རྒྱལ་པོའི་ཚུལ་བསྟན་ནས་འགྲོ་འདུལ་གྱིས་ཕྲིན་ལས་ལ་སྲས་དང་བཅས་པའི་རྒྱལ་བས་འགྲན་མི་བཟོད་པ་ཨོ་རྒྱན་སངས་རྒྱས་གཉིས་པས། གངས་ཅན་བོད་ཀྱི་སྣོད་བཅུད་ཐམས་ཅད་པདྨ་རྣམ་པར་རྒྱས་པའི་ཞིང་གི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཆེན་པོའི་བདག་ཉིད་དུ་བྱིན་གྱིས་བརླབས་ཏེ་ཕྱི་མཐའ་སྙིགས་མ་ལྔ་བདོ་བའི་སྐབས་སུ་ཡང་ཐུགས་རྗེ་ཆེན་པོས་ཆོས་དང་སྟོན་པ་དུས་ལས་ཡོལ་བ་མེད་པ་རྒྱ་མཚོ་ཆེན་པོའི་རླབས་ཕྲེང་བཞིན་སྣང་བའི་བྱེ་བྲག་སྟེ། སེམས་ཉིད་ངལ་གསོའི་ལུང་ལས། ནམ་ཞིག་སྤྲུལ་པའི་རྒྱལ་པོ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ རྣམ་པར་རོལ་པ་མཐའ་ཀླས་པས༔ བོད་ཁམས་འགྲོ་རྣམས་སྐྱོབ་པ་དང༔ བསྟན་པའི་མེ་རོ་ཡང་ཡང་གསོ༔ ཁྱད་པར་སུམ་ཅུའི་ཁ་རལ་དུས༔ གསུང་སྤྲུལ་བདུན་གྱི་གསུམ་པ་ནི༔ པདྨ་འོད་གསལ་མདོ་སྔགས་གླིང༔ ཤེས་རབ་ཆེན་པོའི་རྩལ་བརྡོལ་ཞིང༔ བསམ་གྱིས་མི་ཁྱབ་ཉམས་མྱོང་ཅན༔ གཞན་སྣང་ཟིལ་གནོན་བརྟུལ་ཞུགས་དང༔ གསང་བ་སྲུང་ལ་བློ་བརྟན་པས༔ སུས་ཀྱང་བརྟག་པར་དཀའ་བ་ཞིག༔ ལྕགས་ཁམས་འབྲུག་གི་ལོ་ཤར་དུས༔ མདོ་ཁམས་འབྲི་རྫ་སྒང་རྒྱུད་ལས༔ བཀྲ་ཤིས་དབང་གི་གནས་ཀྱི་མདུན༔ ཆུ་བོ་ལྷུང་ལྷུང་འབབ་པའི་གཡས༔ རི་བོ་གླང་ཆེན་འགྱིང་འདྲའི་གདོང༔ ཀླུ་དབང་འཁྱིལ་འདྲའི་བྲག་གི་སྟེང༔ ངོ་མཚར་ལྟས་དང་བཅས་ཏེ་འབྱུང༔ དེ་ཚེ་ད་ལྟའི་སྨོན་ལམ་མཐུས༔ རྒྱལ་བའི་བསྟན་པ་མཐའ་དག་དང༔ ཁྱད་པར་སྙིང་པོའི་དོན་ལ་མོས༔ མང་དུ་ཐོས་པས་མི་ངོམས་ཤིང༔ ཐོས་དོན་ཉམས་ལེན་གཏན་ལ་འབེབ༔ མར་མེ་འཆི་ཀ་ལྟ་བུ་ཡི༔ ཟབ་ལམ་མང་པོའི་སྲོག་མཐུད་ནས༔ རང་དང་གཞན་གྱི་མཐུས་བཟུང་སྟེ༔ ཕྱོགས་མཐའ་ཀུན་ཏུ་རྒྱས་པར་བྱེད༔ ཅེས་གསུངས་པའི་བདག་ཉིད་ཆེན་པོ་གང་ནི་བཀའ་གཏེར་བསྟན་པ་ཡོངས་རྫོགས་ལ་མངའ་དབང་བསྒྱུར་པས་དབང་གི་ཆུ་བོ་བཞི་གཅིག་ཏུ་འདྲེས་ནས་སློབ་དཔོན་སངས་རྒྱས་གཉིས་པ་ཡབ་ཡུམ་དང་། པཎ་ཆེན་བི་མ་མི་ཏྲ་སོགས་རིག་འཛིན་ལྷ་དང་མཁའ་འགྲོའི་རྡོ་རྗེའི་ལུང་གིས་བསྔགས་པ་གང་ལ་འཕགས་བོད་ཀྱི་མཁས་གྲུབ་ཀུན་ལ་མ་གྲགས་པའི་བཀའ་བབས་ཆེན་པོ་བདུན་དུ་བཞུགས་པའི་བཀའ་བབས་གཉིས་པ་རིན་ཆེན་ས་ཡི་གཏེར་ལས་བྱོན་པ་སྟེ། གཞུང་ལས། དེ་ལྟར་འགྲོ་འདུལ་ཐུགས་རྗེའི་གཏེར༔ འཇིག་རྟེན་དབང་ཕྱུག་རྩ་བའི་ལྷ༔ སེམས་ཉིད་ངལ་གསོའི་སྒྲུབ་པའི་ཐབས༔ རྗེས་སུ་རྣལ་འབྱོར་མཆོག་གི་ལུང༔ པདྨ་འདུས་པའི་ཏནྟྲའི་བཅུད༔ སྣང་མཐའ་སྤྱན་རས་གཟིགས་དབང་དང༔ འགྲོ་འདུལ་སེམས་དཔའ་རྡོ་རྗེ་ཆོས༔ ཌཱ་ཀི་ལས་ཀྱི་དབང་མོ་ཆེས༔ ཀླུ་སྒྲུབ་སྙིང་པོར་གདམས་པ་བཅས༔ རང་བྱུང་མཚོ་སྐྱེས་བདག་ཉིད་ཀྱིས༔ ད་ལྟའི་རྗེ་འབངས་གྲོགས་བཅས་དང༔ མ་འོངས་དེ་རྣམས་བསམ་བཞིན་དུ༔ སྲིད་པ་ཉེ་བར་བཟུང་བའི་ཆེད༔ དབྱིངས་ཀྱི་མཁའ་འགྲོ་མཚོ་རྒྱལ་མར༔ རྡོ་རྗེ་གསང་བའི་ཚིག་ཏུ་གདམས༔ ངོ་མཚར་སྤྲུལ་པའི་ཡི་གེར་ཐོབས༔ རིན་ཆེན་སྙིང་པོའི་བཅུད་དུ་གཏམས༔ ནམ་ཞིག་ཀླ་ཀློའི་འཇུག་པ་ཡིས༔ བོད་ཁམས་བསྟན་ཞབས་སྡུད་པའི་ཚེ༔ འཇམ་དཔལ་ཆོས་ཀྱི་བཤེས་གཉེན་གྱིས༔ བྱིན་བརླབས་སྤྲུལ་པའི་རིག་འཛིན་དང༔ འཕྲད་ནས་ཤིན་ཏུ་གསང་བ་ཡིས༔ རང་ཉམས་བླང་ཞིང་གཞན་དག་ལ༔ རིམ་གྱིས་སྤེལ་བའི་དགེ་མཚན་གྱིས༔ དུས་ཀྱི་རྒུད་པ་ཞི་བ་དང༔ སྙིང་པོའི་བསྟན་སྲོག་ཡུན་དུ་གནས༔ འགྲོ་མང་འཕགས་པའི་བྱིན་རླབས་ཀྱིས༔ དངོས་གྲུབ་རྣམ་གཉིས་རྒྱས་པར་འགྱུར༔ ཞེས་གསུངས་པ་ལྟར་རྗེ་བླ་མ་དགུང་གྲངས་ཉེར་དགུ་ས་སྤྲེལ་དབྱུག་ཟླའི་ཚེས་བཅུའི་ཉི་ཤར་ལ་འོག་མིན་དཔལ་གྱི་བསམ་ཡས་བྲག་དམར་མགྲིན་པ་བཟང་པོའི་གཡས་ལོགས་ནས་དངོས་གྲུབ་ཏུ་རྙེད་པ་གསང་བ་མཐར་ཕྱིན་པའི་ཉམས་བཞེས་མཛད་དེ། སྤེལ་བའི་དུས་ལ་བབས་པ་ན། ཇི་སྐད་དུ། ལོ་རྒྱུས་གནད་བྱང་ལས། ཐོག་མར་ཆོས་འདིའི་སྒོ་འབྱེད་པ༔ དབང་གི་གནས་སུ་དབང་གི་དུས༔ དབང་ཆེན་པདྨའི་རིགས་སྐྱེས་པའི༔ རྣམ་འཕྲུལ་ཟུང་གི་དོན་དུ་སྟོན༔ ཚོམ་བུ་དང་བཅས་སྐལ་བཟང་འགྱུར༔ ཞེས་གསུངས་པ་ལྟར་ལྕགས་སྤྲེལ་ཆུ་སྟོད་ཟླ་བར་རྗེ་བླ་མ་ཟླ་གམ་དབང་ཕུག་ཏུ་ཕེབས་པ་དང་དུས་མཉམ་རྒྱལ་དབང་ཀརྨ་པ་བཅུ་བཞི་པ། བྱམས་མགོན་ཏཱ་ཡི་སི་ཏུ། རྒྱལ་བས་ལུང་བསྟན་འཇམ་མགོན་པདྨ་གར་དབང་སོགས་ཐོག་མའི་འདུས་པ་པདྨའི་རིགས་ཅན་གྱི་རིག་པ་འཛིན་པ་བརྒྱད་ལ་ཆོས་བཀའ་འདིའི་གཙོས། མཚོ་སྐྱེས་སྙིང་ཐིག །ལྕེ་བཙུན་ཟབ་ཏིག་བཅས་བླ་རྫོགས་ཐུགས་གསུམ་ཚང་བའི་སྨིན་གྲོལ་བསྩལ་ཏེ་ཐོག་མའི་རྟེན་འབྲེལ་ལེགས་པར་འགྲིགས། ཆོས་འདིའི་ཆ་ལག་གནས་དེར་བཞུགས་པ་རྣམས་ཀྱང་ཕྱག་ཏུ་སོན་པའི་རྩ་བ་འགྲོ་འདུལ་འཕགས་པའི་ཐུགས་ཏིག་གི་རྩ་བའི་དབང་བསྐུར་རྒྱས་པ་གསན་པའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། འགྲོ་འདུལ་འཕགས་མཆོག་འཇིག་རྟེན་དབང༔ དབྱེད་མེད་རྡོ་རྗེ་སློབ་དཔོན་གྱིས༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ དཀྱིལ་འཁོར་མཆོག་ཏུ་འཇུག་མཛད་གསོལ༔ མིག་དར་དང་མེ་ཏོག་གཏད་ལ། དང་པོ་སྐྱབས་འགྲོ་ནི། སྣོད་བཅུད་དག་པའི་ཞིང་ཁམས་ལྷུན་གྱིས་རྫོགས་པའི་དབུས་སུ་མདུན་གྱི་ནམ་མཁར་མཆོད་པའི་སྤྲིན་ཕུང་འཁྲིགས་པའི་ཀློང་དུ་བླ་མ་འགྲོ་འདུལ་འཕགས་མཆོག་དཀོན་མཆོག་རྒྱ་མཚོའི་ལྷ་ཚོགས་བཞུགས་པའི་སྤྱན་སྔར། རང་གཞན་སེམས་ཅན་ཐམས་ཅད་འཁོད་དེ་སྒོ་གསུམ་གུས་པས་དེང་ནས་བྱང་ཆུབ་ཀྱི་བར་སྐྱབས་སུ་འགྲོ་ན་འཁོར་བ་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་ཏུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ༔ བདག་དང་མཁའ་མཉམ་སོགས། གཉིས་པ་སེམས་བསྐྱེད་པའི་སླད་དུ་སྐྱབས་ཡུལ་དཔང་པོར་གསོལ་ཏེ། སེམས་ཅན་ཐམས་ཅད་ཕ་མ་ཤ་སྟག་ཡིན་ཡང་སྡུག་བསྔལ་གྱི་རྒྱུ་འབྲས་ལ་སྤྱོད་པ་སྙིང་རེ་རྗེ། འདི་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བདག་ཁོ་ནས་འགོད་པའི་ཕྱིར་ཐེག་པ་ཆེན་པོའི་ལམ་ལ་འཇུག་ཅིང་བརྩོན་སྙམ་པས། ཧོ༔ དབྱིངས་ལས་གཞན་མིན་སོགས། གསུམ་པ་གསག་སྦྱང་གིས་རྒྱུད་མ་དག་ན་དབང་གི་སྣོད་དུ་མི་རུང་བས་ཚོགས་ཞིང་གི་སྤྱན་སྔར་ཡན་ལག་བདུན་པའི་དམིགས་རྣམ་དང་བཅས་འདིའི་རྗེས་ཟློས་མཛོད། ཧོ༔ དབྱིངས་དང་ཡེ་ཤེས་སོགས་གསུམ། བཞི་པ་སྡོམ་བཟུང་ནི། དབང་གི་བཅུད་ཆགས་པའི་སླད་དུ་ངེས་འབྱུང་རྣམ་པར་དག་པ་སོ་ཐར། གཞན་ཕན་མཐར་ཕྱིན་པ་བྱང་སེམས། སྣང་སྤྱོད་དག་མཉམ་དུ་གྲུབ་པ་རྡོ་རྗེ་ཐེག་པའི་དམ་ཚིག་རྣམས་ཚུལ་བཞིན་བཟུང་ཞིང་སྲུང་བས། མཁའ་ཁྱབ་ཀྱི་ཡིད་ཅན་རྒྱ་མཚོོ་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པའི་གོ་འཕང་མཆོག་ལ་སྦྱོར་བའི་དམ་བཅའ་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་བཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། རྩ་གསུམ་རྒྱལ་བ་སྲས་བཅས་དགོངས༔ བདག་གི་མཁའ་ཁྱབ་འགྲོ་སྒྲོལ་ཕྱིར༔ སོ་སོ་ཐར་པའི་འདུལ་བ་དང༔ བྱང་ཆུབ་སེམས་པའི་བསླབ་པ་དང༔ སྔགས་ཀྱི་འདའ་དཀའི་དམ་ཚིག་རྣམས༔ མ་ལུས་བཟུང་ཞིང་བསྲུང་བར་བགྱི༔ ལན་གསུམ། ལྔ་པ་རྡོ་རྗེའི་ཡེ་ཤེས་ཀྱི་སེམས་གཉིས་བསྐྱེད་པའི་ཕྱིར་སློབ་མའི་སྙིང་གར་ཀུན་རྫོབ་བྱང་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་། དོན་དམ་སེམས་བསྐྱེད་ཀྱི་ངོ་བོ་རྡོ་རྗེ་རྩེ་ལྔ་པས་མཚན་པས་བདེན་གཉིས་དབྱེར་མེད་དུ་སེམས་བསྐྱེད་པར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡ་མི༔ ལན་གསུམ། དེ་བརྟན་པའི་ཕྱིར་སློབ་དཔོན་གྱིས་རྡོ་རྗེ་སྙིང་གར་བཞག་པས་བརྟན་པར་བྱས་པ་མོས་ཤིག །ཨོཾ་བྷོ་དྷི་ཙིཏྟ་བཛྲ་ས་མ་ཡ་སཏྭཾ༔ དྲུག་པ་གསང་བར་གདམས་པ་ནི། རྡོ་རྗེ་སྤྱི་བོར་བཞག་སྟེ། དེང་ཁྱོད་འགྲོ་འདུལ་འཕགས་པ་ཆེའི༔ དཀྱིལ་འཁོར་ཆེན་པོར་གཞུག་བྱ་ཡིས༔ དམ་ཉམས་མ་འདྲེས་མེད་པ་ལ༔ ནམ་ཡང་སྨྲ་བར་བྱ་བ་མིན༔ ཞེས་གདམས། བདུན་པ་དཀྱིལ་འཁོར་དུ་འཇུག་པ་ནི། སློབ་དཔོན་གྱིས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་པྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད་པས་མདུན་གྱི་གཞལ་ཡས་ཁང་གི་སྒོ་ཤག་གིས་ཕྱེ་བ་ལ། སློབ་མ་རྣམས་ཛཿཧཱུྃ་བཾ་ཧོཿཞེས་ཚད་མེད་བཞིའི་འཇུག་པས་དཀྱིལ་འཁོར་དུ་ཞུགས་ཏེ་སྒོ་སོ་སོ་ནས་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལ་ཕྱག་བྱས་པར་མོས་ལ། ན་མ་ཏེ་ཧཱུྃ། ན་མ་མི་ཧཱུྃ། ན་མོ་ན་མ་ཧཱུྃ། ཞེས་ལན་བཞི་བརྗོད་དེ་ཐལ་མོ་གནས་གསུམ་སྦྱར་ལ་ཕྱག་བྱ། དེ་དག་གིས་ཕྱི་འཇུག་གི་རིམ་པ་སོང་སྟེ། ནང་འཇུག་གི་རིམ་པ་དམ་བཞག་ལ་དང་པོ་ཕན་ཡོན་གྱིས་དམ་ལ་བཞག་པ་ནི། རྡོ་རྗེ་སྤྱི་བོར་བཀོད་དེ། ཨོཾ༔ དེང་ཁྱོད་འགྲོ་འདུལ་འཕགས་པ་ཡི༔ ཡེ་ཤེས་རྒྱུད་ལ་བསྐྱེད་བྱས་ཏེ༔ དངོས་གྲུབ་དམ་པ་ཐོབ་འགྱུར་ཕྱིར༔ གསང་བའི་དམ་ཚིག་ཐུབ་པར་གྱིས༔ བཛྲ་ས་མ་ཡ་སཏྭཾ༔ གཉིས་པ་ཉེས་དམིགས་བསྒྲགས་པས་དམ་ལ་བཞག་པ་ནི། རྡོ་རྗེ་སྙིང་གར་བཀོད་ལ། དེ་རིང་སྤྱན་རས་གཟིགས་དབང་གི༔ ཡེ་ཤེས་ཁྱེད་ཀྱི་སྙིང་ལ་ཞུགས༔ གསང་བ་གཞན་ལ་བསྒྲགས་པ་ན༔ དེ་མ་ཐག་ཏུ་བཀས་ཏེ་གཤེགས༔ བཛྲ་ས་མ་ཡ་ཧཱུྃ༔ གསུམ་པ་གཉིས་ཀའི་སྒོ་ནས་དམ་ལ་བཞག་པ་ནི། བདུད་རྩིའི་ཆུ་ནན་སྦྱིན་ལ། རྡོ་རྗེའི་དམ་ཚིག་ཆུ་འདི་ཐུངས༔ དམ་སྲུང་སེམས་དཔས་དངོས་གྲུབ་སྟེར༔ འདས་ན་བརླག་པར་གདོན་མི་ཟ༔ དེ་ཕྱིར་སྲོག་བཞིན་བསྲུང་བར་གྱིས༔ ཨོཾ་བཛྲ་ས་མ་ཡ་ཨུ་དཱ་ཀ་ཧཱུྃ༔ ད་ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པ་ལ། སློབ་མ་རྣམས་ལུས་བསྲངས། རླུང་ཁ་སྦྱོར་དུ་བཅིངས། རིག་པ་མ་ཡེངས་པས་འདི་ལྟར་གསལ་ཐོབ་མཛོད། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་འོད་ཟེར་བྱུང་། སློབ་མའི་ལུས་ལ་རེག་པས་རྣམ་སྨིན་གྱི་ཕུང་པོ་སྟོང་ཉིད་དུ་སྦྱངས། རྣམ་པར་ཤེས་པ་ཧྲཱིཿཡིག་གིས་མཚན་པའི་ཐིག་ལེ་དམར་པོར་གྱུར་པ་ཡབ་ཀྱི་ཞལ་དུ་ཞུགས། ཐུགས་ཀར་རྗེས་ཆགས་ཀྱི་མེས་ཞུ། སྦྱོར་མཚམས་ནས་ཧྲཱིཿཡིག་གི་རྣམ་པས་ཕྱིར་སྤྲོས་པ་ཡོངས་སུ་གྱུར་པ་ལས་འཕགས་པ་འཇིག་རྟེན་དབང་ཕྱུག་སེམས་ཉིད་ངལ་གསོ་སྐུ་མདོག་དམར་གསལ་མཚམས་སྤྲིན་གྱི་མདོག་ཅན། ཞི་འཛུམ་མཚན་དཔེའི་ཉམས་འགྱུར་མཛེས་ཤིང་བལྟ་ན་སྡུག་པ་ལ་སྤྱན་གསུམ་དང་ལྡན་ཞིང་མཆེ་བའི་མྱུ་གུ་ཡིད་ཙམ་མངོན་པས་ཅུང་ཟད་ཁྲོ་ཞིང་ཆགས་པས་སྒེག་པ། ཞི་ཚུལ་དགུ་དང་དར་དང་རིན་པོ་ཆེའི་རྒྱན་ཆས་བཅུ་གསུམ་དང་རུས་པའི་ཕྱག་རྒྱ་དྲུག་གིས་མཛེས་ཤིང་ཡིད་དུ་འོང་བ། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོའི་སྟེང་དུ་བརྐྱང་བཞིན་པ་མཐེབ་མཛུབ་སྦྱར་ནས་མེ་ཏོག་པདྨ་དམར་པོའི་ཕྲེང་བ་འདྲེན་པ། གཡོན་ཐུགས་ཀར་དཀོན་མཆོག་གསུམ་མཚོན་པའི་སྐྱབས་སྦྱིན་གྱི་ཕྱག་རྒྱས་ཨུཏྤལ་གསར་པའི་ཡུ་བ་ནས་བཟུང་བ་སྙན་གྱི་ཐད་ཀར་ཁ་བྱེ་བའི་ཟེའུ་འབྲུར་འཆི་མེད་ཚེའི་བུམ་པ་བདུད་རྩིའི་གང་བ་བསྣམས་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་པདྨ་དང་ཟླ་བའི་གདན་སྟེང་སྣང་སྟོང་འོད་ལྔ་འཁྲུགས་པའི་ཀློང་ན། བདེ་བ་ཆེན་པོའི་ཉམས་འགྱུར་རབ་ཏུ་རྒྱས་པས་བཞུགས་པའི་པང་དུ་ཡུམ་གསང་བ་ཡེ་ཤེས་དམར་སེར་གཞོན་ནུ་ལང་ཚོ་དར་ལ་བབ་པ་གཅེར་བུ་བྷ་ག་ནུ་མ་རབ་ཏུ་རྒྱས་པ། རུས་པའི་ཕྱག་རྒྱ་དྲུག་གིས་མཛེས་པར་སྤྲས་པ། ཕྱག་གཉིས་གྲི་ཐོད་བསྣམས་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། ཞབས་ཟུང་པདྨའི་སྐྱིལ་ཀྲུང་གིས་སྙོམས་འཇུག་མཛད་པ། གསུང་རྡོ་རྗེ་པདྨའི་རིགས་ཀྱི་ཁྱབ་བདག་ཏུ་བཞུགས་པའི་གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས་མཐའ་ཀླས་པའི་འོད་ཟེར་སྤྲོས་པ་ཆོས་ཀྱི་དབྱིངས་དང་མཉམ་པའི་རྒྱལ་བ་རྒྱ་མཚོའི་ཞིང་རབ་འབྱམས་སུ་ཁྱབ་པར་བརྡལ། བླ་མ་རྩ་གསུམ་སངས་རྒྱས་སྲས་དང་བཅས་པ་དཔའ་བོ་དང་རྣལ་འབྱོར་མ་ཡེ་ཤེས་ཀྱི་ཆོས་སྐྱོང་བའི་ཚོགས་དང་བཅས་པས་ཐུགས་རྒྱུད་ཡོངས་སུ་བསྐུལ། སྐུ་གསུང་ཐུགས་རྡོ་རྗེའི་རྣམ་པར་མཁའ་དབྱིངས་གང་བར་བྱོན་ནས་སྙིང་གའི་ཧྲཱིཿཡིག་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབ། ཡེ་ཤེས་ཀྱི་གཟི་བྱིན་ལྷག་པར་རྒྱས་པར་བསམ་ལ་རིག་པ་འཛིན་མེད་ཀྱི་ངང་སྐྱོངས། སློབ་དཔོན་གྱིས་སྤོས་རོལ་ཌཱ་དྲིལ་གདུང་དབྱངས་དང་བཅས་ཏེ་ཡེ་ཤེས་བསྐུལ་བའི་ཕྱིར། ལས་བྱང་གི་བྱིན་འབེབ་དང་འབེབ་སྔགས་ཡང་ཡང་བརྗོད། ཕེབས་པའི་རྟགས་བྱུང་ན། ཏིཥྛ་བཛྲ་ས་མ་ཡ་སཏྭཾ་ཞེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག །རྗེས་འབྲེལ་མེ་ཏོག་འབུལ་བ་ནི། བདག་གི་རིག་པའི་མེ་ཏོག་འདི༔ དཀྱིལ་འཁོར་ལྷ་ལ་དེང་འབུལ་ན༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ རིགས་ཀྱི་ལྷ་ཡིས་བཞེས་སུ་གསོལ༔ རཏྣ་པུཥྤེ་པཱུ་ཛ་པྲ་ཏཱི་ཙྪ་ཧོ༔ ཞེས་དོར་བའི་རིགས་ངེས་པར་བྱས་ལ། པུཥྤེ་ཛྙཱ་ན་གྲྀཧྣ་ས་མ་ཡ་སཏྭཾ༔ ཞེས་མེ་ཏོག་སྤྱི་བོ་ནས་ཐིམ་པར་མོས། ཡེ་ཤེས་ཀྱི་ཐུར་མས་སྒྲིབ་པའི་ལིང་ཐོག་བསལ་བར་མོས་ཏེ། ཡེ་ཤེས་དག་པའི་ཐུར་མ་ཡིས༔ ཁྱོད་ཀྱི་མ་རིག་ལིང་ཐོག་བསལ༔ ཡེ་ཤེས་ལྷ་ཞལ་མཇལ་ནས་ཀྱང༔ དངོས་གྲུབ་ཀུན་གྱི་སྣོད་དུ་ཤོག༔ ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཅེས་བསལ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ འཕགས་པའི་དཀྱིལ་འཁོར་འདི་ལ་ལྟོས༔ དད་དང་དྭངས་བའི་སེམས་བསྐྱེད་པས༔ ངེས་པར་དངོས་གྲུབ་སྣོད་འགྱུར་རོ༔ ཞེས་སྤྲོ་བ་བསྐྱེད་དེ་འདི་ན་རྡོ་རྗེ་སློབ་དཔོན་གྱི་སྐུ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དང་། མདུན་དུ་རང་སྣང་དབྱེར་མེད་ཀྱི་དཀྱིལ་འཁོར་པདྨ་རྣམ་པར་རྒྱས་པའི་ཡེ་ཤེས་རང་སྣང་བའི་ཞིང་རྒྱ་ཁྱོན་དང་བཀོད་པ་ཚད་ལས་འདས་པའི་རིན་པོ་ཆེའི་གཞལ་མེད་ཁང། གྲུ་བཞི་སྒོ་བཞི་བདེ་ཆེན་དབང་གི་ཕོ་བྲང་ཆེན་པོའི་བཀོད་པ་ཡོངས་སུ་རྫོགས་པའི་ངོ་མཚར་བློ་ཡི་སྤྱོད་ཡུལ་ལས་འདས་པའི་དབུས་སུ། འཕགས་མཆོག་སྙིང་རྗེའི་ལྷ་གཅིག་པདྨ་རིགས་ཀྱི་ཁྱབ་བདག་འགྲོ་འདུལ་སེམས་ཉིད་ངལ་གསོ་ཡུམ་གསང་བ་ཡེ་ཤེས། ཡེ་ཤེས་སེམས་དཔའ་དབང་ཆེན་རྟ་མགྲིན། རིགས་བདག་སྣང་བ་མཐའ་ཡས། འཁོར་གྱི་ཉེ་བའི་སྲས་བརྒྱད། སྟེང་འོག་ཕྱོགས་མཚམས་སུ་འགྲོ་འདུལ་ཐུབ་ཆེན་དྲུག་དང་བསྐལ་བཟང་སངས་རྒྱས་སྟོང་རྩ། སྒོ་བཞིར་དབང་ཆེན་སྡེ་བཞི། དཔའ་བོ་ཌཱ་ཀཱི་ཆོས་སྲུང་ནོར་ལྷ་གཏེར་བདག་གི་ཚོགས་དང་བཅས་པ་མ་འདྲེས་གསལ་རྫོགས་སུ་བཞུགས་པ། གཟུགས་བརྙན་གྱི་དཀྱིལ་འཁོར་འདིས་མཚོན་ཏེ་མངོན་སུམ་དུ་མཇལ་བ་ལ་དད་སྤྲོ་བྱེད་པ་རྣམས་ནི་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའོ། །ད་བརྒྱད་པ་དབང་བསྐུར་བ་དངོས་ལ། ཕྱི་ཕན་པའི་དབང་ལྔ། ནང་ནུས་པའི་དབང་ལྔ་། རང་དོན་སྒྲུབ་པའི་དབང་གསུམ། གཞན་དོན་ལས་ཚོགས་ཀྱི་དབང་བཞི། གསང་བ་ཟབ་མོའི་དབང་གསུམ་རྣམས་སུ་ཡོད་པ་ལས། དང་པོ་ཕྱི་ཕན་པའི་དབང་ལྔ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བདེ་གཤེགས་རིགས་ལྔའི་རྒྱལ་བ་ཡིས༔ བྱང་ཆུབ་སྲས་ལ་དབང་བསྐུར་ལྟར༔ འཁོར་ལོའི་དབང་ཕྱུག་ལྷག་པའི་ལྷས། བདག་རྒྱུད་སྨིན་པར་མཛད་དུ་གསོལ༔ ལན་གསུམ། ཞེས་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་གདན་གསུམ་ཚང་བའི་དབང་ལྷ་ནམ་མཁའ་ཁྱབ་པར་བཛྲ་ས་མ་ཡ་ཛཿ ཨོཾ་བཛྲ་ཨརྒྷཾ་སོགས་། ཤབྡ་པཱུ་ཛ་ཧོ། ཆོས་སྐུ་ནམ་མཁའ་བཞིན་དུ་སོགས་ཀྱིས་བསྟོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་པ་བཞིན། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་བཏབ་སྟེ་དབང་ལྷ་རྣམས་ཀྱིས་དབང་གི་དགོངས་པ་མཛད་མ་ཐག །སློབ་མ་རྡོ་རྗེ་མི་བསྐྱོད་པ་སྤྱན་རས་གཟིགས་མཐིང་གར་གྱུར་པ་ལ་རྣམ་པར་རྒྱལ་བའི་བུམ་པས་དབང་བསྐུར་བར་གྱུར། བུམ་པ་བཏེགས་ཏེ། ཧཱུྃ༔ རྡོ་རྗེ་དབྱིངས་ཀྱི་བུམ་པ་ན༔ རིག་པ་རྡོ་རྗེའི་ལྷ་ཚོགས་བཞུགས༔ རྡོ་རྗེ་ཆུ་ཡི་དབང་བསྐུར་བས༔ རྡོ་རྗེའི་རིགས་སུ་བྱང་ཆུབ་ཤོག༔ ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་མི༔ བུམ་ཆུ་འཐུང་ཞིང་འཐོར། སློབ་མ་རིན་འབྱུང་སྤྱན་རས་གཟིགས་སེར་པོར་གནས་གྱུར་པ་ལ་སྤྱི་བོར་རིན་པོ་ཆེའི་དབུ་རྒྱན་བཅིང་བར་མོས། དབུ་རྒྱན་སྤྱི་བོར་བཞག་ལ། ཏྲཱཾ༔ ཡེ་ཤེས་ཡོན་ཏན་བསམ་མི་ཁྱབ༔ རིན་ཆེན་ལོངས་སྤྱོད་ཟད་མི་ཤེས༔ རིན་ཆེན་དབུ་རྒྱན་གྱིས་མཚོན་ཏེ༔ རིན་ཆེན་འབྱུང་ལྡན་དབང་བསྐུར་རོ༔ ཨོཾ་རཏྣ་སམྦྷ་ཝ་ཨ་བྷི་ཥིཉྩ་མི༔ སློབ་མ་སྣང་མཐའ་སྤྱན་རས་གཟིགས་དམར་པོར་གནས་གྱུར་པའི་ཕྱག་གཡས་སུ་རྡོ་རྗེ་གཏད་པར་མོས། ཧྲཱི༔ རྡོ་རྗེ་ཆོས་ཀྱི་རང་བཞིན་ཅན༔ ཤེས་བྱ་ཀུན་འཇུག་རྒྱ་ཆེའི་དབྱངས༔ ཟབ་མོ་སྟོང་པའི་ངོ་བོ་སྒྲོགས༔ པདྨའི་རིགས་སུ་དབང་བསྐུར་རོ༔ ཨོཾ་པདྨ་བཛྲ་ཨ་བྷི་ཥིཉྩ་མི༔ སློབ་མ་དོན་གྲུབ་སྤྱན་རས་གཟིགས་ལྗང་གུར་གནས་གྱུར་པའི་ཕྱག་གཡོན་དུ་དྲིལ་བུ་གཏད་པར་མོས། ཨཱ༔ མཐའ་ཀླས་སེམས་ཅན་ཁམས་སད་བྱེད༔ ཤེས་རབ་དབྱངས་ལྡན་དྲིལ་བུའི་སྒྲས༔ ཕྲིན་ལས་ཐོག་མེད་རྗེས་མཚོན་པ༔ ལས་ཀྱི་རིགས་སུ་དབང་བསྐུར་རོ༔ ཨོཾ་ཀརྨ་གཎྚེ་ཨ་བྷི་ཥིཉྩ་མི༔ སློབ་མ་རྣམ་སྣང་སྤྱན་རས་གཟིགས་དཀར་པོར་གསལ་བ་ལ་རྡོ་རྗེ་མིང་གི་དྲིལ་བསྒྲགས་པར་མོས་མཛོད། རྡོར་དྲིལ་བསྣོལ་བ་སྤྱི་བོར་བཏེགས་ལ། ཨོཾ༔ རྡོ་རྗེ་མིང་གི་སྒྲ་ཆེན་པོ༔ ས་གསུམ་ཀུན་ཏུ་གྲགས་པ་ཡིས༔ སངས་རྒྱས་ཀུན་གྱིས་ལུང་བསྟན་པས༔ བདེ་གཤེགས་རིགས་སུ་དབང་བསྐུར་རོ༔ ཨོཾ་བཛྲ་ནཱམ་ཨ་བྷི་ཥིཉྩ་མི༔ དེ་ལྟར་ཕྱི་ཐུན་མོང་རིག་པའི་དབང་རྣམ་པ་ལྔ་བསྐུར་པས་ཕུང་པོ་ལྔ་དང་ཉོན་མོངས་དུག་ལྔའི་རྟོག་པ་སྦྱངས། ཡེ་ཤེས་ལྔའི་སྐལ་བ་བཞག །འཕགས་པ་སྤྱན་རས་གཟིགས་རིགས་ལྔའི་དངོས་གྲུབ་ཐོབ་པར་བྱས་ཤིང་། རྒྱུད་སྡེ་འོག་མ་གསུམ་གྱི་དབང་བསྐུར་ཡོངས་སུ་རྫོགས་པའོ། །གཉིས་པ་ནང་ནུས་པ་འཇུག་པའི་དབང་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ལྔ་བགྱི་བ་ལས། དང་པོ་ལྷ་སྐུ་ཕྱག་རྒྱའི་དབང་ནི། ལྷ་ཚོགས་རྣམས་ཀྱི་ཡེ་ཤེས་ཀྱི་སྐུ་ལས་གཉིས་པ་རེ་བྱོན་ཏེ་སྤྱི་བོ་ནས་ཐིམ་པར་མོས་ཤིག །ཧྲཱི༔ རྒྱལ་བ་ཀུན་གྱི་གསུང་རྡོ་རྗེ༔ འོད་སྣང་མཐའ་ཡས་རྒྱལ་བ་ཆེ༔ རིགས་ཀྱི་བདག་པོས་དབང་བསྐུར་བས༔ ཁྱབ་བདག་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་ཨ་མི་ཏ་བྷ་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧྲཱི༔ དཀྱིལ་འཁོར་ཆེན་པོའི་འཁོར་ལོའི་མགོན༔ པདྨའི་རིགས་མཆོག་བཅོམ་ལྡན་འདས༔ འགྲོ་འདུལ་འཕགས་པས་དབང་བསྐུར་བས༔ བདེ་ཆེན་ཡེ་ཤེས་དཔལ་རྒྱས་ཤོག༔ ཨོཾ་པདྨ་ལོ་ཀེ་ཤྭ་ར་ཨ་བྷི་ཥིཉྩ་མི༔ ཧྲཱི༔ རྣམ་ཀུན་མཆོག་ལྡན་དབྱིངས་ཀྱི་ཡུམ༔ པདྨ་དགྱེས་པའི་བཙུན་མོ་ཆེ༔ གསང་བ་ཡེ་ཤེས་དབང་བསྐུར་བས༔ སྟོང་པའི་དེ་ཉིད་མངོན་གྱུར་ཤོག༔ ཨོཾ་གུ་ཧྱ་ཛྙཱ་ན་ཨ་བྷི་ཥིཉྩ་མི༔ ཧྲཱི༔ དབང་ཆེན་རྔམ་པ་འབར་བའི་སྐུ༔ ཡེ་ཤེས་སེམས་དཔའ་གདུག་ཅན་སྒྲོལ༔ རྟ་ཕག་ཡབ་ཡུམ་དབང་བསྐུར་བས༔ འོད་གསལ་ཁྱབ་བརྡལ་ལྷུན་འགྲུབ་ཤོག༔ ཨོཾ་པདྨཱནྟ་ཀྲྀཏ་ཨ་བྷི་ཥིཉྩ་མི༔ ཧྲཱི༔ པདྨའི་རིགས་ཅན་རྒྱལ་ཀུན་སྲས༔ འགྲོ་འདུལ་ཕྲིན་ལས་བསམ་མི་ཁྱབ༔ སེམས་དཔའ་བརྒྱད་ཀྱིས་དབང་བསྐུར་བས༔ མཁའ་ཁྱབ་འགྲོ་བ་ཀུན་སྒྲོལ་ཤོག༔ ཨོཾ་བྷོ་དྷི་སཏྭ་ཨཥྚ་ཨ་བྷི་ཥིཉྩ་མི༔ ཧྲཱི༔ པདྨ་སེམས་གཙོའི་ཡེ་ཤེས་འཕྲུལ༔ མཁའ་ཁྱབ་གདུལ་བྱ་འདུལ་བའི་མགོན༔ ཐུབ་དྲུག་འདྲེན་པས་དབང་བསྐུར་བས༔ མཁའ་མཉམ་འགྲོ་བ་ཀུན་སྒྲོལ་ཤོག༔ ཨོཾ་མ་ཧཱ་མུ་ནེ་ཡེ་ཨ་བྷི་ཥིཉྩ་མི༔ ཧྲཱི༔ སངས་རྒྱས་ཀུན་གྱི་ཚད་མེད་ཀྱི༔ རྣམ་པར་འཕྲུལ་པའི་ཕྲིན་ལས་ཅན༔ དབང་ཆེན་སྡེ་བཞིས་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞི་མཐར་ཕྱིན་ཤོག༔ ཨོཾ་པདྨཱནྟ་ཀྲྀཏ་ཙ་ཏུར་ཨ་བྷི་ཥིཉྩ་མི༔ དེ་ལྟར་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་པས་སྣང་བ་མཐའ་དག་ལྷའི་འཁོར་ལོར་བྱིན་གྱིས་བརླབ་པའི་དབང་ཐོབ་པ་ཡིན་ནོ། །གཉིས་པ་བཟླས་པ་སྔགས་ཀྱི་དབང་བསྐུར་བ་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་ལུང་སྦྱིན་པ་ལ། མདུན་དཀྱིལ་སྤྱན་རས་གཟིགས་ཀྱི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་རྟ་ཕག་ཡབ་ཡུམ་གྱི་ཐུགས་ཀར་པད་ཟླའི་དབུས་སུ་ཧྲཱིཿལ་རྡོ་རྗེའི་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་སྔགས་ཕྲེང་འོད་ཟེར་གྱི་ཚུལ་དུ་བྱུང་བ་ཞལ་ནས་ཐོན། སློབ་མའི་ཁར་ཞུགས་སྙིང་གའི་ཡེ་ཤེས་སེམས་དཔའི་ཐུགས་དབུས་པད་ཟླ་ལ་གནས་པའི་ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས། ལྷ་བདག་དབྱེར་མེད་དུ་གྱུར་པར་མོས་ལ་བསྙེན་སྔགས་ཡི་གེ་དྲུག་པའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སླར་ཡང་སྔགས་ཕྲེང་ཡབ་ཡུམ་གྱི་ཞལ་དང་སྦྱོར་མཚམས་ནས་མགལ་མེ་བཞིན་འཁོར་བས་བདེ་ཆེན་བཟོད་མེད་དུ་འབར་བས་ཐུན་མོང་དང་མཆོག་གི་དངོས་གྲུབ་རབ་འབྱམས་ཐོགས་མེད་དུ་འགྲུབ་པར་བསམ་ལ། གཙོ་བོའི་སྒྲུབ་སྔགས་ལན་གསུམ་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ དྷུ་མ་གྷ་ཡེ་ནཱ་མ་སྭཱ་ཧཱ༔ ཨོཾ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ལན་གསུམ། གཙོ་འཁོར་ཐམས་ཅད་ཀྱི་བདེ་བ་ཆེན་པོའི་འོད་ཟེར་གྱིས་སྣོད་བཅུད་འཕགས་པའི་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་དག་པས་དོན་གཉིས་ལྷུན་གྱིས་གྲུབ་པར་བསམ་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་རེ་མཛོད། ཨོཾ་ཨཱ་ཧཱུྃ་ཧྲཱིཿཧཱུྃ༔ ཨོཾ་ཨཱཿབཛྲ་སཏྭ༔ གུ་རུ་ཤྲཱིཿཁ་སརྤཱ་ཎི༔ ལོ་ཀ་ནཱ་ཐ༔ སརྦ་བུདྡྷ་བོ་དྷི་སཏྭ༔ སམྦྷ་བ་ཨ་དྷིཥྛཱ་ཎཱཾ༔ མ་མ་ཙིཏྟ་བཛྲ་ཏྲཊ྄༔ ཛྙཱ་ན་ཛྭ་ལ་ཛྭ་ལ༔ སྥཱ་ར་སྥཱ་ར་ཎ༔ ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ལན་གསུམ། ཨོཾ་མཻ་ཏྲི་མཻཾ་སྭཱ་ཧཱ༔ ལན་གསུམ། ཨོཾ་ཝཱ་གཱི་ཤྭ་རི་མཱུཾ༔ ལན་གསུམ། ཨོཾ་མ་ཎི་པདྨེ་ཧཱུྃ༔ ལན་གསུམ། ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ལན་གསུམ། ཨོཾ་ཁ་གརྦྷ་ཧཱུྃ༔ ལན་གསུམ། ཨོཾ་ཀྵི་ཏི་གརྦྷ་ཏྲཱཾ༔ ལན་གསུམ། ཨོཾ་སརྦ་ནི་བཱ་ར་ཎ་བིཥྐམྦྷི་ནི་ཕཊ༔ ལན་གསུམ། ཨོཾ་ས་མནྟ་བྷ་དྲ་ཨཱཿ ལན་གསུམ། ཨོཾ་མུ་ནེ་ཀྲཱིཾ་ཏྲཱུཾ་སྲུཾ་བྲཾ་ཀྵཾ་ཡེ་སྭཱ་ཧཱ༔ ལན་གསུམ། ཨོཾ་བཛྲ་རཏྣ་པདྨ་ཀརྨ་ཧྱ་གྲཱྀ་བ་ཛཿཧཱུྃ་བཾ་ཧོ༔ ལན་གསུམ། གཙོ་བོ་སེམས་ཉིད་ངལ་གསོའི་སྨིན་མཚམས་ནས་ལས་ཀྱི་སེམས་དཔའ་འཁོར་བ་དོང་སྤྲུགས་ནམ་མཁའ་གང་བ་སྤྲོས་ཏེ་ཞི་བའི་ཕྲིན་ལས་རབ་འབྱམས་མཐར་དབྱུང་བར་མཛད་པར་བསམ་ལ་རྗེས་ཟློས་མཛོད། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་བི་པུ་ལ་གརྦྷེ་མ་ཎི་པྲ་བྷེ༔ ཏ་ཐཱ་ག་ཏེ་ནིརྡེ་ཤ་ནི༔ མ་ཎི་མ་ཎི་སུ་པྲ་བྷེ༔ བི་མ་ལ༔ སཱ་ག་ར་གམྦྷི་རེ་ཧཱུྃ་ཧཱུྃ་ཛྭ་ལ་ཛྭ་ལ༔ བུདྡྷ་བི་ལོ་ཀི་ཏེ་གུ་ཧྱ་ཨ་དྷིཥྛི་ཏེ་གརྦྷེ་སྭཱ་ཧཱ༔ པདྨ་དྷཱ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ༔ ལན་གསུམ། སྤྱི་བོའི་རིགས་བདག་གི་ཐུགས་ཀའི་འོད་ཟེར་གྱིས་སྲིད་ཞིའི་ཚེ་བཅུད་བསྡུས་པ་རང་གི་སྒོ་གསུམ་ལ་ཐིམ་པས་རྡོ་རྗེའི་ཚེ་ཡི་དངོས་གྲུབ་ཐོབ་པར་མོས་ལ་འདིའི་རྗེས་ཟློས། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཨཱ་ཡུར་པུཎྱེ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ་བྷྲཱུྃ༔ ལན་གསུམ། ཡབ་ཡུམ་གྱི་སྦྱོར་མཚམས་ནས་རྗེས་ཆགས་ཀྱི་འོད་ཟེར་པདྨའི་ཕོ་ཉ་མཁའ་འགྲོ་དམར་མོ་ལྕགས་ཀྱུ་ཞགས་པ་འཛིན་པ་སྤྲོས་ནས་བརྟན་གཡོ་སྲིད་ཞིའི་དྭངས་བཅུད་དབང་དུ་བསྡུས་པར་མོས་ལ་རྗེས་ཟློས། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སནྟཱ་ར་པདྨ་དྷཱ་ཀི་ནཱི་སརྦ་ལོ་ཀ་ཝཱ་ཤཾ་ཀུ་རུ་ཧྲཱིཿསྭཱ་ཧཱ༔ ལན་གསུམ། གཙོ་བོའི་ཞལ་ནས་ཧཱུྃ་གི་སྒྲས་ཡེ་ཤེས་སེམས་དཔའ་རྟ་ཕག་ཡབ་ཡུམ་གྱི་ཐུགས་རྒྱུད་བསྐུལ། དེ་ལས་སྤྲུལ་པའི་ཁྲོ་མཚོན་མེ་དཔུང་གི་སྤྲིན་སྤྲོས་པས་ལོག་འདྲེན་ཚར་བཅད་པར་མོས་པས་རྗེས་ཟློས། ཨོཾ་པདྨཱནྟ་ཀྲྀཏ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ལན་གསུམ། གསུང་གི་བྱིན་རླབས་བརྟན་པའི་ཕྱིར་སྔགས་ཕྲེང་མགྲིན་པར་བཞག་པར་མོས་ལ། ཧྲཱི༔ རྒྱལ་ཀུན་གསུང་གི་རྡོ་རྗེའི་དབྱིངས༔ ནུས་པ་སྔགས་ཀྱི་ཕྲེང་བར་ཤར༔ དངོས་གྲུབ་ཀུན་སྩོལ་ལས་ཀུན་སྒྲུབ༔ གྲགས་སྟོང་ཡེ་ཤེས་མངོན་བྱེད་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀཱ་ཨ་བྷི་ཥཉྩི་མི༔ དེ་ལྟར་ནུས་པ་སྔགས་ཀྱི་དབང་བསྐུར་པས་སྒྲ་གྲགས་སྔགས་ཀྱི་འཁོར་ལོར་བྱིན་གྱིས་བརླབས་པའི་དབང་ཐོབ་པ་ཡིན་ནོ། །གསུམ་པ་འོད་གསལ་ཐུགས་ཀྱི་ཕྱག་རྒྱས་དབང་བསྐུར་བ་ལ། ངོ་བོ་ཐུགས་བདེ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྣམ་པ་མེ་ལོང་དུ་ཤར་བའི་རྡོ་རྗེའི་གཟུགས་ཀྱི་བརྡས་མཚོན་པར་མོས་ཤིག །རྡོ་རྗེ་དང་མེ་ལོང་ཐོགས་ལ། ཧཱུྃ༔ རང་བྱུང་ཡེ་ཤེས་རྡོ་རྗེའི་དོན༔ རྣམ་ཀུན་མཆོག་ལྡན་སྟོང་ཉིད་ངང༔ དབྱེར་མེད་བརྡ་ཡིས་དབང་བསྐུར་བས༔ རིག་སྟོང་རྡོ་རྗེའི་ཐུགས་རྟོགས་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་མི༔ དེས་དྲན་རྟོག་འོད་གསལ་གྱི་འཁོར་ལོར་འཆར་བར་བྱིན་གྱིས་བརླབ་པའི་དབང་ཐོབ་པ་ཡིན་ནོ། །བཞི་པ་ཡོན་ཏན་དར་དང་རིན་པོ་ཆེའི་རྒྱན་ཆས་ཀྱི་དབང་བསྐུར་བས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཟག་པ་མེད་པའི་ཡོན་ཏན་ཡོངས་སུ་རྫོགས་པའི་དབང་ཐོབ་པར་མོས་ཤིག །ཏྲཱཾ༔ ཟག་མེད་ཡོན་ཏན་ཡོངས་རྫོགས་པས༔ ཇི་སྙེད་རྒྱལ་དང་མཉམ་པ་ཉིད༔ ལོངས་སྤྱོད་རྒྱན་གྱིས་དབང་བསྐུར་བས༔ མཁའ་ཁྱབ་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཎ་ཨ་བྷི་ཥིཉྩ་མི༔ དེ་ལྟར་བྱ་བ་ཐམས་ཅད་ཟག་མེད་ཡོན་ཏན་གྱི་བདག་ཉིད་དུ་ཤར་བའི་དབང་ཐོབ་པ་ཡིན་ནོ། །ལྔ་པ་ཕྲིན་ལས་རྟག་ཁྱབ་ལྷུན་གྲུབ་རྗེས་སུ་མཚོན་པ་སྣ་ཚོགས་རྡོ་རྗེ་ལག་ཏུ་གཏད་པས་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་མོས་ཤིག །ཧྲཱི༔ ཀུན་ཁྱབ་ཐོགས་མེད་འཇུག་ཅིང་རྟག༔ ཕྲིན་ལས་སྣ་ཚོགས་རྡོ་རྗེ་ཡིས༔ འགྲོ་ཀུན་སྲིད་ཞི་ལས་སྒྲོལ་བའི༔ གཞན་ཕན་མཐར་ཕྱིན་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀརྨ་ཨ་བྷི་ཥིཉྩ་མི༔ དེས་བྱེད་སྤྱོད་ཐམས་ཅད་འགྲོ་འདུལ་ཕྲིན་ལས་ཀྱི་འཁོར་ལོར་བྱིན་གྱིས་བརླབ་པའི་དབང་ཐོབ་པ་ཡིན་ནོ། །གསུམ་པ་རང་དོན་སྒྲུབ་པའི་དབང་ལ། དང་པོ་ལྷ་སྒོམ་པའི་རྗེས་སུ་གནང་བའི་ཕྱིར་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྟན་ཞིང་མཐོང་བར་མོས་ཏེ། ཧོ༔ དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས༔ འགྲོ་འདུལ་འཕགས་པའི་ལྷ་ཚོགས་ཀྱིས༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་སྒོམས༔ ཐ་མལ་སྣང་ཞེན་ཀུན་སྦྱོངས་ཤིག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜ་ལ་ཨ་བྷི་ཥིཉྩ་མི༔ དེང་ཕྱིན་ཆད་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་སྒོམ་པའི་ཏིང་འཛིན་དང་མ་བྲལ་བར་གྱིས་ཤིག །གཉིས་པ་ཆོས་བཤད་པའི་རྗེས་སུ་གནང་བའི་ཕྱིར་སྤྱན་རས་གཟིགས་ཀྱི་རྒྱུད་ཀྱི་གླེགས་བམ་གཏད་པར་མོས་ལ། ཧོ༔ དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས༔ འཕགས་པ་སྤྱན་རས་གཟིག་དབང་གི༔ དབང་སྐུར་དམ་ཆོས་རྟག་ཏུ་ཤོད༔ འགྲོ་ཕན་ཕྲིན་ལས་རྒྱས་པར་གྱིས༔ སརྦ་ཏ་ཐཱ་ག་ཏ་དྷརྨ་ཨ་བྷི་ཥིཉྩ་མི༔ དེང་ཕྱིན་ཆད་ཐུགས་རྗེ་ཆེན་པོའི་སྨིན་གྲོལ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས་ཤིག །གསུམ་པ་སྒྲུབ་པའི་རྗེས་གནང་གི་དོན་དུ་ཕྲེང་བ་གཏད་པར་མོས་ཤིག །ཧོ༔ དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས༔ གསུང་གི་རྡོ་རྗེ་འཕགས་པ་ཆེའི༔ བསྙེན་སྒྲུབ་ཆུ་བོའི་གཞུང་བཞིན་བརྩོན༔ དངོས་གྲུབ་རྣམ་གཉིས་གྲུབ་པར་གྱིས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཨ་བྷི་ཥིཉྩ་མི༔ དེང་ཕྱིན་ཆད་འཕགས་པ་འཇིག་རྟེན་དབང་ཕྱུག་གི་བསྙེན་སྒྲུབ་ཟབ་མོའི་རྣལ་འབྱོར་ལ་དུས་རྟག་ཏུ་བརྩོན་པར་གྱིས་ཤིག །བཞི་པ་གཞན་དོན་ལས་བཞིའི་དབང་གི་དང་པོ། བུམ་ཆུའི་ཟེགས་མ་ཐམས་ཅད་ལས་ཀྱི་སེམས་དཔའ་འཁོར་བ་དོང་སྤྲུགས་ཏིལ་གོང་ཁ་ཕྱེས་པ་ལྟ་བུའི་བདུད་རྩིའི་རྒྱུན་གྱིས་ཁྲུས་བྱས་ཤིང་དབང་བསྐུར་བས། གནས་སྐབས་དང་མཐར་ཐུག་གི་ཞི་བའི་ཕྲིན་ལས་རབ་འབྱམས་ཐོག་པ་མེད་པར་འགྲུབ་པའི་དབང་ཐོབ་པར་མོས་ཤིག །ཁྲུས་བུམ་ཐོགས་ལ། ཧྲཱི༔ བཀྲ་ཤིས་རང་བྱུང་བུམ་པ་རུ༔ ཞི་བྱེད་ཡེ་ཤེས་བདུད་རྩིའི་བཀང༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ནད་གདོན་སྡིག་སྒྲིབ་ཀུན་བྱང་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་བི་པུ་ལ་སོགས་མཐར། ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ བུམ་ཆུ་འཐོར་འཐུང་བྱ། རིགས་བདག་འོད་དཔག་མེད་ཀྱི་ངོ་བོ་ཚེ་འབྲང་རྫས་དང་བཅས་པས་དབང་བསྐུར་ཞིང་མྱོང་བས་གནས་སྐབས་དང་མཐར་ཐུག་གི་རྒྱས་པའི་ལས་རབ་འབྱམས་ཐོགས་པ་མེད་པར་འགྲུབ་པའི་དབང་ཐོབ་པར་མོས་ཤིག །ཚེ་འབྲང་ཐོགས་ལ། ཧྲཱི༔ ཟླ་གམ་དབང་གི་ཕོ་བྲང་དུ༔ ཚེ་འོད་དཔག་མེད་མགོན་པོ་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཚེ་དཔལ་ཡེ་ཤེས་རྒྱས་པར་ཤོག༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཨ་ཡུརྤུཎྱེ་ཛྙཱ་ནཱ་སརྦ་སིདྡྷི་ཧཱུྃ་བྷྲཱུྃ༔ ཚེ་བུམ་སྤྱི་བོར་བཞག །ཚེ་རྫས་མྱོང་དུ་གཞུག །འགྲོ་འདུལ་ཕྲིན་ལས་ཀྱི་དམ་རྫས་མཐོང་ཐོས་ཚོར་མྱང་རེག་ཅིང་དྲན་པས་གྲོལ་བ་དྲུག་གི་རིལ་བུ་ཤེས་རབ་དབང་མཛད་ཀྱི་ཌཱ་ཀིར་གསལ་བ་རྡོ་རྗེ་ལྕེ་ཡི་ལམ་བརྒྱུད་སྙིང་དབུས་བདེ་ཆེན་ཐིག་ལེ་དང་དབྱེར་མེད་དུ་འདྲེས་པས། གནས་སྐབས་དང་མཐར་ཐུག་གི་དབང་གི་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་ནས་ཚོགས་དྲུག་གི་སྣང་ཤེས་ཐམས་ཅད་འཕགས་མཆོག་རིག་དྲུག་ཏུ་ཤར་བས། མཁའ་ཁྱབ་འགྲོ་བ་སྒྲོལ་བའི་ཕྲིན་ལས་མུ་མཐའ་མེད་པ་འགྲུབ་པའི་དབང་ཐོབ་པར་མོས་ཤིག །ནུབ་ཀྱི་ཐོད་པའི་བདུད་རྩི་བྱིན་ལ། ཧྲཱི༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་གཟུགས༔ དབང་མཛད་གསང་བ་ཡེ་ཤེས་ཚུལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རླུང་སེམས་དབང་དུ་འདུས་པར་ཤོག །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སནྟཱ་ར་པདྨ་དྷཱ་ཀི་ནཱི་སརྦ་ལོ་ཀ་ཝཱ་ཤཾ་ཀུ་རུ་ཧྲཱིཿསྭཱ་ཧཱ༔ ཞེས་རིལ་བུ་མིག་ལ་བསྟན་ཞིང་མྱོང་རེག་བདུག་པར་བྱ། དཔལ་གྱི་གཏོར་མ་ཡེ་ཤེས་སེམས་དཔའ་རྟ་ཕག་ཡབ་ཡུམ་དུ་གསལ་བ་གནས་གསུམ་དུ་བཞག་པས། ལྷ་སྔགས་ཕྱག་མཚན་གྱི་སྤྲོ་བསྡུས་གནས་སྐབས་དང་མཐར་ཐུག་གི་དྲག་པོའི་ལས་རབ་འབྱམས་ཐོགས་མེད་དུ་གྲུབ་པས། གདུག་པ་ཅན་ཚར་གཅོད་པའི་ཕྲིན་ལས་མི་ཟད་འབར་བ་ཆེན་པོའི་དབང་ཐོབ་པར་མོས་ཤིག །དཔལ་གཏོར་གནས་གསུམ་དུ་བཞག་ལ། ཧྲཱི༔ དབང་ཆེན་རྟ་ཕག་ཡབ་ཡུམ་གྱི༔ ཡེ་ཤེས་ཕྱག་རྒྱའི་ཆོ་འཕྲུལ་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ གདུག་པ་སྒྲོལ་བའི་དབང་ཐོབ་ཤོག ཨོཾ་པདྨཱནྟ་ཀྲྀཏ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ མྱོང་གྲོལ་རིལ་བུའི་བུམ་པ་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་རིལ་བུ་འགྲོ་འདུལ་འཕགས་པའི་ལྷ་ཚོགས་སུ་ཤར་བའི་རྡོ་རྗེ་གསུམ་གྱིས་དབང་བསྐུར་མོས་མཛོད། ཧྲཱི༔ བདེ་ཆེན་དབང་གི་གཞལ་ཡས་སུ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞུགས༔ རྡོ་རྗེ་གསུམ་གྱི་བྱིན་རླབས་ལས༔ འགྲོ་འདུལ་ཕྲིན་ལས་མཐར་ཕྱིན་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨཱ༔ ཞེས་གནས་གསུམ་དུ་བཞག །ཞལ་ཕྱེས་ཏེ། རིལ་བུ་ཐུགས་རྗེ་ཆེན་པོར་གསལ་བ་ལྕེ་ཐོག་ཏུ་མྱང་བས། ལུས་གཞལ་ཡས་ཁང་དུ་གསལ་བའི་སྙིང་པདྨ་འདབ་མ་དྲུག་པའི་ལྟེ་བར་ཟླ་བའི་སྟེང་དུ་མགྲིན་པའི་ལམ་བརྒྱུད་ཧྲིལ་གྱིས་བྱོན་ནས། བྱང་ཆུབ་སྙིང་པོའི་བར་དུ་མི་འབྲལ་བར་བཞུགས་པའི་མོས་པ་མཛོད། དེ་ལྟར་དབང་རྫོགས་པའི་རིལ་བུ་ལྟོར་སོང་ཕན་ཆད་མི་ཞེས་བྱ་བ་ཐུགས་རྗེ་ཆེན་པོར་གནས་གྱུར་པས། རྟག་ཏུ་བྱང་ཆུབ་ཀྱི་སེམས་སྒོམ་པ་དང་མ་བྲལ་བས་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་ལ་བརྩོན་པ་དང་། རིལ་བུ་ཀུན་ལ་ཁྱབ་པར་སྦྱིན་ཞིང་སྤེལ་བ་སོགས་འགྲོ་བའི་དོན་ཅི་ནུས་སུ་བརྩོན་པར་གྱིས་ཤིག །སླར་ཡང་ནམ་མཁའ་གང་བའི་དབང་ལྷ་རྣམས་ཀྱིས་སྣོད་བཅུད་ཡོངས་རྫོགས་རྣམ་རྒྱལ་བུམ་པས་དབང་བསྐུར་བསྩལ་བར་མོས། རྣམ་བུམ་ཐོགས་ལ། ཧྲཱི༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི༔ གསང་གསུམ་བདུད་རྩིའི་བཅུད་ཀྱིས་བཀང་བ་ཡི༔ རྣམ་རྒྱལ་བུམ་པས་དབང་བསྐུར་བས༔ སྐུ་དང་ཡེ་ཤེས་ཡོངས་རྫོགས་ཤོག༔ ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཱཿསརྦ་ཨ་བྷི་ཥིཉྩ་མི༔ སུ་ར་ཏ་སཏྭཾ་ཨ་ཧཾ༔ ཞེས་བྱང་ཆུབ་སེམས་ཀྱི་བདུད་རྩིའི་སྤྱི་བོ་ནས་དབང་བསྐུར་པས་ལུས་ཐམས་ཅད་གང་། དབང་ཐམས་ཅད་ཐོབ། དྲི་མ་ཐམས་ཅད་དག །དབང་དོན་གྱི་ཡེ་ཤེས་བརྟན་པར་བྱས། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོས་དབུར་བརྒྱན། ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱང་སློབ་མ་ལ་ཐིམ་པས་ཡེ་ཤེས་ཀྱི་གཟི་བྱིན་ལྷག་པར་འབར་བ་ལ་མཆོད་པའི་ཡོ་བྱད་ཀྱིས་ཀྱང་མངའ་གསོལ་ཞིང་ཤིས་པ་བརྗོད་པས་དགེ་མཚན་གྱི་སྣང་བ་འཕེལ་རྒྱས་སུ་བྱས་པར་མོས་ཤིག །ཨོཾ་བཛྲ་ཨརྒྷཾ་སོགས་དང་། སྐབས་སུ་བབ་པའི་ཤིས་བརྗོད་བྱའོ། །དེ་དག་གིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་མཐའ་རྟེན་དང་བཅས་པ་ཐོབ། ལུས་ཀྱི་སྒྲིབ་པ་དག །ལམ་བསྐྱེད་བཟླས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་ཞིང་། འབྲས་བུ་སངས་རྒྱས་སྤྲུལ་པའི་སྐུའི་ཡེ་ཤེས་རྒྱུད་ལ་བཞག་པ་ཡིན་ནོ། །ལྔ་པ་གསང་བ་ཟབ་མོའི་དབང་གསུམ་གྱི་དང་པོ་རྫས་ཀྱི་གསང་དབང་བསྐུར་བའི་སླད་དུ་སློབ་དཔོན་པདྨ་གར་དབང་ཡབ་ཡུམ་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པའི་དཀར་དམར་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་སློབ་མའི་ལྕེ་ལ་བཞག་པར་མོས་ལ། བྷཉྫའི་གསང་རྫས་བྱིན་ཏེ། ཧྲཱི༔ རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱི༔ ངོ་བོ་བྱང་སེམས་བདུད་རྩིའི་བཅུད༔ གཉིས་སུ་མེད་པར་རོལ་པ་ཡིས༔ གསལ་སྟོང་དེ་ཉིད་མངོན་གྱུར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ དྷུ་མ་གྷ་ཡེ་ནཱ་མ་སྭཱ་ཧཱ༔ གུ་ཧྱ་བྷོ་དྷི་ཙིཏྟ་ཨཱ་བྷི་ཥིཉྩ་ཨཱ༔ རྟོག་པ་བྲལ་བས་བྱང་སེམས་ཀྱི་སྤྲིན་མྱོང་བས། ཁམས་བདེ་བས་གང་། དུག་གསུམ་གྱི་རྟོག་པ་འགག །གསལ་སྟོང་མཁའ་ཁྱབ་ཀྱི་ཡེ་ཤེས་སད་པར་མོས། དེས་བྱང་ཆུབ་སེམས་ཀྱི་དམ་རྫས་ལ་བརྟེན་པའི་གསང་དབང་ཐོབ། ངག་གི་སྒྲིབ་པ་དག །ལམ་རྩ་རླུང་བསྒོམ་པ་ལ་དབང་ཞིང་། ལོངས་སྤྱོད་རྫོགས་སྐུའི་ཡེ་ཤེས་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་ལམ་གསང་བ་ཕོ་ཉའི་དབང་བསྐུར་བ་ནི། མཚན་ཉིད་དང་ལྡན་པའི་རིག་མ་གུ་ཧྱ་ཛྙཱ་ནར་བྱིན་གྱིས་བརླབས་པ་གཏད་པར་མོས་ལ་སིནྡྷུ་རའི་མེ་ལོང་གཏད་དེ་སྙིང་གར་ཐིག་ལེ་བྱས་ལ། ཧྲཱི༔ རྨད་དུ་བྱུང་བའི་གསང་བ་ཆེ༔ ཐབས་ཀྱི་ལམ་འདི་བསྟེན་པས་རྙེད༔ དེ་ཕྱིར་དཔའ་བོ་ཁྱོད་ལ་གཏད༔ དགའ་བཞིའི་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ དྷུ་མ་གྷ་ཡེ་ནཱ་མ་སྭཱ་ཧཱ༔ པྲ་ཛྙཱ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ༔ སློབ་མ་པདྨ་གར་དབང་ཡབ་ཡུམ་རྗེས་ཆགས་ཀྱིས་རོལ་པས་གཏུམ་མོ་བསྐུལ། ཡས་བབ་དང་མས་བརྟན་གྱི་ལྷན་སྐྱེས་ཉམས་སུ་མྱོང་བར་མོས་ཤིག །དེའི་ལམ་ཕོ་ཉ་བསྒོམ་པའི་གསང་བའི་དབང་བསྐུར་པས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ལམ་ཐིག་ལེ་ཞུ་བདེའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུའི་ཡེ་ཤེས་རྒྱུད་ལ་བཞག་པ་ཡིན་ནོ། །གསུམ་པ་རང་བཞིན་གྱི་གསང་བ་དབང་བཞི་པ་ངོ་སྤྲད་པ་ནི། སློབ་མའི་རྒྱུད་ལ་ཤར་བའི་དོན་གྱི་ལྷན་སྐྱེས་བརྡ་དང་རྡོ་རྗེའི་ཚིག་གིས་ངོ་སྤྲད་པར་མོས། མན་ཤེལ་ཕྱར་ལ། ཧྲཱི༔ ལྟོས་ཤིག་རང་གི་སེམས་ལ་ལྟོས༔ བདེ་བའི་རང་བཞིན་སྟོང་པ་ཉིད༔ གཉུག་མ་རྡོ་རྗེའི་དབང་བསྐུར་བས༔ འོད་གསལ་ཆེན་པོ་མངོན་གྱུར་ཤོག༔ ཨོཾ་ཨཱ་ཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ དྷུ་མ་གྷ་ཡེ་ནཱ་མ་སྭཱ་ཧཱ༔ མ་ཧཱ་མུ་དྲ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ་ཨ་ཨ༔ བདེ་བས་ཐབས་བྱས་པའི་སྟོང་ཉིད་ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ངང་དུ་མཉམ་པར་བཞག །རང་བཞིན་གཉུག་མའི་དེ་ཉིད་ལ་བརྟེན་པའི་དབང་བཞི་པ་ཐོབ། སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག །གཉུག་མའི་དེ་ཁོ་ན་ཉིད་སྒོམ་པ་ལ་དབང་། འབྲས་བུ་བདེ་བ་ཆེན་པོའི་ཡེ་ཤེས་རྒྱུད་ལ་བཞག་པ་ཡིན་ནོ། །དེ་དག་གིས་འགྲོ་འདུལ་འཕགས་པའི་ཐུགས་ཏིག་གི་སྨིན་བྱེད་རྩ་བའི་དབང་བཞི་ཡན་ལག་དང་བཅས་པ་ལེགས་པར་གྲུབ་པའི་རྗེས་འབྲེལ་ལམ་བཞིའི་རྣལ་འབྱོར་གྱི་ཁྲིད་འབོགས་པ་ལ་གཏེར་གཞུང་རྡོ་རྗེའི་གསང་བའི་ཚིག་རྐང་འདི་བཞིན་གསན་པར་ཞུ། མཆོག་གི་འབྲས་བུ་ལམ་བྱེད་ཕྱིར༔ སོགས་ནས། ཚེ་འདི་ཉིད་ལ་འགྲུབ་པར་འགྱུར༔ ཞེས་གདམས་པ་ལྟར་ཉམས་སུ་ལེན་པར་གཅེས་སོ། །ནུས་ན་དབང་བཞིའི་ལམ་ཡོངས་རྫོགས་བསྟན་པ་ལྟར་སྤྲོས་ཏེ་བཤད་པར་བྱའོ། །རྗེས་དམ་ཚིག་ཁས་བླང་། གཏང་རག་གི་མཎྜལ། ལུས་འབུལ། དགེ་བསྔོ་སོགས་སྤྱི་ལྟར་བྱས། ཚོགས་ཀྱི་མཆོད་པ་ནས་བརྩམ་ཕྲིན་ལས་ཀྱི་རྗེས་རིམ་མཐའ་རྒྱས་སུ་བཏང་བས་གྲུབ་པའོ། །ལས་བྱང་རྡོ་རྗེའི་ཚིག་རྐང་སྔོན་བཞུགས་ཀྱང་། །སྨིན་བྱེད་ཉག་ཕྲར་གྱུར་ལ་ཚིག་དོན་གྱི། །བརྒྱུད་པ་ནོར་བུའི་དོ་ཤལ་སླར་གསོ་ཕྱིར། །ལྷག་བསམ་སོར་མོས་མཛེས་པར་བསྟར་ལ་བརྒྱུས། །ཟབ་གསང་ཆོས་ཀྱི་དབྱིག་ལས་ཁམས་རེའི་ཟས། །འདམ་ཕྱིར་རང་ཉིད་ངལ་བ་ཙམ་ཟད་ཀྱང་། །རིན་ཆེན་གཏེར་མཛོད་ཆོས་རྒྱུན་ཞབས་ཏོག་ཏུ། །སྐལ་པ་བཟང་སྙམ་དད་སྤྲོའི་སུག་རྗེས་ལགས། །རྣམ་དཀར་ཆུ་ཤེལ་དབང་པོ་མཆོག་བསྟན་མཁར། །རབ་མཛེས་བདུད་རྩིའི་ཟིལ་མངར་འབུམ་ཕྲག་གིས། སྙིགས་མའི་གདུང་སེལ་བསྟན་འགྲོའི་ཀུ་མུ་དཱ། །རྒྱལ་བའི་ཆོས་ཚུལ་རྒྱ་མཚོ་མཛེས་བྱེད་ཤོག །ཅེས་དུས་ཀྱི་མུན་སྤྲིན་སྟུག་པོའི་འཛམ་གླིང་ཐ་གྲུ་ཁེབས་ཏེ་རྒྱལ་བསྟན་རིན་པོ་ཆེའི་སྲོག་རྩ་གློག་ཐག་ལྟར་གྱུར་པའི་གདུང་བ་བློས་མ་བཟོད་པར། ཨོ་རྒྱན་སངས་རྒྱས་གཉིས་པའི་ཕ་ཕོག་རིན་པོ་ཆེ་གཏེར་གྱི་གསང་མཛོད་ཆེན་པོ་རྒྱལ་བསྟན་རིས་མེད་ཀྱི་མཛེས་རྒྱན་དུ་འཕགས་ཡུལ་ནས་འཕྲུལ་པར་གསར་བསྐྲུན་སྐབས། གཏེར་ཆེན་རྒྱལ་པོ་ལྔའི་ཆེ་མཆོག་༧པདྨ་འོད་གསལ་མདོ་སྔགས་གླིང་པའི་ས་གཏེར་གྱི་གཙོ་བོ་འགྲོ་འདུལ་འཕགས་པའི་ཐུགས་ཏིག་གི་དབང་ཆོག་ས་བོན་ཙམ་ལས་ཡོངས་རྫོགས་གཏན་ལ་ཕབ་མ་གྲུབ་ཀྱང་། དབང་དོན་འཇམ་མགོན་ཉི་ཟླ་ཟུང་གི་ཐུགས་སྲས་མཁན་ཆེན་ཐུབ་བསྟན་རྒྱལ་མཚན་འོད་ཟེར་གྱིས་རྗེ་གཏེར་ཆེན་བླ་མའི་སྤྱན་སྔ་ནས་གསན་པའི་རྒྱུན། ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་ནས་བཀའ་དྲིན་བདུད་རྩིའི་ཉིང་ཁུར་ཆེད་དུ་བསྩལ་པ་བཞིན་ཡན་ལག་གི་མཛེས་པར་བརྒྱན་ཏེ་བཀླག་ཆོག་ཏུ་བཀོད་པ་འདིའང་པདྨའི་ཨེ་ཝཾ་ཆོས་སྒར་གྱི་བྱང་འདྲེན་པདྨ་མངྒ་ལས་ནན་བསྐུལ་ལྟར། བླ་མ་དང་ལྷག་པའི་ལྷས་གཅེས་པར་བསྐྱངས་པས་སྔོན་མེད་གསང་བའི་དཔལ་ལ་སྤྱོད་པའི་སྐལ་པ་མི་དམན་པ་པདྨ་གར་དབང་བདེ་ཆེན་འོད་གསལ་མདོ་སྔགས་གླིང་པས་སྤེལ་བ་ངེས་གསང་བསྟན་འགྲོའི་དཔལ་ཡོན་དར་རྒྱས་བརྟན་པའི་རྒྱུ་ཁོ་ནར་གྱུར་ཅིག །མངྒ་ལཾ།། །།
བླ་མ་གསང་བ་འདུས་པའི་རྒྱུན་ཁྱེར་སྙིང་པོར་དྲིལ་བ་ (Volume 6, Text 2)
༄༅། །བླ་མ་གསང་བ་འདུས་པའི་རྒྱུན་ཁྱེར་སྙིང་པོར་དྲིལ་བ་བཞུགས་སོ། ། ན་མོ་གུ་རུ་བྷྱཿ འདིར་རྩ་གསུམ་ཀུན་འདུས་ཨོ་རྒྱན་རིན་པོ་ཆེའི་ཐུགས་སྒྲུབ་ཐམས་ཅད་ཀྱི་མཐར་ཐུག་པ་བླ་མ་གསང་བ་འདུས་པའི་ཉམས་ལེན་མདོར་བསྡུས་པའི་རིམ་པ་ལ། སྔོན་འགྲོ་སྐྱབས་སེམས་ནི། སྐྱབས་ཡུལ་གསལ་བཏབ་སྟེ། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་སུ༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའ་འོ༔ ལན་གསུམ། དངོས་གཞི་ལྷ་བསྒོམ་པ་ནི། ཨོཾ༔ ཆོས་སྐུ་མི་འགྱུར་རྡོ་རྗེའི་སེམས༔ པདྨ་རྒྱལ་པོ་འདི་སྐད་སྨྲ༔ དང་པོ་ཆོས་རྣམས་དམིགས་མེད་ཅིང༔ སྨྲ་བརྗོད་བྲལ་བ་རྫོགས་པ་ཆེ༔ བློ་འདས་ཆོས་སྐུ་མི་འགྱུར་བའི༔ དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ༔ ཨཱ༔ བློ་བྲལ་དེ་ཡི་ངང་ཉིད་ལས༔ སེམས་ཅན་ཀུན་ལ་ཁྱབ་པ་ཡི༔ བརྩེ་བའི་སྙིང་རྗེ་ཆེན་པོ་བསྒོམ༔ ཧཱུྃ༔ སྟོང་ཉིད་སྙིང་རྗེའི་ངང་ཉིད་ལས༔ འགྲོ་དོན་དཔག་མེད་བྱེད་པའི་སླད༔ རང་རིག་གསེར་གྱི་རྡོ་རྗེར་བསྒོམ༔ རྡོ་རྗེའི་འོད་ལས་གཞལ་ཡས་ཁང༔ པདྨ་རིན་ཆེན་འབར་བར་སྤེལ༔ འཇའ་ཚོན་བྲེས་པ་ལྟ་བུའི་ནང༔ ལྟེ་དབུས་ཉི་ཟླ་པདྨའི་སྟེང༔ རྡོ་རྗེ་གནས་གྱུར་དྲན་རྫོགས་སུ༔ རྟ་མགྲིན་དབང་ཆེན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་དབུ་ཡི་གཙུག༔ རྟ་མགོ་རྟ་སྐད་ཕྱོགས་བཅུར་སྒྲོག༔ ཕྱག་གཡས་དབང་སྡུད་གྲི་གུག་འཕྱར༔ ཕྱག་གཡོན་ཐོད་པ་ཁྲག་བཀང་གསོལ༔ རུས་པའི་རྒྱན་དྲུག་ཁ་ཊྭཱཾ་བསྣམས༔ གཡས་བསྐུམ་གཡོན་བརྐྱང་བདུད་བཞི་བརྫིས༔ ཉི་ཟླ་པད་སྟེང་འགྱིང་ཞིང་བརྗིད༔ གཡོན་ནས་རྡོ་རྗེ་ཕག་མོས་འཁྱུད༔ ཆ་ལུགས་ཡབ་འདྲ་སྤྱི་བོའི་གཙུག༔ ཕག་ཞལ་མཐིང་ག་ངུར་སྒྲ་སྒྲོག༔ གཞོན་ཚུལ་ནུ་མ་བྷ་ག་རྒྱས༔ བསྐལ་པའི་མེ་དཔུང་ཀློང་ན་བཞུགས༔ འོད་ཟེར་རྡོ་རྗེའི་ཚྭ་ཚྭ་འཕྲོ༔ དེ་ཉིད་སྤྱི་གཙུག་ཉི་ཟླའི་སྟེང༔ པདྨ་གེ་སར་སྙིང་པོ་ལ༔ བདག་ཉིད་པདྨ་ཐོད་ཕྲེང་རྩལ༔ རྡོ་རྗེ་སེམས་དཔའི་ཆ་ལུགས་ཅན༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཅེར་བུ་སྤྱན་གསུམ་རུས་རྒྱན་ཅན༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ ཕྱག་གཡོན་དྲིལ་བུ་ཡུམ་ལ་འཁྱུད༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ དེ་ཡི་ཕང་གཡོན་རིག་མ་ནི༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མ༔ བཅུ་དྲུག་ལོན་པའི་གཞོན་ཚུལ་ཅན༔ པད་མདོག་ནུ་མ་བྷ་ག་རྒྱས༔ རིན་ཆེན་རུས་རྒྱན་ཅོད་པན་ཅན༔ ཕྱག་གཡས་ཡབ་ཀྱི་མགུལ་ནས་འཁྱུད༔ ཕྱག་གཡོན་ཐོད་པའི་བདུད་རྩི་སྟོབ༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ༔ སྐུ་མདོག་དཀར་དམར་འཛུམ་མདངས་ཅན༔ སྐྲ་གྲོལ་གཅེར་བུ་འོད་ལྡན་བསམ༔ ཕྱོགས་བཞིར་རིགས་བཞིའི་ཐོད་ཕྲེང་རྩལ༔ དཀར་སེར་དམར་དང་ལྗང་གུའི་མདོག༔ ལས་བཞི་བསྒྲུབ་ཕྱིར་མོས་པས་བསྐྱེད༔ འཁོར་ཡུག་འཇའ་ཡི་དྲྭ་བར་བསྒོམ༔ ཕྱོགས་མཚམས་རིན་ཆེན་ཟུར་བརྒྱད་ཀྱི༔ འཛུམ་སྟེང་བར་སྣང་འཇའ་འོད་ཀློང༔ སྤྲུལ་པའི་གུ་རུ་མཚན་བརྒྱད་གསལ༔ ཧྲཱི༔ ཕོ་བྲང་ཕྱོགས་བཞིར་པད་འདབ་བཞི༔ དཀར་སེར་དམར་ལྗང་རིན་ཆེན་འབྲུའི༔ ནང་ཁོང་ཞིང་གི་གདན་བཞི་ལ༔ རྡོ་རྗེ་རིན་ཆེན་པདྨ་དང༔ ལས་ཀྱི་མཁའ་འགྲོ་ཡབ་ཡུམ་རྣམས༔ སྐུ་མདོག་རིགས་ཀྱི་ཁ་དོག་ལ༔ འཁྲིལ་སྦྱོར་རྒྱན་དང་ཆ་ལུགས་རྣམས༔ གཙོ་བོ་ཡབ་ཡུམ་གཉིས་ལྟར་བསྐྱེད༔ སྣ་ཚོགས་པད་འཁོར་ཕྱི་མ་ལ༔ བདག་སྐྱོབ་ལྷ་དང་རིག་འཛིན་དང༔ རིགས་འདུས་མཁའ་འགྲོ་ཆོས་སྐྱོང་རྣམས༔ དངོས་གྲུབ་སྟེར་ཞིང་བར་ཆད་སེལ༔ གླུ་དང་གར་བྱེད་རོལ་མོ་སྒྲོག༔ འདོད་ཡོན་མཆོད་པ་སྣ་ཚོགས་སྟོབ༔ ཆར་སྤྲིན་གཏིབ་པ་ལྟ་བུར་བསྐྱེད༔ དུ་མར་སྣང་ཡང་ངང་དུ་གཅིག༔ བཟླས་པ་བྱ་བ་ནི། སྣང་སྲིད་གཞལ་ཡས་བླ་མ་ལྷ༔ ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་ཆེ༔ དཔེར་ན་ཆུ་ཟླ་འཇའ་ཚོན་ལྟར༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ ཞེས་པའི་དགོངས་པ་སྲོག་ཏུ་བཟུང་ནས། སྤྱི་བོའི་བླ་མ་ལ་སེམས་རྩེ་གཅིག་པའི་མོས་གུས་གདུང་ཤུགས་དྲག་པོས། ཀྱེ་ཀྱེ་བླ་མ་རིན་པོ་ཆེ༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ འགྲོ་བ་ཀུན་གྱི་གཉེན་གཅིག་པོ༔ མགོན་མེད་བདག་ལ་ཐུགས་རྗེས་ཟུངས༔ བླ་མ་རྡོ་རྗེ་སེམས་དཔའ་ཆེ༔ རེ་ཞིང་ལྟོས་པའི་གཉེན་གཅིག་པོ༔ བདག་ལ་རེ་ས་གཞན་ན་མེད༔ སྡུག་བསྔལ་འདམ་ནས་དྲང་དུ་གསོལ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ཁྱེད་ལ་བདག་ཉིད་བྲན་དུ་འབུལ༔ སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པས༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ བླ་མ་སངས་རྒྱས་ཕྲིན་ལས་མཛད༔ བདག་ལ་དབང་སྐུར་བྱིན་རློབས་ལ༔ མཐའ་ཡས་སེམས་ཅན་མ་ལུས་ཀུན༔ འདྲེན་པའི་བླ་མར་བདག་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་གསོལ་འདེབས་ཀྱི་ཚུལ་དུ་བཟླ་ཞིང་། དབང་བཞི་ལེན་པའི་དམིགས་གནད་དང་སྦྱར་ཏེ། བླ་མ་ཡབ་ཡུམ་སྐུ་ཡི་གནས་བཞི་ནས༔ འོད་ཟེར་བྱུང་བ་བདག་གི་གནས་བཞིར་ཐིམ༔ སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡིས༔ བྱིན་གྱིས་བརླབས་ནས་དབང་བཞི་ཐོབ་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་བཟླས་མཐར་ཐོད་ཕྲེང་རྩལ་རང་ལ་ཐིམ་པས་རང་ཐོད་ཕྲེང་རྩལ་གྱི་སྐུར་གྱུར་པའི་ང་རྒྱལ་དང་བཅས་ཏེ་སེམས་རྩེ་གཅིག་པས་ཀྱང་བཟླ་བ་དང་། རང་གི་ཐུགས་ཀའི་འོད་ཀྱིས་རིགས་བཞིའི་ཐོད་ཕྲེང་བསྐུལ་བས་སྐུ་དང་འོད་ཟེར་གྱི་སྤྲོ་བསྡུས་ཕྲིན་ལས་གང་འདོད་བསྒྲུབ་པར་བསམས་ལ། ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིང་ཧྲིང་ཛཿསརྦ་སིདྡྷི་ཤཱནྟིཾ་པུཥྚིཾ་པ་ཤཾ་མཱ་ར་ཡ་རྦད༔ ཅེས་པའང་ཅུང་ཟད་བཟླའོ། །ཐུན་མཐར་ཉེར་བསྡུ་ནི། བླ་མ་རྡོ་རྗེ་སེམས་དཔའ་ཉིད༔ དགྱེས་པ་ཆེན་པོས་རང་ལ་ཐིམ༔ རང་ཡང་ཀུན་གཞི་མ་བཅོས་པའི༔ ངང་ལ་ཡིད་ནི་འཛིན་པ་བྲལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཞེས་པས་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་སྤྱི་བོའི་བླ་མ་ལ་འདུས་ཤིང་། དེ་ཉིད་རང་ལ་བསྟིམས་ནས་གཉིས་མེད་སྤྲོས་བྲལ་བློ་འདས་ཀྱི་དགོངས་པ་བསྐྱང་ངོ་། །བསྔོ་སྨོན་ནི། ཨེ་མ་ཧོ༔ བདག་གིས་འགྲོ་བ་ཀུན་དོན་དུ༔ བསྐལ་པ་དཔག་མེད་ཚུན་ཆད་ནས༔ ཐ་མ་ད་ལྟར་ཐུག་གི་བར༔ བདག་གི་ལུས་ངག་ཡིད་གསུམ་གྱིས༔ བླ་མ་སྐྱེས་མཆོག་ཡི་དམ་ལྷ༔ སངས་རྒྱས་བྱང་སེམས་དྷཱ་ཀིའི་ཚོགས༔ བསྒོམས་བསྒྲུབས་མཆོད་ཅིང་བསྟོད་པ་དང༔ བྲིས་བཀླགས་བཅངས་ཤིང་ཀུན་ཆུབ་བགྱིས༔ ལྟ་དགོངས་ལ་སོགས་དགེ་སྤྱད་པའི༔ འབྲས་བུ་དུས་འདིར་སྨིན་གྱུར་ནས༔ ཀུན་མཁྱེན་ཡེ་ཤེས་མཆོག་ཐོབ་ཤོག༔ གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི༔ བླ་མའི་ཐུགས་དགོངས་རབ་རྫོགས་ཤིང༔ དུས་གསུམ་ཕ་མས་སྣ་དྲངས་པའི༔ འགྲོ་དྲུག་སེམས་ཅན་མ་ལུས་ཀུན༔ བླ་མ་མཆོག་གིས་རྗེས་བཟུང་ནས༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་དང་། ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམ་པའི་དོན་གྲུབ་པའི༔ དོན་གྲུབ་མཆོག་གི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ནས༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ ཅེས་ཤིས་བརྗོད་ཀྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །ཅེས་པའང་རང་གཞན་རྣམས་ཀྱིས་རྒྱུན་གྱི་རྣལ་འབྱོར་ལ་ཁྱེར་བདེ་བའི་ཕྱིར་གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་ལྷོ་བྲག་གནམ་སྐས་ཅན་ནས་སྤྱན་དྲངས་པའི་གཏེར་གཞུང་རྩ་བ་ལས་ངག་འདོན་སྙིང་པོར་དྲིལ་བ་འདི་ཡང་། རིག་འཛིན་གྱི་བཙུན་པ་མཉྫུ་གྷོ་ཥས་སྦྱར་བའི་དགེ་བས་འགྲོ་ཀུན་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པའི་རྒྱུར་གྱུར་ཅིག ༈ །འདིའི་སྒོ་ནས་ཚེ་སྒྲུབ་དམིགས་བསལ་བྱེད་ན་འཕྱང་དྲུག་གི་ནང་ཚན་ཚེ་སྒྲུབ་ཀྱི་འཕྱང་ཉམས་སུ་བླང་སྟེ། དེ་ཡང་ལས་སྦྱོར་གྱི་བཟླས་པའི་མཇུག་ཏུ། རང་གི་མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་བླ་མ་མགོན་པོ་ཚེ་དཔག་མེད་ཀྱི་ངོ་བོ། ཨོ་རྒྱན་པདྨ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱས་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྐུར་གྱུར། ཨོཾ་གུ་རུ་ཨ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་ཨརྒྷཾ་སོགས་དང་། ཨོཾ་ཨཱཿཧཱུྃ་གིས་ཕྱི་ནང་གི་མཆོད་པ་འབུལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུར་སིདྡྷི་ཧཱུྃ༔ ཨཱ་ཡུ་ཥེ་ས་ར་ཧེ་ཀ་ར་རེ་ཤུདྡྷེ་ཧཱུྃ་ཨཱ༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ལ། རང་གི་སྙིང་གར་ཚེ་ཡི་དྭངས་མ་ཨཿདཀར་པོ་གཅིག་བསམ། རླུང་སྣ་བུག་གཡོན་ནས་དྲངས་པས་བུམ་པའི་བདུད་རྩི་དཀར་ནར་གྱིས་སྣ་བུག་གཡོན་ནས་བྱུང་ཁོང་པའི་ནང་དུ་སོང་བས་ལུས་ཐམས་ཅད་གང་། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམས་ལ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝཱནྟཱི་ཡེ་སྭཱ་ཧཱ༔ ཞེས་བཟླས། རླུང་ཕྱིར་འབྱིན་པའི་ཚེ་ནད་གདོན་སྡིག་སྒྲིབ་ཐམས་ཅད་བ་སྤུའི་བུ་ག་ནས་ཐོན་པར་བསམ། མཐར། མདུན་གྱི་གུ་རུ་ཉིད་རང་གི་སྙིང་གའི་ཨཿལ་ཐིམ་པས་རྡོ་རྗེའི་སྲོག་འགྲུབ་པར་འགྱུར། ཅེས་བརྗོད་ཅིང་བསམས་ལ། ཉེར་བསྡུ་སོགས་དཀྱུས་བཞིན་ནོ། །ཞེས་པའང་མཉྫུ་གྷོ་ཥས་སོ། །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།
རྡོ་རྗེ་སྙིང་པོ་ལས༔ སེང་གདོང་དམར་མོའི་སྒྲུབ་པ་ (Volume 33, Text 2)
༁ྃ༔ རྡོ་རྗེ་སྙིང་པོ་ལས༔ སེང་གདོང་དམར་མོའི་སྒྲུབ་པ་བཞུགས་སོ༔ རྡོ་རྗེ་སྙིང་པོ་ལས༔ སེང་གདོང་མ་དམར་མོའི་སྒྲུབ་པ་ནི༔ ྈྈྈ མ་འོངས་འགྲོ་རྣམས་བདག་འཛིན་དུག་ལྔའི་སྟོབས༔ རླངས་པ་མ་རུངས་ལྷ་འདྲེའི་ཟུག་རྔུ་དང༔ མི་རུང་ཐ་དག་ཟློག་མཛད་དྲག་རྩལ་ཅན༔ སིཾ་ཧ་མུ་ཁའི་རིག་སྔགས་བཅུད་འདི་ལོངས༔ པད་ཉིའི་སྟེང་དུ་རང་ཉིད་མཁའ་འགྲོ་མ༔ སིཾ་ཧ་མུ་ཁ་ཞལ་གཅིག་ཕྱག་གཉིས་དམར༔ འཇིགས་ཤིང་རྔམ་པ་རུས་པའི་རྒྱན་དྲུག་གསོལ༔ ཕྱག་གཉིས་ཉི་མ་ཟླ་བའི་དཀྱིལ་འཁོར་རྡེབ༔ སྐུ་སྨད་གནམ་ལྕགས་ཕུར་པ་རྣོ་ངར་ལྡན༔ གནོད་བྱེད་དགྲ་བགེགས་སྙིང་ཁར་ཟུག་པར་བསྒོམ༔ རྒྱུན་ཁྱེར་རྩ་བའི་ཉེ་སྙིང་ནི༔ ཨ་ཀ་ས་མ་ར་ཙ་ཤ་རྦད༔ ཅེས་བཟླས༔ ཨ་ཀ་ས་མ་ར་ཙ་ཤ་ད་ར་ས་མ་ར་ཡ་ཕཊ༔ ཤྲཱི་ཀཱ་ལ་རུ་ཏྲ་མཱ་ར་ཡ་ཕཊ༔ ཡང་ཟློག་པའི་རིག་སྔགས་ནི༔ ཕཊཿཡཿརཿམཿསཿརཿདཿཤཿཙཿརཿམཿསཿཀཿཨ༔ ཞེས་བཟླ༔ ཐུགས་ཀར་རཾ་ལས་ཉི་མའི་སྟེང༔ ཧཱུྃ་ཡིག་དམར་ནག་མཐའ་སྐོར་དུ༔ བསྐོར་ཞིང་འཁོར་བའི་འདུ་འཕྲོ་ཡིས༔ རང་འདྲའི་ཁྲོ་མོ་གྲངས་མེད་འཕྲོས༔ གནོད་བྱེད་ཕྱེ་མར་བརླག་པར་གྱུར༔ ཕྲིན་ལས་དང་པོ་སྤྱན་འདྲེན་ནི༔ བྷྱོ༔ ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུར་སྤྲུལ་མ༔ ཨོ་རྒྱན་ཡུལ་དང་དུར་ཁྲོད་ཉུལ་མཛད་ཅིང༔ དམ་ལྡན་ཚུལ་བཞིན་བསྲུང་ཞིང་གྲོགས་མཛད་མ༔ རང་བཞིན་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿཛ༔ བཞུགས་སུ་གསོལ་བ་ནི༔ བྷྱོ༔ སྔགས་ཀྱི་གསང་ཆེན་དུར་ཁྲོད་ནས༔ རབ་འཇིགས་དྲག་སྔགས་སྒྲོག་པའི་ཀློང༔ མ་མོ་ཀུན་གྱི་མཐུ་མོ་ཆེ༔ དྲག་ཤུལ་ཆེན་མོ་བཞུགས་པར་འཚལ༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ གསང་ཆེན་མཁའ་ཀློང་ཡུམ་གྱི་ཀློང༔ མི་སྲུན་རྔམ་པའི་ཆ་ལུགས་ཅན༔ རིག་སྔགས་ཟློག་ལ་ཕྱག་འཚལ་ལོ༔ མཐུ་རྩལ་ཕྱུང་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ མཆོད་འབུལ་ནི༔ བྷྱོ༔ རབ་ཁྲོས་སྔགས་ཀྱི་གཙོ་མོ་ལ༔ གསང་ཆེན་མཆོད་པ་འབུལ་བ་ནི༔ རཀྟའི་ཁྲག་ལྦུ་འཁྲིགས་པ་ལ༔ ཞིང་ཆེན་ལྷུ་དུམ་ཉི་ལི་ལི༔ དགྲ་བགེགས་བླ་ཚེ་སྲོག་གསུམ་བཞེས༔ ཟས་སྐལ་ལྷག་མ་མེད་པར་བཞེས༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་མ་ཧཱ་བ་ལིནྟ་ལ་ཁཱ་ཧི༔ བསྟོད་པ་ནི༔ བྷྱོ༔ ཆོས་དབྱིངས་ཌཱ་ཀི་དུར་ཁྲོད་གནས་ཀུན་ཉུལ༔ དམ་ལྡན་སྲུང་ཞིང་དམ་ཉམས་སྲོག་ལེན་མ༔ རིག་སྔགས་རྦོད་གཏོང་ཆོ་འཕྲུལ་ཟློག་མཛད་མ༔ དྲག་རྩལ་རིག་སྔགས་གཙོ་ལ་ཕྱག་འཚལ་བསྟོད༔ བསྐུལ་བ་ནི༔ བྷྱོ༔ རབ་འཇིགས་དུར་ཁྲོད་འབར་བའི་གཞལ་ཡས་སུ༔ ཌཱ་ཀི་སིཾ་ཧ་མུ་ཁ་སྐུ་བཞེངས་ཤིག༔ སྐུ་མདོག་དམར་ནག་དུས་མཐའི་མེ་ལྟར་འབར༔ ཕྱག་གཉིས་ཉི་ཟླ་ཟུང་གཅིག་ཆ་ལང་རྡེབ༔ མི་མཐུན་ཕྱོགས་རྣམས་རྡུལ་ཕྲན་བཞིན་དུ་བརླག༔ སྐུ་སྨད་ཟུར་གསུམ་ཕུར་པའི་དབལ་དང་ལྡན༔ གནམ་ལྕགས་རྡོ་རྗེ་འབར་བའི་ཚྭ་ཚྭ་འཕྲོ༔ དགྲ་བགེགས་བན་བོན་བྱད་མ་རྡུལ་དུ་རློག༔ བཀའ་ཉན་མཁའ་འགྲོ་འབུམ་སྡེ་ཕོ་ཉར་བཅས༔ ཤ་ཁྲག་དམར་གྱི་མཆོད་གཏོར་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ མི་མཐུན་འགལ་རྐྱེན་མཐའ་དག་ཟློག་ཅིང་སོད༔ ༁ྃ༔ མ་རུངས་བདུད་འདུལ་དྲག་མོ་ཡི༔ གཏོར་མའི་དབང་ལ་བརྟེན་ནས་ནི༔ དྲག་མོ་ཆེན་མོའི་བཀའ་གཏད་པ༔ སློབ་མ་འཛིན་པའི་ལམ་ཡིན་ནོ༔ སྒྲུབ་པའི་མཚན་མ་རྫོགས་པའི་རྗེས༔ མཎྜལ་གསོལ་བ་འདེབས་པ་ནི༔ ཨེ་མ་རྒྱལ་བའི་རྒྱལ་ཚབ་དགོངས༔ དུས་མཐའི་མ་རུངས་ཟུག་རྔུའི་ཚོགས༔ ཐུགས་རྗེའི་དབང་གིས་སྐྱབས་པར་འཚལ༔ འགལ་རྐྱེན་བར་ཆད་ལས་སྒྲོལ་ཅིག༔ སློབ་དཔོན་གྱིས༔ ཚུལ་དང་ལྡན་པའི་དམ་ཚིག་དང༔ གནད་དང་ལྡན་པའི་རིམ་གཉིས་དང༔ རྟགས་དང་ལྡན་པའི་སྒྲུབ་པ་པོ༔ དོན་གྱི་སྲུང་མ་སེང་གདོང་མའི༔ ཇི་བཞིན་ཚུལ་ལ་མཁས་པའོ༔ ྈྈྈ ྈྈྈ སློབ་དཔོན་གུ་རུ་པདྨ་འབྱུང༔ བརྒྱུད་རིམ་ཐུགས་རྗེ་འཇུག་པར་བསྒོམ༔ སློབ་མ་སློབ་དཔོན་པདྨ་འབྱུང༔ ཁྲོ་འཛུམ་གཟི་བརྗིད་ལྡན་པ་ཡིས༔ སྣང་སྲིད་ཟིལ་གྱིས་གནོན་པར་སྒོམས༔ གཏོར་མ་སྐུ་ཡིས་མཚན་པ་ལག་ཏུ་གཏད་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བའི་ཡུམ་མཆོག་སེང་གདོང་མ༔ དྲག་མོ་རབ་འབར་མི་སྲུན་བརྗིད་པའི་སྐུར༔ མཐུ་སྟོབས་ཡོངས་རྫོགས་དོན་གྱི་གསང་ཆེན་མ༔ སྐལ་ལྡན་བརྒྱུད་འཛིན་འདི་དང་མ་བྲལ་ཅིག༔ ལུས་དང་གྲིབ་མ་འགྲོགས་བཞིན་སྟོངས་གྲོགས་གྱིས༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ་ཡིག་དམར་པོ་ལ་སྔགས་ཀྱིས་བསྐོར་བ་གཏད་ལ༔ ཧཱུྃ༔ རྒྱལ་བའི་ཡུམ་གྱུར་མཆོག་གི་གསང་ཆེན་མའི༔ ཡེ་ཤེས་སྙིང་པོ་ཉེ་བའི་སྙིང་པོ་ཡི༔ དྲག་རྩལ་ཡོངས་རྫོགས་དམ་ལྡན་བུ་ལ་སྦྱིན༔ རྟག་ཏུ་སྲུང་སྐྱོབ་ཕྲིན་ལས་མ་ཆུང་ཞིག༔ རྩ་སྔགས༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ རྡོ་རྗེ་སྙིང་ཁར་བཞག་ལ༔ ཧཱུྃ༔ དམ་ཚིག་མཆོག་གི་གཙོ་མོ་འདི༔ བསྟེན་རྣམས་དམ་ཚིག་ཚུལ་ཇི་བཞིན༔ ཏིང་འཛིན་མཆོག་ཏུ་མ་ཡེངས་པའི༔ དོན་གྱི་དྲག་མོའི་སྐུར་ཟུངས་ཤིག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གྲི་གུག་དང་ཐོད་ཁྲག་རྩེ་གསུམ་གཏད་ལ༔ ཧཱུྃ༔ མ་རྟོགས་འཁོར་བ་བསྒྲལ་མཛད་པས༔ ཐུགས་རྗེ་རྔམས་པའི་ཁྲག་ཆེན་རོལ༔ ལོག་རྟོག་དྲུང་ནས་འབྱིན་མཛད་པའི༔ མཐུ་སྟོབས་ཕྲིན་ལས་ཡོངས་རྫོགས་རྣམས༔ མ་ལུས་ཁྱོད་ཀྱིས་ཐོབ་པར་ཤོག༔ རྩ་སྔགས༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དགའ་སྟོན་མཎྜལ་དམ་ཚིག་སྲུངས༔ བཀྲ་ཤིས་བསྔོ་བ་སྨོན་ལམ་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ༔ ྈྈྈ ཞེས་ཁེ་མི་འགྱུར་གསང་བའི་སྒྲོམ་ནས་སྤྱན་དྲངས་པ་ལྷ་དང་དྲང་སྲོང་འདུ་བའི་གནས། སློབ་དཔོན་རིན་པོ་ཆེ་པདྨའི་ཟབ་གཏེར་རྒྱ་མཚོ་ལྟ་བུའི་མཛོད་རོལ་པ་བདེ་ཆེན་ཁང་དུ་ཀློང་གསལ་སྙིང་པོས་ཤོག་སེར་ལས་བཤུས་པའི་ཡི་གེ་པ་ནི་སྟོབས་ཆེན་གྱིས་བྱས་སོ།། ༈ རྡོ་རྗེ་སྙིང་པོ་ལས༔ སེང་གདོང་དམར་མོའི་སྲུང་ཟློག་བསད་གསུམ་བཞུགས་སོ༔ ༁ྃ༔ ྈྈྈྈྈྈ དང་པོ་ནི༔ རང་སེང་གདོང་མ་བསྐྱེད་པའི་རིམ་པར་གནས་པ་ལས་བྱུང་བའི་ཐུགས་ཀའི་ཧཱུྃ་ཡིག་གི་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྡོ་རྗེའི་ས་གཞི་ར་བ་གུར་བླ་བྲེ་མེ་དཔུང་རང་བཞིན་གྱི་གུར་ཁང་སྲུང་བའི་རང་བཞིན་མི་ཆོད་པ་མི་ཤིགས་པ་བརྟན་པ་སྲ་བའི་བདག་ཉིད་ཅན་དེ་ཉིད༔ ར་བ་གུར་བླ་བྲེ་རྡོ་རྗེའི་ལྟེ་བ་ཧཱུྃ་ཡིག་གིས་མཚན་པ་ལས་བྱུང་བའི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ཏིལ་གྱི་གང་བུ་རྒྱས་པ་ལྟ་བུའི་སྐུར་གྱུར་པའི་ཞལ་ནས་གསང་སྔགས་ཀྱི་སྒྲ་ཏི་རི་རི་སྒྲོག་པར་བསམ་ལ་སྙིང་པོ་བཟླས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་ཟློག་པའི་ཕྲིན་ལས་བཅོལ་བ་ནི༔ མདུན་གྱི་གཏོར་མ་མི་དམིགས་པའི་ངང་ལས་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་ཞིང་གཡང་གཟིག་ཤམ་ཐོད་ཕྲེང་གིས་བརྒྱན་པའི༔ ཕྱོགས་བཞི་རུ་སེང་གདོང་མ་བཞི་རིགས་ཀྱི་མདོག་དང་མཐུན་པ༔ ཀུན་ཀྱང་ཕྱག་གཉིས་ཀྱིས་ཉི་ཟླ་རྡེབ་པའི་བར་དུ་བྱད་མ་དགྲ་བགེགས་ཐམས་ཅད་སྒོང་ལྤགས་བཅར་བ་ལྟར་ཕྱེ་མ་རྡུལ་ཕྲན་བཞིན་དུ་བརླགས་པར་གྱུར༔ དེའི་ཕྱི་རོལ་དུ་དབང་མོ་ཉེར་བརྒྱད་ཀྱིས་ཕྱག་ན་ཟློག་པའི་ཁྲག་ཟོར་འཕངས་པས་དགྲ་བོའི་སྐྱེ་རྒྱུད་བཅད་པར་བསྒོམ༔ དེའི་ཕྱི་རོལ་དུ་བཀའི་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱིས་གཙོ་མོའི་མཐུ་རྩལ་མ་བཟོད་པས༔ ཕོ་ཉ་འབངས་ཀྱི་ཕྱག་ན་ཞིང་གི་དུལ་མོ་བརྡབས་པས་དགྲ་བགེགས་རྟེན་དང་ཕྲལ་བར་བསྒོམ༔ དེའི་མདུན་དུ་གནམ་ལྕགས་ལས་གྲུབ་པའི་གྲུ་གསུམ་ཁ་དོག་ལ་གཏིང་ཟབ་པ༔ འཆི་བདག་ལས་ཀྱི་གཤིན་རྗེའི་བཤན་ཁང༔ ཤན་པའི་གྲོང་ཁྱེར༔ དུག་ལྔའི་མུན་པ་འཁྲིགས་ཤིང༔ ཐོག་དང་མཚོན་ཆའི་ཆར་འབབས་པའི་ནང་དུ༔ ནྲྀཿཏྲི་ལས་དགྲ་བགེགས་གང་ཡིན་མགོན་སྐྱབས་དང་བྲལ་བར་གྱུར༔ ན་མོ་དྲིན་ཆེན་རྩ་བ་དང་སོགས་བདེན་སྟོབས་ཀྱིས་བཀུག༔ གནད་ནས་བསྐུལ་པ་ནི༔ བྷྱོ༔ དུར་ཁྲོད་འབར་བའི་གཞལ་ཡས་ནས༔ ཞེ་སྡང་འབར་བའི་མི་བཟད་མ༔ མུ་སྟེགས་དྲག་མོ་རྔམ་པ་མོ༔ དྲག་ཏུ་བསྐུལ་ལོ་མྱུར་དུ་བྱོན༔ ང་རྒྱལ་རྒྱས་པའི་མཐུ་མོ་ཆེ༔ མི་སྲུན་དུར་ཁྲོད་གནས་ཉུལ་མ༔ ཉམས་པ་བསྒྲལ་བའི་ཤན་པ་མོ༔ གནད་ནས་བསྐུལ་ལོ་ཕྲིན་ལས་མཛོད༔ ཁམས་གསུམ་ཁྲག་ཏུ་གསོལ་བ་མོ༔ རཱུ་ཏྲའི་སྲོག་ལ་ཟ་བ་མོ༔ དགྲ་བགེགས་བདུན་རྒྱུད་གཅོད་པ་མོ༔ མྱུར་དུ་ཕྲིན་ལས་དུས་ལ་བབས༔ དེ་ནས་ཟློག་པའི་ཕྲིན་ལས་བཅོལ་བ་ནི༔ བྷྱོ༔ ཆོས་ཉིད་འགྱུར་བ་མེད་པ་ཡིས༔ མ་རྟོགས་དགྲ་བགེགས་ཟློག་ཏུ་གསོལ༔ དྲག་མོའི་སྐུར་བཞེངས་གདུག་པ་འདུལ༔ ལོག་རྟོག་དགྲ་བགེགས་ཟློག་ཏུ་གསོལ༔ སྔགས་བདག་རྔམས་ཆེན་རྫུ་འཕྲུལ་ཅན༔ བོད་ཁམས་དགྲ་བགེགས་མཐའ་དམག་ཟློག༔ དྲག་སྔགས་མཐུ་རྩལ་རྒྱས་པ་མོ༔ གསང་སྔགས་བསྟན་པའི་རཱུ་ཏྲ༴ རྡོ་རྗེ་ཐེག་པའི་དམ་ཚིག་ཅན༔ རྡོ་རྗེ་སློབ་དཔོན་སྐུ་དགྲ༴ སྔགས་ཀྱི་གཟེར་ཁ་འཕེན་པ་མོ༔ རྣལ་འབྱོར་བདག་གི་བར་ཆད༴ མཐུ་རྩལ་སེང་གེའི་ང་རོ་ཅན༔ དགྲ་བགེགས་མཐའ་དག་ཟློག་ཏུ་གསོལ༔ རྒྱལ་བའི་ཞིང་ཁམས་གནས་ཉུལ་མ༔ ཡེ་ཤེས་ལྷ་ཡི་བཀའ་ཆད༴ དང་པོའི་ཐ་ཚིག་འབྲེལ་བ་མོ༔ མུ་སྟེགས་ངན་སྔགས་མཐའ་དག༴ ལས་སུ་བསྔགས་པའི་ཕོ་ཉ་མོ༔ བོན་གྱི་ཟོར་ཁ་མཐའ་དག༴ བདེན་སྟོབས་ཐལ་མོ་རྡེབ་པ་མོ༔ དགེ་སློང་འབུམ་གྱི་འབུམ་བསྐོར༴ སྐྱེ་ཤི་རྩད་ནས་གཅོད་པ་མོ༔ དུས་མ་ཡིན་པའི་འཆི་བ༴ དམར་ཆེན་རྔམས་པའི་མི་བཟད་མ༔ དལ་ཡམས་མཐའ་དག་ཟློག་ཏུ་གསོལ༔ ཟློག་བྱེད་ནག་མོ་མཐུ་མོ་ཆེ༔ འགལ་རྐྱེན་བར་ཆད་མཐའ་དག༴ ཐུན་ཟོར་དྲག་པོའི་ལས་མཁན་མ༔ བྱད་ཁ་ཟོར་ཁ་ཐུན་ཁ༴ ཐུན་དང་ཟོར་གྱི་ལས་མཁན་མོ༔ དགྲ་བགེགས་མཐའ་དག་ཟློག་ཏུ་གསོལ༔ ཡེ་ཤེས་འཇིག་རྟེན་ཀུན་གྱི་བདག༔ སྔོན་ལས་འཕྲལ་རྐྱེན་གདུག་པ༴ མི་སྲུན་རྔམས་པར་བཞེངས་པ་མོ༔ དགྲ་བགེགས་ནད་གདོན་མཐའ་དག༴ བྷྱོ་བྷྱོ་ཟློག་ཟློག༔ བྷྱོ༔ དྲག་སྔགས་དམོད་པའི་ང་རོ་ཅན༔ བདེན་པ་ཆེན་པོའི་མཐུ་སྟོབས་ཀྱིས༔ བར་ཆད་དགྲ་བགེགས་མཐའ་དག་ཟློག༔ གསང་སྔགས་དམོད་པའི་གད་རྒྱངས་ཅན༔ བདེན་པ་ཆེན་པོའི༴ བར་ཆད་དགྲ་བགེགས༴ རིག་སྔགས་ནུས་པའི་མཚོན་ཆ་ཅན༔ བདེན་པ་ཆེན་པོའི་མཐུ༴ བར་ཆད་དགྲ་བགེགས༴ གཟུངས་སྔགས་ཐོག་གི་ཁ་ཕྲུ་ཅན༔ བདེན་པ༴ བར་ཆད༴ རྡོ་རྗེ་མི་ཕྱེད་པ་ཡི་ཚིག༔ བདེན་པ༴ བར་ཆད༴ ཨོཾ་ཏྲི་ཀཱ་དྷི༔ ཏྲི་མུ་དྷི༔ ཏྲི་ལ་ཀ་པ་ཏཱ་ནི༔ ཏྲི་མཱ་ར་ཎ༔ རྦད་ཁ་བྱད་སྟེམས་མཱ་ར་ཡ་ཧཱུྃ་ཕཊ༔ ཕཊ་ཡ་ར་མ་ས་ར་ད་ཤ་ཙ་ར་མ་ས་ཀ་ཨ༔ ཕཊ་ཕཊ༔ བྷྱོ་བྷྱོ༔ ཟློག་ཟློག་ཟློག༔ ཧ་ཧཿཧི་ཧི༔ ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཟློག་ཟློག༔ བྷྱོ༔ ཡེ་ཤེས་རོལ་པའི་མཐུ་རྩལ་བླ་ན་མེད༔ ཡེ་ཤེས་རྔམ་པའི་གཟི་བརྗིད་གོང་ན་མེད༔ ཡེ་ཤེས་རྩལ་གྱི་ལས་ལ་ཐོགས་པ་མེད༔ ཡེ་ཤེས་འབར་བའི་དམིགས་པས་ཤོར་བ་མེད༔ བསྐུལ་ལོ་བསྐུལ་ལོ་ཟློག་པའི་ལས་ལ་བསྐུལ༔ མཛོད་ཅིག་མཛོད་ཅིག་ཟློག་པའི་ཕྲིན་ལས་མཛོད༔ དགྲ་བགེགས་བསམ་སྦྱོར་ངན་པ་ཟློག༔ མཚེ་ཟོར་ཡུངས་ཟོར་འཕེན་པ་ཟློག༔ འབྱུང་པོའི་ཐོད་ཟོར་འཕེན་པ༴ གཤིན་རྗེའི་འཁོར་ལོ་བསྐོར་བ༴ བདུད་ཀྱི་ཁྲམ་ཁ་འདེབས་པ༴ མ་མོའི་ཁྲག་ཟོར་འཕེན་པ༴ ཀླུ་ཡི་བྱད་དུ་བཅུག་པ༴ ཐེའུ་རང་ཚེ་ལ་རྐུ་བ༴ མུ་སྟེགས་བར་ཆད་བྱེད་པ༴ ལྟས་ངན་བརྒྱད་ཅུ་རྩ་གཅིག༴ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ ལྟས་ངན་ཆོ་འཕྲུལ་ངན་པ༴ མོ་ངན་རྨི་ལམ་ངན་པ༴ བཞི་བརྒྱ་རྩ་བཞིའི་ནད་རྣམས༴ སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས༴ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་ཟློག་པའི་ཕྲིན་ལས་བཅོལ་བའོ༔ དེ་ནས་དགྲ་བགེགས་ཉམས་པ་པོ་དེ་གསོད་པ་ནི༔ ཧོ༔ མཆོག་གསུམ་བླ་མ་ཡི་དམ་ལྷ༔ མཁའ་འགྲོ་དམ་ཅན་དགོངས་སུ་གསོལ༔ དམ་ཉམས་དགྲ་བོ་ལས་ངན་འདིས༔ དཀོན་མཆོག་གསུམ་དང་འཁོར་འདས་ཀྱི༔ རྒྱུ་འབྲས་བདེན་པ་ཁྱད་དུ་གསོད༔ རྡོ་རྗེ་སློབ་དཔོན་སྐུ་དགྲ་ཡིན༔ ཐེག་ཆེན་བསྟན་པའི་རུ་ཏྲ་འདི༔ བསྒྲལ་བའི་ཞིང་དུ་འདི་གྱུར་པས༔ སིཾ་ཧ་མུ་ཁའི་དུས་ལ་བབ༔ དགྲ་བགེགས་གསོད་པའི་དུས་ལ་བབ༔ ཅེས་བསྐུལ་ཏེ༔ བྷྱོ་བྷྱོ་བྷྱོ༔ བྷྱོ༔ ལས་ཀྱི་ཕོ་ཉའི་མཁའ་འགྲོ་མ༔ ཤ་ཟ་སེང་གེའི་གདོང་པ་ཅན༔ བྲན་དང་བཅས་པའི་དུས་ལ་བབ༔ རྣོ་ངར་རེག་ཆོད་ཕུར་པ་ཡིས༔ གཟས་པོའི་བདུན་རྒྱུད་ཐལ་བར་རློགས༔ དགྲ་བགེགས་མཱ་ར་ཡ་ནཱ་ཤ་ཡ་བྷཱནྡྷ་ཡ་སཏྭམྦྷ་ཡ་ཕཊ༔ སྟོབ་པ་ནི༔ ཧཱུྃ༔ ཕྱེས་ཤིག་ཕྱེས་ཤིག་ཞལ་ཕྱེས་ཤིག༔ བདེ་གཤེགས་རྒྱ་མཚོ་ཞལ་ཕྱེས་ཤིག༔ སིཾ་ཧ་མུ་ཁ་ཞལ་ཕྱེས་ཤིག༔ ཡོངས་ལ་གནོད་པའི་དགྲ་བགེགས་ཀྱི༔ ཤ་ཁྲག་རུས་པ་ཞལ་དུ་བསྟབས༔ བདུན་རྒྱུད་ལྷག་མ་མེད་པར་བཞེས༔ ཧཱུྃ༔ དགྲ་བགེགས་གསོད་པའི་བརྟུལ་ཞུགས་ཀྱིས༔ ཕྱོགས་བཅུ་རྒྱལ་བ་ཐམས་ཅད་ཀྱི༔ ཞིང་བཅུ་བསྒྲལ་པའི་དམ་ཚིག་གི༔ མཆོད་པ་ཆེན་པོ་བླ་མེད་ཀྱིས༔ བདེ་གཤེགས་རྒྱ་མཚོའི་ཐུགས་དམ་བསྐང༔ མངོན་སྤྱོད་ཕྲིན་ལས་མྱུར་འགྲུབ་མཛོད༔ ཅེས་མཆོད་ཅིང་ཕྲིན་ལས་བཅོལ་བའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཟློག་གཏོར་ཟོར་དུ་འཕང་བ་ནི༔ བྷྱོ༔ ཟློག་བྱེད་དམར་གྱི་གཏོར་མ་འདི༔ ཐུན་དང་མཚོན་གྱི་ཐོག་ཆེན་ལ༔ དྲག་པོ་སྔགས་ཀྱི་དབལ་དང་ལྡན༔ རྣོ་དབལ་ངར་ལྡན་རེག་གཅོད་ཀྱིས༔ བསམ་ཞིང་དམོད་པ་ཐོགས་མེད་གཅོད༔ རིག་སྔགས་དྲག་པོའི་ཐོག་མཚོན་འདིས༔ གཟས་པོའི་དགྲ་བགེགས་ཐལ་བར་རློག༔ བྷྱོ༔ སངས་རྒྱས་ཕྲིན་ལས་རྨད་བྱུང་བའི༔ གང་འདུལ་ཁྲོ་རྒྱལ་རྔམས་པ་མོ༔ ཐུན་སྔགས་ཟོར་གྱི་ཚྭ་ཚྭ་འཕྲོ༔ མ་རུངས་དུག་ཐུན་བསམ་ཆོད་ཀྱི༔ ཟོར་གྱིས་དགྲ་བགེགས་རྡུལ་དུ་རློགས༔ དགྲ་བགེགས་བདུན་རྒྱུད་རྩད་ནས་ཆོད༔ དགྲ་བགེགས་སྐྱེ་རྒྱུད་དྲུངས་ནས་ཕྱུངས༔ ལྷག་མ་རྡུལ་ཙམ་མེད་པར་མཛོད༔ བྷྱོཿབྷྱོཿབྷྱོ༔ ཟློག་ཟློག་ཟློག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དཔལ་སྔགས་ཀྱི་བདག་མོས་སྲུངས་ཤིག༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་ཁེ་མི་འགྱུར་གསང་བའི་སྒྲོམ་ནས་ཀློང་གསལ་སྙིང་པོས་སྤྱན་དྲངས་པའི་ཤོག་སེར་ལས་ཁོལ་རི་གསང་སྔགས་སྒྲུབ་ཁང་དུ་དག་པར་ཕབ་པའོ།། ༈ རྡོ་རྗེ་སྙིང་པོ་ལས༔ སེང་གདོང་ནག་མོའི་སྲུང་ཟློག་བསད་གསུམ་དུག་གྲི་ནག་པོའོ༔ ཐེམ་མེད་ཆིག་བརྒྱུད། ༁ྃ༔ ྈྈྈྈ མཁའ་འགྲོ་མ་ལ་ཕྱག་འཚལ་ལོ༔ མཁའ་འགྲོ་སྒྲུབ་པའི་རྣལ་འབྱོར་པས༔ བྱད་ཁ་ཕུར་ཁ་རྦོད་གཏོང་རྣམས༔ སྲུང་ཟློག་བསད་གསུམ་འདི་ལྟ་སྟེ༔ ཕྱི་ནང་གྲུབ་མཐའི་རིག་སྔགས་མཁན༔ བན་བོན་ངན་སྔགས་སྲུང་འདོད་ན༔ བག་ཟན་བྱད་མའི་ངར་སྣབས་བསྲེ༔ གཟུགས་དང་སྐྱེ་མཆེད་ཚང་བར་བཟོས༔ དུག་ཤོག་ངོས་སམ་རོ་རས་ལ༔ དུག་ཁྲག་འཁོར་ལོ་རྩིབས་བརྒྱད་ལིངྒའི་སྙིང་གར་བྲིས༔ ལིངྒའི་གནས་ཡིག་སྤྱི་འགྲོས་བཀོད༔ སྙིང་གར་རྣྲྀ་ཡིག་བྱད་མའི་མིང༔ ཁུག་ཅིག་སོད་ཅིག་མཱ་ར་ཡ༔ རྡུལ་དུ་རློགས་ཤིག་བྱ་བ་བྲི༔ རྩིབས་བརྒྱད་ནང་དུ་འདི་ལྟ་སྟེ༔ བནྡྷེ་ནག་པོའི་བྱད་ཁ་བྷྱོ་ཟློག༔ བོན་པོ་ནག་པོའི་བྱད་ཁ་བྷྱོ་ཟློག༔ བྷྱོ་ཟློག་འགྲེས༔ ཕྲ་མེན་མཁན་གྱི༴ ཕུང་གཡོས་མཁན་གྱི༴ མནན་གཏད་བཅིངས་པའི༴ རླུང་ལ་འཁོར་ལོ་སྐོར་བ༴ ཧོམ་གྱིས་བསྲེགས་པའི་བྱད༴ པར་བུས་བསྐོར་བའི་བྱད་ཁ་བྷྱོ་ཟློག༔ རྩིབས་མཆན་རྣམས་ལ་འདི་བྲི༔ ལྷ་ཡི་རྦོད་ཟོར་བྷྱོ་ཟློག༔ ཀླུའི་འགྲེས་སོ༔ བདུད་ཀྱི༴ མ་མོའི༴ གཤིན་རྗེའི༴ བཙན་གྱི༴ གཟའ་ཡི༴ ཐེའུ་རང་གི་རྦོད་ཟོར་བྷྱོ་ཟློག༔ ཅེས་བྲི༔ དེའི་ཕྱི་རོལ་དམོད་བཅོལ་སྣ་ཚོགས་བྲི༔ ལྷ་དབྱེ་ལས་གཞུང་བསྲང་ཞིང་དྲག་སྔགས་ཐུན་གྱིས་བརྡེག༔ ཡང་ཡང་འགུགས་བསྟིམ་དགྲ་བོ་དངོས་སུ་བསམ༔ ཨོཾ་བཛྲ་ཀྲོ་དྷཱི་ཀ་ལི་ཧ་རི་ནི་ས་ཧཱུྃ་ཕཊ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་ཁུག་ཐུན་རིལ་ཐུན་བྷྱོ་མ་མ་རཀྴ་ས་མ་ཡཱ༔ ཁ་ཐུན་ཁ་ཐུན༔ ཨ་ལ་པྲ་མོ་ཧེ་ཟློག༔ ཕུར་ཁ་ཟློག༔ ཟོར་ཁ་ཟློག༔ བྱད་ཁ༴ གཏད་ཁ༴ ཁྲམ་ཁ༴ ནད་ཁ༴ ཡམས་ཁ༴ རྦད་འདྲེ༴ རྦོད་གཏོང་ཟློག༔ ཕ་རོལ་གྱི་ནུས་པ་དང་བསྟུན་ཏེ་ཅི་མང་བཟླ༔ ཤོག་ལིང་མགོ་རྟིང་ལྟེབས་ཏེ་དྲིལ༔ བག་ཟན་ཉ་བོའི་སྙིང་ཁར་གཞུག༔ ཕྱི་ལག་སྤར་ཏེ་སྙིང་གར་བཏབ༔ རང་གི་ཉལ་མལ་འོག་ཏུ་མནན༔ རང་ཉིད་སེང་གདོང་ནག་མོའི་ང་རྒྱལ་བསྐྱེད༔ ཉི་མ་དམར་ཐག་ཉུལ་བའི་ཚེ༔ མཁའ་འགྲོའི་སྐུལ་འདོན་རྒྱུན་གཏོར་འབུལ༔ ཟློག་སྔགས་བཟླས་ཤིང་ཐལ་མོ་བརྡེབ༔ བྱད་མ་ཤིན་ཏུ་ཐུ་བ་ལ༔ ལིང་ག་གཉིས་གསུམ་བཟོས་ནས་ཀྱང༔ དགྲ་བོ་བྱད་མའི་ཁང་རྨིང་ངམ༔ ཡང་ན་བྱད་མ་མཐོང་བའི་ས༔ ཡང་ན་ལུང་གསུམ་འདུས་པའི་མདོ༔ ཡང་ན་རྒྱ་གྲམ་ལམ་གྱི་སྲང༔ ཡང་ན་མཆོད་རྟེན་ལྷ་ཁང་འོག༔ མནན་ཞིང་འགུགས་གཞུག་དྲག་ཏུ་བྱ༔ མེ་རྒྱ་ཆུ་རྒྱ་རོ་གཡམ་བཅད༔ དམོད་བཅོལ་མ་ཉེས་ཤག་ཀྱང་འདེབས༔ རྟ་བྲོ་འཁྲབ་ཅིང་ཟློག་སྔགས་འདོན༔ དྲང་སྲོང་དམོད་པ་ཡིན་ཡང་ཐུབ༔ སྦྱོར་བ་གཞན་ལ་སྨྲོས་ཅི་དགོས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ༈ མཁའ་འགྲོ་བསྟེན་པའི་རྣལ་འབྱོར་པས༔ སྲུང་བ་འདོད་ན་འདི་ལྟ་སྟེ༔ ཆོས་རྣམས་མི་དམིགས་སྟོང་པའི་ངང༔ སྟེང་ན་གསེར་གྱི་འཁོར་ལོ་དང༔ འོག་ན་གནམ་ལྕགས་འཁོར་ལོ་གཉིས༔ རྩིབས་ནི་སྟོང་དང་ལྡན་པ་ཡི༔ གནམ་ལྕགས་ཞུན་མའི་རྡོ་རྗེ་ཡི༔ ལྟེ་བ་ཡངས་ཤིང་རྒྱ་ཆེའི་ནང༔ རྡོ་རྗེ་རྒྱ་གྲམ་ལྟེ་བའི་སྟེང༔ པདྨ་ཉི་མའི་དཀྱིལ་འཁོར་གསལ༔ དེ་སྟེང་བམ་ཆེན་མི་རོའི་གདན༔ གསེར་གྱི་རྡོ་རྗེ་རྩེ་ལྔའི་དབུས༔ ཧཱུྃ་ཡིག་མཐིང་ནག་ཡོངས་གྱུར་པས༔ རང་ཉིད་སེང་གདོང་ནག་མོར་བསྒོམ༔ ཡན་ལག་བཞི་ལ་སེང་གདོང་བཞི༔ བ་སྤུའི་འོད་ཀློང་རེ་རེ་ན༔ དཔའ་བོ་དཔའ་མོ་གྲངས་མེད་གསལ༔ རང་ཉིད་མཁའ་འགྲོའི་ཐུགས་ཀ་རུ༔ ཙིཏྟ་ཤེལ་གྱི་མཆོད་རྟེན་ནི༔ ཁྲི་འཕང་ལྔ་དང་ལྡན་པ་ཡི༔ བུམ་པ་བྲེ་ཏོག་ལྡན་པར་བསྒོམ༔ བུམ་པའི་ནང་དུ་ཡེ་ཤེས་སེམས་དཔའ་རང་འདྲ་བའི་ཚོན་གང་གསལ་བའི་ཐུགས་ཀར༔ སེམས་ཉིད་ཀྱི་ངོ་བོ་ཧཱུྃ་མཐིང་ནག་སྤུས་བྲིས་པ་ཙམ་ཞིག་གསལ་ཞིང༔ རང་གི་ཚེ་ཡི་ངོ་བོ་གནོད་བྱེད་ཀྱི་ལག་ཏུ་ཤོར་བ་ཐམས་ཅད་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་མང་པོ་འཕྲོས་པས་བཀུག་སྟེ་ཧཱུྃ་ལ་ཐིམ་པར་བསྒོམ༔ སླར་ཡང་འོད་ཟེར་མང་པོ་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ཏེ༔ སེམས་ཉིད་ཀྱི་ངོ་བོ་ལ་ཐིམ་པར་བསྒོམ་ཞིང༔ ཨོཾ་བཛྲ་ཀྲོ་ཏཱི་ཀ་ལི་ཧ་རི་ནི་ས་ཆེ་གེ་མོའི་ལུས་ངག་ཡིད་གསུམ་སྲུངས་ཤིག་རཀྵ་རཀྵ་སྭཱ་ཧཱ༔ རྩེ་གཅིག་ལྡན་པས་ཅི་མང་བཟླ༔ འཁོར་གཡོག་ཉེ་དུ་སྲུང་བྱེད་ན༔ ཧཱུྃ་ཡིག་ནང་དེར་ཚུད་པར་བསྒོམ༔ ཀུན་ཀྱང་ལྷ་ཡི་རྣལ་འབྱོར་གསལ༔ དམ་སེལ་ཆོད་པའི་སྐྱེ་འགྲོ་ནི༔ སྲུང་འཁོར་ནང་དེར་བསྒོམ་མི་རུང༔ ཕྱི་རབས་དམ་ལྡན་རྣལ་འབྱོར་གྱིས༔ ཞག་སྐོར་རེ་ལ་སྔགས་དམིགས་རྣམས༔ ཐུན་རེ་ཆག་མེད་བྱས་གྱུར་ན༔ དུས་མིན་འཆི་དང་བསམ་སྦྱོར་ངན༔ མི་མཐུན་ཕྱོགས་རྣམས་ཟློག་པ་དང༔ མཚོན་དང་དུག་གིས་འཇིགས་པ་སྐྱོབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ༈ མཁའ་འགྲོ་སྒྲུབ་པའི་རྣལ་འབྱོར་པས༔ དགྲ་བོ་ནག་པོས་ཉེར་འཚེ་ན༔ ཕུང་ཤུལ་ས་ལ་མཎྜལ་བྱ༔ དུག་ཁྲག་དག་གིས་ཆག་ཆག་གདབ༔ དབུས་སུ་ཧོམ་ཁུང་ལེགས་པར་བཟོས༔ ལིངྒ་མིང་རུས་བླ་དྭགས་བྲི༔ ཟག་རྫས་བྱུགས་ཤིང་ལྷ་དབྱེ་ནས༔ འགུགས་གཞུག་ཧོམ་ཁུང་ཁ་བཀབ་ནས༔ ཐུན་ལམ་རྡོ་རྗེས་བཀག་པར་བྱ༔ དེ་སྟེང་མཉྫིར་ཁྲི་འུའི་ཁར༔ མཁའ་འགྲོའི་གཏོར་མ་བཤམས་ནས་ཀྱང༔ ལས་གཞུང་བསྲང་ཞིང་བསྐྱེད་རིམ་གསལ༔ རང་ལས་འཕྲོས་པའི་མཁའ་འགྲོ་ནི༔ ཤ་ཟ་ཕྲ་མེན་ལས་བྱེད་ཚོགས༔ སྟོང་གསུམ་གང་བར་འཕྲོས་ཤིང་རྒྱུག༔ དགྲ་བོ་དབང་མེད་ལྕགས་ཀྱུས་བཟུང༔ ཞགས་པས་ཆིངས་ཤིག་ལྕགས་སྒྲོག་སྡོམ༔ དྲིལ་བུའི་སྒྲ་ཡིས་མྱོས་བཅུག་ནས༔ གཉིས་མེད་གཟུགས་ལ་བསྟིམས་པར་བསམ༔ ཨོཾ་བཛྲ་ཀྲོ་ཏཱི་ཀ་ལི་ཧ་རི་ནི་ས་དགྲ་བོ་འདུ་ཤ་ཡེ༔ བྷནྡྷ་ཡ༔ ཚིནྡྷ་ཡ༔ རཀྟ་ཡ༔ དགྲ་བོའི་སྙིང་གར་རག་མོ་སྲོག་ཁུག༔ མྱུར་དུ་ཁུག་ཛ་ཛཿ དགྲ་བོའི་སྙིང་དུམ་བུར་ཆོད༔ དུམ་བུར་ཆོད༔ དགྲ་བོ་མཱ་ར་ཡ་ཛ་ཛ༔ ཞེས་པས་ཐུན་བཟུང་ནན་གྱིས་བཟླ༔ ཐུན་སྐབས་སྐུལ་འདོན་གཏོར་མ་འབུལ༔ ཟན་ལིང་བསྒྲལ་ཞིང་ཞལ་དུ་འབུལ༔ ཁུག་རྟགས་གསལ་ནས་གདབ་ལས་བྱ༔ ལིང་ག་གླང་རུའི་ནང་དུ་བཅུག༔ གདོལ་པ་ནག་པོའི་ཀླུ་ལ་གཏད༔ མ་ཉེས་ཤག་འདེབས་གསེར་སྐྱེམས་མཆོད༔ བདེན་པ་བདར་ཞིང་དམོད་བཅོལ་བྱ༔ དགྲ་བོ་ཁ་ཕུང་རྗེས་མེད་འགྲོ༔ གཏོར་མ་དགྲ་བོའི་ཕྱོགས་སུ་འཕེན༔ ཕུང་གསུམ་བདུད་ཀྱི་ཉི་མར་བརྩམ༔ ལས་ཀྱི་རྗེས་ཀྱང་མི་མངོན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ཁ་ཐམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ སེང་གདོང་ནག་མོའི་ཟབ་ཏིག་ལས༔ ལས་ཀྱི་མཁའ་འགྲོའི་བཟླས་པ་སྔགས་ཀྱི་ཡང་ཞུན་ལས་བྱེད་མཁའ་འགྲོ་བསྒྲུབ་པའི་དུས་སུ་ལས་འགྱངས་ན༔ སྔགས་འདི་བཏགས་ཏེ་བཟླས་པར་བྱའོ༔ ཨོཾ་ས་མ་ཡཱ༔ ཏི་ཏ་མ་མ༔ མ་རུ་གཏིབ་གཏིབ༔ པྲ་འུར་ཀ་ཤ་མ་ཡཱ༔ ཐུཾ་རི་ལི་ལི་མ་མ་སྲོག་གཏུབ་གཏུབ༔ སྙིང་རྩ་ལ་འདུས་འདུས༔ སྲོག་རྩ་ལ་སྲིག་སྲིག༔ ཤམ་ཤམ་ཁྱེར་བྷྱོ་ཀོར་སོད༔ ཤུམ་ཟློག་དྲིལ་ནན་ཡཾ་ཡཾ༔ རྨུག་རྨུག༔ ཐུམ་རི་ལི་ལི༔ རཀྴ་རཀྴ་དགྲ་བོ་མཱ་ར་ཡ་ཕཊ༔ མཁའ་འགྲོ་མས་དགྲ་བོའི་སྲོག་རྩ་ནས་སྙིང་ཁྲག་ཧུབ་ཀྱིས་བཏབ་ནས་འཐུང་བས༔ སྐད་ཅིག་དེ་ཉིད་ལ་བརླགས་པར་བསམ་སྟེ་བཟླ༔ ཤིན་ཏུ་ལས་འགྱངས་ན༔ དགྲ་བོ་མཱ་ར་ཡ་སོད་སོད༔ ཀོར་སོད་ཤུབ་ཟློག་དྲིལ་ནན༔ ཡང་ཡང་རྨུག་འཐིབ་ཐུམ་རི་ལི་ལི་རཀྴ་རཀྴ་དགྲ་བོའི་སྲོག་ལ་མཱ་ར་ཡ་ཕཊ༔ ཅེས་བཟླ༔ ཐུན་གྱིས་ལིངྒ་བྲབ་ཅིང་རྟགས་རྣམས་གསལ་ཞིང་གསང༔ རྟེན་གཏོར་དགྲ་བོའི་ཕྱོགས་སུ་འཕང་ཞིང༔ ལིངྒ་ཐོད་ངན་ནང་དུ་བཅུག་སྟེ༔ དགྲ་བོའི་ཁམས་དང་དགྲ་གཤེད་སྤྲད་དེ་མནན་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་ཁེ་མི་འགྱུར་བའི་དུག་གྲི་ནག་མོ་གསང་བའི་སྒྲོམ་ནས་ཀློང་གསལ་སྙིང་པོས་སྤྱན་དྲངས་པའི་ཤོག་སེར་ལས་ཁོལ་རི་གསང་སྔགས་སྒྲུབ་ཁང་དུ་དག་པར་ཕབ་པའོ། །སརྦ་མངྒ་ལཾ།། ༈ རྡོ་རྗེ་སྙིང་པོ་ལས། སེང་གདོང་དམར་མོའི་ལས་ཚོགས་སྤུ་གྲི་དུག་མདའ་ནག་པོའི་དབུའོ༔ ༁ྃ༔ ྈྈྈྈྈ ཡེ་ཤེས་མཁའ་འགྲོ་སེང་གདོང་དམར་མོ་ལ༔ གུས་པས་འདུད་དོ་ཕྲིན་ལས་རྒྱས་པར་མཛོད༔ འདི་ནས་མ་འོངས་ཕྱི་མའི་བསྐལ་པ་ལ༔ སེམས་ཅན་ཀུན་གྱིས་མི་དགེའི་ལས་སྤྱོད་པས༔ ལས་ཀྱི་བདེན་འབྲས་འགྲོ་བའི་ཁམས་ལ་འཆར༔ མི་འདོད་པ་ཡི་སྡུག་བསྔལ་སྣ་ཚོགས་འོང༔ ནད་མུག་མཚོན་གསུམ་གློ་བུར་ཡེ་འདྲོག་འཐབ༔ དེ་ཚེ་བྱང་ཆུབ་སེམས་ལྡན་རྣལ་འབྱོར་པས༔ མཁའ་འགྲོ་སྒྲུབ་ཅིང་མཁའ་འགྲོའི་ལས་སྦྱོར་འདི༔ བརྩམས་པས་འཕྲལ་གྱི་འགྲོ་བའི་བར་ཆད་ཞི༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཞུང་ལྟར་མཁའ་འགྲོ་ཆེན་མོའི་གཏོར་ཟློག་བཤམ༔ དུར་ཁྲོད་རི་གཉན་རྡོ་གཉན་ཟུར་གསུམ་དགུར༔ དུག་ཁྲག་གྲི་རྐང་སྨྱུག་གུས་སྔགས་འདི་བཀོད༔ བྱད་གཏད་ཁྲམ་གསུམ་རྐྱེན་ངན་བར་ཆད་ཐམས་ཅད་བྷྱོ་ཟློག༔ མཱ་ར་ཡ་བྷྱོ་ཟློག༔ ཧཱུྃ་བྷྱོ་ཛཿཟློག༔ ཅི་མང་འགོད་པར་བྱ༔ ཡུགས་སའི་སླ་ངར་བླུགས་ཏེ་ཤར་དུ་འགོད༔ ཕུང་ཤུལ་ས་དང་ལྷ་འདྲེ་འཚུབ་པའི་ས༔ གཡུལ་འཁྲུགས་ས་དང་དུར་ཁྲོད་གཉན་པོའི་ས༔ ཆུ་སྐོལ་ས་དང་མཛེ་ཕོ་ཉལ་མལ་ས༔ རྔ་མོ་ཤི་ཤུལ་ཡུགས་སའི་ཉལ་མལ་ས༔ ཚེ་ཟད་ས་སྟེ་ས་སྣ་དགུ་པོ་སྦྱོར༔ དུག་ཁྲག་ཆུས་སྦྲུས་ཟོར་ཀོང་དགུ་བཟོ་ཞིང༔ ས་མ་ཡཱ་ཨེ་ཀ་ཧེ་དུན་བྱད་ཁ་གཏད་ཁྲམ་དང་བར་ཆད་ཐམས་ཅད་ཟློག་བྷྱོ་ཧཱུྃ་ཕཊ༔ ལོག་གསུམ་ངོས་ལ་ཚང་བར་བྲི༔ རྩང་གིས་བརྒྱན༔ མཚེ་དང་ཡུངས་དཀར་བརྒྱན༔ ཞིང་ཆེན་ལྤགས་སྟེང་དཀྱིལ་འཁོར་ལྷོ་ན་འགོད༔ དུར་ཁྲོད་ས་ལ་ཟོར་ཀོང་དགུ་བཟོ་ཞིང༔ ཛ་བྷྱོ་ཐུན་བྷྱོ་དགྲ་བགེགས་བྱད་མའི་སྟེང་དུ་རཾ་བྷྱོ་རཾ་བྷྱོ་ཏིག་རཾ་ཤག་རཾ་རཾ་རཾ༔ ལོགས་ལ་སྦྱར་ཞིང་རོ་རས་སྡོང་བུ་སྦྱར༔ མི་རྟ་ཁྱི་སྤྱང་གཅན་གཟན་ཅི་མང་གི༔ ཚིལ་དང་རྐང་མར་སྦྱར་བའི་མར་ཁུས་བྲན༔ གཅན་གཟན་ལྤགས་སྟེང་ནུབ་ཀྱི་ཕྱོགས་སུ་བཀོད༔ མཛེ་ཐོད་ཡང་ན་རབས་ཆད་ནག་པོའི་མགོ༔ མཆོག་ནི་ཡུགས་ས་དགུ་ཕོག་ཐོད་པ་སྟེ༔ དུག་དང་ཁྲག་སྣ་བརྒྱད་དམ་དགུ༔ ཆུ་མིག་བྱང་བལྟས་དགུ་ཡི་ཆུ་སྣས་བཀང༔ ཕུང་རེ་ནག་པོ་འོག་ཏུ་བཏིང་བའི་ཁར༔ གྲི་ལྕགས་ཁྲིའུའི་མདའ་མཚོན་ཨེ་སྟེང་བྱང༔ དེ་དག་སྟེང་དུ་ཁྲིའུ་མཛེས་པའི་སྟེང༔ རེ་རེ་བཞིན་གཏོར་མ་སྐུ་དང་དར་གདུགས་བརྒྱན༔ རོ་རས་ཞིང་ཆེན་དཔལ་འབར་དག་གིས་བརྒྱན༔ ལས་ཀྱི་གཞུང་བསྲང་གཙོ་མོའི་བསྙེན་སྒྲུབ་གཟིར༔ ཟློག་པའི་སྔགས་དམིགས་ལས་ལ་སྦྱོར༔ བྷྱོ༔ ཁྲག་འཐུང་བཛྲ་དྷཱ་ཀི་འབུམ་ཕྲག་འཕྲོས༔ དགྲ་བགེགས་ཐམས་ཅད་ཁ་ཕུང་རྗེས་མེད་ཟློག༔ ཨ་ཧ་རི་ནི་ས་ར་ས་ཤ་ཡ་སྲོག་ལ་འདུ་འདུ༔ རྡོ་ས་ཤ་སྲོག་ལ་འདུ་འདུ༔ ནི་ས་ཤ་སྲོག་ལ་འདུ་འདུ༔ གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་སོད་སོད༔ བྷྱོ་བྷྱོ་ཟློག་ཟློག༔ ཅེས་བཟླས་སོ༔ རཏྣ་དྷཱ་ཀི་འབུམ་ཕྲག་འཕྲོས༔ དགྲ་བགེགས་བྱད་མ་ཐམས་ཅད་བརླག་པར་བྷྱོ༔ ཨ་ཧ་རི་ནི་ས་ཐིབ་ཐིབ༔ མྱོག་མྱོག་ལཾ་ལཾ་གནོད་བྱེད་དགྲ་བགེགས་བྱད་མ་ཐམས་ཅད་མཱ་ར་ཡ་སོད་སོད་བྷྱོ་བྷྱོ་ཟློག་ཟློག་ཧཱུྃ་ཕཊ༔ ཅེས་བཟླ༔ པདྨ་དྷཱ་ཀི་འབུམ་ཕྲག་འཕྲོས༔ དགྲ་གདོན་ལྟས་ངན་མ་ལུས་སྲེག་པར་བྱེད༔ ཨ་ཧ་རི་ནི་ས་ཐུལ་ཐུལ་རཾ་རཾ་མཱ་ར་ཡ་སོད་སོད་ཧཱུྃ་བྷྱོ་ཛ་བྷྱོ་རཾ་ཧཱུྃ་ཕཊ༔ ཅེས་བཟླ༔ ལས་ཀྱི་དྷཱ་ཀི་འབུམ་ཕྲག་འཕྲོས༔ ནད་གདོན་ལྟས་ངན་ཐམས་ཅད་བསྲེག་པར་བྱེད༔ ཨ་ཧ་རི་ནི་ས་གནོད་བྱེད་དགྲ་བགེགས་བྱད་མ་ཐམས་ཅད་ཀྱི་སྲོག་ལ་རྔམ་རྔམ་ཁཾ་ཁཾ༔ མཱ་ར་ཡ་སོད་ཅིག་ཟློག་ཅིག༔ བརྒྱ་སྟོང་སྐབས་དང་ལས་ལ་སྦྱར༔ ཟློག་སྒྱུར་བཅོལ་ཞིང་གསེར་སྐྱེམས་ཕུད་ཀྱིས་མཆོད༔ རྡོ་ཐུན་ཡུགས་སའི་སྐྲ་ཡི་འུར་རྡོར་སྐྱོན༔ གདོང་ལ་དཀར་ཚོན་དུག་ཁྲག་ཕྱེད་གཟུགས་ཅན༔ སྐྱེས་པ་མི་རུས་མི་གཅིག་དགུ་ཡིས་འཕེན༔ ས་ཐུན་སྔགས་པ་བདུད་ཆས་སྤྲས་པ་དགུ༔ གདོང་ལ་དུག་ཁྲག་སེར་ཚོན་ཕྱེད་གཟུགས་ཅན༔ རྔམ་པའི་སྟངས་སྟབས་བསྒྱུར་ཞིང་དགྲ་ཕྱོགས་འཕེན༔ མེ་ཐུན་བོན་པོ་དམར་ནག་ཕྱེད་གཟུགས་དགུས༔ སྤུ་གྲི་ལྟ་བུར་སྔགས་གཟིར་དགྲ་ལ་འཕེན༔ དུག་ཁྲག་གཙོ་བོ་ཡུགས་སའི་ལག་ལ་ཐོགས༔ ཕུང་རེའི་གཡབ་མོ་ལྗང་ནག་དགུ༔ དམོད་པའི་ཚིག་བཅས་དགྲ་བགེགས་ཕྱོགས་སུ་གཟིར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ལྟར་བརྩམས་པས་བྱད་དང་རྦོད་གཏོད་དང༔ མི་མཐུན་བར་ཆད་ནད་གདོན་རྐྱེན་རྣམས་སྒྱུར༔ མཐའ་དམག་འཁྲུག་རྩོད་དུས་ཀྱི་ཡོ་ལངས་ཟློག༔ དེ་ཡི་ཕྱིར་ན་བསྟན་འགྲོའི་དཔལ་དུ་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ མཁའ་འགྲོའི་རྒྱ༔ ས་མ་ཡཱ་རྒྱ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈ ཞེས་ཁེ་མི་འགྱུར་གསང་བའི་སྒྲོམ་ནས་ཀློང་གསལ་སྙིང་པོས་སྤྱན་དྲངས་པའི་ཤོག་སེར་ལས་ཁོལ་རི་གསང་སྔགས་སྒྲུབ་ཁང་དུ་དག་པར་ཕབ་པའོ།། །།
གསང་ཐིག་སྙིང་པོའི་སྐོར་ལས༔ མཁའ་འགྲོའི་གདམས་པ་བདེ་ཆེན་རྒྱ་མཚོ་ (Volume 11, Text 2)
༁ྃ༔ གསང་ཐིག་སྙིང་པོའི་སྐོར་ལས༔ མཁའ་འགྲོའི་གདམས་པ་བདེ་ཆེན་རྒྱ་མཚོ་བཞུགས་སོ༔ ༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོར་འདུད༔ བདེ་ཆེན་ཛྙཱ་ན་ཌཱ་ཀི་ནཱིའི༔ རྣལ་འབྱོར་ཟབ་མོ་ལ་བརྟེན་ནས༔ མཆོག་ཐུན་དངོས་གྲུབ་མྱུར་ཐོབ་ཕྱིར༔ བསྐྱེད་དང་རྫོགས་དང་སྨིན་བྱེད་བཅས༔ པདྨ་བཛྲ་བདག་གིས་བཤད༔ སྐལ་བཟང་རྣམས་ཀྱིས་ཉམས་སུ་ལོངས༔ ས་མ་ཡ༔ དེ་ལ་དང་པོ་བསྐྱེད་བཟླས་ནི༔ དུར་ཁྲོད་ནགས་ཚལ་མཚོ་གླིང་སོགས༔ དབེན་ཞིང་ཟིལ་ལྡན་གནས་མཆོག་ཏུ༔ ཚེས་བཅུ་ལ་སོགས་མཁའ་འགྲོའི་ཚོགས༔ འདུ་བའི་དུས་བཟང་ནས་བརྩམ་སྟེ༔ གནས་ཁང་བྱི་དོར་བསྐྱང་ནུལ་བྱ༔ བདུད་རྩི་ལྔ་ཡིས་ཆག་ཆག་གདབ༔ མཎྜལ་དམར་པོ་གྲུ་བཞིའི་དབུས༔ སྐུ་དཀྱིལ་དངོས་སམ་ཚོམ་བུ་སྟེ༔ གསུང་དཀྱིལ་བདེ་སྐྱོང་ཨ་མྲྀ་ཏ༔ ཐུགས་དཀྱིལ་སིནྡྷུའི་མེ་ལོང་ནི༔ ཆོས་འབྱུང་སྔགས་ཀྱིས་མཚན་པ་བཤམས༔ ཡང་ན་སྒྲུབ་གཏོར་ཙམ་ལ་བརྟེན༔ ཕྱི་ནང་མཆོད་ཚོགས་བརྗིད་ལྡན་པ༔ བག་དྲོ་ཡིད་འོང་མཛེས་པར་བསྟར༔ ཕྱི་ནང་རྣམ་གཡེང་རྒྱུ་འགྲུལ་བཅད༔ ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ལ༔ བདེ་བའི་སྟན་འདུག་རླུང་རོ་བསལ༔ དད་དང་ངེས་པར་འབྱུང་བ་དང༔ བྱང་ཆུབ་སེམས་གསུམ་གསལ་བཏབ་ནས༔ སྔོན་དངོས་རྗེས་ཀྱིས་ཉམས་སུ་བླངས༔ ས་མ་ཡ༔ སྔོན་འགྲོའི་དང་པོ་སྐྱབས་འགྲོ་ནི༔ ན་མོ༔ དབྱིངས་ལས་རིག་པ་རང་ཤར་བའི༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་ལྷར༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ མི་ཕྱེད་གུས་པས་སྐྱབས་སུ་མཆི༔ ལན་གསུམ་གཉིས་པ་སེམས་བསྐྱེད་ནི༔ ཧོ༔ མེད་བཞིན་འཁྲུལ་པའི་ཡིད་ཅན་ཀུན༔ བདེ་ཆེན་ས་ལ་དབུགས་དབྱུང་ཕྱིར༔ རྡོ་རྗེ་བཙུན་མོའི་གསང་གསུམ་དང༔ དབྱེར་མེད་བསྒྲུབ་པར་སེམས་བསྐྱེད་དོ༔ ལན་གསུམ་གསུམ་པ་ཚོགས་གསག་ནི༔ ཧོ༔ བླ་མ་མཁའ་འགྲོའི་དཀྱིལ་འཁོར་ལྷར༔ ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་བཤགས༔ དགེ་ལ་ཡི་རངས་ཆོས་འཁོར་བསྐུལ༔ རྟག་པར་བཞུགས་གསོལ་བསོད་ནམས་ཀུན༔ གཞན་དོན་བྱང་ཆུབ་སྙིང་པོར་བསྔོ༔ ཁ་སྦྱོར་ཡེ་ཤེས་སྐུ་འགྲུབ་ཤོག༔ ལན་གསུམ་བཞི་པ་བགེགས་ཚོགས་བསྐྲད༔ ཧཱུྃ༔ ཀུན་བརྟགས་གློ་བུར་འཁྲུལ་པའི་གདོན༔ གཞན་དབང་བར་ཆད་བགེགས་ཀྱི་ཚོགས༔ ཡོངས་གྲུབ་སྤྲོས་བྲལ་དབྱིངས་སུ་དེངས༔ འདས་ན་བརླག་པར་གདོན་མི་ཟ༔ ཧཱུྃ་བཞིའི་སྔགས་ཀྱི་མཚོན་ཆས་གཟིར༔ ལྔ་པ་སྲུང་མཚམས་བཅད་པ་ནི༔ ཧཱུྃ༔ ཕྱི་སྣོད་རྡོ་རྗེའི་གཞལ་མེད་ཁང༔ ནང་བཅུད་ལྷ་དང་སྔགས་ཀྱི་སྒྲ༔ གསང་བ་གཟུང་འཛིན་རྟོག་ཚོགས་ཀུན༔ གདོད་ནས་དག་པས་མཚམས་བཅད་དོ༔ བཛྲ་ཛྙཱ་ན་རཀྵ་བྷྲཱུྃ༔ དྲུག་པ་ཡེ་ཤེས་བྱིན་ཆེན་དབབ༔ ཧཱུྃ༔ སྐུ་གསུམ་ཞིང་ཁམས་རབ་འབྱམས་ནས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་ཀྱིས༔ གནས་འདིར་དབང་སྐུར་བྱིན་གྱིས་རློབས༔ མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་བཛྲ་ཛྙཱ་ན་ཌཱ་ཀི་ནཱི་མ་ཧཱ་སུ་ཁ་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ བདུན་པ་གནས་དང་ཡོ་བྱད་བརླབ༔ རཾ་ཡཾ་ཁཾ༔ གནས་ཡུལ་དུར་ཁྲོད་གསང་མཆོག་ཞིང༔ མཆོད་རྫས་ཡེ་ཤེས་རོལ་པའི་སྤྲིན༔ ཕྱི་ནང་གསང་བ་བླ་མེད་པའི༔ བདེ་ཆེན་ལོངས་སྤྱོད་མཁའ་ཁྱབ་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋ༔ ལན་གསུམ་བརྗོད་པས་བྱིན་གྱིས་བརླབས༔ ས་མ་ཡ༔ གཉིས་པ་དངོས་གཞིའི་ལས་རིམ་ལ༔ དང་པོ་དམ་ཚིག་བསྐྱེད་པ་ནི༔ ཨ༔ གདོད་ནས་རྣམ་དག་གཉུག་མའི་དབྱིངས༔ ཡེ་ཤེས་རིག་པ་རང་སྣང་བའི༔ ཟུང་འཇུག་བཀོད་པ་ཆེན་པོའི་རྩལ༔ འབྱུང་ལྔ་ཡུམ་གྱི་མཁའ་ཀློང་དུ༔ མི་ཕྱེད་རྡོ་རྗེའི་སྲུང་འཁོར་དང༔ ཚོགས་བརྒྱད་བསྒྲལ་པའི་དུར་ཁྲོད་དབུས༔ ཕུང་པོ་དག་པ་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་འོད་དུ་འབར༔ ཤ་ཁྲག་དྲོད་དབུགས་དག་པའི་མདངས༔ རྟ་བབས་ཆོས་འཁོར་རི་དྭགས་གདུགས༔ ཕ་གུ་དྲྭ་བ་དྲྭ་ཕྱེད་དང༔ འདོད་སྣམ་རྡོ་རྗེའི་རིག་མ་སོགས༔ ཡེ་ཤེས་རང་སྣང་རྒྱན་བཀོད་རྫོགས༔ དབུས་ཕྱུར་རྡོ་རྗེ་ནོར་བུའི་ཏོག༔ མི་ཕྱེད་ཐིག་ལེ་གཅིག་ཏུ་འཁྱིལ༔ དེ་དབུས་ཕར་ཕྱིན་དྲུག་རྫོགས་པའི༔ རྣམ་ཐར་ཆོས་འབྱུང་ཟུར་དྲུག་དབུས༔ སྣ་ཚོགས་པདྨ་ཉི་ཟླའི་སྟེང༔ རླུང་སེམས་དག་པའི་ཐིག་ལེ་བཾ༔ དཀར་དམར་མདངས་ལྡན་ཡོངས་གྱུར་ལས༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་དབྱིངས་ཕྱུག་ཝཱ་ར་ཧཱི༔ སྤྲུལ་པའི་སྐུར་སྣང་མཚོ་རྒྱལ་ལྕམ༔ བདེ་སྟོང་ཟུང་འཇུག་དཀར་དམར་བརྗིད༔ ཆོས་ཉིད་ཞལ་གཅིག་ཐབས་ཤེས་ཕྱག༔ ཞི་འཛུམ་ཤིན་ཏུ་རྗེས་ཆགས་ཉམས༔ སྐུ་གསུམ་ལྟ་སྟངས་མཁའ་ལ་གཟིགས༔ ཆོས་ཉིད་མངོན་སུམ་བྱིན་ཆེན་འབེབ༔ ཕྱག་གཡས་རྡོ་རྗེའི་གྲི་གུག་འཕྱར༔ གཟུང་འཛིན་ཞེན་སྣང་དབྱིངས་སུ་གཅོད༔ གཡོན་པས་བདུད་རྩིའི་ཐོད་པ་ཡིས༔ སྒྲུབ་ལ་ལྷན་སྐྱེས་ཡེ་ཤེས་སྩོལ༔ དར་དཀར་སྟོད་གཡོགས་མཛེས་པར་བཀླུབས༔ ཁ་དོག་སྣ་ཚོགས་སྨད་ཤམ་གྲོལ༔ རིན་ཆེན་མེ་ཏོག་ཕྲེང་བ་དང༔ རུས་པའི་ཕྱག་རྒྱ་ལྔ་ཡིས་བརྒྱན༔ དབུ་སྐྲ་ཐོར་ཚུགས་ནོར་བུས་སྤྲས༔ ལྷག་མ་ལྕང་ལོ་སིལ་བུར་འཕྱང༔ བདེན་གཉིས་ཞབས་ཟུང་དོར་སྟབས་ཀྱིས༔ ཡེ་ཤེས་འོད་སྐུར་ལམ་མེར་བཞུགས༔ སྣང་སྟོང་ཟུང་འཇུག་སྐུ་ཡི་དབྱིངས༔ སྤྱི་བོར་པད་ཉི་དྲེགས་པའི་སྟེང༔ ཆེ་མཆོག་བཛྲ་ཧེ་རུ་ཀ༔ མཐིང་ནག་རྡོ་རྗེ་དུང་ཁྲག་རོལ༔ ཁྲག་འཐུང་རབ་འབྱམས་སྤྲིན་ཕུང་འཕྲོ༔ མགྲིན་པར་པདྨ་ཟླ་བའི་སྟེང༔ གསང་བདག་པདྨ་རྡོ་རྗེ་ཆོས༔ དམར་གསལ་པདྨ་དྲིལ་བུ་བསྣམས༔ དར་དང་རིན་ཆེན་རུས་པས་བརྒྱན༔ རིག་འཛིན་བླ་མའི་ཚོགས་ཀྱིས་བསྐོར༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང༔ ཀུན་བཟང་མཐིང་གསལ་ཡུམ་དང་སྦྱོར༔ ཞི་བ་ཡོངས་རྫོགས་ཚོམ་བུར་བརྡལ༔ དེ་ཡི་ཐུགས་དབུས་འོད་ལྔའི་ཀློང༔ བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ༔ རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས༔ ཆུ་སྐྱེས་ཉི་ཟླའི་གདན་ལ་རོལ༔ སྤྱི་བོ་ཛཱ་ལནྡྷ་ར་སོགས༔ རྩ་མདུད་ཡི་གེའི་གཟུགས་ཅན་ཀློང༔ དཀར་དམར་བདེ་སྟོང་ཐིག་ལེ་ལས༔ ཉེར་བཞིའི་དཔའ་བོ་རྣལ་འབྱོར་མ༔ ཐུགས་གསུང་སྐུ་ཡི་འཁོར་ལོ་ནི༔ མཐིང་དམར་དཀར་བའི་གཟི་འོད་འབར༔ གྲི་ཐོད་ཕྱག་རྒྱས་མཉམ་པར་སྦྱོར༔ ཕྱི་རོལ་འདབ་བཞིའི་ཤར་ཕྱོགས་ནས༔ གཡས་སྐོར་ཟླ་བ་རྒྱས་པའི་སྟེང༔ མནྡཱ་ར་བ་སངས་རྒྱས་སྤྱན༔ དཀར་དམར་ཞི་ཞིང་འཛུམ་པའི་ཚུལ༔ ཤཱཀྱ་དེ་ཝཱི་མ་མཱ་ཀི༔ དཀར་སེར་སྒེག་ཅིང་རྒྱས་པའི་ཉམས༔ ཀཱ་ལ་སིདྡྷི་གོས་དཀར་མོ༔ དམར་སྨུག་མཛེས་ཤིང་ཆགས་ཉམས་འབར༔ བཀྲ་ཤིས་ཁྱེའུ་འདྲེན་དམ་ཚིག་སྒྲོལ༔ དཀར་ལྗང་ཁྲོ་ཚུལ་མཆེ་བ་གཙིགས༔ ཀུན་ཀྱང་ཞབས་ཟུང་གར་སྟབས་རོལ༔ ཕྱག་གཡས་རིགས་ཀྱི་གྲི་གུག་དང༔ གཡོན་པ་བདེ་སྐྱོང་བདུད་རྩིས་དགྱེས༔ རྒྱན་དང་ཆ་ལུགས་གཙོ་མོའི་ཚུལ༔ རང་འོད་ཐིག་ལེའི་ཀློང་ན་རོལ༔ ཐུགས་ཀར་རིགས་བཞིའི་ཐོད་ཕྲེང་རྩལ༔ བདེ་ཆེན་གཟི་བྱིན་ལམ་མེར་བཞུགས༔ རྣམ་ཐར་ཆོས་འབྱུང་ཟུར་དྲུག་ལ༔ སེམས་དང་འབྱུང་བ་རྣམ་དག་པ༔ ཡེ་ཤེས་དྲུག་གི་ཕོ་ཉ་མོ༔ མཐིང་ནག་སྔོ་སེར་དཀར་དམར་ལྗང༔ རང་རྟགས་ཕྱག་རྒྱ་ཐོད་ཁྲག་བསྣམས༔ དེ་ཕྱིར་པདྨའི་མུ་ཁྱུད་དང༔ བར་ཁྱམས་འབུམ་ཕྲག་མཁའ་འགྲོའི་ཚོགས༔ སྒོ་བཞིར་སྒོ་སྐྱོང་མཚམས་འཛིན་མ༔ ཕྱི་རོལ་འཇིག་རྟེན་སྐྱོང་བས་བསྐོར༔ གཞན་ཡང་སྟེང་འོག་བར་མཚམས་སུ༔ རྩ་གསུམ་རབ་འབྱམས་སྤྲིན་ལྟར་གཏིབས༔ སྐུ་གསུང་ཐུགས་སུ་བྱིན་བརླབས་ཤིང༔ ཡེ་ཤེས་དབང་བསྐུར་ཅོད་པན་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་མི༔ སུ་ར་ཏ་སཏྭཾ་ཨ་ཧཾ༔ གཉིས་པ་ཡེ་ཤེས་སྤྱན་འདྲེན་ནི༔ ཁྱད་པར་སྤོས་བསྲེགས་ཐོད་རྔ་འཁྲོལ༔ གདུང་བའི་ཤུགས་བསྐྱེད་དབྱངས་ཀྱིས་བསྐུལ༔ ཧཱུྃ༔ འོག་མིན་ཞིང་དང་ཨོ་རྒྱན་ཡུལ༔ པདྨ་འོད་ཀྱི་ཕོ་བྲང་སོགས༔ གསང་བ་མཆོག་གི་དགྱེས་པ་ནས༔ ཀུན་བཟང་རྡོ་རྗེ་ཕག་མོ་ཆེ༔ སྤྲུལ་པའི་སྐུར་སྣང་མཚོ་རྒྱལ་ཡུམ༔ རིགས་བཞི་མཁའ་འགྲོ་པདྨའི་ལྕམ༔ འབུམ་ཕྲག་ཡངས་པའི་ཚོགས་དང་བཅས༔ མོས་ཤིང་གདུང་བས་སྤྱན་འདྲེན་ན༔ ཐུགས་རྗེའི་འཇུག་པ་གློག་ཁྱུག་ལྟར༔ གནས་འདིར་མྱུར་དུ་གཤེགས་སུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་སོལ༔ རྩ་ཁམས་རླུང་ལ་བྱིན་ཆེན་ཕོབ༔ བདེ་ཆེན་མཆོག་གི་དབང་བཞི་སྐུར༔ ཕྲིན་ལས་བཞི་དང་གྲུབ་པ་བརྒྱད༔ ཡེ་ཤེས་ཆེན་པོའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཡོ་གི་ནཱི་ཛྙཱ་ན་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ ཨེ་ཨ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ གསུམ་པ་བསྟིམ་ཞིང་བཞུགས་གསོལ་ནི༔ ཧོ༔ ཡེ་ཤེས་རྣམ་པ་ཐམས་ཅད་པ༔ མཁའ་ཁྱབ་སྒྱུ་འཕྲུལ་དྲྭ་བའི་སྤྲིན༔ དམ་ཚིག་རྟེན་དང་དབྱེར་མེད་པར༔ དགྱེས་བཞུགས་བྱིན་དབང་དངོས་གྲུབ་སྩོལ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ བཞི་པ་བརྡ་ཡི་ཕྱག་གིས་འདུད༔ ཧོ༔ གདོད་ནས་རང་དང་ལྷན་ཅིག་སྐྱེས༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་པར༔ སྒོ་གསུམ་གུས་པའི་དད་ཕྱག་གིས༔ སྤང་བླང་བྲལ་བའི་དབྱིངས་སུ་འདུད༔ ཨ་ལ་ལ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ལྔ་པ་ཕྱི་ནང་གསང་བ་དང༔ བླ་མེད་མཆོག་གིས་མཆོད་པར་བྱ༔ ཨོཾ་ཨཱཿཧཱུྃ༔ ཞིང་ཁམས་རྒྱ་མཚོའི་མཆོད་རྫས་ཀུན༔ དངོས་བཤམས་ཡིད་ཀྱི་བློས་བླངས་ཏེ༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་འབུལ༔ དགྱེས་བཞེས་དམ་སྐོང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཛྙཱ་ན་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧོ༔ བདེ་ཆེན་ཡེ་ཤེས་གཅིག་ཉིད་ལས༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ ནམ་མཁའ་གང་བར་སྤྲོས་ཏེ་འབུལ༔ དགྱེས་བཞེས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཛྙཱ་ན་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་རཱུ་པ་ནས་དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ ཨོཾ༔ ཐབས་ཤེས་མཉམ་སྦྱོར་ཨ་མྲྀ་ཏ༔ ཁམས་གསུམ་ཡོངས་སྒྲོལ་རཀྟའི་བཅུད༔ འདོད་ཡོན་རྨད་བྱུང་གཏོར་ཆེན་པོ༔ བདེ་ཆེན་དམ་ཚིག་མཆོག་ཏུ་རོལ༔ ཨོཾ་བཛྲ་ཛྙཱ་ན་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་མ་ཧཱ་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨཱ༔ འཁོར་གསུམ་ལས་འདས་འོད་གསལ་དབྱིངས༔ རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ༔ རིག་སྟོང་ཟུང་འཇུག་རྫོགས་པ་ཆེས༔ སྤང་བླང་བསལ་བཞག་བྲལ་བར་མཆོད༔ མ་ཧཱ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨ་ཨ༔ དྲུག་པ་བསྟོད་ཅིང་དངོས་གྲུབ་གསོལ༔ ཧཱུྃ༔ མ་བཅོས་སྤྲོས་བྲལ་འོད་གསལ་ཆོས་སྐུའི་དབྱིངས༔ བདེ་ཆེན་ལོངས་སྤྱོད་རྡོ་རྗེ་རྣལ་འབྱོར་མ༔ སྤྲུལ་པའི་སྐུར་སྣང་མཚོ་རྒྱལ་པདྨའི་ལྕམ༔ འཁོར་ལོའི་དབང་ཕྱུག་མ་ལ་ཕྱག་འཚལ་བསྟོད༔ འབྱུང་བཞི་ཕུང་པོ་ཉོན་མོངས་རྣམ་དག་པ༔ ཡུམ་བཞིའི་དབྱིངས་ལས་ཡེ་ཤེས་རང་སྣང་ཚུལ༔ སྐུ་བཞིའི་ཐོད་ཕྲེང་དགྱེས་པར་རོལ་པའི་ཡུམ༔ རིགས་བཞིའི་མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད༔ རྡོ་རྗེའི་ཕོ་ཉ་འབུམ་ཕྲག་ཌཱ་ཀི་ནཱི༔ བདེ་གཤེགས་རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ སྒོ་མཚམས་འཇིག་རྟེན་སྐྱོང་བའི་ཚོགས་དང་བཅས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ གུས་པས་མཆོད་ཅིང་མངོན་པར་བསྟོད་པའི་མཐུས༔ གནས་གསུམ་མཁའ་འགྲོའི་ཚོགས་ཀྱིས་རྗེས་བཟུང་ནས༔ བདེ་སྟོང་མཉམ་སྦྱོར་སྤྱོད་པའི་བརྟུལ་ཞུགས་ཀྱིས༔ མཆོག་ཐུན་དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ དེ་ལྟར་ཕྲིན་ལས་གཞུང་བསྲངས་ནས༔ དྭངས་གསལ་རྙོགས་པ་མེད་པ་ཡི༔ གཞི་ལུས་ལྷ་སྐུར་སྣང་བ་ལ༔ རགས་དང་ཕྲ་བའི་སེམས་འཛིན་དང༔ ང་རྒྱལ་བརྟན་ཅིང་དག་པ་དྲན༔ གཙོ་མོའི་གསལ་སྣང་མཐར་ཕྱིན་ནས༔ ལུས་དཀྱིལ་དང་ནི་འཁོར་ལོའི་ལྷ༔ གཞལ་ཡས་ཁང་ལ་སོགས་པ་ཡི༔ སྣང་སྲིད་གཞིར་བཞེངས་ཆེན་པོ་ཡི༔ ཏིང་འཛིན་རྩེ་གཅིག་བརྟན་པ་ལས༔ ཐ་མལ་སྣང་ཞེན་རང་དག་ཅིང༔ སྤྱན་དང་མངོན་ཤེས་རྫུ་འཕྲུལ་ཐོབ༔ རྣམ་སྨིན་རིག་འཛིན་འགྲུབ་པར་འགྱུར༔ བདུན་པ་ཛཔ྄་ཀྱི་རིམ་པ་ལ༔ བསྙེན་སྒྲུབ་ལས་སྦྱོར་གསུམ་ཡིན་ཏེ༔ དང་པོ་བསྙེན་པའི་དགོངས་པ་ནི༔ བདག་ཉིད་ཡེ་ཤེས་མཁའ་འགྲོ་མའི༔ ཐུགས་ཀའི་རྡོ་རྗེ་ཐོད་ཕྲེང་གི༔ ཐུགས་མཆོག་འོད་ཀྱི་གོང་བུའི་ཀློང༔ པདྨ་ཉི་མ་བམ་རོའི་སྟེང༔ རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ༔ དམར་གསལ་གྲི་ཐོད་ཁ་ཊྭཱཾ་འཆང༔ རྣ་ལྟག་གཡས་སུ་ཕག་ཞལ་ངུར༔ ཡེ་ཤེས་མེ་དབུས་གར་ཐབས་རོལ༔ དེ་ཡི་ཐུགས་ཀར་དགའ་བ་འཁྱིལ༔ མཚན་ཉིད་བཞི་ལྡན་དབུས་སུ་བཾ༔ མཐའ་སྐོར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པའི་རྐྱེན་གྱིས་ཡེ་ཤེས་ཀྱི༔ འོད་ཟེར་ཕྱི་ནང་ཀུན་ཏུ་ཁྱབ༔ དཀྱིལ་འཁོར་ལྷ་ཚོགས་གསལ་བར་བྱས༔ སྒྲིབ་དག་ལྷན་སྐྱེས་བདེ་ཆེན་འབར༔ སླར་འཕྲོས་དག་པའི་ཞིང་ཀུན་གཡོས༔ བླ་མ་བདེ་གཤེགས་ཞི་ཁྲོ་དང༔ གནས་གསུམ་མཁའ་འགྲོའི་ཚོགས་རྣམས་ཀྱི༔ བྱིན་རླབས་དངོས་གྲུབ་ཆར་ལྟར་བབས༔ སྙིང་གའི་ཐུགས་སྲོག་སྔགས་བཅས་ལ༔ ཐིམ་པས་ཕོ་ཉ་རྣམ་གསུམ་གྱི༔ ཐུགས་རྗེའི་བྱིན་རླབས་ནུས་རྩལ་རྫོགས༔ ལྷ་དང་བདག་ཉིད་དབྱེར་མེད་པ༔ མཁའ་སྤྱོད་གོ་འཕང་མཆོག་ཐོབ་བསམ༔ ཨོཾ་བཛྲ་ཡོ་གི་ནཱི་ཛྙཱ་ན་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ༔ འབུམ་ཕྲག་བདུན་གྱིས་བྱིན་རློབས་འགྱུར༔ གཉིས་པ་སྒྲུབ་པའི་དགོངས་པ་ནི༔ སླར་ཡང་ཐུགས་སྲོག་སྒྲུབ་སྔགས་ཀྱིས༔ བསྐོར་བའི་བདེ་ཆེན་འོད་ཟེར་སྤྲིན༔ ཕྱི་ནང་ཀུན་ཏུ་ཁྱབ་པ་ཡིས༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་པ་བསྐྱེད༔ ཀུན་ཀྱང་ཡེ་ཤེས་ཉམས་འབར་བས༔ བདེ་བའི་གར་མཛད་སྔགས་སྒྲ་སྒྲོག༔ འོད་སྣང་བརྟན་གཡོ་ཀུན་ཏུ་ཁྱབ༔ ཁམས་གསུམ་གཟུང་འཛིན་དྲི་མ་སྦྱངས༔ མི་འགྱུར་མཆོག་གི་གོ་འཕང་བཀོད༔ སྣང་གྲགས་རྟོག་པའི་ཆོས་རྣམས་ཀུན༔ རྡོ་རྗེ་བཙུན་མོའི་གསང་གསུམ་དང༔ དབྱེར་མེད་སྣང་སྲིད་གཞིར་བཞེངས་ཀྱི༔ དཀྱིལ་འཁོར་ཆེན་པོར་ལྷུན་རྫོགས་བསམ༔ ཨོཾ་བཛྲ་ཝཱ་རཱ་ཧཱི་ཛྙཱ་ན་ཌཱ་ཀི་ནཱི་བཾ་ཧ་རི་ནི་ས་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ འབུམ་ཕྲག་གསུམ་གྱིས་དངོས་གྲུབ་ཐོབ༔ གསུམ་པ་ལས་སྦྱོར་དགོངས་པ་ནི༔ ཞི་བར་ཐོ་རངས་ཤར་དུ་བལྟ༔ རང་ཉིད་མཁའ་འགྲོ་སྐུ་མདོག་དཀར༔ ཟླ་ཤེལ་བདུད་རྩིའི་འོད་ཟེར་འཕྲོས༔ བདག་གཞན་ནད་གདོན་སྡིག་སྒྲིབ་སོགས༔ མི་མཐུན་ཕྱོགས་ཀུན་ཞི་བར་བསམ༔ སྒྲུབ་པའི་ཤམ་བུར་ལས་སྔགས་སྤེལ༔ ནད་གདོན་སྡིག་ལྟུང་རྟོག་སྒྲིབ་བག་ཆགས་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ༔ རྒྱས་པར་ཉི་ཤར་བྱང་དུ་བལྟ༔ རང་ཉིད་མཁའ་འགྲོ་སྐུ་མདོག་སེར༔ གསེར་མདོག་འོད་ཟེར་མཁའ་ཁྱབ་འཕྲོས༔ བདག་གཞན་ཚེ་བསོད་ཡེ་ཤེས་སོགས༔ ལེགས་ཚོགས་ཐམས་ཅད་རྒྱས་པར་བསམ༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ དབང་ལ་དགོང་མོ་ནུབ་ཏུ་བལྟ༔ བདག་ཉིད་མཁའ་འགྲོ་དམར་མོ་ལས༔ རྗེས་ཆགས་རཱ་གའི་མདངས་འོད་འཕྲོས༔ ཁམས་གསུམ་བརྟན་གཡོའི་ཕུན་ཚོགས་དང༔ རླུང་སེམས་སྣང་བ་དབང་འདུས་བསམ༔ ཁམས་གསུམ་སྣོད་བཅུད་རླུང་སེམས་སྣང་བ་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོ༔ དྲག་པོར་སྲོད་དུས་ལྷོ་རུ་བལྟ༔ རང་ཉིད་མཁའ་འགྲོ་མཐིང་ནག་ལས༔ འོད་ཟེར་མེ་མཚོན་ཁྲོ་ཚོགས་འཕྲོས༔ དགྲ་བགེགས་འབྱུང་པོ་ཚར་བཅད་ཅིང༔ གཉིས་སྣང་རྟོག་ཚོགས་བཅོམ་པར་བསམ༔ དགྲ་བགེགས་འབྱུང་པོ་གཟུང་འཛིན་རྟོག་ཚོགས་ཐམས་ཅད་མཱ་ར་ཡ་ཕཊ༔ བདུན་ཕྲག་གཅིག་གིས་ལས་འགྲུབ་འགྱུར༔ ཐུན་མཐར་སྔགས་ཀྱི་ལྷག་ཆད་བསྐང༔ མཆོད་ཅིང་བསྟོད་ལ་ནོངས་བཤགས་བྱ༔ དེ་ནི་དངོས་གཞིའི་ལས་རིམ་མོ༔ ས་མ་ཡ༔ གསུམ་པ་རྗེས་ཀྱི་ལས་རིམ་ལ༔ དང་པོ་ཚོགས་ཀྱི་མཆོད་པ་ནི༔ ཤ་ཆང་ལ་ཕུག་ལ་སོགས་པ༔ མཁའ་འགྲོ་འདུ་བའི་དམ་ཚིག་རྫས༔ གཙོར་གྱུར་བཟའ་བཏུང་གྱ་ནོམ་དང༔ ཕྱི་ནང་མཆོད་པ་རྒྱས་པར་བཤམས༔ སྤྲོ་ན་བཤགས་དང་སྐོང་བ་ནི༔ ལས་ཀྱི་རིམ་པ་ཅི་རིགས་བྱ༔ དེ་ནས་ཚོགས་རྫས་བདུད་རྩིས་བྲན༔ ཐོག་མར་བྱིན་གྱིས་བརླབ་པ་ནི༔ རཾ་ཡཾ་ཁཾ༔ རང་བྱུང་དབྱིངས་ཀྱི་ཀ་པཱ་ལར༔ ཡེ་ཤེས་བདུད་རྩིའི་ཚོགས་གཏོར་བཤམས༔ ཁ་དོག་དྲི་རོ་ནུས་བཅུད་ལྡན༔ འདོད་ཡོན་སྤྲིན་ཕུང་འཕྲོ་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱི༔ གདུང་བའི་དབྱངས་ཀྱིས་ཚོགས་ཞིང་བསྐུལ༔ མཁའ་ཁྱབ་འཁོར་ལོར་སད་པ་ལ༔ ཕྱི་ལྟར་ཚོགས་ཀྱི་མཆོད་པ་འབུལ༔ ཧཱུྃ༔ མི་འགྱུར་རྟག་པ་དམ་པའི་ཞིང༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཀུན་ཏུ་བཟང་མོ་དབྱིངས་ཀྱི་ཡུམ༔ རྡོ་རྗེ་ཕག་མོ་ལོངས་སྤྱོད་རྫོགས༔ གང་འདུལ་སྤྲུལ་པའི་དཀྱིལ་འཁོར་པ༔ བརྒྱུད་གསུམ་རིག་འཛིན་བླ་མ་དང༔ ཡི་དམ་ཞི་ཁྲོ་རབ་འབྱམས་བཅས༔ རྡོ་རྗེའི་དམ་ཚིག་མཆོག་ལ་གཤེགས༔ འདོད་ཡོན་བདུད་རྩིའི་ཚོགས་མཆོད་བཞེས༔ མཆོག་ཐུན་ཕྲིན་ལས་ཆར་ལྟར་ཕོབ༔ སྡིག་ལྟུང་ཉམས་ཆག་སྐོང་ཞིང་བཤགས༔ སྒྲིབ་མེད་ཚངས་པར་བསྩལ་དུ་གསོལ༔ རྩ་རླུང་ཐིག་ལེའི་བར་ཆད་སྒྲོལ༔ བདེ་ཆེན་ཡེ་ཤེས་དབྱིངས་སུ་སྦྱོར༔ འདུ་བ་གསུམ་གྱི་རྟེན་འབྲེལ་སྒྲིགས༔ འབར་བ་གསུམ་གྱི་གཟི་བྱིན་སྐྱེད༔ སྤྱོད་པ་གསུམ་གྱི་ཉེ་རྒྱུ་ཡིས༔ སྐུ་གསུམ་ཞིང་དུ་དབུགས་དབྱུངས་ཤིག༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ཧཱུྃ༔ འོག་མིན་ཞིང་དང་ཨོ་རྒྱན་ཡུལ༔ པདྨ་འོད་ཀྱི་ཕོ་བྲང་ནས༔ ཐབས་མཆོག་ཐོད་ཕྲེང་རིགས་ལྔ་དང༔ ཤེས་རབ་མཚོ་རྒྱལ་དབྱིངས་ཕྱུག་ཡུམ༔ མནྡཱ་ར་བ་སངས་རྒྱས་སྤྱན༔ ཤཱཀྱ་དེ་ཝཱི་མ་མཱ་ཀཱི༔ ཀཱ་ལ་སིདྡྷི་གོས་དཀར་མོ༔ བཀྲ་ཤིས་ཁྱེའུ་འདྲེན་དམ་ཚིག་སྒྲོལ༔ རིགས་ཀྱི་ཕོ་ཉའི་ཚོགས་དང་བཅས༔ འོད་གསལ་སྙིང་པོའི་འཁོར་ལོ་ན༔ བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ འབུམ་ཕྲག་ཡངས་པའི་ཚོགས་རྣམས་ཀུན༔ རྡོ་རྗེའི་དམ་ཚིག་སོགས་འགྲེ །ཧཱུྃ༔ པུལླི་ར་མ་ཨརྦུ་ཏ༔ ཨཽ་ཌཱི་ཡཱ་ན་ཛ་ལནྡྷ༔ གོ་དཱ་ཝ་རི་རཱ་མེ་ཤྭ༔ དེ་ཝཱི་ཀོ་ཊི་མ་ལ་ཝ༔ མཁའ་སྤྱོད་ཐུགས་ཀྱི་འཁོར་ལོ་ན༔ བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ འབུམ་ཕྲག་ཡངས་པའི་ཚོགས་དང་བཅས༔ རྡོ་རྗེའི་དམ་ཚིག་སོགས་འགྲེ །ཧཱུྃ༔ ཀ་མ་རཱུ་པ་ཀོ་ས་ལ༔ ཏྲི་ཤ་ཀུ་ནེ་ཨོ་ཊེ་དང༔ ཀ་ལིང་ཀ་དང་ལམ་བ་ཀ༔ ཀཉྩི་ཧི་མ་ལ་ཡ་སྟེ༔ ས་སྤྱོད་གསུང་གི་འཁོར་ལོ་ན༔ བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ འབུམ་ཕྲག་ཡངས་པའི་ཚོགས་དང་བཅས༔ རྡོ་རྗེའི་དམ་ཚིག་སོགས་འགྲེ །ཧཱུྃ༔ པྲེ་ཏ་པུ་རི་སུ་ཝརྞ༔ སོའུ་རཥྚ་དང་གྲྀ་ཧ་དེ༔ ནཱ་ག་ར་དང་སིནྡྷུའི་ཡུལ༔ མ་རུ་ཏ་དང་ཀུ་ལུ་ཏ༔ ས་འོག་སྐུ་ཡི་འཁོར་ལོ་ན༔ བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ འབུམ་ཕྲག་ཡངས་པའི་ཚོགས་དང་བཅས༔ རྡོ་རྗེའི་དམ་ཚིག་སོགས། ཧཱུྃཿ གཞན་ཡང་སུམ་ཅུ་རྩ་གཉིས་གནས༔ དུར་ཁྲོད་ཆེན་པོ་བརྒྱད་སོགས་ན༔ བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ འབུམ་ཕྲག་ཡངས་པའི་སྤྲིན་ཕུང་འཕྲོ༔ ལེགས་ཉེས་སྟངས་འཛིན་ཕྲིན་ལས་བདག༔ བཀའ་ཉན་ཆོས་སྲུང་རྒྱ་མཚོར་བཅས༔ རྡོ་རྗེའི་དམ་ཚིག་སོགས། དེ་ལྟར་ཕྱི་ཡི་མཎྜ་ལར༔ ཚོགས་ཀྱིས་མཆོད་ཅིང་བཤགས་པ་དང༔ སྦྱོར་སྒྲོལ་ཟབ་མོས་མཉེས་བྱས་ནས༔ སྤྲོ་ན་བསྐང་བཤགས་གཞན་ཡང་བྱ༔ ནང་ལྟར་རྡོ་རྗེ་ལུས་དཀྱིལ་གྱི༔ ལྷ་ཚོགས་མཆོད་ཕྱིར་ཐབས་ཤེས་རྫས༔ སྲེད་ཞེན་མེད་པར་བདེ་བ་ཆེའི༔ ཡེ་ཤེས་འཕེལ་ཕྱིར་ཚིམ་པར་རོལ༔ ཧོ༔ རང་བྱུང་རྡོ་རྗེ་ལུས་ཀྱི་དཀྱིལ༔ སྣང་སྟོང་ཟུང་འཇུག་གཞལ་ཡས་སུ༔ སྤྱི་བོར་ཁྲག་འཐུང་རབ་འབྱམས་དང༔ མགྲིན་པར་རིག་འཛིན་མཁའ་འགྲོའི་ཚོགས༔ སྙིང་གར་ཞི་བ་དབྱིངས་ཀྱི་ལྷ༔ རྩ་ཁམས་དཔའ་བོ་རྣལ་འབྱོར་མ༔ ཏིལ་གྱི་གང་བུ་ཁ་ཕྱེ་ལྟར༔ བདེ་སྟོང་འོད་སྐུར་ལམ་མེར་བཞུགས༔ ལག་གཉིས་རྡོ་རྗེའི་དགང་བླུགས་ཀྱིས༔ བཟའ་བཅའ་བཏུང་བའི་དམ་ཚིག་རྫས༔ དགྱེས་པར་སྟོབ་པའི་མཆོད་པ་ཡིས༔ ཡུལ་དང་དབང་པོ་གཉིས་མེད་པའི༔ ལྷན་སྐྱེས་བདེ་ཆེན་གཟི་བྱིན་འབར༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས༔ རྡོ་རྗེ་བཙུན་མོའི་གསང་གསུམ་དང༔ དབྱེར་མེད་མངོན་པར་བྱང་ཆུབ་ཤོག༔ བཛྲ་ཀཱ་ཡ་མཎྜ་ལ་མ་ཧཱ་སུ་ཁ་ག་ཎ་ཙཀྲ་པཱུ་ཛ་ཨ་ལ་ལ་ཧོ༔ གསང་བ་དྲོད་ཐོབ་དངོས་དང་ནི༔ གཞན་དུ་ཡིད་ཀྱི་རིག་མ་ལ༔ འདུ་ཤེས་གསུམ་གྱིས་སྙོམས་ཞུགས་པས༔ ལྷན་སྐྱེས་བདེ་སྟོང་མངོན་གྱུར་བསམ༔ ཧོ༔ རང་ཉིད་རྡོ་རྗེ་ཐོད་ཕྲེང་རྩལ༔ རིག་མ་དབྱིངས་ཕྱུག་མཚོ་རྒྱལ་ཡུམ༔ འདུ་ཤེས་གསུམ་གྱི་བསམ་གཏན་དང༔ དགྱེས་པའི་བརྡས་བསྐུལ་ཕྱག་རྒྱ་བཞིས༔ སྙོམས་པར་ཞུགས་པས་རྗེས་ཆགས་མེ༔ འབར་གཡོ་བརྟན་པས་རྒྱུ་འབྲས་ཀྱི༔ དགའ་བཞིའི་མཐར་སོན་ཡེ་ཤེས་དང༔ ཐམས་ཅད་སྟོང་པ་དབྱེར་མེད་པའི༔ ཞུ་བདེ་ལྷན་སྐྱེས་རྣལ་འབྱོར་མ༔ མི་འགྱུར་མཆོག་ཏུ་འོད་གསལ་བའོ༔ མ་ཧཱ་སུ་ཁ་ཛྙཱ་ན་བཛྲ་ཨཱཏྨ་ཀོ྅་ཧཾཿ དེ་ཁོ་ན་ཉིད་གཉུག་མའི་དབྱིངས༔ རང་བཞིན་ལྷན་སྐྱེས་དགོངས་པ་བསྐྱང༔ཨ༔ ཐོག་མཐའ་མེད་པའི་བྱང་ཆུབ་སེམས༔ དོན་གྱི་བཛྲ་ཝཱ་ར་ཧཱི༔ རང་བཞིན་ལྷན་སྐྱེས་འོད་གསལ་ངང༔ སྤང་བླང་བསལ་བཞག་བྲལ་བར་མཆོད༔ ཛྙཱ་ན་དྷཱ་ཏུ་ཨ་ཨ་ཨ༔ ལྷག་མ་གསོག་འཇོག་མེད་པར་བསྡུས༔ དམ་ཚིག་བདུད་རྩིའི་ཞལ་ཆབ་དབབ༔ ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ཞེས་པས་བྱིན་རླབས་སྔོན་འགྲོ་བས༔ འབར་བའི་ཕྱག་རྒྱའི་བརྡས་བསྐུལ་ཏེ༔ ཨེ་ཨ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ལྷག་སྡུད་སྤྲིན་ལྟར་གཏིབས་པར་བསམ༔ཧཱུྃ༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ༔ ལྷག་ལ་དབང་བའི་གནས་ཉུལ་མ༔ མ་སྲིང་དབང་ཕྱུག་གིང་ལངྐ༔ ཕོ་ཉ་སྤྲུལ་པ་ཡང་སྤྲུལ་བཅས༔ རྡོ་རྗེའི་ཕམ་ཕབ་འདི་བཞེས་ལ༔ སྣོད་བཅུད་འབྱུང་བའི་རྒུད་པ་དང༔ ཕྱི་ནང་གསང་བའི་བར་ཆད་སོལ༔ ཡེ་ཤེས་འཇིག་རྟེན་བསུན་མ་དང༔ འཇིགས་པ་བརྒྱད་དང་བཅུ་དྲུག་བཟློག༔ ཚེ་བསོད་དཔལ་འབྱོར་ཉམས་རྟོགས་སྤེལ༔ སྲུང་དང་ཞི་རྒྱས་དབང་དྲག་སོགས༔ ཕྲིན་ལས་ཐམས་ཅད་འགྲུབ་པར་མཛོད༔ མ་མ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཞེས་བརྗོད་ལྷག་མ་གནས་སུ་བསྐྱལ༔ སྤྲོ་ན་རྡོ་རྗེའི་གླུ་གར་དང༔ ཤིས་བརྗོད་སྨོན་ལམ་རྒྱ་ཆེར་བྱ༔ དེ་ལྟར་ཚོགས་ཀྱི་མཆོད་པ་ནི༔ རྒྱུན་དང་མར་ངོའི་ཚེས་བཅུ་སོགས༔ ཁྱད་པར་དུས་སུ་མ་ཆག་པས༔ དམ་ཚིག་ཉམས་ཆག་ཉེས་ལྟུང་འབྱངས༔ རྩ་རླུང་ཐིག་ལེའི་བར་ཆད་ཞི༔ ལྷན་ཅིག་སྐྱེས་དགའི་བདེ་ཆེན་རྒྱས༔ གནས་གསུམ་མཁའ་འགྲོ་དབང་དུ་འདུ༔ གཟུང་འཛིན་དགྲ་བགེགས་ཚར་ཐག་གཅོད༔ ཐུན་མོང་དངོས་གྲུབ་ཤུགས་ལས་འབྱུང༔ མཆོག་གི་ཡེ་ཤེས་མྱུར་འགྲུབ་ཕྱིར༔ རྣལ་འབྱོར་རྣམས་ཀྱིས་བརྩོན་པར་གཅེས༔ རྗེས་འབྲེལ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ འོག་མིན་སྤྲོས་བྲལ་ཕོ་བྲང་ནས༔ ཀུན་ཏུ་བཟང་མོའི་ཐུགས་དམ་བསྐུལ༔ གཟུང་འཛིན་གཉིས་སྣང་འཁྲུལ་པའི་ཚོགས༔ དབྱིངས་སུ་ཞི་བའི་ཕྲིན་ལས་མཛོད༔ གསང་བ་མཆོག་གིས་དགྱེས་པ་ནས༔ རྡོ་རྗེ་བཙུན་མོའི་ཐུགས་དམ་བསྐུལ༔ ཁ་སྦྱོར་ཡན་ལག་བདུན་ལྡན་གྱི༔ ཡེ་ཤེས་རྒྱས་པའི་ཕྲིན་ལས་མཛོད༔ པདྨ་འོད་ཀྱི་ཕོ་བྲང་ནས༔ ཐོད་ཕྲེང་ཡབ་ཡུམ་ཐུགས་དམ་བསྐུལ༔ རྩ་རླུང་ཐིག་ལེ་དབང་དུ་སྡུས༔ ལྷན་སྐྱེས་མངོན་གྱུར་ཕྲིན་ལས་མཛོད༔ གནས་ཡུལ་དུར་ཁྲོད་རབ་འབྱམས་ནས༔ དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐུལ༔ སྤྱོད་པ་གསུམ་གྱི་ཉེ་རྒྱུ་ཡིས༔ ཕྱོགས་ལས་རྣམ་རྒྱལ་ཕྲིན་ལས་མཛོད༔ ཕྱི་ནང་འབྱུང་བའི་རྒུད་པ་སོལ༔ མི་མཐུན་ཀུན་ཞི་ལེགས་ཚོགས་རྒྱས༔ ཁམས་གསུམ་དབང་སྡུས་གནོད་བྱེད་སྒྲོལ༔ རྣམ་བཞིའི་ཕྲིན་ལས་འགྲུབ་པར་མཛོད༔ སྲུང་མར་གཏོར་བསྔོ་ཆད་ཐོ་བསྒྲགས༔ བཤལ་ཆུས་བོད་ཁམས་བརྟན་མ་བསྐྱང༔ ལས་མཇུག་རྡོ་རྗེའི་རྟ་བྲོས་བསྡུ༔ གསུམ་པ་དངོས་གྲུབ་བླང་བ་ལ༔ གཏང་རག་མཆོད་བསྟོད་སྔོན་འགྲོ་བས༔ཧཱུྃ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས༔ ཐུགས་རྗེས་བདག་ལ་དགོངས་སུ་གསོལ༔ བདག་ཅག་བསྙེན་སྒྲུབ་མཐར་ཕྱིན་ནས༔ དངོས་གྲུབ་སྩོལ་བའི་དུས་ལགས་ན༔ ཕྲིན་ལས་བཞི་དང་གྲུབ་པ་བརྒྱད༔ དབང་བཅུའི་འབྱོར་པ་སྟོབས་བཅུའི་དཔལ༔ སྐུ་དང་ཡེ་ཤེས་དབྱེར་མེད་པའི༔ དངོས་གྲུབ་མ་ལུས་དེང་འདིར་སྩོལ༔ སྔགས་མཐར༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ སྒྲུབ་རྟེན་གནས་གསུམ་གུས་པས་བླངས༔ དངོས་གྲུབ་རྫས་རྣམས་རོལ་པ་ཡིས༔ རྩ་ཁམས་བདུད་རྩིའི་བཅུད་ཀྱིས་གང༔ དངོས་གྲུབ་རྣམ་གཉིས་ཐོབ་པར་བསམ༔ གསུམ་པ་ནོངས་པ་བཤགས་པ་ནི༔ ཧོ༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ༔ སྒོམ་བཟླས་ཕྲིན་ལས་བགྱིས་པ་ལ༔ འགལ་འཁྲུལ་ནོངས་པར་གྱུར་པ་ཀུན༔ སྙིང་ནས་བཤགས་སོ་ཚངས་པར་སྩོལ༔ ཡི་གེ་བརྒྱ་པ་བརྗོད༔ བཞི་པ་རྟག་མཐའ་སྦྱོང་བ་ནི༔ ཧོ༔ རིག་རྩལ་འགག་མེད་སྒྱུ་མའི་འཕྲུལ༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་པ༔ སྐྱེ་མེད་དབྱིངས་ཀྱི་ཐིག་ལེར་ཐིམ༔ ཟུང་འཇུག་བློ་འདས་ངང་དུ་བཞག༔ ཨ་ཨ་ཨ༔ ལྔ་པ་ཆད་མཐའ་བསལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ སླར་ཡང་བདེ་རླུང་སེམས་ཀྱི་རྩལ༔ ཆུ་ལས་རླབས་བཞིན་ལྷ་སྐུར་ཤར༔ སྣང་གྲགས་རིག་པ་རྡོ་རྗེ་གསུམ༔ དག་པ་རབ་འབྱམས་ངང་ནས་སྤྱོད༔ བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་ཧཾ༔ དྲུག་པ་བསྔོ་སྨོན་རྒྱས་གདབ་ནི༔ ཧོ༔ རྡོ་རྗེ་བཙུན་མོའི་གསང་གསུམ་དང༔ དབྱེར་མེད་བསྒྲུབས་པའི་དགེ་ཚོགས་མཐུས༔ བདག་གཞན་འགྲོ་ཀུན་མཁའ་སྤྱོད་ཀྱི༔ གོ་འཕང་དམ་པ་མྱུར་ཐོབ་ཤོག༔ བདུན་པ་བཀྲ་ཤིས་བརྗོད་པ་ནི༔ཨོཾ༔ བརྒྱུད་གསུམ་རིག་འཛིན་བླ་མ་ཡིས༔ བྱིན་རླབས་བདུད་རྩིའི་ཆར་འབེབས་ཤིང༔ བདེ་གཤེགས་ཞི་ཁྲོ་རབ་འབྱམས་ཀྱིས༔ དངོས་གྲུབ་སྩོལ་བའི་བཀྲ་ཤིས་ཤོག༔ ཀུན་ཏུ་བཟང་མོ་དབྱིངས་ཀྱི་ཡུམ༔ ཡེ་ཤེས་རང་སྣང་ཝཱ་ར་ཧཱི༔ དབྱེར་མེད་མཚོ་རྒྱལ་པདྨའི་ལྕམ༔ མཁའ་འགྲོ་རྒྱ་མཚོའི་བཀྲ་ཤིས་ཤོག༔ ཐུན་མོང་ལས་བཞི་གྲུབ་པ་བརྒྱད༔ དབང་བཅུའི་ཡེ་ཤེས་གོང་འཕེལ་ཞིང༔ མཆོག་ཏུ་མི་འགྱུར་བདེ་བ་ཆེའི༔ གོ་འཕང་འགྲུབ་པའི་བཀྲ་ཤིས་ཤོག༔ ཞེས་བརྗོད་མེ་ཏོག་ཆར་འབེབ་ཅིང༔ རོལ་མོའི་སྒྲ་རྣམས་སྙན་པར་སྦྱར༔ བདེ་བ་ཆེན་པོའི་ཉམས་བསྐྱང་ཞིང༔ དག་པ་རབ་འབྱམས་ལམ་དུ་ཁྱེར༔ དེ་ནི་རྒྱུན་གྱི་ཕྲིན་ལས་ཏེ༔ གཞན་ཡང་བསྙེན་སྒྲུབ་ཡན་ལག་བཞིས༔ ཚོམ་བུ་ཚོགས་ཀྱི་སྒྲུབ་པ་དང༔ མྱང་གྲོལ་བདུད་རྩིའི་སྒྲུབ་པ་དང༔ ཐུན་མོང་ལས་ཚོགས་བརྒྱ་རྩ་སོགས༔ བསྙེན་སྒྲུབ་སྔོན་སོང་རྣལ་འབྱོར་པས༔ ཕག་མོ་སྤྱི་དང་བྱེ་བྲག་གི༔ གསང་བའི་མན་ངག་བཞིན་དུ་སྦྱར༔ ཁྱད་པར་དམ་ཚིག་ཉམས་པ་དང༔ སྔགས་ཀྱི་ལྷག་ཆད་ལ་སོགས་པ༔ ཞི་བའི་མེ་ཡིས་སྦྱོང་བ་སོགས༔ ཕྲིན་ལས་ཀུན་སྒྲུབ་མེ་མཆོད་དང༔ ཉམས་གྲིབ་ཁྲུས་ཀྱི་ཆོ་གས་བསལ༔ ལས་དང་ཡེ་ཤེས་བསུན་མ་བཟློག༔ དེ་ལྟར་གང་ལ་གང་འདུལ་བའི༔ ཕྲིན་ལས་རྗེས་སུ་སྤྱད་པ་ལས༔ རང་གཞན་དོན་ཀུན་བསྒྲུབ་པར་བྱ༔ ས་མ་ཡ༔ གཉིས་པ་རྫོགས་རིམ་གཙོར་གྱུར་པའི༔ མན་ངག་ཁྲིད་ཀྱི་རིམ་པ་ལ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་ཐུན་མོང་བློ་སྦྱོང་དང༔ ཐུན་མོང་མིན་པའི་ཉམས་ལེན་རྣམས༔ ཡབ་བཀའ་རྩ་བའི་གཞུང་ལྟར་བྱ༔ དངོས་གཞིར་རྣལ་འབྱོར་བཞི་ཡིན་ཏེ༔ ཐུན་མོང་དབྱིབས་ཀྱི་རྣལ་འབྱོར་ནི༔ སྔོན་དུ་ཇི་ལྟར་བསྟན་པ་བཞིན༔ ཐ་མལ་སྣང་ཞེན་འཇིག་པ་ཡི༔ བསྐྱེད་པའི་རིམ་པ་ཚུལ་བཞིན་བསྒོམ༔ དེ་ཡང་དང་པོར་དཀྱིལ་འཁོར་གྱི༔ གཙོ་མོར་སེམས་འཛིན་གསལ་སྣང་བསྒྲུབས༔ དེ་གོམས་ཕྱི་ནང་ལྷ་ཚོགས་དང༔ མཐར་གྱིས་བསམ་ཡས་གྲངས་མེད་པའི༔ སྒྱུ་འཕྲུལ་དྲྭ་བའི་ཕྱག་རྒྱ་ཡིས༔ ཅིར་སྣང་ལྷ་སྐུར་རང་ཤར་བའི༔ ཏིང་འཛིན་གཟེར་ཆེན་གདབ་པར་བྱ༔ ཡན་ལག་བཀོད་དང་འཕྲོ་འདུ་ཡི༔ བཟླས་པ་སྔགས་ཀྱིས་རྒྱུད་བསྐུལ་ཞིང༔ ཐམས་ཅད་རང་རིག་གཉུག་མའི་ངང༔ དགོངས་པ་མི་འགྱུར་གདིང་བསྐྱེད་དོ༔ དེ་ལྟར་བསྙེན་སྒྲུབ་བཟླས་པ་ཡིས༔ རབ་ཏུ་མཁའ་འགྲོའི་དངོས་ཞལ་མཐོང༔ གསུང་ཐོས་བདེ་ཆེན་ཡེ་ཤེས་འཐོབ༔ འབྲིང་དུ་དེ་རྣམས་ཉམས་སུ་སྟེ༔ ཐ་མ་རྨི་ལམ་ཚུལ་དུ་འཆར༔ གཞན་ཡང་བུད་མེད་ཚོགས་མང་འདུ༔ ཆགས་དང་དགའ་བས་ཟས་ནོར་སྟེར༔ མེ་ཏོག་སྨན་ལྗོངས་ཉམས་དགར་རྩེ༔ བརྡ་ཡི་གླུ་ལེན་རོལ་མོ་འཁྲོལ༔ ཕྱག་མཚན་དམ་ཚིག་རྫས་མང་རྙེད༔ དེ་ལྟའི་རྨི་ལམ་མཐོང་བ་དང༔ དངོས་སུ་ཉམས་དགའ་བག་ཕེབས་ཤིང༔ ཟབ་གསང་ཤེས་རབ་རྩོལ་མེད་འཆར༔ རྡོ་རྗེའི་མགུར་གླུ་ཐོགས་པ་མེད༔ མཐོང་ཚད་ཉམས་འུར་སྣང་བ་འགྱུར༔ ནང་ནུབ་བཟའ་བཏུང་ཉིན་མོར་མི༔ མཚན་མོར་མཁའ་འགྲོ་འདུ་བ་དང༔ ལུས་བདེ་ངག་ནུས་སེམས་རྟོགས་འབར༔ གཞན་རྒྱུད་བྱིན་རླབས་རྩོལ་མེད་འབྱུང༔ ལུས་ཡང་རླུང་རྒྱུ་མི་ཚོར་ཞིང༔ རྟོགས་པ་བརྟན་པོའི་དྲོད་ཐོབ་འགྱུར༔ དེ་ལྟར་བྱུང་ན་ཐུན་མོང་དང༔ མཆོག་གི་དངོས་གྲུབ་དཀའ་བ་མེད༔ དེ་ཕྱིར་བརྩོན་པས་བསྒྲུབ་པར་བྱ༔ དེ་ནས་རྫོགས་པའི་རིམ་པ་ལ༔ ཟབ་པ་སྔགས་ཀྱི་རྣལ་འབྱོར་ནི༔ བདེ་བའི་འབོལ་ལ་ལུས་གནད་བསྲང༔ ཆོས་བདུན་ལྡན་པས་རླུང་རོ་བསལ༔ ཕྱི་དབྱིབས་ལྷ་སྐུའི་སྟོང་ར་དང༔ ནང་དུ་དྷཱུ་ཏིའི་རྩའི་སྟོང་ར༔ གསང་བ་སྙིང་གར་ཆོས་འབྱུང་དབུས༔ ཟླ་དཀྱིལ་མི་ཤིགས་ཐིག་ལེ་བཾ༔ བདེ་ཆེན་འོད་ཟེར་འཕྲོ་བར་བསྒོམ༔ དབང་ཤེས་ཕྱི་རོལ་གཡོ་བ་ན༔ སྣང་ཙམ་ཉིད་ལས་ཞེན་སྤངས་ཏེ༔ སྙིང་གའི་ཡི་གེར་རྩེ་གཅིག་ཏུ༔ སེམས་བཅུན་བུམ་ཅན་གཡོ་མེད་འཆིང༔ སྐབས་སུ་རྡོར་བཟླས་ཡིད་བཟླས་བྱ༔ སྐབས་སུ་བཾ་ཡིག་འོད་ཟེར་གྱིས༔ སྣོད་བཅུད་བདེ་ཆེན་ངོ་བོར་ཞུ༔ སྨིན་མཚམས་ནས་བརྒྱུད་དབུ་མར་ཞུགས༔ བཾ་ཡིག་ལ་བསྟིམ་བརྟན་པར་བྱ༔ དབྱིབས་ཀྱང་བཾ་གྱི་བར་དུ་བསྡུ༔ དེ་ཉིད་འོད་གསལ་དབྱིངས་སུ་བསྟིམ༔ བདེ་གསལ་མི་རྟོག་ངང་དུ་བཞག༔ སླར་ཡང་ཆུ་ལས་རླབས་བཞིན་དུ༔ སྣོད་བཅུད་དག་པའི་འཁོར་ལོར་ལྡང༔ རྩེ་གཅིག་གོམས་པས་དབུ་མ་བྱེ༔ རླུང་སེམས་འདུ་བའི་ཕྱི་ནང་གི༔ རྟགས་དང་རྟགས་ཅན་མངོན་དུ་ཤར༔ བསམ་གཏན་མཆོག་ཏུ་འགྲུབ་པར་འགྱུར༔ ལས་ཀུན་ཚིག་ཙམ་བརྗོད་པས་འགྲུབ༔ ལུས་བདེ་ཡང་རྩལ་སྟོབས་དང་ལྡན༔ དུས་མིན་འཆི་དང་བར་ཆད་ཞི། ཚེ་རིང་རྒས་སྲ་དབང་པོ་གསལ༔ གོམས་པ་བརྟན་པས་འཆི་མེད་འགྲུབ༔ ཁྱད་པར་གཏུམ་མོའི་རྣལ་འབྱོར་ནི༔ མེ་ཐབ་དྲུག་ཆིངས་འདུག་སྟངས་བཅའ༔ ལུས་དབུས་རྩ་གསུམ་འཁོར་ལོ་བཞི༔ དྭངས་གསལ་རྙོགས་པ་མེད་པ་ཡི༔ སྤྱི་བོར་ཧཾ་དང་སྙིང་གར་བཾ༔ ལྟེ་འོག་གཏུམ་མོའི་རཾ་ཡིག་རྣམས༔ ལེགས་པར་གསལ་བཏབ་རླུང་རོ་བསལ༔ ལྟེ་བར་བུམ་ཅན་འཆིང་བ་ཡིས༔ རཾ་ལས་མེ་ལྕེ་ཆེས་ཕྲ་བ༔ གློག་གི་ཟེར་མ་བཞིན་དུ་འཁྱུགས༔ འཁོར་ལོའི་གནས་བཞི་རིམ་གྱིས་གང༔ སྙིགས་མའི་ཁམས་རྣམས་རང་སར་སྐམ༔ དྭངས་མ་དངུལ་ཆུ་ལྟ་བུ་འཕེལ༔ དེ་ལྟར་མེ་ཡིས་རྩ་འཁོར་དང༔ ལུས་གང་བ་སྤུའི་བུ་ག་ནས༔ ཕྱིར་འཕྲོས་མེ་ཡི་ཀློང་དཀྱིལ་དུ༔ རང་ལུས་དམར་ཐིང་ལྕགས་བསྲེག་མདོག༔ ཤིན་ཏུ་ཚ་བའི་ངད་ཅན་བསྒོམ༔ སླར་འཕྲོས་སྣོད་བཅུད་ཐམས་ཅད་ཀུན༔ ཡེ་ཤེས་མེ་དཔུང་གཅིག་ཏུ་འཁྱིལ༔ ཚུར་འདུས་ལྟེ་བའི་རཾ་ལ་ཐིམ༔ སྔར་ལས་ཆེས་ཆེར་འབར་བ་དང༔ སྤྲོ་བསྡུའི་རྩལ་སྦྱང་རྩེ་གཅིག་བྱ༔ ཡན་ལག་བསྒྲིམ་ཞིང་རྐང་སོར་བསྐུམ༔ ལྟོ་བ་སྒལ་པར་གཅེར་ཞིང་བརྡབ༔ ཐུན་མཚམས་དང་ནི་ཉལ་བའི་ཚེ༔ ལྟེ་བའི་མེ་ལ་སེམས་བསྲེས་བཞག༔ དྲོད་ཀྱི་ཡེ་ཤེས་བརྟན་པར་འགྱུར༔ འདི་ནི་བདུན་ཕྲག་གཅིག་གཉིས་གསུམ༔ ཉམས་དང་སྦྱར་ཏེ་བསྒོམ་པ་ཡིས༔ ཕྱི་ནང་དྲོད་སྐྱེ་གོས་མི་དགོས༔ གངས་ཁྲོད་གཅེར་བུར་སྡོད་ཀྱང་ཚུགས༔ ནད་རྙིང་བྱང་ཞིང་གསར་མི་འབྱུང༔ རྫུ་འཕྲུལ་མངོན་ཤེས་ཅི་རིགས་འཐོབ༔ མཐར་གྱིས་རྡོ་རྗེའི་ལུས་འགྲུབ་བོ༔ དེ་ལས་བདེ་བ་སྤེལ་བའི་ཕྱིར༔ བུམ་ཅན་སྦྱོར་བས་བསྐུལ་བ་ལས༔ ལྟེ་བའི་རཾ་ལས་མེ་ལྕེ་ནི༔ ཕྲ་ཁྱུག་རོ་མའི་ལམ་བརྒྱུད་ནས༔ ཕྱོགས་དུས་རྩ་གསུམ་རབ་འབྱམས་དང༔ ཁྱད་པར་དཔའ་བོ་རྣལ་འབྱོར་མའི༔ ཤངས་བུག་གཡོན་ཞུགས་སྐུ་གང་བས༔ བདེ་བའི་ཉམས་འབར་བདེ་ཆེན་རྒྱུན༔ སྤྱན་དྲངས་རང་གི་སྣ་གཡོན་ནས༔ བརྒྱུད་དེ་སྤྱི་བོའི་ཧཾ་ལ་ཐིམ༔ བྱིན་རླབས་གཟི་བརྗིད་དཔལ་དུ་འབར༔ སླར་ཡང་ལྟེ་བའི་མེ་ལྕེ་ཡིས༔ སྔར་བཞིན་འཁོར་ལོའི་གནས་བཞི་གང༔ བདེ་ཆེན་ཐིག་ལེ་ཧཾ་ལ་རེག༔ དེ་ལས་བདུད་རྩི་བ་ཐག་ལྟར༔ ནར་གྱིས་བབས་ཏེ་སྤྱི་བོ་ནས༔ ལྟེ་བའི་འཁོར་ལོའི་བར་ནང་ཁེངས༔ དགའ་མཆོག་ཁྱད་པར་ལྷན་སྐྱེས་བསྐྱེད༔ རཾ་ལ་རེག་པས་མེ་འབར་ཏེ༔ བདུད་རྩི་གྱེན་ལྡོག་གནས་བཞིར་སོན༔ ལུགས་ལྡོག་དགའ་བཞི་བསྐྱེད་པར་བསམ༔ མཐར་ནི་བདེ་བའི་དྭངས་མ་ཀུན༔ སྙིང་གའི་བཾ་ལ་དབྱེར་མེད་བསྟིམ༔ འཇམ་རླུང་བཟུང་ཞིང་དབྱིངས་རིག་བསྲེ༔ མ་བཅོས་གཉུག་མའི་ངང་བསྐྱངས་པས༔ རྣམ་པར་མི་རྟོག་ཡེ་ཤེས་སྐྱེ༔ དེ་ལྟར་བརྩོན་པས་དགའ་བཞི་ཡིས༔ སྟོང་བཞིའི་ཡེ་ཤེས་རྗེས་མཐུན་འདྲེན༔ སྲོག་དང་འཛིན་པའི་མཐུ་གྲུབ་པས༔ སྣང་བ་ཐམས་ཅད་བདེ་བར་འཆར༔ བདེ་གསལ་མི་རྟོག་རང་ཤར་འབྱུང༔ སྤྱན་དང་མངོན་ཤེས་ལ་སོགས་པའི༔ དྲོད་དང་རྩེ་མོའི་ཡེ་ཤེས་འདྲེན༔ རྩ་རླུང་ཐིག་ལེར་རང་དབང་ཐོབ༔ རླུང་དང་གཏུམ་མོ་མཐར་ཕྱིན་པས༔ རྗེས་ཐོབ་བདེ་རླུང་སེམས་གསུམ་ལས༔ དག་དང་མ་དག་སྒྱུ་མའི་ཚུལ༔ རྩེ་གཅིག་ཉམས་བླངས་བརྟན་པར་བྱ༔ ཉིན་པར་དྲན་འཛིན་རྒྱུན་ཆགས་དང༔ ཉལ་དུས་མགྲིན་པའི་ཐིག་ལེ་ལ༔ སེམས་བཟུང་རྨི་ལམ་ངོས་བཟུང་ཞིང༔ སྦྱང་སྤེལ་སྤྲུལ་བསྒྱུར་གཉུག་མར་བཞག༔ གཉིད་ཀྱི་ཐིམ་རིམ་ལ་བརྟེན་ནས༔ འོད་གསལ་མངོན་སུམ་བྱ་བའི་ཕྱིར༔ སྙིང་གའི་བཾ་ལ་སེམས་བཟུང་ཞིང༔ འོད་ཀྱིས་ལུས་གང་རྟོག་མེད་བསྐྱང༔ འཕོ་བ་ལུས་རྩའི་སྟོང་ར་གསལ༔ སྙིང་གར་ཚིགས་སྟེང་རླུང་སེམས་བཾ༔ རླུང་དང་ཧིཀ྄་གིས་གཉིས་པ་སྤར༔ སླར་ཡང་འབེབས་སོགས་སྤྱི་ལྟར་སྦྱང༔ བར་དོ་ད་ལྟ་ཕྱི་མའི་དུས༔ སྣང་གྲགས་རྟོག་གསུམ་རྡོ་རྗེ་གསུམ༔ བསྲེ་ཞིང་གོང་འཕོས་ལམ་ཁྱེར་བས༔ དག་པའི་ཞིང་སོགས་དབུགས་འབྱིན་བྱེད༔ སྟེང་སྒོ་རྣམ་པར་གྲོལ་བ་ཡི༔ ལམ་གྱི་སྙིང་པོའི་ཡང་བཅུད་དོ༔ མཐར་ཐུག་ཆོས་ཀྱི་རྣལ་འབྱོར་ལ༔ དངོས་དང་རྒྱས་འདེབས་རྣམ་གཉིས་ལས༔ དང་པོ་ལམ་གྱི་དངོས་གཞི་ནི༔ སྔགས་ཀྱི་རྣལ་འབྱོར་དྲོད་ཐོབ་པས༔ བླ་མ་ལྷ་ཡིས་ལུང་བསྟན་པའི༔ པདྨ་ཅན་སོགས་མཚན་ལྡན་བཙལ༔ དང་པོ་རང་ལུས་ཐབས་ལྡན་དང༔ གོམས་པས་གཞན་ལུས་དངོས་ལ་འཇུག༔ དེ་ཡང་བརྟག་དང་དགུག་པ་དང༔ རྒྱུད་སྦྱང་དབང་དང་དམ་ཚིག་འབོགས༔ རིམ་གཉིས་ཉམས་མྱོང་སྐྱེས་པ་ན༔ འབོལ་ཞིང་བདེ་བའི་གདན་ལ་འཁོད༔ ཆགས་པའི་མདངས་བསྐྱེད་དོན་ལ་བལྟ༔ རང་ཉིད་རྡོ་རྗེ་ཐོད་ཕྲེང་རྩལ༔ རིག་མ་མཚོ་རྒྱལ་ཡུམ་དུ་གསལ༔ གནས་གསུམ་མཁའ་གསང་བྱིན་གྱིས་བརླབས༔ གཞན་དོན་བྱང་ཆུབ་སྒྲུབ་འདོད་པས༔ བརྡ་བཞིས་བསྐུལ་ཞིང་ཕྱག་རྒྱ་བཞིས༔ འཁྱུད་བསྡམ་སྤྲད་དེ་སྙོམས་པར་ཞུགས༔ རྗེས་ཆགས་མེ་ཡིས་སྤྱི་བོའི་ཧཾ༔ བསྐུལ་བས་བདེ་བ་དལ་གྱིས་དབབ༔ རྡོ་རྗེ་ནོར་བུའི་རྩེར་སོན་ཚེ༔ མི་འགྱུར་བདེ་བའི་ངང་དུ་གཟུང༔ ཡས་བབས་རྒྱུ་ཡི་དགའ་བ་ཉིད༔ ལུས་ཀྱི་འཁྲུལ་འཁོར་དུ་མ་དང༔ ངག་འདྲེན་རླུང་དང་ཧཱུྃ་གི་གདངས༔ ཡིད་འདྲེན་ཏིང་འཛིན་རྩེ་གཅིག་པས༔ བཙན་ཐབས་གྱེན་དུ་ལྡོག་པ་ལས༔ འབྲས་བུའི་དགའ་བཞི་ཉམས་སུ་མྱོང༔ ཁྱབ་པར་དགྲམ་ཞིང་ཧཾ་ཡིག་དང༔ དབྱེར་མེད་ཀ་དག་ངང་དུ་བཞག༔ བདེ་བ་རྗེས་སུ་དྲན་པ་ཡིས༔ ཆོས་མཆོག་དཔེ་ཡི་ཡེ་ཤེས་འཆར༔ གཉིས་པ་རྒྱས་འདེབས་རྣལ་འབྱོར་ནི༔ བདེ་བའི་ཐབས་ཀྱིས་དྲངས་བའི་དཔེ༔ གཞོན་ནུ་མ་ཡི་དགའ་བ་ལྟར༔ ཉམས་སུ་མྱོང་ཡང་སྨྲ་མི་བཏུབ༔ ཡིད་ཆེས་ཡོད་ཀྱང་དམིགས་མེད་པ༔ དེ་ཉིད་ཁོ་ནར་རྟེེན་བྱས་ཏེ༔ བརྟེན་པ་བདེན་གཉིས་དབྱེར་མེད་པ༔ སོ་སོ་རང་རིག་གཉུག་མའི་ངང༔ མྱོང་ཞེན་སྤྲོས་པ་རྒྱས་བཏབ་ནས༔ མ་བཅོས་མ་བསླད་ངང་བསྐྱངས་པས༔ མཆོག་ཏུ་མི་འགྱུར་ཏིང་འཛིན་གྱིས༔ དོན་གྱི་ལྷན་སྐྱེས་མངོན་དུ་འགྱུར༔ བདེན་མཐོང་སློབ་པའི་འོད་གསལ་ཆེ༔ ཇི་བཞིན་གྲུབ་པའི་རིག་འཛིན་ནི༔ འདོད་ན་མྱུར་དུ་མཐར་ཐུག་གི༔ འབྲས་བུ་སྐུ་དང་ཡེ་ཤེས་འཐོབ༔ རྗེས་ནི་ཟབ་མོ་དབང་བཞིའི་ལམ༔ རྣལ་འབྱོར་བཞི་ཡི་བདག་ཉིད་ཅན༔ ཐུན་བཞིར་རྩེ་གཅིག་ཉམས་བླངས་པའི༔ ཐུན་མཐར་དགེ་བསྔོ་སྨོན་ལམ་གདབ༔ ཐུན་མཚམས་སྣང་གྲགས་རྟོག་པའི་ཚོགས༔ ལྷ་སྔགས་ཆོས་སྐུར་རྒྱས་གདབ་ཅིང༔ བར་རླུང་ཐད་ཀར་བཟུང་བ་དང༔ གཏུམ་མོ་འབར་སྣང་བརྟན་པ་དང༔ བདེ་བའི་རང་ཉམས་ངོ་བོ་བསྐྱང༔ བྱིང་རྒོད་ཉམས་ཀྱི་བགེགས་ཀུན་བསལ༔ རེ་དོགས་ཞེན་པའི་མདུད་པ་བཅད༔ བོགས་འདོན་ངེས་འབྱུང་བྱང་སེམས་དང༔ བླ་མའི་མོས་གུས་རྩལ་དུ་བཏོན༔ སྣང་སྲིད་གཞིར་བཞེངས་བསྐྱེད་རིམ་དང༔ རླུང་སེམས་དབྱེར་མེད་རྟོགས་པ་སྤེལ༔ སྔགས་ཀྱི་རྣལ་འབྱོར་བརྟན་པའི་ཕྱིར༔ བྱེད་བཅིངས་མུན་པའི་ཁང་བུ་བརྟེན༔ གཞན་ལུས་དབང་ཐོབ་པད་ཅན་གྱི༔ བཅུད་ལེན་རྡོ་རྗེའི་ཚེ་མཆོག་བསྒྲུབ༔ ཉམས་རྟོགས་བརྟན་གཡོ་བརྟན་པའི་ཕྱིར༔ དུར་ཁྲོད་ལ་སོགས་གཉན་པའི་སར༔ བརྟུལ་ཞུགས་སྤྱོད་པ་ཡང་དག་བརྩམ༔ རྟོག་པ་གང་སྐྱེས་དབྱིངས་སུ་གཅོད༔ གནས་ཡུལ་དཔའ་བོ་མཁའ་འགྲོ་དང༔ ལྷན་ཅིག་སྤྱོད་པའི་མཐུ་ཐོབ་འགྱུར༔ དེ་ལྟར་བསྐྱེད་རྫོགས་གདམས་པའི་བཅུད༔ ཟབ་ཅིང་ཤིན་ཏུ་འདྲིལ་བའི་དོན༔ སྔོན་ཆད་གཞན་དུ་མ་བསྟན་པ༔ ཡེ་ཤེས་མཁའ་འགྲོའི་རྣལ་འབྱོར་དང༔ རྗེས་སུ་འབྲེལ་བའི་སྨར་བྱང་འདི༔ ད་ལྟའི་ཉེ་བའི་འདུས་པ་དང༔ མ་འོངས་སྐལ་ལྡན་དོན་དུ་དབྱེ༔ ཡལ་བར་མ་དོར་ཉམས་སུ་ལོངས༔ ཚེ་གཅིག་བྱང་ཆུབ་ངེས་པར་འཐོབ༔ དེ་ཕྱིར་ཤིན་ཏུ་གཅེས་པར་ཟུངས༔ ས་མ་ཡ༔ གསུམ་པ་དེ་ལྟའི་ཟབ་མོའི་ལམ༔ ཉམས་སུ་བླང་བར་འདོད་པ་རྣམས༔ དབང་ཐོབ་དམ་ཚིག་དག་པ་ནི༔ ལམ་གྱི་སྲོག་ཏུ་བཟུང་བར་བྱ༔ དེ་ལ་བྱིན་རླབས་དབང་བསྐུར་ནི༔ དབེན་པར་བདུད་རྩིས་བསྐྱང་ནུལ་བྱ༔ སྟེགས་བུ་གྲུ་བཞི་མཛེས་པའི་ངོགས༔ ཡིད་འོང་མེ་ཏོག་སིལ་མ་དགྲམ༔ སྐུ་དཀྱིལ་དངོས་སམ་ཚོམ་བུ་དང༔ གསུང་དཀྱིལ་བདེ་སྐྱོང་བདུད་རྩིས་བཀང༔ ཐུགས་དཀྱིལ་སིནྡྷུའི་མཎྜ་ལར༔ ཆོས་འབྱུང་ས་བོན་སྔགས་ཀྱིས་བརྒྱན༔ བཀྲ་ཤིས་རྡོ་རྗེའི་ཚེ་སྒྲུབ་ན༔ ཚེ་འབྲང་བཟའ་བཏུང་དམ་རྫས་བཤམ༔ བླ་རེ་གདུགས་འཕན་རྒྱལ་མཚན་བསྒྲེང༔ ཕྱི་ནང་མཆོད་ཚོགས་བཟང་དུ་བྱ༔ བདག་མདུན་ཛཔ྄་ཁང་དབྱེ་བ་འམ༔ དབྱེར་མེད་ཚུལ་དུ་བསྒྲུབ་ཅིང་བཟླས༔ ཁྱད་པར་ཚེ་ཡི་ལས་སྦྱོར་ནི༔ རྩ་བའི་བསྙེན་སྒྲུབ་ལས་གསུམ་རྗེས༔ ཡེ་ཤེས་སེམས་མའི་ཐུགས་ཀ་རུ༔ ཉི་ཟླའི་གྭ་འུ་ཁ་སྦྱོར་དབུས༔ བཾ་མཐར་རྡོ་རྗེའི་སྔགས་ཀྱིས་བསྐོར༔ བཟླས་པས་རྒྱུད་བསྐུལ་འོད་ཟེར་འཕྲོས༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་དང༔ ཁྱད་པར་རྡོ་རྗེའི་ཕོ་ཉ་མོའི༔ ཐུགས་དམ་རྒྱུད་བསྐུལ་དེ་རྣམས་ལས༔ རང་འདྲའི་སྤྲུལ་པ་མཁའ་ཁྱབ་སྤྲོས༔ བླ་ཚེ་ཆད་ཉམས་ཡར་བ་དང༔ འཁོར་འདས་དྭངས་བཅུད་ཐམས་ཅད་ཀུན༔ བདུད་རྩིའི་རྣམ་པས་རང་ལ་ཐིམ༔ སྙིང་དབུས་མི་ཤིགས་སྲོག་ཏུ་འཁྱིལ༔ འཆི་མེད་རིག་འཛིན་འགྲུབ་པར་བསམ༔ ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་ཨ་མཱ་ར་ཎི་ཛི་ཝནྟི་ཡེ་སྭཱ་ཧཱ༔ འབུམ་ཕྲག་བཟླས་པས་རྟགས་མཐོང་འགྱུར༔ ཐུན་མཐར་མདའ་དར་བསྐོར་ཞིང་གཡབ༔ གདུང་བའི་ཤུགས་བསྐྱེད་ཐུགས་དམ་བསྐུལ༔ ཨ༔ སྤྲོས་བྲལ་ཆོས་སྐུའི་ཕོ་བྲང་ནས༔ རིགས་ཀུན་ཁྱབ་བདག་ཀུན་བཟང་མོ༔ དགོངས་བརྒྱུད་རིག་འཛིན་མཁའ་འགྲོ་ཡི༔ གཞི་དབྱིངས་ཀ་དག་ཚེ་བཅུད་ཁུག༔ ཁ་སྦྱོར་བདེ་ཆེན་ཕོ་བྲང་ནས༔ ལོངས་སྤྱོད་ཡོངས་རྫོགས་རྣལ་འབྱོར་མ༔ བརྡ་བརྒྱུད་རིག་འཛིན་མཁའ་འགྲོ་ཡིས༔ གཞི་སྣང་ལྷུན་གྲུབ་ཚེ་བཅུད་ཁུག༔ གནས་ཡུལ་དུར་ཁྲོད་རབ་འབྱམས་ནས༔ ཡེ་ཤེས་ཌཱ་ཀི་རིགས་མཆོག་ལྔ༔ སྙན་བརྒྱུད་དཔའ་བོ་མཁའ་འགྲོ་ཡིས༔ དབྱེར་མེད་འཁོར་འདས་ཚེ་བཅུད་ཁུག༔ ཧོ༔ འོད་གསལ་མཁའ་འགྲོ་ཁྱབ་བྱེད་མ༔ མཐིང་ནག་གྲི་གུག་ཐོད་པ་བསྣམས༔ ནམ་མཁའ་གང་བར་རབ་སྤྲོས་པས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ དབྱིངས་ཀྱི་ཁམས་ནས་ཚེ་ཉམས་དང༔ ཡེ་ཤེས་ཆེན་པོའི་དྭངས་བཅུད་ཁུག༔ མི་འགྱུར་རྟག་པ་དམ་པ་ཡི༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ཧཱུྃ༔ རྡོ་རྗེ་མཁའ་འགྲོ་སྣང་བྱེད་མ༔ སྔོན་མོ་རྡོ་རྗེ་ཐོད་པ་བསྣམས༔ ནམ་མཁའ་གང་བར་རབ་སྤྲོས་པས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ སེམས་ཀྱི་ཁམས་ནས་ཚེ་ཉམས་དང༔ འབྱུང་བ་ནམ་མཁའི་དྭངས་བཅུད་ཁུག༔ ཀུན་ལ་ཁྱབ་ཅིང་འགྱུར་མེད་པའི༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ཏྲཱཾ༔ རིན་ཆེན་མཁའ་འགྲོ་སྡུད་བྱེད་མ༔ སེར་མོ་རིན་ཆེན་ཐོད་པ་བསྣམས༔ ནམ་མཁའ༴ རྣལ་འབྱོར༴ ཁྲག་གི་ཁམས་ནས་ཚེ་ཉམས་དང༔ འབྱུང་བ་ཆུ་ཡི་དྭངས་བཅུད་ཁུག༔ རྟག་ཏུ་རྒྱུན་མི་འཆད་པ་ཡི༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ༔ སངས་རྒྱས་མཁའ་འགྲོ་བརྟན་བྱེད་མ༔ དཀར་མོ་འཁོར་ལོ་ཐོད་པ་བསྣམས༔ ནམ་མཁའ༴ རྣལ་འབྱོར༴ ཤ་ཡི་ཁམས་ནས༴ འབྱུང་བ་ས་ཡི༴ རྟག་བརྟན་གཞོམ་གཞིག་བྲལ་བ་ཡི༔ རིག་འཛིན༴ ཧྲཱི༔ པདྨ་མཁའ་འགྲོ་སྲེག་བྱེད་མ༔ དམར་གསལ་པདྨ་ཐོད་པ་བསྣམས༔ ནམ་མཁའ༴ རྣལ་འབྱོར༴ དྲོད་ཀྱི་ཁམས༴ འབྱུང་བ་མེ་ཡི༴ བདེ་དྲོད་གཟི་བརྗིད་དཔལ་འབར་བའི༔ རིག་འཛིན༴ ཨཱ༔ ལས་ཀྱི་མཁའ་འགྲོ་སྐྱོད་བྱེད་མ༔ ལྗང་མོ་རལ་གྲི་ཐོད་པ་བསྣམས༔ ནམ་མཁའ༴ རྣལ་འབྱོར༴ དབུགས་ཀྱི༴ འབྱུང་བ་རླུང་གི༴ སྟོབས་རྩལ་ཐོགས་པ་མེད་པ་ཡི༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ ཞིང་སྔགས་ལྷན་ཅིག་སྐྱེས་པ་ཡི༔ བདེ་སྟོང་དཔའ་བོ་རྣལ་འབྱོར་མ༔ རྩ་གསུམ་རྒྱལ་བ་རབ་འབྱམས་བཅས༔ ཐུགས་རྗེ་ཐུགས་དམ་རྩལ་བསྐྱེད་ནས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ སྣོད་བཅུད་འབྱུང་བའི་དྭངས་མ་སྡུས༔ ནད་མེད་བདེ་བའི་དངོས་གྲུབ་སྩོལ༔ དྭངས་བཅུད་རྡོ་རྗེའི་སྲོག་དང་སྲེས༔ རྒས་མེད་ལང་ཚོའི་དངོས་གྲུབ་སྩོལ༔ སྲོག་རྩོལ་འཕོ་མེད་དབུ་མར་བསྟིམ༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ བདེ་ཆེན་ཡེ་ཤེས་རྒྱས་པར་མཛོད༔ སྔགས་བརྗོད་སྒྲུབ་རྫས་ལ་ཡང་བསྟིམ༔ འཆི་མེད་གྲུབ་པའི་བཅུད་ལྡན་བསམ༔ མཐར་ནི་འགྱུར་མེད་ཕྱག་རྒྱས་གདབ༔ ཨ༔ མཁའ་ཁྱབ་ཡེ་ཤེས་ཚེ་དང་བཅུད༔ རྩ་སྲོག་ཙིཏྟའི་དཀྱིལ་དུ་བསྟིམས༔ མི་འགྱུར་རྟག་པའི་རྒྱས་བཏབ་པས༔ འཆི་མེད་རྡོ་རྗེའི་སྐུ་འགྲུབ་ཤོག༔ བཛྲ་ཨཱ་ཡུརྫྙཱ་ན་རཀྵ་ཧཾ༔ ཨ་ཨ་ཨ༔ ཀུན་རྫོབ་རྡོ་རྗེའི་གོ་ཆ་དང༔ དོན་དམ་གཉུག་མའི་ཕྱག་རྒྱས་གདབ༔ ཀུན་ལས་ཁྱད་འཕགས་ཌཱ་ཀི་ནཱིའི༔ ཚེ་སྒྲུབ་བདུད་རྩིའི་སྙིང་པོ་འོ༔ དེ་ལྟའི་བསྐྱེད་བཟླས་མཐར་དབྱུང་ནས༔ བཤགས་སྐོང་ཚོགས་མཆོད་རྒྱ་ཆེར་བྱ༔ བདག་འཇུག་རྒྱས་བསྡུས་གང་འཐད་དང༔ སློབ་མ་གཞུག་ཕྱིར་གསོལ་བ་གདབ༔ སྣོད་རུང་ངེས་པའི་སློབ་མ་རྣམས༔ ཕྱི་རོལ་ཁྲུས་བྱས་ནང་དུ་གཞུག༔ བགེགས་བསྐྲད་གྲལ་འཁོད་སྲུང་འཁོར་བསྒོམ༔ མིག་དར་དགབ་ཅིང་མེ་ཏོག་གཏད༔ ལོ་རྒྱུས་བརྗོད་ཅིང་མཎྜལ་འབུལ༔ གུས་པས་བཏུད་དེ་འདི་སྐད་ཞུ༔ གནས་གསུམ་མཁའ་འགྲོའི་ཚོགས་ཀྱི་རྗེ༔ ཁྱབ་བདག་རྡོ་རྗེ་སློབ་དཔོན་གྱིས༔ ཌཱ་ཀི་གསང་བའི་དཀྱིལ་འཁོར་དུ༔ བདག་ཅག་འཇུག་ཅིང་སྨིན་མཛད་གསོལ༔ ལན་གསུམ་ཞུ་ཞིང་གནང་སྦྱིན་ནི༔ དམ་ཚིག་བདུད་རྩི་ལྕེ་ལ་བཞག༔ བླ་མེད་གསང་བའི་དཀྱིལ་འཁོར་དུ༔ འཇུག་ཅིང་དབང་བསྐུར་དོན་གཉེར་ན༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ དམ་བསྲུང་བདུད་རྩིའི་ཆུ་འདི་ཐུངས༔ ཨོཾ་བཛྲ་ཨ་མྲྀཏ་ཨུ་ད་ཀ་ཧཱུྃ་ཧྲཱིཿཋ༔ བུས་ཀྱང་མྱང་ཞིང་ཐ་ཚིག་བཟུང༔ ས་མ་ཡ་ཨི་དཾ་ན་ར་ཀན༔ སྐྱབས་སེམས་ཚོགས་གསག་སྡོམ་པ་བཟུང༔ བཛྲ་པྲ་ཝེ་ཤ་ཡ་ཕཊ༔ ཞེས་པས་དཀྱིལ་འཁོར་སྒོ་ཕྱེས་ལ༔ ཛཿཧཱུྃ་བཾ་ཧོཿས་ནང་དུ་གཞུག༔ སྒོ་གསུམ་སྐུ་གསུང་ཐུགས་ཕྱག་བྱ༔ སླར་ཡང་ཤར་སྒོར་འཁོད་པ་ལ༔ ནང་འཇུག་དངོས་གཞི་གཞི་ལུས་བརླབ༔ དབབ་པའི་རིམ་པ་རྣམ་བརྒྱད་བྱ༔ ཐོག་མར་སློབ་མ་ལུས་བསྲངས་ལ༔ ཁ་སྦྱོར་རླུང་བཟུང་རྟོག་མེད་ངང༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ སྣང་སྲིད་དུར་ཁྲོད་རོལ་པའི་ཞིང༔ མཁའ་ཁྱབ་ཆོས་འབྱུང་འབར་བའི་དབུས༔ སྣ་ཚོགས་པདྨ་ཉི་ཟླའི་སྟེང༔ རླུང་སེམས་དག་པའི་ཐིག་ལེ་བཾ༔ དཀར་དམར་མདངས་ལྡན་ཡོངས་གྱུར་ལས༔ སློབ་མ་དཀྱིལ་འཁོར་གཙོ་མོ་ནི༔ ལུས་དཀྱིལ་ལྷ་དང་བཅས་པར་གསལ༔ ཐུགས་ཀའི་རྡོ་རྗེ་ཐོད་ཕྲེང་གི༔ ཐུགས་དབུས་ཡེ་ཤེས་རྣལ་འབྱོར་མ༔ བདེ་རླུང་སེམས་གསུམ་རོ་གཅིག་པའི༔ ཐུགས་སྲོག་སྔགས་ཕྲེང་གཟི་མདངས་འབར༔ སློབ་དཔོན་དཀྱིལ་འཁོར་ཁྱབ་བདག་དང༔ དབྱེར་མེད་མོས་གུས་ཤུགས་བསྐྱེད་ལ༔ བདག་མདུན་སློབ་མར་བཅས་པ་ཡི༔ ཐུགས་སྲོག་ས་བོན་སྔགས་ཕྲེང་ལས༔ ལྕགས་ཀྱུ་ལྟ་བུའི་འོད་ཟེར་འཕྲོས༔ བླ་མ་བདེ་གཤེགས་ཞི་ཁྲོ་དང༔ ཁྱད་པར་སྐུ་གསུམ་མཁའ་འགྲོའི་ཚོགས༔ འབུམ་ཕྲག་ཡངས་པའི་ཐུགས་རྒྱུད་བསྐུལ༔ སྐུ་ཡི་བྱིན་རླབས་དངོས་གྲུབ་ཀུན༔ གྲངས་མེད་ཌཱ་ཀིའི་སྐུའི་ཕྱག་རྒྱ༔ ཆེ་ཆུང་མ་ངེས་དཔག་མེད་པ༔ ཆར་ལྟར་བབས་ཏེ་སྨིན་མཚམས་ཞུགས༔ ལུས་གང་རྩ་གནས་ཀུན་ལ་ཐིམ༔ རྡོ་རྗེའི་སྐུ་དང་དབྱེར་མེད་པའི༔ བདེ་ཆེན་གཟི་བྱིན་འབར་བར་བསམ༔ སྨིན་མཚམས་སིནྡྷུའི་ཐིག་ལེ་དགོད༔ སྤོས་རོལ་བྱ་ཞིང་དབྱངས་སྙན་པོས༔ སྤྱན་འདྲེན་ཚིག་དང་སྔགས་ཀྱི་མཐར༔ སརྦ་བཛྲ་ཡོ་གི་ནཱི་ཛྙཱ་ན་ཌཱ་ཀི་ནཱི་ཀཱ་ཡ་ཨ་དྷིཥྛཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ སཏྭཾ་བྷ་ཡ༔ ར་ར་ར་ར༔ ཙ་ལ་ཡ༔ ཙ་ལ་ཡ༔ ཧཱུྃ་ཨཱཿཧ་ཛྷཻཾ༔ གཉིས་པ་གསུང་གི་བྱིན་དབབ་ནི༔ བདུད་རྩི་སློབ་མའི་ཁར་བཟུང་གཞུག༔ སླར་ཡང་འོད་ཟེར་སྣང་བ་ཡིས༔ བླ་མ་བདེ་གཤེགས་ཞི་ཁྲོ་དང༔ ཁྱད་པར་མཁའ་འགྲོ་རབ་འབྱམས་ཀྱི༔ གསུང་གི་བྱིན་རླབས་ནུས་མཐུ་ཀུན༔ སྔགས་ཕྲེང་དབྱངས་གསལ་ཡི་གེ་བཅས༔ རང་སྒྲ་སྒྲོག་པ་ཆར་ལྟར་བབས༔ བདུད་རྩིའི་རྒྱུན་དང་དབྱེར་མེད་པར༔ མགྲིན་པ་ནས་ཞུགས་ལུས་ཀུན་གང༔ རྩ་དང་རླུང་ལ་ཐིམ་པ་ཡིས༔ རྡོ་རྗེའི་གསུང་དང་དབྱེར་མེད་པའི༔ བདེ་ཆེན་ནུས་པ་འབར་བར་བསམ༔ སྤོས་དང་རོལ་མོ་དྲག་ཏུ་བྱ༔ སརྦ་བཛྲ་ཡོ་གི་ནཱི་ཛྙཱ་ན་ཌཱ་ཀི་ནཱི་ཝཱ་ཀ་ཨ་དྷིཥྛཱ་ན་སོགས། དབྱངས་དང་གསལ་བྱེད་སྔགས་ཀྱང་བརྗོད༔ གསུམ་པ་ཐུགས་ཀྱི་བྱིན་དབབ་ནི༔ སློབ་དཔོན་འཁོར་ལོའི་དབང་ཕྱུག་མའི༔ ཐུགས་སྲོག་ལས་བྱུང་ཡེ་ཤེས་ཀྱི༔ འོད་ཟེར་མེ་ལྕེ་ལྟ་བུ་འཕྲོས༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ༔ ཁྱད་པར་མཁའ་འགྲོ་རབ་འབྱམས་ཀྱི༔ ཐུགས་རྒྱུད་རང་དབང་མེད་པར་བསྐུལ༔ ཀུན་གྱི་ཐུགས་ནས་བདེ་སྟོང་གི༔ ཡེ་ཤེས་འབར་བའི་རྣམ་པར་བྱོན༔ སློབ་མའི་སྙིང་ག་ནས་ཞུགས་ཏེ༔ ཐུགས་སྲོག་བཾ་ཡིག་ལ་ཐིམ་པས༔ ལུས་གང་གཟུང་འཛིན་རྟོག་པ་བསྲེག༔ དྭངས་མ་བཾ་དང་རོ་གཅིག་འདྲེས༔ རྡོ་རྗེའི་ཐུགས་དང་དབྱེར་མེད་པའི༔ ཡེ་ཤེས་རྟོགས་པ་རང་ཤར་བསམ༔ མར་མེ་གསལ་བ་སྙིང་གར་བསྐོར༔ སྤོས་རོལ་དང་བཅས་གོང་སྔགས་ལ༔ ཙིཏྟ་སྦྱར་བ་བཟླས་པས་དབབ༔ བཞི་པ་ཡོན་ཏན་བྱིན་དབབ་ནི༔ སློབ་དཔོན་འཁོར་ལོའི་དབང་ཕྱུག་མ༔ རང་འོད་རྡོ་རྗེ་ཐོད་ཕྲེང་དང༔ སྙོམས་པར་ཞུགས་པའི་མཁའ་གསང་ནས༔ བདེ་བའི་སྒྲ་དང་འོད་ཟེར་གྱིས༔ དཀྱིལ་འཁོར་པ་རྣམས་རྒྱུད་བསྐུལ་བས༔ རང་རང་ཡབ་དང་མཉམ་པར་སྦྱར༔ བདེ་ཆེན་འོད་ཟེར་སྤྲིན་ཆེན་པོས༔ མཁའ་ཁྱབ་བླ་མ་ཡི་དམ་དང༔ གནས་གསུམ་མཁའ་འགྲོ་ཐམས་ཅད་ཀྱི༔ ཐུགས་རྒྱུད་དྲག་ཏུ་བསྐུལ་བ་ལས༔ ཀུན་ཀྱང་དགྱེས་ཆགས་མཆོག་ཏུ་འབར༔ བདེ་ཆེན་འོད་ཟེར་ཉི་ལྟར་ཤར༔ སློབ་མའི་ལྟེ་བ་ནས་ཞུགས་ཏེ༔ ལུས་དཀྱིལ་ལྷ་ཚོགས་ཀུན་ལ་ཐིམ༔ མཁའ་འགྲོའི་སྤངས་རྟོགས་བྱིན་ཐོབ་པས༔ ཡོན་ཏན་རྡོ་རྗེར་དབྱེར་མེད་པའི༔ ཡེ་ཤེས་སྣང་བ་རྒྱས་པར་བསམ༔ གུ་རུ་ཡབ་ཡུམ་བྱང་སེམས་སོགས༔ བདུད་རྩི་ལྔ་དང་ཤ་ཆེན་ལྔ༔ གུ་གུལ་དཀར་ནག་སིནྡྷུ་ར༔ ཁྱུང་སྐྱུག་རྡོ་དང་ལ་ཕུག་དམར༔ རང་དང་གཞན་གྱི་སྐྲ་སེན་མོ༔ བྱི་ལའི་བྲུན་དང་གྲིར་ཤིའི་ཤ༔ གུར་གུམ་གླ་རྩི་ཤིང་ཚ་སོགས༔ དྲི་ཡི་རྫས་དང་སྦྱར་ལ་བདུག༔ རོལ་མོ་དང་བཅས་གོང་སྔགས་ལ༔ གུ་ཎ་སྦྱར་བས་དབབ་པར་བྱ༔ ལྔ་པ་ཕྲིན་ལས་བྱིན་དབབ་ནི༔ རྡོ་རྗེ་སློབ་དཔོན་གནས་བཞི་ནས༔ འོད་འཕྲོས་དཀྱིལ་འཁོར་ཐམས་ཅད་བསྐུལ༔ དེ་ཡི་འོད་ཀྱིས་བླ་མ་ལྷ༔ མཁའ་འགྲོ་རབ་འབྱམས་གནས་བཞི་ནས༔ མཆོག་ཐུན་ཕྲིན་ལས་བྱིན་རླབས་ཀུན༔ འཁོར་ལོ་རིན་ཆེན་པདྨ་དང༔ རལ་་གྲིའི་རྣམ་པ་གྲངས་མེད་པ༔ མེ་ཏོག་ཆར་ཆེན་འབེབ་བཞིན་བྱོན༔ སློབ་མའི་གནས་བཞིར་ཐིམ་པ་ཡིས༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ཀྱི༔ མཆོག་ཐུན་ལས་ཀུན་དབང་བསྒྱུར་ཞིང༔ མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱི༔ ཕྲིན་ལས་རྡོ་རྗེར་དབྱེར་མེད་པའི༔ ཡེ་ཤེས་རིག་རྩལ་རྫོགས་པར་བསམ༔ བདུད་རྩི་ལྔ་ཡིས་སྦགས་པ་ཡི༔ མེ་ཏོག་དཀར་དམར་མཐིང་བའི་ཆར༔ ཕབ་ཅིང་སྤོས་རོལ་སྔགས་བཅས་པར༔ ཀརྨ་བཏགས་པས་དབབ་པར་བྱ༔ དེ་རྣམས་བསྐྱེད་པའི་བྱིན་རླབས་ཀྱི༔ རིམ་པ་རྣམ་པ་ལྔ་ཡིན་ནོ༔ དྲུག་པ་དྲོད་ཀྱི་བྱིན་དབབ་ནི༔ ཙོག་པུའི་ཚུལ་དུ་འཁོད་པ་ཡི༔ སློབ་མ་ལྷར་གསལ་ལུས་ཀྱི་དབུས༔ རྩ་གསུམ་འཁོར་ལོ་བཞི་ལྡན་པའི༔ ལྟེ་བའི་གཞིར་གནས་གཏུམ་མོ་ནི༔ བཾ་ཡིག་དམར་པོ་རིལ་མ་ཙམ༔ མེ་སྟག་ཕྲོམ་ཕྲོམ་འོད་འབར་བསམ༔ ཏིང་ལོ་མཚོ་རྒྱལ་པདྨའི་ལྕམ༔ མེ་འོད་འཕྲོ་ཞིང་བདེ་དྲོད་ཉམས༔ བཟོད་དུ་མེད་པར་འབར་བ་ཉིད༔ སློབ་མའི་ཞལ་ནས་ཐོགས་མེད་ཞུགས༔ ལུས་ནང་བདེ་བའི་གར་མཛད་པས༔ དྲོད་ཀྱི་ཡེ་ཤེས་བསྐྱེད་པའི་མཐར༔ གཞིར་གནས་གཏུམ་མོའི་བཾ་ཡིག་ལ༔ ཐིམ་པས་མེ་ལྕེ་ཕྲ་རྣོ་ཁྱུག༔ སྦྲུལ་ལྕེ་ལྟ་བུར་ནར་གྱིས་འཕྲོས༔ སྣ་བུག་ནས་བརྒྱུད་བླ་མ་ལྷ༔ རབ་འབྱམས་མཁའ་འགྲོའི་ཤངས་བུག་ཞུགས༔ ལྟེ་བའི་གཞིར་གནས་ཡེ་ཤེས་མེར༔ དབྱེར་མེད་འདྲེས་པས་ལྷག་པར་འབར༔ ཤངས་བུག་ནས་ཐོན་སློབ་མ་རྣམས༔ སྣ་བུག་བརྒྱུད་དེ་ལྟེ་བར་ཐིམ༔ དེ་ལས་མེ་ལྕེ་དྲག་ཏུ་འབར༔ ལུས་ནང་རྩ་འཁོར་ཐམས་ཅད་གང༔ དེ་ལས་ཆེར་འབར་ཕྱི་རོལ་གྱི༔ ཉེ་འཁོར་འདོམ་གང་ཚུན་ཆད་དུ༔ མེ་ཡི་གོང་བུར་འཁྱིལ་ཞིང་འཁོར༔ ལྷ་སྐུ་ལྕགས་གོང་མེར་བསྲེགས་ལྟར༔ མཐིང་དམར་རྣམ་པར་གྱུར་པ་ཡིས༔ གཉིས་སྣང་རྟོག་པ་ཐམས་ཅད་བསྲེག༔ ཡེ་ཤེས་མེ་ཡི་དྭངས་མའི་བཅུད༔ ལྟེ་བའི་བཾ་ལ་འདུས་པ་ཡི༔ མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱི༔ འབར་བའི་རྡོ་རྗེར་དབྱེར་མེད་པའི༔ དྲོད་ཀྱི་ཡེ་ཤེས་བསྐྱེད་པར་བསམ༔ བདུད་རྩི་ལྔ་དང་མངར་གསུམ་གྱི༔ ཏིང་ལོ་དམར་པོ་འབར་བ་སྦྱིན༔ སྤྲོ་ན་ལུས་ཕྱིར་མེ་བསྐོར་ཞིང༔ སྤོས་བཏུལ་རོལ་མོ་དྲག་ཏུ་འཁྲོལ༔ སྒྲུབ་པའི་སྔགས་ཀྱི་ཤམ་བུ་རུ༔ རཾ་ཛྙཱ་ན་ཛྭ་ལ་སྥ་ར་ཎ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ བཾ་སརྦ་ཌཱ་ཀི་ནཱི་ཛྙཱ་ན་ཛྭ་ལ་རཾ་རཾ་རཾ༔ ཞེས་དྲག་ཏུ་བཟླས་པས་དབབ་པར་བྱ༔ བདུན་པ་བདེ་ཆེན་བྱིན་དབབ་ནི༔ སློབ་མ་པདྨའི་འདུག་སྟངས་བྱ༔ ཡེ་ཤེས་མཁའ་འགྲོ་དམར་མདངས་ཅན༔ ཤིན་ཏུ་རྗེས་ཆགས་ཉམས་འབར་བའི༔ ལུས་དབུས་རྩ་གསུམ་འཁོར་ལོ་ལྔ༔ སྤྱི་བོར་ཧཾ་དཀར་བདེ་བའི་དཔྱིད༔ སྙིང་གར་བཾ་ཡིག་བདེ་དང་སྟོང༔ དབྱེར་མེད་མི་ཤིགས་ཐིག་ལེ་ཆེ༔ ལྟེ་བར་དྲོད་ཀྱི་གཏུམ་མོ་བཅས༔ གསལ་དྭངས་བདེ་བའི་ངད་ཅན་སྒོམས༔ སྲོག་རྩོལ་ཁ་སྦྱོར་རླུང་འཆིང་ཞིང༔ བདེ་ཆེན་རྒྱལ་པོ་བླ་མ་ལྷར༔ མོས་གུས་ཤུགས་ཀྱིས་རྒྱུད་བསྐུལ་བས༔ སློབ་དཔོན་འཁོར་ལོའི་དབང་ཕྱུག་མ༔ རང་འོད་ཡབ་དང་སྙོམས་པར་ཞུགས༔ སྦྱོར་མཚམས་བྱང་སེམས་བདེ་ཆེན་འོད༔ ནམ་མཁའ་གང་བ་སྤྲོས་པ་དང༔ སློབ་མའི་ལྟེ་བའི་ཙཎྜ་ལི༔ རབ་འབར་དབུ་མའི་ལམ་ནས་བརྒྱུད༔ སྤྱི་གཙུག་ནས་ཐོན་ཕྱོགས་བཅུར་ཁྱབ༔ བླ་མ་བདེ་གཤེགས་ཞི་ཁྲོ་དང༔ ཁྱད་པར་དཔའ་བོ་རྣལ་འབྱོར་མའི༔ ཤངས་བུག་གཡོན་པ་ནས་ཞུགས་ཏེ༔ སྤྲུལ་འཁོར་ཡེ་ཤེས་མེ་ལ་ཐིམ༔ ཨ་ཧཾ་བདེ་བའི་བཞད་སྒྲ་བཅས༔ དགྱེས་ཤིང་འབར་བས་བྱང་སེམས་ཞུ༔ ཐབས་ཤེས་དཀར་དམར་འདྲེས་པའི་རྒྱུན༔ དེ་ཉིད་ཤངས་བུག་གཡས་ནས་ཐོན༔ རང་གི་སྣ་བུག་གཡས་པ་བརྒྱུད༔ སྤྱི་བོའི་ཧཾ་ལ་ཐིམ་པ་ཡིས༔ བདེ་ཆེན་ཡེ་ཤེས་ལྷག་པར་རྒྱས༔ བྱང་སེམས་ཆར་རྒྱུན་བཞིན་བབས་པ༔ འཁོར་ལོ་བཞི་དང་ཡུལ་ཉེར་བཞིའི༔ རྩ་ཁམས་ལྷ་ལ་ཁྱབ་པ་ཡིས༔ ཀུན་ཀྱང་བཟོད་མེད་བདེ་བ་འབར༔ སྙོམས་ཞུགས་བྱང་སེམས་དཀར་དམར་གྱིས༔ ལུས་ཀྱི་ཕྱི་ནང་ཀུན་ཏུ་ཁྱབ༔ དགའ་བ་བཅུ་དྲུག་མཐར་སོན་པའི༔ མཆོག་ཏུ་མི་འགྱུར་ལྷན་ཅིག་སྐྱེས༔ ཟག་པ་སྤངས་པ་རྡུལ་མེད་པའི༔ བཟོད་མེད་བདེ་བས་ནམ་མཁའ་གང༔ བདེ་བའི་ངོ་བོ་སྟོང་པར་ཞུགས༔ ཟུང་འཇུག་ཤིན་ཏུ་རྣམ་དག་པའི༔ ཡེ་ཤེས་གཟི་བྱིན་འབར་བར་བསམ༔ བྱང་སེམས་དཀར་དམར་སྦྱར་བའི་ཆང༔ མངར་གསུམ་འཕྲོད་རྩལ་ལྕེ་ལ་བཞག༔ དྲི་ཞིམ་སྦྱར་བའི་སྤོས་བདུག་ཅིང༔ སྒྲུབ་སྔགས་ཤམ་བུར་འདི་བཏགས་བཟླ༔ བཾ་མ་ཧཱ་སུ་ཁ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་པ་དྲག་ཏུ་བརྗོད་ལ་དབབ༔ བརྒྱད་པ་ཡེ་ཤེས་བྱིན་དབབ་ནི༔ སློབ་མ་ལུས་གནད་ཆོས་བདུན་ལྡན༔ འཇམ་རླུང་བཟུང་ལ་རྟོག་མེད་ངང༔ སྐད་ཅིག་དཀྱིལ་འཁོར་དབང་ཕྱུག་མ༔ ལུས་དཀྱིལ་ལྷ་རྣམས་དང་བཅས་གསལ༔ སྙིང་གའི་ཕག་མོའི་ཐུགས་ཀ་རུ༔ མཚན་ཉིད་བཞི་ལྡན་དགའ་བ་འཁྱིལ༔ ལྟེ་བར་བཾ་དང་ཡན་ལག་བཞིར༔ ཧ་རི་ནི་སའི་ཡིག་འབྲུས་མཚན༔ སྤྱི་བོར་འཇའ་ཟེར་ཐིག་ལེའི་ཀློང༔ ཁྱབ་བདག་པདྨ་ཀུན་ཏུ་འཆང༔ མཐིང་ནག་གཅེར་བུ་རུས་རྒྱན་ཅན༔ ཅང་ཏེའུ་དྲིལ་འཛིན་གར་སྟབས་སྒྱུར༔ བརྒྱུད་གསུམ་རིག་འཛིན་བླ་མ་དང༔ སངས་རྒྱས་བྱང་སེམས་ཞི་དང་ཁྲོ༔ མཁའ་འགྲོ་དཔག་མེད་ཚོགས་རྣམས་ཀྱང༔ འོད་འབར་བྱིན་ཐིབས་བཞུགས་པར་བསམ༔ མོས་གུས་གདུང་ཤུགས་རྩལ་བསྐྱེད་ལ༔ ཐོད་ཕྲེང་རྩལ་གྱི་དབྱངས་བླངས་པས༔ དགའ་བ་འཁྱིལ་བའི་ཡིག་འབྲུ་ལས༔ འོད་འཕྲོས་སྤྱི་བོའི་བླ་མ་བསྐུལ༔ དེ་དང་སློབ་དཔོན་ཐུགས་ཀ་ནས༔ འོད་ཟེར་ཉི་མའི་ཟེར་ལྟར་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་ཞིང་ཀུན་དང༔ པདྨ་འོད་ཀྱི་ཕོ་བྲང་ནས༔ ཡེ་ཤེས་སེམས་དཔའ་གྲངས་མེད་པ༔ སྤྱན་དྲངས་སྤྱི་བོའི་ལྷར་ཐིམ་བསམ༔ ཌཱ་དྲིལ་དཀྲོལ་ལ་ཚིག་བདུན་ནམ༔ བཞེངས་བསྐུལ་གསོལ་འདེབས་དབྱངས་བཅས་བརྗོད༔ བླ་མའི་གཏོར་མ་སྐུ་འབག་བཅས༔ སྤྱི་བོར་བཞག་ཅིང་མེ་ཏོག་འཐོར༔ འཁོར་རྣམས་འོད་ཞུ་བླ་མར་ཐིམ༔ དེ་ཉིད་ཨ་ཡིག་དཀར་པོར་གྱུར༔ ཨ་ལས་ཡེ་ཤེས་ཆུ་རྒྱུན་བབས༔ སློབ་མའི་ལུས་གང་བདེ་བ་རྒྱས༔ དགའ་འཁྱིལ་འུར་སྒྲ་དང་བཅས་པར༔ གཡས་སུ་འཁོར་ལ་ཤེས་པ་གཏད༔ སླར་ཡང་སྨིན་མཚམས་དགའ་འཁྱིལ་དམར༔ བདེ་ཆེན་ཡེ་ཤེས་ངོ་བོ་ཅན༔ གཡོན་བསྐོར་དྲག་ཏུ་འཁོར་བ་ལས༔ བདེ་བའི་འོད་ཟེར་བསམ་ཡས་འཕྲོས༔ འཁོར་འདས་སྣོད་བཅུད་མེར་མེར་གཡོས༔ མགལ་མེ་ལྟ་བུར་འཁོར་བའི་ངང༔ སྣང་ཚད་བླ་མ་མཁའ་འགྲོའི་སྐུ༔ མི་ཤིགས་སྔགས་ཀྱི་རང་སྒྲ་ལྡིར༔ ཡེ་ཤེས་ཆེན་པོའི་བྱིན་དང་བཅས༔ རང་ལ་ཐིམ་པས་བདེ་ཆེན་འབར༔ དེ་ཉིད་སྨྲ་བསམ་བརྗོད་བྲལ་ཀློང༔ འོད་གསལ་ཆོས་སྐུ་མངོན་གྱུར་བསམ༔ རོལ་མོ་འཁྲོལ་ཞིང་སྔགས་ཀྱི་མཐར༔ སརྦ་གུ་རུ་དྷེ་བ་དྷཱ་ཀི་ནཱི་མ་ཧཱ་ཛྙཱ་ན་ཨ་དྷིཥྛཱ་ན་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་དབབ་ཐུགས་སྲོག་ས་བོན་ལས༔ འོད་འཕྲོས་སྣང་གྲགས་རྟོག་པའི་ཆོས༔ འོད་གསལ་ཡེ་ཤེས་འཁོར་ལོར་སྦྱངས༔ ཐམས་ཅད་འོད་ཞུ་རང་ལ་ཐིམ༔ རང་ཡང་ཐུགས་སྲོག་བཾ་ལ་བསྡུ༔ འོད་ཞུ་ཨ་ཡིག་མཐིང་གར་གྱུར༔ རིམ་ཡལ་སྟོང་གསལ་གདོད་མའི་ཀློང༔ དབྱིངས་དང་ཡེ་ཤེས་རོ་གཅིག་པ༔ སངས་རྒྱས་ཀུན་གྱི་དགོངས་པའི་གདིང༔ ཀ་དག་ཁྱབ་བརྡལ་ཆེན་པོར་བཞག༔ འདི་དག་སྨིན་བྱེད་ཀུན་གྱི་བཅུད༔ བསྐུར་ཐོབ་གཞན་ལ་མ་ལྟོས་པར༔ དོན་གྱི་དབང་བཞི་རྫོགས་མོད་ཀྱང༔ དང་པོའི་ལས་ཅན་རྗེས་བཟུང་སླད༔ བྱིན་རླབས་དབང་གི་རིམ་པ་ནི༔ མེ་ཏོག་འབྲེལ་བའི་ལྷ་ལ་འབུལ༔ ཨོཾ་པུཥྤེ་མཱ་ལ་པྲ་ཏཱིཙྪ་ཧོ༔ དེ་ཉིད་ལྷག་པའི་ལྷའི་ངོ་བོར༔ མི་འབྲལ་སྤྱི་བོའི་གཙུག་ཏུ་བཅིངས༔ ཨོཾ་པུཥྤེ་ཛྙཱ་ན་ས་མ་ཡ་སཏྭཾ༔ གསེར་གྱི་ཐུར་མས་གདོང་གཡོགས་བསལ༔ ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ ཡེ་ཤེས་དག་པའི་སྤྱན་ཐོབ་པས༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་པ༔ མངོན་སུམ་ཉིད་དུ་མཇལ་བར་བསམ༔ ལྷ་ངོ་བསྟན་ཅིང་དག་པ་བརྗོད༔ དེ་ནས་དངོས་གཞི་དབང་གི་སླད༔ མཎྜལ་ཕུལ་ལ་གསོལ་བ་གདབ༔ ཁྱབ་བདག་བདེ་ཆེན་རྒྱལ་མོ་དང༔ དབྱེར་མེད་རྡོ་རྗེ་སློབ་དཔོན་དགོངས༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ༔ དབང་བཞི་ཡོངས་རྫོགས་བསྐུར་དུ་གསོལ༔ གཙོ་མོའི་ཐུགས་ལས་སྤྲུལ་པའི་ལྷས༔ གསང་བའི་བུམ་པས་དབང་བསྐུར་བསམ༔ ཨོཾ༔ གསང་ཆེན་དབྱིངས་ཀྱི་བུམ་པ་རུ༔ རིག་པ་ཡེ་ཤེས་བདུད་རྩིས་གཏམས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལུས་སྣང་ལྷ་སྐུར་སྨིན་པར་ཤོག༔ ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བརྗོད་ཐོད་པ་སྤྱི་བོར་བཞག༔ རྗེས་འབྲེལ་དབང་ལྔ་སྦྱིན་པ་ནི༔ དཀྱིལ་འཁོར་ལྷ་ལས་ཡེ་ཤེས་སྐུ༔ སྤྲོས་བསྟིམ་ལུས་དཀྱིལ་རབ་གསལ་མོས༔ གཙོ་མོའི་སྐུ་བརྙན་མགོར་བཞག་ལ༔ ཨོཾ༔ དབྱིངས་ཕྱུག་བདེ་ཆེན་རྒྱལ་མོ་ཡི༔ སྐུ་ལ་དཀྱིལ་འཁོར་རབ་འབྱམས་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྣང་སྟོང་སྒྱུ་མའི་དབང་ཐོབ་ཤོག༔ སྔར་བཤད་སྔགས་ཀྱི་ཤམ་བུ་རུ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ བསྙེན་སྒྲུབ་ལས་ཀྱི་ཏིང་འཛིན་བཅས༔ བཟླས་པའི་ལུང་སྦྱིན་ཕྲེང་བ་གཏད༔ ཨཱ༔ བྱིན་གྱིས་བརླབས་པའི་བགྲང་ཕྲེང་ལ༔ བཟླས་བརྗོད་སྔགས་ཀྱི་ནུས་མཐུ་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ གྲགས་སྟོང་གསུང་གི་དབང་ཐོབ་ཤོག༔ ཝཱ་ཀ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ ཐུགས་ལས་ཕྱག་མཚན་ཚོགས་སྤྲོས་ཏེ༔ སྙིང་གར་ཐིམ་པས་བྱིན་བརླབ་བསམ༔ ཧཱུྃ༔ ཐབས་དང་ཤེས་རབ་ཟུང་འཇུག་ཚུལ༔ ཡེ་ཤེས་རོལ་པའི་ཕྱག་མཚན་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རིག་སྟོང་ཐུགས་ཀྱི་དབང་ཐོབ་ཤོག༔ ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དར་གོས་རིན་ཆེན་པད་ཕྲེང་སྦྱིན༔ ཧྲཱི༔ ཡེ་ཤེས་ལྷུན་རྫོགས་དར་གྱི་གོས༔ རིན་ཆེན་པདྨའི་ཕྲེང་བ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འདོད་འབྱུང་ཡོན་ཏན་དབང་ཐོབ་ཤོག༔ གུ་ཎ་ཛྙཱ་ན་ཨ་བྷི་ཥིཉྩ་ཧོ༔ རུས་པའི་ཕྱག་རྒྱ་ལྔས་བརྒྱན་ཏེ༔ ཧོ༔ ཡེ་ཤེས་ལྔ་དང་ཕར་ཕྱིན་དྲུག༔ མཚོན་བྱེད་རུས་པའི་ཕྱག་རྒྱ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འགྲོ་འདུལ་ཕྲིན་ལས་དབང་ཐོབ་ཤོག༔ ཀརྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཧོ༔ བུམ་དབང་ཐོབ་པས་ལུས་སྒྲིབ་དག༔ བསྐྱེད་བཟླས་ཕྲིན་ལས་སྒྲུབ་ལ་དབང༔ སྤྲུལ་སྐུ་འགྲུབ་པའི་སྐལ་ཅན་གྱུར༔ དཀྱིལ་འཁོར་གཙོ་མོ་ཐབས་མཆོག་དང༔ སྙོམས་འཇུག་བྱང་སེམས་མགྲིན་པར་སྦྱིན༔ ཨཱ༔ བླ་མ་ཡབ་ཡུམ་སྙོམས་ཞུགས་པའི༔ དཀར་དམར་ལྷག་པའི་བྱང་ཆུབ་སེམས༔ སྐལ་ལྡན་ལྕེ་ལ་བཞག་པ་ཡིས༔ སྒྲ་གྲགས་སྔགས་སུ་དག་པར་ཤོག༔ གུ་ཧྱ་ཛྙཱ་ན་ཨ་མྲྀཏ་ཨ་བྷི་ཥིཉྩ་ཨཱ༔ དེ་དང་རྗེས་སུ་འབྲེལ་པ་རུ༔ ཁྱད་པར་བྱིན་རླབས་དྲུག་བྱེད་ན༔ བདུད་རྩིས་ལུས་གང་གཙོ་མོའི་སྐུ༔ རྩ་གསུམ་འཁོར་ལོ་ལྔ་དང་བཅས༔ ལྷག་པར་གསལ་བའི་གནས་ལྔ་རུ༔ བུདྡྷ་པདྨ་བཛྲ་དང༔ རཏྣ་ཀརྨ་ཐོད་ཕྲེང་རྩལ༔ སོ་སོའི་ཡུམ་དང་བཅས་པ་བསྒོམས༔ ལུས་གནད་བསྲངས་ལ་རླུང་རོ་བསལ༔ ལྟེ་བའི་ལྷ་དང་རཾ་ཡིག་ལ༔ སེམས་གཏད་བུམ་ཅན་རླུང་སྦྱོར་གྱིས༔ ལྷ་ལས་འོད་འཕྲོས་གཏུམ་མོ་སྦར༔ འཁོར་ལོ་ལྔ་དང་ལུས་ཀུན་གང༔ སྙིགས་མའི་ཁམས་བསྲེགས་དྭངས་མ་རྒྱས༔ བདེ་དྲོད་རབ་ཏུ་འབར་བར་བསམ༔ དཔལ་འབར་མེ་ཡིས་ལུས་ལ་བསྐོར༔ ཏྲཱཾ༔ རཏྣ་ཐོད་ཕྲེང་བྱིན་རླབས་ཀྱིས༔ གཏུམ་མོའི་མེ་ལྕེ་སྦར་བ་ལས༔ མཚན་འཛིན་རྣམ་རྟོག་བག་ཆགས་བསྲེགས༔ བདེ་དྲོད་ཡེ་ཤེས་འབར་བར་ཤོག༔ ཨོཾ་རཏྣ་ཐོད་ཕྲེང་རྩལ་ཛྙཱ་ན་ཛྭ་ལ་རཾ་ཨ་དྷིཥྛཱ་ན་ཨ་དྷིཥྛཱ་ཏེ་སྭཱ་ཧཱ༔ རཾ་རཾ་རཾ༔ སྤྱི་བོའི་ལྷ་ལ་སེམས་གཏད་པས༔ འོད་ཟེར་དྭངས་གསལ་ཕྱི་ནང་ཁྱབ༔ རང་ལུས་སྣོད་བཅུད་ཐམས་ཅད་ཀུན༔ སྣང་སྟོང་ལྷ་སྐུ་འཇའ་ཚོན་ལྟར༔ གསལ་བསྒོམ་སྒྱུ་མའི་འདུན་པ་གཏད༔ མེ་ལོང་ལྷ་ཡི་གཟུགས་འཆར་བསྟན༔ ཧཱུྃ༔ བུདྡྷ་ཐོད་ཕྲེང་བྱིན་རླབས་ཀྱིས༔ ཐ་མལ་སྣང་ཞེན་དངོས་པོ་སྦྱངས༔ སྒྱུ་མ་ཆུ་ཟླ་གཟུགས་བརྙན་ལྟར༔ ཟུང་འཇུག་ཆེན་པོའི་དབང་ཐོབ་ཤོག༔ ཨོཾ་བུདྡྷ་ཐོད་ཕྲེང་རྩལ་མ་ཧཱ་མ་ཡ་ཛྙཱ་ན་ཨ་དྷིཥྛཱ་ན་ཨ་དྷིཥྛཱ་ཏེ་སྭཱ་ཧཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྙིང་གའི་ལྷ་ལས་འོད་འཕྲོས་པས༔ ཐམས་ཅད་འོད་གསལ་ཆེན་པོར་སྦྱངས༔ ལྷ་ཡི་ཐུགས་ཀར་ཨ་མཐིང་ག༔ ཤིན་ཏུ་ཕྲ་བར་སེམས་གཏད་པས༔ སྣང་མཆེད་ཐོབ་པ་ཉེར་ཐོབ་རྣམས༔ རིམ་གྱིས་ཐིམ་ནས་གཞིའི་འོད་གསལ༔ གནས་ལུགས་དྲི་མེད་མངོན་བྱས་བསམ༔ དྭངས་མའི་ཤེལ་ལམ་མེ་ལོང་བསྟན༔ ཧཱུྃ༔ རྡོ་རྗེ་ཐོད་ཕྲེང་བྱིན་རླབས་ཀྱིས༔ སྣང་གསུམ་དབྱིངས་སུ་ཐིམ་པ་ལས༔ དྭངས་ཤིང་གསལ་ལ་མི་རྟོག་པའི༔ འོད་གསལ་གནས་ལུགས་མངོན་འགྱུར་ཤོག༔ ཨོཾ་བཛྲ་ཐོད་ཕྲེང་རྩལ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་ཨ་དྷིཥྛཱ་ན་ཨ་དྷིཥྛཱ་ཏེ་སྭཱ་ཧཱ༔ ཨ་ཨ་ཨ༔ པདྨ་ཐོད་ཕྲེང་མགྲིན་པ་རུ༔ ཨོཾ་ཡིག་དམར་པོར་སེམས་བཟུང་སྟེ༔ ཐམས་ཅད་རྨི་ལམ་ཡིན་སྙམ་པའི༔ འདུན་པ་དྲག་གཏད་བློ་སེམས་གཅུན༔ མེ་ལོང་གཟུགས་བརྙན་སྣ་ཚོགས་བསྟན༔ ཧཱུྃ༔ པདྨ་ཐོད་ཕྲེང་བྱིན་རླབས་ཀྱིས༔ རྨི་ལམ་སྤྲུལ་བསྒྱུར་འབྱོངས་པ་ལས༔ ཆོས་ཀུན་སྟོང་པའི་གཟུགས་བརྙན་ལྟར༔ ཡང་དག་ངེས་དོན་རྟོགས་པར་ཤོག༔ ཨོཾ་པདྨ་ཐོད་ཕྲེང་རྩལ་ཤཱུནྱ་ཏཱ་རཱུ་པ་ཛྙཱ་ན་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ༔ ཨཾ་ཨཾ་ཨཾ༔ ལྟེ་འོག་དབུས་མར་ཟླ་དཀྱིལ་སྟེང༔ རླུང་སེམས་ངོ་བོ་བཾ་ཡིག་གསལ༔ གསང་བའི་ལྷ་ལ་སེམས་གཏད་ཅིང༔ འོག་རླུང་བསྐུམས་པས་འོད་ཟེར་དང༔ རླུང་གིས་ཟླ་དཀྱིལ་ལ་རེག་པས༔ བཾ་ཡིག་སྐར་མདའ་ཆད་པ་ལྟར༔ གྱེན་སོང་ལྟེ་སྙིང་མགྲིན་པའི་ལྷར༔ བསྐོར་ཏེ་བུདྡྷ་ཐོད་ཕྲེང་གི༔ ཐུགས་ཀར་ཐིམ་བསམ་རླུང་རིག་བསྲེ༔ མདའ་གཞུའི་བརྡ་ཡིས་མཚོན་བྱས་ཏེ༔ ཧཱུྃ༔ ཀརྨ་ཐོད་ཕྲེང་བྱིན་རླབས་ཀྱིས༔ རླུང་སེམས་ཐིག་ལེ་མདའ་ལྟར་འཕང༔ དབྱིངས་དང་རིག་པ་དབྱེར་མེད་ངང༔ མཁའ་སྤྱོད་གནས་སུ་འཕོ་བར་ཤོག༔ ཨོཾ་ཀརྨ་ཐོད་ཕྲེང་རྩལ་ཛྙཱ་ན་པྲ་ཝེ་ཤ་ཡ་ཕཊ྄༔ ཨ་དྷིཥྛཱ་ན་ཨ་དྷིཥྛཱ་ཏེ་སྭཱ་ཧཱ༔ ཕཊ྄་ཕཊ྄་ཕཊ྄༔ ཐིག་ལེ་མར་བབས་ལྟེ་འོག་གི༔ ཟླ་སྟེང་ལྕི་ཐིང་གནས་པར་བསམ༔ སླར་ཡང་གཙོ་མོའི་ལུས་དཀྱིལ་བཅས༔ གསལ་བཏབ་དེ་ལས་འོད་ཟེར་འཕྲོས༔ ཅིར་སྣང་བར་དོའི་འདུན་པ་ཡིས༔ སྣང་གྲགས་རྟོག་ཚོགས་མཁའ་འགྲོ་མའི༔ སྐུ་གསུང་ཐུགས་ཀྱི་རང་བཞིན་བསམ༔ ཐམས་ཅད་འོད་གསལ་དབྱིངས་སུ་ཐིམ༔ དེ་ལས་ཟུང་འཇུག་ལྷ་ཡི་སྐུ༔ སྒྱུ་མ་ལྟ་བུར་ལམ་གྱིས་ལྡང༔ སྣང་གསལ་མར་མེའི་བརྡས་མཚོན་ཏེ༔ ཧཱུྃ༔ ཡེ་ཤེས་མཁའ་འགྲོའི་བྱིན་རླབས་ཀྱིས༔ ལྷ་སྔགས་ཆོས་སྐུའི་སྣང་བ་འབར༔ བར་དོའི་འཁྲུལ་པའི་མུན་པ་བསལ༔ སྐུ་གསུམ་གོ་འཕང་མངོན་གྱུར་ཤོག༔ ཨོཾ་ཛྙཱ་ན་དྷཱ་ཀི་ནཱི་མ་ཧཱ་སུ་ཁ་ཀཱ་ཡ་ཛྙཱ་ན་ཨ་དྷིཥྛཱ་ན་ཨ་དྷིཥྛཱ་ཏེ་སྭཱ་ཧཱ༔ བཾ་བཾ་བཾ༔ གསང་དབང་ཐོབ་པས་ངག་སྒྲིབ་དག༔ སྲོག་རྩོལ་ཁ་སྦྱོར་བསྒོམ་ལ་དབང༔ ལོངས་སྐུ་འགྲུབ་པའི་སྐལ་ཅན་གྱུར༔ སིནྡྷུ་ར་ཡི་དཀྱིལ་འཁོར་གཏད༔ ལྟེ་བར་ཐིག་ལེ་བཀོད་བྱས་པས༔ གཏུམ་མོའི་མེ་འབར་སྤྱི་བོའི་ཧཾ༔ ཞུ་བའི་དཀར་དམར་བདེ་རྒྱུན་གྱིས༔ ལུས་གང་དགའ་བཞི་ལུགས་འབྱུང་དང༔ ལུགས་ལྡོག་སྤྱི་བོར་བརྟན་པ་ལས༔ ལྷན་སྐྱེས་ཡེ་ཤེས་མངོན་གྱུར་བསམ༔ ཧཱུྃ༔ རྣམ་ཐར་གསུམ་ལྡན་ཆོས་འབྱུང་མཁར༔ རྡོ་རྗེ་བཙུན་མོའི་བདེ་ཆེན་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དཔེ་ཡི་ཡེ་ཤེས་མངོན་གྱུར་ཤོག༔ མ་ཧཱ་སུ་ཁ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཤེར་ཡེའི་དབང་ཐོབ་ཡིད་སྒྲིབ་དག༔ ཞུ་བདེ་ལྷན་སྐྱེས་བསྒོམ་ལ་དབང༔ ཆོས་སྐུ་འགྲུབ་པའི་སྐལ་ཅན་གྱུར༔ བདེ་བས་དྲངས་པའི་སྟོང་པ་ཉིད༔ བརྗོད་མེད་སོ་སོ་རང་རིག་པ༔ དྲི་བྲལ་ནམ་མཁའི་དཀྱིལ་ལྟ་བུར༔ མཉམ་པར་བཞག་ལ་ཤེལ་གོང་བསྟན༔ ཨ༔ བདེ་བའི་ངོ་བོ་སྟོང་པ་ཉིད༔ ཟུང་འཇུག་རང་རིག་འོད་གསལ་བ༔ བསམ་གྱིས་མི་ཁྱབ་དབང་བསྐུར་བས༔ དོན་གྱི་ཡེ་ཤེས་མངོན་གྱུར་ཤོག༔ ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ་ཨ༔ བཞི་པའི་དབང་ཐོབ་ཤེས་སྒྲིབ་དག༔ ལྷན་སྐྱེས་ཡེ་ཤེས་བསྒོམ་ལ་དབང༔ ངོ་བོ་ཉིད་འགྲུབ་སྐལ་ཅན་གྱུར༔ དེས་ནི་དབང་བསྐུར་ཡོངས་སུ་རྫོགས༔ སྙིང་པོ་གཏོར་མའི་བྱིན་རླབས་ཀྱིས༔ རང་དང་གཞན་དག་སྨིན་འདོད་ན༔ མཁའ་འགྲོའི་གཏོར་མ་རྒྱན་དང་ལྡན༔ སྐུ་འབག་དར་གདུགས་སྤྲས་པ་བཤམ༔ ལྷར་བསྐྱེད་མཆོད་བསྟོད་བཟླས་པ་བྱ༔ སྔོན་འགྲོ་རྒྱས་བསྡུས་སྐབས་དང་བསྟུན༔ གཏོར་མ་མཁའ་འགྲོའི་དཀྱིལ་འཁོར་བའི༔ གནས་གསུམ་འོད་ཟེར་དཀར་དམར་མཐིང༔ རང་གི་གནས་གསུམ་ལ་ཐིམ་པས༔ དབང་དང་བྱིན་རླབས་ཐོབ་པར་བསམ༔ ཧཱུྃ༔ རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར་ནས༔ ཡེ་ཤེས་མཁའ་འགྲོ་བྱིན་རླབས་ཅན༔ མཚན་ལྡན་སྐུ་ཡི་དཀྱིལ་འཁོར་ནས༔ སྐལ་ལྡན་ལུས་ལ་དབང་སྐུར་ཅིག༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ འགག་མེད་གསུང་གི་དཀྱིལ་འཁོར་ནས༔ སྐལ་ལྡན་ངག་ལ་དབང་སྐུར་ཅིག༔ ཚངས་པ་གསུང་གི་དངོས་གྲུབ་སྩོལ༔ སྟོང་གསལ་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྐལ་ལྡན་ཡིད་ལ་དབང་སྐུར་ཅིག༔ ཉམས་དང་རྟོགས་པའི་དངོས་གྲུབ་སྩོལ༔ དབྱེར་མེད་ཡེ་ཤེས་དཀྱིལ་འཁོར་ནས༔ ལུས་ངག་ཡིད་ལ་དབང་སྐུར་ཅིག༔ ལྷན་སྐྱེས་བདེ་ཆེན་དངོས་གྲུབ་སྩོལ༔ སྒྲུབ་པའི་སྔགས་ཀྱི་ཤམ་བུ་རུ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་བཏགས་གཏོར་མ་གནས་བཞིར་གཏུགས༔ ལྷ་རྣམས་འོད་ཞུ་སློབ་མར་བསྟིམ༔ གཏོར་རྫས་བདུད་རྩིར་བསམས་ལ་མྱང༔ དངོས་གྲུབ་གཉིས་ཐོབ་ངེས་ཤེས་བསྐྱེད༔ དཔྲལ་བར་སིནྡྷུ་རའི་ཐིག་ལེ༔ དབང་ཐོབ་དམ་ཚིག་རྟགས་སུ་གདབ༔ མཐའ་རྟེན་ཚེ་ཡི་དབང་བསྐུར་ནི༔ བཅའ་གཞི་སྒྲུབ་ཚུལ་གོང་ལྟར་བྱ༔ མཎྜལ་ཕུལ་ནས་གསོལ་བ་གདབ༔ ཚེ་བདག་མཁའ་འགྲོར་དབྱེར་མེད་པའི༔ སློབ་དཔོན་ཆེན་པོ་དགོངས་སུ་གསོལ༔ བདག་ལ་ཡེ་ཤེས་མཁའ་འགྲོ་མའི༔ འཆི་མེད་ཚེ་ཡི་དབང་བསྐུར་སྩོལ༔ འདི་ཉིད་ཁོལ་ཕྱུང་བྱེད་པའི་ཚེ༔ རྒྱུད་སྦྱང་ཡེ་ཤེས་དབབ་བསྟིམ་བྱ༔ གང་ཡང་དམིགས་པའི་གནད་དང་བཅས༔ ཚེ་འགུགས་བཏང་ལ་ཐུགས་དམ་བསྐུལ༔ ཚེ་འབྲང་ལྷར་གསལ་སྤྱི་བོར་བཞག༔ ཨོཾ༔ མི་འགྱུར་རང་བཞིན་སྐུ་ཡི་ཚེ༔ འཁོར་འདས་དྭངས་བཅུད་ཐིག་ལེར་འཁྱིལ༔ གཟི་བརྗིད་ཆེན་པོས་དབང་བསྐུར་བས༔ རྡོ་རྗེའི་སྐུ་རུ་འགྲུབ་པར་ཤོག༔ ཚེ་ཡི་སྔགས་ཀྱི་ཤམ་བུ་རུ༔ ཀཱ་ཡ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ ཚེ་ཆང་མགྲིན་པར་བཞག་ལ་བླུད༔ ཨཱ༔ འགག་མེད་སྒྲ་དབྱངས་གསུང་གི་ཚེ༔ རླུང་སྔགས་དབུ་མའི་དབྱིངས་སུ་རྫོགས༔ ནུས་པ་མཆོག་གིས་དབང་བསྐུར་བས༔ རྡོ་རྗེའི་གསུང་དུ་འགྲུབ་པར་ཤོག༔ ཝཱ་ཀ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ རིལ་བུ་སྙིང་གར་གཏུགས་ཤིང་མྱང༔ ཧཱུྃ༔ འོད་གསལ་ཁྱབ་བརྡལ་ཐུགས་ཀྱི་ཚེ༔ རང་བྱུང་བརྟན་གཡོ་ཀུན་ལ་ཁྱབ༔ རྟག་པ་དམ་པས་དབང་བསྐུར་བས༔ རྡོ་རྗེའི་ཐུགས་སུ་འགྲུབ་པར་ཤོག༔ ཙིཏྟ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རྗེས་ལ་རྒྱས་གདབ་ཤིས་པ་བརྗོད༔ དམ་ཚིག་ཁས་བླངས་གཏོང་རག་དབུལ༔ དབང་འདི་ལན་གཅིག་ཐོབ་ནས་ཀྱང༔ དམ་ཚིག་ཉམས་པར་མ་བྱས་ན༔ འདི་དང་འཆི་ཁ་བར་དོ་ཚུན༔ ཕོ་ཉ་གསུམ་གྱིས་བྱིན་བརླབས་ནས༔ མཁའ་སྤྱོད་ཆེན་པོའི་གནས་སུ་བགྲོད༔ མཆོག་དངོས་འགྲུབ་པར་ཐེ་ཚོམ་མེད༔ དེ་བས་སྐལ་ལྡན་སྙིང་ལ་ཕུར༔ མཁའ་འགྲོ་རྒྱ་མཚོའི་རྒྱུད་དང་ལུང༔ མན་ངག་ངེས་པའི་ཟབ་མོའི་དོན༔ རྒྱ་ཆེར་གཞན་དུ་བསྟན་པ་ལས༔ དབྱིངས་སྤྲུལ་རིགས་ལྔ་པདྨའི་ལྕམ༔ རྩ་གསུམ་དཀྱིལ་འཁོར་གཅིག་བསྡུས་པའི༔ བསྐྱེད་རྫོགས་སྨིན་བྱེད་ཀུན་གྱི་བཅུད༔ འོ་མའི་སྙིང་པོ་རྩི་མར་ལྟར༔ ཚིག་ཉུང་དོན་འདྲིལ་བྱིན་རླབས་ཆེ༔ འབྲེལ་ཐོབ་ཙམ་གྱིས་ལམ་སྣ་ཟིན༔ ཉམས་བླངས་མཁའ་སྤྱོད་ཆེན་པོ་འགྲུབ༔ གླེགས་བམ་བཞུགས་པའི་ཕྱོགས་སུ་ཡང༔ མཁའ་འགྲོ་རྒྱ་མཚོས་བྱིན་གྱིས་རློབས༔ དེ་ལྟའི་ཟབ་གསང་སྙིང་གི་ཐིག༔ སྔོན་ཆད་ནམ་ཡང་མ་བསྟན་པ༔ ཀུན་འདུས་ཀུན་ལས་འཕགས་པ་འདི༔ ད་ལྟ་ཆོས་རྒྱལ་བཻ་རོ་སོགས༔ ཉེ་བའི་འདུས་པ་རྣམས་ལ་བསྟན༔ མ་སྤེལ་བརྡ་ཡི་རིས་སུ་ཐོབ༔ དེ་ཝཱི་ཀོ་ཊའི་གནས་ཀྱི་སྙིང༔ རིན་ཆེན་བྲག་ཏུ་ཆོས་ནོར་རྫས༔ གཏེར་ཁ་མང་པོའི་བསྡེབས་སུ་སྦོས༔ མ་འོངས་ཤིན་ཏུ་སྙིགས་མའི་དུས༔ ཀླ་ཀློའི་འཇུག་པས་སྐབས་བཙལ་ཞིང༔ བོད་ཁམས་བདེ་སྐྱིད་ཟད་པའི་ཚེ༔ ད་ལྟའི་ལོ་ཙཱ་ཆེན་པོ་ཡི༔ སྨོན་ལམ་སྤྲུལ་པའི་གར་མཁན་འབྱུང༔ རྩ་བའི་རྟེན་འབྲེལ་མ་འཆོར་ན༔ ཟབ་ཅིང་རྒྱ་ཆེའི་གཏེར་ལ་སྤྱོད༔ རྒྱལ་བའི་བསྟན་པ་ཡུན་དུ་བསྲིངས༔ གཞན་དབང་ལྟར་སྣང་དབང་སོང་ན༔ གློ་བུར་ཚེ་ལ་བར་གཅོད་འབྱུང༔ སྐྱེ་བ་བརྒྱུད་ནས་ལས་འཕྲོ་སྤྱོད༔ འོན་ཀྱང་ཞེན་ལོག་ངེས་འབྱུང་གིས༔ གཡེང་སྤངས་སྒྲུབ་ལ་བརྩོན་པ་ན༔ བདག་གི་བྱིན་གྱིས་བརླབས་པའི་མཐུས༔ བར་གཅོད་གེགས་ལས་གྲོལ་ནས་ཀྱང༔ ཆོས་རྒྱལ་ཡབ་སྲས་སྤྲུལ་པ་དང༔ ཡོན་མཆོད་ཞལ་འཛོམ་རྟེན་འབྲེལ་གྱིས༔ ལས་འཕྲོ་ཉམས་པ་ཕལ་ཆེར་གསོ༔ ཆོས་རྟེན་དམ་རྫས་འགའ་ཞིག་སྤྱོད༔ ཁྱད་པར་མཛོད་ལྔའི་ཤིང་རྟ་འདྲེན༔ ཆགས་སྡང་བདུད་དབང་མ་གྱུར་ན༔ མདོ་སྔགས་བསྟན་པའི་སྒྲོན་མེ་སྦར༔ དེ་ཚེ་གསང་བའི་ཐིག་ལེ་ཡིས༔ གདམས་པ་བཅུད་བསྡུས་འདི་དག་ཀྱང༔ སྦས་དང་སྟོན་པ་དོན་ཡོད་འགྱུར༔ སྔགས་ཀྱི་སྲུང་མས་བཀའ་ཡང་གཉེར༔ སྐལ་མེད་ལག་ཏུ་མ་ཤོར་བར༔ མི་འགྱུར་བློ་གྲོས་མིང་ལ་སྤྲོད༔ སྐལ་ལྡན་མང་པོའི་དཔལ་དུ་ཤོག༔ ས་མ་ཡ༔ རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ༔སྤྲུལ་པའི་གཏེར་འབྱིན་རྒྱ་མཚོའི་གཙུག་གི་ནོར་བུ་ལོ་ཆེན་བཻ་རོ་དངོས་བྱོན་ཨོ་རྒྱན་འཆི་མེད་བསྟན་གཉིས་གླིང་པས་དཔལ་སྤུངས་ཡང་ཁྲོད་དེ་ཝཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་མགུལ་ནས་སྤྱན་དྲངས་པའི་ཤོག་སེར་ལས། འཇམ་དཔལ་ཆོས་ཀྱི་བཤེས་གཉེན་པདྨ་འོད་གསལ་མདོ་སྔགས་གླིང་པས་དག་པར་ཕབ་པ་དགེ །འདི་འཕྲོས་ཤོག་སེར་ལ་ལུང་བསྟན་ཚན་གཅིག་བཞུགས་ཀྱང་འབེབ་རྒྱུ་མ་བྱས་སོ།། །།
རྩ་གསུམ་དགོངས་འདུས་བླ་མ་རིག་འཛིན་རྒྱ་མཚོའི་དཀྱིལ་འཁོར་གྱི་འཁོར་ལོ་སྒྲུབ་ཅིང་མཆོད་པའི་ཆོ་ག་དངོས་གྲུབ་འདོད་འཇོའི་དགའ་སྟོན་ (Volume 67, Text 2)
༄༅། །རྩ་གསུམ་དགོངས་འདུས་བླ་མ་རིག་འཛིན་རྒྱ་མཚོའི་དཀྱིལ་འཁོར་གྱི་འཁོར་ལོ་སྒྲུབ་ཅིང་མཆོད་པའི་ཆོ་ག་དངོས་གྲུབ་འདོད་འཇོའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི་སིདྡྷཾ། ཇི་སྙེད་རྩ་གསུམ་རབ་འབྱམས་སྤྲོ་བསྡུའི་བདག །དྲན་པས་གདུང་སེལ་ཨོ་རྒྱན་རྡོ་རྗེ་འཆང་། །གཅིག་ཆོག་མགོན་དུ་ཤེས་པས་ཁྱོད་བསྙེན་ན། །དགོངས་བརྒྱུད་བདུད་རྩིའི་ཕ་ཕོག་འདིར་སྩོལ་མཛོད། །མགོན་ཁྱོད་ཕྲིན་ལས་ངོ་མཚར་སྒྱུ་མའི་གར། །གདུལ་བྱའི་དཔལ་དུ་གང་འདུལ་དེར་འཆར་བ། །རིག་འཛིན་རྒྱ་མཚོའི་དཀྱིལ་འཁོར་འཁོར་ལོའི་སྤྲིན། །མཆོད་ཅིང་བསྙེན་པའི་ཐབས་ཚུལ་འདི་ན་དབྱེ། །དེའང་སྐལ་པ་དང་ལྡན་པའི་གང་ཟག་རྣམས་ཀྱིས་བླ་མ་རྩ་གསུམ་འདུས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཉིད་བསྙེན་ཅིང་མཆོད་པའི་ཚུལ་ལ་ཆེ་ཐང་དུ་བརྩོན་པར་བྱ་སྟེ། འདི་ཉིད་བྱིན་རླབས་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་ལམ་ཟབ་མོ་གཅིག་ཆོག་མ་ཉིད་དུ་གྲུབ་པའི་ཕྱིར་རོ། །དེས་ན་དེའི་ཚུལ་ཉམས་སུ་ལེན་པའི་རིམ་པ་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལའང་གཉིས་ལས། ཐོག་མར་བྱ་བའི་སྦྱོར་བ་ནི། གང་དུ་བྱ་བའི་གནས་ཁང་གཙང་ཞིང་མཛེས་པར་བརྒྱན་པའི་གུང་དུ་བྱིན་རླབས་ཅན་གྱི་དམ་ཚིག་གི་རྟེན་བཀྲམ་པའི་སྤྱན་སྔར་དཔལ་གྱི་གཏོར་མ་རིན་ཆེན་འབར་བ་རྒྱན་སྤྲོས་དང་ལྡན་པའི་གཡས་གཡོན་དུ་སྨན་ཕུད་དང་རཀྟ། མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ་ཕྲེང་ཚར་དང་། བཀའ་སྲུང་གཏེར་སྲུང་གི་གཏོར་མ་སོགས་བཀོད་པས་མཛེས་པར་བཤམ། གཞན་ཡང་སྔོན་གཏོར། ཆད་བརྟན། ཚོགས་ཀྱི་ཡོ་བྱད། སྤོས་དང་མེ་ཏོག །རོལ་མོའི་བྱེ་བྲག་སོགས་འདིར་དགོས་པའི་ཡོ་བྱད་མཐའ་དག་མ་ཚང་བ་མེད་པར་འདུ་བྱའོ། །གཉིས་པ་ཆོ་གའི་སྦྱོར་བ་ལ་གསུམ་ལས། དང་པོ་རྒྱུད་སྦྱོང་བ་ནི། སྒྲུབ་པ་པོ་བདེ་བའི་སྟན་ལ་འཁོད་དེ། ཕྱོགས་བཅུ་དུས་བཞིའི་བླ་མ་རིག་འཛིན་སྐྱབས་ཡུལ་རྒྱལ་བ་རྒྱ་མཚོའི་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སད་པར་མོས་ལ་མཆོག་ཏུ་གུས་པ་ཆེན་པོས། ན་མོ༔ བདག་དང་མཁའ་ཁྱབ་སེམས་ཅན་མ་ལུས་ཀུན༔ དུས་འདི་ནས་བཟུང་བྱང་ཆུབ་མ་ཐོབ་བར༔ བདེ་གཤེགས་ཡོངས་རྫོགས་རྩ་གསུམ་དཀྱིལ་འཁོར་ལྷར༔ སྒོ་གསུམ་རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ། མཁའ་ཁྱབ་ཀྱི་འགྲོ་བ་ལ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། ཧོ༔ མ་གྱུར་ཁམས་གསུམ་རིགས་དྲུག་འགྲོ་བ་ལ༔ ཚད་མེད་བྱམས་དང་སྙིང་རྗེ་ཆེན་པོའི་བློས༔ སྐུ་གསུམ་གོ་འཕང་མཆོག་ལ་འགོད་པའི་ཕྱིར༔ རིག་འཛིན་བླ་མ་བསྒྲུབ་པར་སེམས་བསྐྱེད་དོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། དམིགས་འདོན་ཟུང་དུ་འཇུག་པས། ཧོ༔ ཀ་དག་དབྱིངས་ནས་ཤར་བའི་རྩ་གསུམ་ལྷར༔ གཉིས་སུ་མེད་པའི་ཚུལ་གྱིས་གུས་ཕྱག་འཚལ༔ ཆོས་ཉིད་རིག་རྩལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ སྡིག་ལྟུང་འདུས་མ་བྱས་པའི་ངང་དུ་བཤགས༔ ཟག་མེད་དགེ་ཚོགས་རྒྱ་མཚོར་ཡི་རང་ངོ༔ འཆི་མེད་གཉུག་མའི་ངང་དུ་རྟག་བཞུགས་ནས༔ བརྗོད་བྲལ་དོན་གྱི་ཆོས་འཁོར་བསྐོར་བར་སྐུལ༔ དགེ་ཚོགས་འོད་གསལ་སྙིང་པོའི་དབྱིངས་སུ་བསྔོ༔ འགྲོ་ཀུན་རང་བྱུང་ཡེ་ཤེས་སྐུ་ཐོབ་ཤོག༔ ཅེས་ཚོགས་བསགས་མཐར་ཚོགས་ཞིང་རྣམས་རང་ལ་བསྡུ། གཉིས་པ་འགལ་རྐྱེན་བསལ་བ་ནི། བགེགས་གཏོར། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པར་བལྟས་ལ། ཨོཾ་ཨཱཿཧཱུྃ་ཧོཿས་བྱིན་བརླབ། སརྦ་བྷཱུ་ཏ་ཨཱ་ཀརྵཱ་ཡ་ཛཿས་མགྲོན་རྣམས་བཀུག་པ་ལ། སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིནྟེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་གཏོར་མ་བསྔོས་ལ། ཧཱུྃ༔ གསང་སྔགས་སྒྲུབ་ལ་བལྟ་བར་མི་དབང་བའི༔ མི་དང་མི་མིན་ལོག་འདྲེན་འབྱུང་པོའི་ཚོགས༔ ཁྲོ་རྒྱལ་འབར་བའི་བཀའ་ལས་མ་འདའ་བར༔ རང་རང་སོ་སོའི་གནས་སུ་བདེ་བར་དེངས༔ ཞེས་བཀའ་བསྒོས་ལ་ཧཱུྃ་བཞིའི་དྲག་སྔགས་བརྗོད་ཅིང་ཡུངས་ཐུན་གྱིས་གཟིར་ཏེ་ཕྱིར་བསྐྲད་མཐར། ཧཱུྃ་ཧྲཱི༔ བླ་མ་རིག་འཛིན་བྱིན་རླབས་སྤྲིན་ཕུང་འཁྲིགས༔ ཡི་དམ་ལྷ་ཚོགས་སྲུང་བའི་གུར་དུ་གཏམས༔ མཁའ་འགྲོ་ཆོས་སྐྱོང་མཚམས་ཀྱི་ཕྲིན་ལས་མཛད༔ བགེགས་དང་བར་ཆད་འཇུག་པའི་སྐབས་མེད་གྱུར༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བཛྲ་རཀྵ་བྷྲཱུྃ༔ ཞེས་མཚམས་བཅད་དེ་སྲུང་བའི་འཁོར་ལོ་བརྟན་པོར་བསྒོམ། གསུམ་པ་མཐུན་རྐྱེན་སྤེལ་བ་ལ་གཉིས་ལས། དང་པོ་བྱིན་དབབ་པ་ནི། སྤོས་རོལ་དབྱངས་དང་བཅས་ཏེ། ཧཱུྃ༔ ཆོས་དབྱིངས་རྣམ་དག་སྐྱེ་མེད་ཕོ་བྲང་ནས༔ སྐྱེ་འགག་འགྱུར་མེད་སྤྲོས་པའི་མཐའ་བྲལ་ཡང༔ ཐུགས་རྗེའི་དམ་བཅའ་དུས་ལས་མི་གཡེལ་ཕྱིར༔ བླ་མ་རིག་འཛིན་ཡི་དམ་དྷཱ་ཀིའི་ཚོགས༔ དུས་གསུམ་བདེ་གཤེགས་རྒྱལ་བ་མ་ལུས་རྣམས༔ ཐུགས་དམ་དབང་གིས་བདག་ལ་བརྩེར་དགོངས་ནས༔ མི་མངོན་དབྱིངས་ནས་གནས་འདིར་སྐུར་བཞེངས་ཤིག༔ བྱིན་ཆེན་དབབ་ཅིང་དབང་ཆེན་བསྐུར་དུ་གསོལ༔ གསང་བའི་དཀྱིལ་འཁོར་དམ་རྫས་མ་ལུས་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཨོཾ་བཛྲ་ས་མ་ཡ་ཛ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བྷ་ག་ཝཱན༔ སརྦ་ས་མ་ཡ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བྱིན་དབབ། གཉིས་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི། བདག་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པ་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མཆོད་རྫས་ཀྱི་ཉེས་སྐྱོན་དྲི་མ་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུྃ་གི་རང་རྩལ་ཕྱི་ནང་གསང་བའི་འདོད་པའི་ཡོན་ཏན་སོ་སོའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ནམ་མཁའ་རབ་འབྱམས་གང་བ་རྣམས་སུ་གྱུར་པར་བསམ་ཞིང་། སྟོང་པའི་ངང་ལས་གནས་ཡུལ་རྡོ་རྗེའི་ཞིང༔ ཕྱི་ནང་གསང་མཆོད་ཀུན་བཟང་རོལ་པའི་རྒྱན༔ བདེ་བ་ཆེན་པོའི་ལོངས་སྤྱོད་བསམ་མི་ཁྱབ༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་པའི་རྫས་སུ་གྱུར༔ ཨོཾ་ཨཱཿབཛྲ་པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གྷནྡྷེ༔ ནཻ་བིདྱཱ༔ ཤབྡ་པཱུ་ཛ་ཧཱུྃ་ཧོ༔ ཞེས་བརྗོད་ཅིང་རོལ་མོ་བྱ། ཁྱད་པར་བདུད་རྩི། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་དུག་ལྔ་རྣམ་པར་དག་པ་ཡེ་ཤེས་ལྔའི་རང་བཞིན་ཟག་མེད་ཀྱི་བདུད་རྩིར་གྱུར་པར་བསམ་ལ། ཧྲཱི༔ དུང་ཆེན་བྱང་སེམས་དབྱིངས་དང་མཉམ་པའི་ནང༔ ཉོན་མོངས་ལྔ་དག་རང་བྱུང་ཡེ་ཤེས་ལྔ༔ ཟག་མེད་བདེ་ཆེན་ལྷུན་གྲུབ་བདུད་རྩིའི་མཚོ༔ ལྷ་རྣམས་དགྱེས་པ་བསྐྱེད་པའི་བཅུད་དུ་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་བདུན་ནམ་ཉེར་གཅིག་བཟླ། རཀྟ་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པའི་ནང་དུ་རཾ་ལས་ཉི་མའི་སྟེང་དུ་ར་ཡིག་ཞུ་བ་ལས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས་པ་ལ་ཁམས་གསུམ་གྱི་རཀྟ་ཐམས་ཅད་བསྡུས་ཤིང་ཐིམ་པར་བསམ་ལ། ཨ༔ དབྱིངས་ཀྱི་རང་བཞིན་སྟོང་ཉིད་བྷནྡྷ་རུ༔ ཡེ་ཤེས་ཆེན་པོ་བདེ་བའི་རཀྟ་འཁྱིལ༔ དབྱིངས་ཡེ་དབྱེར་མེད་ཟུང་འཇུག་དམར་འོད་འདྲེས༔ ཁུ་བ་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ཞེས་བདུན་བཟླ། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་གཏོར་གཞོང་སྣོད་ཀྱི་འཇིག་རྟེན་ཡངས་པར་གཏོར་རྫས་བཅུད་ཀྱི་སེམས་ཅན་རང་བཞིན་རྣམ་པར་དག་པ་འདོད་ཡོན་གྱི་ཕུང་པོ་བསམ་གྱིས་མི་ཁྱབ་པར་གྱུར་པར་བསམ་ལ། ཧཱུྃ༔ སྣོད་ཀྱི་འཇིག་རྟེན་ཡངས་པའི་གཏོར་གཞོང་དུ༔ བཅུད་ཀྱི་སྐྱེ་འགྲོ་འདོད་ཡོན་གཏོར་མར་སྦྱང༔ བག་ཆགས་སྐྱོན་བྲལ་འདོད་རྒུའི་ཕུང་པོར་སྤར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་ཧཱུྃ་ཧྲཱིཿཋཱ༔ ཞེས་བདུན་བཟླ། དེ་དག་ཀུན་གྱི་མཐར། ཨོཾ་བཛྲ་སྥ་ར་ཎ་ཁཾ་གིས་མཆོད་པའི་སྤྲིན་རབ་འབྱམས་མཁའ་ཁྱབ་ཏུ་སྤེལ་ལོ།། །།སྤྱི་དོན་གཉིས་པ་དངོས་གཞིའི་ལས་རིམ་ལ་བརྒྱད་ལས། དང་པོ་དམ་ཚིག་གི་དཀྱིལ་འཁོར་གསལ་འདེབས་པ་ནི། སྟོང་ཉིད་ཀྱི་དབྱིངས་ལས་ལྷུན་གྲུབ་ཀྱི་སྣང་ཆ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བཀྲ་ལམ་གྱིས་གསལ་བར་བསམ་ལ། ཨ༔ འོད་གསལ་དེ་བཞིན་ཉིད་དབྱིངས་ཡེ་ཤེས་ལས༔ ཟུང་འཇུག་དམིགས་མེད་ཀུན་སྣང་སྙིང་རྗེའི་གདངས༔ སྒྱུ་འཕྲུལ་དྲྭ་བའི་རྒྱུ་མཆོག་ཡི་གེ་ཧྲཱི༔ རྡོ་རྗེ་ནམ་མཁའི་དབྱིངས་སུ་འཇའ་ལྟར་ཤར༔ དེ་ལས་བདེ་ཆེན་འབར་བའི་འོད་ཟེར་གྱིས༔ སྣོད་བཅུད་གཟུང་འཛིན་བག་ཆགས་སྟོང་པར་སྦྱངས༔ སྟོང་གསལ་ངང་ལས་འབྱུང་བ་རིམ་བརྩེགས་སྟེང༔ རྡོ་རྗེའི་སྲུང་འཁོར་ནོར་བུའི་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་རྟ་བབས་བཞི་ཡིས་བརྗིད༔ ཡེ་ཤེས་ཡོན་ཏན་རང་སྣང་རྒྱན་དུ་རྫོགས༔ བྱང་ཆུབ་ཕྱོགས་ཀྱི་ཕོ་བྲང་ཆེན་པོའི་དབུས༔ རིན་ཆེན་ཟུར་བརྒྱད་པདྨ་ཉི་ཟླའི་སྟེང༔ ཧྲཱིཿཡིག་ཡོངས་གྱུར་དཀྱིལ་འཁོར་གཙོ་བོ་མཆོག༔ རྩ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་རྩལ༔ བདེ་སྟོང་དཀར་དམར་མདངས་ལྡན་བཅུ་དྲུག་ཉམས༔ ཡེ་ཤེས་རབ་རྒྱས་ཞི་འཛུམ་ཁྲོ་བོའི་ཚུལ༔ ཐེག་གསུམ་ཡོངས་རྫོགས་གསང་ཕོད་ཆོས་གོས་དང༔ ཟ་འོག་བེར་གསོལ་དར་དང་རིན་ཆེན་བརྒྱན༔ དབང་བཞིའི་མཐར་སོན་རྡོ་རྗེ་ཐོད་བུམ་དང༔ ཁ་ཊྭཱཾ་གཡོན་འཁྲིལ་པདྨ་མཐོང་གྲོལ་གསོལ༔ སྐུ་དང་ཞིང་ཁམས་རྒྱ་མཚོའི་ཁྱབ་བདག་ཆེ༔ འཇའ་ཟེར་འོད་ཕུང་ཐིག་ལེའི་ཀློང་ན་བཞུགས༔ དེ་ཡི་སྤྱི་བོར་པད་སྡོང་ཉི་ཟླའི་སྟེང༔ དབུས་སུ་གསང་བདག་མཐིང་གསལ་རྡོར་དྲིལ་འཆང༔ གཡས་སུ་འཇམ་དཔལ་རལ་གྲི་གླེགས་བམ་སེར༔ གཡོན་དུ་སྤྱན་གཟིགས་མཆོག་སྦྱིན་པདྨ་དཀར༔ དར་དང་རིན་ཆེན་རྒྱན་མཛེས་ཕྱེད་སྐྱིལ་རོལ༔ ཤར་དུ་ཡི་དམ་དབང་ཐོབ་དགའ་རབ་རྗེ༔ དཀར་གསལ་ས་གནོན་མཉམ་གཞག་སྤྲུལ་སྐུའི་ཚུལ༔ ལྷོ་རུ་རྒྱུད་ལུང་དབང་ཐོབ་རྒྱལ་པོ་ཛ༔ མཉམ་གཞག་གླེགས་བམ་འཁོར་ལོས་སྒྱུར་བའི་ཆས༔ ནུབ་ཏུ་རིག་རྩལ་དབང་ཐོབ་ཤྲཱི་སེངྷ༔ དམར་སྨུག་སྡིགས་མཛུབ་ཐོད་པ་བཅུད་བཀང་བསྣམས༔ བྱང་དུ་བཤེས་གཉེན་དབང་ཐོབ་སངས་རྒྱས་གསང༔ ཆོས་གོས་གསུམ་གསོལ་ཆོས་འཆད་ཕྱག་རྒྱ་འཆིང༔ ཀུན་ཀྱང་དགྱེས་འཛུམ་ཡེ་ཤེས་གཟི་བྱིན་འབར༔ བརྡ་བརྒྱུད་རིག་འཛིན་ཚོམ་བུ་འབུམ་གྱིས་བསྐོར༔ དེ་ཡི་སྤྱི་བོར་པདྨ་ཉི་ཟླའི་སྟེང༔ ཀུན་བཟང་མཐིང་གསལ་མཉམ་གཞག་ཡུམ་དང་འཁྲིལ༔ རིགས་ལྔ་ལ་སོགས་ཞི་བ་བཞི་བཅུ་གཉིས། །ཧེ་རུ་ཀཿསོགས་ཁྲག་འཐུང་ལྔ་བཅུ་བརྒྱད། །ཞི་ཁྲོ་རབ་འབྱམས་མ་འདྲེས་ཁྲོམ་དཀྲུགས་ཚུལ། །དགོངས་བརྒྱུད་རྒྱལ་བ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ ཡེ་ཤེས་སྒྱུ་མ་འོད་སྐུར་ལམ་མེར་བཞུགས༔ ཧཱུྃ༔ གཙོ་བོའི་གཡས་སུ་དབྱིངས་ཡུམ་མནྡཱ་ར༔ དཀར་དམར་མདངས་ལྡན་མདའ་དར་ཚེ་བུམ་བསྣམས༔ གཡོན་དུ་བདེ་ཆེན་ཡེ་ཤེས་མཚོ་རྒྱལ་མ༔ དགའ་བཞིའི་ཉམས་འབར་བདུད་རྩིའི་བྷནྡྷ་འཛིན༔ ཕྱི་རོལ་རིན་ཆེན་ཟུར་བརྒྱད་འོད་ཀྱི་ཀློང༔ ཤར་དུ་ཡང་དག་རྡོ་རྗེ་ཧཱུྃ་ཀཱ་ར༔ ཐབས་ཤེས་ཟུང་འཇུག་རྡོར་དྲིལ་ཐུགས་ཀར་བསྣོལ༔ ལྷོ་རུ་འཇམ་དཔལ་ཁྲག་འཐུང་བཤེས་གཉེན་རྩལ༔ འཁོར་འདས་ཟིལ་གནོན་བེ་ཅོན་སྡིགས་མཛུབ་སྒྲེང༔ ནུབ་ཏུ་རྟ་མཆོག་རོལ་པ་ནཱ་གརྫུ༔ ཁམས་གསུམ་དབང་སྡུད་འཁར་གསིལ་ལྷུང་བཟེད་འཆང༔ བྱང་དུ་རྡོ་རྗེ་གཞོན་ནུ་པྲ་ཧསྟི༔ སྲིད་པ་ཐལ་འབྱིན་རྒྱ་གྲམ་ཕུར་བུ་གདེངས༔ ཤར་ལྷོར་མངོན་རྫོགས་དྷ་ན་སཾསྐྲྀཏ༔ རྩ་རླུང་དབང་ཐོབ་རྔེའུ་ཆུང་ཐོད་ཁྲག་བསྣམས༔ ལྷོ་ནུབ་དཔལ་ཆེན་ཆེ་མཆོག་བི་མ་ལ༔ སྣང་སྲིད་བདུད་རྩི་དབྱིངས་ཀྱི་བྷནྡྷར་བསྐྱིལ༔ ནུབ་བྱང་གསང་བདག་གུ་ཧྱ་ཙནྡྲ་ནི༔ དྲེགས་ཚོགས་གཟིར་གནོན་ལྕགས་ཀྱུ་ཞགས་པ་འཕེན༔ བྱང་ཤར་སྟོབས་ལྡན་ཤཱནྟིཾ་གརྦྷ་ཆེ༔ མངོན་སྤྱོད་ཐོག་འབེབ་དམོད་པའི་གྲི་གུག་གདེངས༔ ཀུན་ཀྱང་ཞབས་གཉིས་འདོར་སྟབས་ཁྲོ་འཛུམ་ཉམས༔ གསང་གོས་སྣམ་སྦྱར་པདྨའི་མཉེན་ཞུ་གསོལ༔ རིག་འཛིན་རྩལ་འཆང་བྱེ་བ་འབུམ་སྡེའི་དབུས༔ ལྷ་དང་དབྱེར་མེད་འོད་སྐུར་ལམ་མེར་བཞུགས༔ ཧཱུྃ༔ དེ་ཡི་ཕྱི་རིམ་པདྨའི་འདབ་མ་ལ། །ཤར་དུ་ཡང་དག་ཐུགས་ཀྱི་བཀའ་བབས་མཆོག །ནམ་མཁའི་སྙིང་པོ་ཉི་མའི་ཟེར་ལ་འཆིབ། །ལྷོ་རུ་འཇམ་དཔལ་སྐུ་ཡི་བཀའ་བབས་མཆོག །སངས་རྒྱས་ཡེ་ཤེས་ཉི་ཟླ་གདན་དུ་བཏིང་།། ནུབ་ཏུ་དབང་ཆེན་གསུང་གི་བཀའ་བབས་མཆོག །རྒྱལ་བ་མཆོག་དབྱངས་སྤྱི་བོར་རྟ་སྐད་འཚེར། །བྱང་དུ་ཕྲིན་ལས་ཕུར་པའི་བཀའ་བབས་མཆོག །ཡེ་ཤེས་མཚོ་རྒྱལ་བྲག་ལ་ཕུར་པ་འདེབས། །ཤར་ལྷོར་བླ་མེད་མངོན་རྫོགས་བཀའ་བབས་མཆོག །དཔལ་གྱི་ཡེ་ཤེས་མ་སྲིང་ལས་ལ་བཀོལ། །ལྷོ་ནུབ་ཡོན་ཏན་ཆེ་མཆོག་བཀའ་བབས་མཆོག །ཛྙཱ་ན་ཀུ་མཱར་བྲག་ལས་བདུད་རྩི་འབྱིན། །ནུབ་བྱང་དྲེགས་པ་ཀུན་འདུལ་བཀའ་བབས་མཆོག །དཔལ་གྱི་སེང་གེ་དྲེགས་པ་ཕོ་ཉར་འགྱེད། །བྱང་ཤར་སྟོབས་ལྡན་དྲག་སྔགས་བཀའ་བབས་མཆོག །བཻ་རོ་ཙ་ན་སྡེ་བརྒྱད་བྲན་དུ་ཁོལ། །གཙོ་མདུན་བདེ་གཤེགས་འདུས་པའི་བཀའ་བབས་མཆོག །ཁྲི་སྲོང་ལྡེའུ་བཙན་གཞན་སྣང་ཟིལ་གྱིས་གནོན། །བཀའ་བབས་ཐུགས་ཀྱི་སྲས་དགུ་ལྷམ་མེར་གསལ། །དེ་ཡི་བར་མཚམས་ཕྱི་རོལ་བསྐོར་ཐབས་སུ། །རྡོ་རྗེ་བདུད་འཇོམས་མཁའ་ལ་ཐོགས་མེད་ལྡིང་། །ཡེ་ཤེས་དབྱངས་ཆེན་མཁའ་སྤྱོད་གནས་རྣམས་བགྲོད། །སོག་པོ་ལྷ་དཔལ་ཅེ་སྤྱང་ཕྱག་གིས་འཛིན། །སྣ་ནམ་ཡེ་ཤེས་མཁའ་ལ་བྱ་ལྟར་འཕུར། །གཡུ་སྒྲ་སྙིང་པོ་གསེར་གྱི་རྡོ་རྗེར་སྤྲུལ། །དཔལ་གྱི་དབང་ཕྱུག་ཕུར་པ་གདེངས་ཚད་སྒྲོལ། །ཤུད་བུ་དཔལ་སེང་ཆུ་བོ་གྱེན་དུ་ཟློག །ལྡན་མ་རྩེ་མང་མི་བརྗེད་གཟུངས་རྣམས་ཐོབ། །ཀ་བ་དཔལ་བརྩེགས་གཞན་རྒྱུད་ས་ལེར་མཁྱེན། །རྒྱལ་བའི་བློ་གྲོས་རོ་ལངས་གསེར་དུ་བསྒྱུར། ཁྱེའུ་ཆུང་ལོ་ཙཱ་ནམ་མཁའི་བྱ་རྣམས་འཛིན། །དྲན་པ་ནམ་མཁའ་བྱང་ནས་གཡག་རྒོད་འགུག །འོ་བྲན་དབང་ཕྱུག་ཆུ་ལ་ཉ་ལྟར་འཕྱོ། །རྨ་ཐོག་རིན་ཆེན་ཕ་ཝང་ཟན་ལྟར་གསོལ། །དཔལ་གྱི་རྡོ་རྗེ་རི་བྲག་ཐོགས་མེད་རྒྱུ། །ལང་གྲོ་དཀོན་མཆོག་ཐོག་ཆེན་མདའ་ལྟར་འཕེན། །རྒྱལ་བ་བྱང་ཆུབ་མཁའ་ལ་སྐྱིལ་ཀྲུང་བཞུགས། །ཕྱི་རིམ་འགྲོ་འདུལ་སྒྱུ་འཕྲུལ་རྡོ་རྗེའི་གར། །རྒྱ་བོད་མཁས་གྲུབ་སྙན་བརྒྱུད་རིག་པ་འཛིན། །གཏེར་ཆེན་བརྒྱ་རྩ་གཏེར་ཕྲན་སྟོང་རྩའི་ཕྲེང་། །ལུང་ཟིན་སྐྱེས་མཆོག་བཀའ་བབས་གྲུབ་ཆེན་ཚོགས། །ལ་ལ་རབ་བྱུང་ལ་ལ་སྔགས་པའི་ཚུལ། །རྣམ་འགྱུར་ཆ་ལུགས་ཕྱག་མཚན་མ་ངེས་པར། །བརྟུལ་ཞུགས་སྤྱོད་པའི་རྫུ་འཕྲུལ་བསམ་མི་ཁྱབ། །སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ཚུལ་དུ་གསལ། །ཧཱུྃ༔ དཀྱིལ་འཁོར་སྒོ་བཞིར་པད་ཉི་བདུད་བཞིའི་སྟེང༔ རིགས་བཞིའི་དཔའ་བོ་མཁའ་འགྲོ་ཡབ་ཡུམ་རྣམས༔ དཀར་སེར་དམར་ལྗང་ལས་བཞིའི་ཉམས་འགྱུར་རྫོགས༔ རིགས་ཀྱི་ཕྱག་མཚན་ཐོད་པ་ཁྲག་བཀང་རོལ༔ དར་དང་རིན་ཆེན་དུར་ཁྲོད་ཆས་ཀྱིས་བརྗིད༔ ཡེ་ཤེས་མེ་ཕུང་འབར་བའི་ཀློང་ན་འགྱིང༔ གཞན་ཡང་སྟེང་འོག་བར་མཚམས་ཐམས་ཅད་དུ༔ རིག་འཛིན་སློབ་དཔོན་ཡི་དམ་དཀྱིལ་འཁོར་ལྷ༔ མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་བདག་ཚོགས༔ མདངས་གསལ་མ་འགགས་རོལ་པའི་གནས་གསུམ་དུ༔ འབྲུ་གསུམ་རྒྱས་བཏབ་མི་ཕྱེད་རྡོ་རྗེའི་དངོས༔ བདེ་ཆེན་དབང་ཐོབ་རིགས་ལྔའི་ཅོད་པན་འཆང༔ སྐུ་དང་ཡེ་ཤེས་དབྱེར་མེད་ཕྱག་རྒྱར་བཞེངས༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ སརྦ་ཏ་ཐཱ་ག་ཏ་ཨཱཏྨ་ཀོ྅་ཧཾ༔ ཞེས་ལྷ་ཚོགས་རྣམས་གསལ་བཏབ་ལ་དབང་བསྐུར་ཞིང་རྒྱས་གདབ། འདིར་བདག་ཉིད་ཀྱི་རྣལ་འབྱོར་ཁོ་ནའམ་དགོས་པ་གཞན་གྱི་སླད་དུ་ཚོགས་རྟེན་གྱི་དཀྱིལ་འཁོར་སྒྲུབ་པ་ལ་འཇུག་ནའང་བདག་མདུན་གཅིག་ཅར་དུ་སྒོམ་པ་ཐེག་རྩེ་མ་ཧཱའི་མན་ངག་གིས་གསང་བ་ཁོང་དུ་ཆུད་པར་བྱའོ། །གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་ནི། དེ་ལྟར་གསལ་བའི་དྭངས་མའི་ཐུགས་སྲོག་ལས་འོད་ཟེར་འཕྲོས་པས་ལྷོ་ནུབ་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་སོགས་རང་བཞིན་མཁའ་ཁྱབ་ཀྱི་ཞིང་ནས་བླ་མ་རིག་འཛིན་ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་སྤྱན་དྲངས་པར་བསམ་ཞིང་། སྤོས་དང་རོལ་མོ་གདུང་བའི་དབྱངས་ཀྱིས་བསྐུལ་ཏེ། ཧཱུྃ་ཧྲཱི༔ རང་བྱུང་སྐུ་གསུམ་ཞིང་ཁམས་རྒྱ་མཚོ་དང༔ འོག་མིན་པདྨ་འོད་ཀྱི་ཕོ་བྲང་ནས༔ བདེ་གཤེགས་ཀུན་འདུས་ཨོ་རྒྱན་ཐོད་ཕྲེང་རྩལ༔ སྐུ་གསུམ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བྱིན་ཆེན་ཕོབ༔ ཕྱི་ནང་གསང་བ་དོན་གྱི་དབང་བཞི་སྐུར༔ བདེ་ཆེན་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛ༔ ཞེས་སྤྱན་དྲངས། གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ་ཧྲཱི༔ ལས་ཀྱི་ཕྱག་རྒྱས་སྤྱན་དྲངས་ཡེ་ཤེས་པ༔ དམ་ཚིག་ཕྱག་རྒྱའི་རྟེན་དང་དབྱེར་མེད་ཐིམ༔ ཆོས་ཀྱི་ཕྱག་རྒྱའི་ཡི་གེའི་འོད་ཟེར་གྱིས༔ ཕྱག་རྒྱ་ཆེན་པོའི་ངང་དུ་བརྟན་པར་བཞུགས༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཛྙཱ་ན་ཏིཥྛ་ལྷན༔ ཞེས་དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་བལྟ། བཞི་པ་ཕྱག་འཚལ་བ་ནི། ལྷ་བདག་དབྱེར་མེད་དུ་རྟོགས་པས་རང་གིས་རང་ལ་ངོ་མཚར་བའི་ཕྱག་གིས་བཏུད་དེ། ན་མོ༔ སྐྱེ་འགགས་འགྱུར་མེད་རིག་འཛིན་འདུས་པའི་ཚོགས༔ རང་བྱུང་ཐུགས་རྗེའི་སྐུར་བཞེངས་ཡི་དམ་ལྷ༔ ཡིད་བཞིན་ཕྲིན་ལས་མཆོག་སྩོལ་དྷཱ་ཀི་ནཱི༔ རྩ་གསུམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཞེས་ཕྱག་བྱ། ལྔ་པ་མཆོད་པ་འབུལ་བ་ལ་བདུན་ལས། དང་པོ་ཕྱི་མཆོད་འབུལ་བ་ནི། རང་ལས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་འཕྲུལ་དགའི་ཚུལ་བཞིན་མཆོད་པའི་སྤྲིན་རབ་འབྱམས་སྤྲོས་ཏེ་འབུལ་བར་བསམ་ཞིང་། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་ལ༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཞལ་ཟས༔ གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ༔ དངོས་སུ་བཤམས་དང་ཡིད་ལས་བྱུང་བ་ཡི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱ་མཚོས་མཆོད༔ ཨོཾ་བཛྲ་པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་བིདྱཱ༔ ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ རཱུ་པ༔ ཤབྡ༔ གནྡྷེ༔ ར་ས༔ སྤརྴེ་པྲ་ཏཱིཙྪ་ཨཱཿཧཱུྃ༔ གཉིས་པ་ནང་མཆོད་ནི། ཧྲཱི༔ དུག་ལྔ་མ་སྤངས་དབྱིངས་སུ་དག་བྱེད་རྫས༔ དབང་པོའི་མེ་ཏོག་ཚིལ་གསུར་ཞུན་ཆེན་མེ༔ བདུད་རྩིའི་དྲི་མཆོག་ཤ་ཆེན་ཞལ་ཟས་དང༔ རྐང་གླིང་གསང་བའི་ཅང་ཏེའུ་རོལ་མོས་མཆོད༔ མ་ཧཱ་རཀྟ་ཨིནྡྲ་མེ་ད་གྷྲི་ཏཾ་པཉྩ་མཱཾ་ས་ཤབྡ་པཱུ་ཛ་ཧོ༔ གསུམ་པ་གསང་མཆོད་ནི། མུཾ༔ སྣང་སྟོང་ཐབས་ཤེས་བདེ་སྟོང་དགའ་བ་བཞིའི༔ གཉིས་མེད་མཉམ་སྦྱོར་ཟུང་འཇུག་ཟག་བྲལ་བ༔ རྨད་བྱུང་གསང་བ་མཆོག་གི་མཆོད་པ་འདིས༔ དག་པ་རབ་འབྱམས་ལྷ་ཡི་ཚོགས་རྣམས་མཆོད༔ བོ་དྷི་ཙིཏྟ་གུ་ཧྱ་པཱུ་ཛ་ཧོ༔ བཞི་པ་བདུད་རྩིའི་མཆོད་པ་ནི། ཧྲཱི༔ རང་བྱུང་གདོད་ནས་རྣམ་པར་དག་པའི་རྫས༔ དབྱིངས་དང་ཡེ་ཤེས་མཉམ་སྦྱོར་བདུད་རྩི་མཆོག༔ རྒྱུ་དྲུག་རྐྱེན་བཞི་འདུས་པའི་སྨན་ཆེན་པོ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ལྔ་པ་རཀྟའི་མཆོད་པ་ནི། ཧྲཱི༔ བྷནྡྷ་འབར་བར་དམར་ཆེན་རྒྱ་མཚོར་བསྐྱིལ༔ རྟེན་འབྲེལ་བཅུ་གཉིས་རཀྟའི་བ་གམ་འཁྲིགས༔ བདེ་ཆེན་ཡུམ་གྱི་གསང་བའི་རཀྟར་བཅས༔ བཀྲམ་པའི་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ མ་ཧཱ་རཀྟ་ཛྭ་ལ་པཱུ་ཛ་ཁཱ་ཧི༔ དྲུག་པ་གཏོར་མའི་མཆོད་པ་ནི༔ ཧཱུྃ་ཧྲཱི༔ སྣོད་ཀྱི་འཇིག་རྟེན་ཡངས་པའི་གཏོར་གཞོང་དུ༔ བཅུད་ཀྱི་འགྲོ་དྲུག་དམ་རྫས་གཏོར་མར་སྦྱར༔ འདོད་ཡོན་ལོངས་སྤྱོད་རྨད་བྱུང་སྤྲིན་ཕུང་འཕྲོ༔ རྣམ་དག་བདུད་རྩིའི་ཞལ་ཟས་ཆེན་པོ་འདི༔ མཛེས་པའི་དཀར་ཐིག་དམར་གུར་བདུད་རྩིས་བརླན༔ བཟའ་བཅའ་འདོད་ཡོན་སྣ་ཚོགས་ཀྱིས་བྲན་པ༔ དུས་གསུམ་བླ་མ་ཡི་དམ་མཁའ་འགྲོ་ལ༔ མཆོད་པར་འབུལ་གྱིས་བླང་དོར་མེད་པར་བཞེས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ བདུན་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། ཨ༔ སྣང་སྲིད་ཆོས་ཀུན་སྣང་མེད་བྱང་ཆུབ་སེམས༔ ཡེ་སྟོང་ཐིག་ལེ་ཆེན་པོར་རྣམ་དག་པས༔ ཕྱི་ནང་གཉིས་མེད་ཕྱག་རྒྱ་ཆེན་པོའི་ངང༔ ཆོས་ཉིད་དོན་གྱི་མཆོད་པ་དམ་པས་མཆོད༔ དྷརྨ་དྷཱ་ཏུ་མ་ཧཱ་མུ་དྲ་པཱུ་ཛ་ཧོ༔ ཞེས་མཆོད། སྐབས་འགའ་ཞིག་ཏུ་མཆོད་པའི་ཚུལ་རྣམས་བསྡུ་བར་འདོད་ན། ཨོཾ་ཨཱཿཧཱུྃ༔ ཀུན་བཟང་མཆོད་སྤྲིན་ཉེར་སྤྱོད་འདོད་ཡོན་གཏེར༔ སྨན་གཏོར་རཀྟ་སྦྱོར་སྒྲོལ་བདེ་བ་ཆེས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་རྟག་ཏུ་མཆོད༔ དབང་སྐུར་བྱིན་རློབས་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་མཎྜལ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ༔ པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ག་ཎ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ ཞེས་པ་ཙམ་གྱིས་ཀྱང་འཐུས་སོ། །དྲུག་པ་བསྟོད་པ་བྱ་བ་ནི། ཆེ་བའི་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས། ཧཱུྃ༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་ལྷུན་གྲུབ་མཆོག་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྐུ་ནི་མི་འགྱུར་ཀུན་ཏུ་བཟང་པོའི་སྐུ༔ གསུང་ནི་མི་འགག་མཉམ་ཉིད་རིག་པའི་གསུང༔ ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས༔ སྐུ་གསུང་ཐུགས་མཆོག་པདྨ་རྒྱལ་ལ་བསྟོད༔ ཧྲཱི༔ སྣང་སྟོང་བདེ་ཆེན་ཆོས་དབྱིངས་ཀློང་ཡངས་ལས༔ མ་འགགས་རང་གསལ་གཟུགས་སྐུའི་རོལ་པར་ཤར༔ བརྒྱུད་གསུམ་བླ་མ་རྒྱ་བོད་རིག་འཛིན་ཚོགས༔ འགྲོ་འདུལ་སྣ་ཚོགས་སྤྲུལ་བསྒྱུར་འགྱེད་ལ་བསྟོད༔ གཞན་ཡང་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་སུ༔ སྣ་ཚོགས་ཕྲིན་ལས་རྫོགས་པའི་རིག་འཛིན་དང༔ དཔའ་བོ་རྣལ་འབྱོར་ཌཱ་ཀི་ཆོས་སྐྱོང་སོགས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་མངོན་པར་བསྟོད་དོ། །བདུན་པ་བསྙེན་ཅིང་བསྒྲུབ་པ་ནི། ཐོག་མར་ཛཔ྄་ལ་བསྐུལ་བའི་དོན་དུ། ཧཱུྃ་ཧྲཱི༔ རིག་འཛིན་རྩལ་འཆང་བླ་མ་རྩ་གསུམ་ལྷ༔ དགྱེས་པའི་སྐུར་བཞེངས་སྔགས་ཀྱི་ཛཔ྄་དབྱངས་སྒྲོགས༔ ཡེ་ཤེས་ཆེན་པོའི་ཐུགས་རྗེའི་གཟི་བྱིན་སྐྱེད༔ དགོངས་པས་བྱིན་རློབས་དབང་དང་དངོས་གྲུབ་སྩོལ༔ ཅེས་བསྐུལ་ལ། དགོངས་བརྒྱུད་བླ་མའི་ཐུགས་ཀར་རྡོ་རྗེའི་སྦུབས༔ ཧཱུྃ་མཐར་སྔགས་ཕྲེང་འཁོར་བའི་འོད་ཟེར་སྤྲིན༔ བདག་ལ་ཐིམ་པས་རྟོག་སྒྲིབ་བག་ཆགས་དག༔ ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་སྨིན༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་ཅི་ནུས་སུ་བཟླ་བ་བསྙེན་པའི་ཚུལ་དང་། དཀྱིལ་འཁོར་གཙོ་མཆོག་པདྨ་ཐོད་ཕྲེང་གི༔ ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ་གི་མཐར༔ སྔགས་ཕྲེང་འཁོར་བའི་ཟེར་གྱིས་རྒྱལ་བ་མཆོད༔ རྩ་གསུམ་བྱིན་རླབས་དངོས་གྲུབ་བདག་ལ་ཐིམ༔ སྡིག་སྒྲིབ་ཀུན་ཞི་རིག་རྩལ་ཉམས་རྟོགས་རྒྱས༔ སྣང་བ་དབང་འདུས་གཟུང་འཛིན་དགྲ་བགེགས་བཅོམ༔ མཚོ་སྐྱེས་རྡོ་རྗེ་འཆང་དང་དབྱེར་མེད་པའི༔ དགོངས་པ་མི་གཡོ་འོད་གསལ་ཐིག་ལེར་འཁྱིལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་ཅི་ནུས་སུ་བཟླ་བ་ཉེ་བར་བསྙེན་པའི་ཚུལ་དང་། སླར་ཡང་སྔགས་ཀྱི་འོད་ཟེར་ཀུན་ཏུ་ཁྱབ༔ རིག་འཛིན་རྩལ་འཆང་རྒྱུད་བསྐུལ་ནུས་པའི་བྱིན༔ ཚུར་འདུས་བདག་ཐིམ་དབང་བཞིའི་ཆུ་བོས་སྨིན༔ ཡེ་ཤེས་ཀློང་དགུའི་དགོངས་པའི་རྩལ་རྫོགས་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླ་བ་སྒྲུབ་པའི་ཚུལ་དང་། ཁྱབ་བདག་མཚོ་སྐྱེས་ཀུན་ཏུ་འཆང་བ་ཡི༔ གསང་མཚན་སྔགས་ཀྱི་འོད་ཟེར་གཟི་བརྗིད་ཀྱིས༔ དུས་གསུམ་སྙན་བརྒྱུད་བླ་མའི་ཐུགས་དམ་བསྐུལ༔ རྩ་གསུམ་རྒྱལ་བ་རབ་འབྱམས་མཆོད་པས་མཉེས༔ རྒྱུད་གསུམ་དྲེགས་པའི་དཔུང་ཚོགས་ཟིལ་གྱིས་མནན༔ དཔག་ཡས་བདེ་སྟོང་རོལ་པའི་སྣང་བ་ཡིས༔ ཐ་མལ་སྣོད་བཅུད་ལྷ་ཡི་ཕྱག་རྒྱས་སད༔ བརྟན་གཡོའི་སྒྲ་སྐད་རྡོ་རྗེའི་སྔགས་སུ་སྒྲོག༔ དྲན་རྟོག་དབྱིངས་རིག་དབྱེར་མེད་ཐིག་ལེའི་ངང༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དྷེ་ཝ་དྷཱ་ཀི་ནཱི་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་བཟླ་བ་སྒྲུབ་པ་ཆེན་པོའི་ཚུལ་དང་། སླར་ཡང་སྔགས་ཀྱི་འོད་ཟེར་སྣང་བ་ཡིས༔ རིགས་བཞིའི་དཔའ་བོ་མཁའ་འགྲོའི་ཐུགས་རྒྱུད་བསྐུལ༔ ཞི་རྒྱས་དབང་དྲག་ཕྲིན་ལས་མཐའ་ཡས་པས༔ གང་འདུལ་འགྲོ་བ་སྒྲོལ་བའི་མཐུ་ཐོབ་གྱུར༔ ར་ཙ་ཧྲི་ཡ་ཧ་རི་ནི་ས་ཤཱནྟིཾ་པུཥྚིཾ་པཱ་ཤཾ་མཱ་ར་ཡ་ཕཊ༔ ཅེས་བཟླ་བ་ལས་སྦྱོར་གྱི་ཚུལ་ཏེ། འདི་དག་རྣམས་བསྙེན་སྒྲུབ་ལས་སྦྱོར་གྱི་གོ་རིམ་དང་སྦྱར་ཏེ་བཟླ། ཐུན་གྱི་མཐར་སྟོང་ཚིགས་ཀྱི་མཆོད་བསྟོད་འབུལ་བ་ནི། ཧཱུྃ་ཧྲཱིཿ བླ་མ་རྩ་གསུམ་ལྷ་ཚོགས་གནས་འདིར་གཤེགས། །ཕྱི་ནང་གསང་བའི་ཛཔ྄་བསྙེན་མཆོད་པར་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས་ལ་བསྟོད། །ཉམས་ཆག་ཀུན་བཤགས་མཆོག་ཐུན་དངོས་གྲུབ་སྩོལ། །ཅེས་རོལ་མོ་བྱའོ། །བརྒྱད་པ་ཐུན་མཚམས་སུ་གསོལ་བ་འདེབས་ཤིང་དབང་བླང་བ་ནི། སྤྲོ་ན་གསོལ་འདེབས་ལེའུ་བདུན་མ་ཡོངས་རྫོགས་སམ། དེ་མིན་སྤྲོས་བྲལ་བདེ་ཆེན་མ་དང། ཉི་མ་ལྷོ་ནུབ་མ་ལྟ་བུ་སྔོན་དུ་འགྲོ་བས། ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སེང་། །པདྨ་ཐོད་ཕྲེང་འཕགས་བོད་གྲུབ་བརྙེས་ཚོགས། །སྤྲུལ་པའི་རྗེ་འབངས་རིག་འཛིན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བརྒྱུད་པ་དགུ་ལྡན་ཟབ་གཏེར་བཀའ་བབས་ནས། །སྨོན་ལམ་དབང་གིས་སྙིགས་དུས་བསྟན་འགྲོ་སྐྱོབ། །གཏེར་ཆེན་བརྒྱ་རྩ་གཏེར་ཕྲན་སྟོང་རྩའི་ཕྲེང་། །དུས་གསུམ་རིམ་པར་བྱོན་ལ་གསོལ་བ་འདེབས། །བསྡུ་ན་འདི་ནས་འོག་གི །ཕྱོགས་བཞི་དབུས་ལྔ་གཏེར་རིགས་བཅོ་བརྒྱད་སོགས་ལ་འཇུག་པས་ཀྱང་འཐུས། བོད་ཡུལ་གཏེར་གྱི་དབུ་བརྙེས་སྤྲུལ་པའི་སྐུ། །སངས་རྒྱས་བླ་མ་གཙུག་ལག་དཔལ་དགེ་བ། །རྒྱ་བན་རྡོར་འོད་གུ་རུ་ཧཱུྃ་འབར་དང་། །རྒྱལ་ལོ་རྡོ་རྗེ་བཟང་པོར་གསོལ་བ་འདེབས། །ལྷ་བཙུན་བྱང་འོད་ཞང་བཙུན་དར་རིན་མཚན། །མར་མེ་མཛད་དཔལ་རོང་ཟོམ་ཆོས་ཀྱི་བཟང་། ཁྱུང་པོ་དཔལ་དགེ་ཤ་མི་རྡོ་རྗེ་རྒྱལ། །དབོན་གསས་ཁྱུང་ཐོག་རྩལ་ལ་གསོལ་བ་འདེབས། །གྲྭ་པ་མངོན་ཤེས་རྡོར་འབུམ་ཆོས་ཀྱི་གྲགས། །སྣ་ནམ་ཐུབ་རྒྱལ་ཞང་ཁྲོམ་རྡོ་རྗེ་འབར། །སེ་སྟོན་སངས་རྒྱས་འབར་དང་རྒྱ་ཕུར་བུ། །གྲ་པ་རྡོ་རྗེ་ཀུན་གྲགས་ལ་གསོལ༴ བོན་པོ་ལྷ་འབུམ་ལྷ་རྗེ་གནུབས་ཆུང་པ། །རྒྱ་སྟོན་བརྩོན་སེང་ལྡང་མ་ལྷུན་རྒྱལ་མཚན། །ལྕེ་བཙུན་སེང་དབང་ཤངས་པ་རས་པ་དང་། །ཞང་སྟོན་ལྕེ་སྒོམ་ནག་པོར་གསོལ༴ ལྷ་བཙུན་སྔོན་མོ་གཉན་ལོ་དར་མ་གྲགས། །ར་ཤག་ཆོས་འབར་དབུར་སྟོན་ཤཱཀྱ་འོད། །ཟངས་རི་རས་པ་སངས་རྒྱས་དབང་ཆེན་དང་། །བོན་པོ་བྲག་ཚལ་རྣམས་ལ་གསོལ༴ གྲུབ་ཐོབ་དངོས་གྲུབ་མངའ་བདག་ཉང་རལ་ཞབས། །ར་མོ་ཤེལ་སྨན་གྲུ་གུ་ཡང་དབང་གཏེར། །ཆུ་ཕོ་དགེ་འདུན་སུམ་པ་བྱང་བློ་བ། །སྤྲུལ་སྐུ་བ་མཁལ་སྨུག་པོར་གསོལ༴ ཀུན་སྤངས་ཟླ་འོད་མངའ་བདག་མོལ་མི་འཁྱིལ། །སུམ་པ་རྐྱང་པོ་འབྲེ་བན་སུམ་ཚོགས་དང་། །སངས་རྒྱས་དབོན་པོ་གཉལ་པ་ཉི་ཤེའི་མཚན། ཁྲོ་ལོ་བྱམས་པ་དཔལ་ལ་གསོལ༴ སྨན་པ་ཉི་འོད་གཡག་ཕྱར་སྔོན་མོ་དང་། །གཡས་བན་ཡ་བོན་སྦུར་བུ་བྱ་འུ་མགོན། །བལ་པོ་ཨ་ཧཱུྃ་ཨ་ཇོ་དཔལ་པོ་བ། །སྐལ་ལྡན་བྱིས་པ་རྣམས་ལ་གསོལ༴ དམ་པ་དམར་པོ་བྲང་ཏི་མཁར་བུ་པ། །གུ་རུ་རིན་སེང་གཙང་རིན་ཤེས་རབ་མཚན། །བླ་མ་གྲུམ་དང་ཡོན་བདག་ནག་པོ་མཁར། །རག་ཤི་སྟོན་པ་རྣམས་ལ་གསོལ༴ སྤངས་སྟོན་གུ་རུ་ཆོས་ཀྱི་དབང་ཕྱུག་ཞབས། །གཏེར་འབྱེད་ཕོ་ཉ་སྐལ་ལྡན་རྣལ་འབྱོར་བཞི། །ཇོ་མོ་སྨན་མོ་པདྨ་མཚོ་སྐྱིད་དང་། །དུང་མཚོ་རས་པ་རྣམས་ལ་གསོལ༴ རྒྱ་སྟོན་པད་དབང་ཁམས་པ་ཉི་མ་གྲགས། གུ་རུ་ཇོ་ཚེ་མཁའ་འགྲོ་ཀུན་དགའ་འབུམ། །ཚེ་བརྟན་རྒྱལ་མཚན་བཛྲ་མ་ཏི་དང་། །ཟངས་གླིང་དབང་ཕྱུག་རྣམས་ལ་གསོལ༴ དུང་རས་ཕྱི་མ་དོ་བན་རྒྱ་མཚོ་འོད། །པདྨ་ལས་འབྲེལ་རྒྱལ་སྲས་ལེགས་པའི་མཚན། །དྲི་མེད་འོད་ཟེར་མེ་བན་རིན་ཆེན་གླིང་། ཁྱུང་ནག་ཤཱཀ་དར་རྣམས་ལ་གསོལ༴ གྲྭ་སྒོམ་ཆོས་རྡོར་ཡར་རྗེ་ཨོ་རྒྱན་གླིང་། །ཉི་ཟླ་སངས་རྒྱས་ཤེས་རབ་མེ་འབར་བ། །རྒྱལ་སྲས་རྡོ་རྗེ་གླིང་དང་ཨོ་རྒྱན་བཟང་། །སྔགས་འཆང་ལས་འཕྲོ་གླིང་པར་གསོལ༴ བཟང་པོ་གྲགས་པ་ཨོ་རྒྱན་སངས་རྒྱས་གླིང་། །དྲི་མེད་ལྷུན་པོ་དྲི་མེད་ཀུན་དགའི་ཞབས། །དཔལ་གྱི་རྒྱལ་མཚན་རྒོད་ཀྱི་ལྡེམ་འཕྲུ་ཅན། །གྲུབ་ཐོབ་ཀརྨ་གླིང་པར་གསོལ༴ འཆི་མེད་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ། །འཇམ་དབྱངས་བླ་མ་བསམ་གཏན་བདེ་ཆེན་གླིང་། །མགོན་པོ་རིན་ཆེན་སྐལ་ལྡན་རྡོ་རྗེ་དང་། །འགྲོ་འདུལ་རཏྣ་གླིང་པར་གསོལ༴ མཆོག་ལྡན་རྡོ་རྗེ་པདྨ་གླིང་པའི་ཞབས། །བྱང་ཆུབ་གླིང་དང་འགྲོ་འདུལ་ལས་འཕྲོ་གླིང་། །ཀུན་སྐྱོང་གླིང་པ་ཡོལ་མོ་ཤཱཀྱ་བཟང་། །མཆོག་ལྡན་མགོན་པོ་རྣམས་ལ་གསོལ༴ ཚེ་དབང་རྒྱལ་པོ་པཎ་ཆེན་པདྨ་དབང་། །འཇམ་དཔལ་རྡོ་རྗེ་མི་འགྱུར་ལས་འཕྲོ་གླིང་། །རིན་ཆེན་ཕུན་ཚོགས་མ་ཏི་རཏྣ་དང་། །གར་དབང་ཞིག་པོ་གླིང་པར་གསོལ༴ འགྲོ་འདུལ་ཤེས་རབ་འོད་ཟེར་ལེགས་ལྡན་རྗེ། །ཚེ་རིང་རྡོ་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་། །བདེ་ཆེན་གླིང་པ་བཀྲ་ཤིས་སྟོབས་ཀྱི་རྒྱལ། །ཡོངས་འཛིན་ངག་དབང་གྲགས་པར་གསོལ༴ ངག་གི་དབང་པོ་གར་དབང་ལས་འཕྲོ་གླིང་། །པདྨ་རིག་འཛིན་བཀྲ་ཤིས་ཚེ་བརྟན་དང་། །འཇའ་ཚོན་སྙིང་པོ་བདུད་འདུལ་ནུས་ལྡན་པ། །གར་དབང་ཟླ་རྒྱལ་རྣམས་ལ་གསོལ༴ གཏེར་བདག་གླིང་པ་རིག་འཛིན་ཀློང་གསལ་སྙིང་། །བཟང་པོ་རྡོ་རྗེ་བསྟན་འཛིན་ནོར་བུའི་དཔལ། །མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ། །སྟག་ཤམ་བསམ་གཏན་གླིང་པར་གསོལ༴ ངག་གི་རྡོ་རྗེ་དབོན་གསས་ཁྱུང་ཐོག་རྩལ། །ཆོས་རྗེ་གླིང་པ་མུ་ལ་ཧ་ར་དང་། །སྟོབས་ལྡན་རྡོ་རྗེ་ཀུན་དགའ་བསྟན་འཛིན་ཞབས། །ཐུགས་མཆོག་རྡོ་རྗེ་རྣམས་ལ་གསོལ༴ རོལ་པའི་རྡོ་རྗེ་པདྨ་བདེ་ཆེན་གླིང་། །ཚེ་དབང་ནོར་བུ་རྩ་གསུམ་གཏེར་གྱི་བདག །དྲི་མེད་གླིང་པ་ཀུན་བཟང་བདེ་ཆེན་རྒྱལ། །རོག་རྗེ་གླིང་པ་རྣམས་ལ་གསོལ༴ འཆི་མེད་རྡོ་རྗེ་བསྟན་འཛིན་ཟླ་འོད་མཚན། །ཏིང་འཛིན་རྒྱལ་པོ་ཆོས་རྒྱལ་རྡོ་རྗེ་དང་། །མདོ་སྔགས་གླིང་པ་པདྨ་གར་གྱི་དབང་། །མཆོག་གྱུར་བདེ་ཆེན་གླིང་པར་གསོལ༴ བདུད་འདུལ་རོལ་རྩལ་ཁྲག་འཐུང་བདུད་འཇོམས་གླིང་། །ཕྲིན་ལས་གླིང་པ་འགྲོ་འདུལ་གསང་སྔགས་གླིང་། །ནམ་མཁའི་རྡོ་རྗེ་བདེ་ཆེན་ཟིལ་གནོན་རྩལ། །ཌཱ་ཀི་བདེ་བའི་རྡོ་རྗེར་གསོལ༴ གཞན་ཡང་ཡུལ་དུས་གནས་སྐབས་སྣ་ཚོགས་སུ། །ཕྱི་གཏེར་རྒྱ་བཀྲོལ་གཞན་དོན་སྒྲུབ་མཛད་པ། །འགྲོ་མགོན་ཞང་དང་ཤཱཀ་འོད་དགེ་བ་འབུམ། །མདོ་བོ་རས་པ་རྣམས་ལ་གསོལ༴ ཡེ་ཤེས་ཁྱུང་གྲགས་རོག་བན་ཤེས་རབ་འོད། །ཟླ་བན་གཟི་བརྗིད་གྲགས་འབྱུང་དྲི་འཛིན་ཆེ། །འགོས་ཞང་ཤངས་པ་རྣམ་གསུམ་ཚོགས་པའི་གཏེར། །རྒྱང་གྲགས་འོད་ཟེར་རྣམས་ལ་གསོལ༴ སྒྲ་པ་དར་ཡེ་འོད་ཟེར་སྟོན་པ་དང་། །སེ་སྟོན་ཁ་ལ་མེ་འབར་ལྷོའི་བནྡེ། ཁམས་ཁྲ་གཡུ་སྒོམ་རྡོ་རྗེ་འབྲོམ་ཆོས་སྙིང་། །གཙང་སྟོན་ཆོས་འབར་རྣམས་ལ་གསོལ༴ ཉང་རིང་ཤེར་གྲགས་རོག་བན་འདྲོག་པོ་དང་། ཁམས་པ་མེ་ཟོར་གཡུ་སྟོན་དབང་ཆེན་བཟང་། །ཐ་དད་བཞི་ཚོགས་ཟུང་དུ་བཅས་རྣམས་དང་། །ཡང་བོན་རི་ཁྲོད་པ་ལ་གསོལ༴ རང་བྱུང་ཡེ་ཤེས་ལྕང་སྨན་ཉི་མའི་སྙིང་། །ཟླ་བ་རྡོ་རྗེ་འགོས་པ་པདྨའི་མཚན། །བྲམ་པ་ཀུན་བཟང་བྷ་རོ་གཙང་སར་སྤོས། །ཤུད་བུ་དཔལ་གྲགས་རྣམས་ལ་གསོལ༴ སྤྱིལ་སྟོན་བླ་མ་ཀུན་དགའ་ཁྱུང་ཐིག་ལེ། །དབང་ཤཱཀ་ཉི་འབུམ་ཁྲི་དང་པྲ་དུན་པ། །གཉག་སྟོན་སུམ་སྟོན་གཉལ་པ་ཉི་ཤེ་དང་། །ཇོ་གདན་དཀོན་མཆོག་གྲགས་པར་གསོལ༴ ཆུ་གླང་རྩེ་མོ་ཤེས་རབ་ལྷ་དབང་གྲགས། །མ་ཧཱ་བཛྲ་འབྲུག་སྒོམ་ཞིག་པོ་དང་། །བྱང་ཆུབ་དཔལ་མོ་ཤུད་ཀེ་ཆོས་གྲགས་པ། །ཀུན་དགའ་ཉི་མ་རྣམས་ལ་གསོལ༴ གཉལ་སྟོན་ནག་པོ་ནོར་བུ་མཁའ་སྤྱོད་གླིང་། །མཐུ་སྟོབས་གླིང་པ་རྣལ་འབྱོར་དུང་ཕྲེང་ཅན། །པདྨ་ཆོས་དང་དབང་ཕྱུག་ཁྱུང་གི་མཚན། །འཁྲུལ་མེད་གཏེར་སྟོན་རྣམས་ལ་གསོལ༴ ལས་ཀྱི་འཕྲོ་སད་རྩ་གསུམ་ལྷག་པའི་ལྷས། །རྗེས་བཟུང་དག་སྣང་སྙན་བརྒྱུད་དགོངས་ཀློང་བརྡོལ། །ནང་དང་གསང་བའི་གཏེར་འབྱིན་བསྟན་འགྲོའི་དཔལ། །རིག་འཛིན་རྩལ་འཆང་རྣམས་ལ་གསོལ༴ བྱང་སེམས་ཟླ་རྒྱལ་རས་ཆུང་རྡོ་རྗེ་གྲགས། ཁ་ཆེ་པཎ་ཆེན་དབོན་སྟོན་སྐྱེར་སྒང་པ། །དམ་པ་བདེ་གཤེགས་གཡུ་ཐོག་ཡོན་ཏན་མགོན། །དགེ་བཤེས་བརྩོན་འགྲུས་གྲགས་པར་གསོལ༴ ལོ་སྟོན་རྡོར་དབང་ཀུན་མཁྱེན་རང་བྱུང་ཞབས། །འདར་ཕྱར་རིན་བཟང་ལྷོ་བྲག་ཕྱག་རྡོར་པ། །པཎ་ཆེན་ནགས་རིན་དཔལ་ལྡན་རྡོ་རྗེ་དང་། །རྒྱལ་དབང་ཆོས་ཀྱི་རྗེ་ལ་གསོལ༴ གྲུབ་ཆེན་ཙནྡྲ་མཐོང་བ་དོན་ལྡན་རྗེ། །བསམ་གཏན་གླིང་པ་རས་ཆེན་དཔལ་འབྱོར་བཟང་། །སངས་རྒྱས་མགོན་པོ་གྲུབ་མཆོག་ཚུལ་ཁྲིམས་བཟང་། །པདྨ་དཀར་པོ་རྣམས་ལ་གསོལ༴ འཇའ་ཚོན་མེ་འབར་བཀྲ་ཤིས་རྒྱ་མཚོ་བ། །དཀོན་མཆོག་རིན་ཆེན་དབུར་སྨྱོན་ཆོས་ཀྱི་གྲགས། །ནམ་མཁའ་འཇིགས་མེད་ཕྲིན་ལས་ལྷུན་གྱིས་གྲུབ། །ཟིལ་གནོན་དྲག་པོ་རྩལ་ལ་གསོལ༴ ཉི་ཟླ་ཀློང་གསལ་མི་འགྱུར་རྡོ་རྗེ་དང་། །ནམ་མཁའ་ཆོས་དབང་ཀུན་བཟང་ངེས་དོན་པ། །ཀརྨ་ཆགས་མེད་ཀུན་བཟང་ཆོས་རྡོ་རྗེ། །མང་ཐོས་ཚེ་དབང་མཚན་ལ་གསོལ༴ འཇིགས་མེད་གླིང་པ་བྱང་ཆུབ་རྡོ་རྗེ་དང་། །ཆོས་འབྱོར་རྒྱ་མཚོ་པདྨ་དགྱེས་པའི་སྡེ། །ཐུགས་ཀྱི་རྡོ་རྗེ་པདྨ་ཉིན་བྱེད་དབང་། །བསྟན་འཛིན་ཕྲིན་ལས་རྣམས་ལ་གསོལ༴ གཙུག་ལག་ཆོས་རྒྱལ་ཆོས་རྗེ་ངག་གི་དབང་། །ནམ་མཁའི་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ། །ནམ་མཁའི་ཀློང་མཛོད་ངག་གི་དབང་པོ་སོགས། །བཀའ་བབས་རིག་འཛིན་ཚོགས་ལ་གསོལ༴ ༈ ཕྱོགས་བཞི་དབུས་ལྔ་གཏེར་རིགས་བཅོ་བརྒྱད་སོགས། །ཕྱི་ནང་གསང་བའི་གཏེར་ལ་ལོངས་སྤྱོད་པའི། །ལས་འཕྲོའི་གཏེར་བརྒྱུད་གུ་རུའི་ཕྲིན་ལས་པ། །ཚད་མར་གྱུར་པ་ཀུན་ལ་གསོལ༴ སྔོན་ཆད་བྱོན་དང་ད་ལྟར་འགྲོ་དོན་མཛད། །སླད་མར་བྱམས་པའི་བསྟན་ལ་ཐུག་གི་བར། །ཡུལ་ཆེན་གཏེར་ཆེན་ཡུལ་ཕྲན་གཏེར་ཕྲན་རེས། །དོན་མཛད་ལུང་བསྟན་བརྙེས་ལ་གསོལ༴ བསྟན་ཞབས་གཏེར་སྐྱོང་རྡོ་རྗེའི་ལུང་བཞིན་དུ། །གཡོ་མེད་བསྒྲུབས་ནས་བསྟན་འགྲོར་ཕན་བདེ་སྤེལ། །གུ་རུའི་དགོངས་པ་སྐོང་ནུས་སྐྱེས་བུ་མཆོག །རིག་འཛིན་གྲུབ་པའི་ཚོགས་ལ་གསོལ༴ ཐུགས་རྗེའི་མཐུ་དང་མོས་པའི་རྟེན་འབྲེལ་ལས། །དགུ་ལྡན་བརྒྱུད་པའི་བྱིན་རླབས་སྙིང་ལ་ཞུགས། །རྡོ་རྗེ་གསུམ་དང་དབྱེར་མེད་གཅིག་གྱུར་ནས། །འཁོར་བ་དོང་སྤྲུག་ནུས་པར་བྱིན་གྱིས་རློབས། །དུས་ཀྱི་ཐ་མ་ཇི་ཙམ་སྙིགས་གྱུར་པ། །གུ་རུ་ཁྱོད་ཀྱི་བྱིན་རླབས་དེ་ཙམ་མྱུར། །སྤྲུལ་པ་རྒྱུན་མི་ཆད་པའི་ཕྲིན་ལས་ཀྱིས། །འགྲོ་དོན་ཞལ་བཞེས་དུས་ལ་བབ་ལགས་སོ། །ལྔ་བདོའི་མགོན་གྱུར་ཁྱོད་ཀྱི་སྤྲུལ་པ་རྣམས། །ཡུལ་དུས་ངེས་མེད་རིམ་པར་བྱོན་ནས་ཀྱང་། །ཕྱི་ནང་རྟེན་འབྲེལ་སྣ་ཁ་མ་ལོག་པར། །རྡོ་རྗེའི་ལུང་དོན་འགྲུབ་པར་བྱིན་གྱིས་རློབས། །དེ་ལས་འབྱུང་བཞི་གཡོ་འཁྲུགས་ཕྱིའི་བར་ཆད། །ལུས་ཀྱི་ན་ཚ་རྐྱེན་ངན་ནང་གི་གེགས། །གཉིས་སྣང་འགོང་པོས་བསླུ་བྲིད་གསང་བའི་གེགས། །མ་ལུས་རྩད་ནས་ཞི་བར་བྱིན་གྱིས་རློབས། །རྒྱལ་བསྟན་སྤྱི་དང་ཟབ་གསང་གཏེར་གྱི་ཚུལ། །ནུབ་མེད་ཕྱོགས་དུས་ཀུན་ཏུ་འཕེལ་ཞིང་རྒྱས། །སྙིགས་མའི་རྒུད་པ་ཀུན་ཞི་དགེ་ལེགས་ཀྱི། །རྫོགས་ལྡན་གསར་དུ་བཞད་པའི་བཀྲ་ཤིས་སྩོལ། །ཅེས་གསོལ་བ་བཏབ་མཐར་དབང་བླང་བ་ནི། ཨོཾ་ཨཱཿཧཱུྃ༔ རྩ་བའི་བླ་མ་ཨོ་རྒྱན་རིན་པོ་ཆེ༔ བརྒྱུད་གསུམ་རིག་འཛིན་འདུས་པའི་ལྷ་ཚོགས་ཀྱིས༔ བདག་རྒྱུད་སྒྲིབ་གཉིས་བག་ཆགས་ཡོངས་སྦྱངས་ནས༔ དབང་སྐུར་བྱིན་རློབས་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ཨ་བྷི་ཥིཉྩ་སིདྡྷི་ཕ་ལ་ཧཱུྃ༔ བསྐུལ་ཞིང་བསྙེན་པས་ལྷ་ཚོགས་ཐམས་ཅད་ཀྱི༔ ཐུགས་ཀའི་འོད་ཟེར་ལྕགས་ཀྱུས་དབང་གི་ལྷ༔ ནམ་མཁའ་གང་བར་སྤྱན་དྲངས་དགྱེས་བཞིན་དུ༔ མཆོད་པའི་རྣམ་རོལ་མེ་ཏོག་ཆར་འབེབ་བཞིན༔ ཕྱི་ཡི་དབང་བསྐུར་སྒྲིབ་པའི་བག་ཆགས་བཀྲུས༔ ནང་གི་དབང་བསྐུར་ཡེ་ཤེས་རྒྱུད་ལ་སྨིན༔ སྒྲུབ་པའི་དབང་བསྐུར་ཆོས་ཀྱི་མཛོད་ཆེན་བརྡོལ༔ ཟབ་མོའི་དབང་བསྐུར་ལྷན་སྐྱེས་མངོན་དུ་གྱུར༔ ལྷ་དང་བདག་ཉིད་དབྱེར་མེད་འོད་གསལ་ངང༔ རིག་འཛིན་རྩལ་འཆང་དངོས་གྲུབ་མཆོག་ཐོབ་གྱུར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཏྨ་ཀོ྅་ཧཾ༔ ལྷ་ཉིད་རང་ལ་རང་ཉིད་ལྷ༔ རང་རིག་རྩ་བ་གསུམ་དུ་གནས༔ ཡེ་ཤེས་དབང་བསྐུར་གདོད་ནས་རྫོགས༔ མ་བཅོས་གཉུག་མའི་ངང་དུ་གཞག༔ ཅེས་མཉམ་པར་གཞག་གོ །སྐབས་འདིར་དཔལ་མགོན་མ་ནིང་ནག་པོ་སོགས་རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱི་སྐོང་གསོ་དང་། གཏེར་སྲུང་གཞི་བདག་གི་གཏོར་བསྔོ་རྣམས་སོ་སོའི་ཆོ་ག་བཞིན་དུ་བྱའོ།། །།རྩ་བའི་གསུམ་པ་རྗེས་ཀྱི་ཆོ་ག་ལ་བརྒྱད་ལས། །དང་པོ་ཚོགས་ཀྱི་མཆོད་པ་ནི། མ་ད་ན་དང་མཱཾ་ས་གཙོ་བོར་གྱུར་པའི་ཚོགས་ཀྱི་འཁོར་ལོའི་ཡོ་བྱད་རྣམས་ཅི་འབྱོར་པ་མངོན་པར་བཤམས་ལ། ཐོག་མར་ཉམས་ཆག་བཤགས་པའི་དོན་དུ། བརྗོད་མེད་དོན་གྱི་བཤགས་པ་དང་། སྐུ་གསུང་ཐུགས་ཀྱི་བཤགས་པ་སོགས་གང་འོས་སྔོན་དུ་འགྲོ་བས། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་དཔལ༔ ཨོ་རྒྱན་རིག་འཛིན་ཆེན་པོ་དགོངས་སུ་གསོལ༔ བདག་ནི་ཡེ་ནས་མངོན་སངས་རྒྱས་རྒྱུ་ལ༔ མ་རིག་འཁྲུལ་པའི་དབང་གིས་གཡང་ས་འདིར༔ རྟག་ཏུ་འཁོར་ཞིང་སྡུག་བསྔལ་དཔག་མེད་བསགས༔ བདེ་གཤེགས་ཀུན་འདུས་གུ་རུའི་སྤྱན་སྔར་བཤགས༔ བདག་གིས་མ་རིག་ལུས་ངག་ཡིད་གསུམ་གྱི༔ བག་མེད་དབང་གིས་དམ་ཚིག་ལས་ལ་འགལ༔ མོས་གུས་ཆུང་བས་བླ་མའི་སྐུ་མ་མཉེས༔ རང་བྱུང་གུ་རུའི་སྐུ་ལ་མཐོལ་ལོ་བཤགས༔ ཤེས་རབ་ཆུང་བས་ཆོས་ཉིད་དོན་མ་རྟོགས༔ ཡི་དམ་ཀུན་འདུས་གུ་རུའི་སྐུ་ལ་བཤགས༔ ལེ་ལོའི་དབང་གིས་སྒྲུབ་པ་མཐར་མ་ཕྱིན༔ ཨོ་རྒྱན་མཁའ་འགྲོའི་སྐུ་ལ་མཐོལ་ལོ་བཤགས༔ ཡོ་བྱད་ཆུང་བས་མཆོད་ཚོགས་རྫས་མ་ཚང༔ གུ་རུ་ཆོས་སྐྱོང་སྤྱན་སྔར་མཐོལ་ལོ་བཤགས༔ ལོག་ལྟའི་དབང་གིས་གཞན་གྱི་ཡོན་ཏན་སྨད༔ གུ་རུ་དཔའ་བོ་དཔའ་མོའི་སྤྱན་སྔར་བཤགས༔ མ་རིག་དབང་གིས་མི་དགེ་སྣ་ཚོགས་བསགས། གུ་རུ་དམ་ཅན་རྒྱ་མཚོའི་སྤྱན་སྔར་གཤགས༔ མཐོལ་ལོ་བཤགས་སོ་རིགས་འདུས་གུ་རུ་རྗེ༔ དག་གོ་བྱང་ངོ་དབང་དང་དངོས་གྲུབ་སྩོལ༔ ཅེས་དང་ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླ། དེ་ནས་ཚོགས་ཀྱི་ཡོ་བྱད་རྣམས་བདུད་རྩིས་བསང་ཞིང་། ཨོཾ་སརྦ་དྲ་བྱཾ་བི་ཤྭ་དྷ་ནི་ཧཱུྃ་ཕཊ༔ རཾ་ཡཾ་ཁཾ༔ ཡེ་ཤེས་ཆེན་པོའི་ཆོ་འཕྲུལ་མེ་རླུང་ཆུས༔ དམ་ཚིག་རྫས་ཀྱི་མཚན་འཛིན་བསྲེགས་གཏོར་བཀྲུས༔ ཆོས་དབྱིངས་བྷནྡྷར་སྣང་སྲིད་བདུད་རྩིའི་བཅུད༔ འདོད་ཡོན་སྤྲིན་ཕུང་ནམ་མཁའ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཞེས་བྱིན་བརླབ། ཧཱུྃ་ཧྲཱི༔ འོག་མིན་ཞིང་དང་ཉི་ཤུ་རྩ་བཞིའི་ཡུལ༔ དུར་ཁྲོད་བརྒྱད་སོགས་རབ་འབྱམས་ཞིང་རྣམས་ནས༔ བླ་མ་རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས༔ ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛ༔ ཞེས་ཚོགས་ཞིང་སྤྱན་དྲངས་པ་ལ་ཉེར་སྤྱོད་བདུན་དང་འདོད་ཡོན་ལྔས་སྤྱིར་མཆོད་ནས། ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་པའི་ཆ་དང་པོ་མཆོད་པའི་ཚུལ་དུ་འབུལ་བ་ནི། ལས་ཀྱི་རྡོ་རྗེས་ཕྱག་དང་པད་ཀོར་སྔོན་དུ་འགྲོ་བས། ཚོགས་ཕུད་བཏེགས་ལ། ཧཱུྃ་ཧྲཱི༔ བླ་མེད་མཆོག་གི་དམ་ཚིག་ཆེན་པོའི་རྫས༔ ཡེ་ཤེས་ལྔ་ལྡན་འདོད་ཡོན་རྒྱ་མཚོའི་སྤྲིན༔ རྩ་གསུམ་དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ༔ བཞེས་ནས་བྱིན་རླབས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་ཝཱ་ར་མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཞེས་འབུལ། ཆ་བར་པ་ཉམས་ཆག་བཤགས་པའི་དོན་དུ་འབུལ་བ་ནི། ཧཱུྃ་ཧྲཱི༔ རྨད་བྱུང་གསང་ཆེན་རོལ་པའི་དཀྱིལ་འཁོར་འདིར༔ ཕྱི་ནང་ཉེར་སྤྱོད་འདོད་ཡོན་སྤྲིན་ལྟར་གཏིབས༔ སྨན་གཏོར་རཀྟ་ཚོགས་མཆོད་འཇིག་རྟེན་གང༔ རྡོ་རྗེའི་རིག་མས་བདེ་སྟོང་གླུ་གར་སྒྱུར༔ སྣང་སྲིད་གཞིར་བཞེངས་ཡེ་ཤེས་ཆེན་པོ་འདིས༔ བརྒྱུད་གསུམ་རིག་འཛིན་བླ་མའི་ཐུགས་དམ་བསྐང༔ ཁྱབ་བདག་པདྨ་ཐོད་ཕྲེང་ཐུགས་དམ་བསྐང༔ བཀའ་བབས་གྲུབ་ཆེན་རྗེ་འབངས་ཐུགས༴ སྤྲུལ་སྐུ་གཏེར་སྟོན་རྒྱ་མཚོའི་ཐུགས༴ ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཐུགས༴ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཐུགས༴ ཐུགས་དམ་བསྐང་ངོ་ཉམས་ཆག་བཟོད་པར་བཞེས༔ དག་ཅིང་ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཅེས་པ་ཙམ་མམ། སྤྲོ་ཞིང་ནུས་ན་ཐུགས་དམ་བསྐང་བའི་རིམ་པ་གཞན་ཡང་རྒྱ་ཆེར་བྱའོ། །ཆ་ཐ་མ་བསྒྲལ་ཞིང་བསྟབ་པ་ནི། ཚོགས་ཟན་ཐ་མ་དེའི་འདོད་ཡོན་གྱི་ལྷ་མོ་ཧཱུྃ་ཞེས་རང་གི་སྙིང་གར་བསྡུས་པ་མདུན་དུ་བཀོད་པ་ལ་དམིགས་བྱ་དགུག་བསྟིམ་བྱས་པར་ཕུར་བུ་བཏབ་ནས། ཧཱུྃ་ཧཱུྃ༔ གདུག་པའི་དགྲ་བགེགས་འབྱུང་པོའི་ཚོགས་རྣམས་ཀུན༔ ཞལ་ཟས་ཚོགས་ཀྱི་འདུ་བར་བཀུག་ཅིང་བསྟིམ༔ ཡེ་ཤེས་ཆེན་པོའི་མཚོན་གྱིས་དབྱིངས་སུ་སྒྲོལ༔ རྩ་གསུམ་བདེ་ཆེན་དགྱེས་པའི་ཞལ་དུ་སྦྱོར༔ སརྦ་ཤ་ཏྲཱུན་བིགྷྣཱན་ཛཿཧཱུྃ་བཾ་ཧོ༔ མཱ་ར་ཡ་ཕཊ༔ ཏ་ན་ག་ཎ་པཱུ་ཛ་ཧོ༔ ཞེས་ཕྱི་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་མཆོད། དེ་ནས་ནང་ལྟར་ལུས་ཀྱི་དཀྱིལ་འཁོར་ལ་མཆོད་པ་ནི། ཐ་མལ་གྱི་རྟོག་པའི་འཆིང་བ་དགྲོལ་ཕྱིར་ལས་ཀྱི་རྡོ་རྗེས་འཁོར་ལོའི་འདུས་པའི་གཙོ་བོ་ལ་ཕྱག་བྱ། ཐབས་ཤེས་ཀྱི་རྫས་རྣམས་སྣོད་སོ་སོར་ཐོགས་པ་ལག་གཉིས་ཕན་ཚུན་བསྣོལ་བཞིན་པར་སྟོབ་ཅིང་། ཧོ༔ གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས༔ འདི་ལ་ཐེ་ཚོམ་བྱར་མི་རུང༔ བྲམ་ཟེ་གདོལ་པ་ཁྱི་དང་ཕག༔ རང་བཞིན་གཅིག་ཏུ་དགོངས་ཏེ་རོལ༔ ཞེས་བརྗོད་ཅིང་དྲང་། སློབ་དཔོན་གྱིས་པདྨའི་བསྐོར་བ་སྔོན་དུ་འགྲོ་བས་རྩེ་གསུམ་གྱི་ཕྱག་རྒྱ་དང་བཅས་པས། རིན་ཐང་མེད་ལས་ལེགས་འོངས་ཆོས༔ འདོད་ཆགས་དྲི་མ་རྣམ་པར་དག༔ གཟུང་དང་འཛིན་པ་ཀུན་སྤངས་པའི༔ དེ་བཞིན་ཉིད་ནི་བདག་ཀྱང་འཚལ༔ ཨ་ལ་ལ་ཧོ༔ ཞེས་པས་ལེན། འདུས་པ་གཞན་རྣམས་ལའང་བྲིམ་ཞིང་ལུས་དཀྱིལ་གྱི་ལྷ་རྣམས་ནང་གི་སྲེག་བླུག་གི་དགའ་བས་ཚིམ་པར་བསམ་ཞིང་བཟའ་བ་ལ་འཁོར་ལོའི་གཙོ་མོ་དང་བཏུང་བ་ལ་གཙོ་བོས་ཐོག་མར་ལོངས་སྤྱོད་ལ། ཧོ༔ ཕུང་ཁམས་སྐྱེ་མཆེད་ཞི་ཁྲོ་རབ་འབྱམས་ལྷ༔ རྩ་ཁམས་བརྒྱུད་གསུམ་རིག་འཛིན་དྷཱ་ཀིའི་ཚོགས༔ དགྱེས་མཆོད་རྡོ་རྗེ་བདེ་བའི་ཚོགས་ལ་རོལ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཡོངས་རྫོགས་ཤོག༔ མ་ཧཱ་པཱུ་ཛ་ཨ་ལ་ལ་ཧོ༔ ཨོཾ་ཧཱུྃ༔ ལྷ་སྔགས་ཡེ་ཤེས་མི་ཕྱེད་པ༔ རྣམ་པ་ཀུན་གྱི་མཆོག་ལྡན་པས༔ ཁ་སྦྱོར་བདེ་བའི་སྒྲ་དབྱངས་ལེན༔ བདེ་མཆོག་སྒྱུ་མའི་གར་གྱིས་རོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་ཛྙཱ་ན་ཏེ་ཏེ་ཧཱུྃ༔ ཏེ་ན་ཏེ་ཏེ་ཧཱུྃ༔ མ་ཧཱ་སུ་ཁ་གཱིརྟི་ཧོ༔ འ་ཨ་ས་ཤ་མ་ཧ་ཨ་ནུ་རཱ་ག་ཛཿཧཱུྃ་བཾ་ཧོ༔ ཨ་ཏི་བི་ཤུདྡྷོ་ཨ་ཧཾ༔ ཞེས་དང་། གསང་བ་སྙོམས་འཇུག་བདེ་ཆེན་བསྐྱེད་པ་ནི། ཧོ༔ སྣང་སྟོང་ལྷ་སྔགས་བདེ་བའི་སྒྱུ་རྩལ་གྱིས༔ ལྷན་སྐྱེས་ཡེ་ཤེས་རྒྱུད་ལ་བརྟན་པའི་ཕྱིར༔ རྗེས་ཆགས་དགའ་བཞིའི་བདུད་རྩིའི་ཆུ་རྒྱུན་འབེབ༔ འཕོ་མེད་བདེ་ཆེན་ཡེ་ཤེས་གཟི་བརྗིད་འབར༔ ཨོཾ་པདྨ་བཛྲ་མནྡཱ་རཿཧཱུྃ་ཨཱ༔ ཨ་ནུ་རཱ་ག་ཛཿཧཱུྃ་བཾ་ཧོ༔ མ་ཧཱ་སུ་ཁ་ཛྙཱ་ན་ཨ་ཧཾ༔ ཞེས་རིག་སྟོང་གཉུག་མའི་ངང་བསྐྱང་མཐར། ཧོ༔ ཕྱི་ནང་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ དམ་ཚིག་ཆེན་པོའི་ལོངས་སྤྱོད་ཕུལ་པ་ཡིས༔ བདག་གཞན་མཁའ་ཁྱབ་འགྲོ་བ་མ་ལུས་ཀུན༔ ཡེ་ཤེས་དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག༔ ཅེས་སྨོན་ལམ་གདབ། དེ་ནས་ལྷག་གཏོར་གཏོང་བ་ནི། ལྷག་མ་རྣམས་གཅིག་ཏུ་བསྡུས་པའི་རྨེ་གཏོར་ལ་སྨན་ཕུད་ཅུང་ཟད་བསྲེས་ལ། ལས་ཀྱི་རྡོ་རྗེས་ལྷག་གཏོར་བྱིན་གྱིས་བརླབ་པར་གསོལ་བ་གདབ། སློབ་དཔོན་གྱིས་དམ་ཚིག་གི་ཁ་ཕྲུ་བཏབ་ཅིང་། ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོ་ཧྲཱིཿས་ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བལྟས་ལ། ལྷག་སྡུད་ཀྱི་ཕོ་ཉ་རྣམས་ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛཿ ཞེས་དང་། བཤུག་པའི་སྒྲ་དྲག་པོས་སྤྱན་དྲངས་ཏེ་མེ་ཏོག་ལ་སོགས་པས་མཆོད་ནས། ཧཱུྃ་ཧྲཱི༔ གསང་ཆེན་རོལ་པའི་དཀྱིལ་འཁོར་མུ་རན་ནས༔ དཔལ་གྱི་བཀའ་ཉན་རོལ་པའི་ལྷག་སྡུད་ཚོགས༔ འབུམ་ཕྲག་ཡངས་པའི་ལས་བྱེད་མཁའ་འགྲོ་རྣམས༔ གནས་བཟང་དུར་ཁྲོད་རྒྱུ་ཞིང་ཚོགས་ཁང་འགྲིམ༔ གོས་བཟང་གཡང་གཞི་གྱོན་ཅིང་རོ་ལ་ཟ༔ དམ་ཚིག་སྲུང་མར་རྒྱུ་ཞིང་མཁའ་ལ་འགྲོ༔ ལས་སུ་དཔལ་གྱི་བཀའ་ཉན་བསྟན་པ་སྲུང༔ ཟས་སུ་དགྲ་བགེགས་ཉམས་པའི་ཤ་ཁྲག་སྤྱོད༔ ཕུད་ལྷག་བཤལ་ཆུའི་ཚོགས་མཆོད་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཨུཙྪིཥྚ་བྷཀྵ་སི་སྭཱ་ཧཱ༔ ཞེས་ལྷག་མ་ཕྱི་རོལ་དུ་གཏོང་། གཉིས་པ་ཐུགས་དམ་བསྐུལ་བ་ནི། མཆོག་ཏུ་གུས་པའི་གདུང་ཤུགས་དྲག་པོས། ཧཱུྃ་ཧྲཱི༔ ཆོས་སྐུ་སྐྱེ་མེད་ཞི་བའི་ངང་ཉིད་ལས༔ གཟུགས་སྐུ་མཚན་དང་དཔེ་བྱད་དཔག་ཡས་འབར༔ རྨད་བྱུང་སྒྱུ་འཕྲུལ་བཀོད་པའི་ལྷ་ཚོགས་རྣམས༔ ཐུགས་དམ་དབྱིངས་ནས་བསྐུལ་ལོ་སྐུ་བསྐྱོད་འཚལ༔ དུས་གསུམ་བདེ་གཤེགས་རྩ་གསུམ་ལྷ་ཚོགས་རྣམས༔ འོད་གསལ་དབྱིངས་ལས་ཡེ་ཤེས་སྐུར་བཞེངས་ལ༔ བྱིན་རློབས་དབང་སྐུར་དངོས་གྲུབ་བསྩལ་དུ་གསོལ༔ བཀའ་སྲུང་ཕོ་ཉ་ལས་བྱེད་ཆོས་སྐྱོང་ཚོགས༔ སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་རྣམས་ཀྱིས༔ སྡང་བའི་དགྲ་དང་གནོད་པར་བྱེད་པའི་བགེགས༔ སྐད་ཅིག་ཡུད་ཙམ་ཞིག་གིས་མེད་པར་མཛོད༔ ཉོན་མོངས་དུག་ལྔ་དུག་གསུམ་དབྱིངས་སུ་སྒྲོལ༔ ཐར་པའི་ལམ་གྱི་གེགས་དང་འཚེ་བ་ཟློགས༔ བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཅེས་ཐུགས་དམ་བསྐུལ། གསུམ་པ་ཆད་ཐོ་བསྒྲག་ཅིང་བརྟན་མ་བསྐྱང་བ་ནི། གཏེར་སྲུང་གི་གཏོར་མ་སོགས་གཏོར་གྲལ་ལས་ཕབ་པ་རྡོ་རྗེའི་འགྲོས་ཀྱིས་ཕྱིར་བསྣུར་དུ་བཞག་སྟེ། སྨན་རཀ་བྲན་པ་འབྲུ་གསུམ་གྱིས་བདུད་རྩིར་སྤེལ་ལ། ཧཱུྃ་ཧྲཱི༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ ཀ་དག་དབྱིངས་ལས་ལྷུན་གྲུབ་ཕོ་བྲང་དུ༔ ཐོག་མའི་མགོན་པོ་སྣང་བ་མཐའ་ཡས་ཀྱིས༔ རང་བྱུང་འོད་ལྔའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ སྤྲུལ་པ་ཚོགས་དྲུག་དཔའ་བོ་དྷཱ་ཀི་ཡིས༔ ཡུལ་སྣང་རང་གཟུགས་བཀོད་པ་བསྟན་ནས་ཀྱང༔ འགྱུར་མེད་བསྟན་པ་བསྲུང་བར་མ་ཆད་དམ༔ རང་བཞིན་ཡེ་དག་གཏོར་མ་འདི་ལོངས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ དེ་འོག་རྩོད་ལྡན་བསྐལ་པའི་སྙིག་མ་ལ༔ རྒྱུ་རྐྱེན་ལས་འདས་པདྨ་འབྱུང་གནས་དང༔ གློ་བུར་ལྟར་སྣང་གཏེར་སྟོན་འདུས་པ་ཡིས༔ མོས་བློར་བཀོད་པའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཀུན་རྫོབ་མཚན་མའི་བཀའ་སྲུང་ཐམས་ཅད་ཀྱིས༔ རྣམ་རྟོག་ཡིད་ཀྱི་རང་གཟུགས་བསྟན་ནས་ཀྱང༔ རང་བབ་བསྟན་པ་སྲུང་བར་མ་ཆད་དམ༔ ཡིད་དཔྱོད་གཏོར་མ་ལེན་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཡེ་ཤེས་རང་རྩལ་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཅེས་རོལ་མོའི་སྒྲ་དང་བཅས་པས་ཕྱིར་འབུལ། གཏོར་གཞོང་བཤལ་བའི་ཁྲུས་ཀྱིས་བརྟན་མའི་གཏོར་མར་བྲན་ནས་འབྲུ་གསུམ་གྱིས་ལོངས་སྤྱོད་ཀྱི་གཏེར་དུ་སྤེལ་ལ། བྷྱོ༔ བརྟན་མ་སྐྱོང་མཛད་མ་སྲིང་རྒྱ་མཚོའི་ཚོགས༔ དམ་ཚིག་གཉན་གྱི་གྲོགས་མཛད་ཌཱ་ཀི་རྣམས༔ འདིར་གཤེགས་བཀའ་ཡི་གཏོར་མཆོད་བཤལ་ཆུ་བཞེས༔ བཀའ་དང་བསྟན་པ་ཕྱོགས་བཅུར་སྤེལ་བ་དང༔ རྣལ་འབྱོར་སྒྲུབ་པ་པོ་ཡི་གྲོགས་མཛོད་ཅིག༔ མ་མཱ༔ ལ་ལཱ༔ ལེ་ལཻ༔ ཏ་ཏཱ༔ ཏེ་ཏཻ་ཧཱུྃ༔ ཞེས་གཙང་སར་འབུལ། གཏོར་གཞོང་ཁ་སྦུབས་པའི་འོག་ཏུ་ཕྱིར་འབྲང་གི་དམ་སྲི་མནན་པར་བསམ་ལ། ཧཱུྃ་ཧྲཱི༔ བདེ་གཤེགས་རྩ་གསུམ་རྒྱལ་བའི་བྱིན་རླབས་དང༔ ཆོས་ཉིད་རང་བཞིན་རྣམ་པར་དག་པའི་མཐུས༔ བདེ་ཆེན་བྱང་ཆུབ་སྒྲུབ་ལ་བར་གཅོད་པའི༔ འཁྲུལ་སྣང་ཉོན་མོངས་དགྲ་བགེགས་རྦོད་གཏོང་རིགས༔ གཏོར་གཞོང་རི་རབ་ཆེན་པོའི་འོག་ཏུ་མནན༔ སྟེང་དུ་ཁྲོ་རྒྱལ་བརྟུལ་ཞུགས་བྲོ་ཡིས་གཟིར༔ ཨོཾ་ཨཱཿཧཱུྃ་སྟྭམྦྷ་ཡ་མཱ་ར་ཡ་ནན༔ ཞེས་བྲོ་བརྡུང་ངོ་། །བཞི་པ་དངོས་གྲུབ་བླང་བ་ནི། སྒྲུབ་གཏོར་ལྷར་གསལ་བའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་བདག་ལ་བསྩལ་བར་དམིགས་ཏེ་མོས་གུས་གདུང་ཤུགས་དྲག་པོས། ཧྲཱི༔ བདེ་ཆེན་ཡངས་པ་ཆེན་པོའི་ཕོ་བྲང་ནས༔ བྱིན་རླབས་མཆོག་སྩོལ་གུ་རུ་རིན་པོ་ཆེ༔ དགོས་འདོད་ཀུན་འབྱུང་ཡོན་ཏན་གཏེར་གྱི་མཛོད༔ སྨིན་གྲོལ་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ དངོས་གྲུབ་ཀུན་སྟེར་ཆེ་མཆོག་དྲག་པོ་རྩལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ རྫུ་འཕྲུལ་མངའ་བདག་དཔའ་བོ་དྷཱ་ཀི་ནཱི༔ ཕྲིན་ལས་རྣམ་བཞིའི་དངོས་གྲུབ་བསྩལ་དུ་གསོལ༔ རྩ་གསུམ་ཡོངས་འདུས་ཨོ་རྒྱན་རིན་པོ་ཆེ༔ ཁྱེད་ལ་རྩེ་གཅིག་གུས་པས་གསོལ་འདེབས་ཀྱིས༔ བླ་མེད་མཆོག་དང་ཐུན་མོང་ཡིད་བཞིན་སོགས༔ དངོས་གྲུབ་དམ་པ་དེང་འདིར་བསྩལ་དུ་གསོལ༔ འཆི་མེད་ཚེ་དང་ཟས་ནོར་ལོངས་སྤྱོད་སོགས༔ གནས་སྐབས་བདེ་སྐྱིད་དངོས་གྲུབ་བསྩལ་དུ་གསོལ༔ སྐྱེ་འགག་གནས་གསུམ་མཐའ་བྲལ་སྐུ་གསུང་ཐུགས༔ ངོ་བོ་རང་བཞིན་ཐུགས་རྗེ་ཡངས་པའི་ཀློང༔ ལུས་ངག་ཡིད་གསུམ་སྨིན་པར་མཛད་ནས་ཀྱང༔ ཡང་དག་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་གཏོར་མའི་ཡེ་ཤེས་པ་བདག་ལ་བསྟིམ། དམ་ཚིག་པ་བདུད་རྩིར་ཞུ་བར་བསམ་ནས་གཏོར་ཟན་དངོས་གྲུབ་ཀྱི་རྫས་སུ་རོལ། ལྔ་པ་བཟོད་པར་གསོལ་བ་ནི། གཏང་རག་གི་མཆོད་བསྟོད་སྔོན་དུ་འགྲོ་བས། ཆོ་གའི་ཡན་ལག་མ་ཚང་བ་སོགས་ནོངས་པ་རྣམས་བཤགས་སྡོམ་གྱི་བསམ་པ་དྲག་པོས། ཧྲཱི༔ བདེ་གཤེགས་རྩ་གསུམ་ཟབ་མོའི་དཀྱིལ་འཁོར་འདིར༔ ཕྲིན་ལས་ཆོ་གའི་ཚུལ་འདིར་རྨོངས་པ་ཡིས༔ མ་རིག་སྒྲིབ་པའི་ཉེས་ལྟུང་ཅི་མཆིས་པ༔ ཡེ་ཤེས་ལྷ་ལ་འཛིན་རྟོག་མི་མངའ་ཡང༔ འཁོར་དུ་གྱུར་པའི་ལེགས་ཉེས་སྟངས་འཛིན་རྣམས༔ གཡེལ་བ་མི་མངའ་བཟོད་པར་མཛད་དུ་གསོལ༔ ཞེས་དང་ཡི་གེ་བརྒྱ་པ་མང་དུ་བཟླའོ། །དྲུག་པ་ཉེར་བསྡུ་བྱ་བ་ནི། སྣོད་བཅུད་སྐྱེ་འགྲོ་ལྷ་དང་བཅས་པ་ཀུན༔ ཐུགས་ཀྱི་ནོར་བུ་བླ་མ་ཉིད་ལ་ཐིམ༔ དེ་ཡང་ཐུགས་སྲོག་ཧྲཱིཿཡིག་ཁོག་པར་བསྡུ༔ དམིགས་མེད་རྒྱས་བཏབ་གང་ཤར་རྟོག་ཚོགས་རྣམས༔ མ་བཅོས་ཅོག་གཞག་སོ་མ་ལྷུག་པར་བོར༔ གཤིས་ལུགས་གཏན་ཕེབས་དབྱིངས་རིག་མ་བུ་འདྲེས༔ གདོད་མའི་སངས་རྒྱས་དགོངས་པ་རང་ལས་འཆར༔ ཞེས་པས་དཀྱིལ་འཁོར་གྱི་འཁོར་ལོ་མེ་ལོང་ལ་ཧས་བཏབ་པ་བཞིན་རང་གི་སྙིང་གར་བསྡུས་ཏེ་འོད་གསལ་སྟོང་ཉིད་སྤྲོས་པ་དང་བྲལ་བའི་ངང་ལ་མཉམ་པར་གཞག །སླར་ཡང་དྲན་རིག་ལྷར་ལྡང་ངོ་། །བདུན་པ་དགེ་བ་བསྔོ་ཞིང་སྨོན་ལམ་གདབ་པ་ནི། ཨེ་མ་ཧོ༔ རིག་འཛིན་ཨོ་རྒྱན་ཆེན་པོ་དགོངས་སུ་གསོལ༔ བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས༔ བླ་མ་བསྒྲུབས་པས་གུ་རུའི་བྱིན་རླབས་ཀྱིས༔ བདག་གཞན་སྐྱེ་བ་ཚེ་རབས་ཐམས་ཅད་དུ༔ ཞིང་ཁམས་རྣམ་དག་ཨོ་རྒྱན་ཕོ་བྲང་དུ༔ མ་ཧཱ་གུ་རུ་ཁྱེད་དང་འབྲལ་མེད་ཤོག༔ མོས་གུས་ལྟེམ་རྐྱང་འཕེལ་འགྲིབ་མེད་པ་ཡིས༔ མཉེས་ནས་ཐུགས་བརྩེས་མཆོག་ཏུ་གཟིགས་པ་དང༔ བྱིན་རླབས་བདུད་རྩི་དཔག་མེད་འཐུང་བར་ཤོག༔ སྒོ་གསུམ་དད་པས་ཞབས་ཏོག་ནུས་པ་དང༔ ཅི་ཡོད་ཆོས་ལ་གཏོང་ཕོད་ནུས་པ་ཡིས༔ སྐུ་གསུམ་བྱིན་རླབས་ལྷུན་གྲུབ་འབྱུང་བར་ཤོག༔ རིམ་གཉིས་ཟབ་མོ་བསྐྱེད་རྫོགས་ཏིང་འཛིན་གྱིས༔ ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པ་དང༔ དབང་གི་དངོས་གྲུབ་མ་ལུས་ཐོབ་པར་ཤོག༔ ལོག་ལྟའི་བདུད་རྣམས་མ་ལུས་ཟློག་པ་དང༔ མངོན་སྤྱོད་ཐོགས་མེད་ལས་རྣམས་འགྲུབ་པ་ཡིས༔ ནད་གདོན་བར་ཆད་ཐམས་ཅད་ཞི་བར་ཤོག༔ འཁོར་དང་ལོངས་སྤྱོད་ཕྲིན་ལས་རྒྱས་པ་དང༔ ཅི་བསམ་རྣམ་དག་མ་ལུས་ལྷུན་གྲུབ་པས༔ བསམ་པའི་དོན་རྣམས་ལྷུན་གྱིས་གྲུབ་པར་ཤོག༔ ཟབ་མོ་མཆོག་གི་ཏིང་འཛིན་སྐྱོང་བ་དང༔ རྟག་ཏུ་ཡེངས་མེད་སྒྲུབ་ལ་བརྩོན་པ་ཡིས༔ བསྒྲུབས་པའི་འབྲས་བུ་མ་ལུས་མཐར་ཕྱིན་ཤོག༔ ཕྲིན་ལས་རྣམ་བཞི་མ་ལུས་འགྲུབ་པ་དང༔ བསྟན་པའི་བྱ་བ་རླབས་ཆེན་སྤྱོད་པ་ཡིས༔ གདུལ་བྱ་ཕྲིན་ལས་ལོངས་སྤྱོད་རྒྱས་པར་ཤོག༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ་བ་དང༔ སྣང་སྲིད་མ་ལུས་དབང་དུ་འདུ་བ་ཡིས༔ སངས་རྒྱས་བསྟན་པ་སྲུང་བའི་དཔལ་དུ་ཤོག༔ ཐེག་ཆེན་ཟབ་མོ་གསང་སྔགས་དམ་ཆོས་རྣམས༔ རྒྱུད་དང་མཐུན་པའི་དགོངས་པ་དོན་འདྲིལ་བས༔ མ་ལུས་ཁོང་ཆུད་མཁྱེན་གསུམ་རྒྱས་པར་ཤོག༔ ཉམས་མྱོང་ཏིང་འཛིན་རྒྱུད་ལ་བསྣུན་པ་དང༔ ལྟ་སྒོམ་སྤྱོད་པ་རྣམ་པར་དག་པ་ཡིས༔ འབྲས་བུ་འགྱུར་མེད་མཆོག་ཏུ་ཕྱིན་པར་ཤོག༔ ལྷག་བསམ་རྣམ་དག་སྙིང་རྗེ་ཚད་མེད་དང༔ སྐྱེ་འགྲོ་མ་ལུས་དབང་དུ་འདུ་བ་དང༔ འབྲེལ་ཚད་དོན་ལྡན་མ་ལུས་གྲོལ་བར་ཤོག༔ བསམ་ཀུན་ཡིད་བཞིན་ནོར་བུ་ལྟ་བུ་ཡིས༔ མཆོག་ཐུན་དགོས་འདོད་ཕུན་སུམ་ཚོགས་པ་དང༔ ཀུན་ལ་རེ་འདོད་དགོས་དོན་སྐོང་བར་ཤོག༔ བསྟན་པའི་རྒྱལ་མཚན་སྒྲུབ་བརྒྱུད་འཛིན་པ་དང༔ གསང་སྔགས་རླབས་ཆེན་བརྟུལ་ཞུགས་སྤྱོད་པ་ཡིས༔ བརྒྱུད་འཛིན་ཐེག་ཆེན་ཆོས་ལ་སྤྱོད་པར་ཤོག༔ ཞིང་ཁམས་གནས་རིས་རྣམ་པར་དག་པ་ནས༔ རང་ཉིད་དག་པའི་གཟུགས་སྐུར་རབ་སྤྲུལ་ནས༔ འགྲོ་རྣམས་ཐེག་ཆེན་ཆོས་ལ་འགོད་པར་ཤོག༔ གུ་རུ་ཁྱེད་ཀྱིས་དངོས་གྲུབ་བརྙེས་པ་ལྟར༔ སྒྲུབ་མཆོག་བུ་ཡིས་མྱུར་དུ་བརྙེས་པ་དང༔ སྨོན་ལམ་རྣམ་དག་མ་ལུས་འགྲུབ་པར་ཤོག༔ གུ་རུ་ཁྱེད་ཀྱིས་སྤྲུལ་པ་འགྱེད་པ་ལྟར༔ བདག་གི་ཏིང་འཛིན་འབུམ་ཕྲག་རབ་རྒྱས་པས༔ རྫུ་འཕྲུལ་སྤྲུལ་པ་སྣ་ཚོགས་འགྱེད་པར་ཤོག༔ བདག་སོགས་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ གདོད་མའི་ཆོས་སྐུ་རང་ས་མ་ཟིན་བར༔ ཨོ་རྒྱན་གུ་རུ་ཉིད་དང་འབྲལ་མེད་ཤོག༔ སྐུ་གསུམ་སྐད་ཅིག་འདུ་འབྲལ་མེད་པ་རུ༔ བླ་མས་སྒོ་གསུམ་བྱིན་གྱིས་བརླབ་པ་དང༔ ཡི་དམ་དངོས་གྲུབ་མ་ལུས་སྟེར་བར་ཤོག༔ མཁའ་འགྲོའི་ལུང་བསྟན་ཚད་མ་འབྱུང་བ་དང༔ བསྒྲུབས་པའི་འབྲས་བུ་ནུས་མཐུ་མཐར་ཕྱིན་ཅིང༔ ཆོས་སྐྱོང་ཕྱི་ནང་བར་ཆད་སེལ་བར་ཤོག༔ ཨོ་རྒྱན་ཆེན་པོ་བསྒྲུབས་པའི་བྱིན་རླབས་ཀྱིས༔ རྫུ་འཕྲུལ་མཐུ་སྟོབས་ཕྲིན་ལས་རྒྱ་ཆེ་ཡིས༔ འགྲོ་དོན་འཁོར་བ་དོང་ནས་སྤྲུག་པར་ཤོག༔ ཅེས་དགེ་ཚོགས་བྱང་ཆེན་དུ་བསྔོ་ཞིང་སྨོན་ལམ་གདབ། བརྒྱད་པ་ཤིས་པ་བརྗོད་པ་ནི། ཧཱུྃ༔ རིག་འཛིན་ཀུན་འདུས་ཨོ་རྒྱན་ཆེན་པོའི་སྐུ༔ བྱིན་རླབས་གཏེར་མཛོད་བླ་མའི་བཀྲ་ཤིས་ཤོག༔ ཡི་དམ་ཀུན་འདུས་གུ་རུ་རིན་ཆེན་གསུང༔ དངོས་གྲུབ་གཏེར་མཛོད་ཡི་དམ་བཀྲ་ཤིས་ཤོག༔ མཁའ་འགྲོ་ཀུན་འདུས་རྒྱལ་སྲས་པདྨའི་ཐུགས༔ ཕྲིན་ལས་གཏེར་མཛོད་མཁའ་འགྲོའི་བཀྲ་ཤིས་ཤོག༔ དུས་གསུམ་རྒྱལ་བ་ཀུན་གྱིས་རབ་བསྔགས་པའི༔ གུ་རུ་ཡིད་བཞིན་ནོར་བུའི་བཀྲ་ཤིས་ཤོག༔ ཆོས་སྐྱོང་ཀུན་འདུས་པདྨ་ཐོད་ཕྲེང་རྩལ༔ མཐུ་སྟོབས་ཐོགས་མེད་དམ་ཅན་བཀྲ་ཤིས་ཤོག༔ དུས་གསུམ་སངས་རྒྱས་བདེ་གཤེགས་ཀུན་འདུས་དཔལ༔ སྐུ་མཆོག་གུ་རུའི་སྐུ་ཡི་བཀྲ་ཤིས་ཤོག༔ ཐེག་དགུ་དམ་ཆོས་ཀུན་འདུས་གསང་སྔགས་མཛོད༔ གསུང་མཆོག་གུ་རུའི་གསུང་གི་བཀྲ་ཤིས་ཤོག༔ དུས་གསུམ་རྒྱལ་བ་ཀུན་འདུས་ཀུན་བཟང་ཐུགས༔ ཐུགས་མཆོག་གུ་རུའི་ཐུགས་ཀྱི་བཀྲ་ཤིས་ཤོག༔ སྐྱེ་འཆི་མེད་པ་མཆོག་གི་དངོས་གྲུབ་བརྙེས༔ གུ་རུ་ཁྱེད་རང་ལྟ་བུའི་བཀྲ་ཤིས་ཤོག༔ སྲིད་གསུམ་འཛམ་གླིང་བྱེ་བ་ཕྲག་བརྒྱ་ན༔ གང་འདུལ་སྤྲུལ་པ་འགྱེད་པའི་བཀྲ་ཤིས་ཤོག༔ འབད་དང་རྩོལ་མེད་བསམ་པ་ལྷུན་གྱིས་གྲུབ༔ རྩ་གསུམ་ཡིད་བཞིན་ནོར་བུའི་བཀྲ་ཤིས་ཤོག༔ ཅེས་སོགས་ཀྱི་ཤིས་པ་རྒྱ་ཆེར་བརྗོད་ཅིང་རོལ་མོའི་སྒྲ་དང་བཅས་མེ་ཏོག་གི་ཆར་དབབ་པར་བྱའོ། །ཚུལ་འདི་ལྟ་བུའི་ལམ་གྱི་རིམ་པ་ཡར་ངོའི་ཚེས་བཅུ་ལ་སོགས་དུས་ཀྱི་མཆོད་པའམ་ཉིན་རེ་བཞིན་ལ་སོགས་པར་བརྩོན་པ་ཆེན་པོས་ཉམས་སུ་བླངས་པ་ལས་དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་འགྲུབ་པར་གདོན་མི་ཟ་བ་ནི་ཨོ་རྒྱན་རྡོ་རྗེ་འཆང་གི་བཀའ་ཚད་མ་ཡིན་པས་ན་སྐལ་པ་ཅན་རྣམས་སྙིང་ནས་ཡིད་ཆེས་པའི་སྒོ་ནས་བརྩོན་པར་བྱའོ། །མི་འགྱུར་གདོད་ནས་དག་པའི་ཡེ་ཤེས་ཆེ། །མ་འགགས་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ཅན། །ཀུན་ཁྱབ་གདོད་མའི་བླ་མ་པདྨ་འབྱུང་། །སྙིང་དབུས་པདྨོར་འབྲལ་མེད་བཞུགས་འདི་མཚར། །གང་ཁྱོད་གདོད་མའི་དབྱིངས་སུ་རོ་མཉམ་ཡང་། །རྣམ་འགྱུར་གང་འདུལ་སྤྲུལ་པའི་ཟློས་གར་ནི། །མོས་པའི་ཡིད་མཁར་ཅིར་ཡང་བསྒྱུར་འདི་ཀོས། །སྐལ་བཟང་ཚོགས་ཆེན་སྤེལ་ལ་བྲེལ་བར་གྱུར། །དེ་སླད་སྒྲུབ་ཅིང་མཆོད་པའི་ཐབས་ཚུལ་མཆོག །ཟབ་གཏེར་གསང་བའི་མན་ངག་ལ་བརྟེན་ནས། །རྣམ་གསལ་འཇུག་བདེའི་ཁྲིགས་སུ་བསྡེབས་འདིས་ཀྱང་། །འབྲེལ་བཅས་འགྲོ་རྣམས་བདེ་ཆེན་སྐུར་སྨིན་ཤོག །མོས་གུས་འདབ་སྟོང་བཞད་པའི་ཉེར་ལེན་གྱིས། །བྱིན་རླབས་གེ་སར་རྡུལ་ཕྲེང་རབ་འཕྱུར་པས། །སྐལ་བཟང་རྐང་དྲུག་དགའ་བའི་བཅུད་ལོན་ཏེ། །ཟབ་ཆོས་གླུ་དབྱངས་ས་གསུམ་ཁྱབ་སྒྲོག་ཤོག །དེ་ལྟར་རྩ་གསུམ་དགོངས་འདུས་བླ་མ་རིག་འཛིན་རྒྱ་མཚོའི་དཀྱིལ་འཁོར་གྱི་འཁོར་ལོ་སྒྲུབ་ཅིང་མཆོད་པའི་ཆོ་ག་དངོས་གྲུབ་འདོད་འཇོའི་དགའ་སྟོན་ཞེས་བྱ་བ་འདིའང་། མདོ་སྔགས་རྒྱུད་སྡེ་རྒྱ་མཚོའི་གནས་ལ་མཁྱེན་རབ་ཀྱི་པདྨོ་བཞད་པ་མཁན་བླ་མ་ངག་དབང་མཁས་གྲུབ་ཕུན་ཚོགས་བཟང་པོ་ནས་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་དང་བའི་གསུང་གིས་ཡང་དང་ཡང་དུ་བསྐུལ་བ་ལ་བརྟེན་ནས། འཇམ་མགོན་པདྨ་གར་གྱི་དབང་ཕྱུག་གི་ཟབ་གཏེར་རྩ་གསུམ་དགོངས་པ་འདུས་པའི་གཞུང་ལ་གཞི་བྱས། སྟག་ཤམ་ནུས་ལྡན་རྡོ་རྗེ་དང་ཆོས་གླིང་འཛམ་གླིང་རྡོ་རྗེའི་ཐུགས་སྒྲུབ་སོགས་ལས་ཆོ་གའི་ཡན་ལག་ཅི་རིགས་པར་བརྒྱན། གཏེར་བརྒྱའི་གསོལ་འདེབས་འཇམ་མགོན་བླ་མའི་གསུང་ལ་སྐབས་སུ་བབས་པའི་ཁ་སྐོང་འགའ་ཞིག་དང་བཅས་འཇུག་བདེ་བཀླག་ཆོག་གི་ཚུལ་དུ། ཨོ་རྒྱན་རྡོ་རྗེ་འཆང་གིས་བརྩེ་བས་རྗེས་སུ་བཟུང་སྟེ་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་བདུད་འཇོམས་དཔའ་བོ་འགྲོ་འདུལ་གླིང་པའམ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བདུན་ཅུ་དོན་ལྔར་སོན་པ་ས་ཕོ་རྟའི་ལོ་གྲོ་བཞིན་ཟླ་བའི་ཡར་ཚེས་བཅོ་ལྔ་ལ་ཉེ་བའི་ཚནྡྷོ་ལྷུན་གྲུབ་བརྩེགས་པའི་དུར་ཁྲོད་ཆེན་པོའི་ཉེ་འགྲམ་དུ་སྦྱར་བ་ལས། ཡི་གེ་པ་ནི་སྡོམ་བརྩོན་རིན་ཆེན་ཕུན་ཚོགས་དང་སྔགས་སྐྱེས་ཀུན་བཟང་དབང་འདུས་ཏེ་རྣམ་པ་གཉིས་ཀྱིས་སོ། །འདིས་ཀྱང་སྐལ་བཟང་རྣམས་ལ་དངོས་གྲུབ་འདོད་རྒུ་ཡིད་བཞིན་དུ་འཇོ་བའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །། ༈ ཕུལ་བྱུང་ཟབ་ལམ་བཅུད་བསྡུས་བླ་སྒྲུབ་གང་། །རང་གཞན་དོན་གཉིས་བསྒྲུབ་པའི་ཆ་རྐྱེན་དུ། །བསྐུལ་བ་པོ་ཡིས་སྤར་དུ་བསྐྲུན་སྤེལ་དགེས། །འབྲེལ་ཚད་དོན་ལྡན་བཀྲ་ཤིས་དཔལ་འབར་ཤོག །ཅེས་པའང་ཛྙཱ་ནས་སོ།། །། ༈ མཁན་སློབ་ཆོས་གསུམ་རིང་ལུགས་ཆེ། །འཛམ་གླིང་ས་གསུམ་ཁྱབ་པར་འཕེལ། །འགྲོ་རྒྱུད་མཆོག་གསུམ་སྣང་བ་དང་། །མི་འབྲལ་དུས་གསུམ་དགེ་ལེགས་ཤོག །ཛྙཱ་ནས་སོ།། །།
རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ཡང་ཟབ་བསྡུས་པའི་སྙིང་པོའི། དཀྱིལ་འཁོར་གྱི་རྣམ་གཞག་རྫོགས་ཆེན་པ་འོད་གསལ་སྒྱུ་མས་མཛད་པ་ (Volume 56, Text 2)
༄༅། །རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ཡང་ཟབ་བསྡུས་པའི་སྙིང་པོའི། དཀྱིལ་འཁོར་གྱི་རྣམ་གཞག་རྫོགས་ཆེན་པ་འོད་གསལ་སྒྱུ་མས་མཛད་པའོ།། བླ་མ་རིག་འཛིན་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་ཡང་ཟབ་བསྡུས་པའི་དཀྱིལ་འཁོར་རྣམ་དག་བསྟན་པ་ནི། ཀྱེ། སྐལ་ལྡན་རིགས་ཀྱི་བུ་དག །གསལ་ཞིང་མཐོང་བ་མིག་གི་དབང་པོས་དཀྱིལ་འཁོར་ལ་ལྟོས། རྣ་བའི་དབང་པོ་གསང་ཞིང་ཐོས་པས་སློབ་དཔོན་གྱིས་སྨྲས་པའི་ཚིག་ལ་ཉོན་ལ། དྲན་ཞིང་ཟིན་པ་སེམས་ཀྱི་དབང་པོས་དོན་ཤེས་པར་གྱིས་ཤིག །དེ་ཡང་དཀྱིལ་འཁོར་དབུས་ཟླུམ་པོ་མཐིང་གར་བྱུང་བ་འདི་ནི་གཞི་ཆོས་ཉིད་ཀྱི་དོན་ལ་གཉེན་པོ་དང་བྲལ་བའི་བརྡའོ། །པདྨ་འདབ་བརྒྱད་མཛེས་ཚོན་དུ་བྱུང་བ་འདི་ནི་གཞི་ལ་རླུང་ལྔའི་དྭངས་མ་དང་ལྡན་པའི་བརྡའོ། །གྲུ་ཆད་བཞིར་བྱུང་བ་ནི་འབྱུང་བ་བཞིའི་འོད་དང་ལྡན་པའི་བརྡའོ། ཁྱམས་བཞི་སྒོ་བཞི་དང་བཅས་པ་ནི་ཕྲིན་ལས་བཞི་ཚང་བའི་བརྡའོ། །རིན་པོ་ཆེའི་རྩིག་པ་ལྔ་བྱུང་བ་ནི་ཡེ་ཤེས་ལྔའི་རང་མདངས་དང་ལྡན་པའི་བརྡའོ། །རྟ་བབས་བཞི་ནི་གཞི་ལ་ཚད་མེད་བཞི་ལྷུན་གྱིས་གྲུབ་པའི་བརྡའོ། །རི་དྭགས་བརྒྱད་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀ་ནས་དག་པའི་བརྡའོ། །འཁོར་ལོ་བཞི་ནི་ཕྱི་ནང་གསང་བ་བླ་ན་མེད་པ་བཞིའི་ཆོས་ཀྱི་འཁོར་ལོ་ཡེ་ནས་བསྐོར་བའི་བརྡའོ། །གདུགས་བཞི་ནི་རྟག་པ་བརྟན་པ་འཕོ་འགྱུར་མེད་པ་ལྷུན་གྱིས་གྲུབ་པ་གཞིའི་དབྱིངས་ན་གདོད་མ་ནས་གནས་པའི་བརྡའོ། །སྣ་ཚོགས་རྡོ་རྗེ་ནི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་རྫོགས་པ་ཆེན་པོའི་ངང་དུ་གནས་པའི་བརྡའོ། །འདོད་ཡོན་གྱི་སྣམ་བུ་ནི་འདོད་ཡོན་མ་སྤངས་རྒྱན་དུ་ཤར་བའི་བརྡའོ། །ཕ་གུ་ནི་འདོད་དགུ་རང་ལ་ཚང་བའི་བརྡའོ། །དྲྭ་ཕྱེད་ནི་གཞིའི་ཡོན་ཏན་རྫོགས་པའི་བརྡའོ། །མདའ་ཡབ་ནི་ཐུགས་རྗེ་ཕྱོགས་རིས་མེད་པའི་བརྡའོ། །པུ་ཤུ་ནི་འོད་གསལ་སྙིང་པོའི་བརྡའོ། །ཞིང་ཁམས་ནི་རང་སྣང་ལྷུན་གྱིས་གྲུབ་པའི་བརྡའོ། །སྣ་ཚོགས་པདྨའི་ར་བ་ནི་འཁོར་བའི་སྐྱོན་གྱིས་མ་གོས་པའི་བརྡའོ། །འོད་ཟེར་ཕྲེང་བ་ནི་རང་བཞིན་འོད་གསལ་བའི་བརྡའོ། །རཀྟའི་རྒྱ་མཚོ་ནི་འཁོར་བའི་རྒྱ་མཚོ་སྐེམ་པའི་བརྡའོ། །རྡོ་རྗེའི་ར་བ་ནི་དབྱིངས་ལ་འཕོ་འགྱུར་མེད་པའི་བརྡའོ། །མེ་ལྔ་འབར་བ་ནི་ཉོན་མོངས་པ་དུག་ལྔ་སྲེག་ཅིང་། སྐུ་ལྔ་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པའི་བརྡའོ། །གཞལ་ཡས་ཁང་དེའི་དབུས་སུ་ཉོན་མོངས་པའི་དྲི་མས་མ་གོས་པའི་བརྡར་པདྨའི་གདན། ཐབས་དང་ཤེས་རབ་མཚོན་པའི་ཕྱིར་ཉི་ཟླའི་གདན། དེའི་སྟེང་དུ་ཡིད་ཆོས་གནས་སུ་དག་པ་ཀུན་བཟང་ཡབ་ཡུམ། དེའི་འཁོར་དུ་རིགས་ལྔ་ཡབ་ཡུམ། སེམས་དཔའ་ལྕམ་དྲལ། རིགས་དྲུག་གི་དོན་མཛད་པའི་ཐུབ་པ་དྲུག །སྒོ་བ་བཞིའི་ཚོགས་དང་བཅས་པ་བཞུགས་པའོ། །དེའི་སྟེང་གི་ནམ་མཁར་སྐུ་གསུམ་ལྷུན་གྱིས་གྲུབ་པའི་རྟགས་སུ། ཐོད་པ་སྐམ་རློན་རྙིད་པ་གསུམ་གྱིས་བརྩིགས་པའི་གཞལ་ཡས་ཁང་གི་དབུས། པདྨ་ཉི་ཟླ་རུ་ཏྲ་ཕོ་མོའི་སྟེང་དུ། བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ། ཤར་དུ་ཡང་དག་ཐུགས་ཡབ་ཡུམ། ལྷོར་འཇམ་དཔལ་སྐུ་ཡབ་ཡུམ། ནུབ་ཏུ་པདྨ་གསུང་ཡབ་ཡུམ། བྱང་དུ་ཕུར་པ་ཕྲིན་ལས་ཡབ་ཡུམ། ཤར་ལྷོར་བླ་མེད་ཧེ་རུ་ཀ །ལྷོ་ནུབ་ཏུ་རིག་འཛིན་ཐོད་རྩལ། ནུབ་བྱང་དུ་སྟོབས་ལྡན་ཀཱ་ལ། བྱང་ཤར་དུ་དམོད་པ་དྲག་སྔགས་ཡབ་ཡུམ་སྲས་འཁོར་བཀའ་སྡོད་ཀྱི་ཚོགས་དང་བཅས་པ་བཞུགས་པའོ། །སྒྲུབ་རྫས། བུམ་པ་བཅུད་བདུད་རྩིས་གང་བ་ཡང་རིགས་ལྔ་ཞི་ཁྲོ་རང་ལ་རྫོགས་པའི་བརྡའོ། །དར་སྣའི་མགུལ་ཆིངས་ནི་ཡབ་ཡུམ་ཐབས་ཤེས་ཟུང་འཇུག་དབྱེར་མེད་པའི་བརྡའོ། ཁ་རྒྱན་རྒྱལ་བ་ཞི་ཁྲོའི་སྐུ་བཀྲམ་པ་འདི་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་ཡེ་ནས་རྫོགས་པའི་བརྡའོ། །མཚན་ལྡན་ཀ་པཱ་ལ་བདུད་རྩིས་གང་བ་འདི་ཡང་མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་ཐོབ་པའི་བརྡའོ། །མེ་ལོང་གཡའ་དག་བཤམས་པ་འདི་ཡང་ཡེ་ཤེས་ལྔའི་སྤྲུལ་པ་འཕྲོ་བའི་བརྡའོ། །མན་ཤེལ་ནི་ཀ་དག་ཆོས་སྐུའི་གཞི་མཚོན་པའི་བརྡའོ། །རྨ་བྱའི་སྒྲོ་ཆེན་གྱིས་ཁ་བརྒྱན་པ་ནི་ཡེ་ཤེས་ལྔའི་སྒྲོན་མ་རང་མདངས་ལྷུན་གྱིས་གྲུབ་པའི་བརྡའོ། །ཀུ་ཤ་ནི་ཐུགས་རྗེ་སྤྲུལ་པས་འགྲོ་དོན་མཛད་པའི་བརྡའོ། །འཁོར་ཡུག་གི་རྒྱན་བཀོད་པ་ཡང་། རྨ་བྱའི་མདོངས་ལྔ་ནི་སྒྲོན་མ་རང་ལ་འཆར་བའི་བརྡའོ། །མེ་ལོང་བཞི་ནི་ཡེ་ཤེས་ལྔའི་འོད་འཕྲོ་བའི་བརྡའོ།། མདའ་ལྔ་ནི་ཤེས་རབ་ལྔ་གཞི་ལ་མཚོན་པའི་བརྡའོ། །གྲི་ལྔ་ནི་ཉོན་མོངས་སྐྱེ་བ་རྣམ་བཞིའི་མངལ་སྒོ་འཇོམས་པའི་བརྡའོ། །དར་སྣ་ལྔ་ནི་རླུང་ལྔ་དབྱིངས་སུ་མཚོན་པའི་བརྡའོ། །ཕུར་པ་ལྔ་ནི་དབྱིངས་ལ་འགྱུར་བ་མེད་པའི་བརྡའོ། །ཚོན་སྐུད་ནི་ཟེར་ལྔས་སྤྲུལ་པས་འགྲོ་དོན་བྱེད་པའི་བརྡའོ། །གཏོར་ཚོགས་མཆོད་པས་བརྒྱན་པ་ནི་འདོད་ཡོན་ལྔ་རང་སྣང་དུ་གསལ་བའི་བརྡའོ། །ཚོགས་ཀྱི་འཁོར་ལོའི་འདོད་ཡོན་སྤྲིན་ལྟར་གཏིབས་པ་ནི་རྩ་བ་གསུམ་གྱི་ཐུགས་དམ་སྐོང་བའི་བརྡའོ། །ས་རྒྱན་དང་གནམ་རྒྱན་བྲེས་པ་ནི་ལས་བཞིའི་ཕྲིན་ལས་ལ་འཇུག་པའི་བརྡའོ། །འཕན་དང་ཡོལ་བ་བཀོད་པ་འདི་ཡང་གདུལ་བྱ་དྭངས་བ་འདྲེན་པའི་བརྡའ་འོ། །ཞེས་གསེར་གྱི་ཐུར་མས་ལེགས་པར་བསྟན་ལ་བཤད་དོ། །ཞེས་པ་འདི་རྫོགས་པ་ཆེན་པོའི་གསང་ཐིག་ཡང་ཟབ་ཟབ་དོན་བསྡུས་པའི་སྙིང་པོའི་སྨིན་བྱེད་དབང་གི་ཆོ་གའི་གཞུང་ཤོག་སེར་ན་དཀྱིལ་འཁོར་གྱི་རྣམ་གཞག་བསྟན་ཞེས་པ་མ་གཏོགས་མི་འདུག་པས། ཕྱིས་འབྱུང་གང་ཟག་རྣམས་གོ་བདེ་བར་བྱ་བའི་ཕྱིར། རྫོགས་ཆེན་པ་འོད་གསལ་སྒྱུ་མས་སྦྱར་པའི་ཡི་གེ་པ་ནི་འོད་གསལ་ཚུལ་ཁྲིམས་རྒྱལ་མཚན་གྱིས་བགྱིས་པའོ། །མངྒ་ལཾ།། །།
རྩ་གསུམ་འོད་གསལ་སྙིང་ཏིག་ལས། སྔོན་འགྲོའི་ངག་འདོན་བྱང་ཆུབ་མྱུར་ལམ་གྱི་ཟུར་འདེབས་བླ་མའི་རྣལ་འབྱོར་ཟབ་ལམ་སྙིང་པོ་ (Volume 63, Text 2)
རྩ་གསུམ་འོད་གསལ་སྙིང་ཏིག་ལས། སྔོན་འགྲོའི་ངག་འདོན་བྱང་ཆུབ་མྱུར་ལམ་གྱི་ཟུར་འདེབས་བླ་མའི་རྣལ་འབྱོར་ཟབ་ལམ་སྙིང་པོ་བཞུགས་སོ། །ཨེ་མ་ཧོཿ སྣོད་བཅུད་རྣམ་དག་རྡོ་རྗེའི་འོག་མིན་ཆེ། །འོད་གསལ་རང་སྣང་པདྨ་དྲྭ་བའི་དབུས། །གཞི་ལུས་ཕག་མོ་དམར་སེར་གྲི་ཐོད་ཅན། །པད་ཉི་བམ་རོའི་སྟེང་ན་བརྐྱང་བསྐུམ་བཞེངས། །སྤྱི་བོར་རིགས་ཀུན་ཁྱབ་བདག་ཨོ་རྒྱན་རྗེ། །གསང་བ་འདུས་པ་མཐིང་སྔོན་ནམ་མཁའི་མདོག །ཁྲོ་ཆགས་སྒེག་པའི་ཡེ་ཤེས་གཟི་བྱིན་འབར། །རྡོ་རྗེ་དྲིལ་བསྣམས་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །ཡུམ་མཆོག་དམར་མོ་གྲི་ཐོད་འཛིན་པ་སྦྱོར། །གཉིས་ཀ་རིན་ཆེན་རུས་པ་དར་སྣས་བརྒྱན། །སྣང་སྟོང་འཇའ་ཟེར་འོད་ཕུང་ཀློང་ན་འགྱིང་། །རིགས་ཀྱི་བདག་པོ་ཀུན་བཟང་ཡབ་ཡུམ་ལ། །དགོངས་བརྡ་སྙན་བརྒྱུད་བླ་མ་སྤྲིན་ལྟར་འཁྲིགས། །སྐུ་ཡི་གནས་སུ་དཔལ་ཆེན་སྒྲུབ་སྡེ་བརྒྱད། །ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་སྤྲོ་ཞིང་སྡུད། །ཐུགས་གསུང་སྐུ་ཡི་རྡོ་རྗེའི་གནས་ཡུལ་དུ། །འབུམ་ཕྲག་དཔའ་བོ་ཌཱ་ཀིའི་གླུ་གར་སྒྱུར། །འཁོར་དུ་ཐོད་ཕྲེང་སྡེ་ལྔ་མཚན་མཆོག་བརྒྱད། །རྣམ་འཕྲུལ་བཅུ་གཉིས་གུ་རུ་བཅུ་གསུམ་དང་། །འཕྲུལ་མཚན་ཉི་ཤུ་མདོ་སྔགས་སྟོན་པ་བརྒྱ། །གང་འདུལ་བཀོད་པ་བསམ་མི་ཁྱབ་པར་སྟོན། །མདོར་ན་ཕྱོགས་དུས་སྐྱབས་གནས་ཀུན་འདུས་པ། །དྲན་པས་སྲིད་ཞིའི་གདུང་སེལ་ཆེན་པོར་གསལ། །འཁོར་དུ་རྒྱ་བོད་པཎ་གྲུབ་ལོ་ཙཱ་ཆེ། །རྗེ་འབངས་རིག་འཛིན་རྩ་གསུམ་རྒྱ་མཚོས་བསྐོར། །མོས་གུས་དྲག་པོས་གསོལ་བཏབ་རྒྱུད་བསྐུལ་བས། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་གཉིས་མེད་བསྟིམ། །ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དེ་བ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་པས་ཚོགས་རྟེན་གསལ་བཏབ་ལ། ཧོ༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་ལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་ཀུན་བཟང་མཆོད་སྤྲིན་འབུལ༔ ཉོན་མོངས་ཤེས་བྱའི་སྒྲིབ་གཉིས་མཐོལ་ཞིང་བཤགས༔ བྱང་ཆུབ་སྤྱོད་པ་རྒྱ་མཚོར་རྗེས་ཡི་རང༔ ཐེག་མཆོག་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་རྟག་པར་བཞུགས་གསོལ་འདེབས༔ འདིས་མཚོན་དགེ་ཚོགས་ཆོས་དབྱིངས་སྙིང་པོར་བསྔོ༔ ཞེས་གྲུབ་ན་ལུས་ཕྱག་དངོས་སུ་འཚལ་བ་དང་བཅས་ཡན་ལག་བདུན་གྱིས་གསག་སྦྱང་ལ་འབད། སྤྲོ་ན། ཨོཾ་ཨཱཿཧཱུྃ༔ རབ་འབྱམས་རྒྱ་མཚོའི་ཞིང་ཀུན་ཡོངས་ཁྱབ་པའི༔ སྲིད་ཞིའི་འབྱོར་ཚོགས་དཔག་མེད་མཎྜལ་འདི༔ བླ་མ་རྩ་གསུམ་སྤྲུལ་སྐུའི་ཞིང་དུ་འབུལ༔ བཞེས་ནས་སྣང་སྟོང་ཟུང་འཇུག་དངོས་གྲུབ་སྩོལ༔ ཕུང་ཁམས་སྐྱེ་མཆེད་ཡོངས་གྲུབ་རྡོ་རྗེའི་གྲོང༔ ཚོགས་བརྒྱད་གདོད་ནས་དག་པའི་མཎྜལ་འདི༔ བླ་མ་རྩ་གསུམ་ལོངས་སྐུའི་ཞིང་དུ་འབུལ༔ བཞེས་ནས་བདེ་སྟོང་ཟུང་འཇུག་དངོས་གྲུབ་སྩོལ༔ ཀ་དག་ཆོས་དབྱིངས་གཞོན་ནུ་བུམ་སྐུའི་སྦུབས༔ ལྷུན་གྲུབ་འོད་གསལ་སྣང་བཞིའི་མཎྜལ་འདི༔ བླ་མ་རྩ་གསུམ་ཆོས་སྐུའི་ཞིང་དུ་འབུལ༔ བཞེས་ནས་རིག་སྟོང་ཟུང་འཇུག་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་མཎྜ་ལ་པཱུ་ཛ་ཧོ༔ ཞེས་མཎྜལ་འབུལ། ཉམས་ལེན་གྱི་དངོས་གཞི་མོས་གུས་ཁོ་ན་རྩལ་དུ་བཏོན་པས་བླ་མ་ལ་བློ་གཏད་ལིང་གིས་བཀལ་ཏེ། རབ་འབྱམས་སྐུ་གསུམ་མཆོག་གསུམ་རྩ་གསུམ་ཆོས་སྐྱོང་དང་བཅས་པ་བླ་མའི་སྐུ་གསུང་ཐུགས་ཀྱི་གསང་བ་གཅིག་ཏུ་རྫོགས་པའི་ངེས་ཤེས་དང་ཆབས་ཅིག །ཨོཾ་ཨཱཿཧཱུྃ༔ ཆོས་ཀུན་སྙིང་པོ་སྤྲོས་བྲལ་ཀུན་ཏུ་བཟང༔ བདེ་སྟོང་སྒྱུ་འཕྲུལ་དྲྭ་བ་རྡོ་རྗེ་སེམས༔ སྤྲུལ་པའི་རྣམ་རོལ་འཆི་མེད་ཐོད་ཕྲེང་རྩལ༔ གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ༔ གདོད་མའི་མགོན་པོ་འོད་སྣང་ཚེ་མཐའ་ཡས༔ སྟོང་ཉིད་སྙིང་རྗེའི་སྐུར་བཞེངས་སྤྱན་རས་གཟིགས༔ དབྱེར་མེད་གྲུབ་པའི་སློབ་དཔོན་མཚོ་སྐྱེས་རྗེར༔ གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ༔ དགའ་རབ་འཇམ་དཔལ་ཤྲཱི་སིཾ་ཧ་དང༔ ཛྙཱ་ན་སཱུ་ཏྲ་དྲི་མེད་བཤེས་གཉེན་གྱི༔ གདམས་པའི་བཀའ་བབས་པདྨ་སཾ་བྷ་ལ༔ གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ༔ རིག་འཛིན་བླ་མ་ཀུན་འདུས་པདྨ་འབྱུང༔ ཡི་དམ་ཞི་ཁྲོ་ཐུགས་ཀྱི་ཀློང་ན་རྫོགས༔ རབ་འབྱམས་མཁའ་འགྲོའི་མིང་པོ་དཔའ་བོ་ཆེར༔ གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ༔ ཅིར་སྣང་ཡེ་ཤེས་ལྷ་ཡི་ཕྱག་རྒྱར་དག༔ སྒྲར་གྲགས་མི་ཤིགས་རྡོ་རྗེའི་སྔགས་སུ་རྫོགས༔ རྟོག་ཚོགས་དབྱིངས་རིག་དབྱེར་མེད་ཐིག་ལེར་སྨིན༔ སྣང་སྲིད་གཞིར་བཞེངས་ཆེན་པོར་བྱིན་ཕོབ་ཅིག༔ ལུས་ལ་སྣང་སྟོང་སྐུ་ཡི་བྱིན་གྱིས་རློབས༔ ངག་ལ་གྲགས་སྟོང་གསུང་གི་བྱིན་གྱིས་རློབས༔ ཡིད་ལ་རིག་སྟོང་ཐུགས་ཀྱི་བྱིན་གྱིས་རློབས༔ ལུས་ངག་ཡིད་ལ་རྡོ་རྗེའི་དབང་བཞི་སྐུར༔ ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་ཕོབ༔ མཐོང་ཐོས་དྲན་རེག་སྨིན་ཅིང་གྲོལ་བ་དང༔ འཆི་མེད་སྐུ་གསུམ་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་གསོལ་འདེབས་བྱིན་རླབས་མྱུར་ལམ་གྱིས་ཕུར་ཚུགས་སུ་གསོལ་བ་བཏབ། གསོལ་འདེབས་འབུམ་གསོག་ན་རྡོ་རྗེའི་ཚིག་རྐང་བདུན་པ་ལ་བྱ། ཐུན་མཇུག་ཏུ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་དང་། ཐུགས་ཡིད་བསྲེས་ཏེ་ཧཱུྃ་གི་བཟླས་པའང་ཅུང་ཟད་བྱ། སླར་བརྒྱུད་འདེབས་བྱིན་རླབས་སྤྲིན་ཕུང་གིས་ཐུགས་བརྒྱུད་བསྐུལ་མཐར། བླ་མའི་གནས་གསུམ་འབྲུ་གསུམ་ལས༔ འོད་ཟེར་རིམ་དང་ཅིག་ཅར་འཕྲོས༔ བདག་གི་གནས་གསུམ་ཐིམ་པ་ཡིས༔ དབང་བཞི་ཐོབ་ཅིང་སྒྲིབ་བཞི་དག༔ ལམ་བཞི་སྒོམ་པའི་སྣོད་དུ་གྱུར༔ མཐར་ནི་རང་ཐིམ་དབྱེར་མེད་ངང༔ བློ་འདས་ཆོས་སྐུའི་རང་ཞལ་བལྟ༔ དབང་ལེན་བཅས་ཐུགས་ཡིད་བསྲེས་ལ་མཉམ་པར་གཞག །ཐུན་ལས་ལྡང་བ་ན་སྣང་གྲགས་རིག་པ་བླ་མའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་གདོད་ནས་རྫོགས་པར་ཤེས་པའི་ཡོངས་གྲུབ་ཆེན་པོའི་མོས་གུས་ཀྱི་ལམ་ཁྱེར་དང་མ་བྲལ་བས། སྐྱེ་བ་ཀུན་ཏུ་སོགས་བསྔོ་སྨོན་རྒྱས་བསྡུས་ཅི་རིགས་བྱ། བླ་མའི་རྣལ་འབྱོར་འདི་ཁོ་ན་ཙམ་ཞིག་ཉམས་སུ་བླངས་ཀྱང་སྐྱེ་འཆི་བར་དོའི་ལམ་ཁྱེར་ཐམས་ཅད་དོན་གྱིས་ཚང་བས་ཟུང་འཇུག་མཆོག་གི་དངོས་གྲུབ་ངེས་པར་མངོན་དུ་བྱེད་ནུས་པའང་རྡོ་རྗེའི་ཚིག་རྐང་ལས། འདི་ཉིད་ཁོ་ན་ཉམས་བླངས་ཀྱང༔ ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ༔ དེ་ཕྱིར་སྙིང་ལས་གཅེས་པར་ཟུངས༔ ས་མ་ཡ༔ ཞེས་གདམས་པར་མཛད་པ་ལྟར་སྐལ་ལྡན་རྣམས་ཀྱིས་རྩེ་གཅིག་ཏུ་འབད་པར་བྱའོ། །ཞེས་པའང་རྩ་གསུམ་འོད་གསལ་སྙིང་ཏིག་གི་ལམ་ཡོངས་སུ་རྫོགས་པའི་ཆ་རྐྱེན་དུ་ཟབ་ལམ་འདི་ཉིད་ཀྱི་སྨིན་གྲོལ་ཡོངས་སུ་རྫོགས་པར་ལོངས་སྤྱོད་པའི་སྐལ་པ་དགེ་བ་འོད་གསལ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས། ལྷོ་ལྗོངས་དགེ་བའི་ཞིང་གི་བྱེ་བྲག་ཕུན་ཚོགས་ཆོས་གླིང་དུ་གཏེར་གཞུང་རྩ་བའི་དགོངས་པ་ལྟར་གསལ་བར་ཕྱེས་པས་འགྲོ་ཀུན་བླ་མ་ཡེ་ཤེས་རྡོ་རྗེའི་གསང་མཛོད་ལ་དབུགས་དབྱུང་བའི་སྐལ་བཟང་དུ་གྱུར་ཅིག། །།
ཉེས་པ་ཀུན་སེལ་ (Volume 48, Text 2)
ཉེས་པ་ཀུན་སེལ་བཞུགས་སོ༔ མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ རྣལ་འབྱོར་གང་ཞིག་ལམ་དུ་འཇུག་པ་དང༔ གནས་བཙལ་བ་དང་ས་གཟུང་རོ་འདོན་དང༔ ཤིད་བྱེད་རབ་གནས་ལ་སོགས་དུས་རྣམས་སུ༔ དུས་རྩིས་འཁྲུལ་དང་ནོར་བས་བར་ཆད་རྐྱེན༔ ནད་དང་སྡུག་བསྔལ་མཁོན་གཅུགས་དགྲ་གདོན་གདུང༔ དེ་དུས་གདམས་པ་འདི་དང་ལྡན་གྱུར་ན༔ ཕྱོགས་ངན་བདུད་གཅོད་གསང་སྐེག་རུ་འཛིང་དང༔ མདུན་ཕུང་གང་ལའང་ཉམ་ང་མི་དགོས་ཤིང༔ རྟེན་བཞེངས་ཕོ་བྲང་འདེབས་དང་ས་སྒོ་སློང༔ རོ་དང་བག་མའི་ལམ་སོགས་ནོར་འཁྲུལ་སེལ༔ བུ་ནོར་ཆོས་དང་བཀྲ་ཤིས་རྒྱུད་རིགས་འཕེལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ྄༔ ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿཡེ་སྭཱ་ཧཱ༔ ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྱི་ལ་མཎྜ་ལ་མ་དྷ་ལེ་སྭཱ་ཧཱ༔ དེ་ལྟར་ཐུབ་པའི་ཞལ་གྱིས་ཕྱོགས་བཅུ་རུ༔ མ་འགགས་གསལ་བའི་སྐུ་ལས་འཕྲོས་པའི་འོད༔ ས་འོག་ས་སྟེང་ས་བླའི་ཕྱོགས་མཚམས་བཅུར༔ འཕྲོས་པས་སྣང་སྲིད་འཁོར་ལོར་བསྐོར་བ་ལས༔ འོད་ཟེར་འདོད་པའི་དོན་རྣམས་འགྲུབ་བྱེད་པའི༔ སངས་རྒྱས་སྐུ་གསུང་ཐུགས་སུ་གསལ་བ་ཡིས༔ སྣང་སྲིད་མཉེས་བྱེད་ཕྱག་རྒྱ་བཅས་བྱས་ལ༔ སྐྱོན་སྦྱངས་ཡོན་ཏན་མ་ལུས་སྤེལ་བར་བསམ༔ ཐལ་སྦྱར་ཕྱོགས་མཚམས་ཀུན་ཏུ་གཡས་སྐོར་དང༔ གཡོན་དུ་བསྐོར་བ་བཅུ་གཉིས་ཚུལ་དུ་བྱ༔ བྱི་བ་གླང་སྟག་ཡོས་འབྲུག་སྦྲུལ་དང་རྟ༔ ལུག་སྤྲེལ་བྱ་ཁྱི་ཕག་གི་ལོ་ཟླ་དུས༔ ཐམས་ཅད་བྱང་ཆུབ་ཆེན་པོར་དག་གྱུར་ཅིག༔ མངྒ་ལཾ༔ དེ་ལྟར་བརྗོད་པས་ཕྱོགས་དུས་ཀུན་ལས་གྲོལ༔ ལེགས་པ་ཀུན་འགྲུབ་ཐམས་ཅད་སེམས་ཀྱི་གཟུགས༔ རྣམ་པར་རྟོག་པ་ཐམས་ཅད་དོན་དུ་འགྱུར༔ དུས་ཀྱི་མཐའ་མ་ལོ་ཟླ་དུས་ཀྱི་རྩིས༔ གོ་ནོར་ཆད་ལྷག་རྩོད་པ་རྒྱས་དུས་སུ༔ འདི་ཡིས་དུས་གསུམ་དུས་མེད་བདེ་གཤེགས་སྟེར༔ ང་ཡི་རྗེས་འཇུག་སྙིང་རྗེ་ཅན་གཅིག་དང༔ འཕྲད་ནས་འགྲོ་བའི་དཔལ་དུ་འགྱུར་བར་ཤོག༔ ཕྱོགས་དང་དུས་ཚོད་ངན་པ་སེལ་བྱེད་འདི༔ ལྷ་སྲས་བུ་འབངས་དོན་དུ་གཏེར་དུ་སྦས༔ མ་མགོན་སྡེ་བརྒྱད་བཀའ་འདི་བསྲུང་བར་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མངྒ་ལཾ། །དགེའོ།། །།་་་་ཕྲེང་པོ་གཏེར་ཆེན་ཤེས་རབ་འོད་ཟེར་གཏེར་མའོ།།
ཡང་གཏེར་སྒྲོལ་མ་འཇིགས་པ་ཀུན་སྐྱོབ་ཀྱི་ཕྲིན་ལས་དབང་བསྐུར་དང་བཅས་པ་ཀུན་དགའི་ཟླ་ཟེར་ (Volume 35, Text 2)
༄༅། །ཡང་གཏེར་སྒྲོལ་མ་འཇིགས་པ་ཀུན་སྐྱོབ་ཀྱི་ཕྲིན་ལས་དབང་བསྐུར་དང་བཅས་པ་ཀུན་དགའི་ཟླ་ཟེར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨཱརྻ་ཏཱ་ར་ཡེ། འགྲོ་བ་ཀུན་སྐྱོབ་ཐུགས་རྗེའི་སྟོབས། །སྲས་བཅས་རྒྱལ་ལས་ཆེས་འཕགས་པ། །མྱུར་མ་དཔའ་མོའི་དགྱེས་ཞལ་གྱིས། །བྱང་ཆུབ་བར་དུ་བསྐྱང་བར་མཛོད། །སྒྲོལ་ལྗང་འཇིགས་པ་ཀུན་སྐྱོབ་ཀྱི་ཕྲིན་ལས་བྱ་བ་ལ། སྦྱོར་བ་གཤོམ་ནི། དབང་བསྐུར་དང་འབྲེལ་ན་འོག་ཏུ་སྨོས་པ་ལྟར་ལ་དཀྱུས་ཙམ་དུ། གནས་ཁང་གི་གུང་དུ་འཕགས་མའི་སྣང་བརྙན་རྟེན་ཡོད་ན་བཀྲམ། སྟེགས་གཙང་མར་རིན་པོ་ཆེའི་སྣོད་དུ་འབུལ་གཏོར་དཀར་ཟླུམ་རྒྱན་ལྡན། དཀར་གསུམ་གྱི་བཟའ་བཏུང་དང་སྨན་ཕུད་བཅས་པ་བཞག །ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། སྔོན་གཏོར་དཀར་བགེགས་སོགས་ཉེར་མཁོའི་ཡོ་བྱད་སྤྱི་ལྟར་ཚོགས་པར་བྱའོ། །ཕྲིན་ལས་དངོས་ལ་གསུམ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པའོ། །དང་པོ་ལ། བརྒྱུད་པའི་གསོལ་འདེབས་ནི། འཕགས་བཞིའི་སྐྱེད་ཡུམ་ཆོས་སྐུ་ཀུན་བཟང་མོ། །རྡོ་རྗེ་ཕག་མོ་ཡེ་ཤེས་ལོངས་སྤྱོད་རྫོགས། །རྗེ་བཙུན་འཕགས་མ་སྒྲོལ་མ་སྤྲུལ་པའི་སྐུ །རྒྱལ་བ་ཀུན་འདུས་པད་འབྱུང་མཚོ་རྒྱལ་ལྕམ། །ལོ་ཆེན་བཻ་རོ་གཡག་ཕྱར་སྔོན་མོ་དང་། །བདུད་འདུལ་གླིང་པ་མཁའ་འགྲོ་ཙཎྜི་ཀཱ །བཀའ་བབས་བདུན་འཆང་པདྨ་མདོ་སྔགས་གླིང་། །བརྒྱུད་པ་དྲུག་ལྡན་རྩ་བརྒྱུད་བླ་མའི་ཚོགས། །འཇིགས་པ་བརྒྱད་སྐྱོབ་རྣམ་འཕྲུལ་ཉི་ཤུ་གཅིག །མཚན་མཆོག་བརྒྱ་རྩ་ལ་སོགས་དཀྱིལ་འཁོར་ལྷ། །ཌཱ་ཀི་ཆོས་སྐྱོང་ཡེ་ཤེས་རོལ་པའི་རྩལ། །ཐུགས་རྗེའི་སྤྱན་ལྡན་རྣམས་ལ་གསོལ་བ་འདེབས། །གནས་སྐབས་མཐར་ཐུག་འཇིགས་པ་ཀུན་ལས་སྒྲོལ། །རྣམ་བཞིའི་ཕྲིན་ལས་རྩོལ་མེད་ལྷུན་གྱིས་གྲུབ། །ཐུན་མོང་མཆོག་གི་དངོས་གྲུབ་བདེ་བླག་ཐོབ། །འཕགས་མའི་གསང་བ་གསུམ་དང་དབྱེར་མེད་ཤོག །དཀར་གཏོར། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿ ཞེས་པས་མགྲོན་འགུགས། བྷཱུ་མི་པ་ཏི་ས་པ་རི་བཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་འབུལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་སོགས་སྤྱི་ལྟར་གྱིས་ཕྲིན་ལས་བཅོལ། སྔགས་མཐར་གཙྪ་བཏགས་པས་གཤེགས་སུ་གསོལ། བགེགས་གཏོར་བསང་སྦྱང་། སྟོང་པའི་ངང་ལས་རང་རང་གི་ཡིད་དང་མཐུན་པའི་སྣོད་རྣམས་སུ་ཁཾ་ལས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་སོ་སོའི་སྤྱོད་ཡུལ་བཞིན་དུ་འཆར་བར་གྱུར། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་བརླབ། རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀའི་སྐུར་གྱུར། སརྦ་བྷཱུ་ཏ་ཨཱ་ཀརྵ་ཛཿས་འགུགས། སརྦ་བིགྷྣཱན་ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ་བཀའ་བསྒོ་བ་ནི། ཧཱུྃ་ཧྲཱི༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཞེས་དང་ཧཱུྃ་བཞིའི་དྲག་སྔགས་བརྗོད་ལ་བསྐྲད། མཚམས་གཅོད་པ་ནི། ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ ཚོགས་གསག་སྐྱབས་སེམས་ནི། རང་གི་སྙིང་གར་ཟླ་བ་ལ་གནས་པའི་ཏཱཾ་ཡིག་ལྗང་གུའི་འོད་ཟེར་གྱི་སྣང་བས་རྗེ་བཙུན་མ་འཕགས་མ་སྒྲོལ་མ་རྒྱལ་བ་སྲས་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ་བཞུགས་པར་གྱུར། ཅེས་ཚོགས་རྟེན་གསལ་གདབ་ལ། ན་མོ༔ འཇིགས་དང་སྡུག་བསྔལ་ཀུན་སེལ་བའི༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་རྣམས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས༔ པདྨ་ཟླ་བའི་གདན་ལ་བཞུགས༔ བདག་དང་མཁའ་མཉམ་སེམས་ཅན་ཀུན༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ རྩེ་གཅིག་ཡིད་ཀྱིས་སྐྱབས་སུ་མཆི༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ སྡོམ་པ་མ་ལུས་གཟུང་བར་བགྱི༔ འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག༔ ལན་གསུམ། ཚོགས་ཞིང་རྣམས་འོད་གསལ་གྱི་ངང་དུ་ཐིམ་པར་གྱུར། མཆོད་པ་བྱིན་བརླབ་ནི། ཧཱུྃ༔ བརྟན་གཡོའི་སྣང་བ་ཐམས་ཅད་ཀུན༔ གཡུ་ལོ་བཀོད་པའི་ཞིང་ཁམས་སུ༔ ཕྱི་ནང་མཆོད་པའི་དངོས་པོའི་ཚོགས༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་གྱུར༔ ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་བ་ཏེ་བཛྲ་སཱ་ར་པྲ་མརྡྷ་ནཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ་མ་ཧཱ་ཏེ་ཛོ་བཛྲེ་མ་ཧཱ་བིདྱཱ་བཛྲེ་མ་ཧཱ་བོ་དྷི་ཙིཏྟེ་བཛྲེ་མ་ཧཱ་བོ་དྷི་མནྟྲོ་པ་སཾ་ཀྲ་མ་ཎ་བཛྲེ་སརྦ་ཀརྨ་ཨ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་འབྱུང་བའི་སྔགས་ལན་གསུམ་བརྗོད་པས་སྤེལ་ལོ། །གཉིས་པ་དངོས་གཞི་ལ་གཉིས། བསྐྱེད་པའི་རྣལ་འབྱོར་ཡན་ལག་དང་བཅས་པ། བཟླས་པའི་རིམ་པའོ། །དང་པོ་ནི། ཏཱཾ༔ སྟོང་ཉིད་རང་གདངས་རྡོ་རྗེའི་སྲུང་འཁོར་དབུས༔ རིན་ཆེན་གཞལ་མེད་མཚན་ཉིད་ཡོངས་སུ་རྫོགས༔ པད་ཟླའི་སྟེང་དུ་ས་བོན་ཏཱཾ་ལྗང་གུ༔ འོད་ཟེར་འཕྲོས་འདུས་ཨུཏྤལ་ཏཱཾ་གྱིས་མཚན༔ དེ་ལས་རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང༔ ཞི་འཛུམ་དབུ་སྐྲ་གནག་སྣུམ་སིལ་བུར་གྲོལ༔ དར་དང་རིན་ཆེན་མེ་ཏོག་ཕྲེང་བས་བརྒྱན༔ ཕྱག་གཡས་མཆོག་སྦྱིན་གཡོན་པས་ཨུཏྤལ་འཆང༔ ཞབས་གཉིས་ཕྱེད་སྐྱིལ་འོད་ལྔའི་ཀློང་ན་བཞུགས༔ མཐའ་སྐོར་འཇིགས་པ་བརྒྱད་སྐྱོབ་སྒྲོལ་མ་དང༔ རྣམ་འཕྲུལ་ཉེར་གཅིག་མཚན་མཆོག་བརྒྱ་རྩ་སོགས༔ སྤྲུལ་པའི་སྤྲིན་ཕུང་བསམ་ཡས་སྤྲོ་ཞིང་བསྡུ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་མཚན་འོད་ཟེར་གྱིས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གཉིས་མེད་གྱུར༔ སྤྱན་འདྲེན་བཞུགས་གསོལ་ནི། སྤོས་བཏུལ། དབྱངས་རོལ་མོས་གུས་དང་བཅས་པས། ཏཱཾ༔ སྤྱན་རས་གཟིགས་དབང་བརྩེ་བའི་ཐུགས་རྗེའི་འཕྲུལ༔ འཇིགས་པ་ཀུན་སྐྱོབ་ཨཱརྻ་ཏཱ་རེ་མ༔ བདེ་གཤེགས་སེམས་དཔའ་སེམས་མའི་འཁོར་དང་བཅས༔ ཐུགས་རྗེའི་དབང་གིས་འདིར་གཤེགས་བརྟན་པར་བཞུགས༔ ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ བཛྲ་ས་མཱ་ཛ༔ ས་མ་ཡ་ཛཿཧཱུྃ་བཾ་ཧོཿཏིཥྛ་ལྷན༔ དམ་ཡེ་གཉིས་མེད་དུ་གྱུར་པ་ལ་དབང་བསྐུར་རྒྱས་གདབ་བྱ་བ་ནི། སླར་ཡང་དབང་ལྷ་ནམ་མཁའ་གང་བའི་ཚོགས༔ སྤྱན་དྲངས་ཡེ་ཤེས་བདུད་རྩིས་དབང་བསྐུར་བས༔ སྐུ་གང་སྒྲིབ་དག་ཆུ་ལྷག་གྱེན་དུ་འཁྱིལ༔ རིགས་བདག་འོད་དཔག་མེད་པས་དབུ་བརྒྱན་གྱུར༔ ཨོཾ་ཨ་པ་རི་མི་ཏ་ཨ་བྷི་ཥིཉྩ་ཧྲཱི༔ ཕྱག་དང་མཆོད་པ་འབུལ་བ་ནི། ཧོ༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་ལ༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔ སྒོ་གསུམ་དད་པས་ཕྱག་འཚལ་ཞིང༔ ཉེར་སྤྱོད་བདུན་དང་རོལ་མོའི་སྒྲ༔ འདོད་ཡོན་ལྔ་དང་རྒྱལ་སྲིད་བདུན༔ བཀྲ་ཤིས་རྫས་རྟགས་བརྒྱད་ལ་སོགས༔ སྲིད་དང་ཞི་བའི་འབྱོར་ཚོགས་ཀུན༔ དངོས་བཤམས་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ གུས་པས་འབུལ་ལོ་བཞེས་ནས་ཀྱང༔ འཇིགས་པ་ཐམས་ཅད་ཞི་བ་དང༔ ཚེ་དང་ཡེ་ཤེས་རྒྱས་པ་དང༔ མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་སརྦ་པཱུ་ཛ་ས་མ་ཡ་ཧོ༔ བསྟོད་པ་ནི། ཨོཾ༔ ཐུགས་རྗེའི་མངའ་བདག་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ མཚན་དཔེའི་སྐུར་སྟོན་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ ཚངས་པའི་གསུང་ལྡན་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ མཁྱེན་བརྩེའི་ཐུགས་མངའ་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ ཡོན་ཏན་མཐའ་ཡས་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ ཕྲིན་ལས་རྨད་བྱུང་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ འཇིགས་པ་བརྒྱད་སྐྱོབ་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ རྣམ་འཕྲུལ་ཉེར་གཅིག་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ མཚན་མཆོག་བརྒྱ་ལྡན་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ སངས་རྒྱས་བྱང་སེམས་འཕགས་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ གུས་པས་བསྟོད་དོ་འགྲོ་ཀུན་འཇིགས་ལས་བསྐྱབ་ཏུ་གསོལ༔ ཅེས་དང་བསྟོད་པའི་རྒྱུད་ཕྱག་འཚལ་ཉེར་གཅིག་ཀྱང་བརྗོད་དོ། །གཉིས་པ་བཟླས་པའི་རིམ་པ་ལ། བཟླས་དམིགས་ནི། རང་གི་ཐུགས་ཀར་པད་ཟླའི་སྟེང་དུ་ཡེ་ཤེས་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཁ་སརྣ་ཎི་ཚོན་གང་བ༔ དེའི་ཐུགས་ཀར་ཨུཏྤལ་སྔོན་པོ་འདབ་མ་བརྒྱད་པ་ཁ་སྦྱོར་གྱི་དབུས་སུ་ཏཱཾ༔ སྟེང་དུ་ཨོཾ༔ འོག་ཏུ་ཧཱ༔ འདབ་མ་བརྒྱད་ལ་ཏཱ་རེ་ཏུཏ་ཏཱ་རེ་ཏུ་རེ་སྭཱ་ཞེས་པའི་ཡིག་འབྲུ་བརྒྱད་འོད་ཟེར་འབར་བ་དང་བཅས་པས་མཚན་པར་གྱུར༔ ཅེས་གསལ་གདབ། བཟླ་བྱའི་སྔགས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཞེས་ཡི་གེ་བཅུ་པ་ཁོ་ན་བཟླ། ལྷ་སྔགས་ལ་སེམས་རྩེ་གཅིག་ཏུ་གཏད། གསལ་སྣང་སྐྱེས་པ་ན་སྤྲོ་བསྡུའི་དམིགས་པ་བྱ་སྟེ། བཟླས་པའི་རྐྱེན་གྱིས་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ཕྱོགས་ཀུན་ཏུ་འཕྲོས༔ ཞིང་རབ་འབྱམས་ཀྱི་རྒྱལ་བ་སེམས་དཔའ་འཕགས་མའི་ཚོགས་ལ་ཐུགས་མཉེས་པའི་མཆོད་པ་འབུལ༔ འགྲོ་བ་རིགས་དྲུག་གི་འཇིགས་པ་དང་སྡུག་བསྔལ་ཐམས་ཅད་བསལ༔ བདེ་བས་ཚིམ་པར་བྱས༔ འོད་ཟེར་ཚུར་འདུས་བདག་ལ་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་གྱུར༔ ཅེས་ཡང་ཡང་དམིགས་ལ་ཡིག་བཅུ་བཟླའོ། །གསུམ་པ་རྗེས་ནི། ཐུན་མཐར་མཆོད་བསྟོད་གོང་ལྟར་རམ། བསྡུ་ན་སྔགས་ཙམ་གྱིས་མཆོད་ཅིང་བསྟོད། རྗེ་བཙུན་མ་སྒྲོལ་མས་བདག་དང་སེམས་ཅན་ཐམས་ཅད་འཇིགས་པ་དང་སྡུག་བསྔལ་མཐའ་དག་ལས་སྐྱོབ་ཅིང་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། ཡིག་བརྒྱ་བརྗོད་ལ་ནོངས་པ་བཤགས། གཏོར་འབུལ་ནི། ཨོཾ་ཧྱ་གྲཱི་བ་ཧཱུྃ་ཕཊཿ ཨོཾ་སྭཱ་བྷཱ་བ་སོགས་ཀྱིས་བསང་སྦྱང་། སྟོང་པའི་ངང་ལས། རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མ་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ལག་པ་གཡས་གཡོན་གཉིས་ཀ་བསྟན་པའི་རྒྱ་དང་། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་རྗེ་བཙུན་འཕགས་མ་སྒྲོལ་མ་རྣམ་འཕྲུལ་མཐའ་ཡས་པའི་འཁོར་དང་བཅས་པ་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པའི་ལྗགས་རྡོ་རྗེའི་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་མཉེས་པར་གྱུར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཨི་དཾ་བ་ལིཾ་ཏ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་བདུན་གྱིས་འབུལ་ལ་འདོད་དོན་གསོལ་བ་ནི། ཨོཾ༔ དུས་གསུམ་སངས་རྒྱས་ཀུན་གྱི་ཡུམ༔ ཕྲིན་ལས་མངའ་བདག་ཐུགས་རྗེའི་གཏེར༔ འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ༔ འཇིགས་པ་བརྒྱད་སྐྱོབ་ལྷ་མོ་དང༔ རྣམ་འཕྲུལ་ཉི་ཤུ་རྩ་གཅིག་དང༔ མཚན་མཆོག་བརྒྱ་རྩ་བརྒྱད་ལ་སོགས༔ སངས་རྒྱས་བྱང་སེམས་ཡི་དམ་ལྷ༔ དཔའ་བོ་མཁའ་འགྲོ་ཆོས་སྲུང་བཅས༔ འཁོར་དང་བཅས་པ་ཐམས་ཅད་ཀུན༔ ཏིང་འཛིན་སྔགས་རྒྱས་བྱིན་བརླབས་པའི༔ ཞལ་ཟས་གཏོར་མ་འདི་བཞེས་ལ༔ བདག་ཅག་རྣལ་འབྱོར་འཁོར་དང་བཅས༔ ནད་གདོན་འཇིགས་པ་ཀུན་ལས་སྐྱོབས༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྤེལ༔ ཞི་སོགས་ཕྲིན་ལས་རབ་འབྱམས་དང༔ མཆོག་གི་དངོས་གྲུབ་འགྲུབ་པར་མཛོད༔ ཅེས་གསོལ་བ་གདབ། བཛྲ་མུཿ གཏོར་མགྲོན་རང་བཞིན་གྱི་གནས་སུ་གཤེགས་པའམ་རྟེན་ལ་བརྟན་བཞུགས་བྱས་ཀྱང་ཆོག །གཏོར་མ་གཙང་སར་བསྐྱལ། རང་དང་སྣང་བ་ཐམས་ཅད་ཀུན༔ རིག་སྟོང་འོད་གསལ་དབྱིངས་སུ་ཐིམ༔ ཞེས་དམ་ཡེ་དབྱེར་མེད་ཡེ་ཤེས་ཀྱི་དབྱིངས་སུ་བསྡུ། སླར་ཡང་ཆུ་ལས་རླབས་བཞིན་དུ༔ འཕགས་མའི་གསང་གསུམ་ཕྱག་རྒྱར་བཞེངས༔ ཨོཾ་ཨཱརྻ་ཏཱ་ར་ཀཱ་ཝཱ་ཙི་རཀྵ་ཧཾ༔ ཞེས་ལྷའི་སྐུར་ལྡང་ཞིང་བསྲུང་། རྗེས་ཐོབ་སྒྲོལ་མའི་ང་རྒྱལ་དང་བཅས་དགེ་བ་བསྔོ་ཞིང་སྨོན་ལམ་གདབ་པ་ནི། ཧོ༔ བདག་གིས་ཚེ་རབས་ཐོག་མེད་ནས༔ ཐ་མ་དུས་འདི་ཡན་ཆད་དུ༔ འཕགས་མ་མཆོད་ཅིང་བསྒྲུབས་པའི་མཐུས༔ སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ༔ བདག་དང་མཐའ་ཡས་འགྲོ་བ་ཀུན༔ རྗེ་བཙུན་སྒྲོལ་མས་རྗེས་བཟུང་ནས༔ འགལ་རྐྱེན་ཐམས་ཅད་ཞི་བ་དང༔ མཐུན་རྐྱེན་མ་ལུས་ཕུན་སུམ་ཚོགས༔ ཆོས་བཞིན་བསམ་པ་མྱུར་འགྲུབ་ནས༔ བྱང་ཆུབ་གོ་འཕང་ཐོབ་པར་ཤོག༔ བཀྲ་ཤིས་བརྗོད་པ་ནི། ཨོཾ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་བདག༔ འཕགས་མ་སྒྲོལ་མའི་བཀྲ་ཤིས་ཤོག༔ འཇིགས་པ་ཐམས་ཅད་སྐྱོབ་མཛད་མ༔ ལྷ་མོ་བརྒྱད་ཀྱི་བཀྲ་ཤིས་ཤོག༔ གང་འདུལ་དངོས་གྲུབ་མ་ལུས་སྩོལ༔ རྣམ་འཕྲུལ་ཉེར་གཅིག་བཀྲ་ཤིས་ཤོག༔ མཁའ་མཉམ་འགྲོ་བའི་དོན་ཀུན་མཛད༔ མཚན་བརྒྱ་བརྒྱད་ཀྱི་བཀྲ་ཤིས་ཤོག༔ དགེ་ལེགས་མཆོག་གི་སྣང་བ་ཡིས༔ རྟག་ཏུ་དཔལ་གནས་བཀྲ་ཤིས་ཤོག༔ ཅེས་དབྱངས་སུ་གྱེར་ལ་མེ་ཏོག་འཐོར་ལ་རོལ་མོའི་སྒྲ་བསྒྲག་གོ །འདིའི་བསྙེན་པ་བྱེད་ན་ཐུན་གྱི་གཅོད་ཚུལ་སོགས་སྤྱི་ལྟར་ལ། སྔོན་གཏོར་དཀར་བགེགས་ཉིན་དང་པོའི་ཐུན་འགོ་ལས་མི་དགོས། སྲུང་འཁོར་གསལ་འདེབས་ཐུན་ཕྱི་མ་རྣམས་ལའང་བསྐྱར་ན་ལེགས། ལས་བྱང་གཞན་བསྣོན་འཕྲི་མེད་པ་ཐུན་རེ་རེ་བཞིན་གཏང་། བསྙེན་པའི་གྲངས་ནི་ཡིག་བཅུ་འབུམ་ཕྲག་བཞི། དུས་བསྙེན་ཟླ་བ་གཅིག་ཏུ་གསུངས་ཤིང་སྤྱིར་རྩོད་དུས་སུ་བཞི་འགྱུར་དགོས་པར་བཤད་པ་ལྟར་གྲུབ་ན་མཆོག་ཏུ་འགྱུར་ལ། རྟགས་ཚད་ནི་དངོས་ཉམས་རྨི་ལམ་རྣམས་སུ་སྐུ་མཐོང་བ། གསུང་ཐོས་པ། ཐུགས་ཕྱག་མཚན་རྙེད་པ། གཞན་ཡང་ལྟས་བཟང་ཅི་རིགས་པ་འབྱུང་། བསྙེན་པ་ཐེམས་ནས་སྒྲུབ་མཆོད་བྱེད་པར་སྤྲོ་ན། འོག་ཏུ་བཤད་པའི་དཀྱིལ་འཁོར་དང་བུམ་པ་ལ་སོགས་པ་དང་མཆོད་གཏོར་ཅི་འབྱོར་རྒྱས་པར་བཤམ། བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས། མདུན་བུམ་བསྐྱེད་བཟླས་གཙོར་བཏོན། ཐུན་མཐར་གཏོར་འབུལ་བྱ། གཏོར་མགྲོན་སྤྱན་འདྲེན་དང་གཤེགས་གསོལ་མི་དགོས། མཆོད་བསྟོད། འདོད་དོན་གསོལ་གདབ། ནོངས་བཤགས། བརྟན་བཞུགས། སྨོན་ལམ་ཤིས་བརྗོད་བཅས་ཐུན་རེ་རེ་བཞིན་བྱ། ཞག་བདུན་སོགས་ལ་སྒྲུབ་ཚར་སྐབས་བདག་འཇུག་གི་ཚུལ་དུ་དབང་བླང་ལ་རྗེས་ཆོག་རྣམས་བྱའོ།། ༈ །།འདིའི་སྒོ་ནས་སློབ་མ་རྗེས་སུ་གཟུང་བའི་རིམ་པ་ནི། དཀྱིལ་འཁོར་སྒོ་རྫོགས་ཞི་དཀྱིལ་སྤྱི་འགྲེ་ཅན་གྱི་དབུས་སུ་སྣ་ཚོགས་པདྨ་འདབ་བརྒྱད། དེ་རྒྱབ་ཉེར་གཅིག །དེ་རྒྱབ་བརྒྱ་རྩ་རྣམས་རིམ་པར་བསྐོར་བའི་ལྟེ་བར་ཨུཏྤལ་ལྗང་གུ །འདབ་མ་རྣམས་ལ་ཐིག་ལེ་ལྗང་གུ་རེ་རེ་བཀོད་པའི་རས་བྲིས་བཀྲམ། མ་འཛོམ་ན་མཎྜལ་ལ་འབྲུ་དཀར་གྱི་ཚོམ་བུ་གྲངས་གོང་མཚུངས་བཀོད་པའི་དབུས་སུ་ཁྲིའུའི་སྟེང་རྣམ་བུམ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་ལྗང་གུ་ཁ་རྒྱན་ལྡན་པ་བཀོད། རྒྱབ་ཏུ་དབང་གཏོར་དཀར་ཟླུམ་རྒྱན་ལྡན་གཏོར་གདུགས་དང་བཅས་པ། སྐུ་ཙཀ །ཕྲེང་བ། ཕྱག་མཚན་ཨུཏྤལ་ལྗང་གུའི་ཙཀླི་རྣམས་གཡས་གཡོན་གང་བདེར་བཞག །མདུན་དུ་དཀར་གསུམ་གྱི་འབུལ་གཏོར། ཆུ་གཉིས་ཉེར་སྤྱོད་གཡས་སྐོར་བཤམ། ལས་བུམ་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། བརྒྱུད་འདེབས་དང་སྔོན་གཏོར་ནས་བརྩམ། བདག་བསྐྱེད་བཟླས་པ་དང་བཅས་པ་བཏང་། སླར་མཆོད་ཁ་གསོས་ལ་མཆོད་པ་བྱིན་བརླབ། མདུན་དཀྱིལ་ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། མདུན་གྱི་དཀྱིལ་འཁོར་མི་དམིགས་སྟོང་པའི་ངང་། །སྟོང་ཉིད་རང་གདངས་སོགས་མངོན་རྟོགས་ནས་བསྟོད་པའི་བར། མདུན་བསྐྱེད་ཀྱི་ཐུགས་ཀར་སོགས་དམིགས་པའི་འཕྲོ་འདུ་བཅས་བཟླས་པ་ཅི་འགྲུབ་བྱ། སླར་མཆོད་པ་གསོས་ལ་སྔགས་ཙམ་གྱིས་བྱིན་བརླབ། ཏཱཾ༔ རིན་ཆེན་བུམ་པ་མཚན་ཉིད་ཡོངས་རྫོགས་དབུས༔ པད་ཟླའི་སྟེང་དུ་ས་བོན་ཏཱཾ་ལྗང་གུ༔ སོགས་ནས་བསྟོད་པའི་བར་གྱིས་བུམ་ལྷ་བསྐྱེད། གཟུངས་ཐག་བླངས་ལ་དམིགས་པ་སྤྱི་མཐུན་གྱི་ཡིག་བཅུ་བཟླ། གོང་དུ་སྨྲོས་པ་ལྟར་གཏོར་འབུལ་འདོད་གསོལ་བཅས་པ་དང་། མཆོད་བསྟོད་བྱ། ཨོཾ་ཨཱཿཧཱུྃ་གིས་དུང་ཆུ་བུམ་པར་ཕུལ། ལྷ་རྣམས་འོད་དུ་ཞུ་བ་བུམ་པའི་ཆུ་དང་རོ་གཅིག་པར་གྱུར་ཅེས་མོས། ལས་བུམ་དུ་རྟ་མགྲིན་ནམ་བདུད་རྩི་འཁྱིལ་པ་གང་རུང་གསལ་གདབ་ལ་སྙིང་པོ་བཟླ། བདག་འཇུག་གྲུབ་ན་ལེགས་ཤིང་མི་ལྕོགས་ན་ཏིང་ངེ་འཛིན་གྱི་དབང་བླངས་ལ་སློབ་མ་གཞུག་པར་གནང་བ་ནོད་དོ། །དེ་ནས་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་བསྔོས་ལ་བཀའ་བསྒོ་ཞིང་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ། ཆོས་བཤད་ཀྱི་ཁྱད་པར། དེའང་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཕྲིན་ལས་ཇི་སྙེད་པ་སྒྲུབ་ཅིང་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་འཇིགས་པ་དང་སྡུག་བསྔལ་ཀུན་ལས་སྐྱོབ་པའི། ཐུགས་རྗེའི་མཐུ་སྟོབས་ཤེས་བྱའི་ཁོང་ན་མཚུངས་ཟླ་མ་མཆིས་པས་མྱུར་མ་དཔའ་མོ་ཞེས་པའི་མཚན་གྱི་དབྱངས་སྙན་སངས་རྒྱས་ཀྱི་ཞིང་རབ་འབྱམས་སུ་ཁྱབ་པ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་རྒྱུད་དང་གདམས་པའི་བཀའ་སྲོལ་བསམ་གྱིས་མི་ཁྱབ་པ་འཕགས་བོད་གཉིས་སུ་བྱོན་པ་ལས། འདིར་སྐབས་སུ་བབས་པ། མགོན་པོ་འོད་དཔག་མེད་ཀྱི་སྤྲུལ་པའི་རང་གཟུགས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བ་དེ་ཉིད་འཕགས་ཡུལ་ཤར་ཕྱོགས་མཱ་ར་ཏི་ཀའི་བྲག་ཕུག་ཏུ་ཟབ་ལམ་སྙིང་པོའི་སྒྲུབ་པ་ལ་བརྩོན་པའི་ཚུལ་བསྟན་པའི་སྐབས་སུ། རྗེ་བཙུན་སྒྲོལ་མ་དངོས་སུ་བྱོན་ནས་རྒྱུད་ལུང་མན་ངག་གི་རིམ་པ་རྒྱ་ཆེར་བསྩལ་པ་རྣམས་ཀྱི་ནང་ནས་སྙིང་པོའི་བཅུད་ཕྱུངས་ཏེ་གདམས་ངག་རྒྱས་འབྲིང་བསྡུས་པའི་ཚུལ་དུ་གཏན་ལ་ཕབ་ནས་བོད་ཀྱི་སྐལ་ལྡན་རྗེ་འབངས་རྣམས་ལ་གནང་། མ་འོངས་པའི་གདུལ་བྱ་རྣམས་ཀྱི་དོན་དུ་གཏེར་ཁ་གསུམ་དུ་རྒྱས་བཏབ་པ་ལས་འབྲིང་པོ་སྒྲོལ་མ་ཨུཏྤ་ལའི་སྐོར་མོན་གྱི་ཆུ་མོ་ཕུག་ནས་རྒྱལ་བ་མཆོག་དབྱངས་སྐྱེ་མཐའ་མཚོ་རྒྱལ་བྱིན་བརླབས་དགེ་སློང་རྡོ་རྗེ་འཛིན་པ་ཚེ་བརྟན་རྒྱལ་མཚན་གྱིས་སྤྱན་དྲངས། གདམས་སྐོར་རྒྱས་པ་ཤངས་ཟབ་བུ་ལུང་གི་གཏེར་ལུང་བདུན་པར་སྦས་པ་ཆོས་རྒྱལ་གྱི་སྐྱེ་མཐའ་ཞིག་གིས་རྙེད་པར་གསུངས་པ་རྗེ་བླ་མའི་གཏེར་ཁ་ཡིན་པར་འདུག་ཀྱང་དངོས་སུ་བཞེས་པ་མ་བྱུང་། དགུངས་གྲངས་ཉེར་བཞི་ལོ་ཆུ་སྟག་སྣྲོན་ཟླར་ཕྱོགས་དེར་ཕེབ་སྐབས་དགོངས་གཏེར་དུ་བསྩལ་པའི་རྡོ་རྗེའི་ཚིག་རྐང་བཞུགས་པ་དང་། རབ་ཚེས་མེ་ཡོས་ཆུ་སྟོད་ཟླ་བར་མཆོག་གྱུར་གླིང་པ་དང་ལྷན་རྒྱས་མཛད་སྐབས་གཏེར་ཆེན་ནས་སྒྲོལ་མའི་སྐུ་བརྙན་གཏེར་བྱོན་ཁྱད་པར་ཅན་གཟིགས་པའི་ཚེ། སྐུ་དེས་ལེགས་སོའི་དབུགས་དབྱུང་ལན་གསུམ་བསྩལ་པའི་བྱིན་རླབས་ཀྱིས་དགོངས་གཏེར་སྒྲོལ་མའི་ཟབ་ཏིག་གཏན་ལ་ཕབ་པའང་ཕྱོགས་འདིར་གཏོགས་ཤིང་། བསྡུས་པ་སྒྲོལ་མ་འཇིགས་པ་ཀུན་སྐྱོབ་འདི་ཉིད་གཙང་འོ་ཡུག་གཡག་སྡེར་སྦས་པ་ལ། ཇི་སྐད་དུ། འོ་ཡུག་གཡག་སྡེར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་གཡག་ཕྱར་སྔོན་མོར་གྲགས་པ་འབྱུང༔ ཞེས་ལུང་བསྟན་པ་ལོ་ཆེན་བཻ་རོའི་རྣམ་འཕྲུལ་དེ་ཉིད་རབ་བྱུང་བཞི་པའི་ནང་དུ་གཏེར་གནས་དང་ཉེ་བར་སྐུ་འཁྲུངས། ཡུལ་དེ་དག་གི་བྱེ་བྲག་སྟོང་དུར་ཅེས་པའི་ལུང་ལག་གཡག་ལྕེ་ཕྲ་མོ་བྲག་ནས་བཻ་རོ་ཙ་ནས་སྦས་པའི་ཆོས་བོན་གཉིས་ཀའི་ཟབ་གཏེར་རྒྱ་ཆེར་ཐོན་པར་གྲགས་ཤིང་འགྲོ་དོན་ཅི་རིགས་མཛད། སྒྲོལ་མ་འདིའི་ཤོག་སེར་རྣམས་ཡེར་པ་སེ་བ་ལུང་དུ་སླར་སྦས་པ་རོང་པ་བདུད་འདུལ་གླིང་པས་སྤྱན་དྲངས་ནས་སླར་ཡང་འདབ་གཏེར་དུ་བཞུགས་པ། དུས་ཕྱིས་རབ་ཚེས་ས་སྟག་ལོའི་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བརྒྱད་ལ་གཏེར་སྟོན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར་བ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་མཁའ་འགྲོ་ཙཎྜི་ཀཱས་མནལ་ལམ་དུ་ཤོག་སེར་ཕུལ་ཞིང་བྱིན་རླབས་བསྩལ་བའི་གཟིགས་སྣང་བྱུང་བ། མནལ་སད་པ་ན་མངོན་སུམ་དུ་སྣང་བའི་ཤོག་གུ་ལྗང་སེར་ཞེང་སོར་དོ་དཀྱུས་མཛུབ་གང་བ་བརྡ་རིས་ཀྱིས་གཏམས་པ་ཞིག་ལས་གཏན་ལ་ཕབ་ཅིང་། སྐལ་ལྡན་རྣམས་ལ་རིམ་པར་སྤེལ་བར་མཛད་པའི་སྨིན་བྱེད་སྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། མྱུར་མ་དཔའ་མོ་ཁྱོད་ལ་འདུད། །ཐར་པ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་མོར་སྐྱབས་སོང་སྟེ། །ཐེག་ཆེན་ཁང་པར་གཞུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ལན་གསུམ། དབང་གི་སྣོད་དུ་རུང་བ་ལ་རྒྱུད་རྣམ་པར་དག་པ་གལ་ཆེ་བས། བླ་མ་དང་མདུན་བསྐྱེད་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་རྒྱལ་བ་སྲས་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། བདག་སོགས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡོམ་པ་མཐའ་དག་ཚུལ་བཞིན་དུ་བཟུང་བའི་འདུན་པ་རྩེ་གཅིག་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། ན་མོ༔ འཇིགས་དང་སྡུག་བསྔལ་ཀུན་སེལ་བའི༔ སོགས་ལས་བྱང་ལྟར་ལན་གསུམ། དེ་ནས་དབང་གི་གཞི་དགོད་པའི་ཕྱིར་ཡེ་ཤེས་པ་དབབ་པ་ཡིན་པས་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་ལྟར་རྩེ་གཅིག་ཏུ་སྒོམས་ཤིག །ལས་བུམ་ཆུ་འཐོར། ལས་སྔགས་དང་། སྭཱ་བྷཱ་བས་སྦྱང་། གཟུང་འཛིན་གྱི་ཆོས་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་སྦྱངས། སྟོང་པའི་ངང་ལས། སྣོད་རྣམ་པར་དག་པ་གཡུ་ལོ་བཀོད་པའི་ཞིང་ཁམས་ངོ་མཚར་རྒྱན་བཀོད་ཕུན་སུམ་ཚོགས་པའི་དབུས་སུ། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཅུད་རྣམ་པར་དག་པ་རང་གི་རིག་པའི་ངོ་བོ་ཡི་གེ་ཏཱཾ་ལྗང་གུ་རེ་གསལ་ཐོབས། དེ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་མཆོད། སེམས་ཅན་རྣམས་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས། ཚུར་འདུས་པ་ལས་ཨུཏྤལ་ལྗང་གུ་ཏཱཾ་ཡིག་གིས་མཚན་པར་གྱུར། དེ་ལས་སྐད་ཅིག་གིས་ཁྱེད་རང་རྣམས་རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང་གུ་ཞི་ཞིང་འཛུམ་པའི་ཉམས་ཅན། དབུ་སྐྲ་གནག་སྣུམ་སིལ་བུར་གྲོལ་པ། དར་གྱི་ལྷབ་ལྷུབ་རིན་པོ་ཆེའི་རྒྱན་དང་མེ་ཏོག་གི་ཕྲེང་བས་སྤྲས་པ། ཕྱག་གཡས་པས་མཆོག་སྦྱིན་པུས་མོའི་སྟེང་དུ་བརྐྱང་ཞིང་གཡོན་ཐུགས་ཀར་མཐེབ་སྲིན་སྦྱར་བས་ཨུཏྤལ་ལྗང་གུའི་སྡོང་བུ་འཛིན་པ། ཞབས་གཉིས་ཕྱེད་སྐྱིལ་གྱིས་ཡེ་ཤེས་ཀྱི་འོད་ལྔ་འབར་བའི་ཀློང་ན་བཞུགས་པ། མཐའ་སྐོར་དུ་འཇིགས་པ་བརྒྱད་སྐྱོབ། རྣམ་འཕྲུལ་ཉེར་གཅིག །མཚན་བརྒྱ་རྩ་བརྒྱད་སོགས་སྤྲུལ་པའི་རྣམ་རོལ་མཐའ་ཡས་པ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གསུམ་གྱིས་མཚན་པར་གསལ། དེ་ནས་རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷའི་བྱིན་རླབས་དབབ་པའི་སླད་དུ་གནས་གསུམ་གྱི་ཡིག་འབྲུ་དང་། མདུན་བསྐྱེད་སློབ་དཔོན་དང་བཅས་པའི་ཐུགས་ཀ་ནས་ཀྱང་འོད་ཟེར་གྱི་སྣང་བ་བསམ་གྱིས་མི་ཁྱབ་པ་འཕྲོས། མཁའ་ཁྱབ་ཏུ་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་ཁྱད་པར་གཡུ་ལོ་བཀོད་དང་པོ་ཏ་ལ་སོགས་དག་པའི་ཞིང་ཁམས་རབ་འབྱམས་ནས་རྗེ་བཙུན་སྒྲོལ་མའི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་སྐུ་དང་སྔགས་ཕྲེང་ཕྱག་མཚན་འཇའ་འོད་ཟེར་ཐིག་གི་རྣམ་པ་ནམ་མཁའ་གང་བ་ཙམ་དུ་བྱོན་ནས། ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ཤིག །སྤོས་དང་རོལ་མོ་སྦྱར་ལ། ཡིག་བཅུའི་གཤམ་དུ། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་མང་དུ་བརྗོད་ལ་དབབ། དེ་ལྟར་དབབ་པའི་ཡེ་ཤེས་ཆེན་པོའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་རབ་ཏུ་བརྟན་པར་གྱུར་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་རྡོ་རྗེ་རྒྱ་གྲམ་དུ་མགོར་བཞག །དེ་ནས་དབང་དངོས་ཀྱི་དང་པོ་རྩ་བ་བུམ་པའི་དབང་བསྐུར་བ་ལགས་པས་འདུན་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་མདུན་གྱི་ནམ་མཁར་སྤྱན་དྲངས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་ཡེ་ཤེས་བདུད་རྩིའི་རྒྱུན་གྱིས་གང་པས་སྤྱི་བོ་ནས་མངོན་པར་དབང་བསྐུར་བར་མོས་ཤིག །རྣམ་བུམ་ཐོགས་ལ། ཧཱུྃ༔ སྤྲོས་བྲལ་ཆོས་སྐུའི་བུམ་པ་བཟང་པོའི་ནང༔ ལོངས་སྤྱོད་ཡོངས་རྫོགས་རིགས་ལྔའི་བཅུད་ཀྱིས་གཏམས༔ སྤྲུལ་སྐུའི་རང་བཞིན་བདུད་རྩིའི་ཆུ་རྒྱུན་གྱིས༔ སྐལ་ལྡན་སློབ་མའི་ཉོན་མོངས་སྒྲིབ་པ་དག༔ ཕུང་པོ་གནས་གྱུར་རིགས་ལྔའི་དངོས་གྲུབ་ཐོབ༔ སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ བུམ་པ་མགོ་བོའི་གནས་ལྔར་བཞག །བུམ་ཆུ་འཐོར་ཞིང་སྦྱིན། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཨོཾ་པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱི༔ ཨོཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏྲཱཾ༔ ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ་ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱ༔ ཞེས་དབང་བསྐུར་སྒྲིབ་པ་ཐམས་ཅད་དག༔ དབང་ཐམས་ཅད་ཐོབ༔ རིགས་བདག་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་གྱུར༔ གཉིས་པ་སྐུ་གསུང་ཐུགས་ཀྱི་ནུས་པ་འཇུག་པའི་དབང་གི་སླད་དུ། མདུན་བསྐྱེད་ཀྱི་སྐུ་ལས་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་པ་འཕྲོས། ཁྱེད་རང་གི་ལུས་ལ་ཐིམ་པས་ལུས་སྣང་སྟོང་འཕགས་མའི་སྐུ་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །སྐུ་ཙཀ་སྤྱི་བོར་བཞག་ལ། ཨཾ༔ སངས་རྒྱས་ཀུན་གྱི་སྐུ་ཡི་ཡུམ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ སྐུ་ཡི་ཕྱག་རྒྱས་དབང་བསྐུར་བས༔ རྡོ་རྗེའི་སྐུ་དང་དབྱེར་མེད་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གསུང་བཟླས་པའི་ལུང་བླང་བ་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་གྱིས་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཁ་སརྣ་ཎི། དེའི་ཐུགས་ཀར་ཨུཏྤལ་སྔོན་པོ་འདབ་མ་ཁ་སྦྱོར་གྱི་དབུས་སུ་ཏཱཾ། མཐའ་སྐོར་ཡིག་བཅུས་མཚན་པ་ལས་སྔགས་ཕྲེང་གཉིས་པ་བྱུང་ཞལ་ནས་འཐོན་ཏེ་ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གར་ཡེ་ཤེས་སེམས་དཔའི་ཐུགས་ཨུཏྤལ་ཁ་སྦྱོར་ཏཱཾ་ཡིག་གི་མཐར་འཁོད། བཟླས་པའི་རྐྱེན་གྱིས་འོད་ཟེར་ཕྱོགས་ཀུན་ཏུ་འཕྲོས། རྒྱལ་བ་སྲས་དང་བཅས་པ་མཆོད། འགྲོ་བ་རིགས་དྲུག་གི་འཇིགས་པ་དང་སྡུག་བསྔལ་བསལ་ཞིང་བདེ་བས་ཚིམ་པར་བྱས། འོད་ཟེར་ཚུར་འདུས་རང་ལ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ། ངག་གྲགས་སྟོང་འཕགས་མའི་གསུང་དང་དབྱེར་མེད་དུ་གྱུར་པར་མོས་ལ་སྙིང་པོའི་རྗེས་ཟློས་ལན་གསུམ་མཛོད། ཡིག་བཅུ་ལན་གསུམ། དེའི་ནུས་མཐུ་བརྟན་པར་བྱས་པར་མོས་ཤིག །ཕྲེང་བ་མགྲིན་པར་བཞག་ལ། ཨཱ༔ སངས་རྒྱས་ཀུན་གྱི་གསུང་གི་ཡུམ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ སྙིང་པོ་ལུང་གི་དབང་བསྐུར་བས༔ རྡོ་རྗེའི་གསུང་དང་དབྱེར་མེད་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ མདུན་གྱི་འཕགས་མའི་ཐུགས་ཀ་ནས་ཕྱག་མཚན་ཨུཏྤལ་ལ་ལྗང་གུ་འོད་འབར་བའི་རྣམ་པར་བྱོན། ཁྱེད་རང་གི་སྙིང་གར་ཐིམ་པས་ཡིད་རིག་སྟོང་འཕགས་མའི་ཐུགས་དང་དབྱེར་མེད་དུ་གྱུར་པར་མོས། ཕྱག་མཚན་སྙིང་གར་བཞག་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་ཐུགས་ཀྱི་ཡུམ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ ཐུགས་ཀྱི་དགོངས་པས་དབང་བསྐུར་བས༔ རྡོ་རྗེའི་ཐུགས་དང་དབྱེར་མེད་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གསུམ་པ་མཐའ་རྟེན་གཏོར་མའི་དབང་བསྐུར་བ་ལ་འདུན་པ་འདི་བཞིན་མཛོད། གཏོར་སྣོད་རིན་པོ་ཆེའི་གཞལ་མེད་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་གཏོར་མ་བཅོམ་ལྡན་འདས་འཕགས་མ་སྒྲོལ་མ་ལ། འཇིགས་པ་བརྒྱད་སྐྱོབ། རྣམ་འཕྲུལ་ཉེར་གཅིག །མཚན་བརྒྱ་རྩ་བརྒྱད། སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པས། སྐུའི་གནས་རྣམས་ནས་བདུད་རྩི་འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྒྱུན་བར་མ་ཆད་པ་བྱོན། ཁྱེད་རང་གི་གནས་ལྔར་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་དང་དངོས་གྲུབ་མ་ལུས་པ་གཅིག་ཆར་དུ་ཐོབ་པར་མོས་ཤིག །དབང་གཏོར་སྤྱི་བོར་བཞག་ལ། ཏཱཾ༔ གཏོར་མ་ཟླུམ་པོ་རིན་ཆེན་གཞལ་མེད་དབུས༔ རྗེ་བཙུན་སྒྲོལ་མ་འཇིགས་སྐྱོབ་ལྷ་མོ་དང༔ རྣམ་འཕྲུལ་ཉེར་གཅིག་མཚན་བརྒྱ་རྩ་བརྒྱད་སོགས༔ སངས་རྒྱས་བྱང་སེམས་འཕགས་པའི་སྤྲིན་ཕུང་འཕྲོ༔ དད་མོས་ཅན་གྱི་སྤྱི་བོར་མངོན་སུམ་བྱོན༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་བསྐུར་བས༔ ལྷ་དང་དབྱེར་མེད་ནུས་པ་འཕེལ་ཞིང་བརྟན༔ མཆོག་ཐུན་དངོས་གྲུབ་རབ་འབྱམས་དབང་ཐོབ་ཤོག༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ གཏོར་མའི་ལྷ་ཚོགས་རྣམས་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །དེ་ནས་ལས་བྱང་ལས་འབྱུང་བའི་བཀྲ་ཤིས་བརྗོད། དམ་ཚིག་བསྒྲག་གཟུང་། གཏང་རག་མཎྜལ། ལུས་འབུལ་དགེ་བསྔོ་བཅས་ཀྱིས་གྲུབ། སློབ་དཔོན་གྱིས་དཀྱིལ་འཁོར་པ་ལ་གཏང་རག་མཆོད་བསྟོད་དང་། ནོངས་པ་བཤགས། མདུན་གྱི་ཡེ་ཤེས་པ་རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་གསོལ་བྱ། དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་ཀྱི་བར་ལས་བྱང་ལྟར་བྱའོ། །སྲིད་མཚོར་སྡུག་བསྔལ་བརྒྱ་ཡིས་གཙེས་པ་རྣམས། །ཐར་པ་ཞི་བའི་གྲོང་དུ་དབུགས་ཕྱིན་ནས། །རྒྱལ་ཡུམ་འཕགས་མའི་རྣམ་ཐར་ཅི་འདྲ་བ། །དེ་འདྲ་བདག་སོགས་འགྲོ་བས་མྱུར་འགྲུབ་ཤོག །ཅེས་སྔ་ན་མེད་པའི་ཟབ་གསང་མཆོག་འདིའི་ཞབས་ཏོག་ཏུ་དམིགས་ནས་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བྲིས་པ་དགེ་ལེགས་འཕེལ།། །།
རྫོགས་པ་ཆེན་པོ་ཆིག་ཆོད་ཀུན་གྲོལ་ལས། དབང་བཞིའི་བརྡ་ཁྲིད་བཀླག་ཆོག་ཏུ་བཀོད་པ་གནས་ལུགས་གཅེར་མཐོང་ (Volume 57, Text 2)
༄༅། །རྫོགས་པ་ཆེན་པོ་ཆིག་ཆོད་ཀུན་གྲོལ་ལས། དབང་བཞིའི་བརྡ་ཁྲིད་བཀླག་ཆོག་ཏུ་བཀོད་པ་གནས་ལུགས་གཅེར་མཐོང་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་པྲ་ཐ་མཿནཱ་ཐ་ཡ། རང་རིག་རང་ཤར་གདོད་ནས་རྫོགས་སངས་རྒྱས། །རྒྱལ་ཀུན་སྤྱི་མེས་པདྨ་འོད་མི་འགྱུར། ཁྱབ་བདག་བླ་མའི་སྐུར་སྣང་གསང་གསུམ་བྱིན། །སྒོ་གསུམ་མི་ཤིགས་ཐིག་ལེར་དབབ་པར་མཛོད། །རིམ་དགུའི་རྩེར་ཕྱིན་གྲོལ་བ་བཞིའི། ཁྱད་པར་ཆོས་ལྡན་རྫོགས་པ་ཆེའི། །ཡང་བཅུད་ཆིག་ཆོད་ཀུན་གྲོལ་གྱི། །དབང་བཞིའི་བརྡ་ཁྲིད་རྣམ་གསལ་དགོད། །གང་ཟག་དབང་རབ་རྩོལ་མེད་དུ་གྲོལ་བའི་ཟབ་ལམ། ཨ་ཏི་ཆིག་ཆོད་ཀུན་གྲོལ་ཆེན་པོའི་དབང་བཞིའི་བརྡ་ཁྲིད་བགྱི་བ་ལ་གཉིས། གཤོམ་བཀོད་དང་། ཆོ་གའི་རིམ་པའོ། །དང་པོ་ནི། དབེན་པའི་གནས་སུ་སྟེགས་བུའི་ཁར་དཀྱིལ་འཁོར་པདྨ་འདབ་བརྒྱད་ལྟེ་བ་དང་བཅས་པ་མཛེས་ཚོན་ཅན་འཇའ་རིས་སྣ་ལྔས་བསྐོར་བའི་སྟེང་དུ། རིན་པོ་ཆེའི་བུམ་པ་དྲི་བཟང་སྦྱར་བའི་ཆུ་དང་སོ་ལྔའི་རྫས་ཀྱིས་བཀང་བ། མེ་ཏོག་འབྲས་བུ་དང་བཅས་པའི་ཤིང་གི་ཁ་རྒྱན་མགུལ་ཆིངས་མཐིང་ག་ཅན་བཀོད། མདུན་ངོས་སུ་མེ་ལོང་གཡའ་མེད་པའི་སྟེང་དུ་ཤེལ་ཟུར་བརྒྱད་པ་དང་རྨ་བྱའི་སྒྲོ་མདངས་གཟུག །མཐའ་སྐོར་དུ་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད། ཚོགས་ཀྱི་ཡོ་བྱད་ཅི་འབྱོར་བཤམ། བླ་མ་དང་ཡི་དམ་དང་མཁའ་འགྲོ་ཆོས་སྐྱོང་ལ། རིན་པོ་ཆེ་ལྔ། སྨན་ལྔ། འབྲུ་ལྔའི་མཎྜལ་གསུམ། མ་འཛོམ་ན་འབྲུ་གཙང་མའི་མཎྜལ་བཀོད། སྤོས་ཀྱི་དུད་པ་རྒྱུན་མི་ཆད་པ་བྱ་བར་གསུངས་སོ། །གཉིས་པ་ཆོ་གའི་རིམ་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ནི། སློབ་དཔོན་རྫོགས་པ་ཆེན་པོའི་ལྟ་སྒོམ་དང་ལྡན་པ་གཞིར་བྱས་ཏེ་དགོངས་པའི་གདིང་བཟུང་བ་ལས་ཡོ་ག་འོག་མའི་ལུགས་ལྟར་སྤྲོས་བཅས་ཀྱི་ཆོ་ག་ལ་ལྟོས་མི་དགོས་ཀྱང་། གཞུང་དུ་སྔོན་འགྲོའི་རིམ་པ་བྱ་ཞིང་ཚོགས་གཏོར་འབུལ་བར་གསུངས་པ་དང་། བླ་མ་བརྒྱུད་པའི་ཕྱག་བཞེས་ལྟར། ཡང་ཏི་ནག་པོ་ལས་འབྱུང་བ་སོགས་ཀུན་བཟང་དོན་ཕྲིན་གང་ཡང་རུང་བ་གཏང་། ཚོགས་མཆོད་དང་ཆོས་སྐྱོང་གཏེར་སྲུང་ལ་གཏོར་མ་འབུལ། རང་གཞུང་གི །འོད་གསལ་ཀློང་ཡངས་ནམ་མཁའི་དཀྱིལ་འཁོར་དུ༔ སོགས་ཀྱིས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་མཎྜལ་ཚན་གསུམ་དང་ཡན་ལག་བདུན་པ་འབུལ། རྟོག་མེད་སྤྲོས་བྲལ་ཆོས་སྐུའི་ཕོ་བྲང་ནས༔ སོགས་གསོལ་འདེབས་གསུམ་པོ་ལན་གསུམ་གསུམ་བྱའོ། །གཉིས་པ་དངོས་གཞི་ལ་བཞི། སྤྲོས་བཅས་སྣང་བའི་བརྡ་དབང་། སྤྲོས་མེད་སྟོང་པའི་བརྡ་དབང་། གཉིས་མེད་རང་གྲོལ་གྱི་བརྡ་དབང་། ཆིག་ཆོད་ལྷུན་གྲུབ་ཀྱི་བརྡ་དབང་ངོ་། །དང་པོ་ནི། དབང་བཞིའི་བརྡ་ཁྲིད་འདི་ཉིད་ཐུན་མོང་མ་ཡིན་པའི་མཚན་ཉིད་ཚང་བའི་སློབ་མ་དབང་པོ་རབ་ཏུ་གྱུར་པ་མ་གཏོགས། གདུལ་བྱ་ཐུན་མོང་བའི་རིགས་ཅན་ལ་མཚན་ཙམ་བསྟན་པར་བྱ་བ་མ་ཡིན་ཀྱང་། སྙིང་ནས་དད་པ་དང་ལྡན་ཅིང་དོན་དུ་གཉེར་བ་བྱུང་ན་རྗེས་སུ་གཟུང་སྟེ། དེའང་ཉམས་ལེན་ལ་བརྩོན་འདོད་པ་ཡིན་ན་དེ་ཉིད་སྣོད་ལྡན་དུ་གྱུར་པས་ཐོག་མར་ཁྲུས་ནས་དབྱུང་། རྫོགས་ཆེན་དབང་བསྐུར་ཕལ་མོ་ཆེར་ལྟ་བ་ཆོས་ཉིད་མཚམས་མོ་ཆེ་ཡེ་ནས་བཅད་པའི་དབང་དུ་མཛད་ནས་བགེགས་བསྐྲད་སྲུང་འཁོར་གཏེར་གཞུང་དུ་དམིགས་སུ་མ་གསུངས་ཀྱང་། བསྐྲད་སྲུང་ཚན་ཆུང་གོང་དུ་ཡོད་པ་དེའམ། དེང་དུས་གང་ཟག་གི་དབང་དུ་བྱས་ཏེ་གསང་བ་སྤྱི་ལུགས་སྤྲོ་ན་སྤྱི་ལྟར་བྱ། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། དབང་གི་སྤྱི་བཤད་རྒྱས་བསྡུས་གང་ལྕོགས་དང་། འདིར་སྐབས་སུ་བབས་པའི་འཆད་བྱ་ནི། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་དབང་པོ་དེ་ཉིད་ཀྱིས། རྫོགས་པའི་སངས་རྒྱས་ཕྱོགས་བཅུ་དུས་གསུམ་དུ་གཤེགས་པ་ཐམས་ཅད་ལས་ཀྱང་ཁྱད་པར་དུ་མས་འཕགས་པའི་རླབས་པོ་ཆེའི་ཐུགས་བསྐྱེད་དང་། ཐབས་ལ་མཁས་པའི་ཕྲིན་ལས་ངོ་མཚར་རྨད་དུ་བྱུང་ཞིང་བསམ་བརྗོད་ཀྱི་ཡུལ་ལས་འདས་པས། རྒྱལ་བ་མཐའ་དག་གི་གདུལ་བྱའི་ཡུལ་དུ་མ་གྱུར་པའི་མི་མཇེད་འཇིག་རྟེན་འདི་ཉིད་ཀྱི་རྩོད་དུས་སྙིགས་མ་ལྔ་ལྡན་གྱི་འགྲོ་བ་སྐལ་པ་ཆེས་དམན་པ་རྣམས་འདུལ་བའི་ཕྲིན་ལས་ཐུགས་རྗེའི་རྩལ་ཤུགས་ཕྱུང་སྟེ། རྡོ་རྗེ་ཐེག་པའི་གསང་བ་མ་ལུས་པའི་རྩེ་མོ་རྫོགས་པ་ཆེན་པོ་གྲོལ་བ་བཞི་ལྡན་གྱི་བསྟན་པའི་ཉིན་བྱེད་སྣང་བར་མཛད་ནས། ཐེག་པ་ཐུན་མོང་གིས་འདུལ་དཀའ་བའི་སྐྱེ་དགུ་མཐའ་ཡས་པ་གདོད་མའི་ས་ལ་དབུགས་ཆེན་འབྱིན་པར་མཛད་པའི་ནང་ཚན། སངས་རྒྱས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེས་རིག་འཛིན་ཤྲཱི་སིཾ་ཧ། དེས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་སྙན་དུ་བརྒྱུད་པའི་རྫོགས་པ་ཆེན་པོ་ཆིག་ཆོད་ཀུན་གྲོལ་གྱི་གདམས་པ་ཟབ་མོའི་སྐོར་རྣམས། གུ་རུ་རིན་པོ་ཆེ་ཉིད་གངས་ཅན་གདུལ་བྱ་སྐལ་ལྡན་རྣམས་ཀྱི་བསོད་ནམས་ཀྱི་མགྲོན་དུ་ཕེབས་པའི་ཚེ། ཐུགས་སྲས་ལས་ཅན་རྗེ་འབངས་འགའ་ཞིག་ལ་ཐུགས་དམ་གསང་བའི་མནོག་ཆོས་སུ་བསྩལ། ཕྱི་རབས་གདུལ་བྱའི་དོན་ལ་དགོངས་ཏེ་གསང་བའི་བདག་མོ་དབྱིངས་ཕྱུག་མཚོ་རྒྱལ་མ་སོགས་ཉིད་ལས་མི་གཞན་པའི་སྡུད་པ་པོ་རྣམས་ཀྱིས་མཁའ་འགྲོ་བརྡའི་ཡི་གེར་བཀོད་ནས་འཕགས་ཡུལ་རྡོ་རྗེ་གདན་གྱི་བྱང་ཕྱོགས་སུ་ཁ་ར་ཏིར་ཕ་ཝཾ་རུ་སྦལ་ནག་པོར་མི་འཇིག་པའི་རྒྱས་བཏབ་པ། ཕྱིས་རྒྱ་གར་མཁས་པ་ཤེས་རབ་འབྱུང་གནས་ཀྱི་ཡང་སྲིད་མཆོག་གི་གླིང་ཆེན་ལྔའི་ཡ་གྱལ་ཆོས་རྒྱལ་རིན་ཆེན་གླིང་པས་སྤྱན་དྲངས་ཏེ་གདུལ་བྱ་དཔག་ཏུ་མེད་པ་སྨིན་ཅིང་གྲོལ་བར་མཛད་པ་ལགས། ཕྱིས་སུ་དཔེ་ཙམ་མ་གཏོགས་དབང་ལུང་གི་རྒྱུན་ཆད་པ་ན་འདི་ཉིད་ཀྱི་ལུང་ནས་བསྟན་པའི་དོན་མངོན་དུ་གྱུར་ཏེ། བཀའ་བབས་བདུན་གྱི་མངའ་བདག་པཎ་ཆེན་བི་མ་ལ་དང་འཇམ་མགོན་ཁྲི་ལྡེ་ཟུང་འཇུག་གི་རྣམ་རོལ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་གཏེར་སྟོན་ཉིད་ཀྱི་ཡེ་ཤེས་ཀྱི་སྐུས་བྱིན་གྱིས་བརླབས་ཤིང་རྗེས་སུ་བཟུང་། ཆོས་སྲུང་མ་མགོན་རྣམས་ཀྱིས་ཀྱང་དགྱེས་པའི་མདངས་གསོལ་ཕུལ་བ་ལ་བརྟེན་སྨིན་གྲོལ་གྱི་སྒོ་འཕར་གསར་དུ་དབྱེ་བར་མཛད་པ་འདི་ཉིད་ཀྱི་བརྡ་བསྟན་པས་རྩོལ་མེད་དུ་གྲོལ་བར་བྱེད་པའི་དབང་རིམ་རྣམ་པ་བཞི་ཡོད་པ་ལས། དང་པོ་སྤྲོས་བཅས་སྣང་བའི་བརྡ་དབང་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་གཞུག །ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ༔ ཀུན་བཟང་བླ་མ་སྤྲུལ་པའི་སྐུ་མཆོག་ལ༔ བདག་ཉིད་དེང་ནས་གཟུང་སྟེ་གུས་པས་གསོལ་བ་འདེབས༔ སྣང་བ་བདེ་ཆེན་སྤྲོས་བྲལ་དཀྱིལ་འཁོར་དུ༔ རིག་པ་མངོན་སུམ་རྟོགས་པའི་དབང་བསྐུར་ཞུ༔ ལན་གསུམ། དེ་ནས་སྤྲོ་བ་དྲི་བ་ལགས་པས་སྙན་གཏོད་ཅིག །དད་ལྡན་ངེས་པའི་རིགས་ཀྱི་བུ༔ རྫོགས་ཆེན་ཆོས་ལ་འཇུག་སྤྲོ་འམ༔ འཁོར་འདས་དབྱེར་མེད་མངོན་སུམ་གྱི༔ དམ་ཚིག་བསྲུང་བའི་གཞུང་ཐུབ་བམ༔ ཞེས་དྲིས་པའི་ལན་དུ། ཐུབ་ལགས༔ ཞེས་བརྗོད་ཅིག །དེ་ནས་དེ་བཞིན་ཉིད་ལ་དམ་བཅར་གཞུག་པ་ནི༔ བདུད་རྩིའི་མནའ་ཆུ་སྦྱིན་ལ། བུ་ཁྱོད་ཀྱིས་ནི་འཁོར་བ་བློས་བཏང་ནས༔ བྱར་མེད་མངོན་སུམ་དོན་ལ་མ་ཡེངས་པར༔ རང་བྱུང་རིག་པ་བལྟ་བར་དམ་ཆོས་ཤིག༔ དེ་ལས་འགལ་ན་ཁྱོད་ཉིད་བརླག་པར་འགྱུར༔ ཇི་ལྟར་བཀའ་བསྒོས་པའི་དམ་ལས་མི་འདའ་བར་བྱའོ་སྙམ་པས་འདིའི་རྗེས་ཟློས། དེ་ལྟར་བགྱི་བར་དམ་བཅའ་འོ༔ ཞེས་བརྗོད་དུ་གཞུག །དེ་ནས་བླ་མས། བུ་ཁྱོད་སུ་ཡིན༔ ཞེས་དྲིས་པའི་ལན་བཏབ་པ་འདིའི་རྗེས་ཟློས། ང་ནི་སྐལ་ལྡན་རིགས་ཀྱི་བུ་ཡིན་ནོ༔ ཅེས་དང་། ཁྱོད་ཀྱིས་སྣང་བ་འདི་བརྡའི་དཀྱིལ་འཁོར་མ་མཐོང་ན་ལྟོས་ཤིག༔ ཁྱོད་ཀྱི་གོས་དང་རྒྱན་འདི་རྣམས་ཅི་ལ་བརྒྱན་པ་ཡིན༔ ཞེས་དྲིས་པའི་ལན་དུ། འདི་ལུས་ལ་བརྒྱན་པ་ཡིན༔ ཞེས་བརྗོད་ཅིག །དེ་བཞིན་དུ་ཕྱི་རོལ་གྱི་སྣང་བ་འདི་རྣམས་ཀྱང༔ སེམས་ཀྱི་རྒྱན་ཡིན་ནོ། ཁྱོད་ཀྱི་གོས་རྒྱན་འདི་རྣམས་དང་པོ་གང་ལ་བརྟེན་ནས་བྱུང༔ ཞེས་དྲིས་པའི་ལན་དུ། འདི་ལུས་ལ་བརྟེན་ནས་བྱུང༔ ཞེས་སྨྲོས་ཤིག །དེ་བཞིན་དུ་སྣང་བ་འདི་ཡང་སེམས་ལ་བརྟེན་ནས་བྱུང༔ གོས་དང་རྒྱན་སྣ་ཚོགས་ཀྱང་ལུས་ལ་བརྒྱན་པར་གཅིག་པ་བཞིན༔ སྣང་བ་སྣ་ཚོགས་ཀྱང་སེམས་སུ་གཅིག་པ་ཡིན༔ དེ་བཞིན་དུ་དཀྱིལ་འཁོར་ཡང༔ ལྟེ་བ་གཅིག་ལ་པདྨ་འདབ་བརྒྱད་བྱུང་བ་ནི༔ སེམས་ཉིད་གཅིག་གི་འཆར་ཚུལ་ལ་རྣམ་ཤེས་ཚོགས་བརྒྱད་བྱུང་བའི་རྟགས་ཡིན༔ ཁ་དོག་སྣ་ཚོགས་སྣང་བ་མ་འགགས་ཅིར་ཡང་ཤར་བའི་བརྡ༔ འཇའ་འོད་ལྔས་བསྐོར་བ་ནི༔ ཐམས་ཅད་སེམས་ཀྱི་དཀྱིལ་འཁོར་ཡིན་པའི་བརྡ༔ དབུས་སུ་བུམ་པ་བྱུང་བ་ནི༔ ཐམས་ཅད་བྱང་ཆུབ་སེམས་ལས་བསྐྱེད་པའི་བརྡ༔ ནང་དུ་བུམ་རྫས་སྣ་ཚོགས་བླུགས་པ་ནི༔ སྣང་བ་ཐམས་ཅད་སེམས་སུ་འདུས་པའི་བརྡ༔ མེ་ཏོག་སྣ་ཚོགས་ཁ་རྒྱན་བཙུགས་པ་ནི༔ རིག་པ་སེམས་ལ་གསལ་འགྲིབ་མེད་པའི་བརྡའ་འོ༔ ཞེས་པས་བརྡའི་དཀྱིལ་འཁོར་སྣང་བ་སེམས་སུ་བསྟན་པའི་དོན་གོ་བར་གྱིས་ཤིག །དེ་ནས་སེམས་ལ་རིག་པའི་རྩལ་དབང་བསྐུར་བར་མོས་ཤིག །བུམ་པ་མགོར་བཞག་ལ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ སྐྱེ་མེད་ཆོས་སྐུའི་དཀྱིལ་འཁོར་ཀློང་ཡངས་སུ༔ འགག་མེད་བུམ་པ་རིག་པའི་ལྷ་ཚོགས་ཀྱིས༔ མངོན་སུམ་ཞལ་སྟོན་རྡོ་རྗེ་ལུ་གུ་རྒྱུད༔ སྣང་བ་དབང་དུ་འདུས་པར་བྱིན་གྱིས་རློབས༔ སྨོན་ལམ་འདི་ལྷན་ཅིག་ཏུ་ལན་གསུམ་བརྗོད་པར་ཞུ། སྣང་སེམས་རིག་པའི་དབང་བསྐུར་བས༔ མི་ཡི་ལུས་ལ་སངས་རྒྱས་ཐུགས༔ དུས་འདིར་མངོན་གྱུར་ཡེ་ཤེས་ཀྱི༔ འབྲལ་མེད་ཆོས་སྐུའི་དོན་རྟོགས་ཤོག༔ ལན་གསུམ་དཔོན་སློབ་ལྷན་ཅིག་བརྗོད། དེས་སྤྲོས་བཅས་སྣང་བའི་བརྡ་དབང་ཐོབ་པའི་གཏང་རག་དང་། གཉིས་པ་སྤྲོས་མེད་སྟོང་པའི་བརྡ་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། སློབ་མས་སྟོད་གོས་ཕུད་ལ། ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ ཀུན་བཟང་བླ་མ་ལོངས་སྤྱོད་རྫོགས་སྐུ་ལ༔ བདག་ཉིད་ཁྱེད་ལ་གུས་པས་གསོལ་བ་འདེབས༔ ཆོས་ཉིད་སྐྱེ་བ་མེད་པའི་ཕོ་བྲང་ཆེན་པོ་རུ༔ ཟག་མེད་ཡེ་ཤེས་འོད་གསལ་དབང་བསྐུར་ཞུ༔ ལན་གསུམ། དེ་ནས་སྤྲོ་བ་དྲི་བ་ལགས་པས་སྙན་གཏོད་ཅིག །རིག་པ་དངོས་མེད་སེམས་ཀྱི་བུ༔ ཆིག་ཆོད་དོན་ལ་འཇུག་སྤྲོ་འམ༔ ངེས་དོན་མཐའ་བྲལ་སྟོང་པ་ཡི༔ དམ་ཚིག་བསྲུང་བའི་གཞུང་ཐུབ་བམ༔ ཞེས་དྲིས་པའི་ལན་དུ། ཐུབ་ལགས༔ ཞེས་བརྗོད་ཅིག །དེ་བཞིན་ཉིད་ལ་དམ་བཅར་གཞུག་པ་ནི༔ མནའ་ཆུ་སྦྱིན་ལ། ཁྱོད་ཀྱིས་མཚན་མའི་འཁྲུལ་ཕྱིར་མི་འབྲང་བར༔ རྩོལ་མེད་ཆོས་ཉིད་དོན་ལ་མ་ཡེངས་པར༔ དམིགས་མེད་སྒོམ་པའི་ཉམས་ལེན་དམ་ཆོས་ཤིག༔ དེ་ལས་ལོག་ན་ཁྱོད་ཉིད་བརླག་པར་འགྱུར༔ ཇི་ལྟར་བསྒོས་པའི་དམ་ལས་མི་འདའ་བར་བྱའོ་སྙམ་པས་འདིའི་རྗེས་ཟློས། དེ་ལྟར་བགྱི་བར་དམ་བཅའ་འོ༔ ཞེས་བརྗོད་དུ་གཞུག །དེ་ནས་བླ་མས། བུ་ཁྱོད་སུ་ཡིན༔ ཞེས་དྲིས་པའི་ལན་བཏབ་པ་འདིའི་རྗེས་ཟློས། ང་ནི་རིག་པ་སེམས་ཀྱི་བུ་ཡིན་ནོ༔ ཞེས་དང་། ཁྱོད་ཀྱིས་སྟོང་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་མ་མཐོང་ན༔ ཁྱོད་རང་གི་ལུས་ལ་ལྟོས་ཤིག༔ ཁྱོད་ཀྱི་ལུས་འདི་ཅི་ཡིན༔ ཞེས་དྲིས་པའི་ལན་དུ། སྟོད་གཅེར་བུ་སྨད་གོས་ཅན་ཡིན་ནོ༔ ཞེས་བརྗོད་ཅིག །དེ་བཞིན་དུ་སེམས་ཉིད་འདི་ཡང་ཤེས་པར་གྱིས༔ ལུས་ལ་བརྟེན་ནས་གོས་བྱུང་བ་བཞིན་སེམས་ལ་བརྟེན་ནས་སྣང་བ་བྱུང༔ ལུས་གོས་ཀྱིས་བཏུམས་ནས་མི་མཐོང་བ་བཞིན༔ སེམས་སྣང་བ་ལ་ཞེན་ནས་སྟོང་པའི་དོན་མི་རྟོགས༔ སྟོད་ཀྱི་གོས་ཕུད་པ་དེ་གཅེར་བུར་མཐོང་བ་བཞིན༔ སྣང་བ་གང་དག་དེར་ཆོས་ཉིད་དུ་མཐོང་བ་ཡིན་པས༔ དེ་བཞིན་དུ་དཀྱིལ་འཁོར་འདི་ཡང་ཤེས་པར་གྱིས་ཤིག༔ མེ་ལོང་ལ་དཀྱིལ་འཁོར་གསལ་བར་ཤར་ཡང་འཛིན་རྒྱུ་མེད་པ་བཞིན༔ སྣང་བ་སྣ་ཚོགས་ཤར་ཡང་དངོས་མེད་སྟོང་པ་ཡིན་པའི་བརྡ༔ ཤེལ་ལ་སྒྲོའི་འོད་ལྔ་ཤར་བ་འདི༔ སྟོང་པའི་རང་རྩལ་ཅིར་ཡང་ཤར་བའི་བརྡ༔ ཤར་ཡང་དངོས་པོར་མ་གྲུབ་སྟོང་པ་ཡིན་པའི་བརྡ༔ ཞེས་པས་དཀྱིལ་འཁོར་གྱི་བརྡ་བསྟན་པས་སེམས་ཉིད་སྟོང་པའི་བརྡར་བསྟན་པར་གོ་བར་གྱིས་ཤིག །དེ་ནས་སེམས་སྟོང་པར་རྟོགས་པ་ལ་དབང་བ་ཡེ་ཤེས་ཀྱི་རྩལ་དབང་བསྐུར་བར་མོས་ཤིག །སློབ་མའི་མིག་ལ་ཤེལ་རྡོ་བསྟན་ཏེ། ཧཱུྃ་ཧཱུྃ་ཧཱུྃ༔ སྣང་བ་ལོངས་སྐུའི་དཀྱིལ་འཁོར་མཛེས་པ་རུ༔ གསལ་ལ་འཛིན་མེད་ཤེལ་འོད་སྣ་ཚོགས་ཀྱི༔ སྐུ་དང་ཡེ་ཤེས་སྟོང་པའི་སྒྲོན་མ་མཆོག༔ སེམས་ཉིད་སྐྱེ་མེད་གྲོལ་བར་བྱིན་གྱིས་རློབས༔ སྨོན་ལམ་འདི་ལྷན་ཅིག་ཏུ་བརྗོད་པར་ཞུ། རིག་སྟོང་ཡེ་ཤེས་དབང་བསྐུར་བས༔ སྒྱུ་ལུས་སངས་རྒྱས་དགོངས་པ་ཅན༔ དུས་འདིར་རང་བྱུང་ཡེ་ཤེས་སུ༔ འཛིན་མེད་ཆོས་ཉིད་དོན་རྟོགས་ཤོག༔ ལན་གསུམ་དཔོན་སློབ་ལྷན་ཅིག་བརྗོད། དེས་སྤྲོས་མེད་སྟོང་པའི་བརྡ་དབང་ཐོབ་པའི་གཏང་རག་དང་། གསུམ་པ་གཉིས་མེད་རང་གྲོལ་གྱི་བརྡ་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། སློབ་མ་རྣམས་གོས་ཕུད་གཅེར་བུ་འགྲེང་སྟབས་སུ་ལངས་པར་གསུངས་པས་མཚོན་བྱེད་བྱར་གཞུག །ཕྱག་ཐལ་སྦྱར་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ ཀུན་བཟང་བླ་མ་ཆོས་སྐུ་རང་གྲོལ་ལ༔ དུས་གསུམ་དུས་མེད་གུས་པས་གསོལ་བ་འདེབས༔ སྟོང་གསལ་འགག་མེད་སྤྲོས་བྲལ་དཀྱིལ་འཁོར་དུ༔ རང་གྲོལ་གཉིས་མེད་ཆེན་པོའི་དབང་བསྐུར་ཞུ༔ ལན་གསུམ། དེ་ནས་སྤྲོ་བ་དྲི་བ་ལ་གསན་འཚལ། སྟོང་ཉིད་སེམས་ཀྱི་བུ་གཅིག་པོ༔ རང་གྲོལ་འཇུག་པར་སྤྲོ་ལགས་སམ༔ འཛིན་མེད་རང་གསལ་ཤུགས་འབྱུང་ལ༔ དམ་ཚིག་བསྲུང་བར་གཞུང་ཐུབ་བམ༔ ཞེས་དྲིས་པའི་ལན་དུ། ཐུབ་ལགས༔ ཞེས་བརྗོད་ཅིག །དེ་བཞིན་ཉིད་དུ་དམ་བཅར་གཞུག་པ་ནི༔ མནའ་ཆུ་སྦྱིན་ལ། ཁྱོད་ཀྱིས་སྣང་སྟོང་ཞེན་འཛིན་སྤངས་ནས་སུ༔ སྟོང་གསལ་རང་གྲོལ་ཆོས་སྐུའི་དོན་ལ་ནི༔ རང་བཞིན་ལྷུག་པར་སྤྱོད་པར་དམ་ཆོས་ཤིག༔ དེ་ལས་ལོག་ན་ཁྱོད་ཉིད་བརླག་པར་འགྱུར༔ ཇི་ལྟར་བསྒོས་པའི་དམ་ལས་མི་འདའ་བར་བྱའོ་སྙམ་པས་འདིའི་རྗེས་ཟློས། དེ་ལྟར་བགྱི་བར་དམ་བཅའ་འོ༔ ཞེས་བརྗོད་དུ་གཞུག །དེ་ནས་བླ་མས། བུ་ཁྱོད་སུ་ཡིན༔ ཞེས་དྲིས་པའི་ལན་བཏབ་པ་འདིའི་རྗེས་ཟློས། ང་ནི་རང་བྱུང་ཡེ་ཤེས་ཡིན་ནོ༔ ཞེས་དང་། ཁྱོད་ཀྱིས་རང་གྲོལ་དཀྱིལ་འཁོར་མ་མཐོང་ན༔ ནམ་མཁའ་ལ་ལྟོས་ཤིག༔ ཁྱོད་ཀྱི་ལུས་འདི་ཅི་ཡིན༔ ཞེས་དྲིས་པའི་ལན་དུ། གཅེར་བུ་ཡིན་ནོ༔ ཞེས་བརྗོད་ཅིག །ལུས་གཅེར་བུ་གདོད་མ་ནས་ཡིན་པ་ལ༔ དེ་ལ་གོས་བཀོན་རྒྱན་བཟུང་འཛིན་པའི་ངོ་ཚ་འཕྲལ་ལ་བཅོས་པ་བཞིན་དུ༔ སེམས་ཉིད་ཡེ་ནས་སྟོང་པ་ཡིན་ལ༔ སྣང་བར་བཟུང་བས་གློ་བུར་དུ་འཁྲུལ་བའི་བརྡ༔ ལུས་ལ་གོས་མེད་ངོ་ཚའི་འཛིན་པ་ལས་གྲོལ་ནས་གཅེར་བུ་ཇི་ལྟར་ཡིན་པའི་ངོ་བོ་གསལ་བ་བཞིན་དུ༔ སྣང་བའི་ཞེན་འཛིན་གང་ཡང་མེད་པར་གྲོལ་ནས༔ སེམས་ཀྱི་ངོ་བོ་གཅེར་བུ་ཟང་ཐལ་གང་ལྟར་ཡིན་པ་མཐོང་བ་ཡིན༔ དེ་བཞིན་དཀྱིལ་འཁོར་འདི་ཡང་ཤེས་པར་གྱིས་ལ་ལྟོས༔ དཀྱིལ་འཁོར་ཆེན་པོ་ནམ་མཁའ་ཡངས་པ་ཡིན༔ ནམ་མཁའ་གསལ་ཡང་དངོས་པོ་མེད་པ་བཞིན༔ སེམས་ཉིད་སྟོང་གསལ་དངོས་པོ་མེད་པའི་བརྡ༔ ནམ་མཁའ་སྟོང་པ་དབྱིངས་ནས་གསལ་བ་བཞིན༔ སེམས་ཉིད་སྟོང་པ་ཅིར་ཡང་གསལ་བའི་བརྡ༔ ནམ་མཁའ་མཐའ་བྲལ་ཡེ་སྟོང་ཡིན་པ་བཞིན༔ སེམས་ཉིད་སྟོང་པ་མ་བཅོས་རང་གྲོལ་ཡིན་པའི་བརྡ་དོན་གོ་བར་གྱིས་ཤིག༔ དེ་ནས་རང་གྲོལ་ཆོས་ཉིད་ཀྱི་རྩལ་དབང་བསྐུར་བ་ཡིན་པས་ཁྱེད་རང་མིག་གི་ལྟ་སྟངས་ནམ་མཁའི་དབྱིངས་སུ་གཏོད་ཅིག །ཧཱུྃ་ཧཱུྃ༔ རང་གྲོལ་ཆོས་སྐུའི་དཀྱིལ་འཁོར་རྣམ་དག་ཏུ༔ གསལ་སྟོང་ནམ་མཁའ་དོན་གྱི་ལྷ་ཚོགས་ཀྱིས༔ རང་བྱུང་ཡེ་ཤེས་རྩོལ་མེད་ཀུན་ཏུ་བཟང༔ མ་བཅོས་རང་སར་གྲོལ་བར་བྱིན་གྱིས་རློབས༔ སྨོན་ལམ་འདི་ལྷན་ཅིག་ཏུ་བརྗོད་པར་ཞུ། གཉིས་མེད་རང་གྲོལ་དབང་བསྐུར་བས༔ ལུས་འདི་སངས་རྒྱས་དགོངས་པ་ཅན༔ དུས་འདིར་རང་གྲོལ་རྣམ་དག་ཏུ༔ རྩོལ་མེད་ཆོས་སྐུའི་དོན་རྟོགས་ཤོག༔ ལན་གསུམ་དཔོན་སློབ་ལྷན་ཅིག་ཏུ་བརྗོད། དེས་གཉིས་མེད་རང་གྲོལ་གྱི་བརྡ་དབང་ཐོབ་པའི་གཏང་རག་དང་། བཞི་པ་རང་གྲོལ་ལྷུན་གྲུབ་ཀྱི་བརྡ་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། སློབ་མ་སྔར་ལྟར་གཅེར་བུར་ཕྱག་འཚལ་ཞིང་འགྲེང་བར་གསུངས་པས་མཚོན་བྱེད་བྱས་ལ། ཕྱག་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ ཀུན་བཟང་བླ་མ་བདེ་བ་ཆེན་པོ་ལ༔ རང་གསལ་ཆོས་སྐུའི་ངང་ནས་གསོལ་བ་འདེབས༔ ལྷུན་གྲུབ་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ༔ ཀུན་མཁྱེན་རྫོགས་སངས་རྒྱས་ཀྱི་དབང་བསྐུར་ཞུ༔ ལན་གསུམ། དེ་ནས་སྤྲོ་བ་དྲི་བ་ལགས་པས་གསན་འཚལ། རང་གྲོལ་ལྷུན་གྲུབ་ཆོས་ཉིད་བུ་གཅིག་པོ༔ ལྷུན་གྲུབ་དོན་ལ་འཇུག་སྤྲོ་འམ༔ མ་བཅོས་འཛིན་མེད་བློ་འདས་ལ༔ དམ་ཚིག་བསྲུང་བའི་གཞུང་ཐུབ་བམ༔ ཞེས་དྲིས་པའི་ལན་དུ། ཐུབ་ལགས༔ ཞེས་བརྗོད་ཅིག །དེ་བཞིན་ཉིད་དུ་དམ་བཅར་གཞུག་པ་ནི༔ མནའ་ཆུ་སྦྱིན་ལ། ཁྱོད་ཀྱིས་གྲོལ་བྱ་གྲོལ་འཛིན་ཟད་ནས་སུ༔ ཟག་མེད་སངས་རྒྱས་ལྷུན་གྲུབ་བདེ་བ་ཆེ༔ རྟོག་མེད་མཁྱེན་པའི་དོན་ལ་དམ་ཆོས་ཤིག༔ དེ་ལས་འགལ་ན་ཁྱོད་ཉིད་འཚིག་པར་འགྱུར༔ ཇི་སྐད་བསྒོས་པའི་དམ་ལས་མི་འདའ་བར་བྱའོ་སྙམ་པས་འདིའི་རྗེས་ཟློས། དེ་ལྟར་བགྱི་བར་དམ་བཅའ་འོ༔ ཞེས་བརྗོད་དུ་གཞུག །དེ་ནས་བླ་མས། བུ་ཁྱོད་སུ་ཡིན༔ ཞེས་དྲིས་པའི་ལན་བཏབ་པ་འདིའི་རྗེས་ཟློས། ང་ནི་བདག་མེད་ཀུན་གྲོལ་ཡིན་ནོ༔ ཞེས་ལན་གདབ། ཁྱོད་ཀྱིས་ཀ་དག་ལྷུན་གྲུབ་ཀྱི་དཀྱིལ་འཁོར་སྔར་མ་མཐོང་ངམ༔ ཞེས་དྲིས་པའི་ལན་དུ། མ་མཐོང་ངོ༔ ཞེས་བརྗོད་ཅིག །ཁྱོད་རང་གི་ལུས་ལ་ལྟོས་ཤིག༔ ཁྱོད་ཀྱི་ལུས་འདི་ཅི་ཡིན༔ ཞེས་དྲིས་པའི་ལན་དུ། ངའི་ལུས་འདི་གཅེར་བུ་ཟང་ཐལ་ཡིན༔ ཞེས་བརྗོད་ཅིག །དེ་བཞིན་རང་གི་རིག་པ་འདི་ཡང་ཤེས་པར་གྱིས་ཤིག༔ ཁྱོད་ལུས་སྔ་ཕྱི་བར་གསུམ་དུ་བཟོ་མ་བཅོས་པར༔ རང་བཞིན་ལྷུན་གྲུབ་གཅེར་བུ་ཟང་ཐལ་འདི་ཀ་ཡིན་པ་བཞིན་དུ༔ སེམས་ཉིད་དུས་གསུམ་དུས་མེད་ཐམས་ཅད་དུ་ངོ་བོ་མ་བཅོས་རང་བྱུང་ཆོས་སྐུ་ཡིན༔ གོས་གོན་ཕུད་བྱས་པ་ངོ་ཚའི་བཅོས་མ་བྱུང༔ གོས་མེད་ལུས་ལ་གོན་ཕུད་གོས་ཀྱི་ངོ་ཚ་མེད༔ ལུས་ལ་གོས་གོན་བཟང་དུ་མ་སོང་མ་གོན་ངན་དུ་མ་སོང༔ རང་བྱུང་ལྷུན་གྲུབ་ལུས་དེ་གཅེར་བུ་ཡིན་པ་བཞིན༔ སེམས་ཀྱི་སྣང་སྟོང་གཉིས་སྣང་བར་འཛིན་རྒྱུ་སྟོང་པར་གྲོལ་རྒྱུ་འཛིན་པ་བྱས་པས་མ་རིག་འཁྲུལ་པས་བཅིངས༔ སྣང་སྟོང་གྲོལ་བྱ་གྲོལ་རྒྱུ་གང་ཡང་མ་གྲུབ༔ འཛིན་མེད་རང་སར་མ་བཅོས་ན༔ ཡེ་ནས་ཡིན་པའི་སེམས་ཉིད་སྐུ་གསུམ་ལྷུན་གྲུབ་རྩལ་རྫོགས་འགྱུར༔ དེ་ལས་འཆར་ཚུལ་སྣ་ཚོགས་ཤར་ཡང༔ ངོ་བོ་བཟང་ངན་གང་དུ་ཡང་འགྱུར་བ་མེད༔ གསལ་འགྲིབ་འཛིན་རྟོག་མེད་པས་མཁྱེན་པའི་ཡེ་ཤེས་ཆེན་པོ་ཡིན༔ དེ་བཞིན་ཉིད་དུ་དཀྱིལ་འཁོར་འདི་ཡང་ཤེས་པར་གྱིས༔ སྒྲིབ་མེད་ཡེ་ཤེས་མ་བལྟས་མཐོང་བ་ཡི༔ བཅོས་པ་མེད་པའི་ལྷུན་གྲུབ་དཀྱིལ་འཁོར་ལྟོས༔ བལྟ་རུ་མེད་པའི་གསལ་བ་འདི་ཀ་ཡིན༔ གསལ་ལ་མི་རྟོག་ཆོས་སྐུའི་དཀྱིལ་འཁོར་ལ༔ ཕྱོགས་རིས་མེད་དེ་ཀུན་ཁྱབ་གཟུགས་མ་གྲུབ༔ གསལ་འགྲིབ་མེད་པའི་ཟང་ཐལ་འདི་ཀ་རུ༔ ཐམས་ཅད་ངོ་བོ་ཉིད་དུ་རྫོགས་པ་ཡི༔ མཉམ་ཡངས་ཀུན་མཁྱེན་ལྷུན་གྲུབ་ཡིན༔ ཞེས་ཆོས་ཉིད་དབྱིངས་ཀྱི་དཀྱིལ་འཁོར་དུ་འབྲས་བུ་ལྷུན་གྱིས་འགྲུབ་པར་བརྡས་བསྟན་པ་ཡིན་ནོ། །དེ་ནས་ལྷུན་གྲུབ་མཁྱེན་པའི་རྩལ་དབང་བསྐུར་བ་ཡིན་པས། ཁྱེད་རང་ཆོས་ཉིད་ཡེ་དག་ཡེ་རྫོགས་ཆེན་པོའི་ངང་དུ་མཉམ་པར་ཞོག་ཅིག །ཧཱུྃ༔ ཀུན་གྲོལ་མཉམ་ཡངས་བདེ་ཆེན་དཀྱིལ་འཁོར་དུ༔ ཀུན་བཟང་མ་བཅོས་ཅིར་མི་དགོངས་པའི་ལྷ༔ ཤུགས་འབྱུང་ཡོན་ཏན་གདོད་ནས་རབ་རྫོགས་པའི༔ འབྲས་བུ་ལྷུན་གྲུབ་བདེ་བ་ཆེན་པོར་བྱིན་གྱིས་རློབས༔ སྨོན་ལམ་འདི་ལན་གསུམ་དུ་ལྷན་ཅིག་བརྗོད་པར་ཞུ། རང་གྲོལ་ལྷུན་གྲུབ་དབང་བསྐུར་བས༔ འདུ་ཤེས་རྣམ་རྟོག་ཀུན་ཟད་ནས༔ མ་བཅོས་ཀུན་གསལ་འཛིན་མེད་དུ༔ མཁྱེན་ལྡན་མངོན་སངས་རྒྱས་པར་ཤོག༔ ཅེས་དཔོན་སློབ་ལྷན་ཅིག་ཏུ་ལན་གསུམ་བརྗོད། དེ་ལྟར་ཡང་རྒྱུད་ལས། སྤྲོས་བཅས་སྣང་བ་སེམས་སུ་དབང༔ སྤྲོས་མེད་སེམས་ཉིད་སྟོང་པའི་དབང༔ གཉིས་མེད་རིག་སྟོང་རང་གྲོལ་དབང༔ རང་གྲོལ་ལྷུན་གྲུབ་སངས་རྒྱས་དབང༔ དེ་ཕྱིར་རིག་པའི་རྩལ་དབང་ཁྲིད༔ ཐོས་པ་ཙམ་གྱིས་མངོན་སངས་རྒྱ༔ ཞེས་གསུངས་པའི་དོན། ཆོས་རྒྱལ་རིན་ཆེན་གླིང་པའི་ཟབ་གཏེར། ཆིག་ཆོད་ཀུན་གྲོལ་ཆེན་པོའི་མན་ངག །དབང་པོ་རབ་རྩོལ་མེད་དུ་སངས་རྒྱ་བའི་ཐབས། དབང་བཞིའི་བརྡའི་ཁྲིད་ཀྱིས་ཞག་བདུན་ན་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་མན་ངག །ཡིད་བཞིན་གྱི་ནོར་བུ་ལྟ་བུ། རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེས་མཛད་པའི་ཕྱག་བཞེས་མ་འཁྲུལ་བར་བགྱིས་གྲུབ་པ་ལགས་པས། སྤྱི་དང་ཁྱད་པར་གྱི་དམ་ཚིག་རྣམས་དང་རང་བཞིན་ལྟ་བའི་དམ་ཚིག་ཆེན་པོ་ལས་འདའ་བར་མི་བྱའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། ལུས་འབུལ་དགེ་བསྔོ་བཅས་ཀྱིས་གྲུབ། སློབ་དཔོན་གྱིས་ཀུན་བཟང་དོན་ཕྲིན་གྱི་རྗེས་རིམ་རྣམས་དང་། ཀུན་བཟང་སྨོན་ལམ་གྱིས་མཚོན་པའི་ཐུན་མོང་མ་ཡིན་པའི་བསྔོ་སྨོན་རྒྱས་པར་བྱའོ། །ཟབ་ཆོས་འདི་ཡང་ཐུབ་བསྟན་ཇི་སྲིད་བར། །མི་ནུབ་དར་ཞིང་རྒྱས་པའི་བཙས་གྱུར་ཏེ། །འབྲེལ་བཅས་འགྲོ་ཀུན་གདོད་མའི་གྲོལ་གཞི་རུ། །འབད་རྩོལ་མེད་པར་དབུགས་དབྱུང་ཐོབ་གྱུར་ཅིག །ཅེས་པ་འདིའང་ཁྱབ་བདག་གདོད་མའི་མགོན་པོ་བཀའ་དྲིན་སུམ་ལྡན་༧པདྨ་འོད་གསལ་མདོ་སྔགས་གླིང་པས་རྗེས་སུ་གནང་བ་བསྩལ་པ་དང་། བསྟན་འགྲོའི་དཔལ་མགོན་ཛ་ཀ་དང་དགེ་མང་མཆོག་སྤྲུལ་རྣམ་པ་གཉིས་ནས་གསུང་བསྐུལ་གནང་བ་ལྟར། འདུ་གསུམ་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་གཏེར་གཞུང་སོར་བཞག་ལ་ཁ་གསལ་ཕྲན་ཚེགས་ཀྱིས་བརྒྱན་ཏེ་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
རིན་ཆེན་གཏེར་གྱི་ཆོས་མཛོད་ཆེན་མོའི་རྟོགས་བརྗོད་ངོ་མཚར་བདུད་རྩིའི་འབྱུང་གནས་སྤར་གསར་བརྐོས་ཁ་སྐོང་གི་བརྒྱུད་རིམ་སྐོར་ཡང་འདི་ནང་གསལ་བར་ཡོད་ (Volume 2, Text 2)
༄༅། །རིན་ཆེན་གཏེར་གྱི་ཆོས་མཛོད་ཆེན་མོའི་རྟོགས་བརྗོད་ངོ་མཚར་བདུད་རྩིའི་འབྱུང་གནས་ཞེས་བྱ་བ་བཞུགས་སོ། ། སྤར་གསར་བརྐོས་ཁ་སྐོང་གི་བརྒྱུད་རིམ་སྐོར་ཡང་འདི་ནང་གསལ་བར་ཡོད། ན་མོ་གུ་རུ་གུ་ཎ་ས་མུ་དྲཱ་ཡ། ཀ་དག་ཆོས་ཀྱི་དབྱིངས་ནས་ཡེ་ཤེས་ཀྱི། །སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རང་ཤར་བ། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཚོ་སྐྱེས་རྗེར། །རྟག་ཏུ་རབ་གུས་དྭངས་བས་ཕྱག་བགྱི་འོ། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེར། །བདག་ཅག་མི་ཕྱེད་པ་ཡི་དད་པ་ཡོད། །ལྷག་པར་གསང་ཆེན་རྡོ་རྗེ་ཐེག་པ་ཡི། །བསྟན་པ་འདི་ལ་བློ་ནི་གཅིག་ཏུ་གུས། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་གྱུར་པ། །ཆོས་ཀྱི་སྒྲོན་མེ་དེ་ནི་སྲིད་པ་ཡི། །མུན་པའི་སྨག་ན་གྲུབ་གཉིས་འདོད་རྒུའི་འོད། །ཅི་དགར་རབ་ཏུ་འགྱེད་ཕྱིར་ཤར་ལ་ལྟོས། །སྲིད་པ་འཇིག་རྟེན་གྱི་ཁམས་ན་དུས་གསུམ་དུ་སྣང་བར་དཀའ་ཞིང་སྐལ་ལྡན་ལས་འཕྲོ་དང་ལྡན་པ་ཁོ་ནའི་སྤྱོད་ཡུལ་ཅན་ནང་གི་ཉིན་བྱེད་དམ་པ་རིན་ཆེན་གཏེར་གྱི་ཆོས་མཛོད་ཆེན་མོའི་བྱུང་བ་ལས་བརྩམས་ཏེ་ཅུང་ཟད་གཏམ་དུ་བྱ་བ་ལ་གཉིས།བཀའ་བསྡུ་ཇི་ལྟར་བྱུང་བའི་ཚུལ་དང་།སྐབས་བབ་བརྗོད་དོན་གྱི་སྙིང་པོའོ། །དང་པོ་ལ་བཞི། བསྡུ་བར་བྱ་བའི་ཆོས། ཇི་ལྟར་བསྡུས་པའི་ཚུལ། དེ་ལྟར་བསྡུས་པའི་དགོས་པ། སྡུད་པ་པོའི་ཆེ་བའོ། །དང་པོ་ནི། གང་ཞིག་དུས་བཞི་མཉམ་པར་བརྡལ་བའི་དབྱིངས་ནས་ཁྱབ་བདག་གདོད་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོ་ཉིད་ལྷུན་གྲུབ་སྟུག་པོ་བཀོད་པའི་རྒྱན་དུ་བཞེངས་པ་དང་ལྷན་ཅིག་པར་གསུང་མི་་་་་་ཤིགས་པར་རྡོ་རྗེ་ནཱ་དའི་དབྱངས་སྙན་རྩོལ་མེད་རང་གདངས་སུ་སྒྲོག་པའི་ངོ་མཚར་ཆེན་པོ་མི་ཟད་པ་རྒྱན་གྱི་འཁོར་ལོར་འབྱམས་སུ་ཀླས་པ་གདུལ་བྱ་དག་དང་མ་དག་པའི་ཡུལ་ཀུན་དང་མཉམ་པར་དུས་གསུམ་རྒྱུན་ཆད་མེད་པར་རང་བྱུང་དུ་བརྡལ་བས་ན་གང་གི་ཕ་མཐའ་བཟུང་བའི་མུ་ལ་འཕགས་ཆེན་རྣམས་ཀྱིས་ཀྱང་གཏུག་པར་བཟོད་དུ་མེད་པའི་རང་གཤིས་བསམ་གྱིས་མི་ཁྱབ་པའི་ཆོས་སུ་ཡིན་མོད། ཕྱོགས་རེའི་དབང་དུ་ལུས་ཡོངས་སུ་དྲིལ་བ་ལྟ་བུའི་ཐེག་པ་རིམ་པ་གསུམ་དང་། ནང་གསེས་སུ་དགུར་རྣམ་པར་གཞག་པ་ལས། བོད་གངས་ཅན་གྱི་ལྗོངས་སུ་ཁྱད་ཆོས་དྲུག་གིས་ཁྱད་པར་དུ་འཕགས་པ་སྔ་འགྱུར་གྱི་ཕྱོགས་ལ་དབང་བསྒྱུར་ཐབས་ཀྱི་ཐེག་པའམ་ནང་རྒྱུད་སྡེ་གསུམ་གཙོ་བོར་གྱུར་པའི་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་དང་འབྲེལ་བའི་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ་ཞེས་ཡོངས་སུ་གྲགས་པར་བྱུང་བའི་རིང་ལུགས་ཀྱི་ཀ་ཆེན་རྣམ་པ་གཉིས་ཏེ། དེའང་དུས་གསུམ་རྒྱལ་བའི་སྤྱི་གཟུགས་དཔལ་ཨོ་རྒྱན་ཆེན་པོ་མཆོག་བོད་ཡུལ་མཐའ་འཁོབ་མུན་པའི་གླིང་དུ་རྫུ་འཕྲུལ་གྱིས་ཆེད་ཕེབས་མཛད་ནས་ལྷ་སྲིན་གདུག་པ་ཅན་རྣམས་དམ་ལ་བཏགས། ལྟ་བ་དང་གྲུབ་མཐའ་ཕྱིན་ཅི་ལོག་པ་རྣམས་སུན་ཕྱུངས།སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་།ཁྱད་པར་འབྲས་བུ་ལམ་དུ་བྱེད་པ་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་སྒོ་ཟབ་པ་ལས་ཀྱང་ཆེས་ཤིན་ཏུ་ཟབ་པ་མཐར་ཐུག་པ་རྣམས་འཇུག་པ་ཙམ་གྱིས་ཆོག་པའི་ཆོ་ག་ལེགས་པར་མངོན་པར་བསྟར་པའི་སྐབས་ཕྱེས་ནས།དབྱིངས་ཀྱི་རྩལ་གདངས་རྨད་དུ་བྱུང་བ་གྲུབ་པའི་ཉེ་ལམ་དུ་འཁྱིལ་བའི་ངོ་བོ་ཅན་སྔོན་མེད་མན་ངག་བདུད་རྩི་གསར་པ་མཐའ་ཡས་པའི་བཅུད་ཀྱི་བཅུད་ཆེན་པོའི་གཟུགས་ཤ་དག་པ་རྣམས་སུ་བསྐྲུན་ཏེ་ཆོས་ཀྱི་འཁོར་ལོ་བགྲང་ལས་འདས་པ་ཁྱབ་བརྡལ་དུ་བསྐོར་བ་དང་ཆབས་ཅིག་ཡེ་ཤེས་ཀྱི་མཁའ་འགྲོ་མ་མཚོ་རྒྱལ་གྱིས་བཀའ་བསྡུ་མཛད་རིམ་་་་་་་་་རྣམས་རྗེ་འབངས་ལོ་ཙཱ་རྣམས་ལ་བཀའ་གཉེར་གཏད་ནས། མ་འོངས་པ་སྙིགས་དུས་ཀྱི་བསྟན་འགྲོ་ཡོངས་སུ་སྐྱོབ་པའི་སླད་དུ་ཡེ་ཤེས་རང་སྣང་གི་བྱིན་རླབས་ཀྱི་ཕྱག་རྒྱས་བཏབ་སྟེ་དཔལ་ཀུན་ཏུ་བཟང་པོའི་འབྲས་ཆོས་ལྔ་པོ་ལྷུན་གྱིས་གྲུབ་པའི་དབྱིབས་བསྔགས་ཅན་ཆོས་གཏེར་གཙོ་བོར་གྱུར་པའི་གཏེར་ཁ་བཅོ་བརྒྱད་ཀྱིས་མཚོན་པར་དབྱེ་བསྡུའི་བྱེ་བྲག་གྲངས་མེད་པ་རྣམས་བོད་ཡུལ་མཐའ་དབུས་ཀུན་ཏུ་གཏེར་དུ་སྦས་ནས་སྣོད་བཅུད་རྡོ་རྗེའི་ཞིང་དུ་་་བྱིན་གྱིས་བརླབས་པར་མཛད་དོ། །དེ་ལས་ས་གཏེར་དང་། དགོངས་གཏེར་དང་། སྙན་བརྒྱུད་དག་སྣང་སོགས་ཅི་རིགས་པ་དང་འབྲེལ་བའི་རང་བཞིན་ཅན་གྱི་སྐབས་འདི་ནི། སྔགས་གསར་རྙིང་བཀའ་མ་ཀུན་ལས་ཀྱང་ཁྱད་དུ་ཞུགས་པ་ཤིན་ཏུ་ཟབ་མོའི་ཆོས་ཚུལ་དོན་ལ་གནས་པའི་གྲུབ་མཐའ་དང་ལྡན་པ་ཞིག་སྟེ་ཚེ་ལུས་གཅིག་གམ་དུས་ཐུང་ངུར་སངས་རྒྱས་ངེས་པར་སྟེར་བ་ལ་ལུང་རིགས་ཀྱིས་ཡོངས་སུ་གྲུབ་པའི་ཕྱིར་རོ། །དེས་ན་བསིལ་ལྡན་གྱི་ལྗོངས་འདི་གསང་ཆེན་སྔགས་ཀྱི་ཞིང་ཁམས་བླ་ན་མེད་པ་འཕགས་ཡུལ་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་ཞིག་བསྙོན་དུ་མེད་པར་གྲུབ་པ་ནི། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཁོ་ནའི་ཐུགས་རྗེའི་བདག་རྐྱེན་གཅིག་པུའི་ཉེར་ལེན་ཉིད་དེ། པཎ་ཆེན་ཇོ་བོ་རྗེ་ལྟ་བུས་ཀྱང་བསམ་ཡས་སུ་བཞུགས་པའི་སྔ་འགྱུར་གྱི་དཔེ་རྣམས་གཟིགས་པའི་ཚེ་འཕགས་ཡུལ་དུ་མཚན་ཙམ་ཡང་མ་བྱུང་བའི་གསང་ཆེན་ཆོས་ཀྱི་ཟབ་ཁྱད་མན་ངག་ཁྱད་འཕགས་དང་ལྡན་པ་མང་པོ་བོད་ཡུལ་ན་བཞུགས་འདུག་པ་མཇལ་དུ་བྱུང་བ་སྐལ་བ་རེ་བཟང་ཞེས་བསྔགས་བརྗོད་མཛད་པའང་བསམ་པར་བྱ་བའི་གནས་སོ། །དེ་ལྟ་བུའི་ཆོས་དེ་རྣམས་རྒྱལ་བ་མ་ཕམ་པའི་བསྟན་པ་མ་ཤར་བར་དུས་དང་དུས་སུ་འབྱུང་བར་བྱིན་གྱིས་བརླབས་པ་ཡིན་དོན་བཞིན་སྨོན་ལམ་གྱི་མཐུ་གྲུབ་པ་མཁན་སློབ་ཆོས་གསུམ། རྗེ་འབངས་ཉེར་ལྔ་ལ་སོགས་པའི་ཡེ་ཤེས་ཀྱི་རྣམ་རོལ་རིམ་པར་བྱོན་པས་དུས་སུ་བབས་པའི་ཚེ་རྟེན་འབྲེལ་གྱི་གོ་སྐབས་ཆོ་འཕྲུལ་ཆེན་པོའི་དཔྱིད་དུ་ངོ་མཚར་ཀུན་གྱི་སྙིང་པོར་དབྱེ་བར་མཛད་པ་སྟེ། འདིར་དམིགས་བསལ་ཁ་བྱང་ཡོད་པའི་གཏེར་ཁ་བྱེ་བ། ཁ་བྱང་མེད་པའི་གཏེར་ཁ་གྲངས་མེད་པས་མཚོན་གཏེར་ཁ་བྱེ་བ་བསམ་ཡས་ཡོངས་སུ་སྦས་པའི་རང་བཞིན་ཟད་པའི་མཐའ་བཟོད་དུ་མ་མཆིས་པ་དང་འབྲེལ་བར་དེ་འདོན་པ་པོ་ཡང་བགྲང་ཡས་འབྱུང་བར་སྨོན་ལམ་གྱི་མཐུས་གཞིར་གྲུབ་ཀྱང་། འདིར་གཙོ་བོར་པདྨ་བཀའ་ཐང་སོགས་ཀྱི་ལུང་བྱང་ལྟར་གཏེར་ཆེན་བརྒྱ་རྩའི་ཆོས་སྐོར་ཕལ་ཆེར་བསྡུས་པ་སྟེ། མཐའ་དག་ནི་མཐའ་ཡས་པའི་ཕྱིར་བསྡུ་བར་མི་ནུས་པ་ཡོངས་གཅོད་དུ་གྲུབ་བོ། །གཉིས་པ་ནི། སྔོན་གྱི་སྨོན་ལམ་དང་ཐུགས་བསྐྱེད་རླབས་ཆེན་དུས་སུ་སད་པའི་དབང་གིས་ཟབ་མོའི་ཆོས་ཚུལ་འདི་དག་རྒྱུན་ནུབ་ན་ཤིན་ཏུ་ཕངས་པར་དགོངས་ཏེ་ཕྱོགས་གཅིག་ཏུ་བསྡུ་བར་འོས་པའི་ཐུགས་བཞེད་འཇམ་མགོན་རིན་པོ་ཆེ་བློ་གྲོས་མཐའ་ཡས་པའི་་་ཞབས་ལ་གསར་དུ་འཁྲུངས་པའི་དེ་མ་ཐག་ཏུ་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་དང་འདུ་འབྲལ་མེད་པའི་དབྱིངས་ནས་ཐུགས་རྒྱུད་གཅིག་པའི་བཀའི་རྗེས་གནང་གི་གསལ་ཆ་ལྷན་ཅིག་སྐྱེས་པའི་རང་གཤིས་ཀྱང་ངེས་ཤེས་འབྲང་བ་་་་ཐུན་མིན་དངོས་སུ་ཐོབ་ཡོད་རྒྱུར་གདོན་མི་ཟ་བས་ཐོག་དྲངས། གཞན་ཡང་མཚོ་སྐྱེས་པདྨ་ཀཱ་ར་དང་ཞལ་མི་གཉིས་པ་ཀུན་གཟིགས་བླ་མ་མཁྱེན་བརྩེའི་དབང་པོ་དང་། རྩོད་བྲལ་གཏེར་ཆེན་མཆོག་གླིང་ཟུང་ལའང་དགོངས་པར་བརྟགས་པའི་གསལ་འདེབས་མཛད་པ་ན་དག་པ་རབ་འབྱམས་ཀྱི་གཟིགས་སྣང་དུ་ཆོས་དང་གང་ཟག་གཉིས་འཕྲད་པར་རྒྱལ་བས་བྱིན་གྱིས་བརླབས་པའི་དུས་འདིར་དེ་ལྟར་བསྡུ་བར་བྱ་བ་སྐབས་སུ་བབ་པའི་ལུང་བསྟན་དང་བཀའི་གནང་བ་བསྩལ་བའི་རིམ་པ་ཨོ་རྒྱན་རིན་པོ་ཆེ་དངོས་ལས་ཞིབ་པར་རྗེས་སུ་ཐོབ་པ་གཞིར་བཞག །བོད་དང་བོད་ཆེན་པོའི་ལྗོངས་སུ་དབང་ལུང་གི་རྒྱུན་ལྟ་ཞོག །དཔེ་རྒྱུན་ཙམ་ཡང་མཐོང་ཐོས་དཀོན་པ་རྣམས་འབད་པ་བརྒྱ་ཕྲག་དུ་མས་ཆེད་དུ་བཙལ་བའི་སྒོ་ནས་གཏེར་རྙིང་བྱིན་རླབས་ཅན་དང་། ཁྱད་པར་རྒྱུན་ཤིན་ཏུ་དཀོན་ཞིང་དབྱིངས་སུ་གཞོལ་བར་ཉེ་ལ་ཁད་མཐའ་དག་གི་ཕྱོགས་ནས་རྩ་བར་བཟུང་བའི་སྟེང་། མི་གསལ་བ་རྣམས་གསལ་བར་ཕྱུངས། འཁྲུགས་པ་གོ་རིམ་དུ་བསྡེབས། མ་ཚང་བ་རྣམས་ཁ་སྐོང་། བརྒྱུད་ལྡན་མན་ངག་གིས་ཟུར་བརྒྱན་པ་སོགས་ཆེད་དུ་བྱ་འོས་རིགས་ཀྱང་བཏང་སྙོམས་དང་། གྱ་ཚོམས་སུ་འཇུག་པ་གཉིས་ཀ་མ་ཡིན་པར་ཚད་མའི་ཁུངས་དང་བསྡེབས་ནས་བྱིན་རླབས་ཀྱི་དྲོད་ཉམས་པ་མེད་པའི་དབང་ལུང་ཁྲིད་གསུམ་གྱི་རྒྱུན་དང་བཅས་རྒྱུད་ལུང་མན་ངག་གསུམ་དང་འབྲེལ་བའི་ཟབ་རྒྱས་གཉིས་ལྡན་གྱི་ཕུང་པོར་སྤུངས་ཏེ་ཕྱོགས་གཅིག་ཏུ་་་སྡུད་པའི་ངོ་མཚར་རྨད་དུ་བྱུང་བའི་རང་བཞིན་འདི་ལྟ་བུ་ནི། སྟོན་པ་ཐུབ་པའི་དབང་པོ་དང་། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་མཛོད་ཆེན་རྣམ་ལྔའི་བདག་པོར་ལུང་དུ་བསྟན་པའི་དགོས་དོན་གེགས་མེད་ལྷུན་གྱིས་གྲུབ་པའི་རྒྱན་དུ་བྱུང་བའོ། །གསུམ་པ་ནི། སྙིགས་མ་བས་ཀྱང་ཤིན་ཏུ་སྙིགས་མའི་མཐའ་ལ་ཐུག་པའི་དུས་འདིར་སྤྱིར་རྒྱལ་བསྟན་ཉག་ཕྲ་བ་དང་། ཡང་སྒོས་སུ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་གཏེར་རྙིང་གཙོ་བོར་གྱུར་པའི་ཟབ་ཆོས་སྐོར་འདི་དག་དབྱིངས་སུ་ཐིམ་པར་གདོན་མི་ཟ་བའི་ཐུགས་བཞེད་ཀྱིས་བསྟན་ཞབས་གཏེར་གྱིས་སྐྱོང་བའི་དགོངས་དོན་ལྟར་བྱ་སླ་ལ་ཆོད་ཆེ་བའི་ཕྱིར་དུ་སྟེ། དེའང་དེང་སང་སྙིགས་ལྔ་མི་བཟད་པ་བདོ་བའི་དབང་གིས་འཁོར་བ་སྡུག་བསྔལ་དུ་མཐོང་ནས་བསྟན་པ་ལ་ལོངས་སུ་སྤྱོད་མཁན་ཆེས་ཉུང་ཞིང་། བྱུང་བ་རྣམས་ཀྱང་ཕལ་ཆེར་རྒྱུ་འབྲས་ཀྱི་ལམ་ནས་ཚོགས་གཉིས་ཀྱི་བྱ་བ་རྒྱ་ཆེན་པོ་ཡུན་དུ་གསོག་པའི་དཀའ་སྤྱད་དང་བརྩོན་འགྲུས་མཐར་འཁྱོངས་པར་ཤིན་ཏུ་དམན་ནས་དོན་དུ་འགྱུར་བའི་གནས་སྐབས་འགའ་ཡང་མ་མཆིས་པར་བརྟེན། མཐོང་ཐོས་དྲན་རེག་ཙམ་དུ་གྲོལ་བ་མངོན་དུ་སྟེར་ཞིང་། འདོད་ཡོན་མ་སྤངས་རང་གྲོལ་གྱི་སྒོ་ནས་མི་ཚེ་གཅིག་གི་མགོ་མཐའ་ཙམ་ལའང་སངས་རྒྱས་ངེས་པར་འགྲུབ་པའི་ཟབ་ཆོས་འདི་རྣམས་སྐད་ཅིག་རེར་ཡང་ཉམས་སུ་བླངས་ན་དོན་གྱི་འབྲས་བུ་རྒྱ་ཆེན་པོ་ཡོད་པར་མངོན་སུམ་གྲུབ་པའི་ཕྱིར་སྙིགས་དུས་ཀྱི་་་་་གདུལ་བྱར་གནད་དུ་སྨིན་པར་ངེས་ནས་ཆུད་ཟོས་དོན་མེད་དུ་བག་ལ་ཞ་བར་རུང་ཐབས་སུ་མ་མཆིས་པར་གཟིགས་པ་དང་ཆབས་ཅིག་ཟུང་འཇུག་གི་ཀློང་ན་བཞུགས་པའི་རྩ་གསུམ་རྒྱ་མཚོའི་དགོངས་པ་ཀུན་ནས་འདུས་པའི་ངོ་་་་་་་བོར་གྱུར་ཏེ། དེ་དང་དེ་ལྟ་བུའི་དགོས་དོན་གྱི་དབང་བསྐུར་བརྙེས་པའི་གཞན་དབང་ཐོགས་པ་མེད་པའི་བདག་རྐྱེན་ཟབ་མོ་དང་རོ་གཅིག་པར་ཆེད་དུ་བསྡུ་བའི་རྩོལ་བ་མཛད་པ་སོགས་མདོར་ན་འཕགས་ཡུལ་དུ་བཀའ་བསྡུ་སྔ་ཕྱི་བར་གསུམ་ཇི་ལྟར་བྱུང་བའི་ཚུལ་ལས་ཀྱང་ཆེས་ཆེར་ལྷག་པའི་དགོས་པ་རྒྱུ་མཚན་དུ་མ་དང་ལྡན་པ་ཡིན་ནོ། །བཞི་པ་ལ་དངོས་དང་། འཕྲོས་དོན་ནོ། །དང་པོ་ནི། ཆོས་མཛོད་ཆེན་མོའི་བཀའི་བསྡུ་བ་མཛད་པོའི་གང་ཟག་ནི། དུས་གསུམ་ན་ཨུ་དུམཝཱརའི་མེ་ཏོག་ལྟར་འབྱོན་པར་དཀའ་བ་འཕགས་ཡུལ་གྱི་མཁས་གྲུབ་ཆེན་པོ་ཤིང་རྟ་རྣམ་གཉིས་སོགས་དང་ངོ་མཉམ་པའི་ཐམས་ཅད་མཁྱེན་གཟིགས་ལོ་ཆེན་བཻ་རོའི་རྣམ་འཕྲུལ་གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་སྒྱུར་བ་རྒྱལ་བས་ལུང་བསྟན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ལགས་ཏེ། རྗེ་འདི་ཡི་ཕྱི་ནང་གསང་བ་གསུམ་གྱི་རྣམ་པར་ཐར་པ་ནི་འཕགས་པ་རྣམས་ཀྱིས་ཀྱང་ཤིན་ཏུ་གཞལ་བར་དཀའ་ཞིང་བསམ་གྱིས་མི་ཁྱབ་པའི་བདག་ཉིད་གཅིག་པུར་གྱུར་པ་ཡིན་ན་ཚུར་མཐོང་སོ་སྐྱེའི་བློ་མིག་མོག་པོས་ཕྲ་མོ་ཙམ་ཞིག་བཟོད་པར་འགྱུར་བ་ག་ལ་སྲིད། ཁྱད་པར་དུ་བོད་གངས་ཅན་གྱི་ལྗོངས་སུ་མདོ་སྔགས་ཀྱི་བསྟན་པ་རྨང་ནས་གསལ་བར་མཛད་པའི་མཛོད་ཆེན་རྣམ་ལྔ་སོགས་ཆོས་ལུགས་མཐའ་དག་གྲུ་བཞི་ལམ་དུ་འཁྱེར་བའི་སྒོ་ནས་འཆད་པའི་སྒོ་ནམ་མཁའ་ལྟར་ཡངས་ཤིང་། རྩོམ་པའི་བསྟན་རྒྱུན་རི་བོའི་གཏོས་ལྟར་བཞག་པའི་རིམ་པ་བགྲང་ལས་འདས་པ་དང་། ཆོ་ག་དང་ཆོག་སྒྲིག་ཡན་ཆོད་ལའང་སྔོན་བྱོན་གྱི་མཁས་གྲུབ་བསྟན་འཛིན་གཞན་པ་སུས་ཀྱང་སྤྱོད་ཡུལ་དུ་མ་གྱུར་པའི་ངོ་མཚར་བ་ངོམ་པ་ཞིག་བཅས། མདོར་ན། སྟོན་པ་པོ་ང་ཆོས་ཀྱང་ང་། །ཞེས་པ་ལྟར་བསྟན་པ་ཡོངས་རྫོགས་ཀྱི་བདག་པོར་དོན་གྱིས་གྱུར་ཅིང་། ལྷག་པར་གསང་ཆེན་ཟབ་མོའི་བསྟན་པ་འདི་ལ་གསང་བའི་བདག་པོ་དངོས་སུ་སྐུར་བཞེངས་པར་སྣང་བས་མཚོན་བོད་གངས་ཅན་གྱི་ལྗོངས་སུ་ཨོ་རྒྱན་རིན་པོ་ཆེ་དང་། འཇམ་མགོན་རིན་པོ་ཆེ་འདི་གཉིས་ལས་བཀའ་དྲིན་དང་ཡོན་ཏན་ཆེ་བ་གཞན་སུ་ཡང་མ་བྱུང་བ་ཉི་ཟླ་རྣམ་གཉིས་ལྟ་བུར་འདུག་པས་སྐྱེ་བོ་ཀུན་གྱིས་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་བླ་མའི་རྣལ་འབྱོར་ལ་རྟག་ཏུ་བརྩོན་ན་འཚེངས་པར་འགྱུར་བའི་འོས་སུ་སྣང་ངོ་། །གཉིས་པ་ནི། རིང་ནས་ལོག་སྨོན་གྱི་མཐུ་གྲུབ་པ་ཅན་ཞིག་གིས་འདི་ལྟར། ཐ་སྙད་འགའ་ཞིག་གི་ཡུལ་ལ་དོན་མི་འགྱུར་བའི་བསྙད་བཏགས་མུན་སྤྲུལ་ཅི་ཆེས་ཆོས་དང་གང་ཟག་བཅས་པར་སྒྲོ་བཏགས་སྐུར་འདེབས་ཅི་རིགས་པར་བྱེད་སྐད་དོ། །ཀྱེ་མ་བོད་ཡུལ་དུ་བསྟན་པའི་གཟུགས་བརྙན་མ་ཡལ་ཙམ་གྱི་གནས་སྣང་ན་རྒྱུ་འབྲས་ལ་ཡ་ཆ་བས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ཡང་སྒོས་གསང་ཆེན་རྡོ་རྗེའི་ཐེག་པ་ཁྱད་དུ་གསོད་ནས་དུས་མཐར་བསྟན་པའི་མེ་རོ་རྨང་ནས་གསོ་བར་བྱེད་པ་ལ་སྡང་ཞུགས་འགོག་ཏུ་མེད་པ་བྱུང་རྒྱལ་དུ་མི་བྱའི་དབང་མེད་ཀྱི་ཉེར་ལེན་ཡིད་སྲུབས་འདོད་ལྷའི་དཔུང་ལས་ཀྱང་ཆེས་རབ་ཏུ་འགོངས་པ་འདི་འདྲ་ལ་ཐུབ་པའི་རྗེས་འབྲང་རྣམས་ཆོས་མཐུན་འབེལ་གཏམ་གྱི་རྩོད་པ་བྱ་བ་ལྟ་ཞོག །རྒྱུ་འབྲས་དཔང་པོར་བཟུང་བའི་གཞིག་པ་དང་བསྟུན་སྒོ་གང་ཐད་ནས་ཤིན་ཏུ་སྙིང་རྗེ་ཞིང་སེམས་བསྐྱེད་རྒྱ་ཆེ་བའི་ཁུར་དུ་བབས་པར་ཁོ་བོས་རྒྱུན་དུ་དྲན་ནོ། །དེ་ལྟར་ཡང་བསྙད་བཏགས་རྒྱུ་ཅི་རིགས་པའི་ནང་དོན་རྩ་ངོ་མ་བོན་པོའི་ཆོས་ལུགས་འདྲེས་ཞེས་རྒྱུ་མེད་པའི་སྨྲ་རྒྱུ་ཆེན་པོ་ཞིག་བྱུང་བ་འདི་ནི་གཞུང་གི་བརྗོད་བྱ་ཉིད་ཀྱིས་རྒོལ་ལན་དོན་གྱིས་གྲུབ་པས་ན་གཞན་ཅིའང་སྨྲ་མ་དགོས་མོད། སྤྱིར་ནི་སྟོན་པ་ཐུབ་པའི་དབང་པོ་དང་། ཨོ་རྒྱན་ཆེན་པོ་ཟུང་གི་ལྟ་སྒོམ་སྤྱོད་གསུམ་རྣམས་དང་མ་འགལ་ཕྱིན་བོན་ལུགས་བན་ལུགས་གང་ཡིན་ཀྱང་བདག་ཅག་དང་དུ་ལེན་བྱ་སྟེ། ཆོས་མིང་བོན་དུ་བཏགས་པའི་ཐབས་མཁས་ཀྱི་བོན་ནི་གཏེར་ཆེན་གཏེར་ཕྲན་ཕལ་ཆེ་བའི་གཏེར་ཁ་ལ་མངོན་སུམ་བྱུང་བར་འདུག་པ་རྣམས་ཀྱང་དྲན་པར་བྱ་དགོས་ཏེ་ཡིན་མིན་ཁྱབ་མཉམ་བསྒྲུབ་པ་ལས་ནི་བྱེད་ཐབས་མེད་པར་སེམས་སོ། །འོན་ཀྱང་ཕྱིན་ཅི་ལོག་གི་གྲོགས་དང་འགྲོགས་པ་པོ་གང་ཡིན་པ་དེ་ནི་ཐམས་ཅད་སྤོང་བའི་ཐལ་བ་ཆེན་པོའི་ཁྲི་ལ་འཛེམ་བག་མེད་པར་བསྒྱིངས་ནས་སྲིད་པ་གཅིག་པུར་གྲུབ་པ་ལ་མངོན་པར་དགའ་བའི་ཕྱིར་རང་གིས་རང་ལ་ལོག་ལྟའི་དྲན་པ་གསོ་སྤྱད་འདི་ལྟ་བུའང་དགྱེས་པའི་ཡོན་དུ་འགྱུར་བ་འདྲའོ། །གང་ལྟར་ཡང་འཇམ་མགོན་རིན་པོ་ཆེ་འདིས་ནི་ཆོས་དང་ཆོས་མིན་བསྲེ་བ་ལྟ་ཞོག །གྲུབ་མཐའ་ཀུན་ལ་དག་སྣང་དཔེ་མེད་པའི་ཐུགས་གཏིང་ནས་འབྱོངས་ཀྱང་བོན་ཕྱོགས་སུ་མིང་ཆགས་ཏེ་བྱོན་པའི་གཏེར་སྟོན་རྣམས་ཀྱི་གཏེར་ཁ་རྩོད་བྲལ་ལྟ་བུའི་ཆོས་སུ་འདུག་རུང་། དེ་དག་རྣམས་ཀྱིས་གཙོས་ཕྱི་དུས་ཀྱི་ནང་བོན་ལུགས་ཀྱང་འབྲེལ་བ་ཙམ་ཡང་བདག་གིར་མ་བཞེས་པའི་བཏང་སྙོམས་སུ་མཛད་ཅིང་། རང་ཕྱོགས་སུ་བྱོན་པའི་གཏེར་སྟོན་རྣམས་ཀྱིས་བོན་མིང་དུ་བཏགས་པའི་གཏེར་ཁ་མང་དུ་ཡོད་ཀྱང་རིན་གཏེར་དུ་ནི་གཏེར་སྟོན་ཐམས་ཅད་ཀྱི་རྒྱལ་པོ་ཀུན་མཁྱེན་དྲི་མེད་བཤེས་གཉེན་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གཙོས་ཡོངས་གྲགས་འགའ་རེའི་ཡང་གཏེར་དང་གཏེར་ཁ་ཕྲན་ཚེགས་བཞག་པ་ཙམ་ལས་གང་ཡང་མེད་པ་་་་སོགས་གནས་ལུགས་ཀ་དག་གི་ཐབས་ཀྱིས་ཆོད་པ་ལ་ཅི་བྱར་ཟད་དོ་སྙམ་མོ། །འདི་ཐད་རྒྱུ་མཚན་ཞིབ་མོར་འཇམ་མགོན་རྗེའི་ཞལ་ནས་འདི་ལྟར། ཕྱིས་ཀྱི་བོན་ལུགས་ཀྱི་སྟག་ལྷ་དང་། ཁྲོ་བོ་དང། གེ་ཁོད་དང་། ཁྱུང་དམར་དང་། ཚེ་སྒྲུབ་བྱ་རི་མ་དང་། ཁྲོ་བོ་རོལ་པ་དང་། ཡབ་སྲས་བཅུད་དྲིལ་དང་། དབལ་གསས་ཞི་དྲག་དང་། དྲེའུ་དམར་ནག་དང་། གཏེར་སྲས་སངས་གླིང་གི་བཻ་རོའི་གོང་ཁུག་གྲལ་གྱི་ལྷ་གཅིག་བུམ་གཅིག །དོན་ཡོད་ཞགས་པ། ཀུན་གྲོལ་གྱི་མ་མོ་རྦོད་གཏོང་། གདུགས་དཀར་ལྷ་མོ། དཔལ་ལྡན་ལྷ་མོ། གཤིན་རྗེ་འཆར་ཁ། མི་ཤིགས་རྡོ་རྗེའི་གུ་རུ་ཞི་དྲག་སོགས་བོན་འདི་རིགས་གསར་རྙིང་ཐམས་ཅད་དྲན་པ་ནམ་མཁའ་ཚེ་དབང་། ཨོ་རྒྱན་སོགས་ཀྱིས་སྦས་ནས་དེ་དག་དང་། བཻ་རོ་རྗེ་འབངས་རྣམས་ཀྱི་སྤྲུལ་པ་བྱོན་ནས་བཏོན་པ་ཡིན་འདུག་པས། མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་འཛིན། འདུལ་བ་ལ་སྣང་། མདོ་སྡེ་ལ་འཇུག །ཆོས་ཉིད་དང་མི་འགལ་བ་མིང་བོན་པོར་བཏགས་ཀྱང་དོན་ནང་པའི་ཆོས་དང་ཁྱད་པར་མེད། ཆགས་མེད་རིན་པོ་ཆེས་ཀྱང་། ཁ་ཅིག་བོན་གྱི་རིག་འཛིན་སྒྲུབ་པ་ཟེར། །རྙིང་མའི་ཆོས་དང་ཁྱད་མེད་ལེགས་པའང་ཡོད། །ཅེས་གསུངས་པའང་འདི་རིགས་ཡིན་ཞིང་། སྤྱིར་ཉི་མ་དང་མུན་པ་ལྷན་ཅིག་མི་འབྱུང་བ་བཞིན་སངས་རྒྱས་དང་མུ་སྟེགས་བྱེད་ལྷན་ཅིག་ཏུ་མི་འབྱུང་། གལ་ཏེ་བྱུང་ན་སངས་རྒྱས་མ་ཡིན་པར་འགྱུར། ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱིས་བདུད་བཅོམ་ཞིང་འགྲན་ཟླ་ཐམས་ཅད་སྤངས་པའི་ཕྱིར་དང་། དེའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་པར་དཀའ་བ་སྔོན་དུ་སོང་བའི་ཕྱིར། དེའི་ཕྱིར་ལི་ཡུལ་དུ་བསྟན་པ་སྡུད་པའི་རྩོད་པའང་དོན་དུ་རྒྱལ་བ་ཉིད་ཀྱི་རྣམ་འཕྲུལ་ཡིན་དགོས་ཏེ། དེ་ལྟར་ཡིན་ན་རྫོགས་པའི་སངས་རྒྱས་ཀྱང་རང་ཅག་རྣམས་བཞིན་དུ་ཚོགས་ཐམས་ཅད་མ་རྫོགས་ཤིང་སྒྲིབ་པ་ཐམས་ཅད་མ་བྱང་བ་རང་དབང་རང་གིས་མ་ཐོབ་པར་འགྱུར། དེ་བས་ན། བོན་འདིར་ཐར་པའི་ལམ་སྣང་ངོ་ཅོག་གི་གྲུབ་མཐའ་ཡང་སངས་རྒྱས་ཀྱི་གྲུབ་མཐའ་ཡིན་པར་གྲུབ། དེ་ལྟར་གྲུབ་ན། རང་ཉིད་གང་ལ་མོས་པ་དེ་ལ་འཇུག་པ་འདི་ནི་རིགས་ཀྱི། ཆོས་ལ་ཕྱོགས་རིས་བྱ་བ་འདི་ནི་མི་རིགས་ཏེ། དེ་ལྟར་བྱེད་པ་ལ་ལུང་རིགས་ཀྱི་སྒྲུབ་བྱེད་རྣམ་དག་མེད་ཅིང་བདག་གི་འདི་ལ་ཡོད་པའི་ཕྱིར། དེས་ན་བོན་པོའང་སྤྱིར་སངས་རྒྱས་ཀྱི་གསང་བ་བསམ་མི་ཁྱབ་པའི་རོལ་གར་ཡིན་ཅིང་། ཁྱད་པར་དུ་ཨོ་རྒྱན་དུས་གསུམ་མཁྱེན་པ་བོད་དུ་ཕེབས་ནས་བོན་རྣམས་གཏེར་དུ་གཤེགས་པ་ཚུན་ཡང་དག་པའི་གྲུབ་མཐའ་ཡིན་ཏེ། གོང་དུ་སྨོས་པའི་ནང་པའི་མཚན་ཉིད་དེ་རྣམས་དང་། ཁྱད་པར་སྟོང་ཉིད་སྙིང་རྗེའི་གནད་ཕྱིན་ཅི་མ་ལོག་པ་ཡོད་པས། དེ་ཡོད་ན་བནྡེ་བོན་པོ་ཞེས་པའི་མིང་ཙམ་ལ་ཞེན་པ་ནི་བ་ལང་རྫི་དང་འདྲ་སྟེ་ཆོས་ཀྱི་དབྱིངས་ལ་མིང་དང་ཚིག་མེད་པས་ཀུན་རྫོབ་འཁྲུལ་ངོར་འཇིག་རྟེན་ན་སྤྱིར་གྲགས་པ་ཙམ་ལ་གཙོ་བོར་བཟུང་བ་མ་གཏོགས། མེ་ལ་ཆུ་དང་། ཆུ་ལ་མེ་སོགས་གདགས་ཀྱང་གདགས་པའི་གཞི་ཉིད་ཡེ་གདོད་མ་ནས་མ་གྲུབ་པས་འདྲ་བ་དང་། ཌུཌྷྲྀཉ་འཛིན་པའི་བྱིངས་ལས་སྒྲུབ་པའི་དྷརྨ་ཞེས་པ་དོན་དགུ་ལ་འཇུག་པའང་ཐམས་ཅད་འཛིན་པའི་དོན་དུ་མཉམ་པར་རྣམ་བཤད་རིག་པའི་ལུང་དོན་ཏེ། བོན་ཞེས་པའང་དོན་དེ་ལ་འཇུག་སྟེ་འདོད་རྒྱལ་གྱི་སྒྲ་ཡིན་པ་ཆོས་དང་བོན་གཉིས་མཉམ། དེས་ན་ཚིག་དོན་གཉིས་ཆར་ནས་མཉམ་པ་སོགས་ཀྱིས་སུས་ཀྱང་འདི་རིགས་ལ་སྐུར་འདེབས་ངག་འཁྱལ་གསོག་པ་འདི། མ་ཡི་རྒྱབ་གཉེར་བྱེད་པར་རློམས་ནས་ཕ་བསད་པ་བཞིན། རང་གིས་གོ་ཚོད་ཤེས་ཚོད་དེ་གྲུབ་མཐའ་ཡིན་པར་བཟུང་ནས་གཞན་ལ་སྡང་ཚིག་མི་བཟད་པས་ཆོས་སྤངས་ཀྱི་ལས་མ་མཛད་ཅིག །དེ་ལྟར་སྨྲས་ཀྱང་སྨྲ་བ་པོ་རང་ཉིད་དེ་དང་དེ་ལྟའི་གྲུབ་མཐར་ཞེན་ཞུགས་པའི་ཚིག་ལས་དོན་དུ་མི་བདེན་སྙམ་ན། ངེད་ནི་ལོ་བཅོ་ལྔའི་སྐོར་ནས་རྙིང་མ་དང་། ལོ་ཉེར་གཅིག་དུས་ནས་ཀར་བརྒྱུད་བྱས་ཏེ་བར་སྐབས་མ་ཤེས་པའི་དབང་གིས་བོན་ལྟ་ཅི་སྨོས། རྙིང་མའང་ཀར་བརྒྱུད་ཙམ་མི་ལེགས་པའི་སྣང་བ་ཤར་ནས་ངག་འཁྱལ་འགའ་ཡང་བྱས། ལོག་ལྟའང་རེད་ཡོད་འདུག །ད་ལྟ་བསམ་ཚེ་དེ་དུས་མ་ཤེས་པ་རེད་རན་ཨང་དྲག་ལས་རྣམ་སྨིན་ཅི་འདྲ་ཞིག་མྱོང་སྙམ་སེམས་ཅིས་ཀྱང་སྐྲག །ད་ལྟ་ནི་གཙོ་བོར་ཀར་བརྒྱུད་དང་། འཇའ་ཚོན་སོགས་ཀྱི་གཏེར་ཆོས་རྣམ་དག་འགའ་ལ་ཉམས་ལེན་གྱི་མཐིལ་གཏད་པ་ལགས་པས་བོན་སོགས་གྲུབ་མཐའ་གཞན་ལ་རེ་སྨོན་དགོས་པ་ནི་མ་མཆིས་པས་ཆགས་སྡང་གི་ལས་བསགས་དོན་མེད་ཀྱང་འདིར་དྲང་པོར་སྨྲས་པ་་་་ལགས། གལ་སྲིད་ཚིག་འདི་རྣམས་ཀྱང་མི་བདེན་སྙམ་ན་དེ་ནི་སངས་རྒྱས་ཤཱཀྱ་ཐུབ་པ་དང་དེའི་བཀའ་ལ་ཡིད་མ་ཆེས་པར་རང་བློ་ངན་གོམས་དང་རྒན་ཞུགས་ཀྱི་བླུན་གཏམ་ལ་ཡིད་ཆེས་པའི་རིགས་ཅན་ཡིན་པའི་ཕྱིར་འཇམ་དབྱངས་བྱོན་ནས་འཁོར་གསུམ་བསྐོར་ཀྱང་གཡག་རྒན་གྱི་རྐེ་མཇིང་བསྲངས་ན་ལག་པ་ན་བ་ལྟར་ཁུག་པར་མི་སྲིད་པས་རེ་ཞིག་དེ་ཉིད་ནང་པའི་གྲལ་ནས་ཕུད་པར་བྱ་སྟེ་ལུང་རིགས་མང་པོ་བཏང་མི་དགོས། རྒྱལ་བའི་གསུང་དང་རྒྱལ་བ་ཉིད་ལ་ཡིད་མ་ཆེས་པའི་ཕྱིར་རོ། །ཕྲན་གྱིས་ཕྱིས་སུ་དད་ལོག་མ་ཕོད། བོན་ལའང་ཡིད་ཆེས། འོན་ཀྱང་སྟག་ལྷ་དེ་སྔར་གྱི་བོན་གཞུང་གཤམ་ལུས་པ་ཨེ་ཡིན་སྙམ་ཐེ་ཚོམ་བྱུང་བར། སླད་ནས་གཏེར་ཆེན་བདུད་འདུལ་བའི་རྒྱལ་སྲས་ལུང་ཟིན་ནོར་བུ་ཡོངས་གྲགས་དེ་བོན་པོའི་གཏེར་སྟོན་ལྔ་དྲུག་ཙམ་དང་། ཁྱད་པར་སྐྱུ་ར་རྣལ་འབྱོར་གྱི་སྐྱེ་བ་ཡིན་པར་བདུད་འདུལ་ཉིད་ཀྱིས་གསུངས་འདུག །དེ་ནི་སྟག་ལྷ་དང་པོ་གཏེར་ནས་བཏོན་མཁན་དེ་ཡིན་པས་ད་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ཟབ་མོ་ཞུ་བ་འདི་སོ་སོའི་སྐྱེ་བོའི་བློས་དཔག་པ་ཞིག་མི་འདུག་སྙམ་ནས་དེ་ལའང་མོས་པ་འཕེལ། གཏེར་སྟོན་རྣམས་ཀྱང་ཕལ་ཆེར་ཆོས་གཏེར་དང་བོན་གཏེར་གཉིས་རེ་བཞེས་པ་ཁོ་ན་སྣང་ཞིང་། ཁྱད་པར་སྔར་ཡོངས་སུ་གྲགས་པའི་གྲུབ་ཐོབ་རྒྱལ་བ་གཡུ་ཐོག་པ་་་་བོན་གྱི་ཁུ་ཚ་ཟླ་འོད། རིག་འཛིན་རྒོད་ལྡེམ་་་་དབོན་གསས་ཁྱུང་རྒོད། རྡོ་རྗེ་གླིང་པ་་་་གཡུང་དྲུང་གླིང་པ་སོགས་ཞུ་དར་དུ། ཕྱིས་ས་བཅུའི་མགོན་པོ་ཁྲག་འཐུང་བདུད་འདུལ་རྡོ་རྗེ། ཆོས་རྗེ་གླིང་པ། ཡོན་དགེ་མི་འགྱུར་རྡོ་རྗེ་སོགས་རྩོད་མེད་མང་པོས་གཏེར་ཁ་གཉིས་རེ་བཞེས་འདུག་པས་ཡང་དག་པ་སེམས་ཅན་མི་བསླུ་བ་ཞིག་ཡིན་འགྲོ །དེ་ལྟ་བུའི་རིག་པ་འཛིན་པ་ཆེན་པོ་རྣམས་གནས་སྐབས་ངོ་དགའ་ཙམ་གྱི་དབང་དུ་ཤོར་ན་ཆོས་དེའང་བསླུ་བའི་ཆོས་སུ་སོང་བས་རིག་པ་འཛིན་རྒྱུ་ཕར་ཞོག །བྱང་སྡོམ་ཡང་ཉམས་པ་ལགས་མོད། གང་ལྟར་ཨོ་རྒྱན་རིན་པོ་ཆེའི་ཐུགས་རྗེ་ཞིག་ནི་ཡིན་འདུག །མང་པོའི་ཁ་ན་མེད། ཅེས་པའང་འཕྲོས་སུ་ཐལ་བ་ནི་རང་དྲན་གསོ་སྤྱད་མ་གཏོགས་དཔེ་འདི་བསྐུང་རྒྱུ་ཨང་ཡིན། ཅེས་གསང་བའི་རྣམ་ཐར་གྲལ་དུ་དུས་གསུམ་མཁྱེན་པའི་བདག་ཉིད་ཡིན་པར་མཚོན་པའི་ཞལ་འཕྲོས་བཀའ་ཆེམས་ཀྱི་ཚུལ་དུ་བསྩལ་འདུག་པའི་ཕྱག་བྲིས་དངོས་ལས་ཞལ་བཤུས་པ་འདིས་འཇིགས་མེད་རྣམ་བཞིའི་རྒྱལ་རྔ་ཕྱོགས་ལས་རྣམ་པར་རྒྱལ་བར་བརྡུངས་ཟིན་ན་ད་ལྟ་ལོག་ལྟའི་སྨྲེ་སྔགས་འདོན་མཁན་བྱུང་བ་འདི་དང་འདི་འདྲ་ལ་དོན་མེད་ཀྱི་རྩོད་ཉོབ་མང་པོ་བྱེད་པ་ནི་དགོས་པ་མེད་པའི་རྒྱུ་སྟེ་སྙིང་པོ་གང་ཡང་ཡོད་པར་མ་མཐོང་ངོ་། །གཉིས་པ་སྐབས་བབས་བརྗོད་དོན་གྱི་སྙིང་པོ་ལ་གཉིས། ཁ་སྐོང་གི་ཆོས་སྦྱིན་གསར་དུ་བསྐྲུན་པའི་རྒྱུ་མཚན། ཁྱད་པར་གྱི་སྤྱི་དོན་དམིགས་བསལ་དུ་སྨོས་པའོ། །རིན་ཆེན་གཏེར་གྱི་མཛོད་ཆེན་མོའི་ཁ་སྐོང་སྤར་གསར་བརྐོས་འདི་རྣམས་ཆོས་ཚན་ཆེ་གྲས་མང་ཤོས་རིགས་གཏེར་མཛོད་བྲིས་མ་སྔོན་ཡོད་ཤ་སྟག་པ་དང་། ལས་ཚོགས་ལྟ་བུའི་ཆོས་ཚན་ཆུང་ངུ་རེ་ཟུང་སྐོར་འཇུག་པར་འོས་པའི་ཐུགས་བཞེད་ཞལ་འཕྲོས་སུ་འདུག་པ་རྣམས་ལྟར་དང་། འཇམ་མགོན་རིན་པོ་ཆེ་རང་གི་ཟབ་གཏེར་ཅི་མཆིས་རྣམས་ཕྱོགས་གཅིག་གཏེར་མཛོད་གྲལ་དུ་ཡོངས་རྫོགས་ཡོད་ན་ལེགས་ཚུལ་རིགས་བདག་བླ་མ་རྣམས་མགྲིན་གཅིག་གིས་བཞེད་པ་སོགས་བཅས་རྒྱུ་མཚན་དུ་མ་དང་འབྲེལ་བར་འདི་རིགས་ཚང་མ་ཁོ་བོས་ཞབས་འདེགས་ཀྱི་ཚུལ་དུ་སྤར་གསར་དུ་བསྐྲུན་ནས་བཞུགས་སུ་གསོལ་བར་བྱས་པ་ཡིན་ཅིང་། རྒྱུ་མཚན་དེ་ལྡན་གྱི་དབང་ལུང་སྐོར་ཚད་ལྡན་དགོས་གལ་ཆེ་བ་སྨོས་མེད་ལ་བརྒྱུད་ཡིག་ཆེན་མོའི་ནང་དུ་གསལ་མིན་སྣ་ཚོགས་སྟབས་ཟུར་དུ་གོ་སླ་འཇུག་བདེའི་ཕྱིར་དུ་ངེས་འདྲོང་ཡོང་བའི་དཔེར་མཚོན་ན། ཐོག་མར་རྩ་གསུམ་དྲིལ་སྒྲུབ་ཟིན་བྲིས་ཀུན་མཁྱེན་བླ་མའི་ཞལ་ལུང་འཇམ་པའི་དབྱངས་མི་ཕམ་པས་མཛད་པའི་ལུང་ནི་མི་ཕམ་རྒྱ་མཚོ། གཏེར་སྟོན་དྲི་མེད། སྟོབས་ལྡན། དེས་ཁོ་བོ་ཅག་ལ་དང་། འཇམ་མགོན་བླ་མའི་ཟབ་གཏེར་གྲས་གྲོ་ལོད་གདུག་པ་ཀུན་འདུལ་གྱི་དབང་ལུང་། འཇམ་མགོན་རིན་པོ་ཆེ། དེས་བདག་ལ་བཀའ་དྲིན་དུ་ལན་གཉིས་ཙམ་ཐོབ་ཅིང་། ཡང་ན་འཇམ་མགོན་རིན་པོ་ཆེ། མཁན་བླ་མ་བཀྲ་ཤིས་འོད་ཟེར། སྟོབས་ལྡན། དེས་བདག་ལ་དང་། དེ་རྗེས་སྟོབས་ལྡན་གྱིས་མཛད་པའི་དབང་ཆོག་གི་ལུང་ཡང་དེ་ཉིད་ཀྱི་ཞལ་སྔ་ནས་དང་། ཡང་རྒྱལ་བའི་དབང་པོས་མཛད་པའི་དབང་ཆོག་ཅིག་ཡོད་པ་འདི་ཉིད་དུ་གཞུག་པར་འོས་ལ་ལུང་རྒྱུན་ཡང་གཟོད་ཚོལ་དགོས། འཇམ་མགོན་རིན་པོ་ཆེའི་ཟབ་གཏེར་ཚེ་རྟ་ཟུང་དུ་འབྲེལ་བ་འཆི་མེད་དབང་གི་ཚེ་སྒྲུབ་སྐོར་ཆོས་ཚན་ལྔ་པོ་དང་། ཡང་དག་ཧེ་རུ་ཀའི་གསང་བ་ཐུགས་ཀྱི་ཏནྟྲ་སྐོར་ཆོས་ཚན་དྲུག་པོ་བཅས་འདི་དག་གི་དབང་ལུང་ནི། འཇམ་མགོན་རིན་པོ་ཆེ། མཁན་བླ་མ་བཀྲ་ཤིས་འོད་ཟེར། དེས་བདག་ལ་དང་། དེ་རྗེས་འདི་དག་གི་དབང་ཆོག་ཞལ་ཤེས་རིགས་བདག་བླ་མ་སྟོབས་ལྡན་གྱིས་མཛད་པའི་ལུང་ཡང་དེ་ཉིད་ཀྱི་ཞལ་སྔ་ནས་དང་། མཆོག་གླིང་ཟབ་བདུན་གཤིན་རྗེ་འཁོར་ལོ་རོལ་པའི་ཕྲིན་ལས་དང་། ལྷ་དབང་གཏེར་གཞུང་བཅས་པའི་དབང་ལུང་ནི། གཏེར་ཆེན་མཆོག་གླིང་། འཇམ་མགོན་རིན་པོ་ཆེ། གཏེར་སྲས་ཚེ་དབང་ནོར་བུ། སྟོབས་ལྡན། དེས་བདག་ལ་དང་། འཇམ་མགོན་རིན་པོ་ཆེའི་ཟབ་གཏེར་གསང་ཐིག་ཡབ་བཀའ་དང་། ཡུམ་བཀའི་གཏེར་གཞུང་། ལས་བྱང་། མ་མོ་སྔགས་ཀྱི་སྲུང་མའི་ལས་རིམ་གྱི་གཏེར་གཞུང་། ཡེ་ཤེས་མཚོ་རྒྱལ་གསོལ་འདེབས་བཅས་ཀྱི་ལུང་འཇམ་མགོན་རིན་པོ་ཆེ། ཀཿཐོག་སི་ཏུ། དྲི་མེད། སྟོབས་ལྡན། དེས་བདག་ལ་དང་། བཀའ་བརྒྱད་སྤྱི་དོན་མི་ཕམ་གསུང་གི་ལུང་ནི། རྗེ་མི་ཕམ་ཞབས། མཁན་བླ་མ་བཀྲ་ཤིས་འོད་ཟེར། དེས་བདག་ལ་དང་། འཇམ་མགོན་རིན་པོ་ཆེའི་གསུང་ཐུན་མཚམས་ཆོས་སྤྱོད་དགོས་པ་ཀུན་ཚང་གི་ལུང་ནི། འཇམ་མགོན་རིན་པོ་ཆེ། དེས་བདག་ལ་དང་། དགོངས་འདུས་མཁའ་འགྲོ་སྡེ་ལྔའི་མོ་ཡིག་གི་ལུང་ནི། འཇམ་མགོན་རིན་པོ་ཆེ། སྟོབས་ལྡན། དེས་བདག་ལ་དང་། མཁྱེན་བརྩེའི་དགོངས་གཏེར་རྩ་གསུམ་བདེར་གཤེགས་ཀུན་འདུས་ཀྱི་ལས་བྱང་དང་དབང་ཆོག་བཅས་ཀྱི་དབང་ལུང་གི་བརྒྱུད་པ་ནི། མཁྱེན་བརྩེ་རིན་པོ་ཆེ། བླ་མ་བློ་གྲོས། ཐུབ་བསྟན་རྒྱལ་མཚན། གཏེར་སྟོན་དྲི་མེད། དེས་བདག་ལ་དང་། གྲུབ་ཐོབ་ཐང་རྒྱལ་གྱི་གཡང་འགུགས་རྗེ་མཁྱེན་བརྩེ་རིན་པོ་ཆེའི་གསུང་གི་ལུང་ནི། རྗེ་མཁྱེན་བརྩེའི་དབང་པོ། སི་ཏུ་ཆོས་ཀྱི་རྒྱལ་མཚན། དྲི་མེད་འོད་ཟེར། སྟོབས་ལྡན། དེས་བདག་ལ་དང། དཔོན་སློབ་ངག་དབང་ལེགས་གྲུབ་གསུང་ནོར་ལྷ་སྤྱི་བསང་གི་ལུང་ཡང་མཛད་པ་པོ་དེ་ཉིད་ལས། ཕན་བདེ། མངའ་རི་བླ་མ། སྟོབས་ལྡན། དེས་བདག་ལ་དང་། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་རྡོ་རྗེ་མཆོག་རབ་རྩལ་གྱིས་ཆར་ཆོག་གི་ལུང་མཛད་པ་པོ་དེ་ཉིད་ལས་བདག་གིས་ནོས་ཤིང་། མི་ཕམ་གསུང་ཆར་བསང་གི་ལུང་ནི། མི་ཕམ། རྡོ་རྗེ་མཆོག་རབ་རྩལ། དེས་བདག་ལ་དང་། རྒྱབ་ཆོས་ལམ་རིམ་ཡེ་ཤེས་སྙིང་པོའི་རྩ་བ་དང་། འགྲེལ་པ་བཅས་ཀྱི་ཁྲིད་རྒྱུན་འཇམ་མགོན་རིན་པོ་ཆེ། སྟོབས་ལྡན། དེས་བདག་ལའོ། །ཡང་འཇམ་མགོན་རིན་པོ་ཆེའི་ཟབ་གཏེར་རྩ་གསུམ་དགོངས་འདུས་ལས་བྱང་རྒྱས་པ། གསོལ་འདེབས། ཛཔྲ་བཀོལ། ཚེ་དབང་ཆོག་སྒྲིག་བཅས་ཀྱི་དབང་ལུང་། མཆོག་གླིང་གཏེར་བྱོན་རྫོགས་ཆེན་བཀའ་འདུས་རྩ་སྒྲུབ་སྐོར་གཏེར་གཞུང་ཆོས་ཚན་བདུན་པོ་རྣམས་ཀྱི་དབང་ལུང་། མཁྱེན་བརྩེའི་གཏེར་བྱོན་ཐུགས་ཆེན་སེམས་ཉིད་ངལ་གསོ་རྩ་བའི་ཕྲིན་ལས་ཀྱི་ལུང་།རིག་འཛིན་ལེགས་ལྡན་རྡོ་རྗེའི་རྣལ་འབྱོར་རྒྱུན་གྱི་ནར་མ་ཡེ་ཤེས་སྙིང་པོ་སོགས་ཚན་པ་གསུམ་གྱི་ལུང་། བླ་མ་མཁའ་འགྲོ་བདུད་འདུལ་མའི་གཏོར་འབུལ་དང་། བཀའ་སྲུང་དམ་ཅན་སྤྱང་ཞོན་མའི་གཏོར་འབུལ་གྱི་ལུང་། ངག་གི་རྡོ་རྗེའི་གཏེར་མ་ཕྱག་རྡོར་འཆི་མེད་རྩལ་རྫོང་གི་དབང་ལུང་། ཟུར་མཁར་ཕྱག་རྡོར་གདོན་ཁྲོལ་གྱི་དབང་ལུང་། ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པའི་གཏེར་བྱོན་དྲེགས་པ་སྡེ་ལྔ་དང་། སྤྱི་འགྲོ་བཀའ་མའི་རིགས་འགྲེ་མཆོད་པ་བཅུ་བཞི་པ་བཅས་ཀྱི་ལུང་། གཏད་ཧྲུལ་ཟངས་གླིང་པའི་ཟུར་འདེབས་བཀའ་རྒྱ་ཅན། ལྔ་པའི་དག་སྣང་རྒྱ་ཅན་ཆོས་སྡེ་རྟ་མགྲིན་གཉེན་པོ་ལྷ་བཞིའི་ཕྲིན་ལས་ཀྱི་དབང་ལུང་། རྗེ་བླ་མ་མཁྱེན་བརྩེའི་གསུང་གཏེར་བུམ་སྒྲུབ་པའི་མན་ངག་འདོད་རྒུའི་བུམ་བཟང་གི་ལུང་སོགས་འདི་རིགས་ཚང་མའི་དབང་ལུང་རྣམས་སྤར་སྔར་ཡོད་གཏེར་མཛོད་སྤྱི་འགྲིགས་ལྟར་ལྷག་ལུས་མེད་པ་ཁོ་བོ་ཅག་ལ་ཐོབ་པ་ཡིན་ཅིང་། གཏེར་མཛོད་སྤྱི་འགྲིགས་ཀྱི་དབང་ལུང་བདག་ཅག་ལ་བརྒྱུད་པ་ཇི་ལྟར་བྱུང་བའི་ཚུལ་ཡང་འཇམ་མགོན་རིན་པོ་ཆེ་ཡན་ཆོད་དུ་ནི་བརྒྱུད་ཡིག་དང་གསན་ཡིག་རྣམས་སུ་གསལ་ལ། མན་ཆད་དུ་དབང་དང་ཁྲིད་ཀྱི་བརྒྱུད་པ་ནི་འཇམ་མགོན་རིན་པོ་ཆེ། སྟོབས་ལྡན། དེས་བདག་ལ་དང་། ལུང་གི་བརྒྱུད་པ་ནི། འཇམ་མགོན་རིན་པོ་ཆེ། མཁན་བླ་མ་བཀྲ་ཤིས་འོད་ཟེར། སྟོབས་ལྡན། དེས་བདག་ལའོ། །པདྨ་འོད་གསལ་མདོ་སྔགས་གླིང་པའི་དག་སྣང་ཁྲི་སྲོང་བླ་སྒྲུབ་ཀྱི་དབང་ལུང་ནི། རྗེ་མཁྱེན་བརྩེ་རིན་པོ་ཆེ། བླ་མ་སྟོབས་ལྡན། གཏེར་སྟོན་དྲི་མེད། དེས་བདག་ལའོ། །བྱེ་བྲག་འཇམ་མགོན་བླ་མ་རིན་པོ་ཆེས་མཛད་པའི་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྒྲུབ་ཁོག་དང་། ལོ་ཏོག་ལ་ཕན་བྱེད་བཙའ་ནད་འཇོམས་པའི་གདམས་པ། བཙའ་བསང་བཅས་ཀྱི་ལུང་རྒྱུན་གཞན་ལ་ཡོད་འདུག་པ་ལྟར་དང་། འཇམ་མགོན་རིན་པོ་ཆེས་མཛད་པའི་འཆི་མེད་འཕགས་མའི་སྙིང་ཐིག་གི་བསྙེན་ཡིག་གི་ལུང་ཡང་གཞན་ལ་ཡོད་འདུག་པས་སླད་ནས་ལེན་པར་འཚལ་ལོ། །དེ་ལྟར་ཁ་སྐོང་ཕལ་ཆེ་བ་རྣམས་ཀྱིས་གཙོས་གཏེར་མཛོད་ཀྱི་ཆོས་ཚན་ཚང་མའི་དབང་ལུང་ཁོ་བོ་ཅག་གིས་ནན་ཏན་ཁུལ་དུ་སྐལ་བཟང་ཐོབ་པ་ལགས་ཤིང་། གཞན་དང་གཞན་དག་ལ་ཕན་ཆེད་སྤར་གསར་བསྐྲུན་གྱི་ཁ་སྐོང་སྐོར་ལ་ཆོས་ཚན་སོ་སོའི་མཐར་འཕྲོས་གསལ་རེའང་བགྱིས་ཡོད་པ་ལྟར་དབང་ལུང་གི་རྒྱུན་ཚོལ་རྒྱུ་གལ་ཆེ་བ་དང་། སྤྱིར་དབང་ལུང་ཁྲིད་རྒྱུན་གྱི་རིམ་པ་འདི་སྐོར་ལ་ནི་དེང་སང་བསྟན་པའི་གཟུགས་བརྙན་ཙམ་དུ་རྒྱུན་ཡོད་ངེས་ཤིག་གནད་ཆེ་རྒྱུ་མ་གཏོགས་གྱ་ཚོམ་ཕོ་ཚོད་ཀྱི་འཇུག་སྒོ་ཡངས་པས་གསང་སྔགས་ཟབ་མོའི་ཆོས་ལ་དབང་སྐུར་བགྱིས་པའི་རྣམ་སྨིན་གྱི་ཁུར་ལྕི་བ་དེ་འདྲ་ལ་ནམ་ཡང་ཐུགས་དམ་བརྟན་པོས་ཀུན་གྱིས་གཟབ་པར་གནང་བ་ཞུའོ། །གཉིས་པ་ནི། གཏེར་མཛོད་འདིའི་གྲལ་དུ་གཏེར་ཆོས་ལག་ཏུ་ཐེབས་སོ་ཅོག་དང་། ཁྱད་པར་ཕྱིས་དུས་ཀྱི་གཏེར་ཆོས་རྣམས་འཛུད་པར་འོས་སོ་སྙམ་པའི་དྲན་པ་ཡོང་སྲིད་པ་དང་། དེ་འདྲ་བཞག་དགོས་ཚུལ་ཁོ་བོ་ལའང་སྨྲ་མཁན་འགའ་ཞིག་བྱུང་བ་དེ་ནི་གནད་དོན་རྒྱུ་མཚན་ཅིའང་མ་ཐོས་པའི་སྐྱོན་དང་། བླུན་རྟགས་རང་རྒྱལ་ངོམ་པ་ལས་གཞན་དུ་མ་མཆིས་མོད། གཏེར་མཛོད་བཀའ་བསྡུ་བྱེད་པའི་ལུས་ཡོངས་རྫོགས་ངོ་མ། གཏེར་རྙིང་བྱིན་རླབས་ཅན་རྣམས་མ་གཞི་ལྟ་བུ་སྟེ། དེ་དག་རྣམས་ཀྱི་ནང་ནས་ཀྱང་སྡུད་པར་འོས་པ་ནི་འདིའོ། །མི་འོས་པ་ནི་འདིའོ་ཞེས་འཇམ་མགོན་བླ་མ་རྣམ་གཉིས་ཡེ་ཤེས་གཟིགས་པ་ཆེན་པོའི་ཞལ་འཕྲོས་ནན་ཏན་མཛད་པའི་སྒོ་ནས་རྩ་ཐོར་དྲངས་པ་ཤ་སྟག་ཡིན་ལ། དེར་མ་ཟད་ཚན་ཆུང་རེ་རེ་ཙམ་ལའང་མཚོ་ལས་སྐྱེས་པ་ཉིད་ཀྱི་ཞལ་ལུང་གང་ཐོབ་ལ་བལྟོས་པའི་རྒྱུ་མཚན་དང་འབྲེལ་བ་མ་གཏོགས་སྡུད་པའི་གནས་སུ་གྱུར་པ་ཡིན་ཀྱང་ཐམས་ཅད་སྡུད་མི་སྡུད་ཀྱི་དབྱེ་བ་མཛད་འདུག་ན། གཞན་གཏན་ནས་སྡུད་པའི་གནས་སུ་མ་གྱུར་པ་རྣམས་ནི་སྡུད་པར་མི་འོས་པ་ལྟ་ཅི་སྨོས། དམིགས་བསལ་གཏེར་ཆེན་གཏེར་ཕྲན་ཐམས་ཅད་ཀྱི་རྒྱལ་པོ་ཨོ་རྒྱན་རྡོ་རྗེ་འཆང་དངོས་མཁྱེན་བརྩེའི་དབང་པོ་དང་། རྩོད་བྲལ་དུས་བབས་ཀྱི་གཏེར་ཆེན་མཆོག་གྱུར་གླིང་པ་གཉིས་ཀྱི་གཏེར་ཆོས་ནི་གཞན་དང་མི་མཉམ་པའི་ངོ་མཚར་རྨད་དུ་བྱུང་བ་འབྲེལ་ཚད་དོན་དང་ལྡན་པའི་རང་བཞིན་ཡིན་པའི་ཕྱིར་སྙིང་པོ་ལྟ་བུར་འཇོག་རྒྱུ་མཛད་པ་དང་། འཇམ་མགོན་རིན་པོ་ཆེ་རང་ཉིད་ཀྱི་གཏེར་ཆོས་རྣམས་ནི་མངོན་པའི་ང་རྒྱལ་ཡེ་ནས་མི་མངའ་བའི་ཕྱིར་དམན་པར་དགོངས་པའི་བཏང་སྙོམས་སུ་ཐུགས་དགྱེས་པར་འདུག་ནའང་། རྗེ་མཁྱེན་བརྩེས་ལུས་ཀྱི་སྲོག་ལྟ་བུར་མ་གཞིར་བྱ་དགོས་པའི་བསྔགས་བརྗོད་བཅས་བླ་མའི་བཀའ་ཕེབས་ལྡོག་ཏུ་མ་སྤོབས་གསུངས་ནས་སྔོན་ཆད་རེ་ཟུང་བཞག་པར་མཛད་པས་མཚོན། མདོར་ན་པདྨ་བཀའ་ཐང་སོགས་ཀྱི་ལུང་བྱང་ལྟར་སྔོན་བྱོན་ཟིན་པའི་གཏེར་ཆེན་བརྒྱ་རྩར་གྲགས་པ་སོགས་ཀྱི་གཏེར་ཆོས་རྣམས་བཀའ་བསྡུ་གཙོ་བོར་འོས་པ་བཀའ་གནང་ཐོབ་པ་ལྟར་ལས། གཞན་གཏེར་ཕྲན་སྟོང་རྩ་སོགས་ཀྱི་ཆོས་སྐོར་བཏང་སྙོམས་སུ་མཛད་ཅིང་། དེ་རྐྱེན་ཡང་སྡུད་པར་འོས་པའི་རྗེས་གནང་གི་ལུང་བཙན་པོ་བྱང་བ་མིན་པའི་བར་གྱིས་ཆོད་པ་ཡིན་ནམ་སྙམ་མོ། །མདོར་ན་ཕྱིན་ཆོད་གཏེར་ཆེན་གཏེར་ཕྲན་བྱོན་དང་འབྱོན་འགྱུར་གང་ཡིན་ཀྱང་རུང་དེ་དང་དེ་དག་གི་ཆོས་ཀ་ཆེ་ཕྲ་ཁུངས་ལྡན་ཡིན་མིན་ཅི་འདྲ་ཡང་ཆོས་མཛོད་འདི་ཡི་གྲལ་དུ་བཞུགས་སུ་གསོལ་འོས་བྲལ་བ་ནི་གཤིས་ལུགས་སུ་གྲུབ་པར་མ་ཟད། གཏེར་སྟོན་དང་གཏེར་ཆོས་ཚད་ལྡན་འབྱུང་བའང་མི་སྲིད་པ་ག་ལ་ཡོད་དེ། ཨོ་རྒྱན་ཆེན་པོས། སྙིགས་མའི་མཐར་ཐུག་བར་དུའང་ཆད་མེད་མང་དུ་འབྱུང་བར་ཡང་ཡང་གསུངས་པའི་ལུང་བྱང་དུ་མར་མཆིས་པ་སོགས་ལ་ལོག་ལྟ་དང་བསྙོན་དུ་བྱ་བ་མ་ཡིན་པ་ལྟར་ན་ཡང་། དེང་སང་དུས་དབང་སྟབས་ཆེད་དུ་ཟོབ་བརྫུ་ཅན་ནམ། མི་མ་ཡིན་གྱིས་རྒྱུད་བརླམས་ནས་རང་བྱུང་གི་གསར་ཆོས་མང་པོ་བརྡོལ་ཡོང་རྒྱུ་ཡང་ཡོད་པར་གསུངས་པ་དང་། འགའ་ཞིག་གིས་ནི་རྙེད་དང་བཀུར་སྟིའི་ཕྱིར་ཆོས་མིན་ཆོས་ལྟར་བཅོས་ཏེ་ཆེད་དུ་ཇོ་བརྫུའི་ཕག་ལ་གནས་འཆའ་བ་བཅས་སྒོ་གང་ཐད་ནས་དབྱེ་འབྱེད་ཤིན་ཏུ་དཀའ། འཇམ་མགོན་རིན་པོ་ཆེ་རྣམ་གཉིས་སོགས་ཀྱིས་ཀྱང་། སྤྱིར་གཏེར་སྟོན་ཚད་ལྡན་སྲིད་པ་ཙམ། ཡང་སྒོས་གཏེར་ཆོས་ཚད་ལྡན་སྲིད་པ་ཙམ་ཅི་ནས་ཀྱང་དགོངས་འདུག །ཁྱད་པར་དུ་འཇམ་མགོན་རིན་པོ་ཆེ་སྐུ་ན་གཞོན་དུས་སྔར་ཟེ་ཆེན་བཞུགས་སྐབས་སུ་དགོངས་གཏེར་ལྟ་བུ་མང་པོ་བབ་པ་རྣམས་གནས་མ་ཡིན་པས་སེམས་བྲིད་པའི་འཁྲུལ་སྣང་ཡིན་པར་རྒྱུ་མཚན་དུ་མས་དཔྱད་གཞིག་སོང་ཚུལ་སོགས་ལས་འཕྲོས་ནས་ཞལ་འཕྲོས་འདི་ལྟར་ཞིག་གནང་འདུག་སྟེ། ལར་དེང་སང་བླ་མ་འགའ་རེ་ལ་དགོངས་གཏེར་མང་པོ་བབ་པའི་ཕལ་ཆེར་ནི་འདི་འདྲ་ཡིན་མཆི། ཕྲན་ལ་ཟེ་ཆེན་སྐོར་ནས་དེ་འདྲ་རྩོམ་དགོས་ཀྱི་རྣམ་རྟོག་ཤར་ནས་བཟུང་ཕྱིས་བར་དབང་མེད་དུ་བརྩམས་པའི་པོ་ཏི་ཕྱེད་ཙམ་ལོངས་པ་རྗེས་ནས་མེར་བསྲེགས་པ་དང་ཆབས་ཅིག་སྨོན་ལམ་བཏབ་པ་ཟུར་དུ་ཡོད། དེས་ན་ཁོང་རྣམ་པའང་ཐུགས་ཁག་མེད་འགྲོ །རང་ངོས་ནས་རྫུན་འདིས་དགེ་སློང་གི་སྡོམ་པའང་ཉམས་ཡོད་ངེས་སྙམ་བཤགས་སྦྱོང་ལ་འབད་ཁུལ་ཡིན། ད་ཆར་ལོག་ལམ་དུ་མ་སོང་ཞིང་། འགྲོ་བ་རྫུན་གྱིས་མི་བསླུ་བ་འདི་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོ་ལ་གསོལ་བ་སྙིང་ནས་བཏབ་པའི་ཐུགས་རྗེ་ལགས། དུས་ངན་འདིར་བདུད་དང་ནག་པོའི་ཕྱོགས་ཀྱི་ཡི་དྭགས་རྣམས་དང་རྒྱལ་འགོང་བསེན་མོ་སོགས་ཀྱིས་གང་ཟག་ཕལ་ཆེ་བ་རློམ། ཁྱད་པར་ཁམས་ཀྱི་ཤར་ཕྱོགས་འདིར་སྙི་བ་རྒྱལ་པོ་གཡོག་དང་བཅས་པས་འགྲོ་བ་སྤྱི་དང་ཆོས་བྱེད་རྣམས་ལ་བར་དུ་གཅོད་ཅིང་། ཁྱད་པར་མཁས་པའི་རིགས་སློབ་གཉེར་ཕྲན་བུ་ཤེས་པ་ཡན་ཆོད་ཀྱི་རྒྱུད་ལ་འཇུག་ཅི་རྙེད་བྱེད་ཚོད་རེད། ཀར་བརྒྱུད་པ་ལ་ནི་ཡང་རི་དྲུང་པས་སྡང་སྐད། ངེད་ལའང་དེ་འདྲའི་རྒྱུ་རྐྱེན་ཨི་མི་ཡིན་སྙམ། སུ་ཡིན་ཀྱང་འདྲ། གནོད་བྱེད་དེ་དག་ཀྱང་མ་རིག་ངར་འཛིན་དབང་གིས་ཁག་མེད་པས་བཟང་འབྲེལ་ངན་འབྲེལ་ཐམས་ཅད་རྒྱལ་བ་ཀརྨ་པ་ཡབ་སྲས་ཀྱི་གོ་འཕང་ཐོབ་པའི་སྨོན་ལམ་འདེབས་ཁུལ་ལགས། འདི་རིགས་ལ་བག་ཟོན་བྱེད་པ་དང་། ཐུགས་སྒྲིམ་པར་གལ་ཆེ་བ་གདའ། བུད་མེད་དང་ཐུག་ན་ཅི་ལྟོ། རང་སོ་ཐར་གྱི་སྡོམ་པ་ཤོར་ནས་དམྱལ་བར་འགྲོ་བ་ཙམ་དུ་ཟད་ཀྱི། འདིས་ནི་འབྲེལ་ཐོགས་ཐམས་ཅད་དམྱལ་བར་ཁྱུ་དེད་བྱེད་ཅིང་། ཆོས་ལ་དབང་ཟ། གསང་སྔགས་ལ་རས་ཆོད་བྱས། རྫུན་ཕུག་ཨོ་རྒྱན་ཆེན་པོ་ལ་བཀལ་བའི་རྣམ་སྨིན་གྱིས་ནམ་མཁའ་ཇི་སྲིད་བར་རྡོ་རྗེའི་དམྱལ་བའི་སྡུག་བསྔལ་མྱོང་བར་འགྱུར་ཏ་རེ། ཞེས་གསུངས་པའང་གདུལ་བྱ་གཞན་འདུལ་བའི་སླད་དུ་དགོངས་གཞི་དགོས་པ་ཤིན་ཏུ་མང་པོ་ཅན་དུ་ངེས་ཤིང། དེ་རྗེས་གཏེར་ཆེན་རྣམ་གཉིས་དང་འཕྲད་ནས་དགོངས་པར་བསྟུན་ཏེ་རང་ཡིད་རང་ལ་ཆེས་རྒྱུ་བྱུང་ནས་སྔོན་རྟེན་འབྲེལ་འཆུགས་པའི་དབང་གིས་ཆོས་བཀའ་རྒྱ་ཆེར་དབང་བར་ལུང་བྱང་ལྟར་ཡང་འགའ་རེ་ལས་བཞེས་མ་གྲུབ་པས་དེང་སང་ཆོས་སྐོར་ཕྲན་བུ་ཡོད་པ་འདི་དག་གི་ཚིག་དོན་གཉིས་ཆར་རྡོ་རྗེའི་གསུང་བསླུ་བ་མེད་པ་གཞན་ལས་ཁྱད་པར་དུ་འཕགས་པ་མངོན་སུམ་ལགས་རུང་། ཕྱིས་ཀུན་གཟིགས་བླ་མ་མཁྱེན་བརྩེའི་ཞབས་དགོངས་པ་ཀ་དག་གི་ལྷུམས་སུ་ཞུགས་ཟིན་རྗེས་ཚིག་གཅིག་ཅི་ཕབ་རྡོ་རྗེའི་གསུང་དུ་བསླད་མེད་འགྱུར་བའི་དཔང་པོར་བཀོད་འོས་དེ་མི་བཞུགས་སྟབས་ག་འདྲར་འགྱུར་ཐེ་ཚོམ་གྱི་གཞི་ཆེ་བས་དེ་ཕྱིན་ནས་ཤོག་སེར་སོགས་ཕབ་རྒྱུ་མང་ཞིག་ཡོད་རུང་གཏེར་ཆོས་ཕབ་རྒྱུའི་སྤྲོས་པ་ནི་ཕལ་ཆེར་བསྐྱུང་བ་ཡིན་ཞེས་ཞལ་ནས་གསུངས་འདུག །རྗེ་འདི་ཉིད་ངེས་པའི་དོན་དུ་ཐམས་ཅད་མཁྱེན་པ་སངས་རྒྱས་ཉག་གཅིག་ངེས་པ་རྙེད་ན། དོན་ལ་དེ་འདྲ་བའི་དོགས་གནས་ཐག་ཆོད་མེད་པར་ཡོང་ག་ལ་སྲིད་ཀྱང་ཚུལ་བསྟན་འདི་ལ་ཅི་ནས་ཀྱང་ཕྱི་མཐའ་ཕྱི་མཐའི་དུས་རྣམས་སུ་གདུལ་བྱ་འདུལ་བྱེད་གཉིས་ཀའི་ཐད་དོན་ཆེན་པོ་ཞིག་ངེས་པར་ཡོད་རྒྱུ་གདོན་མི་ཟ་བ་བཅས། ཨོ་རྒྱན་རིན་པོ་ཆེ་དངོས་དང་འདྲ་བ་དེས་འདི་ལྟ་བུར་གསུངས་ན་དེ་མིན་གཞན་གྱིས་ནི་གཟབ་པར་བྱ་བའི་འོས་སུ་འགྱུར་ཏེ། དེང་སང་སྙིགས་ལྔ་དར་ལ་དྲག་སྟབས་འབྲེལ་ཚད་དོན་དང་ལྡན་པའི་ཡོན་ཏན་ཅན་ནི་ཤིན་ཏུ་ཉུང་བའི་ཕྱིར་རོ། །གང་ལྟར་ཡང་རིན་གཏེར་འདི་ཉིད་དུ་ནི་གོང་སྨོས་རྣམས་ལྟར་དང་། དམིགས་བསལ་བརྒྱུད་ཡིག་ལས་གཏེར་རྙིང་བྱིན་རླབས་ཅན་རྒྱུན་དཀོན་ངེས་འདྲ་མཆིས་ན་སླད་ནས་གཞུག་ཏུ་གསོལ་བའི་གསུང་འཕྲོས་ཤིག་གནང་བ་འདི་ཁོ་ནས་ཀྱང་གཏེར་གསར་ངེས་མེད་རིགས་ནི་ཕྱིན་ཆོད་བཞག་རྒྱུ་མིན་པའི་གཏན་ཚིགས་གཞིག་ཏུ་མེད་པར་གྲུབ་འདུག་ཅིང་། དེ་ལྟ་བུའང་ཀར་རྙིང་གང་ཡིན་ཀྱང་རུང་བའི་མཁས་གྲུབ་གཉིས་ལྡན་ཐམས་ཅད་གཟིགས་པའི་སྐྱེས་བུ་ཚད་མར་གྱུར་པ་ཅན་བྱུང་བ་ལྟ་བུས་བསྲེག་བཅད་བརྡར་བའི་གསེར་བཞིན་དུ་བརྟགས་ཏེ་དགོས་པ་ཁྱད་པར་ཅན་མཆིས་ན་གཏེར་རྙིང་རྒྱུན་ཤིན་ཏུ་དཀོན་རིགས་བཞུགས་སུ་གསོལ་བ་བཀའ་དྲིན་གྱི་གནས་སུ་ཆེ་རུང་། སླད་ནས་ཅི་མོས་གང་མོས་ཆོག་སྙམ་གྱི་དུས་རིམ་ལྡན་རྣམས་སུ་མཐའ་མི་འཚལ་བའི་རྒྱ་ཉོབ་པར་འགྱུར་བར་དོགས་ན་ད་ནས་བཟུང་གཏེར་གསར་གཏེར་རྙིང་ཅི་ཡིན་ཀྱང་གསར་དུ་བཅུག་རྒྱུ་ནི་ཆེར་མི་ལེགས་སྙམ་སྟེ། ཆོས་ཀྱི་བདག་པོ་གཅིག་པུ་འཇམ་མགོན་རྗེ་ཡིན་དོན་བཞིན་བློ་ཕུགས་དེ་ལ་གཏད་ན་འཐད་ཆེ་བར་དྲན་ནོ། ཁྱད་པར་དུ་ད་ལྟ་དཀར་ཆག་རྩ་ཐོར་འཁོད་པ་འདི་རིགས་མ་གཏོགས་ཕྱིན་ཆོད་ཆོས་བཀའ་ངོ་མཚར་བ་ཅན་དུ་མ་བྱུང་རུང་ཆོས་མཛོད་འདིའི་མིང་ཙམ་གྱི་གྲལ་དུའང་འཇོག་པར་མི་འོས་པ་ནི་འདི་ཐོག་དམ་རྒྱས་བཏབ་པར་ངེས་ཏེ། ཀུན་གཟིགས་བླ་མ་མཁྱེན་བརྩེ་རིན་པོ་ཆེས་དེ་སྔ་དཀའ་བ་ཆེན་པོས་ལན་བརྒྱར་བརྟགས་ཤིང་དཔྱད་པའི་སྒོ་ནས་སྡུད་པར་བྱ་བའི་ཆོས་སྐོར་འདི་དག་ཚད་མར་གྱུར་པ་གསེར་བཟང་པོ་དང་འདྲ་བས་ཕྱིན་ཆོད་གཏེར་གསར་ལྟ་བུས་མཚོན་ཉ་དང་ཉུང་མ་མང་པོ་བསྲེ་འོས་མེད་པ་སོགས་ཀྱི་དཀྲིགས་བཅད་མཐའ་བཙན་པར་་་་དགོས་ཞེས་ནན་ཏན་ཆེན་པོས་འཇམ་མགོན་རིན་པོ་ཆེར་གདམས་ཤིང་། གདམས་པ་ལྟར་འཇམ་མགོན་རིན་པོ་ཆེས་ཀྱང་ཐུགས་ཀྱི་དམ་བཅའ་དེ་བཞིན་མཛད་པ་ཡིན་པའི་རྒྱུ་མཚན་གསལ་པོ་རིགས་བདག་བླ་མ་རྣམས་ཀྱི་ཞལ་ལས་ཞིབ་པར་དང་། དངོས་ཀྱི་ཞལ་སྔ་ནས་ཀྱང་ལམ་ཙམ་ཐོས་མྱོང་ཞིང་། དེར་མ་ཟད་འཇམ་མགོན་བླ་མ་རྣམས་གཉིས་ཕན་ཚུན་ཐུན་མིན་ཕྲིན་ཡིག་བསྲིང་བ་རེས་སུ་སྤྲོས་པའི་ཕྱག་བྲིས་ངོ་མ་ལེ་ཚན་ལས་ཀྱང་ཆོས་མཛོད་འདིའི་འཆར་གཞི་བཞག་པ་དང་པོའི་དུས་ནས་བཟུང་མཐའ་ཡི་བར་དུ་ཤིན་ཏུ་གུ་དོགས་པོ་གནང་འདུག་ཁར་གཏེར་སྟོན་སོ་སོའི་གཏེར་ཆོས་རིགས་བཞག་པར་འོས་མི་འོས་དབྱེ་བསལ་དུ་གྲུབ་པ་སོགས་ཀྱི་རྒྱུ་མཚན་འཕྲོས་དོན་་་་་ཟིན་བྲིས་སུ་སོང་བ་ལྟ་བུ་མང་པོའང་མཇལ་དུ་བྱུང་བ་ལ་བརྟགས་ན་འདི་ལྟར་ལུས་ཡོངས་སུ་རྫོགས་པའི་ཐུགས་བཞེད་ཀྱི་རྗེས་ཐོག་ཏུ་མཚམས་བཅད་ཟིན་ནས་སྲུང་མ་གཉན་པོ་ལ་གཉེར་དུ་གཏད་ཡོད་པར་གདོན་མི་ཟ་བར་བཅས་ན། ཆོས་མཛོད་འདི་ཉིད་ཉམས་སུ་ལེན་ཞིང་འཇམ་མགོན་རྣམ་གཉིས་བླ་མར་བཀུར་བའི་ཀར་རྙིང་སོགས་ཚང་མས་འཕྲོས་དོན་གདམས་ངག་གི་ཚུལ་དུ་སྤྲོས་པ་འདི་གསན་པར་མཛོད་ལ་དཔེ་རྫི་ཡི་གེ་འདི་དང་རྣམ་ཀུན་མ་འབྲལ་བར་གྱིས་ཤིག །སྲིད་པ་མུ་མཐའ་མེད་པའི་གཉེན་པོ་རུ། །ལེགས་གྲུབ་རྣམས་ཀྱི་ནང་ན་རྣམ་དག་ཁྱད། །བསྔགས་པའི་གླིང་བུར་བསྒྱུར་བ་རིན་ཆེན་གྱི། །གཏེར་གྱི་མཛོད་འདི་འོག་མིན་ཞིང་ནའང་སྙན། །བསྐལ་པ་བསྐལ་པའི་མཐའ་ལ་ཡུད་ཙམ་ཡང་། །བལྟོས་མིན་རེ་བའི་བློ་ནི་དེ་རིང་ཙམ། །ཚེ་གཅིག་ཁོ་ནར་མཆོག་དངོས་འགྲུབ་བྱེད་པའི། །ངོ་མཚར་རྨད་བྱུང་འདི་ལ་མི་གུས་སུ། །འབྲས་བུ་ལམ་བྱེད་མན་ངག་མཐའ་ཡས་པས། ཁྱད་འཕགས་ཀུན་བཟང་ཐུགས་ཏིག་ཟླ་མེད་འདི། །ཟབ་རྒྱས་གཉིས་ལྡན་རྩ་གསུམ་རྒྱལ་རྣམས་ཀྱི། །གཞོན་ནུ་བུམ་སྐུའི་ནང་བཅུད་གཅིག་པུ་ཡིན། །གལ་ཏེ་འབྱུང་པོའི་བྱ་ལ་ཉི་མ་བཞིན། །སྐལ་བས་ཕོངས་པའི་བློ་ལ་བཟོད་མིན་ན། །ཅི་བྱར་ཟད་དེ་ཐོག་མེད་ནས་གོམས་པའི། །ལས་ངན་སྟོབས་སུ་བདོ་བ་སུ་ཡིས་བཅོས། །རིན་ཆེན་གླིང་དུ་ཕྱིན་པ་དང་འདྲ་བ། །འདོད་དོན་བསམ་པ་རྫོགས་པའི་དཔལ་རྣམས་ཚང། །ཕྱོགས་མཐུན་རིང་ལུགས་བཟུང་ཡང་བག་མེད་ཀྱི། །སྤྱོད་མང་ཅན་རྣམས་རྟག་ཏུ་བག་ཡོད་བྱོས། །འདིར་འབད་དགེ་བ་བདུད་རྩིའི་ཟིལ་དངར་དང་། །མཚུངས་པར་འཇུག་པའི་ལེགས་ཚོགས་གང་མཆིས་པ། །བདག་གཞན་རིག་སྟོང་ཐིག་ལེ་གཅིག་པུའི་སྦུབས། །དབྱེར་མེད་རོ་གཅིག་གྱུར་པའི་ཕྱིར་དུ་བསྔོ། །གསང་ཆེན་བསྟན་པ་མཁའ་ལ་ཉིན་བཞིན་ཤར། །གདུལ་བྱ་རྣམས་ཀྱང་རིག་འཛིན་ཤ་སྟག་གྱུར། །གངས་ཅན་པ་འདི་མཁའ་སྤྱོད་འོག་མིན་ཞིང་། །བདེ་ཆེན་རྡོ་རྗེའི་བདག་ཉིད་ལྷུན་འགྲུབ་ཤོག །ཅེས་པའང་རིས་སུ་མ་ཆད་པའི་བསྟན་པ་ལ་གཅིག་ཏུ་གུས་ཤིང་སྙོམས་ལས་ཀྱི་བརྟུལ་ཞུགས་འཆང་བ་ཏཱ་ཡི་སི་ཏུའི་མཚན་འཛིན་པདྨ་དབང་མཆོག་རྒྱལ་པོས་ལྷག་པའི་བསམ་པས་རྩེ་གཅིག་དང་བ་ཆེན་པོས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་གདན་ས་ནས་སྤེལ་བ་དགེ་ལེགས་འཕེལ།། །།
དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ བདུད་མགོན་ལེགས་གྲུབ་རྡོ་རྗེའི་སྔགས་བྱང་ཟབ་མོ་ (Volume 39, Text 2)
༄༅༔ དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ བདུད་མགོན་ལེགས་གྲུབ་རྡོ་རྗེའི་སྔགས་བྱང་ཟབ་མོ་བཞུགས་སོ༔ ྈ ྈྈྈྈྈྈྈྈ ཤྲཱི་ཧེ་རུ་ཀ་ལ་འདུད༔ བདག་འདྲ་པདྨ་བདུད་འདུལ་གྱིས༔ བདུད་མགོན་ལེགས་གྲུབ་རྡོ་རྗེ་ཡི༔ སྔགས་བྱང་ཟབ་མོ་གསེར་སྲང་བརྒྱ་ཡི་བཀའ་རྒྱ་ཅན༔ ཡང་གསང་སྙིང་གི་ཐིག་ལེ་འདི༔ ང་སྤྲུལ་སྙིང་གི་བུ་དང་འཕྲད་པར་ཤོག༔ ཨོཾ་ཏྲི་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་སེང་ཧཱ་མུ་ཁ་ཧཱུྃ་ཕཊ༔ ཏྲི་ཧྲིང་ཛ༔ ཌཱ་ཀི་ནཱི་སི་ན་ར་མ་ཧཱུྃ་ཕཊ༔ ཏྲི་ཧྲིང་ཛ༔ དྷི་ཏྲི་ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་ཧཱུྃ་ཕཊ༔ ཛ་ཛ༔ འདི་ཉིད་རྒྱུན་གྱི་བསྙེན་པའོ༔ ྈྈྈ ཨོཾ་ཤྲཱི་ཏྲི་མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་ཧཱུྃ་ཕཊ༔ ཏྲི་ཧྲིང་ཧཱུྃ་ཕཊ༔ ཌཱ་ཀི་ནཱི་སི་ན་ར་མ་ཏྲི་ཧྲིང་ཛ༔ དེ་ནས་འབོད་སྔགས་ཟབ་མོ་ནི། དྷི་ཏྲི་ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི༔ ཧཱུྃ་ཏྲི་ཧྲིང་ཛ༔ མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་ཧཱུྃ་ཕཊ༔ ཏྲི་ཧྲིང་ཛ༔ ཨེ་ཨ་མུ་ཀཾ་དགྲ་བོ་མཱ་ར་ཡ་རྦད་སོད་སོད༔ ཐུམ་རིལ༔ སི་ན་ར་མ་ཏིཥྛ་ཏིཥྛ་ཏྲི་ཧྲིང་ཛ༔ ཨེ་ཨ་མུ་ཀཾ་དགྲ་བོ་མཱ་ར་ཡ་བྷྱོ༔ དྷི་ཏྲི་ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་ཨེ་ཐུམ་རྦུད༔ མ་རཱ་ཡ་སོད་སོད༔ ྈྈྈ དེ་ནས་རྦད་སྔགས་ནི༔ ཏྲི་མ་ཧཱ་ཀཱ་ལ་སིང་ཧ་མུ་ཁ་ཧཱ་ཧཱུྃ་ཕཊ༔ ཏྲི་ཧྲིང་ཛ༔ ཨེ་ས་མ་ཡ་ནྲྀ་རྦད་སྙིང་ལ་རྦུད༔ བྷྱོ་སོད༔ ཏྲི་སི་ན་ར་མ་ཏིཥྛ་ཏིཥྛ་ཏྲི་ཧྲིང་ཛ༔ མ་མ་རུ་ལུ་རུ་ལུ་དགྲ་བོའི་སྙིང་ལ་ཁཾ་རྨུག་རྦད་སོད་སོད༔ ཏིར་ཏི་ཀ་ཐཱ༔ ཙིཏྟ་ལ་རྦད་སོད༔ དབུགས་ཆོད་ཐུམ་རིལ་རྦད་སོད༔ ཨ་མུ་ཀཾ་ནྲྀ་ཐུམ་ཛ་སོད༔ སེང་ཧ་ར་ཙ་རྦད་སོད༔ རུ་ཏྲ་དུ་མཱ་ར་ཡ་ནྲྀ་རྦད་སོད༔ དྷི་ཏྲི་ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་ནྲྀ་རྨུག་རྦུད་རྦད་སོད༔ དགྲ་བོ་ཆེ་གེ་མོ་རྨུག་རྦད་སོད༔ ཡུཾ་ཆོད་ཁ་ཐུམ་རིལ་རྦད་སོད༔ འཇིབ་གཏོར་རཾ་རྦད་སོད༔ མཱ་ར་ཡ་རྨུག་རྦད་སོད༔ ཨ་མུ་ཀཾ་དགྲ་བོའི་ཙིཏྟ་ལ་བྲེང་བྲེང་རྦད་སོད༔ དབུགས་ལས་རྔུབ་རྔུབ་ཐུམ་རིལ་རྦད་སོད༔ བསད་སྔགས་ནི༔ སྲོག་རྩ་ལ་ཐུམ་རིལ་མྱོག་མྱོག་བྷྱོ་བྷྱོ༔ ནྲྀ་ཧུར་ཐུམ་མཱ་ར་ཡ་རྦད་སོད་རྦད་སོད༔ ཧུར་ཐུཾ་ཛ༔ དེ་ནས་བླ་འགུག་གི་སྔགས་ནི༔ བླ་འགུག་དུས་བདུན༔ འགུགས་འདྲེན་གྱི་གོང་དུ་ཉེར་གཅིག་བཟླས་སོ༔ དགྲ་བོ་ཆེ་གེ་མོའི་བླ་ཤ་རེ་མ་ཏི་འགྲིམས་འགྲིམས༔ ཤ་མ་རི་ཏི་ཐུལ་ཐུལ་མྱོག་མྱོག་ཡེད་ཡེད༔ ཤ་ལིང་མྱོག་ལིང༔ ཀུག་ལིང་ཕུམ་ལིང༔ མྱོག་མྱོག༔ ཡེད་ཡེད༔ ཁུག་ཁུག༔ ཛཿཛ༔ འདི་ཉིད་སྔགས་བྱང་ཟབ་པའི་མཐུར་ཐུག་གོ༔ སྐལ་ལྡན་རེ་ལ་གཅིག་བརྒྱུད་མ་གཏོགས་མང་དུ་མ་སྤེལ༔ ཙིཏྟ་དྷ་ཐིམ༔ ཨ་དམ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྷ་དྷ་དྷ༔ ཆོས་ཀྱི་རྒྱལ་པོ་རིག་འཛིན་བདུད་འདུལ་རྡོ་རྗེས་ཚ་བ་སྒྲོ་བྲག་ནས་གདན་དྲངས་པ། ཀ་གནམ་ཆོས་ཀྱི་རྒྱལ་པོའི་ཕོ་བྲང་དུ་ཤོག་སེར་ལས་ཕབ་པའོ། །དགྲ་སྲོག་དམར་པོ་མྱུར་དུ་ལེན་པར་ཤོག ༈ །ཛཔ྄་བཟླས་ནི། རང་ཉིད་ཞིང་སྐྱོང་དུ་གསལ་བའི་སྤྱི་བོར་སེང་གེ་སྒྲ་སྒྲོག་སྙིང་ཁར་རྡོ་རྗེ་ཁྲོ་ལོད། དེའི་སྙིང་ཁར་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ་བསམ༔ གཡོན་དུ་ཡུམ་གྱི་ཐུགས་ཀར་ཏྲི་དམར་པོ་བསམ༔ ཡབ་ཡུམ་གྱི་ཐུགས་ཀའི་ཧཱུྃ་ཏྲི་གཉིས་ལས་སྔགས་ཀྱི་འོད་ཟེར་སྤུ་གྲི་ལྟ་བུར་འཕྲོས༔ ཡབ་ཡུམ་དྲེགས་པ་སྡེ་བརྒྱད་དང་བཅས་པའི་དམག་ཚོགས་ཀྱིས་མངོན་སྤྱོད་དྲག་པོའི་ལས་ཅི་བཅོལ་བ་རྣམས་བསྒྲུབ་པར་བསམ༔ ཡི་དམ་ལྟར་དུའོ། །ཨོཾ་ཏྲི་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཛ་ཛ༔ མ་ཧཱ་ཀཱ་ལ་སི་ན་ར་ར་མ་སིདྷི་ཕ་ལ་ཧཱུྃ་ཛ་ཏྲི་ཧྲིང་ཛ༔
སྟོན་པ་ཐུབ་པའི་དབང་པོ་དང་འཕགས་པ་གནས་བརྟན་ཆེན་པོ་བཅུ་དྲུག་གི་རྗེས་གནང་ (Volume 52, Text 2)
༄༅། །སྟོན་པ་ཐུབ་པའི་དབང་པོ་དང་འཕགས་པ་གནས་བརྟན་ཆེན་པོ་བཅུ་དྲུག་གི་རྗེས་གནང་བཞུགས་སོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་། འཕགས་པ་གནས་བརྟན་བཅུ་དྲུག་འཁོར་ཉན་ཐོས་དང་བཅས་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆི་འོ། །རྗེས་སུ་གཟུང་དུ་གསོལ། འདིར་སྟོན་པ་ཤཱཀྱའི་རྒྱལ་པོ་ལ་གནས་བརྟན་བཅུ་དྲུག་གིས་བསྐོར་བའི་རྗེས་གནང་བྱེད་པར་འདོད་པས། ས་ཕྱོགས་བྱི་དོར་ལེགས་པར་བྱས་ཏེ། ཆོ་གའི་ལུགས་བཞིན་དཀྱིལ་འཁོར་མཆོད་བཤམ་ལེགས་པར་གྲུབ་པར་བྱས་ལ། དཀྱིལ་འཁོར་གྱི་དབུས་སུ་མཉྫིའམ་ཁྲིའུ་དར་ཟབ་ཀྱི་སྟེགས་ཀྱི་སྟེང་དུ། རིན་པོ་ཆེའི་སྣོད་གཙང་མ་འབྲུས་བཀང་བའི་དབུས་སུ་ཐུབ་དབང་གནས་བརྟན་བཅུ་དྲུག་གི་སྐུ་རྟེན་ཙཀ་ལི། གསུང་རྟེན་གླེགས་བམ། ཐུགས་རྟེན་བྱང་ཆུབ་ཆེན་པོའི་མཆོད་རྟེན་རྣམས་བཞུགས་སུ་གསོལ། དེའི་སྟེང་དུ་གདུགས་དཀར་པོའི་བླ་རེ་ཡོལ་བ་སོགས་བཀོད་པས་བརྒྱན་པར་བྱས་ལ། གནས་དང་མཆོད་པའི་ཡོ་བྱད་བྱིན་བརླབས། ཐུབ་དབང་གནས་བརྟན་འཁོར་བཅས་གསལ་གདབ་ཅིང་། ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཧཱུྃ་གིས་དབང་བསྐུར། ཡི་གེ་གསུམ་གྱི་རྒྱས་གདབ། མཆོད་བསྟོད་གཏོར་མ་རྒྱས་པར་ཕུལ་ཞིང་གསོལ་བ་གདབ་ལ། སློབ་དཔོན་གྱིས་བདག་འཇུག་བླང་། དེ་ནས་སློབ་མ་རྣམས་གྲལ་དུ་འཁོད་ལ། སྐྱབས་འགྲོ་སེམས་བསྐྱེད་བྱས་ཏེ། བླ་མ་དང་ཐུབ་དབང་གནས་བརྟན་བཅུ་དྲུག་འཁོར་དང་བཅས་པ་ལ་གསོལ་བ་གདབ་པ་ནི། སློབ་དཔོན་དགོངས་སུ་གསོལ། བདག་ལ་ཐུབ་དབང་གནས་བརྟན་ཆེན་པོ་འཁོར་དང་བཅས་པའི་སྐུའི་དོན་དམ་པའི་རྗེས་སུ་གནང་བ་བསྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས། སློབ་དཔོན་ཐུབ་དབང་གནས་བཅུའི་ལྷ་ཚོགས་སུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཕོག་པས། དེ་རྣམས་ཞལ་འཛུམ་པ་དང་བཅས་ཏེ་རྗེས་སུ་གནང་བར་བསམས་ལ། སློབ་མ་རྣམས་ཀྱི་གནས་གསུམ་དུ་ཡི་གེ་གསུམ་བསྒོམ་དུ་བཅུག་ལ། སློབ་མའི་དཔྲལ་བའི་ཨཱོྃ་ལས་འོད་ཟེར་ཕྲ་མོ་ཞིག་འཕྲོས་ནས་མདུན་བསྐྱེད་ཀྱི་གནས་བཅུའི་དཔྲལ་བའི་ཨཱོྃ་ལ་ཕོག་པས། དེ་ལས་ཨཱོྃ་དཀར་པོ་དཔག་ཏུ་མེད་པ་བྱུང་བ་སློབ་མའི་དཔྲལ་བའི་ཨཱོྃ་ལ་ཐིམ། ལུས་ཀྱི་དྲི་མ་རྣམ་པར་དག་པར་བསམ་ལ། ཨཱོྃ་ཤཱཀྱ་མུ་ན་ཡེ་ས་པ་རི་ཝཱ་ར་ཨཱོྃ། ཨཱོྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ། ཐུབ་དབང་གནས་བརྟན་བཅུ་དྲུག་གི་སྐུ་རྟེན་ཙཀ་ལི་མགོར་བཞག་པ་དང་ལག་ཏུ་གཏད་པ་ནི་སྐུའི་རྗེས་གནང་ངོ་། །སློབ་མའི་དཔྲལ་བའི་ཨཱོྃ་ཡོངས་སུ་གྱུར་པ་ལས་ཐུབ་དབང་གནས་བརྟན་བཅུ་དྲུག་གིས་བསྐོར་བར་བསམ་མོ། །ཡང་ཐལ་མོ་མེ་ཏོག་དང་བཅས་ཏེ། སློབ་དཔོན་དགོངས་སུ་གསོལ། བདག་ལ་ཐུབ་དབང་གནས་བརྟན་བཅུ་དྲུག་དང་བཅས་པའི་གསུང་གི་དོན་དམ་པའི་རྗེས་གནང་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། སློབ་མའི་མགྲིན་པའི་ཨཱཿལས་འོད་ཟེར་ཕྲ་མོ་འཕྲོས་ཏེ་མདུན་བསྐྱེད་ཀྱི་མགྲིན་པའི་ཨཱཿལ་ཕོག་པས། དེ་ལས་ཨཱཿདཔག་ཏུ་མེད་པ་ཆར་ལྟར་བབ། སློབ་མའི་མགྲིན་པའི་ཨཱཿལ་ཐིམ། ངག་གི་སྒྲིབ་པ་དག་པར་བསམ། ཨཱོྃ་ཤཱཀྱ་མུ་ན་ཡེ་ས་པ་རི་ཝཱ་ར་ཨཱཿ ཨཱཿཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཅེས་བརྗོད་པུསྟི་མགྲིན་པར་བཞག་ཅིང་ལག་ཏུ་གཏད་པ་ནི་གསུང་གི་རྗེས་གནང་ངོ་། །སློབ་མའི་མགྲིན་པའི་ཨཱཿཡོངས་སུ་གྱུར་པ་ལས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དང་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དོན་དང་ལྡན་པར་བསམ་མོ། །ཡང་སྙིམ་པ་མེ་ཏོག་དང་བཅས་ཏེ། སློབ་དཔོན་དགོངས་སུ་གསོལ། བདག་ལ་ཐུབ་དབང་གནས་བརྟན་བཅུ་དྲུག་དང་བཅས་པའི་ཐུགས་ཀྱི་དོན་དམ་པའི་རྗེས་སུ་གནང་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། སློབ་མའི་སྙིང་གའི་ཧཱུྃ་ལས་འོད་ཟེར་ཕྲ་མོ་འཕྲོས་ནས་མདུན་བསྐྱེད་ཀྱི་ཐུགས་ཀའི་ཧཱུྃ་ལ་ཕོག །དེ་ལས་ཧཱུྃ་དཔག་ཏུ་མེད་པ་ཆར་ལྟར་བབ། སློབ་མའི་སྙིང་གའི་ཧཱུྃ་ལ་ཐིམ། ཡིད་ཀྱི་སྒྲིབ་པ་དག་པར་བསམ་ལ། ཨཱོྃ་ཤཱཀྱ་མུ་ན་ཡེ་ས་པ་རི་ཝཱ་ར་ཧཱུྃ། ཧཱུྃ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་ཅིང་བྱང་ཆུབ་ཆེན་པོའི་མཛད་པའི་མཆོད་རྟེན་སྙིང་གར་བཞག་ཅིང་ལག་ཏུ་གཏད་པ་ནི་ཐུགས་ཀྱི་རྗེས་གནང་ངོ་། །སློབ་མའི་སྙིང་གའི་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་ཐུགས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ལྔ་ལྡན་གཅིག་ཏུ་འདྲེས་པའི་བརྡ་མཚོན་པ། དོན་དམ་པ་ནམ་མཁའ་ལྟར་མཐའ་དབུས་མེད་པར་རྟོགས་པ་མཉམ་གཞག་དང་། རྗེས་ཐོབ་ཇི་སྙེད་པ་སྒྱུ་མའི་དཔེ་བརྒྱད་ལྟ་བུར་མཁྱེན་པས་མཐོང་བར་བྱའོ། །དེ་ནས་གནས་བརྟན་བཅུ་དྲུག་གི་ཕྱག་མཚན་རིམ་པར་གཏད་ལ། ཐུབ་དབང་གནས་བརྟན་བཅུ་དྲུག་འཁོར་དང་བཅས་པས་སློབ་མ་འདི་ཞེས་བགྱི་བ་ལ། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པར་མཛད་དུ་གསོལ། འདིའི་ཕན་ཡོན་འགྲུབ་པར་མཛད་དུ་གསོལ། འཕྲལ་དུ་ཐོབ་པར་མཛད་དུ་གསོལ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་ནུས་པ་དང་ལྡན་པར་མཛད་དུ་གསོལ། ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། སྐྱབས་གནས་རེ་ལྟོས་སུ་གྱུར་པ་ཐམས་ཅད་ཆུ་ལ་ཆུ་ཐིམ་པ་བཞིན་འཕགས་པ་གནས་བརྟན་བཅུ་དྲུག་ལ་ཐིམ། འཕགས་པ་གནས་བརྟན་བཅུ་དྲུག་ཐུབ་དབང་ལ་ཐིམ། ཐུབ་དབང་ཡང་རང་ལ་ཐིམ་པས། མ་བརྟགས་ཙ་ན་བདག་ཉིད་ཐུབ་པར་མཐོང་། ཅུང་ཟད་བརྟགས་ན་བ་སྤུའི་ཁུང་བུ་རེ་རེ་ན་ཐུབ་པ་གནས་བརྟན་བཅུ་དྲུག་གིས་བསྐོར་བ་རེ་རེ་སྣང་བ། ལེགས་པར་བརྟགས་ཤིང་དཔྱད་ན་སྣང་བཞིན་སྟོང་། སྟོང་བཞིན་སྣང་། སྣང་སྟོང་ཟུང་འཇུག་འདི་ཡིན་སྙམ་པ་ནི་དོན་དམ་པའི་རྗེས་གནང་ངོ་། །དེ་ནས། ཕུན་སུམ་ཚོགས་པ་སོགས་བཀྲ་ཤིས་བརྗོད། གཏང་རག་གི་མཎྜལ་ཕུལ། རྗེས་སྤྱོད་སྤྱི་དང་མཐུན་པར་བྱའོ། །འཕགས་པ་གནས་བརྟན་བཅུ་དྲུག་གི་རྗེས་སུ་གནང་བའི་རིམ་པ་འདི། སྤྲེའུ་ལོ་ས་ག་ཟླ་བ་༧རྫོགས་པའི་སངས་རྒྱས་སྐུ་བལྟམས་པའི་གཟའ་སྐར་རྒྱལ་ལ་བབས་པའི་ཡར་ཚེས་བདུན་ལ། རྫོགས་ཆེན་པ་གར་གྱི་དབང་ཕྱུག་གིས་སྦྱར་བའི་ཡི་གེ་པ་ནི་གུང་ཐང་བཀའ་བཅུ་པ་ཆོས་འབྱོར་དཔལ་བཟང་གིས་ཞུས་པའོ། །མངྒ་ལཾ།། །།
འཇམ་དཔལ་ཀླུ་བདུད་ནཱ་ག་རཀྴའི་ལོ་རྒྱུས་ (Volume 19, Text 2)
༁ྃ༔ འཇམ་དཔལ་ཀླུ་བདུད་ནཱ་ག་རཀྴའི་ལོ་རྒྱུས་ཞེས་བྱ་བ་བཞུགས་སོ༔ ༔ ྈྈྈྈྈྈྈྈྈ རིག་འཛིན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༔ ཆོས་རྒྱལ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་དཔལ་བསམ་ཡས་ཀྱི་གཙུག་ལག་ཁང་བཞེངས་ཏེ༔ འོག་ཏུ་འཇིམ་པའི་ལྡེར་བཟོ་བོད་ཀྱི་ལུགས་སུ་བཞེངས༔ བར་ཁང་དུ་ཀོ་བའི་ལྡེར་བཟོ་རྒྱ་ནག་ལུགས་སུ་བཞེངས༔ སྟེང་ཁང་དུ་རྡོ་དང་ཤོག་འདག་གི་ལྷ་རྒྱ་གར་བལ་པོའི་ལུགས་སུ་བཞེངས་པའི་དུས་སུ༔ འབྲུག་གི་ལོ་དཔྱིད་ཟླ་ར་བའི་ཚེས་བརྒྱད་ཀྱི་ཉི་མ་རི་རྩེར་ཤར་བའི་དུས་ཙ་ན༔ ཁྱེའུ་ཆུང་གཟུགས་མཛེས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ༔ སྦྲུལ་གྱི་མཇུག་མ་སྐེད་པ་ལ་དཀྲིས་པ༔ ཕྱག་ན་ཐོད་པ་སྔོ་སེང་བ་གསེར་གྱིས་བཀང་བའི་སྟེང་དུ་གསེར་གྱི་པ་ཏྲ་བཞག་པའི་འོད་ཟེར་སྣ་ཚོགས་འཕྲོ་བ་ཞིག་རྒྱལ་པོའི་དྲུང་དུ་བྱུང་ནས་གསེར་ཕུལ་ཏེ་འདི་སྐད་དོ༔ ཀྱེ་ཆོས་རྒྱལ་ཆེན་པོ་ལགས༔ བདག་ནི་མལ་གྲོ་ཀླུའི་དེད་དཔོན་ཏེ༔ ནག་པོ་ཀློང་རྡོལ་ཞེས་བྱ་བའི་གནས་ནས་འོང་གྲོགས་པོ་བདག་དང་དེ་རིང་མནའ་ཐོ་བཅད༔ བསམ་ཡས་ལྷའི་གསེར་རྣམས་བདག་གིས་འབུལ་ལགས་སོ་བྱས་ནས་རྒྱལ་པོ་ཉིད་དང་མལ་གྲོའི་ཀླུ་གཉིས་ཀྱིས༔ སློབ་དཔོན་པདྨ་འབྱུང་གནས་དཔང་པོར་བཞུགས་ཏེ༔ སྤུན་དང་གྲོགས་པོ་བྱེད་པར་དམ་བཅས༔ ཆད་དང་མནའ་ཐོ་བྱས་ནས་རྒྱལ་པོས་ཀླུའི་ཕོ་བྲང་བཞེངས་པར་ཞལ་གྱིས་བཞེས༔ མལ་གྲོའི་ཀླུས་བསམ་ཡས་ཀྱི་ལྷ་ཁང་རྣམས་ལ་གསེར་དགོས་ཚད་འབུལ་བར་དམ་བཅས་སོ༔ དེར་སློབ་དཔོན་གྱིས་མལ་གྲོའི་ཀླུའི་སྤྱི་བོར་རྡོ་རྗེ་བཞག༔ ལྕེ་ལ་བདུད་རྩི་བླུད་ནས་དམ་ལ་བཏགས་སོ༔ དུས་དེ་ནས་བཟུང་ནས༔ ཀླུ་དེས་གཏན་དུ་རྒྱལ་པོའི་དྲུང་དུ་ཁྱེའུ་ཆུང་གཅིག་ཏུ་སྤྲུལ་ནས་གསེར་འབུལ་དུ་འོང་ངོ༔ དེ་ནས་རྒྱལ་པོའི་ཐུགས་དགོངས་ལ༔ བདག་གི་གྲོགས་པོ་ལ་གསེར་མི་ཟད་པའི་གཏེར་ཡོད་པར་འདུག༔ མལ་གྲོའི་ཀླུའི་དེད་དཔོན་ཡིན་ཟེར་བ་ལ་ཁྱེའུ་ཆུང་གི་གཟུགས་འདི་མིན་པའི་གཟུགས་བཟང་པོ་སྦྲུལ་མགོ་དང་བཅས་པ་ལྷ་ས་ཀླུ་ཁང་གི་འདེར་སོ་དེ་འདྲ་བ་གཅིག་ཡོད་ཐང་སྙམ་མོ༔ དེ་ནས་ནངས་གཅིག་གསེར་འབུལ་དུ་བྱུང་བའི་དུས་སུ་རྒྱལ་པོས་འདི་སྐད་ཅེས་སྨྲས་སོ༔ ཁྱོད་ཀྱི་གཟུགས་མཐར་ཐུག་པ་དེ་སྟོན་དང་ཀླུ་ཁང་བཞེངས་པའི་དུས་སུ་དགོས་པ་ཡོད༔ ཁྱེའུ་ཆུང་གཟུགས་ལ་གཟི་བརྗིད་མེད་པས༔ ལྡེར་བཟོའི་དཔེ་ཡང་མི་བཏུབ༔ ནངས་པར་འོང་བའི་དུས་སུ་ཁྱེའུ་ཆུང་དུ་མ་སྤྲུལ་པར་གཟུགས་ཇི་ལྟར་ཡོད་པ་ལྟར་དུ་སྟོན་བྱས་པས༔ ཀླུའི་ཞལ་ནས༔ ང་ནངས་པར་འོང་གི་གྲོགས་པོ་ལ་དུག་གིས་ཕོག་ཉེན་ཡོད་པས་ལྕགས་འབག་ལ་རྩི་མ་གི་ཏས་བྱུགས་ལ་གདོང་ལ་གོན༔ ཡགཤ་ལྟག་འོག་ཏུ་བཞུགས་ལ་ཉི་མ་རི་རྩེ་ལ་ཤར་དུས་དབུ་རྩེ་ལ་ལྟོས་ཤིག་གསུངས་སོ༔ དེ་ནས་རྒྱལ་པོས་དབུ་རྩེ་ནས་ཡགཤ་ལྟག་འོག་གི་གླིང་དུ་བྱོན་ནས༔ ནུབ་མོ་དེར་གཟིམས་དུས་སུ་ས་བདག་གི་ཆོ་འཕྲུལ་ཡང་མང་པོ་རྨིས་ཏེ་སྙིང་མ་དགའ་ཁམས་ཡང་མ་བདེ་བའི་ཉམས་བྱེད༔ སྐྱི་གཡའ་ཞིང་བ་སྤུ་ལྡངས༔ འཇིགས་ཆུམ་ཆུམ་བྱེད་ཅིང་སྔར་དང་མི་འདྲའོ༔ དེ་ནས་ནངས་པར་ཉི་མ་རི་རྩེ་ལ་ཤར་བའི་དུས་སུ༔ འཇའ་འཁྱིལ་སྙིང་ཚ་ཆུམ་ཆུམ༔ བྲེད་སྔངས་ཡེད་ཡེད་བྱེད་པའི་འཕྲོ་ལ༔ དབུ་རྩེ་ཆེན་པོ་ལ་སྦྲུལ་ནག་ཆེན་པོ་རབ་ཏུ་འབར་བ་འོད་ཟེར་དང་ཁ་རླངས་ཀུན་ཏུ་འཕྲོ་བ༔ འཇིགས་ཤིང་སྐྱི་གཡའ་བ་ཞིག་དབུ་རྩེ་ལ་ལན་གསུམ་དཀྲིས་ཏེ༔ སྦོམ་ཕྲ་ནི་འདོམ་བཞིས་མི་འཆིང་བ་རིང་ཐུང་དབུ་རྩེ་ལ་ལན་གསུམ་དཀྲིས་ནས་མཇུག་མ་ཐང་ལ་མ་རྫོགས་པ་དུག་གི་ཁ་རླངས་ན་བུན་ཙམ་གྱིས་དབུ་རྩེའི་མཐའ་བཞི་ཐམས་ཅད་ཁྱབ་པར་མཐོང་ནས༔ དེར་རྒྱལ་པོ་ཉིད་དངངས་ཤིང་སྐྲག་ནས༔ ཀླུའི་དུག་གིས་ཕོག་པར་གྱུར་ཏེ༔ ཞག་གསུམ་ནས་ཤ་རོ་དང་བས་ལྡག་ལ་སོགས་པས་ལུས་ཁེངས༔ དུག་དེས་ལུས་ཀྱི་རྩ་མིག་ཐམས་ཅད་དུ་ཁྲག་དང་འདྲེས་ཏེ༔ གཟུགས་མེད་པའི་སྲོག་ཆགས་ཕྲ་མོ་མང་པོར་གྱུར༔ ས་བདག་གི་གཟུགས་མང་པོ་ལུས་ཀྱི་ནང་དུ་འགྱུ་ཞིང་སྲོག་ཆགས་ཡིད་ཀྱི་གཟུགས་ཅན་དེ་རྣམས་གང་ན་གནས་པའི་ས་ན་ཤ་འཕྲིག་འཕྲིག༔ ཚ་ཙག་ཙག༔ ན་ཀར་ཀར༔ ཚ་སྦྲིང་སྦྲིང༔ གྲང་ལྷང་ལྷང༔ ཚ་བིར་བིར༔ སྦྲིད་ཆིལ་ཆིལ༔ ཟ་ཁོལ་ཁོལ༔ རྩེ་ཤུམ་ཤུམ་ལ་སོགས་བྱེད་ཅིང་ལུས་མ་བདེའོ༔ དེར་ཀླུའི་གཟུགས་སྟོན་བྱས་པ་ལ་རབ་ཏུ་འགྱོད་དོ༔ དེ་ནས་མཛེ་རིགས་བཅོ་བརྒྱད་ཟླ་བ་གཅིག་ལ་རྫོགས་པར་བྱུང་ངོ༔ སྔར་མིའི་དཔོན་བྱས་ཏེ་ང་ནི་མི་ཁྱུ་ནས་བུད་ངན་ལོང་གི་ཁྱུར་ཡང་མི་ཚུད་དོ་བསམས་ནས༔ སྡུག་བསྔལ་ཆེན་པོས་ནོན༔ རང་གི་གདན་ལ་ཡང་མི་ཆགས་ཤིང་སྙིང་རླུང་ལངས་སོ༔ མལ་གྲོའི་ཀླུ་ཡང་རྒྱལ་པོ་ལ་དུག་གིས་ཕོག་པས༔ ངོ་གནོང་ཁ་སྐྱེངས་ནས༔ གསེར་འབུལ་བ་ལ་འོང་མ་ནུས་སོ༔ དེ་ནས་རྒྱལ་པོའི་ཐུགས་དགོངས་ལ༔ ཞེ་ཐག་པ་ནས་ང་ལ་མཛེ་འོང་བ་ཅང་སྲིད་དམ་སྙམ་ཏེ༔ ཨོ་རྒྱན་པདྨ་འབྱུང་གནས་ལྟ་བུ་འཇིག་རྟེན་གསུམ་གྱི་མགོན་དུ་གྱུར་པ༔ ཉེན་པ་དང་འཇིགས་པའི་སྐྱབས་སུ་གྱུར་པ༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་རྡུལ་བཞིན་དུ་བརླག་པ་དེ་ལྟ་བུ་བཞུགས་པ་ལ༔ ཐབས་ཤིག་ཡོད་དེ་འོང་སྙམས་ནས་བློ་སོར་ཆུད་ནས་དགའ་ཡལ་ཡལ་བ་བྱུང་ངོ༔ དེར་སློབ་དཔོན་པདྨ་མཆིམས་ཕུའི་ཡང་དབེན་ནས་གདན་དྲངས་ཏེ༔ དབུ་རྩེ་རིམ་གསུམ་གྱི་སྟེང་ཁང་ལ་བཞུགས་སུ་གསོལ༔ དར་ཟབ་ཀྱི་ཁྲི་བཤམས་སྤྱན་གཟིགས་སྣ་ཚོགས་དང་རྒྱལ་པོས་ཡོ་བྱད་ཕུལ་ཏེ་ཞུས་པ༔ རྗེ་ཨོ་རྒྱན་རིན་པོ་ཆེ་ལགས༔ གྲོགས་པོས་གཟུགས་བསྟན་པས་དུག་ཕོག༔ ནད་ཙི་ཙི་ཛྭ་ལས་ཟིན་སྡུག་བསྔལ་ཞིང་ཉམ་ཐག་པས༔ ནད་འདི་དང་བྲལ་བར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་པས༔ ཨོ་རྒྱན་རིན་པོ་ཆེས་གསུངས་པ༔ ཆོས་རྒྱལ་ཆེན་པོ་ནད་འདི་དང་བྲལ་བར་བྱ་ཡིས༔ ཡིད་གཡོ་བ་མེད་ཅིང་ཐུགས་བདེ་ལྷན་ནེར་བཞུགས་པར་འཚལ༔ ང་འདུག་ནས་རྒྱལ་པོ་ནད་ཀྱིས་ཉེན་པ་ག་ལ་མཆིས༔ ཐུགས་མི་བདེ་མི་འཚལ༔ ཀྱེ་རྒྱལ་པོ་ཆེན་པོ་འདི་ལྟ་སྟེ༔ སྔོན་འདས་པའི་དུས་ན༔ རྒྱ་གར་གྱི་ཡུལ་བྷ་ལ་སཾ་ཏྲ་ཞེས་བྱ་བ་ན༔ རྒྱལ་པོ་རཏྣ་དྷ་ར་གཙུག་གི་ནོར་བུ་ཞེས་བྱ་བ་ལ༔ རྒྱལ་བུ་མཐའ་ཡས་འོད་ཅེས་བྱ་བ་བཞུགས་སོ༔ རྒྱལ་བུ་དེ་ལོ་བཅུ་གཅིག་ལོན་པའི་དུས་སུ༔ ས་བདག་དམངས་རིགས་ཀྱི་ནད་ཀྱིས་ཟིན་པར་གྱུར་ཏེ༔ རྐང་པ་གཡས་གཡོན་གཉིས་སྦྲིད་ཅིང་ཤ་རོས་ཐེབས༔ གདན་ཁ་ནས་འགུལ་མི་ནུས་པར་གྱུར་ཏོ༔ དེའི་དུས་སུ༔ རྒྱལ་པོ་དེ་ལ་བླ་མཆོད་དགེ་སློང་ཚུལ་ཁྲིམས་རྣམ་པར་དག་པ་གཅིག་བཞུགས་སོ༔ དེའི་ཚེ་རྒྱལ་པོའི་ཞལ་ནས༔ དགེ་སློང་བདག་གི་བུ་སྡུག་བསྔལ་ནད་ཀྱིས་ཟིན་པ་འདི་ལས་སོས་པར་མཛད་དུ་གསོལ་གསུངས་སོ༔ དེ་ནས་དགེ་སློང་གིས་ལྷ་ལ་གསོལ་བ་བཏབ་པས༔ རྨི་ལམ་དུ་ཡི་དམ་ལྷའི་ཞལ་ནས༔ རི་ཆེན་པོ་མགྲིན་བཟང་ཞེས་བྱ་བའི་རྩེ་ལ་སངས་རྒྱས་འོད་སྲུངས་ཀྱིས་རབ་གནས་མཛད་པའི་མཆོད་རྟེན་གྱི་བུམ་པའི་ནང་ན་ཀླུའི་རྒྱུད་འབུམ་གྱི་ཏི་ཀ་ཞེས་བྱ་བ་བཞུགས་སོ༔ དེའི་ནང་ན་ཀླུའི་སྲུང་བ་ནཱ་ག་རཀྴ་ཞེས་བྱ་བ་གདུག་པ་ཀླུས་ཟིན་མ་ཟིན་བརྟག་ཐབས་སྲུང་བ་གསོ་ཐབས་དང་བཅས་པ་བཞུགས་སོ༔ དེས་རྒྱལ་པོའི་བུ་བསྙུང་ནད་ལས་སོས་པར་བྱ་འོ༔ ཞེས་གསུངས་སོ༔ དེ་ནས་བླ་མཆོད་དགེ་སློང་དེས༔ མན་ངག་ཇི་ལྟ་བ་བཞིན་གདན་དྲངས༔ རྒྱལ་པོའི་བུ་བསྙུང་ནད་ལས་དྭངས་པར་བྱས་སོ༔ དེ་ངས་ད་ལྟ་བཤད་པར་བྱའོ༔ དེའི་དུས་ཀྱི་རྒྱལ་པོ་གཙུག་གི་ནོར་བུ་དེ་ནི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཁྱེད་ཉིད་ཡིན་ནོ༔ རྒྱལ་བུ་ནད་ཀྱི་ཐེབས་པ་དེ་མུ་ཏིག་བཙན་པོ་དེ་ཉིད་ཡིན་ནོ༔ སྲུང་བ་ནཱ་ག་རཀྴ་འདི་ཉིད་ཡིན་ནོ༔ བླ་མཆོད་དགེ་སློང་དེ་ནི་ང་ཉིད་ཡིན་ནོ༔ ཞེས་གསུངས་སོ༔ པདྨ་འདམ་གྱི་སྐྱོན་ལས་གྲོལ་བ་ལྟར༔ གདུག་པའི་ནད་ལས་གྲོལ་བར་བྱེད་པ་ཡི༔ གདོན་བཅོས་པདྨ་གེ་སར་ལྟ་བུ་འདིའོ༔ དེ་ལ་འགྲོ་བ་མིའི་ལུས་ལ་གདུག་པའི་ནད་ཀྱིས་ཟིན་པ་ལ༔ དང་པོ་ནད་ཡིན་མིན་བརྟག་ཐབས་རིན་ཆེན་ཉི་མའི་སྒྲོན་མེ་དང༔ མ་ཟིན་ན་ཕྱིས་མི་འཇུག་པ་ཁྱུང་ནག་མེའི་འཁོར་ལོ་དང༔ ཟིན་ནས་གསོ་ཐབས་བྱུགས་པ་རྒྱན་གྱི་འཁོར་ལོ་དང༔ ནག་པོ་འདྲེན་སྐེམས་སྨན་གྱིས་གསོ་བ་དང༔ གསང་བ་སྒོམ་བཟླས་ཀྱིས་སེལ་བའི་མན་ངག་ནཱ་ག་རཀྴ་དང་ལྔ་པོ་འདི་རྣམས་ཡིན་གསུངས་ནས་གདམས་པ་འདི་བསྟན་པས༔ རྒྱལ་པོ་བསྙུང་ནད་ལས་དྭངས་སོ༔ དེར་ཆོས་རྒྱལ་ཉིད་ཀྱིས༔ མ་འོངས་ལྔ་བརྒྱའི་ཐ་མ་ལ༔ གདུག་པ་ཀླུ་ཡིས་ཉེན་པའི་དུས༔ གདམས་པ་འདི་ཡིས་ཕན་གདགས་ཕྱིར༔ ཤོག་སེར་ཡི་གེར་བྲིས་ཏེ་གཏེར་དུ་སྦས༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ དམ་ཆོས་ཚུལ་བཞིན་སྤྱོད་པའི་གང་ཟག་དང༔ ཕོངས་པ་མེད་པའི་ཟས་ནོར་གཏོང་ནུས་དང༔ གདུག་པའི་ནད་ཀྱིས་ཟིན་པའི་གང་ཟག་ལ༔ གདམས་པ་ལྷག་ཆད་མེད་པར་སྦྱིན་པར་བྱ༔ གུས་མེད་ནོར་འདོད་ཅན་ལ་གསང་བར་བྱ༔ ཞེས་གསུངས་སོ༔ ལོ་རྒྱུས་དང་གདམས་པ་སྣ་ལྔ་པོ་འདི་ཉིད་མངའ་བདག་ལ་གདམས་པས་རྒྱལ་པོ་ཞག་བདུན་གྱིས་བསྙུང་ནད་སོས་སོ༔ མ་འོངས་འགྲོ་བའི་དོན་དུ་ཡི་གེར་བཀོད་ནས་གཏེར་དུ་སྦས་སོ༔ ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཆོས་རྒྱལ་རིན་ཆེན་གླིང་པས་འབྲི་ཐང་ཀོ་རོའི་ཆོས་མཛོད་ནས་སྤྱན་དྲངས་ཏེ་ཤོག་སེར་ལས་ཕབ་པའོ། །༁ཱ༔ འཇམ་དཔལ་ཀླུ་བདུད་ནཱ་ག་རཀྴའི་སྲུང་ཟློག་གསང་བའི་རྒྱུད་བཞུགས་སོ༔ ྈྈྈྈྈྈྈྈྈྈྈ ཨོ་རྒྱན་སྐད་དུ༔ ནཱ་ག་ཏན་ཏྲ་པ་ག་ཏི་ཀ་གུ་ཡ་ཏན་ཏྲ་ནཱ་མ༔ བོད་སྐད་དུ༔ ཀླུ་རྒྱུད་འབུམ་གྱི་ཏི་ཀ་གསང་བའི་རྒྱུད་ཅེས་བྱ་བ༔ འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་དགོངས་པའི་དུས་གཅིག་ན༔ འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ༔ འཁོར་འདས་དུས་གསུམ་ལ་མི་དགོངས་པའི་དགོངས་པ་ལ་བཞུགས་སོ༔ ས་མ་ཡ༔ ྈྈྈྈྈྈྈ རྒྱ་གར་སྐད་དུ༔ ནཱ་ག་དུ་ཏི་པ་ཙ་ཡ་རཀྴ་གུ་ཡ་ཏན་ཏྲ་ནཱ་མ༔ བོད་སྐད་དུ༔ ཀླུ་བདུད་ནཱ་ག་རཀྴ་སྲུང་ཟློག་གསང་བའི་རྒྱུད་ཅེས་བྱ་བ༔ འཇམ་དཔལ་རབ་ཏུ་ཁྲོས་པ་ཀླུ་བདུད་ནཱ་ག་རཀྴ་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་བཤད་པའི་དུས་གཅིག་ན༔ རང་ངོ་ཤེས་དང་མ་ཤེས་ཞེས་བྱ་བའི་འཁྲུལ་འཁོར་གྱི་མཚམས༔ འཇིག་རྟེན་འདས་དང་མ་འདས་ཀྱི་སོ་མཚམས་དེ་ན༔ ཆོས་ཉིད་དང་འབྱུང་བ་འཁྲུག་ཅིང་མ་བྱེ་བའི་རྒྱ་མཚོ་ཞིག་ཡོད་དེ༔ དེ་ལྟ་བུའི་གནས་དེ་ཡང༔ ཤར་ནས་ཞེ་སྡང་གི་མེ་འབར་བ༔ ལྷོ་ནས་ང་རྒྱལ་གྱི་རི་གཟེངས་པ༔ ནུབ་ནས་འདོད་ཆགས་ཀྱི་ཆུ་ཁོལ་བ༔ བྱང་ནས་ཕྲག་དོག་གི་རླུང་འཚུབས་པ༔ འོག་ནས་གཏི་མུག་གི་མུན་པ་འཐིབས་པ༔ སྟེང་ནས་ཡེ་ཤེས་ཀྱི་ཉི་ཟླ་འཆར་བ༔ སྣང་སྲིད་འཁོར་འདས་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་དེ་ན༔ བཅོམ་ལྡན་འདས་བདེ་གཤེགས་རང་རིག་སྐུའི་ལྷ་འཇམ་དཔལ་ཡེ་ཤེས་སེམས་དཔའ་གཤིན་རྗེ་ཀླུ་བདུད་ནཱ་ག་རཀྴ་འཁོར་རིགས་ཀྱི་ཁྲོ་བོ་ཁྲོ་མོ་མང་པོས་བསྐོར་ནས་བཞུགས་སོ༔ དེར་མ་རིག་དུག་ལྔའི་རྩལ་ཕྱིར་འཆར་བ་ལས༔ ནག་པོའི་ཕྱོགས་ལ་དབང་བྱེད་པའི་ཀླུ་ཞེས་བྱ་བ༔ ས་ཆུ་མེ་རླུང་གི་བདག་པོར་གྱུར་ཏོ༔ དེ་ཡང་རྒྱལ་རིགས༔ རྗེའུ་རིགས༔ བྲམ་ཟེའི་རིགས༔ དམངས་རིགས༔ གདོལ་པའི་རིགས་ལ་སོགས་པ་རིགས་ལྔ་དང༔ རིགས་བརྒྱད་དང་ཉི་ཤུ་རྩ་ལྔ་དང་སྟོང་དང༔ འབུམ་དང༔ ཁྲི་འབུམ་བྱེ་བ་དུང་ཕྱུར་སྤྲུལ་པ་ཡང་སྤྲུལ་མང་པོ་མི་སྲུན་པའི་ཚོགས་་་་སུ་གྱུར་ནས༔ ནད་མཛེ་རིགས་དུ་མའི་རླུང་འཚུབ་ཅིང༔ སྦལ་ལྕོང་སྡོམ་སྡིག་གི་ཆར་ཕབས་པས༔ ཁམས་གསུམ་གྱི་སེམས་ཅན་ཤིན་ཏུ་དམྱལ་ཐག་གཅོད་དོ༔ དེའི་ཚེ་འོག་མིན་ལྕང་ལོ་ཅན་གྱི་གནས་ནས༔ གསང་བདག་ཕྱག་ན་རྡོ་རྗེ་མངོན་སུམ་དུ་འཇམ་དཔལ་གྱི་དྲུང་དུ་འོངས་ནས༔ འཇམ་དཔལ་ལ་ཕྱག་འཚལ་ཞིང་གསོལ་པ༔ ཀྱེ་ཧོ་བདེ་གཤེགས་རིག་པའི་ལྷ༔ ནག་པོའི་ཕྱོགས་ཀྱི་ས་བདག་གིས༔ ཁམས་གསུམ་སེམས་ཅན་དམྱལ་ཐག་བཅད༔ འདི་དག་མྱུར་དུ་སྲོག་འཕྲོག་ལ༔ དྲག་པོས་ཚར་གཅོད་མཛད་དུ་གསོལ༔ ཞེས་ཞུས་པས༔ འཇམ་དཔལ་གཤིན་རྗེ་ཐུགས་ཁྲོས་ནས༔ སྐུ་ལས་ཡེ་ཤེས་མེ་དཔུང་འབར༔ སྐུ་སྟོད་སྲིན་པོ་སྐུ་སྨད་སྦྲུལ༔ བཅུ་དྲུག་ཕྱག་ན་གྲི་གུག་སྦྲུལ༔་་་གཡས་བརྒྱད་ན་གྲི་གུག གཡོན་བརྒྱད་ན་སྦྲུལ་ཞགས། དབུ་དགུ་ཞལ་ནས་ཨིག་ཤ་སྒྲོག༔ ཐུགས་ཁྲོས་ཏིང་འཛིན་མེ་འབར་བར༔ ཀླུ་རྣམས་བརྒྱལ་རེངས་ཁྲག་ཏུ་སྐྱུག༔ བརྒྱལ་སངས་རང་རང་ས་ལ་འཁོད༔ ཀླུ་ཆེན་བརྒྱད་པོ་ཡི་རངས་ནས༔ རང་རང་སྲོག་སྙིང་མདངས་གསོལ་དུ༔ རབ་ཏུ་སྙེམས་པའི་སེམས་ཀྱིས་ཕུལ༔ ནཱ་ག་ཕུ༔ ནཱ་ག་ཕ༔ ནཱ་ག་ཕི༔ ནཱ་ག་ཕེ༔ ནཱ་ག་ཏྲི༔ ནཱ་ག་ཧུ༔ ནཱ་ག་ཤུ༔ ནཱ་ག་ལེ༔ ཞེས་རང་སྲོག་རང་གིས་ཕུལ་ལོ༔ དེ་ནས་དཔལ་ཆེན་ཀླུ་བདུད་ནཱ་ག་རཀ་ཤས༔ ཀླུ་རིགས་ལྔ་གདན་དུ་བཏིངས་ནས༔ ཐུགས་འོད་ཟེར་མེ་འོད་འབར་བའི་ཀློང་ནས༔ ཨོཾ་ཕེ་ལཾ་ཧཱུྃ༔ ཅེས་བརྗོད་པས་ཀླུ་གཉན་ས་བདག་འཁོར་དང་བཅས་པས་བཀའ་ཉན་གསུང་སྡོད་རང་སྲོག་ཤོར་བས་ཅི་ཟེར་ཉན་པར་ཁས་བླངས༔ ན་ར་ཀན་ཅེས་མནའ་བསྐྱལ་ལོ༔ ནཱ་ག་རཀ་ཤ་སྲུང་ཟློག་གསང་བའི་རྒྱུད་ལས༔ ཁས་བླངས་སྲོག་སྔགས་ཕུལ་བ་གླེང་གཞིའི་ལེའུ་སྟེ་དང་པོའོ༔ དེ་ནས་བཛྲ་པཱ་ཎི་ཡིས༔ རིག་པའི་ལྷ་ལ་འདི་སྐད་གསོལ༔ དུས་ཕྱིས་མ་འོངས་སེམས་ཅན་ལ༔ རང་གི་སྤྱོད་ལོག་ལས་དབང་གིས༔ ཀླུ་དང་ས་བདག་སྡེ་བརྒྱད་སོགས༔ ཚུར་ལ་གནོད་རྟགས་ཇི་ལྟར་འོང༔ ཞུས་པས༔ འཇམ་དཔལ་ཡེ་ཤེས་བཀའ་བསྩལ་པ༔ དེ་ཞུས་བཤད་ཀྱིས་ལེགས་པར་ཉོན༔ ཀླུ་གཉན་ས་བདག་སྡེ་བརྒྱད་སོགས༔ རང་གིས་ཕར་ལ་མ་ལན་ན༔ ཚུར་ལ་གནོད་པ་མི་བྱེད་དེ༔ བདེ་གཤེགས་རྒྱལ་བའི་བཀའ་ལུང་ཉན༔ ཉམས་སམ་རང་གིས་ཕར་ལན་ན༔ དེ་ཡི་ཉམས་རྟགས་འདི་ལྟར་འོང༔ དེ་ཡང་སེམས་ངག་ལུས་གསུམ་ལས༔ དང་པོ་སེམས་ལ་གདོན་ཞུགས་རྟགས༔ སྙིང་མི་དགའ་ཞིང་ཤེས་པ་འཕྱོ༔ འཁྲུགས་དང་སྣ་ཐུང་ཚིག་པ་ཟ༔ སྒྲུབ་པ་བྱས་ན་ཁམས་འདུས་ལྡངས༔ ངག་ལ་ཞུགས་རྟགས་འདི་ལྟར་འོང༔ སྐད་ནི་འཛེར་བག་དུད་འགྲོའི་སྐད༔ ལྐོག་ནས་ཉན་ན་གཉིས་སུ་སྣང༔ རེས་འགག་རེས་སངས་མང་པོ་འོངས༔ ལུས་ལ་ཞུགས་རྟགས་འདི་ལྟར་འོངས༔ ལུས་སྦྲིད་རྩ་འཁྲུགས་བ་སྤུ་གཡོ༔ ཁ་གདོང་འབོབ་དང་ཚ་ཤར་བྱེད༔ ཤ་རོ་ཧོར་མིག་བས་ལྡག་འོང༔ མདོངས་ལ་མེ་ཉིའི་འོད་མི་བཟོད༔ མིག་གིས་དུ་བ་སེར་བུ་དྲི་མི་བཟོད༔ ཚ་ཤར་གྲང་ཤར་ཚ་བྲིང་འགུལ་འཕྲིག་མང༔ ཤ་ལྤགས་གཏིང་ཕུར་སྲན་ཆུང་འདྲ༔ ཁ་འགག་སྣ་འགག་སྣབས་ལུད་མང༔ མིག་དང་ཆུ་ནི་བརྟག་པ་ཡིས༔ སྡེ་བརྒྱད་དག་ནི་གང་དང་བསྡོངས༔ རི་མོ་ཡི་ནི་གཟུགས་བརྙན་གསལ༔ མིག་སྤྲིན་རྩ་འམ་ཆུ་རིས་ལ༔ གཟུགས་བརྙན་རྣམས་ནི་སོ་སོར་བལྟ༔ འདི་ལྟར་རྟགས་རྣམས་བྱུང་གྱུར་ན༔ ཙི་ཙི་ཛྭ་ལ་ཡིན་ངེས་པས༔ དམྱལ་བ་ཐོད་རྒལ་བྱ་བ་དང༔ དམྱལ་བ་འཇུག་དགའ་གཉིས་སུ་ཡོད༔ གསང་བའི་བདག་པོས་ཤེས་པར་བྱ༔ ཅེས་གསུངས་སོ༔ ནཱ་ག་རཀྴ་སྲུང་ཟློག་གསང་བའི་རྒྱུད་ལས༔ གོང་བཤད་བརྟགས་པའི་ལེའུ་སྟེ་གཉིས་པའོ༔ དེ་ནས་བཛྲ་པཱ་ཎི་ཡིས༔ རིག་པའི་ལྷ་ལ་འདི་སྐད་གསོལ༔ གལ་ཏེ་ནད་དེས་ཟིན་གྱུར་ན༔ སྒྲུབ་སྔགས་གཞན་ནི་འགྱངས་ཆེ་བས༔ ལྷ་མཆོག་ཀླུ་བདུད་ཁྱེད་ལྟ་བུས༔ མྱུར་དུ་འདོན་ན་ཇི་ལྟར་བགྱི༔ མ་ལུས་རྒྱས་པར་བཤད་དུ་གསོལ༔ ཞེས་ཞུས་པས༔ འཇམ་དཔལ་གཤིན་རྗེས་བཀའ་བསྩལ་པ༔ གདུག་པའི་ནད་དེ་བྱུང་གྱུར་ན༔ དེ་འདུལ་གཉེན་པོ་འདི་ཉིད་དོ༔ དེ་ཡང་དང་པོ་སྟོང་ཉིད་ལས༔ སེམས་ཅན་ཀུན་ལ་ཕན་དོན་དུ༔ ཤས་མི་བཟོད་པའི་སྙིང་རྗེ་བསྒོམ༔ ཚོགས་གསག་་་ཡན་ལག་་་བདུན་པ་རྣམ་དག་བརྗོད༔ ཅི་ཡོད་དཀོན་མཆོག་ཕྱོགས་སུ་འབུལ༔ བླ་མ་མཉེས་བྱ་ཁོ་ན་འོ༔ དེས་ན་ཀླུ་ཡི་ཁྱབ་བདག་མགོན༔ ཡེ་ཤེས་འཇམ་དཔལ་ཞེས་བྱ་བ༔ ས་བདག་ཀླུ་གཉན་ཐམས་ཅད་ཀྱི༔ སྲིན་པོ་དག་ཏུ་སྐུ་སྤྲུལ་སྟེ༔ མཚན་ནི་ནཱ་ག་རཀ་ཤ་གསོལ༔ བཅོམ་ལྡན་ཡེ་ཤེས་སེམས་དཔའ་ནི༔ འགྲོ་བ་གདུག་པས་ཉེན་པ་ལ༔ ས་བདག་ཀླུ་གཉན་འཇོམས་དོན་དུ༔ ཕེ་རག་ཤ་ཀུ་རུ་བྷྲཱུྃ༔ ཞེས་བརྗོད་པས༔ ཐུགས་ཁ་ནས་ནི་ཕེ་འཕྲོས་པས༔ ཀླུ་གནས་འཇིག་རྟེན་འདས་མ་འདས༔ མཚམས་སུ་རྒྱ་མཚོ་ཆེན་པོ་དང༔ རིན་ཆེན་སྣ་ཚོགས་ཀུན་ཏུ་བཀྲམ༔ ཀླུ་ཆེན་བརྒྱད་ཀྱི་ཀ་བ་བྱས༔ གནམ་ས་སྟེང་འོག་ཐམས་ཅད་ཀུན༔ སྦྲུལ་གྱི་གདུང་དུ་གྲུབ་པའི་ནང༔ ས་བདག་ཀླུ་གཉན་ཐམས་ཅད་ཀུན༔ བཟས་པའི་ཞིང་དུ་གྱུར་པ་ཡི༔ ཕོ་བྲང་ཆེན་པོའི་དབུས་དག་ཏུ༔ རྒྱལ་རིགས་རྗེ་རིགས་བྲམ་ཟེའི་རིགས༔ དམངས་རིགས་གདོལ་པ་ནག་པོའི་རིགས༔ ཀླུ་ཡི་རིགས་གྱུར་འབུམ་སྡེ་དང༔ ས་བདག་རིགས་གྱུར་སྟོང་སྡེ་དང༔ གཉན་ཆེན་འབུམ་སྡེ་གཅལ་དུ་བཀྲམ༔ འཁོར་བཅས་གདན་དུ་བཏིང་བྱས་ནས༔ ཟས་སུ་ཟ་བའི་ཁྲི་སྟེངས་སུ༔ བཅོམ་ལྡན་རིག་པའི་རྒྱལ་པོ་ནི༔ ཀླུ་བདུད་རཀྴ་མགོ་དགུ་པ༔ ནཱ་ག་རཀ་ཤ་ཏི་པ་ཙ༔ སྐུ་སྟོད་སྲིན་པོའི་གཟུགས་ཉིད་ལ༔ སྐུ་རྒྱབ་རི་རབ་ཉིད་ལ་གཏད༔ སྦྲུལ་མཇུག་རྒྱ་མཚོའི་སྟེང་དུ་འཁྱིལ༔ སྦྲུལ་མགོ་དགུ་ནི་བར་སྣང་འཕྱོ༔ སྦྲུལ་མགོ་དབུས་མ་རབ་འཇིགས་པ༔ མཆེ་བ་རྣོ་ཞིང་རབ་ཏུ་གཙིགས༔ སྦྲུལ་མགོ་དབུས་མའི་སྤྱི་གཙུག་་་རིན་ཆེན་པྲོག་ཞུ་ཉི་ཟླའི་སྟེང༔ པད་གདན་མེ་དཔུང་འབར་བའི་དབུས༔ བླ་མ་མི་བསྐྱོད་རྡོ་རྗེ་ནི༔ སྐུ་མདོག་མཁའ་ལྟར་སྔོ་ལ་དྭངས༔ ཕྱག་གཉིས་རྡོར་དྲིལ་བསྣོལ་སྟབས་འཛིན༔ རང་དང་གཉིས་སུ་མེད་པར་བསྒོམ༔ གཡས་པ་བརྒྱད་ནི་གྲི་གུག་འཕྱར༔ གཡོན་པ་བརྒྱད་ན་སྦྲུལ་ཞགས་བསྣམས༔ སྐུ་མདོག་སྟང་ཟིལ་་་དུག་་་ཧ་ལའི་མདོག༔ ཞལ་ནས་ཨིག་ཤའི་སྒྲ་སྒྲོག་པ༔ ཀླུ་རྣམས་ཀུན་གྱི་གཤེད་པོ་རུ༔ གྱུར་ནས་ས་བདག་འཇོམས་པར་བསྒོམ༔ དེ་ལྟ་བུ་ཡི་ཏིང་འཛིན་གྱིས༔ སྲིད་པའི་ཀླུ་རྣམས་བརྒྱལ་དངངས་འབྲོས༔ ས་བདག་ཕྲ་མོ་སྨོས་ཅི་དགོས༔ ཏིང་འཛིན་ངར་དང་ལྡན་པ་གཅེས༔ ཞེས་གསུངས་སོ༔ ནཱ་ག་རག་ཤ་སྲུང་ཟློག་གསང་བའི་རྒྱུད་ལས༔ སྒྲུབ་ཐབས་ཏིང་ངེ་འཛིན་གྱི་ལེའུ་སྟེ་གསུམ་པའོ༔ དེ་ནས་བཛྲ་པཱ་ཎི་ཡིས༔ རིག་པའི་ལྷ་ལ་འདི་སྐད་གསོལ༔ སྒྲུབ་ཁོག་ཏིང་འཛིན་དེ་ལྟར་ན༔ མན་ངག་ལག་ལེན་བཟླས་པའི་སྔགས༔ མ་ནོར་རིམ་པར་བཤད་དུ་གསོལ༔ ཞེས་ཞུས་པས༔ འཇམ་དཔལ་གཤིན་རྗེས་བཀའ་བསྩལ་པ༔ ཉོན་ཅིག་བཤད་ཀྱིས་ཡིད་ལ་ཟུངས༔ འདི་ཡི་སྒྲུབ་པ་བྱེད་དུས་སུ༔ ཤིན་ཏུ་གཙང་ཞིང་དབེན་པའི་སར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ༔ མགྲོན་བཞི་གཏོར་མས་མཉེས་པར་བྱ༔ བདག་དང་སེམས་ཅན་ཐམས་ཅད་ཀྱི༔ ཀླུ་ནད་གདུག་པ་བསལ་བའི་ཕྱིར༔ བདག་གིས་ཀླུ་རྣམས་ཀུན་གྱི་གཤེད༔ སྲིན་པོ་ནཱ་ག་རག་ཤ་བསྒྲུབ༔ སྙིང་ནས་ཞེ་བཅད་དྲག་པོ་ཡིས༔ རུས་པའི་གཏིང་ནས་བསམ་པར་བྱ༔ དེ་རྗེས་སྟོང་པའི་ངང་ཉིད་ལས༔ རང་ཉིད་རིག་པ་སྙིང་དཀྱིལ་དུ༔ གནས་པའི་ཕེ་ནག་གཅིག་ཏུ་བསྒོམ༔ སྐུ་བོང་གདུག་པ་འདུལ་བའི་ཕྱིར༔ རགས་ཏེ་རང་ལས་མི་ཆུང་བསྒོམ༔ ཐུགས་ཀའི་སྔགས་ལས་མེ་འབར་ནས༔ མགར་གྱི་ཚྭ་ཚྭ་ལྟ་བུར་འཕྲོས༔ བདག་གཞན་ཕྱི་ནང་བསྲེགས་པ་དང༔ ཁྱད་པར་རང་ལུས་མེ་དཔུང་བསྒོམ༔ དེ་ལྟར་བསྒོམས་པའི་ངང་ཉིད་ལས༔ གསང་བའི་སྙིང་པོ་འདི་ཉིད་བགྲང༔ ཨོཾ་ཕེ་ལཾ་ཧཱུྃ༔ ཞེས་པའི་ཡིག་འབྲུ་བཞི་པ་བཟླ༔ གྲངས་ནི་འབུམ་ཕྲག་གསུམ་གྱིས་བསྙེན༔ དེ་ཡི་རྟགས་ནི་འདི་ལྟར་འོང༔ རྨི་ལམ་བཤལ་སྐྱུག་རྣག་ཁྲག་འཛག༔ མངོན་སུམ་རང་སེམས་སྔར་བས་བདེ༔ བས་ལྡག་ཤུ་བ་ཐོར་བུ་འབྱུང༔ ལུས་ལ་གསང་བའི་རྒྱ་ཡིས་ཐེབས༔ དུས་གསུམ་གཏན་གྱི་ཁ་ཆིངས་ཡིན༔ སྐྱེ་བ་འདི་དང་ཕྱི་མ་ལ༔ ཀླུ་ཡི་གནོད་པ་མི་འབྱུང་ངོ༔ དེས་ནི་གདོན་དུག་ཆུང་བ་རྣམས༔ ཀླུ་ནད་ཕལ་ཆེར་སེལ་བར་འགྱུར༔ ཞེས་གསུངས་སོ༔ ནཱ་ག་རཀྴ་སྲུང་ཟློག་གསང་བའི་རྒྱུད་ལས༔ ལག་ལེན་ཁ་ཆིངས་ཀྱི་ལེའུ་སྟེ་བཞི་པའོ༔ དེ་ནས་བཛྲ་པཱ་ཎི་ཡིས༔ རིག་པའི་ལྷ་ལ་འདི་སྐད་ཞུས༔ གལ་ཏེ་དེ་ལ་རྟགས་མེད་ན༔ ཤམ་བུའི་བྱེ་བྲག་ཇི་ལྟར་གདགས༔ ཞེས་ཞུས་པས༔ འཇམ་དཔལ་གཤིན་རྗེས་བཀའ་བསྩལ་པ༔ ཉོན་ཅིག་བཤད་ཀྱིས་ཡིད་ལ་ཟུངས༔ སོས་པ་བུལ་ཞིང་རྟགས་མེད་ན༔ བསྐྱེད་རིམ་གོང་དང་འདྲ་བ་ལ༔ ཁྲོ་གཏུམ་སྔར་བས་ཆེ་བར་བསྒོམ༔ འབྲུ་བཞི་པ་ལ་བཅུ་པ་གདགས༔ མི་ཉལ་བརྩོན་པས་ཉེར་གཅིག་བར༔ ཤིན་ཏུ་རིག་པ་ངར་བསྐྱེད་ལ༔ ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྴ་ཨོཾ་ཕེ་ལཾ་ཧཱུྃ༔ ཅེས་པ་སྒྲ་ཟུར་མ་ཉམས་བཟླ༔ དེ་ཡི་རྟགས་ནི་འདི་ལྟར་འོང༔ ལུས་ལ་ཡོད་པའི་གདོན་རྣམས་ནི༔ བྲེད་ནས་བྲོས་པའི་རྟགས་དང་ནི༔ གསང་བའི་ལྷ་རྟགས་ནོར་ར་རེ༔ དེ་ལ་དང་པོ་གདོན་འབྲོས་རྟགས༔ རྨི་ལམ་བསྙེན་པའི་དུས་ཚོད་ལ༔ མཚོ་སྐམ་པ་དང་རྫིང་སྐམ་པ༔ ཉ་དང་སྦལ་ལྕོང་ཤི་བ་དང༔ རུལ་མྱགས་རྣག་ཁྲག་འཛག་པ་དང༔ སྡིག་སྦྲུལ་ལ་སོགས་ཤི་སྐམ་དང༔ དུད་འགྲོ་སྣ་ཚོགས་བསད་པ་དང༔ བནྡེ་གཡག་རྒོད་བསད་པ་དང༔ ཆུ་བཅད་རྫིང་བརྟོལ་ཤིང་བཅད་དང༔ དེ་ལ་སོགས་པ་རྟགས་རྨིས་དུས༔ ལུས་ལ་གནས་པའི་སྲོག་ཆགས་རྣམས༔ དང་པོ་རྩ་ལ་བརྟེན་ནས་ཞུགས༔ བྲོས་ཀྱང་རྩ་ལ་བརྟེན་ནས་འབྲོས༔ ཚ་ཙག་པ་དང་ཤ་འཕྲིག་དང༔ སྐོར་ཚེར་ལྡང་ཀྱོག་ན་ཀར་དང༔ སྟོད་གཟེར་ཟ་ཁོལ་ཚ་ཤར་དང༔ གྲང་ཤར་ལ་སོགས་རྟགས་འབྱུང་སྟེ༔ ཤིན་ཏུ་མ་བདེ་གཟེར་ལངས་ན༔ ཁམས་གསོས་བཏང་ཞིང་ཚོད་བཟུང་ངོ༔ དེས་ནི་ཇི་ལྟར་ཡིན་ན་ཡང༔ མྱུར་དུ་སོས་པར་ཐེ་ཚོམ་མེད༔ ཅེས་གསུངས་སོ༔ ནཱ་ག་རཀྴ་སྲུང་ཟློག་གསང་བའི་རྒྱུད་ལས༔ ཤམ་བུ་དྲག་སྒྲུབ་ཀྱི་ལེའུ་སྟེ་ལྔ་པའོ༔ དེ་ནས་བཛྲ་པཱ་ཎི་ཡིས༔ རིག་པའི་ལྷ་ལ་འདི་སྐད་གསོལ༔ ཀྱེ་ཧོ་དཔའ་བོ་ཆེན་པོ་ལགས༔ རྟགས་དང་དྲོད་ཚད་མ་ཤེས་ན༔ གཉིས་ཀ་ཕུང་བའི་ཉེན་མཆིས་པས༔ ནད་རོ་སྨན་གྱིས་ཇི་ལྟར་འདོན༔ གསང་བའི་ལྷ་རྟགས་ཇི་ལྟར་འོང༔ ཐ་མའི་ཚོད་འཛིན་གང་ལ་བྱ༔ ཞེས་ཞུས་པས༔ འཇམ་དཔལ་གཤིན་རྗེས་བཀའ་བསྩལ་པ༔ ཉོན་ཅིག་བཤད་ཀྱིས་ཡིད་ལ་ཟུངས༔ དང་པོ་ནད་འདི་གདོན་ཡིན་པས༔ ཞི་བཅོས་འཇམ་པོས་ཨེ་སོས་བལྟ༔ དེས་ཀྱང་སོས་པར་མ་གྱུར་ན༔ སྒང་གཤོང་འཐོན་གསུམ་ཞེས་བྱ་སྟེ༔ རེས་འགའ་དྲག་སྒྲུབ་གཉིད་མེད་བྱ༔་་་འདི་སྒང་ཡིན་ཏེ་ཤམ་བུ་ཅན་དྲག་ཏུ་བཟླ། རེས་འགའ་གོང་བསྙེན་གཉིད་ཅན་བྱ༔་་་འདི་གཤོང་ཡིན་ཏེ་ཡི་གེ་བཞི་པ་བཟླ། རེས་འགའ་ཅི་བདེར་གློད་ནས་བཞག༔་་་འདི་འཐེན་པ་ཞེས་བྱ་སྟེ་སྔགས་དང་ཏིང་འཛིན་གང་ཡང་མི་བྱ། བསྙེན་པའི་ཚད་ལ་གཉིས་ཡིན་ཏེ༔ ཐལ་དང་མ་ཐལ་གཉིས་ཡིན་ནོ༔ ལུུས་པོ་ལྡོག་ཐབས་ན་དུ་གཟེར༔ རྨི་ལམ་རང་དང་དུད་འགྲོ་རྣམས༔་་་སྦལ་ལྕོང་སྡོམ་སྡིག་ལ་སོགས་པ། ངམ་གྲོག་གཡང་ལ་མཆོངས་པ་རྨིས༔ སྔགས་མང་ཇེ་ཐུ་ཇེ་ཐུར་འགྲོ༔ དེ་ནི་ཐལ་བའི་རྟགས་ཡིན་ནོ༔ ས་བདག་སྲོག་ཆགས་ཕུག་པ་རྣམས༔ ཁོང་དུ་ཤི་བའི་རོ་ཤ་རྣམས༔ ཕྱིར་མ་ཐོན་པས་ནང་དུ་སོང༔ དེ་ལ་སྔགས་ཀྱིས་མི་འཆུན་པས༔ དེ་ལ་སྨན་གྱི་སྦྱོར་བ་ནི༔ བྱང་བ་ལ་་་བྱང་བ་རྒྱ་ཚྭ་སྡིག་སྲིན་ལྕམ་པ་སུག་སྨེལ་སོགས་འབིགས་བྱེད་ལྔ༔ རྣོན་པོ་གསུམ་་་སྲུབ་དབྱི་མང་ལྕེ་ཚ་བ་གྱི་ལྕག་གིས་བྲབ༔ དེས་ནི་ངེས་པར་བདེ་བར་འགྱུར༔ སྔགས་བསྙེན་མ་ཐེབས་པ་ཡི་རྟགས༔ ཐང་རེ་དྲག་ཀྱང་ཐང་རེ་ལྡོག༔ ཆོ་འཕྲུལ་རེས་ཞི་རེས་ཐུར་འོང༔ ཟིལ་མ་ནོན་ཅིང་ལུས་ཀྱང་ལྕི༔ དེ་ལ་སྔགས་ཀྱིས་རབ་བསྒྲུབས་པས༔ ཐེམ་པའི་རྟགས་མཚན་འདི་ལྟར་འབྱུང༔ ལུས་ཀྱི་བུ་ག་དགུ་ནས་སུ༔ སྡིག་སྦྲུལ་ལ་སོགས་དངོས་ཐོན་དང༔ རྨི་ལམ་དུ་ནི་ཐོན་རྨིས་དང༔ སྣོད་དུ་ཆུ་བཏང་རི་མོ་ནི༔ སེམས་ཅན་གཟུགས་ཅན་ལ་སོགས་འོང༔ འདི་རྣམས་ཐོན་པའི་རྟགས་ཡིན་ནོ༔ གསང་བ་ལྷ་རྟགས་མཚན་ཉིད་ནི༔ གདོན་ཐོན་རང་གིས་རྒྱ་མཚོ་ཡི༔ སྟེང་དུ་ཕྱིན་པས་མེ་འབར་དང༔ ཀླུ་གདོན་ས་བདག་ལ་སོགས་པའི༔ ཆོ་འཕྲུལ་ཡིན་པར་ཤེས་པ་ཀུན༔ རང་གིས་བསད་ཅིང་ཟོས་པ་དང༔ བྱ་ཁྲ་གཅན་ཟན་ལ་སོགས་པས༔ དུད་འགྲོ་ཕལ་ཆེར་གསོད་པ་དང༔ བདག་ཉིད་ཀླུ་བདུད་ང་རྒྱལ་གྱིས༔ ཉམ་ང་བག་ཚ་མེད་པ་རུ༔ ཐམས་ཅད་གཏུབས་ཤིང་ཟས་སུ་ཟ༔ རྐང་ཁོལ་ལུས་རྩེ་སྦྲིད་པ་དང༔ བས་ལྡག་ཤུ་བ་ཐོར་བུ་འབྱུང༔ དེ་ནི་ཀླུ་བདུད་འཇམ་དཔལ་གྱི༔ མཚན་མའི་རྟགས་སུ་ཤེས་པར་བྱ༔ དེ་ནས་བསྙེན་པའི་ཚོད་བཟུང་ངོ༔ དེས་ནི་གསང་བའི་རྒྱས་ཐེབས་པས༔ གདུག་པའི་ནད་ལས་རབ་ཐར་ནས༔ ཁམས་བདེ་དབང་པོ་གསལ་བར་འགྱུར༔ འདི་ལྟ་བུ་ཡི་རྒྱས་ཐེབས་ན༔ དུས་གསུམ་ཀུན་ཏུ་ལྡོག་་་པའི་དོགས་པ་མེད་དོ༔ དེ་ལས་བསྙེན་པ་ཐལ་བ་ན༔ དབྱར་དང་དགུན་རེ་ཙམ་དུ་ནི༔ ལུས་པོ་ཐོར་བས་ཁེངས་ཉེན་ཡོད༔ དེ་ལ་རང་གི་སྤྱི་གཙུག་གི༔ བླ་མ་མི་བསྐྱོད་རྐྱང་པར་བསྒོམ༔ སྤྱི་བོ་མགྲིན་པ་སྙིང་ཁ་རུ༔ དཀར་དམར་མཐིང་གསུམ་འོད་ཀྱི་དཀྱིལ༔ ཨོཾ་ཨཱཿཧཱུྃ་གསུམ་བཟླས་པར་བྱ༔ དེས་ནི་ཇི་ལྟ་བུ་ཡང་ཐུབ༔ མ་ཐེམས་དྲག་པའི་ཉེས་པ་སྐྱོབ༔ འདི་ཡི་ཡོན་ཏན་བརྗོད་ལས་འདས༔ ཅེས་གསུངས་སོ༔ ནཱ་ག་རཀ་ཤ་སྲུང་ཟློག་གསང་བའི་རྒྱུད་ལས༔ དྲོད་ཚད་ཉེས་པ་བཅོས་པའི་ལེའུ་སྟེ་དྲུག་པའོ༔ དེ་ནས་བཛྲ་པཱ་ཎི་ཡིས༔ རིག་པའི་ལྷ་ལ་འདི་སྐད་གསོལ༔ ཀླུ་དང་སྡེ་བརྒྱད་ཀུན་བསྡོངས་ནས༔ བསྙེན་ཀྱང་སྒྲུབ་པའི་རྟགས་བུལ་ན༔ དེ་ཡི་མན་ངག་བཤད་དུ་གསོལ༔ ཞེས་ཞུས་པས༔ འཇམ་དཔལ་གཤིན་རྗེས་བཀའ་བསྩལ་པ༔ ཉོན་ཅིག་བཤད་ཀྱིས་ཡིད་ལ་ཟུངས༔ ཀླུ་དང་མ་མོ་གནོད་པ་ན༔ མིག་གི་ཐིག་ལེ་ཁྲག་ཏུ་འོང༔ རང་ཉིད་བསྐྱེད་རིམ་གོང་དང་འདྲ༔ བཟླས་པའི་སྔགས་ནི་འདི་དག་གོ༔ ཨོཾ་ཨཱཿཧཱུྃ་ཏྲག་མ་མ་ཨོཾ་ཕེ་ལཾ་ཧཱུྃ༔ འབུམ་ཕྲག་གཅིག་གིས་གདོན་ལས་གྲོལ༔ ཀླུ་དང་རྨུ་བསྡོངས་གནོད་པ་ན༔ མིག་གི་ཐིག་ལེ་ལྗང་ཁུར་འོང༔ ཏིང་འཛིན་དམིགས་པ་གོང་དང་འདྲ༔ བཟླས་པའི་སྔགས་ནི་འདི་དག་གོ༔ ཨོཾ་ཨཱཿཧཱུྃ་བྷ་ཏྲི་ཨོཾ་ཕེ་ལཾ་ཧཱུྃ༔ འབུམ་ཕྲག་གཅིག་གིས་གདོན་ལས་གྲོལ༔ ཀླུ་དང་བདུད་དུ་བསྡོངས་གནོད་ན༔ མིག་གི་ཐིག་ལེ་ནག་ཅིང་རྩུབ༔ རང་ཉིད་ཏིང་འཛིན་གོང་དང་འདྲ༔ བཟླས་པའི་སྔགས་ནི་འདི་དག་གོ༔ ཨོཾ་ཨཱཿཧཱུྃ་དུ་ཏྲི་ཨོཾ་ཕེ་ལཾ་ཧཱུྃ༔ འབུམ་ཕྲག་གཅིག་གིས་གདོན་ལས་གྲོལ༔ ཀླུ་དང་གཤིན་རྗེ་སྲིན་པོ་བསྡོངས་གནོད་ན༔ མིག་གི་ཐིག་ལེ་ཉ་མིག་འདྲ༔ ཏིང་འཛིན་དམིགས་པ་གོང་དང་འདྲ༔ བཟླས་པའི་སྔགས་ནི་འདི་དག་གོ༔ ཨོཾ་ཨཱཿཧཱུྃ་ཡ་མ་རཀྴ་ཨོཾ་ཕེ་ལཾ་ཧཱུྃ༔ འབུམ་ཕྲག་གཅིག་གིས་གདོན་ལས་གྲོལ༔ ཀླུ་དང་བཙན་དུ་བསྡོངས་གནོད་ན༔ མིག་གི་ཐིག་ལེ་གུར་གུམ་འོང༔་་་དམར་པོ། ཏིང་འཛིན་དམིགས་པ་གོང་དང་འདྲ༔ བཟླས་པའི་སྔགས་ནི་འདི་དག་གོ༔ ཨོཾ་ཨཱཿཧཱུྃ་ཙ་ཏྲི་ཨོཾ་ཕེ་ལཾ་ཧཱུྃ༔ འབུམ་ཕྲག་གཅིག་གིས་གདོན་ལས་གྲོལ༔ ཀླུ་དང་གནོད་སྦྱིན་བསྡོངས་གནོད་ན༔ མིག་གི་ཐིག་ལེ་བུམ་པ་འདྲ༔ ཏིང་འཛིན་དམིགས་པ་གོང་དང་འདྲ༔ བཟླས་པའི་སྔགས་ནི་འདི་དག་གོ༔ ཨོཾ་ཨཱཿཧཱུྃ་ཡགཤ་ཨོཾ་ཕེ་ལཾ་ཧཱུྃ༔ འབུམ་ཕྲག་གཅིག་གིས་གདོན་ལས་གྲོལ༔ ཀླུ་དང་འགོང་པོ་བསྡོངས་གནོད་ན༔ མིག་གི་ཐིག་ལེ་རྒྱ་མདུད་ཟུར་བརྒྱད་འོང༔ ཏིང་འཛིན་དམིགས་པ་གོང་དང་འདྲ༔ བཟླས་པའི་སྔགས་ནི་འདི་དག་གོ༔ ཨོཾ་ཨཱཿཧཱུྃ་རཱ་ཙ་སྲོག་ཐིག་ཐུཾ་རིལ་ནན་ཨོཾ་ཕེ་ལཾ་ཧཱུྃ༔ འབུམ་ཕྲག་གཅིག་གིས་གདོན་ལས་གྲོལ༔ ཀླུ་དང་གཟའ་རུ་བསྡོངས་གནོད་ན༔ མིག་གི་ཐིག་ལེ་རྨ་བྱའི་མདོངས་འདྲ་འཆར༔ ཏིང་འཛིན་དམིགས་པ་གོང་དང་འདྲ༔ བཟླས་པའི་སྔགས་ནི་འདི་དག་གོ༔ ཨོཾ་ཨཱཿཧཱུྃ་རཱ་ཧུ་ལ་དུ་ཏྲི་ཨོཾ་ཕེ་ལཾ་ཧཱུྃ༔ འབུམ་གྱིས་གཟའ་ཡི་དུག་ལས་གྲོལ༔ སྡོང་ཟླ་ཇི་བཞིན་གནད་ལ་བབ༔ ཁྱེའུས་ཁྱི་གུ་འཇུན་པ་ལྟར༔ ཤིན་ཏུ་ཟབ་པར་ཤེས་པར་བྱ༔ ཅེས་གསུངས་སོ༔ ནཱ་ག་རཀྴ་སྲུང་ཟློག་གསང་བའི་རྒྱུད་ལས༔ སྡོང་ཟླ་སྲོག་ལ་བསྐོར་བ་གསང་བའི་ལེའུ་སྟེ་བདུན་པའོ༔ དེ་ལྟར་འཇམ་དཔལ་གཤིན་རྗེ་ཡིས༔ གསང་བདག་ལ་ནི་འདི་སྐད་གསུངས༔ ཡང་ཅིག་བཤད་ཀྱིས་ཡིད་ལ་ཟུངས༔ སྨན་གྱི་སྦྱོར་བས་ནད་རྣམས་ཞི༔ སྒོམ་བཟླས་སྦྱོར་བས་གདོན་རྣམས་གྲོལ༔ རྐུན་མའི་ལག་པས་དབང་སྡུད་འགྲུབ༔ མཛེ་ཐོད་བསྟན་དགྲ་དམྱལ་ཐག་གཅོད༔ བུམ་པའི་སྔགས་ཀྱིས་ཆར་པ་འབེབ༔ རྫས་སྦྱོར་ལྔ་ཡིས་དྲག་པོར་འབེབ༔ ཁྱུང་ནག་ཙཀྲས་སེར་བ་སྲུང༔ འཁོར་ནག་མ་བུས་ཡུལ་ཁམས་འཇིག༔ དེས་ན་ནཱ་ག་རཀྴ་འདི༔ ཀླུ་གཉན་གདོན་གྱི་སྲོག་ཡིན་པས༔ ལས་དང་བྱ་བ་ཐོགས་མེད་འགྲུབ༔ འདི་ནི་དྲག་པོ་རང་གནད་ཏེ༔ མྱུར་དུ་འཇིགས་པའི་ནད་ལས་གྲོལ༔ ལྷ་ནི་གཞན་དག་སྒྲུབ་ཐག་རིང༔ དེ་ཕྱིར་འདི་འདྲའི་མན་ངག་འདིས༔ གསང་བདག་འགྲོ་བའི་དོན་ལ་དགོངས༔ འདི་ཡི་ཡོན་ཏན་བསམ་མི་ཁྱབ༔ རིག་པའི་རྒྱལ་པོ་འདི་ཉིད་ནི༔ དྲན་པ་ཙམ་གྱིས་ཀླུ་རྣམས་འཇོམས༔ ས་བདག་ས་སྲིན་སྨོས་ཅི་དགོས༔ ས་བདག་ཀླུ་ཡི་གཤེད་མ་འདི༔ ནཱ་ག་རཀ་ཤ་ཞེས་བྱ་སྟེ༔ ཀླུ་རྣམས་ཀུན་གྱི་གཤེད་མར་འགྱུར༔ ཀླུ་རྣམས་སྲོག་གཅོད་སྲིན་པོ་ཡིན༔ འདི་ཉིད་སྒྲུབ་པའི་རྣལ་འབྱོར་པ༔ ཀླུ་གཉན་འཇིགས་པ་ཀུན་དང་བྲལ༔ ཀླུ་གཉན་ས་བདག་རིགས་ལྔ་ཡི༔ ཕོ་བྲང་གནས་ཁང་མེར་བསྲེགས་ཀྱང༔ རང་ལུས་རྡོ་རྗེ་ཕ་ལམ་འགྱུར༔ རིག་པའི་རྒྱལ་པོ་འདི་བསྒོམས་ནས༔ ཀླུ་ཡི་གནས་སུ་ཕྱིན་གྱུར་ན༔ ཀླུ་གཉན་ཐམས་ཅད་བརྒྱལ་ཞིང་སྔངས༔ དེ་ཕྱིར་ཕྱི་རབས་རྣལ་འབྱོར་གྱིས༔ སྒོམ་བཟླས་ཞག་བདུན་འབད་ཅིང་བསྒྲུབ༔ ཀླུ་ནད་མཛེ་རིགས་བཅོ་བརྒྱད་ཐུབ༔ འདི་ལས་ཟབ་པའི་མན་ངག་ནི༔ འཇིག་རྟེན་འདི་ན་ཡོད་རེ་ཀན༔ གསང་བདག་ཉིད་ཀྱིས་ཐུགས་ལ་དགོངས༔ རྟ་རྨིག་ལྕགས་ཀྱིས་བཏུམས་བྱས་ནས༔ འཛམ་གླིང་ཀུན་ཏུ་བཙལ་གྱུར་ཀྱང༔ རྙེད་པར་མི་འགྱུར་སྲུང་བ་འདི༔ འཕགས་པ་རྣམས་ཀྱིས་གསུངས་པ་མེད༔ རྫུ་འཕྲུལ་ཡོན་ཏན་ཐོབ་གྱུར་ནས༔ སྟོང་གསུམ་མི་མཇེད་བསྐོར་གྱུར་ཀྱང༔ སྲུང་ཟློག་འདི་ལས་ཟབ་པ་ནི༔ དུས་གསུམ་རྒྱལ་བས་གསུངས་པ་མེད༔ གསུངས་སོ༔ ནཱ་ག་རཀ་ཤ་སྲུང་ཟློག་གསང་བའི་རྒྱུད་ལས༔ ལས་ཚོགས་མཐར་རྒྱས་ཟབ་པར་བསྟན་པའི་ལེའུ་སྟེ་བརྒྱད་པའོ༔ འཇམ་དཔལ་གཤིན་རྗེས་བཀའ་བསྩལ་པ༔ ཡང་ཅིག་བཤད་ཀྱིས་ཡིད་ལ་ཟུངས༔ གསང་བ་མཆོག་གི་རྒྱུད་འདི་ནི༔ སྔགས་འཆང་སྐུ་ཚེ་བསྲིང་བ་དང༔ ཕྱི་རབས་རྣལ་འབྱོར་བཙས་སུ་བཞག༔ ཀུན་ལ་བསྟན་ན་དམ་ཚིག་ཉམས༔ དེ་ཕྱིར་གསང་བདག་ཉིད་ལ་གཏད༔ འཇམ་དཔལ་ཐུགས་ཁྲོས་གསང་བ་ཡི༔ ཐུགས་ཀྱི་བཅུད་ཕྱུང་མན་ངག་འདི༔ བློ་ཆུང་ཐེག་པ་དམན་ལ་གསང༔ སྐལ་མེད་ཕྲག་དོག་ཅན་ལ་གསང༔ ལོག་ལྟ་ཡིད་ཆེས་མེད་ལ་གསང༔ ཤེས་རབ་སྙིང་རྗེ་ཆུང་ལ་གསང༔ གཏི་མུག་ཞེ་སྡང་ཆེ་ལ་གསང༔ མན་ངག་སྣོད་དུ་མི་རུང་བ༔ གང་ཟག་ཆོས་སྐལ་མི་ལྡན་པའི༔ ཞེ་སྡང་མེ་ལྟར་འབར་ལ་གསང༔ ཕྲག་དོག་རླུང་ལྟར་འཚུབས་ལ་གསང༔ ང་རྒྱལ་རི་ལྟར་སྤུངས་པ་དང༔ འདོད་ཆགས་ཆུ་ལྟར་འཁོལ་བ་དང༔ གཏི་མུག་མུན་ལྟར་འཐིབས་པ་དང༔ དུག་ལྔའི་ས་བོན་རྒྱས་པ་ཡི༔ མི་ལུས་དུད་འགྲོ་རྣམས་ལ་གསང༔ བློ་དམན་ཤེས་རབ་ཐོས་ཆུང་ཞིང༔ བླ་མ་མི་བསྟེན་སྐྱོན་ལ་བལྟ༔ ཡོན་ཏན་མི་འཚོལ་སྐྱོན་འཚོལ་བའི༔ ཆོས་དྲེད་རྣམས་ལ་གསང་བར་བྱ༔ སྲུང་ཟློག་ནཱ་ག་རཀྴ་ཡི༔ སྙིང་བཅུད་དྲིལ་བའི་རྒྱུད་འདི་ནི༔ ཐེག་ཆེན་དོན་དུ་གཉེར་ལ་གཏད༔ ཤེས་རབ་སྙིང་རྗེ་ཆེ་ལ་གཏད༔ ཆོས་རྒྱལ་རིག་རྩལ་ལྡན་ལ་གཏད༔ ཞེ་སྡང་སེར་སྣ་ཆུང་ལ་གཏད༔ ང་རྒྱལ་འདོད་པ་མེད་ལ་གཏད༔ ཕྲག་དོག་གཏི་མུག་སྤངས་ལ་གཏད༔ གསང་ཐུབ་བརྩོན་འགྲུས་ཅན་ལ་གཏད༔ བྱང་སེམས་སྐལ་ལྡན་བུ་ལ་གཏད༔ སྲུང་ཟློག་གསང་བའི་ཏནྟྲ་འདི༔ གཙུག་གི་ནོར་བུར་ཁུར་ནས་ཀྱང༔ ཀློག་དང་འཆང་དང་ཀུན་ཆུབ་གྱིས༔ རྒྱུད་འདི་བཞུགས་པའི་ས་ཕྱོགས་སུ༔ མི་མཐུན་ཕྱོགས་རྣམས་རབ་ཞི་ནས༔ བཀྲ་ཤིས་དཔལ་འབྱོར་ཕུན་ཚོགས་ཤིང༔ བསམ་པ་ཡིད་བཞིན་འགྲུབ་པར་འགྱུར༔ ཅེས་གསུངས་སོ༔ ནཱ་ག་རཀ་ཤ་སྲུང་ཟློག་གསང་བའི་རྒྱུད་ལས༔ ཡོངས་སུ་གཏད་པའི་ལེའུ་སྟེ་དགུ་པའོ༔ བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེས་རྒྱུད་ལེའུ་དགུ་པ་གསུངས་པས༔ རིགས་ཀྱི་ཁྲོ་བོ་དང་ཁྲོ་མོ་དང༔ ལྷ་དང༔ ཀླུ་དང༔ མིའི་རིག་པ་འཛིན་པ་རྣམས་ཡི་རངས་ཏེ་མངོན་པར་བསྟོད་དོ༔ ཀླུ་བདུད་འབུམ་གྱི་ཏི་ཀ་སྲུང་ཟློག་གསང་བའི་རྒྱུད་ཅེས་བྱ་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཆོས་རྒྱལ་རིན་ཆེན་གླིང་པས་འབྲི་ཐང་ཀོ་རོ་བྲག་ནས་གདན་དྲངས་པའོ།། ༁ཱ༔ འཇམ་དཔལ་ཀླུ་བདུད་ནཱ་ག་རཀ་ཤའི་རྗེས་གནང་དབང་གི་རིམ་པ་བཞུགས་སོ༔ འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་ཀྱི་སྤྲུལ་པ༔ ཀླུ་བདུད་ནཱ་ག་རག་ཤ་ལ་ཕྱག་འཚལ་ལོ༔ ཀླུ་བདུད་ནཱ་ག་རག་ཤའི་རྗེས་གནང་བྱ་བ་ནི༔ གནས་ཁང་བྱི་དོར་དང༔ དཀོན་མཆོག་དྲུང་དུ་མཆོད་བཤམ་བྱ༔ གཞན་རྣམས་བྱ་བ་སྤྱི་དང་མཐུན་ཞིང༔ ཁྱད་པར་ཅོག་ཙེའམ་ཁྲིའི་སྟེང་དུ༔ དཀར་གྱི་གཏོར་མ་ལྔ་ཚར་གྱི་དང་པོ་བླ་མ་དཀོན་མཆོག༔ གཉིས་པ་འཇམ་དཔལ༔ གསུམ་པ་ཆོས་སྐྱོང༔ བཞི་པ་གཞི་བདག༔ ལྔ་པ་རིགས་དྲུག་དང་གནོད་བྱེད་སོགས་ལ་བསྔོ་ཞིང༔ བར་ཆད་མ་བྱེད་ཅིག་སོགས་བཀའ་བསྒོ་ཕྲིན་ལས་བཅོལ༔ དེ་ནས་སློབ་མ་རྣམས་ལ་ཁྲུས་བྱས་གྲལ་ལ་འཁོད་པ་དང༔ ལས་ཀྱི་རྡོ་རྗེས་མཎྜལ་ཕུལ་ཏེ༔ སློབ་དཔོན་གྱིས་འདིའི་ལོ་རྒྱུས་རྣམས་རྒྱས་པར་བཤད༔ སྐྱབས་འགྲོ་སེམས་བསྐྱེད་རྒྱུན་བཤགས་སྔོན་དུ་འགྲོ་བ་རྣམས་གསུངས་པའི་རྗེས་ཟློས་ལན་གསུམ་དུ་བྱས་ལ༔ སློབ་དཔོན་གྱིས་རང་ལྷ་གསལ་འདེབས་པ་ནི༔ གཞལ་ཡས་ཁང་ནི་སྐྱིད་ཀྱང་རང་ངོ་ཤེས་མ་ཤེས་ཞེས་བྱ་བའི་འཁྲུལ་འཁོར་གྱི་མཚམས༔ འཇིག་རྟེན་འདས་མ་འདས་ཞེས་བྱ་བའི་སོ་མཚམས་ན༔ ཆོས་ཉིད་འབུམ་འཁྲུགས་མ་ཞེས་བྱ་བའི་རྒྱ་མཚོ་ཆེན་པོ་གཅིག་ཡོད་དེ༔ གནས་དེ་ཉིད་ཀྱང་ཤར་ནས་ཞེ་སྡང་གི་མེ་འབར་བ༔ ལྷོ་ནས་ང་རྒྱལ་གྱི་རི་གཟེངས་པ༔ ནུབ་ནས་འདོད་ཆགས་ཀྱི་ཆུ་འཁོལ་བ༔ བྱང་ནས་ཕྲག་དོག་གི་རླུང་འཚུབས་པ༔ འོག་ནས་གཏི་མུག་གི་མུན་པ་གཏིབས་པ༔ སྟེང་ནས་ཡེ་ཤེས་ཀྱི་ཉི་ཟླ་འཆར་བ༔ སྣང་སྲིད་འཁོར་འདས་ལྷུན་གྱིས་གྲུབ་པའི་ཕོ་བྲང༔ རྒྱ་མཚོ་ཆེན་པོ་ཀུན་ཏུ་དྭངས་པ༔ མེ་ཏོག་སྣ་ཚོགས་ཀྱིས་སྤྲས་པ༔ ཀླུ་ཆེན་བརྒྱད་ཀྱིས་ཀ་བ་བྱས་པ༔ གནམ་ས་སྟེང་འོག་ཐམས་ཅད་སྦྲུལ་གྱི་གདུང་ཐོག་ཏུ་ཕུབ་པ༔ ས་བདག་ཀླུ་གཉན་ཐམས་ཅད་ཟས་སུ་ཟ་ཞིང་བསྒྲལ་བའི་ཞིང་དུ་གྱུར་པའི་ཕོ་བྲང་ཆེན་པོའི་དབུས་སུ༔ ཀླུ་རྒྱལ་རིགས༔ རྗེའུ་རིགས༔ དམངས་རིགས༔ བྲམ་ཟེའི་རིགས༔ གདོལ་པའི་རིགས་ལ་སོགས་པའི་ཀླུ་འབུམ་སྡེ༔ ས་བདག་སྟོང་སྡེ༔ གཉན་འབུམ་སྡེ་རྣམས་གཅལ་དུ་བཀྲམ་ཞིང༔ གདན་དུ་བཏིང་ནས་ཟས་སུ་ཟ་བའི་ཁྲི་སྟེང་དུ༔ རང་ཉིད་བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་ཀྱི་སྤྲུལ་པ༔ བཅོམ་ལྡན་འདས་རིག་པའི་རྒྱལ་པོ༔ ནཱ་ག་རཀ་ཤ་ནག་པོ་ཏི་པ་ཙ་ཡ་ཞེས་བྱ་བ༔ ཀླུ་བདུད་མགོ་བོ་དགུ་པ་སྟོད་སྲིན་པོའི་གཟུགས་ཅན༔ སྐུ་རྒྱབ་རི་རབ་ལ་གཏད་པ༔ སྐུ་སྨད་སྦྲུལ་མཇུག་རྒྱ་མཚོའི་སྟེང་དུ་འཁྱིལ་བ༔ རྩ་ཞལ་སྲིན་པོའི་ཞལ་ཅན་རབ་ཏུ་གདངས་པ༔ སྦྲུལ་མགོ་དགུ་ནི་བར་སྣང་ལ་འཕྱོ་བའི༔ སྦྲུལ་མགོ་དབུས་མ་རཏྣའི་པྲོག་ཞུ་ཅན༔ ཕྱག་བཅུ་དྲུག་དེ་གཡས་བརྒྱད་ཀྱིས་གྲི་གུག་དང༔ གཡོན་བརྒྱད་ཀྱིས་སྦྲུལ་ཞགས་ཐོགས་ཤིང༔ ཕྱག་དང་པོ་གཉིས་ཐུགས་ཀར་བསྣོལ་བ༔ གཞན་རྣམས་སྦྲེལ་ཏེ་འཛིན་པ༔ སྐུ་མདོག་རྡོ་མདུང་རྩེའམ༔ དུག་ཧ་ལའི་མདོག་ལྟ་བུར་འཚེར་ཞིང་འཕྲོ་བ༔ ཞལ་རྣམས་ནས་ཨིག་ཤ་ཨིག་ཤ་ཞེས་པའི་སྒྲ་དྲག་པོ་སྒྲོག་ཅིང༔ ཀླུ་གཉན་ས་བདག་ཐམས་ཅད་འདར་ཞིང་དངངས་པར་བྱེད་པ༔ ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་བསྐྱེད་ཅིང༔ ཁྱད་པར་ཅོག་ཙེའི་སྟེང་གི་ལྷ་གཏོར་དང་ནཱ་ག་རཀ་ཤའི་སྐུ་དབྱེར་མེད་དུ་གསལ་བཏབ་པའི་སྦྲུལ་མགོ་དབུས་མའི་སྟེང་དུ༔ པདྨ་ཟླ་བའི་གདན་ལ་རྩ་བའི་བླ་མ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་སྐུ་ལས་འོད་ཟེར་འཕྲོ་བར་གསལ་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ༔ དཀར་དམར་མཐིང་གསུམ་གསལ་བཏབ༔ སློབ་མའི་གནས་གསུམ་དུའང་གསལ་བཏབ༔ སློབ་མའི་སྙིམ་པར་མེ་ཏོག་དང་བཅས་ཏེ་གསོལ་བ་བཏབ་པ་ནི༔ བླ་མ་རིན་པོ་ཆེ་བདག་ལ་བཅོམ་ལྡན་འདས་འཇམ་དཔལ་ནཱ་ག་རཀ་ཤའི་སྐུས་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་ལན་གསུམ་བརྗོད་པ་འོག་མ་རྣམས་ལའང་རིགས་འགྲེ་བར་བྱ༔ དེ་ནས་བླ་མའི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ཡོན་ཏན་ཐམས་ཅད་བསྡུས༔ སློབ་མའི་དཔྲལ་བའི་ཨོཾ་ལ་ཐིམ༔ ལུས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་དག༔ ལུས་འཇམ་དཔལ་སྐུ་རྡོ་རྗེའི་ངོ་བོར་གྱུར་པར་བསམ་པ་ནི་བུམ་དབང་ངོ༔ དེ་བཞིན་དུ་མགྲིན་པའི་ཨཱཿདང༔ ཐུགས་ཀའི་ཧཱུྃ་ལ་ཡང་འགྲེ་ཞིང༔ གསང་དབང་དང་ཤེས་རབ་ཀྱི་ངོ་སྤྲད༔ ཡང་བླ་མའི་གནས་གསུམ་གྱི་ཡི་གེ་རྣམས་ལས་འོད་ཟེར་ཁ་དོག་སྣ་ཚོགས༔ སློབ་མའི་ལུས་ངག་ཡིད་གསུམ་དང༔ བ་སྤུའི་སྒོ་ཐམས་ཅད་དུ་ཐིམ་པས༔ ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་དག༔ འཇམ་དཔལ་གྱི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་པར་བསམ་པ་ནི་དབང་བཞི་པའོ༔ རྗེས་ཐམས་ཅད་གཞན་དང་མཐུན་ཞིང༔ སྤྱོད་ལམ་ཐམས་ཅད་དུ་ནཱ་ག་རཀ་ཤའི་ང་རྒྱལ་དང་ལྡན་པས༔ ས་གཉན་དུ་ཉལ་བ་སོགས་ཐུག་ཕྲད་ཅི་བྱེད་ཀྱང་ཉམ་ང་དང་བག་ཚ་མེད་པར་ལོངས་སྤྱོད་དོ༔ དགེ་བ་བསྔོ་བ་སོགས་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཤུ་བྷཾ༔ འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཇམ་དཔལ། ཕྱག་ན་རྡོ་རྗེ། སློབ་དཔོན་པདྨ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ཆོས་རྒྱལ་རིན་ཆེན་གླིང་པའོ། །༁ཱ༔ འཇམ་དཔལ་ཀླུ་བདུད་ནཱ་ག་རཀ་ཤའི་བརྟག་པ་རིན་ཆེན་ཉི་མའི་སྒྲོན་མེ་བཞུགས་སོ༔ རྒྱ་གར་སྐད་དུ༔ ཤ་ཥ་ཨུ་པ་དེ་ཤ་རཏྣ་སཱུརྻ་དཱི་པ་ནཱ་མ༔ བོད་སྐད་དུ༔ བརྟག་པ་རིན་ཆེན་ཉི་མའི་སྒྲོན་མ་ཞེས་བྱ་བ༔ དཔལ་ལྡན་མཐུ་སྟོབས་ཅན་ལ་ཕྱག་འཚལ་ལོ༔ བསྐལ་པ་དུས་ཀྱི་སྙིགས་མ་ལ༔ མི་རྣམས་ཚེ་ཐུང་བསོད་ནམས་བྲི༔ ལོངས་སྤྱོད་ཆུང་ལ་ཉོན་མོངས་ཆེ༔ ལས་སུ་བརྐོ་རློག་ཤིང་གཉན་གཅོད༔ གདོན་དུ་ས་བདག་ཀླུ་གཉན་དར༔ ནད་དུ་ཤུ་ཐོར་མཛེ་ཡིས་འཛིན༔ འཕྲལ་བཙོག་ཕུགས་སུ་གསོ་བར་དཀའ༔ དེ་ཉིད་གསལ་ཕྱིར་བརྟག་ཐབས་བསྟན༔ ཨེ་མ་སྐལ་ལྡན་སེམས་ལ་ཆོངས༔ དེ་ཡང་འགྲོ་བ་མིའི་ལུས་ལ༔ སྤྱི་བོའི་གཙུག་ནས་རྐང་མཐིལ་བར༔ གདུག་པ་ཀླུ་ཡིས་ཟིན་མ་ཟིན༔ གསལ་བའི་མན་ངག་འདི་ལྟ་སྟེ༔ ནམ་མཁའ་མཐོངས་ནས་རྡིབ་མ་རྡིབ༔་་་ཤ་རོ་སྤྱི་གཙུག་ནས་བྱུང་མ་བྱུང་། སྤྲིན་དཀར་སྐྱེ་བོས་ཐེབས་མ་ཐེབས༔་་མིག་སྤྲིན་འཐུག་མི་འཐུག །དཔག་བསམ་ཤིང་ལོ་ཉིལ་མ་ཉིལ༔་་་སྐྲ་དང་སྨིན་མ་བྱི་མ་བྱི། མེ་ཏོག་སད་ཀྱིས་ཁྱེར་མ་ཁྱེར༔་་་བཞིན་གྱི་མདངས་ཤོར་མ་ཤོར། གནམ་མཚོ་གཏིང་ནས་སྐེམ་མ་སྐེམ༔་་མིག་གི་མདངས་ཞུ་མ་ཞུ། ཁྲག་གི་མཚོ་མོ་བསྐྱོད་མ་སྐྱོད༔་་མཁུར་ཚོས་སྨུག་མ་སྨུག །དབུས་ཀྱི་ཀ་བ་འགྱེལ་མ་འགྱེལ༔་་སྣ་ཞོམ་མ་ཞོམ། གངས་དཀར་རྩེ་ནས་ཞུ་མ་ཞུ༔་་་སོ་རྩི་དཀར་པོའི་བཀྲག་ཤོར་མ་ཤོར། འཇའ་ཚོན་དཀྱིལ་འཁོར་ཡལ་མ་ཡལ༔་་དབང་པོ་ལྔ་ཡི་མདངས་ཤོར་མ་ཤོར། འབྲུག་གི་སྒྲ་སྐད་ཆག་མ་ཆག༔་་སྐད་ཀྱི་མདངས་ཤོར་མ་ཤོར། ཕྲིན་སྟེང་དྲི་མ་ལོག་མ་ལོག༔་་དྲི་མ་ངན་པ་མནམ་མི་མནམ། མཚོ་བཞི་དཀྱུས་སུ་བཅར་མ་བཅར༔་་ཉྭ་བཞི་སྐམ་མ་སྐམ། དུག་མཚོ་ནག་པོ་ལུད་མ་ལུད༔་་ཆུ་སེར་ནང་དུ་ལུད་མ་ལུད། རྒྱལ་པོའི་གདན་ས་ཟིན་མ་ཟིན༔་་ཤ་རོས་ས་གཅིག་བཟུང་ནས་རུས་པ་ལ་ཐེབས་མ་ཐེབས། འབངས་ཀྱི་གྲོང་ཁྱེར་གཡེལ་མ་གཡེལ༔་་གོང་དང་གོང་དུ་འཕོ་མི་འཕོ། འབྱུང་བ་རྒྱུན་ལམ་ཆད་མ་ཆད༔་་ཤ་རོ་རྩ་འགག་ལ་བཏབ་མ་བཏབ། ནགས་ཚལ་རླུང་གིས་གཡོས་མ་གཡོས༔་་བ་སྤུ་ལོག་མ་ལོག མཚེར་བ་ནང་ལ་བཟུང་མ་བཟུང༔་་ཤ་རོ་གཉན་སར་བྱུང་མ་བྱུང་། སྤྲུལ་པའི་གཟུགས་བརྙན་འགྱེལ་མ་འགྱེལ༔་་ཤ་རོ་ལ་གཟུགས་བརྙན་ཤར་མ་ཤར། བདུད་ཀྱི་ཐམ་ལ་ཐིབས་མ་ཐིབས༔་་མཚན་མར་ཐིག་ལེ་བྱུང་མ་བྱུང་། མཚོ་སྟེང་མེ་ཏོག་རྒྱས་མ་རྒྱས༔་་ཤ་རོའི་སྟེང་དུ་ཆུ་བུར་བྱུང་མ་བྱུང་། འཆི་བདག་ཟ་མ་དྲངས་མ་དྲངས༔་་ལོ་སོང་མ་སོང་། ལྕགས་ཀྱི་ཞུ་ལུབ་གྱོན་མ་གྱོན༔་་ཤ་རོ་ལ་མཚོན་གྱིས་བཙོགས་པས་བཟོད་མི་བཟོད། མཚོན་གྱི་རེག་པ་རྩུབ་མི་རྩུབ༔་་ནད་ཟུག་གཟེར་ཆེ་ཆུང་། བསམ་གཏན་གཡེང་བས་གཙེར་མ་གཙེར༔་་རྨི་ལམ་འཇམ་པ་དང་རྩུབ་པ་མང་ཉུང་། རྒྱ་མཚོ་གཏིང་ནས་བརྡོལ་མ་བརྡོལ༔་་རུས་པའི་མཐིལ་དང་རྐང་པའི་མཐིལ་དུ་ཤ་རོ་ཤོར་མ་ཤོར། ཕ་མེས་གདན་ས་ཕོག་མ་ཕོག༔་་མཛེ་རིགས་ཡོད་མེད། ལས་ལ་དོན་གོ་བྱུང་མ་བྱུང༔་་་རིམ་གྲོ་སོགས་ཀྱིས་ཕན་མི་ཕན། མགྲོན་པོ་ལ་ལ་འདས་མ་འདས༔་་གསོ་ཐབས་རུང་མི་རུང་དཀའ་སླ། སྣང་བྱེད་མེ་ལོང་མུན་སེལ་བཞིན༔ དོན་གཉིས་ལྡན་པས་་་མཁས་པ་ཤེས་རབ་ཅན་གྱིས་མཚན་ཉིད་སོགས། ལེགས་པར་བརྟག༔ དེ་ལྟར་བརྟག་པས་སྒྲོན་མེ་ལྟ་བུར་ཟིན་མ་ཟིན་དང་འཚོ་བ་དཀའ་སླའི་རིམ་པ་རྣམས་ཤེས་སོ༔་་་ཇི་ལྟར་ཡིན་པའི་དོན་རྣམས་རྟོགས༔ ཀླུ་རྒྱུད་འབུམ་གྱི་ཏི་ཀ་འདི༔ ཨོ་རྒྱན་པདྨ་བདག་གི་བཀའ༔ ཀུན་འདུས་ཞལ་གྱི་སྙིང་པོ་ཡིན༔ སེམས་ལ་ཆོངས་ཤིག་ས་མ་ཡ༔ མན་ངག་རིན་ཆེན་ཉི་མའི་སྙིང་པོ་ལས༔ ཕྱིའི་མཚན་ཉིད་བརྟག་པའི་ལེའུ་སྟེ་དང་པོའོ༔ འགྲོ་བ་མི་ཡི་ལུས་དག་ནི༔ གདུག་པ་ཀླུ་ཡིས་ཟིན་པ་ལ༔ དབང་པོའི་དྭངས་མ་གསལ་བྱེད་མིག༔ དེ་ལ་བརྟག་པའི་ཐབས་བསྟན་པ༔ དབྱིབས་ལ་ཟིན་དང་མ་ཟིན་བརྟག༔ དེ་ཡང་ཉི་མ་མི་བཟོད་པའི༔ ཟུར་གསུམ་སྔོ་དེ་འབྲུམ་ནག་ཅན༔ ཡས་ལྕིབས་མས་ལྕིབས་འགུལ་བ་དང༔ ཟླུམ་པོ་མདངས་ཤོར་ཆུ་འཛག་དང༔ འབོར་ཉོང་ཚག་སོ་སྐབས་སུ་འགུལ༔ ལུག་པའམ་མར་མེར་ཤ་འཛེར་ཅན༔ འོལ་པོ་རྣག་ཆུ་འཛག་པ་རྣམས༔ གདོན་གྱིས་ཟིན་པའི་རྟགས་སུ་བསྟན༔ མིག་སྤྲིན་དཀར་པོའི་རྩ་རིགས་ལ༔ གདོན་རིགས་ནད་ཀྱི་བྱེ་བྲག་བསྟན༔ རྩ་རིག་དཀར་པོ་ཟིང་ངེ་བ༔ མིག་གི་སྟེང་ན་ཟུག་པ་ནི༔ ལུས་ཀྱི་ཤ་རོ་སྟོད་ན་ཡོད༔ ཤ་རོ་ཁ་དོག་དཀར་པོ་ཡོད༔ མཆན་ཁུང་ཐེབས་ན་སོས་པ་དཀའ༔ སྦྲུལ་ནི་འཁྱུགས་པ་འདྲ་བ་འམ༔ ཁྱེ་འུ་བུ་མོའི་གཟུགས་བྱུང་ན༔ རྒྱལ་རིགས་ཆུ་ཡི་དུག་ཅན་གདོན༔ མཇུག་མ་སྤྱི་གཙུག་མདུན་ནས་ཞུགས༔ སྡོང་ཟླ་རྒྱལ་པོ་མ་མོའི་གདོན༔ ཁ་དོག་སྐྱ་བོ་ནད་གཞི་རླུང༔ ལྕི་ཞིང་འཐིབས་སིང་སྨྱོ་འབོག་འོང༔ དེ་ནི་བཅོས་སུ་སླ་བ་ཡིན༔ རྩ་ལ་ཐིག་ལེ་དཀར་སེར་འབྱུང༔ རྒྱལ་རིགས་སྤྲུལ་པའི་རྟགས་ཡིན་ཏེ༔ ནས་འདྲ་བྱུང་ན་ཞིང་ས་དང༔ དུར་སའི་འདྲེ་དང་ས་གདོན་གནོད༔ བྲེ་ཁ་འདྲ་ན་ཁང་སའི་གདོན༔ ཡུངས་དཀར་འདྲ་ན་གཏད་པའི་གདོན༔ ནར་མོ་ཤིང་བཅད་ས་ནས་གདོན༔ ཐིག་ལེ་གཅིག་བྱུང་ལོ་གཅིག་སོགས༔ དེ་བཞིན་མང་ཉུང་ལོ་གྲངས་ཤེས༔ རྩ་རིས་དམར་པོ་ཟིང་ངེ་བ༔ མིག་གི་གཡས་ན་ཟུག་པ་ནི༔ ལུས་ཀྱི་ཤ་རོ་གཡས་ན་ཡོད༔ ཤ་རོ་ཁ་དོག་དམར་པོར་ཡོད༔ རྐང་གཡས་མཐིལ་ལ་ཐེབས་ན་དཀའ༔ དམར་པོ་སྦྲུལ་གཟུགས་འདྲ་བ་འམ༔ བ་དམར་གླང་དམར་གཟུགས་འདྲ་ན༔ རྗེའུ་རིགས་མེ་ཡི་དུག་ཅན་གདོན༔ ཞུགས་པ་གཡས་ནས་ཞུགས་པ་ཡིན༔ སྡོང་ཟླ་ཀླུ་དང་བདུད་དུ་བསྡོངས༔ ཁ་དོག་དམར་པོ་ནད་གཞི་ཁྲག༔ གཟེར་ཐབས་ཟུག་རྔུ་ཅན་དུ་འོང༔ དེ་ནི་བཅོས་པ་འབྲིང་དུ་བཤད༔ རྩ་ལ་ཐིག་ལེ་དམར་པོ་ནི༔ སྲན་མ་ལེབ་བཅར་འདྲ་བྱུང་ན༔ རྗེའུ་རིགས་སྤྲུལ་པའི་རྟགས་ཡིན་ཏེ༔ གཞན་རྣམས་གོང་བཞིན་ཤེས་པར་བྱ༔ རྩ་རིས་སེར་པོ་ཟིང་ངེ་བ༔ མིག་གི་གཡོན་ན་ཟུག་པ་ནི༔ ལུས་ཀྱི་ཤ་རོ་གཡོན་ན་ཡོད༔ ཤ་རོ་ཁ་དོག་སེར་པོར་ཡོད༔ ལྟག་ཁུང་ཐེབས་ན་གསོ་བ་དཀའ༔ ཉ་འམ་རྩང་པའི་གཟུགས་སམ་ནི༔ སྟག་གམ་སྡིག་པའི་གཟུགས་འདྲ་ན༔ བྲམ་ཟེ་ས་ཡི་དུག་ཅན་གདོན༔ ཞུགས་པ་གཡོན་ནས་ཞུགས་པ་ཡིན༔ སྡོང་ཟླ་གཉན་དང་ཀླུ་བདུད་བསྡོངས༔ ཁ་དོག་སེར་པོ་ནད་གཞི་མཁྲིས༔ ཟུག་རྔུ་ཆུང་ཞིང་གཉིད་པ་འོ༔ དེ་ནི་བཅོས་པ་འབྲིང་དུ་ཤེས༔ རྩ་ལ་ཐིག་ལེ་སེར་པོ་ནི༔ འབྲུམ་ནག་མདོག་བཞིན་བྱུང་བ་ན༔ བྲམ་ཟེའི་སྤྲུལ་པའི་རྟགས་ཡིན་ཏེ༔ གཞན་རྣམས་སྔར་དང་འདྲ་བ་ཡིན༔ རྩ་རིས་སྔོན་པོ་ཟིང་ངེ་བ༔ མིག་གི་འོག་ནས་ཟུག་པ་ནི༔ ལུས་ཀྱི་ཤ་རོ་སྨད་ན་ཡོད༔ ཤ་རོའི་ཁ་དོག་སྔོ་ནག་པ༔ བྱིན་པ་གསང་བར་ཐེབས་ན་དཀའ༔ སྦལ་པ་ལྕོང་མོའི་གཟུགས་སམ་ནི༔ རྟ་དང་དྲེ་འུའི་གཟུགས་འདྲ་ན༔ དམངས་རིགས་རླུང་གི་དུག་ཅན་གདོན༔ ཞུགས་པ་རྐང་མཐིལ་རྒྱབ་ནས་ཞུགས༔ སྡོང་ཟླ་ཀླུ་དང་བདུད་གཉིས་བསྡོངས༔ ཁ་དོག་སྔོ་ནག་ནད་གཞི་གྲང༔ ལྷོག་པ་གཟེར་ནད་ཅན་དུ་འོང༔ དེ་ནི་འཚོ་བ་དཀའ་བ་ཡིན༔ རྩ་ལ་ཐིག་ལེ་སྔོ་རྒྱང་ནི༔ ཟུར་གསུམ་ཟླ་གམ་བྱུང་བ་ན༔ དམངས་རིགས་སྤྲུལ་པའི་རྟགས་ཡིན་ཏེ༔ གཞན་མ་སྔར་གྱིས་ཤེས་པར་བྱ༔ རྩ་རིས་ནག་པོ་ཟིང་ངེ་བ༔ མཚམས་སམ་གཡོན་ནས་ཟུག་པ་ནི༔ ལུས་ཀྱི་ཤ་རོ་ངེས་པ་མེད༔ ཤ་རོ་ཁ་དོག་ནག་པོ་འོང༔ གསང་གནས་སྙིང་གར་ཐེབས་ན་དཀའ༔ འདི་ཡི་རྟགས་ཀྱང་ཕལ་ཆེར་ནི༔ མིག་སྤྲིན་ནག་པོར་འོང་བ་མང༔ གཟུགས་ནི་བྱོལ་སོང་སྣ་ཚོགས་སམ༔ འཇའ་ཚོན་ཆུ་རིས་འདྲ་བ་ན༔ གདོལ་པ་ནམ་མཁའི་དུག་ཅན་གནོད༔ ཞུགས་པ་ནང་མ་གཡོན་ནས་ཞུགས༔ སྡོང་ཟླ་སྡེ་བརྒྱད་བཙན་དང་བསྡོངས༔ ཁ་དོག་ནག་པོ་ནད་གཞི་འདུས༔ བེམ་པོ་ལུས་པོ་རྒྱས་པ་འོང༔ དེ་ནི་ཤིན་ཏུ་བཅོས་པ་དཀའ༔ རྩ་ལ་ཐིག་ལེ་ནག་པོ་ནི༔ སྡོམ་གཟུགས་འདྲ་བ་བྱུང་བ་ན༔ གདོལ་པ་ནག་པོའི་སྤྲུལ་པའི་རྟགས༔ དབྱིབས་སོགས་ཐོག་མས་ཤེས་པར་བྱ༔ དེ་ལྟར་རྩ་ཡི་རི་མོ་རྣམས༔ དཀར་པོའི་དཀྱིལ་ལམ་གསུམ་གཉིས་སུ༔ སླེབས་ཀྱང་ལུས་ལ་ནད་མེད་ན༔ དེ་ནི་གཏིང་དུ་མ་ཞེན་པས༔ ཞི་བཅོས་ཙམ་ལས་གཞན་མི་དགོས༔ དཀར་ནག་མཚམས་སུ་སླེབས་འདུག་ན༔ དེ་ནི་གསོ་རུ་རུང་བ་སྟེ༔ རིགས་མེད་གོང་བསྙེན་ཙམ་གྱིས་ཆོག༔ རིགས་ཡོད་སྒྲུབ་པ་བྱེད་དུ་ཡོད༔ ནག་པོའི་མཚམས་སུ་སླེབས་པ་ན༔ དེ་ནི་གཏིང་དུ་ཞེན་པ་སྟེ༔ རིགས་ཡོད་རིགས་མེད་གང་ཡིན་ཀྱང༔ བསྙེན་སྒྲུབ་ལ་ནི་འབད་དུ་གཞུག༔ འདི་ནི་འཚོ་བ་དཀའ་བ་ཡིན༔ རྩ་ཡི་དངོས་པོ་གང་ཡིན་ཀྱང༔ ཕྲ་ཞིང་ཁ་དོག་གསལ་བ་དང༔ རྩེ་གཅིག་གནས་ནས་མི་འགུལ་ན༔ ནད་མེད་རྩ་རིགས་ཡིན་པར་ཤེས༔ ཆེ་ཆུང་འགྱུར་ལྡོག་མང་པོ་བྱེད༔ ཐག་པ་བཞིན་དུ་ཕྲིལ་ལེ་འམ༔ རྒྱུ་མ་ཕུས་ནི་བཏབ་པ་བཞིན༔ ཆ་ཆ་ནས་ནི་ཁེངས་པ་ནི༔ གདོན་གྱི་རྩ་རུ་ཤེས་པར་བྱ༔ དེ་ལྟར་རྩ་ཡི་རྩེ་མོ་ལ༔ མདུང་ལ་བ་དན་བཏགས་འདྲ་ན༔ ཀླུ་གདོན་ས་སྲིན་གནོད་པ་ཡིན༔ རྟ་ཞོན་ཁྱི་ཁྲིད་འདྲ་བ་ན༔ ཀླུ་བཙན་ཀླུ་བདུད་གནོད་པ་ཡིན༔ མཁའ་ལ་སྤྲིན་ནག་ཆགས་འདྲ་ན༔ རྒྱལ་འགོང་ཐེའུ་རང་གནོད་པ་ཡིན༔ བྱ་ནག་ཁྱི་ནག་འདྲ་བ་ན༔ མ་མོ་སྲིན་མོའི་གནོད་པ་ཡིན༔ ཟོར་བའམ་མཚོན་རྩེ་འདྲ་བ་ན༔ ཕ་རོལ་རྦད་འདྲེ་གནོད་པ་ཡིན༔ ཐིག་ལེ་བྱ་རྗེས་འདྲ་བ་ན༔ ས་བདག་མོ་རིགས་གནོད་པ་ཡིན༔ དེ་ལྟར་གདོན་གྱི་བྱེ་བྲག་བརྟག༔ མིག་སྤྲིན་ནག་པོའི་རྒྱལ་མོ་ལ༔ འཚོ་བ་དཀའ་སླ་ལོ་གྲངས་བརྟག༔ གདོན་ལ་རྩ་རིགས་མང་ཡོད་ཀྱང༔ ཕལ་ཆེར་སྟེང་འོག་གཉིས་ནས་འཇུག༔ དེ་ཡང་སྟེང་ནས་འཇུག་པ་མང༔ ཀླུ་བདུད་ནག་པོས་འཆི་བ་སྟེ༔ སྦྲང་སོ་ཆེ་ཡིས་མདུང་རྒྱབ་བཞིན༔ སྒྲ་གཅན་འཛིན་ལ་ཡོང་སོང་ན༔ འཁོར་ལོ་རལ་ནས་ཆུ་མིག་ཉམས༔ མེ་དང་ཉི་མ་མི་བཟོད་པས༔ སྔོ་སྐྱ་ལོག་གེར་འཁྲེགས་ཤོར་ན༔ གསང་བདག་བྱོན་ཀྱང་ལྡོག་མི་འགྱུར༔ དེ་ལྟར་མ་སོང་བཅོས་དཀའ་ནི༔ ཞེན་པ་ཆུང་ན་བཅོས་སུ་ཡོད༔ ཞེན་པ་ཆེ་ན་འཚོ་བ་དཀའ༔ ཞེན་པ་ཆེ་ཆུང་ལོ་གྲངས་ཡིན༔ ལོ་གྲངས་མང་ཉུང་ཐིག་ལེར་གསལ༔ མིག་སྤྲིན་ནག་པོའི་སྟེང་དུ་ནི༔ ཐིག་ལེ་འབྲེལ་ལམ་མ་འབྲེལ་བ༔ ནག་པོ་གཅིག་བྱུང་ལོ་གཅིག་སོང༔ གཉིས་བྱུང་ལོ་གཉིས་གསུམ་བཞི་དང༔ ལྔ་རུ་འདས་ན་བཅོས་སུ་མེད༔ གཏིང་དུ་ཞེན་པས་ཐལ་བ་ཡིན༔ དེ་ལྟར་རྩ་རིགས་ཐིག་ལེ་ཡང༔ ཁ་དོག་ནས་འབྲུ་ཙམ་དུ་སོང༔ སྟེང་གདོན་སྟེང་ཉུལ་ཙམ་དུ་སོང༔ དེ་ལྟར་མིག་སྤྲིན་ནག་པོ་ལ༔ ལེགས་ཉེས་ཐམས་ཅད་བརྟག་པར་བྱ༔ འབྲས་བུ་ལ་ནི་སླེབས་ནས་སུ༔ གོང་བཞིན་བཅོས་ཀྱང་མི་འཚོ་འོ༔ དེ་ལྟར་སྔ་དྲོ་ཕྱི་དྲོའི་དུས༔ མཁས་པས་ཁྲུས་བྱས་བརྟག་པ་ཡིས༔ ལུས་ཀྱི་ནད་ནི་གར་ཡོད་ཀྱང༔ དབང་པོ་དྭངས་མ་མིག་ཡིན་པས༔ མེ་ལོང་ནང་གི་གཟུགས་བཞིན་འཆར༔ དེ་ལྟར་པདྨ་ང་ཡི་བཀའ༔ སྙིང་ལ་ཆོངས་ཤིག་ས་མ་ཡ༔ མན་ངག་རིན་ཆེན་ཉི་མའི་སྒྲོན་མེ་ལས༔ དབང་པོའི་དྭངས་མ་མིག་ལ་བརྟག་པའི་ལེའུ་སྟེ་གཉིས་པའོ༔ འགྲོ་བ་མི་ལུས་འདོམ་གང་ལ༔ གདུག་པའི་ནད་ཀྱིས་ཟིན་པ་ལ༔ ལུས་ཀྱི་མེ་ཏོག་བྱད་བཞིན་ཡིན༔ དེ་ཡིས་བརྟག་ཐབས་བསྟན་པ་ནི༔ བཞིན་གྱི་དབྱིབས་མིག་གཅེར་མཐོང་བརྟག༔ སྔོན་པོ་བཀྲག་མེད་ཡུ་སེའམ༔ ནག་པོ་མཐུག་རུལ་བམ་པའམ༔ གདོང་པ་དམར་ལ་ཧམ་པ་ཆགས༔ སྐྱ་གོག་གཏིང་ནས་མདངས་མེད་དང༔ དམར་པོ་སྤྲིན་བྲལ་མེ་ཏོག་མེད༔ སྔར་བས་བཞིན་ནི་མི་སྡུག་འགྱུར༔ ཤ་ནི་འགྲོ་མགྱོགས་མེད་པ་དང༔ ཡོ་ཞིང་བློ་བར་མངོན་པ་དང༔ མ་བརྟག་ཚེ་ན་ལེགས་པ་དང༔ བརྟག་པའི་ཚེ་ན་མེད་པ་དང༔ འགྱུར་ལྡོག་ཤིན་ཏུ་ཆེ་བ་དང༔ ཤ་ནི་ཆེ་ཆུང་བྱེད་པ་དང༔ དོན་མེད་ཤ་རོ་འོང་བ་དང༔ དང་པོ་མེད་སྙམ་མི་གསལ་དང༔ བལྟས་པའི་ཚེ་ན་མ་ལེགས་པ༔ མིག་ནས་མཆི་མ་འཛག་པ་དང༔ སྣ་ཁྲག་དྲག་ཏུ་འོང་བ་ནི༔ ནད་ཀྱི་ཁ་ལུད་བཅོས་པ་དཀའ༔ གདོན་གྱིས་ཟིན་པའི་དབྱིབས་ཡིན་ནོ༔ ཆུ་ཡིས་བཀྲུས་ལ་མཚན་མ་བརྟག༔ ཆུའམ་ཆང་གིས་དག་པར་བཀྲུས༔ ཉི་གྲིབ་མཚམས་སུ་བརྟག་པའི་ཚེ༔ དང་པོ་ལྷག་གེར་གསལ་བ་དང༔ དེ་ནས་འགོས་རྩེར་འགྲོ་བ་དང༔ དང་པོ་བག་ཙམ་མི་གསལ་ལ༔ ཕྱིས་ནི་གསལ་པོར་འགྲོ་བ་དང༔ ཆུ་ཡི་ཟིལ་པ་མི་ཆགས་དང༔ མྱུར་དུ་སྐམ་ནས་འགྲོ་བ་ན༔ ཟིལ་ཕྲོམ་ཆགས་ན་སྐྱོན་མེད་ཡིན༔ བ་སྤུའི་རྩེ་ལ་ཆགས་ན་འབྲིང༔ ཆུ་ནི་མི་ཆག་སྐོར་ལེ་དང༔ སྐམ་པ་གང་སྐྱེན་དེ་རྣམས་ལ༔ ཤ་རོ་ཆུ་སེར་ཡོད་པ་ཡིན༔ བ་སྤུ་ལོག་ཅིང་འཛིངས་པ་དང༔ སྐྲ་དང་སྨིན་མ་བྱི་ན་དཀའ༔ བཞིན་ལ་དེ་སྔ་མེད་པ་ཡི༔ ཐིག་ལེ་ཤ་བཀྲ་བྱུང་བ་ན༔ ངེས་པར་ཀླུ་ཡིས་ཟིན་པ་ཡིན༔ ལོ་ལྔ་འདས་ནས་གསོར་མི་རུང༔ བཞིན་གྱི་བཀྲག་ཤོར་འཚོ་བ་དཀའ༔ ཞེན་པ་ཆེ་ཆུང་འབུར་ལ་བརྟགས༔ ཤ་འབུར་གདོན་གྱི་ཆོ་འཕྲུལ་ཏེ༔ གཏིང་དུ་མ་ཞེན་ཁ་ན་ཡོད༔ ཚ་ནི་ཧྲང་ཧྲང་བྱེད་པ་དང༔ ན་ཚ་ཀར་ཀར་བྱེད་པ་དང༔ ཕྲལ་དུ་ཁ་ཡོ་མིག་སླེ་དང༔ ན་ཚ་ཟུག་གཟེར་ཆེ་བ་ཀུན༔ ཞེན་ནི་ཆུང་བས་བཅོས་སུ་སླ༔ དེ་ནི་སྔགས་ཀྱི་ནུས་པ་ཡིན༔ འབྲུམ་བུ་དམར་ཆུང་ཚ་བ་འོང༔ སྔགས་བཟླས་རྟགས་ཡིན་སྐྱོན་མེད་དོ༔ གཏིང་འབུར་ནད་གཞི་རྒྱས་པ་ཡིན༔ འབྲུམ་བུ་ཤ་གང་ཉྭ་གང་རྣམས༔ རུས་པའི་གཏིང་ན་འཐས་པས་ངན༔ དེ་ལ་ཆུ་བུར་མེ་ཏོག་ཤར༔ ཚ་ནི་བམ་གྱིས་བྱེད་པ་རྣམས༔ གཏིང་ནས་རྒྱས་པས་བཅོས་སུ་མེད༔ རུས་པའི་གཏིང་ནས་ན་བ་དང༔ རྨ་དང་ཤུ་བ་སྤོ་བ་དང༔ ན་ཞིང་ཤིག་ཤིག་འགུལ་བ་དང༔ བྱད་ལ་ཤོག་འབག་བསྐོན་པ་བཞིན༔ སྐོབ་པོ་ཡོད་སྙམ་བྱེད་པ་དང༔ རེག་གམ་འཇུས་ཀྱང་མི་ཚོར་ན༔ ཁ་དོག་ལེགས་ཀྱང་ནད་རོ་ཡིན༔ འཚོ་བར་དཀའ་བས་སྤང་བར་བྱ༔ ཁ་དོག་ཇི་ལྟར་འགྱུར་བྱེད་ཀྱང༔ གཏིང་གི་མདངས་ནི་མི་འགྱུར་ན༔ འཚོ་བ་བུལ་ཡང་བཅོས་སུ་ཡོད༔ བྱད་སྐྱོན་གཡས་སུ་ཡོད་པ་ན༔ ལུས་ཀྱི་ནད་ཀྱང་གཡས་ལ་ཡོད༔ གཡོན་ལ་ཡོད་ན་ལུས་ཀྱང་གཡོན༔ དཔྲལ་ལ་ཡོད་ན་ལྟོ་དང་རྒྱབ༔ སྣ་གོང་མན་ཆད་མདུན་དང་སྨད༔ ལུས་ལ་གར་ཡོད་བཞིན་ལས་ཤེས༔ བཞིན་ལ་ཤ་རོ་བྱུང་བ་ནི༔ རང་བཞིན་འཚོ་བ་དཀའ་བར་བཤད༔ མཁས་པས་ལེགས་པར་བརྟགས་པ་ན༔ ནད་ནི་གར་ཡོད་བཞིན་ལས་ཤེས༔ དེ་ལྟར་ཨོ་རྒྱན་ང་ཡི་བཀའ༔ སྙིང་ལ་ཆོངས་ཤིག་ས་མ་ཡ༔ མན་ངག་རིན་ཆེན་ཉི་མའི་སྒྲོན་མེ་ལས༔ བྱད་བཞིན་ལ་བརྟག་པའི་ལེའུ་སྟེ་གསུམ་པའོ༔ གདུག་པའི་ཀླུ་ཡིས་ཟིན་པ་ལ༔ སེམས་ནི་རྟེན་ལ་སྲོག་ཤིང་ལུས༔ དེ་ཡི་བརྟག་ཐབས་བསྟན་པ་ནི༔ ཤ་རོ་གཉན་དང་མི་གཉན་བརྟག༔ སྤྱི་བོའི་གཙུག་ནས་རྐང་མཐིལ་བར༔ ཤ་རོ་འབྲུམ་པ་གཟུགས་བརྙན་དང༔ ཁ་དོག་སྣ་ཚོགས་བྱུང་ན་ངན༔ ཤ་རོ་གཟུགས་ནི་མེད་པ་དང༔ རང་བཞིན་ཁ་དོག་མང་འགྱུར་སླ༔ ཁ་དོག་ཡོད་མེད་གང་ཡིན་ཀྱང༔ ཟ་ཞིང་ཚ་དང་འཕྲིག་པ་དང༔ ས་གཅིག་མི་གནས་འཕོ་བ་དང༔ ཕྱིས་ཀྱི་ལངས་པའི་རིགས་རྣམས་སླ༔ ས་གཅིག་སྡོད་ཅིང་འཕེལ་སྐྱེད་ཆེ༔ ཕྱི་ནི་ཚ་ཞིང་བེམ་པ་དང༔ གཏིང་ནས་ན་ཞིང་འཐས་པ་ནི༔ རུས་པའི་གཏིང་ནས་ཤ་རོ་སྐྱེས༔ གཏིང་འབུར་རྒྱས་པར་དཀའ་བ་ཡིན༔ རྩ་གཉན་ཉྭ་གཉན་བྱུང་བ་ན༔ ནད་ཀྱི་ལྕགས་གཟེར་འདྲ་སྟེ་གཉན༔ སྤྱི་གཙུག་ཡན་ལག་མཐིལ་བཞི་གཉན༔ གནས་ལྔར་བྱུང་ན་འཚོ་བ་དཀའ༔ རུས་ལ་མ་ཞེན་གཟེར་ཟུག་ཅན༔ ཕྱི་ལ་མ་འཕོས་འཚོ་བ་སླ༔ གཏིང་དུ་ཞེན་ན་མཚོན་བརྡེག་ཀྱང༔ རྨ་ལ་ཁྲག་ངན་ཧོར་མིག་ཅན༔ ཟུག་གཟེར་མེད་པ་འཚོ་བ་སྤང༔ ཤ་རོའམ་ནི་ཀོ་བའི་སྟེང༔ འབྲུམ་བུ་ཤར་ན་ཤིན་ཏུ་གཉན༔ མཚན་མ་སྙན་གོང་ཟིན་པ་ངན༔ ཚིག་ལ་གྲང་ནི་ལྷང་ལྷང་དུ༔ བྱུང་ན་བཅོས་སུ་མེད་པ་ཡིན༔ ཤ་རོ་དབྱིབས་དང་མཐུན་པ་ལ༔ རྣག་དང་ཆུ་སེར་བབས་གྱུར་ཀྱང༔ བྱད་དང་མིག་ལ་སྐྱོན་མེད་ན༔ གདོན་མེད་ནད་ཀྱི་ཤ་རོ་ཡིན༔ བཟླས་པས་མི་འཚོ་སྨན་གྱིས་འཚོ༔ ལུས་ཀྱི་སྟོད་སྨད་གར་བྱུང་ཡང༔ བེམ་པོ་མཚོན་ནི་རྡེག་ཐུབ་དང༔ རྨ་དང་སེར་ཁ་རེག་མེད་ན༔ བྱད་དང་མིག་ལ་སྐྱོན་མེད་ཀྱང༔ རང་བཞིན་དེ་ནི་མི་འཚོ་སྤང༔ རེག་བྱ་ཅན་དུ་འདུག་པ་ན༔ ལུས་པོ་བྱིན་གྱིས་སྐྲངས་པ་དང༔ མིག་ལ་གདོན་རྩ་འདུག་ཀྱང་འཚོ༔ རྒྱབ་གཞུང་སོག་པ་བརླ་ཤ་དང༔ སྣག་པོ་ཆེ་དང་གསུས་པ་དང༔ རུས་པ་མེད་པའི་སར་བྱུང་ན༔ བཟླས་པ་མི་དགོས་འཚོ་བ་སླ༔ རིགས་མེད་རྣམས་ལ་དུམ་རེ་ཙམ༔ བྱུང་ཡང་བཞག་པས་ཆོག་པ་ཡིན༔ རིགས་ཅན་རྣམས་ལ་ཟོན་ཆེར་བྱ༔ སྤུ་དང་དྲི་མ་བརྟག་པ་ནི༔ བ་སྤུ་གྱེན་དུ་ལོག་པ་དང༔ གཞོབ་ཏུ་རོག་རོག་སོང་བ་དང༔ གཟེངས་སམ་ཁོལ་བུར་བྱི་བ་དང༔ སངས་ཀྱིས་བྱི་ན་བཅོས་སུ་མེད༔ གཡའ་འགུལ་སྐམ་དང་འབྲིག་པ་དང༔ སྒུར་པོ་ཞ་གྲུམ་འཚོ་བ་སླ༔ རང་བཞིན་དྲི་ནི་མི་ཞིམ་ཞིང༔ ནང་དྲི་ཤིང་དྲི་རྡོ་དྲི་དང༔ གཤིན་དྲི་ལོག་པ་སྣོམ་པ་དང༔ སྐད་ཀྱི་མདངས་ཆགས་འཛེར་ལྐུགས་དང༔ འོན་ལོང་རྣག་ཁྲག་འབབ་པ་ནི༔ མི་འཚོ་བཅོས་སུ་མེད་པས་སྤང༔ འཕྲལ་ལ་ཟུག་གཟེར་ཆེ་བ་ན༔ མ་ཞེན་པ་ནི་བཅོས་སུ་སླ༔ དང་པོ་ཟུག་གཟེར་མེད་པ་རུ༔ རིམ་གྱིས་ཇེ་ནར་སོང་བ་ནི༔ གཏིང་དུ་སླེབས་པས་མི་འཚོ་སྤང༔ རྩ་ལ་བརྟག་པ་ལུས་བཀྲུས་ལས༔ ཤ་མདངས་བར་གྱི་ཁྲག་རྩ་རྣམས༔ སྔོ་དམར་རམ་ནི་སེར་ཁྱུག་གེ༔ ཐག་པ་དཀྱུས་པ་ལྟ་བུ་དང༔ སྦྲུལ་ནག་འཁྱུག་པ་ལྟ་བུ་དང༔ སེམས་ཅན་གཟུགས་བརྙན་སྣ་ཚོགས་འོང༔ འཕར་རྩ་སྦོམ་ཞིང་གྲུང་པ་དང༔ སྙུག་མ་མེ་ཡིས་ཚོས་པ་ལྟར༔ དྲག་ཅིང་རྩ་ལ་འབུར་བ་དང༔ ཆེ་ཆུང་རིང་ཐུང་མང་པོ་འོང༔ ནད་མེད་རྩ་ནི་ཕྲ་ལ་དྭངས༔ སྦོམ་ཕྲ་མེད་པར་དཀར་དམར་དུ༔ ཁྲ་བོ་ཤིགས་སེ་འོང་བ་ཡིན༔ མིག་གི་རྩ་ཡང་དེ་དང་འདྲ༔ དེ་ལྟར་མཁས་པས་ལེགས་བརྟགས་ན༔ ནད་ཀྱི་རང་བཞིན་གར་ཡོད་ཤེས༔ དེ་ལྟར་ཨོ་རྒྱན་ང་ཡི་བཀའ༔ སྙིང་ལ་ཆོངས་ཤིག་ས་མ་ཡ༔ མན་ངག་རིན་ཆེན་ཉི་མའི་སྒྲོན་མེ་ལས༔ ལུས་ལ་བརྟགས་པའི་ལེའུ་སྟེ་བཞི་པའོ༔ གདུག་པའི་ནད་ཀྱིས་ཟིན་པ་ལ༔ དོན་གྱི་མེ་ཏོག་དབང་པོ་ཡིན༔ དེ་ཡི་བརྟགས་ཐབས་བསྟན་པ་ནི༔ ནང་དུ་གང་ཟིན་ཕྱི་རུ་བརྟག༔ ནང་དུ་སྙིང་ལ་ཟིན་པའི་རྟགས༔ ཕྱི་རུ་ལྕེ་ལ་འབྲུམ་ནག་འོང༔ དེ་ནི་ཤ་རོར་སོང་ན་གསལ༔ ཟས་ཀྱི་རོ་མེད་སྙིང་མི་དགའ༔ སེམས་མི་གསལ་ཞིང་ཤེས་པ་འཐིབས༔ སྙིང་ལ་མེ་ཡིས་ཚིག་སྙམ་བྱེད༔ རེས་འགའ་སྙིང་ནི་ཆད་དེ་འོང༔ ནང་དུ་གློ་ལ་ཟིན་པའི་རྟགས༔ ཕྱི་རུ་སྣ་ཞོམ་སྣ་གཤོག་ཆད༔ སྣ་ལ་འབྲུམ་བུ་སེར་ཀ་དང༔ སྣ་ཁྲག་ཆུ་སེར་རྟག་ཏུ་འཛག༔ གློ་བ་མི་བདེ་གློ་སུན་འོང༔ ནང་དུ་མཆིན་པར་ཟིན་པའི་རྟགས༔ མིག་གི་ཟིལ་ཤོར་སྦོམ་མ་མིག༔ སྣང་བྱེད་མི་མཐོང་ཕྱི་སྙིང་འདོད༔ གླེའུ་མཆི་མ་རྒྱུན་དུ་འཛག༔ མཆིན་པ་མི་བདེ་མཁྲིས་པ་སྐྱུག༔ དང་ཁ་འགགས་ཤིང་ཟས་མི་འགྲོ༔ མཚེར་པ་ལ་ནི་ཟིན་པའི་རྟགས༔ ཆུ་འགག་བླེའུ་མི་ཚུགས་ཤིང༔ འཕྲིག་ཅིང་ཁ་ཡོ་ཤ་རོ་སྐྱེ༔ མཚེར་པ་ཁྲིགས་སུ་གཤག་སྙམ་བྱེད༔ ཟས་མི་འཇུ་ཞིང་རྟག་ཏུ་སྐྱུག༔ མཁལ་མ་ལ་ནི་ཟིན་པའི་རྟགས༔ རྣ་བ་འོན་ཞིང་འགགས་སྙམ་བྱེད༔ རྣ་བའི་ནང་དུ་ཆུ་བུར་འོང༔ མཁལ་མ་མཐེབ་མོས་དྲིལ་སྙམ་བྱེད༔ ཕོ་མཚན་མོ་མཚན་བཅད་པ་སྙམ༔ ཉམ་ཆུང་ཁུ་བ་རྟག་ཏུ་འཛག༔ དེ་ནི་དོན་ལ་ཟིན་པའི་རྟགས༔ འཚོ་བ་དཀའ་བས་སྤང་བར་བྱ༔ རུས་པ་ལ་ནི་ཟིན་པའི་རྟགས༔ སོ་རྩེ་སོ་ཡི་བཀྲག་ཀྱང་འཆོར༔ ན་ཞིང་སོ་ནི་བྲུལ་བར་འགུལ༔ ཆུ་རྒྱུས་ལ་ནི་ཟིན་པའི་རྟགས༔ ཞ་བོ་གྲུམ་དང་ཉམ་ཤེད་ཆུང༔ རྔམ་པ་རྒོད་ཅིང་ངལ་དུབ་ཆེ༔ ཕོ་མོའི་མཚན་མ་ལྡངས་མི་ནུས༔ ཤ་དང་ཁྲག་ལ་ཞུགས་པའི་རྟགས༔ ཉྭ་སྒང་ཆུ་སྒང་ཤ་སྒང་དང༔ སྐྲངས་པ་རྣམས་ལ་དཀྲིས་ཆུང་འོང༔ སྦྲིད་ནི་བེར་བེར་བྱེད་པ་དང༔ ཚ་ཞིང་རྩུབ་མོ་བེམ་བེམ་དང༔ ཁྲག་དང་ཆུ་སེར་འཛག་པ་དང༔ བུ་ག་དོན་མེད་ཡོང་བ་ཡིན༔ རྩ་དང་གནད་ལ་ཟིན་པའི་རྟགས༔ རྩ་རྣམས་འཁྱུག་ཅིང་ཤེས་པ་རྒོད༔ ཉོན་མོངས་པ་དང་ཟུག་གཟེར་ཆེ༔ དྲི་མི་ཞིམ་ཞིང་རྟོག་པ་རགས༔ སྐྱིའམ་ལྤགས་ལ་ཟིན་པའི་རྟགས༔ བརྩེ་བ་དང་ནི་འགུལ་སྙམ་བྱེད༔ འཕྲིག་ཅིང་སྦོས་དང་ཟ་བ་དང༔ སྨིན་མ་སྨ་ར་བ་སྤུ་བྱི༔ དེ་རྣམས་ཕལ་ཆེར་འཚོ་བ་དཀའ༔ མཁས་པས་ལེགས་པར་བརྟགས་པ་ན༔ ནང་གི་ནད་རྣམས་ཕྱི་ནས་རྟོགས༔ དེ་ལྟར་ཨོ་རྒྱན་ང་ཡི་བཀའ༔ སེམས་ལ་ཆོངས་ཤིག་ས་མ་ཡ༔ མན་ངག་རིན་ཆེན་ཉི་མའི་སྒྲོན་མེ་ལས༔ དབང་པོའི་དྭངས་མ་ལ་བརྟག་པའི་ལེའུ་སྟེ་ལྔ་པའོ༔ གདུག་པའི་ནད་ཀྱིས་ཟིན་པ་ལ༔ གདོན་གྱི་ཆོ་འཕྲུལ་རྨི་ལམ་འབྱུང༔ དེ་ཡི་བརྟགས་ཐབས་བསྟན་པ་ནི༔ རི་ཕུག་ཆུ་རོང་དོགས་པོ་རུ༔ མི་ཤོང་བཞིན་དུ་འཛུལ་བ་དང༔ གྲོག་པོ་གཏིང་རིང་ནང་དུ་འགྲོ༔ སྒོ་རིམ་མང་པོར་འཛུལ་བ་དང༔ ངམ་ནག་ཕུག་སྟོང་འགྲོ་བ་དང༔ མགོ་ལ་སླ་ང་གོན་པ་དང༔ མི་གཙང་ལུས་ལ་གོས་པ་དང༔ འདམ་གྱི་གསེབ་ཏུ་ཕྱིན་པ་དང༔ ཉི་མ་ཟླ་བ་ནུབ་པ་དང༔ ལྕགས་སྒྲོག་ཐག་པས་བཅིངས་པ་དང༔ ཕག་དང་ལུག་ལ་ཞོན་པ་དང༔ ལུས་ལ་སྦལ་ལྕོང་འཐམས་པ་དང༔ གཡག་ནག་སྦྲུལ་ནག་གཙེར་བ་དང༔ བྱོལ་སོང་གཟུགས་ནི་སྣ་ཚོགས་དང༔ འབུ་སྲིན་གྲོག་སྦུར་རྟ་བླ་དང༔ རྩི་ཤིང་གད་པ་ཆུ་མིག་དང༔ རི་གཟར་གཡངས་ལ་འགྲོ་བ་དང༔ མི་དང་བུད་མེད་མང་པོ་དང༔ ཁོང་དུ་ཟས་ངན་ཟ་བ་དང༔ མུན་པའི་ནང་དུ་ལྷུངས་པ་དང༔ ལུས་ལ་ལྕགས་གཟེར་ཐེབས་པ་དང༔ ཆུ་ཁུང་ནང་དུ་ཉལ་བ་དང༔ ཁྱི་དང་སྤྱང་ཀི་མང་པོ་དང༔ མཚོ་དང་ཆུ་མིག་རྨིས་པ་རྣམས༔ ཀླུ་ཡིས་ཟིན་པའི་རྟགས་སུ་ཤེས༔ རྟ་དམར་ཤ་རུ་བྲག་དམར་ནི༔ ཀླུ་དང་བཙན་དུ་བསྡོངས་པ་ཡིན༔ ལྕགས་སྒྲོག་བུད་མེད་གདོན་དུ་གནོད༔ བྲག་ནག་སྤྲིན་ནག་ཀླུ་བདུད་གནོད༔ ཕ་བོང་མཆོད་རྟེན་འགོང་པོ་གནོད༔ བཙུན་པ་གནས་བཞི་རྒྱལ་པོ་གནོད༔ གཅན་གཟན་དྲིལ་བུ་ས་བདག་གནོད༔ གོས་ནག་ཕྱར་ནག་སྲིན་མོ་གནོད༔ མཁས་པས་རྨི་ལམ་ལེགས་པར་བརྟག༔ གདོན་རིགས་རྣམས་ཀྱི་མཚན་ཉིད་ཤེས༔ དེ་ལྟར་ཨོ་རྒྱན་ང་ཡི་བཀའ༔ སྙིང་ལ་ཆོངས་ཤིག་ས་མ་ཡ༔ མན་ངག་རིན་ཆེན་ཉི་མའི་སྒྲོན་མ་ལས༔ རྨི་ལམ་བརྟག་པའི་ལེའུ་སྟེ་དྲུག་པའོ༔ གདུག་པའི་ནད་ཀྱིས་ཟིན་པ་ལ༔ མགོ་ལུས་སྟོད་སྨད་བར་དག་ཏུ༔ ཟིན་ས་བཟང་ངན་བརྟག་པ་ནི༔ ཟིན་ས་ངན་པ་སྤྱི་གཙུག་དང༔ སྨིན་ཕྲག་སྣ་རྩེ་མཁུར་ཚོས་དང༔ ནུ་སྙིང་ལྟེ་བ་གསང་གནས་དང༔ ལྕེ་དང་དཔུང་ཚིགས་གཡས་གཡོན་དང༔ རྩིབས་ལོགས་གཡས་གཡོན་སྣ་ཁོང་གཉིས༔ དོན་སྙིང་ལྔ་དང་དབང་པོ་ལྔ༔ ཡན་ལག་མཐིལ་དང་ཚོན་རྩེ་དང༔ ནུ་མ་སྙིང་དང་སོག་ཕྲག་དང༔ ཚིགས་དང་ཉྭ་དང་རྩ་གཉན་དང༔ འཕར་རྩའི་སྟེང་དུ་ཐེབས་ན་ངན༔ རྩ་མེད་སྣག་པའི་གསེབ་རྣམས་དང༔ རྒྱུས་མེད་ལྤགས་པའི་གསེབ་རྣམས་སླ༔ སྤྱིར་ནི་སྨན་པའི་དཔྱད་དང་མཚུངས༔ མཁས་པས་ལེགས་པར་བརྟགས་པ་ན༔ ཟིན་ས་བཟང་ངན་ལེགས་པར་ཤེས༔ དེ་ལྟར་ཨོ་རྒྱན་ང་ཡི་བཀའ༔ སྙིང་ལ་ཆོངས་ཤིག་ས་མ་ཡ༔ མན་ངག་རིན་ཆེན་ཉི་མའི་སྒྲོན་མེ་ལས༔ ཟིན་ས་བཟང་ངན་བརྟག་པའི་ལེའུ་སྟེ་བདུན་པའོ༔ གདུག་པའི་ནད་ཀྱིས་ཟིན་པ་ལ༔ ཚབས་ནི་ཆེ་ཆུང་བྱེ་བྲག་གིས༔ འཚོ་བ་དཀའ་སླ་བརྟག་པ་ནི༔ ནད་པ་དབང་ཆེ་ཤེས་རབ་ཆུང༔ སྙིང་རུས་མེད་ཅིང་ལྐུག་པ་དང༔ ཟིན་ས་ངན་པར་ཟིན་པ་དང༔ བཞིན་གྱི་བཀྲག་མདངས་ཤོར་བ་དང༔ སོ་དང་སེན་མོའི་མདངས་ཉམས་དང༔ སྣ་དང་ཉྭ་བཞི་ཞོམ་པ་དང༔ ཤ་མདོག་སྔོ་ནག་ཧམ་ཆགས་དང༔ ཤ་རོ་ལུས་ལ་འཛེར་ཐེབས་དང༔ རེག་ཚོར་མེད་ཅིང་བེམ་པ་དང༔ ཐལ་བའི་མདོག་ལ་རྡུལ་མེད་དང༔ སྟོབས་དང་སྐད་ཀྱི་མདངས་ཆགས་དང༔ དབུགས་རྔུབ་ངལ་དུབ་ཆེ་བ་དང༔ རྨ་ནི་ནག་པོ་ཁྲག་མེད་དང༔ སེར་ཀ་འཚོ་རུ་མི་འདོད་དང༔ ཤ་རོ་ཁ་ཆུང་གཏིང་ཆེ་དང༔ འབྲུམ་བུ་སྐམ་གྱོང་ཟད་པོ་དང༔ མིག་གི་མདངས་ཤོར་འཁོར་ལོ་དང༔ སྣང་བྱེད་སྒྲ་གཅན་ཟིན་ལ་ཐུག༔ རིམ་གྱིས་མི་བདེར་སོང་བ་དང༔ གཉིད་དང་ལོག་ལྟ་ཆེ་བ་དང༔ བཞིན་མི་སྡུག་དང་ལུས་མི་གཙང༔ ཇི་ལྟར་བྱས་ཀྱང་བདེ་སྐྱེད་མེད༔ དང་ཁ་འགག་ཅིང་རྣག་ཁྲག་སྐྱུག༔ བུད་མེད་སྨད་དང་གཡས་ནས་ཞུགས༔ སྐྱེས་པ་སྟོད་དང་གཡོན་ནས་ཞུགས༔ ལོ་ནི་མང་པོར་ཞེན་པ་དང༔ མ་སྲུ་ཞང་མཛེའི་རིགས་ཡོད་ན༔ དུག་གསུམ་རྣམ་སྨིན་ནད་ཀྱིས་ཐེབས༔ དེ་ལྟར་བྱུང་ན་འཚོ་བ་དཀའ༔ དེ་རྣམས་ཕལ་ཆེར་སྤང་བར་བྱ༔ ནད་པ་སྙིང་རུས་ཆེ་བ་དང༔ རྟེན་འབྲེལ་ཤུགས་ཀྱིས་འགྲིགས་པ་དང༔ ནད་ཀྱི་ཟུག་གཟེར་ཆེ་བ་དང༔ བྱད་བཞིན་འགྱུར་ལྡོག་མང་པོ་དང༔ སེར་ཀ་ཁ་ཆེ་གཏིང་ཆུང་དང༔ གཉིད་ཆུང་ཤེས་པ་བདེ་བ་དང༔ མ་ཞེན་ལོ་རུ་མ་བགྲང་དང༔ རྨ་ཁ་ཁྲག་དང་རྣག་ཡོད་དང༔ ཤ་རོ་འབྲུམ་བུ་སྙི་བ་དང༔ གཏིང་དུ་མ་ཞེན་འཕོ་བ་དང༔ མིག་དང་བྱད་བཞིན་ལེགས་པ་དང༔ སོ་དང་སེན་མོ་བཀྲག་མ་ཤོར༔ གཉན་ས་རྣམས་ལ་མ་ཟིན་དང༔ སྐད་དང་ཤ་ཡི་མདོག་མ་འགྱུར༔ ཤ་རོ་ཚ་དང་འདྲུལ་བ་དང༔ ཕན་ཆ་ངོ་སོ་ཆེ་བ་དང༔ ཤ་བཀྲ་ལྡང་གཡའ་ཟ་བ་དང༔ དྲི་མ་ངན་པ་མེད་པ་དང༔ རྨི་ལམ་ཟང་ཟིང་ཉུང་བ་དང༔ བ་སྤུ་མ་ལོག་སྟོབས་ཆེ་དང༔ ཞྭ་སྒུར་གྲུམ་བུ་གཡོ་བ་རྣམས༔ བཅོས་སུ་ཡོད་དེ་འཚོ་བ་སླ༔ དེ་ལྟར་མཁས་པས་ལེགས་བརྟགས་ནས༔ དཀའ་སླའི་རིམ་པ་ཤེས་པར་བྱ༔ དེ་ལྟར་ཨོ་རྒྱན་ང་ཡི་བཀའ༔ སྙིང་ལ་ཆོངས་ཤིག་ས་མ་ཡ༔ མན་ངག་རིན་ཆེན་ཉི་མའི་སྒྲོན་མེ་ལས༔ འཚོ་བ་དཀའ་སླ་བརྟག་པའི་ལེའུ་སྟེ་བརྒྱད་པའོ༔ གདུག་པའི་ནད་ཀྱིས་ཟིན་པ་ལ༔ བསྙད་ཀ་གང་ལ་བརྟགས་ནས་སུ༔ གདོན་གྱི་ཞུགས་ལུགས་བསྟན་པ་ནི༔ ཀུ་རེ་ཀྱལ་ཁའི་ཕྱིར་ཞུགས་ན༔ སྔར་གྱི་ནད་རིགས་མེད་པ་ལ༔ མཚན་འགྲོས་སྤྱོད་ལམ་རྩིངས་པ་ཡིས༔ ཀླུ་དང་གདོང་ཐུག་འཕྲད་པ་ཡིས༔ ཤ་སྒང་ཆུ་སྒང་ཤུ་བ་དང༔ འཕྲལ་ལ་ཁ་ཡོ་མིག་ཡོ་འོང༔ དེ་ལ་འཕྲལ་དུ་སྔགས་མི་བྱ༔ བྱས་ན་བསྙད་ཅན་ཐུ་རུ་འགྲོ༔ ཅི་ཡང་མི་བྱ་བཞག་པས་ཆོག༔ རེ་དོགས་བརྔན་ཆའི་ཕྱིར་ཞུགས་ན༔ ཆུ་མིག་མཚོ་ཁར་ཕྱིན་པ་ལས༔ བྱད་ཕོག་ཀླུ་ཁྲོས་ཁ་རླངས་བཏང༔ ན་ཚ་ས་གཅིག་མི་སྡོད་པར༔ གར་ན་གར་ན་བྱེད་ཅིང་འགྱུར༔ ཤ་རོ་མེད་པར་གཡོ་ཞིང་འཕོ༔ དེ་ལ་ཆབ་གཏོར་ཀླུ་ཆོག་དང༔ རིམ་གྲོ་དཀར་ཆོས་བྱས་པས་འཚོ༔ མནོལ་དང་མཁོན་གྱི་ཕྱིར་ཞུགས་ན༔ གཉན་སར་ཕོ་མོ་ཉལ་བ་དང༔ མི་གཙང་ཐབས་གཞོབ་རོ་བག་གིས༔ རྐྱེན་བྱས་ས་གདོན་ལངས་པ་ཡིན༔ ཤུ་འཛེར་ཕོལ་མིག་ཐོར་པ་དང༔ སྔར་མེད་འཕྲལ་དུ་མགོ་ལུས་ལྗི༔ དང་ཁ་འགག་ཅིང་ཤེས་པ་འཐིབས༔ དེ་ལ་བསང་དང་ཁྲུས་ཆོག་དང༔ ཞིབ་བཅོས་རིམ་གྲོས་སོས་པར་འགྱུར༔ གསུམ་པོ་དེ་ལ་མཚམས་གཅོད་དང༔ སྔགས་ཀྱི་བཟླས་པ་མི་དགོས་སོ༔ སྔགས་བཟླས་ཁོ་ལ་ཟློས་པར་སོང༔ ཀླུ་དང་ཞེ་འགྲས་མཁོན་པ་ཡིས༔ སྔགས་བཟླས་ཐུ་རུ་འགྲོ་བ་ཡིན༔ བསད་པའི་ཕྱིར་དུ་ཞུགས་པ་ན༔ ཕ་མ་ཞང་མཛེའི་རིགས་ཡོད་ན༔ ལུས་པོ་ཟ་དང་ཚ་བ་འོང༔ རྩ་ནི་འཁྱུག་ཅིང་ན་ཚ་འོང༔ ས་གཅིག་ནས་ནི་མི་འཕོ་བ༔ ན་ཚ་ཤ་རོ་འབྲུམ་བུ་འོང༔ ཤ་རོ་རྨ་དང་སེར་ཁར་འགྲོ༔ དེ་ནས་ཇེ་ཐུར་ཇེ་ཐུར་འགྲོ༔ དོན་ལ་ཟིན་ནས་རྟགས་རྣམས་འཆར༔ དེ་ལ་གཞན་གྱིས་མི་ཕན་ཏེ༔ མཚམས་བཅད་བཟླས་པ་བྱས་པས་འཚོ༔ རྣམ་སྨིན་ལས་ཀྱི་ནད་ཡིན་ན༔ ཅིས་ཀྱང་མི་ཕན་ཁྱེར་བར་འགྱུར༔ ལོ་ལྔ་འདས་ནས་སྤང་བར་བྱ༔ གདོན་གྱི་རིགས་རྣམས་ཞུགས་ལུགས་ཀྱང༔ རྒྱལ་རིགས་སྤྱི་བོ་མདུན་ནས་འཇུག༔ རྗེའུ་རིགས་གཡས་ལ་བྲམ་ཟེ་གཡོན༔ དམངས་རིགས་རྐང་ངམ་རྒྱབ་ནས་འཇུག༔ གདོལ་པ་གཡོན་ནམ་ནང་ནས་འཇུག༔ ཀླུ་བདུད་ནག་པོ་དོན་ལ་འཇུག༔ ཀླུ་བཙན་སྲིན་མོ་གདོང་ནས་འཇུག༔ གཏིང་གདོན་ནང་ནས་ཕྱི་རུ་འཇུག༔ ཁ་གདོན་ལྡགས་ནས་ཤ་ལ་ཟ༔ དེ་ཉིད་མཚན་ཉིད་ཤ་རོས་ཤེས༔ མཁས་པས་ལེགས་པར་བརྟགས་པ་ཡིས༔ ལོ་ནི་དུ་ལོན་གོང་གིས་ཤེས༔ དེ་ལྟར་ཨོ་རྒྱན་ང་ཡི་བཀའ༔ སྙིང་ལ་ཆོངས་ཤིག་ས་མ་ཡ༔ མན་ངག་རིན་ཆེན་ཉི་མའི་སྒྲོན་མེ་ལས༔ ཞུགས་ལུགས་བསྟན་པའི་ལེའུ་སྟེ་དགུ་པའོ༔ གདུག་པའི་ནད་ཀྱིས་ཟིན་པ་ལ༔ བཟླས་པས་གདོན་ལས་གྲོལ་མ་གྲོལ༔ ཚད་འཛིན་གྱིས་ནི་བརྟག་པ་ནི༔ གདོན་གྱི་རྩ་ལ་གསལ་བ་སྟེ༔ བསྙེན་པ་བྱས་པས་རྩ་སྣ་དེ༔ ཕྱི་རུ་ཧྲིལ་གྱིས་གུག་ན་ནི༔ དྲག་སྔགས་བཏགས་ན་རན་པ་ཡིན༔ ནང་དུ་གུག་ན་བཏིང་པ་ཡིན༔ ཕྱི་རུ་མ་གུག་བར་དུ་བསྙེན༔ གུག་ན་དྲག་པོ་ཟློ་བའི་ཚད༔ དྲག་སྔགས་བཏགས་ནས་བཟླས་པ་ན༔ འཕྲོ་ལ་ཆོད་པ་མ་བྱུང་ན༔ བསྙེན་པ་རན་པ་བྱས་པས་འཚོ༔ རྣམ་སྨིན་ལས་ཀྱི་ནད་ཡིན་ན༔ ཅིས་ཀྱང་མི་ཕན་འཁྱེར་བར་འགྱུར༔ འཕྲོ་མ་ཆོད་པ་ཆེར་བྱུང་ན༔ བསྙེན་པ་མ་བསྐྱེལ་མ་རན་རྟགས༔ རྩ་རྣམས་ལོང་ཁ་ཁྲག་བཀང་ལྟར༔ འདུག་ན་བཟླས་པ་མ་བྱུང་རྟགས༔ བསྙེན་པ་ཚད་དུ་བསྐྱེལ་བར་བྱ༔ རྩ་ནི་ཞུ་ནས་ཕྲ་སེང་གིས༔ འདུག་ན་ནུས་པ་རྙེད་པའི་རྟགས༔ དེ་ནས་དྲག་སྔགས་བཏགས་ནས་སུ༔ བསྙེན་པའི་སུམ་ཆ་དྲག་སྔགས་བཟླ༔ དེ་དུས་གདོན་རྩ་དཀར་པོའམ༔ ཆད་ནས་ལུས་ཀྱང་བདེ་སོང་སོང༔ ཤ་རོ་དག་ན་རབ་ཡིན་ནོ༔ འབྲིང་ཡང་ཤ་རོ་ཇེ་ཆུང་སོང༔ བཟླས་པས་མི་བདེར་མ་སོང་དང༔ ཐ་མ་ཤ་རོ་མ་འཕེལ་དང༔ ན་ཚ་མེད་པར་ཀྱི་ལོང་ངེ༔ ཆུ་བུར་རྣག་ཏུ་སོང་བ་དང༔ ལས་སྦྱོར་སྦྱིན་སྲེག་གདོན་རོ་འདོན༔ སྨན་སྦྱོར་སྨན་གྱིས་ནད་རོ་འདོན༔ དེ་ནས་ཟླ་བ་གཅིག་ཙམ་དུ༔ ལོག་ནི་ཆེ་བ་མ་བྱུང་ན༔ བག་རེ་ཙམ་ལ་འཇིགས་མི་དགོས༔ ཁད་ཀྱིས་བྱང་དུ་འགྲོ་བ་ཡིན༔ ཁམས་གསོ་བ་ནི་ཚོད་འཛིན་བྱ༔ བཟླས་པ་བྱས་ནས་ཆོ་འཕྲུལ་དང༔ སློང་བ་སྐྱེན་པས་འཇིགས་མི་དགོས༔ གདོན་ཁྲོལ་བ་ནི་སླ་བ་ཡིན༔ སློང་བ་བུལ་ན་གྲོལ་བར་དཀའ༔ དང་པོ་བསྙེན་པ་བསྐྱལ་བ་ཡིས༔ དེ་ཡི་སློང་གིས་མི་བདེར་འགྲོ༔ དེ་ནས་རེས་བདེ་རེས་མི་བདེ༔ དེ་ལྟར་བྱུང་ན་བསྙེན་པ་འཕྲོ༔ རྟག་འགྲུས་བསྐྱལ་བས་འཚོ་བའི་རྟགས༔ ཇེ་བདེ་ཇེ་བདེར་འགྲོ་བ་ཡིན༔ དྲག་བསྙེན་མི་འདོད་མི་བདེར་འགྲོ༔ བསྙེན་པ་དྲག་པས་མི་བདེ་ན༔ ལྷོད་དུ་བཏང་བས་བདེ་རུ་འགྲོ༔ བསྙེན་པ་ལྷོད་པས་སྐྱེད་མེད་ན༔ དྲག་ཏུ་བསྐྱལ་བས་བདེ་རུ་འགྲོ༔ འཇམ་དྲག་གང་འགྲོ་དེ་ལ་བརྟག༔ དེས་ནི་བདེ་རུ་སོང་ན་ནི༔ བསྙེན་པས་གདོན་གྱི་མགོ་ནོན་རྟགས༔ ཤ་རོ་ཟ་ཞིང་འཕྲུག་སྙིང་འདོད༔ ཆུ་སེར་རྣག་དང་ཤུ་བར་འགྲོ༔ རྨི་ལམ་ཆོ་འཕྲུལ་ཆུང་དུ་སོང༔ ཁམས་དྭངས་ཤེས་པ་བདེ་སངས་ཀྱིས༔ ང་ལ་ན་ཚ་མེད་སྙམ་འོང༔ དེ་དུས་དྲག་སྔགས་བཏང་ལ་བཟླས༔ མ་བདེར་སོང་ན་འཕྲོ་ལ་བཞག༔ བདེ་རུ་སོང་ན་དྲག་ཏུ་གཟིར༔ ཆེ་རུ་ལོག་ན་དྲག་སྔགས་བཞག༔ ད་རུང་བསྙེན་པ་འདབ་ལ་བསྐྱལ༔ ཚད་དུ་སོད་ཚེ་དྲག་སྔགས་བཏགས༔ མ་བདེ་བག་རེ་མི་སྐྱོན་ཏེ༔ ལས་སྦྱོར་བྱས་ནས་མཚམས་བཏོན་པས༔ ཁད་ཀྱིས་བདེ་རུ་འགྲོ་བ་ཡིན༔ སྔགས་ཀྱི་དུས་ལ་མ་བཟློག་ན༔ རིམ་པར་གདོན་ཐོན་ནད་སོས་སོ༔ དེ་ནས་དྲག་སྔགས་མི་ཟློ་བར༔ བཟླས་པ་བག་རེ་བྱེད་པ་ཡིན༔ བཏགས་དྲག་གཡག་རྒོད་བསད་པ་བཞིན༔ རྡུགས་ན་ཚུར་ལ་ལོག་འོང་ངོ༔ ལོག་ན་སྔགས་ལོག་དོན་ལོག་པས༔ མི་འཚོ་སྲོག་དང་བྲལ་བར་འགྱུར༔ དེ་ལྟར་བཟླས་པ་བྱས་པ་ཡིས༔ བདེ་དང་མི་བདེའི་རྟགས་མེད་ན༔ མ་སློངས་པ་སྟེ་དྲག་སྔགས་གཟིར༔ བཟླས་པའི་དུས་སུ་ཤེས་པར་ལྕི༔ བྱིང་ཞིང་རྨུགས་ནས་མ་གསལ་ན༔ ཉམས་གྲིབ་ཡིན་པས་བཤགས་པ་བྱ༔ ཡོ་བྱད་ཐམས་ཅད་ཚོགས་གསོག་བྱ༔ འདུས་བྱས་དགེ་བ་རྣམས་ལ་འབད༔ དེ་ནས་བཟླས་པ་དུམ་རེ་བྱ༔ རྨི་ལམ་རྟགས་ཀྱི་ཚོད་འཛིན་ནི༔ བསྙེན་པ་འཁྱོལ་བའི་རྟགས་སུ་ནི༔ ཉི་མ་ཤར་དང་མེ་ཏོག་ཐུ༔ སྲོག་ཆགས་ལུས་ནས་ཐོན་པ་དང༔ འཐབ་འཛིངས་བྱས་པས་རྒྱལ་བ་དང༔ སེམས་ཅན་མང་པོ་བསད་པ་དང༔ ལུས་ལ་མེ་འབར་ཁྲུས་བྱས་དང༔ ཆུ་བཅད་ཤིང་སྡོང་འགྱེལ་བ་དང༔ བ་གླང་རླུང་གིས་ཁྱེར་བ་དང༔ གདོན་གྱི་མགོ་ནོན་རྟགས་ཡིན་པས༔ ཚད་ནི་དྲག་སྔགས་བཏགས་ལ་བཟླས༔ རྟགས་སུ་རང་ལུས་ཤེལ་བཞིན་དྭངས༔ རི་དང་ནགས་ལ་མེ་བཏང་དང༔ རྒྱ་མཚོ་གཏིང་ནས་སྐམ་པ་དང༔ ཉྭ་སྦྲུལ་སྦལ་ལྕོང་བསད་པ་དང༔ ཤ་རོ་ལོང་གིས་བྱུང་བ་ནི༔ ལས་སྦྱོར་བྱས་ལ་མཚམས་འདོན་ནོ༔ སྔགས་ཀྱི་དུས་ལས་མ་ལོག་ན༔ དེ་ནས་མི་ཟློག་བརྟན་པ་ཡིན༔ དེ་ལྟར་མཁས་པས་ཚོད་བཟུང་ནས༔ ལོག་དང་མ་ལོག་བྱེ་བྲག་ཕྱེེ༔ དེ་ལྟར་ཨོ་རྒྱན་ང་ཡི་བཀའ༔ སྙིང་ལ་ཆོངས་ཤིག་ས་མ་ཡ༔ མན་ངག་རིན་ཆེན་ཉི་མའི་སྒྲོན་མེ་ལས༔ ཚོད་འཛིན་དྲག་སྔགས་ཀྱི་ལེའུ་སྟེ་བཅུ་པའོ༔ གདུག་པའི་ནད་ཀྱིས་ཟིན་པ་ལ༔ མཁས་པས་ལེགས་བརྟག་བསྙེན་སྒྲུབ་བྱ༔ ནད་པ་སྙིང་རུས་ཆེ་ཆུང་དང༔ གདོན་གྱི་ཞེན་པ་ཆེ་ཆུང་དང༔ དམ་ཚིག་གཙང་དང་མི་གཙང་གིས༔ ལ་ལ་ལོ་རེས་སོས་པ་འོང༔ ལ་ལ་ལོ་ཕྱེད་ཟླ་གསུམ་སོས༔ ལ་ལ་ཟླ་གཅིག་ཞག་བདུན་སོས༔ སོས་རྟགས་བྱུང་ན་མཚམས་དོན་ལ༔ དམ་ཚིག་འདི་རྣམས་རྟགས་ཏུ་བསྲུང༔ མི་ཤིའི་ས་དང་རོ་བག་དང༔ འཁོན་དང་ཡུགས་སའི་ཟས་རྣམས་སྤང༔ འཐབ་རྩོད་ཞེ་སྡང་འཁྲུགས་པ་དང༔ མི་གཙང་བ་ཡི་ཕྱོགས་རྣམས་སྤང༔ ཁམས་ལ་གནོད་པའི་ཁ་ཟས་དང༔ སྤྱོད་ལམ་རྩིང་པོ་ཐོ་ཅོ་སྤང༔ སྡིག་པ་མི་དགེའི་ལས་རྣམས་དང༔ སྐྱུར་དང་ཆགས་པ་སྤང་བར་བྱ༔ རྟག་ཏུ་བླ་མར་མོས་གུས་དང༔ བཟླས་པ་རྒྱུན་ཆད་མེད་པར་བྱ༔ སེམས་ཅན་རྣམས་ལ་སྙིང་རྗེ་དང༔ ཀླུ་ལ་ཆབ་གཏོར་མཆོད་སྦྱིན་གཏང༔ གདིང་ལོག་བརྟན་པར་མ་གྱུར་བར༔ དམ་ཚིག་དེ་རྣམས་ལེགས་བསྲུངས་ན༔ འཚོ་སྟེ་ལོག་དོན་མེད་པར་འགྱུར༔ དེ་ལྟར་ཨོ་རྒྱན་ང་ཡི་བཀའ༔ སྙིང་ལ་ཆོངས་ཤིག་ས་མ་ཡ༔ མན་ངག་རིན་ཆེན་ཉི་མའི་སྒྲོན་མེ་ལས༔ དམ་ཚིག་བསྲུང་མཚམས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ༔ བརྟག་པའི་མན་ངག་ཉི་མའི་སྒྲོན་མེ་ཞེས་བྱ་བ༔ ཀླུ་རྒྱུད་འབུམ་གྱི་ནང་ནས་ཟབ་དོན་བསྡུས་པ་རྫོགས་སོ༔ ཨེ་མ་བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཀླུ་རྒྱུད་འབུམ་གྱི་ཏི་ཀ་ལས༔ གདུག་པ་མཛེ་ཡི་བརྟག་ཐབས་འདི༔ བསྡུས་ནས་མན་ངག་ཡི་གེར་བཀོད༔ ཕྱི་རབས་དུས་ཀྱི་སྙིགས་མ་ལ༔ སེམས་ཅན་བསོད་ནམས་དམན་པ་ལས༔ ནག་པོ་ཀླུ་ཡིས་བཟུང་བའི་དུས༔ ཕན་ཕྱིར་རིན་ཆེན་གཏེར་དུ་སྦས༔ ལས་ཅན་གཅིག་དང་འཕྲད་གྱུར་ནས༔ འགྲོ་རྣམས་མཛེ་ལས་གྲོལ་བར་ཤོག༔ ཟབ་རྒྱ༔ གསང་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ སོ་ཕག་ཤི༔ ཁ་ཐཾ༔ ཆོས་རྒྱལ་རིན་ཆེན་གླིང་པས་འབྲི་ཐང་ཀོ་རོ་བྲག་ནས་གདན་དྲངས་པའོ།། ༁ཱ༔ འཇམ་དཔལ་ཀླུ་བདུད་ནཱ་ག་རཀ་ཤའི་སྲུང་བ་བྱ་ཁྱུང་མེའི་འཁོར་ལོ་བཞུགས་སོ༔ དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ༔ བྱང་ཆུབ་སེམས་དཔའི་སྤྲུལ་པ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས༔ སློབ་དཔོན་པདྨ་འབྱུང་གནས་ལ་ཞུས་པ༔ ཨེ་མ་སློབ་དཔོན་ཆེན་པོ་ལགས༔ མ་འོངས་དུས་ཀྱི་ཐ་མ་ལ༔ མི་རྣམས་དོན་མེད་བྱ་བྱེད་མང༔ གདོན་དུ་ཀླུ་གཉན་ས་བདག་དར༔ ནད་དུ་མཛེ་ཤུ་ཕོལ་མིག་འོང༔ འཕྲལ་བཅོག་ཕུགས་སུ་གསོ་དཀའ་བས༔ དེ་ཉིད་སྲུང་བའི་ཐབས་ཤིག་ཞུ༔ ཞེས་ཞུས་པས༔ སློབ་དཔོན་ཆེན་པོས་བཀའ་བསྩལ་པ༔ ལེགས་སོ་ཆོས་རྒྱལ་ཁྱོད་ཉོན་ཅིག༔ ས་བདག་ཀླུ་ཞེས་བྱ་བའི་རྒྱུ༔ དུག་ལྔ་དག་ལས་གྲུབ་པས་ན༔ འགྲས་པ་སླ་ལ་བསྟུན་པ་དཀའ༔ གནས་ནི་ས་རྡོ་ཆུ་བྲག་དང༔ ནེའུ་སེང་དག་ལ་གནས་པ་འོ༔ འགྲོ་བ་མི་དང་གནས་གཅིག་པས༔ ལས་ནི་ཅི་བྱས་ཁོ་དང་ཐུག༔ རྫུ་འཕྲུལ་བདེ་གཤེགས་ཀུན་དང་མཉམ༔ སྡོང་ཟླ་ལྷ་སྲིན་རྣམས་དང་སྡོང༔ ཁོ་དང་ཐུག་ན་ཐབས་མང་པོ༔ བྱས་ཀྱང་འཕྲལ་ལ་ཕན་དཀའ་ལ༔ ཕུགས་མི་འཚོ་བས༔ དེ་ལ་ཁོས་ཅི་བྱས་ཀྱང་མི་ཚུགས་པའི་ཐབས་དོན་ཆེ་བ༔ ཚེགས་ཆུང་བ༔ ཡོན་ཏན་མང་པོ་དང་ལྡན་པའི་གདམས་པ༔ བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཐུགས་ཀྱི་གསང་བ༔ བྱ་ཁྱུང་མེ་ཡི་འཁོར་ལོ་ཞེས་ཀྱང་བྱ༔ ཉེས་པ་ཀུན་ཐུབ་ཅེས་ཀྱང་བྱ༔ མི་ཤིགས་རྡོ་རྗེའི་བྲག་ཅེས་ཀྱང་བྱ༔ བདག་སྲུང་ཆེན་པོ་ཞེས་ཀྱང་བྱ་བའི་འཁོར་ལོ་འདི་ཡིན་ནོ༔ ཐུགས་ལ་ཞོག་ཅིག་གསུངས་ནས༔ གདམས་པ་འདི་བཀའ་བསྩལ་ཏོ༔ དེ་ལ་སྲུང་འཁོར་འདི་ལ་དོན་དྲུག་སྟེ༔ རྒྱུ་དང་འབྲི་དུས་འཁོར་ལོ་དངོས༔ རབ་གནས་གདགས་ཐབས་ཕན་ཡོན་ནོ༔ དང་པོ་རྒྱུ་ནི་མཐིང་ཤོག་གམ༔ རྒྱ་ཤོག་མིས་ལོངས་མ་སྤྱད་པ་ལ༔ གླ་རྩི་དང་གུར་གུམ་གྱི་ཆུས་བྱུགས་ལ་ཨུར་ཏེ༔ གསེར་དངུལ་ཟངས་གསུམ་གྱིས་བྲིའོ༔ གཉིས་པ་འབྲི་དུས་ནི་ལོ་གང་རུང་བའི་ཚེས་གསུམ་ནས་ཉའི་བར་ལ༔ རྒྱུ་སྐར་རྒྱལ་གྱི་སྔ་དྲོའི་དུས༔ རང་ཁྲུས་དང་གཙང་སྦྲ་བྱས༔ སྟན་དམར་པོའི་སྟེང་དུ་ཁ་ཤར་དུ་བལྟས་ལ་འདུག་ནས༔ སྐྱབས་འགྲོ་དང་སེམས་བསྐྱེད་སྔོན་དུ་བཏང༔ བླ་མ་ལ་གསོལ་བ་བཏབ་ལ་འབྲིའོ༔ གསུམ་པ་འཁོར་ལོ་དངོས་ནི༔ འཁོར་ལོ་རྩིབས་བཅུ་དྲུག་པ༔ དབུས་ལྟེ་བ་མུ་ཁྱུད་དང་བཅས་པ་ལ༔ རྩིབས་ཀྱི་ཕྱི་ལ་མུ་ཁྱུད་ཉིས་རིམ༔ དེའི་ཕྱི་རོལ་དུ་རྡོ་རྗེ་རྒྱ་གྲམ་དང་མེ་རིས་བསྐོར༔ དེའི་ཕྱི་རོལ་དུ་ཁྱུང་དམར་ནག་མཆུ་སྡེར་གནམ་ལྕགས་སུ་འབར་བ༔ སྤྱན་གསུམ་གདངས་པ༔ རྭ་སྟེང་རིན་པོ་ཆེའི་ཐོད་གདེངས་ཅན༔ སྦྲུལ་དཀར་ནག་གཉིས་ཀྱི་མཇུག་མ་རྐང་པས་མནན་པ༔ ཕྱག་གིས་བཟུང་སྟེ་མགོ་བོ་ཞལ་དུ་གསོལ་བ༔ གཤོག་པ་གཡས་གཡོན་མཇུག་སྒྲོ་རྡེབ་པའི་ལྟོ་བར་འབྲི༔ དེ་ལ་བཀོད་པའི་སྔགས་ནི༔ ཡིག་འབྲུ་དབུ་ཅན་དུ༔ དབུས་ཀྱི་ལྟེ་བར་ཁྲོཾ་བྲི༔ དེའི་མཐར་ཆེ་གེ་མོ་ལ་ས་བདག་ཀླུ་གཉན་གྱི་གནོད་པ་ལས་སྲུངས་ཤིག་རཀྵ་ཞེས་པས་བསྐོར་བ་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་ཁ་རི་པུ་དི་ནཾ་གུང༔ མན་དྷ་ཧ་ལ་ཤ་ལ་ནི་དུང་ཡཾ་བྷྱོ་ནི་ཀྲུག་ལེ་ཧྲི༔ ཀོ་པ་ལ་སོར་མེ་སརྠ་བྷིས་ཙནྡྷ༔ ཨོཾ་པ་ར་ལ་ཕེ་སྭཱ་ཧཱ༔་་་བ་ད་ལ་ཡེ་དཔེ་གཅིག་ལ། ཨོཾ་ཤ་ལ་ཀཾ་བྷ་ཀ་ར་མ་ཧེ་སྭཱ་ཧཱ༔ འཆང་བ་པོ་ལ་རཀྵ་རཀྵ༔ ཅེས་པ་བྲི༔ རྩིབས་བཅུ་དྲུག་ལ༔ བྷྲཱུྃ་ཀྲིཾ་ཁྲོཾ་མུཾ༔ ཁྲུཾ་ཀྲིཾ་ཁཾ་མུཾ༔ ཁྲོཾ་ཧྲཱིཿཧཱུྃ་ཧཱུྃ༔ ཁྲོཾ་ཁྲོཾ་ཁྲོཾ་ཁྲོཾ་ཁྲོཾ༔ བྷྲཱུྃ་ཀྲིཾ་ཀྲི་ཁཾ་ཁཾ་མུཾ་མུཾ༔ ནག་པོ་ཏི་པ་ཙ་ཡ༔ ནཱ་ག་རཀྴ་ཨོཾ་ཕེ་ལཾ་ཧཱུྃ༔ ཁཾ་བཾ་ཨོཾ་ཕེ་ལཾ་ཧཱུྃ༔ ཧཱུྃ་ཁྲོཾ་པྲི་ཙུ༔ ཨེ་བཾ་ཁྲི་ཙུ༔ ཕེ་བཾ་ཛོ་ཏིག༔ བྷྲཱུྃ་གྲཾ་ཁྲོཾ་བྷྲཱུྃ༔ ཕེ་ལཾ་ཙུ་ཁྲི༔ ཁྲོཾ་དྷ་ཀ་ཀྵ་ཀྵ༔ ཁྲི་ས་ས་ཁྲོཾ༔ ཧ་པ་ཁྲིམ་ཁྲོཾ༔ ཅེས་པ་རྣམས་ཚར་རེ་རྩིབས་རྣམས་ལ་བྲི༔ རྩིབས་མཆན་ལ༔ ཨོཾ་ཨཱཿཧཱུྃ་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་ས་ཙག་དུ་ནན༔ ནཱ་ག་པ་ཤ་ནན༔ ལོག་ཀྱི་ནན༔ རཱ་ཙ་ནན༔ འབྱུང་བ་བཞི་ནན༔ རྟེན་འབྲེལ་ཐམས་ཅད་ནན༔ ཧཱུྃ་གི་དབྱིངས་སུ་ནན༔ འཆང་བ་པོ་ལ་བསྲུང་དུ་གསོལ༔ ཨོཾ་རུ་རུ་གུ་གུ་མུ་ཏི་བི་སྭཱ་ཧཱ༔ ཨོཾ་བྱི་དུ་ནཱ་ག་ཙ་ན་དུ་ཧ་ཧུ༔ བྷི་ཤ་མཱ་ར་དྷ་བྷ་མ་རི་ཧོ༔ མ་ཧཱ་རུ་ཀ་ཡེ༔ སོང་ཞིན་སྭ་བྷི་ཤ༔ འཆང་བ་པོ་ལ་བསྲུང་དུ་གསོལ༔ ཞེས་པ་བྲི༔ དེའི་ཕྱི་རོལ་དུ༔ ཡེ་དྷརྨཱ་བྲི༔ ལྷག་ཆད་མེད་པར་བྲིས་ལ་ཞུ་དག་མི་བྱའོ༔ འཁོར་ལོ་དེའི་རྒྱབ་ཀྱི་ལྟེ་བའི་ཐད་ཀར༔ ཧྲཱིཿཧ་ཡ་གྷྲཱི་ཝ་པདྨ་ཀྲོ་ཏཱི་ཤྭ་རཱི༔ བཛྲ་ཀཱི་ལ་ཡ༔ མ་ཧཱ་ཡཀྵ༔ ཀཱ་ལ་རཱུ་པ༔ ཀརྨ་རཾ་རཾ༔ གྷ་རུ་ཎ་ཙ་ལེ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ ཞེས་པ་བྲི༔ བཞི་པ་རབ་གནས་བྱ་བ་ནི༔ ལེགས་པར་བྲིས་པའི་འཁོར་ལོ་དེ་ལ༔ གུ་གུལ་གྱི་དུད་པས་བདུགས་ལ༔ ཙནྡན་དཀར་དམར་དང༔ གླ་རྩི་དང་གྷི་ཝཾ་གི་ཆུས་བྱུགས་ལ་མཉྫིའམ་ཁྲིའི་ཁར་རས་གཙང་མའམ་དར་གྱི་སྟེང་དུ་བཞག་ལ༔ མཆོད་པ་རྣམ་པ་ལྔ་དང་གཏོར་མ་ཆ་གསུམ་བཤམས་ལ༔ མདུན་གྱི་ནམ་མཁར་བླ་མ་ཡི་དམ་ཆོས་སྐྱོང་སྲུང་མ་རྣམས་སྤྱན་དྲངས་ལ༔ སྐྱབས་སེམས་ཡན་ལག་བདུན་པ་འབུལ༔ བླ་མ་ལ་གསོལ་གདབ༔ མཆོད་བསྟོད་བྱ༔ དེ་ནས་དམ་ཚིག་གི་སྲུང་བ་དངོས་ཀྱི་ཡིག་འབྲུ་རྣམས་ལས་འོད་ཟེར་འཕྲོས༔ བླ་མ་ཡི་དམ་ཀྱི་ཐུགས་མི་རྟོག་པའི་ཡེ་ཤེས་ཆེན་པོ་དེ་འོད་ཟེར་ལྔའི་ཚུལ་དུ་བཀུག་ནས་སྲུང་བ་ལ་ཐིམ་པས༔ སྲུང་བ་དེ་མི་ཤིགས་པའི་རྡོ་རྗེ་ཆེན་པོ་འོད་ལྔ་དང་ལྡན་པའི་འཁོར་ལོ་སྟོང་གསུམ་ཁེངས་པ་ཞིག་ཏུ་བསྒོམས་ལ༔ སྲུང་སྔགས་ཚར་བདུན་བཟླས་ལ༔ ནས་སམ་རིན་པོ་ཆེ་ལ་རྟེན་འབྲེལ་སྙིང་པོ་བཟླས་ལ་སྲུང་བ་ལ་གཏོར་རོ༔ སངས་རྒྱས་རྗེས་སུ་དྲན་པར་བྱས་ལ་རབ་གནས་བྱས་པས༔ ནམ་མཁའི་ལྷ་ཚོགས་རྣམས་ཀྱིས་ཀྱང༔ བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ནས་བྱིན་གྱི་བརླབ་པར་བསམས་ལ༔ གསང་བདག་ཆེན་པོའི་བསྟོད་པ་བྱ༔ གཏོར་མ་གཅིག་བླ་མ་ལ་འབུལ༔ གཅིག་ཡི་དམ་ཆོས་སྐྱོང་ལ་འབུལ༔ གཅིག་སྡེ་བརྒྱད་ཀྱིས་གཙོར་བྱས་པའི་རིགས་དྲུག་སྤྱི་ལ་འབུལ༔ དེ་ནས་བླ་མ་ཡི་དམ་ཆོས་སྐྱོང་རྣམས་སྲུང་བ་ལ་བསྟིམ་པ་ནི་རབ་གནས་སོ༔ ལྔ་པ་སྲུང་བ་གདགས་པའི་ཐབས་ནི༔ སྲུང་བ་དེ་དར་དམར་པོས་དྲིལ་ལ༔ ཚོན་སྐུད་སྣ་ལྔས་བཅིངས༔ ཟངས་སམ་སྐྱི་ཏི་དམར་པོས་བཏུམས་ལ༔ ལུང་ཐག་དམར་པོ་བཏགས༔ རང་ཉིད་ཧ་ཡ་གྷྲཱི་ཝའམ་གསང་བདག་ཏུ་བསྒོམས་ལ༔ ཐུགས་ཀ་ནས་འོད་ཟེར་འཕྲོས་པས༔ བསྲུང་བྱ་དེ་མི་དམིགས་པར་བསམ༔ ཡང་འོད་ཟེར་འཕྲོས་པས་སྟོང་གསུམ་ཁྱུང་གི་ཐུགས་ཀ་ནས༔ གསེར་གྱི་རྡོ་རྗེ་འཁོར་ལོ་འབར་བའི་དབུས་སུ་བསྲུང་བྱ་དེ་ནད་མེད་མདངས་དང་ལྡན་པར་བསྒོམས་ལ༔ བསྲུང་བྱ་དེའི་མགུལ་དུ་གདགས་སོ༔ དྲུག་པ་ཕན་ཡོན་ནི༔ སྲུང་བ་འདི་ཟབ་པའི་མཆོག་ཏུ་གྱུར་པས༔ གསང་བདག་ཉིད་ཀྱི་ཐུགས་དང་གཉིས་སུ་མེད་པ་ཡིན་ནོ༔ གང་གིས་འདི་མཐོང་བའམ་རེག་པའམ་བཅངས་པ་ཙམ་གྱིས་ཀྱང་མི་ཤིགས་པའི་རྡོ་རྗེ་ལ་བསྐལ་པའི་མེ་འབར་བ་ལྟ་བུར་གྱུར་ནས༔ ལྷ་སྲིན་སྡེ་བརྒྱད་གང་གིས་ཀྱང་བལྟ་བར་མི་ནུས་ན༔ ས་བདག་ཀླུ་གཉན་གྱི་གནོད་པ་ལ་སྨོས་ཅི་དགོས༔ འདི་ཡིས་བདག་གཞན་ཐམས་ཅད་ཀྱི་ཉེས་པ་ཐམས་ཅད་མི་ཐུབ་པ་གཅིག་ཀྱང་མེད་དོ༔ ཧོམ་ཟོར༔ མནན་པ༔ སྦྱིན་སྲེག༔ སེར་བ་འབེབ་པ༔ ཐོག་འབེབ་པ༔ མནའ་སྐྱེལ་བ༔ ཐབ་ཤོར་བ༔ གཞོབ་གཏོང་བ༔ སྨྱོ་འབོག་འདུལ་བ༔ དམ་ཅན་བཀོལ་བ༔ མཐུ་ཟློག་པ༔ དུག་རིགས་ཐམས་ཅད་མི་ཐུབ་པ་གང་ཡང་མེད་དོ༔ ཁྱད་པར་ཀླུ་ཁོ་ན་འདུལ་བ་ལ་བསྔགས་པས༔ མཛེ་འཕྲོ་གཅོད་པ་ལ་ཐེ་ཚོམ་མེད་དོ༔ མདོར་ན་དྲག་པོའི་ལས་ཅི་བྱེད་ཀྱང་འདིས་མི་ཐུབ་པ་གཅིག་ཀྱང་མེད་དོ༔ དེས་ན་རང་ལ་ཅི་རི་འདི་ལ་རི༔ འདིའི་ཡོན་ཏན་བསམ་གྱིས་མི་ཁྱབ་པས༔ རང་འདྲ་བ་གཅིག་མིན་པ་སུ་ལ་ཡང་མི་སྤེལ༔ འཇིག་རྟེན་ཁམས་ན་སྲུང་བ་འདི་ལས་ཟབ་པ་ཡོད་རེ་ཀན་ནོ༔ ཞེས་སློབ་དཔོན་པདྨས་མངའ་བདག་རྒྱལ་པོ་ལ་གདམས་སོ༔ མངའ་བདག་རྒྱལ་པོས་ཡི་གེར་བཀོད་ནས་རིན་ཆེན་ས་ལ་གཏེར་དུ་སྦས་སོ༔ གསེར་སྲང་གསུམ་མ་བྱུང་བ་ལ་ཙཀྲ་མི་སྟེར་བའི་བཀའ་རྒྱ་གདམས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ ྀཨཚ༔ ཆོས་རྒྱལ་རིན་ཆེན་གླིང་པས་འབྲི་ཐང་ཀོ་རོ་བྲག་ནས་གདན་དྲངས་པའོ།། ༁ཱ༔ འཇམ་དཔལ་ཀླུ་བདུད་ནཱ་ག་རཀ་ཤའི་བྱུགས་པ་རྒྱན་གྱི་འཁོར་ལོ་ཞེས་བྱ་བ་བཞུགས་སོ༔ དུས་གསུམ་བདེར་གཤེགས་རྣམས་ལ་ཕྱག་འཚལ་ལོ༔ མ་འོངས་བསྐལ་པ་དུས་ཀྱི་སྙིགས་མ་ལ༔ སེམས་ཅན་ལས་ཀྱིས་མནར་བའི་གདུག་པའི་ནད༔ འཚོ་བར་དཀའ་བའི་མཛེ་ཡིས་ཟིན་པ་འབྱུང༔ འགྲོ་ལ་ཕན་ཕྱིར་དེ་ཡི་གསོ་ཐབས་བསྟན༔ དེ་ལ་དང་པོ་ནད་ཀྱི་དམིགས་བཙལ་ཏེ༔ ལུས་པོ་ཐམས་ཅད་ས་དཀར་དག་པས་སྦོལ༔ དེ་ལ་ཆང་གིས་ཁྲུས་ནི་དག་པར་བྱ༔ དེ་ཡི་རྗེས་ལ་ཏིལ་མར་ཁྱབ་པར་བྱུགས༔ གདུགས་ཀྱི་སྔ་དྲོ་དབེན་པའི་སར་བསྲོས་ལ༔ དེ་ནས་མེ་ལོང་གཡའ་མེད་དག་པ་ལ༔ བལྟས་པས་ནད་ནི་གང་ན་ཡོད་པ་གསལ༔ དེ་ལ་ཆུ་སེར་འདོན་དང་གསོ་བ་གཉིས༔ ཆུ་སེར་འདོན་ལ་ཕྱི་ནས་བྱུགས་པ་ནི༔ མགོ་བོ་སྐྲངས་ཤིང་སྐྲ་ནི་བྱི་བ་ལ༔ སྤྱི་གཙུག་སྐྲ་བྲེགས་གཙགས་བུས་གཙགས་བྱས་ལ༔ སྨན་གྱི་གཙོ་བོ་རྗེ་བློན་འབངས་གསུམ་སྟེ༔ བསེ་ཞོ་ཐར་ནུ་དུར་བྱིད་གསུམ་ཡིན་ནོ༔ དེ་ཡི་སྟེང་དུ་བྱང་བ་རྒྱ་ཚྭ་དང༔ སྲུབ་ཀ་དབྱི་མང་ལྕེ་ཚ་ཞིབ་བཏགས་ནས༔ ཆང་དང་སྦྱར་ལ་སྤྱི་གཙུག་ཡང་ཡང་བྱུགས༔ སྨན་ཞུའི་དུས་སུ་ཟ་ཞིང་སྦྲིད་པ་དང༔ ཆུ་བུར་བྱུང་ནས་ཆུ་སེར་འབབ་པ་ན༔ དེས་ནི་མགོ་བོའི་ཤ་རོ་ནད་རྣམས་སེལ༔ བྱད་ལ་ནད་དང་ཤ་རོ་ཡོད་པ་ན༔ རྗེ་བློན་ཁ་རུ་སུག་པ་བུལ་ཏོག་དང༔ པི་པི་ལིང་དང་མུ་ཟི་བྱང་བ་རྣམས༔ ཞིབ་བཏགས་ཙནྡན་ཁུར་མར་སྦྱར་བྱས་ལ༔ ནད་པ་གན་རྐྱལ་ཉལ་ལ་སྣར་བླུག་གོ༔ སྨན་ཞུའི་དུས་ན་སྦྲིད་པའི་ཞོར་ལ་ནི༔ ནད་རྣམས་དོན་ནས་བྱད་ཀྱི་ནད་སེལ་ལོ༔ རྣ་བ་གཟེར་ཞིང་འོན་པའི་ནད་ལ་ནི༔ རྗེ་བློན་ཁ་རུ་རུ་རྟ་བ་་་གནའ་བའི་ཡི་མར༔ ལ་ཕུག་ཁུ་བ་འབྲུ་མར་རྙིང་པར་སྦྱར༔ རྣ་བར་བླུགས་པས་ནད་རྣམས་སེལ་བར་འགྱུར༔ ལུས་པོ་ལ་ནི་ཤ་རོ་ཁོལ་ཙེར་ཡོད༔ ཆུ་སེར་འཁྱིམས་པས་བ་སྤུ་བྱི་བའི་སར༔ གཙགས་བུས་གཙགས་ལ་རྗེ་བློན་གསུམ་པོའི་ཁར༔ བྱང་བ་རྒྱ་ཚྭ་གླ་རྩི་རུ་རྟ་སྦྱར༔ ཡང་ཡང་བྱུགས་པས་སྨན་ཞུའི་དུས་ཚོད་དུ༔ ཟ་ལྕག་རྒྱབ་བཞིན་ཚྭ་ལ་སྦྲིད་པ་འོང༔ སྐྲང་ཞིང་རྣག་དང་ཆུ་སེར་འབབ་པར་འགྱུར༔ ཟུག་གཟེར་ཆེ་ན་ཀླད་ཁྲག་མར་དཀར་བྱུགས༔ ཁོང་དུ་ཡང་ནི་མར་དཀར་ཆུ་བཅད་བཏང༔ དེས་ནི་ལུས་ཀྱི་ཁོལ་བུའི་ནད་རྣམས་སེལ༔ རྐང་ལག་ཞ་ཞིང་རེངས་པའི་ནད་ལ་ནི༔ རྗེ་བློན་ཁ་རུ་ཟངས་ཀྱི་ཐལ་བ་དང༔ སྦྲང་རྒོད་སྦྱར་ལ་གང་འཁུམས་ས་རུ་བྱུགས༔ འཐེན་པས་ཆུ་སེར་ཐོན་ནས་སོས་པར་འགྱུར༔ དེ་ལྟར་བྱས་པས་ཆུ་སེར་ཕྱི་རུ་ཐོན༔ ཤ་རོ་ཞུ་ནས་ལུས་པོ་སངས་ཀྱིས་འགྲོ༔ དེ་ནས་གསོ་བ་རྨ་དང་འབྲས་སོགས་ལ༔ རྗེ་བློན་ཁ་རུ་དངུལ་ཐལ་ཟངས་ཐལ་དང༔ ཤུ་དག་བུལ་ཏོག་རྨ་ཡི་རུལ་བཅད་ལ༔ སྟག་ཤ་སྤྱི་བཞུར་སེར་པོ་དགུ་དྲུས་སྦགས་པ་དང༔་་་རུས་ཁོང་འགེངས། ཐ་རམ་སུག་པ་དོམ་མཁྲིས་ཤ་འུ་གསོ༔ དར་གྱིས་བཀབས་ལ་བཙགས་མའི་བག་ཕྱེ་དང༔་་་ཆུ་རྩ་ཟེར། བྲག་ཞུན་བྱིན་པས་མྱུར་དུ་སོས་པར་འགྱུར༔ ཤུ་བའམ་ནི་བ་སྤུ་བྱི་བ་ལ༔ སུག་པ་ཕུར་མོང་གྲེས་མ་ཤོག་ཤིང་དང༔ མུ་ཟི་དབྱི་མང་བསྲེགས་པའི་ཐལ་བ་ལ༔ འབྲི་མར་རམ་ནི་ཙནྡན་མར་ཁུ་སྦྱར༔ བྱུགས་པས་བ་སྤུ་སྐྱེ་ཞིང་ཤུ་བ་གསོ༔ སྣག་ཤོག་ཆད་ན་གོང་གི་སྨན་རྣམས་དང༔ སྦྲང་རྩི་བུ་རམ་སྦྱར་བས་སོས་པར་འགྱུར༔ མགོ་བོའི་སྐྲ་བྱི་ཆུ་སེར་བྱུང་ཤུལ་དུ༔ གོང་གི་སྨན་དང་ཕག་ཚིལ་དོམ་ཚིལ་སྦྱར༔ ལེགས་པར་བྱུགས་པས་སྐྲ་སྐྱེ་ནད་སེལ་ལོ༔ སྨིན་མ་བྱི་ནས་ཆུ་སེར་བྱུང་ཤུལ་དུ༔ གོང་གི་སྨན་དང་ཤིང་ཐོག་འབྲས་བུ་སོགས༔ ཕག་དོམ་ཚིལ་བུ་ཙནྡན་བུ་རམ་བྱུགས༔ མིག་སྐྱོན་སེལ་ཞིང་སྨིན་མ་སྐྱེ་བར་འགྱུར༔ དེ་ལྟར་ཕྱི་བཅོས་བྱུག་པ་རྒྱན་འཁོར་གྱིས༔ ས་བདག་ཆུ་སེར་ནད་ཀུན་གྲོལ་བར་འགྱུར༔ ནང་བཅོས་ནག་པོ་འདྲེན་སྐེམས་ཆུ་སེར་བཤལ༔ སྨན་དཔྱད་སྤྱི་དང་མཐུན་པས་གཞན་དུ་ཤེས༔ གསང་བཅོས་གདོན་བཅོས་ཞལ་ལས་ཤེས་པར་བྱ༔ ཆུ་སེར་ནག་པོ་སྨན་གྱིས་གསོ་ཐབས་འདི༔ འགའ་རེ་ཙམ་ལས་གཞན་གྱི་སྤྱོད་ཡུལ་མིན༔ འཛམ་བུ་གླིང་ན་འདི་འདྲ་ཤིན་ཏུ་དཀོན༔ འདི་ལ་ཡོན་ཏན་མང་སྟེ་བརྗོད་ལས་འདས༔ ཟབ་ཕྱིར་རིན་ཆེན་གཏེར་དུ་ཨ་ཐཾ་རྒྱ༔ མ་འོངས་འགྲོ་བའི་མཛེ་ནད་གྲོལ་བར་ཤོག༔ མཛེ་གསོ་བའི་མན་ངག་ནག་པོ་འདྲེན་སྐེམས་ཞེས་ཀྱང་བྱ༔ བྱུགས་པ་རྒྱན་འཁོར་ཞེས་ཀྱང་བྱ་བ་འདི་ཡིན་ནོ༔ ཨོ་རྒྱན་པདྨས་མཛད་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཆོས་རྒྱལ་རིན་ཆེན་གླིང་པས་ཀོ་རོའི་ཆོས་འབྱུང་ནས་གདན་དྲངས་པའོ།། ༁ཱ༔ འཇམ་དཔལ་ཀླུ་བདུད་ནཱ་ག་རཀ་ཤའི་སྒྲུབ་ཐབས་བཞུགས༔ ཀླུའི་ཁྱབ་བདག་ཡེ་ཤེས་འཇམ་དཔལ་ཞེས་བྱ་བ་ཀླུ་གཉན་ས་བདག་ཐམས་ཅད་ཀྱི་སྲིན་པོའི་རྒྱལ་པོར་སྐུར་སྤྲུལ་ཏེ་མཚན་ནི་ནཱ་ག་རཀྴ་ཞེས་་་ས་བདག་ཀླུ་གཉན་འཇོམས་པ་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་དེས༔ འགྲོ་བ་གདུག་པས་ཉེན་པ་རྣམས་ཀྱི་དོན་དུ༔ ས་བདག་ཀླུ་གཉན་ཐམས་ཅད་འཇོམས་པར་བྱེད་པའི་གསང་སྔགས༔ ཕེ་རཀ་ཤ་ག་དུ་བྷྲཱུྃ༔ ཞེས་བརྗོད་པས༔ ཐུགས་ཀ་ནས་ཡི་གེ་ཕེ་ནག་པོ་གཅིག་འཕྲོས་པ་ལས༔ ཀླུའི་གནས་འཇིག་རྟེན་འདས་པ་དང་མ་འདས་པའི་མཚམས་སུ༔ རྒྱ་མཚོ་ཆེན་པོ་ཀུན་ཏུ་དྭངས་པ༔ རིན་པོ་ཆེ་སྣ་ཚོགས་ཀུན་ཏུ་བཀྲམ་པ༔ ཀླུ་ཆེན་པོ་བརྒྱད་ཀྱི་ཀ་བ་བྱས་པ༔ གནམ་ས་ཐམས་ཅད་སྦྲུལ་གྱི་གདུང་ཐོག་ཏུ་ཕུབ་པ༔ ས་བདག་ཀླུ་གཉན་ཐམས་ཅད་ཟས་སུ་ཟ་བའི་ཞིང་དུ་གྱུར་པའི་ཕོ་བྲང་ཆེན་པོའི་དབུས་སུ༔ ཀླུ་རྒྱལ་རིགས༔ རྗེའུ་རིགས༔ དམངས་རིགས༔ བྲམ་ཟེའི་རིགས༔ གདོལ་པའི་རིགས་ལ་སོགས་པ༔ ཀླུ་འབུམ་སྡེ༔ ས་བདག་སྟོང་སྡེ༔ གཉན་འབུམ་སྡེ་གཅལ་དུ་བཀྲམ་སྟེ་གདན་དུ་གཏིང་ནས་ཟས་སུ་ཟ་བའི་ཁྲི་སྟེང་དུ༔ བཅོམ་ལྡན་འདས་རིག་པའི་རྒྱལ་པོ༔ ནཱ་ག་རཀ་ཤ་ནག་པོ་ཏི་པ་ཙ་ཞེས་བྱ་བ༔ ཀླུ་བདུད་མགོ་བོ་དགུ་པ༔ སྐུ་སྟོད་སྲིན་པོའི་གཟུགས་ལ༔ སྐུ་རྒྱབ་རི་རབ་ལ་གཏད་པ༔ མཇུག་མ་རྒྱ་མཚོའི་སྟེང་དུ་འཁྱིལ་བ༔ སྦྲུལ་མགོ་དགུ་བར་སྣང་ལ་འཕྱོ་བ༔ སྦྲུལ་མགོ་དབུས་མ་རཏྣའི་པྲོག་ཞུ་ཅན༔ ཕྱག་གཡས་བརྒྱད་ཀྱིས་གྲི་གུག་བསྣམས་པ༔ གཡོན་བརྒྱད་ཀྱིས་སྦྲུལ་ཞགས་ཐོགས་པ༔ སྐུ་མདོག་རྡོ་སྟངས་ཟིལ་ལམ༔ དུག་ཧ་ལའི་མདོག་ལྟ་བུ༔ ཞལ་ནས་ཨིག་ཤ་ཨིག་ཤ་ཞེས་པའི་སྒྲ་སྒྲོག་པ་ཞིག་ཏུ་གྱུར་ཏེ་ཀླུ་ཐམས་ཅད་ཀྱི་གཤེད་མར་གྱུར་པས་ས་བདག་ཀླུ་གཉན་ཐམས་ཅད་འཇོམས་ཤིང་བཞུགས་སོ༔ དེ་ལྟ་བུའི་ཀླུ་བདུད་གཤེད་མ༔ སྲིན་པོ་ནཱ་ག་རཀ་ཤའི་སྒོམ་བཟླས་སྒྲུབ་པ་ལ༔ དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད༔ སེམས་ཅན་ཐམས་ཅད་ཀྱི་ཀླུ་ནད་གདུག་པ་བསལ་བའི་ཕྱིར༔ བདག་གིས་ཀླུ་རྣམས་ཡོངས་ཀྱི་གཤེད་མ་ནཱ་ག་རཀ་ཤ་བསྒྲུབ་པར་བྱ་སྙམ་དུ༔ ཞེ་ཐག་པ་ནས་སྙིང་ཁོང་རུས་པའི་གཏིང་ནས་བསམ་པར་བྱའོ༔ དེ་རྗེས་སྟོང་པའི་ངང་ཉིད་ལས༔ རང་གི་རིག་པ་འདི་སྙིང་གི་དཀྱིལ་དུ་གནས་པའི་ཕེ་ཡིག་ནག་པོ་ཞིག་ཏུ་བསྒོམ༔ དེ་ནས་རང་ཉིད་ཀླུ་བདུད་ནཱ་ག་རཀ་ཤ་སྐུ་ཤིན་ཏུ་ཆེ་ཞིང་རགས་པ་ཞིག་ཏུ་སྒོམ་པའི་ངང་ལས༔ ཨོཾ་ཕེ་ལཾ་ཧཱུྃ༔ ཞེས་པའི་སྔགས་ཡིག་འབྲུ་བཞི་པ་འདི་བཟླས་པར་བྱའོ༔ གྲངས་ནི་འབུམ་ཕྲག་གསུམ་བཟླས་པར་བྱའོ༔ རྟགས་ནི་རྒྱུད་ལས༔ བས་ལྡག་ཤུ་བ་ཐོར་བུ་འབྱུང༔ ལུས་ལ་གསང་བའི་རྒྱ་ཡིས་ཐེབས༔ དུས་གསུམ་གཏན་གྱི་ཁ་ཆིངས་ཡིན༔ སྐྱེ་བ་འདི་དང་ཕྱི་མ་ལ༔ ཀླུ་ཡི་གནོད་པ་མི་འབྱུང་ངོ༔ ཞེས་གསུངས་སོ༔ གདོན་གནོད་ཚབ་ཆུང་བ་རྣམས་དེ་རང་གིས་འཇོམས་ཤིང་སོས་སོ༔ དེས་མ་སོས་ཤིང་རྟགས་བུལ་ན༔ འབྲུ་བཞི་པ་ལ་བཅུ་པ་བཏགས་ཏེ༔ ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀ་ཤ་ཨོཾ་ཕེ་ལཾ་ཧཱུྃ༔ ཞེས་བཟླས་པར་བྱའོ༔ དེས་གདོན་ལུས་ལ་ཡོད་པ་རྣམས་བྲོས་པའི་རྟགས་དང༔ གསང་བའི་ལྷ་རྟགས་གཉིས་ནོར་ར་རེ་འོང་བས༔ དེ་ལ་དང་པོ་གདོན་བྲོས་པའི་རྟགས་སུ༔ བསྙེན་པའི་དུས་སུ་རྨི་ལམ་ལ་མཚོ་སྐམ་པ་དང༔ རྫིང་སྐམ་པ་དང༔ ཉ་དང་སྦལ་ལྕོང་ཤི་བ་དང༔ རུལ་བ་དང༔ སྡིག་སྦྲུལ་ལ་སོགས་ཤི་བ་དང༔ བསད་པ་དང༔ གདོན་དྲག་པོ་ཡིན་ན༔ གཡག་རྒོད་བསད་པ་དང༔ ཆུ་བཅད་པ་དང༔ རྫིང་བརྟོལ་བ་རྨིས་པའི་དུས༔ ལུས་ལ་གདོན་རྣམས་དང་པོ་རྩ་ལམ་ལ་བརྟེན་ནས་ཞུགས༔ གནས་པའི་དུས་སུ་རྩ་ལ་བརྟེན་ནས་གནས༔ ཕྱིར་བྲོས་པ་ཡང༔ རྩ་ལམ་ལ་བརྟེན་ནས་འབྲོས་པས༔ ཤ་འཕྲིག་པ་དང༔ ཀོ་ལིར་ལྡངས་འཁྱོག་བྱེད་པ་དང༔ ན་ཙག་པ་དང༔ སྟོད་གཟེར་ཟ་ཁོལ་བ་དང༔ ཚ་བྲེང་ལ་སོགས་པ་འབྱུང་སྟེ༔ ཤིན་ཏུ་མ་བདེ་ན༔ ངལ་གསོས་ལ་ཚོད་བཟུང༔ སྒང་གཤོང་འཐེན་གསུམ་བྱའོ༔ དྲག་ནས་ནད་བདག་ཕྲ་མོ་རྣམས་ཁོང་དུ་ཤི་ནས་དེའི་རོ་རྣམས་ནད་དུ་འགྱུར་ཏེ༔ སྔགས་ཀྱིས་མི་འབྱིན་པས༔ སྨན་པ་མཁས་པས་རྩ་བཤལ་དང་བསྟུན་པར་བྱའོ༔ སྔགས་ཀྱིས་འབྱིན་པའི་རྟགས་ནི༔ ལུས་ཀྱི་བུ་ག་དགུ་ནས་སྡིག་སྦྲུལ་སྡོམ་སོགས་དངོས་སུ་ཐོན་པའམ༔ རྨི་ལམ་དུ་ཐོན་པ་དང༔ སྣོད་དུ་ཆུ་བཏང་བ་ལ་སེམས་ཅན་གྱི་གཟུགས་མི་འདྲ་བ་བྱུང་བ་རྣམས་ཐོན་པའི་རྟགས་ཡིན་ནོ༔ གསང་བ་ལྷའི་རྟགས་ནི༔ གདོན་ཐོན་པའི་དུས་སུ༔ རྒྱ་མཚོའི་གཏིང་དུ་ཕྱིན་པ་དང༔ ཀླུ་གདོན་ས་བདག་ལ་སོགས་པའི་ཆོ་འཕྲུལ་ཡིན་པར་ཤེས་ནས་ཀུན་བསད་ཅིང་ཟོས་པ་དང༔ དུད་འགྲོ་གཅན་གཟན་ལ་སོགས་པ་གསོད་ཅིང༔ ཀླུ་བདུད་ང་རྒྱལ་གྱིས་ཉམ་ང་བ་དང་བག་ཚ་བ་མེད་པར་ཟོས་ཤིང་འཐུང་བའི་དུས་སུ༔ རྐང་ཁོལ་བ་དང༔ ལུས་ཙེ་བ་དང༔ སྦྲིད་པ་དང༔ བས་ལྡག་ཤུ་ཐོར་བྱུང་ན་ཀླུ་བདུད་འཇམ་དཔལ་ཉིད་ཀྱི་གསང་རྟགས་སུ་ཤེས་པར་བྱས་ཏེ་ཚོད་བཟུང་བར་བྱའོ༔ དེ་ནི་གསང་བའི་རྒྱ་ཡིས་ཐེབས་པ་ཞེས་བྱའོ༔ དེ་ལས་ཐལ་ན་དབྱར་དགུན་རེ་ཙམ་ལུས་པོ་ཐོར་བུས་ཁེངས་ཉེན་ཡོད་པས་ཚོད་བཟུང་བར་བྱའོ༔ དེ་ལྟ་བུའི་ཀླུ་གདོན་ཐམས་ཅད་འཇོམས་པའི་གཉེན་པོ་ཀླུ་བདུད་ནཱ་ག་རཀྴ་ཞེས་བྱ་བ་འདི་ལྟ་བུ་ཡོད་པས༔ རྒྱལ་པོ་ཆེན་པོ་ཉམས་སུ་ལོངས་ཤིག༔ འདི་ནི་དྲག་པོ་ཀླུའི་གཉའ་ནོན་ཞེས་བྱ་བ་སྟེ༔ མྱུར་དུ་འཇིགས་པའི་ནད་ལས་གྲོལ་བར་འགྱུར་རོ༔ ལྷ་གཞན་དག་ནི་སྒྲུབ་ཐག་རིང་བས་འགྱངས་པ་ཡིན་ནོ༔ དེའི་ཕྱིར་མྱུར་བའི་མན་ངག་འདི་ལྟ་བུ་ཡོད་པས༔ རྒྱལ་པོ་ཆེན་པོ༔ ས་བདག་ཀླུ་གཉན་གྱི་ནད་ལ་འཇིགས་མི་འཚལ་ལོ༔ འདི་ལྟ་སྟེ༔ རིག་པའི་རྒྱལ་པོ་འདི་ཡི་ཕན་ཡོན་ནི༔ དྲན་པ་ཙམ་གྱིས་ཀླུ་ནད་འཇོམས༔ ས་བདག་ས་སྲིན་སྨོས་ཅི་དགོས༔ ས་བདག་ཀླུ་ཡི་གཤེད་མ་ནི༔ ནཱ་ག་རཀ་ཤ་ཞེས་བྱ་བ༔ ཀླུ་རྣམས་སྲོག་གཅོད་སྲིན་པོ་ཡིན༔ འདི་ཉིད་སྒྲུབ་པའི་རྣལ་འབྱོར་པས༔ ཀླུ་རིགས་ལྔ་དང་ས་བདག་གཉན༔ བ་སུ་རིགས་དྲུག་ཟས་སུ་ཟ༔ ཀླུ་གཉན་འཇིགས་པ་ཀུན་དང་བྲལ༔ ཀླུ་གཉན་ས་བདག་རིགས་ལྔ་ཡི༔ ཕོ་བྲང་གནས་ཁང་མེར་བསྲེགས་ཀྱང༔ རང་ལ་མི་ཚུགས་ཕར་ལ་གཅོད༔ རྡོ་རྗེ་ཕ་ལམ་བཞིན་དུ་འགྱུར༔ རིག་པའི་རྒྱལ་པོ་འདི་བསྒོམས་ནས༔ ཀླུ་ཡི་གནས་སུ་ཕྱིན་གྱུར་ཀྱང༔ ཀླུ་གཉན་ཐམས་ཅད་བརྒྱལ་ཞིང་དངངས༔ དེ་ཕྱིར་རྒྱལ་པོ་ཆེན་པོ་ཉིད༔ སྒོམ་བཟླས་ཞག་པོ་བདུན་དུ་སྒྲུབས༔ རྒྱལ་པོའི་བསྙུན་ནད་དྭངས་ཏེ་མཆི༔ འདི་ལས་ཟབ་པའི་མན་ངག་ནི༔ པདྨ་བདག་ལ་ཡོད་རེ་ཀན༔ རྒྱལ་པོའི་ཐུགས་ཀྱི་དཀྱིལ་དུ་ཆོངས༔ རྟ་རྨིག་ལྕགས་ཀྱིས་གཏུམས་བྱས་ནས༔ འཛམ་གླིང་ཀུན་ཏུ་བཙལ་གྱུར་ཀྱང༔ རྙེད་པར་མི་སྲིད་སྲུང་བ་འདི༔ འཕགས་པ་རྣམས་ཀྱིས་གསུངས་པ་མེད༔ ཕྱི་མའི་དུས་སུ་པཎ་གྲུབ་ཀྱིས༔ རྫུ་འཕྲུལ་སྣ་ཚོགས་ཐོབ་གྱུར་ནས༔ སྟོང་གསུམ་མི་མཇེད་བསྐོར་གྱུར་ཀྱང༔ འདི་ལས་ཟབ་པའི་མན་ངག་མེད༔ རྒྱལ་པོའི་སྐུ་ཚེ་སྲིང་བ་དང༔ ཕྱི་རབས་བཙས་སུ་བཞག་པ་ལས༔ གཞན་ལ་བསྟན་ན་དམ་ཚིག་ཉམས༔ དེ་ཕྱིར་རྒྱལ་པོ་ཁྱེད་ཉིད་ལ༔ པདྨ་བདག་གི་ཐུགས་རྗེས་གནང༔ བློ་ཆུང་ཐེག་པ་དམན་ལ་གསང༔ སྐལ་མེད་ཕྲག་དོག་ཅན་ལ་གསང༔ མོས་གུས་ཡིད་ཆེས་མེད་ལ་གསང༔ ཤེས་རབ་སྙིང་རུས་ཆུང་ལ་གསང༔ ཞེ་སྡང་ང་རྒྱལ་ཅན་ལ་གསང༔ ལོག་ལྟ་ཁེངས་སེམས་ཅན་ལ་གསང༔ མན་ངག་སྣོད་དུ་མི་རུང་བའི༔ གང་ཟག་ཆོས་སྐལ་མེད་པ་ཡི༔ ཞེ་སྡང་མེ་ལྟར་འབར་ལ་གསང༔ ཕྲག་དོག་རླུང་ལྟར་འཚུབ༴ སྔ་མ་ལྟར་འགྲེས། ང་རྒྱལ་རི་ལྟར་ཉིལ༴ འདོད་ཆགས་ཆུ་ལྟར་འཁོལ༴ གཏི་མུག་མུན་ལྟར་འཐིབས༴ དུག་ལྔའི་ས་བོན་རྒྱས་པ་ཡི༔ མན་ངག་སྐལ་ཆད་དུད་འགྲོའི་རིགས༔ བློ་དམན་ཤེས་རབ་ཐོས་ཆུང་ཞིང༔ བླ་མར་མི་གུས་སྐྱོན་ལ་ལྟ༔ ཡོན་ཏན་མི་འཚོལ་སྐྱོན་འཚོལ་བ༔ ཆོས་དྲེད་རྣམས་ལ་གསང་བར་བྱ༔ བདག་གི་སྙིང་བཅུད་མན་ངག་འདི༔ ཐེག་ཆེན་དོན་དུ་གཉེར་ལ་གཏད༔ ཤེས་རབ་སྙིང་རྗེ་ཆེ་ལ་གཏད༔ ཆོས་རྒྱལ་རིག་རྩལ་ལྡན་ལ་གཏད༔ ཞེ་སྡང་སེར་སྣ་ཆུང་ལ་གཏད༔ ང་རྒྱལ་འདོད་པ་མེད་ལ་གཏད༔ ཕྲག་དོག་གཏི་མུག་སྤངས་ལ་གཏད༔ གསང་ཐུབ་བརྩོན་འགྲུས་ལྡན་ལ་གཏད༔ བྱང་སེམས་མོས་གུས་ཆེ་ལ་གཏད༔ ཞེས་སློབ་དཔོན་གྱིས་རྒྱལ་པོ་ལ་གནང་ཞིང་གཏད་དོ༔ རྒྱལ་པོས་བསམ་ཡས་མཆིམས་ཕུར༔ སྒྲུབ་པ་ཞག་བདུན་མཛད་པས༔ བསྙུང་བ་དྭངས་ནས་སྐུ་ཁམས་བདེ་བ་དང་ལྡན༔ སློབ་དཔོན་ལ་མཉེས་པ་ཆེན་པོ་མཛད་དོ༔ མལ་གྲོའི་ཀླུ་ཡང་ནོངས་པ་སངས་ནས༔ གསེར་འབུལ་དུ་བྱུང་ངོ༔ དེར་སློབ་དཔོན་གྱིས་མལ་གྲོའི་ཀླུ་ལ་ཁྲེལ་བདའ་ཞིང༔ ཀླུ་བདུད་ལ་བསྟོད་པ་འདི་མཛད་དོ༔ ཧཱུྃ༔ འཁོར་འདས་གཉིས་ཀྱི་མཚམས་ཤེད་ན༔ རྒྱ་མཚོ་ཆེན་པོ་དྭངས་པའི་ནང༔ སྦྲུལ་ནག་འཁྱིལ་པའི་ཀློང་དཀྱིལ་ན༔ རིག་རྒྱལ་ཀླུ་བདུད་མགོ་དགུ་པ༔ བདུད་ཀྱི་བདུད་གཅིག་ཀླུ་ཡི་བདུད༔ སྐུ་ནི་རི་རབ་ངོས་ལ་རྟེན༔ མཇུག་མ་རྒྱ་མཚོའི་གཏིང་དུ་རྐྱང༔ དབུ་ནི་བར་སྣང་མཚམས་སུ་འཕྱོ༔ ཞལ་ནས་གདུག་པའི་སྒྲ་སྐད་ནི༔ འཇིགས་བྱེད་ཨིག་ཤའི་སྒྲ་ཡང་སྒྲོག༔ སྦྲུལ་ནག་རལ་པ་སྤྲུགས་པ་ལས༔ སྡོམ་དང་སྡིག་པའི་ཚྭ་ཚྭ་འཕྲོ༔ སྤྱན་ནི་དྲག་པོ་ཧུར་ཐུམས་གཟིགས༔ མཆེ་བ་རྣོ་དབལ་དམར་ནག་གཏམས༔ ཀླུ་གཉན་ས་བདག་གདུག་པ་ཅན༔ བ་སུ་རིགས་དྲུག་ཟས་སུ་ཟ༔ རྒྱལ་རིགས་མགུར་ཆུ་དོ་ཤལ་བྱས༔ བྲམ་ཟེའི་རིགས་ཀྱིས་ཕྱག་གདུབ་བྱས༔ དམངས་རིགས་ཚོགས་རྣམས་རྐེད་ལ་བཅིངས༔ རིགས་ངན་གདོལ་པ་ཞབས་འོག་མནན༔ གདུག་པའི་ས་བདག་ཀླུ་གཉན་རྣམས༔ སྐད་ཅིག་ཉིད་ལ་བརླག་པར་མཛད༔ འཇམ་དཔལ་ཐུགས་ལས་སྤྲུལ་པ་ཡི༔ ཀླུ་བདུད་ནག་པོ་ཁྱོད་ལ་བསྟོད༔ ཅེས་བསྟོད་པ་མཛད་དོ༔ ཁྱབ་བདག་ནཱ་ག་རཀ་ཤའི་སྒྲུབ་ཐབས་རྫོགས་སོ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ གཏད་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཆོས་རྒྱལ་རིན་ཆེན་གླིང་པས་འབྲི་ཐང་ཀོ་རོ་བྲག་ནས་གདན་དྲངས་པའོ༔ འདི་ནས་གསན་ཡིག་ལྟར་ན་ལས་ཚོགས་དགུ་པ་མ་ཚང་བས་སླད་རྙེད་ན་འཛུད་དགོས། ༁ཱ༔ འཇམ་དཔལ་ནཱ་ག་རཀ་ཤའི་སྒོ་ནས་ཆར་འབེབ་ཀྱི་གདམས་པ་བཞུགས་སོ༔ བླ་མ་རྣམས་ལ་གུས་པས་འདུད༔ འདིའི་སྒོ་ནས་ཆར་པ་འབེབ་འདོད་ན༔ སྐྱེས་བུ་གཙང་མ་གསུམ་གྱིས་ནི༔ མཚོ་དང་ཆུ་མིག་གཉན་པོ་རུ༔ སྙིང་རྗེ་སེམས་བསྐྱེད་སྔོན་དུ་བཏང༔ གྲོ་ག་འམ་ནི་ཤོག་བུ་ལ༔ ཕོ་སྦྲུལ་དཀར་ལ་མོ་སྦྲུལ་དམར༔ དུག་དང་སྐྱེ་ཚེ་སྣག་ཚ་ཡི༔ སྦྲུལ་གཟུགས་སྔགས་དང་བཅས་པ་བྲི༔ རྫ་ཕོར་གཞན་གྱིས་ལོངས་མ་སྤྱད༔ གསར་པ་ཁ་སྦྱར་ནང་དུ་བཅུག༔ ཚོན་སྐུད་སུམ་བསྒྲིལ་རྒྱ་གྲམ་བཅིང༔ སྣེ་གཉིས་སྒྲུབ་པ་པོ་ཡིས་བཟུང༔ བླ་གབ་མེད་པའི་ས་དེར་སྦ༔ ངག་བཅད་སྔགས་འདི་དྲག་ཏུ་བཟླ༔ ཨོཾ་ཕེཾ་ཕེཾ་ཕེཾ་སརྦ་ནཱ་ག་ཏེ་བྷཱ་རི་ཤ་ཡཾ་ཤཱི་གྷྲཾ་ཕཊ༔ ཞེས་པ་གསུང་མི་ཆད་དུ་བཟླ༔ ཕྱོགས་ཕྱོགས་ཆུ་མིག་ཐམས་ཅད་དུ༔ གཏོར་མ་ཆུ་གཏོར་མང་དུ་གཏང༔ བ་སུ་ཀི་དང་ཀླུ་ཆོག་གཏང༔ ཀླུ་ཡི་རྒྱལ་པོ་ཐམས་ཅད་ཀྱིས༔ འཛམ་བུའི་གླིང་དུ་ཆར་ཕོབ་ཅིག༔ ཞེས་པའི་འོ་དོད་ཆེན་པོ་བྱ༔ རྫ་མ་གསར་པ་མ་སྤྱད་པའི༔ ཁོོང་པའི་ནང་དུ་རཏྣ་བརྡར༔ ཟོ་བ་ལྟ་བུའི་ཤུབས་བཅོས་ལ༔ རླུང་གི་ཕྱོགས་སུ་ཁ་བསྟན་བཞག༔ རི་རབ་ཁོང་གསེང་ནང་དུ་བསམ༔ དེའི་ནང་རླུང་རྣམས་ཚུད་པར་བསམ༔ རང་ཉིད་རྟ་མགྲིན་རྒྱལ་པོར་བསྒོམ༔ ཞབས་འོག་རླུང་ལྷ་ཕོ་མོ་གཉིས༔ མནན་པར་བསམས་ལ་སྔགས་འདི་བཟླ༔ ཨོཾ་ཏི་ཏི་ཏི་ལ་ནན༔ ཆར་ཡ་ཆུར་ཡ་ནན༔ རླུང་ལྷ་ཕོ་མོ་མནན་པར་བསམ༔ ཡང་ན་གླང་དམར་ཀོ་བའམ༔ ཤོག་བུ་ལ་ནི་ཤ་བ་བྲི༔ རྒྱབ་ལ་རྡོ་རྗེ་རྒྱ་གྲམ་བྲི༔ ཁ་སྦུབ་མཆོད་རྟེན་འོག་ཏུ་མནན༔ དེས་ནི་རླུང་ནོན་ཆར་པ་འོང༔ ཞག་གཅིག་གིས་ནི་ཕེབ་པར་འགྱུར༔ ཞག་གསུམ་གྱིས་ནི་སྨོས་ཅི་དགོས༔ ཕེབས་ནས་དྲི་ཞིམ་འོ་མའི་ཆུས༔ སྦྲུལ་གཟུགས་སྔགས་དང་བཅས་པ་བཀྲུ༔ གལ་ཏེ་དེས་ཀྱང་མ་ཕེབ་ན༔ རང་ཉིད་གསང་བདག་ནག་པོ་ནི༔ མེ་འབར་ཤིན་ཏུ་ཁྲོས་པར་བསྒོམ༔ ཀླུ་རྣམས་འཇིགས་ཤིང་སྐྲག་པར་བསམ༔ མཚན་ངན་ཐོད་པའི་ནང་དུ་ནི༔ དུག་ཁྲག་ངན་རྫས་ཚོགས་པར་བླུགས༔ མེ་བཏང་ཐབ་སྦུབས་སྔགས་འདི་བཟླ༔ ཨོཾ་བཛྲ་གྷྲི་ན་གྷྲི་ན༔ གྷཱི་ལི་གྷཱི་ལི༔ བྷ་རི་ཤ་ཡ༔ བྷ་རི་ཤ་ཡ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧེ་ཧེ་ཧེ༔ ཕཊ་ཕཊ་ཕཊ༔ ཞེས་བཟླས་དྲག་ཆར་སེར་ཆར་འབེབ༔ འདི་ལ་ཐེ་ཚོམ་ཡོད་རེ་ཀན༔ ཆར་པ་ཆེས་ནས་གཅོད་འདོད་ན༔ མི་རུས་མི་གཅིག་སེན་མོ་དང༔ ཡུངས་དཀར་ལན་ཚྭ་ཕྱེ་བསྲེས་ལ༔ མེར་བསྲེགས་ས་ཡི་དུད་པ་བཏང༔ ཁ་རུ་ལན་ཚྭ་ཕྱེ་བསྲེས་ལ༔ དྲག་སྔགས་བཟླ་ཞིང་ཕུས་བཏབ་བོ༔ དེས་ནི་ཁ་ཆར་འཆད་པར་འགྱུར༔ ཆར་འབེབ་གདམས་ངག་ཟབ་མོ་འདི༔ གཞན་དང་མི་འདྲ་ཁྱད་པར་ཅན༔ བསླུ་བ་མེད་དེ་སྙིང་དང་འདྲ༔ ཟབ་ཕྱིར་སྤེལ་བ་བློས་མ་ལྕོགས༔ མ་འོངས་བསྟན་པའི་སྙིགས་མ་ལ༔ སེམས་ཅན་བསོད་ནམས་མར་ལ་འབྲི༔ ཐན་པས་བསྲེགས་ཏེ་མུ་གེ་འབྱུང༔ དེ་དུས་འགྲོ་ལ་ཕན་དོན་དུ༔ ཟབ་མོ་འདི་ཉིད་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཆོས་རྒྱལ་རིན་ཆེན་གླིང་པས་འབྲི་ཐང་ཀོ་རོའི་ཆོས་མཛོད་ནས་གདན་དྲངས་པའི། མན་ངག་འདི་དག་ལགས་སོ། །འདི་རྣམས་ཀྱི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། འཇམ་དཔལ་ཡེ་ཤེས་སེམས་དཔའ། ཕྱག་ན་རྡོ་རྗེ། སློབ་དཔོན་པདྨ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ཆོས་རྒྱལ་རིན་ཆེན་གླིང་པའོ།། ༄༅༔ འཇམ་དབྱངས་ནཱ་ག་རཀ་ཤའི་ཆར་འབེབ་བཞུགས་སོ༔ རྒྱ་གར་སྐད་དུ༔ ནཱ་ག་ཀཱ་ལ་བྷ་རི་ཤ་ཡ་ན་མ༔ བོད་སྐད་དུ༔ ཀླུ་བདུད་ནག་པོའི་ཆར་འབེབ་ཞེས་བྱ་བ༔ འཇམ་དཔལ་གཤིན་རྗེ་ལ་ཕྱག་འཚལ་ལོ༔ ཆར་པ་འབེབ་པ་འདི་ལ་དོན་རྣམ་པ་དགུ་སྟེ༔ དང་པོ་སེམས་བསྐྱེད་པ༔ གཉིས་པ་གནས་བཙལ་བ༔ གསུམ་པ་རྫས་གསག་པ༔ བཞི་པ་རིལ་བུ་བྱ་བ༔ ལྔ་པ་བསྙེན་པ་བསྐྱལ་བ༔ དྲུག་པ་ལས་ལ་སྦྱར་བ༔ བདུན་པ་རླུང་མནན་པ༔ བརྒྱད་པ་གནད་ལ་དབབ་པ༔ དགུ་པ་གཏང་རག་བྱ་བའོ༔ དང་པོ་སེམས་བསྐྱེད་པ་ནི༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ༔ སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད༔ ཚད་མེད་པ་བཞི་བསྒོམ་མོ༔ གཉིས་པ་གནས་བཙལ་བ་ནི༔ ཆུ་མིག་ཁ་ཤར་དུ་བལྟ་བ་མགོ་བཅུ་གསུམ་པ་རྙེད་ན་རབ༔ མ་རྙེད་ན་དགུའམ་བདུན་ནམ་ལྔའམ་གསུམ་ཡན་ཆད་གང་རྙེད་པའི་སར་གནས་པར་བྱའོ༔ གསུམ་པ་རྫས་གསག་པ་ནི༔ དཀར་གསུམ་མངར་གསུམ་ཀླུ་སྨན་རྙེད་ཚད༔ མེ་ཏོག་རྙེད་ཚད་བསགས་ནས༔ ཆུ་མགོར་ས་སྟེགས་གྲུ་བཞི་པའི་སྟེང་དུ་པདྨ་འདབ་བརྒྱད་བྲི༔ པདྨའི་ལྟེ་བར་ཀླུ་བདུད་ཀྱི་གཟུགས་བཞག༔ འདབ་མ་བརྒྱད་ལ་ཀླུ་ཆེན་བརྒྱད་ཀྱི་གཟུགས་བཞག༔ མདུན་དུ་ཀླུ་ཕོ་བཤོས་མོ་བཤོས་ཡང་དཀར་གསུམ་མངར་གསུམ་གྱིས་བྲན་པ་བཤམ༔ གཞན་ཡང་བག་ཟན་ལ་སྦྲུལ་དང༔ སྦལ་པ་དང༔ ལྕོང་མོ་དང་ཆུ་རྟ་དང་ཆུ་ལུག་ལ་སོགས་པའི་གཟུགས་བྱས་ལ་བཞག༔ ཐ་མ་ཤིང་རྩིས་བསྐོར༔ དེ་ཡི་མདུན་དུ་རྣལ་འབྱོར་པ་གནས་པར་བྱའོ༔ བཞི་པ་རིལ་བུ་བྱ་བ་ནི༔ བག་ཕྱེ་ཕུལ་གང་ངམ་གསུམ་གྱི་ནང་དུ༔ གུར་གུམ༔ གྷི་ཝཾ༔ ཛཱ་ཏི༔ ལི་ཤི༔ སུག་སྨེལ༔ ཀ་ཀོ་ལ༔ ག་པུར༔ འབྲས་བུ་གསུམ༔ ཙནྡན་དཀར་དམར༔ གླ་གོར་ཞོ་ཤ༔ སྙིང་ཞོ་ཤ༔ མཁལ་མ་ཞོ་ཤ༔ ཆུ་སྲིན་སྡེར་མོ༔ སྤུ་ཤེལ་རྩེ༔ དབང་ལག༔ ལི་ག་དུར༔ སླེ་ཏྲེས༔ ཀ་བེད༔ སྒ་སྐྱ༔ ཚྭ་ལ༔ རྒྱ་མཚོ་ལྦུ་བ༔ གེ་སར་གསུམ༔ མགྲོན་བུ༔ མེ་ཤེལ༔ མུ་ཏིག༔ གཡུ༔ བྱེ་རུ༔ མུ་མེན༔ སྟར་ཁ༔ རྒུན་འབྲུ༔ བལ་དཀར་མེ་ཏོག༔ དེ་རྣམས་ཞིབ་པར་བཏགས་ལ༔ བ་དམར་མོའི་འོ་མས་སྦྲུས་ཏེ༔ རིལ་བུ་མཐེབ་རྡོག་ཙམ་མང་དུ་བྱས་ལ་བཞག༔ ལྔ་པ་བསྙེན་པ་བྱ་བ་ནི༔ དགུན་ཟླ་འབྲིང་པོ་རྒྱལ་ཟླ་བའམ་རྟ་ཟླའི་ཚེས་གཅིག་ནས་བཅོ་ལྔའི་བར་དུ་བསྒྲུབ་སྟེ༔ ཆུ་མིག་ཁ་ཤར་བལྟས་གསུམ་ལྔ་བདུན་ལ་སོགས་པའི་ཆུ་སྣ་དང༔ བའི་འོ་མ་བག་ཟན་སྨན་དང་བསྲེས་པས་བརྫིས་པའི་རིལ་བུ་སྣོད་དུ་བླུགས་ཏེ་པདྨ་འདབ་བརྒྱད་སྟེང་དུ་བཞག༔ ཐ་མ་ཤིང་རྩིས་བསྐོར༔ དེ་ནས་རང་ཁ་ཤར་དུ་ཕྱོགས་པས༔ སྐྱབས་འགྲོ་སེམས་བསྐྱེད་གོང་བཞིན་བྱ༔ སྭ་བྷཱ་བས་སྟོང་པར་སྦྱང༔ སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ༔ ཧཱུྃ་ལས་འོད་འཕྲོས་ཚུར་འདུས་ཡོངས་སུ་གྱུར་པ་ལས༔ རང་ཉིད་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ༔ སྦྲུལ་མགོ་དགུ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ༔ ཕྱག་གཡས་པས་རྡོ་རྗེ་ནམ་མཁར་ཕྱར་བ༔ གཡོན་སྡིགས་མཛུབ་དང་བཅས་པས་དྲིལ་བུ་འཛིན་པ༔ ཞབས་གཉིས་འདོར་སྟབས་བགྲད་ཅིང་སྦྲུལ་མཇུག་འཁྱིལ་བ༔ སྦྲུལ་རིགས་ལྔས་སྐུ་ལ་བརྒྱན་པ༔ བདུད་རྩིའི་མཚོ་ཆེན་པོའི་དཀྱིལ་དུ་པདྨ་དང་ཟླ་བའི་གདན་ལ་བཞུགས་པ༔ ས་བདག་ཀླུ་གཉན་སྡེ་བརྒྱད་ཆར་བདག་ཐམས་ཅད་ཟིལ་གྱིས་གནོན་ཅིང་དབང་དུ་སྡུད་པའི་སྐུར་བསྒོམས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་ལས་འོད་འཕྲོས་པས༔ ལྕང་ལོ་ཅན་ནས་ཡེ་ཤེས་པ་སྤྱན་དྲངས་ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་དབྱེར་མེད་དུ་གྱུར་པར་བསྒོམ༔ སླར་ཡང་རིགས་ལྔ་སྤྱན་དྲངས་དབང་བསྐུར་བས་བདུད་རྩིའི་རྒྱུན་གྱིས་ལུས་ཐམས་ཅད་གང༔ ཆུའི་ལྷག་མ་ཡར་འཁྱིལ་བས་མི་བསྐྱོད་པས་དབུ་བརྒྱན་པར་བསྒོམ༔ རང་གི་མདུན་དུ་མཎྜལ་གྱི་དབུས་སུ་པད་ཟླའི་སྟེང་དུ་ཨེ་ལས་ཀླུ་བདུད་མགོ་དགུ་པ་བསྐྱེད༔ འཁོར་དུ་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བར་བསྒོམ༔ དེ་ཐམས་ཅད་ཀྱི་ཞལ་ནས་བདུད་རྩིའི་ཆར་འབེབས་ཤིང་ཕྱག་གིས་སྤྲིན་ཕུང་འཛིན་པར་བསྒོམ༔ དེ་ནས་རང་གི་ཐུགས་ཀར་པད་ཟླའི་སྟེང་དུ་ཧཱུྃ་སྔོན་པོའི་མཐར་ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཨོཾ་ཕེ་ལཾ་ཧཱུྃ༔ ཨོཾ་ནཱ་ག་ཀཱ་ལ་ཧཱུྃ༔ ནཱ་ག་ཤུ་ཤུ༔ ནཱ་ག་ལེ་ལེ༔ དུམ་པ་ལེ་ལེ༔ ནཱ་ག་རཱ་ཙ་འདུས་འདུས་ཧཱུྃ༔ ཞེས་སྔགས་བགྲངས་པས༔ སྔགས་ཕྲེང་རང་གི་ཞལ་ནས་ཐོན༔ མདུན་བསྐྱེད་ཀྱི་ཀླུ་བདུད་ལ་ཕོག༔ དེ་ལས་འོད་འཕྲོས་ཀླུ་ཆེན་བརྒྱད་ལ་ཕོག༔ ཀླུ་ཐམས་ཅད་དབང་དུ་བསྡུས༔ ཀླུ་ཐམས་ཅད་ཀྱི་ཞལ་ནས་བདུད་རྩིའི་ཆར་ཆེན་པོ་ཕབ་པར་བསྒོམས་ལ༔ སྔགས་འདི་ཞག་བདུན་ནམ་བཅོ་ལྔའི་བར་འདྲེན་ཅིང༔ རིལ་བུ་ཁ་རླངས་མ་སོང་བར་ཕུས་བཏབ་ལ༔ ཕ་ཚད་རྡོས་སླེབ་པ་ཙམ་དུ་ཐོས་བསྐོར་ལ༔ ནང་དུ་ངོ་གསར་འོང་མི་འཇུག་པར་མཚམས་བྱའོ༔ སྒྲུབ་དུས་མཚམས་དམ་པ་གལ་ཆེའོ༔ བྱ་ཁྱིས་མ་མཐོང་བ་གལ་ཆེ༔ ས་འབྲུག་གམ་སྤྲིན་མང་དུ་འགྲོ་བ་འོང༔ དྲུག་པ་ལས་ལ་སྦྱར་བ་ནི༔ ཆུ་མིག་ཁ་ཤར་བལྟས་དང་ལྷོར་བལྟ་བ་བཅུ་གསུམ་གྱི་ཆུ་སྣ་བསྡུས་ལ༔ དེ་ཟངས་ནང་དུ་བླུགས༔ ཟངས་ཀྱི་སྟེང་ཤིང་ལེབ་རྡོ་ལེབ་ཀྱིས་བཀབ་ནས༔ དེའི་སྟེང་དུ་པདྨ་འདབ་བརྒྱད་བྲི༔ ལྟེ་བ་དང་འདབ་མ་ལ་སྔ་མ་ལྟར་ཀླུ་གཟུགས་རས་སམ་བག་ཟན་ལ་བྱས་ལ་བཞག༔ རང་ཉིད་ཆུ་མིག་དེའི་མགོར་སྡོད་པར་ཡིད་ཀྱིས་བསམ༔ ཆུ་མིག་དེ་དག་གི་ནང་དུ༔ རིལ་བུ་གསུམ་གསུམ་རས་དཀར་ནང་དུ་བཏུམས་ནས་ཆུ་མགོར་ཆུས་བངས་ཙམ་བྱས་ལ་བཞག༔ ཕ་ཚད་རྡོས་སླེབ་ཙམ་དུ་ཞེས་སོགས་གོང་བཞིན་ནོ༔ དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གལ་ཆེ་བས༔ སྐྱབས་འགྲོ་སེམས་བསྐྱེད་བྱ་ཞིང༔ ཏིང་ངེ་འཛིན་བསྒོམ་པ་ནི༔ རང་ཉིད་ཕྱག་རྡོར་གོང་ལྟར་བསྐྱེད༔ མདུན་དུ་པདྨ་འདབ་བརྒྱད་ཀྱི་དབུས་སུ་ཀླུ་བདུད་ནག་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡས་སྦལ་པ་གཡོན་སྡིག་པ་འཛིན་པ༔ སྦྲུལ་མགོ་ནོར་བུས་བརྒྱན་པ་དགུས་གདེངས་ཀ་ཅན༔ སྨད་སྦྲུལ་མཇུག་རི་རབ་ལན་གསུམ་དཀྲིས་ནས་རྒྱ་མཚོའི་གཏིང་དུ་སླེབ་པ༔ རི་རབ་ལ་རྒྱབ་གཏད་པ༔ ཞལ་གདངས་ཤིང་མཆེ་བ་གཙིགས་པ༔ ལྗགས་འདྲིལ་བ་སྤྱན་གསུམ་དམར་ལ་ཁྲོ་གཉེར་གཡོ་བ༔ རྣ་བ་གཉིས་ནས་འབྲུག་ལྡིར་བ༔ མིག་གཉིས་ནས་གློག་འཁྱུག་པ༔ སྣ་གཉིས་ནས་ན་བུན་འཐུལ་ཞིང་ཆར་འབེབ་པ༔ སྦྲུལ་མཇུག་གིས་རྒྱ་མཚོའི་གཏིང་དཀྲུག་པ༔ ཀླུ་རྣམས་རང་དབང་མེད་པར་སྐུལ་ཞིང་ཆར་ཆེན་པོ་འབེབ་པར་བསྒོམ༔ དེ་ལ་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བར་བསྒོམ༔ དེ་རྣམས་ཐལ་མོ་སྦྱར་ནས་གཙོ་བོ་ལ་གུས་པར་བསྒོམ༔ ཤར་དུ་རྒྱལ་རིགས་དཀར་པོ༔ ལྷོར་རྗེ་རིགས་སེར་པོ༔ ནུབ་ཏུ་བྲམ་ཟེ་དམར་པོ༔ བྱང་དུ་རིགས་ལྡན་ལྗང་གུ༔ དེ་རྣམས་ཞལ་གཅིག་ཕྱག་གཉིས་ཐལ་མོ་སྦྱར་ནས་གཙོ་བོ་ལ་རབ་ཏུ་གུས་པར་བསྒོམ༔ དེ་ནས་གཙོ་བོས་ཀླུ་ཆེན་བརྒྱད་བསྐུལ༔ ཀླུ་ཆེན་བརྒྱད་ཀྱིས་ཀླུ་རིགས་ལྔ་བསྐུལ༔ ཀླུ་རིགས་ལྔས་རིགས་བཞི་བསྐུལ༔ རིགས་བཞིས་ཀླུ་དང་ས་བདག་སྡེ་བརྒྱད་ཆར་འབེབ་ལ་དབང་བ་རྣམས་བསྐུལ་ནས་ཆར་ཆེན་པོ་འབེབ་པར་བསྒོམ༔ བར་སྐབས་སུ་རིལ་བུ་རེ་རེ་ཀླུ་བདུད་ཡིན་པར་སྒོམ་ཞིང་ཆུ་མགོར་གཞུག༔ དེ་ནས་མི་བཞི་ཡོད་ན༔ སྔགས་རྒྱུན་གཉིས་ཀྱིས་སྲོད་ཐོ་རངས་དྲག་ཏུ་ཏིང་ངེ་འཛིན་མ་ཡེངས་པར་འདྲེན༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཨོཾ་ཕེ་ལཾ་ཧཱུྃ༔ ཨོཾ་ནཱ་ག་ཀཱ་ལ་ཧཱུྃ༔ ནཱ་ག་ཤ་ཤ༔ ནཱ་ག་ལེ་ལེ༔ དུམ་བྷ་ལེ་ལེ༔ ནཱ་ག་རཱ་ཛ་འདུས་འདུས་ས་མ་ཡ་ཧཱུྃ༔ བྷ་རི་ཤ་ཡ་བྷ་རི་ཤ་ཡ༔ པྲ་ཏ་ཡ་པྲ་ཏ་ཡ༔ ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ༔ ནཱ་ག་རཱ་ཙ་ཕྲོཾ་ཕྲོཾ༔ ཧྲིལ་ཧྲིལ༔ ཤར་ཤར༔ ཕོབ་ཕོབ༔ དྲག་ཏུ་ཕོབ༔ གློག་དམར་སྐེམས་སྐེམས༔ འབྲུག་སྒྲ་ལྡིར་ལྡིར༔ སྤྲིན་ཚོགས་ཐིབས་ཐིབས༔ ན་ག་རཱ་ཙ་མ་ཧཱ་བྷ་རི་ཤ་ཡ་ཆར་དྲག་ཏུ་ཕོབ་སྭཱ་ཧཱ༔ ཞེས་བགྲངས་པས་ཆར་འབབ་པའི་རྟགས་ལ༔ སྤྲིན་རྟགས་ནི༔ ཉིན་མོ་སྤྲིན་གསར་སྲབ་མོ་ཡལ་ནས་འགྲོ༔ ནུབ་མོ་སྤྲིན་ཐམས་ཅད་བྱང་ཤར་དུ་འགྲོ་ན༔ དེ་ནུབ་རང་ནས་འབབ་རྟགས་ཡིན༔ སྤྱིར་ནི་ལྷོ་ནུབ་ནས་བྱང་ཤར་དུ་འགྲོ་ན་བཟང་ངོ༔ སྤྲིན་སྣག་ཚའི་མདོག་ལྟ་བུ་ནུབ་ཏུ་འཁྲིགས་ནས༔ སྲབ་མོ་འོག་ནས་ཤར་དུ་རྒྱུག་ན་འབབ་བོ༔ ཆུ་མགོར་སྦལ་པ་བྱུང་ན་བཟང་བས་ཞོ་མར་བཅུག་སྟེ་ཆུ་མགོར་བཏང་ངོ༔ འབྲུག་གཅིག་བྱུང་ན་ཞག་གཅིག་ནས་འབེབ༔ གཉིས་གསུམ་ལ་སོགས་གྲངས་དེ་ལ་འབབ༔ རྨི་ལམ་དུ་བྱིས་པས་ཆང་སྟེར་ན་མང་ཉུང་དེ་ཙམ་གྱི་ཆར་འབབ་བོ༔ དམ་ཚིག་ཏུ་བྱིས་པ་དང་ཁྱི་རྩར་ཉེ་མི་འཇུག༔ བྱ་ཁྱིས་རིལ་བུ་ཟ་མ་ཤོར་བ་བྱ༔ ཟ་ཤོར་ན་རྟེན་འབྲེལ་གྱི་ཆར་མི་ཕེབ༔ བན་འགྲུལ་དང༔ རྟ་བོང༔ ཡུགས་ས༔ དམེ་པོ༔ མཛེ་ཕོ༔ ཡ་ཕོ༔ དམ་ཉམས༔ ལོང་སྤྲང༔ རྒན་རྒོན༔ ལྕགས་སྤྱད༔ སྣོད་སྟོང་ཐོགས་པའི་འགྲུལ་ལ་འཛེམ༔ ལར་རྨི་ལམ་དུ་རྨིས་པ་དང་དེ་རྣམས་དང་ཐོག་མར་འཕྲད་ཀྱང་ཆར་འབེབ་པ་དཀའ༔ ཆར་འབེབ་ལ་འགྲོ་དུས་ར་ལུག་ལ་སོགས་དུད་འགྲོ་མདུན་དུ་དེད་པ་དང༔ བུ་ཆུང་དང་བུ་མོ་གཞོན་ནུ་ཆས་བཟང་དང༔ རྩྭ་དང་ལོ་མ་ཁུར་བ་དང༔ འབྲུ་དང་ཤིང་ཐོག་མེ་ཏོག་ཁྱེར་བ་དང༔ ཆུ་ཁུར་བ་དང༔ ཞོ་དང་འོ་མ་ཁྱེར་བ་དང༔ སྟེར་བ་དང༔ ཤ་ཆང་སྟེར་བ་བྱུང་ན་བཟང་ངོ༔ བདུན་པ་རླུང་མནན་པ་ནི༔ རང་ཉིད་ཁྲོ་བོ་འདོད་པའི་རྒྱལ་པོ་སྐུ་མདོག་གསེར་བཙོ་མའི་མདོག༔ གཡས་ལྕགས་ཀྱུ་གཡོན་ཞགས་པ་འཛིན་པ༔ རླུང་ལྷའི་སྙིང་ག་དང་མགྲིན་པ་ནས་བཟུང་སྟེ༔ མདུན་དུ་རྫ་གསར་པའི་གྭའུ་ནང་དུ་རླུང་ལྷ་ཕོ་མོའི་གཟུགས་བྱས་པ་ལ་བསྟིམ་ཞིང་རླུང་ལྷ་ཐམས་ཅད་རི་རབ་ཀྱི་ཞབས་སུ་མནན༔ རླུང་ཐམས་ཅད་རི་རབ་ཀྱི་ཁོང་སེང་དུ་ཚུད་པར་བསམས་ལ་སྔགས་འདི་འདྲེན་ནོ༔ ཨོཾ་ཏི་ཏི་ཏི་ལ་ནན༔ ཆར་ཡ་ཆུར་ཡ་ནན༔ བཱ་ཡུ་སཏྭཾ་བྷ་ཡ་ནན་སྭཱ་ཧཱ༔ ཞེས་འགྲེའོ༔ དེས་རླུང་མནན་ནོ༔ སྔགས་གཅིག་ལ་ཨོཾ་ཆར་པ་ཆུར་ཡ་ཏི་ཏི་ཏི་ལ་ནན༔ བཱ་ཡུ་རཱ་ཙ་ཏི་ཏི་ཏི་ལ་ནན༔ སཏྭཾ་བྷ་ཡ་ནན་སྭཱ་ཧཱ༔ ཅེས་འདྲེན་ནོ༔ སྤྲིན་སྡུད་པ་ནི༔ ཤོག་གུ་ལ་རླུང་ལྷ་དུད་ཁ་ཤ་བ་ལ་ཞོན་པ་རླུང་གི་བ་དན་ཐོགས་པ་ཞིག་བྲིས་ལ༔ ལ་ཆའི་གྭའུར་བཅུག་ནས༔ རང་གི་མལ་འོག་ཏུ་མནན༔ རང་ཉིད་ཕྱག་རྡོར་དུ་བསྒོམས་ལ༔ ཤོག་གུ་ལ་ཀླུ་གཟུགས་སྐུ་མདོག་སྔོན་པོ་ཁོག་སྟོད་མི་ལ་ཁོག་སྨད་སྦྲུལ་དུ་གྲུབ་པ༔ སྦྲུལ་མགོ་དགུ་དང་ལྡན་པ་གོས་སུ་སྤྲིན་གོན་པ་བཞི་ཕྱོགས་བཞི་ནས་འདུས་ནས༔ ནམ་མཁའ་ཐམས་ཅད་སྤྲིན་དང་ཆར་གྱིས་གང་བར་བསམ་ལ༔ ནཱ་ག་ཡུ་ཡུ༔ བྷ་རི་ཤ་ཡ་བྷ་རི་ཤ་ཡ༔ པ་ཏ་ཡ་པ་ཏ་ཡ༔ སྤྲིན་སྡུས་ཆར་ཕོབ་སྭཱ་ཧཱ༔ ཞེས་འདྲེན་ཅིང༔ ཀླུ་གཟུགས་ཕྱོགས་བཞི་ནས་གཡབ་བོ༔ བརྒྱད་པ་གནད་ལ་དབབ་པ་ནི༔ ཆུ་མགོར་མཚོ་བསྐྱིལ༔ མཚོ་ནང་དུ་ཐབ་ཀ་ཞིག་བཅས་ལ༔ དེའི་སྟེང་དུ་གཡམ་པ་ཞིག་བཀབ༔ ཡང་དེའི་ཁར་སྒྱེད་པུ་གསུམ་བཙུགས༔ དེའི་ཁར་གཡམ་པའམ་ཤིང་ལེབ་གཅིག་བཞག་པའི་ཁར་བག་ཟན་ལ་སྦལ་པ་ཆེན་པོ་ཞིག་བྱས་པའི་ཁར༔ གྲོ་ག་ལ༔ ཨོཾ་ཕུ་བ་རུ་ཎཱ་ཡ་ཆར་ཕོབ་བྱ་བ་བྲིས་ལ་བཅུག༔ སྦལ་པ་སྒྱེད་པུ་གོང་མའི་ཁར་ཁ་སྦུབ་ཏུ་བཞག༔ སྒྱེད་པུ་འོག་མའི་ཁར་མར་གྱི་སྦལ་པ་ཆུ་ནང་དུ་ནུབ་པར་བྱས་ལ་བཞག༔ སྦལ་པ་སྟེང་མའི་རྒྱབ་ཏུ་སྐྱེར་པའམ་སེང་ལྡེང་གི་ཕུར་པ་གཅིག་ཤིང་ལ་གཏོད་ནས་སོ་ཟུག་ཙམ་ཞིག་བྱས་ལ་བཞག༔ དེ་ནས་སྦལ་པ་གོང་མ་དེ་ལ་ཀླུ་བ་རུ་ཎ་བཀུག་ལ་བསྟིམ༔ འོག་མ་མར་གྱི་སྦལ་པ་དེ་ལ་ཆུ་མགོའི་ཀླུ་དང༔ ཡུལ་དེའི་ཀླུ་ཆེན་པོ་རྣམས་བཀུག་ལ་བསྟིམ༔ རང་ཉིད་ཕྱག་རྡོར་དུ་སྒོམ་ཞིང་སྔགས་ཀྱིས་གཟིར་བས༔ སྦལ་པ་གོང་མའི་ཁ་ནས་ཁྲག་སྐྱུགས་པས་སྦལ་པ་འོག་མའི་ཁར་བབས་པས་ལུས་ཀྱི་དབང་པོའི་སྒོ་ཐམས་ཅད་ནས་ཁྲག་གི་ཆར་ཆེན་པོ་འབབ་ཅིང་སྡུག་བསྔལ་བར་བསྒོམས་ལ་སྔགས་ཀྱིས་གཟིར་རོ༔ སྔགས་ནི༔ ཨོཾ་ན་གྲུ་ན་གྲུ་དྲག་ཏུ་ཕོབ༔ མགོ་ལ་ཐུན་ཁྲག་ཕོབ༔ མགོ་ལ་ཐུན་ཁྲག་ཕོབ༔ པྲ་ཏ་ཡ་པྲ་ཏ་ཡ༔ ཨཱ་བྷེ་ཤ་ཡ་ཨཱ་བྷེ་ཤ་ཡ༔ ཨུ་ཤི་ཤ་ཡ་ཨུ་ཤི་ཤ་ཡ༔ བྷ་རི་ཤ་ཡ་བྷ་རི་ཤ་ཡ༔ ནཱ་ག་ནཱ་ག་དྲག་པོར་ཕོབ་ཕོབ༔ ཅེས་དྲག་ཏུ་གཅུན་པས་འབབ་ངེས་སོ༔ དགུ་པ་ཆར་ཕེབས་ནས་གཏང་རག་བྱ་བ་ནི༔ དཀར་གསུམ་མངར་གསུམ་དང་ཀླུ་སྨན་ཐམས་ཅད་དང༔ མཐུན་པའི་རྫས་དང་བ་དམར་མོ་དང་ར་དཀར་མོའི་འོ་མ་དང་སྦྱར་ལ་སྣོད་གཙང་མར་བླུགས་ནས་ཆུ་མགོར་གཏོར་ཞིང༔ འོ་མའི་ནང་དུ་ཉུངས་དཀར་བླུགས་ལ་སྔགས་འདི་བགྲང་ཞིང༔ ཨོཾ་པྲ་ཏི་བཛྲ་དུན་ཏི་མི་ལི་མི་ལི་སྭཱ་ཧཱ༔ ཅེས་བརྒྱ་རྩ་བརྒྱད་བཟླའོ༔ ཐོ་རངས་ཆུ་མགོར་གཏོར་རོ༔ དེ་ནས་ཉུངས་དང་འོ་མ་གཏོར༔ དེ་ལྟར་བྱས་པས་རང་ལ་མི་གནོད་ཅིང་འབབ་སླ༔ བཀྲ་ཤིས་བརྗོད༔ རིལ་བུ་ནག་པོའི་ཆར་འབེབ་ཀླུ་བདུད་གཏང་རག་དང་བཅས་པ་རྫོགས་སོ༔ ྀཨཚ༔ དྲག་པོའི་རིལ་བུ་ནི༔ གཙོད་ཁྲག༔ གླ་རྩི༔ གུ་གུལ་ནག་པོ་དང༔ གྲི་ཁྲག༔ ཡུགས་མོའི་མངལ་ཁྲག༔ བཙན་དུག༔ རྟ་བོན་པ༔ ཁྱི་ནག་རྟ་ནག་གསེབ་ཀྱི་ཁྲག༔ ཤ་བའི་བོག་རུ་འདི་རྣམས་བསྡུས་བྱས་ལ༔ བག་ཟན་ཆར་ཆུས་སྦྲུས་ལ་རིལ་བུ་བྱ༔ སྙུག་ཚིགས་སུ་བཅུག་ལ་སྔགས་འདི་མང་དུ་བཏབ༔ ཨོཾ་པ་ཙ་མན་ཏ་ག་རུ་ར་ག་བི་སི་ག་ཐ་ནཱ་ག་ཤི་ཤི༔ ནཱ་ག་ཕྱུང་ཕྱུང༔ ནཱ་ག་གཏུབས་གཏུབས༔ བྷ་རི་ཤ་ཡ་དྲག་ཏུ་ཕོབ་ཕོབ༔ ཅེས་འབུམ་ཕྲག་གཅིག་བཟླ༔ ཁ་རླངས་མ་སོང་བར་ཕུས་འདེབས་སོ༔ དེ་ནས་དགོས་དུས་སྙུག་ཚིགས་སུ་བླུགས་ལ༔ རིལ་བུ་མཚལ་གྱིས་དམར་པོ་བྱ༔ རིལ་བུ་སྲན་མ་ཙམ་བྱ་ཞིང་སྙུག་ཚིགས་ནང་དུ་བཅུག་ལ་དར་དམར་གྱིས་གཏུམ༔ སྙུག་ཚིག་ཟངས་ལྕགས་ཀྱིས་ཁ་གསུམ་ནས་དྲིལ་བས༔ རྟེན་འབྲེལ་གྱིས་རླུང་གནོན་པ་ཡིན་གསུང༔ དེ་གཡག་རོག་པོ་ཞོལ་ཅན་གྱི་སྙིང་རྩིད་ཀྱིས་བཏུམས་ནས༔ ཆུ་མགོར་སྙུག་མ་ཆུ་ནང་དུ་ཆུད་ཙམ་དུ་མནན་པས་ངེས་པར་ཕེབ་བོ༔ ཀླུ་སྒྲུབ་ལུགས་སོ༔ ཨོཾ་ནཱ་ག་ཏ་ལི་ནན་སྭཱ་ཧཱ༔ ༈ ༁ཱ༔ འཇམ་དཔལ་ཀླུ་བདུད་ནཱ་ག་རཀ་ཤའི་ཕྱག་རྒྱ་ལུས་ལ་སྤོ་བ་བཞུགས་སོ༔ འཆི་བདག་ནག་པོའི་སྐུ་ལ་ཕྱག་འཚལ་ལོ༔ འཆི་བདག་ནག་པོའི་ཆིངས་གསུམ་གྱི་ཕྱག་རྒྱ་ལུས་ལ་སྤོ་བ་འདི་ལ་གཉིས་ཏེ༔ གཟུགས་ཅན་དགྲ་ལ་སྤོ་བ་དང༔ གཟུགས་མེད་བགེགས་ལ་སྤོ་བ་གཉིས་སོ༔ དེ་ལ་དང་པོ་དགྲ་ལ་སྤོ་བ་ནི༔ དགྲའི་འཁོར་ལོ་དང་ལིང་ག་རང་གང་ལ་བྱེད་པའི་གཉེར་གཏད་ཀྱི་བཅའ་གཞི་བྱས་པ་དེ་ལ་ཕྱག་རྒྱ་སྤོ་སྟེ༔ དགྲ་མེད་ན་རང་ལ་གང་གནོད་པའི་འདྲེ་གཟུགས་འཁོར་ལོ་དང་བཅས་པ་དེ་ལ་ཕྱག་རྒྱ་སྤོའོ༔ དེ་ལ་གཉིས་ཏེ༔ སྔགས་ཀྱིས་སྤོ་བ་དང༔ ཏིང་ངེ་འཛིན་གྱིས་སྤོ་བའོ༔ དེ་ལ་ཏིང་ངེ་འཛིན་གྱིས་སྤོ་བ་ནི༔ དང་པོ་རང་ཁྲོ་བོ་ཆེན་པོ་འཆི་བདག་ནག་པོ་ལས་ཀྱི་ལྷ༔ དབུ་དགུ་པ་ཕྱག་བཅོ་བརྒྱད་པ༔ རྩ་ཞལ་དབུས་མ་སྡིག་པའི་མགོ་ལྕགས་རུ་སྔོན་པོ་ཟིང་ངེ་བ༔ ཞལ་གདངས་ཤིང་མཆེ་བ་གཙིགས་པ༔ ཕྱག་གཡས་ཐམས་ཅད་རལ་གྲི་འབར་བ་བསྣམས་པས་དགྲ་བགེགས་རྩད་ནས་གཅོད་པ༔ གཡོན་ཐམས་ཅད་ན་སྦྲུལ་གྱི་ཞགས་པ་བསྣམས་པས་དགྲ་བགེགས་ཀྱི་རྐེ་ནས་འཛིན་པ་སྐུ་སྟོད་ཁྲོ་བོ་ཆེན་པོ་སྦྲུལ་མགོ་བདུན་གྱི་གདེངས་ཀ་དང་ལྡན་པ༔ སྨད་སྦྲུལ་དུ་འཁྱིལ་པས་རྒྱ་མཚོ་དཀྲུགས་པ༔ ཀླུ་དང་ས་བདག་གཉན་ཐམས་ཅད་ཟིལ་གྱིས་གནོན་པ༔ སྦྲུལ་རིགས་ལྔས་སྐུ་ལ་བརྒྱན་པ༔ རུས་སྦལ་སེར་པོའི་གདན་ལ་བཞུགས་པ༔ ཤིན་ཏུ་འཇིགས་ཤིང་སྐྱི་གཡའ་བ་རྔམ་པ་ཞིག་བསྒོམ༔ དེའི་ཐུགས་ཀར་སེམས་དཔའ་སུམ་བརྩེགས་བསྒོམ༔ བ་སྤུའི་བུ་ག་དང་སྒོ་དགུ་ནས་སྦྲུལ་རིགས་ལྔ་དང༔ སྦལ་པ་དང༔ ཉ་དང༔ ལྕོང་མོ་དང༔ སྡོམ་དང༔ སྡིག་པ་ལ་སོགས་པའི་སའི་འབུ་སྲིན་སྣ་ཚོགས་པ་བྱུང་ནས༔ དགྲ་བགེགས་ཀྱི་ལུས་ལ་སིབ་སིབ་ཐིམ་པར་བསམ་མོ༔ རང་གི་ལུས་ཀྱི་ན་ཚ་ཐམས་ཅད་སང་སང་དེངས་པར་བསམ་མོ༔ དེ་ནི་ཏིང་ངེ་འཛིན་གྱིས་སྤོ་བའོ༔ གཉིས་པ་སྔགས་ཀྱིས་སྤོ་བ་ནི༔ རང་གིས་གཟུངས་འདི་བཟླས་པས་ལྷ་འདྲེ་མི་གསུམ་ཀླུ་གཉན་ས་བདག་ཐམས་ཅད་ཀྱིས་འོད་ཟེར་མ་བཟོད་ནས༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་རང་གི་ལུས་ནས་ཕར་ཐོན་སོང་བར་བསམས་ལ༔ སྔགས་འདི་དྲག་ཏུ་བཟླའོ༔ ཡིག་འབྲུ་བཅུ་བཞི་པ་འདི་ཁོ་ནའོ༔ ཨོཾ་ནག་པོ་ཏི་པ་ཙ་ཡ༔ ནཱ་ག་རཀྴ་ཕེ་ལཾ་ཧཱུྃ་ཛཿཛ༔ ཞེས་སྔགས་འདི་བཟླས་པས་སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱི་སྙིང་འབྱིན་པ་སྙམ་བྱེད་པ་འབྱུང་སྟེ༔ ཉི་ཟླ་གཟའ་སྐར་ཐམས་ཅད་ཐང་ལ་ལྷགས་པར་བྱེད་ན༔ གདོན་དང་དགྲ་བགེགས་སོགས་ལ་སྨོས་ཅི་དགོས༔ སྔགས་འདི་བཟླས་པའི་ཕན་ཡོན་ནི༔ ཚེ་འདི་ལ་བན་བོན་བརྒྱས་མཛེ་ཐོད་བརྒྱར་བསྒྲུབས་ཀྱང་གནོད་པར་མི་འགྱུར་རོ༔ རང་གི་ཕ་རོལ་ལ་མཛེ་ཐོད་བརྒྱའི་ནང་དང༔ རྒྱ་མཚོ་ཆུ་མིག་བརྒྱ་ལ་གཏད་ཀྱང་ལྡོག་མི་འོང་ཞིང་དགྲ་ལ་ཐེབས་སོ༔ གཞན་གྱིས་བྱས་པ་ཐམས་ཅད་འཇིག་པར་འགྱུར་རོ༔ ཕ་མེས་གཅིག་གིས་ལུས་རྒྱ་ཐེབས་ན༔ རང་གི་བུ་ཚ་མཐའ་བརྒྱུད་རྣམས་ལ་གཤེར་གཏད་སྐམ་གཏད་གང་བྱས་ཀྱང་གནོད་པར་མི་འགྱུར་རོ༔ སྣང་སྲིད་ལྷ་འདྲེ་གང་གིས་ཀྱང་གནོད་པ་མི་འབྱུང་ངོ༔ རང་ཉིད་མཐུ་དང་ནུས་པ་ཆེ་བར་འགྱུར་རོ༔ གཞན་གྱིས་རྦོད་གཏོང་བྱས་ཀྱང་རང་ལ་ལྡོག་པར་མི་འགྱུར་རོ༔ ལུས་རྒྱ་འདི་ཐེབས་པའི་གང་ཟག་དེའི་ལུས་ལ་མཛེ་དང་ཤུ་བ་ལ་སོགས་པའི་ནད་མི་འབྱུང་ངོ༔ ཐབ་གཞོབ་མནོལ་ལ་སོགས་པ་གང་གི་ཡང་གནོད་པ་མི་འབྱུང་ངོ༔ ཤི་ནའང་མེ་ལོང་ཡེ་ཤེས་ཀྱི་རྣལ་འབྱོར་ཞེས་བྱ་སྟེ༔ བར་དོ་ཆོད་པའི་གདམས་པ་ཡིན་པས༔ ངན་སོང་དུ་བསྐྱུར་ཀྱང་འགྲོ་བར་མི་འགྱུར་རོ༔ གཞན་ཡང་ཚེ་འདི་ལ་ཅི་བསམ་པ་ཐམས་ཅད་འགྲུབ་པར་འགྱུར་རོ༔ འཕྲིན་ལས་རྣམ་བཞི་གང་བྱེད་ཀྱང་ནུས་པ་དང་ལྡན་པར་འགྱུར་རོ༔ དམ་འགོང་ལ་སོགས་པའི་གདོན་ལ་བྱས་ཀྱང་འགྲོ་བར་འགྱུར་རོ༔ གནམ་གདོན་ས་གདོན་ཀླུ་གདོན་གང་ཡང་ཐོན་པར་འགྱུར་རོ༔ གནོད་པར་མི་ནུས་སོ༔ ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཆོས་རྒྱལ་རིན་ཆེན་གླིང་པས་འབྲི་ཐང་ཀོ་རོའི་ཆོས་མཛོད་ནས་གདན་དྲངས་པའོ།། ༁ཱ༔ འཇམ་དཔལ་ནཱ་ག་རཀྴའི་སྒྲུབ་ཐབས་སློབ་དཔོན་པདྨས་གནུབས་སངས་རྒྱས་ལ་གཏད་པ་བདག་བསྐྱེད་ནཱ་ག་རཀྴའི་འཁོར་ལོ་བྲི་ཐབས་གསང་བའི་རྒྱུད་ནས་བྱུང་བའི་དཀར་ཆག་རྣམས་བཞུགས་པ་དགེ༔ རྒྱ་གར་སྐད་དུ༔ ཀྲྀཥྞ་ནཱ་ག་རཱ་ཛ་ནཱ་མ་ཏན་ཏྲ༔ བོད་སྐད་དུ༔ ཀླུའི་རྒྱལ་པོ་ཞེས་བྱ་བའི་རྒྱུད༔ ཀླུ་བདུད་ནག་པོ་མགོ་དགུ་པ༔ རྒྱ་མཚོ་དུག་རི་ལ་བདུད་གཅིག་སྲིད་པ་གསུམ་གྱི་བདུད༔ ནཱ་ག་རཀ་ཤའི་སྐུ་ལ་ཕྱག་འཚལ་ལོ༔ འཇིག་རྟེན་འཁོར་བ་མི་ཡུལ་དུ༔ ས་བདག་ཀླུ་གདོན་དྲག་པོས་བྱས་པའི་རང་བཞིན་འཁྲུགས་པ་ཡིས༔ ནག་པོ་གདུག་པའི་ནད་དར་བས༔ དེའི་གཤེད་པོར་ནཱ་ག་རཀ་ཤ་བསྒྲུབ༔ སྟེགས་བུ་ལེགས་པར་དྲི་ལྡན་པར༔ འཁོར་ལོ་རྩིབས་བཞི་མུ་ཁྱུད་ཅན༔ སྒོ་བཞི་ལྡན་པ་འབྲི་བར་བྱ༔ དབུས་སུ་ཕེ་ཡིག་སྦྲུལ་ནག་ལྡན༔ དེ་ལས་རིག་པའི་རྒྱལ་པོ་བསྐྱེད༔ འཁོར་ལོ་བཞི་ལ་སྦྲུལ་རིགས་བཞི༔ དཀར་ཁྲ་སེར་ཁྲ་དམར་ཁྲ་ལྗང་ཁྲའོ༔ རིགས་བསྡུས་བྱེ་བྲག་ཤེས་པར་བྱ༔ རས་སམ་རྒྱ་ཤོག་གང་ཡིན་ལ༔ འབོད་པའི་འཁོར་ལོ་འབྲི་བར་བྱ༔ རིགས་བཞི་གདོལ་པའི་ནད་རྣམས་ཀུན༔ འཇུག་པར་ངེས་པར་ཚང་མས་བརྟག༔ ས་དུག་ཆུ་དུག་མེ་དུག་རླུང་དུག་འབྱུང་བའི་དུག༔ འཁོར་ལོ་བཞི་ཡི་གནད་ཀྱིས་འཇོམས༔ ནཱ་ག་ཕེ་ནི་མཱ་ར་ཡ༔ གདོལ་པའི་རིགས་མཱ་ར་ཡ༔ ཨོཾ་ཕེ་ལཾ་ཧཱུྃ༔ ཅེས་བཟླས་ཤིང་འཁོར་ལོ་ཡང་དགོད་དོ༔ ྀཨཚ༔ ས་མ་ཡ་ཁ་ཐཾ༔ ན་ར་ཀན༔ སློབ་དཔོན་པདྨས་སྒྲུབ་ཐབས་གནུབས་སངས་རྒྱས་ལ་གཏད་དོ༔ ལོ་རྒྱུས་ཟུར་ན་ཡོད༔ ༈ དང་པོ་སྟོང་པ་ཉིད་ལས་ནི༔ ཡི་གེ་ཕེ་རུ་ཡང་དག་གྱུར༔ དེ་ནས་རིག་པའི་རྒྱལ་པོ་བསྒོམ༔ སྦྲུལ་ནག་མགོ་དགུ་འཇིགས་པ་ལ༔ སྦྲུལ་ནག་རལ་པ་མུན་ལྟར་འཐིབས༔ དབུས་ཀྱི་སྦྲུལ་མགོ་གདུག་པ་ཟ༔ སྦྲུལ་མགོ་བརྒྱད་ནི་ཕྱོགས་མཚམས་འཕྱོ༔ ཐུགས་ཀར་ཕེ་ལ་འབྲུ་བཞིས་བསྐོར༔ ཞབས་ཀྱིས་སྡོམ་སྡིག་མང་པོ་བརྫིས༔ ཡིག་འབྲུ་མ་གསལ་བར་དུ་ནི༔ སྲོག་འཛིན་ཡི་གེ་བཞི་པོ་ནི༔ ཡེ་ཤེས་ལྷ་ཡི་སྙིང་པོ་སྟེ༔ འོད་ཟེར་འཕྲེང་བའི་ཡིག་འབྲུ་བསྟན༔ ཨོཾ་ཕེ་ལཾ་ཧཱུྃ༔ དེ་ལྟར་གསལ་བས་རྟགས་རྣམས་འབྱུང༔ ཤ་འགུལ་བ་དང་འཕྲིག་པ་དང༔ རྐང་ཁོལ་བ་དང་བས་ལྡག་འབྱུང༔ ཤེས་པ་རྩུབ༔ ལུས་ལ་གསང་བའི་རྒྱས་ཐེབས་ན༔ དུག་གསུམ་ཀུན་གྱི་ཁ་ཆིངས་ཡིན༔ ཨོཾ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྴ་ཨོཾ་ཕེ་ལཾ་ཧཱུྃ༔ ཉེ་བའི་བསྙེན་པ་རྫོགས་པ་དང༔ དྲག་པོའི་འཁོར་ལོ་བསྐོར་བར་བྱ༔ འཁོར་ལོ་ཁ་སྦྱོར་བར་སྣང་བཀྲམ༔ བར་དུ་མིང་རུས་གང་ཡིན་གཞུག༔ དང་པོ་གང་ཡིན་འགུགས་པར་བྱ༔ ཨོཾ་ནག་པོ་ཏི་པ་ཙ་ཡ༔ ནཱ་ག་རཀྴ་ཆཻ་མ་ཏྲི་ཧུར་ཐུཾ་ཛཿནྲྀ་ཨཾ་ཀུ་ཤུ་ཛ༔ ཅེས་བརྒྱ་རྩ་བརྒྱད་བཟླས་ལ་འཁོར་ལོ་ལ་གདབ་བོ༔ ཀླུ་ལ་ཕུ༔ བགེགས་ལ་ཏྲི༔ དགྲ་ལ་ནྲྀ༔ ཨཾ་ཀུ་ཛཿཛ༔ དེ་ནས་འཁོར་ལོའི་ཡང་སྙིང་ནི༔ ཉིན་མཚན་སྔགས་ནི་མ་ནོར་རྒྱག༔ ཨོཾ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྴ་རཾ་རཾ་རཾ་རཾ་རྒྱལ་རིགས་མཱ་ར་ཡ༔་་་ལས་སྦྱོར་ཉིན་མོར་བཟླ། འཁོར་ལོ་ལ་བྲི། ཙ་མ་རི་ཕྱུང༔ ནཱ་ག་ཕུ་ནི་མཱ་ར་ཡ༔ ཨོཾ་ཕེ་ལཾ་ཧཱུྃ༔ ཁཾ་ཁཾ་ཁཾ་ཁཾ་རྗེ་རིགས་མཱ་ར་ཡ༔ ཡཾ་ཡཾ་ཡཾ་ཡཾ་བྲམ་ཟེའི་རིགས་མཱ་ར་ཡ༔ ལཾ་ལཾ་ལཾ་ལཾ་དམངས་རིགས་མཱ་ར་ཡ༔ ཙམ་རི་ཕྱུང༔ ༈ ནཱ་ག་རཀ་ཤའི་འཁོར་ལོའི་བྲི་ཐབས་ནི༔ ཁྱུང་སྦྲུལ་མགོ་ཞལ་དུ་བཅུག་པ༔ ལག་པ་གཉིས་ཀྱིས་སྦྲུལ་བརྒྱངས་ཤིང༔ མཇུག་མ་ཞབས་ཀྱིས་མནན་པ༔ དེའི་ལྟེ་བར་འཁོར་ལོ་རྩིབས་བརྒྱད་པ༔ ཕྱོགས་བཞིའི་རྩིབས་ལ་ནག་པོ་ཏི་པ་ཙ་ཡ༔ ནཱ་ག་རཀ་ཤ་ཨོཾ་ཕེ་ལཾ་ཧཱུྃ་ཕཊ༔ མཚམས་བཞི་ལའོ༔ རྩིབས་མཆན་ལ་ཁྲོཾ་རེ་འབྲིའོ༔ ལྟེ་བ་ལ་ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཁྲོཾ་ག་རུ་ཌ༔ སརྦ་ནཱ་ག་ཧཱུྃ་ཕཊ༔ འཆང་བ་ལ་ནཱ་ག་རཀྵ་ཧཱུྃ་ཀུ་རུ་སྭཱ་ཧཱ༔ ཞེས་བྲི༔ ཕྱིའི་མུ་ཁྱུད་ལ༔ ཨོཾ་ནཱི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙ་པ་ཡ་ཏི་ཧཱུྃ་ཕཊ༔ ག་རུ་ཌ་ཙ་ལེ་ཙ་ལེ༔ ནཱ་ག་དུ་པྲ་མ་རཀྵ་རཀྵ༔ ཞེས་འབྲིའོ༔ འཁོར་ལོ་འདི་གསེར་གྱིས་བྲིས་ལ༔ སྦྲུལ་གྱི་པགས་པས་གཏུམས་ནས༔ ཀླུ་མི་ལྡོག་པའི་དུས་སུ་གདགས་སོ༔ རབ་གནས་བྱེད་དོ༔ ཡོན་གསེར་སྲང་རེ་མེད་པ་སླུ་རུ་མེད་དོ༔ གསེར་མེད་ན་རྒྱ་སྣག་གིས་འབྲིའོ༔ འཁོར་ལོ་གསུམ་བཏགས་ན་ཀླུའི་ཚོགས་བྱེ་བ་དུང་ཕྱུར་ཚོགས་ཀྱང་གནོད་པར་མི་འགྱུར་བ་ངེས་པ་ཡིན་ནོ༔ འདི་འཇམ་དཔལ་ནཱ་ག་རཀ་ཤའི་སྲུང་བ་ཟབ་པ་ཡིན་པས་ཐམས་ཅད་ལ་མེད་དོ༔ ཟབ་རྒྱཿརྒྱཿརྒྱཿ ༈ འཆི་བདག་ནག་པོ་མགོ་བོ་དགུ་ལ་ཕྱག་འཚལ་ལོ༔ རྒྱ་མཚོ་ཆེན་པོ་དུག་རི་སྲུང་བའི་རྒྱུད༔ མཚོན་ཆ་ལས་ཀྱི་འཁོར་ལོ་ཀླུའི་གཉེན་པོ་སྒྲུབ་པའི་ཐབས་སྲུང་བའི་ཡི་གེ་གུད་དུ་བཀོལ་བ༔ དང་པོ་སྟོང་པ་ཉིད་དུ་བསྒོམ༔ དེ་ནས་བདག་ཉིད་ཡི་གེ་ཕེ༔ དེ་ལས་སྦྲུལ་ནག་ཆེན་པོ་བསྒོམ༔ སྦྲུལ་མགོ་ཆེན་པོས་དགྲ་བགེགས་ཟ༔ སྦྲུལ་མགོ་བརྒྱད་ནི་ཕྱོགས་མཚམས་གཟིགས༔ སྦྲུལ་ནག་རལ་པ་འཛིངས་པ་ལས༔ མཛེ་དང་ཤུ་བའི་ཚྭ་ཚྭ་འཕྲོ༔ གཡས་པའི་ཕྱག་བརྒྱད་སྦྲུལ་ཞགས་བསྣམས༔ གཡོན་བརྒྱད་ནད་ཀྱི་རྐྱལ་པ་བསྣམས༔ སྦྲུལ་མཇུག་རྒྱ་མཚོའི་སྟེང་དུ་འཁྱིལ༔ ཀླུ་རིགས་བཞི་ཡི་གདན་ལ་བཞུགས༔ ཉམས་པ་ཕོ་མོའི་སྙིང་མཆིན་ཟ༔ ཐུགས་ཀའི་སྲོག་འཛིན་ཡི་གེ་ཕེ༔ དེ་ལས་ཡེ་ཤེས་སེམས་དཔའ་ནི༔ སྦྲུལ་ནག་ཡབ་ཡུམ་མཐེ་བོང་ཙམ༔ དེ་ལ་དཔའ་བོ་འབྲུ་བཞིས་བསྐོར༔ དེ་བཞིན་ཡུམ་ལའང་ཤེས་པར་བྱ༔ དེ་ནས་ཡེ་ཤེས་སེམས་དཔའ་ཡང༔ ཡིད་ཀྱིས་སྤྱན་དྲངས་བསྟིམ་པར་བྱ༔ མཚན་མོ་དག་ལ་གང་བྱེད་ཀྱང༔ ཡིག་འབྲུ་བཞི་པོ་ཉིན་མོ་བཟླ༔ ཡེ་ཤེས་སེམས་དཔའ་བསྐྱེད་པ་ཡི༔ གཙོ་བོ་ལ་ཕེ་ལཾ་ཧཱུྃ་སྡུད༔ ཨོཾ་ཕེ་ལཾ་ཧཱུྃ༔ སྲུང་བའི་མཆོག་ཏུ་བཤད་འདི་སྟེ༔ ཀླུ་ཡི་སྲིན་པོ་སྒྲུབ་པ་སོགས༔ གལ་ཏེ་ལོག་པའི་རྟགས་བྱུང་ན༔ བཅུ་བཞི་སྔགས་ཀྱི་འཕྲེང་བ་བཟླ༔ དེ་ཡིས་ཀླུ་རྣམས་འཆིང་བར་བྱེད༔ ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀ་ཤ༔ ཨོཾ་ཕེ་ལཾ་ཧཱུྃ༔ འཛམ་གླིང་ཀླུ་རྣམས་ཐམས་ཅད་ཀྱང༔ དབང་དུ་ཀླུ་བདུད་ནག་པོས་སྡུད༔ ཟིལ་གྱིས་སྦྲུལ་ནག་ཆེན་པོས་མནན༔ འཕྲིན་ལས་དྲག་པོའི་སྔགས་ཀྱིས་བཟུང༔ ཤི་ས་ནཱ་ག་རཀ་ཤས་བསྟན༔ གལ་ཏེ་འཁྲུལ་འཁོར་བསྒོམ་པ་ན༔ སྤྱི་འམ་རང་རང་འཁོར་ལོ་སྟེ༔ སྤྱི་ཡི་འཁོར་ལོའི་ལྟེ་བ་ལ༔ ཆོས་ཀྱི་འཁོར་ལོ་བྲི་བར་་་བྱ༔ བར་དུ་དཔའ་བོ་འབྲུ་བཞིས་བསྐོར༔ ཐ་མའི་རྩིབས་བར་སྦྲུལ་རིགས་བཞི༔ ཡང་རིམ་ཡི་གེ་འབྲུ་བཞིས་བསྐོར༔ དབུས་སུ་ཀླུ་བདུད་ཡབ་ཡུམ་དང༔ རྩིབས་སུ་ཀླུ་བདུད་ཡབ་ཡུམ་བརྒྱད༔ ཡི་གེ་ཕུ་ལས་བསྐྱེད་པར་བྱ༔ ལོག་ན་འཁོར་ལོ་དྲག་ཏུ་བསྐོར༔ རང་བཞིན་བཞག་ལ་བསྙེན་པ་བསྐྱལ༔ རང་རང་འཁོར་ལོ་གོང་འདྲ་ལ༔ རྒྱལ་རིགས་དཀར་ལ་བྲམ་ཟེ་སེར༔ རྗེའུ་རིགས་དམར་ལ་དམངས་རིགས་ནག༔ གདོལ་པ་ཡང་ནི་ནག་པོར་བསྒོམ༔ ལྡོག་ལ་ཀླུ་གཟུགས་རྩིབས་མགོར་བསམ༔ སྒྲུབ་ན་རྩིབས་ཀྱི་སྟེང་དུ་གདོན༔ ཀླུ་བདུད་ནཱ་ག་སྲིན་པོ་སྟེ༔་་་སྦྲུལ་གྱི་པགས་པ་ཀལ། མཆན། གསེར་གྱིས་ཡི་གེ་འབྲུ་བཞི་བྲིས་ལ་ལུས་ལ་གདགས་སོ༔ རྟེན་པའི་ཐབས་དང་བཅོས་པའི་ཐབས༔ མཁས་པས་གཏད་ཁྲམ་ཤེས་པར་བྱ༔ ནཱ་ག་རཀ་ཤ་འདི་མེད་ན༔ གཏད་བྱེད་གཏོ་ཉེས་རང་ལ་ལྡོག༔ དུག་གིས་དུག་འཇོམས་ཀླུ་ཡི་གཉེན་པོ་སྟེ༔ འདི་མེད་གཉེན་པོ་གཞན་ཚོལ་ནི༔ དུག་སྦྲུལ་ནག་པོས་འཛིན་ཏེ་འཆི་བར་འགྱུར༔ ཀླུ་བདུད་ཀུན་ལ་འདི་མེད་སྤུར་གྱུར་ཀྱང༔ འདི་འདྲ་ཀུན་ན་མེད་པས་གཏེར་དུ་སྦས༔ དབང་བདག་བསྒྱུར་བ་ལྷ་ཡི་ཚོགས༔ བདག་གི་སྒྱུ་མའི་ཕུང་པོ་འདིར་ངེས་བྱས༔ ཁྱད་པར་ཟབ་པའི་ལས་འདི་ཁྱེད་ལ་གཏད༔ མཁའ་འགྲོས་སྲུངས་ལ་དུས་ཀྱི་ཐ་མ་ལ༔ ལེན་མཁན་ཤ་སེར་སྐྲ་ལི་སྨེ་བའི་ག་ཤ་ཅན༔ དུང་སོ་འཁོར་མ་ཡོད་ཅིང་བོང་ལུས་ཐུང༔ ལས་དག་དམ་ཚིག་ཅན་དང་འཕྲད་པར་ཤོག༔ མཆོད་པ་དང་བསྟོད་པ་བྱའོ༔ གདུག་པ་ཀླུའི་རྒྱ་མཚོའི་དུག་རིགས་ལས༔ གསང་བའི་རྒྱུད་ནས་བཏོན་པ་ཡི་གེར་དཀར་ཆག་ལས་བཀོད་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཆོས་རྒྱལ་རིན་ཆེན་གླིང་པས་འབྲི་ཐང་ཀོ་རོའི་ཆོས་མཛོད་ནས་གདན་དྲངས་པའོ།། ༁ཱ༔ འཇམ་དཔལ་ཀླུ་བདུད་ནཱ་ག་རཀ་ཤའི་སྒྲུབ་ཐབས་ཞལ་གདམས་ཁྱད་ཆོས་ཞེས་བྱ་བ་བཞུགས་སོ༔ འཇམ་དཔལ་གཤིན་རྗེ་ལ་ཕྱག་འཚལ་ལོ༔ ཀླུ་བདུད་ནཱ་ག་རཀ་ཤའི་སྒྲུབ་ཐབས་ཞལ་གདམས་ནི༔ གདུག་པ་ཀླུ་ནི་ཤིན་ཏུ་རྩུབ་པས༔ དང་པོ་ནས་དྲག་སྒྲུབ་བྱས་ན༔ ཁོ་ཚིག་ནས་མཆོངས་ཤིང་མི་སོས་ཏེ༔ དཔེར་ན་རྫ་བེའུ་རློན་པ་སོ་མ་བཏང་བས་རྫ་མི་བཏུབ་པ་དང་འདྲའོ༔ རྫ་སྐམ་ཐག་ཆོད་ནས་སོ་བཏང་ན་ནོར་རུང་བ་དང་འདྲ་བས༔ ནད་ནི་རིམ་གྱིས་བཅོས་ན༔ སྐྱོན་མི་འབྱུང་ལ་གསོ་བ་སླ་ཞིང་རིམ་གྲོ་དཀར་ཆོས་ལ་སོགས་ཅི་འགྲུབ་བྱ༔ དེ་རྗེས་ནད་པ་ལ་སྐྱབས་འགྲོ་སེམས་བསྐྱེད་ཕོག༔ སྐྱབས་འགྲོ་བྱེད་བཅུག༔ རྡོ་རྗེ་སེམས་དཔའི་བཟླས་ལུང་བྱིན་ལ་ཡི་གེ་བརྒྱ་པ་བཟླས་པས་སྡིག་པ་དག་པར་བྱའོ༔ སེམས་ཅན་ཀུན་ལ་སྙིང་རྗེ་བསྒོམ༔ ཁྱད་པར་གནོད་པའི་གདོན་གྱིས་གཙོར་བྱས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྒོམ༔ འདི་ཐམས་ཅད་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ༔ མྱུར་དུ་རྣམ་མཁྱེན་སངས་རྒྱས་ཐོབ་པར་བྱ༔ དེའི་ཆེད་དུ་བདག་གིས་ནཱ་ག་རཀ་ཤ་བསྒྲུབ་སྙམ་དུ་སེམས་བསྐྱེད༔ དེའི་རྗེས་ལ་རང་ལུས་འདི་འོད་དཀར་པོ་ཕྱི་གསལ་ནང་གསལ་ཞིག་ཏུ་བསྒོམ༔ དེའི་སྙིང་གྱེན་ལ་ལོག་པའི་པད་འདབ་བཞིར་གྱེས་པའི་ལྟེ་བར་ཡི་གེ་ཕེ་ནག་པོ་ཞིག་བསམས་ལ་དེའི་མཐར༔ ཨོཾ་ཕེ་ལཾ་ཧཱུྃ༔ ཅེས་པས་བསྐོར་བར་བསམས་ལ༔ བསྙེན་པ་གཉིད་ཅན་ཞག་འགའ་བསྐྱལ༔ དེས་གདོན་གྱི་སྣ་ལོན་པར་འགྱུར༔ དེ་ནས་ཕེ་ལས་མེ་སོར་བཞི་ཙམ་སྔོ་ཡལ་ཡལ་འབར་བ་ལ་དམིགས་པ་གཏད་ལ་བསྙེན་པ་དྲག་ཏུ་བཏང༔ དེ་ནས་མེ་ལྔ་ལྡན་དུ་འབར་བས་ལུས་ཀྱི་ནད་ཐམས་ཅད་གང་བར་དམིགས་ལ༔ བསྙེན་པ་བསྐྱལ༔ དེས་དྲོད་རྙེད་པ་དང༔ ཀླུ་བདུད་ཉིད་ཀྱི་སྐུར་བསྒོམ་ལ༔ སྙིང་གའི་ས་བོན་མེ་འབར་བས༔ ལུས་ཀྱི་ནང་ཐམས་ཅད་ཁེངས་པ་ལ་དམིགས་ནས༔ བསྙེན་པ་གཉིད་ཅན་དང་གཉིད་མེད་རེས་མོས་སུ་བསྐྱལ་ལོ༔ དེས་གདོན་ཐོན་པའི་རྟགས་སྒྲུབ་ཐབས་དང་རྒྱུད་ནས་བཤད་པ་ལྟར་འབྱུང་ངོ༔ དེ་ནས་མེ་བ་སྤུའི་བུ་ག་ནས་ཕྱིར་འབར་ནས༔ འོད་འདོམ་གང་ཕྱིན་ཆད་ལ་འབར་བ་ལ་དམིགས་ལ་དྲག་སྔགས་བཏགས་ལ་ཞག་ཉེར་གཅིག་ཙམ་དུ་ཚོད་དང་སྦྱར་ཀྱིན་ཅི་རིགས་པར་བསྐྱལ་ལོ༔ རྗེས་ལ་ནད་རོ་རྩ་བཤལ་གྱིས་སྦྱང༔ ནད་སོས་ནས་མཚམས་འདོན༔ དྲག་སྔགས་ཀྱིས་མི་གཟིར་བར་བསྙེན་པ་བྲེང་ངེ་བསྐྱེལ༔ དེས་ནི་ལོག་པར་མི་འགྱུར་རོ༔ འདིའི་གཤམ་མ་དཔེ་ལ་མ་ཚང་བས་སླར་བཙལ་ལོ།། ༁ཱ༔ འཇམ་དཔལ་ནཱ་ག་རཀྴའི་ཞལ་གདམས་ཀླུ་ནད་གསོ་བའི་མན་ངག་བཞུགས་སོ༔ གུ་རུ་ན་མོ༔ སྲིན་པོ་ནཱ་ག་རཀ་ཤའི་ཞལ་གདམས་ཟབ་མོ་ཁོལ་དུ་ཕྱུང་བ་འདི་ལ་གཉིས་ཏེ༔ གདོན་ལུམ་བུ་ལྟར་བཙོ་བ་དང༔ ནད་ཇ་ཆུ་ལྟར་བསྐོལ་བའོ༔ དང་པོ་ནི༔ རང་ཉིད་སྲིན་པོ་ནཱ་ག་རཀ་ཤར་བསྒོམས་པའི་ཁོག་པའི་ནང་དུ་གདོན་ཕོ་མོ་ཀླུ་དང་གསུམ་པོ༔ ཀླུ་དུག་གསུམ་གྱིས་བསྐྱེད་པ་རྣམས་ཏིང་ངེ་འཛིན་གྱིས་བསྐྱེད་ཅིང་བཀུག་ལ༔ རང་ལུས་མེ་འབར་བའི་ནང་དུ་རང་དབང་མེད་པར་བཀུག་ཅིང་བསྟིམ་སྟེ༔ རང་ལུས་བུ་ག་དགུ་པོ་ཡི་གེ་ཕེ་ལཾ་གྱིས་བཀག་སྟེ༔ རླངས་པ་ཕྱིར་ཐོན་དབང་མེད་པར་ལུམ་བུ་ལྟར་ཚོས་པར་བཙོ་བར་བསམས་ལ༔ དམིགས་པ་དྲག་ཏུ་གཏད་ལ་མ་ཡེངས་པར་སྔགས་དྲག་ཏུ་བཟླ་བར་བྱའོ༔ ཡང་ན་རང་ཡི་དམ་དུ་སྒོམ་པའི་མདུན་དུ་ཀཾ་ལས་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ༔ ལྕགས་ཀྱི་ལྷུང་བཟེད་ཡངས་ཤིང་རྒྱ་ཆེ་བ་གཅིག་བསྐྱེད༔ དེའི་ནང་དུ་གདོན་རྣམས་བསྐྱེད་ཅིང་དགུག་གཞུག་བྱས་ཏེ་བསྟིམས་ལ༔ འོག་ཏུ་རཾ་ལས་མེ་འབར་བར་བསམ་ཞིང་ཏིང་ངེ་འཛིན་མ་ཡེངས་པར་སྔགས་བཟླས་པས༔ རཾ་ལས་མེ་འབར་ལྷུང་བཟེད་དམར་ལྷང་གིས་སོང་སྟེ༔ གདོན་རྣམས་ལུམ་བུ་ལྟར་ཚོས་པར་བསམ་ཞིང༔ ལྷུང་བཟེད་ཀྱི་ཁ་ཆོད་ཉི་ཟླས་བྱས་པའི་མཚམས་སུ་སྔགས་འཁོར་གྱིས་བསྐོར་བས་རླངས་པ་ཡང་ཐོན་དབང་མེད་པར་བསམ་མོ༔ དེའི་དུས་སུ་དམིགས་པ་དྲག་ལ་ཡུན་རིང་དུ་མ་ཡེངས་པ་གལ་ཆེའོ༔ གཉིས་པ་ནད་ཇ་ཆུ་ལྟར་བཀོལ་བ་ནི༔ བསྐྱེད་རིམ་དམིགས་པ་གོང་དང་འདྲ་བ་ལས༔ ལུས་སྟོད་སྨད་ཀྱི་ནད་ཐམས་ཅད་ཕོ་བ་ན་སྔོ་དམར་ཉོག་གེ་ཡོད་པར་བསམས་ལ༔ ཏིང་ངེ་འཛིན་དང་སྔགས་བཟླས་པས༔ རང་ལུས་མེ་འབར་བས་དམར་ལྷང་སོང་བས་ནང་གི་ནད་རྣམས་ཁོལ་ཏེ༔ དཔེར་ན་ཇ་བསྐོལ་བ་ལྟར་ཡུན་རིང་དུ་བསྐོལ་བས་མཐར་སྐམ་པར་བསམས་ལ༔ དམིགས་པ་ཡང་དང་ཡང་དུ་དྲག་ཏུ་གཏད་དོ༔ ཐུན་མཚམས་སུ་ནད་གདོན་བཙོས་པའི་རོ་དང་ལྷག་མ་ཐམས་ཅད་བཤང་ལམ་ནས་མར་སངས་ཀྱིས་ཐོན་པར་བསམ༔ རྗེས་མི་དམིགས་པའི་རྒྱས་གདབ་བོ༔ མདུན་དུ་བསྐྱེད་པ་རྣམས་ཀྱང་མི་དམིགས་པར་བསམ་མོ༔ མདོར་ན་དམིགས་པའི་རིམ་པ་འདི་མ་བསམ་ན་མ་བསམ༔ བསམས་ཀྱི་རྟིང་ལ་མཐར་མ་ཕྱིན་གྱི་བར་དུ་མ་ཡེངས་པར་བྱ་བ་མན་ངག་ཡིན་ནོ༔ ཤིན་ཏུ་སྡིག་ཆེ་ལ་རྩུབ་པས་ཚོད་སྦྱར་བར་བྱའོ༔ འཆི་བདག་ནག་པོ་རྒྱ་མཚོ་དུག་རིའི་མན་ངག་ཁོལ་དུ་ཕྱུང་བ༔ ནཱ་ག་རཀ་ཤའི་གདམས་པའི་ཞལ་ཤེས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ༔ བསྐལ་པ་དུས་ཀྱི་སྙིགས་མ་ལ༔ འགྲོ་བ་མི་ཡི་ལུས་པོ་ལ༔ གདུག་པ་ཅན་གྱི་ནད་དར་ཏེ༔ ཁྱད་པར་ཀླུ་དང་ས་བདག་ནད༔ གློ་བུར་དག་ཏུ་བྱུང་བ་ན༔ གཉེན་པོ་ཀླུ་བདུད་སྒྲུབ་པར་བགྱི༔ དེ་རྣམས་ལག་ཏུ་བླངས་པ་ནི༔ སྔགས་དང་རྫས་དང་ལས་སྦྱོར་གསུམ༔ སྔགས་བཟླས་ལྷ་བསྐྱེད་རིམ་པ་ནི༔ སྒྲུབ་ཐབས་ནང་དུ་ཤེས་པར་བྱ༔ གཉིས་པ་རྫས་ཀྱི་རིམ་པ་ནི༔ མུ་ཟི་གུ་གུལ་ནག་པོ་དང༔ སྤྲུ་ནག་མཁན་དམར་རྩ་བ་དང༔ གླ་རྩི་ཤིང་ཀུན་སྒོག་སྐྱ་དང༔ སྤྱང་ཚེར་བཙན་དུག་ཤུ་དག་ནག༔ གུར་གུམ་ཉ་མཁྲིས་བབ་ལ་དང༔ སྤྱང་བྲུན་ཤ་ཆེན་རྒྱ་ཚིལ་དང༔ རྨ་བྱའི་སྒྲོ་དང་ལྡོང་རོས་དང༔ བ་གླང་རྭ་གཞོབ་ནུས་ཅན་ཆུ༔་་་ལོ་བརྒྱད། ཞིབ་ཏུ་བཏགས་ལ་དབེན་གནས་སུ༔ ཚེས་གཅིག་ལྔ་དང་བཅུ་གཅིག་དང༔ བཅོ་ལྔ་བཅོ་བརྒྱད་ཉི་ཤུ་གཉིས༔ ཉེར་དགུ་རྣམས་ལ་ལུས་བཀྲུས་ཏེ༔ རྫས་ཀྱི་དུ་བ་སྣ་བུག་བདུག༔ ཁོང་དུ་རྫས་ཆུ་བག་ཙམ་བཏང༔ དེས་ནི་ནད་གདོན་གྱིས་མི་ཚུགས༔ ཕར་ལ་རྡོ་རྗེ་ཕ་ལམ་བཞིན༔ ཐམས་ཅད་འཇོམས་པར་ཐེ་ཚོམ་མེད༔ ནད་དང་ཤ་རོ་གར་ཡོད་བྱུག༔ ནད་གདོན་གཉིས་ཀ་ཐོན་ནས་སོང༔ གསུམ་པ་ལས་ལ་སྦྱར་བ་ནི༔ གནོད་པའི་ཕྱོགས་ནས་ས་བླངས་ལ༔ ལིང་ག་དག་ལ་བྱུགས་ནས་ནི༔ འབྲུབ་ཁུང་གྲུ་གསུམ་དུག་ཁྲག་བྱུག༔ ནང་དུ་ལིང་ག་བཅུག་བྱས་ནས༔ གནོད་བྱེད་ཀླུ་དང་ས་བདག་བསྐྱེད༔ ཛཿཧཱུྃ་བཾ་ཧོས་དགུག་གཞུག་བྱ༔ དེ་ཉིད་རྡུལ་དུ་བརླག་པར་བསམ༔ གུ་གུལ་བཙན་དུག་གླ་རྩི་དང༔ ཉུངས་དཀར་ཉུངས་ནག་ཐུན་གྱིས་བྲབ༔ རྫས་ཀྱི་དུད་པས་བདུག་བྱས་ལ༔ བདག་ཉིད་ཏིང་འཛིན་གསལ་བར་བྱ༔ རྩ་སྔགས་ཤམ་བུར་སྔགས་འདི་བཟླ༔ ནཱ་ག་སྲོག་ཚིག་ནན༔ ལུས་བརྟུལ་ནཱ་ག་མཱ་ར་ཡ་རྦད༔ རཾ་རཾ་ཛྭ་ལ་ཤིག༔ བརྟུལ་ཕྱུང་ནཱ་ག་རྦད་སོད༔ ནཱ་ག་གུ་ལིང་ཧབ་སོད༔ ནཱ་ག་གུ་ལིང་སྙིང་ཁྲག་བཾ་མོ་བརྟུལ༔ ནཱ་ག་མཱ་ར་ན་སོད༔ ནཱ་ག་མཱ་ར་ན་མུགས༔ ནཱ་ག་མཱ་ར་ན་བྱིང༔ ནཱ་ག་མཱ་ར་ན་ཧལ༔ ནཱ་ག་མཱ་ར་ན་དུ༔ ནཱ་ག་མཱ་ར་ན་མྱོག༔ ནཱ་ག་མཱ་ར་ན་ཐུཾ་རིལ་རྦད༔ ནཱ་ག་དུཾ་དུཾ་ནན༔ ནཱ་ག་ས་དུ་ནན༔ ནཱ་ག་ནན་སོད༔ ཅེས་པའི་དྲག་སྔགས་དྲག་ཏུ་བཟླ༔ གདོན་གཞན་དག་ལ་བྱེད་ན་ཡང༔ གང་ཡིན་དེ་ཡི་མིང་བཅུག་ལ༔ དྲག་སྔགས་ཞག་གསུམ་ལྔ་བདུན་བཟླས༔ དྲགས་ན་ཀླུ་དང་ས་བདག་གདོན༔ ཁོང་དུ་ཤི་ནས་ནད་དུ་འགྱུར༔ སྐབས་སུ་ཚོད་བཟུང་རྩ་བཤལ་བཏང༔ ལས་སྦྱོར་བྱས་ལ་ནད་གདོན་རྣམས༔ ཐོན་རྟགས་སྒྲུབ་ཐབས་ནང་དུ་གསལ༔ ལས་སྦྱོར་དུས་སུ་དཔལ་གཏོར་ལ༔ དཀར་གསུམ་བརྒྱན་པ་བཤམས་བྱས་ནས༔ རྩ་སྔགས་མཇུག་ཏུ་བ་ལིཾ་ཏ༔ ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས༔ གཏོར་མ་ཕུལ་ལ་བསྟོད་པ་དང༔ འདོད་པའི་དོན་ལ་གསོལ་བ་གདབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཆོས་རྒྱལ་རིན་ཆེན་གླིང་པས་འབྲི་ཐང་ཀོ་རོ་བྲག་གི་ཆོས་མཛོད་ནས་གདན་དྲངས་པའོ།། །།
ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་ཆ་ལག་བཀའ་བརྒྱད་དངོས་གྲུབ་སྙིང་པོའི་དབང་ཆོག་ཉུང་གསལ་ཡིད་ཀྱི་འདོད་འཇོ་ (Volume 16, Text 2)
༄༅། །ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་ཆ་ལག་བཀའ་བརྒྱད་དངོས་གྲུབ་སྙིང་པོའི་དབང་ཆོག་ཉུང་གསལ་ཡིད་ཀྱི་འདོད་འཇོ་ཞེས་བྱ་བ་བཞུགས་སོ། ། ན་མ་ཨུཏྟ་རཱཥྚ་མ་ཧཱ་སཱ་དྷ་ཀཱ་ཡ། མི་འགྱུར་རྡོ་རྗེ་ལྟ་བ་སྤྱི་འབྱམས་དབང་། །གདོད་ནས་བརྙེས་པས་གྲུབ་པའི་འཁོར་ལོས་སྒྱུར། །རང་བྱུང་སངས་རྒྱས་པདྨ་རྒྱལ་པོ་ཡི། །ཡེ་ཤེས་རྩལ་ཤར་དཀྱིལ་འཁོར་དགུ་ལ་འདུད། །སྒྲུབ་སྡེ་རིན་ཆེན་འབྱུང་གནས་ཀྱི། །བཅུད་མཆོག་བདུད་རྩིའི་ཐིག་ལེ་ནི། །སྐལ་ལྡན་སྙིང་གི་མུན་སེལ་བ། །སྔགས་ཤེས་རྣམས་ཀྱི་དཔྱིད་དུ་ཤར། །སྒྲུབ་ཆེན་བཀའ་བརྒྱད་ཀུན་གྱི་ཡང་སྙིང་སྤྲོས་མེད་རྣལ་འབྱོར་ལ་དགའ་བ་རྣམས་ཀྱི་དཔྱིད་དུ་གྱུར་པ་བཀའ་བརྒྱད་དངོས་གྲུབ་སྙིང་པོའི་དབང་བསྐུར་སྤྲོས་བཅས་རྒྱས་པར་སྤྲོ་ན། གྲུབ་དབང་རྒོད་ཚང་པ་ཆེན་པོའི་གསུང་རབ་ལྟར་ལག་ལེན་དུ་བྱ་ཞིང་། སྟབས་བདེར་བྱེད་ན་རས་བྲིས་སམ་ཚོམ་བུའི་དཀྱིལ་འཁོར་གྱི་སྟེང་དུ་ཁྲི་རྐང་ལ་བུམ་པ་མགུལ་ཆིངས་ཁ་རྒྱན་སོ་ལྔའི་རྫས་དང་སྦྱར་བའི་དྲི་བཟང་གི་ཆུས་བཀང་ཞིང་གཟུངས་རྡོར་དང་བཅས་པ། མདུན་དུ་དཔལ་དགུ་ཁྱུང་དང་བཅས་པའི་ཙཀ་ལི། དཀྱིལ་འཁོར་གྱི་ཤར་དུ་དཔལ་གཏོར་སྨན་རཀ ལྷོར་དབུ་རྒྱན་རིགས་ལྔ། ནུབ་ཏུ་རྡོ་རྗེ་དང་དྲིལ་བུ། བྱང་དུ་ཐོད་པར་བུར་ཆང་བདུད་རྩི་དང་སྦྱར་བ་མེ་ལོང་གིས་བཀབ་པའི་ཁར་མན་ཤེལ་བཞག མཐར་མཆོད་པ་རྣམས་ཀྱིས་གཡས་སུ་བསྐོར། གཞན་ཡང་དུར་ཁྲོད་ཀྱི་ཆས་དང་། བྲུབ་ཁུང་ལིངྒ། ཕུར་བུ་ཚོགས་རྫས། རྡོར་དྲིལ་ཌཱ་མ་རུ། མེ་ཏོག གཏོར་འབུལ་ཚོགས་ཀྱི་ཡོ་བྱད་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །དཀྱིལ་འཁོར་སྒྲུབ་པ་ནི། སྐྱབས་སེམས་ཚོགས་གསག་གི་རིམ་པ་སྤྱི་ལྟར་རམ། འདི་ཉིད་ཀྱི་ཆོས་སྡེ་བི་མ་ལའི་ཆོས་སྤྱོད་ལྟར་བྱ། དེ་ནས་ལས་གཞུང་དངོས་གྲུབ་སྙིང་པོའི་ལྟ་བའི་མཚམས་གཅོད་ནས་བཟུང་འཛབ་ཀྱི་རིམ་པ་ལ་ཐུག་གི་བར་དུ་གྱེར་སྒོམ་ཟུང་འཇུག་ཏུ་བྱས་ལ། བདག་མདུན་དུས་གཅིག་ཏུ་གསལ་གདབ། བུམ་པའི་ནང་དུའང་དཀྱིལ་འཁོར་ལིང་ཚེ་དགུ་པའི་ལྷ་ཚོགས་མ་ཚང་བ་མེད་པ་མེ་ལོང་དུ་གཟུགས་བརྙན་ཤར་བ་བཞིན་གསལ་ནས། སྤྱན་འདྲེན་མཆོད་བསྟོད་ཐམས་ཅད་བདག་མདུན་བུམ་པའི་དཀྱིལ་འཁོར་གསུམ་ཁར་སྟབས་གཅིག་ཏུ་བྱ། འཛབ་ཀྱི་སྐབས་ལ་བབ་པའི་ཚེ། ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་སོ་སོའི་སྐུ་མདོག་དང་མཐུན་པའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་དམིགས་ཤིང་ལས་བྱང་ནས་འབྱུང་བ་ལྟར་དཔལ་དགུའི་སྙིང་པོ་དང་། མཐར་སྤྱི་དྲིལ་གྱི་འཛབ་བཟླ་བ་ནི་བསྙེན་པ། ཡང་དབུགས་ཕྱིར་རྒྱུ་བ་དང་སྦྲགས་ཏེ་ཐུགས་སྲོག་ས་བོོན་དང་སྔགས་ཕྲེང་ལས་འོད་ཟེར་དཔག་མེད་འཕྲོས་པས་རྒྱལ་བ་རབ་འབྱམས་ལ་མཆོད་པ་ཕུལ་ཞིང་། ཁམས་གསུམ་སེམས་ཅན་གྱི་ལས་སྒྲིབ་སྦྱངས་ཏེ་ཐམས་ཅད་དཔལ་ཆེན་ཧེ་རུ་ཀའི་ལྷ་ཚོགས་འབའ་ཞིག་ཏུ་གྱུར་ནས་སྟོང་ཁམས་ཐམས་ཅད་སྔགས་ཀྱི་རང་སྒྲ་འུར་དིར་དུ་གྱུར་པར་བསམ། དབུགས་ནང་དུ་འཇུག་ཚེ་ཕྱོགས་བཅུའི་རྒྱལ་བ་མ་ལུས་པའི་བྱིན་རླབས་དབང་དང་དངོས་གྲུབ་གཟི་བྱིན་ནུས་མཐུ་མཐའ་དག་འོད་ཟེར་གྱི་རྣམ་པ་འབྲུ་གསུམ་ཡི་གེའི་ཚུལ་དུ་ཚུར་བྱུང་ནས་བདག་མདུན་བུམ་པའི་ལྷའི་གནས་གསུམ་དུ་ཐིམ་པར་མོས་པ་སྟེ། དེ་ལྟར་སྤྲོ་བསྡུའི་བཟླས་པ་བྱེད་པ་སྒྲུབ་པ། དེ་ལྟ་བུའི་བདག་མདུན་གྱི་བསྐྱེད་བཟླས་སྤྲོ་བསྡུ་སོགས་དེ་དག་ཐམས་ཅད་ཀྱང་དོན་དམ་པར་བྱ་བྱེད་ལས་གསུམ་དབྱེར་མེད་ཀུན་བཟང་ཆེ་མཆོག་གི་དགོངས་ཀློང་རྣམ་པར་དག་པ་ཁོ་ནའི་རོལ་པ་ཉིད་ལས་གཞན་དུ་མ་གྲུབ་པར་ཐག་ཆོད་པས། གདོད་ནས་མ་བཅིངས་མ་གྲོལ་བའི་ཏིང་ངེ་འཛིན་ལྷུན་འབྱམས་ཀྱི་ངང་ནས་ལྷ་སྔགས་སེམས་གསུམ་ཐ་དད་མེད་པར་འཇོག་པ་ནི་སྒྲུབ་པ་ཆེན་པོ་སྟེ། དེ་ལྟར་བསྙེན་པ་དང་སྒྲུབ་པ་སྒྲུབ་ཆེན་གསུམ་ཆིག་དྲིལ་གྱི་ཉམས་སུ་ལེན་ཚུལ་འདི་ནི་བཀའ་བརྒྱད་ཀྱི་དགོངས་པ་ཐུན་མོང་མ་ཡིན་པའི་སྐབས་དོན་ཡིན་པས་རིགས་མཐུན་གཞན་ལའང་ཤེས་པར་བྱ། ཞར་བྱུང་བུམ་ལྷའི་སྐུ་ལས་བབས་པའི་ཡེ་ཤེས་ཀྱི་བདུད་རྩིས་བུམ་པ་ཁེངས་པར་མོས་ཤིང་། འཛབ་བཟླས་གྲུབ་པའི་མཇུག་ཏུ་སྟོང་ཚིགས་ཀྱི་མཆོད་བསྟོད་བྱ། ལས་བུམ་དུ་རྡོར་སེམས་བསྐྱེད་ལ་ཡིག་བརྒྱ་ཡིག་དྲུག་བཟླས་པས་བྱིན་བརླབ། བཀའ་སྲུང་གཏོར་འབུལ་བྱ། ཚོགས་མཆོད་བསྒྲལ་བསྟབ་ཀྱི་བར་དུ་བྱས་ནས་རིག་པའི་མེ་ཏོག་དོར་བའམ། ཡང་ན་ལུགས་འདིར། མདུན་བསྐྱེད་ལྷ་ཚོགས་ཀྱི་གནས་གསུམ་འབྲུ་གསུམ་ལས་འཕྲོས་པའི་འོད་ཟེར་བདག་ཉིད་ཀྱི་གནས་གསུམ་དུ་བསྟིམས་པས་དབང་བཞི་བླངས་ཤིང་བདག་ཉིད་ལྷ་དང་དབྱེར་མེད་པའི་ངེས་ཤེས་བསྐྱེད་པར་གསུངས་སོ། །དེའང་ཚོགས་མཆོད་དང་རྗེས་ཀྱི་ལས་རིམ་ལས་བྱང་འདིར་མི་བཞུགས་པས་ཤེས་ཤིང་སྤྲོ་ན་རང་གཏེར་མ་ནིང་གི་གཞུང་ལས་ལེན་དགོས་ཤིང་། བདེ་གླིང་བཀའ་འདུས་དང་འདི་གཉིས་གཏེར་ཁ་མ་བུ་ཡིན་པས་དེ་ལས་བླངས་ནའང་ཤིན་ཏུ་འབྲེལ་ཆགས་པར་འགྱུར་ལ། དེ་དག་གང་ཡང་མི་ཤེས་པས་ནི་གསང་རྫོགས་ལྟ་བུ་གཏེར་ཁ་གཞན་ནམ་དཀོན་མཆོག་སྤྱི་འདུས་ཀྱི་ཚོགས་དང་རྗེས་རིམ་སྦྱར་ཡང་རུང་བ་ཉིད་དོ། །དེ་ནས་དབང་བསྐུར་བ་ལ། སློབ་མ་རྣམས་སྒོ་དྲུང་དུ་ཁྲུས་བྱ། ཕྱག་བཅས་གྲལ་དུ་འཁོད་པ་ལ་སེམས་བསྐྱེད་གསལ་བཏབ་ནས། དེའང་རང་གཞན་གྱི་དོན་ཆེན་ཚེ་གཅིག་སངས་རྒྱས་སྒྲུབ་པ་ལ་ཐེག་ཆེན་གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་ལམ་ཟབ་མོ་སྨིན་གྲོལ་གཉིས་ལ་མ་བརྟེན་པར་ཐབས་གཞན་གྱིས་ཐོབ་པར་མི་འགྱུར་ཞིང་། དེའང་བཀའ་རྒྱ་ཆེ། ལུང་གྲངས་མང་། མན་ངག་གཏིང་མཐའ་མེད་པ་ཞིག་མཆིས་མོད་ཀྱང་། མདོར་བསྡུ་ན། འབྲས་བུའི་ཐེག་པ་ཐམས་ཅད་རྒྱུད་སྡེ་བཞིའམ་དྲུག་གི་རིམ་པར་འདུས་ཤིང་། དེ་ཐམས་ཅད་ཀྱི་སྙིང་པོ་བསྐྱེད་རྫོགས་སྒྲུབ་པ་བཀའ་བརྒྱད་ཀྱི་ཆོས་སྐོར་དུ་འདུ་བ་ཡིན་ལ། ཟབ་ཆོས་འདི་ཉིད་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཉིད་བོད་ཡུལ་མཐའ་འཁོབ་མུན་པའི་གླིང་དུ་སངས་རྒྱས་ཀྱི་བསྟན་པའི་སྒྲོན་མེ་སྦར་བར་མཛད་པའི་སླད་དུ་བྱོན་པའི་ཚེ། བསམ་ཡས་མཆིམས་ཕུ་བྲག་དམར་ཀེའུ་ཚང་གི་སྒྲུབ་གནས་སུ་བདེ་བར་གཤེགས་པ་ཐམས་ཅད་སྒྲུབ་པ་སྡེ་དགུ་ལ་ཡོངས་སུ་འདུས་པའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས་ནས་སྐལ་ལྡན་རྗེ་འབངས་སྙིང་གི་བུ་དགུ་གཙོ་བོར་ཐུགས་སྲས་ཉེར་ལྔ་སོགས་ལ་དབང་བསྐུར་ནས་རྒྱུད་ལུང་མན་ངག་གི་གདམས་པ་རྣམས་ཚང་སྤྲུགས་སུ་བསྩལ་པའི་དུས་སུ་རྡོ་རྗེའི་གསུང་གཅིག་ཉིད་ལ་དུ་མས་སོ་སོར་གོ་བའི་ཚུལ་དུ་རྗེ་འབངས་རང་རང་གི་སྐལ་པ་དང་འཚམ་པར། བདེ་གཤེགས་འདུས་པ། གསང་བ་ཡོངས་རྫོགས། རང་བྱུང་རང་ཤར། ཐུགས་ཀྱི་མེ་ལོང་། བླ་མེད་ཀུན་འདུས། དགོས་འདོད་ཀུན་འབྱུང་། རྡོ་རྗེ་རྭ་སྦྲགས། དྲེགས་པ་ཡོངས་འདུལ། དངོས་གྲུབ་འདུས་པ། ཡང་གསང་འདུས་པ། ཁྲོ་མཁར་མ་དང་རྫོང་འཕྲང་སོགས་སྒྲུབ་པ་བཀའ་བརྒྱད་ཀྱི་ཆོས་སྐོར་མཐའ་ཡས་པར་བྱུང་བ་ཡིན་ཅིང་། དེ་ལ་སྐབས་སུ་བབས་པ་འདི་ནི། གུ་རུ་རིན་པོ་ཆེས་རྫོགས་ཆེན་གྱི་རྣལ་འབྱོར་ཉང་བན་ཏིང་འཛིན་བཟང་པོ་ལ་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ཀྱི་ཟབ་ཆོས་གནང་བའི་སྐབས་སུ། དཔེར་ན་འཇིག་རྟེན་ན་ཚོང་པ་ནོར་ཆེ་ཡང་ནོར་ལ་དགྲ་མང་བས་དགྲ་འཇིགས་སྐྱོབ་པའི་སྐྱེལ་མ་གལ་ཆེ་བའི་དཔེ་ལྟར། ཚེའི་སྒྲུབ་པ་དངོས་གྲུབ་ཆེ་ཡང་བར་ཆད་སེལ་བའི་ཆ་རྐྱེན་ལ་དགོངས་ཏེ་བཀའ་འདུས་ཡོངས་ཀྱི་བཅུད་དྲིལ་སྙིང་པོར་ཕྱུངས་ཏེ་བསྩལ་པ། སླད་ནས་ཉང་ལྗོན་པ་ལུང་གི་གནས་སྒོ་འཛེང་ཕྲང་བྲག་ལ་གཏེར་དུ་སྦས་པ། ཕྱིས་དུས་ལ་བབས་པའི་ཚེ་ཉང་བན་ཉིད་ཀྱི་སྤྲུལ་པ་སྣང་བཞི་ཟད་སར་འཁྱོལ་བའི་རིག་འཛིན་འཇའ་ཚོན་སྙིང་པོས་སྤྱན་དྲངས་པ་བྱིན་རླབས་གཟི་བརྗིད་འབར་བའི་ཟབ་ཆོས་ཏེ། དེ་ཉིད་ཀྱི་དབང་བསྐུར་བསྒྲུབ་པར་བགྱི་བ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་སྔོན་ཏུ་གྲུབ། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་ཏུ་མཎྜལ་འབུལ་འཚལ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་རིན་ཐང་མེད་པའི་རིན་པོ་ཆེའི་མེ་ཏོག་གི་ཆུན་པོ་ཕྱག་ཏུ་སྤྲད་པར་མོས་ཤིག །ཨོཾ་ཨཱཿཧཱུྃ། ཞེས་མེ་ཏོག་སྦྱིན། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་གཙོ་བོར་གྱུར་པའི་སྐྱབས་གནས་མཆོག་གསུམ་རྩ་གསུམ་དམ་ཅན་སྲུང་མ་དང་བཅས་པ་ནམ་མཁའ་གང་བར་བཞུགས་པའི་སྤྱན་སྔར་བདག་སོགས་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས། ཨེ་མ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རྐང་གཉིས་གཙོ་བོ་སངས་རྒྱས་དང༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་འཕགས་པའི་དགེ་འདུན་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ བྱིན་རླབས་རྩ་བ་བླ་མ་དང༔ དངོས་གྲུབ་རྩ་བ་ཡི་དམ་དང༔ ཕྲིན་ལས་མཛད་པའི་མཁའ་འགྲོ་མར༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། སྐྱབས་གནས་དེ་དག་དཔང་པོར་གསོལ་བའི་སྤྱན་སྔར་གཞན་གནོད་གཞི་དང་བཅས་པ་སྤོང་པའི་སོ་ཐར་གྱི་སྡོམ་པ་བླང་བར་བགྱིའོ་སྙམ་པས་རྗེས་ཟློས། སྐྱབས་གནས་ཀུན་གྱི་སྤྱན་སྔ་རུ༔ སྒོ་གསུམ་གུས་པས་གཞན་དོན་དུ༔ གནོད་པ་ལས་བཟློག་དགེ་བ་བསྒྲུབ༔ དགེ་བསྙེན་དགེ་ཚུལ་དགེ་སློང་སོགས༔ སོ་སོ་ཐར་པའི་སྡོམ་པ་ལ༔ རྒྱུན་དུ་གནས་ཤིང་དགེ་བ་བསྒོམ༔ སྡོམ་པ་ཡོངས་སུ་བཟུང་བར་བགྱི༔ གསུམ། གཞན་ཕན་གཞི་དང་བཅས་པ་བསྒྲུབ་པ་བྱང་ཆུབ་སེམས་དཔའི་བསླབ་པ་ནོད་པར་བགྱིའོ་སྙམ་པས་རྗེས་ཟློས། སྐྱབས་གནས་ཐམས་ཅད་དགོངས་སུ་གསོལ༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ མ་དང་བུ་ཡི་འདུ་ཤེས་ཀྱིས༔ མ་བརྒལ་བསྒྲལ་དང་མ་གྲོལ་དགྲོལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ ཧོ༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང༔ སྡོམ་པ་ལ་ནི་གནས་པ་ལྟར༔ འདི་བཟུང་འཁོར་བ་མ་སྟོངས་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ དེ་བཞིན་བདག་གིས་བསྐྱེད་པར་བགྱི༔ ཕར་ཕྱིན་དྲུག་ལ་བསླབ་ཅིང་བསྒྲུབ༔ བརྩོན་འགྲུས་དག་གིས་ཐམས་ཅད་བསྒྲལ༔ ཀུན་དོན་ཚུལ་ཁྲིམས་གསུམ་ཡང་བཟུང༔ བདག་གིས་སེམས་བསྐྱེད་སྡོམ་པ་བཟུང༔ ལན་གསུམ། རྩ་བ་ཡན་ལག་ཁྱད་པར་གྱིས་བསྡུས་པའི་གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་མཐའ་དག་བཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཧོ༔ དཀོན་མཆོག་གསུམ་ནི་མི་སྤང་ངོ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་དང་ཆོས་རྣམས་བཤད༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ མ་ལུས་བདག་གིས་ཡོངས་སུ་བཟུང༔ ལན་གསུམ་བྱའོ། །བླ་མ་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་སྤྱན་སྔར་དད་མོས་ངེས་ཤེས་ཀྱི་གདུང་ཤུགས་བསྐྱེད་དེ་གསོལ་བ་གདབ་པའི་ཚིག་འདིའི་རྗེས་ཟློས་མཛད་པར་ཞུ། ཧོ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདེ་གཤེགས་རྒྱལ་བའི་དཀྱིལ་འཁོར་འདིར༔ བདག་ཅག་དད་པས་འཇུག་པར་འཚལ༔ ཐུགས་རྗེས་དཀྱིལ་འཁོར་དུ་གཞུག་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་ལྷ་དང་སློབ་དཔོན་དབྱེར་མེད་པས་ཐུགས་རྗེས་དགོངས་ཏེ་རྗེས་སུ་གནང་བ་ཡིན་པས། དཀྱིལ་འཁོར་དུ་འཇུག་པའི་ཐོག་མར་སྔར་བྱིན་པའི་མེ་ཏོག་དེ་ཉིད། རང་རང་གི་ཚེ་རབས་མང་པོའི་གོང་ནས་བསྙེན་ཅིང་སྒྲུབ་པའི་ལས་འཕྲོ་གང་ལ་མཆིས་པ་དེ་ཁོ་ནར་འབུལ་བའི་འདུན་པས་ཚིག་འདིའི་རྗེས་ཟློས་མཛད་པའི་མཐར་མེ་ཏོག་ཚོམ་བུའི་དཀྱིལ་འཁོར་ལ་འཐོར་བར་མཛོད་ཅིག ཧོ༔ རྣལ་འབྱོར་རིག་པའི་མེ་ཏོག་འདི༔ དཀྱིལ་འཁོར་ལྷ་ལ་འབུལ་ལགས་ན༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ཡི་དམ་ལྷ་ལ་བབ་པར་ཤོག༔ དེ་ཝ་ཨཱ་བེ་ཤ་ཡ་ཨཱ༔ ཞེས་མེ་ཏོག་འཐོར་ལ། འོ་དེ་ལྟར་མེ་ཏོག་ཕུལ་བ་རྣམས་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་ཀུན་བཟང་ཆེ་མཆོག་ཧེ་རུ་ཀའི་ཐུགས་ཀར་བབས་པ་ཡིན་ཏེ། འཁོར་གྱི་དཀྱིལ་འཁོར་ཡེ་ཤེས་རྣམ་པ་དགུའི་རང་འོད་ལས་གྲུབ་པའི་ཚོམ་བུ་དགུའི་ལྷ་ཚོགས་མ་ལུས་པ་རྣམས་གཙོ་མཆོག་ཉིད་ཀྱི་རང་མདངས་ལས་གཞན་མ་ཡིན་པའི་ཕྱིར་ན། ཁྱེད་རང་རྣམས་ཀྱི་ཡི་དམ་ལྷའི་སྐལ་བར་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ཉིད་བསྙེན་ཅིང་སྒྲུབ་པར་བྱོས་ལ། ལྷ་དང་མི་འབྲལ་བའི་རྟགས་སུ་གནས་གསུམ་དུ་ཡིག་འབྲུ་གསུམ་གྱི་མཚན་མ་བཏབ་ཅིང་། གསང་མཚན་གདགས་པ་ནི་དཔེར་ན་ལྕགས་ལ་གསེར་འགྱུར་གྱི་རྫས་བྱུགས་པ་ཙམ་གྱིས་ལྕགས་ཉིད་གསེར་གྱི་དངོས་པོར་འགྱུར་བ་ལྟར་ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཡི་དམ་ལྷའི་ངོ་བོར་གནས་བསྒྱུར་བའི་ཐབས་ཀྱི་བྱེ་བྲག་ལགས་པས་དེ་ལྟར་ངེས་པར་གྱིས་ལ་གསང་བའི་མཚན་ཡང་རྡོ་རྗེ་ཆེ་མཆོག་འདུས་པ་རྩལ་ཞེས་མ་བརྗེད་པར་འཛིན་འཚལ། ཞེས་དྲི་བཟང་གི་ཆུའམ་བདུད་རྩི་སྨན་གྱི་ཀ་པཱ་ལ་ནས་བླངས་པས་སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་སྲིན་ལག་གིས་སློབ་མའི་དཔྲལ་མགྲིན་སྙིང་ཁར་ཐིག་ལེ་བྱའོ། །དེ་ནས་དབང་གི་དངོས་གཞི་ཡེ་ཤེས་པ་དབབ་པ་ལ་ཁྱེད་རང་རྣམས་ལུས་གནད་ཆོས་བདུན་བཅའ། ངག་གནད་བུམ་ཅན་ནམ་རླུང་རང་སོར་བཞག །སེམས་ཀྱི་རྟོག་པ་སྐད་ཅིག་ཀྱང་མ་ཡེངས་པར་དམིགས་པ་འདི་ལྟར་སྒོམ་པར་ཞུ། དེ་ཡང་ཁྱེད་རང་རྣམས་སྐད་ཅིག་དྲན་རྫོགས་སུ་ནམ་མཁའ་ལ་འཇའ་ཤར་བ་བཞིན་དུ་དཔལ་ཆེན་ཧེ་རུ་ཀ་རིགས་འདུས་ཕྱག་རྒྱ་མཆོག་གི་སྐུར་གྱུར་ཏེ། དེ་ཡང་སྐུ་མདོག་མཐིང་ལ་སྨུག་པའི་མདངས་ཀྱིས་བརྗིད་པ། ཞལ་གཅིག་ཕྱག་གཉིས་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པས་གཡོན་ཐོད་པ་ཁྲག་གིས་བཀང་བ་དཀྲུགས་པའི་ཚུལ་དུ་བསྣམས་པ། ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་སྡང་མིག་གློག་ལྟར་འཁྱུགས་པའི་སྨིན་མ་དང་སྨ་ར་མེ་ལྕེ་འབར་བ། དབུ་སྐྲ་ཁམ་ནག་ནམ་མཁར་འཕྱོ་ཞིང་ཐོད་སྐམ་རིགས་ལྔ་རྩེ་བྲན་འོད་ཟེར་འབར་བས་བརྒྱན་པ། སྙན་ཆ་མགུར་ཆུ་ཕྱག་ཞབས་ཀྱི་རྒྱན་རིན་པོ་ཆེ་དང་རུས་རྒྱན་སྦྲུལ་གྱི་ཆུན་པོས་བརྒྱན་པ། སྐུ་ལ་གླང་ཆེན་ཀོ་རློན་མི་ལྤགས་གཡང་གཞི་སྟག་ལྤགས་ཤམ་ཐབས་ཏེ་བགོ་བའི་གོས་གསུམ་དང་། ཐོད་པ་སྐམ་རློན་རྙིང་པའི་ཕྲེང་བ་ཚར་གསུམ་དང་། ཐལ་ཆེན་རཀྟ་ཞག་གི་སོར་རིས་ཏེ་བྱུགས་པའི་རྫས་གསུམ་དང་། རྡོ་རྗེའི་གཤོག་པ་དང་ཡེ་ཤེས་ཀྱི་མེ་དཔུང་སྟེ་དཔའ་བའི་རྟགས་གཉིས་དང་བཅས་ཏེ་དཔལ་གྱི་ཆས་རྣམས་སྐུ་ལ་རྫོགས་པར་བརྒྱན་ཞིང་། ཞབས་གཡས་བསྐུམ་གཡོན་བརྐྱང་གི་འདོར་ཐབས་ཀྱིས་པད་ཉིའི་གདན་ལ་བཞེངས་ཤིང་འགྱིངས་པ། ཡུམ་ཆེན་ཁྲོ་མོ་གནམ་ཞལ་མ་མཐིང་ག་ཆ་ལུགས་ཡབ་དང་མཚུངས་པའི་ཕྱག་གཡས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་གཡོན་པས་ཐོད་ཁྲག་ཡབ་ཀྱི་ཞལ་དུ་སྟོབ་པ། ཞབས་གཡས་པ་ཡབ་དང་མཉམ་པར་གཤིབས་ཤིང་གཡོན་ཡབ་ལ་འཁྲིལ་བ། ཡབ་ཡུམ་གཉིས་ཀ་སྐུ་སྣང་ལ་རང་བཞིན་མེད་པ་གར་དགུའི་ཉམས་ལྡན་གཟི་བརྗིད་གཏུམ་རྔམས་ཀྱི་དཔལ་དུ་འབར་བར་གསལ་བའི་ཐུགས་ཀར་པདྨ་སྔོན་པོ་འདབ་བརྒྱད་ཀྱི་གདན་ལ་ཉི་མའི་སྟེང་དུ་ཐུགས་སྲོག་ཧཱུྃ་མཐིང་ནག་གི་མཐའ་སྐོར་དུ་ཡང་ཧཱུྃ་མཐིང་བརྒྱད་ཀྱིས་བསྐོར་བར་གསལ། སྤྱི་བོའི་སྟེང་གི་ནམ་མཁར་པད་ཟླའི་གདན་ལ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་འཁོར་དུ་བརྒྱུད་པ་ལྔ་ལྡན་གྱི་བླ་མ་རིག་འཛིན་གྲུབ་ཐོབ་བརྒྱུད་པ་ཐམས་ཅད་འཇའ་འོད་ཐིབས་སེ་བཞུགས་པར་མོས་པ་མཛོད་ཅིག །དེ་ནས་རྡོ་རྗེ་སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་དང་། ཁྱོད་རང་རྣམས་ཀྱི་ཐུགས་ཀའི་ཧཱུྃ་རྣམས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་བླ་མ་སྐུ་གསུམ་རྒྱ་བོད་ཀྱི་གྲུབ་ཐོབ་རིག་འཛིན་སོགས་རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོའི་བླ་མ་རྣམས་ལ་ཐིམ། དེ་དག་ཐམས་ཅད་ཀྱང་འོད་ཀྱི་གོང་བུར་གྱུར་ཏེ་ཁྱོད་རང་རྣམས་ཀྱི་སྤྱི་གཙུག་ཏུ་ཐིམ་པའི་མོས་པ་རྩེ་གཅིག་ཏུ་མཛོད། ཅེས་དམིགས་པ་སྤྲད་པ་ལྟར་སློབ་དཔོན་གྱིས་ཀྱང་ཏིང་འཛིན་གཏད་ཅིང་། གུ་རུའི་ཚིག་བདུན་གསོལ་འདེབས་ཀྱི་མཐར། ཨོཾ་གུ་རུ་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ། ཨ་བྷི་ཥིཉྩ་ཨཿཨཿཨཿ ཞེས་རོལ་མོ་དང་བཅས་ཏེ་བསྟིམ་མོ། །སླར་ཡང་ཁྱེད་རང་གི་ཐུགས་ཀའི་ཧཱུྃ་རྣམས་ཀྱི་འོད་ཟེར་ཕྱོགས་བཅུ་མཐའ་མེད་དུ་འཕྲོས་པས་དུས་གསུམ་གྱི་སངས་རྒྱས་བྱང་སེམས་ཐམས་ཅད་ཡི་དམ་ཞི་བ་དམ་པ་རིགས་བརྒྱ། སངས་རྒྱས་བཞི་བཅུ་རྩ་གཉིས། དེ་ཉིད་རིགས་ལྔ། གསང་ཆེན་རིགས་གཅིག་ལ་སོགས་པའི་རྣམ་པར་བྱོན་ཏེ་ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལ་གཉིས་མེད་དུ་ཐིམ་པའི་མོས་པ་མཛོད་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་དེ་ཝ་ཤཱནྟི་ཀ་ས་མ་ཡ་ཨཱ་བེ་ཤ་ཡ་ཨཿཨཿཨཿ ཞེས་ནན་ཏན་དུ་བསྟིམ། དེ་ནས་ཡང་ཐུགས་ཀའི་ཧཱུྃ་ཡིག་དགུ་ལས་འོད་འཕྲོས་པས། རྒྱུད་སྡེ་བཞི་དྲུག་གི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དང་ཆོས་སྲུང་དམ་ཅན་རྒྱ་མཚོར་བཅས་པ་རྣམས་དང་ཁྱད་པར་དུ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ། ཆར་དྲག་རླུང་གིས་བསྐྱོད་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ཡིག་དགུ་ལ་སིབ་སིབ་ཐིམ་པའི་མོས་པ་རྩེ་གཅིག་ཏུ་མཛོད་ཅིག །ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་ས་པ་རི་བཱ་ར་ཨཱ་བེ་ཤ་ཡ་དཱུ་ཏི་ཏེ། བཛྲ་ག་མ་ཨ་ནུཏྟ་རཾ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། ཏོ་ཥཱ་ཡ་ཏོ་ཥཱ་ཡ། ར་ར་ཙཱ་ལ་ཧ་ཛཿཧཱུྃ་ཨཿཧཱ་ཛྷེཾ་སྭཱ་ཧཱ། ཞེས་རོལ་མོ་དྲག་པོར་བཅས་པས་བསྟིམ་ཞིང་འབེབ་པའི་རྫས་དུད་ཀྱང་བདུག་གོ །དེ་ལྟར་དབབ་པའི་ཡེ་ཤེས་པ་རྣམས་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་རྡོ་རྗེ་མགོར་བཞག །དངོས་གཞིའི་ཐོག་མར་བུམ་དབང་ནི། ཁྱེད་རང་རྣམས་དཔལ་ཆེན་པོའི་སྐུར་གསལ་བཞིན་པའི་ངང་ནས། དབང་རྫས་ཀྱི་བུམ་པ་འདིའི་ནང་གཞལ་ཡས་ཁང་དགུ་རྫོགས་ཀྱི་དཀྱིལ་འཁོར་ལྷ་ཚོགས་དངོས་སུ་བཞུགས་པ་སྤྱི་བོར་བཞག་པའི་ཚེ། ལྷ་རྣམས་འོད་དུ་ཞུ་བའི་བདུད་རྩིའི་ཆུ་རྒྱུན་ནར་གྱིས་བྱུང་སྟེ་སྤྱི་གཙུག་ཚངས་བུག་ཏུ་ཞུགས། ལུས་ཀྱི་ནང་ཐམས་ཅད་བདུད་རྩིས་མེར་གྱིས་གང་ནས་ཚེ་རབས་ཐོག་མེད་ཀྱི་ལས་དང་ཉོན་མོངས་པའི་སྒྲིབ་པ་དག་ཅིང་། ཡི་དམ་ལྷ་དང་གཉིས་སུ་མེད་པའི་གོ་འཕང་ཐོབ་པར་མོས་ཤིག །ཧཱུྃ༔ བཀྲ་ཤིས་བུམ་པ་རིན་ཆེན་བརྒྱན༔ བདེར་གཤེགས་ཞི་ཁྲོ་འོད་དུ་ཞུ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྒོ་གསུམ་བག་ཆགས་སྒྲིབ་བྱང་ཤོག༔ ཨོཾ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྤྱི་བོར་དབང་བསྐུར་ལ་བུམ་ཆུ་འཐོར་ཞིང་བླུད། དབུ་རྒྱན་ཐོགས་ལ། དེ་ལྟར་བུམ་པས་དབང་བསྐུར་བས་བདུད་རྩིའི་ཆུས་ལུས་ཁེངས་ཤིང་ཆུ་ལྷག་གྱེན་དུ་ལུད་པ་ལས་རིགས་ཀྱི་བདག་པོ་རྒྱལ་བ་རྣམ་པ་ལྔས་དབུར་བརྒྱན་པའི་མོས་པ་མཛོད། ཧཱུྃ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ༔ སྐུ་ལྔ་ཡེ་ཤེས་དུག་ལྔ་འཇོམས༔ དབུ་རྒྱན་རིགས་ལྔས་དབང་བསྐུར་བས༔ ཉོན་མོངས་བག་ཆགས་དག་པར་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྤྱི་བོར་བསྐུར། རྡོར་དྲིལ་ཐོགས་ལ། དེ་ལྟར་ཁྱེད་རྣམས་ཀྱི་ཕུང་ཁམས་ལྷར་བྱིན་གྱིས་བརླབས་ཤིང་རིགས་བདག་གི་རྒྱས་བཏབ་པ་རྒྱལ་བུ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་ཁྲུས་གསོལ་ཞིང་ཅོད་པན་བཅིངས་པ་དང་ཆོས་མཚུངས་ལ། ད་ནི་བཀའ་རྟགས་ཀྱི་ཕྱག་རྒྱ་གཏད་པ་དང་མཚུངས་པ་རྡོར་དྲིལ་ལག་ཏུ་གཏད་པས་ཐབས་ཤེས་ཟུང་འཇུག་གི་སྒོ་ནས་འགྲོ་བའི་དོན་སྤྱོད་ནུས་པར་གྱུར་པའི་མོས་པ་མཛོད། ཧཱུྃ༔ ཡེ་ཤེས་ལྔ་ལྡན་རྡོ་རྗེ་དང༔ གསུང་དབྱངས་གྲགས་སྟོང་དྲིལ་བུ་གཉིས༔ ཐབས་ཤེས་ཟུང་འཇུག་དབང་བསྐུར་བས༔ མཉམ་ཉིད་དབྱེར་མེད་དབང་ཐོབ་ཤོག༔ ཛྙཱ་ན་བཛྲ་གྷནྡྷེ་ཨ་བྷི་ཥིཉྩ་ཧཱུྃ་ཨཱ༔ ཞེས་ལག་གཡས་གཡོན་དུ་གཏད་ནས་རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་དུ་གཞུག་གོ །དེ་ནས་མཆོད་པ་རྣམ་པ་ལྔ་སྨན་རཀྟ་གཏོར་མ་རྣམས་འཁར་གཞོང་ལྟ་བུའི་སྣོད་ཆེ་བ་གཅིག་ཏུ་བཅུག་ནས་ལག་ཏུ་གཏད་ཅིང་། དེ་ནས་ཕྱི་ནང་གི་མཆོད་རྫས་ཡོངས་རྫོགས་གཏད་པས་རྒྱལ་སྲིད་ཀྱི་མངའ་ཐང་ལོངས་སྤྱོད་ཐམས་ཅད་འབོགས་པ་དང་ཆོས་མཚུངས་པར། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་གྱུར་པའི་མོས་པ་མཛོད་ཅིག ཧཱུྃ༔ སྨན་རག་གཏོར་མ་མཆོད་པའི་རྫས༔ དམ་རྫས་ཡོངས་རྫོགས་དབང་བསྐུར་བས༔ ལྷ་དང་དམ་རྫས་བསྟེན་མཆོད་དང༔ སྒོམ་སྒྲུབ་ཉན་འཆད་དབང་ཐོབ་ཤོག༔ ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ དེ་ནས་དུར་ཁྲོད་ཆས་བརྒྱད་རྣམས་གཏད་ཅིང་། དེ་ལྟར་རྒྱལ་པོར་དབང་བསྐུར་བས་རྒྱལ་པོའི་ཆ་བྱད་དང་དཔའ་བརྗིད་ཀྱི་གོས་རྒྱན་རྣམས་གྱོན་པར་དབང་བ་ལྟར། དཔལ་ཆེན་ཁྲོ་རྒྱལ་འབར་བའི་རྒྱན་ཆས་རྟགས་ཀྱི་རྫས་རྣམས་གཏད་ཅིང་བཀོན་པས། མ་མོ་མཁའ་འགྲོ་རྣམས་ཀྱིས་རྗེ་དང་གཙོ་བོར་བཀུར་བ་དང་། འཇིག་རྟེན་ཁམས་ཀྱི་དྲེགས་པ་ཅན་ཐམས་ཅད་དབང་དུ་འདུ་ཞིང་ཟིལ་གྱིས་གནོན་ནུས་པར་གྱུར་པའི་ངེས་ཤེས་མཛོད་ཅིག །ཧཱུྃ༔ དེ་རིང་སྐལ་ལྡན་བུ་ཁྱོད་ལ༔ ཀོ་རློན་ཞིང་ལྤགས་ཐོད་ཕྲེང་དང༔ སྦྲུལ་ཆུན་སྟག་ཤམ་ལ་སོགས་པ༔ དཔལ་གྱི་ཆས་དབང་བསྐུར་ཐོབ་ཤོག༔ ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུྃ་སྭཱ་ཧཱ༔ ཛཿཧཱུྃ་བཾ་ཧོ༔ དེ་ལྟར་ཕྱི་ཐུན་མོང་རྫས་ཀྱི་དབང་རྣམས་རིམ་པར་བསྐུར་པས། འཁོར་ལོས་སྒྱུར་བའི་རྒྱལ་བུ་རྒྱལ་སར་དབང་བ་ཇི་ལྟ་བར་ཁྱེད་རྣམས་ཆོས་ཀྱི་རྒྱལ་སྲིད་ལ་བཀོད་ཅིང་མངའ་གསོལ་བའི་བྱིན་རླབས་མཐུ་འབྲས་ཀྱིས། དམ་པ་ཆོས་ཀྱི་རྒྱལ་ཁབ་ཏུ་མངོན་པར་སངས་རྒྱས་པའི་གོ་འཕང་ཐོབ་ནས་ནམ་མཁའ་མཉམ་པའི་འགྲོ་བའི་དེད་དཔོན་ཆེན་པོར་འགྱུར་བའི་རྟེན་འབྲེལ་གྱི་ས་བོན་རྒྱུད་ལ་བཞག་པ་ཡིན་པས་དེ་ལྟར་ཐུགས་ལ་ངེས་མཛོད། ཅེས་བརྗོད་ཅིང་ཤིས་བརྗོད་མདོར་བསྡུས་བྱ། དེ་ནས་གསང་སྔགས་ནང་དབང་ཟབ་མོ་བསྐུར་བ་ལ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་རྟོགས་པར་བྱེད་པ་ཡི་དམ་ལྷའི་དབང་། བཟླས་ལུང་གསང་བའི་དབང་། ཤེས་རབ་བརྡའི་དབང་གསུམ་དུ་ཡོད་པའི་དང་པོ་ཕྱག་རྒྱ་ལྷའི་དབང་ཞུ་བའི་ཡོན་ཏུ་མཎྜལ་འབུལ་བར་ཞུ། དེ་ནས་སྐུ་ཙཀ་རྣམས་རིམ་པར་ཐོགས་ལ། ཁྱེད་རང་རྣམས་ཀྱི་ལུས་གདོས་བཅས་གཟུགས་ཀྱི་ཕུང་པོ་མ་དག་མཚན་འཛིན་གྱི་བག་ཆགས་སྦྱངས་ཤིང་ཡི་དམ་ལྷའི་སྐུར་གསལ་བཏབ། བྱིན་གྱིས་བརླབས། དབང་བསྐུར། རྒྱས་བཏབ་པ་སོགས་བགྱིས་པའི་དོན་རྣམས་དྲན་པར་བྱོས་ལ། སླར་ཡང་ལྷ་ལ་ལྷ་བསྟིམ་པ་ནན་ཏན་དུ་བགྱི་བ་ཡིན་པས། དེ་ཡང་མདུན་གྱི་དཀྱིལ་འཁོར་འདི་ཉིད་འདུས་བྱས་ཀུན་རྫོབ་རྫས་ཀྱི་དངོས་པོ་ཙམ་དུ་མ་འཛིན་པར་ཡེ་ཤེས་རང་བྱུང་སྤྲུལ་པའི་གཞལ་ཡས་ཆོས་ཉིད་རོལ་པ་ཆེན་པོའི་ཕོ་བྲང་། རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པའི་དབུས་ཀྱི་དཀྱིལ་འཁོར་སྙིང་པོའི་གཙོ་མཆོག་འཁོར་འདས་མ་ལུས་པའི་ཁྱབ་བདག་ཀུན་བཟང་ཆེ་མཆོག་ཧེ་རུ་ཀའི་སྐུ་ལས་རང་འདྲའི་སྐུའི་སྒྱུ་འཕྲུལ་གར་དགུའི་ཉམས་ཀྱི་རོལ་པ་ཉི་མ་འབུམ་གྱི་གཟི་མདངས་ལྟར་འབར་བ་བྱོན་ཏེ། ཁྱེད་རང་རྣམས་ཀྱི་སྤྱི་བོའི་གཙུག་ཏུ་ཐིམ་པའི་མོས་གུས་རྩེ་གཅིག་མཛོད། ཧཱུྃ༔ དཀྱིལ་འཁོར་ཡོངས་ཀྱི་གཙོ་བོ་ཆེ་བའི་མཆོག༔ བཅོམ་ལྡན་དཔལ་ཆེན་ཀུན་བཟང་ཧེ་རུ་ཀ༔ ཡབ་ཡུམ་སྲས་དང་བཅས་པའི་དབང་བསྐུར་བས༔ སྐལ་ལྡན་བུ་ལ་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཨཱ༔ ཞེས་རོལ་མོ་བསྒྲགས་ཤིང་དཔོན་སློབ་གཉིས་ཀས་ཏིང་འཛིན་དང་ལྡན་པས་སྤྱི་གཙུག་ཏུ་དབང་བསྐུར་ཞིང་བསྟིམ་མོ། །དེ་ལྟར་གཙོ་བོ་གཞན་ཐམས་ཅད་རིགས་འགྲེས་ཏེ། ལྷོ་ཕྱོགས་ཀྱི་དཀྱིལ་འཁོར་ཆེན་པོའི་གཙོ་བོ་འཇམ་དཔལ་གཤིན་རྗེའི་གཤེད་ལས་རང་འདྲའི་སྐུ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་དཔྲལ་བའི་གནས་སུ་ཐིམ་པའི་མོས་པ་མཛོད། ཧཱུྃ༔ དཀྱིལ་འཁོར་ཡོངས་ཀྱི་སྐུ་མཆོག་གཤིན་རྗེ་གཤེད༔ ཡབ་ཡུམ་སྲས་དང་བཅས་པས་དབང་བསྐུར་བས༔ སྐུ་ལྔ་ལྷུན་གྲུབ་ཡེ་ཤེས་ལྔ་དང་ལྡན༔ སྐལ་ལྡན་བུ་ལ་སྐུ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཨཱ༔ ཞེས་དཔྲལ་བར་བསྐུར་རོ། །ནུབ་ཕྱོགས་ཀྱི་དཀྱིལ་འཁོར་དབུས་ནས་དཔལ་ཆེན་རྟ་མགྲིན་དབང་གི་རྒྱལ་པོ་ལས་རང་འདྲའི་སྐུ་བྱོན་ཏེ་མགྲིན་པའི་གནས་སུ་ཐིམ་པའི་མོས་པ་མཛོད། ཧཱུྃ༔ དཀྱིལ་འཁོར་ཡོངས་ཀྱི་གསུང་མཆོག་དབང་ཆེན་སྐུ༔ ཡབ་ཡུམ་སྲས་དང་བཅས་པས་དབང་བསྐུར་བས༔ འགག་མེད་གསུང་དབྱངས་འགྲོ་ཀུན་དབང་དུ་སྡུད༔ སྐལ་ལྡན་བུ་ལ་གསུང་གི་དངོས་གྲུབ་སྩོལ༔ ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་མགྲིན་པར་བསྐུར་རོ། །དཀྱིལ་འཁོར་གྱི་ཤར་ཕྱོགས་ནས་དཔལ་ཆེན་བཛྲ་ཧེ་རུ་ཀ་འཕྲོས་ཏེ་སྙིང་ཁར་ཐིམ་པར་སྒོམ་མཛོད་ཅིག ཧཱུྃ༔ དཀྱིལ་འཁོར་ཡོངས་ཀྱི་ཐུགས་མཆོག་བཛྲ་སྐུ༔ ཡབ་ཡུམ་སྲས་དང་བཅས་པས་དབང་བསྐུར་བས༔ གསལ་སྟོང་མཐའ་བྲལ་ཟུང་འཇུག་རྡོ་རྗེའི་ཐུགས༔ སྐལ་ལྡན་བུ་ལ་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་ཁར་བསྐུར་རོ། །བྱང་ཕྱོགས་དཀྱིལ་འཁོར་གྱི་གཙོ་བོ་ཕྲིན་ལས་རྡོ་རྗེ་གཞོན་ནུ་ལས་རང་འདྲའི་སྐུ་འཕྲོས་ཏེ་ལྟེ་བར་ཐིམ་པར་སྒོམ་མཛོད། ཧཱུྃ༔ དཀྱིལ་འཁོར་ཡོངས་ཀྱི་ཕྲིན་ལས་ཕུར་པའི་ལྷ༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས་དང་བཅས༔ བྱིན་རླབས་ཐོགས་མེད་ནུས་མཐུའི་དབང་བསྐུར་བས༔ སྐལ་ལྡན་བུ་ལ་ཕྲིན་ལས་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ལྟེ་བར་བསྐུར་རོ། །ཤར་ལྷོའི་དཀྱིལ་འཁོར་གྱི་གཙོ་བོ་བླ་མེད་ཧེ་རུ་ཀ་ལས་རང་འདྲའི་སྐུ་འཕྲོས་ནས་གསང་བའི་གནས་སུ་ཐིམ་པར་སྒོམ་མཛོད། ཧཱུྃ༔ དཀྱིལ་འཁོར་ཡོངས་རྫོགས་བླ་མེད་ཧེ་རུ་ཀ༔ མ་མོ་རྦོད་གཏོང་ཚོགས་ཀྱི་དབུས་ན་བཞུགས༔ ལྷ་མོ་མོ་རྒྱུད་མཁའ་འགྲོ་ཀུན་འདུས་དབང༔ སྐལ་ལྡན་བུ་ལ་མཁའ་འགྲོས་དངོས་གྲུབ་སྩོལ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རི་སཏྭཾ་མ་མ་ཡོ་གི་ནཱི་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གསང་བར་བསྐུར་རོ། །ལྷོ་ནུབ་ཀྱི་དཀྱིལ་འཁོར་ནས་རིག་འཛིན་སློབ་དཔོན་གྱི་སྤྲུལ་པ་འཕྲོས་ནས་སྤྱི་གཙུག་ཏུ་ཐིམ་པའི་མོས་པ་མཛོད། ཧཱུྃ༔ དཀྱིལ་འཁོར་ཡོངས་ཀྱི་བླ་མ་ཐོད་ཕྲེང་རྩལ༔ རྒྱ་བོད་གྲུབ་ཐོབ་རྩ་བརྒྱུད་གུ་རུ་རྣམས༔ ཡབ་ཡུམ་སྲས་བཅས་ཐུགས་རྗེའི་བྱིན་རླབས་དབང༔ སྐལ་ལྡན་བུ་ལ་དངོས་གྲུབ་རྣམ་གཉིས་སྩོལ༔ ཨོཾ་བཛྲ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྤྱི་གཙུག་ཏུ་བསྐུར་རོ། །ནུབ་བྱང་དཀྱིལ་འཁོར་གྱི་མངའ་བདག་དཔལ་ཆེན་དྲེགས་པ་ཀུན་འདུལ་ལས་རང་འདྲའི་སྤྲུལ་པ་འཕྲོས་ཏེ་པུས་མོ་གཡས་སུ་ཐིམ་པར་སྒོམ་མཛོད། ཧཱུྃ༔ དཔལ་ཆེན་ཁྲོ་རྒྱལ་དྲེགས་པ་ཀུན་འདུལ་ནི༔ ཡབ་ཡུམ་སྲས་དང་འཁོར་ཚོགས་ཐམས་ཅད་ཀྱིས༔ ཆོས་སྐྱོང་སྲུང་མ་ལས་ལ་འཁོལ་བ་དང༔ སྐལ་ལྡན་བུ་ལ་མཐུ་རྩལ་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་པུས་མོ་གཡས་སུ་བསྐུར་རོ། །དཀྱིལ་འཁོར་བྱང་ཤར་གྱི་གཙོ་བོ་དཔལ་ཆེན་སྟོབས་ལྡན་ནག་པོ་ལས་རང་འདྲའི་སྤྲུལ་པ་འཕྲོས་པ་པུས་མོ་གཡོན་པར་ཐིམ་པའི་མོས་པ་མཛོད། ཧཱུྃ༔ དཔལ་ཆེན་ཁྲོ་རྒྱལ་སྟོབས་ལྡན་ནག་པོ་ནི༔ ཡབ་ཡུམ་སྲས་དང་འཁོར་བཅས་མ་ལུས་པས༔ འཇིག་རྟེན་དྲེགས་པ་འདུལ་བའི་དངོས་གྲུབ་ནི༔ སྐལ་ལྡན་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ བཛྲ་སརྦ་དུཥྚཱཾ་ཨེ་ཛཿབྷྱོ་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཨཱ༔ ཞེས་པུས་མོ་གཡོན་དུ་བསྐུར་རོ། །གཙོ་མཆོག་གི་སྐུའི་དཔུང་པ་གཡས་གཡོན་གྱི་སྤྲུལ་པའི་ཁྱུང་ཆེན་དཀར་ནག་གཉིས་ལས་རང་འདྲའི་སྤྲུལ་པ་རེ་འཕྲོས་ནས་དཔུང་པ་གཉིས་ལ་ཐིམ་པར་སྒོམ་མཛོད། ཧཱུྃ་ཁྲོཾ༔ བྱ་ཁྱུང་རྒྱལ་པོ་དཀར་ནག་གཉིས༔ རྡོ་རྗེའི་མཆུ་ལ་རལ་གྲིའི་སྤུ༔ ལྕགས་ཀྱུའི་སྡེར་མོ་གནམ་ལྕགས་རྭ༔ ས་བདག་ཀླུ་འདུལ་དབང་ཐོབ་ཤོག༔ ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཨཱ༔ ཞེས་དཔུང་པ་གཡས་གཡོན་ལ་བསྐུར་ཞིང་བསྟིམ་མོ། །སླར་ཡང་དཀྱིལ་འཁོར་དགུའི་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་ཐམས་ཅད་མ་ལུས་པའི་སྐུ་སོ་སོ་ལས་མར་མེ་གཅིག་ལས་གཉིས་སུ་མཆེད་པའམ། ནམ་མཁའི་ཟླ་བ་མཚོ་རྫིང་གི་ནང་དུ་སྣང་བ་ལྟར་རྫུ་འཕྲུལ་སྐུའི་སྣང་བརྙན་རེ་རེ་ཁྱོད་རང་རྣམས་སོ་སོ་ལ་ཐིམ་པས་ཕུང་ཁམས་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གཟོད་ནས་ལྷུན་གྱིས་གྲུབ་བཞིན་པ་ལ་སླར་ཡང་གསལ་ཐེབས་ཤིང་བྱིན་རླབས་ཀྱི་ནུས་སྟོབས་ཆེས་ཆེར་འཕེལ་བར་གྱུར་པའི་མོས་པ་མཛོད་ཅིག །ཅེས་བརྗོད་ལ་དྲག་སྔགས་སྤྱི་དྲིལ་ཆེན་མོ་ཚར་གཅིག་བརྗོད་ཅིང་རོལ་མོ་བསྒྲག །མེ་ཏོག་འཐོར་རོ། །དེ་ལྟར་ལྷ་སྐུ་ཕྱག་རྒྱའི་དབང་གིས་ལུས་སྤྲུལ་པ་སྐུར་བྱིན་གྱིས་བརླབས་ནས། གཉིས་པ་བཟླས་ལུང་དང་གསང་བའི་དབང་གིས་ངག་སྨིན་པར་བྱེད་པ་ལ། དཀྱིལ་འཁོར་དགུའི་ལྷ་རྣམས་ཀྱི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་དང་སྔགས་ཕྲེང་སྐུ་མདོག་དང་མཚུངས་པ་འཁོར་བ་རྣམས་གྱེན་དུ་ནར་གྱིས་བྱུང་ནས་ཞལ་གྱི་སྒོ་ནས་འཐོན་པ་ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས་ཏེ་ལྗགས་ཀྱི་སྟེང་པད་ཟླ་ལ་སྔགས་ཀྱི་འཁོར་ལོ་ལུ་གུ་རྒྱུད་དུ་འཁོར་བར་བསྒོམ་ཞིང་སྔགས་ཀྱི་རྗེས་ཟློས་ཀྱང་མཛད་འཚལ། ཞེས་ཕྲེང་བའི་སྣ་རེ་ནས་དཔོན་སློབ་གཉིས་ཀས་བཟུང་ལ། རྒྱས་པར་ལས་གཞུང་གི་འཛབ་ལྟར་དཔལ་དགུ་སོ་སོའི་སྙིང་པོ་བཟླས་ལུང་འབོགས་པའམ། མདོར་བསྡུ་ན། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨཱ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཅེས་ཚར་གསུམ་རྗེས་ཟློས་བྱར་གཞུག །ཐོད་པའི་བདུད་རྩི་ཨ་མྲྀཏ་མངར་གསུམ་སྦྱར་བ་ཐོགས་ཏེ། དེའི་བྱིན་རླབས་སྨིན་ཅིང་བརྟན་པར་བྱ་བའི་སླད་དུ་བླ་མ་དཔལ་ཆེན་པོ་ཆེ་མཆོག་ཡབ་ཡུམ་གྱི་སྐུར་བཞེངས་ཏེ། མ་ཆགས་ཐབས་ཀྱིས་རོལ་པ་མཉམ་སྦྱོར་བདེ་ཆེན་གྱི་ལོངས་སྤྱོད་མཛད་པའི་དངོས་གྲུབ་བྱང་སེམས་བདུད་རྩི་འདི་ཉིད་སྐལ་ལྡན་བུ་ལ་བྱིན་པས་ངག་ཐ་མལ་གྱི་བག་ཆགས་ལས་གྲུབ་ཉེས་ཚོགས་ཐམས་ཅད་དག་ཅིང་། རྩ་རླུང་ཐིག་ལེ་བདེ་བ་ཆེན་པོར་བྱིན་གྱིས་བརླབས་པའི་ངེས་ཤེས་བསྐྱེད་མཛོད་ཅིག ཧཱུྃ༔ བླ་མ་བདེ་གཤེགས་ཡབ་ཡུམ་རྣམས༔ གཉིས་མེད་སྦྱོར་བའི་བྱང་སེམས་འདིས༔ སྐལ་ལྡན་ངག་ལ་དབང་བསྐུར་བས༔ གསང་བའི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་སུ་ཁ་ཨཱ་བེ་ཤ་ཡ་ཨཿཨཿཨ༔ ཞེས་མགྲིན་པར་དབང་བསྐུར་ཞིང་བདུད་རྩི་བླུད། དེ་ནས་རིག་ཙཀ་ཐོགས་ལ། དེ་ལྟར་གསང་དབང་ངག་ལ་བསྐུར་པས་ངག་ལོངས་སྤྱོད་རྫོགས་སྐུར་བྱིན་གྱིས་བརླབས་ནས། གསུམ་པ་ཤེས་རབ་ཡེ་ཤེས་དབང་གིས་ཡིད་སྨིན་པར་བྱེད་པ་ལ། ཁྱེད་ཅག་རྣམས་དཀྱིལ་འཁོར་བདག་པོ་གཙོ་མཆོག་ཧེ་རུ་ཀ་དངོས་ཀྱི་འདུ་ཤེས་དང་མ་བྲལ་བར་མཛད་པའི་ངང་ནས། རྒྱལ་བ་ཐམས་ཅད་ཀྱི་ཡུམ་གྱུར་ཆོས་ཐམས་ཅད་ཀྱི་འབྱུང་གནས་བདེ་བའི་ཡེ་ཤེས་མཆོག་གི་གསང་མཛོད་དུ་གྱུར་པ་ཡུམ་ཆེན་མོ་གནམ་ཞལ་དབྱིངས་ཕྱུག་མའི་སྐུའི་ཟློས་གར་མཚན་དཔེའི་རི་མོར་ཤར་བ་འདི་ཉིད་གཏད་པ་ལ་བསྟེན་ནས། བླ་ན་མེད་པའི་མྱུར་ལམ་ཟབ་མོའི་སྣོད་ལྡན་དུ་གྱུར་པའི་མོས་པ་མཛོད། ཧཱུྃ༔ མཚན་ལྡན་ཡིད་འོང་གྲོགས་མཆོག་འདི༔ བསྟེན་པས་བདེ་སྟོང་རྒྱུད་ལ་སྐྱེ༔ ཐིག་ལེ་དབབ་བཟུང་འདྲེན་དགྲམ་གྱིས༔ བདེ་ཆེན་ལྷན་སྐྱེས་རྟོགས་པར་ཤོག༔ ཨ་ཧོ་སུ་ཁ་ཧོ༔ ཞེས་གཏད་ལ། ཧཱུྃ༔ ཡབ་ཡུམ་གཉིས་ཀ་སྣང་སྟོང་ལྷ༔ རྡོ་རྗེ་པདྨ་བྱིན་བརླབས་ཏེ༔ དབབ་འཛིན་འདྲེན་བཀྲམ་འཁྲུལ་འཁོར་གྱིས༔ བདེ་སྟོང་རང་ངོ་ཤེས་པར་གྱིས༔ ཨ་ནུ་རཱ་ག་བཛྲ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ༔ དེ་ལྟར་བྱིན་པའི་མཚན་ལྡན་མ་དང་འདུ་ཤེས་གསུམ་གྱིས་མཉམ་པར་སྦྱོར་བས་ལུགས་འབྱུང་ལུགས་ལྡོག་གི་མཐར་ཐུག་ལྷན་སྐྱེས་དཔེའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ཤིག །དེ་ནས་ཤེལ་རྡོ་མེ་ལོང་ཐོགས་ལ། ཧཱུྃ༔ སེམས་ཉིད་ཀ་དག་ལྷུན་གྲུབ་དོན༔ སྣང་སྟོང་ཟུང་འཇུག་སྒྱུ་མའི་སྐུ༔ གདོད་ནས་ཡང་དག་གཉུག་མའི་གཤིས༔ ཡང་དག་ངེས་དོན་རྟོགས་པར་ཤོག༔ ཛྙཱ་ན་པཉྩ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཿཨཿཨ༔ ཞེས་སྙིང་ཁར་བཞག་ལ། དེའང་མེ་ལོང་ཤེལ་རྡོའི་དཔེ་ལ་ལྟོས་དང་། མེད་བཞིན་སྣང་བའི་གཟུགས་བརྙན་ཁ་དོག་དུ་མར་གསལ་བར་ཤར་བ་ཡང་། ཤར་བ་ཉིད་དངོས་པོར་མ་གྲུབ་པའི་སྟོང་པར་འདུག་པ་དཔེ་འདི་ཇི་ལྟ་བར་རང་གི་སེམས་ཉིད་ཡེ་ནས་དངོས་པོ་དང་མཚན་མར་གྲུབ་པ་རྡུལ་ཕྲ་རབ་ཙམ་ཡང་མེད་ལ། མེད་པའི་རང་མདངས་འགག་མེད་ཀྱི་གསལ་སྣང་སྣ་ཚོགས་སུ་ཤར། གང་ལྟར་འཆར་ཡང་དོན་ལ་བདེན་པས་དབེན་པ་འདི་ནི་སེམས་ཉིད་ཀྱི་གནས་ལུགས་སམ་ཆོས་ཉིད་ཡིན་ལ། དེའང་ངོ་བོ་སྟོང་པ་ཆོས་སྐུ །རང་བཞིན་གསལ་བ་ལོངས་སྐུ །གསལ་སྟོང་དབྱེར་མེད་ཀྱི་རང་རྩལ་སྣ་ཚོགས་སུ་འཆར་བ་སྤྲུལ་སྐུ །དེ་གསུམ་ཀའང་ཐ་དད་མ་ཡིན་པ་རང་སེམས་གཅིག་པུའི་ངང་དུ་རྫོགས་པ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་ཡིན་པ་ལ་ཡིན་པར་ངོ་ཤེས་པར་གྱིས་ལ་མཉམ་པར་འཇོག་པར་ཞུ། མཐའ་རྟེན་བསྒྲལ་དབང་ནི་ལྕགས་ཕུར་ལག་ཏུ་གཏད་དེ། དེ་ནས་མཐའ་རྟེན་ཕྲིན་ལས་དྲག་པོ་གདུག་པ་འདུལ་བྱེད་ཕུར་པས་དབང་བསྐུར་བ་ཡིན་པས། ལྕགས་ཕུར་འདི་ཉིད་ངོ་བོ་དཔལ་ཆེན་པོ་ཆེ་མཆོག་ལྷ་དགུ་ལ་རྣམ་པ་ལས་བྱེད་སྤྲུལ་པའི་སྲས་མཆོག་བཛྲ་ཀཱི་ལ་ཡ་སྐུ་སྟོད་ཁྲོ་བོ་ཆེན་པོ་ཞལ་གཅིག་ཕྱག་གཉིས་ཕུར་བུ་འདྲིལ་བ་ལ། སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་མགར་གྱི་སོལ་མེ་ནས་དྲངས་མ་ཐག་པ་ལྟ་བུ་མེའི་ཚྭ་ཚྭ་འཕྲོ་བ་ཅན་དུ་གསལ་བ་འདི་ཁྱེད་ཀྱི་ལག་ཏུ་གཏད་ཅིང་འདྲིལ་བ་ཙམ་གྱིས། མ་རུངས་གདུག་པའི་དགྲ་བགེགས་ཚར་གཅོད་པའི་ནུས་པ་ཐོབ་པར་སྒོམ་མཛོད་ཅིག ཧཱུྃ༔ ཕྲིན་ལས་མ་ལུས་སྒྲུབ་པའི་རྫས༔ དྲག་པོའི་ལྕགས་ཕུར་ལྷར་གསལ་ནས༔ དྲག་སྔགས་བཟླ་ཞིང་འདྲིལ་བར་བྱ༔ ཕྲིན་ལས་ཐོགས་མེད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ མཱ་ར་ཡ་ཧཱུྃ་ཕཊ༔ ཧཱུྃ་ཀཱ་ར་ཧཱུྃ་ཨཱ༔ ཞེས་འདྲིལ་ཞིང་འདེབས་ཚུལ་བྱར་གཞུག །དེ་ལྟར་བདེ་གཤེགས་ཀུན་འདུས་སྒྲུབ་པ་བཀའ་བརྒྱད་དངོས་གྲུབ་སྙིང་པོའི་དབང་བསྐུར་ཟབ་པའི་མཐར་ཐུག་པ་འདི་ལྟ་བུ་ལེགས་པར་ཐོབ་པ་ཡིན་པས། དབང་སྲོག་དམ་ཚིག་ལ་རགས་ལས་པའི་ཕྱིར་ཚུལ་བཞིན་བསྲུང་དགོས་ལ། དེའང་རྩ་བ་སྐུ་གསུང་ཐུགས། ཡན་ལག་ཉི་ཤུ་རྩ་ལྔ། སྤྱིར་གཅེས་པའི་སྤང་བླང་། སྒོས་སུ་དབང་བཞིའི་བསླབ་བྱ། ཁྱད་པར་སྒྲུབ་པའི་དམ་ཚིག་ལ་སོགས་པ་ཐམས་ཅད་ཅི་ནུས་སུ་བསྲུང་ཞིང་ལམ་རིམ་པ་གཉིས་ལ་བསླབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་གི་མཎྜལ། ལུས་ལོངས་སྤྱོད་འབུལ། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པས་བཀྲ་ཤིས་པའི་བདེན་ཚིག་བརྗོད་ཅིང་མེ་ཏོག་གི་ཆར་ཆེན་པོ་བསྙིལ་བས་དབང་གི་ཡེ་ཤེས་མ་སྐྱེས་པ་བསྐྱེད་ཅིང་། སྐྱེས་པ་གོང་འཕེལ་དུ་བརྟན་པར་བྱས་པའི་མོས་པ་མཛོད་ཅིག །ཅེས་བཀྲ་ཤིས་གང་འོས་བརྗོད་ཅིང་། དགེ་བསྔོ་དང་། ཚོགས་ལ་རོལ་པ་སོགས་དཀྱིལ་འཁོར་རྗེས་ཆོག་སྤྱི་ལྟར་བྱས་པས་འགྲུབ་བོ། །མཁས་འདོད་དབང་གིས་བཟོ་བཅོས་མ་ལགས་ཀྱང་། །ཡིག་ཚོགས་མང་པོ་བྲིས་པས་ངལ་རྣམས་དང་། །དཔེ་ཀློག་དམན་པའི་དབང་བསྐུར་མཁན་པོ་ལ། །ནག་འགྲོས་ཉུང་ངུས་སེམས་ལ་ཕན་མཐོང་ནས། །བྱིན་ལྡན་གོང་མའི་གསུང་བཟང་ལས། །སྙིང་པོ་ཙམ་དུ་བསྡུས་པའི་དགེས། །སྒྲུབ་ཐབས་སྙིང་པོ་འདིར་ཞུགས་ནས། །དཀྱིལ་འཁོར་སྙིང་པོ་མྱུར་འགྲུབ་ཤོག །ཅེས་པའང་པདྨའི་རྗེས་འཇུག་རྟགས་ཙམ་འཛིན་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཡང་ཁྲོད་དབེན་གནས་ཀུན་བཟང་བདེ་གླིང་ཧེ་རུ་ཀའི་ལྷ་ཁང་དུ་སྦྱར་བ་དགེ་ལེགས་འཕེལ།། །།
རིན་ཆེན་གཏེར་མཛོད་ཆེན་པོའི་སྨིན་གྲོལ་འབོགས་པའི་སྐབས་ཀྱི་ཕྱག་ལེན་ཉེར་མཁོའི་ཟུར་འདེབས་མཚམས་སྦྱོར་རིགས་བཅས་ཉུང་གསལ་དུ་བཀོད་པ་འདོད་རྒུ་འཇོ་བའི་གཏེར་བུམ་གྱི། མཐའ་རྟེན་ཤིས་སྨོན་རིགས་དང་། ས་བཅད་དྲུག་པ་འཕྲོས་དོན་སྤངས་བླང་གི་བསླབ་བྱ་བཅས་ (Volume 71, Text 2)
༄༅། །རིན་ཆེན་གཏེར་མཛོད་ཆེན་པོའི་སྨིན་གྲོལ་འབོགས་པའི་སྐབས་ཀྱི་ཕྱག་ལེན་ཉེར་མཁོའི་ཟུར་འདེབས་མཚམས་སྦྱོར་རིགས་བཅས་ཉུང་གསལ་དུ་བཀོད་པ་འདོད་རྒུ་འཇོ་བའི་གཏེར་བུམ་གྱི། མཐའ་རྟེན་ཤིས་སྨོན་རིགས་དང་། ས་བཅད་དྲུག་པ་འཕྲོས་དོན་སྤངས་བླང་གི་བསླབ་བྱ་བཅས་བཞུགས་སོ། ། སྨོན་ལམ་རྒྱ་མཚོས་འཁོར་བའི་མཚོ་སྐེམ་ཞིང་།། འགྲོ་བ་རྒྱ་མཚོ་ཐར་པའི་ཞིང་རྒྱ་མཚོར། །འདྲེན་པ་རྒྱ་མཚོའི་ཡོན་ཏན་རྒྱ་མཚོ་ཆེས། །དགེ་ལེགས་རྒྱ་མཚོའི་གཏེར་མཛོད་རྒྱས་གྱུར་ཅིག །རྒྱུད་ལུང་མན་ངག་འདུས་པའི་རིན་པོ་ཆེ། །གནམ་གཏེར་ས་གཏེར་དགོངས་གཏེར་ཐུགས་ཀྱི་གཏེར། །དག་སྣང་རྗེས་དྲན་ལ་སོགས་སེལ་མེད་པ། །རྩོད་བྲལ་སངས་རྒྱས་གཉིས་པའི་ཞལ་སྐྱིན་གྱི། །ཟབ་གཏེར་རྒྱ་མཚོའི་གཏེར་གྱི་མཛོད་ཆེན་པོར། །མོས་པ་རྒྱ་མཚོས་མོས་པ་སྐད་ཅིག་ཀྱང་། །སྐལ་པ་རྒྱ་མཚོར་སྐལ་པ་བཟང་པོ་ཡི། །ཚོགས་གཉིས་རྒྱ་མཚོའི་ཚོགས་ཀུན་རྫོགས་པའི་མཐུས། །དེ་ལྟར་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་ཕུང་པོ་མ་ཚང་བ་མེད་པ་རིན་པོ་ཆེ་གཏེར་ཆེན་པོའི་མཛོད། སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་འདོད་རྒུ་འཇོ་བའི་བུམ་པ་ལྟ་བུ་ཡོངས་སུ་རྫོགས་པ་མཐོང་ཐོས་དྲན་རེག་གྲོལ་བ་བཞི་ལྡན་ལ་ཅི་དགར་སྤྱོད་དུ་ཡོད་པ་ནི་སྐལ་པ་ལས་ཀྱང་ཆེས་སྐལ་པ་བཟང་པོ་དང་ལྡན་པ་སྟེ། དེ་ཡང་ཕུན་སུམ་ཚོགས་པ་ལྔ་ལས། དུས་ཕུན་སུམ་ཚོགས་པ་ཡང་ཡིན་སྟེ། འདིར་དུས་གསུམ་རྒྱུན་མི་ཆད་ཀྱང་དུས་བཞི་མཉམ་པ་ཉིད་དུ་རང་བཞིན་ལྷུན་གྱིས་གྲུབ་པར། གནས་ཕུན་སུམ་ཚོགས་པའང་ཡིན་སྟེ། འདི་ལྟར་འཁོར་འདས་ཀྱི་བཀོད་པ་འབྱམས་ཀླས་པའི་གནས་དང་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་རྣམས་ནི་སོ་སོའི་བག་ཆགས་ཀྱི་སྣང་ཚུལ་ཉིད་ལས། ཡེ་གདོད་ཉིད་དུ་མཐའ་དབུས་བྲལ་བའི་འོག་མིན་ཆེན་པོར་ཕྱི་ནང་དང་ཡངས་དོག་སོགས་ཀྱི་སྤྲོས་པས་མི་ཕྱེད་པའི་གཞལ་ཡས་ཆེན་པོར་ལྷུན་གྱིས་གྲུབ་པའི་ཕྱིར་རོ། །སྟོན་པ་ཕུན་སུམ་ཚོགས་པ། གདུལ་བྱ་འདུལ་བྱེད་ཀྱི་ཁྱད་པས། གཟོ་སྐྱེ་མཆོག་གི་སྤྲུལ་པ་ནས་བརྩམ་སྟེ་སྐུ་གསུམ་སྐུ་ལྔ། ཞི་ཁྲོ་རིགས་ལྔ། རིགས་བརྒྱ་མཐའ་ཡས་པའི་བར་གྱི་འདྲེན་པ་བསམ་གྱིས་མི་ཁྱབ་པ་ནི་སྣང་ཚུལ་སྟེ། དོན་གྱི་སྟོན་པ་ཀུན་ཏུ་བཟང་པོ་བདེ་སྟོང་འདུ་འབྲལ་མེད་པའི་རྡོ་རྗེ་སློབ་དཔོན་ཡེ་ནས་རང་སངས་རྒྱས་བཞིན་ཆོས་ཀྱི་སྐུ་ཡི་ཕྲིན་ལས་སྣོད་བཅུད་རྡུལ་ཕྲན་རེ་ལ་སྐད་ཅིག་རེར་ཡང་རྒྱུན་མི་ཆད་ཅིང་འབྲལ་བ་མེད་པར་རྟག་ཁྱབ་ལྷུན་གྱིས་གྲུབ་པ་ནས། འཁོར་ཕུན་སུམ་ཚོགས་པ། ཁམས་གསུམ་གྱིས་བསྡུས་པའི་རིགས་དྲུག་གི་སེམས་ཅན་ལམ་དུ་མ་ཞུགས་པ་དང་། ལམ་ལོག་པར་ཞུགས་པ་དང་། ཉན་རང་བྱང་ཆུབ་སེམས་པའི་ལམ་དུ་ཞུགས་པ་ཕྱིར་འོང་ཕྱིར་མི་འོང་སོགས་ངེས་པ་དང་མ་ངེས་པའི་རིགས་ཀྱིས་ཕྱེ་བའི་སྣོད་དང་སྣོད་མིན་བརྡ་རྟགས་རྣམ་དབྱེ་མཐའ་ཡས་པ་ནི་རྣམ་རྟོག་ཙམ་ལས། ཀུན་རྫོབ་ཉིད་དུའང་འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན་ན། དོན་གྱི་ཀ་དག་རང་བཞིན་གཞོན་ནུ་བུམ་པ་སྐུ་ཡི་སངས་རྒྱས་ཀུན་ཏུ་བཟང་པོ་ཉིད་ལས་མི་གཞན་པའི་འཁོར་གདོད་ནས་ལྷུན་གྱིས་གྲུབ་པ་ལ། ཆོས་ཕུན་སུམ་ཚོགས་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕྱི་ནང་གི་ཐེག་པ་བསམ་གྱིས་མི་ཁྱབ་པ་ལས་དོན་གྱི་ཆོས་བརྡ་ཚིག་ཐ་སྙད་ལས་འདས་པའི་འཁོར་འདས་ཐམས་ཅད་རང་བཞིན་རྫོགས་པ་ཆེན་པོར་རོ་གཅིག་ཡེ་གྲོལ་ཁྱབ་བརྡལ་མཉམ་པ་ཉིད་དུ་རྒྱུན་མི་ཆད་པ་ལས། ཐབས་ཀྱི་ཁྱད་པས་ཀུན་བཏགས་ཀྱི་ཕུང་ཁམས་སྐྱེ་མཆེད་སོགས་སྣང་གྲགས་རྟོག་ཚོགས་གདན་གསུམ་ཚང་བའི་ལྷ་དང་སྔགས་ཀྱི་དཀྱིལ་འཁོར་དུ་ངོ་སྤྲོད་པས། རྟོགས་གྲོལ་དུས་མཉམ་དུ་བྱས་པའི་དགེ་ལེགས་འདི་ལྟ་བུས་སྣང་སྲིད་དག་མཉམ་ཆེན་པོར་རང་བྱན་དུ་ཆུད་པ་ལ་ཐ་སྙད་ཙམ་དུ་ཤིས་པ་བརྗོད་པས་མངའ་དབུལ་བའང་བྱ་སྟེ། དེ་ལ་འདིར་ཤིས་བརྗོད་ཉེར་མཁོའི་སྐོར་ལ། བཀའ་མ་འདུས་མདོ་ལས། ཉན་ཐོས་སྐབས། བཅོམ་ལྡན་རྣམ་པར་གཟིགས་ནི་རྒྱལ་རིགས་གཟི་བརྗིད་ཅན། །ཚེ་ལོ་བརྒྱད་ཁྲིའི་དུས་ན་གྲོང་ཁྱེར་གཉེན་དྲུང་དུ། །པ་ཏོ་ལ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པས་དེང་འདིར་བདེ་ལེགས་ཤོག །བདེ་གཤེགས་གཙུག་གཏོར་ཅན་ནི་རྒྱལ་རིགས་རྫུ་འཕྲུལ་ཅན། །ཚེ་ལོ་བདུན་ཁྲིའི་དུས་ན་ཀ་ནའི་གྲོང་ཁྱེར་དུ། །པུནྜ་རཱི་ཀའི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པས་དེང་འདིར་བདེ་ལེགས་ཤོག །རྒྱལ་བ་ཐམས་ཅད་སྐྱོབ་ནི་རྒྱལ་རིགས་བློ་གྲོས་ཅན། །ཚེ་ལོ་དྲུག་ཁྲིའི་དུས་ན་གྲོང་ཁྱེར་མཉན་ཡོད་དུ། །ཤིང་དྲུང་སཱ་ལའི་དྲུང་དུ་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པས་དེང་འདིར་བདེ་ལེགས་ཤོག །ཐུབ་པ་འཁོར་བ་འཇིགས་ནི་སྟོབས་ལྡན་བྲམ་ཟེའི་རིགས། །ཚེ་ལོ་བཞི་ཁྲིའི་དུས་ན་གྲོང་ཁྱེར་བདེ་ལྡན་དུ། །ཤི་རི་ཤ་ཡི་དྲུང་དུ་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པས་དེང་འདིར་བདེ་ལེགས་ཤོག །འདྲེན་པ་གསེར་ཐུབ་བསླབ་པ་མཆོག་ལྡན་བྲམ་ཟེའི་རིགས། །ཚེ་ལོ་སུམ་ཁྲིའི་དུས་ན་གྲོང་ཁྱེར་མཛེས་ལྡན་དུ། །ཨུ་དུམྦཱ་རའི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པས་དེང་འདིར་བདེ་ལེགས་ཤོག །སྐྱོབ་པ་འོད་སྲུངས་བྲམ་ཟེ་བླ་མེད་ཡོན་ཏན་ཅན། །ཚེ་ལོ་ཉི་ཁྲིའི་དུས་སུ་ཝ་རཱ་ཎ་སི་རུ། །ནྱ་གྲོ་དྷཿཡི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པས་དེང་འདིར་བདེ་ལེགས་ཤོག །འགྲོ་མགོན་ཤཱཀྱ་ཐུབ་པ་རྒྱལ་རིགས་བརྩོན་འགྲུས་ཅན། །ཚེ་ལོ་བརྒྱ་པའི་དུས་ན་སེར་སྐྱའི་གྲོང་ཁྱེར་དུ། །ཨ་ཤྭཏ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པས་དེང་འདིར་བདེ་ལེགས་ཤོག །རང་རྒྱལ་ལ། ཤིན་ཏུ་བརྒལ་དཀའ་འཁོར་བའི་མཚོ་ལས་བརྒལ། །བསོད་ནམས་ཡེ་ཤེས་དཔག་ཡས་ཚོགས་གཉིས་རྫོགས། །འགྲོ་བ་ཀུན་གྱི་གཉེན་གཅིག་དེ་བཞིན་གཤེགས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྐྱེ་རྒ་ན་འཆི་མཐའ་དག་རབ་ཏུ་སྤངས། །མ་རིག་མུན་པ་དྲུངས་འཇོམས་སྒྲོན་མེའི་ཚོགས། །དམིགས་པའི་མཐའ་སྤངས་ལམ་གྱིས་བདེ་འགྲོར་ཞུགས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རང་དོན་སྤངས་ཤིང་གཞན་དོན་ལྷུར་ལེན་པ། །འདོད་པའི་ཡོན་ཏན་ལྟ་བ་རྒྱང་བསྲིངས་ཏེ། །དད་དང་བརྩོན་འགྲུས་གྲོགས་མཆོག་བྱང་ཆུབ་སེམས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྙིགས་དུས་སྨོན་ལམ་དབང་གིས་སྐུ་སྤྲུལ་ནས། །ཤིན་ཏུ་ཉོན་མོངས་གདུལ་དཀའ་འདུལ་མཛད་པ། །ཐབས་མཁས་ཐུགས་རྗེ་ཆེན་པོ་རྐང་གཉིས་གཙོ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བྱང་སེམས་ལ། དམ་པ་ཏོག་དཀར་དགའ་ལྡན་ཕོ་བྲང་དམ་པ་རུ། །མི་ཕམ་མགོན་ལ་རྒྱལ་ཚབ་དམ་པར་དབང་བསྐུར་ཅིང་། །འཛམ་གླིང་ཉིད་དུ་གླང་ཆེན་ཐལ་ཀ་ལྟར་གཤེགས་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དམ་པ་ཟས་གཙང་སྲས། །བུད་མེད་མཆོག་གྱུར་གཡོ་སྒྱུ་སྤངས་པ་ལྷ་མཛེས་ཡུམ། །ལྷུམས་སུ་ཟླ་བཅུར་བཞུགས་ནས་འབྱོར་ལྡན་ཤཱཀྱའི་རིགས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལུམྦིའི་ཚལ་རབ་ཉམས་དགར་པ་ལཱ་ཤའི་ལྗོན་པ་ཡི། །ཡལ་ག་ནས་བཟུང་བལྟམས་ཚེ་ཚངས་དང་དབང་པོས་བཏུད། །མཁའ་ལ་གཤེགས་ཏེ་ཕྱུར་པོར་པདྨ་བྱུང་གྱུར་གང་། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཕོ་བྲང་གཞལ་ཡས་ཁང་མཛེས་དྲང་སྲོང་མདུན་བཞག་ནས། །མཚན་ལྟས་ཤིས་པ་བརྗོད་དེ་སྟོན་པ་འབྱུང་འགྱུར་ཞེས། །ཤཱཀ་རིགས་བུད་མེད་འཁོར་གྱིས་བསྐོར་ཞིང་རབ་ཏུ་བརྒྱན། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གཞོན་ནུ་སྟོབས་ལྡན་སྒྱུ་རྩལ་ཡིག་འཕོང་ཕུལ་དུ་ཕྱིན། །ཀུན་ལས་མཆོག་གྱུར་ལྷ་མིའི་འགྲན་ཟླ་རྣམས་ལས་རྒྱལ། །ཤཱཀ་རིགས་འཇིག་རྟེན་གསལ་ཕྱིར་བཙུན་མོའི་འཁོར་ལ་རོལ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཕོ་བྲང་ནས་བྱུང་ཕྱོགས་བཞིར་སྐྱེ་རྒ་ན་འཆི་གཟིགས། །མི་རྣམས་རྨོངས་མཛད་ལྷ་ཡིས་བཏེགས་ཏེ་མཁའ་ལ་གཤེགས། །སྲིད་གསུམ་དག་ལས་རྒྱལ་ཕྱིར་མཐོན་མཐིང་དབུ་སྐྲ་བྲེགས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལྷ་ཡི་རྫུ་འཕྲུལ་གྱིས་བླངས་ན་བཟའ་ངུར་སྨྲིག་ཕུལ། །ནཻ་རཉྫཱ་ནཱར་ཐུབ་པའི་དཀའ་ཐུབ་ལོ་དྲུག་རྫོགས། །བསམ་གཏན་ལས་བཞེངས་ལེགས་སྐྱེས་མས་ཕུལ་འོ་ཐུག་བཞེས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །པདྨ་ལ་སོགས་ཁྱུ་མཆོག་བྱང་ཆུབ་སྙིང་དྲུང་དུ། །སྐྱིལ་མོ་ཀྲུང་བཅས་མི་གཡོ་མཆོག་གི་བདུད་བཏུལ་ནས། །ཐོ་རངས་བདུད་རྩི་འཆི་མེད་ཕུན་སུམ་ཚོགས་པ་བརྙེས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཝ་རཱ་ཎ་སིར་ཐོག་མར་ཆོས་ཀྱི་འཁོར་ལོ་བསྐོར། །ཀུན་ཤེས་ལ་སོགས་ལྔ་སྡེ་བཟང་ལ་བདེན་བཞི་བསྟན། །ལྷ་དང་མི་དང་ལྷ་མིན་རྣམས་ཀྱང་འདུས་གྱུར་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ང་རྒྱལ་དྲེགས་པའི་མུ་སྟེགས་སྟོན་པ་དྲུག་བཏུལ་ནས། །གླང་ཆེན་རབ་མྱོས་རྦད་པའི་མ་རུངས་ལྷ་སྦྱིན་བཏུལ། །དྲང་སྲོང་མཆོག་དང་སྤྲེལ་རྒྱལ་ཅང་ཤེས་སྦྲང་རྩིས་མཆོད། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །པདྨ་ལྟ་བུར་སྐྱོན་གྱིས་མ་གོས་ཤཱཀྱའི་རིགས། །ཟས་གཙང་སྲས་པོ་རྒྱལ་རིགས་མཆོག་གྱུར་འཁོར་ལོས་བསྒྱུར། །བལྟམས་པ་ནས་བཟུང་དེ་ཡིས་མཛད་པ་མ་ལུས་རྫོགས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བྱམས་པའི་སྟོབས་ཀྱིས་འགྲོ་བ་མ་ལུས་རབ་ཏུ་བསྒྲལ། །སེམས་ཅན་ཐམས་ཅད་སྨིན་གྲོལ་ཞི་བའི་ལམ་ལ་བཀོད། །རྩྭ་མཆོག་གྲོང་དུ་མཛད་པ་མཐར་ཕྱིན་དགོངས་པ་རྫོགས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བྱ་སྤྱོད་ལ། བཅོམ་ལྡན་གསེར་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་མགོན་འཇམ་དཔལ་དབྱངས་ཀྱི་སྐུ། །བདེ་གཤེགས་སྐུ་ཡི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཅོམ་ལྡན་དངུལ་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་མགོན་སྤྱན་རས་གཟིགས་ཀྱི་གསུང་། །བདེ་གཤེགས་གསུང་གི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཅོམ་ལྡན་མཐིང་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་མགོན་ཕྱག་ན་རྡོ་རྗེའི་ཐུགས། །བདེ་གཤེགས་ཐུགས་ཀྱི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཤར་ལྷོ་ནུབ་བྱང་དཔལ་བེ་འཁོར་ལོ་དང་། །པདྨ་རྒྱལ་མཚན་གདུགས་བུམ་དུང་དང་ཉ། །ལྷ་མོ་བརྒྱད་ཀྱི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཡོ་ག་ལ། རྣམ་པར་སྣང་མཛད་ཡེ་ཤེས་དམ་པ་མཚོ་ཆེན་ལྡན། །ཟླ་བ་ཉ་འདྲའི་སྐུ་མངའ་སྲིད་པ་མཐར་ཕྱིན་པ། །དགོངས་པ་མཐའ་དག་རྫོགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །མི་འཁྲུགས་རྒྱལ་པོ་སྲིད་དང་གཏི་མུག་རྣམ་སྦྱོང་བ། །དགེ་བ་མཉམ་མེད་སེམས་ཅན་དོན་རྫོགས་རབ་ལྡན་པ། །མགོན་པོ་ཡོན་ཏན་རྫོགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སངས་རྒྱས་ཀུན་གྱི་ཡོན་ཏན་རྣམས་ཀྱིས་བརྒྱན་བྱས་ཤིང་། །ཡང་དག་འབྱོར་པའི་སྦྱིན་པ་སྦྱིན་མཛད་མི་བསླུ་བ། །རིན་ཆེན་འབྱུང་ལྡན་ཞེས་བྱའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བསམ་གཏན་དང་ནི་ཏིང་འཛིན་ཕ་རོལ་ཕྱིན་གནས་ཤིང་། །ཡེ་ཤེས་པདྨའི་སྟེང་བཞུགས་དཔག་མེད་ཚེ་ལྡན་པའི། །འོད་དཔག་མེད་པའི་བྱིན་བརླབས་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སེམས་ཅན་དོན་ཕྱིར་ལས་ལ་ཐུགས་ནི་གཞོལ་མཛད་པའི། །འགྲོ་བ་ཐམས་ཅད་འཆིང་བས་བཅིངས་ལས་སྒྲོལ་མཛད་པ། །ཐུབ་མཆོག་དོན་ཡོད་གྲུབ་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། །། ༄༅། །སྨིན་གླིང་ཆོས་སྤྱོད་ནས་འབྱུང་བ་ནི། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྣམ་རྒྱས་འདབ་འདྲའི་སྤྱན་མངའ་བ། །དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག །དེ་ཡི་ཉེ་བར་བསྟན་པའི་མཆོག་རབ་གཡོ་མེད་པ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། །དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག །དམ་ཆོས་ལྡན་པ་ཐོས་པའི་བཀྲ་ཤིས་ཀྱིས་ཕྱུག་ཅིང་། །དགེ་འདུན་མི་དང་ལྷ་དང་ལྷ་མིན་ཡོན་གྱི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག །ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་དུག་ལྔ་གདུང་བའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམ་པར་འཕེལ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་གྱུར་ཅིག །སྟོན་མཆོག་དམ་པ་ལྷ་མིའི་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་གྱུར་ཅིག །ཞི་བ་ཆགས་བྲལ་ལྷ་མིའི་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་གྱུར་ཅིག །ཚོགས་ཀྱི་དམ་པ་ལྷ་མིའི་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །རྒྱལ་བ་སྲས་བཅས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱིས་ལེགས་པར་བསམ་པ་དང་། །གསང་སྔགས་རིག་སྔགས་ཀུན་གྱི་མཐུ་སྟོབས་དང་། །བདེན་པར་སྨྲ་བ་རྣམས་ཀྱི་བདེན་ཚིག་གིས། །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། །སྙན་གྲགས་ནམ་མཁའ་བཞིན་དུ་ཁྱབ་པ་སྟེ། །གསུམ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །མཐུན་པ་འགྲུབ་ཅིང་ཕུན་སུམ་ཚོགས་པ་སྟེ། །བཞི་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་བ་སྟེ། །ལྔ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་བསྲུང་བ་དང་། །བཟོད་པ་བསྒོམ་ཞིང་བརྩོན་འགྲུས་བརྩམ་པ་དང་། །མཉམ་པར་འཇོག་ཅིང་གནས་ལུགས་རྟོགས་པ་སྟེ། །དྲུག་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱིས་དེང་འདིར་སྩོལ། །དཔལ་ལྡན་བླ་མས་དེང་འདིར་སྩོལ། །ཡི་དམ་ལྷ་ཡིས་དེང་འདིར་སྩོལ། །ཆོས་སྐྱོང་སྲུང་མས་དེང་འདིར་སྩོལ། །གཞི་བདག་རྣམས་ཀྱིས་དེང་འདིར་སྩོལ། །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །ས་འམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །འདིར་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །ཤིན་ཏུ་བདེན་པར་གསུངས་ཤིང་རྫུན་མེད་པ། །བདེན་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེང་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག །དེང་འདིར་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད། ཉི་མ་དང་ཟླ་བ་གཟའ་སྒྲ་གཅན་གྱི་གནོད་པ་ལས་གྲོལ་བ་བཞིན་དུ་བདུད་དང་སྤང་བྱ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཛ་ཡ་ཛ་ཡ་སུ་ཛ་ཡ།། །། ༄༅། །དགོངས་འདུས་ལས་བྱང་ཚངས་སྒྲ་ལས། ཨེ་མ་ཧོ༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ བྱིན་རླབས་ཡོན་ཏན་ཐམས་ཅད་འབྱུང་བའི་དཔལ༔ མཚན་དང་དཔེ་བྱད་འབར་བའི་སྐུ་མངའ་བ༔ བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ དགོས་འདོད་ཀུན་འབྱུང་ཡིད་བཞིན་གཏེར་ཆེན་པོ༔ སྣ་ཚོགས་སྤྲུལ་པས་འགྲོ་བ་འདྲེན་མཛད་ཅིང༔ མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་འབེབ༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ ཞི་རྒྱས་དབང་དང་མངོན་སྤྱོད་ལ་སོགས་པའི༔ ཕྲིན་ལས་ཡོངས་ལ་ཐོགས་པ་མི་མངའ་ཞིང༔ གང་ལ་གང་འདུལ་ཚུལ་དུ་སྐུར་སྟོན་པ༔ དཔའ་བོ་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག༔ མཐུ་རྩལ་ནུས་པའི་སྟོབས་འབྱིན་རྫུ་འཕྲུལ་ཅན༔ གར་ཡང་ཐོགས་མེད་རྒྱུག་ཅིང་བསྟན་པ་སྲུང༔ དགྲ་བགེགས་ལོག་འདྲེན་མ་ལུས་འཇོམས་མཛད་པའི༔ ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ བརྩོན་འགྲུས་དང་ལྡན་སྒྲུབ་པ་ཚུལ་བཞིན་བགྱིད༔ དངོས་གྲུབ་མཆོག་བརྙེས་ཏིང་འཛིན་དྲོད་དང་ལྡན༔ དམ་ཚིག་མ་ཉམས་ཡོངས་ཀྱིས་བཀུར་བའི་ཞིང༔ མཆེད་དང་ལྕམ་དྲལ་རྣམས་ཀྱི་བཀྲ་ཤིས་ཤོག༔ འཛམ་གླིང་བསྟན་སྐྱོང་རིན་ཆེན་གཏེར་གྱི་བདག༔ ཅི་བཅོལ་ལས་སྒྲུབ་དགེ་བའི་སྟོངས་གྲོགས་མཛད༔ འཚོ་བས་སྐྱོང་ཞིང་ཟས་ནོར་ལོངས་སྤྱོད་སྤེལ༔ ནོར་བདག་གཞི་བདག་རྣམས་ཀྱི་བཀྲ་ཤིས་ཤོག༔ ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང༔ བཀྲ་ཤིས་དཔལ་འབྱོར་བདེ་ལེགས་ཕུན་སུམ་ཚོགས༔ བསམ་པ་ཡིད་བཞིན་ཆོས་ལྡན་འགྲུབ་པར་ཤོག༔ མེ་ཏོག་ཕྲེང་མཛེས་ལས། ཧཱུྃ་ཧྲཱི༔ རྒྱལ་བའི་སྐུ་ནི་རི་རྒྱལ་ལྷུན་པོ་ལྟར༔ གཟི་བརྗིད་ལྷུན་ཆགས་བདུད་དཔུང་ཟིལ་གྱིས་གནོནཿ བལྟ་བས་མི་ངོམས་འགྱུར་མེད་རྡོ་རྗེ་སྟེ༔ ཡིད་བཞིན་ནོར་མཆོག་སྐུ་ཡི་བཀྲ་ཤིས་ཤོག༔ རྒྱལ་བའི་གསུང་ནི་ཚངས་པའི་སྒྲ་དབྱངས་ལྟར༔ འུར་ཏིང་སིང་ཁྲོལ་ཆོས་དབྱངས་འབྲུག་སྒྲ་སྒྲོག༔ འགྲོ་རྣམས་དབྱངས་ཆེན་བདུད་རྩིས་ངོམས་པར་མཛད༔ རང་བྱུང་འགག་མེད་གསུང་གི་བཀྲ་ཤིས་ཤོག༔ རྒྱལ་བའི་ཐུགས་ནི་རྐྱེན་བྲལ་ནམ་མཁའ་ལྟར༔ ཀུན་ཁྱབ་བདེ་གསལ་མི་རྟོག་ཐུགས་རྗེ་ཅན༔ འགྲོ་རྣམས་ཡལ་བར་མི་འདོར་བུ་བཞིན་སྐྱོང༔ མཁྱེན་བརྩེ་ཡེ་ཤེས་ཐུགས་ཀྱི་བཀྲ་ཤིས་ཤོག༔ རྒྱལ་བ་རྣམས་ཀྱི་ཡོན་ཏན་དཔག་ཡས་ཤིང༔ འཁོར་འདས་དབྱེར་མེད་ལྷུན་འབྱམས་ཡོངས་ལ་གདལ༔ གཏིང་ཟབ་ཡངས་པ་བདུད་རྩིའི་ཆར་རྒྱུན་འབེབ༔ ཡོན་ཏན་མི་ཟད་མཆོག་གི་བཀྲ་ཤིས་ཤོག༔ རྒྱལ་བའི་ཕྲིན་ལས་ཡོངས་ལ་མངའ་བརྙེས་པས༔ ཐབས་དང་ཤེས་རབ་མཛད་པ་དུ་མ་ཡི༔ མཐུ་སྟོབས་རྩལ་གྱིས་འགྲོ་བ་སྒྲོལ་བར་མཛད༔ ཕྲིན་ལས་མཐར་ཕྱིན་བཀྲ་ཤིས་ཡོངས་ཁྱབ་ཤོག༔ བུམ་སྒྲུབ་བདུད་རྩིའི་ཞུན་མར་ལས། ཧཱུྃ་ཧྲཱི༔ རིན་ཆེན་གསེར་གདུགས་འཁྱིལ་བ་བཀྲ་ཤིས་རྟགས༔ བདེ་གཤེགས་དབུ་ལ་མཚན་དང་དཔེ་ཤར་བས༔ དེང་འདིར་ཡངས་པའི་ཕོ་བྲང་ལ་སོགས་པ༔ འགྲོ་ཀུན་ཆོས་ཀྱི་སྤྲིན་གྱི་བཀྲ་ཤིས་ཤོག༔ རིན་ཆེན་རྒྱལ་མཚན་མི་ནུབ་བཀྲ་ཤིས་རྟགས༔ བདེ་གཤེགས་སྐུ་ལ་མཚན་དང་དཔེ་ཤར་བས༔ དེང་འདིར་བསྟན་པའི་རྒྱལ་མཚན་འཛུག་པ་དང༔ འགྲོ་ཀུན་བདུད་ལས་རྒྱལ་བའི་བཀྲ་ཤིས་ཤོག༔ རིན་ཆེན་གསེར་ཉ་དྲི་མེད་བཀྲ་ཤིས་རྟགས༔ བདེ་གཤེགས་སྤྱན་ལ་མཚན་དང་དཔེ་ཤར་བས༔ དེང་འདིར་ཉེས་ཚོགས་སྒྲིབ་པ་དང་བྲལ་ཞིང༔ འགྲོ་ཀུན་སྤྱན་ལྔ་ལྡན་པའི་བཀྲ་ཤིས་ཤོག༔ རིན་ཆེན་དུང་མཆོག་གཡས་འཁྱིལ་བཀྲ་ཤིས་རྟགས༔ བདེ་གཤེགས་གསུང་ལ་མཚན་དང་དཔེ་ཤར་བས༔ དེང་འདིར་སྙན་པའི་སྒྲ་དབྱངས་སྒྲོག་པ་དང༔ འགྲོ་ཀུན་ཆོས་སྒྲ་སྒྲོག་པའི་བཀྲ་ཤིས་ཤོག༔ རིན་ཆེན་བདུད་རྩི་བུམ་པ་བཀྲ་ཤིས་རྟགས༔ བདེ་གཤེགས་མགུལ་ལ་མཚན་དང་དཔེ་ཤར་བས༔ དེང་འདིར་འཛད་མེད་གཏེར་ལ་སྤྱོད་པ་དང༔ འགྲོ་ཀུན་འཆི་མེད་ཚེ་ཡི་བཀྲ་ཤིས་ཤོག༔ རིན་ཆེན་མཛེས་པའི་དཔལ་བེའུ་བཀྲ་ཤིས་རྟགས༔ བདེ་གཤེགས་ཐུགས་ལ་མཚན་དང་དཔེ་ཤར་བས༔ དེང་འདིར་ཡིད་སྨོན་ལྷུན་གྱིས་གྲུབ་པ་དང༔ འགྲོ་ཀུན་མི་འགྱུར་ཐུགས་ཀྱི་བཀྲ་ཤིས་ཤོག༔ རིན་ཆེན་མདངས་ལྡན་པདྨོའི་བཀྲ་ཤིས་རྟགས༔ བདེ་གཤེགས་ལྗགས་ལ་མཚན་དང་དཔེ་ཤར་བས༔ དེང་འདིར་སྙིང་པོའི་དོན་ལ་སྤྱོད་པ་དང༔ འགྲོ་ཀུན་ཡོན་ཏན་ཀུན་ལྡན་བཀྲ་ཤིས་ཤོག༔ རིན་ཆེན་འཁོར་ལོ་རྒྱན་མཛེས་བཀྲ་ཤིས་རྟགས༔ བདེ་གཤེགས་ཕྱག་ཞབས་མཚན་དང་དཔེ་ཤར་བས༔ དེང་འདིར་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༔ འགྲོ་ཀུན་འཁོར་བའི་རྒྱུན་གཅོད་བཀྲ་ཤིས་ཤོག༔ གཟུངས་སྒྲུབ་བདུད་རྩིའི་ཆུ་རྒྱུན་ལས། གང་ལ་སེར་སྣ་རྣམ་ཆགས་པ༔ རྣམ་བཅོམ་དྲི་མ་མེད་མཛད་ཅིང༔ ཐུགས་ཞི་གནོད་པ་མི་མངའ་དེས༔ ཁྱོད་ལ་བདེ་ལེགས་མཛད་པར་འགྱུར༔ འདྲེན་པ་གང་ཞིག་འགྲོ་བ་རྣམས༔ ཐར་པའི་ལམ་དུ་འཛུད་མཛད་ཅིང༔ ཆོས་རྣམས་ཐམས་ཅད་སྟོན་པ་དེས༔ ཁྱེད་ལ་བདེ་ལེགས་མཛད་པར་འགྱུར༔ སྟོན་པ་འགྲོ་བ་རྣམས་ཀྱི་རྟེན༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ གང་ཞིག་བདེ་བ་མངའ་མཛད་དེས༔ ཁྱོད་ལ་བདེ་ལེགས་མཛད་པར་འགྱུར༔ སྐྱོབ་པ་གང་ཞིག་བྱམས་པ་ཡི༔ ཐུགས་ཀྱིས་འགྲོ་བ་འདི་དག་ཀུན༔ བུ་གཅིག་བཞིན་དུ་རྟག་སྐྱོང་དེས༔ ཁྱོད་ལ་བདེ་ལེགས་མཛད་པར་འགྱུར༔ ཞེས་དང་། གང་ཞིག་འཁོར་བར་འགྲོ་བ་ཡི༔ སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང༔ གླིང་དང་དཔུང་གཉེན་གྱུར་པ་དེས༔ ཁྱོད་ལ་བདེ་ལེགས་མཛད་པར་འགྱུར༔ གང་ཞིག་ཆོས་རྣམས་མངོན་སུམ་གྱུར༔ གཙང་ཞིང་བཀྲུ་བ་མི་མངའ་ལ༔ གཙང་དང་གཙང་མར་མཛད་པ་དེས༔ ཁྱོད་ལ་བདེ་ལེགས་མཛད་པར་འགྱུར༔ དཔའ་བོ་ཆེན་པོ་གང་སྐྱེས་པ༔ ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང༔ དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས༔ ཁྱོད་ལ་བདེ་ལེགས་མཛད་པར་འགྱུར༔ གང་ཞིག་སྐྱེས་པས་ས་རྣམས་ཀུན༔ ནགས་ཚལ་བཅས་པ་རབ་གཡོས་ཤིང༔ སེམས་ཅན་ཐམས་ཅད་རབ་དགའ་དེས༔ ཁྱོད་ལ་བདེ་ལེགས་མཛད་པར་འགྱུར༔ ཞེས་དང་། བྱང་ཆུབ་སྙིང་པོར་གཤེགས་པ་ན༔ ས་དག་རྣམ་དྲུག་གཡོས་གྱུར་ཅིང༔ བདུད་ཡིད་མི་བདེར་གྱུར་པ་དེས༔ ཁྱོད་ལ་བདེ་ལེགས་མཛད་པར་འགྱུར༔ ཆོས་ཀྱི་འཁོར་ལོ་བསྐོར་བ་ན༔ འཕགས་པའི་བདེན་པ་རྣམ་གསུངས་ཤིང༔ ཐུབ་པའི་སྙན་པ་གང་བྱུང་དེས༔ ཁྱོད་ལ་བདེ་ལེགས་མཛད་པར་འགྱུར༔ ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད༔ ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང༔ ཚོགས་ཀུན་དབང་དུ་མཛད་པ་དེས༔ ཁྱོད་ལ་བདེ་ལེགས་མཛད་པར་འགྱུར༔ སངས་རྒྱས་ཁྱོད་ལ་བདེ་ལེགས་མཛད༔ བརྒྱ་བྱིན་ཚངས་པའི་ལྷ་རྣམས་དང༔ འབྱུང་པོ་ཀུན་གྱི་བདེ་ལེགས་ནི༔ ཁྱོད་ལ་རྟག་ཏུ་སྦྱིན་གྱུར་ཅིག༔ ཅེས་དང་། སངས་རྒྱས་བསོད་རྣམས་མཐུ་དག་དང༔ ལྷ་རྣམས་ཀུན་གྱི་བསམ་པ་ཡིས༔ ཁྱོད་ཀྱི་འདོད་དོན་གང་ཡིན་པ༔ དོན་དེ་དེ་རིང་འགྲུབ་གྱུར་ཅིག༔ རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག༔ རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག༔ ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག༔ ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག༔ ཉིན་མོ་བདེ་ལེགས་མཚན་བདེ་ལེགས༔ ཉི་མའི་གུང་ལ་བདེ་ལེགས་ཤིང༔ ཁྱོད་ཅག་ཀུན་ཏུ་བདེ་ལེགས་ཤོག༔ ཁྱོད་ཅག་སྡིག་པར་མ་གྱུར་ཅིག༔ ཅེས་དང་། བདེ་གཤེགས་རྒྱལ་བ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་མཐུ་སྟོབས་ཀྱིས༔ བདག་ཅག་རྣམས་ཀྱི་ཇི་ལྟར་བསམ་པ་ཡི༔ དོན་རྣམས་ཐམས་ཅད་མྱུར་དུ་འགྲུབ་པར་ཤོག༔ ཅེས་དང་། ཧཱུྃ་ཧྲཱི༔ བླ་མེད་ཆོས་འཁོར་དབང་ཕྱུག་རིན་པོ་ཆེ༔ མི་ཁོམས་རྒྱུན་གཅོད་སྡང་བའི་དགྲ་ལས་རྒྱལ༔ སངས་རྒྱས་སྟོང་གི་ཕྲིན་ལས་རྨད་བྱུང་བ༔ རིན་ཆེན་འཁོར་ལོ་འབར་བའི་བཀྲ་ཤིས་ཤོག༔ དགོས་དོན་རེ་སྐོང་གཟི་བརྗིད་དཔལ་འབར་ཞིང༔ དབུལ་ཕོངས་རྒྱུན་གཅོད་འོད་ཟེར་ཕྱོགས་མེད་འཕྲོས༔ ལྷ་མིའི་དཔལ་མཛེས་ཀུན་གྱི་གཙུག་ཕུད་ཅན༔ ནོར་བུ་རིན་ཆེན་བརྩེགས་པའི་བཀྲ་ཤིས་ཤོག༔ ཤེས་རབ་ཕུན་ཚོགས་གཟུགས་མཛེས་ལྟ་ན་སྡུག༔ འདོད་རྒུའི་ལོངས་སྤྱོད་ཟད་མེད་གཏེར་དང་ལྡན༔ ཚད་མེད་བསྡུ་བ་རྣམ་བཞིའི་རང་བཞིན་མཆོག༔ བཙུན་མོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག༔ ཁྱིམ་བདག་ཚུལ་གྱི་འབྱོར་ལྡན་དཔག་བསམ་ཤིང༔ འཁོར་ལོས་སྒྱུར་རྒྱལ་འགྲོ་ལ་སྙིང་བརྩེར་ལྡན༔ རྒྱལ་བའི་བསྟན་འཛིན་འཕགས་པའི་ནོར་བདུན་སྤེལ༔ བློན་པོ་རིན་ཆེན་ལྷུན་པོའི་བཀྲ་ཤིས་ཤོག༔ སྟོབས་ལྡན་གངས་རི་ལྟ་བུར་མཛེས་པའི་དཔལ༔ ཐེག་ཆེན་ཤུགས་བསྐྱེད་བདུད་དཔུང་མ་རུངས་འཇོམས༔ རྒྱལ་བའི་བསྟན་འཛིན་རབ་བགྲོད་མཁའ་ལ་འདེགས༔ གླང་པོ་རིན་ཆེན་སྟོབས་ལྡན་བཀྲ་ཤིས་ཤོག༔ མཛེས་མགྱོགས་དབྱངས་སྙན་སྤུ་སྡུག་ཡིད་བཞིན་བསྐྱེད༔ རྫུ་འཕྲུལ་ཤུགས་འཆང་ཅང་ཤེས་བརྩོན་འགྲུས་ལྡན༔ ཉོན་མོངས་འཁོར་བའི་ཆུ་བོ་ཆེ་ལས་སྒྲོལ༔ རྟ་མཆོག་རིན་ཆེན་མགྱོགས་པའི་བཀྲ་ཤིས་ཤོག༔ ཉོན་མོངས་གཡུལ་འཇོམས་སྲ་བའི་གོ་ཆ་ཅན༔ ཐབས་ཤེས་མཚན་འཛིན་བདུད་དཔུང་དགྲ་ལས་རྒྱལ༔ ཡེ་ཤེས་དཔུང་གིས་འཇིགས་ཚོགས་དམག་རྣམས་འཇོམས༔ དམག་དཔོན་རིན་ཆེན་རྒྱལ་བའི་བཀྲ་ཤིས་ཤོག༔ འཁོར་བའི་འཁྲུལ་འཁོར་ཟློག་པའི་རིན་པོ་ཆེ༔ དགོས་འདོད་རེ་བ་སྐོང་བའི་རིན་པོ་ཆེ༔ ལོངས་སྤྱོད་འབྱོར་པ་སྤེལ་བའི་རིན་པོ་ཆེ༔ རྒྱལ་བའི་བསྟན་སྲིད་སྐྱོང་བའི་རིན་པོ་ཆེ༔ སྟོབས་བཅུའི་བདུད་དཔུང་འཇོམས་པའི་རིན་པོ་ཆེ༔ ཐར་ལམ་བྱང་ཆུབ་བགྲོད་པའི་རིན་པོ་ཆེ༔ ཉོན་མོངས་གཡུལ་ངོ་ཟློག་པའི་རིན་པོ་ཆེ༔ རིན་ཆེན་སྣ་བདུན་དཔལ་གྱི་བཀྲ་ཤིས་ཤོག༔ ཅེས་པ་རྣམས་བླ་མ་དགོངས་འདུས་ནས་གསུངས་པ་དང་།། །། ༄། རྡོར་གླིང་བླ་མ་བཀའ་འདུས་ལས། ཨོཾ༔ གང་གི་བཀྲ་ཤིས་བདེ་གཤེགས་ཕུན་སུམ་ཚོགས༔ མཆོད་སྦྱིན་རྡོ་རྗེ་མི་གཡོ་མཉམ་པའི་མཆོག༔ ཀུན་བཟང་རིགས་ལྔ་དྲུག་པ་རྡོ་རྗེ་འཆང༔ རྡོ་རྗེ་སེམས་དཔའ་སྟོན་པ་བཅུ་གཉིས་སོགས༔ རྒྱལ་བ་དགོངས་བརྒྱུད་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་འགྲོ་བ་འདྲེན་པའི་དཔལ༔ དུས་གསུམ་རྒྱལ་བ་ཀུན་གྱི་གདུང་གསོབ་པ༔ དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་དང༔ ཤྲཱི་སེངྷ་ཨོ་རྒྱན་བཻ་རོ་སོགས༔ རིག་འཛིན་བརྡ་བརྒྱུད་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་དངོས་གྲུབ་འབྱུང་བའི་གཏེར༔ སངས་རྒྱས་དངོས་ནས་སྙན་བརྒྱུད་འཆད་པ་དང༔ རྩ་བའི་བླ་མ་བརྒྱུད་པ་ལྔ་ལྡན་སོགས༔ གང་ཟག་སྙན་བརྒྱུད་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་ཚོགས་གཉིས་རྫོགས་པའི་དཔལ༔ ལྷར་བཅས་འཇིག་རྟེན་ཀུན་གྱི་རྒྱན་གྱུར་པ༔ སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ཏེ༔ དཀོན་མཆོག་གསུམ་གྱི་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་ངོ་མཚར་རྨད་དུ་བྱུང༔ ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐའ་ཁྱབ་པར༔ རིགས་ལྔ་ལྷུན་གྲུབ་ཞི་ཁྲོའི་དཀྱིལ་འཁོར་བ༔ ཕྱོགས་དུས་རྒྱལ་བ་རྒྱ་མཚོའི་སྤྲིན་འཕྲོ་བ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་ཐུགས་རྗེ་རོལ་པ་ཡིས༔ སྒྲུབ་པའི་གྲོགས་མཛད་དངོས་གྲུབ་ཆར་འབེབ་པ༔ མཁའ་འགྲོ་དམ་ཅན་རྒྱ་མཚོའི་བཀྲ་ཤིས་གང༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་མཐུ་རྩལ་རྨད་དུ་བྱུང༔ མངོན་ཤེས་རྫུ་འཕྲུལ་མཐའ་ཡས་དབང་བསྐུར་བ༔ སྲུང་མ་དམ་ཅན་རྒྱ་མཚོའི་བཀྲ་ཤིས་གང༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་ལྷ་མིའི་འཇིག་རྟེན་ན༔ མཐུ་རྩལ་རྨད་བྱུང་སྐྱེ་རྒུ་ལེགས་སྐྱོང་བ༔ ཡུལ་ལྷ་གཞི་བདག་དཀར་ཕྱོགས་ལྷ་རྣམས་དང༔ དྲང་སྲོང་གྲུབ་པའི་རིག་སྔགས་འཆང་རྣམས་ཀྱི༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་དོན་རྣམས་འགྲུབ་བྱེད་པ༔ གཟའ་དང་རྒྱུ་སྐར་སྦྱོར་བ་རྣམ་དག་ཅིང༔ ཆོས་དང་བྱེད་པ་ཀུན་ཏུ་དགེ་བ་ཡི༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་བསྟན་འཛིན་འཇིག་རྟེན་ན༔ ཉི་ཟླ་རིན་ཆེན་རྩི་ཤིང་སྨན་རྣམས་དང༔ བུམ་བཟང་དཔག་བསམ་ཤིང་དང་ནོར་བུ་སོགས༔ བསམ་པ་ཙམ་གྱིས་འདོད་རྒུ་འབྱུང་བ་ཡི༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་བསོད་ནམས་དཔལ་འབར་ཞིང༔ ཚེ་རིང་ནད་མེད་བདེ་ལེགས་ཕུན་སུམ་ཚོགས༔ གཞན་དོན་བྱེད་པ་མཐའ་ཡས་རླབས་ཆེ་བ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་བགེགས་རྣམས་ཞི་བ་དང༔ མི་མཐུན་གནོད་པའི་ཚོགས་རྣམས་ཀུན་ལས་རྒྱལ༔ གཞན་གྱི་དཔུང་རྣམས་ཟིལ་གྱིས་གནོན་པ་ཡི༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་མཐའ་ཡས་འཇིག་རྟེན་དུ༔ སྤྲུལ་པ་རྣམ་པ་མང་པོའི་ཚོགས་རྣམས་ཀྱིས༔ སྐྱེས་བུ་འདུལ་ཞིང་ཕ་རོལ་ཕྱིན་དྲུག་སྤྱོད༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་དགེ་བའི་བཤེས་གཉེན་པ༔ ཀུན་ནས་དགེ་བའི་ཆོས་ཀྱི་རྣམ་གྲངས་ལས༔ མང་དུ་ཐོས་ཤིང་ཆོས་ཀྱི་མཛོད་འཛིན་པ༔ འགྲོ་ལ་དམ་ཆོས་ཆར་པ་འབེབ་མཛད་པའི༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་ཐར་པའི་ལམ་ཞུགས་ཏེ༔ ཟབ་མོའི་དོན་ལ་ཡང་དག་འཇོག་པ་ཡི༔ རིགས་དང་མངོན་ཤེས་རིག་མཆོག་ཐོབ་ནས་ཀྱང༔ སྲིད་པའི་རྒྱ་མཚོ་རྣམས་ལས་བརྒལ་གྱུར་ཏེ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་རང་བྱུང་ཡེ་ཤེས་ལྔ༔ ཆོས་རྣམས་ལྷུན་རྫོགས་བྱ་རྩོལ་ཀུན་ལས་འདས༔ མ་བྱས་དོན་ཀུན་གྲུབ་པར་གྱུར་པ་ཡི༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་གདོད་མའི་མཁའ་དབྱིངས་སུ༔ འོད་གསལ་སྣང་བ་བཞི་ལམ་མཐར་ཕྱིན་ཏེ༔ ཁམས་གསུམ་ཡོངས་གྲོལ་མངོན་པར་སངས་རྒྱས་ཏེ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་རྫོགས་པ་ཆེན་པོའི་ངང༔ ཆོས་རྣམས་ལྷུན་རྫོགས་སྤྲོས་པའི་མཐའ་དང་བྲལ༔ ཡོད་མེད་རྟག་ཆད་འགྲོ་འོང་མེད་པ་ཡི༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་ལྷུན་གྲུབ་འདུས་མ་བྱས༔ གཞན་ནས་མ་བཅོས་རང་བྱུང་ལྷུན་རྫོགས་པས༔ ཆོས་སྐུ་བྱང་ཆུབ་རང་ལས་རྙེད་གྱུར་པའི༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་སྐུ་ལྔ་མཐར་ཕྱིན་པ༔ རིགས་ལྔ་ལྷུན་གྲུབ་ཡེ་ཤེས་རྣམ་ལྔའི་ཞིང༔ སྟུག་པོའི་རྒྱན་གྱུར་ཕུན་སུམ་ཚོགས་ལྔ་ལྡན༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་དབྱིངས་ལས་མི་གཡོ་བ༔ གདུལ་བྱའི་ཞིང་དུ་སྤྲུལ་པ་སྤྲིན་འཕྲོ་བའི༔ ཕྲིན་ལས་རྣམ་བཞིའི་སྤྲུལ་པའི་དོན་མཛད་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་གཞན་དོན་མཐར་ཕྱིན་པ༔ གཞན་དོན་ལྷུན་གྲུབ་སྙན་པས་འཇིག་རྟེན་ཁྱབ༔ སྐྱེ་རྒུ་ཡོངས་ཀྱི་བཀོད་པའི་ཞིང་མཆོག་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ༈ རྩ་གསུམ་དགོངས་འདུས་ལས། ཨོཾ༔ ཆོས་སྐུའི་དབྱིངས་ལས་བདེ་ཆེན་ལོངས་སྤྱོད་རྫོགས༔ སྤྲུལ་པའི་རྣམ་རོལ་པདྨ་ཐོད་ཕྲེང་རྩལ༔ བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས་རྣམས་ཀྱི༔ བྱིན་རླབས་སྤྲིན་ཕུང་འཁྲིགས་པའི་བཀྲ་ཤིས་ཤོག༔ འོད་གསལ་ངང་ལས་བདེན་གཉིས་དབྱེར་མེད་སྐུ༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་རོལ་པར་ཤར༔ རབ་འབྱམས་ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཀྱི༔ དངོས་གྲུབ་ཆར་དུ་བསྙིལ་བའི་བཀྲ་ཤིས་ཤོག༔ ཕྱི་དང་ནང་གི་གནས་ཡུལ་དུར་ཁྲོད་དུ༔ བདེ་སྟོང་གར་མཛད་ཞི་ཆགས་ཁྲོས་པའི་ཉམས༔ གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱི༔ འདོད་རྒུའི་འབྲས་བུ་སྨིན་པའི་བཀྲ་ཤིས་ཤོག༔ རྒྱལ་བའི་བསྟན་སྲུང་བཀའ་ཡི་བྱ་ར་མཛད༔ ལོག་འདྲེན་ཚར་གཅོད་སྐལ་ལྡན་རྗེས་སུ་འཛིན༔ རྡོ་རྗེའི་ཆོས་སྲུང་ནོར་ལྷ་གཏེར་བདག་གི༔ ཕྲིན་ལས་གློག་ལྟར་མྱུར་བའི་བཀྲ་ཤིས་ཤོག༔ སངས་རྒྱས་བསྟན་པའི་སྙིང་པོ་དར་ཞིང་རྒྱས༔ བསྟན་འཛིན་ཐུགས་མཐུན་སྐུ་ཚེ་མཛད་ཕྲིན་འཕེལ༔ འཇིག་རྟེན་ཀུན་ཏུ་ནད་མུག་མཚོན་འཁྲུགས་ཞི༔ རྟག་ཏུ་བདེ་སྐྱིད་དཔལ་གནས་བཀྲ་ཤིས་ཤོག༔ ༄། ཨོཾ་སྭསྟི་སིདྡྷཾ། སངས་རྒྱས་བཀྲ་ཤིས་ཆོས་སྐུའི་དཀྱིལ་འཁོར་ཟླུམ། །དམ་ཆོས་བཀྲ་ཤིས་སྦྱོར་བཞིའི་འོད་སྟོང་འབར། །དགེ་འདུན་བཀྲ་ཤིས་མཁྱེན་གསུམ་ཕྱོགས་ཀུན་གསལ། །མཆོག་གསུམ་ཉི་མའི་བཀྲ་ཤིས་དེང་འདིར་ཤོག །བླ་མའི་བཀྲ་ཤིས་བྱིན་རླབས་བདུད་རྩིས་གཏམས། །ཡི་དམ་བཀྲ་ཤིས་དངོས་གྲུབ་ཟིལ་མངར་འབེབ། །མཁའ་འགྲོའི་བཀྲ་ཤིས་ཕྲིན་ལས་ཆུ་གཏེར་རྒྱས། །རྩ་གསུམ་ཟླ་བའི་བཀྲ་ཤིས་དེང་འདིར་ཤོག །ཆོས་སྐུའི་བཀྲ་ཤིས་འགྱུར་མེད་བྱིན་རེ་ཆགས། །ལོངས་སྐུའི་བཀྲ་ཤིས་ལྷུན་གྲུབ་བཀོད་རེ་ལེགས། །སྤྲུལ་སྐུའི་བཀྲ་ཤིས་གང་འདུལ་རྒྱ་རེ་ཆེ། །སྐུ་གསུམ་ལྷུན་པོའི་བཀྲ་ཤིས་དེང་འདིར་ཤོག །ཅེས་གནས་ཁང་ལ་གཡང་ཆགས་ཤིང་སྦྱིན་བདག་བཀྲ་ཤིས་པའི་རྟེན་འབྱུང་དུ་འཇིགས་བྲལ་གྱི་སློབ་དཔོན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེ་ལྷན་ཅིག་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།། །། ༈ ཨོཾ་སྭསྟི་སིདྡྷཾ། སངས་རྒྱས་བཀྲ་ཤིས་སྤངས་རྟོགས་ནོར་བུ་བརྗིད། །དམ་ཆོས་བཀྲ་ཤིས་ལུང་རྟོགས་དར་ཤམ་གཡོ། །དགེ་འདུན་བཀྲ་ཤིས་རིག་གྲོལ་ཡུ་བ་རླིང་། །མཆོག་གསུམ་གསེར་གྱི་གདུགས་མཛེས་བཀྲ་ཤིས་ཤོག །བླ་མའི་བཀྲ་ཤིས་བྱིན་རླབས་ཆུ་གཏེར་ཆེར། །ཡི་དམ་བཀྲ་ཤིས་ཡེ་ཤེས་སྤྱན་རས་གསལ། །མཁའ་འགྲོའི་བཀྲ་ཤིས་ཕྲིན་ལས་གཤོག་རྩལ་སྒྱུར། །རྩ་གསུམ་གསེར་གྱི་ཉ་མོའི་བཀྲ་ཤིས་ཤོག །ཆོས་སྐུའི་བཀྲ་ཤིས་འོད་གསལ་ལྟོ་བ་ཟླུམ། །ལོངས་སྐུའི་བཀྲ་ཤིས་ཁ་སྦྱོར་རྒྱན་གྱིས་སྤྲས། །སྤྲུལ་སྐུའི་བཀྲ་ཤིས་གང་འདུལ་འདོད་རྒུར་འཆར། །སྐུ་གསུམ་བུམ་པ་བཟང་པོའི་བཀྲ་ཤིས་ཤོག །སྐུ་ཡི་བཀྲ་ཤིས་མཚན་དཔེའི་འདབ་སྟོང་བཞད། །གསུང་གི་བཀྲ་ཤིས་ཞི་བསིལ་བདུད་རྩིས་གཏམས། །ཐུགས་ཀྱི་བཀྲ་ཤིས་སྒྲིབ་གཉིས་རྡུལ་དང་བྲལ། །གསང་གསུམ་པདྨ་དཀར་པོའི་བཀྲ་ཤིས་ཤོག །རྣམ་མཁྱེན་བཀྲ་ཤིས་བྲལ་སྨིན་གཡས་སུ་འཁྱིལ། །ལམ་ཤེས་བཀྲ་ཤིས་ལམ་གསུམ་དབྱངས་སྙན་སྒྲོག །གཞི་ཤེས་བཀྲ་ཤིས་སྲིད་པའི་རིམས་ནད་གཅོད། །མཁྱེན་གསུམ་ཆོས་དུང་དཀར་པོའི་བཀྲ་ཤིས་ཤོག །དབུ་མའི་བཀྲ་ཤིས་སྤྲོས་བྲལ་ཁོང་སེང་ཡངས། །ཕྱག་ཆེན་བཀྲ་ཤིས་ཟབ་གསལ་རི་མོས་མཛེས། །རྫོགས་ཆེན་བཀྲ་ཤིས་དབྱིངས་རིག་འོད་དུ་འབར། །ཆེན་པོ་གསུམ་ལྡན་དཔལ་བེའུའི་བཀྲ་ཤིས་ཤོག །གཞི་རྒྱུད་བཀྲ་ཤིས་རིགས་ཁམས་རྩ་བ་བརྟན། །ལམ་རྒྱུད་བཀྲ་ཤིས་བསྐྱེད་རྫོགས་དར་འཕན་འཕྱོ། །འབྲས་རྒྱུད་བཀྲ་ཤིས་སྐུ་གཉིས་ཏོག་གིས་མཛེས། །རྒྱུད་གསུམ་རྒྱལ་མཚན་བཟང་པོའི་བཀྲ་ཤིས་ཤོག །ཐོག་མར་བཀྲ་ཤིས་བྱང་སེམས་གསེར་སྦྱངས་ཁམས། །བར་དུ་བཀྲ་ཤིས་དམིགས་མེད་ལྟེ་བ་ཟླུམ། །ཐ་མར་བཀྲ་ཤིས་ཡོངས་བསྔོའི་རྩིབས་སྟོང་བསྐོར། །དུས་གསུམ་དགེ་བའི་གསེར་འཁོར་བཀྲ་ཤིས་ཤོག །ཅེས་པའང་ལི་ཀྱང་ཅུའི་ས་འཛིན་གྱི་ཐིག་ལེར་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་འཁོར་ལོ་གསུམ་གྱི་ཕྱག་རྗེས་ལམ་མེར་གསལ་བའི་ཆོས་གྲྭ་ཆེན་པོ། ཀརྨ་ཕུན་ཚོགས་བསྟན་འཕེལ་བཀྲ་ཤིས་དར་རྒྱས་གླིང་པའི་བླ་མ་དགེ་འདུན་རྣམས་ཞབས་པད་བརྟན་ཅིང་ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་གོང་ནས་གོང་དུ་འཕེལ་བའི་ཆེད། སྨོན་ཚིག་འདི་ལྟ་བུ་ཞིག་བྲིས་ཞེས་འོག་མིན་གཉིས་པ་ཤར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ཡང་ཁྲོད་དེ་ཝཱི་ཀོ་ཊིའི་འཇམ་མགོན་རྡོ་རྗེ་འཆང་ཆེན་པོའི་ཞལ་སློབ་སྒྲུབ་བརྩོན་བླ་མ་ཀརྨ་རིག་འཛིན་སྙིང་པོས་གསོལ་བ་བཏབ་པའི་ངོར། སངས་རྒྱས་གཉིས་པ་ཨཽཌིཡན྄འི་སློབ་དཔོན་མཆོག་གིས་བྱིན་གྱིས་བརླབས་ཤིང་རིས་མེད་པའི་བསྟན་པ་ལ་དག་པའི་སྣང་བ་གཅིག་ཏུ་དཀར་བ། ཤཱཀྱའི་དགེ་སློང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་འམ་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་གང་ཤར་བྲིས་པ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག། །། ༈ ཨོཾ་སྭསྟི། སངས་རྒྱས་བཀྲ་ཤིས་སྒྲིབ་གཉིས་རྡུལ་དང་བྲལ། །དམ་ཆོས་བཀྲ་ཤིས་བདེན་གཉིས་འདོད་དགུར་འཆར། །དགེ་འདུན་བཀྲ་ཤིས་ཚོགས་གཉིས་གཟུགས་མང་འཛིན། །མཆོག་གསུམ་ནོར་བུའི་མེ་ལོང་བཀྲ་ཤིས་ཤོག །སངས་རྒྱས་བཀྲ་ཤིས་སྤངས་རྟོགས་སྙིང་པོའི་བཅུད། །དམ་ཆོས་བཀྲ་ཤིས་ཞི་བསིལ་སྨན་གྱི་མཆོག །དགེ་འདུན་བཀྲ་ཤིས་ཉོན་མོངས་གདུང་སེལ་ཕུལ། །མཆོག་གསུམ་གི་ཝཾ་བཟང་པོའི་བཀྲ་ཤིས་ཤོག །སངས་རྒྱས་བཀྲ་ཤིས་རིགས་ཁམས་རྣམ་པར་དག །དམ་ཆོས་བཀྲ་ཤིས་དག་བྱེད་ཟིལ་མངར་མཆོག །དགེ་འདུན་བཀྲ་ཤིས་ཐར་བདེའི་ལང་ཚོ་རྒྱས། །མཆོག་གསུམ་རབ་དཀར་ཞོ་ཡི་བཀྲ་ཤིས་ཤོག །སངས་རྒྱས་བཀྲ་ཤིས་སྐུ་གསུམ་རྩ་བ་བརྟན། །དམ་ཆོས་བཀྲ་ཤིས་འཆི་མེད་ཡལ་འདབ་རྒྱས། །དགེ་འདུན་བཀྲ་ཤིས་རྣམ་གྲོལ་བཅུད་ལེན་གྲུབ། །མཆོག་གསུམ་དཱུརྦའི་མྱུ་གུའི་བཀྲ་ཤིས་ཤོག །སངས་རྒྱས་བཀྲ་ཤིས་སྐུ་བཞིའི་འབྲས་བུ་སྨིན། །དམ་ཆོས་བཀྲ་ཤིས་ལུང་རྟོགས་གྲིབ་མ་བསིལ། །དགེ་འདུན་བཀྲ་ཤིས་བསླབ་གྲོལ་དོན་ཀུན་གྲུབ། །མཆོག་གསུམ་བིལྦའི་ལྗོན་པའི་བཀྲ་ཤིས་ཤོག །སངས་རྒྱས་བཀྲ་ཤིས་མཚན་དཔེ་གཡས་སུ་འཁྱིལ། །དམ་ཆོས་བཀྲ་ཤིས་བདེན་བཞིའི་དབྱངས་སྙན་སྒྲོག །དགེ་འདུན་བཀྲ་ཤིས་སྲིད་པའི་རིམས་ནད་གཅོད། །མཆོག་གསུམ་ཆོས་དུང་དཀར་པོའི་བཀྲ་ཤིས་ཤོག །སངས་རྒྱས་བཀྲ་ཤིས་འགྲོ་ལ་རྗེས་ཆགས་མདངས། །དམ་ཆོས་བཀྲ་ཤིས་ཤེས་བྱ་རང་དབང་བསྒྱུར། །དགེ་འདུན་བཀྲ་ཤིས་བསླབ་གཞིའི་རྒྱལ་སྲིད་བརྟན། །མཆོག་གསུམ་ལི་ཁྲིའི་ཐིག་ལེའི་བཀྲ་ཤིས་ཤོག །སངས་རྒྱས་བཀྲ་ཤིས་རྒྱུན་གྱིས་རྟག་པ་གྲུབ། །དམ་ཆོས་བཀྲ་ཤིས་ཕན་བདེའི་མཐུ་ཆེན་ཐོབ། །དགེ་འདུན་བཀྲ་ཤིས་ཡིད་སྲུབས་གཡུལ་ལས་རྒྱལ། །མཆོག་གསུམ་གྲུབ་པའི་ཡུངས་དཀར་བཀྲ་ཤིས་ཤོག །ཅེས་པའང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྲིད་ཞིའི་དགེ་མཚན་ཀུན་གྱི་སྙིང་པོར་བྱིན་གྱིས་བརླབས་པའི་བཀྲ་ཤིས་རྫས་མཆོག་བརྒྱད་ལས་ཉེ་བར་དྲངས་ཏེ། བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་ཕུན་སུམ་ཚོགས་པའི་དབྱངས་ཀྱི་ཡན་ལག་སྙན་པར་བསྒྲགས་པ་འདིའང་། བསྟན་པ་རྒྱ་མཚོའི་ཤིང་རྟ་མཁས་ཤིང་གྲུབ་པ་བརྙེས་པའི་ཁྱུ་མཆོག་དཔལ་སའི་སྟེང་ན་འགྲན་ཟླ་དང་བྲལ་བའི་ཆོས་ཀྱི་རྗེ་༧ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོའི་འཛམ་གླིང་བཤད་སྒྲུབ་བསྟན་པའི་ཆུ་ཀླུང་མཐའ་དག་གཅིག་ཏུ་འཁྱིལ་བའི་མ་དྲོས་ཀྱི་རྒྱ་མཚོ་ཆེན་པོ། དཔལ་སྤུངས་ཡང་ཁྲོད་དེ་ཝཱི་ཀོ་ཊིའི་དབུས་མ་ཙ་རི་ཏྲའི་སྙིང་པོ་དཔལ་ཆེན་དགྱེས་པའི་ཐུགས་ཀྱི་ཕོ་བྲང་། སྒྲུབ་པའི་སྡེ་རྣམས་ཀྱི་སྤྱོད་ཡུལ་གྱི་གྲོང་ཁྱེར་ཕྱྭ་གཡང་ཆོས་ཀྱི་གཞིས་ཀ་བཀྲ་ཤིས་བདེ་ལྡན་གཡུང་དྲུང་འཁྱིལ་པའི་གཞལ་མེད་ཁང་ཆེན་པོ་རྟེན་དང་བརྟེན་པ་ཁོར་ཡུག་དང་བཅས་པ་བཀྲ་ཤིས་ཤིང་དགེ་མཚན་གྱི་སྣང་བ་རྒྱུན་གྱིས་རྟག་ཅིང་འདོད་དགུ་འགྲུབ་པའི་སླད་དུ། འཇིགས་བྲལ་གྱི་སློབ་དཔོན་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་སྐྱབས་གནས་མཆོག་གསུམ་རྒྱ་མཚོ་མངོན་སུམ་ཡིད་ལ་བཀོད་དེ་མི་ཕྱེད་དད་པའི་ཤུགས་རབ་ཏུ་རྒྱས་པས་རྩེ་གཅིག་ཏུ་གསོལ་བ་བཏབ་པ་ལྟར། སྡེ་སྣོད་འཛིན་པ་ཆེན་པོ་ཀརྨ་བཀྲ་ཤིས་ཞི་བའི་སྙིང་པོ་བློ་གྲོས་རྒྱས་པའི་སྡེས་ཡི་གེར་བྲིས་པ་ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ་དོན་གྲུབ་ཅིང་དགེ་ལེགས་བཀྲ་ཤིས་ཀྱི་དགའ་སྟོན་ཡོངས་སུ་རྒྱས་པར་གྱུར་ཅིག། །། ༄། ཨོཾ་སྭསྟི། ཚེ་དཔག་མེད་མགོན་ཕྱག་གི་བུམ་བཟང་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་ཞིང་། །རྣམ་པར་རྒྱལ་མས་སྣ་ཚོགས་རྡོ་རྗེས་མི་མཐུན་ཕྱོགས་ཀུན་ཡོངས་སུ་བཅོམ། །ཡིད་བཞིན་འཁོར་ལོའི་སྐྱབས་སྦྱིན་ཨུཏྤལ་བྱིན་རླབས་ཟིལ་དངར་གཡོ་བའི་སྤྲིན། །སྐལ་ལྡན་རྣམས་ཀྱི་སྙིང་ལ་སིམ་པས་འཆི་མེད་གྲུབ་པའི་བཀྲ་ཤིས་ཤོག །ངོ་བོ་སྟོང་པ་སྤྲོས་བྲལ་དབུ་མ་ཆེ། །རང་བཞིན་གསལ་བ་བདེ་སྟོང་ཕྱག་རྒྱ་ཆེ། །ཐུགས་རྗེ་ལྷུན་གྲུབ་འོད་གསལ་རྫོགས་པ་ཆེ། །གཞི་རྒྱུད་ཆེན་པོ་གསུམ་གྱི་བཀྲ་ཤིས་ཤོག །ཐ་མལ་སྣང་ཞེན་སྦྱང་ལ་བསྐྱེད་པའི་རིམ། །ལྷར་སྣང་བདེ་ཆེན་སྒྱུར་བ་རྫོགས་པའི་རིམ། །བདེ་བ་སྟོང་པ་མི་ཕྱེད་རྫོགས་རིམ་ཆེ། །ལམ་རྒྱུད་རིམ་པ་གསུམ་གྱི་བཀྲ་ཤིས་ཤོག །ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་སྐུ། །མ་འགག་རོལ་པར་འཆར་བ་ལོངས་སྤྱོད་རྫོགས། །གདུལ་བྱའི་སྐལ་བར་འཚམ་པ་སྤྲུལ་པའི་སྐུ། །འབྲས་རྒྱུད་སྐུ་གསུམ་དབྱེར་མེད་བཀྲ་ཤིས་ཤོག །འབྱུང་བར་དཀོན་པའི་སངས་རྒྱས་སྤངས་རྟོགས་མཆོག །ཐོས་པར་དཀོན་པའི་དམ་ཆོས་ཆགས་བྲལ་མཆོག །སྒྲུབ་པར་དཀོན་པའི་དགེ་འདུན་ཚོགས་ཞིང་མཆོག །དཀོན་པའི་མཆོག་གྱུར་གསུམ་གྱི་བཀྲ་ཤིས་ཤོག །དད་ལྡན་བྱིན་རླབས་རྩ་བ་བླ་མ་རྗེ། །སྐལ་ལྡན་དངོས་གྲུབ་རྩ་བ་ཡི་དམ་ལྷ། །དམ་ལྡན་ཕྲིན་ལས་རྩ་བ་མཁའ་འགྲོའི་ཚོགས། །ཕན་བདེའི་རྩ་བ་གསུམ་གྱི་བཀྲ་ཤིས་ཤོག །ཆོས་ཉིད་ཞི་བ་དམ་པ་དོན་གྱི་སྐུ། །ཆོས་ཅན་རྟག་པའི་ལོངས་སྤྱོད་བརྡ་ཡི་སྐུ། །དབྱེར་མེད་གང་འདུལ་སྒྱུ་འཕྲུལ་སྤྲུལ་པའི་སྐུ། །རབ་འབྱམས་སྐུ་གསུམ་རྒྱ་མཚོའི་བཀྲ་ཤིས་ཤོག །ཅེས་འཇམ་དབྱངས་བླ་མའི་གསུང་དང་།། །། ༄༅། །ཡང་གཏེར་མཛོད་རང་གཞུང་དུ་བཞུགས་པའི་ཤིས་བརྗོད་ཉེར་མཁོའི་སྐོར་ལ། ཨོཾ༔ བཀྲ་ཤིས་གང་ཞིག་འོད་གསལ་སྙིང་པོའི་དབྱིངས༔ སྐུ་དང་ཡེ་ཤེས་ཡོན་ཏན་འདུ་འབྲལ་མེད༔ ཆོས་སྐུའི་བདག་ཉིད་པདྨ་ཀུན་ཏུ་འཆང༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་བདེ་ཆེན་རོལ་པ་ལས༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་སྤྲོ༔ ལོངས་སྐུའི་གཙོ་མཆོག་རིགས་ལྔ་ཐོད་ཕྲེང་རྩལ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་ཕྱོགས་བཅུའི་ཞིང་ཁམས་སུ༔ བརྟུལ་ཞུགས་སྤྱོད་མཛད་མདོ་སྔགས་ཆར་ཆེན་འབེབ༔ སྤྲུལ་པའི་མཚན་བརྒྱད་བདེ་གཤེགས་རིག་འཛིན་ཚོགས༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་དཔག་བསམ་ཤིང་ཆེན་དང༔ བུམ་པ་བཟང་དང་ཡིད་བཞིན་ནོར་བུ་ལྟར༔ ཐུན་མོང་ཕྲིན་ལས་རྩོལ་མེད་ལྷུན་གྱིས་གྲུབ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་སྐལ་བཟང་འདུས་པའི་ཚོགས༔ བསྙེན་སྒྲུབ་མཐར་ཕྱིན་བསྐྱེད་རྫོགས་ཏིང་འཛིན་བརྟན༔ ཡེ་ཤེས་མཆོག་བརྙེས་མཛད་པ་རྒྱུན་མི་འཆད༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཞེས་དང་། བཀྲ་ཤིས་གང་ཞིག་འོད་གསལ་ཆོས་ཀྱི་དབྱིངས༔ ཡེ་ཤེས་གཟུགས་སྐུའི་རྣམ་རོལ་ཅིར་ཡང་སྟོན༔ བླ་མ་བདེ་གཤེགས་རྩ་གསུམ་རབ་འབྱམས་ཀྱིས༔ བྱིན་རླབས་དངོས་གྲུབ་ཆར་འབེབ་བཀྲ་ཤིས་ཤོག༔ ༈ བཀྲ་ཤིས་དཔག་བསམ་ཤིང་གི་སྡོང་པོ་ལ། །དགོས་འདོད་ནོར་བུའི་འབྲས་བུ་མཆོག་ཏུ་སྨིན། །འགྲོ་ཀུན་འདུད་རྩིའི་རོ་ཡིས་ཚིམ་མཛད་པ། །བྱིན་རླབས་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །བཀྲ་ཤིས་གངས་རི་ལྷུན་སྡུག་ཆགས་པ་ལ། །འགྲོ་ལ་དགོས་འདོད་ཆུ་བོའི་རྒྱུན་ཆེན་འབེབ། །ཚ་གདུང་ཉོན་མོངས་གདུང་བ་སེལ་མཛད་པ། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་བཀྲ་ཤིས་ཤོག །བཀྲ་ཤིས་ཡེ་ཤེས་མེ་ཆེན་རབ་འབར་མཛད། །མེ་ཡི་ཚྭ་ཚྭ་རབ་གདུང་འཕྲོ་བ་ཡིས། །དགྲ་བགེགས་བུད་ཤིང་མ་ལུས་སྲེག་མཛད་པ། །མཁའ་འགྲོ་དམ་ཅན་རྣམས་ཀྱི་བཀྲ་ཤིས་ཤོག །བཀྲ་ཤིས་ས་གཞི་བརྟན་པའི་ཞིང་ས་ལ། །དོན་གྲུབ་ལོ་ཏོག་འབྲས་བུ་སྨིན་མཛད་པས། །སྐྱེ་འགྲོ་སེམས་ཅན་བདེ་བར་འཚོ་བྱེད་པ། །ཡངས་པའི་རྒྱལ་ཁམས་བདེ་བའི་བཀྲ་ཤིས་ཤོག། ༈ རང་བཞིན་ཆོས་དབྱིངས་ངང་ཉིད་ལས༔ གཟུགས་སྐུའི་རྣམ་རོལ་དཔག་ཡས་ཀྱིས༔ རླབས་ཆེན་ཕྲིན་ལས་སྐྱོང་མཛད་པའི༔ བརྒྱུད་གསུམ་བླ་མའི་བཀྲ་ཤིས་ཤོག༔ མ་འགགས་རང་གསལ་འོད་ལྔའི་ཀློང༔ རབ་འབྱམས་དཀྱིལ་འཁོར་རྣམ་པར་མཛེས༔ མཆོག་ཐུན་དངོས་གྲུབ་སྩོལ་མཛད་པའི༔ ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག༔ ཕྱོགས་བཅུ་གནས་ཡུལ་སྤྲུལ་པའི་ཞིང༔ ཕྲིན་ལས་རྣམ་བཞིའི་རོལ་གར་མཁན༔ མཁའ་འགྲོ་སྲུང་མའི་ཚོགས་རྣམས་ཀྱིས༔ བཀྲ་ཤིས་དགེ་ལེགས་བསྩལ་དུ་གསོལ༔ ༈ ཧོ༔ ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱིས༔ ཡེ་ཤེས་གཅིག་ཏུ་བསྡུས་པའི་དངོས༔ རྩ་བརྒྱུད་རིག་འཛིན་བླ་མ་ཡིས༔ བྱིན་གྱིས་རློབ་པའི་བཀྲ་ཤིས་ཤོག༔ ཆོས་སྐུའི་ངང་ལས་ལོངས་སྤྱོད་རྫོགས༔ སྤྲུལ་པའི་རྣམ་འཕྲུལ་ཅིར་ཡང་འཆར༔ ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཀྱིས༔ དངོས་གྲུབ་སྩོལ་བའི་བཀྲ་ཤིས་ཤོག༔ གནས་ཡུལ་དུར་ཁྲོད་ཞིང་རྣམས་སུ༔ ཚར་གཅོད་རྗེས་འཛིན་བསྟན་པ་སྲུང༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་གིས༔ བཀའ་བཞིན་སྒྲུབ་པའི་བཀྲ་ཤིས་ཤོག༔ སྲིད་ཞིའི་ཕན་བདེ་འབྱུང་བའི་གནས༔ རྒྱལ་བསྟན་ཕྱོགས་བཅུར་དར་བ་དང༔ བསྟན་འཛིན་སྐྱེས་བུ་ཞབས་པད་བརྟན༔ འཇིག་རྟེན་དགེ་བའི་བཀྲ་ཤིས་ཤོག༔ ཐུན་མོང་ཞི་རྒྱས་དབང་དྲག་གི༔ ཕྲིན་ལས་གང་བརྩམ་མྱུར་འགྲུབ་ཅིང༔ མཐར་ཐུག་མཆོག་ཏུ་མི་འགྱུར་དབྱིངས༔ མངོན་པར་བྱང་ཆུབ་བཀྲ་ཤིས་ཤོག༔ ༈ ཨོཾ༔ བདེ་ལེགས་ཀུན་གྱི་འབྱུང་གནས་རྫོགས་སངས་རྒྱས༔ ཉོན་མོངས་གདུང་སེལ་བདུད་རྩི་དམ་པའི་ཆོས༔ བསོད་ནམས་ཞིང་མཆོག་རྒྱལ་སྲས་འཕགས་པའི་ཚོགས༔ བླ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག༔ བྱིན་རླབས་མཁའ་ལ་སྤྲིན་འཁྲིགས་བླ་མ་རྗེ༔ དངོས་གྲུབ་ཆར་འབེབ་ཡི་དམ་ཞི་དང་ཁྲོ༔ དགོས་འདོད་འབྲས་བུ་སྨིན་མཛད་མཁའ་འགྲོའི་ཚོགས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག༔ མ་བཅོས་སྤྲོས་མེད་འོད་གསལ་ཆོས་ཀྱི་དབྱིངས༔ བདེ་ཆེན་ཡེ་ཤེས་རིགས་ལྔའི་སྤྲིན་ཕུང་འཕྲོ༔ གང་འདུལ་འགྲོ་བའི་དོན་མཛད་ཐུགས་རྗེའི་གཏེར༔ སྐུ་གསུམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ གནས་སྐབས་ཕྱི་ནང་རྒུད་པ་ཀུན་ཞི་ཞིང༔ ཕན་བདེའི་བསམ་ཀུན་ལྷུན་གྱིས་གྲུབ་པ་དང༔ མཐར་ཐུག་སྐུ་དང་ཡེ་ཤེས་དབྱེར་མེད་པ༔ མཆོག་གི་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ ༈ གདོད་ནས་མ་སྐྱེས་ཡེ་ནས་རྣམ་པར་དག༔ ཡེ་ཤེས་དབྱིངས་ཀྱི་རང་བཞིན་དཀྱིལ་འཁོར་གསལ༔ མ་སྐྱེས་མི་འགག་ལྷུན་གྱིས་གྲུབ་པའི་མཆོག༔ རྣམ་དག་ཆོས་ཀྱི་སྐུ་ཡི་བཀྲ་ཤིས་ཤོག༔ རང་རྩལ་མ་འགགས་ཅིར་ཡང་སྣང་བ་ལ༔ སྣ་ཚོགས་རོལ་པའི་ཆོ་འཕྲུལ་དུ་མ་སྟོན༔ མཚན་དང་དཔེ་བྱད་རབ་སྤྲས་དཔལ་འབར་བ༔ རྒྱལ་བ་ལོངས་སྤྱོད་རྫོགས་སྐུའི་བཀྲ་ཤིས་ཤོག༔ ཞི་རྒྱས་དབང་དང་མངོན་སྤྱོད་དྲག་པོ་ཡིས༔ འགྲོ་འདུལ་ཕྲིན་ལས་རྣམ་བཞི་ལ་སོགས་པའི༔ གང་ལ་གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད༔ འགྲོ་འདུལ་སྤྲུལ་པའི་སྐུ་ཡི་བཀྲ་ཤིས་ཤོག༔ འགྲོ་བ་སེམས་ཅན་མ་ལུས་དོན་གྱི་ཕྱིར༔ ཆོས་དབྱིངས་བྱང་སེམས་སྙིང་རྗེའི་ངང་ཉིད་ལས༔ ཐབས་ཀྱི་ཆོ་འཕྲུལ་སྣ་ཚོགས་ཅིར་ཡང་སྟོན༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ ཀུན་རྫོབ་སྒྱུ་མ་ལྟར་སྣང་རོལ་པ་ལས༔ ལེགས་ཉེས་སྟངས་འཛིན་བཀའ་ཡི་བྱ་ར་མཛད༔ ཤན་འབྱེད་ས་འབྱེད་སངས་རྒྱས་བསྟན་པ་སྲུང༔ དམ་ཅན་རྒྱ་མཚོའི་ཚོགས་ཀྱི་བཀྲ་ཤིས་ཤོག༔ ༈ གདོད་ནས་རང་བཞིན་རྣམ་དག་པ༔ ཡེ་ཤེས་དབྱིངས་ཀྱི་དཀྱིལ་འཁོར་གསལ༔ མ་སྐྱེས་ལྷུན་གྱིས་གྲུབ་པའི་མཆོག༔ ཆོས་ཀྱི་སྐུ་ཡི་བཀྲ་ཤིས་ཤོག༔ རང་རྩལ་མ་འགགས་ཅིར་ཡང་སྣང༔ སྣ་ཚོགས་རོལ་པའི་འཕྲོ་འདུའི་ཞིང༔ མཚན་དང་དཔེ་བྱད་དཔལ་འབར་བ༔ ལོངས་སྤྱོད་རྫོགས་སྐུའི་བཀྲ་ཤིས་ཤོག༔ ཞི་རྒྱས་དབང་དང་དྲག་པོ་ཡི༔ ཕྲིན་ལས་རྣམ་པ་བཞི་པོ་ཡིས༔ གང་ལ་གང་འདུལ་དོན་མཛད་པ༔ སྤྲུལ་པ་སྐུ་ཡི་བཀྲ་ཤིས་ཤོག༔ འགྲོ་བ་སེམས་ཅན་དོན་གྱི་ཕྱིར༔ ཆོས་དབྱིངས་བྱང་སེམས་དབྱིངས་ཉིད་ལས༔ ཐབས་ཀྱི་ཆོ་འཕྲུལ་སྣ་ཚོགས་འགྱེད༔ དཀྱིལ་འཁོར་ལྷ་ཚོགས་བཀྲ་ཤིས་ཤོག༔ ཀུན་རྫོབ་ལྟར་སྣང་སྒྱུ་མ་ལ༔ ལེགས་ཉེས་སྟངས་འཛིན་བྱ་ར་མཛད༔ ཤན་འབྱེད་དྲོད་འཛིན་བསྟན་པ་སྲུང༔ དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག༔ ༈ བྱིན་རླབས་མཁའ་ལ་ཐུགས་རྗེའི་སྤྲིན་འཁྲིགས་ཏེ༔ ཕྱོགས་དུས་མ་ལུས་ཀུན་ཏུ་མཐའ་ཡས་པ༔ བདེ་ལེགས་ཆར་རྒྱུན་ཡོངས་སུ་གང་གྱུར་པའི༔ རིག་འཛིན་རྩ་བརྒྱུད་བླ་མའི་བཀྲ་ཤིས་ཤོག༔ ཡེ་ཤེས་ལྔ་ལྡན་འོད་ལྔའི་ཕོ་བྲང་དུ༔ སྐུ་གསུམ་མི་འགྱུར་ལྷུན་གྲུབ་བཀོད་པས་བརྒྱན༔ རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཀུན་ནས་བཀྲམ༔ ཡི་དམ་ཞི་ཁྲོ་རབ་འབྱམས་བཀྲ་ཤིས་ཤོག༔ གནས་ཡུལ་མཁའ་སྤྱོད་སྤྲུལ་པའི་ཞིང་ཁམས་སུ༔ གང་འདུལ་ཐབས་ཀྱིས་འདུལ་བའི་གདུལ་བྱ་ལ༔ དཔའ་བོ་མཁའ་འགྲོ་སྲུང་མར་སྐུར་སྤྲུལ་པའི༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག༔ ༈ སྤངས་རྟོགས་ཕྲིན་ལས་མཐར་ཕྱིན་རྫོགས་སངས་རྒྱས༔ ཞི་བསིལ་བདུད་རྩིའི་ཆར་འབེབ་དམ་པའི་ཆོས༔ རིག་གྲོལ་ཡོན་ཏན་རྨད་བྱུང་དགེ་འདུན་སྡེས༔ འཇིག་རྟེན་དགེ་ལེགས་འཕེལ་བའི་བཀྲ་ཤིས་ཤོག༔ རིག་འཛིན་རྩལ་འཆང་རྩ་བརྒྱུད་བླ་མ་དང༔ སྒྱུ་འཕྲུལ་དྲྭ་བའི་སྐུར་སྣང་ཡི་དམ་ལྷ༔ རྣལ་འབྱོར་གྲོགས་མཛད་གནས་གསུམ་མཁའ་འགྲོ་ཡིས༔ དངོས་གྲུབ་དཔལ་འབྱོར་རྒྱས་པའི་བཀྲ་ཤིས་ཤོག༔ ཤིན་ཏུ་ཞི་བ་ཆོས་སྐུའི་ངང་ཉིད་ལས༔ རིག་པ་རང་ཤར་བདེ་ཆེན་ལོངས་སྤྱོད་རྫོགས༔ གང་འདུལ་འགྲོ་བའི་དོན་མཛད་སྤྲུལ་པའི་སྐུར༔ དབྱེར་མེད་མངོན་པར་བྱང་ཆུབ་བཀྲ་ཤིས་ཤོག༔ ༈ སངས་རྒྱས་གཙོ་ལ་ཡོན་ཏན་མཆོག་མངའ་བ༔ ཆེ་དགུས་མཆོད་ཅིང་སྨོན་ལམ་སྤྲིན་ཚོགས་སུ༔ གོ་འཕང་མཆོག་བརྙེས་སྟོན་པ་ཆར་འབེབ་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ སྐྱོབ་པའི་ཆོས་ལ་ལེགས་པའི་རྩལ་མངའ་བ༔ ཤིན་ཏུ་ཕན་དང་བདེ་བའི་བདེ་ལྡན་པའི༔ འཁོར་བ་རྟག་བདེ་མྱ་ངན་འདས་ཐོབ་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ དགེ་འདུན་ཆེ་ལ་མཐུ་རྩལ་མངའ་བ་པོ༔ བསླབ་གཞི་ལེགས་པར་བརྒྱན་པའི་བརྩོན་འགྲུས་ཅན༔ བདག་གཞན་དོན་ཆེན་འགྲུབ་པའི་ལམ་ཞུགས་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ༈ འདས་པའི་སངས་རྒྱས་ཆོས་ཀྱི་དབྱིངས་ན་གནས༔ ད་ལྟའི་སངས་རྒྱས་སེམས་ཅན་འགྲོ་དོན་མཛད༔ མ་འོངས་སངས་རྒྱས་འགྲོ་ཀུན་དོན་ལ་དགོངས༔ དུས་གསུམ་སངས་རྒྱས་རྣམས་ཀྱི་བཀྲ་ཤིས་ཤོག༔ ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་བ་དང༔ ལོངས་སྤྱོད་རྒྱས་ཤིང་བསམ་དོན་འགྲུབ་པ་དང༔ ཆོས་ལ་བར་ཆད་མེད་ཅིང་སྒྲུབ་པ་མཐར་ཕྱིན་ནས༔ བརྒྱུད་འཛིན་བྱིན་གྱིས་རློབ་པའི་བཀྲ་ཤིས་ཤོག༔ ༈ ཨོཾ༔ ཕུན་སུམ་ཚོགས་པ་བླ་མེད་དཀོན་མཆོག་གསུམ༔ བཀྲ་ཤིས་ཀུན་གྱི་འབྱུང་གནས་བཀྲ་ཤིས་པ༔ གྲགས་པའི་བཀྲ་ཤིས་འཇིག་རྟེན་ཡོངས་ལ་ཁྱབ༔ དགེ་ལེགས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག༔ ཝ་རཱ་ཎ་སི་ཉམས་དགའ་བདེ་སྐྱིད་ལྡན༔ ཡུལ་ཕྱོགས་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ གྲོང་ཁྱེར་སེར་སྐྱ་དཔལ་དང་ཡོན་ཏན་རྒྱས༔ གྲོང་བརྡལ་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ ལྷས་བསྟན་ཁབ་ཏུ་ཆོས་དང་འབྱོར་པས་གང༔ ཁང་ཁྱིམ་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ རྒྱལ་པོ་ཟས་གཙང་འཁོར་ལོས་སྒྱུར་བའི་རིགས༔ སྐྱེས་པ་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ བཙུན་མོ་སྒྱུ་འཕྲུལ་རྒྱལ་བ་བསྐྱེད་པའི་ཡུམ༔ བུད་མེད་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ རྒྱལ་བུ་དོན་གྲུབ་ལེགས་པའི་དཔལ་ཀུན་འབྱོར༔ ལྷ་སྲས་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ ས་འཚོ་གྲགས་འཛིན་ཡོན་ཏན་དམ་པས་བརྒྱན༔ བཙུན་མོ་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ ཅང་ཤེས་བསྔགས་ལྡན་སྤྲིན་གྱི་ཤུགས་ཆེན་འཆང༔ རྟ་མཆོག་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ ནཻ་རཉྫཱ་ནཱ་མེ་ཏོག་འབྲས་བུས་བརྒྱན༔ སྐྱེད་ཚལ་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ ཡངས་པ་ཅན་དུ་འབྲུ་ནོར་ལོངས་སྤྱོད་འཕེལ༔ ས་ཕྱོགས་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ རྡོ་རྗེ་གདན་དུ་ཐུབ་པ་མངོན་སངས་རྒྱས༔ གནས་རྟེན་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ བྱ་རྒོད་སྤུངས་རིར་ཐེག་ཆེན་ཆོས་འཁོར་བསྐོར༔ ཆོས་ར་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ རྒྱལ་བྱེད་ཚལ་དུ་འཕགས་པའི་དགེ་འདུན་འདུ༔ དགོན་སྡེ་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ ཉིན་མོ་བཀྲ་ཤིས་བདེ་བའི་ཉི་མ་ཤར༔ མཚན་མོ་བཀྲ་ཤིས་སྐྱིད་པའི་ཟླ་བ་གསལ༔ ཉིན་མཚན་བཀྲ་ཤིས་བདེ་སྐྱིད་ཕྱྭ་གཡང་འཕེལ༔ བསམ་དོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག༔ ༄། བླ་མའི་བཀྲ་ཤིས་ཚིགས་སུ་བཅད་པ་དོན་གཉིས་ལྷུན་གྲུབ་བཞུགས་སོ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། བཀྲ་ཤིས་གང་ཞིག་སྐྱེ་བ་མེད་པའི་ཆོས་དབྱིངས་ལས། །མ་འགགས་རོལ་པ་བདེན་གཉིས་རང་བཞིན་དག་པའི་སྐུ། །སྐུ་གསུམ་སྐུ་ལྔ་ཡེ་ཤེས་གཅིག་ཏུ་ལྷུན་རྫོགས་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་དོན་ཀུན་འགྲུབ་གྱུར་ཅིག །བཀྲ་ཤིས་གང་ཞིག་རྒྱལ་བ་ཀུན་གྱི་ཕྲིན་ལས་ལས། །ངོ་མཚར་མེ་ཏོག་པདྨའི་ཀློང་ནས་རང་བྱུང་བ། །པདྨ་འབྱུང་གནས་ཟག་མེད་ཡེ་ཤེས་འོད་ཀྱི་སྐུ། །བཀྲ་ཤིས་དེས་ཀྱང་དེང་འདིར་དོན་ཀུན་འགྲུབ་གྱུར་ཅིག །བཀྲ་ཤིས་གང་ཞིག་ཕྱོགས་བཅུའི་ཞིང་ཁམས་མུ་མེད་པར། །ལས་དང་རིགས་མཐུན་ཐབས་མཁས་མཛད་པ་སྣ་ཚོགས་ཀྱིས། །འགྲོ་བ་ཀུན་ལ་དོན་གཉིས་ལྷུན་གྲུབ་འབྲས་བུ་སྟེར། །བཀྲ་ཤིས་དེས་ཀྱང་དེང་འདིར་དོན་ཀུན་འགྲུབ་གྱུར་ཅིག །བཀྲ་ཤིས་གང་ཞིག་བྱང་ཕྱོགས་བོད་ཀྱི་ཡུལ་ལྗོངས་སུ། །སྲིད་གསུམ་ཟིལ་གནོན་སྣང་སྲིད་སྡེ་བརྒྱད་དམ་ལ་བཏགས། ཁམས་གསུམ་དབང་བསྡུས་སངས་རྒྱས་བསྟན་པའི་རྒྱལ་མཚན་བཙུགས། །བཀྲ་ཤིས་དེས་ཀྱང་དེང་འདིར་དོན་ཀུན་འགྲུབ་གྱུར་ཅིག །བཀྲ་ཤིས་གང་ཞིག་ལྷོ་ནུབ་རྔ་ཡབ་སྲིན་ཡུལ་དུ། །དབང་གི་རང་བཞིན་ཟངས་མདོག་དཔལ་རིའི་རྩེར་འཁོད་ནས། །ཤ་ཟ་མ་རུངས་ཐབས་ཀྱིས་བྱང་ཆུབ་ལམ་ལ་འགོད་མཛད་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་དོན་ཀུན་འགྲུབ་གྱུར་ཅིག །བཀྲ་ཤིས་གང་ཞིག་རིན་ཆེན་པདྨའི་རང་འོད་ཀྱིས། །དབུས་མཐའ་མེད་པའི་གཞལ་མེད་ཁང་ཆེན་འཇའ་ལྟར་བཀྲ། །དྲན་པ་ཙམ་གྱིས་བདེ་ཆེན་མཆོག་ཐོབ་དགའ་བའི་ཞིང་། །བཀྲ་ཤིས་དེས་ཀྱང་དེང་འདིར་དོན་ཀུན་འགྲུབ་གྱུར་ཅིག །བཀྲ་ཤིས་གང་ཞིག་མཉམ་མེད་མ་ཧཱ་གུ་རུ་ནི། །རྒྱ་བོད་རིག་འཛིན་གྲུབ་ཆེན་ཚོགས་དང་ཡི་དམ་ལྷ། །མཁའ་འགྲོ་གིང་བཅས་སྟོང་གསལ་ཡེ་ཤེས་འོད་ལྔའི་སྐུ། །བཀྲ་ཤིས་དེས་ཀྱང་དེང་འདིར་དོན་ཀུན་འགྲུབ་གྱུར་ཅིག །བཀྲ་ཤིས་གང་ཞིག་གཉིས་མེད་ཡེ་ཤེས་སྟོན་པའི་ཕྱིར། །རྒྱལ་བ་བསྐྱེད་མཛད་མཁའ་འགྲོའི་གཙོ་མོ་མཁར་ཆེན་བཟའ། །མནྡཱ་རཿསོགས་གསང་ཆེན་ཡུམ་དང་མཉམ་སྦྱོར་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་དོན་ཀུན་འགྲུབ་གྱུར་ཅིག །བཀྲ་ཤིས་གང་ཞིག་བག་ཆགས་དངོས་འཛིན་དྲི་བྲལ་པའི། །ཟག་མེད་འདོད་ཡོན་ཀུན་བཟང་སྤྲིན་ལ་ལོངས་སྤྱོད་པའི། །གདོད་ནས་དག་པའི་དམ་ཚིག་རྫས་ཀྱིས་ཡོངས་འབྱོར་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་དོན་ཀུན་འགྲུབ་གྱུར་ཅིག །བཀྲ་ཤིས་གང་ཞིག་ཇི་སྲིད་སེམས་ཅན་ཟད་ཀྱི་ཐར། །ཞིང་ཁམས་ཀུན་ཏུ་རྒྱུན་མི་འཆད་པའི་རྣམ་འཕྲུལ་གྱི། །མྱུར་མགྱོགས་ཐུགས་རྗེས་འགྲོ་དྲུག་དབྱིངས་སུ་གྲོལ་མཛད་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་དོན་ཀུན་འགྲུབ་གྱུར་ཅིག །བཀྲ་ཤིས་གང་ཞིག་ཡར་ངོ་ཚེས་བཅུའི་དུས་ཀྱི་ཚེ། །དངོས་སུ་བྱོན་ནས་མཆོག་ཐུན་དངོས་གྲུབ་སྟེར་བྱེད་ཅིང་། །ལྷག་པར་ལས་ངན་བོད་ཀྱི་སེམས་ཅན་སྐྱོབ་མཛད་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་དོན་ཀུན་འགྲུབ་གྱུར་ཅིག །བཀྲ་ཤིས་གང་ཞིག་སྤྲུལ་སྐུ་ཉིད་དང་དབྱེར་མེད་པའི། །རིམ་པར་བྱོན་པའི་རིག་འཛིན་བརྒྱུད་པར་བཅས། །འབྲེལ་ཚད་དོན་ལྡན་འགྲོ་རྣམས་བདེ་ལ་འགོད་མཛད་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་དོན་ཀུན་འགྲུབ་གྱུར་ཅིག །བཀྲ་ཤིས་གང་ཞིག་གསང་ཆེན་རབ་འབྱམས་རྒྱལ་བའི་བཀའ། །འཆལ་དང་བསླད་པས་མ་གོས་ཟབ་མོའི་གཏེར། །བྱིན་རླབས་མྱུར་མགྱོགས་ལོ་དང་ཟླ་བས་སངས་རྒྱས་སྦྱོར། །བཀྲ་ཤིས་དེས་ཀྱང་དེང་འདིར་དོན་ཀུན་འགྲུབ་གྱུར་ཅིག །བཀྲ་ཤིས་གང་ཞིག་ཉམས་སུ་བླངས་པ་ཙམ་གྱིས་ནི། །ཡིད་དཔྱོད་འཛིན་པའི་ལྟ་སྒོམ་འཕྲང་ལས་སྒྲོལ་བྱེད་ཅིང་། །སྐད་ཅིག་ཉིད་དུ་ཡེ་ཤེས་མངོན་སུམ་སྟོན་བྱེད་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་དོན་ཀུན་འགྲུབ་གྱུར་ཅིག །བཀྲ་ཤིས་གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་ནི། །འདི་དང་ཕྱི་མའི་འཇིགས་པ་ཆེ་ལས་སྐྱོབ་བྱེད་པ། །པདྨ་འབྱུང་གནས་བརྒྱུད་པར་བཅས་པའི་བྱིན་རླབས་ཀྱིས། །དེང་འདིར་འགྲོ་ལ་སྲིད་ཞིའི་བདེ་ལེགས་འགྲུབ་གྱུར་ཅིག །ཆོས་དབྱིངས་རང་བཞིན་ཡེ་ནས་ལྷུན་གྲུབ་བདེན་པ་དང་། །རྩ་གསུམ་ཀུན་འདུས་རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། །གང་གི་ཐུགས་རྗེས་བདག་ཅག་འདིར་འདུས་ཐམས་ཅད་ལ། །ཕྱོགས་དུས་ཀུན་ཏུ་དོན་གཉིས་འགྲུབ་པའི་རྒྱུར་གྱུར་ཅིག །བླ་མའི་བཀྲ་ཤིས་ཚིགས་སུ་བཅད་པ་དོན་གཉིས་ལྷུན་གྲུབ་ཅེས་བྱ་བ་འདིའང་། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་གདུལ་བྱ་ཙམ་དུ་གཏོགས་པ་བློ་གྲོས་བཟང་པོས་ཤར་དྭགས་ལུང་གི་ཡུལ་དབེན་གནས་ཁྲ་མོ་བྲག་དང་ཉེ་བའི་སར་སྦྱར་བའོ།། །། ༈ ཨོཾ། བཀྲ་ཤིས་ཉི་མ་སྟོང་ཁམས་བརྡལ་བ་ཡིས། །འདོད་དགུའི་དཔལ་འབར་ཡོན་ཏན་རྫོགས་པའི་གཙོ། །ཀུན་བཟང་ཆོས་རྗེ་བླ་མའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་ཟླ་བ་ནམ་མཁའི་དབྱིངས་ཁྱབ་པས། །ལུས་ཅན་ཀུན་གྱི་རེ་བ་རྫོགས་མཛད་པ། །མགོན་པོ་ཚེ་དཔག་མེད་ཀྱི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་སྐར་ཚོགས་འབུམ་ཕྲག་ཡངས་པ་ལས། །གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །སྤྲུལ་སྐུ་པདྨ་འབྱུང་གནས་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་རི་རབ་གླིང་བཞིས་བསྐོར་བ་ལས། །ཡོན་ཏན་ལྷུན་གྲུབ་ཁང་བརྩེགས་དཔལ་འབར་བ། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་རྒྱ་མཚོ་འབྱོར་པ་མཐའ་ཡས་ལྡན། །མཐུ་དཔལ་རྫུ་འཕྲུལ་མངོན་ཤེས་དཔག་ཏུ་མེད། །མཁའ་འགྲོ་དམ་ཅན་རྒྱ་མཚོའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་ཞིང་ཁམས་ཀུན་ཏུ་མཐའ་ཡས་ལྡན། །འདོད་རྒུའི་འབྱོར་ཚོགས་ནམ་མཁའི་དབྱིངས་ཀུན་ཁྱབ། །སྣང་སྲིད་འཁོར་འདས་ཀུན་གྱི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་ཞིང་ཆེན་ཡན་ལག་མཐའ་ཡས་ལྡན། །གྲགས་ལྡན་མེ་ཏོག་འབྱོར་ཚོགས་དཔག་ཏུ་མེད། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་རིན་ཆེན་སྣ་བདུན་མཚུངས་པ་མེད། །གླིང་བཞིར་རྒྱུ་ཞིང་ལྷ་ཡུལ་ཀུན་ཏུ་འགྲོ། །མི་དབང་ཆོས་ཀྱི་དཔལ་སྡེ་ལེགས་སྐྱོང་བ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་ཡོན་ཏན་རྟགས་བརྒྱད་ཕུན་སུམ་ཚོགས། །གང་ལ་ཅི་དགོས་འདོད་རྒུའི་ཆར་འབེབ་ཅིང་། །ཉིན་མཚན་རྟག་ཏུ་ཆོས་ལ་སྤྱོད་པ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་ཚེ་དཔལ་འབྱོར་པ་ཉམས་དགའ་བས། །མཐོ་རིས་ས་སྟེང་ལྷ་ཡུལ་རྣམ་བརྒྱན་ཞིང་། །བདེ་གཤེགས་བྱང་ཆུབ་སྙིང་པོའི་རྒྱན་གྱུར་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་མེ་ཏོག་པདྨོའི་མཚོ་གླིང་དུ། །གང་ཞིག་བལྟམས་པས་མཁའ་འགྲོའི་སྤྲིན་ཕུང་འཁྲིགས། །ཚེས་བཅུ་ཉི་ཤར་དངོས་གྲུབ་ཆར་འབེབ་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་འཛམ་གླིང་ཀུན་གྱི་རྒྱན་གྱུར་པ། །སྣ་ཚོགས་མཛད་པ་ངོ་མཚར་བསམ་མི་ཁྱབ། །ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ་མཛད་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་གངས་རིའི་ཡུལ་ལྗོངས་དཔལ་འབར་བ། །ལྷ་སྲིན་བཏུལ་ཞིང་དམ་ཆོས་ཆར་ཆེན་འབབ། །ཟབ་གཏེར་རྒྱ་མཚོ་འགྲོ་ལ་སྣང་མཛད་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་དད་ལྡན་སྐྱེ་དགུ་སྤྲིན་བཞིན་འདུ། །སྦྱིན་པ་རྣམ་བཞིས་བུ་བཞིན་ལེགས་སྐྱོང་ཞིང་། །གཞན་དོན་བྱེད་པ་ཤིན་ཏུ་མཐའ་ཡས་ལྡན། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། ༈ རྒྱ་གར་ཡུལ་བྱོན་རྡོ་རྗེ་གདན་དུ་བཞུགས། །བདུད་བཞི་བཅོམ་པས་སངས་རྒྱས་ཀུན་དང་མཉམ། །འདུལ་ཁྲིམས་ལྡན་པས་དགེ་སློང་ཆ་ལུགས་འཛིན། །གུ་རུ་ཤཱཀྱ་སེང་གེའི་བཀྲ་ཤིས་ཤོག །ཁ་ཆེའི་ཡུལ་བྱོན་སིངྒ་ལ་རུ་བཞུགས། །ཐོས་བསམ་ལྡན་པས་འགྲོ་བ་མ་ལུས་འདུལ། །བྱམས་པ་ཆེན་པོས་ཕ་མ་ལྟ་བུར་མཛད། །གུ་རུ་བློ་ལྡན་མཆོག་སྲེད་བཀྲ་ཤིས་ཤོག །རྒྱ་མཚོར་སྐུ་འཁྲུངས་ཨོ་རྒྱན་ཡུལ་དུ་བྱོན། །རྒྱལ་པོའི་སྲས་མཛད་རྫུ་འཕྲུལ་སྣ་ཚོགས་སྟོན། །འཁོར་བར་མ་ཆགས་ཐབས་ཀྱིས་རོལ་རྩེད་མཛད། །གུ་རུ་པདྨ་རྒྱལ་པོའི་བཀྲ་ཤིས་ཤོག །ཟ་ཧོར་ཡུལ་བྱོན་མ་ག་དྷ་རུ་བཞུགས། །བསིལ་བ་ཚལ་དུ་བམ་རོའི་སྒྲུབ་པ་མཛད། །སྡེ་སྣོད་བཅུ་གཉིས་ཐུགས་ཀྱི་ཀློང་ན་གསལ། །གུ་རུ་པདྨ་སམྦྷའི་བཀྲ་ཤིས་ཤོག །ལི་ཡི་ཡུལ་བྱོན་ལྕང་ར་སྨུག་པོར་བཞུགས། །ཤེལ་སྒོང་བྲག་ཏུ་མངོན་ཤེས་མཁའ་ལྟར་ཁྱབ། །གཞན་དོན་ཕྲིན་ལས་འབྲས་བུ་ལོ་འདབ་རྒྱས། །གུ་རུ་ཉི་མ་འོད་ཟེར་བཀྲ་ཤིས་ཤོག །བལ་པོའི་ཡུལ་བྱོན་ཡང་ལེ་ཤོད་དུ་བཞུགས། །གནོད་སྦྱིན་རྫོང་དུ་དམ་སྲི་སྡེ་བརྒྱད་བཏུལ། ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན། །གུ་རུ་སེངྒེ་སྒྲ་སྒྲོག་བཀྲ་ཤིས་ཤོག །མུ་སྟེགས་ཡུལ་བྱོན་དགའ་བའི་ཚལ་དུ་བཞུགས། །སྙན་པའི་སྒྲ་ཡིས་ཕྱོགས་མཚམས་ཀུན་ཏུ་ཁྱབ། །གསང་སྔགས་ཕྱི་ནང་ཐུགས་ཀྱི་ཀློང་ན་གསལ། །གུ་རུ་རྡོ་རྗེ་གྲོ་ལོད་བཀྲ་ཤིས་ཤོག །སྲིན་པོའི་ཡུལ་བྱོན་རྔ་ཡབ་གླིང་དུ་བཞུགས། །ཟངས་མདོག་དཔལ་རིར་གདོང་དམར་སྲིན་པོ་འདུལ། །སྐྱེ་འགྲོ་སེམས་ཅན་ཐམས་ཅད་བདེ་ལ་འགོད། །གུ་རུ་པདྨ་འབྱུང་གནས་བཀྲ་ཤིས་ཤོག །བོད་ཡུལ་དབུས་བྱོན་སྟག་ཚང་སེང་ཕུག་བཞུགས། །སྣང་བ་མཐའ་ཡས་སྤྲུལ་པ་མི་ཡི་མགོན། །མཁའ་འགྲོ་སྡེ་བཞི་མ་ཚོགས་རོལ་དུ་ཁྲིད། །གུ་རུ་བདེ་བའི་དངོས་གྲུབ་བཀྲ་ཤིས་ཤོག །ཡངས་པ་ཅན་བྱོན་སོ་ས་གླིང་དུ་བཞུགས། །ལྟ་བ་མི་འཚོལ་ཞི་གནས་སྒོམ་མི་བྱེད། །ཐ་དད་ཕྱོགས་འཛིན་མ་གོས་མཁའ་ལྟར་གདལ། །གུ་རུ་པདྨ་ཐོད་ཕྲེང་བཀྲ་ཤིས་ཤོག། ༈ རྩ་གསུམ་བདེ་གཤེགས་འདུས་པའི་ཤིས་བརྗོད་དགེ་ལེགས་ཆར་འབེབ་ཅེས་བྱ་བ་བཞུགས་སོ། །བཀྲ་ཤིས་གང་ཞིག་སྐུ་དང་ཡེ་ཤེས་རྒྱ་མཚོའི་དངོས། །གཟོད་ནས་རབ་ཞི་རྣམ་ཀུན་མཆོག་ལྡན་འོད་གསལ་དབྱིངས། །གདོད་མའི་མགོན་པོ་ཀུན་བཟང་བླ་མ་མཚོ་སྐྱེས་རྗེའི། །བདེན་པ་དེས་ཀྱང་འཆི་མེད་འགྲུབ་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་སྣང་ཆ་བདེ་ཆེན་ཐོད་ཕྲེང་རྩལ། །སྟོང་ཉིད་ཤེས་རབ་མནྡཱ་རཿབར་མཉམ་སྦྱོར་བའི། །བརྟན་གཡོ་ཀུན་ཁྱབ་ལོངས་སྤྱོད་ཡོངས་རྫོགས་ཧེ་རུ་ཀའི། །བདེན་པ་དེས་ཀྱང་འཆི་མེད་འགྲུབ་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་སྤྲོས་བྲལ་ངང་ལས་མ་གཡོས་ཀྱང་། །རྣམ་པ་གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ཅན། །སྣ་ཚོགས་ཞིང་དུ་སྤྲུལ་པའི་བཀོད་པ་མཐའ་ཀླས་པའི། །བདེན་པ་དེས་ཀྱང་འཆི་མེད་འགྲུབ་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་བླ་མ་ཀུན་འདུས་པདྨ་འབྱུང་། །ཡི་དམ་ཞི་ཁྲོ་རབ་འབྱམས་ཡོངས་ཀྱི་འཁོར་ལོས་སྒྱུར། །གྲངས་མེད་དཔའ་བོ་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱི་རྗེའི། །བདེན་པ་དེས་ཀྱང་འཆི་མེད་འགྲུབ་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཁྱེད་སྐུ་མཐོང་བས་མཆོག་དངོས་འགྲུབ། །མཚན་ཙམ་འཛིན་པས་ཐུན་མོང་དངོས་གྲུབ་ཆར་དུ་འབེབ། །དྲན་པ་ཡིས་ཀྱང་མི་མཐུན་རྒུད་པ་འཕྲོག་མཛད་པའི། །བདེན་པ་དེས་ཀྱང་འཆི་མེད་འགྲུབ་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་མཁའ་དབྱིངས་ཁྱབ་པའི་མཆོད་སྤྲིན་དབུས། །མཚོ་སྐྱེས་བླ་མ་རིག་འཛིན་ཌཱ་ཀིའི་ཚོགས་བཅས་ཀྱིས། །མེ་ཏོག་ཆར་འབེབ་ཤིས་པའི་ཚིག་གིས་དབུགས་དབྱུང་བའི། །བདེན་པ་དེས་ཀྱང་འཆི་མེད་འགྲུབ་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་གནས་སྐབས་རྣམ་བཞིའི་ཕྲིན་ལས་ཀྱིས། །བདག་གཞན་འགྲོ་ཀུན་ཕན་བདེའི་འབྱོར་པ་རབ་རྒྱས་ཤིང་། །མཐར་ཐུག་འོག་མིན་པདྨ་དྲ་བའི་ཞིང་ཁམས་སུ། །འཆི་མེད་སྐུ་གསུམ་གོ་འཕང་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱི་བློ་གྲོས་གཞོན་ནུའི་ཆུ་གཏེར་ལས་བྱུང་བའི་ཚིག་གི་སྣང་བ་སྟེ། འདིས་ཀྱང་དགེ་ལེགས་ཤིས་པའི་པདྨོ་མཆོག་ཏུ་རྒྱས་པར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །། ༈ ས་གཞི་དང་བར་སྣང་ཐམས་ཅད་བཀྲ་ཤིས་ཀྱི་ལྷས་ཁེངས་པར་མོས་ལ། ཨོཾ་ཡེ་དྷརྨ་སོགས་དང་། ཨོཾ། བཀྲ་ཤིས་དམ་པ་དངོས་གྲུབ་ཆར་འབེབ་པ། །རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་བརྒྱུད་དང་། །གང་ཟག་སྙན་བརྒྱུད་བླ་མའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་དམ་པ་ལེགས་དགུ་འབྱུང་བ་ཡི། །ཞི་ཁྲོ་རབ་འབྱམས་ཡི་དམ་ལྷ་ཚོགས་དང་། །མཁའ་འགྲོ་དམ་ཅན་རྒྱ་མཚོའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་དམ་པ་ཕུན་སུམ་ཚོགས་པའི་དཔལ། །སྲིད་དང་ཞི་བའི་ཕན་བདེ་ཀུན་སྩོལ་བ། །བླ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། །། ༄༅། །བཀའ་བརྒྱད་ལ། ཧོཿ སྐུ་ལྔ་ལྷུན་གྲུབ་དེ་བཞིན་གཤེགས་པའི་སྐུ། །ཡེ་ཤེས་ལྔ་རྫོགས་མཚན་དཔེའི་འོད་ཀྱིས་སྤྲས། །འགྲོ་བའི་དུག་ལྔ་དབྱིངས་སུ་ཞི་མཛད་པའི། །བདེ་གཤེགས་ཞི་བའི་ལྷ་ཚོགས་བཀྲ་ཤིས་ཤོག །དུས་གསུམ་རྒྱལ་བའི་ཡོན་ཏན་གཞིར་གྱུར་ཏེ། །བདེ་ཆེན་ལྷུན་གྲུབ་ཆོས་དབྱིངས་ཡེ་ཤེས་སྐུ། །འགྲོ་བའི་གཏི་མུག་མུན་པ་སེལ་མཛད་པའི། །ཆེ་མཆོག་ཡོན་ཏན་ལྷ་ཚོགས་བཀྲ་ཤིས་ཤོག །དུས་གསུམ་བདེ་གཤེགས་ཐུགས་མཆོག་སྤྲོས་དང་བྲལ། །དྲི་བྲལ་གསལ་དག་མེ་ལོང་ཡེ་ཤེས་སྐུ། །འགྲོ་བའི་ཞེ་སྡང་མེ་ཚོགས་ཞི་མཛད་པ། །ཡང་དག་ཐུགས་ཀྱི་ལྷ་ཚོགས་བཀྲ་ཤིས་ཤོག །དུས་གསུམ་བདེ་གཤེགས་སྐུ་ཡི་བདག་ཉིད་མཆོག །རང་བཞིན་མི་འགྱུར་མཉམ་ཉིད་ཡེ་ཤེས་སྐུ། །འགྲོ་བའི་ང་རྒྱལ་རི་བོ་འཇོམས་མཛད་པ། །འཇམ་དཔལ་སྐུ་ཡི་ལྷ་ཚོགས་བཀྲ་ཤིས་ཤོག །དུས་གསུམ་བདེ་གཤེགས་གསུང་གི་དབང་ཕྱུག་གཙོ། །སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སྐུ། །འགྲོ་བའི་འདོད་ཆགས་རྒྱ་མཚོ་སྐེམ་མཛད་པ། །པདྨ་གསུང་གི་ལྷ་ཚོགས་བཀྲ་ཤིས་ཤོག །དུས་གསུམ་བདེ་གཤེགས་འགྲོ་འདུལ་ཕྲིན་ལས་གཙོ། །ལྷུན་གྲུབ་བྱ་བ་གྲུབ་པའི་ཡེ་ཤེས་སྐུ། །འགྲོ་བའི་ཕྲག་དོག་རླུང་འཚུབས་ཞི་མཛད་པ། །ཕུར་པ་ཕྲིན་ལས་ལྷ་ཚོགས་བཀྲ་ཤིས་ཤོག །དུས་གསུམ་བདེ་གཤེགས་དབྱིངས་ཀྱི་མ་མོའི་གཙོ། །མངོན་རྫོགས་མི་འགྱུར་ཡེ་ཤེས་རྡོ་རྗེའི་སྐུ། །སྣང་སྲིད་འཁོར་འདས་འབྱུང་བ་མ་མོ་ཡུམ། །མ་མོ་རྦོད་གཏོང་ལྷ་ཚོགས་བཀྲ་ཤིས་ཤོག །དུས་གསུམ་བདེ་གཤེགས་རིག་པ་འཛིན་པའི་གཙོ། །ལྷུན་གྲུབ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སྐུ། །འགྲོ་རྣམས་བདེ་ཆེན་ས་ལ་འགོད་མཛད་པ། །རིག་འཛིན་སློབ་དཔོན་ལྷ་ཚོགས་བཀྲ་ཤིས་ཤོག །དུས་གསུམ་བདེ་གཤེགས་དྲེགས་པ་ཀུན་འདུལ་གཙོ། ཁྲོ་གཏུམ་རབ་འཇིགས་དཔའ་བོ་མཆོག་གི་སྐུ། །ཕྲིན་ལས་དྲག་པོས་སངས་རྒྱས་བསྟན་པ་སྲུང་། །འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་བཀྲ་ཤིས་ཤོག །དུས་གསུམ་བདེ་གཤེགས་དྲག་སྔགས་ཀུན་འདུས་གཙོ། །སྟོབས་ལྡན་ནག་པོ་འཇིགས་བྱེད་འབར་བའི་སྐུ། །ཞིང་བཅུ་སྒྲོལ་མཛད་སྔགས་ཀྱི་དངོས་གྲུབ་སྩོལ། །དམོད་པ་དྲག་སྔགས་ལྷ་ཚོགས་བཀྲ་ཤིས་ཤོག །དུས་གསུམ་བདེ་གཤེགས་རྣམས་ཀྱི་སྤྱན་སྔ་རུ། །སངས་རྒྱས་བསྟན་པ་སྲུང་བར་ཞལ་བཞེས་པའི། །དམ་ལྡན་སྒྲུབ་པའི་གྲོགས་བྱེད་དམ་ཉམས་སྒྲོལ། །ཕོ་ཉ་བཀའ་སྡོད་སྲུང་མའི་བཀྲ་ཤིས་ཤོག །ཅེས་སམ། ༈ ཡང་ན། ཁྱབ་བདག་ཀུན་ཏུ་བཟང་དང་རྡོ་རྗེ་སེམས། །དགའ་རབ་ཤྲཱི་སེང་ཨོ་རྒྱན་ཡབ་ཡུམ་དང་། །ཆོས་རྒྱལ་ཡབ་སྲས་གཏེར་སྟོན་བརྒྱ་རྩ་སོགས། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་སྐུ་མི་འགྱུར་ཀུན་ཏུ་བཟང་པོའི་ཀློང་། །ལོངས་སྐུ་རིགས་ལྔ་སྐུ་ལྔ་ཡེ་ཤེས་ལྔ། །སྤྲུལ་སྐུ་སྣ་ཚོགས་འགྲོ་འདུལ་ཡིད་བཞིན་གཏེར། །བདེ་གཤེགས་ཞི་བའི་ལྷ་ཚོགས་བཀྲ་ཤིས་ཤོག །ཆོས་དབྱིངས་རྣམ་དག་ངང་ལས་མ་གཡོས་ཀྱང་། །ཐབས་ཀྱི་ཁྲོ་བོའི་སྐུར་བསྟན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀཿཡི་བཀྲ་ཤིས་ཤོག །སྐུ་མཆོག་འགྱུར་བ་མེད་པའི་དཀྱིལ་འཁོར་ནས། །འཇམ་དཔལ་གཤིན་རྗེ་སྣང་སྲིད་སྐུ་ཡི་དཔལ། །འགྱུར་མེད་དོན་ནི་ཡེ་ནས་ལྷུན་གྲུབ་པའི། །གཤིན་རྗེ་ཡོངས་རྫོགས་སྐུ་ཡི་བཀྲ་ཤིས་ཤོག །གསུང་མཆོག་འགགས་པ་མེད་པའི་དཀྱིལ་འཁོར་ནས། །དབང་ཆེན་རྟ་མགྲིན་ཆོས་སྒོ་འདུས་པའི་དཔལ། །འགག་མེད་དོན་ནི་ཡེ་ནས་ལྷུན་གྲུབ་པའི། །དབང་ཆེན་ཡོངས་རྫོགས་གསུང་གི་བཀྲ་ཤིས་ཤོག །ཐུགས་མཆོག་འཁྲུལ་པ་མེད་པའི་དཀྱིལ་འཁོར་ནས། །བཛྲ་ཧེ་རུ་རང་བྱུང་ཐུགས་ཀྱི་དཔལ། །འཁྲུལ་མེད་དོན་ནི་ཡེ་ནས་ལྷུན་གྲུབ་པའི། །ཡང་དག་ཡོངས་རྫོགས་ཐུགས་ཀྱི་བཀྲ་ཤིས་ཤོག །ཡོན་ཏན་མི་ཟད་གཏེར་གྱི་དཀྱིལ་འཁོར་ནས། །ཆེ་མཆོག་ཧེ་རུ་ཡོན་ཏན་རྫོགས་པའི་དཔལ། །ཡོན་ཏན་དོན་ནི་ཡེ་ནས་ལྷུན་གྲུབ་པའི། །བདུད་རྩི་ཡོན་ཏན་ཡོངས་རྫོགས་བཀྲ་ཤིས་ཤོག །ཕྲིན་ལས་ཐོགས་པ་མེད་པའི་དཀྱིལ་འཁོར་ནས། །རྡོ་རྗེ་གཞོན་ནུ་མཐུ་སྟོབས་རྫོགས་པའི་དཔལ། །ཕྲིན་ལས་དོན་ནི་ཡེ་ནས་ལྷུན་གྲུབ་པའི། །ཕུར་པ་ཕྲིན་ལས་ཡོངས་རྫོགས་བཀྲ་ཤིས་ཤོག །གཟི་བརྗིད་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ནས། །བླ་མེད་ཧེ་རུ་མ་མོ་འདུས་པའི་དཔལ། །སྐྱེ་འགག་གཉིས་མེད་དོན་ནི་ལྷུན་གྲུབ་པའི། །མ་ཚོགས་ལས་ལ་ཁོལ་བའི་བཀྲ་ཤིས་ཤོག །བྱིན་རླབས་ཡོངས་རྫོགས་འདུས་པའི་དཀྱིལ་འཁོར་ནས། །རིག་འཛིན་གཙོ་མཆོག་རྒྱུད་ལུང་མན་ངག་དཔལ། །ས་ལམ་ཡོན་ཏན་རང་བཞིན་ལྷུན་གྲུབ་པའི། །ཤེས་རབ་རྣམ་གསུམ་མངའ་བརྙེས་བཀྲ་ཤིས་ཤོག །དྲག་རྩལ་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། །དྲེགས་པ་ཀུན་འདུལ་བདུད་དཔུང་འཇོམས་པའི་དཔལ། །མཐུ་རྩལ་རྨད་བྱུང་སངས་རྒྱས་བསྟན་པ་སྲུང་། །སྡེ་བརྒྱད་བྲན་དུ་ཁོལ་བའི་བཀྲ་ཤིས་ཤོག །དགྲ་བགེགས་གདུག་པ་ཚར་གཅོད་དཀྱིལ་འཁོར་ནས། །སྟོབས་ལྡན་ནག་པོ་སྣང་སྲིད་སྲོག་བདག་དཔལ། །དྲག་སྔགས་དམོད་པས་མ་རུངས་ལོག་ལྟ་སྒྲོལ། །ནུས་མཐུ་ཡོངས་སུ་རྫོགས་པའི་བཀྲ་ཤིས་ཤོག །བཀའ་དང་དམ་ལ་གནས་པའི་དཀྱིལ་འཁོར་ནས། །དམ་ལྡན་སྐྱོང་ཞིང་དམ་ཉམས་རྡུལ་དུ་རློག །རྣམ་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་དཔལ། །བཀའ་སྡོད་ཡོངས་རྫོགས་སྲུང་མའི་བཀྲ་ཤིས་ཤོག །ཐོས་བསམ་སྒོམ་པ་མཐར་ཕྱིན་བླ་མ་མཆོག །དངོས་གྲུབ་ཀུན་སྩོལ་ཡི་དམ་ཡོངས་རྫོགས་ལྷ། །བར་ཆད་སེལ་མཛད་མཁའ་འགྲོ་ཆོས་སྐྱོང་ཚོགས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། ༈ ཡང་བསྡུ་ན། ངོ་བོ་སྟོང་པ་སྨྲ་བསམ་བརྗོད་ལས་འདས༔ རང་བྱུང་ཀ་དག་འོད་གསལ་ལྷུན་གྲུབ་ལས༔ བཞི་བཅུ་རྩ་གཉིས་རྡོ་རྗེ་དབྱིངས་ཀྱི་ལྷ༔ ཆོས་སྐུ་ཞི་བའི་སངས་རྒྱས་བཀྲ་ཤིས་ཤོག༔ རང་བཞིན་གསལ་ལ་རྗེན་པ་སྒྲིབ་གཡོགས་བྲལ༔ ཀུན་སྣང་རོལ་པ་ཞི་ཁྲོའི་རྣམ་འགྱུར་ཅན༔ བདུན་བརྒྱ་ཉི་ཤུ་སྒྲུབ་པ་བཀའ་བརྒྱད་ལྷ༔ ལོངས་སྐུ་ཞི་ཁྲོ་ཡོངས་རྫོགས་བཀྲ་ཤིས་ཤོག༔ ཐུགས་རྗེ་སྣ་ཚོགས་འགག་མེད་ཟང་ཐལ་འཕྱོ༔ ཀུན་ཁྱབ་ནུས་ལྡན་མཐུ་རྩལ་ཐོགས་མེད་ཤར༔ ཞིང་གི་རྡུལ་སྙེད་གཙོ་འཁོར་བསམ་མི་ཁྱབ༔ སྤྲུལ་སྐུ་དཔལ་མགོན་མ་ནིང་བཀྲ་ཤིས་ཤོག༔ སྔོན་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ༔ སྒྲུབ་པ་ཚུལ་བཞིན་མཛད་པའི་གང་ཟག་ལ༔ བུ་བཞིན་སྐྱོང་བར་ཞལ་གྱིས་བཞེས་པ་ཡི༔ ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ ཅེས་སམ། ཆོས་སྐུ་མི་འགྱུར་ཀུན་ཏུ་བཟང་མོའི་ཀློང་། །ལོངས་སྐུ་རིགས་ལྔ་སྐུ་དང་ཡེ་ཤེས་ལྔ། །སྤྲུལ་སྐུ་སྣ་ཚོགས་འགྲོ་དོན་ཡིད་བཞིན་གཏེར། །བདེ་གཤེགས་ཞི་བའི་ལྷ་ཚོགས་བཀྲ་ཤིས་ཤོག །ཆོས་དབྱིངས་རྣམ་དག་ངང་ལས་མ་གཡོས་ཀྱང་། །ཐབས་ཀྱི་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །སྒྲུབ་ཆེན་བཀའ་བརྒྱད་ལྷ་ཡི་བཀྲ་ཤིས་ཤོག །ཐོས་བསམ་སྒོམ་པ་མཐར་ཕྱིན་བླ་མ་མཆོག །དངོས་གྲུབ་ཀུན་སྩོལ་ཡི་དམ་ཡོངས་རྫོགས་ལྷ། །བར་ཆད་སེལ་མཛད་མཁའ་འགྲོ་ཆོས་སྐྱོང་ཚོགས། །བསམ་ཡས་དཀྱིལ་འཁོར་ལྷ་ཚོགས་བཀྲ་ཤིས་ཤོག །ཅེས་སམ། བྱིན་རླབས་མཆོག་སྩོལ་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་ཆར་འབེབ་ཞི་ཁྲོ་བཀའ་བརྒྱད་ལྷ། །དྲེགས་པའི་སྡེ་དཔོན་དམ་ཅན་གཏེར་སྲུང་སོགས། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་བཀྲ་ཤིས་ཤོག །ཅེས་སམ། བདེ་གཤེགས་ཞི་བ་ཡེ་ཤེས་རིགས་ལྔའི་དབྱིངས༔ ཁྲག་འཐུང་ཁྲོ་བོ་ཚོམ་བུ་དགུ་རུ་སྟོནཿ མ་མོ་མཁའ་འགྲོ་དཔལ་གྱི་བཀའ་སྡོད་བཅས༔ ཡོངས་རྫོགས་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག༔ ༈ བྱང་ཆུབ་སེམས་མཆོག་ཤེས་རབ་ཏིང་འཛིན་གྱིས༔ ཉོན་མོངས་བདག་འཛིན་རྣམ་རྟོག་ཀུན་སྤངས་ནས༔ བདག་ཉིད་ཆེན་པོའི་དོན་ལ་རབ་གོམས་པའི༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ རྡོར་སེམས་སྤྲུལ་པ་སྐར་ལྟར་འཕྲོ་བ་ཡིས༔ ཟ་བྱེད་བདུད་དང་ལོག་རྟོག་ཀུན་བཏུལ་ནས༔ བླ་མེད་བྱང་ཆུབ་མཆོག་ལ་འགོད་པ་ཡི༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཞི་རྒྱས་དབང་དང་མངོན་སྤྱོད་ཕྲིན་ལས་ཀྱིས༔ རྒྱུད་དྲུག་སེམས་ཅན་མ་ལུས་ཀུན་བསྒྲལ་སྟེ༔ བླ་མེད་བྱང་ཆུབ་གནས་ལ་འགོད་པ་ཡི༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀའ་གསང་རྨད་བྱུང་སྒྲུབ་པའི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་གྱི༔ ཐུགས་དམ་ཆེན་པོ་ཡོངས་སུ་བསྐངས་པ་ཡི༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ༄། ཨོཾ༔ རིག་འཛིན་རྩལ་འཆང་བླ་མའི་བྱིན་རླབས་དང༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་བདེན་པའི་མཐུས༔ བར་ཆད་ཀུན་ཞི་བསམ་དོན་ལྷུན་གྱིས་གྲུབ༔ སྐུ་བཞིའི་གོ་འཕང་འགྲུབ་པའི་བཀྲ་ཤིས་ཤོག༔ ༈ རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས༔ ཡི་དམ་མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོགས༔ ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས༔ མཆོག་ཐུན་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ མདོ་སྔགས་བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས༔ བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་ཕྲིན་འཕེལ༔ འཇིག་རྟེན་ཁམས་ཀུན་ནད་མུག་མཚོན་འཁྲུགས་ཞི༔ རྟག་ཏུ་བདེ་སྐྱིད་དཔལ་གནས་བཀྲ་ཤིས་ཤོག༔ འདིར་འཚོགས་སྐལ་ལྡན་ཐམས་ཅད་འབྲལ་མེད་པར༔ སྲིད་དང་ཞི་བའི་དཔལ་ལ་ལོངས་སྤྱོད་ཅིང༔ སྐུ་ཚེ་ཡར་ངོའི་ཟླ་བ་ཇི་བཞིན་འཕེལ༔ སྙན་གྲགས་ནམ་མཁའ་བཞིན་དུ་ཁྱབ་པར་ཤོག༔ ལྷ་རྣམས་མཁའ་ལས་མེ་ཏོག་ཆར་ཆེན་འབེབ༔ ཀླུ་རྣམས་ཀུན་གྱིས་ས་གཞི་འབྱོར་པས་བཀང༔ བར་དུ་སྐྱེ་དགུ་ཐམས་ཅད་བདེ་དང་ལྡན༔ མཐར་ཐུག་མངོན་སངས་རྒྱས་པའི་བཀྲ་ཤིས་ཤོག༔ ༈ བལྟས་པ་ཙམ་གྱིས་སྲིད་གསུམ་དབང་དུ་སྡུད། །སྡིགས་པ་ཙམ་གྱིས་སྡེ་བརྒྱད་བྲན་དུ་འཁོལ། །བསམ་པ་ཙམ་གྱིས་དངོས་གྲུབ་ཆར་དུ་འབེབ། །ཨོ་རྒྱན་བརྒྱུད་པར་བཅས་པའི་བཀྲ་ཤིས་ཤོག། ༈ རིག་འཛིན་འདུས་པ་བླ་མའི་བཀྲ་ཤིས་ཤོག༔ ཆེ་མཆོག་འདུས་པ་ཡི་དམ་བཀྲ་ཤིས་ཤོག༔ དམ་ཅན་འདུས་པ་མཁའ་འགྲོའི་བཀྲ་ཤིས་ཤོག༔ དབྱེར་མེད་ཟུང་འཇུག་བདེ་ཆེན་བཀྲ་ཤིས་ཤོག༔ ༈ བྱིན་རླབས་དངོས་གྲུབ་ཕྲིན་ལས་གཏེར་གྱི་མཛོད༔ བླ་མ་ཡི་དམ་དཀྱིལ་འཁོར་རབ་འབྱམས་ཀྱི༔ ཐུགས་རྗེའི་སྣང་བས་ཕྱོགས་ཀུན་ཁྱབ་པ་དང༔ མཆོག་ཐུན་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོག༔ ༈ བྱིན་རླབས་སྤྲིན་ཕུང་རིག་འཛིན་ཚོགས༔ དངོས་གྲུབ་ཆར་འབེབ་ཡི་དམ་ལྷ༔ བར་ཆད་ཀུན་སེལ་མཁའ་འགྲོ་མ༔ དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ ༈ རྩ་གསུམ་ཀུན་འདུས་རྒྱལ་བའི་ཐུགས་རྗེ་ཡིས༔ བཀྲ་ཤིས་རབ་གནས་དཀྱིལ་འཁོར་བྱིན་ཆེན་ཕོབ༔ འདིར་ཚོགས་རྡོ་རྗེ་སློབ་དཔོན་མཆེད་ལྕམ་གྲོགས༔ མི་འབྲལ་མངོན་སངས་རྒྱས་པའི་བཀྲ་ཤིས་ཤོག༔ ༈ མི་འགྱུར་སྐུ་ལ་འགག་མེད་གསུང༔ ཡེ་ཤེས་ལྔ་ལྡན་འཁྲུལ་མེད་ཐུགས༔ ཡོན་ཏན་ཕྲིན་ལས་བསམ་མི་ཁྱབ༔ བདེ་གཤེགས་ཀུན་གྱི་བཀྲ་ཤིས་ཤོག༔ ༈ བྱིན་རླབས་ཆར་འབེབ་དངོས་གྲུབ་གཏེར་ཆེན་པོ༔ ཕྲིན་ལས་ཐོགས་མེད་རྩ་གསུམ་ལྷ་ཚོགས་ཀྱིས༔ འགྲོ་ཀུན་སྲིད་ཞིའི་རྒུད་པ་ཞི་བ་དང༔ ཕན་བདེའི་དགེ་ལེགས་འཕེལ་བའི་བཀྲ་ཤིས་ཤོག༔ ༈ མཐོང་ཐོས་དྲན་ཅིང་རེག་པས་ཀྱང༔ འཁོར་བའི་གནས་ནས་ཐར་ལམ་འཇུག༔ ཐོག་མ་བར་དང་མཐར་དགེ་བའི༔ རྩ་བ་གསུམ་གྱི་བཀྲ་ཤིས་ཤོག༔ ༈ སྐུ་གསུམ་བརྒྱུད་ལྡན་བླ་མའི་བཀྲ་ཤིས་ཤོག༔ རབ་འབྱམས་ཡི་དམ་ཞི་ཁྲོའི་བཀྲ་ཤིས་ཤོག༔ གནས་ཡུལ་དཔའ་བོ་མཁའ་འགྲོའི་བཀྲ་ཤིས་ཤོག༔ དངོས་གྲུབ་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོག༔ ༄། འཇམ་དཔལ་ལ། ཨོཾ༔ དབྱིངས་ཀྱི་ངོ་བོ་ཆོས་སྐུ་འཇམ་པའི་དཔལ༔ རིག་པ་རང་སྣང་ཟིལ་གནོན་ལོངས་སྤྱོད་རྫོགས༔ དབྱིངས་རིག་ཟུང་འཇུག་རྩ་བརྒྱུད་བླ་མ་ཡིས༔ མཆོག་ཐུན་དགེ་ལེགས་འགྲུབ་པའི་བཀྲ་ཤིས་ཤོག༔ གང་ཞིག་བླ་མེད་བཅོམ་ལྡན་གཤིན་རྗེའི་གཤེད། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསམ་ཡས་པ། །འགྲོ་བ་ཀུན་གྱི་རྒྱུད་ལ་རབ་ཞུགས་ནས། །དངོས་གྲུབ་རྣམ་གཉིས་འཕེལ་བའི་བཀྲ་ཤིས་ཤོག །བྱང་ཆུབ་སེམས་མཆོག་ཤེས་རབ་ཏིང་འཛིན་གྱིས། །ཉོན་མོངས་བདག་འཛིན་རྣམ་རྟོག་ཀུན་བཅོམ་ནས། །ཡ་མཱནྟ་ཀའི་དོན་ལ་རབ་སྒོམ་པའི། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །འདོད་རྒུའི་འབྱུང་གནས་བླ་མ་ཡི་དམ་ལྷ། །དཔག་དཀའི་རབ་འབྱམས་ལས་སྒྲུབ་དམ་ཅན་ཚོགས། །ཕོ་ཉ་ལས་གཤིན་ལ་སོགས་འཁོར་བཅས་ཀྱིས། །བཀྲ་ཤིས་དགའ་སྟོན་དཔལ་ལ་རོལ་གྱུར་ཅིག། ༈ སྐུ་ཡི་རིག་འཛིན་རྩ་བརྒྱུད་བླ་མ་དང་། །འཇམ་དཔལ་ཞི་ཁྲོ་ཡི་དམ་དཀྱིལ་འཁོར་ལྷ། །མ་དང་མཁའ་འགྲོ་ལས་གཤིན་སྲུང་མ་ཡི། །བཀྲ་ཤིས་ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག། ༄། པདྨ་གསུང་ལ། དབྱིངས་ཀྱི་ངོ་བོ་ཆོས་སྐུ་སྣང་མཐའ་ཡས༔ རིག་པ་རང་སྣང་དབང་ཆེན་ལོངས་སྤྱོད་རྫོགས༔ དབྱིངས་རིག་ཟུང་འཇུག་རྩ་བརྒྱུད་བླ་མ་ཡིས༔ མཆོག་ཐུན་དགེ་ལེགས་འགྲུབ་པའི་བཀྲ་ཤིས་ཤོག༔ བདེ་གཤེགས་ཀུན་འདུས་པདྨ་ཧེ་རུ་ཀ༔ རྡོ་རྗེའི་གར་མཛད་སྲིད་གསུམ་དྲེགས་པ་འདུལ༔ རྟ་མཆོག་དབང་གི་བཀྲ་ཤིས་གང་ལགས་པ༔ དེང་འདིར་གསལ་ཞིང་བཀྲ་ཤིས་བདེ་ལེགས་ཤོག༔ བདག་དང་ཡོན་གྱི་བདག་པོ་འཁོར་བཅས་རྣམས༔ མི་མཐུན་ཀུན་ཞི་ཚེ་བསོད་ཡེ་ཤེས་རྒྱས༔ དངོས་གྲུབ་རྣམ་གཉིས་དཀའ་བ་མེད་པར་འགྲུབ༔ བཀྲ་ཤིས་ཤིན་ཏུ་རྣམ་པར་རྒྱལ་གྱུར་ཅིག༔ ༈ གསུང་གི་རིག་འཛིན་བརྒྱུད་གསུམ་བྱིན་རླབས་ལྡན༔ ཡི་དམ་དབང་ཆེན་བསྐྱེད་རྫོགས་ཕྲིན་ལས་མྱུར༔ རྟ་སྐད་བཞད་པས་མཁའ་འགྲོ་དམ་ཅན་འདུས༔ དབང་གི་ཕྲིན་ལས་འགྲུབ་པའི་བཀྲ་ཤིས་ཤོག༔ ༄། ཡང་དག་ཐུགས་ལ། མཚུངས་མེད་བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །པདྨ་ཐོད་ཕྲེང་བླ་མ་བརྒྱུད་པར་བཅས། །མཚན་ནས་བརྗོད་དམ་ཅུང་ཟད་དྲན་ཀྱང་རུང་། །བཀྲ་ཤིས་འཕེལ་ཞིང་སྐྱེ་རྒུ་བདེ་ལེགས་ཤོག །སྐྱེ་མེད་ཆོས་སྐུའི་རང་བཞིན་རྣམ་དག་ལས། །ཐུགས་དམ་དབང་གིས་གཟུགས་ཀྱི་སྐུར་སྤྲུལ་པ། །ཡང་དག་ཧེ་རུ་ཀཿདཔལ་དབྱིངས་ཕྱུག་ཡུམ། །སྐྱེ་ཤི་མེད་པའི་དོན་གྱི་བཀྲ་ཤིས་ཤོག །རྟོག་ཚོགས་གནས་འགྱུར་ཉོན་མོངས་བདུད་རྣམས་འཇོམས། །ཡེ་ཤེས་བཞི་དང་འབྱུང་བཞི་རྣམ་པར་དག །ཀེའུ་སེང་ཕྲ་མེན་དབང་ཕྱུག་དམ་ཅན་སོགས། །ཕྲིན་ལས་འབྱུང་བའི་དོན་གྱི་བཀྲ་ཤིས་ཤོག །གསང་སྔགས་རྣལ་འབྱོར་སྒྲུབ་པའི་ཤེས་རབ་ཅན། །ལྟ་སྤྱོད་ཡལ་བར་མ་གྱུར་དགོངས་པ་ཡིས། །དུས་གསུམ་རྒྱལ་བའི་དགོངས་སྤྱོད་གཞུང་སྒྲུབ་པས། །དངོས་གྲུབ་རྣམ་གཉིས་འགྲུབ་པའི་བཀྲ་ཤིས་ཤོག། ༈ དྲན་པ་ཙམ་གྱིས་སྲིད་ཞིའི་གདུང་སེལ་ཞིང་། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་འབེབ་པ། །དཔལ་ཆེན་ཁྲག་འཐུང་ཡང་དག་ཧེ་རུ་ཀའི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག། ༄། བདུད་རྩི་ཡོན་ཏན་ལ། དབྱིངས་ཀྱི་ངོ་བོ་ཆོས་སྐུ་ཀུན་ཏུ་བཟང༔ རིག་པ་རང་སྣང་ཆེ་མཆོག་ལོངས་སྤྱོད་རྫོགས༔ དབྱིངས་རིག་ཟུང་འཇུག་རྩ་བརྒྱུད་བླ་མ་ཡིས༔ མཆོག་ཐུན་དགེ་ལེགས་འགྲུབ་པའི་བཀྲ་ཤིས་ཤོག༔ བཀྲ་ཤིས་གང་ཞིག་ཕུང་པོ་འབྱུང་བའི་ཁམས། །སྐུ་དང་ཡེ་ཤེས་རྒྱན་གྱི་འཁོར་ལོར་སྦྱོར། །སྒྲུབ་པ་ཆེན་པོའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དངོས་གྲུབ་ཀུན་ཐོབ་ཤོག །བཀྲ་ཤིས་གང་ཞིག་དག་མཉམ་ཆེན་པོའི་རྒྱས། །འཁོར་འདས་མཉམ་སྦྱོར་བདེ་གཤེགས་ཐུགས་རྗེའི་སྟོབས། །རྣམ་དག་བདུད་རྩི་མཆོག་གི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། ༄། ཕུར་པ་ཕྲིན་ལས་ལ། བཀྲ་ཤིས་གང་ཞིག་བདུད་འདུལ་ཕུར་པའི་རིག་པ་འཛིན། །རྣམ་སྨིན་ཚེ་དབང་ཕྱག་རྒྱ་ལྷུན་གྲུབ་ས་ལ་བཞུགས། །པྲ་བྷ་ཧསྟི་པདྨ་ཐོད་ཕྲེང་བརྒྱུད་པར་བཅས། །བདེན་པ་དེས་ཀྱང་བདུད་བཞི་ལས་རྒྱལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཆོས་དབྱིངས་ནམ་མཁའི་དཀྱིལ་ནས་ཤར། །རྡོ་རྗེ་ཁྲོས་པའི་མཚོན་གྱིས་ཉོན་མོངས་དྲྭ་བ་གཅོད། །དཔལ་ཆེན་རྩ་བའི་དཀྱིལ་འཁོར་མི་གནས་ཡེ་ཤེས་སྐུ། །བདེན་པ་དེས་ཀྱང་བདུད་བཞི་ལས་རྒྱལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་སྙིང་རྗེས་སྒྲོལ་བའི་དམ་ཚིག་གིས། །བདག་ཏུ་ཞེན་པའི་ཕུང་པོ་རྡོ་རྗེའི་ཕྱག་རྒྱས་གཏམས། །ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་རོལ་པའི་ཆོ་འཕྲུལ་བདག །བདེན་པ་དེས་ཀྱང་བདུད་བཞི་ལས་རྒྱལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་སྲིད་པའི་ཕུར་བུའི་རང་རྟགས་རྒྱ། །འཛིན་ཤེས་གཏོང་མི་ཤེས་ཀྱིས་བརྣག་པའི་ཕྲིན་ལས་མཛད། །མཚན་མ་རྫས་ཀྱི་དཀྱིལ་འཁོར་ཤུགས་སྒྲོལ་སྟོབས་འདུས་པ། །བདེན་པ་དེས་ཀྱང་བདུད་བཞི་ལས་རྒྱལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་རྣམ་འགྱུར་རྫུ་འཕྲུལ་མཐའ་ཡས་ཤིང་། །དམ་ཚིག་རྗེས་གཅོད་དམ་ཉམས་སྲོག་ལ་མངའ་དབང་མཛད། །བྲན་དང་བཀའ་ཉན་ཕོ་ཉ་དཔལ་ཆེན་བཀའ་སྒྲུབ་པ། །བདེན་པ་དེས་ཀྱང་བདུད་བཞི་ལས་རྒྱལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་དུར་ཁྲོད་འབར་བའི་གཞལ་མེད་ཁང་། །ཡེ་ཤེས་རོལ་པ་དྲག་པོའི་རྒྱན་བཀོད་ཚད་ལས་འདས། །ལྟ་བར་མི་བཟོད་མཚམས་ཀྱི་ཁྲོ་བོ་དང་བཅས་པའི། །བདེན་པ་དེས་ཀྱང་བདུད་བཞི་ལས་རྒྱལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཆོས་སྐུ་དོན་གསུང་མི་རྟོག་ཐུགས། །མཉམ་པའི་དམ་ཚིག་ཡེ་ཤེས་ཕྲིན་ལས་མཐའ་གཉིས་སེལ། །བདུད་བཞིའི་དཔུང་བཅོམ་དབྱིངས་དང་ཡེ་ཤེས་རོ་མཉམ་པ། །བདེན་པ་དེས་ཀྱང་བདུད་བཞི་ལས་རྒྱལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ལོངས་སྐུ་སྒྲ་གསུང་སྙིང་རྗེའི་ཐུགས། །དོན་མཛད་དམ་ཚིག་ཐུགས་རྗེའི་ཕྲིན་ལས་འགྲོ་དྲུག་འདྲེན། །ཚད་མེད་བཞི་ལྡན་ཤེས་རབ་སྙིང་རྗེ་དབྱེར་མེད་པ། །བདེན་པ་དེས་ཀྱང་བདུད་བཞི་ལས་རྒྱལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་བདེ་ཆེན་སྔགས་གསུང་རྟག་བདེའི་ཐུགས། །སྦྱོར་བའི་དམ་ཚིག་བྱང་ཆུབ་ཕྲིན་ལས་སྡུག་བསྔལ་སྲེག །དགའ་བཞིའི་མཐར་ཕྱིན་ཐབས་དང་ཤེས་རབ་ཟུང་དུ་འཇུག །བདེན་པ་དེས་ཀྱང་བདུད་བཞི་ལས་རྒྱལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་སྤྲུལ་སྐུའི་ཚིག་གསུང་ཀུན་མཁྱེན་ཐུགས། །སྒྲོལ་བའི་དམ་ཚིག་རྣམ་འཕྲུལ་ཕྲིན་ལས་སྲིད་གསུམ་འདུལ། །ལས་བཞི་ལྷུན་གྲུབ་དཀྱིལ་འཁོར་རྣམ་གསུམ་འབྲལ་མེད་པར། །བདེན་པ་དེས་ཀྱང་བདུད་བཞི་ལས་རྒྱལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་སྣང་སྲིད་འཁོར་འདས་མཚན་རྟོག་ཀུན། །ཕུར་བུ་རྣམ་བཞིའི་དགོངས་པས་གྲུབ་མཐའ་ཐལ་བར་འབྱིན། །ཐུན་མོང་མཆོག་གི་དངོས་གྲུབ་བདེ་བླག་འགྲུབ་པ་ཡི། །བདེན་པ་དེས་ཀྱང་བདུད་བཞི་ལས་རྒྱལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་འཁོར་འདས་དབྱེར་མེད་ལྟ་བའི་རྫོང་། །རིམ་གཉིས་སྒོམ་པའི་འཕྲང་ལས་བགྲོད་པས་ལེགས་ཟིན་ཏེ། །དོན་གཉིས་ལྷུན་གྲུབ་སྤྱོད་པའི་སྲོག་རྩ་རབ་བརྟན་པ། །བདེན་པ་དེས་ཀྱང་བདུད་བཞི་ལས་རྒྱལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་རིགས་ཁམས་སྲིད་པ་ཕུར་བུའི་ལྷ། །གདབ་པའི་ལས་བཞིས་གློ་བུར་དྲི་མའི་སྦུབས་བཀྲོལ་ཏེ། །དག་པ་གཉིས་ལྡན་གདོད་མའི་ཧེ་རུ་ཀར་རྫོགས་པ། །བདེན་པ་དེས་ཀྱང་བདུད་བཞི་ལས་རྒྱལ་བཀྲ་ཤིས་ཤོག། ༈ རིག་འཛིན་རྩལ་འཆང་བྱིན་རླབས་ཀུན་གྱི་བདག །སྲིད་པ་ཕུར་བུ་དངོས་གྲུབ་ཀུན་གྱི་གཏེར། །མ་མོ་མཁའ་འགྲོ་མྱུར་མགྱོགས་ཕྲིན་ལས་ཅན། །ཕུར་པའི་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག །ཕུར་ནི་ཆོས་ཉིད་སྟོང་པ་ཉིད་ཀྱི་ངང་། །པ་ནི་རྟེན་འབྲེལ་བསླུ་མེད་ཡེ་ཤེས་ལྔ། །ཟུང་འཇུག་འབྲས་བུའི་བཀྲ་ཤིས་གང་ལགས་པ། །དེང་འདིར་བདག་ཅག་རྣམས་ལ་བཀྲ་ཤིས་ཤོག། ༄། མ་མོར། རིག་འཛིན་རྩལ་འཆང་བྱིན་རླབས་ཀུན་གྱི་བདག །སྲིད་པ་མ་མོ་དངོས་གྲུབ་ཀུན་གྱི་གཏེར། །དམ་ཅན་མཁའ་འགྲོ་མྱུར་མགྱོགས་ཕྲིན་ལས་ཅན། །མངོན་རྫོགས་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག །གཞི་ཡི་ཡེ་ཤེས་མི་འགྱུར་བདེ་བ་ཆེ། །ལམ་གྱི་ཡེ་ཤེས་རང་རིག་རྩལ་ཆེན་རྫོགས། །འབྲས་བུའི་ཡེ་ཤེས་ཀ་དག་མངོན་དུ་གྱུར། །ཕྲིན་ལས་ཡེ་ཤེས་རྒྱས་པའི་བཀྲ་ཤིས་ཤོག །འཁོར་འདས་ཆོས་ཀུན་རྩ་རླུང་ཐིག་ལེའི་དབྱིངས། །བདེ་སྟོང་མ་མོའི་འཁོར་ལོར་ཡོངས་རྫོགས་པའི། །ཕྱི་ནང་གཞན་གསུམ་མཉམ་སྦྱོར་གྲུབ་པ་ཆེས། ཁམས་གསུམ་རྡོ་རྗེར་སྦྱོར་བའི་བཀྲ་ཤིས་ཤོག། ༈ སྣོད་ཀྱི་འཇིག་རྟེན་མ་སྐྱེས་ཡུམ་གྱི་ཀློང་། །བཅུད་ཀྱི་སེམས་ཅན་མ་འགགས་ཡབ་ཀྱི་མཁའ། །གཉིས་མེད་བདེ་ཆེན་བྱང་ཆུབ་སེམས་ཀྱི་དབྱིངས། །ཐམས་ཅད་མངོན་འཚང་རྒྱ་བའི་བཀྲ་ཤིས་ཤོག། །། ༄༅། །ཞི་བར། ཞི་བའི་གར་བསྒྱུར་བཅོམ་ལྡན་དཔའ་བོ་ནི། །མི་བསྐྱོད་རྡོ་རྗེ་མེ་ལོང་ཡེ་ཤེས་དང་། །འགྲོ་བའི་ལུས་ལ་དབང་བསྒྱུར་རྡོ་རྗེའི་སྐུ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། ༈ ཞི་བའི་ཕྲིན་ལས་ཡོངས་ལ་མངའ་མཛད་པའི། །རྩ་གསུམ་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཀྱིས། །བདག་ཅག་ཉེས་པའི་ཚོགས་ལས་རྣམ་རྒྱལ་བའི། །བཀྲ་ཤིས་དམ་པ་ཟླ་ལྟར་གསལ་གྱུར་ཅིག། ༈ འབྲས་བུའི་རྡོ་རྗེ་སངས་རྒྱས་རྡོ་རྗེ་འཆང་། །ལམ་གྱི་རྡོ་རྗེ་ཐེག་པའི་རྡོ་རྗེ་ཆོས། །རྒྱུ་ཡི་རྡོ་རྗེ་དགེ་འདུན་རྡོ་རྗེའི་རིགས། །མཆོག་གསུམ་རྡོ་རྗེས་སྐྱོབ་པའི་བཀྲ་ཤིས་ཤོག །སངས་རྒྱས་སྟོང་གི་རྡོ་རྗེའི་གསང་འཛིན་ཅིང་། །རྡོ་རྗེའི་ལུས་ཅན་ལག་ན་རྡོ་རྗེ་འཛིན། །རྡོ་རྗེའི་གསུང་གིས་རྡོ་རྗེའི་ཧཱུྃ་སྒྲ་སྒྲོག །རྡོ་རྗེ་རྣམ་པར་འཇོམས་པའི་བཀྲ་ཤིས་ཤོག །རིན་ཆེན་བུམ་པ་རྡོ་རྗེས་མཚན་པ་ལ། །རྟེན་འབྲེལ་རྫས་དང་རྡོ་རྗེའི་ཆུས་བཀང་སྟེ། །རྡོ་རྗེའི་གཟུངས་ཐག་རྡོ་རྗེའི་ཏིང་འཛིན་སྤྲོས། །རྡོ་རྗེ་དག་བྱེད་ཁྲུས་ཀྱི་བཀྲ་ཤིས་ཤོག །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རྡོ་རྗེས་འཇོམས། །བགེགས་རིག་སྟོང་ཕྲག་བརྒྱད་ཅུ་རྡོ་རྗེས་འདུལ། །ནད་རིགས་བཞི་བརྒྱ་རྩ་བཞི་རྡོ་རྗེས་ཞི། །སྨོན་ལམ་རྡོ་རྗེ་འགྲུབ་པའི་བཀྲ་ཤིས་ཤོག །འཆི་མེད་བདུད་རྩིས་སྒྲིབ་གཉིས་དྲི་མ་འཁྲུད། །རྣམ་དག་དབང་གི་ཆུ་རྒྱུན་བུམ་པའི་བཅུད། །མ་ལུས་སེམས་ཅན་ཀུན་ལ་ཁྱབ་ནས་ཀྱང་། །རྒྱུ་འབྲས་ནད་རྣམས་ཞི་བའི་བཀྲ་ཤིས་ཤོག། ༄། རྒྱས་པར། རྒྱས་པའི་གར་བསྒྱུར་བཅོམ་ལྡན་དཔའ་བོ་ནི། །རིན་ཆེན་འབྱུང་ལྡན་མཉམ་ཉིད་ཡེ་ཤེས་དང་། །འགྲོ་བའི་ཡོན་ཏན་དབང་བསྒྱུར་ཡོན་ཏན་མཆོག །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྒྱས་པའི་ཕྲིན་ལས་ཡོངས་ལ་མངའ་མཛད་པའི། །རྩ་གསུམ་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཀྱིས། །བདག་ཅག་གནས་སྐབས་མཐར་ཐུག་དཔལ་འབྱོར་རྒྱས། །བཀྲ་ཤིས་དམ་པ་ཉི་ལྟར་འབར་གྱུར་ཅིག། ༈ ཡིད་བཞིན་ནོར་དང་བུམ་པ་བཟང་པོ་བཞིན། །འགྲོ་བའི་རེ་བ་འབད་རྩོལ་མེད་པར་སྐོང་། །འདི་དང་གཏན་གྱི་ཕན་བདེ་མཆོག་སྦྱིན་མགོན། །རྩ་གསུམ་ནོར་ལྷའི་ཚོགས་ཀྱི་བཀྲ་ཤིས་ཤོག །རྒྱལ་བའི་ཐུགས་རྗེ་རིན་ཆེན་སྙིང་པོའི་སྤྲིན། །ཚེ་དང་ནོར་དང་མཐུ་ཡི་དཔལ་འབྱོར་མཆོག །འདོད་རྒུའི་ནོར་བུའི་དགའ་ཆར་འཛད་མེད་ཀྱིས། །ཕན་བདེའི་གང་བ་རྒྱས་པའི་བཀྲ་ཤིས་ཤོག །ཆོས་དང་མཐུན་པའི་འབྱོར་པ་རྒྱ་མཚོ་ཡིས། །གནས་སྐབས་རང་གཞན་དགའ་སྐྱིད་ཕུན་སུམ་ཚོགས། །མཐར་ཐུག་སྐུ་དང་ཡེ་ཤེས་དཀྱིལ་འཁོར་རྒྱས། །འགྲོ་དོན་ཐོགས་མེད་ཡོངས་འགྲུབ་བཀྲ་ཤིས་ཤོག། ༈ རྩ་གསུམ་ནོར་ལྷ་རབ་འབྱམས་བདེན་སྟོབས་ཀྱིས། །འཁོར་འདས་ཕྱྭ་གཡང་འདོད་རྒུའི་དཔལ་འབྱོར་རྒྱས། །རླུང་སེམས་དབང་འདུས་དགོངས་པའི་རྩལ་ཆེན་རྫོགས། །བསམ་དོན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག། ༈ ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་དང་། །ནོར་དང་ལོངས་སྤྱོད་འདོད་རྒུའི་ཕོངས་མེད་པར། །གོང་ནས་གོང་འཕེལ་འཛད་མེད་གཏེར་ལ་སྤྱོད། །སྦྱིན་པའི་ཕར་ཕྱིན་རྫོགས་པའི་བཀྲ་ཤིས་ཤོག། ༄། དབང་ལ། དབང་གི་གར་བསྒྱུར་བཅོམ་ལྡན་དཔའ་བོ་ནི། །སྣང་བ་མཐའ་ཡས་སོར་རྟོག་ཡེ་ཤེས་ངང་། །འགྲོ་བའི་ངག་ལ་དབང་བསྒྱུར་གསུང་གི་མཆོག །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དབང་གི་ཕྲིན་ལས་ཡོངས་ལ་མངའ་མཛད་པའི། །རྩ་གསུམ་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཀྱིས། །བདག་ཅག་རླུང་སེམས་སྣང་བ་དབང་འདུས་པའི། །བཀྲ་ཤིས་དམ་པ་མཁའ་ལྟར་ཁྱབ་གྱུར་ཅིག། ༈ དུས་གསུམ་ཕྱོགས་བཅུའི་སངས་རྒྱས་མཛད་པ་དང༔ ཕྲིན་ལས་ནུས་མཐུ་བདེན་པའི་བྱིན་རླབས་ཀྱིས༔ བཀྲ་ཤིས་མི་ཟད་ནམ་མཁའི་ཆར་རྒྱུན་གྱིས༔ ཁམས་གསུམ་དབང་སྡུད་ཟིལ་གནོན་བཀྲ་ཤིས་ཤོག༔ དབང་གི་ལྷ་མཆོག་ཡེ་ཤེས་སྒྱུ་མ་ཡིས༔ ཁམས་གསུམ་དྭངས་མའི་ཐིག་ལེར་དབང་དུ་འདུ༔ ཞི་བསིལ་བླ་ན་མེད་པའི་བདེ་བ་ཆེས༔ འཇིག་རྟེན་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་ཤོག༔ ཐུབ་གསུང་འཁོར་ལོ་ཐ་མ་ངེས་པའི་དོན། །སངས་རྒྱས་གཉིས་པ་པད་འབྱུང་གྲུབ་སྲོལ་མཆོག །སྔ་འགྱུར་ཟབ་གཏེར་སྒྲུབ་པའི་བསྟན་པ་ཉིད། །ཛམ་གླིང་ཁྱོན་འདིར་ཁྱབ་པའི་བཀྲ་ཤིས་ཤོག། ༈ རང་སྣང་པདྨོ་རྒྱས་པའི་གཞལ་མེད་ཁང་། །རིག་རྩལ་པདྨ་རྣམ་པར་རོལ་པའི་ལྷ། །སྲིད་ཞི་དབང་དུ་མཛད་པའི་བཀྲ་ཤིས་དེས། །འདོད་རྒུ་དབང་བྱེད་དགེ་ལེགས་དཔལ་འབར་ཤོག །རང་བྱུང་ཟླ་གམ་དབང་གི་ཕོ་བྲང་དུ། །བདེ་བའི་མདངས་འབྱིན་པདྨ་རིགས་ཀྱི་ལྕམ། །ཟག་མེད་དགའ་བ་འཁྱིལ་བའི་བཀྲ་ཤིས་དེས། །འདོད་རྒུ་དབང་བྱེད་དགེ་ལེགས་དཔལ་འབར་ཤོག །ཕྱོགས་ལས་རྣམ་རྒྱལ་ཆོས་བཟང་འདུན་ས་རུ། །འཇིག་རྟེན་དབང་ཕྱུག་ལྷ་ཆེན་ཚོགས་ཀྱི་རྗེ། །གང་བསམ་མྱུར་དུ་འགྲུབ་པའི་བཀྲ་ཤིས་དེས། །འདོད་རྒུ་དབང་བྱེད་དགེ་ལེགས་དཔལ་འབར་ཤོག །ཕྱི་རོལ་ཡུལ་སྣང་མཐའ་དག་དབང་དུ་འདུས། །རླུང་སེམས་འཁྲུལ་རྟོག་ནང་གི་དབྱིངས་སུ་ཞུགས། །འགྱུར་མེད་བདེ་ཆེན་རྡོ་རྗེ་གར་གྱི་དབང་། །ཆོས་དབྱིངས་ཀུན་ཁྱབ་ཆེན་པོའི་བཀྲ་ཤིས་ཤོག། ༈ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན། །འདོད་རྒུའི་འབྱོར་པ་འབད་མེད་ཆར་དུ་འབེབ། །བསམ་པ་ཙམ་གྱིས་དོན་ཀུན་ལྷུན་གྲུབ་པའི། །དབང་གི་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག། ༄། དྲག་པོར། ཕྲིན་ལས་གར་བསྒྱུར་བཅོམ་ལྡན་དཔའ་བོ་ནི། །དོན་ཡོད་གྲུབ་པ་བྱ་གྲུབ་ཡེ་ཤེས་ངང་། །འགྲོ་བའི་ལས་ལ་དབང་བསྒྱུར་ཕྲིན་ལས་མཆོག །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དྲག་པོའི་ཕྲིན་ལས་ཡོངས་ལ་མངའ་མཛད་པའི། །རྩ་གསུམ་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཀྱིས། །བདག་ཅག་བདུད་བགེགས་གཡུལ་ལས་རྣམ་རྒྱལ་བའི། །བཀྲ་ཤིས་མཐུ་སྟོབས་མེ་ལྟར་འབར་གྱུར་ཅིག །བསྟན་པའི་གཉེར་འཛིན་ཟབ་གཏེར་སྲུང་ཞིང་སྐྱོང་། །རིག་འཛིན་མངགས་གཞུག་ལོག་འདྲེན་དགྲ་བགེགས་གཤེད། །དྲག་གཏུམ་རྩལ་ལྡན་དམ་ཅན་སྲུང་མ་ཡིས། །དྲག་སྦྱོར་མངོན་སྤྱོད་འགྲུབ་པའི་བཀྲ་ཤིས་ཤོག། ༄། མཆོག་ལ། ལུས་ནི་སྣང་སྟོང་དབྱེར་མེད་ལྷ་ཡི་སྐུ། །ངག་ནི་གྲགས་སྟོང་འགག་མེད་ཚངས་པའི་གསུང་། །ཡིད་ནི་བདེ་སྟོང་འགྱུར་མེད་རྡོ་རྗེའི་ཐུགས། །ལེགས་ཤར་དོན་གཉིས་ལྷུན་གྲུབ་བཀྲ་ཤིས་ཤོག། ༈ བཀྲ་ཤིས་གང་ཞིག་ཅིར་སྣང་ལྷ་སྔགས་ཆོས་སྐུར་དག༔ རྩ་རླུང་ཐིག་ལེ་ཟག་མེད་དབུ་མའི་དབྱིངས་སུ་རྫོགས༔ གཟུང་འཛིན་རྟོག་ཚོགས་དབྱིངས་རིག་དབྱེར་མེད་ཆེན་པོར་སྨིནཿ མཆོག་ཐུན་དངོས་གྲུབ་ཆར་ལྟར་འབེབ་པའི་བཀྲ་ཤིས་ཤོག། ༄། རྒྱུད་དང་བཏགས་གྲོལ་ལ། བཀྲ་ཤིས་གང་ཞིག་དུས་བཞི་མཉམ་པ་ཉིད། །སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཆེན་རང་ཤར་བས། །སྐུ་གསུམ་རྣམ་ཐར་རྒྱ་མཚོའི་སྤྲིན་མཛེས་བཀོད། །བཀྲ་ཤིས་དེས་ཀྱང་རྒྱུད་ཀྱི་བདག་པོར་ཤོག །བཀྲ་ཤིས་གང་ཞིག་སངས་རྒྱས་ཐུགས་རྗེའི་སྲོག །གང་ལ་རེག་ཚད་གདོད་མའི་སར་འབྱིན་པའི། །ཕན་བདེའི་ཕྲིན་ལས་ལྷུན་གྲུབ་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་འགྲོ་བ་ཀུན་འདྲེན་ཤོག། ༄། རྫོགས་ཆེན་ལ། ཨ༔ མཚན་དཔེའི་དཔལ་འབར་རྗེས་ཆགས་སྐུ༔ གདན་གསུམ་ཡོངས་རྫོགས་ངོ་བོ་ཉིད༔ སྒྱུ་འཕྲུལ་དྲྭ་བར་རོལ་པའི་གར༔ སྤྲུལ་པའི་སྐུ་ཡི་བཀྲ་ཤིས་ཤོག༔ གྲགས་སྟོང་རང་གྲོལ་དྲུག་ཅུའི་དབྱངས༔ སྒྲ་ཚིག་ལས་འདས་ཟབ་དོན་མཛོད༔ ཞུ་བདེ་སྟོང་པ་ཉིད་ཀྱི་དངོས༔ ལོངས་སྤྱོད་རྫོགས་སྐུའི་བཀྲ་ཤིས་ཤོག༔ རྩ་གསུམ་འཁོར་ལོ་ལྔ་ཡི་སྦུབས༔ ཡས་བབས་མས་བརྟན་བདུད་རྩིའི་རོས༔ དགའ་བཞིའི་ཡེ་ཤེས་མངོན་གྱུར་པའི༔ ཆོས་ཀྱི་སྐུ་ཡི་བཀྲ་ཤིས་ཤོག༔ ཡོད་མེད་རྟག་ཆད་ལས་འདས་པ༔ བསམ་གྱིས་མི་ཁྱབ་གཉུག་མའི་ངང༔ བློ་དང་བྲལ་བའི་དེ་ཉིད་དོན༔ རང་རིག་ཟང་ཐལ་བཀྲ་ཤིས་ཤོག༔ སྣང་བ་བཞི་ཡིས་ཆོས་ཉིད་ཀློང༔ དབྱིངས་རིག་དབྱེར་མེད་བསྐྱལ་པ་ཡིས༔ གཟུང་འཛིན་རྟོག་པ་རང་སར་གྲོལ༔ ཆོས་ཟད་བློ་འདས་བཀྲ་ཤིས་ཤོག༔ ༈ ཨེ་མ་ཧོ༔ ཀུན་བཟང་བདེ་ཆེན་སྣང་མཐའ་ཡས༔་་་རྡོར་སེམས་སོགས་བསྒྱུར།མཆན། ཐིག་ལེ་ཟུང་འཇུག་ལུ་གུ་རྒྱུད༔ དབྱིངས་རིག་ཟུང་འཇུག་ཐོད་ཕྲེང་རྩལ༔ ཡང་སངས་རྒྱས་པའི་བཀྲ་ཤིས་ཤོག༔ གཟུང་འཛིན་བྲལ་བའི་ཞིང་ཁམས་སུ༔ ལྔ་ཕུང་ཟད་པའི་འོད་པོ་ཆེ། ཆོས་དང་ཡེ་ཤེས་མིང་འདོགས་བྲལ༔ ཀུན་ཏུ་བཟང་པོའི་བཀྲ་ཤིས་ཤོག༔ རྟེན་འབྲེལ་ཆོས་ཀུན་མ་འགགས་པ༔ བྱས་དང་བྱེད་པ་ཆོས་སྐུའི་རྩལ༔ འཁོར་བ་མིང་དུ་ཟད་པ་ཡི༔ རྟོགས་པའི་གདེང་ཐོབ་བཀྲ་ཤིས་ཤོག༔ ༈ ཧོ༔ རང་བཞིན་འོད་གསལ་རྡོ་རྗེའི་བདག༔ ཐོག་མཐའ་མེད་པའི་སེམས་དཔའ་ཆེ༔ སྐུ་བཞིའི་དབང་ཕྱུག་བཀྲ་ཤིས་དཔལ༔ སྲིད་ཞི་ཡོངས་ལ་ཁྱབ་གྱུར་ཅིག༔ བསམ་དུ་མེད་པའི་ལྟ་བ་རྟོགས༔ བརྗོད་དུ་མེད་པའི་སྒོམ་ཉམས་ལོན༔ བླང་དོར་མེད་པའི་སྤྱོད་པ་སྤྱད༔ འབྲས་བུ་ལྷུན་གྲུབ་བཀྲ་ཤིས་ཤོག༔ གཞི་སྣང་རིག་པ་མངོན་སུམ་མཐོང༔ ལམ་སྣང་གོང་འཕེལ་ཚད་ལ་ཕེབས༔ འབྲས་སྣང་ཆོས་ཟད་བློ་འདས་ངང༔ སྐུ་དང་ཡེ་ཤེས་བཀྲ་ཤིས་ཤོག༔ འགྱུར་བ་མེད་པ་རང་གི་གཤིས༔ རྟག་ཅིང་བརྟན་པ་རྡོ་རྗེའི་གནས༔ རང་རིག་ཡེ་ཤེས་དབྱེར་མེད་པརཿ མངོན་སངས་རྒྱ་བའི་བཀྲ་ཤིས་ཤོག༔ ༈ གདོད་མའི་མགོན་པོ་ཀུན་བཟང་འོད་མཐའ་ཡས༔ སྒྱུ་འཕྲུལ་དྲྭ་བའི་བདག་ཉིད་རྡོ་རྗེ་སེམས༔ དབྱེར་མེད་རིག་འཛིན་བླ་མའི་བྱིན་རླབས་ཀྱིས༔ དགོངས་བརྒྱུད་འཕོ་བ་ཐོབ་པའི་བཀྲ་ཤིས་ཤོག༔ སྒྲིབ་གཉིས་གཟུང་འཛིན་འཆིང་བ་དབྱིངས་སུ་ཞི༔ ཀ་དག་ལྷུན་གྲུབ་དབྱེར་མེད་རྟོགས་པ་རྒྱས༔ རང་སྣང་དབང་འདུས་རླུང་སེམས་དབུ་མར་བསྒྲལ༔ མཆོག་གི་ཕྲིན་ལས་འགྲུབ་པའི་བཀྲ་ཤིས་ཤོག༔ གཞི་ཡི་བཀྲ་ཤིས་འོད་གསལ་དབྱིངས་ཀྱི་ངངཿ ལམ་གྱི་བཀྲ་ཤིས་ཡེ་ཤེས་སྣང་བ་རྒྱས༔ འབྲས་བུའི་བཀྲ་ཤིས་ཟུང་འཇུག་མངོན་དུ་གྱུར༔ ཕྲིན་ལས་མཛད་པ་མཐའ་ཡས་བཀྲ་ཤིས་ཤོག༔ ༈ འོད་གསལ་སྙིང་པོ་དོན་གྱི་གཞལ་ཡས་ནས༔ བརྒྱུད་གསུམ་བླ་མ་འཇའ་ལུས་རྡོ་རྗེའི་སྐུ༔ མི་ཟད་རྒྱན་གྱི་འཁོར་ལོའི་སྤྲུལ་པ་ཡིས༔ ཨ་ཏིའི་སྒྲུབ་བརྒྱུད་འཕེལ་བའི་བཀྲ་ཤིས་ཤོག༔ སྲིད་ཞི་གཞིར་རྫོགས་འབྲས་བུ་ཆོས་ཟད་ཀློང༔ བདེ་ཆེན་མི་གཡོ་ཐར་གླིང་དགའ་བདེའི་ཞིང༔ འགྲོ་བ་འདི་དྲུག་ཟག་མེད་འོད་གསལ་ངང༔ ཉིན་མཚན་བདེ་ལེགས་སྐྱོང་བའི་བཀྲ་ཤིས་ཤོག༔ ༈ འོད་གསལ་རྡོ་རྗེ་སྙིང་པོའི་གཞལ་ཡས་ནས༔ དགུ་ལྡན་བླ་མ་འགྱུར་མེད་རྡོ་རྗེའི་སྐུ༔ མི་ཟད་རྒྱན་འཁོར་རྣམ་དག་ལེགས་སྤྲུལ་པས༔ ཨ་ཏིའི་སྒྲུབ་བརྒྱུད་དར་བའི་བཀྲ་ཤིས་ཤོག༔ སྤྲོས་མཐའ་ཀུན་བྲལ་ཆོས་ཟད་འབྲས་བུའི་ཀློང༔ རིག་སྟོང་དབྱེར་མེད་མཁའ་སྤྱོད་རྡོ་རྗེའི་ཞིང༔ ཀ་དག་འགྱུར་མེད་ཀུན་བཟང་པད་འབྱུང་ཀློང༔ འདུས་བྱས་འགྲོ་ཀུན་མ་ལུས་མངོན་རྫོགས་ཤོག༔ ༈ རྒྱལ་བ་ཀུན་གྱི་ཉེ་ལམ་གཅིག་པུ་རུ། །རྒྱལ་བས་ཡོངས་བསྔགས་ཐེག་མཆོག་རྫོགས་པ་ཆེ། །རྒྱལ་དབང་པདྨའི་རིང་ལུགས་སྔ་འགྱུར་བའི། །རྒྱལ་བསྟན་ཕྱོགས་མཐར་རྒྱས་པའི་བཀྲ་ཤིས་ཤོག། ༄༅། །དབང་ཆེན་རིགས་ལ། ཐུན་མོང་རིག་པའི་དབང་ལྔར་བསྟོད་པ་ནི། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །རྡོ་རྗེ་ཐུགས་ནི་བླ་ན་མེད། །སྐྱེ་མེད་སྤྲོས་བྲལ་ངོ་བོ་ཉིད། །མི་བསྐྱོད་པ་ལ་ཕྱག་འཚལ་བསྟོད། ༈ །ལྟ་བ་ངན་པ་འཇོམས་མཛད་པའི། །རིན་ཆེན་རྒྱལ་པོ་ཡོན་ཏན་གཙོ། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །རིན་ཆེན་འབྱུང་ལ་ཕྱག་འཚལ་བསྟོད། ༈ །རྡོ་རྗེ་གསུང་ནི་དཔག་མེད་པ། །དེ་བཞིན་གཤེགས་པའི་གསུང་མཆོག་ལས། །རྡོ་རྗེའི་གསུང་ནི་ཀུན་འབྱུང་བ། །རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད། ༈ །རྡོ་རྗེ་ལས་རབ་ཀུན་གྱི་མཆོག །སེམས་ཅན་ཀུན་གྱི་དོན་འགྲུབ་དཔལ། །བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད། །ལས་ཀྱི་གཙོ་ལ་ཕྱག་འཚལ་བསྟོད། ༈ །རྡོ་རྗེའི་སྐུ་ནི་བདག་ཉིད་ཆེ། །ཐམས་ཅད་ཞི་བའི་མཆོག་ཉིད་གསལ། །རང་གི་ངང་གི་འོད་གསལ་མཆོག །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། ༈ །ཕུང་ཁམས་དག་པ་གཤེགས་པ་གཤེགས་མའི་གདན། །སྐྱེ་མཆེད་དག་པ་སེམས་དཔའ་སེམས་མའི་གདན། །ལས་དབང་དག་པ་ཁྲོ་བོ་ཁྲོ་མོའི་གདན། །གདན་གསུམ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད།། ༄། བཀྲ་ཤིས་ལ། བཀྲ་ཤིས་གང་ཞིག་མཐའ་དག་རྡོ་རྗེའི་རིགས་དང་ལྡན། །ཞེ་སྡང་ཟིལ་གནོན་སྐྱེ་བོ་ཡོངས་སུ་སྦྱོང་བ་པོ། །དེ་ནི་མི་བསྐྱོད་མགོན་པོ་ཞེས་བྱའི་མཚན་འཆང་བ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་མཐའ་དག་རིན་ཆེན་རིགས་དང་ལྡན། །དབུལ་བའི་སྡུག་བསྔལ་ཡོངས་སུ་གྲོལ་བའི་ཆེད་དུ་བརྩོན། །ང་རྒྱལ་ཟིལ་གནོན་སྐྱེ་བོ་ཡོངས་སུ་སྦྱོང་བ་པོ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་མཐའ་དག་པདྨའི་རིགས་དང་ལྡན། །འཇིག་རྟེན་དབང་ཕྱུག་སྲིད་པའི་དྲྭ་བ་རྣམ་འཇོམས་ཤིང་། །འདོད་ཆགས་ཟིལ་གནོན་སྐྱེ་བོ་ཡོངས་སུ་སྦྱོང་བ་པོ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་མཐའ་དག་ལས་ཀྱི་རིགས་དང་ལྡན། །རྫུན་སྨྲར་དགའ་བ་རྣམས་ལ་སྙིང་རྗེའི་བདག་ཉིད་ཅན། །དེ་རྣམས་ཕྲག་དོག་སྡིག་ལས་གྲོལ་བའི་གཉེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་མཐའ་དག་གཏི་མུག་རིགས་དང་ལྡན། །རྣམ་པར་སྣང་མཛད་རྟག་ཏུ་སྲིད་པའི་སྡུག་བསྔལ་འཕྲོག །གཏི་མུག་ཟིལ་གནོན་སྐྱེ་བོ་ཡོངས་སུ་སྦྱོང་བ་པོ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་སམ། ཡང་ན། བཀྲ་ཤིས་གང་ཞིག་མི་བསྐྱོད་རིགས་ཀྱི་གཙོ། །མེ་ལོང་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་སྤྲིན། །རྡོ་རྗེ་རྒྱལ་པོའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་བདུད་ལས་རྣམ་རྒྱལ་ཤོག །བཀྲ་ཤིས་གང་ཞིག་རིན་ཆེན་རིགས་ཀྱི་གཙོ། །མཉམ་ཉིད་ཡེ་ཤེས་གདལ་མཉམ་ཆེན་པོའི་གར། །རིན་ཆེན་རྒྱལ་པོའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་བདུད་ལས་རྣམ་རྒྱལ་ཤོག །བཀྲ་ཤིས་གང་ཞིག་པདྨ་རིགས་ཀྱི་གཙོ། །སོར་རྟོག་ཡེ་ཤེས་མ་འདྲེས་རྫོགས་པའི་དཔལ། །པདྨ་རིགས་ཀྱི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་བདུད་ལས་རྣམ་རྒྱལ་ཤོག །བཀྲ་ཤིས་གང་ཞིག་ལས་རབ་རིགས་ཀྱི་གཙོ། །བྱ་གྲུབ་ཡེ་ཤེས་ལྷུན་གྱིས་རྫོགས་པའི་དཔལ། །དོན་གྲུབ་རྒྱལ་པོའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་བདུད་ལས་རྣམ་རྒྱལ་ཤོག །བཀྲ་ཤིས་གང་ཞིག་བདེ་གཤེགས་རིགས་ཀྱི་གཙོ། །ཆོས་དབྱིངས་ཡེ་ཤེས་མཁའ་ལྟར་དག་པའི་སྐུ། །རྣམ་སྣང་རྒྱལ་པོའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་བདུད་ལས་རྣམ་རྒྱལ་ཤོག། ༈ ཡང་བསྡུ་ན། བཀྲ་ཤིས་གང་ཞིག་ཉོན་མོངས་ཕུང་འབྱུང་ཁམས། །རྣམ་དག་ཡེ་ཤེས་རྡོ་རྗེར་ཡོངས་གྲུབ་པའི། །རང་བཞིན་རྟག་པའི་རྡོ་རྗེའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། ༄། སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལ། བཀྲ་ཤིས་གང་ཞིག་སྐྱེ་བ་མེད་པའི་གར། །མཚན་དཔེའི་དཔལ་འབར་དགའ་ཆེན་ཕྱག་རྒྱའི་ལྷ། །རྡོ་རྗེ་དབྱིངས་ཀྱི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་བདུད་ལས་རྣམ་རྒྱལ་ཤོག །ཅེས་སམ། བཀྲ་ཤིས་གང་ཞིག་མ་རིག་ཉོན་མོངས་དང་། །ཚོགས་ཡུལ་རྟོག་བཞི་སྐྱེ་བཞི་སྒྲིབ་པ་དྲུག །རྟག་ཆད་ལ་སོགས་མ་སྤང་གནས་གྱུར་དཔལ། ཁྲག་འཐུང་ལྷ་ཚོགས་སྐུ་ཡི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་འགག་པ་མེད་པའི་རྩལ། །ཨཱ་ལི་ཀཱ་ལི་བརྗོད་པ་ཀུན་མཆོག་གསུང་། །བརྗོད་མེད་དབྱངས་ཀྱི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་བདུད་ལས་རྣམ་རྒྱལ་ཤོག །བཀྲ་ཤིས་གང་ཞིག་གནས་པ་མེད་པའི་དབྱིངས། །མཚན་མ་ཀུན་བྲལ་བདེ་ཆེན་ལྷུན་གྲུབ་ཐུགས། །འགྱུར་མེད་རྟག་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་བདུད་ལས་རྣམ་རྒྱལ་ཤོག །བཀྲ་ཤིས་གང་ཞིག་བྲལ་ཐོབ་མེད་པའི་རྒྱན། །གདོད་ནས་ལྷུན་གྲུབ་ཡོན་ཏན་རྫོགས་པའི་དཔལ། །ཡིད་བཞིན་རེ་སྐོང་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་བདུད་ལས་རྣམ་རྒྱལ་ཤོག །བཀྲ་ཤིས་གང་ཞིག་བྱ་རྩོལ་བྲལ་བའི་ངང་། །གང་འདུལ་དེར་སྣང་ཕྲིན་ལས་རྒྱ་མཚོའི་གར། །རང་བཞིན་རྩལ་རྫོགས་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་བདུད་ལས་རྣམ་རྒྱལ་ཤོག །ཡང་ན། བཀྲ་ཤིས་གང་ཞིག་བསྐྱེད་སྔགས་རྫོགས་པ་ཆེའི། །འཁོར་ལོ་གསུམ་གྱིས་གཉིས་འཛིན་རྩད་བཅད་ནས། །རྡོ་རྗེ་གསང་བ་གསུམ་དང་མཉམ་སྦྱོར་བའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་གང་ཞིག་མ་བཙལ་ལྷུན་གྱིས་རྫོགས། །འདུ་འབྲལ་མེད་པའི་སྲོག་ཏུ་གྲུབ་པའི་དཔལ། །ཡུལ་དབང་མཉམ་སྦྱོར་རྟོག་ཚོགས་རིག་པས་བསྒྲལ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་གང་ཞིག་གང་འདུལ་དེར་སྟོན་ཅིང་། །ལམ་གྱི་ཡོན་ཏན་གཞི་ལ་རྫོགས་པ་ཡི། །ཟིལ་གནོན་ལས་འགྱེད་ཕྲིན་ལས་ལྷུན་གྲུབ་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། ༄། ཉན་དབང་ལ། བཀྲ་ཤིས་གང་ཞིག་ཟབ་གསང་རྡོ་རྗེའི་གནས། །རྒྱུད་དོན་ཐོས་བསམ་སྒོམ་པས་རང་རྒྱུད་གྲོལ། །བདག་དོན་མཐར་ཕྱིན་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་བསྟན་པའི་རྒྱན་བྱེད་ཤོག །འཆད་པར། བཀྲ་ཤིས་གང་ཞིག་ལུང་དང་རྟོགས་པའི་ནོར། །སྐལ་ལྡན་ཡོངས་ལ་སྤེལ་བས་གཞན་རྒྱུད་འབྱོངས། །གཞན་དོན་ལྷུན་གྲུབ་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་བསྟན་པ་རྒྱས་བྱེད་ཤོག །དོན་གཉིས་ལ། བཀྲ་ཤིས་གང་ཞིག་ཀུན་བཟང་ཐུགས་ཀྱི་མཛོད། །སྒོམ་སྒྲུབ་འཆད་སྤེལ་རྣམ་དཔྱོད་ཕྲིན་ལས་ཀྱིས། །ནུབ་མེད་འཛིན་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་བསྟན་པ་སྤེལ་ནུས་ཤོག། ༄། སློབ་དཔོན་མངའ་གསོལ་ལ། བཀྲ་ཤིས་གང་ཞིག་མི་འཇིགས་བཞི་ལྡན་ཁྲིར། །གསང་སྔགས་སྟོན་པ་མཆོག་ཏུ་མངའ་གསོལ་བས། །རྡོ་རྗེ་རྒྱལ་པོ་དཔལ་ཀུན་ལྷུན་རྫོགས་པའི། །བཀྲ་ཤིས་དེས་ཀྱང་བསྟན་པའི་བདག་པོར་ཤོག །བཀྲ་ཤིས་གང་ཞིག་རྒྱལ་རྟགས་ཅོད་པཎ་བཅིངས། །དགོངས་བརྒྱུད་འོད་ཟེར་ཆེན་པོའི་དབང་བསྐུར་མཆོག །རྡོ་རྗེ་གསུམ་གྱི་ཕྱག་རྒྱར་མཉམ་སྦྱར་པའི། །བཀྲ་ཤིས་དེས་ཀྱང་དཀྱིལ་འཁོར་བདག་པོར་ཤོག །བཀྲ་ཤིས་གང་ཞིག་ཆོས་ཀྱི་ཤིང་རྟར་གནས། །གྲགས་པའི་གདུགས་ཕུབ་བསྟན་པའི་རྒྱལ་མཚན་སྒྲེང་། །ཞིང་ཁམས་ཀུན་ཏུ་རྫུ་འཕྲུལ་སྟོབས་རྒྱུ་བའི། །བཀྲ་ཤིས་དེས་ཀྱང་ཆོས་ཀྱི་རྒྱལ་པོར་ཤོག །བཀྲ་ཤིས་གང་ཞིག་དོན་གཉིས་མཐར་ཕྱིན་པའི། །རྡོ་རྗེ་སློབ་དཔོན་སངས་རྒྱས་ཀུན་གྱི་སྲས། །བསྟན་པའི་བདག་པོ་འགྲོ་དྲུག་སྐྱབས་དང་མགོན། །བདག་པོ་ཆེན་པོའི་དཔལ་གྱི་བཀྲ་ཤིས་ཤོག །མཁའ་ལ་བཀྲ་ཤིས་རྩ་གསུམ་སྤྲིན་ལྟར་གཏིབས། །ས་ལ་བཀྲ་ཤིས་ཐེག་ཆེན་རྒྱལ་ཐབས་བརྗིད། །བར་སྣང་བཀྲ་ཤིས་དངོས་གྲུབ་ཆར་འབེབ་པའི། །བཀྲ་ཤིས་མཆོག་དེས་ཀུན་ཏུ་བཀྲ་ཤིས་ཤོག། ༈ དབུགས་དབྱུང་ལུང་བསྟན་ལ། བཀྲ་ཤིས་གང་ཞིག་ཕྱོགས་བཅུའི་རྒྱལ་རྣམས་ཀྱིས། །གསུང་དབྱངས་མཐུན་པར་མི་བསྐྱོད་རྒྱལ་བ་རུ། །ལུང་བསྟན་རྫོགས་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་མངོན་རྫོགས་འཚང་རྒྱ་ཤོག། ༄། གསང་དབང་ལ། འཕོ་ཆེན་བཅུ་གཉིས་དབུ་མའི་ལམ་དུ་ཞུགས། །གཏུམ་མོ་འབར་བས་ཟླ་བ་བདུད་རྩིར་ཞུ། །འབྱུང་ལྡོག་དགའ་བཞིའི་འགྲོས་རྫོགས་མི་འགྱུར་བའི། །བདེ་ཆེན་ཡེ་ཤེས་ཚེ་འདིར་མངོན་གྱུར་ཤོག །ཆོས་ཉིད་གསང་བ་ཡུམ་གྱི་བྷ་གའི་ཀློང་། །ཡེ་ཤེས་རྡོ་རྗེ་རྗེས་ཆགས་མཉམ་སྦྱོར་བའི། །བདེ་ཆེན་བྱང་ཆུབ་སེམས་ཀྱི་བདེན་པ་དེས། །སྲིད་ཞིའི་དགེ་ལེགས་ཡོངས་རྫོགས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་མཉམ་སྦྱོར་དགའ་བའི་དཔྱིད། །བྱང་ཆུབ་སེམས་ཀྱི་བདུད་རྩི་རྨད་པོ་ཆེས། །གཞི་རྒྱུད་བདེ་སྟོང་དཀྱིལ་འཁོར་གསོས་བཏབ་པའི། །བཀྲ་ཤིས་དེས་ཀྱང་ལོངས་སྤྱོད་སྐུ་འགྲུབ་ཤོག། ༄། ཤེར་དབང་ལ། ཐིག་ལེ་ཆེན་པོར་སྐུ་དང་ཞིང་ཁམས་རྫོགས། །དམ་ཚིག་ཆེན་པོར་སྤང་བླང་མཚན་མ་དག །ཁྱབ་བརྡལ་ཆེན་པོར་རེ་དོགས་མདུད་པ་གྲོལ། །རྫོགས་པ་ཆེན་པོར་ཆོས་སྐུ་མངོན་གྱུར་ཤོག །རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །རང་རིག་བྱང་ཆུབ་སེམས་ཀྱི་རང་རྩལ་ཉིད། །ཆོས་ཉིད་ཀུན་ཏུ་བཟང་མོའི་མཁའ་ཀློང་དུ། །ཡེ་ཤེས་རྩལ་ཆེན་རྫོགས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཤེས་རབ་ཉི་མ་ལ། །བཅུ་དྲུག་ཟླ་བའི་ལང་ཚོ་འཛད་མེད་སྤེལ། །ལམ་རྒྱུད་གསལ་སྟོང་དཀྱིལ་འཁོར་ལྷུན་རྫོགས་པའི། །བཀྲ་ཤིས་དེས་ཀྱང་ཆོས་སྐུ་མཆོག་འགྲུབ་ཤོག། ༄། ཚིག་དབང་ལ། བཀྲ་ཤིས་གང་ཞིག་ཀ་དག་རྡོ་རྗེའི་ཁམས། །ལྷུན་གྲུབ་སྣང་བཞིའི་རྩལ་གྱིས་བྱང་ཆུབ་པའི། །འབྲས་རྒྱུད་བུམ་པའི་སྐུ་རུ་འུབ་ཆུབ་པའི། །བཀྲ་ཤིས་དེས་ཀྱང་སྐུ་བཞི་ལྷུན་གྲུབ་ཤོག། །། ༄༅། །ཡང་བཀྲ་ཤིས་སྤྱི་འགྲོ་ལ། ཆོས་སྐུ་ཀུན་བཟང་ལོངས་སྐུ་རིགས་ལྔ་དང་། །སྤྲུལ་སྐུ་རིགས་གསུམ་ཡང་སྤྲུལ་དགའ་རབ་སོགས། །ཡེ་ཤེས་སྐུ་མཆོག་རྒྱལ་བ་དགོངས་པས་བརྒྱུད། །རྒྱལ་བ་དགོངས་པ་བརྒྱུད་པའི་བཀྲ་ཤིས་ཤོག །གྲགས་ལྡན་མཆོག་སྐྱོང་ཀླུ་རྒྱལ་འཇོག་པོ་དང་། །གནོད་སྦྱིན་སྲིན་པོ་ལིཙྪ་དྲི་མེད་སོགས། །ཐུགས་རྗེ་གདུང་འཚོབ་རིག་འཛིན་རིག་པས་བརྒྱུད། །རིག་འཛིན་རིག་པ་བརྒྱུད་པའི་བཀྲ་ཤིས་ཤོག །རྒྱ་གར་མཁས་གྲུབ་ལོ་པན་བརྒྱུད་པ་དང་། །བསྟན་པའི་སྲོག་ཤིང་བོད་ཀྱི་བརྒྱུད་པ་སོགས། །དཔང་གྱུར་རྡོ་རྗེ་གང་ཟག་སྙན་ཁུངས་བརྒྱུད། །གང་ཟག་སྙན་ཁུངས་བརྒྱུད་པའི་བཀྲ་ཤིས་ཤོག །རྩ་བརྒྱུད་བླ་མ་རྒྱལ་བ་སྲས་དང་བཅས། །ཡི་དམ་ཞི་ཁྲོ་དཀྱིལ་འཁོར་ལྷག་པའི་ལྷ། །གདུག་པ་ཀུན་འདུལ་ཆོས་སྐྱོང་སྲུང་མ་སོགས། །བཅོམ་ལྡན་རྩ་བ་གསུམ་གྱི་བཀྲ་ཤིས་ཤོག །འདི་ལྟར་རབ་དཀར་དགེ་ཚོགས་རྣམ་དཀར་མཐུས། །རྡོ་རྗེ་སྙིང་པོའི་བསྟན་པ་དར་བ་དང་། །དེ་སྐྱོང་བསྟན་འཛིན་སྐྱེས་བུ་དམ་པ་རྣམས། །ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་གྱུར་ཅིག །སྐྱེ་རྒུ་ཐམས་ཅད་བདེ་སྐྱིད་ཀུན་ལྡན་ཞིང་། །ལོ་ཕྱུགས་རབ་རྒྱས་ཚེ་དཔལ་ཡེ་ཤེས་རྒྱས། །འགལ་རྐྱེན་ཀུན་ཞི་བསམ་དོན་ལྷུན་གྱིས་གྲུབ། །མཐར་ཐུག་ཆོས་ལ་སྤྱོད་པའི་བཀྲ་ཤིས་ཤོག །དཀྱིལ་འཁོར་གཞལ་ཡས་འདིར་ཡང་བཀྲ་ཤིས་ཤིང་། །ཉིན་ཡང་བཀྲ་ཤིས་དཔལ་འབར་ཏ་ལ་ལ། །མཚན་ཡང་བཀྲ་ཤིས་དཔལ་འབར་འཁྱིལ་ལི་ལི། །ཉིན་མཚན་རྟག་ཏུ་བཀྲ་ཤིས་བདེ་ལེགས་ཤོག། ༈ བཀྲ་ཤིས་ཞི་བ་རང་རིག་སྙིང་པོ་ཀ་དག་འོད་གསལ་ཆོས་ཀྱི་སྐུ། །བཀྲ་ཤིས་ཐུགས་རྗེའི་སྒྱུ་འཕྲུལ་དམིགས་མེད་ལྷུན་གྲུབ་བརྡལ་བ་ལོངས་སྤྱོད་རྫོགས། །བཀྲ་ཤིས་བསམ་ཡས་གང་འདུལ་དེར་སྣང་སྤྲུལ་པ་སྣ་ཚོགས་སྐུ། །བཀྲ་ཤིས་འབྱུང་གནས་སྐུ་གསུམ་དབྱེར་མེད་རྟག་པ་རྡོ་རྗེས་དགེ་ལེགས་སྩོལ། །བཀྲ་ཤིས་གང་ཞིག་དཀོན་མཆོག་རིན་ཆེན་གསུམ་གྱི་བཀྲ་ཤིས་ནམ་མཁའ་ལ། །བཀྲ་ཤིས་གང་ཞིག་འདོད་རྒུའི་འབྱུང་གནས་རྩ་གསུམ་བཀྲ་ཤིས་སྤྲིན་ཕུང་གཏིབས། །བཀྲ་ཤིས་གང་ཞིག་ཚེ་དབང་ཆོས་འབྱོར་ཕུན་ཚོགས་བཀྲ་ཤིས་ཆར་ཆེན་འབེབ། །བཀྲ་ཤིས་གང་ཞིག་གནས་སྐབས་ཀུན་ཏུ་བདེ་ལེགས་འཕེལ་གྱུར་ཅིག །ལྷ་རྣམས་བཀྲ་ཤིས་ཤིས་པའི་མེ་ཏོག་མནྡཱ་རཿབའི་དགའ་ཆར་བསྙིལ། །ཀླུ་རྣམས་བཀྲ་ཤིས་ཤིས་པའི་ནོར་བུ་དབྱིག་གི་སྙིང་པོའི་མཆོད་སྤྲིན་གཏིབས། །མི་རྣམས་བཀྲ་ཤིས་ཤིས་པའི་དགེ་མཚན་རྫོགས་ལྡན་དཔལ་འབྱོར་བདེ་སྐྱིད་རྒྱས། །རྣམ་གསུམ་བཀྲ་ཤིས་ཤིས་པའི་དཔལ་གྱིས་འཇིག་རྟེན་གསུམ་པོར་དགེ་གྱུར་ཅིག །ཕན་བདེ་འབྱུང་གནས་རྒྱལ་བསྟན་དར་ཞིང་དེ་འཛིན་སྐྱེས་བུའི་སྐུ་ཚེ་བརྟན། །དགེ་འདུན་སྡེ་རྒྱས་ཐུགས་མཐུན་ཁྲིམས་གཙང་བསླབ་ནོར་ཐོས་བསམ་སྒོམ་པས་ཕྱུག །བསྟན་པའི་སྦྱིན་བདག་ཚེ་བསོད་དཔལ་འབྱོར་དབྱར་གྱི་ཆུ་གཏེར་བཞིན་དུ་རྒྱས། །ཉེས་པའི་སྐྱོན་བྲལ་ལེགས་ཚོགས་ཡོངས་འདུ་སྡེ་བཞིའི་དགའ་སྟོན་རྫོགས་ལྡན་ལང་ཚོ་བཞད་གྱུར་ཅིག། ༈ ཞི་བ་སྤྲོས་བྲལ་ཕྱོགས་ལྷུང་སྤངས་པའི་ནམ་མཁའ་ལ། །ཐུགས་རྗེའི་འཇུག་པ་དམིགས་མེད་ཁྱབ་བརྡལ་ཆུ་འཛིན་དཀྲིགས། །དགོས་འདོད་རེ་སྐོང་ཡིད་བཞིན་ནོར་བུའི་གྲུ་ཆར་འབེབ། །སྐུ་གསུམ་ལྷུན་གྲུབ་བཀྲ་ཤིས་དམ་པའི་བཀྲ་ཤིས་ཤོག །བཀྲ་ཤིས་ཀུན་གྱི་འབྱུང་གནས་དཀོན་མཆོག་རྩ་བ་གསུམ། །བཀྲ་ཤིས་ཀུན་གྱི་བྱེད་པོ་ཚངས་སོགས་མཐུ་ཆེན་ལྷ། །བཀྲ་ཤིས་ཀུན་གྱི་སྙིང་པོ་ཕུན་སུམ་ཚོགས་པའི་དཔལ། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །བཀྲ་ཤིས་མཁའ་ལ་བཀྲ་ཤིས་ཉི་ཟླ་ཟུང་དུ་འཇུག །བཀྲ་ཤིས་བར་སྣང་བཀྲ་ཤིས་རྟགས་ཀྱི་གྲུ་ཆར་འབེབ། །བཀྲ་ཤིས་ས་སྟེང་བཀྲ་ཤིས་རི་གླིང་བཀོད་པས་ཕྱུག །བཀྲ་ཤིས་དཔལ་འབྱོར་བཀྲ་ཤིས་ས་གསུམ་ཀུན་ཁྱབ་ཤོག །བཀྲ་ཤིས་ཡིད་བཞིན་སྐྱེ་རྒུའི་རེ་བ་ཡོངས་སྐོང་དཔག་བསམ་ཤིང་། །བཀྲ་ཤིས་ཡིད་བཞིན་སྐྱེ་རྒུའི་དཔལ་འབྱུང་བུམ་པ་བཟང་། །བཀྲ་ཤིས་ཡིད་བཞིན་དགོས་འདོད་ཀུན་སྩོལ་ཡིད་བཞིན་ནོར། །བཀྲ་ཤིས་ཡིད་བཞིན་གཏེར་མཆོག་རྣམས་ཀྱི་བཀྲ་ཤིས་ཤོག །མཁའ་ལ་བཀྲ་ཤིས་འོད་གསལ་རྟག་པའི་ཉི་མ་ཤར། །བར་སྣང་བཀྲ་ཤིས་ཞི་བའི་མེ་ཏོག་ཆར་རྒྱུན་གཡོ། །ས་སྟེང་བཀྲ་ཤིས་སྙིང་པོའི་བསྟན་པའི་ལྷུན་པོ་བརྗིད། །རྣམ་གསུམ་བཀྲ་ཤིས་འཇིག་རྟེན་ཀུན་ཏུ་རྒྱས་གྱུར་ཅིག །བཀྲ་ཤིས་རབ་མཆོག་འཇིག་རྟེན་འདྲེན་པ་སངས་རྒྱས་ཏེ། །བཀྲ་ཤིས་རྨད་བྱུང་ཉོན་མོངས་གདུང་སེལ་དམ་པའི་ཆོས། །བཀྲ་ཤིས་དམ་པ་རྒྱལ་སྲས་འཕགས་པའི་དགེ་འདུན་གཙོ། །བཀྲ་ཤིས་བླ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །མི་འགྱུར་ཀློང་ཡངས་ཀ་དག་བུམ་པ་སྐུ་ཡི་དབྱིངས། །རང་སྣང་ལྷུན་གྲུབ་ཞིང་སྐུའི་བཀོད་པའི་ཉི་ཟླ་འབར། །མ་ངེས་འགྲོ་འདུལ་ཐུགས་རྗེའི་ཟེར་སྤྲིན་མུ་མེད་འཕྲོ། །སྐུ་གསུམ་བླ་མ་མཁའ་འགྲོའི་ཚོགས་ཀྱིས་བཀྲ་ཤིས་སྩོལ། །དཀོན་མཆོག་རིན་ཆེན་འགྲོ་བའི་བླ་མ་རྐང་གཉིས་གཙོ། །དམ་ཆོས་བདུད་རྩི་སྲིད་པའི་ནད་འཇོམས་སྨན་ཆེན་པོ། །རིག་གྲོལ་ཡོན་ཏན་འབྲས་སྨིན་དགེ་འདུན་དཔག་བསམ་དབང་། །མཆོག་གསུམ་བཀྲ་ཤིས་ཉིན་མཚན་ཀུན་ཏུ་དགེ་གྱུར་ཅིག །ཀུན་ཏུ་བཟང་པོ་རྡོ་རྗེ་སློབ་དཔོན་ཚུལ་སྣང་བ། །པདྨ་འོད་གསལ་མདོ་སྔགས་གླིང་དང་མཆོག་གྱུར་མགོན། །པདྨཱཀ་ར་འཆི་མེད་གཡུང་དྲུང་གླིང་པ་ཡི། །ཐུགས་རྗེའི་བཀྲ་ཤིས་ནོར་བུའི་དགའ་ཆར་གཏིབས་གྱུར་ཅིག །བརྒྱུད་གསུམ་བླ་མའི་བྱིན་རླབས་སྤྲིན་ཕུང་ཀུན་ཏུ་དཀྲིགས། །ཡི་དམ་མཁའ་འགྲོས་དངོས་གྲུབ་བདུད་རྩི་ཆར་དུ་འབེབ། །ཆོས་སྐྱོང་སྲུང་མས་ཕྲིན་ལས་ཐོགས་མེད་ཡིད་བཞིན་སྒྲུབ། །རྩ་གསུམ་བཀྲ་ཤིས་ནུབ་མེད་རྟག་པར་འཆར་གྱུར་ཅིག །བསོད་ནམས་དཔལ་གྱིས་འབྱོར་པའི་རྒྱ་མཚོ་མཐའ་བྲལ་ཟབ། །བཤད་སྒྲུབ་ལང་ཚོ་རྫོགས་པའི་ཐུབ་བསྟན་ལྷུན་པོ་བརྗིད། །བསྟན་འཛིན་སྐྱེས་མཆོག་རྒྱུ་སྐར་ཕྲེང་བས་མཛེས་པ་ཡི། །བཀྲ་ཤིས་དམ་པས་ཀུན་ཏུ་བདེ་ལེགས་བྱེད་གྱུར་ཅིག །ལྷ་རྣམས་དགྱེས་པའི་དགེ་ལེགས་མཚན་མས་ལྗོངས་ཀུན་བདེ། །ཀླུ་དབང་དགའ་བའི་དུས་སུ་ཆར་འབེབ་ལོངས་སྤྱོད་འཕེལ། །མི་རྣམས་དགེ་བཅུའི་ཆོས་ལ་སྤྱོད་ཅིང་བདེ་སྐྱིད་ལྡན། །ཕུན་སུམ་ཚོགས་པའི་བཀྲ་ཤིས་རྟག་ཏུ་རྒྱས་གྱུར་ཅིག །ཡིད་བཞིན་ནོར་ལྟར་སྐྱེ་རྒུའི་རེ་བ་རྫོགས་བྱེད་པ། །བྱང་ཆུབ་སེམས་ཀྱི་ཕྲིན་ལས་མཁའ་དབྱིངས་ཁྱབ་པའི་མཐུས། །འཕྲལ་དང་ཡུན་དུ་སྲིད་ཞིའི་དགེ་ལེགས་ཀུན་འཇོ་བའི། །བཀྲ་ཤིས་དཔལ་འབར་ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག། ༈ གནས་སྐབས་སུ་ཡང་འགལ་རྐྱེན་མཐའ་དག་ཞི། །མཐུན་རྐྱེན་ཚེ་དང་དཔལ་འབྱོར་རྒྱས་པ་དང་། །ཆོས་བཞིན་སྤྱོད་པའི་གྲོགས་དང་ལྷན་གཅིག་ཏུ། །བསམ་པའི་དོན་ཀུན་འགྲུབ་པའི་བཀྲ་ཤིས་ཤོག། ༈ ལུང་རིགས་ཐོས་པས་མི་ཤེས་སྒྲིབ་ལས་གྲོལ། །མན་ངག་བསམ་པས་ཐེ་ཚོམ་མུན་ནག་བཅོམ། །སྒོམ་བྱུང་འོད་ཀྱིས་གནས་ལུགས་ཇི་བཞིན་གསལ། །ཤེས་རབ་གསུམ་གྱི་སྣང་བ་རྒྱས་པར་ཤོག། ༈ ཆོས་ཚུལ་འདིས་ཀྱང་ཕྱོགས་ཀྱི་ཐ་གྲུར་ཁྱབ། །གང་དུ་དར་ཀྱང་ཞལ་དྲོ་བྱིན་ཆགས་ཤིང་། །དགེ་མཚན་བཀྲ་ཤིས་བདེ་ལེགས་གོང་དུ་འཕེལ། །གེགས་ཞི་བསམ་དོན་ལྷུན་གྲུབ་བཀྲ་ཤིས་ཤོག །བསྟན་འཛིན་རྣམས་ཀྱི་ཚེ་བསོད་དཔལ་འབྱོར་རྒྱས། །དགེ་འདུན་འདུས་པའི་སྡེ་འཕེལ་བཤད་སྒྲུབ་དར། །འཁོར་སློབ་སྦྱིན་བདག་ཚེ་རིང་སྟོབས་འབྱོར་ལྡན། །རྒྱལ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །གཟུགས་བཟང་དཔལ་འབྱོར་རྒྱ་ཆེ་ཀུན་གྱིས་འདུད། །ཕྱོགས་ལས་རྣམ་རྒྱལ་སྙན་པས་ས་སྟེང་ཁྱབ། །ཚེ་རིང་ནད་མེད་སྐལ་བཟང་སློབ་ཚོགས་འདུ། །བདེ་སྐྱིད་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག། ༄། འོད་གསལ་སྐྱེ་མེད་ངང་ལས་མ་གཡོས་པས། །ཆོས་དབྱིངས་མཁའ་ལ་ཆགས་སྡང་གཏི་མུག་སྤྲིན། །ཡེ་ཤེས་རླུང་གིས་རྣམ་པར་གཏོར་གྱུར་ཅིང་། །སྣང་མེད་མཁའ་ལ་འོད་ཟེར་རབ་འཕྲོ་བའི། །བརྒྱུད་པའི་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །རི་དང་ས་གཞི་ཐམས་ཅད་སྣུམ་ཞིང་གཤིན། །ལྗོན་ཤིང་མེ་ཏོག་འབྲས་བུའི་ཁུར་ཆེན་ཁྱེར། །ཆར་རྣམས་དུས་སུ་ལོ་ཏོག་སྐྱེད་ལ་མཁས། །འདི་ནི་བཀྲ་ཤིས་མཚན་མ་དང་པོ་འོ། །ལོ་དང་ཟླ་བ་དུས་རྣམས་ཐམས་ཅད་བཟང་། །གཟའ་དང་རྒྱུ་སྐར་ཐམས་ཅད་དགེ་བར་གྱུར། །ཕྱོགས་རྣམས་སྐྱོང་བ་ཐམས་ཅད་དཔལ་དང་ལྡན། །འདི་ནི་བཀྲ་ཤིས་མཚན་མ་གཉིས་པ་འོ། །སྐྱེ་བོ་ཐམས་ཅད་དད་པའི་སེམས་དང་ལྡན། །བྱམས་པ་ལྡན་པས་སྡུག་བསྔལ་ཕྲག་དོག་མེད། །ལོ་འདབ་བཞིན་དུ་དགེ་བ་ངང་གིས་འཕེལ། །འདི་ནི་བཀྲ་ཤིས་མཚན་མ་གསུམ་པ་འོ། །ལྷ་རྣམས་ཐམས་ཅད་མཁའ་ལས་མེ་ཏོག་འཐོར། །དྲི་ཟ་རྣམས་ཀྱིས་སྙན་པའི་གླུ་དབྱངས་ལེན། །རྒྱལ་ཆེན་བཞི་རྣམས་རིན་ཆེན་ཆར་དུ་འབེབ། །འདི་ནི་བཀྲ་ཤིས་མཚན་མ་བཞི་པ་འོ། །ཨུ་དུམྦ་རའི་མེ་ཏོག་འཇིག་རྟེན་བྱོན། །བྱང་ཆུབ་ལྗོན་ཤིང་རིན་ཆེན་མེ་ཏོག་རྒྱས། །གསལ་བའི་འོད་ཀྱིས་འཇིག་རྟེན་ཀུན་ཏུ་ཁྱབ། །འདི་ནི་བཀྲ་ཤིས་མཚན་མ་ལྔ་པ་འོ། །འཇིག་རྟེན་དུ་ནི་ཆོས་རྗེ་བླ་མ་བྱོན། །སྲིད་པ་གསུམ་ལས་རྒྱལ་བར་དམ་བཅའ་མཛད། །འགྲོ་བའི་དེད་དཔོན་ཉིད་དུ་ཞལ་གྱིས་བཞེས། །འདི་ནི་བཀྲ་ཤིས་མཚན་མ་དྲུག་པ་འོ། །བཤེས་གཉེན་དམ་པ་བྱང་ཆུབ་ཤིང་དྲུང་བཞུགས། །སངས་རྒྱས་ཡོན་ཏན་མ་ལུས་མངོན་དུ་གྱུར། །བསམ་པ་ཅི་བཞིན་དམ་ཆོས་བདུད་རྩི་འགྱེད། །འདི་ནི་བཀྲ་ཤིས་མཚན་མ་བདུན་པ་འོ། །བཀྲ་ཤིས་མཚན་མ་འདི་བདུན་བརྗོད་པ་ཡིས། །སྐྱེ་བོ་ཐམས་ཅད་ཚེ་རིང་ནད་མེད་དང་། །དཔལ་དང་འབྱོར་པ་ཤིན་ཏུ་རྒྱས་པ་དང་། །སངས་རྒྱས་ཡོན་ཏན་མ་ལུས་ཐོབ་པར་ཤོག །ཅེས་པའང་རྗེ་མི་ལ་རྡོ་རྗེ་རྒྱལ་མཚན་གྱིས་གསུངས་སོ།། ༈ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་དབང་གིས་བྱང་ཆུབ་ཐུགས་བསྐྱེད་ནས། །བརྩོན་པའི་དབང་གིས་ཚོགས་གཉིས་ལེགས་བསྒྲུབས་ནས། །སྨོན་ལམ་དབང་གིས་གདུལ་བྱའི་དཔལ་གྱུར་པའི། །བདེ་བར་གཤེགས་པ་རྣམས་ཀྱི་བཀྲ་ཤིས་ཤོག །གློ་བུར་དྲི་མ་དག་པ་ཆོས་ཀྱི་དབྱིངས། །སྒྲིབ་གཉིས་མུན་པ་སེལ་བ་འཕགས་པའི་ལམ། །ཆོས་ཉིད་རྟོགས་པའི་རྒྱུ་མཐུན་གསུང་རབ་མཆོག །ལུང་རྟོགས་དམ་པའི་ཆོས་ཀྱི་བཀྲ་ཤིས་ཤོག །ཤེས་རབ་ཆེན་པོས་བདག་མེད་དོན་རྟོགས་ནས། །ཐུགས་རྗེ་ཆེན་པོས་འགྲོ་ཀུན་བདག་ཏུ་འཛིན། །གཞན་དོན་དཀའ་སྤྱད་ཁུར་གྱིས་མི་སྐྱོ་བའི། །རྒྱལ་སྲས་དགེ་འདུན་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་དང་མི་འཇིགས་ཟང་ཟིང་དངོས་པོ་རྣམས། །ལན་དང་རྣམ་སྨིན་རེ་བ་མེད་པའི་བློས། །གཞན་གྱི་དོན་དུ་རྟག་ཏུ་གཏོང་བྱེད་པའི། །སྦྱིན་པ་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །གཞན་གནོད་གཞིར་བཅས་སྤོང་ལ་གོམས་པའི་མཐུས། །རྨི་ལམ་ན་ཡང་སྡིག་སེམས་མི་འབྱུང་ཞིང་། །བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་བའི། །ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཚུལ་ཁྲིམས་དགེ་བའི་བཤེས་ལས་ཐོབ་པ་ལྟར། །བཟོད་པ་གནོད་པ་བྱེད་ལས་ཐོབ་ཤེས་ནས། །གནོད་པ་བྱེད་ལ་ལན་དུ་ཕན་འདོགས་པའི། །བཟོད་པ་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །སྙིང་རྗེ་ཆེན་པོའི་ཤུགས་ཀྱིས་རབ་བསྐུལ་ནས། །སྐད་ཅིག་ཙམ་ཡང་གཡེལ་བ་མེད་པར་ནི། །སྒོ་གསུམ་གཞན་དོན་འབའ་ཞིག་བསྒྲུབ་བྱ་བའི། །བརྩོན་འགྲུས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཆོས་ཉིད་སྨྲ་བསམ་བརྗོད་དུ་མེད་པ་ལ། །སེམས་ཉིད་བྱིང་རྒོད་མེད་པར་རབ་གནས་ཤིང་། །སྲིད་དང་ཞི་བའི་བདེ་ལ་མ་ཆགས་པའི། །བསམ་གཏན་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཆོས་ཀུན་རང་བཞིན་མེད་པར་ཤེས་པའི་བློས། །ཚད་མེད་སྙིང་རྗེ་ཆེ་དང་འབྲེལ་བའི་མཐུས། །འཁོར་དང་མྱ་ངན་འདས་ལ་མི་གནས་པའི། །ཤེས་རབ་ཐབས་དང་ལྡན་པའི་བཀྲ་ཤིས་ཤོག །བཀྲ་ཤིས་ཀྱི་ཚིགས་སུ་གཅད་པ་སྡིག་པ་ཞི་བྱེད་ཅེས་བྱ་བ་འདི་དབོན་རིན་གྱིས་རྒྱལ་བའི་ཡུམ་རིན་ཆེན་གསེར་ལས་བཞེངས་པའི་རབ་ཏུ་གནས་པའི་དོན་དུ། ཆོས་སྨྲ་བའི་བཙུན་པ་ཐོགས་མེད་ཀྱིས་དབེན་གནས་དངུལ་ཆུའི་ཆོས་རྫོང་དུ་སྦྱར་བའོ།། །། ༄༅། །བཀྲ་ཤིས་དོན་ཀུན་གྲུབ་པའི་དབྱངས་སྙན་ཞེས་བྱ། ཨོཾ་སྭསྟི་བི་ཛ་ཡནྟུ། ཆོས་དབྱིངས་ནམ་མཁའི་ཁྱོན་ཀུན་ཡོངས་ཁྱབ་པའི། །རབ་འབྱམས་རྩ་བ་གསུམ་གྱི་ལྷ་ཡི་ཚོགས། །ཏིལ་གྱི་གོང་བུ་བཞིན་དུ་བཞུགས་པ་ཡི། །རྒྱལ་བའི་དབང་པོ་རྣམས་ཀྱིས་དགོངས་པ་མཛད། །ཡུམ་རྣམས་རིན་ཆེན་བུམ་པས་དབང་བསྐུར་ཞིང་། །སེམས་དཔའི་ཚོགས་ཀྱིས་བཀྲ་ཤིས་མེ་ཏོག་འཐོར། །ལྷ་རྣམས་ཀུན་གྱིས་རྡོ་རྗེའི་གླུ་དབྱངས་ལེན། ཁྲོ་བོའི་ཚོགས་ཀྱིས་བགེགས་རྣམས་ཕ་མཐར་བསྐྲད། །འཇིག་རྟེན་སྐྱོང་བའི་ཚོགས་ཀྱིས་མཆོད་ཅིང་བསྟོད། །ཀུན་ཀྱང་དགེ་བཞིན་བཀྲ་ཤིས་དཔལ་ཡོན་ཀུན། །དེང་འདིར་མངོན་པར་སྩོལ་བ་ཉིད་གྱུར་ལས། །བཀྲ་ཤིས་རབ་མཆོག་བདག་གིས་བརྗོད་པར་བྱ། །དགའ་རབ་ཤྲཱི་སེང་པདྨ་ཐོད་ཕྲེང་རྩལ། །གྲུབ་མཆོག་བརྒྱད་དང་རྗེ་འབངས་ཉི་ཤུ་ལྔ། །གཏེར་སྟོན་བརྒྱ་རྩ་བཀའ་གཏེར་དག་སྣང་བརྒྱུད། །རིག་འཛིན་བླ་མའི་ཚོགས་ཀྱི་བཀྲ་ཤིས་དེས། །དེང་འདིར་མི་མཐུན་རྒུད་པ་ཀུན་ཞི་ནས། །མཐུན་རྐྱེན་ཚེ་བསོད་བདེ་ལེགས་གོང་དུ་འཕེལ། །ཇི་ལྟར་བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ། །ཕུན་ཚོགས་དཔལ་ཡོན་རྒྱས་པའི་བཀྲ་ཤིས་ཤོག །གདོད་མའི་མགོན་པོ་རིགས་ལྔ་གངས་ཆེན་མཚོ། །སྟོན་པ་བཅུ་གཉིས་སངས་རྒྱས་སྟོང་ལ་སོགས། །མཁའ་ཁྱབ་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །དུས་གསུམ་བདེ་བར་གཤེགས་པའི་བཀྲ་ཤིས་དེས། །དེང་འདིར་མི་མཐུན་རྒུད་པ་ཀུན་ཞི་ནས། །མཐུན་རྐྱེན་ཚེ་བསོད་བདེ་ལེགས་གོང་དུ་འཕེལ། །ཇི་ལྟར་བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ། །ཕུན་ཚོགས་དཔལ་ཡོན་རྒྱས་པའི་བཀྲ་ཤིས་ཤོག །རིགས་བརྒྱ་རིགས་ལྔ་རིགས་གསུམ་རིགས་མཆོག་གཅིག །སྒྲུབ་པ་སྡེ་བརྒྱད་བདུད་འདུལ་ཁྲོ་བོ་བཅུ། །ཞི་དང་ཁྲོ་ཚུལ་སྒྱུ་འཕྲུལ་དྲྭ་བའི་གར། །རབ་འབྱམས་ཡི་དམ་ལྷ་ཡི་བཀྲ་ཤིས་དེས། །དེང་འདིར་མི་མཐུན་རྒུད་པ་ཀུན་ཞི་ནས། །མཐུན་རྐྱེན་ཚེ་བསོད་བདེ་ལེགས་གོང་དུ་འཕེལ། །ཇི་ལྟར་བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ། །ཕུན་ཚོགས་དཔལ་ཡོན་རྒྱས་པའི་བཀྲ་ཤིས་ཤོག །སྡེ་སྣོད་གསུམ་དང་རྒྱུད་སྡེ་ཆེན་པོ་དྲུག །རྒྱུད་ལུང་མན་ངག་བཀའ་གཏེར་དག་སྣང་སོགས། །རྒྱལ་བ་རིག་འཛིན་བརྒྱུད་པའི་ཐུགས་ཀྱི་བཅུད། །ལུང་རྟོགས་དམ་པའི་ཆོས་ཀྱི་བཀྲ་ཤིས་དེས། །དེང་འདིར་མི་མཐུན་རྒུད་པ་ཀུན་ཞི་ནས། །མཐུན་རྐྱེན་ཚེ་བསོད་བདེ་ལེགས་གོང་དུ་འཕེལ། །ཇི་ལྟར་བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ། །ཕུན་ཚོགས་དཔལ་ཡོན་རྒྱས་པའི་བཀྲ་ཤིས་ཤོག །ཉེ་བའི་སྲས་མཆོག་བརྒྱད་དང་སེམས་མ་བརྒྱད། །བསྐལ་བཟང་སེམས་དཔའ་སྟོང་ལ་སོགས་པ་ཡི། །ཕྱོགས་བཅུ་དུས་གསུམ་དག་གི་རྒྱལ་བའི་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ཀྱི་བཀྲ་ཤིས་དེས། །དེང་འདིར་མི་མཐུན་རྒུད་པ་ཀུན་ཞི་ནས། །མཐུན་རྐྱེན་ཚེ་བསོད་བདེ་ལེགས་གོང་དུ་འཕེལ། །ཇི་ལྟར་བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ། །ཕུན་ཚོགས་དཔལ་ཡོན་རྒྱས་པའི་བཀྲ་ཤིས་ཤོག །རྡོ་རྗེ་ཕག་མོ་རིགས་ལྔའི་ཌཱ་ཀི་ནཱི། །མཚོ་རྒྱལ་ལ་སོགས་ཐུགས་ཀྱི་དགྱེས་སྡེ་ལྔ། །གནས་ཡུལ་ཞིང་གི་དཔའ་བོ་རྣལ་འབྱོར་མ། །དཔལ་ལྡན་མཁའ་འགྲོའི་ཚོགས་ཀྱི་བཀྲ་ཤིས་དེས། །དེང་འདིར་མི་མཐུན་རྒུད་པ་ཀུན་ཞི་ནས། །མཐུན་རྐྱེན་ཚེ་བསོད་བདེ་ལེགས་གོང་དུ་འཕེལ། །ཇི་ལྟར་བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ། །ཕུན་ཚོགས་དཔལ་ཡོན་རྒྱས་པའི་བཀྲ་ཤིས་ཤོག །སྡེ་དཔོན་སུམ་ཅུ་དྲེགས་ཆེན་བཅོ་བརྒྱད་དང་། །ཚངས་དབང་ཁྱབ་འཇུག་བརྒྱ་བྱིན་རྒྱལ་ཆེན་སོགས། །དུས་གསུམ་རྒྱལ་བའི་ཕྲིན་ལས་བཀའ་སྐྱོང་བ། །རྡོ་རྗེའི་ཆོས་སྐྱོང་ཚོགས་ཀྱི་བཀྲ་ཤིས་དེས། །དེང་འདིར་མི་མཐུན་རྒུད་པ་ཀུན་ཞི་ནས། །མཐུན་རྐྱེན་ཚེ་བསོད་བདེ་ལེགས་གོང་དུ་འཕེལ། །ཇི་ལྟར་བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ། །ཕུན་ཚོགས་དཔལ་ཡོན་རྒྱས་པའི་བཀྲ་ཤིས་ཤོག །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དར། །བསྟན་པའི་སྦྱིན་བདག་རྣམས་དང་འགྲོ་བ་ཀུན། །བདེ་སྐྱིད་གོང་འཕེལ་ཆོས་ལྡན་བསམ་དོན་འགྲུབ། །ས་གསུམ་དཔལ་དང་ལྡན་པའི་བཀྲ་ཤིས་ཤོག །སྣང་སྲིད་རྣམ་དག་བདེ་བ་ཆེན་པོ་ལ། །མི་ཤིས་རྒུད་པ་ཡེ་ནས་མི་མངའ་བའི། །བདེན་པ་དེ་ཡིས་མཁའ་ཁྱབ་འགྲོ་བ་ཀུན། །རང་བྱུང་ཡེ་ཤེས་རྟོགས་པའི་བཀྲ་ཤིས་ཤོག །མཉམ་ཉིད་ངང་ནས་ཕྱོགས་དུས་འགྲོ་ཀུན་ལ། །ཕན་དང་བདེ་བའི་ཕྲིན་ལས་ལྷུན་གྱིས་གྲུབ། །རྟག་ཁྱབ་མཚུངས་མེད་བཀྲ་ཤིས་དཔལ་གྱི་མཆོག །དེང་འདིར་མངོན་དུ་འགྱུར་བའི་བཀྲ་ཤིས་ཤོག །ས་གསུམ་དབང་བྱེད་སྲིད་གསུམ་བྲན་དུ་འཁོལ། །ཕྱོགས་ལས་རྣམ་རྒྱལ་སྣང་སྲིད་ཟིལ་གནོན་པའི། །ཨོ་རྒྱན་རིག་འཛིན་བརྒྱུད་པའི་རིང་ལུགས་གང་། །ཕྱོགས་དུས་ཀུན་ཏུ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པའང་རབ་ཚེས་མེ་སྤྲེལ་འོད་འབར་གདོང་པ་བཟང་པོའི་ཟླ་ཚེས་༡༡གཟའ་སྐར་སོགས་དུས་ཀྱི་ཆ་ཤིན་ཏུ་དགེ་བར་སྒྲུབ་ཁང་འཆི་མེད་མཆོག་གྲུབ་གླིང་དུ། མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་བློ་མཚོ་ལས་བྱུང་བ་ནོར་བུའི་གཏེར་ཆེན་པོ་བཀྲ་ཤིས་དང་དགེ་ལེགས་མི་ཟད་པ་གོང་ནས་གོང་དུ་འཕེལ་བར་བྱེད་པ་འདི་སྔ་འགྱུར་པ་རྣམས་ཀྱི་དཔལ་དུ་གནས་པ་དེ་ཕྱིར་སྤེལ་བར་བགྱིས་ན་དོན་ཀུན་འགྲུབ་བོ།། །། ༄༅། །སྔ་འགྱུར་བཀའ་གཏེར་སྤྱིར་མཁོ་བའི་སྨོན་ལམ་ནི། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །དེང་འདིར་བརྩོན་པས་བསྒྲུབས་པའི་དགེ་བ་དང་། །དུས་གསུམ་བསགས་དང་ཡོད་པའི་དགེ་བ་རྣམས། །བསྡོམས་ཏེ་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་རྡོ་རྗེའི་ཐེག་ལ་ངེས་གནས་ཤོག །དབང་གིས་སྨིན་ཅིང་དམ་ཚིག་སྡོམ་པར་ལྡན། །རིམ་གཉིས་ལམ་ལ་བསྙེན་སྒྲུབ་མཐར་ཕྱིན་ཏེ། །དཀའ་བ་མེད་པར་རིག་འཛིན་གོ་འཕང་བགྲོད། །དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབ་གྱུར་ཅིག །ཅིར་སྣང་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྫོགས། །གྲགས་པ་ཐམས་ཅད་བརྗོད་བྲལ་སྔགས་ཀྱི་སྒྲ། །སེམས་ཀྱི་འགྱུ་བ་རང་རིག་འདུས་མ་བྱས། །བདེ་ཆེན་འདུ་འབྲལ་མེད་པ་མངོན་གྱུར་ཤོག །ཉམས་ཆག་རྟོག་སྒྲིབ་མ་སྤང་གནས་སུ་དག །ཕྱི་ནང་གསང་བ་དབྱེར་མེད་རྟོག་པས་བསྐང་། །གང་ཤར་རང་གྲོལ་ཀུན་བཟང་ཀློང་ཡངས་སུ། །ངན་སོང་དོང་སྤྲུགས་སྲིད་ཞི་མཉམ་གྱུར་ཅིག །ཐིག་ལེ་ཆེན་པོར་སྐུ་དང་ཞིང་ཁམས་རྫོགས། །དམ་ཚིག་ཆེན་པོར་སྤང་བླང་མཚན་མ་དག །ཁྱབ་བརྡལ་ཆེན་པོར་རེ་དོགས་མདུད་པ་གྲོལ། །རྫོགས་པ་ཆེན་པོར་ཆོས་སྐུ་མངོན་གྱུར་ཤོག །བརྒྱུད་པ་གསུམ་གྱི་བྱིན་རླབས་སྙིང་ལ་ཞུགས། །སྒྱུ་འཕྲུལ་དྲྭ་བའི་ལམ་གསང་སེམས་ལ་རྫོགས། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་ཡིས། །མུ་མཐའ་མེད་པའི་འགྲོ་བ་སྒྲོལ་བར་ཤོག །ཞི་ཁྲོ་སྤྲུལ་པའི་འཁོར་ལོས་ལུང་སྟོན་ཞིང་། །མཁའ་འགྲོ་རྣམས་ཀྱིས་བུ་བཞིན་སྐྱོང་བ་དང་། །ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས། །ཡིད་ལ་སྨོན་པ་མཐའ་དག་འགྲུབ་གྱུར་ཅིག །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་འཛིན་རྣམས་ཀྱིས་བཞེད་པའི་དོན་ཀུན་འགྲུབ། །མ་ལུས་སྐྱེ་རྒུའི་འགལ་རྐྱེན་ཀུན་ཞི་ཞིང་། །ཕུན་ཚོགས་མཐའ་དག་ཡིད་བཞིན་འབྱོར་གྱུར་ཅིག །ཅེས་པའང་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་སོ།། ༈ བླ་མ་དགོངས་འདུས་མཎྜལ་ལས། གནས་སྐབས་ཀྱི་སྨོན་ལམ་ནི༔ ན་མོ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། ཕྱོགས་བཅུ་དུས་གསུམ་བདེ་གཤེགས་བཅོམ་ལྡན་འདས༔ སྐྱབས་གནས་དཀོན་མཆོག་རིན་ཆེན་རྣམ་པ་གསུམ༔ ཐུགས་རྗེ་བརྩེ་བས་བདག་ལ་དགོངས་སུ་གསོལ༔ འཕགས་མཆོག་ཁྱེད་ཀྱི་ཐུགས་རྗེ་བྱིན་རླབས་དང༔ རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང༔ སྔགས་འཆང་རིག་འཛིན་རྣམས་ཀྱི་བདེན་པ་དང༔ བདག་གི་ལྷག་བསམ་རྣམ་དག་བདེན་པ་ཡིས༔ ཚེ་འདིར་རྒྱལ་བའི་དཀྱིལ་འཁོར་དམ་ཚིག་ཅན༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ འཁོར་དང་བཅས་པ་དེ་དག་ཐམས་ཅད་ཀྱིས༔ དབང་བསྐུར་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ལུས་ངག་ཡིད་གསུམ་བསྲུང་ཞིང་བསྐྱབ་ཏུ་གསོལ༔ ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལ་སོགས་པ༔ འབྱུང་པོ་མི་དང་མི་མིན་བདུད་ཀྱི་ཚོགས༔ གདོན་བགེགས་ཀུན་ལས་ཐར་བར་མཛད་དུ་གསོལ༔ རླུང་དང་མཁྲིས་པ་བད་ཀན་འདུས་པ་དང༔ མཛེ་དང་འགོ་བའི་ནད་ལ་སོགས་པ་ཡི༔ ནད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ལས༔ ཐར་པར་མཛད་ཅིང་ཀུན་ནས་བསྲུང་དུ་གསོལ༔ གློ་བུར་ཡེ་འདྲོག་དུས་མིན་འཆི་བ་དང༔ ཕྱོགས་ངན་འདྲེ་ལྔ་བདུད་གཅོད་ལ་སོགས་པ༔ ཕྱི་དང་ནང་གི་རྐྱེན་ངན་བར་ཆད་རྣམས༔ ཐམས་ཅད་མེད་ཅིང་ཞི་བར་མཛད་དུ་གསོལ༔ མི་ཁ་སྨྲ་མཆུ་དགྲ་ཇག་ཆོམ་རྐུན་དང༔ ཕ་རོལ་བསམ་སྦྱོར་ངན་པའི་བྱད་ལྟེམས་དང༔ སྦྱོར་བ་རྩུབ་ཅིང་ཉེ་བར་འཚེ་ལ་སོགས༔ མི་མཐུན་ཕྱོགས་ངན་ཐམས་ཅད་ཟློག་ཏུ་གསོལ༔ ལས་དང་ཉོན་མོངས་བག་ཆགས་སྒྲིབ་པ་དང༔ མི་ཤེས་རྨོངས་དང་ཤེས་བྱའི་དྲི་མ་སོགས༔ ལུས་ངག་ཡིད་གསུམ་སྡིག་སྒྲིབ་ཅི་མཆིས་པ༔ ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ༔ ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་དང༔ ལོངས་སྤྱོད་མངའ་ཐང་གཟི་བརྗིད་ལ་སོགས་པ༔ བཀྲ་ཤིས་བདེ་ལེགས་དགེ་བ་ཕུན་སུམ་ཚོགས༔ ཐམས་ཅད་དར་ཞིང་རྒྱས་པར་མཛད་དུ་གསོལ། ཚེ་འདིར་བདག་གི་ལུས་ངག་ཡིད་གསུམ་གྱིས༔ དཀར་པོ་དགེ་བའི་ལས་རྣམས་ཅི་བསགས་པ༔ དེ་དག་ཐམས་ཅད་མྱུར་དུ་མཐར་ཕྱིན་ནས༔ འབྲས་བུ་མི་ཟད་རྒྱ་ཆེར་འཕེལ་བར་ཤོག༔ མཐར་ཐུག་གི་སྨོན་ལམ་ནི༔ གཞན་ཡང་ཇི་ལྟར་སྔོན་གྱི་བདེ་གཤེགས་དང༔ ས་ཆེན་པོ་ལ་རབ་ཏུ་བཞུགས་པ་ཡི༔ བྱང་སེམས་རྣམས་ཀྱིས་ཇི་ལྟར་ཐུགས་བསྐྱེད་པ༔ དེ་ལྟར་བདག་ཀྱང་བྱང་ཆུབ་མཆོག་སེམས་བསྐྱེད༔ སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བ་དང༔ འགྲོ་བ་མ་དགྲོལ་བ་རྣམས་དགྲོལ་བ་དང༔ དབུགས་མ་ཕྱུང་རྣམས་དབུགས་ནི་དབྱུང་བྱས་ཤིང༔ ཡོངས་སུ་མྱ་ངན་འདས་ལ་འགོད་པར་བགྱི༔ འདས་དང་མ་བྱོན་ད་ལྟར་བྱུང་བ་ཡི༔ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པའི་གཞི༔ སྒོ་གསུམ་སྡོམ་དང་དགེ་བ་ཆོས་སྡུད་དང༔ སེམས་ཅན་དོན་བྱེད་ཚུལ་ཁྲིམས་བསླབ་པར་བགྱི༔ སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ༔ སྦྱིན་དང་ཚུལ་ཁྲིམས་བསྒོམས་པ་ལས་བྱུང་བའི༔ དགེ་བའི་རྩ་བར་གྱུར་པ་ཅི་མཆིས་པ༔ རྫོགས་པའི་སངས་རྒྱས་མྱུར་ཐོབ་རྒྱུར་གྱུར་ཅིག༔ དེ་ལྟར་ཐོབ་པར་མ་གྱུར་བར་དུ་ཡང༔ ཚེ་རབས་ནས་ནི་ཚེ་རབས་ཐམས་ཅད་དུ༔ མཐོ་རིས་ལྷ་མིའི་གོ་འཕང་ཐོབ་གྱུར་ནས༔ མཐོ་རིས་ཡོན་ཏན་མཐའ་དག་ལྡན་གྱུར་ཅིག༔ དགེ་བའི་བཤེས་གཉེན་དམ་པ་མཆོག་རྣམས་དང༔ མཇལ་ཞིང་དེ་ཡི་རྗེས་སུ་བཟུང་ནས་ཀྱང༔ ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་ཅིང༔ རང་གཞན་དོན་གཉིས་ལྷུན་གྲུབ་འབྱུང་བར་ཤོག༔ དེར་ཡང་ལེ་ལོ་གཡེང་བ་རབ་སྤངས་ནས༔ ཐེག་ཆེན་སྒྲུབ་པ་ཚུལ་བཞིན་བགྱིད་པ་དང༔ ཡེངས་མེད་ཏིང་འཛིན་མཆོག་ལ་རབ་གནས་ཤིང༔ ཁྱད་པར་ཅན་གྱི་རྟོགས་པ་སྐྱེ་བར་ཤོག༔ ལམ་གྱི་འགལ་རྐྱེན་བར་ཆད་མི་འབྱུང་ཞིང༔ རྡོ་རྗེ་མཆེད་དང་ལྕམ་དྲལ་ལ་སོགས་པ༔ བླ་མེད་ཐེག་ཆེན་ལམ་ཞུགས་གྲོགས་མཆོག་དང༔ བཅས་ཏེ་མཐུན་རྐྱེན་ཕུན་སུམ་ཚོགས་གྱུར་ཅིག༔ མཐར་ཐུག་བླ་མེད་ཡང་དག་རྫོགས་པ་ཡི༔ ཀུན་བཟང་དགོངས་པའི་ཀློང་དུ་གྲོལ་གྱུར་ནས༔ ལྷུན་གྱིས་གྲུབ་པའི་ཕྲིན་ལས་དཔག་མེད་ལ༔ མངའ་བརྙེས་འགྲོ་དོན་ཕུན་ཚོགས་འབྱུང་གྱུར་ཅིག༔ བར་དོའི་སྨོན་ལམ་ནི༔ གཞན་ཡང་བདག་ཉིད་ནམ་ཞིག་མི་རྟག་ཅིང༔ ཚེ་ཡི་དུས་བྱེད་འགྱུར་བའི་ཚེ་ན་ཡང༔ བླ་མ་ཡི་དམ་ཞི་ཁྲོའི་ཚོགས་རྣམས་དང༔ དམ་ཅན་རྒྱ་མཚོ་མཁའ་འགྲོ་ཐམས་ཅད་ཀྱིས༔ ནམ་མཁའི་ཁམས་རྣམས་རབ་ཏུ་གང་བ་དང༔ བར་སྣང་ལྷ་ཡི་བུ་དང་བུ་མོ་ཡིས༔ འོད་གསལ་འཇའ་ཚོན་ལམ་ལས་བསུ་བྱས་ཤིང༔ རོལ་མོའི་སྒྲ་དང་སྣ་ཚོགས་སྤོས་ཀྱི་དྲིས༔ སྔོན་ནས་དགྱེས་པའི་ཚུལ་གྱིས་བསུ་བར་ཤོག༔ བར་དོའི་སྐད་ཅིག་ཡུད་ཙམ་དེ་ཉིད་ལ༔ མ་ཡེངས་གནས་ལུགས་ཕྱིན་ཅི་མ་ལོག་པར༔ ཆོས་ཉིད་མཐོང་ནས་རྫུ་འཕྲུལ་སྣ་ཚོགས་ཀྱིས༔ བར་དོའི་སེམས་ཅན་རྣམས་ལ་སྟོན་པར་ཤོག༔ ཡེ་ཤེས་ལྔ་ཡི་རང་འོད་ཤར་ནས་ཀྱང༔ ཆོས་ཉིད་རང་སྒྲ་མ་བུ་འཕྲོད་པ་དང༔ ཐུགས་རྗེའི་ཟེར་གྱིས་ལམ་མཆོག་བགྲོད་བྱེད་ཅིང༔ མ་ཡེངས་གནས་ལུགས་དོན་ལ་སྤྱོད་པར་ཤོག༔ རྒྱལ་བའི་ཞལ་མཐོང་རྗེས་སུ་འཛིན་པ་དང༔ ཆོས་གསུང་ཐོས་ཤིང་ལུང་བསྟན་མཛད་གྱུར་ཅིག༔ ཐུགས་རྗེའི་ཕྱག་བརྐྱང་ཐར་པའི་ལམ་སྟོན་ཅིང༔ ཤུལ་མཚོན་བདེ་བ་ཅན་གྱི་ཞིང་ཁམས་སུ༔ བདག་གཞན་འབྲེལ་བར་བཅས་རྣམས་སྐྱེ་བར་ཤོག༔ དེར་སྐྱེས་ནས་ཀྱང་རྟོགས་པའི་རིམ་པ་རྣམས༔ ཕྱིན་ཅི་མ་ལོག་གོང་ནས་གོང་འཕེལ་ཞིང༔ རྫོགས་པའི་སངས་རྒྱས་རིན་ཆེན་ཐོབ་གྱུར་ཅིག༔ མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་ནས༔ འགྲོ་བ་ཐམས་ཅད་འདྲེན་པའི་བླ་མ་དང༔ སྟོན་པ་དཔལ་མགོན་དམ་པར་བདག་གྱུར་ཅིང༔ སྐྱབས་རྟེན་དཔུང་གཉེན་དམ་པར་བདག་གྱུར་ཅིག༔ ཉོན་མོངས་བུད་ཤིང་སྲེག་པའི་མེ་ཕུང་དང༔ ལས་ཀྱི་དྲི་མ་བཀྲུ་བའི་ཆུ་རྒྱུན་དང༔ བག་ཆགས་སྤྲིན་ཕུང་གཏོར་བའི་རླུང་ཆེན་དང༔ མ་རིག་མུན་སེལ་སྒྲོན་མེར་བདག་གྱུར་ཅིག༔ འགྲོ་བའི་ཁ་ལོ་བསྒྱུར་བའི་དེད་དཔོན་མཆོག༔ སྡུག་བསྔལ་ཆུ་བོ་སྒྲོལ་བའི་གྲུ་བོ་ཆེ༔ ཐར་ལམ་བྱང་ཆུབ་བགྲོད་པའི་སྐྱ་བ་དང༔ མི་གནས་གྲོང་ཁྱེར་མཆོག་ཏུ་བགྲོད་པ་ཡི༔ མགོན་པོ་དབང་ཕྱུག་དམ་པར་བདག་གྱུར་ཅིག༔ མདོར་ན་གནས་སྐབས་མཐར་ཐུག་ཐམས་ཅད་དུ༔ བདེ་སྐྱིད་དཔལ་འབྱོར་ཕུན་སུམ་ཚོགས་གྱུར་ཅིག༔ དགོས་འདོད་བསམ་པ་ཡིད་བཞིན་འགྲུབ་གྱུར་ནས༔ བདག་གཞན་དོན་གཉིས་ལྷུན་གྲུབ་འབྱུང་བར་ཤོག༔ ཅེས་པ་རྣམས་ཀྱི་སྨོན་ལམ་གསུམ་པོ་བཏབ་ནས༔ ༄༔ བསྔོ་བ་ནི༔ རང་དོན་དུ༔ བདག་གིས་ཐོག་མ་མེད་ནས་ད་ལྟའི་བར༔ དགེ་བའི་རྩ་བར་གྱུར་པ་ཅི་བསགས་དང༔ ཕྱིན་ཆད་གསག་པར་འགྱུར་བ་ཐམས་ཅད་ནི༔ བདག་ཉིད་བྱང་ཆུབ་སྒྲུབ་པའི་གྲོགས་སུ་བསྔོ༔ གཞན་དོན་དུ༔ དེ་ལྟར་བསྔོས་དང་བསྔོ་བར་འགྱུར་ལ་སོགས༔ འཁོར་འདས་ཀུན་གྱི་དགེ་བའི་རྩ་བ་རྣམས༔ འབྲས་བུ་མི་ཟད་རྒྱ་ཆེར་འཕེལ་བ་གང༔ རང་གཞན་སེམས་ཅན་ཐམས་ཅད་དོན་དུ་བསྔོ༔ ཐམས་ཅད་ཀྱི་དོན་དུ་སྤྱིར༔ བསྔོས་པ་ཉིད་ལས་གྱུར་པའི་བདེན་འབྲས་མཆོག༔ མཐར་ཐུག་དོན་གྱི་དབྱིངས་སུ་གྱུར་པ་ཡང༔ སྲིད་པར་གྱུར་པའི་སེམས་ཅན་ཐམས་ཅད་ནི༔ སངས་རྒྱས་ཉིད་དུ་འགྲུབ་པར་བྱ་ཕྱིར་བསྔོ༔ ༈ མངོན་རྟོགས་ལས། ཐེག་ཆེན་ཆོས་འདིས་འགྲོ་ལ་ཕན་ཐོགས་ཤིང༔ སངས་རྒྱས་བསྟན་པའི་རྒྱལ་མཚན་འཛུག་པར་ཤོག༔ བདུད་དང་མུ་སྟེགས་ལྟ་ངན་ཕམ་པ་དང༔ བགེགས་དང་ལོག་འདྲེན་བར་ཆད་ཞི་བར་ཤོག༔ ༄། སྨོན་ལམ་ནི། ཧོ༔ ཕྱོགས་བཅུའི་རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ དཔང་གྱུར་སྐྱབས་མཆོག་མ་ལུས་དགོངས་སུ་གསོལ༔ བདག་གཞན་དུས་གསུམ་བསགས་པའི་དགེ་བ་ཀུན༔ བླ་མེད་བྱང་ཆུབ་སྙིང་པོར་བསྔོ་བར་བགྱི༔ བསོད་ནམས་འདི་ཡིས་བདག་སོགས་སེམས་ཅན་ཀུན༔ ཚེ་རབས་ཀུན་ཏུ་དལ་འབྱོར་ལུས་མཆོག་ཐོབ༔ དད་དང་ཤེས་རབ་སྙིང་རྗེ་ཕུན་སུམ་ཚོགས༔ རྡོ་རྗེའི་སློབ་དཔོན་ཚུལ་བཞིན་བསྟེན་པར་ཤོག༔ དབང་གི་ཆུ་བོ་རྣམ་བཞིས་ཡོངས་སུ་སྨིན༔ དམ་ཚིག་སྡོམ་པ་སྲོག་བཞིན་གཅེས་པར་བསྲུང༔ བསྙེན་སྒྲུབ་བཞི་ལྡན་བསྐྱེད་རིམ་མཐར་ཕྱིན་ནས༔ ལྷ་སྔགས་དབང་ཐོབ་ཡེ་ཤེས་བརྙེས་པར་ཤོག༔ རྩ་ཡི་མདུད་གྲོལ་རླུང་རྣམས་དབུ་མར་ཐིམ༔ ཐིག་ལེ་ཟག་མེད་བདེ་བ་ཆེན་པོར་རྫོགས༔ ཀ་དག་ལྷུན་གྲུབ་རྟོགས་པ་མངོན་གྱུར་ནས༔ ཚེ་གཅིག་རྡོ་རྗེ་འཆང་ཆེན་འགྲུབ་པར་ཤོག༔ རྒྱལ་བའི་བསྟན་པ་ཕྱོགས་བཅུར་དར་ཞིང་རྒྱས༔ བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་ཕྲིན་འཕེལ༔ འགྲོ་ཀུན་ཚེ་རིང་ནད་མེད་བདེ་སྐྱིད་ལྡན༔ ཉིན་མཚན་རྟག་ཏུ་ཆོས་ལ་སྤྱོད་པར་ཤོག༔ ཅེས་གནུབས་ཆེན་རྣམ་འཕྲུལ་ཨོ་རྒྱན་དྲི་མེད་ཀུན་དགའི་ཟབ་གཏེར་ལས་སོ། །གཞན་ཡང་བླ་སྒྲུབ་ནོར་བུ་རྒྱ་མཚོའི་སྨོན་ལམ་མ་ཧཱ་གུ་རུའི་བྱིན་རླབས་ཞེས་པ་པད་གླིང་སྨན་མདོའི་གཏེར་མ་དང་། ཨོ་རྒྱན་ཆེན་པོའི་རྡོ་རྗེའི་གསུང་རྗེ་འབངས་རྣམས་ཀྱི་ཐུགས་དམ་ནར་མ་སྨོན་ལམ་ཡིད་བཞིན་ནོར་བུ་ཕྱོགས་བཅུ་དུས་བཞི་ཞེས་པ་མཆོག་གླིང་སེང་བྲག་གཏེར་མ་དང་། དགོངས་པ་ཟང་ཐལ་གྱི་ཀུན་ཏུ་བཟང་པོའི་སྨོན་ལམ་སྟོབས་པོ་ཆེ་སྣང་སྲིད་འཁོར་འདས་ཞེས་པ་བྱང་གཏེར། སྨོན་ལམ་མཐའ་ཡས་ཐེག་ཆེན་མ་ཀུན་མཁྱེན་ཀློང་ཆེན་པའི་ཆོས་སྤྱོད་དུ་འབྱུང་བ་སོགས་སྨོན་ལམ་ཁྱད་པར་བ་རྣམས་དང་། སྐྱབས་གནས་བསླུ་མེད་དཀོན་མཆོག་རྩ་བ་གསུམ། ཁྱད་པར་གངས་ཅན་མགོན་པོ་སྤྱན་རས་གཟིགས། །རྗེ་བཙུན་སྒྲོལ་མ་གུ་རུ་པདྨ་འབྱུང་། །གསོལ་བ་འདེབས་སོ་ཐུགས་དམ་ཞལ་བཞེས་དགོངས། །སྨོན་ལམ་ཡོངས་སུ་འགྲུབ་པར་བྱིན་གྱིས་རློབས། །སྙིགས་དུས་འགྲོ་རྣམས་བསམ་སྦྱོར་ལོག་པ་དང་། །ཕྱི་ནང་འབྱུང་བ་འཁྲུགས་པའི་རྒྱུ་རྐྱེན་གྱིས། །སྔར་མ་གྲགས་པའི་མི་ཕྱུགས་དལ་ཡམས་ནད། །གཟའ་ཀླུ་རྒྱལ་གདོན་ནག་ཕྱོགས་འབྱུང་པོའི་ཟེར། །བཙའ་སད་སེར་གསུམ་ལོ་ཉེས་དམག་འཁྲུག་རྩོད། །ཆར་ཆུ་མི་སྙོམ་གངས་ཆེན་བྲ་བྱིའི་ཐན། །ས་གཡོ་མེ་དགྲ་འབྱུང་བཞིའི་འཇིགས་པ་དང་། ཁྱད་པར་བསྟན་ལ་འཚེ་བའི་མཐའ་དམག་སོགས། །གངས་ཅན་ལྗོངས་འདིར་གནོད་འཚེའི་རིགས་མཐའ་དག །མྱུར་དུ་ཞི་ཞིང་རྩད་ནས་འཇོམས་གྱུར་ཅིག །མི་དང་མི་མིན་འགྲོ་བ་མཐའ་དག་གི །རྒྱུད་ལ་བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །ངང་གིས་སྐྱེས་ནས་གནོད་འཚེའི་བསམ་སྦྱོར་བྲལ། །ཕན་ཚུན་བྱམས་པའི་སེམས་དང་ལྡན་ནས་ཀྱང་། །བོད་ཡུལ་མཐའ་དབུས་བདེ་སྐྱིད་དཔལ་གྱིས་འབྱོར། །སངས་རྒྱས་བསྟན་པ་དར་རྒྱས་ཡུན་གནས་ཤོག །རྩ་གསུམ་རྒྱལ་བ་སྲས་བཅས་བདེན་པའི་སྟོབས། །འཁོར་འདས་དགེ་བའི་རྩ་བ་གང་མཆིས་དང་། །བདག་ཅག་ལྷག་བསམ་རྣམ་པར་དཀར་བའི་མཐུས། །གསོལ་བཏབ་སྨོན་པའི་འབྲས་བུ་འགྲུབ་གྱུར་ཅིག །ཅེས་རྗེ་བླ་མ་རིན་པོ་ཆེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས། དེང་སང་དུས་ཀྱི་འཚུབས་འགྱུར་ཤིན་ཏུ་ཆེ་ཞིང་ཅི་ལྟར་འགྱུར་ཆ་མེད་པས་རྗེ་ཉིད་ནས་བོད་ཡུལ་བདེ་བའི་སྨོན་ལམ་ཉིན་ཞག་རེ་ལ་ལན་དྲུག་རེ་མཛད་པ་ཡིན་པས། ཁྱོད་ནས་ཀྱང་དེ་ལྟར་གལ་ཆེ་ཞེས་བཀའ་བསྩལ་ཕེབ་པ་ལྟར་རང་གིས་བསྙེལ་གསོས་སུ་བྲིས་པ་ཇི་བཞིན་འགྲུབ་པར་གྱུར་ཅིག །ཅེས་བློ་གྲོས་མཐའ་ཡས་ཀྱིས་ཙ་འདྲ་རིན་ཆེན་བྲག་ཏུ་རྒྱལ་ཟླ་བའི་དཀར་ཕྱོགས་འགྲུབ་པའི་སྦྱོར་བ་དང་ལྡན་པའི་སྔ་དྲོའི་ཆར་བྲིས་པ་ཡ་ཐཱ་སིདྡྷི་རསྟུ།། །། ༄༅། །སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་ཞེས་བྱ་བ། དེའང་དུས་ཀྱི་ཐ་མ་ལ་རྩ་གསུམ་ལྷའི་ཐུགས་རྒྱུད་བསྐུལ་ནས་བསྟན་པའི་སྙིང་པོ་རིན་པོ་ཆེ་རྒྱས་པར་གྱུར་ཅིག་སྙམ་དུ་ལན་གཅིག་ཙམ་མོས་པ་ཡང་བསོད་ནམས་ཚད་མེད་པ་དང་ལྡན་ཞིང་། རྒྱལ་བའི་སྲས་ཀྱི་སྨོན་ལམ་ཡོངས་སུ་རྫོགས་ནས་སྐྱེ་བ་ཀུན་ཏུ་རྒྱལ་བའི་ཆོས་དང་ཆོས་ཀྱི་སྙིང་པོ་ཟབ་མོའི་ཐེག་པ་དང་འཕྲད་ནས་འཛིན་སྐྱོང་སྤེལ་བས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རེག་པར་འགྱུར་བའི་དགོས་པ་ཡོད་པས། སྐལ་བཟང་རྣམས་ཀྱིས་དུས་དུས་དང་། ཁྱད་པར་ཚོགས་མང་གི་སྐབས་སུ་འདི་ལྟར་སྨོན་ལམ་གདབ་པར་བྱའོ། །ན་མོ། ཕྱོགས་བཅུའི་བདེ་བར་གཤེགས་པ་སྲས་དང་བཅས། ཁྱད་པར་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། །རྒྱལ་སྲས་བརྒྱད་དང་གནས་བརྟན་འཕགས་པའི་ཚོགས། །མཁྱེན་བརྩེའི་བདག་ཉིད་མཆོག་རྣམས་དགོངས་སུ་གསོལ། །ཕན་བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེ། །སྟོན་དང་སེམས་དཔའ་འཕགས་པ་མཆོག་རྣམས་ཀྱིས། །ཡང་ཡང་དཀའ་བས་བཙལ་ཞིང་བརྣག་པའི་དོན། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་དང་། །བཀའ་གཏེར་རིག་འཛིན་བརྒྱུད་པ་ཡི་དམ་ལྷ། །མ་མགོན་གཟའ་རྡོར་བརྒྱུད་གསུམ་དྲེགས་པའི་ཚོགས། །སྔ་འགྱུར་རྩ་གསུམ་ལྷ་ཚོགས་དགོངས་སུ་གསོལ། །ཐུབ་བསྟན་མདོ་དང་སྔགས་ཀྱི་ཚུལ་མཐའ་དག །གངས་ཅན་ལྗོངས་སུ་བརྩེ་བས་དྲངས་གྱུར་པ། །ཆེས་ཆེར་སྤེལ་བའི་རྡོ་རྗེའི་དམ་དགོངས་ནས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཕྱོགས་དུས་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ། །རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་རོལ་མོ་ཡིས། །གངས་ཅན་ཕན་བདེའི་ཉི་མ་གསལ་བར་མཛད། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྒྱལ་དང་རྒྱལ་སྲས་འཕགས་པ་ཆེན་པོའི་ཚོགས། །བསམ་བཞིན་སྤྲུལ་པའི་ཟློས་གར་ཉེར་བཟུང་ནས། །དྲི་མེད་རྒྱལ་བསྟན་ནོར་བུའི་རྒྱལ་མཚན་སྒྲེང་། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཐུན་མོང་ཐུན་མིན་གཞུང་ཀུན་རང་དབང་གིས། །མ་ནོར་བསྒྱུར་ཞུས་གཏན་ལ་ཕབ་པ་ཡིས། །གངས་ལྗོངས་སྣང་བའི་སྒོ་ཆེན་ཐོག་མར་ཕྱེས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །སྐལ་བཟང་གདུལ་བྱས་མདོ་དང་སྔགས་ཀྱི་ཚུལ། །ཉམས་སུ་ལེན་ལ་གཞན་དྲིང་མི་འཇོག་པར། །བཀའ་དང་དགོངས་པ་འགྲེལ་བའི་གཞུང་ཀུན་རྫོགས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །བདེན་གསུང་བཀའ་ཡི་རྒྱ་མཚོ་ཆེན་པོ་ལ། །ཟབ་མོའི་ཆོས་གཏེར་ནོར་བུས་མངོན་པར་མཛེས། །མདོ་དང་སྔགས་ཀྱི་ལམ་བཟང་ཟུང་དུ་འབྲེལ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྨད་བྱུང་ཟ་ཧོར་མཁན་པོའི་སྤྱོད་པ་དང་། །མཚུངས་མེད་དཔལ་ལྡན་ཀླུ་ཡི་ལྟ་བ་གཉིས། །ཟུང་འབྲེལ་བརྒྱུད་པའི་བཀའ་སྲོལ་ཕྱག་རྒྱས་བཏབ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཟབ་མོའི་ནང་རྒྱུད་སྡེ་གསུམ་དགོངས་པའི་བཅུད། །ཐུན་མིན་མན་ངག་གསང་བའི་ལམ་མཆོག་ནས། །འཇའ་ལུས་ཆོས་སྐུར་གཤེགས་པའི་ངོ་མཚར་འབར། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རབ་འབྱམས་ཞི་ཁྲོའི་ཁྱབ་བདག་སྒྲུབ་སྡེ་བརྒྱད། །བཀའ་བབ་རིག་འཛིན་སོ་སོའི་དགོངས་བཅུད་དང་། །ཀུན་འདུས་པདྨའི་བཀའ་སྲོལ་གཅིག་ཏུ་འཁྱིལ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྒྱུ་དང་འབྲས་བུ་གསང་སྔགས་ཐེག་པ་ཆེ། །ཚང་ལ་མ་ནོར་རིག་འཛིན་བརྒྱུད་པའི་ལུང་། །ཌཱ་ཀིའི་ཞལ་གྱི་དྲོད་རླངས་ཐོ་ལེ་བ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྡོ་རྗེ་འཆང་གི་དགོངས་དོན་བདུད་རྩིའི་བཅུད། །མཁས་གྲུབ་བྱེ་བའི་ཞལ་ནས་སྙན་དུ་བརྒྱུད། །རྟོག་གེ་ངན་པའི་རང་བཟོས་མ་བསླད་པ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གསེར་ཞིང་ནོར་བུས་སྤྲས་པའི་ཡོན་གྱིས་ཀྱང་། །མི་འགུགས་དབྱིངས་ཀྱི་མཁའ་འགྲོའི་ཐུགས་མཛོད་ཆོས། །བརྩེ་བས་རྗེས་འཇུག་སྐལ་པ་ཁོ་ནར་བཀྲམ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ངོ་བོ་ཀ་ནས་དག་པའི་ཡེ་ཤེས་ལ། །རང་བཞིན་ལྷུན་གྱིས་གྲུབ་པའི་གདངས་ཤར་བས། །བླུན་སྒོམ་སེམས་ལས་འདས་པའི་རྫོགས་པ་ཆེ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཡོད་མེད་ཕྱོགས་རེར་ཞེན་པའི་དམིགས་གཏད་ཞིག །མཐར་འཛིན་ལྟ་བའི་འཛིན་སྟངས་དྲུངས་ནས་ཕྱུང་། །གཞི་ལམ་འབྲས་བུ་སྣང་སྟོང་ཟུང་དུ་འཇུག །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །དུས་གསུམ་རྒྱལ་བའི་དགོངས་པ་མཐར་ཐུག་དོན། །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །རིག་སྟོང་མི་ཤིགས་རྡོ་རྗེ་གྲུབ་པའི་མཐའ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མང་དུ་ཐོས་པ་ལུང་གི་སྤྲིན་འཁྲིགས་ཤིང་། །ཕ་རོལ་རྒོལ་འཇོམས་རིགས་པའི་གློག་ཕྲེང་འབར། །མན་ངག་གནད་ཀྱི་བདུད་རྩི་སྙིང་ལ་སིམ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྨད་བྱུང་ཨ་ཏི་ཡོ་གའི་གསེང་ལམ་ནས། །མ་ལུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། ཁྱབ་བདག་འཇམ་དཔལ་རྡོ་རྗེར་རབ་བསྒྲུབས་པ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །ཐེག་མཆོག་སེངྒེའི་སྒྲ་དབྱངས་ས་གསུམ་ཁྱབ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྒྱལ་བསྟན་ཡོངས་སུ་རྫོགས་པའི་གོས་བཟང་རྩེར། །འོད་གསལ་རྡོ་རྗེ་སྙིང་པོའི་ཏོག་མཛེས་པ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་མཐོ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །བདག་སོགས་དེང་ནས་འགྲོ་བ་ཇི་སྲིད་དུ། །བསྟན་དང་བསྟན་པའི་སྙིང་པོ་ཡོངས་རྫོགས་པ། །མཁའ་ཁྱབ་ཞིང་དུ་འཛིན་སྐྱོང་སྤེལ་བ་ཡིས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མདོར་ན་མཁས་བཙུན་གྲུབ་པའི་རྣམ་ཐར་གྱིས། །རྒྱལ་བསྟན་སྤེལ་བའི་ཕྲིན་ལས་མཁའ་ཁྱབ་པའི། །བསྟན་འཛིན་དམ་པས་ས་སྟེང་ཡོངས་གང་ནས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་། །བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡིས། །ཆོས་སྲིད་མི་ནུབ་ནོར་བུའི་རྒྱལ་མཚན་བསྒྲེངས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་སངས་རྒྱས་པདྨ་སྐྱེས་འཆི་མེད་མཚོར་འཁྲུངས་རྒྱལ་བའི་བསྟན་པ་ལ་སྔ་འགྱུར་རྙིང་མ་ཞེས་གྲགས་པ་འདི་ནི་ཐུབ་བསྟན་ཡོངས་སུ་རྫོགས་པའི་ཕྱི་མོ་ཡིན་ཅིང་། ཟབ་གནད་ཆེ་བ་དུ་མའི་ཁྱད་ཆོས་དང་ལྟ་སྒོམ་རྣམ་པར་དག་པ་རྒྱལ་བ་དགྱེས་པའི་ལམ་བཟང་མཆོག་ཡིན་པ་འདི་ངོ་ཤེས་ནས། ནོར་བུ་རིན་པོ་ཆེ་བྱི་དོར་བྱས་ཏེ་རྒྱལ་མཚན་གྱི་རྩེ་ལ་མཆོད་པ་བཞིན་དུ། གང་ཟག་སྐལ་བ་དང་ལྡན་པ་རྣམས་ཀྱིས་འཆད་རྩོད་རྩོམ་གསུམ་གྱི་ཕྲིན་ལས་རླབས་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་མཛད་པའི་ཐུགས་ཁུར་བཞེས་པ་དང་། དེ་ལྟ་བུའི་བཞེད་པའི་དོན་ཡིད་བཞིན་དུ་འགྲུབ་པའི་རྟེན་འབྲེལ་སྨོན་ཚིག་ཏུ། རྙིང་བསྟན་ལ་ལྷག་བསམ་རྣམ་པར་དཀར་བ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་གནས་དུས་རྟེན་འབྲེལ་དགེ་བར་གུང་ཐུན་ལ་ཤར་མར་བྲིས་པ་དགེ་ལེགས་འཕེལ།། །། ༄། བསྔོ་སྨོན་མདོར་བསྡུས་སྐབས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཞེས་པ་སྔོན་དུ་འགྲོ་བས། དགེ་ཚོགས་མཐར་ཕྱིན་པ་བསྒྲུབ་པའི་ཕྱིར། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཤིང་། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ཅེས་སམ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཅེས་དང་། དམ་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པའི་ཕྱིར་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །སྦྱིན་བདག་ལ་སོགས་པ་བདེ་བར་འཚོ་བའི་ཕྱིར། གང་གིས་སྦྱིན་པ་གང་ལ་སྦྱིན། །སྦྱིན་པ་དེ་ལྟར་མི་རྟོག་པ། །སྦྱིན་པ་མཉམ་པ་དེ་ཉིད་ཀྱིས། །སྦྱིན་བདག་རྣམས་ལ་ཡོངས་རྫོགས་ཤོག །གཞན་དོན་ཐེག་ཆེན་གྱི་སྤྱོད་པ་འཕེལ་པའི་ཕྱིར། ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་དོན་ཀུན་བསྒྲུབ་པའི་ཕྱིར། །ཇི་ལྟར་འཇམ་དབྱངས་སྤྱོད་མཛད་པ། །བདག་གིས་སྤྱོད་པའང་དེ་འདྲར་ཤོག །སྐྱེ་བ་ཀུན་ཏུ་བསོད་ནམས་དང་ཡེ་ཤེས་ལ་སོགས་པའི་ཡོན་ཏན་སྤེལ་བའི་ཕྱིར། སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །བསོད་ནམས་ཡེ་ཤེས་དག་ནི་མི་ཟད་བརྙེས། །ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་དང་། །ཡོན་ཏན་ཀུན་གྱི་མི་ཟད་མཛོད་གྱུར་ཅིག །སྨོན་ལམ་ཐམས་ཅད་ཀྱང་དམ་པའི་ཆོས་ཡོངས་སུ་འཛིན་པར་བསྔོས་ན་འདུ་བར་གསུངས་པས་དེའི་ཕྱིར། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །བཟང་པོ་སྤྱོད་པ་རྣམ་པར་སྦྱོང་བ་ཡང་། །མ་འོངས་སྐལ་པ་ཀུན་ཏུ་སྤྱོད་པར་ཤོག །ཕན་ཚུན་བྱམས་པ་ལ་གནས་ཤིང་རྟག་ཏུ་ཆོས་ལ་སྤྱོད་པའི་ཕྱིར། འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །ས་འམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །འཁོར་གསུམ་མི་རྟོག་པའི་བསྔོ་བ་རྗེས་མཐུན་པ་ལ་སློབ་པའི་ཕྱིར། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་སོགས་ཤྭ་ལོ་ཀ་གཉིས་ཀྱི་མཐར། སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་སོགས་བརྗོད་དོ།། ༈ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་གསུང་ལས། རིན་ཆེན་དགེ་ཚོགས་འདི་ཡིས་འགྲོ་བ་ཀུན། །རྟག་ཏུ་དམ་པའི་ཆོས་དང་མི་འབྲལ་ཞིང་། །རང་གཞན་དོན་གཉིས་རྫོགས་པ་མཐར་ཕྱིན་ནས། །ཆོས་རྔ་སྒྲོག་པས་འཇིག་རྟེན་མཛེས་བྱེད་ཤོག །ཕན་བདེའི་འབྱུང་གནས་བསྟན་པ་འཕེལ་གྱུར་ཅིག །ཚེ་རབས་ཀུན་ཏུ་ཆོས་ལ་སྤྱོད་གྱུར་ཅིག །རྒྱལ་ཁམས་ཀུན་ཏུ་བཀྲ་ཤིས་རྒྱས་གྱུར་ཅིག །འགྲོ་ཀུན་ཕྱམ་གཅིག་སངས་རྒྱས་ཐོབ་གྱུར་ཅིག །ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན། །ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་གྲགས་གྱུར་ཏེ། །བློ་གྲོས་པདྨོ་རབ་ཏུ་རྒྱས་བྱེད་ཅིང་། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག། ༈ ཡང་ན། སྐྱེས་རབས་ནས་འབྱུང་བའི། བསོད་ནམས་འདི་ཡིས་སོགས་དང་། ཐེག་མཆོག་དམ་ཆོས་རིན་ཆེན་བཤད་་་འཆད་པ་པོས་གཞུང་ལྟར་དང་། ཉན་པ་པོས་མཉན་ཞེས་བསྒྱུར།མཆན།འདི་ལས། །བདག་གི་བསོད་ནམས་མཐའ་ཡས་གང་ཐོབ་པ། །དེས་ནི་འགྲོ་ཀུན་ཐེག་མཆོག་དམ་པའི་ཆོས། །རིན་ཆེན་དྲི་མ་མེད་པའི་སྣོད་གྱུར་ཅིག །ཅེས་སློབ་དཔོན་ཐོགས་མེད་གསུང་དང་། བདུད་ཀྱི་སྡེ་དང་མུ་སྟེགས་གཞུང་ཀུན་དང་། །ཆོས་ལྟར་བཅོས་པའི་མུན་སྤྲུལ་དུ་མ་དང་། །གཞན་ཡང་འགྲོ་བའི་ཉེ་བར་འཚེ་བ་རྣམས། །བདག་གི་སྟོབས་ཀྱིས་རྩད་ནས་འཇོམས་གྱུར་ཅིག །ཅེས་ཆོས་རྒྱལ་འཕགས་པའི་གསུང་དང་། སྲིད་པ་ཐམས་ཅད་དུ་ཡང་སོགས་བཟང་སྤྱོད་ནས་འབྱུང་བའི་ཤྭ་ལོ་ཀ་གཅིག་བརྗོད། བསྟན་པ་རྒྱས་ཤིང་བསྟན་འཛིན་དར་བ་དང་། ཁྱད་པར་བླ་མའི་ཞབས་པད་བརྟན་ཅིང་ཡང་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར། སྲིད་ཞིའི་དཔལ་འབྱོར་སོགས་དང་། ཕན་བདེ་འབྱུང་བའི་སོགས། ཆོས་རྔ་ཆེན་པོའི་སོགས། གཙུག་ལག་ཁང་རྣམས་སོགས་བརྗོད། ༈ སྤྲུལ་པའི་གཏེར་ཆེན་རྒྱ་མཚོའི་འཁོར་ལོས་སྒྱུར། །འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པ་ཡི།་་་འདིའི་དཔེར་མཚོན་ཏེ་གཏེར་ཆེན་སོ་སོའི་མཚན་ཁ་བསྒྱུར། མཆན། རིང་ལུགས་ཕྱོགས་དུས་ཀུན་ཏུ་ཁྱབ་པ་དང་། །ཕན་བདེའི་དགེ་མཚན་རྒྱས་པའི་བཀྲ་ཤིས་ཤོག། ༈ ཨོཾ་སྭསྟི། གངས་ལྗོངས་རིས་མེད་བསྟན་པ་རྒྱ་མཚོའི་བདག །ངོ་མཚར་བཀའ་བབ་བདུན་གྱི་འཁོར་ལོས་སྒྱུར། །འཇམ་པའི་དབྱངས་དངོས་མཁྱེན་བརྩེའི་དབང་པོ་ཡི། །རིང་ལུགས་བསྟན་པ་དར་རྒྱས་བཀྲ་ཤིས་ཤོག། ༈ རྣམ་པར་སྣང་མཛད་ཆོས་ཀྱི་འཁོར་ལོའི་རྒྱལ། །བཀའ་གཏེར་མདོ་སྔགས་བསྟན་པ་རྒྱ་མཚོའི་སྲོག །ངོ་མཚར་ཡོངས་རྫོགས་མཛོད་ཆེན་རྣམ་ལྔ་ཡི། །བཀའ་སྲོལ་སྲིད་མཐར་གནས་ཤིང་རྒྱས་གྱུར་ཅིག །ཅེས་པའང་སྡོམ་བརྩོན་ཐུབ་བསྟན་འཇམ་དཔལ་ཚུལ་ཁྲིམས་གྲགས་པ་ནས་ལྷག་བསམ་དག་པས་རྟེན་བཅས་བསྐུལ་བ་བཞིན། དཔལ་ཀརྨ་པའི་མཚན་འཛིན་བཅོ་ལྔ་པས་མེ་སྦྲུལ་ནག་ཟླའི་ཡར་ཚེས་བཅོ་ལྔའི་ཉིན་རྩེ་གཅིག་ཏུ་སྨོན་པ་དགེ། ༈ རྒྱལ་བསྟན་སྙིང་པོ་སྔ་འགྱུར་པདྨའི་སྲོལ། །ཟབ་གསང་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི། །བཤད་སྒྲུབ་སྣང་བས་ས་སྟེང་ཀུན་ཁྱབ་སྟེ། །ཕུན་ཚོགས་བཀྲ་ཤིས་འཕེལ་རྒྱས་བརྟན་གྱུར་ཅིག །ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྨོན་པ་ཤུ་བྷཾ།་་་འདི་ཞེ་ཆེན་པར་གསར་སྐབས་གསར་བསྣན་ཡིན།མཆན། སྤྱིར་དགེ་བ་གང་བྱས་ཐམས་ཅད་ཀྱི་མཇུག་ཏུ་འཁོར་གསུམ་རྣམ་པར་མི་རྟོག་པ་དངོས་སམ་རྗེས་མཐུན་པས་རྒྱས་གདབ་པ་གལ་ཆེ་བས། འཆད་ཉན་གྱི་ཐུན་མཇུག་ཀུན་ཏུ་གོང་སྨྲོས་སོགས་ཀྱི་དཔེར་མཚོན་ཏེ། སྨོན་ཚིག་ཁྱད་པར་ཅན་རྣམས་སྐབས་བསྟུན་རེ་མོས་ཀྱིས་གདབ་པ་དང་། དགོང་མོར་བཟང་སྤྱོད་སོགས་རྒྱས་པར་གྲུབ་ན་མཆོག་ཏུ་འགྱུར་རོ།། །།༄༅། །དྲུག་པ་འཕྲོས་དོན་སྤང་བླང་གི་བསླབ་བྱ་ཉུང་ངུར་བསྡུས་པ་ཅུང་ཟད་ཅིག་བསྙད་ན། དེའང་སྡོམ་པ་གསུམ་པོ་གང་དང་གང་ཡིན་ནའང་། དེ་ཉིད་ནོད་པའི་ཡུལ་མཁན་པོ་དང་སློབ་དཔོན་ལ་སོགས་པ་མཚན་ཉིད་དང་ལྡན་པའི་དྲུང་ནས། ཆོ་ག་ཚུལ་བཞིན་གྱིས་བླངས་ཤིང་ཐོབ་པ་ལས། བབ་ཅོལ་དུ་སྤྱོད་པས་སྡོམ་པ་མི་ཐོབ་པའི་སྟེང་དུ་ཆོས་ལ་བརྟེན་ནས་སྡིག་པའི་ལས་སུ་འགྱུར་ཞིང་། ཁྱད་པར་བཀའ་གསང་རྨད་དུ་བྱུང་བའི་སྔགས་ཀྱི་ཐེག་པར་འཇུག་པ་ལ། རྒྱུད་དབང་གིས་སྨིན་པར་མ་བྱས་པར་རང་སྟོབས་ཀྱིས་ཞུགས་ཤིང་སློབ་དཔོན་གྱི་ས་བཟུང་ན་དངོས་གྲུབ་མཆོག་མི་ཐོབ་པའི་སྟེང་ཉེས་པའི་སྒོ་མཐའ་ཡས་པ་ཞིག་འབབ་པར་འགྱུར་ཏེ། སྔ་འགྱུར་དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་བསྐུར་གནང་བ་མ་ཐོབ་པར། །གང་ཞིག་སྔགས་ལ་འཇུག་བྱེད་ཅིང་། །ཉན་ཅིང་སྒྲུབ་པར་བྱེད་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །སློབ་དཔོན་མཉེས་པར་མ་བྱས་ན། །དབང་ཐོབ་ན་ཡང་མི་ཕན་ནོ། །དབང་མ་ཐོབ་པར་བརྩམ་པ་དང་། །ཉམས་མ་བརྟས་པར་ཁལ་འགེལ་བ། །དེ་དག་ཕུང་བའི་རྒྱུ་ཡིན་ནོ། །དབང་མ་ཐོབ་པའི་གང་ཟག་ནི། །གཞན་མ་ཡོན་ཏན་གང་ཚང་ཡང་། །འཁོར་ལོ་སྲོག་ཤིང་མེད་འདྲ་འོ། །སྒྲུབ་པ་ཞག་གྲངས་དུས་ཚང་ཡང་། །རྟགས་ཀུན་ཕྱིན་པར་མི་འགྱུར་རོ། །དེ་ཡང་དབང་མ་ཐོབ་པའི་སྐྱོན། །མཆོད་པ་བསྙེན་སྒྲུབ་ཤུགས་ཕྱུང་ཡང་། །དངོས་གྲུབ་ཐོབ་པར་མི་འགྱུར་ན། །དེ་ཡང་དབང་མ་ཐོབ་པའི་སྐྱོན། །སྔགས་པ་དབང་མེད་རས་ཆོད་མཁན། །སྨྱོ་དང་མཛེ་དང་ལྐུགས་པ་དང་། །རིམས་དང་མུ་གེ་འཁྲུག་པ་དང་། །ནད་རྣམས་སྣ་ཚོགས་འབྱུང་བ་ཡང་། །སློབ་དཔོན་དེ་ཡི་རྒྱུ་ལས་འབྱུང་། །དབང་བསྐུར་གནང་བ་མ་ཐོབ་པར། །རིག་པ་ཤེས་རབ་རྩལ་རྫོགས་ཀྱང་། །སློབ་དཔོན་བྱ་བར་མི་འབྱུང་ངོ་། །གང་ཞིག་སྔགས་ལ་སྤྱོད་འདོད་ན། །ཤེས་པར་གྱིས་ལ་དབང་རྣམས་ནོས། །རྣལ་འབྱོར་སྔགས་པ་ཚེ་ཐུང་དང་། །རྡོ་རྗེ་ལྕམ་དྲལ་རྐྱེན་འོང་པ། །དམ་སྲི་ལངས་པ་མ་ཡིན་སྟེ། །འཕགས་པ་ཉིད་ཀྱི་བཀའ་ཆད་ཡིན། །གང་དགའ་རུང་རུང་བྱེད་པ་ལ། །སངས་རྒྱས་ཀོ་ལོང་མི་མཛད་ན། །རང་གི་གཟུགས་ཕུང་བརླག་ཏ་རེ། །ཞེས་སོགས་དང་། དེ་བས་རྣལ་འབྱོར་སྔགས་འཆང་གིས། །དམ་པའི་དོན་དུ་དབང་འདི་ནོས། །ཞེས་བཀའ་བསྩལ་པ་བཞིན་དབང་བསྐུར་ངེས་པར་ཐོབ་དགོས་པ་ཡིན་ལ། དེའང་རྟོགས་དགོངས་མཐར་ཕྱིན་པའི་ཡེ་ཤེས་མཆོག་ལ་མངའ་བརྙེས་པའི་རྡོ་རྗེ་སློབ་དཔོན་གྱིས། སྦྱངས་པ་སྔོན་སོང་ལས་འཕྲོ་སད་པའི་སློབ་མ་ལ་དགོངས་པ་གཏད་པ་ཙམ་གྱིས་ཐུགས་རྒྱུད་ཀྱི་བྱིན་རླབས་ཞུགས། དོན་དམ་བཀའ་ཡི་དབང་ཆེན་མ་བསྐུར་ཤུགས་ཀྱིས་རྫོགས་པར་འགྱུར་བ་ཡིན་ནའང་། ད་ལྟའི་སྐབས་འདིར་དེ་ལྟ་བུའི་སྣོད་བཅུད་ཀྱི་རྟེན་འབྲེལ་ཚོགས་པར་དཀའ་བས། དབང་མཚན་ཉིད་དང་ལྡན་པ་བསྐུར་ཞིང་ཐོབ་དགོས་པར་གསུངས་ཤིང་། དབང་བསྐུར་བ་དེ་ལའང་། དཔོན་སློབ་ཀྱི་མཚན་ཉིད་གཉིས་དང་། བསྐུར་བའི་ཡུལ་གྱི་སྣོད། བྱ་བ་སྒྲུབ་པའི་གྲོགས། དབང་གི་རྫས། དཀྱིལ་འཁོར་ཇི་ལྟར་བྲི་བ། ཡོན་འབུལ་བ། དབང་དོན་བསྙེན་སྒྲུབ་བྱ་བའི་ཚུལ། བཀའ་རྟགས་སྦྱིན་པ། དབང་བསྐུར་བའི་དུས། དབང་བསྐུར་བའི་དགོས་གནད་ཕན་ཡོན་ཏེ། མདོར་དྲིལ་རྣམ་གྲངས་བཅུ་གཅིག་ཏུ་འབྱུང་བ་རྣམས་ཡིན་ལ། དེ་ལས་སློབ་དཔོན་དང་། དབང་བསྐུར་བའི་ཡུལ་གྱི་མཚན་ཉིད་བརྡ་ཙམ་གོང་དུ་བཤད་པ་བཞིན་དང་། གྲོགས་ལས་སློབ་ལ་སོགས་པའང་ཡུལ་དུས་དགོས་པ་དང་བསྟུན་པས་ཧ་ཅང་གྲངས་མང་ཉུང་གི་མཐར་མ་ལྷུང་ཞིང་། ཁྲོ་གཏུམ་ངན་གཡོ་མ་དད་པ་དང་ལེ་ལོ་ལ་སོགས་པའི་སྐྱོན་མེད་ཅིང་དེ་རྣམས་ལས་ལྡོག་པའི་ཡོན་ཏན་ཚང་བ་དང་། དབང་དང་དཀྱིལ་འཁོར་གྱི་རྫས་རྣམས་ཀྱང་མ་འཚོགས་བཞིན་དུ་ཧ་ཅང་བྱ་སླ་ཚོད་ཡོད་ཀྱི་ཁྲལ་སྤྱོད་དང་། ཁ་ལྟ་སྟོང་སྐད་ལ་རྒྱབ་འཆོལ་བའི་འུད་གོག་གིས་རྫས་མ་ཚོགས་བཞིན་དུ་བསྐུར་བ་དང་། ཡང་རྫས་དང་ཙཀླི་སོགས་ཕྲན་བུ་ཙམ་མ་འཛོམ་པ་ལ་འཇིགས་པས་དབང་གི་བྱ་བ་གཤོལ་བ་སྤངས་ནས། དབང་རྫས་དངོས་དང་རི་མོར་བྲིས་པ་སོགས་དམིགས་སུ་བཀར་བ་མེད་ན། ཕྱོགས་འགལ་མ་ཡིན་པའི་རིགས་མཐུན་ནས་བསྡེབས་པ་སོགས་ཕྱག་བཞེས་ཡངས་དོག་གི་མཐའ་གཉིས་སུ་མ་ལྷུང་བ་དང་། དཀྱིལ་འཁོར་འབྲི་བའང་བློས་བསླང་དང་། རྡུལ་ཚོན། རས་བྲིས། ཚོམ་བུ་སོགས་གསུངས་པ་ལས། དེང་སང་ཕྱི་མ་རྣམས་ལ་མཛད་ཅིང་། ཁྱད་པར་རྡུལ་ཚོན་གྱི་བྱ་བ་གཙང་དག་མེད་པ་བྲིས་པ་ལས་མཚན་ཉིད་ཚང་བའི་རས་བྲིས་ཉིད་བཀྲམ་པ་བྱིན་རླབས་ཆགས་ཤིང་ཉེས་པ་མི་གསོག་པའི་སྒོ་ལེགས་པ་ཡིན་ལ། དེའང་ཐིག་ཚོན་ཇི་བཞིན་པ་མེད་པ་བཀྲམ་པ་ལས་ཚོམ་བུ་ཉིད་མ་འཆོལ་བར་བཀོད་པ་ལེགས་པར་སྣང་། གང་ལྟར་ཡང་། དེ་དག་གི་སྔོན་དུ་ས་ཡི་ཆོ་ག་རྣམས་ཀྱང་ཐོག་མར་གནས་གསར་རྙིང་དང་བསྟུན་པས་ལེགས་པར་བགྱིད་དགོས་ཤིང་། འདི་ལྟ་བུའི་དབང་མང་པོ་དཀྱུས་གཅིག་ཏུ་བསྐུར་ནའང་། དབང་ཕྱི་མ་སོ་སོར་ས་ཆོག་གི་སྐོར་ཡོད་པ་རྣམས་སོ་སོའི་གཞུང་ནས་གསུངས་པ་བཞིན་སྦྱོར་དགོས་པ་ལས། གཅིག་གོ་གཅིག་གིས་བཅད་དེ་དོར་བ་སོགས་བྱར་མི་རུང་ངོ་། །ཡོན་འབུལ་བའང་། རྒྱུད་དེ་ཉིད་ལས། དབང་བསྐུར་གནང་བ་འཐོབ་འདོད་པའི། །སྐྱེས་བུ་གང་ཟག་རྣལ་འབྱོར་པས། །དང་པོ་དབང་གི་ཡོན་དབུལ་ཏེ། །ཛམ་གླིང་རིན་ཆེན་གང་བ་དང་། །རྟ་དང་གླང་པོ་དུད་འགྲོའི་ཚོགས། །རྒྱལ་སྲིད་དང་ནི་རང་ལུས་དབུལ། །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །བུ་དང་ཆུང་མ་སྤུན་དང་གྲོགས། །འཁོར་དང་ལོངས་སྤྱོད་ཇི་ཡོད་པ། །དབང་རྣམས་འཐོབ་ཕྱིར་ཡོན་དུ་དབུལ། །དེ་དག་གང་དང་མི་ལྡན་ན། །ལུས་ཀྱི་ཕུང་པོ་འབངས་སུ་དབུལ། །སེམས་ཀྱི་དྲན་པ་བརྩེ་བྱས་ལ། །མེ་ཏོག་ཁ་དོག་སྣ་ཚོགས་པ། །རྩ་དང་ཤིང་ལས་སྐྱེས་པ་ནི། །གང་རྙེད་པ་ལ་དམིགས་བཅས་ལ། །བླ་མ་ལ་ནི་ཡོན་དུ་དབུལ། །ཡོན་མཆོད་འདི་ལ་དབང་མཆོག་ཡོད། །ཡོན་འབུལ་ཕོངས་ན་དབང་ཡང་ཕོངས། །གཤེ་བརྙས་བྱས་ན་བཀའ་དང་འགལ། །ཐུག་ཐུབ་བྱས་ན་གཞུང་ལས་ཉམས། །ཡོན་མཆོག་འབུལ་བར་མི་བྲ་ན། །དབང་ཡང་བསྐུར་བར་མི་བྱ་འོ། །ཞེས་སྟོན་པ་ཉིད་ཀྱི་ཞལ་ནས་གསུངས། ཞེས་འབྱུང་བ་བཞིན། སློབ་མ་ངེས་པར་དབང་ཐོབ་འདོད་ཀྱི་བློ་ལྡན་རྣམས་ཀྱིས་ཡོན་དངོས་སུ་འབྱོར་པ་རྣམས་སེར་སྣ་དང་འགྲན་སེམས་གྲགས་འདོད་ལ་སོགས་པའི་སད་ཀྱིས་མ་ཁྱེར་པའི་དངོས་པོ་སྒོ་ཐམས་ཅད་ནས་དག་པ་ལྟོས་མེད་དུ་འབུལ་ཞིང་། ལུས་ལོངས་སྤྱོད་འབུལ་བའང་ཁ་ཁྲལ་ཙམ་མིན་པར་སྙིང་ནས་མོས་པས་བླངས་ཏེ་ཕུལ་ན། དབང་ཐོབ་པའི་རྒྱུ་དང་ཚོགས་རྫོགས་པའི་རྟེན་དུ་འགྱུར་ལ། འབྱོར་པ་མེད་པ་རྣམས་ཀྱིས་ཀྱང་གོང་དུ་བཤད་པའི་དགོངས་པ་བཞིན། བླ་མ་ལ་གུས་ཤིང་བརྩེ་བའི་སྒོ་ནས་ཕྱག་ཕྱི་བགྱིད་པ་དང་། མེ་ཏོག་གམ་རྩྭ་དང་ཤིང་ལ་སོགས་པའི་རྫས་དག་པའི་སེམས་ཀྱིས་ཕུལ་ནའང་དབང་ཐོབ་ཅིང་ཚོགས་ཀྱི་དམ་པར་འགྱུར་ལ། དེ་ལས་ལྡོག་པར་སྤྱོད་ཅིང་དབང་ཞུས་ནའང་དོན་དུ་མི་འགྱུར་བའི་ཁར་སྡིག་པའི་བྲེ་ཁ་འགེངས་བྱེད་དུ་འགྱུར་བས་བག་ཡོད་པ་བགྱིད་འཚལ་ཞིང་། བླ་མ་དེ་ཟང་ཟིང་གི་ནོར་ལ་མི་དགྱེས་པ་ཞིག་ཡིན་ན། ཐུགས་ལ་མི་འཐད་པའི་སྤྱོད་པར་མི་དགྱེས་བཞིན་དུ་ནན་གྱིས་བསྐུལ་བའང་སྤངས་ཏེ། དངོས་པོ་རྣམས་ཀྱང་རང་གིས་མི་སྤྱད་པར་དཀོན་མཆོག་གི་མཆོད་པ་དང་བླ་མའི་རིམ་འགྲོའི་ཕྱིར་སོགས་ལ་གཏོང་ཞིང་། ཐུགས་དང་མཐུན་པའི་སྒོ་གང་ཡིན་པ་ཟོལ་མེད་དུ་བསྒྲུབ་པ་གལ་ཆེ་བར་མངོན། དབང་དོན་བསྙེན་ཅིང་སྒྲུབ་པའང་རྒྱུད་དེ་ཉིད་ལས། དབང་ནོད་བསྙེན་སྒྲུབ་ཞག་གྲངས་ནི། །རབ་ཀྱིས་ལོ་གསུམ་བར་དུ་བསྒྲུབ། །འབྲིང་གིས་ཟླ་བ་གསུམ་ཙམ་བྱ། །ཐ་མས་ཞག་གསུམ་བར་དུ་ནི། །དབང་གི་བསྙེན་བསྒྲུབ་དམ་བཅས་ལ། །དེ་ནས་དབང་རྣམས་ནོད་པར་བྱ། །སོ་སོའི་རིམ་པ་གང་ཡིན་པ། །ཞག་གྲངས་དེ་དག་མ་ཚང་བར། །རས་ཆོད་དག་ཏུ་མི་བྱ་ཞེས། །ཡང་ནས་ཡང་དུ་ནན་གྱིས་གསུངས། །ཞེས་དང་། གཞན་ཡང་གསར་རྙིང་གི་རྒྱུད་སྡེ་རྣམས་སུ་མཐའ་ཡས་པར་འབྱུང་བ་བཞིན་ཚད་ལྡན་དུ་བགྱིད་དགོས་ཤིང་། དེའི་ཚུལ་རགས་བསྡུས་གོང་དུ་བཤད་ཟིན་པ་ལྟར་དང་། དབང་མང་པོ་དཀྱུས་གཅིག་ཏུ་མཛད་པའི་དུས་སུའང་སོ་སོའི་ཆོ་གའི་རྣམ་གྲངས་ཀུན་ལ་སྦྱོར་དངོས་ཐམས་ཅད་ཚང་བར་གྱེར་སྒོམ་ཆབས་ཅིག་ཏུ་བཏང་ནས། བཟླས་པའི་སྐབས་ཏིང་འཛིན་གྱི་འཕྲུལ་འཁོར་དམིགས་བསལ་བ་རྣམས་རང་གཞུང་བཞིན་དང་། མི་གསལ་བ་རྣམས་མ་ཧཱ། ཨ་ནུ། ཨ་ཏི་སོ་སོའི་གཞུང་གང་དུ་གཏོགས་པ་དང་མཚུངས་པའི་ཏིང་འཛིན་སྤྱི་ཁྱབ་ཞིག་སྦྱོར། དམ་ཚིག་དང་ནུས་པ་གསོ་བའི་ཕྱིར་བདག་དབང་ལེན་པའམ་རིག་མེ་དོར་ཞིང་གནང་བ་ནོད་པ་དང་། རྗེས་ཀྱི་རིམ་པ་རྣམས་ཀྱང་ཀུན་གོ་གཅིག་གིས་མི་བཅད་པར་རེ་རེ་བཞིན་དབྱུང་བ། ཁོ་བོ་ཅག་གི་དཔལ་མགོན་རྡོ་རྗེ་འཆང་ཞལ་རྒྱས་པའི་ཕྱག་བཞེས་བཞིན་འཇུག་པ་ལས། རང་ལྟ་དགོངས་ལྡན་པ་ཞིག་ཡིན་དུ་ཟད་ཀྱང་། སློབ་མའི་ཤེས་རྒྱུད་ཐ་དད་དུ་ཡོད་པས་ལོག་ལྟ་མི་བསྐྱེད་ཅིང་མིག་ལྟོས་གཙང་བར་འགྱུར་བ་དང་། རྗེས་འཇུག་ལ་གདམས་ངག་རྣམ་ཐར་གྱིས་སྟོན་དགོས་ཕྱིར་ཕྱག་བཞེས་མཐོང་རྒྱུན་གྱི་དཔེར་རུང་བ་ཞིག་དགོས་པ་དང་། སློབ་དཔོན་རང་ཡེ་ཤེས་མ་ཐོབ་པ་ཞིག་ཡིན་ན། གཙོ་ཆེར་ཕྱི་མའི་སྒྲིབ་པར་མི་འགྱུར་ཞིང་ཚེ་འདིའི་མཐོང་ཆོས་སུའང་བཀྲ་ཤིས་པའི་ཆེད་སོགས་དགོས་གནད་དུ་མ་ཡོད་ཕྱིར། གསང་སྔགས་ཟོང་དུ་བཙོང་རྒྱུ་ཁོ་ནར་བརྩོན་པས་བྱ་སླ་གཙོར་འདོན་གྱིས་ཤིན་ཏུ་བསྡུས་ཏེ་རང་བཟོས་དཀྱིལ་འཁོར་བརྫབ་པ་དང་། ཡང་དབྱངས་རོལ་གླུ་གར་སྤྲོས་བཅས་ཀྱི་ཡོ་ལང་གཞན་ངོ་འབྲིད་པ་ཉིད་གཙོར་བཏོན་ཙམ་ལས། བསྐྱེད་བཟླས་ལྷ་སྔགས་ཏིང་འཛིན་གྱི་གནད་དོན་སྙིང་པོས་སྟོང་པའི་རྒྱས་སྤྲོས་བྱས་ལ་མ་གསག་པར་ཉེ་བའི་ཆ། རྡོ་རྗེ་འཆང་གི་བཀའ་དང་ཚད་ལྡན་བརྒྱུད་པའི་ཕྱག་བཞེས་ཁྱད་གསོད་དུ་མི་གཏོང་བར་འཚལ། ཞེས་གསོལ་བ་འདེབས་པ་ལགས། དབང་གི་བཀའ་རྟགས་སློབ་མ་ལ་སྦྱིན་པའི་ཚུལ་ཡང་རྒྱུད་དེ་ཉིད་ལས། གང་དག་ཡིད་ལ་འཐད་པ་ཡི། །སྙིང་གི་བུ་དང་འདྲ་བ་ལ། །ཐོག་མར་བདག་ལ་སློབ་དཔོན་གྱིས། །དབང་རྟགས་ཕྱག་རྒྱ་གང་གནང་བ། །དེ་ཉིད་སློབ་མ་དེ་ལ་སྦྱིན། །ཞེས་སོགས་གསུངས་པ་ལྟར། དམིགས་བསལ་དབང་གི་སྐབས་སུ་བསྩལ་པ་འམ། གཞན་ཡང་མེ་ཏོག་ཕྲེང་བའི་དབང་གི་མེ་ཏོག་སོགས་བླ་མས་བྱིན་གྱིས་བརླབས་ཏེ་གནང་བ་རྣམས་གུས་པ་དང་བཀུར་སྟིས་མཆོད་དེ་མགུལ་དུ་གདགས་པ་འམ་རྟེན་ཁྲོད་དུ་བཞུགས་སུ་གསོལ་བ་ལས། ཕྱགས་དར་ཁྲོད་དང་གོས་སྟན་དང་ལྷན་ཅིག་བག་མེད་དུ་འདོར་བྱ་མ་ཡིན་ལ། དབང་བསྐུར་དུས་ཀྱང་། ངེས་པ་ཅན་རྣམས་གཞུང་སོ་སོར་གསུངས་པ་བཞིན་དང་། སྐབས་འདིར་འཆད་བྱ་གོང་དུ་བསྟན་ཟིན་པས་མ་སྨྲོས་སོ། །སྦྱོར་བའི་ཆོ་ག་དེ་ལྟར་འདུ་བགྱིས་ཏེ། དངོས་གཞི་དབང་བསྐུར་བའི་བྱ་བ་སྐབས་སུ་བབ་པ་ན། སློབ་མ་རྣམས་དབང་ཁང་གི་སྒོར་འདུས་པ་ན། བག་ཡོད་དྲན་ཤེས་བརྟེན་ནས་མོས་གུས་ཀྱིས་གསོལ་འདེབས་དང་། ཉམས་ཆག་སྐོང་བའི་སླད་དུ་ཡིག་བརྒྱ་འུར་འདོན་བཅས་ཉམས་ལེན་གྱི་ངང་སྐྱོང་བ་ལས། ཐ་མལ་པའི་ཁྲོམ་ཚོགས་པ་ལྟར་རྩེད་མོ་དང་ཀུ་ཅོ་སོགས་ལྷ་དང་བླ་མར་བརྙས་ཤིང་ཆོས་ལ་མ་གུས་པས་བག་མེད་སྐྱེ་བོ་རྣམས་བཞད་གད་འཕེལ་བའི་སྤྱོད་ལམ་སྤངས་ཤིང་། ཁྲུས་ཆབ་ཀྱི་ཁ་བཤལ་བའི་ཆུའང་དབང་ཁང་གི་ནང་དུ་མི་འདོར། བླ་མ་དང་དཀྱིལ་འཁོར་ལ་དག་སྣང་དད་གུས་ཀྱི་སྒོ་ནས། སྒོ་གསུམ་བག་ཡོད་གུས་པའི་ཚུལ་གྱིས་བཞུགས་གྲལ་དུ་འདུ་བ་ན། སྔར་སོ་སོའི་གྲལ་རིམ་གང་ཡིན་པ་དེ་ཉིད་ལས་མི་འཆོལ་བ། དགོས་གནད་དང་མི་འབྲེལ་བའི་བྱ་བ་ཅུང་ཟད་མེད་པས་ཐམས་ཅད་བྱུང་རྒྱལ་བབ་ཅོལ་གྱི་དབང་དུ་མ་ཤོར་བ་བྱེད། ཁྱད་པར་བླ་སློབ་གཉིས་ཀས་དབང་གཞུང་ནས་འབྱུང་བའི་དམིགས་པ་རེ་རེ་བཞིན་གསལ་འདེབས་ཤིང་། མ་མཐའ་བླ་མས་གསུངས་པ་ལྟར་ཡོད་སྙམ་པའི་ཡིད་ཆེས་དང་། ཡིན་སྙམ་པའི་འདུན་སྟངས་མ་བོར་བ་མེད་ཕྱིན། དབང་གྲལ་དུ་བསྡད། བུམ་གཏོར་སོགས་མགོ་བོར་རེག་པ་དང་། བཅུད་རྫས་རྣམས་ཁར་མྱོང་ཙམ་རེ་བྱེད་བཞིན། དེ་ལ་ཞིམ་མངར་དང་གཙང་སྨེའི་རྟོག་པ་ཀུ་རེའི་རྒྱུ་བྱེད་བཞིན་དབང་ཐོབ་པར་བརྩི་བ་འདི་ནི། ཧོར་རྒན་ཕོ་མོར་ཁྲོམ་དབང་བསྐུར་བའི་ལུགས་ལས་ཀྱང་ཐ་ཆད་པས། ཉམས་ལེན་བསྒྲུབ་པ་དང་། བསྟན་པའི་སྲོག་ཤིང་དང་། རྡོ་རྗེ་འཆང་གི་གདུང་རྒྱུད་འཛིན་པའི་རྣལ་འབྱོར་རིག་འཛིན་གྱི་གྲལ་དུ་ཆུད་པ་ལྟ་ག་ལ་ཞིག །དེར་མ་ཟད་བདེ་བར་གཤེགས་པའི་བཀའ་འདས་ཀྱི་སྡིག་ཆེན་ཆེད་ཀྱིས་སྒྲུབ་པར་སྣང་བས། དབང་ཐོབ་འདོད་ཀྱི་སློབ་མ་རྣམས་ནས་མགོ་གོག་ལ་བུམ་གོག་རེག་མ་རེག་ལ་དབང་ཐོབ་པའི་དགའ་རློམ་དང་མ་ཐོབ་པའི་སྡུག་བསྔལ་མི་མཛད་པར། རབ་ཆོས་ཉིད་ལ་ཆོས་ཉིད་རོལ་པར་ཤེས་པའི་ཉམས་ལེན་གྱི་ངང་ནས་དོན་གྱི་དབང་ཞུ། འབྲིང་དབང་དོན་ཐམས་ཅད་ཚང་བར་བསྐྱེད་པའི་ཏིང་ངེ་འཛིན་བར་མ་ཆད་པའི་ངང་ནས་རྫས་ལྷ་དང་དངོས་གྲུབ་ཏུ་ཤེས་པས་མཚན་མ་རྫས་ཀྱི་དབང་མཐར་ཕྱིན་པ་ཞུ། ཐ་མས་ཀྱང་སེམས་རྒྱ་ཡན་དུ་མི་གཏོང་བར་མོས་གུས་ཕུར་ཚུགས་ཀྱི་གསོལ་འདེབས་དང་འབྲེལ་བྱིན་རླབས་ཀྱི་ཉེར་ལེན་མོས་གུས་དམ་ཚིག་དང་། ཆོ་ག་རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་ལ་ངེས་ཤེས་བཟང་པོའི་དབང་ཞུ་ཙམ་ནི་མ་བྱུང་ན། དབང་བསྐུར་ལ་མ་འཐོབ་པ་ཁོ་ན་ལས་མེད་ཅིང་། དབང་མ་འཐོབ་ན་གྲོལ་བྱེད་ལམ་ཉམས་སུ་ལེན་པ་དང་རང་གཞན་གྱི་དོན་གཉིས་སྒྲུབ་པ་ལ་མི་དབང་བའི་ཚུལ། གསར་རྙིང་གི་རྒྱུད་སྡེ་རབ་འབྱམས་ནས་གསུངས་པ་ཇི་སྙེད་པ་ཅིག་བཀའ་ངེས་པས་གསལ་བར་བསྟན་པ་བཞིན་ལགས་པས། བླ་སློབ་གཉིས་ཀ་འཕྲལ་དུ་ངལ་བ་ཐོབ་ཅིང་ཕུགས་ཀྱི་དོན་དུ་མི་འགྱུར་བའི་ཁར་བཀའ་འདས་ཀྱི་ཁུར་ཆེན་མི་བཟད་པ་མ་ཚོར་བའི་ངང་ནས་ཁྱེར་བར་སྣང་བས། ཅིས་ཀྱང་བག་ཡོད་པའི་སྒོ་ནས་དབང་བསྐུར་ཀྱང་བསྐུར་ལ་ཐོབ་ཀྱང་ཐོབ་པ་ཞིག་མཛད་འཚལ། དེ་ལྟར་དབང་ཐོབ་པ་ཁོ་ནས་ཀྱང་དོན་དུ་མི་འགྱུར་ཏེ། དབང་སྲོག་སྡོམ་པ་དང་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་བསྲུངས་ན། སྐྱེས་བུའི་སྲོག་གི་འཚོ་བ་དང་ལྡན་པ་བཞིན་རང་དང་གཞན་གྱི་དོན་གཉིས་ཀྱི་བྱ་བ་གང་བསྒྲུབ་པ་ལ་བར་ཆད་མེད་ཅིང་། དངོས་གྲུབ་མ་འབད་པར་འཐོབ་པར་འགྱུར་བ་ནི། ࿕ དམ་ཚིག་བཀོད་པའི་རྒྱུད་ལས། སེམས་དཔའ་ཆེན་པོ་དམ་ཚིག་གསང་བའི་དོན་སྤྱོད་ཤེས་པས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དཀོན་ཞིང་རིན་ཆེ་བའི་སྒྲོམ་དུ་བཅུག་ནས་བསྙེན་བཀུར་མཆོད་པ་བྱས་ན་ཅི་འདོད་པའི་དགའ་བ་བསྐྱེད་པ་བཞིན། ཐབས་མཁས་པའི་རྣལ་འབྱོར་ཆེན་པོས། འདི་དག་སེམས་ལ་བཅངས་ཤིང་སྤྱད་ལེགས་པར་བྱས་ན་འཇིག་རྟེན་གྱི་ཁམས་འདིར་དགོས་པ་ཐམས་ཅད་ལྷུན་གྱིས་གྲུབ་པར་འགྱུར་བ་ལྟ་ཅི་སྨྲོས་ཀྱི། འཇིག་རྟེན་ཕྱི་མའི་དངོས་གྲུབ་ཐམས་ཅད་ཀྱང་ད་ལྟ་ཉིད་དུ་འགྲུབ་པར་འགྱུར་ཏེ། རྒྱལ་བ་ཐམས་ཅད་ཀྱི་གདུང་འཚོབ་ཅིང་སངས་རྒྱས་ཐམས་ཅད་ཀྱི་སྲས་སུ་གྱུར་ནས། འཁོར་གྱི་མ་མོ་དང་མཁའ་འགྲོ་དང་དམ་ཅན་ཐམས་ཅད་ཀྱིས་ཅི་བསྒོ་བ་ཐམས་ཅད་ཉན་ཅིང་། ཞབས་སྤྱི་གཙུག་གིས་ལེན་ཏེ་གསང་བ་ཐམས་ཅད་བྱིན་དང་ལྡན་པར་འགྱུར། ཞེས་གསུངས་ལ། དམ་ཚིག་མ་བསྲུང་ན། སྐྱེས་བུའི་འཚོ་བ་འགགས་པ་བཞིན་དེའི་རྒྱུད་ལ་དབང་གི་ཡེ་ཤེས་སྐད་ཅིག་ཀྱང་མི་གནས་པ་དྲལ་བར་འགྱུར་ཞིང་། བཀའི་ཆད་པས་བསྡིག་པ་ནི། རྒྱུད་དེ་ཉིད་ལས། དཔེར་ན་སྲོག་མེད་པའི་གཟུགས་བརྙན་གྱིས་སྲོག་གི་བྱ་བ་མེད་པ་བཞིན་དུ། དམ་ཚིག་མེད་ཅིང་མ་བསྲུང་བས་བླ་ན་མེད་པ་བྱང་ཆུབ་ཀྱི་བྱ་བ་མི་ནུས་ཀྱི། འབད་པ་ལ་དོན་མེད་ཅིང་བསྒྲུབས་པ་ལ་འབྲས་བུ་མི་འབྱུང་བ་དང་། བསམ་པ་མི་འགྲུབ་ཅིང་བཙལ་བ་ལ་སྐྱོན་དུ་འགྱུར་བ་དང་། བྱས་པ་ཐམས་ཅད་ཆུད་ཟོས་ཤིང་ཡིད་ལ་མི་འདོད་པ་འཕེལ་ཞིང་རགས་པ་དང་། མི་སྙན་པའི་གྲགས་པ་དང་མི་སྐྱིད་པའི་སྡུག་བསྔལ་གྱི་རྒྱ་མཚོ་རྡོལ་བ་དང་། བཀའ་ཆད་ཀྱི་གནས་དང་། བཀའ་འབབ་ཀྱི་ཆད་པས་ཡེ་ཤེས་ཀྱི་ལྷ་རྣམས་གཏན་དུ་སྤངས་ཤིང་། དམ་ཅན་རྣམས་ཀྱང་གཤེད་མར་འགྱུར་བ་དང་། འཕྲལ་གྱི་ཡེ་འདྲོག་གིས་སྲོག་གི་བར་ཆད་དུ་འགྱུར་བ་ལ་སོགས་པ་ཉེས་པ་བརྗོད་ཀྱིས་མི་ལང་སྟེ། ཡི་དྭགས་ཀྱི་གདོན་བརྒྱད་ཁྲི་བཞི་སྟོང་གཉེན་པོར་གྱུར་ནས་མནར་མེད་པའི་དམྱལ་བ་ཡན་ཆད་ལ་ཐུག་པའོ། །ཞེས་གསུངས་པས། སྤྱིར་སྡོམ་པ་གསུམ་དང་། གསང་སྔགས་ཡོ་ག་རྣམ་གསུམ། ཁྱད་པར་དབང་རང་རང་གི་ངོ་སྐལ་དུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་གི་བླང་དོར་ཐམས་ཅད་ལ་འཇུག་ལྡོག་གི་སྒོ་ནས་མ་ནོར་བར་སྤྱོད་ཅིང་། རྡོ་རྗེ་སློབ་དཔོན་གྱི་སྐུ་གསུང་ཐུགས་དང་འགལ་བའི་ཆ་ཕྲ་མོ་ཙམ་མ་ཤོར་བར་རང་གི་སྲོག་ལས་གཅེས་པར་འཛིན་པ་དང་། གྲོགས་དང་མཆེད་ལྕམ་ཐམས་ཅད་ལ་དག་སྣང་བསྐྱེད་ཅིང་རང་གི་མིག་ལྟར་བཙའ་དགོས་པ་སོགས་སྐུ་དང་། ཡི་དམ་གྱི་ལྷ་སྔགས་ཕྱག་རྒྱ་ཏིང་འཛིན་གྱི་རྒྱུན་མི་ཆད་པ་གསུང་། གསང་བཅུའི་དམ་ཚིག་ཚུལ་བཞིན་བསྲུང་བ་ཐུགས་ཀྱི་དམ་ཚིག་སྟེ་རྩ་བ་རྣམས་དང་། ཡན་ལག་གི་དམ་ཚིག་ཤེས་བྱ། བསྒྲུབ་བྱ། སྤྱད་བྱ། བླང་བྱ། མི་སྤང་བར་བྱ་བ་རྣམས་ཀྱང་གནང་བཀག་གི་སྐབས་མ་འཆོལ་བར་དུས་ཚོད་དང་འབྲེལ་བར་ཉམས་སུ་ལེན་དགོས། དབང་བཞི་སོ་སོའི་མཉམ་རྗེས་བཟའ་བཅང་གིས་མཚོན་པ་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས་ཐོས་བརྩོན་གྱིས་ངེས་པས། རང་གི་རྒྱུད་ཚོད་དང་བསྟུན་ཏེ་ནམ་ཡང་སྒོ་གསུམ་ཐ་མལ་དུ་མ་ཤོར་བ་དང་། རྩ་གསུམ་སོ་སོ་འམ་དྲིལ་སྒྲུབ་ལྟ་བུའི་བསྐྱེད་བཟླས་རྫོགས་རིམ་སྒོམ་པ་རབ་རྒྱུན་ལྡན། འབྲིང་དུས་གྲངས་རྟགས་རྫོགས་བསྙེན་སྒྲུབ་ཐེམས་ངེས་ལོ་ཟླས་བཅད་པ། ཐ་མས་ཀྱང་སྒྲུབ་མཆོད་ལོ་ཟླ་བ་ལས་མི་འགྱང་བར། ཡར་མར་གྱི་ཚེས་བཅུ་སོགས་ལ་བརྩོན་པ་དང་། རྩ་བ་བླ་མའི་སྒྲུབ་པ་ལྟ་བུ་ཞིག་ལ། རྩ་གསུམ་ཀུན་འདུས་ཀྱི་འདུན་པ་ལམ་དུ་ཁྱེར་བའི་ཐབས་མཁས་ཀྱིས་ལྷ་གཅིག་བསྒྲུབས་པས་ལྷ་བརྒྱའི་དངོས་གྲུབ་ལོན་པའི་གདམས་ངག་གིས་ཟིན་པ་དང་། རྩ་གསུམ་དང་ཆོས་སྐྱོང་སྤྱི་དང་བྱེ་བྲག་གི་གཏོར་ཆོག་ཆག་མེད་དུ་བརྩོན་པ་གལ་ཆེ། བཀའ་གསང་གི་ཚུལ་ཐམས་ཅད་སྐྱེ་བོ་ཕོ་མོའི་མདུན་དུ་བསྒྲགས་པ་དང་། ལོངས་སྤྱོད་རྒྱས་ཕྱིར་རམ། དེ་དག་མེད་ཀྱང་དུས་མིན་དུ་རྩེད་འཇོ་གད་མོའི་རྒྱུར་བསྒྲག་པ་དང་སྤྱད་པར་མི་བྱ་བ་སོགས་གསང་དམ་གཉན་པོ་ཚུལ་བཞིན་བསྲུང་དགོས་པ་དང་། ས་མ་ཡ་བཀོད་པའི་རྒྱུད་ཀྱི་ལེའུ་ཉེར་བརྒྱད་པ་ལས། སེམས་དཔའ་ཆེན་པོ། གཞན་ཡང་སྔགས་ཀྱི་དམ་ཚིག་མ་ནོར་བར་བཟླས། ཏིང་ངེ་འཛིན་གྱི་དམ་ཚིག་མ་ཡེངས་པར་བསྒོམས། སྤྱོད་པའི་དམ་ཚིག་མི་འདའ་བར་བསྲུངས། ཕྲིན་ལས་ཀྱི་དམ་ཚིག་མི་ཉམས་པར་བཙའ། གསང་བའི་དམ་ཚིག་མ་བརྗེད་པར་བཅང་ན་གསང་སྔགས་ཡིན་ནོ། །དམ་ཚིག་ཡིན་ནོ། །བདུད་རྩི་ཡིན་ནོ། །སངས་རྒྱས་ཡིན་ནོ། །གསང་བར་བྱས་ན་གཉེན་ཡིན་ནོ། །གཉན་པར་བྱས་ན་བྱིན་ཆེ་བའོ། །བྱིན་ཆེ་བས་གདོན་མི་ཟ་བའི་སངས་རྒྱས་ཡིན་ནོ། །སེམས་དཔའ་ཆེན་པོ། སྔགས་ཀྱི་དམ་ཚིག་ནོར་བར་བཟླས་ན། རང་བཞིན་གྲུབ་པའི་མཐུ་མི་འབྱུང་ངོ་། །ཏིང་ངེ་འཛིན་གྱི་དམ་ཚིག་འདུ་བྱེད་ལ་ཡེངས་པ་དང་བྱིང་རྨུགས་དང་འདྲེས་ན། རང་རིག་ཡེ་ཤེས་ཆེན་པོ་མི་འཆར་རོ། །སྤྱོད་པའི་དམ་ཚིག་ཉམས་ན། རྡོ་རྗེ་དམྱལ་བ་ཡ་ང་བའི་གནས་སུ་ལྷ་བསོད་ནམས་ཀྱིས་རྒྱལ་བའི་ཚེ་ཚད་བས་ཀྱང་གསུམ་ལྡན་གྱིས་རིང་བར་སྐྱེ་བར་འགྱུར་རོ། །ཕྲིན་ལས་ཀྱི་དམ་ཚིག་ཆགས་ཤིང་ཞེན་ན། གོལ་ས་ཆེན་པོ་ཡ་ང་བའི་གནས་སུ་འདོད་ཁམས་ལྷ་ཡི་ཚེ་ཚད་བས་རིང་བར་སྐྱེ་བར་འགྱུར་རོ། །གསང་བའི་དམ་ཚིག་བརྗོད་དེ་གསང་བ་ཆུ་ཚགས་སུ་བཙག་ན། དམྱལ་བ་བསྡུས་འཇོམས་དང་ལྕེ་ལ་ཞིང་རྨོ་བའི་གནས་སུ་བསྐལ་པ་དཔག་གིས་མི་ལང་བར་སྐྱེ་བར་འགྱུར་རོ། །འདི་དག་ཉམས་ན་བདུད་ཡིན་ནོ། །དུག་བླུད་པ་ཡིན་ནོ། །དམྱལ་བ་ཡིན་ནོ། །མུ་སྟེགས་འཆལ་བ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱི་བཀའ་ལས་འགལ་བས་དམྱལ་བ་དང་ངན་སོང་གསུམ་གྱི་གཞི་ཡིན་ནོ། །ཞེས་དང་། དེའི་ལེའུ་ཉེར་གསུམ་པ་ལས། སྔགས་པ་ཕལ་འཇིག་རྟེན་གྱི་གྲགས་པ་འདོད་པས། སྣོད་མི་བདམ་པར་སྣང་རྒུ་ཐམས་ཅད་ལ་མང་དུ་འཆད་པ་དང་སྒྲོག་ཅིང་འཚོང་ན། ཚུལ་བཞིན་དུ་མི་སྤྱོད་པ་མང་བ་དང་གསང་བ་འཆལ་བས། དེའི་སྐྱོན་ནི་གསང་བ་ཐམས་ཅད་ལ་མཐུ་དང་བྱིན་མེད་པར་འགྱུར་རོ། །བཀའ་བཞིན་མི་བྱེད་པས་མཐོ་རིས་ཀྱི་འབྲས་བུ་ཐོབ་པ་ཉུང་ཞིང་། ངན་སོང་གྲུབ་པ་མང་བར་འགྱུར་ཞིང་། སྣོད་དང་དུས་དང་མཚམས་མེད་པར། སྒྲུབ་ཐབས་དང་ཕྲིན་ལས་བཙོང་བར་བྱས་པའི་སྐྱོན་ནི་དཔྱས་དང་ཡ་གར་གྱུར་ནས་ཆོས་ལ་རྩོད་པར་འགྱུར་ཞིང་། རིས་མི་མཐུན་པ་དང་། སྡིག་པས་ཕོག་པའི་དྲི་མས་མིག་དབང་ལ་སོགས་པ་ཉམས་པ་དང་། དྲག་པོའི་ལས་ཤོར་བས་སྐུ་ལ་དབབ་ཅིང་སྲོག་གཏོང་བ་མང་བར་འགྱུར་རོ། །དེ་བཞིན་དུ། སྦྱོར་སྒྲོལ་གྱི་ལས། ལྟ་བ་དང་ཏིང་ངེ་འཛིན་གྱིས་མ་ཟིན་པ་ཡང་དེ་བཞིན་ནོ། །དུས་ཐ་མའི་ཚེ་སློབ་དཔོན་ཕྲག་དོག་ཅན་གྱིས། གྲོགས་པོ་ཡོན་ཏན་ཅན་མཐོང་གིས་དོགས་པ་དང་། སློབ་མ་བདག་གི་བཀའ་ལས་གཞན་ལ་བགེགས་བྱེད་པ་བྱུང་ན། སྐྱོན་ནི་འཁྲུགས་པའི་སྐབས་དང་། མི་མཐུན་པའི་རིས་དང་། ཤེས་རབ་མི་སྐྱེ་ཞིང་ཚོགས་གཅོག་པའི་སྒྲིབ་པ་ནི་ཤིན་ཏུ་ཆེའོ། །དུས་ཐ་མའི་འཆད་པ་པོས། སྒྲ་དང་གྲགས་པ་འདོད་པའི་ཕྱིར། གྲངས་མང་བར་ཁས་འཆེས། ངེས་པའི་དོན་དང་གཏན་ཚིགས་མ་ཆོད་པར། ཕྲིན་ལས་ཀྱི་སྡེབ་སྦྱོར་ལེགས་སུ་རེ་བ་མང་པོ་དང་། དོན་ཐོག་དུ་མ་ཕོག་པའི་བཙན་དཔྱད་ཀྱིས་ཤེས་པ་མེད་པའི་རང་རེའི་རིག་པས་དགྲོལ་ཞིང་། ཁ་ཤེད་དང་། རྒོལ་ཚིག་མང་པོས་གསང་བའི་དོན་འཕྲད་རྒུ་ལ། ཁས་འཆེ་ཞིང་འཆད་པའི་དུས་འབྱུང་ལ། ཉན་པ་རྣམས་ཀྱང་དེ་ལ་དད་ཅིང་འདུན་ནས་ཚོར་བ་སྐྱེས་པའི་དུས་ན། དེའི་སྐྱོན་ནི་གསང་བའི་མན་ངག་འདི་དག་འཆད་ཅིང་སྐྱོད་པ་ཐམས་ཅད་བྲོ་གླུ་དང་འདྲ་བར་གྱུར་ནས། འདུ་བྱེད་ཐམས་ཅད་ཀྱི་གཡེང་བ་སྐྱེ་ཞིང་། དངོས་གྲུབ་སྔགས་ཀྱི་ནུས་མཐུ་ཆོས་ཉིད་ཀྱི་བྱིན་རླབས་ཡེ་མེད་པར་སྒྲུང་གཏམ་བཟླས་པ་དང་འདྲ་བར་གྱུར་ན། ཅི་བརྗོད་ཀྱང་བསྒྲུབས་པའི་འབྲས་བུ་མི་འཐོབ་བོ། །དུས་ཕལ་དུ་གསང་སྔགས་པ་མི་བརྟན་ཅིང་བློ་འགྱུར་བ་ཆུའི་ཆུ་བུར་དང་འདྲ་བ་རྣམས་ལ། རྒྱུའི་ཐེག་པ་སྤྱོད་པའི་གང་ཟག་ཕལ་གྱིས་གསང་སྔགས་ཞེས་བྱ་ནི་བཀའ་མ་ཡིན་ཏེ། འདི་ལྟར་འགལ་ཏེ་དོན་མེད་ཅིང་། མདོ་དང་ཚད་མ་ལ་དོན་དང་གཏན་ཚིག་ཡོད་ཅེས་འདི་ལ་སྨད་པའི་རྒྱུ་དེས་ལོག་པར་ཁྲིད་པ་ལ། དེའི་ངག་ཉན་པར་སྤྱོད་པས་རྡོ་རྗེ་ཐེག་པ་སྤངས་ནས་རྒྱུའི་ཐེག་པ་ལ་སྤྱོད་ན་སྐྱོན་ནི། རྡོ་རྗེ་ཐེག་པའི་དབུ་གཡོགས་དང་། གསང་སྔགས་གཉན་པོའི་བཀའ་ཆད་འབྱུང་། རྡོ་རྗེ་ཐེག་པའི་དབུ་གཡོགས་ཀྱིས་དེ་དག་འཆི་འཕོས་ནས་དམྱལ་བའི་གནས་སུ་སྐྱེས་ནས་བསྐལ་པ་བརྒྱར་ཡང་རྡོ་རྗེ་ཐེག་པ་སྤྱོད་པའི་སྐལ་པ་དང་མི་ལྡན་པ་དང་། གསང་སྔགས་གཉན་པོའི་བཀའ་ཆད་ནི། དུས་མ་ཡིན་པར་འཆི་བ་དང་། མི་ནད་དང་ཕྱུགས་ནད་ཀྱི་རྣམ་པ་འབྱུང་བ་དང་། གནས་ནས་འབྱིན་པ་དང་། ཆར་ཆུ་དུས་སུ་མི་འབབ་ཅིང་། ལོ་ཉེས་དང་མུ་གེའི་རྣམ་པས་ཉོན་མོངས་པ་དང་། དགྲ་མང་ཞིང་འཇིག་རྟེན་ཕྱི་མར་ཡང་དམྱལ་འཇོམས་ཀྱི་གནས་སུ་བསྐལ་པ་བརྒྱར་སྐྱེ་བར་འགྱུར་རོ། །གསང་བའི་མན་ངག་པས། གཅིག་འོག་ཏུ་གཅིག་མི་ཆུད་པས་སྤྱད་པ་ཡང་ཉམས་པའི་རྒྱུ་སྟེ། མི་མཐུན་པ་ཁོག་བརྣག་པའི་མི་བདེ་བ་འབྱུང་ཞིང་། བྱས་པའི་འབྲས་བུ་མེད་པར་འགྱུར་རོ། །ཞེས་དང་། ཡང་ལེའུ་ཉེར་དགུ་པ་ལས། དེ་ལྟ་བུའི་དོན་འདི་ཀུན་ཏུ་བཟང་པོ་ངའི་ཐུགས་ཕྱུང་བ་ཡིན་ཀྱང་། གཅམ་བུ་དང་། འཕྱར་པོ་དང་། གསང་མེད་ཅིང་། སྣོད་ངན་དང་། མི་ལྡན་པ་ལ་བསྟན་ན་དེ་ཉིད་ཕུང་ཞིང་བརླག་པ་ལྟ་ཅི་སྨྲོས་ཀྱི། གཞན་གར་སྤྲོས་པ་ཕུང་ཞིང་བརླག་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། གཅམ་བུ་ལ་ངེས་དོན་ཟབ་མོ་བྱིན་ན། དང་པོར་ངོམ། བར་དུ་འདི་ཡིན་ཅེས་སྟོན། ཐ་མ་ནན་པོ་ཆེའི་ངོ་མ་བཟློག་པས་གསང་ཆུ་ཚགས་སུ་འཕེལ་བ་ནི་སྐྱོན་དང་ཉམས་པ་ཤིན་ཏུ་ཆེ་སྟེ། བསྐུར་གནས་ཀྱི་རིམ་པ་ཤོར། གསང་བའི་ངེས་དོན་འཁྱམས། དམ་ཚིག་གི་གཞུང་ལུགས་མེད། འབད་པ་འབྲས་བུ་མེད་དེ་འགྲོ་བས། འདི་ནི་ཉམས་ཚབས་ཀྱང་ཆེ་སྟེ། སྡིག་ཀྱང་གཞན་དང་མི་མཉམ། བསྐང་ཚད་ལས་ཀྱང་འདས་པས། བདེན་པའི་དོན་ཐམས་ཅད་ལས་གོལ་བས་འབྲས་བུ་མེད་དེ། འབྲས་བུ་ཟབ་མོ་ཐམས་ཅད་གཞུག་ཏུ་སྤྱང་པོ་དང་། ནོར་བུ་ཆུང་གི་ལག་ཏུ་འཕེལ་ཏེ། སྐྱོན་ཅན་དང་། ནོར་བུ་ཆུང་གིས་ཐམས་ཅད་ལ་སྟོན། ངོམ་ཞིང་འཚོང་། གསང་བའི་དོན་རྣམས་འཕྱ་ཞིང་སྒྱིད་ལུགས་པའི་སྐྱོན་ནི་ཀུན་ཏུ་བཟང་པོ་ངས་ཀྱང་བརྗོད་པའི་མཐའ་མེད་དོ། །དམ་ཚིག་ཆེན་པོ་ལ་གཏོགས་སོ། །འཕྱར་པོ་ལ་གསང་བའི་དོན་ཟབ་མོ་འཕེལ་ན། འཕྱར་པའི་དབང་གིས་རང་གི་སེམས་ལ་མི་འཇོག་ཅིང་བློ་ལ་འདུག་པའི་ཡུལ་མེད་པས། སུ་ལ་སྣང་བའི་དོན་འདི་ལྟ་བུ་ཡོད་ན་བཟང་ངམ་ངན། སངས་རྒྱས་ཀྱི་ཞལ་ནས་གསུངས་པ་ལགས་སམ་མ་ལགས། ཞེས་ཉན་ཐོས་དང་ཐེག་པ་དམན་པའི་རིགས་ཐམས་ཅད་སྟོན་པ་དང་། གསང་སྣོད་ཤེས་པས་གསང་བ་བརྐུས་པ་དང་། གསང་བ་ཉམས་པས་གསང་བ་ལ་རྨ་བསྟོད་ཅིང་། ཡང་དག་དང་། འཕྱས་ཆེན་པོ་དོགས་པ་དང་། ཆོས་འདི་དག་ནི་སངས་རྒྱས་ཀྱིས་མ་གསུང་ངེས་ཏེ། གང་ཟག་སྒྲིན་དུ་རེ་བ་དང་ལེགས་སུ་རེ་བའི་ཚིག་ཡིན་ཏེ། ཆུང་ཡང་སྒྲེས་དྲགས་པ་དང་། ཁམས་ཆེ་བ་དང་། བདེ་བ་ཆེན་པོའི་དོན་ཉེ་དྲགས་པས་སངས་རྒྱས་ཀྱི་བཀའ་མིན། ཞེས་བྱ་བ་ལ་སོགས་པ་དཔྱས་ཤིང་བསྐུར་པ་བསམ་གྱིས་མི་ཁྱབ་པ་འདེབས། ལ་ལ་ཚོལ་བར་འདོད་ན་ཡང་། ཐབས་ཀྱིས་དཔྱས་ཤིང་དོན་གྱིས་ཚོལ་བ་ཡང་མང་བས། དེ་དག་ལྷག་པར་ཡང་ཉམས་ཏེ། སྔགས་ཀྱི་འབྲས་བུའི་ཆོས་ཉན་ཐོས་དང་ཐེག་པ་དམན་པ་ལྟ་ཅི་སྨྲོས་ཀྱི་སྔགས་ཡོ་ག་ཕྱི་པ་མན་ཆད་ལ་བསྟན་ནའང་ལྟུང་བ་དང་གོལ་བའི་སྒྲིབ་པ་ཆེ། དེར་མ་ཟད་རྣམ་པ་གསུམ་དང་། སྐུ་གསུང་ཐུགས་ལ་སོགས་པའི་སྒྲུབ་པའི་སྒོ་སོ་སོ་ཡང་འདྲེ་བར་མ་གནང་ན། འཕྱར་པོས་དེ་རྣམས་ལ་བསྟན་པ་ལྟ་ཅི་སྨྲོས་ཀྱི། ཤིན་ཏུ་ཡང་ཉམས་པ་ཚབས་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། ཚོགས་ཆེན་བླ་ན་མེད་པའི་ཀུན་ཏུ་བཟང་པོ་ཉག་གཅིག་གི་དགོངས་སྤྱོད་འདི། ས་བཅུའི་བྱང་ཆུབ་སེམས་དཔས་ཀྱང་དར་གྱི་ཡོལ་ལ་ཙམ་དུ་སྒྲིབ་པས་མི་རྟོགས་ན། ཐེག་པ་འོག་མ་དང་། ཉན་ཐོས་ལ་སོགས་པ་སྨྲོས་ཀྱང་ཅི་དགོས་ཏེ། དོན་གྱི་ཕྱོགས་གཅིག་ཙམ་ཡང་མི་རྟོགས། མི་རྟོགས་པས་བཀའ་ལ་སྨད། སྨད་པས་བཀའ་འདི་ལ་སྨད་ན་བཀའ་ཐམས་ཅད་སྨད་པ་བས་འདི་ཉམས་ཏེ། བསྐལ་པ་མནར་མེད་པའི་དམྱལ་བར་སྐྱེ་ཞིང་། དམྱལ་བ་གཞན་བསྐལ་པས་འཇིག་ཀྱང་། རྡོ་རྗེ་དམྱལ་བ་ལ་ཅིས་ཀྱང་མི་ཤིགས་པའི་གནས་སུ། འགྱོད་པ་དྲན་པར་འགྱུར་ཏེ་དེའི་སྡིག་ཀྱང་བརྗོད་པ་ལས་འདས་ལ། བཀའ་དེ་དག་གི་དོན་ནན་ལ་བོར་བ་དང་། ཡིན་མིན་གྱི་ལྟ་བ་བཅད་པ་མ་ཡིན་ཏེ། བཀའ་འདི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཉིད་དུ་ཀུན་ཏུ་བཟང་པོས་རང་བྱུང་བ་ཡིན་པས། འདི་ནི་ལྷག་པར་ཉམས་ཤིང་མ་རུངས་པར་དམ་ཚིག་ཆེན་པོ་ལ་གཏོགས་སོ། །གསང་བ་མེད་པ་ནི། མུ་སྟེགས་འཆལ་པོ་ལྟར་སྣང་རྒུ་དང་། གྲོང་དང་། གྲོང་ཁྱེར་དུ་སྟོན་པ་དང་། ཕྱི་ནང་གི་དབང་དང་། སློབ་དཔོན་གྱི་བཀའ་རྟགས་སྨྲོས་ཅི་དགོས་ཀྱི། མིང་ཙམ་འབྱིན་པའི་དབང་ཡང་མ་ཐོབ་པར་གཞན་ལ་འབྱིན་པར་བྱེད་པ་ནི། ཉམས་ཤིང་འགལ་བ་གོང་མ་བས་ཀྱང་ཆེ་བ་ཡིན་ཏེ་དམ་ཚིག་ཆེན་པོ་ལ་གཏོགས་སོ། །སྣོད་མ་ཡིན་པ་ནི། ཇི་ལྟར་བསྟན་ཀྱང་། སེམས་ཅན་གྱིས་དོན་མི་གོ་བར་སླར་སྐུར་པ་འདེབས་པ། བཀའ་འདི་ལས་འབྱུང་བ་ལྟར་གཅིག་ཀྱང་མི་བྱེད་པར། ཅི་མཉམ་བྱས་ཏེ་གཞན་ལ་ཚོགས་འདྲེ་ཞིང་སྒྲིབ་པ་སྐུད་པར་བྱེད་པ་རྣམས་ལ། དོན་འདི་ལྟ་བུ་དག་སྟོན་ཅིང་སྤྲོ་བར་བྱེད་པ་ནི། དཔོན་དང་གཡོག་མེད་པར་གཉིས་ཀ་དམ་ཚིག་ཉམས་ཏེ་འབྲས་བུ་གཏན་བརླགས་པས། དམ་ཚིག་ཆེན་པོར་ཉམས་པ་ཚོར་ནས་འགྱོད། སླན་ཆད་སྡོམ་ན། མཁས་པས་བཤགས་སུ་བཏུབ་ལ། ཉམས་པར་ཡིད་ཆེས་ཤིང་། སྣོད་མ་ཡིན་པ་ལ་སྤྲོ་བ་ནི། བསྐང་ཚད་ལས་འདས་པའོ། །ཞེས་རྒྱལ་བ་ཀུན་ཏུ་བཟང་པོའི་བཀའ་དྲི་མ་མེད་པས་བཅད་པ་ལྟར། ཁེ་ཉེན་གྱི་གནས་ལ་འཇུག་ལྡོག་ཚུལ་བཞིན་བགྱིད་པ་གལ་ཆེ་བར་འདུག་པས། དེང་དུས་གསང་སྔགས་འཆལ་བ་དང་། མངོན་ཤེས་དང་མི་ལྡན་པར་སློབ་དཔོན་གྱི་གོ་ས་འཛིན་པ་བདག་འདྲ་རྣམས་ཀྱིས་དབྱེ་བསལ་ཇི་བཞིན་དཀའ་བར་མྱོང་གིས་གསལ་ཡང་། གསང་སྔགས་རྡོ་རྗེའི་ཐེག་པ་ཞེས་པའི་མཚན་དོན་ལ་ཡང་བརྟག་དཔྱད་མ་གཏང་བའི་བླུན་པོ་སྙིང་ཁམས་ཅན་གྱི་རྗེས་སུ་གཡམ་རྒྱུག་ཏུ་མ་སོང་བར། གང་ཤེས་གང་ནུས་ཀྱིས་རྟོག་དཔྱོད་དང་བག་ཡོད་ཀྱིས་གཟོབ་པ་ལྷུར་བླང་ན་ལེགས་པར་སེམས་པ་ནི། ལས་འབྲས་ཀྱི་ཚུལ་རྒྱལ་བས་ཇི་ལྟར་གསུངས་པའི་བཀའ་ལ་ཡིད་ཆེས་རྙེད་པ་དང་བཟོད་ཐར་མེད་པའི་སྡུག་བསྔལ་ལ་འཇིགས་པའི་བློ་ལྡན་དག་འབྱུང་སྲིད་ན། དེ་དག་ལ་སྙིང་གཏམ་འཕྲོས་དོན་དུ་སྨྲོས་པ་ལགས། དེ་ལྟར་དམ་ཚིག་ཚུལ་བཞིན་བསྲུང་ན་ལེ་ལོ་ཅན་དངོས་གྲུབ་མཆོག་མ་འགྲུབ་ཀྱང་དམ་ཚིག་མ་ཉམས་པ་ཁོ་ནས་སྐྱེ་བ་བརྒྱུད་དེ་མཆོག་འགྲུབ་པར་གསུངས་ཤིང་། བརྩོན་འགྲུས་ཅན་མི་ཚེ་འམ་ལོ་ཟླ་དང་། སྐལ་པ་ཅན་སྐད་ཅིག་དེ་ཉིད་ལ་མཆོག་གི་དངོས་གྲུབ་ཀུན་བཟང་རྡོ་རྗེ་འཆང་གི་གོ་འཕང་ལ་ངེས་པར་དབུགས་དབྱུང་བར། གསར་རྙིང་གི་རྒྱུད་ལུང་ཐམས་ཅད་དགོངས་པ་དང་དབྱངས་གཅིག་ཏུ་མཐུན་པར་གསུངས་པ་བཞིན་དང་། སྔོན་རབས་ཀྱི་རིག་འཛིན་དམ་པ་རྣམས་གཤེགས་ཤུལ་གྱི་རྣམ་ཐར་ཚད་མར་གྲུབ་པ་འདི་ཀའོ། །དེ་ལྟ་བུའི་དབང་བསྐུར་ཚུལ་བཞིན་ཉམས་སུ་བསྟར་བའི་ཕན་ཡོན་གྱི་ངེས་པའང་མདོར་བསྡུ་ན། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་བསྐུར་བ་ཡི་ཕན་ཡོན་ནི། །ཡང་དག་ཉིད་དུ་བཤད་བྱ་སྟེ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་། །དབང་བསྐུར་ནས་ནི་བསྐོར་བར་བྱ། །སྒྲུབ་པ་གསང་བའི་དཀྱིལ་འཁོར་ཡང་། །དབང་བསྐུར་ནས་ནི་བསྒྲུབ་པར་བྱ། །ཕྲིན་ལས་མཐའ་དག་བྱ་བ་ཡང་། །དབང་བསྐུར་ནས་ནི་བྱ་བར་འབྱུང་། །དབང་བསྐུར་གནང་བ་ཐོབ་ནས་ཀྱང་། །གང་བརྩམ་ལས་དེ་འགྲུབ་པར་ངེས། །དབང་བསྐུར་བ་ཡི་ཡོན་ཏན་ནི། །སངས་རྒྱས་སེམས་ཅན་ཐམས་ཅད་ལ། །ཡིད་ལ་ཅི་དགར་དབང་ཡང་བསྒྱུར། །མ་མོ་མཁའ་འགྲོ་བྲན་བཞིན་བཀོལ། །ཚེ་དང་ལོངས་སྤྱོད་ཕུན་སུམ་ཚོགས། །འཇིག་རྟེན་འདི་ཡི་ཡོན་ཏན་ཀྱང་། །བསམ་གྱིས་མི་ཁྱབ་འགྲུབ་པར་འགྱུར། །དམྱལ་བར་སྐྱེ་བར་ངེས་ན་ཡང་། །དབང་བསྐུར་བ་ཡི་ཡོན་ཏན་གྱིས། །དམྱལ་བར་ནམ་ཡང་མི་ལྟུང་སྟེ། །ངན་སོང་གསུམ་པོ་ཀུན་སྤངས་ནས། །བླ་མེད་འབྲས་བུ་འགྲུབ་པར་འགྱུར། །ཚེ་ཟད་འཆི་བར་ངེས་ན་ཡང་། །དབང་འདི་རབ་ཏུ་བསྐུར་ན་ནི། །ཚེ་ཟད་འཆི་བར་ངེས་པ་ཡང་། །ཚེ་ཚད་དཔག་མེད་ཐོབ་པར་འགྱུར། །གཞན་ཡང་ཚེ་འདིའི་ཡོན་ཏན་དག །བརྗོད་ཀྱིས་མི་ལངས་འཐོབ་པར་འགྱུར། །འཇིག་རྟེན་འདས་པའི་ཡོན་ཏན་ནི། །རིག་འཛིན་རྣམ་གསུམ་ཡན་ཆད་ནས། །ཀུན་ཏུ་བཟང་པོའི་དགོངས་པ་ཀུན། །སངས་རྒྱས་ཡོན་ཏན་ཐམས་ཅད་ཀུན། །སེམས་ཀྱིས་བསམ་བཞིན་ལྷུན་གྱིས་འགྲུབ། །ཆོས་ཀྱི་དབྱིངས་སུ་སངས་རྒྱས་ཏེ། །འབྲས་བུ་རྫོགས་པའི་ངང་ལ་གནས། །གཞན་ཡང་དབང་གི་རིམ་པ་ནི། །ཚིག་ཏུ་བརྗོད་ཀྱིས་མི་ལངས་སོ། །དོན་ལ་ཡིད་བཞིན་ནོར་བུ་འདྲ། །ཞེས་རྒྱལ་བ་ཀུན་ཏུ་བཟང་པོས་བཀའ་བསྩལ་པ་བཞིན་རྣལ་འབྱོར་པའི་སྡིག་སྒྲིབ་ཐམས་ཅད་བྱང་། ཉམས་ཆག་ཐམས་ཅད་སྐོང་། དངོས་གྲུབ་ཐམས་ཅད་ཐོབ་པས་ཡོན་ཏན་ཐམས་ཅད་རྫོགས་ཏེ་རིག་འཛིན་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ་ནས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་དེ། རགས་པའི་ཕུང་པོ་ཤིན་ཏུ་དྭངས་པ་རྡུལ་བྲལ་ཡེ་ཤེས་ཀྱི་སྐུར་སྨིན། ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་ཀློང་དུ་ཐིམ་སྟེ་ནང་གསལ་གཞོན་ནུ་བུམ་སྐུ་བྱང་ཆུབ་ཆེན་པོར་སངས་རྒྱས། ཕྱིར་ཤར་ཐུགས་རྗེའི་དཔྱང་ཐག་འགྲོ་ཁམས་ཇི་སྙེད་པར་སྲིད་པ་ཇི་སྲིད་འགག་མེད་དུ་འཇུག་པས། དོན་གཉིས་བླ་ན་མེད་པའི་དཔལ་འབྱོར་ལ་རང་དབང་འབྱོར་བར་འགྱུར་རོ། །སྤྱིར་དབང་གི་དུས་ཀུན་དང་། རྗེས་ལ་བླ་མ་དང་དེའི་ཉེ་འཁོར་ལ་འཁོད་པའི་རྡོ་རྗེ་སྤུན་སྲིང་རྣམས་ལ་ཚོགས་ཀྱིས་མཆོད་ཅིང་ཡོན་དབུལ་དགོས་ཏེ་མ་ཕུལ་ན་དངོས་གྲུབ་མི་འབྱུང་བའི་ཕྱིར་རོ། །དེ་སྐད་དུ་དབང་རྣམ་པར་ཕྱེ་བ་ལས། འདི་ལྟར་དབང་བསྐུར་དུས་དག་ཏུ། །དགའ་སྟོན་མ་བྱས་མི་འགྲུབ་ཅིང་། །དངོས་གྲུབ་དག་ཀྱང་ཉམས་པར་འགྱུར། །དེ་བས་ཚོགས་ཀྱིས་དགའ་བ་བྱ། །ཞེས་སོ། །དགའ་སྟོན་བྱས་ན་འདི་དང་ཕྱི་མའི་ལེགས་པ་ཐམས་ཅད་འགྲུབ་ཅིང་ཉེས་པ་ཐམས་ཅད་སེལ་ལ། བསམ་རྒུ་ཐམས་ཅད་ཡིད་བཞིན་དུ་འགྲུབ་སྟེ། དེ་ཉིད་ལས། བླ་མ་དང་ནི་བླ་མའི་འཁོར། །ཡུམ་དང་བཅས་པ་ཐམས་ཅད་ལ། །དགའ་སྟོན་ཆེན་པོ་སུས་བྱས་པ། །ལེགས་པ་ཐམས་ཅད་འགྲུབ་པ་དང་། །ཉེས་པ་ཀུན་ལས་གྲོལ་བར་འགྱུར། །ཞེས་སོ། །དེའང་དབང་གི་དུས་སུ་ཡོ་བྱད་མཆོད་པ་དང་། གཞན་གྱི་དུས་སུ་མཆོད་པ་གཉིས་བསོད་ནམས་ཁྱད་ཆེ་བར། དེ་ཉིད་ལས། གལ་ཏེ་དབང་བསྐུར་དུས་མིན་པར། །རང་གི་བླ་མ་མཆོད་པ་ནི། །བརྒྱ་སྟོང་བྱེ་བ་གྲངས་མེད་བས། །དབང་གི་དུས་གཅིག་བྱས་པ་ཡི། །བསོད་ནམས་ཚད་མེད་དཔག་མེད་ཐོབ། །ཅེས་སོ། །དེའི་དུས་སུ་བླ་མ་དེ་ལ་ཕྱོགས་བཅུའི་བླ་མ་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་དབྱེར་མི་ཕྱེད་པར་འདུས་ནས་ངོ་བོ་གཅིག་པའི་དུས་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །དབང་དུས་ཀྱི་བུད་མེད་གཅིག་ལ་བྱིན་པ་དང་། དུས་གཞན་དུ་ཡེ་ཤེས་ཀྱི་མ་མོ་བརྒྱ་འམ་རྡོ་རྗེ་ཕག་མོ་ལ་ཚོགས་དགུ་བརྒྱར་མཆོད་པ་གཉིས་བསོད་ནམས་འདི་ཆེ་བར། ཕྲ་ཐིག་ལས། མ་མོ་བརྒྱ་འམ་ཕག་མོ་ལ། །ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་དགུ །དུས་མ་ཡིན་པར་བྱས་པ་བས། །འདི་དུས་རྣལ་འབྱོར་མ་གཅིག་ལ། །བཟའ་བཏུང་ཅུང་ཟད་བྱིན་པ་ཡི། །བསོད་ནམས་འདི་ནི་མཉམ་པ་ཡིན། །འཇིག་རྟེན་འདི་ལ་འདོད་དོན་དང་། །ཕྱི་མ་ཡེ་ཤེས་དབྱིངས་སྤྲོད་ཕྱིར། །མཁའ་སྤྱོད་དག་གི་དངོས་གྲུབ་ནི། །འཁོར་དང་བཅས་པ་འགྲུབ་པ་ཡིན། །ཞེས་སོགས་རྒྱ་ཆེར་གསུངས་པས་བསམ་སྦྱོར་རྣམ་པར་དག་པས་ཚོགས་ཀྱི་འཁོར་ལོ་འབུལ་བ་ལ་ཅི་ནས་བརྩོན་པ་གལ་ཆེ། གཞན་ཡང་འཇམ་མགོན་རྡོ་རྗེ་འཆང་ཆེན་པོའི་ཞལ་ལུང་བརྒྱུད་ཡིག་དཀར་ཆག་དངོས་གྲུབ་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་ཏུ། ཡུལ་དམ་པ་རྣམས་ལ་ཡོངས་སུ་གྲགས་ཤིང་མངོན་རྗེས་སྟོབས་ཀྱིས་ཚད་མར་གྲུབ་པའི་ཟབ་གཏེར་གྱི་གཞུང་ཆེ་ཕྲ་ཕལ་མོ་ཆེ། འཇའ་ལུས་ཀྱི་གྲུབ་མཐའ་སྙོགས་ཟིན་པ་ནི་དེར་བས་ཤིང་། ཀུན་གཟིགས་ལྔ་པ་དང་། གཏེར་ཆེན་རིན་པོ་ཆེ་སོགས་ཀྱི་སྐབས་སུ་བཞུགས་པ་རྙིང་མ་བཀའ་མའི་གཞུང་ཕལ་མོ་ཆེ། རྡོར་གླིང་། བྱང་གླིང་། རིན་ཆེན་གླིང་པ། ཚེ་བརྟན་རྒྱལ་མཚན། བསྟན་གཉིས་གླིང་པ་སོགས་གཏེར་ཁ་ཆེ་ཕྲ་མང་པོ་ཞིག་ཀྱང་དབྱིངས་སུ་དེངས་ཏེ། དེང་སང་ཕྱེད་ཆ་ཙམ་ལས་མ་བཞུགས་པར་སྣང་བ་དང་། སྐབས་དེ་ཙམ་དུའང་སྔ་འགྱུར་བཀའ་གཏེར་སྨིན་གྲོལ་གྱི་རྒྱུན། དེ་ལས་འཆད་ཉན། དེ་དོན་ཉམས་བཞེས་མཛད་པ་པོ་བྱུང་ལུགས་ལ་བརྟགས་ན་ད་ལྟ་བསྟན་གཞུག་དངོས་ལ་ཐུག་པར་ངེས་པས། ཡིད་སྐྱོ་བའི་རྒྱུ་ཁོ་ནར་འདུག་པ་འདི་ལྟར་ན། གཞུང་ཆེན་ཕལ་ཆེར་གྱི་རྒྱུན་ཡང་ཅིར་འགྱུར་ངེས་པ་མི་འདུག་ཅིང་། གཞུང་ཕྲན་འགའ་ཞིག་ནི་ནུབ་ཏུའང་ཉེ་བས། བསྟན་པའི་རྒྱུན་སྲོལ་ལ་ཅུང་ཟད་ཙམ་གྱི་ཞབས་ཏོག་འགྱུར་དུ་རེ་བས། གོང་སྨྲོས་ལྟར་སྔར་ནས་ཡོངས་གྲགས་འཁྲུལ་མེད་ཚད་ཐུབ་ཀྱི་གཏེར་ཆོས་དག་སྣང་དང་བཅས་པ་ལ་གཞི་བྱས། དེ་ལས་ཀྱང་ཁ་འཐོར་རྒྱུན་དཀོན་རིགས་རྣམས་ཇི་ལྟར་རྙེད་པ་བསྡུས་ཏེ་བཀོད་པ་དང་། སྔ་འགྱུར་བཀའ་མ་ཡང་ཕུར། གཤིན་རྗེ་གདོང་དྲུག །རྣམ་འཇོམས་ཁྲོ་དཀར་ནག་སོགས་ཀྱི་ཡིག་ཆའི་ཞབས་འདེགས་རེའང་བགྱིས་པ་ནི་བཀའ་མཛོད་ཀྱི་སྡེ་ཚན་དུ་འཁོད་པ་ཡིན་ལ། སླད་ནས་ཀྱང་བླ་མེད་རྡོ་རྗེ་ཐེག་པའི་རིང་ལུགས་ལ་གཅེས་སྤྲས་མཛད་པའི་སྐྱེས་བུ་དམ་པ་རྣམས་ཀྱིས། བཀའ་གཏེར་རྙིང་མའི་སྐོར་རྒྱུན་དཀོན་ཅིང་ཁུངས་དང་འབྲེལ་བའི་རིགས་རྙེད་སྲིད་ན་ཅིས་ཀྱང་བསྣན་པར་མཛད་པ་ཞུ་བ་ལགས་སོ། །ཞེས་དང་། ཡང་དེ་ཉིད་ཀྱི་མཇུག་ཏུ། ད་ནི་སྤྱིར་འཕྲོས་པའི་དོན་འདིའང་བརྗོད་པར་བྱ་སྟེ། སྔ་འགྱུར་རྡོ་རྗེ་ཐེག་པའི་ཤིང་རྟ་ཆེན་པོ་རྣམས་ལ། ལམ་སྲོལ་ནི། དབང་། བཤད་པ། བསྐྱེད་རིམ། རྫོགས་རིམ་སྟེ་བཀའ་བབས་ཀྱི་ཆུ་བོ་བཞི་ཞེས་ཡོངས་སུ་གྲགས་པས། རྙིང་མ་མིང་ཙམ་མ་ཡིན་པར་ལུགས་མཐུན་ཞིག་བྱེད་ན། སྔར་དངོས་དང་། འཕྲོས་དོན་གྱི་སྐབས་སུ་ཇི་སྐད་སྨྲོས་པའི་བཀའ་མའི་གཞུང་བཟང་པོ་མཐའ་དག་གམ། མདོ་སྒྱུ་སེམས་གསུམ་གྱི་རྩ་བ་རེ་རེའི་སྨིན་གྲོལ་གྱི་སྒོ་ཕྱེ་སྟེ། སྒྱུ་འཕྲུལ་གསང་བ་སྙིང་པོའི་རྒྱུད་ཀྱི་བཤད་སྲོལ་ལ་སྒྲོ་འདོགས་ལེགས་པར་བཅད། གཏེར་མའི་ཕྱོགས་ནས་བཀའ་དགོངས་ཕུར་གསུམ་དང་། གཤིན་རྗེ་ཚེ་བདག །རྟ་མགྲིན་ཡང་གསང་། ཕྱག་རྡོར་དྲེགས་པ་ཀུན་འདུལ་གྱིས་མཚོན་བཀའ་བརྒྱད་བྱེ་བྲག་པའི་སྐོར་རྣམས་དང་། བླ་སྒྲུབ་དང་ཐུགས་རྗེ་ཆེན་པོའི་སྐོར་ཅི་རིགས། རྫོགས་ཆེན་སྙིང་ཐིག་ཡ་བཞི་དང་། ཟབ་མོ་ཡང་ཏིག །ཀུན་མཁྱེན་ཀློང་ཆེན་པའི་དགོངས་གཏེར་གྱི་བསྟན་བཅོས་མཛོད་བདུན། ངལ་གསོ་སྐོར་གསུམ་ཆ་ལག་དང་བཅས་པ་རྣམས་ཀྱི་སྟེང་། འདི་ཉིད་ནས་འབྱུང་བའི་སྨིན་གྲོལ་ལས་ཚོགས་བཅས་མཐའ་དག་དང་། དེ་དག་གི་རྒྱབ་རྟེན་དུ་རྒྱུད་འབུམ་རིན་པོ་ཆེ་ཡོངས་སུ་རྫོགས་པ་བཅས་ལ་ཐོས་བསམ་གྱི་གཞི་གཟུང་ནས། བཀའ་མས་གཞུང་བསྲང་། གཏེར་མའི་མན་ངག་གིས་ཉམས་སུ་བླངས་ཏེ། ཡི་དམ་གྱི་མངོན་རྟོགས་ཆུང་ངུ་ཞིག་ཉམས་སུ་ལེན་ཡང་། རྒྱུ་ཤེས་པའི་མཚན་ཉིད་དེ་བཞིན་ཉིད་ཀྱི་ལྟ་བས་ཐག་གཅད་ཚུལ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་གྱིས་ཉམས་སུ་བླང་ཚུལ། དེ་ལས་ལམ་གྱུར་གྱི་འབྲས་བུ་རིག་འཛིན་རྣམ་བཞིའི་གྲུབ་མཐའ་ཇི་ལྟར་སྙོག་པའི་ཚུལ་ལ་ངེས་པ་གཏིང་ཚུགས་པས་གཞུང་གདམས་ངག་ཏུ་འཆར་ཞིང་། གདམས་ངག་གཞུང་དང་མི་འགལ་བ་ཞིག་གལ་ཆེ་བས། འབྲེལ་མེད་ཀྱི་ཐ་སྙད་ཉི་ཚེ་དང་རྟོག་གེའི་ཚིག་སྐམ་རེ་གཉིས་སྨྲ་བ་ལ་བཤད་པ་དང་། ཡི་དམ་གྱི་རྒྱུན་ཁྱེར་རེ་དང་ཆོས་སྐྱོང་གི་གཏོར་སྐོང་རེ་ཆག་མེད་བྱེད་པ་ལ་སྒྲུབ་པ་དང་། གཏོར་ཟློག་གི་འུར་ཤོག་རེ་ལ་ལས་སྦྱོར་དུ་མིང་བཏགས་ནས། རང་གཞུང་ཡིན་ངེས་དང་དགོས་ངེས་རྣམས་དོར་བའི་རྗེས་སུ་འབྲང་བར་མི་བྱའོ། །བྱེ་བྲག་ཏུ། གཞུང་འདི་ཉིད་ཀྱི་སྨིན་གྲོལ་ལེགས་པར་ཐོབ་ནས་གཞན་ལ་འབོགས་པར་འདོད་པས། རབ་གོང་དུ་བཤད་པའི་གལ་པོ་ཆེའི་ཡི་དམ་མཐའ་དག་གམ། འབྲིང་དེ་ལས་སྙིང་པོར་གྱུར་པ་རྣམས་དང་། མ་མཐའ་ཡང་རིགས་ཐམས་ཅད་ཀྱི་ཁྱབ་བྱེད་རྡོ་རྗེ་སེམས་དཔའ། བྱིན་རླབས་ཐམས་ཅད་ཀྱི་འཇུག་སྒོ་བླ་སྒྲུབ་གང་རུང་། དཀྱིལ་འཁོར་ཐམས་ཅད་ཀྱི་དབྱེ་གཞི་སྒྲུབ་པ་བཀའ་བརྒྱད་རྣམས་ཀྱི་བསྙེན་པ་ལས་རུང་དང་། རྫོགས་ཆེན་གང་རིགས་ཀྱི་ཉམས་ཁྲིད་སྨིན་པར་ཐོབ་ཅིང་ཉམས་མྱོང་གི་སྣེ་ཅུང་ཟད་ཟིན་པ་ཞིག་གིས་བྱ་བ་ལས། དཔེ་ཀློག་དག་པོའང་མི་ཤེས་བཞིན་དུ་ཆོས་ལ་དབང་ཟ་བས་རྡོ་རྗེ་སློབ་དཔོན་གྱི་གོ་སར་འགྱིང་བར་མི་བྱ་ལ། སློབ་མ་རྣམས་ཀྱིས་ཀྱང་སྤྱིར་དམ་ཚིག་དང་སྡོམ་པ་དག་པར་བྱ་བས་གཞི་གཟུང་སྟེ། ཡི་དམ་རྩ་བ་གང་རུང་རེའི་བསྙེན་སྒྲུབ་ཀྱི་དམ་བཅའ་དང་། ཆོས་སྲུང་རྣམས་ལ་རྒྱུན་ནམ་དུས་ཀྱི་མཆོད་གཏོར་མ་ཆག་ཙམ་རེ་བྱ་བས་མཚོན། མདོར་ན་བསྟན་པ་དང་རང་རྒྱུད་ལ་དམིགས་པའི་ལྷག་བསམ་རྣམ་པར་དག་པས་གོ་ཕྱེ་སྟེ་འཆད་ཉན་ལ་འཇུག་པར་མཛད་ན། བཤད་པ་དང་། སྒྲུབ་པ་དང་། རྒྱལ་བ་དགྱེས་པའི་ཕྲིན་ལས་ལ་བརྟེན་ནས་སྲིད་པ་དང་ཞི་བའི་ལེགས་ཚོགས་ཀྱི་སྒོ་ཐམས་ཅད་རྒྱ་ཆེར་འཕེལ་ཞིང་རྒྱས་པར་འགྱུར་རོ། །ཞེས་སོགས་གལ་པོ་ཆེའི་ཞལ་གདམས་བསླབ་བྱ་སྔ་ཕྱི་རྣམས་སུ་ལན་གྲངས་དུ་མར་རྒྱ་ཆེར་བསྩལ་པ་གནད་ཤིན་ཏུ་ཆེ་བས། འདིར་ཡང་བསྐྱར་ཟློས་ཀྱིས་དྲངས་པ་ལགས་ཤིང་། རྡོ་རྗེའི་གསུང་རྣམས་བཏང་སྙོམས་སུ་མི་མཛད་པར་ལག་ལེན་གཙོ་བོར་མཛད་པ་གལ་ཆེ་སྟབས། འདི་ཉིད་འཆད་པའི་སློབ་དཔོན་གྱིས་བརྒྱུད་པ་སེལ་མེད་ལས། སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་ཞིབ་པར་གཙང་དག་ཏུ་ནོད་ཅིང་། བསྙེན་སྒྲུབ་ཐེམས་པས་༼ཐི༽འཇམ་མགོན་རྡོ་རྗེ་འཆང་གི་གསུང་དབང་བསྐུར་སྤྱི་ལ་འཇུག་པའི་ལག་ལེན་རྣམ་འབྱེད་མདོར་བསྡུས་པ་རབ་གསལ་ཟླ་བའི་མེ་ལོང་དང་། ལོ་ཆེན་དྷརྨ་ཤྲཱིའི་གསུང་གསར་རྙིང་སྤྱི་འགྲོའི་དབང་བཤད་བྱེ་བྲག་སོ་སོའི་འཁྱོག་མཚམས་ཀྱི་དཔེར་བརྗོད་བཅས་ལ་འདྲིས་པར་བྱས་ནས། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་སྨིན་ལུགས་རྡོར་སེམས་དང་། རྩ་གསུམ་སྙིང་བཅུད་བླ་མ་དགོངས་འདུས་སམ། དཀོན་སྤྱི། བཀའ་འདུས་ཆོས་རྒྱམ་མམ། བཀའ་བརྒྱད་བདེར་འདུས་ཀྱི་བསྙེན་པ་ཁ་གསོ་ཞག་བདུན་ཕྲག་རེ་དང་། ཚོགས་སྐོང་བརྒྱ་རྩ་རེས་ཉུང་མཐའ་བྱས་ཏེ་གནང་ཞུ་གསོལ་གདབ་སྔོན་འགྲོས། ཡོངས་རྫོགས་བསྟན་པའི་གསང་འཛིན་འཇམ་མགོན་རྡོ་རྗེ་འཆང་གི་ཞལ་ལུང་བཅས་བཤམ་བྱ་བའི་ཚུལ་མཐོང་བས་གོ་འབྱེད་ཀྱི་དབུར་བསྩལ་པ་བཞིན། སྣ་སེལ་རྣམས་སྔོན་འགྲོས། རྡོར་སེམས་ཚོགས་སྒྲུབ་ཀྱི་ཁོག་ཕུབ་ཅིང་། ཐོག་མཐའ་བར་གསུམ་དུ་སྨན་སྒྲུབ་དང་སྟོང་མཆོད་རེ་སོགས་གྲུབ་ན་མཆོག་ཏུ་འགྱུར་ཞིང་། དེའང་བཀའ་མ་འདུས་མདོ་དང་། གཏེར་མ་བླ་མ་དགོངས་འདུས། བཀའ་བརྒྱད་བདེར་འདུས་སམ་གསང་རྫོགས་གསུམ་གྱི་ཚོགས་སྒྲུབ་སྨན་སྒྲུབ་ཆེན་མོ་དང་འབྲེལ་བར་དབང་ཡོངས་རྫོགས་འཆད་ཉན་ནུས་ན་བསྟན་རྒྱུན་ལ་ཅུང་ཟད་ཕན་སྟོབས་སུ་འགྱུར་ཆེ། ཅི་སྟེ་ནུས་པས་མ་ལྕོགས་ནའང་། བཀའ་བརྒྱད་བདེ་འདུས་ཀྱི་ཚོགས་སྒྲུབ་ལུགས་སྔ་མ་མཁའ་ཀློང་ཡངས་པའི་པྲ་ཁྲིད་བདེ་ཆེན་རྒྱུན་འབེབ་དང་། ཕྱི་མ་གཏེར་བདག་གླིང་པའི་ལུགས་བཅས་རྒྱས་བསྡུས་གང་ལྟར་ནའང་། སྨན་སྒྲུབ་གསང་ཆེན་མཆོག་གི་མྱུར་ལམ་སྦྲེལ་ཞིང་། འཇམ་མགོན་རྡོ་རྗེ་འཆང་གི་གསུང་༼ཕ༽སྒྲུབ་དབང་ཆེན་མོའི་ལག་ལེན་གསལ་བར་བྱེད་པའི་ཡི་གེ་བདེ་ཆེན་སྣང་བྱེད་དུ་གསུངས་པ་ལྟར། མཁའ་ཀློང་ཡངས་པའི་དབང་ཆོག་མདོ་བྱང་བདེ་ཆེན་གསལ་བའི་དབང་ཆེན་གཙོས་དབང་ཆེ་ཆུང་རྣམས་དང་། མཁའ་ཀློང་ཡངས་པའི་སྒྲུབ་ཁོག་པྲ་ཁྲིད་དུ་འབྱུང་བའི་སྒྲུབ་དབང་གི་རྒྱུན་འཇམ་མགོན་རྡོ་རྗེ་འཆང་གིས་གསན་བཞེས་མ་གྲུབ་ཀྱང་ད་ལྟ་རྒྱུན་མ་ཆད་ཙམ་འདུག་པ་འདིའང་རྒྱུན་མི་ཉམས་པར་བཞུགས་སུ་གསོལ་བ་དང་། བདུད་རྩི་སྨན་དབང་བཅས་དཀྱུས་གཅིག་ཏུ་སྦྲེལ་བ་དང་། རབ་ཐོག་མཐའ་བར་གསུམ་མམ། ཐ་ན་གང་བདེར་གསར་བསྒྲིགས་མཁའ་འགྲོའི་མདོས་ཆེན་དང་། ཡར་མར་ཚེས་བཅུར་བླ་མ་མཁའ་འགྲོའི་ཚོགས་སྐོང་བརྒྱ་རྩ་རེ་དང་། མཁའ་འགྲོ་གསང་འདུས་ཀྱི་སྐོང་ཚོགས་ལན་ཁ་ཡར་བཅས་དང་། སྨིན་གྲོལ་རྒྱབ་རྟེན་གྲུབ་པའི་རྗེས་སུ་མཐའ་རྒྱས་ལ་རྩ་གསུམ་སྙིང་བཅུད་བླ་མ་དགོངས་པ་འདུས་པའི་སྐོང་ཆོག་ཆེན་མོ་ཉིན་བཅུ། བདུན། ལྔ། གསུམ་གྱིས་མཐའ་རྟེན་པ་སྟོན་འཁོར་ཆབས་ཅིག་པས་འབྱོར་འཁོས་དང་བསྟུན་པའི་གཟབ་རྒྱས་གང་ལེགས་བྱ་བ་སོགས་དང་། གཞན་ཡང་། མེ་སྦྲུལ་ལོར་གདན་ས་འདི་གར་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་འཆད་ཉན་བགྱིད་བཅུག་པའི་སྐབས། དཔོན་སློབ་ཐམས་ཅད་ཀྱི་ལག་ལེན་དུ་བསྟར་འོས་རྣམས་བཅའ་བཀོད་ཀྱི་ཡི་གེ་འདུས་གསལ་དུ་བཀོད་པར་སྨྲས་པ་སོགས་ཐུགས་ཀྱི་དཔལ་བེའུར་བཅངས་ནས། འཇིགས་སྐྱོབ་དང་ཆོས་བརྒྱད། ལྟོ་གོས་སོགས་ཚེ་འདིའི་སྣང་ཤས་ཁོ་ནའི་ཕྱིར་མ་ཡིན་པར། རང་རང་གི་དལ་འབྱོར་དོན་ཡོད་པར་བྱ་བའི་ཕྱིར་སྲིད་ལས་ངེས་འབྱུང་དང་། བསྟན་པ་རིན་པོ་ཆེར་དད་པའི་ལྷག་བསམ་གཙང་མར་ལྡན་ཞིང་། བར་ཆད་ཀྱི་ཆོས་དང་བྲལ་བ་ཐར་པའི་ལམ་དང་བྱང་ཆུབ་དམ་པའི་གོ་འཕང་གཉེར་བའི་བློ་གྲོས་བརྟན་པོས་བཀའ་བརྒྱུད་གོང་མའི་རྣམ་ཐར་ལ་སློབ་ཅིང་། རྫོགས་པའི་སངས་རྒྱས་ཀྱི་གསུང་གསང་གི་བཀའ་ལ་གཞུང་བསྲང་། སྡོམ་གསུམ་ཆིག་དྲིལ་ལམ་དུ་ཁྱེར་བ་གྲུབ་ཐོབ་བརྒྱུད་པའི་མན་ངག་གིས་བརྒྱན་ཏེ་གཞན་གནོད་ཆ་བཅས་སྤང་། གཞན་ཕན་ཐམས་ཅད་བསྒྲུབ། སྣང་གྲགས་རྟོག་གསུམ་ལྷ་སྔགས་ཆོས་སྐུའི་རོལ་པར་ཁྱེར་བས་རང་ཉིད་རྣམ་མཁྱེན་ཐོབ། འབྲེལ་ལོ་ཅོག་ཐར་ལམ་ལ་འཛུད། བགྱིས་སོ་འཚལ་དགེ་བ་འབའ་ཞིག་ལ་སྦྱོར་དགོས་པས། དེ་ལྟར་ཉམས་སུ་ལེན་ནུས་ན་སྡིག་སྒྲིབ་མ་འབད་ཀྱང་དག །ཚོགས་གཉིས་མ་གསག་ཀྱང་རྫོགས། སངས་རྒྱས་མ་འཚོལ་བར་ཐོབ་ངེས་པའི་རྒྱུ་མཚན་ཤེས་པས། མོས་གུས་དཀར་པོ་གཅིག་ཐུབ་ཀྱི་ལམ་ནས་བཀའ་ཕྱག་དབུ་རྫོགས་ཟུང་འཇུག་ཐུབ་བསྟན་ཆོས་སྒོ་རབ་འབྱམས་འགལ་མེད་རྒྱུད་ཐོག་གཅིག་ཏུ་དྲིལ་ཏེ་ཉམས་སུ་བླངས་ནས། བསམ་བྱ་དང་གཉེར་བྱ་ཡང་དག་པའི་ཆོས་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཚེ་འདིའམ། བར་དོ་ལས་མི་འགྱང་བར་མངོན་དུ་བྱས་ཏེ། འཁོར་བའི་གནས་ལ་ལུས་རྟེན་འདི་ཉིད་ཀྱི་སྟེང་ནས་ཕྱི་ཕྱག་བྱ་ཞིང་། སྤང་བླང་གི་གནས་རྣམས་ལ་ཕྱིན་ཅི་མ་ལོག་པར་སྤྱོད་དེ། དོན་གཉིས་ལྷུན་གྲུབ་རང་དྲིན་རང་ལ་ཆེ་བ་རེ་ཅི་ནས་ཀྱང་མཛད་འཚལ། སྨྲས་པ། ཐུགས་རྗེའི་དབང་ཕྱུག་རྒྱལ་བའི་ཕྲིན་ལས་འདི། །འབྱམས་ཀླས་གདུལ་བྱའི་ཁམས་ཀྱི་རྗེས་ཞུགས་པའི། །གསང་བ་ཟབ་མོའི་མཐའ་དབུས་གཞལ་བའི་མཐུ། །ཚངས་སོགས་ཆེན་པོར་གྲགས་ལ་ཡོད་མ་ཡིན། ༡ །ཆོས་ཀྱི་སྤྲིན་གྱི་སྤོ་ལ་དགྱེས་རོལ་པའི། །རྒྱལ་སྲས་རྣམས་ཀྱིས་གཏིང་དཔག་དཀའ་བའི་གནས། །ཐེག་མཆོག་རིན་ཆེན་སྙིང་པོའི་ལྷུན་པོ་ནི། །རྒྱལ་བ་བློ་མཐའ་ཡས་པའི་ཕྱག་གིས་བཟུང་། ༢ །ཀུན་བཟང་ཧེ་རུ་ཀཿདཔལ་ཐུགས་ཀྱི་གཏེ༵ར། །རིག་འཛིན་ཌཱ་ཀིའི་སྙིང་ཁྲག་དྭངས་མའི་མཛོ༵ད། །སྐལ་པ་དམན་ལ་སྦས་པའི་རྡོ་རྗེའི་རྒྱ། །བྱིས་པ་བདག་ལྟས་འགྲོལ་བའི་གནས་སྐབས་ཅི། ༣ ཁྱད་པར་ཆོས་ལ་དབང་ཐོབ་རྡོ་རྗེ་ཅན། །མུན་སེལ་སྒྲོན་མེའི་ཕྲེང་བ་སྣང་བཞིན་དུ། །ཉམ་ཆུང་སྲིན་བུའི་མཇུག་མའི་མེ་འོད་ལ། །ནུས་པ་མེད་ཕྱིར་རེ་བའི་དགོས་པ་ཟད། ༤ །ཀྱེ་མ། ཕྱོགས་བྲལ་ཀུན་སྙོམས་ཡབ་གཅིག་ཉི་མ་དེ། །སྣང་མེད་ཆོས་སྐུའི་དབྱིངས་སུ་སྙོམས་ཞུགས་ཤིང་། །སྐྱེ་བོ་སྐལ་ངན་དམུས་ལོང་ཁྱུ་ཚོགས་ཀྱིས། །དམ་པ་རྣམས་ཀྱི་དཀྱིལ་འཁོར་མཐོང་བ་མེད། ༥ །སྐལ་མཉམ་བདག་ལྟའི་རབ་རིབ་ཅན་དག་ལ། །ལམ་མཁན་རེ་ཞིག་བགྱིད་པར་ཁས་འཆེ་བའི། །རྨོངས་རྣམས་ཚུལ་མིན་གཡང་སར་བརྡེག་འཚལ་ཏེ། །བདེ་དང་ཐར་པའི་སྲོག་རྩ་ཆད་ལ་ཉེ། ༦ །དེ་སླད་ཀུན་བཟང་པདྨ་གར་གྱི་དབང་། །སྟོན་པ་རྡོ་རྗེ་རྒྱལ་པོའི་ཞལ་གྱི་ལུང་། །རྣ་བར་སིམ་དང་ཕྱག་བཞེས་བརྗེད་ཕངས་པའི། །ཟིན་ཐོ་དྲང་པོར་བཏབ་པའི་འཁར་བ་ལ། ༧ །བརྟེན་པའི་ལག་ལེན་ཉུང་ངུར་བསྡེབས་པ་ཡང་། །ཆོས་བརྒྱད་རི་མོ་སྙིང་གི་མེ་ལོང་ངོགས། །ཤར་བའི་སྣང་བརྙན་སྟོན་པ་མ་ལགས་ཀྱི། །བདག་བསྲུང་དོན་སླད་ལྷག་བསམ་དཀར་པོས་བསྐྲུན། ༨ །དེ་ལྟ་ན་ཡང་ཐོས་བརྩོན་ཤེས་རབ་བློའི། །རྣམ་དཔྱོད་དབུལ་པོའི་ནོར་བཞིན་སྙིང་པོས་དབེན། །ཟབ་མོའི་གནད་གསང་དཔྱད་པས་རྟོགས་མིན་ཕྱིར། །བྱིས་བློའི་ཉེས་པས་ནོངས་པ་མཆིས་སོ་འཚལ། ༩ །དཀོན་མཆོག་ཀུན་འདུས་ཁྱབ་བདག་དཔའ་བོ་ཆེ། །རྩ་གསུམ་མགོན་དང་མཁའ་འགྲོ་དམ་ཅན་གྱི། །སྤྱན་སྔར་སྙིང་ནས་འགྱོད་པས་མཐོལ་བཤགས་ན། །བཟོད་བཞེས་དམ་སྐོང་དོན་ལྡན་མཆོག་སྩོལ་ཅིག ༡༠ །མཁས་གྲུབ་རིག་འཛིན་ཆོས་བདག་བསྟན་པའི་སྒྲོན། །གང་དག་ཕྱོགས་བཅུར་ད་ལྟ་བཞུགས་རྣམས་ལ། །ཉེས་སྐྱོན་གང་མཆིས་ངོ་ཚ་འགྱོད་དང་བཅས། །བཤགས་སོ་བརྩེར་དགོངས་འགལ་འཁྲུལ་འཆོས་པར་མཛོད། ༡༡ །ལྷག་བསམ་དག་པའི་དབྱར་སྐྱེས་ལས་བྱུང་བའི། །ལེགས་བྱས་བཟང་པོའི་ཆུ་སྐྱིལ་ཕྲ་མོའང་། །སྐྱེ་རྒུར་ཕན་དང་བདེ་བའི་ཉེར་སྤྱད་དུ། ལྟོས་པ་མེད་པར་ཡོངས་སུ་བསྔོ་བར་བགྱི། ༡༢ །བདག་དང་བདག་ལྟའི་སྔགས་ཀྱི་སྒོར་ཞུགས་རྣམས། །ཐོས་བསམ་སྒོམ་དང་གྲུབ་པའི་མཐུ་ཐོབ་སྟེ། །རྣམ་གྲོལ་རྡོ་རྗེ་ཐེག་པའི་ཁང་བཟང་དུ། །ཆོས་ཀྱི་རྒྱལ་སྲིད་ཆེ་ལ་ལོངས་སྤྱོད་ཤོག ༡༣ །སྲིད་པ་རྡོ་རྗེར་གྲུབ་པའི་བཀྲ་ཤིས་མཁའ་ལྟར་གདལ། །ཞི་བ་བདུད་རྩིའི་བཀྲ་ཤིས་ཕྱོགས་དུས་ཀུན་ཏུ་ཁྱབ། །ཐེག་མཆོག་ཉི་མའི་བཀྲ་ཤིས་སྲིད་ཞིའི་བླ་ན་མཛེས། །ཕན་བདེའི་པདྨོ་རྒྱས་པའི་བཀྲ་ཤིས་བརྟན་གྱུར་ཅིག ༡༤ །ལུས་ཅན་ཀུན་གྱི་ཡིད་མཁར་རིག་འཛིན་བརྒྱུད་པའི་བྱིན་རླབས་སྤྲིན་ཕུང་འཁྲིགས། །སྨིན་གྲོལ་བདུད་རྩིའི་ཆར་གྱིས་སྙིང་པོའི་རིག་ཁམས་ནོར་འཛིན་ཕྱོགས་ཀུན་བརླན། །རྣམ་གྲོལ་སྐུ་བཞིའི་སྙེ་མས་དོན་གཉིས་འབྱོར་པའི་བང་མཛོད་ཡོངས་གང་བས། །འགྲོ་བའི་ཉོན་མོངས་དབུལ་བ་ཡོངས་བཅོམ་ཕན་བདེའི་དུས་སྟོན་དར་གྱུར་ཅིག ༡༥ །སརྦ་དཱ་མངྒ་ལཾ།། །། ༈ ཐུགས་བསྐྱེད་དང་བཀའ་དྲིན་ཚད་མེད་པའི་མངའ་བདག་༧རྒྱལ་བའི་དབང་པོ་ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་རིན་ཆེན་གཏེར་མཛོད་ཆེན་པོའི་ཟུར་རྒྱན་པོད་ཆེན་བཞི་འདི། བལ་ཡུལ་ཞེ་ཆེན་གདན་སས་རིན་གཏེར་འཕྲུལ་ཡིག་པར་གསར་གྱི་ཞུ་དག་སྲི་ཞུ་ལོ་མང་ཞིབ་བལྟས་སྐབས། སླར་ཡང་དབང་དཔེ་རྣམས་དང་ཞིབ་བསྡུར་རུས་འཐོན་པ་རང་ནུས་གང་ཡོད་ཀྱིས་བྱ་སྐབས། ཞིབ་ཆའི་གསལ་བཀོད་ཐོག་བར་ཐ་གསུམ་གང་སར་ཅུང་ཟད་རེ་སོང་བ་བཅས་ཞུ་དག་ཐ་མའི་སྲི་ཞུ་བ་འཁོས་ཆུང་གྱི་ན་པད་བཀོད་སྒམ་སྤྲུལ་མིང་ཙམ་འཛིན་པས་བྱུང་ཚུལ་བདེན་པར་བརྗོད་པ་ཡིན་ཞུ་ཞུ་ཞུ། བཀྲ་ཤིས་དགེ་མཚན་མངོན་པར་མཐོ་བ་ནས་ངེས་དོན་མཚོ་སྐྱེས་རྒྱལ་བའི་བཀའ་གཏེར་བསྟན་པ་མི་ནུབ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག །དགེའོ།། །། ༈ རྒྱལ་བསྟན་སྙིང་པོ་སྔ་འགྱུར་པདྨའི་སྲོལ། །ཟབ་གསང་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི། །བཤད་སྒྲུབ་སྣང་བས་ས་སྟེང་ཀུན་ཁྱབ་སྟེ། །ཕུན་ཚོགས་བཀྲ་ཤིས་འཕེལ་རྒྱས་བརྟན་གྱུར་ཅིག །ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྨོན་པ་ཤུ་བྷཾ།། །། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏ྄། ཏེ་ཥཱཉྩ་ཡོ་ནི་རོ་དྷ། ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔
གཟའི་དུག་དབྱུང་ཞེས་ཀྱང་བྱ། གཟའ་ཁྲུས་ཞེས་ཀྱང་བྱ་བའི་གདམས་པ་ཁྱད་པར་ཅན་ (Volume 47, Text 2)
༄༅། །གཟའི་དུག་དབྱུང་ཞེས་ཀྱང་བྱ། གཟའ་ཁྲུས་ཞེས་ཀྱང་བྱ་བའི་གདམས་པ་ཁྱད་པར་ཅན་བཞུགས་སོ། །འདར་ཕྱར་ལུགས་ཀྱི་གཟའི་དུག་དབྱུང་དང་བྱད་ཁྲོལ་བཅས། ན་མོ་བཛྲ་པཱ་ཎི་ཡེ། གཟའི་དུག་ཕྱུང་བ་འདི་སྐད་དོ། །ཧཱུྃ། ཡབ་གཅིག་ཛྭ་ལ་འབར་བ་དང་། །ཡུམ་གཅིག་ཧབ་ཤ་སེལ་སྟོང་གཉིས། །གཉིས་མེད་ཡིད་ཀྱིས་སྦྱོར་བ་ལས། །སྤྲུལ་པའི་གཟའ་བདུད་ཆེན་པོ་བརྒྱད། །ཧཱུྃ། སྐུ་ལས་སྤྲུལ་པའི་ཞེ་སྡང་གཟའ། །གཟའ་བདུད་བྱི་ནུ་རཱ་ཛ་ནི། །སྐུ་ལ་ཞེ་སྡང་དུག་ཡོད་དེ། །ཞེ་སྡང་དུག་རྣམས་གཞོམ་པའི་ཕྱིར། །ཙནྡན་དཀར་པོ་འདིས་མཆོད་པས། །ཞེ་སྡང་དུག་རྣམས་ཞི་བར་མཛོད། །ཧཱུྃ། ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །གསུང་གི་སྤྲུལ་པ་འདོད་ཆགས་གཟའ། །གཟའ་བདུད་ཁྱབ་འཇུག་ཆེན་པོ་ལ། །སྐུ་ལ་འདོད་ཆགས་དུག་ཡོད་དེ། །དེ་བ་ད་རུ་འདིས་མཆོད་པས། །འདོད་ཆགས་དུག་རྣམས་ཞི་བར་མཛོད། །ཧཱུྃ། ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །ཐུགས་ཀྱི་སྤྲུལ་པ་ང་རྒྱལ་གཟའ། །གཟའ་བདུད་ལྗང་སྔོན་དྲག་པོ་ལ། །སྐུ་ལ་ང་རྒྱལ་དུག་ཡོད་དེ། །བ་དམར་འོ་མ་འདི་བཞེས་ལ། །ང་རྒྱལ་དུག་རྣམས་ཞི་བར་མཛོད། །ཧཱུྃ། ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །ཡོན་ཏན་སྤྲུལ་པ་ཕྲག་དོག་གཟའ། །གཟའ་བདུད་ཆེན་པོ་ཙ་ར་ཀ །སྐུ་ལ་ཕྲག་དོག་དུག་ཡོད་དེ། །བཙོས་དང་རྗེན་པའི་ཤ་འདི་ཡིས། །ཕྲག་དོག་དུག་རྣམས་ཞི་བར་མཛོད། །ཧཱུྃ། ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །ཕྲིན་ལས་སྤྲུལ་པ་གཏི་མུག་གཟའ། །གཟའ་བདུད་དྲང་སྲོང་རཱ་ཧུ་ལ། །སྐུ་ལ་གཏི་མུག་དུག་ཡོད་དེ། །འབྲུ་རྒྱལ་ཏིལ་དཀར་འདིས་མཆོད་པས། །གཏི་མུག་དུག་རྣམས་ཞི་བར་མཛོད། །ཧཱུྃ། ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །གཟའ་བདུད་བྱི་ཏྲི་པ་ཏྲ་ནི། །སྐུ་ལ་བལྟས་པའི་དུག་ཡོད་དེ། །རྨ་བྱའི་རྒྱལ་མཚན་འབར་བ་འདིས། །བལྟས་པའི་དུག་རྣམས་ཞི་བར་མཛོད། །ཧཱུྃ། ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །གཟའ་བདུད་དུ་བ་མཇུག་རིང་ནི། །སྐུ་ལ་མཐོང་བའི་དུག་ཡོད་དེ། །ཅུ་གང་རྒྱལ་པོ་གངས་དཀར་འདིས་མཆོད་པས། །མཐོང་བའི་དུག་རྣམས་ཞི་བར་མཛོད། །ཧཱུྃ། ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །སྤྲུལ་པའི་གཟའ་བདུད་སྒྲ་གཅན་འཛིན། །སྐུ་ལ་ཁ་རླངས་དུག་ཡོད་པས། །གུར་གུམ་གླ་རྩིའི་དྲི་འདི་ཡིས། ཁ་རླངས་དུག་རྣམས་མེད་པར་མཛོད། །རྫས་མཆོག་དམ་པ་འདི་རྣམས་འབུལ། །ཡོན་བདག་གཟའ་ཡི་དུག་ལས་ཁྲོལ། །བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །ཧཱུྃ། གཟའ་བདུད་ཆེན་པོ་རཱ་ཧུ་ལ། ཁྱོད་ཀྱི་ཡབ་ཀྱི་མཚན་གསོལ་བ། །རི་རབ་ཆེན་པོའི་རྩེ་མོ་ལ། །སྲིན་པོ་ཡཀྴ་འབར་བ་ནི། །སྐུ་མདོག་སྨུག་ནག་འཐིབས་པ་ལ། །སྐུ་ལས་རེག་པའི་དུག་ཆེན་འཕྲོ། །སེམས་ཅན་ཀུན་ལ་གནོད་པ་བྱེད། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བདག་གི་རྒྱུ་སྦྱོར་ཡོན་བདག་ལ། །རེག་པའི་དུག་རྣམས་ད་ཕྱུངས་ཤིག །རྒྱ་མཚོ་ཆེན་པོའི་གཏིང་རུམ་ནས། །གཟའ་བདུད་ཆེན་པོ་ཁྱོད་ཀྱི་ཡུམ། །ཀླུ་མོ་རྡོ་རྗེ་གློག་འཁྱུག་མ། །སྐུ་མདོག་དམར་ལ་འཇིགས་ཚུལ་ཅན། །སྐུ་ལས་མཐོང་བའི་དུག་ཆེན་འཕྲོ། །སེམས་ཅན་ཀུན་ལ་གནོད་པ་བྱེད། །དཀར་གསུམ་གཏོར་མ་འདི་འབུལ་བས། །རྒྱུ་སྦྱོར་ཡོན་བདག་འདི་ཉིད་ལ། །གནོད་པའི་དུག་རྣམས་ཞི་བར་མཛོད། །གཟའ་བདུད་ཆེན་པོ་ཡབ་ཡུམ་གྱི། །སྐུ་ཡི་སྤྲུལ་པ་ཞེ་སྡང་གཟའ། །ཤར་ཕྱོགས་རུས་པའི་ཞིང་ཁམས་ནས། །དམུ་བདུད་རོལ་པའི་དཀྱིལ་འཁོར་ནས། །གཟའ་བདུད་བྱི་ནུ་རཱ་ཙ་ནི། །སྐུ་མདོག་དུད་ཁ་འཇིགས་པའི་གཟའ། །འཁོར་ནི་དམུ་བདུད་བརྒྱད་ཀྱིས་བསྐོར། །ཚེས་གྲངས་བཅོ་བརྒྱད་ཉེར་གཅིག་བར། །ཉིན་ཞག་བརྒྱད་ལ་དབང་ཡང་བྱེད། །སྐུ་ལས་ཞེ་སྡང་དུག་ཆེན་འཕྲོ། །སེམས་ཅན་ཀུན་ལ་རེངས་པར་བྱེད། །སྟག་ཆེན་དར་མ་འདི་འབུལ་བས། །ཞེ་སྡང་དུག་ཆེན་ཕྱིར་སྡུས་ལ། །དུག་རྣམས་མ་ལུས་ད་ཕྱུངས་ཤིག །ཨོཾ་པྲ་མ་དུས་མེ་ས་མ་ཡེ་སྭཱ་ཧཱ། ཧཱུྃ། ལྷོ་ཕྱོགས་ཙནྡན་ཞིང་ཁམས་ནས། །ཀླུ་བཙན་རོལ་པའི་དཀྱིལ་འཁོར་ནས། །གཟའ་བདུད་ཁྱབ་འཇུག་ཆེན་པོ་ནི། །སྐུ་མདོག་དམར་ནག་འཇིགས་ཚུལ་ཅན། །འཁོར་ནི་ཀླུ་བཙན་བརྒྱད་ཀྱིས་བསྐོར། །ཚེས་གྲངས་ཉེར་ལྔ་ཉེར་བརྒྱད་བར། །ཉིན་ཞག་བརྒྱད་ལ་དབང་ཡང་བྱེད། །སྐུ་ལས་ང་རྒྱལ་དུག་ཆེན་འཕྲོ། །སེམས་ཅན་ཐམས་ཅད་བརྒྱལ་བར་བྱེད། །སྦྲུལ་ཆེན་འཁྱུག་པ་འདི་འབུལ་བས། །བདག་གི་རྒྱུ་སྦྱོར་ཡོན་བདག་ལ། །ང་རྒྱལ་དུག་རྣམས་ད་ཕྱུངས་ཤིག །ཨོཾ་བི་ཤོ་ནཱ་ག་ས་མ་ཡེ་སྭཱ་ཧཱ། ཧཱུྃ། རི་རབ་ཆེན་པོའི་ནུབ་ཕྱོགས་ན། །ནུབ་ཕྱོགས་ཁྲག་གི་ཞིང་ཁམས་ནས། །གཟའ་བདུད་ལྗང་སྔོན་ཆེན་པོ་ནི། །སྐུ་མདོག་དམར་ལྗང་འཇིགས་ཚུལ་ཅན། །འཁོར་དུ་མ་མོ་བརྒྱད་ཀྱིས་བསྐོར། །ཚེས་གྲངས་བཞི་ནས་བདུན་གྱི་བར། །ཉིན་ཞག་བརྒྱད་ལ་དབང་ཡང་བྱེད། །སྐུ་ལ་འདོད་ཆགས་དུག་ཡོད་པས། །སེམས་ཅན་ཐམས་ཅད་འཁུམ་པར་བྱེད། །སྤྲེ་འུ་གདོང་དམར་འདི་འབུལ་བས། །བདག་གི་རྒྱུ་སྦྱོར་ཡོན་བདག་ལ། །འདོད་ཆགས་དུག་རྣམས་ད་ཕྱུངས་ཤིག །ཨོཾ་ཛ་ཧ་པྲ་མ་ས་མ་ཡེ་སྭཱ་ཧཱ། ཧཱུྃ། བྱང་ཕྱོགས་ནད་ཀྱི་ཞིང་ཁམས་ནས། །བདུད་པོ་རོལ་པའི་དཀྱིལ་འཁོར་ནས། །གཟའ་བདུད་ཙ་ར་ཀ་པ་ནི། །སྐུ་མདོག་མཐིང་ནག་འཇིགས་ཚུལ་ཅན། །འཁོར་དུ་བདུད་པོ་བརྒྱད་ཀྱིས་བསྐོར། །ཚེས་གྲངས་བཅུ་གཅིག་བཅུ་བཞི་བར། །ཉིན་ཞག་བརྒྱད་ལ་དབང་ཡང་བྱེད། །སྐུ་ལ་ཕྲག་དོག་དུག་ཡོད་པས། །སེམས་ཅན་ཐམས་ཅད་དངངས་པར་བྱེད། །ཕག་རྒོད་དར་མ་འདི་འབུལ་བས། །ཕྲག་དོག་དུག་རྣམས་ད་ཕྱུངས་ཤིག །ཨོཾ་ཙ་ཛྷ་ལ་ས་མ་ཡེ་སྭཱ་ཧཱ། ཧཱུྃ། རི་རབ་ཆེན་པོའི་ཤར་ལྷོ་ན། །དགེ་སྡིག་སྟོན་པའི་དཀྱིལ་འཁོར་ནས། །གཟའ་བདུད་དྲང་སྲོང་ཆེན་པོ་ནི། །སྐུ་མདོག་དཀར་སེར་འཇིགས་ཚུལ་ཅན། །འཁོར་དུ་དགྲ་ལྷ་བརྒྱད་ཀྱིས་བསྐོར། །ཚེས་གྲངས་བརྒྱད་ནས་བཅུ་ཡི་བར། །ཉིན་ཞག་དྲུག་ལ་དབང་ཡང་བྱེད། །སྐུ་ལ་གཏི་མུག་དུག་ཡོད་དེས། །སེམས་ཅན་ཐམས་ཅད་རྨུགས་པར་བྱེད། །གཡུ་འབྲུག་སྔོན་མོ་འདི་འབུལ་བས། །གཏི་མུག་དུག་རྣམས་ཞི་བར་མཛོད། །དུག་རྣམས་མ་ལུས་ད་ཕྱུངས་ཤིག །ཨོཾ་བི་ཤོ་ཛ་ཡ་ས་མ་ཡེ་སྭཱ་ཧཱ། ཧཱུྃ། རི་རབ་ཆེན་པོའི་ལྷོ་ནུབ་ན། །སྲིན་པོ་རོལ་པའི་དཀྱིལ་འཁོར་ནས། །གཟའ་བདུད་བིཥྚི་པ་ཏ་ནི། །སྐུ་མདོག་སྨུག་ནག་འཇིགས་ཚུལ་ཅན། །འཁོར་དུ་སྲིན་པོ་བརྒྱད་ཀྱིས་བསྐོར། །ཚེས་གྲངས་བཅོ་ལྔ་བཅུ་བདུན་བར། །ཉིན་ཞག་དྲུག་ལ་དབང་ཡང་བྱེད། །སྐུ་ལ་ཕྲག་དོག་དུག་ཡོད་པས། །སེམས་ཅན་རྣམས་ལ་སྡང་བར་བྱེད། །རིན་ཆེན་རྐང་བཞི་འདི་འབུལ་བས། །ཕྲག་དོག་དུག་རྣམས་ཞི་བར་མཛོད། །དུག་རྣམས་མ་ལུས་ད་ཕྱུངས་ཤིག །ཨོཾ་ཛ་ལི་ཨེ་ར་ནི་ས་མ་ཡེ་སྭཱ་ཧཱ། ཧཱུྃ། རི་རབ་ཆེན་པོའི་ནུབ་བྱང་ན། །གཤིན་རྗེ་རོལ་པའི་དཀྱིལ་འཁོར་ནས། །གཟའ་བདུད་དུ་བ་མཇུག་རིང་ནི། །སྐུ་མདོག་ལྗང་ནག་འཇིགས་ཚུལ་ཅན། །འཁོར་དུ་གཤིན་རྗེ་བརྒྱད་ཀྱིས་བསྐོར། །ཚེས་གྲངས་ཉེར་གཉིས་ཉེར་བཞི་བར། །ཉིན་ཞག་དྲུག་ལ་དབང་ཡང་བྱེད། །སྐུ་ལ་བལྟས་པའི་དུག་ཡོད་པས། །སེམས་ཅན་འཆིང་ཞིང་སྡོམ་པར་བྱེད། །ཀུ་ཀུ་ར་ཙ་འདི་འབུལ་བས། །བལྟས་པའི་དུག་རྣམས་ཕྱིར་སྡུས་ལ། །དུག་རྣམས་མ་ལུས་ད་ཕྱུངས་ཤིག །ཨོཾ་ནཱ་ག་དུ་ལི་ས་མ་ཡེ་སྭཱ་ཧཱ། ཧཱུྃ། རི་རབ་ཆེན་པོའི་བྱང་ཤར་ན། །བགེགས་ཆེན་རོལ་པའི་དཀྱིལ་འཁོར་ནས། །གཟའ་བདུད་ཆེན་པོ་སྒྲ་གཅན་འཛིན། །སྐུ་མདོག་དཀར་དམར་འཇིགས་ཚུལ་ཅན། །འཁོར་དུ་བགེགས་རིགས་སྟོང་ཕྲག་བཅུ། །ཚེས་གྲངས་ཉེར་དགུ་ཚེེས་གསུམ་བར། །ཉིན་ཞག་བཅུ་ལ་དབང་ཡང་བྱེད། །སྐུ་ལ་ཁ་རླངས་དུག་ཡོད་པས། །སེམས་ཅན་ཐམས་ཅད་ཉམས་པར་བྱེད། །གླང་ཆེན་དར་མ་འདི་འབུལ་བས། ཁ་རླངས་དུག་རྣམས་ཕྱིར་སྡུས་ལ། །དུག་རྣམས་མ་ལུས་ད་ཕྱུངས་ཤིག །ཨོཾ་ཙཀྲ་དུ་ནན་ཕྱུངས་ས་མ་ཡེ་སྭཱ་ཧཱ། ཧཱུྃ། མིག་དམར་མནའ་ཟོས་གཤེད་མའི་གཟའ། །གླུད་དང་གཏོར་མ་འདི་འབུལ་བས། །ཚ་བ་མེ་ཡི་དུག་ཕྱུངས་ཤིག །ཟླ་བ་ལྷག་པ་ཆུ་ཡི་གཟའ། །གླུད་དང་གཏོར་མ་འདི་འབུལ་བས། །གྲང་བ་ཆུ་ཡི་དུག་ཕྱུངས་ཤིག །ཉི་མ་མིག་དམར་མེ་ཡི་གཟའ། །གླུད་དང་གཏོར་མ་འདི་འབུལ་བས། །ལྤགས་པའི་དུག་རྣམས་ད་ཕྱུངས་ཤིག །པ་ཝ་སངས་ནི་ལྕགས་ཀྱི་གཟའ། །གླུད་དང་གཏོར་མ་འདི་འབུལ་བས། །རུས་པའི་དུག་རྣམས་ད་ཕྱུངས་ཤིག །སྤེན་པ་ས་ཡི་གཟའ་ཡིན་ཏེ། །གླུད་དང་གཏོར་མ་འདི་འབུལ་བས། །ཤ་ཡི་དུག་རྣམས་ད་ཕྱུངས་ཤིག །ཕུར་བུ་ཤིང་གི་གཟའ་ཡིན་ཏེ། །གླུད་དང་གཏོར་མ་འདི་འབུལ་བས། །རྩ་རྒྱུས་དུག་རྣམས་ད་ཕྱུངས་ཤིག །གཏི་མུག་དུག་རྣམས་ད་ཕྱུངས་ཤིག །ང་རྒྱལ་དུག་རྣམས་ད་ཕྱུངས་ཤིག །འདོད་ཆགས་དུག་རྣམས་ད་ཕྱུངས་ཤིག །ཕྲག་དོག་དུག་རྣམས་ད་ཕྱུངས་ཤིག །ཞེ་སྡང་དུག་རྣམས་ད་ཕྱུངས་ཤིག །མཐོང་བའི་དུག་རྣམས་ད་ཕྱུངས་ཤིག །རེག་པའི་དུག་རྣམས་ད་ཕྱུངས་ཤིག །རྒྱུ་སྦྱོར་ཡོན་བདག་གནོད་པ་ཁྲོལ། །དུག་རྣམས་མ་ལུས་ཞི་གྱུར་ཅིག །བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །ཨོཾ་ཨཱཿཧཱུྃ། པ་ཏྲི་ར་ཏྲི་པུ་ཏྲི་ནི་སྭཱ་ཧཱ། ཨོཾ་ཙཀྲ་སརྦ་དུག་ནན་ཕྱུངས་ས་མ་ཡེ་སྭཱ་ཧཱ། གཟའ་ཡི་དུག་འབྱིན་པ་དང་ཡས་བསྔོ་བའོ།། ༈ །།འདིའི་གསོག་ལ། ༡༽ཙནྡན་དཀར་པོ། ༢༽དེ་བ་དཱ་རུ།་་་རྒྱ་ཤུག་གམ་ཤུག་པ་དཀྱུས་མ། ༣༽བ་དམར་པོའི་འོ་མ། ༤༽བཙོས་དང་རྗེན་པའི་ཤ ༥༽།ཏིལ་དཀར་འབྲུ། ༦༽རྨ་བྱའི་རྒྱལ་མཚན། ༧༽ཅུ་གང། ༨༽གུར་གུམ་དང་གླ་རྩི། ༡༽ཤ་ཁྲག་དམར་གཏོར། ༢༽གཏོར་མ་དཀར་གསུམ། ༡༽སྟག་ཆེན། ༢༽སྦྲུལ་ཆེན། ༣༽སྤྲེལ་གདོང་དམར། ༤༽ཕག་རྒོད། ༥༽གཡུ་འབྲུག་སྔོན་མོ། ༦༽རིན་ཆེན་རྐང་བཞི།་་་ལུག ༧༽།ཀུ་ཀུ་ར་ཙ། ༨༽གླང་ཆེན་དར་མ། ཞེས་གསོག་ལ་དེ་ལྟར་ལགས་སོ།། །།ྀཨཚ། ༈ འདིའི་ལག་ལེན་ལ་སྦྱོར་དངོས་རྗེས་གསུམ་ལས་དང་པོ་སྦྱོར་བ་གསོག་ནི། སྟེགས་བུའི་ཁར་བདག་བསྐྱེད་ཡི་དམ་གང་བྱེད་ཀྱི་མཆོད་གཏོར་དང་། གཟའི་གཏོར་བསྔོ། ཉེ་ལོགས་སུ་སླ་ང་ཆུས་བཀང་བའི་དབུས་སུ་རྐང་གསུམ་ལྟ་བུའི་ཁར་གཟའི་གཏོར་མ། གཡས་གཡོན་དུ་དམར་གཏོར་དང་། དཀར་གཏོར། དབུས་ཀྱི་གཏོར་མའི་མཐའ་སྐོར་དུ་ཟན་གྱི་ཏིང་ལོ་འདྲ་བ་བརྒྱད་ཀྱི་ནང་དུ་མཐུན་རྫས་ཙནྡན་དཀར་པོ་སོགས་སོ་སོར་བླུགས་ཤིང་། སྟག་ཆེན་སོགས་སྲོག་ཆགས་བརྒྱད་སོ་སོའི་མགོ་ཅན་གྱི་མི་གཟུགས་བརྒྱད་སླ་ངའི་ཁ་གདོང་དུ་བཀོད། བདག་བསྐྱེད་རྟ་མགྲིན་ཡང་གསང་བྱུང་ན་ལེགས་ཤིང་། གཞན་གསང་སྒྲུབ་དང་ཕྱག་རྡོར་གཏུམ་པོ་དང་། དྲེགས་འདུལ་སོགས་ལ་བགྱིས་ཀྱང་རུང་། གང་ལྟར་ཡང་ཡི་དམ་གྱི་ལས་གཞུང་དང་། གཟའི་གཏོར་ཆོག་བསྐང་བ་སོགས་རྒྱས་བསྡུས་གང་རིགས་སྐབས་དང་སྦྱར་བར་བྱའོ། །གཉིས་པ་དངོས་གཞི་ནི། བསྒྲུབ་བྱ་མདུན་དུ་འཁོད་པར། བྱད་ཐག་སྣ་ལྔའི་སྣེ་མོ་གཅིག་ནད་པའི་སྲིན་ལག་ལ་དཀྲིས། དེ་ཡང་ནད་གང་ལ་ཡོད་པའི་ཕྱོགས་དེར་དཀྲི། ནད་པ་མིན་ན་ཕོ་གཡོན་མོ་གཡས་སུ་དཀྲིས་པའི་སྣེ་གཅིག་སླ་ངའི་ཆུ་ནང་དུ་གཞུག །དེ་ནས་གླུད་ཡས་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ལ་གཞུང་ལྟར་གྱེར། ཨོཾ་པྲ་མ་དུས་མེ་སོགས་སྔགས་ལེ་ཚན་རྣམས་ལན་བདུན་སོགས་བརྗོད་པ་དང་མཉམ་དུ་བུམ་པའི་ཁ་རྒྱན་ལྟ་བུ་བརྒྱུད་ནས་ནད་པའམ་བསྒྲུབ་བྱ་དེ་ལ་ཕུས་འདེབས། གསུམ་པ་རྗེས་ནི། སྔགས་རྗེས་མའི་མཇུག་ཏུ་ཡི་དམ་གྱི་སྔགས་བཟླ་བཞིན་པས་བྱད་ཐག་དཔལ་འབར་གྱི་མེས་བཅད་ལ་ཆུ་ནང་དུ་དོར། གླུད་ཡས་རྣམས་ཆུ་བོ་ཆེན་པོའི་གཞུང་ངམ་གཙང་སར་གཤེགས། གླུད་སྐྱེལ་མཁན་གྱིས་ཕར་ཚུར་གཉིས་ཀར་ཕྱི་མིག་མི་བལྟ། སློབ་དཔོན་གྱིས་སྲུང་བ་དང་ཤིས་བརྗོད་རྒྱས་པར་བྱ། བདག་བསྐྱེད་ཀྱི་མཇུག་བསྡུ་སོགས་སྤྱི་ལྟར་བྱའོ། །དགེ་ཞིང་བཀྲ་ཤིས།། །། ༈ གཟའི་བྱད་ཁྲོལ་བྱེད་ཐབས་དང་བཅས་པ་བཞུགས། །ཧཱུྃ། སྔོན་གྱི་བསྐལ་པ་དང་པོ་ལ། །སྟོན་པ་ཤཱཀྱ་ཐུབ་པ་དང་། །ཕྱག་ན་རྡོ་རྗེའི་སྤྱན་ལམ་དུ། ཁས་བླངས་དམ་བཅས་དྲན་པར་མཛོད། །ཧཱུྃ། ད་ལྟ་བསྐལ་པ་མཐའ་མ་ལ། །སློབ་དཔོན་པདྨ་འབྱུང་གནས་དང་། །སྔགས་འཆང་བདག་ལ་དགོངས་སུ་གསོལ། །ཤར་གྱི་ཕྱོགས་ན་བཞུགས་པ་ཡི། །བྱང་ཆུབ་སེམས་དཔའ་ཉི་མ་ནི། །སྐུ་མདོག་དམར་པོ་ཤིང་རྟའི་གདན། །ཕྱག་ན་མེ་ཏོག་པདྨ་འཛིན། །ཕྲིན་ལས་བསྐལ་པ་འཁོར་ལོ་སྒྱུར། །འོ་ཐུག་དར་སྐུད་དཀར་པོས་མཆོད། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །གདུག་པ་གཟའ་ཡི་བྱད་ཁ་ཁྲོལ། །ལྷོ་ཕྱོགས་བྱང་སེམས་ཟླ་བ་ནི། །ངང་པའི་ཁྲི་ལ་སྐུ་མདོག་དཀར། །ཕྱག་ན་མེ་ཏོག་ཀུནྡ་བསྣམས། །འཕྲིན་ལས་བསྐལ་པ་འཁོར་ལོ་སྒྱུར། །ཞོ་ཟན་དར་སྐུད་དམར་པོས་མཆོད། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །གདུག་པ་གཟའ་ཡི་བྱད་ཁ་ཁྲོལ། །ནུབ་ཕྱོགས་བྱང་སེམས་མིག་དམར་ནི། །ཟ་འོག་གདན་ལ་སྐུ་མདོག་དམར། །ཕྱག་ན་མེ་སྒྲོན་འབར་བ་བསྣམས། །འཕྲིན་ལས་བསྐལ་པ་འཁོར་ལོ་སྒྱུར། །སྲན་ཟན་དར་སྐུད་དམར་པོས་མཆོད། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །གདུག་པ་གཟའ་ཡི་བྱད་ཁ་ཁྲོལ། །བྱང་ཕྱོགས་བྱང་སེམས་ལྷག་པ་ནི། །མདངས་དཀར་ཤེལ་གྱི་ཁྲི་ལ་བཞུགས། །རིན་ཆེན་མྱུ་གུ་མིག་དམར་པོ། །ཕྲིན་ལས་བསྐལ་པ་འཁོར་ལོ་སྒྱུར། །ཞུན་མར་དར་སྐུད་སེར་པོ་འབུལ། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །གདུག་པ་གཟའ་ཡི་བྱད་ཁ་ཁྲོལ། །བྱང་ཤར་བྱང་སེམས་ཕུར་བུ་ནི། །མ་ཧེའི་གདན་ལ་སྐུ་མདོག་ལྗང་། །དམ་པ་ཆོས་ཀྱི་གླེགས་བམ་འཛིན། །ཕྲིན་ལས་བསྐལ་པ་འཁོར་ལོ་སྒྱུར། །དར་སྐུད་ལྗང་དང་འོ་མས་མཆོད། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །གདུག་པ་གཟའ་ཡི་བྱད་ཁ་ཁྲོལ། །ཤར་ལྷོ་བྱང་སེམས་པ་སངས་ནི། །གླང་པོའི་གདན་ལ་སྐུ་མདོག་དཀར། །ཕྱག་ན་ཀླུ་ཤིང་གུན་རྡེ་བསྣམས། །འཕྲིན་ལས་བསྐལ་པ་འཁོར་ལོ་སྒྱུར། །སྣུམ་ཁུར་དར་སྐུད་སྔོན་པོས་མཆོད། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །གདུག་པ་གཟའ་ཡི་བྱད་ཁ་ཁྲོལ། །ལྷོ་ནུབ་བྱང་སེམས་སྤེན་པ་ནི། །རུས་སྦལ་གདན་ལ་སྐུ་མདོག་སྨུག །ཕྱག་ན་རལ་གྲི་རྣོན་པོ་བསྣམས། །ཕྲིན་ལས་བསྐལ་པ་འཁོར་ལོ་སྒྱུར། །སྲན་ཟན་དར་སྐུད་སྨུག་པོས་མཆོད། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །གདུག་པ་གཟའ་ཡི་བྱད་ཁ་ཁྲོལ། །ནུབ་བྱང་བྱང་སེམས་སྒྲ་གཅན་འཛིན། །ཆུ་སྲིན་གདན་ལ་སྐུ་མདོག་ནག །གཟའ་ཡི་རྒྱལ་པོ་མདའ་གཞུ་འཛིན། །འཕྲིན་ལས་བསྐལ་པ་འཁོར་ལོ་སྒྱུར། །དར་ནག་ཏིལ་དང་ཐུག་པས་མཆོད། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །གདུག་པ་གཟའ་ཡི་བྱད་ཁ་ཁྲོལ། །གཟའ་ཆེན་ཉི་མའི་བྱད་ཁ་ཁྲོལ། །གཟའ་ཆེན་ཟླ་བའི་བྱད་ཁ་ཁྲོལ། །གཟའ་ཆེན་མིག་དམར་བྱད་ཁ་ཁྲོལ། །གཟའ་ཆེན་ལྷག་པའི་བྱད་ཁ་ཁྲོལ། །གཟའ་ཆེན་ཕུར་བུའི་བྱད་ཁ་ཁྲོལ། །གཟའ་ཆེན་པ་སངས་བྱད་ཁ་ཁྲོལ། །གཟའ་ཆེན་སྤེན་པའི་བྱད་ཁ་ཁྲོལ། །ཧཱུྃ། རྒྱལ་པོས་བཅིངས་པ་ཐམས་ཅད་ཁྲོལ། །གཤིན་རྗེས་བཅིངས་པ་ཐམས་ཅད་ཁྲོལ། །ཀླུ་ཡིས་བཅིངས་པ་ཐམས་ཅད་ཁྲོལ། །གཟའ་ཡིས་བཅིངས་པ་ཐམས་ཅད་ཁྲོལ། །མ་མོས་བཅིངས་པ་ཐམས་ཅད་ཁྲོལ། །བཙན་གྱིས་བཅིངས་པ་ཐམས་ཅད་ཁྲོལ། །གནོད་སྦྱིན་གྱིས་བཅིངས་པ་ཐམས་ཅད་ཁྲོལ། །བདུད་ཀྱིས་བཅིངས་པ་ཐམས་ཅད་ཁྲོལ། །བནྡེས་བཅིངས་པ་ཐམས་ཅད་ཁྲོལ། །ས་བདག་གིས་བཅིངས་པ་ཐམས་ཅད་ཁྲོལ། །ཕྲ་མེན་གྱིས་བཅིངས་པ་ཐམས་ཅད་ཁྲོལ། །བྱད་ཐག་ཆོད་ཅིག །སྐྱས་ཐེགས་ཤིག །ཕོ་བྲང་སྐྱོད་ཅིག །བཞུགས་གནས་སྤོས་ཤིག །རང་རང་གནས་སུ་གཤེགས་ཤིག །བྱད་འགྲོལ་གྱི་བསྔོ་བ་རྫོགས་སོ།། ༈ །།འདིའི་གསོག་ལ། དཀར་གཏོར་དམར་གཏོར་བཤམ། སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབ། ནད་པའི་བུ་ག་གུ་གུལ་གྱིས་བདུག་གོ །གཏོར་མ་ཀེ་ཏ་ཁྲི་སྟོང་དང་། །གཟའ་བརྒྱད་སྔགས་བཟླས་ཁཱ་ཧིས་ཕུལ། །རྗེས་གཅོད་གཏོར་མ་སྐྱེལ་མཁན་གྱིས། །གོས་དམར་གྲི་དམར་རྟ་དམར་ཞོན། །གཡས་སུ་དཀར་གཏོར་གཡོན་དམར་གཏོར། །རྟ་ཡི་སྣ་ཁྲིད་ཞྭ་ནག་གྱོན། །ཀེ་ཏ་བཟླས་བཅུག་རི་ལ་བསྐྱལ། །ཕྱི་མིག་མི་བལྟ་མན་ངག་ཡིན། །དེ་བར་སློབ་དཔོན་ནད་པ་གཉིས། །རྒྱབ་སྤྲོད་བྱས་ནས་སྔགས་བཟླའོ།། །།ྀཨཚ། ༈ ལག་ལེན་ལ། ཤར་ལྷོ་རུ་རཱ་ཧུ་ལའི་གཟུགས། མི་གཟུགས་བདུན། གཏོར་མ་བརྒྱད། གཟུགས་ལ་གཟའ་བརྒྱད་སྲོག་སྔགས་བྲིས་པ་བླན། ཏིང་ལོ་བརྒྱད། མར་མེ་བརྒྱད། ནད་པའི་བྱད་ཐག་སྲིན་ལག་ལ་སྐུད་པ་སྣ་ལྔས་བཅིང་། གཟའི་གཟུགས་རེ་རེ་བླན། ནད་རྣམས་ཆུ་ལ་སོང་བར་བསྒོམ། ཀེ་ཏ་ཀེ་ཏ་ཉེར་གཅིག་བཟླ། གཏོར་མ་དང་གཟུགས་རྣམས་སླ་ངའི་ཁ་ལ་བསྐོར། གཟའ་མཆོག་ཆེན་པོ་རཱ་ཧུ་ལའི་བྱད་ཁྲོལ་ཅིག །བྱད་ཐག་ཆོད་ཅིག །སྐྱས་ཐེགས་ཤིག །ཕོ་བྲང་སྐྱོད་ཅིག །བཞུགས་གནས་སྤོས་ཤིག །རང་རང་གནས་སུ་གཤེགས་ཤིག་བྱས། གཟའ་རྣམས་སླ་ངའི་ནང་དུ་བསྐྱུར་རོ། །གཏོར་མ་རྣམས་རང་རང་སྔགས་ཀྱིས་བསྔོས་ལ་ཆུ་ལ་བསྐྱུར་རོ། །རཱ་ཧུ་ལའི་མཚམས་སུ་ཉི་མ་ལ་སོགས་པའི་གཟའ་བདུན་པོ་རིམ་བཞིན་མིང་ནས་བརྗོད། དེ་ནས། སྣོད་དུ་བླུགས་ལ་འབབ་ཆུའམ། རི་ཞིང་ལ་བསྐྱལ་ལོ། །དཔལ་ལྡན་གྲུབ་ཐོབ་འདར་འཕྱར་ལ། ཁྱབ་འཇུག་ཆེན་པོས་དངོས་སུ་ཕུལ། །སྨྲ་མི་ཤེས་པ། རྐང་ལག་ཞར་བ་འདར་བ་ཞ་འཁུམ་ལ་སོགས་པའི་ནད་པ་ལ་འདིས་ཕན་ནོ། །ྀཨཚ། རཱ་ཧུ་ལ། ཨོཾ་ཡ་ཤཾ་ཕཊ།་་་ནུབ་བྱང་། སྔགས་འདི་རྣམས་གཞན་དུ་བཤད་པ་དང་མི་མཚུངས་ཀྱང་དཔེ་དག་པ་རྣམས་སུའང་འདི་ཁོ་ན་ལྟར་ཡོད།མཆན། ཉི་མ་ལ། ཨོཾ་དུར་ཤཾ་ཕཊ།་་་ཤར། མིག་དམར། ཨོཾ་ཕེ་ཤཾ་ཕཊ།་་་ནུབ། ལྷག་པ་ལ། ཨོཾ་ཕེ་ཤཾ་ཕཊ།་་་བྱང་། ཕུར་བུ་ལ། ཕར་ཤཾ་ཕཊ།་་་བྱང་ཤར། སྤེན་པ་ལ། ཨོཾ་ཊ་ཤཾ་ཙ་ཕཊ།་་་ལྷོ་ནུབ། པ་སངས་ལ། སེ་ཤཾ་ཕཊ།་་་ཤར་ལྷོ། ཟླ་བ་ལ། དུར་ཤཾ་ཕཊ།་་་ལྷོ། གཟའི་བྱད་ཁྲོལ་བྱེད་ཐབས་རྫོགས་སོ། །འདིའི་ཕྱག་ལེན་མཐོང་བརྒྱུད་ནི། སྦྱོར་བ་ཡི་དམ་དང་ཆོས་སྲུང་གི་མཆོད་གཏོར་དུག་དབྱུང་གི་སྐབས་ལྟར་བཤམ། བྱེ་བྲག་སླ་ང་ཆུས་བཀང་བའི་དབུས་སུ་གཟའི་སྐུ་གཟུགས་སམ་གཏོར་མ། དེའི་མཐར་ཟན་གྱི་ཀོང་བུའི་ནང་འོ་ཐུག་སོགས་མཐུན་རྫས་རྣམས་བླུགས། སླ་ངའི་ཁ་ལ་ཤིང་ལེབ་ལྟ་བུར་བསྒྲིགས་པའི་སྟེང་གཏོར་ཆུང་། མི་གཟུགས། ཏིང་ལོ་རྣམ་བརྒྱད་རེ་སྤེལ་མར་བཀོད་པའི་མི་གཟུགས་སོ་སོར་སྔགས་རྣམས་ཕྱོགས་མ་ནོར་བར་ཤིང་བུ་ཕྲ་མོའི་སྣེ་མོར་སྦྱར་ལ་གཟུག །དེའང་དབུས་ཀྱི་གཟའི་སྐུའམ་གཏོར་མའི་ཞལ་བསྟན་ཕྱོགས་ནུབ་བྱང་དུ་ངོས་བསྟན་ནས་རིམ་པར་འགོད་དགོས། ལོགས་སུ་དཀར་གཏོར་དང། དམར་གཏོར་བཅས་སྣོད་སོ་སོར་བཀོད། དེ་ནས་ཡི་དམ་ཆོས་སྲུང་གིས་གཞུང་བསྲང་། དངོས་གཞི་ནི། བསྒྲུབ་བྱ་མདུན་དུ་འཁོད་པར་བྱད་ཐག་གིས་སྦྲེལ། གཏོར་མ་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་བརླབས་ལ། ཧཱུྃ། སྔོན་གྱི་བསྐལ་པ་སོགས་ནས། དར་ནག་ཏིལ་དང་ཐུག་པས་མཆོད། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །གདུག་པ་གཟའ་ཡི་བྱད་ཁ་ཁྲོལ། །ཅེས་པའི་བར་གྱེར་ལ་དཀར་གཏོར་ལག་གཡས་དང་། དམར་གཏོར་གཡོན་དུ་ཁྱེར་ནས་ཕུལ། དེ་ནས། གཟའ་མཆོག་ཆེན་པོ་རཱ་ཧུ་ལའི་བྱད་ཁ་ཁྲོལ། བྱད་ཐག་ཆོད་ཅིག །སྐྱས་ཐེགས་ཤིག །ཕོ་བྲང་སྐྱོད་ཅིག །བཞུགས་གནས་སྤོས་ཤིག །རང་རང་གནས་སུ་གཤེགས་ཤིག །ཅེས་བརྗོད་ལ་ནུབ་བྱང་གི་མི་གཟུགས་རཱ་ཧུ་ལའི་སྔགས་བྱང་ཅན་ཏིང་ལོ་དང་བཅས་པ་དེ་སླ་ངའི་ཆུ་ལ་བསྐྱུར། ཨོཾ་ཡ་ཤཾ་ཕཊ། བ་ལིཾ་ཏ་པཱུ་ཛ་ཁ་ཁ་ཁཱ་ཧི། ལན་གསུམ་གྱི་མཐར་སེ་གོལ་གཏོགས་པ་དང་བཅས་གཏོར་ཆུང་འབུལ་ལ་སླ་ངར་བསྐྱུར། ཚུལ་དེ་བཞིན་གྱིས། གཟའ་ཆེན་ཉི་མའི་བྱད་ཁ་ཁྲོལ། ཅེས་པ་ནས་སྤེན་པའི་བར་དུ་རེ་རེ་བཞིན་སྦྱར་ལ་མ་འཁྲུག་པ་དབུལ། རྗེས་ནི། དེ་རྣམས་རྫོགས་པ་དང་དཔལ་འབར་ཐོགས་ལ། ཧཱུྃ། རྒྱལ་པོས་བཅིངས་པ་ཐམས་ཅད་ཁྲོལ། །སོགས་དེ་ནས་མཐར་ཕྱུངས་ལ་གཟའ་བརྒྱད་ཀྱི་སྔགས་མཐར་ཡི་དམ་གྱི་སྔགས་བརྗོད་ལ་བྱད་ཐག་དཔལ་འབར་གྱི་མེས་བསྲེགས་ལ་བཅད་ནས་ཆུ་ནང་བསྐྱུར། གཞུང་དུ་བཤད་པའི་ཆས་ཞུགས་ཅན་གྱི་རྟ་བ་འཛོམ་ན་དང་། དེ་མིན་གང་ཡང་རུང་བས་གླུད་ཡས་རྣམས་བསྐྱལ། ཕར་ཚུར་ཕྱི་མིག་མི་བལྟ། གླུད་བསྐྱལ་བ་དང་མཉམ་དུ་བསྒྲུབ་བྱ་དང་སློབ་དཔོན་རྒྱབ་སྤྲད་ལ་བསྡད། ངག་ཏུ། ཨོཾ་ཀེ་ཏ་ཀེ་ཏ་སྭཱ་ཧཱ། ཞེས་སྨྲ་བ་གཞན་སྤངས་ལ་ཡས་བསྐྱལ་མཁན་ཚུར་མ་འཁོར་བར་བཟླ། དེ་ནས་སྔར་ལྟར་འཁོད་ལ་བཀའ་བསྒོ་སྲུང་བ་གདགས་པ་སོགས་བྱ། ཤིས་པ་བརྗོད། སློབ་དཔོན་གྱིས་རྗེས་ཆོག་སྤྱི་ལྟར་བྱའོ། །འདི་སྐབས་ཀྱི་བཀའ་བསྒོ་ཤེས་ཤིང་ནུས་ན་ཡི་དམ་གྱི་གཏོར་དབང་ངམ་གཟའ་ཡི་གཏོར་དབང་བར་ཆད་ཀུན་སེལ་ལྟ་བུ་བགྱིས་ཀྱང་ལེགས། དེ་མིན་བཀའ་བསྒོ་རྒྱས་བསྡུས་གང་རིགས་དང་། སྲུང་འཁོར་བསྒོམ། སྲུང་བའི་འཁོར་ལོ་ཐུན་མོང་ངམ། ཁྱད་པར་བ་ལ་སྐབས་དང་སྦྱར་ལ་གདགས་པ་ཡིན་ནོ། །སརྦ་དཱ་མངྒ་ལཾ།། །།
བླ་མའི་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་ལས། ཞལ་གདམས་ལམ་རིམ་ཡེ་ཤེས་སྙིང་པོའི་འགྲེལ་པ་ཡེ་ཤེས་སྣང་བ་རབ་ཏུ་རྒྱས་པ་ (Volume 64, Text 2)
༄༅། །གུརོཤྩིཏྟསཱདྷཀབཛྲཀྲོདྷཱཏྲ། སུཁོཔདེཤཔཐཐཱཀྲམཛྙཱནགརྦྷསྱཊཱི ཀཛྙཱནབྷཱསཔྲཕལླནཱམབིཧརཏིསྨི། ༄༅། །བླ་མའི་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་ལས། ཞལ་གདམས་ལམ་རིམ་ཡེ་ཤེས་སྙིང་པོའི་འགྲེལ་པ་ཡེ་ཤེས་སྣང་བ་རབ་ཏུ་རྒྱས་པ་ཞེས་བྱ་བ་བཞུགས་སོ།། བླ་མའི་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་ལས། ཞལ་གདམས་ལམ་རིམ་ཡེ་ཤེས་སྙིང་པོའི་འགྲེལ་པ་ཡེ་ཤེས་སྣང་བ་རབ་ཏུ་རྒྱས་པ་ཞེས་བྱ་བ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་བདེ་བ་ཆེན་པོ་པདྨ་སཾ་བྷ་བའི་ཞབས་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དུས་དང་རྣམ་པ་ཐམས་ཅད་དུ་བརྩེ་བ་ཆེན་པོས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབ་ཏུ་གསོལ། །བསམ་གྱིས་མི་ཁྱབ་ནམ་མཁའི་རང་བཞིན་བསམ་ཡས་རྣམ་ཐར་འབྱུང་བའི་གནས། །འཆི་མེད་རྡོ་རྗེ་བདེ་ཆེན་རོལ་པས་ནམ་མཁའ་ཇི་སྲིད་གཞན་དོན་མཛད། །བཀའ་དྲིན་ཟླ་མེད་གུ་རུ་ཡབ་ཡུམ་ལྷ་དང་ཌཱ་ཀི་ཆོས་སྐྱོང་བཅས། །ཡེ་ཤེས་གཅིག་ཉིད་དུ་མའི་ཚུལ་སྣང་རོ་མཉམ་ལྟ་བས་མཇལ་ཕྱག་འཚལ། །བྱང་ཆུབ་སྤྱོད་པ་མཐར་སོན་འབྲས་བུའི་ཆོས། །ལྷུན་རྫོགས་སྒྱུ་འཕྲུལ་དྲ་བའི་རོལ་གར་ནི། །བཀའ་བབས་བདུན་ལྡན་བསྟན་འགྲོའི་སྣང་ཆེན་སྤེལ། །པདྨ་འོད་གསལ་མདོ་སྔགས་གླིང་པར་འདུད། །ཨོ་རྒྱན་རྒྱལ་བའི་ཕྲིན་ལས་ཤིང་རྟ་པ། །གཏེར་འབྱིན་ཀུན་གྱི་མཆོག་གྱུར་འགྱུར་མེད་ཀྱི། །བདེ་ཆེན་དགྱེས་རོལ་གླིང་པའི་མཚན་ཅན་གྱིས། །དུས་གསུམ་ཀུན་ཏུ་མི་འབྲལ་རྗེས་འཛིན་མཛོད། །སངས་རྒྱས་ཆོས་ཀུན་ལམ་གྱི་རིམ་པ་ཡི། །ཉམས་ལེན་ཁོ་ནར་འདུས་ཕྱིར་གསར་རྙིང་གི །གཞུང་ལུགས་ཆེ་ཕྲ་ཐུན་མོང་ཐུན་མིན་གྱི། །གླེགས་བམ་ཕྲེང་བས་གངས་ཅན་ཁོར་ཡུག་གཏམས། །ཀུན་མཐུན་ཀུན་ལས་ཁྱད་འཕགས་ཚེ་གཅིག་གིས། །གདོད་མའི་གྲུབ་མཐའ་མངོན་བྱེད་ཐེག་རྩེའི་ལམ། །ཚང་ལ་གསལ་སྟོན་སྔོན་མེད་ནོར་བུའི་མཛོད། །སྐལ་ལྡན་ཀུན་དགའི་དཔྱིད་དུ་འདིར་དབྱེའོ། །དེ་ལ་འདིར་གང་འཆད་པར་བྱ་བ་ནི། ཐོག་མཐའ་བར་དུ་དགེ་བས་ཤེས་བྱ་ཐམས་ཅད་ཀྱི་མཆོག་དང་ཕུལ་དུ་གྱུར་པ་ལེགས་གསུང་དམ་པའི་ཆོས་རྒྱུ་ལམ་དུ་བྱེད་པ་རྒྱ་ཆེ་བ་མཚན་ཉིད་ཀྱི་ཐེག་པ་ལས་ཁྱད་པར་བཞི་ལ་སོགས་པས་འཕགས་པ་འབྲས་བུ་ལམ་བྱེད་ཟབ་མོ་རྡོ་རྗེ་ཐེག་པ་ཕྱི་ནང་གཉིས་ལས་ནང་རྒྱུད་ཡོ་ག་སྡེ་གསུམ་གྱི་ཟབ་དོན་དང་འབྲེལ་པ་ཡིན་ལ། དེའང་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་ཕྲིན་ལས་ཐོག་མར་མཛད་པ་པོ་མཁན་སློབ་ཆོས་གསུམ་སྤྲུལ་པའི་ལོ་པཎ་བརྒྱ་རྩ་འཛོམས་ནས་བསྟན་པ་སྔ་དར་གྱི་དུས་སུ་འགྱུར་བའི་རྙིང་མ་ཞེས་གྲགས་པ་ལ། རྒྱ་ཆེ་བ་བཀའ་མ། ཟབ་མོ་གཏེར་མ། ཉེ་བརྒྱུད་དག་སྣང་གི་བབས་སོ་ཆེན་པོ་གསུམ་དུ་མཆིས་པ་ལས། འདིར་ཁྱད་པར་གསུམ་ལྡན་གཏེར་ལས་བྱོན་པའི་ཟབ་ཆོས། རྟོག་གེའི་རིག་པས་མ་བཅོས། ཕལ་ཚིག་གི་བསྲེ་བསླད་མ་ཞུགས། གཞན་ཟེར་གྱི་རྗེས་སུ་མ་ཟློས་པའི་རྡོ་རྗེའི་ཚིག་དང་བྱིན་རླབས་ཀྱི་གཟི་བརྗིད་དང་ལྡན་པའི་གཞུང་ཡེ་ཤེས་སྙིང་པོ་འཆད། དོན་གང་ཞིག་བཤད་ན། སྤྱིར་འཁོར་ལོའི་མགོན་པོ་ལས་ཆོས་ཉིད་ཀྱི་རང་སྒྲར་ཤར་བའི་རྒྱུད་མཐའ་དྲུག་ཚུལ་བཞིའི་སྒྲོམ་དུ་བཞུགས་པ་རིན་པོ་ཆེའི་མཛོད་ལྟ་བུ་རྣམས་དང་། དེའི་དགོངས་པ་ས་བཅུའི་དབང་ཕྱུག་རྣམས་ཀྱིས་བཀྲལ་བའི་ལུང་གསང་དོན་རྣམ་པར་འབྱེད་པ་མཛོད་ཀྱི་ལྡེའུ་མིག་ལྟ་བུར་གྱུར་པ་རྣམས་དང་། དེ་དག་གི་གནད་ཀྱི་མན་ངག་གྲུབ་བརྙེས་རིག་འཛིན་རྣམས་ཀྱིས་སྐལ་ལྡན་ཉམས་ལེན་དུ་དྲིལ་བ་རང་སྐལ་ལག་བཅངས་སུ་སྤྲོད་པ་ལྟ་བུ་གསུམ་ལས། འདིར་གནད་གདམས་མན་ངག་གི་གཞུང་། གཞི་ལམ་འབྲས་བུའི་རང་བཞིན་སྤྱི་དང་ཁྱད་པར་ལམ་གྱི་རིམ་པའི་ཉམས་ལེན་མཐའ་དག་མ་སྦས་གསལ་སྟོན་དུ་འཆད། ཇི་ལྟར་འཆད་པའི་ཚུལ་ལ། གསར་རྙིང་གི་རྒྱུད་དང་གདམས་པའི་བཀའ་སྲོལ་འཛིན་པའི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་བཞེད་ཚུལ་མང་དུ་མཆིས་པ་ལས། འདིར་གང་ཟག་སྤྲོས་མེད་ཉམས་ལེན་སྙིང་པོར་དྲིལ་བ་ལ་དགོངས་ཏེ་གསུངས་པའི་གཞུང་ཉིད་ཀྱི་བཞུགས་ཚུལ་གཞིར་བྱས། བཤད་པའི་ཚིག་དང་ལུང་རིག་གི་སྤྲོས་པ་བརྒལ་བརྟག་གི་མཐའ་དཔྱོད་སོགས་རྟོག་གེའི་གཞུང་ལུགས་ཀྱི་རྗེས་སུ་མ་འབྲངས་ཤིང་། མཆོག་གི་རིག་འཛིན་ཁྱབ་བདག་བླ་མའི་ཞལ་ལུང་བདུད་རྩི་དངོས་སུ་ཐོབ་པའི་སྐལ་བ་བཟང་པོ་ཆུད་མ་ཟོས་པར་དཀྱུས་ཀྱི་ས་གཅོད་པ་དང་། གཞུང་དོན་འབྲུ་གཉེར་དུ་དགྲོལ་བ་ཙམ་གྱིས་ཁྱད་པར་འཕགས་པའི་གཞུང་གསང་བ་ཟབ་མོ་ཉིད་དད་ཅིང་མོས་པའི་བློ་ནུས་ཀྱིས་ཇི་ལྟར་དཔོག་པར་འཆད་པར་བྱའོ། །དེ་ལྟར་ན་དུས་གསུམ་ཀུན་མཁྱེན་པདྨ་སཾ་བྷ་བའི་སྙིང་ཏིག །བླ་སྒྲུབ་ཟབ་མོ་སྐོར་བཞིའི་རྒྱབ་ཆོས། ཡོ་ག་རྣམ་པ་གསུམ་གྱི་ལྟ་སྒོམ་སྤྱོད་པའི་རིམ་པ་ཡོངས་སུ་རྫོགས་པ་གསལ་བར་སྟོན་པ་སངས་རྒྱས་གཉིས་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ཞལ་དངོས་སུ་བསྙེན་པ་དང་མཚུངས་པའི་ཞལ་གདམས་ལམ་གྱི་རིམ་པ་འདི་འཆད་པ་ལ་བཞི། གཞུང་ལ་བདེ་བླག་ཏུ་འཇུག་པའི་ཕྱིར་མཚན་བསྟན། ཁུངས་བཙུན་པའི་བརྡ་ཡིག་འགོད་ཅིང་ཡུལ་ཁྱད་པར་ཅན་ལ་ཕྱག་འཚལ། མཚན་དོན་དེ་ལྡན་གྱི་གཞུང་དངོས་ཉིད་བཤད། གཞུང་གྲུབ་པའི་ཚིག་གིས་མཇུག་བསྡུ་བའོ། །དང་པོ་ལ་གསུམ། མཚན་དངོས་བཀོད། དེའི་དོན་བཤད། མཚན་ལས་བརྩམས་པའི་མཐའ་དཔྱད་དོ། །དང་པོ་ནི། བླ་མའི་ནས་བཞུགས་སོ། །ཞེས་པའོ། །གཉིས་པ་ལ་གཉིས། ཡིག་དོན་སྤྱིར་བཤད། ཁྱད་པར་གྱི་མཚན་དོན་རྒྱས་པར་དབྱེ་བའོ། །དང་པོ་ནི། སྤྱིར་རྒྱུད་མན་ངག་གི་མཐའ་ཅན། མན་ངག་སྒྲུབ་ཐབས་ཀྱི་མཐའ་ཅན། སྒྲུབ་ཐབས་ལག་ལེན་གྱི་མཐའ་ཅན་དུ་གྲགས་པའི་ནང་ཚན་སྒྲུབ་པའི་ཐབས་ལའང་རྩ་བ་གསུམ་དང་འབྲེལ་བའི་སྒྲུབ་ཐབས་མཐའ་ཡས་ཤིང་། རེ་རེ་ལའང་སྤྱི་དང་ཁྱད་པར། རྩ་བ་དང་ཡན་ལག །གནས་སྐབས་དང་མཐར་ཐུག་ལ་དགོངས་པའི་སྒྲུབ་ལུགས་མང་དུ་གསུངས་པ་ལས། འདིར་རིག་འཛིན་སྒྱུ་འཕྲུལ་དྲྭ་བ་རྩ་བཤད་མན་ངག་གི་རྒྱུད་རྣམས་དང་། རིག་འཛིན་འདུས་པའི་རྩ་རྒྱུད་སོགས་ལས་མན་ངག་གནད་ཀྱི་ཉིང་ཁུར་ཕྱུང་བའི་བྱིན་རླབས་རྩ་བ་བླ་མ་གཙོ་བོར་སྒྲུབ་པའི་ཐབས་ཕྱོགས་དུས་རྒྱལ་བའི་ཐུགས་དགོངས་གཅིག་བསྡུས། དུས་གསུམ་རིག་འཛིན་ཡོངས་ཀྱི་ཐུགས་དམ་སྙིང་པོ། གུ་རུ་རིན་པོ་ཆེའི་ཐུགས་ཀློང་ཡེ་ཤེས་ཐིག་ལེའི་བཅུད་ཕྱུངས་པ། ཡང་ཟབ་སྙིང་པོ་གནད་ཀྱི་སྒྲུབ་ཐབས་ཡིན་པའི་ཕྱིར། བླ་མའི་ཐུགས་སྒྲུབ་ཅེས་གསུངས་ཏེ། ཞལ་གདམས་སྙིང་བྱང་ལས། རང་བྱུང་པདྨ་བདག་ཉིད་ཀྱི༔ དགོངས་པའི་ཀློང་ནས་རང་ཤར་བ༔ ཡང་ཟབ་ཐུགས་ཀྱི་སྒྲུབ་པ་ནི༔ ཞེས་དང་། ཨོ་རྒྱན་བདག་གིས་རྒྱུད་ལུང་དང༔ མན་ངག་གཞན་ལ་བརྟེན་ནས་ནི༔ འགྲེལ་བའི་ཚུལ་དུ་མ་བཀྲལ་བར༔ རྒྱུད་ལུང་མན་ངག་ངེས་པའི་དོན༔ སྙིང་པོ་ལས་ཀྱང་སྙིང་པོའི་བཅུད༔ ཐུགས་ཀྱི་ཐིག་ལེར་རབ་བཞུགས་པ༔ ཆོས་ཉིད་རང་སྒྲར་སྣང་བས་ན༔ རྒྱུད་དང་མི་འགལ་ལུང་དང་མཐུན༔ མན་ངག་མྱོང་བས་ཁྱད་འཕགས་པ༔ ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་ཐུགས་སྒྲུབ་ཟབ་མོ་སྐོར་བཞི་བཞུགས་པ་ལ་འདིར་བླ་མ་ཡང་གསང་ལྟར་སྒྲུབ་པའི་ཐབས་རྡོ་རྗེ་དྲག་པོ་རྩལ་གྱི་ཆོས་སྐོར་གྱི་བསྡེབས་སུ་བྱོན་པ། རྗེས་འཇུག་སྐལ་ལྡན་རྣམས་ལ་ཐུགས་བརྩེ་བས་དགོངས་ཏེ་ཞལ་གྱི་སྒོ་ནས་གདམས་པ་དང་རྗེས་སུ་གདམས་པའི་ཚུལ་དུ་གསུངས་ཤིང་། ཚེ་གཅིག་གིས་ཟུང་འཇུག་གི་གོ་འཕང་སྒྲུབ་པའི་ལམ་གྱི་རིམ་པ་མཐའ་དག་ཚང་ཞིང་གསལ་ལ་མདོ་རྒྱས་འཚམས་པ། མཚན་ཡེ་ཤེས་སྙིང་པོ་ཞེས་བྱ་བ་འདིར་བཞུགས་སོ། །ཞེས་པའི་དོན་ཏོ། །གཉིས་པ་ལ་གཉིས། ཚུལ་བཞིའི་སྒོ་ནས་བཤད་པ། གཞི་ལམ་འབྲས་གསུམ་གྱི་དོན་དུ་བཤད་པའོ། །དང་པོ་ནི། སྤྱི་ལས་བྱེ་བྲག་ཏུ་འབྱེད་པའི་མཚན་ཡེ་ཤེས་སྙིང་པོ་ཞེས་བྱ་བ་བཤད་པའི་གཞིར་བྱས། དེ་འཆད་པའི་ཚུལ་ལ། ཡི་གེའི་དོན་ལྟར་ན། སྤྱིར་ཡེ་ཤེས་ཞེས་པ་སྒྲ་ཡངས་པའི་དབང་དུ་བྱས་ན། ཛྙཱ་ཁོང་དུ་ཆུད་པའི་བྱིངས་དོན་ལས་ཡུལ་ཤེས་བྱ་དང་ཡུལ་ཅན་ཤེས་པ་གཉིས་ཀ་ལ་སྦྱོར་དུ་ཡོད་དེ། ཐབས་ཤེས་གྲུབ་པ་ལས། ཤེས་པས་ཤེས་བྱ་རབ་ཕྱེ་སྟེ། །སྦྱོར་བས་ཡོངས་སུ་བརྟགས་ནས་ནི། །ཆོས་རྣམས་རང་བཞིན་མེད་པ་ཉིད། །ཡེ་ཤེས་དེ་ཉིད་དུ་ནི་བརྗོད། །ཅེས་སོ། །འདིར་དྲི་མས་རྣམ་པར་སྤངས་པའི་མཁྱེན་པ་སངས་རྒྱས་ཀྱི་ཡེ་ཤེས་བསྟན་ལ། རྣམ་བྱང་གི་ཆོས་མཐའ་དག་རྒྱལ་བའི་ཡེ་ཤེས་རོལ་པ་ཁོ་ན་ལས་བྱུང་བ་སྟེ། རྒྱལ་ཚབ་བྱམས་པས། སངས་རྒྱས་ལས་ཆོས་ཆོས་ལས་འཕགས་པའི་ཚོགས། །ཞེས་སོགས་གསུངས་པ་ལྟར་ཏེ། དེས་ན་སྒྲ་དེས་ཁྱད་གཞིའི་གཞུང་བསྟན། སྙིང་པོ་ནི་གརྦྷཱའི་སྒྲ་ལས་ཤུན་པ་དང་བྲལ་བའི་སྙིང་པོ་རྗེན་པར་ཕྱུངས་པའི་དོན་ཏེ། ཚིག་དང་སྤྲོས་པའི་ཤུན་པ་དང་བྲལ་བ། མདོ་སྔགས་ཆོས་ཚུལ་ཀུན་གྱི་ཟབ་དོན་སྙིང་པོར་ཕྱུངས་པའི་དོན་ཡིན་པས་ཁྱད་ཆོས་བཞུགས་ཚུལ་བསྟན་པ་སྟེ། ཡེ་ཤེས་ཀྱི་ཕུལ་དུ་ཕྱིན་པའི་དམ་ཆོས་མཐའ་དག་གི་སྙིང་པོར་གྱུར་པའི་དོན་ཏོ། །སྤྱི་དོན་ལྟར་འཆད་པ་ལ། མདོ་དང་ཐུན་མོང་བ་ལྟར་ན། ཡེ་ཤེས་ནི་ཡེ་ནས་དྲི་མ་དང་བྲལ་བའི་ཤེས་རབ་གནས་ལུགས་སྟོང་པ་ཉིད་དང་། སྙིང་པོ་ནི་ཧྲྀ་ད་ཡའི་སྒྲ་ལས། བཅུད་དམ་མཆོག་ལ་འཇུག་པས་སངས་རྒྱས་སྒྲུབ་པ་ལ་མེད་དུ་མི་རུང་བའི་ལམ་གྱི་མཆོག་སྙིང་རྗེ་སྟེ། འབུམ་ལྔ་ལས། སྟོང་ཉིད་དཔག་བསམ་ལྗོན་ཤིང་ལས། །དམིགས་མེད་སྙིང་རྗེའི་འབྲས་བུ་འབྱུང་། །སངས་རྒྱས་ཀུན་གྱི་རྩ་བ་ནི། །འདི་ལས་འབྱུང་བར་ཐེ་ཚོམ་མེད། །ཅེས་སོ། །དེས་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ལམ་ཕུལ་དུ་བྱུང་བ་འདིར་བསྟན་པའི་དོན་ནོ། །སྔགས་ཀྱི་སྤྱི་དོན་ལྟར་ན། ཡེ་ཤེས་ནི་རྟེན་དཀྱིལ་འཁོར། སྙིང་པོ་ནི་བརྟེན་པ་འཁོར་ལོའི་ལྷ་རྣམས་ཏེ། བརྟག་གཉིས་ལས། དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ། །བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ལེན་པར་བྱེད་པས་དཀྱིལ་འཁོར་ཉིད། །འདུས་པ་དཀྱིལ་འཁོར་ཉིད་དུ་བརྗོད། །ཅེས་པའི་དོན་བསྐྱེད་རིམ་གྱི་ལམ་འཁོར་དང་བཅས་པའང་འདིར་བསྟན་ཏོ། །སྦས་དོན་ལྟར་ན། ཡེ་ཤེས་ནི་རྟེན་གདོད་མའི་སྟོང་ཆེན་ཨེ་ཡིག །སྙིང་པོ་ནི་བརྟེན་པ་བདེ་བ་ཆེན་པོའི་ཝྃ་ཡིག་སྟེ། གསང་འདུས་བཤད་རྒྱུད་ལས། ཨེ་ཝྃ་ཡིག་གཉིས་སྒྱུ་མ་ལ། །ཐམས་ཅད་མཁྱེན་པ་འདིར་བཞུགས་པས། །དམ་ཆོས་བསྟན་པའི་ཐོག་མར་ནི། ཨེ་ཝྃ་དེ་ཉིད་རབ་ཏུ་བཤད། །ཅེས་དང་། རྡོ་རྗེ་ཕྲེང་བ་ལས། ཨེ་ནི་སྟོང་པ་ཉིད་དུ་གསུངས། །དེ་བཞིན་ཝྃ་ནི་སྙིང་རྗེ་དང་། །ཐིག་ལེ་དེ་གཉིས་སྦྱོར་ལས་བྱུང་། །དེ་སྦྱོར་བ་ནི་རྨད་བྱུང་མཆོག །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཁྱབ། །མདོར་བསྡུས་ཆོས་ཀྱི་ཕྱག་རྒྱའོ། །ཞེས་སོགས་མཐའ་ཡས་པ་འབྱུང་བ་ལྟར། ཨེ་ཝཾ་གཉིས་ནི་མདོ་རྒྱུད་ཐམས་ཅད་ཀྱི་གླེང་གཞིར་གྱུར་པས་ཟབ་ཅིང་རྒྱ་ཆེ་བའི་དོན་སྤྲོར་ཡོད་ལ། འཕགས་ཞབས་ཀྱི་བཞེད་པ་ཀུན་རྫོབ་བདེན་སྦས་ལྟར་ན། སྒྱུ་ལུས་ཀྱི་རིམ་པ་མཐར་ཕྱིན་ནས་འོད་གསལ་གྱི་ཡེ་ཤེས་ལས་ཟུང་འཇུག་གི་སྐུ་སྙིང་པོའི་ཚུལ་དུ་ལྡང་བའི་དོན་དང་། འདོད་ཆགས་ཆོས་སྦས་ལྟར་ན། སྒྱུ་འཕྲུལ་རྒྱ་མཚོ་སོགས་ལས་གསུངས་པ་ལྟར། རྩ་འཁོར་ཨེ་ཡིག་ཐིག་ལེ་ཝྃ་ཡིག་སྟེ་སྟེང་སྒོ་རྣམ་གྲོལ་དང་སྦྱར་བ་དང་། ཡུམ་གྱི་ཆུ་སྐྱེས་ཨེ། ཡབ་ཀྱི་རྡོ་རྗེ་ཝྃ་སྟེ་གསང་བ་འོག་སྒོ་ལ་སྦྱར་ཏེ། དོན་དེ་དག་ཀྱང་གཞུང་འདིར་བསྟན་པའོ། །མཐར་ཐུག་གི་དོན་ལྟར་ན། ཡེ་ཤེས་ནི་ཀ་དག་གདོད་མའི་དབྱིངས། སྙིང་པོ་ནི་ལྷུན་གྲུབ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དེ་དབྱིངས་རིག་འདུ་འབྲལ་མེད་པ་གདོད་མའི་མགོན་པོའི་དགོངས་པ་མཐར་ཐུག་པའང་བསྟན་རིམ་འདི་ལས་རྟོགས་པའོ། །གཉིས་པ་མཚན་དོན་གཞི་ལམ་འབྲས་གསུམ་ལྟར་བཤད་པ་ལ། དང་པོ་གཞི་ཐུན་མོང་ལྟར་སྦྱོར་ན། ཡེ་ཤེས་ནི་གཞིར་གནས་ཀྱི་ཆོས་སྐུ་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་དོན་དམ་ཆོས་ཐམས་ཅད་ལ་ནམ་མཁའ་ལྟར་ཁྱབ་པར་བཞུགས་པའི་དོན་ཏེ། འཕགས་པ་ཀླུས། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་དང་། སམྦུ་ཊར། རྟོག་པ་ཐམས་ཅད་རྣམ་སྤངས་པའི། །ཡེ་ཤེས་ཆེན་པོ་ལུས་ལ་གནས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ཞེས་སོ། །སྙིང་པོ་ནི། དགོངས་པ་ལུང་སྟོན་རྒྱུད་ལས། སྙིང་པོ་ཞེས་ནི་སངས་རྒྱས་ཀྱི། །ཆོས་ཉིད་དག་པ་འདི་ཡིན་ཞིང་། །སྔགས་ཀྱི་སྤྱོད་དོན་སྤྱོད་རྣམས་ཀྱི། །བྱང་ཆུབ་སྤྱོད་པའི་མཆོག་འདི་ཡིན། །ཞེས་པ་ལྟར་དོན་དམ་པའི་ཡེ་ཤེས་དེ་ཉིད་འཁོར་འདས་ཐམས་ཅད་ལ་སྙིང་པོའི་ཆོས་སུ་བཞུགས་པའི་དོན་ཏེ། རྒྱལ་བ་བྱམས་པས། དེ་བཞིན་ཉིད་དེ་ཐམས་ཅད་ལ། ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་དང་། སྒྲོན་གསལ་ལས། རྒྱལ་བ་ཀུན་གྱི་གནས་ནི་སེམས་ཅན་ཐམས་ཅད་དེ། དེ་བཞིན་གཤེགས་པའི་སྙིང་པོ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར། ཡེ་ཤེས་ཀྱི་སྙིང་པོ་སྟེ་དྲི་མ་སྦྱོང་བའི་གཞི་བདེ་གཤེགས་སྙིང་པོའི་གནས་ལུགས་མཚོན་པའོ། །ཐུན་མིན་མ་ཧཱ་ལྟར་ན། བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ་དང་། ཨ་ནུ་ལྟར་ན། དབྱིངས་ཡེ་གཉིས་མེད་བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གདོད་ནས་རང་ཆས་སུ་བཞུགས་པའི་དོན་ཡིན་ཞིང་། རྫོགས་པ་ཆེན་པོའི་ལུགས་ལྟར་ན། ཡེ་ཐོག་གཞིའི་ཀ་དག་སྨྲ་བསམ་བརྗོད་བྲལ་སྤྲོས་པའི་མཐའ་ལས་འདས་པ་ཡེ་ཤེས་གསུམ་ལྡན་འཁྲུལ་གྲོལ་གཉིས་ཀའི་སྤྱི་གཞིར་གྱུར་པ་དེ་ཉིད། དབྱིངས་ཀྱི་རྒྱ་རལ་ནས་ཕྱི་གསལ་གྱི་སྣང་བ་མཆེད་དེ་འཁོར་འདས་རྒྱབ་གྱེས་པའི་ཚེ་ནའང་སེམས་ཅན་རྣམས་ལ་སྙིང་པོའི་ཚུལ་དུ་གནས་སྐབས་ཀྱི་གཞིར་བཞུགས་པ་སྟེ། ཀློང་དྲུག་པ་ལས། སྤྲོས་བྲལ་ཆོས་ཉིད་ཀ་དག་ནི། །རང་ངོ་རྣམ་དག་སྙིང་པོའི་གཞི། །ཞེས་པ་ལྟར་ཀ་དག་གི་ཡེ་གཞི་མཚོན་པ་སྟེ། གཞིའི་གནས་ལུགས་དེ་དག་ཀྱང་གཞུང་འདིར་བསྟན་པའོ། །ལམ་དང་སྦྱོར་ན། ཡེ་ཤེས་ནི་ཤེས་རབ། སྙིང་པོ་ནི་སཱ་རའི་སྒྲ་ལས། དུ་མ་འཕྲོ་བའི་རྩ་བའམ་གནས་ཏེ་ཐབས་བསོད་ནམས་ཀྱི་ཚོགས་ལ་སོགས་པ་ལས་གནས་སྐབས་དང་མཐར་ཐུག་གི་ལེགས་པའི་འབྲས་བུ་དུ་མ་འབྱུང་བས་ཏེ། ཐབས་ཤེས་གཉིས་ནི་ལམ་ཐུན་མོང་བ་ལྟར་ན་བསོད་ནམས་དང་ཡེ་ཤེས། ཐུན་མིན་ལྟར་ན་བསྐྱེད་རིམ་དང་རྫོགས་རིམ། ཁྱད་པར་ལྟར་ན་བདེ་བ་དང་སྟོང་པ། དབྱིངས་དང་རིག་པ་སོགས་ལམ་གྱི་གཉིས་ཆོས་ཀྱི་དོན་ཐམས་ཅད་དང་འབྲེལ་ཞིང་། སངས་རྒྱས་སྒྲུབ་པ་ལ་དེ་གཉིས་ཀྱང་ཕྱོགས་རེ་མ་ཡིན་པར་ཟུང་འཇུག་དགོས་ཏེ། མདོ་སྡེའི་དོན་བསྡུས་བྱང་ཆུབ་ལམ་སྒྲོན་ལས། ཐབས་དང་བྲལ་བའི་ཤེས་རབ་དང་། །ཤེས་རབ་བྲལ་པའི་ཐབས་དག་ཀྱང་། །གང་ཕྱིར་འཆིང་བ་ཞེས་གསུངས་པས། །དེ་བས་གཉིས་ག་སྤང་མི་བྱ། །ཞེས་སོ། །དེ་ལྟར་ན་ཟུང་དུ་འཇུག་པའི་ལམ་རིམ་རྒྱས་པ་འདིར་བསྟན་པའི་ཕྱིར། གཞུང་ཉིད་ལས། ཀུན་གྱི་སྤྱི་འདྲིལ་ཡེ་ཤེས་སྙིང་པོའི་ལམ༔ ཞེས་གསུངས་སོ། །འབྲས་བུ་དང་སྦྱར་བ་ལའང་། ཐུན་མོང་ལྟར་ན། མདོ་སྡེ་རྒྱན་ལས། སངས་རྒྱས་རྣམས་ཀྱི་སྐུ་དབྱེ་བ། །རང་བཞིན་ལོངས་སྤྱོད་རྫོགས་པ་དང་། །གཞན་ནི་སྤྲུལ་པའི་སྐུ་ཡིན་ཏེ། །དང་པོ་གཉིས་པོའི་རྟེན་ཡིན་ནོ། །ཞེས་གསུངས་པ་ལྟར། ཁྱབ་བྱ་གཞན་དོན་དུ་ཡེ་ཤེས་ཀྱི་སྣང་བ་ལས་བརྡར་ཤར་བའི་གཟུགས་སྐུ། ཁྱབ་བྱེད་རང་དོན་དོན་དམ་སྙིང་པོའི་རང་བཞིན་ཆོས་ཀྱི་སྐུ་སྟེ་འཐོབ་བྱ་སྐུ་གཉིས་དང་། དག་པ་གཉིས་ལྡན་གྱི་ཡེ་ཤེས་མངོན་དུ་གྱུར་པའི་རང་བཞིན་བྲལ་བའི་ཡོན་ཏན། རྒྱས་འགྱུར་གྱི་ནུས་པས་སྙིང་པོའི་ནུས་པ་གསལ་བ་རྣམ་པར་སྨིན་པའི་ཡོན་ཏན་ཏེ་བྲལ་སྨིན་གྱི་ཡོན་ཏན་གཉིས་དང་། ཡེ་ཤེས་ནི་ཀུན་ལ་ཁྱབ་པའི་དོན་དང་། སྙིང་པོ་ནི་མི་ཟད་ཅིང་མི་འགྱུར་བས་རྟག་པའི་དོན་ཏེ་རྟག་ཁྱབ་ཀྱི་ཕྲིན་ལས་བཅས་བསྟན། ཐུན་མིན་ལྟར་ན་ཡེ་ཤེས་དབྱིངས། སྙིང་པོ་རིག་པ་སྟེ་དབྱིངས་རིག་འདུ་འབྲལ་མེད་པར་བྱང་ཆུབ་པའམ། ཡེ་ཤེས་ཀྱི་སྙིང་པོ་ཅན་ཞེས་སྐུ་དང་ཟུང་འཇུག་གི་དོན་བསྟན་པ་སྟེ། རིག་པ་ཡེ་ནས་ཉི་མ་ལྟར་མཁྱེན་རིག་ཏུ་གསལ་བའི་ཆར་ལྷུན་གྲུབ་ཏུ་གནས་པ་ཉིད་རྟོགས་པ་མངོན་དུ་གྱུར་པས་གློ་བུར་སྒྲིབ་པའི་སྤྲིན་དང་བྲལ་ནས་ཤེས་རབ་དྲི་མ་མེད་པའི་དགོངས་པ་ཡོན་ཏན་མ་ལུས་པའི་དཀྱིལ་འཁོར་དུ་རྒྱས་ཏེ། སྐུ་རྣམས་ཀྱི་སྙིང་པོར་གནས་པས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་སྟེ། རང་ཤར་ལས། ཐ་དད་རང་བཞིན་འགྱུར་བ་མེད། །དེ་ཕྱིར་སྐུ་ལྔའི་ཡེ་ཤེས་ཏེ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད། །དོན་ལ་དེ་བཞིན་གནས་པའོ། །ཞེས་སོ། །དེས་ན་རྟེན་སྐུ། བརྟེན་པ་ཡེ་ཤེས་བཅས་དངོས་སུ་བསྟན་པའི་ཤུགས་ལས་མཛད་པ་ཕྲིན་ལས་ཀྱང་བསྟན་པས་ན། གཞུང་ལས། ཡེ་ཤེས་སྙིང་པོ་ཚེ་འདིར་འགྲུབ་པར་ཤོག༔ ཅེས་འབྱུང་བ་ལྟར་རོ། །གསུམ་པ་མཐའ་ཅུང་ཟད་དཔྱད་ན། འདིར་ཞལ་གདམས་ཞེས་པའི་གདམས་ངག་ལ། ལས་དང་པོ་པ་བློ་ཆོས་ལ་སྐུལ་བ་དང་། རྒྱ་ཆེ་བ་ཚིག་ཏུ་གདམས་པ། ཟབ་པ་དོན་དུ་གདམས་པ། ཉམས་ལེན་གནད་འདྲིལ་དུ་གདམས་པ། ངོ་སྤྲོད་ལག་བཅངས་སུ་གདམས་པ་སོགས་མང་དུ་མཆིས་པ་ལས། འདིར་ཟབ་རྒྱས་ཉམས་ལེན་གནད་འདྲིལ་ལག་གཏོད་རྗེན་ཕྱུང་དུ་གདམས་སྟེ། གཞུང་ལས། སྔོན་ཆད་ཟབ་ཅིང་རྒྱ་ཆེ་བའི༔ གདམས་ངག་བྱེ་བ་ཕྲག་བརྒྱའི་གཞུང༔ ཇི་སྙེད་གསུངས་པའི་སྙིང་པོའི་ཕུལ༔ རྒྱུ་འབྲས་ལམ་མཆོག་ཡོངས་རྫོགས་པ༔ མ་བྱུང་འབྱུང་བར་དཀའ་བའི་བཅུད༔ ཅེས་སོགས་ཡང་ཡང་བསྔགས་པས་མཚོན་ནོ། །ལམ་གྱི་རིམ་པ་ལའང་དཔལ་ལྡན་ཨ་ཏི་ཤའི་སྲོལ་བྱང་ཆུབ་ལམ་གྱི་རིམ་པ། ཨ་རོ་དང་རོང་ཟོམ་པཎྜི་ཏའི་ཐེག་ཆེན་རྣལ་འབྱོར་སོགས་མདོ་དང་ཐུན་མོང་བ་རྣམས་དང་། པདྨ་ལམ་རིམ། རིན་ཆེན་སྒྲོན་མེ་སོགས་བཀའ་གཏེར་ཐུན་མོང་མ་ཡིན་པ་མང་དུ་མཆིས་པ་ལས། འདིར་ཁྱད་པར་དུ་མས་འཕགས་པའི་ལམ་རིམ་ཡེ་ཤེས་སྙིང་པོ་ཞེས་བྱ་བ་སྟེ། མཚན་དེ་སུས་བཏགས་ན། གང་ཟག་གི་བློས་བཅོས་ནས་བཏགས་པ་མ་ཡིན་གྱི། ཀུན་བཟང་པདྨ་འབྱུང་གནས་ཉིད་ཀྱི་དགོངས་ཀློང་ཡེ་ཤེས་ཆེན་པོའི་གསང་མཛོད་ནས་རང་བྱུང་རྡོ་རྗེའི་རང་སྒྲར་ཤར་བ་སྟེ། གུ་ཧྱ་གརྦྷ་དང་ཧེ་བཛྲ་སོགས་རྒྱུད་ཀྱི་རྡོ་རྗེའི་ཚིག་རྣམས་དང་དབྱེ་བ་མེད་པའོ། །གང་ཟག་གི་བློས་བཅོས་ནས་བཏགས་པ་ལ། དཔེ་དང་དོན་དང་ཡུལ་དང་གནས་སྐབས་ཀྱི་སྒོ་ནས་མཚན་གྱི་འདོགས་ཚུལ་མང་དུ་འབྱུང་ཡང་། འདིར་ནི་ཕྱོགས་ཀྱི་གླང་པོས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དང་དེ་ལྡན་པས། །གཞུང་དང་ལམ་ལའང་དེ་སྒྲས་བསྟན། །ཅེས་གསུངས་པ་ལྟར་གཞུང་ལམ་འབྲེལ་བའི་ཡེ་ཤེས་ཀྱི་རང་སྒྲར་སྣང་བའོ། །མཚན་འབྱུང་བའི་དགོས་པ་ནི། དབང་པོ་རབ་ལ་མཚན་གྱི་ནང་དུ་གཞུང་དོན་ཚང་བས་དེ་ཙམ་གྱིས་དབུ་ཞབས་ཀྱི་དོན་ཐམས་ཅད་བདེ་བླག་ཏུ་རྟོགས་པར་བྱེད་པ་དང་། འབྲིང་རྣམས་ཀྱིས་ཀྱང་གཞུང་གི་བཞུགས་ཚུལ་གྱི་དོན་སྤྱི་ལ་ངེས་པ་རྙེད་པར་འགྱུར་བ་དང་། ཐ་མས་ཀྱང་མཚན་དོན་དེ་ལྡན་གྱི་གཞུང་ཉིད་ལ་མྱུར་དུ་འཇུག་པར་སྤྲོ་བར་འགྱུར་བའོ། །གཉིས་པ་བརྡ་དང་ཕྱག་བཤད་པ་ལ་གཉིས། བརྡ་ཡིག་གི་རྒྱུ་མཚན་དང་། ཕྱག་གི་དོན་ནོ། །དང་པོ་ནི། གསང་རྒྱུད་ལས། མཁའ་འགྲོ་བརྡ་ལ་བརྟེན་པ་སྟེ། །བརྡ་དང་བརྡ་ཡི་ལེན་ལ་མཁས། །དོན་གྱི་ངོ་བོ་བརྡ་ལ་སྦྱོར། །མཁའ་འགྲོ་བརྡ་ཡི་སྲོག་ཅན་ནོ། །ཞེས་གསུངས་པ་ལྟར། བརྡ་ལ་བརྟེན་པའི་མཁའ་འགྲོའི་ཡི་གེ་ནི་དེ་དང་སྐལ་མཉམ་གྱི་གང་ཟག་ལས་གཞན་གྱིས་ཁྲོལ་མི་སྲིད་པས། གཏེར་དུ་བཞུགས་པའི་ཟབ་ཆོས་ཕལ་མོ་ཆེ་བརྡའི་ཡི་གེས་བཅིངས་པ་སྟེ། ཆོས་དེ་རྣམས་མཁའ་འགྲོའི་གསང་མཛོད་ནས་ཕྱུངས་པས་འཕགས་བོད་ཀྱི་མཁས་གྲུབ་ཐུན་མོང་བ་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པའི་དོན་ཡིན་ལ། ཇི་སྐད་དུ། གཏེར་ཡིག་སྤྲུལ་པའི་སྐུ་ཡིན་ཏེ། །སྒྲ་ཚིག་གོ་བ་གསུང་ཡང་ཡིན། །ཞེས་འབྱུང་བ་ལྟར་གཏེར་ཡིག་སྤྲུལ་པའི་སྐུ་རྡོ་རྗེའི་གཟུགས་རྣམ་པ་ཐམས་ཅད་པ་དེ་ཉིད་ལས་འཕྲོ་དང་སྐལ་བ་ལྡན་པའི་གང་ཟག་གིས་གནས་དུས་སྨོན་ལམ་ཟབ་མོའི་རྟེན་འབྲེལ་གྱི་བརྡའི་དོན་ཁྲོལ་ནས་ཇི་བཞིན་གཏན་ལ་འབེབས་པ་མཚོན་པའི་ཕྱིར། གླེགས་བམ་གྱི་དབུར་བརྡའི་ཡི་གེ་འབྲུ་བདུན་བཀོད་པར་མཛད་དེ། དེ་ལ་དགོས་པ་གསུམ། ཨོ་རྒྱན་སངས་རྒྱས་གཉིས་པའི་བཀའ་རྟགས་ཕྱག་རྒྱའི་རི་མོ་དངོས་ལ་ཐུག་པས་གང་ཟག་ཕལ་བའི་བརྒྱུད་པས་བར་དུ་མ་ཆོད་ཅིང་ཁུངས་བཙུན་པར་སྟོན་པ་དང་། བརྡ་མ་བཅོས། ཚིག་མ་འཁྲུལ། དོན་མ་ནོར་བར་མཁའ་འགྲོ་གསང་བའི་བརྡ་བསྒྱུར་བས་གཞུང་ཟབ་ཅིང་བྱིན་རླབས་ཆེ་བར་སྟོན་པ་དང་། སྐལ་བ་དང་མི་ལྡན་པའི་གང་ཟག་བློ་ཇི་ལྟར་སྒྲིན་ཀྱང་དམུས་ལོང་གིས་གླང་ཆེན་དཔྱད་པ་ལྟར་ཕྱོགས་ཙམ་ཡང་བརྟག་མི་བཟོད་པས་གཏེར་བདག་སྐྱེས་བུ་ཉིད་ཕལ་པའི་སྤྱོད་ཡུལ་ལས་འདས་པར་ཡིད་ཆེས་པའོ། །གཉིས་པ་ནི། རྩ་གསུམ་ནས་ཕྱག་འཚལ་ལོ༔ ཞེས་འབྱུང་སྟེ། ཕྱག་གང་གིས་མཛད་ན། གསང་ཆེན་བཀའི་སྡུད་པ་མོ་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་གྱིས་མཛད། ཡུལ་གང་ལ་མཛད་ན། བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཀུན་འདུས་པའི་བདག་ཉིད། དཀྱིལ་འཁོར་སྤྲུལ་བཤད་མཛད་པ་པོ་སློབ་དཔོན་པདྨཱ་ཀ་ར་ཐུགས་རྗེས་ཁྲོ་བའི་ཚུལ་བསྟན་པའི་གསང་མཚན་རྡོ་རྗེ་དྲག་པོ་རྩལ་དུ་གྲགས་པ་ལ་མཛད། དགོས་པ་གང་གི་ཕྱིར་ན། སྤྱིར་རྡོ་རྗེ་ཐེག་པའི་ལམ་ལ་ཞུགས་པ་ཐམས་ཅད་དངོས་གྲུབ་བླ་མ་ལ་རག་ལས་པས་ལས་དང་རྣལ་འབྱོར་ཐམས་ཅད་ལ་དེ་ཉིད་རྗེས་སུ་དྲན་དགོས་པ་དང་། གནས་སྐབས་གཞུང་དགོད་པ་ལ་བར་ཆད་མི་འབྱུང་ཞིང་བྱིན་རླབས་འཇུག་པ་དང་། རྗེས་འཇུག་འཆད་ཉན་སྒོམ་སྒྲུབ་བྱེད་པ་རྣམས་ལའང་དེའི་ཚུལ་ཞར་བྱུང་དུ་གདམས་པའོ། །ཇི་ལྟར་འཚལ་ན། དྲང་དོན་དུ་སྒོམ་གསུམ་གུས་པ་ཆེན་པོས་བརྡའི་ཕྱག་དང་། ངེས་དོན་དུ་ཐབས་ཤེས་དགོངས་པ་རོ་མཉམ་དོན་དམ་ལྟ་བ་མཇལ་བའི་ཚུལ་གྱིས་སོ། །འདིར་རྩ་བ་གསུམ་ཞེས་པའི་དོན་ཡང་། དཔེར་ན་ལྗོན་ཤིང་དང་ལོ་ཏོག་རྣམས་འབྱུང་པའི་རྒྱུའམ་གཞི་ལ་རྩ་བར་གྲགས་པ་ལྟར། གཏེར་གཞུང་རྣམས་ལས། བྱིན་རླབས་རྩ་བ་བླ་མ་རྗེ༔ དངོས་གྲུབ་འབྱུང་གནས་ཡི་དམ་ལྷ༔ ལེགས་པར་བྱིན་རློབ་མཁའ་འགྲོ་མ༔ ཞེས་འབྱུང་ངོ་། །དེས་ན་རྡོ་རྗེ་ཐེག་པའི་དཀོན་མཆོག་ཁྱད་པར་དུ་འཕགས་པ་རྩ་བ་གསུམ་ཡིན་ཏེ། བླ་མའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས། ཡི་དམ་ཞི་ཆགས་ཁྲོ་བོའི་རྣམ་པ་ཇི་ལྟར་བསྟན་ཀྱང་སངས་རྒྱས་ལོངས་སྤྲུལ་གྱི་རང་བཞིན། དེའི་སྔགས་རྒྱུད་ནི་ཐུན་མོང་མིན་པའི་ཆོས། མཁའ་འགྲོ་ཆོས་སྐྱོང་ནི་ཁྱད་པར་གྱི་དགེ་འདུན་ཡིན་ལ། ཡི་དམ་མཁའ་འགྲོ་གཉིས་ཀའང་བླ་མའི་ཡེ་ཤེས་ཀྱི་རོལ་པ་ལས་བྱུང་བས་འཁོར་ལོའི་མགོན་པོ་ཞེས་པའི་མཚན་གྱིས་བརྗིད་པ་སྟེ། དགོངས་འདུས་སྐུ་རྒྱུད་ལས། ངོ་བོ་བླ་མ་ཆོས་སྐུ་ལ༔ རང་བཞིན་ཡི་དམ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་སྤྲུལ་སྐུ་མཁའ་འགྲོ་མ༔ ཞེས་གསུངས་སོ། །དེ་ལྟར་མཚན་ཉིད་དང་ལྡན་པའི་བླ་མ་གང་ཡང་དཀོན་མཆོག་རྩ་གསུམ་ཀུན་འདུས་ཡིན་ཏེ། རྡོ་རྗེ་མེ་ལོང་གི་རྒྱུད་ལས། རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གཙོ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་སོགས་ཡོངས་སུ་གྲགས་ལ། ཁྱད་པར་གུ་རུ་རིན་པོ་ཆེ་ནི་སངས་རྒྱས་ཐམས་ཅད་འདུས་པའི་རྡོ་རྗེའི་ཡེ་ཤེས་ཀྱི་རང་གཟུགས་ཡིན་ཏེ། རྡོ་རྗེའི་གསུང་ལས། ང་སྒྲུབ་སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་སངས་རྒྱས་ཐམས་ཅད་མཐོང༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཞེས་སོགས་ལུང་མཐའ་ཡས་པ་འབྱུང་ངོ་། །མཚན་གྱི་དོན་ལས། རྡོ་རྗེ་ནི། མཉམ་སྦྱོར་ལས། རྡོ་རྗེ་སྟོང་པ་ཉིད་དུ་བཤད། །ཅེས་དང་། སྒྱུ་འཕྲུལ་མེ་ལོང་ལས། ཐ་དད་མེད་པའི་རང་བཞིན་ཉིད། །རྡོ་རྗེ་ཞེས་ནི་བཤད་པ་ཡིན། །ཞེས་འབྱུང་བ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་ཐ་དད་དུ་དབྱེ་བ་མེད་པ་སྟོང་ཉིད་ཀྱི་རང་བཞིན་ཡིན་ཞིང་། གནས་ལུགས་དེ་དང་རྒྱལ་བ་རྣམས་ཀྱི་ཆོས་སྐུ་ལ་དབྱེ་བ་མེད་པས་འདིར་རྡོ་རྗེའི་སྒྲས་ངོ་བོ་ཆོས་སྐུ་བསྟན། དེ་ལ་སྒྲ་དེ་འཇུག་པའི་རྒྱུ་མཚན་ཡང་རྫས་ཀྱི་རྡོ་རྗེ་དང་ཆོས་མཚུངས་པས་ཏེ། རྩེ་མོར། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །བཅད་དང་གཞིག་པར་བྱ་བ་མེད། །བསྲེག་བར་བྱ་མིན་འཇིག་མེད་པས། །སྟོང་ཉིད་རྡོ་རྗེ་བརྗོད་པར་བྱ། །ཞེས་པ་ལྟར་རོ། །ཆོས་སྐུའི་ངང་ལས་གདུལ་བྱ་གདུག་པ་ཅན་ཞི་བས་མི་འདུལ་བ་རྣམས་ལ་སྙིང་རྗེ་ཆེན་པོས་དྲག་པོར་ཁྲོས་པའི་ཚུལ་གྱི་སྐུར་བསྟན་པ་སྟེ། དགོངས་འདུས་ལས། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་སྦྱོར་བ་ཡིས། ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་སོ། །རྩལ་ཞེས་པའི་སྒྲ་མཐུ་སྟོབས་ནུས་པའི་ཤུགས་ལ་འཇུག་པས། གཞན་ལས་ཆེས་ཁྱད་པར་དུ་འཕགས་པའི་མཐུ་སྟོབས་ནུས་པའི་རྩལ་ཤུགས་དང་ལྡན་པའི་དོན་ཡིན་ནོ། །རྣམ་པ་གཅིག་ཏུ་ན། ལྷ་དབང་ལག་གི་རྡོ་རྗེ་རྩེ་མོ་བརྒྱ་པ་དེ་གདེངས་པ་ཙམ་གྱིས་ལྷ་མིན་དཔུང་ཚོགས་ཐལ་བར་བྱེད་པའི་ནུས་སྟོབས་ཆེན་པོ་ཡོད་པ་བཞིན་དུ། རྡོ་རྗེ་དྲག་པོ་རྩལ་ཞེས་པའི་སྒྲས་ཡེ་ཤེས་ལས་དང་འཇིག་རྟེན་གྱི་ཁྲོ་བོ་ཐམས་ཅད་ཀྱི་སྟོབས་རྩལ་གཅིག་ཏུ་བསྡུས་པའི་ཁྲོ་རྒྱལ་ཆེན་པོ་སུས་ཀྱང་འགྲན་དུ་མི་བཟོད་པར་བསྟན་པའང་ཡིན་ནོ།། །།གསུམ་པ་གཞུང་དངོས་བཤད་པ་ལ་ལྔ། མན་ངག་འབྱུང་བའི་རྒྱུ་གླེང་གཞི། རྐྱེན་གླེང་སློང་བ། འབྲས་བུ་ཡོངས་སུ་ཤེས་པར་བྱ་བ་མན་ངག་གི་དོན། མན་ངག་གི་དགོས་འབྲེལ། འཁོར་ལ་གདམས་ཤིང་བསྟན་པ་གཏད་པའོ། །དང་པོ་ལ་ལྔ། སྟོན་པ། འཁོར། གནས། ཆོས། དུས་ཕུན་སུམ་ཚོགས་པའོ། །དང་པོ་ནི། དུས་གསུམ་སངས་རྒྱས་ནས་གྲགས་པ་ཉིད། །ཅེས་གསུངས་ཏེ། རྒྱལ་དབང་པདྨཱ་ཀ་ར་ཉིད་ལམ་ཞུགས་ཀྱི་གང་ཟག་མ་ཡིན་པར་སངས་རྒྱས་འོད་དཔག་མེད་དང་མཉམ་མེད་ཤཱཀྱའི་རྒྱལ་པོ་ཉིད་གདུལ་བྱ་གདུལ་དཀའ་བ་རྣམས་ཀྱི་དོན་དུ་རྡོ་རྗེ་སློབ་དཔོན་གྱི་སྐུར་བསྟན་པ་ཡིན་པས། འདས་པ་དང་མ་འོངས་པ་དང་ད་ལྟའི་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་གསུམ་གྱིས་མཉམ་པའི་ཕྱིར། ནམ་མཁའི་ངོ་བོ་དབྱེ་བ་མེད་པ་ལྟར་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ལ་རྣམ་དབྱེར་མེད་པས་དེར་གྲུབ་པ་དང་། གཞན་སྣང་སྤྲུལ་པའི་སྐུར་བསྟན་པ་ནའང་འཆི་མེད་ཚེའི་རིག་འཛིན་བརྙེས། སྒོམ་ལམ་ཕྱག་རྒྱའི་རིག་འཛིན་མཐར་ཕྱིན་ནས་མཐར་ལམ་ལྷུན་གྲུབ་ཀྱི་རིག་འཛིན་དྲུག་པའི་རྒྱལ་ཚབ་ཀྱི་ས་ལ་བཞུགས་པར་བསྟན་པའི་ཕྱིར། བཀའ་བབས་རིག་འཛིན་ཆེན་པོ་བརྒྱད་ཀྱིས་ཀྱང་ཞབས་ལ་བཏུད་པས་མཚོན། རིག་པ་འཛིན་པའི་ས་བརྙེས་ཤིང་ཡེ་ཤེས་ཀྱི་རྩལ་ཆེན་འཆང་བ་ཀུན་གྱི་གཙོ་བོ་མཆོག་གི་གནས་ལ་བཞུགས་པ་དང་། རང་བཞིན་གྱིས་རྣམ་པར་དག་པའི་ཕུང་ཁམས་སྐྱེ་མཆེད་ལས་དབང་ཡུལ་དང་བཅས་པ་དབྱིངས་སྣང་ལྷུན་གྲུབ་ཆེན་པོའི་ལྷའི་འཁོར་ལོར་རང་ཤར་པས། ཡི་དམ་ཞི་བ་རྡོ་རྗེ་དབྱིངས་ཆེན་པོ་དང་ཁྲོ་བོ་ཚོགས་ཆེན་ཡོངས་སུ་འདུས་པའི་དཀྱིལ་འཁོར་དུ་སྣང་བ་རབ་འབྱམས་སྤྲོ་བ་དང་བསྡུ་བའི་ཁྱབ་བདག་ཏུ་གྱུར་པ་དང་། བཀོད་པ་རྩ་གཡོ་བ་རླུང་ཐིག་ལེ་བྱང་ཆུབ་ཀྱི་སེམས་རྣམས་འོད་གསལ་ཡེ་ཤེས་ཆེན་པོའི་སྦུབས་སུ་དག་པའི་ནང་གི་གནས་རྣམས་དབང་དུ་མཛད་པའི་སྟོབས་ལས། ཕྱི་རོལ་གྱི་གནས་ཡུལ་དུར་ཁྲོད་ཆེན་པོ་རྣམས་སུ་བརྟུལ་ཞུགས་སྤྱོད་པའི་དཔའ་བོ་དང་མཁའ་ལ་རྫུ་འཕྲུལ་གྱིས་འགྲོ་བའི་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་ཚོགས་ཀྱི་འཁོར་ལོས་སྒྱུར་བའི་རྗེ་བཙན་ཆེན་པོར་གྱུར་པ་དང་། རྩལ་སྣང་སྐུ་དང་ཡེ་ཤེས་ཆེན་པོའི་རོལ་པར་ཤར་བས་འབར་བ་ཆེན་པོ་ཧེ་རུ་ཀའི་ཕྱག་རྒྱ་གཉན་པོའི་གཟི་བརྗིད་ཀྱིས། རྡོ་རྗེའི་དམ་ཚིག་འཆང་བའི་ཡེ་ཤེས་ལས་དང་འཇིག་རྟེན་གྱི་ཚུལ་སྟོན་པའི་ཆོས་སྐྱོང་སྲུང་མ་རྒྱུད་གསུམ་གྱིས་བསྡུས་པ་རྣམས་དང་། དཔལ་མགོན་དང་ཕྱོགས་སྐྱོང་བ་སོགས་སྣང་སྲིད་ཀྱི་འབྱུང་པོ་ཆེ་བའི་ང་རྒྱལ་གྱིས་དྲེགས་པ་ཐམས་ཅད་གདོང་ལྔའི་དབང་པོས་གཅན་གཟན་གནོན་པ་བཞིན་དུ་མཚན་ཙམ་གྱིས་ཀྱང་བཀའ་ལས་འདར་མི་བཟོད་པར་ཟིལ་གྱིས་གནོན་པར་ནུས་པའི་བདག་ཉིད་ཆེན་པོ། མཚན་གཅིག་གིས་ཕྱོགས་བཅུའི་ཞིང་ཁམས་ཀུན་ཏུ་ཁྱབ་པ་དང་། ཞིང་གཅིག་ལའང་མཚན་གྱི་རྣམ་གྲངས་མཐའ་ཡས་པས་རྣམ་པར་རོལ་པ་ལས། སངས་རྒྱས་ཀྱི་ཞིང་འདིར། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིག་སྔགས་འཆང་། །ཞེས་ཚིག་རྐང་དང་པོས་དཔལ་ལྡན་ཐོག་མའི་མགོན་པོ་རྡོ་རྗེ་འཆང་དང་སངས་རྒྱས་འོད་དཔག་མེད་པ་ཤཱཀྱའི་རྒྱལ་པོ་རྣམས་རྣམ་དབྱེར་མེད་པར་གཞན་སྣང་དུ་པདྨའི་སྡོང་པོ་ལས་སྐྱེས་པའི་ཚུལ་བསྟན་པའི་མཚན་པདྨ་འབྱུང་གནས་སམ་པདྨ་སཾ་བྷ་ཝ། གཉིས་པས་ཆོས་ཀུན་མཁྱེན་པའི་ཡེ་ཤེས་ཀྱི་མཛོད་འཛིན་པས་བློ་ལྡན་མཆོག་སྲེད་དང་། གསུམ་པས་པདྨ་རྒྱལ་པོ་དང་སྒྱུ་འཕྲུལ་གྱི་རོལ་པ་སྣ་ཚོགས་འཆང་པ་ཉི་མ་འོད་ཟེར། བཞི་པས་སྲིད་པ་གསུམ་ན་ཆེ་བའི་མཐུ་ལྡན་སེང་གེ་སྒྲ་སྒྲོག །སངས་རྒྱས་གཉིས་པའི་ཚུལ་ཅན་ཤཱཀྱ་སེང་གེ །རིག་སྔགས་ནུས་སྟོབས་ཀྱི་གཟི་བརྗིད་ཁྱད་པར་དུ་འབར་བ་རྡོ་རྗེ་གྲོ་ལོད་བཅས་གསལ་བར་ལུང་བསྟན་པ་ལྟར། བདག་ཅག་གི་སྟོན་པའི་རྒྱལ་ཚབ་ཏུ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རིགས་འདུས་བླ་མ་ཆེན་པོའི་སྐུར་བསྟན་ཅིང་། དེའང་གཙོ་བོར་གསུང་མཆོག་པདྨའི་རིགས་ལས་བྱུང་ཞིང་པདྨ་ལས་བརྫུས་ཏེ་འཁྲུངས་པའི་ཚུལ་བསྟན་པའི་ཕྱིར་མ་ཧཱ་གུ་རུ་སཾ་བྷ་ཝ་སྟེ་པདྨ་འབྱུང་གནས་སམ་པདྨ་ལས་འཁྲུངས་ཞེས་པའི་མཚན་སྐུ་གསུང་སྟོན་པའི་ཞིང་ཁམས་རབ་འབྱམས་རྒྱ་མཚོ་ན་ཡོངས་སུ་གྲགས་པ་ཉིད་དེ། ཆོས་སྐུ་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་དུ་ཀ་དག་གི་གྲོལ་གཞིར་རང་རིག་མངོན་བྱང་ཆུབ་པ་ཐོག་མའི་མགོན་པོ་འོད་མི་འགྱུར་བ་ཞེས་བྱ་བ་དང་། རང་སྣང་ལོངས་སྐུ་ཚངས་པ་རྔ་སྒྲའི་ཞིང་ན་ཡེ་ཤེས་རིགས་ལྔ་གངས་ཆེན་མཚོ་ངེས་པ་ལྔ་ལྡན་གྱི་བཀོད་པ་འབྱམས་ཀླས་སུ་སྣང་བ་ལས་ཕྱིར་གསལ་ཕྱེད་སྣང་རང་བཞིན་སྤྲུལ་པ་སྐུ་ཚངས་ཆེན་གྱི་ཞིང་ན་རིགས་ལྔའི་སངས་རྒྱས་ཞིང་དང་སྐུའི་བཀོད་པ་ཚད་མེད་པ་ས་བཅུའི་དབང་ཕྱུག་རྣམས་ལ་སྣང་བ་དེ་དག་ཀྱང་གུ་རུའི་ཡེ་ཤེས་ཀྱི་རོལ་མོ་ལས་མ་གཡོས་པས་པདྨ་ཀུན་ཏུ་འཆང་ཞེས་བྱ་བ་དང་། དེ་དག་ལས་འགྲོ་འདུལ་སྤྲུལ་པ་སྐུའི་ཆོ་འཕྲུལ་ཕྱོགས་བཅུའི་ཞིང་ཁམས་ཚད་མེད་པ་རྣམས་དང་། བྱེ་བྲག་མི་མཇེད་ཀྱི་ཞིང་འདི་ཁོ་ན་མཚན་ངེས་པར་བསྟན་པ་མདོ་སྔགས་སྟོན་པ་བརྒྱ་རྩས་འཇིག་རྟེན་གྱི་ཁམས་ལྔ་བཅུའི་སྒྲོན་མེ་མཛད་ཅིང་། དེ་རེ་རེའི་ཕྱོགས་མཚམས་ཀྱི་འཇིག་རྟེན་རྣམས་སུ་གུ་རུ་མཚན་བརྒྱད་རེ་རེར་སྤྲུལ་ནས་འགྲོ་བ་འདུལ་བར་གསུངས་པ་དང་། ཁྱད་པར་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་གྱིས་ཁྱད་པར་གྱི་བཀོད་པ་གཟིགས་པ་ལས་ཤར་དུ་གུ་རུ་རྡོ་རྗེ་གངས་ཆེན་མཚོའི་བ་སྤུའི་ཁུང་བུ་རེ་རེར་ཞིང་ཁམས་བྱེ་བ་ཕྲག་བརྒྱ་བརྒྱ། དེ་རེ་རེར་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་བརྒྱ། དེ་རེ་རེར་གུ་རུ་བྱེ་བ་ཕྲག་བརྒྱ་བརྒྱ། དེ་རེ་རེར་སྤྲུལ་པ་བྱེ་བ་ཕྲག་བརྒྱ་བརྒྱ། དེ་རེ་རེར་གདུལ་བྱ་བྱེ་བ་ཕྲག་བརྒྱ་བརྒྱ། དེ་བཞིན་དུ་དབུས་དང་ཕྱོགས་གཞན་རྣམས་སུ་རིགས་བཞིའི་བཀོད་པ་སོགས་ཚད་མེད་པར་གསུངས་པ་དང་། ཛམ་བུའི་གླིང་འདི་ཁོ་ནར་འགྲོ་འདུལ་སྤྲུལ་པ་སྐུའི་ཕྱོགས་གཅིག་བསྟན་པ་ལའང་གདུལ་བྱའི་སྐལ་བ་དང་དབང་པོའི་ཁྱད་པར་གྱིས་མཐོང་ཚུལ་ཐ་དད་པར་སྣང་སྟེ། གཏེར་གསར་རྣམ་ཐར་དཔག་བསམ་ལྗོན་ཤིང་ལས། དེ་ཡང་ཁ་ཅིག་སྣང་ངོར་ཨོ་རྒྱན་ཡུལ༔ དྷ་ན་ཀོ་ཥར་པད་སྡོང་རྩེ་ལས་སྤྲུལ༔ ཁ་ཅིག་སྣང་ངོར་ཨོ་རྒྱན་རྒྱལ་པོའི་སྲས༔ ཁ་ཅིག་སྣང་ངོར་གནམ་ལྕགས་ཡོད་པའི་རྩེར༔ ཐོག་བབས་ཚུལ་དུ་བྱུང་ཞེས་ཐ་དད་ཀྱང༔ ཞེས་སོགས་གསུངས་པ་ལྟར་གཏེར་མའི་ཕྱོགས་ཕལ་མོ་ཆེར་རྫུས་སྐྱེས་ཀྱི་རྣམ་པར་ཐར་པ་ཤ་སྟག་འབྱུང་ཞིང་། ཕུར་པ་བཀའ་མའི་ལོ་རྒྱུས་སོགས་དང་འཕགས་ཡུལ་ཕལ་ཆེར་དུའང་ཨོ་རྒྱན་རྒྱལ་པོའམ་བློན་པོའི་སྲས་སུ་འཁྲུངས་པར་བཤད་པ་དང་། མ་ལ་ཡ་གནམ་ལྕགས་ཡོད་པའི་རི་རྩེར་ཐོག་བབས་ཀྱི་ཚུལ་དུ་བྱོན་པའི་ལོ་རྒྱུས་ཀྱང་ཡོད་པ་གོང་གི་ལུང་དེས་རྟོགས་ཤིང་། དེ་རེ་རེ་ལའང་ངོ་མཚར་བའི་རྣམ་ཐར་མི་མཐུན་པ་མཐའ་ཡས་པ་མཆིས་པ་ནི། ཇི་སྐད་དུ། རྣམ་ཐར་སྟོང་ཕྲག་བཅུ་དང་བརྒྱ་ཕྲག་དགུ༔ མ་འོངས་དམ་ལྡན་དོན་དུ་བཀོད་ནས་སྦས༔ ཞེས་གསུངས་པས་མཚོན། སོ་སྐྱེའི་བློའི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པ་སྟེ། འདིར་ཆེ་བའི་ཡོན་ཏན་དངོས་སུ་བསྟན་པ་རྣམས་ཀྱང་བྱིས་པའི་བློ་གྲོས་ལ་འཇུག་པར་འོས་པའི་ཕྱོགས་མཚོན་ཙམ་ཡིན་ལ། དེས་ནི་བསྟན་པའི་བདག་པོ་སློབ་དཔོན་ཁྱད་པར་འཕགས་པའི་དོན་བསྟན་པའོ། །གཉིས་པ་ནི། ཆོས་སྐྱོང་ནས་སྤྱན་དྲངས༔ ཞེས་གསུངས་ཏེ། དེ་ལྟ་བུའི་སློབ་དཔོན་ཆེན་པོ་སངས་རྒྱས་སྤྲུལ་པའི་སྐུ་དེ་ཉིད་བོད་ཡུལ་དུ་སྐུ་དངོས་ཀྱིས་ཕེབས་པའི་བདག་པོའི་རྐྱེན་ནི་རྒྱལ་བས་འཇམ་དཔལ་རྩ་རྒྱུད་དུ་ལུང་བསྟན་པའི་བོད་སྐྱོང་མངའ་བདག་རིམ་པར་བྱོན་པ་ལས། ཀུན་བཟང་རྣམ་འཕྲུལ་ཐོ་རི་སྙན་ཤལ་གྱིས་དམ་པ་ཆོས་ཀྱི་དབུ་བརྙེས། སྤྱན་རས་གཟིགས་དངོས་སྲོང་བཙན་སྒམ་པོས་སྲོལ་བཏོད། ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་འཕགས་པ་འཇམ་དཔལ་དབྱངས་ཀྱི་སྤྲུལ་པའི་སྐུ་ཁྲི་སྲོང་ལྡེའུ་བཙན་གྱིས་དར་ཞིང་རྒྱས་པར་མཛད་དོ་ཞེས་ཡོངས་སུ་གྲགས་པ་ལྟར། ཆོས་རྒྱལ་དེ་ཉིད་ཀྱིས་བོད་ལ་དམ་པའི་ཆོས་ཀྱི་བསྟན་པ་དར་བའི་ཆེད་དུ་འཕགས་པའི་ཡུལ་ནས་མཁན་ཆེན་ཞི་བ་འཚོ། རྡོ་རྗེའི་སྐུ་ཅན་བི་མ་ལ་མི་ཏྲ་སོགས་པཎ་ཆེན་བརྒྱ་རྩ་བརྒྱད་དང་། ཁྱད་པར་འཆི་མེད་རིག་འཛིན་ཆེན་པོ་པདྨ་ཀ་ར་སྤྱན་དྲངས། འབངས་མི་དད་པ་ཅན་རབ་ཏུ་བྱུང་སྟེ་ལོ་ཙཱ་བསླབས། གཙུག་ལག་ཁང་བཞེངས། དགེ་འདུན་གྱི་སྡེ་བཙུགས། དམ་པའི་ཆོས་བསྒྱུར་བཤད་ཉམས་ལེན་གྱི་སྲོལ་བཏོད་དེ། སངས་རྒྱས་ཀྱི་བསྟན་པ་ཐོག་མ་ཉིད་དུ་དར་རྒྱས་མཛད་པའི་ཕྱག་རིས་དང་སྙན་གྲགས་སྲིད་པའི་མཐར་ཡང་ནུབ་ཏུ་མེད་པ་ནི་བསྟན་པའི་སྦྱིན་བདག་ཁྱད་པར་དུ་འཕགས་པའི་ཚུལ་བསྟན་པའོ། །གསུམ་པ་ནི། འཕགས་པ་ནས་ལྗོངས་འདིར་བྱོན༔ ཅེས་གསུངས་ཏེ། མཉམ་མེད་ཐུབ་པའི་དབང་པོས་འཕགས་པ་ཐུགས་རྗེ་ཆེན་པོ་ལ་གཉེར་དུ་གཏད་པ་བཞིན་འཕགས་པ་ཉིད་ཀྱིས་གདུལ་བྱའི་ཞིང་ཁམས་སུ་བདག་གིར་བཞེས་པའི་གངས་ཅན་བོད་ཀྱི་ཡུལ་ལྗོངས་འདིར་རྟེན་ཕྱི་སྣོད་བེམ་པོའི་དངོས་པོ་རྣམས་ཀྱང་རི་བོ་གྲུ་འཛིན་སོགས་དང་རྣམ་དབྱེར་མེད་པ་གྲོལ་བ་བཞི་ལྡན་དུ་བྱིན་གྱིས་བརླབས་པའི་བཀའ་རྟགས་རང་བྱོན་གྲངས་མེད་བཀོད། བརྟེན་པ་འགྲོ་བ་མིའི་ས་བོན་ཐོག་མར་བསྐྲུན། རིམ་གྱིས་རྒྱལ་བློན་ཁྱིམ་བདག་མཁས་གྲུབ་རྟོགས་ལྡན་དགེ་བའི་བཤེས་གཉེན་གྱིས་མཚོན། གང་འདུལ་སྤྲུལ་པའི་རོལ་གར་སྣ་ཚོགས་རྒྱུན་མི་འཆད་པར་སྤྲུལ་ཏེ་བྱིས་པ་སྨྲ་ཤེས་ཙམ་ནས་ཡི་གེ་དྲུག་པའི་སྒྲ་རྩོལ་མེད་དུ་འབྱུང་བར་བྱིན་གྱིས་བརླབས་ཤིང་། གུ་རུ་ཉིད་ཀྱང་འཕགས་པའི་ཐུགས་རྗེ་ལས་སྣང་བའི་ཚུལ་གྱིས་བསིལ་ལྡན་སྐྱེ་རྒུའི་མགོན་སྐྱབས་གཅིག་པུ་པར་བྱོན། རྒྱལ་བས་བསྟན་པ་བྱང་ནས་བྱང་དུ་དར་བར་ལུང་བསྟན་པ་ལྟར། འཕགས་ཡུལ་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེའང་ཕྱིས་ནས་བོད་ཀྱི་ཡུལ་འདིར་འཕོས་པ་ལྟར་དེང་དུས་བར་ཉམས་པ་མེད་པར་བཞུགས་པ་དང་། སངས་རྒྱས་ཀྱི་ཞལ་སྐྱིན་མཆེད་སོགས་སྐུ་གསུང་ཐུགས་རྟེན་ཁྱད་འཕགས་གྲངས་ལས་འདས་པས་གཏམས་ཤིང་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེས་ནོར་འཛིན་གྱི་ཁྱོན་ཁེངས་པ་སོགས་སྒོ་དུ་མ་ནས་ངོ་མཚར་ཆེ་བ་བསྟན་པ་བཞུགས་པའི་ཡུལ་ཁྱད་པར་དུ་འཕགས་པའི་དོན་བསྟན་པའོ། །བཞི་པ་ནི། མ་རུངས་པའི་ ནས་ ས་མ་ཡ༔ ཞེས་པའི་བར་གྱིས་བསྟན་ཏེ། སྤྱིར་སངས་རྒྱས་རྣམས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྒོ་ནས་འདུལ་བ་བཞིའི་ཆོ་འཕྲུལ་ལ་མངའ་དབང་འབྱོར་བས་མཛད་པའི་ཚུལ་བསམ་གྱིས་མི་ཁྱབ་ཅིང་། ཐམས་ཅད་ཀྱང་གཞན་ཕན་ཆོས་ཀྱི་འཁོར་ལོ་ཤ་སྟག་ཏུ་གྱུར་པས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཁོ་ནར་ཟད་ཀྱང་། འདིར་བོད་ཡུལ་གདུལ་བྱ་སྤྱི་མཐུན་ལ་ཇི་ལྟར་སྣང་བའི་དབང་དུ་བྱས་ཏེ། སློབ་དཔོན་སྤྲུལ་པའི་སྐུ་ཆེན་པོ་གངས་ཅན་ལྗོངས་སུ་ཕེབས་པའི་ཚེ། མཛད་པའི་ཆོས་སྒོ་དབྱེ་བའི་ཐོག་མར། བོད་ན་གཉུག་མར་གནས་ཤིང་རྒྱུད་མ་རུངས་པའི་འབྱུང་པོ་རང་རྒྱུད་པ་ཆོས་དང་དགེ་བའི་བྱ་བ་ལ་བར་དུ་གཅོད་པས་སྔོན་ཆད་སར་གནས་ཀྱི་བྱང་སེམས་ཞི་བ་འཚོ་ལྟ་བུས་ཀྱང་ཆོས་ཁྲིམས་བཙུགས་མ་ནུས་པའི་མི་མིན་གདུག་པ་ཅན་མངའ་རིས་ནས་མདོ་ཁམས་ཀྱི་བར་ལ་གང་མཆིས་པ་ཐམས་ཅད་བཀའ་རྟགས་ཕྱག་རྒྱ་གཉན་པོའི་ཟིལ་འོག་ཏུ་བཅུག་ནས་བཏུལ། ཕྱིན་ཆད་དམ་པའི་ཆོས་དང་ཆོས་སྒྲུབ་པ་པོའི་སྲུང་མར་བསྐོས་ཏེ་གཙིགས་ལ་ཕབ་ཅིང་ནམ་ཡང་འདར་མེད་པར་མཛད། མངའ་བདག་གི་བཞེད་པ་ལྟར་བཤད་སྒྲུབ་འབྱུང་བའི་གནས་བི་ཀྲ་མ་ལ་ཤཱི་ལ་ལ་དཔེ་བྱས་ཏེ་རི་རབ་གླིང་བཞི་ཉི་ཟླ་ལྕགས་རི་དང་བཅས་པའི་ཚུལ་དུ་ཡོད་པ་སྤྲུལ་པའི་ཆོས་འཁོར་ཆེན་མོའི་དབུ་རྩེ་རིམ་གསུམ་གྱི་འོག་ཁང་བོད། བར་ཁང་རྒྱ་ནག །སྟེང་ཁང་རྒྱ་གར་ཏེ་ལུགས་གསུམ་གྱི་ཚུལ་དུ། ས་སྟེང་ཉི་འོག་ན་འགྲན་ཟླ་བྲལ་བ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཕྱིའི་རྟེན་གཞལ་ཡས་ཁང་། ནང་གི་བརྟེན་པ་སྐུ་གསུང་ཐུགས་རྟེན་ངོ་མཚར་བསམ་གྱིས་མི་ཁྱབ་པ་རྣམས་དང་བཅས་པ་བཞེངས་ཏེ་རབ་ཏུ་གནས་པའི་མེ་ཏོག་ཕྱག་གིས་འཐོར། ཡེ་ཤེས་སེམས་དཔའ་དངོས་སུ་ཐིམ་པའི་ཆོ་འཕྲུལ་ཆེན་པོ་རྨད་དུ་བྱུང་བས་ལྷ་དང་བཅས་པའི་འཇིག་རྟེན་དད་པའི་གནས་ལ་བཀོད་ཅིང་བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ད་ལྟའི་བར་དུ་འཚོ་ཞིང་གཞེས་པ་དང་། སྣོད་བཅུད་ལ་དགེ་མཚན་མི་ཉམས་པའི་བཀའ་དྲིན་མཛད། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་རྟོགས་གཉིས་ཀྱི་བདག་ཉིད་དུ་གནས་ཤིང་། ལུང་གི་ཆོས་སྡེ་སྣོད་གསུམ། རྟོགས་པའི་དོན་བསླབ་པ་གསུམ་དུ་འདུས་པ་ལས། ཐོག་མར་ལུང་ཆོས་བོད་སྐད་དུ་སྒྱུར་བ་པོ་ལོ་ཙཱ་བ་ལུང་བསྟན་ཅིང་ཤེས་བྱ་ལ་བློ་སྦྱོང་དུ་བསྩལ། རིམ་པར་ལོ་པཎ་བསྡེབས་ཏེ་འཕགས་ཡུལ་ན་ཡོངས་སུ་གྲགས་པའི་དམ་ཆོས་རྣམས་བོད་དུ་འགྱུར་བའི་བདག་པོའི་རྐྱེན་མཛད། མདོ་སྔགས་ལུང་རྟོགས་ཡོངས་སུ་རྫོགས་པའི་བཤད་ཉན་དང་། བསླབ་པ་ཉམས་ལེན་སྒོམ་སྒྲུབ་ཀྱི་ཕྱག་སྲོལ་ཆེན་མོའི་རྒྱུན་འདི་ཐོག་མར་བཙུགས། མཚན་ཉིད་ཀྱི་ཐེག་པ་ལས་ཁྱད་པར་དུ་མས་འཕགས་བ་ཚེ་གཅིག་གིས་སངས་རྒྱས་སྟེར་བའི་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་རྣམས་རྗེ་འབངས་སྐལ་པ་དང་ལྡན་པ་རྣམས་ལ་མནོག་ཆོས་སུ་བསྩལ་ཏེ། རྒྱུད་མ་ཧཱ། ལུང་ཨ་ནུ། མན་ངག་ཨ་ཏི་སྟེ། ཡོ་ག་རྣམ་པ་གསུམ་དང་། རེ་རེ་ལའང་རྒྱུད་ལུང་མན་ངག་གི་ཟབ་དོན་རིམ་པར་བཞུགས་པ་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་འབྱམས་ཀླས་པར་བསྐོར་བས་བསྟན་པའི་སྙིང་པོ་འཕགས་ཡུལ་ལས་ཀྱང་ཆེས་ལྷག་པར་གསལ་བར་མཛད། སྐུ་གཅིག་ཞིང་ཁམས་རྒྱ་མཚོར་ཁྱབ་པའི་ཆོ་འཕྲུལ་ཆེན་པོས་སྤྲུལ་པའི་རྗེ་འབངས་གྲོགས་འཁོར་དང་ལྷན་ཅིག །བོད་ཀྱི་གནས་ཆེན་པོ་གངས་ཆེན་བཞི། བྲག་ཕུག་ཆེན་པོ་བརྒྱད། གྲགས་པའི་མཚོ་ཆེན་བཞི། ལུང་ལྔ། ལྗོངས་གསུམ། སྦས་ཡུལ་གླིང་ཆེན་རྣམས་གཙོར་བྱས། བོད་ཁམས་སྟོད་སྨད་བར་གསུམ་གྱི་ས་གཞིའི་ཁྱོན་རྟ་རྨིག་ཙམ་ཡང་མ་ལུས་པར་ཞབས་ཀྱིས་བཅགས། སྐད་ཅིག་བསྐལ་པར་བསྒྱུར་བའི་རྫུ་འཕྲུལ་གྱིས་དེ་དག་རེ་རེར་ཡང་ལོ་ཟླ་མང་པོར་ཚོགས་ཀྱི་སྒྲུབ་པ་དང་ཆོས་འཁོར་བསྐོར་པ་སོགས་ཀྱིས་གདོད་ནས་གྲུབ་པའི་གནས་ཆེན་རྣམས་དང་དབྱེ་བ་མེད་པར་བྱིན་གྱིས་བརླབས། དུས་སྐབས་དེའི་གདུལ་བྱར་གྱུར་པ་རྣམས་རྟོགས་གྲོལ་དུས་མཉམ་དུ་གྱུར་ཀྱང་སྐལ་དམན་ཞལ་མཐོང་ཙམ་གྱི་ས་བོན་བཞག་པ་དང་། ཕྱི་རབས་ཀྱི་འགྲོ་བ་རྣམས་ལ་བརྩེ་བའི་ཐུགས་རྗེས་དགོངས་ནས། སྐུ་གཏེར་ཆོས་གཏེར་ནོར་གཏེར་རྫས་གཏེར་ལ་སོགས་པ་ཟབ་མོའི་གཏེར་ཁ་ཁ་བྱང་དང་བཅས་ཤིང་འདོན་པའི་སྐྱེས་བུ་ལུང་བསྟན་པ་མིང་ཅན་དང་། ལས་ཅན་གང་རུང་ལ་དགོངས་པ་གཏད་ཅིང་ཁ་བྱང་དམིགས་སུ་མ་གསལ་བའི་མིང་མེད་གྲངས་ལས་འདས་པ་སྤས་ཏེ་ས་སྟེང་ཆོས་ནོར་དམ་རྫས་ཀྱིས་བཀང་བས། མ་འོངས་ཕྱི་མ་ལས་ཀྱང་ཕྱི་མའི་མཐར་ཐུག་པ་ཐུབ་བསྟན་ནུབ་ནས་ཀྱང་བྱམས་མགོན་མ་བྱོན་གྱི་བར་དུ་སྐལ་ལྡན་རྣམས་ལ་གཏེར་གྱི་འགྲོ་དོན་མཛད་པར་གསུངས་པས་མཚོན། བོད་ཁམས་མཐའ་དང་དབུས་ཐམས་ཅད་ལ་བྱང་ཆུབ་བར་དུ་གཞལ་དུ་མེད་པའི་བཀའ་དྲིན་གྱིས་ཁྱབ་པར་མཛད་པ་ནི་དེང་གི་དུས་བློ་ལྡན་རྣམས་ཀྱི་སྤྱོད་ཡུལ་དུ་མངོན་སུམ་གྱུར་པ་འདི་ཉིད་དོ། །དེས་མཛད་པའི་ཆོས་སྒོ་ཁྱད་པར་དུ་འཕགས་པའི་ཚུལ་བསྟན་པའོ། །ལྔ་པ་ནི། བསམ་ཡས་ངོ་མཚར་གྱི་ཆོ་འཕྲུལ་ཆོས་སྒོ་ཆེན་པོ་དེ་དག་ནམ་བྱུང་བ་དེའི་ཚེ་སྐབས་ཏེ་ཤུགས་ལས་བསྟན་པའོ། །གཉིས་པ་རྐྱེན་གླེང་སློང་བ་ལ་གཉིས། གླེང་སློང་བའི་གཞི་འགོད་པ་དང་། གླེང་སློང་བ་དངོས་སོ། །དང་པོ་ནི། དེའི་ཚེ་དེའི་དུས་ན་ཞེས་པ་ནས་དབྱེར་མེད་དུ་གྱུར་ཏོ༔ ཞེས་པའི་བར་གྱིས་བསྟན། གཉིས་པ་ནི། དེ་ལྟ་བུའི་ནས་བཀའ་བསྩལ་ཏོ༔ ས་མ་ཡ༔ ཞེས་པའི་བར་གྱིས་བསྟན་ཏོ། །འདིར་སྤྱི་དོན་སྤྲོས་ན་ཡི་གེ་མང་དོགས་པས་མ་བྲིས་ཤིང་ཚིག་དོན་ནི་གོ་སླའོ།། །།གསུམ་པ་འབྲས་བུ་ཡོངས་ཤེས་མན་ངག་གི་དོན་བཤད་པ་ལ་གསུམ། བཤད་བྱ་དོན་གྱི་སྒོ་ནས་མདོར་བསྟན། འཆད་བྱེད་ཐུན་མིན་གླེང་གཞིས་གོ་ཕྱེ། ཇི་ལྟར་འཆད་པའི་ཚུལ་གྱིས་ཚིག་དོན་རྒྱས་པར་ཕྱེ་བའོ། །དང་པོ་ནི། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་འབྱུང་སྟེ། དེའི་དོན་འཆད་པ་ལ་གཉིས། འཕྲོ་གཞི་ཡི་གེའི་དེ་ཉིད་སྤྱིར་བཤད། དེ་ལས་འཕྲོས་པའི་འབྲུ་བཞིའི་དོན་ཁྱད་པར་དུ་བསྟན་པའོ། །དང་པོ་ལ་ལྔ། ངོ་བོ། རང་བཞིན། ངེས་ཚིག །བྱེད་ལས། དབྱེ་བའོ། །དང་པོ་ལའང་། ཐུན་མོང་ཐ་སྙད་ཀྱི་གནས་སྐབས་སུ་ཕུང་པོ་ལྔ་ལས་མི་ལྡན་པའི་འདུ་བྱེད་དུ་བཞག་པ་དང་ཆོས་ཀྱི་བརྡའམ་མཚན་མར་གྱུར་བའི་ཕྱིར་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱར་བཞག་པ་དང་། ལྷ་དང་སྔགས་ལ་ཐ་དད་མེད་པའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱིས་ལྷར་བཞག་པ་དང་། མཚན་མ་འདིས་འགྲོ་བའི་རྒྱུད་བྱིན་གྱིས་རློབ་ནུས་པའི་ཕྱིར་སངས་རྒྱས་སུ་བཞག་པ་དང་། དེ་བཞིན་གཤེགས་པའི་བྱིན་རླབས་དང་རྣམ་པར་སྨིན་པའི་ཆོས་འདྲེས་པའི་ཕྱིར་སྣང་བར་བཞག་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཉིད་ཡི་གེར་བྱིན་གྱིས་བརླབས་པས་དེ་གཉིས་ཐ་དད་མེད་པར་བཞག་པ་སྟེ། གང་ཟག་དང་གནས་སྐབས་ཀྱི་ཁྱད་པར་ལས་བརྟགས་པ་རྣམ་པ་དྲུག་ཏུ་བཤད་དོ། །གཉིས་པ་ནི། སེམས་ཀྱི་རང་བཞིན་འོད་གསལ་བ་ཉིད་ཡི་གེ་འཁོར་ལོའི་སྤྲིན་དུ་རང་སྣང་བ་སྟེ། དེ་ལས་གཞན་དུ་དངོས་པོར་གྲུབ་པ་གང་ཡང་མེད་དེ། གསང་སྙིང་ལས། སེམས་ཀྱི་རང་བཞིན་ཡི་གེ་སྟེ། །ཡི་གེ་དངོས་པོར་ཡོད་མ་ཡིན། །ཞེས་དང་། མདོ་ལས་ཀྱང་། རབ་འབྱོར་ཡི་གེ་ནི་དོན་དམ་པར་མ་སྐྱེས་པ་སྟེ་ཨའི་ངོ་བོ་ཉིད་དོ། །ཨའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་སེམས་ཀྱི་རང་བཞིན་ཏེ། དངོས་པོ་དང་དངོས་པོ་མེད་པ་ཐམས་ཅད་ལས་ཡང་དག་པར་འདས་པའོ། །ཞེས་གསུངས་སོ། །གསུམ་པ་ནི། ཡུལ་ཆོས་ཀྱི་དབྱིངས་ལ་ཡུལ་ཅན་རང་བྱུང་ཤེས་རབ་ཀྱིས་བྱ་རྩོལ་མེད་པར་བྲིས་པ་སྟེ། ཡེ་ནས་ལྷུན་གྱིས་གྲུབ་ཅིང་འགྱུར་བ་མེད་པས་ཨཀྵར་དང་། བརྗོད་བྱ་ཐམས་ཅད་གསལ་བར་བྱེད་པས་བྱཉྫ་ན་དང་། དོན་མཚོན་པའི་ནུས་པ་དང་ལྡན་པས་ཝརྞ་ཞེས་པའི་མིང་གིས་བརྗོད་པ་སྟེ། གསང་སྙིང་ལས། དབྱིངས་ལས་དབྱིངས་ཀྱིས་བྲིས་པ་སྟེ། །ཡི་གེ་ཞེས་ནི་དེ་ཕྱིར་བརྗོད། །ཅེས་སོ། །བཞི་པ་ནི། དངོས་པོ་མེད་པའི་རང་བཞིན་ཡི་གེ་འཁོར་ལོའི་སྤྲིན་གྱི་རོལ་པ་སྣ་ཚོགས་སུ་སྣང་བས་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་དང་། དོན་གྱི་ཁྱད་པར་སྟོན་པའི་ཚིག་རྣམས་འབྱུང་ཞིང་། དེ་དག་འདུས་པ་ལས་གཞི་ལམ་འབྲས་བུས་བསྡུས་པའི་འཁོར་འདས་ཀྱི་བརྗོད་པ་ཇི་སྙེད་པ་སྟོན་པས་སངས་རྒྱས་ཀྱི་མཛད་པ་སྒྲུབ་པའི་ཕྲིན་ལས་དང་ལྡན་པ་སྟེ། ཚིག་རྣམས་མ་ལུས་འཛིན་པའི་གནས། །སྣ་ཚོགས་དོན་ཆེན་སྨྲ་ཞིང་སྟོན། །ཞེས་སོ། །ལྔ་པ་རྣམ་པར་དབྱེ་བའི་ཚུལ་ཡང་། ཆོས་རྗེ་ཀུན་མཁྱེན་ཆེན་པོའི་བཞེད་པ་ལྟར་ན་བཞི་སྟེ། གནས་ལུགས་དོན་གྱི་ཡི་གེ་ནི། སྒྱུ་འཕྲུལ་ལས། སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཞེས་གསུངས་པ་ལྟར། སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་རང་བྱུང་གི་ཡེ་ཤེས་རྟག་ཆད་འགྲོ་འོང་དང་བྲལ་བ་སྟེ་འཁོར་འདས་ཀྱི་ཡི་གེ་ཐམས་ཅད་འགྲོ་བའི་གཞིར་གྱུར་པའོ། །ལུས་གནས་རྩའི་ཡི་གེ་ནི། ལུས་ཀྱི་རྩ་འཁོར་ལོ་བཞིའི་སྲོག་ཤིང་རོ་རྐྱང་དབུ་མ་གསུམ་གྱི་ནང་དུ་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གའི་ཚུལ་དུ་རང་བྱུང་དུ་གནས་པས། ཕྱི་རུ་ལུས་ངག་ཡིད་གསུམ། ནང་དུ་ཉོན་མོངས་དུག་གསུམ། གསང་བར་སྐུ་གསུང་ཐུགས་སུ་འཆར་བའི་རྟེན་བྱེད་ལ། དེའི་འོད་མདངས་ལས་འཁོར་ལོ་བཞིའི་རྩ་འདབ་རྣམས་སུ་ཐབས་ཤེས་དབྱངས་གསལ་གྱི་ཡི་གེ་རྐྱང་བརྩེགས་འདོགས་དང་ཡན་ལག་ཏུ་ཕྱེ་བའི་བརྒྱད་ཁྲི་བཞི་སྟོང་གནས་པས། ཕྱི་ཕུང་ཁམས་སྐྱེ་མཆེད་ཀྱི་རྟེན་དང་སྨྲ་བརྗོད་དེ་སྙེད་འབྱུང་བའི་རྒྱུ་བྱེད། ནང་ཉོན་མོངས་རྟོག་ཚོགས་ཀྱི་རྟེན་དང་ཉིན་མཚན་རྣམ་རྟོག་དེ་སྙེད་འབྱུང་བའི་རྟེན་བྱེད། གསང་བར་དེ་རྣམས་དག་དུས་ཆོས་སྒོ་དེ་སྙེད་འབྱུང་བའི་རྟེན་བྱེད་པའོ། །བརྗོད་པ་སྒྲའི་ཡི་གེ་ནི། ངག་གི་སྨྲ་བ་དང་བརྗོད་པ་རྣམས་ཡིན་ཏེ། རྒྱུ་རྩ་གནས་ཀྱི་ཡི་གེ་རླུང་གིས་བསྐྱོད། རྐྱེན་ལྕེ་རྐན་སོགས་ཀྱི་བྱེད་པ་ལ་བརྟེན་ནས་གནས་དང་རྩོལ་བ་འཕྲད་ནས་འབྱུང་བ་རྣམས་སོ། །མཐར་ཐུག་འབྲས་བུའི་ཡི་གེ་ནི། ལོངས་སྐུའི་རྩ་གནས་དག་པའི་ཡི་གེ་ལས་ཡི་གེའི་སྤྲིན་འཕྲོས་ཏེ་ནམ་མཁའ་ལ་ཆོས་ཀྱི་དབྱངས་སུ་གྲགས་པ་དང་། ཡི་གེ་སྐུར་གྱུར་ནས་སེམས་ཅན་གྱི་དོན་མཛད་པ་དང་། ལོངས་སྤྲུལ་གཉིས་ཀའི་རྩ་ཡིག་ཡེ་ཤེས་ལྔའི་སྣང་བས་བརྒྱན་པ་དང་། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་ཆོས་སྒྲར་སྣང་བ་རྣམས་སོ། །དེའང་དབྱིངས་དོན་དམ་གྱི་ཡི་གེའི་རང་མདངས་ལས་ལུས་རྩའི་ཡི་གེ་བྱུང་། དེའི་གདངས་བརྗོད་པ་སྒྲའི་ཡི་གེར་ཤར། དེ་སྒྲིབ་པ་ལས་གྲོལ་བས་འབྲས་བུའི་ཡི་གེར་གནས་འགྱུར་པ་ཡིན་པས་བཞི་ཀའང་ངོ་བོ་གཅིག་ཏུ་འདུས་པའོ། །གཉིས་པ་ནི། དེ་ལས་འདིར་མདོར་བསྟན་དུ་མཛད་པའི་ཡི་གེ་འདི་དག་རྟོག་གེ་དང་ཉན་ཐོས་སོགས་ཀྱི་བློས་མི་ཕྱེད་པས་གསང་བ་ཆེན་པོ་རྡོ་རྗེའི་ཡི་གེའམ། ཇི་ལྟར་ཨེ་དང་ཝཾ་ཡིག་བཞིན་དུ་དེ་བཞིན་གཤེགས་པའི་བརྡར་གྱུར་པའི་ཡི་གེ་སྟེ། བརྡ་ལའང་དོན་དམ་ཉིད་བརྡ་འམ་རྟགས་སུ་ཤར་བ་དང་། ཐ་སྙད་ཀྱིས་བརྡར་བཏགས་པ་གཉིས་ལས། འདི་ནི་བཅོས་ནས་ཐ་སྙད་དུ་སྦྱར་བ་མ་ཡིན་པ་དོན་དམ་པའི་གནས་ལུགས་བརྡའི་ཚུལ་དུ་རང་ཤར་བ་དེ་ཉིད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ནས་གསལ་བར་མཛད་པ་སྟེ། འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་ཀྱི་སྲོག་གམ་གནད་འདུས་པའི་ཕྱིར་དེ་དག་གང་ལ་འཕྲོ་བའི་གཞི་དང་། བཤད་པའི་གཞི་དང་། བཟླས་སྒོམ་གྱི་གནད་དང་། མཐར་ཐུག་གི་སྐྱེལ་སོ་རྣམས་སུ་གྱུར་པའོ། །དེ་ལ་རྡོ་རྗེའི་ཡི་གེ་བཞིའི་དོན་ཅུང་ཟད་བཀྲོལ་བ་ལ་ལྔ། གང་ལས་བྱུང་བ། དེའི་རྒྱུ་མཚན། འབྲུ་བཞིའི་ངོ་བོ། མཚོན་དོན་བྱེད་ལས། བཞི་ཆོས་རྣམས་བསྟན་པའི་ཚུལ་ལོ། །དང་པོ་ནི། སྤྱིར་རང་བྱུང་འོད་གསལ་གཞོམ་དུ་མེད་པའི་སྒྲ་མི་ཤིགས་པའི་རླུང་དང་དབྱེར་མེད་པ་ལས་འོད་གསལ་གྱི་རླུང་བྱུང་། དེ་ལས་སྣང་བའི་རླུང་། དེ་ལས་རགས་པའི་རླུང་བཅུ་སོགས་བྱུང་ཞིང་བསྐུལ་བྱ་དེ་རྣམས། སྒྲ་དོན་འདྲེས་འཛིན་གྱི་རྣམ་པར་རྟོག་པ་སྐུལ་བྱེད་དུ་བྱས་ནས་ངག་ཏུ་བརྗོད་པའི་ཡི་གེ་རྣམས་བྱུང་བ་ཡིན་ཞིང་། བྱེ་བྲག་ཏུ། དྲི་མེད་འོད་ལས། སྟོང་པ་ཆེན་པོ་ལྔ་ལས་སྐུ་རྡོ་རྗེ་ལ་སོགས་པ་སྔགས་རབ་ཏུ་བརྗོད་པའི་ཆོས་ཅན་རྣམས་འབྱུང་སྟེ། རྗེས་སུ་ང་རོ་དང་། ཨ་ཡིག་གཉིས་དང་། ཐིག་ལེ་གཉིས་དང་། གཞོམ་དུ་མེད་པའི་ཧ་ཡིག་རྣམས་ལས་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེ་རྣམས་ཡང་དག་པར་འབྱུང་བར་གསུངས་པ་བཞིན། ཨ་ཨུ་མ་གསུམ་འདུས་པ་ལས་ཨོཾ། ཨ་ཨ་ཧ་གསུམ་འདུས་པ་ལས་ཨཱཿ ཧ་ཨཱུ་མ་གསུམ་འདུས་པ་ལས་ཧཱུྃ། ཧ་ཨུ་ཧ་གསུམ་འདུས་པ་ལས་ཧོཿརྣམས་བྱུང་སྟེ་རེ་རེའང་ཡོན་ཏན་གསུམ་གསུམ་གྱི་བདག་ཉིད་ཅན་དུ་གྲུབ་པའོ། །གཉིས་པ་ནི། སྤྱིར་གསང་སྔགས་རིག་སྔགས་གཟུངས་སྔགས་ཐམས་ཅད་འབྱུང་བའི་གནས་ནི་ཨཱ་ལི་ཀཱ་ལི་ཡིན་ལ། དེ་རྣམས་ཀྱང་རང་བྱུང་འོད་གསལ་མི་ཤིགས་སྙིང་པོའི་ཐིག་ལེ་དང་དབྱེར་མེད་པ་ཨ་ཡིག་ཁོ་ནའི་རྣམ་འགྱུར་ལས་བྱུང་བ་ཡིན་ཏེ། འཇམ་དཔལ་སྒྱུ་དྲྭར། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། ཁོངས་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་དང་། གསང་སྙིང་ལས། ཨ་ཉིད་སྣ་ཚོགས་པར་སྣང་བའི། །ཀ་ལ་སོགས་པ་བཞི་བཅུ་གཉིས། །ཞེས་སོགས་འབྱུང་བ་ལྟར་རོ། །གསུམ་པ་ནི། གོང་དུ་བཤད་པའི་བརྟགས་པ་རྣམ་པ་དྲུག་ཀ་འཇུག་ཀྱང་། འདིར་སྐུ་གཟུགས་སྣང་རྣམ་པ་ཐམས་ཅད་པ། གསུང་སྒྲ་བརྙན་རྣམ་པ་ཐམས་ཅད་པ། ཐུགས་སྟོང་ཉིད་རྣམ་པ་ཐམས་ཅད་པ། བདེ་བ་ཆེན་པོའི་ཡེ་ཤེས་རྣམ་པ་ཐམས་ཅད་པ་རྣམས་རིམ་བཞིན་ཨོཾ་སོགས་ཀྱི་ངོ་བོ་དང་རང་བཞིན་དབྱེར་མེད་པ་ཤེས་པར་བྱའོ། །བཞི་པ་ནི། དཔེར་ན་ཨ་ནི་ཡི་གེ་གཞན་ལས་གཟུགས་ཐ་དད་པས་གཅིག་པའང་མ་ཡིན་ལ། ཀུན་གྱི་ཁྱབ་བྱེད་དུ་འདྲེས་པས་ཐ་དད་པའང་མ་ཡིན་པ་བཞིན་དུ། རང་བཞིན་འོད་གསལ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་རླུང་དང་བཅས་པ་ཉིད། གཉིས་བསྡུས་ཀྱི་ཆོས་ཐམས་ཅད་དང་ངོ་བོ་ཐ་དད་པས་གཅིག་པའང་མ་ཡིན་ལ། འཁོར་འདས་ཀྱི་ཁྱབ་བྱེད་དུ་གྱུར་པས་ཐ་དད་པའང་མ་ཡིན་པར་མཚོན་ལ། ཁྱད་པར་གཟུགས་སྣང་གི་རང་བཞིན་དཀྱིལ་འཁོར་འཁོར་ལོ་སྣང་སྟོང་དུ་གདོད་ནས་གནས་པ་དེ་ཨོཾ་གྱིས་མཚོན། སྒྲ་བརྗོད་ངག་ཚིག་གི་རང་བཞིན་མི་ཤིགས་ནཱ་དའི་འཁོར་ལོ་གྲག་སྟོང་དུ་ཡེ་ནས་གནས་པ་དེ་ཨཱཿས་མཚོན། རྟོག་ཚོགས་འགྱུ་དྲན་གྱི་རང་བཞིན་འོད་གསལ་སྙིང་པོ་དེ་བཞིན་ཉིད་ཀ་དག་ཀུན་ཁྱབ་ཏུ་བཞུགས་པ་དེ་ཧཱུྃ་གིས་མཚོན། སྲིད་རྩ་འཕོ་བའི་རང་བཞིན་བདེ་བ་ཆེན་པོ་ངོ་བོ་འགྱུར་མེད་དུ་གནས་པ་དེ་ཧོཿཡིག་གིས་མཚོན། འབྲུ་བཞི་པོ་རེ་རེར་ཡང་ཡོན་ཏན་གསུམ་གསུམ་སྟེ་རྣམ་པ་བཅུ་གཉིས་ཀྱི་བདག་ཉིད་དུ་གནས་པ་ནི་རྟེན་འབྲེལ་ལུགས་འབྱུང་ལྡོག་བཅུ་གཉིས་དང་། རྡོ་རྗེ་བཞི་པོ་རེ་རེར་ཡང་སྐུ་གསུམ་གྱི་བདག་ཉིད་དུ་བཞུགས་པ་སོགས་མཚོན་ནོ། །ཡི་གེ་འདི་དག་གི་གདངས་ལུས་ངག་ཡིད་གསུམ་སྙོམས་འཇུག་གི་རྟོག་པ་དང་བཅས་པར་ཤར་བས་འཁོར་བའི་གཟུགས་སུ་གྲུབ་ལ། རྣལ་འབྱོར་གྱིས་ལམ་དུ་བྱས་པས་སྒྲིབ་པ་གཅོད་པའི་གཉེན་པོར་འགྱུར་བ་དང་། གློ་བུར་གྱི་དྲི་མ་དག་པ་ལས་རྡོ་རྗེ་བཞི་པོ་མངོན་དུ་འགྱུར་བས་ན་གྲོལ་འཁྲུལ་གཉིས་ཀའི་བྱེད་པ་དང་ལྡན་པ་སྟེ། དྲི་མེད་འོད་ལས། གདེངས་ཅན་གྱི་གནས་ཨོཾ། མིའི་འཇིག་རྟེན་ཨཱཿ མཐོ་རིས་ཀྱི་གནས་ཧཱུྃ། སྒོ་གསུམ་ཆགས་རྟོག་བཅས་འབྲུ་བཞིར་སྦྱོར་བ་སོགས་དང་། རྡོ་རྗེའི་བཟླས་པས་ལམ་དུ་བྱེད་ཚུལ་འདུས་པ་གཙོས་གསར་རྙིང་ཀུན་ལས་རྒྱ་ཆེར་འབྱུང་བ་དང་། རྡོ་རྗེ་ཕྲེང་བར། སངས་རྒྱས་ཡི་གེ་ཧཱུྃ་དུ་བཤད། །གསུང་ནི་ཡི་གེ་ཨཱཿརུ་བརྗོད། །དགེ་འདུན་ཞེས་བྱ་ཡི་གེ་ཨོཾ། །ཞེས་དཀོན་མཆོག་གསུམ་ལ་སྦྱར་བ་དང་། འདུས་པ་རྩ་རྒྱུད་ལས། བྱང་ཆུབ་ཐམས་ཅད་ཐོབ་བྱའི་ཕྱིར། །ཡེ་ཤེས་རྡོ་རྗེ་དག་གིས་བྱ། །ཨོཾ་ནི་ཡེ་ཤེས་སྙིང་པོ་སྟེ། །རྡོ་རྗེའི་སྐུ་ནི་ཐོབ་བྱེད་པའོ། །ཨཱཿནི་བྱང་ཆུབ་བདག་མེད་པས། །རྡོ་རྗེའི་གསུང་ནི་ཐོབ་བྱེད་པའོ། །ཧཱུྃ་ནི་སྐུ་གསུང་ཐུགས་ཉིད་དེ། །རྡོ་རྗེ་མི་ཕྱེད་གསུམ་ཐོབ་པའོ། །ཞེས་གསུངས་པས་མཚོན་ནོ། །ལྔ་པ་ནི། ཡི་གེ་འབྲུ་བཞིས་གཞི་ལམ་འབྲས་གསུམ་གྱི་བཞི་འགྲོས་ཀྱི་ཆོས་ཐམས་ཅད་བསྟན་པ་སྟེ། གཞི་དུས་ལྟར་ན། ཨོཾ་ཡིག་གིས་ཀུན་གཞི་དང་ལུས་རྩའི་ཁམས། ཨཱཿཡིག་གིས་ཉོན་ཡིད་དང་ངག་རླུང་གི་ཁམས། ཧཱུྃ་ཡིག་གིས་འཇུག་པའི་རྣམ་ཤེས་དང་ཡིད་ཐིག་ལེའི་ཁམས། ཧོཿཡིག་གིས་ཀུན་ཁྱབ་རིག་པ་དང་ཡེ་ཤེས་ཀྱི་ཁམས་རྣམས་བསྟན་པ་དང་། ལམ་དུས་སུ་སྦྱང་བྱ་ལྟར་ན། ཨོཾ་སད་པའི་གནས་སྐབས་དང་ལུས་སྒྲིབ། ཨཱཿརྨི་ལམ་གནས་སྐབས་དང་ངག་སྒྲིབ། ཧཱུྃ་གཉིད་སྟུག་གནས་སྐབས་དང་ཡིད་སྒྲིབ། ཧོཿཆགས་རྟོག་གནས་སྐབས་དང་འཕོ་སྒྲིབ། སྦྱོང་བྱེད་ལྟར་ན། བུམ་པ། གསང་བ། ཤེས་རབ་ཡེ་ཤེས། ཚིག་གི་དབང་སྟེ་སྨིན་བྱེད་དབང་བཞི། མཚན་བཅས་བསྐྱེད་རིམ། ཀུན་རྫོབ་རང་བྱིན་རླབས། དཀྱིལ་འཁོར་འཁོར་ལོ། དོན་དམ་རྫོགས་པ་ཆེན་པོ་སྟེ་གྲོལ་བྱེད་ལམ་མམ་རྣལ་འབྱོར་བཞི། བྱམས་པ། སྙིང་རྗེ། དགའ་བ་བཏང་སྙོམས་ཏེ་ཚད་མེད་བཞི། བསྙེན་པ་ཉེ་བསྙེན་སྒྲུབ་པ་སྒྲུབ་ཆེན་ཏེ་ཡན་ལག་བཞི། དགའ་བ་མཆོག་དགའ་དགའ་བྲལ་ལྷན་སྐྱེས་དགའ་བ་བཞི་ལ་སོགས་པ་རིམ་བཞིན་བསྟན་པ་དང་། འབྲས་དུས་ལྟར་ན། ཨོཾ་ཡིག་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་སྨོན་པ་མེད་པའི་རྣམ་ཐར་བྱ་གྲུབ་ཡེ་ཤེས། ཨཱཿཡིག་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་མཚན་མ་མེད་པའི་རྣམ་ཐར་མཉམ་ཉིད་དང་སོར་རྟོག་ཡེ་ཤེས། ཧཱུྃ་ཡིག་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་སྟོང་པ་ཉིད་ཀྱི་རྣམ་ཐར་མེ་ལོང་ཡེ་ཤེས། ཧོཿཡིག་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་འདུ་མི་བྱེད་པའི་རྣམ་པར་ཐར་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་རྣམས་ཀྱི་རང་བཞིན་དུ་གྱུར་པའོ། །གཉིས་པ་འཆད་བྱེད་ཐུན་མིན་གླེང་གཞིས་གོ་ཕྱེ་བ་ལ་གཉིས། སྤྱིར་སྐུ་གསུམ་སྟོན་པས་ཆོས་འཁོར་བསྐོར་ཚུལ། བྱེ་བྲག་མན་ངག་འདིར་བསྡུས་ཏེ་འཛིན་པར་གདམས་པའོ། །དང་པོ་ལ་ལྔ། སྟོན་པ། གནས། འཁོར། ཆོས། དུས་ཕུན་སུམ་ཚོགས་པའོ། །དང་པོ་ནི། ཀ་དག་དབྱིངས་ཀྱི་ནས་ ཧེ་རུ་ཀས༔ ཞེས་གསུངས་ཏེ། སྤྱིར་གསང་བ་ཆེན་པོའི་ཆོས་ཐམས་ཅད་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་སྒོ་ནས་འབྱུང་ཞིང་། དེའང་ཚིག་རྒྱུད་དང་མན་ངག་འབྱུང་བར་མཚོན་པ་ཐུན་མོང་གི་གླེང་གཞི་དང་། དོན་གྱི་རྒྱུད་དང་མན་ངག་འབྱུང་བར་མཚོན་པ་ཐུན་མོང་མ་ཡིན་པའི་གླེང་གཞི་གཉིས་ཏེ། ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། གསང་བ་ཆེན་པོའི་རྒྱུད་རྣམས་ནི། །ཕུན་སུམ་ཚོགས་པ་ལྔ་ལྡན་པས། །ཐུན་མོང་ཉིད་དང་ཐུན་མོང་མིན། །གླེང་གཞི་རྣམས་ཀྱི་ས་བོན་ནོ། །ཞེས་གསུངས། དེ་ལས་སྔ་མ་གོང་དུ་སོང་། འདིར་ཕྱི་མ་སྟེ་དེའང་ཐལ་འགྱུར་རྩ་བའི་རྒྱུད་ལས། གཞི་ནི་རྣམ་པ་ལྔ་ཡིན་ཏེ། །གནས་ནི་རྣམ་པ་གསུམ་དུ་འདོད། །ཅེས་སོགས་གསུངས་པ་ལྟར་ཕུན་སུམ་ཚོགས་ལྔ་རེ་རེ་ལའང་རྒྱལ་བ་སྐུ་གསུམ་གྱི་དབྱེ་བས་ཕྱེ་བ་སྟེ། དེ་ལ་སྟོན་པ་ཕུན་སུམ་ཚོགས་པ་ནི། ཀ་དག་གདོད་མའི་གནས་ལུགས་སྤྲོས་པ་ཐམས་ཅད་དང་བྲལ་བའི་དབྱིངས་ཀྱི་ངོ་བོ་ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་དང་། ལྷུན་གྲུབ་རང་གསལ་གྱི་རིག་པ་གཞི་ཐོག་ཏུ་བྱ་རྩོལ་མེད་པར་གྲོལ་བ་རང་སྣང་ལོངས་སྐུའི་སྟོན་པ་པདྨ་སཾ་བྷ་ཝ་དང་། ངོ་བོ་རང་བཞིན་དབྱེར་མེད་དབྱིངས་རིག་ཟུང་དུ་འཇུག་པའི་ཐུགས་རྗེའི་རང་རྩལ་སྤྲུལ་སྐུའི་སྟོན་པ་རྡོ་རྗེ་དྲག་པོ་རྩལ་ཏེ། ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་རབ་འབྱམས་སྤྲོ་བ་དང་སྡུད་པའི་བྱེད་པོར་གྱུར་པས་དཀྱིལ་འཁོར་ཀུན་གྱི་གཙོ་བོའི་མཆོག་གམ་ཕུལ་དུ་གྱུར་བའི་ཧེ་རུ་ཀ་ཆེན་པོས་སངས་རྒྱས་ཀྱི་མཛད་པ་འདི་ལྟར་བསྒྲུབས་པའོ། །ཞེས་སོ། །འདིར་ཧེ་རུ་ཀའི་དོན་ནི་རྒྱུད་ལས། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་གནས་འཇིག་ཚོགས་དང་བྲལ། །ཀ་ནི་གང་དུ་མི་གནས་པའོ། །ཞེས་གསུངས་པ་ལྟར་རྣམ་ཐར་སྒོ་གསུམ་གྱི་དོན་མཚོན་པ་ཡིན་པས་སྐུ་གསུམ་ཀ་ལ་འཇུག་པ་ཡིན་ནོ། །གཉིས་པ་ནི། ཆོས་དབྱིངས་ཁྱབ་བརྡལ་ནས་ གནས་རྣམས་སུ༔ ཞེས་གསུངས་ཏེ། ཆོས་ཀྱི་དབྱིངས་འཁོར་འདས་ཐམས་ཅད་ལ་ཁྱབ་པར་བརྡལ་བ་རང་བྱུང་ཐིག་ལེ་ཆེན་པོ་ཆོས་སྐུའི་ཞིང་ཁམས་དང་། ཡེ་ཤེས་ཀྱི་རང་འོད་ལྔ་དང་ལྡན་པ་དབྱིངས་སྣང་འོད་གསལ་གྱི་རྒྱན་སྟུག་པོ་བཀོད་པ་ལོངས་སྐུ་རིགས་ལྔའི་ཕོ་བྲང་དང་དག་པ་དང་མ་དག་པའི་ཞིང་དང་གནས་ཀྱི་བཀོད་པ་མ་ངེས་འགྲོ་འདུལ་སྤྲུལ་སྐུའི་གནས་སྣ་ཚོགས་པ་རྣམས་སུ། ཞེས་པའོ། །གསུམ་པ་ནི། རིགས་ཅན་སོགས་ཚིག་རྐང་གཅིག་སྟེ། ཆོས་སྐུའི་འཁོར་རང་སྣང་ཡེ་ཤེས་རྒྱ་མཚོ། ལོངས་སྐུའི་འཁོར་གཤེགས་སེམས་ཁྲོ་བོའི་ཚོགས་མཁའ་ཁྱབ་ཀྱི་དཀྱིལ་འཁོར། སྤྲུལ་སྐུའི་འཁོར་འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པའི་སྐྱེ་བོ་སྐལ་བ་དང་ལྡན་པ་སྟེ། མདོར་ན་རང་གི་སྐལ་བ་དང་མཐུན་པའི་རིགས་ཅན་རྣམས་དང་གདུལ་བར་བྱ་བའི་འཁོར་ཚོགས་བསམ་ཡས་བགྲང་བ་ལས་འདས་པས་རྒྱ་མཚོའི་བརྡས་བསྟན་པ་ལའོ། །བཞི་པ་ནི། སོ་སོའི་སྣོད་དང་ ནས་ ཆོས་ཀྱི་འཁོར་ལོ ཞེས་གསུངས་ཏེ། ཆོས་སྐུའི་བསྟན་པ་རང་བཞིན་འོད་གསལ་རྫོགས་པ་ཆེན་པོ། ལོངས་སྐུའི་བསྟན་པ་འབྲས་བུ་བླ་མེད་ཐེག་པ་ཆེན་པོ། སྤྲུལ་སྐུའི་བསྟན་པ་རྒྱུའི་ཐེག་པ་གསུམ་གཙོ་བོར་གྱུར་པ་སྟེ། མདོར་ན་གདུལ་བྱ་སོ་སོའི་སྐལ་བའི་སྣོད་དང་དབང་པོའི་ཁྱད་པར་བཞིན་དུ། སངས་རྒྱས་ཀྱི་རྒྱུ་དང་འབྲས་བུ་ལམ་དུ་བྱེད་པའི་ཐེག་པ་ཆེ་ཆུང་བསམ་ལས་འདས་པའི་ཆོས་ཀྱི་འཁོར་ལོ་ཚད་མེད་པ་བྱུང་པའོ། །ལྔ་པ་ནི། དུས་གསུམ་ཀུན་ཏུ་བསྐོར༔ ཅེས་པ་སྟེ། ཆོས་སྐུ་དུས་བཞི་མཉམ་པ་ཉིད་ཆོས་ཉིད་བརྗོད་པ་ལས་འདས་པའི་དུས་སུ་རྩོལ་བྲལ་དགོངས་པ་མཉམ་ཉིད་ཆེན་པོར་སྣང་། ལོངས་སྐུས་ལྷུན་གྲུབ་ཀྱི་ཡེ་ཤེས་རང་སྣང་བའི་དུས་སུ་ཚིག་དང་ཡི་གེ་མེད་པར་བརྡའི་སྒོ་ནས་དོན་བསྟན། སྤྲུལ་སྐུས་གདུལ་བྱ་རྣམས་སྨིན་པ་གསུམ་དང་ལྡན་པའི་དུས་སུ་སྐལ་བའི་ཁྱད་པར་དང་མཐུན་པའི་ཆོས་སྣང་བའི་སྒོ་འབྱུང་བ་སྟེ། མདོར་ན་རྒྱལ་བ་སྐུ་གསུམ་ཕྲིན་ལས་ཁྱབ་པ་དང་རྟག་པའི་བདག་ཉིད་ཡིན་པས་གདུལ་བྱ་འདུལ་བའི་ཆོས་ཀྱི་འཁོར་ལོ་དུས་གསུམ་ཀུན་ཏུ་ཆད་པ་མེད་པར་བསྐོར་བའོ། །གཉིས་པ་ནི། དེ་རྣམས་ཀུན་གྱི་ ནས་ ཉམས་སུ་ལོངས༔ ཞེས་གསུངས་ཏེ། རྒྱལ་བ་སྐུ་གསུམ་གྱི་ཆོས་འཁོར་རྒྱུ་འབྲས་ཐེག་པ་ཟབ་ཅིང་རྒྱ་ཆེ་བ་དེ་རྣམས་ཀུན་གྱི་ཚིག་དོན་སྙིང་པོ་ཕྱོགས་གཅིག་ཏུ་འདྲིལ་བ། སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་ཐིག་ལེ། གུ་རུ་རིན་པོ་ཆེའི་ཞལ་ཆེམས་མཐར་ཐུག་པ། ཁ་གསལ་བས་དབང་པོ་རྣོ་རྟུལ་ཀུན་གྱིས་གོ་སླ་བ། རྒྱས་བསྡུས་འཚམས་པས་ཉམས་ལེན་དུ་ཁྱེར་བདེ་བ། ཚིག་གི་བཤད་ཡམ་ཙམ་མ་ཡིན་པ་ལག་ལེན་དམར་ཁྲིད་རྗེན་ཕྱུང་གི་ཚུལ་དུ། མཉེས་པ་གསུམ་གྱིས་བླ་མའི་ཐུགས་ཟིན་པས་ཤིན་ཏུ་ཉེ་བའི་ཐུགས་སྲས་སུ་གྱུར་པའི་འདུས་པ་རྗེ་འབངས་གྲོགས་ཀྱི་ཚོགས་རྣམས་ལ་བསྟན་པར་བྱའོ་ཞེས་གདམས་དག་བསྟན་པར་ཞལ་གྱིས་བཞེས་ཏེ། ཟབ་ཅིང་དཀོན་ལ་བཅུད་དུ་འདྲིལ་བའི་གདམས་ངག་འདི་ལྟ་བུ་རྙེད་པར་དཀའ་བས་བཏང་སྙོམས་ཀྱིས་ཡལ་བར་མ་དོར་བར་ཐོས་པས་ཚིག་ཟུངས། བསམ་པས་དོན་དཔྱད། སྒོམ་པས་རྩེ་གཅིག་ཉམས་སུ་ལོངས་ལ་རང་གཞན་གྱི་དོན་གྲུབ་པར་གྱིས་ཤིག །ཅེས་གདམས་པར་མཛད་པའོ། གསུམ་པ་ཇི་ལྟར་འཆད་པའི་ཚུལ་གྱིས་ཚིག་དོན་རྒྱས་པར་དབྱེ་བ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། དེ་ལ་ ནས་ བྱ་བ་སྟེ༔ ཞེས་གསུངས་ཏེ། བཤད་པར་ཞལ་གྱིས་བཞེས་པའི་གདམས་ངག་དེ་ལ་མདོ་ཆིངས་ཆེན་པོ་གསུམ་གྱིས་བསྡམས་ཏེ། གང་ཤེས་པར་བྱ་བའི་གཞི། གང་གིས་རྟོགས་པར་བྱེད་པའི་ལམ། གང་དུ་མཐར་ཕྱིན་པར་འགྱུར་པའི་འབྲས་བུ་བཅས་རྣམ་པ་གསུམ་གྱིས་མཚོན་པར་བྱ་བ་ཡིན་ཏེ། ཞེས་ལྷག་བཅས་ཀྱི་སྒྲས་རྒྱས་བཤད་ཀྱི་ཚིག་དྲངས་པར་མཛད་དོ། །གཉིས་པ་ལ་གསུམ། གཞི། ལམ། འབྲས་བུ་རྒྱས་པར་བཤད་པའོ། །དེའི་དང་པོ་ལ་གསུམ། གནས་ལུགས་ངོ་བོའི་གཞི་དང་། འཁྲུལ་པ་བརྟགས་པའི་གཞི་བཤད། སྐབས་ཀྱི་དོན་བསྡུས་ཏེ་མཚམས་སྦྱར་བའོ། །དང་པོ་ནི། ཤེས་བྱའི་གཞི་ ནས་ གནས་གྱུར་ཀྱང༔ ཞེས་པས་བསྟན་ཏེ། རྒྱལ་བ་བྱམས་པས། ཐོས་པ་ལས་བྱུང་ཤེས་པ་ཡི། །སྣང་བ་རྒྱ་ཆེན་འདིས་བརྒྱན་པས། །བློ་ལྡན་མྱུར་དུ་སངས་རྒྱས་ཀྱི། །སྤྱོད་ཡུལ་ཀུན་ལ་འཇུག་པར་འགྱུར། །ཞེས་གསུངས་པ་ལྟར། སངས་རྒྱས་སྒྲུབ་པའི་ལམ་ལ་ཞུགས་པའི་ཐོག་མར་ཐོས་པའི་ཤེས་རབ་ཀྱིས་ཤེས་བྱ་གཏན་ལ་དབབ་དགོས་ཀྱང་། འདིར་ཉམས་ལེན་དམར་ཁྲིད་ཀྱི་དབང་དུ་མཛད་ནས་མི་ཤེས་སུ་མི་རུང་བའི་གནད་མདོར་བསྡུས་ཏེ། ཤེས་བྱ་ཐམས་ཅད་ཀྱི་གཞིར་གྱུར་པ་ནི་སྣོད་བཅུད་ཀྱི་དངོས་པོ་ལ་ནམ་མཁས་ཁྱབ་པ་བཞིན་དུ་འཁོར་འདས་ཀུན་ལ་ཁྱབ་པའི་བདེ་གཤེགས་སྙིང་པོ་ཞེས་བྱ་བ་ཁྱད་པར་ལྔ་ལྡན་དུ་བཞུགས་པ་ཡིན་ཏེ། ངོ་བོ་འདུས་མ་བྱས་པ། བཞུགས་ཚུལ་གསལ་སྟོང་རིག་པའི་རང་བབས། དང་པོར་འཁྲུལ་མ་མྱོང་ཞིང་མཐར་གྲོལ་བ་ལས་འདས་པ། ནམ་མཁའ་ལྟར་སྐྱེ་འགག་སོགས་སྤྲོས་པའི་མཚན་མ་མེད་པས་རབ་ཏུ་ཞི་བ། འཁོར་བ་དང་མྱང་འདས་གཉིས་ལ་སྐྱོན་རྟོག་གིས་དབྱེ་ཞིང་རིང་བ་དང་། ཡོན་ཏན་དུ་ཤེས་པས་བསྲི་བ་སྟེ་ཉེ་བར་གྱུར་པ་གང་ཡང་མེད་པར་བཞུགས་ཤིང་གནས་པར་གྱུར་ཏོ། །ཀྱང་ཞེས་པ་ནི་ཚིག་ཕྱི་མ་སྡུད་པའི་སྒྲའོ། །དེའི་དོན་ཅུང་ཟད་བཤད་ན། གཤེགས་སྙིང་ཤེས་བྱ་ཐམས་ཅད་ཀྱི་གཞི་ཡིན་པའི་རྒྱུ་མཚན་ནི། ཆོས་མངོན་པའི་མདོ་ལས། ཐོག་མ་མེད་དུས་ཅན་གྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ནི་འགྲོ་ཀུན་དང་། །མྱ་ངན་འདས་པའང་ཐོབ་པ་ཡིན། །ཞེས་འབྱུང་སྟེ། ཐོག་མ་མེད་པའི་དུས་ཅན་གྱི་དབྱིངས་དེ་ཉིད་དག་མ་དག་མ་ཕྱེ་བར་རྣམ་པར་བཞག་པའི་དབང་དུ་བྱས་ཏེ་འཁོར་འདས་ཀྱི་ཆོས་ཀུན་གྱི་གནས་སམ་གཞི་ཡིན་ལ། ཕྱེ་ན་ཀུན་གཞིའི་རྣམ་ཤེས་ལ་བརྟེན་པའི་གློ་བུར་གྱི་དྲི་མ་ནི་ཟག་བཅས་འཁོར་བའི་རྒྱུ། ཀུན་གཞིའི་ངོ་བོ་གཤེགས་སྙིང་ནི་ཟག་མེད་མྱང་འདས་ཀྱི་རྒྱུ་ཡིན་ཏེ། འཕགས་པ་ཀླུས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བར་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་སོ། །དེ་གཉིས་ཀྱང་རྟེན་དང་བརྟེན་པའི་ཚུལ་དུ་གནས་པ་མགོན་པོ་བྱམས་པས། ས་ནི་ཆུ་ལ་ཆུ་རླུང་ལ། །སོགས་དཔེ་དང་བཅས་པས་བསྟན་ཅིང་། དེ་གཉིས་ལ་གསུང་རབ་རྣམས་སུ་ཆོས་ཅན་དང་ཆོས་ཉིད་མཐའ་དང་དབུས་སྣང་བ་དང་སྟོང་པ་ཀུན་རྫོབ་དང་དོན་དམ་སོགས་ཐ་སྙད་དུ་མས་བསྟན་པ་ཡིན་ནོ། །དེ་ལྟར་ཁྱད་གཞི་དབྱིངས་ཀུན་ཁྱབ་བདེ་གཤེགས་སྙིང་པོ་དེ་ཉིད། ཁྱད་ཆོས་འདུས་མ་བྱས་པ་སོགས་ཀྱིས་གསལ་བར་མཛད་པ་སྟེ། དེའང་དབྱིངས་དེ་ཉིད་ཀུན་ལ་ཁྱབ་པའི་ཚུལ་ནི། རྒྱུད་བླར། ཇི་ལྟར་རྟོག་མེད་བདག་ཉིད་ཅན། །ནམ་མཁའ་ཀུན་ཏུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་མེད་དབྱིངས། །དེ་བཞིན་ཀུན་ཏུ་འགྲོ་བ་ཉིད། །ཅེས་ནམ་མཁའི་སྤྱི་མཚན་མཆོག་དམན་བར་མའི་གཟུགས་ཐམས་ཅད་ལ་རང་བཞིན་གྱིས་ཁྱབ་པ་བཞིན་དུ་དབྱིངས་ཀྱི་མཚན་ཉིད་ཆོས་ཐམས་ཅད་ལ་རང་བཞིན་གྱིས་ཁྱབ་པར་གསུངས་ཤིང་། དབྱིངས་དེ་འཇུག་ཚུལ་གྱི་སྒོ་ནས་མིང་གསུམ་གྱིས་བསྟན་ཏེ། གློ་བུར་གྱི་དྲི་མས་བསྒྲིབས་པའི་སེམས་ཅན་གྱི་སྐབས་སུ་རིགས། དྲི་མ་བྲལ་བའི་སངས་རྒྱས་ཀྱི་སྐབས་སུ་ཆོས་སྐུ། གཉིས་ཀའི་ངོ་བོར་ཁྱབ་ཅིང་འགྱུར་བ་མེད་པའི་ཆ་ནས་དེ་བཞིན་ཉིད་ཅེས་བྱ་སྟེ། འདི་ཡི་རང་བཞིན་ཆོས་སྐུ་དང་། །དེ་བཞིན་ཉིད་དང་རིགས་ཀྱང་སྟེ། །ཞེས་སོ། །དབྱིངས་དེ་ལ་འཁོར་ལོ་བར་པའི་མདོ་རྣམས་ནས་སྟོང་པ་ཉིད་དང་། དེ་བཞིན་ཉིད་ལ་སོགས་པའི་སྒྲས་བསྟན་ཏེ། སྡུད་པར། འདས་པའི་དེ་བཞིན་ཉིད་གང་མ་བྱོན་དེ་བཞིན་ཉིད། །ད་ལྟའི་དེ་བཞིན་ཉིད་གང་དགྲ་བཅོམ་དེ་བཞིན་ཉིད། །ཆོས་ཀུན་དེ་བཞིན་ཉིད་གང་རྒྱལ་བའི་དེ་བཞིན་ཉིད། །ཆོས་ཀྱི་དེ་བཞིན་ཉིད་འདི་ཐམས་ཅད་བྱེ་བྲག་མེད། །ཅེས་སོགས་དང་། རྩ་ཤེར། དེ་བཞིན་གཤེགས་པའི་རང་བཞིན་གང་། །འགྲོ་བ་འདི་ཡི་རང་བཞིན་ཡིན། །ཞེས་སོགས་དངོས་པོའི་གནས་ལུགས་སྟོང་པ་ཉིད་ཀྱི་དོན་མཐའ་ཡས་པར་གསུངས་སོ། །འཁོར་ལོ་ཐ་མ་སོགས་སུ་བདེ་གཤེགས་སྙིང་པོ་ཞེས་རྒྱ་ཆེར་བསྟན་ཏེ། ཏིང་འཛིན་རྒྱལ་པོ་ལས། དག་པ་དྭངས་པ་འོད་གསལ་བ། །མི་འཁྲུག་འདུས་མ་བྱས་པ་ཉིད། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་སོགས་དང་། གསང་སྔགས་ཀྱི་རྒྱུད་སྡེ་ཟབ་མོ་རྣམས་སུ་ཨེ་ཝྃ་དང་རྡོར་སེམས་དང་། རྒྱུད་དང་ཐིག་ལེ་འགྱུར་མེད་འོད་གསལ་རང་བྱུང་ཡེ་ཤེས་སོགས་མཚན་གྱི་རྣམ་གྲངས་དུ་མས་བསྟན་ཏེ། ཧེ་བཛྲ་ལས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝྃ་ཡི་གེར་རབ་ཏུ་གནས། །ཞེས་དང་། སམྦུ་ཊིར། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་རྣམ་པར་སྤངས། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་དང་། འདུས་པར། རིགས་ནི་རྒྱུད་ཅེས་བྱ་བར་བཤད། །རྒྱུད་ནི་ཐོག་མ་ཞེས་བརྗོད་དེ། །མི་འཇིག་སྐྱེ་བ་མེད་གང་ཡིན། །མགོན་པོ་དེ་ནི་ཡིན་པར་བཤད། །ཅེས་སོ། །གཤེགས་སྙིང་སེམས་ཅན་ལ་བཞུགས་པར་ཡིད་ཆེས་པའི་ཐུན་མོང་གི་ལུང་ནི། མདོ་ལས། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་དང་། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་རྒྱུ། །ཞེས་དང་། ཤཱ་རིའི་བུ། དོན་དམ་པ་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་ཀྱི་ཚིག་བླ་དྭགས་སོ། །སེམས་ཅན་གྱི་ཁམས་ཞེས་བྱ་བ་དེ་བཞིན་གཤེགས་པའི་སྙིང་པོའི་ཚིག་བླ་དྭགས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ། །ཞེས་སོགས་དང་། ཁྱད་པར་གྱི་ལུང་ནི། ཧེ་བཛྲ་ལས། འདི་ཉིད་ཡེ་ཤེས་ཆེན་པོ་སྟེ། །ཐམས་ཅད་ལུས་ལ་རྟག་ཏུ་གནས། །དངོས་དང་དངོས་མེད་བདག་ཉིད་གཙོ། །གཉིས་དང་གཉིས་སུ་མེད་པའི་ཚུལ། །བརྟན་དང་གཡོ་བར་ཁྱབ་པར་གནས། །ཞེས་སོགས་དང་། བླ་ན་མེད་པའི་ལུང་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་བཞིན་དུ་གནས་སོ། །ཞེས་དང་། རང་ཤར་ལས། །ཡང་དག་སངས་རྒྱས་དགོངས་པ་ནི། སེམས་ཅན་ཀུན་གྱི་རང་རྒྱུད་ལ། །སྐུ་དང་ཡེ་ཤེས་ཚུལ་དུ་གནས། །ཞེས་སོགས་རྒྱ་ཆེར་འབྱུང་ཞིང་། དེའི་སྒྲུབ་བྱེད་དུ་མགོན་པོ་བྱམས་པས་རྒྱུ་མཚན་གསུམ་བཀོད་དེ། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་ཏེ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཆོས་ཀྱི་སྐུ་འཕྲོ་བ་སྟེ་ཁྱབ་པ་དང་། སེམས་ཅན་དང་སངས་རྒྱས་ཀྱི་དེ་བཞིན་ཉིད་ལ་རྫ་བུམ་དང་གསེར་བུམ་གྱི་ནམ་མཁའ་བཞིན་ཁྱད་པར་དུ་དབྱེ་བ་མེད་པ་དང་། སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་སྐུ་གསུམ་འབྱུང་རུང་གི་རིགས་གཉིས་ཡོད་པའི་ཕྱིར་རོ། །གཤེགས་སྙིང་ཡོད་པའི་རིག་པ་དཔེས་བསྟན་པ་ནི། སོར་ཕྲེང་གི་མདོ་ལས། འོ་མ་ལ་མར་ཡོད་པས་སྲུབ་ཀྱི་ཆུ་ལ་མི་སྲུབ་པ་དང་། གསེར་འདོད་པ་བྲག་ལ་རྐོ་ཡི་ཤིང་ལ་མི་རྐོ་བ་བཞིན་དུ་སེམས་ཅན་ལ་སངས་རྒྱས་ཀྱི་ཁམས་ཡོད་པས་སངས་རྒྱས་སྒྲུབ་པ་ལ་དོན་ཡོད་ཀྱི་ཁམས་མེད་ན་སྒྲུབ་པ་དོན་མེད་དུ་འགྱུར་བའི་ཚུལ་རྒྱས་པར་གསུངས་པའི་དོན་བསྡུས། འཕགས་པ་ཀླུས། ཁམས་ཡོད་ན་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར། ཁམས་མེད་ན་ནི་ལས་བྱས་ཀྱང་། །ཉོན་མོངས་འབའ་ཞིག་སྐྱེད་པར་ཟད། །ཅེས་སོ། །འཐད་པ་དཔལ་ཕྲེང་གི་མདོ་དོན་རྒྱུད་བླར་ལྡོག་ཕྱོགས་ཀྱིས་བསྟན་པ། གལ་ཏེ་སངས་རྒྱས་ཁམས་མེད་ན། །སྡུག་ལ་སྐྱོ་བར་མི་འགྱུར་ཞིང་། །མྱ་ངན་འདས་ལ་འདོད་པ་དང་། །དོན་གཉེར་སྨོན་པའང་མེད་པར་འགྱུར། །ཞེས་དང་། སྒྲུབ་ཕྱོགས་ཀྱིས་བསྟན་པ། སྲིད་དང་མྱ་ངན་འདས་ལ་དེའི། །སྡུག་བདེའི་སྐྱོན་ཡོན་མཐོང་བ་འདི། །རིགས་ཡོད་ལས་ཡིན་གང་གི་ཕྱིར། །རིགས་མེད་དག་ལ་མེད་ཕྱིར་རོ། །ཞེས་སོ། །གཤེགས་སྙིང་ངོ་བོ་རྒྱུ་རྐྱེན་ལས་མ་བྱུང་བས་རྒྱུན་དང་སྐད་ཅིག་གིས་རྟག་མི་རྟག་ལ་སོགས་པ་བློའི་ཡུལ་ལས་འདས་པས་ནམ་ཡང་འཇིག་པ་མི་མངའ་ཞིང་། དེའང་རྟག་པ་བརྟན་པ་ཞི་བ་འཕོ་འགྱུར་མེད་པའི་ཆོས་བཞི་དང་ལྡན་པས་འདུས་མ་བྱས་སུ་གསུངས་ཏེ། སེམས་ཀྱི་རང་བཞིན་ནམ་མཁའ་ཡི། ཁམས་ལྟར་རྒྱུ་མེད་རྐྱེན་མེད་དེ། །ཚོགས་པ་མེད་ཅིང་སྐྱེ་བ་མེད། །འཇིག་དང་གནས་པའང་ཡོད་མ་ཡིན། །ཞེས་དང་། གཏན་དུ་འཇིག་པ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། །འཇིག་མེད་ཉིད་ནི་བརྟན་པ་སྟེ། །བརྟན་སོགས་རྣམས་ཀྱིས་དེ་བཤད་དོ། །ཞེས་སོགས་གསུངས་སོ། །བཞུགས་ཚུལ་ངོ་བོ་མ་སྐྱེས་པས་སྟོང་པ་ནམ་མཁའ་ལྟ་བུ། རང་བཞིན་འགག་པ་མེད་པར་འོད་གསལ་བ། རྣམ་པ་ཟུང་འཇུག་རིག་པའི་གཤིས་ལུགས་སུ་གནས་པ་སྟེ། རང་ཤར་ལས། དབྱིངས་དེའི་ངོ་བོ་ནི་ནམ་མཁའ་ལྟ་བུའོ། །རང་བཞིན་ནི་རང་གིས་འོད་གསལ་བའོ། །ཐུགས་རྗེ་ནི་རིག་པའི་སྙིང་པོར་གནས་ཏེ་ཡོན་ཏན་ཐམས་ཅད་ཀྱི་འཆར་གཞིར་གྱུར་པའོ། །ཞེས་སོ། །དེ་ཉིད་འཁྲུལ་གྲོལ་ལྟར་སྣང་བ་ནི་སེམས་ཅན་གྱི་ངོས་ནས་བཏགས་པ་ཡིན་གྱི་དོན་ལ་འཁྲུལ་གྲོལ་གཉིས་ཀ་མི་དམིགས་ཏེ། ནམ་མཁའ་དང་ཉི་མ་སྤྲིན་གྱིས་བསྒྲིབས་པ་དང་མི་བསྒྲིབས་ཞེས་པ་ནི་ས་སྟེང་དུ་འཁོད་བའི་ལུས་ཅན་རྣམས་ཀྱིས་མཐོང་བ་ལོག་པའི་དབང་དུ་བྱས་ཀྱི་དེ་གཉིས་ལ་བསྒྲིབས་མ་བསྒྲིབས་མེད་པ་བཞིན་ཏེ། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་དང་། གསང་སྙིང་ལས། རྣམ་རྟོག་བདག་ཏུ་འཛིན་པ་ཡིས། །ནན་གྱིས་མཁའ་ལ་མདུད་པ་བོར། །བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་སོ། །དེའི་རྒྱུ་མཚན་ནམ་མཁའ་ལྟར་ཡོད་མེད་ཡིན་མིན་རྟག་ཆད་སྐྱེ་འགག་སོགས་སྤྲོས་པའི་མཐའ་ཐམས་ཅད་རབ་ཏུ་ཞི་ཞིང་གཉིས་སུ་མེད་པ་དབུ་མའི་བདག་ཉིད་ཅན་ཏེ། མྱང་འདས་ཆེན་པོར། སེམས་ཅན་ལ་བཞུགས་པའི་སངས་རྒྱས་ཀྱི་རང་བཞིན་ནི་ནམ་མཁའ་དང་འདྲ་སྟེ། ནམ་མཁའ་ནི་འདས་པ་དང་མ་འོངས་པ་དང་ད་ལྟ་བ་མ་ཡིན། ནང་དང་ཕྱི་རོལ་མ་ཡིན་ཏེ་གཟུགས་སྒྲ་དྲི་རོ་རེག་བྱས་མ་བསྡུས་པ་ལྟར་སངས་རྒྱས་ཀྱི་རང་བཞིན་ཀྱང་དེ་དང་འདྲའོ། །ཞེས་དང་། རྡོ་རྗེ་གུར་ལས། ནམ་མཁའི་ཁམས་ནི་ཇི་སྙེད་དང་། །འཇིག་རྟེན་ཁམས་ནི་སྟོང་ཕྲག་ན། །བདེ་ཆེན་ཕུན་ཚོགས་ཕྱག་རྒྱ་ཆེ། །སངས་རྒྱས་ནམ་མཁའ་འདྲ་བར་བཞུགས། །ཞེས་སོ། །སྙིང་པོའི་རང་ངོ་ནས་འཁོར་བའི་སྐྱོན་སྤང་ཞིང་བསལ་བ་དང་མྱང་འདས་ཀྱི་ཡོན་ཏན་བཞག་ཅིང་བསྣན་དུ་མེད་པའི་རྒྱུ་མཚན་ཀྱང་། རྒྱུད་བླར། ཉེས་པ་གློ་བུར་དང་ལྡན་ཕྱིར། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་མཚན་ཉིད་དོ། །ཞེས་དང་། དེ་དང་མངོན་རྒྱན་གཉིས་ཀར། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཅེས་སོ། །དེས་ན་འཁོར་འདས་གཉིས་ལ་བཟང་ངན་བླང་དོར་དུ་རྟོག་པ་མེད་པས་ཉེ་རིང་མི་མངའ་བར་ནམ་མཁའ་ལྟར་ཁྱབ་པ་སྟེ། རྒྱུད་བླར། ཇི་ལྟར་རྟོག་མེད་བདག་ཉིད་ཅན། །ནམ་མཁའ་ཀུན་ཏུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་མེད་དབྱིངས། །དེ་བཞིན་ཀུན་ཏུ་འགྲོ་བ་ཉིད། །ཅེས་སོ། །གཉིས་པ་ནི། ལྷན་སྐྱེས་ནས། བཞིན་དུ་སྣང༔ ཞེས་གསུངས་ཏེ། སྙིང་པོ་རང་བཞིན་གྱིས་འོད་གསལ་བ་ནམ་མཁའ་ལྟ་བུ་དེ་ལ་སྒྲིབ་བྱེད་གློ་བུར་གྱི་སྒྲིབ་པ་སྤྲིན་ལྡངས་པ་ལྟར་བྱུང་སྟེ། དེའང་རང་བཞིན་རྣམ་དག་དང་དུས་སྔ་ཕྱི་མེད་པར་མཉམ་དུ་བྱུང་བ་ལྷན་ཅིག་སྐྱེས་པའི་མ་རིག་པ་གསེར་དང་གཡའ་ལྟ་བུ་དང་། མེད་བཞིན་དུ་ཡོད་པར་བཏགས་པ་གློ་བུར་བའི་འཁྲུལ་པ་ཡུལ་ཡུལ་ཅན་སྣང་བ་ཀུན་ཏུ་བཏགས་པའི་མ་རིག་པ་སྟེ། འཁྲུལ་པ་ཐམས་ཅད་འབྱུང་བའི་གཞི་ཉེས་པ་མཐའ་དག་སྐྱེད་པའི་གདོན་ཆེན་པོ་དེ་གཉིས་ཀྱི་རང་ངོ་མ་ཤེས་པར་གཟུང་བ་ཡུལ་དང་འཛིན་པ་སེམས་ཞེས་གཉིས་སུ་རྟོག་པའི་བག་ཆགས་རིམ་གྱིས་རྒྱས་ཤིང་བརྟས་པར་གྱུར་པ་ལས། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་སོ་སོར་ཞེན་ཅིང་འཛིན་པ་གནས་ཡུལ་རིགས་གཟུགས་བྱེད་ལས་སྣ་ཚོགས་ཐ་དད་པའི་འགྲོ་བ་རིགས་དྲུག་པོ་གཉིད་ཀྱིས་བསླད་པའི་རྨི་ལམ་བཞིན་དོན་ལ་གཅིག་ཀྱང་མེད་རུང་འཁྲུལ་པའི་སྣང་བ་སྣ་ཚོགས་སུ་སྣང་བའོ། །དེའི་དོན་ཅུང་ཟད་བཤད་ན་ལྔ་སྟེ། དང་པོ་འཁྲུལ་པའི་གཞི་ནི། གཞི་ཡོད་པ་ལས་འཁྲུལ་པ་སྦྲུལ་ཡོད་པས་ཐག་ཁྲ་ལ་སྦྲུལ་འཛིན་གྱི་ཤེས་པ་ཞུགས་པ་ལྟ་བུ་དང་། མེད་པ་ལས་འཁྲུལ་པ་རབ་རིབ་ཅན་གྱི་མིག་ཏུ་ནམ་མཁའ་ལ་སྐྲ་ཤད་མཐོང་བ་ལྟ་བུ་དང་། དབྱེར་མེད་ལས་འཁྲུལ་པ་ག་བུར་གྱི་ངོ་བོ་ལ་ནུས་པ་གཉིས་ཡོད་པས་ཚད་ནད་ལ་སྨན་དང་རླུང་ནད་ལ་དུག་ཏུ་འགྱུར་བ་ལྟ་བུའོ། །གཉིས་པ་འཁྲུལ་བའི་རྒྱུ་ནི། གསང་སྙིང་ལས། སྲིད་རྩའི་ཉེས་དམིགས་བདག་ཏུ་རྟོག་ལས་འཕྲོས། །ཞེས་གསུངས་པ་ལྟར་འཁོར་བའི་ཆོས་ཐམས་ཅད་ཀྱི་སྤྱིའི་རྒྱུ་ནི་བདག་ཏུ་རྟོག་པ་ཉིད་ཡིན་ལ། བྱེ་བྲག་བརྒྱུད་པའི་རྒྱུ་ནི་ཆོས་ཉིད་བདེ་གཤེགས་སྙིང་པོ་རང་བཞིན་རྣམ་དག་རང་ངོ་མ་ཤེས་པའི་ཆ་ཙམ་གནས་པ་བདག་ཉིད་གཅིག་པའི་མ་རིག་པ་དང་། མཚུངས་ལྡན་གྱི་རྒྱུ་ཆོས་ཉིད་དང་ལྷན་ཅིག་སྐྱེས་པའི་མ་རིག་པ་རྐྱེན་དང་འཕྲད་ན་འཁྲུལ་བ་འབྱུང་རུང་དུ་གནས་པ་དང་། ལྷན་ཅིག་བྱེད་རྒྱུ་སེམས་ཉིད་རང་གིས་རང་ལ་ཡུལ་དང་ཡུལ་ཅན་གཟུང་བ་ཀུན་བཏགས་ཀྱི་མ་རིག་པ་ཡིད་ཤེས་རྟོག་བཅས་དང་། ཉེར་ལེན་གྱི་རྒྱུ་ལས་ཀྱི་བག་ཆགས་བསགས་པས་རང་འབྲས་འབྱིན་ངེས་ཀྱི་ནུས་པ་ཡོད་པའོ། །དེ་ལས་ཡིད་ཤེས་ལ་དབྱེ་ན། ཀུན་གཞི་ལ་ངའོ་སྙམ་དུ་འཛིན་ཅིང་རྣམ་ཤེས་ཉོན་མོངས་པར་བྱེད་པའི་ཉོན་ཡིད་དང་། ཚོགས་དྲུག་ནི་ཤེས་པ་སྐྱེ་འགག་གི་རྒྱུན་བྱེད་ཅིང་ལས་ཀྱི་ནུས་པ་ཀུན་གཞི་ལ་འཇོག་པ་དེ་མ་ཐག་ཡིད་ཅེས་གཉིས་སུ་ཡོད་ཅིང་། ཡིད་དེ་གཉིས་ཀྱི་རྟེན་དུ་གྱུར་ཅིང་བག་ཆགས་དང་ས་བོན་ཐམས་ཅད་འཛིན་པ་ནི་འཁྲུལ་བ་བཏགས་པའི་གཞི་སྟེ། གཞུང་ལུགས་རྣམས་སུ་ཀུན་གཞིའི་རྣམ་ཤེས་ཞེས་བྱ་བར་རྣམ་པར་བཞག་གོ །གསུམ་པ་རྐྱེན་ནི། མཐོ་རིས་ངན་འགྲོ་ཁམས་གོང་མ་རྣམས་སུ་སྐྱེ་བའི་རྐྱེན་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་གསུམ། ལས་དེ་དག་ཀུན་ནས་སློང་བ་པོ་ཉོན་མོངས་པ་དུག་ལྔ་རྣམས་སོ། །རྒྱུ་རྐྱེན་དེ་དག་འཛོམས་པས་འཁོར་བའི་འཁོར་ལོ་ཆེན་པོ་འདི་བྱུང་བ་སྟེ། དེའང་བདེ་གཤེགས་སྙིང་པོའི་ངོ་བོ་སྟོང་ཆ་ལ་དྲི་མ་ནམ་ཡང་མེད་ཀྱང་གསལ་ཆ་ལ་རང་ངོ་མ་རིག་སྟེ་སྐད་ཅིག་མ་དང་པོ་ལ་འདུ་བྱེད་ཀྱི་ཡིད་གཡོས་པས་གཟུང་འཛིན་ཐ་དད་དུ་བཏགས །དེ་ལས་དོན་མཐོང་བའི་རྣམ་ཤེས། དེས་བླང་དོར་དུ་བཏགས་པས་ཚོར་བ། །དེ་ལས་ཡུལ་ལ་མཚན་མར་འཛིན་པའི་འདུ་ཤེས། དེའི་བག་ཆགས་བརྟས་པ་གཟུགས་བཅས་ཕུང་པོ་ལྔ་གྲུབ་སྟེ། དཔེ་ཕྱིའི་རྟེན་འབྲེལ་ས་བོན་ལས་མྱུ་གུ་སོགས་རྒྱུ་དང་འབྲེལ་བ་དྲུག་པོ་འབྱུང་བ་ལྔ་དུས་ཀྱི་སྦྱོར་བ་བཅས་རྐྱེན་དང་འབྲེལ་བ་དྲུག་གིས་ཁོར་མོ་ཡུག་ཏུ་བསྐྱེད་པ་ལྟར། ནང་གི་རྟེན་འབྲེལ་མ་རིག་པ་ལས་འདུ་བྱེད་སོགས་བཅུ་གཉིས་པོས་ཁམས་གསུམ་དུ་འཁོར་བ་ཡིན་ནོ། །བཞི་པ་བྱེད་པ་པོ་ནི། རིག་གསུམ་ལས། རྒྱུན་དང་བཅས་པའི་སྐད་ཅིག་མ། །ལས་ཀྱི་བྱེད་པ་པོར་བརྗོད་དོ། །ཞེས་པ་ལྟར་འཁོར་འདས་གཉིས་ཀའི་བྱེད་པ་པོ་མ་བཅོས་རྒྱུན་གྱི་སྐད་ཅིག་མ་ཡིན་ལ། ཁྱད་པར་འཁོར་བའི་བྱེད་པ་པོ་གཉིས་མེད་ལ་གཉིས་སུ་འཛིན་པའི་འཁྲུལ་རྟོག་རྒྱུན་གྱི་སྐད་ཅིག་མ་སྟེ། དེས་འཁྲུལ་ཤེས་ལུ་གུ་རྒྱུད་དུ་སྦྲེལ་ཏེ་ནུས་པ་ཇེ་རྒྱས་སུ་སོང་བས་མཐའ་མེད་པའི་འཁོར་བ་འདི་གྲུབ་བོ། །ལྔ་པ་འབྲས་བུ་ནི། ལས་ཉོན་གྱི་རྒྱུ་འབྲས་ཟོ་ཆུན་ལྟར་འཁོར་བ་ལས། སྣང་འགྱུར་ཐུན་མོང་བའི་ལས་ཀྱིས་སྣོད་ཀྱི་འཇིག་རྟེན་དང་། མྱོང་འགྱུར་ཐུན་མོང་མ་ཡིན་པའི་ལས་ཀྱིས་བཅུད་ཀྱི་སེམས་ཅན་དུ་སྣང་ཞིང་རྣམ་པར་སྨིན་པ་མྱོང་བ་སྟེ། དེ་དག་རྣམས་ཀྱི་དོན་གསང་སྙིང་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིར་སོ་སོར་འཛིན། །ཞེས་སོགས་གསུངས་པ་ལྟར་རོ། །འོད་གསལ་རྫོགས་པ་ཆེན་པོའི་དགོངས་པ་ལྟར་ན། ངོ་བོ་ཀ་དག་གི་གཞི་བདེ་གཤེགས་སྙིང་པོ་ལས་རང་བཞིན་ལྷུན་གྲུབ་ཀྱི་གཞི་སྣང་ཤར་བའི་སྐད་ཅིག་ལ་རང་ངོ་ཤེས་ཏེ་ཚོགས་བརྒྱད་ཀྱི་ཉེར་ལེན་དབྱིངས་སུ་དེངས་པ་ནི་ཀུན་ཏུ་བཟང་པོ་གདོད་མའི་གྲོལ་གཞིར་སངས་རྒྱས་པ་དང་། གཞི་སྣང་དེ་ཉིད་ལྷན་སྐྱེས་མ་རིག་པས་བསྒྲིབས་ནས་གཟུང་འཛིན་ཀུན་ཏུ་བཏགས་ཏེ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ལས་ཕྱིར་གསལ་སྣང་བའི་སྒོ་བརྒྱད་རྨི་ལམ་ལྟར་ཤར་ནས་འཁོར་བར་མེད་བཞིན་དུ་འཁྲུལ་བ་ལ་སེམས་ཅན་ཞེས་བཏགས་པར་གསུངས་སོ། །གསུམ་པ་ནི། དེ་ལྟ་ན་ཡང་ནས་ བརྩོན་པར་བྱ༔ ཞེས་གསུངས་ཏེ། ཐོག་མ་མེད་པ་ནས་འཁོར་འདས་གཉིས་སུ་བཏགས་ཤིང་འཁྲུལ་པའི་ཚུལ་དེ་ལྟ་བུ་ཡིན་ནའང་། སྤྲིན་གྱི་འདུ་འགོད་ཀྱིས་ནམ་མཁའ་ལ་ནམ་ཡང་གཡོ་བ་མེད་པ་བཞིན་དུ། ཐོག་མའི་ཀ་དག་བདེ་གཤེགས་སྙིང་པོ་རང་གི་ངོ་བོའི་བཞུགས་ཚུལ་དེ་ལས་གཞན་དུ་འགྱུར་བ་མི་སྲིད་པས། སྔོན་ཆད་འཁོར་འདས་གཉིས་ཀའི་ཆོས་སུ་རྣམ་པར་མ་གཡོས་ཤིང་། ད་རུང་མུ་མཐའ་མེད་པའི་འཁོར་བར་འཁོར་ཀྱང་གཡོ་བར་མི་འགྱུར་བ་དེའི་ཕྱིར་ན། འཁྲུལ་བ་གློ་བུར་གྱི་དྲི་མ་ནམ་དག་པའི་ཚེ་རང་ངོ་མངོན་དུ་བྱས་ཏེ་འཚང་རྒྱ་བར་འགྱུར་བའི་ཕྱིར། དེ་ཉིད་སྦྱོང་བའི་ཐབས་ལ་འབད་བརྩོན་མི་གཡེལ་བར་བྱའོ། །དེ་ལྟར་ཡང་ལེ་ལག་ལས། འཁོར་བ་དང་ནི་མྱ་ངན་འདས། །གཉིས་ཀ་ཡོད་པ་མ་ཡིན་ཏེ། །འཁོར་བ་ཡོངས་སུ་ཤེས་པ་ན། །མྱ་ངན་འདས་ཞེས་དེ་ལ་བྱ། །ཞེས་དང་། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་སོ། །ཞེས་སོ། །གློ་བུར་དྲི་མས་སྙིང་པོའི་རང་ངོ་ལ་ནམ་ཡང་མ་གོས་པས་སྦྱངས་ན་འབྲལ་དུ་རུང་བ་ནི། སྙིང་པོ་ལས། སུས་ཀྱང་མ་བཅིངས་བཅིངས་མེད་དོ། །བཅིང་བར་བྱ་བའང་ཡོད་མ་ཡིན། །ཞེས་སོ། སེམས་ཅན་སྤྱི་བཙན་དུ་འཁོར་བ་ལ་ཐོག་མཐའ་མེད་པར་གསུངས་ཀྱང་གང་ཟག་སྒོས་བཙན་དུ་མངོན་པའི་མདོ་ལས། ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། །ཞེས་འབྱུང་བ་བཞིན་དྲི་མ་ལམ་གྱིས་སྦྱངས་པས་མྱང་འདས་ལ་རེག་ཅིང་། སྦྱངས་ཟིན་ནས་འབྲུམ་ནད་བྱང་བའི་སྐྱེས་བུ་ལྟར་འབྲས་བུ་རྒྱུ་རུ་མི་ལྡོག་པས་ལམ་ལ་བརྩོན་པ་ནི་འཐད་པ་དང་བཅས་པའོ།། །།གཉིས་པ་གང་གིས་རྟོགས་པར་བྱེད་པའི་ལམ་བཤད་པ་ལ་གཉིས། སྡོམ་གྱིས་མདོར་བསྟན། དེ་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། རྟོགས་བྱེད་ལམ་ནས་ལམ་ ལ་འཇུག༔ ཅེས་གསུངས་ཏེ། གཞི་འབྲས་དབྱེར་མེད་པ་དེ་ཉིད་རྟོགས་པར་བྱེད་པའི་ཐབས་སུ་མདོ་སྔགས་ལམ་གྱི་རིམ་པ་བསམ་པའི་མཐའ་ཡས་པར་གསུངས་ཀྱང་། གནད་ཀྱི་སྙིང་པོ་གཅིག་ཏུ་དྲིལ་ན། བློ་རྒྱུད་སྦྱོང་བའི་ཚུལ་ཞིང་ཐ་རྒོད་བཏུལ་བ་ལྟ་བུ་དང་། སྨིན་གྲོལ་གྱི་ས་བོན་གདབ་པའི་ཚུལ་འབྲུ་སྐྱོན་མེད་པ་འདེབས་པ་ལྟ་བུ་དང་། དེ་ཉིད་སྐྱེད་བསྲིང་བའི་ཚུལ་ཆུ་ལུད་སོགས་སོ་ནམ་ལ་བརྩོན་པ་ལྟ་བུ་དང་། ལམ་གྱི་གེགས་སེལ་བའི་ཐབས་སད་སེར་སོགས་སྲུང་བའི་ཐབས་ལ་འབད་པ་ལྟ་བུ་དང་། ཡོན་ཏན་གྱི་བོགས་འདོན་བའི་ཐབས་ཆར་འབེབས་སོགས་གོང་འཕེལ་དུ་འགྱུར་བའི་ཐབས་བྱེད་པ་ལྟ་བུ་སྟེ་རྣམ་པ་ལྔ་ཡིས་ལམ་ལེགས་པར་སྦྱངས་པས། འབྲས་བུ་བཅུད་དུ་སྨིན་པ་ལྟར་རྣམ་གྲོལ་གྱི་འབྲས་བུ་མངོན་དུ་བྱེད་པར་འགྱུར་བས་ན་ཡང་དག་པའི་ལམ་ལ་རབ་ཏུ་འཇུག་པར་བྱའོ། །གཉིས་པ་ལ་ལྔ། རྒྱུད་སྦྱོང་བ། ས་བོན་གདབ་པ། སྐྱེད་བསྲིང་བ། གེགས་སེལ་བ། བོགས་འདོན་པའི་རིམ་པའོ། །དང་པོ་ལ་གཉིས། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ། བསྟེན་ནས་བློ་རྒྱུད་ཇི་ལྟར་སྦྱོང་བའི་རིམ་པའོ། །དེའི་དང་པོ་ལའང་བཞི། བསྟེན་བྱ་སློབ་དཔོན་གྱི་མཚན་ཉིད། ཇི་ལྟར་བསྟེན་པའི་ཐབས། སྟེན་བྱེད་སློབ་མའི་མཚན་ཉིད། བསྟེན་ནས་གདམས་པ་སྟོན་ཚུལ་ལོ། །དང་པོ་ནི། དེ་ལ་དང་པོ་ ནས་ མཚན་ཉིད་ཀུན་ལྡན ཞེས་གསུངས་ཏེ། གཞི་ཤེས་ནས་གློ་བུར་དྲི་མ་སྦྱང་བའི་ཕྱིར་དུ་ལམ་གྱི་རིམ་པ་ལ་འཇུག་པའི་ཚུལ་དེ་ལའང་དང་པོ་ཉིད་དུ་རྟོག་འཁྲུལ་གྱི་བློ་ངན་གོམས་ཀྱི་དབང་དུ་ཤོར་བས་ལས་སུ་མི་རུང་བ་དེ་ཉིད་དུལ་བར་བྱ་བའི་ཆེད་དུ་རྒྱུད་ལེགས་པར་སྦྱང་དགོས་པས་དེའི་ཚུལ་འཆད་པར་བྱའོ། །དེའང་བྱིས་པའི་སྐྱེ་བོ་རྣམས་རང་གི་བློ་སྟོབས་ཀྱིས་ཡང་དག་པའི་ལམ་གྱི་ཕྱོགས་ཙམ་དུའང་བགྲོད་པར་མི་ནུས་པས་སྤྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་ཁྱད་པར་ལམ་ལ་ཚུལ་བཞིན་འཇུག་ཅིང་ལེགས་པར་བགྲོད་པར་བྱེད་པའི་རྩ་བ་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ཐོག་མ་ཉིད་དུ་ལེགས་པར་བརྟགས་ནས་བསྟེན་དགོས་ཏེ། དཔེར་ན་རྒྱུས་མེད་པའི་ལམ་དུ་ཞུགས་པ་ལ་རྒྱུས་ཤེས་ཀྱི་ལམ་མཁན་དང་། འཇིགས་སར་བགྲོད་པ་ལ་སྟོབས་ལྡན་གྱི་སྐྱེལ་མ་དང་། ཆུའི་ཕ་རོལ་ཏུ་བགྲོད་པ་ལ་གྲུ་འཛིན་པའི་མཉན་པ་ཉིད་མེད་ཐབས་མེད་པ་བཞིན་ནོ། །སློབ་དཔོན་གྱི་མཚན་ཉིད་མདོ་རྒྱུད་མན་ངག་རྣམས་ནས་རྒྱ་ཆེར་གསུངས་ཀྱང་མདོར་བསྡུ་ན། ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་སྡོམ་པ་གསུམ་ཇི་ལྟར་བླངས་པའི་དམ་ཚིག་དང་སྡོམ་པའི་ཀུན་སྤྱོད་ལ་ཉེས་ལྟུང་གིས་མ་གོས་པས་རྒྱུད་རྣམ་པར་དག་ཅིང་ཁ་ན་མ་ཐོ་བ་སྤངས་པ། མདོ་སྔགས་ཀྱི་རྒྱུད་ལུང་མན་ངག་མང་དུ་ཐོས་པས་གང་ལའང་མ་རྨོངས་ཤིང་ཕྱོགས་ལྷུང་བྲལ་བའི་རྣམ་ཐར་གྱིས་རབ་ཏུ་བརྒྱན་པ། ཐོས་དོན་བསམ་པས་གཏན་ལ་ཕབ་པས་མཐའ་དྲུག་ཚུལ་བཞིའི་བྱེ་བྲག་ཕྱེད་པ། དེའི་དོན་སྒོམ་པས་རྒྱུད་ལ་སྦྱར་བས་ཉམས་དང་རྟོགས་པའི་ཡོན་ཏན་ཡར་ཟླ་ལྟར་རྒྱས་ཤིང་ས་ལམ་གོང་དུ་སྤོགས་པའི་དྲོད་རྟགས་དང་ལྡན་པ་སྟེ་ཐོས་བསམ་སྒོ་གསུམ་གྱིས་རང་དོན་མཐར་ཕྱིན་པ། དེ་དག་ལས་བྱུང་བའི་དྲི་མ་མེད་པའི་མཁྱེན་རབ་ཀྱི་རྩལ་རྒྱས་པས་རྙེད་བཀུར་གྲགས་པ་ལ་མི་ལྟོས་པར་དམིགས་པ་མེད་པའི་ཐུགས་རྗེའི་འཇུག་པས་སྐལ་ལྡན་གྱི་སློབ་མ་རྗེས་སུ་འཛིན་པར་མཛད་པའི་བརྩེ་བ་ཅན། དེའང་ཚིག་གི་གདམས་པས་སྒྲོ་འདོགས་གཅོད་ནུས་པ། དོན་གྱི་ངོ་སྤྲོད་ཀྱིས་རྟོགས་པ་སྐྱེད་ནུས་པ། བྱིན་རླབས་སྟོབས་ཀྱིས་མ་དག་པའི་སྣང་བ་འགོག་ནུས་པ། ཉམས་ཀྱི་གེགས་སེལ་ཞིང་རྟོགས་པའི་བོགས་འབྱིན་ནུས་པ་སྟེ། མདོར་ན་མཁྱེན་བརྩེ་ནུས་པས་གཞན་དོན་ལྷུན་གྱིས་གྲུབ་པའི་མཚན་ཉིད་བཟང་པོ་ཀུན་དང་ལྡན་པའོ། །ཐོག་མར་དགེ་བའི་བཤེས་གཉེན་ལ་བསྟེན་དགོས་པའི་ལུང་ཡང་སྡོང་པོ་བཀོད་པ་ལས། ཐམས་ཅད་མཁྱེན་པ་ནི་དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་རག་ལས་སོ། །ཞེས་དང་། སྡུད་པ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བསྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུངས། །ཞེས་དང་། ཡུམ་ལས། བྱང་ཆུབ་སེམས་དཔའ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཐོག་མ་ཉིད་དུ་དགེ་བའི་བཤེས་གཉེན་དག་ལ་བསྙེན་པར་བྱ། བསྟེན་པར་བྱ། བསྙེན་བཀུར་བར་བྱའོ། །ཞེས་དང་། ཇི་སྐད་དུ། གདོས་པ་འཛིན་པ་མེད་པར་ནི། །གྲུ་ཡིས་ཕ་རོལ་ཕྱིན་མི་འགྱུར། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང་། །བླ་མ་མེད་ན་སྲིད་མཐར་མིན། །ཞེས་སོགས་ལུང་དང་རིག་པ་དང་དཔེ་མཐའ་ཡས་པ་གསུངས་སོ། །གཉིས་པ་ནི། མཉེས་པ་གསུམ་ནས་ ཡལ་གམ་བླང༔ ཞེས་གསུངས་ཏེ། མཚན་ཉིད་དེ་ལྡན་གྱི་སློབ་དཔོན་རྙེད་ནས་ཇི་ལྟར་བསྟེན་པའི་ཚུལ་ཡང་། མདོ་སྡེ་རྒྱན་ལས། རྙེད་པ་བཀུར་སྟི་དག་དང་རིམ་གྲོ་དག །སྒྲུབ་པའི་སྒོ་ནས་བླ་མ་བསྟེན་པར་བྱ། །ཞེས་པ་ལྟར་རབ་གདམས་ངག་གི་དོན་ཉམས་སུ་ལེན་ཞིང་བཀའ་བཞིན་བྱེད་པ་སྒྲུབ་པའི་ཞབས་ཏོག །འབྲིང་ལུས་ངག་ཡིད་གསུམ་གྱིས་སྲི་ཞུ་རིམ་གྲོ་ཇི་ལྟར་ལྕོགས་པ། ཐ་མ་ཟང་ཟིང་རྙེད་པ་རང་ལ་བདོག་རྒུ་ཐམས་ཅད་འབུལ་ཞིང་བཀུར་སྟི་བྱ་བ་སྟེ་མཉེས་པ་རྣམ་པ་གསུམ་གྱི་སྒོ་ནས། དགོས་འབྱུང་གི་ནོར་བུ། འཆི་གསོས་ཀྱི་སྨན་པ། ཁོང་པའི་དོན་སྙིང་དུ་འདུ་ཤེས་ནས་མོས་པ་དང་གུས་པ་ཚད་བཟུང་ཐང་ལྷོད་མེད་པར་བསྟེན། སྒོ་གསུམ་བྱ་བ་ཁ་ན་མ་ཐོ་བའམ་ལེགས་སུ་རེ་བའི་ཚོད་འཛིན་སོགས་ཐུགས་ལ་མི་མཉེས་པར་འགྱུར་བའི་བྱ་བ་སྐད་ཅིག་མ་ཙམ་ཡང་མི་བྱ་བར་སྤང་། ཟབ་མོའི་ཆོས་དང་སྐྱེས་བུ་དམ་པའི་དགོངས་སྤྱོད་ཀྱི་གཏིང་དཔོག་པར་དཀའ་བས་བློ་སྒྲིན་ཅིང་ཐུགས་ཟིན་པས་གསང་བ་གསུམ་གྱི་རྣམ་པར་ཐར་པ་ཚུལ་བཞིན་དུ་བསླབ་པ་ལ་མཁས་པར་བྱ་བའི་སྒོ་ནས། ཅི་མཛད་ལེགས་པར་མཐོང་ཞིང་ཅི་གསུང་ཚད་མར་འཛིན་ཏེ་བཀའ་བཞིན་རྗེས་སུ་སྒྲུབ་པའི་ཡལ་གམ་མམ་དམ་བཅའ་བརྟན་པོ་རྐྱེན་གྱིས་མི་འཕྲོག་པ་ཡང་དང་ཡང་དུ་བླངས་ཏེ་ལག་ལེན་དུ་ཁེལ་བར་བྱའོ། །དེ་ལྟར་ཡང་འདུས་པ་ལས། རིགས་ཀྱི་བུ། སློབ་དཔོན་ནི་དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཞིན་དུ་བལྟ་བར་བྱའོ། །ཞེས་དང་། རང་ཤར་ལས། དེ་ལྟར་གསང་སྔགས་སློབ་དཔོན་ལ། །རང་ལུས་དང་ནི་རིན་ཆེན་རྫས། །ཤིན་ཏུ་དཀོན་པ་དག་གིས་བསྟེན། །ཅེས་དང་། མདོ་ལས། དགེ་བའི་བཤེས་གཉེན་མགུ་བར་བྱས་ན་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཐོབ་བོ། །ཞེས་སོ། །ཇི་སྐད་བཤད་པའི་མཚན་ཉིད་ཀུན་ལྡན་གྱི་སློབ་དཔོན་དུས་ཀྱི་དབང་གིས་རྙེད་པར་དཀའ་ཞིང་། རྙེད་ཀྱང་རང་སྣང་མ་དག་པའི་སེམས་ཅན་གྱིས་གཞན་དག་སྐྱོན་ཅན་དུ་མཐོང་བས་ཡོན་ཏན་ཤས་ཆེ་བསྟན་པར་བྱ་དགོས་ཏེ། དོན་དམ་བསྙེན་པ་ལས། རྩོད་དུས་དབང་གི་བླ་མ་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོད་མ་ཡིན། །གང་ཞིག་ཡོན་ཏན་ལྷག་པ་ཡང་ནི་ལེགས་དཔྱད་ནས། །བུ་རྣམས་ཀྱིས་ནི་དེ་ལ་བསྟེན་པར་འགྱུར་བའོ། །ཞེས་འབྱུང་བ་བཞིན་ནོ། །གསུམ་པ་ནི། དེས་ཀྱང་ ནས་ སློབ་མའི་ ཞེས་པའི་བར་གྱིས་བསྟན་ཏེ། མཚན་ལྡན་གྱི་སློབ་དཔོན་དེས་ཀྱང་སློབ་མ་ཇི་ལྟ་བུ་ལ་གདམས་པ་སྟོན་ཞེ་ན། དད་བརྩོན་བརྟུལ་ཞུགས་ལྡན་པ་སྣོད། །ཅེས་དང་། གསང་སྙིང་ལས། སྣོད་ལྡན་ངང་ཚུལ་བཟང་ལ་བསྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །ཞེས་འབྱུང་བ་ལྟར། ཆོས་དཀར་ཐམས་ཅད་ཀྱི་རྩ་བ་དང་བ་དང་འདོད་པ་དང་ཡིད་ཆེས་པའི་དད་པ་དང་། འཁོར་བ་ལ་མེ་འོབས་སམ་བཙོན་ར་ལྟར་ཤེས་ནས་སྲིད་པ་ལས་ངེས་པར་འབྱུང་བའི་བློ་དང་། སེམས་ཅན་ཕ་མར་ཤེས་པས་གཞན་དོན་སྤྲོ་བའི་སྙིང་རྗེ་དང་། སྔོན་སྦྱངས་ཀྱིས་རིགས་སད་པས་ཐོས་པ་ཙམ་གྱིས་དོན་ཕྱིན་ཅི་མ་ལོག་པར་རྟོགས་པའི་དབང་པོ་རྣོན་པོར་གྱུར་པ་དང་། རྒྱ་ཆེ་བ་ཐེག་པ་ཆེན་པོ་དང་ཟབ་མོ་གསང་སྔགས་ཀྱི་ལྟ་སྤྱོད་ལ་ཐེ་ཚོམ་མེད་པར་ཡིད་ལ་ཤོང་བའི་བློ་ཆེ་བ་དང་། གང་ལའང་མི་བསྙེངས་ཤིང་ཞུམ་པ་མེད་པར་འཇུག་ནུས་པའི་བརྟུལ་ཞུགས་དང་ལྡན་པ་སྟེ་དྲུག་པོ་དེ་ལ་ཡོན་ཏན་གྱི་མཚན་ཉིད་ཐམས་ཅད་འདུས་པས། མཚན་ཉིད་དེ་ལྡན་གྱི་སློབ་མ་རྗེས་སུ་གཟུང་བར་བྱའོ། །བཞི་པ་ནི། རྒྱུད་དང་ ནས་ སྦྱིན་མི་བྱ༔ ཞེས་གསུངས་ཏེ། དེ་ལྟར་བླ་སློབ་ཀྱི་རྟེན་འབྲེལ་ལེགས་པར་འགྲིགས་པ་ན། བླ་མས་སློབ་མའི་རྒྱུད་ཞིབ་མོར་བརྟགས་ཏེ་བློ་ཚོད་དང་སྦྱར་ལ་ཐེག་པ་ཆེ་ཆུང་གི་གདམས་པ་བསྟན་དགོས་ཀྱི་སོ་སོའི་བློ་དང་མི་འཚམས་པ་བློ་དམན་ལ་ཟབ་ཅིང་རྒྱ་ཆེ་བ་དང་བློ་ཆེན་ལ་ཐེག་དམན་གྱི་གདམས་པ་སྦྱིན་པ་སོགས་མི་བྱ་སྟེ། དེ་ལྟར་བྱས་ན་ཆོས་བསྟན་པའི་ཡུལ་ལ་མི་ཕན་ཅིང་སྟོན་པ་པོ་ཉིད་ཉེས་པ་དང་བཅས་པར་འགྱུར་པ་སྟེ། བློ་དམན་ཟབ་རྒྱས་ཀྱིས་དངངས་སྐྲག་སྐྱེ་བས་ལམ་ལས་ཕྱིར་ལྡོག་པར་འགྱུར་བ་དང་། བློ་ཆེན་ལྟ་སྤྱོད་ཀྱིས་མ་ཚིམས་པར་ལམ་སྟེགས་སྤོང་བའི་སྐྱོན་བསྐྱེད་པར་བྱེད་དོ། །དེ་ལྟར་ཡང་རྒྱུད་རྡོར་ཕྲེང་ལས། ཇི་ལྟར་སེང་གེའི་འོ་མ་ནི། །ས་ཡི་སྣོད་དུ་བཞག་མི་བྱ། །དེ་བཞིན་རྣལ་འབྱོར་ཆེན་པོའི་རྒྱུད། །སྣོད་མིན་དག་ལ་སྦྱིན་མི་བྱ། །འདི་དང་ཕ་རོལ་ཏུ་ནི་ཕུང་། །སྣོད་མིན་མན་ངག་རབ་བཤད་ན། །སློབ་དཔོན་དངོས་གྲུབ་ཉམས་པར་འགྱུར། །ཞེས་དང་། སྤྱོད་འཇུག་ལས། རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་པ། །དམན་པའི་ཆོས་ལ་སྦྱར་མི་བྱ། །ཞེས་སོ། །སྣོད་དང་ཇི་ལྟར་སྦྱར་བའི་ཚུལ་ཡང་། དམན་ལ་ཆགས་བྲལ་སྤྱོད་པ་སྟེ། །རྒྱ་ཆེ་བ་ལ་ཕ་རོལ་ཕྱིན། །ཟབ་ལ་སྔགས་ཀྱི་ཐེག་པའོ། །ཞེས་དང་། གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་རྒྱུད། །རྣལ་འབྱོར་བླ་མེད་དེ་ལྟག་ལའོ། །ཞེས་པ་ལྟར་རོ། །གཉིས་པ་བློ་སྦྱོང་བའི་ཚུལ་ལ་གཉིས། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ལ་གཉིས། ཐུན་གྱི་སྔོན་འགྲོ་དང་། ཁྲིད་ཀྱི་སྔོན་འགྲོའོ། །དེའི་དང་པོ་ལའང་གཉིས། རིང་བ་དང་། ཉེ་བའི་སྔོན་འགྲོའོ། །དང་པོ་ནི། བློ་རིགས་ ནས་ བྱ་བ་བཏང༔ ཞེས་གསུངས་ཏེ། བློའི་རིགས་སམ་རྒྱུད་ཚོད་དང་མཐུན་པར་གདམས་ངག་སྟོན་པའི་ཚུལ་དེའང་གཙོ་བོར་རིམ་གྱིས་དཀྲི་བའི་ཚུལ་ཤེས་ན་ཅིག་ཅར་དཀྲི་ཚུལ་ཞར་ལས་ཤེས་པར་འགྱུར་བ་དང་། སྤྱིར་ལམ་རིམ་པར་མ་འཛེགས་པར་ཐོད་རྒལ་གྱིས་གོང་མར་འཕར་བར་མི་ནུས་པ་དང་། ལམ་གྱི་ཡོན་ཏན་འོག་མ་མ་སྐྱེས་པར་གོང་མ་ཐོབ་པར་མི་ནུས་པའི་ཕྱིར་རིམ་བགྲོད་ཀྱི་ཚུལ་གལ་ཆེ་སྟེ། མདོ་མྱང་འདས་ལས། ཇི་ལྟར་སྐས་ཀྱི་རིམ་པ་བཞིན། །ང་ཡི་བསྟན་པ་ཟབ་མོ་ཡང་། །རིམ་གྱིས་བསླབ་ཅིང་ནན་ཏན་བྱ། །ཐོད་རྒལ་མ་ཡིན་མཐར་ཆགས་སོ། །ཇི་ལྟར་བྱིས་པ་ཆུང་ངུ་དང་། །རིམ་གྱིས་ལུས་ཤེད་རྫོགས་པ་ལྟར། །ཆོས་འདི་ཡང་ནི་དེ་དང་འདྲ། །དང་པོར་འཇུག་པའི་རིམ་པ་ནས། །ཡོངས་སུ་རྫོགས་པའི་བར་དུའོ། །ཞེས་སོ། །དེ་ནས་ལམ་རིམ་གྱིས་དཀྲི་བའི་ཚུལ་ནི། ལམ་ལ་འཇུག་པར་འདོད་པའི་གང་ཟག་དེས་དང་པོ་ཉིད་དུ་འཇིག་རྟེན་གྱི་ལུས་སེམས་རྣམ་པར་གཡེང་བའི་འདུ་འཛིའི་གནས་ལས་རིང་དུ་བྱོལ་ནས་ཐག་བསྲིངས་ཏེ། རྒྱལ་བས་བསྔགས་པའི་བས་མཐའི་དབེན་གནས་དམ་པར་སོང་ལ་དེར་ཡང་འཕྲལ་མཁོའི་ཡོ་བྱད་མ་ཐོགས་ཙམ་གྱིས་ཆོག་ཤེས་པར་བྱས་ཏེ། ལུས་ཀྱི་མི་དགེ་བ་དང་ལུང་མ་བསྟན་གྱི་བྱ་བ་ངག་དོན་མེད་ལོང་གཏམ། ཡིད་ཉོན་མོངས་འཁྲུལ་རྟོག་གི་རྗེས་སུ་འབྲང་བ་སོགས་འཇིག་རྟེན་པ་དང་མཐུན་པའི་བྱ་བ་མཐའ་དག་བཏང་ན་དམ་པའི་ཆོས་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བར་བྱའོ། །དེའང་འདུ་འཛིས་རྣམ་པར་གཡེང་བ་ལ་སྒོ་གསུམ་མ་བསྡམས་ཤིང་བདུད་རིས་ཀྱི་བར་དུ་གཅོད་པ་དང་བསམ་གཏན་དང་ཤེས་རབ་མི་སྐྱེ་བ་སོགས་ཉེས་པ་ཉི་ཤུ་ཡོད་པ་ལྷག་པའི་བསམ་པ་སྐུལ་བའི་མདོ་ལས་གསུངས་ཤིང་། སངས་རྒྱས་རྣམས་ལ་མཆོད་པའི་བྱེ་བྲག་དུ་མས་བསྐལ་པར་མཆོད་པ་བས་ངེས་འབྱུང་གི་སེམས་ཀྱིས་དབེན་པར་གོམ་བདུན་བོར་བའི་བསོད་ནམས་ཆེ་བ་ཏིང་འཛིན་རྒྱལ་པོ་སོགས་ལས་གསུངས་པ་དང་། གོང་གི་འདུ་འཛིས་ཉེས་པ་ལས་ལྡོག་པའི་ཡོན་ཏན་རྣམས་ཐོབ་པར་འགྱུར་བ་དང་། ཁྱད་པར་སེམས་ལ་བརྟན་པ་མ་ཐོབ་པའི་གང་ཟག་ལས་དང་པོ་པས་དབེན་པ་བསྟེན་པ་ཁོ་ན་གལ་ཆེ་སྟེ། དཀོན་མཆོག་གི་ཟ་མ་ཏོག་ལས། ལས་དང་པོ་པས་སེམས་ཉེ་བར་ཞི་བ་དང་རབ་ཏུ་དུལ་བར་བྱ་བའི་ཕྱིར་དབེན་པར་གནས་པར་བྱའོ། །ཞེས་སོ། །གཉིས་པ་ནི། བདེ་བའི་སྟན་ ནས་ འདི་ལྟར་བསམ༔ ཞེས་གསུངས་ཏེ། དབེན་གནས་བྲག་ཕུག་གམ་བསམ་གཏན་གྱི་ཁང་པར་བདེ་བའི་སྟན་འཇམ་ཞིང་སྙོམས་པ་ལ་འདུག་པས་ཡུན་རིང་སྡོད་ཚུགས། ལུས་གནད་དྲང་པོར་བསྲང་བས་རྩ་རླུང་རང་མལ་ཏུ་གནས་ཏེ་འཁྲུལ་རྟོག་ཉུང་། རླུང་རོ་ལན་གསུམ་བསལ་བས་རྩ་ནང་ཉོན་མོངས་ཀྱི་སྙིགས་མ་དག །དཀོན་མཆོག་གསུམ་ལ་དམ་པའི་ཆོས་མཐར་ཕྱིན་པའི་གསོལ་བ་བཏབ་པས་བར་ཆད་མི་འབྱུང་། བླ་མ་ལ་སངས་རྒྱས་སུ་མཐོང་བའི་མོས་གུས་བསྐྱེད་པས་སྒོ་གསུམ་ལ་བྱིན་རླབས་འཇུག །རྐྱེན་གྱིས་མི་འཕྲོག་བའི་དྲན་པ་རང་མལ་མངོན་དུ་བཞག་པས་སྒོམ་དོན་གསལ་ཐེབས་པར་འགྱུར་བས་ན། ཇི་སྐད་བཤད་པ་རྣམས་ཚུལ་བཞིན་བྱས་ལ་བློ་སྦྱོང་བའི་ཚུལ་འདི་ལྟར་བསམ་པར་བྱའོ། །གཉིས་པ་ཁྲིད་ཀྱི་སྔོན་འགྲོ་ལ་གསུམ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བ། འབྲིང་པོ་དང་ཐུན་མོང་བ། ཆེན་པོ་དང་ཐུན་མོང་བའི་ལམ་རིམ་མོ། །དང་པོ་ལ་གསུམ། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག །ལས་རྒྱུ་འབྲས་བསམ་པའོ། །དང་པོ་ནི། དལ་འབྱོར་ ནས་ མ་འབད་ན༔ ཞེས་གསུངས་ཏེ། འདི་ལ་བཞི། རྟེན་གྱི་ངོ་བོ། དེ་རྙེད་པར་དཀའ་བའི་རྒྱུ་མཚན། རྙེད་པ་དོན་ཆེ་བའི་ཚུལ། དེ་ལས་སྙིང་པོ་ལེན་དགོས་པར་གདམས་པའོ། །དང་པོ་ནི། མི་ཁོམ་པ་བརྒྱད་ལས་ལོག་པའི་དལ་བ་ནི་རྟེན་གྱི་ངོ་བོ་ཡིན། རང་འབྱོར་གཟུགས་རྒྱན་ལེགས་པ་ལྟ་བུ་ལྔ་དང་གཞན་འབྱོར་སྣང་བའི་བྱེ་བྲག་གིས་གསལ་བ་ལྟ་བུ་ལྔ་ནི་དེའི་ཁྱད་པར་གྱི་ཆོས་ཏེ་ཕུན་སུམ་ཚོགས་པ་དེ་ལྟ་བུས་བརྒྱན་པའི་མི་ལུས་རིན་པོ་ཆེ་འདི་ནི་བྱང་ཆུབ་སྒྲུབ་པ་ལ་མེད་དུ་མི་རུང་བའི་རྟེན་ཡིན་ནོ། །དེ་ལ་མི་ཁོམ་པ་བརྒྱད་ནི། ཇི་སྐད་དུ། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་དང་། རང་འབྱོར་ལྔ་ནི། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་དང་། གཞན་འབྱོར་ལྔ་ནི། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་ཞུགས། །གཞན་ཕྱིར་སྙིང་ནི་བརྩེ་བ་འོ། །ཞེས་འབྱུང་བ་ལྟར་རོ། །གཉིས་པ་ལ་རྒྱུའི་སྒོ་ནས་རྙེད་པར་དཀའ་བ་ནི། ཚུལ་ཁྲིམས་ལ་སོགས་དགེ་བའི་ལས་རྒྱ་ཆེན་པོ་བསགས་ཤིང་སྨོན་ལམ་གྱིས་མཚམས་སྦྱར་ན་དལ་འབྱོར་ཐོབ་པར་འགྱུར་ནའང་། ཞི་བ་ལྷས། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་འཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །ཅེས་གསུངས་པ་བཞིན་དུ་བསོད་ནམས་གསོག་པ་དཀོན་པ་དང་། དཔེའི་སྒོ་ནས་ཀྱང་རྙེད་པར་དཀའ་སྟེ། དལ་འབྱོར་གྱི་རྟེན་ནི་ཨུ་དུམྦ་རའི་མེ་ཏོག་དང་འདྲ་སྟེ། དེ་ནས་སངས་རྒྱས་འཇིག་རྟེན་དུ་བྱོན་པ་བརྒྱ་ལམ་ནའང་དཀོན་པ་དང་མཚུངས་པར་གྲགས་ཤིང་། གཞན་ཡང་། རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་རྙེད་དཀར་གསུངས། །ཞེས་པ་ལྟར་རོ། །གྲངས་ལ་བསམ་ཡང་རྙེད་པར་དཀའ་སྟེ། དམྱལ་བ་ནི་ས་ཆེན་པོའི་རྡུལ། ཡི་དྭགས་ནི་ཁ་བ་བུ་ཡུག །དུད་འགྲོ་ཆང་གི་སྦང་མ། ལྷ་མི་གཉིས་སེན་མོའི་སྟེང་གི་རྡུལ་ཆགས་པ་ཙམ་ལས་མེད་པར་མདོ་ལས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱི་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་པ་ལྟར་མི་ལུས་ཀྱི་གྲུ་ལ་བརྟེན་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བརྒལ་ཏེ་སྙིང་པོ་གཏན་འདུན་གྱི་ནོར་བུ་ལེན་པའི་ཐབས་ལ་རབ་ཏུ་མཁས་ཤིང་སྒྲིན་པར་གྱུར་ན། རྙེད་དཀའ་རྙེད་པ་དེ་ཉིད་ཤིན་ཏུ་དོན་ཆེ་བ་དབུལ་པོས་ཡིད་བཞིན་ནོར་བུ་རྙེད་པ་ལས་ཀྱང་ལྷག་སྟེ། ཙནྡྲ་གོ་མཱིས། གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཅིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་བྱེད་ལ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་ཐོབ་ནས་སུ་ཞིག་འབྲས་བུ་མེད་པར་བྱེད། །ཅེས་སོ། །བཞི་པ་ནི། རྙེད་དཀའ་ཞིང་རྙེད་ན་དོན་ཆེ་བ་ཉིད་རྙེད་པར་གྱུར་པ་དེའི་ཕྱིར། དུས་ཀྱི་རྒྱུན་དང་གནས་སྐབས་ཀྱི་བྱེ་བྲག་ཐམས་ཅད་དུ། དལ་འབྱོར་ལས་སྙིང་པོ་ལེན་པའི་ཐབས་ཡང་དག་པའི་ལམ་སྟོན་པ་པོ་དགེ་བའི་བཤེས་གཉེན་དང་དགེ་བའི་ལྟ་སྤྱོད་ཅན་གྱི་གྲོགས་པོ་བསྟེན་དགོས་ཏེ། བཤེས་སྤྲིང་ལས། དགེ་བའི་བཤེས་གཉེན་བསྟེན་པ་ཚངས་པར་སྤྱོད། །ཡོངས་སུ་རྫོགས་པ་ཐུབ་པས་གསུངས་དེའི་ཕྱིར། །དགེ་བའི་བཤེས་གཉེན་བསྟེན་བགྱི་བཤེས་གཉེན་ལ། །བསྟེན་ནས་རབ་ཏུ་མང་པོ་ཞི་བ་ཐོབ། །ཅེས་སོ། །དེ་ལས་ལོག་པ་རང་བློ་མི་དགེ་བའི་ལམ་དུ་ཁྲིད་དེ་དལ་འབྱོར་ཆུད་ཟོས་སུ་གཏོང་བར་བྱེད་པོའི་སྡིག་ཏོའི་བཤེས་གཉེན་དང་སྡིག་པའི་གྲོགས་པོ་སྤང་དགོས་ཏེ། དྲན་ཉེར་ལས། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཐམས་ཅད་ཀྱི་རྒྱུར་གྱུར་པ་ནི་སྡིག་པའི་གྲོགས་པོ་སྟེ་དུག་གི་སྡོང་པོ་ལྟ་བུའོ། །ཞེས་དང་། དཀོན་བརྩེགས་ལས། སྡིག་པའི་གྲོགས་པོ་གང་ཞེ་ན། དགེ་བ་འགྲིབ་ཅིང་མི་དགེ་བ་ལ་སྦྱོར་བ་གང་ཡིན་ཏེ། དེ་བསྙེན་པར་མི་བྱ། བསྟེན་པར་མི་བྱ། མཐོང་བར་མི་བྱའོ། །ཞེས་སོ། །དེར་མ་ཟད་ཚེ་འདིར་ལྟོས་ཀྱི་སྣང་བ་ཐམས་ཅད་གཉིད་ཐུན་གཅིག་གི་རྨི་ལམ་བཟང་ངན་ལྟར་ཡུན་ཐུང་ལ་སྙིང་པོ་མེད་པས་བློས་ལིང་གིས་བཏང་ནས་ཚེ་ཕྱི་མ་ཕན་ཆད་ཀྱི་དོན་གཏན་གྱི་འདུན་མ་འགྲུབ་པའི་ཕྱིར། ད་ལྟ་མྱུར་བ་ཉིད་དུ་དལ་འབྱོར་སྙིང་པོ་ལེན་པའི་ཐབས་ལ་མ་འབད་ན་ཚེ་ལ་ངེས་པ་མེད་དེ། ཇི་སྐད་དུ། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་ལ་གང་འོང་གཏོལ་མེད་པས། །སང་གི་ཚིས་ལ་མི་འབད་པར། །ཕྱི་མའི་དོན་དུ་འབད་པར་རིགས། །ཞེས་སོ། །གཉིས་པ་ནི། འདུས་བྱས་ ནས སྤྱོད་པར་བྱ༔ ཞེས་གསུངས་ཏེ། སྤྱིར་སྣོད་བཅུད་དུ་སྣང་བ་འདི་དག་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་ཏེ་འདུས་ཤིང་བྱས་པའི་ཆོས་ཡིན་པའི་ཕྱིར་གཅིག་ཀྱང་མི་རྟག་སྟེ། མདོ་ལས། དགེ་སློང་དག་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཞེས་གསུངས། ཇི་ལྟར་མི་རྟག་ན། ཚོམས་ལས། བསགས་པ་ཀུན་གྱི་མཐའ་འཛད་ཅིང་། །བསླངས་པའི་ཐ་མ་འགྱེལ་བར་འགྱུར། །འཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་མ་འཆི་བར་འགྱུར། །ཞེས་པ་ལྟར་མི་རྟག་པའི་མཐའ་བཞི་ལས་མ་འདས་པར་རགས་པ་སྣོད་བཅུད་ཆགས་འཇིག་ལོ་ཟླ་དུས་བཞིའི་འགྱུར་བ་དང་ཕྲ་བ་སྐད་ཅིག་རེ་རེ་བཞིན་རྙིངས་ཤིང་འཕོ་བ་ཉི་མ་དང་ཟླ་བའི་འཆར་ནུབ་སྐད་ཅིག་ཡུད་ཡུད་འགྲོ་བ་དང་འདྲ་ལ། བྱེ་བྲག་མི་ཚེ་ལ་ངེས་པ་མེད་པས་ནམ་འཆི་ཆ་མེད་ཅིང་འཆི་རྐྱེན་མང་བས་མྱུར་དུ་འཆི་ངེས་པ་བར་སྣང་གི་གློག་ཤར་བའི་མོད་ནས་ཡལ་བ་དང་མཚུངས་ཏེ། འདུལ་བ་ལུང་ལས། རི་གཟར་ཆུ་བོ་རྒྱ་མཚོར་འཇུག་པ་དང་། །ཉི་མ་ཟླ་བ་ནུབ་རིར་ཕྱོགས་པ་དང་། །ཉིན་མཚན་ཐང་ཅིག་ཡུད་ཙམ་ཤུགས་ཀྱིས་འགྲོ། །སྐྱེས་བུའི་ཚེ་འགྲོ་འདི་དག་མཚུངས་པར་ལྡན། །ཅེས་སོ། །ཤི་བའི་ཚེ་དམ་པའི་ཆོས་མ་ཡིན་པ་བློ་སྟོབས་གཉེན་འཁོར་ལོངས་སྤྱོད་ཅིས་ཀྱང་མི་ཕན་པས། འཇིག་རྟེན་དང་ལྟར་སྣང་གི་ཆོས་མཆིལ་མའི་ཐལ་བ་ལྟར་རིང་དུ་བོར་ནས་དམ་པའི་ལྷ་ཆོས་རྣམ་པར་དག་པ་རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་གདམས་པའི་ཚུལ་བཞིན་དུ་སྤྱད་པར་བྱའོ། །གསུམ་པ་ནི། ལྷ་ཆོས་ ནས་ ཚུལ་བཞིན་བསླབ༔ ཅེས་གསུངས་ཏེ། ཐར་པ་དམ་པའི་ལྷ་ཆོས་སྒྲུབ་པའི་གཞིའམ་རྩ་བར་གྱུར་པ་ནི། སེམས་པ་ཡིད་དང་བྱས་པ་ལུས་ངག་གི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་བཅས་སངས་རྒྱས་ཀྱི་བསྟན་པ་ལ་ཡིད་ཆེས་པས་དགེ་སྡིག་གི་བླང་དོར་ཚུལ་བཞིན་དུ་བྱ་བ་སྟེ། དེའང་རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་དང་། །དེས་བསྐྱེད་ལས་ནི་མི་དགེ་བ། །མི་དགེ་ལས་ནི་སྡུག་བསྔལ་དང་། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །མ་ཆགས་མི་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་སྟེ། །དགེ་ལས་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་ཏུ་བདེ་བ་དང་། །ཞེས་འབྱུང་བ་ལྟར་ཉོན་མོངས་པས་ཀུན་ནས་བསླངས་པའི་སྒོ་གསུམ་གྱི་ལས་སྡིག་པ་མི་དགེ་བ་བཅུ་ཆ་དང་བཅས་པ་ཆེན་པོས་དམྱལ་བ། །འབྲིང་གིས་ཡི་དྭགས། ཆུང་ངུས་བྱོལ་སོང་སྟེ་ངན་སོང་གསུམ་དུ་འགྲོ་ཞིང་སྡུག་བསྔལ་དྲག་པོས་མནར་བར་བྱེད་ལ། བསོད་ནམས་ཆ་མཐུན་གྱིས་ལས་དགེ་བ་བཅུ་འཁོར་དང་བཅས་པས་མཐོ་རིས་སུ་སྐྱེས་ནས་བདེ་འབྲས་མྱོང་ཞིང་། ངེས་འབྱུང་དང་བྱང་སེམས་ཀྱིས་ཟིན་པའི་ཐར་པ་ཆ་མཐུན་གྱི་ལས་དགེ་བ་བྱས་པས་ཐར་པ་རྣམ་གསུམ་གང་རུང་ཐོབ་པར་འགྱུར་བ་ཡིན་ནོ། །དེའང་ཏིང་འཛིན་རྒྱལ་པོ་ལས། ལས་བསགས་པ་ནི་ནམ་ཡང་མེད་མི་འགྱུར། །འཁོར་བ་ན་ནི་དཀར་ནག་འབྲས་བུ་སྨིན། །ཞེས་གསུངས་པ་ལྟར་ལས་ཀྱི་རྣམ་སྨིན་ནམ་ཡང་མི་བསླུ་ཞིང་དགེ་སྡིག་གི་འབྲས་བུ་མི་འཆོལ་བར་བྱེད་པ་པོ་རང་རང་ལ་སྨིན་པ་དང་། ལས་རྣམས་འཕེལ་བ་འགྱུར་དང་བཅས་པས་རྒྱུ་ཆུང་ཡང་འབྲས་བུ་ཆེ་བ་དེ་བས་ན། འཕེན་རྫོགས་དང་བྱས་བསགས་ལ་བཞིར་ཕྱེས་པའི་སྔར་བྱས་ཀྱི་སྡིག་པ་ཆ་དང་བཅས་པ་ཡུལ་མཆོག་ལ་བཤགས་ཤིང་ཕྱིན་ཆད་མི་བྱ་བར་སྙིང་ཐག་པ་ནས་དམ་བཅས་པས་བསྡམ། དགེ་བའི་རྩ་བ་ཆ་བཅས་ཕྲ་མོ་ནས་ཀྱང་ཁྱད་དུ་མི་གསོད་པར་འབད་པ་ཆེན་པོས་དང་དུ་བླང་བར་བྱ་དགོས་ལ། དེའང་ཟག་བཅས་ཐུན་མོང་གི་དགེ་བ་དཀོན་མཆོག་གི་རྟེན་ལ་ཕྱག་དང་བསྐོར་བ་བྱས་པས་ལུས་ཀྱི་མི་དགེ་བ་གསུམ་གཙོ་བོར་གྱུར་པའི་སྡིག་པ་འདག །སྔགས་དང་སྙིང་པོ་བཟླས་བརྗོད་དང་རྒྱལ་བའི་བཀའ་མདོ་རྒྱུད་ཟབ་མོ་བཀླགས་པས་ངག་གི་མི་དགེ་བ་བཞི་གཙོ་བོར་གྱུར་པའི་སྒྲིབ་པ་བྱང་། དང་བ་དང་འདོད་པ་དང་ཡིད་ཆེས་པའི་དད་པས་ཀུན་ནས་བསླངས་ཏེ་དཀོན་མཆོག་གསུམ་དང་རྩ་བ་གསུམ་ལ་གསོལ་བ་གདབ་པས་མཚོན་རྣམ་རྟོག་དགེ་བའི་ལས་ལམ་དུ་བསྒྱུར་བས་ཡིད་ཀྱི་མི་དགེ་བ་གསུམ་གཙོ་བོར་གྱུར་པའི་ཉེས་པ་རྣམས་ཞི་བར་འགྱུར། དགེ་སྡིག་གཉིས་ཀའང་རང་གི་སེམས་ཁོ་ནར་རག་ལས་པ་སྟེ། དཀོན་མཆོག་སྤྲིན་ལས། དགེ་བའམ་འོན་ཏེ་མི་དགེ་བའི། །ལས་ཀུན་སེམས་ཀྱིས་བསགས་པ་ཡིན། །ཞེས་གསུངས་པས་དུས་རྟག་ཏུ་སེམས་བསྲུང་བ་ལ་འབད་པར་བྱ་སྟེ། དེའི་ཚུལ་ཡང་ཞི་བ་ལྷས། སེམས་སྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དང་། །ཐམས་ཅད་འབད་པས་སྲུངས་ཤིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱོར། །ཞེས་གསུངས་པ་ལྟར། དུས་རྟག་པར་སྲུང་སེམས་མི་བརྗེད་པའི་དྲན་པ་དང་། རང་རྒྱུད་ལ་ཉེས་པ་བྱུང་མ་བྱུང་རྟོགས་པའི་ཤེས་བཞིན་དང་། བྱ་བ་གང་ཡིན་གྱི་འཇུག་ལྡོག་གི་གནས་ལ་གཟོབ་པའི་བག་ཡོད་པ་རྣམས་ལ་ཚུལ་བཞིན་དུ་བསླབ་བོ། །གཉིས་པ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་རིམ་ལ་གཉིས། བློ་སྦྱོང་བའི་ཚུལ། འབྱོངས་པའི་ཚད་དོ། །དང་པོ་ནི། ཁྱད་པར་ ནས་ ཡང་ཡང་བསྐྱེད༔ ཅེས་གསུངས་ཏེ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་འདུ་ཤེས་དེ་དག་ཡང་དག་པའི་ལྟ་བ་ཡིན་མོད་ཀྱི། དེ་ལས་ཁྱད་པར་དུ་གྱུར་པ་ཐར་པ་ཞི་བ་བླ་ན་མེད་པའི་གོ་འཕང་བསྒྲུབ་པ་ལ། འཁོར་བ་ཐམས་ཅད་ལས་ངེས་པར་འབྱུང་བའི་བསམ་པ་ཉིད་གལ་ཆེ་བ་སྟེ། དེ་ལ་འཁོར་པའི་མཚན་ཉིད་ནི། ལུང་རྣམ་འབྱེད་ལས། མི་གཙང་བ་ལ་དྲི་ཞིམ་མེད། །དེ་བཞིན་འགྲོ་དྲུག་བདེ་བ་མེད། །འབར་བའི་འོབས་ན་བསིལ་བ་མེད། །སྲིད་པ་དག་ནའང་དགའ་བ་མེད། །ཅེས་པ་ལྟར་སྲིད་པའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་མེ་མདག་གི་འོབས་ལ་ཤ་རྗེན་དུ་གནས་པ་དང་། སྤུ་གྲི་རྣོན་པོའི་ཚལ་ལ་རྐང་རྗེན་དུ་རྒྱུ་བ་དང་། རལ་གྲིའི་ནགས་ལ་གཅེར་བུར་འཛེགས་པ་ལྟར་སྡུག་བསྔལ་ཁོ་ནའི་རང་བཞིན་ཅན་ཡིན་ལ། འཁོར་བའི་རང་བཞིན་ནི། མདོ་ལས། སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །ཞེས་པ་ལྟར་ཐོག་མ་དང་ཐ་མ་མེད་པར་འཁོར་བས་དེའི་ཚུལ་དང་པོར་ཤེས་པར་བྱ་ཞིང་། དེ་ནས་རྒྱུན་དུ་མི་བརྗེད་པའི་དྲན་པ་ཡིས་བསྐུལ་ལོ། །དེ་ལ་འཁོར་བའི་སྡུག་བསྔལ་མདོར་བསྡུ་ན་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ནི། སྤྱིར་ཉེ་བར་ལེན་པའི་ཕུང་པོ་ལྔ་བླངས་པ་ཙམ་ནས་སྡུག་བསྔལ་བདེན་པར་གྲུབ་པའི་སྟེང་དུ་སྡུག་བསྔལ་ཆེན་པོ་མངོན་པར་མཛེ་ཐོག་ཏུ་ཕོལ་མིག་བྱུང་བ་ལྟ་བུ་སྟེ། མཚན་གཞིའི་གཙོ་བོ་དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་གླེན་ལྐུགས་རྣམས་ཡིན་ལ། མི་ལ་སྡུག་བསྔལ་བརྒྱད། ལྷ་དང་ལྷ་མིན་ལའང་འདོད་པས་མི་ངོམས་པ་དང་འཐབ་རྩོད་སོགས་ཀྱང་དེར་གཏོགས་པའོ། །འགྱུར་བའི་སྡུག་བསྔལ་ནི། འཁོར་བའི་བདེ་འབྱོར་ཐམས་ཅད་མི་རྟག་གཡོ་བའི་ཆོས་ཉིད་ཡིན་པས་བདེ་བར་སྡོད་འཕྲོ་ལ་ནད་དམ་དགྲས་གློ་བུར་དུ་བཅོམ་པ་ལྟ་བུ་སྟེ། ལྷ་མི་རྣམས་ལྟར་སྣང་བདེ་བར་གནས་ཀྱང་ཡུན་རིང་མི་བརྟན་པར་འགྱུར་ནས་འགྲོ་བའོ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི། ཕུང་ལྔས་བསྡུས་པའི་འཁོར་བའི་ཆོས་ཐམས་ཅད་སྐད་ཅིག་གིས་སྐྱེ་འགག་བྱེད་པ་སོ་སྐྱེས་མི་རྟོགས་ཀྱང་འཕགས་པ་རྣམས་ཀྱི་གཟིགས་ངོར་རྟག་ཏུ་གཡོ་བའི་འདུ་བྱེད་ཅན་ཡིན་པས་སྡུག་བསྔལ་བ་སྟེ། མཛོད་ཊཱིཀ་ལས། ལག་མཐིལ་སྤུ་ཉག་གཅིག་འདུག་པ། །དེ་ནི་མིག་ཏུ་སོང་བ་ན། །མི་བདེ་བ་དང་སྡུག་བསྔལ་སྐྱེད། །བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བ་ཡིས། །འདུ་བྱེད་ལ་ནི་སྡུག་བསྔལ་གཟིགས། །ཞེས་སོ། །དེས་ན་ད་ལྟ་ནད་དང་དགྲ་སོགས་སྡུག་བསྔལ་ལྟར་སྣང་བ་ཡུད་ཙམ་རེའང་ལུས་སེམས་ཀྱིས་མི་བཟོད་ན། འཁོར་བའི་གནས་སུ་ཐོག་མཐའ་མེད་པར་སྡུག་བསྔལ་ཚབ་པོ་ཆེ་དེ་གསུམ་དང་རྟག་ཏུ་འགྲོགས་པ་ལ་བཟོད་པའི་བླགས་ག་ལ་ཡོད་པས་རྒྱུ་མཚན་ཞིབ་མོར་བསམས་ལ། དེ་དག་ལས་མྱུར་དུ་ཐར་བར་འདོད་པའི་བློ་ཤུགས་དྲག་པོ་འཕྲལ་རྐྱེན་གྱིས་བསྐུལ་པའི་བཅོས་མ་མ་ཡིན་པར་སྙིང་ཁོང་རུས་པའི་གཏིང་ནས་ཡང་དང་ཡང་དུ་བསྐྱེད་པར་བྱ་སྟེ། སྤྱོད་འཇུག་ལས། སེམས་ཅན་ཕན་པར་མཛད་པ་ཡི། །སངས་རྒྱས་གྲངས་མེད་འདས་གྱུར་ཀྱང་། །བདག་ནི་རང་གི་ཉེས་པ་དེས། །གསོ་བའི་སྤྱོད་ཡུལ་མ་གྱུར་ཏོ། །ད་དུང་དེ་བཞིན་བདག་བྱེད་ན། །ཡང་དང་ཡང་དུ་དེ་བཞིན་ཏེ། །ཞེས་དང་། འདུལ་བ་ལུང་ལས། ངས་ནི་ཁྱེད་ལ་ཐར་པའི་ཐབས་བསྟན་གྱི། །ཐར་པ་རང་ལ་རག་ལས་བརྩོན་པར་གྱིས། །ཞེས་པའི་ཚུལ་བསམ་མོ། །གཉིས་པ་ནི། ནམ་ཞིག་ ནས་ སྐབས་མེད་འགྱུར༔ ཞེས་གསུངས་ཏེ། དེ་ལྟར་འཁོར་བ་སྡུག་བསྔལ་གྱི་མཚན་ཉིད་གཏན་ལ་ཕབ་ནས་སྐྱོ་ཤས་དང་ངེས་འབྱུང་དྲག་པོ་བསྐྱེད་པས་ནམ་ཞིག་སྲིད་པའི་རྩེ་མོ་མན་ཆད་ཀྱི་དཔལ་དང་འབྱོར་པ་ལེགས་ལེགས་ལྟར་སྣང་བ་མཐའ་དག་པ་འདི་ཀུན་འདུས་བྱས་ཡིན་པས་མི་རྟག་པ་སྒྱུ་མ་ལྟ་བུ། གཡོ་བའི་ཆོས་ཡིན་པས་མི་བརྟན་པ་སྟོན་ཀའི་སྤྲིན་ལྟ་བུ། སྙིང་པོ་མེད་པས་སླུ་བར་བྱེད་པ་ཆུ་བུར་ལྟ་བུར་རྟོགས་པར་འགྱུར་ལ། རྟོགས་རིས་དེ་ཡིས་འཁོར་བའི་གནས་སུ་ཆེ་བར་གྲགས་པ་ཆགས་བྲལ་གྱི་བདེ་བ་ཅན་ཚངས་པ་དང་། ལྷ་རྣམས་ཀྱི་དབང་པོར་གྱུར་པ་བརྒྱ་བྱིན། མི་དབང་འཁོར་ལོས་སྒྱུར་རྒྱལ་ལྟ་བུའི་དཔལ་འབྱོར་ལའང་ཆགས་ཤིང་ཞེན་པའི་བློ་སྐད་ཅིག་ཙམ་ཡང་སྐྱེ་བའི་གོ་སྐབས་མེད་པར་འགྱུར་ཏེ། རྒྱལ་ཚབ་བྱམས་པས། ལྷ་ལ་འཆི་འཕོ་མི་ལ་ཡོངས་འཚོལ་སྡུག་བསྔལ་ཞེས་ནི་རྟོགས་པའི་ཕྱིར། །ཤེས་རབ་ལྡན་པ་ལྷ་མིའི་དབང་ཕྱུག་མཆོག་ལའང་མངོན་པར་འདོད་མེད་དེ། །ཤེས་རབ་དག་དང་དེ་བཞིན་གཤེགས་པའི་གསུང་རབ་དད་པའི་རྗེས་འབྲང་ལ། །འདི་ནི་སྡུག་བསྔལ་འདི་རྒྱུ་འདི་འགོག་པ་ཞེས་ཤེས་པས་མཐོང་ཕྱིར་རོ། །ཞེས་སོ། །གསུམ་པ་སྐྱེས་བུ་ཆེན་པོ་དང་ཐུན་མོང་པའི་ལམ་རིམ་བསྟན་པ་ལ་གཉིས། ལམ་གྱི་འཇུག་སྒོ་སྐྱབས་སུ་འགྲོ་བ། དངོས་གཞིའི་སེམས་བསྐྱེད་པའོ། །དང་པོ་ནི། དེ་ནས་ ནས་ སྐྱབས་སུ་བཟུང༔ ཞེས་གསུངས་ཏེ། ལམ་རིམ་དེ་རྣམས་ཀྱིས་དལ་འབྱོར་ཆུད་ཟོས་སུ་མི་བཏང་བར་མྱུར་བ་ཉིད་དུ་ཁམས་གསུམ་ལས་ཐར་བར་འདོད་པའི་ངེས་འབྱུང་གི་བློ་སྐྱེས་པ་དེ་ནས། རང་སྟོབས་ཁོ་ནས་ནི་འཁོར་བའི་འཇིགས་པ་ལྟ་ཅི་སྨོས་ཚེ་འདིའི་འཇིགས་སྐྲག་ཙམ་ལས་ཀྱང་བརྒལ་མི་ནུས་པ་ཚད་མས་གྲུབ་པས། དེ་ལས་སྐྱོབ་ནུས་པའི་སྐྱབས་གནས་ལ་སྐྱབས་སུ་འགྲོ་དགོས་པའི་ཕྱིར། ཡུལ་སངས་རྒྱས་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་གསུམ། བླ་མ་ཡི་དམ་མཁའ་འགྲོ་སྟེ་རྩ་བ་གསུམ་ཆོས་སྲུང་ཡེ་ཤེས་པའི་འཁོར་ཚོགས་དང་བཅས་པ་རྣམས། རང་ཉིད་ཉེས་པའི་སྐྱོན་ཐམས་ཅད་སྤངས་པས་སྲིད་པའི་འཆིང་བ་ལས་གྲོལ་ཞིང་ཚད་མེད་པའི་ཡོན་ཏན་དང་ལྡན་པས་གཞན་སྐྱོབ་པར་ནུས་པའི་ཕྱིར་ནམ་ཡང་བསླུ་བ་མེད་པར་གཏན་གྱི་སྐྱབས་སུ་གྱུར་པ་རྒྱུ་མཚན་ཤེས་པའི་ངེས་པས་མཐོང་ནས། བསམ་པ་རང་ཉིད་གཞན་དག་མཁའ་ཁྱབ་ཀྱི་ཕ་མ་སེམས་ཅན་ཐམས་ཅད་འཁོར་བའི་འཇིགས་པ་ཆེན་པོ་ལས་མྱུར་བ་ཉིད་དུ་བརྒལ་ཞིང་བསྒྲལ་བའི་ཕྱིར། དུས་འདི་ནས་བཟུང་སྟེ་བྱང་ཆུབ་ཆེན་པོ་མ་ཐོབ་ཀྱི་བར་དུ། ཚུལ་ལུས་གུས་པ། ངག་གདུང་བ། ཡིད་དད་མོས་རྩེ་གཅིག་པས་སྐྱབས་སུ་འགྲོ་བར་བྱའོ། །འདིའི་དོན་ཅུང་ཟད་བཤད་ན་བདུན། དང་པོ་སྐྱབས་སུ་འགྲོ་དགོས་པའི་རྒྱུ་མཚན་ནི། ཇོ་བོ་རྗེས། སྔོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས་པ་ལྟར་སངས་རྒྱས་པའི་སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་མེད་དུ་མི་རུང་བ་དང་། ནང་པ་དང་ཕྱི་པའི་ཁྱད་པར་སྐྱབས་འགྲོ་ཡོད་མེད་ལས་འབྱེད་པ་དང་། འདི་དག་གི་སྐྱབས་ལ་མ་བརྟེན་པར་འཁོར་བ་ལས་ཐར་པའི་ཐབས་མེད་པའོ། །གཉིས་པ་སྐྱབས་ཡུལ་ལ་རྒྱུ་འབྲས་གཉིས་ལས། རྒྱུའི་ཡུལ་ནི་གཞན་རྒྱུད་ཀྱིས་བསྡུས་པའི་དཀོན་མཆོག་རྩ་གསུམ་སྟེ་མཆོག་གསུམ་ལ་ཐེག་པ་ཆེ་ཆུང་གི་ངོས་འཛིན་མི་འདྲ་བ་ལས། ཐེག་ཆེན་བླ་ན་མེད་པའི་ལུགས་འདིར། སངས་རྒྱས་དག་པ་གཉིས་ལྡན་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དོན་གཉིས་ཕུན་སུམ་ཚོགས་པ། ཆོས་བརྗོད་བྱ་འགོག་ལམ་གྱིས་བསྡུས་པའི་ཟག་མེད་རྣམ་བྱང་གི་བདེན་པ་དང་རྗོད་བྱེད་གསུང་རབ་མིང་ཚིག་ཡི་གེར་སྣང་བ་ལུང་རྟོགས་གཉིས། དགེ་འདུན་དངོས་རྒྱལ་སྲས་འཕགས་པའི་སར་བཞུགས་རིག་གྲོལ་གྱི་ཡོན་ཏན་དང་ལྡན་པ། རྗེས་མཐུན་ཚོགས་སྦྱོར་དང་ཉན་རང་འཕགས་པ་རྣམས་སོ། །སྔགས་ལ་དེ་སྟེང་ཁྱད་པར་གྱི་དཀོན་མཆོག་བྱིན་རླབས་ཞུ་བའི་ཡུལ་བླ་མ། དངོས་གྲུབ་ཡུལ་ཡི་དམ། ཕྲིན་ལས་སྒྲུབ་པའི་གྲོགས་མཁའ་འགྲོ་ཆོས་སྐྱོང་སྟེ། བླ་མ་དཀོན་མཆོག་ཀུན་འདུས། ཡི་དམ་སངས་རྒྱས། མཁའ་འགྲོ་ཆོས་སྐྱོང་དགེ་འདུན་ཡིན་ཀྱང་རྩལ་དུ་བཏོན་ནས་སྐྱབས་ཡུལ་དུ་བཟུང་བའོ། །འབྲས་བུའི་ཡུལ་རང་སེམས་སྟོང་གསལ་ཟུང་འཇུག་ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་དུ་བཞུགས་པ་ཉིད་དཀོན་མཆོག་གསུམ་གྱི་རང་བཞིན་ཏེ། དེའང་འབྲས་བུ་གྲུབ་པའི་ཆེད་དུ་སྐྱབས་གནས་སུ་ཁས་བླངས་ནས་སྐྱབས་སུ་འགྲོ་བ་ནི་རྒྱུའི་སྐྱབས་འགྲོ་དང་། སེམས་ཉིད་སངས་རྒྱས་མངོན་དུ་འགྱུར་བའི་ཕྱིར་རྒྱུ་ལ་འཇུག་པའམ་གཙོ་བོར་རང་ལ་ལྷུན་གྲུབ་ཏུ་ཡོད་པས་གཞན་དུ་མི་བཙལ་བར་རང་ལ་འཇོག་པ་ནི་འབྲས་བུའི་སྐྱབས་འགྲོ་སྟེ། ཡེ་ཤེས་གྲུབ་པ་ལས། དཀོན་མཆོག་གསུམ་གྱི་མངའ་བདག་ལ། །གཞན་དུ་ཕུན་ཚོགས་བདེ་འདོད་ནས། །གང་ཕྱིར་རྒྱུ་ལ་སྨོན་པ་དང་། །འོད་གསལ་བ་ཡི་སེམས་ཉིད་ནི། །དཀྱིལ་འཁོར་གསུམ་གྱི་བདག་ཉིད་དུ། །རྟོགས་ནས་རྩེ་གཅིག་མཉམ་འཇོག་པ། །འབྲས་བུའི་མཆོག་ཏུ་ཡང་དག་བཤད། །ཅེས་སོ། །གསུམ་པ་སྐྱབས་སུ་འགྲོ་བའི་ཚུལ་ནི། དམིགས་པ་སྒོམ་ཁྲིད་སོ་སོར་འབྱུང་བ་ལྟར་ལ་བསམ་པ་དང་དུས་དང་བྱེད་ཚུལ་གཞུང་གིས་དངོས་སུ་བསྟན་པ་བཞིན་ནོ། །བཞི་པ་ཇི་ལྟར་སྐྱོབ་པའི་ཚུལ་ནི། སངས་རྒྱས་ལ་མཐར་ཐུག་གི་སྐྱབས་དང་སྟོན་པ། དེས་བསྟན་པའི་དོན་ཉམས་སུ་བླངས་པས་འཇིགས་པ་ལས་ཐར་པའི་ཕྱིར་ཆོས་ལ་ལམ། དགེ་འདུན་ལ་ལམ་སྣ་འདྲེན་པའི་ཟླ་གྲོགས་ཞུ་ཞིང་དེ་བཞིན་དུ་སྐྱོབ་པ་ཡིན་ལ། གསང་སྔགས་ཀྱི་བླ་མ་ནི་མཆོག་གསུམ་གྱི་ཕྲིན་ལས་དེ་གཅིག་པུས་མཛད་པས་དེ་ཐམས་ཅད་ཀུན་འདུས་ཡིན་ཏེ། སྡོམ་འབྱུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་སེམས། །ཞེས་སོ། །ལྔ་པ་སྐྱབས་སུ་སོང་བའི་ཚད་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་པ། རང་གཞན་གྱི་སྐྱབས་དང་དཀོན་མཆོག་ནང་ཕན་ཚུན་གྱི་ཁྱད་པར་ཤེས་པ། ཤེས་ནས་སྐྱབས་སུ་འགྲོ་བར་དམ་བཅས་པ། །དེ་ལས་སྲོག་གི་ཕྱིར་ཡང་སྐྱབས་གཞན་མི་འཚོལ་བ་སྟེ་ཁྱད་པར་བཞི་དང་ལྡན་པའོ། །དྲུག་པ་བསླབ་བྱ་ནི། དགག་སྒྲུབ་ཀྱི་ཕྱོགས་དྲུག་ཆ་མཐུན་དང་བཅས་པའོ། །བདུན་པ་ཕན་ཡོན་ནི། མདོ་རྒྱལ་མཚན་དམ་པ་ལས། འཚེ་བ་དག་ནི་ཐམས་ཅད་དང་། །འཇིགས་དང་ཐེག་པ་དམན་དག་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་བར་བཤད། །ཅེས་དང་། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །དེ་ཡིས་མྱུར་དུ་སངས་རྒྱས་ཐོབ། །ཅེས་སོགས་ལུང་མཐའ་ཡས་སོ། །གཉིས་པ་དངོས་གཞི་སེམས་བསྐྱེད་བཤད་པ་ལ་གཉིས། ཀུན་རྫོབ་དང་། དོན་དམ་སེམས་བསྐྱེད་དོ། །དང་པོ་ལའང་གཉིས། སྨོན་པ་དང་། འཇུག་པའི་སེམས་བསྐྱེད་དོ། །དང་པོ་ནི། རང་ཉམས་ལ་ ནས་ བྱང་སེམས་བསྐྱེད༔ ཅེས་གསུངས་ཏེ། ཇི་ལྟར་རང་ཉིད་རྣམ་པ་ཀུན་ཏུ་སྡུག་བསྔལ་མི་འདོད་ཅིང་བདེ་བ་རྒྱ་ཆེར་འདོད་པའི་ཉམས་མྱོང་ལས་རྗེས་སུ་དཔག་སྟེ་ཕ་མར་གྱུར་པའི་འགྲོ་བ་རིགས་དྲུག་པོ་རྣམས་ཀྱང་དེ་ལྟར་འདོད་པ་མཚུངས་ལྡན་ཡིན་པའི་ཕྱིར། དེ་དག་ལུས་སེམས་བདེ་བ་དང་བདེ་བའི་རྒྱུ་བསོད་ནམས་བྱེད་པ་དང་ལྡན་ཅིང་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་དང་ཉོན་མོངས་པ་རྣམས་བྲལ་བ་བདག་ཁོ་ནས་བྱ་དགོས་པའི་ཕྱིར། མར་ཤེས་པས་དང་དུ་ལེན་འདོད་ཀྱི་བྱམས་པ་དང་། དེ་དག་སྲིད་ལམ་དུ་སྡུག་བསྔལ་བར་ཤེས་ནས་སྤང་དུ་མི་བཟོད་པའི་སྙིང་རྗེ་དང་། ལྷ་དང་སངས་རྒྱས་ཀྱི་བདེ་བ་ཐོབ་པ་ལ་སྤྲོ་བའི་དགའ་བ་དང་། ཉེ་རིང་ཆགས་སྡང་མེད་པའི་བཏང་སྙོམས་ཏེ། རྒྱུ་ལ་དམ་བཅའ་བ་དེ་བཞི་པོ་མཁའ་ཁྱབ་ཀྱི་འགྲོ་བ་དམིགས་ཡུལ་དུ་བྱས་པས་ཚད་མེད་པ་སྟེ། ཏིང་འཛིན་རྣམ་པ་བཞིའི་སྒོ་ནས་འབྲས་བུ་ལ་དམ་བཅའ་བ། ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ་བའི་བསམ་པས་སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་དོ། །འདིའི་དོན་ཅུང་ཟད་བཤད་ན་བདུན། དང་པོ་སེམས་བསྐྱེད་ཀྱི་ངོ་བོ་ནི། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་སངས་རྒྱས་འདོད། །ཅེས་པ་ལྟར། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆེད་དུ་རང་ཉིད་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པ་སྟེ། །དེའང་རྒྱུ་གྲོགས་སྟོབས་སོགས་བཞི་ལས་བྱུང་བ། གྲོགས་སེམས་ཅན་མ་ལུས་པའི་དོན་གྱི་ཁུར་ཆེན་རང་ཉིད་ཁོ་ནས་ཁྱེར་བའི་ལྷག་བསམ་གྱི་སྙིང་སྟོབས་དང་ལྡན་པ། ངོ་བོ་འགྲོ་ཀུན་སྒྲོལ་ནུས་པའི་རྫོགས་བྱང་ཐོབ་པར་འདོད་པའོ། །གཉིས་པ་དབྱེ་བ་ནི། སོ་སྐྱེ་མོས་སྤྱོད་ནས་སངས་རྒྱས་ཀྱི་བར་ས་མཚམས་ཀྱི་དབྱེ་བ་བཞི། དཔེས་བསྟན་པ་ཉེར་གཉིས་སོགས་ཡོད་ཀྱང་། མཚན་ཉིད་ཀྱི་སྒོ་ནས་དབྱེ་བ་གཉིས་པོ་འདི་གོ་སླ་ཞིང་གྲགས་ཆེ་སྟེ། དེའང་འགྲོ་བར་འདོད་པ་དང་མཚུངས་པར་སངས་རྒྱས་ཐོབ་འདོད་ནི་སྨོན་པ་དང་། འགྲོ་བཞིན་པ་ལྟར་སངས་རྒྱས་སྒྲུབ་པའི་ཐབས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་བརྩོན་པ་ནི་འཇུག་པའི་སེམས་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་པས་ཤེས་པར་བྱ། །ཞེས་སོ། །གསུམ་པ་དམིགས་པ་ནི། བྱང་ས་ལས། སེམས་བསྐྱེད་པ་དེ་ནི་བྱང་ཆུབ་ལ་དམིགས་པ་དང་། སེམས་ཅན་ལ་དམིགས་པའོ། །ཞེས་པ་ལྟར་ཐེག་པ་ཆེན་པོའི་ཡེ་ཤེས་འཚོལ་བར་དམིགས་པ་དང་། ཚད་མེད་པ་བཞི་ལ་དམིགས་པའོ། །བཞི་པ་བསྐྱེད་ཚུལ་ནི། གཞུང་གི་དངོས་བསྟན་ཉིད་དེ། དེ་ལའང་ཚད་མེད་བཞིའི་ངོ་བོ་ནི། སེམས་ཅན་ཐམས་ཅད་སྔར་མེད་ཀྱི་བདེ་དགེ་གསར་པ་དང་འཕྲད་པར་འདོད་པ་ནི་བྱམས་པ། དེ་ལྟར་ཡོད་པའི་སྡུག་བསྔལ་བྲལ་ཞིང་ཕྱིན་ཆད་དེའི་རྒྱུ་འགོག་འདོད་ནི་སྙིང་རྗེ། དེ་ལྟར་འགྲོ་རྣམས་བདེ་བ་དང་ལྡན་པར་དགའ་ཞིང་ཡི་རངས་པས་དྲངས་པ་ནི་དགའ་བ། དེ་གསུམ་གྱིས་དྲངས་པའི་ཞེ་སྡང་མེད་པ་དང་མཚུངས་ལྡན་གྱི་མ་ཆགས་པའི་སེམས་ཀྱི་ཁྱད་པར་ནི་བཏང་སྙོམས་ཏེ་རང་རང་གི་མི་མཐུན་ཕྱོགས་སྤངས་པའོ། །མིང་དོན་ནི། སེམས་ཅན་གྲངས་དང་རིས་སུ་ཆད་པ་མ་ཡིན་པར། ནམ་མཁས་ཇི་ཙམ་ཁྱབ་པ་དེ་ཙམ་འགྲོ་ཁམས་ཀྱིས་ཁྱབ་པ་དམིགས་ཡུལ་བྱས་པས་ཚད་མེད་པའོ། །དབྱེ་བ་ནི། སྙིང་པོ་མཆོག་གི་མདོ་ལས། བྱང་ཆུབ་ཏུ་སེམས་བསྐྱེད་པས་མ་ཟིན་པའི་བྱམས་སོགས་བཞིའི་སྲིད་བདེའི་རྒྱུ་ཙམ་ཡིན་པས་ཚངས་པའི་གནས་པ་བཞི་ཞེས་བྱ་ཞིང་། དེ་བཞི་སེམས་བསྐྱེད་ཀྱིས་ཟིན་པ་ནི་མྱང་འདས་ཀྱི་རྒྱུ་བྱེད་བས་ཚད་མེད་བཞི་ཞེས་བཤད་དོ། །སྐྱེད་བྱེད་ནི་རྐྱེན་བཞི་སྟེ། རང་བཞིན་གནས་རིགས་རྒྱུའི་རྐྱེན། དགེ་བའི་བཤེས་གཉེན་བདག་རྐྱེན། རང་རང་གི་ཡུལ་མངོན་གྱུར་དམིགས་རྐྱེན། ཕན་ཡོན་དང་ཉེས་དམིགས་མཐོང་བ་དེ་མ་ཐག་རྐྱེན་ནོ། །སྐྱེ་ཚུལ་ནི། སེམས་ཅན་ལ་བརྟེན་ནས་དམིགས་པ་དང་བཅས་པའི་ཚད་མེད་བཞི་སྐྱེ་ཞིང་། ཆོས་ཉིད་ལ་བརྟེན་ནས་དེ་དག་གི་རང་བཞིན་མ་སྐྱེས་པར་རྟོགས་པ་དམིགས་པ་མེད་པར་བཞི་པོས་སྐྱེ་བ་ས་སྡེ་དང་མདོ་རྒྱན་ལས་བཤད་དོ། །གོ་རིམ་ནི། ཡུམ་བར་མ་ལས། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་བསྒོམ་པར་བྱའོ། །ཞེས་དང་། བརྟག་གཉིས་ལས། དང་པོར་བྱམས་པ་བསྒོམ་པར་བྱ། །གཉིས་པར་སྙིང་རྗེ་རྣམ་བསྒོམ་ཞིང་། །གསུམ་པར་དགའ་བ་བསྒོམ་པར་བྱ། །ཀུན་གྱི་མཐར་ནི་བཏང་སྙོམས་སོ། །ཞེས་མདོ་རྒྱུད་མཐུན་བར་གསུངས་སོ། །ལྔ་པ་ཆོ་ག་ནི། ཟབ་མོ་ལྟ་བརྒྱུད། རྒྱ་ཆེན་སྤྱོད་བརྒྱུད། ཁྱད་པར་སྔགས་ཀྱི་ཚུལ་ལས་བྱུང་བ་རྣམས་སོ། །དྲུག་པ་བསླབ་བྱ་ནི། སྤྱིར་ཉམས་སུ་བླང་བྱའི་ཆོས་ཐམས་ཅད་སེམས་བསྐྱེད་ཀྱི་བསླབ་བྱར་འགྲོ་ཡང་། ཁྱད་པར་སྨོན་པའི་བསླབ་བྱ་ནི། བྱང་སེམས་ཀྱི་ཕན་ཡོན་དྲན་པས་སེམས་ཅན་བློས་མི་སྤོང་བ་དང་། ཚོགས་བསགས་ཤིང་ཚད་མེད་བཞི་བསྒོམ་པ་དང་། དཀར་ནག་ཆོས་བརྒྱད་བླང་དོར་དུ་བྱ་བའོ། །འཇུག་པའི་བསླབ་བྱ། བསླབ་པ་རྣམ་པ་གསུམ་གྱིས་བསྡུས་པའི་ཕར་ཕྱིན་དྲུག་དང་བསྡུ་དངོས་བཞི་ལ་སློབ་ཚུལ་རྒྱས་པ་འོག་ཏུ་འབྱུང་བ་ལྟར་རོ། །བདུན་པ་ཕན་ཡོན་ནི། སངས་རྒྱས་མ་བསྒྲུབ་ན་ཕར་ཞོག །བསྒྲུབ་ཕྱིན་ཆད་ནམ་ཡང་མེད་ཐབས་མེད་པས་ཡོན་ཏན་ལ་ཚད་མེད་པར་ཐེག་པ་ཆེན་པོའི་བཀའ་དང་བསྟན་བཅོས་རྣམས་སུ་ཡང་ཡང་གསུངས་པ་ལྟར་ལ། མདོར་ན། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། ཞེས་མདོ་ལས་འབྱུང་བ་ལྟར་རོ། །གཉིས་པ་འཇུག་པ་ལ་གསུམ། རང་སྨིན་པར་བྱེད་པ་ཕར་ཕྱིན་དྲུག་ལ་བསླབ་པ། གཞན་སྨིན་པར་བྱེད་པ་བསྡུ་དངོས་བཞི་ལ་བསླབ་པ། དེ་གཉིས་ཀྱི་ཉམས་ལེན་སྙིང་པོར་དྲིལ་ཏེ་བློ་སྦྱོང་བའི་ཚུལ་ལོ། །དང་པོ་ནི། གཞན་ཕྱིར་ ནས་ མངོན་དུ་བྱ། ཞེས་གསུངས་ཏེ། བསམ་པ་མཁའ་ཁྱབ་ཀྱི་སེམས་ཅན་གཞན་དག་རྣམས་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ་བའི་ཕྱིར་དུ་རང་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བ་དོན་དུ་གཉེར་བའི་བློས། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བྱ་སྟེ། དེའང་མདོ་ལས། ལག་བཟང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལ་རྟག་པར་རྒྱུན་དུ་བསླབ་པར་བྱའོ། །ཞེས་སོགས་རྒྱས་པར་གསུངས་པ་ལྟར་ཕྱིན་དྲུག་གི་དང་པོ་སྦྱིན་པའི་ངོ་བོ་ནི་མ་ཆགས་པའི་སེམས་ཀྱིས་བདོག་པ་ཡོངས་སུ་གཏོང་བ། ཀུན་སློང་བཤད་མ་ཐག་པ་གཞན་ཕྱིར་རྫོགས་བྱང་དོན་གཉེར་གྱི་བློ་དང་ལྡན་པས། གཏང་བྱ་སྦྱིན་པ་ལ་དབྱེ་ན་ཟང་ཟིང་དང་མི་འཇིགས་པ་དང་ཆོས་ཀྱི་སྦྱིན་པ་གསུམ་ལས། དང་པོ་ནི། བསམ་པ་དངོས་པོ་ཞིང་དང་ཐབས་ཏེ་མ་དག་པ་བཞི་དང་བྲལ་ལ་དག་པ་བཞི་དང་ལྡན་པས། ནང་གི་དངོས་པོ་རང་གི་ལུས་སུ་གཏོགས་པ་དང་ཕྱིའི་དངོས་པོ་རང་ལ་བདོག་པའི་འབྱོར་བ་ལོངས་སྤྱོད་ཇི་སྙེད་པ་ཐམས་ཅད་ཁྱད་པར་དུ་བྱས་པའི་ཞིང་བཞི་ལ་བསམ་སྦྱོར་ཕུན་སུམ་ཚོགས་པས་སེར་སྣ་མེད་པར་རྩྭ་ལྟར་ཡོངས་སུ་གཏོང་བ་དང་། གཉིས་པ་ནི། རྒྱལ་པོ་དང་གཅན་གཟན་དང་དགྲ་དང་ཆོམ་རྐུན་མེ་ཆུ་ནད་གདོན་སོགས་འཇིགས་པས་ཉེན་པ་ལ་རང་གི་ནུས་པ་དང་སྦྱར་ཏེ་སོ་སོའི་གཉེན་པོ་གང་ལ་འོས་པའི་སྐྱབས་ཀྱི་ཐབས་སྦྱིན་པས་འཇིགས་པ་དེ་ལས་དབུགས་འབྱིན་པར་བྱེད་པ་དང་། གསུམ་པ་ནི། གཞན་དད་ཅིང་རང་མི་ཉམས་པར་བྱ་བའི་ཕྱིར་རང་ཡང་སྒོ་གསུམ་གྱི་མ་དག་པ་སྤོང་ཞིང་དག་པ་གསུམ་ལྡན་གྱིས་དམ་པའི་ཆོས་ལ་སྤྱོད་པས་དགེ་བའི་བཤེས་གཉེན་གྱི་འོས་སུ་འགྱུར་ཞིང་། དེ་ལས་གཞན་ཡང་གུས་ཤིང་སྣོད་བཅུད་ཀྱི་རྟེན་འབྲེལ་འཛོམས་པར་འགྱུར་བས། ཡུལ་ཆོས་འདོད་པ་ལ། བསམ་པ་ཟང་ཟིང་མེད་པའི་སེམས་ཀྱིས། ཐེག་པ་ཆེ་ཆུང་གི་ཆོས་སྣོད་དང་འཚམས་པ། ཆོས་སྟོན་པའི་ཐབས་དང་ལྡན་པས། རང་གིས་སློབ་པའི་ཆོས་དེ་ལ་འགོད་པར་བྱའོ། །གཉིས་པ་ཚུལ་ཁྲིམས་ཀྱི་ངོ་བོ་ནི། ལེན་པ་དང་སྲུང་བས་བསྡུས་པའི་ཡོན་ཏན་བཞི་ལྡན། གང་ཟག་ཉེས་པ་སྤོང་བའི་སེམས་པ་མཚུངས་ལྡན་དང་བཅས་པ་དང་། ངེས་པར་འབྱུང་བའི་བློས་བསླབ་པ་ལ་རབ་ཏུ་དང་ཞིང་མོས་པའི་བློ་དང་ལྡན་པས། བསླབ་བྱ་ལ་དབྱེ་ན། སྡོམ་པའི། དགེ་བ་ཆོས་སྡུད་ཀྱི། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ལས། དང་པོ་ནི། ཐུན་མོང་བ་སོ་ཐར་རིས་བདུན། ཐུན་མོང་མ་ཡིན་པ་ཤིང་རྟ་གཉིས་ཀྱི་བཀའ་སྲོལ་ལས་བྱུང་བའི་བྱང་སྡོམ་གྱི་བསླབ་བྱ་ཐམས་ཅད་ལེགས་པར་བསྲུངས་ཏེ་སྒོ་གསུམ་ལ་ཁ་ན་མ་ཐོ་བར་འགྱུར་བའི་ཉེས་སྤྱོད་ཀྱི་རྒྱུན་བཅད་དེ་ཕྱིན་ཆད་བསྡམ་པ་དང་། གཉིས་པ་ནི། གཙོ་བོར་ལུས་ངག་གི་བྱ་བ་དང་འབྲེལ་ཞིང་ཤེས་རབ་ཀྱིས་མ་ཟིན་པ་ཟག་བཅས་ཀྱི་དགེ་བ་དང་། གཙོ་བོར་སེམས་ཀྱི་ཏིང་ངེ་འཛིན་དང་འབྲེལ་ཞིང་ཤེས་རབ་ཀྱིས་ཟིན་པ་ཟག་མེད་ཀྱི་དགེ་བའི་ཚོགས་ཅི་ནུས་སུ་བསྒྲུབ་པ་དང་། །གསུམ་པ་ནི། བྱང་ས་ལས་བྱ་བ་དོན་ལྡན་གྱི་གྲོགས་བྱེད་པ་སོགས་རྣམ་པ་བཅུ་གཅིག་ཏུ་གསུངས་ཀྱང་། མདོར་ན་སྒོ་གསུམ་གྱི་བྱ་བ་ཅི་བྱེད་པ་ཐམས་ཅད་སེམས་ཅན་གཞན་ཁོ་ནའི་དོན་དུ་བྱེད་པའི་ལྷག་བསམ་གྱི་འཕེན་པ་བཏང་ནས་དངོས་སུ་གཞན་ཕན་གྱི་བྱ་བ་ལག་ཏུ་ཅི་ལོན་བྱའོ། །གསུམ་པ་བཟོད་པའི་ངོ་བོ་ནི། བཟང་ངན་ལ་དགག་སྒྲུབ་བྲལ་བའི་ཇི་མི་སྙམ་པ། དོན་ཆེད་མི་འོས་པའི་ལོག་སྒྲུབ་སོགས་གནོད་པའི་ཡུལ་གྱིས་རང་གི་ལྷག་པའི་བསམ་པ་ལ་ནམ་ཡང་མི་བརྫི་ཞིང་གཡོ་བ་མེད་པའི་ཕྱིར་བསྒོམ་པ་སྟེ། དེ་ལ་དབྱེ་ན། གནོད་པ་ལ་ཇི་མི་སྙམ་པ། སྡུག་བསྔལ་དང་ལེན། ཆོས་ལ་ངེས་སེམས་གསུམ་ལས། དང་པོ་ནི། བདག་དང་བདག་གི་བའི་ཕྱོགས་ལ་ཁྲོ་འཁྲུགས་བཅོམ་རྡེག་གཤེ་སྐུར་བྱེད་པ་སོགས་གནོད་པ་ལ་ཁོང་ཁྲོ་བྱུང་ན། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། ཁོང་ཁྲོ་གཅིག་གིས་འཇོམས་བར་འགྱུར། །ཞེས་སོགས་དེའི་ཉེས་པ་དྲན་ཅིང་གཞན་ཡང་འདུ་ཤེས་ལྔ་དང་བརྟགས་པ་རྣམ་པ་དགུའི་སྒོ་ནས་གནོད་པ་དེ་དག་ལ་ཇི་མི་སྙམ་དུ་བཟོད་པ་དང་། གཉིས་པ་ནི། བྱང་ཆུབ་སྒྲུབ་པའི་ཆོས་ཀྱི་ཕྱིར་དུ་རང་གི་སྒོ་གསུམ་ལ་བྱ་དཀའ་བའི་སྡུག་བསྔལ་ཆེན་པོ་ཅི་ཞིག་བྱུང་ཡང་སྤྲོ་བ་ཉམས་པ་མེད་པར་དགའ་བཞིན་དང་དུ་ལེན་པ་ནི། དཔེར་ན་ནད་དྲག་པོའི་སྡུག་བསྔལ་སེལ་སླད་དཔྱད་རྩུབ་མོ་བསྟེན་པ་བཞིན་འཁོར་བའི་གཡུལ་ངོ་ཟློག་ཅིང་ཉོན་མོངས་པའི་དགྲ་འཇོམས་པའི་དཔའ་བོ་ཆེན་པོ་ཡིན་པ་དང་། གསུམ་པ་ནི། དཀོན་མཆོག་གི་ཡོན་ཏན་སོགས་བསམ་གྱིས་མི་ཁྱབ་པའི་གནས་རྣམས་ལ་མོས་པ་དང་། ཁྱད་པར་ཡང་དག་པའི་དེ་ཁོ་ན་ཉིད་བདག་རྣམ་པ་གཉིས་ཀྱིས་སྟོང་པའི་གནས་ལུགས་སྤྲོས་བྲལ་སྟོང་པ་ཉིད་ཟབ་མོ་ལ་སྐྲག་པ་མེད་པ་དང་མོས་ཤིང་ཁོང་དུ་ཆུད་པར་བྱ་བའོ། །བཞི་པ་བརྩོན་འགྲུས་ཀྱི་ངོ་བོ་ནི། དགེ་བ་ལ་སྤྲོ་ཞིང་ལེ་ལོ་མེད་པ། རྒྱུ་སྔོན་གྱི་ལས་འཕྲོ་བཟང་པོས་སྙིང་སྟོབས་རླབས་པོ་ཆེ་དཀར་པོ་དགེ་བའི་ཕྱོགས་སུ་སད་པ། དེ་ཡིས་བརྩོན་བྱ་ལ་དབྱེ་ན། གོ་ཆའི། སྦྱོར་བའི། དོན་བྱེད་ཀྱི་བརྩོན་འགྲུས་གསུམ་ལས། དང་པོ་ནི། དུས་འདི་ནས་བཟུང་སྟེ་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་མ་བཀོད་ཀྱི་བར་དུ་བདག་གི་བྱང་ཆུབ་སྤྱོད་པ་སྐད་ཅིག་ཀྱང་མི་འདོར་སྙམ་དུ་དུས་རིང་བ་དང་བསྒྲུབ་དཀའ་བ་སོགས་ལ་སེམས་ཞུམ་པ་མེད་པའི་གོ་ཆ་གྱོན་པ་དང་། གཉིས་པ་ནི། ཉོན་མོངས་སྤོང་བ་དང་། དགེ་བ་སྒྲུབ་པ་དང་། གཞན་དོན་བྱེད་པ་རྣམས་ལ་ཉིན་དང་མཚན་མོ་ཀུན་ཏུ་སྐད་ཅིག་ཀྱང་གཡེང་བ་མེད་པར་རྟག་གུས་མི་གཡོ་མི་ལྡོག་ང་རྒྱལ་མེད་པའི་བརྩོན་འགྲུས་བརྩམ་པ་དང་། གསུམ་པ་ནི། སེམས་ཅན་གཞན་ལ་དངོས་དང་བརྒྱུད་ནས་ཕན་པར་བྱེད་པའི་དོན་ཅུང་ཟད་རེ་འགྲུབ་ན་རང་ཉིད་བསྐལ་པར་ངན་འགྲོ་གནས་དགོས་ནའང་སྐྱོ་བ་དང་ངལ་བའི་སེམས་སྤང་བར་བྱས་ནས་དོན་དེ་ཐོག་མར་སྒྲུབ་པར་བྱེད་པའོ། །ལྔ་པ་བསམ་གཏན་གྱི་ངོ་བོ་ནི། སེམས་བྱུང་དགེ་བའི་ངོ་བོར་ནང་དུ་རྩེ་གཅིག་ཏུ་གནས་པ། སྦྱོར་བ་རང་གི་ཡིད་གཡོ་བ་དང་བཅས་པ་འདི་ནི་གནོད་པ་དང་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ཡིན་པས་རྣམ་པར་རྟོག་པ་ཞི་བའི་བདེ་བ་ལ་མངོན་པར་འདོད་པའི་སེམས་པས། ལུས་འདུ་འཛི། སེམས་རྣམ་རྟོག་ལས་བསྲིང་ཞིང་འདོད་ཆུང་ཆོག་ཤེས་སོགས་རྒྱུ་བསྒྲུབ་པ་དང་། ཉེས་པ་ལྔ་སྤངས་པའི་འདུ་བྱེད་བརྒྱད་བསྟེན་པ་སོགས་སྔོན་དུ་སོང་ནས་དངོས་གཞིའི་བསམ་གཏན་ལ་དབྱེ་ན། མཐོང་ཆོས་བདེན་གནས། ཡོན་ཏན་སྒྲུབ་པ། སེམས་ཅན་དོན་བྱེད་གསུམ་ལས། དང་པོ་ནི། སེམས་གནས་པའི་ཐབས་དགུ་ལ་བརྟེན་ཏེ། རྣམ་རྟོག་ཀུན་དང་བྲལ་བའི་ལུས་སེམས་ཤིན་སྦྱང་གི་བདེ་བ་རོ་མྱོང་དང་རློམས་སེམས་མེད་པ་འཇིག་རྟེན་པའི་ལམ་དང་ཐུན་མོང་གྱུར་པའི་བསམ་གཏན་ཡིན་ལ། དེ་ཉིད་ཡོན་ཏན་ཐམས་ཅད་སྐྱེ་བའི་རྟེན་ཡིན་པས་གཞིར་གཟུང་བར་བྱ་དགོས་ཏེ། དེ་ལའང་བསམ་གཏན་དང་པོ་ནས་བཞི་པའི་བར་དུ་ཉེར་བསྡོོགས་དང་དངོས་གཞི་རྣམས་ཀྱི་ཁྱད་པར་སོགས་ཡོད་དོ། །གཉིས་པ་ནི། བསམ་གཏན་དང་པོའི་དངོས་གཞི་ཡན་ཆད་ཐོབ་པར་བྱེད་པ་ལ་ཡིད་བྱེད་བདུན་གྱིས་འཇིག་རྟེན་པའི་ལྷག་མཐོང་བསྒྲུབ་དགོས་པས་མཉམ་གཞག་ཞི་གནས་དང་རྗེས་ཐོབ་ལྷག་མཐོང་གཙོར་བྱེད་པ་དང་བཅས། ཉན་ཐོས་དང་ཐུན་མོང་བ་ཟད་པར་བཅུ་དང་ཟིལ་གནོན་དང་རྣམ་ཐར་བརྒྱད་ལ་སོགས་པ་དང་། ཐུན་མོང་མིན་པ་ཉན་རང་གི་སྤྱོད་ཡུལ་ལས་འདས་པའི་རྣམ་ཐར་དང་ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་རབ་ཏུ་བསྒྲུབ་པས་ཚོགས་སྦྱོར་མཐར་ཕྱིན་པའོ། །གསུམ་པ་ནི། དེ་ནས་མཐོང་ལམ་ཡན་ཆད་དུ་འཕགས་པའི་ཏིང་ངེ་འཛིན་ཐོབ་པ་ལ་ཟག་མེད་དམ་དེ་བཞིན་གཤེགས་དགེའི་བསམ་གཏན་ཞེས་བྱ་སྟེ། དེའི་མཐུས་ལུས་ཀྱི་བཀོད་པ་མཐའ་ཡས་པ་སྤྲུལ་ཏེ་གཞན་དོན་བཅུ་གཅིག་སོགས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཉིད་ལ་ཞུགས་པ་སྟེ། རྒྱུད་བླར། བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་སངས་རྒྱས་ཐམས་ཅད་དང་། །འགྲོ་བ་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཚུངས་པ་ཉིད། །ཅེས་སོགས་གསུངས་པ་ལྟར་རོ། །འདི་ཡན་ཆད་ཀྱི་ཕར་ཕྱིན་ཐམས་ཅད་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་ཅིང་ཞེན་པ་དང་རེ་བ་མེད་པ་དང་མཐར་མི་རྟོག་པའི་བསྔོ་བས་སྤེལ་ཞིང་། སྟོང་ཉིད་དང་སྙིང་རྗེས་དག་པའི་ཐབས་དང་ལྡན་དགོས་སོ། །དྲུག་པ་ཤེས་རབ་ཀྱི་ངོ་བོ་ནི། ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པའི་བློ་གྲོས་ཏེ་དངོས་སངས་རྒྱས་ཀྱི་སས་བསྡུས་པ་ཡིན་ཀྱང་། འདིར་དེའི་རྒྱུ་སོ་སོར་རྟོག་པའི་བློ་གྲོས་ཀྱིས་ཤེས་རབ་ཇི་ལྟར་བསྐྱེད་ན། ཀླུ་སྒྲུབ་ཀྱིས། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། །བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན། །དེ་ལས་སྒོམ་པ་ཡང་ནི་རབ་ཏུ་འབྱུང་། །དེ་ལས་དངོས་གྲུབ་བླ་ན་མེད་པ་འཐོབ། །ཅེས་གསུངས་པ་ལྟར་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་རིམ་གྱིས་བསྐྱེད་པར་བྱ་བ་ལས། དང་པོར་ཐོས་པའི་ཤེས་རབ་ཀྱིས་ཤེས་བྱ་ཇི་སྙེད་པའི་ཆོས་རྣམས་ཀྱི་སྒྲ་ཚིག་མ་ལུས་པ་ཁོང་དུ་ཆུད་པར་བྱ་དགོས་ཏེ། དེའང་སྒྲ་ཚད་བཟོ་གས་ོལ་སོགས་པ་འཇིག་རྟེན་པའི་ཤེས་རབ་དང་། ལེགས་གསུང་བཀའ་དང་དགོངས་འགྲེལ་བསྟན་བཅོས་ཤེས་པ་ལ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཅེས་འབྲས་མིང་རྒྱུ་ལ་བཏགས་པ་བཅས། མདོར་ན་ཤེས་བྱ་གང་ལའང་རྨོངས་པ་མེད་པའི་ཐོས་པ་ཕྱོགས་མེད་དུ་བྱ། གཉིས་པ་ནི། ཐོས་པ་དེའང་བླུན་པོ་དད་པའི་རྗེས་འབྲང་ཙམ་དུ་མ་བཞག་པར་བར་དུ་རྟོག་ཅིང་ཞིབ་མོར་དཔྱོད་པའི་བསམ་པས་དོན་སྤྱི་ཙམ་དུ་མ་ལུས་པར། ཚད་མའི་ལུང་། དངོས་སྟོབས་ཀྱི་རིག་པ། འགལ་མེད་ཀྱི་སྒྲུབ་བྱེད་དང་ལྡན་པས་བདེན་གཉིས་དྲང་ངེས་ལ་སོགས་ཟབ་མོའི་དོན་གྱི་གོ་བ་ཚུལ་བཞིན་དུ་བཙལ། གསུམ་པ་ནི། ཐོས་བསམ་གྱིས་ངེས་པ་རྙེད་པའི་ཚུལ་དེ་ཉིད་ཐ་མར་བླང་དོར་གྱི་སྒོ་ནས་རང་གི་རྒྱུད་ལ་སྦྱོར་ཞིང་ཁྱད་པར་ལྟ་བའི་དོན་ཉིད་རྩེ་གཅིག་ཏུ་སྒོམ་པས་ཉམས་སུ་བླངས་ཏེ་ཚིག་དང་ཡིད་དཔྱོད་ཙམ་དུ་མ་སོང་བར་གནས་ལུགས་ཀྱི་དོན་ཡང་དག་པའི་མངོན་རྟོགས་ཉིད་མངོན་དུ་ཐོབ་པར་བྱའོ། །འདི་དག་གི་དོན་རྒྱས་པ་མདོ་རྒྱན་སོགས་སུ་འབྱུང་བ་ལྟར་ལ། བསྡུ་ན་ཕྱིན་དྲུག་གི་མཚན་ཉིད་ནི། བྱང་སེམས་ཀྱིས་བསྒྲུབ་པའི་བསླབ་བྱ་གང་ཞིག །ཁྱད་ཆོས་བཞི་དང་ལྡན་པའི་སྦྱིན་སོགས་དྲུག་གིས་བསྡུས་པའི་དགེ་བ་མཐའ་དག་སྒྲུབ་པའི་སེམས་པ་མཚུངས་ལྡན་དང་བཅས་པའོ། ཁྱད་ཆོས་བཞི་ནི། རང་རང་གི་མི་མཐུན་ཕྱོགས་དང་བྲལ་བ། གྲོགས་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པ། བྱེད་ལས་གཞན་གྱི་འདོད་དོན་རྫོགས་པར་བྱེད་པ། དེ་ལྟར་བྱས་ནས་ཆོས་བསྟན་པས་གདུལ་བྱའི་རྒྱུད་བྱང་ཆུབ་གསུམ་གང་རུང་དུ་སྨིན་པར་བྱེད་པའོ། །རབ་དབྱེ་ནི། སྦྱིན་པ་སོགས་དྲུག་པོ་རེ་རེ་ལའང་སྦྱིན་སོགས་དྲུག་རེར་དབྱེ་ན། གཞན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འགོད་པ་སྦྱིན་པའི་སྦྱིན་པ་སོགས་སོ་སོའི་སྦྱིན་པ། དེ་བཞིན་དུ་རང་རང་གི་མི་མཐུན་ཕྱོགས་ཀྱིས་མ་གོས་པར་སྤྱོད་པ་སོ་སོའི་ཚུལ་ཁྲིམས། རང་རང་གི་དཀའ་སྤྱད་བཟོད་པས་སྤྱོད་པ་སོ་སོའི་བཟོད་པ། དགའ་སྤྲོ་དང་བཅས་པས་སྤྱོད་པ་སོ་སོའི་བརྩོན་འགྲུས། དེ་ལྟར་བརྩོན་པས་སེམས་ཟིན་ཏེ་གཞན་དུ་མི་གཡེང་བས་སྤྱོད་པ་སོ་སོའི་བསམ་གཏན། འཁོར་གསུམ་མི་རྟོག་པའི་སྒོ་ནས་ཕྱིན་དྲུག་ལ་སྤྱོད་པ་སོ་སོའི་ཤེས་རབ་སྟེ་སུམ་ཅུ་རྩ་དྲུག་ཏུ་འགྱུར་བར་མངོན་རྒྱན་ལས་བཤད་ཅིང་། དེར་མ་ཟད་མདོ་སྡེ་བསྐལ་བཟང་ལས་དབྱེ་བ་རྒྱ་ཆེར་འབྱུང་བ་སོགས་སོ། །གྲངས་ངེས་ནི། བྱང་སེམས་ཀྱི་བསྒྲུབ་པའི་ཆོས་ཐམས་ཅད་བསླབ་པ་གསུམ་དུ་འདུ་བ་ལ་ལྟོས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་གྲངས་ངེས་པ་ཡིན་ཏེ། སྦྱིན་པས་ལོངས་སྤྱོད་ལ་ཆགས་པ་དང་བྲལ་བ་ལས་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་འགྱུར་ལ། དེ་ལས་དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་དང་ལྡན་པར་འགྱུར་བས་བཟོད་པ་སྟེ། དེ་གསུམ་ནི་རྒྱུ་དང་ངོ་བོ་དང་ཁྱད་པར་གྱི་སྒོ་ནས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པར་བསྡུས་སོ། །བསམ་གཏན་ནི་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་དང་། ཤེས་རབ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པར་བསྡུས་ལ། བརྩོན་འགྲུས་ནི་དེ་ཐམས་ཅད་ཀྱི་གྲོགས་སུ་འགྱུར་བ་ཡིན་ནོ། །སྒྲུབ་ཚུལ་ནི་མདོ་རྒྱན་ལས། རེ་བ་མེད་པའི་སྦྱིན་པ་དང་། །ཡང་སྲིད་མི་འདོད་ཚུལ་ཁྲིམས་དང་། །ཐམས་ཅད་ལ་ནི་བཟོད་པ་དང་། ཡོན་ཏན་ཀུན་སྡུད་བརྩོན་འགྲུས་དང་། །དེ་བཞིན་བསམ་གཏན་གཟུགས་མེད་མིན། །ཤེས་རབ་ཐབས་དང་ལྡན་པ་ཡིན། །ཕ་རོལ་ཕྱིན་པ་དྲུག་པོ་ལ། །བརྟེན་པ་རྣམས་ཀྱིས་ཡང་དག་སྦྱོར། །ཞེས་སོ། །དེ་ཐམས་ཅད་ཀྱང་དམ་པ་དྲུག་དང་ལྡན་པར་ཉམས་སུ་བླང་དགོས་ཏེ། རྟེན་དམ་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པ། དངོས་པོ་དམ་པ་སྤྱིན་སོགས་ཕྱོགས་རེ་མ་ཡིན་པར་གཞི་ཐམས་ཅད་ལ་འཇུག་པ། ཆེད་དུ་བྱ་བ་དམ་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྦྱོར་བ། ཐབས་དམ་པ་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པ། བསྔོ་བ་དམ་པ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ། རྣམ་དག་དམ་པ་སྒྲིབ་གཉིས་ཀྱི་དངོས་གཉེན་དུ་སྤྱོད་པ་རྣམས་སོ། །གཉིས་པ་གཞན་སྨིན་བྱེད་བསྡུ་དངོས་ལ་བསླབ་པའི་ཚུལ་ནི། རང་རྒྱུད་སྨིན་ ནས་ རབ་ཏུ་འགོད༔ ཅེས་གསུངས་ཏེ། དེ་ལྟར་འཇུག་པའི་སྤྱོད་པ་ལ་བསླབས་པས་རང་རྒྱུད་ཡོངས་སུ་སྨིན་པར་གྱུར་ནས་སེམས་ཅན་གཞན་དག་སྨིན་པར་བྱེད་དགོས་པས། དེའི་ཐབས་སམ་ལག་ལེན་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་ནི་བསྡུ་བའི་དངོས་པོ་བཞི་ཡིན་ཏེ། མདོ་རྒྱན་ལས། སྦྱིན་མཚུངས་དེ་སྟོན་ལེན་འཇུག་དང་། །བདག་ཉིད་རྗེས་སུ་འཇུག་རྣམས་ཀྱིས། །སྙན་པར་སྨྲ་དང་དོན་སྤྱོད་དང་། །དོན་མཐུན་ཉིད་དུ་འདོད་པ་ཡིན། །ཞེས་གོ་རིམ་དང་རྣམ་གྲངས་བསྟན། ཕན་པར་བྱེད་པའི་ཐབས་དང་ནི། །འཛིན་པར་བྱེད་དང་འཇུག་བྱེད་དང་། །དེ་བཞིན་རྗེས་སུ་འཇུག་བྱེད་པས། །བསྡུ་བའི་དངོས་པོ་བཞིར་ཤེས་བྱ། །ཞེས་དགོས་ཆེད་སྒྲ་དོན་སོགས་རྒྱས་པར་གསུངས་པ་དེ་མཚུངས་པདྨ་སྤུངས་པ་ལས། སྦྱིན་པའི་གཡབ་མོས་ལེགས་བོས་ཏེ། །སྙན་པར་སྨྲ་བའི་ཚིག་གིས་བསུ། །དོན་སྤྱོད་པ་ཡིས་བག་ཕབ་སྟེ། །དོན་མཐུན་གྲོས་ཆེན་གདབ་པར་བྱ། །ཞེས་ཇི་ལྟར་བྱ་བའི་ཚུལ་ཡང་བསྟན་པ་ལྟར། ཐོག་མར་གདུལ་བྱའི་སྣོད་ལྡན་འཁོར་དུ་མ་འདུས་པ་རྣམས་ལ་ཟང་ཟིང་གི་དངོས་པོ་ཇི་ལྟར་འོས་པ་སྤྱིན་པས་ལེགས་པར་བསྡུས་ལ། འདུས་ནས་ཕ་རོལ་པོའི་བློ་ལ་འཐད་ཅིང་ཡིད་ལ་འབབ་པའི་ཚིག་སྙན་པར་སྨྲ་བའི་གཏམ་སྨྲས་པས་ཡིད་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དུ་དྲང་། དྲངས་པ་དེ་དག་སླར་མི་ལྡོག་པ་རང་གི་རྗེས་སུ་འཇུག་ཅིང་སྤྲོ་བ་སྐྱེད་པའི་ཕྱིར་རང་ཉིད་ཀྱང་གཞན་ལ་བཤད་བྱའི་ཆོས་དོན་དེ་དག་དང་མི་འགལ་ཞིང་མཐུན་པར་སྤྱོད་པ་ལ་སྐྱོ་དུབ་མེད་པར་བྱ་བས་བློ་བག་ཕབས་ཏེ། གདུལ་བྱའི་ཁམས་དང་དབང་པོ་དམན་འབྲིང་མཆོག་གི་ཁྱད་པར་དང་མཐུན་པར་ཐེག་པ་ཆེ་ཆུང་གི་ཆོས་སྒོ་སོ་སོར་བསྟན་ནས་དེའི་དོན་སྒྲུབ་ཅིང་སྤྱོད་དུ་འཇུག་པའི་གཏན་འདུན་གྱི་གྲོས་ཆེན་གདབ། བཞི་པོའང་བསྡུ་ན་ཟང་ཟིང་དང་ཆོས་ཀྱི་སྦྱིན་པ་གཉིས་སུ་འདུ་བ་ཡིན་ལ། དེ་གཉིས་པོས་གནས་སྐབས་དང་མཐར་ཐུག་དག་ཏུ་འཕྲལ་གྱི་ཕན་པ་དང་ཡུན་གྱི་བདེ་བའི་དཔལ་ལ་འགྲོ་བ་རྣམས་རབ་ཏུ་འགོད་པར་བྱའོ། །གསུམ་པ་དེ་དག་གི་ཉམས་ལེན་སྙིང་པོར་དྲིལ་ཏེ་བློ་སྦྱོང་བའི་ཚུལ་ནི། གནད་ཀྱི་ ནས་ བྱང་སེམས་སྦྱང༔ ཞེས་གསུངས་ཏེ། བྱང་ཆུབ་སེམས་དཔའི་ཉམས་ལེན་མ་ལུས་པའི་གནད་ཀྱི་སྙིང་པོར་དྲིལ་ན་གསུམ་སྟེ། རྒྱུ་ལ་སྦྱོང་བ་བྱམས་པ་དང་སྙིང་རྗེ་དྲག་ཏུ་བསྒོམ། སེམས་དངོས་ལ་སྦྱོང་བ་ཉིན་མཚན་དུས་དྲུག་ཏུ་སེམས་བསྐྱེད་བླང་། སྤྱོད་པ་ལ་སྤྱོང་བ་དགེ་བ་གཞན་དོན་དུ་བསྔོ་ཞིང་བདེ་སྡུག་གཏོང་ལེན་ལ་རྩེ་གཅིག་ཏུ་འབད་པར་བྱ་སྟེ། དེའང་ཞི་བ་ལྷས། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་བསྐྱབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་གསུངས་པ་ལྟར་བདག་གཞན་བརྗེ་བའི་བློ་སྦྱོང་ཟབ་མོ་ལ་བསླབ་པ་གལ་ཆེ་སྟེ། །དེའི་རྒྱུ་མཚན་ཡང་། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །ཞེས་དང་། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་ནི་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་རྣལ་མ་དང་ལྡོག་ཕྱོགས་ཀྱི་སྒོ་ནས་བསྟན་པ་ལྟར་ཡིན་ལ། དེའི་ཚུལ་ཡང་། ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན། །གྱོང་དང་བུབ་ཁ་རང་གིས་བླང་། །ཞེས་པའི་དོན་ལྟར་ནམ་མཁས་ཁྱབ་པའི་མར་གྱུར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཐོག་མ་མེད་པ་ནས་བསགས་པའི་རྒྱུ་ལས་དང་ཉོན་མོངས་པ། འབྲས་བུ་ལུས་སེམས་ལ་སྡུག་བསྔལ་གྱི་ཚོར་བ་ཇི་སྙེད་ཡོད་པ་ཐམས་ཅད་བདག་གི་ཁུར་དུ་ཐེ་ཚོམ་མེད་པར་དགའ་བཞིན་སྤྲོ་བཞིན་དུ་བླང་བའི་འདུན་པ་བྱ་བ་དང་། བདག་གི་རྒྱུད་ལ་ཐོག་མ་མ་མཆིས་པ་ནས་བསགས་པའི་རྣམ་དཀར་གྱི་དགེ་བའི་རྩ་བ་དང་། འབྲས་བུ་ལུས་སེམས་ལ་བདེ་བའི་ཚོར་བ་ཅི་ཡོད་པ་ཐམས་ཅད་འགྲོ་བ་རིགས་དྲུག་གི་སེམས་ཅན་ཀུན་ལ་རེ་རེ་ནས་ཚང་བར་སྦྱིན་པའི་འདུན་པ་བྱ་བ་སྟེ། དེ་དག་ཀྱང་བློ་སྦྱོང་དོན་བདུན་མ་ལས། གཏོང་ལེན་གཉིས་པོ་སྤེལ་མར་སྦྱང་། །དེ་གཉིས་རླུང་ལ་བསྐྱོན་ཏེ་བྱ། །ཞེས་པ་ལྟར་ཉམས་སུ་ལེན་ཅིང་། ཁམས་བཟང་ངན་སྐྱིད་སྡུག་མཐོ་དམན་ཇི་ལྟར་བྱུང་ཡང་རྐྱེན་ངན་གྱིས་མི་འཆོར་བའི་གོ་ཆ་ཆེན་པོར་བགོས་ལ་སྙིང་རྗེ་གཞིར་བྱས་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རྩེ་གཅིག་ཏུ་སྦྱངས་ལ་སྐྱེས་བརྟན་གོང་འཕེལ་དུ་བྱའོ། །གཉིས་པ་དོན་དམ་སེམས་བསྐྱེད་བསྟན་པ་ལ་གསུམ། ལྟ་བས་ཐག་བཅད་པ། སྒོམ་པས་ཉམས་སུ་ལེན་པ། དེའི་འབྲས་བུ་བསྟན་ཏེ་མཚམས་སྦྱར་བའོ། །དང་པོ་ལའང་བཞི། ཕྱི་གཟུང་ཡུལ་རང་བཞིན་མེད་པར་གཏན་ལ་འབེབས་པ། ནང་འཛིན་པ་དང་གང་ཟག་གི་བདག་རང་བཞིན་མེད་པར་གཏན་ལ་འབེབས་པ། དཔྱོད་བྱེད་ཀྱི་བློ་རང་བཞིན་མེད་པར་གཏན་ལ་འབེབས་པ། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི། ཁྱད་པར་ཕྱི་ ནས་ ལྟ་བུར་བལྟ༔ ཞེས་གསུངས་ཏེ། ཐབས་ཀུན་རྫོབ་བྱང་སེམས་ལས་ཁྱད་པར་དུ་གྱུར་པ་ཤེས་རབ་དོན་དམ་བྱང་ཆུབ་ཀྱི་སེམས་སྒོམ་པ་ལའང་ཐོག་མར་ཕྱི་རོལ་ཏུ་བདེན་བདེན་ལྟར་སྣང་བ་བདག་ཏུ་འཛིན་པས་གཟུང་བར་བྱ་བའི་ཡུལ་ཐམས་ཅད་ལུང་རིག་གིས་ལེགས་པར་བརྟགས་ན་གཅིག་ཀྱང་བདེན་པ་མ་ཡིན་པ་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྒྱུ་མའི་དངོས་པོ་ལྟ་བུར་སྣང་བ་ཡིན་ནོ། །དེའང་གྲུབ་མཐས་བློ་མ་བསྒྱུར་བའི་འཇིག་རྟེན་ཕལ་པ་རྣམས་ཀྱིས་སྣང་དངོས་བདེན་རྟག་ཏུ་ཞེན་ཅིང་། གྲུབ་མཐའ་ལོག་པར་ཞུགས་པའི་མུ་སྟེགས་པ་རྣམས་ཀྱིས་རྟག་པ། གཅིག་པུ། རང་དབང་ཅན་སོགས་སུ་འདོད་པ་ཡོད་ཀྱང་མ་རྟོགས་པ་དང་ལོག་པར་རྟོག་པ་ལ་ཞུགས་པ་ཡིན་ཏེ། འདི་ལྟར་སྣང་དངོས་རྣམས་ཆོས་ཅན། རྟག་པ་མ་ཡིན་པར་ཐལ། རྟག་ལ་བྱ་བ་མེད་ཕྱིར་རོ། །ཞེས་པ་ལྟར་ཏེ་ནམ་མཁའ་བཞིན་ནོ། །དེ་ཆོས་ཅན། མི་རྟག་པར་ཐལ། འཁྲུལ་ངོར་རྒྱུན་འཕོ་བས་དོན་བྱེད་ནུས་པའི་ཕྱིར། ས་བོན་དང་མྱུ་གུ་བཞིན་ནོ། །སྣང་བ་རྟག་ཆོས་ཅན། གཅིག་པུ་མ་ཡིན་པར་ཐལ། དངོས་སྣང་སྣ་ཚོགས་སུ་འབྱུང་ཞིང་འགྱུར་བའི་ཕྱིར། ཆུའི་དངོས་པོ་གཅིག་ལ་རིགས་དྲུག་གི་མཐོང་ཚུལ་ཐ་དད་པ་བཞིན། དེ་ཆོས་ཅན། སྣ་ཚོགས་པའང་དོན་ལ་བདེན་པ་མེད་པར་ཐལ། རྐྱེན་ལས་བྱུང་བའི་ཕྱིར་འཇའ་ཚོན་བཞིན་ནོ། ཁམས་གསུམ་པོ་ཆོས་ཅན། རང་དབང་དུ་འགྱུར་བ་མེད་པར་ཐལ། ལས་ཀྱི་ཕྱི་བཞིན་དུ་འགྲོ་བའི་ཕྱིར། འགྱུར་བའི་སྡུག་བསྔལ་བཞིན་ནོ། །ལས་ཆོས་ཅན། དོན་དམ་པར་མི་བདེན་པར་ཐལ། རྫས་དང་དུས་ཀྱི་དངོས་པོར་མ་གྲུབ་པའི་ཕྱིར། འདུས་མ་བྱས་པ་བཞིན་ནོ། །དེའང་གོ་སླ་བར་བརྗོད་ན། འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ནི་རྟག་པ་མ་ཡིན་ཏེ། དེ་ཡིན་ན་རྟག་དངོས་གཞན་དུ་འགྱུར་མི་སྲིད་པས་ནམ་མཁའི་རང་བཞིན་གང་དུའང་མི་འགྱུར་བ་བཞིན་དོན་བྱེད་མི་ནུས་པའི་ཕྱིར། མི་རྟག་པ་ཡིན་ཏེ། སྐད་ཅིག་གཉིས་པར་རྒྱུན་འགྱུར་བས་ས་བོན་ལས་མྱུ་གུ་དང་མར་མེའི་རྒྱུན་བཞིན་ཀུན་རྫོབ་ཙམ་དུ་དོན་བྱེད་ནུས་པའི་ཕྱིར། འོ་ན་མི་རྟག་པར་གྲུབ་བམ་ཞེ་ན། དེའང་མ་གྲུབ་སྟེ་རྟག་མི་རྟག་གཅིག་ལ་གཅིག་ལྟོས་པའི་མིང་ཙམ་ཡིན་པས་ལྟོས་ས་མ་གྲུབ་པའི་ལྟོས་ཆོས་ཀྱང་མི་བདེན་པའི་ཕྱིར། འཕགས་ཞབས་ཀྱིས། གལ་ཏེ་དངོས་པོ་གང་ལྟོས་འགྲུབ། །དེ་ཉིད་ལ་ཡང་ལྟོས་ནས་ནི། །ལྟོས་བྱ་གང་ཡིན་དེ་འགྲུབ་ན། །གང་ལ་ལྟོས་ནས་གང་ཞིག་འགྲུབ། །ཅེས་པ་ལྟར་རོ། །གཞི་གཅིག་པུ་ཉིད་དུ་ངེས་པའང་མ་ཡིན་ཏེ། ཡིན་ན་གཅིག་དང་དུ་མ་རྫས་འགལ་བས་སྣ་ཚོགས་སུ་འབྱུང་བར་མི་རིགས་པ་ལ། ཆུའི་དངོས་པོ་གཅིག་ལ་དམྱལ་བས་ཁྲོ་ཆུ། ཡི་དྭགས་ཀྱིས་རྣག་ཁྲག །དུད་འགྲོས་བཏུང་བ། མི་ཡིས་ཉེར་སྤྱད། ལྷ་ཡིས་བདུད་རྩི་སོགས་སུ་མཐོང་བ་ལྟར་ལས་སྣང་གི་རྗེས་སུ་འགྱུར་ཞིང་འགྲོ་བའི་ཕྱིར། སྣ་ཚོགས་ཉིད་ཀྱང་མི་བདེན་ཏེ་གཅིག་པུའི་གཞི་མ་གྲུབ་པས་དེའི་ཁྱད་ཆོས་མ་གྲུབ་སྟེ། ཁྱད་གཞི་མོ་གཤམ་གྱི་བུ་མ་གྲུབ་པས་ཁྱད་ཆོས་མཛེས་པ་སོགས་མ་གྲུབ་པ་བཞིན་ཏེ། འཕགས་ཞབས་ཀྱིས། དངོས་རྣམས་ངོ་བོ་ཉིད་མེད་དེ། །གཞན་དུ་སྣང་བར་འགྱུར་ཕྱིར་རོ། །དངོས་པོ་ངོ་བོ་ཉིད་མེད་དེ། །གང་ཕྱིར་དངོས་རྣམས་སྟོང་པ་ཉིད། །ཅེས་སོ། །བྱེད་པ་པོར་གྲགས་པ་ཚངས་དབང་ཁྱབ་འཇུག་གིས་མཚོན་ཁམས་གསུམ་ན་རང་དབང་དུ་གྱུར་བ་འགའ་ཡང་མེད་དེ། ཡོད་ན་མྱང་འདས་བཞིན་ལྡོག་མི་སྲིད་པ་ལ་ཐམས་ཅད་ཀྱང་ལས་དཀར་ནག་གི་རྗེས་སུ་འབྲངས་ཏེ་ཁམས་གསུམ་ན་ཟག་པ་དང་བཅས་པའི་ཕྱིར་རོ། །འོ་ན་ལས་བདེན་པར་གྲུབ་བམ་ཞེ་ན། དོན་དམ་པར་ལས་ཀྱང་བདེན་པར་གྲུབ་པ་མེད་དེ། འཕགས་པས། ཆོས་འདི་དག་ནི་ཆོས་ཉིད་ཀྱིས། །འོང་བ་མེད་ཅིང་འགྲོ་མེད་ན། །ལས་དང་ལས་ཀྱི་རྣམ་པར་སྨིན། །ཅི་ལྟ་བུར་ནི་འཐད་པར་འགྱུར། །དམ་པའི་དོན་དུ་འོང་མེད་ཅིང་། །གང་དུའང་འགྲོ་བ་ཡོད་མ་ཡིན། །ཀུན་རྫོབ་ཏུ་ནི་ལམ་འཇུག་ཅིང་། །རྣམ་པར་སྨིན་པ་ཉེ་བར་སྟོན། །ཞེས་གསུངས་པ་ལྟར་རོ། །ནང་པའི་གྲུབ་མཐའ་འཛིན་པ་ལས་ཕྱོགས་རྟོགས་ཉན་ཐོས་བྱེ་བྲག་སྨྲ་བ་རྣམས། དངོས་སྣང་རྣམས་མི་བདེན་པས་ཀུན་རྫོབ་ཡིན་ཀྱང་དངོས་པོ་དང་དུས་རྩོམ་བྱེད་རགས་མཐའ་རྡུལ་ཕྲན་ཆ་མེད་ཐོ་བ་ལ་སོགས་པས་གཞིག་མི་ནུས་པ་དང་། ཤེས་པའི་མཐའ་སྐད་ཅིག་ཆ་མེད་བློས་བཞག་ཏུ་མི་རུང་བ་དོན་དམ་བདེན་པར་འདོད་དེ། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་སོ། །དེའང་ལྟ་བའི་མུན་པས་ཁེབས་པ་སྟེ། རྡུལ་ཕྲན་དོན་དམ་པ་མ་ཡིན་ཏེ་ཆ་མེད་པའི་རྡུལ་མ་གྲུབ་པའི་ཕྱིར། གལ་ཏེ་གྲུབ་ན་ཆ་ཤས་མེད་པའི་ནམ་མཁའ་དང་ནམ་མཁའ་འདྲེས་པ་ལྟར་ཐམས་ཅད་གོ་ས་གཅིག་ཏུ་འདྲེས་པས་དངོས་པོ་རགས་པ་རྩོམ་མི་ནུས་ཏེ། ཉི་ཤུ་པ་ལས། དྲུག་གི་ཆར་ནི་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་གི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་སོ། །རྡུལ་ཕྲན་རྣམས་ཕྱོགས་སོ་སོར་ཡོད་ན་ཤར་ལ་སོགས་པའི་དབྱེ་བས་ཆ་དང་བཅས་པས་སྔར་ཆ་མེད་དུ་དམ་བཅས་པའི་རང་ཚིག་དང་འགལ་ལོ། །རྡུལ་ཕྲན་སིལ་བུ་རེག་ལ་མ་འབྱར་བར་གནས་པར་འདོད་པའང་འགལ་ཏེ། རེག་ལ་མ་འབྱར་པའི་བར་དུ་སྣང་མུན་གྱི་རྡུལ་གྱིས་མི་ཆོད་མི་སྲིད་པས་ཆོད་ན་དེ་དང་འབྱར་བས་བར་མེད་དུ་འགྱུར་ལ། མ་ཆོད་ན་བར་མེད་པས་ཁས་བླངས་དང་འགལ་ལོ། །སྐད་ཅིག་མའི་རྒྱུན་གྱིས་དུས་བརྩམས་པའང་འགལ་ཏེ། སྐད་ཅིག་མ་སྔ་ཕྱི་མ་འཕྲད་ན་ཤེས་པ་ཕྱི་མ་རྒྱུ་མེད་དུ་འགྱུར་བས་སྔ་མ་རྩོམ་བྱེད་དུ་མི་འགྲོ་ལ། འཕྲད་ནའང་སྐད་ཅིག་མ་གསུམ་དུས་གཅིག་ལ་འཕྲད་ན་ཐམས་ཅད་དུས་མཉམ་དུ་འགྱུར་པས་བསྐལ་པའང་སྐད་ཅིག་གཅིག་ཁོ་ནར་འགྱུར་ཞིང་། རེས་མོས་སུ་འཕྲད་ན་སྐད་ཅིག་མ་གཅིག་གི་ཆ་སྔ་མ་འདས་པ། གཉིས་པ་ད་ལྟ་བ་སྟེ་ཆ་གཉིས་སུ་འགྱུར་བས་ཆ་མེད་ཀྱི་དམ་བཅའ་ཉམས་པའོ། །འདིས་ནི་ཤེས་བྱ་རྫས་ཡོད་དུ་འདོད་པས་དོན་ལ་མཐར་ལྟ་ཁས་ལེན་པར་སོང་པའི་ཕྱིར་ནང་པའི་ལྟ་གྲུབ་དམན་ཤོས་ཡིན་པས་འདིར་མཚན་གཞི་ཙམ་དུ་དངོས་སུ་བསྟན་པར་སྣང་ལ། དེས་མཚོན་ནས་ཤུགས་བསྟན་མདོ་སྡེ་པས་རྩོམ་བྱེད་ལྐོག་ན་མོས་བརྩམས་པའི་ཤེས་བྱ་རྣམས་བཏགས་ཡོད་ཙམ་དུ་འདོད་པ་དང་། སེམས་ཙམ་པས་ཆོས་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་དུ་བདེན་པར་འདོད་པ་རྣམས་ཀྱང་དངོས་པོར་སྨྲ་བའི་གྲུབ་མཐའ་ཡིན་པས་ལུང་རིག་གི་སུན་ཕྱུངས་ལ་དབུ་མའི་ལམ་དུ་འཇུག་པར་བྱའོ། །རྒྱུ་མཚན་དེས་ན་དངོས་སྣང་ཐམས་ཅད་བདེན་པར་གྲུབ་པ་གཅིག་ཀྱང་མེད་པས་མེད་བཞིན་དུ་སྣང་བ། སྣང་ཡང་མི་བདེན་པར་རྫུན་པར་སྣང་བ། དེའང་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་དུ་སྣང་བ་ཡིན་ཏེ་ཆོས་ཐམས་ཅད་རང་ངོས་ནས་བདེན་པར་གྲུབ་ན་དངོས་པོའི་རང་མཚན་མི་བཏང་བས་སྐྱེ་འཇིག་སོགས་གང་ཡང་མི་རུང་ལ། དེ་མ་གྲུབ་པའི་གནད་ཀྱིས་རྟེན་ཅིང་འབྲེལ་འབྱུང་གི་ཆོས་རྣམས་དགག་པ་མེད་པར་འཆར་དུ་རུང་བས་སྟོང་པ་ཉིད་ལ་སྣང་བ་མི་འགག་ཅིང་སྣང་བའང་སྟོང་ཉིད་ཀྱི་རྒྱ་ལས་མ་འདས་པ་སྟེ། འཕགས་ཞབས་ཀྱི། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ཏེ། །དེ་ཕྱིར་སྟོང་པ་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་སོ། །དེ་ལྟ་བུའི་རྫུན་སྣང་རྟེན་འབྲེལ་ཙམ་དུ་ཤར་བ་དེ་སྒྱུ་མའི་རང་བཞིན་གྱི་དཔེ་རྣམས་དང་འདྲ་བ་ཡིན་ཏེ། སེམས་འཁྲུལ་པའི་སྣང་བ་ལས་ཕྱི་རོལ་ཏུ་མ་གྲུབ་པ་རྨི་ལམ་དང་། རྒྱུ་དང་རྐྱེན་གྱི་རྟེན་འབྲེལ་ཚོགས་པས་སྣང་བ་སྣ་ཚོགས་སུ་འཁྲུལ་བ་སྒྱུ་མ་དང་། རྐྱེན་ལ་བརྟེན་ནས་ཐམས་ཅད་དུ་ཁྱབ་པ་ཆུའི་ཟླ་བ་རྣམས་དང་འདྲ་ཞིང་། ཡུལ་ངེས་པ་མེད་པར་སོ་སོར་སྣང་བ་དྲི་ཟའི་གྲོང་ཁྱེར། བདེན་དངོས་མེད་པའི་ཁ་དོག་སྣ་ཚོགས་སུ་སྣང་བ་བར་སྣང་གི་འཇའ་ཚོན་ལྟ་བུར་བལྟ་བར་བྱ་སྟེ། ཇི་སྐད་དུ། སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་བ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། ལྟ་མཁན་སེམས་ ནས་ གདམས་པར་ཟད༔ ཅེས་གསུངས་ཏེ། ཕྱི་བལྟ་བྱའི་ཡུལ་བདེན་པར་མ་གྲུབ་ཀྱང་ནང་ལྟ་མཁན་སེམས་བདེན་པར་གྲུབ་བམ་ཞེ་ན་དེའང་མ་གྲུབ་སྟེ། སེམས་ནི་ཉེར་ལེན་གྱི་ཕུང་པོ་ལ་སྒྲོ་བཏགས་ནས་ངའོ་སྙམ་པའི་ངར་འཛིན་འདི་ལས་ལོགས་སུ་མེད་ཅིང་དེ་དང་བདག་གཉིས་ཀྱང་ཐ་དད་མེད་པས་ཡང་དག་པའི་ཤེས་རབ་ཀྱིས་བརྟགས་ན་དེ་དག་ཏུ་གྲུབ་པ་མེད་དེ། ངའམ་བདག་ཏུ་འཛིན་པ་ཆོས་ཅན། དོན་དམ་པར་མ་གྲུབ་པར་ཐལ། ཕུང་པོ་ལྔ་ལས་ཐ་དད་པའམ་གཅིག་ཏུ་མེད་པའི་ཕྱིར། དང་པོ་གྲུབ་སྟེ། ཐ་དད་དུ་ཡོད་ན་ཕུང་ལྔ་ལས་རྫས་གཞན་ཕུང་པོ་དྲུག་པར་འགྱུར་བ་ལ་དེ་འདྲ་ཤེས་བྱ་ལ་མི་སྲིད་པའི་ཕྱིར། མོ་གཤམ་གྱི་བུའི་མིང་བཞིན་ནོ། །གཅིག་ཏུ་ཡོད་ན་རྫས་གཅིག་པར་འགྱུར་བ་ལ་ཕུང་ལྔ་རྫས་ཡོད་དང་ངར་འཛིན་བཏགས་ཡོད་རྫས་འགལ་བའི་ཕྱིར། དངོས་པོ་དང་དངོས་མེད་བཞིན་ནོ། །དེའང་གོ་སླ་བར་བརྗོད་ན། བདག་དེ་ནི་ཕུང་པོ་ལྔའི་ཚོགས་པ་ལས་གཞན་ཐ་དད་པ་དང་། ཕུང་པོ་ལྔ་དང་གཅིག་ཏུའང་མ་དམིགས་པའི་ཕྱིར་བདག་མ་གྲུབ་སྟེ། དང་པོ་ལྟར་བདག་ཕུང་ཐ་དད་དུ་གྲུབ་ན་གཞན་ཕུང་པོ་དྲུག་པ་ཡོད་པར་འགྱུར་བ་དང་། ཕུང་པོ་ལས་གཞན་ལ་ངར་འཛིན་འཇུག་པ་མེད་པའི་ཕྱིར་དང་། ཕུང་པོའི་མཚན་ཉིད་བྲལ་བས་དངོས་པོ་མེད་པར་འགྱུར་ཞིང་དངོས་མེད་ཀྱིས་དོན་བྱེད་མི་ནུས་པའི་ཕྱིར་ཐ་དད་དུ་མ་གྲུབ་བོ། །དེ་ལྟར་ཐ་དད་དུ་གྲུབ་པ་མ་ཡིན་ཀྱང་གཉིས་པ་བདག་ཕུང་གཅིག་པར་གྲུབ་བམ་ཞེ་ན་དེའང་མ་གྲུབ་སྟེ། མཚན་ཉིད་མི་མཐུན་པའི་ཕྱིར། དེའང་ཕུང་པོ་རྣམས་འདུས་བྱས་ཡིན་པས་མི་རྟག་པར་གྲུབ་ཅིང་བདག་ནི་སྔར་མཐོང་བ་ཉིད་ད་ལྟར་ངོ་ཤེས་པར་རློམས་པ་སོགས་རྟག་པར་འཛིན་པས་དེ་གཉིས་འགལ་བའི་ཕྱིར་དང་། ཕུང་པོ་གཟུགས་ཚོར་སོགས་ནང་གསེས་བཅས་དབྱེ་བ་དུ་མ་སྤུངས་པ་ཅན་ཡིན་ལ། བདག་ནི་ང་ཉིད་དོ་ཞེས་གཅིག་པུར་འཛིན་པའི་ཕྱིར་དང་། ཕུང་པོ་སྐྱེ་འཇིག་གི་གཞན་དབང་ཅན་དུ་གྲུབ་ལ། བདག་ནི་ངའོ་སྙམ་དུ་རང་དབང་ཅན་དུ་འཛིན་པར་མྱོང་བས་གྲུབ་པའི་ཕྱིར་རོ། །དེ་ལྟར་ཡང་རྩ་ཤེས་ལས། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །འོན་ཏེ་ཕུང་པོ་ལས་གཞན་ན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་སོ། །བདག་མ་གྲུབ་ཀྱང་དེའི་རྒྱུན་རྟག་པས་དེ་གྲུབ་བོ་སྙམ་ན་དེའང་མ་ཡིན་ཏེ། བདེན་གཉིས་ལས། རྒྱུན་དང་སྐད་ཅིག་ཅེས་བྱ་བ། །ཕྲེང་བ་དམག་ལ་སོགས་བཞིན་རྫུན། །ཞེས་སོ། །དེ་བས་ཉེར་ལེན་གྱི་ཕུང་པོ་ལྔའི་ཚོགས་པ་ཙམ་ལ་བརྟེན་ནས་དོན་ལ་ཅུང་ཟད་མ་གྲུབ་ཀྱང་ངར་འཛིན་དབང་གིས་བདག་དང་གང་ཟག་སོགས་དེ་ལྟར་སྒྲོ་བཏགས་པར་ཟད་དེ། འཇུག་པ་ལས། དེ་ཕྱིར་ཕུང་པོ་ལས་གཞན་བདག་མེད་དེ། །ཕུང་པོ་མ་གཏོགས་དེ་འཛིན་མ་གྲུབ་ཕྱིར། །ཞེས་དང་། ཕུང་པོ་བདག་ཅེས་བརྗོད་ཚེ་ཕུང་རྣམས་ཀྱི། །ཚོགས་པ་ཡིན་གྱི་ཕུང་པོའི་ངོ་བོ་མིན། །ཞེས་པ་ལྟར་རོ། །དེའང་དཔེར་ན་ཤིང་རྟའི་འཁོར་ལོ་དང་སྲོག་ཤིང་སོགས་ཡན་ལག་ཚོགས་པ་ལ་ཤིང་རྟ་ཞེས་གདགས་པར་ཟད་ཀྱི། དེ་དག་མ་ཡིན་པ་ཡན་ལག་ཅན་གྱི་ཤིང་རྟའི་མཚན་གཞི་མི་རྙེད་པ་ལྟར་ཕུང་པོའི་ཚོགས་པར་ངར་འཛིན་པ་ཙམ་ལས་བདག་ཅེས་བྱ་བ་གཞི་མ་གྲུབ་སྟེ། མདོ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །ཤིང་རྟའི་མིང་དུ་བཤད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་སོ། །གསུམ་པ་ནི། འདོགས་མཁན་ ནས་ བརྟག་མི་བཏུབ༔ ཅེས་གསུངས་ཏེ། དེ་ལྟར་གཟུང་བའི་ཡུལ་དང་འཛིན་པའི་སེམས་གཉིས་བདེན་པར་མ་གྲུབ་ཀྱང་། དེ་ལྟར་འདོགས་མཁན་གྱི་རྟོག་པ་ཉིད་བདེན་པར་གྲུབ་བམ་སྙམ་ན། དེ་ལ་དུས་གསུམ་གྱི་ཆ་ཤས་ཡོད་དམ་མེད། མེད་ན་སྐད་ཅིག་མ་དངོས་མེད་དུ་ཐལ་བས་རྟོག་པ་གང་ཡོད་དངོས་མེད་དུ་ཐལ་ལ། ཡོད་ན་སྔར་སྐྱེས་པའི་རྟོག་པ་འདས་པ་ནི་ཡལ་ཏེ་ཞིག་ནས་མེད་ལ། མ་འོངས་པ་ནི་ད་རུང་མ་སྐྱེས་པས་མ་གྲུབ་ལ། ད་ལྟ་བའི་རྟོག་པ་རང་གིས་རང་ལ་བརྟག་ཅིང་མཚོན་མི་བཏུབ་སྟེ་མིག་གིས་མིག་མི་མཐོང་ཞིང་རལ་གྲིའི་སོས་རང་ཉིད་གཅོད་མི་ནུས་པ་བཞིན་ནོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། ཇི་ལྟར་སྐད་ཅིག་མཐའ་ཡོད་པ། །དེ་བཞིན་ཐོག་མ་དབུས་བརྟག་དགོས། །དེ་ལྟར་སྐད་ཅིག་གསུམ་བརྟག་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་སོ། །བཞི་པ་ནི། མདོར་ན་ ནས་ ལམ་ཞེས་བྱ༔ ཞེས་གསུངས་ཏེ། དེ་ལྟར་བཤད་པའི་དོན་མདོར་བསྡུ་ན་ཆོས་དང་གང་ཟག་ཏུ་འཛིན་པའི་བདག་གཉིས་དང་། ཡུལ་གཟུང་བ་དང་ཡུལ་ཅན་འཛིན་པ་གཉིས། དེ་དག་གང་ལ་བརྟེན་པའི་ཀུན་གཞི་དང་བཅས་པ་དེ་ཐམས་ཅད་བདེན་པ་མེད་པས་དངོས་མེད་དུ་གྲུབ་བམ་སྙམ་ན། སྔར་བདེན་དངོས་སུ་གྲུབ་པ་ཕྱིས་བདེན་མེད་དུ་སོང་ན་དེར་གདགས་སུ་རུང་ཡང་། ཆོས་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་མ་གྲུབ་པས་ཡོད་མེད་གཉིས་ཀའི་མཐའ་ལས་འདས་པ་སྟེ། ས་ར་ཧས། དངོས་པོར་འཛིན་པ་ཕྱུགས་དང་འདྲ་བ་སྟེ། །དངོས་མེད་འཛིན་པ་དེ་བས་ཀྱང་ནི་བླུན། །ཞེས་དང་། རྩ་ཤེ་ལས། དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་གསུངས་པ་ལྟར་ཡོད་མེད་སོགས་སྤྲོས་པའི་གཟེབ་ལས་གྲོལ་བ་ནམ་མཁའ་ལྟ་བུ། དངོས་དང་དངོས་མེད་དུ་འཛིན་པའི་བློའི་འཇུག་པ་རབ་ཏུ་ཞི། གདོད་མ་ནས་རང་བཞིན་གྱིས་སྐྱེ་བ་མེད་པར་ལུང་དང་རིག་པས་ཤེས་པར་བྱས་ནས། སྐྱེ་མེད་ཀྱི་གནས་ལུགས་དེ་ཉིད་ཀྱང་སྨྲ་བསམ་བརྗོད་པ་དང་བྲལ་བས་སྒྲ་རྟོག་དང་བློའི་ཡུལ་ལས་འདས་པར་རྟོགས་དགོས་ཏེ། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་སོ། །དེ་ལྟ་བུའི་གནས་ལུགས་དེ་བརྗོད་པས་མི་མཚོན་པས་ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཁྱེན་ཅིང་གཟིགས་པ་སྨྲ་བའི་ཟླ་བ་རྣམས་ཀྱང་གནས་ལུགས་ཐད་ཀར་སྟོན་པ་ལ་རྗོད་བྱེད་ཚིག་གིས་དབུལ་བ་ལྟར་སྣང་བའི་ཕྱིར། མཐའ་བརྒྱད་ཀྱི་སྤྲོས་པ་ཀུན་དང་བྲལ་བའི་བརྗོད་མེད་དེ་ནི་ཐེག་ཆེན་གྱི་ལྟ་བའི་ཡང་རྩེ་དབུ་མ་ཆེན་པོ་སྟེ། དེ་ཉིད་ལམ་དུ་བྱེད་པས་དེའི་ལམ་ཞེས་བྱའོ། །གཉིས་པ་སྒོམ་པས་ཉམས་སུ་ལེན་ཚུལ་ནི། དེ་ལྟར་ ནས་ བཞག་པ་ལས༔ ཞེས་གསུངས་ཏེ། ལྟ་བ་སྤྲོས་བྲལ་གྱི་གནས་ལུགས་དེ་ལྟར་ལེགས་པར་ཤེས་ནས། དོན་དམ་དཔྱོད་བྱེད་ཀྱི་རིག་པས་སྤྲོས་པའི་མཚན་མ་ཅིའང་མ་རྙེད་པར་མཐར་འཛིན་གྱི་རྟོག་པ་ཐམས་ཅད་དང་བྲལ་ཞིང་གང་དུའང་མི་ཞེན་ལ་མཐའ་བྲལ་གྱི་དོན་ལ་ངེས་པ་གཏིང་ཚུགས་སུ་རྙེད་པའི་ཤེས་རབ་ཀྱི་རྒྱུན་དེ་ལ་བདེན་དངོས་བཀག་པའི་སྟོང་ཉིད་དུ་ཞེན་པ་སོགས་རིག་ཤེས་རྗེས་དཔག་གི་བློ་ཡིས་བཅས་བཅོས་ཅིའང་བྱར་མེད་པར་གཙུབ་ཤིང་དང་གཙུབ་གཏན་ལས་བྱུང་བའི་མེས་ཤིང་གཉིས་བསྲེགས་ཏེ་མེའང་རང་ཡལ་བ་ལྟར་རང་བཞིན་དུ་འཇོག་སྟེ། སྐྱེ་མེད་རིན་པོ་ཆེའི་མཛོད་ལས། གར་ཡང་མ་རྟོག་ཅིང་ཡང་མ་སེམས་ཤིག །མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། །ཅེས་དང་། བརྒྱད་སྟོང་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་འདི་ནི་ཆོས་གང་ཡང་མི་སྒོམ་པ་ལགས་སོ། ཞེས་དང་། མདོ་དང་རྒྱན་གཉིས་ཀ་མཐུན་པར། འདི་ལ་གསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པ་ལྟར་རྟག་ཏུ་མཉམ་པར་བཞག །རྗེས་ཐོབ་ཏུ། སྡུད་པ་ལས། བདག་ནི་མཉམ་པར་བཞག་ཅེའམ་ལངས་ཞེས་རློམས་སེམས་མེད། །ཅི་ཕྱིར་ཞེ་ན་ཆོས་ཀྱི་རང་བཞིན་ཡོངས་ཤེས་ཕྱིར། །ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པའི་བློས་བསོད་ནམས་ཀྱི་ཚོགས་ཅི་ནུས་བསགས་པ་ལས་གོམས་པ་རབ་ཀྱི་མཐར་ཕྱིན་པ་ན་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པར་འགྱུར་རོ། །གསུམ་པ་དེའི་འབྲས་བུ་བསྟན་ཅིང་མཚམས་སྦྱར་བ་ན། རྣམ་རྟོག་ཞི་ ནས་ གཞི་རུ་བཟུང༔ ཞེས་གསུངས་ཏེ། དེ་ལྟར་སྒོམ་པ་གོམས་པ་ལས་རྣམ་པར་རྟོག་པའི་འཚུབ་མ་མཐའ་དག་ཞི་ཞིང་གཤིས་ཀྱི་ཐོག་ཏུ་ཇི་ཙམ་འདོད་པ་དེ་སྲིད་དུ་གནས་པས་ལུས་སེམས་ལས་སུ་རུང་། ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ་མཐོང་བ་མེད་པའི་ཚུལ་གྱིས་ལྷག་གེར་མཐོང་ཞིང་རིག་པར་འགྱུར་ཏེ། སྡུད་པ་ལས། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་སྟེ་དོན་འདི་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །ཅེས་དང་། དབུ་མ་བདེན་ཆུང་ལས། མ་མཐོང་བ་ཉིད་དེ་མཐོང་བར། །ཤིན་ཏུ་ཟབ་པའི་མདོ་ལས་གསུངས། །ཞེས་སོ། །ཐབས་ཤེས་ཟུང་འཇུག་གི་ལམ་དེས་སྒྲིབ་པ་གཉིས་པོ་དྲུངས་ཕྱུང་སྟེ། སྤྱན་ལྔ་དང་། མངོན་པར་ཤེས་པ་དྲུག །མི་བརྗེད་པའི་གཟུངས། ཆགས་ཐོགས་མེད་པའི་སྤོབས་པ། རླུང་སེམས་ལ་དབང་འབྱོར་བའི་རྫུ་འཕྲུལ། ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་སོགས་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་རྣམས་རིམ་པ་བཞིན་འགྲུབ་པ་དང་། ལམ་ལྔ་པོ་དང་ས་བཅུ་པོ་རྣམས་རིམ་གྱིས་བགྲོད་ཅིང་དེ་དག་གི་ཡོན་ཏན་ཐོབ་པར་འགྱུར་པ་སྟེ། དེའང་དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དྲོད་ཀྱི་ཡེ་ཤེས་མ་ཐོབ་བར་སྦྱིན་སོགས་ཚོགས་གཉིས་ལ་འབད་པ་ཐར་པ་ཆ་མཐུན་གྱི་དགེ་བའི་ཚོགས་གསོག་པ་ནི་ཚོགས་ལམ་སྟེ། དེ་ལ་གསུམ་ལས་ཚོགས་ལམ་ཆུང་ངུར་དྲན་པ་ཉེར་གཞག་བཞི། འབྲིང་པོར་ཡང་དག་པར་སྤོང་བ་བཞི། ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི་གཙོ་བོར་བསྒོམ་པའོ། །ཚོགས་ལམ་རབ་ཀྱི་མཐར་ཕྱིན་ན་བདེན་པ་བཞི་རྟོགས་པ་དང་རྗེས་སུ་མཐུན་པ་སྒོམ་བྱུང་འཇིག་རྟེན་པའི་ཡེ་ཤེས་ངེས་འབྱེད་ཡན་ལག་རྣམ་བཞི་སྐྱེ་བ་སྟེ། བདེན་པ་མངོན་པར་རྟོགས་པ་ལ་སྦྱོར་བས་སྦྱོར་ལམ་མོ། །བཞི་ནི་བདེན་པ་མཐོང་བའི་སྔ་ལྟས་ཀྱི་དྲོད། འཇིག་རྟེན་པའི་ཏིང་ངེ་འཛིན་གྱི་རྩེ་མོ། ཟབ་མོའི་ཆོས་ལ་བཟོད་པ། འཇིག་རྟེན་པའི་ཆོས་ཀྱི་མཆོག་ཏུ་གྱུར་པའི་གནས་སྐབས་བཞི་སྟེ། སྔ་མ་གཉིས་ལ་དབང་པོ་ལྔ། ཕྱི་མ་གཉིས་ལ་སྟོབས་ལྔ་དང་ལྡན་པའོ། བཞི་པོ་རེ་རེ་ལ་ཆུང་འབྲིང་ཆེན་པོ་གསུམ་དུ་དབྱེ་བས་ངེས་འབྱེད་བཅུ་གཉིས་སུ་གྲགས། ཆོས་མཆོག་གི་རྗེས་ཐོག་ཏུ་བདེན་པ་བཞི་རེ་རེར་ཡང་ཆོས་རྗེས་ཤེས་བཟོད་ཀྱིས་དབྱེ་བའི་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་ཅན་གྱི་ཡེ་ཤེས་སྐྱེས་ཏེ་ཁམས་གསུམ་གྱིས་བསྡུས་པའི་མཐོང་བས་སྤང་བྱ་རྣམས་སྤངས་ནས། འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་སྔར་མ་མཐོང་བའི་དོན་འཕགས་པའི་བདེན་པ་དངོས་སུ་མཐོང་བས་མཐོང་ལམ་སྟེ། བྱང་ཆུབ་ཀྱི་ཡན་ལག་བདུན་དང་ལྡན་པའོ། །དེ་ནས་བརྩམ་སྔར་རྟོགས་པའི་དེ་ཁོ་ན་ཉིད་ཡང་དང་ཡང་དུ་གོམས་པར་བྱེད་པས་སྒོམ་ལམ་སྟེ། དེ་ལའང་ཆུང་འབྲིང་ཆེ་གསུམ་དུ་ཡོད་ཅིང་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའོ། །དེ་ལྟར་སློབ་ལམ་གྱིས་བསྡུས་པའི་བྱང་ཕྱོགས་ཀྱི་ཆོས་སོ་བདུན་རྫོགས་ནས་སྒོམ་ལམ་མཐར་ཕྱིན་པའི་རྗེས་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྤང་བྱ་ཕྲ་ཞིང་ཕྲ་བ་མ་ལུས་པ་སྤངས་ནས་རྟོགས་པའི་ཡེ་ཤེས་མཐར་ཐུག་པ་ནི་མི་སློབ་པའམ་མཐར་ཕྱིན་པའི་ལམ་སྟེ་མི་སློབ་པའི་ཆོས་བཅུ་མངོན་དུ་གྱུར་པའོ། །གནས་སྐབས་དེ་དག་གི་ཡོན་ཏན་གྱི་རྟེན་དང་གོང་མ་གོང་མ་སྐྱེད་པར་བྱེད་པའི་ཆ་ནས་ས་ཞེས་རྣམ་པར་བཞག་པའི་དབང་དུ་བྱས་ན་ཡོངས་སུ་སྦྱོང་པའི་ཁྱད་པར་གྱིས་ས་བཅུར་ངེས་ཏེ། མཐོང་ལམ་དུ་ས་དང་པོ་རབ་ཏུ་དགའ་བ་ཐོབ། འཇིགས་པ་ལྔ་དང་བྲལ། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ། སྒོམ་ལམ་གསུམ་དུ་ས་གཉིས་པ་ནས་བཅུ་པའི་བར་བགྲོད་དེ་སྤངས་རྟོགས་ཡོན་ཏན་གྱི་ཁྱད་པར་གོང་ནས་གོང་དུ་བྱེ་བ་བརྒྱ་སྟོང་འགྱུར་དུ་འཕེལ་ཞིང་། ས་བརྒྱད་པར་དབང་བཅུ། དགུ་པར་སོ་སོ་ཡང་དག་རིག་བཞི། བཅུ་པར་འོད་ཟེར་ཆེན་པོའི་དབང་བསྐུར་བ་བརྙེས་ཏེ་བཅུ་གཅིག་ཀུན་ཏུ་འོད་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་རོ། །ས་དེ་དག་རེ་རེ་ལའང་ཁྱད་པར་དགུ་དགུས་བཤད་པ་སོགས་མདོ་སྡེ་རྒྱན་གྱིས་མཚོན་གཞུང་རྣམས་སུ་གསལ། ཚུལ་དེ་དག་གིས་ཕ་རོལ་ཏུ་ཕྱིན་པ་རྒྱུ་ལམ་དུ་བྱེད་པའི་ཐེག་པ་ལས་ཇི་ལྟར་གསུངས་པའི་དོན་མདོར་བསྡུས་ནས་བསྟན་པ་སྟེ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པས། འབྲས་བུ་ལམ་བྱེད་རྡོ་རྗེ་ཐེག་པ་ལའང་ཤེས་རབ་སྟོང་པ་ཉིད་དང་ཐབས་སྙིང་རྗེ་ཆེན་པོ་གཉིས་ཟུང་དུ་འབྲེལ་བར་སྤྱོད་པ་ལམ་གྱི་གཞིའམ་རྟེན་ཏུ་གཟུང་དགོས་པས་འདིར་ཐོག་མར་བཤད་པ་ཡིན་ཏེ། རིམ་ལྔ་ལས། ཤེས་རབ་སྙིང་རྗེ་གཅིག་པར་ནི། །འཇུག་པ་གང་གིས་ཤེས་གྱུར་པ། །ཟུང་འཇུག་ཅེས་བྱར་བཤད་པ་སྟེ། །རིམ་འདི་སངས་རྒྱས་སྤྱོད་ཡུལ་ལོ། །ཞེས་དང་། རྡོ་རྗེ་གུར་ལས། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །གང་དུ་སེམས་ནི་རབ་སྒོམ་པ། །དེ་ནི་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱི་ཡང་བསྟན་པའོ། །ཞེས་དང་། ལམ་སྒྲོན་ལས། ཐབས་དང་བྲལ་བའི་ཤེས་རབ་དང་། །ཤེས་རབ་བྲལ་བའི་ཐབས་དག་ཀྱང་། །གང་ཕྱིར་འཆིང་བ་ཞེས་གསུངས་པས། །དེ་བས་གཉིས་ཀ་སྤང་མི་བྱ། །ཞེས་འབྱུང་བ་ལྟར་རོ། །འདིར་རྒྱུ་འབྲས་ཀྱི་ཐེག་པ་ཞེས་པའི་དོན་ཡང་། མཐའ་གཉིས་སེལ་བ་ལས། རྒྱུ་ལ་སྦྱོར་བ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །འབྲས་བུ་ཐེག་པའི་ཉེ་ལམ་ནི། །ཞེས་གསུངས་པ་ལྟར། སྤྱིར་འདིས་འདོང་པས་རྒྱུ་དང་། འདིར་འདོང་པས་འབྲས་བུའི་ཐེག་པ་ཞེས་གྲགས་ཤིང་། ཀུན་མཁྱེན་ཀློང་ཆེན་པས། ཁམས་བདེ་གཤེགས་སྙིང་པོ་ས་བོན་དུ་ཡོད་པ་ཙམ་རྐྱེན་ཚོགས་གཉིས་ཀྱིས་ཡོན་ཏན་གོང་དུ་འཕེལ་བ་ལས་སངས་རྒྱས་ཐོབ་པར་འདོད་པས་རྒྱུ་འབྲས་སྔ་ཕྱིར་ཁས་ལེན་པའི་ཕྱིར་རྒྱུའི་ཐེག་པ་དང་། སྙིང་པོ་ཡོན་ཏན་བཅས་སེམས་ཅན་ལ་རང་ཆས་ལྷུན་གྲུབ་ཏུ་ཡོད་པ་སྦྱང་གཞི་ཉི་མ་འོད་ཟེར་ལྡན་པ་འདྲ་བ་ལ། སྦྱང་བྱ་ཚོགས་བརྒྱད་གློ་བུར་བའི་དྲི་མ་སྤྲིན་ལྟ་བུས་བསྒྲིབས་པ་ཉིད། སྦྱོང་བྱེད་སྨིན་གྲོལ་ལམ་གྱིས་སྦྱངས་པའི་འབྲས་བུ་གདོད་གནས་ཀྱི་རང་བཞིན་མངོན་དུ་གྱུར་པ་ལས་སྔ་ཕྱིར་བཟང་ངན་ཁྱད་པར་མེད་པར་འདོད་པས་འབྲས་བུའི་ཐེག་པ་ཞེས་བཏགས་པར་བཞེད་དེ། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་སོ། །ཞེས་པ་ལྟར་རོ། །དེ་གཉིས་ཀྱི་ཁྱད་པར་ནི། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོས་དབང་བྱས་ཕྱིར། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་འབྱུང་བ་ལྟར་རྒྱུ་འབྲས་ཀྱི་ཐེག་པ་དེ་གཉིས་མཐར་ཐུག་འབྲས་བུའི་དོན་གཅིག་ནའང་ལམ་བགྲོད་པ་ལ་གསང་སྔགས་ཚུལ་བཞིས་ཁྱད་པར་དུ་འཕགས་པ་སྟེ། སྔ་མས་ཕྱིའི་ཕར་ཕྱིན་ལ་འཇུག་པས་ཡུན་རིང་པོར་མཐར་མི་ཕྱིན་ཅིང་གེགས་དང་བཅས་པས་རྨོངས་ལ། སྔགས་པས་ནང་ཐབས་ཤེས་ཟུང་འཇུག་གི་ཏིང་ངེ་འཛིན་གྱིས་དེ་དག་མྱུར་དུ་རྫོགས་ནུས་པས་མ་རྨོངས་པ་དང་། སྔ་མས་ཉོན་མོངས་གཅིག་སྦྱོང་ཞིང་འདོད་པ་གཅིག་སྒྲུབ་པ་ལའང་དཀའ་ཐུབ་སྡོམ་པ་སོགས་མི་ཟབ་པའི་ཐབས་ཕྱོགས་རེ་བ་ཡུན་དུ་བསྟེན་དགོས་པ། སྔགས་པས་བསྐྱེད་རྫོགས་ཡན་ལག་དང་བཅས་པའི་རྣམ་གྲངས་མང་པོ་རེ་རེས་ཀྱང་དོན་བདེ་བླག་ཏུ་སྒྲུབ་ནུས་པའི་ཕྱིར་ཐབས་ཟབ་ལ་མང་བ་དང་། སྔ་མས་སོ་སོའི་བློ་དང་མཐུན་པར་འབྲས་བུ་སྒྲུབ་པའི་ཐབས་དཀོན་པས་དཀའ་ཚེགས་ཆེན་པོས་བསྒྲུབ་དགོས་ལ། སྔགས་པས་ཡུལ་དུས་གནས་སྐབས་དབང་པོའི་ཁྱད་པར་དང་འཚམས་པའི་ཐབས་བདེ་ཞིང་འཆིང་བྱེད་ཀྱང་གྲོལ་བྱེད་དུ་སྒྱུར་བས་འབྲས་བུ་བདེ་བླག་ཏུ་བྱེད་ནུས་པའི་ཕྱིར་དཀའ་བ་མེད་པ་དང་། ཐེག་དམན་པ་ཐབས་མི་ཤེས་པས་དབང་པོ་བརྟུལ་ཞིང་ཕར་ཕྱིན་པ་ཐབས་ལ་འཁྲུལ་བས་དབང་པོ་འབྲིང་ཡིན་ལ། སྔགས་པས་སྤྱད་ན་ངན་འགྲོར་འགྱུར་པའི་ལས་ཀྱང་ཐབས་ཀྱི་ཁྱད་པར་གྱིས་བྱང་ཆུབ་ཏུ་སྒྱུར་ནུས་པ་དང་། སྔ་མས་གཉིས་རྟོག་བླང་དོར་ཁོ་ནར་སྤྱོད་ལ་སྔགས་པས་ལྷག་པའི་བདེན་པ་དབྱེར་མེད་སྣོད་བཅུད་དག་མཉམ་ཆེན་པོར་ཤེས་ནས་གཟུང་འཛིན་བླང་དོར་མེད་པར་ཅི་སྣང་ལམ་དུ་སློང་ནུས་པའི་ཕྱིར་དབང་པོ་རྣོན་པོར་གྱུར་པས་འཕགས་སོ། །གཞན་ཡང་ཚུལ་དྲུག་དང་བདུན་དང་བཅུ་གཉིས་ལ་སོགས་པས་ཁྱད་པར་དུ་འཕགས་པའི་ཚུལ་མང་དུ་བཤད་དོ། །ལམ་འདིར་འཇུག་དགོས་པའི་རྒྱུ་མཚན་ཡང་། རྒྱལ་བས་གཉེན་པོ་ལ་དགོངས་ཏེ་གསུངས་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་། དེ་བསྡུ་ན་གསུང་རབ་ཡན་ལག་བཅུ་གཉིས། དེ་ཐེག་པ་རིམ་དགུ། དེ་ཡང་བསྡུ་ན་སྡེ་གསུམ་མམ་བཞིར་བསྡུ་བ་སོགས་ཇི་སྙེད་ཅིག་བསྟན་པ་དེ་ཐམས་ཅད་ཀྱང་རྣལ་འབྱོར་བླ་མེད་འདིར་འཇུག་པའི་ལམ་སྟེགས་ཙམ་དུ་གྱུར་པ་སྟེ། ཉན་རང་འབྲས་བུ་མཐར་ཕྱིན་པ་རྣམས་ཀྱང་ནམ་ཞིག་སངས་རྒྱས་ཀྱི་འོད་ཟེར་ཆེན་པོས་འགོག་པ་ལས་བསླངས་ནས་གདོད་ཐེག་ཆེན་ལ་འཇུག་དགོས་པ་དང་། བྱང་སེམས་དང་སྔགས་ཕྱི་རྒྱུད་གསུམ་གྱིས་ས་བཅུ་པ་རྒྱལ་ཚབ་ཆེན་པོའི་གོ་འཕང་ལ་བགྲོད་པར་ནུས་ཀྱང་། བྱང་ཆུབ་ཆེན་པོ་ཐོབ་པ་ལ་འཁོར་བར་འཆིང་བྱེད་ཀྱི་ཀུན་རྟོག་ཕྲ་བ་ཙམ་དུ་མ་ཟད་སྣང་གསུམ་མམ་འཕོ་བའི་བག་ཆགས་ཀྱང་རྩད་ནས་སྤང་དགོས་ཤིང་། དེ་སྤོང་བྱེད་ཀྱི་གཉེན་པོ་དབང་བཞི་པའི་ལམ་ཟུང་འཇུག་མི་འགྱུར་བའི་བདེ་ཆེན་རང་རིག་པའི་ཡེ་ཤེས་ཉིད་ཡིན་པས་དེ་ནི་རྣལ་འབྱོར་བླ་མེད་ལས་གཞན་དུ་མ་གསུངས་པའི་ཕྱིར། ཐེག་པའི་སྒོ་གང་ནས་ཞུགས་ཀྱང་མཐར་རྣལ་འབྱོར་བླ་མེད་ཀྱི་ལམ་དུ་འཇུག་དགོས་པ་མ་ཟད། ཐེག་རིམ་སྔ་མ་སྔ་མའི་དོན་རྣམས་ཕྱི་མ་ཕྱི་མའི་ནང་དུ་འདུ་བས་ཐེག་པ་འདི་ཉིད་བསྟན་པ་དང་ཐེག་རིམ་ཐམས་ཅད་ཀྱི་མཆོག་དང་ཡང་རྩེར་གྱུར་པ་སྟེ། གསང་སྙིང་ལས། རང་བཞིན་གསང་པའི་སྙིང་པོ་འདི། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། འབྱུང་གནས་ངེས་པར་གཏན་ལ་འབེབས། །ཞེས་དང་། བཤད་རྒྱུད་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབས་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་སོ། །གཉིས་པ་ས་བོན་གདབ་པ་ལ་གཉིས། མཚན་སྨོས་པའི་སྒོ་ནས་མདོར་བསྟན། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས་སོགས་ཚིག་རྐང་གཅིག་འབྱུང་སྟེ། ཐུན་མོང་བའི་ལམ་གྱིས་རྒྱུད་སྦྱངས་པ་སྔོན་དུ་སོང་བ་དེ་ནས་ཐུན་མོང་མ་ཡིན་པའི་ལམ་རིམ་ལ་འཇུག་པའི་ཐོག་མར་རང་རྒྱུད་ལ་སངས་རྒྱས་ཀྱི་ས་བོན་གདབ་པའི་རིམ་པ་ནི་འདི་ལྟ་སྟེ། ཞེས་པའོ། །གཉིས་པ་ལ་གཉིས། ས་བོན་གདབ་ཐབས་དངོས་དང་། དེའི་སྲོག་དམ་ཚིག་བསྟན་པའོ། །དང་པོ་ལའང་གསུམ། གང་ལ་དབང་བསྐུར་བའི་ཡུལ། གང་བསྐུར་བའི་དབང་། དེ་ཇི་ལྟར་སྐུར་བའི་ཚུལ་ལོ། །དང་པོ་ནི། དེས་བར་ ནས་ སྐལ་བཟང་ལ༔ ཞེས་གསུངས་ཏེ། གང་ལ་ས་བོན་གདབ་པའི་ཡུལ་ནི། རྒྱན་ལས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་པ། །ཞེས་པ་ལྟར་ཤེས་རབ་དང་སྙིང་རྗེས་སྲིད་པ་དང་ཞི་བའི་མཐའ་གཉིས་ལས་ངེས་པར་འབྱུང་བས་རྒྱུད་བསྐུལ་ཞིང་ཐེག་པ་ཆེན་པོའི་རིགས་དང་ལྡན་པ་སྟེ་དེའི་རྟགས་ནི། མདོ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ངེས་པར་བཤད། །ཅེས་པ་ལྟར་ཏེ་དེའང་ཐོས་པ་ལ་སོགས་པའི་རྐྱེན་གྱིས་སད་པར་གྱུར་པ། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ཀྱི་ཚུལ་ལ་བློ་ལེགས་པར་འབྱོངས་པ་ལས། གྲངས་མེད་གསུམ་སོགས་ཡུན་དང་ཚེགས་ལ་མི་ལྟོས་པར་ཚེ་གཅིག་སོགས་དུས་མྱུར་བ་ཉིད་དུ་སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་ཅིང་ཐོབ་པར་འདོད་པའི་སྐལ་བ་བཟང་པོ་ཅན་དེ་ནི་སྨིན་བྱེད་ཀྱི་ས་བོན་གདབ་པའི་སྣོད་དུ་གྱུར་པ་ཡིན་ནོ། །གཉིས་པ་ལ་གཉིས། མདོར་བསྟན་པ་དང་། དེ་རྒྱས་པར་བཤད་པའོ། །དང་པོ་ནི། རང་རྒྱུད་ ནས་ གདབ་པར་བྱ། ཞེས་གསུངས་ཏེ། དེའང་དབང་སྐུར་རྒྱལ་པོའི་རྒྱུད་ལས། དབང་མཆོག་རང་ལ་མེད་གྱུར་ན། །བསྐུར་བས་ཐོབ་པར་ག་ལ་འགྱུར། །བྲ་སྲན་འབྲས་སུ་དབང་བསྐུར་བས། །དེ་ལ་འབྲས་ཀྱི་དངོས་སྣང་མེད། །ཅེས་པ་ལྟར་སེམས་ཅན་རང་རང་གི་རྒྱུད་ལ་མཚུངས་ལྡན་གྱི་རྒྱུ་སྐུ་བཞིའི་རང་བཞིན་གདོད་མ་ནས་གནས་པ་དེ་ཉིད་ལྷན་ཅིག་བྱེད་པའི་རྐྱེན་སྔགས་ཀྱི་ཐབས་ཀྱིས་མངོན་དུ་འགྱུར་བར་བྱེད་པ་སྟེ། དེའང་རྩ་ཁམས་སྐུ་རྡོ་རྗེ། ངག་རླུང་གསུང་རྡོ་རྗེ། ཐིག་ལེ་ཐུགས་རྡོ་རྗེ། ཀུན་གཞི་ཡེ་ཤེས་རྡོ་རྗེ་སྟེ་རྡོ་རྗེ་བཞིའི་ངོ་བོར་ཡེ་ནས་ལྷུན་གྲུབ་ཏུ་གནས་ཀྱང་གློ་བུར་དྲི་མའི་སྦུབས་སུ་བག་ལ་ཉལ་བས་ནུས་པ་མི་གསལ་བ་དེ་ཉིད། ཕར་ཕྱིན་དང་གསང་སྔགས་ཀྱི་རྒྱུད་སྡེ་འོག་མ་རྣམས་སུ་མ་གྲགས་པ་རྡོ་རྗེ་ཐེག་པའི་ཡང་རྩེ་བླ་ན་མེད་པའི་རྒྱུད་དོན་ཐབས་ལ་མཁས་པའི་ཁྱད་པར་ཆོ་གའི་ལས་ཀྱིས། རྟེན་གྱི་དཀྱིལ་འཁོར་བཞིར་བཅུག་ནས་བུམ་པ་སོགས་དབང་སྐུར་བ་རྣམ་པ་བཞིས་སྐུ་བཞིར་སྨིན་བྱེད་ཀྱི་ས་བོན་རྒྱུད་ལ་གདབ་པར་བྱའོ། །གཉིས་པ་ནི། ལུས་རྩ་ ནས་ ས་བོན་ཡིན༔ ཞེས་གསུངས་ཏེ། སྐལ་ལྡན་ལ་དབང་བཞིའི་ས་བོན་ཇི་ལྟར་འདེབས་ན། ཐལ་འགྱུར་རྩ་པའི་རྒྱུད་ལས། འགྲོ་བའི་ལུས་ངག་ཡིད་སེམས་བཞི། །རྣམ་པར་དག་པར་བྱ་བའི་ཕྱིར། །དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་བ་ལྡན་པ་སྨིན་པར་བྱ། །ཞེས་གསུངས་པ་ལྟར་རྣལ་འབྱོར་བླ་མེད་ཀྱི་ཚུལ་འདིར་གཞི་ལམ་འབྲས་བུའི་འབྲེལ་གྱིས་དབང་བཞིར་ངེས་ལ། དེའི་རྟེན་ཀྱང་ཁམས་དྲུག་ལྡན་པའི་རྡོ་རྗེའི་ལུས་རྩ་རླུང་ཐིག་ལེ་ཡོངས་སུ་རྫོགས་པ་ཁོ་ན་ཡིན་པས་དེའི་དབང་དུ་བྱས་ཏེ། མཐོ་རིས་ཀྱི་རྟེན་མངལ་དུ་སྐྱེ་སྲིད་འཛིན་པའི་ཐོག་མར་མིག་དང་ལྟེ་བའི་རྩ་མདུད་ཆགས། དེ་ནས་འཁོར་ལོ་ལྔ་ནས་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་བར་དུ་རིམ་པར་ཆགས་ཏེ་ལུས་བསྐྱེད་པའི་ཕྱིར་གནས་པ་རྩ་ནི་ལུས་ཀྱི་སྦྱང་བྱའི་གཙོ་བོ་ཡིན་པ་དང་། ལུས་ཀྱང་ངག་ཡིད་ཀྱི་རྟེན་དང་རགས་པའི་སྦྱང་བྱ་ཡིན་པས་ཐོག་མར་དེ་ཉིད་དག་པར་བྱེད་པའི་ཕྱིར་དུ། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གསུམ་པོ་གང་རུང་དུ་ཕན་ནུས་གཉིས་ཀྱིས་བསྡུས་པའི་སྤྲོས་བཅས་བུམ་པའི་དབང་བསྐུར་བས། སད་པའི་གནས་སྐབས་དང་ལུས་རྩའི་དྲི་མ་དག །ཕུང་པོ་ལྔར་འཛིན་གྱི་རྟོག་པ་འགགས། ཕུང་པོའི་བདུད་བཅོམ། ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་ལྟ་བའི་བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། གནས་སྐབས་རྒྱུའི་ས་བརྒྱད་པ་དང་སྐལ་བ་མཉམ། མཐར་ཐུག་གི་འབྲས་བུ་སྐུ་རྡོ་རྗེ་སྣང་སྟོང་ཟུང་འཇུག་སྤྲུལ་པའི་སྐུ་མངོན་དུ་འགྱུར་བའི་ས་བོན་ཐེབས་པ་ཡིན་ནོ། །རྩ་དེ་དག་ལ་རྩ་དང་ཡན་ལག་གི་རླུང་རྣམས་བརྟེན་ནས་ནང་དུ་འཁྲུལ་རྟོག་སྐྱེད་ཅིང་ཕྱི་རོལ་ཏུ་ངག་གི་བརྗོད་པ་སྣ་ཚོགས་སུ་འབྱུང་བས་གཡོ་བ་རླུང་ནི་ངག་གི་སྦྱང་བྱའི་གཙོ་བོ་ཡིན་ཞིང་། ལུས་ལས་ངག་ཕྲ་བས་བུམ་དབང་གི་རྗེས་སུ་ངག་རླུང་དག་པར་བྱེད་པའི་ཕྱིར་དུ། བདག་གི་དེ་ཁོ་ན་ཉིད་ལུས་ཀྱི་དཀྱིལ་འཁོར་ཟབ་མོའི་དབང་གསུམ་ཀ་དང་འབྲེལ་བ་གཞིར་བཞག་སྟེ་འདིར་ཁྱད་པར་སྔགས་ཀྱི་དེ་ཁོ་ན་ཉིད་ཡི་གེ་བྷ་གའི་དཀྱིལ་འཁོར་དུ་སྐལ་མེད་ལ་བསྟན་དུ་མི་རུང་བ་བྱང་སེམས་དཀར་དམར་ལ་བརྟེན་ནས་གསང་བའི་དབང་བསྐུར་བས། རྨི་ལམ་གྱི་གནས་སྐབས་དང་ངག་རླུང་གི་དྲི་མ་དག །དབྱིབས་ལ་ལྷར་ཞེན་གྱི་རྟོག་པ་འགགས། ཉོན་མོངས་པའི་བདུད་བཅོམ། རླུང་སྔགས་དབྱེར་མེད་དུ་ཤེས་པའི་རང་བྱིན་རླབས་མཚན་བཅས་རྫོགས་རིམ་གྱི་ལམ་བསྒོམ་པ་ལ་དབང་། རྒྱུའི་ས་དགུ་པ་དང་སྐལ་བ་མཉམ། འབྲས་བུ་གསུང་རྡོ་རྗེ་གསལ་སྟོང་ཟུང་འཇུག་ལོངས་སྤྱོད་རྫོགས་སྐུ་མངོན་དུ་འགྲུབ་པའི་ས་བོན་ཐེབས་པ་ཡིན་ནོ། །རྩ་རླུང་དེ་དག་ལ་ཁམས་ཀྱི་དྭངས་མ་ཐིག་ལེ་བྱང་ཆུབ་སེམས་རྣམས་བརྟེན་ནས་གནས་ཏེ། རྩ་ཡུར་བ་ལྟ་བུའི་ནང་དུ་རླུང་གི་གཡོ་རྩོལ་ལ་བརྟེན་ནས་ཁམས་དཀར་དམར་ཆུ་རྒྱུན་ལྟ་བུ་འགྲོ་འོང་གི་རྐྱེན་གྱིས་ཡིད་གཟུང་འཛིན་གྱི་སྣང་བ་བསྐྱེད་པས་བཀོད་པ་ཐིག་ལེ་ནི་ཡིད་དང་འབྲེལ་བའི་སྦྱང་བྱ་ཡིན་པ་དང་། ངག་ལས་ཡིད་ཕྲ་བས་གསང་དབང་གི་རྗེས་སུ་ཡིད་དང་ཐིག་ལེ་དག་པར་བྱེད་པའི་ཕྱིར་དུ། ལྷའི་དེ་ཁོ་ན་ཉིད་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཕོ་ཉ་མོ་ལ་བརྟེན་ནས་དཔེའི་ཡེ་ཤེས་མཚོན་པའི་དབང་བསྐུར་བས། གཉིད་འཐུག་གི་གནས་སྐབས་དང་ཡིད་ཐིག་ལེའི་དྲི་མ་དག །རང་བཞིན་བརྒྱད་ཅུའི་རྟོག་པ་འགགས། འཆི་བདག་གི་བདུད་བཅོམ། ཕྱག་རྒྱ་གསུམ་གྱིས་དཔེའི་ཡེ་ཤེས་སྒྲུབ་པ་དཀྱིལ་འཁོར་འཁོར་ལོའི་ལམ་བསྒོམ་པ་ལ་དབང་། རྒྱུའི་ས་བཅུ་པ་དང་སྐལ་བ་མཉམ། འབྲས་བུ་ཐུགས་རྡོ་རྗེ་བདེ་སྟོང་ཟུང་འཇུག་ཆོས་ཀྱི་སྐུ་མངོན་དུ་བྱེད་པའི་ས་བོན་ཐེབས་པ་ཡིན་ནོ། །རྩ་རླུང་ཐིག་ལེ་དེ་ཐམས་ཅད་ཀྱང་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ལས་འདུ་བྱེད་ཀྱི་ཡིད་གཡོས་ཏེ་གཟུང་འཛིན་དུ་ཞེན་པའི་སྣང་བ་ལས་གཞན་དུ་མེད་པས་སྦྱང་བྱ་ཐམས་ཅད་ཀྱི་གཙོ་བོ། སྔ་མ་རྣམས་ལ་ཆེས་ཤིན་ཏུ་ཕྲ་བ་ཀུན་གཞི་མ་རིག་པའི་བག་ཆགས་དང་བཅས་པ་དག་པར་བྱེད་པའི་ཕྱིར་དུ། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རང་རིག་དོན་དམ་པ་མཚོན་བྱེད་བརྡ་དང་ཚིག་གི་དབང་བསྐུར་བས། སྙོམས་འཇུག་གནས་སྐབས་འཛག་བདེའི་སྤྲོས་པ་དང་སྒོ་གསུམ་ཆ་མཉམ་འཕོ་བའི་སྒྲིབ་པ་བག་ཆགས་བཅས་དག །གཉིས་སྣང་བྱུང་ཚོར་གྱི་རྟོག་པ་འགགས། ལྷའི་བུའི་བདུད་བཅོམ། རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་གཟུགས་ཀ་དག་ལྷུན་གྲུབ་ཀྱི་ལམ་བསྒོམ་པ་ལ་དབང་། རྒྱུའི་ས་བཅུ་གཅིག་པ་དང་སྐལ་བ་མཉམ། འབྲས་བུ་ཡེ་ཤེས་རྡོ་རྗེ་རིག་སྟོང་ཟུང་འཇུག་ངོ་བོ་ཉིད་སྐུ་མངོན་དུ་བྱེད་པའི་ས་བོན་ནམ་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །གསུམ་པ་ནི། དེ་རྣམས་ ནས་ གྲོལ་བར་འགྱུར༔ ཞེས་གསུངས་ཏེ། དབང་བཞི་པོ་དེ་རྣམས་ཆོ་གའི་བྱ་བ་ཇི་ལྟ་བུས་བསྐུར་ན། དབང་ཀུན་ཀྱང་སྐུར་བ་པོ་སློབ་དཔོན་དང་བསྐུར་ཡུལ་སློབ་མའི་དབང་པོའི་ཁྱད་པར་གྱིས་ཐུན་མོང་མ་ཡིན་པའི་སྐུར་ཚུལ་ཡང་མང་དུ་འགྱུར་པ་ལས། ཐུན་མོང་བའི་གང་ཟག་སྤྱི་ཙམ་གྱི་དབང་དུ་བྱས་ན་བྱ་བྱེད་ལས་གསུམ་གྱིས་བསྡུས་པ་སྟེ། བྱེད་པ་པོ་རྡོ་རྗེ་སློབ་དཔོན་ལྷ་དང་བདག་དང་གསང་སྔགས་དང་བཟླས་བརྗོད་དང་འཕྲོ་འདུའི་དེ་ཁོ་ན་ཉིད་དེ་སྔགས་ཀྱི་ཡན་ལག་ལྔ་ལ་རང་བྱན་ཆུད་པས། བྱ་བའི་ལས་བཅུད་བཟང་པོ་བླུགས་པ་ལ་སྣོད་གཙང་མར་བྱ་བ་བཞིན་དུ། སའི་ཆོ་ག་སྔོན་དུ་འགྲོ་བས་ལྷ་དང་བུམ་པ་དང་སློབ་མ་ལྷག་པར་གནས་པ་དང་། ཐིག་ཚོན་རྒྱན་བཀོད་དཀྱིལ་འཁོར་སྒྲུབ་ཅིང་མཆོད་དེ་བདག་ཉིད་འཇུག་པའམ་རིག་པའི་མེ་ཏོག་དོར་ཅིང་གནང་བ་ནོད་པ་བཅས་བྱས་ནས། ཕྱི་མཚན་མ་དང་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པས་རྒྱུད་སྦྱངས་པའི་སློབ་མ་ལ། བྱེད་པ་རྫས་སྔགས་ཏིང་འཛིན་གསུམ་ཚོགས་པའི་ཆོ་ག་ཁྱད་པར་ཅན་གྱིས་དབང་བསྐུར་བས། བྱ་བ་སློབ་མའི་སྒོ་གསུམ་ཕྲ་རགས་གདོད་ནས་གདན་གསུམ་ཚང་བའི་ལྷར་དག་པ་ཉིད་ངོ་འཕྲོད་པར་བྱས་པ་ལས་རང་སྐལ་གྱི་སྦྱང་བྱའི་དྲི་མ་ཅི་རིགས་དག་པའམ་ཉམས་སྨད་པར་བྱས་ཤིང་། ཐོབ་བྱ་རང་གནས་ཀྱི་ཡེ་ཤེས་ཅི་རིགས་གསོས་ཐེབས་པའི་མཐུས་ལམ་རིམ་པ་གཉིས་ཀྱི་ཡེ་ཤེས་མངོན་དུ་སྐྱེས་སམ། ཆུ་ལུད་དྲོད་གཤེར་འཛོམས་པ་ལ་ས་བོན་ཐེབས་པ་ལྟར་སྐྱེས་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱས་པས་རྒྱུར་འགྱུར་བའི་ཁྱད་པར་ནི་དབང་ཐོབ་པ་སྟེ། ཧེ་རུ་ཀ་འདུས་པ་ལས། གང་གིས་གང་ལ་དབང་བསྐུར་བ། །རྒྱུད་དག་ནུས་པ་ཐོབ་ཕྱིར་དབང་། །ཞེས་སོ། །ཐུན་མོང་མ་ཡིན་པའི་གང་ཟག་སྔོན་ནས་སྦྱངས་པའི་ལས་འཕྲོ་ཅན་རང་བཞིན་གྱིས་དབང་པོ་རྣོན་པོ་ཁ་ཅིག་ཆོ་གའི་ལས་རིམ་རྒྱས་པ་ལ་མ་ལྟོས་པར་བརྡ་ཐབས་དང་། དེའི་དོན་ངོ་སྤྲོད་པ་ཙམ་ལ་བརྟེན་ནས་རྒྱུད་སྨིན་བྱེད་ཀྱི་དབང་བཞི་ཡོངས་སུ་རྫོགས་པར་འགྱུར་ཏེ། དཔེར་ན། རིག་འཛིན་འདུས་པ་རྩ་བའི་རྒྱུད་ལས། རྡུལ་ཚོན་མེ་ལོང་བུམ་པ་དང་། །གཏོར་མ་ལ་སོགས་རྫས་དག་ལ། །བརྟེན་ནས་མཚན་ཉིད་ཀུན་ལྡན་པའི། །བླ་མའི་བྱིན་རླབས་དབང་བསྐུར་ན། །དཀྱིལ་འཁོར་ཀུན་གྱི་སྙིང་པོ་མཆོག །བཞི་པའི་དེ་ཉིད་དབང་བཞི་ཐོབ། །ཅེས་གསུངས་པའི་དོན་གསང་སྔགས་སྔ་འགྱུར་བ་རྣམས་ཀྱིས་བླ་མའི་ཟླུམ་པོ་བཞི་དབང་སོགས་དང་། ཕྱི་འགྱུར་བ་རྣམས་ཀྱིས་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་ཀྱི་རིམ་པ་སོགས་ཟབ་དབང་མཐའ་ཡས་པ་འབྱུང་བ་བཞིན་ནོ། །དེ་ལས་ཀྱང་སྐལ་བ་མཆོག་ཏུ་གྱུར་པའི་གང་ཟག་གཞན་པ་འགའ་ཞིག་ནི་མཚན་ལྡན་བླ་མའི་ཏིང་ངེ་འཛིན་དང་བྱིན་རླབས་ཀྱི་མཐུ་ཁོ་ནས་རྒྱུད་སྨིན་ཅིང་གྲོལ་བར་འགྱུར་ཏེ། སྣོད་བཅུད་ཀྱི་རྟེན་འབྲེལ་འཛོམ་པ་ལ་ཡེ་ཤེས་བཙན་ཐབས་སུ་སྐྱེ་ཞིང་དེ་ཉིད་དབང་བསྐུར་ཐམས་ཅད་ཀྱི་རྒྱལ་པོ་རྡོ་རྗེ་ཡེ་ཤེས་ཀྱི་དབང་ཡིན་པའི་ཕྱིར། དཔེར་ན་འཕགས་ཡུལ་གྲུབ་པའི་སློབ་དཔོན་མང་པོ་དང་བོད་ཀྱི་སྔོན་བྱོན་གྲུབ་ཐོབ་བརྒྱུད་པའི་རྣམ་པར་ཐར་པ་བཞིན་ནོ། །འདིར་འཕྲོས་དོན་ཅུང་ཟད་སྨོས་ན། དབང་གི་ངོ་བོ། ངེས་ཚིག །དབྱེ་བ། ཇི་ལྟར་སྐུར་བའི་ཚུལ། མ་ཐོབ་པའི་ཉེས་དམིགས། ཐོབ་པའི་ཕན་ཡོན་ཏེ་དྲུག་ལས། དང་པོ་ནི། ཐོབ་བྱ་རང་གནས་ཀྱི་ཡེ་ཤེས་མངོན་དུ་སྐྱེས་སམ་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པའོ། །གཉིས་པ་ནི། ཨ་བྷི་ཥིཉྩའི་སྒྲ་ལས་མངོན་པར་གཏོར་བའམ་བླུགས་པས་ན་དབང་སྟེ། སྦྱང་བྱའི་དྲི་མ་འཁྲུད་པའམ་གཏོར་ཞིང་། ལམ་སྒོམ་རུང་དང་འབྲས་བུ་ཐོབ་རུང་གི་ནུས་པ་ཁྱད་པར་ཅན་འཇོག་པའི་ཕྱིར་ཏེ། དགྱེས་རྡོར་ལས། གཏོར་དང་བླུགས་པ་ཞེས་བྱ་བ། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་སོ། །གསུམ་པ་ལ་རྒྱུ་ལམ་འབྲས་བུའི་དབང་གསུམ་ལས། རྒྱུ་དུས་ཀྱི་དབང་ནི། དང་པོར་བླ་མ་ལས་བླང་དགོས་ཏེ། སྨིན་བྱེད་གང་ཞིག །དེ་ཡིན་ན་སྔགས་ཀྱི་ལམ་སོ་སོ་ཉན་སྒོམ་གྱི་སྔོན་དུ་ཐོབ་དགོས་པའི་ཕྱིར། ལམ་དུས་ཀྱི་དབང་ནི། ཕྱིས་བླ་མ་ལས་སམ་སྡོམ་ལྡན་རང་ཉིད་ཀྱིས་བླངས་ཀྱང་རུང་སྟེ། སྔར་རྒྱུད་སྨིན་ཟིན་གྱི་དབང་རྒྱུན་དེ་གོང་འཕེལ་དུ་བྱེད་པའི་དབང་ཡིན་པའི་ཕྱིར། འབྲས་དུས་ཀྱི་དབང་ནི། སློབ་ལམ་རྫོགས་པའི་རྒྱུན་མཐའི་དུས་སུ་བསྐུར་ཏེ། དེ་མཐར་ཐུག་གི་འབྲས་བུར་སྦྱོར་བྱེད་ཀྱི་དབང་ཡིན་པའི་ཕྱིར་རོ། །བཞི་བ་ནི། དབང་བསྐུར་བ་དེའང་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཏེ། དྲིལ་བུ་པས། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་གསུངས་པ་སྟེ། །ཞེས་སོ། །དེ་ལ་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། ལྷག་པ་ཏིང་ངེ་འཛིན་ནམ་སྤྲུལ་པའི་དཀྱིལ་འཁོར་དང་། རིག་པ་ཉམས་ཀྱི་དཀྱིལ་འཁོར་གསུམ་ནི་རིམ་པ་ཇི་ལྟ་བར་སློབ་དཔོན་རྫོགས་པའི་སངས་རྒྱས་དང་། མཐར་ལམ་པ་དང་། མཐོང་སྒོམ་ལ་གནས་པ་སྟེ་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ལ། ཏིང་ངེ་འཛིན་ལ་བརྟན་པ་རྗེས་མཐུན་ཙམ་ཐོབ་པ་ལ་སོགས་པའི་སློབ་དཔོན་གྱིས་ནི་གདུལ་བྱའི་དབྱེ་བས་སྐལ་དམན་འཇུག་པ་རྡུལ་ཚོན། འབྲིང་རས་རིས། རབ་ཚོམ་བུ་ལྟ་བུ་དམིགས་རྟེན་ཅུང་ཟད་ཙམ་དང་། དེ་ལས་ཀྱང་བློ་ཆེ་བ་སྐལ་ལྡན་ཡང་རབ་ལ་བླ་མའི་ལུས་དཀྱིལ་ལ་བརྟེན་ནས་བསྐུར་བར་གསུངས་སོ། །དཀྱིལ་འཁོར་དེར་བསྐུར་བྱའི་དབང་ནི། སྦྱིར་རྣལ་འབྱོར་བླ་ན་མེད་པའི་རྒྱུ་དུས་ཀྱི་དབང་ཐམས་ཅད་བཞིར་ངེས་པ་ཡིན་ཏེ། སྦྱང་བྱ་དྲི་མ་བཞི་དང་སྦྱོང་བྱེད་བསྐྱེད་རྫོགས་ཀྱི་ལམ་བཞི་དང་། སྦྱངས་འབྲས་སྐུ་བཞིར་ངེས་པའི་ཕྱིར་དེ་ལྟར་ཡང་སྙིང་པོའི་རྒྱུད་ཕྱི་མ་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །རྣམ་རྟོག་དྲི་མ་དག་བྱའི་ཕྱིར། །དབང་བསྐུར་རྣམ་པ་བཞི་ཡིན་ནོ། །ཞེས་དང་། འདུས་པ་ལས། བུམ་པའི་དབང་ནི་དང་པོ་སྟེ། །གཉིས་པ་གསང་བའི་དབང་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་སོགས་གསར་རྙིང་རྒྱུད་སྡེ་ཀུན་མཐུན་པར་འབྱུང་ངོ་། །བྱེ་བྲག་སྔ་འགྱུར་རང་ལུགས་རྒྱུད་ལུང་མན་ངག་གསུམ་གྱི་དབྱེ་བས་རྒྱུད་སྒྱུ་འཕྲུལ་དྲྭ་བ་ལྟར་ན། སློབ་བུ་དད་པ་ཅན་ལ་ཕྱི་ཕན་པའི་དབང་བཅུ། བདག་དང་གཞན་དང་གཉིས་ཀའི་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ནང་ནུས་པའི་དབང་ལྔ། སྤྱོད་རིགས་མཉམ་པའི་བརྟུལ་ཞུགས་ཅན་ལ་གསང་བ་ཟབ་མོའི་དབང་གསུམ་བསྐུར་བར་གསུངས་པ་དང་། ལུང་འདུས་མདོ་ལྟར་ན། རང་བཞིན་གྱིས་སྣོད་དུ་གྱུར་པ་ཟབ་མོའི་དོན་ལ་མོས་པའི་སློབ་མ་ཁྱད་པར་ཅན་ལ་མདོ་རྩ་བའི་དཀྱིལ་འཁོར་དུ་རྒྱུད་ཀྱི་དངོས་བསྟན་ལྟར་ཆུ་བོ་བཞི་རྫོགས་ཀྱི་དབང་སུམ་ཅུ་རྩ་དྲུག་བསྐུར་བ་དང་། སྦྱངས་པས་སྣོད་དུ་གྱུར་པ་རྒྱ་ཆེ་བ་ལ་མོས་པའི་སློབ་མ་ཐུན་མོང་བ་ལ་མདོ་ཡོངས་རྫོགས་ཡན་ལག་དང་བཅས་པའི་དཀྱིལ་འཁོར་སོ་སོར་ཕྱེ་ནས་དབང་རྩ་བ་སོ་དྲུག་ལ་ཡན་ལག་རགས་པར་བརྒྱད་བརྒྱ་སོ་གཅིག་ཏུ་ཕྱེ་ནས་བསྐུར་བ་སྟེ། རྒྱུད་མན་ངག་གི་ལུགས་གཉིས་ཀའང་ཕྱི་ནང་སྒྲུབ་གསང་གི་དབང་བཞིས་བསྡུས་པ་དང་། མན་ངག་ཨ་ཏི་ཡོ་ག་ལ་རིག་པ་རྩལ་གྱི་དབང་རྩལ་དུ་བཏོན་ནས་སྐུར་བའི་ཚུལ་རྫོགས་ཆེན་སྡེ་གསུམ་གྱི་ལུགས་སོ་སོར་འབྱུང་བ་ལས། མན་ངག་སྡེ་པ་ལྟར་ན། སྤྲོས་བཅས་དབང་གི་སྒོ་གསུམ་དང་ཤེས་བྱ་ལ་རྨོངས་པའི་དྲི་མ་སྦྱོང་། སྤྲོས་མེད་ཀྱིས་སྐུ་གསུང་ཐུགས་དང་རང་བྱུང་འོད་གསལ་གྱི་ནུས་པ་འཇུག །ཤིན་ཏུ་སྤྲོས་མེད་ཀྱིས་སེམས་ཉིད་གཞི་མེད་རྩ་བྲལ་དུ་ངོ་སྤྲད་ཅིང་ཀ་དག་གི་ཡེ་ཤེས་དང་། རབ་ཏུ་སྤྲོས་མེད་ཀྱིས་ལྷུན་གྲུབ་འོད་གསལ་མངོན་སུམ་གྱི་དོན་ཉམས་སུ་ལེན་པ་ལ་དབང་བར་བྱེད་དོ། །སྒྲུབ་སྡེ་ལྟར་ན་སྤྱི་བཀའ་བདེ་གཤེགས་འདུས་པ་ལས། གདུལ་བྱ་ཞེ་སྡང་ཅན་སྒྲོལ་བ་ལམ་དུ་ཁྱེར་བའི་ཕྱིར་ཕྱི་དབང་བུམ་པ་སོགས་ཕྱི་ནང་གི་རྫས་བརྒྱ་རྩ་བརྒྱད་ལ་བརྟེན་ནས་བསྐུར་བ། ང་རྒྱལ་ཅན་ལྷ་ལམ་དུ་ཁྱེར་བའི་ཕྱིར་ནང་དབང་ལུས་ལ་བརྟེན་ནས་བསྐུར་བ། འདོད་ཆགས་ཅན་སྦྱོར་བ་ལམ་དུ་ཁྱེར་བའི་ཕྱིར་གསང་དབང་ཡུམ་ལ་བརྟེན་ནས་བསྐུར་བ། གཏི་མུག་ཅན་རྣམ་རྟོག་ལམ་དུ་ཁྱེར་བའི་ཕྱིར་དེ་ཁོ་ན་ཉིད་ཀྱི་དབང་སེམས་ལ་བརྟེན་ནས་བསྐུར་བ་དང་བཞིར་བཤད་དོ། །ལྔ་པ་ནི། སངས་རྒྱས་ཐོད་པའི་རྒྱུད་ལས། དཔེར་ན་པི་ཝང་སྦྱོར་ཀུན་འཚོགས། །རྒྱུད་དང་བྲལ་ན་བརྡུང་མི་རུང་། །དེ་བཞིན་དབང་དང་བྲལ་ན་ནི། །སྔགས་དང་བསམ་གཏན་འགྲུབ་མི་འགྱུར། །ཞེས་སོ། །དྲུག་པ་ནི། རྔམ་གློག་ལས། གསང་བ་མཆོག་གི་དཀྱིལ་འཁོར་དུ། །འཇུག་དང་དངོས་གྲུབ་གསོལ་བ་དང་། །དབང་བསྐུར་བ་ཡི་ལས་རྣམས་བྱ། །དེས་ནི་ཚེ་འདི་ཉིད་ལ་ཡང་། །སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ཞེས་སོགས་ལུང་རིགས་མཐའ་ཡས་པ་འབྱུང་ངོ་། །གཉིས་པ་སྲོག་དམ་ཚིག་བསྟན་པ་ནི། དབང་གི་སྲོག་ ནས་ དག་པར་བྱ༔ ཞེས་གསུངས་ཏེ། དབང་གིས་རྒྱུད་སྨིན་ཀྱང་དེའི་དོན་རྒྱུད་ལ་བསྟེན་པའི་སྲོག་ནི་དམ་ཚིག་སྟེ། དེའང་དབང་བསྐུར་བ་ཉིད་ཀྱིས་དམ་ཚིག་དང་སྡོམ་པ་ཐོབ་པ་ཡིན་པས་དེ་ཉིད་ལེགས་པར་བསྐྱང་དགོས་ཏེ། ཀུན་འདུས་ལས། དབང་རྣམས་ལེགས་པར་རྫོགས་གྱུར་པས། །རྩ་བ་ཡན་ལག་དམ་ཚིག་ཀུན། །མ་ཉམས་རབ་ཏུ་བསྲུང་བར་བྱ། །དེས་ནི་དངོས་གྲུབ་མཆོག་ཐོབ་འགྱུར། །ཞེས་སོ། །དེ་ལ་དམ་ཚིག་གི་ངོ་བོ་ནི། བསྲུང་བྱའི་དོན་ཁྱད་པར་ཅན་ལས་མི་འདའ་བའི་སེམས་པ་ས་བོན་དང་བཅས་པ་སྟེ། སྙིང་པོའི་རྒྱུད་ཕྱི་མ་ལས། གང་ཞིག་ནན་ཏན་ལས་མི་འགོང་། །རྨི་ལམ་དུ་ཡང་དམ་ཚིག་བརྗོད། །དམ་བཅའ་བ་ནི་སྡོམ་པར་འདོད། །ཅེས་གསུངས་པ་ལྟར། སངས་རྒྱས་ཀུན་གྱི་རྡོ་རྗེའི་གསང་བ་གསུམ་འཛིན་ཅིང་མི་ཉམས་པར་སྲུང་པའི་ཆ་ནས་དམ་ཚིག །རང་རྒྱུད་སྡོམ་པའི་ཆ་ནས་སྡོམ་པ་ཡིན་པས་ངོ་བོ་གཅིག་ལ་ཁྱད་པར་དང་སྤྱི་ལྡོག་གིས་ཕྱེ་བའོ། །ངེས་ཚིག་ནི། སྔགས་ཀྱི་སྒོར་ཞུགས་ནས་དེ་ཉིད་ཀྱི་བརྟུལ་ཞུགས་སྲུང་ཞིང་བསྒྲུབས་པས་རང་རྒྱུད་ཀྱི་ཉོན་མོངས་པ་འདུལ་བར་བྱེད་པས་སྔགས་ཀྱི་འདུལ་བ་ཞེས་བྱ་ཞིང་། ས་མ་ཡའི་སྒྲ་ལས་དམ་བཅས་པའི་ཐ་ཚིག་དང་མནའ་དང་སྡོམ་པ་སོགས་ལ་འཇུག་པས་ཇི་ལྟར་དམ་བཅས་པ་ལས་འདའ་བར་བྱ་བ་མ་ཡིན་པས་རྡོ་རྗེའི་ཡལ་གམ་མམ་དམ་ཚིག་སྟེ། བསྲུངས་ན་སྔགས་ཀྱི་བསླབ་པ་ཐམས་ཅད་ཀྱི་གཞི་རྟེན་དུ་འགྱུར་ཞིང་། མ་བསྲུངས་ན་བསླབ་པ་ཐམས་ཅད་དོན་མེད་དུ་འགྱུར་བས་ཁེ་ཉེན་དང་བཅས་པའི་ཕྱིར། དེ་ལྟར་ཡང་ཧེ་རུ་ཀ་འདུས་པའི་རྒྱུད་ལས། མི་འདའ་དམ་པ་མཆོག་གྱུར་པ། །འདས་པར་གྱུར་ན་ཚིག་པར་བཤད། །ཅེས་སོ། །དེ་ལ་དབྱེ་ན། བདེ་འདུས་ཞི་རྒྱུད་ལས། སྤྱི་དང་ཁྱད་པར་ལྷག་པ་ཡི། །རྣམ་པར་དབྱེ་བས་གཟུང་བྱ་སྟེ། །ཞེས་པས་སྤྱིའི་དམ་ཚིག །ཁྱད་པར་གྱི་དམ་ཚིག །ལྷག་པའི་དམ་ཚིག་སྟེ་གསུམ་དུ་བསྡུས་པ་ཡིན་ལ། དེ་རྣམས་རིམ་པ་བཞིན་དུ་ཕྱི་སྙིང་། ནང་སྙིང་ཁྲག །གསང་བ་སྲོག་གི་ཚུལ་དུ་བསྲུང་ཞིང་རྣམ་པར་དག་པར་བྱའོ། །དེ་དག་གི་དོན་ཅུང་ཟད་སྨོས་ན། སྤྱིའི་དམ་ཚིག་ནི། སོ་ཐར། བྱང་སེམས། ཕྱི་རྒྱུད་གསུམ་གྱི་བསྲུང་མཚམས་སུ་གྲགས་པ་རྣམས་ཏེ། དང་པོ་ལ་སོ་ཐར་རིས་བརྒྱད་ཀྱི་སྤང་བླང་། གཉིས་པ་ལ་ཤིང་རྟ་གཉིས་ཀྱི་བཀའ་སྲོལ་ནས་བྱུང་བའི་བསླབ་བྱ། གསུམ་པ་ལ་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་རྣམས་ལ་འབྱུང་པའི་དམ་ཚིག་ཐུན་མོང་དང་ཐུན་མོང་མ་ཡིན་པ་རྣམས་སོ། ཁྱད་པར་གྱི་དམ་ཚིག་ནི། སྔགས་བླ་མེད་ནས་གསུངས་པའི་རིགས་ལྔ་སྤྱིའི་དམ་ཚིག་དང་། རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་ཁྱད་པར་བ་རྣམས་ཏེ། དེ་ལ་རིགས་ལྔའི་དམ་ཚིག་ནི། ཕྱི་སྨོན་སེམས་དང་འཇུག་སེམས་སྡོམ་སྡུད་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་དང་། དཀོན་མཆོག་གསུམ་འཛིན་ཅིང་། སྦས་དོན་བདེ་སྟོང་དབྱེར་མེད་ཀྱི་བྱང་སེམས་དང་སེམས་ཉིད་དཀོན་མཆོག་གསུམ་གྱི་རང་བཞིན་ཅན་དུ་བཟུང་བ་སྟེ་དེ་བཞིན་རིགས་ཀྱི་དམ་ཚིག །ཕྱི་རྫས་ཀྱི་རྡོར་དྲིལ་དང་ལྷ་སྐུ་ཕྱག་ཆེན། ནང་ཡབ་ཡུམ་གཉིས་ཀྱི་མཁའ་གསང་ཕན་ཚུན་རྒྱས་བཏབ་སྟེ་སྦྱོར་བ། གསང་བ་ཁམས་དཀར་དམར་གཉིས་འབར་འཛག་གི་རྒྱས་ཟུང་དུ་འབྲེལ་བ། དེ་ཁོ་ན་ཉིད་བདེ་སྟོང་གཉིས་ཟུང་འཇུག་གི་རྒྱས་འཆིང་བ་སྟེ། དེ་ལྟར་ཕྱི་ནང་ལ་སོགས་པའི་རྡོ་རྗེ་དང་། དྲིལ་བུ་དང་། ཕྱག་རྒྱ་གསུམ་འཛིན་ཅིང་། དེ་དག་སྟོན་པའི་བླ་མ་ལ་གུས་པས་བསྟེན་པ་སྟེ་རྡོ་རྗེའི་རིགས་ཀྱི་དམ་ཚིག །ཕྱི་ཆོས་སྐྱོབ་ཟང་ཟིང་དང་དེའི་རྩ་བ་བྱམས་པའི་སྦྱིན་པ་སྟེ་བཞི་སྟེར་ཞིང་། སྦས་དོན་རྗེས་ཆགས་ཀྱི་མེས་བྱང་སེམས་དབབ་ལྡོག་གི་དགའ་བཞིའི་ཡེ་ཤེས་སྦྱིན་པ་ནི་རིན་ཆེན་རིགས་ཀྱི་དམ་ཚིག །ཕྱི་ཉན་རང་། ནང་བྱང་སེམས། གསང་བ་བྱ་བ་སྤྱོད་པ་རྣལ་འབྱོར་ཕྱི་ནང་སྟེ་ཐེག་པ་གསུམ་འཛིན་ཅིང་། སྦས་དོན་རླུང་དབུ་མར་བཅིངས་པས་གཞོམ་མེད་ཀྱི་གསུང་སྒྲུབ་པ་ནི་པདྨ་རིགས་ཀྱི་དམ་ཚིག །སྔར་གྱི་སྡོམ་པ་དེ་ཐམས་ཅད་དང་མཆོད་པའི་ལས་ཀྱང་ཅི་ནུས་སུ་སྒྲུབ་ཅིང་། འཇུག་པར་གཏོགས་པའི་སེམས་ཅན་མ་བསྒྲལ་བ་རྣམས་སྒྲོལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བ་དང་། དབུགས་ཕྱིན་པ་རྣམས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཟློ་བ་ལ་འགོད་ཅིང་། སྦས་དོན་དུ་ཐམས་ཅད་ཟུང་འཇུག་ཨེ་ཝཾ་གྱི་སྡོམ་པས་རྒྱས་འདེབས་པ་དང་། ཞུ་བདེས་ཕུང་ཁམས་དབང་ཡུལ་གྱི་ལྷ་རྣམས་ཚིམ་པར་མཆོད་ཅིང་ཕྲ་རགས་ཀྱི་སྒོ་གསུམ་ཤིན་ཏུ་ཕྲ་བ་རྡོ་རྗེ་གསུམ་གྱི་རང་བཞིན་གཞི་རྫོགས་ཡེ་གྲོལ་ཆེན་པོར་སྒྲོལ་དགྲོལ་དབྱུང་ཞིང་ཟློ་བར་བྱེད་པ་ནི་ལས་ཀྱི་རིགས་ཀྱི་དམ་ཚིག་གོ །རྩ་བའི་དམ་ཚིག་ནི། སྤྱིར་སྒོ་གསུམ་མི་དགེ་བ་ལས་ལྡོག་ཅིང་ལྷ་སྔགས་ཏིང་ངེ་འཛིན་ལས་མི་འདའ་བ་ནི། སྐུ་གསུང་ཐུགས་ཀྱི་དམ་ཚིག་ཡིན་ལ། ཁྱད་པར་དུ་སྒོ་གསུམ་གཡོ་ཟོལ་མེད་པས་ཅི་མཉེས་ཀྱིས་བླ་མ་བཀུར་བ་དང་། མཆེད་ལྕམ་ལ་རྟག་ཏུ་མི་འབྲལ་ཞིང་ཕན་འདོགས་པའི་བསམ་པས་བརྩེ་གདུང་རྒྱུན་མི་ཆད་པའི་བྱམས་པས་བྱ་བ་གཉིས་ནི་རྡོ་རྗེའི་སྐུའི་དམ་ཚིག །སྔགས་དང་ཕྱག་རྒྱ་བརྩོན་པ་རབ་འབྲིང་གི་དབང་ལ་ཉིན་མཚན་དུས་དྲུག་གམ་ཟླ་ཞག་ལོ་དུས་རྣམས་ལས་མི་འདའ་བར་བྱེད་པ་ནི་རྡོ་རྗེ་གསུང་གི་དམ་ཚིག །གསང་བའི་དོན་གཞན་དུ་མི་སྨྲ་བ་དང་། བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཟུང་འཇུག་གི་ཕྱག་རྒྱ་ལས་མི་འདའ་བ་གཉིས་ནི་རྡོ་རྗེ་ཐུགས་ཀྱི་དམ་ཚིག་གོ །ཁྱད་པར་དུའང་འགྲོ་བ་མཐའ་དག་ཡེ་ནས་རང་བཞིན་རྣམ་དག་ཡིན་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་མཉམ་པར་སྦྱོར་བ་ནི་མཉམ་པ་ཆེན་པོའི་དམ་ཚིག་སྟེ། དེ་ཉིད་ཤེས་རབ་དང་ཏིང་ངེ་འཛིན་གྱིས་རྟོགས་ཤིང་གོམས་པར་བྱས་པ་ལ་དངོས་གྲུབ་ཐམས་ཅད་འབྱུང་བའི་ཕྱིར་བརྩོན་པར་བྱའོ། །ཡན་ལག་གི་དམ་ཚིག་ནི། ལྔ་ཚན་ལྔ་ལས། ཤེས་པར་བྱ་བ་ལྔ་ནི། ཕུང་ཁམས་སོགས་ལྔ་ཚན་གྱི་རྟོག་ཚོགས་རྣམས་ཡེ་ནས་རིགས་ལྔ་ཡབ་ཡུམ་སོགས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྟོགས་པར་བྱེད་པ་སྟེ་ལྟ་བའི་དམ་ཚིག་གོ །མི་སྤང་བ་ལྔ་ནི། དུག་ལྔ་ཐབས་གྱིས་ཟིན་ན་ལམ་གྱི་གྲོགས་སུ་འགྱུར་པར་མི་སྤོང་ཞིང་། སྦས་དོན་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྫོགས་པས་ལྟ་བ་ལ་ཕྱོགས་རིས་དང་སྤྱོད་པ་ལ་བླང་དོར་གྱིས་ཕྱེད་པ་མེད་པའི་གཏི་མུག །མི་དམིགས་པའི་སྙིང་རྗེ་ཆེན་པོའི་འདོད་ཆགས། རང་རིག་པའི་ཡེ་ཤེས་རྟོག་པ་འཇོམས་པའི་ཞེ་སྡང་། ཟུང་འཇུག་ལྟ་བའི་རྒྱལ་པོ་གཤོངས་སུ་མི་འབེབས་པའི་ང་རྒྱལ། གཉིས་འཛིན་གྱི་ཞེན་རྟོག་མཉམ་ཉིད་ཀྱི་ཀློང་དུ་མི་ཤོང་བའི་ཕྲག་དོག་སྟེ་རྟོགས་གོམས་ཀྱི་སྦྱོར་བས་མི་སྤོང་བའོ། །སྤྱད་པར་བྱ་བ་ལྔ་ནི། སྲོག་གཅོད། མ་བྱིན་ལེན། མི་ཚངས་སྤྱོད། རྫུན་དང་། བརླང་ཚིག་སྨྲ་བ་རྣམས་ཞིང་བཅུ་སྒྲོལ་བ་ལ་སོགས་ཏེ་གཞན་དོན་དུ་འགྱུར་ན་སྤྱད་པར་བྱ་ཞིང་། སྦས་དོན་དུ་སྲོག་ནི་རླུང་སྟེ་བུམ་ཅན་ལ་སོགས་པའི་ཐབས་ཀྱིས་དགག་པའམ་གཟུང་འཛིན་རྟོག་པའི་སྲོག་རང་རིག་པའི་ཡེ་ཤེས་ཀྱིས་གཅོད་པས། བཙུན་མོའི་ཤུ་ཀྲའམ་བདེ་ཆེན་གྱི་ཡེ་ཤེས་སུས་ཀྱང་སྦྱིན་པ་མེད་པར་དེ་བླང་བ་དང་། རང་རིག་ཉིད་ཡུལ་ཕྱག་རྒྱ་ཆེན་པོ་དང་ཁ་སྦྱོར་ལ་བརྟེན་ནས་ཞུ་བདེ་འགྱུར་མེད་སྒྲུབ་པ་ནི་འདོད་པ་སྤྱོད་པ་དང་། འཁོར་བ་མེད་སྣང་ལས་འགྲོ་བ་སྒྲོལ་བའི་རྫུན་དང་། སྒྲ་ཐམས་ཅད་བརྗོད་མེད་དུ་རྟོགས་པས་གབ་སྦས་མེད་པར་བརྡ་སྤྲོད་པ་ལ་སོགས་པའི་བརླང་ཚིག་རྣམས་སོ། །དང་དུ་བླང་བ་ལྔ་ནི། བྱང་སེམས་དཀར་དམར། དྲི་ཆེན། དྲི་ཆུ། ཤ་ཆེན་གྱི་དྭངས་མ་རྣམས་གཙང་དམེའི་རྟོག་པ་སྦྱོང་བ་ལ་སོགས་པའི་དགོས་པས་བརྟེན་ཅིང་། སྦས་དོན་དུ་ཕུང་ལྔའི་དྭངས་མ་འཛག་མེད་དུ་འཆིང་བས་དང་དུ་བླང་བའོ། །བསྒྲུབ་པར་བྱ་བ་ལྔ་ནི། ཤེས་པར་བྱ་བའི་དམ་ཚིག་ལྔ་པོ་དེ་ཉིད་རྟོགས་གོམས་ཀྱི་སྦྱོར་བས་རང་རྒྱུད་ལ་ཚུལ་བཞིན་དུ་སྒྲུབ་པར་བྱེད་པ་སྟེ་སྒོམ་པའི་དམ་ཚིག་དང་། བར་མ་གསུམ་པོ་ཕྱི་ལྟར་ན་སྤྱོད་པའི་དམ་ཚིག་གཙོ་ཆེའོ། །རྩ་བའི་དམ་ཚིག་གསུམ་དང་ཡན་ལག་ཉེར་ལྔ་བསྡམས་པས་དམ་ཚིག་ཉེར་བརྒྱད་ཅེས་མ་ཧཱའི་སྤྱི་སྐད་དུ་གྲགས་སོ། །ལྷག་པའི་དམ་ཚིག་ནི། སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་པའི་གང་ཟག་གིས་སྒྲུབ་པ་ལ་སོགས་པའི་སྐབས་སུ་བསྲུང་བར་བྱ་བ་ལྷག་པར་བསྟེན་པའི་དམ་ཚིག །གཅན་གཟན་གྱི་རྒྱལ་པོའི་ཁྲི་མི་བཤིག་པ་ལ་སོགས་ཉི་ཤུ་སྟེ། བརྡས་བསྟན་པའི་དོན་གོ་བདེ་བར་བཀྲོལ་ན། རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་མི་འཚེ་ཞིང་བཀའ་མི་གཅོག །བླ་མའི་ཡུམ་ལ་མི་སྤྱོད། དད་ཅན་ཚོགས་མི་གཅོག །དཀོན་ཅོག་དང་མཁས་པའི་དཀོར་ལ་མི་འབག་ཅིང་ཆང་མྱོས་པར་མི་འཐུང་། རྡོ་རྗེ་སྤུན་གྱི་ཡུམ་ལ་མི་སྤྱོད། མཚན་ངན་གྱི་གཟུངས་མ་མི་བསྟེན། མཚན་ཉིད་དང་མི་ལྡན་པའི་དམ་རྫས་མི་བསྟེན། མཁས་པའི་ཡོན་ཏན་ལ་མི་གཤེ། སྣོད་མིན་ལ་གསང་ཆོས་མི་སྟོན། མཚན་ལྡན་གྱི་གཟུངས་མ་དང་། སྣོད་ལྡན་གྱི་སློབ་མ་མི་སྤང་། དོན་བདེ་སྟོང་དང་རྟགས་ཡབ་ཡུམ་དང་མི་འབྲལ། མཆེད་ལ་ཀྱལ་ཀ་ཙམ་དུའང་ནང་འཐབ་མི་བྱེད། གཞན་གྱིས་སྤྱད་པའི་ལྷག་མི་སྤྱོད། བླ་མའི་གདན་ས་མི་རློམ། རང་གཞན་གྱི་མཚམས་མི་འདྲལ། ཏིང་འཛིན་བྱིང་རྒོད་ཀྱི་དབང་དུ་མི་གཏོང་བཟླས་པ་དང་ཆོ་ག་མི་ཚིག་གིས་བར་མི་གཅོད། དབང་རྟགས་ཀྱི་ཕྱག་རྒྱ་ལས་མི་འདའ་ཞིང་བརྡ་མི་བརྗེད། རྣལ་འབྱོར་པའི་དཀྱིལ་འཁོར་མི་དཀྲུགས་ཤིང་སྐྱེ་བོའི་མཐུ་ཟློག་མི་བྱེད། སློབ་དཔོན་གཙུག་ཏུ་ཁུར་བ་ལས་ཉམས་པར་མི་བྱ་བ་རྣམས་སོ། །དེ་དག་སྲུང་པའི་ཐབས་ནི། གནང་བཀག་གི་གནས་རྣམས་མི་བརྗེད་པའི་དྲན་པ་དང་། དམ་ཚིག་ལས་འདས་མ་འདས་རྟོག་དཔྱོད་བྱེད་པའི་ཤེས་བཞིན་དང་། གཟོབ་པ་ལྷུར་ལེན་པའི་བག་ཡོད་དང་། ཉམས་ན་བདག་ཉིད་ངན་སྙམ་དུ་རང་ལ་བརྟེན་ནས་འཛེམ་པའི་ངོ་ཚ་ཤེས་པ་དང་། ཡུལ་གཞན་ལ་བརྟེན་ནས་འཛེམ་པའི་ཁྲེལ་ཡོད་པ་དང་། ཉམས་པའི་ཉེས་དམིགས་མཐོང་བས་འཇིགས་པ་དང་། ཕན་ཡོན་ལ་བྲོད་པས་གུས་པ་སྟེ་དེ་དག་གི་སྒོ་ནས་འབད་པས་བསྲུང་བའོ། །དེ་ཡང་སྡོམ་འབྱུང་ལས། ཅི་སྟེ་དངོས་གྲུབ་མཆོག་འདོད་ན། །སྲོག་ནི་ཡོངས་སུ་གཏོང་ཡང་སླ། །འཆི་བའི་དུས་ལ་བབ་ཀྱང་སླའི། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །ཞེས་སོ། །ཉམས་ན་ཕྱིར་བཅོས་པ་ནི། ཡུལ་གང་ཟག་ལས་ཉམས་པ་རྣམས་དེ་དག་གི་དྲུང་དུ་བཤགས་ཤིང་། གཞན་རྣམས་འགྱོད་སྡོམ་གྱི་སྒོ་ནས་ཇི་ལྟར་རིགས་པས་བཤགས་པར་བྱ་ལ། ཉམས་པ་ཆེན་པོ་ནི། ཡུལ་གང་ལ་བརྟེན་ནས་ཉམས་ཀྱང་རུང་སྟེ། ཐོག་མར་སོ་སོའི་ལུགས་བཞིན་བཤགས་ནས་སླར་དབང་དང་དམ་ཚིག་ནོད་པར་བྱ་བ་ཡིན་ནོ། །སྔགས་པས་རྩ་བའི་དམ་ཚིག་ལས་འགལ་ན་རྡོ་རྗེའི་དམྱལ་པར་ཟང་ཐལ་དུ་འགྲོ་བས་མཚོན་ཉམས་པའི་ཉེས་དམིགས་དང་། དམ་ཚིག་ཚུལ་བཞིན་ཏུ་བསྲུང་ན་རབ་ཚེ་གཅིག །འབྲིང་དང་ཐ་མས་སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་ལ་མཆོག་འགྲུབ་པ་སོགས་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་དཔག་ཏུ་མེད་པར་གསུངས་སོ། །གསུམ་པ་སྐྱེད་སྲིང་བ་ལ་གཉིས། ཚིག་གོང་མ་དང་མཚམས་སྦྱར་བའི་ཚུལ་གྱིས་མིང་བསྟན་པ་དང་། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་ ནས་ རིམ་པ་ནི༔ ཞེས་གསུངས་ཏེ། དེ་ལྟར་དབང་བཞིས་རྒྱུད་སྨིན་ཅིང་དམ་ཚིག་མ་ཉམས་པས་སྒོ་གསུམ་རྣམ་པར་དག་པའི་གང་ཟག་སྔགས་ཀྱི་ལམ་ལས་དངོས་གྲུབ་མྱུར་དུ་སྒྲུབ་པར་འདོད་པ་དག་གིས་ས་བོན་བཏབ་པ་དེ་ཉིད་བྱང་ཆུབ་ཀྱི་ལམ་དུ་སྐྱེད་སྲིང་བར་བྱེད་པའི་ཐབས་ཟབ་མོ་ལམ་གྱི་རིམ་པ་ནི་འདི་ལྟར་རོ། །ཞེས་སོ། །དེའང་རྡོ་རྗེ་ཐེག་པའི་ལམ་རིམ་དངོས་ནི་བསྐྱེད་རྫོགས་གཉིས་ཡིན་ལ་དེ་གཉིས་ཀྱི་སྤྱི་དོན་ཅུང་ཟད་བཤད་ན། རིམ་གཉིས་སོ་སོའི་ངོ་བོ། ངེས་ཚིག །དབྱེ་བ། གོ་རིམ། དགོས་པ་སྟེ་ལྔ་ལས། དང་པོ་བསྐྱེད་རིམ་གྱི་ངོ་བོ་ནི། རྗེས་དཔག་གི་ལྷའི་རྣལ་འབྱོར་ཏེ། མཚན་ཉིད་ཞུ་བདེ་དང་མཚུངས་ལྡན་དུ་གྱུར་པ་བཅོས་ཤིང་བརྟགས་པ་ལས་བྱུང་བའི་ལྷ་སྐུ་སྣང་སྟོང་། དེ་ཡང་ཁྱད་གཞི་རྣམ་རྟོག་གིས་བརྟགས་པའི་ལྷ་སྐུ་ལ། ཁྱད་ཆོས་ཆོ་གའི་ཁྱད་པར་རྒྱལ་བས་སྔགས་རྒྱུད་ལས་གསུངས་པའི་བསྐྱེད་ཆོག་གི་རིམ་པ་ཚང་བ། རང་འབྲས་ཀྱི་ཁྱད་པར་སྔགས་ཀྱི་མཐུ་བསྐྱེད་ནུས་པ། ངོ་བོའི་ཁྱད་པར་ཐུན་མོང་མ་ཡིན་པའི་ཞུ་བདེའི་ཆ་ཤས་དང་སྟོང་ཉིད་ཀྱིས་རྒྱས་བཏབ་པ། བྱེད་ལས་ཀྱི་ཁྱད་པར་དག་རྫོགས་སྨིན་གསུམ་ཚང་བ་སྟེ་ཁྱད་ཆོས་བཞི་ལྡན་ནོ། །རྫོགས་རིམ་གྱི་ངོ་བོ་ནི། མངོན་སུམ་པའི་ལྷའི་རྣལ་འབྱོར་ཏེ། མཚན་ཉིད་ཞུ་བདེ་དང་མཚུངས་ལྡན་དུ་གྱུར་པའི་བཅོས་མིན་གྱི་ལྷ་སྐུ་སྣང་སྟོང་མི་བརྟན་པ་རྒྱུའི་རྫོགས་རིམ་དང་། དེ་བརྟན་པ་འབྲས་བུའི་རྫོགས་རིམ་གྱི་མཚན་ཉིད། དེ་ཡང་ཁྱད་གཞི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ། ཁྱད་ཆོས་རྒྱུའི་ཁྱད་པར་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ། བྱེད་ལས་ཀྱི་ཁྱད་པར་རྩ་རླུང་ཐིག་ལེ་དབུ་མར་དག་བྱེད་ རྣམ་པའི་ཁྱད་པར་བདེ་བ་ཆེན་པོ་དང་སྟོང་གཟུགས་ལྷན་ཅིག་པ་སྟེ་ཁྱད་པར་གསུམ་ལྡན་ནོ། །གཉིས་པ་ནི། བསྐྱེད་རིམ་གྱི་སྐད་དོད་ཨུཏྤཏྟི་ཀྲ་མ་ཞེས་པའི་ཨུཏྤཏྟི་ནི་བཅོས་པའམ་བཏགས་པ་སོགས་ལ་འཇུག་པས་རྣམ་པར་རྟོག་པས་གསར་དུ་བཅོས་པའམ་བཏགས་པའི་དོན་ཏེ་བསྐྱེད་པ་ཡིན་ལ་གང་ལས་བཅོས་ཤིང་གདམས་པའི་གཞི་ནི་རྫོགས་པའི་རིམ་པ་སྟེ། དེ་ཉིད་ཀྱི་སྐད་དོད་ནིཥྤནྣ་ཀྲ་མ་ཞེས་པའི་ནིཥྤནྣ་ནི་མ་བཅོས་པ། གྲུབ་པ། རྫོགས་པ་སོགས་ལ་འཇུག་པས་བཅོས་མེད་ཤུགས་འབྱུང་གི་དོན་ནོ། །དེ་གཉིས་ཀའི་ཀྲ་མ་ནི་རིམ་པ་སྟེ་ཐབས་སམ་ལམ་གྱི་གོ་རིམ་གྱི་དོན་དུ་འགྱུར་རོ། །གསུམ་པ་ནི། ངོ་བོའི་སྒོ་ནས་དབྱེ་ན། བཅོས་ཤིང་བཏགས་པ་རྗེས་སུ་དཔག་པའི་ལྷའི་རྣལ་འབྱོར་གྱི་ལམ་འཁོར་བཅས་ལ་བསྐྱེད་རིམ་དང་། བཅོས་མ་དང་བྲལ་བ་མངོན་སུམ་པའི་ལྷའི་རྣལ་འབྱོར་གྱི་ལམ་འཁོར་བཅས་ལ་རྫོགས་རིམ་སྟེ་གཉིས། སྦྱང་བྱ་སྦྱོང་བྱེད་ལ་ལྟོས་ན། ཀུན་རྫོབ་འཇིག་རྟེན་སྐྱེ་བའི་རིམ་པ་དང་སྦྱར་ཏེ་བསྐྱེད་རིམ་ཀུན་རྫོབ་བདེན་པའི་རྣལ་འབྱོར་དང་། དོན་དམ་འཇིག་རྟེན་འགག་པའི་རིམ་པ་དང་སྦྱར་ཏེ་རྫོགས་རིམ་དོན་དམ་བདེན་པའི་རྣལ་འབྱོར་ཞེས་པ་གཉིས། སྒོམ་ཚུལ་གྱི་སྒོ་ནས། སྐྱེ་གནས་བཞིའི་བག་ཆགས་སྦྱོང་བ་དང་བསྟུན་ནས་བསྐྱེད་རིམ་སྒོམ་ཚུལ་བཞི་སྟེ། སྒྱུ་འཕྲུལ་དྲྭ་བ་ལས། སྐྱེ་གནས་བཞི་པོ་དག་བྱའི་ཕྱིར། །བསྐྱེད་པའང་དེ་བཞིན་རྣམ་པ་བཞི། །སྤྲོས་ཅན་སྤྲོས་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་བཞིའོ། །ཞེས་སོ། །རྫོགས་རིམ་ནི། ཀུན་རྫོབ་རང་བྱིན་རླབས་པའི་རིམ་པ་རྩ་རླུང་ཐིག་ལེའི་རྣལ་འབྱོར་དང་། གཞན་ལུས་ལ་བརྟེན་པ་དཀྱིལ་འཁོར་འཁོར་ལོ། དེ་དག་རྣམས་ཀྱི་རྒྱས་འདེབས་སུ་གྱུར་པ་དོན་དམ་འོད་གསལ་ཆེན་པོ་བརྗོད་མེད་ལྷན་ཅིག་སྐྱེས་པའི་རིམ་པ་སྤྱི་དང་། ཁྱད་པར་རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་གི་སྡེ་རྣམས་སོ། །བཞི་པ་ནི། གནས་ལུགས་ཀྱི་ལམ་ལ་འཇུག་པའི་སྔོན་དུ་རྒྱུད་སྦྱོང་བའི་ཕྱིར་བསྐྱེད་རིམ་ལམ་གྱི་སྔོན་འགྲོར་སྦྱང་ཞིང་། རྒྱུད་བྱང་ནས་གནས་ལུགས་དངོས་བསྒོམ་པའི་ཕྱིར་རྫོགས་རིམ་ལམ་གྱི་དངོས་གཞི་ཡིན་པའི་རིམ་པའམ། ཡེ་ཤེས་ཀྱི་ཚོགས་ཀྱི་གཞི་འདིང་བ་བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་ཁྱད་པར་ཅན་རྣམ་པ་ཐམས་ཅད་པའི་ཡེ་ཤེས་སྐྱེ་བའི་གེགས་བསལ་བའི་རྒྱུར་ཡང་བསོད་ནམས་ཀྱི་ཚོགས་བསྐྱེད་པའི་རིམ་པ་བསྒོམ་པ་སྔོན་དུ་འགྲོ་དགོས་པའི་ཕྱིར་ཏེ། རྡོ་རྗེ་སྙིང་འགྲེལ་ལས། རྣམ་རྟོག་བག་ཆགས་ཀྱིས་བཅིངས་པ། །ཐོག་མར་རྟོག་པའི་ཆོ་ག་བསྟན། །རྣམ་རྟོག་རང་བཞིན་ཤེས་པ་ན། །མི་རྟོག་པ་ལ་འཇུག་པར་བྱ། །ཞེས་དང་། རིམ་ལྔ་ལས་ཀྱང་། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་འབྱུང་སྟེ་མདོར་ན་སྦྱང་བྱ་འཁྲུལ་བ་ཀུན་བཏགས་དང་ས་བོན་གྱི་ཆ་གཉིས་སྦྱོང་བྱེད་རྟེན་དང་བརྟེན་པ། གྲུབ་འབྲས་ཐུན་མོང་དང་མཆོག་གི་གོ་རིམ་སོགས་ལ་ལྟོས་པའོ། །ལྔ་པ་ནི། སྣོད་བཅུད་ཐ་མལ་དུ་འཛིན་པ་སྤོང་ཞིང་། ལམ་མ་དག་ས་བདུན་དང་། འབྲས་བུ་གཟུགས་སྐུའི་རྟེན་འབྲེལ་སྒྲིག་པའི་ཕྱིར་དང་། ཁྱད་པར་རང་གི་དངོས་འབྲས་འཇིག་རྟེན་པའི་དངོས་གྲུབ་འགྲུབ་པ་ནི་བསྐྱེད་རིམ་དང་། འཕོ་བའི་བག་ཆགས་ཀྱི་དྲི་མ་སྤོང་ཞིང་། ལམ་དག་པ་ས་གསུམ་དང་འབྲས་བུ་ལྷན་ཅིག་སྐྱེས་སྐུའི་རྟེན་འབྲེལ་སྒྲིག་པའི་ཕྱིར་དང་། ཁྱད་པར་རང་གི་དངོས་འབྲས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འགྲུབ་པ་ནི་རྫོགས་རིམ་གྱི་དགོས་པ་སྟེ། སྙིང་པོའི་རྒྱུད་ཕྱི་མ་ལས། འཇིག་རྟེན་པ་ཡི་དངོས་གྲུབ་ནི། །བསྐྱེད་པའི་རིམ་པའི་སྦྱོར་བས་ཐོབ། །འཇིག་རྟེན་འདས་པའི་དངོས་གྲུབ་ནི། །རྫོགས་པའི་རིམ་པའི་སྦྱོར་བས་སོ། །ཞེས་པ་ལྟར་རོ། །གཉིས་པ་ལ་བཞི། བུམ་དབང་དང་རྗེས་སུ་འབྲེལ་བའི་བསྐྱེད་རིམ་སྣང་སྟོང་ཟུང་འཇུག་བསྒོམ་པ། གསང་དབང་དང་རྗེས་སུ་འབྲེལ་བའི་ཟབ་ལམ་གསལ་སྟོང་ཟུང་འཇུག་བསྒོམ་པ། དབང་གསུམ་པ་དང་རྗེས་སུ་འབྲེལ་བའི་ཕོ་ཉའི་ལམ་བདེ་སྟོང་ཟུང་འཇུག་བསྒོམ་པ། དབང་བཞི་པ་དང་རྗེས་སུ་འབྲེལ་པའི་རྫོགས་ཆེན་རིག་སྟོང་ཟུང་འཇུག་ཏུ་བསྒོམ་པའོ། །དང་པོ་ལ་གསུམ། བསྐྱེད་རིམ་གྱི་དགོས་པ་བསྟན་པ། བསྐྱེད་རིམ་དངོས། དེའི་དོན་བསྡུ་བའོ། །དང་པོ་ནི། དང་པོ་བུམ་པའི་དབང་ ནས་ དག་ལ་བསླབ༔ ཅེས་གསུངས་ཏེ། ལམ་གྱི་རིམ་པ་དེ་ལའང་དབང་བཞི་སོ་སོ་དང་རྗེས་སུ་འབྲེལ་བའི་ལམ་བཞི་ཡོད་པ་ལས། དང་པོ་བུམ་པའི་དབང་དང་རྗེས་སུ་འབྲེལ་བའི་ལམ་ནི། བརྟན་པ་སྣོད་དང་གཡོ་བ་བཅུད་ཀྱི་འཇིག་རྟེན་ཐ་མལ་གྱི་དངོས་པོར་སྣང་བ་ལ་དེ་དང་དེར་ཞེན་པའི་ཀུན་ཏུ་རྟོག་པ་འདི་ཉིད་སྦྱང་བར་བྱ་བའི་ཕྱིར་དུ། ཐུན་མོང་བ་མ་ཧཱ་དང་ཁྱད་པར་བ་ཡོ་ག་གོང་མ་གཉིས་ཀྱི་ཚུལ་དང་མཐུན་པའི་བསྐྱེད་རིམ་དག་ལ་བསླབ་པར་བྱའོ། །གཉིས་པ་ལ་གཉིས། སྡོམ་གྱི་སྒོ་ནས་མདོར་བསྟན། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལ་ ནས་ འབྲས་བུར་བཅས༔ ཞེས་གསུངས་ཏེ། དེའང་དཔེར་ན་ཚོང་དོན་དུ་གཉེར་བ་ལ། བསྒྲུབ་བྱ་རིན་ཐང་ཆེ་བའི་ནོར། སྒྲུབ་བྱེད་རིན་ཐང་དཔོག་པའི་ཟོང་། སྒྲུབ་ཚུལ་ཚོང་གི་ཐབས་ལ་མཁས་པས། གྲུབ་འབྲས་འདོད་པའི་ནོར་བདེ་བླག་ཏུ་ཐོབ་པ་བཞིན། བསྐྱེད་རིམ་གྱི་ལམ་དེ་ལའང་བསྒྲུབ་བྱ་ཆོས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་ལྷ་དང་། ཡེ་ཤེས་ཀྱི་བདག་ཉིད་ཀྱི་ལྷ་དང་། དེ་དག་གི་བྱིན་རླབས་མཚན་མའི་ལྷར་གྲགས་པ་སྟེ་གསུམ། སྒྲུབ་བྱེད་ཀྱི་ཐབས་སྔོན་འགྲོ་དངོས་གཞི་རྗེས་ཀྱིས་བསྡུས་པ་རྣམས་དང་། ཇི་ལྟར་སྒྲུབ་པའི་ཚུལ་ཕྱག་རྒྱ་གཅིག་སྤྲོས་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་རྣམས་དང་། བསྒྲུབས་པའི་འབྲས་བུ་རིག་འཛིན་བཞིན་གྲུབ་པའི་ཚུལ་དང་བཅས་ལྟོས་ནས་འབྲེལ་བའི་ཚུལ་གྱིས་རིམ་པར་བསྟན་པར་བྱའོ། །གཉིས་པ་ལ་བཞི། གང་བསྒྲུབ་བྱའི་ལྷ། གང་གིས་སྒྲུབ་པའི་ཐབས། ཇི་ལྟར་སྒྲུབ་པའི་ལམ། དེ་ལྟར་བསྒྲུབས་པའི་འབྲས་བུའོ། །དང་པོ་ནི། བསྒྲུབ་བྱ་ ནས་ མངོན་དུ་བྱ༔ ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་དང་པོ་བསྒྲུབ་པར་བྱ་བའི་ལྷ་ནི་སྤྱིར་གོང་དུ་སྨོས་པ་ལྟར་གསུམ་ལས། དང་པོ་ནི། འོད་གསལ་བྱང་ཆུབ་ཀྱི་སེམས་སྟོང་གསལ་འགག་པ་མེད་པའི་གནས་ལུགས་ཡེ་ཤེས་གསུམ་ལྡན་ཏེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་འགྲོ་བ་ཀུན་ལ་ཁྱད་པར་མེད་པར་གདོད་ནས་བཞུགས་པ་ནི་དམ་ཚིག་སེམས་དཔའ་དང་། གཉིས་པ་ནི། འཁོར་འདས་ཐམས་ཅད་ལ་ཁྱབ་པ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཡེ་ཤེས་སེམས་དཔའ་སྟེ། དེ་གཉིས་གདོད་མ་ནས་དབྱེར་མི་ཕྱེད་པའི་རང་བཞིན་ཅན་དུ་བཞུགས་པ་ནི་དམ་ཡེ་གཉིས་མེད་ཀྱི་དོན་ཏེ། དྲི་མ་སྦྱང་བའི་གཞི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །དེ་ལ་རྒྱུའི་ཐེག་པར་རིགས་དང་ཁམས་དང་བདེ་བར་གཤེགས་པའི་སྙིང་པོ་སོགས་ཀྱིས་བསྟན་ལ། སྔགས་ཀྲི་ཡ་བས་བདག་གི་དེ་ཁོ་ན་ཉིད་དང་། ཨུ་བྷ་ཡས་བྱང་ཆུབ་ཀྱི་སེམས། ཡོ་གས་ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་སམ་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་དང་། མ་ཧཱ་ཡོ་ག་བས་རང་རིག་པ་བྱང་ཆུབ་ཀྱི་སེམས་ལྷག་པའི་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བའམ་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ། ཨ་ནུས་དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཞེས་བཏགས་ཤིང་། མན་ངག་སྡེ་པས། ལུས་ཅན་རྣམས་ཀྱི་སྙིང་དབུས་ན་དྭངས་མ་ལྔ་འདུས་ལ་བརྟེན་པའི་སེམས་ཉིད་འོད་གསལ་བའི་ཆོས་སྐུ་བྱང་ཆུབ་ཀྱི་སེམས་བཞུགས་པར་གསུངས་པ་དང་། གཞན་དུ་མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་འདི་དག་གི་སྣང་གཞི་གཉུག་མའི་ཕུང་སོགས་སམ་ཕུང་ཁམས་སྐྱེ་མཆེད་གཞན་ཞེས་གྲགས་པ་ཡེ་ནས་གདན་གསུམ་ཚང་བའི་ལྷའི་དཀྱིལ་འཁོར་དུ་རྣམ་པར་དག་པ་དང་། ཤིན་ཏུ་ཕྲ་བའི་སྒོ་གསུམ་གདོད་མ་ནས་རྡོ་རྗེ་མི་ཤིགས་པ་གསུམ་གྱི་ལྷའི་བདག་ཉིད་དུ་གནས་པར་བཤད་པ་རྣམས་ཀྱང་དོན་གཅིག་ཏུ་འབབ་བོ། །དེ་ལྟར་ཡིན་ཀྱང་རང་ངོ་མ་ཤེས་པས་ཐ་དད་དུ་བཟུང་བས་འཁྲུལ་ཏེ་མ་རྟོགས་པ་ནི་སྦྱང་བྱའི་དྲི་མ་འདམ་རྫབ་ལྟ་བུ་སྟེ། དཔེར་ན་ནོར་བུ་ཉིད་འདམ་གྱི་དྲི་མ་ལས་མ་གྲོལ་བར་རང་གི་བྱ་བ་བྱེད་མི་ནུས་པ་ལྟར་གཉིས་མེད་ཀྱི་དོན་དེ་ཡང་མ་རྟོགས་ན་ཡིན་པ་ཙམ་གྱིས་ཕན་མི་ཐོགས་པས་དྲི་མ་སྦྱང་དགོས་ལ། དེ་སྦྱོང་བྱེད་ཀྱི་ཐབས་ནི་འཁྲུལ་བ་གློ་བུར་བ་ཀུན་བཏགས་ཀྱི་ཆ་རྣམས་བསྐྱེད་རིམ་གྱིས་དང་། ས་བོན་གྱི་ཆ་ནི་རྫོགས་རིམ་གྱིས་སྦྱོང་བ་ཡིན་ཞིང་། ཇི་ལྟར་སྦྱོང་ན། འཁྲུལ་བའི་ཆོས་ལས་ཉོན་སྡུག་བསྔལ་གྱི་རྣམ་པར་ཤར་བའི་རིགས་རྒྱུན་དེ་ཉིད་ལམ་བདེ་བ་ཆེན་པོར་སྒྱུར་བར་བྱེད་པ་ལ། སྒྱུར་ཚུལ་དེའི་རང་ངོ་ལ་བསལ་བཞག་མེད་པར་བཞག་པས་གང་ཤར་གྱི་རང་བཞིན་དག་སྣང་དུ་འཆར་བའི་གནད་ཀྱིས་ཏེ། རྒྱུ་མཚན་དེས་གསང་སྔགས་ཀྱི་ཐེག་པ་འདིར་ཀུན་འབྱུང་བདེན་པའི་རང་བཞིན་ལམ་བདེན་དང་། སྡུག་བསྔལ་བདེན་པའི་རང་བཞིན་འགོག་བདེན་དུ་སྣང་བས་འབྲས་བུ་ལམ་བྱེད་ཀྱི་དོན་ཡང་དེ་ཡིན་པའི་ཕྱིར་ན་མཚན་ཉིད་ཐེག་པ་བས་གཞི་སྤོང་བགེགས་སྦྱོང་བའི་ལམ་ལས་ཁྱད་བར་དུ་འཕགས་པའོ། །དེ་ལྟར་བསྒྲུབ་གཞི་དམ་ཡེ་དབྱེར་མེད་ངོས་ཟིན་ནས་སྐབས་ཀྱི་བསྒྲུབ་བྱ་དངོས། དེ་དག་གི་བྱིན་རླབས་སམ་རྩལ་ལས་ཤར་བའི་མཚན་མའི་ལྷ་སྟེ། དེའང་ངོ་བོ་བརྒྱུད་གསུམ་གྱི་བླ་མ་རིག་འཛིན། ཐེག་རིམ་དགུའི་ཡི་དམ། གནས་གསུམ་མཁའ་འགྲོའི་ཚོགས་ཏེ་རྩ་བ་གསུམ། རྣམ་པ་ཞི་བ་དང་ཁྲོ་བོ། ཆགས་བྲལ་དང་ཆགས་བཅས། འཁོར་ལོའི་དབང་ཕྱུག་དང་འཁོར་གྱི་ཚུལ་དུ་བསྟན་པའི་བྱེ་བྲག་བསམ་ལས་འདས་པ་ཡོད་ཀྱང་། བྱིན་རླབས་དང་དངོས་གྲུབ་རྣམ་པ་གཉིས་གཞན་ལས་ཁྱད་པར་དུ་མས་འཕགས་པ་མྱུར་དུ་ཐོབ་པར་འདོད་ནས་རྩ་བ་གསུམ་པོ་དེ་ཀུན་གྱི་གསང་གསུམ་ཡོན་ཏན་ཕྲིན་ལས་དང་བཅས་པ་གཅིག་ཏུ་འདུས་པ་པདྨ་ཐོད་ཕྲེང་རྩལ་ང་ཉིད་བསྒོམ་པར་བྱའོ། །དེ་ལྟར་ཡང་ཐུགས་སྒྲུབ་གསང་འདུས་གནད་ཡིག་ལས། ང་སྒྲུབ་སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་སངས་རྒྱས་ཐམས་ཅད་མཐོང༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཞེས་དང་། བྱང་གཏེར་ལས། དུས་གསུམ་སངས་རྒྱས་མ་ལུས་ཐམས་ཅད་ཀྱིས༔ དབང་བསྐུར་རྗེས་གནང་རྡོ་རྗེ་དྲག་པོ་རྩལ༔ པདྨ་འབྱུང་གནས་ང་ཉིད་སྒོམ་པ་ཡིས༔ ཞི་ཁྲོ་རབ་འབྱམས་ཐམས་ཅད་རྫོགས་པར་འགྱུར༔ ཞེས་སོགས་འབྱུང་བ་ལྟར་རོ། །དེ་ལྟར་བདེ་གཤེགས་ཀུན་འདུས་གུ་རུ་པདྨ་སྒྲུབ་པའི་ཚུལ་གཏེར་ཁ་རེ་རེར་ཡང་སྤྱི་དང་ཁྱད་པར་མཐའ་ཡས་པ་ཞིག་མཆིས་པ་ལས། འདིར་སྙིགས་མའི་རྒུད་པ་མཐར་ཐུག་པ་སྐྱོབ་པའི་དཔལ་མགོན་གཅིག་པུ་པ་གཏེར་འབྱིན་རིག་འཛིན་གྲུབ་པའི་རྒྱལ་པོ་རྣམ་གཉིས་ཀྱི་ཟབ་གཏེར་དང་འབྲེལ་བའི་དབང་དུ་བྱས་ནས། ཕྱི་ལྟར་བྱང་ཆུབ་སྒྲུབ་པའི་ལམ་ལ་འཕྲལ་དང་ཡུན་དུ་ཕྱི་ནང་གསང་བའི་བགེགས་དང་བར་ཆད་ཀུན་སེལ་བའི་ཕྱིར་དུ། སྣང་སྲིད་ཟིལ་གྱིས་གནོན་པའི་དཀྱིལ་འཁོར་གཙོ་བོ་རྒྱལ་བ་སྐུ་གསུམ་གྱི་རྣམ་པར་ཤར་བ་གུ་རུ་པདྨ་འབྱུང་གནས་ལ། འཁོར་གུ་རུ་རྒྱལ་བའི་གདུང་འཛིན་སོགས་རིག་འཛིན་རྩལ་འཆང་ཆེན་པོ་རྣམ་འཕྲུལ་བཅུ་གཉིས། སྒོ་སྲུང་དཔའ་བོ་ཡབ་ཡུམ་གྱིས་བསྐོར་བ་བཅས་དཀྱིལ་འཁོར་ཡོངས་རྫོགས་སྤྱི་དང་། བྱེ་བྲག་ཆོས་སྐུ་ཚེ་དཔག་མེད་ལྷ་བཅུ་གསུམ་པ་སྒེར་དུ་ཕྱུང་བས་མཚོན་སོ་སོའི་ཚུལ་དུ་བསྙེན་པར་བྱ་སྟེ་རྒྱལ་པོ་ཆེན་པོ་ལ་སྙན་གསན་འབེབས་པ་ལྟ་བུའོ། །ནང་ལྟར་མཆོག་དང་ཐུན་མོང་གི་དངོས་གྲུབ་ཡིད་ལ་གང་བསམ་པ་ཐམས་ཅད་ལྷུན་གྱིས་གྲུབ་པའི་ཕྱིར་དུ། གཙོ་བོ་ཁྱབ་བདག་བདེ་བ་ཆེན་པོ་གུ་རུ་ཡིད་བཞིན་ནོར་བུ་ལ། འཁོར་གུ་རུ་ཆེ་བའི་ཆེ་མཆོག་སོགས་རྣམ་འཕྲུལ་བཅུ་གསུམ་སྒོ་སྲུང་བཞི་དང་བཅས་པ། བསྐྱེད་པ་དང་རྫོགས་པའི་རིམ་པ་གཉིས་ལ་བརྟེན་ནས་ཐབས་ལམ་དང་གྲོལ་བའི་ལམ་ལ་ཞུགས་ནས་ཉེ་བར་བསྙེན་པར་བྱ་སྟེ་རྒྱལ་པོ་ལ་འབྲེལ་བཏགས་པ་ལྟ་བུའོ། །གསང་བ་དོན་རང་སེམས་ཆོས་ཐམས་ཅད་ཀྱི་གནས་ལུགས་དབྱིངས་ཀ་དག་དང་ལྷུན་གྲུབ་རིག་པ་དབྱེར་མེད་ཟུང་དུ་འཇུག་པ་ཉིད་རྟགས་ཕྱག་རྒྱའི་གཟུགས་སུ་ཤར་བ་མཚོ་སྐྱེས་རྡོ་རྗེ་འཆང་ཆེན་པོ། རྩ་བ་གསུམ་པོ་ཀུན་ཁ་གཅིག་ཏུ་འདྲིལ་བ་རང་བྱུང་བདེ་ཆེན་རོལ་པའི་འཁོར་ལོ་ཉིད། བསྐྱེད་རྫོགས་དབྱེར་མེད་ལམ་ཟབ་སྙིང་པོའི་རྣལ་འབྱོར་གྱིས་ཉམས་སུ་བླངས་ནས་མི་འགྱུར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྒྲུབ་པར་བྱ་སྟེ་རྒྱལ་པོ་མཉེས་ནས་འདོད་དོན་སྒྲུབ་པ་ལྟ་བུའོ། །ཡང་གསང་རིག་འཛིན་གཙོ་མཆོག་རྡོ་རྗེ་དྲག་པོ་རྩལ་ཕྱོགས་དུས་ཀྱི་བདེ་བར་གཤེགས་པ་ཀུན་འདུས་ཤིང་འབར་བ་ཆེན་པོ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་རབ་འབྱམས་ཡོངས་སུ་རྫོགས་པའི་ཡི་དམ་གྱི་ལྷ་གསང་བ་གཅིག་འགྲུབ་ཉིད། སྒྲུབ་པ་ཆེན་པོ་དང་འབྲེལ་བའི་ཉེ་རྒྱུའི་སྤྱོད་པའི་བརྟུལ་ཞུགས་ལ་བརྟེན་ནས་མཐར་ཐུག་གི་འབྲས་བུ་སྐུ་དང་ཡེ་ཤེས་ལྔ་མངོན་དུ་བྱ་སྟེ། རྒྱལ་པོའི་གོ་སར་རང་ཉིད་འཁོད་ནས་དབང་བསྒྱུར་བ་བཞིན་ནོ། །གཉིས་པ་གང་གིས་སྒྲུབ་པའི་ཐབས་བསྟན་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། གང་ཡང་ ནས་ བྱ་བས་འཇུག༔ ཅེས་གསུངས་ཏེ། དེ་ལྟར་བསྒྲུབ་བྱ་བླ་མ་ཕྱི་ནང་གསང་བ་ཡང་གསང་དེ་དག་གང་ལའང་སྒྲུབ་བྱེད་ཐབས་ཀྱི་རིམ་པ་ནི། ཐོག་མར་སྔོན་དུ་འགྲོ་བ་བསགས་སྤྱངས་འགལ་སྤོང་མཐུན་སྒྲུབ་ཀྱི་རིམ་པ་དང་། བར་དུ་དངོས་གཞི་བསྐྱེད་པའི་རྣལ་འབྱོར་ཡན་ལག་དང་བཅས་པ་དང་། མཐར་ཕྲིན་ལས་ཀྱི་ཁ་སྐོང་བ་རྗེས་ཀྱི་བྱ་བ་སྟེ་རྣམ་པ་གསུམ་གྱིས་ཉམས་ལེན་ལ་འཇུག་པར་བྱའོ། །གཉིས་པ་ལ་གཉིས། རྩ་བའི་དཀྱིལ་འཁོར་སྒྲུབ་པའི་ཐབས་དང་། དེ་ལ་བརྟེན་པའི་ཕྲིན་ལས་རབ་འབྱམས་སྒྲུབ་པའི་ཐབས་སོ། །དང་པོ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལའང་གཉིས། ཁྲིད་ཀྱི་སྔོན་འགྲོ་དང་། ཆོ་གའི་སྔོན་འགྲོའོ། །དང་པོ་ཁྲིད་ཀྱི་སྔོན་འགྲོ་ལའང་བཞི། ལམ་གྱི་རྩ་བ་སྐྱབས་སེམས། འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་རྡོར་སེམས་སྒོམ་བཟླས། མཐུན་རྐྱེན་ཚོགས་བསགས་པ་མཎྜལ་གྱི་རིམ་པ། བྱིན་རླབས་མྱུར་དུ་འཇུག་པ་བླ་མའི་རྣལ་འབྱོར་རོ། །དང་པོ་ནི། དེ་ལ་སྐྱབས་སོགས་རྐང་པ་གཅིག་སྟེ། སྒྲུབ་བྱེད་ཀྱི་ཐབས་དེ་ལའང་ཐོག་མར་ཡུལ་ཁྱད་པར་ཅན་ལ་སྐྱབས་སུ་སོང་ཞིང་། ལྷག་པའི་བསམ་པས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་བཏང་ནས་ཉམས་ལེན་རྣམས་ལ་རིམ་གྱིས་འཇུག་པར་བྱ་དགོས་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གཞིའམ་རྩ་བ་ཡིན་པའི་ཕྱིར། དེ་དག་གི་དོན་རྒྱས་པར་གོང་དུ་བསྟན་ཟིན་ཅིང་མདོར་བསྡུ་ན། སྐྱབས་འགྲོའི་རྒྱུ་ངེས་འབྱུང་དང་གཞན་ཕན་གྱི་བསམ་པ། ཡུལ་ཚངས་སོགས་ལོག་པའི་སྟོན་པ་དང་རྟག་ཆད་ཀྱི་ལམ་དང་དེ་འཛིན་གང་ཟག་བཅས་སྤངས་ནས། དེ་དག་ལས་ཁྱད་པར་དུ་མས་འཕགས་པ་ཐུན་མོང་དཀོན་མཆོག་གསུམ། ཁྱད་པར་རྩ་བ་གསུམ། ཀུན་འདུས་རྡོ་རྗེ་སློབ་དཔོན་ལ། གང་ཟག་རང་གིས་ཐོག་དྲངས་མར་གྱུར་མཁའ་ཁྱབ་ཀྱི་འགྲོ་བས། དུས་བྱང་ཆུབ་མ་ཐོབ་ཀྱི་བར་དུ། ཚུལ་ཅི་མཛད་ཁྱེད་ཤེས་ཀྱི་གུས་པ་ཆེན་པོས། དམིགས་འདོན་ཕྲིན་ལས་སོ་སོའི་གཞུང་ལས་གསུངས་པ་ལྟར་བྱེད་པ་ནི་ཡུལ་དང་བྱེད་པོ་གཉིས་སུ་འཛིན་པས་ཀུན་རྫོབ་རྒྱུའི་སྐྱབས་འགྲོ་དང་། སེམས་ཉིད་ཡེ་ནས་རང་བཞིན་རྣམ་དག་ཡེ་ཤེས་སུམ་ལྡན་དཀོན་མཆོག་རྩ་གསུམ་དུ་ལྷུན་གྱིས་གྲུབ་པ་ལ་དེ་ལྟར་ཤེས་པས་ཡུལ་དང་བྱེད་པ་པོ་གཉིས་མེད་དུ་རྟོགས་པ་ནི་དོན་དམ་འབྲས་བུའི་སྐྱབས་འགྲོ་སྟེ། ཡེ་ཤེས་གྲུབ་པ་ལས། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ལྷུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོག །ཅེས་སོ། །སེམས་བསྐྱེད་ཀྱང་མདོར་ན་རྟེན་སྙིང་རྗེ་དང་། བརྟེན་པ་བྱང་ཆུབ་ཀྱི་སེམས་ཟུང་དུ་འབྲེལ་བས་ཀུན་རྫོབ་སྨོན་འཇུག་དང་། དོན་དམ་སྤྲོས་པ་ཐམས་ཅད་དང་བྲལ་བའི་གནས་ལུགས་འོད་གསལ་བའི་དབྱིངས་སུ་མཉམ་པར་འཇོག་པ་ལ་གནད་ཐམས་ཅད་ཚང་སྟེ། མྱང་འདས་ལས། ཀུན་རྫོབ་དོན་དམ་དབྱེ་བ་ཡིས། །བྱང་ཆུབ་སེམས་དེ་རྣམ་པ་གཉིས། །ཞེས་སོ། །གཉིས་པ་ནི། ཉམས་རྟོགས་ ནས་ ལེགས་པར་སྦྱང༔ ཞེས་གསུངས་ཏེ། སྤྱིར་སོ་སོ་སྐྱེ་བོའི་རྒྱུད་ལ་ཐོག་མེད་ནས་བསགས་པའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཚན་པོ་ཆེ་ཡོད་པས་ཐར་པ་དང་རྣམ་མཁྱེན་ལ་བར་དུ་གཅོད་ཅིང་། ཁྱད་པར་ལམ་གྱི་དངོས་གཞིའི་ཉམས་མྱོང་དང་རྟོགས་པའི་ཡེ་ཤེས་ཚུལ་བཞིན་དུ་མི་སྐྱེ་བའི་གེགས་གཅིག་པུ་ནི། སྔར་བསགས་ཀྱི་སྡིག་པ་དང་བཅས་པ་ལས་འགལ་བའི་ལྟུང་བ་རྣམས་ཡིན་པས་དེ་དག་ལ་གནོང་ཞིང་འགྱོད་པ་ཆེན་པོས་དེ་སྦྱོང་བྱེད་ཀྱི་གཉེན་པོ་ཁྱད་པར་དུ་འཕགས་པ། བླ་མ་དང་དབྱེར་མེད་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐྱབས་སུ་རྩེ་གཅིག་པར་བཟུང་ཞིང་། ཕྱི་ནང་གསང་བའི་རྣལ་འབྱོར་གང་རུང་དང་འབྲེལ་བར་སྐུ་ལྷའི་རྣམ་པ་བསྒོམ། སྙིང་པོའི་གསང་སྔགས་ཡི་གེ་བརྒྱ་པ་བདུད་རྩི་འབེབས་སྦྱོང་སོགས་དམིགས་པའི་འཕྲོ་འདུ་དང་བཅས་ཏེ་བཟླ། སྡིག་ལྟུང་སྔར་བྱས་བཤགས་ཤིང་ཕྱིན་ཆད་མི་བྱ་བའི་སྡོམ་སེམས་དྲག་པོས་རང་གི་རྒྱུད་ལེགས་པར་སྦྱངས་ནས་རྣམ་པར་དག་པར་བྱའོ། །དེའང་ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཐམས་ཅད་ཟིལ་གྱིས་ནོན་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། སོར་ཆུད་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། །ཞེས་གསུངས་པ་ལྟར་སྡིག་པ་བཤགས་པ་ལ་སྟོབས་བཞི་ཚང་དགོས་ཤིང་དེ་ཚང་ན་སྡིག་པའི་ཕུང་པོ་རི་རབ་ཙམ་ཡང་བཤགས་པ་ཚད་ལྡན་ལན་གཅིག་གིས་བྱང་བར་འགྱུར་ཏེ། མདོ་ལས། གང་གིས་བསྐལ་པ་དུ་མ་རུ། །སྡིག་པ་ཤིན་ཏུ་མི་བཟད་བགྱིས། །ལན་ཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །ཞེས་སོ། །དེ་ལ་སྐབས་འདིར་རྟེན་གྱི་སྟོབས་ནི། བཤགས་ཡུལ་གྱི་རྟེན་བླ་མ་རྡོ་རྗེ་སེམས་དཔའ། རང་རྒྱུད་ཀྱི་རྟེན་དེ་ལ་རྩེ་གཅིག་གུས་པས་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་མི་གཏོང་བ་ཡིན་ལ། དེའང་འདིར་བདག་གཞན་གྱི་སྡིག་སྒྲིབ་དག་པར་མཛད་དུ་གསོལ་སྙམ་པ་དང་། །སྔགས་དོན་བསམ་པ་ལ་ཚང་། སྔགས་དོན་ནི། རྡོ་རྗེ་སེམས་དཔའ་དམ་ཚིག་རྗེས་སུ་སྐྱོང་། ཞེས་སོགས་གསོལ་འདེབས་ཐུགས་རྒྱུད་བསྐུལ་བའི་ཚིག་ཡིན། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི་མི་དགེ་བའི་གཉེན་པོར་དགེ་བ་ལ་སྤྱོད་པ་སྟེ་འདིར་ལྷ་སྒོམ་སྔགས་བཟླ་སྡིག་སྒྲིབ་བཀྲུ་བའི་དམིགས་གནད་སོགས་ཡིན། སུན་འབྱིན་པའི་སྟོབས་སྔར་བྱས་ལ་འགྱོད་པ་དང་། སོར་ཆུད་པའམ་སླར་ལྡོག་པའི་སྟོབས་ཕྱིན་ཆད་སྡོམ་པའི་སེམས་ཡིན་པས། སྟོབས་གཉིས་པོ་དེ་བཟླས་པའི་མཇུག་ཏུ་བདག་ནི་མི་ཤེས་སོགས་ཚིགས་བཅད་ལྷུག་གི་བཤགས་པ་བཏོན་ན་དེ་ལ་ཚང་ཞིང་། གལ་ཏེ་མི་འདོན་ནའང་གནོང་འགྱོད་མེད་ན་བཤགས་པའི་བློ་མི་སྐྱེ་ཞིང་། འགྱོད་པ་གཤའ་མ་ཞིག་སྐྱེས་ཕྱིན་ཆད་ཉེས་དམིགས་ཤེས་པས་སྡོམ་སེམས་ཤུགས་ལ་འབྱུང་བ་ཆོས་ཉིད་དོ། །འདི་ཉིད་གསང་སྔགས་བླ་མེད་ཀྱི་ནང་གི་ཁྲུས་ཡིན་པས་ཐོག་མར་སྦྱོར་བའང་ཤིན་ཏུ་འབྲེལ་ཆགས་པ་ཡིན་ཞིང་། སྤྱིར་སྒོམ་བཟླས་འདིའི་ཕན་ཡོན་ཚད་མེད་པར་གསུངས་ཏེ། དགོངས་པ་ཚིག་གསུམ་པའི་རྒྱུད་ལས། རྡོ་རྗེ་སེམས་དཔའ་བསྒོམས་ནས་ནི། །སྔགས་ཀྱང་རབ་ཏུ་བཟླ་བྱེད་པ། །དེ་ཡི་སྡིག་ཀུན་བྱང་ནས་ནི། །རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར། །ཞེས་དང་། རྡོ་རྗེ་སེམས་དཔའ་གླུའི་རྒྱུད་ལས། རང་བྱུང་ཐིག་ལེ་ཡི་གེ་བརྒྱ། །སངས་རྒྱས་ཀུན་གྱི་ས་བོན་ཏེ། །ཉམས་ཆགས་ཐམས་ཅད་འཇོམས་པར་བྱེད། །ཅེས་དང་། དྲི་མེད་བཤགས་པའི་རྒྱུད་ལས། འདི་དག་དུས་གཅིག་ལ་བརྒྱ་རྩ་བརྒྱད་བཟླས་ན། ཉམས་ཆགས་ཐམས་ཅད་བསྐངས་ཏེ། ངན་སོང་གསུམ་ལས་ཐར་པར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །གསུམ་པ་ནི། ཡེ་ཤེས་ ནས་ མཛོད་དུ་འབུལ༔ ཞེས་གསུངས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། དེ་འདྲའི་ས་བོན་ཐམས་ཅད་ལས། །རྒྱུ་དང་འདྲ་བའི་འབྲས་བུ་འབྱུང་། །ས་བོན་མེད་པར་འབྲས་ཡོད་པ། །ཤེས་ལྡན་གང་གིས་སྒྲུབ་པར་ནུས། ཞེས་པ་ལྟར་ཆོས་ཐམས་ཅད་རྒྱུ་འབྲས་འབྲེལ་བ་ཅན་དུ་གྲུབ་པས། བདེན་གཉིས་དབྱེར་མེད་ཀྱི་ལྟ་བས་གཞི་བཟུང་། ཚོགས་གཉིས་ཟུང་འབྲེལ་དུ་རྫོགས་པས་རྒྱུ་བྱས། ཆོས་སྐུ་དང་གཟུགས་སྐུའི་འབྲས་བུ་འབྱུང་བ་ཡིན་ཞིང་། དེའང་རིན་ཆེན་ཕྲེང་བ་ལས། གཟུགས་ཀྱི་སྐུ་དེ་མདོར་བསྡུ་ན། །བསོད་ནམས་ཚོགས་ལས་འབྱུང་བ་སྟེ། །ཆོས་ཀྱི་སྐུ་དེ་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་པ་ལྟར་འབྲས་བུའི་མཐར་ཐུག་ཆོས་སྐུ་ཐོབ་པའི་རྒྱུ་མཐུན་ཞི་ལྷག་གིས་བསྡུས་པའི་ཡེ་ཤེས་ཀྱི་ཚོགས་ཡིན་ལ། དེའང་བསོད་ནམས་ཀྱི་ཚོགས་བསགས་པ་ལ་རག་ལས་ཤིང་སྦྱིན་སོགས་ཕར་ཕྱིན་གྱིས་བསྡུས་པའི་བསོད་ནམས་བསགས་ཐབས་མཐའ་ཡས་པ་ཞིག་མཆིས་ཀྱང་། བྱ་སླ་དོན་ཆེ་བ་མཎྜལ་ཕུལ་བ་ལས་ལྷག་པ་གང་ཡང་མེད་པས་དེ་ལ་འབད་དགོས་པ་ཡིན་པས། དེའང་གང་ལ་འབུལ་བའི་ཡུལ་སྒྲུབ་པའི་མཎྜལ་རྩ་གསུམ་རབ་འབྱམས་རྒྱ་མཚོ་མཁའ་ཁྱབ་ཀྱི་འཁོར་ལོར་མངོན་སུམ་བཞིན་དུ་བཞུགས་པར་མོས་པ་ལ། འབུལ་བྱའི་དངོས་པོ་མཆོད་པའི་མཎྜལ་གཙང་ཞིང་དག་ལ་གྱ་ནོམ་པ་ལག་ལེན་མཐོང་བརྒྱུད་ལྟར་བཀོད་པས་དམིགས་རྟེན་ཏུ་བྱས་ཏེ། ཕྱི་ལྟར་ན་དབང་ཆེན་གསེར་གྱི་ས་གཞི་ལ་བརྟེན་པའི་རི་རབ་གླིང་བཞི་ཉི་ཟླ་སོགས་སྣོད་ཀྱི་འཇིག་རྟེན་ལྷ་མིའི་འབྱོར་ཚོགས་བསམ་གྱིས་མི་ཁྱབ་པའི་བཅུད་ཀྱིས་ཡོངས་སུ་གཏམས་པ་དང་། ནང་ལྟར་ན། རང་ལུས་ཕུང་པོ་ལྔ་ཁམས་ལྔ་སྐྱེ་མཆེད་དྲུག་གིས་བསྡུས་པ་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པ་སྟེ། པགས་པ་གསེར་གྱི་ས་གཞི། ཁྲག་བྱུག་པ། སྒལ་ཚིགས་རི་རབ། ཡན་ལག་བཞི་གླིང་བཞི། རྩ་རོ་རྐྱང་ཉི་ཟླ། བྱང་ཆུབ་ཀྱི་སེམས་ལྷ་མིའི་འབྱོར་ཚོགས་སོགས་རང་ལུས་སྣོད་བཅུད་ཀྱི་འཇིག་རྟེན་རིན་པོ་ཆེའི་འབྱུང་གནས་སུ་དམིགས་པ་དང་། གསང་བ་ལྟར་ན། འཁོར་འདས་ཀྱི་རྒྱུར་གྱུར་པའི་ཀུན་གཞི་གསེར་གྱི་ས་གཞི། དེ་ཉིད་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བ་དྲིའི་བྱུག་པ། རང་རིག་པ་རང་བྱུང་འོད་གསལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་རི་རབ། དེ་ལས་ཚད་མེད་བཞི་དང་དགའ་བ་བཞི་དང་ཡེ་ཤེས་བཞི་སོགས་འབྱུང་བ་གླིང་བཞི་ཐབས་ཤེས་ཟུང་དུ་འབྲེལ་བ་ཉི་ཟླ་ལ་སོགས་པར་ལྷུན་གྱིས་གྲུབ་པ་སྟེ། མདོར་ན་ཡུལ་ཆོས་ཀྱི་དབྱིངས་གཟོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་མེ་ལོང་ཤིན་ཏུ་དྭངས་པ་ལྟ་བུའི་ངོས་ལ། རང་རིག་པ་རང་བྱུང་གི་ཡེ་ཤེས་མི་འགྱུར་བའི་བདེ་བ་ཆེན་པོའི་རོལ་པ་ཅིར་ཡང་མ་འགགས་པའི་རྩལ་སྣང་གཟུགས་བརྙན་ལྟ་བུ་ནམ་མཁའི་མཐས་གཏུགས་པར་ཁྱབ་པའི་མཆོད་པའི་སྤྲིན་ཆེན་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱི་སྨོན་ལམ་གྱི་སྟོབས་ལས་རྣམ་པར་འཕྲུལ་བ་ལྟར་མོས་ཤིང་འཁོར་གསུམ་ཡོངས་དག་གི་ངང་དུ་འབུལ་ལོ། །དེ་ལྟར་ཕྱི་ནང་གསང་བ་ཐམས་ཅད་མཆོད་སྤྲིན་སྟོབ་པའི་ལྡོག་ཆ་ནས་བསོད་ནམས་དང་། མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པའི་ལྡོག་ཆ་ནས་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བ་ཡིན་ལ། མཎྜལ་འདི་ཉིད་དངོས་པོ་ཆུང་ཡང་དམིགས་པ་དང་བསམ་པའི་ཐབས་ཁྱད་པར་ཅན་གྱིས་སྤེལ་བས་བསོད་ནམས་མཐའ་ཡས་པ་ཐོབ་པར་འགྱུར་ཏེ། ཇི་སྐད་དུ། ཕ་རོལ་ཕྱིན་པ་འདི་རྣམས་ཉིད། །ཐུབ་པས་མཎྜལ་བྱས་པས་ཐོབ། །བདེ་གཤེགས་ཕོ་བྲང་དམ་པ་འདི། །ལུས་ཀྱིས་ལས་རྣམས་བྱས་པ་ནི། །གསེར་གྱི་ཁ་དོག་དང་ལྡན་ཞིང་། །ནད་ཀུན་ལས་ནི་གྲོལ་བ་དང་། །ཟླ་བ་ལྟར་གསལ་ཡིད་འོང་བའི། །ལྷ་མི་ཁྱད་པར་འཕགས་པ་དང་། །ནོར་དང་གསེར་ནི་ཕུན་ཚོགས་པས། །རྒྱལ་པོའི་རིགས་སུ་སྐྱེ་བར་འགྱུར། །ཞེས་དང་། ཀ་མ་ལ་ཤཱི་ལས། གླིང་བཞི་ཕུལ་བའི་བསོད་ནམས་ཀྱིས། །བདུད་བཞི་མ་ལུས་ཞི་བར་འགྱུར། །གླིང་ཕྲན་ཕུལ་བའི་བསོད་ནམས་གྱིས། །ཚད་མེད་བཞི་དང་ལྡན་པར་འགྱུར། །རིན་ཆེན་སྣ་བདུན་ཕུལ་བ་ཡིས། །འཕགས་པའི་ནོར་བདུན་ཐོབ་པར་འགྱུར། །གཏེར་ཆེན་ཕུལ་བའི་བསོད་ནམས་ཀྱིས། །མི་ཟད་ལོངས་སྤྱོད་འཕེལ་བར་འགྱུར། །ཉི་ཟླ་ཕུལ་བའི་བསོད་ནམས་ཀྱིས། །ལྟ་སྒོམ་སེམས་ལ་གསལ་བར་འགྱུར། །རིན་ཆེན་ཕུལ་བའི་བསོད་ནམས་ཀྱིས། །རང་བྱུང་ཡེ་ཤེས་ཐོབ་པར་འགྱུར། །མཎྜལ་གཅིག་ཕུལ་དྲུག་དང་ལྡན། །བསོད་ནམས་ཚོགས་ནི་བསམ་མི་ཁྱབ། །དེས་ན་དེ་ལ་བརྩོན་པར་བྱ། །ཞེས་སོ། །བཞི་པ་ནི། ཁྱད་པར་ ནས་ རང་ངོ་བསྐྱང༔ ཞེས་གསུངས་ཏེ། བསག་སྦྱང་དེ་དག་ཀུན་ཀྱང་སྔགས་ཀྱི་ལམ་འདིར་ཁྱད་པར་དུ་གལ་ཆེ་བ་ནི། རང་རྒྱུད་ལ་བྱིན་རླབས་མྱུར་དུ་འཇུག་པ་དང་ཐུན་མོང་དང་མཆོག་གི་དངོས་གྲུབ་ཀུན་གྱི་གཞི་རྟེན་དུ་གྱུར་པ་ནི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་ཁོ་ན་ཡིན་པས་དེ་ཉིད་ཕྱོགས་དུས་དཀོན་མཆོག་ཀུན་འདུས་སུ་ངེས་པའི་ཤེས་པ་བརྟན་པོས་རྣལ་འབྱོར་དུ་བྱེད་པ་ལ་འབད་ཅིང་། དེའང་ཐོག་མར་ཚད་མེད་པའི་བཀའ་དྲིན་དྲན་ཏེ་ཅི་མཛད་ལེགས་པར་མཐོང་བའི་སྒོ་ནས་མོས་གུས་ལ་གནད་དུ་བསྣུན། གོམས་ནས་བཅོས་མིན་གྱི་མོས་གུས་དྲག་པོས་ཐ་མལ་གྱི་སྣང་བ་བཙན་ཐབས་སུ་སྒྱུར་ནུས་པ་ལ་བསླབ། དེའང་ཐོག་མར་ཁྲིད་རིམ་སོ་སོར་ལྟར་ཡུལ་ལམ་རྟེན་གསལ་གདབ། སྤྱི་འགྲོའི་ཡན་ལག་བདུན་པའམ་ཁྱད་པར་རྒྱུན་བཤགས་ཡན་ལག་བརྒྱད་པ་དང་བཅུ་པ་གང་རུང་གིས་ཚོགས་བསག །དང་གུས་དྲག་པོས་རྩ་བརྒྱུད་བླ་མ་ལ་གསོལ་བ་ཡང་ཡང་གདབ། མཐར་བྱིན་རླབས་དབང་བཞིའི་ཡེ་ཤེས་ལམ་དུས་འོད་ཟེར་སྤྲོས་ཐིམ་གྱི་ཚུལ་དུ་བླང་། མོས་གུས་ཤུགས་ཀྱིས་འོད་དུ་ཞུ་ནས་རང་ལ་བསྟིམ། བླ་མའི་ཐུགས་རྣམ་པར་དག་པའི་ཡེ་ཤེས་དང་རང་གི་ཡིད་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་གཅིག་ཏུ་བསྲེས་ལ་རང་སྣང་རིས་མེད་ཆེན་པོའི་དགོངས་པའི་རང་ངོ་རྩོལ་བྲལ་ལྷུག་པར་བསྐྱངས་ལ་མཉམ་པར་བཞག་གོ །དེའི་དོན་ཅུང་ཟད་སྨོས་ན། སློབ་དཔོན་བྷ་བི་ལྷས། གང་ཕྱིར་རྡོ་རྗེ་འཛིན་པ་ཡི། །དངོས་གྲུབ་སློབ་དཔོན་རྗེས་འབྲངས་གསུངས། །ཞེས་པ་ལྟར། རྡོ་རྗེ་ཐེག་པའི་དངོས་གྲུབ་ཐམས་ཅད་བླ་མ་དམ་པའི་རྗེས་སུ་འབྲང་བ་ལས་གཞན་ཅིས་ཀྱང་ཚུལ་བཞིན་གྲུབ་པ་མ་ཡིན་པས་བླ་མའི་རྣལ་འབྱོར་གྱི་ལམ་ལ་འཇུག་དགོས། དེའང་རྡོ་རྗེ་མེ་ལོང་ལས། རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གཙོ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་པས་རྩ་བའི་བླ་མ་དེ་ཉིད་སོ་སྐྱེའམ་འཕགས་པ་གང་ཡིན་ཀྱང་རུང་། སངས་རྒྱས་དངོས་སུ་ལྟ་དགོས་ཤིང་། དོན་ལ་དེ་བཞིན་གཤེགས་པ་གཅིག་ལ་གསོལ་བ་བཏབ་པས་ཐམས་ཅད་ལ་བཏབ་པར་འགྱུར་ནའང་། རང་ཉིད་ཀྱི་བསམ་པའི་ཁྱེར་སོས་མོས་པ་འཇུག་ཚུལ་གྱི་ཁྱད་པར་ལས་ཕན་ཡོན་རྒྱ་ཆེ་ཆུང་འབྱུང་བས་ན་ཕྱོགས་བཅུའི་དཀོན་མཆོག་ཀུན་འདུས་སུ་བལྟ་དགོས་པ་དང་། དེར་མ་ཟད་བདག་ཅག་གི་སྣང་ངོར་སངས་རྒྱས་ཐམས་ཅད་ལས་ཀྱང་བཀའ་དྲིན་ཆེ་ཞིང་ཆེས་ལྷག་སྟེ། ཅིའི་ཕྱིར་ཞེ་ན་བདག་ཅག་ལ་སངས་རྒྱས་གཟུགས་ཀྱི་སྐུ་དངོས་ཀྱི་ཞལ་བལྟ་བ་དང་གསུང་ཐོས་པའི་སྐལ་བས་ཕོངས་པའི་སྐབས་འདིར་རང་རྒྱུད་ལ་སངས་རྒྱས་ཀྱི་ཕྲིན་ལས་འཇོག་པའི་བདག་རྐྱེན་མཛད་པས་སངས་རྒྱས་ཆོས་ཀྱི་སྐུའི་ཞལ་བལྟ་བ་ལ་སྦྱོར་བའི་བཀའ་དྲིན་ནི་བསམ་གྱིས་མི་ཁྱབ་ཅིང་སངས་རྒྱས་ཀུན་ལས་ལྷག་པར་ངེས་པས་སོ། །དེ་ལྟར་ཡང་ནམ་མཁའ་དྲི་མ་མེད་པའི་མདོ་ལས། ཀུན་དགའ་བོ། དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་ཐམས་ཅད་ལ་སྣང་བའང་མ་ཡིན་གྱི། དགེ་བའི་བཤེས་གཉེན་ནི་ཡོངས་སུ་སྣང་བས་ཆོས་སྟོན་ཅིང་། ཐར་པའི་ས་བོན་འདེབས་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལས་དགེ་བའི་བཤེས་གཉེན་ལྷག་པར་ཟུངས་ཤིག །ཅེས་དང་། ཁྱད་པར་སྔགས་ཀྱི་ཐེག་པ་འདིར་རྡོ་རྗེ་སློབ་དཔོན་གྱི་སྐུ་གསུང་ཐུགས་ལ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་རྗེས་སུ་ཞུགས་པའི་ཚུལ་གྱིས་འགྲོ་དོན་མཛད་པ་ཡིན་པས། རྡོ་རྗེ་སློབ་དཔོན་ལ་བརྙས་པའམ་མཆོད་ན་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ལ་དེ་ལྟར་བྱས་པར་འགྱུར་བས་ཁེ་ཉེན་གཉིས་ཀ་གཞན་ལས་ཆེས་ཆེ་བ་ཡིན་ཞིང་། གསོལ་འདེབས་ཀྱི་ཡུལ་གསལ་གདབ་པ་ལའང་། ཡེ་ཤེས་པ་ལྟར་གཞན་ནས་སྤྱན་འདྲེན་པ་དང་། སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ་སྒོམ་པ་གཉིས་དོན་ལ་ཁྱད་པར་མེད་དེ། མདོ་ལས། གང་ཞིག་རྒྱལ་བ་ཡིད་བྱེད་པ། །དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་རློབ་པར་བྱེད། །ཅེས་སོ། །ཚོགས་བསགས་ཡན་ལག་བདུན་པ་མདོ་སྡེ་རྣམས་ལས་རྒྱས་བསྡུས་ཅི་རིགས་པ་ཕན་ཡོན་བཅས་ཡང་ཡང་གསུངས་ཤིང་། དཔལ་སྦས་ཀྱིས་ཞུས་པའི་མདོ་ལས། གང་ཞིག་ཕྱོགས་བཅུའི་སངས་རྒྱས་ལ། །དམིགས་ནས་ཐལ་མོ་སྦྱར་བྱས་ཏེ། །ཕྱག་འཚལ་དེ་བཞིན་མཆོད་བྱེད་དམ། །བསོད་ནམས་དག་ལ་ཡི་རང་ཞིང་། །སྡིག་པ་དག་ཀྱང་འཆགས་པར་བགྱིད། །བསྐུལ་དང་གསོལ་བ་འདེབས་གྱུར་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །ནམ་མཁའ་གང་བར་རྟག་ཏུ་འབྱུང་། །ཞེས་གསུངས། ཡན་ལག་བརྒྱད་པ་ནི། སངས་རྒྱས་གསང་བའི་ལམ་རིམ་དུ། ཡན་ལག་བརྒྱད་པའི་ཚུལ་བཟུང་ལ། །ཞེས་པའི་དོན་སྒེག་པ་རྡོ་རྗེའི་རྒྱུན་བཤགས་རྩ་བར། རྒྱལ་བ་འཁོར་བཅས་སྤྱན་དྲངས་ཏེ། །བླ་མ་སྙིང་པོར་བཞུགས་པ་ལ། །ཕྱག་སྐྱབས་མཆོད་དང་བཤགས་པ་དང་། །ཡི་རང་སེམས་བསྐྱེད་ལུས་དབུལ་དང་། །བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ། །ཞེས་དང་། དེ་ཡི་ལས་བྱང་དུ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་སོགས་འབྱུང་བ་འདིའི་སྐབས་སུ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་དང་། ཆོས་འཁོར་བསྐོར་བ་གཉིས་མི་འབྱུང་བ་ནི་སྔགས་ཀྱི་སྟོན་པ་ངེས་པ་ལྔ་ལྡན་ཡིན་ཕྱིར་མྱ་ངན་ལས་འདའ་བར་མི་སྟོན་པ་དང་། དེ་བཞིན་དུ་ཆོས་དུས་གསུམ་དུས་མེད་དུ་སྟོན་པ་ལས་བསྐུལ་བ་ལ་མི་ལྟོས་པས། ཐུན་མོང་མ་ཡིན་པའི་སྐབས་འདིར་དེ་གཉིས་མི་དགོས་པར་བཞེད་ཅིང་། གཉིས་པོའི་ཚབ་ཏུ་སྐྱབས་སེམས་ལུས་དབུལ་བསྣན་པས་ཡན་ལག་བརྒྱད་དང་། བཅུ་པ་ནི་བཀའ་བརྒྱད་ཡོངས་རྫོགས་དང་གཏེར་རྙིང་ཐུགས་སྒྲུབ་འགའ་ཞིག་ལས་ཀྱང་འབྱུང་ཞིང་སྤྱི་མཐུན་དྲུག་པོའི་སྟེང་དུ་སྤྱན་འདྲེན་བཞུགས་གསོལ། བསྔོ་བ་དང་སྨོན་ལམ་ཁྱད་པར་ཕྱེ་བས་བཅུར་བརྩི། དེ་དག་གི་དམིགས་པ་ནི་འདིར་ཡིག་ཚོགས་ལ་འཇིགས་པས་མ་སྤྲོས་སོ། །གསོལ་བ་གང་ལ་འདེབས་པའི་ཡུལ་ཡང་རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་རྒྱུད། གང་ཟག་སྙན་བརྒྱུད་གསུམ་གྱི་སྟེང་དུ་གཏེར་མའི་ཕྱོགས་འདིར་ཐུགས་རྗེ་བྱིན་རླབས། མཁའ་འགྲོ་གཏད་རྒྱ། སྨོན་ལམ་དབང་བསྐུར་གསུམ་གྱི་ཆུ་བོ་ཡང་སྤྲུལ་སྐུ་གཏེར་སྟོན་ཉིད་ལ་ཚང་བས་བརྒྱུད་པ་དྲུག་ལྡན་གྱི་རྩ་བརྒྱུད་རིག་འཛིན་བླ་མ་རྣམས་ཕྱོགས་དུས་དཀོན་མཆོག་རྩ་གསུམ་མ་ལུས་པའི་ངོ་བོར་ཤེས་པ་དང་། གང་གིས་འདེབས་པ་པོ་མཁའ་མཉམ་འགྲོ་བ་ཀུན་གྱི་བྱང་རང་གིས་དྲངས་པས་དང་། ཇི་ལྟར་འདེབས་ན་རྩ་བརྒྱུད་བླ་མ་དེ་རྣམས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་དགོས་འདོད་ཀུན་འབྱུང་དུ་བློ་ཐག་བཅད་ནས་རེ་ལྟོས་ལིང་བསྐྱུར་གྱི་གདུང་ཤུགས་དྲག་པོས་དང་། གང་གི་ཕྱིར་ན། རིམ་གཉིས་སྒོམ་པའི་བར་ཆད་ཞི་ཞིང་དངོས་གྲུབ་སྤྱི་དང་ཁྱད་པར་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཞུགས་ནས་མཆོག་གི་དངོས་གྲུབ་མྱུར་དུ་འགྲུབ་པའི་སླད་དུའོ། །བླ་མའི་རྣལ་འབྱོར་སྒོམ་པའི་ཕན་ཡོན་ནི། ཀུན་འདུས་རིན་པོ་ཆེའི་རྒྱུད་ལས། གང་གིས་བསྐལ་པ་འབུམ་ཕྲག་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོམ་པ་བས། །བླ་མ་ཅུང་ཟད་དྲན་པ་མཆོག །བསོད་ནམས་འདི་ནི་ཕ་མཐའ་ཡས། །ཞེས་སོགས་གསར་རྙིང་རྒྱུད་གཞུང་ཀུན་ལས་མཐའ་ཡས་པ་གསུངས་སོ། །གཉིས་པ་ཆོ་གའི་སྔོན་འགྲོ་ལ་གཉིས། འགལ་རྐྱེན་བསལ་བ་དང་། མཐུན་རྐྱེན་བསྒྲུབ་པའོ། །དང་པོ་ལ་གཉིས། བགེགས་བསྐྲད་པ་དང་། སྲུང་བའི་འཁོར་ལོ་བསྒོམ་པའོ། །དང་པོ་ནི། རང་བཞིན་ ནས་ དྲག་ཏུ་བསྐྲད༔ ཅེས་གསུངས་ཏེ། ཇི་སྐད་དུ། རྣམ་པར་རྟོག་པ་བགེགས་ཡིན་ཏེ། །བགེགས་ནི་རང་གི་སེམས་ལས་བྱུང་། །ཞེས་པ་ལྟར། གདོད་ནས་རང་བཞིན་གྱིས་དངོས་མཚན་དུ་མ་གྲུབ་ཀྱང་རང་གི་ཉོན་མོངས་པའི་རྟོག་ཚོགས་ཕྱི་རོལ་ཏུ་ཤར་བས་མཚན་མ་ལྟར་སྣང་བ། བདག་འཁོར་ཡོ་བྱད་རྣལ་འབྱོར་རྣམས་ལ་འཚེ་ཞིང་གླགས་ལྟ་བའི་བགེགས་ཀྱི་ཚོགས་སྟོང་ཕྲག་བརྒྱད་ཅུ་ལ་སོགས་པ་ལ། བདག་ཉིད་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པས་བཤམས་པའི་གཏོར་མ་སྔགས་དང་ཕྱག་རྒྱས་འདོད་པའི་ལོངས་སྤྱོད་ཟད་མི་ཤེས་པར་བརླབས་ཏེ་བརྔན་པར་བྱིན་ལ། བདེན་པའི་ཚིག་གིས་གནོད་འཚེ་མེད་པར་གཞན་དུ་སོང་ཞིག་པའི་བཀའ་བསྒོ། བརྔན་ཀྱང་མི་ཚིམས་ཤིང་ཞི་བའི་ཚིག་ལ་མི་ཉན་པའི་གདུག་པ་ཅན་མཐའ་དག་དྲག་པོའི་སྔགས་དང་མེ་མཚོན་ཁྲོ་ཆུང་འབར་བའི་ཆར་དབབ་པས་སྡིགས་བསྐྲད་གཟིར་ཏེ་དཔག་ཚད་མང་པོའི་ཕ་རོལ་ཏུ་བསྐྲད་པར་བྱའོ། །གཉིས་པ་ནི། རྡོ་རྗེའི་ ནས་ བར་ཆད་བསྲུང༔ ཞེས་གསུངས་ཏེ། རྐུན་མ་བསྐྲད་ནས་སྒོ་གཅོད་པའི་དཔེ་ལྟར་བར་གཅོད་ཀྱི་བགེགས་བསྐྲད་ནས་ཕྱིན་ཆད་མི་འཇུག་པའི་སླད་དུ་སྲུང་པའི་འཁོར་ལོ་བསྒོམ་པ་ལ་ལྔ་སྟེ། དང་པོ་ནི། བདག་ཉིད་ཞེ་སྡང་རྡོ་རྗེ་ལས་འཕྲོས་པའི་འོད་ཟེར་གྱིས། འོག་རྡོ་རྗེའི་ས་གཞི། བར་རྡོ་རྗེ་རྭ་བ། སྟེང་རྡོ་རྗེའི་གུར་དང་བླ་བྲེ། ར་གུར་གྱི་ཕྱི་རོལ་ཏུ་རྡོ་རྗེའི་དྲྭ་བས་གཏམས་པའི་གུར་ཁང་རྒྱལ་ཐབས་ཏེ་རྒྱལ་པོའི་ཕོ་བྲང་གི་ལྕགས་རི་བཙན་པོ་ལྟ་བུ་མི་ཕྱེད་མི་ཤིགས་པ། གཉིས་པ་ནི། དེའི་ཕྱི་རོལ་ཏུ་འཁོར་ལོ་རྡོ་རྗེ་རིན་ཆེན་པདྨ་རལ་གྲི་སྟེ་རིགས་བསྡུས་པའི་ཕྱག་མཚན་ལྔ་པོ་རེ་རེ་བཞིན་འབར་ཞིང་བརྟན་པ་གྲངས་མེད་པའི་གུར་ཁྱིམ་ཟླུམ་པོ་ཕྱི་ནང་ལྔ་སྦྲགས་ཀྱིས་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་གཏམས་པ། གསུམ་པ་ནི། དེ་དག་ལས་སྐྱེས་པའི་མེ་ཡེ་ཤེས་ལྔ་ལྡན་གྱི་ཁ་དོག་ཅན་བསྐལ་པ་འཇིག་པའི་མེ་ཕུང་ལྟ་བུ་རབ་ཏུ་འབར་བས་མགར་གྱི་ཞུན་མེ་ལ་སྦྲང་བུ་བཞིན་དུ་བར་དུ་གཅོད་པས་ཕྱོགས་སུའང་ཉེ་མི་ནུས་པར་དམིགས་པའོ། །བཞི་པ་ནི། རང་གཞན་གྱི་སྒོ་གསུམ་ལྷ་སྔགས་གཉུག་མའི་ཡེ་ཤེས་སུ་གདོད་ནས་ཡིན་པ་ལ་ཡིན་པར་ཤེས་པ་ནི་རང་བཞིན་ལྷུན་གྲུབ་ཀྱི་སྲུང་འཁོར་ཆེན་པོ་སྟེ། བདེ་འདུས་ལས། ཐམས་ཅད་སྐུ་དང་ཡེ་ཤེས་དང༔ བགེགས་སུ་རྟོག་པ་གང་ཡང་མེད༔ བསྲུང་བར་བྱ་དང་སྲུང་བྱེད་མེད༔ ཅེས་སོ། །ལྔ་པ་ནི། གསང་འགྲེལ་ལས། མཚམས་ཀྱི་རྒྱལ་པོ་མི་རྟོག་ཡེ་ཤེས་ཀྱིས། །བགེགས་ཀྱི་རྒྱལ་པོ་རྣམ་རྟོག་མནན་པར་བྱ། །ཞེས་པ་ལྟར་ཐམས་ཅད་ཀྱང་དེ་ཁོ་ན་ཉིད་ཀྱི་ལྟ་བས་ཟིན་པ་སྟེ། བར་དུ་གཅད་བྱ་གཅོད་བྱེད་བར་ཆད་གསུམ་ཀའང་རང་བཞིན་གྱིས་མི་དམིགས་པ་ཀ་དག་མཉམ་ཡངས་ཆེན་པོ་ཤེས་ན་སྟོང་པ་ཉིད་ལ་སྟོང་པ་ཉིད་ཀྱིས་གླགས་མི་རྙེད་པས་སྲུང་བ་རྣམས་ཀྱི་མཆོག་ཡིན་ཏེ། སློབ་དཔོན་ཆེན་པོས། རྟོག་སེམས་བློ་ཡི་དྲི་མ་དག༔ བགེགས་ཞེས་བྱ་བའི་མིང་ཡང་མེད༔ ཅེས་གསུངས་སོ། །དེ་དག་གི་དགོས་པའང་གལ་ཕྲེང་ལས། ངོ་བོ་བདག་གཞན་གཉིས་མེད་ཀྱང་། །དང་པོའི་ལས་ཅན་རྣལ་འབྱོར་པའི། །ཏིང་འཛིན་ཉམས་ལེན་བར་གཅོད་དག །ངེས་པར་བསལ་ཕྱིར་མཚམས་གཅད་བྱ། །ཞེས་སོ། །གཉིས་པ་མཐུན་རྐྱེན་སྒྲུབ་པ་ལའང་གཉིས། བྱིན་དབབ་པ། མཆོད་རྫས་བྱིན་བརླབ་བོ། །དང་པོ་ནི། ཡེ་ཤེས་ ནས་ རྟོག་པ་བསལ༔ ཞེས་གསུངས་ཏེ། རྣལ་འབྱོར་གྱི་འགལ་རྐྱེན་བསལ་ནས་མཐུན་རྐྱེན་གཙོ་བོ་སྣོད་བཅུད་ཡེ་ཤེས་ཀྱི་འཁོར་ལོར་བྱིན་གྱིས་བརླབ་པ་ལ། དབབ་བྱ་ཡེ་ཤེས་ལྷའི་འབྲས་ཆོས་རྣམ་ལྔའི་གཟི་བརྗིད་བྱིན་རླབས་ཆེན་པོ། དབབ་པའི་ཡུལ་བདག་སྒྲུབ་པ་པོ་དང་གནས་ཁང་སྒྲུབ་པའི་ཡོ་བྱད་དང་བཅས་པ་རྣམས་ལ། འབེབས་པའི་ཚུལ་དད་མོས་གདུང་ཤུགས་སྔགས་དང་ཏིང་འཛིན་ཁྱད་པར་གྱི་སྦྱར་སྤོས་ཡི་དྭགས་ཀྱི་མེར་བསྲེགས་པ་དང་ཅང་ཏེའུ་དྲིལ་བུ་སོགས་ཀྱི་སྒྲས་བསྐུལ་ཏེ། ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟར་མཁའ་ཁྱབ་ཏུ་སད་པའི་ལྷ་ཚོགས་ཐམས་ཅད་བདག་གནས་ཡོ་བྱད་ལ་ལྷག་པར་བསྟིམ་ཞིང་དབབ་པས། མ་དག་གཉིས་སྣང་མཚན་མའི་རྟོག་པ་ཐམས་ཅད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་རོལ་པ་ཆེན་པོར་ཤར་བ་སྟེ། གལ་ཕྲེང་ལས། སྔགས་བརྗོད་འོད་བསྡུའི་ཕྱག་རྒྱ་ཡིས། །འབྲས་བུ་རྣམ་ལྔའི་བྱིན་རླབས་དབབ། །ཅེས་སོ། །གཉིས་པ་ནི། ཕྱི་ནང་ ནས་ འདོད་རྒུར་སྤེལ༔ ཞེས་གསུངས་ཏེ། བྱིན་དབབ་པའི་རྗེས་སུ་གལ་པོ་ལས། མི་དམིགས་ཆོས་ལ་བློ་བཏགས་ཤིང་། །ཡེ་ཤེས་ཅན་གྱི་སྦྱིན་སྟོབས་ཀྱིས། །ཐམས་ཅད་ཚུལ་བཞིན་བྱིན་གྱིས་བརླབ། །ཅེས་འབྱུང་བ་ལྟར་མཆོད་རྫས་བྱིན་གྱིས་བརླབ་པའི་ཐོག་མར་ཡེ་ཤེས་རང་རྩལ་མེ་རླུང་ཆུར་ཤར་བས་མ་དག་གཉིས་འཛིན་གྱི་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུས་ཏེ་བསང་། ཐ་མལ་དུ་ཞེན་པའི་དངོས་པོ་རྣམས་སྤྲོས་བྲལ་སྟོང་ཉིད་དུ་སྦྱངས་ནས། ཕྱི་མཆོད་ལྷ་རྫས་ཀྱི་མེ་ཏོག་སོགས་ཉེར་སྤྱོད་ལྔ། དབང་ལྔའི་པུཥྤེ་སོགས་རང་བྱུང་གི་དམ་རྫས་ལྔ། རྡོ་རྗེའི་གཟུགས་སོགས་འདོད་པའི་ཡོན་ཏན་ལྔ་པོ་རྣམས་སོ་སོའི་མིང་གི་ཐོག་མ་ལས་དེ་དང་དེའི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་མཆོད་པའི་རྡུལ་རེ་རེ་ལས་ཀྱང་མཆོད་རྫས་སོ་སོ་ཐོགས་པའི་ལྷ་མོ་རྡུལ་སྙེད་དུ་འཕྲོ་བའི་མཆོད་སྤྲིན་རབ་འབྱམས་ཀྱིས་ནམ་མཁའི་ཁམས་གང་བར་བསམ་པ་དང་། ནང་མཆོད་སྨན་གཏོར་རཀྟ་གསུམ་སོ་སོར་མེ་རླུང་ས་བོན་སོགས་ཀྱིས་སྦྱོར་བས་མཚན་འཛིན་རང་ག་མའི་རྟོག་པ་སྦྱང་། དམ་ཡེ་གཉིས་མེད་ཀྱི་བདུད་རྩི་དང་ཟག་མེད་འདོད་ཡོན་གྱི་ཕུང་པོ་དང་ཆགས་མེད་དམར་ཆེན་གྱི་རྒྱ་མཚོར་རྟོག །ཆེས་ཆེར་འཕེལ་བས་མཆོད་སྤྲིན་མཁའ་ཁྱབ་ཏུ་སྦར་བ་དང་། གསང་མཆོད་གཉིས་སྣང་ལོག་རྟོག་གཉིས་མེད་ཆོས་དབྱིངས་སུ་བསྒྲལ་བ་དང་། ཡུལ་དབང་ཤེས་གསུམ་ཐབས་ཤེས་ཟུང་འཇུག་ཏུ་སྦྱོར་བ་དང་། ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་སྣོད་དག་པའི་ཞིང་བཅུད་ལྷ་དང་ལྷ་མོ་སྟེ་སྣང་སྤྱོད་ཐམས་ཅད་མཆོད་པའི་ཕྱག་རྒྱ་ལས་འདའ་བ་མེད་པ་དང་། མཆོད་པའི་ཡོ་བྱད་ཇི་སྙེད་པའང་སེམས་ཉིད་ཡེ་ཤེས་ཆེན་པོའི་རོལ་པར་སྡུད་པ་རོལ་པ་ཡེ་ཤེས་ཀྱི་མཆོད་པ་སྟེ། ཐམས་ཅད་ཀྱང་མཆོད་རྫས་དམ་ཚིག་གི་ཕྱག་རྒྱ་ལ་སོ་སོའི་རང་སྔགས་བརྗོད་པ་ཆོས་རྒྱ། བཅའ་བ་ལས་རྒྱ། བསྒོམ་པ་ཡེ་རྒྱ། ཀུན་ཀྱང་ཆོས་ཉིད་རྩལ་ཅིར་ཡང་སྣང་བ་ཡེ་ཤེས་སྒྱུ་མའི་རོལ་པར་ཤེས་པ་ཕྱག་རྒྱ་ཆེན་པོ་རྣམས་དང་ལྡན་པས་བདེ་བ་ཆེན་པོའི་རང་བཞིན་གྱི་མཆོད་པའི་སྤྲིན་ཕུང་དཀྱིལ་འཁོར་བ་རྣམས་ཀྱི་དབང་པོའི་སྤྱོད་ཡུལ་དུ་འདོད་རྒུར་འབྱུང་བར་སྤེལ་ཏེ་བྱིན་གྱིས་བརླབ་བོ། །སྔོན་འགྲོ་དེ་རྣམས་ལ་དག་རྫོགས་སྨིན་གསུམ་སྦྱོར་ན། སྦྱང་བྱ་འཁོར་བའི་དུས་སུ་ཇི་ལྟར་འདོད་པའི་སྲིད་པར་འཇུག་པ་ལ་སྐྱེ་གནས་ཀྱི་སྐྱོན་དང་ཕྱི་མའི་གནས་ལུས་ལོངས་སྤྱོད་ཀྱི་འགལ་རྐྱེན་རྣམས་སྦྱང་ཞིང་བསྲུང་བ་དང་། མཐུན་རྐྱེན་བསོད་ནམས་ཆ་མཐུན་གྱི་ལས་གསོག་པ་རྣམས་དག་པར་བྱེད། སྦྱངས་འབྲས་དངོས་གཞི་སངས་རྒྱས་ཀྱི་མཛད་པ་ལ་བར་དུ་གཅོད་པའི་བདུད་བཞི་བཅོམ་པ་དང་ཚོགས་གཉིས་གསོག་ཅིང་། འོད་ཟེར་ཆེན་པོས་དབང་བསྐུར་བ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཏིང་ངེ་འཛིན་མངོན་དུ་བྱེད་པ་ལ་སོགས་པ་དང་མཐུན་པས་འབྲས་བུ་རྫོགས་པར་བྱེད། སྦྱོང་བྱེད་སྔོན་འགྲོ་འདི་དག་གིས་རྩ་རླུང་ཐིག་ལེའི་བགེགས་དང་གོལ་ས་ཆོད་ཅིང་ཉམས་རྟོགས་ཀྱི་རྩལ་ཁ་སྐྱེད་པའི་ཐབས་རྨད་བྱུང་དུ་འགྱུར་བས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བར་བཤད་དོ། །རྩ་བའི་ས་བཅད་གཉིས་པ་དངོས་གཞི་ལ་གཉིས། རྩ་བའི་རྣལ་འབྱོར་དང་། དེའི་ཡན་ལག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་བཞི། རྒྱུ་ཏིང་འཛིན་གསུམ་གྱི་ཁོག་དབུབ་པ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། གསལ་བརྟན་དག་གསུམ་བཤད་པ། སྲོག་སྡོམ་གཟེར་བཞིའི་མན་ངག་བཤད་པའོ། །དང་པོ་ལའང་གཉིས། དག་པ་དང་བཅས་ཏེ་མདོར་བསྟན་པ། དེ་རྒྱས་པར་བཤད་པའོ། །དང་པོ་ནི། དངོས་གཞི་ ནས་ ཏིང་འཛིན་ནི༔ ཞེས་གསུངས་ཏེ། སྒྲུབ་ཐབས་ཀྱི་དངོས་གཞི་རྟེན་བརྟེན་པའི་དཀྱིལ་འཁོར་བསྐྱེད་པའི་ཐོག་མར། སྦྱང་བྱ་སེམས་ཅན་རྣམས་ཀྱི་འཆི་སྲིད་དང་བར་དོའི་སྲིད་པ་དང་སྐྱེ་བའི་སྲིད་པའི་ཚུལ་རིམ་པར་འབྱུང་བ་དང་མཐུན་པར། སྦྱོང་བྱེད་ཟབ་པ་དང་རྒྱ་ཆེ་བ་དེ་བཞིན་ཉིད། ཀུན་ཏུ་སྣང་། རྒྱུའི་ཏིང་ངེ་འཛིན་གསུམ་བསྒོམ་པར་བྱ་སྟེ། དེས་ནི་སྦྱངས་འབྲས་སྐུ་གསུམ་འགྲུབ་རུང་གི་རྟེན་འབྲེལ་འགྲིགས་པ་སྟེ། སངས་རྒྱས་གསང་བའི་ལམ་རིམ་ལས། སྲིད་པའི་རིམ་པ་སྨིན་ཚུལ་གྱིས། །འཇུག་པའི་ཡན་ལག་ལྔ་རུ་བཞག །གང་དག་དངོས་ཀུན་རང་རིག་ཕྱིར། །ཤི་བ་དོན་དམ་བདེན་པ་སྟེ། །སྐྱེ་བ་བར་མ་ཀུན་རྫོབ་ཡིན། །སྐྱེས་པའི་རིམ་གསུམ་གཉིས་མེད་དོན། །ཞེས་སོ། །གཉིས་པ་ལ་གསུམ། དེ་བཞིན་ཉིད། ཀུན་སྣང་། རྒྱུའི་ཏིང་ངེ་འཛིན་ནོ། །དང་པོ་ནི། སྟོང་ཆེན་ ནས་ མཉམ་པར་བཞག༔ ཅེས་གསུངས་ཏེ། དེ་བཞིན་ཉིད་སྟོང་པ་ཆེན་པོའི་ཏིང་ངེ་འཛིན་ནི། སྦྱང་བྱ་འགྲོ་བ་རྣམས་འཆི་བའི་ཚེ་ཕྱི་ནང་གི་ཐིམ་རིམ་རྣམས་རྫོགས་པའི་མཐར་འཆི་སྲིད་ཆོས་སྐུའི་འོད་གསལ་ཞེས་ངོ་མ་ཤེས་ན་ལྡོག་པ་ཅན་གྱི་སྒྲིབ་བྲལ་གསལ་སྟོང་རྣམ་པར་མི་རྟོག་པའི་ངང་དུ་དར་གཅིག་གནས་པ་དེ་ཡིན་ལ། སྦྱོང་བྱེད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་ལས་གཞན་དུ་མེད་ཅིང་སེམས་ཀྱང་རང་གི་ངོ་བོས་མ་གྲུབ་པས་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད་གདོད་མ་ནས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་ནམ་མཁའ་ལྟར་དག་པ། ཀུན་རྫོབ་དང་དོན་དམ་དུ་འཛིན་པའི་བཟང་ངན་དབྱེ་བ་བྱར་མེད་པས་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ་རང་བཞིན་གྱིས་འོད་གསལ་བའི་དབྱིངས་སུ་མ་བཅོས་པར་མཉམ་པར་བཞག །དེ་ལམ་དུ་ཇི་ལྟར་འགྱུར་ན། རྣམ་པར་མི་རྟོག་པའི་སྟོང་ཉིད་དེ་འཆི་བ་འོད་གསལ་དང་། འབྲས་བུ་ཆོས་སྐུ་གཉིས་ཀ་དང་རྣམ་པ་མཐུན་ཞིང་དེ་ལྟར་བསྒོམས་པའི་རྗེས་ཐོབ་ཉིད་དུ་འཆི་བ་དག་པ་ཆོས་སྐུའོ་སྙམ་པའི་གཞི་འབྲས་སྦྲེལ་བའི་ང་རྒྱལ་བྱ་ཞིང་དེ་ལྟར་བསྒོམས་པས་མར་འཁོར་བའི་དྲི་མ་འཆི་སྲིད་སྦྱོང་ཞིང་རྟག་པར་ལྟ་བ་དང་། གཟུགས་མེད་ཀྱི་ཁམས་དག་པར་བྱེད། ཡར་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཆོས་སྐུ་མངོན་དུ་བྱེད་པའི་རིགས་ཀྱི་ས་བོན་གསོས་འདེབས་པས་འབྲས་བུ་རྫོགས་པར་བྱེད། བར་དུ་དོན་གྱི་འོད་གསལ་རྒྱུད་ལ་སྐྱེ་བའི་གཞི་བཏིང་བས་ན་ལམ་གོང་མའི་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་རོ། །གཉིས་པ་ནི། སྙིང་རྗེ་ ནས་ ཀུན་ཏུ་སྤྲོ༔ ཞེས་གསུངས་ཏེ། སྙིང་རྗེ་སྒྱུ་མ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། སྦྱང་བྱ་འཆི་སྲིད་ཀྱི་སྐད་ཅིག་བཞི་པའི་རྗེས་དེ་ཉིད་ལ་ལྷུན་གྲུབ་ལོངས་སྐུའི་འོད་གསལ་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ་ལ་ཡེ་ཤེས་ལྔའི་རང་སྣང་འོད་དང་ཐིག་ལེ་ཚོམ་བུའི་རྣམ་པ་སྒྱུ་མ་ལྟ་བུར་ཤར་ཡང་ངོ་མ་ཤེས་པས་ལས་རླུང་གི་རྐྱེན་ལས་སེམས་སྣང་གསུམ་ལུགས་ལྡོག་གི་རིམ་པ་ཤིན་ཏུ་ཕྲ་ཞིང་དྭངས་པའི་བར་དོའི་ལུས་དབང་པོ་ཀུན་ཚང་བར་གྲུབ་པ་རྨི་ལམ་ལྟར་ཡད་ཡུད་ཕྱད་ཕྱོད་དུ་སྣང་བ་དེ་ཉིད་ཡིན་ལ། སྦྱོང་བྱེད་དེ་ཁོ་ན་ཉིད་མ་རྟོགས་པའི་འགྲོ་བ་ཀུན་ལ་རང་རིག་པའི་རང་རྩལ་སྙིང་རྗེ་སྒྱུ་མ་ལྟ་བུའི་སྤྲིན་སྤྲོ་བ་སྟེ། དེའང་ནམ་མཁའ་དག་པ་ལས་སྤྲིན་དང་འཇའ་ཚོན་གསལ་བར་སྣང་ཡང་ནམ་མཁའི་ཆོ་འཕྲུལ་ཙམ་ལས་བདེན་པར་མ་གྲུབ་པ་བཞིན་དུ་སྙིང་རྗེ་དེའང་རྣམ་པ་གསལ་ལ་ངོ་བོ་འཛིན་པ་མེད་པ་མཁའ་ལྟར་ཁྱབ་པར་བརྡལ་ཞིང་རིས་སུ་མ་ཆད་པ་ཀུན་ཏུ་སྤྲོ། དེ་ལམ་དུ་ཇི་ལྟར་འགྱུར་ན། དེ་ཉིད་སྒྱུ་མ་ལྟར་སྣང་བའི་ཆ་ནས་བར་དོ་དང་འབྲས་བུ་ལོངས་སྐུ་གཉིས་ཀ་དང་རྣམ་པ་མཐུན་པ་དང་། རྗེས་ཐོབ་ཏུ་བར་དོར་དག་པ་ལོངས་སྤྱོད་རྫོགས་པའི་སྐུའོ། །ཞེས་དག་རྫོགས་ཀྱི་ང་རྒྱལ་བྱེད་ཅིང་དེ་ལྟར་བསྒོམས་པས་བར་དོའི་སྲིད་པ་སྦྱོང་། ཆད་པར་ལྟ་བ་དང་གཟུགས་ཀྱི་ཁམས་དག་པར་བྱེད། ལོངས་སྐུ་སྒྱུ་མ་ལྟ་བུ་མཚན་དཔེས་སྤྲས་པ་མངོན་དུ་འགྱུར་པའི་རིགས་ཀྱི་ས་བོན་གསོས་འདེབས་པས་འབྲས་བུ་རྫོགས་པར་བྱེད། འོད་གསལ་དེ་ཉིད་ཡེ་ཤེས་ཀྱི་སྐུར་ལྡང་བའི་རྒྱུ་སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེ་བའི་གཞི་བཏིང་བས་རྫོགས་རིམ་གྱི་སྨོན་བྱེད་དུ་འགྱུར་རོ། །གསུམ་པ་ནི། ཕྱག་རྒྱ་ ནས་ ཚད་དུ་འདོན༔ ཞེས་གསུངས་ཏེ། རྒྱུའི་ཏིང་ངེ་འཛིན་ནི། སྦྱང་བྱ་བར་སྲིད་དེ་ཕྱི་མའི་སྲིད་པ་ལེན་པ་ལ་མངོན་དུ་ཕྱོགས་པ་ན་གང་དུ་སྐྱེ་བར་འགྱུར་བའི་གནས་ལ་སྲིད་པ་སྐྱེ་བའི་རྐྱེན་གྱིས་དེར་འཇུག་ལ་ཁད་ཀྱི་བར་དོའི་རླུང་སེམས་དེ་ཡིན་ལ། སྦྱོང་བྱེད་ནི་ལྷ་སྐུ་ཕྱག་རྒྱ་གཅིག་པ་དང་ཕྲ་མོ་ཡིག་འབྲུའི་ཚུལ་གྱིས་དཀྱིལ་འཁོར་ཐམས་ཅད་སྐྱེད་ཅིང་སྤྲུལ་པར་བྱེད་པ་དང་། དེ་ཉིད་བདེ་གསལ་སྟོང་པ་ཉིད་ཀྱི་རང་བཞིན་ཅན་དུ་བསྒོམས་ནས་དཀྱིལ་འཁོར་ཐམས་ཅད་ཀྱང་བདེ་གསལ་གྱི་རྣམ་པར་འཕྲུལ་པའི་སྟོང་པ་ཉིད་ཀྱི་རང་བཞིན་ཅན་དུ་འཆར་བའི་རྒྱུ་བྱེད་པའི་ཕྱིར་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་རང་རྩལ་རྒྱུའི་ས་བོན་ནི། རང་རིག་ལས་གཞན་དུ་མི་འགྱུར་བའི་ཡེ་ཤེས་ཀྱི་སྙིང་པོ་ཧྲཱིཿདང་ཧཱུྃ་ལ་སོགས་པ་གཟུང་འཛིན་གཉིས་སྟོང་གི་ནམ་མཁའ་ལ་སྐད་ཅིག་གིས་ཤར་བར་བསྒོམས་ནས་ཡིད་གཞན་དུ་མ་ཡེངས་པར་རྩེ་གཅིག་ཏུ་སེམས་བཟུང་ལ་གསལ་སྣང་ཚད་དུ་ཕྱིན་པར་འདོན་པར་བྱ་སྟེ། དེའང་ས་ལེ། སིང་ངེ་། ལྷག་གེ །ལྷང་ངེ་བ་སྟེ་གསལ་བའི་ཚད་བཞི་དང་། མི་གཡོ། མི་འགྱུར། མངོན་པར་མི་འགྱུར། ཅིར་ཡང་བསྒྱུར་དུ་བཏུབ་པ་སྟེ་བརྟན་པའི་ཚད་བཞི་བཅས་ཚད་བརྒྱད་གྱད་དུ་གྱུར་པ་ལ་བསླབ། དེ་ལམ་དུ་ཇི་ལྟར་འགྱུར་ན། དེ་ཉིད་དཀྱིལ་འཁོར་ཐམས་ཅད་སྐྱེད་པའི་རྒྱུར་འགྱུར་བ་ལྟར་འཁོར་བའི་སྐྱེ་གནས་སུ་འཇུག་ཀའི་བར་དོའི་རླུང་སེམས་ཉིད་ཀྱིས་སྲིད་པ་ཕྱི་མའི་རྒྱུ་བྱེད་པ་བཞིན་དུ་སངས་རྒྱས་སྤྲུལ་པའི་སྐུས་ཀྱང་གདུལ་བྱའི་ཆེད་དུ་གཟུགས་སྐུའི་རྣམ་པར་འཕྲུལ་པ་སྣ་ཚོགས་པར་སྟོན་པའི་ཆ་ནས་དེ་གསུམ་རྣམ་པ་མཐུན་པས་ན་སྐྱེ་བ་གནས་སུ་དག་པ་སྤྲུལ་པའི་སྐུའོ་ཞེས་ང་རྒྱལ་བྱ། དེ་ལྟར་བསྒོམས་པས་སྐྱེ་གནས་སུ་འཇུག་པའི་སྲིད་པ་སྦྱོང་ཞིང་འདོད་པའི་ཁམས་དག་པར་བྱེད། གདུལ་བྱ་གང་འདུལ་དུ་སྣང་བའི་སྤྲུལ་སྐུ་མངོན་དུ་བྱེད་རུང་གི་ཐར་པའི་ས་བོན་གསོས་འདེབས་པས་འབྲས་བུ་རྫོགས་པར་བྱེད། བདེ་བ་དང་རླུང་སེམས་ལས་བྱུང་བའི་ཡེ་ཤེས་ཀྱི་ལྷ་སྐུར་མངོན་དུ་ལྡང་ནུས་པའི་གཞི་བཏིང་བས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་བ་ཡིན་ནོ། །དེ་རྣམས་ཀྱང་ལམ་རིམ་ལས། སྟོང་པས་རྣམ་ཀུན་མཚན་མ་མེད། །བདག་ཏུ་འཛིན་པའི་ཞེན་པ་གྲོལ། །དེ་ཕྱིར་མཐོང་རྗེས་དེ་བཞིན་ཉིད། །སྙིང་རྗེ་འབྱུང་བའི་གཞི་རུ་བཞག །གོ་རིམ་འགྱུར་བའང་དེ་བཞིན་ངེས། །ཞེས་སོགས་ཀྱིས་བསྟན་པ་ལྟར་རོ། །གཉིས་པ་དཀྱིལ་འཁོར་བསྐྱེད་པ་ལ་གཉིས། རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷར་བསྐྱེད་པའོ། །དང་པོ་ནི། དེ་ལས་ ནས་ ཆེན་པོར་གསལ༔ ཞེས་གསུངས་ཏེ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ལ་སྤྱིའི་གོ་རིམ་ནི། སྣོད་ཆགས་པའི་རྗེས་སུ་བཅུད་རིམ་པར་ཆགས་པའི་ཞེན་པ་སྦྱོང་བ་དང་། དེ་བཞིན་གཤེགས་པ་རྣམས་གང་དུ་འཚང་རྒྱ་བའི་ཞིང་སྒྲིབ་པ་ཐམས་ཅད་དང་བྲལ་བའི་རང་སྣང་གི་ཞིང་ཁམས་ཚད་མེད་པ་དེར་འཚང་རྒྱ་བ་དང་། ལམ་གོང་མའི་དུས་སུ་ཐོག་མར་རགས་པ་ལུས་རྩའི་ཁམས་སྦྱངས་ནས་ཕྲ་བ་ངག་རླུང་དང་ཡིད་ཐིག་ལེ་རིམ་པར་འཆིང་ཞིང་དག་པར་བྱེད་དགོས་པས་རྟེན་དང་བརྟེན་པའི་གོ་རིམ་ངེས་པ་ཡིན་ལ། དེའི་ཕྱིར་དང་པོ་རྟེན་གྱི་དཀྱིལ་འཁོར་བསྒོམ་དགོས་ཤིང་དེའང་མ་དག་པའི་གནས་སྐབས་འཇིག་རྟེན་ཆགས་རིམ་དང་བསྟུན་ནས་སྒོམ་པར་བྱེད་པ་སྟེ། གལ་ཕྲེང་ལས། སྣོད་ཀྱི་རིམ་པ་འབྱུང་ཚུལ་གྱིས། །རིམ་བརྩེགས་གཞལ་ཡས་གཞུང་བཞིན་བསྐྱེད། །ཅེས་སོ། །དེ་ཇི་ལྟར་བསྒོམ་ན། ནམ་མཁར་གནས་པའི་རྒྱུའི་ས་བོན་དེ་ལས་འབར་བ་ཆེན་པོའི་འོད་ཟེར་མེ་རླུང་ཆུའི་རྣམ་པར་སྤྲོས། སྣོད་བཅུད་དངོས་པོར་འཛིན་པ་ཐམས་ཅད་སྦྱངས་ནས་སྟོང་ཉིད་དུ་གྱུར་པར་མོས། སྔར་དེ་ཏིང་སྐབས་སྟོང་པར་བསྒོམ་པ་ནི་ནང་འཛིན་རྟོག་སྦྱོང་བ་ཡིན་ལ། འདིར་ནི་གཟུགས་ཡུལ་སྦྱོང་པའི་དགོས་པ་ཐ་དད་ཡིན་པས་བལྡབས་པར་མི་འགྲོའོ། །དེ་ནས་སྦྱང་བྱ་སེམས་ཅན་རྣམས་གང་དུ་སྐྱེ་བའི་སྣོད་ཀྱི་འཇིག་རྟེན་ཆགས་པའི་གཞིར་གྱུར་པ་ནམ་མཁའི་ཁམས་དང་ཆགས་པར་འགྱུར་བའི་རྒྱུའི་གཙོ་བོ་ཀུན་བྱེད་སེམས་ཉིད་དང་བྱེ་བྲག་འགྲོ་བའི་ལས་སྤྱི་མཐུན་པར་བསགས་པའི་བག་ཆགས་སེམས་ལ་ཞེན་པས་ཡུལ་སྣང་གྱུར་ཐུན་མོང་དུ་སྨིན་པའི་འབྱུང་བཞིའི་དཀྱིལ་འཁོར་རི་རབ་དང་བཅས་པ་གྲུབ་པ་དེ་ཡིན་ལ། སྦྱོང་བྱེད་རྒྱུའི་ཡི་གེ་ལས་རིམ་པར་ཆད་པའི་ས་བོན་རྣམས་ལས་ཆོས་འབྱུང་ནམ་མཁའི་ཁོངས་སུ་རླུང་མེ་ཆུ་ས་སྟེ་འབྱུང་བ་བཞི་རི་རབ་དང་བཅས་རིམ་པར་བརྩེགས་པར་བསྒོམ་སྟེ། དེ་དག་ཀྱང་སྒྱུ་འཕྲུལ་རོལ་པ་ལས། ཕྱི་རོལ་འབྱུང་སོགས་ཡུམ་རྣམས་ཀུན། །ཐབས་དང་ཤེས་རབ་གཉིས་མེད་པའི། །སྲ་བརྟན་རྡོ་རྗེ་སྤྱན་མ་སྟེ། །གཤེར་བ་ལྷ་མོ་མཱ་མ་ཀི །སྨིན་བྱེད་སྲེག་མཛད་གོས་དཀར་མོ། །ཡང་ཞིང་གཡོ་བ་སྒྲོལ་མའི་མཁའ། །སྟོང་གསལ་ནམ་མཁའ་ཀུན་བཟང་མོ། །ཞེས་པ་ལྟར་འབྱུང་ལྔ་དག་པ་ཡུམ་ལྔའོ་ཞེས་ང་རྒྱལ་བཟུང་བས། སྦྱངས་འབྲས་སངས་རྒྱས་རྣམས་གང་དུ་འཚང་རྒྱ་བའི་ཞིང་ཆོས་ཀྱི་དབྱིངས་དང་དེའི་ཕྱག་རྒྱ་ཡུམ་ལྔར་རྣམ་པར་དག་པར་འགྱུར་རོ། །དེ་ལྟར་འབྱུང་ལྔ་ཡུམ་ལྔའི་རང་བཞིན་གྱི་མཁའ་ཀློང་དུ་གཞལ་ཡས་ཁང་གསལ་བཏབ་སྟེ། དེའི་སྦྱང་བྱ་སེམས་ཅན་རྣམས་རང་གི་ཚེ་དང་རྗེས་སུ་འབྲེལ་བའི་ལོངས་སྤྱོད་ཀྱི་ཡུལ་དུ་གྱུར་པ་ཡུལ་ཕྱོགས་དང་ཁང་ཁྱིམ་དང་ཡོ་བྱད་ལ་སོགས་པའི་ཞེན་རྟོག་ཡིན་ལ། སྦྱོང་བྱེད་རྣམ་སྣང་གི་ངོ་བོ་བྷྲཱུྃ་ཡིག་ལས་ཞི་བ་ཐར་པ་ཆེན་པོའི་གཞལ་མེད་ཁང་ངམ། དྲག་པོ་ལ་ཧེ་རུ་ཀ་དཔལ་ཆེན་པོ་རབ་ཏུ་དགྱེས་པས་རོལ་པའི་དུར་ཁྲོད་གསང་བ་མཆོག་གི་ཕོ་བྲང་གི་རྣམ་པ་ལམ་དུ་བྱེད་པ། འོག་གཞི་ཁོར་ཡུག་ལོགས། ཐོག་དབུབ། སྒོ། རྟ་བབས། རྒྱན་གྱི་ཁྱད་པར་སོགས་དང་ལྡན་པའི་ཕྱི་རོལ་ཏུ་རྡོ་རྗེའི་སྲུང་པའི་འཁོར་ལོ་རང་བྱུང་གི་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་བཀོད་པ་བཅས་བསྒོམས་ནས་འབྲས་དུས་ཀྱི་ཞིང་དང་གཞལ་ཡས་ཁང་དུ་མོས་པའི་ང་རྒྱལ་བྱས་པས། སྦྱངས་འབྲས་སངས་རྒྱས་ཀྱི་གནས་ཆོས་དབྱིངས་སྤྲོས་བྲལ་གྱི་རང་བཞིན་རྡོ་རྗེ་བཙུན་མོ་ལྔའི་བྷ་ག་གསང་བ་དགྱེས་པ་ཆེན་པོ་མངོན་དུ་བྱེད་པའོ། །ལམ་དུས་སུ་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་རྩ་འཁོར་ལོ་ལྔ་དང་དབུ་མའོ། །གཞལ་ཡས་ཁང་གི་འོག་གཞི་སྣ་ཚོགས་རྡོ་རྗེ་པད་ཉི་རྣམས་ནི་རྩ་འཁོར་རྣམས་ཀྱི་ལྟེ་བར་གནས་པའི་རླུང་དང་ཁམས་རྣམས་སོ། །དེ་རྣམས་དང་རོ་གཅིག་ཏུ་འདྲེས་པའི་སེམས་གསལ་སྟོང་བདེ་བའི་ཆ་ནི་གཞལ་ཡས་ཁང་སྟེ་དེ་ཉིད་ལེགས་པར་བསྒོམས་པས་རྩ་རླུང་ཐིག་ལེ་རྣམས་མཉེན་ཅིང་དུལ་ནས་ཡེ་ཤེས་ཁྱད་པར་ཅན་གྱི་གཞི་འདིང་བས་ལམ་གོང་མའི་སྨིན་བྱེད་དུ་འགྲོའོ། །དེའི་ནང་དུ་སྦྱང་བྱ་སེམས་ཅན་རྣམས་གང་དུ་སྐྱེ་བར་འགྱུར་བའི་གནས་མའི་པདྨ་དང་། ཕ་མའི་ཁུ་ཁྲག་དྲོད་གཤེར་ལ་སོགས་པའི་རྟོག་པ་སྦྱོང་བྱེད་ཞི་བ་ལ་པདྨ་ཉི་ཟླ། ཁྲོ་བོ་ལ་པད་ཉི་དྲེགས་པ་ཅན་བྱོལ་སོང་གི་གདན་ལ་སོགས་པ་བསྒོམས་པས། སྦྱངས་འབྲས་མ་ཆགས་པ་དང་འོད་གསལ་བ་སོགས་གདན་དེ་དག་གི་མཚོན་དོན་མཐུན་པར་སངས་རྒྱས་ཀྱི་གཟུགས་སྐུའི་ཡོན་ཏན་འཆར་བ་ཡིན་ལ། ལམ་དུས་སུ་པདྨ་ནི་རྩ་འཁོར། ཉི་མ་ནི་གཏུམ་མོའི་མེ། ཟླ་བ་ནི་སྤྱི་བོའི་ཧཾ་ཡིག་སྟེ། འབར་འཛག་གི་ཞུ་བདེ་དང་ཡང་ན་ཤེས་རབ་མའི་པདྨའི་ལྟེ་བར་ཉི་མ་བྱང་ཆུབ་ཀྱི་སེམས་གནས་པ་ཡབ་ཀྱི་ཀུནྡ་བརྟན་པའི་རིམ་པ་ཇི་ལྟ་བ་བཞིན་པད་ཉི་ཟླ་བའོ། །དེ་ལྟར་བསྒོམས་པས་རྫོགས་རིམ་གྱི་དུས་སུ་གཏུམ་མོ་དང་། ཕྱག་རྒྱའི་ལས་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་ཆེན་པོ་ཐོབ་པའི་གཞི་བཏིང་བས་ན་སྨིན་བྱེད་དུ་འགྲོའོ། །མདོར་ན་སྦྱང་བྱ་ཕྱི་སྣོད་ཀྱིས་བསྡུས་པའི་འཇིག་རྟེན་ཐ་མལ་དུ་སྣང་བ་འདི་ཉིད། སྦྱོང་བྱེད་རྒྱ་དང་ཚད་ལས་འདས་པས་ཞི་བ་དང་ཁྲོ་བོ་ཞིང་ཁམས་ཆེན་པོ་རྒྱན་སྟུག་པོ་བཀོད་པར་གསལ་བཏབ་པས། སྦྱངས་འབྲས་སངས་རྒྱས་རང་སྣང་གི་ཞིང་ཁམས་མཐའ་དང་དབུས་མེད་པ་ལ་དབང་འབྱོར་ཐོབ་པར་འགྱུར་རོ། །གཉིས་པ་ལ་གསུམ། མདོར་བསྟན། རྒྱས་བཤད། མཇུག་བསྡུ་བའོ། །དང་པོ་ནི། ནང་བཅུད་ ནས་ རིམ་པ་ནི༔ ཞེས་གསུངས་ཏེ། དེ་ལྟར་རྟེན་གཞལ་ཡས་ཁང་བསྐྱེད་པའི་རྗེས་སུ་བརྟེན་པ་ལྷའི་འཁོར་ལོ་བསྒོམ་པ་ནི། སྤྱིར་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པར། སྐྱེ་བ་ཀུན་རྫོབ་བདེན་པ་ཞེས་བྱ་སྟེ། །འཆི་བ་ཡང་ནི་དོན་དམ་བདེན་པ་ཡིན། །བདེན་གཉིས་འདི་ལ་རྣམ་པར་ངེས་བྱས་ནས། །བཤད་པ་གཉིས་ཀྱི་དབྱེ་བ་གསུངས་པ་ཡིན། །ཞེས་པ་ལྟར་རིམ་པ་དང་པོ་ནི་སྐྱེ་སྲིད་སྦྱོང་བྱེད་ཡིན་པས་སྲིད་པར་སྐྱེ་བའི་རིམ་པ་དང་མཐུན་པར་བསྒོམ་པ་ཡིན་ལ། དེའང་སྦྱང་བྱ་ནང་བཅུད་ཀྱི་སེམས་ཅན་མངལ་སོགས་སྐྱེ་བའི་གནས་རྣམ་པ་བཞིས་བསྡུས་པའི་ལུས་ཀྱི་བག་ཆགས་རགས་པ་ཀུན་ཡིན་ལ། སྦྱོང་བྱེད་སྣང་ལ་རང་བཞིན་མ་གྲུབ་པ་སྟོང་པའི་གཟུགས་བརྙན་ཆུ་ཟླ་འཇའ་ཚོན་མེ་ལོང་གི་གཟུགས་ལྟ་བུའི་ལྷའི་ཕྱག་རྒྱར་བསྒོམས་པས། སྦྱངས་འབྲས་སངས་རྒྱས་ཀྱི་གཟུགས་སྐུ་རྣམ་གཉིས་འགྲུབ་པའི་ཉེར་ལེན་དུ་འགྱུར་བ་སྟེ། དེ་ལྟ་བུའི་ལམ་བསྒྲུབ་པའི་རིམ་པ་དང་པོ་ནི་འདི་ལྟ་སྟེ། གཉིས་པ་ནི། རྒྱུ་ལས་ ནས་ རྫུས་སྐྱེས་སྦྱོང༔ ཞེས་གསུངས་ཏེ། འདི་ལ་བཞི། དབང་བརྟུལ་ལས་དང་པོ་པ་སྤྲོས་བཅས་རྣམས་ལ་སྒོང་སྐྱེས་དང་མཐུན་པར་རྒྱས་པ་ཆེན་པོའི་བསྐྱེད་རིམ་དང་། དབང་འབྲིང་སྤྲོས་པ་ཆུང་བ་མངལ་སྐྱེས་དང་མཐུན་པར་མངོན་བྱང་གི་བསྐྱེད་ཆོག་དང་། དབང་རྣོན་སྤྲོས་མེད་ཀྱི་གང་ཟག་ལ་དྲོད་གཤེར་སྐྱེས་དང་མཐུན་པར་སྔགས་ཙམ་གྱི་བསྐྱེད་པ་དང་། ཡང་རབ་ཤིན་ཏུ་སྤྲོས་མེད་ལ་རྫུས་སྐྱེས་དང་མཐུན་པར་སྐད་ཅིག་དྲན་རྫོགས་སུ་བསྐྱེད་ཆོག་རྣམ་པ་བཞི་ཡོད་པ་ལས། དང་པོ་ནི། གཉིས་སྐྱེས་རྣམས་ཐོག་མར་མའི་མངལ་དང་དེ་ནས་སྒོ་ང་སྟེ་ལན་གཉིས་སུ་སྐྱེས་པ་སྟེ། གསར་སྙིང་སྤྱི་ཁྱབ་ལྟར་ན་ཐོག་མར་རྒྱུའི་ས་བོན་ལས་རྒྱུ་རྡོ་རྗེ་འཛིན་པ་ལྷན་སྐྱེས་ཀྱི་སྐུར་བསྒོམ། དེ་ཉིད་རྗེས་ཆགས་ཀྱི་ཐིག་ལེར་ཞུ་བ་གླུས་བསྐུལ་བའི་རྐྱེན་ལས་འབྲས་བུ་རྡོ་རྗེ་འཛིན་པ་ཞལ་ཕྱག་ཡོངས་སུ་རྫོགས་པའི་སྐུར་བཞེངས་པའམ། སྔ་འགྱུར་རང་སྐད་བདག་སྲས་གཞན་སྲས་སུ་བྱ་བའི་ཆོ་ག་ལྟར་ན། ཡེ་ཤེས་རྩེ་མོ་ལས། སྲས་དང་བཙུན་མོར་བཅས་པ་ནི། །འཁོར་པའི་ཆོས་ལས་སྐྱེས་པ་སྟེ། །སེམས་ཅན་གྱིས་ནི་སྲས་སུ་བྱ། །ཞེས་དང་། ཇི་ལྟར་སངས་རྒྱས་མཐུ་ལས་བྱུང་། །ལྷུན་གྱིས་གྲུབ་པའི་ཆོ་ག་དང་། །ཆོ་གའི་ཡན་ལག་རྫོགས་པ་ལ། །མཁས་པ་སངས་རྒྱས་སྲས་ཡིན་ནོ། །ཞེས་གསུངས་ཏེ། དེ་ལའང་མན་ངག་སྒྲུབ་སྡེའི་ལུགས་ལྟར་ན། བདེ་འདུས་ལས། བདག་གི་སྲས་སུ་གཞན་བྱ་བ་ལ་ལྔ་སྟེ་རྒྱུའི་ས་བོན་ལས་གཙོ་བོ་ཡབ་ཡུམ་བསྐྱེད་པ། ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས་བཀུག་ནས་མཁའ་རུ་བསྟིམ་པ་དང་། སེམས་ཅན་རྣམས་བཀུག་ནས་སྒྲིབ་པ་སྦྱང་བ་དང་། གཉིས་སུ་མེད་པ་ལ་ཆེ་བ་བརྗོད་པ་དང་། མཁའ་ནས་བཏོན་ལ་དཀྱིལ་འཁོར་དུ་འགོད་པའོ། །ཞེས་དང་། གཞན་གྱི་སྲས་སུ་བདག་བྱ་བ་ལ་བརྒྱད་དེ་གཙོ་བོ་ཡབ་ཡུམ་ཞུ་སྟེ་རྒྱུའི་ས་བོན་དུ་གྱུར་པ་དང་། དེ་ལས་ཡབ་ཡུམ་དུ་བསྐྱེད་པ་དང་། ཡབ་ཀྱི་རྟོག་ཚོགས་ལས་ཡི་གེ་བསྐྱེད་པ་དང་། ཡུམ་ལས་འོད་འཕྲོ་ཞིང་ལྷ་ལ་གསོལ་བ་གདབ་པ་དང་། དཀྱིལ་འཁོར་ཐམས་ཅད་བདག་ཡབ་ཡུམ་ལ་བསྟིམས་པས་ཡེ་ཤེས་པར་ང་རྒྱལ་བསྐྱེད་པ་དང་། ཡབ་ཡུམ་སྦྱོར་བ་བྱ་ཞིང་མཁའ་རུ་དཀྱིལ་འཁོར་བསྐྱེད་པ་དང་། བདག་གི་རྟོག་པ་ཞེ་གཉིས་ལྷར་བསྐྱེད་དེ་ཕྱིར་འདོན་པ་དང་། སྤྱན་དྲངས་པ་ལ་རྒྱས་གདབ་པའོ། །ཞེས་པ་ལྟར་རོ། །རྒྱུད་སྡེ་སྒྱུ་འཕྲུལ་ལྟར་ན་གཙོ་བོ་ཡབ་ཡུམ་ལྷར་བསྐྱེད་ནས་སྙོམས་པར་འཇུག་ཅིང་ངོ་མཚར་རྫས་ཀྱི་དཀྱིལ་འཁོར་ཡི་གེའི་སྤྲིན་སྤྲོ་བ་བདག་གི་སྲས་སུ་གཞན་བྱ་བ་དང་། ཐུགས་དམ་བསྐུལ་ཞིང་བྱིན་རླབས་རྗེས་གནང་གི་རྐྱེན་གྱིས་གོང་བུ་ཡི་གེ་ཕྱག་མཚན་སྐུ་ཡོངས་རྫོགས་སུ་བྱེད་པས་སྣང་ཕྱོགས་དང་སྟོང་ཕྱོགས་ཀྱི་ཞེན་པ་སྦྱོང་བ་གཞན་གྱི་སྲས་སུ་བདག་བྱ་བ་སྟེ། དེ་དག་གིས་སྒོང་སྐྱེས་ཀྱི་བག་ཆགས་སྦྱོང་བར་བྱེད་དོ། །གཉིས་པ་ནི། འདི་ལའང་དགོས་དོན་ཚང་ཚུལ་མཚུངས་པ་ལ་ཆོ་ག་རྒྱས་འབྲིང་བསྡུས་གསུམ་དུ་འབྱུང་བའི་རྒྱས་པ་མ་རྒྱུད་རྣམས་ཀྱི་དགོངས་པ་མངོན་བྱང་ལྔ་བསྐྱེད་ལ་ཐོག་མར་མངལ་ཞུགས་ཀྱི་རིམ་པ་དང་སྦྱོར་ན། ཀློང་གསལ་ལས། མངལ་ཞུགས་བྱང་ཆུབ་རྣམ་ལྔ་སྟེ། །ཟླ་བ་བཅུ་ནི་ས་བཅུའི་ཚུལ། །སྐྱེས་པ་རང་བཞིན་སྤྲུལ་པའི་སྐུ། །ལྷུན་གྲུབ་སྐུ་གསུམ་བདག་ཉིད་དོ། །ཞེས་བར་དོ་ནས་ལུས་འཚོལ་བ་ཚོགས་ལམ། མངལ་དུ་ལུས་ལེན་པ་དངོས་ལ་སྦྱོར་བས་སྦྱོར་ལམ། མངལ་དུ་ཞུགས་པ་ནས་བཟུང་བྱང་ཆུབ་ལྔའི་རིམ་པ་མཐོང་སྒོམ་གྱི་ལམ་དུ་བཞག་སྟེ། ཟླ་བ་བཅུའི་ངོ་ས་བཅུར་མཚོན་ནས་མི་སློབ་པའི་ཟུང་འཇུག་རང་བཞིན་སྤྲུལ་པའི་སྐུར་གྲུབ་པ་ནི་སྐྱེ་བ་སྤྲུལ་པའི་སྐུ་སྟེ། གཞི་ལམ་འབྲས་བུའི་འབྲེལ་དུ་བབས་ཀྱིས་གྲུབ་པའོ། །སྦྱང་གཞི་དེ་ལ་བརྟེན་པའི་སྦྱོང་བྱེད་མངོན་བྱང་དང་པོ་ཟླ་བའི་དཀྱིལ་འཁོར་བསྒོམ་པ་ནི། སྦྱང་གཞི་གཟུགས་ཀྱི་ཕུང་པོ་ནམ་མཁའི་ཁམས། ལུས་ཀུན་གཞིའི་རྣམ་ཤེས། ཉོན་མོངས་པ་གཏི་མུག །ཕའི་ཁམས་དཀར་ཆ་སོགས་སྦྱོང་ཞིང་དག་པར་བྱེད་ལ། རྫོགས་རིམ་གྱི་དུས་དགའ་བ་བཅུ་དྲུག་ཡས་བབས་ཐབས་ཀྱི་རང་བཞིན་དུ་ཤར་བའི་ཡེ་ཤེས་དང་པོ་སེམས་སོ་སོར་རྟོག་པའི་ངོ་བོར་རྫོགས་པའི་རྣམ་པ་ལམ་བྱེད་ཟླ་བའི་དཀྱིལ་འཁོར་དུ་བསྒྱུར་ནས་བསྒོམས་པས། འབྲས་བུའི་དུས་ན་མཚན་བཟང་པོ་སུམ་ཅུ་རྩ་གཉིས་སུ་སྨིན་ཞིང་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མངོན་པར་བྱང་ཆུབ་བོ། །མངོན་བྱང་གཉིས་པ་ཉི་མའི་དཀྱིལ་འཁོར་ནི། སྦྱང་གཞི་ཚོར་བའི་ཕུང་པོ་སའི་ཁམས། ཉོན་མོངས་པ་ཅན་གྱི་ཡིད་དེ་སེར་སྣ་ང་རྒྱལ། མའི་ཁམས་དམར་ཆ་སོགས་སྦྱོང་ཞིང་དག་པར་བྱེད་ལ། རྫོགས་རིམ་གྱི་དུས་ཁུ་རྡུལ་གཉིས་རྣམ་པར་བྱང་བའི་བདེ་སྟོང་ལྷན་ཅིག་སྐྱེས་པའི་ངོ་བོ་མས་བརྟན་ཤེས་རབ་ཀྱི་རང་བཞིན་གཟུགས་ལ་སོགས་པའི་ཕུང་པོ་ལྔ། འབྱུང་བཞིས་ཕྱེ་བའི་ཁམས་ཉི་ཤུ་པོ་ཆོས་ཀྱི་དབྱིངས་ལ་སོགས་པའི་ཡེ་ཤེས་ལྔ་ཚད་མེད་བཞིས་ཕྱེ་བའི་ལམ་སྟོང་པ་ཉིད་ཉི་ཤུར་ཤར་བའི་ཡེ་ཤེས་གཉིས་པ་བྱང་ཆུབ་ཀྱི་སེམས་སུ་རྫོགས་པའི་རྣམ་པ་ལམ་བྱེད་ཉི་མའི་དཀྱིལ་འཁོར་དུ་བསྒྱུར་ནས་བསྒོམས་པས་འབྲས་བུའི་དུས་ན་དཔེ་བྱད་བཟང་པོ་བརྒྱད་ཅུའི་རང་བཞིན་དུ་སྨིན་ཞིང་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་མངོན་པར་བྱང་ཆུབ་པའོ། །མངོན་བྱང་གསུམ་པ་ས་བོན་ཕྱག་མཚན་དང་བཅས་པ་ནི། ཁུ་རྡུལ་གཉིས་ཀྱི་བར་དུ་དྲི་ཟ་ཉེ་བར་ལེན་པའི་སེམས་བར་དོའི་རྣམ་ཤེས་ཞུགས་པ་དང་། འདུ་ཤེས་ཀྱི་ཕུང་པོ་མེའི་ཁམས། ངག་ཡིད་ཀྱི་རྣམ་པར་ཤེས་པ། ཉོན་མོངས་པ་འདོད་ཆགས། བར་དོའི་རྣམ་ཤེས་རྣམས་སྦྱོང་ཞིང་དག་པར་བྱེད་ལ། རྫོགས་རིམ་གྱི་དུས་ཁུ་རྡུལ་གཉིས་ལུགས་ལྡོག་ཏུ་དག་པའི་རྗེས་སུ་ལས་རླུང་དུས་སྦྱོར་དང་བཅས་པ་འགགས་པས་ཡེ་ཤེས་གསུམ་པ་བརྟན་པའི་རྡོ་རྗེར་རྫོགས་པའི་རྣམ་པ་ལམ་བྱེད་ས་བོན་ཕྱག་མཚན་གྱི་ཚུལ་དུ་བསྒྱུར་ནས་བསྒོམས་པས། འབྲས་བུའི་དུས་ན་ཆོས་ཐམས་ཅད་མ་འདྲེས་པར་རྟོགས་པའི་རང་བཞིན་དུ་སྨིན་ཅིང་སོ་སོར་རྟོག་པའི་ཡེ་ཤེས་སུ་མངོན་པར་བྱང་ཆུབ་པའོ། །མངོན་བྱང་བཞི་པ་ས་བོན་ཕྱག་མཚན་དང་བཅས་པ་རོ་གཅིག་ཏུ་འདྲེས་པ་ནི་ཁུ་རྡུལ་སེམས་གསུམ་རོ་གཅིག་ཏུ་འདྲེས་པ་དང་། འདུ་བྱེད་ཀྱི་ཕུང་པོ་རླུང་གི་ཁམས། བྱ་བ་སྒོ་ལྔའི་རྣམ་ཤེས། ཉོན་མོངས་པ་ཕྲག་དོག །བར་དོའི་རྣམ་ཤེས་དང་ཁུ་ཁྲག་འདྲེས་པ་སོགས་སྦྱོང་ཞིང་དག་པར་བྱེད་ལ། རྫོགས་རིམ་གྱི་དུས་ཁུ་རྡུལ་རླུང་གསུམ་གྱི་བྱེད་ལས་རྣམ་པར་དག་པ་རྒྱུ་རྡོ་རྗེ་འཛིན་པའི་ངོ་བོ་དང་། ཇི་སྙེད་པའི་ཡེ་ཤེས་བཞི་པ་ཤེས་བྱ་ཀུན་ལ་ཁྱབ་པ་རྡོ་རྗེའི་བདག་ཉིད་དུ་རྫོགས་པའི་རྣམ་པ་ལམ་བྱེད་འདྲེས་པའི་ངོ་བོ་འོད་ཀྱི་ཐིག་ལེའམ་གོང་བུ་གཅིག་ཏུ་བསྒྱུར་ནས་བསྒོམས་པས། འབྲས་བུའི་དུས་ན་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་རོ་གཅིག་ཏུ་འདྲེས་པའི་བདག་ཉིད་དུ་སྨིན་ཅིང་བྱ་བ་གྲུབ་པའི་ཡེ་ཤེས་སུ་མངོན་པར་བྱང་ཆུབ་པའོ། །མངོན་བྱང་ལྔ་པ་དེ་ལས་སྐུ་ཡོངས་སུ་རྫོགས་པ་ནི། མངལ་གྱི་གནས་སྐབས་ཡོངས་སུ་རྫོགས་ནས་ཕྱིར་བཙས་པ་དང་། རྣམ་ཤེས་ཀྱི་ཕུང་པོ་ཆུའི་ཁམས། ཡིད་ཀྱི་རྣམ་ཤེས་ཚོགས་བརྒྱད་ཀྱི་ཆོས་ཉིད་དུ་འཛིན་པའི་ཆ། ཉོན་མོངས་པ་ཞེ་སྡང་། སྐྱེ་བ་ལེན་པའི་ལུས་ཀྱི་སྐྱེ་མཆེད་རྫོགས་པའི་གནས་སྐབས་རང་བཞིན་སྤྲུལ་པའི་སྐུར་སྦྱོང་ཞིང་དག་པར་བྱེད་ལ། རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་ཚུལ་ཁུ་རྡུལ་རླུང་གསུམ་སེམས་དང་བཅས་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་འབྲས་བུའི་རྡོ་རྗེ་འཛིན་པ་དང་། རང་བཞིན་སངས་རྒྱས་རྣམས་ཀྱི་ཇི་ལྟ་བའི་ཡེ་ཤེས་རྣམ་པར་གྲོལ་བའི་འབྲས་བུ་ལྔ་པ་དེ་བཞིན་གཤེགས་པའི་བདག་ཉིད་རང་རྒྱུད་ལ་རྫོགས་པའི་རྣམ་པ་ལམ་བྱེད་ལྷའི་སྐུ་རྒྱན་དང་ཆ་ལུགས་རྫོགས་པར་བསྒོམས་པས་འབྲས་བུའི་དུས་ན་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་དབྱིངས་དང་རང་བཞིན་དབྱེར་མེད་པའི་བདག་ཉིད་དུ་སྨིན་ཅིང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་མངོན་པར་བྱང་ཆུབ་པ་སྟེ། རྒྱུད་ལས། ཟླ་བ་མེ་ལོང་ཡེ་ཤེས་ཏེ། །བདུན་གྱི་བདུན་པ་མཉམ་པ་ཉིད། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །ཞེས་སོ། །འབྲིང་པོ་མངོན་བྱང་བཞི་བསྐྱེད་པ་ནི། གལ་པོ་ལས། དང་པོ་སྟོང་ཉིད་བྱང་ཆུབ་སེམས། །གཉིས་པ་ས་བོན་འབྱུང་བ་སྟེ། །གསུམ་པ་ལ་ནི་གཟུགས་རྫོགས་པ། །བཞི་པ་ལ་ནི་ཡི་གེ་འགོད། །ཅེས་པས་སྟོང་པ་ཉིད་ཀྱིས་འཆི་སྲིད་བར་དོ་དང་བཅས་པ་སྦྱོང་། ལྷའི་ས་བོན་བསྒོམས་པས་སྐྱེ་སྲིད་ཀྱི་ཉེར་ལེན་དྲི་ཟའི་རྣམ་ཤེས་ཁུ་ཁྲག་གི་དབུས་སུ་ཞུགས་པ་སྦྱོང་། ལྷ་སྐུ་རྫོགས་པར་བསྒོམས་པས་རླུང་བཅུས་རིམ་གྱིས་བསྐྱེད་ནས་ལུས་གྲུབ་པ་སྦྱོང་། གནས་གསུམ་ལ་སོགས་པར་ཡི་གེ་བཀོད་པར་བཙས་ནས་དབང་པོ་ཡུལ་ལ་སྲེད་པའི་གནས་སྐབས་སྦྱོང་བ་སྟེ་རྡོ་རྗེ་བཞིའི་ཆོ་གས་བསྐྱེད་པ་འདི་དང་འདྲ་བར། འདུས་པའི་རྒྱུད་ཕྱི་མ་ལས་ཀྱང་གསུངས་སོ། །བསྡུས་པ་ཕ་རྒྱུད་ལྟར་ཆོ་ག་གསུམ་བསྐྱེད་ནི། གདན་གྱི་ཉི་མས་མའི་རྡུལ། ཟླ་བས་ཕའི་ཁུ་བ། ས་བོན་ཡི་གེ་གདན་སྟེང་དུ་བབས་པས་ནི་བར་དོའི་རྣམ་ཤེས་ཏེ་སྦྱོང་བྱེད་གསུམ་པོ་དེས་དཀར་དམར་ཚོགས་ཟིན་པ་ལ་རྣམ་ཤེས་འཇུག་པར་ཉེ་བ་ཉིད་སྦྱོང་བ་ཡིན་ལ། དེ་ཕྱག་མཚན་དུ་བསྒྱུར་བས་ནི་ཕ་མའི་འདུ་འཕྲོད་ཀྱིས་འགྱུར་བའི་གནས་སྐབས་ལྔའི་རིམ་པ། དེ་ལ་ཡི་གེས་མཚན་པ་ལས་འོད་ཟེར་སྤྲོ་འདུ་བྱས་པས་ནི་མངལ་དུ་ལུས་ཆགས་པ་དེ་ཉིད་འབྱུང་བ་ལྔས་འཕེལ་སྡུད་སྨིན་བརྟན་གོ་ཕྱེས་ཏེ་ཕུང་ཁམས་སྐྱེ་མཆེད་རིམ་པ་བཞིན་གྲུབ་པ་དེ་སྦྱོང་། སྐུ་ཡོངས་སུ་རྫོགས་པས་ནི་དབང་པོ་རྣམས་རྫོགས་ནས་ཕྱི་རོལ་ཏུ་བཙས་པ་སྦྱོང་བར་བྱེད་དོ། །དེ་གསུམ་གྱི་དངོས་བསྟན་ནི་ཕྱག་མཚན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ངོ་བོ། ཡིག་འབྲུ་གསུང་རྡོ་རྗེ་ལྷའི་རྣམ་པ་ཡོངས་སུ་རྫོགས་པ་སྐུའི་རྡོ་རྗེར་དག་པར་བྱེད་པའོ། །སྦྱངས་འབྲས་དེ་བཞིན་གཤེགས་པ་རྣམས་གང་འདུལ་གྱི་སྤྲུལ་པའི་སྐུར་བཞེངས་ནས་རྡོ་རྗེ་བཙུན་མོའི་བྷ་ག་ལ་སོགས་པར་ལྷུམས་སུ་ཞུགས་པ་དང་བལྟམས་པའི་མཛད་པ་སྟོན་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །དེ་ལྟར་ཡེ་ཤེས་ལྔའི་རང་བཞིན་མངོན་བྱང་ལྔའི་ཆོ་གས་མངལ་སྐྱེས་ཀྱི་བག་ཆགས་སྦྱོང་བར་བྱེད་དོ། །དེའང་སྦྱང་བྱའི་གཙོ་བོར་བསྟན་པ་ཙམ་ལས་སྒོང་སྐྱེས་སོགས་སྐྱེ་གནས་གཞན་གྱི་བག་ཆགས་སྦྱོང་བྱེད་དུ་འགྲོ་བའང་ཤེས་པར་བྱའོ། །གསུམ་པ་ནི། སྲིན་བུ་སོགས་དྲོད་དང་གཤེར་ཙམ་ལ་གནས་ལུས་ཀྱི་སྲེད་ལེན་ཞུགས་ནས་ཕུང་པོར་གྲུབ་པ་དང་མཐུན་པར་ལུང་ཨ་ནུ་ཡོ་གའི་དགོངས་པ་སྤྲོས་མེད་ཀྱི་བསྐྱེད་རིམ་ལའང་གཉིས་ཏེ། རང་ཤར་ལས། གཅིག་ཅར་འཇུག་པ་གང་ཞེ་ན། །ལྷ་རྣམས་མ་བསྐྱེད་སྙིང་པོ་དྲན་པས་རྫོགས། །རིམ་གྱིས་འཇུག་པ་གང་ཞེ་ན། །དབྱིངས་དང་ཡེ་ཤེས་རིམ་གྱིས་འཇུག་ནས་ནི། །ཞེས་འབྱུང་བ་ལྟར་ལ། རིམ་གྱིས་འཇུག་པས། ཤེས་རབ་ཀྱི་དབྱིངས་སྟོང་ཆེན་ཀུན་ཏུ་བཟང་མོའི་ཀློང་དུ་ཀུན་རྫོབ་ཀྱི་སྣང་ཆ་ཐམས་ཅད་ལྷའི་ཕྱག་རྒྱར་རང་བཞིན་གྱིས་ཤར་བ་གཉིས་མེད་ཟུང་འཇུག་སྒྱུ་མ་ལྟ་བུའི་ལྷ་སྐུར་སྐད་ཅིག་གིས་བཞེངས་པ་དང་། གཅིག་ཅར་དུ་འཇུག་པས་ལྷ་རྣམས་ཚིག་གིས་མ་བསྐྱེད་ཀྱང་སྔགས་དྲན་པ་ཙམ་ལས་དཀྱིལ་འཁོར་འཁོར་ལོར་གསལ་བར་གྲུབ་པ་སྟེ། འཕྲུལ་ལྡེ་ལས། ཨ་ནུ་ཡོ་གའི་ཐེག་པ་ནི། སྙིང་པོ་ཙམ་ཞིག་བརྗོད་བྱས་པས། །མ་སྐྱེས་རྫོགས་པའི་ལྷ་རུ་བསྒོམ། །ཞེས་སོ། །དེ་དག་གིས་གཙོ་བོར་དྲོད་གཤེར་སྐྱེས་ཀྱི་བག་ཆགས་སྦྱོང་བར་བྱེད་དོ། །བཞི་པ་ནི། རྫུས་སྐྱེས་རྣམས་སེམས་ཙམ་ལ་བརྟེན་ནས་སྐད་ཅིག་གིས་ལུས་སུ་གྲུབ་པ་དང་མཐུན་པར་མན་ངག་ཨ་ཏི་ཡོ་ག་ཤིན་ཏུ་སྤྲོས་མེད་ཀྱི་སྐྱེད་ཚུལ་ཆོ་ག་དང་ཚིག་ལ་མ་ལྟོས་པར་ཡིད་ཆོས་གདོད་ནས་ལྷའི་འཁོར་ལོ་ཡེ་ཤེས་སྒྱུ་མའི་ཕྱག་རྒྱར་གནས་པ་ཉིད་དྲན་པས་གསལ་འདེབས་ཙམ་གྱིས་ཡོངས་སུ་རྫོགས་པ་མེ་ལོང་ལ་གཟུགས་བརྙན་བཙན་ཐབས་སུ་ཤར་བ་ལྟར་བསྐྱེད་རྫོགས་དབྱེར་མེད་དུ་བསྒོམ་པ་སྟེ། རྨད་བྱུང་རྒྱལ་པོ་ལས། ཡེ་ནས་ལྷུན་མཉམ་དཀྱིལ་འཁོར་ལ། །ཡིན་པར་ཤེས་ནས་བསྒོམ་པ་ལས། །ཐ་དད་བློ་ཡི་རིམ་པ་ཡིས། །སྤྱན་དྲངས་གཤེགས་གསོལ་འདིར་མི་དགོས། །ཞེས་སོ། །དེ་ལྟར་བསྐྱེད་ཆོག་རྣམ་པ་བཞི་པོ་དེ་གཙོ་བོར་སྐྱེ་བ་གང་གིས་བསྡུས་པ་དེས་དེ་དང་མཐུན་པར་བསྒོམ་ལ། ཐོག་མེད་ཀྱི་བག་ཆགས་སྦྱང་ཕྱིར་སྐྱེ་བ་རེ་རེས་ཀྱང་ཐམས་ཅད་བསྒོམ་པ་དང་། ཁྱད་པར་ལས་དང་པོ་པ། སེམས་ཅུང་ཟད་བརྟན་པ། བརྟན་པ་ཆེར་ཐོབ་པ། ཤིན་ཏུ་ཐོབ་པའི་གོ་རིམ་དང་སྦྱར་ཏེ་བསྒོམ་པ་ཀུན་མཁྱེན་ཀློང་ཆེན་པས་གསུངས་སོ། །དེའང་རྟེན་དང་བརྟེན་པའི་དཀྱིལ་འཁོར་བ་ཐམས་ཅད་གཅིག་ཅར་དུ་གསལ་མི་ནུས་ལ་རིམ་གྱིས་མ་འདྲེས་པར་ཅི་འདོད་དུ་གསལ་ནུས་པ་ཚུན་ཆད་ནི་ལས་དང་པོ་ཡིན་ལ། རགས་པའི་དཀྱིལ་འཁོར་གཅིག་ཆར་གསལ་ལ་ཐེབས་ཤིང་སྐྱེ་མཆེད་ཀྱི་ལྷ་ལ་སོགས་པ་གཅིག་ཆར་གསལ་མི་ཐེབས་པ་ནི་གཉིས་པ་དང་། སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱང་གཅིག་ཆར་གསལ་ཐེབས་པ་ནི་གསུམ་པ་སྟེ་དེ་ཡན་ཆད་བསྐྱེད་རིམ་ཁོ་ནས་འབྱུང་ལ། དེ་ནས་རྫོགས་རིམ་དང་སྦྲགས་ཏེ་བསྒོམས་པས་ཕྲ་ཐིག་གི་དབུས་སུ་དཀྱིལ་འཁོར་སྤྲོ་བསྡུ་ནུས་ཤིང་ཐུན་དང་ཐུན་མཚམས་ཉིན་མཚན་དབྱེ་བ་མེད་ཅིང་བསམ་གཏན་གྱི་ལས་ཚོགས་ཐོགས་མེད་དུ་འགྲུབ་པར་འགྱུར་ལ། བཞི་པ་སྐད་ཅིག་གཅིག་ལ་ཏིང་ངེ་འཛིན་གྱི་གསལ་སྣང་ཟད་མི་ཤེས་པར་འབྱུང་ཞིང་ཡིད་ལ་བསམ་པ་ཙམ་གྱིས་སེམས་ཅན་གྱི་དོན་མང་པོ་སྒྲུབ་ནུས་པས་གྲུབ་པའི་སྐྱེས་བུ་ཞེས་བྱ་སྟེ། དེ་དག་ལ་རིམ་བཞིན་ལས་དང་པོ་པ། ཡེ་ཤེས་ཕེབ་པ། ཡེ་ཤེས་ལ་ཅུང་ཟད་དབང་བ། ཆེར་དབང་བ་ཞེས་མཉམ་སྦྱོར་རྒྱུད་སོགས་ཀྱི་དགོངས་པ་ཡེ་ཤེས་ཞབས་རྗེས་འབྲངས་དང་བཅས་པས་རྩལ་དུ་འདོན་པར་མཛད་དོ། །གསུམ་པ་ནི། གང་ཡང་ ནས་ སྦྱོང་བར་བྱེད༔ ཅེས་གསུངས་ཏེ། སྐྱེད་ཐབས་ཀྱི་ཆོ་ག་བཞི་པོ་དེ་དག་གང་ལའང་ལས་དང་པོ་པས་རྩ་བའི་ལྷ་ཕྱག་རྒྱ་གཅིག་པ་བསྒོམས་པས་ལུས་ཅན་རྣམས་དང་པོར་སྐྱེས་ནས་བྱིས་པར་གྱུར་པའི་གནས་སྐབས་དང་། དེ་ལ་གསལ་སྣང་ཐོབ་ནས་ཕྱག་རྒྱ་སྤྲོས་བཅས་ཀྱིས་ལང་ཚོ་དར་ལ་བབས་པའི་གནས་སྐབས་དང་། དེ་ལ་བརྟན་པ་ཐོབ་ནས་ཚོམ་བུ་ཚོགས་ཀྱི་སྒྲུབ་པས་ན་ཚོད་ཡོལ་ནས་རྒན་པོའི་གནས་སྐབས་ཏེ་སྐྱེ་བའི་སྲིད་པའི་རིམ་པ་གསུམ་པོ་དེ་སྦྱོང་བར་བྱེད་པ་ཡིན་ལ། དེའི་རྒྱུ་མཚན་གང་ཟག་གཅིག་གི་རྒྱུད་ལའང་རིམ་གྱིས་གོམས་པ་བརྟན་པའི་དབང་གིས་དབང་པོ་བརྟུལ་འབྲིང་རྣོན་པོ་གསུམ་དུ་ན་འཕོ་བའི་ཕྱིར་རོ། །གསུམ་པ་གསལ་བརྟན་དག་གསུམ་ལ་བསླབ་པ་ནི། སྦྱོང་བྱེད་ ནས་ ལྷ་རུ་སྦྱོར༔ ཞེས་གསུངས་ཏེ། སྐྱེད་པའི་ཚུལ་དེ་ཉིད་སྦྱོང་བར་བྱེད་པའི་ཐབས་ཀྱི་ཁྱད་པར་ནི། སྒྲུབ་ཐབས་ཀུན་བཟང་ལས་ ཐ་མལ་རྣམ་རྟོག་རྒྱུན་ལས་གཞན་པ་ཡི། །སྲིད་པའི་སྡུག་བསྔལ་གཞན་ཅིའང་ཡོད་མ་ཡིན། །དེ་དང་རྣམ་པ་འགལ་བར་གྱུར་བའི་སེམས། །འདི་ནི་མངོན་སུམ་དུ་ནི་རྟོགས་པར་འགྱུར། །ཟབ་ཅིང་རྒྱ་ཆེ་བ་ཡི་བདག་ཉིད་ཅན། །གང་ཡིན་དེ་ནི་ཀུན་རྟོག་སྣང་མི་འགྱུར། །ཞེས་གསུངས་པ་བཞིན་ཐ་མལ་བདག་དང་བདག་གི་བའི་དངོས་པོར་ཞེན་པ་དང་འཛིན་སྟངས་འགལ་བའི་ཏིང་ངེ་འཛིན་ལྷག་པར་ལམ་དུ་བྱེད་དགོས་ཤིང་། དེ་ལ་གསུམ། དང་པོ་རྣམ་པ་གསལ་བ་ཞེས་ལྷའི་གསལ་སྣང་སྒྲུབ་པ་ནི་ལས་དང་པོ་པས་དཀྱིལ་འཁོར་ལ་གསལ་སྣང་ཐོན་དཀའ་ཡང་ལྷག་པར་མོས་པས་བསྒོམས་པས་རྒྱུད་སྨིན་བྱེད་ཀྱི་སྟོབས་ཆེ་བ་དང་། ཕྱག་རྒྱ་གཅིག་པ་ལྟ་བུར་གང་སེམས་བཟུང་སླ་ས་ནས་བརྩམས་གོ་རིམ་སོགས་མ་ངེས་པར་ཞལ་དང་སྐུ་དང་ཕྱག་མཚན་རྒྱན་ཆའི་ཆ་ཤས་རྣམས་རེ་རེ་ལ་སེམས་ཟིན་པས་སོ་སོའི་གསལ་སྣང་སྐྱེས་པ་དང་གཅིག་ཆར་དུ་གསལ་འདེབས། མཐར་རྙོག་པ་མེད་པའི་རྫིང་བུ་མི་གཡོ་བ་གསལ་དྭངས་ཀྱི་ནང་དུ་གཟུགས་བརྙན་གསལ་བཀྲ་མ་འདྲེས་པར་སྣང་བ་ལྟར་ཡུལ་གསུམ་ལ་མངོན་སུམ་བཞིན་དུ་སྣང་བའི་གོམས་པ་བརྟན་པོར་གྱུར་པས་ནི་ཕྱི་རོལ་གཟུགས་ཕུང་དུ་སྣང་བ་རྣམས་སྦྱོང་བར་བྱེད་དོ། །གཉིས་པ་ང་རྒྱལ་བརྟན་པ་ནི། ལྷའི་གསལ་སྣང་ཐོབ་མ་ཐོབ་གང་ལྟར་ལྷ་དེར་ཤེས་པ་ཙམ་གྱི་ང་རྒྱལ་ཉི་ཚེ་བ་མིན་པར་འབྲས་དུས་ཀྱི་སངས་རྒྱས་སྐྱོན་ཐམས་ཅད་ཟད་ཅིང་ཡོན་ཏན་མཐའ་དག་རྫོགས་པ་དེ་ཉིད་དངོས་སུ་མོས་པའི་ང་རྒྱལ་བརྟན་པོ་དང་། གསལ་སྣང་ཐོབ་ནས་དེ་ཉིད་ཡེ་ཤེས་ཀྱི་སྐུར་དངོས་སུ་ངེས་པའི་ཤེས་པ་དྲག་པོས་རང་ཉིད་སེམས་ཐ་མལ་དུ་ཞེན་པའི་འཛིན་སེམས་སྦྱོང་བར་བྱེད་པ་ཡིན་ནོ། །གསུམ་པ་དག་པ་དྲན་པ་ནི། རྒྱས་པར་ཞི་ཁྲོའི་དཀྱིལ་འཁོར་གང་དང་གང་བསྒོམ་པ་དེའི་ཞལ་ཕྱག་སྐུ་མདོག་རྒྱན་ཆས་སོགས་རྟེན་དང་བརྟེན་པར་བཅས་པ་སངས་རྒྱས་ཀྱི་ཡེ་ཤེས་དེ་ཉིད་དེ་དང་དེའི་རྣམ་པར་ཤར་བའི་བརྡ་དོན་རྟགས་གསུམ་རེ་རེ་ནས་དྲན་པར་བྱ་དགོས་ཀྱང་། མདོར་ན་གཉུག་མ་ཆོས་ཉིད་ཀྱི་སྟེང་ན་འབྲས་བུ་རྣམ་བྱང་གི་ཡོན་ཏན་རྣམས་རང་བཞིན་ལྷུན་གྲུབ་ཏུ་བཞུགས་པ་ལས་ཡོན་ཏན་གང་དང་གང་ཞིག་ལྷའི་རྣམ་པ་དེ་དང་དེའི་ངོ་བོར་གདོད་ནས་དག་པར་བཞུགས་པ་ལ་ཏིང་ངེ་འཛིན་གྱིས་བསྒོམ་པའི་ལྷ་དེ་ཡང་དེ་ལས་གཞན་དུ་མ་གྱུར་པ་རྣམ་པར་དག་པར་མོས་པས་སྣང་ཞེན་ཐམས་ཅད་ཀྱང་གདོད་ནས་རྣམ་པར་དག་པའི་ལྷ་ཡེ་ཤེས་ཀྱི་འཁོར་ལོ་རུ་སྦྱོང་བར་བྱེད་དོ། །བཞི་བ་སྲོག་སྡོམ་གཟེར་བཞི་བཤད་པ་ལ་བཞི། ཏིང་ངེ་འཛིན་གྱི་གཟེར། སྙིང་པོ་སྔགས་ཀྱི་གཟེར། འཕྲོ་འདུ་ཕྲིན་ལས་ཀྱི་གཟེར། དགོངས་པ་མི་འགྱུར་བའི་གཟེར་བཤད་པའོ། །དང་པོ་ལ་གཉིས། ཏིང་ངེ་འཛིན་གྱི་རྩལ་སྦྱང་བ་དང་། འབྱོངས་པའི་ཚད་འབྲས་བུ་དང་བཅས་པའོ། །དང་པོ་ནི། ཀུན་ཀྱང་ ནས་ རོལ་པར་ཁྱེར༔ ཞེས་གསུངས་ཏེ། བསྐྱེད་པའི་ཆོ་ག་དེ་དག་ཀུན་གང་ལ་བརྟེན་ཀྱང་བདེ་གཤེགས་ཞི་ཁྲོའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་རོ་མཉམ་ཆེན་པོར་བརྟེན་པར་བསྒྲུབ་པའི་ཕྱིར་སྲོག་སྡོམ་གཟེར་བཞིའི་མན་ངག་དང་ལྡན་པར་གཅེས་ཏེ། གསང་རྫོགས་རྒྱུད་ལས། ཡེ་ཤེས་འཇིག་རྟེན་གང་ལ་ཡང་། །སྲོག་སྡོམ་གཟེར་བཞི་མ་ཐེབས་ན། །ནམ་ཡང་དོན་མེད་ཡུག་པ་རྐྱང་། །ཡོངས་རྫོགས་དཔལ་གྱི་སྲོག་འཕྲོག་ཐབས། །གཅིག་ཤེས་པས་ནི་ཀུན་སྲོག་ཐོབ། །དཔེར་ན་སྒྲ་གཅན་འཛིན་གྱི་ཁས། །ནམ་མཁའི་ཉི་མ་གཅིག་ཟིན་པས། །ཆུ་བྲན་སྟོང་གི་ཉི་མ་ཀུན། མ་བཟུང་པར་ཡང་སྲོག་སྟོང་ཐོབ། །དེ་ཕྱིར་སྲོག་སྡོམ་གཟེར་བཞི་གཅེས། །ཞེས་གསུངས་པ་ལྟར་ལས་དང་པོ་པས། ལྷ་སྐུའི་རྣམ་པར་སེམས་འཛིན་པ་ལས་གཞན་དུ་མི་གཡོ་བའི་ཡིད་རྩེ་གཅིག་ཏུ་གནས་པའི་བསམ་གཏན་གྱིས། རང་གི་སེམས་ཉིད་རྣམ་ཤེས་ཚོགས་བརྒྱད་དང་ལྷའི་སྐུ་དང་ཡེ་ཤེས་སུ་རྫོགས་པའི་ཕྱིར་ཏིང་ངེ་འཛིན་གྱི་གཟེར་གདབ་པར་བྱ་སྟེ། དེའང་། ཏིང་འཛིན་གཟེར་ནི་ཐོད་སྐུ་ལ། །རྩེ་གཅིག་སེམས་བཟུང་ཡེངས་མི་བྱ། །ཞེས་པ་ལྟར། ཐོག་མར་ལྷ་ཕྱག་རྒྱ་གཅིག་པ་ལ་ཕྲ་བ་ས་བོན་ཨ་དཀར་པོའམ་ཧཱུཾ་སྔོན་པོ་ལ་སོགས་པ་ཁྲུ་གང་པ་གསལ་བར་བྲིས་པ་དང་། རགས་པ་ལྷའི་གཟུགས་མཚན་ཉིད་དང་ལྡན་པ་ཐོད་པར་བྲིས་པ་སོགས་འདུ་བྱས་ལ། རང་མདུན་ཁད་ཉེ་བར་དམིགས་པ་གཏོད་པའི་རྟེན་དུ་བསྐྱེད་པའི་ཚུལ་ལ་མཁས་པའི་སྒྲུབ་པ་པོས་བཞག་པར་བྱ། དེ་ལྟར་བྱས་ནས་ཀྱང་བདེ་བའི་སྟན་ལ་ལུས་གནད་བསྲང་། རླུང་རོ་ལན་གསུམ་བསལ་ཞིང་ཡིད་ཀྱི་འཛིན་སྟངས་མིག་གི་ལྟ་སྟངས་རླུང་གི་འགྲོ་ལྡོག་གསུམ་ཡུལ་སོ་སོ་ལ་ཡ་བྲལ་དུ་མ་སོང་བར་ཕྱོགས་མཉམ་པོར་དམིགས་རྟེན་ལ་རྩེ་གཅིག་ཏུ་གཏད་དེ་ཡུན་ཐུང་ལ་གྲངས་མང་བར་བསྒོམས་པས་ཉམས་ལྔ་རིམ་པར་འཆར་བར་འགྱུར་ཏེ། དེའང་དམིགས་རྟེན་ལ་སེམས་མི་གནས་པར་འདུ་བྱེད་ཀྱི་རྟོག་པ་མང་པོ་བན་བུན་ལང་ལོང་དུ་འགྱུ་བ་ནི་གཡོ་བའི་ཉམས་རི་གཟར་གྱི་ཆུ་ལྟ་བུ། དེ་ནས་རྣམ་རྟོག་ཅུང་ཟད་ཞི་ནས་ཕལ་ཆེར་དམིགས་རྟེན་ལ་སེམས་གནས་ཤིང་དེའི་རྣམ་འགྱུར་གྱི་བག་ཆགས་བརྟས་པས་མིག་བཙུམ་ཡང་ཡིད་ཡུལ་དུ་ཝལ་གྱིས་འཆར་བ་ནི་ཐོབ་པའི་ཉམས་གཅོང་རོང་གི་ཀླུང་ལྟ་བུ། དམིགས་རྟེན་ལ་སྒོམ་པ་ཇི་ལྟ་བར་རང་ཉིད་དེ་དང་དེར་གསལ་ཐེབས་ཤིང་དེའང་ཆེ་ཆུང་རྣམ་འགྱུར་མ་ངེས་པ་ཅི་འདོད་བསྒྱུར་དུ་བཏུབ་ཅིང་དེ་ལས་རྟོག་པ་གཞན་དུ་མི་གཡོ་བ་ནི་གོམས་པའི་ཉམས་ཆུ་ཆེན་དལ་འབབ་ལྟ་བུ། ལྷའི་རྣམ་པ་དེའང་རང་སེམས་དང་དབྱེར་མེད་དུ་བསྲེས་ནས་བསྒོམས་པས་རྟོག་པ་གང་གིས་ཀྱང་བར་དུ་མི་ཆོད་པར་སྐུ་ཡོངས་རྫོགས་ལ་སེམས་ཇི་ཙམ་གནས་འདོད་པ་དེ་སྲིད་དུ་སྡོད་པ་ནི་གཡོ་པའི་ཉམས་མཚོ་ཆུང་རླུང་གིས་བསྐྱོད་པ་ལྟར་བུ། དེ་ལས་ཀྱང་སྤྱན་གྱི་དཀར་ནག་བ་སྤུའི་བུ་ག་ཚུན་ཆད་གསལ་ནུས་ཤིང་ཉིན་མཚན་རྟག་ཏུ་ཡུལ་རྐྱེན་གང་གིས་ཀྱང་མི་འཕྲོག་པར་གསལ་བརྟན་ཚད་བརྒྱད་གྱད་དུ་གྱུར་པ་ནི་མཐར་ཕྱིན་པའི་ཉམས་རྒྱ་མཚོ་ཆེན་པོ་རླབས་དང་བྲལ་བ་ལྟ་བུ་སྟེ། དེ་ལྟར་མ་གྱུར་གྱི་བར་དུ་ལེགས་པར་བསླབ་ཅིང་དང་པོ་ནས་མི་སུན་པར་བྱ་བའི་ཕྱིར་གོམས་རིམ་གྱིས་ཐུན་ཚོད་ཀྱི་ཡུན་རིམ་པར་བསྲིངས་ཏེ་བསྒོམ་པར་བྱ་དགོས་ལ། དེའི་ཚེ་སེམས་མི་གསལ་བའི་བྱིང་བ་དང་། འགྱུ་བ་སྤུན་པོར་གྱུར་པའི་རྒོད་པ་དང་། ལ་སོགས་པའི་ཁོང་ནས་རྨུགས་འཐིབས་དང་། འཐོར་ཡས་སོགས་ཏིང་ངེ་འཛིན་གྱི་སྐྱོན་བྱུང་ན་ངོ་ཤེས་ཤིང་བཏང་སྙོམས་སུ་མ་ཤོར་བར་ཀུན་ལ་སོ་སོའི་གཉེན་པོ་བརྟེན་ཏེ་བསལ་ལོ། །དེ་ཉིད་རྩལ་སྦྱོང་ཞིང་བོགས་འབྱིན་པའི་ཐབས་ཉང་གཏེར་མཚོ་རྒྱལ་ཞུས་ལན་དང་། བླ་མ་དགོངས་འདུས་ལས་ལྷག་ལམ་དུ་སློང་བ་སོགས་རྣམ་པ་དྲུག་ཏུ་གསུངས་པ་ལྟར་གནད་བསྡུ་ན། སྐབས་སུ་སེམས་རྣམ་པར་མི་རྟོག་པ་གཉུག་མའི་ངང་དུ་རང་བབས་སུ་ལྷོད་ཀྱིས་ཀློང་ལ་ངལ་གསོ། རེས་འགར་ལྷ་སྐུ་དེ་ཉིད་ཆེ་བ་རི་རབ་ནས་ཆུང་བ་ཏིལ་འབྲུ་ཙམ་སོགས་ཆེ་ཆུང་མདོག་དབྱིབས་སྤྱོད་ལམ་ཉེ་རིང་བཞུགས་གནས་མ་ངེས་པར་བསྒོམས་པས་རྩལ་སྦྱོང་ཞིང་ལམ་དུ་སློང་། སྐབས་རེར་ལྷའི་རྣམ་པ་དང་རང་སེམས་དབྱེར་མེད་དུ་བསྲེས་ཏེ་བསྒོམ་བྱ་སྒོམ་བྱེད་ཀྱི་གཉིས་འཛིན་སྤོངས་ལ་སྒོམ་མཁན་རང་ངོ་རིག་པའི་ཚུལ་གྱིས་གནས་ལུགས་ཀྱི་དོན་ལ་བལྟ་བ་རྣམས་ཀྱིས་མཉམ་བཞག་གི་རྣལ་འབྱོར་བསྐྱང་། རྗེས་ཐོབ་སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོ། བགོ་བ་ཞི་ཁྲོའི་ཆས། བཟའ་བཏུང་ཚོགས་འཁོར། འགྲོ་འདུག་རྡོ་རྗེའི་གར་སོགས་མདོར་ན་སྤྱོད་ཡུལ་ཅི་དང་ཅིར་སྣང་བ་ཐམས་ཅད་ལྷ་ཡེ་ཤེས་པའི་རོལ་པ་འབའ་ཞིག་པར་ལམ་དུ་ཁྱེར་བར་བྱའོ། །གཉིས་པ་ནི། དེ་ལྟར་ནས་དངོས་གྲུབ་ཐོབ༔ ཅེས་གསུངས་ཏེ། དེ་ལྟར་ཇི་སྐད་བསྟན་པའི་མན་ངག་གི་རྩ་བ་ཏིང་ངེ་འཛིན་གྱི་གཟེར་ཁོ་ན་ལ་བརྟེན་ནས་ཀྱང་ཡུལ་གསུམ་གྱད་དུ་གྱུར་ཏེ་ལུས་ཐ་མལ་དུ་འཛིན་པའི་མངོན་ཞེན་ལྷའི་སྐུར་རྫོགས་པར་འགྱུར་ཏེ། དང་པོ་རང་གི་ཡིད་ཀྱི་ཡུལ་དུ་གང་བསྒོམ་པའི་ལྷ་སྐུ་ཕྱག་མཚན་རྒྱན་ཆ་ལུགས་དང་བཅས་པ་གསལ་ལ་མ་འདྲེས་པ་མེ་ལོང་གི་གཟུགས་བརྙན་ལྟར་འཆར་བའི་གསལ་སྣང་རྫོགས། གཉིས་པ་སེམས་ཤིན་ཏུ་སྦྱངས་པའི་མཐུ་ལས་ཡིད་དཔྱོད་མ་ཡིན་པར་མིག་སོགས་དབང་པོའི་སྤྱོད་ཡུལ་དུ་ལྷའི་ཕྱག་རྒྱ་མངོན་སུམ་དུ་ཤར། གསུམ་པ་སེམས་ཀྱིས་ལུས་འབྱོངས་ཏེ་ལྷ་ཉིད་རེག་པ་ལུས་ཀྱི་ཡུལ་དུ་གསལ་བས་ལུས་ཤིན་ཏུ་སྦྱང་པ་ཐོབ་པའི་ལྟས་གཞན་གྱི་སྣང་བ་ཟིལ་གྱིས་གནོན་ཅིང་རང་དབང་དུ་སྒྱུར་བ་དང་།ལས་དང་དངོས་གྲུབ་ཐོགས་མེད་དུ་སྒྲུབ་ནུས་པ་སོགས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པའི་ཆོ་འཕྲུལ་ཆེན་པོ་ཅིར་ཡང་འཆར་ཞིང་སྐུའི་སྲོག་འཕྲོག་པས་མཐར་ཐུག་ཧེ་རུ་ཀ་དཔལ་ཆེན་པོའི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་དབྱེར་མེད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །གཉིས་པ་ནི། སྔགས་ཀྱི་གཟེར་ནས་དངོས་གྲུབ་ཐོབ༔ ཅེས་གསུངས་ཏེ། ངག་ལ་སྙིང་པོ་སྔགས་ཀྱི་གཟེར་གདབ་པ་ནི། ལྷ་སོ་སོའི་རིགས་མི་འགྱུར་བའི་རང་བཞིན་ཐུགས་སྲོག་ས་བོན་གང་ཡིན་པ་དང་། དེའི་མཐར་རྩ་སྔགས་སམ་སྙིང་པོའི་ཡི་གེ་གསལ་བར་བཀོད་པ་ལ་སེམས་གཏད་པ་ནི་བསྙེན་པའི་ཡན་ལག་སྟེ་ཟླ་བ་སྐར་ཕྲེང་ལྟ་བུའི་དགོངས་པ་དང་། ཐུགས་སྲོག་ལས་སྔགས་ཕྲེང་བྱུང་། ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དང་དེ་ནས་ཐུགས་ཀར་བརྒྱུད་ཡུམ་གྱི་གསང་བ་ནས་ཡབ་གྱི་གསང་བར་ཞུགས་ཏེ་ཐུགས་ཀར་ཐིམ། སླར་ཡང་དེ་ལྟར་བར་མ་ཆད་པ་འགལ་མེ་ལྟ་བུར་འཁོར་བ་ནི་ཉེ་བསྙེན་གྱི་ཡན་ལག་སྟེ་འགལ་མེ་ཀླད་ཀོར་གྱི་དགོངས་པ་ཡིན་ལ། དེ་དག་གིས་སྔགས་རླུང་དབྱེར་མེད་དུ་དག་ནས་གསུང་གི་སྲོག་འཕྲོག་པས་མཐར་ཐུག་ཧེ་རུ་ཀ་དཔལ་ཆེན་པོའི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་དབྱེར་མེད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །གསུམ་པ་ནི། འཕྲོ་འདུའི་གཟེར་ནས་དབང་འབྱོར་ཞིང༔ ཞེས་གསུངས་ཏེ། གང་འདོད་ཕྲིན་ལས་ཀྱི་ཁ་སྒྱུར་བ་འཕྲོ་འདུའི་གཟེར་ནི། ཐུགས་སྲོག་སྔགས་ཕྲེང་ལས་འཕྲོས་པའི་འོད་ཟེར་གྱིས་རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུས་ཏེ་རང་དོན་བསྒྲུབ། འགྲོ་བའི་སྒྲིབ་གཉིས་སྦྱངས་ནས་སངས་རྒྱས་ཀྱི་ས་ལ་བཀོད་པས་གཞན་དོན་འགྲུབ་པ་སྟེ་དོན་གཉིས་མཛད་པ་དང་། སླར་ཡང་འོད་ཟེར་སྤྲོ་བསྡུས་ཐུན་མོང་དང་མཆོག་གི་དངོས་གྲུབ་བདག་ཉིད་ཀྱི་དབང་དུ་བྱ་བ་ནི་སྒྲུབ་པའི་ཡན་ལག་སྟེ་རྒྱལ་པོའི་ཕོ་ཉ་འགྱེད་པ་ལྟ་བུའི་དགོངས་པ་ཡིན་ལ། མཐར་དེ་ལྟར་བསྒྲུབས་པའི་གྲུབ་མཐའ་སྣོད་བཅུད་ཀྱི་གཟུགས་སྣང་། གྲགས་པའི་སྒྲ་སྐད། ཡིད་ཀྱི་རྟོག་ཚོགས་ཇི་སྙེད་པ་ཐམས་ཅད་སྣང་སྟོང་ལྷའི་སྐུ། གྲགས་སྟོང་སྔགས་ཀྱི་སྒྲ་དང་རིག་སྟོང་ཡེ་ཤེས་ཆེན་པོའི་འཁོར་ལོར་འཆར་བ་སྒྲུབ་པ་ཆེན་པོའི་ཡན་ལག་བུང་བ་ཚང་ཞིག་གི་དགོངས་པ་སྟེ། དེ་དག་གིས་ཡེ་ཤེས་ཀྱི་རྩལ་འབྱོངས་ཤིང་ཕྲིན་ལས་སྣ་ཚོགས་ལ་རང་དབང་བརྙེས་པས་མཐར་ཐུག་སངས་རྒྱས་རྣམས་ཀྱི་ཡོན་ཏན་དང་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཀུན་ལ་དབང་འབྱོར་ཆེན་པོ་ཐོབ་པར་འགྱུར་རོ། །ཞིང་ཞེས་པའི་ཚིག་ཕྲད་ནི་ལྷག་མ་འདྲེན་པའི་སྒྲའོ། །བཞི་པ་ནི། དགོངས་པ་ནས་དངོས་གྲུབ་ཐོབ༔ ཅེས་གསུངས་ཏེ། དེ་དག་སྤྱིའི་རྒྱས་འདེབས་གལ་པོ་ཆེ་དགོངས་པ་མི་འགྱུར་བའི་གཟེར་ནི། ཞི་བ་དང་ཁྲོ་བོའི་ལྷ་ཚོགས་ཇི་སྙེད་པ་ཀུན་ཀྱང་ཤེལ་ལས་འཇའ་ཚོན་བཞིན་རང་གི་རིག་པའི་རང་རྩལ་ལས་གཞན་ཏུ་མ་གྲུབ་པར་རྟོགས་ཤིང་དེའི་རྒྱུན་ལ་གོམས་པ་ཆེར་བརྟས་པ་ལས། བག་ཆགས་ཀྱི་བཞོན་པ་རླུང་དང་དེའི་ཁ་ལོ་སྒྱུར་བ་པོ་སེམས་དང་བྱིན་གྱིས་རློབ་པ་པོ་ཡེ་ཤེས་ཀྱི་ལྷ་སྐུ་གསུམ་ཀའང་སེམས་ཉིད་ཀྱི་ངང་དུ་དབྱེར་མེད་རོ་མཉམ་དུ་སྨིན་པའི་མཐུ་ལས་དགོངས་པའི་རྩལ་རྫོགས་ཏེ་སྟོང་སྲོག་གཅིག་ཅར་དུ་འཕྲོག་པ་ཐོབ། མཐར་ཐུག་ཧེ་རུ་ཀ་དཔལ་ཆེན་པོའི་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་དབྱེར་མེད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །གཉིས་པ་རྣལ་འབྱོར་གྱི་ཡན་ལག་བྱེ་བྲག་ཏུ་བཤད་པ་ལ། དམ་ཚིག་པ་བསྐྱེད་པ། ཡེ་ཤེས་པ་བསྟིམ་པ་སོགས་དཀྱུས་གཅིག་ཏུ་བསྟན་པ་ནི། རྣལ་འབྱོར་ཡན་ལག་ནས་ང་རྒྱལ་སྐྱེད༔ ཅེས་གསུངས་ཏེ། སྔར་བཤད་པ་དེ་རྣམས་རིམ་པ་དང་པོའི་རྣམ་འབྱོར་དངོས་གཞི་ཡིན་ལ། དེ་ཉིད་རྫོགས་པར་བྱེད་པའི་ཡན་ལག་གི་རྣམ་འབྱོར་རྣམས་གང་ལ་འབྱུང་བའི་གཞི་དང་པོ་ལྷ་དམ་ཚིག་པའི་སྐུར་བསྐྱེད་པ་དེ་ལའང་ཕྱག་རྒྱ་གཅིག་སྤྲོས་ཚོགས་སྒྲུབ་ཀྱི་དབྱེ་བས་བསྟན་པ་གང་ཡང་གཙོ་བོའི་སྐུ་རྫོགས་པར་བསྒོམ་པ། ཡུམ་གྱི་ས་བོན་བསྐྱེད་པ། དེ་ལས་ཡུམ་བསྒོམ་པ། སེམས་དཔའ་སུམ་བརྩེགས་བསྒོམ་པ། རིགས་བདག་གི་རྒྱས་འདེབས་པ་དང་ལྔ་རིམ་པ་ཇི་ལྟ་བར་གཞི་དུས་སུ། བྱིས་པ་བཙས་པ། ནར་སོན་ནས་འདོད་པའི་ཚོར་བས་གདུངས་ཏེ་དེ་དོན་དུ་གཉེར་བ། ཆུང་མ་ལེན་པ། སྒོ་གསུམ་གྱི་ནུས་པ་རིམ་གྱིས་འཕེལ་བ། རང་རིགས་ཀྱི་བྱ་བ་ལ་དབང་སྒྱུར་བ་རྣམས་སྦྱོང་ཞིང་འབྲས་དུས་སུ་སངས་རྒྱས་སྤྲུལ་པའི་སྐུ་བལྟམས་པ་དང་། བྱང་ཆུབ་དོན་དུ་གཉེར་བས་རབ་ཏུ་བྱུང་ནས་དཀའ་ཐུབ་མཛད་པ་དང་། དེ་ལས་བཞེངས་ཏེ་བྱང་ཆུབ་སྙིང་པོར་གཤེགས་པ་དང་། བདུད་བཏུལ་ཏེ་བསམ་གཏན་བསྐྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་རྣམས་ཡིན་ལ། ལམ་གོང་མའི་ཚེ་ན་བདེ་སྟོང་ཡེ་ཤེས་ཀྱི་ལྷ་སྐུར་གྲུབ་པར་བྱ་བའི་ཕྱིར། བདེ་རླུང་སེམས་ལ་ལྷ་སྐུར་ལྡང་བ་དང་། དེ་ནས་མཆོག་གི་དངོས་གྲུབ་ལ་མྱུར་དུ་སྦྱོར་བའི་གཞི་འདིང་པས་ན་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །ཡན་ལག་རྣལ་འབྱོར་དངོས་ལ་བདུན་ཡོད་པའི་དང་པོ་བྱིན་གྱིས་བརླབ་པ་ནི། སྦྱང་བྱ་བྱིས་པ་དེ་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱི་ནུས་པའི་རྩལ་ནར་སོན་པ་སྦྱོང་བར་བྱེད། སྦྱངས་འབྲས་ནི་སངས་རྒྱས་པ་ན་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་ལ་མངའ་བརྙེས་པ་ཉིད་ཡིན་ཞིང་། སྦྱོང་བྱེད་ནི། དམ་ཚིག་པའི་འཁོར་ལོ་བསྐྱེད་ཟིན་པ་ན་དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་གསལ་ཞིང་འབར་བའམ། ཡང་ན་རྣམ་སྣང་འོད་དཔག་མེད་མི་བསྐྱོད་པ་བསྒོམས་ནས་དམ་ཚིག་པའི་སྐུ་གསུང་ཐུགས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོ་དང་དབྱེར་མེད་པར་བྱིན་གྱིས་བརླབས་ཤིང་སྒོ་གསུམ་རྣམ་པར་དག་པ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་སུ་མོས་པའི་ང་རྒྱལ་བྱས་པས། ལམ་གོང་མའི་དུས་ན། ཁུ་རྡུལ་རླུང་གི་ཁམས་གསུམ་སྐུ་གསུང་ཐུགས་ཏེ། དེ་རྣམས་ཀྱི་སྙིགས་མ་ཟད་ནས་དྭངས་མ་འཕེལ་བ་ལས་བྱུང་བའི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་འདིང་བའོ། །གཉིས་པ་དབང་བསྐུར་བ་ལ། སྦྱང་བྱ་ནི། བྱིས་པ་དེ་རྩ་ཁམས་འཕེལ་བས་ཉོན་མོངས་པ་དུག་ལྔའི་རྣམ་རྟོག་རགས་པར་གྱུར་པ་དེ་སྦྱོང་བར་བྱེད། སྦྱངས་འབྲས་ནི་སངས་རྒྱས་པ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་དེ་ཡིན་ཞིང་། སྦྱོང་བྱེད་ནི། བྱིན་རླབས་ཀྱི་རྗེས་སུ་ལྷ་ཚོགས་རྣམས་ཀྱི་མགོ་བོའི་གནས་ལྔར་རིགས་བདག་གཙོ་བོར་གྱུར་པའི་དེ་བཞིན་གཤེགས་པ་ལྔ་རང་རང་གི་ཡུམ་དང་མཉམ་པར་སྦྱོར་བའི་རྗེས་ཆགས་ཀྱི་མེས་བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྣམ་པ་ལྔའི་རང་བཞིན་གྱི་བདུད་རྩི་ལྔར་ཞུ་བའི་ཆུ་བོའི་རྒྱུན་བབས་པས་དབང་བསྐུར། སྐུ་ལུས་ཀྱི་ནང་གང་། ཉོན་མོངས་པ་ལྔའི་སྒྲིབ་པའི་དྲི་མ་བག་ཆགས་དང་བཅས་པ་སྦྱངས། ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེའི་རིགས་ལ་མི་བསྐྱོད་པས་མཚོན། ལྷ་སོ་སོའི་རིགས་དང་མཐུན་པའི་རིགས་ཀྱི་བདག་པོ་རིགས་གཞན་དུ་མ་འཆོལ་བའི་ཕྱག་རྒྱས་བཏབ་སྟེ་ཐོབ་བྱ་རང་གནས་ཀྱི་ཡེ་ཤེས་མངོན་དུ་གྱུར་བའི་ང་རྒྱལ་བཟུང་བས། རྫོགས་རིམ་གྱི་སྐབས་དགའ་བཞི་ལུགས་འབྱུང་ལྡོག་གི་རིམ་པས་དུག་ལྔ་ཡེ་ཤེས་ལྔར་དབང་བསྐུར་ཞིང་རླུང་སེམས་གཙུག་ཏོར་དུ་ཐིམ་པའི་རྒྱུ་བྱེད་པས་ལམ་གོང་མའི་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །གསུམ་པ་བསྒྲུབ་བྱ་དང་སྒྲུབ་བྱེད་གཉིས་སྣང་བའི་རྟོག་པ་བསལ་བའི་ཕྱིར་དུ་ཡེ་ཤེས་ཀྱི་འཁོར་ལོ་སྒྲུབ་པ་ནི། སྦྱང་བྱ་བྱིས་པ་དེ་རང་དང་རིས་མཐུན་གྱི་འགྲོ་བ་སྔ་མ་རྣམས་དང་བློ་གྲོས་ཀྱི་ནུས་པ་མཉམ་པར་གྱུར་པ་དེ་སྦྱོང་བར་བྱེད། སྦྱངས་འབྲས་ནི་སངས་རྒྱས་པའི་ཚེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཡེ་ཤེས་གཅིག་ཏུ་གྱུར་པས་དགོངས་པ་གཉིས་སུ་མེད་པར་རོ་མཉམ་པ་ཉིད་ཡིན་ཞིང་། སྦྱོང་བྱེད་ནི། དམ་ཚིག་པའི་ཐུགས་སྲོག་ལས་བྱུང་བའི་འོད་ཟེར་གྱིས་རང་བཞིན་གྱི་དབྱིངས་ན་བཞུགས་པའི་ཡེ་ཤེས་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས་དེ་དག་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་གཟུགས་ཀྱི་སྐུ་བསྒོམས་པ་དང་འདྲ་བའི་ལྷ་ཚོགས་ཀྱི་རྣམ་པར་བཞེངས་པ་རྣམས་སྐད་ཅིག་གིས་སྤྱན་དྲངས་ཏེ་དམ་ཚིག་པའི་འཁོར་ལོ་དང་རོ་མཉམ་དུ་འདྲེས། གདོད་ནས་ལུས་དམ་ཚིག །སེམས་ཡེ་ཤེས་སེམས་དཔར་ལྷུན་གྱིས་གྲུབ་པར་བལྟ། དེས་དམ་ཡེ་ལ་མཆོག་དམན་ཐ་དད་དུ་འཛིན་པའི་ཞེན་རྟོག་སྤོང་བ་དང་། ཡེ་ཤེས་ཀྱི་འཁོར་ལོ་དེ་ཉིད་རང་གི་སེམས་དང་དབྱེར་མེད་དུ་ཤེས་པ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་བདག་ཉིད་ལ་འཇུག་པ་སོགས་ཀྱི་དགོས་པ་ཡོད་ཅིང་ལམ་གོང་མའི་ཚེ་དཔེའི་འོད་གསལ་གྱིས་དོན་གྱི་ཡེ་ཤེས་མཚོན་པར་བྱེད་པ་དང་། འཁོར་འདས་གཉིས་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་འདིང་བའོ། །བཞི་པ་བཞུགས་སུ་གསོལ་བ་ནི། དེ་ནས་ཡན་ལག་བརྒྱད་ལྡན་གྱི་ཆུ་བཻཌཱུརྻའི་བྱ་མ་བུམ་ནས་སྦྲེང་བའི་མཆོད་ཡོན་དང་། འདག་ཆལ་དང་ལྡན་པའི་ཆུ་གཙང་གིས་ལྷ་རྣམས་ཀྱི་རྡོ་རྗེའི་ཕྱག་དང་ཞབས་དག་ནི་བཀྲུས་ཏེ་དྲི་མ་བསིལ་བར་བྱས་ནས་ཀྱང་། ཁྲི་རྐང་པད་ཉི་ཟླ་བ་སོགས་གཙོ་འཁོར་སོ་སོ་དང་འཚམས་པས་ཐུགས་དགྱེས་པའི་གདན་བརྗིད་ཅིང་མཛེས་པ་ལ་དམ་ཡེ་དབྱེར་མེད་ཆུ་ལ་ཆུ་བཞག་པ་ལྟར་དངོས་གྲུབ་ཀྱི་འབྲས་བུ་མ་ཐོབ་པ་དེ་སྲིད་དུ་བརྟན་ཅིང་གཡོ་བ་མེད་པར་བཞུགས་སུ་གསོལ་ལོ། །ལྔ་པ་ཕྱག་བྱ་བ་ནི། འདི་དང་མཆོད་བསྟོད་རྣམས་ཀྱི་སྦྱང་བྱ་ནི། བྱིས་པ་དེ་བཟའ་བཏུང་གོས་རྒྱན་གནས་ཁང་སོགས་ལ་ཅི་དགར་སྤྱོད་ཅིང་། ཡུལ་ནོར་གྱི་བཅད་རིས་དང་ཁེ་གྲགས་སྒྲུབ་པ་རྣམས་སྦྱོང་། སྦྱངས་འབྲས་ནི་སངས་རྒྱས་པའི་ཚེ་ན་དེ་ཉིད་དུ་མཆོད་པའི་བཀོད་པ་མཐའ་ཡས་པའི་སྤྲིན་རྟག་ཏུ་འབྱུང་བ་དང་ཕྱག་གི་གནས་མཆོད་པའི་ཞིང་བླ་ན་མེད་པར་གྱུར་པ་ཉིད་ཡིན་ཞིང་། སྦྱོང་བྱེད་ནི་ཕྱག་མཆོད་བསྟོད་པའི་ལས་རིམ་རྣམས་ཏེ། དེས་ལམ་གོང་མའི་ཚེ་རིག་པ་བརྟུལ་ཞུགས་ཀྱི་རོལ་རྩེད་ལ་ཅི་དགར་སྤྱོད་པའི་གཞི་འདིང་བས་སྨིན་བྱེད་དུ་འགྲོའོ། །དེ་ལ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངང་དུ་དབྱེར་མེད་པའི་ལྷར་རྟོགས་པ་ཉིད་འདྲེས་པ་ནན་ཏན་གྱི་ཕྱག་ཅེས་བྱ་བ་རྣལ་འབྱོར་མཆོག་གི་ཕྱག་ཡིན་ལ། འཇིག་རྟེན་སྲི་ཞུའི་ཚུལ་དུ་སྔགས་ཕྱི་པ་དང་སྒོ་བསྟུན་ཏེ་ཕྱག་མཆོད་ཕུལ་བ་ལ་འཕྲུལ་དགའི་ལྷ་རྣམས་རང་གིས་སྤྲུལ་པའི་ལོངས་སྤྱོད་ལ་རྩེ་བ་བཞིན་རང་གི་སྙིང་ག་སོགས་ལས་རྣམ་པར་སྤྲུལ་པ་རང་གི་རིག་པའི་རང་བཞིན་ལས་གཞན་དུ་མ་གཡོས་པའི་ལྷ་མོ་དཔག་ཏུ་མེད་པས་ཤིན་ཏུ་གུས་པའི་ཚུལ་གྱིས། ཨ་ཏི་བྷུ་ཧོཿཞེས་བརྡའི་ཕྱག་འཚལ་བས་ལྷ་རྣམས་མཉེས་ཏེ་པྲ་ཏི་བྷུ་ཧོཿཞེས་དོན་གྱི་ཕྱག་གི་ལན་བཏབ་པར་མོས། དྲུག་པ་མཆོད་པ་ནི། ལྷ་རྣམས་ཀྱི་སྤྱན་སོགས་གཟུགས་ཅན་དྭངས་པ་ཕྱིའི་དབང་པོ་ལྔ། དེ་ལ་བརྟེན་པའི་རྣམ་ཤེས་ནང་གི་དབང་པོ་ལྔ། དེ་ཉིད་ཡེ་ཤེས་རྣམ་པ་ཐམས་ཅད་པར་བཞུགས་པ་གསང་བའི་དབང་པོ་སྟེ་ལོངས་སྤྱོད་པའི་ཡུལ་ཅན་སོ་སོར་དགྱེས་རྒུར་སྐྱེད་པ། ལོངས་སྤྱོད་བྱའི་ཡུལ་ཕྱི་མཆོད་ཞི་བ་ལ་ཐང་སྐྱེས་ཆུ་སྐྱེས་མཛེས་པའི་མེ་ཏོག་སོགས་དང་དྲག་པོ་ལ་དབང་ལྔའི་པུཥྤེ་སོགས་རང་བྱུང་དུར་ཁྲོད་ཀྱི་རྫས་ཏེ་དབང་ཤེས་ཀྱི་ཉེ་བར་སྤྱོད་པ་ལྔ། ནང་མཆོད་ཡིད་དུ་འོང་བའི་གཟུགས་སོགས་བརྡ་དང་། སྙོམས་འཇུག་ལས་བྱུང་བ་དོན་ཏེ་དབང་ཤེས་ཀྱི་སྒོ་ལྔའི་འདོད་པ་ཚིམ་བྱེད་ཀྱི་ཡོན་ཏན་ལྔ། ནང་མཆོད་ཁྱད་པར་དུག་ལྔ་རྣམ་དག་རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན་མཆོད། འདོད་ཡོན་ཟག་མེད་ཀྱི་བདེ་བས་ཡེ་ཤེས་ཀྱི་སྟོབས་སྐྱེད་པའི་གཏོར་མ། རྒྱུ་དྲུག་ཁམས་གསུམ་གྱི་རྩ་བ་ཆགས་མེད་དམར་ཆེན་གྱི་དྭངས་མར་བསྐྱིལ་བའི་རཀྟ་རྣམས་དང་། གསང་མཆོད་དོན་དབྱིངས་དང་ཡེ་ཤེས་རྟགས་ལྷ་ཚོགས་ཡབ་ཡུམ་མཉམ་པར་སྦྱོར་བའི་ཞུ་བདེ་ཁྱད་པར་ཅན་གྱིས་ཡས་བབས་དང་མས་བརྟན་གྱི་དགའ་བཞིའི་རིམ་པ་ལས་སྐྱེས་པའི་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱིས་ཚིམས་པ་སྦྱོར་མཆོད་དང་། ཐོག་མར་རང་གི་གཉིས་འཛིན་གྱི་རྟོག་ཚོགས་གཉིས་མེད་ཤེས་རབ་ཟབ་མོས་ཆོས་ཀྱི་དབྱིངས་སུ་བཅོམ་ནས། དེ་ལས་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོས་བདག་ལྟའི་ཉེར་ལེན་ལ་བརྟེན་ནས་ལོག་པར་ཞུགས་པའི་དགྲ་བགེགས་མཐའ་དག་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་འཕྲུལ་འཁོར་གྱིས་འཁོར་འདས་རོ་མཉམ་ཀློང་དུ་བསྒྲལ་བའི་མཆོད་པ་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པ་བྱ་བྱེད་ལས་གསུམ་གདོད་མ་ནས་རྣམ་པར་དག་པས་སྣང་ཤེས་ཐམས་ཅད་སྐུ་དང་ཡེ་ཤེས་ཆེན་པོར་ཟུང་དུ་འཇུག་པར་ཤེས་པ་སྟེ། དེ་ལྟར་ན་དངོས་བཤམས་དང་ཡིད་བྱུང་ཏིང་ངེ་འཛིན་གྱི་རོལ་པས་སྤེལ་པའི་མཆོད་པའི་སྤྲིན་ཆེན་པོས་ཆོས་ཀྱི་དབྱིངས་རྒྱས་པར་བཀང་སྟེ་ལྷ་རྣམས་ཀྱི་དབང་པོའི་ཡུལ་དུ་ཕུལ་བས་བདེ་བ་ཆེན་པོའི་ལོངས་སྤྱོད་ལྷག་པར་སྤེལ་བར་བྱའོ། །བདུན་པ་བསྟོད་པ་ནི། ཆོས་ཀྱི་སྐུ་ལས་གཟུགས་སྐུ་ལོངས་སྤྱོད་རྫོགས་པ་ཞི་ཆགས་ཁྲོ་བོའི་རྣམ་པར་ཤར་བ་དང་། དེ་ལས་གང་འདུལ་སྤྲུལ་པའི་སྐུར་བསྟན་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཆེ་བའི་ཡོན་ཏན་རྗེས་སུ་དྲན་པས་བསྔགས་པ་བརྗོད་པ་ཟབ་ཅིང་རྒྱ་ཆེ་བའི་རྡོ་རྗེའི་གླུས་རབ་ཏུ་སྒྲོག་ཅིང་བསྟོད་པས། སྐུ་དང་ཡེ་ཤེས་རྟག་ཅིང་ཁྱབ་པའི་ཕྲིན་ལས་དང་བཅས་པའི་གཟི་བྱིན་ལྷག་པར་འཕེལ་བར་མོས་པ་ཉོན་མོངས་པ་དང་བྲལ་བ་ཆེ་བའི་ང་རྒྱལ་བསྐྱེད་པར་བྱའོ། །ལམ་རིམ་ཉམས་སུ་ལེན་པའི་སྐབས་བསྐྱེད་པའི་རྣལ་འབྱོར་ཡན་ལག་དང་བཅས་པའི་ཞར་བྱུང་དུ་བཟླས་པའི་རྣལ་འབྱོར་འབྱུང་བས། དེའི་སྦྱང་བྱ་ནི། འཁོར་བར་མིང་ཚིག་ཡི་གེའི་ངག་གི་བརྗོད་པ་དུ་མ་དང་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་རྣམས་སྦྱོང་ཞིང་། སྦྱངས་འབྲས་ནི་སངས་རྒྱས་ནས་གདུལ་བྱ་ལ་ཆོས་འཁོར་བསྐོར་བ་སོགས་གསུང་རྡོ་རྗེའི་ཕྲིན་ལས་ཀྱིས་དོན་མཛད་པའི་རྟེན་འབྲེལ་སྒྲིག །ལམ་གོང་མའི་སྐབས་སུ་རྩ་རླུང་དབྱངས་གསལ་གྱི་ཡི་གེར་སྨིན་པ་དང་། སྲོག་ཐུར་འདྲེས་ཤིང་བདེ་གསལ་མི་རྟོག་པར་འཆར་བའི་སྨིན་བྱེད་དུ་འགྲོ། སྦྱོང་བྱེད་ནི་ངག་བཟླས་ཡིད་བཟླས་རྡོར་བཟླས་མཁའ་ཁྱབ་ཀྱི་བཟླས་པ་སོགས་དང་འབྲེལ་བའི་ཏིང་ངེ་འཛིན་ཇི་སྙེད་པ་རྣམས་སོ། །རྩ་བའི་ས་བཅད་གསུམ་པ་སྒྲུབ་ཐབས་རྗེས་ཀྱི་བྱ་བ་རྣམས་དཀྱུས་གཅིག་ཏུ་བཤད་པ་ནི། ཏིང་འཛིན་སྒོམ་པའི་ ནས་ དགེ་ལེགས་སྤེལ༔ ཞེས་པའི་བར་གྱི་བསྟན་ཏེ། དེ་ལྟར་བསྐྱེད་རིམ་གྱི་ཏིང་ངེ་འཛིན་དེ་དག་བསྒོམས་ཟིན་པའི་རྗེས་ཀྱི་བྱ་བ་ཡང་ནི་བཅུ་གསུམ་སྟེ། དང་པོ་གཏོར་མ་འབུལ་བ་ནི། དགོས་པ་ནི། གཟུགས་ཅན་གཟུགས་མེད་ཀྱི་བར་གཅོད་ཐམས་ཅད་བསལ་ཞིང་ཚོགས་རྣམ་པ་གཉིས་རྫོགས་པ་ལས་དངོས་གྲུབ་རྣམ་པ་གཉིས་ཀྱི་སྟོབས་སྤེལ་བར་བྱེད་དེ། བརྟག་གཉིས་ལས། སེམས་ཅན་ཀུན་གྱི་སྲོག་བསྲུང་ཕྱིར། །རྡོ་རྗེ་སེམས་དཔས་གཏོར་མ་བསྟན། །ཅེས་པས་མཚོན་གསར་རྙིང་གི་རྒྱུད་དང་མན་ངག་ལས་མང་དུ་གསུངས་པའི་ཕྱིར། དུས་རྣལ་འབྱོར་ལས་ལྡང་བའི་ཐུན་མཚམས་ཀུན་ཏུ་གཏང་བར་བྱ་ཞིང་ཁྱད་པར་བླ་མེད་ནང་གི་གཏོར་མ་ནི་སྲོད་ཀྱི་དུས་སུ་ལྷག་པར་བསྔགས་སོ། །གཏོར་མའི་ངོ་བོ་ནི། ཇི་སྐད་དུ། གཏོར་ནི་ཆོས་ཀྱི་དབྱིངས་ཡིན་ཏེ། །མ་ནི་རིག་པའི་ཡེ་ཤེས་ཡིན། །ཞེས་པ་ལྟར་དབྱིངས་ཡེ་གཉིས་སུ་མེད་པའོ། །ངེས་ཚིག་ནི། བ་ལའི་སྒྲ་ལས་ཕུང་པོ་ལྔ་དང་འབྱུང་བ་བཞི་རྣམས་ཀྱི་སྟོབས་སྐྱེད་པའོ། །དབྱེ་བ་ནི། ཕྱི་རྫས། ནང་ཕུང་པོ། གསང་བ་བྱང་སེམས། ཡང་གསང་དེ་ཁོ་ན་ཉིད་ཀྱི་གཏོར་མ་བཞི། དེ་རེ་རེ་ལའང་རྣམ་དབྱེ་མང་བ་ལས་འདིར་ཕྱིའི་གཏོར་མ་གཙོ་བོར་བསྟན། དེ་ལའང་རྟེན་གཏོར་རྟག་གཏོར་འཛིན་གཏོར་རྒྱུན་གཏོར་འཕྲལ་གཏོར་སོགས་ཡོད་པ་ལས། འདིར་ཐུན་མཚམས་སུ་འཕྲལ་དུ་བཏང་བའི་གཏོར་མའི་མཆོད་པ་སྟེ། གཏོར་རྫས་རིན་པོ་ཆེ་དང་པདྨ་བྷཉྫའི་སྣོད་དུ་ཁ་ཟས་བཟང་རྒུ་སྤུངས་པའམ་ཡུལ་ལུགས་བཤམས་པའི་དབྱིབས་འདས་མ་འདས་ཚན་དུ་བཅོས་པ་ལ་བཟའ་བཏུང་དང་བཅས་པ། ཡུལ་འཇིག་རྟེན་ལས་འདས་པ་རྩ་གསུམ་དམ་ཅན་རྣམས་དང་འཇིག་རྟེན་པ་སྲིད་གསུམ་འབྱུང་པོའི་ཚོགས་རྣམས་ལ་འབུལ་ལོ། །གཉིས་པ་ཚོགས་ཀྱི་འཁོར་ལོས་མཆོད་པ་ལ། ངོ་བོ་ནི། ཐབས་ཤེས་དབྱེར་མེད་ཀྱི་ཀུན་སྤྱོད་ཁྱད་པར་ཅན་ཡིན་ལ། ངེས་ཚིག་ག་ཎ་ཙཀྲའི་སྒྲ་ལས། བདེ་བ་ཆེན་པོའི་ཚོགས་ཆེན་འདུས་པའི་འཁོར་ལོས་ཉོན་མོངས་པའི་དྲྭ་བ་གཅོད་པར་བྱེད་པའོ། །དབྱེ་ན། སྐལ་ལྡན་མིའི་ཚོགས། དགྱེས་ལྡན་ཡོ་བྱད་མཆོག་གི་ཚོགས། དངོས་གྲུབ་ལྷའི་ཚོགས་དང་། ཚོགས་ཆེན་པོ་བསོད་ནམས་ཡེ་ཤེས་དང་བཅས་བཞིར་གསུངས་ལ། དེ་དག་ཀྱང་རིམ་བཞིན། ཐབས་ཤེས་ཟུང་དུ་འབྲེལ་བའི་སྐྱེ་བོ་དམ་པ་འདུས་པ་དང་། ཁྱད་པར་ཡོ་བྱད་ལྔ་ལ་སོགས་པ་ཚང་བ་དང་། དངོས་གྲུབ་ཀྱི་རྟེན་ཏུ་གཟུགས་བརྙན་བཀོད་ཅིང་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པ་སྲུང་མ་བཅས་བསྒོམ་པ་དང་། སྣང་ལ་མ་འགགས་པར་སྤྱད་པས་བསོད་ནམས་དང་སྤྱོད་བཞིན་དུ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པས་ཡེ་ཤེས་ཀྱི་ཚོགས་རྫོགས་པ་སྟེ། སྒྱུ་འཕྲུལ་བཤད་རྒྱུད་རྡོ་རྗེ་ལས། སྐྱེ་བོ་མཛའ་བ་ཀུན་ཚོགས་པ། །རྣལ་འབྱོར་འདུས་པའི་ཚོགས་ཞེས་བྱ། །འབྱོར་བའི་ལོངས་སྤྱོད་ཚང་བ་ནི། །བདེ་བའི་ལོངས་སྤྱོད་ཚོགས་སུ་བཤད། །ལྷ་དང་དམ་ཅན་ཀུན་འདུས་པ། །འདུས་པ་ཆེན་པོའི་ཚོགས་སུ་བཤད། །ཐམས་ཅད་སྤྱོད་ལ་མི་འཛིན་པས། །ཚོགས་གཉིས་རྒྱུན་དུ་རྫོགས་བྱེད་པ། །ཚོགས་ཆེན་པོ་རུ་ངེས་པར་བཤད། །ཅེས་སོ། །དེ་དག་གི་ལས་ཀྱི་རིམ་པ་ནི། སྤྱིར་ལས་རྒྱ་ལ་བརྟེན་པའི་ཚོགས་འཁོར་མཚན་ཉིད་པ་ལ་གང་དུ་འཚོགས་པའི་གནས་དུར་ཁྲོད་སོགས་དབེན་པའི་གནས་སུ་སྐོར་ཁང་རིམ་པ་གསུམ་པ་བརྩེགས་ལ། གང་གི་ཚེ་འཚོགས་པའི་དུས་སྤྱི་དང་ཁྱད་པར་བ་རྣམས་དང་། ཇི་ལྟར་བྱ་བའི་ཁྱད་པར་བརྡ་དང་བརྡའི་ལེན་བྱ་བ་སོགས་ཕྲིན་ལས་ཀྱི་ཁ་སྐོང་བའི་ཚོགས་མཆོད་ཉི་ཚེ་བ་ཙམ་ལ་མི་འགྲུབ་པས་མ་སྨོས་ཤིང་གང་ལའང་རྣལ་འབྱོར་ཕོ་མོ་ལྷའི་ཏིང་ངེ་འཛིན་ལ་གནས་པས་ཐབས་ཤེས་ཀྱི་རྫས་རྣམས་དམ་ཡེ་གཉིས་མེད་ཀྱི་བདུད་རྩིར་བྱིན་བརླབ། དམ་ཚིག་གི་རྫས་རྣམས་ལས་ཕྱི་ཉེར་སྤྱོད་ནང་འདོད་ཡོན་གསང་བ་རིག་མའི་ཚོགས་དཔག་ཏུ་མེད་པར་སྤྲུལ་པ་དང་། ཐམས་ཅད་ཀྱང་ཀ་དག་རྩོལ་བྲལ་གདོད་མའི་གཞི་ལ་ངང་གིས་རྫོགས་པ་བླ་ན་མེད་པའི་མཆོད་པ་རྣམས་ཀྱིས་ཕྱི་ལྟར་དཀྱིལ་འཁོར་བ་རྣམས་མཆོད་པས་བསྒྲུབ་བྱའི་ལྷ་མཉེས་ཤིང་སྒྲུབ་པ་པོའི་དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་བར་བྱེད། ཚོགས་གྲལ་དུ་འཐབ་རྩོད་ཀུ་ཅོ་ཐ་མལ་གྱི་བདེན་ཞེན་སྤངས་ཏེ་བདུད་རྩིའི་མཆོད་རྫས་གཏུམ་མོའི་མེས་བཞུ་བའི་དྭངས་མས་ལུས་ནང་གི་ལྷ་ཚོགས་ཐམས་ཅད་མཆོད་པར་བསམས་པས་ནང་ལྟར་རྣལ་འབྱོར་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་རྣམས་མཆོད། སྨིན་སློབ་སྤྲོས་བཅས་ལ་ནུབ་ཐ་མའི་ནམ་གུང་གི་དུས་སུ་ཏ་ནའི་མཛད་སྤྱོད་རྨད་དུ་བྱུང་བ་ལ་སྦྱོར་ཏེ། དེའང་བསྒྲལ་བྱའི་ཞིང་རྟོགས་པས་བསྒྲལ་བྱ་གཉིས་འཛིན་གྱི་ཞེན་རྟོག་དང་སྙིང་རྗེས་བསྒྲལ་བྱ་ཞིང་བཅུ། སྒྲོལ་བྱེད་སློབ་དཔོན་ཡང་རང་བཞིན་གྱིས་སྒྲོལ་བའི་ལྟ་བ། ཏིང་ངེ་འཛིན་གྱིས་སྒྲོལ་བའི་ཉམས། དབང་པོ་ཡུལ་དུས་ཀྱིས་སྒྲོལ་བའི་སྤྱོད་པ། ཐབས་ཆེན་པོས་སྒྲོལ་བའི་སྔོན་བྱུང་གི་རྗེས་སུ་འཇུག་པའི་གདམས་ངག །མངོན་དུ་ཕྱུང་བས་སྒྲོལ་བའི་མཛད་སྤྱོད་ལ་མཁས་པ་དང་། བསྒྲལ་བྱ་འཛིན་པ། སྒྲོལ་བ། སྟོབ་པ་ལ་མཁས་པའི་ཀིང་ཀ་ར་གསུམ་ཚོགས་པ་རྣམས་ཀྱིས་སྒྲོལ་བ་ལམ་དུ་ལོངས། རྣལ་འབྱོར་ཕོ་མོ་འཁྲིག་པའི་ཀུན་སྤྱོད་ཀྱིས་སྙོམས་པར་ཞུགས་པས་སྔར་གྱི་ཚོགས་ཞིང་གི་ལྷ་རྣམས་ཀྱང་འདོད་ཆགས་ཆེན་པོས་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་ནས་རང་ལ་རོ་གཅིག་ཏུ་ཐིམ་ཞིང་། རེག་པའི་བདེ་བ་ས་དང་། གཤེར་བ་ཆུ་སོགས་ལུགས་ལྡོག་གི་འབྱུང་ལྔའི་རིམ་པས་རིན་ཆེན་མཁའ་འགྲོ་ལ་སོགས་པ་རིགས་ལྔའི་བདེ་བ་སྐྱེད་ཅིང་། ལུགས་འབྱུང་གི་དགའ་བཞི་མྱོང་བའི་མཐར་རླུང་སྦྱོར་གྱིས་ཁམས་འཛག་མེད་དུ་བཟུང་བ་ལྡོག་ཁྱབ་བསྲེ་བའི་སྦྱོར་བས་ལུགས་ལྡོག་གི་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བའི་མཚོན་རིམ་གྱི་དཔེས་དོན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རོ་མཉམ་པ་ལ་ཡང་དག་པར་སྦྱར་བས་རྩ་ཁམས་ཀྱི་དཔའ་བོ་མཁའ་འགྲོ་ཐམས་ཅད་གསང་བའི་བསྲེག་བླུགས་ཀྱིས་མཉེས་པར་བསམས་པས་གསང་བ་རྩ་ཁམས་ཀྱི་ལྷ་རྣམས་མཉེས་ཏེ་སྦྱོར་བ་ཚད་དུ་ཕྱིན། ཡུལ་སྟོང་པ་ཉིད་དང་། ཡུལ་ཅན་རང་རིག་ཟུང་དུ་འཇུག་པས་འཁོར་འདས་གདོད་ནས་དཀྱིལ་འཁོར་དུ་གྲུབ་པ་ཉིད་འཁོར་གསུམ་མི་དམིགས་བདེ་བ་ཆེན་པོ་དེ་ཁོ་ན་ཉིད་ཀྱིས་མཆོད་པར་བསམས་པས་ཡང་གསང་མཆོག་གི་ཚོགས་འཁོར་མཐར་ཕྱིན་ནོ། །མོས་སློབ་འདྲ་འབག་གི་ཚེ་གལ་པོ་ལས། དང་པོ་འདོད་ཡོན་དྲུག་གིས་མཆོད། །གཉིས་པ་དམ་རྫས་བདུད་རྩིས་བཤགས། །གསུམ་པ་དགྲ་བགེགས་གཟུགས་ཕུང་སྟོབ། །ཅེས་པ་ལྟར་ཚོགས་ཕུད་ཆ་གསུམ་དུ་སྤྲོས་ནས། དང་པོ་འདོད་ཡོན་གྱི་ལྷ་མོ་ནམ་མཁའ་གང་བར་སྤྲོས་ཏེ་མཆོད། བར་པ་བདུད་རྩིར་བརླབས་ལ་བཤགས། ཐ་མར་གསང་བ་ལ་འཁུ་བའི་དགྲ་བགེགས་འགུགས་བསྒྲལ་བསྟབས་ནས་ཚོགས་རྫས་ནང་གི་བསྲེག་བླུགས་སུ་ལོངས་སྤྱད་ལ་སློབ་དཔོན་གྱིས་གནང་བ་ཐོབ་ན་རྡོ་རྗེའི་གླུ་དང་གར་ལ་སོགས་པའང་བྱ། ལྷག་མ་རྣམས་གསོག་འཇོག་མེད་པར་བསྡུས་པའི་དམེ་གཏོར་མཆོད་པའི་རས་མ་དང་བཅས་པའི་སྟེང་དུ་ཕུད་ཆ་གསུམ་པའང་བསྣན་ཏེ་བདུད་རྩིར་སྦར་བས་མར་གྱི་གནས་བདུན་སོགས་ལྷག་མའི་དམ་ཚིག་ཏུ་གཏོགས་པ་རྣམས་ལ་བསྔོས་ཏེ། སྒྲུབ་ཁང་ནས་གོམ་པ་བདུན་ཅུ་བོར་བ་ནི་སྲིན་མོའི་ཟ་ལམ་ཡིན་པས་དེར་བསྐྱལ་ལོ། །དེ་ལྟ་བུའི་ཚོགས་ཀྱི་འཁོར་ལོ་དེར་འདུས་པ་ཐམས་ཅད་དཔལ་ཧེ་རུ་ཀ་དང་སྤྱོད་ཡུལ་མཉམ་པའི་དངོས་གྲུབ་ཆེན་པོ་དུས་དེ་ཉིད་དུ་འཐོབ་པར་འགྱུར་ལ། རྗེས་མཐུན་པས་ཀྱང་རིམ་གྱིས་དེ་ལྟར་འཐོབ་པའི་སྐལ་བ་ཅན་ཏུ་འགྱུར་བ་སོགས་ཕན་ཡོན་ཆེ་སྟེ། རྡོ་རྗེ་དྲྭ་བ་ལས། བསོད་ནམས་ནང་ནས་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་ཞི་བ་དང་། །ཕྱི་མ་རིག་འཛིན་རྒྱལ་བའི་ཞིང་། །ཀུན་ཏུ་བཟང་པོ་འཐོབ་པར་འགྱུར། །ཞེས་སོ། །གསུམ་པ་ཐུགས་དམ་བསྐུལ་བ་ནི། བརྟན་གཡོ་ཀུན་ཏུ་ཁྱབ་པའི་ཡེ་ཤེས་ཀྱི་ལྷ་ལ་བསྐུལ་དང་མ་བསྐུལ་བས་བསྙེན་བསྲིང་སྟེ་ཉེ་རིང་མི་མངའ་ཡང་། འཁོར་བར་སྡུག་བསྔལ་གྱིས་མནར་བའི་འགྲོ་བ་རྣམས་ཀྱི་དོན་མཛད་པའི་ཕྱིར་དུ་སྔོན་ཇི་ལྟར་ཐུགས་དམ་བཅས་པའི་ཐ་ཚིག་གི་གནད་ནས་སྨོས་ཏེ་གདུང་ཤུགས་དྲག་པོ་དང་གསང་བའི་རྔེའུ་ཆུང་སོགས་ཀྱི་སྒྲས་བསྐུལ་ལོ། །བཞི་པ་ཆད་ཐོ་བསྒྲགས་པ་ནི། འཇིག་རྟེན་རང་རྒྱུད་པའི་ཚུལ་དུ་སྟོན་ཅིང་སྟོན་པའི་བསྟན་པ་དང་ཁྱད་པར་བླ་མེད་རྡོ་རྗེ་ཐེག་པ་སྲུང་བའི་གཉེར་ཁ་དང་ལྡན་པ་ཕོ་རྒྱུད་མོ་རྒྱུད་མ་ནིང་སྟེ་རྒྱུད་གསུམ་གྱིས་བསྡུས་པའི་ཆོས་སྐྱོང་དམ་ཚིག་ཅན་ཅི་བསྒོ་བའི་བཀའ་ཉན་པ་རྣམས་ལ་གཏོར་མ་འདོད་ཡོན་གྱི་ཕུང་པོར་བསྔོས་ཏེ། སྔོན་བརྒྱུད་གསུམ་རིག་འཛིན་བླ་མ་རྣམས་ཀྱིས་ཇི་ལྟར་བསྒོས་པ་ལས་མི་གཡེལ་བའི་ཐ་ཚིག་བསྒྲག་ཅིང་ཕྲིན་ལས་བཞི་སོགས་ཇི་ལྟར་འདོད་པའི་ལས་ཀྱི་གཉེར་བྱང་བཅོལ་དམ་དུ་གཏད་པར་བྱའོ། །ལྔ་པ་བརྟན་མ་སྐྱོང་བ་ནི། དགོས་པ་ཁྱད་པར་ཅན་དུ་གྱུར་པ་སྔོན་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་བོད་ཁམས་ལ་མཐའ་དམག་ཆོས་མིན་གྱི་ཉེར་འཚེ་མི་འབྱུང་བའི་སླད་དུ་ཕྱོགས་བཞིའི་སོ་ཁ་སྲུང་བར་བཀའ་བསྒོས་པའི་ཕྲིན་ལས་རྟག་ཏུ་མཛད་པའི་ཕྱིར། ཆེ་ཞེ་སྟེ་མ་སྲིང་གི་ཚུལ་དུ་བརྩེ་ཞིང་གདུང་བའི་སེམས་ལྡན་བདུད་མོ་གནོད་སྦྱིན་སྨན་མོའི་རིགས་ཅན་བརྟན་མ་བཅུ་གཉིས་འཁོར་དང་བཅས་པ་སྲུང་མའི་གཏོར་གཞོང་བཤལ་བའི་ཆུ་བདུད་རྩིར་བརླབས་པ་ལས་ཀྱི་བརྔན་པར་སྦྱིན། །དྲུག་པ་རོལ་པའི་བྲོ་བརྡུང་བ་ནི། ཕྲིན་ལས་རྣམ་པ་བཞིའི་བྱ་བ་བསྒྲུབས་ཟིན་པ་དེ་རྣམས་ཞི་བ་ལ་མ་ཞི་བ་སོགས་ལྡོག་ཕྱོགས་སུ་གསོར་མི་རུང་བར་བྱེད་པའི་མཐའ་སྡུད་ཀྱི་ཕྲིན་ལས་ནི། ཞི་རྒྱས་དབང་དྲག་རྣམ་པ་བཞི་ལ་རིམ་བཞིན་སྣང་སྲིད་ཐམས་ཅད་བཛྲ་རཏྣ་པདྨ་ཧེ་རུ་ཀའི་དལ་དུ་གསལ་ནས་ལས་བཞིའི་དབྱིབས་དང་མཐུན་པའི་བྲོ་ར་བསྐོར་ཏེ་རྡོ་རྗེའི་རྟ་སྐད་ཀྱི་དགོངས་པ་ལྡན་པས་བྲོ་བརྡུང་ངོ་། །བདུན་པ་དངོས་གྲུབ་བསྐུལ་བ་ནི། བསྒྲུབ་བྱ་ཡེ་ཤེས་ལྷའི་དཀྱིལ་འཁོར་ལ་མཚན་ལྡན་གྱི་ཐོད་པར་ཛ་གད་དང་གསོལ་བྱང་བཅུག་པ་སོགས་བཀྲ་ཤིས་པའི་རྫས་ལ་བརྟེན་ཏེ་ཐུན་མོང་ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད། ཐུན་མིན་སྐུ་དང་ཡེ་ཤེས་མཆོག་ཉིད་ཀྱི་དངོས་གྲུབ་མྱུར་བ་ཉིད་དུ་སྩོལ་བའི་གསོལ་བ་ཁྱད་པར་དུ་བཏབ་སྟེ། དེའང་སྒྲུབ་པའི་སྐབས་སུ་ལྟས་བཟང་བྱུང་ན་དེ་མ་ཐག་ཏུ་དངོས་གྲུབ་མ་བླངས་ན་ཡལ་བའི་ཉེན་ཡོད་པས་དེ་ལྟར་ལེན་པ་ལ་རྒྱུན་གྱི་དངོས་གྲུབ་བླང་བ་ཞེས་གྲགས་པ་དང་། སྒྲུབ་པ་མཐར་ཕྱིན་པའི་ཐོ་རངས་སྐྱ་རེངས་ཤར་བའི་དུས་སུ་ལྷག་པར་ཏེ་ངེས་པ་ཁོ་ནར་དངོས་གྲུབ་བླང་བའི་ཆོ་ག་བྱའོ། །བརྒྱད་པ་གཏང་རག་འབུལ་བ་ནི། བསྒྲུབ་བྱའི་དཀྱིལ་འཁོར་པ་རྣམས་ཀྱིས་དམིགས་པ་མེད་པའི་ཐུགས་རྗེའི་ཤུགས་ཀྱིས་དགོངས་ཏེ་བདག་ཅག་གི་དང་པོར་བསྙེན་པ་དང་ཉེ་བསྙེན་གྱི་དུས་ན་ཐུགས་ཉེ་བར་མཛད། སྒྲུབ་པ་དང་སྒྲུབ་ཆེན་གྱི་དུས་སུ་ཇི་ལྟར་འདོད་པའི་དོན་ཐམས་ཅད་བསྒྲུབས་པར་མཛད་པའི་བཀའ་དྲིན་རྗེས་སུ་གསོབ་པའི་ཕྱིར་དུ་ཕྱི་ནང་གི་མཆོད་པ་ཇི་སྙེད་པས་མཆོད་ཅིང་ཆེ་བའི་ཡོན་ཏན་ལ་གུས་པ་ཆེན་པོས་བསྔགས་ཤིང་བསྟོད་པས་ལས་སྒྲུབ་པའི་གཏང་རག་དག་ཀྱང་དབུལ་ལོ། །དགུ་པ་ནོངས་བཤགས་ནི། བསྙེན་སྒྲུབ་ཀྱི་དུས་སུ་ཆོ་ག་ཏིང་ངེ་འཛིན་གྱི་རིམ་པས་རྟེན་སྒྲུབ་མཆོད་པའི་རྫས་སོགས་དགོས་པའི་ཡོ་བྱད་རྣམས་ལ་གཞུང་ལས་མ་གསུངས་པའི་ལྷག་པ་དང་གཞུང་མཐུན་མ་ཚང་བས་ཆད་པ་དང་ཆོ་གའི་ཡན་ལག་བཟླས་བརྗོད་ཀྱི་ཚུལ་སོགས་གཞུང་དང་མི་མཐུན་ཅིང་ཡོ་བྱད་མ་དག་པས་ཉམས་པ་སྟེ། མདོར་ན་ཉེས་པའི་རྒྱུ་བཞིས་ནོངས་པར་གྱུར་པ་རྣམས་ཀྱིས་འཕྲལ་ཡུན་གྱི་དངོས་གྲུབ་ལ་སྒྲིབ་པར་བྱེད་པས། སེམས་གནོང་ཞིང་འགྱོད་པའི་ངང་ཚུལ་ལུས་ཀྱིས་ཕྱག་དང་ངག་གིས་གསོང་པོར་སྨྲ་བས་མཐོལ་པའི་སྨྲེ་སྔགས་དང་རྡོར་སེམས་ཡིག་བརྒྱ་བཟླས་པ་རབ་ཏུ་བཤགས་ཏེ་སོར་ཆུད་པར་བྱའོ། །བཅུ་པ་བསྡུ་རིམ་ནི། དགོས་ཆེད་སེམས་ཅན་རྣམས་ཀྱི་རྒྱུད་ལ་འཁྲུལ་སྣང་རྟག་པར་ལྟ་བའི་མཐའ་ལ་ཞེན་པ་ཡོད་པས་དེ་སྦྱོང་བའི་ཕྱིར་ཡིན་ལ། སྡུད་ཚུལ་སྔར་བསྒོམས་པའི་ཕྱི་སྣོད་གཞལ་ཡས་ཁང་དང་ནང་བཅུད་ལྷའི་འཁོར་ལོར་སྣང་བ་ཀུན་གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས་རིམ་པར་བསྡུས་ཏེ། མཐར་ས་བོན་དང་ནཱ་ད་ཤིན་ཏུ་ཕྲ་བའི་བར་དང་དེའང་འོད་གསལ་སྟོང་པ་ཉིད་གདོད་གནས་རང་བྱུང་གི་ཐིག་ལེ་ཆེན་པོ་སྤྲོས་པ་མཐའ་དག་བྲལ་བའི་དབྱིངས་སུ་བསྡུས་ལ་ཅི་གནས་སུ་མཉམ་པར་བཞག་གོ །བཅུ་གཅིག་པ་ཐུན་མཚམས་ཀྱི་ལྷར་ལྡང་བ་ནི། སྟོང་ཉིད་ཁོ་ནར་སྙོམས་པར་འཇུག་པ་ནི་ཆད་པའི་མཐའ་ཡིན་པས་དེ་བསལ་བའི་སླད་དུ་སླར་ཡང་སྟོང་ཉིད་ཀྱི་ངང་ལས་སྙིང་རྗེའི་རང་རྩལ་སྣང་སྟོང་ཟུང་འཇུག་སྒྱུ་མ་ལྟ་བུའི་ལྷའི་སྐུ་རང་བྱུང་གཉུག་མའི་ཚུལ་ཅན་དུ་ལམ་གྱིས་གསལ་བའི་གནས་གསུམ་རྡོ་རྗེ་གསུམ་གྱི་རྒྱས་གདབ་ཅིང་། གཟུགས་སྣང་སྒྲ་གྲགས་སེམས་ཀྱི་རྟོག་ཚོགས་ཐམས་ཅད་ཡི་དམ་གྱི་ལྷ་དང་དེའི་སྔགས་ཀྱི་སྒྲ་དང་གནས་ལུགས་ཆོས་ཀྱི་སྐུར་ཤེས་པས་སྤྱོད་ལམ་ལ་འཇུག་གོ །འདི་དག་གི་སྦྱང་བྱ་ནི། བྱིས་པ་དེ་ཉིད་ལང་ཚོ་རྫོགས་ནས་འཆི་བ་སླར་ཡང་འབྱུང་བ་མཚོན་པ་སྟེ། སྣོད་བཅུད་སྲུང་འཁོར་ལ་བསྡུས་པ་ནི་གཟུགས་སོགས་སྣང་བ་ཐིམ་པ་དང་། སྲུང་འཁོར་ནས་སྙིང་པོའི་ཕོ་བྲང་གི་ལྟེ་བའི་བར་བསྡུ་བ་ནི་ས་ཆུ་ལ་ཐིམ་པ་སོགས་རགས་པ་ཐིམ་པ། འཁོར་རྣམས་རིམ་པར་གཙོ་བོ་ལ་ཐིམ་པ་སྣང་བ། ཡུམ་ཡབ་དང་དེ་ཡེ་ཤེས་སེམས་དཔའ་ལ་ཐིམ་པ་མཆེད་པ། ཡེ་ཤེས་སེམས་དཔའ་ས་བོན་ལ་ཐིམ་པ་ཐོབ་པ། དེ་གྱེན་རྫོགས་ཀྱིས་ནཱ་དའང་བསྡུས་པ་ཉེར་ཐོབ་སྟེ་འཆི་བའི་འོད་གསལ་དང་། དེ་ལས་ལྷར་ལྡང་བ་བར་དོ་སྦྱོང་ཞིང་། སྦྱངས་འབྲས་ནི། སངས་རྒྱས་གཟུགས་ཀྱི་སྐུའི་སྣང་བ་ནི་ཆོས་སྐུའི་ཕྲིན་ལས་ཡིན་ཞིང་། ཆོས་ཀྱི་སྐུའི་ཡེ་ཤེས་ཀྱང་དབྱིངས་ཀྱི་ངོ་བོ་ཡིན་པས་དེར་ཐིམ་པ་དང་། དེ་ལས་གཟུགས་སྐུའི་སྣང་བ་རྒྱུན་མི་ཆད་པས་ན་དེ་ལས་ལྡང་བ་མཚོན་ནོ། །ལམ་གོང་མའི་དུས་སུ་དབང་བཞི་པའི་ཉམས་ལེན་སྣོད་བཅུད་འོད་གསལ་དུ་བཅུག་ནས་སླར་ཡང་ཟུང་འཇུག་གི་སྐུར་ལྡང་ནུས་སུ་སྒྲུབ་པའི་རྒྱུར་འགྲོ་བས་སྨིན་བྱེད་དོ། །བཅུ་གཉིས་པ་བསྔོ་སྨོན་ནི། དེ་ལྟར་ཕར་ཕྱིན་ཐེག་པ་ལས་ཁྱད་པར་དུ་མས་འཕགས་པ་བླ་ན་མེད་པའི་དགེ་བ་ཚོགས་གཉིས་ཟུང་འབྲེལ་དུ་བསྒྲུབས་པས་མཚོན། དུས་གསུམ་གྱི་དགེ་རྩ་ཐམས་ཅད་འགྱོད་པ་སོགས་ཀྱིས་ནམ་ཡང་མི་ཟད་པར་ཉིན་རེ་བཞིན་གོང་ནས་གོང་དུ་འགྱུར་ཁྱད་ཆེན་པོས་འཕེལ་བ་དང་། སེམས་དང་པོར་བསྐྱེད་པ་ནས་བརྩམས་ལམ་སྒྲུབ་པ་ཐམས་ཅད་ཀྱི་འབྲས་བུ་རྒྱ་ཆེར་སྨིན་ཅིང་མཐར་དབྱུང་བ་ལ་མཆོག་ཏུ་བསྔགས་པ། འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བ་དངོས་སམ་རྗེས་མཐུན་པས་རྒྱས་བཏབ་ཅིང་ཐེག་པ་ཆེན་པོ་སྤྱི་དང་ཁྱད་པར་གྱི་ཚུལ་ལས་འབྱུང་བའི་སྨོན་ལམ་ཟབ་ཅིང་རྒྱ་ཆེ་བ་རྣམས་ཀྱང་གདབ་པས་ལས་བྱས་པ་དོན་ཆེན་པོ་དང་ལྡན་པར་འགྱུར་རོ། །བཅུ་གསུམ་པ་ཤིས་བརྗོད་ནི། དེ་དག་གི་མཐར་ཕྱོགས་དུས་རྒྱལ་བ་སྲས་བཅས་དཀྱིལ་འཁོར་བའི་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་བརྗོད། རྡོ་རྗེའི་གླུ་དབྱངས་ལེན། མེ་ཏོག་མནྡ་ར་བའི་ཆར་ཆེན་འབེབས་པར་བསམ་ལ་རང་ཉིད་ཀྱང་དེ་དང་མཐུན་པའི་ཤིས་བརྗོད་དབྱངས་རོལ་མེ་ཏོག་འཐོར་བ་སོགས་བྱ་སྟེ། ཕྱོགས་བཅུ་དུས་བཞི་གནས་སྐབས་ཇི་ལྟ་བུར་སྤྱོད་ཀྱང་ཀུན་ཏུ་མི་མཐུན་པའི་མིང་ཡང་མི་གྲགས་ཤིང་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་དགེ་མཚན་དང་ལེགས་པའི་དཔལ་འབྱོར་གོང་འཕེལ་དུ་སྤེལ་བར་བྱའོ། །ཕྲིན་ལས་ཀྱི་རིམ་པ་དེ་དག་ཀྱང་གསང་སྔགས་ལུང་གི་སྒོ་བཞི་དང་འབྲེལ་དགོས་ཏེ། ཇི་སྐད་དུ། དོན་དམ་གསལ་འདེབས་བརྗོད་པ་ཚིག་གི་སྒོ། །ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ། །དམིགས་པ་རྩེ་གཅིག་ཏིང་འཛིན་ཡིད་ཀྱི་སྒོ། །མཚོན་པ་བརྡར་བཏགས་ཕྱག་རྒྱ་གར་གྱི་སྒོ། །ཞེས་པ་ལས་སྔགས་ཚིག་ཏིང་ངེ་འཛིན་གསུམ་ནི་ཐམས་ཅད་དུ་འབྲེལ་དགོས་ཤིང་མཆོད་པ་སོགས་ལ་ཕྱག་རྒྱའང་དགོས་པ་ཡིན་ནོ། །གཉིས་པ་དེ་ལ་བརྟེན་པའི་ཕྲིན་ལས་རབ་འབྱམས་སྒྲུབ་པ་ལ་གཉིས། གང་གིས་སྒྲུབ་པའི་གང་ཟག་ཐུན་མོང་དུ་བཤད་པ། གང་སྒྲུབ་པའི་ཕྲིན་ལས་སོ་སོར་ཕྱེ་སྟེ་བཤད་པའོ། །དང་པོ་ནི། གཞན་ཡང་ལམ་གྱི་སོགས་རྐང་པ་གཅིག་གསུངས་ཏེ། རྩ་བའི་སྒྲུབ་ཐབས་བསྟན་ཟིན་ནས་ཉེ་བར་མཁོ་བའི་ཕྲིན་ལས་རབ་འབྱམས་ཀྱི་ནང་ནས་རྡོ་རྗེ་སློབ་དཔོན་གྱི་བྱ་བའི་གཙོ་བོར་གྱུར་པ། གཞན་ཡང་ཇི་ལྟར་སྒྲུབ་པའི་ཚུལ་བསྟན་པར་བྱ་སྟེ། ལས་དེ་དག་གང་ཟག་གང་གིས་སྒྲུབ་ན་སྤྱིར་དེ་ཉིད་བཅུ་དང་ལྡན་པས་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ཚང་བ་དང་ཁྱད་པར་རིམ་པ་གཉིས་ཀྱི་ལམ་ཚུལ་བཞིན་ཉམས་སུ་བླངས་པས་ཕྱི་ནང་གསང་བའི་དྲོད་དང་རྟགས་ཚད་ཐོབ་པའི་རྣལ་འབྱོར་པས་བསྒྲུབ་པར་བྱ་བ་ཡིན་ཏེ། རྒྱུད་ལས། སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང་། །མཚན་ཉིད་ཀུན་དང་ཡང་དག་ལྡན། །ཕྱག་རྒྱ་སྔགས་དང་ཆོ་ག་ཤེས། །ལས་རྣམས་ཀུན་ལ་མཁས་པའོ། །ཞེས་པ་ལྟར་རོ། །གཉིས་པ་ལ་བདུན། རབ་གནས། སྦྱིན་སྲེག །བཅུད་ལེན། གནས་ལུང་། རྗེས་བཟུང་དང་ཚར་གཅོད་ཀྱི་ཕྲིན་ལས། བམ་སྒྲུབ། བདུད་རྩིའི་སྒྲུབ་པའོ། །དང་པོ་ལ་གཉིས། དགོས་པ་བསྟན་ཏེ་མཚམས་སྦྱར་བ། རབ་ཏུ་གནས་པའི་ཆོ་ག་དངོས་སོ། །དང་པོ་ནི། འཇིག་རྟེན་ ནས་ གནས་པ་ནི༔ ཞེས་གསུངས་ཏེ། དེའང་རྟེན་ལ་རབ་གནས་བྱེད་པའི་དགོས་པ་ནི། རྟེན་རབ་གནས་མ་བྱས་པ་དང་། ཆོ་ག་དམན་པས་བྱས་ན་མི་ཤིས་ཤིང་བསོད་ནམས་ཀྱི་ཞིང་དུ་མི་འགྱུར་ལ་དེ་དག་ཚུལ་བཞིན་བྱས་ན་རྟེན་དེ་ལ་མཆོད་པས་དཀོན་མཆོག་གསུམ་དངོས་ལ་མཆོད་པའི་བསོད་ནམས་ཐོབ་ཅིང་གཞན་རྒྱུད་བྱིན་གྱིས་རློབ་ནུས་པར་འགྱུར་ཏེ། གསང་སྙིང་ལས། ས་ལ་སོགས་ལས་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པར་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་སོ། །དེ་ཡི་མཐུ་ལས་འཇིག་རྟེན་གྱི་ཁམས་ཀུན་ཏུ་ཕན་པ་དང་བདེ་བ་རྒྱ་ཆེན་པོ་འབྱུང་བར་འགྱུར་ཏེ། རྔམ་གློག་ལས། རབ་གནས་ཆོ་ག་ཡང་དག་བྱ། །བཀྲ་ཤིས་དཔལ་དང་བདེ་ལེགས་བྱེད། །ཅེས་པས་མཚོན་རྒྱུད་ལུང་རྣམས་སུ་རྒྱ་ཆེར་གསུངས་པའི་ཕྱིར་རོ། །ངོ་བོ་ནི། རྒྱལ་བའི་ཕྲིན་ལས་སྤྲུལ་པའི་གཟུགས་བརྙན་དམ་ཚིག་རྟེན་ལ་ཡེ་ཤེས་སེམས་དཔའི་ལྷ་ཚོགས་ཀྱི་གསང་གསུམ་ཡོན་ཏན་མཐའ་དག་བསྟིམ་ཞིང་དབྱེར་མེད་པར་དགེ་ཞིང་བཀྲ་ཤིས་པའི་རང་བཞིན་དུ་བྱེད་པ་སྟེ། གལ་པོ་ལས། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ། །ཡེ་ཤེས་གཞུག་པའི་བྱིན་རླབས་ཅན། །འཁོར་བ་འབྱུང་བ་ལྔ་ཡི་གནས། །སྐུ་དང་གསུང་དང་ཐུགས་ཉིད་ཡིན། །ཞེས་སོ། །ངེས་ཚིག་ནི། སུ་པྲ་ཏིཥྛའི་སྒྲ་ལས། རྟེན་ཉིད་ལྷག་པར་ཡེ་ཤེས་པའི་ངོ་བོར་ཡུན་རིང་པོར་རབ་ཏུ་གནས་པར་བྱེད་པའི་ཆོ་ག་སྟེ་དེའི་ཚུལ་ནི་འདི་ལྟར་རོ། །གཉིས་པ་ལ་གསུམ། གང་ལ་རབ་ཏུ་གནས་པའི་ཡུལ། གང་གིས་རབ་ཏུ་གནས་པའི་ཚུལ། ཇི་ལྟར་རབ་ཏུ་གནས་པའི་བྱ་བའོ། །དང་པོ་ནི། མཚན་ཉིད་སོགས་རྐང་པ་གཅིག་སྟེ། རབ་ཏུ་གནས་བྱའི་རྟེན་རྒྱུད་དང་མཁས་པས་བཤད་པའི་ཆ་ཚད་དང་ལྷ་སོ་སོའི་རྒྱན་དང་རྣམ་འགྱུར་ཚུལ་བཞིན་ལྡན་པ་དང་། དམ་ཚིག་གི་གླེགས་བམ་རྒྱུད་བཞིན་བྲིས་པ་སོགས་སོ་སོའི་མཚན་ཉིད་ཚུལ་བཞིན་རྫོགས་ཤིང་བཟོ་འཕྲོ་ལུས་པ་མ་ཡིན་པ་བྱ་བ་མཐར་ཕྱིན་པའི་སྐུ་གསུང་ཐུགས་ཀྱི་རྟེན་གཙོ་བོར་གྱུར་པ་རྣམས་ནི། ཇི་སྐད་དུ། སྐུ་གཟུགས་མཚན་ཉིད་ལྡན་པ་སྟེ། །ཞི་བ་ལ་སོགས་ཉམས་དང་ལྡན། །ཚད་ཀྱི་ཚད་ལ་ཕབ་ཅིང་བཟང་། །དེ་འདྲ་རབ་ཏུ་གནས་པ་བྱ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ནི། གནས་དུས་སོགས་རྐང་པ་གཅིག་སྟེ། གང་དུ་བྱ་བའི་གནས་ནི། ཕྱོགས་དང་ཁ་དོག་ལ་སོགས་པའི་སྒོ་ནས་ཞི་རྒྱས་ཀྱི་གནས་སུ་བསྔགས་པ་དང་། ཁྱད་པར་བཀྲ་ཤིས་ཤིང་ཉམས་དགའ་བ་སྟེ། གལ་པོར། བཀྲ་ཤིས་དག་པ་ཆེན་པོའི་གནས། །ཡིད་འོང་ཉམས་ནི་རྣམ་པར་དགའ། །ཞེས་སོ། །དུས་ནི་དགུན་ཟླ་ཐ་ཆུང་ནས་དབྱར་ཟླ་འབྲིང་པོའི་བར་ཉི་མ་བྱང་བགྲོད་ཀྱི་དཀར་ཕྱོགས་གཟའ་སྐར་འཕྲོད་སྦྱོར་བཟང་ཞིང་བཀྲ་ཤིས་པ་ལ་བྱ་སྟེ། སྒྱུ་འཕྲུལ་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །ཞེས་སོ། །ཡོ་བྱད་དཀྱིལ་འཁོར་སྒྲུབ་མཆོད་ལ་དགོས་པ་རྣམས་དང་རྫས་སུམ་ཅུ་སོགས་དང་ལྡན་པའི་ཁྲུས་བུམ་འདག་ཆལ་གོས་ཟུང་མངའ་དབུལ་སྤྱི་དང་བྱེ་བྲག་གཟུངས་བུམ་མེ་ཏོག་བཟང་པོ་ལ་སོགས་པ། བྱེད་པ་པོ་སྟོན་པ་རྡོ་རྗེ་སློབ་དཔོན་དེ་ཉིད་བཅུ་ལྡན། འཁོར་དམ་ཚིག་དང་སྡོམ་པས་རྒྱུད་དག་ཅིང་ཆོ་གའི་བྱ་བ་སོ་སོ་ལ་མཁས་པ་སྟེ་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པས་རབ་ཏུ་གནས་པའི་ཆོ་ག་བརྩམ་པར་བྱའོ། །གསུམ་པ་ནི། བགེགས་དང་ ནས་ བདེན་ཚིག་བརྗོད༔ ཅེས་གསུངས་ཏེ། ཐོག་མར་གང་ལ་བརྟེན་པའི་བདག་གི་རྣལ་འབྱོར་དཀྱིལ་འཁོར་སྒྲུབ་མཆོད་ལྷ་བུམ་ཁྲུས་བུམ་བསྒྲུབ་པ་སོགས་བྱས་ནས། རབ་གནས་དངོས་ལ་དོན་ཚན་བཅུ་གཅིག་ཡོད་པའི་དང་པོ་བར་གཅོད་ཀྱི་བགེགས་རྣམས་ལ་གཏོར་མ་སྦྱིན་ཏེ་ཞི་བས་སྦྱང་བ་དང་། རྫས་ཞི་བ་དང་སྔགས་དྲག་པོ་སྟེ་ཕྱེད་མས་སྦྱང་བ་དང་། རྡོ་རྗེའི་ཁྲོ་བོའི་སྙེམས་པས་སྤྲུལ་པའི་ཕོ་ཉ་དང་བཅས་པས་བསྡིགས་ཤིང་ཚར་གཅོད་པ་དྲག་པོའི་སྒོ་ནས་སྦྱངས་ཏེ་བསལ་བའི་རྗེས་འབྲེལ་དུ་ཟན་ཆང་སོགས་རྫས་བཞི་སྔགས་དང་བཅས་པས་མི་ཤིས་པ་སྦྱང་བ་དང་། ཏིལ་དང་མེ་ཆུའི་སྦྱོར་བས་སྡིག་པ་སྦྱང་། སྦྱང་གཞི་རྟེན་དེ་ལ་སྦྱང་བྱ་བཟོ་བོ་ལ་སོགས་པའི་མི་གཙང་བའི་དྲི་མ་སྦྱོང་བྱེད་བུམ་ཆུ་བདུད་རྩིར་བསྒྲུབས་པ་དང་། སྦྱོང་བ་པོ་སློབ་དཔོན་རྗེས་འབྲང་དང་བཅས་པས། སྦྱངས་འབྲས་རྟེན་ཡེ་ཤེས་སེམས་དཔའི་ངོ་བོར་བསྒྲུབ་རུང་དུ་བྱེད་པ་ནི་ཉེས་ཚོགས་བསལ་བའི་ཆོ་གའོ། །གཉིས་པ་མཁའ་མཉམ་ཕ་མ་སེམས་ཅན་མ་བརྒལ་པ་རྣམས་བསྒྲལ་ཞིང་མ་གྲོལ་བ་དགྲོལ་བའི་སླད་དུ་བཟང་པོ་སྤྱོད་པར་དམ་བཅའ་བའི་གོ་ཆ་བརྟན་པོ་བགོ་སྟེ་བྱང་ཆུབ་སེམས་མཆོག་རྣམ་པ་གཉིས་ལྷག་པར་བསྐྱེད་ཅིང་བཟུང་བས་རང་གནས་ཀྱི་རྒྱུ་རྐྱེན་ནུས་ལྡན་དུ་བསྒྲུབ། གསུམ་པ་རྟེན་སོ་སོ་དང་མཐུན་པའི་ལྷའམ། རིགས་ཐམས་ཅད་ཁྱབ་བདག་རྡོ་རྗེ་སེམས་དཔའ་ཁོ་ནར་བསྐྱེད་ཀྱང་ཆོག་ལ། ཡང་ན་གལ་པོ་ལས། གཟུགས་སྐུའི་རྟེན་གྱི་སྐུ་གསུང་ཐུགས། །ལུག་མ་རི་མོ་ལ་སོགས་པ། །སྤྱིར་ན་རྣམ་པར་སྣང་མཛད་གཞི། །ཡང་ན་རིགས་བདག་གང་ཡིན་ལྷ། །པུསྟི་གླེགས་བམ་ལ་སོགས་གསུང་། །མཐའ་ཡས་མཆོག་ཏུ་བསྒོམ་པར་བྱ། །ཡང་ན་ཡི་དམ་རིགས་གང་ཡིན། །རྡོ་རྗེ་དྲིལ་བུ་ལ་སོགས་ཀུན། །མི་བསྐྱོད་རྡོ་རྗེ་འཛིན་པའམ། །སྐུ་གསུང་ཐུགས་དང་རིགས་ལྔར་འདུས། །ཞེས་གསུངས་པ་ལྟར་སངས་རྒྱས་རིགས་ལྔས་བསྡུས་པའི་དམ་ཚིག་པ་བསྐྱེད་ཅིང་། བཞི་པ་བདག་དང་དམ་ཚིག་པའི་ཐུགས་ཀའི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་ཤིང་བཀུག་སྟེ་མདུན་མཁར་བཞུགས་པ་ལ་མཆོད། དེ་ཉིད་དམ་ཚིག་པ་ལ་དགུག་གཞུག་བཅིང་མཉེས་ཀྱི་ཕྱག་རྒྱ་བཞིས་ཆུ་དང་འོ་མ་ལྟར་དབྱེར་མེད་དུ་བསྟིམ། ལྔ་པ་དེ་ལ་ཆོ་ག་རྒྱས་བསྡུས་གང་ཡང་རུང་བས་དབང་བསྐུར་ཏེ། དེའང་སྦྱང་གཞི་ལྷའི་རྒྱུད་ཉེས་པས་རྙོག་པ་ཅན་དུ་བྱས་པའི་དྲི་མ་སྦྱོང་བྱེད་ལྷ་རྣམས་ཆགས་པ་ཆེན་པོས་ཞུ་བའི་བྱང་སེམས་ཡེ་ཤེས་ཀྱི་ཆུ་རྒྱུན། སྦྱོང་པ་པོ་ནམ་མཁར་སྤྱན་དྲངས་པའི་གདན་གསུམ་ཚང་བའི་ལྷ་རྣམས། སྦྱངས་འབྲས་དམིགས་མེད་ཀྱི་རྒྱུད་དག་པས་ཡེ་ཤེས་ལྷའི་ངོ་བོ་ཁྱད་པར་ཅན་དུ་སྒྲུབ་པ་དབང་བསྐུར་བའི་བྱེད་པ་ཅན་ཏེ། ངེས་ཚིག་དྲི་མ་བཀྲུ་བ་དང་ནུས་པ་འཇོག་པས་འབྲེལ་བས་སོ། །བདུན་པ་དབང་བསྐུར་བའི་ཆུ་ཞབས་ཀྱི་སྤྱི་བོར་རིགས་ཀྱི་བདག་པོའི་ཕྱག་རྒྱ་དང་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་རྒྱས་གདབ་པའང་བྱ་སྟེ། ཀུན་མཁྱེན་འཇིགས་བྲལ་ཆེན་པོས། མི་ལ་དབང་བསྐུར་བ་དང་ལྷ་ལ་རབ་ཏུ་གནས་པ་དོན་གཅིག་ཡིན་པར་གསུངས་སོ། །དེས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དང་རྟེན་གྱི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ངོ་བོར་རྒྱས་བཏབ་པ་ལས་འདའ་བར་མི་བསྐྱོད་པས་རབ་ཏུ་གནས་པའི་དོན་གྱི་སྙིང་པོ་གྲུབ་པར་བྱས་པ་ཡིན་ནོ། །བརྒྱད་པ་སྔར་རྟེན་བསྐྱེད་ཀྱི་སྐབས་རིགས་ལྔ་གང་དུ་བསྒོམས་པ་དེ་སྐབས་འདིར་ཇི་ལྟར་གནས་བྱའི་སྐུ་གཟུགས་དང་གླེགས་བམ་དང་མཆོད་རྟེན་ལ་སོགས་པ་སོ་སོའི་རྣམ་པ་གང་ཡིན་པ་དེ་དང་དེའི་ཕྲིན་ལས་གདུལ་བྱའི་མོས་པའི་ཡུལ་ལ་ཇི་ལྟར་འཇུག་པ་བཞིན་དུ་ཞལ་བསྒྱུར་ཅིང་གོང་འོག་ཇི་ལྟར་རིགས་པར་ཡུལ་ཅན་ཡེ་ཤེས་ཀྱི་གཟིགས་པ་ཡུལ་འདོད་ཡོན་ལ་སྤྱོད་ཡུལ་མཚུངས་པར་བྱ་བའི་ཕྱིར་སྤྱན་དབྱེ་བ་སོགས་དབང་པོའི་སྒོ་བསལ་བ་རྣམས་ནི་ཡོན་ཏན་མངོན་པར་སྒྲུབ་པའི་ཆོ་གའོ། །དགུ་པ་འཇིག་རྟེན་ན་རྒྱལ་བུ་རྒྱལ་སར་དབང་བསྐུར་བ་དེ་ལ་འཁོར་འབངས་རྣམས་ཀྱིས་ཕུན་སུམ་ཚོགས་པའི་ཡོ་བྱད་ཀྱིས་མངའ་གསོལ་བ་བཞིན་དུ་འདིར་ཡང་གོ་འཕང་གི་ཆོས་ལ་དབང་ཐོབ་པར་གྱུར་པའི་རྟེན་དེ་ལ། སྤྱིར་ཆུ་གཉིས་ཉེར་སྤྱོད་རོལ་མོ། རིན་ཆེན་བདུན། འདོད་ཡོན་ལྔ་སོགས་ཀྱིས་མཆོད་ཅིང་བསྟོད་པ་དང་། ཁྱད་པར་སྐུ་གསུང་ཐུགས་ཀྱི་རྟེན་སོ་སོ་དང་འབྲེལ་བ་ཉེ་བར་མཁོ་བའི་ཡོ་བྱད་དང་། སྦྱིན་སྲེག་གམ་ཙཱ་རུའི་བཟའ་བ་ཞེས་པ་ལྷའི་ཟས་སུ་གྲགས་པ་དང་། རབ་གནས་ཀྱི་སྔགས་དང་བཀྲ་ཤིས་ཀྱི་མངའ་དབུལ་བ་རྣམས་ལ་མངའ་དབུལ་རྣམ་པ་བཞིར་གྲགས་པས་མངའ་གསོལ་ཞིང་། རང་གི་དམ་ཚིག་བཞིན་དུ་འཁོར་བ་ཇི་སྲིད་བར་རྟེན་དེ་ལ་བཞུགས་སུ་གསོལ་བས་རབ་ཏུ་གནས་པ་དངོས་གཞི་སྟེ་དེ་དག་ནི་ཕུན་ཚོགས་སྤེལ་བར་བྱེད་པའི་ཆོ་གའོ། །བཅུ་པ་རྟེན་ཡེ་ཤེས་པའི་ངོ་བོར་བསྒྲུབས་པ་དེ་ཉིད་ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་ཕྱག་གི་གནས། མཆོད་པའི་ཡུལ་བསོད་ནམས་ཀྱི་ཞིང་དུ་གྱུར་པའི་ཕྱིར། སྲུང་ཞིང་མཆོད་པ་པོ་མི་སྣང་བ་ལྷ་ལ་གཏོད་པ་རྡོ་རྗེའི་ཆོས་སྐྱོང་བ་རྣམས་ལ་མཆོད་གཏོར་ཕུལ་ཏེ་དམ་ཚིག་བསྒྲགས་ཤིང་གཉེར་གཏད་པ་དང་། སྣང་བ་མི་ལ་གཏོད་པ་ཡོན་བདག་བསྒོ་ཞིང་ཞལ་བསྲོ་བའི་མཆོད་པ་ཕུལ། བཅུ་གཅིག་པ་སྦྱིན་བདག་ལྷར་བསྐྱེད་ཅིང་བགེགས་བསལ་ནས་བཀྲ་ཤིས་པའི་རྫས་བརྒྱད་གཏོད་པ་སྔོན་དུ་འགྲོ་བས་ཞལ་ནས་གསུངས་པའི་ཚིགས་བཅད་ཀྱིས་ཐོག་དྲངས་བཀྲ་ཤིས་པའི་བདེན་ཚིག་བརྗོད། དེས་ཀྱང་སློབ་དཔོན་ལ་གཏང་རག་གི་ཡོན་འབུལ་ཞིང་སློབ་དཔོན་གྱིས་དགེ་བ་རྫོགས་བྱང་དུ་བསྔོ་བ་དང་དཀྱིལ་འཁོར་གྱི་རྗེས་ཆོག་རྣམས་བྱས་པས་རྒྱུད་ཀྱི་དགོངས་པ་གྲུབ་པའི་མན་ངག་གིས་བཀྲལ་བའི་ཆོ་ག་རྒྱས་པར་གྲུབ་པ་ཡིན་ནོ། །གཉིས་པ་སྦྱིན་སྲེག་བཤད་པ་ལ་གསུམ། དགོས་པ། ཆོ་ག་དངོས། དེའི་འབྲས་བུའོ། །དང་པོ་ནི། ལྷ་རྣམས་སོགས་རྐང་པ་གཅིག་སྟེ། སམྦུ་ཊི་ལས། སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམས། །ཚིམས་པར་གྱུར་ལས་དངོས་གྲུབ་སྩོལ། །ཞེས་སོགས་རྒྱུད་རྣམས་ནས་རྒྱ་ཆེར་བསྔགས་པ་ལྟར་བསྒྲུབ་བྱའི་ལྷ་རྣམས་ཚིམས་ཤིང་དེ་ལས་གང་འདོད་པའི་དོན་ཐོགས་མེད་མྱུར་དུ་འགྲུབ་པར་བྱེད་པའི་ཕྲིན་ལས་ནི་མཆོད་སྦྱིན་གྱི་ཁྱད་པར་སྲེག་པ་མེའི་སྦྱོར་བ་ཡིན་ཏེ། དེའི་རྒྱུ་མཚན་དང་ཇི་ལྟར་བྱ་བའང་སྙིང་པོ་ལས། དབྱིབས་དང་ཁ་དོག་མཚན་ལྡན་པར། །ཞལ་དུ་གྱུར་པའི་མེ་བོས་ལ། །བཟའ་བཏུང་བྲོ་བའི་ཚོགས་རྣམས་ཀྱིས། །ལས་བཞིའི་མཆོད་པ་རབ་ཏུ་སྦྱིན། །ཞེས་པ་ལྟར་རོ། །གཉིས་པ་ནི། དབྱིབས་དང་ ནས་ སྤྲོ་བསྡུ་བཅས༔ ཞེས་གསུངས་ཏེ། དགོས་པ་དེ་ལྡན་གྱི་སྦྱིན་སྲེག་བྱ་བའི་ཡུལ་ནི་སྤྱིར་སེམས་ཅན་ཐམས་ཅད་དང་། བྱེ་བྲག་གུད་དུ་ཕྱེ་ན། གནོད་སྡིག་ཅན་དང་། དབུལ་ཕོངས་ཅན་དང་། ལོག་ལྟ་ཅན་དང་། གདུག་པ་ཅན་དང་། སྒྲིབ་གཉིས་བག་ཆགས་རྣམས་སོ། །བྱེད་པའི་དུས་ནི། སྤྱིར་བསྙེན་སྒྲུབ་གྲུབ་པའི་རྗེས་དང་ས་ཆོག་སྐབས་པྲ་ངན་ན་ཞི་བ། རབ་གནས་ལ་རྒྱས་པ། དབང་སྐུར་བའི་གོང་དུ་དབང་། སློབ་མ་སྟ་གོན་གྱི་རྨི་ལམ་ངན་པ་ལ་དྲག་པོ། མཆོད་བཤགས་སོགས་ལ་ལྷུན་གྲུབ་བྱ་བར་རྡོ་རྗེ་ལས་རིམ་སོགས་ལས་བཤད། བྱེ་བྲག་ཞི་རྒྱས་ལ་དཀར་ཕྱོགས་དང་སྲོད་སྔ་དྲོ། དབང་དྲག་ལ་དམར་ཕྱོགས་དང་དགོང་མོ་གུང་གཉིས་སུ་བྱ་བར་གསུང་། བྱ་བའི་ཕྲིན་ལས་ནི། ཐུན་མོང་བཞི་སོགས་ལས་བཞི་དང་། ཐུན་མོང་མ་ཡིན་པ་མཆོག་སྒྲུབ་ལྷུན་གྲུབ་ཀྱི་ལས་སོ། །བྱ་བའི་ཐབས་ལ། ཕྱི་ནང་གསང་བ། ཡང་གསང་བཞི་ལས་དང་པོ་ལའང་སྦྱོར་དངོས་རྗེས་གསུམ་ཡོད་པའི་དང་པོ་སྦྱོར་བ་ནི། སའི་ཆོ་ག་རྒྱས་བསྡུས་ཇི་ལྟར་རིགས་པས་སྦྱངས་པའི་གཞིར། ལས་སོ་སོའི་དབྱིབས་དང་མཐུན་པའི་བརྐོས་ཐབ་རྩིག་ཐབ་བྲི་ཐབ་གང་ཡང་རུང་བ་ཞི་བ་ལ་དཀར་ཟླུམ་རྒྱར་ཁྲུ་གང་པ་རྡོ་རྗེས་མཚན་པ། རྒྱས་པ་ལ་སེར་པོ་གྲུ་བཞི་ཁྲུ་དོ་པ་རིན་ཆེན། དབང་ལ་དམར་པོ་ཟླ་གམ་མཛུབ་གང་པ་ལྕགས་ཀྱུ། དྲག་པོ་ལ་གྲུ་གསུམ་ནག་པོ་སོར་ཉི་ཤུ་པ་རལ་གྲི། ལྷུན་གྲུབ་ལ་ཞི་བ་དང་འདྲ་བ་ལས་འཁོར་ལོས་མཚན་པ་སྟེ། ཐམས་ཅད་ཀྱང་དཔངས་སུ་རང་གི་ཕྱེད་ཚད་དང་སོར་བཞི་པའི་ཁ་ཁྱེར་མུ་རན་དང་བཅས་པས་བསྐོར་བ། སྲེག་རྫས་ནི་ཞི་བ་ལ་ཏིལ་ཡུངས། རྒྱས་པར་དཱུརྦ་ནས་འབྲས། དབང་ལ་མྱོས་བྱེད་ཟས་མཆོག་གཙོར་གྱུར་པའི་རྫས་ཆེན་བཅུ་གཅིག་ཏུ་གྲགས་པ་དང་། དྲག་པོར་དུག་ཁྲག་ལིངྒ་ལན་ཚྭ་ཐུན་རྫས་ལ་སོགས་པ། མཆོག་ལ་ཞི་རྒྱས་ཀྱི་རྫས་ཀུན་འཚོགས་པ། དེ་དག་གི་ཁ་དོག་དཀར་སེར་དམར་ནག་ལས་མཐུན་བསྒྱུར་ཅིང་། སྣོད་ཀྱང་དངུལ་ཤེལ་དུང་སོགས་དཀར་པོ་ལས་གྲུབ་པའི་ཟླུམ་པོས་མཚོན་སོ་སོ་བ་དང་། དགང་བླུགས་ཚད་ལྡན་སོགས་ཡོ་བྱད་མ་ཚང་བ་མེད་པ་ཕྱག་ལེན་ལྟར་བཤམ། དངོས་གཞི་སློབ་དཔོན་མཐུན་པའི་སྟན་ལ་ཞི་བ་ལ་པདྨའི་སྟབས། རྒྱས་པ་ལ་བཟང་པོའི་སྟབས། དབང་ལ་སྐྱིལ་ཀྲུང་། དྲག་པོ་ལ་ཙོག་པུའི་འདུག་སྟངས་ཀྱིས་ཞི་བ་ལ་ཤར། རྒྱས་པར་བྱང་། དབང་ལ་ནུབ། དྲག་པོར་ལྷོར་བལྟས་ཏེ་འཁོད། ཞི་བར་གོས་དཀར་པོ་གྱོན་ཅིང་དུང་ཤེལ་གྱི་རྒྱན་གདགས་པ་སོགས་ལས་དང་རྗེས་སུ་མཐུན་པའི་ཆས་གོས་བསྟར། བསམ་པའམ་གཙོ་སེམས་ལ་གཉིས་ཀྱི། དོན་གྱི་སེམས་ནི། དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་དང་། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པ་ནི་ལས་ཐམས་ཅད་ལ་ཁྱབ་བྱེད་དུ་དགོས་པ་རྒྱུའི་སེམས་སོ། །སྟངས་ཀྱི་སེམས་ནི། ལས་བཞིས་ཀུན་ནས་སློང་བའི་བསམ་པ་སྟེ། ཞི་བ་ལ་ཞི་ཞིང་དྭངས་པ། རྒྱས་པ་ལ་སྤྲོ་ཞིང་དགའ་བ། དབང་ལ་ཆགས་ཤིང་ཞེན་པ། དྲག་པོ་ལ་ཞེ་སྡང་ཁྲོས་པའི་སེམས་ཀྱིས་ཏེ། ལས་སོ་སོའི་མཐུན་པའི་གྲོགས་བྱེད་པས་ན་རྐྱེན་གྱི་སེམས་ཞེས་ཀྱང་ཟེར་ཏེ་དེ་དག་གི་སེམས་རྩེ་གཅིག་པས་འཇུག །ཆོ་གའི་རིམ་པ་བདག་གི་རྣལ་འབྱོར་བཟླས་པ་བསྡུ་ལྡང་བཅས་གྲུབ་ནས་མཆོད་སྲེག་གི་རྫས་བྱིན་བརླབ། ལས་མཐུན་གྱི་ཐབ་ཁུང་བསྐྱེད་ནས་ཞི་བ་ལ་གཙུབ་ཤིང་གི་མེ། རྒྱས་པ་ལ་རཏྣ་ལས་བྱུང་བ། དབང་ལ་སྨད་འཚོང་མའི། དྲག་པོ་ལ་གདོལ་ཤན་ནམ་རོ་བསྲེགས་པའི་མེ་དུ་བ་མེད་པས་སྦར་པའི་འཇིག་རྟེན་སྲིད་པའི་མེ་ལྷ་བསྐྱེད་བསྟིམས་ཕྱག་མཆོད་བྱས་ནས། དགང་བླུག་ཡམ་ཤིང་སྲེག་རྫས་ཕུལ་བས་མེའི་ལས་ཀྱིས་མེ་ལྷ་ཚིམས་པས་དེས་དཀྱིལ་འཁོར་གྱི་ལྷ་རྣམས་ཚིམས་པའི་དགོས་པ་ཡོད་དེ། ལྷ་རྣམས་ཞལ་ནི་མེ་ཡིན་ཏེ། །སྦྱིན་སྲེག་དེ་ནི་མེ་ལ་གནས། །ཞེས་པ་ལྟར་ཏེ། དཔེར་ན་ཟས་ཟོས་པས་ལུས་ཀྱི་ལང་ཚོ་བརྟ་བར་བྱེད་ཅིང་། དེའི་མཐུས་དེ་ལ་བརྟེན་པའི་སྐྱེ་མཆེད་རྣམས་རྒྱས་པར་བྱེད་པ་བཞིན་ནོ། །དེ་ནས་ཞི་བ་འཇིག་རྟེན་ལས་འདས་པའི་མེ་ལྷ་ནི། གཞུང་སོ་སོའི་དགོངས་པས་མེ་ལྟའི་ལྟོ་བར་བསྐྱེད་པ་དང་། སྙིང་གར་བསྐྱེད་པ་དང་། རང་བཞིན་མེ་ལྷ་ཐབ་ཀྱི་ཤར་ལྷོར་བཞག་སྟེ། དམ་ཚིག་པ་མེར་བསྒྱུར་བའམ། དམ་ཡེ་དབྱེར་མེད་དུ་འབར་བའི་རྣམ་པར་བསྒྱུར་པའི་དབུས་སུ་བསྐྱེད་པ་སྟེ་ལུགས་བཞི་ཡོད་པས་རང་རང་གི་ལུགས་ལྟར་བྱས་ལ་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་ཅིང་གནས་གསུམ་བྱིན་གྱིས་བརླབས་ཏེ། ཡེ་ཤེས་པ་སྤྱན་དྲངས་ནས་གཉིས་སུ་མེད་པར་གྱུར་པ་ལ་མཆོད་ཅིང་བསྟོད་དེ་ལྗགས་དང་གཟར་བུ་བྱིན་གྱིས་བརླབ། དགང་བླུགས་ཡམ་ཤིང་མར་ཁུ་སྲེག་རྫས་སྤྱི་དང་ཁྱད་པར་མཉེས་བྱེད་དུ་གྱུར་པ་རྣམས་རྩ་སྔགས་ལ་སྤེལ་ཚིག་མཐར་ལས་སྐུལ་བའི་ས་བོན་སོ་སོ་བཏགས་པས་འབུལ་ཞིང་ཡེ་ཤེས་ཀྱི་བདུད་རྩི་ལས་བཞི་གང་ཡིན་གྱི་ཁ་དོག་ཅན་གྱི་ངོ་བོར་དྭངས་པ་གསོལ་བར་བསམས་ལ་ཕྲིན་ལས་བཅོལ། མཆོད་བསྟོད་འདོད་དོན་གསོལ་བས་ལྷ་རྣམས་ཀྱི་སྐུ་ལས་འཕྲོས་པའི་འོད་ཀྱིས་ལས་གང་ཡིན་སྒྲུབ་པར་མོས་པའི་ཏིང་ངེ་འཛིན་གྱི་སྤྲོ་བསྡུའང་བྱ་སྟེ། ཞི་བ་ལ་འོད་ཟླ་ཟེར་ལྟ་བུ་འཕྲོས་པས་ནད་གདོན་སྡིག་སྒྲིབ་རྣམས་སྦྱངས། རྒྱས་པ་ལ་འོད་ཟེར་གསེར་མདོག་ཉི་ཟེར་ལྟ་བུའི་རྩེ་ལས་རིན་པོ་ཆེའི་ཆར་བབས་པས་དབུལ་བ་བསལ། དབང་ལ་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུས་བསྒྲུབ་བྱའི་སྙིང་ནས་དྲངས་ཏེ་བདག་ལ་འདུད་ཅིང་དབང་དུ་གྱུར། དྲག་པོ་ལ་མེ་ལྕེའམ་འོད་ཟེར་མཚོན་ཆ་ལྟ་བུའི་རྩེ་ལས་མཚོན་ཆའི་ཆར་བབས་པས་དགྲ་བགེགས་རྣམས་བརླག་པར་བྱེད། ལྷུན་གྲུབ་ལ་འོད་ཟེར་སྣ་ལྔའི་རྩེ་ལས་བདུད་རྩིའི་བུམ་པ་ཐོགས་པའི་སངས་རྒྱས་ཚད་མེད་པས་དབང་བསྐུར་ཞིང་བྱིན་གྱིས་བརླབས་པར་བསམ། ནོངས་པ་བཤགས་ཏེ། རླུང་ནང་དུ་འཇུག་པ་དང་ལྷན་ཅིག་ལྷ་ཚོགས་རྣམས་མི་ཤིགས་པའི་ཐིག་ལེར་བསྡུ། སླར་བླུགས་གཟར་ཕུལ་བས་མེ་ལྷ་གསལ་བཏབ་སྟེ་མཆོད་སྲེག་གི་རྫས་ཕུལ། བསྟོད་པ་གཏོར་འབུལ་ཕྲིན་བཅོལ་གཤེགས་གསོལ་སྨོན་ལམ་ཤིས་བརྗོད་དང་བཅས་པ་བྱ། རྗེས་ནི་མེ་རྣམས་རང་ཞིའམ། ཡང་ན་ཞི་བ་འོ་མ། རྒྱས་པ་དྲི་སེར་པོའི་ཆུ། དབང་ཆང་། དྲག་པོ་དུག་ཆུ། མཆོག་དྲི་དང་འོ་མ་རྣམས་ཀྱིས་གཞིལ་ཏེ། ཐལ་སོལ་རྣམས་རིམ་བཞིན་འབབ་ཆུར་སྐྱེལ་བ་དང་། བང་མཛོད་དུ་སྦ་བ་དང་། རི་རྩེའམ་ཆུར་སྦྱང་བ་དང་། གཞི་མདོར་གནོན་པ་དང་། མཆོག་ནི་ཆ་གཅིག་འབབ་ཆུར་གཤེགས་ཤིང་ཆ་གཅིག་གཏེར་དུ་སྦའོ། །ཞར་བྱུང་ནང་གི་སྦྱིན་སྲེག་ནི། རང་ལུས་ལྷར་གསལ་བའི་སྐུའི་ནང་དུ་དཔའ་བོ་དང་མཁའ་འགྲོ་ཏིལ་གྱི་གོང་བུ་ལྟར་བཞུགས་པ་ལ་ཁ་ཟས་བདུད་རྩིར་སྦར་བ་ལྟེ་པའི་ཐབ་ཁུང་དུ་ལག་པའི་དགང་བླུགས་ཀྱིས་ཕུལ་བ་ཉིད་གཏུམ་མོའི་མེས་ཞུ་བའི་དྭངས་མས་ལྷ་རྣམས་ཚིམ་ཞིང་སྙིགས་མ་ཐལ་བར་སྦྱངས་པར་བསམ་སྟེ་རླུང་ཁ་སྦྱོར་དུ་འཆིང་བའོ། །གསང་བའི་སྦྱིན་སྲེག་ནི། །རང་ལྷར་གསལ་བའི་སྐུ་ལ་རྩ་གསུམ་འཁོར་ལོ་བཞི་གསལ་བཏབ་པའི་འཁོར་ལོ་དང་རྩ་ཁམས་ཐམས་ཅད་ལ་རྒྱལ་བ་ཏིལ་གྱི་གོང་བུ་ལྟར་བཞུགས་པར་མོས་ཏེ། བདེ་བ་བསྐུལ་ནུས་པའི་རླུང་གིས་གཏུམ་མོ་སྦར་བས་སྤྱི་བོའི་ཧཾ་བཞུ་བའི་བདུད་རྩིའི་དྭངས་མས་ལྷ་ཐམས་ཅད་ཚིམ་པར་བསམ་ཞིང་། ཞུ་བདེས་དྲངས་པའི་བདེ་སྟོང་གི་ངང་མདངས་བསྐྱང་བའོ། །ཡང་གསང་མཆོག་གི་སྦྱིན་སྲེག་ནི། བདག་མེད་རྟོགས་པའི་ཡེ་ཤེས་ཀྱི་མེས་མ་རིག་བག་ཆགས་ཀྱིས་བསྡུས་པའི་རྟོག་ཚོགས་ཐམས་ཅད་བསྲེགས་པའི་ཟུང་འཇུག་བདེ་ཆེན་གྱི་བདུད་རྩིས་འཁོར་འདས་རོ་མཉམ་དཀྱིལ་འཁོར་གྱི་འཁོར་ལོར་དག་པ་ཉིད་འཁོར་གསུམ་མི་དམིགས་པའི་དབྱིངས་སུ་མཆོད་པའོ། །གསུམ་པ་ནི། རྣོ་ལ་ ནས་ མེད་པར་འགྲུབ༔ ཅེས་གསུངས་ཏེ། དེ་ལྟར་བྱས་པའི་ཡོན་ཏན་ནི། མཚོན་རྣོན་པོ་ལ་སླར་ཡང་ངར་གྱིས་གདགས་པ་ཇི་ལྟ་བ་བཞིན་དུ་སྤྱིར་བསྙེན་སྒྲུབ་སྐབས་སུ་སྔགས་བཟླས་པ་རྣམས་ཀྱི་ལྷག་ཆད་ཁ་སྐོང་ཞིང་ཡིད་ལ་འདོད་པའི་དངོས་གྲུབ་མྱུར་དུ་སྟེར་བར་བྱེད་པ་དང་། ནད་གདོན་ཞི་ཞིང་ཚེ་བསོད་འཕེལ་བ་སོགས་ཕྲིན་ལས་བཞིའི་དགོས་པ་བྱེ་བྲག་པ་རྣམས་ཀྱང་འབད་པ་དང་དཀའ་བ་མེད་པར་འགྲུབ་སྟེ། དཔལ་ཁ་སྦྱོར་ལས། གང་ཞིག་སྔགས་ཀྱི་ལྷག་ཆད་དང་། །དེ་ཀུན་སྦྱིན་སྲེག་གིས་ནི་དགང་། །ཞེས་དང་། ཕྱག་ཆེན་ཐིག་ལེར། གང་ཞིག་ཡིད་ལ་ཅི་བསམ་པ། །དངོས་གྲུབ་ཆེན་པོ་མཐའ་ཡས་སྟེར། །རེ་བ་ཐམས་ཅད་འགྲུབ་བྱེད་པ། །དེ་ལྟའི་སྦྱིན་སྲེག་བདག་གིས་གསུངས། །ཞེས་སོ། །གསུམ་པ་བཅུད་ལེན་ལ་གཉིས། དགོས་པ་བསྟན། བཅུད་ལེན་དངོས་བཤད་པའོ། །དང་པོ་ནི། རྡོ་རྗེའི་ ནས་ སྒྲུབ་པ་ནི༔ ཞེས་གསུངས་ཏེ། ཛམ་གླིང་ལས་ཀྱི་ས་པར་སྐྱེས་ཤིང་ཁམས་དྲུག་དང་ལྡན་པའི་རྡོ་རྗེའི་ལུས་ཚེ་གཅིག་གིས་སངས་རྒྱས་སྒྲུབ་པར་ནུས་པའི་དལ་རྟེན་མཆོག་འདི་ཡུན་རིང་དུ་འཚོ་ཞིང་གནས་པར་བྱེད་པའི་ཐབས་ལ་འབད་དགོས་པ་ནི། པཎ་ཆེན་ངག་དབང་གྲགས་པས། འཚོ་བ་ལས་གཞན་སྙིང་པོ་ནི། །འཁོར་བར་ཅུང་ཟད་མ་མཐོང་ངོ་། །དེ་ཕྱིར་མྱུར་དུ་ཐབས་མང་པོས། །འཆི་བ་སླུ་བར་བརྩམ་པར་བྱ། །ཞེས་གསུངས། དེས་ན་འཆི་བ་མེད་པའི་ཚེ་དང་རྒ་བ་མེད་པའི་ལུས་ཀྱི་བཅུད་ལེན་སྒྲུབ་པའི་ཐབས་ནི་འདི་ལྟ་སྟེ། གཉིས་པ་ལ་གསུམ། གང་ལ་བཅུད་དུ་ལེན་པའི་ཡུལ། གང་བཅུད་དུ་ལེན་པའི་དངོས་པོ། ཇི་ལྟར་ལེན་པའི་ཐབས་སོ། །དང་པོ་ནི། ཉམས་ཤིང་སོགས་རྐང་པ་གཅིག་སྟེ། གསོ་བྱའི་ཚེ་ལ་རྣམ་གྲངས་མང་དུ་བཤད་པ་ལས་སྐབས་འདིར་བཅུད་ལེན་བྱ་བའི་ཡུལ་གཙོ་བོ་ནི་ཡུལ་སེམས་འདོད་པའི་ཚོར་བས་ཉམས་ཤིང་གཅིག་ཏུ་མི་བརྟན་པར་འཕོ་བའི་རྟེན་ཐིག་ལེ་དཀར་དམར་གྱིས་བསྡུས་པ་དང་། དེ་ལ་བརྟེན་པའི་རླུང་སེམས་བཅས་ཉམས་ཤིང་འགྱུར་བ་ལས་ན་རྒ་འཆི་བའི་གནས་སྐབས་འབྱུང་བར་འགྱུར་བས་དེ་དག་བཅུད་ལེན་སོགས་ཀྱིས་རྒྱས་ཤིང་བརྟན་པར་བྱ་བའོ། །གཉིས་པ་ནི། འཁོར་འདས་བཅུད་ཀྱིས་ཞེས་འབྱུང་སྟེ། གང་ཞིག་བཅུད་དུ་ལེན་པའི་དངོས་པོ་ལ་གཉིས་ཏེ་འཁོར་བའི་བཅུད་རྫས་ལ་བརྟེན་པ་དང་། མྱང་འདས་ཀྱི་བཅུད་རླུང་རིག་ལ་གཙོ་བོར་བརྟེན་པའོ། །དང་པོ་ལ་ཕྱི་འབྱུང་བ་ལྔ། སྨན་དང་རྩི་ཤིང་། གྲུབ་པའི་དངུལ་ཆུ། ནང་རང་བྱུང་གི་བདུད་རྩི་གཉིས་སོགས་བཅུད་ལེན་གདམས་པ་བརྒྱ་རྩར་གྲགས་པས་མཚོན་རྒྱུད་དང་གྲུབ་པའི་མན་ངག་ལས་མཐའ་ཡས་པ་འབྱུང་བ་རྣམས་ཏེ། རྟག་ངུའི་བཅུད་ལེན་ཁོ་ན་ལའང་ཉང་གཏེར་བདུད་རྩི་ཡེ་ཤེས་འོད་ལྡན་གྱི་རྒྱུད་ལས་རྒྱ་ཆེར་བཤད་པས་མཚོན་ནོ། །གཉིས་པ་ལ། སྲིད་ལས་འདས་པའི་བཅུད་མཆོག་བསོད་ནམས་ཀུན་གྱི་སྔོན་འགྲོ་དད་པ་རྣམ་གསུམ་བརྟན་པ་དང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་ནན་ཏུ་བྱ་བ་གཙོར་གསུངས་པ་དང་། རྡོ་རྗེ་ཐེག་པའི་ལམ་ལས་ལྷག་པའི་ལྷའི་བསྐྱེད་བཟླས། མཚན་བཅས་རྫོགས་རིམ་རྩ་རླུང་ཐིག་ལེའི་རྣལ་འབྱོར་གྱིས་སྟེང་འོག་གི་སྒོ་ལ་བརྟེན་པའི་བཅུད་ལེན་ཁྱད་པར་བ་རྣམས་དང་། རྗེས་འབྲེལ་རྡོ་རྗེའི་བཟླས་པ། བྷཱུ་རླུང་གི་སྦྱོར་བ། ལྕེ་རྩེ་རྐན་སྦྱར། བདུད་རྩི་སྡུད་པ། ནམ་མཁར་བ་འཇོའི་བསམ་གཏན་ལ་སོགས་པ་རྣམས་དང་། མཚན་མེད་རྫོགས་རིམ་རྣམ་པར་མི་རྟོག་པ་དང་ཟུང་འཇུག་འོད་གསལ་མངོན་སུམ་ལམ་དུ་བྱེད་པའི་བཅུད་ལེན་གྱིས་ཡེ་ཤེས་ཀྱི་ལང་ཚོ་བརྟས་པས་འཆི་བདག་གི་བདུད་བཅོམ་པར་འགྱུར་ཏེ། སློབ་དཔོན་ཆེན་པོ་ངག་དབང་གྲགས་པས། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་འཛིན་པ་རྣམ་པར་སྤང་། །སྟོང་པ་ཉིད་ནི་རྟག་བསྒོམས་པ། །འཆི་བ་ཡིས་ནི་མཐོང་མི་འགྱུར། །ཅེས་སོ། །གསུམ་པ་ནི། བསྐྱེད་བསྲིང་ ནས་ བརྟན་པར་བྱ༔ ཞེས་གསུངས་ཏེ། བཤད་མ་ཐག་པའི་ཕྱི་སྲིད་པ་དང་འབྲེལ་བའི་བཅུད་ལེན་དེ་དག་སློབ་དཔོན་མཁས་པའི་ཕྱག་རྒྱུན་བཞིན་བསྟེན། ནང་ཞི་བའི་བཅུད་རྣམས་བླ་མའི་ཞལ་ལས་བླངས་ཏེ་ཉམས་སུ་བླངས་པས་ལུས་ཟུངས་ཀྱི་ལང་ཚོ་དང་ཚེ་སྲོག་གི་མྱུ་གུ་རིམ་པར་བསྐྱེད་བསྲིང་ཞིང་རྒྱས་པར་འགྱུར་ལ། དེ་ཉིད་བརྟན་ཅིང་མི་འགྱུར་བར་བྱ་བའི་སླད་དུ་ཐབས་མང་དཀའ་བ་མེད་པ་རྡོ་རྗེ་ཐེག་པའི་ཁྱད་ཆོས་འཆི་མེད་ཚེ་སྒྲུབ་ཀྱི་རྣལ་འབྱོར་ལ་འཇུག་པར་བྱ་སྟེ། དེའང་བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལ་བརྟེན་པ་དང་། རྒྱུད་ལུང་མན་ངག་གི་ཆོ་ག་སྤྱི་དང་ཁྱད་པར་ཟབ་གཏེར་མཁའ་འགྲོའི་ཁ་རླངས་མ་ཡལ་བའི་གདམས་ཟབ་ལ་བརྟེན་ཏེ་དཀྱིལ་འཁོར་བཞེངས་ཤིང་ཚེའི་རྟེན་བཅའ། བདག་མདུན་ཚེ་ལྷའི་ཏིང་ངེ་འཛིན་གསལ་ཞིང་ཚེ་ཛཔ྄་བཟླས་པའི་མཐར་ཚེ་འགུགས་ཀྱི་ཕོ་ཉ་བཏང་ལ་བརྟན་གཡོའི་དྭངས་མ་བཅུ་བཞི་བསྒྲུབ་རྫས་དང་བསྒྲུབ་བྱར་དགུག་ཅིང་བསྟིམ། ཆོས་ཉིད་འོད་གསལ་བྱང་ཆུབ་ཀྱི་སེམས་མི་ཤིགས་པའི་ཐིག་ལེ་ཆེན་པོ་གདོད་ནས་སྐྱེ་འཆི་བྲལ་བའི་དབྱིངས་སུ་རྒྱས་གདབ་ནམ་ཡང་མི་འགྱུར་བར་རྟག་ཅིང་བརྟན་པར་བྱའོ། །འདིར་འཕྲོས་དོན་ཅུང་ཟད་སྨོས་པ་ལ་དྲུག །ལུས་སེམས་ཀྱི་ངོ་བོ། སྒྲ་དོན། མཚན་ཉིད། དབྱེ་བ། དེའི་དོན། བསྒྲུབ་བྱ། སྒྲུབ་བྱེད་ཀྱི་འབྲེལ་བསྟན་པའོ། །དང་པོ་ནི། ཚེ་སྲོག་གི་ངོ་བོ་རྣམ་ཤེས་དྲོད་དང་བཅས་པ་རྒྱུན་ཆགས་སུ་གནས་པའི་རྟེན་མི་ལྡན་པའི་འདུ་བྱེད། ལུས་ཀྱི་ངོ་བོ་འབྱུང་ལྔ་བདེ་བ་བཅས་ཁམས་དྲུག་འདུས་པ་རགས་པའི་གཟུགས་ཅན་ནོ། །གཉིས་པ་ནི། ཨཱ་ཡུའི་སྒྲ་འགྲོ་བའི་དུས་སྐབས་ལ་འཇུག་པས་ལས་ཀྱིས་འཕངས་པའི་འཚོ་བའི་དུས་ཇི་སྲིད་དུ་འགྲོ་བས་ཚེ་དང་། པྲཱ་ཎའི་སྒྲ་རབ་ཏུ་འགྲོ་བའི་དོན་ལས་གསོན་པའི་དུས་དེ་སྲིད་དུ་རྗེས་སུ་འགྲོ་བས་སྲོག་སྟེ། དེ་གཉིས་ངོ་བོའི་ཆ་ནས་དབྱེ་བ་བྱར་མེད་ཀྱང་རྟེན་དང་བརྟེན་པར་འབྲེལ་བའི་ལྡོག་ཆའི་རྣམ་པ་ཙམ་ལས་བཏགས་པའོ། །ཀཱ་ཡའི་སྒྲ་བསགས་པ་ཕུང་པོ་གནས་སོགས་ལ་འཇུག་པས་འབྱུང་བ་བསགས་པའི་ཕུང་པོ་ངག་ཡིད་ཀྱི་གནས་སུ་གྱུར་པས་ལུས་སོ། །གསུམ་པ་ཚེ་སྲོག་གི་མཚན་ཉིད་ནི། ལས་ཀྱི་རྣམ་པར་སྨིན་པས་ཇི་སྲིད་འཕངས་པ་དེ་སྲིད་དུ་གནས་པའི་དུས་སྐབས་ལ་སྤྱོད་པ། ལུས་ཀྱི་མཚན་ཉིད་སེམས་ཡིད་རྣམ་ཤེས་གསུམ་རྟེན་པའི་བྱ་བ་ཅན་ནོ། །བཞི་པ་ནི། རྒྱུད་ལས། མི་འགྱུར་རྟག་པ་གཉུག་མའི་ཚེ། །ཉམས་ཤིང་འཕོ་བ་ཐིག་ལེའི་ཚེ། །གློ་བུར་ལྟར་སྣང་སྲོག་གི་ཚེ། །ཞེས་དབྱེ་བ་གསུམ་དུ་གསུངས་ཤིང་། ལུས་ནི་ཁམས་གསུམ་དང་རིགས་དྲུག་གི་རྟེན་སོ་སོ་བ་རྣམས་སོ། །ལྔ་པ་ནི། དྲངས་མ་ཐག་པའི་ལུང་དོན་དང་པོ་ནི། སེམས་ཅན་ཀུན་གྱི་རྒྱུད་ལ་དུས་གསུམ་དུ་མི་འགྱུར་བ་རྟག་གཙང་བདེ་བ་བདག་དམ་པའི་རང་བཞིན་དུ་གཤིས་སམ་གཉུག་མར་བཞུགས་པ་ཆོས་ཉིད་མི་ཤིགས་པའི་ཐིག་ལེ་ནི་འཆི་མེད་རྟག་པའི་ཚེ་སྒྲུབ་པའི་གཞིར་གྱུར་པ་དང་། དེའི་རང་མདངས་དབུ་མའི་ཡར་མར་དུ་གནས་པའི་དཔྱིད་ཐིག་གཉིས་དང་རྗེས་འབྲེལ་འཁོར་ལོ་དྲུག་གི་ཐིག་ལེ་བདག་པོར་གྱུར་པའི་དྭངས་མ་བཅུ་གཉིས་དང་སྙིགས་མ་ཉེར་བཞི་སོགས་འབབ་ཅིང་། དེ་དག་ཀྱང་ཡེ་ཤེས་དང་རྗེས་སུ་འབྲེལ་བར་འཁོར་ལོ་བཞིར་དགའ་བཞི་འགྲོས་ཀྱིས་འཕོ་བ་དང་། རྣམ་ཤེས་དང་རྗེས་སུ་འབྲེལ་བར་ལུས་ལ་ཟུངས་སམ་གནད་ཀྱི་ངོ་བོ་ཉིད་དུ་འཕོ་བ་བླ་གནས་ཞེས་གྲགས་པ་སྟེ། དེ་དག་ཇི་སྲིད་རང་གནས་ལས་མི་གཡོ་ཞིང་སྟོབས་མ་ཉམས་པ་དེ་སྲིད་དུ་འཚོ་བ་བརྟན་པོར་འགྱུར་པས་ཐིག་ལེའི་ཚེ་ནི་བསྒྲུབ་བྱའི་གཙོ་བོ་དང་། ཐོག་མར་ལུས་རྟེན་རྩའི་གཙོ་མོ་ཆགས་པའི་ཚེ་གློ་བུར་རྟེན་ཅིང་འབྲེལ་བ་ལྟར་སྣང་ཞིང་གདོས་བཅས་རགས་པ་དབང་རྟེན་ཁོག་པ་དང་བཅས་པ་རྣམ་པར་ཤེས་པས་ཡོངས་སུ་བཟུང་བ་མི་འབྲལ་བའི་ཟུངས་སུ་གྱུར་པས་སྔ་མ་རྟེན་དང་བརྟེན་པར་འབྲེལ་བ་སྲོག་གི་དབང་པོའི་ཚེ་ནི་ཁྱད་པར་གྱི་བསྒྲུབ་བྱ་ཡིན་ནོ། །དྲུག་པ་ལ། དང་པོའི་སྒྲུབ་བྱེད་ཀྱི་འབྲེལ་ནི། ཆོས་ཉིད་ཀྱི་རང་བཞིན་གདོད་ནས་འགྱུར་མེད་དུ་གྲུབ་པ་མ་འགྱུར་བ་ལྟར་སྣང་གློ་བུར་འཕོ་བའི་དྲི་མ་བསལ་བས་གནས་ལུགས་མངོན་དུ་འགྱུར་བའི་ཕྱིར། སྒྲུབ་བྱེད་འཇིག་རྟེན་ལས་འདས་པ་ཡེ་ཤེས་ཆེན་པོའི་བཅུད་ལེན་རྣམ་ཐར་སྒོ་གསུམ་དང་རྗེས་སུ་འབྲེལ་བའི་ཏིང་ངེ་འཛིན་ལ་གནས་དགོས་པ་དང་། བར་པ་ལ་འཕོ་བའི་བྱེད་པ་རླུང་སེམས་ཡིན་པས་ཐབས་ལམ་ཟབ་མོས་དེ་དག་གི་བྱེད་པ་འཛག་མེད་དུ་བཅིང་ཞིང་གནས་སྐབས་ཐབས་ཀྱི་ཁྱད་པར་རྫས་ཀྱི་བཅུད་ལེན་མན་ངག་ལྟར་བརྟེན་པས་རྟེན་ཀུན་རྫོབ་ཀྱི་དྭངས་མ་རྒྱས། དེས་བརྟེན་པ་བདེ་ཆེན་གྱི་ཡེ་ཤེས་འཕེལ་བར་འགྱུར་བ་དང་། གསུམ་པ་གཙོ་བོར་ད་ལྟའི་ལས་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པར་བཤད་པས་སྲོག་གཅོད་སྤང་ཞིང་སྲོག་བསླུ་བས་མཚོན་བསོད་ནམས་མ་ཡིན་པ་སྤང་ཞིང་བསོད་ནམས་ཅི་ནུས་བསགས་པ་དང་། སྔགས་ཀྱི་ཐབས་མཁས་རྡོ་རྗེ་ཚེ་སྒྲུབ་པའི་ཆོ་ག་རྣམས་ཀྱིས་སྲོག་གི་ཀ་བ་བརྟན་ཅིང་དེ་ལ་བརྟེན་པའི་ཚེ་ཡུན་རིང་དུ་གནས་པར་བྱེད་དོ། །བཞི་པ་གནས་ལུང་ལ་གཉིས། དགོས་པ་བསྟན། གནས་ལུང་དངོས་བཤད་པའོ། །དང་པོ་ནི། སྙིང་རྗེའི་ ནས་ རྫོགས་པའི་ལུང༔ ཞེས་གསུངས་ཏེ། ཚེ་འདིའི་སྣང་བ་ནུབ་ནས་གདོས་བཅས་ཀྱི་རྟེན་དང་བྲལ། རྣམ་པར་ཤེས་པ་ལས་ཀྱི་རླུང་གིས་བདས་ཏེ་འཇིགས་པའི་སྒྲ་བཞི་ཡ་ང་བའི་གཡང་ས་གསུམ་སོགས་ལོག་པའི་འཁྲུལ་སྣང་དུ་མ་དང་བཅས་སྐྱབས་བྲལ་གཏད་མེད་དུ་འཁྱམས་པས་སྙིང་རྗེའི་ཡུལ་དུ་གྱུར་པ། མ་ངེས་པའི་རྟགས་དྲུག་དང་ལྡན་པའི་སྲིད་པ་བར་མ་དོའི་འགྲོ་བ་རྣམས་རྟ་ཁ་སྲབ་ཀྱིས་བསྒྱུར་བ་ལྟར་ཁ་ལོ་སྒྱུར་སླ་བ་ཡིན་པས། སངས་རྒྱས་རྣམས་ཀྱི་ངོ་མཚར་གསང་བའི་མཛོད་ཁང་ལས་བྱུང་བ་ཆོ་ག་དང་ཏིང་འཛིན་ཟབ་མོའི་ཐུགས་རྗེས་ངན་འགྲོའི་སྐྱེ་གནས་ལས་སྐྱོབ་ཅིང་མྱུར་དུ་ཐར་པ་ཞི་བ་ཐོབ་པའི་ཐབས་མཁས། རིགས་དྲུག་གི་གནས་ནས་རིམ་པར་དྲངས་ཏེ་སྤར་ཞིང་ལམ་ལྔ་གདན་ཐོག་གཅིག་ཏུ་རྫོགས་པར་བྱེད་པའི་གནས་ལུང་ཐུགས་རྗེའི་དཔྱངས་ཐག་ནི་འདི་ལྟ་སྟེ། ཞེས་སོ། །འདིར་ཡང་འཕྲོས་དོན་ཅུང་ཟད་སྨོས་ན། བར་དོ་སྤྱིའི་ངོ་བོ་ནི། གཞི་དབྱིངས་ཀ་དག་གི་སྦུབས་ལས་ལྷུན་གྲུབ་སྣང་བའི་སྒོར་ཤར་བ་ཉིད་འཆར་གཞིའི་དབྱིངས་སུ་མ་རྫོགས་བར་གྱི་སེམས་པ་ས་བོན་དང་བཅས་པ་ཡིན་ལ། དེའང་གཞི་སྣང་ཡེ་ཤེས་སུ་ཤར་བའི་ཆ་སྣང་ཆ་ནི་དག་པ་ཆོས་ཉིད་ཀྱི་བར་དོ་དང་། འཁྲུལ་སྣང་འགྲོ་དྲུག་གིས་བསྡུས་པའི་ཆོས་རྣམས་ནི་མ་དག་འཁྲུལ་པའི་བར་དོ་ཞེས་བཏགས་པར་བཤད་དོ། །བྱེ་བྲག་སྲིད་པ་བར་དོ་ནི། ལྷུན་གྲུབ་ཀྱི་སྣང་བ་ཐིམ་ནས་ཕྱི་མའི་སྐྱེ་སྲིད་མ་གྲུབ་པ་ཚུན་དུ་བག་ཆགས་ལས་རྫུས་སྐྱེས་ཀྱི་ལུས་རྟེན་རྨི་ལམ་ལྟ་བུར་སྣང་བའོ། །ངེས་ཚིག་ནི། སྤྱིར་འཁྲུལ་གྲོལ་གྱི་བར་ན་གནས་པ་དང་། བྱེ་བྲག་ཆོས་ཉིད་ཀྱི་སྣང་བ་ནུབ་ནས་རིགས་དྲུག་གི་ལུས་དངོས་མ་བླངས་བའི་བར་གྱི་སྣང་བ་ལ་གནས་པ་དང་། འཁྲུལ་གྲོལ་དང་རྟེན་མཐོ་དམན་ཅིར་ཡང་འགྱུར་སྲིད་པས་བར་སྲིད་ཅེས་བྱའོ། །དབྱེ་བ་ནི། ཐལ་འགྱུར་ལས་སྐྱེ་འཆིའམ་རང་བཞིན་གྱི་བར་དོ། འཆི་ཁའི་བར་དོ། ཆོས་ཉིད་ཀྱི་བར་དོ། སྲིད་པའི་བར་དོ་བཞིར་གསུངས་པ་ལས་འདིར་གནས་ལུང་བྱ་བའི་ཡུལ་སྲིད་པ་བར་དོའོ། །དེའི་མཚན་ཉིད་ནི། མཛོད་ལས། སྔོན་བྱུང་སྲིད་པའི་ཤ་ཚུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །མི་ལྡོག་དེ་ནི་དྲི་ཟའོ། །ཞེས་དང་། རྒྱུད་ཆེན་ཉི་ཟླ་ཁ་སྦྱོར་ལས་རྒྱ་ཆེར་གསུངས་པ་ལྟར་ཏེ། རིང་མཐའ་ཞག་ཞེ་དགུ །ཐུང་མཐའ་བདུན་ནམ་ཡུད་ཙམ་གནས་པའོ། །འདིའི་དུས་གཡུལ་ངོར་རྟ་ལས་ལྷུང་བ་འཛེགས་པ་ལ་རིངས་པ་ལྟར་སྲིད་པ་ཕྱི་མ་ལ་རིངས་ཞིང་ཕྱོགས་པས་དགེ་བའི་སྡོང་གདབ་པ་ལ་མྱུར་དུ་འབད་དགོས་པ་ཡིན་ནོ། །གཉིས་པ་གནས་ལུང་དངོས་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། ཡུལ་དང་སོགས་རྐང་པ་གཅིག་སྟེ། གནས་ལུང་བྱ་བའི་ཡུལ་གསལ་གདབ་པ་དང་། དེའི་སྡིག་སྒྲིབ་སྦྱོང་ཞིང་ཡོན་ཏན་ཡར་ལྡན་དུ་འཕེལ་བས་ལམ་ལྔ་བདེ་བླག་ཏུ་བགྲོད་པའི་ཐབས་དང་། གནས་ལུང་མཐར་ཕྱིན་པའི་རྗེས་ཀྱི་བྱ་བ་སྟེ་གསུམ་གྱིས་བསྡུས་སོ། །གཉིས་པ་ལ་གསུམ། ཡུལ་གསལ་གདབ། སྒྲིབ་སྦྱོང་གནས་སྦར་གྱི་ཐབས། རྗེས་ཀྱི་བྱ་བའོ། །དང་པོ་ནི། རྟེན་བསྐྱེད་དགུག་བསྟིམ། ཞེས་པས་བསྟན་ཏེ། སློབ་དཔོན་གྱིས་ལྷ་གང་ལ་བརྟེན་པའི་བདག་མདུན་བུམ་པ་སྒྲུབ་པ་སོགས་རྒྱས་བསྡུས་ཅི་རིགས་པ་སོང་ནས། འཕགས་ཡུལ་བའི་ཡུལ་ཆོས་དང་མཐུན་པར་དཀྱིལ་འཁོར་ལྷོ་སྒོར་ཚེ་འདས་ཀྱི་དྲི་རྟེན་བཅས་པ་ལ་དམིགས་རྟེན་བྱས་ནས་གསོན་པོའི་གནས་སྐབས་ཇི་ལྟ་བར་བསྐྱེད་ཅིང་གསལ་གདབ། ཐུགས་ཀའི་འོད་ཟེར་གྱིས་བར་དོར་འཁྱམས་པའི་རྣམ་ཤེས་སྡིག་པ་དང་བཅས་པ་བཀུག་ནས་ཕྱག་རྒྱ་བཞིས་དབྱེར་མེད་དུ་བསྟིམས་ལ་མི་གཡོ་བར་བྱའོ། །གཉིས་པ་ནི། བར་ཆད་ ནས་སྲས་སུ་བསྐྲུན༔ ཅེས་གསུངས་ཏེ། མཐོ་རིས་དང་ཐར་ལམ་གྱི་བར་ཆད་གསོན་པོའི་བདུད་དང་གཤིན་གྱི་ལྕགས་སུ་བྱེད་པའི་བགེགས་ཀྱི་ཚོགས་ལ་ཞི་བས་གཏོར་གླུད་སྦྱིན། ཞི་དྲག་ཕྱེད་མས་བཀའ་བསྒོ། མི་ཉན་པ་རྣམས་དྲག་པོའི་ཚམ་རྔམས་ཀྱིས་རྒྱང་རིང་པོར་བསྐྲད་ཅིང་ལྷག་མེད་དུ་སྦྱངས་ལ་སྲུང་བའི་གོ་བསྒོ་བ་ནི་ཚོགས་ཀྱི་ལམ་མོ། །ཐོག་མ་མེད་ནས་རིགས་དྲུག་གི་གནས་སུ་འཁོར་བ་ཁ་བརྒྱུད་པའི་ཚེ་མ་རིག་པའི་བག་ཆགས་ཚན་པོ་ཆེ་ལ་བརྟེན་ཡང་དང་ཡང་དུ་བསགས་པའི་སྡིག་ལྟུང་གི་ཕུང་པོ་ལས་ཀྱི་སྒྲིབ་པ་ལུས་དང་གྲིབ་མ་ལྟར་འགྲོགས་པས་འཁོར་བ་དང་ངན་སོང་གི་རྒྱུ་བྱེད་པའི་ཕྱིར་དེ་ཐམས་ཅད་སྤང་དགོས་ལ། སྦྱོང་བྱེད་སྔགས་རྒྱ། ཕྱིར་ཟློག །བུམ་ཁྲུས། བདེན་སྟོབས་སོགས་ཀྱིས་འབྲལ་བའི་ཐབས་མང་དུ་གསུངས་པ་ལས་གཙོ་བོར་ཀུན་འདུས་རིག་པའི་མདོ་སོགས་ལས་རྒྱ་ཆེར་བསྔགས་པའི་སྤྱི་ཁྲུས་ཏིང་འཛིན་རིག་རྩལ་གྱི་ཐབས་མཆོག །དམིགས་བྱའི་ལུས་ཀྱི་གནས་དྲུག་ཏུ་སྦྱང་བྱ་རིགས་དྲུག་གི་ས་བོན་རྩ་ཡིག་རང་ཆས་སུ་ཡོད་པ་དང་སྦྱོང་བྱེད་འབྲུ་གསུམ་ལྷན་ཅིག་པ་ཉིད་ཐུགས་ཀའི་འོད་ཀྱིས་སྦྱོང་བྱེད་བསྐུལ་བས་དེ་ལས་ཡེ་ཤེས་ཀྱི་རང་རྩལ་མེ་འབར་བས་སྦྱང་བྱ་བསྲེགས། རླུང་གཡོས་པས་ཐལ་བ་གཏོར། ཆུ་བྱུང་བས་དྲི་མའི་རྗེས་ཤུལ་ལྷག་མེད་དུ་བཀྲུ་བར་བྱེད་པ་ནི་སྦྱོར་ལམ་མོ། །རྒྱུད་རྣམ་པར་དག་པ་དེ་ཉིད་སར་གནས་རིག་འཛིན་གྱི་གྲལ་དུ་འགོད་པའི་ཕྱིར་ལྷ་དམ་ཚིག་པར་གསལ་བ་ལ་བུམ་པ་སོགས་དབང་བཞི་རྒྱས་པའམ་བསྡུས་པ་སྐུ་གསུང་ཐུགས་དབང་གིས་མཚོན་རྡོ་རྗེའི་གཏོར་བླུག་གི་ཆོ་གས་དབང་བསྐུར་ཞིང་རྒྱས་གདབ་པ་ནི་མཐོང་ལམ་མོ། །དེ་ལ་ཞལ་བསྲོ་བ་དང་བག་ཆགས་ཀྱི་ཞེན་འཁྲིས་བཅད་པའི་ཕྱིར་བཟའ་བཏུང་དངོས་སུ་བཤམས་པ་ལ་རྟེན་བྱས་ཏེ་རྣམ་པ་འདོད་པའི་ཡོན་ཏན་ལྔ་པོ་ཟད་མི་ཤེས་པའི་རྒྱ་མཚོ། ངོ་བོ་ཟག་མེད་བདེ་བ་ཆེན་པོའི་སྤྲིན་ཕུང་དུ་སྔགས་དང་ཕྱག་རྒྱས་སྤེལ་ནས་བསྔོ། འཁོར་བར་ཕྱིར་མི་ལྡོག་པའི་སླད་དུ་དེའི་ཉེས་སྐྱོན་དང་ཐར་པའི་ཡོན་ཏན་བསྔགས་པ་ལས་བརྩམ་ཟབ་མོའི་ཆོས་བཤད་ལ་རིགས་ལྔའི་གནས་སོགས་དག་པའི་ཞིང་ཁམས་སུ་ལམ་བསྟན་ཅིང་དབུགས་དབྱུང་བ་ནི་སྒོམ་པའི་ལམ་མོ། །ལམ་ལྔ་ཡོངས་སུ་རྫོགས་ཤིང་མཐར་ཕྱིན་བར་བྱ་བའི་ཕྱིར་རྣམ་པར་ཤེས་པ་དཀྱིལ་འཁོར་གྱི་གཙོ་བོ་ཀུན་ཏུ་འཆང་བ་ཆེན་པོ་ཡབ་ཡུམ་གྱི་ཐུགས་དང་དབྱེར་མེད་དུ་བྱས་ལ། དེས་ཀྱང་སྦྱོར་མཚམས་ནས་རྒྱལ་བའི་སྲས་སུ་བསྐྲུན་ཏེ་སངས་རྒྱས་ཀྱི་མཛད་པ་སྒྲུབ་པར་མོས་པ་ནི་མི་སློབ་པའི་ལམ་མཚོན་པའོ། །གསུམ་པ་ནི། སྙིགས་མ་ ནས་ མི་འཆད་པར་བྱ༔ ཞེས་གསུངས་ཏེ། དྭངས་མའི་རྣམ་ཤེས་གནས་སྤར་བའི་སྙིགས་མ་ཕུང་པོ་བག་ཆགས་ཀྱི་རྟེན་ཤུལ་དུ་ལུས་པ་དེ་ཉིད་དཀྱིལ་འཁོར་བའི་ཐུགས་ལས་སྤྲོས་པའི་ཡེ་ཤེས་ཀྱི་མེས་བསྲེགས་ཤིང་སྦྱངས་པས་ལྷག་མེད་དུ་བྱེད་པ་ནི་རང་དོན་ཆོས་སྐུ་བརྙེས་པ་དང་། བྱང་ཐལ་དྲི་བཟང་ཆུ་འཇིམ་པ་དང་བསྲེས་པས་སྐུ་གདུང་སཱཙྪ་ཆོ་ག་བཞིན་གདབ་པ་ནི་གཞན་དོན་གཟུགས་སྐུ་འབྱུང་བའི་རྟེན་འབྲེལ་ཡིན་ལ། དེ་ལྟར་ན་ལམ་ལྔ་ཡོངས་སུ་རྫོགས་ཤིང་དོན་གཉིས་ལྷུན་གྱིས་གྲུབ་པའི་གོ་འཕང་བརྙེས་པས། འགྲོ་བའི་དོན་ནམ་མཁའ་དང་མཉམ་པར་མཛད་པའི་ཕྲིན་ལས་རྒྱུན་མི་འཆད་པར་འབྱུང་པའི་ཐབས་ཟབ་མོ་རྒྱུད་དང་མན་ངག་གི་ངེས་པ་ལས་འབྱུང་བ་བཞིན་ལྷག་ཆད་མེད་པར་བྱའོ། །ལྔ་པ་ཕྲིན་ལས་ལ་གཉིས། དགོས་པ་དང་བཅས་ཏེ་མདོར་བསྟན་པ་དང་དེ་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། ཐུན་མོང་ ནས་རྣམ་པ་གཉིས༔ ཞེས་གསུངས་ཏེ། རང་གཞན་ཐུན་མོང་ལ་གལ་ཆེ་བ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་ལ་མཁས་པའི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་ལས་བྱུང་བ། ཇི་ལྟར་བསམ་པའི་དོན་ཀུན་ཡོངས་སུ་རྫོགས་པར་བྱེད་པ་རོལ་པ་ཕྲིན་ལས་ཀྱི་རིམ་པ་ནི། སྒོ་གསུམ་གྱི་ལས་སམ་བྱ་བའི་སྒོ་ནས་ཀུན་ལ་ཕན་པ་དང་བདེ་བ་སྒྲུབ་པ་སྟེ། ཁོག་གཞུང་ལས། བདག་གཞན་དོན་སྒྲུབ་ཕྲིན་ལས་ཏེ། །ཞེས་སོ། །དེ་ལ་ནང་གསེས་ཀྱི་རྣམ་གྲངས་མང་ཡང་མདོར་བསྡུ་ན་རང་གཞན་ལ་ཕན་གདགས་ཤིང་དོན་གཉེར་རྗེས་སུ་བཟུང་བ་དང་། སྡང་ཞིང་གདུག་པ་ཅན་ཚར་གཅོད་པའི་ཕྲིན་ལས་ཏེ་རྣམ་པ་གཉིས་སུ་འདུའོ། །དེ་ལ་ཕྲིན་ལས་ཀྱི་ངོ་བོ་ནི། བསམ་དོན་སྒྲུབ་བྱེད་ཐབས་མཁས་ཀྱི་བྱ་བ་སྙིང་རྗེའི་རྒྱུ་ལས་བྱུང་ཞིང་ཤེས་རབ་ཟབ་མོས་ཟིན་པའོ། །ངེས་ཚིག་ཀརྨའི་སྒྲ་ལས་ཕྲིན་ལས་ཏེ་སྒོ་གསུམ་གྱི་ལས་སུ་གྱུར་པའོ། །རྣམ་གྲངས་ནི་ལས་བཞི་སྒྲུབ་པའི་ཐབས་ཀྱི་ཁྱད་པར་འོག་ནས་འབྱུང་བ་ལ་སོགས་པ་སྟེ། དེའང་བྱ་བའི་ཡུལ་སྤྱིར་ཁམས་གསུམ་གྱི་འགྲོ་བ། བྱེ་བྲག་ཞི་སོགས་ལ་རིམ་བཞིན་གནོད་སྡིག་དབུལ་ཕོངས་ལོག་ལྟ་གདུག་པ་ཅན་རྣམས། བྱེད་པའི་ཕྲིན་ལས་བཞི་དང་ལྷུན་གྲུབ་རྣམས་ལ་སོ་སོའི་འདུག་སྟངས་སྔགས་ཀྱི་བཟླ་ཚུལ་དབྱངས་ཀྱི་འགྱུར་བ་སྟངས་ཀྱི་སེམས་སོགས་ཀྱི་ཁྱད་པར་དང་ལྡན་པ། བྱེད་ཚུལ་ལམ་གྱི་རྒྱུད་ཚོད་དང་མཐུན་པའི་གཞི་ཏིང་ངེ་འཛིན་ཐབས་སྤྲོས་མེད་ལ་བརྟེན་པ། བྱ་བའི་དུས་ལས་སོ་སོ་དགོས་པའི་ཡུལ་ཉེ་བར་གནས་པ་སྟེ། བྱས་པའི་དགོས་པ་ཞི་བས་ཕྱི་ནད་གདོན་ནང་མཚན་རྟོག་འཇོམས། རྒྱས་པས་ཕྱི་འཁོར་དང་ལོངས་སྤྱོད་ནང་ཚེ་བསོད་ཉམས་རྟོགས་སྤེལ། དབང་གིས་ཕྱི་འདོད་པའི་ཡུལ་ནང་རླུང་སེམས་ལ་དབང་ཐོབ། དྲག་པོས་ཕྱི་དགྲ་བགེགས་ནང་དུག་ལྔའི་རྟོག་པ་བཅོམ་པར་བྱེད་དོ། །གཉིས་པ་ལ་གཉིས། རྗེས་བཟུང་། ཚར་བཅད་དོ། །དང་པོ་ནི། སྲུང་དང་ ནས་ རྫས་ཀྱིས་བསྒྲུབ༔ ཅེས་གསུངས་ཏེ། དེ་ལ་རྗེས་སུ་བཟུང་བའི་ཕྲིན་ལས་ནི། བསྒྲུབ་བྱ་ནད་གདོན་བར་ཆད་སོགས་མི་མཐུན་པའི་ཕྱོགས་མི་འབྱུང་བར་སྲུང་བ་དང་འཇིགས་པ་བཅུ་དྲུག་ཞི་བ་དང་འབྱོར་པ་དྲུག་རྒྱས་པ་དང་ཡིད་ལ་འདོད་པ་མོས་པ་བཞིན་དབང་དུ་སྒྱུར་བ་རྣམས་ཡིན་ལ། སྒྲུབ་བྱེད་ཀྱི་གཙོ་བོ་གསལ་སྣང་ཐོབ་པའི་ཏིང་ངེ་འཛིན་དང་སྔགས་ཀྱི་བཟླས་པ་ཚད་དུ་འཁྱོལ་བ་དང་འཆིང་འགྲོལ་གྱི་ཕྱག་རྒྱ་གཞི་བཟུང་སྟེ། ཕལ་པའི་ལས་མཆོད་རྟེན་ནམ་སཱཙྪས་ལས་དངོས་དང་འབྱུང་བ་གཞན་ལས་ཡིད་ཀྱིས་སྤྲུལ་ཏེ་སོ་སོ་ལ་ཤིས་པའི་དབྱིབས་མདོག་ཅན་གཟུངས་སྔགས་དང་ལྡན་པར་ལས་མཐུན་གྱི་ལྷར་གསལ་བའི་འོད་ཀྱིས་བསྒྲུབ་བྱ་བཀུག་ཅིག་འོག་ཏུ་མནན་པ་ལ་འོད་ཀྱིས་གདུང་བས་ལས་འགྲུབ་པར་མོས་པ་དང་། སྡིག་སྒྲིབ་ནད་གདོན་གྲིབ་དང་མི་གཙང་བ་སེལ་བ་ལ་དེ་དང་དེའི་གཉེན་པོར་བསྔགས་པའི་ལྷ་རྣམས་བུམ་པ་བཅུད་ལྡན་དུ་བསྐྱེད་བཟླས་འོད་ཞུ་བྱས་པའི་ཁྲུས་ཀྱི་ཆོ་གས་བཀྲུ་བ་དང་། རྣལ་འབྱོར་པའི་བློ་ཁྱད་དང་བསྟུན་པའི་ཕྱི་ནང་གསང་བའི་མེའི་བསྲེག་བླུགས་ཀྱི་སྦྱོར་བས་ཇི་ལྟར་འདོད་པའི་ལས་སྒྲུབ་པ་དང་། བསྒོམ་པ་ཡིད་དང་བཀོད་པ་བྲིས་པའི་འཁོར་ལོ་མན་ངག་ལས་འབྱུང་བ་ལྟར་སྒོམ་སྒྲུབ་ཚུལ་བཞིན་བསྟེན་པས་ལས་གང་ཡིན་སྒྲུབ་པ་དང་། ལས་བཞིའི་སོ་སོའི་རྒྱུ་དབྱིབས་ཚད་མདོག་ཅན་གྱི་ཕུར་བུ་བསྙེན་ཅིང་བསྒྲུབས་པ་ཡུལ་སོ་སོའི་ཕྱོགས་སུ་འདེབས་པ་དང་། ལས་བཞིའི་དབྱིབས་མཐུན་པོར་བཅས་པ་ལ་ལྷ་སོ་སོའི་ང་རྒྱལ་གྱིས་རྐང་པས་རྡོ་རྗེའི་བྲོ་བརྡུང་ཞིང་ལག་པས་གར་སྟབས་བསྒྱུར་ཏེ་ལུ་གུ་རྒྱུད་ཀྱི་ལས་བྱ་བ་དང་། འཁྱུད་དཔྱད་སོགས་ལས་འབྱུང་བ་ལྟར་བྱ་སླ་བའི་ཐབས་ཀྱི་འཕྲུལ་འཁོར་རྟེན་འབྲེལ་སྣ་ཚོགས་པ་བྱ་བ་དང་། གུ་གུལ་དུད་པས་འདྲེ་གདོན་བསྐྲད་པས་མཚོན་རྫས་གཅིག་རྐྱང་ངམ་མང་དུ་སྦྱར་བའི་ནུས་པ་ཁོ་ནས་ཀྱང་ནད་ཞི་བར་བྱེད་པ་ལ་སོགས་ཏེ་ཐབས་དེ་རྣམས་ཀྱིས་འདོད་པའི་ལས་ཐམས་ཅད་འགྲུབ་པར་བྱའོ། །གཉིས་པ་ནི། ཁྱད་པར་ ནས་ སྲེག་པས་བསྡུ༔ ཞེས་གསུངས་ཏེ། ཁྱད་པར་བསྒྲལ་བའི་ཞིང་བཅུར་གྱུར་པ་སོགས་ཞི་བས་མི་འདུལ་ཞིང་ཚར་གཅོད་པར་འོས་པ་རྣམས་ལ་ནན་ཏུར་གྱི་ལས་བྱ་བའི་ཚུལ་ཡང་ཕྱོགས་ཙམ་བསྟན་པར་བྱ་སྟེ། དེའི་ཚུལ་མདོར་བསྡུ་ན་དྲག་སྔགས་རྡོ་རྗེ་གཙུག་ལག་གི་རྒྱུད་ལས་གཟིར་བ་པོ། གཟིར་བྱ། གཟིར་བྱེད་གསུམ་དུ་གསུངས་པའི། དང་པོ་ནི། སྒེག་རྡོར་དམ་ཚིག་གསལ་བཀྲ་ལས། ལྟ་སྤྱོད་ཏིང་འཛིན་འབྲེལ་གོམས་པས། ཞེས་འབྱུང་བའི་དོན། ལུས་ལྷ་སྐུ། ངག་བརྗོད་བྲལ། སེམས་སྐྱེ་མེད་དུ་དཔའ་བ་སྟེ་དཔའ་གསུམ། ལྟ་བ་མཐའ་བྲལ། སྒོམ་པ་བློ་འདས། སྤྱོད་པ་ཤུགས་འབྱུང་གི་གདེང་སྟེ་གདེང་གསུམ། རིག་པ་མདུང་ལས་རྣོ་བས་ཕྱིའི་དྲེགས་པ་འབིགས་པ། རིག་པ་གསེག་བདར་ལྟ་བུས་ནང་གི་ཉོན་མོངས་གཅོད་པ། རིག་པ་རླུང་ཤུགས་ལྟ་བུས་རྣམ་རྟོག་སྤྲིན་ཕུང་གཏོར་བའི་ངར་དང་ལྡན་པས་ངར་གསུམ་སྟེ་དཔའ་གདེང་ངར་བ་དགུ་དང་ལྡན་པ་ཞིག་དགོས་ལ། གཟིར་བྱ་དགྲ་བགེགས་གཉིས་ལས་དགྲ་ནི་ཞིང་བཅུར་གྱུར་པ་སྟེ། གསལ་བཀྲ་ལས། དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་ལོག་དང་འཁུ་བ་དང་། །འདུ་བར་འཚེ་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་འདི། །རྣལ་འབྱོར་ཀུན་གྱིས་དང་དུ་བླང་། །ཞེས་དང་རྒྱུད་ལས་མི་དགེ་བཅུ་དང་མཚམས་མེད་ལྔ་སྤྱོད་ལ་བཤད་དོ། །བགེགས་ལ་གྲངས་ངེས་པ་སོགས་གོ་རིམ་དྲུག་གིས་བསྟན། གཟིར་བྱེད་རྫས་སྔགས་ཏིང་ངེ་འཛིན་གསུམ། རྫས་ལ་མཆོད་རྫས་རྟེན་རྫས་གཟིར་རྫས་གསུམ། སྔ་མ་གཉིས་ལ་སྤྱི་དང་ཁྱད་པར། ཕྱི་མ་ལ་གནས་བྲུབ་ཁུང་ལིངྒ་བླ་རྡོ་དབྱེ་གཟིར་ཐུན་རྫས་ནང་གསེས་དང་བཅས་པས་བསྡུས། སྔགས་ལ་མཚན་ཉིད་འགོད་ཐབས་བཟླས་སྔགས་གསུམ། ཏིང་ངེ་འཛིན་ལ་ལྷ་དང་སྔགས་དང་རྫས་ཀྱི་ཏིང་འཛིན་གསུམ་པོ་རྣམས་མ་འདྲེས་མ་ནོར་མ་ཚང་མེད་པ་བཅས་ཏེ། རྒྱུད་དེ་ལས། སྔགས་ནི་དུག་གི་མཚོན་ཆ་ལ། །ཏིང་འཛིན་གསལ་པས་གནས་སུ་སྐྱེལ། །རྫས་ནི་སྦྱོར་བ་ཐབས་ཀྱི་གྲོགས། །དེ་གསུམ་ལྡན་ན་ལྷ་དབང་ཡང་། །དངོས་སུ་སྒྲོལ་བར་ཐེ་ཚོམ་མེད། །ཅེས་སོ། །སྤྱིར་མངོན་སྤྱོད་ཀྱི་ཕྱག་ཆ་ལ་རྣམ་གྲངས་བཅུར་གསུངས་ཏེ། སྲོག་སེར། ཐོག་དང་ལྟས་ངན། སྲུང་ཟློག །བསད་མནན། འཕང་སྲེག་བཅས་ཐམས་ཅད་ལའང་ལོག་རྡུག་འབྱམས་གསུམ་གྱི་སྐྱོན་སྤངས་པ་དང་། ཕན་གནོད་ཀྱི་ཕྲིན་ལས་ཀུན་ལ་གྲོགས་རྣམ་པ་ལྔ་བསྟན། དུག་རྣམ་པ་ལྔ་སྤང་། རྒྱན་རྣམ་པ་ལྔ་གདགས་པ་བཅས་རབ་ཏུ་གཅེས་པར་གསུངས་སོ། །དེ་ལས་འདིར་བཤད་བྱ་ནན་ཏུར་ཕྲིན་ལས་ཀྱི་གཙོ་བོ་ཐོག་མར་རང་ཉིད་སྲུང་བ་རྡོ་རྗེའི་རྫོང་མཁར་དུ་ཞུགས་ནས་སྒོ་གསུམ་ལོངས་སྤྱོད་བཅས་ཅིས་ཀྱང་མི་ཤིགས་པར་བྱ་བ་དང་། འགལ་རྐྱེན་བར་ཆད་ཟློག་པའི་རྡོ་རྗེའི་དཔུང་བཤམས་ཏེ་ཕས་རྒོལ་གྱི་བྱད་སྟེམས་ནུས་པ་རང་གཤེད་དུ་དབབ་པ་དང་། ལྟ་བ་ཆོས་ཉིད་ཀྱི་རྫོང་། སྒོམ་པ་ཏིང་ངེ་འཛིན་གྱི་འཕྲང་། སྤྱོད་པ་སྙིང་རྗེ་ཆེན་པོའི་སྲོག་དང་ལྡན་པ་ལ་གཞི་བཅས་ནས། མི་ལྡོག་པའི་གནད་རང་ཉིད་དཔལ་ཧེ་རུ་ཀར་གསལ། མི་རྡུགས་པའི་ཕྱིར་ཕུར་བུ་སྲས་མཆོག་ཏུ་གསལ། མི་འབྱམས་པའི་ཕྱིར་ལིངྒ་གཟས་པ་པོ་དངོས་སུ་གསལ་བ་ལ་ཚེ་ལུང་གསུམ་དང་ཁྲུས་ལུང་གསུམ་གྱི་དགོངས་པ་དང་ལྡན་པས་གདབ་པ་དང་བསྒྲལ་བ་དང་བསྟབ་པའི་ལས་བྱས་པས་ཚེ་བཅུད་ཀྱིས་བདག །རྣམ་ཤེས་སྤར་བས་དགྲ །ཤ་ཁྲག་བསྟབས་པས་ལྷ་སྟེ་འཚིང་བ་གསུམ་གྱིས་བསྒྲལ་བའི་འབྲས་བུའི་གནད་ལ་སྦྱོར་བ་དང་ལྡན་པས། ལྷ་རྟེན། ལུས་སེམས། ཤ་རུས་ཏེ་ཁ་སྦྱོར་གསུམ་པོ་དབྱེ་བ་ནི་བསད་པའི་ལས་ཀྱི་ཆོ་ག་སྟེ། དེ་ལྟར་མངོན་སྤྱོད་ཕྲིན་ལས་ཀྱི་གཙོ་བོ་སྲུང་ཟློག་བསད་པ་གསུམ་ཡིན་ལ་དེ་གསུམ་གྱི་མཐར་ནི། སྲུང་བ་ལ་མནན་པ། ཟློག་པ་ལ་འཕང་བ། བསད་པ་སྲེག་པས་བསྡུ་བར་བྱ་སྟེ། དེ་དག་གི་འཐད་པའང་སྲུང་བས་བར་གཅོད་མི་མཐུན་པའི་ཕྱོགས་ལས་སྐྱོབ། མནན་པས་ཕས་རྒོལ་གྱི་སྟོབས་ནུས་ཐམས་ཅད་འཆིང་བར་བྱེད་པས་འབྲེལ་ཏེ། དཔེར་ན་རྫོང་ལ་ལྕགས་རིས་བསྐོར་བ་དང་ཕས་རྒོལ་གྱི་ཆོམ་རྐུན་བཙོན་དུ་བཅུག་པ་གཉིས་ཀ་རང་ཕྱོགས་སྲུང་བའི་ཉེར་ལེན་དུ་དོན་མཚུངས་པ་ལྟ་བུ་དང་། ཟློག་པས་འགལ་རྐྱེན་ཉེར་འཚེ་ཐམས་ཅད་ཉེ་མི་ནུས་པར་རིང་དུ་བྱེད། འཕང་བ་ཟོར་གྱིས་དེ་དག་རྨེག་མེད་དུ་བརླག་པར་བྱེད་བས་འབྲེལ་ཏེ། དཔེར་ན་དགྲ་དཔུང་གིས་འཚེ་བ་ལ་ཐོག་མར་དམག་གི་དཔུང་བཤམ། མཐར་གཡུལ་སྤྲད་པས་རྒོལ་བ་བཅོམ་པ་ལྟ་བུ་དང་། བསད་པས་བསྒྲལ་བྱའི་རྣམ་ཤེས་སྤར་ཏེ་གཟུགས་ཕུང་ཚོགས་སུ་བསྒྲལ་བ་དེ་ཉིད། ལྷ་རྣམས་ཀྱི་ཞལ་མེ་ལ་བསྟབས་པས་ཤིན་ཏུ་མཉེས་པར་འགྱུར་བ་དང་སྤྱིར་ལས་ཀྱི་ནུས་པ་ཐམས་ཅད་བསྲེག་བླུགས་ཀྱིས་མྱུར་དུ་འབྱིན་པ་སྟེ་རྣོ་ལ་ངར་གྱིས་གདགས་པ་ལྟ་བུའོ། །མངོན་སྤྱོད་ཀྱི་དགོས་པའང་རྒྱུད་ལས། ལོག་ལྟ་ཅན་བཅུ་བསྒྲལ་བར་བྱ། །མ་བསྒྲལ་འཁོར་བར་འཁྱམས་པ་ལ། །བསྒྲལ་ཏེ་གནས་སྤར་བདེ་བ་ཐོབ། །བདག་གཞན་གཉིས་ཀ་མངོན་འཚང་རྒྱ། །འཁོར་བའི་ཆུ་ལས་བསྒྲལ་བའོ། །ཞེས་དང་། གསལ་བཀྲ་ལས། བྱང་ཆུབ་སྤྱོད་འཕེལ་སེམས་ཅན་བདེ། །ལྷ་མཉེས་བདག་ལ་དམ་སྐོང་ཞིང་། །ལས་ངན་བག་ཆགས་སྡུག་ཡུན་བསྟུངས། །རང་གི་བསམ་མེད་ངན་སོང་ལས། །བདེ་ལམ་འདི་ལས་གཞན་མེད་དོ། །ཞེས་སོ། །དྲུག་པ་བམ་ཆེན་མཆོག་སྒྲུབ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། མཆོག་གི་ ནས་ སྒྲུབ་པ་ནི༔ ཞེས་གསུངས་ཏེ། སྒྲུབ་པ་པོ་ལ་མཆོག་གི་དངོས་གྲུབ་བདེ་བླག་ཏུ་སྒྲུབ་པར་བྱེད་པའི་ཕྲིན་ལས་ཏེ་ལས་སུ་བྱ་བ་ཀུན་ལས་ཁྱད་པར་དུ་འཕགས་པས་བླ་ན་མེད་པའི་ཕུལ་དུ་གྱུར་པ་ནི། སློབ་དཔོན་ཆེན་པོས། སྒྲུབ་པ་ཆེན་པོ་འདི་ཉིད་ནི། །སྒྲུབ་པ་མང་པོའི་རྩ་བ་སྟེ། །དཔེར་ན་ཆུ་བོ་ཆེན་པོ་ལས། །ཆུ་ཕྲན་ཐམས་ཅད་གྱེས་དང་མཚུངས། །གསང་སྔགས་བླ་ན་མེད་པ་ཡི། །སྒྲུབ་པ་རྣམས་ཀྱི་ཡང་སྙིང་ནི། །དངོས་གྲུབ་བམ་གྱི་སྒྲུབ་པའོ། །ཞེས་གསུངས་པ་དང་། ཁྱད་པར་དམ་ཚིག་ཉམས་ཆགས་ཞི་བ་ལ་ལྷག་པར་བསྔགས་ཤིང་། གལ་པོ་ལས། དངོས་གྲུབ་ཆེན་པོ་བླང་པ་ནི། །ལས་ལས་གྲུབ་པའི་དངོས་གྲུབ་ཅན། །ཞེས་བམ་ཆེན་ལ་ལས་ལས་གྲུབ་པའི་དངོས་གྲུབ་ཡོད་པས་ཡོན་ཏན་མཐའ་ཡས་པར་བསྔགས་པའི་བམ་གྱི་སྒྲུབ་པ་མཆོག་ནི་འདི་ལྟ་སྟེ། གཉིས་པ་ནི། མཚན་ཉིད་ ནས་ སྤྲོ་བས་བསྐང༔ ཞེས་གསུངས་ཏེ། དེའང་སྒྲུབ་པ་པོར་ལྟ་བའི་གདེང་ཐོབ་པ། འབྲིང་བསྙེན་སྒྲུབ་ཀྱི་དྲོད་རྟགས་དང་ལྡན་པ། ཐ་མ་རྟོག་པ་ཆུང་ཞིང་རོ་སྙོམས་པས། དུས་དབྱར་ཚ་བ་དང་དགུན་གྲང་བའི་སྒང་རུལ་ཁེངས་ཀྱི་སྐྱོན་འབྱུང་བ་མ་ཡིན་པའི་སྐབས་སུ་བསྒྲུབ་བྱ་རྒྱུད་དང་མན་ངག་ལས་འབྱུང་བ་ལྟར་མཚན་ཉིད་ལེགས་པར་བརྟགས་ནས་བླང་སྟེ། དེའང་སྐྱེས་ནས་ལོ་མ་འཁོར་བ་དང་ལྔ་བཅུ་ཡན་ཆད་རྒན་པ། དབང་ཐོབ་སྔགས་པ་དང་རིགས་ངན། གཅོང་ནད་རིམས་དུག་སོགས་ཀྱིས་ཤི་བ་མ་ཡིན་པ། རབ་སྐྱེ་བ་བདུན་པ། འབྲིང་རྒྱལ་རིགས་རྗེའུ་རིགས། ཐ་མ་སྐྱེས་དར་མ་གྲིར་ཤི་ནས་ཞག་གསུམ་མམ་བདུན་ནམ་དགུ་ལས་མ་ལོན་པ་བཀྲ་ཤིས་ཤིང་བྱ་གཅན་གྱིས་མ་བསྣད་པས་གཙང་མར་གྱུར་པའི་བམ་རོ་དེ་ཉིད། རྣལ་འབྱོར་པ་ལྟ་སྒོམ་གྱི་བརྟུལ་ཞུགས་དང་ལྡན་པས་སྔགས་དང་ཏིང་འཛིན་སྟངས་སྟབས་ཀྱིས་འདུལ་ཞིང་ཁྲོ་བོ་རོལ་པ་དང་ཕྲ་མེན་འགྱིང་ཚུལ་གྱིས་བཙལ་ལ་ཞི་བ་དང་ཁྲོ་བོའི་རྡོ་རྗེའི་འགྲོས་ཀྱིས་བླང་། དེ་ནས་ཤེས་པ་བདུན་ལྡན་གྱིས་སྦྱང་ཞིང་བསྒྲུབ་སྟེ། མི་གཙང་བར་ཤེས་པས་ཁྲུས་ཀྱིས་བཀྲུ། སེམས་ཅན་དུ་ཤེས་པས་སྡུག་བསྔལ་ཕྲལ། སློབ་མར་ཤེས་པས་དབང་བསྐུར། རིག་པའི་མེ་ཏོག་ཏུ་ཤེས་པས་དཀྱིལ་འཁོར་གྱི་དབུས་སུ་བཞག །ལྷར་ཤེས་པས་ཐོག་མར་བམ་ཧྲིལ་པོར་དཀྱིལ་འཁོར་བ་བསྐྱེད་ལ་བསྙེན། བར་དུ་ལུས་ཀྱི་རྒྱ་བཀྲལ་ནས་དོན་སྣོད་ཡན་ལག་རྣམས་ལྷ་གནས་སོ་སོར་བཀོད་ལ་དམ་ཡེ་དབྱེར་མེད་ཀྱི་བདུད་རྩིར་བསྒྲུབ། སྐབས་སུ་མཆོད་རྫས་སུ་ཤེས་པས་ཕུང་པོར་ཚོགས་སུ་འབུལ། མཐར་འཇའ་འོད་དང་སྔགས་སྒྲ་དང་དྲི་བཟང་དང་བདུད་རྩིའི་རྒྱུན་འཛག་ཅིང་བག་དྲོ་ཉམས་དགའ་བ་སོགས་གྲུབ་པའི་རྟགས་བྱུང་བ་དང་། ཐིག་ལེ་ཉག་གཅིག་ཏུ་ཤེས་པ་ནི་བམ་ལ་བསྐྱེད་པའི་ལྷ་ཉིད་འོད་དུ་ཞུ་ནས་རང་བྱུང་ཕུང་པོ་དམ་ཚིག་པའི་ལྷ་ལ་བསྐྱེད་ཅིང་སྤྱན་དྲངས་པ་ཡེ་ཤེས་ཀྱི་ལྷ་གཉིས་མེད་དུ་ཐིམ་པར་མོས་ལ་འཁོར་འདས་རོ་མཉམ་གནས་ལུགས་ཀྱི་ཚུལ་ལ་མཉམ་པར་བཞག་སྟེ་དུས་ཀྱི་དངོས་གྲུབ་ཆེན་པོ་བླང་། དེའང་རབ་ཡུལ་བམ་གྱི་རྫས་དང་ཡུལ་ཅན་རང་གི་དབང་པོ་དབྱེར་མེད་བདེ་བ་ཆེན་པོ་རྡོ་རྗེའི་བདུད་རྩི་ཟག་པ་མེད་པར་ཤེས་པས་དངོས་སུ་ལོངས་སྤྱོད། འབྲིང་རྫས་དང་སྤེལ་བ་དང་ཐ་མས་ཀྱང་དམིགས་པས་རོལ། བནྡྷ་དང་སྙིང་དངོས་གྲུབ་ཀྱི་རྟེན་དུ་བཟུང་བ་སོགས་ཡོ་བྱད་དུ་སྤེལ་བ་དང་། རྫས་དང་བསྲེས་པའི་རིལ་བུ་སླར་ཡང་བསྒྲུབ་ནས་འགྲོ་བ་ཀུན་ལ་སྤེལ་བ་དང་། ས་ཆུ་མེ་རླུང་ལས་མཁའ་ཁྱབ་ཏུ་སྤེལ་བ་སྟེ་སྤེལ་བ་དྲུག་ལྡན་གྱི་སྒོ་ནས་རྣལ་འབྱོར་པའི་དགྱེས་རྒུར་སྤྲོ་བས་རང་གཞན་ཉམས་ཆག་བསྐང་ཞིང་འབྲེལ་ཚད་དོན་དང་ལྡན་པར་བྱའོ། །དེའི་ཡོན་ཏན་གུ་རུའི་གསུང་ལས། གང་ཞིག་རྣལ་འབྱོར་སྒྲུབ་པ་པོ། །དངོས་གྲུབ་རྣམ་གཉིས་འདོད་པ་ན། །གཞན་གང་ནོར་བུ་མཆིང་བུ་ལྟར། །ཕྲན་ཚེགས་ཡིན་གྱི་འདི་ཉིད་ནི། །རིན་ཆེན་དབང་གི་རྒྱལ་པོ་ལྟར། །མཆོག་དང་ཐུན་མོང་ལ་སོགས་པ། །ཅི་འདོད་འབྱུང་ཕྱིར་འདི་ལ་འབད། །ཅེས་སོགས་རྒྱ་ཆེར་གསུངས་སོ། །བདུན་པ་བདུད་རྩི་སྨན་གྱི་སྒྲུབ་པ་ལ་དགོས་པ་དང་བཅས་ཏེ་མདོར་བསྟན། དེའི་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། ཡེ་ཤེས་རྒྱས་བྱེད་སོགས་ཚིག་རྐང་གཅིག་སྟེ། དང་བླང་དམ་ཚིག་གི་རྫས་ཤ་ལྔས་དུག་ལྔ་སེལ་ཞིང་བདུད་རྩི་ལྔས་ཡེ་ཤེས་ལྔའི་རྟོགས་པ་རྒྱུད་ལ་སྐྱེད་པའི་མཐུ་ལས་བདུད་བཞི་བཅོམ་ཞིང་དབང་བཞིའི་ཡེ་ཤེས་ལམ་དུ་བསླངས་ཏེ་གོང་ནས་གོང་དུ་རྒྱས་པར་བྱེད་པའི་ཐབས་མཆོག་བདུད་རྩི་སྨན་གྱི་སྒྲུབ་པ་ནི་དངོས་གྲུབ་རྣམ་པ་གཉིས་ཀྱི་གཏེར་དུ་གྱུར་པ་སྟེ། བདུད་རྩིའི་རྒྱུད་ལས། ར་སཱ་ཡ་ན་སྨན་ཆེན་པོ། །ཟོས་པས་མཆོག་ཐུན་དངོས་གྲུབ་འགྲུབ། །ཅེས་སོ། །གཉིས་པ་ལ་གཉིས། ཇི་ལྟར་སྒྲུབ་པའི་ཚུལ། དེ་ལྟར་བསྒྲུབས་པའི་འབྲས་བུའོ། །དང་པོ་ནི། སྣོད་བཅུད་ ནས་ མཉམ་སྦྱར་བས༔ ཞེས་གསུངས་ཏེ། དེ་ལ་བདུད་རྩིའི་ངོ་བོ། སྲིད་གསུམ་སྣོད་ཀྱིས་བསྡུས་པའི་འབྱུང་བ་ཕུང་པོ་འདོད་ཡོན་ཉོན་མོངས་པ་ལྔར་སྣང་བ་ཡེ་ནས་རང་བྱུང་གི་བདུད་རྩི་ཆེན་པོ་ལྔར་རྣམ་པར་དག་པས་རྐྱེན་གྱིས་བཅོས་མ་དགོས་པ་གདོད་ནས་འཁོར་འདས་ཐམས་ཅད་བདུད་རྩིའི་ངོ་བོར་གནས་པ་སྟེ། བདུད་རྩི་བམ་བརྒྱད་ལས། སྲིད་གསུམ་ཡེ་ནས་བདུད་རྩི་ལྔ། །མ་བཅོས་ལྷུན་གྲུབ་རྫོགས་སངས་རྒྱས། །ཞེས་སོ། །ངེས་ཚིག་ཨ་མྲྀཏའི་སྒྲ་ལས་འཆི་བ་མེད་པ་སྟེ་འཆི་བའི་འཇིགས་པ་བཅོམ་པའི་གསོས་སྨན་ཡིན་པའི་ངེས་པ་ལས་བདུད་རྩིར་གྲགས་པ་སྟེ། གསང་བ་འཁོར་ལོའི་རྒྱུད་ལས། །འཁོར་བ་བདུད་དང་འདྲ་བ་ལ། ཆོས་ཉིད་བདེན་པའི་རྩི་བཏང་ནས། །བདུད་རྩི་ཞེས་ནི་དེ་ལ་བྱ། །ཞེས་སོ། །བྱེད་ལས་ནི། དོན་གྱི་བདུད་རྩི་ལྔར་བཤད་པ་དེ་སྒོམ་པའི་ཉམས་མྱོང་གི་རྟོགས་པས་སྐྱེ་འཆི་མེད་པའི་ཡེ་ཤེས་ཀྱི་བཅུད་ཀྱིས་བྱང་ཆུབ་རྡོ་རྗེ་ཉེ་བར་ལེན་པར་བྱེད་པ་སྟེ། བདུད་རྩི་མཆོག་ལུང་ལས། ཐམས་ཅད་མ་ལུས་སངས་རྒྱ་ལྔ། །ལུས་པ་མེད་པ་ཡེ་ཤེས་ལྔ། །མ་བཅོས་ཡེ་ནས་དེ་ཉིད་དོ། །དེ་ཕྱིར་སྨན་ཆེན་བཅུད་ཀྱི་མཆོག །ཅེས་སོ། །རྟགས་ལུས་གནས་བདུད་རྩིར་དྭངས་མར་གྱུར་ན་འཆི་བ་མེད་པ་འགྲུབ་ཅིང་། དེའི་རིགས་གཏོགས་ཕྱི་རོལ་གྱི་རྫས་ལའང་ནུས་པ་ཆ་མཐུན་ཡོད་པས་སྦྱང་རྟོགས་སྦར་གསུམ་གྱིས་བརླབས་ཏེ་བསྟེན་ན་ལུས་ཁམས་བདུད་རྩི་དྭངས་མའི་བཅུད་ཀྱིས་རྒྱས་ཤིང་འཆི་བ་མེད་པའི་ཚེ་དབང་ཉེ་བར་ལེན་པའི་གྲོགས་བྱེད་དེ། བམ་བརྒྱད་ལས། བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །བདུད་བཞི་ངེས་པར་འཇོམས་པར་བྱེད། །སྨན་གྱི་རྒྱལ་པོ་བཅུད་ཀྱི་མཆོག །ཅེས་སོ། །བསྒྲུབ་པའི་རྫས་ནི། བདུད་རྩིའི་རྒྱུད་ལས། གཙོ་བོའི་དམ་རྫས་བདུད་རྩི་ལྔ། །རྩ་བ་བརྒྱད་ལ་ཡན་ལག་སྟོང་། །དམ་རྫས་རྩི་བཅུད་སྨན་དུ་སྦྱར། །ཞེས་གསུངས་པའི་གཙོ་བོ་མཆོག་གི་དམ་རྫས་རང་བྱུང་བདུད་རྩི་ལྔ་དང་། ཐུན་མོང་གི་རྫས་རྩ་བ་བརྒྱད་ལ་སྔོན་བྱུང་དང་ཕྱི་ནང་གསང་གསུམ་སྒྲུབ་པ་ལག་ལེན་གྱི་རྩ་བ་སྟེ་བརྒྱད་ཚན་ལྔར་བཤད་པའི་ཕྱི་མ་སྦྱར་བྱ་དངོས་ལ། སྙིང་པོ་ལྔ། འབྲས་བུ་ལྔ། ཡོན་ཏན་ལྔ། སྡུད་པ་ལྔ། དུལ་བ་ལྔ་དང་གཙོ་བོ་ལྔ་བཅས་ལ་རིགས་མཐུན་གྱི་རྩི་བཅུད་སྨན་དུ་གྱུར་ཚད་སྦྱར་བས་ཡན་ལག་སྟོང་དུ་གྲུབ་པ་ཡིན་ལ། དགོས་དོན་ལྔ་དང་དགོས་ཆས་ལྔ་རྣམས་ཀྱང་ཚོགས་པར་བྱས་ནས་ཐོག་མར་འཚོལ་བ་ལ་མཁས་པས་བཙལ། བར་དུ་བསྲེལ་བ་ལ་མཁས་པས་ལེགས་པར་སྦྱར་རོ། །སྒྲུབ་པའི་དུས་ནི་སྟོན་དཔྱིད་བསིལ་དྲོད་སྙོམས་པའི་ཡར་གྱི་ཚེས་བརྒྱད་ལ་བྱ་བར་བཤད། ཇི་ལྟར་སྒྲུབ་པའི་ཚུལ་ནི། སྔོན་འགྲོ་བསྙེན་པ་གསོ་ཞིང་སྒྲུབ་པའི་གཞི་བཟུང་བ། ཕྱི་བཤགས་དང་ས་ཆོག ཁྱད་པར་གྱི་ཡོ་བྱད་དང་རྟེན་གྱི་དཀྱིལ་འཁོར་འདུ་བྱས་ཏེ་དམ་རྫས་ཀྱི་རིགས་དང་ཁ་དོག་གི་དབྱེ་བས་བཀོད། དངོས་གཞིའི་ཐོག་མར་ཁྲོལ་བུར་སྦྱོང་བ་ནི། རྡོ་རྗེ་བཀོད་པ་ལས། དམ་པ་དེ་ཉིད་གསང་ཆེན་གྱི། །རིགས་བརྒྱ་རིགས་ལྔ་རིགས་གཅིག་གིས། །ཐམས་ཅད་སྦྱོང་བའི་མཆོག་ཏུ་བྱ། །ཞེས་པ་ལྟར། འཁྲུལ་སྣང་གཉིས་ཆོས་དུ་མར་བདེན་པར་ཞེན་པའི་རྟོག་ཚོགས་དམ་པ་རིགས་བརྒྱ་སྐུའི་འཁོར་ལོར་སྦྱང་བ་དང་། རིགས་མང་པོ་བཟང་ངན་དུ་བལྟ་བའི་རྟོགས་པ་ལྡོག་ཕྱིར་དེ་ཉིད་རིགས་ལྔ་གསུང་གི་དབྱིངས་སུ་སྦྱོང་བ་དང་། རིགས་ཐ་དད་དུ་འཛིན་པའི་ཞེན་པ་བསལ་ཕྱིར་གསང་ཆེན་རིགས་གཅིག་ཐུགས་ཀྱི་ཐིག་ལེར་བསྡུས་ཏེ་མཆོད་ཅིང་བསྟོད་ལ་དངོས་གྲུབ་ཀྱི་དབྱིག་བསྡུ། སྐབས་སུ་སྨན་གྱི་དངོས་གྲུབ་མྱུར་བའི་གྲོགས་རིག་འཛིན་རྣམས་བསྐུལ་ཞིང་གཙང་སྦྲ་ལ་གནས་པ་དེ་དག་གཉིས་འཛིན་གྱི་རྟོག་པ་བསལ་བ་ཐམས་ཅད་བཟང་ངན་བླང་དོར་བྲལ་བའི་དམ་ཚིག་ལ་གནས་པར་བྱ། སྦྱོར་སྒྲོལ་གཉིས་མེད་ཀྱི་དགོངས་པས་བཏགས་ཤིང་བཙགས་ལ་སྦོལ། ཚད་གཞལ་ལ་རྒྱས་བཏབ་སྟེ་དཀྱིལ་འཁོར་དུ་བཀོད། དེ་ནས་ཕྱེ་མ་ཚུལ་བཞིན་བསྒྲུབ་པར་བྱ་སྟེ། དེའང་དང་པོ་འཇུ་འདུལ་གྱི་དགོངས་པ་ཞི་བའམ་ཁྲོ་བོ་ཧེ་རུ་ཀ་ཡབ་ཡུམ་དགའ་བཞིའི་རོས་དགྱེས་པ་ཆེན་པོའི་ཉམས་དང་ལྡན་པའི་ལྷའི་དཀྱིལ་འཁོར་སུམ་ལྡན་ནམ་བརྒྱད་ལྡན་དུ་བསྒོམས་ལ། ཡེ་ཤེས་རྫས་དང་ཐབས་ཤེས་སོགས་སྦྱོར་བ་བརྒྱད་ལྡན་གྱིས་མཚོན་གཞུང་སོ་སོ་ལས་བཤད་པའི་སྦྱོར་ཐབས་དུ་མས་བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན་མཁའ་ཁྱབ་ཏུ་སྤྲོས་ཏེ་དོན་གཉིས་བྱས། ཚུར་འདུས་སྐུའི་དབྱིབས་བརྒྱུད་ཡུམ་གྱི་མཁའ་དང་བདུད་རྩིར་དབབ། བམ་བརྒྱད་ལས། རྟགས་དང་མཚན་མ་བདུན་གྱིས་འབྱུང་། །འོད་དང་དུ་བ་སྒྲ་དང་དྲི། །ལྷ་མོའི་གཟུགས་ཀྱང་སྟོན་པར་བྱེད། །མང་དུ་འཕེལ་བ་གྲུབ་རྟགས་ཡིན། །ཞེས་པ་ལྟར་གྲུབ་པའི་རྟགས་མཐོང་ནས་ཡབ་ཡུམ་མཁའ་གསང་གི་སྒོ་དབྱེ་ཞིང་འཁོར་འདས་དྭངས་བཅུད་ཐིག་ལེ་གཅིག་ཏུ་བསྐྱིལ་ནས་སྨན་གྱི་ཕོ་བྲང་དུ་དབབ། དབང་དུ་བྱ་བ་དང་གནད་ལ་དབབ་པ་སོགས་ཕྲིན་ལས་ཀྱི་བྱ་བ་རྣམས་གྲུབ་ནས། རྗེས་ཀྱི་རིམ་པ་ནི། ཉེ་སྙིང་ལས། འདུས་པའི་རྣལ་འབྱོར་རབ་གུས་པས། །དངོས་གྲུབ་ཐོབ་ཕྱིར་གསོལ་བ་གདབ། །ཅེས་པ་ལྟར་བྱས་ཏེ་གུ་ ་ལག་གི་ཕྱག་རྒྱས་བླངས་ལ་དབང་ནོད། དད་མོས་སྐལ་པ་ལྡན་པའི་འདུ་ཚོགས་གཞན་ལའང་དབང་དང་དངོས་གྲུབ་ཀྱི་བགོ་སྐལ་སྦྱིན་ཏེ་འབྲེལ་བར་བཅས་པ་ཐམས་ཅད་བདེ་བ་ཆེན་པོ་རྡོ་རྗེའི་རིགས་གཅིག་ཏུ་མཉམ་པར་སྦྱར་བས། རྒྱུད་དང་ལུང་ལས་ཇི་སྐད་གསུངས་པའི་ཕན་ཡོན་རྣམས་འཐོབ་པར་འགྱུར་རོ། །གཉིས་པ་ནི། ཚེ་དང་སྐོང་དང་ ནས་ མཆོག་ལ་སྦྱོར༔ ཞེས་གསུངས་ཏེ། དེ་ལྟར་བསྒྲུབས་པའི་ཡོན་ཏན་ཀྱང་སྐབས་སུ་འཆི་མེད་ཚེ་དང་ཉམས་ཆག་སྐོང་བ་དང་འགྲོ་བ་ཀུན་གྱི་ཡིད་དུ་འོང་བ་དང་ནད་གདོན་སྡིག་སྒྲིབ་སེལ་བ་སོགས་མདོར་ན་ཡོན་ཏན་གྱི་ཁྱད་པར་བརྒྱ་རྩ་བརྒྱད་འགྲུབ་ཅིང་། གང་དུ་སྒྲུབ་པའི་སྣོད་བཅུད་ཐམས་ཅད་ཀྱང་དཔལ་ཧེ་རུ་ཀའི་ཞིང་དང་སྐུའི་རང་བཞིན་དུ་བྱིན་གྱིས་བརླབས་ཏེ་མཐར་ཐུག་འདུས་པའི་ཚོམ་བུ་འཁོར་དང་བཅས་པ་སྟན་ཐོག་གཅིག་ཏུ་གདོད་མའི་སར་རྣམ་པར་གྲོལ་བ་མཆོག་སྦྱོར་བར་བྱེད་དེ། དེ་དག་གི་ཚུལ་ཡང་བདུད་རྩིའི་ལུང་བམ་པོ་བརྒྱད་པ་སོགས་ལས་རྒྱ་ཆེར་གསུངས་སོ། །གསུམ་པ་ཇི་ལྟར་སྒྲུབ་པའི་ལམ་བཤད་པ་ལ་གཉིས། མཚམས་སྦྱར་བའི་ཚུལ་གྱིས་མདོར་བསྟན། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་ ནས་ ལམ་རིམ་ནི༔ ཞེས་གསུངས་ཏེ། བཤད་ཟིན་པ་དེ་ལྟར་བསྐྱེད་རིམ་དང་འབྲེལ་བར་མཆོག་སྒྲུབ་གཙོར་གྱུར་པ་དང་ཐུན་མོང་གི་ཕྲིན་ལས་གཙོར་བསྟན་པ་སྟེ་དངོས་གྲུབ་རྣམ་པ་གཉིས་ཀྱིས་བསྡུས་པ་ཀུན་ཀྱང་རྒྱུད་ལུང་མན་ངག་གི་ཟབ་དོན་ལྟར་ཚུལ་བཞིན་དུ་སྒྲུབ་པ་ལ་ལུས་ཡོངས་སུ་རྫོགས་པའི་ལམ་ལ་བསྟེན་དགོས་པས་དེའི་རིམ་པ་ནི་འདི་ལྟ་སྟེ། གཉིས་པ་ལ་གཉིས། སྟོང་ཆེན་སོགས་རྣལ་འབྱོར་སྔ་མ་བཞི་མདོ་ཙམ་བཤད་པ་དང་། ཚོམ་བུ་ཚོགས་ཀྱི་སྒྲུབ་པ་རྒྱས་པར་བཤད་པའོ། །དང་པོ་ནི། སྟོང་ཆེན་ ནས མངོན་གྱུར་ནས༔ ཞེས་གསུངས་ཏེ། དེ་བཞིན་ཉིད་སྟོང་པ་ཆེན་པོ་དང་ཀུན་སྣང་སྙིང་རྗེ་སྒྱུ་མའི་ཏིང་ངེ་འཛིན་གྱིས་བསྐྱེད་པ་ལ་བསྙེན་པ་དང་། ཕྲ་བ་ཡིག་འབྲུ་དང་རགས་པ་ལྷ་སྐུ་ཕྱག་རྒྱ་གཅིག་པའི་གསལ་སྣང་བརྟན་པོར་གྲུབ་ནས། ཕྱག་རྒྱ་སྤྲོས་བཅས་ཀྱི་དཀྱིལ་འཁོར་བསྒོམས་ཏེ་ཉེ་བར་བསྙེན་པའམ། ཡང་ན་དེ་རྣམས་ལས་དེ་ཏིང་གི་བསྙེན་པ་དང་ཀུན་ཏིང་གིས་ཉེ་བསྙེན་རྒྱུ་ཏིང་ཕྱག་རྒྱ་གཅིག་སྤྲོས་སྒྲུབ་པའི་ཚུལ་དུ་ཉམས་སུ་བླངས་པས་གནས་སྐབས་ཀྱི་འབྲས་བུ་གོང་བཤད་ཉམས་ལྔ་མཐར་ཕྱིན་པའི་དྲོད་ཚད་ཕྱི་ནང་གསང་བ་དང་རྟགས་ཀྱི་རིམ་པ་དང་དངོས་གྲུབ་ཀྱི་མཚན་མ་ཅི་རིགས་པ་མངོན་དུ་གྱུར་ནས་སྒྲུབ་པ་ཆེན་པོ་ལ་འཇུག་པར་བྱའོ། །དེ་ལ་དྲོད་ནི་སྒྱུ་འཕྲུལ་ལམ་རིམ་ལས། དེ་ལྟར་བྱ་བྱེད་མེད་བསྲིངས་ན། །ལུས་ངག་སེམས་ལ་དྲོད་འབྱུང་སྟེ། །ཞེས་པ་ལྟར་ཕྱིའི་དྲོད་ལུས་ཡང་བ་སྙམ་བྱེད་པ་དང་། ནང་གི་དྲོད་དབུགས་རྒྱུ་བ་མི་ཚོར་བ་དང་། གསང་བའི་དྲོད་དོན་ཐོག་ཏུ་ཤིན་ཏུ་ཕེབས་པ་སྟེ། ལུས་བདེ་ངག་གསལ། སེམས་མི་རྟོག་པའི་དྲོད་གསུམ་མོ། །རྟགས་ནི་མིག་སྒྲོན་འགྲེལ་བར། ངེས་པར་དྲོད་གསུམ་མྱོང་ནས་ནི། །རྟགས་ཀྱི་རྣམ་པ་ཅིར་ཡང་སྣང་། །ཞེས་པ་ལྟར་དྲོད་བརྙེས་པའི་རྟགས་ཀྱང་ཕྱི་རྟགས་སུ་དངོས་པོ་ཐམས་ཅད་ལྷའི་སྐུ་གསུང་ཐུགས་ཀྱི་མཚན་མ་ཕྲ་མོས་སྤྱོད་ཡུལ་གང་བར་མཐོང་བ་དང་། གཞན་ཡང་དུ་བ་ལྟ་བུ་ལ་སོགས་པ་དང་། ས་ཆུ་མེ་རླུང་ནམ་མཁའ་སྟེ་ཁ་དོག་ལྔའི་ཟད་པར་གྱི་སྐྱེ་མཆེད་དང་། ནམ་མཁའ་ལས་པདྨ་ཆེན་པོའི་འོད་དང་རྡུལ་ཕྲན་དང་། སྐར་མ་དང་། ཟླ་ཚེས་སོགས་མཐོང་བ་དང་། ནང་རྟགས་སུ་ལུས་ངག་ལ་བཟོད་པ་ཐོབ་པ་དང་། ཉོན་མོངས་པ་ལྔའི་སེམས་རྒྱུན་བགས་ཀྱིས་ཆུང་དུ་འགྲོ་བས་ཆོས་བརྒྱད་འགོ་སྙོམས་པ་སོགས་འབྱུང་བ་དང་། གསང་རྟགས་རླུང་ལ་ཅུང་ཟད་དབང་ཐོབ་ཅིང་མངོན་ཤེས་ཕྲ་མོ་འཆར་བ་དང་། རྨི་ལམ་དུ་སྡིག་སྒྲིབ་དག་པ་དང་ས་ཐོབ་པ་དང་ཐུན་མོང་དང་མཆོག་གི་དངོས་གྲུབ་འགྲུབ་པའི་ལྟས་ཡང་ནས་ཡང་དུ་འབྱུང་བའོ། །དངོས་གྲུབ་ཀྱི་མཚན་མ་ཐུན་མོང་གི་ལས་དང་གྲུབ་པ་ཆེན་པོ་རྣམས་ཏེ། སྒྱུ་འཕྲུལ་རྩ་རྒྱུད་དུ། ཡོན་ཏན་འབྱུང་བའི་དངོས་གྲུབ་དྲུག །འབྱུང་ལྔའི་དངོས་གྲུབ་ལྔ། ལས་ཕྲན་ཚེགས་ཀྱི་དངོས་གྲུབ་བརྒྱད་དང་དེར་མ་ཟད་བཤད་རྒྱུད་རྣམས་སུ་མང་དུ་གསུངས་པ་སོགས་མཐའ་ཡས་ཏེ། དཀོན་མཆོག་བརྩེགས་པ་ལས། ཏིང་ངེ་འཛིན་གྲུབ་བའི་སེམས་ཀྱི་སྤྱོད་ཡུལ་དང་རྫུ་འཕྲུལ་ཡང་བསམ་གྱིས་མི་ཁྱབ། རྫས་དང་སྨན་དང་སྔགས་དང་ནོར་བུ་རྣམས་ཀྱི་ཡོན་ཏན་ཡང་བསམ་གྱིས་མི་ཁྱབ། ཅེས་གསུངས་པ་ལྟར་རོ། །གཉིས་པ་ལའང་མདོར་བསྟན་པ་དང་། རྒྱས་པར་བཤད་པ་ལ་གཉིས། དང་པོ་ནི། ཚོམ་བུ་ ནས་ མཐར་ཕྱིན་སླད༔ ཅེས་གསུངས་ཏེ། བཤད་མ་ཐག་པའི་བསྙེན་པ་ཉེ་བསྙེན་སྒྲུབ་པ་གསུམ་གྱིས་དྲོད་རྟགས་མཚན་མ་མངོན་དུ་གྱུར་ནས་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་དངོས་གཞི་དང་སྒྲུབ་པ་ཆེན་པོའི་ལས་སྦྱོར་ལ་བརྟེན་ནས་ལམ་གྱུར་གྱི་འབྲས་བུ་རིག་འཛིན་རྣམ་བཞིའི་གོ་འཕང་མཐར་ཕྱིན་པའི་སླད་དུ་ཚུལ་འདི་ལ་འཇུག་པར་བྱའོ། །ཚོམ་བུ་ཚོགས་སྒྲུབ་ཅེས་པའི་དོན་ཡང་ཁོག་གཞུང་ལས། ཚོགས་ནི་འབྱོར་བ་རྣམ་པ་གསུམ། །ཚོམ་བུ་གཅིག་གསུམ་ལྔ་པའོ། །ཞེས་འདུས་པ་ཆུང་ངུའི་ཚེ་ཚོམ་བུ་གཅིག་གསུམ་ལྔ་པའི་གཙོ་བོ་ཡབ་ཡུམ་ཙམ་འཚོགས་པ་སྟེ་གཉིས་པ་དང་དྲུག་དང་བཅུ་ཚང་བ། འབྲིང་ལ་དཀྱིལ་འཁོར་གྱི་གྲངས། ཆེན་པོ་དེ་ཡན་ཆད་རབ་ཏུ་མང་པོ་འདུས་པ་དང་། རེ་རེའང་སྐབས་ཀྱིས་གསུམ་གསུམ་སྟེ། སྐལ་ལྡན་མི་དང་དགྱེས་ལྡན་ལྷ། །འབྱོར་ལྡན་ཡོ་བྱད་ལྔ་པོས་སོ། །ཞེས་གསུམ་གྱི་སྟེང་དུ་ཚོགས་ཆེན་པོ་བསྣན་པ་བཅས་མདོར་ན་རྟེན་དང་གང་ཟག་ཡོ་བྱད་ཁྱད་པར་ཅན་ཚོགས་ནས་སྒྲུབ་པའི་དོན་ནོ། །གཉིས་པ་ལ་གཉིས། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ། བསྙེན་བསྒྲུབ་ཡན་ལག་བཞི་བྱེ་བྲག་དང་བཅས་པས་སྒྲུབ་པའི་གཞུང་བསྲང་བའོ། །དང་པོ་ནི། དབེན་ཞིང་ ནས་རྣམ་དག་པས༔ ཞེས་གསུངས་ཏེ། དེའང་སྒྲུབ་པ་ཆེན་པོ་བརྩམ་པ་ལ་ཕུན་སུམ་ཚོགས་པ་ལྔ་ཚོགས་དགོས་ཏེ། ལས་རིམ་ལས། དེ་ཡང་ཐོག་མར་གནས་དང་དུས། །ཡོ་བྱད་སྟོན་འཁོར་སྒྲུབ་པ་པོ། །སྒྲུབ་ཐབས་ཕུན་སུམ་ཚོགས་པ་ཡི། །གཞི་དང་སྦྱར་བས་གཞུང་རྫོགས་བྱ། །ཞེས་པས་གང་དུ་སྒྲུབ་པའི་གནས་ནི། བསམ་གཏན་གཡེང་བའི་རྐྱེན་སྤྱི་དང་བྱེ་བྲག་དགྲ་རྐུན་གཅན་གཟན་གཏུམ་པོ་སོགས་གཟུགས་ཅན་དང་འབྱུང་པོ་གདུག་པ་ཅན་གྱི་གནས་རྟེན་མེད་པས་འཚེ་དོགས་ཀྱིས་དབེན་ཅིང་ལས་བཞིའི་དངོས་གྲུབ་སྒྲུབ་པའི་མཚན་ཉིད་ཚང་བས་ཉམས་དགའ་བ་དང་ཁྱད་པར་རྒྱལ་བ་རིག་འཛིན་གོང་མས་ཞབས་གཅགས་པས་བྱིན་རླབས་ཀྱི་ཟིལ་དང་ལྡན་ལ་བཀྲ་ཤིས་པའི་གནས་ཕུན་སུམ་ཚོགས་པ་དག་ཏུའོ། །གང་གི་ཚེ་སྒྲུབ་པའི་དུས་ནི། བྱང་བགྲོད་ལྷའི་ཉིན་མོ་དང་ར་བ་བཞིའི་ཡར་ངོའམ་མདོ་སྔགས་ཀྱི་སྟོན་པས་བྱིན་གྱིས་བརླབས་པའི་དུས་ཆེན་ཁྱད་པར་གཟའ་ཆེན་ལྷའི་བླ་མ་རྒྱུ་སྐར་རྒྱལ་དཀར་ཕྱོགས་ཀྱི་ཚེས་བརྒྱད་གསུམ་འཛོམ་དངོས་གྲུབ་སྦྱོར་བ་ལྟ་བུ་རྒྱུད་དང་གཙུག་ལག་གི་གཞུང་ལས་ཀྱང་ཡ་མཚན་ཆེན་པོར་བསྔགས་པའི་དུས་ཕུན་སུམ་ཚོགས་པར་རོ། །གང་ལ་བརྟེན་ནས་སྒྲུབ་པའི་རྫས་ནི། སྒྲུབ་པ་རྟེན་མཆོད་པ་རྫས་འཚོ་བ་ཟས་ནད་ཟློག་སྨན་རྐྱེན་ཟློག་ཐབས་ཀྱི་ཁྱད་པར་སོགས་སྤྱི་དང་ཁྱད་པར་དུ་བཤད་པ་ཕུན་སུམ་ཚོགས་པའི་ཡོ་བྱད་དང་བཅས་ཏེའོ། །གང་གིས་སྒྲུབ་པ་པོ་ནི། བསྐྱེད་རྫོགས་དམ་པའི་མཛོད་གསུམ་འཛིན་པ་སོགས་ཡོན་ཏན་བརྒྱད་ལྡན་གྱི་སྟོན་པ་རྡོ་རྗེ་སློབ་དཔོན་དང་། རྡོ་རྗེའི་གཟུངས་མ་རྒྱལ་ཚབ་རིགས་བཞིའི་རྒྱལ་ཐེབས་ནས་ཕྱག་ཚང་རྡུལ་ཕྱགས་ཀྱི་བར་སོ་སོའི་ལས་བསྐོས་ལ་མཁས་ཤིང་སྣོད་ཀྱི་སྐྱོན་གསུམ་བྲལ་ལ་ཡོན་ཏན་ལྔ་དང་ལྡན་པའི་འཁོར་ཕུན་སུམ་ཚོགས་པ་སྟེ་མཚན་ཉིད་ཚང་བའི་སྒྲུབ་པ་པོ་ཚོམ་བུ་ཆེ་འབྲིང་ཆུང་ངུ་གང་རུང་འདུས་པ་དེ་ཡིས་སོ། །ཇི་ལྟར་སྒྲུབ་པའི་ཐབས་ནི། རྣལ་འབྱོར་པ་རིམ་གཉིས་ཀྱི་ཏིང་འཛིན་གསལ་ཞིང་བརྟན་ལ་གཞུང་ནས་ཇི་སྐད་བཤད་པ་ལྟར་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་ཆོ་ག་རྣམས་ལ་ཉམས་པའི་རྒྱུ་བཞི་དང་སླ་ཐལ་བས་མ་ལྷག་པ་དང་དཀའ་བས་མ་ཆད་པར་རྣམ་པར་དག་པའི་སྒྲུབ་ཐབས་ཕུན་སུམ་ཚོགས་པས་འདིར་འཇུག་པར་བྱའོ། །གཉིས་པ་ནི། ས་གཞི་ ནས་ དངོས་གྲུབ་བླང༔ ཞེས་གསུངས་ཏེ། སྒྲུབ་པའི་སྔོན་འགྲོ་ས་གཞི་ལེགས་པར་བརྟགས་ནས་རུང་བར་གྱུར་པ་དེ་སྣང་བ་གཟུགས་ཅན་གྱིས་བདག་ན་རིན་དང་བདེན་པས་བསླང་། མི་སྣང་བས་ལྷ་གཞི་གནས་ཀྱི་བདག་པོ་ལ་གཏོར་མ་གསེར་སྐྱེམས་ཀྱིས་བརྔན་ནས་བསླང་ཞིང་རྫས་དང་དམིགས་པས་བདག་གི་དབང་དུ་བྱས་ཏེ་སྔགས་རྒྱ་ཏིང་ངེ་འཛིན་གྱིས་སྦྱང་བ་དང་ཁྲོ་བཅུའི་ཕུར་བུ་གདབ་ཅིང་འབར་བའི་སྟངས་སྟབས་རྣམས་ཀྱིས་སྲུང་། ཕྱི་བཤགས་མཆོད་སྦྱིན་གསུང་རབ་ཀློག་པ་སོགས་སྒྲིབ་སྦྱོང་ཚོགས་གསོག་གི་རིམ་པ་སྤྱི་དང་། ནང་རུ་ཆེན་བཞིའི་བཤགས་པ། གསང་བ་ན་རཀ་དོང་སྤྲུགས་ཀྱི་ཆོ་ག་རྣམས་ཀྱིས་རྒྱུད་སྦྱང་། ཕྱི་མཚམས་རྒྱལ་ཆེན་བཞི་ལ་གཉེར་གཏད། བར་མཚམས་སྔགས་ཀྱི་དམ་ཚིག་ཉམས་ནས་སྲི་རྐྱེན་དུ་སྐྱེས་པ་རྣམས་ནུས་པའི་སྟོབས་ཀྱིས་མནན། ནང་མཚམས་གལ་པོ་ལས། ཆོས་ཀྱི་རྒྱལ་པོ་བདུད་རྩི་ཡི། །ཕྱི་ནང་སྒོ་བྱང་གདགས་པར་བྱ། །ཞེས་པ་ལྟར་ལས་གཤིན་འཁྱིལ་པ་སྒོ་ཕྱི་ནང་གི་སྲུང་མར་བཅོལ། གསང་མཚམས་མཚོན་ཆ་ལྔ་དང་ཁྲོ་བོ་འཆོལ་བ་སོགས་ཀྱི་སྲུང་འཁོར་དང་དེ་བཞིན་ཉིད་ལྟ་བའི་མཚམས་བཅད་བཅས་བྱ་ཞིང་། བགེགས་ཕྲན་རྣམས་ཀྱིས་བར་དུ་གཅོད་མི་ནུས་པའི་ཕྱིར་དུ་བགེགས་ཀྱི་རྒྱལ་པོ་མ་ཏྲཾ་རུ་དྲ་དྲག་པོའི་སྟབས་ཀྱིས་བསྒྲལ་ཞིང་སྤར་ཏེ་རོལ་པའི་བྲོས་མནན་ལ་ཡན་ལག་སོགས་དུར་ཁྲོད་བརྒྱད་དང་ཁོག་པ་གཞལ་ཡས་ཁང་པ་སྟེ་རྡོ་རྗེའི་ཞིང་ཁམས་སུ་བྱིན་གྱིས་བརླབ། དཀྱིལ་འཁོར་བྲི་བར་གནང་བ་ཞུ་བའི་དོན་དུ་ལྷ་དང་དབང་བསྐུར་བའི་དོན་དུ་བུམ་པ་དང་སློབ་མ་རྣམས་ལྷག་པར་གནས་པའི་སྟ་གོན་གྱི་རིམ་པ་ཚུལ་བཞིན་དུ་བྱ། དེ་ནས་རྟེན་གྱི་དཀྱིལ་འཁོར་བཅའ་བ་ལ་ཐོག་མར་དྲི་དང་བདུད་རྩི་ལྔ་ལ་སོགས་པའི་ཆག་ཆག་གདབ། བྱིན་རླབས་ཀྱི་ཆོ་ག་དང་ལྡན་པས་ལས་དང་ཡེ་ཤེས་ཀྱི་ཐིག་བཏབ་ལ་རབ་འབྲིང་ཐ་མའི་རྡུལ་ཚོན་གྱིས་དཀྱིལ་འཁོར་མཚན་ཉིད་དང་ལྡན་པ་བཞེངས་ལ་སྒྲུབ་བརྟེན་དབང་ཆས་དངོས་གྲུབ་དང་མཆོད་རྫས་རྒྱན་གྱི་བྱེ་བྲག་རྣམས་ལེགས་པར་བཀོད། ཕྲིན་ལས་ལ་འཇུག་རུང་གི་བྱ་བ་སྒྲུབ་པ་པོ་མཆེད་ལྕམ་རྣམས་རང་གནས་སུ་འགོད་ཅིང་ཞི་ཁྲོའི་ཆས་ཀྱི་མངའ་གསོལ་མ་མོ་མཁའ་འགྲོས་རང་གི་སྡེ་ཚན་དུ་ཤེས་པའི་ཕྱིར་དཔལ་གྱི་རྟགས་གསུམ་གདབ། མཆེད་གསར་བུ་བ་བསྲེ་བསྣན་གྱི་ཆོ་གས་སྣོད་རུང་དུ་བྱའོ། །དེ་ནས་དངོས་གཞི་སྒྲུབ་དུས་ཀྱི་བསྙེན་བསྒྲུབ་ཡན་ལག་བཞིས་གཞུང་སྲོང་བ་སྟེ། ཏིང་འཛིན་རྣམ་པ་གསུམ་གྱིས་གཞི་བཟུང་རྣལ་འབྱོར་ཕོ་མོ་དང་ལྷ་ཡབ་ཡུམ་གྲངས་སྦྱར་ནས་སྒོམ་པའམ། མོས་སློབ་ལ་རྣལ་འབྱོར་པ་སྤྱིས་དཀྱིལ་འཁོར་སྤྱི་བསྒོམས་ལ་བདག་དམ་ཚིག་པ་ལྷ་ཡེ་ཤེས་པ་བར་གྱི་འཕྲོ་འདུ་སྟེ་གསལ་བ་གསུམ་ལྡན་གྱི་སྒོ་ནས་ཕྲིན་ལས་ཚུལ་བཞིན་དུ་བཏང་། སྒྲུབ་པ་ཇི་ཙམ་བྱེད་པའི་སུམ་ཆ་དང་པོར་བསྙེན་པའི་ཆོ་གས་སྣོད་གཞལ་ཡས་ཁང་དུ་སྦྱངས་ཏེ་རྟོག་ཚོགས་ཀྱི་སྒྲིབ་པ་བསལ། སུམ་ཆ་གཉིས་པར་ཉེ་བར་བསྙེན་པས་བཅུད་སྣང་སྟོང་ལྷའི་འཁོར་ལོར་སྦྱངས་ཏེ་དངོས་གྲུབ་ཀྱི་དབྱིག་བསྡུ། ཆ་གསུམ་པར་སྒྲུབ་པའི་དགོངས་པས་སེམས་ཀྱི་རྒྱུད་རང་བྱུང་ཡེ་ཤེས་ཆེན་པོར་སྦྱངས་ཏེ་དངོས་གྲུབ་གཉིས་ལ་རང་གི་དབང་དུ་གྱུར་པར་བྱ། དེ་དག་གི་སྐབས་ཉིན་མཚན་དུས་དྲུག་དུ་ཚོགས་ཀྱི་མཆོད་པས་ལྷ་དང་དམ་ཅན་དགྱེས་པ་བསྐྱེད་ཅིང་ཉམས་ཆག་བསྐང་། དུས་ཚོད་བཅུ་གཉིས་སུ་ལྟ་ཉན་གྱིས་ཉུལ་ཞིང་སྒྲུབ་པ་ལ་བར་གཅོད་བྱེད་པའི་འབྱུང་པོ་རྣམས་ཕུར་ཐུན་གྱིས་གཟིར་ཅིང་དཔལ་གྱི་ཕོ་ཉ་བཅུ་གཉིས་ཚར་གཅོད་དུ་བསྐུལ། དུས་དེར་དངོས་གྲུབ་སྦྱིན་པའི་ལྷ་རེའང་འབྱུང་བས་རྒྱན་གོས་སོགས་ཀྱིས་གཟི་བྱིན་བསྐྱེད་ལ་བདག་གནས་སྒྲུབ་པའི་རྟེན་རྣམས་ལ་བྱིན་ཆེན་དབབ། སྒྲུབ་པ་དབུ་བཙུགས་ནས་མཐར་མ་སོན་གྱི་བར་དུ་སྣང་བ་ལྷའི་དཀྱིལ་འཁོར་གྲགས་པ་སྔགས་ཀྱི་རང་སྒྲ་དྲན་རྟོག་ཆོས་ཉིད་ཀྱི་ངང་ལས་མ་གཡོས་པར་བཟླས་པ་གསུང་མི་འཆད་དུ་བྱ་བ་དང་ཏིང་ངེ་འཛིན་གྱི་འཕྲོ་འདུ་རྒྱུན་མི་བཅད་པར་གཉིད་རྨུགས་ལེ་ལོ་ཆགས་སྡང་སོགས་ཀྱིས་ཡིད་རྣམ་པར་གཡེང་བ་སྤངས་ཏེ་རྩེ་གཅིག་ཏུ་བསྒྲུབས་པར་བྱས་པ་ལས། གྲུབ་པའི་རྟགས་རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ་དུ་སྒྲུབ་རྟེན་དམ་ཚིག་གི་བྲིས་སྐུ་བཞད་ཅིང་ནང་མཆོད་བདུད་རྩི་སོལ་སྒྲ་བཅས་ཁོལ་ནས་རླངས་པ་ཕྱུར་བ་དང་། མར་མེ་རང་བཞིན་གྱིས་འབར་ཞིང་གཏོར་མ་ལ་བདུད་རྩི་འབབས་པ་སོགས་སྒྲུབ་རྫས་ཞལ་དུ་འཁྱིལ་བ་དང་། ལྷའི་ཞལ་མཐོང་ཞིང་མཁའ་འགྲོས་ལུང་བསྟན་པ་དང་། འོད་དང་སྒྲ་དང་དྲི་བཟང་འཐུལ་བ་སོགས་སྤྱི་དང་། ཁྱད་པར་གྱི་རྟགས་ཉམས་དང་རྟོགས་པའི་རྩལ་ཆེན་ཕྱོགས་མེད་དུ་འབར་ཞིང་ཡང་དག་པའི་ཡེ་ཤེས་ལ་རང་དབང་ཐོབ་པས་འདོད་རྒུར་སྒྱུར་བ་སོགས་ངེས་པའི་རྟགས་རྫོགས་པར་བྱུང་བ་དང་། རྗེས་ཀྱི་ལས་རིམ་ནུབ་ཐ་མར་སྒྲུབ་པ་ཆེན་པོའི་ལས་ལ་སྦྱར་བར་བྱ་སྟེ། དེའང་ནམ་གྱི་སྲོད་ལ་མཱཾ་ས་ཟླ་རྒྱས་ཚེ་གལ་མ་ད་ནཱ་སོགས་བཀྲ་ཤིས་པའི་རྫས་ལ་རྟེན་བྱས་ཐུགས་དམ་གནད་ནས་བསྐུལ་ཏེ་ལྷ་ལས་དངོས་གྲུབ་བླང་བ་དང་། ནམ་གུང་དུ་འཁོར་ཁང་བར་མར་བསྒྲལ་བྱ་མཆོག་ཆེན་མཆོག་ཕྲན། སྒྲོལ་བྱེད་འཛིན་སྒྲོལ་སྟོབ་པའི་ཀིངྐ་ར། སྒྲོལ་བའི་ཐབས་ངོ་མཚར་བདུན་ལྡན་གྱི་ཆོ་ག་སོགས་ཀྱིས་སྒྲོལ་བ་ལམ་དུ་བྱས་ནས་དངོས་གྲུབ་བླང་བ་དང་། ཐོ་རངས་དུས་སུ་རྣལ་འབྱོར་བའི་ནུས་པ་དང་མཐུན་པའི་གཟུངས་མ་ལྷ་ཀླུ་མི་མོ་རིགས་ཅན་ལྔ་སོགས་ཁྲུས་ནས་དབྱུང་ཞིང་རྒྱན་བཏགས་སྣོད་རུང་དུ་བྱས་ཏེ་འཁོར་ཁང་ནང་མར་འདོད་པའི་བསྟན་བཅོས་ཀྱིས་བདེ་བ་བསྐྱེད་པ་བསྙེན་པ། འདུ་ཤེས་གསུམ་ལྡན་གྱིས་སྦྱོར་བའི་བརྡས་བསྐུལ་བ་ཉེ་བསྙེན། ཕྱག་རྒྱ་བཞིསསྙོམས་པར་ཞུགས་ཏེ་ཡས་བབ་ཀྱི་དགའ་བཞི་ངོས་བཟུང་བསྒྲུབ་པ། མཁའ་ལས་བྱང་ཆུབ་སེམས་རྡོ་རྗེའི་ལྕེས་འཇིབ་སྟེ་ལྡོག་དགྲམ་གྱི་སྦྱོར་བས་མས་བརྟན་གྱི་དགའ་བཞི་མཐར་སྐྱེལ་བསྒྲུབ་ཆེན་ཏེ་སྦྱོར་དུས་གྱི་བསྙེན་སྒྲུབ་ཡན་ལག་བཞི་དང་ལྡན་པས་སྦྱོར་བ་ལམ་དུ་བྱས་ལ་དངོས་གྲུབ་བླང་། མོས་སློབ་ཙམ་ལ་ལྷ་ལས་དངོས་སུ་བླང་། གཞན་དག་ཏིང་ངེ་འཛིན་གྱིས་བསྒྲུབ་པ་སོགས་བྱས་ནས་གཞན་དག་ལ་སྒྲུབ་པའི་དབང་སྦྱིན། ལྷག་མའི་ཆོ་ག་དང་ཕྱི་རོལ་ཏུ་གཏོར་མ་བཏང་། དགོས་པ་དང་འབྲེལ་ན་དྲག་གཏོར་ཟོར་དུ་བསྐུལ། བཟོད་པར་གསོལ་ལ་དཀྱིལ་འཁོར་བསྡུ། སྤྱོད་ལམ་རྒྱུན་ཏིང་ལ་འཇུག་ཅིང་བསྔོ་སྨོན་གྱིས་རྒྱས་གདབ། ཕྱི་མཚམས་བཀྲོལ་ཞིང་གནས་སྲུང་བ་སོགས་སྒྲུབ་ཆེན་གྱི་ཁོག་གཞུང་རྣམས་ལས་འབྱུང་བ་བཞིན་ཤེས་པར་བྱའོ། །བཞི་པ་དེ་ལྟར་བསྒྲུབས་པའི་འབྲས་བུ་རིག་འཛིན་གྲུབ་པའི་དུས་བསྟན་པ་ནི། དེ་ལྟར་ ནས་ ལྷུན་གྱིས་གྲུབ༔ ཅེས་གསུངས་ཏེ། ཟག་བཅས་ལམ་གྱི་རྣལ་འབྱོར་སྟོང་ཆེན་སྙིང་རྗེ་ཕྱག་རྒྱ་གཅིག་སྤྲོས་ཏེ་ཚོགས་ལམ་གྱི་རྣལ་འབྱོར་བཞི་དང་། ཚོགས་སྒྲུབ་སྦྱོར་ལམ་བར་ཆད་མེད་པའི་ལམ་དུ་ཇི་སྐད་བཤད་པ་དེ་ལྟར་སྨིན་པར་སློབ་པས་དབང་པོ་རབ་ཟླ་བ་དྲུག་འབྲིང་བཅུ་གཉིས་ཐ་མས་ཀྱང་ཟླ་བ་བཅོ་བརྒྱད་སོང་ནས། ཕྱི་བསྐྱེད་རིམ་གྱི་གསལ་སྣང་མཐར་ཕྱིན། ནང་རྫོགས་རིམ་གྱི་ཏིང་འཛིན་བརྟན་ནས་སེམས་ལ་རང་དབང་ཐོབ་པས་རླུང་དང་རིག་པ་ལས་སུ་རུང་། དེ་ལས་དོན་དམ་འོད་གསལ་གྱི་ཡེ་ཤེས་མངོན་དུ་འགྱུར་བས་ཟག་མེད་ཀྱི་མཐོང་སྒོམ་མཐར་ལམ་གསུམ་གྱིས་བསྡུས་པའི་རིག་འཛིན་བཞིའི་འབྲས་བུ་ལ་སྦྱོར་ཏེ། གསང་སྙིང་ལས། ལེ་ལོ་སྒྱིད་སྙོམ་མེད་པ་ཡིས། །ཐེ་ཚོམ་མེད་པར་བསྒྲུབས་བྱས་ན། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །རྡོ་རྗེ་གསང་མཆོག་དམ་པ་ཐོབ། །ཅེས་སོ། །དེ་ལ་དང་པོ་རྣམ་སྨིན་རིག་འཛིན་གྱི་རྒྱུ་དབང་བརྟུལ་གཅིག་སྤྲོས་ལ་བརྟན་པ་ཐོབ་ནས་ཚོགས་ཀྱི་སྒྲུབ་པས་ཆོས་ཉིད་ཀྱི་བདེན་པ་མཐོང་ཡང་བློའི་ནུས་པ་དང་ཉེ་རྒྱུའི་སྤྱོད་སྟོབས་ཆུང་བས། ངོ་བོ་གདོས་བཅས་ཀྱི་ཕུང་པོ་དང་མ་བྲལ་བ་རྣམ་པར་སྨིན་པའི་ལུས་ལ། སེམས་ཉིད་བསྒྲུབ་བྱའི་ལྷ་སྐུ་སྨིན་པ། ལུས་རྒྱ་བྲལ་མ་ཐག་ཕྱག་རྒྱའི་རིག་འཛིན་ལ་སྦྱོར་བ་མཚན་ཉིད་གསུམ་ལྡན་ལྷག་མེད་མྱང་འདས། དགོངས་པ་རྒྱུའི་ཐེག་པའི་མཐོང་ལམ་རབ་དགའ་ལ་གནས་པའི་བྱང་སེམས་འཕགས་པ་དང་མཉམ་པ། སྤྱོད་པ་བདག་དོན་བཀོད་པ་དཀྱིལ་འཁོར་བྱ་བས་ཚོགས་གཉིས་རྫོགས་པར་བྱེད་ཅིང་ལྷའི་སྤྱན་སོགས་ཀྱིས་ཕྲིན་ལས་བཞིའི་སྒོ་ནས་གླིང་བཞིའི་འགྲོ་བའི་དོན་སྒྲུབ་བོ། །གཉིས་པ་ཚེ་དབང་རིག་འཛིན་གྱི་རྒྱུ་དབང་རྣོན་ཤེས་རབ་གསུམ་གྱི་ལྟ་བ་ཏིང་ངེ་འཛིན་ལ་རྟོགས་གོམས་ཁྱད་པར་ཅན་དུ་གྱུར་ནས་བློ་ནུས་དང་སྤྱོད་སྟོབས་ཆེ་བས། ངོ་བོ་ལུས་སྙིགས་མའི་ཟག་པ་ཁམས་འཕོ་བའི་ཟག་པ་སེམས་སྐྱེ་གནས་ལེན་བའི་ཟག་པ་གསུམ་ཟད་ནས་མཐོང་བའི་ལམ་དུ་སྐྱེ་འཇིག་མེད་པ་རྡོ་རྗེའི་ལུས་སུ་གྱུར་ཏེ་ཚེ་ལ་དབང་བ་ཐོབ་ནས་ཇི་ལྟར་འདོད་པ་བཞིན་དུ་བཞུགས་པ་ལྷག་བཅས་མྱང་འདས། དགོངས་པ་རྒྱུའི་ས་བརྒྱད་པའི་འཕགས་པ་དང་མཉམ་ཞིང་། སྤྱོད་པ་བདག་དོན་ལྟ་སྒོམ་ལ་རིག་རྩལ་སྦྱོང་ཞིང་ལྟ་བ་ཆེད་འཛིན་ཀུན་འགྲོའི་དྲི་མ་བསལ། མངོན་ཤེས་དྲུག་ལ་སོགས་པ་དང་ཆོ་འཕྲུལ་བཞིས་གཞན་དོན་མཛད་པའོ། །གསུམ་པ་ཕྱག་རྒྱའི་རིག་འཛིན་གྱི་རྒྱུ་གཅིག་སྤྲོས་ཀྱི་ཏིང་ངེ་འཛིན་ལ་གོམས་པའི་རྒྱུན་དང་ཀུན་འགྲོའི་སྒྲིབ་པ་དག་པ་ལས། ངོ་བོ་བསྒོམ་བྱ་མངོན་དུ་གྱུར་པས་མི་གཡོ་བའི་ཏིང་ངེ་འཛིན་གྱིས་ལྷན་ཅིག་གནས་པའི་དྲི་མ་སྦྱོང་བ་ལ་ཞུགས་པ། ཡེ་ཤེས་སྒྱུ་མའི་སྐུས་སྤྲུལ་པ་ཅིར་ཡང་སྟོན་ཅིང་སྒོམ་ལམ་ས་དགུ་བགྲོད་པ། དགོངས་པ་རྒྱུའི་ས་དགུ་པའི་འཕགས་པ་དང་མཉམ་ལ། སྤྱོད་པ་བདག་དོན་དུ་ལྷན་ཅིག་གནས་པའི་དྲི་མ་སྦྱོང་ཞིང་དབང་ཤེས་ཉེར་ལྔའི་ཡོན་ཏན་དང་ལྡན་པས་དགོངས་པ་མི་གཡོ་བའི་ངང་ནས་དག་མ་དག་གི་ཞིང་རྣམས་སུ་སྤྲུལ་པ་སྣ་ཚོགས་པས་གཞན་དོན་མཛད་པ་སྟེ། དེ་ལ་ནང་གསེས་སུ་ས་གཉིས་པ་ནས་ལྔ་པའི་བར་རྡོ་རྗེ། དྲུག་པ་དང་བདུན་པར་འཁོར་ལོ། བརྒྱད་པར་རིན་ཆེན། དགུ་པར་པདྨ། བཅུ་པར་རལ་གྲིའི་རིག་འཛིན་ཏེ་རིགས་ལྔའི་གདུང་འཛིན་པའི་ཕྱག་རྒྱ་ཆེན་པོ་ཡེ་ཤེས་ལྷ་སྐུས་མཐར་ལམ་སྦྱོར་བའོ། །བཞི་པ་ལྷུན་གྲུབ་རིག་འཛིན་གྱི་རྒྱུ་སྒོམ་ལམ་དུ་མཐོང་གོམས་ཀྱི་མཐུ་རྫོགས་པས་ཤེས་རབ་གསུམ་མཐར་ཐུག་པས་ལྷན་གནས་ཀྱི་དྲི་མ་དག་པ་ལས། ངོ་བོ་ལམ་གྱི་རྟོགས་པ་མཐར་ཕྱིན་ཏེ་མི་སློབ་པའི་རང་བཞིན་སངས་རྒྱས་ཀྱི་རྒྱལ་ཚབ་ཆེན་པོའི་ས་ལ་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ཆ་ལུགས་འཛིན་པ། དགོངས་པ་མདོ་ལམ་གྱིས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་གནས་པ་དང་མཉམ་ཞིང་། སྤྱོད་པ་རང་དོན་དུ་སྐུ་ལྔའི་རྒྱལ་བ་ལ་སོགས་པར་བརྟེན་ཏེ་ཤེས་སྒྲིབ་ཕྲ་བ་སྦྱོང་ལ། ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས་སངས་རྒྱས་ཀྱི་ཞིང་ཁམས་རབ་འབྱམས་སུ་སྤྲུལ་པའི་སྐུས་གཞན་དོན་མཛད་པའོ། །རྩ་བའི་ས་བཅད་གསུམ་པ་དོན་བསྡུ་བ་ནི། མདོར་ན་ ནས་ སྙིང་པོར་བྱ༔ ཞེས་གསུངས་ཏེ། དེ་ལྟར་རྒྱས་པར་ཕྱེ་ནས་བསྟན་པ་དེ་རྣམས་ཀྱང་ཉམས་ལེན་གནད་དུ་མདོར་དྲིལ་ན། ཐོག་མར་གཞི་རིམ་བར་བགྲོད་པར་བྱེད་པ་དབང་གིས་རྒྱུད་སྨིན་ཅིང་དེའི་སྲོག་མི་འདའ་བ་དམ་ཚིག་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པ་རྣམས་བརྟན་པོར་བཟུང་བ་དང་། དེ་ཁོ་ན་ཉིད་གནས་ལུགས་དང་རྗེས་སུ་མཐུན་པའི་ལྟ་བ་ལྷག་པའི་བདེན་པ་དབྱེར་མེད་ཀྱིས་རྒྱུད་སྦྱངས་ནས། ལམ་རིམ་གཉིས་ཀྱིས་ཏིང་ངེ་འཛིན་ལས་མི་གཡོ་བའི་སེམས་རྩེ་གཅིག་ཏུ་བརྟན་པ་ན། དཀྱིལ་འཁོར་སྒྲུབ་རྫས་སོགས་དམིགས་པའི་རྟེན་དུ་ལེགས་པར་བཀོད་ནས་འདོད་འབྲས་དོན་དུ་གཉེར་བའི་སྒྲུབ་པ་ལ་ཞུགས་པའི་རྣལ་འབྱོར་པས། བཟླས་པ་ལས་ཀྱི་སྔགས་དང་འཆིང་བ་དང་ཚིག་ཕྱག་རྒྱ་འཆིང་འགྲོལ་དུ་བསྒྱུར་ལ་ཕྱི་ནང་གསང་བའི་མཆོད་པའི་དཔུང་བསྐྱེད་དེ་ལྷ་རྣམས་ཀྱི་དབང་པོར་སྟོབ་པས་དགྱེས་པ་བསྐང་། སྤང་བླང་མེད་པར་ལ་དོར་བའི་ཉེ་རྒྱུའི་སྤྱོད་པས་མཚམས་སྦྱར་བས་དངོས་གྲུབ་གཉིས་མྱུར་དུ་འགྲུབ་པའི་ནུས་མཐུ་ཐོབ་ནས། གཙོ་བོར་རང་གཞན་མཆོག་ལ་སྦྱོར་བ་དང་། ཞར་བྱུང་ཐུན་མོང་ཕྲིན་ལས་རྣམ་པ་བཞི་སོགས་ཡུལ་དུས་སྐལ་བ་དང་འཚམས་པར་རོལ་པའི་ལས་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །དེས་ན་དང་པོ་གསུམ་ལམ་ཉམས་སུ་ལེན་པའི་གཞི་དང་། བར་པ་དྲུག་ལམ་གྱི་ཉམས་ལེན་དངོས་དང་། ཐ་མ་གཅིག་འབྲས་བུའི་ཚུལ་ཉིད་དུ་འབྱུང་བར་ཤེས་ནས། རྒྱུད་རྒྱལ་སྒྱུ་འཕྲུལ་དྲྭ་བ་སོགས་ཀྱི་དགོངས་དོན་དངོས་པོ་བཅུ་ལ་གང་ཟག་གཅིག་གི་ཚེ་གཅིག་ཏུ་འཚང་རྒྱ་བའི་ལམ་ཚང་ལ་མ་ནོར་བ་ཡིན་པས་ཉམས་ལེན་གྱི་སྙིང་པོར་བྱ་བར་གཅེས་སོ། །གཉིས་པ་གསང་དབང་གི་ལམ་དང་འབྲེལ་བ་བདག་བྱིན་བརླབ་པའི་རིམ་པ་བསྒོམ་པ་ལ་གཉིས། གོང་འོག་མཚམས་སྦྱར་ཏེ་མདོར་བསྟན་པ་དང་། དེ་དག་རྒྱས་པར་བཀྲོལ་བའོ། །དང་པོ་ནི། དེ་ལྟར་ ནས་ ལམ་རིམ་ནི༔ ཞེས་གསུངས་ཏེ། དེ་ལྟར་ན་དབང་བཞིའི་རྩ་བ། བུམ་དབང་ལམ་དུ་ཁྱེར་བའི་ཐབས་གཙོ་བོར་གྱུར་པའི་བསྐྱེད་པའི་རིམ་པ་ཡན་ལག་དང་བཅས་པ་མ་ཧཱ་ཡོ་ག་སྟེ་རྣལ་འབྱོར་ཆེན་པོའི་རྒྱུད་དང་འབྲེལ་པར་ལམ་གོང་མའི་སྟེགས་སུ་བསྙེན་པས་གཞི་བཟུང་སྟེ། ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་བ་ཐོབ་པའི་ཡེ་ཤེས་དེ་ཉིད་ལམ་དུ་བྱེད་ཅིང་ཤེར་ཡེ་ལ་ཉེ་བར་བསྙེན་པའི་ལམ་གྱི་རིམ་པ་ནི་འདི་ལྟ་སྟེ། གཉིས་པ་ལ་གཉིས། ལམ་དངོས་དང་། ལམ་གཞན་འདུ་བའི་ཚུལ་འབྲས་བུ་དང་བཅས་པའོ། །དང་པོ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། རྟེན་དང་ ནས་ ཉིད་ཡིན་པས༔ ཞེས་གསུངས་ཏེ། དེའང་རྟེན་རྡོ་རྗེའི་ལུས་དང་བརྟེན་པ་རྩ་རླུང་ཐིག་ལེའི་གནད་འཆིང་བ་རྫོགས་པ་ཨ་ནུ་ཡོ་ག་སྟེ་རྗེས་སུ་རྣལ་འབྱོར་གྱི་ལུང་དང་འབྲེལ་བའི་ལམ། སྔ་མ་ལས་ཟབ་པས་ཟབ་མོའི་བསྐྱེད་རིམ་ཐོག་མར་རྩ་དང་རླུང་དང་ཐིག་ལེའི་ཁམས་རྣམས་གྲུབ་ཙམ་ཉིད་ནས་རང་བྱུང་གི་སྣོད་འཁོར་དང་བཅུད་དཀྱིལ་གྱི་རང་བཞིན་ཤུགས་ཀྱིས་གྲུབ་པས་རྟོག་པས་གསར་དུ་སྒྲོ་བཏགས་ནས་བཅོས་མར་བྱས་པ་མིན་པའི་ལྷུན་གྲུབ་ལུས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ཉིད་ཡིན་པས་ཁྱད་པར་དུ་འཕགས་ཏེ། བང་མཛོད་འཕྲུལ་ལྡེ་ལས། རྫོགས་པ་ཨ་ནུ་ཡོ་ག་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ། །མ་བསྐྱེད་རྫོགས་པའི་ཚུལ་དུ་འདོད། །ཅེས་དང་། དྲིལ་བུ་པས། འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་པ་ལྟར་རོ། །སྤྱིར་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ལ་དེའི་གནས་ལུགས་ཤེས་པ་གལ་ཆེ་སྟེ་དེའི་རྒྱུ་མཚན་ཕྲ་བའི་ལུས་ངག་ཡིད་གསུམ་གདོད་མ་ནས་རྡོ་རྗེ་མི་ཤིགས་པ་གསུམ་གྱི་ལྷར་རྣམ་པར་དག་ལ། དེ་གསུམ་ཡང་དོན་དམ་པའི་རིགས་དྲུག་གི་ལྷ་ཡབ་ཡུམ་གྱི་བདག་ཉིད་འབྱུང་ལྔ་སེམས་ཀྱི་དྭངས་མ་དྲུག་པོ་ཡང་གཉིས་གཉིས་སུ་ཟུང་དུ་འཇུག་པ་ལས། ས་ཆུའི་དྭངས་མ་སྐུ་རྡོ་རྗེ། མེ་རླུང་གི་དྭངས་མ་གསུང་རྡོ་རྗེ། མཁའ་སེམས་ཀྱི་དྭངས་མ་ཐུགས་རྡོ་རྗེར་བཞུགས་ཤིང་། དེ་གསུམ་ལྡོག་ཆས་ཕྱེ་བ་ཙམ་ལས་དོན་དམ་པར་སྐུ་གསུང་ཐུགས་རྡོ་རྗེ་མཉམ་པ་ཉིད་དེ་སྦྱང་གཞི། དེའི་རང་མདངས་ཀུན་རྫོབ་སྣང་ངོའི་ཆ་ནས་རྐྱང་མ་རོ་མ་དབུ་མ་གསུམ་ཁུ་རྡུལ་རླུང་གི་རྟེན་དང་། རླུང་སེམས་འཇུག་པ་གཅིག་པས་སེམས་ཀྱི་རྟེན་ཡང་ཡིན་ལ། དེ་ཉིད་རགས་པ་གྲུབ་པ་ན་རྩ་ལས་ལུས། རླུང་ལས་ངག །ཐིག་ལེ་ལས་སེམས་ཀྱི་ཆོས་འགྲུབ་པ་ནི་སྦྱང་བྱ་འཁྲུལ་བའི་སྒོ་གསུམ་ཡིན་ཞིང་། དེ་སྦྱོང་བྱེད་དབང་གོང་མ་གསུམ་དང་འབྲེལ་བའི་ཟབ་ལམ་ཁྱད་པར་ཅན་རྣམས་ཀྱིས་བྱེད་པ་བཅིང་ཞིང་འོད་གསལ་དུ་སྦྱངས་པས་གློ་བུར་སྒྲིབ་པ་ཐམས་ཅད་གདོད་མའི་ཡེ་ཤེས་སུ་ཐིམ་པ་ན། སྦྱངས་འབྲས་སྒྲིབ་བྲལ་བདེ་བ་ཆེན་པོས་ཁྱབ་བྱེད་དུ་བྱས་པའི་སྐུ་གསུམ་པོ་འགྲུབ་པར་འགྱུར་བ་ཡིན་པས་དེ་དག་གི་ཚུལ་མདོ་ཙམ་སྨོས་ན་བཞི། ལུས་འགྲུབ་པའི་རྒྱུ་རྐྱེན། གནས་པ་རྩ། གཡོ་བ་རླུང་། བཀོད་པ་ཐིག་ལེའོ། །དང་པོ་རྡོ་རྗེ་ཐེག་པའི་རྟེན་ཁྱད་པར་དུ་འཕགས་པ་ཛམ་བུའི་གླིང་པའི་མི་ཁམས་དྲུག་ལྡན་གྱི་ལུས་ནི། དྲི་མ་དང་བཅས་པའི་སེམས་ཀྱིས་འདུ་བྱས་ཤིང་། ལས་མངོན་པར་བསྒྲུབས་པས་རྒྱུ་བྱས། ཕ་མའི་འདུ་འཕྲོད་ཀྱིས་རྐྱེན་བྱས་ཏེ། དེ་གསུམ་ཚོགས་པ་ཉི་ཟླ་སྒྲ་གཅན་ཞེས་བཏགས་པའི་ཕ་མའི་ཁུ་ཁྲག་བར་དོའི་རྣམ་ཤེས་དང་བཅས་པ་ལས་ལུས་ངག་ཡིད་གསུམ་བསྐྱེད། བར་དོའི་ཤེས་པ་དེས་ཕ་མ་གཉིས་ཀྱི་རེག་པ་སྲ་བ་དེ་ཉམས་སུ་མྱོང་བས་སའི་ཁམས་གྲུབ་ཅིང་། དེ་བཞིན་དུ་བྱང་སེམས་ཁུ་བ་གཤེར་པའི་རང་བཞིན་ཆུ། བསྐྱོད་པ་ལས་དྲོད་སྐྱེ་བ་མེ། རྩ་གནས་ཐམས་ཅད་ལས་བྱང་སེམས་གཡོ་བ་རླུང་། བདེ་བ་ནམ་མཁའི་ཁམས་ཏེ་འབྱུང་བ་ལྔ། རྣམ་པར་ཤེས་པ་ཡེ་ཤེས་ཀྱི་ཁམས་དང་དྲུག་འདུས་པ་ལས་ལུས་གྲུབ་སྟེ་མའི་མངལ་དུ་ས་བཅུའི་རང་བཞིན་གྱི་ཟླ་བ་ངོ་བཅུར་གནས་པའི་ཚེ་རྩའི་གཙོ་མོ་གསུམ་ནས་བརྩམས་ཏེ་སྟོང་ཕྲག་ལྔ་བཅུ་རྩ་བཞི་དང་། བཙས་ནས་ཟླ་བ་གསུམ་པ་ན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྫོགས་པར་ལུས་ཆགས་པའི་གནས་སྐབས་རྫོགས་པའོ། །གཉིས་པ་ནི། ལུས་ཀྱི་དབུས་གསང་གནས་ནས་གཙུག་ཏོར་གྱི་བར་དུ་རྩ་ཨ་བ་དྷུ་ཏི་སྲོག་ཤིང་གི་ཚུལ་དུ་ཡར་སྣ་སྨིན་མཚམས་སུ་ཟུག་པ་དེའི་གཡས་ན་རོ་མ་དང་། གཡོན་ན་རྐྱང་མ་གཉིས་ཡར་སྣ་སྣ་བུག་ཏུ་ཟུག་སྟེ་སྨིན་མཚམས་ནས་སུམ་གཤིབས་ཀྱི་ཚུལ་དུ་སོང་བའི་འཁོར་ལོ་བཞིའི་ལྟེ་བར་སོ་སོར་མདུད་པའི་ཚུལ་གྱིས་ནང་འབྲེལ་བར་གནས་པ། ལྟེ་བའི་འོག་ནས་རྩ་གསུམ་འདྲེས་ཤིང་དབུ་མའི་མར་སྣ་དུང་ཅན་མ་གཡས་ངོས་སུ་སོང་སྟེ་ཁུ་བ། རྐྱང་མ་དབུས་སུ་སོང་སྟེ་དྲི་ཆུ། རོ་མ་གཡོན་དུ་སོང་སྟེ་ཁྲག་དང་དྲི་ཆེན་འབྱིན་སྡོམ་བྱེད། སྤྱི་མགྲིན་སྙིང་ལྟེའི་འཁོར་ལོ་བཞི་ཀའི་དབུས་ནས་ཕྱོགས་བཞིར་རྩ་བཞི་བཞི་གྱེས་པ། སྙིང་གར་དེ་བཞི་ལས་གཉིས་རེ་གྱེས་པས་བརྒྱད། མགྲིན་པར་དེ་ལས་གཉིས་གཉིས་གྱེས་པས་བཅུ་དྲུག །སྤྱི་བོར་དེ་ལས་གཉིས་གཉིས་གྱེས་པས་སོ་གཉིས། ལྟེ་བར་སྙིང་ག་ལྟར་གྱེས་པ་བརྒྱད་ཀྱི་བཞི་ལས་གཉིས་རེ་གྱེས་པས་འཕོ་བའི་རྩ་བཅུ་གཉིས་དང་། དེའི་སྔར་གྱེས་པ་བརྒྱད་ལས་ལྔ་ལྔ་དང་མ་གྱེས་པ་བཞི་ལས་དྲུག་རེ་གྱེས་པ་དྲུག་ཅུ་རྩ་བཞིའོ། །དེའང་སྤྱི་བོ་སྐུའི་འཁོར་ལོའམ་བདེ་བ་ཆེན་པོའི་རྟེན་ཧཾ་ཡིག་བཞུགས་པས་བདེ་ཆེན་འཁོར་ལོ། མགྲིན་པར་གསུང་གི་འཁོར་ལོའམ་རོ་དྲུག་མྱོང་བའི་ཕྱིར་ལོངས་སྤྱོད་འཁོར་ལོ། སྙིང་གའི་རྩ་འདབ་ཐུགས་སམ་ཆོས་ཀྱི་འཁོར་ལོ། ལྟེ་བ་ནི་ལུས་ཐོག་མར་བསྐྱེད་པ་དང་སྤྲུལ་པའི་གནས་སམ་ཁམས་གསུམ་ལ་ཁྱབ་པས་སྤྲུལ་པའི་འཁོར་ལོར་གྲགས་ཏེ། དེ་རྣམས་ལ་འཁོར་ལོར་བརྗོད་པའི་རྩིབས་ལ་སོགས་པ་དབྱིབས་མཚུངས་པ་དང་། དེ་དང་དེར་བྱེད་པ་བཅིངས་པ་ལས་རྟོག་པ་གཅོད་པའི་ཕྱིར་འཁོར་ལོ་དང་བྱེད་ལས་མཚུངས་པས་ཀྱང་དེ་སྐད་ཅེས་བྱའོ། །རྩ་དེ་དག་ལས་ཀྱང་ཕྱེ་ན་ནང་གི་གནས་ཉེར་བཞི་དང་ཡུལ་སོ་བདུན་དང་། རོ་རྐྱང་དབུ་མ་གསུམ་གྱི་རིགས་འཛིན་པའི་རྩ་སྟོང་ཕྲག་ཉི་ཤུ་རྩ་བཞི་པ་ཚོ་གསུམ་ལ་སྟོང་ཕྲག་བདུན་ཅུ་རྩ་གཉིས། དེ་རྣམས་ལས་གྱེས་པ་ནི་བསམ་གྱིས་མི་ཁྱབ་པ་སྟེ། བ་སྤུའི་གྲངས་ཇི་སྙེད་པའི་རྩའི་གྲངས་ཀྱང་དེ་སྙེད་དོ། །གཞན་ཡང་དབུ་མའི་ཡར་སྣར་གཙུག་ཏོར་དང་། འོག་ཏུ་གསང་བའི་འཁོར་ལོ་བསྣན་པ་སོགས་མང་ཉུང་མཐའ་གཅིག་ཏུ་མ་ངེས་པར་གསུངས་ཤིང་། མདོར་ན་རྣལ་འབྱོར་པས་ཤེས་པར་བྱ་བའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། དེ་རྣམས་ཀྱི་གཙོ་བོར་གྱུར་པ་འཁོར་ལོའི་རྩ་དང་། དེ་རྣམས་ལས་ཀྱང་གཙོ་བོར་གྱུར་པའི་རྩ་སུམ་ཅུ་རྩ་གཉིས་ལ་སོགས་པ་བཤད་ལ། འཁོར་ལོ་དྲུག་གི་རླུང་སེམས་ཀྱི་དྭངས་མ་འཛིན་ཅིང་སྙིགས་མས་ནད་སྐྱེད་པར་བྱེད་དེ། གཙུག་ཏོར་དང་དཔྲལ་བས་བད་ཀན། མགྲིན་སྙིང་གིས་མཁྲིས་ནད། ལྟེ་གསང་གི་ཕྱི་སྐོར་གྱིས་རླུང་ནད། གསང་བའི་ནང་སྐོར་གྱིས་འདུས་པའི་ནད་བསྐྱེད་དོ་ཞེས་འབྱུང་ངོ་། །དེ་ཡང་ལུས་ལ་རགས་ཕྲ་ཤིན་ཏུ་ཕྲ་བའི་ལུས། དེ་རྣམས་ཀྱི་ཆོས་ཉིད་དོན་དམ་ཡེ་ཤེས་ཀྱི་རྩ་ནི་རང་རིག་པའི་རྣམ་པར་ཤར་བའི་ཕྱིར་ཐ་མལ་གྱི་རྩ་ཐམས་ཅད་ལ་ཁྱབ་བྱེད་དུ་བཞུགས་པས་ཡེ་ཤེས་ཀྱི་དབུ་མ་ཆེན་པོ་ཞེས་ཀྱང་གྲགས་ལ། དེ་ཉིད་རྣམ་པ་ཐམས་ཅད་པ་ཡིན་པས་ཀུན་རྫོབ་ཀྱི་རྩ་ཡང་དེའི་རྗེས་སུ་འགྲོ་བའི་ཕྱིར། རྣལ་འབྱོར་པའི་སེམས་ཀྱི་རྣམ་པ་གར་གཏད་དེ་དང་འདྲ་བར་ཐ་མལ་བའི་རྩ་རྣམས་ཀྱིས་ཀྱང་བྱ་བ་བྱེད་པས་རྒྱུད་སྡེ་ཐ་དད་ལས་གསུངས་པའི་རྩའི་རྣམ་བཞག་མི་འདྲ་བ་རྣམས་ཀྱང་མི་འགལ་བའི་གནད་ཤེས་པར་བྱའོ། །གསུམ་པ་ནི། སྤྱིར་ལུས་ཅན་རྣམས་ཀྱི་ངག་གི་ཆོས་དང་། ཕྱི་རོལ་ཏུ་དབུགས་སྲང་ཆུ་ཚོད་ཞག་སོགས་དུས་ཀྱི་ཆོས་རྣམས་ཀྱི་འཆར་གཞིར་གྱུར་པ་དོན་དམ་ཡེ་ཤེས་ཀྱི་རླུང་ངམ་སྲོག་ཆེན་པོའི་རླུང་ཞེས་བྱ་སྟེ། འཇམ་དཔལ་སྒྱུ་དྲྭ་ལས། སྲོག་ཆེན་པོ་སྟེ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་གསུངས་ཏེ། རླུང་མཐའ་དག་གི་གཤིས་ལ་རྒྱུན་མི་ཆད་པར་ཁྱབ་པ་རྒྱུ་རྒྱུད་ཀྱི་རྟེན་དུ་གྱུར་པ་ཡིན་ལ། དེའི་གློ་བུར་གྱི་དྲི་མ་ཀུན་གཞིའི་རྣམ་ཤེས་ཀྱི་རང་བཞིན་ཡུལ་ལ་གཡོ་བ་ནི་ལས་ཀྱི་རླུང་སྟེ། དེ་ལ་ཕུང་པོ་ལྔའི་རྟེན་བྱེད་པ་རྩ་བའི་རླུང་ལྔ་ནི། སྲོག་འཛིན། གྱེན་རྒྱུ། ཁྱབ་བྱེད། མེ་མཉམ། ཐུར་སེལ་ལྔ་ནི་རྩ་བ་ཕུང་པོའི་རླུང་སྟེ། བྱེད་ལས་ཀྱང་། སྲོག་གནས་པ་དང་། དབུགས་འབྱུང་རྔུབ་དང་། ལུས་གནས་པ་དང་། དྲོད་འབེབས་པ་དང་། འགྲོ་འདུག་བཤང་གཅི་ཁུ་གསུམ་འབྱིན་སྡོམ་དང་བཅས་པའི་བྱ་བ་བྱེད་ལ། གལ་ཏེ་ལོག་ན། བརྒྱལ་སྨྱོ་ཤི་བ་སོགས་དང་། སྟོད་ནད་དང་། ཞ་རེངས་ཀྱི་ནད་དང་། ཕོ་བའི་ནད་དང་། སྨད་ཀྱི་ནད་རྣམས་བསྐྱེད་ཅིང་། དེ་དག་ལུས་ཀྱི་དབུས་དང་། སྟོད་དང་། པགས་པའི་མཐར་ཐུག་པ་དང་། ཞུ་བའི་མཚམས་དང་། ལྟེ་བ་མན་ཆད་ན་གནས་པར་བཤད་ལ། རྒྱུ་བ། རྣམ་པར་རྒྱུ་བ། ཡང་དག་རྒྱུ་བ། རབ་ཏུ་རྒྱུ་བ། ངེས་པར་རྒྱུ་བ་སྟེ་ཡན་ལག་གི་རླུང་ལྔ་ནི། དབང་པོ་ལྔ་ལ་གནས་ཤིང་བསྐྱེད་པ་སོགས་ཀྱི་བྱ་བ་བྱེད་པ་དང་། བྱེ་བྲག་ཏུ་སྣར་རྒྱུ་བའི་རླུང་ནི་ཉིན་ཞག་ཕྲུགས་རེ་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་ལ། དེ་ཡང་འཕོ་བ་བཅུ་གཉིས་པའི་དབང་དུ་བྱས་ན། ལྟེ་བའི་རྩ་འདབ་དྲུག་ཅུ་རེ་བཞི་ལས། སྔར་དྲུག་ཏུ་གྱེས་པའི་ཡ་གྱལ་བཞི་པོ་དབུ་མའི་འཕོ་བ་ཡིན་པའི་ཕྱིར། དཀྱིལ་འཁོར་མི་འབབས་པས་སྟོང་པའི་རྩ་བཞི་ཞེས་བྱའོ། །དེ་ལྷག་དྲུག་ཅུ་པོ་ནས་རྒྱུ་ཚུལ་ནི། བ་སྤུའི་མཐར་ཐུག་པའི་རྩ་ལམ་ནས་རྩ་འཁོར་གྱི་རླུང་རྣམས་ལྟེ་བའི་རླུང་དང་འདྲེས་ཏེ་རོ་རྐྱང་གི་ལམ་ལས་སྣ་སྒོར་འབབ་ལ། དེ་ཡང་འབྱུང་བ་ལྔ་གཡས་གཡོན་སྡུད་བསྐྱེད་ཀྱི་རིམ་པས་འཕོ་བ་རེ་ལ་དབྱུག་གུ་ལྔ་རེ། དབྱུག་གུ་རེ་ལ་དབུགས་སུམ་བརྒྱ་དྲུག་ཅུ་སྟེ། འཕོ་བ་རེ་ལ་དབུགས་སྟོང་བརྒྱད་བརྒྱ་པ་རེ་རྒྱུ་ནའང་། དེའི་སྟེང་ན་སྟོང་པའི་རྩ་བཞིའི་དབྱེ་བས་དབུགས་གཅིག་གི་ཕྱེད་བཅས་སོ། །གཉིས་ཆ་རེ་ཡེ་ཤེས་ཀྱི་རླུང་ཡིན་ལ། དེ་བསགས་པས་དབྱུག་གུ་རེ་ལ་དབུགས་བཅུ་གཅིག་དང་བཞི་ཆ་གཅིག །འཕོ་བ་རེ་ལ་ང་དྲུག་རྐང་བཅས། ཉིན་ཞག་གཅིག་ལ་དྲུག་བརྒྱ་དོན་ལྔ་རྣམས་རྒྱུ་ཞིང་། དེ་ཆུ་ཚོད་དུ་དྲིལ་ན། ཆུ་ཚོད་གཅིག །ཆུ་སྲང་ང་གཉིས། དབུགས་གསུམ། དེ་ཟླ་བ་གཅིག་ཏུ་བསགས་པས་ཆུ་ཚོད་ང་དྲུག་དང་། ཆུ་ཆུང་བཅོ་ལྔ། དེ་བཅུ་གཉིས་སུ་ཟློས་པས་ཞག་བཅུ་གཅིག་དང་། ཆུ་ཚོད་བཅོ་ལྔ་རྣམས་ལོ་གཅིག་གི་ཡེ་རླུང་གི་གྲངས་ཏེ་ཕྱི་རོལ་ཏུ་ཟླ་ཤོལ་གྱི་རྒྱུར་འགྱུར་ལ། སྐྱེས་བུ་ལོ་བརྒྱ་པའི་ཡེ་རླུང་བསྡོམས་པས་ལོ་གསུམ་ཕྱོགས་གསུམ་དུ་ལོངས་པ་སོགས་རྒྱུད་རྣམས་ལས་རྒྱ་ཆེར་གསུངས་སོ། ཁ་དོག་ས་ཆུ་མེ་རླུང་ནམ་མཁའ་རིམ་པར་སེར་དཀར་དམར་ནག་སྔོན་པོ། ཚད་ཀྱང་ལྟེ་འོག་སོར་བཞི་ནས་བརྒྱུད་དེ་སྣ་རྩེ་ལས་སོར་བཅུ་གཉིས་ནས་བཅུ་དྲུག་གི་བར་དུ་འགྲོ་བ་ཡིན་ནོ། །རླུང་དེ་དག་ལས་སྣ་སྒོར་རྒྱུ་བ་དང་སྒུལ་སྐྱོད་བྱེད་པའི་རླུང་སོགས་རགས་པ། ལུས་ནང་དུ་མི་གཡོ་ཞིང་འཁོར་བའི་རང་བཞིན་འབྱུང་ལྔའི་རླུང་དང་། རྣམ་འགྱུར་རླུང་བཅུ། རྣམ་རྟོག་སྣ་ཚོགས་གཡོ་བའི་བཞོན་པ་རྣམས་འབྲིང་པོ། སྣང་བཞིའི་བཞོན་པར་གྱུར་པའི་རླུང་རྣམས་ཕྲ་བ། ཁྱད་པར་འོད་གསལ་གྱི་བཞོན་པའི་རླུང་ནི་ཤིན་ཏུ་ཕྲ་བ་ཡིན་ལ། དེ་ཡང་མན་ངག་ཐ་དད་པ་ལས་རླུང་གི་རྣམ་བཞག་མི་འདྲ་བ་བྱུང་བ་རྣམས་ཀྱང་། ཡེ་ཤེས་ཀྱི་རླུང་རྣམ་པ་ཐམས་ཅད་པ་ཡིན་པས། དེའི་རྗེས་སུ་འགྲོ་བའི་ཕྱིར་གནད་གཅིག་ཏུ་འདུ་བ་ཡིན་ནོ། །དེ་ནས་རླུང་བཅིངས་པས་རགས་པའི་ལས་རླུང་ཉིད་ཀྱང་ཡེ་ཤེས་ཀྱི་རླུང་དུ་གྱུར་ནས་ཡོན་ཏན་བསྐྱེད་པར་གསུངས་སོ། །བཞི་པ་ལ་ཡེ་ཤེས་དང་རྣམ་ཤེས་ཀྱི་ཐིག་ལེ་གཉིས་ལས་དང་པོ་ནི། །ཐིག་ལེ་ཐམས་ཅད་ཀྱི་རྩ་བ་རྒྱུ་རྒྱུད་ཀྱི་རྟེན་དུ་གྱུར་པ་ཡེ་ཤེས་སྙིང་པོའི་ཐིག་ལེའམ་མི་ཤིགས་པའི་ཐིག་ལེ་ཞེས་བཤད་པ་གང་ཡིན་པ་སྟེ། སྟོང་གསལ་འགག་མེད་ཀྱི་ངོ་བོར་བཞུགས་པའོ། །གཉིས་པ་ནི། རླུང་སྔགས་རྫས་ཀྱི་ཐིག་ལེ་གསུམ་གསུངས་ཏེ། སྙིང་གའི་མི་ཤིགས་པའི་ཐིག་ལེའི་ངེས་པས། རླུང་གི་བྱེད་བཅིངས་ལས་གཟུང་འཛིན་གྱི་སྣང་བ་རང་གྲོལ་དུ་གྱུར་པ་ནི་རླུང་ཐིག །སྣ་རྩེར་ཐིག་ལེ་ལ་ལྷའི་མཚན་མ་བསྒོམས་པས་ཐ་མལ་གྱི་སྣང་ཞེན་ལས་ཡིད་སྐྱོབ་པའི་ཕྱིར་སྔགས་ཐིག །འོག་གི་སྣ་རྩེར་ཐིག་ལེ་བསྒོམ་པ་ལས་བདེ་བ་འཆར་པ་སོགས་རྫས་ཐིག་གོ །དེའང་ཕྱི་མ་ཅུང་ཟད་བཤད་ན། ཁམས་དཀར་དམར་གཉིས་ལས་དྭངས་སྙིགས་གཉིས་སུ་གྱུར་ཏེ། སྤྱི་བོར་ཕ་ལས་ཐོབ་པའི་དཀར་ཆ་ཧཾ་གི་རང་བཞིན་དང་། ལྟེ་འོག་རྩ་གསུམ་འདུས་མདོར་མ་ལས་ཐོབ་པའི་དམར་ཆ་ཨ་ཐུང་གི་རང་བཞིན་ཏེ། ལུས་ཀྱི་དཀར་ཆ་དང་དམར་ཆ་ཐམས་ཅད་ཀྱི་བདག་པོར་གྱུར་པ། དབུ་མའི་ཆ་ལ་བརྟེན་པ། རྣམ་ཤེས་ཀྱི་རྟེན་བྱེད་པའོ། དེ་ལས་ཀྱང་དྭངས་སྙིགས་གཉིས་སུ་འགྱུར་ཏེ། མངལ་དུ་མའི་རྩ་དང་འབྲེལ་བས་བསྐྱེད་ཅིང་། བཙས་ནས་བཟའ་བཏུང་རྣམས་ཕོ་བར་བད་ཀན་གྱིས་མྱགས་བར་བྱེད། མཁྲིས་པས་མདོག་འགྱུར། རླུང་མེ་མཉམ་སྟེ་མེ་དྲོད་གསུམ་གྱིས་སྦར་བཞུ་མྱགས་པར་བྱས་པས། དྭངས་མ་མཆིན་པར་ཁྲག་ཏུ་གྱུར་ཏེ། རྩ་ལ་བརྒྱུད་ནས། དེ་ཤ །རིམ་པར་ཚིལ། རུས། རྐང་། བྱང་སེམས། དེས་སྟོབས་དང་མདངས་སུ་འགྱུར་ལ། དེ་རྣམས་ཀྱི་སྙིགས་མ་ནི་རིམ་བཞིན་དུ། དྲི་ཆེན་དང་། མཁྲིས་པ་དང་། པགས་པ་དང་། རྨེན་བུ་དང་། སོ་སེན་དང་། སྦུབས་ཀྱི་དྲི་མ་མཆིལ་སྣབས་ལ་སོགས་པ་དང་། དགའ་བའི་མཐར་འཛག་པ་སྟེ། ལུས་ཟུངས་བདུན་ཞེས་གྲགས་ཤིང་། དེ་དག་གི་རྣམ་དབྱེ་ཡང་། སྤྱི་བོ་མི་ཕྱེད་པ་ནས་སོ་སེན་འབབ་པ་སོགས་ཁམས་ཉི་ཤུ་རྩ་བཞི། དེ་རེ་རེ་ལའང་ཐིམས་ལོངས་སྤྱོད་བདག་པོ་གསུམ་དུ་ཕྱེ་བས་ཁམས་བདུན་ཅུ་རྩ་གཉིས། དེ་སྟོང་གིས་ཕྱེ་བས་སྟོང་ཕྲག་བདུན་ཅུ་རྩ་གཉིས། དེ་སྟོང་གིས་ཕྱེ་བས་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་སོགས་རྩ་ཇི་སྙེད་པར་རླུང་། རླུང་ཇི་སྙེད་པར་ཐིག་ལེས་ཁྱབ་པར་གསུངས་སོ། །རྣལ་འབྱོར་པའི་རྒྱུད་ལས་ཁམས་ཉེར་བཞིའི་སྟེང་དུ་རྩའི་གཙོ་མོ་གསུམ་དང་། སུམ་སྒྲིལ་མ་ལ་སོགས་ཏེ་ལྔ་བསྣན་ན་སོ་གཉིས་སུ་གསུངས་ཏེ། ཧེ་རུ་ཀ་གལ་པོ་ལས། ལུས་ལ་བྱང་ཆུབ་སེམས་རྒྱུ་བའི། །རྩ་ནི་སུམ་ཅུ་རྩ་གཉིས་ཏེ། །ཞེས་སོ། །དེའི་སྟེང་དུ་རྩ་བའི་རླུང་ལྔ་རྒྱུ་པའི་སྲོག་ཆེན་པོ་མ་གཏོགས་པའི་བཞི་བསྣན་ནས་སུམ་ཅུ་རྩ་དྲུག་ཏུ་བཤད་པའང་སྣང་ངོ་། །དེ་དག་ཀྱང་འཁོར་ལོ་བཞིར་དགའ་བཞིའི་འགྲོས་ཀྱིས་ཡེ་ཤེས་དང་རྗེས་སུ་འབྲེལ་བར་འཕོ་བ་དང་། ལུས་ལ་ཟུངས་སམ་ནུས་པའམ་གནད་ཀྱི་ངོ་བོ་ཉིད་དུ་རྣམ་ཤེས་དང་རྗེས་སུ་འབྲེལ་པར་འཕོ་བ་བླ་གནས་ཞེས་གྲགས་པའོ། །མདོར་ན་ཐིག་ལེ་མཐའ་དག་ཁུ་རྡུལ་མུན་གསུམ་འདུ་ཞིང་། དེ་གསུམ་གྱིས་ཆགས་སྡང་རྨོངས་གསུམ་སྐྱེད་པ་ལས། རང་བཞིན་བརྒྱད་ཅུའི་རྟོག་པ་དང་། དེས་ལས་བསགས་ནས་འཁོར་བའི་འཁྲུལ་སྣང་གི་སྡུག་བསྔལ་སྣ་ཚོགས་འབྱུང་པ་ཡིན་ལ། དེ་གསུམ་འགྱུར་མེད་དུ་བཅིངས་པ་ལས་འཁོར་བ་ལྡོག་པར་འགྱུར་ཞིང་། ཐིག་ལེ་ཐམས་ཅད་ཀྱི་རྩ་བ་ཆོས་ཉིད་མི་ཤིགས་པའི་ཐིག་ལེ་ནི་རྣམ་པ་ཐམས་ཅད་པ་ཡིན་པས། བརྟགས་པ་དང་མ་བརྟགས་པའི་ཐིག་ལེའི་རྣལ་འབྱོར་ཇི་སྙེད་པ་ཀུན་དངོས་བརྒྱུད་གང་རུང་གི་སྒོ་ནས་ཡང་དག་པའི་ལམ་དུ་འགྲོ་བའི་གནད་ཀྱང་ཤེས་པར་བྱའོ། །དེ་དག་ནི་བླ་མེད་རྒྱུད་སྡེ་སྤྱིར་གྲགས་པ་ལྟར་ཏེ་འོད་གསལ་རྫོགས་པ་ཆེན་པོའི་རང་ལུགས་ཐུན་མོང་མ་ཡིན་པ་ནི་ཐེག་མཆོག་རིན་པོ་ཆེའི་མཛོད་སོགས་ལས་རྒྱ་ཆེར་འབྱུང་པ་ལྟར་རོ། །གཉིས་པ་ལ་གཉིས། རྟེན་རྡོ་རྗེའི་ལུས་ཀྱི་སྒོམ་ཚུལ་བཤད་པ་དང་། བརྟེན་པ་རྩ་རླུང་ཐིག་ལེའི་རྣལ་འབྱོར་བཤད་པའོ། །དང་པོ་ལའང་ལམ་དངོས་དང་། དེ་གོམས་པའི་འབྲས་བུ་གཉིས། དང་པོ་ནི། འབྱུང་བཞིའི་ ནས་ ལྷུན་གྱིས་གྲུབ༔ ཅེས་གསུངས་ཏེ། ཟབ་མོའི་བསྐྱེད་རིམ་མ་བཅོས་རང་བྱུང་གི་དཀྱིལ་འཁོར་དེ་ཇི་ལྟར་ན། འབྱུང་བཞི་རིམ་བརྩེགས་ཆོས་འབྱུང་དང་བཅས་པ་ནི་ཐོག་མར་ཕ་མའི་འདུ་འཕྲོད་ཀྱི་རྐྱེན་ལས་མངལ་དུ་འབྱུང་བཞིའི་ཚོགས་པ་ལ་རླུང་སེམས་ཀྱི་རྟོག་པས་བདག་ཏུ་བཟུང་བའི་རྟེན་ཨེ་དབྱིངས་ཡུམ་གྱི་བྷ་ག་རུ། གཟུགས་ཀྱི་ཕུང་པོ་རགས་པར་གྲུབ་པ་གཞལ་མེད་ཀྱི་ཁང་པ་ཆེན་པོ་སྟེ། དེའང་ལུས་འདོམ་གང་གྲུ་བཞི་གཞལ་ཡས་ཁང་། ཡན་ལག་བརྒྱད་ཀ་བ་བརྒྱད། འབྱུང་ལྔའི་རླུང་རྒྱུ་བའི་དབང་པོ་སྒོ་ལྔ་ལས་མིག་ཉི་ཟླའི་སྐར་ཁུང་། རྣ་བ། སྣ། ཁ། འོག་སྒོ་བཞི་པོ་སྒོ་བཞི། ཤ་དཀྱིལ་འཁོར་གྱི་གཞི། ཁྲག་མཚོ་རྫིང་། དྲོད་མེ་ཕུང་། དབུགས་འཇའ་འོད། སོགས་ཁོངས་ནས་སྙིང་ནོར་བུའམ་ཙིཏྟའི་ཕོད་ཏོ། རྒྱུ་མ་དྲྭ་བ་དྲྭ་ཕྱེད། སོར་མོ་རྣམས་ཟླ་ཕྱེད་མེ་ལོང་། སོ་མདའ་ཡབ། ལྕེ་པུ་ཤུ། བུ་ག་བརྒྱད་དུར་ཁྲོད། སྐྲ་དང་པགས་པ་རུས་ཚིགས་སྲུང་འཁོར་སོགས་རང་བྱུང་གི་རྒྱན་དང་བཀོད་པ་གཟི་བརྗིད་ཀྱི་དཔལ་དུ་འབར་བའི་རྟེན་གཞལ་ཡས་ཁང་དུ་ལྷུན་གྱིས་གྲུབ་པ་དང་། ནང་གི་རྩ་གཡས་རོ་མ་ཐབས་དཔའ་བོ། གཡོན་རྐྱང་མ་ཤེས་རབ་དཔའ་མོ། དབུ་མ་ཧེ་རུ་ཀ་སྤྱི་དཔལ་ཆེན་པོ་ཁྱབ་བདག་ཀུན་ཏུ་བཟང་པོ། འཁོར་ལོའི་གནས་ལྔ་ནི་སྤྱི་བོ་སངས་རྒྱས། མགྲིན་པ་པདྨ། སྙིང་ག་རྡོ་རྗེ། ལྟེ་བ་རིན་ཆེན། གསང་བ་ལས་ཏེ་རིགས་མཆོག་རྣམ་ལྔའི་ཞི་ཁྲོའི་གཙོ་བོ་རྣམ་སྣང་དང་བུདྡྷ་ཧེ་རུ་ཀ་ལ་སོགས་པ་དང་། དེ་དག་གི་རྩ་འདབ་ཐམས་ཅད་ནི་རིགས་ཆུང་རྣམས་ཀྱི་ཚོམ་བུའི་དཀྱིལ་འཁོར་ཡབ་དང་ཡུམ་བཅས་བརྟེན་པ་ལྷའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པ་དང་། ཕྱི་ལུས་ཀྱི་ཕུང་པོ་དམ་ཚིག་སེམས་དཔའ། ནང་དྭངས་མའི་ཐིག་ལེ་ཏིང་འཛིན་སེམས་དཔའ། དེའི་ཁྱབ་བྱེད་རིག་པ་ཡེ་ཤེས་སེམས་དཔའ་གསུམ་པོ་གདོད་ནས་དབྱེར་མེད་དུ་གྲུབ་པ་ཡིན་པ་ལ་ཡིན་པར་ཤེས་པའི་ང་རྒྱལ་གྱིས། རྫོགས་བྱེད་ཡན་ལག་སྒོ་ལྔའི་ཡུལ་དུ་འདོད་ཡོན་གྱི་ལོངས་སྤྱོད་ཇི་ལྟར་སྣང་བ་ཐམས་ཅད་བདེ་བ་ཆེན་པོའི་མཆོད་པའི་སྤྲིན་ཕུང་དུ་ཤེས་པ་ལ་སྤང་བླང་མེད་པར་རོལ་པ་དང་། གཞན་གྱིས་ཆེ་བའི་ཡོན་ཏན་བསྒྲགས་ནས་བསྔགས་པ་ཐམས་ཅད་བསྟོད་པའི་གླུར་ཤེས་པ་དང་། བསྒུལ་བསྐྱོད་བྱེད་པ་ཕྱག་རྒྱ་དང་འགྲོ་འདུག་ཐམས་ཅད་རྡོ་རྗེའི་གར་བསྒྱུར་བ་དང་། སྲོག་དང་རྩོལ་བའི་རླུང་འབྱུང་འཇུག་གནས་གསུམ་པོ་རྡོ་རྗེའི་བཟླས་པར་ངང་གིས་གྲུབ་པས་ཉིན་མཚན་རྟག་ཏུ་རྒྱུན་མི་འཆད་པ་དང་། བཟའ་བཅའ་བཏུང་བའི་རིགས་གྱུར་ནང་གི་གཏོར་མ་དང་ཚོགས་འཁོར་ལ་རྟག་ཏུ་རོལ་པ་ཡིན་པ་དང་། སྙོམས་པར་འཇུག་པའི་ཚེ་གནས་བཞིར་དགའ་བཞིའི་བདེ་བས་རྒྱུད་ཚིམས་པའི་འོད་གསལ་ཡེ་ཤེས་ཀྱི་ལྷ། བཅུ་དྲུག་ཕྱེད་ཕྱེད་ཀྱི་ཐིག་ལེ་ལས་རིམ་པར་བཞེངས་ཏེ་ལྷན་ཅིག་སྐྱེས་པ་མི་ཤིགས་པའི་ནཱ་ད་སྟོང་བཞིའི་མཐར་ཐུག་པར་ཡལ་བས་རྣམ་བཅས་ཀྱི་བསྐྱེད་རིམ་ཡན་ལག་དང་བཅས་པ་དེ་དག་བསམ་མི་ཁྱབ་པའི་རྫོགས་རིམ་དུ་ཞུགས། སྟོང་ཉིད་དེའི་ངང་ལས་གཟུགས་སྣང་སྒྲ་གྲགས་འགྱུ་དྲན་གྱི་རྟོག་ཚོགས་ཀུན་ཀྱང་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་མཆོག་ཏུ་དབྱེར་མེད་པར་ལྷུན་གྱིས་གྲུབ་པའོ། །འདིར་ནཱ་ད་ཞེས་པའི་དོན་ཡང་ཤིན་ཏུ་ཕྲ་བའི་རླུང་ཁམས་གསུམ་པའི་བདག་ཉིད་ཅན་རྒྱུན་མཐའི་བར་གཞོམ་དུ་མེད་པ་དེ་ཉིད་མཚོན་པ་རྣམ་བཅས་ཀྱི་མཚན་མ་ཤིན་ཏུ་ཕྲ་བའོ། །བསྐྱེད་ཚུལ་འདི་ནི་ཀུན་འདུས་རིག་པའི་མདོ་ལས། ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསང་བར་བཀོད་པའི་དཀྱིལ་འཁོར་ནི། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །ཞེས་སོགས་འབྱུང་བ་ལྟར་རོ། །གཉིས་པ་ནི། ཟབ་མོའི་ ནས་ ངང་གིས་ཤར༔ ཞེས་གསུངས་ཏེ། དེ་ལྟར་བཤད་པའི་ཟབ་མོའི་བསྐྱེད་རིམ་འདི་ལ་རྣལ་འབྱོར་པ་སུས་ཉམས་ལེན་གྱིས་གོམས་ཤིང་འདྲིས་པར་བྱེད་པ་དེ་ནི་རིང་པོར་མི་ཐོགས་པར་རླུང་སེམས་ལས་སུ་རུང་བས་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ། སྤྱན་དང་མངོན་པར་ཤེས་པའང་འགྲུབ་སྟེ། དེ་ལ་སྤྱན་ལྔ་ནི། དཔག་ཚད་བརྒྱ་སྟོང་ཚུན་གྱི་དངོས་པོ་མཐོང་བ་ཤའི་སྤྱན། །སེམས་ཅན་ཀུན་གྱི་འཆི་འཕོ་དང་སྐྱེ་བའི་ཚུལ་མཐོང་བ་ལྷའི་སྤྱན། ཆོས་ཉིད་ཀྱི་དོན་ཇི་ལྟ་བར་མཐོང་བ་ཤེས་རབ་ཀྱི་སྤྱན། རང་དང་སྤངས་རྟོགས་མཉམ་པའི་རྒྱུད་ཚོད་རིག་པ་ཆོས་ཀྱི་སྤྱན། ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པར་མཐོང་བ་སངས་རྒྱས་ཀྱི་སྤྱན་ཏེ་དང་པོ་གཉིས་རྣམ་སྨིན་གྱི་རྒྱུ་དང་ཀུན་གྱི་རྒྱུ་ནི་སྒོམ་སྟོབས་སོ། །མངོན་ཤེས་དྲུག་ནི། ལུས་རྣམ་པར་དག་པ་རྫུ་འཕྲུལ། ངག་རྣམ་པར་དག་པ་ལྷའི་རྣ་བ་དང་གཞན་སེམས་ཤེས་པ། སེམས་རྣམ་པར་དག་པ་སྔོན་གནས་རྗེས་དྲན། ལྷའི་མིག །ཟག་པ་ཟད་པའི་མངོན་ཤེས་རྣམས་ཏེ། དེ་གཉིས་ཀྱི་དང་པོ་རྣམས་ནི་སོ་སྐྱེ་དང་འཕགས་པའི་ས་རྣམས་སུའང་ཡོད་ལ། ཕྱི་མ་རེ་རེ་ནི་སངས་རྒྱས་ཀྱི་སས་བསྡུས་པ་ཡིན་ཞིང་འཕགས་པ་ལའང་རྗེས་མཐུན་པ་ཙམ་ཡོད་པར་བཞེད་དོ། །གཞན་ཡང་ཕྱི་ནང་གསང་པའི་དྲོད་དང་དངོས་ཉམས་རྨི་ལམ་གྱི་རྟགས་མཚན་ངོ་མཚར་བ་རྣམས་ཀྱང་རྩོལ་བ་མེད་པར་ངང་གིས་ཤར་བར་འགྱུར་ཏེ། རྒྱུད་ལས། ཕྱི་དང་ནང་དང་དེ་བཞིན་ཉིད། །དངོས་དང་དངོས་མིན་གནས་ལུགས་ཀུན། །རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དང་། །ཀུན་གཞི་ཡེ་ཤེས་རང་བྱུང་ལྷ། །དེ་ལ་གོམས་འདྲིས་བརྟན་པ་ནི། །ཕྱི་ནང་ཞིང་ཁམས་མ་ལུས་པ། །གཉིད་སད་སྣང་བ་ཇི་བཞིན་དུ། །རིང་པོར་མི་ཐོགས་འཆར་བར་འགྱུར། །ཞེས་སོ། །གཉིས་པ་རྩ་རླུང་ཐིག་ལེའི་རྣལ་འབྱོར་བཤད་པ་ལ་གཉིས། མཚམས་སྦྱར་ཏེ་མདོར་བསྟན། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་ ནས་ རྫོགས་རིམ་ནི༔ ཞེས་གསུངས་ཏེ། དེ་ལྟར་བདེ་བ་ཆེན་པོ་རང་བྱུང་རྡོ་རྗེ་ལུས་ཀྱི་སྐུ་ལ་རྟེན་བྱས་ནས། བརྟེན་པ་རྩ་དང་རླུང་དང་ཐིག་ལེའི་རྣལ་འབྱོར་ལ་བརྟེན་ཏེ་རང་བྱིན་བརླབ་པའི་རྫོགས་རིམ་ནི་འདི་ལྟ་སྟེ། གཉིས་པ་ལ་གསུམ། བཀོད་པ་རྩ། གཡོ་བ་རླུང་། ཐིག་ལེ་བྱང་ཆུབ་ཀྱི་སེམས་སྦྱོང་པའོ། །དང་པོ་ནི། ལུས་གནད་ ནས་ གོམས་པ་ན༔ ཞེས་གསུངས་ཏེ། དེའང་ལུས་གྲོང་ཁྱེར། རླུང་རྟ་ལོང་བ། རྣམ་ཤེས་མི་ཞ་བོ་འདྲ་བར་ཁ་ལོ་སྒྱུར་པས་བྱེད་པ་མ་འཆིངས་ན་མིས་ཞོན་པའི་རྟ་དེ་སྲང་བར་ནས་ཕྱིར་ཤོར་པ་དང་འདྲ། འཆིང་ན་སྲང་སྒོ་ཁེགས་ནས་མི་རྟ་ནང་དུ་ཚུད་དེ་འགྲོར་མི་ཐུབ་པ་དང་འདྲ་བས། རྣམ་རྟོག་གི་བཞོན་པ་རླུང་འཆིང་པ་ལ་ལུས་ཀྱི་གནད་འཆིང་བ་གལ་ཆེའོ། །དེའང་ཀློང་ཆེན་རབ་འབྱམས་ལས། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བཅའ། །ལག་པ་གཉིས་ཀྱིས་མཉམ་བཞག་བསྣོལ། །ལུས་ནི་མདའ་སྨྱུག་བཞིན་ཏུ་བསྲང་། །དཔུང་པ་རྒོད་གཤོག་བཞིན་དུ་བརྒྱང་། །མཇིང་པ་གཞུ་མཆོག་བཞིན་དུ་བསྐུམ། །ལུས་གནད་ཕག་པའི་གཟེངས་ལྟར་བསྟོད། །མིག་དང་སྣ་རྩེ་སེམས་རྩེ་བསྟུན། །ཞེས་གསུངས་པ་ལྟ་བུའི་ལུས་གནད་དང་ལྡན་པས་ཆ་ཆ་ནས་བསྒྲིམས་ཏེ་ཆུན་བཙལ། ཁོང་པར་ཉོན་མོངས་པའི་རླུང་གི་དུག་ཡོད་པ་དབྱུང་བའི་ཕྱིར་རླུང་རོ་སྣ་སྒོ་ནས་ལན་གསུམ་བསལ། སེམས་ཀྱི་གནད་རང་ལུས་ཐ་མལ་གྱི་སྣང་བ་དབྱིངས་སུ་ཡལ་ཏེ་རྣམ་པར་མི་རྟོག་པའི་ངང་ལས། ངོ་བོ་བདེ་སྟོང་གི་རང་བཞིན་རྣམ་པ་ཡི་དམ་ལྷའི་སྐུ། རྣམ་འགྱུར་དྭངས་གསལ་རྙོག་པ་མེད་པ་ཆུ་ཟླའི་རོལ་གར་དང་སྒྲིབ་ཐོགས་མེད་པ་ནམ་མཁའ་ལ་འཇའ་ཚོན་ཤར་བ་ལྟ་བུའི་སྐུར་གསལ་བའི་ལུས་ཀྱི་དབུས་སུ་ཨ་བ་དྷཱུ་ཏི་མར་གྲགས་པའི་རྩ་སྔོན་པོ་ཚངས་བུག་ནས་གསང་གནས་བར་དུ་ཀ་བ་ལྟར་ཡོད་པ་མཚན་ཉིད་བཞི་ལྡན། དེའི་གཡས་གཡོན་གཉིས་སུ་རོ་མ་དམར་མོ་དང་རྐྱང་མ་དཀར་མོ་དྷཱུ་ཏི་ལས་འདབ་འགྱུར་གྱིས་ཕྲ་བ་སུམ་བཤིབས་སུ་ཡོད་པ། རོ་རྐྱང་གཉིས་ཀྱི་ཡར་སྣ་སྤྱི་བོ་ནས་ཐུར་དུ་གུག་པ་སྣ་བུ་གཉིས་སུ་ཟུག་ཅིང་མར་སྣ་གཉིས་ལྟེ་འོག་སོར་བཞིའི་ཐད་ནས་དྷཱུ་ཏིར་ཚུད་པ། གཙོ་མོ་དེ་གསུམ་སྲོག་ཤིང་བསླངས་པ་ལྟ་བུ་ལ་གདུགས་ཀྱི་རྩིབས་མ་བཀོན་པ་ལྟར་བརྟེན་པའི་སྤྱི་བོར་རྩེ་མོ་རྣམ་པར་བཀོད་པའི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས། མགྲིན་པར་རོ་རྣམས་འདུས་པའི་འཁོར་ལོ་འདབ་མ་བརྒྱད་གཉིས་བཅུ་དྲུག །སྙིང་ག་དྲན་པ་རྣམ་པར་དཀོད་པའི་འཁོར་ལོ་ལ་རྣམ་ཤེས་ཚོགས་བརྒྱད་བརྟེན་པའི་འདབ་མ་བརྒྱད། ལྟེ་བ་སྐྱེད་བྱེད་ཀྱི་འཁོར་ལོར་འདབ་མ་དྲུག་ཅུ་རྩ་བཞི་བཅས་འཁོར་ལོ་བཞི་པོའི་ལྟེ་བ་དྷཱུ་ཏི་ནས་ཕྱོགས་བཞིར་འབྱུང་བཞིའི་ནུས་པ་འཛིན་པའི་རྩ་འདབ་རེ་རེ་གྱེས་ཤིང་། སྙིང་གར་དེ་ལས་གཉིས་གཉིས་གྱེས་པས་ཕྱི་སྐོར་ལ་བརྒྱད། མགྲིན་པར་དེ་ལས་ཀྱང་གཉིས་རེ་གྱེས་པས་བར་སྐོར་ལ་བརྒྱད་དང་ཕྱི་སྐོར་ལ་བཅུ་དྲུག །སྤྱི་བོ་དེ་ལས་ཀྱང་གཉིས་རེ་གྱེས་པས་བར་སྐོར་ཕྱི་མར་བཅུ་དྲུག་དང་ཕྱི་སྐོར་ལ་སོ་གཉིས། ལྟེ་བར་སྙིང་ག་ལྟར་གྱེས་པའི་བརྒྱད་ཀྱི་བཞི་ལས་གཉིས་རེ་གྱེས་ཤིང་། དེ་ལྟར་གྱེས་པའི་བརྒྱད་ལས་ལྔ་ལྔ་དང་། མ་གྱེས་པའི་བཞི་ལས་དྲུག་དྲུག་གྱེས་པས་བར་སྐོར་ལ་བཅུ་གཉིས་དང་ཕྱི་སྐོར་ལ་དྲུག་ཅུ་རྩ་བཞི་སྟེ་ལུས་ལ་ཇི་ལྟར་གནས་པ་བཞིན་དུ་གསལ་གདབ། རྩ་དེ་ཐམས་ཅད་དྭངས་གསལ་སྦུབས་སྟོང་གི་རྣམ་པར་བསྒོམས་ལ་རྩའི་སྟོང་ར་ཉིད་ཐམས་ཅད་ཀྱི་གཞི་ཡིན་པས་ལེགས་པར་གོམས་པ་ན་རྣལ་འབྱོར་ཕྱི་མ་ལ་འཇུག་པར་བྱའོ། །གཉིས་པ་ལ་གཉིས། ཐུན་གྱི་ཉམས་ལེན་དང་། ཐུན་མཚམས་ཀྱི་ཉམས་ལེན་ནོ། །དང་པོ་ལའང་གཉིས། གཙོ་བོ་བུམ་ཅན་དང་། དེ་སྦྱངས་པའི་འབྲས་བུའོ། །དང་པོ་ནི། སྐྱོན་ཅན་ ནས་ འཆད་པ་ཡིས༔ ཞེས་གསུངས་ཏེ། ལུས་གནད་རྩའི་སྟོང་ར་གསལ་བཏབ་ནས་སྔར་ཁོང་པར་བསྐྱིལ་བའི་དུག་གསུམ་གྱི་སྐྱོན་དང་འདྲེས་པ་ཅན་གྱི་རླུང་ནི་སྣ་སྒོ་ནས་ཕྱིར་ལ་སངས་ཀྱིས་བུད་དེ་དེའང་འབུད་པ་དགུ་ཕྲུགས་སམ་སུམ་ཕྲུགས་བྱ། མཉམ་རྒྱུའི་ཡེ་རླུང་སོགས་རླུང་གི་དུས་གནད་ལ་མཁས་པས་སྐྱོན་མེད་པ་འབྱུང་ལྔ་དྭངས་མའི་རླུང་སྣ་སྒོ་ནས་རྔུབས་ཏེ་སྟེང་རླུང་དང་ཐུར་སེལ་བསྐུམ་སྟེ་འོག་རླུང་གཉིས་ལྟེ་བར་ནར་གྱིས་དྲངས་ལ་དབུ་མར་ཁ་སྦྱོར་དུ་བསྐྱིལ་བ་བུམ་པ་ལྟར་དགང་། མི་ནོན་པའི་ཚེ་གཡས་གཡོན་འཐེན་གནོན་དང་ཕྱི་ནང་དུ་གཞིལ། མི་ཐུབ་ཙ་ན་མདའ་ལྟརའཕང་སྟེ་དེ་ལྟ་བུའི་སྦྱོར་བ་བཞི་ལྡན་གྱི་རླུང་སྦྱོར་ལ་རྩོལ་པ་རིམ་གྱིས་ཇེ་དྲག་ཏུ་བསྐྱེད། ལུས་སེམས་དུབ་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་བསྒོམ་པས་སྡོམ་འབྱུང་ནས་བཤད་པའི་བུམ་ཅན་རབ་འབྲིང་ཐ་མའི་ཚད་ལྡན་དུ་གྲུབ་པར་གསུངས་ཀྱང་ད་ལྟའི་ལག་ལེན་ལ། ལག་པའི་ཐལ་མོས་པུས་མོ་ལ་ལན་རེ་བསྐོར་ཏེ་སེ་གོལ་གཅིག་གཏོགས་པའི་མུན་ཚད་སུམ་ཅུ་རྩ་དྲུག་ནི་བུམ་པ་ཅན་ཆུང་ངུ་། བདུན་ཅུ་དོན་གཉིས་འབྲིང་། བརྒྱ་རྩ་བརྒྱད་ཁེགས་པ་ཆེན་པོའི་ཚད་དུ་བཞེད་དོ། །གཉིས་པ་ནི། ལུས་བདེ་སོགས་རྐང་པ་གཅིག་སྟེ། རླུང་བུམ་པ་ཅན་གྲུབ་པའི་ཡོན་ཏན་མང་དུ་བཤད་པ་ལས་མདོར་བསྡུ་ན་ལུས་མཉེན་ལྕུག་ཐོབ་པའི་བདེ་བ། ངག་རང་དབང་དུ་གྱུར་པས་སྙན་པ། སེམས་ཏིང་ངེ་འཛིན་ལ་གཡོ་མེད་དུ་གནས་པ་དང་། འཆི་བ་མེད་པའི་བཅུད་ལེན་འགྲུབ་པར་འགྱུར་ཏེ། སྡོམ་འབྱུང་ལས། ཡང་ན་བུམ་པ་ཅན་སྦྱོར་བས། །ཐམས་ཅད་དུ་ནི་འཆི་ལས་རྒྱལ། །ཞེས་སོ། །གཉིས་པ་ཐུན་མཚམས་བྱ་བ་ནི། ཐུན་མཚམས་ ནས་ སེམས་གནས་བསྒྲུབ༔ ཅེས་གསུངས་ཏེ་དེ་ལྟར་རླུང་གི་རྣལ་འབྱོར་ལ་བརྩོན་པའི་ཐུན་མཚམས་རྣམས་སུ་ཡན་ལག་ལྔ་སྦྱོང་སོགས་རྩ་རླུང་གི་སྐྱོན་སྦྱང་བ་རྣམས་དང་། ལུས་ཀྱི་ཆུན་བཙལ་ཞིང་གནད་ལ་རྡེག་པར་བྱེད་པ་དང་། ཐིག་ལེའི་སྐབས་སུ་འདྲེན་ལྡོག་བཀྲམ་པར་བྱེད་པ་དང་། ཐམས་ཅད་དུ་གེགས་བསལ་ཞིང་བོགས་དབྱུང་པའི་འཕྲུལ་འཁོར་རྣམས་ཀྱང་ལག་ལེན་ལྟར་བྱ་ཞིང་། མཐར་སྒོ་གསུམ་དལ་བར་བཞག་པས་རྩ་འཁྲུགས་རླུང་འཁྲུགས་རང་བཞིན་གྱིས་དྭངས་པར་འགྱུར་བ་དང་། བར་སྐབས་རྣམས་སུ་རྡོ་རྗེའི་བཟླས་པས་བོགས་འབྱིན་ཅིང་སེམས་གནས་པ་བསྒྲུབ། སྤྱིར་རྡོར་བཟླས་ནི་ཐམས་ཅད་དུ་གལ་ཆེ་བས་དེའི་དོན་ཅུང་ཟད་སྨོས་ན། ཧེ་རུ་ཀ་གལ་པོ་ལས། ལམ་དུ་ཁྱེར་བའི་བཟླས་པ་ནི། །འཇུག་དང་གནས་དང་ལྡང་བ་ལ། །ཡན་ལག་དྲུག་ཏུ་ཚང་བསྒོམས་པས། །རྡོ་རྗེའི་བཟླས་པ་ལམ་དུ་ཁྱེར། །ཞེས་གསུངས་པའི་ཡན་ལག་དྲུག་ནི་བཤད་རྒྱུད་རྡོར་ཕྲེང་སོགས་ལས་རྣལ་འབྱོར་དྲུག་ཅེས་བཤད་པ་དང་དགོངས་པ་མཐུན་པས་དེ་ལས་དང་པོ་ནི། རྒྱུ་བ་ངེས་པའི་ཚུལ་གྱིས་ཇི་སྲིད་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་པོ་ཐམས་ཅད་བགྲང་ནུས་ཀྱི་བར་གྲངས་བརྩི་བ་ལ་སེམས་འཛིན་པ་ནི་བགྲང་བའི་རྣལ་འབྱོར་དང་། གཉིས་པ་རྗེས་སུ་འགྲོ་བ་ནི་ཐུན་ཚོད་བརྒྱད་ཀྱི་དུས་རེ་རེ་ལ་ཉིས་སྟོང་བདུན་བརྒྱ་རྒྱུ་ཞིང་རླུང་འབྱུང་བ་རེ་རེ་ལའང་འབྱུང་བ་གཞན་བཞི་རྗེས་སུ་འགྲོ་བར་ཤེས་པ་སྟེ་འདི་ནི་རྣམ་པར་གསལ་བའོ། །གསུམ་པ་འཇོག་པའི་རྣལ་འབྱོར་ནི་རླུང་འབྱིན་འཇུག་གི་རྒྱུད་རྣམས་ལ་འདི་ནི་རྩའི་འཁོར་ལོ་འདི་དང་འདི་ལས་རྒྱུ་བ་ཡིན་ནོ་ཞེས་སོ་སོར་ཤེས་པ་སྟེ་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་གོང་བུའི་ཚུལ་ལ་སེམས་འཛིན་པའོ། །བཞི་པ་རྟོགས་པའི་རྣལ་འབྱོར་ནི་འཁོར་ལོ་བཞིའི་འབྱུང་ལྔའི་རླུང་ཉི་ཤུས་རྟོག་པའི་རླུང་བརྒྱ་རྩ་བརྒྱད་བསྒྱུར་ཞིང་དེའང་གཡས་གཡོན་གྱི་དཀྱིལ་འཁོར་སྡོམ་པ་བཅུས་བསྒྱུར་པའི་རླུང་གི་མཚན་ཉིད་ཤེས་པས། དེས་རྣམ་རྟོག་གང་སྐྱེས་ཀྱང་ཤེས་ལ། དེ་དག་རྒྱུས་མ་ཐག་ཏུ་རྟོག་མེད་དུ་འགྱུར་བས་རྟོག་མེད་ཀྱི་ཡེ་ཤེས་འཆར་ཚུལ་ཡང་ཤེས་ཏེ་རྟོག་པ་དང་མི་རྟོག་པའི་སྐྱོན་ཡོན་རིག་པར་བྱེད་པའོ། །ལྔ་པ་བསྒྱུར་བའི་རྣལ་འབྱོར་ནི་སྔར་གྱི་རྣམ་རྟོག་རྒྱུ་བ་ཤུགས་ཅན་དེ་ལོག་ནས་རྟོག་པའི་རླུང་བརྒྱ་རྩ་བརྒྱད་པོ་རྟོག་བྲལ་གྱི་རླུང་དུ་སོང་བས་མཉམ་བཞག་ཏུ་མི་རྟོག་པར་ཁོ་ནར་གནས་ཀྱང་རྩ་འཁོར་ལ་རྒྱུ་བ་ན་ཉོན་མོངས་པའི་ཞད་ཡོང་བས་ཉོན་མོངས་པའམ་ཀུན་རྫོབ་ཅེས་བྱ་ལ། དེ་འགགས་ནས་མི་ཤིགས་པ་ལ་ཐིམ་པ་ན་ཡེ་ཤེས་དང་དོན་དམ་ཞེས་བྱ་ཞིང་། ཡང་དེ་ལས་ལངས་ནས་རྩའི་འཁོར་ལོར་རྒྱུ་བ་སོགས་སྔར་འཁོར་བར་བྱེད་པའོ། །དྲུག་པ་ཡོངས་དག་གི་རྣལ་འབྱོར་ནི། རྩ་འཁོར་རྣམས་སུ་རླུང་རྒྱུ་མི་རྒྱུའི་དབྱེ་བའང་སྤངས་ཏེ། རྟག་ཏུ་མི་ཤིགས་པ་ལ་ཐིམ་པས་རླུང་གི་དེ་ཁོ་ན་ཉིད་མཉམ་བཞག་གསལ་སྟོང་བདེ་བའི་མཚན་ཉིད་ཅན་དེའི་ངང་དུ་རླུང་ཐམས་ཅད་ཐིམ་པའི་འོད་གསལ་ལ་མཉམ་པར་འཇོག་པའོ། །དེ་ལྟར་ཡན་ལག་དྲུག་པོ་དེ་ལ་རྡོ་རྗེའི་བཟླས་པ་ཇི་ལྟར་བྱ་བའི་ཚུལ་ནི། དགོངས་པ་ལུང་སྟོན་ལས། བརྗོད་དང་དམིགས་པར་བཅས་པ་དང་། །བརྡར་གྱུར་དང་ནི་དོན་དམ་མོ། །ཞེས་རྡོ་རྗེའི་བཟླས་པ་རྣམ་པ་བཞི་གསུངས་ཏེ། དེའི་དོན་འཆད་ཚུལ་མང་ཡང་དཀྱུས་ཀྱི་ཕྱག་ལེན་ལྟར་ན། འབྲུ་གསུམ་ངག་ཏུ་བཟླ་བ་བརྗོད་བཅས་རྡོར་བཟླས། ཡི་གེ་གསུམ་དབྱིབས་དང་ཁ་དོག་གི་རྣམ་པར་བསྒོམ་པ་དམིགས་པ་རྡོར་བཟླས། རླུང་ལྡང་འཇུག་གནས་གསུམ་འབྲུ་གསུམ་གྱི་གདངས་སུ་མོས་པས་རླུང་སྔགས་དབྱེར་མེད་དུ་ཤེས་ནས་བཟླ་པ་བརྡར་གྱུར་རྡོར་བཟླས། རླུང་གི་འགྲོ་འོང་གནས་གསུམ་དང་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་དབྱེར་མེད་དུ་ཤེས་པས་མིང་ཚིག་བརྗོད་པ་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པ་དོན་དམ་རྡོ་རྗེའི་བཟླས་པར་བཞེད་དོ། །གསུམ་པ་ཐིག་ལེ་སྦྱོང་བ་ལ་གཉིས། ལམ་གྱི་གཙོ་བོ་དང་། ལམ་གྱི་ཡན་ལག་གོ །དང་པོ་ལ་གཉིས། དྲོད་དང་བདེ་བ་མི་རྟོག་པའི་གཏུམ་མོ་བཤད་པ་དང་། གོང་གི་དོན་རྣམས་བསྙེན་སྒྲུབ་བཞིར་སྦྱར་བའི་ཚུལ་གྱིས་དོན་བསྡུ་བའོ། །དང་པོ་ནི། དེ་ལ་ ནས་ དབྱིངས་སུ་བསྐྱལ༔ ཅེས་གསུངས་ཏེ། རྩ་རླུང་རྣལ་འབྱོར་དེ་དག་ལ་གོམས་ནས་ལྟེ་བ་སྤྲུལ་པའི་འཁོར་ལོའི་འོག་སོར་བཞི་ཙམ་དུ། ཤེས་རབ་ཕར་ཕྱིན་རྣལ་འབྱོར་མ་སྦས་པའི་རང་གཟུགས་དཔྱིད་དམ་ཙཎྜ་ལཱི་སྟེ་གཏུམ་མོ་ཡེ་ཤེས་ཀྱི་མེ། དབྱིབས་ཨ་ཤད་ཀྱི་རྣམ་པ། ཁ་དོག་དམར་ལ་རེག་བྱ་ཚ་བ་ངོ་བོ་སྟོང་པ་ཉམས་བདེ་བའི་རང་བཞིན་དང་། དབུ་མའི་ཡར་སྣར་ཧཾ་ཡིག་དངོས་སམ་ཐིག་ལེ་གསལ་འཚེར་སྣུམ་འདྲིལ་མཚན་ཉིད་བཞི་ལྡན་ཏུ་གསལ་གདབ། སྦྱོར་བ་བཞི་ལྡན་བུམ་ཅན་རླུང་གིས་བསྐུལ་བས་མེ་ལྕེ་སོར་བཞི་ཙམ་ནས་རིམ་པར་ཇེ་རིང་ལ་སྦར། དབུ་མའི་སྦུབས་ལམ་དུ་ཞུགས་ཏེ་ལྟེ་བ་སོགས་འཁོར་ལོ་བཞིར་རྩ་ཐིག་ཁ་སྦྱོར་གྱི་ལྷ་ཚོགས་རྣམས་བསྐུལ། མཐར་སྤྱི་བོའི་ཧཾ་ལ་རེག་པས་དེ་ལས་བདེ་བའི་རྒྱུན་གྱི་ཐིག་ལེ་ཆར་ཟིམ་མམ་བ་ཐག་ལྟར་བྱུང་སྟེ་ལྟེ་བའི་གཏུམ་མོ་ལ་ཐིམ་པས་སྡོང་རྩ་མར་ཁུས་བརླན་པ་ལྟར་གསོས་བཏབ། སླར་ཡང་མེ་དེ་ཉིད་ཆེས་ཆེར་འབར་བས་བྱང་སེམས་བསྐུལ་བའི་བདེ་བ་དང་འདྲེས་ཏེ་འཁོར་ལོ་བཞི་ནས་རིམ་པར་མཆེད་པས་ལུས་རྩ་ཕྲ་མོའི་ཁམས་ཐམས་ཅད་ཁྱབ། དྲོད་དང་བདེ་བས་གང་བ་དེ་ཉིད་རང་རིག་གི་ངོ་བོར་རོ་མཉམ་དུ་ཤེས་པའི་ལྟ་བས་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་བྱེད་པར་འགྱུར་ལ། ཞུ་བདེ་སྟོབས་སུ་གྱུར་པའི་ཉམས་གསུམ་ཀར་ཡང་ཆེད་འཛིན་མེད་པར་མཐར་ཐུག་ཀ་དག་རང་བཞིན་འོད་གསལ་ཆོས་ཉིད་ཀྱི་དབྱིངས་སུ་བསྐྱལ་བར་བྱའོ། །སྤྱིར་གཏུམ་མོ་ལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རང་བཞིན་ཕྱི། ཨ་ཐུང་ནང་། ཁ་སྦྱོར་གསང་བའི་གཏུམ་མོ་གསུམ་དུ་གསུངས་པ་ལས་འདིར་བསྒོམ་བྱ་ནང་གི་གཏུམ་མོའི་ངོ་བོ་ནི། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནང་གི་རྣལ་འབྱོར་མ་སྟེ། རྡོར་ཕྲེང་ལས། ལྟེ་བའི་དབུས་སུ་རྟག་གནས་པ། །ཉི་མ་སྟོང་དང་མཚུངས་པའི་འོད། །ཡེ་ཤེས་ཆེན་པོའི་མེ་འབྱུང་བ། །ཞེས་སོ། །ངེས་ཚིག་ཙཎྜ་ལཱིའི་སྒྲ་ལས་དྲག་ཅིང་གཏུམ་ལ་སྲེག་པ་སྟེ་གང་ལ་གནད་དུ་བསྣུན་པས་ཕུང་ཁམས་ཀྱི་མ་དག་པ་དང་རྣམ་རྟོག་ཉོན་མོངས་མྱུར་དུ་སྲེག་པར་བྱེད་པའོ། །གནས་ཚུལ་རྒྱུད་སྡེ་སོ་སོའི་དགོངས་པས་མེ་དང་རླུང་དང་རྩ་དང་ཐིག་ལེ་དང་སྔགས་དང་ཡེ་ཤེས་རྣམས་སུ་གནས་པར་བཤད་ལ་ཀུན་རྫོབ་ཐིག་ལེ་དོན་དམ་ཡེ་ཤེས་སུ་གནས་པ་སྤྱིའི་དགོངས་པའོ། །སྤར་བྱེད་བུམ་ཅན་སོགས་རླུང་སྦྱོར། ས་བོན་ཕྱག་མཚན་མེ་ཐིག་ཨ་ཤད་སོགས་དམིགས་པ། རང་ལུས་གཞན་ལུས་ཐབས་ལ་བསྟན་པ་སྟེ་གསུམ་མོ། །འབར་བའི་ཚད་རོ་རྐྱང་གི་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་ཀའང་འབར་བ་ཆུང་འབྲིང་ཆེན་པོ་གསུམ་དུ་འབྱུང་། དབྱེ་བ་ལས་དང་རྣལ་འབྱོར་ལྷན་སྐྱེས་ཀྱི་གཏུམ་མོ་གསུམ་མམ། འབར་བ་དམ་ཚིག་དྲོད། ཞུ་བ་ཆོས་བདེ་བ། འདྲེས་པའི་ཉམས་མྱོང་ཡེ་ཤེས་མི་རྟོག་པའི་གཏུམ་མོ་གསུམ་དུ་བཤད། རྟགས་ཚད་ཕྱི་ནང་གི་རྟགས་བཅུ་དང་ཡོན་ཏན་གྲུབ་པ་རྣམ་པ་གཉིས་ཀའི་རྒྱུར་འགྱུར་རོ། །གཉིས་པ་ནི། ཟབ་པའི་ ནས་ མངོན་ཏུ་འགྱུར༔ ཞེས་གསུངས་ཏེ། དེ་ལྟར་བཤད་པའི་བཅོས་མིན་ཟབ་མོའི་བསྐྱེད་རིམ་ནི་བསྙེན་པ་དང་། ཉེ་བར་བསྙེན་པ་ནི་རླུང་གི་རྣལ་འབྱོར་ལུས་སྦྱོང་འཕྲུལ་འཁོར་དང་བཅས་པ་ཡིན་ཏེ། དེ་ནས་གཏུམ་མོའི་འབར་འཛག་གི་སྒྲུབ་པའི་རིམ་པས་བདེ་སྟོང་དབྱེར་མེད་པའི་སྒྲུབ་པ་ཆེན་པོའི་དེ་ཉིད་མངོན་དུ་འགྱུར་བ་སྟེ་དཀྱིལ་འཁོར་བཀོད་པ་སོགས་སྤྲོས་བཅས་ལ་མ་ལྟོས་བར་ནང་རྡོ་རྗེའི་ལམ་དུ་བསྙེན་སྒྲུབ་ཡན་ལག་བཞི་མཐར་ཕྱིན་པའོ། །གཉིས་པ་ལམ་གྱི་ཡན་ལག་བཤད་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། ལམ་གྱི་ཡན་ལག་ཅེས་པས་བསྟན་ཏེ། ཐབས་ལམ་གྱི་ཡན་ལག་ཏུ་གལ་ཆེ་བ་ཉིན་མཚན་གྱི་རྣལ་འབྱོར། མཚམས་སྦྱོར་གྱི་གདམས་པ་རྣམས་རིམ་བཞིན་བསྟན་པར་བྱའོ། །གཉིས་པ་ལ་གཉིས། ཉིན་མོ་དང་མཚན་མོའི་རྣལ་འབྱོར་རོ། །དང་པོ་ནི། ཉིན་མོའི་ ནས་ བདེ་བར་རོལ༔ ཅེས་གསུངས་ཏེ། ཞུ་བདེ་གཏུམ་མོའི་རྣལ་འབྱོར་ནི་སྒྲིབ་རྩ་སྙོམས་འཇུག་འཕོ་བའི་གནས་སྐབས་སྦྱོང་ཞིང་ལྷན་སྐྱེས་ཀྱི་ཡེ་ཤེས་སྐྱེད་པའི་ཕྱིར་ལམ་གྱི་གཞུང་ཤིང་ཡིན་པས་མཉམ་བཞག་ཉམས་ལེན་དངོས་གཞིར་བྱས་ལ། རྗེས་ཐོབ་ཏུ་ཉིན་མཚན་གྱི་རྣལ་འབྱོར་གྱིས་སོ་སོའི་ངོ་སྐལ་སྦྱང་དགོས་པས། དེའང་ཉིན་མོའི་རྗེས་ཐོབ་ཐ་མལ་འཁྲུལ་པའི་གནས་སྐབས་ཀུན་སྒྱུ་ལུས་ཀྱིས་སྦྱངས་ཏེ། དེའང་བསྒྲུབ་བྱ་དངོས་སྦས་དོན་གྱི་སྒྱུ་ལུས་ཡིན་ཀྱང་སྔོན་ཏུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་བློ་འབྱོངས་བར་བྱ་དགོས་པས་མདོར་དྲིལ་ན་བཞི། དང་པོ་མ་དག་སྒྱུ་ལུས་ནི། ཁམས་གསུམ་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་ཀྱིས་མཚོན་ནས་མེད་བཞིན་དུ་སྣང་ལ་བདེན་པར་མ་གྲུབ་པ་དཔེ་དེ་དག་ལྟ་བུར་ཤེས་པར་བྱ་སྟེ། བརྒྱད་ནི། བདེན་པར་མ་གྲུབ་ཀྱང་བྱ་བྱེད་དངོས་པོ་ཚང་བར་སྣང་བ་སྒྱུ་མ། འཁྲུལ་པས་བསླད་པའི་སེམས་ཙམ་དུ་སྣང་བ་རྨི་ལམ། གདོས་བཅས་སུ་མ་གྲུབ་པས་ཕྱི་ནང་གང་དུའང་མེད་པ་མིག་ཡོར། སྐད་ཅིག་གིས་གཡོ་བ་སྨིག་རྒྱུ། གཅིག་གིས་གར་ཡང་ཁྱབ་པ་ཆུ་ཟླ། རྒྱུ་རྐྱེན་ལས་སྐད་ཅིག་གིས་སྐྱེ་འགག་བྱེད་པ་བྲག་ཆ། སྣང་ཡང་ངེས་པ་མེད་པ་དྲི་ཟའི་གྲོང་ཁྱེར། གཅིག་དང་དུ་མར་སྣང་བ་སྤྲུལ་པ་རྣམས་ཏེ། དེ་བཞིན་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་བཞིན་དུ་ཉེ་བར་སྣང་བ་སྒྱུ་མའི་ལུས་ཅན་ཡིན་པས་ཚིག་དོན་རྣམས་མདོ་དང་ཐུན་མོང་བའི་སྤྱི་དོན་གྱི་སྒྱུ་ལུས་སོ། །གཉིས་པ་དག་པ་སྒྱུ་ལུས་ནི། འདི་ལྟར་སྣང་བ་ཐམས་ཅད་ལོགས་སུ་མ་གྲུབ་པ་སེམས་ཀྱི་འདུ་བྱེད་ཙམ་དུ་ཤར་བ་དང་སེམས་དེའང་གདོད་ནས་རང་བྱུང་སྣང་སྟོང་ཟུང་འཇུག་གི་ལྷ་སྐུར་བལྟ་བ་སྟེ། དེའི་ཚུལ་ཡང་རིམ་ལྔ་ལས། མེ་ལོང་ནང་གི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་ནི་མཚོན་པར་བྱ། ཁ་དོག་རྣམས་ནི་འཇའ་ལྟ་བུ། ཁྱབ་པ་ཆུ་ཡི་ཟླ་བས་སོ། །ཞེས་སྐད་ཅིག་གིས་གཟུགས་རྫོགས་པ་དང་གསལ་ཞིང་མ་འདྲེས་པ་དང་གཅིག་གིས་ཀུན་ལ་ཁྱབ་པ་ཁྱད་པར་སུམ་ལྡན་དུ་བསྒོམས་པ་ནི་སྔགས་ཀྱི་སྤྱི་དོན་ནོ། །གསུམ་པ་རྣམ་དག་སྒྱུ་ལུས་ནི། རླུང་དབུ་མར་ཐིམ་པས་སྟོང་པ་གསུམ་མམ་བཞི་དྲངས་ཏེ། དེའི་ཉེར་ཐོབ་བམ་འོད་གསལ་གྱི་མཐར་རླུང་སེམས་ཙམ་ལས་སྐད་ཅིག་གིས་ལྷ་སྐུར་ལྡང་། དེ་ལྟ་བུའི་འཇུག་ལྡངས་ལ་ཡང་ཡང་གོམས་ནས་རླུང་སེམས་ཙམ་ལས་གྲུབ་པའི་ཡེ་ཤེས་ཀྱི་ཕྱག་རྒྱར་ལྡངས་པས་སློབ་པའི་ཟུང་འཇུག་འགྲུབ་པ་སྦས་དོན་དང་། བཞི་པ་ནི། དེ་དག་མཐར་ཕྱིན་པ་ལས་དྲི་མ་ཐམས་ཅད་དང་བྲལ་བ་མི་སློབ་པའི་ཟུང་འཇུག་ཡེ་ཤེས་ཀྱི་སྤྱོད་ཡུལ་སྒྱུ་མ་ལྟ་བུའི་བདེ་བར་རོལ་པ་ནི་མཐར་ཐུག་གི་སྒྱུ་ལུས་སོ། །དེ་ལྟར་ཡང་གལ་པོ་ལས། །འབྲས་བུའི་བདག་བྱིན་བརླབ་པ་ནི། སྒྱུ་མ་དང་ནི་ཆུ་ཟླ་དང་། །འཇའ་ཚོན་བཞིན་དུ་དངོས་མེད་པ། །དེ་ལྟར་འབྲས་བུའི་སྐུར་སྣང་བ། །མཚན་དང་དཔེ་བྱད་རྒྱན་གྱིས་བརྒྱན། །ཅེས་སོ། །གཉིས་པ་མཚན་མོའི་རྣལ་འབྱོར་ལ་གཉིས། མཉམ་བཞག་དང་། རྗེས་ཐོབ་བོ། །དང་པོ་ནི། ཆོས་ཀུན་ ནས་ རྩོལ་མེད་འཆར༔ ཞེས་གསུངས་ཏེ། གཉིད་མཐུག་གནས་སྐབས་ཀྱི་དྲི་མ་སྦྱོང་བ་འོད་གསལ་ལའང་ཚུལ་བཞི་ལས། དང་པོ་ཚིག་དོན་དང་མདོ་སྤྱི་ནི། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཀུན་གྱི་རང་བཞིན་ནི་གདོད་མ་ནས་སྤྲོས་པའི་མཐའ་དང་བྲལ་བས་ངོ་བོ་སྟོང་ལ་རྣམ་པ་འགགས་མེད་ཅིར་ཡང་གསལ་བ་ཡིན་པ་ལ་ཡིན་པར་ཤེས་པའི་ཏིང་འཛིན་བརྟན་པས་རླུང་དབུ་མར་ཐིམ་སྟེ་སྟོང་བཞི་འདྲེན་ནུས་པ་གཞིར་བྱས་ནས། གཉིས་པ་སྔགས་སྤྱིའི་འོད་གསལ་འཛིན་པ་ལ་དུས་གནད་ཐོ་རངས་གཉིད་སྲབ་པའི་དུས། ལུས་གནད་ཙོག་པུ། འདུན་པ་གཉིད་ཁའི་དྲན་པ། ཡུལ་གནད་སྙིང་གའི་དྭངས་མ་མི་ཤིགས་པའི་ཐིག་ལེ་ལ་སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པསརྐྱེན་བྱས། སྔར་གྱི་ཉམས་མྱོང་གིས་རྒྱུ་བྱས་ཏེ་དབུ་མར་རླུང་སེམས་ཅུང་ཟད་འདུས་པ་ལས་འབྱུང་བ་རིམ་པར་ཐིམ་པའི་རྟགས་སྣང་ཕྲ་མོ་དུ་བ་ལ་སོགས་པ་འཆར། རྣམ་ཤེས་སྣང་བ་ལ་ཐིམ་སྟེ་རྟོག་པ་རགས་པ་འགགས་པས་དཀར་ལམ་ཟླ་འོད་ལྟ་བུར་ཤར་བ་ནི་སྟོང་པ། སྣང་བ་མཆེད་པ་ལ་ཐིམ་སྟེ་ཕྲ་བའི་རྟོག་པ་འགགས་པས་དམར་ལམ་ཉི་འོད་ལྟ་བུ་ནི་ཤིན་ཏུ་སྟོང་པ། མཆེད་པ་ཉེར་ཐོབ་ལ་ཐིམ་པས་རྟོག་པ་ཕལ་ཆེར་འགགས་པས་ནག་ལམ་མཚམས་ཀྱི་སྨག་ལྟ་བུ་ནི་སྟོང་པ་ཆེན་པོ། ཉེར་ཐོབ་འོད་གསལ་ལ་ཐིམ་སྟེ་རླུང་སེམས་ཐམས་ཅད་འགགས་པས་ཐོ་རངས་ཀྱི་སྟོན་གནམ་སློང་བྱེད་རྐྱེན་གསུམ་དང་བྲལ་བ་ལྟ་བུ་ནི་ཐམས་ཅད་སྟོང་པ་སྟེ། སྟོང་བཞི་སོ་སོའི་ཐད་དུ་ངོས་ཟིན་པར་བྱ་ཞིང་ཁྱད་པར་བཞི་པ་འོད་གསལ་གྱི་ངང་ཅི་གནས་སུ་བསྐྱང་། གསུམ་པ་སྦས་དོན་ནི། ཉམས་མྱོང་དེའི་རྒྱུན་ཉིན་མཚན་ཁ་སྦྱོར་དུ་དྲངས་པ་ལས་ལམ་དུས་སྲབ་མཐུག་ཉམས་རྟོགས་ཀྱིས་ཕྱེ་བའི་དཔེའི་འོད་གསལ་ལ་རང་དབང་ཐོབ་པའི་རྒྱུ་ལས། བཞི་པ་མཐར་ཐུག་དོན་གྱི་འོད་གསལ་རྩོལ་མེད་དུ་འཆར་བར་འགྱུར་ཏེ། འཆི་བ་ཆོས་ཀྱི་སྐུར་ལམ་དུ་བསླངས། འོད་གསལ་མ་དང་བུ་འདྲེས་གདོད་མའི་གཞི་ཐོག་ཏུ་སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་པར་འགྱུར་རོ། །གཉིས་པ་ནི། རྗེས་ཐོབ་ ནས་ ཚོམ་བུར་བསྒྲུབ༔ ཅེས་གསུངས་ཏེ། གཉིད་ཀྱི་འོད་གསལ་ལ་མཉམ་པར་བཞག་པའི་རྗེས་ཐོབ་ཏུ་རྨི་ལམ་འཆར་བར་རྩོམ་ན་སྐད་ཅིག་གིས་སྒྱུ་ལུས་ཀྱི་ལྷ་སྐུར་ལྡང་བ་ཡིན་ཀྱང་དེ་ལྟར་མི་ནུས་པས་རྨི་ལམ་གྱི་གནས་སྐབས་སྦྱོང་བའི་གདམས་ངག་ནི། ཉིན་མོ་སྣང་བ་ཐམས་ཅད་རྨི་ལམ་དུ་དྲན་པ་རྒྱུན་ཆགས་པ་འདུན་པའི་སྟོབས་དང་། སྲོག་རྩོལ་རླུང་གི་སྦྱོར་བ་ལ་གནད་དུ་བསྣུན་པའི་སྟོབས་ཀྱིས། ནུབ་མོ་གཉིད་མཐུག་འོད་གསལ་དུ་འཆར་མ་ནུས་པར་རླུང་རོ་རྐྱང་དུ་ཤོར་ནས་མགྲིན་པའི་རྩར་རྒྱུས་ཏེ་བག་ཆགས་ཀྱི་ལུས་ལ་ཉིང་འཁྲུལ་གྱི་སྣང་བར་ཤར་མ་ཐག་རྨི་ལམ་དུ་ངོ་ཤེས་པར་བྱས་ལ་འདུན་པ་དྲག་པོས་བཟུང་། དེ་བརྟན་པ་ན་གཅིག་ལས་དུ་མ་དང་གང་འདུལ་སོགས་སུ་སྤྲུལ། དེའང་བརྟན་ནས་དངོས་པོ་ལ་མ་ངེས་པ་སྣ་ཚོགས་སུ་བསྒྱུར་བ་དང་སྤེལ་བ་སོགས་བྱས་ལ་རྨི་ལམ་གྱི་ཏིང་འཛིན་རྩལ་ཆེན་མ་རྫོགས་བར་དུ་སྦྱང་། རྩལ་རྫོགས་ནས་ཉིང་འཁྲུལ་གྱི་སྣང་བ་ཐམས་ཅད་སྟོང་པ་ཆེན་པོའི་ངང་དུ་བསྡུ་ཞིང་དེའི་ངང་ལས་སྙིང་རྗེ་སྒྱུ་མ་ལྟ་བུའི་རང་གདངས་རླུང་སེམས་ལས་གྲུབ་པའི་ལྷ་སྐུ་ཕྱག་རྒྱ་གཅིག་པར་ལྡང་། དེ་ལས་ཕྱག་རྒྱ་དུ་མར་སྤྲོས་ཤིང་མཐར་ཇི་སྲིད་མཁའ་ཁྱབ་ཀྱི་ཚོམ་བུར་སྤྲོ་ནུས་པ་དེ་སྲིད་དུ་བརྩོན་པས་བསྒྲུབ་པ་ནི། རྨི་ལམ་ལ་བསྙེན་སྒྲུབ་ཡན་ལག་བཞི་ཚང་བར་རྫོགས་པའོ། །དེས་གནས་སྐབས་སུ་འཁྲུལ་སྣང་གི་བདེན་ཞེན་ལྡོག་ཅིང་མཐར་ཐུག་བར་དོ་ལོངས་སྐུ་མངོན་དུ་བྱེད་པར་འགྱུར་རོ། །གཉིས་པ་འཆི་ཁ་དང་བར་དོའི་ཉམས་ལེན་བསྟན་པ་ལ་གཉིས། དགོས་པ་བསྟན་པས་མཚམས་སྦྱར། དེ་གཉིས་སོ་སོར་བཤད་པའོ། །དང་པོ་ནི། ཚེ་འདིར་སོགས་རྐང་པ་གཅིག་སྟེ། གང་ཟག་ལེ་ལོ་ཅན་གདམས་ངག་ཐོབ་ལ་ཉམས་སུ་བླངས་ཀྱང་ཚེ་འདིར་རྟོགས་པའི་གདེང་མ་ཐོབ་ཅིང་གོམས་པ་མངོན་དུ་མ་གྱུར་ན། ལམ་གྱི་ཆད་མཐུད་འཆི་ཁར་ཡེ་ཤེས་གོང་དུ་འཕོ་བ་དང་། བར་དོ་སྐུ་གསུང་དུ་བསྲེ་བའི་གདམས་ངག་འདི་དག་ཉམས་སུ་བླང་བར་བྱའོ། །གཉིས་པ་ལ་གཉིས། འཆི་ཁ་མའི་ཉམས་ལེན། བར་དོའི་ཉམས་ལེན་ནོ། །དང་པོ་ནི། རླུང་སེམས་སོགས་ཚིག་རྐང་གཅིག་སྟེ། དེའང་སྤྱིར་རབ་འཆི་བ་དོན་དམ་བདེན་པ་འོད་གསལ་གྱི་ངང་དུ་འཕོ་བ་དང་། འབྲིང་བར་དོ་ཡང་དག་པའི་ཀུན་རྫོབ་སྒྱུ་ལུས་ཀྱི་ལྷ་སྐུར་འཕོ་བ་དང་། ཐ་མས་བསྐྱེད་རིམ་དུ་འཕོ་བ་བཅས་གསུམ་དུ་གསུངས་པ་ལས་འདིར་བསྟན་བྱ་ཕྱི་མ་སྟེ། གསོན་དུས་སུ་ལེགས་པར་སྦྱངས་ནས་འཆི་ཁར་ལས་ལ་སྦྱོར་བར་བྱའོ། །དེའང་ལུས་གནད་རླུང་སྦྱོར་དང་ལྡན་པས་འཁོར་བའི་སྒོ་དགུ་བགག །ཐར་པའི་སྒོ་གཅིག་དབྱེ། རླུང་སེམས་ལྟེ་བའམ་སྙིང་གའི་དབུ་མར་རྟེན་ལ་བསྡུ་ཞིང་ཚངས་བུག་ནས་རྟེན་ཅན་རྟེན་མེད་གང་རུང་དུ་འཕོ་ཞིང་འབེབས་པ་སོགས་བྱས་ནས་འབྱོངས་པར་གྱུར་པ་ན། འཆི་བའི་རྟགས་ཚང་ཞིང་བསླུ་བའི་ཐབས་ཀྱིས་མ་ལྡོག་པའི་ཚེ་འདུན་པ་རྩེ་གཅིག་པས་དབྱིངས་སུ་འཕོས་ཏེ་ཀ་དག་བསམ་བརྗོད་བྲལ་བའི་ངང་ལ་བཞག་པས་རབ་དག་པ་མཁའ་སྤྱོད་ཀྱི་ཞིང་དུ་བགྲོད་དེ་ལམ་ལྷག་མ་རྫོགས་ནས་མཆོག་ཐོབ་པ་དང་། འབྲིང་སྔགས་སྤྱོད་ཀྱི་རྟེན་བཟུང་ནས་སྐྱེ་བ་དག་པར་བརྒྱུད་དེ་དངོས་གྲུབ་ཐོབ་པ་དང་། ཐ་མ་མཐོ་རིས་སུ་སྐྱེས་ནས་ལམ་སྣ་ཟིན་ཏེ་རིམ་པས་ཐར་པ་ལ་སྦྱོར་བར་བཤད་དོ། །གཉིས་པ་ནི། བར་དོའི་ ནས་ མཚམས་སྦྱར་རོ༔ ཞེས་གསུངས་ཏེ། འཆི་བའི་ཚེ་ལུགས་ལྡོག་གི་འོད་གསལ་ངོས་མ་ཟིན་པས་ལུགས་འབྱུང་ཐམས་ཅད་སྟོང་པ་ལས་ཉེར་ཐོབ་སོགས་སུ་ལྡང་ཞིང་རང་བཞན་བརྒྱད་ཅུའི་རྟོག་པ་སྐྱེས་པའི་ཚེ་བར་དོའི་ཡིད་ལུས་མིང་གཞི་འདུས་པའི་ཕུང་པོར་གྲུབ་ནས་འཁྲུལ་སྣང་ལ་སྤྱོད་པ་སྟེ། དེའི་ཚེ་སྔར་གྱི་གདམས་ངག་གི་གནད་དྲན་པར་བྱས་ལ་འཁྲུལ་སྣང་བདེན་མེད་དུ་ཤེས་པས་སྣང་ཡུལ་སྒྲ་གྲགས་རྟོག་ཚོགས་གསུམ་པོ་སྣང་སྟོང་ལྷ་དང་གྲགས་སྟོང་སྔགས་དང་རིག་སྟོང་ཡེ་ཤེས་ཆེན་པོར་བསྲེ་བ་དང་། གཞན་ཡང་སྔོན་གྱི་གོམས་པ་དང་བསྟུན་སྨིན་བྱེད་དབང་། གྲོལ་བྱེད་ལམ། བསྲུང་བྱ་དམ་ཚིག །ཐོབ་བྱ་འབྲས་བུ་དང་མཐུན་པར་བསྲེ་བས་དག་པའི་ཞིང་ཁམས་སོགས་སུ་མཚམས་སྦྱར་ཏེ་སྐྱེ་བ་སྤྲུལ་སྐུར་འགྲུབ་པ་དང་། དབང་པོ་ཤིན་ཏུ་ཐ་མས་ཀྱང་འདུན་པ་ཅེར་གྱིས་བཟུང་ལ་མོས་གུས་སྙིང་རྗེ་ཞེན་ལོག་སོགས་ཤུགས་བསྐྱེད་པས་སྐྱེ་གནས་ངན་པའི་མངལ་སྒོ་ཁེགས་པར་འགྱུར་རོ། །རྩ་བའི་གཉིས་པ་དེ་དག་ལམ་གཞན་གྱི་དོད་སྦྱར་བ་ནི། དེ་ལྟར་ ནས་ ངང་གིས་འཆར༔ ཞེས་གསུངས་ཏེ། རང་བྱིན་བརླབ་ཀྱི་རྫོགས་རིམ་དེ་ལྟར་བསྟན་པ་ཁོ་ནས་རིམ་པ་དང་པོའི་ལམ་ཡང་ཡོངས་སུ་རྫོགས་པར་འགྱུར་ཏེ། ཐོག་མར་གཞི་ལུས་རྩའི་ཁམས་གཙོ་མོ་འཁོར་དང་བཅས་པ་ནི་དམ་ཚིག་ཡེ་ཤེས་དབྱེར་མེད་པའི་ལྷ་ཚོགས་གཙོ་འཁོར། དེ་ཉིད་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་རང་བྱུང་དུ་གྲུབ་པར་ཤེས་པས་གསལ་གདབ། རྩ་རླུང་ཐིག་ལེའི་སྦྱོང་བ་རྣམ་པ་གསུམ་གྱིས་སྒོ་གསུམ་སྐུ་གསུང་ཐུགས་རྡོ་རྗེར་བྱིན་བརླབས་པའི་ཡེ་ཤེས་ལམ་དུ་བྱ་བ་དང་། སྟེང་འོག་གི་རླུང་ཁ་སྦྱོར་དུ་བཅིངས་པས་དབང་བསྐུར་ཞིང་འབྱུང་འཇུག་གནས་གསུམ་རྡོ་རྗེའི་བཟླས་པ་རྒྱུན་མི་འཆད་པ་དང་། ལྟེ་བར་གཏུམ་མོ་སྦར་བའི་མེས་མཆོད་ཅིང་དཔྱིད་ཐིག་འབར་འཛག་མི་ཤིགས་པའི་རང་སྒྲ་རྡོ་རྗེའི་གླུ་ཡིས་བསྟོད་པ་དང་། ལུས་ཙཎྜ་ལཱིའི་དྲོད་ཀྱིས་ཁྱབ་པའི་ནང་གི་ཚོགས་ཁང་ཉམས་སུ་དགའ་བར། ཨ་ཧཾ་ཞུ་བདེའི་ལོངས་སྤྱོད་ཟག་མེད་བདུད་རྩིའི་ཚོགས་དང་གཏོར་མར་ཚིམས་པ་ཆེན་པོར་རོལ་ནས་འོད་གསལ་རྣམ་པར་མི་རྟོག་པའི་ངང་དུ་ཐིམ། སླར་ཡང་ཟུང་འཇུག་སྒྱུ་མ་ལྟ་བུའི་ལྷའི་སྐུ་རང་མདངས་སྣོད་བཅུད་དཀྱིལ་འཁོར་གསུམ་སྒྱུ་མའི་རང་བཞིན་དུ་ལྡང་བ་བཅས་ཀྱིས་སད་དུས་མཉམ་རྗེས་ཀྱི་རྣལ་འབྱོར་གཉིས་སུ་སྤྲོས་བཅས་ཀྱི་ཕྲིན་ལས་ལ་ཇི་ལྟར་ཡོད་པ་ཚང་བ་དང་། སྣང་གསུམ་ལུགས་ལྡོག་འོད་གསལ་དུ་ཐིམ་ནས་དེའི་ངང་དུ་གནས་པ་དེ་བཞིན་ཉིད་སྟོང་པ་ཆེན་པོའི་དབྱིངས་ལས། རྗེས་ཐོབ་ལུགས་ལྡོག་ཏུ་ཤར་བ་ཀུན་སྣང་སྒྱུ་མ་དང་རྒྱུའི་ས་བོན་གྱི་ཡི་གེའི་སྤྲིན་ལས། རྨི་ལམ་ལྷ་སྐུ་ཕྱག་རྒྱ་གཅིག་པ་ལྡང་ཞིང་དེ་ལས་ཕྱག་རྒྱ་སྤྲོས་བཅས་ཀྱི་རྩལ་སྦྱངས་པས། རླུང་སེམས་དབྱེར་མེད་པའི་ལྷའི་ཚོམ་བུ་མཐའ་ཡས་པར་སྤྲོ་བ་ཚོགས་སྒྲུབ་ཆེན་མོ་སྟེ་གཉིད་དུས་མཉམ་རྗེས་ཀྱི་རྣལ་འབྱོར་བསྙེན་སྒྲུབ་ཡན་ལག་བཞི་དང་བཅས་པ་རྣམས་ཀྱིས། མ་དག་རྣམ་སྨིན་གྱི་སྒོ་གསུམ་པོ་རྣམ་པར་དག་པ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་གོ་འཕོ་ཞིང་གནས་འགྱུར། སྐྱེ་བ་སྤྲུལ་སྐུ། འཆི་བ་ཆོས་སྐུ། བར་དོ་ལོངས་སྐུ་སྟེ་བར་སྲིད་གསུམ་པོ་སྐུ་གསུམ་དུ་རང་བཞིན་ལྷུན་གྱིས་གྲུབ་པར་མངོན་བྱང་ཆུབ་པའི་མཆོག་གི་དངོས་གྲུབ་འབད་རྩོལ་མེད་པར་ངང་གིས་འཆར་བར་འགྱུར་རོ། །གསུམ་པ་ཤེར་དབང་གི་ཉམས་ལེན་བཤད་པ་ལ་གསུམ། མཚམས་སྦྱར་ཏེ་མདོར་བསྟན་པ་དང་། དེ་ཉིད་རྒྱས་པར་བཤད་པ། དེ་དག་གི་དོན་བསྡུ་བའོ། །དང་པོ་ནི། གང་ཡང་ ནས་ རིམ་པ་སྟེ༔ ཞེས་གསུངས་ཏེ། རང་བྱིན་བརླབ་ཀྱི་ཉམས་ལེན་དེ་དག་གི་རྩ་བ་སྲོག་རྩོལ་སྒྲ་ཇི་བཞིན་འགྲུབ་ཅིང་འཕོ་མེད་ལ་གདེང་དུ་གྱུར་པ་སོགས་མཉམ་རྗེས་ཀྱི་རྣལ་འབྱོར་གང་ལ་ཡང་རྟོགས་གོམས་ཀྱིས་ཉམས་རྟོགས་རྩལ་ཁ་ཆེས་ཆེར་མཆེད་ཅིང་རྒྱལ་པར་གྱུར་པ་ན། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཉམས་ལེན་གཞན་ལུས་ལ་འཇུག་པའི་དུས་ཡིན་ཞིང་། དེ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་སྒྲུབ་པའི་ལམ་གྱི་རིམ་པ་རྒྱུད་སྡེ་ཀུན་ལས་ཁྱད་པར་དུ་བསྔགས་པ་སྟེ། དུར་ཁྲོད་ཁང་བརྩེགས་ཀྱི་རྒྱུད་ལས། ལས་རྒྱའི་བྱང་ཆུབ་སེམས་འབྱོངས་པས། །མཆོག་དང་ཐུན་མོང་ཡོན་ཏན་རྣམས། །རང་གི་སེམས་ལ་གང་འདོད་པ། །འདི་ཡིས་ངེས་པར་འགྲུབ་པར་འགྱུར། །ཞེས་དང་། འཇམ་དཔལ་ཞལ་ལུང་ལས། གསལ་ཞིང་རབ་དགའ་མཁའ་མཉམ་པ། །གཞན་དུ་རིག་པར་མི་འགྱུར་བས། །སྒྱུ་མ་ཀུན་ལས་ཁྱད་པར་དུ། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་སོ། །གཉིས་པ་ལ་གསུམ། ལམ་དངོས་དང་། གཞན་དེར་འདུ་ཚུལ། དེ་དག་གི་འབྲས་བུའོ། །དང་པོ་ལའང་གཉིས། མདོར་བསྟན་རྒྱས་བཤད་དོ། །དང་པོ་ནི། ཡུལ་དང་ ནས་ འགྲུབ་པར་འགྱུར༔ ཞེས་གསུངས་ཏེ། ཟབ་ལམ་དེ་ཉམས་སུ་ལེན་པའི་ཐབས་མདོར་བསྡུ་ན། གང་ལ་བསྟེན་བྱའི་ཡུལ་དང་། ནམ་བསྟན་པའི་དུས་ཚོད་དང་། ཇི་ལྟར་བསྟེན་པའི་ཐབས་དང་། དེ་ལྟར་བསྟེན་པས་མཚོན་པར་བྱ་བ་སྟེ་རྣམ་པ་བཞི་ཡིས་གཞན་ལུས་ཤེས་རབ་ལ་བསྟེན་པའི་ཐབས་ལམ་ཟབ་མོ་དེ་ཉིད་དཔྱིས་ཕྱིན་པར་འགྲུབ་པར་འགྱུར་རོ། །གཉིས་པ་ལ་གསུམ། ཡུལ་དང་དུས་བཤད་པ། ཐབས་བཤད་པ། མཚོན་ཚུལ་བཤད་པའོ། །དང་པོ་ལའང་གསུམ། ཡུལ་བཤད་པ། དུས་བཤད་པ། དེ་གཉིས་ཀྱི་མཇུག་བསྡུ་བའོ། །དང་པོ་ཡུལ་ཕྱག་རྒྱ་བརྟག་ཅིང་དགུག་པའི་ཚུལ་བཤད་པ་ནི། ཡུལ་ནི་ ནས་ དམིགས་པས་དགུག༔ ཅེས་གསུངས་ཏེ། དེ་ལ་གཞན་ལུས་དཀྱིལ་འཁོར་འཁོར་ལོ་ནི་ཕོ་ཉའི་མགྱོགས་ལམ་ཡིན་པས་ཐོག་མར་བསྟེན་བྱའི་ཡུལ་གལ་ཆེ་སྟེ། དེའང་རབ་དོན་གྱི་འོད་གསལ་ཐོབ་བའི་ལྷན་སྐྱེས། འབྲིང་དབང་དང་བསྐྱེད་རིམ་གྱིས་རྒྱུད་སྦྱངས་པའི་སྔགས་སྐྱེས་དང་ཡུལ་ཉེར་བཞི་ལ་སོགས་པར་སྐྱེས་པ་ནི་བསྟེན་པ་ཙམ་གྱིས་དངོས་གྲུབ་ཏུ་འགྱུར་བས་མཆོག་ཡིན་ཀྱང་། སྐལ་པ་དང་ནུས་པ་དམན་པས་ཐ་མ་ལས་སྐྱེས་ཀྱི་ཕྱག་རྒྱ་མི་མོ་དཀྱུས་མ་ལས་གཞན་མི་འགྲུབ་ཅིང་དེའང་མཚན་ངན་བསྟེན་ན་ཡོན་ཏན་མི་འཕེལ་གྱི་སྟེང་དུ་སྐྱོན་སྐྱེད་པས་ནུས་པ་མ་ཐོབ་ཀྱི་བར་དུ་སྤང་དགོས་ཤིང་མཚན་ལྡན་ཁོ་ན་གལ་ཆེ་བ་དང་། བུད་མེད་ཐམས་ཅད་རིགས་ཅན་ལྔ་ལས་མ་འདས་པར་བཤད་པས་ལྔ་པོ་ལས། པདྨ་ཅན་ནི་རྩ་བཟང་བས་བདེ་བ་ལྷག་པར་སྐྱེད་ཅིང་ཆོས་ཉིད་གསལ་བས་རབ་ཡིན་ལ། རི་མོ་ཅན་དང་དུང་ཅན་མ་དང་གླང་སྣ་ཅན་རི་དྭགས་མ་བཞི་ནི་རྩ་སྔ་མ་ལས་དམན་པས་འབྲིང་དུ་བཤད་དོ། །དེ་ལ་པདྨ་ཅན་གྱི་མཚན་ཉིད་ནི་ཕྱི་རྟགས་བཞིན་རས་ཟླུམ་པོ་སྔོ་སང་ངམ་པདྨའི་མདོག་ཅན། སྐྲ་སེར་ཞིང་ལི་བ། རུས་སྦལ་ལྟར་ཆུ་ཞེང་གབ་པའི་ལུས་དབྱིབས་ཅན། བྲང་མཛེས་ལ་ནུ་མ་སྲ་ཞིང་མཁྲེགས་པ། ནང་རྟགས་སུ་ལྟེ་བར་གྱེན་དུ་འགྲེང་བའི་གཉེར་མ་སྟེ་རི་མོ་གསུམ་ཡོད་པ། མཆོག་གྱུར་པདྨའི་རིགས་ཡིན་པས་གསང་རྟགས་སུ་གསང་རྩ་པད་སྣལ་ལྟར་ཕྲ་ཞིང་འབྱེད་འཛུམ་བྱེད་པས་རྒྱུན་ཏུ་འམ་རེས་འགའ་རཀྟ་འོ་མའི་མདོག་ཏུ་སྣང་པའོ། །རི་མོ་ཅན་ནི། རྒྱུད་ཁྲོ་ཞིང་གཏུམ་ལ་ནུ་མའི་གཏིང་ཟབ་པ། ལུས་ཀྱི་བོང་ཐུང་ལ་བྱིན་པ་རི་དྭགས་ལྟར་ཕྲེང་ཞིང་གསུས་པ་རྒྱས་པས་རྐད་བ་སྦོམ་པ། སྐྲ་བཟང་ལ་དཔྲལ་བར་གཉེར་མ་གྱེན་འགྲེང་ཡོད་པ། གསང་རྩ་རི་མོ་ལྟར་ཕྲ་བ་སྟེ་ལས་ཀྱི་རིགས་སོ། །དུང་ཅན་མ་ནི་ལུས་བོང་ཧ་ཅང་རིིང་བའམ་ཐུང་བ་མ་ཡིན་པས་འཚམས་ཤིང་བཞིན་རས་ཡིད་དུ་འོང་བ། སྐྲ་ནག་ལ་རིང་བ་དང་སྣའི་རྩེ་མོའང་ལེབ་མོར་མིན་པར་རིང་ཞིང་ནུ་མ་རྒྱས་ལ་མཁྲེགས་པ། གསང་རྩ་དུང་ལྟར་འཁྲིལ་བ་སྟེ་རིན་ཆེན་རིགས་སོ། །གླང་སྣ་ཅན་ནི། ལུས་བོང་ཆེ་ཞིང་བྱིན་པ་སྦོམ་པ། སྐྲ་ངན་ལ་བཞིན་རས་ཀྱི་མདངས་གསལ་བ། ངོ་ཚ་ཆུང་བའི་ཆགས་པ་དང་ལྡན་ལ་ལུས་ལས་ཆང་དྲི་མནམ་པ། གསང་རྩ་གླང་ཆེན་སྣ་ལྟར་བལྟབས་པ་སྟེ་སངས་རྒྱས་རིགས་སོ། །རི་དྭགས་ཅན་མ་ནི། བཞིན་མདོག་དཀར་ལ་དམར་བའི་མདངས་ཅན་རི་དྭགས་ལྟ་བུའི་མིག་མཛེས་པ། དཔྲལ་བ་དབྱེས་ཆེ་ཞིང་སྐྲ་རྩུབ་པ། སྤྱོད་ལམ་ཧ་ཅང་དལ་པའམ་བྲེལ་བ་སྙོམས་ཤིང་ནུ་མ་ཟླུམ་ལ་འཁྱིིལ་བ། གསང་རྩ་རི་དྭགས་རྩི་ལྟ་བུས་བཀབ་པ་སྟེ་རྡོ་རྗེའི་རིགས་སོ། །དེ་ལྟར་རིགས་རྣམ་པ་ལྔ་པོ་རེ་རེ་ལ་ཡང་ཕྱི་ནང་གསང་རྟགས་ཚང་བ་རྫོགས་མ་རྫོགས་ཁྱད་པར་གྱིས་རབ་འབྲིང་ཐ་མ་གསུམ་གསུམ་དུ་འགྱུར་བས་དེ་དག་གང་ཡང་རུང་བའམ། མཚན་ཉིད་ཚང་མ་ཚང་ཅི་ཡིན་ཀྱང་རུང་གཙོ་བོར་སྒྲུབ་པ་པོ་རང་ལ་དད་ཅིང་གུས་པས་སྙིང་ཉེ་བ། བློ་བརྟན་པས་ལྟ་སྤྱོད་ཟབ་མོ་གསང་ཐུབ་པ། རྩ་བཟང་བས་ཆགས་པ་ཆེ་བ། དར་ལ་བབས་པས་མཐོང་རེག་ཙམ་གྱིས་བདེ་བ་བཟད་མེད་དུ་གཡོ་ཞིང་འཁྲིག་ཐབས་ཀྱི་འདོད་པའི་སྒྱུ་རྩལ་ལ་མཁས་པ། ལོ་གྲངས་ཀྱང་བཅུ་དྲུག་ནས་རབ། ཉི་ཤུ་ནས་འབྲིང་། ཉེར་ལྔ་ནས་ཐ་མ་སྟེ་དེ་ཚུན་ཆད་ཀྱི་ན་ཚོད་ཅན་གལ་ཆེ་བ་ནི། སྒྱུ་འཕྲུལ་མེ་ལོང་ལས། བཅོ་བརྒྱད་བཅུད་ལྡན་རབ་ཡིན་ཏེ། །ཉི་ཤུ་ལ་སོགས་འབྲིང་དུ་བཤད། །རྩ་ལྔ་ཐ་མའི་ཚད་ཡིན་ཏེ། །གཞན་ལ་དངོས་གྲུབ་མེད་པར་གསུངས། ཞེས་སོ། །དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་རིག་མ་དེ་ལེགས་པར་བརྟགས་ལ་རྙེད་ནས་རང་བཞིན་གྱིས་མ་ཁུག་ན་གང་མས་ངག་རྣམས་ལས་འབྱུང་བ་ལྟར་རྗེས་ཀྱི་རྟེན་འབྲེལ་དང་སྔགས་བཟླ་བ་དང་དམིགས་པའི་འཕྲོ་འདུ་གསུམ་གྱིས་དགུག་པར་བྱའོ། །གཉིས་པར་དུས་རིག་པར་བྱ་ཞིང་ལས་རུང་དུ་བསྒྲུབ་པ་ནི། དེ་ནས་ ནས་ སྐྱེ་བར་བྱ༔ ཞེས་གསུངས་ཏེ། རིག་མ་དང་རང་ཉིད་ཀྱི་དབང་དུ་གྱུར་པ་དེ་ནས་ཡིད་དང་མཐུན་པས་ཉམས་དགའ་བ། མི་མཐུན་པ་མེད་པས་བག་ཕེབས་པ། སྐྱེ་བོའི་རྒྱུ་འགྲུལ་མེད་པས་དབེན་པའི་གནས་སུ། འཁོར་བའི་སྡུག་བསྔལ་དང་མི་རྟག་པའི་གཏམ་སོགས་བཤད་ལ་ངེས་འབྱུང་བསྐྱེད་ཅིང་བསགས་སྦྱོང་གི་རིམ་པ་སོགས་ཐེག་པ་ཐུན་མོང་གི་སྔོན་དུ་འགྲོ་བའི་ཆོས་རྣམས་ཀྱིས་བློ་རྒྱུད་ལེགས་པར་སྦྱང་། དེ་ནས་སྔགས་ཀྱི་དཀྱིལ་འཁོར་དུ་གཞུག་ལ་ཕན་ནུས་ཟབ་མོའི་དབང་བསྐུར་བས་སྨིན་པར་བྱས་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དམ་ཚིག་རྣམས་ཁེ་ཉེན་གྱི་གནད་ལ་བཀར་ཏེ་ལྷག་པར་ནན་ཏན་དུ་འབོགས། ཐོག་མར་བསྐྱེད་རིམ་དང་དེ་ནས་རྫོགས་རིམ་གྱི་གདམས་པ་བསྟན་ཏེ་རེ་རེའང་དྲོད་རྟགས་ཀྱི་ངེས་པ་མ་མཐོང་བར་དུ་སྦྱོོང་བ་དང་། གསང་སྔགས་ཀྱི་བརྟུལ་ཞུགས་སྤྱོད་པ་ཟབ་མོ་ལ་ནམ་ཡང་སྐྲག་པ་མེད་པའི་བློ་ཟུངས་ཐུབ་རྐྱེན་གྱིས་མི་འཕྲོག་པའི་བརྟན་པོ་རབ་ཏུ་སྐྱེ་བར་བྱའོ། །གསུམ་པ་ནི། མདོར་ན་ ནས་ ཉེར་བསྡོགས་བསྒྲུབ༔ ཅེས་གསུངས་ཏེ། །རྒྱས་པར་བཤད་པ་དེ་དག་གི་དོན་མདོར་བསྡུ་ན་ཐོག་མར་རིག་མ་མཚན་བཟང་ངན་བརྟག་པ་དང་། བར་དུ་རྫས་སྔགས་དམིགས་པས་དགུག་པ་དང་། ཐ་མར་ཐུན་མོང་ཐུན་མིན་གྱི་གདམས་པས་རྒྱུད་སྦྱོང་བ་སྟེ་སྔོན་འགྲོའི་ཆོས་རྣམ་པ་གསུམ་གྱིས་བདེ་བའི་གསེང་ལམ་ལ་འཇུག་པའི་ཉེར་བསྡོགས་བསྒྲུབ་པའོ། །གཉིས་པ་ཐབས་བཤད་པ་ལ་གཉིས། ཐབས་ལམ་གྱི་ཆོས་ཉེར་བདུན་སྤྱིར་བསྟན་པ་དང་། ཉམས་ལེན་ལག་ཏུ་བླང་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཐབས་ནི ནས་ ཟུང་དུ་ཆུད༔ ཅེས་གསུངས་ཏེ། ཡུལ་དེ་ལ་བརྟེན་ནས་བདེ་བ་ཆེན་པོ་སྐྱེད་པའི་ཐབས་ནི། རིག་མ་ལ་སྔ་གོང་ནས་ཡང་ཡང་དུ་དྲི་ཞིམ་པོའི་ཆུས་ཁྲུས་བྱས་ལ་མཛེས་པའི་རྒྱན་ཡིད་དུ་འོང་བས་སྤྲས། དྲི་བཟང་དང་བྱང་ཆུབ་སེམས་རྒྱས་བྱེད་ཀྱི་བཀུ་མཉེ་བྱ། ཤ་ཆང་སོགས་བཅུད་ཅན་གྱི་ཟས་བསྟེན་ཅིང་རྩ་རླུང་གི་རྣལ་འབྱོར་དང་འཕྲུལ་འཁོར་རྣམས་སྔར་འབྱོངས་ཟིན་ཀྱང་ཆུ་འདྲེན་པ་ཡུར་བའི་ཚུལ་དུ་སྦྱང་། སྟན་ནང་ཚང་ཅན་སོགས་འབོལ་བའི་གདན་ལ་རྣལ་འབྱོར་པ་ཡབ་ཡུམ་གཉིས་ལྷན་ཅིག་ཏུ་འཁོད། འཁོད་མ་ཐག་ནས་ཀྱང་སྙོམས་འཇུག་མི་བྱ་བར་ཐབས་ལམ་གྱི་ཆོས་ཉེར་བདུན་གྱིས་རིམ་པར་བསྒྲུབ་དགོས་པས། ཐོག་མར་འཛུམ་པའི་མིག་གིས་གཟུགས་ལ་བལྟ་ཞིང་ངག་གིས་ཆགས་པའི་གཏམ་སྣ་ཚོགས་སྨྲ་བ་དང་ཡིད་དགའ་བའི་མདངས་བསྐྱེད་ལ་ཆགས་པའི་ཚུལ་དྲན་པ་སོགས་སྒོ་གསུམ་འདོད་ཆགས་ཀྱི་སྦྱོར་བ་ལ་བསླབ་པ་གསུམ་གྱིས་བདེ་བའི་ལས་ལ་འཇུག་འདོང་དྲག་པོར་བསྐུལ། རྣལ་འབྱོར་པ་དང་རིག་མ་གཉིས་ཀས་ལྷ་ཡབ་དང་ཡུམ་དུ་གསལ་བ་དང་མཁའ་གསང་རྡོ་རྗེ་པདྨར་བྱིན་བརླབས་མཚུངས་པ་དང་ཐབས་འདི་ལ་བསྟེན་ནས་གཞན་དོན་དུ་བདེ་ཆེན་རྡོ་རྗེ་སེམས་དཔའ་བསྒྲུབ་པའི་འདོད་པ་མཉམ་པོར་ལྡན་པའི་འདུ་ཤེས་གསུམ་གྱིས་ཐ་མལ་གྱི་གཟུགས་སུ་སྣང་ཞིང་ཆགས་པར་ཞེན་པ་ལས་ལྡོག །རྩ་སྐུལ་བའི་ཐབས་དང་ལྡན་པས་ལུས་ལ་འཁྱུད་པ་མཁའ་གསང་གཅིག་ཏུ་སྤྲད་པ་དང་བྲོད་ནས་དྲག་ཏུ་མི་ཤོར་བར་དལ་བུས་བསྲུབ་པའི་སྦྱོར་ཐབས་རྣམ་པ་གསུམ་གྱིས་བདེ་བ་སྤྱི་བོ་ནས་འཁོར་ལོ་བཞིར་རིམ་གྱིས་དབབ། སྤྱི་བོའི་འཁོར་ལོར་ཐིག་ལེ་བབས་པས་དགའ་བའི་ཡེ་ཤེས་སྐྱེས་པའི་རང་ངོ་ལ་ཡུན་རིང་དུ་བལྟས་ཏེ་རྩ་འཁོར་དེའི་ལྷ་མཆོད་པར་མོས་པས་མཚོན་འཁོར་ལོ་བཞི་པོའི་ལྷ་རྣམས་མཆོད། སྙོམས་འཇུག་ཇེ་དྲག་ཏུ་བཏང་བ་དང་། རིལ་བ་ཞབས་ཚགས་ཅན་གྱི་རླུང་སྦྱོར་སོགས་དང་བཅས་ཏེ་ཐིག་ལེ་བསྐྱིལ་ཐབས་གསུམ་གྱིས་བདེ་བའི་རྒྱུན་མི་ཉམས་པར་གོང་ནས་གོང་དུ་སྦོར། གསང་བའི་རྡོ་རྗེ་ནོར་བུའི་རྩ་དང་ཡུམ་གྱི་ཁ་ག་མུ་ཁ། སྣ་རྩེའི་ཐིག་ལེའི་དཀར་དམར། གཉིས་ཀའི་རླུང་དང་སེམས་གཅིག་ཏུ་འདྲེས་པ་བཅས་རྩ་ཐིག་རླུང་གི་ཁ་སྦྱོར་གསུམ་གྱིས་དགའ་བཞིའི་མཐར་ཐུག་ལྷན་སྐྱེས་ཀྱི་བདེ་བ་མྱང་། རྒྱ་མཚོ་བྲག་གཏད་གླིང་བཞི་སྡུད་པ་ཉི་ཟླ་གྱེན་ལྡོག་སོགས་ལུས་དང་ཧཱུྃ་དང་ཧིང་འདྲེན་སོགས་ངག་གི་འགྱུར་བ་དང་། ཡིད་དམིགས་བཅས་དམིགས་མེད་ཀྱི་ཡུལ་གང་རུང་གི་ཏིང་ངེ་འཛིན་རྩེ་གཅིག་ཏུ་གཏད་པའི་སྒོ་གསུམ་འཕྲུལ་འཁོར་གྱི་གནད་གསུམ་གྱིས་བདེ་བའི་རྟེན་ཐིག་ལེ་མི་ཉམས་པར་དམ་བཅའ་བརྟན་པོས་བཟུང་། སྟག་མོའི་སྐྱུག་སྟངས་སོགས་དུད་འགྲོའི་འགྱུར་བ་བཞི་དང་རླུང་གི་གདངས་རྩལ་གྱེན་དུ་འདྲེན་པ་དང་དམིགས་པའི་མདའ་ཚངས་པའི་ཧཾ་ཡིག་གི་འབེན་ལ་གཏོད་པ་བཅས་བཙན་ཐབས་ཀྱི་སྦྱོར་བ་རྣམ་པ་གསུམ་གྱིས་བདེ་བ་རྟེན་ཐིག་ལེ་དང་བཅས་པ་སྤྱི་བོའི་རང་གནས་སུ་ལྡོག །སེང་གེ་རྣམ་རོལ་དང་། གྱི་ལིང་ཕྲ་ཚུལ་སོགས་ཟབ་པ་དང་། གཡང་མོ་སྤྲུགས་སྟངས་སོགས་གཞིལ་བའི་སྒྱུ་རྩལ་གསུམ་གྱིས་འདྲེན་ལྡོག་བྱས་པའི་ཐིག་ལེའི་བདེ་བ་རྩ་གནས་ཐམས་ཅད་དུ་ཁྱབ་པར་དགྲམ། བདེ་བའི་རང་ངོ་ལ་སེམས་བཟུང་བ་དང་གང་དུའང་འཛིན་པ་མེད་པ་དང་སེམས་རྒྱ་ཡན་དུ་ཀློད་དེ་ནམ་མཁའ་ལྟར་རྣམ་པར་དག་པའི་ངང་དུ་འཇོག་པ་སྟེ་རྒྱས་འདེབས་གསུམ་གྱིས་བདེ་བ་དང་སྟོང་པ་ཡ་བྲལ་མ་ཡིན་པར་ཟུང་དུ་ཆུད་པར་བྱའོ། །གཉིས་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གང་ཡང་སོགས་ཚིག་རྐང་གཅིག་སྟེ། གཞན་ལུས་ཀྱི་ལམ་གང་ལ་ཡང་སྔོན་དུ་ཡིད་རིག་ཡེ་ཤེས་ཕྱག་རྒྱ་ལ་བརྟེན་ནས་ལས་རྒྱ་ལ་ཇི་སྐད་བཤད་པའི་ཚུལ་ཐམས་ཅད་ཉམས་སུ་བླངས་པས་ཀུན་རྫོབ་བྱང་སེམས་དབབ་བཟུང་ལྡོག་དགྲམ་གྱི་བྱ་བ་ལ་རང་དབང་ཐོབ་ངེས་པ་རང་ལུས་ཐབས་ལྡན་གྱི་གདམས་པ་ལ་བསླབ་པ་གལ་ཆེའོ། །གཉིས་པ་ནི། དངོས་གཞི་ ནས་ ཡུན་རིང་བཞགཿ ཅེས་གསུངས་ཏེ། གཞན་ལུས་ཀྱི་ལག་ལེན་དངོས་གཞི་གོང་དུ་བསྟན་པའི་ཕྱག་རྒྱ་རིགས་ཅན་ལྔ་ལ་སྦྱོར་ཐབས་རིམ་པ་བཞིན། པདྨ་ཅན་ལ་སྟེང་ནས་སྦྱོར་བ་དང་རི་མོ་ཅན་མ་ལ་འདེགས་པའི་ཚུལ་གྱིས་དང་གླང་སྣ་ཅན་ལ་ཕན་ཚུན་མཉམ་པར་ལྟ་བས་དང་རི་དྭགས་ཅན་ལ་འོག་ནས་སྦྱོར་བའི་འཁྲིག་ཐབས་གཙོ་བོར་བྱ་སྟེ་དེ་དག་རྒྱུད་ཀྱི་དགོངས་པ་དང་འབྲེལ་བ་ཡིན་ལ། གཞན་ཡང་མཐའ་གཅིག་ཏུ་མ་ངེས་པར་གཡས་རོལ་གཡོན་རོལ་མདུན་ནས་རོལ་པ་ལ་སོགས་པ་འདོད་པའི་སྒྱུ་རྩལ་གྱི་རྩེ་འཇོ་མིག་འཕྲུལ་ལྟ་བུས་སྙོམས་པར་འཇུག་ཅིང་སྦྱོར་ཐབས་ཀྱི་བྱེ་བྲག་རེ་རེས་བདེ་བའི་ཡེ་ཤེས་མི་འདྲ་བར་རེ་རེ་འདྲེན་ནུས་པར་བྱའོ། །དེ་ལས་དགོས་པའི་གནད་བཞི་ནི། དང་པོ་དབབ་པ་ལ་མཁས་པ་དལ་བུ་རུ་སྦལ་གྱི་འགྲོས་ལྟ་བུ། བར་དུ་བཟུང་བ་ལ་མཁས་པ་ཐེམ་བུ་བདུན་གྱི་གནད་ལ་རྩེ་གཅིག་པ་རྫ་སྣོད་ཐེམ་བུས་བཀག་པ་བཞིན་དང་། དེ་ལས་ལྡོག་པ་ལ་མཁས་པ་བཙན་ཐབས་ཀྱི་སྦྱོར་བས་སྐྱེན་པོའི་མདའ་ལྟར་རང་གནས་སུ་འཕང་ཞིང་། མཐར་འགྲེམས་པ་ལ་མཁས་པ་ཞིང་པས་ཡུར་བ་ལ་ཆུ་དྲོངས་པ་བཞིན་དུ་ལུས་གནས་ཐམས་ཅད་དུ་ཁྱབ་པར་བཀྲམ། ཁྱད་པར་སྣང་རིག་དབྱེར་མེད་ཀྱི་གནད་ལ་གོམས་པས་ཟག་མེད་དྭངས་མའི་ཐིག་ལེ་སྙིང་ག་མི་ཤིགས་པའི་མཛོད་དུ་སྦས་ཏེ་བརྗོད་བྲལ་ཀ་དག་གི་ངང་དུ་ཡུན་རིང་པོར་མཉམ་པར་བཞག་པ་གནད་ཀྱི་མཆོག་ཡིན་ནོ། །གསུམ་པ་ནི། དེ་ཚེ་ ནས་ བརྟུལ་ཞུགས་བསྒྲུབ༔ ཅེས་གསུངས་ཏེ། དེ་ལྟར་ཉམས་སུ་ལེན་པའི་ཚེ་བདེ་བའི་རང་བཞིན་གྲོལ་བ་ལ་མཁས་པ་མཁའ་ལ་ན་བུན་ཡལ་བ་ལྟར་གཤིས་ལུགས་སུ་ལ་ཟློ་དགོས་པས། ཟག་བཅས་བདེ་བ་རྟོག་པའི་རོ་མྱོང་བས་ཟག་ཏུ་མི་གཞུག་པར་ཟག་མེད་མི་ཤིགས་པའི་ཐིག་ལེའི་ཀློང་དུ་སྦ། ཐིག་ལེ་དེའང་ལྷུན་གྲུབ་འོད་གསལ་གྱི་དབྱིངས་སུ་སྦ། དེའང་ཀ་དག་རྣམ་པར་མི་རྟོག་པའི་ངང་དུ་སྦ། ཚུལ་དེ་ལྟ་བུ་ཡང་ནས་ཡང་དུ་སྦྱང་ཞིང་གོམས་པས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་བརྟུལ་ཞུགས་བསྒྲུབ་པར་བྱའོ། །གསུམ་པ་ཐབས་དེས་མཚོན་བྱ་བཤད་པ་ནི། ཐབས་དེས་ ནས་ ཚུལ་དུ་འཆར༔ ཞེས་གསུངས་ཏེ། མཚོན་བྱེད་ཐབས་ལམ་ཟབ་མོ་དེས་མཚོན་བྱའི་དོན་བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ། འཁོར་བ་དང་མྱང་འདས་བརྟན་པ་སྣོད་དང་གཡོ་བ་བཅུད་ཀྱི་སྐྱེ་འགྲོ་ཀུན་གྱི་སྲོག་གམ་སྙིང་པོར་ཁྱབ་པའི་དེ་ཁོ་ན་ཉིད་ཀྱི་གནས་ལུགས་ནི། རྣལ་འབྱོར་པའི་ཉམས་སུ་མྱང་བྱར་ཡོད་ཀྱང་འདིའོ་ཞེས་ངག་གིས་སྨྲ་རུ་མི་བཏུབ་ལ། རང་ཉིད་ཡིད་ཆེས་པའི་ངེས་ཤེས་དང་ལྡན་ཀྱང་འདི་ལྟ་བུའོ་ཞེས་དཔེ་གང་གིས་ཀྱང་མི་མཚོན་པ་དང་། རིག་ངོར་མངོན་སུམ་དུ་མཐོང་བར་གྱུར་ཀྱང་ཡུལ་ཡུལ་ཅན་དུ་འདུ་ཤེས་པའི་རྣམ་པར་རྟོག་པས་མ་བསླད་པ། རང་བཞིན་གྱིས་དྲི་མས་མ་བསླད་པའི་ཡེ་ཤེས་སོ་སོར་རང་གིས་རིག་པར་བྱ་བ། སྐྱེ་འགག་གནས་གསུམ་དང་བྲལ་བ་ནམ་མཁའ་ལྟ་བུར་གདོད་ནས་རྒྱུ་རྐྱེན་གང་གིས་ཀྱང་འདུས་མ་བྱས་པ་སྟེ། སྣང་ཚུལ་ཆུ་དྭངས་པ་ལ་ཟླ་བའི་གཟུགས་བརྙན་འཆར་བ་བཞིན་དུ་ཐབས་ལས་ཐབས་བྱུང་གི་ཚུལ་དུ་གསལ་ཞིང་དེར་ཞེན་གྱི་འཛིན་པ་མེད་པ། རྣམ་པ་ཐམས་ཅད་པའི་རང་བཞིན་ཅན་སྤྲུལ་པའི་གཟུགས་བརྙན་ཐ་སྙད་ཤེས་བརྗོད་འཇུག་གསུམ་གྱིས་ངོས་བཟུང་གི་ཡུལ་ལས་འདས་པ། རྣམ་པ་བདེ་བ་དང་ངོ་བོ་སྟོང་པ་དབྱེར་མེད་ཟུང་དུ་འཇུག་པ་ཉིད་དཔེའི་ཚུལ་དུ་འཆར་བས་དོན་གྱི་ཡེ་ཤེས་ལ་སྦྱོར་བར་བྱེད་དོ། །གཉིས་པ་ལམ་གཞན་གྱི་དོད་ཐུབ་སྦྱར་བ་ནི། སྒོ་ལྔའི་ ནས་ ཡོངས་སུ་རྫོགས༔ ཞེས་གསུངས་ཏེ། ཕོ་ཉའི་ལམ་ལས་འབར་ཞུ་ཁྱད་པར་བའི་རྐྱེན་གྱིས་དྭངས་མའི་ཐིག་ལེ་སྟོབས་སུ་གྱུར་པའི་མཐུས། མིག་སོགས་དབང་པོ་སྒོ་ལྔའི་རྣམ་པར་ཤེས་པ་རྣམས་བདེ་བ་ཆེན་པོའི་བཅུད་ཀྱིས་མྱོས་ཤིང་ཚིམས་པ་ལས་སྡུག་བསྔལ་གྱི་ཚོར་རྟོག་དབྱིངས་སུ་ནུབ་སྟེ། ཕྱི་རོལ་སྣང་བའི་ཡུལ་ཀུན་བདེ་ཆེན་གཞལ་དུ་མེད་པའི་ཁང་པ། ནང་ཡབ་ཡུམ་གཉིས་ཀྱི་གཟུགས་སུ་སྣང་བའང་ཐབས་དང་ཤེས་རབ་ཟུང་འབྲེལ་རང་བྱུང་གི་ལྷ་སྐུ་ལ། ལྷ་སྔགས་ཆོས་ཉིད་དུ་འདུ་ཤེས་པ་རྡོ་རྗེ་གསུམ་གྱི་ཕྱག་རྒྱའི་རྒྱས་གདབ་པ་དང་། མཁའ་གསང་རྡོ་རྗེ་པདྨ་སྙོམས་འཇུག་འདུ་འཕྲོད་བྱེད་པས་རླུང་སེམས་ཐིག་ལེ་རྣམས་ཡུལ་དང་ཡུལ་ཅན་དབྱེར་མེད་རྩེ་གཅིག་པར་རང་བཞིན་གྱིས་འདུས་ཏེ་དབང་དུ་གྱུར་པའི་དབང་སྐུར་རྫོགས་ལ། སྐད་ཅིག་མཆོག་ཏུ་དགའ་བའི་ལྷན་སྐྱེས་མྱོང་བའི་རྣམ་པར་ཤེས་པ་གནས་གྱུར་ཏེ་བདེ་སྟོང་མི་རྟོག་པའི་ཡེ་ཤེས་ལྷག་གིས་འཆར་བས་གློ་བུར་རྣམ་ཤེས་དམ་ཚིག་པ་ལ་གདོད་མའི་ཡེ་ཤེས་བསྟིམ་པ་ལྟར་སྣང་བ་དང་། དེའི་ཚེ་ཟག་མེད་བདེ་བའི་ཚོར་བ་ཉམས་སུ་མྱོང་བ་ནི་ངོ་མཚར་རྨད་དུ་བྱུང་བའི་མཆོད་སྤྲིན། ཨ་ཧཾ་གཡོ་བའི་རང་སྒྲ་ཡིད་དུ་འོང་བས་འདོད་ཆགས་ཆེན་པོ་ཆེ་བའི་ཡོན་ཏན་ལ་བསྟོད་པ། རླུང་ཐིག་སེམས་རྣམས་ཁ་སྦྱོར་བ་གསུམ་གྱི་ཉམས་མྱོང་ལ་བརྟེན་ནས་བདེ་སྟོང་ཐིག་ལེའི་ལྷ་སྣང་སྲོག་རྩོལ་རྡོ་རྗེའི་བཟླས་པ་སེམས་རྟོགས་བདེ་བར་འགགས་པའི་ཏིང་ངེ་འཛིན་འཕོ་མེད་འདའ་དཀའི་དམ་ཚིག་རྣམས་རྒྱུན་མི་འཆད་པ་དང་། ཐིག་ལེ་འོག་གི་རྣ་རྩེར་བསྐྱིལ་བ་དང་རང་གནས་སུ་ལྡོག་པ་དང་རྩ་གནས་སུ་འགྲེམས་པར་བྱེད་པའི་འཕྲུལ་འཁོར་གསུམ་གྱིས་རིམ་པ་ལྟར་གསང་བའི་ཚོགས་ཀྱི་འདུ་བར་རོལ་པ་དང་གཏོར་མ་གནས་སུ་སྟོབ་པ་དང་རྡོ་རྗེའི་གླུ་གར་བྱ་བ་སོགས་ལྷུན་གྱིས་གྲུབ་པ་སྟེ། མདོར་ན་བུད་མེད་ཤེས་རབ་ཀྱི་རང་བཞིན་ཐབས་ཀྱི་ཆོ་ག་ཟབ་མོས་ལམ་དུ་བསླངས་པ་ལ་བརྟེན་ནས་རྣམ་རྟོག་གི་བཞོན་པ་རླུང་དང་རྟོག་ཚོགས་རང་བཞིན་བརྒྱད་ཅུར་རིམ་གྱིས་འགགས་ཏེ་སྟོང་བཞིའི་ཡེ་ཤེས་ཉམས་སུ་མྱོང་། རང་བཞིན་ལྷན་སྐྱེས་ཀྱི་བདེ་བའི་ཡེ་ཤེས་བརྟན་པའི་མཐུ་ལས་གང་སྣང་ཐམས་ཅད་བདེ་སྟོང་འབའ་ཞིག་པའི་རོལ་པར་ཡོངས་སུ་ཤར་བས་འཁོར་འདས་དབྱེར་མེད་གནས་ལུགས་དོན་གྱི་གཞིར་ཡོངས་གྲུབ་ཆེན་པོར་བཞེངས་ཏེ་བདེ་ཆེན་ཐིག་ལེ་ཁྱབ་བརྡལ་ཀྱི་ཀློོང་དུ་རྣལ་འབྱོར་དུ་བྱ་བའི་ནང་ནས་ཉེ་ལམ་ཤིན་ཏུ་ཟབ་མོའི་ཆོ་ག་ཡོངས་སུ་རྫོགས་པ་ཡིན་ནོ། །གསུམ་པ་འབྲས་བུ་ནི། སྣོད་བཅུད་ ནས་ སྐལ་པ་མཉམ༔ ཞེས་གསུངས་ཏེ། ལམ་དེ་རྒྱུད་སྡེ་རྣམས་ལས་རྒྱ་ཆེར་གསུངས་པའི་དོན་བསྡུ་ན། བདེ་སྟོང་ཏིང་འཛིན་གྱི་རོལ་མོས་མ་དག་པ་སྣོད་བཅུད་སྣང་བ་ཐམས་ཅད་རྣམ་དག་ཧེ་རུ་ཀ་སྤྱི་དཔལ་ཆེན་པོའི་ཡེ་ཤེས་ཀྱི་ཞིང་དང་སྐུའི་རོལ་པར་ལྷུན་གྱིས་གྲུབ་པའི་བེད་བ་མཆོག་གི་བྱིན་རླབས་ཆེན་པོ་དབབ་པའི་མཐུ་ལས། ཕུང་པོ་དག་པའི་དེ་བཞིན་གཤེགས་པ་རིགས་ལྔ། སྐྱེ་མཆེད་དག་པའི་སྲས་བྱང་སེམས་རྣམས་དང་། ཁམས་ལྔ་དག་པའི་བཙུན་མོ་ཡུམ་ལྔར་བཅས་པ་ནམ་མཁའི་ལམ་ལ་དབང་པོའི་སྤྱོད་ཡུལ་མངོན་སུམ་དུ་གྱུར་པའི་ཆོ་འཕྲུལ་ཆེན་པོས་གཤེགས་ནས། ནང་དུ་བྱང་སེམས་དཀར་དམར་གྱི་རྒྱུན་བརྟན་པའི་རང་མདངས་མེ་ཏོག་གི་ཆར་ཆེན་པོའི་འབེབས་པ་དང་། སྒྲུབ་པ་གང་དུ་གནས་པའི་ཕྱི་སྣོད་བཅུད་ཀྱི་ཉེས་ཚོགས་རྒུད་པ་ཀུན་ཞི་ཞིང་ཕན་བདེའི་དཔལ་འབྱོར་ངམ་ངམ་ཤུགས་ཀྱིས་འཕེལ་བ་དང་། ནང་རྣལ་འབྱོར་པའི་རྒྱུད་ལ་འཕོ་མེད་བདེ་བ་ཆེན་པོའི་གཟི་བརྗིད་རིམ་གྱིས་འབར་བས་འཆི་བ་མེད་པའི་ཚེ་དང་རྒུད་པ་མེད་པའི་ལང་ཚོའི་བཅུད་ལེན་དག་ཀྱང་སོ་སོའི་ཚོགས་སུ་སྒྲུབ་པའི་བྱ་བ་ལ་མ་ལྟོས་པར་རྩོལ་བ་མེད་པར་འགྲུབ་ཅིང་། ངག་བདེ་ནི་ཚིག་གྲུབ་པར་གང་བརྗོད་དོན་དུ་འགྱུར་བའི་མཐུ་བཙན། ལུས་གཟི་བརྗིད་ཆེ་བས་གཞན་མི་དང་མ་ཡིན་པའི་སྣང་བ་ཟིལ་གྱིས་ནོན། སེམས་བདེ་སྟོང་གི་ཏིང་ངེ་འཛིན་ལས་རྟག་ཏུ་མི་གཡོ་བས་གྲུབ་པ་བརྙེས་པའི་རྟགས་མཚན་ཅིར་ཡང་འཆར། གསང་སྤྱོད་ཀྱི་འདུ་བར་འབྲེལ་ཚད་ཀུན་ཀྱང་ཕྱི་རོལ་གྱི་པུལླིར་སོགས་ཡུལ་ཆེན་ཉེར་བཞིའི་ཞིང་རྣམས་ན་རྟག་ཏུ་རོལ་པའི་དཔའ་བོ་ཐོད་པའི་དུམ་བུ་དང་རྣལ་འབྱོར་མ་རབ་གཏུམ་མོ་སོགས་ལྷན་སྐྱེས་མཁའ་འགྲོའི་ཚོགས་དང་སྐལ་པ་མཉམ་པར་འགྱུར་རོ། །རྩ་བའི་ས་བཅད་གསུམ་པ་དོན་བསྡུ་བ་ནི། མདོར་ན་ ནས་ རོ་གཅིག་འགྱུར༔ ཞེས་གསུངས་ཏེ། ཤེར་དབང་གི་ཉམས་ལེན་རྒྱས་པ་བསྟན་པ་དེ་རྣམས་ཀྱི་དོན་མདོར་བསྡུ་ན། ཐོག་མར་རིག་མ་བརྟག་འགུགས་སྦྱོོང་གསུམ་གྱིས་འདུ་བྱ་བ་བསྙེན་པའི་ཡན་ལག་སྟེ། ཉེ་བར་བསྙན་པའི་ཡན་ལག་ནི་ཐབས་ལམ་གྱི་ཆོས་ཉེར་བདུན་གྱིས་བསྡུས་པའི་སྦྱོར་བའི་ཡན་ལག་རྣམ་པ་མང་པོས། ཡས་བབས་ཀྱི་དགའ་བ་བཞི་འཁོར་ལོའི་གནས་བཞིར་མས་རིམ་དུ་བསྐྱེད་པ་ནི་སྒྲུབ་པའི་ཡན་ལག་དང་ མས་བརྟན་གྱི་དགའ་བ་བཞི་ཡས་རིམ་དུ་བརྟན་པར་བྱེད་པ་ནི་སྒྲུབ་པ་ཆེན་པོའི་ཡན་ལག་སྟེ་བཞི་པོ་ཉམས་ལེན་ལ་བརྩོན་པས། འགྱུར་བ་མ་ངེས་པ་དང་། བརྟེན་པ་གཞིའི་ས་གཉིས་ཀྱིས་བསྡུས་པའི་ཚོགས་ལམ་འདུན་པ་སེམས་པ་ལས་དང་པོ་པའི་རྣལ་འབྱོར་གྱིས་རླུང་སེམས་ལས་སུ་རུང་བས་ཐུན་མོང་གི་དངོས་གྲུབ་རོ་ལངས། གསེར་འགྱུར། རལ་གྲི། གོ་ཆ། པྲ་སེ་ན། རྐང་མགྱོགས། གཞན་ཡང་རྡོ་རྗེ་ཚེ་དང་། དབང་པོ་དྲུག་གི་མངོན་ཤེས་དང་། སྒྱུ་མ་རྡོ་རྗེ་ལ་སོགས་པའི་གྲུབ་པ་དང་། ལས་ཆེན་བཞི་སོགས་ཇི་སྐད་གསུངས་པ་ལྟར་གྲུབ་པས་དོན་བྱེད་ཅིང་། དེ་ནས་གལ་ཆེན་སྦྱོང་བ། བསླབ་པ་རྒྱུན། བསོད་ནམས་རྟེན་གྱི་ས་གསུམ་པོས་བསྡུས་པ་རིགས་ཆེན་འབྱེད་པའི་རྣལ་འབྱོར་ཟག་བཅས་ཀྱི་ལམ་གྱི་རྩེ་མོ་སྦྱོར་ལམ་བརྙེས་ནས་སྒྲུབ་པའི་ཉེ་རྒྱུ་བརྟེན་རླུང་སེམས་ཟུང་འཇུག་གི་ལྷ་སྐུ་ཕྱག་རྒྱ་ཆེན་པོོར་ལྡངས་ཤིང་མཆོག་གི་དངོས་གྲུབ་བརྟན་པས་ཁྱད་པར་དུ་འགྲོ་བའི་སས་བསྡུས་པ་མཐོང་ལམ་དབུགས་ཆེན་འབྱིན་པའི་རྣལ་འབྱོར་ཐོབ་སྟེ། ཆོས་ཉིད་ཀྱི་ཡེ་ཤེས་རང་མཚན་པ་མངོན་སུམ་དུ་མཐོང་བས་ཟག་མེད་ཀྱི་ལམ་གྱི་ཐོག་མར་གྱུར་ལ། དེ་ནས་མཐོང་ཟིན་གོམས་པར་བྱེད་པའི་ལམ་དམིགས་པ་འབྲས་བུ་སྐྱེ་བའི་སས་བསྡུས་པ་སྒོམ་ལམ་ལུང་ཆེན་ཐོབ་པའི་རྣལ་འབྱོར་རིགས་སོ་སོའི་ཕྱག་རྒྱ་རྟགས་ཀྱི་ཆ་ལུགས་འཛིན་པའི་སྐུར་སྣང་བས། གནས་པ་མི་འགྱུར་བ། བརྡལ་བ་ཆོས་ཉིད། རྫོགས་པ་ཅིར་ཆུབ་ཀྱིས་རྣམ་པ་གསུམ་པོས་བསྡུས་པ་མཐར་ལམ་སྤང་བྱའི་དྲི་མ་ཕྲ་བའང་སྤངས་ཤིང་ཐོབ་བྱའི་ཡེ་ཤེས་ཆེན་པོའི་ཆེན་པོ་ལ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་རྣམས་རིམ་ཐོད་རྒལ་གང་རུང་གིས་བགྲོད་དེ་མཐར་ཕྱིན་ནས། རང་གནས་ཀྱི་དོན་ཉིད་སྒྲིབ་བྱེད་ཀྱི་ཞེན་པ་མཐའ་དག་དང་བྲལ་བར་མངོན་དུ་གྱུར་པ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སས་བསྡུས་པ་མཐར་ཐུག་གི་འབྲས་བུ་མི་སློབ་པའི་ཟུང་འཇུག་སྐུ་བཞིའི་བདག་ཉིད་དཔལ་ཀུན་བཟང་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོའི་གསང་བ་གསུམ་དང་སྤྱོད་ཡུལ་རོ་གཅིག་ཏུ་འདྲེས་པར་འགྱུར་རོ། །དེ་ལྟར་ཡང་། ཨ་ནུ་ཡོ་གའི་ཐེག་པ་ནི། །བར་མ་ཆོད་པ་ཚེ་གཅིག་གིས། །སངས་རྒྱས་ས་ལ་ངེས་པར་འགྲོ། །ཞེས་སོ། །དབང་བཞི་པ་དང་རྗེས་སུ་འབྲེལ་བའི་ལམ་རིག་སྟོང་མཁའ་འགྲོ་ཡོ་ག་བསྒོམ་པ་ལ་གཉིས། ཚིག་གོང་འོག་མཚམས་སྦྱར་ཏེ་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། བདེ་སྟོང་ ནས་ ལ་བཟླ་བྱ༔ ཞེས་གསུངས་ཏེ། དེ་ལྟར་གསང་བ་དང་ཤེར་དབང་གི་ཉམས་ལེན་རྗེས་སུ་རྣལ་འབྱོར་གྱི་ལམ་རིམ་དེ་དག་གིས་ཐབས་བདེ་བ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཟུང་དུ་འབྲེལ་བའི་ཉམས་མྱོང་རང་གི་རྒྱུད་ལ་ལེགས་པར་སྐྱེས་ཤིང་བརྟན་པར་གྱུར་པ་ན། ལམ་གྱི་ཐེག་རིམ་མཐའ་དག་གི་མཐར་ཐུག་སྐྱེལ་སོ། དོན་གྱི་ཡེ་ཤེས་རྗེན་ཅར་དུ་སྟོན་པ་བཞི་པ་རིག་པའི་རྩལ་དབང་གི་ཡེ་ཤེས་ལམ་དུ་བྱེད་པས་རྣལ་འབྱོར་ཀུན་གྱི་མཆོག་གམ་རྩེ་མོ། བྲ་བྲལ་འབྲས་བུའི་ཐེག་པ་ཨ་ཏི་ཡོ་ག་ཤིན་ཏུ་རྣལ་འབྱོར་གྱི་སྒྲུབ་པ་ཆེན་པོ་ལ་འཇུག་པར་བྱ་སྟེ། དེའང་སློབ་ལམ་བཞིའི་མཐར་ཐུག་བར་ཆད་མེད་ལམ་གྱིས་བསྡུས་པ་ཏིང་ངེ་འཛིན་གཞན་གང་ཡང་འདིའི་བླ་ན་མེད་པ། གཞོམ་པར་དཀའ་བའི་དྲི་མ་ཕྲ་མོ་བཅོམ་པ་ལ་མི་ཕྱེད་མི་ཤིགས་ཐོགས་པ་མེད་པ་སོགས་ཆོས་བདུན་དང་ལྡན་པས་རྒྱུན་མཐའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། གདོད་མའི་གནས་ལུགས་ཀྱི་རང་བཞིན་འོད་གསལ་རྫོགས་པ་ཆེན་པོའི་དགོངས་པར་ཐབས་གྲོལ་གྱི་ལམ་དང་ལམ་གྱི་འབྲས་བུ་ཐམས་ཅད་ལ་བཟླ་བར་བྱའོ། །དེ་ལྟར་ཡང་ཀུན་བྱེད་རྒྱལ་པོའི་རྒྱུད་ལས། ཡོད་ནི་གཅིག་ལས་མེད་པ་ལ། །བསྟན་ནི་རྣམ་པ་གཉིས་སུ་བསྟན། །བྱུང་ནི་ཐེག་པ་དགུ་རུ་བྱུང་། །འདུས་ནི་རྫོགས་པ་ཆེན་པོར་འདུས། །ཞེས་དང་། ཆོས་རྣམ་ཀུན་གྱི་ལ་ནི་ང་ཡིས་བཟླས། །ཞེས་སོ། །འདིར་རྫོགས་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་སྤྱིའི་གནད་རང་བཞིན་གཞིའི་གནས་ལུགས། དེ་ལས་སེམས་ཅན་གྱི་འཁྲུལ་ལུགས། འཁྲུལ་དུས་འོད་གསལ་གྱི་གནས་ཚུལ། ཉམས་སུ་ལེན་ཐབས། མཐར་ཕྱིན་འབྲས་བུའི་གྲུབ་ལུགས་རྣམས་དང་། ཁྱད་པར་གསང་སྐོར་མན་ངག་སྡེའི་ངེས་པའི་དོན། གཞི་དང་འཁྲུལ་ཚུལ་ཁྱབ་ཚུལ་དང་། །གནས་དང་ལམ་དང་སྒོ་དང་ཡུལ། །ཉམས་ལེན་ཚད་དང་བར་མ་དོ། །གྲོལ་ས་ཉིད་དང་བཅུ་གཅིག་གོ །ཞེས་གསུངས་པའི་དོན་ཤེས་ན་གལ་ཆེ་ཡང་འདིར་ཡི་གེ་མང་གིས་དོགས་པས་རྒྱུད་ལུང་མན་ངག་སྤྱི་དང་ཁྱད་པར་ཀུན་ཏུ་བཟང་པོ་དྲི་མེད་འོད་ཟེར་གྱི་གསུང་རབ་རྣམས་ལས་རྟོགས་པར་བྱ་བ་ཁོ་ནའོ། །གཉིས་པ་ལ་གསུམ། ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག་སྡེའི་སྒོམ་ཚུལ་བསྟན་པའོ། །དང་པོ་ལ་བཞི། ལྟ་བས་ཐག་བཅད་པ། སྒོམ་པས་ལ་བཟླ་བ། སྤྱོད་པས་འཕྲང་བསལ་བ། འབྲས་བུ་རེ་དོགས་སྤང་བའོ། །དང་པོ་ནི། དེ་ལ་ ནས་ བྱང་ཆུབ་སེམས༔ ཞེས་གསུངས་ཏེ། ཐེག་རྩེ་རང་བཞིན་རྫོགས་པ་ཆེན་པོའི་ལམ་རྩོལ་སྒྲུབ་སྤང་གཉེན་གོལ་སྒྲིབ་ལས་འདས་པ་སྐལ་ལྡན་ཤིན་ཏུ་དབང་རྣོན་གྱི་སྤྱོད་ཡུལ་ཏེ། དེ་ལའང་དབང་པོའི་ཁྱད་པར་གྱིས་ནང་གསེས་གྲུབ་མཐའ་གསུམ་ཡོད་པའི་ཐོག་མར་ཕྱི་སྐོར་ལུས་ལྟ་བུ་ཀུན་བྱེད་རྒྱལ་པོ་སེམས་སྨད་བཅོ་བརྒྱད་སོགས་རྒྱུད་ལུང་གི་བསྟན་དོན་སེམས་སྡེའི་དགོངས་པ་ནི། ཕྱི་རོལ་གཟུང་བའི་ཡུལ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པ་ཀུན་རྨི་ལམ་གྱི་ཡུལ་སྣང་ལྟ་བུར་རང་གི་སེམས་ལས་གཞན་དུ་འགའ་ཡང་མ་གྲུབ་པར་རང་སེམས་ཀྱི་རྩལ་དུ་བལྟ་བ་དང་། ནང་གི་འཛིན་པའང་དེ་ལས་གཞན་དུ་མེད་དེ་ལུས་ལ་བརྟེན་པའི་དབང་པོ་དྲུག་ནི་འཁྲུལ་ངོར་ཀུན་བརྟགས་གྱི་ཆོས་ཡིན་པས་བདེན་པ་མེད་པ་སྒྱུ་མའི་སྐྱེས་བུའི་དབང་པོ་དང་མཚུངས་པ་རིག་པས་དཔྱད་ནས་བཤིགས་པས་ཤེས་ལ། བར་གྱི་རྣམ་ཤེས་ཡུལ་ལ་འཇུག་པ་དྲུག་ཀྱང་ཐོག་མར་སྐྱེ་བའི་ཁུངས་དང་མཐར་འགག་པའི་ཡུལ་ད་ལྟར་གང་ལ་གནས་པར་བརྟགས་ཤིང་རྩད་བཅད་ན་གང་དུའང་གདགས་གཞི་བྲལ་བ་ནམ་མཁའ་དང་འདྲ་བས་ཐམས་ཅད་སེམས་ཉིད་ཀྱི་རོལ་པར་ཤར་བ་དང་། གསང་བ་ཀུན་གཞི་སེམས་ཀྱི་གཤིས་ལུགས་རང་བཞིན་གསལ་ལ་ངོ་བོ་རྣམ་པར་མི་རྟོག་པ་རང་བྱུང་གི་ཡེ་ཤེས་བརྗོད་བྲལ་ཆོས་ཉིད་ཀྱི་ངང་དུ་ཆོས་ཅན་ཐམས་ཅད་རྫོགས་པར་ལྟ་བ་འཁོར་འདས་ཀུན་བྱེད་རྒྱལ་པོ་ཡོངས་གྲུབ་ལ་བཅོས་མས་མ་རེག་པའི་གཉུག་མ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཐག་བཅད་པ་སྟེ། ཀུན་བྱེད་ལས། སངས་རྒྱས་སྐུ་དང་ཡེ་ཤེས་ཡོན་ཏན་དང་། །སེམས་ཅན་ལས་དང་བག་ཆགས་ལ་སོགས་པ། །སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་ཀུན། །བྱང་ཆུབ་སེམས་ཀྱི་ངོ་བོ་ཡེ་ནས་ཡིན། །ཞེས་སོ། །གཉིས་པ་ནི། སྒོམ་བ་སོགས་ཚིག་རྐང་གཅིག་སྟེ། དེ་ལྟར་རྒྱ་ཆད་ཕྱོགས་ལྷུང་མེད་པའི་ལྟ་བས་ཐག་ཆོད་ནས། སྒོམ་པ་ཉམས་སུ་བླང་བ་ནི། གནས་དབེན་པར་རྣམ་སྣང་ཆོས་བདུན་དང་ལྡན་པས། ད་ལྟའི་སེམས་ཉིད་ཡེ་སྟོང་ནམ་མཁའ་ལྟ་བུའི་ངང་དུ་སྒོ་གསུམ་བྱ་རྩོལ་མེད་པར་ལྷོད་ཀྱིས་གློད་དེ། ཡུལ་གཞིི་གྲོལ་ལ་འཛིན་པ་ཡེ་གྲོལ་གང་ཤར་ཡང་བསྐྱར་གྲོལ་གྱི་གཉེན་པོས་མ་བཅོས་པར་ངང་བཞག་ཆེན་པོར་ལ་བཟླ་སྟེ། ཀུན་བྱེད་ལས། ཇི་བཞིན་སྤྲོས་བྲལ་བདེ་བ་ཆེན་པོ་ལ། །སྒོ་གསུམ་མི་རྩོལ་བཅོས་ཤིང་དམིགས་མ་བྱེད། །ཡིད་ལ་མི་བྱེད་མཚན་མའི་རྗེས་མི་འབྲང་། །རང་བྱུང་ཡེ་ཤེས་བདེ་བའི་དོན་ལ་བཞག །ཅེས་སོ། །གསུམ་པ་ནི། སྦྱོང་པ་ལམ་ཁྱེར། ཞེས་པས་བསྟན་ཏེ། ཡུལ་འདོད་པའི་ཡོན་ཏན་ཅིར་སྣང་ཡང་ཡུལ་ཅན་ཆོས་ཉིད་རང་གྲོལ་གྱི་རྒྱན་དུ་བྱེད་ཅིང་དུག་ལྔའི་ངོ་བོར་བལྟས་པས་དེ་དག་སྐྱེས་གྲོལ་ཡེ་ཤེས་སུ་ཤར་བ་ཉོན་མོངས་རང་གྲོལ་གྱི་སྤྱོད་པ། ཚོགས་དྲུག་གི་རྟོག་པ་ཐམས་ཅད་ཤར་དུས་ཉིད་ནས་མ་སྐྱེས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་གསུམ་དུ་རྫོགས་པར་ཤེས་པ་སྣང་བ་དབང་སྒྱུར་གྱི་སྤྱོད་པ། བླང་དོར་དགག་སྒྲུབ་ཀྱི་ཞེན་ཡུལ་ཐམས་ཅད་ཀྱི་སྟེང་དུ་རོ་སྙམས་ཐོག་འགེལ་གྱི་ཟློག་སྒོམ་བྱས་པས་གཉིས་མེད་རང་གྲོལ་དུ་སོང་ནས་རེ་དགོས་ཀྱི་འཕྲང་ལས་གྲོལ་བ་བརྟུལ་ཞུགས་ལམ་སློང་གི་སྤྱོད་པ་སྟེ། དེ་གསུམ་ལམ་དུ་ཁྱེར་ནས་ལྟ་སྒོམ་ལ་བོགས་དབྱུང་ངོ་། །བཞི་པ་ནི། འབྲས་བུ་མངོན་དུ་བྱ༔ ཞེས་པས་བསྟན་ཏེ། ད་ལྟའི་སེམས་ཉིད་ཀྱི་དབྱིངས་ཡེ་གྲོལ་གཞི་རྩ་མེད་པའི་ངོ་བོ་ཉིད་སྐུ་ཡེ་ནས་འདུ་འབྲལ་མེད་པར་མ་བཙལ་ངང་ལ་རྫོགས་པས་དེ་ལས་གཞན་པའི་སངས་རྒྱས་ལོགས་སུ་བསྒྲུབ་ཏུ་མེད་པས་དེ་ཉིད་སྒོམ་ཉམས་སུ་བླངས་ནས་མངོན་དུ་འགྱུར་བར་བྱ་སྟེ། ཀུན་བྱེད་ལས། ངོ་བོ་ཉིད་ལས་གཞན་དུ་མ་སྒྲུབས་ཤིག །རང་ཉིད་ཡིན་གྱིས་གཞན་དུ་མ་ཚོལ་ཅིག །བཙལ་ན་རྒྱལ་བ་དབྱིངས་ནས་རྙེད་མི་འགྱུར། །ཞེས་སོ། །གཉིས་པ་ནང་ཀློང་སྡེ་ལ་གཉིས། ལྟ་བ་ཆོས་ཉིད་ཀྱི་ཀློང་བཤད་པ། སྒོམ་པ་བརྡ་བཞིའི་གནད་བསྟན་པའོ། །དང་པོ། ནང་ལྟར་ ནས་ མ་གཡོས་ཕྱིར༔ ཅེས་གསུངས་ཏེ། ནང་སྐོར་སྙིང་ལྟ་བུ་ཀུན་ཏུ་བཟང་པོ་ཀློང་ཆེན་རབ་འབྱམས་རྒྱལ་པོ་སོགས་རྒྱུད་ལུང་རྣམས་ཀྱི་བསྟན་དོན་ཀློང་སྡེའི་ལྟ་བ་ནི། ཀུན་ཏུ་བཟང་མོ་ཆོས་ཀྱི་དབྱིངས་སོགས་ཡེ་ཤེས་ཀྱི་ཀློང་ཆེན་པོ་རྣམ་པ་ལྔས་ཕྱེ་བརྟན་པ་སྣོད་དང་ནང་གཡོ་བ་བཅུད་ཀྱི་འཇིག་རྟེན་ཀུན་ལ་རིས་མེད་མཉམ་པ་ཆེན་པོར་ཁྱབ་པར་བརྡལ་བས། ད་ལྟ་ཕན་ཆད་འབྱུང་བར་འགྱུར་བའི་ཟག་བཅས་འཁོར་བ་དང་ཟག་མེད་མྱ་ངན་ལས་འདས་པའི་བཏགས་ཆོས་སུ་སྣང་བ་རྣམས། སྣང་ངོ་ལ་ཇི་ལྟར་སྣང་ཡང་སྟོང་ངོ་ནས་ཡེ་གྲོལ་རང་དག་ཡིན་པས་ཀུན་ཀྱང་གདོད་ནས་ཆོས་ཉིད་ཀུན་ཏུ་བཟང་མོའི་ངོ་བོའི་མཁའ་དང་རང་བཞིན་གྱི་ཀློང་དང་ཐུགས་རྗེའི་དབྱིངས་ལས་རྡུལ་ཙམ་ཡང་མ་གཡོས་པའི་ཕྱིར་སེམས་ཉིད་ཕྱིར་སྣང་དུ་ཤར་བ་མ་ཡིན་པར་ནམ་མཁའ་ལ་གཟའ་སྐར་བཞིན་དུ་ཆོས་ཅན་མཚན་མ་ཇི་ལྟར་སྣང་ཡང་ཆོས་ཉིད་ཀྱི་དབྱིངས་ལས་གཞན་དུ་འགྲོ་ས་མེད་པར་བཀོད་བའི་རྒྱན་དུ་ལྷུན་གྱིས་གྲུབ་པ་ཡིན་མིན་ཕྱོགས་བྲལ་ཆེན་པོའི་དགོངས་པ་སྟེ། ཀློང་ཆེན་རབ་འབྱམས་རྒྱལ་པའི་རྒྱུད་ལས། ཀློང་ཆེན་འཁྱིལ་བའི་མཁའ་དབྱིངས་ནི། །ཀུན་གྱི་གནས་ཆེན་ཡིན་པའི་ཕྱིར། །ཡུལ་ལ་སྤྱོད་ཅིང་རྣམ་པར་ཡན། །འཁྲུལ་པས་དོན་ལ་གོལ་བའི་ཕྱིར། །ཚད་མས་བཤིགས་པས་མི་ཤིགས་ཏེ། །ཀློང་ཆེན་རང་གི་མཐུ་ཡིས་གྲོལ། །ཅེས་སོ། །གཉིས་པ་ནི། དབང་པོའི་ ནས་ ངང་དུ་བཞག༔ ཅེས་གསུངས་ཏེ། ལྟ་བའི་དོན་དེ་ཉིད་སྒོམ་པས་ཉམས་སུ་ལེན་པ་ལ། ཐོག་མར་དུས་ཀྱི་བརྡ་སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱིས་ཁྱད་པར་དུ་སྨིན་པར་བྱས་ནས། དངོས་གཞི་སྒོམ་མེད་དོན་གྱི་གཟེར་གདབ་པ་བརྡ་བཞི་གནད་ཀྱི་མན་ངག་ནི། གསལ་བ་གནད་ཀྱི་བརྡ་དབང་པོ་སྒོ་ལྔ་མ་བཀག་ཡན་པར་བཞག་པས་ཚོགས་དྲུག་གི་ཤེས་པ་ཐིམ་ལ་མ་རྨུགས་པར་གསལ་ལམ་མེར་གནས་པ་དང་། མི་རྟོག་པ་གནད་ཀྱི་བརྡ་དབང་པོའི་སྒོ་རྣམས་འབྱེད་འཛུམ་སོགས་ཀྱིས་གཡོ་བ་མེད་པར་བཞག་པས་སེམས་ཉིད་གང་དུའང་མི་རྟོག་པའི་ངང་དུ་ཟང་ཐལ་ལེར་གནས་པ་སྟེ་ཕ་རྒྱུད་གཡོ་བ་རླུང་འཛིན་པའི་གདམས་ངག་གཉིས། བདེ་བ་གནད་ཀྱི་བརྡ་འོག་རླུང་ཡིད་ཙམ་འཐེན་ཏེ་ཐུར་སེལ་འཆིང་བས་ལུས་སེམས་ཟག་མེད་ཀྱི་བདེ་བ་ཁྲི་ལེར་འཆར་བ་དང་། དབྱེར་མེད་གནད་ཀྱི་བརྡ་ལྕེའི་རྩེ་མོ་གང་ལའང་མ་རེག་པར། ཇི་སྐད་དུ། བསྒོམ་མ་མྱོང་དང་འབྲལ་མ་མྱོང་། །མི་སྒོམ་དོན་དང་མ་བྲལ་བ། །ཞེས་པ་ལྟར་ཤེས་པ་ཕྱོགས་ལྷུང་དང་བྲལ་ཞིང་བསམ་བརྗོད་ལས་འདས་པའི་ངང་དུ་བཞག་པ་སྟེེ་མ་རྒྱུད་བདེ་བ་ཉམས་ཀྱི་མན་ངག་གོ །དེའང་དབང་བཞིའི་དོན་བརྡ་བཞི་ལ་ཚང་བས་དབང་ངང་གིས་རྫོགས་ལ། བརྡ་བཞིའི་དོན་གསལ་བ། བདེ་བ། མི་རྟོག་པ། དབྱེར་མེད་པ་བཞི་རྒྱུད་ལ་ཤར་བས་གསལ་བ་སྤྲུལ་སྐུ། བདེ་བ་ལོངས་སྐུ། མི་རྟོག་པ་ཆོས་སྐུ། དབྱེར་མི་ཕྱེད་པ་ངོ་བོ་ཉིད་སྐུ་སྟེ་སྐུ་བཞི་རང་ཆས་སུ་འགྲུབ་པའོ། །མདོར་ན་རྒྱུད་སྔ་མ་ལས། མ་ནོར་བ་ཡི་ཆོས་ཉིད་ལ། །མ་བཅོས་གནས་ཤིང་མ་བྱས་གསལ། །མ་འགས་པ་ཉིད་ཡེ་ཤེས་ཀློང་། །ཞེས་པ་ལྟར་ལྟ་བ་མ་ནོར་བས་ཐག་བཅད། སྒོམ་པ་མ་བཅོས་པས་ཉམས་སུ་བླང་། སྤྱོད་པ་མ་བྱས་པས་བོགས་དབྱུང་བས། འབྲས་བུ་མ་འགགས་པ་ཉམས་སུ་མྱོང་བའི་ཀློང་ཆེན་པོ་བཞིས་བསྡུས་པ་སྟེ། དེ་བཞི་པོའང་ཐ་མལ་གྱི་ཤེས་པ། གཉུག་མ། སོ་མ་ལྷུག་པ་སྟེ་མཚན་ཉིད་བཞི་ལྡན་འདིར་འདུ་བས་དེ་ལ་ཡང་ཡང་ལྟ་བས་ལྟ་བ། དེ་ལ་མ་ཡེངས་པས་སྒོམ་པ། དེ་གྲོགས་སུ་གྱུར་པ་སྤྱོད་པ། །དེ་མངོན་དུ་གྱུར་པ་འབྲས་བུར་གསུངས་སོ། །གསུམ་པ་མན་ངག་གི་སྡེ་ལའང་གཉིས། དགོས་པ་དང་བཅས་པའི་ཚིག་གིས་མདོར་བསྟན་པ་དང་། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། ཁྱད་པར་ ནས་ མངོན་བྱའི་ཕྱིར༔ ཞེས་གསུངས་ཏེ། སྔ་མ་གཉིས་ལ་སྣང་ཕྱོགས་དང་སྟོང་ཕྱོགས་ཀྱི་ཡིད་དཔྱོད་ཕྲ་མོ་འདྲེས་པས་གཤིས་ཤོར་གྱི་གོལ་སྒྲིབ་འབྱུང་ཉེ་ལ། འདིར་ཡིད་དཔྱོད་ཀུན་ལས་འདས་ཤིང་ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་ཀ་དག་ཡོངས་གྲོལ་ཆེན་པོར་སྡུད་པས་ཁྱད་པར་དུ་འཕགས་པ་གནད་ཐོག་ཏུ་ཐེབས་པའི་མེ་བཙའ་ལྟ་བུ་གསང་བ་སྙིང་ཁྲག་གམ་སྲོག་གི་དྭངས་མ་དང་འདྲ་བ་རྒྱུད་ཆེན་བཅུ་བདུན་སོགས་ཀྱིས་བསྟན་དོན། མན་ངག་གི་གནད་ངེས་པ་ཐིག་ལེ་གསང་བ་ཐིག་ལེ་གསང་སྐོར་གྱི་སྡེ། གཞིར་གནས་རང་བཞིན་གྱི་འོད་གསལ་དབྱིངས་རིག་གཉིས་མེད་ཡེ་ཤེས་སྙིང་པོའི་ཚུལ་མངོན་སུམ་ལམ་དུ་བྱ་བའི་ཕྱིར་འདི་ལྟར་བླ་ན་མེད་པའི་རྣལ་འབྱོར་ལ་འཇུག་གོ །དེ་ལྟར་ཡང་ཨ་ཏི་བཀོད་པ་ཆེན་པོ་ལས། དེ་ཕྱིར་ངེས་གསང་སྙིང་པོ་འདི། །མུན་པ་ལས་ནི་མར་མེ་འམ། །གཅན་གཟན་རྣམས་ལས་སེང་གེ་བཞིན། །ཀུན་གྱི་ནང་ནས་ཁྱད་པར་འཕགས། །ཞེས་སོ། །དེ་ལ་སྤྱིར་དངོས་གཞི་ལེ་ལོ་ཅན་མ་བསྒོམས་པར་འཚང་རྒྱ་བའི་གནད་དབྱིངས་ལ་ལྟོས་ཏེ་སེམས་ཀ་དག་རྩ་བྲལ་དུ་ངོ་སྤྲད་ནས་རིག་པ་རྗེན་པ་ལྷོངས་སུ་ཕུད་པས་འབད་མེད་དུ་གྲོལ་བའི་ལམ་ཁྲེགས་ཆོད་དང་། བརྩོན་འགྲུས་ཅན་བསྒོམས་པས་འཚང་རྒྱ་བའི་གནད་སྣང་བ་ལ་ལྟོས་ཏེ་འོད་གསལ་ལྷུན་གྲུབ་ཏུ་ངོ་སྤྲོད་ནས་མངོན་སུམ་གྱི་གནད་ལ་གཟིར་བས་གདོས་བཅས་འོོད་ལུས་སུ་གྲོལ་བའི་ལམ་ཐོད་རྒལ་གཉིས་སུ་ཡོད་དེ། ངོ་སྤྲོད་སྤྲས་པའི་རྒྱུད་ལས། འབད་མེད་རང་གྲོལ་ཚད་འཛིན་པ། ཁྲེགས་ཆོད་ཐོད་རྒལ་གཉིས་སུ་བརྟགས། །ཞེས་སོ། །གཉིས་པ་ལ་གཉིས། ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་དང་། ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་ནོ། །དང་པོ་ལ་གསུམ། སྔོན་འགྲོ། དངོས་གཞི། མཇུག་བསྡུའོ། །དང་པོ་ནི། སྔོན་འགྲོ་ ནས་ བྲལ་བར་བཞག༔ ཅེས་གསུངས་ཏེ། དང་པོ་སྔོན་འགྲོ་ལ་གསུམ། ལུས་ངག་ཡིད་གསུམ་སྦྱོང་བ་དང་། རྣལ་དབབ་ སོར་གཞུག་གོ །དང་པོ་ལུས་ཀྱི་སྦྱོང་བ་ནི། ཐལ་འགྱུར་ལས། རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ཏེ། །ལུས་སྦྱངས་སེམས་ལ་ཕན་པའོ། །ཞེས་པ་ལྟར་ཡེ་ཤེས་གསུམ་དང་སྐུ་གསུམ་པོ་ལམ་གཅིག་ཏུ་འདྲིལ་བ་མཚོན་བྱེད་ལུས་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་བྱས་ལ་སེམས་ཀྱིས་ཀྱང་དེར་བསྒོམས་པས་ཐུན་མོང་དུ་ལུས་ཀྱི་སྡིག་པ་འདག་ཅིང་བར་ཆད་ཞི། ཁྱད་པར་ལུས་ཀྱི་མངོན་ཞེན་ལྡོག་པས་འཁོར་བར་མི་ལྟུང་། མཐར་ཐུག་སྐུ་རྡོ་རྗེ་སྤྲུལ་པའི་སྐུར་གཉིས་སུ་མེད་པར་འགྱུར་རོ། །གཉིས་པ་ངག་སྦྱོང་བ་ནི་ཧཱུྃ་གི་རྣལ་འབྱོར་རྣམ་པ་བཞི་དང་སྦྱར་བར་བྱ་སྟེ། དེའང་ཐལ་འགྱུར་ལས། ངག་ནི་ཧཱུྃ་ཞེས་གནས་པ་ལ། །རྒྱས་གདབ་པ་དང་རྩལ་སྦྱང་ཉིད། །མཉེན་བཙལ་ལམ་དུ་གཞུག་པ་ཡིས། །ཞེས་གསུངས་པའི་དང་པོ་ནི་སྙིང་གའི་ཧཱུྃ་ལས་ཧཱུྃ་མང་པོ་སྣ་བུག་གཡས་ནས་སྤྲོས། ཧཱུྃ་གི་གླུ་སྙན་ལ་རིང་བར་བླངས་ཏེ་ཕྱིའི་སྣང་བ་ཐམས་ཅད་ཁེངས། སྣ་བུག་གཡོན་ནས་ནང་དུ་ཞུགས་པས་ལུས་ཀྱི་ནང་ཁེངས་པར་བསྒོམས་པས་ཕྱི་ནང་ཧཱུྃ་གི་རང་བཞིན་དུ་འཆར་བ་ནི་རྒྱས་ཐེབས་པ་སྟེ་དེ་དག་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །གཉིས་པ་ནི། སྙིང་གའི་ཧཱུྃ་ལས་ཧཱུྃ་མཐིང་དྲག་རྩུབ་རྣོ་མྱུར་ཐོག་ལྟ་བུ་མང་པོས་ཡུལ་སྣང་དང་ལུས་ལ་ཕུག་སྟེ་ཁྲལ་ཁྲོལ་དུ་སོང་བར་བསམ། ཧཱུྃ་དྲག་པོར་བརྗོད་པས་དེ་དག་རང་བཞིན་མེད་པའི་ཉམས་འཆར་ན་རྩལ་འབྱོངས་པ་སྟེ་སྣང་བ་འོད་གསལ་དང་ཕུང་པོ་འཇའ་ལུས་སུ་གྲོལ་པའི་དགོས་པ་ཡོད་དོ། །གསུམ་པ་ནི། མདུན་དུ་ཤིང་བུ་ལྟ་བུའི་དམིགས་རྟེན་ལ་སྙིང་གའི་ཧཱུྃ་ལས་སྤྲོས་པའི་ཧཱུྃ་གི་ཕྲེང་བ་དཀྲིས་ཤིང་བསྐོར། ཡང་བཤིགས་ནས་ནང་དུ་སྡུད་པའི་འགྲོ་ལྡོག་ལ་སྦྱང་ཞིང་ཧཱུྃ་གླུ་བླངས་པས་སེམས་ལས་སུ་རུང་བ་ནི་མཉེན་བཙལ་བ་སྟེ་སེམས་ཤིན་སྦྱང་ཐོབ་པའི་དགོས་པ་ཡོད་དོ། །བཞི་པ་ནི། རང་གི་ལུས་དང་རླུང་སེམས་གཅིག་དྲིལ་ཧཱུྃ་ཡིག་སྔོན་པོའི་རྣམ་པར་མདུན་གྱི་ལམ་སྲིན་མོ་འགྲོས་སུ་ཞུགས་ནས་ཇེ་རིང་སོང་ཞིང་སླར་ཚུར་ཞུགས་ཏེ་རང་གནས་སུ་སླེབ་པའི་འགྲོ་ལྡོག་སྤེལ་མར་སྦྱངས་པས་རྣམ་རྟོག་རང་ཤུགས་སུ་ཆོད་ཅིང་བདེ་གསལ་མི་རྟོག་པའི་ཉམས་སྐྱེ་བ་ནི་ལམ་དུ་གཞུག་པའོ། །དེ་དག་གི་དགོས་པ་ནི། ཐུན་མོང་དུ་ངག་གི་སྡིག་པ་འདག་ཅིང་བར་ཆད་ཞི། ཁྱད་པར་ངག་གི་མངོན་ཞེན་ལྡོག་པས་འཁོར་བར་མི་ལྟུང་། མཐར་ཐུག་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུར་གཉིས་སུ་མེད་པར་འགྱུར་རོ། །གསུམ་པ་སེམས་སྦྱོང་བ་ལ། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང་། །བར་དུ་གནས་དང་ཐ་མར་འགྲོ། །དེ་ལྟར་གསུམ་ལ་བརྟག་དཔྱད་ན། །སེམས་སྦྱོང་སེམས་ཀྱི་གནས་ལུགས་ཤེས། །ཞེས་པ་ལྟར་གསུམ་ལས་དང་པོ་ནི། སེམས་ཞེས་བདེ་སྡུག་ཐམས་ཅད་མྱོང་བ་པོ་རིག་རིག་འགྱུ་འགྱུ་བ་འདི་ཕྱི་ནང་སྣོད་བཅུད་རང་ལུས་སྟོད་སྨད་སྣང་སྟོང་གང་ལས་བྱུང་དང་། འཚོལ་བྱ་འཚོལ་བྱེད་ལ་བལྟས་ཤིང་དཔྱད། གཉིས་པ་སེམས་ཕྱི་ནང་སྣོད་བཅུད་ལུས་ཀྱི་ཆ་ཤས་སོགས་གང་ལ་གནས། དབྱིབས་དང་ཁ་དོག་བྱེད་ལས་ངོ་བོ་གང་གིས་མཚོན་བརྟགས་ཤིང་དཔྱད། གསུམ་པ་སེམས་ཝལ་གྱིས་ཤར་ནས་ཡལ་གྱི་སོང་སྙམ་བྱེད་པ་འདི་གང་དུ་འགྲོ་བརྟགས་པས་ཕྱི་ནང་སྣོད་བཅུད་སྣང་སྟོང་ཡོད་མེད་གང་ལས་ཀྱང་མ་བྱུང་། གང་ལའང་མི་གནས། གང་དུའང་མི་འགྲོ་བའི་གཞི་མེད་རྩ་བྲལ་དུ་ཤེས་པ་སྟེ་མདོར་ན་སེམས་ཀྱི་བྱུང་གནས་འགྲོ་གསུམ་གཏན་ལ་མ་ཕེབ་ཀྱི་བར་དུ་འབད་པ་ཆེན་པོས་བརྟག་ཅིང་དཔྱད་ནས་བཙལ། དེ་དག་གི་དགོས་པ་ནི། ཐུན་མོང་དུ་ཡིད་ཀྱི་སྡིག་པ་འདག་ཅིང་བར་ཆད་ཞི། ཁྱད་པར་ཡིད་ཀྱི་མངོན་ཞེན་ལྡོག་པས་འཁོར་བར་མི་ལྟུང་། མཐར་ཐུག་ཐུགས་རྡོ་རྗེ་ཆོས་ཀྱི་སྐུར་གཉིས་སུ་མེད་པར་འགྱུར་རོ། །གཉིས་པ་རྣལ་དུ་དབབ་པ་ནི། དམིགས་པ་སེམས་ཚོལ་གང་ཡང་ཡིད་ལ་མི་བྱེད་པར་ལུས་ཅི་བདེ། ངག་བཟོ་མེད། སེམས་རྟོག་མེད་རང་ལུགས་སུ་སྣང་བ་དང་སྟོང་པ་དང་སྤང་བྱ་དང་གཉེན་པོའི་མཚན་མ་གང་ལ་ཡང་མི་རྟོགས་པར་འཇོག་པ་སྟེ། རྣལ་མ་ནི་མ་བཅོས་པའ་ིདོན་དང་། དབབ་པ་ནི་དེ་ལ་རང་བབས་སུ་འཇོག་བའི་དོན་ཏེ། དགོས་པ་ནི་གནས་སྐབས་སུ་སྒོ་གསུམ་རྣལ་དུ་ཕེབས་པས་འབྱུང་བ་མི་འཁྲུག་ཅིང་ནད་རྐྱེན་མི་འབྱུང་བ་དང་རང་བཞིན་གྱི་བསམ་གཏན་ལ་གནས། མཐར་ཐུག་སྒོ་གསུམ་གྱི་འཛིན་པ་རང་དག་ཏུ་གྲོལ་བར་འགྱུར་རོ། །གསུམ་པ་སོར་གཞུག་ནི། སྔར་རྣལ་དུ་ཕབ་པའི་སེམས་ཉིད་གསལ་ལ་མི་རྟོག་པར་གནས་པ་དེ་ཉིད་སྤྱོད་ལམ་ཞི་བ་ཉན་ཐོས། བར་མ་བྱང་སེམས། དྲག་པོ་ཁྲོ་བོའི་ལྟ་སྟངས་དང་རྣམ་འགྱུར་གྱིས་རིམ་གྱིས་ཁྲིད་དེ་ཚོགས་དྲུག་གི་ཤེས་པ་ཇི་ལྟར་ཤར་བ་སྤྲོ་བསྡུ་བྲལ་བར་རང་སོར་བཞག་པས་རྐྱེན་སྣང་རང་གི་ངོ་བོ་གསལ་ཡང་མི་རྟོགས་པའི་ངང་མ་ཤོར་བ་དང་། ཤར་ཙམ་ཉིད་ནས་རང་བཞིན་གྱིས་མ་གྲུབ་པ་སྣང་སྟོང་དབྱེར་མེད་ཆུ་ཟླ་ལྟར་རྟོགས་པ་དང་། རང་བྱུང་རང་ཤར་སྤྲོས་བྲལ་བསལ་བཞག་མེད་པ་ཆུ་རླབས་རྒྱ་མཚོར་ཐིམ་པ་ལྟར་རྟོགས་པ་ལ་བསླབ། དགོས་པ་ནི། གནས་སྐབས་སུ་བདེ་གསལ་མི་རྟོག་པའི་ཉམས་དང་ལྡན་པའི་ཞི་གནས་ཁྱད་པར་ཅན་སྐྱེ་བས་སྡུག་བསྔལ་དང་ཉོན་མོངས་རགས་པ་གནོན། མཐར་ཐུག་ལྷག་མཐོང་ཀ་དག་གི་དོན་རྟོགས་པས་ཉོན་མོངས་རགས་པ་རྣམས་འཇོམས་ཤིང་ཡང་དག་པའི་ལམ་སྲོལ་དུ་འཇུག་པ་ཡིན་ནོ། །གཉིས་པ་དངོས་གཞི་ལ་གཉིས། སྡོམ་གྱི་མདོར་བསྟན། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། ལྟ་བས་ ནས་ རང་ལ་རྙེད༔ ཅེས་གསུངས་ཏེ། གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བས་ཐག་བཅད། ཉིན་མཚན་ཁ་སྦྱོར་གྱི་སྒོམ་པས་ཉམས་སུ་བླང་། སྣང་བ་དབང་སྒྱུར་གྱི་སྤྱོད་པས་བོགས་འབྱིན། བྱ་བྲལ་ལྷུན་གྲུབ་ཀྱི་འབྲས་བུ་རང་ལས་རྙེད་པ་བཞིར་འདུས་པས་དེ་རྣམས་རིམ་བཞིན་བཤད་པར་བྱའོ། །གཉིས་པ་ལ་བཞི། ལྟ་བས་ཐག་བཅད་པ། སྒོམ་པས་ཉམས་སུ་ལེན་པ། སྤྱོད་པས་བོགས་འབྱིན་པ། འབྲས་བུ་ལྷུན་གྱིས་གྲུབ་པའི་ཚུལ་ལོ། །དང་པོལའང་གསུམ། ངོ་བོ་ཀ་དག་གི་ཡེ་ཤེས་བཤད་པ། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་བཤད་པ། དབྱེར་མེད་ཟུང་འཇུག་གི་ཡེ་ཤེས་ངོ་སྤྲད་པའོ། །དང་པོ་ནི། དེ་ལ་ ནས་ བཏགས་པ་ཙམ༔ ཞེས་གསུངས་ཏེ། ལྟ་བས་ཐག་བཅད་པ་དེ་ལའང་། རྒྱུད་ཀློང་གསལ་ལས། ངོ་བོ་ཀ་དག་ཡེ་ཤེས་ནི། །མ་རིག་རྟོག་པ་ཀུན་དང་བྲལ། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ནི། །སྟོང་གསལ་རང་གདངས་ཉིད་དུ་གནས། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ནི། །འགགས་མེད་སྣང་སྟོང་ཉིད་དུ་གནས། །ཞེས་ངོ་བོ་རིག་སྟོང་། རང་བཞིན་གསལ་སྟོང་། ཐུགས་རྗེ་སྣང་སྟོང་དབྱེར་མེད་གསུམ་དུ་གསུངས་པའི་དང་པོ་ངོ་བོ་ཀ་ནས་དག་པའི་ཡེ་ཤེས་ནི། དངོས་པོ་དང་མཚན་མར་མ་གྲུབ་པས་སངས་རྒྱས་ཀྱི་སྤྱན་གྱིས་ཀྱང་བལྟར་མེད་པ། གཞི་མེད་རྩ་བ་དང་བྲལ་བས་འདིའི་ཞེས་བརྗོད་དུ་མེད་པ། གོ་བའི་ཚིག་དང་མཚོན་པའི་དཔེ་ཀུན་གྱི་ཡུལ་ལས་འདས་པ། བསམ་གྱིས་མི་ཁྱབ་པའི་གནས་ལུགས་ཀྱི་ཕྱིར་བློའི་སྤྱོད་ཡུལ་མ་ཡིན་པ། ཡེ་གདོད་མ་ཉིད་ནས་རང་བཞིན་གྱིས་སྟོང་པའི་གཤིས་སམ་རང་བབས། འཁྲུལ་གྲོལ་གཉིིས་ཀ་ཡོད་མ་མྱོང་བས་འཁོར་བ་གཞི་མ་གྲུབ་ཅིང་མྱང་འདས་ཞེས་པའང་ལྟོས་ནས་བཏགས་པ་ཙམ་ལས་དོན་ལ་མ་གྲུབ་པ་སྟེ། ཀློང་དྲུག་པ་ལས། སྟོང་པ་ཡུལ་གྱི་སྤྲོས་པ་མེད། །ཅེས་སོ། །གཉིས་པ་ནི། རང་བཞིན་ ནས་ རིས་མེད་དོ༔ ཞེས་གསུངས་ཏེ། རང་བཞིན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ནི། ངོ་བོ་ཀ་དག་སྨྲ་བསམ་བརྗོད་བྲལ་དེ་ཉིད་གསལ་མདངས་འགགས་པ་མེད་པའི་ཡེ་ཤེས་ཀྱི་རང་རྩལ། ནམ་མཁའི་དབྱིངས་ལས་ཉི་མའི་འོད་ཟེར་ཕྱོགས་མེད་དུ་ཁྱབ་པ་བཞིན་དུ་བརྟན་གཡོ་འཁོར་འདས་ཀུན་ལ་ཁྱབ་ཅིང་ཀུན་གྱི་སྲོག་གམ་སྙིང་པོའི་ཚུལ་དུ་བཞུགས་ལ། དེའང་རྟེན་དང་བརྟེན་པའི་རྣམ་པ་ཅན་མ་ཡིན་པ་ནམ་མཁས་འབྱུང་པ་ཆེན་པོ་རྣམས་ལ་ཁྱབ་པ་བཞིན་དུ་མཐའ་གང་ལའང་མི་གནས་པར་ཀུན་དང་དབྱེར་མེད་པར་བཞུགས་པ་སྟེ། འཁོར་འདས་གཉིས་ལ་རྒྱ་ཆད་དང་ཕྱོགས་ལྷུང་གི་རིས་སུ་བཅད་པ་མེད་དེ། སྔ་མ་ལས། གསལ་བ་ཡོད་མེད་མཐའ་ལས་འདས། །མཚོན་ཚིག་དུ་མའི་སྤྲོས་དང་བྲལ། །ཅེས་སོ། །གསུམ་པ་ནི། དེ་གཉིས་ ནས་ མངོན་དུ་བྱ༔ ཞེས་གསུངས་ཏེ། ངོ་བོ་སྟོང་པ་དང་རང་བཞིན་གསལ་བ་དེ་གཉིས་ཀྱང་གཅིག་དང་དུ་མའི་སྤྲོས་པ་ཀུན་ལས་འདས་ཤིང་གདོད་ནས་དབྱེར་མེད་ཟུང་དུ་འཇུག་པ་མར་མེ་དང་མར་མེའི་འོད་ལྟ་བུ་སུས་ཀྱང་བཅོས་ནས་འདུས་མ་བྱས་པའི་རང་བབས་ཀྱི་གནས་ལུགས་དེ་ནི་ཡུལ་དང་ཡུལ་ཅན་དུ་བརྟགས་ནས་བལྟར་མེད་པའི་ཕྱིར་བློ་ལས་འདས་པས་ལྟ་བ་ཀུན་གྱི་རྒྱལ་པོ་གོང་ན་མེད་པ་སྟེ། དེ་ཉིད་ཇི་བཞིན་དུ་རྟོགས་པའི་རྣལ་འབྱོར་གྱི་དབང་པོ་རང་གི་ཉམས་མྱོང་ལས་དཔག་སྟེ། ལྟ་བའི་ཡིན་ལུགས་ཀྱི་ཚུལ་དུ་བརྡ་ཐབས་མན་ངག་བྱིན་རླབས་ཀྱི་སྒོ་ནས་ངོ་སྤྲོད་ཅིང་མངོན་དུ་རྟོགས་པར་བྱའོ། །དེ་ལྟར་ཡང་ཁྱུང་ཆེན་ལས། སྤྱོད་བྲལ་སྒོམ་བྲལ་བལྟ་རྒྱུ་མེད་པའི་དོན། །མ་བཅོས་སྣང་བ་རང་སར་བཞག་པས་གྲོལ། །ཅེས་སོ། །གཉིས་པ་སྒོམ་པ་ཉམས་སུ་བླང་བ་ལ་གཉིས། དངོས་དང་། འབྱོངས་པའི་ཚད་དོ། །དང་པོ་ནི། དེ་ ནས་མངོན་དུ་འགྱུར༔ ཞེས་གསུངས་ཏེ། ལྟ་བས་ཡེ་གྲོལ་དུ་རྟོགས་པ་དེ་ནས་སྒོམ་པས་ཡིན་ཐོག་ཏུ་བཞག་སྟེ་རིག་པས་གཤིས་ཐོག་ཏུ་ཕེབ་པར་ཉམས་སུ་བླང་བ་ནི། སེམས་ཉིད་ངོ་བོ་ངོས་བཟུང་ལས་འདས་པ། རིག་པ་ཟུང་ཐལ་མཚན་མར་མ་གྲུབ་པ་སྟོང་གསལ་རང་བྱུང་གི་ཡེ་ཤེས། དེ་གཉིས་ཡ་བྲལ་མ་ཡིན་པར་གདོད་ནས་ཟུང་དུ་འཇུག་པ་འདི་ལས་ཆོས་སྐུ་གཞན་དུ་མེད་པར་ངོ་རང་ཐོག་ཏུ་འཕྲོད་ནས། དྲན་བསམ་སྔ་མ་འགགས། ཕྱི་མ་མ་སྐྱེས་ཤིང་ད་ལྟའི་ཤེས་པ་སྐད་ཅིག་མ་ལ་བཟོ་བཅོས་མ་བྱས་པས་དུས་གསུམ་གྱི་རྣམ་པར་རྟོགས་པས་མ་བསླད་པའི་ཀ་དག་བློ་འདས་ཀྱི་དགོངས་པ་བཞི་ཆ་སུམ་བྲལ་ཐ་མལ་གྱི་ཤེས་པ་སོ་མ་དེ་ཉིད། རང་བབས་རྣལ་མར་བཞག་པ་ལས་གཞན་པའི་བསྒོམ་བྱ་རྡུལ་ཙམ་མེད་པ་ཐག་གཅིག་ཐོག་ཏུ་བཅད་པས་མངོན་སུམ་ཆོས་ཉིད་ཀྱི་རང་བབས་ལྷུག་པར་མཐོང་སྟེ་དང་དྭངས་སྤྲིན་བྲལ་ནམ་མཁའ་ལྟར་གནས་པ་ཡིན་ལ། དེའི་དུས་སུ་ཕྱི་ཆོས་ཅན་ཚོགས་དྲུག་ཡུལ་གྱི་འཁྲུལ་སྣང་ལ་གཡེང་བའི་རྟོག་པ་ཤར་དུས་ནས་འཛིན་མེད་དུ་གློད་པས་རྦ་རླབས་ཆུར་ཐིམ་པ་ལྟར་འགྱུ་སྟོང་རྗེས་མེད་དུ་ཞིག །ནང་ཆོས་ཉིད་ཀྱི་ངང་དུ་ཡེངས་པ་མེད་པར་དགུག་པའི་དྲན་འཛིན་དགག་སྒྲུབ་སྩོལ་བཅས་ཀྱི་བརྟོད་ཕུར་ན་བུན་མཁའ་ལ་དེངས་པ་ལྟར་རང་སར་གྲོལ་ཏེ་སྣང་ཤེས་གཉིས་ཀའི་ཕྱོགས་སུ་མ་ལྷུང་བ་ཅིར་སྣང་ཆོས་སྐུའི་རང་བཞིན་རིག་སྟོང་བློ་བྲལ་རྗེན་པར་རྟོགས་པའི་གདེང་གྲོལ་ཐོག་ཏུ་བཅས་ཏེ། དམིགས་གཏད་མཚན་འཛིན་གང་ཡང་མེད་པའི་ངང་ལ་འབད་རྩོལ་ཅིའང་བྱར་མེད་པར་ཁ་ཡན་དུ་གློད་ནས་བཞག་པས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀ་དག་གཞི་རྫོགས་ཆོས་ཉིད་མཉམ་པ་ཆེན་པོར་མངོན་དུ་འགྱུར་ཏེ། ཁྱུང་ཆེན་ལས། མ་བསྒོམ་བཞག་པ་དེ་ཉིད་རང་རིག་པ། །སྒྲ་དང་བློ་བྲལ་ཀུན་གྱི་ཕ་རོལ་ཕྱིན། །དམིགས་བཅས་རང་སོ་ཉིད་དེ་བཅོས་ཅི་དགོས། །གནས་པས་འགུགས་ལ་འགྱུས་པར་རང་སར་དག །ཅེས་སོ། །གཉིས་པ་ནི། དེ་ཚེ་ ནས་ ཆུད་པ་ན། ཞེས་གསུངས་ཏེ། རིག་སྟོང་རྗེན་པ་ངོས་ཟིན་ནས་གཤིས་ཐོག་བཟོ་མེད་དུ་བཞག་པ་དེའི་ཚེ། རྣམ་པར་རྟོག་པའི་སྤྲོ་བསྡུ་ཇི་སྙེད་ཤར་བ་དེ་ཐམས་ཅད་ཀྱི་དྲན་པའི་གཉེན་པོས་བསྐྱར་གྲོལ་མ་དགོས་པར། ཆུ་བོ་ཆེན་པོ་ལས་རླབས་གཡོས་ཀྱང་ཆུ་དང་རླབས་གཉིས་ཐ་དད་མེད་པ་བཞིན་དུ་རྟོག་མེད་རང་གསལ་རྗེན་པར་ཐིམ་པ་དང་། གཡོ་བྱེད་ཀྱི་རླུང་མེད་པའི་མར་མེ་གསལ་དྭངས་བརྟན་པར་འབར་བ་བཞིན་རིག་ཐོག་ཏུ་རྩེ་གཅིག་པར་གནས་ཤིང་། དེ་ལའང་ཡུལ་ཤེས་ཀྱི་འཛིན་པས་མ་བསླད་པ་གནས་པའི་ངོ་བོའི་དེ་ཁོ་ན་ཉིད་རིག་ལ། རིག་པ་ཉིད་ཀྱང་དེར་རྟོག་གིས་མི་འཛིན་པར་གསལ་ཧྲིག་རྗེན་པ་གཞི་མེད་རྩ་བྲལ་དུ་ལྷག་གེར་ཤར་བ་དང་། གསལ་ཆ་མ་འགགས་ཀྱང་ཚོགས་དྲུག་གི་ཡུལ་ལ་འགྱུ་བ་རང་ག་མར་འཕྲོ་བ་མེད་ཅིང་། གང་དུའང་མི་རྟོག་པ་དེ་ལའང་ཞེན་པའི་འཛིན་སྟངས་བྲལ་བ་ལས་མཉམ་བཞག་རྗེས་ཐོབ་ཀྱི་འཇོག་ལེན་མེད་པར་སྒོམ་པ་འོད་གསལ་ཁོར་ཡུག་ཏུ་ཤར། གནས་འགྱུའི་དགག་སྒྲུབ་མི་དགོས་པར་མཐའ་གྲོལ་ཀློང་ཡངས་ཀྱི་དགོས་པར་ཕྱམ་བརྡལ། ཞི་གནས་ལྷག་མཐོང་གི་རྣམ་པར་དབྱེ་བ་ལས་གྲོལ་ཏེ་རིག་ཐོག་ཟུང་འཇུག་ཏུ་ཆུད་པ་ན་སྒོམ་པ་ཀློང་དུ་གྱུར་པ་ཡིན་ཏེ། དགའ་རབ་རྡོ་རྗེས་ཡིན་པ་གྲུབ་པ་མེད་པའི་རིག་པ་འདི། །རང་གདངས་འཆར་ཚུལ་ཅིར་ཡང་མ་འགགས་པས། །སྣང་སྲིད་ཀུན་ཀྱང་ཆོས་སྐུའི་ཞིང་དུ་ཤར། །ཤར་བའི་དེ་ཉིད་རང་གི་ཐོག་ཏུ་གྲོལ། །ཅེས་སོ། །གསུམ་པ་སྤྱོད་པས་བོགས་དབྱུང་བ་ནི། སྤྱོད་ལམ་ ནས་ མཉམ་པར་བཞག༔ ཅེས་གསུངས་ཏེ། ཅོག་བཞག་གི་སྒོམ་པ་ཀློང་དུ་གྱུར་པ་སྒོ་གསུམ་སྤྱོད་པའི་ལམ་གང་རུང་དུ་ཞུགས་ཀྱང་ཐམས་ཅད་ཆོས་ཉིད་རོལ་པར་ངང་ལས་ནམ་ཡང་མ་གཡོས་ཏེ་འབྱུང་བཞིའི་ཆོ་འཕྲུལ་ཇི་ལྟར་ཤར་ཡང་ནམ་མཁའི་ཀློང་ལས་འདས་པ་མེད་པ་བཞིན་ནོ། །དེས་ན་འཁྲུལ་གྲོལ་གྱི་རེ་དོགས་མེད་པས་ཚོགས་དྲུག་གི་ཡུལ་ལ་དེར་འཛིན་གྱིས་མི་ཞེན་པར་ཐུག་ཕྲད་རང་གྲོལ་རང་དགར་རྒྱ་ཡན་དུ་བཏང་། སྣང་བརྟགས་ཇི་ལྟར་སྣང་རུང་རིག་པའི་ཀློང་ལས་གུད་ན་མེད་པས་འགྲོ་འཆག་ཉལ་འདུག་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཆེན་པོའི་རྩལ་ལམ་རོལ་པའི་ངང་དུ་འུབ་ཆུབ་པར་ཐག་བཅད། རྩ་བྲལ་གྱི་ཆོས་ཐམས་ཅད་ཡེ་ནས་ལྷུན་གྲུབ་ཀྱི་ཆོས་སྐུར་སངས་རྒྱས་པས་གཟུང་བྱ་འཛིན་བྱེད་སྤང་བྱ་བླང་བྱེད་གཉིས་སུ་མེད་པ་ཆོས་ཉིད་མཉམ་པ་ཆེན་པོར་ཁྱབ་པར་བརྡལ་བས། འབད་རྩོལ་དམིགས་བཅས་མཚན་མའི་བསྒོམ་པར་བྱ་བ་རྡུལ་ཙམ་ཡང་མེད་པས་སྒོམ་འདོད་ཀྱི་རྟོག་པ་ལས་གྲོལ་ཏེ་ཐ་མལ་གྱིན་འདར་འབྱམས་ཤིང་། བཅོས་མའི་བློས་མི་བསྒོམ་པའི་དོན་རིག་སྟོང་ཆོས་ཉིད་ཟང་ཐལ་རྗེན་པ་དང་རྒྱུན་དུ་འབྲལ་བ་མེད་པས་ན་གང་ཟག་ཐ་མལ་པའི་ཚུལ་ལས་རིང་དུ་འདས་ཏེ་སྤྱོད་ཡུལ་ཇི་ལྟར་སྤྱོད་པ་ཐམས་ཅད་ཀུན་ཏུ་བཟང་པོ་ཡེ་ཤེས་ཟང་ཐལ་རང་སྣང་རིས་མེད་དག་པ་རབ་འབྱམས་སུ་ཤར་བ་ན། ཆོས་ཉིད་རྒྱུན་ཆད་མེད་པ་ཆུ་བོ་ཆེན་པོའི་རྒྱུན་དང་འོད་གསལ་གསལ་འགྲིབ་མེད་པ་མར་མེའི་རྩེ་མོ་བཞིན་ཏེ་དེ་ཁོ་ན་ཉིད་ཀྱི་གནས་ལུགས་རིག་པས་རྟག་ཏུ་མཉམ་པར་བཞག་པ་ལས་མ་གཡོས་བཞིན་དུ་ཡེ་ཤེས་ཀྱི་འཁོར་ལོ་ཕྱོགས་མེད་དུ་བསྐོར་པ་ཡིན་ཏེ། ཉི་ཟླ་ཁ་སྦྱོར་ལས། དམིགས་པས་སྣང་བའི་ཡུལ་རྣམས་ལ། །རང་བཞིན་མེད་པར་སུས་རྟོགས་པ། །འདི་ལ་སྣང་སྟོང་གཉིས་སུ་མེད། །ཅེས་གསུངས་པ་ལྟར་རོ། །བཞི་པ་འབྲས་བུ་ལ་གསུམ། སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཚུལ་དང་། ལམ་རྐྱེན་དངོས་པོ་བཅུ་ལྷུན་གྱིས་གྲུབ་པའི་ཚུལ། བསྙེན་སྒྲུབ་ཡན་ལག་བཞི་དང་སྦྱར་བའི་ཚུལ་གྱིས་འབྲས་བུ་དོན་བསྡུའོ། །དང་པོ་ནི། མདོར་ན་ ནས་ ལྷུན་གྱིས་གྲུབ༔ ཅེས་གསུངས་ཏེ། མདོར་བསྡུ་ན་རང་རིག་མ་བཅོས་པ་ཆོས་ཉིད་ཀྱི་གནས་ལུགས་འདི་ཁོ་ན་གདོོད་ནས་འཁྲུལ་མ་མྱོང་བར་སངས་རྒྱས་པ་སྟེ། བསྒྲུབ་བྱའི་སངས་རྒྱས་ཆེན་པོ་གསུམ་ལྡན་གུད་དུ་བཙལ་བས་ནམ་ཡང་རྙེད་པ་མེད་ཀྱང་གློ་བུར་འཁྲུལ་རྟོག་གིས་བསྒྲིབས་ཏེ་གཞན་ནས་རྩོལ་སྒྲུབ་ཏུ་ལྟ་བའི་འཛིན་པས་བཅིངས་པ་ལ་ཡང་དག་པའི་ལམ་གྱི་ས་མཁན་བླ་མ་དམ་པའི་བཀའ་དྲིན་གྱིས་གདོད་ནས་ཡེ་གྲོལ་གྱི་རྟོགས་པ་བསྐྱེད་ཅིང་ལྷུན་གྲུབ་ཀྱི་སངས་རྒྱས་རང་ལ་གནས་པར་ངོ་འཕྲོད་དེ། རྣམ་པ་མ་འགགས་པར་གསལ་ལ་ངོ་བོ་མ་སྐྱེས་པའི་སྟོང་པ་གཉིས་པོ་རོ་གཅིག་ཏུ་མཉམ་པའི་ཁྱབ་བྱ་ལ། ཁྱབ་བྱེད་རང་རིག་པའི་སྙིང་པོ་ཅན་གྱི་གཞི་མ་ནོར་བའི་གནས་ལུགས་དེ་ཉིད་ལམ་མ་བཅོས་པ་གདོད་མའི་རང་བབས་སུ་བསྐྱངས་པས་གཤིས་ཇི་བཞིན་པ་མངོན་དུ་གྱུར་པ་ལས། སེམས་ཅན་གྱིས་ངན་པར་དང་སངས་རྒྱས་ཀྱི་ས་བཟང་པོར་བཏང་ནས་གསར་ཐོབ་ཏུ་འཆོས་པ་མེད་པར་རྟོགས་པ་དེ་ཡིས། སྐུ་གསུམ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་ད་ལྟ་ཉིད་ནས་ཕྱིན་ཏེ་ཆོས་སྐུ་རང་གནས་ཆེན་པོར་ལ་བཟླས་པ་ནི་མ་བཙལ་ལྷུན་གྱིས་གྲུབ་པའི་འབྲས་བུའོ། །དེ་ལྟར་ཡང་ནོར་བུ་ཕྲ་བཀོད་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ངོ་བོ་དུས་གསུམ་འགྱུར་བ་མེད། །རང་བཞིན་རྟག་ཏུ་འགག་པ་མེད། །ཐུགས་རྗེ་ཀུན་ལ་རབ་སྣང་ངོ་། །ཞེས་སོ། །གཉིས་པ་ནི། ལྟ་བ་ ནས་ རོལ་པའི་གར༔ ཞེས་གསུངས་ཏེ། གསང་རྒྱུད་ཟབ་མོ་རྣམས་སུ་རྡོ་རྗེའི་ཚིག་གིས་བསྟན་པའི་ལམ་གྱི་ཆ་རྐྱེན་དངོས་པོ་བཅུའང་འདིར་འབད་མེད་ཀྱི་ངང་ལ་ལྷུན་གྱིས་གྲུབ་པ་སྟེ། ལྟ་བའི་མཁན་པོས་བལྟ་བྱའི་ཡུལ་མེད་པས་གནས་ལུགས་དེ་ཁོ་ན་ཉིད་དུ་ལྟ་བ་དང་། སྒོམ་པ་དམིགས་གཏད་ཀྱི་རྩིས་གདབ་དང་བྲལ་བས་རང་སྣང་རིས་མེད་ཀྱི་དཀྱིལ་འཁོར་བཀོད་པ་ཁྱབ་པར་བརྡལ་བ་དང་། སྤྱོད་པ་སྤང་བླང་བྱར་མེད་པས་ཆོས་ཉིད་ཀྱི་དབྱིངས་སུ་ཆོས་ཅན་གྱི་མཚན་མ་ལ་དོར་ནས་འབྲས་བུ་བླང་བྱ་རྣམ་གྲོལ་དང་སྤང་བྱ་འཁོར་ཆོས་གཉིས་ཀ་ལས་འདས་ཏེ་རང་གནས་ཀྱི་རིག་པ་གཞི་ཐོག་ཏུ་རྫོགས་པ་དེ་ནི། གཞི་ལམ་འབྲས་བུའི་རིམ་པ་ཀུན་ལ་ཁྱབ་པས་ཡེ་ཤེས་སྤྱི་བླུགས་ཀྱི་དབང་ཞེས་བྱ་བ་གཏོར་བླུགས་ཀྱི་ཆོ་ག་ཀུན་ལས་ཁྱད་པར་འཕགས་པ་དང་། ས་མ་ཡ་འབུམ་སྡེའི་དམ་ཚིག་རྣམས་ཀྱང་གདོད་ནས་ཆོས་ཉིད་ལས་མི་འདའ་བས་ཡེ་སྲུང་ལྷུན་གྲུབ་གཟུང་འཛིན་དང་བྲལ་བའི་དབྱིངས་རྒྱུ་འབྱམས་སམ་ཕྱལ་བ་ཆེན་པོ་གཅིག་ཏུ་བཟླུམ་པ་དང་། དོན་ཏུ་གཉེར་ཏེ་བསྒྲུབ་བྱའི་རྒྱལ་པོ་རང་བྱུང་ཡེ་ཤེས་ཆེ་བའི་མཆོག་གཞན་ལས་མ་བཙལ་རང་ཉིད་ལས་རྙེད་པ་དང་། སྒྲུབ་བྱེད་ཀྱི་ེཆོས་བཏང་བཞག་མེད་པའི་ཏིང་ངེ་འཛིན་ཁོར་མོ་ཡུག་ལས་མི་གཡོ་བས་རྒྱུན་ཆད་མེད་པ་དང་། སྒྲུབ་པའི་ཕྲིན་ལས་སྣང་སྲིད་ཐམས་ཅད་ཆོས་སྐུའི་ཡོ་ལངས་སུ་བརྡལ་བས་ཅིར་སྣང་ཡེ་ཤེས་ཀྱི་རོལ་པར་ཤུགས་ལས་འབྱུང་བ་དང་། སྒྲུབ་པའི་ཡན་ལག་ཅིའང་མི་གསུང་ཞིང་བྱར་མེད་མཉམ་པར་བཞག་པའི་བཟླས་པ་ཆེན་པོས་གསང་སྔགས་ཀྱི་འཁོར་ལོ་བླ་མེད་དུ་བསྐོར་བ་དང་། བློ་ཡིས་བཟོ་མ་བཅོས་པ་ཚོགས་དྲུག་གི་ཡུལ་ཤེས་རང་བབས་ལྷུག་པར་བཞག་པས་ཐུག་ཕྲད་རེག་གྲོལ་དུ་སྟོབ་པ་མཆོད་པའི་སྤྲིན་འབྱམས་སུ་ཀླས་པ་དང་། སེམས་ཀྱི་གསལ་སྣང་ཀུན་ཏུ་ཁྱབ་པའི་ཕྱག་རྒྱ་ཡེ་ཤེས་སུ་འཆིང་བ་དང་རིག་རྩལ་ཕྱོགས་མེད་དུ་འགྲོ་བ་རོལ་པའི་གར་གྱི་རྣམ་གྱུར་དུ་ལྷུན་གྱིས་གྲུབ་པའོ། །གསུམ་པ་ནི། སེམས་ཀྱི་ ནས་ ད་ལྟ་ཕྱིནཿ ཅེས་གསུངས་ཏེ། ཁྲེགས་ཆོད་ཡེ་བབས་སོར་བཞག་གི་ཐོག་མར་སེམས་ཀྱི་མཚང་བཙལ་ཏེ་སྐྱེ་མེད་དུ་རྩད་བཅད་པ་ན་རང་བྱུང་ཡེ་ཤེས་ལ་བསྙེན་པ་སྟེ། བར་དུ་རང་རིག་ཀ་དག་གི་ཐོག་ཏུ་གནས་ལུགས་མ་བཅོས་རྣལ་མར་ངོ་སྤྲོད་པ་ནི་ཉེ་བར་བསྙེན་པ་དང་། འགགས་མེད་དུ་གཏན་ལ་ཕབ་སྟེ་རང་བྱུང་གི་ཐིག་ལེ་ཉག་གཅིག་ཏུ་འཁོར་འདས་ཐམས་ཅད་རྫོགས་པར་ཐག་ཆོད་པ་ནི་སྒྲུབ་པའི་ངང་དུ་གནས་པ་ཡིན་ལ། མཐར་གཉུག་མ་ཡེ་གྲོལ་གྱི་ཐོག་ཏུ་གཉེན་པོས་བསྐྱར་གྲོལ་མ་དགོས་པའི་གདེང་བཅའ་བ་སྒྲུབ་པ་ཆེན་པོའི་རིམ་པས་གཉིས་མེད་དུ་རྩལ་སྦྱང་སྟེ། དེའང་སྒྲོན་མ་སྣང་བྱེད་ལས། རི་བོ་ཅོག་བཞག་ལྟ་བའི་ཚད། །རྒྱ་མཚོ་ཅོག་བཞག་སྒོམ་པའི་ཚད། །སྣང་བ་ཅོག་བཞག་སྤྱོད་པའི་ཚད། །རིག་པ་ཅོག་བཞག་འབྲས་བུའི་ཚད། །ཚད་བཞི་ལྡན་པའི་རྣལ་འབྱོར་དེ། །ངེས་པའི་དོན་ལ་བློ་འདྲེས་པའོ། །ཞེས་པ་ལྟར། དགོངས་པ་ཆོས་ཉིད་ཀྱི་ངང་ལ་གནས་པས་རྐྱེན་སྣང་རླུང་ཚོགས་ལྟ་བུས་ནམ་ཡང་མི་གཡོ་བའི་གདེང་རྙེད་པ་རི་བོ་ཅོག་བཞག་གི་ལྟ་བ། རིག་པ་ཟང་ཐལ་ལ་དབང་པོའི་གདངས་མ་འགགས་པ་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུ་ལ། སྣང་ཡུལ་གཟའ་སྐར་གྱི་གཟུགས་བརྙན་ཤར་ཡང་ཡུལ་དང་ཡུལ་ཅན་དུ་རྣམ་པར་རྟོག་པ་མེད་པས་གཟུགས་བརྙན་གྱིས་ཆུ་ལ་མི་གོས་པ་དང་མཚུངས་པ་རྒྱ་མཚོ་ཅོག་བཞག་གི་སྒོམ་པ། རིག་པའི་དྭངས་ཆ་མེ་ལོང་ལྟ་བུར་ཆོས་ཅན་མཚན་མ་ཅིར་སྣང་ཡང་དགག་སྒྲུབ་བྲལ་བར་སྣང་ཤེས་རོ་མཉམ་ཡན་གར་བཞག་པ་སྣང་བ་ཅོག་བཞག་གི་སྤྱོད་པ། རིག་པ་ཟང་ཐལ་ངོས་བཟུང་མེད་པ་བློ་ཡིས་བཟོ་བཅོས་ངང་འཛིན་ཞེན་གང་ཡང་མི་བྱ་བ་རང་གྲོལ་ཀློང་ཡངས་ཆེན་པོའི་དགོངས་པར་རང་གནས་སུ་བཞག་པ་ནི་རིག་པ་ཅོག་བཞག་གི་འབྲས་བུ་སྟེ། དེ་ལྟར་ཅོག་བཞག་གི་གནད་བཞི་དང་ལྡན་པ་ལས། ཀ་དག་ཟང་ཐལ་གདོད་མའི་ཆོས་དབྱིངས་ཀུན་ཏུ་བཟང་པོའི་གྲོལ་གཞི་བྱང་ཆུབ་སྙིང་པོའི་ས་ལ་ཕྱི་དུས་སུ་མི་ལྟོས་པར་ད་ལྟ་ཕྱིན་པར་འགྱུར་རོ། །གསུམ་པ་ཀ་དག་གི་ལྟ་བའི་མཇུག་བསྡུ་བ་ནི། མདོར་ན་ ནས་ ཆེན་པོར་རྫོགས༔ ཞེས་གསུངས་ཏེ། གཞི་ཀ་དག་གི་ལྟ་བའི་གནས་ལུགས་མདོར་བསྡུས་ཏེ་དཔེར་མཚོན་ན། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སྐྱེ་འགྲོ་གནས་ལུས་བཀོད་པའི་བྱེ་བྲག་གཅིག་ཏུ་མ་ངེས་པས་ཐ་དད་སྣ་ཚོགས་སུ་མཆིས་ཀྱང་། འབྱུང་བ་ཆེན་པོ་ནམ་མཁའ་སྟོང་པའི་ཀློང་དུ་མ་འདུས་པ་མེད་པས་དེའི་ངང་དུ་དབྱེར་མེད་རོ་གཅིག་པ་ལྟར། དྲང་དོན་དུ་ ལམ་སྟེགས་ལྷ་དང་ཚངས་པའི་ཐེག་པ་དང་རྣམ་བྱང་གིས་བསྡུས་པའི་དཀར་པོའི་ལམ་ཉན་ཐོས་ནས་ཨ་ནུའི་བར་དང་དེ་སོ་སོའི་ཐོབ་བྱའི་འབྲས་བུ་བསམ་ལས་འདས་པར་གསུངས་ཀྱང་། ངེས་པའི་དོན་དུ་གདོད་མའི་གྲོལ་ས་ཀ་དག་རང་བྱུང་རིག་པའི་ངང་དུ་ལྷུན་གྲུབ་ཆེན་པོར་གཞི་ལ་རྫོགས་པ་སྟེ། དེའང་ཡེ་གྲོལ་ལ་གཞི་དང་སྣང་བ་ཡུལ་རྣམས་ཡེ་ནས་རྫོགས་པ་དང་། རང་གྲོལ་ལ་འཁྲུལ་གཞི་ལམ་དང་ཤེས་བྱ་རང་སར་རྫོགས་པ་དང་། གཅིག་གྲོལ་ལ་འབྲས་བུ་རྒྱུ་རྐྱེན་ཆོས་ཉིད་རྣམས་རང་བཞིན་དུ་རྫོགས་པ་དང་། མཐའ་གྲོལ་ལ་འཁོར་འདས་རྒྱུད་ལུང་ཐམས་ཅད་མཐའ་བྲལ་དུ་རྫོགས་པ་དང་། གཅེར་གྲོལ་ལ་གདམས་ངག་བསམ་གཏན་འབྲས་བུ་བཅས་ཆོས་དབྱིངས་རང་ངོར་རྫོགས་པར་གསུངས་ཏེ། མུ་ཏིག་ཕྲེང་བ་ལས། དེ་ཕྱིར་གཞི་གནས་རིག་པ་ལ། །རང་ཤར་ཡིན་ཕྱིར་སྣང་བ་རྫོགས། །ཞེས་པ་ནས། རང་ལོག་ཡིན་ཕྱིར་འཁོར་འདས་རྫོགས། །རང་གནས་ཡིན་ཕྱིར་རྒྱུད་ལུང་རྫོགས། །རང་རྫོགས་ཡིན་ཕྱིར་དུས་གཅིག་རྫོགས། །ཞེས་སོགས་གསུངས་སོ། །གཉིས་པ་ཐོད་རྒལ་གྱི་ཉམས་ལེན་བཤད་པ་ལ་གཉིས། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། ཡང་ཟབ་ ནས་ གྲོལ་བའི་ཐབསཿ ཞེས་གསུངས་ཏེ། ཐེག་དགུ་འོག་མ་རྣམས་ལས་ཆེས་ཟབ་པའི་ཁྲེགས་ཆོད་ཀྱི་གདམས་པ་ལའང་རིག་པ་ལུས་ལ་གནས་ཀྱང་དེ་མངོན་དུ་སྟོན་པའི་གནད་མེད་པས་འདིར་དེ་ལས་ཀྱང་ཡང་ཟབ་ཀྱི་མན་ངག་སྟེ་གདམས་པའི་དོན་ལ་བློས་བརྟགས་ཀྱི་ཟབ་མི་ཟབ་བྱ་བའི་གླགས་མི་རྙེད་པས་གནད་ཀྱི་གདམས་པ་ཁྱད་པར་བདུན་དང་ལྡན་པ་སྟེ། ཡི་གེ་མེད་པ་ལས། རིག་པའི་རང་བཞིན་ཀུན་ལ་ཁྱབ་ཀྱང་ཆོས་ཀྱི་སྐུ་གདམས་ངག་ལ་ཐུག་གོ །ཞེས་འབྱུང་སྟེ། དེའང་ཕྱི་དབྱིངས་ནམ་མཁའ་སྟོང་པར་ནང་གི་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་མངོན་སུམ་སྟོན་ཅིང་ལམ་དུ་བྱེད་པས་ཡིད་དཔྱོད་རྟོག་པའི་ཤེས་རབ་ལ་རག་མ་ལུས་པའི་ཕྱིར། རིམ་དགུའི་ཐེག་པའི་ཟད་སའམ་སྐྱེལ་སོར་གྱུར་པ་སྟེ། ཚིག་དང་གོ་བ་ཤེས་རབ་ལ་མི་ལྟོས་པར་དབང་པོས་མཐོང་བ་དང་། དབང་པོ་རྣོ་བརྟུལ། ལས་བཟང་ངན། ཕོ་མོའི་ཁྱད་པར་སོགས་མེད་པར་རིག་རྩལ་དབྱིངས་ཀྱི་སྣང་ཆར་སྐུ་གསུམ་པོ་ལམ་དུ་སྣང་བ་སྟེ། ངོ་བོ་ཆོས་སྐུའི་རྟགས་སུ་སྐྱེ་མེད་སྤྲོས་པ་དང་བྲལ་བ། རང་བཞིན་ལོངས་སྐུའི་རྟགས་སུ་འོད་གདངས་སྣ་ཚོགས་སུ་སྣང་བ། ཐུགས་རྗེ་སྤྲུལ་པའི་རྟགས་སུ་ཤེས་པ་གསལ་སྟོང་དུ་འཆར་བ་སྟེ། ཆོས་སྐུ་ཀ་དག་ཡིན་པས་དངོས་པོ་འཕོ་འགྱུར་མེད་ལ། ལྷུན་གྲུབ་ལོངས་སྤྲུལ་དུ་སྣང་བས་འབྲས་བུ་ཕྱི་དུས་ལ་མི་ལྟོས་པའི་ཕྱིར་ཚེ་ཕྱི་མའི་དུས་སམ་ཚེ་ལོ་བརྒྱ་པའི་ཡུན་སོགས་ལ་མི་ལྟོས་པར་ད་ལྟ་མཐོང་མ་ཐག་ནས་གྲོལ་བའི་སྣེ་ཟིན་ཅིང་། བརྩོན་འགྲུས་ཅན་ལོ་གསུམ་མམ་དྲུག་ལ་སོགས་པས་གྲོལ་བའི་ཐབས་འོད་གསལ་སྣང་བ་བཞིའི་ལམ་མཆོག་ཐོད་རྒལ་ཉིད་བཤད་པ་ཡིན་ནོ། །དེ་ལྟར་ཡང་ཐལ་འགྱུར་ལས། རང་རིག་མངོན་སུམ་མཐོང་མེད་པས། །རིམ་དགུའི་འདོད་པས་གྲོལ་བ་མིན། །ཆོས་ཉིད་ཟད་ས་མཐར་ཕྱིན་པས། །སྐུ་གསུམ་ལམ་གྱི་སྣང་བའོ། །ཞེས་སོ། །གཉིས་པ་ལ་གསུམ། སྔོན་འགྲོ། དངོས་གཞི། མཇུག་གི་བྱའོ། །དང་པོ་ལའང་གཉིས། རིག་པའི་སྣ་ཁྲིད་འཁོར་འདས་རུ་ཤན་ཕྱེ་བ་དང་། གནད་བཞིས་མངོན་སུམ་གྱི་སྣང་བ་ལ་འཇུག་པའོ། །དང་པོ་ནི། རིག་པའི་ ནས་ དགུ་ཕྲུགས་བཏང༔ ཞེས་གསུངས་ཏེ། དེའང་གཞུང་གི་ལུགས་སྐྱེས་བུ་སྤྲོས་པ་ཅན་ཐུན་མོང་གི་དྲོད་རྟགས་ལ་དགའ་བས་སྐུ་གསུམ་གྱི་སྣ་ཁྲིད་པ་འབྱུང་བཞིའི་སྒྲ་དོན་ལ་སྦྱང་བར་གསུངས་ཀྱང་། འདིར་མན་ངག་ལུགས་བརྩོན་འགྲུས་ཅན་བརྟུལ་ཞུགས་ལ་དགའ་བས་རིག་པའི་སྣ་ཁྲིད་པ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་སྔོན་དུ་སྦྱང་བར་བྱ་སྟེ། ཐལ་འགྱུར་ལས། འཁོར་འདས་རུ་ཤན་མ་ཕྱེ་ན། ཁམས་གསུམ་ལུས་ངག་ཡིད་ཀྱིས་ཀྱང་། །འབྲེལ་པ་ཆོད་པར་མི་འགྱུར་པས། །འཁོར་འདས་རུ་ཤན་དབྱེ་བར་བྱ། །ཞེས་གསུངས་ཤིང་སྒོ་གསུམ་གྱི་རུ་ཤན་སོ་སོར་དབྱེ་བའང་ལུས་ཀྱིས་འགྲོ་བ་རིགས་དྲུག་གི་སྤྱོད་ཚུལ། བདེ་གཤེགས་ཞི་ཁྲོའི་སྐུའིི་རྣམ་འགྱུར། ངག་གིས་འགྲོ་དྲུག་སྒྲ་སྐད་ཆོས་སྒྲ་གསང་སྔགས་སོགས་སེམས་ཀྱིས་རིགས་དྲུག་གི་བདེ་སྡུག་བཏང་སྙོམས་སྤྱོད་པ་དང་མི་རྟོག་པའི་ཏིང་ངེ་འཛིན་སོགས་ལ་ངལ་དུབ་ཐང་ཆད་མ་གྱུར་པར་རྟགས་ཐོན་པར་སྦྱངས་ནས་རྣལ་དུ་དབབ། མན་ངག་ལུགས་རྣམས་སུ་ནང་ལྟར་རུ་ཤན་དབྱེ་བ་ལུས་ལ་རིགས་དྲུག་གི་ས་བོན་རྩ་ཡིག་ཚུལ་དུ་གནས་པ་སྔགས་དང་དམིགས་པས་སྦྱང་བའང་བྱ་བར་གསུངས་ལ། དེས་ལུས་ངག་ཡིད་གསུམ་གྱི་སྡིག་པ་འདག །བར་ཆད་ཞི། མངོན་ཞེན་ལྡོག །སྐུ་གསུང་ཐུགས་རྡོ་རྗེར་འཚང་རྒྱ་བར་བྱེད་པའོ། །དེ་ནས་སྒོ་གསུམ་རེ་རེར་ཡང་ཕྱི་ནང་གསང་བ་གསུམ་རེས་དབྱེ་བའི་བྱ་བ་དགུ་ཕྲུགས་རྣམས་རིང་དུ་བོར་ཞིང་བཏང་བར་བྱ་སྟེ། དེ་ལ་ལུས་ཀྱི་གསུམ་ནི། ཕྱི་འཇིག་རྟེན་འཁྲུལ་པའི་བྱ་བྱེད་དང་རྣམ་གཡེང་ཐམས་ཅད། ནང་ཕྱག་དང་སྐོར་བ་སོགས་དམན་པའི་དགེ་བ་རྣམས། གསང་བ་རྣམ་གཡེང་སྒུལ་བསྐྱོད་ཐམས་ཅད་སྤངས་ཏེ་གཅིག་པུར་འདུག་པའོ། །གཉིས་པ་ངག་གི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ་སྣ་ཚོགས། ནང་ཁ་ཏོན་དང་བཟླས་བརྗོད་ལ་སོགས་པ། གསང་བ་སྨྲ་བརྗོད་ཐམས་ཅད་སྤངས་ཏེ་མི་སྨྲ་བར་གནས་པར་བྱའོ། །གསུམ་པ་ཡིད་ཀྱི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་རྟོགས་ཐམས་ཅད། ནང་བསྐྱེད་རྫོགས་ཀྱི་སེམས་འཛིན་སྣ་ཚོགས། གསང་བ་རྣམ་རྟོག་གི་འཕྲོ་འདུ་ཐམས་ཅད་སྤངས་ནས་རྟོག་མེད་ཀྱི་ངང་ལ་གནས་པར་བྱ་ཞིང་དེས་ནི་སྒོ་གསུམ་གནས་པ་དང་། བརྟན་པ་དང་། གྲོལ་བར་འགྱུར་བ་སྟེ། འདས་རྗེས་ལས། གནས་བརྟན་གྲོོལ་བའི་གདེང་ཐོབ་ནས། །ཕྱི་ནང་བྱ་བ་ཀུན་བཏང་སྟེ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། ལུས་གནད་ ནས་ གཟིར་བ་ལས༔ ཞེས་གསུངས་ཏེ། སྒོ་གསུམ་ལ་གནད་བཞིས་བཅུན་ནས་མངོན་སུམ་གྱི་སྣང་བ་ལ་འཇུག་པར་བྱ་སྟེ། བཞི་ནི་ལུས། ངག །ཡིད། སྒོའི་གནད་དོ། །དེ་ལ་དང་པོ་ལུས་ཀྱི་གནད་ནི། ཀློང་གསལ་ལས། དེ་ཡང་ལུས་ནི་སྐུ་གསུམ་ལས། །རྒྱུན་དུ་འདའ་བར་མི་བྱའོ། །ཞེས་པ་ལྟར། ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་དང་། ལོངས་སྐུའི་བཞུགས་སྟངས་གླང་ཆེན་ལྟ་བུ་དང་། སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ལྟ་བུ་རྣམས་བྱས་པས་གནས་སྐབས་སུ་དང་པོས་འབྱུང་བ་རང་སར་དག །གཉིས་པས་གཡོ་བྱེད་ཀྱི་རླུང་ཟིན། གསུམ་པས་དྲོད་བསྐྱེད་ཅིང་འབྱུང་བ་སྙོམས་པར་བྱེད། མཐར་ཐུག་སྐུ་གསུམ་དུ་གྲོལ་ཏེ་མྱ་ངན་ལས་འདའ་བར་འགྱུར་རོ། །གཉིས་པ་ངག་གནད་ནི། འདས་རྗེས་ལས། ངག་ནི་བསླབ་བྱའི་རིམ་པ་དང་། །གནས་པ་བརྟན་ཅིང་ལ་ཡང་བཟླ། །ཞེས་པ་ལྟར་སྨྲ་བ་ཉུང་བ་དང་ཅུང་ཟད་ལས་མི་སྨྲ་བ་དང་བརྡ་ཙམ་ལ་བརྟེན་པས་གནས་སྐབས་སུ་འཁྲུལ་པའི་གཏམ་འགགས་པས་ཉོན་མོངས་མི་འཕེལ། མཐར་ཐུག་བརྗོད་མེད་ཀྱི་དོན་ལ་རེག་ཅིང་སངས་རྒྱས་ཀྱི་གསུང་རྡོ་རྗེའི་ཀློང་དུ་མྱ་ངན་ལས་འདའ་བར་འགྱུར་རོ། ཁྱད་པར་འདས་རྗེས་ལས། རླུང་གནས་ཤིན་ཏུ་དལ་ལ་བསླབ། །ཅེས་གསུངས་པས་རླུང་དལ་བ་མ་བརྟེན་ན། རླུང་གིས་རིག་པ་སྦུར་ནས་མི་ཟིན་པས་ཕྱི་ནང་འགྲོ་འོང་གི་རླུང་ནི་དལ་བར་བསླབ་ཅིང་། དེའི་ཚུལ་ཡང་། ཕྱི་ནང་རླུང་ནི་དལ་ཞིང་མཉམ། །ཡིད་ཙམ་ཕྱི་རུ་འདུར་བ་ཡིས། །རླུང་གི་འགྲོ་འོང་ཆད་པར་འགྱུར། །ཞེས་གསུངས་པས། རླུང་གི་འགྲོ་འོང་ཟད་པས་རྟོག་པའི་འཕྲོ་འདུ་ཟད་དེ་དབྱིངས་རིག་གཡོ་འགུལ་མེད་པར་སྡོད་པའི་དགོས་པ་ཡོད་དོ། །གསུམ་པ་ཡིད་གནད་ནི། ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏོད་པས་འགྲུབ། །ཅེས་པས་ཡུལ་རྐྱེན་དང་བྲལ་བའི་ཕྱིའི་ནམ་མཁའ་སྟོང་སང་ངེ་བ་དེ་ལ་དབང་པོ་མི་གཡོ་བར་རྩེ་གཅིག་མདུང་ཚུགས་སུ་གཏད་ནས་ནམ་མཁའི་དབུས་སུ་སེམས་ཐིམ་འགྲོ་བ་ལྟ་བུའི་ཤེས་པས་དྲག་ཏུ་བཅུན་པས་ནང་གི་དབྱིངས་རྣམ་དག་སྒྲོན་མ་རིག་པ་སྟོང་གསལ་དུ་ལྷག་གིས་འཆར་བར་འགྱུར་ཏེ། དེས་གནས་སྐབས་སུ་རིག་པའི་ཡེ་ཤེས་མངོན་སུམ་དུ་མཐོང་ཞིང་། མཐར་ཐུག་ལྷག་མེད་དུ་འཚང་རྒྱ་བར་འགྱུར་རོ། །བཞི་པ་སྒོའི་གནད་ནི། ཐལ་འགྱུར་ལས། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཞེས་པ་ལྟར་ཆོས་སྐུའི་གཟིགས་སྟངས་གྱེན་དུ་ལྡོག་ཏེ་གཙུག་ཏོར་གྱི་རྣམ་པར་བལྟ་བ། ལོངས་སྐུའི་གཟིགས་སྟངས་གཡས་གཡོན་དུ་ཟུར་གྱིས་འཁྲིད་དེ་སྨྱུག་མ་བསྲོང་བ་ལྟ་བུ། སྤྲུལ་སྐུའི་གཟིགས་སྟངས་ཕྱེད་བཙུམ་ཅུང་ཟད་ཐུར་ལ་ཕབ་པ་དྲང་སྲོང་བསམ་གཏན་བསྒོམ་པ་ལྟ་བུ་རྣམས་གོང་གི་འདུག་སྟངས་གསུམ་དང་རིམ་པར་སྦྱར་ནས་བྱ་སྟེ། དེ་དག་གིས་ཕྱི་ནང་གི་དབྱིངས་རིག་མཐོང་སྟེ་འཁྲུལ་སྣང་ཞིང་ཁམས་སུ་འཆར་བར་འགྱུར་རོ། །གཉིས་པ་དངོས་གཞི་ལ་ལྔ། ཉམས་སུ་བླང་བྱ་འོད་གསལ་ཡེ་ཤེས་ཀྱི་ཐིག་ལེ་བཤད་པ། དེ་ཇི་ལྟར་ཉམས་སུ་བླངས་ཚུལ་བཤད་པ། དེ་ལྟར་ཉམས་སུ་བླང་བ་ལ་དངོས་པོ་བཅུ་ཚང་བའི་ཚུལ་གྱིས་ཁྱད་པར་འཕགས་པའི་གནས་བཤད་པ། ཐུན་བཞིའི་མན་ངག་དང་སྦྱར་ཏེ་ཉམས་ལེན་གནད་དུ་བསྣུན་པ། བསྙེན་སྒྲུབ་བཞིར་སྦྱར་བའི་ཚུལ་གྱིས་ཉམས་སུ་བླངས་པའི་འབྲས་བུ་བཤད་པས་དོན་བསྡུ་བའོ། །དང་པོ་ནི། སྙིང་དབུས་ ནས་ འགྲོ་འོང་ཅན༔ ཞེས་གསུངས་ཏེ། གནད་བཞི་གཟིར་བ་ལས་མངོན་སུམ་གྱི་སྣང་བ་དེ་གཞི་གང་ལས་འཆར་ན་སྙིང་དབུས་མི་ཤིགས་པ་དྭངས་མའི་ཐིག་ལེ་འོད་གསལ་རིག་པའི་ཡེ་ཤེས་ཉིད་བུམ་ནང་གི་མར་མེ་ལྟར་གསལ་བ་ལ་ཟེར་གདངས་སུ་འཆར་ཏེ། ཀློང་གསལ་ལས། རིན་ཆེན་ལུས་ཀྱི་གནས་དེ་ན། །ངོ་བོ་སྟོང་གསལ་སྐུ་རུ་གནས། །རང་བཞིན་གསལ་འཚེར་ཐིག་ལེ་འོད། །ཐུགས་རྗེ་སྣང་སྟོང་སྒྲོན་མར་ནས། ཞེས་པ་ལྟར། ངོ་བོ་སྐུར་བཞུགས་པས་ཀ་དག་གི་དགོངས་པ་དང་མཐུན་པ་ནི་དོན། རང་བཞིན་འོད་དུ་བསྟན་པས་གསང་སྐོར་ལུས་དཀྱིལ་དུ་མཐུན་པ་ནི་བརྡ། ཐུགས་རྗེ་སྒྲོན་མར་སྣང་བས་ཡང་གསང་སྙིང་ཏིག་དང་མཐུན་པ་ནི་རྟགས་སོ། །ལམ་གང་དུ་འཆར་ན། རང་བྱུང་རྡོ་རྗེས་སེམས་དཔའི་གསང་བའི་ལམ་རྩ་ཀ་ཏི་ཤེལ་སྦུག་ཅན་ཞེས་བྱ་བ་སྙིང་ནས་མིག་ཏུ་དར་དཀར་གྱི་སྐུད་པ་ལྟ་བུར་འབྲེལ་བའི་འོད་རྩ་བའི་ལམ་ལས་བརྒྱུད་དེ་འཆར་བས་མིག་གི་དབང་པོ་རྒྱངས་ཞགས་ཆུའི་སྒྲོན་མེའི་རྟེན་ལས་མངོན་སུམ་དུ་སྣང་། ཡུལ་གང་དུ་འཆར་བ་ན། ཕྱིའི་དབྱིངས་སུ་འཆར་ཏེ་ནམ་མཁའ་སྟོང་པ་མེ་ལོང་དང་འདྲ་བས་སྣང་བའི་ཕྱེ་ནས། ནང་གི་དབྱིངས་རྣམ་དག་སྒྲོན་མ་བདག་པོའི་བྱད་དང་འདྲ་བར་འཆར་བས་སྤྲིན་དང་བསིར་བུ་སོགས་རྙོག་པའི་རྡུལ་སློང་བྱེད་ཀྱི་རྐྱེན་དང་བྲལ་བའི་ནམ་མཁའ་དྭངས་ཤིང་གསལ་བ་ཉིད་ལ། སྔ་དྲོ་ནུབ་དང་ཕྱི་དྲོ་ཤར་དུ་བལྟ་བའམ། འོད་གསལ་འཆར་སླ་བའི་ཆེད་དུ་ཉི་མ་འཆར་བ་དང་སྡུད་པའི་དུས་ཀྱི་ཟེར་གཉིས་དང་སྦྱར་ནས་སྔ་དྲོ་ཤར་དང་ཕྱི་དྲོ་ནུབ་ཏུ་བལྟ། ཚུལ་ཇི་ལྟར་འཆར་ན། རྣམ་དག་དབྱིངས་སྒྲོན་ཉིད་ཐོག་མར་སྨིན་མཚམས་ནས་མཐིང་ག་ཁྱབ་པ་ཆེན་པོའི་འོད་ལས་རིམ་གྱིས་མཆེད་ནས་ནམ་མཁའི་འཇའ་ཚེོན་ལྟ་བུ་འོད་ལྔའི་མུ་ཁྱུད་ཐིག་ཕྲན་དང་བཅས་པའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་རྫིང་བུར་རྡོ་བོར་བའི་རི་མོ་ལྟར་འལ་འོལ་ལས་མཐར་ཐིག་ལེ་མཐིང་གསལ་དྭངས་པའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བདག་པོའི་སེམས་དང་འདྲ་བར་འགྲོ་འོང་དལ་བྲེལ་ཅན་མུ་ཏིག་གི་ཕྲེང་བ་ལྟ་བུ་འཆར་བར་འགྱུར་ཏེ། སྒྲོན་མ་འབར་བ་ལས། མིག་གི་རྣམ་ཤེས་དག་པ་ལ། །གསལ་བྱེད་འབར་བའི་འོད་ཟེལ་ལྔ། །མི་འགྱུར་ཁྱབ་པའི་ཚུལ་དང་ཡང་། །མཐིང་གའི་རང་གདངས་ཆེན་པོར་གནས། །འཆར་བྱེད་སྣང་བ་མ་འགགས་པས། །ཕྱི་ཡི་ཡུལ་ལ་རྣམ་པར་སྣང་། །ཞེས་དང་། འཆར་ཚུལ་ཡང་སེང་གེ་རྩལ་རྫོགས་ལས། དབྱིངས་ནི་དབྱིངས་ཀྱི་སྒྲོན་མ་ལ། །རིག་པ་ལུ་གུ་རྒྱུད་དུ་གསལ། །དབྱིངས་ནི་འོད་ཀྱི་མུ་ཁྱུད་ལ། །རིག་པ་སྐུ་ལྔའི་སྣང་བར་ཤར། །དབྱིངས་དང་རིག་པ་ཡེ་ཤེས་གསུམ། །འདུ་འབྲལ་མེད་པའི་ཚུལ་དུ་གསལ། །ཞེས་སོ། །ཚུལ་འདིའི་གཞུང་གདམས་རྒྱས་པ་རྣམས་སུ་སྒྲོན་མ་རྣམ་པ་དགུ་དང་དྲུག་དང་བཞིར་གསུངས་པའི་སྔ་མ་ལ་ཕྱི་མ་རྣམས་འདུ་ཞིང་ལམ་དུ་བྱ་བ་དངོས་ནི་སྒྲོན་མ་བཞི་པོ་འདི་དག་ཡིན་པ་དང་། དགུར་དབྱེ་བ་ལྟར་ན། གནས་པ་གཞིའི་སྒྲོན་མ་ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་སྟོང་གསལ་རིག་པའིསྙིང་པོ་ཅན་ཀུན་ཁྱབ་ཏུ་བཞུགས་པ་དང་། ལམ་ལ་ནང་ཙིཏྟ་ཤའི་སྒྲོན་མ་སྙིང་དྭངས་མའི་ཐིག་ལེ་བརྟེན་པའི་གནས་ནས། དཀར་འཇམ་རྩའི་སྒྲོན་མ་ཤེལ་སྦུག་ཅན་སོགས་ཡེ་ཤེས་འོད་ཀྱི་རྩ་ལྔ་ལས་འོད་གསལ་གྱི་སྣང་བ་འབྱུང་བའི་ལམ་བྱས་ཏེ། མིག་རྒྱང་ཞགས་ཆུའི་སྒྲོན་མ་ལའང་འབྱུང་བ་འདུས་པའི་རྒྱངས་ཞགས་མིག་གི་དབང་རྟེན། དབང་པོ་འདུས་པའི་རྒྱང་ཞགས་གཟུགས་སྣང་འཛིན་ནུས་པའི་མིག་ཤེས། ཡེ་ཤེས་འདུས་པའི་རྒྱངས་ཞགས་འོད་རྩའི་སྒོ་དངོས་འཚོགས་པའི་མཐུ་ལས། ཕྱི་རུ་དབྱིངས་རྣམ་དག་གི་སྒྲོན་མ་མཐིང་ག་ཁྱབ་པ་ཆེན་པོ་འོད་ལྔའི་ར་བར་ཐིག་ལེ་སྟོང་པའི་སྒྲོན་མ་ཟླུམ་སྐོར་མུ་ཁྱུད་ཅན་ཐོག་མར་གཉིས་འབྲེལ་སུམ་འབྲེལ་སྲན་མ་ཙམ་པ་ནས་མཐར་གྲངས་ལས་འདས་ཤིང་རྒྱ་ཆེ་བ་འཆར་བ་དང་། དེ་དག་གི་ཁྱབ་བྱེད་དུ་ཤེས་རབ་རང་བྱུང་གི་སྒྲོན་མ་རང་རིག་ཡེ་ཤེས་ཆེ་གསལ་ཆེ་བརྟན་དུ་སོང་བ་ལས། གྲོལ་ས་བར་དུ་དུས་ཀྱི་སྒྲོན་མར་ཐིམ་ལུགས་བརྒྱད་ཀྱིས་གདེང་ཐོབ་སྟེ། གྲོལ་གཞི་མཐར་ཐུག་འབྲས་བུའི་སྒྲོན་མ་ནང་དབྱིངས་ཀ་དག་གཞོན་ནུ་བུམ་སྐུ་ཁྱད་ཆོས་དྲུག་ལྡན་གྱི་གདངས་རྩལ་ལྷུན་གྲུབ་འཕོ་བ་ཆེན་པོ་རྡོ་རྗེའི་སྐུས་འཁོར་བ་ཇི་སྲིད་དུ་གཞན་དོན་མཛད་པར་གསུངས་སོ། །གཉིས་པ་ནི། སྟོང་པའི་ ནས་ འདས་པ་འཆརཿ ཞེས་གསུངས་ཏེ། དེ་ལྟ་བུའི་དབྱིངས་རིག་དེ་ལ་གོམས་པར་བྱེད་པའི་ཚུལ་ཡང་། ཕྱི་ནང་གསང་བའི་ནམ་མཁའི་སྟོང་པའི་དབྱིངས་སུ་སྒོ་གསུམ་གྱི་གནད་གཅུན་ཞིང་མིག་འབྲས་མི་འགུལ་བར་རྡོ་རྗེ་ལུ་གུ་རྒྱུད་ཨར་ལ་གཏད་པས་རིག་པའི་གཟེར་བཅུག་སྟེ་ཡེ་ཤེས་ཀྱི་རང་གདངས་བསམ་གྱིས་མི་ཁྱབ་པའི་དབྱིངས་སྣང་ཤར་བ་ལ་ཕྱི་རུ་གཟུང་ཡུལ་དང་ནང་དུ་འཛིན་པའི་མཐོང་བྱ་མཐོང་བྱེད་ཀྱི་གཉིས་རྟོག་དང་བྲལ་བའི་ངང་དུ། ནང་འཆར་གཞི་སེམས་ཡིད། ཕྱི་འཆར་སྒོ་མིག་དབང་། བར་སྐྱོད་བྱེད་རླུང་གི་འགྲོ་ལྡོག་གསུམ་པོ་འཇུག་པའི་གནད་ལ་རྩེ་གཅིག་ཏུ་དྲིལ་ནས་མཉམ་པར་བཞག་ཅིང་རང་སོ་བཟུང་བས། ཡུལ་དང་ཡུལ་ཅན་དབྱེར་མེད་དུ་འདྲེས་པས་འོད་གསལ་གྱི་སྣང་བ་སྨིན་མཚམས་ནས་དྲལ་ཏེ་གསལ་འགྲིབ་མེད་པར་འཆར་བ་སོགས་སྣང་བཞིའི་སྣང་ཤེས་ཀྱི་ཉམས་རྣམས་རིམ་གྱིས་སྐྱེ་བ་དང་། དེ་ལ་བརྟེན་ནས་ནང་དུ་ཤེས་རབ་རང་བྱུང་གི་སྒྲོན་མ་གསལ་བརྟན་གོང་འཕེལ་དུ་འགྲོ་བའི་ཉམས་སྟོང་གསལ་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ། བློས་བསམ་པ་དང་ངག་གིས་བརྗོད་མི་ནུས་པ་སྤྲོས་པ་ཀུན་ལས་འདས་པ་རང་བབས་ཤུགས་འབྱུང་དུ་འཆར་བར་འགྱུར་རོ། །དེས་གནས་སྐབས་སུ་རིག་པའི་ཡེ་ཤེས་མངོན་སུམ་དུ་གསལ་བས་མ་རིག་པ་དང་བྲལ། ཚེའི་དུས་བྱས་ཀྱང་སྤྲུལ་པའི་སྐུར་གྲོལ། མཐར་ཐུག་སྣང་བ་མཐར་ཕྱིན་ནས་ལྷག་མེད་དུ་འགྲུབ་པར་འགྱུར་རོ། །གསུམ་པ་ནི། ཡེ་ནས་ ནས་ སྡོམ་པའི་ཕུལ༔ ཞེས་གསུངས་ཏེ། ཡེ་གདོད་ནས་ཆོས་ཉིད་ཀྱི་རྒྱན་དུ་རང་ཤར་བའི་དབྱིངས་འོད་ལྔའི་ཐིག་ལེར་རིག་པ་རྡོ་རྗེ་ལུ་གུ་རྒྱུད་མ་བཅོས་རང་བྱུང་གི་ལྷ་སྣང་དེ་ཁོ་ན་ཉིད་ལྟ་བའི་རྒྱལ་པོ་སྟེ། དབྱིངས་རིག་འདུ་འབྲལ་མེད་པར་སྒོམ་པའི་སྤྱོད་པས་ཆོས་ཟད་ཆེན་པོར་ལ་དོར་བས་སྐུ་གསུམ་རང་ཆས་ལམ་དུ་སྣང་བའི་དབང་གི་རིམ་པ་རྫོགས་ལ། རྟོག་བཅས་ཀྱི་རླུང་འགྲོ་འོད་ཟད་པའི་རྡོ་རྗེའི་བཟླས་པ་དང་། སྣང་ཞེན་སྐུ་དང་ཐིག་ལེའི་ཕྱག་རྒྱར་འཆིང་བ་དང་། སྣང་བཞི་གོང་འཕེལ་གྱི་ཉམས་ལས་གཞན་ཏུ་མི་གཡོ་བའི་ཏིང་ངེ་འཛིན་ཉིན་མཚན་བསུ་སྐྱེལ་རྒྱུན་མི་འཆད་པ་དང་། བློའི་འདུ་བྱེད་ཀྱིས་མ་བཀོད་པའི་ཐིག་ལེ་ཚོམ་བུའི་དཀྱིལ་འཁོར་སྤྲོ་བསྡུའི་སྤྲོས་པ་དང་བྲལ་བར་རྟག་ཏུ་ཤར་ཅིང་། རང་སྣང་གི་ཞིང་ཁམས་ཀུན་ཏུ་ཁྱབ་པའི་འཇའ་ཟེར་ཐིག་ལེའི་བཀོད་པའི་རྣམ་འགྱུར་བསམ་ལས་འདས་པས་འཁྲུལ་སྣང་བཙན་ཐབས་སུ་འགོགས་པའི་དོན་སྒྲུབ་ཅིང་དག་པ་རབ་འབྱམས་ཀྱི་གནས་སུ་མཆོད་པ་དང་། གཞི་སྣང་གི་རྩལ་ལ་ཡིད་དཔྱོད་ཀྱི་འཛིན་པས་འཁྲུལ་པ་ཁ་བརྒྱུད་པའི་རླུང་སེམས་ཟག་མེད་ཡེ་ཤེས་ཀྱི་དབྱིངས་སུ་རང་བཞིན་གྱིས་དེངས་པས་དོན་གཉིས་ཕྲིན་ལས་རོལ་པ་འབྱམས་སུ་ཀླས་ཤིང་། བསྲུང་མཚམས་མེད་པའི་གནད་དང་གཟུང་འཛིན་རྒྱ་ལས་གྲོལ་བའི་ཕྱལ་པ་ལས་མི་འདའ་བར་ཆོས་ཟད་གཅིག་པུར་སྐྱེལ་བའི་དམ་ཚིག་དང་ལྷུན་གྲུབ་ཆེན་པོའི་སྦུབས་སུ་ཆོས་ཀུན་སྡོམ་པའི་ཕུལ་དུ་ཕྱིན་པའོ། །བཞི་པ་ནི། དགེ་སྦྱོར་ནི་ ནས་ འོད་གསལ་དང༔ ཞེས་གསུངས་ཏེ། དུད་འགྲོ་རྨུ་རྒོད་འདུལ་ཐབས་ལ་མཁས་པས་ལམ་སྲང་དུ་བདེ་བ་རྒྱུར་གཞུག་པ་ལྟར་སེམས་རྟོག་ཁ་ཡན་འཁྲུལ་པའི་ཡུལ་ལ་མི་འཆུག་པར་དགེ་སྦྱོར་གྱི་ལམ་སྲང་དུ་འཇུག་པའི་ཐབས། ཉིན་མོ་སྣང་བ་རང་རྒྱས་འདེབས་པ། སྲོད་ལ་དབང་པོ་གནས་སུ་བསྡུ་བ། ནམ་གུང་ཤེས་བྱ་བུམ་པར་གཞུག་པ། ཐོ་རངས་ཡེ་ཤེས་རང་གསལ་གདབ་པ་སྟེ་ཉིན་ཞག་གཅིག་ལ་ཐུན་གྱི་ཆ་བཞིར་བགོས་པའི་རྣལ་འབྱོར་ཟབ་མོ་གནད་ཀྱི་མན་ངག་གི་ཡེངས་འཁྲུལ་མེད་པའི་ཉམས་ལེན་ལ་འབད་བརྩོན་བསྐྱེད་ན་རིང་པོར་མི་ཐོགས་པར་གཞིར་གནས་ཀྱི་བསྐྱེད་རྫོགས་དབྱེར་མེད་ཉིན་མཚན་ཁོར་ཡུག་ཏུ་འོད་གསལ་ཆེན་པོ་གཅིག་གི་ངང་དུ་གནས་པར་འགྱུར་རོ། །ལྔ་པ་ནི། མདོར་ན་ ནས་ ཐིག་ལེར་གྲོལ༔ ཅེས་གསུངས་ཏེ། སྔར་བཤད་པའི་དོན་དེ་དག་མདོར་བསྡུ་ན། ཐབས་སྒོ་གསུམ་འཕྲུལ་འཁོར་གྱིས་གཅུན་པ་དང་སྒོ་མིག་ཡུལ་ཕྱི་དབྱིངས་རླུང་དལ་ཞིང་རིག་པ་ཨར་ལ་གཏད་པའི་གནད་ཀྱི་སྦྱོར་བས་ལྷུན་གྲུབ་ཀྱི་འོད་གསལ་བསྙེན་པས། ཐབས་བྱུང་སྣང་བཞིའི་ཉམས་རིམ་པར་འཆར་ཏེ་ཐོག་མར་ཆོས་ཉིད་ཀ་དག་གི་གཞི་ལས་གཞི་སྣང་དུ་རོལ་པའི་རང་རྩལ་དབང་པོའི་མངོན་སུམ་དུ་སྣང་བ་ནི་ཉེ་བར་བསྙེན་པ་སྟེ། དེའང་དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། སྐུའི་རྟགས་སུ་ལུ་གུ་རྒྱུད། ཐུགས་རྗེའི་རྟགས་རང་གསལ། ངོ་བོའི་རྟགས་མི་རྟོག་པའི་ཡེ་ཤེས་དུས་གསུམ་འཕོ་འགྱུར་མེད་པའི་དགོངས་པ་མཉམ་ཉིད་གཞི་རྫོགས་སུ་གྱུར་པའོ། །དེ་ནས་དབྱིངས་རིག་སྨིན་མཚམས་དང་བྲལ་ཏེ་དབང་པོའི་མངོན་སུམ་དུ་གསལ་ཞིང་། དབྱིངས་སྣང་འོད་ཀྱི་རང་བཞིན་དེའང་མ་ངེས་པའི་གཟུགས་དབྱིབས་དུ་མ་དང་། བཀྲག་ལ་འཚེར་བའི་ཟེར་ཐག །ཐིག་ལེ་ཇེ་གསལ་ཇེ་འཕེལ་དུ་གྱུར་པའི་ནང་དུ་རྡོར་སེམས་ལ་སོགས་པ་ཕྱེད་སྐུའམ་སྐུ་རྐྱང་རེ་ཤར་ནས་འགུལ་འཕྲིག་མེད་པ་ནི་ཉམས་སྣང་གོང་དུ་འཕེལ་བའི་སྒྲུབ་པ་ཡིན་པ་དང་། དབྱིངས་ཀྱི་སྣང་བས་ཐམས་ཅད་ལ་རྒྱས་ཐེབས་པས་ས་ཆུ་མེ་རླུང་གི་སྣང་པ་རང་དག་སྟེ། འོད་གསལ་ཆེན་པོའི་སྣང་བ་འབྱམས་ཀླས་པའི་དབྱིངས། ཐིག་ལེ་རེ་རེའི་ནང་དུ་རིགས་ལྔ་ཡབ་ཡུམ་གྱི་ཚོམ་བུ་ལྔ་ཚན་ལྔའི་དཀྱིལ་འཁོར་ཚད་མེད་པར་འཆར་ཞིང་སྣང་སྲིད་ཐམས་ཅད་སྐུ་དང་ཞིང་ཁམས་ཀྱི་རང་བཞིན་དུ་ཡོངས་སུ་བརྡལ་བ་རིག་པ་སྐུར་སྨིན་པའི་ཚད་ལ་ཕེབས་པས་མ་བསྒོམས་ཀྱང་འགྱུར་མེད་པ་སྒྲུབ་པ་ཆེན་པོའི་གྲུབ་འབྲས། ཕྱི་སྣང་བའི་འཕེལ་ཟད། ནང་སྒྱུ་ལུས་ཀྱི་ཆོས་ཟད། གསང་བ་རྟོག་ཚོགས་ཀྱི་སེམས་ཟད་པས་འཕྲུལ་སྣང་གི་ཆོས་ཐམས་ཅད་རང་ཟད་དེ་སྣང་དུ་འཛིན་པའི་བློ་ལས་འདས་ཤིང་ཀ་དག་གདོད་མའི་བཙན་ས་ཟིན་པའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། དེའང་གནས་ལུགས་ཐོག་མའི་སྤྱི་གཞི་ལ་འཕགས་པའི་ལྷུན་གྲུབ་ཀྱི་གཞི་སྣང་འགྱུར་བ་མེད་པའི་ཐིག་ལེ་ཆེན་པོར་སྐད་ཅིག་གཅིག་གིས་རྣམ་པར་གྲོལ་ནས། ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་དུས་གསུམ་འཕོ་འགྱུར་མེད་པ་མངོན་དུ་འགྱུར་རོ། །དེ་ལྟར་ཡང་ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་མཐའ་ལས་འདས། །གོང་དུ་འཕེལ་བའི་ཉམས་སྣང་གིས། །འཁྲུལ་པའི་སྣང་བ་ནུབ་པར་བྱེད། །རིག་པ་ཚད་ཕེབ་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། ཁམས་གསུམ་འཁོར་བའི་རྒྱུན་ཐག་ཆོད། །ཅེས་སོ། །གསུམ་པ་མཇུག་གི་བྱ་བ་ལ་གཉིས། དངོས་དང་། ཞར་བྱུང་གྲོལ་ཚུལ་བཤད་པའོ། །དང་པོ་ནི། ལམ་གྱི་ ནས་ མངོན་ཏུ་འགྱུར༔ ཞེས་གསུངས་ཏེ། འོད་གསལ་སྣང་བཞི་ཉམས་སུ་ལེན་པའི་ལམ་གྱི་ཡན་ལག་ཏུ་གལ་ཆེ་བ་ནི། ཀློང་གསལ་ལས། མཐའ་རྟེན་མན་ངག་རྣམ་པ་བཞི། །གོང་མའི་རྒྱབ་ཏུ་མེད་ཐབས་མེད། །ཅེས་གསུངས་པ་ལྟར། མི་འགུལ་པ་གསུམ་ལ་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་བཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདེང་བཞིའི་གྲོལ་ཚད་བསྟན་པ་རྣམས་ཏེ། དང་པོ་ནི། ལུས་བཞུགས་སྟངས་གསུམ་ལས་མི་འགུལ་བ་དང་། མིག་གཟིགས་སྟངས་གསུམ་ལས་མི་འགུལ་བ་དང་། རིག་པ་འོད་གསལ་ཀྱི་སྣང་བ་མངོན་སུམ་དུ་མཐོང་བ་ལས་མི་འགུལ་བར་བྱའོ། །གཉིས་པ་ནི། དབྱིངས་རིག་བརྟན་པའི་ཚད་དུ་འབྱུང་སྟེ། ཕྱི་སྣང་བ་སྐྱོད་བྱེད་ཀྱི་རླུང་ཟད་པས་དབྱིངས་རིག་འགྲོ་འོང་མེད་པར་སྡོད། ནང་ཕུང་པོ་སྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་གཡོ་འགུལ་མེད་པར་སྡོད། གསང་བ་རྟོག་པ་སྐྱོད་བྱེད་ཀྱི་རླུང་ཟད་པས་རྣམ་རྟོག་འགྱུ་མི་སྲིད་པར་སྡོད་པའོ། །སྐབས་འདིར་ཚད་རྨི་ལམ་གྱིས་བཟུང་བ་དང་། རྟགས་ལུས་ངག་ཡིད་གསུམ་ལ་འཆར་བ་གཉིས་ཀྱང་འབྱུང་བར་གསུངས་ཤིང་། ཕྱི་མ་ལ་སྣང་བཞི་རེ་རེར་རྟགས་གསུམ་གསུམ་སྟེ་བཅུ་གཉིས་སུ་དབྱེར་ཡོད་དོ། གསུམ་པ་ནི། སྐྱེ་བ་དང་འཇུག་པ་དང་རླུང་སེམས་ལ་རང་དབང་ཐོབ་པ་སྟེ། དེའང་ཀ་དག་ཁྲེགས་ཆོད་དུ་གྲོལ་བ་ནམ་མཁའ་དང་མཁའ་འགྲོའི་འཆི་ལུགས། ལྷུན་གྲུབ་ཐོད་རྒལ་དུ་གྲོལ་བ་མེ་ཕུང་དང་རིག་འཛིན་གྱི་འཆི་ལུགས་རྣམས་ཀྱིས་སོ། །བཞི་པ་ལ། ཡར་གྱི་གདེང་གཉིས་ནི། མྱང་འདས་ཀྱི་ཡོན་ཏན་ཐོས་ཀྱང་ཐོབ་ཏུ་རེ་བ་དང་། མ་ཐོབ་ཀྱིས་དོགས་པ་མེད་དོ། །རང་རིག་ལས་གཞན་པའི་སངས་རྒྱས་མེད་པར་རྟོགས་པའི་ཕྱིར་རོ། །མར་གྱི་གདེང་གཉིས་ནི། འཁོར་བའི་སྡུག་བསྔལ་ཐོས་ཀྱང་མི་ལྟུང་དུ་རེ་བ་དང་། ལྟུང་གིས་དོགས་པ་མེད་དེ། རང་རིག་ཡེ་ནས་འཁྲུལ་པ་མེད་པར་ཤེས་པས་འཁོར་བར་འཁྱམས་མཁན་མ་གྲུབ་པར་ཐག་ཆོད་པའི་ཕྱིར་རོ། །དེ་དག་གི་དགོས་པ་ནི། དང་པོས་རླུང་སེམས་གནད་ལ་ཕེབས་ཏེ་ཉམས་ལེན་གྱི་གཞི་ཐིངས། གཉིས་པ་དྲོད་ཚད་ཀྱིས་མཚམས་ཕྱེད། གསུམ་པས་ཟག་བཅས་མི་སྣང་བའི་འཕོ་ཆེན་རྡོ་རྗེའི་སྐུ་མངོན་དུ་འགྱུར། བཞི་པས་མི་ལྡོག་པའི་ཡེ་ཤེས་ཀྱི་ཚད་བཟུང་བར་བྱེད་དོ། །གཉིས་པ་ནི། གལ་ཏེ་ ནས་ ཞིང་དུ་བགྲོད། ཅེས་གསུངས་ཏེ། བརྩོན་འགྲུས་དང་སྐལ་པ་དམན་པས་སྐྱེ་གནས་རང་བཞིན་གྱི་བར་དོའི་ཚེ་དུས་འདིར་གདོད་མའི་ས་ལ་གདོས་བཅས་ཟད་པའི་རྣམ་པར་གྲོལ་བ་མ་ཐོབ་ན། དབང་པོ་རབ་འཆི་ཁ་མའི་བར་དོར་སྔར་ཤེས་པའི་གདམས་ངག་རྣམས་གསལ་བཏབ་སྟེ། འབྱུང་ལྔ་རིམ་གྱིས་ཐིམ་ནས་ནམ་མཁའ་དབྱིངས་རིག་ལ་ཐིམ་པའི་ཚེ་སྲོག་ལྔ་སྙིང་དབུས་རིག་པའི་སྦུབས་སུ་འཇུག་པར་བྱས་པས་རིག་པ་ཉིད་གཞི་ལས་ལྡོག་སྟེ་ཀ་དག་གི་ས་ལ་ཕྱིན་པས་བེམ་རིག་བྲལ་བ་དང་འཚང་རྒྱ་བ་དུས་མཉམ་པ་ཚེ་བཅོ་ལྔའི་ཟླ་བ་ནུབ་པ་དང་ཉི་མའི་སྣང་བ་འཆར་བ་དུས་མཉམ་པ་བཞིན་ནོ། །དབང་པོ་འབྲིང་འཆི་ཀར་ཀ་དག་གི་གྲོོལ་སར་མི་སྙོགས་ན་གཞི་ལས་འཕགས་པའི་ཆོས་ཉིད་དུ་སྣང་པའི་བར་དོ་དང་འོད་དང་ཐིག་ལེ་ཞི་ཁྲོའི་ཚོམ་བུ་ཟེར་ཐིག་སྒྲ་སྐད་སྣ་ཚོགས་སུ་ཤར་བ་ཐམས་ཅད་རང་སྣང་ལས་གཞན་དུ་མེད་པར་ཡིད་ཆེས་ནས་མ་པང་དུ་བུ་འཇུག་པ་ལྟར་ངེས་པའི་ཤེས་པ་བརྟན་པོར་གནས་པས་སྐད་ཅིག་དང་པོར་རང་ངོ་ཤེས། གཉིས་པར་ཤེས་ཐོག་ཏུ་གྲོལ། གསུམ་པར་གྲོལ་ཐོག་ནས་ཀ་དག་གི་དབྱིངས་སུ་ཐིམ་པར་འགྱུར་རོ། །དབང་པོ་ཐ་མ་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ལ་འཁྲུལ་པས་གཞན་དུ་རྟོགས་ན་དེ་དག་ཡལ་མ་ཐག་ཏུ་མིང་བཞི་འདུས་པའི་ཕུང་པོ་བརྫུས་སྐྱེས་ཡིད་ཀྱི་ལུས་སུ་གྲུབ་ནས་འཁྲུལ་སྣང་ཅིའང་སྲིད་པའི་བར་དོ་ལ་འཁྲུལ་པ་རྨི་ལམ་ཙམ་དུ་ཤར་ནའང་། ཆོས་འདིའི་སྒོ་མཐོང་ནས་ཐེ་ཚོམ་མེད་པའི་མོས་པ་དང་བརྒྱུད་པའི་བླ་མ་རྣམས་ཀྱི་ཐུགས་རྗེའི་སྟོབས་ལས་བར་དོར་རང་ངོ་ཤེས་པའི་ཚེ་རང་བཞིན་སྤྲུལ་པ་སྐུའི་ཞིང་ཡིད་ལ་བྱས་པས་རྨི་ལམ་སད་པའི་ཆ་ཙམ་ལ་དེ་དག་ཏུ་བགྲོད་ཅིང་པདྨོ་ལ་བརྫུས་ཏེ་སྐྱེས། སྲིད་མཐའི་བྱང་ཆུབ་སེམས་དཔར་གྱུར་ཏེ་སྟོན་པ་ལོངས་སྤྱོད་རྫོགས་སྐུ་ལས་ཆོས་ཉན་པས་བདེན་པ་མཐོང་བ་དང་དབང་དང་ལུང་བསྟན་པ་ཐོབ་ནས་གདོད་མའི་ཞིང་དུ་འཚང་རྒྱ་བར་འགྱུར་རོ། །རྩ་བའི་ས་བཅད་བཞི་པ་གེགས་བསལ་པའི་རིམ་པ་ལ་གསུམ། བསྟན། བཤད། བསྡུ་བའོ། །དང་པོ་ནི། དེ་ལྟར་ ནས་ གེགས་སེལ་ནི༔ ཞེས་གསུངས་ཏེ། དེ་ལྟར་རྒྱུད་སྨིན་པར་བྱེད་པ་དབང་བཞི་དང་། སྨིན་ནས་གྲོལ་བར་བྱེད་པ་བསྙེན་སྒྲུབ་ཡན་ལག་བཞིའི་ལམ་མཆོག་ལ་ཞུགས་པ་དེའི་ཚེ་ཚོང་པ་ནོར་ཅན་ལ་ཕས་ཀྱི་རྒོལ་བས་གླགས་ལྟ་བ་བཞིན་དུ་ཕྱི་ནང་གསང་བའི་བར་དུ་གཅོད་པ་འབྱུང་སྟེ། སྡུད་པ་ལས། ཐེག་པར་གསར་དུ་ཞུགས་པའི་སེམས་ཅན་བློ་ཆུང་བ། །གང་ཞིག་དཀོན་པའི་རིན་ཆེན་འདི་ནི་མ་རྙེད་པར། །དེ་ལ་བར་ཆད་བྱ་ཕྱིར་བདུད་ནི་སྤྲོ་བར་འགྱུར། །ཞེས་སོ། །དེ་ལ་གེགས་གང་ཞིག་བྱུང་ཡང་དེ་དག་སེལ་བྱེད་ཐབས་ཀྱི་རིམ་པ་ཁས་དྲག་ཅན་གྱི་དཔུང་གི་སྐྱེལ་མ་དང་མཚུངས་པ་སོ་སོའི་གཉེན་པོ་བསྟེན་པའི་ཚུལ་ནི་འདི་ལྟ་བུའོ། །གཉིས་པ་ལ་གཉིས། སྤྱི་དང་། བྱེ་བྲག་གོ །དང་པོ་ནི། དོན་ལ་ ནས་ སྦྱང་བའི་སླད༔ ཅེས་གསུངས་ཏེ། དོན་དམ་བདེན་པའི་རང་ངོ་ལ་བར་གཅོད་བྱ་བ་དག་དང་གཅོད་བྱེད་གེགས་ཀུན་དང་། གཅོད་པའི་ལས་ཐམས་ཅད་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་དེ་སྦྲུལ་གྱི་མདུད་པ་བཞིན་གདོད་ནས་རང་བཞིན་གྱིས་གྲོལ་བའི་ཕྱིར། སྤང་བྱ་མི་མཐུན་པའི་ཕྱོགས་དང་བླང་བྱ་མཐུན་པའི་ཕྱོགས་དང་བསྟེན་བྱ་གཉེན་པོའི་ཕྱོགས་ཀུན་ལས་རིང་དུ་འདས་ཀྱང་། ཀུན་རྫོབ་བདེན་པ་ལ་བསྟེན་པའི་ལམ་ཞུགས་དང་པོའི་ལས་ཅན་བྱིས་བློའི་ཀུན་ཏུ་རྟོག་པའི་འཕྲུལ་འཁོར་སྦྱོང་བའི་སླད་དུ་ཐབས་འདི་དག་བསྟེན་པར་བྱའོ། །གཉིས་པ་ལ་བཞི། ཕྱི་འབྱུང་བ་ལུས་ཀྱི་གེགས་སེལ། ནང་བར་ཆད་བདུད་ཀྱི་གེགས་སེལ། གསང་བ་ཏིང་འཛིན་སེམས་གེགས་ལ། ཐུན་མོང་ཉམས་གྲིབ་རྐྱེན་གྱི་གེགས་སེལ་ལོ། །དང་པོ་རྒྱུ་རྐྱེན་འབྲས་བུར་ལྡན་པའི་ནད་བསལ་ཚུལ་ནི། འབྱུང་བ་ ནས་ རྣལ་དུ་དབབ༔ ཅེས་གསུངས་ཏེ་འབྱུང་བ་བཞི་ལས་གྲུབ་པའི་ལུས་ལ་འབྱུང་བ་ཁོད་མ་སྙོམས་ཏེ་འཁྲུགས་པ་ལས་བྱུང་བའི་ནད་རིགས་རྣམས་ཀྱི་གེགས་སེལ་བའི་ཐབས། གཞི་བག་ཆགས་སྣ་ཚོགས་པའི་ཀུན་གཞིའི་སྟེང་དུ་དུག་གསུམ་བག་ལ་ཉལ་བ་ལ། བདག་ཏུ་འཛིན་པའི་ཉེ་བར་ལེན་ནམ་རྒྱུ་ཡིས་ལས་བསགས་པས་ཉོན་མོངས་ཀུན་ནས་ལྡངས་པའི་རྣམ་རྟོག་གིས་སློང་བའི་རྐྱེན་བྱས་ཏེ། འབྲས་བུ་དུག་གསུམ་རྣམ་པར་གྱུར་པ་ལས་བྱུང་བའི་ཀུན་བརྟགས་གདོན་གཞན་དབང་སྔོན་ལས་ཡོངས་གྲུབ་ཚེ་ལྟར་སྣང་འཕྲལ་གྱི་ནད་བཞི་རེ་རེར་བརྒྱ་རྩ་གཅིག་རེ་སྟེ་བསྡོམས་པས་བཞི་བརྒྱ་རྩ་བཞིའི་ནད་དུ་སྨིན་ནས་ལུས་སེམས་ལ་ཟུག་རྔུའི་ཚོར་བས་ཡོངས་སུ་གདུང་བ་ཐམས་ཅད་བཅོས་པའི་ཐབས་ཐ་མལ་བ་ལྟར་མོ་གཏོ་སྨན་དཔྱད་ལ་རེ་ལྟོས་མི་འཆའ་བར་བདག་འཛིན་གྱི་འཁྲི་བ་བཅད་ཅིང་རེ་དོགས་ཀྱི་འཕྲང་བསལ་དགོས་ཏེ། ནད་ཀྱི་རྒྱུ་འདོད་ཆགས་ཀྱིས་རླུང་བསྐྱེད་པས་མཚོན་དུག་ལྔ་ལས་བྱུང་། དུག་ལྔ་པོ་དེའང་རང་གི་སེམས་འཁྲུལ་པའི་རང་རྩལ་ལས་གུད་ན་མེད་ཅིང་། སེམས་ཉིད་གདོད་ནས་སྐྱེ་རྒ་ན་འཆིའི་སྤྲོས་པ་དང་བྲལ་བ་ཡིན་པར་ཤེས་ནས། བདག་འཛིན་བློས་བཏང་། གཉིས་འཛིན་གྱི་རེ་དོགས་བཅད་དེ་རྒྱུ་ལྷན་སྐྱེས་ཀྱི་ནད་རྩད་བཅད་པས་འབྲས་བུ་ཀུན་བརྟགས་ནད་རང་བཞིན་གྱིས་འགགས་པར་འགྱུར་ལ། བཅོས་པའི་ཐབས་རབ་ངང་ལ་བཞག་པ་ནི། ནད་ཟུག་དང་བདག་རྟོག་ལ་སྤང་ལེན་མེད་པར་བྱུང་འཇུག་རིག་སྟོང་རྗེན་པའི་རང་ངོ་རྩེ་གཅིག་ཏུ་བསྐྱངས་པས་རྒྱུ་མ་རིག་པ་རིག་པའི་ཡེ་ཤེས་ཀྱིས་བཅོམ། རྐྱེན་ཉོན་མོངས་དབྱིངས་སུ་ལོག །མཚམས་སྦྱོར་རྣམ་རྟོག་མི་རྟོག་པར་ཐིམ་པར་འགྱུར་ལ། འབྲིང་རོ་སྙོམས་བྱ་བ་ནི། གོང་གི་རྟོགས་པ་མི་ཆུན་ན་མི་ན་བའི་རེ་བ་དང་ན་བའི་དོགས་པའི་འཁུ་འཕྲིག་རྩད་ནས་བཅད་ལ་ལུས་སྣང་བདག་འཛིན་དང་བཅས་པ་ལྟོས་མེད་གང་དགར་ལིང་གིས་བོར། དེས་ཀྱང་མ་སེལ་ན་ཐ་མ་དམིགས་པས་བཅོས་པ་ནི། ཧཱུྃ་གི་སྒྲ་གདངས་རླུང་སེམས་དྲིལ་བས་ནད་ཀུན་གང་ནས་གཟེར་བའི་དམིགས་གཅིག་ཏུ་ཧཱུྃ་ཡིག་གི་རྣམ་པར་བསྡུས་ལ་ཐད་ཀར་གྱི་ལུས་ལས་ཟུག་རྔུ་ཧཱུྃ་གི་རྣམ་པར་ཕྱིར་དབྱུང་བས་ཐག་རིང་པོར་ཡལ་བར་མོས་ལ་རླུང་རོ་ཡང་ཡང་བསལ་ཞིང་ཤེས་པ་ལ་ནའོ་སྙམ་པར་འཛིན་སྟངས་བོར་ལ་རང་བཞིན་བདེ་ལུགས་ཀྱི་རྣལ་དུ་དབབ་པར་བྱའོ། །གཉིས་པ་ནི། བར་ཆད་ ནས་ སྨོན་ལམ་གདབ༔ ཅེས་གསུངས་ཏེ། ཐར་པ་སྒྲུབ་པ་ལ་བར་ཆད་བྱེད་པའི་བདུད་རིས་ཀྱི་ལྷ་དང་འབྱུང་པོ་བགེགས་རིགས་རྣམས་ཀྱི་གེགས་སེལ་བའི་ཐབས་ནི། སྤྱིའི་བདུད་ཉོན་མོངས་ཕུང་པོ་འཆི་བདག་ལྷའི་བུའི་བདུད་བཞི་དང་། ལྷ་བདུད་ཀྱི་འཁོར་འཇིག་རྟེན་ཆེན་པོ་བཞི་སོགས་བདུད་རིགས་ཀྱི་ཡི་དྭགས་སུམ་ཅུ་རྩ་དྲུག་གི་འཁོར་དུ་གཏོགས་པ་བསམ་གྱིས་མི་ཁྱབ་པ་རྣམས་དང་། ཁྱད་པར་གྱི་བདུད་འབྱུང་པོ་ལོག་འདྲེན་སོགས་ཕྱི། རྣམ་རྟོག་ཁུ་འཕྲིག་སོགས་ནང་། གྲུབ་རྟགས་རློམས་སོགས་གསང་བ། རེ་རེ་ལའང་དྲུག་རེ་སྟེ་བཅོ་བརྒྱད་ཀྱི་དབྱེ་བར་མདོ་སྡེ་རིན་པོ་ཆེར་གསུངས་པ་དེ་དག་བསྡུ་ན། ཞེ་སྡང་འདོད་ཆགས་གཏི་མུག་གསུམ་གྱི་རང་རྩལ་ཕོ་མོ་མ་ནིང་གི་རིགས་གྱུར་ལོག་འདྲེན་གྱི་བགེགས་དང་བར་གཅོད་ཀྱི་བདུད་ཆེན་པོ་རྣམས་སུ་ཤར་བས་དེ་གསུམ་དུ་འདུ་ལ། རྣམ་པ་བཟང་ངན་བྱེད་ལས་ཆོ་འཕྲུལ་ཇི་ལྟར་སྣང་ཡང་དོན་ལ་དེ་བཞིན་དུ་ཅུང་ཟད་ཙམ་ཡང་མ་གྲུབ་སྟེ་གཞི་མེད་པའི་ཕྱིར། དཔེར་ན་རང་གི་གྲིབ་མ་ལ་ཤ་ཟ་སྲིན་པོར་འཕྲུལ་ནས་དངངས་སྐྲག་སྐྱེས་པ་བཞིན་ནོ། །བདུད་བགེགས་ཀྱི་ངོ་བོ་ནི། ཞི་བ་ལྷས། འཇིག་རྟེན་དག་ན་འཚེ་བ་གང་ཡོད་དང་། །འཇིགས་དང་སྡུག་བསྔལ་ཇི་སྙེད་ཡོད་གྱུར་པ། །དེ་ཀུན་བདག་ཏུ་འཛིན་པ་ལས་བྱུང་ན། །འདྲེ་ཆེན་དེས་ཀོ་བདག་ལ་ཅི་ཞིག་བྱ། །ཞེས་གསུངས་པ་ལྟར་ཐམས་ཅད་ཀྱི་རྩ་བ་ངར་འཛིན་པའི་སེམས་འདི་ཡིན་ལ། དེའང་གསལ་སྟོང་ཟུང་འཇུག་ཏུ་གདོད་ནས་ཡོད་པའི་རང་ངོ་མ་ཤེས་ཏེ་གསལ་ཆ་ཕྱི་རོལ་ཏུ་ཤོར་བ་ལ་གཟུང་པའི་ཡུལ་དུ་བྱས། དེ་ལ་འཛིན་བྱེད་ཀྱི་ཤེས་པ་སྐྱེས་ནས་བདག་འཛིན་ཇེ་རགས་སུ་གྱུར་བའི་དབང་གིས་གསལ་ཆ་ཞེ་སྡང་སྟོང་ཆ་འདོད་ཆགས་ཟུང་འཇུག་གི་རང་བཞིན་གཏི་མུག་ཏུ་སོང་། དེ་ལས་ཀྱང་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་བྱུང་ཞིང་དེ་དག་གི་རང་མདངས་མེད་སྣང་གློ་བུར་བའི་གཟུགས་བརྙན་མཐའ་ཡས་པ་དེ་ལྟར་སྣང་བ་སྟེ་རང་གི་སེམས་ནི་བདུད་ཅེས་བྱ། །རང་གི་སེམས་ནི་བགེགས་ཡིན་ནོ། །ཞེས་སོ། །འཇུག་པའི་རྒྱུ་མང་ཡང་གཙོ་བོ་ལམ་ལ་བརྩོན་འགྲུས་རྩོམ་པ་ལས་འབྱུང་བར་གསུངས་ཏེ། འཇམ་དཔལ་རྣམ་པར་འཕྲུལ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ནི་བརྩོན་འགྲུས་ལས་འབྱུང་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མི་བརྩོན་པ་ལ་ནི་བདུད་ཀྱིས་ཅི་ཞིག་བྱ་སྟེ་དེ་ཉིད་བདུད་ཡིན་པའི་ཕྱིར་རོ། །ཞེས་སོ། །འཇུག་པའི་ཉེར་ལེན་ནི། ཐོག་མེད་ནས་ངར་འཛིན་པ་ལ་ཞེན་པའི་རྒྱུན་གྱིས་རྐྱེན་ཕྲ་མོ་ལ་བརྟེན་ནས་ཁུ་འཕྲིག་སྣ་ཚོགས་པ་སྐྱེ་བས་ནམ་མཁའ་མཛོད་ཀྱིིས་ཞུས་པ་ལས། དཔེར་ན་བུག་པ་ཡོད་པ་ལས་རླུང་འཇུག་པ་བཞིན་དུ་རྣལ་འབྱོར་པའི་སེམས་ལ་སྐྱོན་གང་དང་གང་ལ་ཡོད་པ་དེ་ལ་བདུད་འཇུག་ཅིང་གླགས་རྙེད་དོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ཉོན་མོངས་པའི་སྐྱོན་མེད་པར་བྱའོ། །ཞེས་སོ། །བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་དང་སྤྱོད་ཡུལ་བདུད་ཀྱི་ལས་སོགས་རྒྱས་པར་གསུངས་པ་ནི་མདོ་སྡེ་རྣམས་དང་གཞུང་གཞན་ལས་ཤེས་པ་གལ་ཆེའོ། །དེ་དག་སེལ་བའི་ཐབས་རྣལ་འབྱོར་པ་རབ་ཀྱིས་ཕྱི་རོལ་ལྟར་སྣང་བའི་བདུད་བགེགས་དེ་དག་གང་ལས་བྱུང་བའི་གཞི་རྩ་སེམས་ཐོག་ཏུ་བཅད་པས། རང་སེམས་འདྲེར་འཛིན་ལས་ཕྱི་རོལ་ཏུ་བདེན་པར་མ་གྲུབ་པར་ཐག་ཆོད། འདྲེར་འཛིན་ངོ་བོ་ལ་བལྟས་པས་སྐྱེ་འགག་གནས་གསུམ་དང་བྲལ་བར་རྟོགས་ནས་འཁྲུལ་པའི་རྫུན་ཕུག་རང་སར་བརྡིབས་ཏེ་རྣམ་རྟོག་གི་ལམ་སྲང་ཆད་པས་རེ་དོགས་སྡུག་བསྔལ་གྱི་རྒྱུ་འགྲུལ་ཀུན་རྩ་བ་ནས་ཞི་ཞིང་ལྟས་ངན་གཡང་དུ་ཁུག་སྟེ་ཡིད་བདེའི་ཉི་མ་ཁོང་ནས་འཆར་བར་འགྱུར་རོ། །དེས་ཀྱང་ཆོ་འཕྲུལ་མ་ཆོད་པའམ་རྣལ་འབྱོར་བ་འབྲིང་གིས་བདུད་བགེགས་ཆེད་དུ་བཀུག་ལ་ཕུང་པོ་འདོད་ཡོན་གྱི་ཚོགས་སུ་དམིགས་ཏེ་འབུལ། ལུས་གཟན་དུ་བོར་ལ་བདག་གཅེས་འཛིན་བློས་ལིང་གིས་བཏང་། ཡང་ཁུ་འཕྲིག་གི་སྙེམས་བྱེད་རྟོག་པ་རྡུལ་ཙམ་མེད་པར་ཅི་འོང་ཤོག་སྙམ་དུ་འཇིགས་པའི་དུར་ཁྲོད་དང་། ལྷ་འདྲེ་དྲག་པོའི་རྒྱུ་སྲང་སོགས་གང་དགའ་བར་ལྟོས་མེད་དུ་ཉལ་བས་ཆོ་འཕྲུལ་གྱི་སློང་རྣམས་ཚར་ཚད་དང་ཆོད་ཚད་དུ་གྱུར་ནས་བར་ཆད་དངོས་གྲུབ་ཀྱི་མཆོག་ཏུ་འགྱུར་རོ། །དེ་དག་གི་རྗེས་ཐོབ་དང་རྣལ་འབྱོར་པ་ཐ་མས་བདུད་བགེགས་ཕ་མར་ཤེས་པས་བྱམས་སྙིང་རྗེ་དྲག་ཏུ་བསྐྱེད་ཅིང་དེ་དག་སངས་རྒྱས་ཀྱི་ས་ལ་འགོད་པའི་ཕྱིར་ལམ་ལ་བརྩོན་པར་འདོད་པའི་བྱང་ཆུབ་ཏུ་སེམས་ལྷག་པར་བསྐྱེད་ལ་བདག་གཞན་བརྗེ་བའི་བཏང་ལེན་དང་ཐེག་པ་ཆེན་པོའི་ཚུལ་དང་མཐུན་པའི་སྨོན་ལམ་རྒྱ་ཆེན་པོ་གདབ་པ་དང་། གཞན་ཡང་བླ་མ་དཀོན་མཆོག་ལ་སྙིང་ཐག་པ་ནས་བློ་ཁེལ་བའི་དད་གུས་དང་། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་གསོག་པ་རྣམས་ཀྱིས་ཀྱང་བདུད་བགེགས་ཀྱི་ཉེར་འཚེ་མཐའ་དག་ཞི་བར་འགྱུར་ཏེ། སྡུད་པ་ལས། རྒྱུ་རྣམས་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་སྐྱོད་པར་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང་། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་པ་ལྟར་རོ། གསུམ་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། ཁྱད་པར་ ནས་ ཤར་བའི་ཚེ༔ ཞེས་གསུངས་ཏེ། རྣལ་འབྱོར་པ་ལ་ཁྱད་པར་དུ་གཅེས་པ་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པའི་ཚེ་ཁམས་འདུས་པ་ལས་སེམས་འཁྲུགས་པའི་གེགས་འབྱུང་བས་དེ་སེལ་བའི་ཐབས་ཤེས་པ་ནི་གལ་ཆེ་སྟེ། གྲུབ་ཐོབ་ལྕེ་སྒོམ་པས། ཉམས་རྟོགས་ཅུང་ཟད་སྐྱེས་གྱུར་ཀྱང་། །ཤེས་རབ་བློ་གྲོས་ཞན་པ་དག །སོ་མི་ཐུབ་ཅིང་རྐྱེན་གྱིས་འཕྲོག །དེ་ལྟ་བུ་ཡི་གང་ཟག་ལ། །སྐྱོན་དང་གེགས་སེལ་ཤིན་ཏུ་གཅེས། །ཞེས་གསུངས་པ་ལྟར་རོ། །དེའང་ཏིང་ངེ་འཛིན་ལ་མི་མཐུན་པའི་ཉམས་ཀྱི་གེགས་དུ་མ་མཆིས་ཤིང་། དེ་དག་འབྱུང་བའི་རྒྱུ། སློང་བའི་རྐྱེན། གེགས་སུ་འགྱུར་ཚུལ། ལམ་དུ་བཏང་ལུགས་སོགས་མང་དུ་ཡོད་ཀྱང་མདོར་བསྡུ་ན། སེམས་བྱིང་བ། རྒོད་པ། ཕན་པའི་ཉམས། གནོད་པའི་ཉམས། ཕན་གནོད་མེད་པའི་ཉམས་གསུམ་སྟེ་ལྔར་འདུ་ལ། དེ་དག་དོན་ལ་བདེན་དངོས་རང་མཚན་དུ་མ་གྲུབ་ཀྱང་རྐྱེན་ལ་བརྟེན་ནས་སོ་སོའི་རྣམ་པ་མི་འགགས་པར་གློ་བུར་ལྟར་སྣང་སྒྱུ་མའི་གཟུགས་བརྙན་སེམས་ཀྱི་མེ་ལོང་དུ་ཤར་བའི་ཚེ་འདི་ལྟར་ལམ་དུ་བཏང་བར་བྱའོ། །གཉིས་པ་ལ་གསུམ། བྱིང་བ། རྒོད་པ། ཉམས་ཀྱི་གེགས་སེལ་ལོ། །དང་པོ་ནི། བྱིང་ན་ ནས་ གསལ་ངར་འདོན༔ ཞེས་གསུངས་ཏེ། འདི་ལ་གསུམ། རིག་པའི་དྭངས་ཆ་མེད་པའི་བྱིང་པ་དང་། གསལ་ཉམས་ཀྱིས་མ་ཟིན་པའི་རྨུགས་པ་དང་། གཉིད་དང་འདྲེས་པའི་འཐིབས་པ་སྟེ་གསུམ་ཀར་ལུས་གྲིམས་པར་བསྒྲིམས་ཏེ་ཆ་ཆ་ནས་ཆུན་བཙལ་ལ་འཕྲུལ་འཁོར་སྐབས་སུ་གང་བབ་བྱ། ལྟ་སྟངས་ནམ་མཁར་གཏོད་ཅིང་ཤེས་པ་གསལ་ངར་འདོན། སེམས་སྙིང་ག་སོགས་གནས་གཅིག་ཏུ་རྩེ་གཅིག་མདུང་ཚུགས་སུ་བཟུང་བ་དང་ཟས་བཅུད་ཅན་སྤང་ཞིང་གོས་སྲབ་ཏུ་བཏང་ལ་སྣང་གཡེལ་ཆེ་སར་སྡོད་པ་སོགས་གསེང་བའི་ཐབས་རྣམས་བྱའོ། །གཉིས་པ་ནི། རྒོད་ན་སོགས་ཚིག་རྐང་གཅིག་སྟེ། འདི་ལའང་གསུམ་ལས། ཤེས་པ་ཡུལ་ལ་འཕྲོ་ཞིང་གནས་མི་བཏུབ་པའི་འཕྲོ་བ། གནས་ཆ་གཏན་ནས་མེད་པར་རྟག་ཏུ་གཡེང་བའི་རྒོད་པ་བཀོལ་ཏུ་མི་བཏུབ་པ་ཡུལ་མ་ངེས་པར་པྲ་ཡས་པའི་འཐོར་བ་རྣམས་དང་། འགྲོ་བའི་བྱེ་བྲག་སེམས་གནས་པ་སྙམ་བྱེད་པ་ལ་མ་ཚོར་བར་འཕྲོ་བའི་འོག་འགྱུ་དང་། གནས་པ་ལ་དེར་འཛིན་ཞུགས་པའི་རང་འགྱུས་སོགས་ཡོད་ཅིང་། ཀུན་ལའང་ལུས་སེམས་ཀྱི་ཁོད་ཀློད་ལ་ཤེས་པ་ལྟེ་བས་མཚོན་དམའ་སར་གཏད། ལྟ་སྟངས་དམའ་བར་སྨད་ཅིང་ཤེས་པ་འཇུར་ལ་མི་འདེབས། ཟས་བཅུད་ཅན་བཟའ་ཞིང་གོས་དྲོ་བ་དང་ཁྱིམ་འཐིབས་སར་སྡོད་པ་སོགས་གནོན་པའི་ཐབས་བྱའོ། །གསུམ་པ་ནི། བདེ་གསལ་ ནས་ངང་བསྐྱང་ངོ༔ ཞེས་གསུངས་ཏེ། ཕན་པའི་ཉམས་ལུས་ཡོད་དུ་མི་ཚོར་ཞིང་སེམས་བདེ་བར་ནུབ་པ་ལྟ་བུའི་བདེ་ཉམས་དང་། ཁམས་གསུམ་གྱི་སྤྱོད་ཚུལ་མཐོང་སྙམ་བྱེད་པའི་གསལ་ཉམས་དང་། སྟོང་ཉིད་མཐའ་དབུས་མེད་པར་ནམ་མཁའ་ལྟ་བུའི་མི་རྟོག་པའི་ཉམས་གསུམ་སྐྱེས་པ་དང་། གཞན་ཡང་ཞེན་ལོག་མོས་གུས་སྙིང་རྗེ་སོགས་གཏིང་ནས་ལྷོངས་པའི་ཚེ་དེའི་རོ་མྱོང་ན་ཉམས་ན་བུན་འདྲ་བ་ཡལ། འཕྲོ་བཅད་ན་འཕེལ་བའི་རྒྱུད་ཆད། རང་ཉིད་གཞན་དབང་དུ་འགྱུར་བའི་ས་བོན་ཐེབས་པ་ཡིན་པས་དེ་ལ་དགའ་རློམས་དང་ཞེན་འཛིན་མེད་པར་ཉམས་ཀྱི་སྣ་མི་བསྐྱིལ་བར་རང་ངོར་བལྟས་ཏེ་མཉམ་པར་བཞག་ལ་ལམ་དུ་བཏང་། རྩུབ་ཅིང་གནོད་པའི་ཉམས་ན་ཚ་ཟུག་གཟེར་སྙིང་རླུང་ཁམས་འདུས་ལ་སོགས་པ་སྐྱེས་པའི་ཚེ་སེམས་ཞུམ་ནས་དེའི་དབང་དུ་ཤོར་ན་ཐ་མལ་པ་ལས་ལོད་པས་ཐམས་ཅད་བདེན་མེད་སྒྱུ་མར་ཤེས་པ་དང་ཚོར་བ་མི་བདེ་པར་འདུ་ཤེས་པའི་རང་ངོ་ལ་བལྟས་ནས་གཞི་མེད་རྩ་བྲལ་དུ་གྲོལ་བའི་ཉམས་མྱོང་དེ་ཉིད་བསྐྱང་ངོ་། །ཕན་གནོད་མེད་པ་བར་མའི་ཉམས། ཀུན་གཞི་ལ་འཁོར་འདས་ཀྱི་ས་བོན་བག་ཉལ་དུ་གནས་པ་དང་། རྡོ་རྗེའི་ལུས་ལ་རྩ་ཡིག་རླུང་ཐིག་ཏུ་གནས་པ་རྣམས་ལུས་གནད་དང་ཏིང་ངེ་འཛིན་གྱིས་གཅུན་ཏེ་བསླངས་ནས་འཁོར་འདས་ཀྱི་ཉམས་སྣང་སྣ་ཚོགས་སུ་འཆར་བའི་ཚེ། རྗེས་སུ་འབྲང་ན་བདུད་འཇུག །བཏང་སྙོམས་བཞག་ན་ལམ་དུ་མི་ལྷོངས་པས་ཇི་ལྟར་བྱུང་བ་དེ་ཀུན་ལ་སྐྱོན་ཏུ་བཟུང་བའི་དགག་པ་དང་ཡོན་ཏན་ཏུ་འཛིན་པའི་བསྒྲུབ་བྱར་མི་བལྟ་བར་ཞེན་འཛིན་མེད་པར་རང་གྲོལ་ཆེན་པོར་བཞག་པས་ལམ་དུ་འགྱུར་ལ། གེགས་ཇི་ལྟ་བུ་ཞིག་བྱུང་ཡང་ཐམས་ཅད་རང་གི་སེམས་ཉིད་གཅིག་པུའི་ཆོ་འཕྲུལ་ཡིན་པར་ཤེས་ནས་བཟང་སྙམ་གྱི་བླང་བྱ་དང་ངན་རྟོག་གིས་དོར་བྱ་མེད་པར་བཟོ་མེད་རིག་པའི་ངང་རང་བབས་སུ་བསྐྱངས་པས་སྐྱོན་རྣམས་ཡོན་ཏན་དུ་འགྱུར་ཏེ། མན་ངག་རིན་སྤུངས་ལས། གནས་ལུགས་རྟོགས་པའི་ཐག་ཆོད་ཅིང་། །ཉམས་མྱོང་རིག་པའི་གཞི་འཛིན་པས། །ཅི་སྣང་ཅི་བྱུང་ཆོས་ཉིད་རྟོགས། །སྐྱོན་རྣམས་ཡོན་ཏན་བསྒྱུར་ཤེས་ཤིང་། །བར་ཆད་དངོས་གྲུབ་བསྒྱུར་ཤེས་ན། །སྐྱོན་དང་གེགས་ཅི་བྱུང་ཡང་། །རྣལ་འབྱོར་ལམ་གྱི་གྲོགས་སུ་ཆེ། །ཞེས་སོ། །བཞི་བ་ལ་གཉིས། ཉམས་གྲིབ་བྱུང་བའི་རྟགས། དེ་སེལ་བའི་ཐབས་སོ། །དང་པོ་ནི། ཐུན་མོང་ ནས་ བྱུང་བའི་ཕྱིར༔ ཞེས་གསུངས་ཏེ། ཕྱི་ནང་གསང་བ་ཐུན་མོང་དུ་ཉམས་གྲིབ་ཀྱི་རྐྱེན་ལས་བྱུང་བའི་གེགས་ཀྱིས་བླ་མར་མོས་གུས་དང་སེམས་ཅན་ལ་སྙིང་རྗེ་དང་། ཟབ་མོ་རྟོགས་པའི་ཤེས་རབ་དང་། སོགས་ཁོང་ནས་རིམ་གཉིས་ཀྱི་ཏིང་འཛིན་གྱིས་མཚོན་རྒྱུད་ལ་བསྐྱེད་པར་བྱ་བ་གང་ཡང་རུང་། བརྩོན་འགྲུས་ཆེན་པོས་ཇི་ལྟར་བསྒོམས་ཀྱང་ཡར་བསྐྱེད་ཐོན་པའི་བོགས་མེད་ཅིང་ལེ་ལོ་སྙོམ་ལས་ཀྱི་དབང་དུ་ཤོར་བ་དང་། མོས་གུས་ཀྱི་འགལ་ཟླ་ང་རྒྱལ། སྙིང་རྗེའི་འགལ་ཟླ་ཕྲག་དོག །ཤེས་རབ་འགལ་ཟླ་གཏི་མུག་མུན་པ་ཤུགས་ཀྱིས་གཏིབས་ཏེ་བསྒོམ་བྱའི་སྣང་བ་བསྒྲིིབ་པར་བྱེད་པ་ན། སེལ་བའི་ཐབས་ནི་སྤྱིར་གནས་མལ་ཟས་གོས་དམ་ཉམས་རྨེ་ཡུག་ཤན་པ་སོགས་གྲིབ་ཅན་དང་འགྲོགས་ཤིང་བསྟེན་པ་ལས་བྱུང་བས་དེ་དག་སྤང་ཞིང་ཁྲུས་དང་གྲིབ་སེལ་སོགས་ཀྱིས་ཞི་བར་བྱ་དགོས་ཀྱང་། ཕལ་ཆེར་སྒྲུབ་པོ་རང་ཉིད་རྟོག་པ་རྩིང་པའི་སྐྱོན་གྱིས་དམ་ཚིག་ཉམས་ཆག་ཏུ་གྱུར་པ་ལས་བྱུང་བའི་ཕྱིར་དེ་བཤགས་པའི་ཐབས་ལ་འབད་དོ། །གཉིས་པ་ལ་གཉིས། སྤྱི་དང་ཁྱད་པར་གྱི་བཤགས་ཐབས་སོ། །དང་པོ་ནི། ཉམས་པ་ ནས་ རྣལ་དུ་དབབ༔ ཅེས་གསུངས་ཏེ། དེའང་གསང་སྔགས་ཀྱི་དམ་ཚིག་ཉམས་པས་ཚེ་འདིར་མི་འདོད་པ་དུ་མ་བསྐྱེད། ལམ་ལ་བར་དུ་བཅད་དེ་རྡོ་རྗེའི་དམྱལ་བར་ཟང་ཐལ་དུ་འགྲོ་བར་གསུངས་པས་ཁེ་ཉེན་ཤིན་ཏུ་ཆེ་བའི་ཕྱིར་ཉམས་པའི་ཉེས་པ་ཕྲ་མོ་ཙམ་བྱུང་ཡང་དེ་མ་ཐག་ཏུ་བཤགས་ཡུལ་བླ་མ་དངོས་སམ་རྩ་གསུམ་རྒྱལ་བ་རབ་འབྱམས་ཡིད་ལ་བྱས་ཏེ་གསང་པོར་སྨྲ་བས་མཐོལ་ཞིང་འགྱོད་པ་དྲག་པོས་བཤགས་ཏེ་སླན་ཆད་དེ་ལྟ་བུ་མི་བགྱིད་པ་སྙིང་ཐག་པ་ནས་བསྡམ། དེའང་ཉེས་པ་གསང་ན་སྡིག་པའི་ས་བོན་དང་གཡོ་སྒྱུའི་ཆུ་ལུད་འཛོམ་པས་ཇེ་འཕེལ་དུ་འགྲོ་ཞིང་མ་སྦས་པར་བསྒྲགས་ན་མི་འཕེལ་ཞིང་སྟོབས་བྲི་བ་དང་། སྙིང་ནས་གནོང་འགྱོད་ཀྱིས་བཤགས་ན་ལས་ལ་རང་བཞིན་མ་གྲུབ་པས་འདགས་པར་མི་འགྱུར་བ་མེད་ལ། བཤགས་པའི་ཚུལ་སྟོབས་བཞི་དང་ལྡན་པས་བཤགས་ཚིག་རྒྱུད་ལུང་རྣམས་ནས་འབྱུང་བ་གང་རུང་བརྗོད་ལ་འཕྲལ་འཕྲལ་བཤགས་བསྡོམས་བྱ། སྔགས་ཀྱི་དམ་ཚིག་གཉན་དྲགས་པས་གཞན་གྱི་ཉམས་གྲིབ་རང་ལ་འགོ་བའི་གནས་ཡོད་པའི་ཕྱིར་དམ་ཚིག་ཉམས་པའི་མི་དང་ལུུང་པ་གཅིག་གི་ཆུ་ལ་བཏུང་མི་རུང་བར་གསུངས་པས་དམ་ཉམས་དང་གནས་གཅིག་ཏུ་སྡོད་པ་སོགས་བཤེས་འདྲིས་སུ་མི་འགྲོགས་ཤིང་ཉམས་པའི་རྒྱུ་ལས་བྱུང་བ་དང་ལག་གིས་སྟེར་བའི་ཟས་ཁམ་གང་ཡང་མི་ཟ། དམ་ཉམས་དངོས་སུ་ཡོད་པའི་གནས་སུ་ལྟ་ཅི་སྨོས་སྡོད་པའི་རྗེས་ཤུལ་དུ་འང་མི་སྡོད་ཅིང་མདོར་ན་སྒོ་གསུམ་བག་ཡོད་པ་དང་དྲན་ཤེས་ཀྱི་བྱ་ར་བཏང་ལ་རྣལ་དུ་དབབ་པར་བྱའོ། །གཉིས་པ་ལ་གསུམ། རུ་བཞིའི་བཤགས་པ། ཟུང་བཞིའི་སྐོང་བ། བཤགས་པའི་འབྲས་བུའོ། །དང་པོ་ནི། ལྷག་པར་ ནས་ ཉེས་པ་མཐོལ༔ ཞེས་གསུངས་ཏེ། སྤྱི་མདོ་དགོངས་པ་འདུས་པ་ལས་ལས་དང་རྫས་དང་འདུན་པ་ཏིང་ངེ་འཛིན་དེ་ཁོ་ན་ཉིད་ཀྱི་སྐོང་བ་ལྔར་གསུངས་པས་མཚོན་སྔ་འགྱུར་གྱི་རྒྱུད་ལུང་མན་ངག་རྣམས་ལས་ལྷག་པར་བསྔགས་པའི་ཉམས་ཆག་བཤགས་ཤིང་སྐོང་བའི་ཆོ་ག་ཟབ་ཅིང་རྒྱ་ཆེ་བར་གསུངས་པ་རྣམས་ཀྱི་ཡང་བཅུད་ཉིང་ཁུར་དྲིལ་བ་ནི། བླ་མ་ཡི་དམ་མཁའ་འགྲོ་རྩ་བ་གསུམ་གཅིག་ཏུ་འདུས་པའམ་སོ་སོ་བ་གང་རུང་དག་གི་སྒྲུབ་པའི་དཀྱིལ་འཁོར་གཞུང་ལྟར་བཤམ་ཞིང་ཕྱི་ནང་གི་མཆོད་པ་བརྒྱ་རྩ་དང་ཚོགས་ཀྱི་ཡོ་བྱད་གང་འབྱོར་གཙང་དང་མཛེས་པར་བཀྲམ་ལ། བདག་མདུན་གྱི་ཏིང་འཛིན་གསལ་ཞིང་བརྟན་པ་དང་འབྲོ་འདུའི་དམིགས་པའི་གཟེར་བཅས་ཛཔ་྄ཀྱི་བཟླས་པས་སྔོན་གྱི་ཐུགས་བསྐྱེད་ཀྱི་དམ་བཅའ་གཉན་པོ་བསྐུལ། ཚོགས་གསོག་པའི་རྟེན་དཀྱིལ་འཁོར་བ་དང་སླར་ཡང་མགྲོན་ཐབས་ཀྱི་ལྷ་ནམ་མཁའི་ཁྱོན་གང་བ་སྤྱན་དྲངས་ལ། ལུས་ཀྱི་སྒོ་ནས་གུས་པ་ཆེན་པོས་ལུས་ས་ལ་རྡེབ་པའི་བརྐྱང་ཕྱག་དང་གནས་ལྔ་ས་ལ་འདུད་པའི་འགྲེང་ཕྱག་འཚལ་ཞིང་བརྗོད་མེད་དོན་གྱི་བཤགས་པ་དང་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་མཚན་བརྗོད། ངག་གི་སྒོ་ནས་ཉམས་ཆག་སྦྱོང་བའི་ལྷ་གཅིག་སྔགས་གཅིག་ཏུ་གྱུར་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཕྱི་ནང་གསང་བ་ཡང་གསང་གི་རིམ་པ་རྣམས་བྱ་བ་དང་རུ་དྲའི་སྨྲེ་བཤགས་ཀྱིས་མཚོན་སྨྲེ་སྔགས་ཀྱི་སྒོ་ནས་བཤགས་པའི་ཚིག་སྐད་གསང་མཐོན་པོར་བརྗོད། ཡིད་ཀྱི་སྒོ་ནས་ལྟ་བའི་ཀློང་བཤགས་ཀྱིས་གསལ་གདབ་ཅིང་འཁོར་གསུམ་ཡོངས་དག་འདས་ཉམས་ཕྱོགས་ལྷུང་མེད་པའི་ཀ་དག་ཁྱབ་བརྡལ་ཆེན་པོའི་ངང་དུ་མཉམ་པར་བཞག །ཐུན་མོང་དུ་བདེ་གཤེགས་སྤྱི་བཤགས་བརྗོད་ཅིང་སྒོ་གསུམ་གྱི་ཉེས་པ་ཅི་མཆིས་པ་ཐམས་ཅད་གནོང་འགྱོད་དྲག་པོས་མི་འཆབ་པར་མཐོལ་ཞིང་བཤགས་པར་བྱའོ། །དེ་ལྟར་ལུས་ངག་ཡིད་གསུམ་དང་སྒོ་གསུམ་ཐུན་མོང་གི་ཉེས་བཤགས་གཉེན་པོ་སོ་སོ་དང་འབྲེལ་བར་ཀློང་ཆེན་རབ་འབོགས་ཀྱི་བཀོལ་རྒྱུད་དྲི་མེད་བཤགས་པའི་རྒྱལ་པོ་སོགས་ལས་ཆེད་དུ་བསྔགས་པའི་བཤགས་ཆེན་རུ་བཞི་བྱ་བ་ནི་དམིགས་སུ་བསལ་བའི་དགོངས་དོན་ནོ། །གཉིས་པ་ནི། ཉེར་སྤྱོད་ ནས་ དགྱེས་པ་བསྐང༔ ཞེས་གསུངས་ཏེ། རང་རྒྱུད་ཀྱི་ཉམས་ཆག་བཤགས་པས་སྦྱངས་ནས་གཞན་རྒྱུད་ལྟར་སྣང་བའི་རྩ་གསུམ་ལྷ་ཚོགས་རྣམས་ཉམས་པའི་སྐྱོན་གྱིས་ཐུགས་མི་མཉེས་པའི་ཚུལ་དུ་བསྟན་ཅིང་བཀའི་ཆད་པའི་གནས་སུ་གྱུར་པ་སྐོང་བའི་ལས་ཀྱིས་སོར་ཆུད་པར་བྱེད་པ་ལ། སྤྱིར་རྒྱུད་ལུང་རྣམས་ནས་ཕྱི་ཡོ་བྱད་ཚོགས། ནང་ཕུང་པོ་རྟེན། གསང་བ་བྱང་ཆུབ་སེམས་ཀྱིས་སྐོང་བའི་ཚུལ་དང་། ཁྱད་པར་དོང་སྤྲུགས་ལས་ལྟ་བས་ལ་ཟླ་བའི་ཚུལ་དུ་རྟོགས་ཚིག་གིས་ངོ་བོས་སྐོང་བ་དང་། སྒོམ་པ་ཏིང་ངེ་འཛིན་གྱིས་གནས་ལུགས་ལས་མི་གཡོ་བའི་ཚུལ་དུ་ཟུང་བཞིས་རང་བཞིན་སྐོང་བ་དང་། ལྷ་རྟོག་དབྱེར་མེད་ཀྱི་གནས་དག་གནས་བསྒྱུར་དུ་ཤེས་པས་ཐུགས་རྗེའི་ཚུལ་ལ་སྐོང་བར་བྱེད་པ་གསུམ། བདེ་འདུས་སོགས་ལས། མཆོད་པ་ཕུད། དམ་རྫས་མདངས། སྲོག་ཆགས་རྒྱུ། གླིང་བཞི་མདོས། འགྱོད་ཚངས་བཤགས་པའི་སྐོང་བ་སྟེ་སྐོང་བ་ལྔར་གྲགས་པ་སོགས་མང་ཡང་ཐམས་ཅད་ཀྱི་གནད་བསྡུས་པའི་སྙིང་པོ། ཕྱི་ལྟར་ཡེ་ཤེས་ཀྱི་དབང་པོ་ཚིམས་པའི་སླད་དུ་མེ་ཏོག་སོགས་ཉེ་བར་སྤྱོད་པ་ལྔ་པོ་དངོས་བཤམས་ཀྱི་རྟེན་བྱས་ནས་ཡིད་སྤྲུལ་ནམ་མཁའི་ཁྱོན་ཁེངས་པ་དང་བཀོད་པའི་ཁྱད་པར་རང་བཞིན་གྱིས་གྲུབ་པ་རྣམས་ཀྱིས་མཆོད་ཅིང་སྐོང་བ་དང་། ནང་ལྟར་ཡིད་དང་ངག་དང་ལུས་དང་དེ་ཁོ་ན་ཉིད་ཀྱི་རྟོག་སྒྲིབ་སྦྱང་བའི་སླད་དུ་རིམ་པ་བཞིན་ཟུང་བཞིའི་སྐོང་བར་གྲགས་པ། བདུད་རྩི་སྨན། དམར་ཆེན་རཀྟ། བ་ལིཾ་གཏོར་མ། སྣང་གསལ་སྒྲོན་མེ་བཞི་པོའང་དམ་ཚིག་གི་རྫས་ཀྱིས་མཚོན་བྱེད་དུ་བྱས་ཏེ་གནས་ལུགས་ཀྱི་རང་བཞིན་གསལ་གདབ་ཅིང་སྐོང་བ་དང་། གསང་བ་དམ་སྐོང་རྨད་དུ་བྱུང་ཞིང་དངོས་གྲུབ་མཆོག་གི་ཉེ་རྒྱུ་ཏ་ན་སྦྱོར་བ་དང་། ག་ཎ་སྒྲོལ་བ་ཟུང་དུ་འབྲེལ་པའི་བརྟུལ་ཞུགས་ཟབ་མོ་ཚོགས་ཀྱི་འཁོར་ལོ་དངོས་སམ། རྗེས་མཐུན་ཚོགས་ཀྱི་མཆོད་པ་ཙམ་ལའང་ཕན་ཡོན་ཆེན་པོ་དང་ལྡན་པས་དེ་དག་རྣམས་ཀྱིས་ཐུགས་དགྱེས་པ་ཆེན་པོའི་དམ་ཚིག་ཡོངས་སུ་བསྐང་བར་བྱའོ། །གསུམ་པ་ནི། སྒོ་གསུམ་ ནས་ མངོན་དུ་འགྱུརཿ ཞེས་གསུངས་ཏེ། བཤགས་སྐོང་དེ་དག་ཚུལ་བཞིན་དུ་བྱས་པའི་ཡོན་ཏན་ནི། གནས་སྐབས་སུ་སྒོ་གསུམ་གྱི་རྟོག་སྒྲིབ་དང་དེ་དག་གི་བྱ་བ་དང་བྱེད་པའི་ལས་ལས་གྱུར་པའི་ཉམས་ཆག་ཅི་མཆིས་པ་ཀུན་ཞི་ཞིང་། མཐར་ཐུག་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞི་ཡི་གོ་འཕང་མངོན་དུ་བྱེད་པར་འགྱུར་ཏེ་གསང་བ་ཟབ་མོའི་ཐབས་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་དྲི་མེད་བཤགས་རྒྱུད་ལས། དཀྱིལ་འཁོར་གྱི་ལྷ་དེ་རྣམས་ཀྱི་མཚན་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་ཐོས་པ་ཙམ་གྱིས། རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་བསྐངས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་འགྱུར་ཏེ། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་ལྷུན་གྱིས་གྲུབ་པར་འགྱུར་རོ། །ཞེས་པས་མཚོན་ནོ། །གསུམ་པ་དོན་བསྡུ་བ་ནི། གཞན་ཡང་ ནས་ ངང་གིས་འཆར༔ ཞེས་གསུངས་ཏེ། ལམ་གྱི་གེགས་སེལ་བའི་ཐབས་གཞན་ཡང་རྩ་བའི་བླ་མ་ལ་སངས་རྒྱས་དངོས་སུ་མཐོང་བའི་ཡིད་ཆེས་དང་བཀའ་དྲིན་རྗེས་སུ་དྲན་པའི་གདུང་ཤུགས་ཀྱིས་དྲངས་ཏེ་བཟོད་མེད་མཆི་མ་འཁྲུགས་པའི་མོས་གུས་ཁོ་ན་ཉམས་ལེན་གྱི་སྲོག་ཏུ་བཟུང་སྟེ་རྩལ་དུ་འདོན། མཁའ་ཁྱབ་ཀྱི་སེམས་ཅན་རྣམས་ལ་ཕྱོགས་རིས་དང་བྲལ་བའི་བྱམས་པ་དང་སྙིང་རྗེ་ཚད་མེད་པ་བསྒོམ་ཞིང་ཐམས་ཅད་སངས་རྒྱས་ཀྱི་སར་འགོད་པར་འདོད་པའི་བྱང་ཆུབ་ཀྱི་སེམས་རྟག་ཏུ་བསྐྱེད། ཐོས་བསམ་བསྒོམ་པ་ལས་བྱུང་བའི་དྲི་མ་མེད་པའི་ཤེས་རབ་ཟབ་མོས་ཐ་སྙད་སྒྲ་ཚིག་ཙམ་ལ་མི་ཞེན་པར་ཡང་དག་པའི་དོན་གྱི་གནད་གསང་ཚུལ་བཞིན་དུ་བཙལ། ཐེག་པ་ཡས་འབུབས་ཀྱི་ལྟ་བས་འཁོར་འདས་ལ་ཟླ་ཞིང་བསྟན་རིམ་མས་འཛེགས་ཀྱི་སྤྱོད་པས་བླང་དོར་ཤན་དབྱེ་བས་ཀུན་རྫོབ་དང་དོན་དམ་པ་གཉིས་ཀྱི་ཕྱོགས་རེ་རེར་ལྟུང་བའི་གེགས་ཆེན་རང་བཞིན་གྱིས་གྲོལ་ནས། ལམ་ཉམས་སུ་བླངས་པའི་དྲོད་རྟགས་ཡོན་ཏན་རྣམས་འབད་རྩོལ་མེད་པར་ངང་གིས་འཆར་བ་ནི་དཔྱིད་དུས་རླན་དྲོད་ཀྱི་རྟེན་འབྲེལ་འཚོགས་པ་ན་རྩི་ཤིང་མེ་ཏོག་རང་བཞིན་གྱིས་རྒྱས་པ་བཞིན་ནོ། །རྩ་བའི་ས་བཅད་ལྔ་པོ་བོགས་འདོན་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུའོ། །དང་པོ་ནི། དེ་ནས་སོགས་ཚིག་རྐང་གཅིག་སྟེ། དཔེར་ན་ཞིང་གི་ལོ་ཏོག་ལ་འཚེ་བ་སྲུང་བའི་བྱ་བ་གྲུབ་ནས་སྐྱོང་བྲན་དང་རིག་སྔགས་ཀྱི་ཆོ་ག་སོགས་ཡར་སྐྱེད་འབྱུང་བའི་ཐབས་ལ་བརྩོན་པ་ལྟར་ལམ་གྱི་གེགས་བསལ་བ་གྲུབ་པ་དེ་ནས་ཡོན་ཏན་ལ་སྐྱེད་འཕེལ་གྱི་བོགས་འདོན་དགོས་ཤིང་དེ་ལའང་ཕྱི་ནང་གསང་བ་གསུམ་གྱི་རིམ་པར་བསྟན་པ་ནི་འདི་ལྟར་རོ། །གཉིས་པ་ལ་གསུམ། ཕྱིའི། ནང་གི །གསང་བའི་བོགས་འབྱིན་ནོ། །དང་པོ་ལ་ཡང་གཉིས། མདོར་བསྟན་རྒྱས་བཤད་དོ། །དང་པོ་ནི། ཕྱི་རོལ་ ནས་ གྲོགས་སུ་འགྱུར༔ ཞེས་གསུངས་ཏེ། ཕྱི་རོལ་ཏུ་ཆགས་སྡང་གཏི་མུག་སྐྱེད་པའི་ཡུལ་བཟང་ངན་བར་མ་ཅི་དང་ཅི་ལྟ་བུ་ཞིག་ཤར་ཡང་བླང་དོར་བཏང་སྙོམས་ཀྱི་རྟོག་པའི་གཞན་དབང་དུ་མ་ཤོར་བར་རབ་སྐད་ཅིག་དང་། འབྲིང་གཉིས་པ། ཐ་མས་ཀྱང་གསུམ་ཕན་ཆད་ལས་མི་འདའ་བར་ལམ་དུ་ཁྱེར་བའི་ཚུལ་ཤེས་པས་གནད་དུ་བཏང་ན་ཚོགས་དྲུག་གི་ཡུལ་དུ་སྣང་བ་ཐམས་ཅད་ཀྱང་བྱང་ཆུབ་སྒྲུབ་པའི་གྲོགས་སུ་འགྱུར་རོ། །གཉིས་པ་ལ་གཉིས། སྤྱི་དང་བྱེ་བྲག་གོ །དང་པོ་ནི། དགྲ་ལ་ ནས་ ལས་འབྲེལ་བཞག༔ ཅེས་གསུངས་ཏེ། ཡུལ་རྐྱེན་དེ་དག་ལམ་དུ་ཇི་ལྟར་ཁྱེར་ན་འདུན་པས་བློ་སྦྱོང་བ་དང་ཀུན་རྫོབ་རྟེན་འབྲེལ་དོན་དམ་སྟོང་ཉིད་ཀྱི་ཚུལ་ལ་བརྟེན་ནས་ཏེ། སྤྱིར་སྔོན་ལས་ཤ་འཁོན་གྱིས་འཚེ་བ་དང་། དྲིན་ལན་ལོག་འཇལ་འཁོར་གྱི་ལོག་སྒྲུབ་སོགས་མི་དང་མི་མིན་གྱི་གནོད་པའི་དགྲ་ཆེ་ཕྲ་གང་ལའང་འཁོན་འཛིན་མི་བྱ་བར་བཟོད་པ་བསྒོམ་ཞིང་དེ་དག་ཚེ་རབས་དུ་མའི་ཕ་མ་ཡིན་ཀྱང་འཁྲུལ་པའི་དབང་གིས་ད་ལྟ་ངོ་མ་ཤེས་པས་ལས་ངན་བསགས་པ་ལ་སླར་ཡང་སྙིང་རྗེ་ཆེན་པོ་བསྐྱེད། གཉེན་ཉེ་འབྲེལ་དང་མཛའ་གྲོགས་ནོར་རྫས་སོགས་ཡིད་དུ་འོང་བ་ཐམས་ཅད་ལ་སྒྱུ་མ་རྨི་ལམ་ལྟ་བུར་བལྟ་བ་བདེན་མེད་ཀྱི་འདུན་པ་དྲག་ཏུ་བསྒོམ་ཞིང་ཞེན་འཁྲིས་ཀྱི་འཛིན་པ་བཅད། ཆགས་སྡང་གཉིས་ཀ་མི་སྐྱེ་བའི་ཡུལ་སྣང་བར་མ་ཀུན་ལའང་བཏང་སྙོམས་སུ་མི་བཞག་པར་མིག་ལམ་དུ་དཀོན་མཆོག་གི་རྟེན་མཐོང་དུ་གཞུག་པ་དང་རྣ་བར་སངས་རྒྱས་ཀྱི་མཚན་དང་གཟུངས་སྔགས་ཟབ་མོ་སྒྲོག་པ་སྣར་ཚོར་གྲོལ་གྱི་བདུག་པ་ལྕེར་མྱོང་གྲོལ་དམ་རྫས་ལུས་ཀྱིས་ཕྱག་བསྐོར་ཡིད་ལ་དད་མོས་སོགས་དགེ་རྩ་སྣ་རེའི་བག་ཆགས་འཇོག་ཏུ་གཞུག་པས་མཚོན་བཟང་པོའི་ལས་ཀྱི་འབྲེལ་བ་ཅི་ཐེབས་སུ་བཞག་གོ །གཉིས་པ་ལ་གཉིས། ཀུན་རྫོབ་དང་། དོན་དམ་གྱིས་ལམ་དུ་ཁྱེར་ཚུལ་ལོ། དང་པོ་ལ་ཡང་གཉིས། དངོས་དང་། རྒྱུད་ལ་བསྟེན་ཚུལ་ལོ། །དང་པོ་ནི། ཀུན་ཀྱང་ ནས་ དྲག་ཏུ་བྱ༔ ཞེས་གསུངས་ཏེ། བཟང་ངན་བར་མས་བསྡུས་པའི་སྣང་བ་ཀུན་ཀྱང་གསོག་དང་གསོབ་དང་སྙིང་པོ་མེད་པས་ཀུན་རྫོབ་དང་སྐད་ཅིག་རེ་རེས་འཕོ་ཞིང་འགྱུར་བས་མི་རྟག་པ་དང་སྣང་ཡང་བདེན་པར་མ་གྲུབ་པས་སྒྱུ་མ་དང་མཚུངས་པར་བསམ་སྟེ། ཏིང་རྒྱལ་ལས། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །དེས་ན་དམ་པའི་ཆོས་ཉམས་སུ་ལེན་པ་མ་གཏོགས་གཞན་ཅིས་ཀྱང་ཚེ་ཕྱི་མ་ལྟ་ཞོག་འདིར་ཡང་ཕན་པ་སྤུ་ཙམ་མེད་པས་གཏན་ནས་དགོས་པ་མེད་སྙམ་དུ་ཅི་སྣང་ཐམས་ཅད་ལ་དགོས་མེད་ཀྱི་འདུན་པས་ཟིན་པའི་ཞེ་བཅད་དྲག་ཏུ་བྱའོ། །གཉིས་པ་ནི། བདེ་སྡུག་ ནས་ རྒྱུན་ཏུ་བསྟེན༔ ཅེས་གསུངས་ཏེ། ཁྱད་པར་ལུས་དང་སེམས་ལ་བདེ་སྡུག་གི་ཚོར་བ་མྱོང་བའི་ཕྱི་ནང་གི་རྐྱེན་ཕྲ་རགས་གང་ལ་འང་དེའི་རྗེས་སུ་འབྲངས་ནས་རོ་མི་མྱང་བར་བདེ་བར་ཤར་ན་དེའི་རྒྱུ་དགེ་བ་དང་བཅས་པ་མཐའ་ཡས་པར་སྤེལ་ཏེ་སེམས་ཅན་ལ་གཏོང་བ་དང་། སྡུག་བསྔལ་བྱུང་ན་དེའི་རྒྱུ་སྡིག་པ་དང་བཅས་པ་སེམས་ཅན་ཀུན་ལས་བསྡུས་ནས་རང་ལ་ལེན་པའི་བློ་སྦྱོང་ཟབ་མོའི་གནད་ཀྱིས་བཟུང་ལ་ལམ་དུ་བཏང་། ཟས་གོས་གནས་མལ་སོགས་ཤུགས་ཀྱིས་འབྱོར་ན་བརྒྱ་ཕྲག་རི་བའི་ཟས་གོས་དང་ཁང་པ་བརྩེགས་པ་སོགས་རབ་བྱུང་ལ་སངས་རྒྱས་ཀྱིས་རྗེས་སུ་གནང་བས་ཞེན་པ་མེད་ན་ཆེད་དུ་སྤང་མི་དགོས་ཤིང་། མ་འབྱོར་ན་ཕྱགས་དར་ཁྲོད་བའི་གོས་དང་ལུས་འཚོ་ཙམ་གྱིས་ཁ་ཟས་ངན་ངོན་གྱིས་བཏུབས་པས་གང་ལྟར་བྱུང་ཡང་ཆོག་ཤེས་པ་དང་། རྐྱེན་བཟང་ངན་ལ་དགའ་སྡུག་སྐྱེན་ཐེག་ཅིང་གཅིག་བྱུང་གཉིས་དགོས་ཀྱི་རྟོག་པའི་བཟེ་རེ་མང་ན་འདོད་པའི་ཁོལ་བོར་འཕྱན་ཏེ་ལུས་སེམས་རྣལ་དུ་གནས་པའི་གོ་སྐབས་མ་འབྱུང་བས་ཇི་ལྟར་བྱུང་ཡང་མི་དགའ་བ་མེད་པའི་ཡིད་བདེ་ཁོ་ན་རྒྱུན་ཏུ་བསྟེན་པར་བྱའོ། །གཉིས་པ་དོན་དམ་ལ་གཉིས། མཉམ་བཞག་དང་། རྗེས་ཐོབ་བོ། །དང་པོ་ནི། དོན་དམ་ ནས་ ངང་ལ་བཞག༔ ཅེས་གསུངས་ཏེ། ལམ་ཁྱེར་མཐའ་དག་ལ་དངོས་འཛིན་ཨ་འཐས་སུ་ཞེན་ན་གནད་དུ་མི་འགྲོ་སྟེ། སྡུད་པ་ལས། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲ་རྒྱལ་བས་གསུངས། །ཞེས་སོ། །དེས་ན་གནས་ལུགས་དོན་དམ་པར་མིག་ཡུལ་དུ་སྣང་བའི་གཟུགས་དང་། རྣ་བར་གྲགས་པའི་སྒྲ་དང་། ཡིད་ཡུལ་དུ་རྣམ་པར་རྟོག་པའི་འཁོར་འདས་ཀྱི་ཆོས་རྣམས་ཀུན་ཀྱང་འཁྲུལ་ངོར་སྣང་བ་ཙམ་ལས་མངོན་རྗེས་ཚད་མ་དང་ཡང་དག་པའི་ཤེས་རབ་ཀྱིས་དཔྱད་པའམ་སྒོམ་བྱུང་ཡེ་ཤེས་ཁོང་ནས་ཤར་ན་གདོད་ནས་རང་བཞིན་གྱིས་མ་གྲུབ་པའི་བདེན་མེད་ནམ་མཁའི་གཟུགས་བརྙན་ལྟ་བུ་སྐྱེ་འགག་གནས་གསུམ་དང་བྲལ་བ་ཡིན་པ་ལ་དེ་ལྟར་ཤེས་ནས་འཁྲུལ་འཛིན་རང་ངོར་བལྟས་ནས་མི་རྟོག་པའི་ངང་ལ་མཉམ་པར་བཞག་པ་གལ་ཆེ་སྟེ། སྡུད་པ་ལས། གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིགས་ནས་རྡུལ་ཙམ་མི་དམིགས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ནམ་མཁའ་གང་ལའང་ཅུང་ཟད་མི་གནས་དེ་དང་འདྲ། །ཞེས་པ་ལྟར་ལམ་ཁྱེར་རྣམས་ཀྱི་ཕུལ་དུ་གྱུར་པའོ། །གཉིས་པ་ནི། རྗེས་ཐོབ་ ནས་ ཕྱོགས་སུ་བསྒྲིག༔ ཅེས་གསུངས་ཏེ། མཉམ་བཞག་ལས་ལྡངས་པའི་རྗེས་ཐོབ་ཏུའང་སྣང་གྲགས་ཀྱི་ཆོས་ཐམས་ཅད་ལ་བདེན་དངོས་སུ་མི་ཞེན་པར། ཕྱི་ཡུལ་གྱི་སྣང་བ་ཐམས་ཅད་མེད་བཞིན་འཁྲུལ་ངོར་སྣང་བ་རྨི་ལམ་ལྟ་བུ་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས་གློ་བུར་དུ་སྣང་བ་སྒྱུ་མ་ལྟ་བུ། མེད་པ་ལ་ཡོད་པར་སྣང་བ་མིག་ཡོར་ལྟ་བུ། སྣང་བཞིན་བདེན་པར་མ་གྲུབ་པ་སྨིག་རྒྱུ་ལྟ་བུ། ཕྱི་ནང་གང་ལའང་མེད་བཞིན་སྣང་བ་བྲག་ཆ་ལྟ་བུ། རྟེན་དང་བརྟེན་པར་སྣང་ཡང་དོན་ལ་མེད་པ་དྲི་ཟའི་གྲོང་ཁྱེར་ལྟ་བུ། སྣང་ལ་རང་བཞིན་མ་གྲུབ་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ། མེད་སྣང་ཅིར་ཡང་འཆར་བ་སྤྲུལ་པ་ལྟ་བུ་སྟེ་བདེན་མེད་ཀྱི་དཔེ་བརྒྱད་དང་མཚུངས་པར་བལྟ་ཞིང་སྒོ་གསུམ་གྱིས་ཇི་ལྟར་ནུས་ཤིང་འབྱོར་པས་རྣམ་པར་དཀར་བའི་ལས་ཕྱོགས་རེ་བ་མ་ཡིན་པར་བསོད་ནམས་ཀྱི་སྒོ་མཐའ་ཡས་པར་འཇུག་བཟོད་པའི་ཚོགས་ཆེན་པོ་བསགས་ཤིང་དེ་ལའང་ཞེན་མེད་སྒྱུ་མ་ལྟ་བུར་ཤེས་པ་དང་འཁོར་གསུམ་ཡོངས་དག་གི་ལྟ་བས་ལམ་དུ་ཁྱེར། ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་འཁོར་བའི་ཆོས་ཀུན་ནས་ཉོན་མོངས་པ་ཐམས་ཅད་གནས་ལུགས་བདེ་གཤེགས་སྙིང་པོ་ཉིད་ལྷན་སྐྱེས་ཀྱི་མ་རིག་པ་ལ་བརྟེན་ནས་འདུ་བྱེད་འབྱུང་བ་སོགས་གློ་བུར་གྱི་དྲི་མས་རྙོགས་ཤིང་མ་དག་པའི་རྒྱུ་དང་རྐྱེན་གྱིས་མངོན་པར་འདུ་བྱས་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་དུ་འཁོར་བ་སྟེ། མ་རིག་པ་དང་སྲེད་ལེན་ཏེ་ཉོན་མོངས་པ་གསུམ་གྱིས་འདུ་བྱེད་དང་སྲིད་པའི་ལས་གཉིས་བྱས་པ་ལས། རྣམ་ཤེས་མིང་གཟུགས་སྐྱེ་མཆེད་དྲུག་རེག་ཚོར་སྐྱེ་བ་རྒ་ཤི་བཅས་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་གཞི་བདུན་བྱུང་ཞིང་དེ་དག་ལས་ཀྱང་ཉོན་མོངས་གསུམ་འབྱུང་བས་བྱ་དང་སྒོ་ང་ལྟར་ཕན་ཚུན་དུ་འཁོར་བ་སྟེ། དབུ་མ་རྟེན་འབྲེལ་སྙིང་པོར། གསུམ་པ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང་། །གསུམ་འབྱུང་སྲིད་པའི་འཁོར་ལོ་དེ། །ཉིད་ནི་ཡང་དང་ཡང་དུ་འཁོར། །ཞེས་པ་ལྟར་རོ། །སྲིད་པའི་མྱ་ངན་ལས་རིང་དུ་འདས་པ་ཞི་བ་ཐར་པ་དམ་པའང་སྐྱེ་བ་འགགས་ན་རྒ་ཤི་འགག །སྲིད་པ་འགགས་ན་སྐྱེ་བ་འགག་པ་སོགས་ཡན་ལག་བཅུ་གཉིས་ལུགས་ལས་ལྡོག་ཅིང་མ་རིག་པ་ཕུག་རྡིབ་པས་དྲི་མ་དེ་ཉིད་རྣམ་པར་བྱུང་ཞིང་དག་པའི་རྟེན་ཅིང་འབྲེལ་འབྱུང་ཙམ་ཡིན་ལ། དོན་དམ་རང་བཞིན་འོད་གསལ་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྟེན་འབྲེལ་ལས་འདས་ཀྱང་རྣམ་པའི་འདོགས་ཆ་ཙམ་དུ་གཞི་དུས་སྲིད་རྩ་ཡན་ལག་བཅུ་གཉིས། ལམ་དུས་སུ་བདེན་དོན་ཡན་ལག་བཅུ་གཉིས། འབྲས་བུས་དག་པ་རྣམ་པ་བཅུ་གཉིས་ཀྱི་ཚུལ་དུ་འཆར་བ་སྟེ། མཚན་བརྗོད་ལས། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །དག་པ་རྣམ་པ་བཅུ་གཉིས་འཆང་། །བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། །ཞེས་སོ། །མདོར་ན་འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་གི་སྣང་བ་ཙམ་ཡིན་ཞིང་དེའང་རང་བཞིན་སྟོང་པ་ཉིད་ལས་བདེན་དངོས་སུ་གྲུབ་པ་མེད་པས། འཕགས་པ་ཀླུས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ཏེ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་སོ། །རྒྱུ་མཚན་དེ་དག་གི་ཕྱིར་ལམ་གྱི་སྣང་བ་ཐམས་ཅད་ཀུན་ཀྱང་རྟེན་འབྲེལ་ལ་རགས་ལུས་པས་ཐར་པ་འདོད་པ་རྣམས་ཀྱིས་ཐོག་མར་ཆོས་སྒོར་ཞུགས་པའི་འདུན་པ་དང་བླ་མ་བསྟེན་པ་ནས་བརྩམས། ཡང་དག་པའི་འབྲས་བུ་མངོན་དུ་མ་བྱས་ཀྱི་བར་དུ་དམ་ཆོས་སྒྲུབ་པའི་རྒྱུ་དང་དེའི་གྲོགས་སུ་འགྱུར་བའི་རྐྱེན་གྱི་རྟེན་འབྲེལ་ཐམས་ཅད་ལེགས་པའི་ཕྱོགས་འབའ་ཞིག་ཏུ་བསྒྲིགས་པས་འཕྲལ་དང་ཡུན་དུ་དོན་གཉིས་རླབས་ཆེ་འགྲུབ་པར་འགྱུར་ཏེ། བཤེས་སྤྲིངས་ལས། རྟེན་ཅིང་འབྲེལ་པར་འབྱུང་འདི་སངས་རྒྱས་ཀྱི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །གང་གིས་འདི་ནི་ཡང་དག་མཐོང་བ་དེས། །ཆོས་མཐོང་དེ་ཡིས་དེ་བཞིན་གཤེགས་པ་མཐོང་། །ཞེས་སོ། །གཉིས་པ་ནང་བསྐྱེད་རྫོགས་ཀྱི་བོགས་འདོན་ལ་གཉིས། བསྐྱེད་པའི་དང་། རྫོགས་རིམ་ཀྱི་བོགས་འདོན་ནོ། །དང་པོ་ལ་གཉིས། སྤྱི་དང་བྱེ་བྲག་གོ །དང་པོ་ནི། ནང་དུ་ ནས་ ཏིང་འཛིན་སྤེལ༔ ཅེས་གསུངས་ཏེ། ནང་དུ་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ལ་རྩལ་སྦྱོང་ཞིང་བོགས་འདོན་པའི་ཚུལ་ཡང་། ཐོག་མར་ཀུན་བརྟགས་ཀྱི་བསྐྱེད་རིམ་ཇི་ལྟ་བུ་བསྒོམ་ཡང་སྣང་ལ་རང་བཞིན་མ་གྲུབ་པ་སྟོང་པའི་གཟུགས་བརྙན་ཆུའི་ཟླ་བ་ལྟ་བུར་བསྒོམ་པ་ཟབ་པའི་ཚུལ་དང་། སྣོད་དང་བཅུད་ཀྱི་རྣམ་པ་གང་ཞིག་སྣང་བ་དེ་ཐམས་ཅད་ཡི་དམ་ལྷའི་རྣམ་པར་བསྒོམ་པས་རྒྱ་ཆེ་བ་ལ་འཇུག་པ་དང་། དེའང་རང་གི་སེམས་ཀྱི་རོལ་རྩལ་ལས་ལོགས་སུ་གྲུབ་པ་མེད་པས་སྒོམ་མཁན་སེམས་དང་བསྒོམ་བྱའི་ལྷ་སྐུ་གཉིས་དོན་དམ་ཆོས་ཉིད་དུ་རོ་མཉམ་པར་ཤེས་པ་དང་། སྣང་ཞིང་སྲིད་པས་བསྡུས་པའི་འཇིག་རྟེན་ཀུན་ཀྱང་རང་བྱུང་ཡེ་ཤེས་ལྷའི་སྐུ་རུ་གདོད་ནས་གཞི་ཐོག་ཏུ་བཞེངས་ཤིང་རྫོགས་པ་ཡོངས་གྲུབ་དོན་དམ་པའི་བསྐྱེད་ཚུལ་དང་། ཚོགས་དྲུག་གི་ཡུལ་དུ་རྟོག་པའི་རྒྱུ་བ་གང་བྱུང་ཡང་གློ་བུར་ཐུག་ཕྲད་དེ་མ་ཐག་པར་ལྷའི་རང་བཞིན་ཁོ་ནར་ཤེས་པའི་ཏིང་འཛིན་གྱི་རོལ་མོ་མཐའ་ཡས་པར་སྤེལ་བ་སྟེ་རྣམ་པ་ལྔ་ཡིས་བསྐྱེད་རིམ་སྤྱིའི་ཡོན་ཏན་གྱི་བོགས་དབྱུང་ངོ་། །གཉིས་པ་ལ་གཉིས། བསྐྱེད་པའི་རྩལ་སྦྱོང་བ་དང་དེ་ཉིད་དག་རྫོགས་སྨིན་པའི་ཚུལ་གྱིས་ཉམས་སུ་བླང་བའོ། །དང་པོ་ནི། བྲིས་སྐུ་ ནས་ ལྡང་ལ་བསླབ༔ ཅེས་གསུངས་ཏེ། ཉིན་མོའི་དུས་སུ་ལྷ་བཟོ་མཁས་པས་བྲིས་པའི་ཡི་དམ་གྱི་སྐུ་མཚན་ཉིད་དང་ལྡན་པའམ་ཤེལ་ལམ་མེ་ལོང་གི་གཟུགས་བརྙན་བཀྲག་མདངས་ཁྱད་དུ་མཚར་བ་ཉིད་རང་གི་རྒྱབ་ངོས་ལྟ་བུར་བཞག །མདུན་དུ་ཆུའི་སྣོད་དྭངས་ཤིང་གཡོ་བ་མེད་པར་དེའི་གཟུགས་བརྙན་འཕོས་པ་ལ་རྟེན་བྱས་ཏེ་ཡིད་མིག་རླུང་གསུམ་པོ་དྲིལ་ལ་རྩེ་གཅིག་ཏུ་གཏད་པའི་གསལ་སྣང་གི་རྩལ་སྒྲུབ་པ་དང་། མཚན་མོའི་དུས་སུ་འཛིན་པའི་གདམས་ངག་གིས་རྨི་ལམ་བཟུང་ལ་ཟིན་པ་དང་དེ་མ་ཐག་ཉིན་མོར་བསྒོམས་པ་ལྟ་བུའི་ལྷའི་སྐུར་ལྡང་བ་ལ་བསླབས་པས་མཚན་དུས་ཀྱིས་ཉིན་སྣང་དང་དེས་ཀྱང་མཚན་སྣང་གི་རྩལ་བསྐྱེད་དེ་བོགས་ཆེན་པོ་ཐོན་པར་འགྱུར་རོ། །གཉིས་པ་ནི་ཁྱད་པར་ ནས་ མངོན་ཏུ་འགྱུར༔ ཞེས་གསུངས་ཏེ། དབྱིབས་དང་ཁ་དོག་གི་རྣམ་པ་ལམ་བྱེད་ཙམ་གྱི་བསྐྱེད་རིམ་ནི་ཕྱི་རོལ་པ་ལའང་ཡོད་ཅིང་དེའི་གྲུབ་འབྲས་ཉི་ཚེ་བ་དང་བསྐྱེད་རིམ་རང་རྒྱུད་པར་གོལ་བའི་རང་འབྲས་རུ་དྲ། རྒྱུ་མཐུན་འབྱུང་པོ་མཐུ་ཆེན་དུ་འགྱུར་བ་ཡོད་པས། དེ་དག་ལམ་དུ་འགྱུར་བའི་ཁྱད་པར་གྱི་གནད་ནི། འཆི་བར་སྐྱེ་བའི་སྲིད་པ་དང་མཐུན་པའི་བསྐྱེད་བསྡུ་དང་། ཕྱི་སྣོད་ནང་བཅུད་དང་མཐུན་པའི་རྟེན་གཞལ་ཡས་ཁང་བརྟེན་པ་ལྷའི་འཁོར་ལོ་བསྒོམ་པ་སོགས་མར་བལྟས་འཁོར་བའི་རྣམ་པ་དང་མཐུན་པར་ལམ་དུ་བྱས་པས་དེའི་སྣང་ཞེན་དག་པ་ལས། བསྐྱེད་པས་གཟུགས་སྐུ་དང་བསྡུ་རིམ་གྱིས་ཆོས་སྐུ། རྟེན་བརྟེན་པ་རྣམ་དག་ལྷའི་དཀྱིལ་འཁོར་དུ་གྲུབ་པ་སོགས་ཡར་བལྟས་རྣམ་བྱང་གི་འདྲ་འབག་ཏུ་གྱུར་པས་མཐར་ཐུག་མྱང་འདས་ཀྱི་ཡོན་ཏན་རྫོགས་པའི་རྒྱུར་འགྱུར་པ་དང་། གནས་སྐབས་རིམ་པ་གཉིས་ཀའི་གཞི་བཏིང་བ་ལས་རྫོགས་རིམ་གྱི་ཡེ་ཤེས་སྨིན་ཐབས་ཁྱད་པར་ཅན་དུ་འགྱུར་བའི་ཚུལ་ལེགས་པར་ཤེས་པས་གོལ་འཕྱུགས་མེད་པའི་ལམ་གྱི་མཆོག་མངོན་དུ་འགྱུར་བ་ཡིན་ནོ། །གཉིས་པ་རྫོགས་རིམ་གྱི་བོགས་འདོན་ལ་གསུམ། རྩ་རླུང་། ཆགས་ལམ། རྫོགས་རིམ་སྤྱིའི་བོགས་འདོན་འབྲས་བུ་དང་བཅས་པའོ། །དང་པོ་ནི། འཕྲུལ་འཁོར་ ནས་ ཀུན་ཏུ་བརྟན༔ ཞེས་གསུངས་ཏེ། རང་ལུས་ཐབས་ལྡན་ཉམས་སུ་ལེན་པའི་ཚེ། ཐུན་མཚམས་རྣམས་སུ་ལུས་སྦྱོང་འཕྲུལ་འཁོར་ཟབ་མོ་མན་ངག་ལག་ལེན་གྱི་གནད་དང་ལྡན་པ་ལ་འབད་པས་རྩའི་མདུད་པ་རྣམས་བཀྲོལ། རྟག་ཏུ་བར་གྱི་རླུང་ལྟེ་བ་ཐད་ཀར་བརྒྱངས་ཏེ་འཛིན་པ་གསང་བ་ཡེ་ཤེས་ཆེན་པོའི་རླུང་སྦྱོར་གྱིས་རླུང་སེམས་ཀྱི་རྙོགས་པ་ཕྲ་རགས་རང་སར་དེངས་ཤིང་ཤེས་པ་རྣལ་དུ་ཕེབས་པར་འགྱུར་བ་དང་། གཏུམ་མོའི་མེ་དམིགས་མཉམ་བཞག་ཏུ་བསྒོམས་ཤིང་རྗེས་ཐོབ་ཏུ་མི་བསྒོམ་པའི་རེས་འཇོག་ཅན་གྱི་ནུས་པ་རྙེད་པར་མི་འགྱུར་བས་འབར་བའི་གསལ་སྣང་མཉམ་རྗེས་ཀུན་ཏུ་མ་ཆད་པར་བརྟན་པར་བསྒོམ་པ་རྣམས་གནད་དུ་ཆེའོ། །གཉིས་པ་ནི། ཐིག་ལེ་ ནས་ རང་རྩལ་སྤེལ༔ ཞེས་གསུངས་ཏེ། གཞན་ལུས་ཕོ་ཉའི་ལམ་ལ་འཇུག་པ་ན། ཕྱག་རྒྱ་དང་སྙོམས་པར་འཇུག་པའི་རྗེས་ཆགས་ཀྱི་མེས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཐིག་ལེ་རིམ་པར་འཛག་ཅིང་ཞུ་བ་ན་རིག་སྟོང་ཀ་དག་ནམ་མཁའ་ལྟ་བུའི་ངང་ལས་ནམ་ཡང་མ་གཡོས་པས་འཁོར་ལོ་སོ་སོའི་དབུ་མའི་ལྟེ་བར་དང་། ཁྱད་པར་ལྷན་སྐྱེས་ཀྱི་མཐར་གཟུང་ལྡོག་བཀྲམ་ཁྱབ་དང་འབྲེལ་བའི་སྙིང་གའི་དབུས་སུ་ཟག་མེད་ཡེ་ཤེས་དྭངས་མའི་ཐིག་ལེ་ཆེན་པོར་བསྟིམས་པས་རྟག་ཏུ་ལུས་སེམས་བདེ་སྟོང་གི་ཉམས་དང་མི་འབྲལ་བར་འགྱུར་ཞིང་། དེ་ལ་རྟེན་བྱས་ནས་ཕྱི་ནང་གང་ལའང་ཆེད་དུ་འཛིན་ཞེན་མེད་པ་སྒྱུ་མར་ཤེས་པའི་ངང་ནས་ཚོགས་དྲུག་གི་ཡུལ་དུ་བཟང་ངན་བར་མ་གང་ཤར་གྱི་སྣང་བ་སྣ་ཚོགས་པ་ཡིས་ཀྱང་བདེ་ཆེན་འདྲེན་པར་ནུས་པའི་ཏིང་འཛིན་གྱི་རང་བཞིན་དང་མི་འབྲལ་བར་རྩལ་སྦྱོང་གོང་ནས་གོང་དུ་སྤེལ་བས་མཐར་འཁོར་འདས་ཀྱི་རྟོག་ཚོགས་བདེ་ཆེན་ཡེ་ཤེས་གཅིག་གི་ངང་དུ་གྱུར་པ་ན་ཐབས་ལམ་མཐར་ཕྱིན་པའོ། །གསུམ་པ་ནི། ཁྱད་པར་ ནས་ རིས་མེད་ཤར། ཞེས་གསུངས་ཏེ། མཚན་བཅས་རྫོགས་རིམ་སྤྱི་ལ་ཁྱད་པར་དུ་ཤེས་དགོས་པ་སྦྱང་བའི་གཞིའི་ལས་སུ་བྱ་བ་མ་དག་པའི་རྩ་རླུང་ཐིག་ལེ་ལས་གྱུར་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་འཁྲུལ་སྣང་བག་ཆགས་མཐའ་ཡས་པ་ཀུན། སྦྱོང་བྱེད་ཐབས་ཀྱི་ལམ་མཆོག་ལུས་རྩ་སྐུ། ངག་རླུང་གསུང་། ཡིད་ཐིག་ལེ་ཐུགས་རྡོ་རྗེའི་རྣལ་འབྱོར་གནད་ཐོག་ཏུ་ཐེབས་པའི་མེ་བཙའ་ལྟར་ཟབ་མོའི་མཐུ་དང་ནུས་པའི་ཕྱག་རྒྱས་བྱེད་པའི་གནད་ལེགས་པར་བཅིངས་ཏེ་རྒྱས་བཏབ་ནས་གཞན་དུ་མི་གཡེངས་པའི་སེམས་རྩེ་གཅིག་པས་བསྒོམ་པ་དེ་ཡིས། གློ་བུར་གྱི་དྲི་མ་རྣམས་དག་ཅིང་སྦྱངས་པའི་འབྲས་བུ་ཆོས་ཉིད་ཀྱི་མཁའ་ལ་སྐུ་དང་ཡེ་ཤེས་ཕྱོགས་རིས་མེད་པའི་ཉི་མ་ཤར་བ་ཡིན་པས་དེ་དག་གི་གནད་གསང་ཤེས་ན་ལམ་ནོར་འཁྲུལ་གྱི་སྐྱོན་མེད་པས་བླུན་སྒོམ་གྱི་འཕྲང་ལས་གྲོལ་ཏེ་འཕྲལ་ཡུན་དུ་བོགས་ཆེན་པོར་འགྱུར་རོ། །གསུམ་པ་གསང་བ་ཨ་ཏིའི་ལམ་གྱི་བོགས་འདོན་ལ་གཉིས། ཁྲེགས་ཆོད་དང་། ཐོད་རྒལ་གྱིའོ། །དང་པོ་ལའང་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུའོ། །དང་པོ་ནི། གསང་བ་ ནས་ལམ་དུ་བཏང༔ ཞེས་གསུངས་ཏེ། གསང་བ་རྫོགས་ཆེན་ཤིན་ཏུ་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་ལ་གནས་པའི་ཚེ། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་རྩ་བ་དུག་ལྔ་ལས་གྱུར་པའི་རྣམ་པར་རྟོག་པ་ཇི་སྙེད་པ་རང་སེམས་ཀྱི་ཆོ་འཕྲུལ་ལས་ཤར་བ་ཀུན། ཁ་ཡན་དུ་བཏང་བ་དང་སྤང་བསྒྱུར་གྱི་གཉེན་པོ་བརྟེན་པ་སོགས་མི་བྱ་བར་ཡེ་གྲོལ་རང་ངོ་རིག་པའི་གནད་ཀྱིས་སྐད་ཅིག་མ་གསུམ་པ་ལས་ཕན་མི་འདའ་བར་བཟུང་ལ་ལམ་དུ་བཏང་བར་བྱའོ། །གཉིས་པ་ནི། འདོད་ལ་ ནས་ ཆེན་པོར་གྲོལ༔ ཅེས་གསུངས་ཏེ། དེའང་ཞིབ་པར་བཀྲོལ་ན། མིག་གི་ཡུལ་དུ་གཟུགས་སྡུག་པས་མཚོན་ལུས་ལོངས་སྤྱོད་གཉེན་འབྲེལ་འཁོར་གཡོག་སོགས་འདོད་པའི་ཡུལ་ལ་ཆགས་ཤིང་ཞེན་པའི་རྟོག་པ་ཤར་བའི་ཚེ། རྟོག་པ་འགགས་ནས་དགག་པ་དང་རྗེས་འབྲང་གིས་སྒྲུབ་པ་གང་ཡང་མི་བྱ་བར་རང་ངོ་ལ་བལྟས་པས་རིག་སྟོང་རྗེན་པར་འཆར་བ་དེ་ཐོག་ཏུ་ཀློད་ལ་བཞག་པས། བདེ་བ་ལ་ཞེན་འཛིན་ཀྱི་དྲི་མ་མེད་བཞིན་བདེ་སྟོང་མ་འགགས་པའི་ཉམས་མྱོང་ཁོང་ནས་སད་པར་གྱུར་པ་ན། སོ་སོར་རྟོག་པའི་ཡེ་ཤེས་ཞེས་གྲགས་པ་དེ་ཉིད་ལ་བྱ་བ་ཡིན་གྱི་ལོགས་སུ་བཙལ་དུ་མེད་དོ། །དེས་མཚོན་ཏེ། མི་དང་མི་མ་ཡིན་པའི་གནོད་བྱེད་སོགས་ཚོགས་དྲུག་གི་ཡིད་དུ་མི་འོང་བ་ལ་ཞེ་སྡང་བས་སེམས་ཁྲོ་ཞིང་གཏུམ་པའི་རྣམ་པར་རྟོག་པ་ལམ་གྱིས་ཤར་བའི་ཚེ། དེའི་རྗེས་སུ་འབྲང་ན་ལས་བསགས་པས་མི་འབྲང་ཞིང་སྐྱོན་དུའང་མི་བཟུང་བར་རང་ངོ་རིག་བཞིན་གང་ཤར་དེ་ཉིད་མ་བཅོས་རང་བབས་སུ་ལྷུག་པར་བསྐྱངས་པས། རྣམ་པ་གསལ་ལ་མ་འགགས་ཤིང་ངོ་བོ་དེར་འཛིན་མེད་པ། དེའི་རོ་མྱོང་བ་དང་རྗེས་སུ་འབྲང་བའི་ཞེན་པ་དང་འདི་ཡིན་གྱི་རྩིས་གདབ་དང་བྲལ་བ་དྭངས་ཤེལ་གྱི་གཟུགས་བརྙན་ལྟར་འཆར་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་པ་ནི། དེ་ལ་བྱ་བ་ཡིན་ནོ། །གཉིད་དང་སྙོམས་ལས་གཙོར་གྱུར་ཐོས་བསམ་སྒོམ་གསུམ་ལ་བློ་གྲོས་ཀྱི་སྣང་བ་སྒྲིབ་པ་གཏི་མུག་མུན་པའི་འཐིབ་པོ་ནམ་བྱུང་བའི་ཚེ། དེ་ཉིད་ཀྱི་རང་ངོ་རིག་པའི་ངང་བསྐྱང་བ་ལས་སྐྱོན་རྟོག་གིས་སྤང་བའམ་ཡོན་ཏན་དུ་བལྟ་བའི་དང་བླང་གཉིས་ཀ་དོར་བས། ཁྱབ་བརྡལ་ཆེན་པོ་རྩེ་གཅིག་གི་ཀློང་དུ་རྣམ་པར་མི་རྟོག་པའི་རང་བྱུང་སྤྲོས་བྲལ་རྗེན་པར་ལྷག་གིས་ཤར་བར་འགྱུར་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་པའང་དེ་ལ་བྱ་བ་ཡིན་ནོ། །གཞན་ལས་བདག་ཉིད་རིགས་རུས་ཡོན་ཏན་འབྱོར་པ་སོགས་ཀྱིས་ལྷག་གོ་སྙམ་དུ་ང་རྒྱལ་གྱིས་སེམས་ཁེངས་པའི་འཛིན་པ་ནང་དུ་ལྡང་བ་ན། དེ་ལའང་སྔ་མ་རྣམས་བཞིན་དུ་བླང་དོར་གང་ཡང་མི་བྱ་བར་ངར་འཛིན་པ་དེ་ཉིད་ཀྱི་རང་ངོར་བལྟས་ཏེ་མཉམ་པར་བཞག་པས་ཅི་ཡང་མི་རྟོག་པར་རང་གཞན་མཉམ་པ་ཆེན་པོའི་ཀློང་གཅིག་ཏུ་གྱུར་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་པ་ནི་དེ་ལ་བྱའོ། །གཞན་གྱི་ཕུན་སུམ་ཚོགས་པ་ལ་ཕྲག་དོག་ཅིང་འགྲན་ཟླར་སེམས་པའི་ཟུག་རྔུ་ཡིད་ལ་ཤར་བའི་ཚེ་ནའང་། དེ་ལ་གཉེར་ཁ་མི་བྱ་བར་ཤར་མཁན་ཁོ་རང་གི་ཐོག་ཏུ་གང་དགར་བོར་ཏེ་ངོ་བོར་བལྟས་པས། བདག་དང་གཞན་ཞེས་གཉིས་སུ་འཛིན་པའི་རྟོག་པ་མེད་པར་རིག་སྟོང་སྒྱུ་མར་རྫོགས་པར་འགྱུར་ཏེ་བྱ་བ་གྲུབ་པའི་ཡེ་ཤེས་ཞེས་པའང་དེ་ལ་བྱ་བ་ཡིན་ནོ། །ཉོན་མོངས་པའི་རྟོག་པ་དང་པོར་ངོས་ཟིན་དཀའ། བར་དུ་ལྡོག་དཀའ། མཐར་རྒྱུན་བཅད་པར་དཀའ་བས་དྲན་ཤེས་ཀྱི་བྱ་རས་བཟུང་ནས་ཇི་སྐད་བསྟན་པ་དེ་ལྟར་རང་གྲོལ་ཆེན་པོའི་དབྱིངས་སུ་ལ་ཟློ་ཤེས་ན་དུག་ལྔའི་རྟོག་པ་མི་ཤར་བ་ནི་མི་སྲིད་ལ་ཤར་ཚད་ཀུན་སྤང་སྒྱུར་གང་ཡང་མ་དགོངས་པར་ཡེ་ཤེས་ལྔའི་ངོ་བོར་བོགས་སུ་ཐོན་ཅིང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་དང་དེ་གསུམ་ཆ་མཉམ་ལས་བྱུང་བ་རེ་རེར་ཡང་ཉི་ཁྲི་ཆིག་སྟོང་རེ་སྟེ་བསྡོམས་པས་ཉོན་མོངས་རྟོག་པའི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུ་གྲགས་པ་ཇི་སྙེད་པའང་སྦྲུལ་མདུད་དཀྲོལ་བ་པོ་མེད་པར་རང་གྲོལ་བ་བཞིན་དུ་ཡེ་ཤེས་ཆེན་པོར་རང་སར་གྲོལ་བར་འགྱུར་ཏེ། ཞི་རྒྱུད་ལས། རང་བཞིན་ཤེས་པས་མི་སྤང་སྟེ། །རང་རིག་ཡེ་ཤེས་ཉིད་ཡིན་ནོ། །ཞེས་དང་། མུ་ཏིག་ཕྲེང་བར། འབད་པས་གྲོལ་བ་མ་ཡིན་ཏེ། །ཡེ་ཉིད་ནས་ནི་གྲོལ་བར་གནས། །ཞེས་སོ། །སྤྱིར་ཉོན་མོངས་པ་ཤར་མ་ཐག་ཏུ་གདོང་ཟློག་བྱས་ན་བྱ་ཤོར་དུ་འགྲོ་བས་རྩལ་རྫོགས་སུ་གཞུག །རྩལ་རྫོགས་ལས་མ་བསགས་པའི་སྐད་ཅིག་དེ་མ་ཐག་པར་ལམ་དུ་བཏང་བས་ཡེ་ཤེས་སུ་ལྷག་གིས་ཤར་པའི་དུས་ན་རྟེན་འབྲེལ་བསྒྲིགས་དགོས་ཤིང་། དེ་ཉིད་ཡེ་ཤེས་ཀྱི་གཞིར་མེད་ན་ལམ་དུ་མི་འགྲོ་བ་དྭངས་པའི་བཞིན་སྣོད་མེད་ན་བཞིན་རས་མི་འཆར་བ་དང་མཚུངས་ལ། ཉོན་མོངས་པ་གང་སྐྱེས་དེ་རྩལ་རྫོགས་ཤིང་ལས་མ་བསགས། ངོ་བོ་ཡེ་ཤེས་སུ་ཤེས་པའི་སྐད་ཅིག་དེ་ཉིད་ལ་རྟོག་པ་གཞན་གྱིས་བར་མ་ཆོད་པར་ལམ་དུ་བཏང་པ་ནི་གྲུབ་པའི་དངུལ་ཆུས་ལྕགས་གསེར་དུ་བསྒྱུར་བ་བཞིན་ནོ། །གསུམ་པ་ནི། མདོར་ན་ ནས། བོགས་སུ་འཆར༔ ཞེས་གསུངས་ཏེ། ཇི་སྐད་བཤད་པ་དེ་དག་གི་དོན་མདོར་བསྡུ་ན། སེམས་དང་སེམས་ལས་བྱུང་བའི་རྣམ་རྟོག །དུག་ལྔས་བསྡུས་པའི་ཉོན་མོངས་པ། ལྷ་མཐོང་ཞིང་དད་གུས་སོགས་བཟང་རྟོག །འདྲེར་སྣང་ཞིང་ཉམས་མི་དགའ་བ་སོགས་ངན་རྟོག །ལུས་སེམས་ལ་སྡུག་བསྔལ་ཚོར་བ། ན་བ་དང་འཆི་བ་སོགས་བཟང་དུ་རེ་ཞིང་ངན་པར་དོགས་པ་ཅི་དང་ཅི་ལྟ་བུ་བྱུང་ཡང་སྤང་བླང་ཁུ་འཕྲིག་གི་སྙེམས་རྟོག་རྡུལ་ཙམ་མེད་པར་རྟོག་པ་དེ་ཀ་རང་གི་ངོ་བོར་བལྟས་ཏེ་བཟང་ངན་རོ་སྙོམས་ཤིང་། དེ་ཀ་ཙམ་དུའང་མ་ལུས་པར་རང་རིག་གི་རྩལ་སྦྱོང་ཕྱོགས་མེད་དུ་བྱས་པས་རྣམ་རྟོག་གི་འཕྲོ་འདུ་ཀུན་ཀྱང་སྐྱོན་སྐྱེད་པའི་གེགས་སུ་མི་འགྱུར་བར་ཡོན་ཏན་ལྷག་པར་འཕེལ་བའི་བོགས་འདོན་དུ་འཆར་བར་འགྱུར་ཏེ། ཏིང་འཛིན་རྒྱལ་པོ་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །རྟོག་མེད་ཏིང་འཛིན་ལ་གནས་ན། །ནམ་མཁའ་བཞིན་དུ་མི་རྟོག་གསལ། །ཞེས་སོ། །གཉིས་པ་ཐོད་རྒལ་གྱི་བོགས་འདོན་ནི། ཁྱད་པར་ ནས་ མཆོག་ལ་སྦྱོར༔ ཞེས་གསུངས་ཏེ། ཐོད་རྒལ་ལྷུན་གྲུབ་ཀྱི་རྣལ་འབྱོར་ལ་གནས་པའི་སྐབས་སུ་སྤྱི་གནད་རྣམས་དཀྱུས་ལྟར་ལ། ཁྱད་པར་འོད་གསལ་སྣང་བའི་བོགས་འདོན་དུ་ཐོག་མར་ཁྲ་ཁང་དང་དེ་ནས་མུན་ཁང་སྒོ་ཁྱུད་རིམ་པ་གསུམ་པར་སྒོ་གསུམ་བྱེད་པ་བཅིངས་པའི་གནད་དང་ལྡན་པས་མུན་པའི་རྣལ་འབྱོར་གྱིས་ཞག་བདུན་ཕྲག་གསུམ་ལ་སོགས་པར་བསྒོམས་པས་ཉིན་མཚན་རྟགས་བཅུ་དང་འོད་གསལ་གྱི་སྣང་བ་སྟོང་པའི་གཟུགས་བརྙན་རྣམ་པ་ཐམས་ཅད་པ་རབ་ཏུ་གསལ་ཞིང་འཕེལ་འགྲིབ་བྲལ་པའི་བརྟན་པོར་འགྱུར་ལ། སྐབས་སུ་རྡོ་རྗེའི་བཟླས་པ་དང་བུམ་པ་ཅན་གྱི་སྦྱོར་བས་སྲོག་དང་རྩོལ་བའི་རླུང་འཁོར་ལོ་བཞིའི་ལྟེ་བར་རྟགས་སྣང་དང་ལྷན་ཅིག་གཡོ་མེད་དུ་འཆིང་བ་དང་། འབར་འཛག་གི་ཞུ་བདེ་དྲངས་ཤིང་བདེ་གསལ་གྱི་ཉམས་རྟོགས་ཀུན་ཀྱང་གཉིས་མེད་རོ་མཉམ་ཁྱབ་བརྡལ་ཆེན་པོའི་ངང་དུ་འཕོ་མེད་མི་འགྱུར་བའི་ཐབས་ཀྱིས་བདེ་བ་ཆེན་པོ་མཆོག་ལ་སྦྱོར་རོ། །འདི་ནི་གསང་སྔགས་གསར་མའི་ལུགས་ཀྱི་བླ་མེད་རྒྱུད་སྡེ་ཐམས་ཅད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་པ་དང་བསྙེན་སྒྲུབ་རྡོ་རྗེ་གསུམ་གྱི་གནད་ཐམས་ཅད་ཀྱང་འདུས་པ་སྟེ། བྱེད་བཅིངས་མུན་པའི་རྣལ་འབྱོར་རྟགས་སྣང་དང་བཅས་པ་ནི་ཐོག་མར་དགེ་བས་སོར་བསམ་སྐུ་རྡོ་རྗེ། སྲོག་རྩོལ་རླུང་གི་སྦྱོར་བ་ནི་བར་དུ་དགེ་བ་སྲོག་འཛིན་གསུང་རྡོ་རྗེ། ཞུ་བདེ་འགྱུར་མེད་དུ་བསྒྲུབ་པ་ནི་མཐར་དགེ་དྲན་ཏིང་ཐུགས་རྡོ་རྗེའི་རྣལ་འབྱོར་རྣམས་དང་དོན་གཅིག་པའོ། །གསུམ་པ་དེ་དག་ཐམས་ཅད་ཀྱི་དོན་བསྡུས་ཏེ་བཤད་པ་ནི། གཞན་ཡང་ན། འབྲེལ་བས་འགྲུབ༔ ཅེས་གསུངས་ཏེ། བྱེ་བྲག་ཏུ་བསྟན་པ་དེ་དག་ལས་གཞན་ཡང་ལམ་གྱི་རྣལ་འབྱོར་ཐུན་མོང་སྤྱི་ལ་གལ་ཆེ་བ་གནད་ཀྱི་མན་ངག་ཟབ་མོ་ཉིང་ཁུར་ཕྱུངས་ནས་བསྟན་པ་ནི། འཇིག་རྟེན་ན་ཉེས་པའི་སྐྱོན་ཅི་ཡོད་པ་དེ་རྣམས་ཐམས་ཅད་ནི་གཞན་ལས་མ་བྱུང་སྟེ་བདག་ཏུ་འཛིན་པ་འདི་ཁོ་ན་ལས་བྱུང་བས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བྱམས་པ་དང་སྙིང་རྗེ་ཚད་མེད་པ་ལ་བརྟེན་པ་བདག་གཞན་བརྗེ་བའི་བློ་སྦྱོང་སོགས་ཀྱིས་བདག་ཏུ་གཅེས་པར་འཛིན་པའི་བློ་བཤིག །དོན་དམ་བྱང་ཆུབ་སེམས་བདག་གཞན་ཏུ་རྟོག་པས་སོགས་གཉིས་ཆོས་ཀྱི་སྤྲོས་པ་ཀུན་བྲལ་ཟབ་མོ་སྟོང་ཉིད་ཀྱི་ལྟ་བས་བདག་ལྟའི་ངོ་བོའང་ཆོས་ཀྱི་དབྱིངས་སུ་བཅོམ་སྟེ་དྲུང་ངམ་རྩ་བ་ནས་ཕྱུང་། འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་ལ་ཀུན་རྫོབ་དོན་དམ་གྱི་བདེན་པ་གཉིས་པོ་ལྟོས་འཇོག་ཅན་དུ་གྲུབ་པས་ཡ་བྲལ་དུ་མ་སོང་པར་དེ་གཉིས་དབྱེར་མེད་དུ་སྤྱོད་པའི་རྟེན་འབྲེལ་ལམ་དུ་ཁྱེར། འཕྲལ་ཡུན་ཡོན་ཏན་གང་ཡང་རུང་བ་ཐམས་ཅད་ཆོས་ཉམས་སུ་བླངས་པ་ལས་བྱུང་བའི་ཕྱིར་ཐེག་ཆེན་ཉམས་ལེན་ཐམས་ཅད་ཀྱི་རྩ་བ་ནམ་མཁའ་དང་མཉམ་པའི་ཕ་མ་འགྲོ་དྲུག་སེམས་ཅན་རིས་སུ་མ་ཆད་པ་ཀུན་ལ་ཚད་དང་མུ་མཐའ་མེད་པའི་སྙིང་རྗེ་དུས་རྟག་ཏུ་བསྒོམ། བྱིན་རླབས་དངོས་གྲུབ་ཀྱི་འབྱུང་གནས་དཔལ་ལྡན་རྩ་བའི་བླ་མ་ཉིད་དཀོན་མཆོག་ཀུན་འདུས་སུ་ཤེས་པས་བཟོད་མེད་ཀྱི་མོས་གུས་དྲག་པོ་བསྐྱེད། འཇིག་རྟེན་པས་བསྡུས་པ་ཟག་བཅས་བསོད་ནམས་ཀྱི་ཚོགས་དང་འཇིག་རྟེན་ལས་འདས་པས་བསྡུས་པ་ཟག་མེད་ཡེ་ཤེས་ཀྱི་དགེ་ཚོགས་ཕྲ་མོས་མི་ངོམས་པར་གོང་ནས་གོང་འཕེལ་བརྩོན་པ་ཆེན་པོས་བསྒྲུབ། དམིགས་བཅས་ཀྱི་ཉམས་ལེན་ཀུན་ལས་ཁྱད་པར་དུ་གྱུར་པ་སེམས་ཉིད་རིག་སྟོང་རྗེན་པ་ལམ་དུ་ཁྱེར་ལ་མཉམ་རྗེས་སྤྱོད་ལམ་གང་གི་སྐབས་སུའང་སྐད་ཅིག་ཙམ་ཡང་ཕྱི་ཡུལ་སྣང་ལ་མ་ཡེངས་ཤིང་ནང་སེམས་ཀྱིས་གང་ཡང་མི་བསྒོམ་པས། སྣང་ཕྱོགས་ཐབས་དང་སྟོང་ཕྱོགས་ཤེས་རབ་ཕྱོགས་རེར་ཞེན་ཅིང་ཨ་འཐས་པའི་ལམ་ལ་མ་གོལ་བར་ཐམས་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་སྦྱིན་སོགས་བསོད་ནམས་ཀྱི་ཚོགས་སྒྲུབ་པའི་བོགས་སུ་ཤེས་རབ་སྟོང་པ་ཉིད་ཀྱི་ལྟ་བའི་གདེང་བསྐྱེད་ཅིང་། ཤེས་རབ་སྟོང་ཉིད་ཀྱི་གནས་ལུགས་ཇི་བཞིན་རྟོགས་པའི་གྲོགས་སུ་གོང་དུ་བསྟན་པའི་སྙིང་རྗེ་མོས་གུས་སོགས་ཐབས་ཀྱི་མཆོག་དང་བསོད་ནམས་སྣ་ཚོགས་པ་ཉིན་རེ་བཞིན་གོང་དུ་སྤེལ་བར་བྱ་དགོས་ཏེ། རྒྱུད་ལས། རྣལ་འབྱོར་ཐབས་ཀྱི་ཚུལ་མིན་ཞིང་། །ཤེས་རབ་གཅིག་པུས་འགྱུར་བ་མིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་དེ་བཞིན་གཤེགས་པས་གསུངས། །ཞེས་དང་། ལམ་སྒྲོན་ལས་ཀྱང་། ཤེས་རབ་བྲལ་བའི་ཐབས་དག་དང་། །ཐབས་དང་བྲལ་བའི་ཤེས་རབ་ཀྱིས། །གང་ཕྱིར་འཆིང་བ་ཞེས་གསུངས་པས། །དེ་བས་གཉིས་ཀ་སྤང་མི་བྱ། །ཞེས་སོ། །དེ་ལྟར་ན་ཐབས་ཀྱིས་ཤེས་རབ་སྒྲིབ་པ་དང་ཤེས་རབ་ཀྱིས་ཐབས་ཁྱད་དུ་གསོད་པ་མ་ཡིན་པར་གཉིས་ཀ་འགལ་མེད་ཟུང་འཇུག་ཏུ་ལམ་དུ་ཁྱེར་བ་དེ་ཡིས་ཉམས་དང་རྟོགས་པའི་ཡོན་ཏན་མཐའ་དག་དབྱར་གྱི་མཚོ་བཞིན་གོང་ནས་གོང་དུ་འཕེལ་བ་དང་། ས་བཅུ་དང་ལམ་ལྔའི་རིམ་པ་མ་ལུས་པ་ཀུན་ཀྱང་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བས་བདེ་བླག་ཏུ་བགྲོད་ཅིང་མཐར་སོན་པར་འགྱུར་ཏེ། སྡོམ་འབྱུང་ལས། ཤེས་རབ་ཐབས་ནི་མཉམ་སྦྱོར་བས། །རྫོགས་པའི་བྱང་ཆུབ་སྒྲུབ་བྱེད་པ། །དེ་ཉིད་ལ་ནི་བླ་མེད་པའི། །སངས་རྒྱས་ཀུན་རྣམས་རབ་ཏུ་བཞུགས། །དབྱེར་མེད་རྣམ་པར་ཡང་དག་རིག །གང་གི་གནས་པ་རྡོ་རྗེ་སེམས། །ཇི་སྲིད་རྫོགས་བྱང་ཆུབ་པར་འགྱུར། །ཞཅེས་སོ། །བོགས་འདོན་གྱི་རིམ་པ་འདི་རྣམས་ཀྱང་རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེའི་བསམ་གཏན་ཉམས་སྒྲོན་ལས། ལུང་ཟབ་བླ་མ་ཉམས་ཅན་སྔུན། །བལྟ་དང་ལྟ་འབུལ་ཉམས་བསྡུར་དང་། །མི་རྟག་འཆི་བསམ་བརྩོན་འགྲུས་བསྐྱེད། །གནས་ལུགས་དྲན་པའི་རྩིས་ཟིན་པས། །གསང་སྤྱོད་ཐབས་ལ་བསྟེན་པ་དང་། །ལུང་དང་བདེ་བའི་མན་ངག་དང་། །དམིགས་མེད་སྙིང་རྗེ་གོམས་པ་དང་། །གདམས་པའི་གནད་དང་ཤེས་རབ་ཀྱིས། །རིག་པ་རྩལ་སྦྱོང་ཉམས་བོགས་འདོན། །ཅེས་གསུངས་པ་སོགས་ཀྱི་དོན་རྣམས་སྙིང་པོར་དྲིལ་བའོ། །གསུམ་པ་གང་དུ་མཐར་ཕྱིན་པའི་འབྲས་བུ་བཤད་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། སྦྱངས་པའི་འབྲས་བུ་སོགས་ཚིག་རྐང་གཅིག་སྟེ། དེ་ལྟར་སྦྱང་གཞི་ཀུན་ཁྱབ་བདེ་གཤེགས་སྙིང་པོ་ལ་བརྟེན་པའི་སྦྱང་བྱ་གློ་བུར་གྱི་དྲི་མ་སྦྱོང་བྱེད་རིམ་གཉིས་ལམ་གྱིས་ཚུལ་བཞིན་སྦྱངས་པའི་འབྲས་བུ་གཞི་ཇི་ལྟ་བ་བཞིན་མངོན་དུ་གྱུར་པས་སྤང་ཐོབ་མེད་པའི་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་རང་སྣང་བའི་ཚུལ་ནི་འདི་ལྟ་སྟེ། ཞེས་སོ། །དེ་ལ་འབྲས་བུའི་ངོ་བོ་བཤད་མ་ཐག་པ་ཉིད་དེ། སྒྱུ་འཕྲལ་བྱེ་བྲག་བསྟན་པ་ལས། །གྲུབ་པའི་རྣལ་འབྱོར་རྣལ་འབྱོར་ཆེ། །ལྷུན་གྲུབ་ཇི་བཞིན་མངོན་བྱས་པའང་། །བརྟགས་པ་ཙམ་སྟེ་གཉིས་པ་མེད། །དེ་ཕྱིར་དེ་ལ་དེ་བརྗོད་དོ། །ཞེས་སོ། །ངེས་ཚིག་ཁོག་གཞུང་ལས། གྲུབ་པ་མཐར་ཕྱིན་འབྲས་བུར་བརྗོད། །ཅེས་པ་ལྟར། རྣལ་འབྱོར་པས་དོན་དུ་གཉེར་ནས་བསྒྲུབ་པར་བྱ་བ་མཆོག་གི་གྲུབ་པ་མཐར་ཕྱིན་པས་འབྲས་བུ་ཞེས་བརྗོད་པ་དང་། དབྱེ་བ་སྔ་མ་ལས། འབྲས་བུའི་ངོ་བོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྣམ་པ་ལྔ། །དེ་ཡང་སྐབས་ཀྱིས་ལྔ་ལྔ་སྟེ། །ཞེས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དང་རེ་རེ་ལའང་ལྔ་ལྔ་སྟེ་འབྲས་ཆོས་ཉེར་ལྔའི་བདག་ཉིད་འཆད་པར་འགྱུར་བ་ལྟར་རོ། །གཉིས་པ་ནི། རང་དོན་ ནས་ ངང་གིས་འབྱུང༔ ཞེས་གསུངས་ཏེ། འདི་ལ་ལྔ། སངས་རྒྱས་ཀུན་གྱི་ཆེ་བའི་ཡོན་ཏན་གྱི་རྟེན་བྱེད་པའི་ཆ་ནས་སྐུ་དང་། གདུལ་བྱ་ལ་ཆོས་དོན་བརྡ་སྤྲོད་པས་གསུང་དང་། བརྟེན་པ་སྙིང་པོ་མི་གཡོ་བས་ཐུགས་དང་། དགོས་འདོད་ཐམས་ཅད་འབྱུང་བས་ཡོན་ཏན་དང་། གཞན་དོན་མཛད་པས་ཕྲིན་ལས་སོ། །དང་པོ་ནི། སྤངས་པ་དང་རྟོགས་པ་ཆེན་པོས་རང་དོན་མཐར་ཕྱིན་པའི་ངོ་བོ་དབྱིངས་ཐོག་ཏུ་རིག་པའི་ཡེ་ཤེས་གྲོལ་བས་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ནི་ཆོས་ཀྱི་སྐུ། སྙིང་རྗེའི་སེམས་ཆེན་པོས་གཞན་དོན་ལྷུན་གྱིས་གྲུབ་པའི་རང་བཞིན་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་དག་པའི་གདུལ་བྱ་རྒྱལ་སྲས་ས་བཅུ་པའི་ངོར་སྣང་སྟོང་ཟུང་འཇུག་ཐུན་མིན་རྒྱུ་འབྲས་ཀྱི་མཚན་དཔེ་དང་ལྡན་པར་སྣང་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ། མ་དག་པའི་གདུལ་བྱ་འགྲོ་བ་དྲུག་གི་མོས་པ་དང་མཐུན་པར་གང་གིས་འདུལ་བ་དེར་སྟོན་གྱི་ཐབས་ལ་མཁས་པའི་ཐུགས་རྗེའི་རོལ་པས་མ་ངེས་སྣ་ཚོགས་སྤྲུལ་པའི་ཚུལ་བཟོ་སྐྱེ་མཆོག་སོགས་སྣང་བ་ནི་སྤྲུལ་པའི་སྐུ། གསུམ་པོ་དེ་དག་གདུལ་བྱ་སོ་སོའི་སྐལ་བ་དང་མཐུན་པར་སྣང་བའི་ཆ་སོ་སོར་མ་འདྲེས་པར་སྟོན་པའི་ཡོན་ཏན་སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད། བྱང་ཕྱོགས་ཀྱི་ཆོས་སོ་བདུན་གྱིས་མཚོན་མཁྱེན་བརྩེ་ནུས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བའི་ཆ་ནས་མངོན་པར་བྱང་ཆུབ་པའི་སྐུ། དོན་དམ་པར་གཟུགས་སྐུ་གཉིས་པོའང་ཐ་དད་རང་རྒྱུད་པར་མེད་ཅིང་དག་པ་གཉིས་ལྡན་སྟོང་པའི་ཆ་ཆོས་ཉིད་འོད་གསལ་འཕོ་འགྱུར་མེད་པའི་དབྱིངས་སུ་སྐུ་གསུམ་དབྱེར་མེད་རོ་གཅིག་པ་ནི་མི་འགྱུར་རྡོ་རྗེའི་སྐུའོ། །གཉིས་པ་ནི། དེ་ལྟར་སྐུ་ལྔ་ཐོབ་ནས་སོ་སོའི་གསུང་ལྔ་པོས་འཁོར་ལ་བརྡ་སྤྲོད་ཅིང་དོན་མཚོན་པར་བྱེད་པ་སྟེ། དེའང་ཆོས་ཉིད་སྨྲ་བརྗོད་དང་བྲལ་བའི་རྣམ་པར་དག་པའི་ཡེ་ཤེས་ཉིད་བསམ་བརྗོད་ཐམས་ཅད་ཀྱི་གཞིར་གྱུར་པའི་ཆ་ནི་ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་། མེ་ལོང་གིས་བྱད་ཀྱི་དྲི་མ་ངོས་ཟིན་ནས་སེལ་བར་བྱེད་པ་ལྟར་སྐུ་མཐོང་བ་དེ་ཡིས་འཁོར་གྱི་བློ་ལ་དོན་གྱི་བརྡ་འཕྲོད་པའི་ཡེ་ཤེས་མཚོན་པ་ནི་ལོངས་སྐུ་དགོངས་པ་བརྡའི་གསུང་། ཚངས་པའི་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པས་གདུལ་བྱ་གང་ལ་གང་འདུལ་གྱི་ངོར་སོ་སོའི་སྒྲ་སྐད་དང་མཐུན་པར་དུས་གཅིག་ཏུ་ཚིག་རེས་དོན་རེ་གོ་བ་ནི་སྤྲུལ་སྐུ་བརྗོད་པ་ཚིག་གི་གསུང་། དོན་དུ་ཚིག་གཅིག་མ་གསུངས་ཀྱང་རིགས་དྲུག་སོ་སོའི་སྒྲ་སྐད་དང་མོས་པ་ཇི་ལྟ་དེ་ལྟར་སྣང་ཞིང་དེ་ཐམས་ཅད་ཀྱང་རང་རིག་པར་གསལ་ལ་ཅིར་ཡང་མི་འགག་པའི་ཡེ་ཤེས་ནི་མངོན་བྱང་རིག་པའི་གསུང་། སྒྲ་སྐད་ཐམས་ཅད་གྲགས་སྟོང་གཉིས་སུ་མེད་པས་མཐའ་གཉིས་གྲོལ་བར་གོ་བརྡ་འཕྲོད་པའི་ཡེ་ཤེས་ནི་རྡོ་རྗེའི་གསུང་སྟེ། གསུང་ལྔ་པོ་དེ་རྣམས་ངོ་བོ་བརྡ་སྤྲོད་པར་གཅིག་ལ་བརྗོད་ཚུལ་དང་རྟོག་པ་ཐ་དད་པའོ། །གསུམ་པ་ནི། སྐུ་ལྔའི་སྙིང་པོར་གྱུར་པ་ཐུགས་ལྔ་ནི་བརྟེན་ན་ཡེ་ཤེས་ལྔ་པོ་སྟེ། དེའང་གློ་བུར་གྱི་སྒྲིབ་པ་མཐའ་དག་མ་སྤངས་བྲལ་བའི་རང་བཞིན་རྟོགས་པའི་ཚེ་གཞི་དོན་གྱི་ཀུན་གཞི་མངོན་དུ་གྱུར་པ་ནི་ཅིར་ཡང་མི་དམིགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། དེའི་ཚེ་སྦྱོར་བ་དོན་གྱི་ཀུན་གཞི་གནས་གྱུར་པ་ལས་གསལ་ལ་མི་རྟོག་པས་ལྷག་མ་གསུམ་གྱི་འཆར་གཞིར་གྱུར་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དེར་ཤར་ཅིང་། སྒོ་ལྔ་གནས་གྱུར་འགྲོ་དོན་མཛད་པ་ལ་ཐོགས་པ་མེད་པ་བྱ་བ་གྲུབ་པའི་ཡེ་ཤེས་དང་། ཡིད་གནས་གྱུར་པས་ཤེས་བྱའི་ཡུལ་དུས་གསུམ་གྱི་ཆོས་ཐམས་ཅད་པདྨའི་འདབ་མ་ལྟར་གསལ་ལ་མ་འདྲེས་པར་མཁྱེན་པ་ནི་སོར་རྟོག་ཡེ་ཤེས་གཉིས་ཀྱང་། ཉོན་ཡིད་གནས་གྱུར་བཟང་ངན་བླང་དོར་མེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་ཟླུམ་པའོ། །དེ་དག་ལས་ཆོས་དབྱིངས་སྟོང་པ་ཉིད་ཀྱི་ཡེ་ཤེས་ནི་ཆོས་སྐུ་རྣམ་པར་མི་རྟོག་པའི་ཐུགས། མཉམ་ཉིད་ཡེ་ཤེས་ནི་ལོངས་སྐུ་མཉམ་པ་ཆེན་པོའི་ཐུགས། བྱ་གྲུབ་ཡེ་ཤེས་ནི་སྤྲུལ་སྐུ་འགྲོ་བ་སྒྲོལ་བའི་ཐུགས། མེ་ལོང་ཡེ་ཤེས་ནི་མངོན་བྱང་ཅི་ཡང་ས་ལེར་མཁྱེན་པའི་ཐུགས། སོར་རྟོག་ཡེ་ཤེས་ནི་མི་ཕྱེད་རྡོ་རྗེའི་ཐུགས་སོ། །བཞི་པ་ནི། སྐུ་དེ་རྣམས་ཀྱི་ཡན་ལག་གི་ཆོས་སུ་གྱུར་པ་རྣམ་པར་དག་པའི་ཞིང་ཁམས། རྒྱ་ཚད་བྲལ་བའི་གཞལ་ཡས་ཁང་པ་དང་། གསལ་ཞིང་དག་པའི་འོད་ཟེར། ཁྱད་པར་འཕགས་པའི་གདན་ཁྲི། དགྱེས་རྒུར་རོལ་པའི་རྒྱན་གྱི་ཡོན་ཏན་རྣམས་རྫོགས་པའོ། །དེ་ལ་ཅུང་ཟད་སྤྲོ་ན། ཆོས་སྐུའི་ཞིང་ཁམས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ། ལོངས་སྐུའི་ཞིང་ཁམས་རང་གསལ་ལྷུན་གྲུབ་འོད་ཀྱི་འཁོར་ལོ། སྤྲུལ་སྐུའི་ཞིང་ཁམས་སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱ། གཞལ་ཡས་ཁང་ནི་ཆོས་སྐུ་ལ་ཆོས་དབྱིངས་སྤྲོས་པ་དང་བྲལ་བ། ལོངས་སྐུ་ལ་ལྷུན་གྲུབ་དབྱིངས་ཀྱི་སྣང་བ། སྤྲུལ་སྐུ་ལ་ཡེ་ཤེས་རིན་པོ་ཆེའི་རང་བཞིན། འོད་ཟེར་ལའང་ཆོས་སྐུ་ལ་ཡེ་ཤེས་ལྔའི་འོད་ཟེར། ལོངས་སྐུ་ལ་ཡེ་ཤེས་ཀྱི་རང་གདངས་འོད་ལྔ་རུ་འབར་བ། སྤྲུལ་སྐུ་ལ་སྐུའི་གནས་བ་སྤུའི་བུ་ག་རེ་རེ་ནས་ཀྱང་འོད་ཟེར་བྱེ་བ་བརྒྱ་སྟོང་ཕྲག་དྲུག་ཅུ་འཕྲོ་བ། གདན་ཁྲི་ནི་ཆོས་སྐུ་ལ་ལྟ་བ་ཁ་སྦྱོར། ལོངས་སྐུ་ལ་ཤེས་རབ་ཁ་སྦྱོར། སྤྲུལ་སྐུ་ལ་ཐུགས་རྗེ་ཁ་སྦྱོར་རོ། །རྒྱན་ཆ་ནི་ཆོས་སྐུ་སྐྱེ་མེད་རྣམ་དག་ལ་རྒྱན་གྱི་ཐ་སྙད་མཛད་པ་དང་། ལོངས་སྐུ་ལ་འགག་མེད་རང་གསལ་གྱི་རྒྱན་ཐུན་མོང་མ་ཡིན་པའི་མཚན་དཔེ་སྟེ། དེ་ལ་ཕྱི་ནང་གསང་བ་གསུམ་གསུམ་དུ་དབྱེར་ཡོད་ཅིང་། གཞན་ཡང་ལོངས་སྐུ་རྟགས་ཀྱི་རྒྱན་བཅུར་གྲགས་པ། དབུ་རྒྱན། སྙན་རྒྱན། མགུ་ཆུ། དོ་ཤལ། དཔུང་རྒྱན། ཕྱག་གདུབ་གཉིས། ཞབས་གདུབ་གཉིས། སེ་མོ་དོ་དང་བཅུའོ། །སྤྲུལ་སྐུའི་རྒྱན་ཐུན་མོང་གི་མཚན་བཟང་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་སྟེ། དེ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལའང་ཕྱོགས་མཐུན་ཙམ་ཡོད་པས་ཐུན་མོང་གི་མཚན་དཔེར་བཤད་དོ། །ལྔ་པ་ནི། ལས་དང་ཉོན་མོངས་པའི་རྣམ་པར་རྟོག་པ་དང་ནད་གདོན་སོགས་ཞི་བར་བྱེད་པ་དང་། ཚེ་བསོད་དཔལ་འབྱོར་རང་རིག་པའི་ཡེ་ཤེས་ཀྱི་མངོན་རྟོགས་ཐམས་ཅད་རྒྱས་པར་བྱེད་པ་དང་། རླུང་སེམས་སྣང་བས་བསྡུས་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་དབང་དུ་མཛད་པ་དང་། ཞི་བས་མི་ཐུལ་པའི་དགྲ་བགེགས་ལོག་འདྲེན་རྣམས་ཐུགས་རྗེ་དྲག་པོར་ཁྲོས་པས་ཚར་བཅད་པ་དང་། གནས་ལུགས་ཇི་ལྟ་བ་མངོན་དུ་གྱུར་པས་མཛད་དང་མཛད་པར་བྱ་བ་གང་ཡང་མི་དམིགས་པའི་ངང་ནས་ཕྱོགས་དང་རིས་སུ་ཆད་པ་མེད་པ་ནི་ལྷུན་གྱིས་གྲུབ་པའི་ཕྲིན་ལས་སོ། །དེ་ལྟ་བུའི་ཕྲིན་ལས་ཀྱིས་གདུལ་བྱ་འདུལ་བ་ནི་རྟག་ཁྱབ་ལྷུན་གྲུབ་ཀྱི་བདག་ཉིད་ཅན་ཏེ། ནམ་མཁའ་ཇི་སྲིད་བར་འཁོར་བའི་མཐའ་ཟད་པ་མེད་ཅིང་འཁོར་བ་ཇི་སྲིད་མ་སྟོང་བར་སངས་རྒྱས་ཀྱི་ཕྲིན་ལས་རྒྱུན་ཆད་མི་མངའ་བར་རྟག་པ་སྟེ། མངོན་རྟོགས་རྒྱན་ལས། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་ཆད་པར་འདོད། །ཅེས་སོ། །རྟག་པ་དེའང་ཕྱོགས་རེར་འཇུག་པ་མ་ཡིན་པར་ཇི་སྙེད་ནམ་མཁའི་ཁམས་ཀྱིས་ཁྱབ་པ་དེ་སྙེད་ཀྱི་གདུལ་བྱ་སེམས་ཅན་ཀྱི་ཁམས་ལ་ཕྱོགས་རིས་མེད་པར་ཁྱབ་པ་སྟེ། རྒྱུད་བླ་མར། དེ་ལྟར་ནམ་མཁའི་མཐའ་ཀླས་ཀྱི། །འགྲོ་ལ་རྟག་ཏུ་ལྷུན་གྲུབ་པར། །ཐོགས་མེད་བློ་ལྡན་དེ་ཡིས་ནི། །སེམས་ཅན་དོན་ནི་ཡང་དག་འཇུག །ཅེས་སོ། །གདུལ་བྱ་འདུལ་བའི་དུས་ལ་བབས་པ་ན་དབང་པོ་དང་འཚམས་པར་ཐམས་ཅད་ཀྱི་དོན་མ་ནོར་བར་ཇི་ལྟ་བ་བཞིན་འབད་རྩོལ་མེད་པར་ངང་གིས་འབྱུང་བ་ལྷུན་གྱིས་གྲུབ་པ་སྟེ། རིམ་གསུམ་ལས། འབྲས་བུ་ཡོན་ཏན་ལྷུན་གྲུབ་པས། །ཡིད་བཞིན་ནོར་བུ་ལྟར་སྣང་བའོ། །ཞེས་སོ། །བཞི་པ་མན་ངག་གི་དགོས་འབྲེལ་བསྟན་པ་ནི། དེ་ལྟར་ ནས་ མྱུར་རྫོགས་བྱེད། ཅེས་གསུངས་ཏེ། སྔར་རྒྱས་པར་བསྟན་པ་དེ་ལྟར་སྦྱང་གཞི་བདེ་བར་གཤེགས་པའི་སྙིང་པོ་འདམ་ཁྲོད་ན་གནས་པའི་ནོར་བུ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གདོད་ནས་རང་བབས་སུ་བཞུགས་པ་ལ། སྦྱོང་བྱེད་ཐུན་མོང་དང་ཐུན་མོང་མ་ཡིན་པ་རིམ་པ་གཉིས་ཀྱིས་བསྡུས་པའི་རྣལ་འབྱོར་ཆུ་དང་འདག་རྫས་ལྟ་བུའི་ལམ་གྱིས་མཚམས་སྦྱར་ནས། སྦྱང་བྱ་མེད་སྣང་གཉིས་འཛིན་གློ་བུར་གྱི་དྲི་མ་རགས་པ་འདམ་རྫབ་ལྟ་བུ་སྦྱངས་ཤིང་ཕྲ་བ་ས་བོན་བག་ཆགས་དང་བཅས་པའང་སྤངས་ཏེ། སྦྱངས་པའི་འབྲས་བུ་གཞི་ལ་ཇི་ལྟར་ཡོད་པའི་ཡོན་ཏན་མངོན་དུ་གྱུར་ཏེ་ཡིད་བཞིན་གྱི་ནོར་བུ་དྲི་མ་ཐམས་ཅད་དང་བྲལ་བ་ལས་འདོད་རྒུ་འབད་མེད་དུ་འབྱུང་བ་བཞིན་རང་དང་གཞན་གྱི་དོན་རྩོལ་བ་མེད་པར་མྱུར་དུ་རྫོགས་པར་བྱེད་པའོ། །དེ་ལ་དགོས་འབྲེལ་གྱི་ངོ་བོ་ནི། མཚོན་བྱ་མཚོན་བྱེད་ཡོད་པ་ལས་དགོས་པ་དང་ཉིང་དགོས་ཤུགས་ལས་གྲུབ་པའོ། །ངེས་ཚིག་ནི། དགོས་སོགས་ཆོས་བཞི་ཡོད་པ་དེ་དག་ཕན་ཚུན་གཅིག་ལ་གཅིག་ལྟོས་སུ་འབྲེལ་ཞིང་། མཐར་ཐུག་འབྲས་བུ་བསྒྲུབ་པ་ལའང་དེ་དག་མེད་ན་མི་འབྱུང་གི་འབྲེལ་པར་གྲུབ་པའོ། །དབྱེ་ན། ཐུགས་ཐིག་ལས། བརྗོད་འབྲེལ་དགོས་པ་ཡང་དགོས་དང་། །རྒྱུ་རྐྱེན་ཡན་ལག་བཞི་རུ་བཟུང་། །ཞེས་པ་ལྟར་བརྗོད་བྱ། རྗོད་བྱེད། དགོས་པ། ཉིང་དགོས་བཞི། དེ་ལའང་གྲོལ་ལམ་དབང་བཙན་དུ་བྱས་ན། སྔར་སྨོས་པའི་སྦྱང་གཞི་བདེ་གཤེགས་སྙིང་པོ་ནི་མཚོན་བྱ་རང་བཞིན་གཞིའི་རྒྱུད་དེ་བརྗོད་བྱ། སྦྱོང་བྱེད་ལམ་གྱི་རིམ་པ་བརྡར་བཏགས་ཡི་གེ་དང་བཅས་པ་ནི་མཚོན་བྱེད་ལམ་རྐྱེན་ཏེ་རྗོད་བྱེད། དེ་ལ་ཐོས་བསམ་བྱས་པས་བརྗོད་བྱ་དོན་སྤྱིའི་ཚུལ་དུ་གོ་བ་ནི་དགོས་པ། དེ་ལྟར་ཤེས་པའི་དོན་བསྒོམས་པས་ཐུན་མོང་དང་མཆོག་གི་དངོས་གྲུབ་མངོན་དུ་བྱེད་པ་ནི་ཉིད་དགོས་སོ། །ཐབས་ལམ་དབང་བཙན་དུ་བྱས་ན། ལྷན་སྐྱེས་ཡེ་ཤེས་གདོད་ནས་རང་ལ་རང་ཆས་སུ་བཞུགས་པ་ནི་བརྗོད་བྱ། དེ་རྟོགས་བྱེད་ཐབས་ཀྱི་མན་ངག་གླེགས་བམ་དང་བཅས་པ་ནི་རྗོད་བྱེད། དེ་དོན་ཉམས་སུ་བླངས་པས་བདེ་ཆེན་གྱི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་ནི་དགོས་པ། དེ་གོམས་པར་བྱས་པས་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་ཡེ་ཤེས་མངོན་དུ་བྱས་པ་ནི་ཉིང་དགོས་སོ། །འབྲེལ་བའི་དོན་ཀྱང་། བརྗོད་བྱ་རྗོད་བྱེད་གཉིས་ཤེས་བྱ་ཤེས་བྱེད་དང་། རྗོད་བྱེད་དགོས་པ་གཉིས་ཐབས་ལས་ཐབས་བྱུང་དང་། དགོས་པ་ཉིང་དགོས་གཉིས་དེ་ལས་དེ་བྱུང་དང་། ཉིང་དགོས་དང་བརྗོད་བྱ་གཉིས་ངོ་བོ་བདག་གཅིག་གི་འབྲེལ་བར་གྲུབ་པ་ཡིན་ནོ། །ལྔ་པ་འཁོར་ལ་གདམས་ཤིང་བསྟན་པ་གཏད་པ་ལ་གཉིས། མན་ངག་འདི་ཤིན་ཏུ་ཟབ་པར་གདམས་པ་དང་། འཁོར་ལ་གཏད་པ་སྨོན་ལམ་དང་བཅས་པའོ། །དང་པོ་ནི། རྒྱུ་འབྲས་ ནས་ གཤེགས་ཤུལ་འདི༔ ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ཇི་སྐད་བསྟན་པའི་ཞལ་གདམས་མན་ངག་ལམ་གྱི་རིམ་པ་ཁྱད་གཞིའི་གཞུང་ཉིད་ནི། རྒྱུ་ལམ་དུ་བྱེད་པ་ཕར་ཕྱིན་གྱི་ཐེག་པ་དང་འབྲས་བུ་ལམ་དུ་བྱེད་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཚུལ་རྒྱ་མཚོ་ཆེན་པོའི་ཡང་བཅུད་བདུད་རྩིའི་གོང་བུ་ལྟ་བུ། ཁྱད་པར་དུའང་རྒྱུད་ལ་མ་ཧཱ་ཨ་ནུ་མན་ངག་ཨ་ཏི་ཡོ་ག་སྟེ་ནང་རྒྱུད་སྡེ་གསུམ་གྱི་དགོངས་པའི་མཐིལ་དུ་ཐུག་པ། འཆད་པའི་ཚུལ་མདོ་སྔགས་ཀྱི་ཆོས་སྒོ་ཀུན་དང་མཐུན་ལ་དོན་ཟབ་ཅིང་འདྲིལ་ལ་མ་ཚང་བ་མེད་པའི་ཕྱིར་ཀུན་ལས་ཁྱད་པར་དུ་འཕགས་པ་ཐེག་རིམ་ཀུན་གྱི་སྐྱེལ་ས་གནད་གཅིག་ཏུ་འདྲིལ་བ་ཡེ་ཤེས་སྙིང་པོའི་ལམ་རིམ་ཟབ་མོ་འདི་ལ་བརྟེན་ནས། མིག་འཕྲུལ་གྱི་སྣང་བ་ལྟ་བུར་དཀའ་བ་མེད་ཅིང་མྱུར་བ་ཁོ་ནར་སངས་རྒྱས་ཀྱི་འབྲས་བུ་མངོན་དུ་བྱེད་པའི་ཐབས་བླ་ན་མེད་པར་གྱུར་པ་ཡིན་ལ། ཁྱད་ཆོས་ཡོན་ཏན་གཞུང་འདི་ཉིད་སྐལ་པ་དང་ལྡན་པ་གང་དག་གིས་མཐོང་བ་ཙམ་གྱིས་བྱིན་རླབས་ཀྱི་ཟིལ་དང་གཟི་བརྗིད་ཆེན་པོ་རང་ཤུགས་ཀྱིས་འབེབས་པ་དང་། སློབ་དཔོན་གྱིས་བཤད་པའི་ཚིག་རྣ་བར་ཐོས་པ་ཙམ་གྱིས་དོན་སྤྱི་གོ་ཞིང་དེ་ལ་རྟོགས་དཔྱོད་གྱི་བསམ་པས་ཉམས་མྱོང་དང་རྟོགས་པའི་ཡེ་ཤེས་ཀློང་ནས་བརྡོལ་བ་དང་། རྣམ་པར་གཡེང་བ་སྤངས་ཏེ་ཟླ་བ་དྲུག་ཏུ་འདིའི་དོན་རྩེ་གཅིག་ཏུ་བསྒོམས་པས་རྡོ་རྗེ་མི་ཕྱེད་པ་གསུམ་གྱི་ཡེ་ཤེས་ཆེན་པོ་རང་བཞིན་གྱིས་ཤར་བར་ངེས་པ་སྟེ། ཁྱད་པར་དེ་ལྡན་གྱི་གཞུང་འདི་ཚུལ་ཇི་ལྟར་ན། ཀ་དག་ཆོས་སྐུ་ཀུན་ཏུ་བཟང་པོ་དང་ལྷུན་གྲུབ་ལོངས་སྐུ་རྡོ་རྗེ་སེམས་དཔའ། ཟུང་འཇུག་སྤྲུལ་སྐུ་པདྨ་འབྱུང་གནས་གསུམ་པོ་དོན་དམ་གྱི་དབྱིངས་ལ་ཐ་དད་དུ་དབྱེ་བ་བྱར་མེད་ཅིང་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་ལྷུན་གྱིས་རྫོགས་པའི་ཕྱིར་ན། བརྟག་གཉིས་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །འཇིགས་རྟེན་སྟོན་པ་བསྒྲུབ་བྱ་ང་། །འཇིག་རྟེན་འཇིག་རྟེན་འདས་པ་ང་། །ཞེས་གསུངས་པ་ལྟར་ཚད་དང་མུ་མེད་པའི་རབ་འབྱམས་རྒྱུད་སྡེ་རྒྱ་མཚོ་ཀུན་གྱི་འཕྲོ་གཞིར་གྱུར་པས་རྒྱུད་སྟོན་པ་པོ་དང་དེའི་བསྟན་པ་ཟབ་གསང་སྙིང་པོའི་དོན་གྱི་རྒྱུད་ལུང་རྣམས་དང་། དེའི་ཟབ་གནད་ལག་ལེན་ཏུ་དྲིལ་པའི་མན་ངག་ཉིད་ཀྱང་ཐ་དད་རང་མཚན་དུ་མ་གྲུབ་པར་ངོ་བོ་ཆོས་སྐུ་གཅིག་གི་རང་སྣང་ཉིད་ཡིན་ཀྱང་། རྣམ་པ་ཙམ་དུ་ཛམ་བུས་མཚན་པའི་གླིང་བསྐལ་པ་བཟང་པོའི་སངས་རྒྱས་རྣམས་འབྱུང་ཞིང་འདིའི་གདུལ་བྱ་རྣམས་ཐར་པར་དྲང་བའི་སླད་དུ། ནུབ་ཕྱོགས་ཨོ་རྒྱན་དྷ་ན་ཀོ་ཥའི་མཚོ་གླིང་དུ་ངོ་མཚར་པདྨའི་སྡོང་པོ་ནས་བརྫུས་ཏེ་བྱུང་བ་དང་། ཨོ་ཌཱི་ཡ་ནའི་ཡུལ་སོགས་སུ་རིགས་མཆོག་གི་མངལ་དུ་སྐྱེས་པ་སོགས་གཞན་སྣང་འཆར་ཚུལ་གཅིག་ཏུ་མ་ངེས་པར་ཐ་དད་པས་མཛད་པའི་ཆོ་འཕྲུལ་བཅུ་གཅིག་དང་བརྒྱ་རྩ་ལ་སོགས་བ་ཅིར་ཡང་སྟོན་པའི་སྐབས་སུ་བབ་པ་དེའི་ཚེ་ན། འཕགས་ཡུལ་ཤར་ཕྱོགས་བཀྲ་ཤིས་མཱ་ར་ཏའི་ཀའི་བྲག་ཕུག་ཏུ་ཚེ་ལམ་གྱི་ཕྱག་རྒྱ་མནྡར་བ་ལ་རྟེན་བྱས་ཏེ་འཆི་མེད་ཚེའི་རིག་འཛིན་བསྒྲུབས་པའི་དུས་བཅོམ་ལྡན་འདས་ཚེ་དཔག་མེད་མགོན་དངོས་སུ་བྱོན་ནས་བསྐལ་པ་མ་སྟོང་གི་བར་དུ་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུར་བཞུགས་པའི་དབང་བསྐུར་ཞིང་རྒྱུད་དང་གདམས་ངག་དཔག་ཏུ་མེད་པ་བསྩལ་པ་དང་། བལ་ཡུལ་ཡང་ལེ་ཤོད་བཀྲ་ཤིས་བའི་ནགས་ཚལ་བྱང་ཆུབ་དམ་པའི་གླིང་དུ་ཡང་དག་གྲུབ་པ་གཅིག་པུའི་རྣལ་འབྱོར་གྱིས་ཕྱག་རྒྱ་ཆེན་པོའི་མཆོག་སྒྲུབ་བའི་ཚེ་དཔལ་ཆེན་ཧེ་རུ་ཀའི་ཡེ་ཤེས་ཀྱི་སྐུར་རང་བྱུང་ཆོས་ཉིད་རྡོ་རྗེའི་རང་སྒྲས་པདྨ་སཾ་བྷ་བ་བདག་ལ་དངོས་སུ་བསྩལ་པའི་རྒྱུད་དང་གདམས་པ་མཐའ་ཡས་པ་དེ་དག་ཀུན་གྱི་ཡང་ཞུན་བཅུད་དུ་དྲིལ་བའང་ལམ་རིམ་ཟབ་མོ་འདི་ཁོ་ན་ཡིན་ལ། སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེ། ཡེ་ཤེས་སྐུ་ཅན་ཤྲཱི་སིཾ་ཧཾ། ཀློང་དགུའི་ཡེ་ཤེས་དཔལ་ཆེན་པོ་བརྒྱད་ཀྱི་གོ་འཕང་གྲུབ་པ་རྡོ་རྗེའི་རིག་འཛིན་ཆེན་པོ་རྣམ་པ་བརྒྱད་ལ་སོགས་པ་གྲུབ་པ་མཆོག་གི་ས་ལ་བཞུགས་པ་རྣམས་ལས་ཐུན་མོང་ཁྱད་པར་གྱི་ལམ་རིམ་མཐའ་ཡས་པ་ནོས་པའི་ཚུལ་བསྟན་པ་དང་། ཕན་ཚུན་དུ་དམ་པ་ཆོས་ཀྱི་བཀའི་འགྲོ་བ་ཆེན་པོ་མཛད་ནས་རྟོགས་པའི་གདེང་ཚད་དང་ལྟ་དགོངས་ཀྱི་ཉམས་མྱོང་ཟབ་མོ་བསྡུར་ནས་གཏན་ལ་ཕབ་པའི་གནད་ཀྱི་མདོ་བྱང་ཡང་འདི་ལས་གཞན་དུ་མེད་ཅིང་། འཕགས་ཡུལ་ནུབ་ཕྱོགས་གསང་ཆེན་འབྱུང་གནས་ཨོ་རྒྱན། ལྷོ་ཕྱོགས་སངས་རྒྱས་འབྱོན་པའི་གནས་རྒྱ་གར། བྱང་ཕྱོགས་ཐུགས་རྗེ་ཆེན་པོའི་གདུལ་ཞིང་བོད་ཡུལ་ལ་སོགས་པ་ཛམ་གླིང་གི་ཡུལ་གྲུ་མཐའ་དབུས་སིངྒ་དང་འགྲོ་ལྡིང་སོགས་གླིང་ཕྲན་རྣམས་སུ། བླ་མ་གུ་རུ་རིན་པོ་ཆེ་ཉིད་ཀྱི་སྒྲུབ་ཐབས་ཆེ་ཆུང་མཐའ་ཡས་པ་རྫོགས་པ་ཆེན་པོ་ཕ་མ་གཉིས་འབྲེལ་གྱི་རྒྱུད་དང་འབྲེལ་བའི་གདམས་ཟབ། ཐུགས་རྗེ་ཆེན་པོ་ཞི་ཁྲོའི་བསྐྱེད་རྫོགས་གྲངས་ལས་འདས་པ་སྟེ་སྐལ་ལྡན་གཅིག་མི་ཚེ་གཅིག་གིས་སངས་རྒྱས་ཀྱི་སར་བགྲོད་པའི་ལམ་ཟབ་སྙིང་པོར་དྲིལ་བ་དེ་གསུམ་དང་། སྒྲུབ་སྡེ་ཆེན་པོ་བརྒྱད་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པ་དང་བྱེ་བྲག་སོ་སོར་སྒྲུབ་པའི་ཐབས་ལ་སོགས་པ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་འབྱམས་སུ་ཀླས་པ་བསྐོར་བ་དེ་དག་ཀུན་གྱི་ཟབ་དོན་གཅིག་ཏུ་བསྡུས་ཤིང་མ་ནོར་བའི་ལམ་མཆོག་ཀྱང་འདི་ཉིད་ཁོ་ན་ཡིན་ནོ། །མདོར་བསྡུ་ན་རྗོད་བྱེད་ཚིག་ཚོགས་ཉུང་ཡང་བརྗོད་བྱའི་དོན་མ་ཚང་པ་གང་ཡང་མེད་པར་གནད་དུ་འདྲིལ་ཞིང་། རྡོ་རྗེའི་ཚིག་གིས་མ་བཅིངས་པར་ཞལ་གདམས་རྗེན་ཕྱུངས་སུ་བསྟན་པས་གོ་སླ་བ། མང་ཉུང་རན་པས་རྒྱུན་ཏུ་ཁྱེར་བདེ་བ། ལྟ་སྒོམ་སྤྱོད་པ་ཡན་ལག་བཅས་མ་ཚང་བ་མེད་པས་གཞུང་གཞན་ལ་མ་ལྟོས་པར། དབང་པོ་དམན་པ་ཉན་རང་། འབྲིང་པོ་བྱང་སེམས། དབང་མཆོག་རྡོ་རྗེ་ཐེག་པ་དག་གི་རང་ལམ་ཡོངས་སུ་རྫོགས་པའི་ཕྱིར་ན། སྡེ་སྣོད་གསུམ་དང་ཐེག་དགུའི་སྙིང་པོ་མཐར་ཐུག་པའི་ཞལ་གདམས་འདི་ལས་ལྷག་པ་གཞན་གང་དུ་བཙལ་ཡང་མ་མཆིས་སོ། །རྒྱུ་མཚན་དེ་ལྟ་བུའི་ཕྱིར་བདག་ཉིད་གསུང་རྡོ་རྗེ་པདྨ་སཾ་བྷ་བའི་གསང་ཆེན་ཐུགས་ཀྱི་ཐིག་ལེ་ཡེ་ཤེས་ལྔ་ལྡན་གྱི་རང་འོད་གསལ་བའི་དབྱིངས་ལས། མི་ཤིགས་ནཱ་དའི་དྭངས་མ་ཆོས་ཉིད་རྡོ་རྗེའི་རང་སྒྲའི་རྒྱུད་ཀྱི་རྒྱལ་པོར་རང་བྱུང་བ། འདས་པ་དང་ད་ལྟར་དང་མ་བྱོན་པའི་དུས་གསུམ་གྱི་སངས་རྒྱས་སྟོབས་བཅུ་མངའ་བ་ཀུན་གཤེགས་ཤིང་གཤེགས་ལ་གཤེགས་པར་འགྱུར་བའི་ཤུལ་ལམ་ཆེན་པོ་འདི་ནི། ཞེས་ཟབ་གཉན་གཅེས་པའི་གདམས་པ་ལ་དངོས་པོ་ངེས་བཟུང་དུ་བསྟན་པའོ། །གཉིས་པ་ནི། མངའ་བདག ནས འགྲུབ་པར་ཤོག༔ ཅེས་གསུངས་ཏེ། མངའ་བདག་ཆོས་ཀྱི་རྒྱལ་པོ་ཡབ་འཇམ་མགོན་ཁྲི་སྲོང་ལྡེའུ་བཙན་དང་ལྷ་སྲས་སྐུ་མཆེད་སྔོན་གྱི་ལས་འཕྲོ་དང་སྨོན་ལམ་དག་པས་གདམས་ཟབ་བདུད་རྩི་སྦྱིན་པའི་སྣོད་དང་ལྡན་ཅིང་སྤྲུལ་པའི་ལོ་ཙཱ་བ་བཻ་རོ་ཙ་ན་སློབ་དཔོན་ཆེན་པོ་ཤྲཱི་སིང་ཧ་ལས་རྫོགས་པ་ཆེན་པོའི་ལྟ་དགོངས་མཐར་ཕྱིན་པ་ཨོ་རྒྱན་བདག་དང་དགོངས་པའི་རྟོགས་ཚད་མཉམ་པ་དང་། ཐུགས་ཟིན་གྱི་གཟུངས་མ་དབྱིངས་ཕྱུག་ཡེ་ཤེས་ཌཱ་ཀི་མཚོ་རྒྱལ་མ་གུ་རུ་ཉིད་ལ་སྒོ་གསུམ་གུས་པ་ཆེན་པོས་ཞབས་ཏོག་ཕུལ་དུ་ཕྱིན་པས་མཉེས་པ་རྣམ་གསུམ་འགྲུབ་པའི་ཕྱིར། ཆོས་རྒྱལ་ཡབ་སྲས་དག་པའི་སྣོད་ལྡན་དུ་གྱུར་ཅིང་ལོ་ཙཱ་ཆེན་པོ་སྐལ་པ་མཆོག་དང་ལྡན་ལ་ཡེ་ཤེས་མཚོ་རྒྱལ་རྒྱུད་ལུང་ནས་འབྱུང་བའི་མཚན་ཉིད་དང་ལྡན་པ་སྟེ། དངོས་སུ་སྨིན་པ་གསུམ་ལྡན་ལྷན་ཅིག་པའི་འཁོར་འདུས་པ་རྣམས་དང་། བརྒྱུད་ནས་གོ་ཕྱེ་བའི་འཁོར་མ་འོངས་པའི་གང་ཟག་སྣོད་ལྡན་སྐལ་ལྡན་མཚན་ལྡན་གྱི་ཚོགས་རྣམས་ལ་གཉེར་དུ་གཏད་པ་ཡིན་པས། བཏང་སྙོམས་ངང་དུ་ཡལ་བར་མ་དོར་བར་གཅེས་ཚད་སྲོག་དང་ཕོངས་ཚད་མིག་འབྲས་ལྟར་བཙའ་བས་རྟག་པ་སྙིང་གི་དབུས་སུ་དྲན་པའི་གཟུངས་ཀྱིས་མ་བརྗེད་པར་ཟུངས་ཤིག །དེར་མ་ཟད་གཞུང་འདི་ཡི་གེར་བཀོད་ནས་ཡང་དང་ཡང་དུ་ལྟོས་ལ་ཇི་སྐད་བསྟན་པའི་ལམ་འདིར་ཞུགས་པ་དང་འདི་ཉིད་གཞན་ལ་རྒྱ་ཆེར་བཤད་པ་དང་རང་གིས་བརྩོན་པས་འདིའི་དོན་ཉམས་སུ་ལོངས་ངེས་པར་སྒྲུབས་ཤིག །ཅེས་ཟབ་མོའི་བཀའི་གཏད་གཉེར་ཕྱི་ཚིག་ནན་ཐག་ཏུ་བསྡམས་ནས། གོང་དུ་བསྔགས་པ་བརྗོད་པ་དོན་དང་ལྡན་པའི་གདམས་པ་ཁྱད་པར་ཅན་འདི་ལ་བརྟེན་ནས། དེ་ལྟར་དང་མ་འོངས་པ་ན་མཐའ་ཡས་པའི་གདུལ་བྱ་དངོས་དང་བརྒྱུད་ནས་མཐོང་ཐོས་དྲན་རེག་གིས་འབྲེལ་བར་གྱུར་བ་དེ་ཀུན་གཅིག་ཀྱང་མ་ལུས་པར། རང་བྱུང་གདོད་མའི་སངས་རྒྱས་ཡེ་ཤེས་སྙིང་པོའི་འབྲས་བུ་དུས་གཞན་དུ་མི་ལྟོས་པས་ཚེ་འདིར་ཁོ་ནར་འགྲུབ་པར་ཤོག་ཅིག །ཅེས་སྨོན་ལམ་དུ་མཛད་པ་སྟེ་རྡོ་རྗེའི་གསུང་ནམ་ཡང་བསླུ་བ་མེད་པས་དེ་ལྟར་འགྲུབ་པའང་ཡང་དག་ངེས་པའི་ཚད་མའོ། །རྩ་བའི་བཞི་པ་མཇུག་གི་དོན་ལ་གཉིས། གཞུང་ཡང་དག་པར་གྲུབ་པའི་ཚིག་གིས་མཇུག་བསྡུ་བ་དང་། དེ་ལྟར་གྲུབ་པའི་གཞུང་ཉིད་སྔོན་དང་ཕྱི་མར་དར་བའི་ཚུལ་ལོ། །དང་པོ་ནི། ཅེས་ཐུགས་ཀྱི་མཛོད་ནས་དམ་པར་བཞུགས་སོ༔ ཞེས་གསུངས་ཏེ། དེ་སྐད་ཅེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསང་གསུམ་སྒྱུ་འཕྲུལ་དྲྭ་བའི་སྤྱི་གཟུགས་གུ་རུ་རིན་པོ་ཆེའི་ཐུགས་ཀྱི་དགོངས་པའི་སྙིང་པོ་ཕྱུང་། གསང་བ་ཡེ་ཤེས་ཆེན་པོའི་མཛོད་བརྟོལ་ནས་གསུང་ཡན་ལག་དྲུག་ཅུ་དང་ལྡན་པ་ཚངས་པའི་དབྱངས་ཀྱི་མདོ་སྔགས་གདམས་པ་ཟབ་རྒུའི་ཡང་ཞུན་དུ་དྲིལ་ནས་བཀའ་བསྩལ་པས་ཐམས་ཅད་དགྱེས་པ་ཆེན་པོའི་ཚིམས་པའི་མདོངས་གསོལ་དུ། ངོ་མཚར་རྨད་དུ་བྱུང་བའི་རྫུ་འཕྲུལ་གྱི་རྣམ་པར་རོལ་བ་དང་། རྣམ་པར་ཐར་པའི་བཀོད་པ་མཐའ་ཡས་པ་འདུས་པའི་ཚོགས་ཀྱི་དབང་པོའི་སྤྱོད་ཡུལ་དུ་སྣང་བར་མཛད་པ་དང་བཅས་ཏེ་སྟོན་འཁོར་དགོངས་པ་མཉམ་ཉིད་དུ་གྱུར་ནས་གུ་རུ་ཉིད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་ལྷུན་གྱིས་གྲུབ་པ་སྟུག་པོ་བཀོད་པའི་རྒྱན་མཆོག་དམ་པར་དུས་བཞིར་འཕོ་འགྱུར་མི་མངའ་བར་བཞུགས་སོ། །ས་མ་ཡ༔ ཞེས་པ་དོན་མང་པོར་འཇུག་ཀྱང་འདིར་གཞུང་ཟབ་པའི་ཕྱིར་སྣོད་མིན་ལ་གསང་བ་དང་། རྡོ་རྗེའི་ཚིག་མི་འགྱུར་བའི་དམ་ཚིག་གི་རྒྱའོ། །གཉིས་པ་ལ་གཉིས། སྔོན་གྱི་སྐལ་ལྡན་རྣམས་ཀྱིས་བཟུང་ཚུལ་དང་། མ་འོངས་འགྲོ་བ་རྣམས་ཀྱི་དོན་དུ་གཏེར་དུ་སྦས་པའི་ཚུལ་ལོ། །དང་པོ་ལ་གསུམ། བཀའི་བསྡུ་བ་ཇི་ལྟར་བྱས་ཚུལ། དེས་འགྲོ་དོན་འབྱུང་ཚུལ། དེ་ཉམས་སུ་བླང་ཚུལ་ལོ། །དང་པོ་ནི། དེ་ལྟར་བཀའ་བསྩལ་པ་སོགས་ནས། གྭའུར་འཆང་སྟེ་གནས་སོ༔ ཞེས་པའི་བར་གྱིས་རྡོ་རྗེའི་གསུང་མཐའ་དག་གི་བཀའི་སྡུད་པ་པོ་ཡེ་ཤེས་མཚོ་རྒྱལ་གྱིས་མི་བརྗེད་པའི་གཟུངས་ཀྱིས་ཐུགས་སུ་བཟུང་སྟེ་བསམ་སྒོམ་གྱིས་གཏན་ལ་ཕབ། དེ་ཙམ་དུ་མ་བཞག་པར་ཆོས་རྒྱལ་ཡབ་སྲས་ལོ་ཆེན་བཻ་རོ་བཅས་ལྷན་ཅིག་ཐོས་པའི་འཁོར་རྣམས་དང་དགོངས་པ་བསྡུར་གྱི་ཚིག་དོན་ལྷག་ཆད་མེད་པའི་ཞུ་ཏིག་མཛད་ནས་མཁའ་འགྲོའི་བརྡ་ཡིག་ཏུ་བཀོད་ཅིང་ཐུགས་དམ་དུ་འབྲལ་མེད་བཅངས་བར་བསྟན་པའོ། །གཉིས་པ་ནི། ནམ་ཞིག་གི་ཚེ་ནས་མི་སྣང་བར་གྱུར་ཏོ༔ ས་མ་ཡ༔ ཞེས་པའི་བར་གྱིས། དག་པའི་འཁོར་རྣམས་མགྲིན་གཅིག་ཏུ་གདམས་པ་འཛིན་སྐྱོང་སྤེལ་གསུམ་ཇི་ལྟར་བྱ་བ་ཞུས་པའི་ལན་དུ་གུ་རུ་རིན་པོ་ཆེས་རྣམ་ཐར་མདོར་བསྡུས་པས་ཐོག་གྲངས། སྤྱིར་མཛད་པའི་ཆོ་འཕྲུལ་མཐའ་ཡས་པ་དང་བྱེ་བྲག་གངས་ཅན་བོད་ཀྱི་ཡུལ་དུ་སངས་རྒྱས་ཀྱི་མཛད་པ་བསམ་ཡས་རབ་འབྱམས་སུ་བསྟན་པའི་ཚུལ་དང་། ཁྱད་པར་བདུད་འཇོམས་རྡོ་རྗེ་དྲག་པོའི་རྩལ་གྱི་སྐུར་བཞེངས་ནས་ཟབ་རྒུའི་གདམས་བཅུད་ཡེ་ཤེས་སྙིང་པོ་ལམ་འབྲས་བུ་དང་བཅས་པའི་ཆོས་སྐོར་མ་འོངས་གདུལ་བྱའི་དོན་དུ་ཟབ་མོ་དོན་དུ་སྦ་བར་གདམས་པ་དང་། གཏེར་གནས་འཆོལ་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་མཆོག་གི་སྐུར་བསྟན་ཏེ་གཅིག་ལས་དུ་མར་འཕྲུལ་བའི་ཚུལ་གྱིས་དམ་སྲིད་གདུག་པ་ཅན་བཏུལ་བའི་གནས་སྟག་ཚང་མིང་ཅན་བཅུ་གསུམ་ཡོད་པའི་ཡ་གྱལ་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་གི་རྒྱུད་སྦས་གནས་ཆེན་པོ་རྡོ་རྗེ་ཟིལ་ཁྲོམ་གྱི་འདབ་ཞོལ་རོང་རྨེ་དཀར་མོ་སྟག་ཚང་གི་གནས་ཀྱི་བཞུགས་ཚུལ་ཆེ་བརྗོད་ཕན་ཡོན་དང་བཅས་པ། དེར་སྐུ་གསུང་ཐུགས་རྟེན་སོགས་ཇི་ལྟར་སྦ་བའི་ཚུལ། གང་ལ་བཅོལ་གདམས་བྱ་བའི་གཏེར་སྲུང་། སྦས་པའི་གཏེར་དེ་འབྱིན་པའི་དུས་ཚོད། འདོན་པའི་སྐྱེས་བུ། གདམས་པའི་སྣོད་ལྡན། དེ་ལ་བརྟེན་ནས་ཕྲིན་ལས་འབྱུང་ཚུལ། སྐྱེས་བུ་དམ་པའི་རྣམ་ཐར་མ་ངེས་པ་སྐྱོང་ཚུལ། ལམ་རིམ་འབྲི་ཀློག་འཆད་ཉན་གྱི་ཕན་ཡོན། ཞར་བྱུང་བོད་ཁམས་བདེ་བའི་རིམ་གྲོ་ཇི་ལྟར་སྒྲུབ་པའི་ཚུལ་ཡོན་ཏན་དང་བཅས་པ་གསལ་བར་བསྟན་མཐར་བཀའ་བསྩལ་པ་ལ་རྗེས་སུ་ཡི་རང་ཞིང་དད་གུས་ཆེན་པོས་མཆོད་བསྟོད་ཕུལ་ཏེ་སྨོན་ལམ་བཏབ་པས་གུ་རུ་རིན་པོ་ཆེས་མཐུན་འགྱུར་བསྩལ་ཅིང་བཀྲ་ཤིས་པའི་མཚན་ལྟས་རྒྱ་ཆེར་སྣང་བ་དང་། རིག་འཛིན་མཁའ་འགྲོ་དཀར་ཕྱོགས་སྐྱོང་བ་རྣམས་ཀྱིས་བསྟན་པ་འདི་ཉིད་སྲུང་ཞིང་སྐྱོང་བའི་དམ་བཅའ་ཕུལ་བ་བཅས་བསྟན་ཏོ། །གསུམ་པ་ནི། དེ་ནས་ཇི་ལྟར་ནས་གནས་པ་ན༔ ཞེས་པའི་བར་གྱིས་དག་པའི་འཁོར་དེ་རྣམས་ཀྱིས་གཞུང་འདི་ལ་ཐོས་བསམ་སྒོམ་པ་མཐར་ཕྱིན་པར་མཛད་ནས་ཚིག་དོན་ཆ་ཚང་བའི་དཔེ་རྒྱུད་གཞན་ལ་མ་བསྟན་པར་མགུལ་དུ་འཆང་། སྙན་བརྒྱུད་དུམ་དུམ་ཁྲིགས་ཅི་རིགས་པ་སྐལ་ལྡན་གཞན་ལའང་བསྟན་ཅིང་སྤེལ་བའི་ཚུལ་བཤད། གཉིས་པ་གཏེར་དུ་སྦས་པའི་ཚུལ་ལ་གཉིས། སྦས་ཚུལ་དངོས་དང་། ཞར་བྱུང་དེ་བཏོན་ནས་འགྲོ་དོན་འབྱུང་ཚུལ་ལོ། །དང་པོ་ནི། ནམ་ཞིག་གུ་རུ་རིན་པོ་ཆེས་སོགས་ནས། མནྟྲ་གུ་ཧྱ་ས་མ་ཡ༔ ཞེས་པའི་བར་གྱིས། ཡེ་ཤེས་ཌཱ་ཀིའི་རྗེ་མོ་མཚོ་རྒྱལ་མས་གུ་རུ་སྲིན་པོའི་ཁ་གནོན་དུ་གཤེགས་པའི་རྗེས་བོད་ཁམས་མཐའ་དབུས་ཀུན་ཏུ་གཏེར་ཞབས་བསྡམས་པའི་དུས་སུ་སྔགས་སྲུང་རལ་གཅིག་མས་རྗེས་སུ་བསྐུལ་བས་རྐྱེན་བྱས་ཏེ། གུ་རུས་ལུང་བསྟན་པའི་གནས་སུ་རྫུ་འཕྲུལ་གྱིས་སྦས་ཤིང་ཟབ་མོའི་རྒྱ་རིམ་པ་བཅུ་གསུམ་གྱིས་བཏབ་ནས་གཏེར་སྲུང་བདུད་དང་བཙན་གྱི་མགོན་པོ་ལ་གཉེར་དུ་གཏད་ཅིང་རྡོ་རྗེའི་ལུང་དོན་འགྲུབ་པའི་སྨོན་ལམ་མཛད་པ་ན་གུ་རུ་རིན་པོ་ཆེ་སྐད་ཅིག་གིས་བྱོན་ནས་བདེན་ཚིག་དང་རབ་ཏུ་གནས་པའི་ཕྲིན་ལས་མཛད་ཚུལ་རྣམས་བསྟན་ཏོ། །གཉིས་པ་ནི། བཀྲ་ཤིས་པའི་སྔགས་ཚིག་གིས་ཐོག་དྲངས། མཁས་པའི་གཙུག་རྒྱན་སོགས་ཀྱིས། རྡོ་རྗེའི་ལུང་དོན་ལྟར་འགྲོ་འདུལ་གྲུབ་པའི་རིག་འཛིན་ཆེན་པོ་ལྷན་རྒྱས་པས་འཕྲལ་གྱི་ཁ་བྱང་དང་སྔོན་གནས་རྗེས་དྲན་གྱི་གསལ་སྣང་ལ་བརྟེན། ཟབ་མོའི་གཏེར་རྒྱ་བཀྲོལ་ཏེ་སྦས་པའི་གཏེར་རྣམས་ས་སྟེང་དུ་སྣང་བར་མཛད་པས་སྐལ་ལྡན་སྐྱེས་མཆོག་རྣམས་ཀྱིས་འཛིན་སྐྱོང་སྤེལ་ཏེ་འགྲོ་དོན་མཐའ་རྒྱས་སུ་འཕེལ་བའི་སྒོ་མོ་གསར་དུ་ཕྱེས་པའི་ཚུལ་སྨོན་ལམ་དང་བཅས་བསྟན་པའོ།། །།ཨོཾ་སྭ་སྟི་སིདྡྷཾ། གང་ཞིག་སངས་རྒྱས་སྙིང་པོ་དྲི་མར་བཅས་པ་རྒྱུ་དང་འབྲས་བུའི་བསྟན་རིམ་གྱིས། །ལེགས་སྦྱོང་ཆོ་ག་གཞུང་ལུགས་གཅིག་ཏུམ་ཚང་མེད་སྟོན་ཤིང་རྟ་ཆེན་པོའི་སྲོལ། །ཀུན་མཁྱེན་ཡེ་ཤེས་རྒྱ་མཚོ་ལས་འཁྲུངས་བྱིས་བློའི་ཡུལ་འདས་རྡོ་རྗེའི་ཚིག་གི་མཛོད། །ཐར་འདོད་འཇུག་ངོགས་གཅིག་པུ་འདིར་ཞུགས་མི་གནས་བྱང་ཆུབ་མྱུར་དུ་མངོན་བྱེད་འགྱུར། །བློ་དམན་སྦྲང་བུའི་བགྲོད་པས་མཁའ་ལམ་བཞིན། །དགོངས་དོན་ཇི་བཞིན་འགྲེལ་བར་ནུས་མིན་ཀྱང་། །གསང་བདག་རིག་འཛིན་བླ་མས་རྗེས་གནང་ཞིང་། །གཞན་དག་འབད་པས་བསྐུལ་ཕྱིར་ཅུང་ཟད་བཀྲོལ། །ཐོས་པའི་ལང་ཚོས་རབ་དྲེགས་སྟོན་ཆེན་གྱི། །དོན་དུ་འགྱུར་མིན་ཐར་པ་དོན་གཉེར་པའི། །དད་བརྩོན་བློ་དམན་རྣམས་ལ་སྙིང་གི་དཔྱིད། །སྟེར་བྱེད་ཡོངས་འདུས་གསར་པའི་སྐྱེད་ཚལ་ལོ། །མ་རྟོགས་ལོག་རྟོག་བློ་ཡིས་ཕྱོགས་བསླད་པས། །མ་བཀྲལ་ལོག་པར་བཀྲལ་སོགས་ནོངས་པའི་སྤྲིན། །གཞུང་བཟང་ཉིན་བྱེད་སྒྲིབ་རྣམས་ཆོས་དབྱིངས་མཁར། །རྩ་གསུམ་ཐུགས་རྗེའི་ཤུགས་ཀྱིས་དེངས་མཛད་གསོལ། ཁེངས་པའི་བློས་མིན་དད་པ་ཁོ་ན་ཡིས། །སྲི་ཞུ་ཕུལ་བའི་དགེ་འབྲས་ཕྲ་མོ་ཙམ། །གང་མཆིས་སྐྱེ་དགུའི་རྨོངས་པའི་མིག་སེལ་ཅིང་། །དྲི་བྲལ་ཡེ་ཤེས་སྤྱན་ཡངས་ཐོབ་ཕྱིར་བསྔོ། །འགྲོ་ཀུན་རྒྱལ་བསྟན་ཡོངས་རྫོགས་བཀའ་སྲོལ་འདིར། །ཐོས་བསམ་སྒོམ་པའི་སྐལ་བ་མཆོག་ལྡན་ཅིང་། །རང་ལམ་མཐར་ཕྱིན་བགྲོད་གཅིག་འབྲས་བུའི་དཔལ། །མྱུར་དུ་ཐོབ་ནས་དོན་གཉིས་ལྷུན་གྲུབ་ཤོག །སྲིད་ན་མཚུངས་མེད་ནོར་བུ་དཔག་བསམ་ཤིང་། །ཉི་ཟླའི་དཀྱིལ་འཁོར་རྒྱས་འདྲའི་གཞུང་འདི་ཡང་། །མི་ཉམས་རབ་འཕེལ་དེ་འཛིན་སྐྱེས་མཆོག་རྣམས། །སྐུ་ཚེ་བརྟན་ཅིང་བཞེད་དོན་ཀུན་འགྲུབ་ཤོག །འདིར་འབྲེལ་ཡོན་ཏན་ཇི་ལྟར་རྡོ་རྗེའི་ལུང་གིས་བསྔགས་པ་བཞིན། །བདག་གཞན་འབྲེལ་བཅས་དཀའ་བ་མེད་ཐོབ་ཐེག་མཆོག་ཡིད་བཞིན་ནོར། །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་བཀོད་ལས་གྲུབ་གཉིས་འདོད་རྒུའི་ཆར། །འཇིག་རྟེན་གསུམ་ན་ཁྱབ་ཅིང་རྟག་འབེབས་བཀྲ་ཤིས་ཁྱབ་གྱུར་ཅིག །ཅེས་ཐུགས་སྒྲུབ་རྣམ་པ་བཞིའི་རྒྱབ་ཆོས་ཞལ་གདམས་ལམ་རིམ་ཡེ་ཤེས་སྙིང་པོའི་འགྲེལ་པ་མདོར་བསྡུས་སུ་བྱས་པ་འདིའང་། ཁྱབ་བདག་འཁོར་ལོའི་མགོན་པོ་གཏེར་ཆེན་རིག་འཛིན་བླ་མ་ལྷན་རྒྱས་ནས་བཀའ་ལུང་གི་རྗེས་སུ་གནང་བ་དང་། རྒྱལ་དབང་ཐམས་ཅད་མཁྱེན་པ་བཅུ་བཞི་པའི་ཐུགས་སྲས་ཀཾ་ཚང་བསྟན་པའི་གསལ་བྱེད་མཚུར་ཕུ་རྗེ་དཔོན་མཆོག་སྤྲུལ་རྣམ་པ་གཉིས་དང་། མཁྱེན་ལྡན་ཌཱ་ཀི་བདེ་ཆེན་ཆོས་སྒྲོན་ནས་ཀྱང་གསེར་གྱི་མེ་ཏོག་བཅས་རིང་ནས་བསྐུལ་ཅིང་སླད་དུ་གཏེར་སྲས་རིག་འཛིན་ཚེ་དབང་གྲགས་པ་དང་ལྷན་ཅིག་གསུང་བསྐུལ་གནང་བ་དང་། བྱང་སེམས་དགེ་བའི་བཤེས་གཉེན་ཚྭ་ཉག་བླ་མ་ཤེས་རབ་གཙོར་གྱུར་མོས་ལྡན་གཞན་དག་གིས་ཀྱང་ནན་བསྐྱར་མཛད་པ་ལ་བརྟེན། ཐམས་ཅད་མཁྱེན་གཟིགས་འཇམ་མགོན་བླ་མ་རིན་པོ་ཆེས་བསྩལ་པའི་ས་བཅད་དང་། ཞལ་གྱི་བདུད་རྩི་དངོས་སུ་ཐོབ་པ་ཡིད་ཡུལ་གང་མཆིས་གཙོར་བཟུང་། འཐད་འོས་ཀྱི་ཆ་འགའ་ཞིག་མཁས་པ་གཞན་གྱི་ལེགས་བཤད་ལས་ཀྱང་བླངས་ཏེ་བླུན་སྒོམ་སྤོང་བ་པའི་གཟུགས་བརྙན་པདྨ་གར་དབང་བློ་གྲོས་མཐའ་ཡས་སམ། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་ཤྲཱི་དེ་བཱི་ཀོ་ཊི་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་གོ་སླ་འདུས་གསལ་གྱི་ཚུལ་དུ་བགྱིས་པ་བསྟན་འགྲོར་ཕན་བདེའི་སྣང་བ་མི་ནུབ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག ༈ །ཨོཾ་སྭསྟི། འཆི་མེད་མཚོར་འཁྲུངས་རྒྱལ་བས་སྐལ་བཟང་འགྲོར། །མདོ་སྔགས་ལམ་རིམ་ཡོངས་རྫོགས་ཞལ་གདམས་སུ། །བསྩལ་པའི་གཞུང་བཟང་འཇམ་མགོན་བླ་མ་ཡིས། །རྡོ་རྗེའི་ཚིག་དོན་འགྲེལ་བའི་ལེགས་བཤད་གང་། །ལུང་རྟོགས་མཛོད་འཛིན་མཆོག་སྤྲུལ་རིན་པོ་ཆེ། །དཀོན་མཆོག་འགྱུར་མེད་བསྟན་པའི་རྒྱལ་མཚན་གྱིས། །གཅིག་ལས་དུ་མར་འཆར་བའི་པར་གྱི་འཕྲུལ། །ཙི་ཀེ་ནོར་བུ་གླིང་གི་ཆོས་གྲྭར་བསྒྲུབས། །དེ་དགེ་དུང་དང་ཀུནྡ་ལྟར་དཀར་བས། །གཞི་རྒྱུད་རིགས་སད་ཡང་དག་ལྟ་བ་རྟོགས། །ལམ་རྒྱུད་སྐུ་བཞི་ཡེ་ཤེས་མངོན་གྱུར་ཤོག །ཅེས་པར་བྱང་སྨོན་ཚིག་ཏུ་ཆོས་སྨྲ་བའི་བནྡེ་བློ་གྲོས་རྒྱ་མཚོས་བྲིས་པ་དགེ་ལེགས་འཕེལ།། སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝནྟུ།། །།
བླ་མ་དགོངས་པ་འདུས་པ་ལས༔ རྩ་བ་གསུམ་གྱི་ཐུགས་སྒྲུབ་གསལ་བྱེད་ཐུགས་ཀྱི་ནོར་བུའི་སྒྲུབ་པ་དང་ལས་སྦྱོར་ (Volume 7, Text 2)
༁ྃ༔ བླ་མ་དགོངས་པ་འདུས་པ་ལས༔ རྩ་བ་གསུམ་གྱི་ཐུགས་སྒྲུབ་གསལ་བྱེད་ཐུགས་ཀྱི་ནོར་བུའི་སྒྲུབ་པ་དང་ལས་སྦྱོར་བཞུགས༔ ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་མཛོད་ཆེན་པོ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ༔ བླ་མ་ཡི་དམ་མཁའ་འགྲོའི་དགོངས་པ་ཡོངས་སུ་རྫོགས་པ་ལས༔ ཡང་གསང་རྩ་བའི་ཐུགས་སྒྲུབ་གསལ་བྱེད་ཐུགས་ཀྱི་ནོར་བུ་ལས༔ བསྙེན་པ་ཐེམས་ཤིང་གྲུབ་པའི་རྟགས་རིན་པོ་ཆེའི་གཏེར་ཁུང་མང་པོ་རྡོལ་བ་དང༔ རང་ལ་ཐམས་ཅད་ཀྱིས་བཀུར་སྟི་ཕུ་དུད་ཕྱག་བྱེད་ཅིང༔ རང་གིས་གཞན་གྱི་དེད་དཔོན་བྱེད་པ་ལ་སོགས་པའི་མཚན་མ་བྱུང་ངམ༔ མཐར་ཡང་དངོས་གྲུབ་བརྙེས་པའི་ལྟས་སམ༔ སྐུ་གསུང་ཐུགས་ཀྱི་རྟགས་ཐུན་མོང་མ་ཡིན་པ་བྱུང་ན༔ སྒྲུབ་པ་ལས་སྦྱོར་ལ་འཇུག་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས༔ སྤྱིར་ནི་དགོངས་འདུས་ཀྱི་སྒྲུབ་པ་ཆེན་པོའི་སྒྲོམ་དྲུག་དང༔ དངོས་གྲུབ་འབྱུང་བྱེད་བདུད་རྩིའི་སྒྲུབ་པ་རྣམས་པྲ་ཁྲིད་གསལ་བའི་མེ་ལོང་གིས་ཁོག་ཕུབ་ལ༔ གཞུང་སོ་སོ་ནས་འབྱུང་བ་ལྟར་ཅི་འགྲུབ་འགྲུབ༔ རྣལ་འབྱོར་པ་རང་གི་སྣང་ཚུལ་འདོད་བློ་དང་བསྟུན་ལ་བྱ་ཞིང༔ དེ་དག་སོ་སོར་གང་པ་སྒྲུབ་བརྟགས་ཐོན་ཕན་ཆད༔ ལས་སྦྱོར་ནི་གང་ལ་གང་དགོས་རང་གཞན་གྱི་དོན་རིམ་པར་སྤྲོས་པ་རྣམས་དང་བསྐྱེད་རྫོགས་ཐམས་ཅད་ལ་ལོངས་སྤྱོད་པར་བྱའོ༔ བྱེ་བྲག་ཏུ་སྒྲུབ་པ་དང༔ ལས་སྦྱོར་གཉིས་ཀྱི་ཐོག་མར་སྒྲུབ་པ་ནི༔ སྤྱི་དོན་གསུམ༔ སྔོན་འགྲོ༔ དངོས་གཞི༔ རྗེས་སོ༔ སྤྱི་དོན་དང་པོ་སྔོན་དུ་འགྲོ་བ་ལ་ལྔ་སྟེ༔ ཡོ་བྱད་གསག་ཅིང་སྒྲུབ་པ་ལ་འཇུག་པ༔ བཅས་གཤོམ༔ ཚོགས་གསག་པ༔ སྒྲིབ་པ་སྦྱོང་བ༔ མཚམས་བཅད་པའོ༔ དང་པོ་ཡོ་བྱད་གསག་པ་ནི༔ ཐུན་མོང་ཁྱད་པར་གཉིས་ལས༔ ཐུན་མོང་གི་ཡོ་བྱད་དུ༔ དགྲ་ཟློག་གི་མཚོན༔ ནད་ཟློག་གི་སྨན༔ སྒྲུབ་བརྒྱག་སྤོག་ཆོག་གི་ཡུན་ཚད་ལྡང་བ༔ ཁམས་གསོ་བར་བྱེད་པ་བཅུད་ལེན་གྱི་བཟའ་བཏུང༔ ལུས་སྐྱོང་བྲན་བྱེད་པའི་གོས་གདན་ལ་སོགས་དང༔ མཆོད་པ་དང༔ གཏོར་མ་དང་ཚོགས་ཀྱི་ཡོ་བྱད་དང་སྨན་རཀྟ་ལ་སོགས་པ་གང་ལ་གང་དགོས༔ སྒྲུབ་གཡོག༔ མཆེད་ལྕམ་སྒྲུབ་པའི་གྲོགས་ཚུལ་དང་མཐུན་པ་བདུན་ནམ༔ བདུན་གསུམ་ཉེར་གཅིག་ལས་མི་མང་ཞིང༔ བཀའ་ཉན་གུས་སྡོད་དམ་ཚིག་ལ་གནས་པ༔ ཐ་ན་ཆུ་ཤིང་ཡན་ཆད་མ་ཚང་བ་མེད་པ་ཚགས་སུ་ཚུད་པར་བྱ་ཞིང༔ མདོར་ན་སྒྲུབ་པ་ལ་ཞུགས་ནས༔ མཚམས་མ་ཐོན་གྱི་བར་དུ་ཕྱི་ནས་ཅི་ཡང་རྩོལ་སྒྲུབ་ཀྱི་རྣམ་གཡེང་མི་དགོས་པར་ཐམས་ཅད་སྟ་གོན་དུ་བྱེད་པ་གལ་ཆེ༔ གལ་ཏེ་སྒྲུབ་འཕྲོ་ལ་ཕྱི་ནས་བཙལ་དགོས་པ་བྱུང་ན༔ གསེང་བར་དུ་བདུད་བགེགས་ཞུགས་ཤིང་སྒྲུབ་པ་ཞུད་པར་འགྱུར་བ་ལ་སོགས་པའི་སྐྱོན་མང་བས༔ དེའི་གནད་ཤེས་པར་བྱེད་པ་གལ་ཆེའོ༔ ཁྱད་པར་གྱི་ཡོ་བྱད་ནི༔ སྒྲུབ་རྫས༔ རྟེན་རྫས༔ དངོས་གྲུབ་ཀྱི་རྫས་གསུམ་ལས༔ དང་པོ་ནི༔ བླ་མ་ཆོས་སྐུའི་སྒྲུབ་རྫས་ཤེལ་ཟུར་མང་སྐྱོན་མེད་སྒོ་ཅན༔ ལོངས་སྐུའི་སྒྲུབ་རྫས་མེ་ལོང་གས་ཆག་སྤུ་རིས་མེད་པ་མཐོ་སྐོར་མ༔ མ་འཛོམ་ན་སོར་བཞི་ལས་མི་ཆུང་བ༔ སྤྲུལ་སྐུའི་སྒྲུབ་རྫས༔ རབ་དཀྱིལ་འཁོར་དགུ་པོའི་ལྷ་གྲངས་ཚང་བ༔ འབྲིང་གཙོ་བོ་དགུ༔ ཐ་ན་བླ་མ་རྟ་མགྲིན་ཕག་མོ་གསུམ་གྱི་སྐུ་དར་རས་ཤོག་གུ་གང་འཛོམ་གྱི་ངོས་ལ་བྲིས་པ་ཙཀླི༔ ཡི་དམ་ཞི་བའི་སྒྲུབ་རྫས་དར་སྣ་ལྔ༔ ཁྲོ་བོའི་སྒྲུབ་རྫས་ཐོད་པ་མཚན་ལྡན༔ ཞི་དྲག་ཕྱེད་མའི་སྒྲུབ་རྫས་བུམ་པ་ཚད་ལྡན་སྐྱོན་མེད༔ མཁའ་འགྲོ་ཕྱིའི་སྒྲུབ་རྫས་ཟངས་ཀྱི་གྭའུ༔མཐོ་འཁྱུད་ལས་མི་ཆུང་བ་ཆེ་ཆུང་སྐབས་དང་བསྟུན། ནང་གི་སྒྲུབ་རྫས༔ གསེར༔ དངུལ༔ གཡུ༔ དུང༔ བྱེ་རུ༔ མུ་ཏིག༔ གསང་བའི་སྒྲུབ་རྫས་བྱང་སེམས་དཀར་དམར་རོ༔ རྟེན་རྫས་ནི༔ རྩ་བ་གསུམ་གྱི་སྲོག་འཁོར་དཔེའུ་རིས་ནས་འབྱུང་བ་ལྟར་རོ༔ དངོས་གྲུབ་ཀྱི་རྫས་བདུད་རྩི་ཨ་མྲྀཏ༔ སིནྡྷུ་ར༔ བླ་མ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར༔ བཟང་པོ་དྲུག༔ ག་པུར༔ ཙནྡན་དཀར་དམར༔ རུ་རྟ༔ གི་ཝཾ༔ ཨ་རུ་ར་གསེར་མདོག༔ དབང་པོ་ལག་པ༔ སྦྲང་རྩི༔ བུ་རམ༔ ར་དཀར༔ བ་དམར༔ འབྲི་ཟལ་མོ་གསུམ་གྱི་མར་ཆང༔ འབྲུ་སྣ་ལྔ༔ ཤིང་འབྲས་སྣ་ཚོགས༔ ཟས་སྣ་ཚོགས་རྣམས་སོ༔ གཞན་ཡང་བླ་མ་ཡི་དམ་མཁའ་འགྲོ་འདུ་ཞིང་དགྱེས་པ་སྐོང་བར་བྱེད་པའི་རྫས༔ པད་ཞུ༔ དར་ཐོད༔ དབུ་རྒྱན༔ ལྡིང་བེར༔ བྷན་སྣོད༔ གྲི་གུག༔ རྡོ་རྗེ༔ དྲིལ་བུ༔ ཁ་ཊྭཱཾ༔ ཐོད་པ་ལྟག་སྤྲོད༔ ཅང་ཏེའུ༔ མི་རྐང་གླིང་བུ༔ གསུར་ཆེན་ཞུན་ཆེན་གྱི་མར་མེ་ལ་སོགས་མཛེས་ཤིང་ཡིད་དུ་འོང་བའི་སྤྱན་གཟིགས་ཅི་འཛོམ་བསག་པར་བྱའོ༔ དེ་ལྟར་ཡོ་བྱད་རྣམས་འཚོགས་ནས་སྒྲུབ་པ་བྱེད་པ་ལ་གསུམ༔ གནས༔ དུས༔ བྱེད་ཚུལ་གསུམ་ལས༔ གནས་ནི་གང་རུང་རུང་དུ་མ་ཡིན་པར་རབ་གནས་ཡུལ་དུར་ཁྲོད༔ འབྲིང་སྔར་མི་མ་འགྲིམ་པ་དབེན་ཞིང་ཉམས་དགའ་བ་བག་དྲོ་ལ་བྱིན་ཆགས་པའམ༔ ཡང་ན་སྔར་གྱི་གྲུབ་ཐོབ་རྣམས་ཀྱི་ཞབས་ཀྱིས་བཅག་པའི་ཕྱོགས་ཏེ༔ མདོར་ན་བཀྲ་ཤིས་ཡིད་འོང་སྒྲུབ་པ་འཕེལ་བའི་ས་ཕྱོགས༔ ཐ་མ་ཡང་སྐྱེ་བོ་ཕལ་པའི་ཁྲོད་མ་ཡིན་པར༔ གྲོང་ཡུལ་ལས་རྒྱང་རིང་བ༔ འདུ་འཛི་རྣམ་གཡེང་གི་ས་དང༔ མི་མ་ཡིན་དྲག་པོའི་རྒྱུ་སྲང་དང༔ འབྲོག་ཁང་དང་ལུང་པའི་ཤུལ་ལམ་མ་ཟུག་པ༔ ནགས་ཁྲོད༔ བས་མཐའ༔ བྲག་ཕུག༔ གངས་ཞོལ་ལ་སོགས་པ་ཤིན་ཏུ་དབེན་པའི་གནས་བཙལ་ཞིང་དེ་རྣམས་སུ་བསྒྲུབ་པར་བྱའོ༔ དུས་ཀྱང་ནམ་ཡིན་དུ་བྱར་མི་རུང་ཞིང༔ ར་བ་བཞི་གང་རུང་གི་ཚེས་བརྒྱད༔ བཅུ༔ བཅོ་ལྔ་གསུམ་གང་འཕྲོད་དང༔ གཟའ་དར་ལ་སྐར་མ་བཟང་བའི་སྔ་དྲོ་དང་པོ་ལ་བབ་པའི་དུས་སུ་འཇུག་པར་བྱའོ༔ བྱེད་ཚུལ་ནི༔ རང་འདོད་ཁེ་གྲགས་ལོ་འདོད་འགྲན་སེམས་ཚུལ་འཆོས་ལ་སོགས་པའི་རྣམ་པ་ཅན་དུ་མ་ཡིན་ཞིང༔ སྙིང་ཐག་པ་ནས་གཞན་དོན་གྱི་བསམ་པས་དད་པ་མོས་གུས་ཀྱི་ཤུགས་དྲག་པོ་བསྐྱེད་དེ༔ སྒྲུབ་པའི་དབུ་བཙུག་ནས་གཞུག་ཐོན་གྱི་བར་དུ་འཆི་བདག་ལས་ཀྱི་ཕོ་ཉ་བ་བྱུང་ཡང་གཡོ་བ་མེད་པའི་ངང་ནས༔ བྱ་བ་གཞན་བཟང་ངན་གང་གིས་ཀྱང་བར་མ་ཆོད་པར་སྨྲ་བ་བཅད་དེ༔ མཐར་དབྱུང་བར་བྱའོ༔ སྒྲུབ་པ་མི་འཕེལ་ཞིང་འཕྲོ་ལུས་པར་འགྱུར་བའི་རྐྱེན་ཅི་བྱུང་ཡང་བར་ཆད་དུ་ཤེས་པར་བྱས་ཏེ། ཐིས་ཕུར་དུ་བཅས་ལ་འདུན་པ་རྩེ་གཅིག་ཏུ་བསྒྲུབ་པར་བྱའོ༔ གཉིས་པ་བཅས་བཤམ་པ་ནི༔ ཕྱི་ནང་གསང་བ་གསུམ་ལས༔ ཕྱིའི་བཅས༔ སྒྲུབ་ཁང་གི་སྟེང་དུ་ཅོད་པན་དམར་པོ་བཙུག༔ ཕྱོགས་བཞིར་ཐོ་དཀར་པོ་རང་ལུས་དང་མཉམ་པ་རེ་རེ་བཙུགས་ལ༔ རྒྱལ་ཆེན་སྡེ་བཞིར་དམིགས་ཤིང་མངའ་གསོལ་རབ་ཏུ་གནས་པ་དང་བཅས་པས༔ ཕྱིའི་བར་ཆད་བྱེད་པའི་གནོད་བྱེད་འབྱུང་པོ་མི་མིན་མི་རུ་བརྫུ་བ༔ ལྷ་མིན་ལྷ་རུ་བརྫུ་བ་ལ་སོགས་ནང་དུ་མི་གཏང་ཞིང༔ ནང་གི་དངོས་གྲུབ་ཕྱིར་མི་ཡལ་བའི་མཚམས་ཆོད་ཅིག༔ ཅེས་སོགས་བཀའ་བསྒོ་བ་དང་གཉེར་གཏད༔ ཕྲིན་ལས་གཞོལ་བ་རྣམས་སྒྲུབ་པ་ཆེན་པོ་ནས་འབྱུང་བའམ༔ ལས་གཞུང་ལྟར་བྱ༔ གཞན་ཡང་དམ་སྲི་མནན་པ༔ སྒོ་བྱང་གདགས་པ་རྣམས་ཀྱང་པྲ་ཁྲིད་ནས་འབྱུང་བ་ལྟར་བྱ༔ དེ་ལས་གཞན་ཡང་ཡུལ་རིས་གཞི་བདག་ལྷ་ཀླུ་རྣམས་དང༔ འབྱུང་པོའི་ཚོགས་དང་བཅས་པ་རྣམས་ལ་སོ་སོར་ཚིམས་པའི་གཏོར་མ་ཡང་བྱིན་ལ༔ བསྐྲད་གཟིར་བཀའ་བསྒོ་བདེན་པའི་སྟོབས་བརྗོད་པ་རྣམས་སྤྱི་དང་མཐུན་པ་བྱའོ༔ ནང་གི་བཅས་ནི༔ དེ་ལྟར་བཅས་རྣམས་གྲུབ་པ་དང་སྒྲུབ་པ་པོ་རྣམས་མ་གཏོགས་སུ་ཡང་ནང་དུ་འགྲིམ་མི་གཞུག་པར་ཡོལ་བ་རིམ་པ་གསུམ་བྱས་ཏེ༔ ཕྱི་མ་ལ་སྒྲུབ་གཡོག༔ བར་མའི་ནང་དུ་སྒྲུབ་པ་བྱེད་པའི་གྲོགས་གང་ཡོད༔ ནང་མ་ལ་རང་ཉིད་དང་བཅས་ཡོད་པར་བྱ༔ དེ་ནས་ཞག་གི་བར་དུ་གནས་སྲུང་བའི་དམིགས་པ་དང་བཅས་པས་མགྲོན་རྣམ་བཞི་ལ་གཏོར་མ་ཅི་མང་དུ་འབུལ༔ གྲུབ་ན་སྤྲོས་བཅས་བུམ་དབང་ནས་འབྱུང་བ་ལྟར་སའི་ཆོ་ག་ཡང་བྱ༔ མ་གྲུབ་ཀྱང་སའི་ལྷ་མོ་འཁོར་བཅས་ལ་གསེར་སྐྱེམས་ཕུལ་ཏེ་སྒྲུབ་པའི་སྟོང་གྲོགས་གྱིས་ཤིག་པའི་བཀའ་བསྒོ༔ དེ་ནས་དཀྱིལ་འཁོར་འདོམ་གང་གྲུ་བཞི་དཔངས་སུ་མཐོ་གང་བ་ཁོད་སྙོམས་ཞིང་ངོས་འཇམ་པར་བཟོས་པ་ལ་ཆང་ལ་ཨ་མྲྀཏའམ༔ སིནྡྷུ་རའི་ཁ་ཚར་བཏབ་པས་ཆག་ཆག་གདབ༔ རྩ་བ་གསུམ་དང་ཁྲོ་བོ་བཅུའི་སྔགས་བརྗོད༔ ཚོན་སྣ་ལྔས་དཀྱིལ་འཁོར་ཕོ་བྲང་ལྟེ་བ་ཟླུམ་པོ་མུ་ཁྱུད་དང་བཅས་པའི་རྒྱབ་ཏུ་པདྨ་འདབ་བཞི༔ དེ་རྒྱབ་མུ་ཁྱུད་དང་བཅས་པའི་པདྨ་འདབ་བརྒྱད་པ་སྟེ༔ གཞན་ཐམས་ཅད་སྤྱི་དང་མཐུན་པར་བྲིས་པའི་དབུས་སུ་ཁྲིའུ་ནས་སྣོད་བཤམ༔ དེ་དག་གི་གནས་ཐམས་ཅད་དུ་ལྷ་གྲངས་སམ་ཙཀླི་གང་འབྱོར་རྒྱས་བསྡུས་སྐབས་དང་སྦྱར་ལ་བཀོད༔ ཕྱི་རོལ་དུ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྲུང་མ་དང་འཇིག་རྟེན་སྐྱོང་བྱེད་དང་བཅས་པའི་གཏོར་མ་རྒྱན་ལྡན་དང༔ ཕྱི་ནང་མཆོད་རྫས་སྨན་དང་རཀྟ་ལ་སོགས་པ་རྣམས་སྤྱི་དང་མཐུན་པར་བཤམས་ཤིང༔ བདག་ཉིད་ནུབ་ཕྱོགས་ཨུ་རྒྱན་ལ་ཁ་ལྟ་བའི་བཀོད་པ་དང༔ ས་རྒྱན་གནམ་རྒྱན་ལ་སོགས་དར་གྱི་ཅོད་པན་དང༔ ལྡ་ལྡི་གང་འབྱོར་བྲེས་སྟེ་མདོར་ན་བཀོད་ལེགས་ཤིང་བག་དྲོ་བ༔ བླ་མ་ཡི་དམ་མཁའ་འགྲོ་ལ་སོགས་དཀོན་མཆོག་གསུམ་གྱི་སྐུ་རྟེན་རིས་སུ་བྲིས་པ༔ འབུར་དུ་བཀོད་པ་དང༔ གསུང་རྟེན་གླེགས་བམ་ལ་སོགས་པ་མཆོད་པའི་སྤྱན་གཟིགས་དང་བཅས་པ་ཅི་འབྱོར་བཤམ་པར་བྱའོ༔ གསང་བའི་བཅས་ནི༔ སྔར་བསྟན་པའི་རྫས་རྣམས་ཏེ༔ དེ་ཡང་དངོས་གྲུབ་ཀྱི་རྫས་རྣམས་ཆ་སྙོམས་ལ་ལེགས་པར་བཏུལ་ཞིང༔ ཆང༔ སྦྲང༔ བུ་རམ༔ མར་རྣམས་ཀྱིས་སྦྲུས་པའི་རིལ་བུ་རི་དྭགས་ཀྱི་རིལ་མ་ཙམ་དུ་བསྒྲིལ་བ་་་རིལ་བུའི་བུངས་ཨ་རུ་ར་དང་འབྲུ་སྣ་ལས་བྱས་ཤིང་གཟའ་སྐར་ཚེས་གྲངས་བཟང་པོ་ལ་སྟ་གོན་བྱའོ་་་ལ༔ མཚལ་དང་སིནྡྷུ་རའི་གོས་བསྐོན་པས་ཐོད་པ་ཁེངས་པར་བྱ༔ བུམ་པ་ཚད་ལྡན་གྱི་ནང་དུ༔ བུམ་རྫས་ཉེར་ལྔ་དང་ལྡན་པའི་རྒྱུན་འབབས་ཀྱི་ཆུས་སུམ་ཆ་གཉིས་ཙམ་གང་བར་བྱས་ལ༔ ཁ་རྒྱན་མགུལ་ཆིངས་ཀྱིས་སྤྲས་ཏེ་གཟུངས་ཐག་དང་བཅས་ལ་དཀྱིལ་འཁོར་གྱི་དབུས་སུ་ཁྲིའི་སྟེང་དུ་བཞག༔ དེའི་ཁ་རྒྱན་གྱི་སྟེང་དུ་དངོས་གྲུབ་ཀྱི་རྫས་སྣོད་ཐོད་པ་བཞག་པའི་ཁ་མེ་ལོང་ལ་སིནྡྷུ་རའི་དལ་བྲིས་པས་བཅད༔ དེའི་སྟེང་དུ་ཟངས་ཀྱི་གྭའུར༔ ཤེལ༔ རཏྣ་རྣམས༔ བྱང་སེམས་དཀར་པོ་དར་དཀར་པོ༔ དམར་པོ་དར་དམར་དུ་གཏུམས་པ་སྐུ་རྟེན་ཙཀླི་རྩ་བ་གསུམ་གྱི་སྲོག་འཁོར༔ རང་གི་བླ་མའི་དབུ་སྐྲ༔ མཚན༔ ཚེམས༔ གཞན་ཡང་བྱིན་རླབས་ཀྱི་རྫས་ཅི་སྙེད་རྣམས་དར་དམར་པོ་གྲ་ཟུར་དང་ཁ་མ་ཉམས་པས་དྲིལ་ལ་བཞག༔ དེ་རྣམས་བརྩེགས་པའི་སྟེང་དུ་དར་སྣ་ལྔའི་ལྡིང་གུར་ཕུབ་ཅིང་དར་དམར་མཐིང་གི་ཡོལ་བས་བསྐོར་བར་བྱའོ༔ དེ་ལྟར་ཕྱི་ནང་གསང་གསུམ་གྱི་བཅས་དང་གཞན་ཡང་མཛེས་ཤིང་འོས་པའི་བཅས་གང་ལ་གང་དགོས་ཡིད་དང་མཐུན་པར་དྭངས་སྤྲོ་བག་དྲོ་ཉམས་དགའ་ཡ་ལེ་བར་བཤམས་ཤིང༔ བཀོད་པར་བྱས་པས༔ རང་བཞིན་གྱིས་བླ་མ་ཡི་དམ་མཁའ་འགྲོ་འདུ་ཞིང་བྱིན་རླབས་འཇུག་པའི་དགོས་པ་ཡོད་པས་སོ༔ རྫས་འཛོམ་ཡང་བཅས་མ་ལེགས་ན་ཡིད་དང་མི་མཐུན་ཅིང༔ དམིགས་པ་མི་གསལ༔ བག་མི་ཕེབ༔ དང་བ་མི་སྤྲོ༔ དེས་བྱིན་ཕེབ་པར་མི་འགྱུར་ཞིང་གཡེང་བས་ཤིན་ཏུ་བཀོད་ལེགས་པ་གནད་ཆེའོ༔ གསུམ་པ་ཚོགས་གསག་པའི་རིམ་པ་ཕྱི་ནང་གསང་གསུམ་ལས༔ དེ་ལྟར་བཅས་རྣམས་གྲུབ་ནས༔ ཕྱིའི་ཚོགས་ཉེ་འཁོར་དུ་ཡོད་པའི་མཆེད་གྲོགས་ལ་སོགས་པ་སྔ་ཐོག་ཏུ་བསྒོས་པར་ཡར་མཆོད་མར་སྦྱིན་དང༔ སཱཙྪ་ཆུ་གཏོར༔ ཆོས་འདོན༔ གཏོར་མ་ལ་སོགས་པ་བྱར་གཞུག༔ དེས་ཕྱིའི་བར་ཆད་མི་འབྱུང་ཞིང་སྒྲུབ་པ་མཐར་ཕྱིན་པའི་དགོས་པ་ཡོད༔ ནང་གི་ཚོགས་བླ་མ་ཡི་དམ་མཁའ་འགྲོ་སྒྲུབ་པ་པོ་དང་བཅས་པ་ཐམས་ཅད་གཏོར་ཚོགས་ཀྱི་འཁོར་ལོ་རྒྱས་པ་ཞིག་གིས་དགྱེས་པ་བསྐང༔ གསང་བའི་ཚོགས་སུ༔ བླ་མ་ཡི་དམ་མཁའ་འགྲོ་ལ་མཎྜལ་གྱི་མཆོད་པ་ཉེར་གཅིག་གམ༔ བརྒྱ་རྩ་བརྒྱད་ལ་སོགས་པ་ཅི་འགྲུབ་སྐབས་དང་བསྟུན་ལ་འབུལ༔ དེས་ནང་གི་བར་ཆད་མི་འབྱུང་ཞིང་མྱུར་དུ་གྲུབ་པ་ཐོབ་པའི་དགོས་པ་དང༔ མཆོག་ཐུན་མོང་གི་དངོས་གྲུབ་བཟང་པོ་འབད་མེད་དུ་འབྱུང་བའི་དགོས་པ་ཡོད་ཅིང༔ གྲུབ་ན་སྒྲུབ་པ་བྱེད་པའི་དུས་དང་རྣམ་པ་ཐམས་ཅད་དུའང༔ སྐབས་སུ་ཚོགས་གཏོར་དང་སྐོང་གསོལ་ལ་བརྩོན་པར་བྱའོ༔ བཞི་པ་སྒྲིབ་པ་སྦྱོང་བ་ནི༔ ཕྱི་ལུས་ཀྱི་སྒྲིབ་པ་སྦྱོང་བ་དང༔ ནང་ངག་གི༔ གསང་བ་སེམས་ཀྱི་འོ༔ ཕྱི་ལུས་ཀྱི་སྒྲིབ་པ་སྦྱོང་བ་ནི༔ སྒྲུབ་པ་ལ་ཞུགས་ནས་མ་འགྲུབ་ཀྱི་བར་དུའམ༔ སྔ་ཐོག་ནས་ཀྱང་རུང་སྟེ༔ ཕྱི་བསྐོར་བ༔ ལུས་གནད༔ འཕྲུལ་འཁོར་གྱི་བྱ་བ་ལ་བརྩོན་པར་བྱས་པས༔ ལུས་ཀྱི་སྡིག་སྒྲིབ་ཉེས་ལྟུང་དག་ནས༔ ལུས་ཡེ་ཤེས་ལྷའི་སྣང་བ་དང༔ རྩ་ཡི་དྲྭ་མིག་ཐམས་ཅད་མཐོང་བར་འགྱུར་རོ༔ ནང་ངག་གི་སྒྲིབ་པ་སྦྱོང་བ་ནི༔ བཟླས་པ་བྱེད་པའི་ཐུན་འགོ་ལ༔ ཡི་གེ་བརྒྱ་པ་ཉི་ཤུ་རྩ་གཅིག་རེ་མ་ཆད་པར་བཟླས་པས༔ ངག་གི་སྡིག་སྒྲིབ་བྱང་ཞིང་ནུས་པ་འབྱུང་བར་འགྱུར་རོ༔ གསང་བ་སེམས་ཀྱི་སྒྲིབ་པ་སྦྱོང་བ་ནི༔ ཡི་གེ་བརྒྱ་པ་བཟླ་བའི་ཚེ༔ བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྤྱི་དང་མཐུན་པར་བསྐྱེད་ཅིང་སྒྲིབ་པ་སྦྱོང་བའི་དམིགས་པ་བྱ༔ སྔར་བྱས་པའི་སྡིག་པ་ལ་འགྱོད་པ་དྲག་པོ་བསྐྱེད༔ ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་སྙམ་དུ་སྙིང་ཐག་པ་ནས་བློས་བཅད་པས་སྡིག་སྒྲིབ་བྱང་ནས༔ ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་འབྱུང༔ མདོར་ན་ཡེ་ཤེས་ཀྱི་ལྷ་སྒྲུབ་པ་ལ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བྱང་འཚལ་ཏེ༔ དཔེར་ན་གསེར་ལ་འོད་ཡོད་ཀྱང་བྱི་དོར་ལ་སོགས་པ་གཡའ་སེལ་བའི་ཐབས་མ་བྱས་ན་འོད་མི་འབྱིན་པ་ལྟར༔ རྣལ་འབྱོར་པའི་ལུས་ངག་ཡིད་གསུམ་ཡེ་ཤེས་ལྷའི་དཀྱིལ་འཁོར་གསུམ་གྱི་རང་བཞིན་ཡིན་ཡང༔ སྒོ་གསུམ་གྱི་སྒྲིབ་པ་སྦྱོང་བའི་ཐབས་ལ་མ་འབད་ན་དེའི་རྩལ་མི་འབྱིན་པའོ༔ དེའི་གནད་ཤེས་པར་བྱས་ལ༔ སྒྲུབ་པའི་ཐུན་མཚམས་ཀྱི་སྐབས་སུ་བཤགས་སྦྱོང་དང་སྒྲིབ་པ་སྦྱོང་བའི་ཐབས་ལ་འབད་པར་བྱེད་པ་གལ་ཆེའོ༔ ལྔ་པ་མཚམས་བཅད་པ་ནི༔ མངོན་རྟོགས་ཆེན་པོའི་སྔོན་འགྲོ་ནས་འབྱུང་བ་ལྟར༔ སྲུང་བའི་འཁོར་ལོ་བསྒོམ་ཞིང་ནང་གི་མཚམས་གཅོད་གྱེར་ལ༔ ཁྲོ་བོ་བཅུ་ལ་སྲུང་མཚམས་ཀྱི་གཉེར་གཏད་དྲག་པོ་བྱ༔ སྐབས་སྐབས་སུ་སྲུང་མཚམས་ཁ་གསོ་རྣམས་སྤྱི་མཐུན་དུ་བྱའོ༔ དེས་གནས་སྐབས་སུ་སྒྲུབ་པ་ལ་བར་ཆད་མི་འབྱུང་བར་སྒྲུབ་པ་མཐར་སྐྱོལ་ལ༔ མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པ་ལ་བར་ཆད་ཀྱི་རིགས་གང་ཡང་མི་འབྱུང་བར་མྱུར་དུ་འབྲས་བུ་བརྙེས་པར་འགྱུར་རོ༔ སྤྱི་དོན་གཉིས་པ་དངོས་གཞི་ལ་ལྔ་སྟེ༔ ལྷ་བསྒོམ་པ༔ བཟླས་པ་བྱ་བ༔ ཐུན་མཚམས་ཀྱི་རྣལ་འབྱོར༔ དྲོད་ཚད་བརྟགས་པ༔ དམ་ཚིག་བསྟན་པའོ༔ དང་པོ་ལྷ་བསྒོམ་པ་ལ༔ བདག་བསྐྱེད་མདུན་བསྐྱེད༔ ཡེ་ཤེས་པ་དགུག་གཞུག་བསྲེ་བསྣན་བྱེད་པ་སྟེ༔ བདག་བསྐྱེད་ཀྱི་རིམ་པ་འདི་ལྟར་གསལ་བར་བྱའོ༔ དེ་ཡང་ཐོག་མར༔ བདག་ཉིད་སྐད་ཅིག་གིས་དཔལ་རྟ་མགྲིན་རབ་ཏུ་ཁྲོས་པའི་ཚུལ་ཅན༔ ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་གསལ་བ་ལས༔ འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས༔ བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་ལ་ཕོག་པས་ཚར་བཅད༔ རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པ་བག་ཆགས་སྡིག་སྒྲིབ་སྦྱངས་ནས་ཡེ་ཤེས་ལྷའི་ངོ་བོར་གནས་བསྒྱུར༔ ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ལ་སོགས་འཕགས་ཚོགས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བ་ཙམ་གྱིས༔ མདུན་གྱི་ནམ་མཁར་སྤུང་གིས་བྱོན་པར་དམིགས་པ་ལ༔ ཕྱག་འཚལ་བ༔ མཆོད་པ་འབུལ་བ༔ སྡིག་པ་བཤགས་པ༔ དགེ་བ་ལ་རྗེས་སུ་ཡི་རང་བ༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ༔ མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་གདབ་པ་དགེ་རྩ་བྱང་ཆུབ་ཏུ་བསྔོ་བ༔ ཁྱད་པར་དུ་མཎྜལ་འབུལ་ཞིང་གསོལ་བ་གདབ་པ་རྣམས་གཞན་ནས་འབྱུང་བ་ལྟར་བྱ་ཞིང༔ ཏིང་ངེ་འཛིན་རྣམ་པ་གསུམ་དང་ལྡན་པར་བྱས་ཏེ༔ དེ་ཡང་ཐོག་མར་ངག་ནས༔ ཨོཾ་མ་ཧཱ་ཤཱུ་ཛྙཱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཅེས་བརྗོད་པ་ཙམ་གྱིས༔ སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་ལྟ་བ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང༔ ཨོཾ་དྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་པས་སྟོང་ཞིང་བདག་མེད་པར་མ་རྟོགས་པའི་འགྲོ་བ་ཐམས་ཅད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཐུན་མོང་མ་ཡིན་པ་རྒྱུད་ལ་བསྐྱེད་པའི་ཀུན་སྣང་གི་ཏིང་ངེ་འཛིན་དང༔ ཨཱོཾ་བཛྲ་ཙིཏྟ་ཧཱུྃ༔ ཞེས་པས་སྙིང་རྗེ་བར་གྱུར་པའི་སེམས་ཅན་དེ་རྣམས་ཀྱི་དོན་དུ་མངོན་པར་ལྷགས་པ་བདག་གི་རྣམ་པར་ཤེས་པ་ཡི་གེ་ཧྲཱིཿདམར་པོ་ཚེག་དྲག་དང་ལྡན་པ་མཁའ་ལྡིང་རྒྱལ་པོ་གཟན་ལ་ལྷགས་པ་ལྟར་ཉི་ཟླ་པད་མའི་གདན་སྟེང་དུ་ཕེབ་པར་གསལ་བ་རྒྱུའི་ཏིང་ངེ་འཛིན་ཏེ༔ དེ་ལྟར་ཏིང་ངེ་འཛིན་གསུམ་གྱི་ངང་དུ་དར་ཅིག་གནས་པར་བྱའོ༔ དེ་ནས་ངག་ཏུ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ ཧ་ཡ་གྲཱི་ཝ་ཧྲཱིཿམ་ཧ་རི་ནི་ས་ཧཱུྃ༔ ཞེས་བརྗོད་པ་ཙམ་གྱིས་སྒྲུབ་ཁང་དེ་ཉིད་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེའི་འོད་ཟེར་ལས་གྲུབ་པའི་གཞལ་ཡས་ཁང་ཕྱི་ནང་མེད་པར་གསལ་ཞིང་འོད་འབར་བ་གྲུ་བཞི་སྒོ་བཞི་རྟ་བབས་བང་རིམ་ཆར་ཁེབས་ནོར་བུ་དབང་གི་རྒྱལ་པོའི་ཏོག་དང་བཅས་པ་ཡངས་ཤིང་རྒྱ་ཆེ་བ༔ ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་འོད་ཟེར་དམར་པོ་རབ་ཏུ་འཁྲུགས་པའི་དབུས་སུ༔ བཾ་ལས་བདུད་རྩིའི་རྒྱ་མཚོ་དང་མེ་རེ་བའི་ནང་དུ༔ པཾ་ལས་པདྨའི་སྡོང་པོ་ཡལ་ག་དང་ལོ་འདབ་རབ་ཏུ་རྒྱས་ཤིང་ལྟེ་བ་པདྨ་དམར་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུ་དང་བཅས་པའི་སྟེང་ཉི་མ་དང་ཟླ་བ་བརྩེགས་པའི་གདན་སྟེང་དུ༔ རྒྱུའི་ས་བོན་རང་གི་རྣམ་པར་ཤེས་པའི་ངོ་བོ་ལས་གྲུབ་པའི་ཧྲཱིཿདམར་པོ་དེ་དག་བབས་པ་ལས་འོད་འཕྲོས༔ འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་སླར་འོད་ཚུར་འདུས་ཧྲཱིཿལ་ཐིམ་པས༔ ཧྲཱིཿདེ་ཉིད་ཡོངས་སུ་གྱུར་པ་ལས་རང་ཉིད་པདྨ་འབྱུང་གནས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ་པའི་མདངས་དང་ལྡན་པ་གཅེར་བུ་རུས་པའི་རྒྱན་དྲུག་གིས་སྤྲས་ཤིང༔ ཕྱག་གཡས་པ་གསེར་གྱི་རྡོ་རྗེ་གཡོན་ཐོད་པ་བདུད་རྩིས་བཀང་བ་བསྣམས་ཤིང་ཐུགས་ཀར་བསྣོལ་ཐབས་སུ་ཡུམ་ལ་འཁྱུད་པ་གཡས་སུ་ཅུང་ཞིག་འགྱིང་ཞིང་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའི་པང་དུ་ཡུམ་ལྷ་ལྕམ་མེ་ཏོག་མན་དཱ་ར་བ་རྡོ་རྗེ་ཕག་མོའི་ཆ་ལུགས་ཅན༔ མཐིང་ནག་ཕག་ཞལ་སྤྱི་བོར་འབུར་ཞིང༔ ཕྱག་གཉིས་གཡས་གཡོན་གྲི་གུག་ཐོད་ཁྲག་འཛིན་པ་བཅས་ཡབ་ལ་འཁྱུད་པ༔ དར་དང་རིན་པོ་ཆེ་རུས་པའི་རྒྱན་གྱིས་བརྒྱན་ཅིང་ཅུང་ཟད་ཁྲོས་པའི་ཚུལ་ཅན་དུ་བསྐྱེད་པར་བྱ་ཞིང༔ ཡབ་ཡུམ་གཉིས་སྐུ་གཟི་བརྗིད་ཀྱི་ཉམས་དང་ལྡན་པ༔ ལང་ཚོ་དར་ལ་བབས་པ་སྣང་ལ་རང་བཞིན་མ་གྲུབ་པར་གསལ་བའི་སྤྱི་བོར་ཨཱོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་ཧྲཱིཿབཀོད་པ་ལས་འོད་ཟེར་འཕྲོས་པས༔ རང་བཞིན་གྱི་གནས་ན་ཨོ་རྒྱན་ཡབ་ཡུམ་གྱི་ཐུགས་ཀར་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ༔ དམ་ཚིག་དབང་གིས་སྐད་ཅིག་ཡུད་ཙམ་ལ་འཁོར་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་བྱོན་ནས༔ བདག་དམ་ཚིག་པ་ལ་ཐིམ་ཞིང་གཉིས་སུ་མེད་པར་དམིགས་ལ༔ ཧཱུྃ་ཧྲཱི༔ རང་བཞིན་ལྷུན་རྫོགས་ཕོ་བྲང་ནས༔ ཨོ་རྒྱན་པདྨ་ཡབ་ཡུམ་ལ༔ འཁོར་དུ་དཔའ་བོ་མཁའ་འགྲོ་དང༔ ཡི་དམ་ཞི་ཁྲོའི་ཚོགས་ཀྱིས་བསྐོར༔ བདག་ཉིད་དད་པས་སྤྱན་འདྲེན་གྱིས༔ ཐུགས་རྗེ་དམ་ཚིག་དབང་གིས་ནི༔ སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ༔ བདག་དང་གཉིས་མེད་བརྟན་པར་བཞུགས༔ སྐུ་གསུང་ཐུགས་མཆོག་གྲུབ་ནས་ཀྱང༔ མཆོག་དང་ཐུན་མོང་དངོས་གྲུབ་དང༔ དབང་དང་བྱིན་རླབས་འདིར་སྩོལ་ཅིག༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ས་མ་ཡཱ༔ ཛཿཧཱུྃ་བཾ་ཧོ༔ ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཕེཾ་ཕེཾ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ ཞེས་བརྗོད་པ་ཙམ་གྱིས་ཀྱང་གོང་ལྟར་དབྱེར་མེད་དུ་བསྲེ་བསྣན་བྱས་པས་འཁོར་བླ་མ་ཡི་དམ་མཁའ་འགྲོ་དཔག་ཏུ་མེད་པ་གངས་རི་ལ་སྤྲིན་ཕུང་གཏིབས་པ་ལྟར་བསྐོར་ཞིང་བྱིན་གྱིས་བརླབས་པར་དམིགས་ལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཅེས་བརྒྱ་ཕྲག་རེ་བཟླ་བར་བྱའོ༔ དེ་ལྟར་བདག་བསྐྱེད་ཀྱི་དམིགས་པ་བརྟན་པ་དང༔ མདུན་བསྐྱེད་བསྒོམ་པ་ནི༔ རྫས་ཀྱི་དཀྱིལ་འཁོར་མི་དམིགས་སྟོང་པར་སྦྱངས་པའི་ངང་ལས༔ ཕོ་བྲང་རིན་ཆེན་གཞལ་ཡས་ཁང་གོང་ལྟར་གསལ་བའི་དབུས་སུ༔ གདན་པདྨ་འདབ་བཞི༔ དེའི་ཕྱི་རོལ་དུ་པདྨ་འདབ་མ་བརྒྱད༔ དེ་དག་རེ་རེ་དབུས་དང་བཅས་པར་ཉི་མ་ཟླ་བའི་གདན་བཀོད་པའི་དབུས་སུ༔ བཅོམ་ལྡན་འདས་པདྨ་བཛྲ་རྩལ་ཡབ་ཡུམ༔ པདྨ་འདབ་བཞིའི་ཤར་དུ༔ རྡོ་རྗེ་མཁའ་འགྲོ་དང་རྡོ་རྗེ་དཔའ་བོ་ཡབ་ཡུམ༔ ལྷོར་རིན་ཆེན་མཁའ་འགྲོ་དང་རིན་ཆེན་དཔའ་བོ་ཡབ་ཡུམ༔ ནུབ་ཏུ་པདྨ་མཁའ་འགྲོ་དང་པདྨ་དཔའ་བོ་ཡབ་ཡུམ༔ བྱང་དུ་ལས་ཀྱི་མཁའ་འགྲོ་དང་ལས་ཀྱི་དཔའ་བོ་ཡབ་ཡུམ༔ དེ་རྒྱབ་པདྨ་འདབ་བརྒྱད་ཀྱི་ཤར་དུ༔ བུདྡྷ་ཐོད་ཕྲེང་རྩལ་ཡབ་ཡུམ༔ ལྷོར་མི་བསྐྱོད་རྡོ་རྗེ་རྩལ་ཡབ་ཡུམ༔ ནུབ་ཏུ་པདྨ་དབང་ཆེན་རྩལ་ཡབ་ཡུམ༔ བྱང་དུ་རིག་འཛིན་ཐོད་པ་རྩལ་ཡབ་ཡུམ༔ ཤར་ལྷོར་དྲག་པོ་མེ་ཕྲེང་རྩལ་ཡབ་ཡུམ༔ ལྷོ་ནུབ་ཏུ་སངས་རྒྱས་དཔའ་བོ་ཐོད་པའི་དུམ་བུ་རྩལ་ཡབ་ཡུམ༔ ནུབ་བྱང་དུ་རྟ་མགྲིན་དབང་ཆེན་ཡབ་ཡུམ༔ བྱང་ཤར་དུ་ལག་ན་རྡོ་རྗེ་ཡབ་ཡུམ༔ དེ་རྣམས་ཀྱང་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ལ་སོགས་པ་གཞན་ནས་འབྱུང་བ་ལྟར་བསྐྱེད་ཅིང༔ ཡེ་ཤེས་པ་དགུག་གཞུག་བསྲེ་བསྣན་རྣམས་ཀྱང་སྤྱི་དང་མཐུན་པར་བྱའོ༔ དེ་དག་རྣམས་ལའང་སོ་སོའི་འཁོར་དང༔ བླ་མ་ཡི་དམ་མཁའ་འགྲོ་ལ་སོགས་པ་འཕགས་པའི་ཚོགས་སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པས་བསྐོར་བ་བག་དྲོ་ལྷུབས་སེ་བཞུགས་པར་བསྒོམས་པ་རྣམས་ལ་ཕྱི་ནང་གི་མཆོད་པ་འབུལ་བ་དང༔ བསྟོད་པ་ལ་སོགས་པ་རྣམས་གཞན་ནས་འབྱུང་བ་ལྟར་བྱའོ༔ གྲུབ་ན་ལས་གཞུང་ཆེན་མོའམ་བསྡུས་པ་གང་ལྕོགས་ཀྱང་བསྲང་བར་བྱའོ༔ གཉིས་པ་བཟླས་པ་བྱ་བ་ནི༔ བཟླས་པ་དངོས་དང༔ བཟླ་ཚུལ་གཉིས་ལས༔ བཟླས་པ་དངོས་ནི༔ བདག་བསྐྱེད་ཀྱི་བཟླས་པ་གོང་དུ་བསྟན་པ་ལྟར་རོ༔ རྒྱུན་གྱི་བཟླས་པ༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷཱ་ཀི་ནཱི༔ ཧ་ཡ་གྲཱི་ཝ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ ཞེས་པ་སྟེ༔ མཚན་མ་དྲོད་རྟགས་མ་བྱུང་གི་བར་བཟླའོ༔ བཟླ་ཚུལ་ནི༔ ནངས་པར་ནམ་ལངས་ནས༔ དགོང་མོ་ཉི་མ་དམར་ཐག་ཆད་ཀྱི་བར་དུ་ཤུབ་བུར་བཟླ༔ དམིགས་པའི་འཁྲུལ་འཁོར་རང་གིས་བཟླས་པ་ཙམ་གྱིས༔ ལྕེ་ཟླ་གམ་དམར་པོ་དབང་གི་དཀྱིལ་འཁོར་གྱི་དབུས་སུ་ཧྲཱིཿདམར་པོ་ཁྲུ་གང་བའི་མཐར་སྔགས་ཀྱང་བྱེ་རུའི་ཕྲེང་བ་ལྟར་དམར་ཧྲཾ་མེ་བས་གཡས་སྐོར་དུ་བསྐོར་ཞིང་འུ་རུ་རུ་འཁོར་བ་ལས་འོད་ཟེར་འཕྲོས༔ མདུན་བསྐྱེད་ཀྱི་ལྷ་རྣམས་ཀྱི་ཐུགས་ཀར་ཕོག༔ རྒྱུད་བསྐུལ་ཞིང༔ དེ་དག་ཐམས་ཅད་ཀྱིས་ཀྱང༔ རང་གི་ཅི་ལྟར་བཟླས་པ་ལྟར་ཏི་རི་རི་བཟླ་བར་བསམ༔ ས་སྲོས་ནས་ནངས་པར་ནམ་མ་ལངས་བར་དུ་དཀྱིལ་འཁོར་བསྐོར་ཞིང༔ གསང་མཐོན་པོར་འཛབ་དབྱངས་སུ་བྱའོ༔ དམིགས་པའི་འཁྲུལ་འཁོར་ཡང་རང་གཞན་ཕྱི་ནང་གི་ལྷ་ཚོགས་ཡབ་ཡུམ་འཁོར་དང་བཅས་པ་ཐམས་ཅད་ཀྱི་ཐུགས་ཀར་ཉི་མའི་དལ་གྱི་སྟེང་དུ་ཧྲཱིཿདམར་པོ་རེ་རེའི་མཐར་སྔགས་ཀྱི་ཕྲེང་བ་དམར་པོས་བསྐོར་ཞིང༔ ཐམས་ཅད་ཀྱིས་བཟླས་པ་སྔགས་ཀྱི་ཛཔ྄་སྒྲ་ཏི་རི་རི་སྒྲོག་པས་སྔགས་ཀྱི་ཕྲེང་བ་རྣམས་ཀྱི་ལི་ལི་འཁོར་བ་ལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་འཕྲོས་པས༔ སྣང་སྲིད་ཀྱི་སྐྱེ་འགྲོ་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་ལྷ་བླ་མ་ཡི་དམ་མཁའ་འགྲོའི་རང་བཞིན་དུ་གྱུར་ནས༔ སྔགས་སྒྲ་སྒྲོག་པར་བསམས་ལ༔ ཛཔ྄་བསྙེན་ཆེ་བ་མ་ཡིན༔ ཆུང་བ་མ་ཡིན༔ དྲག་པ་མ་ཡིན༔ ཞན་པ་མ་ཡིན༔ དལ་བ་མ་ཡིན༔ བུལ་བ་མ་ཡིན་ཞིང་ཁོད་སྙོམས་པར་བཟླའོ༔ དེ་ཡང་ལུས་ངག་ཡིད་གསུམ་དཀྱིལ་འཁོར་རྣམ་པ་གསུམ་དང་མ་བྲལ་བར་བྱེད་པ་གནད་ཆེ་ཞིང༔ ཐ་མལ་གྱི་སྤྱོད་ཚུལ༔ སྒེག་ཆོས༔ བཏང་སྙོམས་ཡ་མ་ཟུང༔ ཆེད་མེད༔ འབོག་ཆོས་སུ་མ་སོང་བར༔ ལུས་ངག་ཡིད་གསུམ་གྲུང་ཧུར་བཏོན་པའི་ཀློང་ནས་བསྒྲུབ་པ་ལ་འབད་པ་གལ་ཆེའོ༔ གསུམ་པ་ཐུན་མཚམས་ཀྱི་རྣལ་འབྱོར་ནི༔ ནངས་ནུབ་གཉིས༔ གུང་གཉིས་དང་བཞིར་གཏོར་མ་གསོས་ཏེ་སྨན་རཀ་སྦྲེངས་ལ༔ སྨན་རག་གཏོར་གསུམ་གྱི་ཆོ་ག་གཞུང་ཚུགས་པས༔ ལྷ་ཚོགས་རྣམས་ལ་སྨན་རག་གཏོར་གསུམ་འབུལ༔ བསྟོད་པ་བྱ༔ མི་ལག་གིས་ལྕོགས་ན་ལས་གཞུང་དང་བསྟུན་པའི་ཆོ་ག་སྐོང་གསོ་དང་བཅས་པ་བྱ༔ རྒྱུན་དུ་མ་གྲུབ་ཀྱང་ཅི་འགྲུབ་ཏུ་བྱ་ཞིང༔ རྒྱུན་དུ་གཏོར་མ་མ་ཆག་པར་བསྔོ་བ་གལ་ཆེའོ༔ ཨརྒྷཾ་ལ་སོགས་པའི་མཆོད་པས་ཀྱང་མཆོད་པར་བྱ༔ རང་གི་བཟའ་བཏུང་རྣམས་ལ་ལོངས་སྤྱོད་པའི་ཚེ་ཡང༔ ཕལ་པའི་སྤྱོད་ཡུལ་དུ་མ་ཡིན་པར་ཟས་ཀྱི་རྣལ་འབྱོར་ནས་འབྱུང་བའི་ཚུལ་དང་མཐུན་པར་སྤྱོད་པར་བྱའོ༔ བཞི་པ་དྲོད་ཚད་ནི༔ དེ་ལྟར་ཚུལ་བཞིན་དུ་འབད་དེ་བསྒྲུབས་པས༔ སྤྱིར་གྲུབ་པ་བརྙེས་པའི་རྟགས་སྤྱི་དང་མཐུན༔ ཁྱད་པར་དུ་མཆོག་གི་ལྟས༔ ལུས་ལ་བདེ་བ་རྒྱས༔ ངག་ལ་ནུས་པ་འབར༔ སེམས་ལ་རྟོགས་པ་ཤར༔ སྣང་སྲིད་ཐམས་ཅད་བདེན་མེད་དུ་ཤར་བ་ལ་སོགས་པའི་ལྟས་དཔག་ཏུ་མེད་པ་དང༔ ཐུན་མོང་གི་ལྟས་སྒྲུབ་ཁང་ལས་འོད་འཕྲོ༔ འཇའ་གུར་ཕུབ༔ ནང་དུ་དྲི་བཟང་གི་ངད་པ་འཕྱོ༔ སྒྲུབ་པ་པོ་རིག་པ་འུར༔ གསལ་སྣང་འཆར༔ སྔགས་སྒྲ་སྒྲོག༔ ལྷ་ཞལ་སྟོན་པ་རྣམས་འབྱུང་བ་དང༔ ཉམས་བན་བུན་གྱི་སྣང་བ་འཆར་ཚུལ་དང༔ རྨི་ལམ་གྱི་འབྱུང་ཚུལ་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་ཅིང་འདིར་སྤྲོས་ཀྱིས་མི་རྫོགས་ཏེ༔ མདོར་བསྡུས་པས་དངོས་གྲུབ་ཀྱི་ལྟས་ཐུན་མོང་མ་ཡིན་པ་ཆིལ་གྱི་བྱུང་ནས་ལས་ལ་སྦྱར་བར་བྱའོ༔ དེ་ཡང་རབ་ཟླ་བ་གཅིག་ནས་འབྱུང༔ འབྲིང་གཉིས༔ ཐ་མ་ཟླ་བ་གསུམ་ནས་མི་འབྱུང་མི་སྲིད་དོ༔ གང་ཟག་ལ་ལར་བར་ཆད་དངོས་གྲུབ་ཏུ་བརྫུས་ནས་འབྱུང་ཉེན་ཡོད་པས༔ དེའི་བྱེ་བྲག་ཤེས་པ་གནད་ཆེ་ཞིང༔ བཟང་ངན་གྱི་ལྟས་ཅི་བྱུང་ཡང་བཟང་སྙམ་ངན་སྙམ་མ་ཞུགས་པར་ལྟ་བ་གཡོ་མེད་ཀྱི་གཟེར་གྱིས་ཐེབས་པར་བྱེད་པ་གལ་ཆེའོ༔ མཆོག་དོན་ཡེ་ཤེས་བསྒྲུབ་དོན་གཉེར་བ་ལ་ནི་ཐུན་མོང་གི་ལྟས་དང་ཆོ་འཕྲུལ་གྱི་མཚན་མ་ལ༔ སྨོས་སུ་མེད་ཅིང་གལ་མ་མཆིས་པར་གསུངས་ཀྱང༔ ལམ་གྱི་དྲོད་རྟགས་ཙམ་དུ་འཆར་སྒོ་མི་འགག་པའི་ཕྱིར་ཤེས་པར་བྱའོ༔ ཉམས་སྣང་དྲོད་ཚད་ཙམ་དུ་རྟགས་ཀྱི་རིམ་པ་ཐམས་ཅད་ལ་རེ་དོགས་ཀྱི་འཆིང་བ་འཇུག་པའི་ཉེན་ཡོད་པས༔ གཡེལ་མེད་གལ་མ་མཆིས་སུ་བོར་པ་གནད་ཡིན་ནོ༔ ལྔ་པ་དམ་ཚིག་བསྟན་པ་ནི༔ སྤྱིར་སྒྲུབ་པ་པོ་རྣམས་གསང་སྔགས་ཡོངས་ཀྱི་དམ་ཚིག་རྣམས་དང་ལྡན་པར་བྱེད་པ་གལ་ཆེ་ཞིང༔ ཁྱད་པར་དུ་ཕྱི་ནང་གི་མཚམས་ཁྲིགས་ཕྱེད་པ་དང༔ མ་ཞུད་པ་དང༔ གཞན་དང་ངག་མ་འདྲེས་པ་དང༔ དངོས་གྲུབ་ཕྲ་མོ་ལ་མ་ཆགས་པ་དང༔ བསྐྱེད་རིམ་ལ་གསལ་ཐེབས་པ་དང༔ རྫོགས་རིམ་གྱི་གནད་ཀྱིས་ཟིན་པ་དང༔ བསྐྱེད་རྫོགས་ཡ་མ་ཟུང་དུ་མ་ཤོར་བ་དང༔ ཆོས་མིན་ཅན་གྱི་བཟའ་བཏུང་ཁོང་དུ་མ་སོང་བ་དང༔ དབུ་བཙུགས་ནས་མཚམས་མ་གྲོལ་གྱི་བར་དུ་ནང་གི་སྤྱད་པ་ལ་སོགས་པའི་རྫས་དང༔ ཡོ་བྱད་གང་ཡང་ཕྱིར་མི་ཁྱེར༔ ཕྱིའི་ཡོ་བྱད་ཀྱི་རིགས་མེ་ཆུ་ཤིང་གསུམ་མ་གཏོགས་པ་གཞན་ཅི་ཡང་ནང་དུ་མི་འཇུག་པ་དང༔ སྔགས་ཀྱི་དམ་སེལ་མ་ཞུགས་པ་དང༔ སྒྲུབ་ཁང་དུ་ཚུལ་མི་མཐུན་ཅིང༔ ལུས་ངག་ཡིད་གསུམ་གྱི་རྣལ་འབྱོར་མ་དག་པ་དང༔ བུད་མེད་ཀྱི་རིགས་ཀྱང་རིགས་བཟང་པོ་ཁྱད་པར་ཅན་ནམ༔ རང་གི་གཟུང་མའམ༔ གྲོང་པའི་ཆོས་ཀྱིས་མ་གོས་པའི་དབང་པོ་དྭངས་པའི་རིགས་མ་གཏོགས་པ་གཞན་གང་ཡང་མི་གཞུག༔ ཁམས་ཀྱི་ཐིག་ལེ་མ་ཉམས་པར་བྱ༔ ཁམས་ལ་མི་འཕྲོད་པའི་བཟའ་བཏུང་མི་བརྟེན་ཅིང༔ འགྲང་ལྟོགས་སྙོམས་པར་བྱེད་པ་དང༔ ཐེ་ཚོམ་དང་ཡིད་གཉིས་མི་བྱ་ཞིང༔ རྟགས་ཚད་མི་བསྒུག༔ སྒྲུབ་པའི་བརྩོན་འགྲུས་ལ་ཐང་ལྷོད་དྲག་གཞན་རེས་འཇོག་ཅན་མ་ཡིན་པར་ཆུ་བོ་ཆེན་པོ་རྒྱུན་འབབས་ཀྱི་གཞུང་ལྟ་བུར་ཀྱུ་རུ་རུ་བྱེད་པ་དང༔ གཞན་ཡང་གསང་སྔགས་བླ་མེད་ཀྱི་སྒྲུབ་པའི་དམ་ཚིག་རྣམས་དང་ལྡན་པར་བྱེད་པ་གལ་ཆེའོ༔ དེ་ལྟར་དམ་ཚིག་རྣམས་དང་ལྡན་པས་གཞུང་ལྟར་བསྒྲུབས་ཕན་ཆད་བར་ཆད་མེད་ཅིང་དོན་འབྲས་མྱུར་དུ་འགྲུབ་པར་འགྱུར་རོ༔ རྣལ་འབྱོར་པ་གང་ལ་ལ་ལྟ་བ་གནས་ལུགས་ཀྱི་གདིང་དང་ལྡན་པས་དམ་ཚིག་ལ་ལྟོས་མི་འཚལ་ཞེས་སྨྲ་བར་བྱེད་པ་ཁྱོད༔ འོ་ན་དངོས་གྲུབ་དང་ལྷ་བསྒྲུབ་ཀྱང་མི་འཚལ་ཏེ༔ ལྟ་བའི་གདིངས་དང་ལྡན་ཞིང༔ ཁྱོད་ཀྱི་ལྟ་བ་གནས་ལུགས་དེ་ལ་དམ་ཚིག་མི་དགོས་པའི་ཕྱིར་རོ༔ ཚིག་དོན་འབྲེལ་མ་ཆགས་ཤིང་མུ་ཅོར་སྨྲ་བ་རྣམས་ལ་འབྲས་བུ་རྒྱབ་ཀྱིས་ཕྱོགས་པས༔ རྒྱུ་འབྲས་ཞིབ་ཚགས་དང་ལྡན་པས་དམ་ཚིག་ནན་ཏན་བྱེད་པ་གལ་ཆེའོ༔ སྤྱི་དོན་གསུམ་པ་རྗེས་ཀྱི་བྱ་བ་ནི༔ སྒྲུབ་པ་སྤྱི་དང་མཐུན་ཞིང༔ ཁྱད་པར་དུ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་གཏང་རག་གི་མཆོད་པ་གཏོར་མ་དང༔ ཚོགས་ཀྱི་ཡོ་བྱད་རྒྱས་པ་གཅིག་བཤམས་ལ་སྐོང་གསོ་དང་བཅས་པ་འབུལ༔ སྦྱིན་སྲེག་ཉེར་གཅིག་ལ་སོགས་ཅི་འགྲུབ་རྣམས་བྱའོ༔ དལ་ལ་སོགས་པའི་བཅས་རྣམས་གང་གིས་ཀྱང་མ་མཐོང་ཞིང༔ སྒྲུབ་པ་པོ་རྣམས་ཀྱང་མཚམས་སླར་དམ་དུ་བཅད་པར་བྱའོ༔ དེ་དག་གི་རིམ་པས་སྒྲུབ་པ་བསྟན་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ ༁ྃ༔ ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ ལས་ལ་སྦྱར་བ་ལ་གཉིས་ཏེ༔ མཆོག་གི་ལས་སྦྱོར་དང༔ ཐུན་མོང་གིའོ༔ དང་པོ་ལ་ནི༔ བདག་བསྐྱེད་སྔ་མ་ལྟར་ལས༔ མདུན་བསྐྱེད་ཟངས་ཀྱི་གའུར༔ བླ་མ་ཡི་དམ་ཆོས་སྐུའི་རྣམ་པར་བསྐྱེད༔ མེ་ལོང་གི་དལ་དུ་ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་པ་ཅན་བསྐྱེད༔ བུམ་པའི་ནང་དུ་སྤྲུལ་པ་སྐུའི་རྣམ་པ་ཅན་དུ་བསྐྱེད་པར་བྱས་ཏེ༔ དེ་ཡང་བླ་མ་ཐོད་ཕྲེང་རྩལ་ལ་རིགས་ལྔ༔ ཡི་དམ་དཔལ་རྟ་མགྲིན་ལ་དཔའ་བོ་བཞིས་བསྐོར་བ༔ མཁའ་འགྲོ་རྡོ་རྗེ་ཕག་མོ་ལ་རིགས་བཞིའི་མཁའ་འགྲོས་བསྐོར་བར་བསྐྱེད་དེ༔ དམ་ཚིག་པ་བསྐྱེད་ཅིང་ཡེ་ཤེས་པ་བཀུག་ལ་ལས་རིམ་ལ་སོགས་པ་སྤྱི་དང་མཐུན་པར་བྱ་ཞིང༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷཱ་ཀི་ནཱི་ཧ་ཡ་གྲཱི་ཝ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་དྷེ་ཝ་དྷཱ་ཀི་ནཱི་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་བཛྲ་དྷརྨ་དྷཱ་ཏུ་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ ཞེས་བཟླས་པས་གའུ་མེ་ལོང་བུམ་པར་གསལ་བའི་ལྷ་རྣམས་ཀྱི་ཐུགས་དམ་བསྐུལ་ཞིང་བཟླས་པ་ཏི་རི་རི་བྱས་པས་ཕྱོགས་དུས་ཀྱི་བླ་མ་ཡི་དམ་མཁའ་འགྲོ་དཔག་ཏུ་མེད་པ་སྤྱན་དྲངས་ནས༔ ལྷ་རྣམས་ལ་སིབ་སིབ་ཐིམ༔ ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ལས་བདུད་རྩིའི་རྒྱུན་འོད་ཟེར་གྱི་ཚུལ་དུ་འཕྲོས་ཤིང་ཀ་པཱ་ལའི་རིལ་བུ་ལ་ཐིམ་པ་ཙམ་གྱིས་རིལ་བུ་ཐམས་ཅད་འོད་དུ་ལྟེམས་ཀྱིས་ཞུ་ནས་ཐོད་པ་མེར་གྱིས་གང་ནས༔ ཐོད་པའི་ཚངས་བུག་ནས་མར་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ངང་ནར་གྱིས་བྱུང་ནས༔ རང་གི་སྤྱི་བོ་ཚངས་པའི་བུ་གར་བབས་པས་ལུས་ཐམས་ཅད་མེར་གྱིས་ཁེངས་ཤིང༔ ལུས་སེམས་ཐམས་ཅད་བདེ་སྟོང་ཡེ་ཤེས་ཆེན་པོའི་ཉམས་ཀྱིས་རྒྱས་ཏེ༔ མཆོག་དོན་བླ་མེད་ཡེ་ཤེས་ཆེན་པོའི་དངོས་གྲུབ་དམ་པ་ཐོབ་པར་བསམ་པའི་དམིགས་པ་ཡེངས་མེད་དུ་བྱ་ཞིང་བཟླས་པ་ཞག་ཉེར་གཅིག་འབད་པས༔ མཆོག་གི་དངོས་གྲུབ་འབྱུང་བའི་ལྟས་སྤྱི་དང་མཐུན་པར་འབྱུང༔ ཐུན་མཚམས་ཀྱི་བྱེད་ཚུལ་སྒྲུབ་པའི་དུས་དང་འདྲ་བ་ལས་ཁྱད་པར་དུ༔ དམིགས་མེད་ཀྱི་རྒྱས་གདབ་པའི་ངང་ནས་ཀྱང་བཟླས་པ་བརྒྱ་ཕྲག་རེ་བཟླ་བར་བྱའོ༔ དེས་ནི་ཐུན་མོང་གི་ཟང་ཟིང་འདུ་ལོང་ལ་སོགས་པ་མི་འབྱུང་ཞིང༔ ནང་དུ་ཉམས་རྟོགས་དང༔ བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་རྒྱུད་ལ་ལྷང་ལྷང་སྐྱེ་བར་འགྱུར་རོ༔ རྗེས་ཀྱི་བྱེད་ཚུལ་འོག་ནས་འབྱུང་བ་ལྟར་རོ༔ ཐུན་མོང་གི་ལས་སྦྱོར་ནི༔ བདག་བསྐྱེད་མདུན་བསྐྱེད་སྔ་མ་ལྟར་ལས་ཁྱད་པར་དུ༔ འོག་ནས་འབྱུང་བའི་བཟླས་པ་བྱས་པ་ཙམ་གྱིས༔ མདུན་གྱི་བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས་པའི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་དངོས་འདྲ་བ་ཕྱག་གཉིས་གཡས་གཡོན་ལྕགས་ཀྱུ་ཞགས་པ་བསྣམས་པ་དཔག་ཏུ་མེད་པ་ཕྱོགས་ཐམས་ཅད་དུ་འཕྲོས་པས༔ སྣང་སྲིད་ཀྱི་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་ཚེ་དང་བསོད་ནམས༔ དཔལ་དང་འབྱོར་པ་སྙན་པ་དང་གྲགས་པ་ལ་སོགས་དབང་དུ་བསྡུས་རུང་ཐམས་ཅད་དབང་དུ་བསྡུས་ནས་ཀ་པཱ་ལའི་རིལ་བུ་ལ་སིབ་སིབ་བཀུག་ནས༔ བཀུག་མཁན་དང་བཅས་པ་ཐིམ་ནས་རིལ་བུ་བཀྲག་དང་གཟི་མདངས་རབ་ཏུ་རྒྱས་ཤིང༔ རོ་བཅུད་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་ཏེ༔ ཕྲིན་ལས་རྣམ་བཞི་འགྲུབ་པའི་དངོས་གྲུབ་ཡིད་བཞིན་གྱི་བཅུད་རྫས་ཆེན་པོར་གྱུར་པར་བསམ་ཞིང༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷཱ་ཀི་ནཱི་ཧ་ཡ་གྲཱི་ཝ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་དྷེ་ཝ་དྷཱ་ཀི་ནཱི་ཛྙཱ་ན་སིདྡྷི་སརྦ་དྷརྨ་སིདྡྷི་ཨ་ཀྲ་སིདྡྷི་ཨཱ་ཡུཿསིདྡྷི་པུཎྱེ་སིདྡྷི་བ་སུ་སིདྡྷི་ཁེ་དྷ་སིདྡྷི༔ སརྦ་སིདྡྷི་ཕ་ལ༔ ཨཾ་གུ་ཤ་ཛཿཝ་ཤཾ་ཀུ་རུ་ཧཱུྃ་སྭཱ་ཧཱ༔ ཞེས་ཆུ་བོ་ཆེན་པོའི་རྒྱུན་ལྟར་བཟླས་ཤིང༔ ཐུན་བར་དུས་སུ་དབང་གི་སྦྱིན་སྲེག་རེ་བྱས་ལ༔ འདོད་ཡོན་གྱི་ཡོ་བྱད་ཅི་འབྱོར་རེ་འབུལ་ཞིང༔ ལྷ་ཚོགས་རྣམས་ལ་དངོས་གྲུབ་རེ་ཞུ་བ་དང༔ སྣང་བ་དབང་སྡུད་ཀྱི་ཕྲིན་ལས་བསྐུལ་པ་དང་འདོད་གསོལ་བརྗོད༔ སྨན་རག་གཏོར་གསུམ་ལ་སོགས་པའི་མཆོད་པ་འབུལ་བ་རྣམས་གཞན་ནས་འབྱུང་བ་ལྟར་བྱའོ༔ དེ་ལྟ་བུའི་ཚུལ་གྱིས་ཞག་ཉེར་གཅིག་ལ་སོགས་པ༔ དངོས་གྲུབ་ཀྱི་ལྟས་མ་བྱུང་བར་དུ་བསྒྲུབ༔ ལྟས་ནི་སྤྱི་དང་མཐུན་ཞིང་སྔར་བསྟན་པ་དང་མཚུངས་པའོ༔ དེ་ལྟར་བསྒྲུབ་པ་དང་ལས་སྦྱོར་ཚར་ནས༔ དུས་ཚོད་གཟའ་སྐར་ཚེས་གྲངས་བཟང་ཞིང་ཡར་ངོ་ལ་བབ་པའི་སྔ་དྲོ་དང་པོ་ལ་གཏོར་མ་ཚོགས་མཆོད་རྒྱས་པ་གཅིག་ཕུལ་ལ༔ སྒྲུབ་པ་ཁ་སྐོང་ཁོག་དབུབ་ནས་འབྱུང་བ་ལྟར༔ དངོས་གྲུབ་བླང་བའི་ལས་རིམ་བྱས་ཏེ༔ ལྷ་ཡེ་ཤེས་པ་གཏང་རག་གི་མཆོད་པས་དགྱེས་པར་བྱས་ཏེ་རང་བཞིན་གནས་སུ་གཤེགས༔ དམ་ཚིག་པ་རང་གི་ཐུགས་ཀར་བསྡུ་བའམ༔ ཡང་ན་དམ་ཚིག་ཡེ་ཤེས་དབྱེར་མེད་དུ༔ བདག་བསྐྱེད་མདུན་བསྐྱེད་ཐམས་ཅད་ཕྱམ་བརྡལ་ཀ་དག་གི་ངང་དུ་སྤྲོ་བསྡུ་མེད་པར་བཞག་པར་བཤད་ཀྱང༔ འདིའི་ལུགས་ཀྱི་ཡེ་ཤེས་པ་དང༔ དམ་ཚིག་པ་ཐམས་ཅད་གའུའི་རྟེན་ལ་བསྟིམ༔ དངོས་གྲུབ་ཀྱི་བཅུད་ཐམས་ཅད་ཐོད་པའི་རིལ་བུ་ལ་བསྟིམ༔ བདག་ཉིད་ལུས་ངག་ཡིད་གསུམ་གདལ་ཁྱབ་ཆེན་པོའི་ཀློང་དུ་མཉམ་པར་གཞག༔ གའུ་མ་ཕྱེས་པར་འབྲལ་མེད་དུ་བཅངས༔ ཐོད་པའི་རིལ་བུ་སྒྲུབ་རྟེན་གྱི་རུ་མ་ཙམ་མ་གཏོགས་པར༔ ཐོ་རངས་དངོས་གྲུབ་བླང་བའི་དམིགས་པ་བྱ་ཞིང༔ ལས་སྔགས་ཉེར་གཅིག་གམ་བརྒྱ་རྩ་བརྒྱད་ལ་སོགས་པ་ལོང་ཁྱབ་དང་བསྟུན་ཏེ་བཟླས་ནས་བདུན་བདུན་རེ་ནངས་རེ་བཞིན་ཟའོ༔ དངོས་གྲུབ་བླང་བའི་དམིགས་པ་ནི༔ རིལ་བུ་ལྕེའི་སྟེང་དུ་སླེབ་པ་ཙམ་གྱིས་རང་གི་ལུས་ངག་ཡིད་གསུམ་གྱི་རྒྱུད་ལ༔ བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས་པས་མཆོག་ཐུན་མོང་གི་དངོས་གྲུབ་ཀྱི་བཅུད་ཆར་ཆེན་པོ་ཕབ་པར་བསམ༔ རིལ་བུ་གཞན་གང་གིས་ཀྱང་མ་མཐོང་བར་བྱ༔ བུམ་པའི་བདུད་རྩི་རང་དང༔ སྒྲུབ་གྲོགས་ཐམས་ཅད་ཀྱིས་འཐུང་བ་དང་ཁྲུས་ལ་སོགས་པ་བྱ༔ སྒྲུབ་ཐོད་ནང་དུ་གའུ་དངོས་གྲུབ་རྫས་ཀྱི་ལོངས་སྤྱོད་གང་འཛོམ་དང་ལྷན་ཅིག་ཏུ་བཞུགས༔ དེ་མེ་ལོང་གིས་ཁ་བཅད་ཅིང་དར་སྣ་མང་པོས་དྲིལ་ཏེ༔ སུས་ཀྱང་ལག་མ་བརྒྱུད་པར་རང་གར་འགྲོ་གར་སྡོད་དུ་ལུས་དང་གྲིབ་མ་ལྟར་བཅང་ཞིང་འདུ་འབྲལ་མེད་པར་བྱ༔ དུས་བཟང་གི་སྐབས་སུ་ཞག་ལྔ་གསུམ་བདུན་སོགས་སྒྲུབ་མཆོད༔ རབ་ཟླ་བ་རེ་ལ་ལན་རེ༔ འབྲིང་ཟླ་བ་བཞི་ལ་ལན་རེ༔ ཐ་མ་ཡང་ལོ་རེ་ལ་ལན་རེ་ཅིས་ཀྱང་བྱའོ༔ གཞན་ཡང་ཞ་ཐོད་རྐང་གླིང་ལ་སོགས་པའི་རྫས་རྣམས་ཀྱང་བཅང་ཞིང༔ ལས་སྦྱོར་ལ་སོགས་པའི་དུས་ལ་ལོངས་སྤྱད༔ ཞག་གསུམ་མམ་སྲུང་མཚམས་ཧུར་འདོན་མི་བྱ་ཞིང༔ གཞན་གྱི་དབང་དུ་རང་མ་སོང་བར་བྱ༔ དུས་རྒྱུན་དུ་རྒྱལ་པོ་ལྟ་བུའི་སྤྱོད་པས་དཀྱིལ་འཁོར་རྣམ་པ་གསུམ་གྱི་ངང་ནས་སྤྱོད་ལམ་བྱའོ༔ ལོངས་སྤྱོད་ཅི་བྱུང་ཡང་ཡར་མཆོད་མར་སྦྱིན་བྱ༔ ཕྱི་རོལ་གྱི་ཐོ་རྒྱལ་ཆེན་དུ་དམིགས་པ་ལ་གཏང་རག་གི་མཆོད་པ་བཏང་ལ་རང་གནས་སུ་གཤེགས་ཤིང་ཐོ་བསྒྱེལ༔ སྒོ་བྱང་བྱས་པ་ལ་སོགས་པ་ཡོད་ནའང་བཀྲོལ༔ སྒྲུབ་པ་ཚར་བའི་དགའ་སྟོན་ཅི་འབྱོར་བྱ༔ འགྲོ་བ་གང་འདུས་པ་ཐམས་ཅད་བླ་མེད་བྱང་ཆུབ་ཀྱི་ལམ་ལ་བཀོད༔ བློ་སེམས་རྒྱ་སྐྱེད་ཅིང་གཞན་དོན་རྒྱ་ཆེན་པོ་ལ་འབད་པ་ལ་སོགས་ཐེག་པ་མཆོག་གི་སྤྱོད་པ་ཚུལ་ལུགས་དང་མཐུན་པར་བྱེད་པ་གལ་ཆེའོ༔ ྀཨཚ༔ བླ་མ་དགོངས་པ་འདུས་པ་ལས༔ ཡང་གསང་རྩ་བའི་ཐུགས་སྒྲུབ་ཀྱི༔ སྒྲུབ་དང་ལས་སྦྱོར་རྣམ་པ་གཉིས༔ བསྐྱེད་རིམ་ཚ་བ་དམར་ཐག་འདི༔ གུད་དུ་སྦས་པའི་ཡིག་ཆུང་སྟེ༔ འདི་ལྡན་སྐྱེས་བུ་དགོངས་འདུས་ཀྱི༔ ཆོས་ལ་བྱན་ཚུད་རང་དབང་ཐོབ༔ བདག་གཞན་དོན་འབྲས་རྩོལ་མེད་འགྲུབ༔ འདི་ནི་ཡིད་བཞིན་ནོར་ལྟ་བུ༔ དགོས་འདོད་འབྱུང་བའི་བང་མཛོད་ཡིན༔ ཨོ་རྒྱན་ང་ཡི་སྙིང་ཚིལ་ཡིན༔ ད་ལྟ་མངའ་བདག་ཡབ་སྲས་དང༔ མ་འོངས་རྗེས་འཇུག་དོན་སླད་དུ༔ ཟབ་ཁྱད་མངོན་དུ་ཕྱུང་བ་འོ༔ ཕྱི་རབས་འདི་འཕྲད་སྐྱེས་བུས་ཀྱང༔ ཀུན་ལ་འཆོལ་བར་མ་ཡིན་ཞིང༔ དགོངས་འདུས་ཆོས་བདག་རྩ་བའི་བུ༔ སྐལ་ལྡན་ལས་ཅན་མ་གཏོགས་པ༔ གཞན་ལ་མ་སྤེལ་ཕུར་དུ་འཆང༔ སྤེལ་ན་དྷཱ་ཀིའི་བཀའ་ཆད་དང༔ དངོས་གྲུབ་མི་འབྱུང་བར་ཆད་རྒྱུ༔ དེ་ཕྱིར་གསང་རྒྱ་གཅིག་བརྒྱུད་དམ༔ གསུམ་བརྒྱུད་དག་ལས་མི་མང་གཅེས༔ ཐེམས་ལ་མ་བཏབ་རྒྱ་ཡིས་བཏབ༔ དེ་ཕྱིར་གནད་དོན་ཤེས་པར་གྱིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ཁཐཾ༔ དྷ་ཐིམ༔ གུ་ཧྱ༔ བསྐྱེད་རིམ་ཚ་བ་དམར་ཐག་ཅེས་བྱ་བ་གུད་དུ་སྦས་པ་གསང་རྒྱ༔
རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ བླ་མ་བརྒྱུད་པའི་བཀའ་བབས་ནང་གི་ལོ་རྒྱུས་ (Volume 55, Text 2)
༄༅༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ བླ་མ་བརྒྱུད་པའི་བཀའ་བབས་ནང་གི་ལོ་རྒྱུས་བཞུགས༔ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ སངས་རྒྱས་བསྟན་པའི་སྙིང་པོ༔ རྒྱུད་སྡེ་ཀུན་གྱི་ཡང་བཅུད༔ བཀའ་རྫོགས་པ་ཆེན་པོ་ལ༔ བསྐྱེད་པ་མ་ཧཱ་ཡོ་ག༔ ལུང་ཨ་ནུ་ཡོ་ག༔ འབྲས་བུ་ཨ་ཏི་ཡོ་ག་དང་གསུམ་དུ་ཡོད་པ་ལས༔ ཕྱི་སྐོར་ལྟ་བ་གཙོ་བོར་སྟོན་པ་སེམས་སྡེའི་སྐོར༔ ནང་མཚོན་ཚིག་གསལ་བར་སྟོན་པ་ཀློང་སྡེའི་སྐོར༔ གསང་བ་མན་ངག་གི་སྐོར་ལ་བརྡ་ཕྲན་བརྒྱ་དང་རྩ་བརྒྱད་ཡོད་པ་ལས༔ རྒྱུད་ལུང་མན་ངག་གསུམ་དུ་ཕྱེས་ཏེ༔ རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བཅུད་བསྡུས་པའི་སྙིང་པོ༔ ཀློང་གསལ་ཉི་མ་འབར་མའི་རྒྱུད་ཀྱི་སྙིང་པོ་མན་ངག་ཏུ་དྲིལ་བ༔ མཁའ་འགྲོ་ཀུན་གྱི་སྙིང་ཁྲག༔ ཨོ་རྒྱན་པདྨའི་ཐུགས་བཅུད༔ ཡེ་ཤེས་མཚོ་རྒྱལ་གྱི་ཉམས་ལེན༔ འདི་ཡིད་ཆེས་ཤིང་ཁུངས་བཙུན་པ་བླ་མ་བརྒྱུད་པའི་རྣམ་ཐར༔ གཏེར་འབྱུང་བསྡུས་པ༔ མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་ལོ་རྒྱུས་ནི༔ དེ་ཡང་སློབ་དཔོན་མ་ཀུན་དགའ་འབུམ་དེ་ཉིད་འོན་བཀྲ་ཤིས་ཡང་དགོན་དུ༔ རྫོགས་པ་ཆེན་པོ་མཁའ་འགྲོ་ཀློང་གསལ་ཉི་མའི་རྒྱུད་སྒོམ་ཞིང་བཞུགས་ཡོད་པ་ལ༔ ནུབ་ཅིག་སྲོད་འཁོར་ཙ་ན༔ ནམ་མཁའ་ནས་སྒྲ་ཞིག་བྱུང་སྟེ༔ ཀྱེ་སྐལ་ལྡན་ལས་ཅན་མ་ཁྱོད༔ སྒྲགས་ཡང་རྫོང་ཤེལ་གྱི་འོད་གསལ་ཕུག་ཅེས་བྱ་བར༔ ལོ་བདུན༔ ཟླ་བ་བདུན༔ ཞག་བདུན༔ ཟ་མ་བདུན་སྒྲུབ་པ་མཛོད་ཅིག༔ ཌཱ་ཀིའི་ལུང་བསྟན་དང་མཁའ་སྤྱོད་དུ་བགྲོད་པ་ཡོང་ངོ་ཟེར་བ་ཞིག་བྱུང་ནས་གར་སོང་ཆ་མེད་པར་ཡལ་ནས་སོང་ངོ༔ དེ་ནས་སློབ་དཔོན་མ་ཀུན་དགའ་འབུམ་གྱིས་ཡང་རྫོང་ཤེལ་གྱི་འོད་གསལ་ཕུག་ཏུ་སྒྲུབ་པ་མཛད་ཅིང་བཞུགས་པས༔ རྨི་ལམ་བཟང་བ་ཞིག་གི་རྟགས་ཀྱང་མ་བྱུང་བར༔ ད་ནི་ལོ་དུས༔ ཟླ་དུས༔ ཞག་དུས༔ ཟ་མའི་དུས་ཀྱང་སང་ཞོགས་ཀྱིས་ཐོན་པ་ཡིན༔ ཌཱ་ཀིའི་ལུང་བསྟན་ནི་མིན་པ་འདྲ༔ མི་མ་ཡིན་གྱི་བར་ཆད་རྩོམ་མཁན་ཞིག་ཡིན་པ་འདྲ་སྙམ་ནས༔ སྐྱོ་ཤས་དྲག་པོ་ཞིག་སྐྱེས་ཏེ༔ སང་འགྲོ་དགོས་སྙམས་ནས༔ དེ་ནུབ་ཉལ་བའི་ཐོ་རངས་ཁར་བླ་མའི་རྣལ་འབྱོར་ཞིག་སྒོམ་ཞིང་ཡོད་ཙ་ན༔ ནམ་མཁའི་དབྱིངས་ནས་འདི་ལྟ་བུའི་སྒྲ་ཞིག་ཐོས་སོ༔ ཁམས་གསུམ་འགྲོ་བ་རིགས་དྲུག་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད༔ སྣང་སྟོང་གི་བླ་མ་སངས་རྒྱས་མཁའ་འགྲོ་ལ་སྐྱབས་སུ་མཆི༔ ཞེས་པའི་སྒྲ་ཞིག་བྱུང་བས༔ དེ་མ་ཐག་ཏུ་དད་པ་དང་མོས་གུས་ཀྱིས་རིག་པ་དྲན་མེད་དུ་བརྒྱལ་ནས་གདའ་བས༔ འབྱུང་བཞི་སྒྱུ་ལུས་ནི་བྲག་ཕུག་ཏུ་ལུས༔ རིག་པ་སྟོང་གསལ་ནི་མཁའ་སྤྱོད་བདེ་ཆེན་ཆོས་འབྱུང་གི་ཕོ་བྲང་ན་ཡེ་རེ་སེང་ངེ་སླེབས་འདུག་པས༔ ཕོ་བྲང་དེ་ཡང་དབུས་བཻ་ཌཱུརྻ་མཐིང་ག་ལས་གྲུབ་པ༔ སྒོའི་རེ་བཞི་རྒྱལ་པོ་ཆེན་པོ་བཞི་ལ་བྱས་པ༔ མ་ཐེམ་ཀླུ་ཆེན་པོ་བརྒྱད་ལ་བྱས་པ༔ ཡ་ཐེམ་གཟའ་ཆེན་པོ་བརྒྱད་ལ་བྱས་པ༔ ནང་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ༔ རྟ་བབས་དུ་མས་བརྒྱན་པ་ཞིག་མཐོང་བྱུང་བས༔ ཡུམ་རྡོ་རྗེ་ཕག་མོ་དེ་ནི་ཕོ་བྲང་གི་དབུས་ན་མི་རོའི་རྩིག་པ་ཆེན་པོ་ཞིག་བརྩིགས་ནས་དེའི་སྟེང་ན་སྐུ་གཟི་བརྗིད་དང་ལྡན་པར་བཞུགས་འདུག་པས༔ དེ་ལ་མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར་ནས་མ་རྒྱུད་ཡོངས་རྫོགས་ཀྱི་དབང་མཛད་པ་དང༔ ཚོགས་འཁོར་ཆེན་པོ་མཛད་ཀྱིན་འདུག་པས༔ ང་ནི་མཁའ་འགྲོའི་གཟི་བརྗིད་ཀྱིས་འཇིགས་པ་དང་སྔངས་པའི་རྣམ་པ་ཞིག་བྱུང་སྟེ༔ འོན་ཀྱང་གཙོ་མོའི་དྲུང་དུ་ཕྱིན་ནས་ཕྱག་གསུམ་ཕུལ༔ བདག་ལ་ཡང་དབང་དང་ཚོགས་སྐལ་གནང་བར་ཞུ་ཞུས་པས༔ གཙོ་མོའི་ཞལ་ནས་ཌཱ་ཀི་མ་ཁྱོད་དང་ང་གཉིས་འདུ་འབྲལ་མེད་དེ༔ ཁྱོད་ལ་འཇིག་རྟེན་མིའི་དྲི་མ་ཡོད་པས༔ ཁྱོད་ཀྱིས་ང་ངོ་མ་ཤེས་པ་ཡིན༔ སྔངས་པ་དང་འཇིགས་སྐྲག་མི་དགོས༔ ཌཱ་ཀི་མ་འདི་རྣམས་ཁྱོད་ཀྱི་ཟླ་བོ་ཡིན་གསུངས༔ ང་ནི་ཕྱི་ལྟར་དུ་སངས་རྒྱས་མཁའ་འགྲོ་ཞེས་ཀྱང་ཟེར༔ ནང་ལྟར་དུ་ཁྲོས་མ་ནག་མོ་ཞེས་ཀྱང་ཟེར༔ གསང་བ་ལྟར་དུ་ཆོས་དབྱིངས་ཡེ་ཤེས་ཀྱི་མཁའ་འགྲོ་ཞེས་ཀྱང་ཟེར༔ སྐལ་ལྡན་མ་ཁྱོད་ཉོན་ཅིག༔ བོད་ཁ་བ་ཅན་གྱི་མི་རྣམས་མ་རིག་གཏི་མུག་གི་དབང་དུ་སོང་ནས༔ འཁོར་བ་དང་ངན་སོང་གསུམ་གྱི་རྒྱུ་གྲུབ་ནས་ཐར་མེད་དམྱལ་བར་འགྲོ་སྟེ༔ དེ་རྣམས་ལ་གཏི་མུག་སྣང་སྟོང་དུ་ཁྱེར་བའི་དབང་དང་གདམས་པ་ཐམས་ཅད་ཁྱོད་ལ་སྟེར་བ་ཡིན་པས་སེམས་ཅན་ཐམས་ཅད་བདེ་བ་ལ་ཁོད་ཅིག༔ ཞིབ་པར་ཤོག་སེར་ནང་དུ་ལྟོས་ཤིག་གསུངས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་གཙོ་མོའི་ཞལ་ནས༔ ད་དུང་ཕོ་བྲང་ཤར་ལ་ལྟད་མོ་བྱེད་ཅིང་གདམས་པ་ཞུས་ཤིག་གསུངས་པ་དང༔ སྒོ་མ་ལྕགས་ཀྱུ་མ་ཟེར་བ་གཅིག་གིས༔ སྐལ་ལྡན་མ་ཕོ་བྲང་གི་ཤར་དུ་ལྟད་མོ་ལ་གཤེགས་སོ་ཟེར་ནས་ཕྱིན་པས༔ ཤར་ཆོས་འབྱུང་དཀར་པོའི་གཞལ་ཡས༔ ཕྱི་རིན་པོ་ཆེ་དུང་ལས་གྲུབ་པ༔ ནང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཞིག་གི་དབུས་ན༔ གཙོ་མོ་བདེ་ཆེན་དཀར་མོ་ཟེར་བ༔ མི་རོའི་གདན་སྟེང་ན་སྐུ་གཟི་བརྗིད་དང་ལྡན་པ་གཅིག༔ རྒྱན་དབུས་ཀྱི་གཙོ་མོ་དང་མཐུན་པར་བཞུགས་འདུག༔ དེ་ལ་འཁོར་དུ་དཀར་མོ་འབུམ་གྱིས་བསྐོར་ནས༔ ཤར་ཞི་བའི་དབང་དང་ཚོགས་འཁོར་མཛད་ཀྱིན་འདུག་པས༔ དེར་བདག་ལ་ཡང་དབང་དང་ཚོགས་འཁོར་གྱི་སྐལ་བ་ཞུ་ཞུས་པས༔ གཙོ་མོའི་ཞལ་ནས༔ སྐལ་ལྡན་མ་ཁྱོད་ཉོན་ཅིག༔ ང་ཕྱི་ལྟར་དུ་རྡོ་རྗེ་མཁའ་འགྲོ་ཞེས་ཀྱང་ཟེར༔ ནང་ལྟར་དུ་བདེ་ཆེན་དཀར་མོ་ཞེས་ཀྱང་ཟེར༔ གསང་བ་ལྟར་དུ་མེ་ལོང་ཡེ་ཤེས་ཀྱི་མཁའ་འགྲོ་ཞེས་ཀྱང་ཟེར༔ སྐལ་ལྡན་མ་ཁྱོད་ཉོན་ཅིག༔ བོད་ཁ་བ་ཅན་གྱི་མི་རྣམས་ཉོན་མོངས་ཞེ་སྡང་གི་དབང་དུ་སོང་ནས༔ དམྱལ་བ་ཐར་མེད་དུ་ལྟུང་བར་འདུག་པས༔ སེམས་ཅན་དེ་རྣམས་ལ་མཁའ་སྤྱོད་བདེ་ཆེན་དུ་འགྲོ་བ༔ ཞེ་སྡང་ལམ་དུ་ཁྱེར་བ་རིག་སྟོང་དབྱེར་མེད་ཀྱི་གདམས་པ་འདི་སྟེར་བ་ཡིན་པས༔ འགྲོ་བ་རྣམས་བདེ་བ་ལ་ཁོད་ཅིག༔ ཞིབ་པར་ཤོག་སེར་ནང་དུ་ལྟོས་ཤིག་གསུངས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཤར་གྱི་གཙོ་མོའི་ཞལ་ནས༔ ད་ཁྱོད་རང་ལྷོ་ཕྱོགས་ཀྱི་ཕོ་བྲང་ལ་ལྟད་མོ་གྱིས་གསུང༔ སྒོ་མ་ཞགས་པ་མ་ཟེར་བ་གཅིག་གིས༔ སྐལ་ལྡན་མ་ལྷོའི་ཕོ་བྲང་ལ་ལྟད་མོ་གཤེགས་ཟེར་ནས་ཁྲིད་བྱུང་བས༔ ལྷོ་ཕྱོགས་ཆོས་འབྱུང་སེར་པོའི་ཕོ་བྲང༔ ཕྱི་རིན་པོ་ཆེ་གསེར་ལས་བྱས་པ༔ ནང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཞིག་འདུག༔ ཕོ་བྲང་དེའི་དབུས་ན༔ མི་རོའི་གདན་སྟེང་ན་གཙོ་མོ་སེར་མོ་དོན་གྲུབ་ཟེར་བ༔ སྐུ་གཟི་བརྗིད་དང་ལྡན་པ་གཅིག༔ རྒྱན་དབུས་ཀྱི་གཙོ་མོ་དང་མཐུན་པར་བཞུགས་པ༔ དེ་ལ་འཁོར་སེར་མོ་འབུམ་གྱིས་བསྐོར་ནས༔ ལྷོ་ཕྱོགས་རྒྱས་པའི་དབང་དང་ཚོགས་འཁོར་མཛད་ཀྱིན་འདུག་པ་ལ༔ དེར་བདག་གིས་ཀྱང་དབང་དང་ཚོགས་འཁོར་གནང་བར་ཞུ་ཞུས་པས༔ གཙོ་མོའི་ཞལ་ནས༔ སྐལ་ལྡན་མ་ཚུར་ཉོན་ཅིག༔ ང་ཕྱི་ལྟར་དུ་རིན་ཆེན་མཁའ་འགྲོ་ཞེས་ཀྱང་ཟེར༔ ནང་ལྟར་དུ་སེར་མོ་དོན་གྲུབ་ཅེས་ཀྱང་ཟེར༔ གསང་བ་ལྟར་དུ་མཉམ་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་ཞེས་ཀྱང་ཟེར༔ སྐལ་ལྡན་མ་ཁྱོད་ཉོན་ཅིག༔ བོད་ཁ་བ་ཅན་གྱི་མི་རྣམས་ཉོན་མོངས་ང་རྒྱལ་གྱི་དབང་དུ་སོང་ནས་ཐར་མེད་ངན་སོང་གསུམ་དུ་འགྲོ་བར་འདུག་པས༔ དེ་རྣམས་ལ་ང་རྒྱལ་བདེ་སྟོང་དུ་ཁྱེར་བའི་གདམས་པ་འདི་སྟོན་ལ༔ བདེ་ཆེན་མཁའ་སྤྱོད་དུ་ཁྲིད་ཅིག༔ ཞིབ་པར་ཤོག་སེར་ནང་ན་ཡོད་དོ་གསུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ལྷོའི་གཙོ་མོའི་ཞལ་ནས༔ ནུབ་ཀྱི་ཕོ་བྲང་ལ་ལྟད་མོ་འདྲ་མཛོད༔ དབང་དང་གདམས་པ་ཞུས་ཟེར་བ་དང༔ སྒོ་མ་ལྕགས་སྒྲོག་མ་ཟེར་བ་གཅིག་གིས༔ སྐལ་ལྡན་མ་ཕོ་བྲང་ནུབ་ཕྱོགས་ལ་ལྟད་མོ་ལ་གཤེགས་ཟེར་ནས་ཕྱིན་པས༔ ཕོ་བྲང་ཕྱི་པདྨ་རཱ་ག་ལས་གྲུབ་པ༔ ནང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཞིག་འདུག༔ ཕོ་བྲང་དེའི་དབུས་ན་མི་རོའི་གདན་སྟེང་ན༔ གཙོ་མོ་དམར་མོ་སྒྲ་སྒྲོག་ཟེར་བ༔ སྐུ་གཟི་བརྗིད་དང་ལྡན་པ༔ རྒྱན་དབུས་ཀྱི་གཙོ་མོ་དང་མཐུན་པ་གཅིག་བཞུགས་འདུག༔ དེ་ལ་འཁོར་དམར་མོ་འབུམ་གྱིས་བསྐོར་ནས༔ ནུབ་ཕྱོགས་དབང་གི་དབང་དང་ཚོགས་འཁོར་མཛད་ཀྱིན་འདུག་པས༔ དེར་བདག་ལ་ཡང་དབང་དང་ཚོགས་ཀྱི་སྐལ་བ་ཞུ་ཞུས་པས༔ གཙོ་མོའི་ཞལ་ནས༔ སྐལ་ལྡན་མ་ཁྱོད་ཉོན་ཅིག༔ ང་ནི་ཕྱི་ལྟར་དུ་པདྨ་མཁའ་འགྲོ་ཞེས་ཀྱང་ཟེར༔ ནང་ལྟར་དུ་དམར་མོ་སྒྲ་སྒྲོག་ཅེས་ཀྱང་ཟེར༔ གསང་བ་ལྟར་སོར་རྟོག་ཡེ་ཤེས་ཀྱི་མཁའ་འགྲོ་ཞེས་ཀྱང་ཟེར༔ སྐལ་ལྡན་མ་ཁྱོད་ཚུར་ཉོན་དང༔ བོད་ཁ་བ་ཅན་གྱི་མི་རྣམས་ཉོན་མོངས་འདོད་ཆགས་ཀྱི་དབང་དུ་སོང་ནས༔ ཐར་མེད་ངན་སོང་སྒྲུབ་པར་འདུག་པས༔ སེམས་ཅན་དེ་རྣམས་མཁའ་སྤྱོད་བདེ་ཆེན་དུ་ཁྲིད་པ་ལ༔ འདོད་ཆགས་ལམ་དུ་ཁྱེར་བ་གསལ་སྟོང་དབྱེར་མེད་ཀྱི་གདམས་པ་འདི་སྐལ་ལྡན་མ་ཁྱོད་ལ་སྟེར་བ་ཡིན་པས༔ འགྲོ་བ་ལ་ཕན་ཐོགས་པར་གྱིས་ཤིག༔ ཞིབ་པར་ཤོག་སེར་ནང་དུ་ལྟོས་ཤིག་གསུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ནུབ་ཀྱི་གཙོ་མོའི་ཞལ་ནས༔ སྐལ་ལྡན་ལས་ཅན་མ་ཁྱོད༔ བྱང་གི་ཕོ་བྲང་ལ་ལྟད་མོ་གྱིས༔ གདམས་པ་ཞུས་ཟེར་བ་དང༔ སྒོ་མ་དྲིལ་བུ་མ་ཟེར་བ་གཅིག་གིས༔ སྐལ་ལྡན་མ་ཁྱོད་བྱང་ཕྱོགས་ལ་ལྟད་མོ་ལ་འགྲོ་ཟེར་ནས་ཕྱིན་པས༔ ཕོ་བྲང་གི་ཕྱི་ཨིནྡྲ་ནཱི་ལ་ལས་བྱས་པ༔ ནང་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཞིག་འདུག༔ ཕོ་བྲང་དེའི་དབུས་ན༔ མི་རོའི་གདན་སྟེང་ན༔ གཙོ་མོ་སྣ་ཚོགས་མཐར་ཕྱིན་ཟེར་བ༔ སྐུ་གཟི་བརྗིད་དང་ལྡན་པ༔ རྒྱན་དབུས་ཀྱི་གཙོ་མོ་དང་མཐུན་པ་གཅིག་བཞུགས་འདུག༔ དེ་ལ་འཁོར་སྔོན་མོ་འབུམ་གྱིས་བསྐོར་ནས༔ བྱང་ཕྱོགས་དྲག་པོའི་དབང་དང་ཚོགས་འཁོར་མཛད་ཀྱིན་འདུག་པས༔ དེར་བདག་ལ་ཡང་དབང་དང་ཚོགས་འཁོར་གྱི་སྐལ་བ་ཞུ་ཞུས་པས༔ གཙོ་མོའི་ཞལ་ནས༔ སྐལ་ལྡན་མ་ཁྱོད་ཉོན་ཅིག༔ ང་ནི་ཕྱི་ལྟར་ལས་ཀྱི་མཁའ་འགྲོ་ཞེས་ཀྱང་ཟེར༔ ནང་ལྟར་དུ་སྣ་ཚོགས་མཐར་ཕྱིན་ཞེས་ཀྱང་ཟེར༔ གསང་བ་ལྟར་དུ་བྱ་གྲུབ་ཡེ་ཤེས་ཀྱི་མཁའ་འགྲོ་ཞེས་ཀྱང་ཟེར༔ ད་ནི་བུ་མོ་ཁྱོད་ཚུར་ཉོན་དང༔ བོད་ཁ་བ་ཅན་གྱི་མི་རྣམས་ནི༔ ཉོན་མོངས་ཁོང་ཁྲོ་ཕྲག་དོག་གི་དབང་གིས༔ ཐར་མེད་ངན་སོང་གྲུབ་པར་འདུག་པས༔ སེམས་ཅན་དེ་རྣམས་བདེ་ཆེན་མཁའ་སྤྱོད་ཀྱི་གནས་སུ་ཁྲིད་པར་བྱེད་པ་ལ༔ ཕྲག་དོག་ལམ་དུ་ཁྱེར་བ་རིག་པ་གྲགས་སྟོང་དབྱེར་མེད་དུ་ཁྱེར་བའི་གདམས་པ་འདི༔ སྐལ་ལྡན་མ་ཁྱོད་ལ་སྟེར་བ་ཡིན་པས༔ འགྲོ་བ་ལ་ཕན་ཐོགས་པར་གྱིས་ཤིག༔ ཞིབ་པར་ཤོག་སེར་ནང་དུ་གསལ་ལོ་གསུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བྱང་གི་གཙོ་མོའི་ཞལ་ནས༔ བུ་མོ་ཁྱོད་ད་དུང་དབུས་ཆོས་འབྱུང་གྲུ་གསུམ་གྱི་གཞལ་ཡས་སུ༔ སྐུ་གསུམ་གྱི་མཁའ་འགྲོ་དང་ཡེ་ཤེས་མཁའ་འགྲོའི་རིགས་རྣམས་ལ་དབང་དང༔ གདམས་པ་ཞུས་ཤིག་ཟེར་བ་དང༔ ཞིང་སྐྱོང་གི་ཌཱ་ཀི་མ་གཉིས་ཀྱིས་ཁྲིད་ནས་ཕྱིན་པས༔ གྲུ་གསུམ་དམར་ནག་གི་གཞལ་ཡས་སུ༔ རྟོག་མེད་རོའི་གདན་སྟེང་ན༔ དབུས་སུ་རྡོ་རྗེ་ཕག་མོ་བཞུགས༔ གཡས་ན་རྡོ་རྗེ་རྣལ་འབྱོར་མ་བཞུགས༔ གཡོན་ན་ཡེ་ཤེས་མཚོ་རྒྱལ་བཞུགས་འདུག་པ་ལ༔ དེ་རྣམས་ལ་ཌཱ་ཀི་མ་བྱེ་བ་འབུམ་གྱིས་བསྐོར་ནས༔ གསང་སྔགས་བླ་མེད་ཀྱི་དབང་དང་ཚོགས་འཁོར་མཛད་ཀྱིན་འདུག་པས༔ བདག་ལ་ཡང་དབང་དང་ཚོགས་ཀྱི་སྐལ་བ་ཞུ་ཞུས་པས༔ རྡོ་རྗེ་ཕག་མོའི་ཞལ་ནས༔ སྐལ་ལྡན་མ་ཁྱོད་ཉོན་ཅིག༔ ཁྱོད་ནི་ངའི་སྐུའི་སྤྲུལ་པ་ཡིན༔ རྣལ་འབྱོར་མའི་གསུང་གི་སྤྲུལ་པ་ཡིན༔ མཚོ་རྒྱལ་གྱི་ཐུགས་ཀྱི་སྤྲུལ་པ་ཡིན་ཏེ༔ ཁྱོད་དང་ངེད་གསུམ་འདུ་འབྲལ་མེད༔ འོན་ཀྱང་ཌཱ་ཀི་བྱེ་བ་འབུམ་ཡང་ངའི་སྤྲུལ་པར་མ་གྱུར་པ་ནི་གཅིག་ཀྱང་མེད༔ ད་ནི་སྐལ་ལྡན་མ་ཁྱོད་མ་ཡེངས་པར་ཚུར་ཉོན་ཅིག༔ བོད་ཁ་བ་ཅན་གྱི་མི་རྣམས་ནི་འཁྲུལ་སྣང་དང་ལོག་ལྟ་ཆེ་བས༔ དུག་ལྔ་ཡེ་ཤེས་སུ་ཁྱེར་བའི་གདམས་པ་འདི་ཆོངས་ཤིག་གསུངས༔ རྣལ་འབྱོར་མའི་ཞལ་ནས༔ ཁ་བ་ཅན་གྱི་མི་རྣམས་རྣམ་རྟོག་རགས་པས༔ རྣམ་རྟོག་ཆོས་སྐུར་ཁྱེར་བའི་གདམས་པ་འདི་ཆོངས་ཤིག་གསུངས༔ ཡེ་ཤེས་མཚོ་རྒྱལ་གྱི་ཞལ་ནས༔ ཁ་བ་ཅན་གྱི་མི་རྣམས་ནི་འབྱུང་བཞིའི་ལུས་ལ་གཅེས་འཛིན་ཆེ་བས༔ སྒྱུ་ལུས་ཚོགས་འཁོར་གྱི་གདམས་པ་འདི་ཆོངས་ཤིག་གསུངས༔ དེ་ནས་ཕོ་བྲང་ཁྱམས་ཀྱི་མཁའ་འགྲོ་ཡོངས་རྫོགས་ཀྱི་ཞལ་ནས༔ སྐལ་ལྡན་མ་ཁྱོད་མ་ཡེངས་པར་ཚུར་ཉོན་དང༔ ཁ་བ་ཅན་གྱི་མི་རྣམས་གཏི་མུག་གཉིད་དད་ཆེ་བས༔ གཏི་མུག་འོད་གསལ་དུ་ཁྱེར་བའི་གདམས་པ་འདི་ཆོངས་ཤིག་གསུངས༔ བོད་ཁ་བ་ཅན་གྱི་མི་རྣམས་ལེ་ལོ་ཆེ་ཞིང་སྒོམ་ལོང་མི་འབྱུང་བས༔ རིག་པ་མཁའ་སྤྱོད་དུ་འཕོ་བའི་གདམས་པ་འདི་ཆོངས་ཤིག་གསུངས༔ བོད་ཁ་བ་ཅན་གྱི་མི་རྣམས་ཚེ་འདི་ལ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་བསགས་ནས༔ བེམ་རིག་བྲལ་ཙ་ན་འཇིགས་སྣང་གཤིན་རྗེའི་སྔངས་སྐྲག་ཡོད་པས༔ བར་དོ་ལམ་དུ་ཁྱེར་བའི་གདམས་པ་འདི་ཆོངས་ཤིག་གསུངས༔ དེ་ནས་ཡུམ་རྡོ་རྗེ་ཕག་མོའི་ཞལ་ནས༔ སྐལ་ལྡན་མ་ལས་འཕྲོ་ཅན་ཁྱོད༔ མོས་གུས་དུང་པ་གྱིས་ཤིག་གསུངས༔ གསང་སྔགས་མ་རྒྱུད་ཀྱི་དབང་དང༔ བཀའ་ཐམས་ཅད་རྫོགས་པར་གནང་ངོ༔ དེ་ནས་རྡོ་རྗེ་ཕག་མོའི་གསུང་ནས༔ བུ་མོ་ཁྱོད་ཀྱི་གསང་མཚན་ཌཱ་ཀི་མ་ཙཀྲ་ཞེས་སུ་གྲགས་སོ༔ ད་བུ་མོ་ཁྱོད་རང་ཉལ་བའི་གཡས་ཟུར་དེ་ན་ཕ་བང་སྦལ་པ་འདྲ་བ་གཡག་ཙམ་གཅིག་ཡོད༔ དེ་ནས་མར་ལ་ཁྲུ་གང་བརྐོས་པའི་སར༔ ལྕགས་ཀྱི་གྭའུའི་ནང་ན་གསང་མཛོད་ཡོད༔ དེ་ནས་མདའ་གང་ཙམ་ན་དངུལ་གྱི་གྭའུའི་ནང་ན་གསང་ཁྲིད་ཡོད༔ དེ་ནས་འདོམ་གང་ཙམ་ན་རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་ལོ་རྒྱུས༔ གཞུང་ཁྲིད༔ བཀའ་ལུང༔ ལག་ལེན༔ ལུང་བསྟན་དང་བཅས་པ་ཡོད༔ འདིར་ཐོབ་པ་ལས་རྒྱས་པ་ཤོག་སེར་དང་བཅས་པ༔ ཡེ་ཤེས་མཚོ་རྒྱལ་གྱིས་སྨོན་ལམ་བཏབ་ནས་གཏེར་དུ་སྦས་ཡོད་པས༔ དེ་ཁྱོད་ཀྱིས་ཐོན་ལ༔ ལུང་ནས་ཟིན་པའི་རྣལ་འབྱོར་པ་དུང་མཚོ་རས་པ་ཟེར་བ་གཅིག་ཡོད་པས༔ དེ་ལ་བཀའ་ལུང་མན་ངག་དང་བཅས་པ་བྱིན་ཅིག༔ དེས་ཀྱང་སྐྱེས་བུ་ལས་འཕྲོ་ཡོད་པ༔ སྔར་ནས་ལུང་ནས་ཟིན་པ་གཅིག་ཡོད་པས་དེ་ལ་སྟེར་དུ་ཆུགས༔ དེས་སྐལ་ལྡན་ཡོངས་ལ་སྤེལ་ཅིག༔ འགྲོ་བ་སེམས་ཅན་རྣམས་ལ་ཕན་ཐོགས་པར་ཡོད་པས༔ མཐོང་ཐོས་དྲན་གསུམ་གྲོལ་བ༔ མ་བསྒོམ་པར་སངས་རྒྱ་བའི་གདམས་པ་འདི༔ མ་དང་མཁའ་འགྲོའི་ཚོགས་ལ་གསོལ་བ་ཐོབས༔ ཌཱ་ཀི་ཆོས་སྐྱོང་རྣམས་ལ་ཚོགས་འཁོར་བཤམ༔ གཞི་བདག་དང་གཏེར་བདག་རྣམས་ལ་གཏོར་མ་བཤམས་ལ་བདེན་པ་བརྡར༔ ལས་འཕྲོ་ཡོད་པས་སྐད་ཅིག་ཡུད་ཅིག་ལ་གནང་བར་ངེས་སོ༔ ཞེས་གསུངས་ནས༔ མཁའ་འགྲོའི་ཚོགས་ཐམས་ཅད་ཆོས་དབྱིངས་བདེ་བ་ཆེན་པོའི་ངང་ལ་བཞུགས་སོ༔ དེ་ནས་སློབ་དཔོན་མ་ཀུན་དགའ་འབུམ་དེས་ཉི་དྲོས་འདའ་ཙ་ན་གཟིམ་མལ་དུ་གཉིད་སད་པ་བཞིན་བྱུང༔ ལུས་སེམས་གཉིས་ལ་བདེ་སྟོང་གི་ཉམས་བཟང་པོ་ཡང་སྐྱེས་སོ༔ དེ་ནས་མ་དང་མཁའ་འགྲོའི་ཚོགས་ལ་གསོལ་བ་བཏབ༔ ཌཱ་ཀི་དཔའ་མོའི་ཚོགས་ལ་ཚོགས་འཁོར་བཤམ༔ ཆོས་སྐྱོང་གཏེར་བདག་རྣམས་ལ་གཏོར་མ་ཕུལ༔ གཞི་བདག་ལྷ་འདྲེ་རྣམས་ལ་བདེན་པ་བརྡར་ནས༔ སྐལ་ལྡན་མ་ཀུན་དགའ་འབུམ་གྱིས་དམོད་པ་བོར་བ་ནི༔ ང་ཡེ་ཤེས་མཁའ་འགྲོའི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡིན་ན༔ ཕ་བོང་འདི་རྫ་མའི་ཁ་གཅོད་བཤུས་པ་བཞིན་ཤོག་ཅིག་བྱས་པས༔ ཅི་ལྟ་བ་བཞིན་བྱུང་ངོ༔ དེ་ནས་ནམ་མཁའ་དང་བར་སྣང་ཐམས་ཅད་འཇའ་འོད་ཀྱིས་གང་བ་དང༔ ཌཱ་དྲིལ་དང་རོལ་མོའི་སྒྲ་བསམ་གྱིས་མི་ཁྱབ་པ་བྱུང་བས་སྒྲགས་ཕུ་མདའ་མེད་པའི་མི་རྣམས་དང༔ བསམ་ཡས༔ འོན༔ ཡར་ལུང༔ གྲོ་ངལ༔ གཞུང་ལ་སོགས་པ་ནས༔ མི་ཆེ་བ་ལ་བླ་མ་སློབ་དཔོན༔ དགེ་བཤེས༔ དཔོན་སྐྱ༔ མི་དཔོན་དང༔ ཆུང་བ་ལ་སྤྲང་པོ་ངན་ལོང་ལ་སོགས་པའི་ཁྲོམ་དམར་ནག་འཁྲུགས་པ་ཡོད་པས༔ ཐམས་ཅད་ཀྱིས་མཐོང་བར་བྱུང་བས་ཀུན་ཡིད་ཆེས་ནས༔ ཡེ་ཤེས་མཁའ་འགྲོའི་སྤྲུལ་པ་གཏེར་སྟོན་མ་ཀུན་དགའ་འབུམ་དུ་གྲགས་སོ༔ ཕྱོགས་ཐམས་ཅད་ནས་འབུལ་བ་དང་ཞབས་ཏོག་བྱེད་མཁན་དང༔ ཆོས་དང་གདམས་ངག་ཞུ་བ་ལ་མི་དྲག་ཞན་འབྲིང་གསུམ་གྱི་ཆོས་ཞུ་བསམ་གྱིས་མི་ཁྱབ་པ་བྱུང་ངོ༔ དེ་ནས་འོན་བཀྲ་ཤིས་ཡང་དགོན་དུ་སྒྲུབ་པ་དང་མཚམས་ལ་ལོ་གསུམ་བཞུགས་ནས༔ དེ་ནས་དབུས་གཙང་ལ་འགྲོ་དོན་ཕྱོགས་མེད་དུ་མཛད་དོ༔ རྫོགས་ཆེན་མཁའ་འགྲོ་གསང་བ་ལམ་ཁྱེར་གཏེར་ནས་བཏོན་པའི་ལོ་རྒྱུས་སོ།། །།དེ་ནས་རྣལ་འབྱོར་པ་དུང་མཚོ་རས་པ་དེ་ཉིད་སྐྱེ་ས་དབུས་གཙང་གི་ཕྱོགས་སུ་བྱས། གྲུབ་པ་ཀོང་ལོང་གི་ཕྱོགས་སུ་བརྙེས། མཚོ་དཀར་གངས་ཀྱི་ར་བ་ན་བཞུགས་པའི་དུས་སུ། མཁའ་འགྲོའི་ལུང་བསྟན་བྱུང་སྟེ། ནམ་མཁའི་དབྱིངས་ནས། ཀྱེ། དུང་མཚོ་རས་པ་ཁྱེད་ཆོས་ཀྱི་སྐལ་པ་ལེན་དུ་མི་འགྲོའམ། འོན་བཀྲ་ཤིས་ཡང་དགོན་ན། སློབ་དཔོན་མ་ཀུན་དགའ་འབུམ་དེ་དབུས་གཙང་གི་ཕྱོགས་སུ་འགྲོ་དོན་ལ་འབྱོན་དགོས་ཡོད་པ་ལ། ད་ལྟ་ཁྱེད་ལ་སྒུག་ཀྱིན་བཞུགས་ཡོད། ཁྱོད་བློ་ཐེ་ཚོམ་མ་བྱེད་པར་མྱུར་དུ་སོང་ཟེར་བ་ཞིག་བྱུང་བས། དེ་མཁའ་འགྲོའི་ལུང་བསྟན་ཡིན་སྙམས་ནས་མྱུར་དུ་ཕྱིན་པ་དང་། ཁོང་ཁྲོམ་ཆོས་གསུང་གིན་འདུག་པས། དེར་ཁྱེད་བྱོན་པ་ཡིན་ནམ། ངེད་ཀྱིས་ཀྱང་ཁྱེད་ལ་སྒུག་ཀྱིན་སྡོད་པ་ཡིན་གསུངས་ནས། ནང་དུ་བོས་ནས། ཁྱེད་ལ་ཚོགས་འཁོར་གྱི་མཐུན་རྐྱེན་ཅི་ཡོད་གསུངས། གཡུ་ཆུང་བཞི་དང་། གླ་རྩི་གོར་གཉིས་ཡོད་ཞུས་པས། དེ་ཕུལ་ཅིག་གསུངས་ནས་ཕུལ། ད་ནང་ནས་ཚོགས་འཁོར་ཤོམས་ཤིག་གསུངས། དེ་ནས་སྐལ་ལྡན་བུ་ཁྱོད་ཉོན་ཅིག །རྫོགས་ཆེན་མཁའ་འགྲོ་གསང་བ་ལམ་ཁྱེར་ཞེས་བྱ་བ། མ་བསྒོམ་པར་སངས་རྒྱ་བ། མཐོང་གྲོལ། ཐོས་གྲོལ། འདི་ཁྱོད་ལ་གཏོད་ཅིག་གསུངས་པ་མཁའ་འགྲོའི་ལུང་བསྟན་ཡོད་པས། གདམས་པ་འདི་ཉམས་སུ་ལོངས་ཤིག་གསུངས་ནས། ཤོག་སེར། བཀའ་ལུང་། ལག་ལེན་ལ་སོགས་པ་གནང་ནས། ལོ་རྒྱུས་ནང་ན་ཡོད་པ་བཞིན། རྟགས་དང་མཚན་མ་ཅན་ཞིག་ཡོད་པས། དེ་ལ་བཀའ་ལུང་རྗེས་གནང་དང་བཅས་པ་བྱིན་ཅིག །དེས་སེམས་ཅན་ལ་ཕན་ཐོགས་པ་ཡོད་དོ་གསུངས། དེ་ནས་ཁོ་བོ་ཉི་མ་རང་གྲོལ་ང། སྤང་པོ་ཨོ་མའི་རི་ཁྲོད་ན་ཡོད་པའི་དུས་སུ། ལྷོ་རྒྱུད་ནས་བྱ་བྲལ་བ་གསུམ་བྱུང་བས། དེ་ལ་གཏམ་དྲིས་ཏེ། གནས་ཆེན་དུ་ཙམ་བསྐོར། བླ་མ་བཟང་པོ་ཇི་ཙམ་མཇལ་བྱས་པས། ཁོང་གསུམ་ན་རེ། བླ་མ་དང་གནས་ངོ་མཚར་ཆེ་བ། མོན་གནས་ཁྱུང་རྫོང་གངས་ར་ན། དུང་མཚོ་རས་པ་ཟེར་བ་ཞིག་བཞུགས་འདུག །དེ་ལ་དད་པ་སོང་ཟེར་བས། དེ་རང་ལ་དྲན་མེད་ཀྱི་དད་པ་ཐོབ། དེ་ནས་ཐེ་ཚོམ་མ་བྱས་པར་ཐལ་ལེ་བུད་ཕྱིན་པས། སུམ་མཁར་ཆག་སྟོད་དུ་སླེབ། དེར་དྲི་རྟོག་ལ་སོགས་པ་བཏང་ནས་མཇལ་དུ་འགྲོ་བསམ་ཙ་ན། བླ་མའི་མནལ་ལམ་དུ་བུ་མོ་ལྔ་བྱུང་ནས། རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལེན་མཁན་ཞིག་སུམ་མཁར་ན་སླེབས་ཡོད། ཁོ་བློ་ལ་ཐེ་ཚོམ་འདུག་པས་བསུར་འགྲོ་ཟེར་བ་ཞིག་བྱུང་བ་དང་། དེ་མཁའ་འགྲོའི་ལུང་བསྟན་ཡིན་སྙམས་ནས་བྱོན་པ་དང་། ང་དང་མཇལ་བས། བླ་མའི་གསུང་ནས། གནས་སྐོར་བ་ལ་ཡང་བྱོན། ངའི་གདམས་པའི་བདག་པོ་ཁྱེད་ཡིན་པ། ང་ལ་མཁའ་འགྲོའི་ལུང་བསྟན་ཡང་བྱུང་། ཤོག་སེར་གྱི་ནང་ན་ཡང་གསལ་པོར་འདུག་གསུངས་པ་དང་། བྱོན་ནས། རྫོགས་ཆེན་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་བཀའ་ལུང་ལག་ལེན་ལ་སོགས་པ་ཚང་མ་ཞུས་པས། ཁོང་གིས་གསུང་ནས། ཁྱོད་ཀྱི་ཆོས་སྐལ་ཡིན་པས་སྐལ་ལྡན་ལས་ཅན་ཡོངས་ལ་སྤེལ་ཅིག་གསུངས་སོ། །དེ་ནས་ཁོ་བོ་ཉི་ཟླ་འོད་ཟེར་བདག །སྨོན་ལམ་མ་ལོག་དམ་ཆོས་དར་བའི་སར་སྐྱེས་ཀྱང་ལས་ཀྱི་ལྷག་མ་ཅུང་ཟད་ལ་བརྟེན་ནས། འཁོར་བའི་འདུ་འཛི་ལ་ལོ་ཉི་ཤུ་རྩ་ལྔའི་བར་དུ་ཡེངས། དྲག་ཞན་འབྲིང་གསུམ་གྱི་གོ་ར་འགྲིམས། ལོ་ཉི་ཤུ་རྩ་ལྔ་ལོན་པའི་དུས་སུ། མི་དཔོན་དྲག་ཅིང་ཆེ་བར་འདོད་པ་རྣམས་དང་། བསླབ་ཤེས་ཡོན་ཏན་གྱིས་བརྒྱན་པའི་མཁན་པོ་སོགས་དྲག་མགོ་རྣམས་ཀྱང་། སོ་སོ་རང་རང་གི་འདོད་པ་ཅུང་ཟད་རེ་ལ་བརྟེན་ནས་ཆོས་ཕྱོགས་ཀྱི་དམ་ཚིག་དང་སྡོམ་པ་ཐམས་ཅད་ཆུ་ལ་འབོ། འཇིག་རྟེན་ཕྱོགས་ཀྱི་ངོ་ཚ་ཁྲེལ་གཞུང་བཟང་པོ་རྣམས་རྒྱབ་ཏུ་བསྐྱུར་ཏེ། ཕྱོགས་ཆ་དང་སྡེ་རིས་བཟུང་ནས། ནང་དུ་དམེ་འཁྲུག་བྱེད་པ་དང་། ཡུལ་རྣམས་ཁྲག་མཚོར་དཀྲུགས་ནས། སྙིགས་མའི་སེམས་ཅན་མི་ལུས་ཐོབ་པ་རྣམས་ལ་ཡང་བདེ་བའི་གོ་སྐབས་སྐད་ཅིག་ཙམ་མི་འདུག་པས། རང་གི་བསམ་མནོ་ལ། ག་རེ་སེམས་དང་འདྲེས་པའི་ཆོས་ཤིག་མ་བྱུང་ན། གང་ལ་ཡང་དགོས་པ་མི་འདུག་པས། ད་ནི་ཕྱོགས་མེད་བྱ་བཏང་གི་བླ་མ་ཞིག་བཙལ་ནས་གདམས་པ་ཟབ་མོ་གཅིག་ཞུ། ཕྱོགས་མེད་ཀྱི་རི་ཁྲོད་ཅིག་འགྲིམ་དགོས་པར་འདུག་སྙམས་ནས། མི་འགའ་ཞིག་ལ་ཕྱོགས་མེད་བྱ་བཏང་གི་བླ་མ་ཅི་འདྲ་ཡོད་ཅེས་དྲིས་པས། ཡིད་ཆེས་པ་ཞིག་མ་བྱུང་། ནུབ་གཅིག་དཀོན་མཆོག་ལ་གསོལ་བ་བཏབ་སྟེ་དམོད་བོར་ནས་ཉལ་བས། ནམ་ཐོ་རེངས་ཁར་རྨི་ལམ་དུ། བུ་མོ་གཞོན་པ་འགའ་ཞིག་བྲོ་འཁྲབ་ཅིང་། དེ་རིང་བྱ་བཏང་གི་བླ་མའི་མཚན་ཐོས་པ་འདུག །ལས་ཅན་རྣམས་མཇལ་བ་ལ་འགྲོ་ཟེར་བ་ཞིག་རྨིས། དགའ་བའི་ངང་ནས་གཉིད་སད་དེ། དེ་རིང་མི་སུ་བྱུང་ཡང་སྐད་ཆ་ལེགས་པར་འདྲི་དགོས་སྙམས་ནས། ལམ་སོ་འགག་ཏུ་བསྒུགས་པ་ལས། ཙཱ་རི་ཕྱོགས་ནས་ཡོང་ཟེར་བའི་བྱ་བཏང་དེ་འདྲ་བྱུང་སྟེ། དེ་ཀུན་མཐོང་བ་ཙམ་གྱིས་ཡིད་སྤྲོ་སིང་བ་བྱུང་། ནང་དུ་ཁྲིད་ནས་ཚ་བ་ལ་སོགས་བཟའ་བཏུང་གྱ་ནོམ་པ་དྲངས་ཏེ། ཁྱེད་རྣམས་ཀྱིས་གནས་གང་ཙམ་བསྐོར། བླ་མ་དུ་ཙམ་མཇལ། བྱ་བཏང་གི་བླ་མ་ངོ་མཚར་ཆེ་བ་སུ་མཇལ། ཞེས་དྲིས་པས། ངེད་རྣམས་ཀྱིས་དབུས་གཙང་དང་། དྭགས་ཀོང་ཕྱོགས་ཀྱི་གནས་དང་བླ་མ་མང་པོ་མཇལ་ཏེ། ཀོང་པོ་མོན་གནས་བྱ་བ་ན་བྱ་བཏང་ཉི་མ་རང་གྲོལ་ཟེར་བ་ཞིག་བཞུགས་འདུག་པས། མོས་པ་དེ་ལ་སོང་ཟེར། དེར་སེམས་ལ་སྤྲོ་དགའ་དཔག་ཏུ་མེད་པ་སྐྱེས་ཏེ། དེ་ནས་ཆ་རྐྱེན་གང་འཛོམ་ཁྱེར་ནས་ཀོང་པོ་ཕྱོགས་ལ་ཐེ་ཚོམ་མེད་པར་ཕྱིན་པས། མོན་གནས་སུ་བྱ་བཏང་ཉི་མ་རང་གྲོལ་དང་མཇལ་བས། ཞལ་མཐོང་བ་ཙམ་ལ་ས་དང་པོ་ཐོབ་པའི་དགའ་བ་སྐྱེས། ཕྱག་རྟེན་ཕུལ་ནས། ཐུགས་བརྩེ་བས་རྗེས་སུ་འཛིན་པར་ཞུས་པས། བླ་མའི་གསུང་ནས། བུ་སླེབ་པ་ལེགས་སོ། ཁྱོད་ནི་ཐུགས་ཀྱི་རང་བཞིན་ཏེ། ཁོ་བོའི་གདམས་པའི་བདག་པོ་ཡིན། །ཙབ་ཙུབ་མ་མང་རྩེ་གཅིག་སྒྲིལ། །ཟབ་མོའི་གདམས་པ་བསྟན་པར་བྱ། །ཞེས་གསུངས་ནས་སྐྲ་བཅད། མིང་ཡང་ཉི་ཟླ་འོད་ཟེར་དུ་བཏགས། གདམས་པ་ཟབ་མོ་རྣམས་རིམ་གྱིས་བཀའ་དྲིན་བསྐྱངས་ནས། གསང་བའི་ལོ་རྒྱུས་ན་ཡོད་པ་བཞིན། བུདྡྷའི་རིམ་པ་ལུང་དུ་སྟོན། །གསང་སྔགས་ཟབ་མོ་སྙིང་ལྟར་འཆང་། །ཞེས་གསུངས་ནས། མ་རྒྱུད་གསང་བ་ལམ་ཁྱེར་གྱི་བཀའ་གཏད། ལུང་བསྟན། ཕྱག་ལེན་དང་བཅས་པ་གནང་ནས། སེམས་ཅན་ལ་ཕན་ཐོགས་པ་གྱིས་གསུངས་ནས། ཐུགས་བརྩེ་བས་རྗེས་སུ་བཟུང་བའོ། །དེ་ནས་སངས་རྒྱས་འོད་ཟེར་བདག་ལ། སྔོན་གྱི་སྨོན་ལམ་གྱི་ཐུགས་རྗེས། རང་སྐྱེས་ཙམ་ཉིད་ནས་རྗེས་སུ་བཟུང་སྟེ། ལོ་བརྒྱད་ཀྱི་ཐོག་ཏུ་ཆོས་སྒོར་ཞུགས། རྗེ་བཙུན་ཉི་ཟླ་འོད་ཟེར་་་སཱུརྻ་ཙནྡྲ་ཟེར།དེ་ཉིད་ཀྱི་བཀའ་དྲིན་བསྩལ་ནས་མིང་ཡང་སངས་རྒྱས་འོད་ཟེར་དུ་བཏགས་ཏེ། ཁྱོད་ཀྱིས་ང་ཡི་ཆོས་ཀྱི་བདག་པོ་གྱིས་གསུངས་ནས། ཐུགས་བརྩེ་བ་ཆེན་པོས་མ་རྒྱུད་གསང་བ་ལམ་ཁྱེར་ལ་སོགས་པ་གདམས་པ་རྣམས་བུམ་པ་གང་བྱོས་གནང་། གྲོགས་མཆེད་གོང་མ་མང་དུ་ཡོད་ནའང་། བདག་ཉིད་ལ་ཐུགས་བརྩེ་བས་གདམས་པ་ཡོངས་རྫོགས་སུ་སྐུ་དྲིན་བསྐྱངས་ཤིང་། རང་ཉིད་ཀྱང་བླ་མ་དགེ་བའི་བཤེས་གཉེན་མང་རབས་མཇལ་དུས། ཐམས་ཅད་ལ་མོས་པ་ཆེར་བྱུང་ནའང་། རྗེ་བཙུན་སཱུརྻ་ཙནྡྲ་ཁོ་ན་ལ་མོས་པར་བྱུང་ཞིང་། འོན་ཀྱང་བླ་མ་གཞན་ཐམས་ཅད་ཁོང་གི་སྤྲུལ་པ་ཡིན་བསམ་པ་བྱུང་། བླ་མའི་གསུང་ནས། ཁྱོད་ལ་སློབ་མ་བུདྡྷའི་མིང་ཅན་འབྱུང་བས། བུདྡྷའི་རིགས་རྒྱུད་གསུམ་མམ། བཞིའི་བར་དུ་མཁའ་འགྲོའི་བཀའ་རྒྱ་ཡོད་པས། ལུང་བསྟན་བྱུང་བའི་གང་ཟག་ལ་ཡང་བུདྡྷའི་མིང་གིས་བརྒྱན་པར་གྱིས། དེས་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་བར་ཡོང་། ཆིག་བརྒྱུད་ཀྱི་བཀའ་མཁའ་འགྲོའི་སྙན་བརྒྱུད་རྣམས་ལ་ཡང་དཔེ་རྒྱུད་དམ་དུ་གྱིས། ལས་ཅན་གྱི་སྐྱེས་བུ་བྱུང་ན། གཅིག་གམ། གཉིས་སམ། གསུམ་ཚུན་ལ་གདམས་པས་ཕན་པར་གྱིས། གང་ཟག་གི་སྣོད་བརྟགས་པ་གལ་ཆེ། གསང་སྔགས་བཅུད་ཀྱི་ཡང་མཆོག་འདི། །སེང་གེ་དཀར་མོའི་འོ་མ་བཞིན། །རིན་ཆེན་སྣོད་དུ་བླུགས་པ་གཅེས། །ཞེས་གསུངས་པས། དེ་ལ་ཕྱི་ནང་གསང་གསུམ་གྱི་བརྟགས་པ་ལུང་བསྟན་དང་མཐུན་པར་གྱིས། མཁའ་འགྲོ་བཀའ་སྲུང་རྣམས་ཀྱིས་ཀྱང་རྗེས་སུ་གཟུང་དགོས་པས། གསང་སྔགས་ཀྱི་ཆོས་ཟབ་མོ་རྣམས་འཆལ་དུ་མ་འཇུག་ཅིག །སྣོད་ལྡན་གྱི་སློབ་མ་རྣམས་བརྩེ་བས་རྗེས་སུ་ཟུངས། གསང་སྔགས་ཀྱི་ཆོས་སྤྱོད་ཤེས་ན་སྒྲུབ་བརྒྱུད་ཀྱི་བསྟན་པ་ཇེ་དར་ལ་འགྲོ་བ་ཡིན་གསུངས་ནས། བཀའ་ཡི་གཏད་རྒྱ་ལུང་བསྟན་དང་བཅས་ཏེ་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་བའོ། །དེ་ནས་མཚུངས་མེད་རིན་པོ་ཆེ་སངས་རྒྱས་འོད་ཟེར་དེ་ཉིད་ཀྱིས། བདག་སངས་རྒྱས་བརྩོན་འགྲུས་རྗེས་སུ་བཟུང་བ་ཡིན་ཏེ། དེ་ཡང་བུ་ཚ་ཆུང་ངུའི་དུས་ན། ཚེ་དཔག་མེད། ཕྱག་རྡོར། ཕུར་པ། ཕག་མོ་ལ་སོགས་པའི་དབང་དང་བྱིན་རླབས་དཔག་ཏུ་མེད་པ་གནང་ཞིང་། འདི་ལས་ཅན་གྱི་སྐྱེས་བུ་འགྲོ་བ་ལ་ཕན་ཐོགས་པ་ཞིག་ཡོང་བར་འདུག་གསུངས་ནས་ཐུགས་བརྩེ་བས་བསྐྱང་ཞིང་། གཞོན་ནུ་ལ་རབ་ཏུ་བྱུང་བ་མཛད། བུདྡྷའི་མིང་ཅན་ལུང་དུ་སྟོན་གསུངས་པ་དེ་ཁྱོད་ཡིན་གསུངས་ནས། མིང་ཡང་སངས་རྒྱས་བརྩོན་འགྲུས་སུ་བཏགས། དེ་ནས་སློབ་གཉེར་གྱིས་གསུངས་ནས། ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ། བཀའ་བརྒྱད་གཏེར་ཁ་གོང་འོག །བླ་མ། ཡོངས་རྫོགས། ཐུགས་རྗེ་ཆེན་པོ། །མ་མོ། །ཕུར་པ། གཤིན་རྗེ་ལ་སོགས་པ་དང་། བདེ་མཆོག །དགྱེས་རྡོར། གསང་འདུས། ཀུན་རིག་ལ་སོགས་པ་རྣམས་ཀྱི་དབང་། སྒྲུབ་ཐབས། ཆོ་ག་ལས་ཚོགས་དང་བཅས་པ་གནང་ནས། དཀྱིལ་འཁོར་བྲིས་ཐིག །གར་འཆམ་དབྱངས་གསུམ་ལ་སོགས་པ་ཕྱག་ལེན་ལ་འདེབས་པར་མཛད་པ་རྣམས་མ་རྨོངས་པར་བསླབ་པས་མྱུར་དུ་ཤེས། ཕྱག་ཆེན། ཆོས་དྲུག །ཞི་བྱེད། གཅོད་ཡུལ་སོགས་པ་གསར་མའི་ཆོས་སྐོར་རྣམས་དང་། རྫོགས་པ་ཆེན་པོ་ལ་བཀའ་མ། གཏེར་མ། ཕྱི་སྐོར། ནང་སྐོར། གསང་སྐོར། ཡང་གསང་བླ་མེད་ཐིག་ལེའི་སྐོར་ལ་སོགས་པ། སྟོད་གཏེར། སྨད་གཏེར། བར་གཏེར་ལ་སོགས་པ་རྣམས་ཀྱི་སྨིན་བྱེད་དབང་། གྲོལ་བྱེད་ཁྲིད། ངོ་སྤྲོད་ཕྱག་ལེན་རྣམས་ཡོངས་སུ་རྫོགས་པ་དང་། ཁྱད་པར་དུ་རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་ཆོས་སྐོར་རྣམས་ཚང་བར་གནང་ནས། བདག་ལ་གང་ཡོད་ཀྱི་ཆོས་རྣམས་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་སྦ་བསྲི་མེད་པར་ཁྱོད་ལ་སོང་ཡོད་པས། རང་གཞན་གྱི་དོན་རྒྱ་ཆེན་པོའི་གོ་ཆ་ཆེར་གོན་ལ་ཚེ་འདི་བློས་བཏང་བའི་སྒྲུབ་པ་སྙིང་པོར་གྱིས་ཤིག་གསུངས། བདག་གིས་ཀྱང་བླ་མའི་གསུང་བཞིན་དུ། ཙ་རི། བྱར། རོང་། གཉལ། ལོ་རོ་ལ་སོགས་པའི་གནས་ཆེན་དང་རི་ཁྲོད་རྣམས་སུ་སྒྲུབ་པ་ཁོ་ན་ལ་བརྩོན་པར་བྱས། སླར་ཡང་དབུས་གཙང་གི་ཕྱོགས་སུ་འགྲོ་བར་ཞུས་པས། དབུས་གཙང་གི་ཕྱོགས་སུ་འགྲོ་ན་ཡང་སོང་། ཁྱོད་རང་ཡིད་ཆེས་པའི་ཆོས་ཤིག་དང་འཕྲད་ཡོང་བར་འདུག་གསུངས་ནས་བཀའ་གནང་། དེ་ནས་འགྲོ་ཁར་ཁྱོད་ལ་ངའི་རྒྱལ་ཚབ་རེ་བ་ཡིན་པས་འདིར་སྡོད་ཅིག་གསུངས་ནས། བཞུགས་གདན་ལྔ་བརྩེགས་པའི་སྟེང་དུ་བཞག །གསོལ་ཞལ་སྡེར་བཅུད་ཀྱིས་བཀང་བ་གནང་། ཁ་དོག་ལྔ་ཚང་བའི་དར་ཁ་ལྔ་དང་། རྡོ་རྗེ་དྲིལ་བུ་རྣམས་གནང་ནས། ཕྱག་ནས་འཐོར་ཏེ། ངའི་ཤུལ་ཁྱོད་ཀྱིས་འཛིན་དགོས་པ་ཡིན་པས། དགོན་གོང་འོག་རྣམས་ཀྱི་བདག་རྐྱེན། གྲྭ་བུ་སློབ་ཡོན་བདག་རྣམས་ཀྱི་སྐྱོང་བྲན་གང་དྲག་ནས་གྱིས། ཁྱོད་ལ་ལས་ཅན་གྱི་སློབ་མ་མང་དུ་ཡོད་པས། དེ་རྣམས་ལ་རང་རང་གང་ལ་གང་མོས་ཀྱི་ཆོས་ཀྱིས་ཚིམ་པར་བྱེད་པ་དང་། ཁྱད་པར་རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་འདི། ངེད་རང་བཀྲ་ཤིས་དགོན་གསར་བའི་ཕ་ཆོས་ཡིན་པས། སྣོད་ལྡན་རྣམས་ལ་དམ་མ་དྲགས་པ། སྣོད་མེད་རྣམས་ལ་ཡང་མ་དྲགས་པའི་ངོས་ནས་འགྲོ་བ་ལ་ཕན་ཐོགས་པར་གྱིས། དབུས་གཙང་གི་ཕྱོགས་སུ་ལོ་གསུམ་ལས་མ་འགྱངས་པར་འདིར་སླེབ་པ་གྱིས་གསུངས་ནས་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་བའོ། །དེ་ནས་བླ་མ་རིན་པོ་ཆེ་སངས་རྒྱས་བརྩོན་འགྲུས་དེ་ཉིད་ཀྱིས། བདག་རིན་ཆེན་དཔལ་འབྱོར་རྗེས་སུ་བཟུང་བ་ཡིན་ཏེ། དེ་ཡང་གཉལ་ཆོས་ལུང་དཀར་པོ་ཡངས་པའི་རྒྱལ་ཁམས་སུ་སྐྱེ་ས་བྱས། གཞོན་པའི་དུས་ནས་ཚེ་སྔོན་གྱི་བག་ཆགས་སད་ལ། སྤྱིར་ཆོས་ཙམ་ལ་མོས་ཤིང་། ཁྱད་པར་དུ་སྒོམ་སྒྲུབ་ཁོ་ན་ལ་མོས། དེའི་ནང་ནས་སྤྱན་རས་གཟིགས་ཀྱི་མཚན་ཐོས་པའམ། སྐུ་འདྲ་མཐོང་ན་བ་སྤུ་ཟིང་ཟིང་བ་ཡོང་བ་ཞིག་ཡོད་དེ། དེའི་ཕྱིར་ལོ་བཅུ་བདུན་ལ་ཆོས་ལ་ཕྱིན་ཏེ། དཔལ་འབྲུག་གི་སྒྲུབ་སྡེར་སླེབས། འབྲུག་པ་རིན་པོ་ཆེ་དང་མཇལ། སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས། ཕྱག་ཆེན། ཆོས་དྲུག །རོ་སྙོམས་ལ་སོགས་པ། འབྲུག་པའི་ཆོས་སྐོར་ཐམས་ཅད་ཞུས། སྒོམ་གྱི་སྐྱེ་ཚུལ་ལ་རིན་པོ་ཆེ་ཡང་མཉེས་པར་བྱུང་། ཚེ་བློས་བཏང་གི་སྒྲུབ་པ་ཁོ་ན་བྱས་པས། ཕྱག་རྒྱ་ཆེན་པོའི་ལྟ་སྒོམ་སྤྱོད་འབྲས་ལ་རང་ཡང་ངེས་ཤེས་སྐྱེས། བླ་མ་གཞན་ཡང་མང་དུ་བསྟེན་ཅིང་གདམས་ངག་གི་སྒྲོ་འདོགས་ལེགས་པར་བཅད། ལོ་བཅུ་གསུམ་གྱི་བར་དུ་འབྲུག་ཏུ་བསྡད། དེ་ནས་གཉལ་ཆོས་ལུང་དཀར་པོ་ཡངས་པའི་ས་ལ་ཕྱིན་པས། བླ་མ་རིན་པོ་ཆེ་རྩ་འབོར་བ་སངས་རྒྱས་བརྩོན་འགྲུས་དེ་ཉིད། ཞག་རེ་ཡར་ལ་བྱོན་ནས་སྐྱོ་མའི་མཆོད་རྟེན་བཞེངས། ཞག་རེ་མར་ལ་བྱོན་ནས་སྣང་འགྲོའི་གཙུག་ལག་ཁང་བཞེངས་པར་མཛད་པའི་དུས། སྐྱོ་མའི་མཆོད་རྟེན་གྱི་རབ་གནས་ཀྱི་ཉིན་དབང་གནང་བའི་དུས་སུ་མཇལ་བས། གང་ནས་ཡིན་གསུངས། འདི་ལྟར་ཡིན་གྱི་ལོ་རྒྱུས་རྣམས་ཞིབ་ཏུ་ཞུས་ཏེ། བླ་མ་རིན་པོ་ཆེ་ཉིད་བཀའ་རྫོགས་པ་ཆེན་པོའི་བདག་པོར་འདུག་པས། བདག་ལ་རྫོགས་པ་ཆེན་པོའི་ཆོས་ཤིག་ཐུགས་ལ་འདོགས་པར་ཞུ་ཞུས་པས། རྟེན་འབྲེལ་ལེགས། མདང་རྨི་ལམ་ཡང་བཟང་། དེར་སྡོད་ལ་ཆང་ཐུངས་གསུངས་ནས་གསོལ་རས་ཤིག་གནང་བྱུང་བ། ཀ་པཱ་ལི་ཟེད་པས། ཀ་པཱ་ལི་གང་བྱུང་། ལྕང་སྐྲོག་བཏང་བས་ཞལ་འཛུམ་མེ་འདུག །དེ་ནས་དབང་གི་དུས་སུ། བླ་མ་རིན་པོ་ཆེ་ལོངས་སྤྱོད་རྫོགས་པའི་ཆ་ལུགས་སུ་བཞེངས་ནས་བྱིན་འབེབ་མཛད་པའི་དུས་སུ། བདག་གི་སྣང་བ་ཟི་བུན་པ། གཏད་མེད་དུ་ཕྱམ་ཕྱམ་འགྲོ་བ་ཞིག་བྱུང་། བྱིན་རླབས་དེ་དུས་ཞུགས་པ་འདྲ་སྙམ། དེ་ནས་སང་དེ་འགོལ་བའི་དུས་ཤིག་ན་སྐུ་མདུན་དུ་ཤོག་གསུངས། ལོ་རྒྱུས་རྒྱུ་མཚན་རྣམས་ཞིབ་ཏུ་འདྲི་བ་གནང་ནས། ཐུགས་མཉེས་མཉེས་མཛད། དེ་ནས་གུ་རུའི་ཐུགས་སྒྲུབ་འཛུགས་པ་གནང་སྟེ་ཆོས་ཀྱི་སྒོ་ཕྱེ། གཞན་ཡང་ཟང་ཐལ་དང་། འོད་གསལ་གསང་སྐོར་དང་། པདྨ་སྙིང་ཏིག་དང་། འོད་གསལ་རྡོ་རྗེ་སྙིང་པོ་ལ་སོགས་པ། རྫོགས་པ་ཆེན་པོ་མང་དུ་གནང་། དེ་ནས་ཡང་སྐབས་ཤིག་ན། རྡོ་རྗེ་ཕུར་པའི་ཆོ་ག་དཀྱིལ་འཁོར། དབྱངས། འཆམ་ལ་སོགས་པའི་ཕྱག་ལེན་རྣམས་སློབ་གསུངས། བདག་སློབ་གཉེར་མི་བྱེད། འཆི་ཁར་ཕན་པའི་སྒྲུབ་པ་ཞིག་བྱེད་པས། ད་དུང་རྫོགས་པ་ཆེན་པོའི་ཆོས་སྐུ་དྲིན་སྐྱོང་བར་ཞུ་ཞུས་པས། སློབ་གཉེར་བྱེད་པ་ལས་སྒྲུབ་པ་ཤ་སྟག་བྱུང་ན་དེ་རང་དགའ་གསུངས། ཁྱོད་ལ་ཆོས་གང་དགོས་ཡོང་གསུངས་ནས། བཟང་ཡུལ་དུ་ཕེབས་ཏེ་མཁའ་འགྲོ་སྙིང་ཏིག་གནང་། དེ་ནས་རྒྱལ་ཁམས་ལ་འགྲོ་བར་ཞུས་པས། ན་ནིང་ཁྱོད་དང་སྔོན་མ་འཕྲད་དུས། སང་འཕྲད་པའི་དོ་ནུབ་དེ་ངའི་རྨི་ལམ་ལ། ངའི་སྙིང་བཏོན་ནས་ཚལ་པ་བཅུ་གཉིས་སུ་བགོས་ཏེ། ཚལ་པ་གཅིག་དབུས་ནས་ཡོང་ཟེར་བའི་བྱ་བྲལ་ཞིག་འདུག་པ་དེ་ལ་བྱིན་པ་རྨིས། དེ་ཁྱོད་ལ་བལྟ་བར་འདུག །ངའི་གདམས་ངག་འདིའི་བདག་པོ་ཞིག་ཡོང་བ་འདྲ། ད་དུང་རྒྱལ་ཁམས་ལ་མ་འགྲོ་བར་དུམ་གཅིག་སྡོད་དང་། ངེད་བཀྲ་ཤིས་དགོན་གསར་བའི་ཕ་ཆོས་རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་བྱ་བ། ཤིན་ཏུ་ཟབ་པ་ཞིག་ཡོད་པ་དེ་ཁྱོད་ལ་མ་སོང་། དེ་མྱུར་དུ་འཛུགས་པ་ཞིག་ཡོང་གསུངས། འབག་བརྒྱའི་ཁྲོད་ནས་སེང་གེ་གཅིག་ཡོང་དུ་རེ་བ་ཡིན། ལྕོག་བུ་གཅིག་གྲབ་གྱིས་ལ། ང་གར་འགྲོའི་རྗེས་ལ་ཤོག །ནད་པའི་དཀོར་ལ་མ་འབགས་པ་གྱིས། ཁྱོད་རང་རིལ་བུ་འདྲིས་པར་འདུག་པས། རིལ་བུ་ཟོ། ཆོས་དང་དབང་རྣམས་ཞུས། དཔེ་ཆ་ཙམ་ཆོད་ཆོད་ཆོད། གཞོན་པའི་དུས་སུ་དཀའ་ཐུབ་དང་། དཀའ་སྤྱད། སྡུག་སྒུར། སྙིང་རུས་ཆེན་པོ་རྒྱས་པས། ནམ་ཞིག་དེའི་འབྲས་བུ་སྨིན་དུས་ཡོང་བ་ཡིན་གསུངས། དེ་ནས་གཉལ་སྨད་དགེ་རི་བྲག་ཏུ། འདི་འཕྲོ་ཅན་དུ་སྣང་།
ཕྱོགས་གར་འགྲོ་ཡང་མགོ་ཐོན་པའི་གདམས་པ་བཀའ་གསར་རྙིང་མདོ་སྔགས་ཀུན་གྱི་དོན་བསྡུས་ཁྱེར་བདེ་བར་བཀོད་པ་ (Volume 43, Text 2)
༄༅། །ཕྱོགས་གར་འགྲོ་ཡང་མགོ་ཐོན་པའི་གདམས་པ་བཀའ་གསར་རྙིང་མདོ་སྔགས་ཀུན་གྱི་དོན་བསྡུས་ཁྱེར་བདེ་བར་བཀོད་པ་ཞིག་ཡོད་ལགས། སངས་རྒྱས་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ། །སང་འགྲོ་བའི་དོ་དགོང་ལམ་གཏོར་ནི། དཀར་གཏོར་དང་དམར་གཏོར་གཅིག་འབུལ་ལ། ལམ་གཏོར་དགྲ་ཆོས་བསྡུས་པ་ནི། དགྲ་འཆིང་དམིགས་པ་ནི། དུས་གཏོར་འབུལ། བསྡུས་པ་འདི་བྱའོ། །གཏོར་སྣོད་བྷནྡྷ་ཡངས་པའི་ནང་དུ་གནོད་བྱེད་དགྲ་ཇག་ཆོམ་རྐུན་ཐམས་ཅད། དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པས་འདིར་ཁུག་ཅིག །དགྲ་བགེགས་ནྲྀཿཏྲིཿབཛྲ་ཨཾ་ཀུ་ཤ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ དགྲ་བགེགས་བསྒྲལ་པའི་ཤ་ཁྲག་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ཧཱུྃ་ཕཊཿ ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷྱོ། ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །རིམ་པ་བདུན་གྱི་ས་འོག་ནས། །འཇམ་དཔལ་ཀིང་ཀང་དམར་ནག་དང་། །ལས་ཀྱི་གཤིན་རྗེའི་དམག་ཚོགས་རྣམས། ཁྲི་དང་དྲུག་སྟོང་འཁོར་དང་བཅས། །རྒྱལ་ཆེན་ཕྱོགས་སྐྱོང་ཕོ་ཉར་འགྱེད། །ལྷ་འདྲེ་སྟོང་སྡེ་ལས་ལ་འཛུད། །ཀུན་ཀྱང་འུར་སྒྲ་ཆེམས་སེ་ཆེམ། །ཕྱག་ན་ཟློག་པའི་ཀོང་ཟོར་དང་། །རང་རྟགས་མཚོན་ཆ་མེ་ལྟར་འབར། །སྔོན་ནས་བྱད་ཟོར་ཟློག་པའི་ལྷ། །དམར་ཆེན་གཏོར་མ་འདི་བཞེས་ལ། །དོ་ནུབ་ཟློག་པའི་དཔུང་ལ་ཆོས། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །དགྲ་ཇག་ཆོམ་རྐུན་གནོད་པ་ཟློགས། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །ཀེང་རུས་ཐོད་པའི་གུར་ཁང་ནས། །རཀྟའི་རྦ་ཀློང་དཀྱིལ་འཁོར་ནས། །མི་རོ་ཁ་སྦུབས་གདན་སྟེང་ནས། །དཔལ་ལྡན་དུར་ཁྲོད་བདག་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །གཡས་པས་ཐོད་དབྱུག་འབར་བ་བསྣམས། །སྡང་བའི་དགྲ་བོའི་ཀླད་པ་འཇོམས། །ཙིཏྟ་ཕྱུང་ནས་ཞལ་དུ་གསོལ། །གཡོན་པས་བྷནྡྷ་ཁྲག་བཀང་གསོལ། །དགྲ་དང་བགེགས་ཀྱི་སྙིང་ཁྲག་འཐུང་། །ཀེང་རུས་མཆེ་བ་གཙིགས་པ་ཡིས། །དུག་གསུམ་རྩད་ནས་གཅོད་པར་བྱེད། །དབུ་ལ་རིན་ཆེན་པྲོག་ཞུ་གསོལ། །དངོས་གྲུབ་ཐམས་ཅད་གཏེར་དང་ལྡན། །མི་མགོ་ལྔ་བཅུའི་དོ་ཤལ་བྱས། །དུས་གསུམ་སངས་རྒྱས་མཆོད་པ་ཡིན། །རིན་ཆེན་སྣ་ཚོགས་རྒྱན་དང་ལྡན། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །སྐུ་ལ་འཁྲིལ་བའི་ཡུམ་ཆེན་ནི། །རྒྱན་དང་ཆ་ལུགས་ཡབ་དང་མཐུན། །ཨེ་ཀ་ར་ས་མཐུ་མོ་ཆེ། ཁྱེད་ཀྱི་སྤྲུལ་པས་གར་ཡང་ཁྱབ། །རྩ་གསུམ་ལྷ་གནས་མན་ཆད་ནས། །ན་རག་དམྱལ་ཁམས་ཡན་ཆད་ན། །སྤྲུལ་པ་བྱེ་བ་དཔག་མེད་འགྱེད། །བྱང་ཆུབ་སེམས་མ་ཞེས་ཀྱང་བྱ། །ཡབ་ཡུམ་གཉིས་སུ་མེད་པ་ལ། །སྐུ་ཡི་སྤྲུལ་པ་གཅིག་ཏུ་བྱུང་། །གཅིག་ལས་བརྒྱ་བྱུང་བརྒྱ་ལས་སྟོང་། །དེ་ལས་ཁྲི་བྱུང་གནམ་ས་གང་། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །སྟོང་ཕྲག་བརྒྱད་ཅུ་ཁྱོད་ཀྱི་འཁོར། །དམར་གྱི་གཏོར་མ་འདི་བཞེས་ལ། །དགྲ་ཇག་ཆོམ་རྐུན་གཅན་གཟན་ཆིངས། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །དུར་ཁྲོད་བདག་མོའི་ཞལ་དུ་ཁ་རཾ་ཁཱ་ཧི། ཤ་ཟ་ཆེན་མོའི་ཞལ་དུ་ཁ་རཾ་ཁཱ་ཧི། ཁྲག་འཐུང་རྒྱལ་མོའི་ཞལ་དུ་ཁ་རཾ་ཁཱ་ཧི། དཔལ་ཧེ་རུ་ཀའི་ཞལ་དུ་ཁ་རཾ་ཁཱ་ཧི། ཨོཾ་གྷྲི་རཱ་ཛ་ཀུ་མ་ཀུ་མ་ཁུམ་ཐིས་མ་ཧཱ་ཐ་ནུ་དགྲ་རྐུན་གཅན་གཟན་བྷནྡྷ་བྷནྡྷ་སྭཱ་ཧཱ། ཧཱུྃ། མ་མོ་ནག་མོ་མཐུ་རྩལ་ཅན། །མུ་སྟེགས་ལྷ་མོ་རྫུ་འཕྲུལ་ཅན། །ནོར་སྲང་གཅིག་གི་རྗེས་གཅོད་མ། །ནས་བྲེ་གང་གི་ཕྱིར་འབྲང་མ། །དཀོར་བདག་ཆེན་མོ་ངན་ནེ་མ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །དཀོར་ནོར་ཀ་ཆ་ཐུབ་པར་སྲུངས། །དམ་ཅན་ཐུགས་དམ་དུས་ལ་བབས། །ཨོཾ་ར་ལི་པྲ་མ་ཡ་ཛཿ དགྲ་རྐུན་ཇག་གསུམ་བྷནྡྷ་བྷནྡྷ་སྭཱ་ཧཱ། གཏོར་མ་དགྲ་ཕྱོགས་སུ་ཕུལ། ཚུར་ལེན་མི་ཉན་ནོ། །འགྲོ་ཕྱོགས་སུ་འབུལ་ལོ། །གཏོར་མ་འགྲོ་ཕྱོགས་སུ་མིན་པར་ཕུལ་ན་ཤོལ་སྡོད་འོང་། དེ་ནུབ་རང་མདུན་དུར་ཁྲོད་བདག་པོ་ཡབ་ཡུམ་སྐུ་ལས་དེ་འདྲ་བ་གྲངས་མེད་འཕྲོས་ཏེ་ཕྱོགས་ཀྱི་དགྲ་རྐུན་མ་གཅན་གཟན་ཐམས་ཅད་དེད་ཅིང་བདས། དབྱུག་ཏོས་མགོ་དང་སྙིང་གར་བརྒྱབ་པས་མྱོས་ཏེ་དྲན་པ་མེད་པར་བསྒོམས་ལ། དུར་ཁྲོད་བདག་པོའི་སྔགས། ཨོཾ་གྷྲི་རཱ་ཛ་ཀུ་མ་ཀུ་མ་ཁུམ་ཐིས་མ་ཧཱ་ཐ་ནུ་དགྲ་རྐུན་གཅན་གཟན་བྷནྡྷ་བྷནྡྷ་སྭཱ་ཧཱ། ཞེས་བརྒྱ་ལས་མི་ཉུང་བ་བཟླ། དམ་ཅན་གསོལ་ཀ་བྱས་ལ། ལམ་ལྷ་མཛོད་ཅེས་བརྗོད། ཕྱིར་ནང་འགྲོ་ཁ་བྱང་དུ་འགྲོ་ན། སངས་རྒྱས་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ། །བྱང་ལས་ཀྱི་མཁའ་འགྲོ་ལ་ཕྱག་འཚལ་ལོ། །བྱང་ཕྱོགས་ཀྱི་སངས་རྒྱས་རིན་ཆེན་གཟུགས་བཀོད་འོད་སྣང་ལ་ཕྱག་འཚལ་ལོ། །ལན་གསུམ་བརྗོད་དོ། །དེ་ནས། ལྷའི་བུ་ཉི་མའི་སྲས་པོ་ཨཱརྻ་རེ་མཱནྟ་ལ་ཕྱག་འཚལ་ལོ། །ཨོཾ་ཨཱརྻ་རེ་མནྟ་སྭཱ་ཧཱ། གསུམ། ཉི་མ་དང་ཕྱོགས་ངན་པ་ཐམས་ཅད་སེལ་སྔགས་མང་ན་ཡང་དག་པོ་གཅིག་འོང་དཀའ་དོ་བས། སེང་གདོང་མའི་སྔགས་ཕྲེང་སྐོར་ཙམ་གཅིག་འདོན། ཕྱོགས་ངན་ཉི་མ་དུས་ཚོད་ངན་པ་ཟློག །དེ་ཕྱོགས་སུ་ཐལ་མོ་བརྡབ་པས་ཐུབ་པར་གསུངས་སོ། །དེ་ནས་འགྲོ་དུས་དམིགས་པ་ནི། རང་ཉིད་རྒྱལ་བ་རྒྱ་མཚོ་སྐུ་ཤིན་ཏུ་ཆེ་བ་པདྨ་དང་ཟླ་བའི་གདན་ལ་བཞུགས་པ་དེ་ཉིད་མཁའ་འགྲོ་སྡེ་བཞིས་པདྨ་དེ་ལ་བཀྱགས་ནས་འགྲོ་བར་བསྒོམ། རང་གི་སྤྱི་བོའི་ནམ་མཁའ་ལ་ཨོ་རྒྱན་རིན་པོ་ཆེ་ལ་རྩ་བརྒྱུད་བླ་མ་ཐམས་ཅད་སྤྲིན་འཁྲིགས་པ་ལྟ་བུའི་ཐུགས་རྗེས་གཟིགས་པའི་ཚུལ་དུ་ཡོད་པ། རང་གི་རྒྱབ་ཏུ་གུར་དྲག་ལ་སོགས་པ་ཡི་དམ་མཁའ་འགྲོའི་དམག་དཔུང་ཆེན་པོ་རྒྱབ་རྟེན་ཚུལ་དུ་ལུས་དང་གྲིབ་མ་ལྟར་རྗེས་རྗེས་ནས་འབྱོན་པ། རང་གི་སྤྱི་བོའི་ཐད་བར་སྣང་སྔོན་ན་ཁྱུང་ཆེན་གཅིག་ལྡིང་བས་ལམ་འདྲེ་ཆུ་འདྲེ་ཐམས་ཅད་དཔག་ཚད་དུ་མི་ཆགས། རང་གི་གཡས་སུ་སེང་གེ་དཀར་མོ་གཅིག་གཡུ་རལ་བསིགས་ནས་འགྲོ་བ། རང་གི་གཡོན་ནས་སྟག་མོ་དར་མ་གཅིག་ངར་ཞིང་འགྲོ་བ། རང་གི་མདུན་སྒར་པའི་ཤོ་སྣ་དེ་ན་གླང་པོ་ཆེ་སྟོབས་ཆེན་སྣ་ལ་མཚོན་ཆའི་འཁོར་ལོ་བསྐོར་བ་གཅིག་འགྲོ་བར་བསྒོམ། སྒར་པའི་སྣ་ནས་ཕ་ཟད་མདའ་རྒྱང་གང་བས་མི་ཉེ་མི་མཐོང་ཙམ་ན། དམ་ཅན་རྡོ་རྗེ་ལེགས་པ་སེང་གེ་ལ་འཆིབ་པ་མདུང་དར་དམར་པོ་ཕྱར་བ། འཁོར་ན་བཙན་རྒོད་མི་དམར་རྟ་དམར་སྟོང་ཙམ་གྱིས་བསྐོར་བ་ཐམས་ཅད་མདའ་གཞུ་མདུང་དར་ཅན། ཀུ་བསོའི་ཆ་སྒྲ་དི་རི་རི་རྒྱུག་པ། གཡས་ན་སྟག་མང་པོ། གཡོན་ན་ལྕགས་ཀྱི་སྤྱང་ཀི་མང་པོ། མདུན་ན་ཟངས་ཀྱི་འཕར་བ་མང་པོ། སྟེང་ན་བྱ་ཁྲ་མང་པོ་ལྡིང་ཞིང་ཕར་གཤར་བར་བསྒོམ། དེ་བས་ཚུན་ཙམ་གྱི་ས་སྒར་པ་གཤར་བས་ཤོ་སྣའི་ཐད་ཀྱི་བར་སྣང་ལ་སྤྱན་རས་གཟིགས་འཇིགས་པ་ཀུན་སྐྱོབ་པདྨ་དཀར་པོ་འཛིན་པ། དེའི་མདུན་དུ་འོད་ཟེར་ཅན་སེར་མོ་ཕྱག་གཡོན་མྱ་ངན་མེད་པའི་ཤིང་གི་ཡལ་ག་འཛིན་པ། གཡས་གཡོན་དུ་སྒྲོལ་མ་དཀར་སྔོན། རྒྱབ་ཏུ་སྒྲོལ་མ་སྣ་ཚོགས་ཡུམ་དཀར་མོ་ཕྱག་གཡོན་པདྨ་དཀར་པོ་འཛིན་པ། ཐམས་ཅད་ཕྱག་གཡས་སྐྱབས་སྦྱིན་མཛད་པའི་ཞབས་ནས་ཕར་གཤར་བར་བསྒོམ་ཞིང་འགྲོ་སྟེ། ཨོཾ་མ་ཎི་པདྨེ་ཧཱུྃ། འཇིགས་པ་བཅུ་དྲུག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་འཇིགས་པ་བཅུ་དྲུག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཕྲེཾ་བི་ཤྭ་མ་ཏ་སྭཱ་ཧཱ། འཇིགས་པ་བཅུ་དྲུག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་མཱ་རི་ཙྱཻ་འོད་ཟེར་ཅན་མས་བདག་ཅག་དཔོན་སློབ་མི་ནོར་ཐམས་ཅད་ལ་སྐྱོབས་ཤིག་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། འཇིགས་པ་བཅུ་དྲུག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སྔགས་འདི་རྣམས་ཅུང་ཟད་རེ་དང་གང་འདོད་ཁོ་ན་བསྙེན་ཅིང་འགྲོའོ། ༈ །སོག་འགྲིམ་གྱིས་གནོད་དོགས་ན། རང་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མཚོན་ཆ་དང་མེ་དཔུང་གི་འཚུབས་མ་ཆེན་པོ་སོང་ནས་དགྲ་ཡི་གནོད་པ་བསམ་ངན་གདུག་རྩུབ་བཟློགས། ཡང་འོད་ཟེར་འཕྲོས་པས་རྡོ་རྗེའི་གུར་སྲ་ཞིང་བརྟན་པས་རང་དང་མི་རྟ་ནོར་ཕྱུགས་རྣམས་བསྐོར་བར་བསྒོམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། བཛྲ་མ་མ་རཀྵཿ ཞེས་བཟླས་པས་མི་འཕྲད་པ་དང་འཕྲད་ཀྱང་མི་གནོད། ཁྱད་པར་དུ་རང་དང་བསྲུང་བྱ་ཐམས་ཅད་ལྷ་མོ་འོད་ཟེར་ཅན་གྱི་སྐུར་གྱུར་པ་ཉི་ཟླའི་གྭའུ་སུམ་རིམ་ནང་ཆུད་པས་འོད་ཀྱིས་ཁོ་ཡི་མིག་བསྒྲིབས། དེ་རྒྱབ་ཏུ་ཕག་སེར་པོ་ཁ་ཕྱིར་བསྟན་ནས་ངུར་སྒྲ་སྒྲོག་པའི་རྭ་བ་སུམ་རིམ་གྱིས་བསྐོར་བར་བསྒོམ་ལ། འོད་ཟེར་ཅན་གྱི་སྔགས་རིང་ཐུང་རྣམས་འདོན་པ་དང་། ཡང་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གྱི་སྐུས་སྒར་ཐམས་ཅད་བསྐོར་ཞིང་ཞལ་ཕྱིར་གཟིགས་ནས་སྔགས་སྒྲ་སྒྲོག་པར་བསྒོམ་ལ། དུར་ཁྲོད་བདག་པོའི་སྔགས་ཀྱང་འདོན་ནོ། ༈ །ནོར་ནད་ཡོད་སར་སྒར་གཤར་དགོས་བྱུང་ན། ནམ་མཁའ་ནས་ལྷ་མོ་ལོ་མ་ཅན་ཆར་ལྟར་བབ་ནས་ནོར་ཐམས་ཅད་ལ་ཐིམ། ཤར་ཕྱོགས་ནས་སྨན་བླ་མང་པོ་ཆར་ལྟར་བབ་པས། ནོར་ཐམས་ཅད་ཀྱི་སྤྱི་བོ་མགྲིན་པ་སྙིང་ག་གསུམ་དང་བུ་ག་དགུ་ལ་སྨན་བླ་རེ་རེ་བཞུགས་པར་བསྒོམ་ལ། སངས་རྒྱས་སྨན་གྱི་བླ་དང་། ལྷ་མོ་རི་ཁྲོད་ལོ་མ་གྱོན་མ་ལ་ནོར་ཕྱུགས་འདི་རྣམས་སྐྱབས་སུ་མཆིའོ། །ཕྱུགས་ནད་ཀྱི་འཇིགས་པ་ལས་སྐྱོབས་ཤིག །ཅེས་ལན་འགའ་ཟུང་བརྗོད་ནས། ཨོཾ་ལ་ཏི་སྭཱ་ཏི་སྭཱ་ཝ། འདི་མང་དུ་བཟླས་ལ་ཕྱོགས་དེ་ངོས་དང་ནོར་ཡོད་ཕྱོགས་ལ་ཕུ་བྱའོ། ༈ །རྟ་ནད་ཡོད་ས་ནས་འགྲོ་དགོས་ན། རྟ་བདག་ཀུ་བེ་ར་ནག་པོ་གཡས་རལ་གྲི་ཕྱར་བས་རྟ་ལ་གནོད་བྱེད་བསྡིགས། གཡོན་རྟའི་སྲབ་མདའ་བཟུང་ནས་སྲུང་བ་རྟ་ཡི་མགོ་གྲངས་བསྒོམ། ཐམས་ཅད་བསེ་ཁྲབ་བསེ་རྨོག་ཅན་རྟ་ནག་འཆིབས་པར་བསྒོམ་ལ་རྟ་ཐམས་ཅད་དང་འབྲལ་མེད་བསྒོམ་ལ། ཨོཾ་ཨཱཿཀུ་བེ་ར་རྟིང་གྷོ་ར་རཀྵཿ ཞེས་བཟླས་རྟ་ཡོད་ཕྱོགས་སུ་ཕུ་བྱའོ། ༈ །ཇག་རྐུན་ཡོད་དོགས་ན་གསོལ་ཀ་དུས་བཀའ་བསྒོ་རྒྱུན་དུ་བྱ་ཞིང་ཧེ་འདོད་སྔགས་འདི་བཟླ་འོ། །ཨོཾ་བཛྲ་སཱ་དྷུ་ས་མ་ཡ། དགྲ་རྐུན་ཇག་གསུམ་བྷནྡྷ་བྷནྡྷ་སྭཱ་ཧཱ། ཞེས་བཟླས་སོ། ༈ ཁྱི་སྨྱོན་ཡོད་ས་ནས་འགྲོ་དགོས་བྱུང་ན། མི་རྟ་ཁྱི་དང་ནོར་ཐམས་ཅད་ཀྱི་སྤྱི་བོར་རྒྱལ་བ་རྒྱ་མཚོ་རེ་རེ་བསྒོམ་ཞིང་དེ་ཕྱིར་ཐིམ་པར་བསྒོམ་པ་མང་དུ་བྱ་ཞིང་། ཨོཾ་ཝ་ལེ་ཡེ་ཝ་ལེ་ཡེ་ཨཻ་སྭཱ་ཧཱ། ཞེས་བཟླས་སོ། ༈ །རྩ་འགོ་ཡོད་པའི་ཕྱོགས་སུ་འགྲོ་བའམ་འདུག་དགོས་བྱུང་ན། རང་ལྷ་མོ་རྨ་བྱ་ཆེན་མོ་རི་ཙམ་ཕྱག་གཉིས་ཀྱིས་སྙན་གྱི་ཐད་དུ་བུམ་པ་འཛིན་པ་ནས་བདུད་རྩི་དཀར་པོའི་ཆར་རྒྱུན་བབ་པས་མི་ནོར་རྟ་ཕྱུགས་ས་ཆ་དང་བཅས་པའི་ནད་དེ་བཀྲུས་པར་བསྒོམ་ཞིང་སྔགས་འདི་ཅི་མང་འདོན། ལྷ་མོ་རྨ་བྱ་ཆེན་མོས་རྩི་དུག་སྦྱར་དུག་ལྷོག་དུག་གནག་དུག་དུག་རིགས་ཐམས་ཅད་ལས་ཐར་བར་མཛོད། ཨོཾ་བྲམ་ཟེ་ནག་པོ་རྦད། ཡ་མ་ནག་པོ་རྦད། ལྷོག་པ་རྦད། འབུ་ཀ་ཉིལ་ཉིལ། འབུ་ཁྲག་སྐེམ། ཞེས་བཟླས་སོ། ༈ །རྟ་ནོར་ཕྱིར་རྗེས་ཤོར་དོགས་ན། རང་རྒྱལ་བ་རྒྱ་མཚོའི་ཐུགས་ཀ་ནས་འོད་ཟེར་ལྕགས་སྒྲོག་ལྟར་འཕྲོས་པས་རྐང་པ་བཅིངས། ཡང་འོད་ཟེར་འཕྲོས་པས་ལམ་ཐམས་ཅད་བསྒྲིབས་ཏེ་འགྲོ་ས་མི་རྙེད་པར་བསྒོམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཧ་ཏ་ཧཱུྃ་ཏ་ཟློག་ཀྱི་ལི་ལི། ཞེས་བཟླས་སོ། ༈ །དེ་ནས་སྒར་པ་ནང་ཕྱིན་ལ་ཁད་དམ་ཕྱིན་ཀྱང་རུང་སྟེ། རང་རྒྱལ་བ་རྒྱ་མཚོའི་ཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས་པས་ཁྲོམ་དང་དགེ་འདུན་ཡོན་ཏན་མཁན་ཐམས་ཅད་མྱུར་དུ་བསྡུས་ནས། འོད་དེས་བསྟུམས་ནས་སྒར་དེ་ཡང་བསྟུམ་པར་བསྒོམ། ཨོཾ་མ་ཎི་པདྨེ་ཧཱུྃ། སངྒྷ་ལོ་ཀ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཁྲོམ་འདུ་ཚོགས་མྱུར་དུ་འབྱུང་། ༈ རང་རྒྱལ་བ་རྒྱ་མཚོའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་འཕྲོས་པས་ཁྲོམ་ཐམས་ཅད་ལ་ཕོག །ནམ་མཁའ་ནས་ལྷ་མོ་ལོ་མ་ཅན་ཆར་ལྟར་བབ་པས་ཕྱོགས་གང་ཞིང་ཁྲོམ་ལ་ཐིམ་པར་བསྒོམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། བཛྲ་རཀྵ་རཀྵཿ ཞེས་བཟླས་སོ། །རང་གིས་ཅུང་ཟད་བཟླས་པ་དང་ཁྲོམ་ལ་པི་ཤ་ཙི་འདོན་བཅུག་པས་ནད་མི་འོང་། ༈ ཁྲམ་པ་རྐུན་མས་ཟ་འདོད་དང་། སེར་མོ་བས་ཆགས་སྡང་གནོད་འཚེ་བྱེད་དོགས་ན། རང་རྒྱལ་བ་རྒྱ་མཚོའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་འཕྲོས་པས་སེར་མོ་བ་དང་ཇག་པ་རྐུན་མ་ཐམས་ཅད་ལ་ཕོག་པས་གནོད་སེམས་དང་བྲལ་ནས། ཐུགས་རྗེ་ཆེན་པོ་འགྲོ་འདུལ་དཀར་པོ་ཞལ་གཅིག་ཕྱག་བཞི་པའི་སྐུར་གྱུར་པར་བསྒོམ་ཞིང་། ཨོཾ་མ་ཎི་པདྨེ་ཧཱུྃ། ཨ་ཀི་ནི་ལོ་ཀ་ཝ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་སོ། །དེ་ཐམས་ཅད་ཀྱིས་བྱམས་ཤིང་མི་གནོད། ༈ ཁྲོམ་འདུས་ན། རང་རྒྱལ་བ་རྒྱ་མཚོའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་འཕྲོས། ཁྲོམ་ཐམས་ཅད་ལ་ཕོག །ཡང་འོད་ཟེར་འཕྲོས་པས་སངས་རྒྱས་ཐམས་ཅད་ལ་མཆོད་པ་འབུལ། དེ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས་ཁྲོམ་རྣམས་ལ་སིབ་སིབ་ཐིམ་པས། ཁྲོམ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་སྐུ་རེ་རེར་གྱུར། ཁྲ་གཙིགས་སེ་བསྒོམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། བཛྲ་ཡུ་ཧཱུྃ་ཧཱུྃ་ནི་ཧཱུྃ་ཧཱུྃ། ཞེས་བཟླས་པས་ཁྲོམ་རྣམས་མི་འཛིངས། ཉམས་རྟོགས་སྐྱེ་སླ་ཞིང་མཐར་ཆོས་མགོ་ཐོན་པ་ཡིན་ནོ། ༈ །རང་རང་གི་གྲྭ་པ་རྣམས་དང་ཁྲོམ་དང་སྡེ་ཤོག་ནང་འཛིངས་འོང་དོགས་ཡོད་ན། རང་རྒྱལ་བ་རྒྱ་མཚོ་ཐུགས་རྗེ་ཆེན་པོ་ཕྱག་གཉིས་པའི་ཕྱག་གཡས་ཀྱི་སྐྱབས་སྦྱིན་ལས་འོད་དཀར་པོ་འཕྲོས་པས་བསྲུང་བྱ་ཐམས་ཅད་འོད་དེས་བཀབ་ནས་ཡོད་པར་བསྒོམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། བྷི་ཏ་རཀྵ་རཀྵཿ ཞེས་བཟླས་སོ། ༈ །ཡང་རང་དང་གྲྭ་པ་དང་འཁོར་རྣམས་ལ་མི་ཁ་གཏམ་ངན་འགོས་དོགས་ན། རང་རྒྱལ་བ་རྒྱ་མཚོའི་ཐུགས་ཀ་ནས་འོད་ཟེར་ལྗང་གུ་འཕྲོས་པས་མི་ཁ་གཏམ་ངན་ཐམས་ཅད་སྤྲིན་ནག་རླུང་གིས་གཏོར་བ་ལྟར་བཟློག་པར་བསྒོམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཧུར་ཐུམས་མི་ཁ་གཏམ་ངན་ཐམས་ཅད་ཟློག་རི་ལི་ལི། ཞེས་བརྗོད། ༈ འདུག་དུས། སྟེང་ཕྱོགས་ཀྱི་སངས་རྒྱས་སྐྲག་མེད་མུན་བྲལ་ཏིང་ངེ་འཛིན་མངོན་འཕགས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འོག་ཕྱོགས་ཀྱི་སངས་རྒྱས་དང་པོ་སེམས་བསྐྱེད་ཐེ་ཚོམ་གཅོད་ཉོན་མོངས་སྦྱོང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ལ་ཕྱག་འཚལ་ལོ། །དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་ནས་ས་ཕྱོགས་དེ་རྡོ་རྗེའི་ས་གཞིའི་སྟེང་དུ་གསེར་གྱི་རྡོ་རྗེ་རྒྱ་གྲམ་ཆེ་བའི་ལྟེ་བ་ནས་སྐྱེས་པའི་པདྨའི་སྟེང་དུ་རང་རྒྱལ་བ་རྒྱ་མཚོ་སྒོམ། གདན་པདྨ་འདབ་མ་སྟོང་ལྡན་དེས་ཕྱོགས་དེ་ཁེབས་པར་བསྒོམ། རང་གི་དབུགས་ནང་དུ་རྔུབ་པའི་ཚེ། སྤྱིར་སེམས་ཅན་ཐམས་ཅད་དང་ཁྱད་པར་ཡུལ་ཕྱོགས་དེའི་ལྷ་འདྲེ་མི་གསུམ་གྱི་སྡིག་སྒྲིབ་དང་སྡུག་བསྔལ་ཐམས་ཅད་བསྡུས་ནས་བསྟིམས་པས། རང་རྒྱལ་བ་རྒྱ་མཚོའི་སྐུ་དེ་ལ་མེ་དཔུང་ལ་ཤིང་བསྣན་པ་ལྟར་གཟི་བརྗིད་བཀྲག་མདངས་སྔར་བས་ཆེ་བར་གྱུར། ཁོང་རྣམས་སྡུག་བསྔལ་དང་བྲལ་བར་བསྒོམ། རླུང་གཅིག་ཕར་ལ་སྣ་ནང་ནས་སོང་བ་དང་མཉམ་དུ་རང་གི་དགེ་བ་དང་བདེ་སྐྱིད་ཐམས་ཅད་ཡུལ་དེའི་ལྷ་འདྲེ་མི་གསུམ་ལ་སིབ་སིབ་ཐིམ་པར་བསྒོམ་ཞིང་ཡིག་དྲུག་འདོན། འདི་སྐབས་སུ་ཡང་ཡང་བསྒོམ་པས་ལྷ་འདྲེས་མི་གནོད་ཕན་འདོགས་པ་དང་བར་ཆད་ཞི་བ་དང་། ཅི་བསམ་འགྲུབ་པའི་མཆོག་དམ་པའོ། །དེ་རྣམས་འདྲ་བ་ལས། ཁྱད་པར་དུ་ཤར་དུ་འགྲོ་ན། སངས་རྒྱས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་སངས་རྒྱས་རྗེས་སྤྱོད་ཞབས་ལ་ཕྱག་འཚལ་ལོ། །ཤར་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །གསུམ་བརྗོད། ལྷོར་འགྲོ་ན། སངས་རྒྱས་རིན་ཆེན་འབྱུང་ལྡན་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་ཀྱི་སངས་རྒྱས་སེམས་དང་པོ་བསྐྱེད་པ་ཡིད་ལ་མཛད་པ་རྣམ་གྲངས་བསྙེངས་པ་དང་བྲལ་བ་མངོན་པར་འཕགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ལྷོ་རིན་ཆེན་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ནུབ་ཏུ་འགྲོ་ན། སངས་རྒྱས་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །ནུབ་ཕྱོགས་ཀྱི་སངས་རྒྱས་འཁོན་དང་རྒྱགས་པ་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། །ནུབ་པདྨ་མཁའ་འགྲོ་ལ་ཕྱག༴ བྱང་དུ་འགྲོ་ན། སངས་རྒྱས་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ། །བྱང་ཕྱོགས་ཀྱི་སངས་རྒྱས་རིན་ཆེན་གཟུགས་བཀོད་འོད་གནོན་ལ་ཕྱག༴ བྱང་ལས་ཀྱི་མཁའ་འགྲོ་ལ་ཕྱག༴ བྱང་ཤར་དུ་འགྲོ་ན། བྱང་ཤར་གྱི་སངས་རྒྱས་བདུད་དང་ཡིད་གཉིས་ཀུན་འཇོམས་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག༴ འཇིག་རྟེན་མཁའ་འགྲོ་ལ་ཕྱག༴ ཤར་ལྷོར་འགྲོ་ན། ཤར་ལྷོའི་སངས་རྒྱས་སེམས་དང་པོ་བསྐྱེད་པ་ཕྱིར་མི་ལྡོག་པའི་འཁོར་ལོ་འབྱུང་བའི་དཔལ་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་ལ་ཕྱག༴ དམ་ཚིག་མཁའ་འགྲོ་ལ་ཕྱག༴ ལྷོ་ནུབ་ཏུ་འགྲོ་ན། ལྷོ་ནུབ་ཀྱི་སངས་རྒྱས་རིན་ཆེན་གདུགས་འཕགས་སྣང་ལ་ཕྱག་འཚལ་ལོ། །མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག༴ སྣ་ཚོགས་མཁའ་འགྲོ་ལ་ཕྱག༴ ནུབ་བྱང་དུ་འགྲོ་ན། ནུབ་བྱང་གི་སངས་རྒྱས་བྱང་ཆུབ་སེམས་དཔའ་འདུལ་ཞེས་བྱ་བ་ལ་ཕྱག་འཚལ་ལོ། །མགོན་པོ་མི་འཁྲུགས་པ་ལ་ཕྱག༴ ཐམས་ཅད་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཞེས་ཕྱོགས་མཚམས་སོ་སོའི་ལྷ་ལ་ཕྱག་གསུམ་རེ་མཛད་ཅིང་ཡིད་ལ་དྲན་པར་བྱས་ན་བར་ཆད་མེད་པར་བསམ་པ་འགྲུབ་བོ། ༈ །དེ་ནས་ཆུ་སོགས་གྲུ་ཟམ་ལ། དེ་བཞིན་གཤེགས་པ་བདེ་བའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ན་མོ་བྷི་ཏྲི་ཡཾ་སྭཱ་ཧཱ། དེ་རིང་ཆུ་འདྲེའི་གནོད་པ་ལས་སྲུངས་ཤིག །དེ་ནས་དམ་ཅན་སོགས་བཀའ་སྲུང་ཚོས་ཆུ་བརྒྱབ་བོ། །རྗེས་ལྷ་མོ་ཆུའི་སྐག་ཟློག་མ་སྔོན་མོ་བེར་སྔོན་ཅན་ལག་ན་ཐོ་བ་དང་ཆུ་རྐྱལ་འཛིན་པ་གཅིག་སོང་བར་བསྒོམ་ལ། ཁཾ་མ་ཏ་ཆུ་ཟློག །ཅུང་ཟད་བཟླ། དེ་ནས་གནམ་ལྕགས་སེང་གེ་རི་རབ་ཙམ་ཞིག་གིས་ཆུ་དེ་འབྱངས་ནས་གྲམ་པ་སྐྱ་སྒོག་སོང་བར་བསྒོམ་པ་ནི་ཆུའི་ཤེད་བཅག་པའོ། །དེ་ནས་ཆུ་དེ་བདེ་བ་ཅན་གྱི་ཞིང་ཁམས་ཆུ་རླབས་ཐམས་ཅད་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་བསྒོམ་པ་ནི་ཆུ་བྱིན་གྱིས་བརླབ་པའོ། །དེ་ནས་གྲུའམ་རབ་ཀྱི་འགོར་ཆུའི་སྟེང་བར་སྣང་ལ་ཨོ་རྒྱན་དང་སྒྲོལ་མ་དཀར་སྔོན་སྤྱན་རས་གཟིགས་དང་སྣ་ཚོགས་ཡུམ་རྣམས་གྲལ་བྱས་ནས་ཕྱག་གིས་སྐྱབས་སྦྱིན་མཛད་ནས་ཆུའི་འཇིགས་པ་ལས་སྐྱོབ་པར་བསྒོམ། ༈ ལམ་ངན་པར་ཡང་དེ་དང་འདྲའོ། །སྔགས་ནི་འདི་དགོས། ཨོཾ་མ་ཎི་པདྨེ་ཧཱུྃ། ཏདྱ་ཐཱ། ཨོཾ་ཐེ་ར་ཐེ་ར་ནེ་ར་ནེ་ར་ཨེ་ཧ་སྭཱ་ཧཱ། ཞེས་དང་། རྒྱལ་བ་རྒྱ་མཚོ་སྒྲོལ་མ་གུ་རུ་ཞི་བའི་སྔགས་རྣམས་ལ། ཆུའམ་ལམ་གྱི་འཇིགས་པ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཏགས་པ་ཕར་ཁར་མ་ཐར་བར་དུ་བརྗོད། མཐར་ལྷ་བསྒོམས་པ་ཐམས་ཅད་རང་ལ་བསྡུའོ། །གལ་ཆེ་ན་དེ་གོང་ནས་ཆུ་དང་རབ་དང་པོའི་གཞི་བདག་ལ་དཀར་གཏོར་བསྔོས་ལ་མགོ་ཐོན་པའི་ཕྲིན་ལས་མཛོད་ཅིག །ཨོ་རྒྱན་གྱི་དམ་ལ་མ་འདའ་ཞིག །ཅེས་བརྗོད་ལ་དེ་དངོས་སུ་ཕུལ་བ་གལ་ཆེ། ༈ སྤྱིར་གཟའ་སྐར་གཞན་ལས་འགྲོ་སྐར་ཚེས་གྲངས་འདི་གལ་ཆེའོ། །སྒར་བཀྱག་འགྱོག་ཐམས་ཅད་འདི་དང་བསྟུན། ཚེས་གཉིས་བརྒྱད་བཅུ་བཞི་ཉི་ཤུ་ཉེར་དྲུག་རྣམས་དྲུག་ཚག །དྲུག་བཅུ་གཉིས་བཅོ་བརྒྱད་ཉེར་བཞི་གནམ་གང་རྣམས་རྟ་ཧོ་ཏའི་ཉི་མ་སྟེ། རྟ་ཤི་སྒ་ཆག་བོར་སྟོར་ཁ་མཆུ་དགྲ་རྐུན་དང་ཐུག་འཕྲད་སྨས་འགྲམ་སོགས་འོང་བར་བཤད་པས་འཛེམ་པ་གལ་ཆེ། གཞན་ཡང་ཉི་མ་ནག་ཆེ་ཆུང་མེ་དུད་ལ་ཡང་འཛེམ་ཐོན་ན་བཟང་། གལ་ཆེ་ནས་ངན་པར་མི་འགྲོ་ཀ་མེད་བྱུང་ན་གཟུངས་འདི་འདོན། ན་མོ་རཏྣ་ཏྲ་ཡ་ཡཱ། ན་མོ་པ་ཏ་ར་ཙ་ཡ། དེ་བ་པ་ཏྲ་པུ་ཏྲ་ནི་ས་ཉ་ཏེ། ཕུ་ཧ་དེ་ན་སྭཱ་ཧཱ། དེ་ཝ་པུ་ཏ་ས་ཏ་ནི། སྟ་ཧེ་ཕུ་དེ་ནི་སྭཱ་ཧཱ། ཡང་རིགས་གཅིག་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་པ་ཏ་རཱ་ཛཱ་ཡ། དེ་བ་པུ་ཏ་ཡ། དེ་བ་སུ་ཏ་པ་ཧཱུྃ། སྲ་ནི་ཏྲ་པ་པུ་ཏྲ། པ་ཏྲ་ཏ་སྟེ་ཕུ་ཧ་དེ་ན་སྭཱ་ཧཱ། སྟེ་སྟེ་སྟེ་ཕུ་ཧ་སྟེ་ཧ་དེ་ན་སྭཱ་ཧཱ། ཞེས་ཚར་བདུན་རེའམ་གསུམ་རེ་བརྗོད། ༈ ཡང་འཇམ་དབྱངས་ཀྱིས་ཀླུ་སྒྲུབ་ལ་གསུངས་པ། རྟེན་འབྲེལ་བཅོས་ཤར་དུ་འགྲོ་ན་ལྕགས་མཚོན་དམ་གསུངས་པས་གྲི་མདུང་གཅིག་ལག་ཏུ་བཟུང་། ལྷོར་འགྲོ་ན་ཆུ་སྐྱོགས་གང་གསུངས་པ། དགུན་འཁྱག་དར་དུམ་གཅིག་ལག་ཏུ་བཟུང་། ནུབ་ཏུ་འགྲོ་ན་མེ་ཚོན་དམ་གསུངས་པ། མེ་མགལ་ཆུང་ངུ་གཅིག་ལག་ཏུ་བཟུང་། བྱང་ས་སྤར་གང་ངམ་ས་ཁུག་གཅིག་བཟུང་ནས་ཕར་མི་མཐོང་ཙམ་ནས་འགྲོ་ཕྱོགས་སུ་འཕེན། གྲི་ཡིན་ན་སྟོང་གཡུག་གསུམ་བྱ། དེས་ཕྱོགས་ངན་ཐམས་ཅད་ཐུབ་སྟེ། ཁྱིམ་ནས་ཐོན་ཚུག་ལ། ཁྱི་རྐང་པ་འཐེངས་པ་དང་འཕྲད་ན་དེས་བཤོལ་བ་གྲྕེའོ་གསུངས། ༈ གདམས་ངག་གཅིག་ལ། ཏདྱ་ཐཱ། ཨཱ་ལི་ཀཱ་ལི་ཨུ་ཙ་ཏེ་སྭཱ་ཧཱ། ཁ་ཤར་དུ་གྱུས་ཏེ་ཆུ་ཁྱོར་གང་ལ་ལན་བདུན་སྔགས་ནས་འགྲོ་ཕྱོགས་སུ་གཏོར། ལམ་དུ་ཞུགས་མ་ཐག་མདུང་གྲི་མེ་མདའ་སོགས་མཚོན་ཆའི་གླེང་སློང་བྱ། མིང་ཚོ་བགྲང་ཞིང་འགྲོ་བས་ཉི་མ་ངན་པ་དང་ཕྱོགས་ངན་པ་ཐུབ་བོ། །ཞེས་རཱ་ག་ཨ་སྱ་ཞེས་བགྱི་བས། བླ་མ་རྒྱལ་མཚན་གྱི་དོན་ལ་མི་སྤེལ་བར་བཀའ་རྒྱ་བྱས་ཏེ་སྤེལ། མང་ན་ནུས་པ་ཆུང་དུ་འགྲོ་བ་ཡིན་ནོ། །མ་མོ་གཟའ་དང་རྡོ་རྗེ་ལེགས་པས་སྲུངས་ཤིག །སརྦ་མངྒ་ལཾ།། །།
རཏ་གླིང་ཐུགས་སྒྲུབ་ཡང་འདུས་ལས་མཁའ་འགྲོ་གླིང་བཞི་སྲིད་པའི་སྤྱི་མདོས་ཀྱི་ཟིན་བྲིས་རཱ་ག་ཨ་སྱས་མཛད་པ་ (Volume 44, Text 2)
རཏ་གླིང་ཐུགས་སྒྲུབ་ཡང་འདུས་ལས་མཁའ་འགྲོ་གླིང་བཞི་སྲིད་པའི་སྤྱི་མདོས་ཀྱི་ཟིན་བྲིས་རཱ་ག་ཨ་སྱས་མཛད་པ་བཞུགས་སོ། །གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །གླིང་བཞི་སྲིད་པའི་སྤྱི་མདོས་རྒྱས་པར་རཀ་ཤག་གཏེར་སྟོན་གྱི་གཏེར་མ་རྒྱས་པ་ལ་པོ་ཏི་འགའ་ཡོད་དེ་མདོས་ཆེན་གཅིག་ལ་བཅུ་གཉིས་ཀྱིས་བསྐོར་བ། སྔོན་རྒྱ་ནག་རྒྱལ་པོའི་སྐུ་རིང་ལ། རྒྱ་ཡུལ་དུ་གཡུང་སྟོན་པས་བཅས་པའི་ལོ་རྒྱུས་རྣམ་ཐར་ལས་བྱུང་བ་ལྟ་བུ་མང་ཞིང་། བསྡུས་པ་རཏྣའི་གཏེར་ཁ་འདིའི་བཅའ་འདོན་གཞུང་ན་གསལ་ལོ། །འོན་ཀྱང་དཔེའུ་རིས་ཅུང་ཞིག་མི་ཚང་འདྲ་བ་ཞིག་བྱུང་ཀྱང་ལག་ལེན་ནི། སྒོ་ཁྲི་རབ་འདོམ་གང་ངམ་མདའ་ཚད་ལས་ཆུང་ཐབས་མེད་པ་ལ་རྡོ་བ་བཞི་རྐང་པའི་ཚུལ་དུ་བྱས་ལ་གཞིའི་སྟེང་དུ་བཞག་ལ། འཇིམ་པ་སྤྱིན་པོ་ལ་དབུས་སུ་རི་རབ་བང་རིམ་བཞི་པའི་རྩེར་ལྕོག་ལྔ་ནི། གཏོར་མ་ཟུར་བཞི་སྒྲུང་ཞྭ་འདྲ་བ་ལྔ་ལ་མཁའ་འགྲོ་གཙོ་མོ་ལྔའི་ཙཀ་ལི་བཙུགས་དམར་པོ་བྱ། གཉིས་པ་ལ་མཁའ་འགྲོ་སྡེ་བཞི་ལ་དམར་གཏོར་བཞི་ལ་སོ་སོའི་ཙཀ་ལི། གསུམ་པ་ལ་དམར་གཏོར་དྲུག་ལ་དཔའ་མོ་དྲུག་གི་ཙཀ་ལི། བཞི་པ་ལ་དམར་གཏོར་བཞི་ལ་སྒོ་མ་བཞིའི་ཙཀ་ལི། ཐ་མ་དམར་གཏོར་བརྒྱད་ལ་དུར་ཁྲོད་ཀྱི་མཁའ་འགྲོའི་ཙཀ་ལི་བཙུགས། རི་རབ་རྒྱབ་དེར་གསེར་གྱི་རི་བདུན། དེ་དག་གི་བར་དུ་རོལ་པའི་མཚོ་བདུན། གསེར་གྱི་རི་བདུན་ནི་དཔེར་ན་བྲེའི་ནང་དུ་བྲེ་བཅུག་པ་ལྟ་བུ་བདུན་བདུན་རི་རབ་འདྲ་བ། རྒྱབ་མ་རྣམས་རིམ་པས་དམའ་བ། དེ་དག་གི་བར་དུ་འོ་མ། ཇ། ཆུ། སྤོས་ཆུ། ཚྭ་ཆུ། སྨན་ཆུ། གཅིག་མི་ཚང་།་་་མཆན།་་་ཆུ་སྣ་བདུན་གྱི་རྒྱ་མཚོའི་ཚུལ་གྱི་ཅུང་ཟད་བླུགས། དེ་རྒྱབ་ཤར་གྱི་གླིང་གསུམ་ཟླ་གམ། ལྷོའི་གླིང་གསུམ་སོག་ཁ། ནུབ་ཀྱི་གླིང་གསུམ་ཟླུམ་པོ། བྱང་གི་གླིང་གསུམ་གྲུ་བཞིའོ། །གསེར་གྱི་རི་བདུན་མཐོ་བ་ཕྱོགས་བཞིའི་རྩེར་དམར་གཏོར་བཞི་ལ་དཔའ་བོ་གིང་བཞིའི་ཙཀ་ལི་བཙུག་གོ །ཡང་རི་རབ་ཤིང་ལ་ལྷུ་སྤྲད་ནས་ཁུར་རྒྱུ་ཡོད་ན་སླའོ། །དེ་ལ་རཏྣ་ནང་ནས་སམ་ཆུར་བའམ་ཐང་ལུད་དམ་ལུག་རིལ་གྱིས་བཀང་ལ་སྟེང་དུ་ས་ཕྱེ་བཀོད་པས་ཆོག་གོ །དམར་གཏོར་ལ་ཤ་རྒྱན་རེ་དང་མར་རྒྱན་རེས་བརྒྱན། སྐོང་སྤར་བཏབ་ལ་མཆོད་པའི་ལྷ་མོ་དར་ཕྱར་བ་དུང་འབུད་པ་གདུགས་བསྐོར་བ་རྒྱལ་མཚན་ཕྱར་བ་རྔ་བརྡུང་བ། ཆ་ལང་རྡེབ་པ་ཌཱ་དྲིལ་འཁྲོལ་བ། རྨ་བྱ་བྱ་ནག་ལུག་ནག་སྙིང་རྣམས་སྐོང་འབྲས་བཙུགས་ཏེ་ཐམས་ཅད་ལྷ་གྲངས་རེ། ཙཀླིའི་གྲངས་ཀྱིས་འཐུས་སོ། །རྒྱས་པར་ནི་རི་མོ་སོགས་གཉིས་ཀ་དེ་དག་གང་མོས་ཀྱིས། འདིར་ཕྱག་ལེན་སྟབས་བདེ་བ་དང་མཛེས་པ་དོན་འཐུས་པས་ཆོག་གོ །ནམ་མཁའ་རང་རང་གི་ཁ་དོག་ཅན་མཐའ་འཇའ་རིས་སྣ་ལྔ་ཅན་ལ་རང་རང་གི་ཙཀ་ལི་བཏགས་པར་བྱ། གཞན་ཡང་སྐོང་འབྲས། རི་རབ་བང་རིམ་དང་པོ་ལ་བྱ་སྣ་ཚོགས། གཉིས་པ་ལ་གཅན་གཟན་སྣ་ཚོགས། གསུམ་པ་ལ་རི་དྭགས་སྣ་ཚོགས། སྐོང་སྤར་ལ་སྣང་ཚད་བཙུགས། ཆུ་གནས་ཐམས་ཅད་སྤར་བཏབ་ལ་རོལ་པའི་མཚོ་བདུན་ནང་དུ་བླུགས། ལྕགས་རིའི་ནང་གླིང་བཞིའི་སྟེང་དུ་ཤར་དུ་དྲི་ཟ་ལ་དཀར་གཏོར། ལྷོར་གཤིན་རྗེ་ལ་ཁྲོམ་རིས། ནུབ་ཏུ་ཀླུ་ལ་དཀར་གཏོར་སྦྲུལ་དཀྱུས། བྱང་དུ་གནོད་སྦྱིན་ཟུར་གཉིས་ནོར་བུ་འབུར་བ་དེ་རྣམས་གཙང་མ་བྱ། དེ་དག་གི་བར་མཚམས་ལྕགས་རིའི་ནང་དེར་གོང་གི་ཙཀླིའི་གྲངས་དུ་ཡོད་ཉེར་བདུན་རེ་ཕྲེང་དུ་བཀོད་པ་ནི། མར་མེ་ཉེར་བདུན། ཏིང་ལོ་ཉེར་བདུན། ངར་མི་ཉེར་བདུན། འཁོར་སྤྱི་ལ་གཅིག་དང་ཉེར་བརྒྱད་རེ་བྱ། དེ་རྒྱབ་ལྕགས་རི་འཇིམ་ར་བྱས་པ་ལ། མདའ་བཀྲ་ཉེར་བརྒྱད། འཕང་བཀྲ་ཉེར་བརྒྱད། རྒྱང་བུ་ཉེར་བརྒྱད། ཤིང་རིས་ཉེར་བརྒྱད། ཕོ་ཏང་ཉེར་བརྒྱད། མོ་ཏང་ཉེར་བརྒྱད། མདུང་ངམ་ཁ་ཊྭཱཾ་དར་རང་མདོག་བཏགས་པ་ཉེར་བརྒྱད། ཁྲམ་ཤིང་ཉེར་བདུན། འཁོར་སྤྱི་ལ་གཅིག་དང་ཉེར་བརྒྱད་བྱས་ན་ལེགས་ཏེ་ལོགས་རེ་ལ་བདུན་རེ་འོང་བས་འགྲིགས། ཟུར་བཞི་ལ་རྒྱལ་མཚན་བཞི། དེ་རྒྱབ་རྩང་བརྒྱ་རྩ་བརྒྱད་དམ་རེ་བཞིའམ་ཉེར་བརྒྱད། མདའ་དར་ཕྱོགས་མདོག་བརྒྱད་དམ་བཅུ་དྲུག་གམ་བཞི་འཛུག །མེ་ལོང་བཞི་བཏགས། མདོས་གདན་འོག་ཏུ་གོད་ལྤགས་སམ་གཡང་གཞི་བཏིང་བ་དེ་ཡོན་བདག་ལ་བཞག་མི་རུང་བས་ཁྱེར་བ་གནད་ཆེ། མདོས་ཀྱི་སྟེང་དུ་རྩིབས་བརྒྱད་གུར་གྱི་ནམ་མཁའ་མདོས་ཁེབས་པ་གཅིག་ཕུབ། ཡོད་ན་རྩིབས་སྣེ་བརྒྱད་ལ་པན་ནམ་དར་པན་འདྲ་བ་བརྒྱད་བཏགས། དེའི་སྟེང་དུ་ཉི་ཟླ་ནོར་བུའི་ནམ་མཁའ་བཙུགས། མདའ་དར་རྣམས་ལ་རྨ་བྱའི་མདོངས་རེ་ཡོད་ན་བཅིང་། བཙོག་གླུད་ཆངས་བུ་མི་ནོར་གླུད་སོགས་ཤིང་རའི་ནང་དུ་ཐང་ཙམ་བླུགས། གཙང་བཙོག་མ་འདྲེས་པ་གལ་ཆེའོ། །མདོས་མདུན་དུ་མཆོད་པ་རྣམ་ལྔ་ཚོགས་སྨན་རཀ་བཤམ། ཕུག་གཏོར་སོགས་ནི་རང་རང་གི་སྤྱི་སྲོལ་ལྟར་རོ། ། ༈ འདོན་ལུགས་རང་གི་སྤྱི་སྲོལ་ལྟར་ལ། འདི་ཁོ་ནའི་རང་ལུགས་ནི་སྐྱབས་སེམས་དཀར་བགེགས་བྱ། མཆོད་པ་མདོས་རྣམས་སྤོས་ཕྱུང་བྱས་ཆུ་གཙང་བྲན། ཐུགས་སྒྲུབ་སོགས་ལྷ་གཞུང་ཐམས་ཅད་ཚར་བ་དང་གཞུང་གི་མདོས་བསྐྱེད། སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབ། ཧཱུྃ༔ ཡེ་ཐོག་བསྐལ་པའི་དང་པོ་ལ༔སོགས་ཀྱིས་དབང་དུ་བསྡུ། ཧཱུྃ༔ ང་ནི་དབང་ཆེན་རྟ་མགྲིན་ཡིན༔སོགས་དམ་བསྒྲག །མདའ་དར་མེ་ལོང་ཅན་གཡབ་བཤུགས་གླུ་བླངས་ལ། ཧཱུྃ༔ དཔག་བསམ་ཤིང་གི་རྩེ་མོ་ནས༔སོགས་ནས། ཛཿཧཱུྃ་བཾ་ཧོ༔ ཞེས་སྤྱན་དྲངས། རི་རབ་གླིང་བཞི་དང་ཙཀ་ལི་ལ་དབྱེར་མེད་བཞུགས་པར་བསྒོམ། དེ་ནས་ཐུགས་སྒྲུབ་ཚོགས་བྱ། ཚོགས་ཕུད་ཀྱིས་ཕུག་གཏོར་གསོ། ཐུགས་སྒྲུབ་སོགས་གཏོར་བསྔོས་བསྡུས་པ་ཙམ་བྱ། བར་པ་བཤགས་པས་མདོས་གསོ་བྲན་བྱས་ལ། ཐུགས་སྒྲུབ་སྐོང་བ་དང་མ་མོའི་འཁྲུགས་སྐོང་རྒྱས་བསྡུས་གང་རེད་འདོན། ཚོགས་ཀྱི་བཤགས་པ་དང་། ཨོཾ་ས་མ་ཡ། ཨཱཿས་མ་ཡ། ཧཱུྃ་ས་མ་ཡ། གུ་རུ་དྷེ་བ་དྷཱ་ཀི་ནཱི། ཨོཾ་ག་ཎ་ཙཀྲ་སཏྭ་ས་མ་ཡ་སོགས་བདུན་ནམ་གསུམ་བརྗོད། དེ་ནས་འབྲུ་སྣ་ཤ་དུམ་རུས་དུམ་རིན་པོ་ཆེའི་ཕྱེ་མ་རྣམས་མདོས་ལ་བཏབ་ཅིང་བྲན་ལ། ཧཱུྃ༔ ང་ནི་དཔལ་ཆེན་རྟ་མགྲིན་ཡིན༔ སོགས་མདོས་གཞུང་གི །མ་ཧཱ་པཱུ་ཛ་མེ་གྷ་ས་མ་ཡེ་ཧཱུྃ༔ ཡན་འདོན། དེ་ནས་སྒོ་དབྱེ་ལམ་བསྟན་དེ་མི་འདོན་བསྐྱུར། ཚོགས་ཐ་མ་བསྒྲལ་ལས་བྱ། མདོས་སུ་ཕུལ་ནས་དལ་ཁྲམ་བསྒྱུར་བ། བྷྱོ༔ མཁའ་འགྲོའི་ཁྲམ་སྣ་དགྲ་ལ་སྒྱུར༔ སོགས་ནས། ཐུམས་རིལ་སོད་སོད༔ བར་འདོན། ཚོགས་ལ་རོལ་ནས་ལྷག་མ་གཙང་ལྷག་མདོས་ཀྱི་ལྕགས་རིའི་ནང་དུ་ཕུལ། ཐུན་སྐབས་སུ་ཐོད་ཕྲེང་རྩལ་དང་ཧྲཱིཿམ་ཧ་རི་ནི་ས་སྦྲེལ་མ་ཅི་ནུས་བསྙེན་ཏེ་མདོས་བསྒྲུབ་བོ། །དེ་ལྟར་ཞག་རེ་ལ་སྔ་དྲོ་ཕྱི་དྲོ་མཚན་མོ་དང་ཚར་གསུམ་མམ། ཞོགས་ཉིན་ཕྱེད་དགོང་ཀ་མཚན་ཐུན་དང་བཞིའམ། ཐ་ནའང་ཉིན་མཚན་གཉིས་ལ་ཚར་རེ་དགོས་སོ། །ཞག་དུ་བྱེད་ནི་འབྱོར་པ་དང་བསྟུན་ཏེ་གསུམ་ལྔ་དགུའོ། །འདི་སྐོང་མདོས་ཡིན་པས་རྒྱུན་དུ་བཅས་ཀྱང་རུང་སྔགས་པ་ལ་མི་གནོད་ཕན་ཆེའོ། །ཕུལ་ཉིན་སྔ་དྲོ་ཚར་གཅིག་འདོན། མཁའ་འགྲོ་གཟའ་རྒྱུ་ལྡོག་ཐེབ་ལྡོག་ཞིབ་ཏུ་བརྩིས་ལ་ཕྱོགས་གཙང་སར། སྔོན་དུ་དཀར་བགེགས་གཉིས། དེ་རྒྱབ་དམར་གཏོར་ལྷ་གྲངས། དེ་རྒྱབ་མདོས་བཞག །དར་ནག་སྔགས་ཆས་སོགས་བྱས་ལ་མཚོན་ཆ་འཁོར་ལོའི་སྒོ་དབྱེ་གསེར་སྐྱེམས་སུ་བསྒྱུར་བས་གསེར་སྐྱེམས་གཏོར། ཧཱུྃ༔ ད་ནི་སྲིད་པའི་མདོས་གཏོང་ངོ༔ སོགས། གཞུང་གི་དེ་ཚར་གསུམ་འདོན་ལ་ཁྱེར། གོམ་པ་བདུན་ཅུ་ལས་མི་ཉེ་བར་སོང་། གོང་དུ་བཤད་ལྟར་བཀོད། དང་པོ་དཀར་གཏོར་འབུལ། སྤྲོ་ན་གསེར་སྐྱེམས་གོང་ལྟར་བྱ། ཐུགས་སྒྲུབ་ཆད་མདོ་བརྟན་སྐྱོང་། མཁའ་རི་ལ་དཀར་གཏོར་ཡོད་ན་ལེགས། སྨྱོ་ཁ་སྤུ་གྲི་ཞིང་སྐྱོང་མ་ནིང་སོགས་རང་རང་གི་ཆོས་སྐྱོང་གང་ཡོད་ལ་གཏོར་མ་ཕུལ། དམག་ཐབས་འཇུག་ནས་ཡར་འཕེན་རྒྱུ་བྱེད་ན་གཏོར་མ་དེ་རྣམས་བཟའ་མི་རུང་། དེ་ནས་མདོས་བཀྱགས་ལ་གཞུང་གི །བྷྱོ༔ མཁའ་འགྲོའི་ཁྲམ་སྣ་དགྲ་ལ་སྒྱུར༔ སོགས་གྱེར་ནས་ཐང་དུ་བཞག །རྔ་འུར་བརྡུང་རོལ་མོ་དང་། ཨཿཀཿསཿམཿརཿཙཿསོགས་ཟློག་སྔགས་གང་ཤེས་འདོན་ཆོག །ཤིང་རིས་སོགས་ཐམས་ཅད་བསྡུ། དབུས་ཀྱི་དམར་གཏོར་ལྔ་རྩེ་ཕར་བསྟན་ལ་བསྒྱེལ་ལོ། །དེ་ནས་དམར་གཏོར་ལྷ་གྲངས་དངོས་གྲུབ་ཏུ་བསྡུ་རུང་། གཞན་ཚོ་ཕུལ། མདོས་གཞི་སྦུབས་ལ་རྟ་བྲོ་ཐུགས་སྒྲུབ་ལྟར་བརྡུང་། ཁྱུང་དམར་པོས་ཕྱིར་ལམ་བཅད་པར་བསྒོམས་ལ་ཕྱི་མིག་མི་བལྟ། ནང་དུ་འོང་ཚེ་རྣམ་འཇོམས་འདོན། ཁྱིམ་དུ་སླར་གཏང་རག་གི་ཚོགས་བྱ་བ་དང་ཚེ་འགུགས་བསྔོ་བ་བཀྲ་ཤིས་བྱ། ཕྱིར་ནང་ཐུགས་སྒྲུབ་བསྡུས་པ་ཙམ་བྱ། སླར་བསྔོ་བ་བཀྲ་ཤིས་དཀྱིལ་འཁོར་བསྡུ་བ་སོགས་ཐུགས་སྒྲུབ་མཇུག་ཚང་བར་བྱ། སྟབས་འགྲིགས་ན་བསང་བྱས་ལ་འགྲོའོ། །རང་གཞུང་བསྲེ་བསླད་མེད་པ་ཉིད་གམ་གཙང་བས་འཐུས། གལ་ཏེ་སྤྲོས་པ་ལ་ཆེར་དགའ་ན་མདོས་གཞུང་དགའ་རབ་རྡོ་རྗེས་མཛད་པའི་མདོས་ཀྱི་འཕྲུལ་མིག་ཅེས་བྱ་བ་པོ་ཏི་ལང་ལ་ཁད་ཡོད་པ་མདོས་རིགས་ཐམས་ཅད་ལ་སབ་རྒྱུ་ཡིན་པས་སབ་རུང་ལ། གཞན་གང་རྙེད་སབ་པར་མི་བྱའོ། །ཞེས་སྙིགས་མའི་དུས་འདིར་ཆོས་ལྡན་གྱི་རྒྱལ་པོ་རཏྣ་བི་ཛ་ཡས་བསྐུལ་བ་ལས། སྔགས་འཆང་རཱ་ག་ཨ་སྱས་སྒྲུབ་གནས་ཆེན་པོ་བདུད་རྩི་དིལ་ནས་བྲིས་པ་སྔགས་ཆུང་གསར་བུ་ཀུན་ལ་ཕན་ཞིང་དད་ལྡན་སྦྱིན་བདག་ཐམས་ཅད་ཀྱི་སྐྱབས་ཀྱི་དམ་པར་གྱུར་ཅིག །སརྦ་མངྒ་ལཾ།། །།
རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་ཉིང་ཁུ་རྫོགས་པ་ཆེན་པོ་ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་ཁྲིད་ཡིག་འདུས་ཤིང་གསལ་བ་ཡེ་ཤེས་རང་ཤར་ (Volume 59, Text 2)
༄༅། །རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་ཉིང་ཁུ་རྫོགས་པ་ཆེན་པོ་ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་ཁྲིད་ཡིག་འདུས་ཤིང་གསལ་བ་ཡེ་ཤེས་རང་ཤར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ས་མནྟ་བྷ་དྲ་དི་བུདྡྷཱ་ཡ། གཅིག་ཤེས་ཀུན་གྲོལ་གཞི་ཐོག་ཡེ་སངས་རྒྱས། །ཐོག་མའི་མགོན་པོ་རང་བྱུང་འོད་མི་འགྱུར། །ཀུན་བཟང་པདྨ་འབྱུང་གནས་ཀློང་ཆེན་པོར། །མི་ཕྱེད་རང་རིག་ངང་དུ་ཕྱག་འཚལ་ལོ། །གྲུབ་པའི་ཤིང་རྟ་སྤང་སྟོན་ཆོས་ཀྱི་དབང་། །སྙིགས་འགྲོའི་མགོན་དུ་ཀུན་མཁྱེན་བཤེས་གཉེན་ཚུལ། །འོད་གསལ་སྤྲུལ་པའི་རྡོ་རྗེའི་ཡེ་ཤེས་བྱིན། །སྒོ་གསུམ་རྒྱུད་ལ་ཅིག་ཆར་དབབ་པར་མཛོད། །ཀླུ་བདུད་དབུ་ལས་བྱོན་པའི་ཡང་གཏེར་གྱི། །ཐེམ་མེད་དྭངས་མའི་རྩ་བ་ཁྲིད་ཆེན་བརྒྱད། །དཀྱུས་གཅིག་བསྟན་པས་སེམས་ཅན་སངས་རྒྱས་སུ། །མཉམ་པར་སྦྱོར་བའི་གྲོལ་ལམ་བཤད་པར་བྱ། །དེའང་འཕགས་བོད་གཉིས་ན་ཟབ་པའི་ཐུགས་གཏེར་ཆེན་པོ་ལྔ་ལས་ཡང་གཏེར་གྱིས་ཁྱད་པར་དུ་འཕགས་པ་གནམ་སྐས་ཅན་གྱི་ཐུགས་གཏེར་ལས་ཡང་ཏི་རྫོགས་པ་ཆེན་པོ་སངས་རྒྱས་མཉམ་སྦྱོར་ཞེས་བྱ་བ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། བཀའ་ཐམས་ཅད་ཀྱི་ཡང་འགྲེལ། དོན་ཐམས་ཅད་ཀྱི་མཇུག་སྡུད། ཆོས་ཐམས་ཅད་ཀྱི་མེ་ལོང་། མན་ངག་ཐམས་ཅད་ཀྱི་ཉིང་ཁུ་འདི་སྟོན་པ་ལ། མཚན་ཉིད་དང་ལྡན་ཅིང་ཁྱད་པར་རིག་པ་རྩལ་གྱི་དབང་ཐོབ་པའི་སློབ་དཔོན་དང་། དམ་ཚིག་ཐུབ་ཅིང་ཉམས་ལེན་ནུས་པའི་སློབ་བུའི་རྟེན་འབྲེལ་འཛོམ་པ་ན། སྔོན་གྱི་ཕྱག་བཞེས་སྤང་སྟོན་བརྒྱུད་པའི་བཀའ་སྲོལ་ལག་ཁྲིད་ཀྱི་ཐོ་ཡིག་ལྟར་ཟླ་གཅིག་གམ་ཞག་ཉེར་ལྔའི་ཁོངས་སུ་རྫོགས་པར་འཆད་པ་དང་། ད་ལྟའི་ཕྱག་བཞེས་གཞུང་ཡན་ལག་དང་བཅས་པའི་སྙིང་པོ་བསྡུས་པ་ཁྲིད་ཆེན་བརྒྱད་སྨིན་བྱེད་དང་བཅས་པ་ཞག་བདུན་གྱི་ཁོངས་སུ་རྫོགས་པར་མཛད་པའི་ཚུལ་གཉིས་ལས། ཕྱི་མ་ལྟར་འཆད་པ་ལ་གཉིས། ངེས་ཤེས་སྐྱེད་པ་ལོ་རྒྱུས་དང་། གདམས་ངག་དངོས་སོ།། དང་པོ་ནི། ཁྲིད་ཆེན་བརྒྱད་ཀྱི་ཐོག་མ་གཏོང་ཐུན་ཉི་ཟླ་འོད་འབར་གྱིས་གྲོལ་ལམ་དང་གྲོལ་རྐྱེན་དུ་བྱེད་པའི་ཚུལ་ནམ་མཁའ་ལ་ཉི་ཟླ་ཤར་བ་ལྟ་བུའི་གདམས་པ་སྟོན་པ་སྟེ། དེའང་གཏོང་ཐུན་གྱི་ངོ་བོ་ཀུན་རིག་བྱང་ཆུབ་ཀྱི་སེམས། ངེས་ཚིག་རྒྱུད་གཞུང་མན་ངག་ཐམས་ཅད་ཀྱི་ཁོག་དོན་དབུབ་པ། རྣམ་གྲངས་བྱུང་ཁུངས་བརྒྱུད་པ་དང་། ཐེག་པ་སྤྱི་གཅོད་དང་། རྒྱུད་ལུང་མདོ་གཅོད་དང་། མན་ངག་གནད་གཅོད་ཀྱི་གཏོང་ཐུན་རྣམས་སུ་ཡོད་པ་ལས། འདིར་ཀུན་འདུས་སྤྱི་ཆིངས་ཀྱི་གཏོང་ཐུན་སྟོན། དཔེ་འབྱུང་བཞིའི་ཁོག་ནམ་མཁའ་ལ་འདུས་ཤིང་། དེ་ལས་ཉི་ཟླའི་སྣང་བས་དངོས་པོ་སོ་སོར་འབྱེད་པ་དང་མཚུངས་པའོ། །དེ་ལྟ་བུའི་གཏོང་ཐུན་ལོ་རྒྱུས་དངོས་ལ་རྩ་བ་ལྔ་སྟེ། བསྟན་པའི་བབས་ཚུལ་ལོ་རྒྱུས་དོན། ཐམས་ཅད་སེམས་སུ་འདུས་ཚུལ་རྩ་བ་དོན། ཐེག་རིམ་གཅིག་ཏུ་བསྟན་པ་ཡང་དག་དོན། དོན་གཉིས་མཐའ་རུ་ཕྱིན་པ་དགོས་ཆེད་དོན་གྱི་བཤད་པ་བཞི་དང་། གཅིག་ཤེས་ཀུན་གྲོལ་གྱི་དོན་ཐོག་དཀྲི་བའི་ཚུལ་བཤད་པའོ། །དང་པོ་བསྟན་པ་རིན་པོ་ཆེ་ཇི་ལྟར་བབས་པའི་ཚུལ་ལོ་རྒྱུས་དོན་གྱི་བཤད་པས་འཇུག་པ་པོ་ཡིད་ཆེས་སྐྱེད་པ་ལ་བརྒྱུད་པ་དྲུག་ལྡན་གྱི་སྒོ་ནས་བཤད་དེ། གནས་ཆོས་ཀྱི་དབྱིངས་སུ་སྟོན་པ་ཐོག་མའི་མགོན་པོ་བསྟན་པ་མི་ནུབ་པའི་རྒྱལ་མཚན་སངས་རྒྱས་མཉམ་སྦྱོར་རང་བྱུང་རིག་པའི་འཁོར་ལ་དུས་བཞི་ཟང་ཐལ་གཅིག་ཤེས་ཀུན་གྲོལ་གྱི་རང་བཞིན་དུ་བསྟན་པ་ནི་ཆོས་སྐུ་བྱིན་རླབས་ཀྱི་བཤད་པ། རང་སྣང་འོད་གསལ་གྱི་ཞིང་དུ་སྟོན་པ་རྡོ་རྗེ་སེམས་དཔས་བསྟན་པ་བྱར་མེད་བློ་འདས་རིགས་བཞིའི་རྒྱལ་བ་སྲས་བཅས་ལ་རིག་པ་ཡུལ་ལ་ཤར་བའི་དུས་སུ་ཏིང་ངེ་འཛིན་གྱི་སྒོས་བསྟན་པ་ནི་ལོངས་སྐུ་རང་གི་ངོ་བོས་བཤད་པ། ལྷ་གནས་དང་པོ་བར་པ་ཐ་མ་གསུམ་དུ་རྡོ་རྗེ་འཆང་གི་སྤྲུལ་པ་གསུམ་བྱོན་ཏེ་བསྟན་པ་ཕར་ཕྱིན་གསང་རྒྱུད་ངོ་སྤྲོད་ཕྱི་ནང་གསང་བའི་སྤྲོས་གཅོད་དང་བཅས་པ། རིགས་གསུམ་སེམས་དཔའ་སོགས་སྤྲུལ་པའི་འཁོར་རྣམས་ལ་ཐུགས་རྗེ་འབྱུང་བའི་དུས་སུ་ཞུ་བ་དང་ལན་གྱི་ཚུལ་དུ་བསྟན་ཅིང་། ལྷ་གནས་ཕྱི་མར་ཆོས་འཁོར་མཐར་ཕྱིན་པའི་ཚེ། སྟོན་པ་ཉིད་ཀྱི་སྨིན་མཚམས་ལས་སངས་རྒྱས་ཀྱི་རིག་འཛིན་དུ་སྤྲུལ་པ་དགའ་རབ་རྡོ་རྗེ་ལ་སྐུ་གསུང་ཐུགས་ཀྱི་ཞལ་ཚབ་གསུམ་གཏད་དེ་ཆོས་ཉིད་ཀྱི་ཀློང་དུ་མྱ་ངན་ལས་འདས་ཤིང་། འདས་རྗེས་ཆོས་ཉིད་རང་བྱུང་གི་སྒྲ་ལྔ་དང་ལྷན་ཅིག་རང་བྱུང་རིག་པའི་ཏནྟྲ་སོགས་རྒྱུད་གསུམ་སྐུ་ཚབ་དང་བཅས་པ་དགའ་རབ་ལ་བབས་པ་ནི་སྤྲུལ་སྐུ་ཚིག་སྡེབ་སྦྱོར་ལེགས་པས་བཤད་པ་སྟེ། དེ་དག་ནི་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པ་རྒྱལ་བ་དགོངས་པས་བརྒྱུད་དེ་བྱིན་རླབས་ཀྱི་བཀའ་བབས་མ་ཉམས་པར་བཤད་པའོ། །སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་དཔལ་རྡོ་རྗེ་སེམས་དཔའ་སྤྲུལ་པའི་གཟུགས་ཀྱིས་བསྟན་པའི་སྒྲ་བཞིའི་དོན་ལ་བརྟེན་ནས་ཆོས་ཐམས་ཅད་ཀྱི་གནས་ལུགས་ཐུགས་སུ་ཆུད་དེ་བྱང་ཆུབ་ལྗོན་པའི་ཤིང་ལ་དཔེ་བླངས་ནས། ཨ་ཏི་ཡོ་ག་ལ་ཟུག་པ་རྩ་བའི་ཚུལ་དུ་ཕྱི་སེམས་སྡེ། གྱེས་པ་ཡལ་གའི་ཚུལ་དུ་ནང་ཀློང་སྡེ། འདྲིལ་བ་སྡོང་པོའི་ཚུལ་དུ་གསང་བ་མན་ངག་གི་སྡེ། གསལ་བ་མེ་ཏོག་གི་ཚུལ་དུ་ཡང་གསང་བླ་མེད། སྨིན་པ་འབྲས་བུའི་ཚུལ་དུ་ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་སྐོར་རྣམས་སུ་བསྡེབས་པར་མཛད་ཅིང་། ཕྱིས་རྒྱལ་བ་ཤཱཀ་ཐུབ་ཀྱི་བསྟན་པ་ལ་དགའ་རབ་ཉིད་ཨོ་རྒྱན་དྷརྨ་ཀོ་ཥའི་སྨན་ལྗོངས་སུ་སྤྲུལ་པའི་སྐུར་སྟོན་པ་ན། གསང་བའི་བདག་པོ་དངོས་སུ་བྱོན་ཏེ་རྒྱལ་ཐབས་རྡོ་རྗེ་སྤྱི་བླུགས་རིག་པ་རྩལ་གྱི་དབང་དང་ཨ་ཏི་ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན་ཉིད་ཀྱི་རྒྱུད་ལུང་མན་ངག་རྫོགས་པར་གནང་བའི་ཚུལ་བསྟན། དེས་རྒྱ་གར་རྡོ་རྗེ་གདན་བྱང་ཆུབ་ཀྱི་ཤིང་དྲུང་དུ་མཁས་པ་ཤྲཱི་སིཾ་ཧ་དང་སློབ་དཔོན་འཇམ་དཔལ་བཤེས་གཉེན་གཉིས་ལ་ཨ་ཏི་ཐིག་ལེ་ཉག་གཅིག་བྱ་རྩོལ་དང་བྲལ་བའི་ཆོས་ཡང་ཏི་སངས་རྒྱས་མཉམ་སྦྱོར་ཆེན་པོའི་སྐོར་མ་ལུས་པ་རྫོགས་པར་གདམས་ཤིང་། ཆུ་བོ་དན་ཏིག་གི་མགོ་བོར་སྐུ་འོད་དུ་ཡལ་བའི་ཚེ་འདས་རྗེས་རིག་འཛིན་རྣམ་པ་གཉིས་ལ་བབས། རིག་འཛིན་དཔལ་གྱི་སེང་གེ་དུར་ཁྲོད་བསིལ་བའི་ཚུལ་དུ་དགོངས་པ་ལ་བཞུགས་པའི་ཚེ། སངས་རྒྱས་ཀུན་དངོས་རྡོ་རྗེ་ཐོད་ཕྲེང་ལ་གསང་བའི་བདག་པོའི་ལུང་གིས་བསྐུལ་ཏེ་སྤྱན་སྔར་ཕེབས་ནས། རྩོལ་བྲལ་བླ་མེད་ཡང་ཏི་འབྲས་བུའི་གདམས་པ་ཞུས་པས། བཀའ་གསང་ཐིག་ལེའི་སྐོར་གྱི་རྩ་རྒྱུད། བཤད་རྒྱུད། ཐུགས་རྒྱུད། སྙན་བརྒྱུད། གཞུང་མན་ངག་བྲུལ་ཚོ་དང་བཅས་པ་གནང་ཞིང་། སླད་ནས་ཁྱད་པར་གྱི་གདམས་པ་ཡི་གེ་མེད་པའི་དོན་བརྒྱུད་བརྡ་ཡིས་མཚོན་པར་མཛད་ནས་ཕུང་པོ་ལྷག་མེད་དུ་འཚང་རྒྱ་བའི་ཚེ་འདས་རྗེས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ལ་བབས་པ་སྟེ། དེ་དག་ནི་རིག་འཛིན་རིག་པ་བརྡ་ཡིས་བརྒྱུད་དེ་བཀའི་སྲོལ་མ་ཉམས་པར་བཤད་པའོ། །སློབ་དཔོན་སངས་རྒྱས་གཉིས་པ་བོད་ཡུལ་མུན་པའི་གླིང་དུ་ཞབས་ཀྱིས་བཅགས། མི་དང་མི་མ་ཡིན་པ་མཐའ་དག་བཏུལ་ཞིང་དམ་པ་ཆོས་ཀྱི་སྒྲོན་མེ་སྤར་བའི་ཚེ་འཇམ་དཔལ་སྤྲུལ་པའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་རིག་འཛིན་དགའ་རབ་རྡོ་རྗེས་ལུང་བསྟན་པ་བཞིན། སྣོད་མིན་ལ་གསང་བའི་ཆེད་དུ་ཧས་པོ་རིའི་རྩེ་མོར་སྤྱན་དྲངས་ཏེ་ཕྱི་ནང་གསང་བའི་མཆོད་པ་རྒྱ་ཆེན་པོས་མཆོད་དེ། ཐེག་པའི་ཡང་རྩེ་སྐད་ཅིག་ལ་འཚང་རྒྱ་བའི་གདམས་པ་ཞུས་པས་རྫོགས་པ་ཆེན་པོའི་ཆོས་སྐོར་བཤད་རྒྱུད་སྙན་བརྒྱུད་ཡི་གེ་ཅན་དང་ཡི་གེ་མེད་པ་སྤྱི་དང་། བྱེ་བྲག་བཀའ་གསང་ཐིག་ལེའི་སྐོར་གྱི་ཡང་ཞུན་ཡང་ཏི་སངས་རྒྱས་མཉམ་སྦྱོར་རྫོགས་པར་གདམས་པས། རྒྱལ་པོ་རྟོགས་གྲོལ་དུས་མཉམ་དུ་གྱུར་ཏེ་ཕྱི་རབས་ཀྱི་དོན་དུ་ཡི་གེར་བཀོད་ནས་བསམ་ཡས་ཨཱརྻ་པ་ལོའི་རྟ་མགྲིན་གྱི་ཐུགས་ཀར་གཏེར་དུ་སྦས་པ་ནི། གང་ཟག་སྙན་ཁུང་དུ་བརྒྱུད་ནས་དོན་ཁྲིད་ཕྱག་བཞེས་མ་ཉམས་པར་བཤད་པའོ། །བསྟན་པའི་སྙིང་པོ་འདི་རྣམས་ལྷ་ཡུལ་དུ་གསང་བའི་བདག་པོས་གསང་ཆེན་རོལ་པའི་དུར་ཁྲོད་དུ་སྦས་པ་ཌཱ་ཀི་མས་དགའ་རབ་རྡོ་རྗེ་ལ་གཏད། དེས་བྱ་རྒོད་སྤུངས་པའི་བྲག་ལ་སྦས། མི་ཡུལ་དུ་དགའ་རབ་ཕྱི་མས་གཏེར་ནས་སྤྱན་དྲངས་ཏེ་སྐལ་པ་ཅན་འགའ་ལ་གདམས་ཤིང་། ཆོས་སྐོར་རྫོགས་པ་ཨོ་རྒྱན་ཡུལ་དང་བྱང་ཆུབ་ཀྱི་ཤིང་དྲུང་དུ་སྦས་པ་ཤྲཱི་སིཾ་ཧ་དང་པདྨ་ཐོད་ཕྲེང་གིས་མཁའ་འགྲོའི་བཀའ་རྒྱ་བཀྲོལ་ཏེ། གུ་རུ་པདྨས་བོད་ཡུལ་དུ་དཔལ་གྱི་བསམ་ཡས་བཞེངས་པའི་ཚེ། དགེ་བསྙེན་ཤེའུ་མཁའ་རིས་གདན་དྲངས་པའི་ཤུལ་ལམ། བྲག་ལུང་མོན་མཁར་སྟེང་དུ་བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུའི་སྤྲུལ་པ་མོན་ཙནྡྲས་སྦྱིན་བདག་ཞུས་ཏེ་སྐུ་གསུང་ཐུགས་ཀྱི་རྟེན་གཏེར་སྤྱི་དང་། ཁྱད་པར་ཡང་གཏེར་གྱིས་ཁྱད་པར་དུ་བྱས་པའི་ཐུགས་གཏེར་ཆེན་པོ་ལྷོ་བྲག་མཁར་ཆུའི་བྲག་ལ་རྒྱས་བཏབ། དེ་ཐམས་ཅད་ཀྱང་ཌཱ་ཀི་མ་ལ་གཅིག་ནས་གཅིག་ཏུ་གཉེར་གཏད་དེ་དག་ཅིང་མ་ཉམས་པའི་དགོས་དོན་བཅུ་གཉིས་ཀྱི་ཕྱིར་དུ་གཏེར་དུ་བཙས་པ་ནི། མཁའ་འགྲོ་གཏད་རྒྱས་བརྒྱུད་པའི་ཚུལ་གྱིས་ཆོས་ཀྱི་གཞུང་མ་ཉམས་པར་བཤད་པའོ། །དེ་ལྟ་བུའི་ཐུགས་གཏེར་ཆེན་པོ་དེ་ཉིད་མངའ་བདག་འཇམ་མགོན་ཁྲི་ལྡེའི་འབྲས་བུ་མཐར་ཕྱིན་པའི་གསུང་གི་རྣམ་འཕྲུལ། གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ། ༧གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གིས་སྤྱན་དྲངས་ཏེ་སྟོད་ནས་བལ་བོ་བྷ་རོ། ཁམས་ཀཿཐོག་པ་མ་ཎི་རིན་ཆེན། གཉལ་སྟོན་ཛམྦྷ་ལ། རིགས་སྲས་པདྨ་དབང་ཆེན་སོགས་སྐལ་ལྡན་གྱི་གདུལ་བྱ་བསམ་གྱིས་མི་ཁྱབ་པ་སྨིན་གྲོལ་མཐར་ཕྱིན་པར་མཛད་པ་ལས། གཙོ་བོར་ཉིད་ཀྱི་གསུང་ལས། སློབ་མ་རྒྱལ་བ་རིགས་ལྔ་ཡོད། །འོག་རྟ་རྟ་མགྲིན་དབང་རྒྱལ་ཡོད། །ཅེས་གསུངས་པ་བཞིན་སངས་རྒྱས་མི་བསྐྱོད་པའི་ངོ་བོར་བཞུགས་པ་མྱང་སྨན་ལུང་པ་མི་བསྐྱོད་རྡོ་རྗེར་གྲགས་པ་དང་། དེ་ཉིད་ཀྱི་ཡབ་མྱང་སྟོན་མཉམ་མེད་ནམ་མཁའ་བསོད་ནམས་སམ་མྱང་སྟོན་དབོན་པོར་གྲགས་པ་དེ་ཉིད་ཆོས་ཚུལ་འདིའི་བརྒྱུད་པའི་གཙོ་བོ་ཡིན་ལ། དེའང་ཆོས་དབང་རིན་པོ་ཆེས་མྱང་སྟོན་ཡབ་ནམ་མཁའ་བསོད་ནམས་ལ་བསྩལ། དེ་ནས་རིམ་པ་བཞིན་སྨན་ལུང་པ་མི་བསྐྱོད་རྡོ་རྗེ། དྭགས་སྟོན་དབང་ཕྱུག་རྡོ་རྗེ། གཉན་སྟོན་ཡེ་ཤེས་རྡོ་རྗེ། དེ་ལས་སེ་སྡིངས་པ་ཡབ་སངས་རྒྱས་དཔལ་དང་སྲས་ཡོན་ཏན་བཟང་པོ་ལ་གནང་། གཉིས་ཀ་ལས་ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱིས་ཞུས། དེ་ནས་མཚུངས་མེད་དཔལ་འབྱོར་དབང་ཕྱུག །ཆོས་དབང་གདུང་རབས་བརྒྱད་པ་སྤྲུལ་སྐུ་ཆོས་ཀྱི་དབང་པོ། རིགས་སྲས་ཀརྨ་གུ་རུ། དེ་སྲས་ཀརྨ་དབང་འབྱོར། བློ་མཆོག་རིག་པའི་རྡོ་རྗེ། སྐྱི་སྟོན་འཇམ་དབྱངས་ལེགས་བཤད་རྒྱ་མཚོ། དེ་ལས་ཁ་མོ་བ་རིག་འཛིན་གྲགས་པ་དབང་ཕྱུག །གྲུབ་ཆེན་པདྨ་རང་ཤར་གཉིས་ཀྱིས་གསན། གཉིས་ཀ་ལས་སྤང་སྟོན་གསང་བདག་རྡོ་རྗེས་གསན། དེ་ལས་ལྕགས་ཟམ་བདུན་པ་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། སྤང་སྟོན་པདྨ་ཚེ་དབང་། སྒྲོལ་སྟོན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། ཐམས་ཅད་མཁྱེན་གཟིགས་བཀའ་དྲིན་མཚུངས་མེད་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱི་ཞལ་སྔ་ནས་བདག་ཅག་ལ་སྨིན་གྲོལ་གྱི་བདུད་རྩི་བཀའ་དྲིན་གྱི་སྙིང་པོར་བསྩལ་པ་ནི། ལས་འཕྲོ་གཏེར་ཆོས་ལ་སྤྱོད་པ་གདམས་ངག་གི་སརྒ་མ་ལོག་པར་བཤད་པའོ། །རྒྱལ་བ་རྡོ་རྗེ་སེམས་དཔའ་ནས་རིམ་པར་ཐུགས་དང་སྒྲ་ཚིག་ཡི་གེར་བརྒྱུད་པའི་གཏེར་ཆེན་སྦེད་པའི་ཚེ། ལས་འཕྲོ་སྐལ་པར་ལྡན་པ་དང་། ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག་ཅིག་པའི་སྨོན་ལམ་གྱི་དབང་གོང་མ་གོང་མས་འོག་མ་འོག་མ་ལ་བསྐུར་པས་སྨོན་ལམ་མཐའ་བཙན་ཏེ་བརྗོད་དོན་མི་བསླུ་བ་མ་ཟད། གཏེར་སྦེད་པ་པོ་དང་འདོན་པ་པོ་དགོངས་པ་མི་གཉིས་པས་འོག་མས་ཀྱང་ལུང་ཆེན་ཡོངས་སུ་རྫོགས་པ་ཐོབ་པ་ནི། སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ་ལས་སྨིན་གྲོལ་རྒྱུན་སྲོལ་མ་ཉམས་པར་བཤད་པའོ། །གཉིས་པ་ཐམས་ཅད་སེམས་སུ་འདུས་ཚུལ་རྩ་བ་དོན་ནི། ངན་རྟོག་འཁོར་བ་དང་བཟང་རྟོག་མྱང་འདས་ཐམས་ཅད་རང་སེམས་བློའི་རི་མོ་ཁོ་ན་ཡིན་པས། ཆོས་སྒོའི་རྣམ་གྲངས། ཐེག་པའི་རིམ་པ། ས་ལམ་སྦྱང་བགྲོད་སོགས་ཐེག་པ་འོག་མ་བའི་ངོར་མཐོང་རྟོགས་ཐ་དད་ལྟར་སྣང་ཡང་ཐེག་པ་འདི་པའི་ལུགས་ཀྱིས། ཡེ་ནས་རང་བྱུང་ཐིག་ལེ་ཉག་གཅིག་རྩོལ་མེད་ལྷུན་གྱིས་གྲུབ་པར་ལ་བཟློ་བར་བཤད་པའོ། །གསུམ་པ་ཐེག་རིམ་གཅིག་ཏུ་བསྟན་པ་ཡང་དག་དོན་ནི། སེམས་ཅན་བློའི་བྱེ་བྲག་ཐ་དད་པས་བསྟན་པའི་ཆོས་ཐེག་པའི་སྒོ་སྣ་ཚོགས་སུ་གསུངས་པ་རྣམས་ཀྱང་། གདུལ་བྱ་གང་ཟག་དབང་པོ་རབ་འབྲིང་ཐ་མ་ལ་གསུམ་རེར་དབྱེ་བས། འདུལ་བྱེད་ཐེག་པ་རིམ་པ་དགུར་འདུ་ཞིང་། དེ་རྣམས་ཀྱང་སྔ་མ་ལས་ཕྱི་མ་ཁྱད་པར་བཞི་རེས་འཕགས་ཤིང་། མཐར་གཏུགས་ན། ལུང་གི་ཐིག་ལེ་ལས། རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འདུས་ལྟར། །བླ་མེད་དོན་རྟོགས་ཐེག་པ་ཐམས་ཅད་འདུས། །ཞེས་གསུངས་པ་ལྟར་ཐེག་མཆོག་བླ་ན་མེད་པ་ཡང་ཏི་སངས་རྒྱས་མཉམ་སྦྱོར་འདིར་འདུས་པར་བཤད་པའོ། །བཞི་པ་དོན་གཉིས་མཐའ་རུ་ཕྱིན་པ་དགོས་ཆེད་དོན་གྱིས་བཤད་པ་ནི། མཉམ་སྦྱོར་གྱི་དོན་ཁྲིད་འདི། མ་རྟོགས་ལོག་རྟོག་འཇིག་རྟེན་པ་རྣམས་དང་། ཕྱོགས་རྟོགས་ཉན་རང་བྱང་སེམས་གསང་སྔགས་ཕྱི་པ་རྣམས་དང་། ཡང་དག་རྟོགས་པ་སྔགས་ནང་པ་ཡོ་ག་གསུམ་དང་། ཇི་བཞིན་རྟོགས་པ་སྤྱི་ཏི་པ་ལའང་དགོས་ཏེ་སོ་སོ་རང་སའི་སྒྲིབ་བྱེད་བག་ཆགས་ཀྱི་ཞེན་འཛིན་ལས་གྲོལ་ནས་གོང་མ་གོང་མའི་མངོན་རྟོགས་ལ་སྦྱོར་བའི་ཆེད་དོན་ཡོད་ཅིང་། ཀུན་གྱི་མཐར་ཐུག་མ་འདྲེས་ཡོངས་རྫོགས་བརྗོད་མེད་མུ་མཐའ་ཡས་པའི་ཀ་དག་ད་ལྟ་སྐད་ཅིག་མ་ལ་སངས་རྒྱས་ཀྱི་སར་སྦྱོར་ཞིང་འཁོར་འདས་མཉམ་སྦྱོར་དུ་གྲོལ་བར་བྱེད་པ་དང་། བྱེ་བྲག་གཏོང་ཐུན་ཐོག་མར་བཤད་པ་ལའང་། བརྒྱུད་པ་དང་ཆོས་ཀྱི་བྱུང་ཁུངས་ཤེས་པས་གྲོལ་རྐྱེན་དུ་ཡིད་ཆེས་པ་དང་། དོན་གྱི་ཁོག་དབུབ་པས་གཞན་ལ་འགྲམ་ཆུ་མི་ལྡང་བ་དང་། ཐད་སོར་རང་ངོ་སྤྲད་པས་བཤད་པ་གྲོལ་ལམ་དུ་འགྱུར་བ་དང་། བརྡ་དོན་གནད་དང་བཀྲོལ་བས་གོ་རྟོགས་རྒྱུད་ཐོག་ཏུ་བསྲེ་བ་དང་། སྤྱི་གནད་སྙིང་པོར་བཀྲོལ་ཏེ་ཡང་ཏིའི་གནད་གསལ་བར་སྟོན་པས་སྐད་ཅིག་ལ་རྒྱུད་གྲོལ་བའི་དགོས་ཆེད་དང་ལྡན་པར་བཤད་པའོ། །ལྔ་པ་གཅིག་ཤེས་ཀུན་གྲོལ་གྱི་དོན་ཐོག་དཀྲི་བའི་ཚུལ་ནི། བཤད་པའི་ཚོམས་གསུམ་གྱིས་དཀྱུས་ཀྱི་དོན་འགྲེལ། སྙིང་པོའི་བཀའ་ཚོམས་གསུམ་གྱིས་ཀ་དག་མིང་མེད་ཡང་ཏིའི་དོན་ངོ་སྤྲད། གདམས་པའི་བཀའ་ཚོམས་གསུམ་གྱིས་སྙན་བརྒྱུད་ཀྱི་མན་ངག་གནད་དུ་བསྣུན། ཡང་ཏིའི་སྙིང་པོ་གཅིག་ཏུ་འདུས་པའི་ཉམས་ལེན་བཤད་པ་བཞི་ལས། སྔ་མ་གསུམ་གྱི་གྲུབ་དོན་ཕྱི་མའི་དོན་མདོར་དྲིལ་ན། ཐག་ཆོད་གསུམ་གྱིས་བློ་ཐག་བཅད། པྲ་ཁྲིད་ཏི་ཀས་ཉམས་སུ་བླང་། གཅིག་ཤེས་དོན་གྱི་སྟེང་དུ་སངས་རྒྱས་ཀྱི་དགོངས་པ་ཡོངས་སུ་རྫོགས་པར་བཤད་པ་གསུམ་ལས། དང་པོ་ནི། བློས་བཏགས་ཐེག་རིམ་མཐའ་དག་ཨ་ཏིའི་སྤྱི་ཕུད་ཡང་ཏིའི་དེ་ཉིད་དུ་འདུས་པར་ཐག་བཅད་པ་དང་། ངེས་དོན་གྱི་ཆོས་ཐམས་ཅད་ལྟ་སྒོམ་སྤྱོད་འབྲས་བཞིར་བཤད་ཀྱང་སེམས་ཉིད་གཞི་མེད་ཀ་དག །དངོས་མེད་ཟང་ཀ །བྱར་མེད་བློ་འདས། མ་འདྲེས་ཡོངས་རྫོགས་གཅིག་ཤེས་ན་ཀུན་ཤེས་པར་ཐག་བཅད་པ་དང་། མདོ་རྒྱུད་མན་ངག་ཐམས་ཅད་ཀྱི་གནད་ཆོས་ཉིད་དགག་སྒྲུབ་མེད་པར་ཉམས་སུ་མྱོང་བའི་ངང་དུ་རང་སར་གྲོལ་ཞིང་རྫོགས་པར་བློ་ཐག་བཅད་པའོ། །གཉིས་པ་པྲ་ཁྲིད་ཏི་ཀས་ཉམས་སུ་བླང་བ་ནི། ཐོག་མར་པྲ་ཁྲིད་གཏོང་ཐུན་གྱིས་རྒྱུད་གཞུང་མན་ངག་ཐམས་ཅད་ཀྱི་ཁོག་དབུབ་སྟེ་ནམ་མཁའ་ལ་ཉི་ཟླ་ཤར་བ་ལྟ་བུས་གྲོལ་རྐྱེན་གྲོལ་ལམ་དུ་བསྟན་པ་དང་གཅིག །དེ་རྗེས་རིམ་བཞིན་སྔོན་དུ་འགྲོ་བའི་བླ་མའི་དོན་ཁྲིད་ཀྱིས་རྟེན་གྱི་གང་ཟག་སྒྲོམ་དུ་གཞུག་སྟེ་འཁོར་ལོས་སྒྱུར་རྒྱལ་ཁང་བཟང་དུ་ཚུད་པ་ལྟ་བུའི་མན་ངག་བསྟན་པ་དང་གཉིས། བླ་མའི་རྣལ་འབྱོར་གྱི་དོན་ཁྲིད་ཀྱིས་རང་རྒྱུད་ཀྱི་ཉོན་མོངས་འདུལ་བ་མེས་འཁྱག་པ་འཇུ་བ་ལྟ་བུའི་མན་ངག་དང་གསུམ། འཁོར་འདས་རུ་ཤན་འབྱེད་པའི་དོན་ཁྲིད་ཀྱིས་རང་བྱུང་ཡེ་ཤེས་ཀྱི་སྒོ་འབྱེད་པ་མེ་ལོང་གཡའ་ཕྱི་བ་ལྟ་བུའི་མན་ངག་དང་བཞི། མ་བཅོས་སོར་འཇོག་གི་དོན་ཁྲིད་ཀྱིས་ངང་དྭངས་ཀ་དག་ལས་གཡོ་བ་མེད་པ་བར་སྣང་དག་པའི་དབྱིངས་ལྟ་བུའི་མན་ངག་དང་ལྔ། བཏགས་གྲོལ་ངོ་སྤྲོད་ཀྱི་དོན་ཁྲིད་ཀྱིས་ཤེས་བྱ་གཅིག་ཤེས་ཀུན་གྲོལ་དུ་གདེང་ཐོབ་པ་ཕྱི་རྐུན་དང་ནང་བྱན་འཛོམ་ནས་ཡིད་བཞིན་གྱི་ནོར་བུ་ཐོབ་པ་ལྟ་བུའི་མན་ངག་དང་དྲུག །རིག་པ་རྩལ་སྦྱོང་གི་དོན་ཁྲིད་ཀྱིས་རྟོགས་པ་བོགས་འབྱིན་པ་གྱད་ཕྲུག་རྩལ་སྦྱོང་བ་ལྟ་བུའི་མན་ངག་དང་བདུན། མཐར་གདམས་གཏད་པའི་དོན་ཁྲིད་ཀྱིས་སངས་རྒྱས་ལག་བཅང་དུ་གཏད་པ་ནོར་བུ་ཐོབ་ནས་མངའ་གསོལ་ཞིང་ལོངས་སྤྱད་པས་རེ་འདོད་རྩོལ་མེད་དུ་སྐོང་བ་ལྟ་བུའི་མན་ངག་དང་བརྒྱད་ཀྱིས་སྙན་བརྒྱུད་ཡི་གེ་མེད་པའི་གདམས་པ་རྫོགས་པར་བསྟན་པའོ། །གསུམ་པ་གཅིག་ཤེས་དོན་གྱི་སྟེང་དུ་སངས་རྒྱས་ཀྱི་དགོངས་པ་ཡོངས་སུ་རྫོགས་པར་བཤད་པ་ནི། ངོ་བོ་ཉིད་ཀྱི་གནད་གསང་གཅིག་ཤེས་པས་སངས་རྒྱས་ཐམས་ཅད་ཀྱི་བཀའ་ལུང་དགོས་པ་མཐའ་དག་ཡོངས་སུ་རྫོགས་པའི་གདེང་ཆེན་པོ་ཐོབ་པ་སྟེ། ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཆོས་ཀུན་མངོན་པར་རྟོགས་པ་སྟེ། །ཞེས་གསུངས་པ་ལྟར་རོ། །གཏོང་ཐུན་འདི་ཉིད་ལོ་རྒྱུས་ཀྱི་ཁོག་དབུབ་ལས་གྲོལ་རྐྱེན་ཙམ་དུ་འགྲོ་བ་གཞན་དང་སྒྲ་ཙམ་མཐུན་ཡང་། བརྡ་དོན་གྱིས་རང་ངོ་འཕྲོད་པས་གྲོལ་ལམ་དངོས་སུ་འགྱུར་བའི་ཆ་ནས་དོན་འཕགས་ཤིང་། སྤྱི་རྒྱུད་ལས། ལོ་རྒྱུས་དོན་གྱིས་སྤྱི་གནད་བཀྲོལ། །བརྡ་དོན་སྤྲད་དེ་གོ་རྟོགས་བསྲེ། །གཏོང་ཐུན་ཉིད་ནས་གྲོལ་ལས་ཆེ། །ཞེས་འབྱུང་བ་ལྟར་དབང་རབ་ཀྱི་གང་ཟག་གཏོང་ཐུན་ཉིད་ཀྱིས་ཐོས་གྲོལ་དུས་མཉམ་དུ་འགྱུར་བས། མཐོང་ཐོས་སངས་རྒྱས་དང་མཉམ་པར་སྦྱོར་བའི་ཁྲིད་ཆེན་དང་པོར་གསུངས་པ་ཡིན་ནོ།། ༈ །།གཉིས་པ་ལོ་རྒྱུས་དེ་ལྡན་གྱི་གདམས་ངག་དངོས་བསྟན་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་གདམས་པའོ། །དང་པོ་ལའང་གསུམ། སྤྱིའི་སྔོན་འགྲོ། ཁྱད་པར་གྱི་སྔོན་འགྲོ། ཐུན་མོང་མ་ཡིན་པའི་སྔོན་དུ་འགྲོ་བའོ། །དང་པོ་ནི། ཁྲིད་ཆེན་གཉིས་པ་སྔོན་དུ་འགྲོ་བའི་བླ་མའི་དོན་ཁྲིད་ཀྱིས་རྟེན་གྱི་གང་ཟག་སྒྲོམ་དུ་འཇུག་པ་འཁོར་ལོས་སྒྱུར་རྒྱལ་ཕོ་བྲང་དུ་ཚུད་པ་ལྟ་བུའི་གདམས་པ་སྟོན་པ་སྟེ། དེའི་ངོ་བོ་དོན་ལ་སྨོན་པ་དང་ཐབས་ལ་འཇུག་པའི་བྱང་ཆུབ་ཀྱི་སེམས། ངེས་ཚིག་ཁྲིད་འོག་མ་རྣམས་ཀྱི་སྔོན་དུ་འགྲོ་བ། དབྱེ་བ་ཐུན་མོང་དང་ཐུན་མིན་ལ་སོགས་པ། དཔེ་ལོ་ཏོག་གི་སྔོན་དུ་སོ་ནམ་འགྲོ་དགོས་པ་ལྟ་བུ། དེའང་གནས་དུས་སྟོན་འཁོར་ཆོས་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་སྐབས་སུ་འཇུག་སྒོའི་དབང་བླ་མ་གསང་འདུས་གཏོར་དབང་གནད་ཀྱི་ཤོག་གཅིག་མས་ཆོས་སྒོ་ཕྱེས་ཏེ། བསླབ་བྱས་སྒྲོམ་དུ་གཞུག་པ་དངོས་ལ་གསུམ། མི་རྟག་པ་དྲན་པ་དང་། བླ་མ་བསྙེན་བཀུར་བ་དང་། སྔོན་འགྲོའི་ཉམས་ལེན་དངོས་ལ་འཇུག་པའོ། །དང་པོ་ནི། ཆོས་ལ་འཇུག་པའི་རྐྱེན་དང་དགེ་སྦྱོར་ལ་སྐུལ་བའི་གྲོགས་ཐོག་མ་ཉིད་དུ་མི་རྟག་པ་རྗེས་སུ་དྲན་པ་གལ་ཆེ་སྟེ། དེའང་སྒྱུ་མ། ཟིལ་པ། ཆུ་བུར། སྨིག་རྒྱུ། མར་མེ། རྨི་ལམ། གློག །སྐར་མ། སྤྲིན། དྲི་ཟའི་གྲོང་ཁྱེར་ཏེ་དཔེ་བཅུས་མཚོན་ནས་ཕྱི་སྣོད་ཀྱི་འཇིག་རྟེན། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་མི་རྟག་ཅིང་། རང་གི་ཐོག་ཏུའང་འོང་ངེས་པས་ནམ་འཆི་ཆ་མེད། ཤི་ཙ་ན་མི་སླུ་བའི་སྐྱབས་མཆོག་དམ་པའི་ཆོས་ཡིན་ཀྱང་། ཐེག་དམན་རྩོལ་བཅས་ཀྱིས་གོལ་སར་བཅིངས་པས། ཡང་དག་ངེས་པའི་དོན་དང་དེ་སྟོན་པའི་མཚན་ལྡན་གྱི་བླ་མ་ལ་དད་ཅིང་གདུང་བ་སྐོམ་པ་ཆུ་འདོད་པ་ལྟར་བྱའོ། །གཞུང་ལས་དངོས་སུ་མ་གསུངས་ཀྱང་བསྟན་རིམ་ཁྲིད་སྲོལ་སྤྱི་དང་མཐུན་པར། མི་རྟག་པ་སྒོམ་པའི་རྟེན་དལ་བ་བརྒྱད་དང་འབྱོར་པ་བཅུ་ལྡན་གྱི་མི་ལུས་རིན་པོ་ཆེ་ལྷ་ལས་ལྷག་པ་འདི་ཉིད་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་ཆེས་རྙེད་པར་དཀའ་བ་དང་། ཤི་བའི་འོག་ཏུ་ལས་དཀར་ནག་རྗེས་སུ་འབྲང་ཞིང་རྒྱུ་འབྲས་བསླུ་བ་མེད་པས་རང་གིས་མ་བྱས་པ་དང་མི་འཕྲད་བྱས་པ་ཆུད་མི་ཟ་བར་དགེ་ལས་བདེ་བ་དང་སྡིག་ལས་སྡུག་བསྔལ་གྱི་འབྲས་བུ་འབྱུང་བ་དང་། འཁོར་བའི་གནས་རིས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་ལས་མ་འདས་པའི་ཚུལ་རྣམས་ཀྱང་ལེགས་པར་བསམ་ལ་རྒྱུད་ཐོག་ཏུ་བཀལ་བར་བྱའོ། །གཉིས་པ་བླ་མ་བསྙེན་བཀུར་བ་ནི། སངས་རྒྱས་ཆོས་ཀྱི་སྐུ་ནི་སྤྲོས་བྲལ་ངོས་གཟུང་དང་བྲལ། ལོངས་སྐུའི་གདུལ་བྱར་གྱུར་པའི་སྐལ་པ་དང་མི་ལྡན། སྤྲུལ་པའི་སྐུ་ཁོ་ན་རང་གི་བླ་མ་ཡིན་ངེས་སྙམ་པའི་ཐག་ཆོད་ཀྱི་མོས་གུས་དྲག་པོས་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ལ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་མཎྜལ་འབུལ་ཞིང་། ཇི་ལྟར་ནུས་པའི་བསྙེན་བཀུར་བྱ་དགོས་སོ། །གསུམ་པ་སྔོན་འགྲོའི་ཉམས་ལེན་དངོས་ལ་འཇུག་པ་ལ། གཞུང་ལས་སྐྱབས་སེམས་ཚོགས་གསག་རང་བྱིན་རླབས་མཎྜལ་སྔོན་འགྲོས་ཡེངས་མེད་གསོལ་འདེབས་དབང་ལེན་བཅས་དྲུག་ཏུ་གསུངས་ཀྱང་། བརྒྱུད་པའི་ཕྱག་བཞེས་སུ་ཡེངས་མེད་ཀུན་གྱི་ཁོངས་སུ་བསྡུས། རྡོར་སེམས་སྒོམ་བཟླས་བསྣན་ནས་དྲུག་ཏུ་མཛད་དེ། ལམ་ལོག་པ་ལས་ལྡོག་པ་སྐྱབས་འགྲོ། ལམ་དམན་པ་ལས་ལྡོག་པ་སེམས་བསྐྱེད། ཚོགས་གསོག་བྱེད་ཡན་ལག་བཅུ་པ། སྒྲིབ་པ་སྦྱོང་བྱེད་རྡོར་སེམས་སྒོམ་བཟླས། གསང་སྔགས་ཀྱི་སྣོད་དུ་རུང་བྱེད་རང་བྱིན་རླབས། མཎྜལ་ལ་བརྟེན་ནས་གསོལ་འདེབས་དབང་བཞི་ལེན་པའི་ཁྲིད་རྣམས་སོ། །དང་པོ་ནི། སྐྱབས་སུ་འགྲོ་བའི་ཡུལ་ཕྱི་མཆོག་གསུམ། ནང་རྩ་གསུམ། གསང་བ་སྐུ་གསུམ་པོ་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཉག་གཅིག་ཏུ་འདུས་པས་ཀུན་འདུས་ནོར་བུ་ལུགས་ཀྱི་སྐྱབས་ཡུལ་གསལ་འདེབས་པ་ནི། རང་ཉིད་གནས་པའི་ས་ཕྱོགས་དག་པའི་ཞིང་བཀོད་པ་ཚད་ལས་འདས་པའི་མདུན་གྱི་ནམ་མཁར་པད་སྡོང་ཉི་ཟླའི་སྟེང་དུ། ངོ་བོ་རང་གི་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་པདྨ་ཐོད་ཕྲེང་རྩལ་གསང་འདུས་མི་བསྐྱོད་རྒྱལ་བ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དང་། དབུ་ལ་རིན་པོ་ཆེའི་པྲོག་ཞུ་གསོལ་ཞིང་དར་དང་རིན་པོ་ཆེའི་རྒྱན་ལྡན་ཞི་ཞིང་འཛུམ་པ། པང་དུ་རྒྱལ་ཡུམ་མཚོ་རྒྱལ་མ་དཀར་ལ་དམར་བའི་མདངས་ཆགས་པ། ཕྱག་གཡས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་པས་ཐོད་པ་བདུད་རྩིས་གང་བ་ཡབ་ཀྱི་ཞལ་དུ་སྟོབ་པ། ཞབས་གཉིས་ཡབ་ཀྱི་རྐེད་ལ་འཁྲིལ་ཅིང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། འཇའ་འོད་ཀྱི་ཀློང་དུ་བཞུགས་པར་གསལ་གདབ་ལ་སྐྱབས་གནས་ཀུན་འདུས་སུ་ངེས་ཤེས་བསྐྱེད། སྐྱབས་སུ་འགྲོ་མཁན་ནམ་མཁས་ཁྱབ་པའི་སེམས་ཅན་ཐམས་ཅད་བདག་ཁོ་ནར་བསྡུས་ཏེ། དུས་བྱང་ཆུབ་མ་འཐོབ་ཀྱི་བར་དུ། བསམ་པ་བྱང་ཆུབ་ཀྱི་སེམས་གཉིས་དང་ལྡན་པས། ཚུལ་ལུས་ངག་ཡིད་གསུམ་གུས་པ་ཆེན་པོའི་སྒོ་ནས། ཚིག་བདུན་གསོལ་འདེབས་ལན་གསུམ་སྔོན་དུ་འགྲོ་བའི། སྐྱབས་འགྲོའི་ཚིག །ཀྱཻ༔ དཀོན་མཆོག་གསུམ་གྱི་རང་བཞིན་བྱང་ཆུབ་སེམས༔ བདག་སོགས་འགྲོ་བ་ཀུན་ལ་དགོངས་སུ་གསོལ༔ སངས་རྒྱས་ཆོས་དང་དགེ་འདུན་ལ༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ལ༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ ཞེས་ཚིག་རྐང་བརྒྱད་པོ་ཐུན་དུ་བཅད་ལ་ཅི་ནུས་བསགས་པའི་མཐར། བླ་མ་འོད་ཞུ་སྤྱི་བོར་ཐིམ། །བདག་རྒྱུད་བྱིན་གྱིས་བརླབས་པར་གྱུར། །ཅེས་བླ་མ་འོད་དུ་ཞུ་ནས་རང་དང་དབྱེར་མེད་དུ་འདྲེས་པར་མོས་ལ་གནས་ལུགས་ཀྱི་ངང་དུ་མཉམ་པར་གཞག །སྐྱབས་འགྲོའི་བསླབ་བྱ་སྤྱི་དང་མཐུན་ཅིང་། དོན་གྱི་སྐྱབས་འགྲོ་གནད་དུ་སོང་བའི་རྟགས་ཨོ་རྒྱན་ཆེན་པོའི་ཞལ་ནས། འཁོར་བའི་ཆོས་ལ་བློ་ལོག་ན། དགེ་འདུན་ལ་སྐྱབས་སུ་སོང་བའི་རྟགས་ཡིན། སེམས་ཀྱི་ངོ་བོ་སྟོང་གསལ་ཆོས་སྐུར་རྟོགས་ན། ཆོས་ཀྱི་ཐུགས་རྗེས་བཟུང་པའི་རྟགས་ཡིན། རང་བཞིན་འོད་གསལ་མཐོང་ན། སངས་རྒྱས་ཀྱི་ཐུགས་རྗེས་བཟུང་པའི་རྟགས་སོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལམ་དམན་པ་ལས་ལྡོག་པའི་སེམས་བསྐྱེད་ནི། ངོ་བོ་སེམས་ཅན་གྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འདོད་པས། རྒྱུ་སྨོན་པ་དང་འཇུག་པའི་སེམས་བསྐྱེད་ནས་ཐབས་དེ་དག་གི་བསླབ་བྱ་སྤྱི་དང་ཁྱད་པར་བསྐྱེད་རྫོགས་ཟབ་མོའི་དོན་ལ། གྲོགས་བརྩོན་འགྲུས་ཀྱི་སྟོབས་དང་ལྡན་པས་སློབ་པ་སྟེ། ལག་ལེན་མདོར་བསྡུ་ན། ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར༔ རང་རྒྱུད་གཟུང་འཛིན་གྱི་ཞགས་པས་བཅིངས་པ་ལས་གྲོལ་བར་བྱ་བའི་ཕྱིར༔ བདག་གིས་ཐེག་པ་མཆོག་གི་ཆོས་ལ་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱིས་ནན་ཏན་དུ་འབད་པར་བྱའོ༔ ཞེས་པའི་དོན་ཡིད་ལ་བསམ་ཞིང་ངག་ཏུ་བརྗོད་པས་ཀུན་རྫོབ་སེམས་བསྐྱེད་ཀྱི་དོན་ཚང་ལ། དེ་ལྟར་སེམས་སྐྱེད་མཁན་གྱི་ངོ་བོ་ལ་བལྟས་པས་བསྐྱེད་བྱ་སྐྱེད་བྱེད་སྐྱེད་ཐབས་གང་གི་ངོ་བོར་ཡང་མ་གྲུབ་པ་སྟོང་གསལ་འཛིན་མེད་ཀྱི་ངོ་བོར་འཆར་བ་ལ་མཉམ་པར་བཞག་པ་ནི་དོན་དམ་སེམས་བསྐྱེད་ཀྱི་དོན་ནོ། །གསུམ་པ་ཚོགས་གསོག་བྱེད་ཡན་ལག་བཅུ་པ་ནི། རྒྱུ་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་དགོས་པ་ཡིན་ཏེ། དེ་ལ་གསག་སྦྱོང་གི་སྒོ་བསམ་གྱིས་མི་ཁྱབ་པ་མཆིས་པ་ཐམས་ཅད་ཀྱང་ཡན་ལག་བདུན་དང་བརྒྱད་ལ་སོགས་པར་འདུ་ཞིང་། སྐབས་འདིར་གསང་སྔགས་ནང་གི་ཡན་ལག་བཅུ་པ་དམིགས་སུ་བསྟན་པ་སྟེ། དེ་ལ་ཐོག་མར་ཚོགས་ཞིང་སྤྱན་འདྲེན་པའི་ཡན་ལག་ནི། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཞེས་བརྗོད་པའི་ཚེ། རང་གི་མདུན་གྱི་ནམ་མཁར་པདྨ་ཐོད་ཕྲེང་རྩལ་ལ་རྩ་གསུམ་དམ་ཅན་རྒྱ་མཚོས་བསྐོར་བ་ཁྲ་ལམ་མེར་བྱོན་པར་བསམ། གཉིས་པ་བཞུགས་སུ་གསོལ་བའི་ཡན་ལག་ལ། ཉི་ཟླ་པདྨའི་གདན་ལ་བཞུགས༔ ཞེས་མདུན་མཁར་ཐབས་ཤེས་དྲི་མེད་ཀྱི་དོན་ཉི་ཟླ་པདྨའི་གདན་ལ་བཞུགས་པར་བསམ། གསུམ་པ་ཕྱག་འཚལ་བའི་ཡན་ལག །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཞེས་པས་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་ལུས་ཞིང་གི་རྡུལ་སྙེད་དུ་ཕྱག་འཚལ་བར་བསམ། བཞི་པ་མཆོད་པའི་ཡན་ལག །ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཞེས་པས་མཆོད་པ་དངོས་སུ་འབྱོར་པ་དང་། ཡིད་ཀྱིས་སྤྲུལ་པའི་བྱེ་བྲག །ཕྱིའི་མཆོད་པ་མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ་དང་། ནང་གི་མཆོད་པ་རྡོ་རྗེའི་གཟུགས་སྒྲ་དྲི་རོ་རེག་བྱ། སྨན་རཀ་གཏོར་གསུམ། གསང་མཆོད་རིག་མ་བརྒྱད་དང་བཅུ་དྲུག་ལ་སོགས་པ་ནམ་མཁའི་ཁམས་གང་བར་དམིགས་ནས་བློས་བླངས་ཏེ་འབུལ་བའོ། །ལྔ་པ་བཤགས་པའི་ཡན་ལག །ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ ཞེས་པས་བདག་ཅག་གིས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་དུ་བསགས་ཤིང་། ཕྱིན་ཆད་གསག་པར་འགྱུར་བའི་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་སྤྱི་དང་། ཁྱད་པར་རྡོ་རྗེ་ཐེག་པའི་དམ་ཚིག་ཉམས་ཆག་ཉེས་ལྟུང་ཅི་མཆིས་པ་ཐམས་ཅད་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས་སོ་སྙམ་པའོ། །དྲུག་པ་རྗེས་སུ་ཡི་རང་གི་ཡན་ལག །གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔ ཞེས་པས་ཁྱེད་རྣམས་ཀྱིས་གསང་སྔགས་བླ་མེད་བསྐྱེད་རྫོགས་རྣམ་པ་གསུམ་གྱི་སྒྲུབ་པ་ཟབ་མོ་མཛད་དེ་དོན་གཉིས་མཐར་ཕྱིན་པ་ལ་རྗེས་སུ་ཡི་རང་ངོ་སྙམ་པའོ། །བདུན་པ་ཆོས་འཁོར་བསྐོར་བའི་ཡན་ལག །སྨིན་གྲོལ་གསང་སྔགས་ཆོས་འཁོར་སྐོར༔ ཞེས་པས་བདག་གཞན་ཐམས་ཅད་སྨིན་ཅིང་གྲོལ་བའི་སླད་དུ་ཁྱད་པར་བླ་ན་མེད་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་དུ་གསོལ་བའོ། །བརྒྱད་པ་བཞུགས་སུ་གསོལ་བའི་ཡན་ལག །ལྷུན་གྱིས་གྲུབ་པར་བཞུགས་སུ་གསོལ༔ ཞེས་པས་སླད་ནས་མྱ་ངན་ལས་འདའ་བའི་ཚུལ་མི་སྟོན་པར་རྡོ་རྗེའི་གསང་བ་གསུམ་འགྱུར་བ་མེད་པར་ལྷུན་གྱིས་གྲུབ་པ་ཆེན་པོའི་ངང་དུ་བཞུགས་སུ་གསོལ་བའོ། །དགུ་པ་དགེ་བ་བསྔོ་བའི་ཡན་ལག །སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཞེས་པས་འདིས་མཚོན་བདག་གཞན་དུས་གསུམ་གྱི་དགེ་བའི་སྙིང་པོ་མཐའ་དག་སེམས་ཅན་ཐམས་ཅད་མི་གནས་པའི་བྱང་ཆུབ་ཆེན་པོ་འཐོབ་པའི་དོན་དུ་བསྔོ་བའོ། །བཅུ་པ་སྨོན་ལམ་གདབ་པའི་ཡན་ལག །ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་པས་དགེ་རྩ་དེ་དག་གི་མཐུ་ལས་བདག་གཞན་ཀུན་གྱིས་མཐར་ཐུག་ཡང་དག་པའི་ཏིང་ངེ་འཛིན་རྡོ་རྗེ་ལྟ་བུའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པར་ཤོག་ཅིག་སྙམ་དུ་སྨོན་པ་སྟེ། ཚིག་གི་རྗེས་སུ་དོན་དྲན་པ་ལས་གཞན་དུ་མི་གཡེངས་པའི་ཏིང་ངེ་འཛིན་ལ་བློ་བཞག་སྟེ། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་སྐོར༔ ལྷུན་གྱིས་གྲུབ་པར་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་ཚིག་རྐང་བཅུ་པོ་ཇི་ལྟར་ནུས་པ་བརྗོད། མཐར་ཚོགས་ཞིང་འོད་དུ་ཞུ་ནས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ཏེ་བསམ་བརྗོད་བྲལ་བའི་རང་རིག་གི་ངོ་བོ་བསྐྱང་ངོ་། །བཞི་པ་སྒྲིབ་པ་སྦྱོང་བྱེད་རྡོར་སེམས་སྒོམ་བཟླས་ནི། ས་ལམ་གྱི་ཡོན་ཏན་སྒྲིབ་ཅིང་དངོས་གྲུབ་ལ་གེགས་བྱེད་པའི་རྒྱུ་ཉོན་མོངས་པ། རྐྱེན་སྡིག་སྒྲིབ་ཉེས་ལྟུང་ཚད་མེད་པ་ཞིག་རང་རྒྱུད་ལ་ཡོད་པ་དེ་མ་སྦྱང་ན་ལམ་གྱི་མངོན་རྟོགས་སྐྱེར་མི་བཏུབ་ལ། སྦྱོང་བྱེད་གཉེན་པོ་སྒོ་དྲུག་ཏུ་བཤད་པ་སོགས་ཀུན་ལས་ཟབ་ཅིང་ཁྱད་པར་དུ་འཕགས་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱ་བ་ནི། རང་ཐ་མལ་པའི་སྤྱི་བོར་པད་ཟླའི་གདན་ལ་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས། ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དངུལ་དཀར་གྱི་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་པོ་ཆེའི་རྒྱན་ལྡན་ཞི་ཞིང་འཛུམ་པ། ཞབས་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འཇའ་འོད་ཀྱི་ཀློང་ན་བཞུགས་པར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་དབུས་སུ་ཧཱུྃ། དེའི་མཐར་ཡི་གེ་བརྒྱ་པའི་སྔགས་ཀྱི་ཕྲེང་བ་ཡིག་མགོ་ཧཱུྃ་གི་མདུན་ནས་བརྩམ་སྟེ་གཡོན་སྐོར་དུ་ཡིག་འབྲུ་རྣམས་མ་འདྲེས་པར་མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་འཁོད་པར་བསམ་ལ། དེ་གསལ་གདབ་པའི་ཕྱིར། སྤྱི་གཙུག་པད་ཟླའི་གདན་སྟེང་དུ༔ བླ་མ་རྡོ་རྗེ་སེམས་དཔའི་སྐུ༔ སྐུ་མདོག་ཤེལ་འདྲའི་ཐུགས་ཀ་རུ༔ ཟླ་སྟེང་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ དེ་ལས་བདུད་རྩིའི་ཆུ་རྒྱུན་བབས༔ བདག་གི་ཉམས་ཆག་སྒྲིབ་དག་གྱུར༔ ཞེས་པའི་ཚིགས་བཅད་བརྗོད་ལ། གསོལ་འདེབས་ཀྱི་ཚུལ་དུ་ཡི་གེ་བརྒྱ་པ། ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ༔ ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན྄༔ སརྦ་ཏ་ཐཱ་ག་ཏཱ༔ བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཞེས་ཅི་ནུས་བཟླ་ཞིང་མོས་གུས་དུང་དུང་བསྐྱེད་པའི་རྐྱེན་གྱིས། ཐུགས་ཀའི་ཧཱུྃ་དང་སྔགས་ཕྲེང་ལས་བདུད་རྩིའི་རྒྱུན་སྐྱ་ནར་ནར་བབས། རང་གི་སྤྱི་བོ་ནས་མར་བརྒྱུད་ཁོང་པའི་ནང་ཐམས་ཅད་ཁེངས། ནད་ཐམས་ཅད་རྣག་ཁྲག་ཆུ་སེར། གདོན་ཐམས་ཅད་སྡིག་སྦྲུལ་འབུ་སྲིན། སྡིག་སྒྲིབ་ཐམས་ཅད་དུད་ཁུ་སོལ་ཁུའི་རྣམ་པར་བ་སྤུའི་བུ་ག་འོག་སྒོ་རྐང་མཐེབ་རྣམས་ནས་ཐོན་ཏེ་ས་རིམ་པ་དགུའི་འོག་ཏུ་སོང་། སླར་ཡང་བདུད་རྩིའི་རྒྱུན་ལུས་ཀྱི་ཕྱི་ནང་མེད་པར་བབས་པས། ལུས་ཕྱི་བཀྲུས་ནང་བཀྲུས་ཤེལ་སྒོང་ཕྱིས་པ་བཞིན་སྐྱ་སངས་ཀྱིས་སོང་བའི་དམིགས་པ་བསྐྱར། མཐར་བདུད་རྩིའི་བཅུད་ཀྱིས་ལུས་ཁེངས་པར་མོས་ལ། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་ཆེ།། ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཐམས་ཅད་ངས་དག་པར་བྱས་ཡོད་དོ་ཞེས་དབུགས་དབྱུང་བསྩལ་ཏེ། བླ་མ་རྡོ་རྗེ་སེམས་དཔའ་ཉིད༔ དགྱེས་པ་ཆེན་པོས་རང་ལ་ཐིམ༔ རང་ཡང་ཀུན་གཞི་མ་བཅོས་པའི༔ ངང་ལ་ཡིད་ནི་འཛིན་པ་བྲལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཞེས་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རང་ལ་ཐིམ་པར་མོས་ལ་གནས་ལུགས་མ་བཅོས་འཛིན་མེད་ཀྱི་ངང་དུ་མཉམ་པར་བཞག་ཅིང་། དེ་ལས་ལྡངས་པ་ན་དགེ་བ་བསྔོ། དེ་ལྟར་སྐྱབས་སེམས་སྔོན་སོང་རྟེན་གྱི་སྟོབས། སྒོམ་བཟླས་ལ་བརྩོན་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པ་རྣམ་པར་སུན་འབྱིན་པའི་སྟོབས། ཕྱིན་ཆད་མི་བགྱི་བའི་དམ་བཅའ་བརྟན་པ་ཉེས་པ་ལས་སླར་ལྡོག་པའི་སྟོབས་ཏེ། དེ་བཞི་དང་ལྡན་པས་ཉམས་སུ་བླངས་པའི་རྟགས་དངོས་ཉམས་རྨི་ལམ་དུ་འབྱུང་ཞིང་། འབྲས་བུ་སྒྲིབ་པ་གཉིས་ཚེགས་མེད་པར་འབྱང་བར་འགྱུར་རོ། །ལྔ་པ་གསང་སྔགས་ཀྱི་སྣོད་དུ་རུང་བྱེད་རང་བྱིན་རླབས་ནི། ཡང་ཏི་སེང་གེའི་འོ་མ་ལྟ་བུའི་བཅུད་ཐ་མལ་སྣོད་ངན་གྱིས་མི་ཐུབ་པས། རང་བྱིན་བརླབས་པའི་བསྐྱེད་རིམ་གསེར་སྣོད་ལྟ་བུ་དང་ལྡན་དགོས་པ་དང་། ཐ་མལ་ལུས་ཀྱི་བག་ཆགས་སྤང་དཀའ་བས་ཐུན་མཚམས་ཐ་མལ་དུ་ལུས་ན་ལམ་ལ་བར་ཆད་འཇུག་པས་ཡི་དམ་དུ་བསྒོམ་ན་བག་ཆགས་བྱང་སླ་ཞིང་བར་ཆད་མི་འཇུག་པ་དང་། ལྷའི་སྒོམ་བཟླས་དང་མཉམ་གཞག་ཟུང་དུ་འབྲེལ་བས་བསྐྱེད་རྫོགས་ཟུང་དུ་འཇུག་པ་དང་། ཐ་མལ་དུ་ཤེས་པས་སྣོད་བཅུད་མཆོད་རྫས་བྱིན་གྱིས་རློབ་མི་ནུས་ལ་ཡི་དམ་དུ་གསལ་ན་ནུས་པ་སོགས་ཀྱི་དགོས་པ་ཡོད་པས། ལྷའི་རྣལ་འབྱོར་གྱིས་རང་བྱིན་གྱིས་རློབ་པ་ནི། གནས་ཁང་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་གི་དབུས་སུ་པདྨ་ཉི་མའི་གདན་ལ། བདག་ཉིད་སྐད་ཅིག་གིས་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་སྐུ་ཆེ་ལ་ཡན་ལག་རགས་པ། སྤྱན་གསུམ་དམར་ལ་ཟླུམ་ཞིང་ཞལ་གདངས་མཆེ་བ་གཙིགས་པ། ཕྱག་གཡས་དབང་སྡུད་ཀྱི་ཕྱག་རྒྱས་གྲི་གུག་ནམ་མཁའ་ལ་ཕྱར་ཞིང་། གཡོན་ཐོད་པ་ཁྲག་གིས་བཀང་བ་ཐུགས་ཀར་འཛིན་པ། དབུ་སྐྲ་ཁམ་སེར་གྱེན་དུ་འཁྱིལ་ཞིང་དབུ་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་སྒྲོག་པ། མཁུར་ཚོས་ལ་རཀྟའི་ཐིག་ལེ། ལྐོག་མར་ཞག་གི་ཟོ་རིས། སྨིན་མཚམས་དང་རྩིབ་ལོགས་ལ་ཐལ་ཆེན་གྱི་ཚོམ་བུས་སྤྲས་ཤིང་། མི་ལྤགས་ཀྱི་གཡང་གཞི་དང་གླང་ཆེན་གྱི་ཀོ་རློན་སྟོད་དུ་གསོལ་བ། སྟག་གི་པགས་པའི་ཤམ་ཐབས་ཅན། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་གིས་སྐུ་ལ་སྤྲས་ཤིང་། སྦྲུལ་གྱི་གདུ་བུས་ཕྱག་ཞབས་བརྒྱན་པ། གྲུ་མོ་གཡོན་ན་ཁ་ཊྭཱཾ་ག་བརྟེན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་བདུད་བཞི་བརྫིས་པ། པང་གཡོན་དུ་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་བསྣམས་ནས་ཡབ་ཀྱི་མགུལ་ལ་འཁྱུད་ཅིང་། གཡོན་ཐོད་པ་ཁྲག་བཀང་ཡབ་ཀྱི་ཞལ་དུ་སྟོབ་པ། དབུ་གཙུག་ཏུ་ཕག་ཞལ་ནག་མོ་ཕག་སྐད་ངུར་བ། སྐུ་ལ་རུས་པའི་རྒྱན་དང་གཟིག་ལྤགས་ཀྱི་ཤམ་ཐབས་ཅན། ཞབས་གཉིས་ཡབ་ཀྱི་རྐེད་ལ་འཁྲིལ་བ། ཡབ་ཡུམ་གཉིས་ཀ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པར་བསམ་ལ། བདག་ཉིད་སྐད་ཅིག་རྟ་མགྲིན་དམར། །ཕག་མོ་མཐིང་གར་མཉམ་པར་སྦྱོར། །གྲི་ཐོད་བསྣམས་ཤིང་བདུད་བཞི་བརྫིས། །དུར་ཁྲོད་ཆས་ལྡན་ཡེ་ཤེས་ཀྱི། །མེ་ཕུང་ཀློང་ན་གསལ་བར་གྱུར། །ཞེས་ལྷ་སྣང་གསལ་ཞིང་ང་རྒྱལ་བརྟན་པ་དང་། དེའང་འོད་གསལ་སྒྱུ་མ་ལྟ་བུར་ཤེས་པ་ལ་ཅི་གནས་སུ་མཉམ་པར་བཞག་ཅིང་། མཐར། ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་བརྒྱ་རྩའམ་ཉེར་གཅིག་བརྗོད། དངོས་གཞིའི་སྐབས་ཡེངས་རྐྱེན་གྱི་དབང་དུ་སྐད་ཅིག་ཀྱང་མ་ཤོར་བར་བྱ་དགོས་པས། སྔོན་འགྲོའི་སྐབས་འདི་དག་ནས། རང་ཉིད་ཅོལ་ཆུང་བས་ཡེངས་ལ་དགའ་བ་དང་། སྒོ་ལྔའི་དབང་པོས་ཡེངས་ལམ་བདེ་བ་དང་། ཚོགས་དྲུག་གི་རོལ་པས་ཡེངས་རྐྱེན་མང་བའི་དབང་དུ་མ་སོང་བར་དྲན་པའི་སོ་པ་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟར་ལུས་སེམས་ཕྲིལ་གྱིས་བསྒྲིམ་པར་བྱ་བ་གལ་ཆེའོ། །དྲུག་པ་མཎྜལ་ལ་བརྟེན་ནས་གསོལ་འདེབས་དབང་བཞི་ལེན་པའི་ཁྲིད་ནི། ཚོགས་ཆེན་མྱུར་དུ་རྫོགས་པའི་ཐབས་ཁྱད་པར་ཅན་མཎྜལ་འབུལ་བ་ལ་བརྟེན་ནས་བླ་མ་ལ་གསོལ་བ་བཏབ་པས་བྱིན་རླབས་ཀྱི་བཀའ་བབས་མྱུར་དུ་འཐོབ་པར་འགྱུར་བའི་ཐབས་བསྟན་པ་སྟེ། དེའང་མཎྜལ་གྱི་རྒྱུ་རབ་འབྲིང་ཐ་མ་གང་ཡང་རུང་བ་ཆག་གས་སོགས་སྐྱོན་མེད་པ་དང་། ཚོམ་བུ་རབ་རིན་པོ་ཆེ། འབྲིང་སྨན། ཐ་མ་འབྲུ་སྣ་དང་། དྲི་བཟང་གི་ཆུ་སོགས་འདུ་བྱས་ལ་མཎྜལ་ལག་གཡས་སུ་ཐོགས། གཡོན་པས་ཕྱི་ཞིང་། སྭ་བྷཱ་བའི་སྔགས་བརྗོད་པས་དངོས་པོ་རང་རྒྱུད་འཛིན་པའི་རྟོག་པ་སྦྱངས་ཏེ་སྟོང་ཉིད་དུ་བསྒོམ། དྲི་བཟང་གི་ཆུས་བྱུག་ཅིང་གཡོན་པའི་མཐེབ་སྲིན་གྱིས་འབྲུ་གཅལ་དུ་བཀྲམ་ལ། རཏྣ་ཏྲཱཾ༔ ཞེས་བརྗོད་པས་སྟོང་པའི་ངང་ལས་ཡི་གེ་ཏྲཱཾ་སེར་པོ་འོད་དུ་ཞུ་བ་ལས་དབང་ཆེན་ས་གཞི་ཡངས་ཤིང་རྒྱ་ཆེ་བར་བསམ། བཛྲ་རེ་ཁེ་ཧཱུྃ༔ ཞེས་པས་མཐར་སྲིན་མཛུབ་ཀྱིས་བསྐོར་ཏེ་རིན་ཆེན་སྣ་ལྔའི་རང་བཞིན་གྱི་ལྕགས་རིས་བསྐོར་བར་བསམ། རང་རྟ་མགྲིན་དུ་ཝལ་གྱིས་གསལ་ལ། བཛྲ་རཀྵ་ཧཱུྃ༔ ཞེས་པས་སྲིན་མཛུབ་ཀྱིས་འབྲུ་འཐོར་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་ཕྱིར་བསྐྲད་པར་བསམ། དེ་ནས་མཎྜལ་ལག་གཡོན་གྱིས་བཟུང་ལ། གཡས་ཀྱིས་དབུས་སུ་ཚོམ་བུ་ཆེ་བ་གཅིག་བཀོད་ཅིང་། ཨོཾ་ཨཱཿཧཱུྃ་ཧྲཱིཿབྷྲཱུྃ༔ དབུས་སུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་རི་རབ་ལྷུན་པོ་གྲུ་བཞི་བང་རིམ་བཞི་པ་ཅན་གྱི་རྩེ་མོར། འཇའ་འོད་ཀྱི་གུར་ཁང་ནང་དུ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་པདྨ་ཐོད་ཕྲེང་རྩལ་སྐྱབས་འགྲོའི་སྐབས་ཇི་ལྟ་བ་བཞིན་གསལ་གདབ། དེ་བཞིན་སྔགས་འབྲུ་ལྔ་རེ་རེ་བཞིན་བརྗོད་པ་དང་ཚོམ་བུ་བཀོད་པ་ཕྱོགས་སུ་བྱས་ལ། ཤར་ལུས་འཕགས་གླིང་དཀར་པོ་ཟླུམ་པོ་ཤེལ་ལས་གྲུབ་པ་ཁང་བཟང་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་བ། ལྷོ་ཛམྦུའི་གླིང་སྔོན་པོ་བཻ་ཌཱུརྻ་ལས་གྲུབ་པ་སྔོན་པོ་སོག་ཁའི་དབྱིབས་ཅན། ནུབ་བ་ལང་སྤྱོད་དམར་པོ་པད་རཱག་ལས་གྲུབ་པ་ཟླ་གམ་དབྱིབས་ཅན། བྱང་སྒྲ་མི་སྙན་གསེར་ལས་གྲུབ་པ་གྲུ་བཞིའི་དབྱིབས་སུ་བསམ། དེ་བཞིན་དུ་གླིང་ཕྲན་རྣམས་ཀྱང་གླིང་ཆེན་རྣམས་ཀྱི་རྒྱུ་དབྱིབས་དང་མཚུངས་པ་ལ། ཐམས་ཅད་ཀྱང་ཁང་བཟང་རིན་པོ་ཆེ་འདོད་ཡོན་སྣ་ཚོགས་ཀྱིས་གང་བར་མོས། དེ་ནས། སཱུརྻཱ་ཡ༔ ཞེས་པས་དབུས་དང་ཤར་གླིང་བར་དུ་ཚོམ་བུ་འགོད་ཅིང་། མེ་ཤེལ་ལས་གྲུབ་པའི་ཉི་མའི་དཀྱིལ་འཁོར། ཙནྡྲཱ་ཡ༔ ཞེས་པས་ནུབ་གླིང་དང་རི་རབ་བར་དུ་ཚོམ་བུ་བཀོད་པ། ཆུ་ཤེལ་ལས་གྲུབ་པའི་ཟླ་དཀྱིལ་དུ་བསམ། སླར་འབྲུ་ལྔ་ལན་གསུམ་བརྗོད་དེ་བྱིན་གྱིས་བརླབས་པས། རི་རབ་གླིང་བཞིའི་ཁོངས་དང་ལྕགས་རི་མུ་ཁྱུད་ཀྱི་ཁོར་ཡུག་ནམ་མཁའ་བར་སྣང་ས་གཞི་ཁྱབ་པར་རིན་ཆེན་སྣ་བདུན། བཀྲ་ཤིས་རྫས་རྟགས། འདོད་ཡོན་ལྔ་ལ་སོགས་པ་ཕྱི་ནང་གསང་བའི་མཆོད་སྤྲིན་རབ་འབྱམས་ངོ་མཚར་བཀོད་པ་བསམ་གྱིས་མི་ཁྱབ་པས་བར་མཚམས་མེད་པར་གཏམས་པར་བསམ་ལ་མདུན་གྱི་སྟེགས་བུར་གཞག །ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་བཛྲ་ས་མཱ་ཛ༔ ཞེས་པས་སྤྱན་འདྲེན་པའི་སྔགས་ལན་གསུམ་བརྗོད་པས་བླ་མ་རྡོ་རྗེ་ཐོད་ཕྲེང་རྩ་གསུམ་རབ་འབྱམས་དང་བཅས་པ་དང་པོས་སྤྱན་དྲངས། གཉིས་པས་མདུན་གྱི་ནམ་མཁར་གཤེགས། གསུམ་པས་རི་རབ་རྩེའི་བླ་མ་ལ་དབྱེར་མེད་དུ་ཐིམ་ཞིང་བརྟན་པར་མོས་ལ་སེ་གོལ་བསྣོལ་མར་གདབ། མཎྜལ་གྱི་ཕྱག་རྒྱ་བྱས་ལ། ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་རཏྣ་མཎྜ་ལ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ༔ ཞེས་འབུལ་བའི་སྔགས་བརྗོད་ལ་མཎྜལ་དེ་ཉིད་དཔལ་ལྡན་བླ་མ་དམ་པ་ལ་དབང་བཞི་ཡོངས་སུ་རྫོགས་པར་ཞུ་བའི་ཡོན་དུ་འབུལ་བར་མོས། ན་མོ༔ བཀོད་པ་མཛེས་ལྡན་རིན་ཆེན་མཎྜལ་མཆོག༔ རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླས་བརྒྱན༔ རིན་ཆེན་འདོད་ལྔ་ཀུན་བཟང་མཆོད་སྤྲིན་གཏིབས༔ དཀོན་མཆོག་བླ་མ་ཡི་དམ་མཁའ་འགྲོ་མཆོད༔ བླ་མེད་མཆོད་བཞེས་མཆོག་གི་དངོས་གྲུབ་སྩོལ༔ བདག་སོགས་འགྲོ་བ་མ་ལུས་བསྐྱབ་ཏུ་གསོལ༔ ཞེས་ཚིགས་བཅད་ལན་གསུམ་ལ་སོགས་པས་འབུལ་ཞིང་སླར་ཡང་མཎྜལ་དང་མཆོད་པའི་བཀོད་པ་གསལ་འདེབས་བསྐྱར་ནས་ཕུལ་ལ། མཐར། མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས༔ བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང༔ དུས་གསུམ་རྒྱལ་བའི་དགོངས་པ་རྫོགས་པ་དང༔ སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང༔ ནམ་མཁའ་མཉམ་པའི་འགྲོ་རྣམས་སྒྲོལ་བར་ཤོག༔ ཅེས་འདོད་པའི་དོན་ལ་གསོལ་བ་གདབ། ཁྱེད་ལ་བདག་གི་ཡུལ་འཁོར་ནོར༔ རབ་ཏུ་གཅེས་དང་ཡིད་འཐད་འབུལ༔ བདོག་པ་ཐམས་ཅད་ཡོངས་བཏང་སྟེ༔ སྒྱུ་ལུས་བླ་མའི་བྲན་དུ་འབུལ༔ ཞེས་བརྗོད་དེ་མཎྜལ་ཙམ་དུ་མ་ཟད། རང་གིས་བདག་ཏུ་བཟུང་བའི་ཡུལ་འཁོར་ལོངས་སྤྱོད་ནོར་དབྱིག །བྱམས་པའི་ཕ་མ། གཅེས་པའི་བུ་ནོར། ཡིད་ལ་འཐད་པའི་གཉེན་གྲོགས་དང་བྲན་གཡོག་ཡན་ཆད་བདོག་པ་ཅི་མཆིས་པ་ཐམས་ཅད་བློས་ལིང་གིས་བཏང་སྟེ་ཆགས་ཞེན་མེད་པར་འབུལ་ཞིང་། དེར་མ་ཟད་གདོས་བཅས་སྒྱུ་ལུས་ཀྱིས་མཚོན་ནས་སྒོ་གསུམ་པོའང་ཕངས་སེམས་ཏིལ་འབྲུ་ཙམ་ཡང་མེད་པར་དཔལ་ལྡན་བླ་མའི་བྲན་གཡོག་འབངས་སུ་དབུལ་བའི་འདུན་པ་ནན་ཏན་དུ་བྱས་ཏེ། དེ་དག་ཀྱང་འཁོར་གསུམ་ཡོངས་དག་སྣང་སྲིད་གཞིར་བཞེངས་ཀྱི་ཚུལ་དུ་ལན་གསུམ་གསུམ་དུ་འབུལ་ལོ། །དེ་ལྟར་སྔོན་དུ་སོང་ནས་གསོལ་གདབ་དབང་བཞི་ལེན་པའི་ཆེད་དུ། ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད་པའི་དང་པོའི་སྐབས། བླ་མའི་སྤྱི་བོར་འོད་ལྔའི་གུར་ཁྱིམ་དུ་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག་བཅས་གསལ་གདབ། གཉིས་པས་དེ་དང་འདྲ་བ་གསུམ་ཚུར་མཆེད་དེ། གསུམ་པས་རང་གི་སྤྱི་མགྲིན་སྙིང་ག་གསུམ་དུ་ཐིམ་པར་དམིགས། དེ་ནས། བླ་མ་ལ་གསོལ་བ་འདེབས༔ ལན་གསུམ་གྱིས་གསོལ་བ་ཕུར་ཚུགས་སུ་གདབ། བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ ཞེས་ལན་གསུམ་གྱིས་དང་པོས་བླ་མ་ཆོས་ཀྱི་སྐུར་གསལ་བཏབ། གཉིས་པས་བླ་མ་ཆོས་ཀྱི་སྐུར་མོས་པའི་གདུང་ཤུགས་བྱ། གསུམ་པས་བླ་མ་ཆོས་ཀྱི་སྐུའི་སྐྱབས་འོག་ཏུ་ཚུད་སྙམ་པ་བྱ། དེས་འགྲེས་ཏེ་འབྲུ་གསུམ་དང་གསོལ་འདེབས་ལན་གསུམ་གསུམ་བརྗོད་ཅིང་དམིགས་པ་སོ་སོར་གསལ་འདེབས་ལ་བླ་མ་ལོངས་སྤྱོད་རྫོགས་སྐུ་དང་། བླ་མ་སྤྲུལ་པའི་སྐུར་གསོལ་བ་འདེབས། བར་ཆད་སེལ་བ་དང་། བྱིན་གྱིས་རློབ་པ་དང་། དངོས་གྲུབ་སྩོལ་བ་དང་། ལམ་སྣ་དྲང་བའི་འདོད་གསོལ་རྣམས་ཀྱང་འབྲུ་གསུམ་དང་ཕུར་ཚུགས་གསོལ་འདེབས་ལན་གསུམ་གསུམ་སྤེལ་ནས་བྱ་བ། ཨོཾ་ཨཱཿཧཱུྃ༔ ལན་གསུམ། བླ་མ་ལ་གསོལ་བ་འདེབས༔ ལན་གསུམ། བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ ལན་གསུམ། ཨོཾ་ཨཱཿཧཱུྃ༔ ལན་གསུམ། བླ་མ་ལ་གསོལ་བ་འདེབས༔ ལན་གསུམ། བླ་མ་ལོངས་སྤྱོད་རྫོགས་སྐུ་ལ་གསོལ་བ་འདེབས༔ ལན་གསུམ། ཨོཾ་ཨཱཿཧཱུྃ༔ ལན་གསུམ། བླ་མ་ལ་གསོལ་བ་འདེབས༔ ལན་གསུམ། བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ ལན་གསུམ། ཨོཾ་ཨཱཿཧཱུྃ༔ ལན་གསུམ། བླ་མ་ལ་གསོལ་བ་འདེབས༔ ལན་གསུམ། བླ་མས་མི་མཐུན་རྐྱེན་དང་བར་ཆད་བསལ་དུ་གསོལ༔ ལན་གསུམ། ཨོཾ་ཨཱཿཧཱུྃ༔ ལན་གསུམ། བླ་མ་ལ་གསོལ་བ་འདེབས༔ ལན་གསུམ། བླ་མས་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། ཨོཾ་ཨཱཿཧཱུྃ༔ ལན་གསུམ། བླ་མ་ལ་གསོལ་བ་འདེབས༔ ལན་གསུམ། བླ་མས་མཆོག་ཐུན་མོང་གི་དངོས་གྲུབ་བསྩལ་དུ་གསོལ༔ ལན་གསུམ། ཨོཾ་ཨཱཿཧཱུྃ༔ ལན་གསུམ། བླ་མ་ལ་གསོལ་བ་འདེབས༔ ལན་གསུམ། བླ་མས་མཐུན་པའི་ལམ་སྣ་དབྱིངས་སུ་དྲང་དུ་གསོལ༔ ལན་གསུམ། དེ་ལ་ཐུན་གྱི་དངོས་གཞིར་བྱས་ཏེ་ཅི་འགྲུབ་ཀྱི་མཐར། ཨོཾ་ཨཱཿཧཱུྃ༔ ལན་གསུམ། བླ་མ་ལ་གསོལ་བ་འདེབས༔ ལན་གསུམ། ཀྱེ་ཀྱེ་བླ་མ་རིན་པོ་ཆེ༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ འགྲོ་བ་ཀུན་གྱི་གཉེན་གཅིག་པུ༔ མགོན་མེད་བདག་ལ་ཐུགས་རྗེས་གཟིགས༔ བླ་མ་རྡོ་རྗེ་སེམས་དཔའ་ཆེ༔ རེ་ཞིང་ལྟོས་པའི་གཉེན་གཅིག་པོ༔ བདག་ལ་རེ་ས་གཞན་ན་མེད༔ སྡུག་བསྔལ་འདམ་ནས་དྲང་དུ་གསོལ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ཁྱེད་ལ་བདག་ཉིད་བྲན་དུ་འབུལ༔ སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པས༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ བླ་མ་སངས་རྒྱས་ཕྲིན་ལས་མཛད༔ བདག་ལ་དབང་སྐུར་བྱིན་བརླབས་ནས༔ མཐའ་ཡས་སེམས་ཅན་མ་ལུས་ཀུན༔ འདྲེན་པའི་བླ་མར་བདག་གྱུར་ཅིག༔ ཅེས་རྒྱང་འབོད་དང་། མཚན་བརྒྱད་སོགས་ཀྱི་དངོས་གྲུབ་སྐུལ་བའི་ཛཔ྄་སྔགས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་རྒྱལ་པོ་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སཾ་བྷ་ཝ་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བློ་ལྡན་མཆོག་སྲེད་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཉི་མ་འོད་ཟེར་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཤཱཀྱ་སེང་གེ་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སེང་གེ་སྒྲ་སྒྲོག་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རྡོ་རྗེ་གྲོ་བོ་ལོད་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་ཌཱ་ཀི་ནཱི་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་བརྗོད་ལ། མཎྜལ་དབུས་ཀྱི་བླ་མ་ཡབ་ཡུམ་གཉིས་ཀའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག །ཡབ་ཀྱི་ལྟེ་བར་ཧྲཱིཿདམར་པོ། ཡུམ་གྱི་ལྟེ་བར་མ་སེར་པོ་བཅས་གསལ་གདབ། དེ་ནས་ཡབ་ཡུམ་གཉིས་སུ་མེད་པའི་སྤྱི་བོའི་ཨོཾ་ལས་ཨོཾ་དཀར་འོད་ཟེར་དང་བཅས་པ་འཕྲོས། རང་གི་སྨིན་མཚམས་སུ་ཐིམ། བུམ་པའི་དབང་ཐོབ། ལུས་ཀྱི་སྡིག་སྒྲིབ་དག །སྐུའི་དངོས་གྲུབ་ཐོབ། མགྲིན་པའི་ཨཱཿལས་ཨཱཿདམར་པོ་འོད་ཟེར་དང་བཅས་པ་འཕྲོས། རང་གི་མགྲིན་པར་ཐིམ། གསང་བའི་དབང་ཐོབ། ངག་གི་སྡིག་སྒྲིབ་དག །གསུང་གི་དངོས་གྲུབ་ཐོབ། ཐུགས་ཀའི་ཧཱུྃ་ལས་ཧཱུྃ་སྔོན་འོད་ཟེར་དང་བཅས་པ་འཕྲོས། རང་གི་སྙིང་གར་ཐིམ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ཐུགས་ཀྱི་དངོས་གྲུབ་ཐོབ། དེ་ནས་ཡབ་ཀྱི་ལྟེ་བའི་ཧྲཱིཿདང་ཡུམ་གྱི་ལྟེ་བའི་མ་ལས་ཧྲཱིཿམ་འོད་ཟེར་ལྔ་ལྡན་འཕྲོས། རང་གི་ལྟེ་བར་ཐིམ། རིག་པའི་རྩལ་དབང་ཐོབ། ལུས་ངག་ཡིད་གསུམ་ཆར་གྱི་སྒྲིབ་པ་དག །དངོས་གྲུབ་ཡོངས་སུ་རྫོགས་པ་ཐོབ་པར་བསམ། མཐར་མཎྜལ་རི་གླིང་ཁོར་ཡུག་གི་བཀོད་པ་ཐམས་ཅད་འོད་དུ་ཞུ་ནས་བླ་མ་ལ་འདུས། བླ་མ་ཡབ་ཡུམ་རང་གི་སྤྱི་བོར་རྒྱང་སྟེ་ཐོན་ནས་སྦྱོར་བ་མཛད་པའི་རྐྱེན་གྱིས་བྱང་སེམས་དཀར་དམར་གྱི་རྣམ་པར་ཞུ། རང་གི་སྤྱི་བོ་ནས་མར་བབས་པས་བུམ་དབང་། མགྲིན་པར་བབས་པས་གསང་དབང་། སྙིང་གར་བབས་པས་ཤེས་རབ་ཡེ་ཤེས་དབང་། ལྟེ་བར་བབས་པས་རིག་པ་རྩལ་གྱི་དབང་ཐོབ་པར་བསམ། རང་ཡང་ཐུགས་ཀའི་ཧཱུྃ་ལ་འདུས། ཧཱུྃ་ཆོས་ཀྱི་དབྱིངས་སུ་ཡལ་བར་བསམ་ལ། བདེ་སྟོང་འཛིན་མེད་མ་བཅོས་མ་ཡེངས་པའི་ངང་ལ་ཅི་གནས་སུ་མཉམ་པར་གཞག །དེ་དག་གི་ངག་འདོན་གཞུང་ཚིག་ནི།་་་བླ་མ་ཡབ་ཡུམ་གཉིས་མེད་པའི༔ སྤྱི་གཙུག་ཨོཾ་ལ་མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ་ལ་ལྟེ་བར་ཧྲཱི༔ ཡུམ་གྱི་ལྟེ་བར་མ་ཡིག་གསལ༔ དེ་ནས་ཡབ་ཡུམ་སྤྱི་གཙུག་ནས༔ ཨོཾ་དཀར་འོད་ཟེར་དང་བཅས་པ༔ བདག་གི་སྨིན་མཚམས་མཛོད་སྤུར་བབས༔ བུམ་དབང་ཐོབ་ནས་ལུས་སྒྲིབ་དག༔ སྐུ་ཡི་དངོས་གྲུབ་ཐོབ་པར་བསམ༔ དེ་ནས་ཡབ་ཡུམ་མགྲིན་པ་ནས༔ ཨཱཿདམར་འོད་ཟེར་དང་བཅས་པ༔ བདག་གི་ལྕེ་ཡི་དབང་པོར་བབས༔ གསང་བའི་དབང་ཐོབ་ངག་སྒྲིབ་དག༔ གསུང་གི་དངོས་གྲུབ་ཐོབ་པར་བསམ༔ དེ་ནས་ཡབ་ཡུམ་ཐུགས་ཀ་ནས༔ ཧཱུྃ་མཐིང་འོད་ཟེར་དང་བཅས་པ༔ བདག་གི་སྙིང་གི་དཀྱིལ་དུ་བབས༔ ཡེ་ཤེས་དབང་ཐོབ་ཡིད་སྒྲིབ་དག༔ ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ༔ དེ་ནས་ཡབ་ཡུམ་ལྟེ་བ་ནས༔ ཧྲཱིཿམ་འོད་ཟེར་ལྔར་བཅས་པ༔ བདག་གི་ལྟེ་བའི་དཀྱིལ་དུ་བབས༔ སྒོ་གསུམ་ཐ་དད་འཛིན་སྒྲིབ་དག༔ དབྱེར་མེད་ལྷན་སྐྱེས་དབང་བཞི་ཐོབ༔ བདག་བདེ་སེམས་ཅན་ཀུན་བདེར་གྱུར༔ ཚོགས་ཞིང་གི་མཎྜལ་སྣང་སྲིད་བླ་མ་ལ་འདུས༔ བླ་མ་རང་གི་སྤྱི་གཙུག་ཏུ་བྱོན༔ ཡབ་ཡུམ་སྦྱོར་བ་མཛད་པས་བྱང་སེམས་སུ་ཞུ་ནས༔ རང་གི་སྤྱི་མགྲིན་སྙིང་ག་ལྟེ་བ་རིམ་བཞིན་གང༔ དབང་བཞི་ཡོངས་སུ་རྫོགས་པ་ཐོབ༔ རང་ཡང་སྙིང་གའི་ཧཱུྃ་ལ་བསྡུ༔ ཧཱུྃ་ཆོས་དབྱིངས་སུ་དག་པར་གྱུར༔ ཅེས་དང་། དེ་ལས་ལྡངས་པ་ན་དགེ་བ་གཞན་དོན་དུ་བསྔོ། དེ་ལྟར་ཐུན་དྲུག་གམ་བཞི་ལ་སོགས་པར་འབད་པས་བྱིན་རླབས་ཀྱི་ཆུ་བོ་འབབ། སྒྲིབ་གཉིས་ཕྱགས་མས་འདེད། དངོས་གྲུབ་ཆར་དུ་འབབ། རྟོགས་པ་བཙན་ཐབས་སུ་འཆར། དགེ་སྦྱོར་སྲོལ་དུ་ཚུད་པར་གསུངས་སོ། །སྔོན་འགྲོ་དེ་དག་གི་དགོས་ཆེད་ཁྱད་པར་བ་བདུན་དུ་གསུངས་ཤིང་། དེའང་ཐོག་མར་མི་རྟག་པ་བསྒོམ་པ་ནས། རྗེས་བསྔོ་བའི་བར་དུ་ཐད་ཀའི་སྒོམ་པ་ལག་ལེན་མ་འདྲེས་ལ། ཆོས་ཉིད་ངང་དྭངས་ཀྱི་ལྟ་བས་ཟིན་པས་ཡང་ཏི་མིང་འདས་ཀྱི་ངང་དུ་ཡོངས་སུ་རྫོགས་པར་འགྱུར་བའི་དགེ་སྦྱོར་ལ་ལས་དང་པོ་པས་སྲོལ་དུ་ཚུད་པར་འབད་ཅིང་། ཁྲིད་རྫོགས་རྟོགས་པ་ཐོབ་པའི་རྣལ་འབྱོར་པས་ཀྱང་རིག་པའི་རྩལ་སྦྱོང་ངམ་ཆོས་ཉིད་གསལ་འདེབས་སུ་དྲང་དོན་གྱི་ཆོས་སྤྱོད་ལ་བརྩོན་པ་གལ་ཆེ་སྟེ། འཁོར་འདས་ལ་རེ་དོགས་མེད་པའི་གདིང་ཐོབ་ནས་བྱ་རྒྱུ་གཞན་དོན་ལས་མེད་པའི་གནད་ཡིན་ནོ། །དེས་ན་སྔོན་འགྲོ་འདི་རྣམས་ཀྱང་ལྟ་སྤྱོད་ཟུང་དུ་འབྲེལ་པས་ཐེག་པ་འོག་མ་དང་སྒྲ་མཐུན་ཀྱང་དོན་འཕགས་ལ། སེམས་ལུང་ལས། སྔོན་འགྲོ་རྫོགས་ནས་སེམས་ཀྱི་ལུང་འདི་ཉོན། །ཅེས་པས་ཡིད་ཆེས་པར་གྲུབ་པ་ཡིན་ནོ།། །།གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ནི། བླ་མའི་རྣལ་འབྱོར་གྱི་དོན་ཁྲིད་ལ་བརྟེན་ནས་རང་རྒྱུད་བྱིན་རླབས་ཀྱིས་འདུལ་བ་ཆུ་འཁྱགས་མེས་འཇུ་བ་ལྟ་བུའི་གདམས་པ་སྟོན་པ་སྟེ། ངོ་བོ་རང་རིག་བླ་མར་འཆར་བའི་ཐབས། ངེས་ཚིག་བླ་མའི་ཐུགས་ཆོས་སྐུ་རྣལ་མ་དང་རང་རིག་དབྱེར་མེད་དུ་འབྱོར་བར་བྱེད་པ། དབྱེ་བ་གསོལ་འདེབས་རྣལ་འབྱོར་སྒྲུབ་པ་གསུམ། དཔེ་བུ་ངུས་པས་མས་མི་བཟོད་པ་ལྟར་སྤྲུལ་སྐུ་ལ་གསོལ་བ་བཏབ་པས་བརྩེ་བའི་ཐུགས་རྗེས་བཟུང་། མེས་འཁྱགས་པ་བཞུ་བ་ལྟར་ལོངས་སྐུ་བསྒྲུབས་པས་ཉོན་མོངས་བག་ཆགས་བྱང་། ཆུ་ལ་ཆུ་འཕྲད་པ་ལྟར་ཆོས་སྐུའི་རྣལ་འབྱོར་གྱིས་རང་རིག་བླ་མ་དབྱེར་མེད་དུ་ཐིམ་པའོ། །ཉམས་སུ་ལེན་པའི་ཚུལ་ལ་བཞི། བླ་མ་སྤྲུལ་སྐུར་བསྙེན། ལོངས་སྐུར་སྒྲུབ། ཆོས་སྐུར་ལས་ལ་སྦྱར་བ། རྟགས་རྫོགས་ལས་ཀྱི་ཁ་བསྒྱུར་བའོ། །དང་པོ་ནི། རང་ཉིད་དཔའ་བོ་རྟ་མགྲིན་བདག་བྱིན་རླབས་ཀྱི་སྐབས་ཇི་བཞིན་དུ་གསལ་བར་བསྐྱེད་ལ། དེའི་དབུ་གཙུག་ཏུ་དར་ཆེན་འདབ་ཁྲི་དང་པདྨ་ཉི་ཟླ་བརྩེགས་པའི་གདན་ལ། དྲིན་ཅན་རྩ་བའི་བླ་མ་སྐུ་དར་ལ་བབས་པ་གཟི་བརྗིད་དང་ལྡན་པ་རབ་བྱུང་གི་ཆས་ཅན། དབུ་ལ་པདྨའི་མཉེན་ཞུ་དང་སྐུ་ལ་ཆོས་གོས་གསོལ་བ། རང་སྣང་རིག་མ་དང་མཉམ་པར་སྦྱོར་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་དཀུར་བརྟེན་ནས་འཛིན་པ་ཞིག་ཏུ་གསལ་གདབ། དེའི་དབུ་གཙུག་ཡན་ཆད་ཐམས་ཅད་ལ་པདྨ་ཉི་ཟླའི་གདན་རིགས་འགྲེ་བའི་སྟེང་དུ། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་དགེ་སློང་ཆས་ལྡན་དབུ་ལ་པཎ་ཞྭ་དམར་པོ་གསོལ་བ། སྐུ་གཟི་བརྗིད་ཆེ་ཞིང་སྤྱན་ཧུར་བག་ཏུ་གཟིགས་པ། ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱས་ཨུཏྤལ་རལ་པོད་ཀྱིས་མཚན་པ་བསྣམས་པ། དེའི་དབུ་གཙུག་ཏུ་སྒྲོལ་སྟོན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་སྐུ་གཟུགས་ཆེ་ཞིང་བརྗིད་ཆགས་ལང་ཚོ་དར་ཡོལ། སྔགས་དཀར་དཀྱུས་མའི་ཆས། ཕྱག་ཆོས་འཆད་མཉམ་གཞག །དེའི་དབུ་གཙུག་ཏུ་སྤང་སྟོན་པདྨ་ཚེ་དབང་སྔགས་བཙུན་རབ་བྱུང་དཀྱུས་མའི་ཆས། ལང་ཚོ་དར་བབས་ཕྱག་མཉམ་གཞག་མཛད་པ། དེའི་དབུ་གཙུག་ཏུ་ལྕགས་ཟམ་བསྟན་འཛིན་བདུན་པ་ཡེ་ཤེས་ལྷུན་གྲུབ་རབ་བྱུང་ཆས་དང་བ་འདྲེན་པ། དབུ་པཎ་ཞྭ་སྣེ་རིང་། ཕྱག་གཡས་ཆོས་འཆད་གཡོན་མཉམ་གཞག་ཚེ་བུམ་བསྣམས་པ། དེའི་དབུ་གཙུག་ཏུ་སྤང་སྟོན་ཆེན་པོ་གསང་བདག་རྡོ་རྗེ་སྔགས་དཀར་དཀྱུས་མའི་ཆས། ཕྱག་མཉམ་གཞག །དེའི་དབུ་གཙུག་ཏུ་གྲུབ་ཆེན་པདྨ་རང་ཤར་ཧེ་རུ་ཀའི་ཆས་ཅན། ཕྱག་གཡས་རྡོ་རྗེ་པུས་སྟེང་སྡིགས་ཚུལ་དང་། གཡོན་མཉམ་གཞག་སྟེང་ཀ་པཱ་ལ་བསྣམས་པ། དེའི་དབུ་གཙུག་ཏུ་ཁ་མོ་བ་རིག་འཛིན་གྲགས་པ་དབང་ཕྱུག་སྔགས་དཀར་དཀྱུས་མའི་ཆས། ཕྱག་ཕྲེང་བ་འདྲེན་ཐབས་མཛད་པ། དེའི་དབུ་གཙུག་ཏུ་སྐྱི་སྟོན་འཇམ་དབྱངས་ལེགས་བཤད་རྒྱ་མཚོ་དགེ་སློང་ཆ་ལུགས་ཤིན་ཏུ་བསྒྲེས་ཉམས་ཅན་སྐུ་ལ་ཆོས་གོས་རྣམ་གསུམ་དང་། དབུ་ལ་གང་ཞུ་གསོལ་བ། ཕྱག་གཡས་སྐྱབས་སྦྱིན་དང་གཡོན་གླེགས་བམ་གཟུང་བ། དེའི་དབུ་གཙུག་ཏུ་བློ་མཆོག་རིག་པའི་རྡོ་རྗེ་ཆོས་གོས་རྣམ་གསུམ་དང་ཟབ་བེར་གསོལ་བ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་གཡོན་ཚེ་བུམ་འཛིན་པ་བགྲེས་ཉམས་ཅན། དེའི་དབུ་གཙུག་ཏུ་རྒྱས་སྲས་ཀརྨ་དབང་འབྱོར་རབ་བྱུང་ཆས་ཟབ་བེར་གསོལ་ཞིང་པད་ཞྭ་ཅན་ཕྱག་གཉིས་ཚེ་བུམ་འཛིན་པ། དེའི་དབུ་གཙུག་ཏུ་རིག་འཛིན་ཀརྨ་གུ་རུ་རབ་བྱུང་ཆས་པད་ཞུ་ཟབ་བེར་གསོལ་ཞིང་ཕྱག་གཉིས་མཉམ་གཞག་སྟེང་ཚེ་བུམ་འཛིན་པ། དེའི་དབུ་གཙུག་ཏུ་སྤྲུལ་སྐུ་ཆོས་ཀྱི་དབང་པོ་རབ་བྱུང་ཆས་ཟབ་བེར་དང་པད་ཞུ་གསོལ་བ། ཐུགས་ཀར་མེ་ལོང་བཏགས་ཤིང་ཕྱག་མཉམ་གཞག་མཛད་པ། དེའི་དབུ་གཙུག་ཏུ་མཚུངས་མེད་དཔལ་འབྱོར་དབང་ཕྱུག་རབ་བྱུང་ཆས་ཟབ་བེར་པད་ཞུ་ཅན། ཕྱག་མཉམ་གཞག་གླེགས་བམ་བསྣམས་པ། དེའི་དབུ་གཙུག་ཏུ་གུ་རུ་ཆོས་སྐུ་འོད་ཟེར་ཤིན་ཏུ་བགྲེས་ཉམས་ཅན་རབ་བྱུང་ཆས་དབུ་ལ་པཎ་ཞྭ་དམར་པོ་སྣེ་རིང་ལེབ་བཞག་ཅན། ཕྱག་མཉམ་གཞག་སྟེང་ཚེ་བུམ་འཛིན་པ། དེའི་དབུ་གཙུག་ཏུ་སྲས་ཡོན་ཏན་བཟང་པོ་རབ་བྱུང་དར་བབས་པད་ཞུ་གསོལ་ཞིང་ཕྱག་མཉམ་གཞག་ཅན། དེའི་དབུ་གཙུག་ཏུ་སེ་སྡིངས་པ་སངས་རྒྱས་དཔལ་རབ་བྱུང་ཆས་པད་ཞུ་དང་ཕྱག་མཉམ་གཞག་ཅན། དེའི་དབུ་གཙུག་ཏུ་གཉན་སྟོན་ཡེ་ཤེས་རྡོ་རྗེ་རབ་བྱུང་དར་བབས་པད་ཞུ་གསོལ་བ། གཡས་ས་གནོན་གཡོན་མཉམ་གཞག་མཛད་པ། དེའི་དབུ་གཙུག་ཏུ་སངས་རྒྱས་དྭགས་སྟོན་ཐམས་ཅད་མཁྱེན་པ་རབ་བྱུང་དར་བབས་པད་ཞུ་གསོལ་ཞིང་། ཕྱག་མཉམ་གཞག་སྟེང་གླེགས་བམ་བསྣམས་པ། དེའི་དབུ་གཙུག་ཏུ་རྒྱལ་སྲས་མི་བསྐྱོད་རྡོ་རྗེ། དགེ་སློང་དབུ་ཆེ་སྤྱན་ཡངས་ཅུང་ཟད་བགྲེས་ཉམས་ཅན་དབུ་ཞྭ་མེད་ཅིང་ཆོས་གོས་སྐུ་ལ་གསོལ་བ། ཕྱག་གཉིས་མཉམ་གཞག་ཚེ་བུམ་བསྣམས་པ། དེའི་དབུ་གཙུག་ཏུ་སངས་རྒྱས་མྱང་སྟོན་དབོན་པོ་དགེ་བསྙེན་སྔགས་དཀར་ཆས། དབུ་ལ་འཇག་ཞུ་དང་ཕྱག་མཉམ་གཞག་སྟེང་ནོར་བུ་འཛིན་པ། དེའི་དབུ་གཙུག་ཏུ་གུ་རུ་ཆོས་ཀྱི་དབང་ཕྱུག་དགེ་བསྙེན་སྔགས་དཀར་ཆས་དབུ་སྐྲ་ཐོར་ཅོག་ཅན་ཐུགས་ཀར་མེ་ལོང་། ཕྱག་མཉམ་གཞག་སྟེང་གཏེར་སྒྲོམ་འཛིན་པ། དེའི་དབུ་གཙུག་ཏུ་ཨོ་རྒྱན་པདྨ་འབྱུང་གནས་ཟ་ཧོར་མ་སྤྱི་འགྲེ་ལྟར། དེའི་དབུ་གཙུག་ཏུ་རིག་འཛིན་ཤྲཱི་སིཾ་ཧ་རྒྱ་གར་པཎ་ཆེན་དབུ་ལ་པཎ་ཞྭ་ཕྱག་གཉིས་རྟེན་འབྲེལ་གྱི་ཕྱག་རྒྱ་མཛད་པ། དེའི་དབུ་གཙུག་ཏུ་སྤྲུལ་སྐུ་དགའ་རབ་རྡོ་རྗེ་སྐུ་མདོག་དཀར་པོ་ཐུབ་དབང་གི་ཆ་བྱད་དང་མཚུངས་པ་ཕྱག་ས་གནོན་མཉམ་གཞག །དེའི་དབུ་གཙུག་ཏུ་ལོངས་སྐུ་རྡོ་རྗེ་སེམས་དཔའ་སྤྱི་ལྟར་བསྐྱེད། དེའི་དབུ་གཙུག་ཏུ་ཆོས་སྐུ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ཀ་རྒྱན་མེད་གཅེར་བུ་ཕྱག་མཉམ་གཞག་གི་ཕྱག་རྒྱ་མཛད་པ། མཐའ་སྐོར་དུ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་པ་ཐམས་ཅད་སྤྲིན་གཏིབས་པ་ལྟར་བཞུགས་པ། ཐམས་ཅད་ཀྱང་འཇའ་ཟེར་འོད་ལྔ་འཁྲུགས་པའི་ཀློང་ན་བདག་ལ་ཐུགས་རྗེས་གཅིག་ཏུ་དགོངས་ཤིང་དགྱེས་པའི་སྤྱན་སྟངས་གཅིག་ཏུ་གཟིགས་པ། བྱིན་རླབས་འོད་ཟེར་འབར་བས་བདག་གི་སྒོ་གསུམ་གྱི་སྒྲིབ་པ་སྦྱོང་ཞིང་དངོས་གྲུབ་བདུད་རྩིའི་ཆར་རྒྱུན་འབེབ་པར་བསམ་ལ། ཐོག་མར་ཚོགས་གསག་ཡན་ལག་བཅུ་པ་སྔར་བཞིན་བྱ་བའི། སྤྱན་འདྲེན་སྐབས་བསྐྱེད་པ་དང་འདྲ་བའི་རྩ་བརྒྱུད་བླ་མ་འཁོར་བཅས་མདུན་གྱི་ནམ་མཁར་བྱོན། བཞུགས་གསོལ་སྐབས་བསྐྱེད་པ་རྣམས་ལ་ཐིམ་པར་མོས་པ་ནི་ཁྱད་པར་རོ། །དེ་ནས་མ་ཧཱ་གུ་རུའི་སྔགས་དང་སྦྱར་ནས་བླ་མའི་ཀློང་དུ་གསོལ་བ་འདེབས་ཤིང་བྱིན་རླབས་བསྐུལ་བའི་འདོད་གསོལ་བཅས། ཀུན་བཟང་རྩ་བའི་བླ་མའི་བར་དུ་གསོལ་འདེབས་རེ་རེ་ལ་སྔགས་གསུམ་གསུམ་སྤེལ་ཏེ་གསུང་རྒྱུན་གྱི་དབྱངས་དང་སྦྱར་བས་ལན་གྲངས་བརྒྱ་སྟོང་ཅི་ནུས་སུ་བསྐྱར། ངག་འདོན་ནི།་་་ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཆོས་སྐུ་ཀུན་ཏུ་བཟང་པོའི་ཀློང་དུ་གསོལ་བ་འདེབས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཐུགས་རྒྱུད་བྱིན་རླབས་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ལོངས་སྐུ་རྡོ་རྗེ་སེམས་དཔའི་ཀློང་དུ་གསོལ་བ་འདེབས༔ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ སྤྲུལ་སྐུ་དགའ་རབ་རྡོ་རྗེའི་ཀློང་དུ་གསོལ་བ་འདེབས༔ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ རིག་འཛིན་ཤྲཱི་སིཾ་ཧའི་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོ་རྒྱན་པདྨ་འབྱུང་གནས་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ གུ་རུ་ཆོས་ཀྱི་དབང་ཕྱུག་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ སངས་རྒྱས་ཉང་སྟོན་དབོན་པོའི་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ རྒྱལ་སྲས་མི་བསྐྱོད་རྡོ་རྗེའི་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ དྭགས་སྟོན་ཐམས་ཅད་མཁྱེན་པའི་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ གཉན་སྟོན་རྡོ་རྗེ་ཡེ་ཤེས་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ སེ་སྡིངས་སངས་རྒྱས་ཡབ་སྲས་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ གུ་རུ་ཆོས་སྐུ་འོད་ཟེར་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ མཚུངས་མེད་དཔལ་འབྱོར་དབང་ཕྱུག་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ སྤྲུལ་སྐུ་ཆོས་ཀྱི་དབང་པོའི་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ རིག་འཛིན་ཀརྨ་གུ་རུའི་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ གར་དབང་ཀརྨ་དབང་འབྱོར་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ མཉམ་མེད་བློ་མཆོག་རྡོ་རྗེའི་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ འཇམ་དབྱངས་ལེགས་བཤད་རྒྱ་མཚོའི་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ རིག་འཛིན་གྲགས་པ་དབང་ཕྱུག་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ གྲུབ་ཆེན་པདྨ་རང་ཤར་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ སྤང་སྟོན་གསང་བདག་རྡོ་རྗེའི་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཀུན་བཟང་པདྨ་ཚེ་དབང་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ དྲིན་ཅན་རྩ་བའི་བླ་མའི་ཀློང་དུ་གསོལ་བ་འདེབས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཐུགས་རྒྱུད་བྱིན་རླབས་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ འདིའི་སྐབས་སུ་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་རྒྱུན་མི་གཅད་པ་ནི་དམ་ཚིག་གོ །གཉིས་པ་ལོངས་སྐུར་སྒྲུབ་པ་ནི། དེ་ལྟར་གསོལ་བ་བཏབ་པས་བླ་མ་རྣམས་ཐུགས་ཀྱིས་མ་བཟོད་པར་དགྱེས་པ་ཆེན་པོས་ཆོས་སྐུ་ལོངས་སྐུ་ལ། ལོངས་སྐུ་སྤྲུལ་སྐུ་ལ་ཐིམ། དེ་ལྟར་རིམ་པས་གོང་མ་འོག་མ་ལ་ཐིམ་ཞིང་། མཐར་རྩ་བའི་བླ་མ་ལ་མཐའ་སྐོར་གྱི་རྩ་བ་གསུམ་པོ་རྣམས་ཀྱང་འོད་དུ་འདུས། བླ་མ་ཡབ་ཡུམ་སྦྱོར་བ་མཛད་པས་རྡོ་རྗེ་འཆང་ཆེན་གསང་འདུས་ཐོད་ཕྲེང་རྩལ་ཡབ་ཡུམ་གྱི་སྐུར་གྱུར་ནས། རང་གི་སྤྱི་གཙུག་ནས་མར་བྱོན་སྙིང་དབུས་ཉི་ཟླ་པདྨའི་གདན་ལ་སྤྱན་ཧུ་རེ་རུས་པའི་རྒྱན་ཆ་ཁྲོ་ལེར་རང་རིག་དང་དབྱེར་མེད་དུ་བཞུགས་པར་སྒོམ་ལ། མིག་འབྱེད་འཛུམ་མེད་པར་བར་སྣང་ལ་ཧ་རེར་གཞག །ངག་འདོན་ནི།་་་གསོལ་བཏབ་ཀུན་ཀྱང་བདག་ལ་ཐུགས་རྗེས་དགོངས། །དགྱེས་པས་འོད་ཞུ་ཡས་རིམ་སྤྱི་བོ་ཡི། །བླ་མ་ལ་ཐིམ་ཡབ་ཡུམ་སྦྱོར་བ་མཛད། །རྡོ་རྗེ་འཆང་ཆེན་གསང་འདུས་ཡབ་ཡུམ་གྱི། །སྐུར་གྱུར་སྙིང་གི་དབུས་བྱོན་བྱིན་བརླབས་གྱུར། །རང་བཞིན་མེད་པའི་ཤེས་པས་སྣང་བ་ཟིལ་གྱིས་མནན་ཏེ། ཧཱུྃ་རིང་པོ་དང་ཐུང་ངུ་སྤེལ་མ་ལྔ་སྦྲེལ་ཏེ་བཟླ་བ་གོང་གི་གསོལ་འདེབས་ཀྱི་ཡུན་ཙམ་བྱ། དེའི་ཚེ་ཉམས་ཀྱི་དཔའ་བསྐྱེད་ཅིང་ལྟ་སྟངས་མི་ཡེངས་པ་དམ་ཚིག་ཡིན་ནོ། །གསུམ་པ་ཆོས་སྐུར་ལས་ལ་སྦྱར་བ་ནི། ཉམས་བསྐུལ་བའི་རྗེས་སུ་སྙིང་དབུས་ཀྱི་བླ་མ་ཡབ་ཡུམ་སྦྱོར་བ་མཛད་པའི་རྗེས་ཆགས་བདེ་བ་ལས་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་སྣང་སྲིད་ཐམས་ཅད་དམར་ལམ་མེར་ཁྱབ། སྣང་སྲིད་ཐམས་ཅད་བདེ་བའི་རང་བཞིན་དུ་འོད་དུ་ཞུ་ནས་བདག་ལ་སིབ་སིབ་ཐིམ། བདག་རྟ་མགྲིན་ཡབ་ཡུམ་ཡང་བདེ་བའི་རང་བཞིན་དུ་འོད་དུ་ཞུ་ནས་སྙིང་དབུས་ཀྱི་བླ་མ་ཡབ་ཡུམ་ལ་འདུས། དེ་གཉིས་ཀྱང་བདེ་བའི་རྣམ་པར་འོད་དུ་ཞུ་ནས་ཐུགས་ཀའི་ཧཱུྃ་ལ་འདུས། ཧཱུྃ་དེ་འོད་ཀྱི་ཐིག་ལེ་སྐྱ་རིལ་ལེ་བ་གཅིག་ལ་འདུས། ཐིག་ལེ་དེ་དཀྱིལ་ནས་མཐར་སྔོ་སངས་ཀྱིས་དྭངས་འགྲོ་བ་དང་མཉམ་དུ་ཕཊ་ཅེས་བརྗོད་ལ་རིག་སྟོང་སྐྱེ་མེད་ཀྱི་ངང་དུ་མཉམ་པར་གཞག །ངག་འདོན་ནི།་་་བླ་མ་ཡབ་ཡུམ་སྦྱོར་བའི་བདེ་བའི་འོད། །སྣང་སྲིད་ཀུན་ཁྱབ་འོད་ཞུ་རང་ལ་འདུས། །བདག་ཀྱང་བདེ་བའི་ངོ་བོར་འོད་ཞུ་ནས། །བླ་མ་ལ་འདུས་དེ་ཉིད་ཧཱུྃ་ཡིག་ལ། །དེ་ཡང་འོད་ཀྱི་ཐིག་ལེ་སྔོ་སྐྱར་འདུས། །དབུས་ནས་མཐར་ཡལ་སྐྱེ་མེད་དབྱིངས་སུ་དྭངས། །ཕཊ། སླར་རྣམ་རྟོག་འཕྲོས་ན་འཕྲོ་མཁན་གང་ཤར་ལ་ཕཊ་ཅེས་བརྗོད་ལ་ཐོལ་སྐྱེས་རྦད་ཆོད་དུ་བཏང་སྟེ། རྗེས་ཤེས་ཀྱི་སྣང་བ་གང་ཤར་ཆོས་ཉིད་ཀྱི་རོལ་པར་སྦྱང་བ་ནི་དམ་ཚིག་གོ །བསྙེན་པའི་ཚད་དད་པ་བརྟན་ཅིང་ཉམས་འབར་ཐ་མལ་གྱི་བློ་སྣ་འགྱུར། རྟགས་སེམས་ཟིན་ཅིང་གཞན་གྱིས་རང་བླ་མར་མཐོང་། སྒྲུབ་པའི་ཚད་ཤེས་པ་བུན་ལོང་དུ་འགྲོ་ཞིང་བག་དྲོ་བློ་བདེ་ཉམ་ང་མེད། རྟགས་གཞན་རྒྱུད་བྱིན་གྱིས་རློབ་ནུས། ལས་སྦྱོར་གྱི་ཚད་གང་སྣང་དངོས་མེད་ཟང་ཀ་ངང་དྭངས་སུ་གྲོལ། རྟགས་འབྱུང་བཞིས་ཆོས་སྟོན་ནུས་སོ། །བཞི་པ་རྟགས་རྫོགས་ལས་ཀྱི་ཁ་སྒྱུར་བ་ནི། སྐུ་གསུམ་དྲིལ་སྒྲུབ་ལ་རྟགས་རྫོགས་པའི་རྣལ་འབྱོར་པས་ལས་ཀྱི་ཁ་བསྒྱུར་བ་ནི། བླ་མ་རང་གི་དབང་དུ་འདུ་བར་འདོད་ན་སྤྲུལ་སྐུར་བསྙེན་པའི་སྐབས་བཞིན་འབད་པས་བསྒྲུབ། གཞན་སྣང་དབང་དུ་སྡུད་ན་ལོངས་སྐུ། རྟོགས་པ་འཆར་བར་འདོད་ན་ཆོས་སྐུ། རང་རིག་བླ་མར་རྟོགས་ནས་སྣང་བ་བླ་མར་འཆར་བར་འདོད་ན་སྐུ་གསུམ་དྲིལ་སྒྲུབ་ལ་གཙོར་བྱེད། དེའང་གསོལ་འདེབས་ཀྱི་སྙིང་པོ་བཟླ་ཞིང་བསྒྲུབས་པས་རབ་ཞག་སུམ་ཅུ་ཕྲག་གཅིག །འབྲིང་ཕྲག་གསུམ། ཐ་མས་དྲུག་གིས་འགྲུབ་སྟེ། རབ་སྐྱེ་མེད་ཀ་དག་རྟོགས། ཐ་མས་སྐྱེ་བ་གང་འདོད་འགྲུབ། བླ་མ་དང་འདུ་འབྲལ་མེད་པའོ། །གཞན་ཡང་ནད་གདོན་འཇིགས་བརྒྱད་ཞི་བར་འདོད་ན་སྙིང་གར་བླ་མ་དཀར་པོ་ལས་འོད་ཟེར་དཀར་པོ་སྤྲོས་པས་ཞི་བའི་ལས་མཛད་པར་བསམ་ལ་གསོལ་བ་གདབ། དེ་བཞིན་ཚེ་བསོད་ཡེ་ཤེས་རྒྱས་པར་འདོད་ན་ལྟེ་བར་བླ་མ་སེར་པོ། འདོད་རྒུ་དབང་དུ་བྱེད་ན་མགྲིན་པར་བླ་མ་དམར་པོ། དགྲ་བགེགས་གནོད་བྱེད་ཚར་གཅོད་ན་ལག་མཐིལ་དུ་བླ་མ་ལྗང་གུ་ལས་འོད་ཟེར་མེ་མཚོན་ཐོག་གི་ཆར་པ་སྤྲོ། དབྱིངས་སུ་འཕོ་བར་འདོད་ན་བླ་མ་སྤྱི་གཙུག་ཏུ་བསྒོམས་པའི་ཐུགས་ཀར་རིག་པ་རང་གི་མིག་ནས་འཕོ། གསལ་བའི་ཏིང་ངེ་འཛིན་སྐྱེ་བར་འདོད་ན་སྨིན་མཚམས་སུ་ཐིག་ལེ་དཀར་པོའི་ནང་དུ་བླ་མ་བསྒོམ། བདེ་བར་འདོད་ན་གསང་གནས་ཐིག་ལེ་དམར་པོའི་ནང་དང་། མི་རྟོག་པ་འདོད་ན་དབུ་མའི་ནང་དུ་ཐིག་ལེ་མཐིང་ག་ལ་བླ་མ་བསྒོམས་ནས་གསོལ་བ་གདབ་སྟེ། མདོར་ན་ཡིད་བཞིན་ནོར་བུ་ལྟར་གང་ལྟར་དགོས་པ་དེ་བཞིན་དུ་གསོལ་བ་གདབ་པས་འགྲུབ་པ་ཡིན་ནོ། །དེ་ལྟར་བསྒྲུབས་པའི་དགོས་ཆེད་ནི་བྱིན་རླབས་གཞན་ལ་མི་ལྟོས། རང་བྱིན་རང་ལ་རློབ། བདུད་བཞི་རང་སར་ཐུལ། རྟོགས་པ་རང་འབར་དུ་འཆར་བར་གསུངས་སོ། །དེའང་དབང་པོ་ཡང་རབ་ཀྱི་གང་ཟག་ཁ་ཅིག་ནི། ཐུན་མོང་གི་སྔོན་འགྲོའི་སྐབས་ནས་ཉམས་མྱོང་ཤར་བ་ཁོ་ན་ཡོད་ལ། གང་ཟག་རིམ་སྐྱེས་པ་འབྲིང་ཡན་ཆད་ནི། བླ་མའི་རྣལ་འབྱོར་གྱི་སྐབས་སུ་རིག་པའི་ཡེ་ཤེས་ཤར་བ་ཁོ་ན་ཤ་སྟག་ཡོད་པས་འདི་ཉིད་ཉམས་ལེན་གྱི་གཙོ་བོར་གཟུང་བ་གལ་ཆེའོ། །སྤྱི་སྐད་བླ་མ་ལ་ཕྱི་ལྟར་གསོལ་བ་འདེབས་པ་དང་སྒྲ་མཐུན་ཀྱང་འདིར་སྐུ་གསུམ་དྲིལ་སྒྲུབ་ཀྱིས་རང་རིག་བླ་མར་རྟོགས་ཐོབ་དུས་མཉམ་པས་ཁྱད་པར་འཕགས་ལ། མཉམ་སྦྱོར་རྒྱུད་ཆེན་ལས། རྩ་བའི་བླ་མ་འདྲེན་པའི་གཙོ། །སངས་རྒྱས་སེམས་ཅན་མཉམ་པར་སྦྱོར། །ཞེས་སོགས་ལུང་གིས་གྲུབ་པ་ཡིན་ནོ།། །།གསུམ་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི། འཁོར་འདས་རུ་ཤན་འབྱེད་པའི་དོན་ཁྲིད་ཀྱིས་རང་བྱུང་ཡེ་ཤེས་འཆར་བར་བྱེད་པའི་ཐབས་མེ་ལོང་གཡའ་ཕྱི་བ་ལྟ་བུའི་གདམས་ངག་སྟོན་པ་སྟེ། ངོ་བོ་ནི་རང་བྱུང་གི་སེམས། ངེས་ཚིག་འཁོར་འདས་གཉིས་འཛིན་གྱི་བག་ཆགས་དྭངས་སྙིགས་འབྱེད་པ། མིང་གི་དབྱེ་བ་འཁོར་འདས་ཤན་འབྱེད། དྭངས་སྙིགས་འབྱེད་པ། ཐབས་ཁྱད་པར་ཅན་གྱིས་རང་ངོ་རྗེན་པར་སྟོན་པ་ཞེས་བྱ། དཔེ་མེ་ལོང་གི་གཡའ་ཕྱི་བའམ་གསེར་ལ་ནག་ཚུར་བཏབ་པ་ལྟར་བག་ཆགས་ཀྱི་དྲི་མ་ཐབས་ཀྱིས་བགྲུངས་ནས། ངོ་བོ་དྲི་མེད་བློས་མ་བྱས་པ་རང་བཞིན་གྱིས་རྟོགས་པའོ། །དེ་ལ་འཁོར་འདས་གཉིས་ཀའི་གཞི་ནི། ལྷུན་གྱིས་གྲུབ་པའི་རང་བྱུང་སྤྲོས་པ་དང་བྲལ་བའི་སྟོང་ཉིད། རང་རིག་པས་གསལ་བ། གང་དུའང་འཛིན་པ་མེད་པའི་དབྱེར་མེད་དུ་གནས་པ་ལ། རང་རྩལ་འགག་མེད་འོད་དུ་གསལ་བའི་ཆ་ལ་འཛིན་པ་མ་ཞུགས་པས་སྐུ་གསུམ་མྱང་འདས་སུ་གྲོལ། ཞེན་རྟོག་འཛིན་ཆགས་སྐྱེས་པས་འཁོར་བར་འཁྱམས་ཏེ་འཁྲུལ་གྲོལ་གཉིས་སུ་སྣང་བ་དེ་ཉིད་མཁའ་ལས་བྱུང་བའི་ན་བུན་ནམ་མཁའི་ངང་དུ་དྭངས་པ་ལྟར་དབྱིངས་ཀྱི་ངང་དུ་ཤན་འབྱེད་པའོ། །རུ་ཤན་ཇི་ལྟར་དབྱེ་ན། རྒྱུད་ལས། རྡོ་རྗེ་འཆང་དང་ནམ་མཁའི་དབྱིངས། །བསྒྲིམ་ཀློད་སོར་བཞག་ཆ་ཡང་སྙོམས། །བསླབ་བྱ་དུས་མཚམས་རུ་ཤན་དབྱེ། །ཞེས་གསུངས་པའི་རྡོ་རྗེས་ལུས་ཀྱི་འདུག་སྟངས། ཨས་ངག་གི་བརྗོད་པ། ནམ་མཁའི་དབྱིངས་ཀྱིས་སེམས་ཀྱི་གནད་སྟོན་པ་སྟེ། གདན་འབོལ་ཞིང་ཁྱོན་ཡངས་པའི་སྟེང་དུ་བླ་མ་ལ་གསོལ་བ་གདབ་པ་སྔོན་དུ་འགྲོ་བས། ཉྭ་བཞི་བསྒྲིམས་ལ་རྐང་གཉིས་མཐིལ་སྤྲད། རྐེད་པ་བསྲང་། ལག་གཉིས་མགོ་བོར་མ་རེག་པར་སོར་མོ་རྣམས་བསྡམས་ཤིང་གུང་མོ་བསྒྲེང་བའི་ཕྱག་རྒྱ་སྤྱི་གཙུག་ཏུ་བཅའ་བ་ནི་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་བྱས་ལ། ངག་ནས་ྷྶ་ཞེས་ཨའི་སྒྲ་ལྷང་གི་ཡོད་པ་ལ་ཧའི་སྒྲ་དྲག་པ་ཞིག་བརྗོད་ཅིང་བར་རླུང་གཟུང་། མིག་གི་ལྟ་སྟངས་དང་རིག་པ་ལྷན་ཅིག་བར་སྣང་སྟོང་པའི་དབྱིངས་སུ་གཏད། གཞུང་ལས་ཉིན་མོ་དེ་ལྟར་དང་། མཚན་མོ་རིག་པ་སྙིང་དབུས་སྟོང་གསལ། ནངས་ནུབ་ནང་དང་གསང་བའི་དབྱིངས་ལ་གཏད་པར་གསུང་། གང་ལྟར་འདུག་སྟངས་བཅའ་བའི་ཚེ་སྒོ་གསུམ་རླུང་དང་བཅས་པ་ཆུན་གཅིག་ཏུ་བསྒྲིམ། མི་ནུས་པ་ན་རླུང་རོ་ཧཾ་ཞེས་དབྱུང་བ་དང་ལྷན་ཅིག་སོག་ཕོན་ཐག་པ་ཆད་པ་ལྟར་སྒོ་གསུམ་དུས་གཅིག་ལ་ལྷོད་པས། རིག་པ་དྭངས་སྙིགས་ཕྱེད་ནས་གཏད་མེད་རང་བྱུང་ས་ལེ་བའི་ཉམས་ཞིག་འཆར་བ་དེ་མ་བཅོས་སོར་བཞག་ཏུ་བསྐྱང་། ཉམས་དེའང་འཆར་བདོ་བ་ལ་ྷྶ་ཞེས་བཤིགས་ལ་འདུག་སྟངས་སོགས་གོང་བཞིན་བསྐྱར། ཆ་སྙོམས་པ་ནི་སྒོ་གསུམ་དུས་གཅིག་ཏུ་སྒྲིམ་ན་སྒྲིམ་པ་དང་། ལྷོད་ན་ཀློད་པ་དང་། སོར་བཞག་ན་གཏད་མེད་དུ་སྙོམས་པར་དགོས་སོ། །རུ་ཤན་ཕྱེད་རྟགས་མ་བྱུང་བར་དུ་ཕྱེ་དགོས་པས་ཐུན་བཞི་བཞིར་བཅད་ལ་ཁམས་ཀྱིས་ལྕོགས་ཚད་བྱ་བ་གཞན་བཏང་སྟེ་སྙོམ་ལས་སྐད་ཅིག་ཀྱང་མེད་པར་བྱ། རླུང་གནོན་ཚེ་ཁུ་བུར་ཆང་སོགས་ཅུང་ཟད་བརྟེན་ཅིང་སྨྲ་བ་གཅད། རླུང་ཤས་ཆེ་ན་རླུང་དྲག་ཏུ་མི་གཟུང་། བརྩོན་འགྲུས་དྲག་པོ་མ་བྱས་ན་རིག་པ་མི་འཆུན་པས་དྭངས་སྙིགས་མི་ཕྱེད་ཅིང་ཞུད་པར་འགྱུར་རོ། །ཕྱེད་པའི་རྟགས་རང་བྱུང་འཛིན་མེད་ཀྱི་ཉམས་ཧད་དེ་ས་ལེ་ཕྲི་ལེ་བ་འབྱུང་། མིག་འབྱེད་འཛུམ་མེད་པར་ཟུང་ཐུབ། བདེ་དྲོད་སྐྱེ་ཞིང་རླུང་རྩོལ་མེད་དུ་ཟིན། ཆུ་དྭངས་པ་ལ་གཟུགས་བརྙན་ཤར་བ་ལྟར་ངོ་བོའི་མཚན་ཉིད་རྗེན་པར་འཆར་རོ། །གལ་ཏེ་བརྩོན་འགྲུས་མི་དམན་ཀྱང་རྟགས་སྤྱི་མ་བྱུང་བའམ། ཁྱད་པར་ཆོས་ཉིད་ངང་དྭངས་ཀྱི་ཉམས་ངོས་མ་ཟིན་པར་སྣང་མེད་ཧད་པོར་འབྱམས་ན། ཉིན་པར་ཨ་དཀར་པོ་ཕྲ་ཞིང་གསལ་བ་ཞིག་མདུན་དུ་བྲིས་པའམ་དམིགས་པ་ལ་མིག་དང་རིག་པ་འཛིན་མེད་དུ་གཏད། མཚན་མོ་ཨ་དཀར་ཉུངས་འབྲུ་ཙམ་སྙིང་དབུས་སུ་བསྒོམས་པ་ལ་རིག་པ་གཏད་ཅིང་ལུས་ངག་གི་གནད་གོང་ལྟར་བྱས་པས་གསལ་ལ་འཛིན་མེད་སྣང་ལ་ངོས་གཟུང་བྲལ་བའི་རྟོགས་པ་སྐྱེ་བ་ན་དེ་ཉིད་སོར་བཞག་ཏུ་བསྐྱང་ངོ་། །ཐེག་པ་གཞན་དང་ཉམས་སྐྱེ་བའི་སྒྲ་མཐུན་ཀྱང་དེ་དག་ཐབས་དམན་སྡུག་བཙིར་གྱི་ཉམས་སྐྱོན་ཅན་ཡིན་ལ། འདིར་མྱུར་ཞིང་གེགས་མེད་ལ་སྐྱོན་བྲལ་ཆོས་ཉིད་ཀྱི་ཉམས་འཆར་བས་ཁྱད་པར་དུ་འཕགས་པའོ། །དགོས་ཆེད་ཐུན་མོང་དུ་ནད་གདོན་ཞི་ཞིང་ལས་སྒྲིབ་འདག །རྩ་རླུང་གི་གེགས་སེལ། བྱིང་རྒོད་དྲེད་འཐས་ལ་སོགས་པ་ལ་འདི་ཉིད་ཐུན་བདུན་བསྒོམས་པས་སྐྱོན་ལས་གྲོལ། ཁྱད་པར་བློ་བྲལ་རང་བྱུང་ཆོས་སྐུ་རྗེན་པར་མྱུར་དུ་འཆར་བར་བྱེད་དེ། ནམ་མཁའ་ཆེ་ལས། ཆེ་བའི་ཡེ་ཤེས་རྙེད་དཀའ་བ། །ཤེས་རབ་ཐབས་ལ་བརྟེན་པས་འགྲུབ། །ཅེས་གསུངས་པ་ལྟར་རོ།། ༈ །།རྩ་བའི་གཉིས་པ་དངོས་གཞི་ནི། སོར་བཞག་གི་དོན་ཁྲིད་ཀྱིས་རང་བྱུང་ཡེ་ཤེས་མི་ཉམས་ཤིང་མངོན་དུ་བྱེད་པའི་ཐབས་བར་སྣང་དག་པའི་དབྱིངས་ལྟ་བུའི་གདམས་པ་སྟོན་པ་སྟེ། སོར་བཞག་གི་ངོ་བོ་ཐོལ་སྐྱེས་ཀྱི་རིག་པ་སོ་མ། ངེས་ཚིག་མ་བཅོས་སོ་མར་འཇོག་པ། དབྱེ་བ་ངང་ལ་གནས་པའི་ཐབས་སོགས་བཞིར་བཤད་ཅིང་། དཔེ་བྲམ་ཟེའི་སྐུད་པ་འཁལ་བ་ལ་རིང་དྲགས་པ། ཐུང་དྲགས་པ། ལྷོད་དྲགས་པ། སྒྲིམ་དྲགས་པའི་སྐྱོན་བཞི་སྤངས་ན་སྐུད་པ་བཟོ་བཏུབ་པ་དང་མཚུངས་པའོ། །ཉམས་སུ་ལེན་ཚུལ་དངོས་ལ་དོན་བཞི། ལུས་ཀྱི་འདུག་ཚུལ། ངག་གི་གནས་ལུགས། སེམས་ཀྱི་གཞག་ཐབས། ཐུན་གྱི་ཚད་དོ། །དང་པོ་ནི། གནས་དབེན་ཞིང་བསིལ་དྲོད་སྙོམས་པར་རླུང་དང་ཉི་ཟེར་ལ་གདོང་མི་བསྟན་ཅིང་སྨྲ་བ་བཅད་ལ། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བཅའ། རྒལ་ཚིགས་དྲང་པོར་བསྲང་། ལག་གཉིས་སྲིན་ལག་མཐེ་བོས་མནན་པའི་མཉམ་གཞག་བྱ། མགྲིན་པ་ཡིད་ཙམ་རྒུ། ལྕེ་རྩེ་རྐན་ལ་སྦྱར། སོ་བར་མ་རེག་ཙམ་བྱ། མིག་སྣ་རྩེ་ནས་སོར་བཞིའི་བར་སྣང་ལ་གཏད་པའི་རྣམ་སྣང་གི་ཆོས་བདུན་བཅས་པས་རང་བྱུང་གི་རྟོགས་པ་བདུན་འཆར་བས་གནད་ཟབ་ཅིང་། རང་བྱུང་ལུགས་སུ་ཚུད་ནས་འདུག་སྟངས་ཅི་བདེས་ཆོག་གོ །གཉིས་པ་ངག་གི་གནས་ལུགས་ནི། རླུང་སྣ་བུག་གཉིས་ནས་ཆ་མཉམ་པར་དལ་བར་འགྱུར་གཞུག །གསུམ་པ་སེམས་ཀྱི་གཞག་ཐབས་ནི། གོང་སྨྲོས་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་ལས་ཤར་བའི་རང་བྱུང་དྲི་མེད་ཀྱི་ངང་ངམ། རུ་ཤན་འབྱེད་པའི་རྗེས་ཤེས་རང་བྱུང་རིག་པ་ས་ལེ་བའི་ཉམས་མྱོང་གི་རྒྱུན་དྲངས་ལ། རྟོག་བྲལ་སོ་མ་ཡེངས་མེད་དྭངས་སངས་ཀྱི་ངང་དུ་རྩིས་གདབ་མེད་པར་སང་ངེར་གཞག །ཧ་ཅང་གནས་ཡུན་རིང་ན་ཕཊ་བརྗོད་ལ་གཅད། གནས་ཡུན་ཐུང་ན་དྲོད་མ་རྙེད་བར་དུ་འཛིན་མེད་ཀྱི་དྲན་པས་བསྐྱང་། ཧ་ཅང་གཉེན་པོའི་རྩོལ་བས་མི་སྒྲིམ་པར་ལྷུག་པར་གཞག །ཧ་ཅང་ཕྱལ་བར་མི་བཏང་བར་ཧྲིག་གེར་གཞག །རྗེས་ཐོབ་སྤྱོད་ལམ་ཀུན་ཏུའང་དེར་འཛིན་གྱི་ཞེན་པ་མེད་པར་རང་རིག་དྲི་མེད་རྗེན་པ་ཟང་ཐལ་དུ་བསྐྱང་བར་བྱའོ། །བཞི་པ་ཐུན་གྱི་ཚད་ནི། ལས་དང་པོ་པས་ཡུན་ཐུང་ལ་གྲངས་མང་བར་བསྒོམ་སྟེ། དེའང་སྒོ་གསུམ་གྱི་གནད་དང་ལྡན་པས་བསྒོམས་པའི་རྗེས་སུ་ཀློད་ཅིང་ངལ་གསོ་བ་ཐུན་བཞི་ལ་ཉི་ཤུ་རྩ་བརྒྱད་རེ་བྱ། དེ་གོམས་ནས་སྔ་དྲོ་བཅུ་གཉིས། ཕྱི་དྲོ་བཅུ་གཉིས། སྲོད་དང་ཐོ་རངས་ལ་བཅུ་རེ་བྱ་ཞིང་། གུང་གཉིས་ལ་ཀློད་དེ་ངོ་བོ་བསྐྱང་། དེ་ལ་གོམས་ནས་ཐུན་ཆ་རིམ་གྱིས་བསྲིང་སྟེ་གྲངས་ཇེ་ཐུང་ལ་གཏང་ཞིང་དྲན་ཤེས་ཀྱི་རྒྱུན་ཇེ་རིང་བྱ། བཟང་བདོ་ཙ་ན་ཀློད་ཅིང་བསྐྱང་། དེ་དག་གི་ཚེ་འདི་ཉིད་ཀྱི་སྔོན་འགྲོ་སྐྱབས་སེམས་སོགས་ཚར་རེ་ཕྱག་ལེན་དུ་མཛད་པ་མ་གཏོགས། དེ་ལས་གཞན་པའི་བཟང་ངན་ལུང་མ་བསྟན་གྱི་བྱ་བ་ཐམས་ཅད་སྤང་ཞིང་མ་ཎི་འདྲེན་པ་ཙམ་ཡང་མི་བྱ་བར། ནམ་གུང་ཁམས་གསོ་བའི་གཉིད་ཐུན་རེ་ལས་ཁོར་ཡུག་བསྒོམ་ཞིང་འདག་སྦྱར་སོགས་མཚམས་དམ་པར་གཅད་དོ། །དེ་ལྟར་བསྒོམས་པས་སྒོ་གསུམ་ལ་ཏིང་འཛིན་གྱི་ཉམས་སྣ་ཚོགས་འཆར་བ་རྣམས་འཛིན་མེད་རང་གྲོལ་དུ་བསྐྱང་། སྒོམ་ཡུན་ཧ་ཅང་རིང་དྲགས་པ། ཐུང་དྲགས་པ། གྲིམ་དྲགས་པ། ལྷོད་དྲགས་པ་བཞི་པོ་རེ་རེ་ལ་བྱིང་རྒོད་ལ་སོགས་པའི་གོལ་ས་བཞི་བཞི་བཅུ་དྲུག་འབྱུང་བས། རིང་སྐྱོན་བྱུང་ན་བསྟུང་། ཐུང་སྐྱོན་ལ་བསྲིང་། གྲིམས་ན་ལྷོད། ཀློད་ན་བསྒྲིམ་སྟེ་དྲན་རིག་གི་ངང་དུ་གཞག །སྤྱིར་བྱིང་རྒོད་ལ་སོགས་པའི་སྐྱོན་གང་བྱུང་ཡང་ངོས་ཚིར་གྱིས་བཟུང་ལ་འཛིན་མཁན་གྱི་ངོ་བོའི་ངང་དུ་ཆམ་གྱིས་བཞག་པས། ངོས་ཟིན་མ་ཐག་ངོས་གཟུང་མེད་པར་ཆོས་ཉིད་ཀྱི་ངང་དུ་དྭངས་པས་གོལ་ས་ཐམས་ཅད་དུས་གཅིག་ལ་ཆོད་པ་སྟེ། སྐྱོན་ངོས་ཟིན་ན་མཚངས་ཡུལ་ནས་ཐོན་པ་ཞེས་གོལ་ས་རང་ལྡོག་ཏུ་འགྲོ་བ་ཡིན་ནོ། །མདོར་ན་བདུད་གེགས་གོལ་ས་ཐམས་ཅད་ཀྱི་རྩ་བ་འཛིན་ཞེན་ཡོད་མེད་ལ་ཐུག་པས་བཟང་ངན་གང་ལའང་འཛིན་མེད་མ་བཅོས་སོ་མར་འཇོག་པ་ཉིད་གནད་དུ་ཟབ་པས་འདིར་སོར་བཞག་ཅེས་ཁྲིད་ཀྱི་དངོས་དོན་ཉིད་ཡིན་ནོ། །དྲན་པས་ངོས་འཛིན་པ་ནི་གོལ་སར་མི་འགྱུར་ཏེ། དྲན་པ་ཐབས་ཡིན་པས་ཆད་ལྟ་དང་། ངོ་བོ་སྟོང་པ་ཤེས་རབ་ཡིན་པས་རྟག་ལྟ་གཅོད་དེ་དྲན་སྟོང་ངོས་གཟུང་མེད་པ་ཉིད་ཆོས་ཉིད་ཀྱི་གནས་ལུགས་སོ། །མ་ཚོར་གཉེན་པོས་སྟོང་པ་བཙོན་འཛིན་མི་རྟོག་འཐོམ་པོར་གོལ་སྲིད་པས་རུ་ཤན་རྗེས་ཐོག་གི་ཆོས་ཉིད་ངང་དྭངས་ཀྱི་དྲན་པའི་རྒྱུན་བསྐྱང་། ཉམས་རྙེད་ནས་འཐས་པ་བསལ་ཏེ་ཡུལ་སྣང་གི་སྟེང་དུ་དྲན་པའི་མདངས་མ་ཤོར་བར་རྩལ་ཕྱོགས་མེད་དུ་སྦྱང་ངོ་། །ཐེག་པ་གཞན་གྱིས་རང་རང་ཞེ་འདོད་ཀྱི་ལྟ་བའི་གོ་བ་ལ་སོར་བཞག་ཏུ་འདོད་ཅིང་། འདིར་ལྟ་བ་ངོ་མ་སྤྲད་པའི་སྔོན་རོལ་ནས་སྒོམ་པ་ཆེད་འཛིན་གྱི་བློ་དང་བྲལ་བར་རང་བྱུང་རང་དྭངས་ཉིད་སོར་བཞག་པའི་ཐབས་སུ་བསྟན་པས་སྒྲ་མཐུན་ཀྱང་དོན་འཕགས་སོ། །སོར་བཞག་པའི་དགོས་ཆེད་བག་ཆགས་ཀྱི་རྒྱུན་ཆད། རང་བྱུང་རང་དྭངས་རྒྱུན་འབྱམས་ཀྱི་ཏིང་འཛིན་ཐོབ་ནས་ཆོས་སྐུའི་གདན་ས་ཟིན། སེམས་ཅན་དང་སངས་རྒྱས་མཉམ་སྦྱོར་དུ་གྲོལ་བར་འགྱུར་རོ། །ལུང་ལས། ཟིན་པས་རྩོལ་བའི་གནད་སྤངས་ཏེ། །ལྷན་གྱིས་གནས་པས་བཞག་པ་ཡིན། །ཞེས་སོགས་ཡིད་ཆེས་པའི་ལུང་མང་ངོ་། །སྐབས་འདིར་བླ་མ་གསང་བ་འདུས་པའི་དབང་ཆེན་བསྐུར་ཏེ་ངོ་སྤྲོད་ལ་འཇུག་གོ། །། ༈ གསུམ་པ་རྗེས་ཀྱི་ཁྲིད་ལ་གསུམ། ངོ་སྤྲད་པ། རྩལ་སྦྱོང་བ། མཐར་ཕྱིན་པར་བྱ་བའོ། །དང་པོ་ནི། ངོ་སྤྲོད་པའི་དོན་ཁྲིད་ཀྱིས་གཅིག་ཤེས་ཀུན་གྲོལ་དུ་གདིང་ཐོབ་པ་ཕྱི་རྐུན་དང་ནང་བྱན་འཛོམ་པས་ཡིད་བཞིན་གྱི་ནོར་བུ་ཐོབ་ནས་སྤྲོ་བ་སྐྱེད་པ་ལྟ་བུའི་གདམས་ངག་སྟོན་པ་སྟེ། ངོ་བོ་རྩ་བྲལ་བྱང་ཆུབ་ཀྱི་སེམས་ཡེ་སངས་རྒྱས་པའོ། །ངེས་ཚིག་སངས་རྒྱས་རང་རྒྱུད་ལ་གནས་པ་དེ་ཉིད་སྙན་བརྒྱུད་ཀྱི་ཚིག་གིས་ངོ་སྤྲད་པ། དབྱེ་བ་ལྟ་བའམ། བཏགས་གྲོལ་ལམ། ངོ་སྤྲད་པ་ཞེས་བྱ། དཔེ་ཨོ་རྒྱན་གྱི་རྒྱལ་པོ་འོད་ལྡན་གྱི་ནོར་བུ་རིན་པོ་ཆེ་ཕྱི་རྐུན་པས་བརྐུས་ཀྱང་མ་ཐོབ་པ་ལ། རྐུན་ཆེན་བློ་གྲོས་ཅན་གྱི་བུ་སྨྲ་མཁས་བྱ་བས་ནོར་བུ་གཉེར་བྱེད་པའི་ནང་བློན་དང་གྲོགས་པོ་བྱས་ནས་དེས་ནང་བྱན་པ་བྱས་ཏེ་ནོར་བུ་ཐོབ། བློན་པོ་དང་གཉིས་ཀས་ཡུལ་གཞན་གསར་པ་བཟུང་ཙ་ན། རྐུན་པོ་ཤི་ནས་ནང་བྱན་པ་ནོར་བུའི་བདག་པོར་གྱུར་ཏེ་ལོངས་སྤྱོད་ཕུན་སུམ་ཚོགས་པར་གྱུར་པ་བཞིན། གཏོང་ཐུན་གྱིས་དོན་གྱི་སྤྱི་ཁོག་ཕུབ། སྔོན་འགྲོ་གསུམ་གྱིས་སྒྲོམ་དུ་གཞུག་པ་ནི་ནང་བྱན་པ་དང་མཚུངས་ལ། སྙན་བརྒྱུད་ཟབ་མོའི་ཕྱི་རྐུན་སྨྲ་མཁས་པས་དོན་ཡིད་བཞིན་ནོར་བུ་རང་དབང་དུ་ཐོབ་པའོ། །གདམས་ངག་དངོས་ལ་གསུམ། སྲིད་རྩའི་བདག་བརྟགས་ཏེ་ཡེ་ཤེས་རང་ངོ་སྤྲད་པ། དེ་ཉིད་རྒྱུད་ལ་སྦྱོར་བའི་ཐབས། འབྲས་བུ་རང་རྫོགས་སུ་ལ་བཟླ་བའོ། །དང་པོ་ལ་གཉིས། བདག་བརྟགས་སམ་མཁན་པོ་རྩད་གཅད་པ་དང་། དཔེ་རྟགས་དོན་གྱི་ངོ་སྤྲད་པའོ། །དང་པོ་ནི། སྣང་སྲིད་འཁོར་འདས་ཐམས་ཅད་ལ༔ སེམས་མ་གཏོགས་པའི་ཆོས་གཞན་མེད༔ ཅེས་གསུངས་པས། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རྩ་བ་ངའམ་བདག་ཏུ་བརྟགས་པའི་སེམས་འདི་ཉིད་རྒྱུ་ཅི་ལས་བྱུང་། རྐྱེན་ཅིས་བྱས། ངའི་སེམས་ཞེས་མིང་འདོགས་མཁན་སུ། སེམས་དེ་ཉིད་གནས་པའི་ཡུལ། ལུས་ཀྱི་ཕྱི་ནང་མགོ་ཡན་ལག་དོན་སྙིང་ནང་ཁྲོལ་སོགས་གང་ལ་གནས། གནས་ན་ངོ་བོ་གཅིག་གམ་ཐ་དད་དུ་འདུག །དབྱིབས་ཟླུམ་པོའམ་གྲུ་གསུམ་ལ་སོགས་པ་ཅི་འདྲ་འདུག །ཁ་དོག་དཀར་སེར་དམར་སྔོ་སོགས་གང་ལྟར་འདུག །དང་པོ་གང་ནས་བྱུང་། མཐར་གང་དུ་འགྲོ། སྐྱེས་ན་སྐྱེ་བའི་ཡུལ་དང་། འགགས་ན་འགག་པའི་གནས་སོགས་ཞིབ་ཏུ་བརྟགས་ལ། འཚོལ་བྱའི་སེམས་ལ་ཕར་དཔྱད། འཚོལ་མཁན་གྱི་ཤེས་པ་ལ་ཚུར་བརྟགས། བཙལ་པའི་རྗེས་ཀྱི་སེམས་སམ་ཤེས་པ་དེ་ཅི་འདྲ་འདུག །དེ་བཞིན་དུ་རྣམ་ཤེས་ཚོགས་དྲུག་གི་ཡུལ། མིག་གི་ཡུལ་དུ་གཟུགས་མཛེས་མི་མཛེས། རྣ་བའི་སྒྲ། སྣའི་དྲི། ལྕེའི་རོ། ལུས་ཀྱི་རེག་བྱ། ཡིད་ཀྱི་ཡུལ་དུ་འགྱུ་དྲན་བྱེད་མཁན་སོགས་གང་འདྲ་འདུག་ལེགས་པར་མཐར་མ་ཕྱིན་གྱི་བར་དུ་འཚོལ། དེ་ལྟར་བཙལ་པས། སེམས་ལ་དང་པོ་བྱུང་ས་མེད་པས་ངོ་བོ་སྟོང་པ། བར་དུ་གནས་ས་མེད་པས་གཞི་ཅིའི་ངོ་བོར་ཡང་མ་གྲུབ་པ། ཐ་མ་འགྲོ་ས་མེད་པས་འདིའོ་ཞེས་བརྗོད་པར་མི་ནུས་ཤིང་བྱུང་གནས་འགྲོ་གསུམ་མམ། སྐྱེ་འགག་གནས་གསུམ་དང་བྲལ་པ་སྟེ། མདོར་ན་སེམས་ཁོ་རང་བཙལ་བས་མི་རྙེད་པས་སྟོང་པ། སྟོང་ངོ་སྙམ་ཙ་ན། རིག་རིག་ཁྱུག་ཁྱུག །ཝལ་ཝལ་ཙམ་ལས། ཁ་དོག་དང་དབྱིབས་སོགས་ཁ་ནས་བརྗོད་མི་བཏུབ་པ། སླར་ཡང་བཙལ་བས་འཚོལ་རྒྱུའི་སེམས་དང་འཚོལ་མཁན་གྱི་སེམས་སོགས་གང་ཡང་མེད་པར་ཐམས་ཅད་སྟོང་ཆམ་མེ་བ། སྟོང་བསམ་ཙ་ན་ཧྲིག་གེ་འགྱུ་བ་ཞིག་བྱུང་ཚེ་སེམས་ཀྱི་གནད་གསང་རིག་པ་ཡིན་པས་དེ་ཉིད་མཐར་མ་ཕྱིན་གྱི་བར་དུ་རྩད་གཅད། དེ་ལྟར་ན་བདག་གམ་སེམས་ལ་ངོས་གཟུང་རྡུལ་ཙམ་མེད་ཅིང་གཞི་མེད་རྩ་བ་དང་བྲལ་བས་ཡེ་གདོད་མ་འཁྲུལ་རྒྱུ་མེད་པས་འཁྲུལ་མ་མྱོང་བའི་ཤེས་པ་རང་བྱུང་དེ་ཉིད་རང་བྱུང་ཡེ་ཤེས་ཞེས་བྱ། སེམས་ཀྱི་ངོ་བོ་གཅིག་ཤེས་པས་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་གནད་མཚངས་ཤེས་ཏེ་རྒྱ་མཚོ་ལ་དར་ཞིག་པ་བཞིན་མཉམ་པ་ཉིད་དུ་གྲོལ་བས་གཅིག་ཤེས་ཀུན་གྲོལ་ཞེས་བྱ། རྟག་ཆད་འགྲོ་འོང་སྐྱེ་འགག་ཡོད་མེད་ཡིན་མིན་ལ་སོགས་པ་གང་གི་ངོ་བོར་ཡང་མ་གྲུབ་པས་མཐའ་ཐམས་ཅད་ལས་གྲོལ་བའི་ཕྱིར་མཐའ་བྲལ་ཀློང་ཡངས་ཆེན་པོ་ཞེས་བྱ། ཉི་མའི་སྙིང་པོ་བསྐལ་པར་མུན་གླིང་དུ་བཅུག་པ་དང་གཟའ་སྐར་བྱེ་བས་བསྐོར་བ་ལ་འོད་ཟེར་འཕེལ་འགྲིབ་མེད་པ་ལྟར། རང་རིག་གཞི་མེད་རྩ་བྲལ་དུ་རྟོགས་པ་ལ་བསྐལ་པར་མི་དགེ་བ་སྤྱད་པ་དང་ཐོས་སྒོམ་ལ་འབད་པ་གཉིས་ཕན་གནོད་འཆིང་གྲོལ་མེད་པར་མཚུངས་པས་གཞི་མེད་ཡོངས་གྲོལ་ཞེས་བྱ་བ་ཡིན་ནོ། །གཉིས་པ་དཔེ་རྟགས་དོན་གྱི་ངོ་སྤྲད་པ་ནི། དེ་ལྟར་བདག་བརྟགས་རྩད་ཆོད་པ་དང་དཔེ་དང་རྟགས་ཀྱིས་མཚོན་ནས་དོན་ངོ་སྤྲད་པ་སྟེ། རྡོ་རྗེ་སེམས་དཔའི་མེ་ལོང་ནམ་མཁའ་དྭངས་པའི་ཉི་ཟེར་ལ་ཕྱར་བ་ནི་དཔེ༵། ལུས་གནད་བཅས་ཏེ་མིག་ནམ་མཁའ་དྭངས་པ་ལ་གཏད་པས་ཀ་དག་དང་ལྷུན་གྲུབ་ཀྱི་སྣང་བ་འཆར་བ་ནི་རྟགས༵། སྟོང་གསལ་ངང་དྭངས་མ་འདྲེས་ཡོངས་རྫོགས་ཟང་ཐལ་འགྱུ་བ་འཛིན་མེད་བརྗོད་མེད་རང་གྲོལ་ཞེས་པའི་ཚིག་གིས་མཚོན་པ་ནི་དོ༵ན་ངོ་སྤྲོད་པའོ། །དེའང་དཔེ་མན་ཤེལ་གྱི་ངོ་བོ་བརྟགས་ན་གང་དུའང་མ་གྲུབ་པར་སྟོང་པ་བཞིན་དུ་དོན་རང་སེམས་གཞི་མེད་རྩ་བྲལ་གདོད་ནས་ངོ་བོ་སྟོང་པ་དང་གཅིག །མན་ཤེལ་ཉིད་མ་བྱས་པར་རང་བྱུང་ལ་རང་འོད་གཏིང་ན་གསལ་བ་བཞིན་དུ། རིག་པ་མ་བྱས་པར་རང་བྱུང་ལ་ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་གསལ་བ་དང་གཉིས། ཤེལ་ལ་དབྱིབས་ཁ་དོག་གི་རྣམ་པ་ཀུན་དང་ལྡན་ཀྱང་གཞན་ཆོས་ཀྱིས་མ་གོས་པར་ངང་དྭངས་པ་བཞིན་དུ། རང་རིག་ལ་འཁོར་འདས་ཆོས་ཀྱི་རྣམ་པ་ཀུན་དང་ལྡན་ཀྱང་སྐྱོན་ཡོན་གྱིས་མ་གོས་ལ་ངང་དྭངས་པ་དང་གསུམ། ཤེལ་འོད་ནང་གསལ་རྐྱེན་དང་འཕྲད་པས་འཇའ་ཟེར་ཕྱིར་གསལ་དུ་ཤར་བའི་ཚེ་སྔ་ཕྱིར་མ་འདྲེས་པ་ལྟར། ཆོས་སྐུའི་རང་རྩལ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་མ་འདྲེས་པར་ཤར་བའམ། དངོས་སྣང་གདོས་བཅས་འཁོར་བའི་ཆོས་ལས་སྣང་མེད་མྱང་འདས་ཀྱི་ཆོས་རང་རིག་གཅིག་གི་ཀློང་དུ་སྔ་ཕྱིར་མ་འདྲེས་པར་གསལ་བ་དང་བཞི། འོད་ནང་གསལ་ཕྱིར་གསལ་ཐམས་ཅད་མེ་ལོང་གཅིག་གི་ངང་དུ་རྫོགས་པ་ལྟར་སྣང་རིག་སྟོང་གསུམ་པོའང་རང་རིག་གཅིག་པུའི་ཀློང་དུ་ཡོངས་སུ་རྫོགས་པ་དང་ལྔ། ཤེལ་འོད་ཕྱི་ནང་སྒྲིབ་མེད་ཟང་ཐལ་དུ་གསལ་བ་ལྟར་ཆོས་ཉིད་ངང་དྭངས་ཀྱི་རྩལ་འགྱུ་བ་རྗེས་མེད་ཕྱི་ནང་ངོས་གཟུང་མེད་པར་ཟང་ཐལ་བ་དང་དྲུག །ཤེལ་འོད་ཕྲམ་ཕྲམ་འཕྲོ་ཡང་རང་ཡལ་བ་ལྟར་འགྱུ་བ་མ་འགགས་པར་འཆར་ཡང་རང་བཞིན་གྱིས་སྟོང་པ་དང་བདུན། ཤེལ་ལ་ཡུལ་འཛིན་མེད་པས་ཡུལ་སྣང་དགག་བྱར་མེད་པ་བཞིན་རྟོག་བྲལ་ཆོས་ཉིད་ཀྱི་རིག་པ་རྗེན་པ་ལ་གང་སྣང་རང་བྱུང་ཡེ་ཤེས་ཡིན་པས་སྣང་ལ་དེར་འཛིན་མེད་པ་དང་བརྒྱད། མེ་ལོང་ཉིད་དྲན་བསམ་སྨྲ་བརྗོད་དང་བྲལ་ཡང་སྣང་བ་མ་འགགས་པ་ལྟར་ཆོས་ཉིད་རང་དྭངས་ཀྱི་ངོ་བོ་འདི་ཞེས་སྨྲ་བསམ་བརྗོད་དུ་མེད་ཀྱང་གཞི་མ་འགགས་པ་དང་དགུ། ཤེལ་གྱི་ངོ་བོ་ལ་སྣང་མི་སྣང་གི་ཁྱད་པར་མེད་པ་བཞིན་དུ་ཡུལ་དང་ཡུལ་ཅན་དུ་རིག་བྱ་རིག་བྱེད་མེད་ཅིང་ཡེ་ཤེས་ཉིད་ཀྱང་རང་སར་གྲོལ་བས་མཉམ་ཉིད་དུ་རང་རིག་ཅིང་བཅིངས་གྲོལ་ལས་འདས་པ་དང་བཅུ་ཡིས་བརྡ་དོན་མཚོན་པར་སྤྲད་པའོ། །གཉིས་པ་དེ་ཉིད་རྒྱུད་ལ་སྦྱོར་བའི་ཐབས་ལ་བཞི། དང་པོ་གོམས་འདྲིས་ཇི་ལྟར་བྱ་བ་ནི། དེ་ལྟར་བརྟགས་ནས་ངོ་སྤྲད་པའི་དོན་རང་བྱུང་གཞི་མེད་རྩ་བྲལ་རང་དྭངས་བརྗོད་མེད་ས་ལེ་བའི་ངང་ལ་ཡེངས་མེད་སྒོམ་མེད་དུ་མ་བཅོས་སོ་མར་ཙེན་གྱིས་གཞག །འཇིམ་པའི་མི་གཟུགས་ལྟར་སྒོ་གསུམ་གཏད་མེད་ལྷུག་པར་གཞག །ངང་དྭངས་འཛིན་མེད་ཀྱི་ཉམས་སྐྱེས་པ་དང་དེ་ལ་ཞེན་པའང་བཤིགས་ཏེ་ཆེར་ལྟ་ཆིག་གཞག་བྱས་ལ། བྱིང་རྨུགས་བྱུང་ན་ཕཊ་ཀྱིས་བསལ་ལོ། །གཉིས་པ་སྤྱོད་པས་གོལ་ས་གཅད་པ་ནི། ཏིང་འཛིན་དེའི་ངང་ལས་མཉམ་རྗེས་དང་། སྤྱོད་ལམ་ཅི་ལྟར་བྱེད་ཀྱང་རྟོག་པའི་རང་ངོ་ལ་བརྟག་ཅིང་སྤྱོད་པ་སྟེ། བྱིང་རྒོད་འགྲོ་འདུག་ཡེངས་འཁྲུལ་དགའ་སྡུག་རེ་དོགས་ཞེན་ཆགས་སྐྱོ་འགྱོད་རློམ་སེམས་སོགས་མདོར་ན་བཟང་ངན་གྱི་རྟོག་པ་གང་སྐྱེས་ཀྱང་། ད་ལྟར་གྱི་ཤེས་པ་ཁོ་རང་གིས་ཁོ་རང་ལ་བརྟགས་པས་རྩ་བྲལ་རང་བྱུང་གི་ཡེ་ཤེས་སུ་གྲོལ་ནས་སྣང་བ་རང་བཞིན་མེད་པར་ཆོས་སྐུར་འཆར་ཞིང་གོལ་ས་ཤུགས་ལ་ཆོད། རང་རིག་ཆོས་ཉིད་རྩོལ་བྲལ་དུ་རྟོགས། ཕྱིན་ཆད་སྒོ་གསུམ་གྱིས་ཆེད་དུ་བྱ་བའི་རྩོལ་བ་གང་ཡང་མེད་དེ་ཅི་བྱས་ཆོས་ཉིད་ཀྱི་ཡོ་ལང་ཡིན་ནོ། །གསུམ་པ་ཐུན་མཚམས་ཀྱི་རྟོག་པ་དགྲོལ་བ་ནི། སྔོན་འགྲོའི་སྐབས་སུ་བློ་དམན་རྩལ་སྦྱོང་གི་ཆེད་དུ་ཐུན་དང་ཐུན་མཚམས་བསྟན་ཀྱང་། དོན་རང་བྱུང་གི་ཡེ་ཤེས་ལ་ཐུན་སྒོམ་གྱིས་ཕན་གནོད་མེད་པ་ནི། ཉི་མ་ཤར་བ་ལ་སྒྲོན་མེ་བཏེགས་པ་དང་མ་བཏེག་པ་ཁྱད་པར་མེད་པ་བཞིན། ཆོས་ཉིད་ངང་དྭངས་རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་དོན་རྟོགས་ནས། རང་བྱུང་ཡེ་ཤེས་རྒྱུན་ཆད་མེད་པས་རྒྱུན་གྱི་ཐུན་སྒོམ་ཆེན་པོ་བར་མེད་དུ་རྟོགས་པར་བྱའོ། །བཞི་པ་དོན་རྒྱུད་ལ་ཁེལ་བའི་རྟགས་ནི། སྤྱིར་རེ་དོགས་ཐེ་ཚོམ་ཞེན་འཛིན་གྱི་རྟོག་པ་ལས་གྲོལ་ཞིང་རང་དོན་གྱི་འཁྲི་བ་མེད་པར་གཞན་དོན་ཆོས་སྤྱོད་ལ་བརྩོན། བག་ཆགས་ངན་པའི་རྨི་ལམ་རྒྱུན་ཆད། སྙིང་རྗེ་ཤུགས་ལས་འབྱུང་། རྐྱེན་ངན་ལམ་དུ་སློང་། ཁྱད་པར་སྤྲོས་པ་ནང་དུ་ཆོད། ཚོགས་དྲུག་རང་སར་གྲོལ། མངོན་ཤེས་ཤུགས་ལ་འཆར། བསྒོམས་པ་དང་མ་བསྒོམ་པ་ཁྱད་པར་མེད། མདོར་ན་འཁྲུལ་པ་ཀ་དག་གི་ངང་དུ་ཟད་པའོ། །གསུམ་པ་འབྲས་བུ་རང་རྫོགས་སུ་ལ་བཟླ་བ་ནི། དེ་ལྟར་རྟོགས་པའི་ཚེ་བདག་གཞན་གཉིས་ཆོས་ཐམས་ཅད་ཡེ་ནས་སྐྱེ་འགག་གནས་བྲལ་དབྱེར་མེད་རང་བྱུང་ཡེ་ཤེས་ཐིག་ལེ་ཉག་གཅིག་གཞི་མེད་ཡེ་རྫོགས་སུ་རང་བཞིན་གྱིས་གནས་པ་ལ། སྐུ་ལྔ་ཡེ་ཤེས་ལྔ་མ་འདྲེས་ལ་ཡོངས་སུ་རྫོགས་པ་ཡེ་ནས་ཡིན་པའི་དོན་དེ་ཉིད་རྟོགས་ཤིང་མངོན་དུ་གྱུར་པས། འཁོར་འདས་ལམ་གསུམ་གྱི་སྣང་བ་སོ་མ་ཉམས་པར་ཆོས་ཉིད་ཟང་ཐལ་དུ་རྟོགས་པས་རང་གྲོལ་ཏེ་ཐག་གཅིག་ཐོག་ཏུ་ཆོད་པའོ། །དེའང་གོ་བདེ་བའི་སླད་ཐད་ཀའི་ངོ་སྤྲོད་དང་སྦྱར་ན། རང་གི་སེམས་ཁ་དོག་དང་དངོས་པོ་དང་གཞི་ཅིའི་ངོ་བོར་ཡང་མ་གྲུབ་པ་ཁོ་རང་ལ་གཅེར་གྱིས་བལྟས་པས་ངོ་བོ་སྟོང་ཞིང་བདག་མེད་དུ་ཤར་བ་དེ་ནི་ཆོས་ཀྱི་སྐུའོ། །སྟོང་པ་དེའི་རང་མདངས་ས་ལེ་ཧྲིག་གེ་བའམ་བདེ་གསལ་མི་རྟོག་པ་སོགས་རང་བཞིན་གྱི་གསལ་ཆ་མ་འགགས་པར་ཤར་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ལས་རྟོག་པའི་རང་རྩལ་སྣ་ཚོགས་སུ་ཤར་ཡང་ཆུ་དང་ཆུ་སྦུར་བཞིན་རང་ཤར་རང་གྲོལ་དུ་འགྱུར་བ་ནི་སྤྲུལ་པའི་སྐུའོ། །དེ་དག་ཐམས་ཅད་ཀྱང་རྣམ་པ་ཇི་ཙམ་ཤར་ཀྱང་ངོ་བོ་འགྱུར་བ་མེད་པ་དེ་ནི་རྡོ་རྗེ་ལྟ་བུའི་སྐུའོ། །དེ་ལྟར་རྣམ་གྲངས་སྐུ་བཞིར་ཕྱེ་ཡང་། ངོ་བོ་གཅིག་ཏུ་ལྷུན་གྱིས་གྲུབ། དེའི་རང་མདངས་སྐུ་གསུམ་དུ་ཤར། དབྱེར་མེད་གབ་སྦས་མེད་པར་བྱང་ཆུབ་པས་མངོན་པར་བྱང་ཆུབ་པའི་སྐུའོ། །དེ་བཞིན་དུ་ཡེ་ཤེས་ལྔའང་རང་རིག་ལས་གུད་ན་མེད་དོ། །དེ་ཉིད་ཕྱོགས་རིས་ཀྱི་སྤྲོས་པ་ལས་རང་གྲོལ་ཞིང་ཆོས་ཉིད་ངང་དྭངས་སུ་དབྱེར་མེད་པས་ཆོས་དབྱིངས་ཡེ་ཤེས། ཆོས་ཐམས་ཅད་རང་རིག་རང་གསལ་མི་རྟོག་པ་མེ་ལོང་ལྟ་བུ། གསལ་སྟོང་ངོ་བོ་དབྱེར་མེད་པས་མཉམ་པ་ཉིད། ཆོས་ཐམས་ཅད་མ་འདྲེས་པར་ཡོངས་སུ་རྫོགས་པས་སོར་རྟོག་ཡེ་ཤེས། བྱ་བྱེད་ཡེ་རྫོགས་ལྷུན་གྱིས་གྲུབ་པས་བྱ་གྲུབ་ཡེ་ཤེས་སུ་ལ་བཟླའོ། །རང་ངོ་སྤྲད་པའི་དགོས་ཆེད་ནི། ངོ་རང་ཐོག་ཏུ་འཕྲོད་པས་ལམ་གྱི་འབད་རྩོལ་ལས་གྲོལ། བྱ་བ་གྲུབ་ཟིན་དུ་རྟོགས་པས་སྐད་ཅིག་གིས་སངས་རྒྱས་ཀྱི་ས་ལ་མཉམ་པར་སྦྱོར། འཁོར་འདས་སོ་མ་ཉམས་པར་ཆོས་ཉིད་དུ་གྲོལ་བས་གདིང་གྲོལ་ཐོག་ཏུ་ཆོས་ཏེ་ཕྱིར་མི་ལྡོག་པའོ། །གཞན་དག་ཚིག་གི་གོ་ཡུལ་ལ་ངོ་སྤྲད་པས་ལྟ་སྒོམ་ཤི་ལོག་བྱེད་པ་མང་ཞིང་། འདིར་ཕྱི་རྐུན་ནང་བྱན་སྤྲད་པས་མཆོག་འཛིན་དང་གོ་ཤེས་དངོས་མེད་ཟང་ཀར་གྲོལ་བས་སྒྲ་མཐུན་ཀྱང་དོན་འཕགས་སོ། །མཉམ་སྦྱོར་གསང་རྒྱུད་ལས། ཡེ་ནས་མ་འདྲེས་ཡོངས་རྫོགས་དོན། །གཅིག་ཤེས་རིག་པས་མཉམ་སྦྱོར་གསང་། །དེ་ཡིན་སྒོམ་མེད་ཡེ་སངས་རྒྱས། །ཞེས་སོགས་ཡིད་ཆེས་པའི་ལུང་མདོ་རྒྱུད་ཀུན་ནས་མཐའ་ཡས་པ་འབྱུང་ངོ་།། །།གཉིས་པ་རྩལ་སྦྱོང་བ་ནི། རིག་པའི་རྩལ་སྦྱོང་དོན་ཁྲིད་ཀྱིས་བོགས་འབྱིན་པ་གྱད་ཕྲུག་རྩལ་སྦྱོང་བ་ལྟ་བུའི་གདམས་ངག་སྟོན་པ་སྟེ། ངོ་བོ་རང་བྱུང་གི་རིག་རྩལ་འགག་མེད། ངེས་ཚིག་སྐྱེ་མེད་ཀྱི་རིག་རྩལ་འགག་མེད་དུ་འཆར་བ་ཉིད་འཛིན་མེད་དུ་སྦྱོང་བ། དབྱེ་བ་རོལ་པ་དང་རྩལ་དང་རྒྱུ་འགྲུལ་ཁ་བསྒྱུར་ལ་སོགས་པ། དཔེ་གྱད་ཕྲུག་ལ་རྩལ་གྱི་རྒྱུ་ཡོད་ཀྱང་མ་སྦྱང་ན་སྣ་བསྒྱུར་མི་ཤེས་ལ། སྦྱངས་པས་འཕྲུལ་ཕྱོགས་མེད་དུ་འབྱོངས་ཏེ་དགྲ་ཐུལ་བ་བཞིན། རང་བྱུང་གི་སྟོབས་རྫོགས་ཀྱང་སྣ་ཚོགས་འཛིན་གྲོལ་རྩལ་མ་སྦྱང་ན་དྲན་རྟོག་ལམ་དུ་མི་བསླང་ལ། རྩལ་སྦྱངས་པས་གང་ཤར་ལམ་དུ་ལོངས་ཏེ་ལྟ་བ་ཡན་ཐུབ། སྒོམ་པ་ཡེངས་ཐུབ། སྤྱོད་པ་རྐྱེན་ཐུབ་ཏུ་འགྱུར་བའོ། །དེ་ལ་ཆོས་ཉིད་སྐྱེ་མེད་ཀྱི་རྩལ་རོལ་པ་འགག་མེད་དུ་འཆར་བ་ལ་རང་ངོ་མ་ཤེས་ཏེ་གཉིས་འཛིན་རྒྱུན་མཐུད་ནས་འཁོར་བར་ཉིང་མཚམས་སྦྱོར་བ་དེ་ཉིད། རང་བྱུང་རང་རྩལ་དུ་ཤེས་ནས་རང་གྲོལ་ཆོས་ཉིད་དུ་དབང་ཐོབ་པར་བྱེད་པའི་ཕྱིར། སྐབས་འདིར་ཟླུམ་པོ་བཞི་དབང་གིས་ཐོག་དྲངས་ཏེ་ཡང་ཏིའི་རིག་པའི་རྩལ་དབང་བསྡུས་པ་དང་། ཡང་ཏི་དང་སྤྱི་ཏི་ཐུན་མོང་བའི་རྩལ་དབང་རྒྱས་པར་བསྐུར་པས་འཁྲུལ་པའི་རྒྱུན་ཆད་ནས་རིག་རྩལ་ལ་རང་དབང་ཐོབ་པར་འགྱུར་རོ། །རྩལ་སྦྱོང་དངོས་ལ་བདུན། རྩ་བ་ལས་ལ་གཟུད་པ། རྨི་ལམ་བག་ཆགས་སྦྱོང་བ། ནད་གདོན་དྲུངས་ནས་འབྱིན་པ། བདུད་བཞི་གཞོམ་པ། དགྲ་གསུམ་གསད་པ། གཡང་ས་གཅད་པ། གང་འདོད་ཡིད་བཞིན་དུ་སྒྲུབ་པའོ། །དང་པོ་ནི། བླ་མའི་རྣལ་འབྱོར་རུ་ཤན་སོར་བཞག་གསུམ་གྱིས་རང་བྱུང་གི་ཤེས་པ་དྭངས་སྙིགས་ཕྱེད་ནས་རང་མལ་དུ་གནས་པ་དེ་ཉིད་རྩལ་ཕྱོགས་མེད་དུ་སྦྱོང་བ་སྟེ། ལུས་གནད་ཆོས་བདུན་བཅའ། ངག་གནད་རླུང་ཁ་སྦྱོར་བཅིང་། རིག་པ་ངར་བསྐྱེད་དེ་ཕྲ་བ་ཏིལ་འབྲུ་ཙམ་ལ་དྲིལ་ནས་རླུང་ཁུག་གསུམ་གྱི་བར་དུ་བསྒྲིམས་པའི་མཐར་ཕཊ་ཅེས་ཀློད་ལ་རྗེས་ཆོས་ཉིད་ངང་དྭངས་ཀྱི་ཤེས་པ་ས་ལེ་བསྐྱང་། དེ་ལྟར་ཡང་ཡང་བསྐྱར་ཏེ་སྦྱང་། ཕྲ་བ་ལས་སུ་རུང་བ་དང་། གནད་གཞན་རྣམས་གོང་ལྟར་ལ། རིག་པ་ནམ་མཁའི་མཐའ་མཉམ་དུ་རྒྱ་བསྐྱེད། རྒྱ་འབྱམས་ལས་སུ་རུང་ནས། རིམ་བཞིན་མཐོ་བ་སྲིད་རྩེ། དམའ་བ་གསེར་གྱི་ས་གཞི། མང་བ་རྡུལ་སྙེད། ཉུང་བ་གཅིག་པུ། དངོས་པོ་ཀུན་ལ་ཟང་ཐལ། མྱུར་བ་གློག་ལྟར་འཁྱུག་པ། བརྟན་པ་རི་ལྟར་མི་འགྱུར་བ་རྣམས་ལ་འབྱོངས་ནས། ལྷ་ཞི་ཁྲོ་སྤྲུལ་པ་དུ་མས་སྟོང་གསུམ་གང་བར་འགྲོ་དོན་མཛད་པ་དང་། རི་རབ་ལྟ་བུས་ཟིལ་གྱིས་གནོན་པ་ལ་སྦྱང་ཞིང་རྗེས་ཤེས་གོང་ལྟར་བསྐྱང་། སྐབས་སུ་སོར་བཞག་ལ་བསླབ་བོ། །གཉིས་པ་རྨི་ལམ་བག་ཆགས་སྦྱོང་བ་ནི། ལུས་ལྷའི་རྣམ་པ་རྨི་ལམ་ལྟ་བུར་ཤེས་ཤིང་དེར་མ་ཞེན་པས་སྤྱོད་ལམ་ཐམས་ཅད་དུ་ཐ་མལ་རང་རྒྱུད་པར་སྐད་ཅིག་ཀྱང་མི་གཞག །སྲོད་ཐུན་ལ་ལུས་ངག་གི་གནད་གོང་ལྟར་བཅས་ལ། འཁོར་འདས་ཀྱི་ཆོས་ཐམས་ཅད་རྨི་ལམ་རང་ཡིན་ངེས་སྙམ་པའི་འདུན་པ་དྲག་པོ་བྱས་ལ་ཕཊ་ཀྱིས་བཤིགས་ཏེ་རྗེས་ཤེས་བསྐྱང་བ་ཡང་ཡང་སྦྱང་། གཉིད་དུ་འགྲོ་ཁར་རྨི་ལམ་ངོ་ཤེས་པར་བྱ། ཉམས་སུ་བླང་བྱ་ལེན་བྱེད་ཐམས་ཅད་ཀྱང་བདེན་མེད་དུ་ཤེས་བཞིན་པས་སྦྱང་བར་བྱ་སྙམ་པའི་འདུན་པ་དྲག་པོ་བྱས་པས། རྨི་ལམ་དུ་ཆོས་ཉིད་ངང་དྭངས་གཏད་མེད་རང་བྱུང་དུ་འཆར། དེ་ལ་ཡེ་ཤེས་ཀྱི་སྟོབས་ཞན་ཀྱང་བར་དོའི་སྣང་བ་བདུན་འགྱུར་དུ་གསལ་བས་ཡེ་ཤེས་ཤར་ནས་འཚང་རྒྱའོ། །གསུམ་པ་ནད་གདོན་དྲུངས་ནས་འབྱིན་པ་ནི། ནད་གདོན་བྱུང་བའི་ཚེ། དང་པོ་གཞི་རྩད་གཅད་པ་ནི། ནད་གདོན་རྩ་བ་དུག་གསུམ། དེའི་རྩ་བ་ངར་འཛིན། དེའི་རྩ་བ་སེམས་ཉིད་གཞི་མེད་རྩ་བྲལ་ནམ་མཁའ་ལྟ་བུར་ཐག་བཅད། འོན་ཀྱང་ནམ་མཁའ་ལ་སྤྲིན་འབྱུང་བ་ལྟར་འཁྲུལ་རྟོག་གློ་བུར་དུ་ལྡངས་པ་གཉེན་པོ་རླུང་གིས་གཏོར་བ་ལྟར་རིག་པའི་རྩལ་སྦྱང་བར་བྱའོ་སྙམ་པས། ལུས་གནད་ཐུབ་ཚད་བཅའ། རླུང་རིག་རྩེ་གཅིག་ཏུ་དྲིལ་ལ། ཚད་ནད་དང་ཕོ་གདོན་རྣམས་ཨོལ་ཏོང་ནང་དུ་འོད་སྔོ་དམར་དུ་བ་ལྟ་བུར་བསྡུས། རླུང་རིག་སྦྲགས་ཏེ་ཧ་ཧ་ཞེས་ཡང་ཡང་དྲག་ཏུ་བརྗོད་ལ་སྟེང་རླུང་དང་ལྷན་ཅིག་སང་སང་ཕྱིར་སོང་བར་བསམ། ནད་དྲག་ན་ཕྱིས་མི་འཇུག་པའི་ཕྱིར། སྙིང་གར་ཨ་དཀར་པོ་འོད་འབར་བ་ཞིག་ཡུན་རིང་གསལ་གདབ་ལ་རླུང་རིག་གཅུན། ཐུན་གྱི་རྗེས་རྣམས་སུ་རང་བྱུང་ངང་དྭངས་སོར་བཞག་བསྐྱང་། སྔོན་རྗེས་གནད་སྤྱི་དེ་དང་འདྲ་བ་ལས། གྲང་ནད་དང་མོ་གདོན་རྣམས་ཕོ་སྨད་རྒྱུ་ཞབས་སུ་སེར་ཉོག་གེ་ནག་བུན་ནེ་བསྡུས་པར་བསམ། རླུང་སྨད་དུ་ཤིག་ཤིག་ཕྲུམ་ཕྲུམ་བྱས་ལ་འོག་རླུང་ཀློད་ཅིང་ལུས་སྤྲུགས་པས་འོག་སྒོ་ནས་སང་སང་སོང་བར་བསམ། མི་ལྡོག་པའི་ཕྱིར། ལྟེ་འོག་ཏུ་རཾ་ལས་མེ་འུ་རུ་རུ་འབར་བར་བསམ་ལ་རླུང་རིག་དེར་གཅུན། བད་ཀན་གྱི་ནད་དང་ས་བདག་ཀླུ་གདོན་ཐམས་ཅད་ཕོ་བའི་ནང་དུ་སྔོ་དམར་དཀར་སེར་དམར་ཁྲ་ཉོག་གེ་བར་བསྡུས་པར་བསམ་ལ་འཕྲུལ་འཁོར་ཕོ་བ་གཡས་གཡོན་དུ་བསྐོར། སྒྲེགས་པ་བཏོན་ལ་ནད་ཇ་ཆུ་ལྟར་བསྐོལ་ཞིང་གདོན་ལྡུམ་བུ་ལྟར་བཙོས་པ་རྣམས་འོག་སྒོ་ནས་མར་ཀྱུ་རུ་རུ་ཐོན་པར་བསམ། མི་ལྡོག་པའི་ཕྱིར། ཕོ་བར་ཧཱུྃ་སྔོན་དམར་འོད་ལྔར་འཁྱིལ་བར་བསམ་ལ་རླུང་རིག་དེར་གཅུན། རླུང་ནད་ཅན་ལ་སྣང་སྲིད་མར་ཁུར་བསམ་སྟེ་ཧུབ་ཧུབ་ཅེས་རྔུབས་པས་ལུས་གང་ནས་མེ་རེ་ལྟེམས་སེར་འདུག་པར་མོས་ལ་རླུང་ནང་དུ་མི་གཅུན། མདོར་ན་ནད་གདོན་ཐམས་ཅད་ལ་རིག་པ་ངར་དང་བཅས་པས་རླུང་གཟུང་ཞིང་ཟང་ཐལ་ཧར་འདོན་འཕྲུལ་ཚགས་བཤལ་སྐྱུགས་ཀྱི་དམིགས་པ་དང་། དངོས་སུའང་དཔྱད་ལ་སོགས་པའི་རྟེན་འབྲེལ་གང་དགོས་རིགས་པས་དཔག་ཅིང་། རྗེས་རང་བྱུང་རང་དྭངས་སོར་བཞག་གི་ངོ་བོ་བསྐྱངས་པས་དྲུངས་ནས་འབྱིན་ནོ། །བཞི་པ་བདུད་བཞི་གཞོམ་པ་ནི། བདུད་བཞི་ཀ་གཏད་མེད་དུ་སྐྱེ་བ་གཞིར་བྱས་ནས། རང་ལ་དགའ་བྲོད་གཞན་ལ་གཤེ་འདོད་སྙིང་རྗེ་མེད་ཅིང་བསོད་ནམས་འདུ་འཛི་ལ་དགའ་ན་ལྷའི་བུའི་བདུད་ཡིན་ཏེ། རླུང་རིག་སྦྲགས་ལ་ཕཊ་འདོན་ཅིང་རྟོག་ངན་གཅད། ཀུན་ཁྱབ་ཀྱི་སྙིང་རྗེ་བསྐྱེད། ན་ཚ་མོད་ཅིང་ཤེས་པ་བྱིང་རྨུགས་སུ་སོང་ན་ཕུང་པོའི་བདུད་དེ་རླུང་རིག་སྦྲགས་ཏེ་ནད་འདོན་ཟང་ཐལ་བྱ། དུག་ལྔ་དང་ཁྱད་པར་ང་རྒྱལ་སྐྱེ་ན་ཉོན་མོངས་བདུད་དེ་གང་སྐྱེས་ལ་རླུང་རིག་གཏད་ཅིང་རྩལ་སྦྱོང་། འཆི་བར་མོས་ཤིང་ལྕེབས་སྙིང་འདོད་ན་འཆི་བདག་གི་བདུད་དེ་སེམས་ཉིད་རང་བྱུང་སྐྱེ་འཆི་མེད་པའི་གདིང་བསྐྱེད། ཕཊ་ཀྱིས་རྟོག་པ་ནམ་མཁའི་དབྱིངས་སུ་བསྐྱེལ། རྗེས་བཞི་ཀ་ལ་སོར་བཞག་གི་ངོ་བོ་བསྐྱང་ངོ་། །ལྔ་པ་དགྲ་གསུམ་གསད་པ་ནི། ཕྱིའི་དགྲ་གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། ནང་གི་དགྲ་ཉོན་མོངས་དུག་ལྔ། གསང་བའི་དགྲ་སྡུག་བསྔལ་གྱི་རྩ་བ་དང་འཛིན་པ་སྟེ། ཐམས་ཅད་ལ་རླུང་རིག་གཅུན་ཏེ་ཕཊ་བརྗོད་ལ་ཐོག་བརྫིས་བྱས་པས་དགྲ་གསུམ་སྐྱེ་མེད་ཀྱི་ངང་དུ་སོད་དོ། །དྲུག་པ་གཡང་ས་གཅད་པ་ནི། ཐོག་མར་འགྲོ་བ་རིགས་དྲུག་གི་རྒྱུ་ཉོན་མོངས་པ་དྲུག །དེའི་རྩ་བ་ངར་འཛིན་སོགས་ཐག་བཅད་པ་ནས་རྩལ་སྦྱོང་བར་བྱ་སྙམ་པའི་བར་གོང་ལྟར་ལ། ལུས་གནད་བཅའ། རླུང་རིག་བསྒྲིལ་ལ། ངག་ཏུ་ཨ་ཞེས་བརྗོད་པ་དང་མཉམ་དུ་རང་སེམས་ཨའི་རྣམ་པར་ལྷའི་གནས་སུ་འཕང་། ལྷའི་དགའ་བདེ་དང་ལྟུང་བའི་སྡུག་བསྔལ་ཉམས་སུ་མྱོང་བར་བསྒོམ། ཕཊ་ཀྱིས་བཅད། རྗེས་རང་བྱུང་ངང་དྭངས་སུ་གཞག །དེས་ཀུན་ལ་འགྲེས་ཏེ། ནྲྀ་བརྗོད་ཅིང་མིའི་གནས་སུ་སྐྱིད་སྡུག་གི་འགྱུར་བ། སུ་ལྷ་མིན་འཐབ་རྩོད། ཏྲི་བྱོལ་སོང་གླེན་ལྐུགས། པྲེ་ཡི་དྭགས་བཀྲེས་སྐོམ། དུ་ཞེས་དམྱལ་བར་ཚ་གྲང་ཉམས་སུ་མྱོང་བར་བསྒོམས་ལ་ཕཊ་ཀྱིས་བཅད་ཅིང་ངང་ལ་གཞག །དེ་ལྟར་དྲུག་པོ་རྫོགས་པའི་རྗེས་སུ་རིགས་དྲུག་གི་གནས་རྒྱུ་དང་བཅས་པ་ཡི་གེ་དྲུག་ལ་འདུས། དེ་དྲུག་པོ་གྱེན་རྫོགས་སུ་ཨ་ལ་ཐིམ། ཨ་ནམ་མཁར་ཡལ་བར་བསམ་ལ་སོར་བཞག་བསྐྱངས་པས་རིགས་དྲུག་གི་གཡང་ས་ཆོད་དོ། །བདུན་པ་གང་འདོད་ཡིད་བཞིན་དུ་སྒྲུབ་པ་ནི། རང་རིག་རང་དབང་སྒྱུར་བའི་རྩལ་རྫོགས་པའི་ཚེ་རླུང་རིག་འགྱུ་བའི་ཁ་བསྒྱུར་ཙམ་གྱིས་ཕྲིན་ལས་ཐམས་ཅད་འགྲུབ་སྟེ། ཞི་བའི་ལས་ལ། རིག་པ་ཨོཾ་དཀར་འོད་ཀྱི་རྣམ་པ་ཅན་འཕངས་པ་ན་ནད་གདོན་སོགས་ཞི་བྱའི་ཡུལ་ལ་ཕོག་པས་འོད་དཀར་པོར་ལྷན་གྱིས་ཞུ་ནས་ཆོས་ཉིད་ཀྱི་ངང་དུ་ཞི། རྗེས་ཧ་ཞེས་ཀློད་ལ་ཆོས་ཉིད་ངང་དྭངས་སུ་འཛིན་མེད་ས་ལེར་བསྐྱང་། དེས་འགྲེས་ཏེ་རྒྱས་པ་ལ་སྭཱ་སེར་པོ། དབང་ལ་ཧྲཱིཿདམར་པོ། མངོན་སྤྱོད་ལ་ཧཱུྃ་ལྗང་ནག་འོད་ཟེར་རལ་གྲིའི་ཟེར་ལྡན། དགུག་པ་ལ་ཛཿདམར་པོ་ལྕགས་ཀྱུའི་ཟེར་ལྡན། བསྐྲད་པ་ལ་ཕཊ་ལྗང་གུ། བཅིང་པ་ལ་ཧཱུྃ་སེར་ནག་ཞགས་པའི་ཟེར་ལྡན། འགྲོལ་བ་ལ་ཧཱ་སྔོན་པོ་སྤུ་གྲིའི་ཟེར་ལྡན་གྱིས་འཆིངས་པ་བཅད་པ་སོགས་དང་། འཕོ་བ་ལ་རྩལ་སྦྱོང་ན། སྙིང་དབུས་རང་རིག་ཨ་དཀར་པོ་འོད་ཀྱི་རྣམ་པ་ཅན་དུ་གསལ། རླུང་བཟུང་ལ་སྙིང་ནས་མིག་ཏུ་རྩ་ཤེལ་གྱི་སྦུ་གུ་ཅན་ཟུག་པའི་ནང་བརྒྱུད་མིག་གཡོན་ནས་རྒྱང་གིས་བཏོན་ལ། ཆོས་སྐུར་འཕོ་ན་མཁའ་དབྱིངས། ལོངས་སྐུར་འཕོ་ན་ཡི་དམ་དང་། སྤྲུལ་སྐུ་བླ་མའི་ཐུགས་ཀར་ཐིམ་པར་བསམ་ལ། ཧ་ཕཊ་ཅེས་བརྗོད། གྲོང་འཇུག་ལ་རང་རིག་ཧཱུྃ་གི་རྣམ་པས་ཧ་ཞེས་སྣ་བུག་གཡས་ནས་འཕོས་ཏེ་གཞོན་ལུས་གཙང་མའི་རོ་ཡི་སྣ་བུག་གཡོན་ནས་སྙིང་གར་ཞུགས། གཞན་སྤར་ན། རིག་པ་ཨ་དཀར་རླུང་གི་ཤམ་བུ་ཅན་གྱིས་སྤོར་བྱ་དེའི་སྙིང་ག་ནས་བཏེག་སྟེ་འོག་མིན་ཆོས་ཉིད་དུ་བསྟིམ། གཞན་ཡང་ལས་གང་བསྒྲུབ་པར་འདོད་ཀྱང་རླུང་གཟུང་ཞིང་རིག་པ་འགྱུ་བའི་རྩལ་སྦྱོང་གིས་རྟོག་ཚོགས་ཆོས་ཉིད་ཀྱི་ཡོ་ལང་དུ་ལོངས་སྤྱད་པས་གང་འདོད་ཡིད་བཞིན་དུ་འགྲུབ་བོ། །དེ་ལྟར་རྩལ་སྦྱོང་བདུན་པོ་ཐམས་ཅད་དང་། གཞན་ཡང་བྱིང་རྒོད་རེ་དོགས་ཡིད་བྱེད་བདག་འཛིན་རྟོག་བློ་ཕྲ་རགས་གང་བྱུང་ཡང་ཐམས་ཅད་ཕཊ་དྲག་ལ་ཐུང་བ་འབའ་ཞིག་བརྗོད་ལ་གཅད་དེ། སྦས་འཕྱང་ལྔ་པ་ལས། རྩལ་སྦྱོང་ངོ་ཏི་ཕཊ་ཡིན། ཆོས་ཉིད་སྟོབས་རྫོགས་འདོད་རྒུར་བསྒྱུར་རོ། །ཞེས་གསུངས་པ་ལྟར་རོ། །རྫོགས་ཆེན་སྤྱི་ལ་རྩལ་དབང་མདོ་ཙམ་ཡོད་ཀྱང་རྩལ་སྦྱོང་དམན་པས་འཕྲལ་རྐྱེན་མི་ཐུབ། འདིས་འགྱུ་དྲན་ཐམས་ཅད་ཕྲིན་ལས་སུ་འགྱུར་བས་སྒྲ་མཐུན་ཀྱང་དོན་འཕགས་སོ། །དེ་ལྟར་རྩལ་སྦྱོང་བའི་དགོས་ཆེད་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་སྟེ། རྒྱུད་ལས། ལུས་ངག་རླུང་སེམས་གཅིག་ཏུ་དྲིལ། །ཡི་གེ་ཕཊ་ཀྱིས་ལྕག་བསྐུལ་ན། །རང་རིག་ཡེ་ཤེས་རྩལ་རྫོགས་འགྱུར། །ཞེས་གསུངས་སོ། །དེ་ལྟར་ཡང་ལུང་ཀུན་འདུས་ལས། ཆོས་སྐུའི་རང་རྩལ་འཁོར་འདས་ལ། །འཛིན་མེད་རིག་པའི་རྩལ་སྦྱོང་ན། །འཁོར་ལོས་བསྒྱུར་ནས་དབྱིངས་མི་ཟད། །ཅེས་སོགས་མདོ་རྒྱུད་ཀྱི་བཀའ་ལུང་དུ་མས་གྲུབ་པ་ཡིན་ནོ།། །།གསུམ་པ་མཐར་ཕྱིན་པར་བྱ་བ་ནི། བརྒྱུད་འཛིན་ལ་གདམས་པ་གཏད་པའི་དོན་ཁྲིད་ཀྱིས་ཡིད་བཞིན་ནོར་བུ་འབྲལ་མེད་དུ་ལོངས་སྤྱོད་པ་ལྟ་བུའི་གདམས་པ་སྟོན་པ་སྟེ། གཏད་རྒྱའི་ངོ་བོ་རབ་ཏུ་དཀོན་པ་སངས་རྒྱས་མཉམ་སྦྱོར་གྱི་གནད་ཟབ་མོ། ངེས་ཚིག་ཁྲིད་མཐར་ཕྱིན་པའི་སློབ་བུ་ལ་གདམས་པ་སྙིང་གི་དཀྱིལ་དུ་གཏད་པ། དབྱེ་བ་མང་ཡང་ཐུན་མོང་ཁྱད་པར་བླ་ན་མེད་པའི་གདམས་པ་གསུམ་ལས་འདིར་མཐར་ཐུག་བླ་ན་མེད་པ། དཔེ་གསེར་གྱི་བུམ་པར་བདུད་རྩི་བླུགས་ནས་གཅེས་པར་འཆང་བ་ལྟ་བུ་ཐུགས་ནས་ཐུགས་སུ་གབ་ཅིང་འཆང་བའོ། །གདམས་གཏད་དངོས་ལ་གསུམ། རིག་པའི་རྩལ་དང་སྦྱར་ཏེ་སྒོམ་མེད་དོན་གྱི་གཟེར་ཆིག་ཚུགས་སུ་གདབ་པ་དང་། ཞལ་གདམས་ཁྱད་པར་ཐོར་བུ་གནད་ཀྱི་ཏི་ཀས་དོན་གྱིས་འཕྲང་གཅད་པ་དང་། དོན་ཁྲིད་འདིའི་རྣམ་ཐར་བརྗོད་ནས་སྣོད་ལྡན་ལ་གཏད་པའོ། །དང་པོ་ནི། དོན་ཁྲིད་རྫོགས་པའི་གང་ཟག་རབ་ཀྱིས་དུས་གསུམ་སྤྱོད་ལམ་རྣམ་བཞིར་གཅིག་ཤེས་རིག་པའི་གཟེར་ཆེན་འཕོ་འགྱུར་མེད་པ་ཐེབས་ཏེ། སྒོམ་མེད་དོན་དང་འདུ་འབྲལ་མེད་པའི་རིག་རྩལ་རང་ཤར་ཀུན་གྲོལ་བསྐྱང་ངོ་། །གང་ཟག་འབྲིང་གིས་ཆོས་ཉིད་ངང་དྭངས་མིང་མེད་དྲན་པའི་སོ་མ་ཉམས་པར་ཆོས་ཉིད་གཉུག་མའི་དྲན་པས་སྒོམ་མེད་དོན་གཟེར་ཆིག་ཚུགས་སུ་བསྐྱང་ངོ་། །གང་ཟག་རིག་རྩལ་ཐ་མ་ལ་ཚིག་རྫོགས་གནད་ཀྱི་ཚུལ་བརྗོད་པ་སྟེ། དེའང་ཆོས་སྒོ་མཐའ་ཡས་ཐེག་པ་དགུའི་མདོ་སྤྱིར་བསྟན་ཡང་། གཏན་ལ་དབབ་བྱ་བྱང་ཆུབ་ཀྱི་སེམས་ཆོས་ཉིད་ངང་དྭངས་མ་འདྲེས་ཡོངས་རྫོགས་མུ་མཐའ་མཉམ་གྲོལ་དུ་གཏན་ལ་འབེབ་པར་འདོད་དོན་གཅིག་སེམས་ཀྱི་མཚན་ཉིད་གཏན་ལ་ཕེབ་ངེས་པ་ནི། ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་དོན་གྱི་པྲ་ཁྲིད་ཁོ་ན་འབྲས་བུ་རང་གནས་ཀྱི་དོན་མཐར་ཐུག་ཡིན་ལ། དེ་ལ་ཁྲིད་རིམ་བརྒྱད་དུ་སྟོན་ཀྱང་ངོ་བོ་ཆོས་ཉིད་མིང་མེད་ཀ་དག་གཅིག་ཤེས་སུ་གཏན་ལ་འབེབ་པའི་གནད་གཅིག་ཁོ་ནར་རྫོགས་པ་ཡིན་ཅིང་། དེའི་གནད་ཁྲོལ་བས་ངོ་བོ་མཐོང་གྲོལ། རང་རྩལ་བཏགས་གྲོལ། སྒོམ་མེད་དོན་གྱི་གཟེར་ཐེབས་པས་བློས་བྱས་ཡིད་བྱེད་ཀྱི་གོལ་ས་ཤུགས་ལ་ཆོད་ནས་བསྒོམས་རུང་མ་བསྒོམ་རུང་ཆོས་ཉིད་ངང་དྭངས་མ་འདྲེས་ཡོངས་རྫོགས་ཀྱི་ལོངས་སྤྱོད་བསྐྱང་ངོ་། །གཉིས་པ་ཞལ་གདམས་ཁྱད་པར་ཐོར་བུ་གནད་ཀྱི་ཏི་ཀས་དོན་གྱི་འཕྲང་གཅད་པ་ལ་བཞི། མི་གོལ་བའི་གནད་བདུན། ཡང་དག་གི་རྣལ་འབྱོར་བདུན། བློ་བྲལ་གྱི་འཇོག་ཉེར་གཅིག །ཡང་གདམས་གནད་གཅོད་ཀྱི་གནད་ལེའུ་བཅུ་གཅིག་གོ །དང་པོ་ནི། རྡོ་རྗེའི་གསུང་འདི་ལ་གསན་ཅིང་གདམས་པའི་དོན་སྙིང་གི་དཀྱིལ་དུ་འཆང་བར་ཞུ། རྗེས་འཇུག་རིགས་ཀྱི་བུ་ཉོན་ཅིག །སངས་རྒྱས་སེམས་ཅན་དུ་མི་གཏང་། ཡེ་ཤེས་སེམས་སུ་མི་གཏང་། ཆོས་སྐུ་རྣམ་རྟོག་ཏུ་མི་གཏང་། ཆོས་ཉིད་མཚན་མར་མི་གཏང་། སྒོམ་མེད་ཐ་མལ་དུ་མི་གཏང་། ཆོས་དབྱིངས་མུ་མཐར་མི་གཏང་། ངང་དྭངས་བདེ་ཆགས་སུ་མི་གཏང་ངོ་། །གཉིས་པ་ཡང་དག་གི་རྣལ་འབྱོར་བདུན་ནི། རིགས་ཀྱི་བུ་ཆོས་སྐུ་ཇི་བཞིན་པར་ངང་དྭངས་དེ་བཞིན་འཇོག་ན་རྣལ་འབྱོར། རང་བྱུང་རང་གསལ་དོན་ལ་མ་བསམ་འཇོག་ན་རྣལ་འབྱོར། རིག་པའི་སོ་ལ་རྒྱུན་དུ་གནས་ན་རྣལ་འབྱོར། བྱར་མེད་ངང་དུ་རྩོལ་མེད་གནས་ན་རྣལ་འབྱོར། རྣམ་རྟོག་རང་བྱུང་རང་ཞིར་འཇོག་ན་རྣལ་འབྱོར། སྣང་ཚད་སེམས་རྟོག་སྒྱུ་མར་ཤེས་ན་རྣལ་འབྱོར། མ་བཅོས་སྒོམ་མེད་ཡེངས་མེད་ཤེས་ན་རྣལ་འབྱོར་ཡིན་ནོ། །གསུམ་པ་བློ་བྲལ་གྱི་འཇོག་ཉེར་གཅིག་ནི། རིགས་ཀྱི་བུ་གསོན་ཅིག །ད་ལྟར་གྱི་དྲན་རྟོག་སོ་མ་ཉམས་པ་འདི་ཁོ་ན་གཞི་མེད་ངང་དྭངས་ཆོས་ཀྱི་སྐུ་སྟེ། བསམ་དུ་མེད་པའི་ཆོས་ཉིད་དབྱིངས་ཆེན་ལ། །སྒོམ་ཡང་མི་བསྒོམ་ཕྱམ་མེར་གཞག །བསྒོམས་ཀྱང་འགལ་མེད་ཕྲི་ལེ་གཞག །ཡེངས་ཀྱང་མ་ཡེངས་ཙེན་ནེ་གཞག །ཡེངས་ཀྱང་འགལ་མེད་ཕྱ་ལེ་གཞག །ལྟ་ཡང་མ་ལྟ་ཅོག་གེ་གཞག །བལྟས་ཀྱང་འགལ་མེད་ཅེ་རེ་གཞག །འཕྲོ་ཡང་མ་འཕྲོ་ཧྲིག་གེ་གཞག །འཕྲོས་ཀྱང་འགལ་མེད་གང་དགར་ཐོངས། །བསྡུ་ཡང་མ་བསྡུ་ཝལ་ལེར་གཞག །བསྡུས་ཀྱང་འགལ་མེད་ཏིང་ངེར་གཞག །སྒྲིམ་ཡང་མ་སྒྲིམས་ཁྲོལ་ལེར་གཞག །བསྒྲིམས་ཀྱང་འགལ་མེད་ཏུ་རེ་གཞག །འཆོས་ཀྱང་མ་འཆོས་ས་ལེ་གཞག །འཆོས་ཀྱང་འགལ་མེད་སིང་ངེ་གཞག །སྒྲུབ་ཀྱང་མ་སྒྲུབས་རྩོལ་དང་ཕྲོལ། །བསྒྲུབས་ཀྱང་འགལ་མེད་ལྷུན་གྱིས་ཞོག །འགག་ཀྱང་མ་འགག་རང་བྱུང་ཞོག །འགགས་ཀྱང་འགལ་མེད་སྐྱེ་མེད་ཞོག །ཞུམ་ཡང་མ་ཞུམ་ཧུ་རེ་གཞག །ཞུམ་ཡང་འགལ་མེད་ལྷན་ནེ་ཞོག །རྩོལ་ཡང་མ་རྩོལ་འབོལ་ལེ་ཞོག །རྩོལ་ཡང་འགལ་མེད་ཤུགས་འབྱུང་ཞོག །བཞག་ཀྱང་མ་གཞག་གཉིས་མེད་སློད། །བཞག་ཀྱང་འགལ་མེད་ལྷུག་པར་ཞོག །དེ་ལྟར་ཉམས་སུ་བླངས་ན་ཐབས་ཀྱི་དྲི་མ་འདག །གཉེན་པོའི་བྱ་ར་འགྱེལ། ཐུན་མཚམས་ཀྱི་རྟོག་པ་གྲོལ། ཆོས་ཉིད་ཀྱི་སོ་འདྲོངས་ནས་ལྟ་བས་ཡན་ཐུབ། སྒོམ་པས་ཡེངས་ཐུབ། སྤྱོད་པས་རྐྱེན་ཐུབ། འབྲས་བུ་ཀ་དག་དབྱིངས་གྲོལ་དུ་འགྱུར་བའི་གནད་ཡིན་ནོ། །བཞི་པ་ཡང་གདམས་གནད་གཅོད་ཀྱི་གནད་ལེའུ་བཅུ་གཅིག་ལ་གཉིས། དངོས་ལེའུ་བཅུ་གཅིག་གིས་ཆོས་ཉིད་ཟད་སར་སྐྱེལ་བ་དང་། ཞར་བྱུང་ཁྱད་པར་གྱི་གདམས་ངག་བརྒྱད་བརྗོད་པའོ། །དང་པོ་ནི། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཆོས་རྣམས་ཀུན་གྱི་གཞི་རྩ་སྟེ། །ང་བདག་ངོས་བཟུང་རྗེས་བཅད་མཉམ་པར་སྦྱོར། །ད་ལྟ་ཉིད་དུ་མངོན་འཚང་རྒྱ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །འཁོར་བར་འཆིང་བའི་ཞགས་པ་སྟེ། །ཆགས་པ་ངོས་བཟུང་རྗེས་བཅད་མཉམ་པར་གྲོལ། །སྐད་ཅིག་གཅིག་ལ་མངོན་འཚང་རྒྱ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །འཁྲུལ་གྲོལ་སྐྱོན་གྱི་ཕྱི་མོ་སྟེ། །འཛིན་པ་ངོས་བཟུང་ལ་བཟླ་ན། །སྐད་ཅིག་གཅིག་ལ་སངས་རྒྱས་ངེས། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཆོས་རྣམས་ཀུན་སྤྱོད་བྱེད་པ་པོ། །བློ་ཡིད་ངོས་བཟུང་རྗེས་བཅད་མཉམ་པར་གྲོལ། །སྐད་ཅིག་གཅིག་ལ་མངོན་འཚང་རྒྱ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ལྟ་སྒོམ་ཉམས་ལེན་ཀུན་གྱི་གནད། །ཡེངས་དང་མ་ཡེངས་གཉིས་མེད་པས། །ངོས་བཟུང་རྗེས་བཅད་མཉམ་པར་གྲོལ། །སྐད་ཅིག་གཅིག་ལ་མངོན་འཚང་རྒྱ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཆོས་རྣམས་ཀུན་ལ་རྟོག་པ་པོ། །རྟོག་པ་ངོས་བཟུང་རྗེས་བཅད་མཉམ་པར་གྲོལ། །སྐད་ཅིག་ཉིད་ལ་མངོན་འཚང་རྒྱ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །འཁོར་འདས་གཉིས་ཀྱི་ཉིང་མཚམས་སྦྱོར། །དྲན་པ་ངོས་བཟུང་རྗེས་བཅད་མཉམ་པར་གྲོལ། །སྐད་ཅིག་ཉིད་ལ་མངོན་འཚང་རྒྱ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །འཆར་ལུགས་རྩལ་གྱི་དང་པོ་སྟེ། །འགྱུ་བ་ངོས་བཟུང་རྗེས་བཅད་མཉམ་པར་གྲོལ། །སྐད་ཅིག་ཉིད་ལ་མངོན་འཚང་རྒྱ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྱིར་མི་ལྡོག་ངེས་གདེང་མཐར་ཐུག །ངོས་བཟུང་རྗེས་བཅད་མཉམ་པར་སྦྱར། །སྐད་ཅིག་འདི་རིག་ཕྱིར་མི་ལྡོག །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །དུས་གནད་གཏེམས་པ་གལ་ཆེ་བས། །དུས་མཉམ་ངོས་བཟུང་རྗེས་བཅད་མཉམ་པར་སྦྱར། །སྐད་ཅིག་སངས་རྒྱས་ངེས་གདེང་ཐོབ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཆོས་ཀུན་རྩ་བ་སྤྲོས་པའི་གཞི། །བདག་ལྟ་ངོས་བཟུང་རྗེས་བཅད་མཉམ་པར་གྲོལ། །ད་ལྟ་སངས་རྒྱས་མཉམ་པར་སྦྱོར། །ཅེས་གསུངས་པའི་དོན་ཐུགས་ལ་གཅགས་པར་འཚལ། གཉིས་པ་ཞར་བྱུང་ཁྱད་པར་གྱི་གདམས་ངག་བརྒྱད་བརྗོད་པ་ནི། ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི། །དོན་ལ་རྒྱུད་བསྐུལ་རབ་འཇུག་ཕྱིར། །སྣང་སྲིད་བདེན་མེད་སྒྱུ་མའི་ཆོས། །ངོས་བཟུང་རྗེས་བཅད་མཉམ་པར་སྦྱར། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །རྐྱེན་ཕྲན་གང་ཤར་ལམ་དུ་ལོངས། །སྐྱེས་གྲོལ་ངོས་བཟུང་རྗེས་བཅད་མཉམ་པར་གྲོལ། །སྐད་ཅིག་ཉིད་ལ་མངོན་འཚང་རྒྱ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཆོས་རྣམས་བྱར་མེད་དོན་གྱི་མཐའ། །ཐག་ཆོད་ངོས་འཛིན་རྗེས་བཅད་མཉམ་པར་གྲོལ། །སྐད་ཅིག་གཅིག་ལ་སངས་རྒྱས་ངེས། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཐེག་པའི་ངོ་བོ་ཤེས་རབ་སྙིང་རྗེ་ཡིན། །ཤེས་སྙིང་ངོས་བཟུང་རྗེས་བཅད་མཉམ་པར་གྲོལ། །སྐད་ཅིག་ཉིད་ལ་མངོན་འཚང་རྒྱ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །རྣམ་པ་ཀུན་ལྡན་རྣམ་པ་དེ། །འདི་མ་རྟོགས་ན་ཀུན་འཆིངས་པས། །མཐའ་བརྒྱད་ངོས་བཟུང་རྗེས་བཅད་མཉམ་པར་གྲོལ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །སྐྱེ་མེད་རྩལ་ལ་བདག་འཛིན་འཁོར། །རྩལ་གྱིས་འཁོར་བར་ཡང་འཇུག་ལ། །རིག་པའི་རྩལ་གྱིས་འགྲོ་བ་གྲོལ། །རྩལ་གྱིས་སྐུ་གཉིས་དོན་ཡང་བྱེད། །རྩལ་གྱི་ངོས་བཟུང་རྗེས་བཅད་མཉམ་པར་སྦྱོར། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི། །མན་ངག་ཆོས་ཀུན་འགྲིལ་བའི་མདོ། །གཅིག་ཤེས་ཀུན་གྲོལ་མཁྱེན་པ་ཡིས། །ཆོས་རྣམས་སྣང་རིག་སྟོང་གསུམ་དུ། །ངོས་བཟུང་རྗེས་བཅད་མཉམ་པར་སྦྱོར། །སྐད་ཅིག་ཉིད་ལ་མངོན་སངས་རྒྱ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །མཉམ་སྦྱོར་གསང་ཏིག་བཏགས་གྲོལ་དོན། །ངོས་བཟུང་རྗེས་བཅད་མཉམ་པར་གྲོལ། །སྐད་ཅིག་ཉིད་ལ་འཚང་རྒྱ་ངེས། །ཞེས་གསུངས་པའི་གནད་ཀྱི་དོན་རྒྱས་པ་རྩ་བ་མཆན་ཊཱིཀ་སྦྱར་བའི་སྟེང་ནས་གོ་དོན་ལོངས་པས་ཉམས་ལེན་རྒྱུད་ལ་སྦྱོར་བ་མཛད་འཚལ་ལོ། །གསུམ་པ་དོན་ཁྲིད་འདིའི་རྣམ་ཐར་བརྗོད་ནས་སྣོད་ལྡན་ལ་གཏད་པ་ལ་གསུམ། གདིང་ཚད་ལྔ་དང་ལྡན་པས་ཕྱིར་མི་ལྡོག་པར་ངེས་ཤེས་སྐྱེད་པ། དོན་ཁྲིད་རྒྱུད་ལ་གདབ་ཐབས་ཀྱི་མདོ་བརྒྱད་བསྟན་པ། གདམས་པ་སྣོད་ལྡན་ལ་གཏད་ཅིང་སྣོད་མིན་ལ་རྒྱས་གདབ་པའོ། །དང་པོ་ལ། བཀའ་བབས་ལོ་རྒྱུས་ཀྱིས་ངེས་ཤེས་སྐྱེད་པ་ནི་གཏོང་ཐུན་གྱིས་བསྟན་པ་ལྟར་རོ། །གཅིག་ཤེས་ཀུན་གྲོལ་ལ་དཔེས་མཚོན་ཏེ་ངེས་ཤེས་སྐྱེད་པ་ནི། དུག་སྡོང་རྩ་བ་གཅིག་ཆོད་པས་ཡལ་ག་ལོ་འབྲས་རང་ལོག་པའམ། སྐོར་ལྡེ་གཅིག་ཤེས་པས་སྒོ་ལྕགས་ཀུན་གྱི་རྒྱ་འགྲོལ་བ་ལྟ་བུའོ། །རིག་པས་འཐད་པས་ངེས་ཤེས་སྐྱེད་པ་ནི། སྤྱིར་ཆོས་ཉིད་ཀྱི་རིགས་པས་དབུ་ཞབས་ཀུན་ཏུ་ཁྱབ་ཅིང་འཐད་པས་དེ་ཡིན་ལ། བྱེ་བྲག་ཏུ་ངར་འཛིན་གྱིས་འཁོར་བར་འཆིང་བར་རིགས་ན་དེའི་མཚན་ཉིད་ཤེས་པས་འབད་མེད་དུ་གྲོལ་བའང་རིགས་ཏེ་མུན་པས་སྒྲིབ་པར་རིགས་ན་ཉི་མས་གསལ་བར་རིགས་པ་བཞིན་ནོ། །མན་ངག་གནད་ཀྱིས་ངེས་ཤེས་བསྐྱེད་པ་ནི་དོན་ཁྲིད་གཞུང་བཞིན་ཉམས་སུ་བླངས་པས་ཉམས་རྟོགས་ཀྱི་ངེས་པ་ཤར་བའོ། །བདེ་གཤེགས་བཀའ་ལུང་འདུས་པས་ངེས་ཤེས་བསྐྱེད་པ་ནི། ཡང་ཏི་རྩ་རྒྱུད་ལས། བྱིན་གྱི་རླབས་ཀྱིས་བདག་ཉིད་ལ། །བརྟགས་པས་གཅིག་ཤེས་ཆོས་ཀུན་གྲོལ། །ཅེས་སོགས་གསུངས་པ་ལྟར་རོ། །གཉིས་པ་དོན་ཁྲིད་རྒྱུད་ལ་གདབ་ཐབས་ཀྱི་མདོ་བརྒྱད་བསྟན་པ་ནི། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །སངས་རྒྱས་མཉམ་སྦྱོར་དོན་གྱི་ཁྲིད། །རྒྱུད་ལ་གདབ་ཐབས་མདོ་བརྒྱད་དེ། །དབང་པོ་ཐ་མ་འབྲིང་དང་རབ། །འཆི་ཁ་ལོང་ཅན་རིགས་དམན་རྣམས། །གོ་སྐྱེད་འཕྲོ་གཅད་མཉམ་པར་སྦྱོར། །ཅེས་པས། དང་པོ་གང་ཟག་དབང་པོ་རིགས་ལྡན་ཐ་མལ་པ་རྣམས་ལ། ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་ཏི་ཀ་པྲ་ཁྲིད་གཞུང་བཞིན་ངེས་གདེང་རྙེད་པར་གདབ་བོ། །གཉིས་པ་གང་ཟག་དབང་པོ་འབྲིང་པོར་གྱུར་པ་ལ། བླ་མའི་རྣལ་འབྱོར་གྱིས་རང་རྒྱུད་གདུལ། འཁོར་འདས་རུ་ཤན་འབྱེད་ཐབས་ཀྱིས་ཆོས་ཉིད་ངང་དྭངས་ཀྱི་ཉམས་བསྟན་པར་བྱ། རྗེས་བཏགས་གྲོལ་གནད་ཀྱི་ངོ་སྤྲོད་ཀྱིས་ཤེས་བྱ་གཅིག་ཤེས་ཀུན་གྲོལ་དུ་ལ་བཟླའོ། །གསུམ་པ་གང་ཟག་དབང་པོ་རབ་ལ་གཏོང་ཐུན་ཁོ་ནས་ཀྱང་གྲོལ་ལ། བཏགས་གྲོལ་ངོ་སྤྲོད་ཀྱི་དོན་ཁྲིད་གཅིག་པོས་གདེང་ཐོབ་པར་གདབ་བོ། །བཞི་པ་གང་ཟག་འཆི་ཁ་དུས་ཐུག་པ་ལ་འདའ་ཁ་འཆི་བྲོད་གསང་ལམ་གྱི་གདམས་པ་གདབ་པ་ནི། ཨེ་མ་ཧོཿ སྐལ་ལྡན་བུ་ཁྱོད་དང་བདག་ཕྲད། འདའ་ཁ་སངས་རྒྱས་མཉམ་སྦྱོར་འདི་ཐོས་ཀྱི་རྟིང་ལ་འཁོར་བར་འཁྱམས་དོན་མེད་དོ། །འཚེངས་པ་ཡིན་པས་བློ་སློད་ལ་ཉོལ་ཅིག་ཅེས་དབུགས་ཕྱུངས་ལ། དེའི་སྙིང་སྟོང་པར་གནས་པའི་ནང་དུ་ཨ་དཀར་པོའམ་ཐིག་ལེ་ནས་འབྲུ་ཙམ་གསལ། སྙིང་རྩ་སྟོང་པ་སོག་སྦུབ་ཙམ་སྙིང་རྩེ་ནས་ཡར་སོང་ཀླད་སྦུབས་ནས་ཁ་དབྲག་ཏུ་གྱེས་ཏེ་མིག་གཉིས་ལ་ཟུག་སྟེ་དང་ངེ་ཡོད་པ་ནས་བརྒྱུད། མིག་གཡོན་དང་རྡོ་རྗེ་སེམས་དཔའི་གསང་ལམ་ནས་ཐོན། བར་སྣང་དུ་ཡལ་ཏེ་སྐྱེ་མེད་ཀ་དག་གི་ངང་དུ་ཐིམ་པར་བསམ་ལ་འཛིན་མེད་དུ་གནས་པ་ནི་ཆོས་སྐུའི་མཉམ་སྦྱོར། ཡི་དམ་གྱི་ཐུགས་ཀར་བསྟིམ་ན་ལོངས་སྐུ། བླ་མར་བསྟིམ་ན་སྤྲུལ་སྐུའི་མཉམ་སྦྱོར་ཏེ་ཡང་ནས་ཡང་དུ་གསལ་གདབ་བོ། ཁྱད་པར་རྡོ་རྗེ་སེམས་དཔའི་དཔྱང་ཐག་ཅེས་བྱ་བ་བེམ་རིག་བྲལ་ཁར་མདུན་གྱི་བར་སྣང་ལ་འོད་ལྔའམ་སེར་པོ་སྐས་སམ་དཔྱང་ཐག་ལྟ་བུ་ནར་གྱིས་འཆར་བ་ལ་རིག་པ་གཏད་པ་ཙམ་གྱིས་དེ་ཉིད་དུ་གྲོལ་བར་འགྱུར་རོ། །ལྔ་པ་ལོ༷ང་ཡོད་ལེ་ལོ་ཅ༷ན་གྱི་གང་ཟག་ལ། བར་དོ་སངས་རྒྱས་མཉམ་སྦྱོར་དོན་ཁྲིད་དུ་གདབ་པ་ལ་གསུམ། རང་བཞིན་བར་དོར་སངས་རྒྱས་རང་ཆས་སུ་གནས་པར་ངོ་སྤྲོད་པ་ནི། གོང་དུ་ངོ་སྤྲོད་ཀྱི་སྐབས་སུ་བཤད་པ་ལྟར་རོ། །དེའི་དོན་རྒྱུད་ལ་སྐྱེས་ནས་འཆི་ཁའི་བར་དོར་ཉམས་སུ་བླང་ཚུལ་ནི་འཇིམ་པའི་མི་མོ་ལ་བརྟེན་ནས་དཔེ་དོན་སྦྲེལ་བའམ། ཡང་ན་རྣམ་སྣང་ཆོས་བདུན་བཅས་ལ་རིག་པ་གསལ་ལ་མི་རྟོག་དྭངས་ངང་དུ་བཞག་སྟེ་ནམ་མཁའ་སུམ་སྤྲུགས་གནད་རང་རིག་སྙིང་ནས་རྩ། རྩ་ནས་མིག་འབྲས་བར་སྣང་ངང་དྭངས་ལ་འཛིན་བྲལ་དུ་ཧྲིག་གེ་ཆོས་ཉིད་ཀྱི་དྲན་པས་བསྐྱངས་པའམ་གོམས་སྟོབས་ཆེ་ཆུང་གི་ཤུགས་དང་མཐུན་པར་བར་དོ་གསུམ་ལ་སྐུ་གསུམ་དུ་འཚང་རྒྱའོ། །དྲུག་པ་རིགས་དམན་རིགས་ཆད་ཀྱི་འགྲོ་བ་གདུལ་བྱར་གྱུར་པ་རྣམས་ལ་རང་བྱུང་རིག་པའི་ཏནྟྲ་མཐིང་ཤོག་ལ་གསེར་གྱིས་བྲིས་ཏེ་རབ་གནས་དབང་བསྐུར་བཅས་བཏགས་པས་གྲོལ་བ་མཐར་ཕྱིན་པའི་རྟགས་མཐུན་སྣང་དུ་འབྱུང་ངོ་། །བདུན་པ་གོ་བ་སྐྱེད་པ་ནི། དབང་པོ་རབ་འབྲིང་ཐམས་ཅད་ལ་གཏོང་ཐུན་གནད་དུ་ཐེམས་པར་བཤད་པའོ། །བརྒྱད་པ་འཕྲོ་གཅད་པ་ནི། གདམས་གཏད་ཀྱི་མན་ངག་རྣམས་ཀྱིས་དབང་པོ་དང་མཐུན་པར་ཉམས་ཀྱི་འཕྲོ་ཏིག་སོ་སོར་གཅད་པར་བྱ་བའོ། །གསུམ་པ་གདམས་པ་གཏད་པའི་སྣོད་ནི། འཁོར་བ་ལ་བློ་ལོག་སྟེ་བླ་མ་སངས་རྒྱས་སུ་མཐོང་ནས་ལུས་སྲོག་ལ་བབས་ཀྱང་བཀའ་བསྩལ་མི་གཅོག་པ་དང་གཅིག །དོན་གྱི་ཤེས་རབ་བློ་ལྡན་འདྲེན་པའི་ཐབས་ལ་མཁས་པ་དང་གཉིས། བརྩོན་འགྲུས་ཕྱི་གཤོལ་མེད་པར་དོན་ཁྲིད་ཉམས་ལེན་མཐར་ཕྱིན་དུ་སྐྱོང་ནུས་པ་དང་གསུམ། བླ་མ་དང་ཆོས་འདིའི་ཕྱོགས་སུ་རྒྱལ་སྲིད་གཉེན་འདུན་བུ་སྨད་ཟས་ནོར་ལོངས་སྤྱོད་ཡོ་བྱད་དངོས་པོ་དག་པ་ཐམས་ཅད་གཏོང་ནུས་པ་དང་བཞི། རྒྱུ་འབྲས་ཁྱད་དུ་མི་གསོད་པའི་སྙིང་རྗེ་དང་ལྡན་བཞིན་དུ་བླ་མའི་སྐུ་དགྲ་སྒྲོལ་ནུས་པ་སྟེ། ལྔ་ལྡན་གྱིས་བརྒྱུད་པ་ངེས་པར་འཛིན་པ་ལ་སྙན་བརྒྱུད་དུ་གཏད་པར་གསུངས་ཤིང་། དེའི་ཞལ་གྱི་གདམས་པའང་རྡོ་རྗེའི་གསུང་འདི་ལ་གསན་པས་ཁྱབ་པར་གདའ། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །ཐེག་པ་ཀུན་གྱི་ཡང་ཏི་འདིས། །སེམས་ཅན་སངས་རྒྱས་མཉམ་སྦྱོར་བའི། །དོན་གྱི་པྲ་ཁྲིད་ཁྱོད་ལ་གཏད། །སྣོད་དང་ལྡན་པའི་བུ་བྱུང་ཡང་། །དཔེ་རྒྱུད་སྡོམས་ལ་སྙན་བརྒྱུད་ཐོབས། །དཔེ་རྒྱུད་དོན་གྱི་བྱིན་རླབས་འགྱངས། །སངས་རྒྱས་མཉམ་སྦྱོར་གཅུགས་སུ་འགྱུར། །བརྒྱུད་པ་གཅིག་ལ་གཏད་སྲིད་ཀྱང་། །ལོ་ཟླའི་བར་དུ་སྣ་རེ་བསྟན། །དཀར་ཆག་མཐིང་ལ་གསེར་གྱིས་བྲིས། །གླེགས་བམ་མཐོ་ཚད་སྤར་ཁབ་གཞུག །དར་སྣ་ཆུ་དར་རང་ནས་དྲིལ། །བྲག་ལ་སྦ་ཞིང་སྐབས་སུ་བལྟ། །དེའི་ཚེ་དམ་ཅན་ཚོགས་འདུ་ཞིང་། །རིག་འཛིན་རྣམས་ཀྱང་བྱ་ར་བྱེད། །ཚོགས་ཀྱི་འཁོར་ལོས་རྟག་ཏུ་མཆོད། །ཤི་ཐེབས་རེ་ལ་གསང་སྒོ་གཏད། །ཅེས་གདམས་པར་མཛད་པ་བཞིན་ངེས་པ་དང་། སྣོད་མིན་ལ་གསང་རྒྱས་གདབ་པའང་། བླ་མ་མཆོག་ཏུ་མི་འཛིན་བཀའ་བསྩལ་གཅོག །དོན་རྨོངས་ཚིག་སྲེད་སྙིང་རྗེ་ཆུང་། །མན་ངག་རིགས་ཆོས་དང་སྲེ་རྩོད། །ཆོས་ཕྱོགས་སྲོག་འཁོར་སོགས་མི་གཏོང་། །སྐུ་དགྲ་མི་འདུལ་ཉམས་པ་བསྟེན། །སྤྲེལ་ལག་སྒྲོན་བཞིན་ཡི་གེ་བཤད། །མ་རྟོགས་རྒྱུ་འབྲས་ཆོས་ཁྱད་གསོད། །བདུན་ལྡན་གང་ཟག་ལ་མི་སྤེལ། །སྤེལ་ན་མཁའ་འགྲོའི་བཀའ་ཆད་འོང་། །གཏེར་སྲུང་ཚོགས་ཀྱིས་སྙིང་ཁྲག་འཐུང་། །འཆི་ན་གཉིས་ཀ་ལག་སྦྲེལ་ལྟུང་། །དེས་ན་ཡང་ཏི་མཉམ་སྦྱོར་སྐོར། །བླ་མས་གདམས་གཏད་བཞིན་དུ་བཙའ། །སྣོད་མིན་དག་ལ་ཟུར་མི་སྨྲ། །གཏད་རྒྱ་གཏེར་རྒྱ་གསང་བའི་རྒྱས། །བཏབ་བོ་རྒྱ་བདུན་རྒྱ་བཏབ་བོ། །ཐེག་པའི་རྩེ་རྒྱལ་ཡང་ཏི་རྒྱ། །ཨོ་རྒྱན་ཐུགས་བཅུད་རབ་ཏུ་ཟབ་རྒྱ། གཅིག་ཤེས་ཀུན་གྲོལ་གཅེས་རྒྱ། དྷཱ་ཀིས་དབང་བྱེད་གཉན་རྒྱ། བཀའ་སྲུང་རྩལ་ཆེན་མཐུ་རྒྱ། སྙིང་གི་དཀྱིལ་དུ་གབ་རྒྱ། གཏེར་ནས་གཏེར་དུ་གཏད་རྒྱ། མནྟྲ་གུ་ཡ། ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་གདམས་གཏད་རིན་ཆེན་སྤུངས་པ་ཞེས་བྱ་སྟེ། བདུད་རྩིའི་ཆར་དང་ཡང་མཚུངས་པ་ཐིགས་པ་རེ་རེ་ན་བ་འཆི་གསོས་ཀྱི་སྨན་དུ་འགྱུར་བ་ལྟར། གདམས་གཏད་ལེའུ་རེ་རེས་འཚང་རྒྱ་བར་གདམས་ཤིང་གཏད་པ་ཡིན་ནོ། །གདམས་གཏད་ཀྱི་དོན་བླ་མའི་ཞལ་ལུང་གིས་མདོར་དྲིལ་བ་སྟེ། རྒྱས་པར་ན་གདམས་གཏད་ཀྱི་གཞུང་ཡོངས་རྫོགས་ལུང་གི་ཚུལ་དུ་བཀླགས་ཤིང་། གཏང་རག་གསེར་གྱི་མཎྜལ་འབུལ་བ་དང་། དམ་ཚིག་གི་རྒྱས་གདབ་སོགས་བྱའོ། །གདམས་པ་གཏད་པའི་དགོས་ཆེད་ནི་ཁྲིད་རྣམས་ཀྱི་རྒྱབ་སྐྱོར་འཕྲོ་གཅོད་གོལ་སྒྲིབ་སེལ་ཞིང་། ལེའུ་རེ་རེས་ཀྱང་གཅིག་ཤེས་ཀུན་གྲོལ་དུ་འགྱུར་རོ། །གདམས་པ་གཞན་ཟབ་ལ་གནད་ཆེ་བ་གཏད་ཅིང་ཕྱིན་ཆད་གཅིག་ཤེས་ཀུན་གྲོལ་དུ་མི་རྟོགས་པས་འདིའི་ལེའུ་རེ་རེས་ཀྱང་སངས་རྒྱས་དང་མཉམ་པར་སྦྱོར་བས་སྒྲ་མཐུན་ཀྱང་དོན་འཕགས་སོ། །རྒྱུད་ལས། མ་འདྲེས་ཡོངས་རྫོགས་ཡང་ཏི་འོ། །ཞེས་སོགས་མདོ་རྒྱུད་ཐམས་ཅད་ཀྱི་ཚིག་དོན་མ་ལུས་པ་འདིའི་དོན་སྟོན་བྱེད་ཤ་སྟག་ཏུ་འོང་བས་བཀའ་ལུང་ཐམས་ཅད་ཀྱི་སྙིང་པོར་གྲུབ་པའོ། །དེ་ལྟར་ཁྲིད་ཆེན་བརྒྱད་ལས་སྐྱབས་སེམས། ཚོགས་གསག །རྡོར་སེམས། རང་བྱིན་རླབས་དང་བླ་མའི་རྣལ་འབྱོར་སྦྲེལ་བ་བཅས་ཉིན་བཞི། རུ་ཤན་ཕྱེ་བ་ཉིན་གཅིག །སོར་བཞག་ཉིན་གཅིག །ངོ་སྤྲོད་ནས་གདམས་གཏད་ཀྱི་བར་ཉིན་གཅིག་སྟེ་ཉིན་བདུན་ལ་རྫོགས་པར་མཛད། སོར་བཞག་དོན་ཁྲིད་འདི་ཤིན་ཏུ་གལ་ཆེ་བས་ཁྲིད་གསར་པ་ཡིན་ན་ཉམས་མ་སྐྱེས་བར་དམིགས་པ་མི་སྤོ། ཉམས་སྐྱེས་པ་ན་ངོ་སྤྲོད་གདབ། དཔེ་རྒྱུད་ཀྱི་གོ་རིམ་ས་བཅད་དྲུག་པ་རྩལ་སྦྱོང་། བདུན་པ་ངོ་སྤྲོད་དུ་མཛད་ཀྱང་། སྙན་བརྒྱུད་ཁྲིད་དུ་གདབ་པའི་སྐབས་གོ་རིམ་འདི་ཁོ་ན་བཞིན་ཡིན་གསུང་། དེའང་ཁྲིད་ཆེན་དང་པོས་ངེས་ཤེས་བསྐྱེད། གཉིས་པས་རྒྱུད་སྦྱང་། གསུམ་པས་རྒྱུད་སྨིན། བཞི་པས་གྲོལ་བར་བྱ་བ་ལ་འཁོར་བ་སེམས་དང་མྱང་འདས་རིག་པ་ཤན་ཕྱེ། ལྔ་པ་ཤན་ཕྱེད་ནས་རིག་པའི་ངང་དུ་རང་སོར་བཞག །དྲུག་པས་རིག་པ་ངོས་ཟིན་ཅིང་ཅུང་ཟད་བརྟན་པ་ཐོབ་པ་ན་ངོ་སྤྲད། བདུན་པས་ངོ་འཕྲོད་ནས་བོགས་འབྱིན་པའི་ཕྱིར་རྩལ་སྦྱང་། བརྒྱད་པས་རྩལ་འབྱོངས་པའི་རྣལ་འབྱོར་པས་རང་གཞན་གྱི་དོན་མཐར་དབྱུང་བར་གདམས་ཤིང་གཏད་པ་ཡིན་པའི་ཕྱིར། གདམས་གཏད་འདི་སྔ་ཐོགས་ཁྲིད་རྫོགས་རྗེས་ལོ་ཤས་ལ་ཉམས་ལེན་ལ་བརྩོན་ནས་འགྲོ་དོན་ནུས་པ་ན་འདི་ཁོ་ན་གསུངས་པ་ཡིན་འདུག །དེང་སང་རྩལ་སྦྱོང་གི་རྗེས་སུ་རྩལ་དབང་བསྐུར་ནས། དམ་ཚིག་ཁས་བླང་གོང་དུ་གདམས་གཏད་ཆེན་མོ་ལུང་མཛད་སྲོལ་ཡོད། འོན་ཀྱང་རྩལ་དབང་རྩལ་སྦྱོང་གི་སྔོན་དུ་བསྐུར། གདམས་གཏད་ཀྱི་ས་བཅད་སྐབས་འདི་ཁོ་ནར་བཤད་ཀྱང་རུང་། བསྡུ་ན་ཚིགས་བཅད་རྣམས་ཁོ་ན་བརྗོད་པའམ། དཔེ་མ་འབྱོར་ན་དོན་གྱི་སྙིང་པོ་འདི་ཡིན་ཞེས་འཆད་པས་ཀྱང་རུང་ཞེས་བཀས་གནང་བ་ལྟར། དཔེ་རྒྱུན་འབྱོར་སླ་ཞིང་ཡི་གེ་ཉུང་བ་དང་དོན་གྱི་གནད་འདུས་པ་ལ་བསམས་ནས་འདིར་ཡང་ཕྱི་མའི་དོན་ལྟར་བཀོད་པའོ། །གདམས་པ་འདི་ནི་རྫོགས་པ་ཆེན་པོའི་བཀའ་སྲོལ་ཀུན་ལས་ཁྱད་པར་དུ་འཕགས་ཏེ། ཨོ་རྒྱན་རིན་པོ་ཆེའི་རྡོ་རྗེའི་གསུང་ལས། བཀླགས་པས་གོ་ཞིང་ངོ་སྤྲོད་རྟོགས་པ་ཐོབ། །བསམ་ཞིང་བསྒོམ་མི་དགོས་ཏེ་ཅིག་ཅར་གྲོལ། །དོན་གཅིག་བརྟགས་པས་རེ་དོགས་སྤྲོས་ཚོགས་ཆོད། །གཅིག་ཤེས་ཀུན་གྲོལ་འཕྲུལ་གྱི་སྐོར་ལྡེ་འདྲ། །སྐད་ཅིག་ལས་ཀྱི་མུན་སེལ་ཉི་མ་འདྲ། །ཀུན་སྣང་ངོ་བོ་འགྱུར་མེད་ནམ་མཁའ་འདྲ། །གཅིག་ཐོབ་ཀུན་འབྱུང་ཡིད་བཞིན་གཏེར་འཆང་འདྲ། །ཞེས་སོགས་བཀའ་ནན་རྒྱས་པས་གཙིགས་སུ་གདམས་པར་མཛད་དོ།། །།བོད་ན་ཁྱད་འཕགས་གཏེར་ཁ་བཅོ་བརྒྱད་ཀྱི། །གདམས་པའི་ཡང་བཅུད་གཅིག་ཤེས་ཀུན་གྲོལ་གྱི། ཁྲིད་ཆེན་བརྒྱད་པོ་བླ་མའི་ཞལ་ལུང་དང་། །རྩ་བའི་གདམས་ངག་མ་བུ་ལེགས་པར་བསྡེབས། །མཐོང་ཐོས་འབྲེལ་བའི་བདག་གཞན་སེམས་ཅན་ཀུན། །རྩོལ་མེད་སངས་རྒྱས་ས་ལ་མཉམ་སྦྱོར་ཏེ། །སྐུ་དང་ཡེ་ཤེས་མ་འདྲེས་ཡོངས་སུ་རྫོགས།། ཆོས་ཉིད་ཀློང་དུ་ཟང་ཐལ་རྒྱས་ཐེབ་ཤོག །ཅེས་པ་འདི་ནི་རིགས་ཀུན་ཁྱབ་བདག་གདོད་མའི་མགོན་པོ་ཀུན་མཁྱེན་༧རྡོ་རྗེ་གཟི་བརྗིད་རྩལ་གྱི་ཞལ་སྔ་ནས། ཟབ་ཆོས་འདི་ཉིད་ཀྱི་སྨིན་གྲོལ་བཀའ་དྲིན་རྒྱ་མཚོའི་སྙིང་པོར་བསྩལ་པའི་ཚེ་བཀའ་ཡིས་རྗེས་སུ་གནང་པ་ལྟར། ཀུན་བཟང་བཀའ་བརྒྱུད་ལ་མོས་པ་ལམ་དུ་བྱེད་པའི་རྩིས་མེད་ཀྱི་རྣལ་འབྱོར་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ། ས་བཅད་དང་ཕྱག་བཞེས་སོགས་རྗེ་ཉིད་ཀྱི་ཞལ་ལུང་གཞིར་བཞག་རྩ་བའི་གཞུང་དོན་ཉུང་གསལ་དཀྱུས་གཅིག་ཏུ་བསྡེབས་པ་དགེ་ལེགས་འཕེལ།། །།
སྤྲུལ་པའི་གཏེར་སྟོན་ཆེན་མོའི་རྣམ་ཐར་གྱི་ས་བོན་ཞལ་གསུང་མ་དང་། གཏེར་འབྱུང་འགའ་ཞིག་འབེལ་གཏམ་སྣ་ཚོགས་བཅས་ཕྱོགས་བསྡོམས་རྒྱལ་བསྟན་ཉིན་བྱེད་འོད་སྣང་ (Volume 65, Text 2)
༄༅། །སྤྲུལ་པའི་གཏེར་སྟོན་ཆེན་མོའི་རྣམ་ཐར་གྱི་ས་བོན་ཞལ་གསུང་མ་དང་། གཏེར་འབྱུང་འགའ་ཞིག་འབེལ་གཏམ་སྣ་ཚོགས་བཅས་ཕྱོགས་བསྡོམས་རྒྱལ་བསྟན་ཉིན་བྱེད་འོད་སྣང་ཞེས་བྱ་བ་བཞུགས་སོ། ། བདག་ཉིད་ཐར་པའི་ལམ་ལ་འདྲེན་མཛད་པའི།། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྐྱེ་དང་ཚེ་རབས་རྗེས་སུ་གཟུང་བ་ཡི། །པདྨ་ཐོད་ཕྲེང་རྩལ་གྱི་ཐུགས་རྗེ་ཡིས། །དལ་འབྱོར་མཆོག་ཐོབ་སངས་རྒྱས་བསྟན་ལ་ཞུགས། །ལས་འཕྲོའི་དབང་གིས་གཏེར་གྱི་ཆོས་ལ་སྤྱོད། །སྒྲིབ་པའི་དབང་གིས་སུམ་ཅུ་སོ་ལྔའི་བར། །བྱིས་པའི་སེམས་དབང་ལྟ་སྤྱོད་ཆལ་མ་ཆོལ། །ད་ནི་སེམས་ཉིད་ཅུང་ཟད་གོམས་པར་གྱུར། །ལྟ་སྤྱོད་ཆོས་མཐུན་བྱེད་སྙམས་ཡིད་ལ་བརྣགས། །དེ་ལྟའི་ཚུལ་ལ་རྣམ་ཐར་ཅི་ཞིག་བྲི། །འོན་ཀྱང་དད་ལྡན་སུན་ནི་མི་དབྱུང་ཕྱིར། །ནམ་མཁའ་མཛོད་མདུན་མི་ཡི་སྲིད་པར་ཞུགས། །གསང་རྒྱལ་ཞོལ་དུ་མ་ཡི་མངལ་ནས་བཙས། །ཡེ་རྒྱལ་ཞོལ་དུ་རིམ་པར་བསྐྱེད་བསྲིངས་ནས། །ཡར་འཁྱིལ་གནས་སུ་ཆོས་ཀྱི་བསམ་པ་སྐྱེས། །འདྲེན་པའི་བླ་མ་ཀུན་བཟང་མཆོག་སྤྲུལ་གྱིས། །སྐྱབས་སྡོམ་གནང་བས་སངས་རྒྱས་བསྟན་སྒོར་ཞུགས། །སྒྲོལ་དཀར་གུ་རུ་ཞི་བའི་རྗེས་གནང་ཐོབ། །བཤད་སྒྲུབ་གླིང་དུ་ཚེ་དབང་ཕྲིན་ལས་མཇལ། །ཤིན་ཏུ་དད་ནས་གུ་རུའི་དབང་སྒྲུབ་ལ། །དག་སྣང་ཐོབ་ཅིང་བཀའ་དྲིན་དབང་བཞི་བསྩལ། །རང་གི་གནས་སུ་དཀོན་མཆོག་དོན་གྲུབ་སོགས། །སློབ་དཔོན་བགྱིས་ནས་ཡི་གེ་བསླབ་པ་དང་། །བསྟན་རྒྱས་སློབ་དཔོན་བགྱིས་ནས་མཚམས་སྒྲུབ་ཀྱི། །ཐོག་མ་སྒྲོལ་དཀར་གུ་རུ་ཞི་བ་བསྙེན། །སྔགས་འཆང་རིག་འཛིན་དཔལ་ལས་སྔགས་ཆོག་གི །ཕྱག་བཞེས་ཞུས་ཤིང་དབུས་ཀྱི་ཕྱོགས་སུ་ཕྱིན། །རྩ་བ་གསུམ་གྱིས་རྗེས་སུ་བཟུང་བ་མཐོང་། །གུ་རུ་སྔགས་པས་གཟའ་གདོན་ཞི་བར་མཛད། །དཔལ་མེ་དགོན་དུ་གྲྭ་རྒྱུན་ཚུལ་དུ་བསྡད། །རྗེ་བཙུན་ཆོས་ཉིད་ནོར་བུས་རྗེས་བཟུང་བས། །བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་སྨིན་གྲོལ་ཐོབ། །གར་ཐིག་དབྱངས་ཀྱི་ཕྱག་ལེན་ལེགས་པར་བསླབ། །ཚེས་བཅུ་ཁང་དུ་ཚོགས་སྒྲིག་ལོ་བཅུ་འགྲིམ། །བླ་མ་དམ་པས་སྨིན་གྲོལ་དཔག་མེད་བསྩལ། །ཡ་ཀིའི་རྫོགས་པ་ཆེན་པོ་མན་ཆད་དང་། །མ་ཀིའི་ཟློས་གར་ཡན་ཆད་བསླབ་པར་མཛད། །མཁན་སློབ་བཀའ་དྲིན་ཤིན་ཏུ་ཆེ་བར་འཁུམ། །བསྟན་འཛིན་ཆོས་ཀྱི་དབང་པོས་ཕྱག་རྫོགས་ནི། །མྱོང་ཁྲིད་བསྩལ་ཅིང་བླ་མ་དམ་པ་ཡི། །རྫོགས་ཆེན་སྙིང་ཐིག་མན་ངག་སྙིང་ལ་ལྷན། །ཕུན་ཚོགས་གླིང་ནས་རྙིང་མའི་གར་དབྱངས་བསླབ། །འདུལ་འཛིན་ཆེན་པོ་སྟག་ལུང་རིན་པོ་ཆེར། །རབ་ཏུ་བྱུང་ནས་དགེ་སློང་ངང་ཚུལ་བསྟན། །མཚུངས་མེད་མགོན་པོ་སྤྲུལ་པའི་སྐུ་མཆོག་གིས། །རཏྣ་གླིང་པའི་ཐུགས་སྒྲུབ་སྨིན་དབང་བསྩལ། །ན་བུན་རྫོང་དུ་ཆོས་རྒྱལ་རྡོ་རྗེ་མཇལ། །གསང་བའི་མན་ངག་བསྩལ་ཅིང་རྫོགས་ཆེན་བསྟན། །འགྲོ་མགོན་པདྨ་ཉིན་བྱེད་བཀའ་བཞིན་དུ། །བསྟན་འཛིན་རྣམ་རྒྱལ་ཞབས་ཀྱིས་ཐུགས་སྒྲུབ་བསྩལ། །དཔལ་སྤུངས་དགོན་དུ་བླ་མའི་བཀའ་བཞིན་ཕྱིན། །མི་ཕམ་མགོན་པོ་གཉིས་པའི་ཞལ་མཇལ་ནས། །དྲིན་ཅན་ངེས་དོན་བསྟན་པ་རབ་རྒྱས་ལ། །མི་ཕྱེད་དད་པ་ཕུལ་ནས་སེམས་བསྐྱེད་ཐོབ། །དེ་ནས་གཟུང་སྟེ་སྨིན་གྲོལ་དུ་མ་དང་། ཁྱད་པར་ལྟ་བའི་སྒྲོ་འདོགས་ལེགས་པར་ཆོད། །འཇམ་མགོན་བླ་མ་ཀོང་སྤྲུལ་རིན་པོ་ཆེས། །དབང་བསྐུར་རྒྱུད་བཤད་མན་ངག་མཐར་ཐུག་བསྩལ། །ཀུན་གཟིགས་བླ་མ་འཇམ་དབྱངས་མཁྱེན་བརྩེ་ཡིས། །སྨིན་གྲོལ་མཐའ་ཡས་ཟབ་དོན་ཉིང་ཁུ་གནང་། །འདི་གསུམ་བཀའ་དྲིན་སུམ་ལྡན་བླ་མར་གྱུར། །ཟུར་མང་བསྟན་འཛིན་སྤྲུལ་པའི་སྐུ་མཆོག་ལས། །བཀའ་བརྒྱད་བདེ་གཤེགས་འདུས་པའི་སྨིན་དབང་ཞུས། །གཞན་ཡང་སྒ་རྗེ་གསང་སྔགས་བསྟན་འཛིན་དང་། །བསྟན་འཛིན་བྱང་ཆུབ་ཉི་མ་ལ་སོགས་པའི། །དྲིན་ཐོབ་བླ་མ་དུ་མ་བདག་གིས་བསྟེན། །དམ་པའི་ཆོས་ཀྱང་བདག་གིས་མང་དུ་ཐོས། །འཇམ་དབྱངས་ངེས་དོན་མཁས་དབང་གཞན་དོན་ལས། །མདོ་སྔགས་གཞུང་བཤད་ཞུས་པས་ཤེས་རྒྱུད་གྲོལ། །ཟབ་མོའི་གཏེར་རྣམས་ཀུན་གྱིས་མཐོང་བར་བཏོན། །དག་སྣང་དབང་ཐོབ་རང་གི་ཉམས་སུ་བླངས། །རྒྱལ་དབང་ཐམས་ཅད་མཁྱེན་པ་ཀརྨ་པ། །འགྲོ་མགོན་ས་སྐྱ་གོང་མ་འབྲུག་ཆེན་རྗེ། །འབྲི་སྟག་འཕགས་པའི་སྐྱེས་བུ་དུ་མ་ཡི། །དམ་ཆོས་ཉམས་བཞེས་ཟབ་གཏེར་བསྟན་པ་རྒྱས། །མཁས་ཤིང་གྲུབ་པའི་སློབ་མ་མང་དུ་བྱུུང་། །བཤད་སྒྲུབ་གཉིས་ཀྱི་སངས་རྒྱས་བསྟན་པ་བསྐྱངས། །རི་བོ་ཆེ་ཡི་རྗེ་འཕགས་མཁན་སློབ་དང་། །ཞབས་དྲུང་གསུམ་གྱིས་གནས་མལ་གནང་བར་བརྟེན། །འོག་མིན་ཀརྨའི་གསང་སྔགས་ཕོ་བྲང་དང་། །ནམ་མཁའ་མཛོད་དང་རྟེན་མཆོག་འགྱུར་མེད་གླིང་། །གནས་མཆོག་འཛོམ་ནང་པདྨ་ཤེལ་ཕུག་དང་། །རྒྱམ་རྒྱལ་གངས་མགུལ་གཡུ་མཚོ་རི་ཁྲོད་སོགས། །བཞེངས་ནས་བཤད་སྒྲུབ་བསྟན་པའི་མགོ་བརྩམས་ནས། །ཀུན་གཟིགས་བླ་མའི་བཀའ་དྲིན་ལ་བརྟེན་ནས། །བསྟན་པའི་གཞི་བཙུགས་སྒྲུབ་ཆེན་མང་དུ་བགྱིས། །དེ་དག་ལེགས་ཆ་ཕྱོགས་གཅིག་བསྒྲིགས་པ་ཡིན། །དེ་ལས་ལྷག་པའི་ཡོན་ཏན་བདག་ལ་མེད། །ལོ་གསུམ་བསྒྲུབ་པ་བྱས་པ་དགེ་བའི་རབ། །ད་ཡང་ལྷག་བསམ་རྣམ་དཀར་རྩེ་གཅིག་བགྱི། །དེ་སྐད་སྔགས་འཆང་པདྨ་བདུད་འདུལ་གྱིས། །རྒྱམ་གྱི་མགུལ་ནས་བསྐུལ་ནས་ལོ་མང་སོང་། །འདི་ལོ་ཤུལ་ལམ་རིང་པོའི་དཀའ་བ་བཅད། །འདི་དོན་གཉེར་བས་ངོ་མ་བཅག་ཙམ་འདི། །གླང་ལོ་ཆུ་སྟོད་སྤྲེལ་ཟླའི་ཚེས་བཅུ་ལ། །ཡང་རྫོང་གླིང་དང་ནམ་མཁའ་མཛོད་སྒོར་བྲིས། །དགེ་བས་འགྲོ་ཀུན་བྱང་ཆུབ་འཐོབ་ཕྱིར་བསྔོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །། ༄༅། །སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པའི་གཏེར་འབྱུང་མདོར་བསྡུས་སྐལ་ལྡན་དགའ་བ་བསྐྱེད་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །སྤྲོས་བྲལ་བདེ་ཆེན་གཉིས་མེད་མཁའ་ཀློང་ནས། ཁ་སྦྱོར་བདུན་ལྡན་ཟུང་འཇུག་དང་པོའི་མགོན། །སྒྱུ་འཕྲུལ་དྲྭ་བའི་གར་བསྒྱུར་རྡོ་རྗེ་འཛིན། །དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་བླ་མར་འདུད། །ཅེས་མཆོད་པར་བརྗོད་ནས། དེ་ལ་འདིར་སྐལ་པ་དང་ལྡན་པའི་གདུལ་བྱ་རྣམས་ཀྱི་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་བའི་གཞི་ནི། རང་གི་བླ་མ་ལ་དད་གུས་བསྐྱེད་པ་ལ་རག་ལས་པའི་ཚུལ་མཁས་གྲུབ་ཐམས་ཅད་ཞལ་མཐུན་པར་གསུངས་མོད། དེ་ལྟར་ཐོག་མར་ཡིད་ཆེས་པའི་ཕྱིར་ལོ་རྒྱུས་སམ་རྣམ་ཐར་ངེས་དགོས་པའི་རྒྱུ་མཚན་གྱིས་འདིར་ཅུང་ཟད་བཤད་ན། སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པ་བདག་ཆུང་ངུའི་དུས་ནས་མ་ཎི་ཁ་ཞེས་པར། ཨོ་རྒྱན་རིན་པོ་ཆེ་དང་དངོས་སུ་མཇལ། དེར་ཨོ་རྒྱན་གྱི་སྒྲུབ་ཕུག་ཡོད་པའི་ལུང་བསྟན་ཐོབ། བཅུ་གསུམ་ལོ་ལ་ཡར་ཀླུངས་ཤེལ་བྲག་ནས་ཁ་བྱང་རྙེད། བཅོ་ལྔའི་ལོ་ལ་ལྷ་འདྲེ་གང་ཡིན་ངོ་མ་འཚལ་བའི་ཞལ་གཟིགས་འཁྲུལ་སྣང་མང་པོ་བྱུང་བ་རྣམས་ཕལ་ཆེར་བར་ཆད་ཀྱི་རྣམ་པར་མངོན། འགའ་ཞིག་ཟབ་མོའི་གཏེར་ཐོན་པའི་སྔ་ལྟས་ཡིན་འདུག་པ་མ་གཏོགས་ཁོ་བོས་ཡི་གེར་བཀོད་ན་དེ་རྣམས་ལ་སྙིང་པོ་མེད་པར་མངོན། དེ་ནས་སྐབས་ཤིག་ངེད་ལ་གནམ་རུ་ནས་གྲམ་ཁྲོད་མང་པོ་ཞིག་འདུག་པའི་གསེབ་ནས་ཤོག་དྲིལ་ཞིག་རྙེད་འདུག་པ་མདོ་བྱང་ཡིན། རང་ལོ་ཉི་ཤུ་པ་ས་སྤྲེལ་ཟླ་བ་དགུ་པའི་ཚེས་བཅུར་ཟླ་ཉིན་ཁ་ལ་རོང་སྒོའི་བྲག་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆོས་སྐོར་རྣམས་སྤྱན་དྲངས། ལོ་བརྒྱད་བར་དུ་གསང་རྒྱས་བཏབ། ཉེར་གཉིས་བྱ་ལོར་ན་བུན་རྫོང་ནས་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་སྤྱན་དྲངས་ཀྱང་རྟེན་འབྲེལ་འགའ་ཞིག་འཆུགས་པའི་དབང་གིས་འཚུབ་སློང་ཡང་བྱུང་། ཉེར་ལྔའི་དུས་སྐྱབས་མགོན་སི་ཏུ་རིན་པོ་ཆེ་དང་མཇལ། གཏེར་ཆོས་དང་དམ་རྫས་སོགས་ཕུལ། ཉེར་དྲུག་སྟག་ལོར་དཀར་མོ་བྲག་ནས་ཐུགས་སྒྲུབ་ཆ་ལག་རྣམས་ཐོན། ཉེར་བརྒྱད་མེ་འབྲུག་ལོ་ས་ག་ཟླ་བའི་ཚེས་བཅོ་ལྔར་འོག་མིན་ཀརྨའི་དམ་ཅན་བྲག་ནས་ཟབ་བདུན་ཆོས་སྐོར་གསང་གཏེར་དུ་ཐོན། ལོ་དེའི་སྤྲེལ་ཟླའི་ཚེས་བཅུ་ལ་ཡེལ་བྲག་ནམ་རུ་ནམ་མཁའ་མཛོད་ནས་སྐུ་ཚབ་རྣམ་གཉིས། མགོན་སྐུ་སོགས་སྐུ་རྟེན་རྣམས་དང་། དམ་རྫས་རོལ་པ་ཆེན་པོ་སོགས་དམ་རྫས་རིགས། གཡུ་བྱང་སོགས་བྱང་བུ་སྐོར་བདུན། བདུད་རྩི་ལྔ་ཤོག་སོགས་ཤོག་བུ་རིགས་བདུན་་་ཟབ་བདུན་ཆོས་སྐོར་ཆ་ལགས་ཡིན།མཆན།གྱི་ཆོས་ཚན་རྣམས་སྤྱན་དྲངས། ཟླ་ཉིན་ཁ་ལའི་བྲག་ནས་སླར་ཡང་ཐུགས་སྒྲུབ་ཀྱི་ཆོས་ཚན་འགའ་རེ་དང་། དམ་རྫས་བཀའ་རྒྱ་ཅན་ཐོན། དེའི་ཟླ་བ་དགུ་པར་ཁམས་མིག་དབྱེ་བྲག་ནས་བྲམ་ཟེ་ཁྲག་འཐུང་ནག་པོའི་དབུ་ཐོད་རྙེད་ཅིང་། ཆོས་གཏེར་ཞིག་ཡོད་པ་མ་ཐོན། ཟླ་བ་བཅུ་གཅིག་པའི་ཚེས་བཅོ་ལྔ་ལ་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བཀའ་རྒྱ་བཀྲོལ་ཏེ་དཀྱིལ་འཁོར་ཞལ་ཕྱེས། ལྷ་སྲིན་དམ་བསྒྲག་མཛད་པར། དེ་ནུབ་ཆོས་བདག་ཞབས་དྲུང་རིན་པོ་ཆེ་ཉིད་ལ་ཁྱད་པར་འཕགས་པའི་རིག་འཛིན་ནམ་མཁའ་གང་བ་ཞིག་ཞལ་གཟིགས་པ་དང་། གཞན་རྣམས་ལ་ཨོ་རྒྱན་རིན་པོ་ཆེའི་བྱིན་རླབས་ཞུགས་པའི་རྟགས་འགའ་རེ་བྱུང་འདུག་པ་དང་། ཀུན་གྱིས་མཐོང་སྣང་མཐུན་པར་བསང་དུད་འཇའ་འོད་སྣ་ལྔར་འཁྱིལ་བ་དང་། བར་སྣང་དུ་འོད་ལྔའི་འཇའ་འོད་ཀྱི་ཐིག་ལེ་ཐིག་ཕྲན་གྱིས་གང་བ་སོགས་མཐོང་ངོ་། །དེ་སྐབས་གནས་དེར་སྨན་སྒྲུབ་བགྱིས་པ་སྨན་སྒྲུབ་ཀྱི་ཐོག་མ་ཡིན། དེའི་ཚེས་བཅུ་ལ་གནས་དེའི་དབུ་རྩེ་ནས་དགའ་རབ་རྡོ་རྗེའི་གདུང་རྟེན་སྤྱན་དྲངས། དེའི་ཉེ་སྐོར་ནས་གཏེར་ཕྲན་ཞིག་ཀྱང་སྤྱན་དྲངས། ཟླ་བ་བཅུ་གཉིས་པའི་རྒྱལ་བ་དང་པོ་ལ་སྨད་ཤོད་ཀྱི་འཛོམ་ནང་ཕུ་པདྨ་ཤེལ་ཕུག་ནས་དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ཀུན་གྱིས་མཐོང་བར་སྤྱན་དྲངས་པ་འདི་ཁྲོམ་གཏེར་གྱི་ཐོག་མ་ཡིན། མེ་སྦྲུལ་ལོ་གསར་པའི་ཚེས་གཅིག་དཔའ་བོ་ཕུག་གི་དབང་ཆེན་བྲག་ནས་གནས་ཆེན་ཉེར་ལྔའི་མདོ་བྱང་སྤྱན་དྲངས། དཔལ་སྤུངས་བླ་བྲང་དུ་གཏེར་ཞལ་ཕྱེས། ཙ་འདྲ་རིན་ཆེན་བྲག་གི་གནས་ངོས་སྤྲད། གནས་དེ་ནས་ཀྱང་ཁ་བྱང་འགའ་ཐོན་ཅིང་། ཚེས་བརྒྱད་ལ་ཀོང་སྤྲུལ། དབོན་སྤྲུལ་ཞབས་དྲུང་རིན་པོ་ཆེ་རྣམས་ལྷན་གཅིག་པས་རྒྱལ་ཁབ་ཏུ་སྨན་སྒྲུབ་མཛད་པའི་མཐར། སེང་གནམ་བྲག་ཏུ་བྱོན་པས་བཅོ་ལྔའི་ཉིན་ཀུན་གྱིས་མཐོང་བར་བྲག་གི་ནང་ནས་ཚེ་ཆུ་དང་ས་ཡི་ནང་ན་སྨན་ཆུ་རྣམས་ད་ལྟ་ཡང་འབབ་རྒྱུ་ཡོད་པར་སྤྱན་དྲངས་ཡོད། གཞན་ཨོ་རྒྱན་གྱི་སྐུ་ཆས་གསང་གོས། བེར་ཕྱམ། དབུ་ཞྭ། རྡོ་རྗེ་ཆོས་ཀྱི་མཐོང་གྲོལ་འཁོར་ལོ། སྟོན་པའི་སྐུ་ཆོས་དུམ་ཚལ། མཚོ་རྒྱལ་གྱི་སྙན་ཆ། ཨིནྡྲ་ནཱི་ལ། པདྨ་རཱ་ག །མརྒད་སོགས་ལས་གྲུབ་པ། ས་ལེ་སྦྲམ་དང་། འཛམ་བུ་ཆུ་གསེར་གྱི་ཕྲ་གོར་ཅན། ཁྲི་སྲོང་ལྡེའུ་བཙན། མཚོ་རྒྱལ་མནྡཱ་རཿབ་སོགས་ཀྱི་ན་བཟའ། བཻ་རོའི་སྐུ་ཆོས། རྡོ་རྗེ་སེམས་དཔའི་སྐུ་རྒྱུ་གང་ལས་གྲུབ་པ་ཆ་མ་འཚལ། ཨོ་རྒྱན་ཤངས་མཚལ་ལས་གྲུབ་པའི་གུ་རུའི་སྐུ་ཚབ། དམ་རྫས་རིགས་མང་པོ། སྨན་སྒྲུབ་གྭའུ་གང་། ཨོ་རྒྱན་ཕྱག་ཐམ། ཆོས་གཏེར་ནི་གསང་བའི་གླེགས་བམ་བཀའ་རྒྱ་ཅན། དམ་ཆོས་སྡེ་དྲུག་ལུང་ཆེན་སྡེ་དྲུག་བཞུགས་པ་ཨ་ནུ་ཡོ་གའི་ཆོས་སྐོར་ཡིན་པར་མངོན། གཏེར་བྱོན་ག་པུར་ཞོ་གཅིག་ཙམ་ཡོད་ཀྱང་། དེར་ཡོད་ཁྲོམ་གྱིས་ཧབ་ཐོབ་བྱས་སོང་། བྲག་རི་རིན་ཆེན་བརྩེགས་པའི་ཐོ་བྱང་ཡང་འཁོད་འདྲ།མཆན། ཡང་འཛི་པདྨ་ཤེལ་ཕུག་ནས་མཁན་པོའི་སྐུ་ཆོས་སྐོར་དང་། ཀེ་རོང་ནས་ཚེ་རྫས་སྤྱན་དྲངས། དེའི་སྐོར་ནས་ནོར་གཏེར་འགའ་རྙེད། ལོ་དེའི་ཟླ་བ་བཞི་པར་སྨན་སྒྲུབ། དགུ་པར་ཕུར་སྒྲུབ་རྣམས་ལའང་འགྲུབ་པའི་མཚན་མ་ཀུན་གྱི་མཐོང་སྣང་དུ་ཡང་གཏོར་མ་ལ་བདུད་རྩི་འབབ་པ་དང་། བུམ་པའི་བདུད་རྩི་ལུད་པ་དང་། སྐྱེས་བུ་དམ་པ་རྣམས་ལ་ཡི་དམ་ལྷ་ཡི་ཞལ་གཟིགས་པ་དང་། ཐུན་མོང་མ་ཡིན་པར་སྟོན་པ་སངས་རྒྱས་ཀྱིས་ལུང་བསྟན་དབུགས་དབྱུང་མཛད་པ་སོགས་ཕྱི་ནང་གི་གྲུབ་པའི་རྟགས་མཚན་རྨད་དུ་བྱུང་། དེ་རྗེས་གར་ཟུར་ཆོས་རྗེ་རིན་པོ་ཆེ་རྣམ་གཉིས་ཀྱི་དབུར་མཛད་པའི་སྐལ་ལྡན་འདུས་པ་སྟོང་བརྒལ་བའི་སྤྱན་ལམ་དུ་གནས་མཆོག་འབུམ་རྫོང་གི་པདྨ་དབང་ཕུག་ནས་དམ་རྫས་དང་ཆོས་གཏེར་ཐོན་པ། མཁའ་འགྲོ་སྡེ་ལྔས་གནས་ངོས་སྤྲད་པ་བཞིན་གཞན་རྣམས་ཀྱིས་བྱ་རྒོད་ལས་མ་མཐོང་། མཚོ་ནང་ནས་རྡོ་སྒྲོམ་ཀླུ་བདུད་ཁ་ལ་རཀྴས་དངོས་སུ་གཏད་པ་བྱུང་། གནས་རྙིང་ཕུག་གི་བྲག་གི་གདིང་ཁང་དུ་བྱོན་པས། དེར་ཨོ་རྒྱན་རིན་པོ་ཆེ་འཁོར་མཁའ་འགྲོ་རྒྱ་མཚོ་དང་བཅས་པ་བྱོན་འདུག་པས་ཡབ་ཡུམ་གཉིས་ཀྱིས་ཐུགས་བརྩེ་བས་ཞལ་གདམས་གནང་ཞིང་། སྐུའི་བཀོད་པ་ངོ་མཚར་བ་དུ་མ་དང་། རྩེད་མོའི་ཚུལ་ཡང་མང་པོ་མཛད། ཨོ་རྒྱན་གྱི་བཞུགས་ཁྲི་ནས་རང་བྱུང་ཐུགས་རྗེའི་སྒྲོལ་སྐུ། པྲ་ཆེན་ཧསྟིའི་རིལ་བུ། ཟུར་བཟའ་མེ་ཏོག་སྒྲོན་གྱི་ཐུགས་དམ་སྐོར་དྲུག །ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་གྱི་ཆོས་སྐོར་རྣམས་སྤྱན་དྲངས་སོ། །སླར་ཡང་མཆོང་བྱང་སྨུག་པོར་བདེ་གཤེགས་ཀུན་འདུས་ཀྱི་ཆོས་སྐོར་རྣམས་ཀརྨའི་ཕྱོགས་ཀྱི་ཉེ་སྐོར་དུ་ཡོད་པར་བདག་གིས་ཤེས་སོ། །དེ་ཡང་འདོན་པའི་དུས་ལྕགས་ཕོ་སྤྲེལ་གྱི་ལོར་ཡིན་པ་ཀུན་གྱིས་གོ་བར་གྱིས། ༄༅། །འཆི་མེད་དཀར་མོ་སྟག་ཚང་གི་རྡོ་རྗེའི་བྲག་དང་། གཡུ་མཚོ་གཏན་འཁྱིལ་ནས་ཟབ་གཏེར་སྤྱན་དྲངས་པའི་ཞལ་བྱང་མདོར་བསྡུས་བཀྲ་ཤིས་ཏམྦུ་རའི་དབྱངས་སྙན་བཞུགས་སོ། །རྩ་གསུམ་ཀུན་འདུས་གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །པདྨའི་གདུང་འཛིན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པ་དང་། འཇམ་མགོན་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་ཐུན་མོང་དུ་བླ་མ་དང་མཁའ་འགྲོས་ལུང་བསྟན་ཅིང་གསལ་སྣང་ཁྱད་པར་ཅན་གྱིས་མཚམས་སྦྱར་ཏེ་མེ་སྟག་དབྱུག་པ་ཟླ་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཚེས་༢༥དགེ་བར། བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་ཀྱི་བྱེ་བྲག་འཆི་མེད་དཀར་མོ་སྟག་ཚང་སེང་གེ་བསམ་འགྲུབ་ཀེའུ་ཚང་དུ་བསྐྱོད་ནས་ཉིན་གུང་ལ་སླེབ། གནས་མཐིལ་དུ་བསང་དང་ཚོགས་མཆོད་སོགས་བགྱིས་ཏེ་བསམ་འགྲུབ་ཀེའུ་ཚང་དུ་ཕྱིན། ཚོགས་ཀྱི་མཆོད་པ་སོགས་བགྱིས། ཕྱིར་ནངས་ཚེས་༢༦ལ་གནས་ཀྱི་རི་རྩེའི་བར་དུ་ཕྱིན་ཏེ་བཀོད་པ་བལྟས། བོད་ཁམས་སྤྱི་བྱེ་བྲག་གི་བདེ་ཐབས་ལ་དམིགས་པའི་རྩ་བ་གསུམ་གྱི་ཚོགས་སྐོང་། གཏོར་བསྔོ། བསང་གསེར་སྐྱེམས་བརྒྱ་རྩ་རྣམས་ལེགས་པར་བསྒྲུབས། ཚེས་ཉེར་བདུན་སྔ་ཆར་ཨོ་རྒྱན་གསང་ཕུག་ཏུ་ཕྱིན། གཏེར་མཚན་བཙལ་ནས་བྲག་གི་རྒྱ་རིམ་པར་བཤིགས། རྡོ་སྤྱིན་རྣམས་སོལ་མེའི་ངད་ལ་བཞུས་ཏེ་དཀའ་ཚེགས་ཆེར་མེད་པར་ཉིན་གུང་ཙམ་ལ་ཁྲོམ་ཚོགས་ཀུན་གྱིས་མཐོང་བར་སྐུ་ཚབ་དང་། རྫ་སྒྲོམ། ཕྱག་མཚན་སོགས་གདན་དྲངས། ཚེས་༢༦ཉིན་མཚོ་རྒྱལ་གསང་ཕུག་སྒོ་དུང་ངེ་འདུག་རུང་རྐྱེན་ཅུང་ཟད་ཀྱིས་མི་མངོན་པར་གྱུར་པ། ཚེས་༢༨ཉི་མ་རྩེ་ཤར་ཕྱིན་ནས་ཤུག་སྡོང་བཅད་དེ་སྐས་སུ་བཙུགས། །སྔ་མའི་གསང་ཕུག་ཡོད་པའི་ཐད་ནས་བརྐོས་པས་བྲག་སོར་དོ་ཙམ་ཞིག་པ་ན་ཕུག་པའི་སྒོ་གསར་དུ་བཅད་པའི་མཚམས་ཞིབ་པར་མཐོང་ནའང་། འཕྲལ་དུ་ལག་ཆ་སོགས་ཞན་སྟབས་ཐོན་དཀའ་བས་རྐོ་མཁན་བཞག་སྟེ་དེ་ཉིན་ཕྱི་དྲོ་ཕྱིར་འོང་། ཕྱིར་ཉིན་ཚེས་༢༩ལ་ཕྱག་མཛོད་བསོད་ནམས་སྟོབས་རྒྱལ་ཚང་སར་སླེབ་འཕྲལ་སྡེ་དགེ་རྒྱལ་བློན་ལ་གཏེར་དབང་སོགས་བགྱིས་ཏེ་རིམ་གྲོར་རྡོ་རྗེ་གྲོ་ལོད་དང་། འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་འཕང་བའི་ལས་སྦྱོར་བརྩམས། ཚེས་༣༠ལ་སྦྱིན་བདག་གི་རེ་བ་བསྐངས། སྨིན་དྲུག་ཟླ་བའི་ཚེས་༡ནས་སྡེ་དགེ་ཆོས་རྒྱལ་སྐུ་མཆེད་ལ་སྒྲོལ་དཀར་གྱི་ཚེ་དབང་དང་། ཡུལ་ཕྱོགས་ཀྱི་སྤྱི་རིམ་བསང་རི་ཁྲུས་སོགས་བགྱིས་ཏེ། སླར་ཡར་ཚེས་ལ་ངེད་རང་དཔོན་སློབ་ཉུང་ཤས་གནས་ནང་དུ་ཕེབས། གཏེར་རྒྱ་རྐོ་བཞིན་པའི་འཕྲོ་མཐུད། བསང་གསོལ་ཚོགས་སྐོང་སོགས་མང་བར་བགྱིས། ཚེས་༥ལ་སྡེ་དགེ་ཆོས་རྒྱལ་ཡང་བྱོན། ཚེས་༦ལ་འཇམ་མགོན་བླ་མའང་ཕེབས། ཚེས་བདུན་ནས་ངེད་རང་དཔོན་སློབ་རྣམས་ཐུན་མོང་ནས་ཚོགས་སྐོང་བསང་གསོལ་སོགས་བགྱིས། གཏེར་རྒྱ་མང་དུ་འདུག་པ་རིམ་པར་བཤིགས་པའི་བར་བར་དུ་གསེར་ཞུན་མའི་འདམ་བག་དང་། ས་སྦྱོར་ཁ་དོག་སྣ་ཚོགས་པ་ངོ་མཚར་བ་མང་དུ་བྱུང་། ཚེས་༩སྔ་དྲོ་ནས་གཏེར་ཐོན་ཉེ་བར་རིག་པས་བརྐོ་འཕྲོ་བཞག་སྟེ། དེ་ནུབ་སྲོད་འཁོར་ནས་གཟུང་གླུ་གར་དང་གསོལ་འདེབས་ཀྱི་གླུ་དབྱངས་རྒྱུན་མི་ཆད་པར་སྒྲོག་པའི་མཚོན། དགོས་པའི་དབང་གིས་འུར་འུར་ཆེམས་ཆེམ་མང་དུ་བགྱིས་ཏེ་ངོས་དཔོན་སློབ་དང་སྡེ་དགེ་རྒྱལ་བློན་སོགས་འཁོར་བཅས་སྒྲུབ་ཕུག་ཏུ་ས་འུར་རྡོ་འུར་གྱིས་ཕྱིན། ཚོགས་མཆོད་དང་གསོལ་འདེབས་ཀྱི་ཛཔ྄་དབྱངས་རྒྱུན་མི་འཆད་པ་འུར་དིར་གྱིས་བསྒྲགས་ཏེ། སྨིན་དྲུག་ཟླ་བའི་ཚེས་བཅུའི་སྐྱ་རེངས་ཤར་བ་དང་ལྷན་ཅིག་ཕུག་པའི་གདོང་ནས་གཏེར་མཚན་བཙལ་ཏེ་བརྐོས་པས་དཀའ་ཚེགས་མེད་པར་རིག་འཛིན་རྡོ་རྗེ་དྲག་པོ་རྩལ་གྱི་ཕྱག་མཚན་གནམ་ལྕགས་རྡོ་རྗེ་བྲག་གི་ནང་དུ་འདམ་ལྟར་ཟུག་པ་ཕྱེད་ཙམ་བཏོན་ནས་ཐམས་ཅད་ཡིད་ཆེས་པའི་ཕྱིར་དེ་གར་བཞག་སྟེ། དེ་འཕྲལ་ཐམས་ཅད་ལ་མཇལ་དུ་བཅུག །དེ་ནས་ཉི་ཤར་དྲོས་མཚམས་ཕུག་པའི་ཕྱི་ནང་གི་ཟབ་གཏེར་རྣམས་སྤྱན་དྲངས། སྡེ་དགེ་རྒྱལ་བློན་སོགས་ཁྲོམ་ཚོགས་སུམ་བརྒྱ་ཙམ་ལ་གཏེར་དབང་སོགས་བགྱིས། སླར་ཡང་སྔ་ཕྱིར་གསལ་སྣང་འགའ་ཞིག་གིས་བསྐུལ་བ་ལྟར། ཚེས་བཅུ་ཕྱི་མ་ལ་ངོས་དཔོན་སློབ་རྣམས་སེང་རྒོད་གཡུ་མཚོ་གཏན་འཁྱིལ་གྱི་ཁར་སླེབ་མ་ཐག་ཉམས་དགའ་ཞིང་རིག་པ་དྭངས་ལ་བག་ཕེབས་པར་བྱུང་། ནམ་མཁའ་དབྱར་སྤྲིན་གསར་པའི་འཇའ་ཚོན་སྣ་ཚོགས་པ་འཕྲོ་བས་ཁེངས། སྔོན་གྱི་སྒྲུབ་བརྩོན་སྙིང་སྟོབས་ཅན་རྣམས་བསྡད་པའི་ཤུལ་གཡའ་ཁང་ཐོ་རེ་འདུག་པ་ཞིག་གི་ནང་དུ་ཚོགས་གཏོར་བཤམས་ཤིང་ཚོགས་མཆོད་བགྱིས། སླར་ཡང་ཚོགས་ཀྱི་མཆོད་པ་ཁྱད་པར་དང་བཅས་གསོལ་བ་བཏབ་པས་ཉམས་ཐོད་རྒལ་དུ་འུར་ནས། མཚོ་ལ་དར་ཆེན་ཆགས་པའི་དཀྱིལ་དུ་བགྲོད་དེ་དར་ཁུང་ཆེན་པོ་གཏིབ་པ་ན་ངོས་ཀྱི་མིག་ལས་འཇའ་སྣེ་ཟུག་པས་གཏེར་གྱི་གནས་ཚུལ་གསལ་བར་མཐོང་ཞིང་། འཇམ་མགོན་བླ་མ་ལའང་གསལ་སྣང་ཁྱད་པར་ཅན་དང་བཅས་གཏེར་བདག་ཀླུའི་རྒྱལ་པོ་རྣམས་དམ་ལ་གཟིར། དབྱུག་པའི་རྩེར་ངོས་ཀྱི་སྐ་རག་དང་ཤམ་ཐབས་དཔྱངས་ཏེ་ཟབ་གཏེར་སྤྲོད་པར་བཀའ་བསྒོས་པ་བཞིན་ནམ་མཁའ་སྤྲིན་མེད་པ་ལས་མེ་ཏོག་གི་ཆར་ཁུ་འཕང་ལྟ་བུར་བབས་ཤིང་། ཀླུ་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསེར་ཕྱེའི་མེ་ཏོག་གཏོར་བ་མཚོ་ཁར་སེར་ཉིལ་གྱིས་ཆགས་པ་དང་ལྷན་ཅིག་ཟབ་གཏེར་བདེ་བླག་ཏུ་སྤྱན་དྲངས་ཤིང་གཏེར་ཚབ་ཚོགས་རྫས་སོགས་གྱ་ནོམ་ཕུལ་ཏེ་དེ་ནུབ་གནས་མཐིལ་དུ་སླེབ། ཕྱིར་ཉིན་སྔ་མའི་གཏེར་ཤོག་འགའ་ཞིག་ཕབ་སྟེ་ཕྱིར་འོང་། ཐོག་མཐའ་བར་གསུམ་དུ་ལྷོང་དང་འཚུབས་ཀྱི་རྣམ་པ་སོགས་གེགས་བར་ཕྲ་མོའང་མེད་པར་བཀྲ་ཤིས་ལ་བྱིན་ཆགས་པར་བྱུང་ངོ་། །ཞེས་པའང་རྒྱལ་དབང་པདྨའི་ལུང་ཟིན་སྐྱབས་མགོན་སི་ཏུ་མཆོག་སྤྲུལ་རིན་པོ་ཆེའི་ཐུགས་ཀྱི་དགྱེས་པ་བསྐང་བའི་ཕྱིར་ཨོ་རྒྱན་བླ་མའི་གདུང་འཛིན་མཆོག་གྱུར་གླིང་པས་སྒྲོ་སྐུར་སོགས་ཀྱི་དྲི་མས་ཅུང་ཟད་ཀྱང་མ་བསླད་པར་གནས་ལུགས་དྲང་པོར་བྲིས་ཏེ་ཕུལ་བ། རིགས་གསུམ་སྤྲུལ་པའི་སྒྱུ་འཕྲུལ་མཁན་སློབ་ཆོས་གསུམ་གྱི་ཐུགས་རྗེས་བོད་ཁམས་མཐའ་དབུས་ཀུན་ཏུ་ཕན་པ་དང་བདེ་བའི་དགེ་མཚན་ཕུན་སུམ་ཚོགས་པ་དུས་རྟག་ཏུ་འབྱུང་བར་གྱུར་ཅིག །དགེ་འོ།། །།
བདེ་བར་གཤེགས་པའི་བསྟན་པའི་ཡང་སྙིང་རིག་འཛིན་གྱི་སྡེ་སྣོད་སྔ་འགྱུར་ཟབ་མོ་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་ཆོས་སྡེ་སྤར་དུ་བསྒྲུབས་པའི་རྟོགས་བརྗོད་ལྷའི་རྔ་བོ་ཆེའི་སྒྲ་དབྱངས་རྒྱ་མཚོའི་སྤྲིན་གྱི་བླ་བྲེ་ (Volume 66, Text 2)
༄༅། །དེ བ དུ ནྡུ བྷི ཤ བྡ གྷོ ཥ ས མུ དྲ མེ གྷ སྱོ ལླ ཙཾ ནཱ མ སུ ག ཏ ཤཱ ས ན པྲ ཧྲྀ ད ཡ བི དྱཱ དྷཱ ར པི ཊ ཀཾ པཱུ རྦ བི ཀཱ ར ག མྦྷཱི རཾ ར ཏྣ ནི དྷི མ ཧཱ བྷ ཥ དྷ རྨ སེ ན ཡ བཱ ནྲཱ དྡྷ སྱ བ དཱ ནཾ བི ཧ ར ཏི སྨ། ༄༅། །བདེ་བར་གཤེགས་པའི་བསྟན་པའི་ཡང་སྙིང་རིག་འཛིན་གྱི་སྡེ་སྣོད་སྔ་འགྱུར་ཟབ་མོ་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་ཆོས་སྡེ་སྤར་དུ་བསྒྲུབས་པའི་རྟོགས་བརྗོད་ལྷའི་རྔ་བོ་ཆེའི་སྒྲ་དབྱངས་རྒྱ་མཚོའི་སྤྲིན་གྱི་བླ་བྲེ་ཞེས་བྱ་བ་བཞུགས་སོ།།
༈ སྡེབ་སྦྱོར་རྐང་བཞི་མཉམ་པའི་བྲིཏྟ་ཡི་གེ་བཅུ་པ་ཕྲེང་ལྡན་མ་ལ་རྣམ་གྲངས་སྤྱིར་ ༡༠༢༤ ཡོད་པ་ལས། བྱེ་བྲག་ཨུདྡིཥྚ་ ༢༥༦ ནས་ཟིན་པ་རྨ་བྱ་རོལ་པའི་པྲསྟཱ་རས་མཛེས་པར་བྱས་པའོ། ། ༄༅། །ཀིརཎམུསིསུཀྲྀཏཀོཊཱི། ༄༅། །བསོད་ནམས་བྱེ་བའི་གཟི་བརྗིད་ལ་འཁྱུད་པའི།།
༄༅། །རྨནསིཏིམིརཤམབྷཱསྭཱི། ༄༅། །ཡིད་ཅན་མུན་པ་ཞི་བའི་སྣང་བ་ཅན།།
༄༅། །ཏྲིབརསམརབིབིཏཱནཱ། ༄༅། །ཉི་མའི་བླ་བྲེ་དང་མཚུངས་མཆོག་གསུམ་གྱི།།
༄༅། །ནཔཙཡརུཙབཏུདཡྱོཿ ༄༅། །ཐུགས་རྗེའི་སྣང་བ་འགྲིབ་པ་མེད་པས་སྲུངས།།
ངོ་བོ་ཀ་དག་རྡུལ་བྲལ་ཆོས་ཀྱི་དབྱིངས། །རང་བཞིན་ལྷུན་གྲུབ་བདེ་ཆེན་ལོངས་སྤྱོད་རྫོགས། །ཐུགས་རྗེའི་རང་རྩལ་འགྲོ་འདུལ་སྤྲུལ་པའི་སྐུ། །ཨོ་རྒྱན་བླ་མའི་ཞབས་ཀྱི་པདྨོར་འདུད། །མ་སྐྱེས་གདོད་ནས་དག་པའི་སྟོང་ཆེན་དབྱིངས། །བདེ་ཆེན་ཐིག་ལེར་འཁྱིལ་བའི་ཕྱག་རྒྱའི་གར། །རྣམ་བཅས་ལྷ་མོའི་སྐུར་སྣང་པདྨའི་ལྕམ། །རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་མ་ལ་འདུད། །ཚངས་པ་རྔ་སྒྲའི་ཞིང་ཁམས་རྒྱ་མཚོ་ན། །གྲགས་པ་རྣམ་གསལ་སྲས་བཅས་རྒྱལ་ཀུན་གྱི། །ཕྲིན་ལས་འདུས་གཟུགས་འབྲེལ་ཚད་དོན་ལྡན་དཔལ། །རང་བྱུང་རྡོ་རྗེ་ཀརྨ་པ་ལ་འདུད། །རྣམ་པར་སྣང་མཛད་ཡོན་ཏན་རྒྱ་མཚོ་ཆེ། །བློ་གྲོས་མཐའ་ཡས་ཡེ་ཤེས་རིན་ཆེན་མཛོད། །དཀྱིལ་འཁོར་ཀུན་བདག་པདྨ་གར་གྱི་དབང་། །རྡོ་རྗེ་འཆང་མགོན་ཞབས་པད་ལ་ཕྱག་བགྱི། །འཇམ་དཔལ་དབྱངས་དངོས་སྲས་བཅས་རྒྱལ་ཀུན་གྱི། །མཁྱེན་བརྩེའི་ཕུང་པོ་འདུས་པའི་དཔལ་དེ་དང་། །པདྨའི་ཞལ་སྐྱིན་མཆོག་གྱུར་བདེ་ཆེན་གླིང་། །གཏེར་ཆེན་ཡབ་སྲས་སྙིང་གི་ཐིག་ལེར་རོལ། །རྒྱུད་ལུང་མན་ངག་དབང་གི་ཆུ་བོ་བཞིའི། །འབྱུང་གནས་བརྒྱུད་པ་དགུ་ཡི་རིག་འཛིན་དང་། ཁྱད་པར་ཟབ་གཏེར་མངའ་བདག་སྤྲུལ་པའི་སྐུ། །དུས་གསུམ་གཤེགས་པ་ཀུན་ལ་གུས་པས་འདུད། །བྱང་ཆུབ་སེམས་དཔའ་དཔལ་ལྡན་ཞི་བ་འཚོ། །ཐུགས་བསྐྱེད་ཕྲིན་ལས་རྨད་བྱུང་ཁྲི་སྲོང་རྗེ། །འབངས་རིགས་གྲུབ་བརྙེས་ལོ་པཎ་ཚོགས་བཅས་ཀྱི། །བཀའ་དྲིན་དྲན་པས་བསྔགས་པའི་མེ་ཏོག་འཐོར། །བདེ་ཆེན་གཅིག་ཉིད་དུ་མར་རོལ་པའི་གར། །མཐའ་ཡས་རྒྱུད་དང་སྒྲུབ་སྡེའི་དཀྱིལ་འཁོར་ལྷ། །གསང་བའི་གཉེར་འཛིན་གནས་གསུམ་མཁའ་འགྲོ་བཅས། །སྙིང་པོ་བྱང་ཆུབ་བར་དུ་མི་འབྲལ་བསྙེན། །དབྱིངས་ནས་སྐུར་བཞེངས་བཀའ་ཡི་བྱ་ར་བ། །ལེགས་ཉེས་སྟངས་འཛིན་ཡེ་ཤེས་ལས་འཇིག་རྟེན། །རྒྱུད་གསུམ་སྲུང་མའི་ཚོགས་རྣམས་མངའ་གསོལ་ལོ། །བསྟན་པའི་མེལ་ཚེ་མཛད་པའི་དུས་ལ་བབས། །དཔག་ཡས་བསོད་ནམས་གསེར་གྱི་མཛེས་སྤྲིན་ལས། །འདོད་རྒུའི་ཆར་འབེབ་སེམས་དཔའ་ནོར་འཆང་དབང་། །དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་མཐུ་ཆེན་བཅས། །བསྟོད་དོ་དགེ་ལེགས་དཔལ་འབྱོར་རྒྱས་པར་མཛོད། །ཟབ་གསང་ཆོས་མཆོག་རིན་ཆེན་སྙིང་པོའི་ཆར། །སངས་རྒྱས་གཉིས་པའི་ཐུགས་རྗེས་བསྙིལ་པ་རྣམས། །ཐར་པའི་དེད་དཔོན་འཇམ་མགོན་བླ་མའི་མཐུས། །འཛད་མེད་ཡིད་བཞིན་གཏེར་གྱི་མཛོད་དུ་སྤུངས། །གང་གི་སྣང་བརྙན་ཉིན་མོར་བྱེད་པའི་དཔལ། །ཕྱོགས་བྲལ་ལྷག་བསམ་མཁའ་ལ་དེང་ཤར་བས། །རྒུད་པའི་མུན་བཅིལ་ཕན་བདེའི་པདྨོའི་ཚལ། །རབ་བཞད་གཏམ་གྱི་དགའ་སྟོན་འདི་ན་སྤེལ། །འདིར་དུས་གསུམ་རྒྱལ་བ་ཡོངས་ཀྱི་དགོངས་བཅུད། རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཐུགས་ཁྲག །ཆོས་སྐྱོང་དམ་ཅན་ཡོངས་ཀྱི་བླ་རྡོ། སྐལ་བཟང་གི་སྐྱེས་བུར་འཕྲལ་ཡུན་གྱི་རེ་བ་ཡིད་བཞིན་སྐོང་བའི་ཟབ་ཆོས། རིན་ཆེན་གཏེར་གྱི་མཛོད་ཆེན་མོ་སྤར་དུ་འདུ་བགྱིས་པའི་བྱུང་བ་བརྗོད་པའི་གཏམ་ཉུང་ངུ་ཞིག་གླེང་བར་བྱ་སྟེ། དེ་ཡང་ཕྱོགས་དུས་བདེ་གཤེགས་ཐམས་ཅད་ཀྱི་ཁྱབ་བདག་གདོད་མའི་མགོན་པོ་ཉིད། ལྷུན་གྲུབ་སྟུག་པོ་བཀོད་པའི་རྒྱན་དམ་པར་བཞུགས་ནས་གདུལ་བྱའི་སྐལ་བ་དང་འཚམ་པར་འབད་རྩོལ་མི་མངའ་བར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་འཇུག་པ་བསམ་ཡས་དུས་བཞི་མཉམ་པ་ཉིད་དུ་བརྡལ་བ་ལས། གསུང་རྡོ་རྗེ་ནཱ་དའི་དབྱངས་ཀྱིས་བསྟན་པའི་ཆོས་ཀྱི་ཕུང་པོའི་ཚད་བརྗོད་པ་སུ་ཞིག་གིས་སྤོབས། འོན་ཀྱང་ཕྱོགས་རེ་བ་རྣམས་ཀྱི་ངོར་བསྡུ་ན་གསུམ་སྟེ། ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པ་འོ། །ཞེས་རྣམ་པ་གསུམ་དུ་འདུ་ཞིང་། དེ་ལའང་ནང་གསེས་སུ་ཐེག་པ་དགུར་ཕྱེ་བའི་དབང་བསྒྱུར་ཐབས་ཀྱི་ཐེག་པ་ནང་རྒྱུད་སྡེ་གསུམ་གྱི་རྡོ་རྗེའི་གནས་ཟབ་ཅིང་རྒྱ་ཆེ་བའི་སྙིང་པོའི་ཆ་ཤས་ཙམ་ཞིག་གངས་ཅན་པའི་སྐྱེ་རྒུའི་བསོད་ནམས་ཀྱི་སྐལ་བར་བྱོན་པ་ལའང་བཀའ་གཏེར་དག་སྣང་གི་བབས་སོ་གསུམ་དུ་བཞུགས་པ་ལས་འདིར་ཕྱི་མ་གཉིས་ཡིན་ལ། དེ་ཡང་རྒྱལ་བ་མ་ལུས་པའི་ཡེ་ཤེས་རྒྱན་འཁོར་ཉེར་ལྔ་གཅིག་ཏུ་བསྡུས་པའི་རྣམ་རོལ། ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོས་བོད་ཡུལ་སྐལ་ལྡན་རྗེ་འབངས་རྣམས་ལ་མཆོག་ཐུན་སྒྲུབ་པའི་གདམས་ཟབ་མཐའ་ཡས་པ་བསྩལ་པ་རྣམས་གསང་བའི་བདག་མོ་ཡེ་ཤེས་མཚོ་རྒྱལ་གྱིས་བསྡུས་ཤིང་། ཆོས་བདག་སྐྱེས་བུ་སོ་སོར་སྨོན་ལམ་གྱིས་གཉེར་དུ་གདམས་ཏེ། ཕྱི་རབས་བསྟན་འགྲོར་ཕན་བདེའི་དཔྱིད་དུ་ཁ་བྱང་ཡོད་པའི་མིང་ཅན་དང་། ཁ་བྱང་མེད་པའི་མིང་མེད་མཐའ་ཡས་པ་རྣམས་གཏེར་རིགས་བཅོ་བརྒྱད་ཀྱིས་མཚོན་པར་རྒྱས་བཏབ། རྣམ་འདྲེན་ལྔ་པའི་བསྟན་པ་མ་ཤར་གྱི་བར་དུ་འབྱུང་བར་བྱིན་གྱིས་བརླབས། དུས་བབས་ལས་འཕྲོ་སད་པའི་སྤྲུལ་སྐུ་གཏེར་ཆེན་གཏེར་ཕྲན་རིམ་པར་བྱོན་པས་སྤྱན་དྲངས་པའི་ཆོས་སྡེ་རྣམས་ཀྱི་སྨིན་གྲོལ་ཟབ་མོའི་ཆུ་རྒྱུན། རྒྱལ་བསྟན་རིན་པོ་ཆེ་སྲིད་པ་ཇི་སྲིད་བར་དུ་མི་ནུབ་པའི་བཙས་སུ་དུས་གསུམ་ཀུན་མཁྱེན་པདྨཱཀ་ར་དང་རྣམ་དབྱེར་མེད་པའི་འཁོར་ལོའི་མགོན་པོ། བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་འཇམ་མགོན་ཆོས་ཀྱི་རྒྱལ་པོ་རྡོ་རྗེ་འཆང་ཆེན་པོའི་ཕྲིན་ལས་རྨད་དུ་བྱུང་བའི་ཆ་ཤས། རིན་པོ་ཆེ་ཟབ་མོ་གཏེར་གྱི་མཛོད་ཅེས་སྲིད་པའི་ཁམས་འདིར་སྙན་པའི་གྲགས་པ་ལྷང་ངེར་གསལ་བ་ཉིད་མཐའ་དབུས་སྐྱེ་རྒུ་ཡོངས་ལ་བདེ་སྐྱིད་ཀྱི་ས་བོན་རྣམ་པར་དཀར་བའི་རྒྱུ་དང་། རིས་སུ་མ་ཆད་པའི་རྒྱལ་བསྟན་དེ་འཛིན་དང་བཅས་པའི་སྐུ་ཡི་རིམ་གྲོ། ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོའི་རིང་ལུགས་ཟབ་མོའི་གཏེར་གྱི་བསྟན་པ་ཕྱོགས་བརྒྱར་སྤེལ་བ་དང་། ཐར་འདོད་སྐལ་ལྡན་ཡོངས་ལ་ཆོས་སྦྱིན་འཛད་མེད་དུ་འཇོ་བའི་སླད། འོག་མིན་ས་སྤྱོད་ཐུགས་ཀྱི་འཁོར་ལོའི་ཕོ་བྲང་ཆེན་པོར་དུས་གསུམ་རྒྱལ་བའི་ཕྲིན་ལས་པར་མཚན་དང་དོན་དུ་མཐུན་པའི་རྣམ་ཐར་ཟོལ་མེད་དུ་འཛིན་པ་༧སངས་རྒྱས་ཀརྨ་པའི་སྐྱེས་རབས་གསེར་གྱི་ཕྲེང་བ་རིམ་པར་བྱོན་པའི་ཆོས་ཀྱི་རྒྱལ་སྲིད་ཆེན་པོའི་མདུན་ས། འཇམ་དབྱངས་གོང་མའི་ལུང་གིས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོར་བསྐོར་བའི་སྡེར་བསྔགས་ཤིང་། འཇིག་རྟེན་བརྗོད་བདེའི་ཐ་སྙད་མཚུར་མདོ་བོ་ལུང་གི་གཙུག་ལག་ཁང་ཞེས་གྲགས་པའི་ཆོས་སྡེ་འདི་ཉིད་དུ་དགེ་ལེགས་ཀྱི་དངོས་པོ་ཀུན་དང་ལྡན་པའི་ཆོས་མཛོད་ཆེན་མོ་འདི་ཉིད་སྤར་དུ་བཞེངས་པའི་གྲངས་ཀྱི་དཀར་ཆག་སྤེལ་བ་ལ་བདུན། བཀའ་བསྡུ་མཛད་པའི་ཚུལ། སྡུད་པ་པོའི་སྐུ་ཆེ་བའི་རྣམ་ཐར། དེ་དག་ལས་འཕྲོས་དོན་ཅུང་ཟད་སྨྲོས་པ། ཆོས་ཀྱི་རྣམ་གྲངས་ཀྱི་བཞུགས་བྱང་། ཇི་ལྟར་དུ་བསྒྲུབས་པའི་ཚུལ། དེའི་ཕན་ཡོན་བསྟན་པ། སྤར་བྱང་བསྔོ་སྨོན་གྱི་ཚིག་ཕྲེང་རྣམས་སོ། །དང་པོ་ནི། སྤྱིར་རྒྱལ་བ་མིའི་སེང་གེའི་དཔལ་གྱི་མགུལ་ནས་གདུལ་བྱའི་ཁམས་དབང་མོས་པ་དང་འཚམ་པར་གསུངས་པའི་འདུལ་མདོ་མངོན་པ་རིག་འཛིན་གྱི་སྡེ་སྣོད་རྣམས་གནས་ཐ་དད་པར་བཀའི་བསྡུ་བ་པོ་སོ་སོས་བསྡུས་ཤིང་། རྒྱལ་སྲས་བྱང་སེམས་ལྷ་ཀླུ་མིའི་རིག་འཛིན་ལ་སོགས་པས་ཡོངས་སུ་བཟུང་སྟེ་རིམ་པར་བྱོན་པ་རྣམས་ཕྱི་རབས་འཕགས་བོད་ཀྱི་ལྗོངས་སུ་མཁས་ཤིང་གྲུབ་པ་བརྙེས་པའི་སློབ་དཔོན་དུ་མས་འཐོར་བ་བསྡུས་ཤིང་འཆད་རྩོམ་སྒོམ་པའི་སྒོ་ནས་དར་རྒྱས་སུ་མཛད་པའི་ཚུལ་ནི་གཞན་ལས་ཤེས་ལ། འདིར་གསང་སྔགས་སྔ་འགྱུར་བའི་གྲུབ་པའི་རིག་འཛིན་ཆེན་པོ་རྣམས་ལས་རིམ་པར་འོང་བའི་འོད་གསལ་རྡོ་རྗེ་སྙིང་པོའི་གནས་ཟབ་རྒྱས་ཀྱི་ཡང་ཞུན། བསྐྱེད་རྫོགས་རྫོགས་པ་ཆེན་པོའི་མཐར་ཐུག་གི་གསང་ཆོས། མཆོག་ཐུན་སྒྲུབ་པའི་ཕྲིན་ལས་རབ་འབྱམས་དང་བཅས་པ་ཟབ་མོའི་གཏེར་དུ་བསྩལ་པ་རྣམས་སྤྲུལ་པའི་གཏེར་འབྱིན་སངས་རྒྱས་བླ་མ་དང་། རྡོར་འབུམ་ཆོས་གྲགས་ནས། བདག་ཅག་གི་རྣམ་འདྲེན་འཁོར་ལོའི་མགོན་པོའི་བར་དུ་བྱོན་པའི་ཚད་ཐུབ་ཀྱི་གཏེར་སྟོན་བརྒྱ་ཕྲག་གཅིག་ལ་ཕྱོགས་དང་རྒྱ་མཚོས་ལྷག་པའི་ཆོས་སྐོར་ལས། གཏེར་རྙིང་ལ་ལའི་རྒྱུན་ཆད་ལ་ཉེ་ཞིང་ཕལ་མོ་ཆེའི་མཚན་ཙམ་ཡང་ཀུན་གྱི་སྤྱོད་ཡུལ་དུ་མི་སྣང་བར་གྱུར་ཀྱང་། རྒྱལ་བའི་ཐུགས་བསྐྱེད་དུས་སུ་སྨིན་པའི་མཐུས་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པ་དང་། འཇམ་མགོན་པདྨ་འོད་གསལ་མདོ་སྔགས་གླིང་པས་བཀའ་བབས་བདུན་གྱི་ཤིང་རྟའི་ལམ་སྲོལ་གསར་དུ་འདྲེན་པར་མཛད་དེ། གཏེར་རྙིང་ཕལ་མོ་ཆེའི་ཆོས་སྐོར་ཟབ་འདྲིལ་དུ་མ་ཞིག་བྱོན་པ་རྣམས་ཀྱི་རྒྱུན་མི་ནུབ་པའི་ཆེད། དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྫོགས་པའི་སངས་རྒྱས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་མཚན་བརྗོད་པར་དཀའ་ཡང་། དོན་གྱི་སླད་དུ་སྨྲོས་ན་༧ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེ་འམ། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པའི་ཞལ་སྔ་ནས་སྔ་ཕྱིར་བྱོན་པའི་གཏེར་རྙིང་གི་གཙོས། གཏེར་ཕྲན་ཕྱོགས་བསྒྲིགས་ཀྱི་པུསྟི་བཅུ་སྐོར་བསྩལ་པའི་མཚན་ཡང་རིན་ཆེན་གཏེར་ཕྲན་དུ་གསོལ་བར་མཛད། སླར་གཏེར་ཆོས་རྒྱུན་གར་བཞུགས་རྣམས་ཀྱི་རྩ་གསུམ་ཆོས་སྐྱོང་ཕྲིན་ལས་རྫོགས་རིམ་དང་བཅས་པའི་སྙིང་པོ་རྣམས་འདུས་པ་ཞིག་མཛད་པར་བཞེད་དེ། ཀུན་གཟིགས་བླ་མ་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་སྤྱན་སྔར་རུང་མིན་བརྟག་པ་དང་། རུང་ཚེ་གནང་བ་སྩོལ་ཞིང་ཡིག་ཆ་ཇི་ལྟར་འཇོག་འོས་པའི་གནས་སྣང་གི་བཀའ་འདྲི་བསྩལ་པ་ན། རྗེ་ཉིད་ནས་ཀྱང་གཏེར་ཕྲན་སྐོར་པོད་བཞི་ཙམ་འདུ་མཛད་པ་དེ་དག་ལ་གཞི་བྱས་པའི་ཆོས་མཛོད་འདི་བསྡུ་བའི་བཀའ་འཇམ་མགོན་རྡོ་རྗེ་འཆང་ཆེན་པོར་བབས་པའི་གཟིགས་སྣང་འཁྲུངས་པས། བསྡུ་རུང་བའི་གནང་བ་བསྔགས་བརྗོད་བཅས་བསྡུ་བར་འོས་པ་རྣམས་ཀྱི་དཀར་ཆག་ཟབ་རྒྱས་ཆོས་ཀྱི་སྒོ་འབྱེད་ཀྱང་ཕྱག་ཐོར་བཏབ་ཅིང་རྒྱས་བསྡུས་ཀྱི་བསླབ་སྟོན་དང་། ངེས་པར་བཀའ་བསྡུ་མཛད་གྲུབ་པའི་ཞབས་བསྐུལ་གསོལ་འདེབས་བཅས། ཁྱད་པར་རྡོ་རྗེའི་ལུང་དོན་མཛོད་ཆེད་ལྔ་ཡི་ཡ་གྱལ་རིན་ཆེན་གཏེར་མཛོད་དུ་མཚན་གསོལ་དགོས་པའི་རྒྱུ་མཚན་ཞིབ་རྒྱས་སུ་བསྩལ་པ་དང་། སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པ་ཉིད་བོད་འབངས་བསོད་ནམས་ཀྱི་མགྲོན་དུ་ཕེབས་ནས་གནས་གཏེར་དུ་མའི་ཞལ་གསར་དུ་དབྱེ་བར་མཛད་པའི་སྐབས་རྣམས་སུ། འཇམ་མགོན་ཆོས་ཀྱི་རྒྱལ་པོས་ཚོགས་ཀྱི་མཆོད་པ་རྒྱ་ཆེར་འབུལ་གནང་གིས་ཨོ་རྒྱན་ཡབ་ཡུམ་དངོས་ལ་གནང་བ་ཞུ་བའི་བསྐུལ་མ་མཛད་དོན་བཞིན། དག་པ་ཡེ་ཤེས་ཀྱི་གཟིགས་ངོར་ཇི་ལྟར་ཤར་བའི་གཏན་ཚིགས་ཕྱག་རྒྱས་བཏབ་པ་གནང་བ་འདི་ལྟ་སྟེ། རྒྱལ་ཀུན་འདུས་གཟུགས་པདྨཱཀ་ར་ཡི། །གསང་བ་གསུམ་གྱི་སྒྱུ་འཕྲུལ་རོལ་པའི་ཚོགས། །གཅིག་ལས་དུ་མ་རྣམ་མང་གཅིག་བསྡུས་པའི། །རྒྱལ་སྲས་རྩ་གསུམ་སྲུང་མར་བཅས་ལ་འདུད། །ཆོས་དབྱིངས་རྣམ་པར་དག་པའི་ལྷ་ལམ་ནས། །རང་རྩལ་ཡེ་ཤེས་ཤིང་རྟ་ལ་དྲངས་པའི། །རྣམ་ཀུན་ཕན་བདེ་སྤེལ་བའི་འོད་འབུམ་ཅན། །དཀྱིལ་འཁོར་རབ་འབྱམས་སྣང་བས་ཤིས་གྱུར་ཅིག །འདིར་སྔ་འགྱུར་བཀའ་གཏེར་དག་སྣང་བབས་སོ་གསུམ་གྱི་ནང་ནས་བརྒྱུད་པ་དྲུག་ལྡན་གྱིས་འཕགས་པ་གཏེར་མའི་ཕྱོགས་ཁུངས་བཙུན་ཞིང་གནད་ཟབ་མེད་དུ་མི་རུང་བའི་གདམས་སྐོར་ནུབ་པར་ཕངས་པའི་རིགས་རྣམས། ཕྱོགས་གཅིག་ཏུ་བསྒྲིགས་པར་མཛད་པའི་ཐུགས་བསྐྱེད་རྒྱ་ཆེན་པོ་ལོ་ཆེན་བཻ་རོའི་དངོས་སྤྲུལ་འདྲེན་མཆོག་རྡོ་རྗེ་སེམས་དཔའ་ཀོང་སྤྲུལ་རིན་པོ་ཆེས་མཛད་པའི་ཚེ། ཁོ་བོ་ལ་རུང་མིན་བརྟག་པ་དགོས་ཞེས་གསུངས་པ་ན་རྩ་གསུམ་ལྷ་ལ་གསོལ་བ་བཏབ་པས་གནང་བ་བསྩལ་བའི་སྣང་བ་དུ་མ་ཤར་ཞིང་། ལྷག་པར་གུ་རུ་རིན་པོ་ཆེས་གཏེར་མའི་སྐོར་གྱི་པུསྟི་མང་པོ་ཞིག་ཕྱོགས་གཅིག་ཏུ་བསྡོམས་ནས་རང་ལ་གནང་ནས། གཞན་ཞིག་ལ་བཀའ་གཏད་དགོས་པའི་བསླབ་སྟོན་བསྩལ་པའི་སྣང་བ་གསལ་པོ་བྱུང་བས་ཀོང་སྤྲུལ་འཇམ་པའི་རྡོ་རྗེ་ཉིད་ལ་བཀའ་གཏད་ཕུལ་ཞིང་། གདམས་པ་ཕྲན་ཚེགས་ལུང་རྒྱུན་མེད་པ་འགའ་རེ་ཐབས་རྩོལ་བརྟགས་གཞིག་དུ་མའི་སྒོ་ནས་ལུང་རྒྱུན་ཐོབ་པ་བྱུང་བས། ཕྱིས་འདིའི་འཆད་ཉན་དོན་མེད་དུ་མི་འགྲོ་བར་བརྒྱུད་པ་འཛིན་ངེས་གླེགས་བམ་བཞེངས་ཤིང་འཆད་ཉན་མཛད་པ་དང་། ཐ་ན་ཆོས་ཚན་རེ་རེ་མཐར་ཕྱིན་བསྙེན་སྒྲུབ་མཛད་མཁན་རྣམས་ལ་མ་གཏོགས་རང་བཞིན་ཟོབ་ཆོག་སླ་ཆོས་བབ་ཅོལ་རིགས་མི་མཛད་པ་གལ་ཆེ། གླེགས་བམ་འདི་རིགས་ལ་བསྲེ་བསླད་བཅོས་བསྒྱུར་འཕྲི་བསྣན་སོགས་ཚུལ་མིན་སྤྱོད་མཁན་རྣམས་ལ་བཀའ་སྲུང་རྣམས་ཀྱིས་བཀའི་ཆད་པ་ཆོད། ཚུལ་བཞིན་འབྲི་ཀློག་ཀུན་ཆུབ་འཆད་ཉན་སྒོམ་སྒྲུབ་བྱེད་མཁན་རྣམས་ལ་དཔལ་མ་ཧཱ་ཀཱ་ལ་ལྕམ་དྲལ། ཆོས་སྐྱོང་བའི་རྒྱལ་པོ་རྣམ་མང་ཐོས་སྲས། ཞིང་སྐྱོང་དུར་ཁྲོད་ལྷ་མོ། ལྷ་ཆེན་དབང་ཕྱུག །མགོན་དཀར་ཡབ་ཡུམ། བཀྲ་ཤིས་ཚེ་རིང་མ་རྣམས་ཀྱིས་སྲུང་ཞིང་སྐྱོབ་པ་དང་གང་འདོད་པའི་ཕྲིན་ལས་སྒྲུབས་ཤིག །གླེགས་བམ་འདི་རྣམས་ཀྱི་གཉེར་ཁ་གྱིས་ལ་སྲུངས་ཤིག །ཅེས་པ་མཆོག་གྱུར་གླིང་པས་བྲིས་པའོ། །སརྦ་མངྒ་ལཾ། །ཞེས་དང་། གཞན་ཡང་གུ་རུ་རིན་པོ་ཆེ་གཏེར་ཆེན་རྡོ་རྗེ་གླིང་པའི་རྣམ་པར་བསྟན་ནས་མཆོག་གླིང་ཉིད་མགྲོན་གཉེར་གྱི་ཚུལ་གྱིས་གཞན་ཞིག་ལ་གནང་དགོས་པའི་བཀའ་ལུང་བྱིན་རླབས་སུ་བསྩལ་བ་ལྷག་པར་གསལ་བའི་གནང་བ་ཐོབ་པའི་དངོས་རྟགས་སུ་སྣང་ཞིང་། བཀའ་བསྡུའི་གླེགས་བམ་ཕལ་ཆེར་གྲུབ་པའི་ཚེ། འཇིག་རྟེན་དབང་ཕྱུག་རྒྱལ་དབང་བཅུ་བཞི་པ་ཆེན་པོ་དཔལ་སྤུངས་ཡང་ཁྲོད་དཔལ་ཧེ་རུ་ཀའི་ཚོགས་ཁང་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་ཞབས་པད་བཀོད་པའི་སྐབས། ཆོས་མཛོད་འདི་ཉིད་ཀྱི་པུསྟ་ཀ་རྣམས་གཟིགས་ལམ་དུ་བསྟར་བར་མཛད་པ་ན། ཆེད་དུ་བརྗོད་པ་ངོ་མཚར་རྣ་བའི་རྒྱན་ཞེས་བྱ་བ་བསྩལ་བའང་འདི་ལྟ་སྟེ། ཟབ་པའི་གསང་མཛོད་མཐའ་དག་བསྡུ་བ་ནི། །རྡོ་རྗེ་ཆོས་དང་ས་བཅུའི་དབང་ཕྱུག་གི། །སྤྱོད་ཡུལ་ཡིན་མོད་ནུས་པ་དང་འཚམས་པར། །གསང་བ་འཛིན་འདི་གསང་ཆེན་བསྟན་པའི་བཙས། །དེ་ཕྱིར་རྡོར་འབུམ་ཆོས་ཀྱི་གྲགས་པ་ནས། །མཆོག་གྱུར་བདེ་ཆེན་གླིང་པའི་བར་བྱོན་པའི། །མཆོག་ཆེན་རྣམ་གསུམ་གླིང་པ་ཉི་ཤུ་དང་། །དྲི་མེད་སྡེ་ལྔ་ནུས་ལྡན་ཉི་ཤུ་གཅིག །གཙོར་གྱུར་གསར་རྙིང་ཀུན་ལ་ཚད་ཐུབ་ཏུ། །གྲགས་པའི་གཏེར་བྱོན་རྣམས་ཀྱི་སྨིན་གྲོལ་དང་། །གདམས་ངག་ཉེར་མཁོའི་ཡིག་སྣ་ཚང་བ་བཅས། །རིན་ཆེན་རིགས་འདུས་གཏེར་གྱི་མཛོད་འདི་གྲུབ། །ཨོ་རྒྱན་ཆེས་བསྟན་ཟབ་མོའི་ཆོས་རྣམས་ལ། །གཞུང་བཞིན་སུ་དང་སུ་ཡིས་སྤྱོད་པ་ཀུན། །ཀུན་གྱིས་བཀུར་སྟི་ཕུ་དུད་བྱ་བའི་ཡུལ། །ང་སྤྲུལ་ཡིན་ཞེས་ཚད་མའི་ལུང་ལས་འབྱུང་། །པདྨའི་ཆོས་ལ་མོས་ཀུན་གུ་རུ་ཡི། །ཞལ་མཇལ་སྨོན་ལམ་ཐེབས་པའི་ལས་འཕྲོ་ཅན། །འབྲེལ་ཚད་དོན་ལྡན་ཡིན་ཞེས་ཡེ་ཤེས་ཀྱི། །མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་ཞལ་ནས་གདམས། ཁྱད་པར་གསང་མཛོད་འདི་བསྐྲུན་རིག་པ་འཛིན། །ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའི་སྡེ། །རྒྱལ་བའི་སྲས་པོ་བློ་གྲོས་མཐའ་ཡས་པ། །པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ། །རིགས་ཀུན་ཁྱབ་བདག་པདྨ་ཉིན་བྱེད་ཀྱིས། །སྡོམ་པ་གསུམ་ལྡན་མཚན་གྱིས་དབང་བསྐུར་ཏེ། །སྨིན་གླིང་གཏེར་ཆེན།་་་འགྱུར་མེད་རྡོ་རྗེའི་རྣམ་རོལ་ཞལ་གྱིས་བཞེས། །སྐྱེས་ཆེན་མཆོག་གཟིགས་གཞན་ཡང་དགོངས་པ་མཐུན། །དེ་མཚུངས་ཤེལ་ཕུག་གསང་བའི་ལུང་བྱང་ལས། །ཕན་ཚུན་གབ་སྤྲད་བཻ་རོའི་སྐྱེ་བ་ནི༔ བློ་གྲོས་མིང་ཅན་དེ་ལ་བདག་པོར་སྤྲོད༔ ཅེས་སོགས་གཏེར་གསར་ཤོག་སེར་ཕལ་མོ་ཆེར། །བཻ་རོའི་རྣམ་འཕྲུལ་འཆད་རྩོམ་བཀའ་བབས་པར། །ལུང་བསྟན་གཏེར་ཆེན་རྗེ་ཡིས་བླ་མར་བཀུར། །ཟབ་ཆོས་ཆོག་སྒྲིག་དབང་བར་རྗེས་སུ་གནང་། ཁོ་བོས་ཀྱང་ནི་དེ་མཚུངས་གཟེངས་བསྟོད་བྱས། །ཐུན་མོང་རྣམས་ཀྱི་མཐུན་སྣང་གྲུབ་པར་ཡང་། །བསྟན་བཅོས་རྩོམ་ལ་དབང་བའི་མཚན་ཉིད་ཚང་། །ལྷག་པར་དད་ལྡན་རེ་མདུན་པད་འབྱུང་རེ། །དངོས་སུ་བཞུགས་ཞེས་ལུང་ཉིད་མི་བསླུ་བས། །རྩོད་བྲལ་དུས་བབས་སྤྲུལ་པའི་གཏེར་སྟོན་ཆེ། །མཆོག་གྱུར་བདེ་ཆེན་གླིང་པ་གམ་ཉིད་དུ། །བྱོན་ནས་གང་གིས་སྔར་ཕན་མ་རྙེད་པའི། །གཏེར་རྙིང་མང་པོ་ཉེ་བརྒྱུད་ཐོབ་པ་དང་། །སྔོན་ཆད་གཏེར་ཁ་ཀུན་ལ་མ་གྲགས་པའི། །མདོ་སྒྱུ་སེམས་ཀློང་རྒྱུད་སྡེའི་སྐོར་ལ་སོགས། །སོ་ཟུར་གནུབས་རྣམས་སླར་ཡང་བྱོན་འདྲ་བའི། །ངོ་མཚར་གཞུང་གདམས་མང་པོའི་མཛོད་སྒོ་འབྱེད། །གཏེར་ཆེན་གང་གིས་ཚོགས་མཆོད་རྒྱ་ཆེར་བཅས། །ཨོ་རྒྱན་དངོས་ལ་གནང་བ་ཞུས་པར་ཡང་། །ལས་འཕྲོ་སྐལ་ལྡན་སྨོན་ལམ་ཤུགས་ཡིན་པས། །ཅི་འདོད་བསྡུ་བར་རུང་བའི་བཀའ་ལུང་ཐོབ། །དེ་ཕྱིར་དབང་རབ་སྐལ་ལྡན་རྣམས་ཀྱི་ངོར། །རིན་ཆེན་གཏེར་མཛོད་འདི་རུ་གང་བཞུགས་ལ། །ཨོ་རྒྱན་དངོས་ལ་ཉེ་བརྒྱུད་འདེད་རུང་བས། །བརྒྱུད་ཚུལ་སོགས་ཀྱི་བརྟགས་དཔྱད་མ་དགོས་མོད། །སྣང་ཚུལ་དུ་ཡང་བརྒྱུད་པ་ཡོད་ངེས་ཤིང་། །དམ་སེལ་བསླད་མེད་ཁུངས་བཙུན་ལེགས་བསྡུས་པ། །འདི་ནི་རྫོགས་ཆེན་བསྟན་པའི་བཙས་གསུམ་བཞིན། །ཟབ་གཏེར་བསྟན་པའི་བཙས་སུ་ཤེས་པར་གྱིས། །དེ་ཕྱིར་ཨོ་རྒྱན་རྗེས་འཇུག་སྐལ་བཟང་རྣམས། །འདི་ཉིད་འབྲི་དང་འཆད་ཉན་སྒོམ་སྒྲུབ་སོགས། །བློ་ནུས་འཚམ་པར་འཛིན་སྐྱོང་བྱེད་པ་ལ། །ཨོ་རྒྱན་མཁའ་འགྲོའི་ཚོགས་བཅས་དགྱེས་པར་ངེས། །ཞེས་བསྔགས་བརྗོད་བསྩལ་པའང་ཚུར་མཐོང་བའི་སྣང་ངོར་མཐུན་འཇུག་གི་མཛད་པའི་ངོ་མཚར་མདོ་ཙམ་བརྗོད་པ་ཡིན་ལ། དེ་ལྟར་སངས་རྒྱས་ཀུན་འདུས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་དངོས་ཀྱིས་ལུང་བསྟན་ཅིང་། རྗེས་སུ་གནང་ཞིང་དགོངས་པ་གཏད་པ་ལས་རང་འདོད་གྱ་ཚོམ་གྱིས་དཔེ་སྣ་གང་རྙེད་བསྡུས་པ་མ་ཡིན་པའི་གསུང་རབ་རིན་པོ་ཆེ་འདི་རྣམས་རྗེས་འཇུག་གདུལ་བྱའི་སྙིང་ནོར། རྒྱལ་བསྟན་སྤྱི་དང་གསང་ཆེན་རྙིང་མ་པའི་བསྟན་པའི་སྲོག་རྩ། བོད་ཁམས་སྐྱེ་འགྲོའི་བསོད་ནམས་ཀྱི་མཆོད་སྡོང་། ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོའི་ཕྲིན་ལས་གཟུགས་སུ་གྲུབ་པའི་ཚུལ་དུ་བྱོན་པ་སྟེ། དེའང་བཀའ་དགོངས་ལྟ་བུ་རྒྱ་ཆེ་ཞིང་རྒྱུན་དར་རྒྱས་ཡོངས་གྲགས་བཞུགས་པ་རྣམས་ལས་ཉེར་མཁོའི་སྙིང་པོ་ཙམ་དང་། ཆོས་བཀའ་ཚན་ཆུང་ཞིང་རྒྱུན་དཀོན་པ་རྣམས་གཞུང་ཆ་ལག་རྫོགས་པར་བཞུགས་སུ་གསོལ་ཞིང་། གནམ་ཆོས་དང་། ཀློང་གསལ་རྡོ་རྗེ་སྙིང་པོ་ལྟ་བུ་རེ་རེ་ཚན་ཆུང་ཡང་ཐམས་ཅད་བསྡོམས་ཚེ་གླེགས་བམ་མང་པོར་འགྱུར་བ་དང་། དེར་མ་ཟད་སོ་སོའི་ཕྱོགས་སུ་རྒྱུན་ཤིན་ཏུ་དར་ཞིང་རྒྱས་པ་རྣམས་ཀྱང་ཉེར་མཁོ་རེ་ཟུང་ཙམ་ལས་སྡུད་པར་མ་མཛད་ལ། བཀའ་ཐང་རྣམས་སུ་གསལ་བའི་གྲྭ་སྒོམ་ཆོས་རྡོར་ལྟ་བུ་དང་། བཀའ་ཐང་དུ་མ་གསལ་བ་འཕེལ་ཚ་མཐུ་སྟོབས་གླིང་པ་སོགས་ཚད་ཐུབ་ཀྱི་གཏེར་སྟོན་ལ་ལའི་གཏེར་ཆོས་ནི་དཔེ་ལུང་གི་རྒྱུན་མ་བཞུགས་ལ། ཆོས་གླིང་ཀུན་བཟང་འོད་ཟེར་གྱིས་མཚོན་ཕྱིས་བྱོན་གྱི་གཏེར་ཆོས་ཚད་མར་གྱུར་ཅིང་འགྲོ་ཕན་ཆེ་བ་མངོན་སུམ་དུ་གྱུར་པ་འགའ་ཡང་གཅིག་ཤོས་ཀྱིས་ལྷ། གཅིག་ཤོས་ཀྱིས་འདྲེར་མཐོང་བ་མང་བས་རེ་ཞིག་བཏང་སྙོམས་སུ་མཛད་པ་ཡིན་ལ། བཞུགས་ཚུལ་གྱི་དབང་དུ་བྱས་ན་སྤྱིར་གསང་སྔགས་རྡོ་རྗེ་ཐེག་པའི་ཤིང་རྟ་ཆེན་པོ་རྣམས་ལ་དབང་དང་བཤད་པ། བསྐྱེད་རིམ། རྫོགས་རིམ་སྟེ་ཆུ་བོ་བཞིའི་བཀའ་སྲོལ་ཡོངས་སུ་གྲགས་པ་ལས། སྐབས་འདིར་དབང་དང་བསྐྱེད་རྫོགས་གཙོ་བོར་བཏོན་ཏེ་བཞི་ཀའི་བཀའ་སྲོལ་འདུ་བའི་མཛོད་དུ་མཛད་དེ། དབང་གི་རྩ་བ་ཆོས་རྒྱལ་གཏེར་བདག་གླིང་པས་ཟབ་མོའི་བཀའ་བསྡུ་གནང་བའི་འདོད་འཇོ་བུམ་བཟང་ལ་གཞི་མཛད། གཞན་དག་དེའི་རྒྱབ་ཆོས་དང་ཁ་སྐོང་གི་ཚུལ་དུ་བཀོད་ནས། སྔ་འགྱུར་བ་རྣམས་ལ་ཡོངས་སུ་གྲགས་པའི་བསྐྱེད་རྫོགས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་སྐོར་སྙིང་པོའི་བཅུད་དྲིལ་མདོ་རྒྱས་འཚམ་པར་བཀའ་ཡི་བསྡུ་བ་མཛད་པ་ཡིན་ཞིང་། དེ་ལའང་ཕལ་མོ་ཆེ་སོ་སོའི་གཏེར་གཞུང་ཉིད་དང་། གསལ་བྱེད་ཀྱི་ཡིག་ཆ་ཚད་ཐུབ་རིགས་སོར་བཞག་ཐོག །དམིགས་བསལ་མེད་དུ་མི་རུང་བ་རྣམས་ལ་གོ་སླ་ཁྱེར་བདེ་འདུས་གསལ་གྱི་ཡིག་ཆ་ཉུང་ཤས་རེ་བཀའ་དྲིན་དུ་བསྩལ་པ་ཡིན་ལ། ཞིབ་པར་དཀར་ཆག་བརྒྱུད་ཡིག་དངོས་གྲུབ་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་ལས་རྟོགས་པར་བྱོས་ཤིག། ༈ །།གཉིས་པ་མཛད་པ་པོའི་སྐུ་ཆེ་བའི་ཡོན་ཏན་ནི། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་སློབ་དཔོན་ཆེན་པོ་འདི་ཉིད་ཀྱི་རྣམ་ཐར་ངེས་པའི་དོན་དུ་དུས་གསུམ་གཤེགས་པའི་རྒྱལ་བ་ཀུན་གྱི་གསང་བ་གསུམ་དང་ལྷན་ཅིག་བཞུགས་པའི་ཚུལ་བསམ་པའི་ར་བ་ལས་བརྒལ་བ་ཉིད་ནའང་། གདུལ་བྱ་དྲང་བའི་དོན་དུ་ཐུགས་རྗེས་སྤྲུལ་པ་སྐུའི་རྣམ་འཕྲུལ་མཐའ་ཡས་མིག་འཕྲུལ་བཞིན་དུ་འཆར་བ་ལས། རང་ཅག་གདུལ་བྱ་བློ་དམན་ཕྱོགས་རེ་བའི་ངོར་འཚམ་པར་བསྟན་པའི་རྣམ་ཐར་གྱི་རྒྱ་མཚོ་ལས་ཟེགས་མ་ཅུད་ཟད་ཅིག་བརྗོད་ན། མདོ་ཕལ་པོ་ཆེ་ལས། ཡོན་ཏན་རྒྱ་མཚོ་རྣམས་ཀྱི་ཡེ་ཤེས་ཟབ། །མཐའ་དང་དབུས་མེད་དེ་ནི་ཞིང་ཀུན་ཁྱབ། །སེམས་ཅན་བསམ་ལ་སྦྱོར་བ་ཇི་བཞིན་སྣང་། །རྣམ་པར་སྣང་མཛད་ཆོས་ཀྱི་འཁོར་ལོ་འོ། །ཞེས་རྒྱལ་བ་ཉི་མའི་གཉེན་གྱིས་དཔལ་གྱི་མགུལ་ནས་བསྔགས་པ་བརྗོད་པའི་ལུང་གིས་གསལ་བར་བསྟན་པ་དང་། གཏེར་ཆེན་པདྨ་གླིང་པའི་ལུང་བྱང་ལས། ལྕགས་རྟ་ལོ་ལ་མཐའ་དམག་བོད་དུ་བརྡོལ༔ ང་ཡི་སྤྲུལ་པ་དགེ་སློང་བློ་གྲོས་མིང༔ ཁམས་ཕྱོགས་གསེར་ལྡན་འབབས་པའི་འགྲམ་ནས་འབྱུང༔ སྨོན་ལམ་དབང་གིས་དུས་ཀྱི་འཁྲུགས་པ་བཟློག༔ ལྕགས་ལུག་ལོ་ལ་སྐྱིད་པའི་ཉི་མ་ཤར༔ ཞེས་ཨོ་རྒྱན་དུས་གསུམ་མཁྱེན་པའི་རྡོ་རྗེའི་ལྗགས་ཀྱིས་བསྔགས་པ་ལྟར། དམ་པའི་སྐྱེས་བུ་མིའི་ཁྱུ་མཆོག་ཐུགས་རྗེ་ཡས་སྤྲུལ་གྱིས་འགྲོ་བའི་མགོན་དུ་བྱོན་པ་འདི་ཉིད་ཀྱི་སྤྲུལ་གཞི་གོང་དུ་དྲངས་པའི་མདོ་ལུང་གི་དགོངས་པས་གསལ་བར་བསྟན་པ་ནི། གདོད་མའི་གཞི་དབྱིངས་ཀ་དག་ནང་གསལ་ཆོས་ཀྱི་སྐུར་བཞུགས་པ་ལས། ཕྱིར་གསལ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཚད་མེད་པ་ལ་ལོངས་སྤྱོད་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་གངས་ཆེན་མཚོ་དེ་ཉིད། སྟོན་འཁོར་ཐ་མི་དད་པའི་ངོ་མཚར་གྱི་སྤྲིན་བཀོད་པའི་ཆོ་འཕྲུལ་གདུལ་བྱའི་མོས་པ་དང་འཚམ་པར་གང་འདུལ་གྱི་མཛད་པ་མིག་འཕྲུལ་ལྟར་སྟོན་པ་སྟེ། ཡེ་ཤེས་ཐིག་ལེ་ལས། ལྟ་བ་ཀུན་ནི་བསྲུང་དོན་ཕྱིར། །སྣ་ཚོགས་པ་ཡི་གཟུགས་སུ་སྤྱོད། །ལ་ལར་རྡོ་རྗེ་འཛིན་པ་དང་། །ལ་ལར་སངས་རྒྱས་ཀྱི་ནི་གཟུགས། །ལ་ལར་ཧེ་རུ་ཀཿཡི་གཟུགས། །ལ་ལར་དེ་བཞིན་གཤེགས་པ་དང་། །ལ་ལར་བྱང་ཆུབ་སེམས་དཔའི་གཟུགས། །ལ་ལར་ཉན་པོ་ལྟ་བུར་བཞུགས། །ལ་ལར་འཆད་དོ་དགྱེས་པདྨ། །ལ་ལར་ཀློག་པའི་ཚུལ་དུ་བཞུགས། །ལ་ལར་རྒྱུད་དང་བསྟན་བཅོས་ནི། །མཛད་པ་དང་ནི་ལ་ལར་འཛིན། །མང་དུ་བརྗོད་ལྟ་ཅི་ཞིག་དགོས། །དེ་སྟོན་ཕྱག་ན་རྡོ་རྗེ་རྒྱལ། །ཞེས་འབྱུང་བ་བཞིན་ཟབ་རྒྱས་ཀྱི་གསང་བའི་མཛོད་ཁང་ཡོངས་སུ་འཛིན་པ་གསང་བའི་བདག་པོའམ། རིག་འཛིན་རྡོ་རྗེ་ཆོས་སུ་བཞེངས་ནས་གསང་ཆེན་ལུང་གི་བདག་པོར་གྱུར་པ་དང་། རྒྱལ་བ་ཉི་མའི་སྤྱན་སྔར་ཐོས་པ་འཛིན་པའི་མཆོག་ཀུན་དགའ་བོར་གྱུར་ནས་ཆོས་ཀྱི་ཕུང་པོ་མཐའ་དག་ཡོངས་སུ་བཟུངས་ཤིང་། མདོ་སྡེའི་སྡེ་སྣོད་རྣམས་ཀྱི་བཀའ་བསྡུ་མཛད། ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་དུས་སུ་ལོ་ཆེན་བཻ་རོར་གྱུར་ཏེ་སློབ་དཔོན་ཉིད་དང་དགོངས་པ་མཉམ་ཞིང་སྡེ་སྣོད་རབ་འབྱམས་ཀྱི་ཆོས་མཛོད་འཛིན་པར་བསྟན་ལ། གཞན་ཡང་རྒྱལ་པོ་ཨིནྡྲ་བྷཱུ་ཏི། རིགས་ལྡན་ཟླ་བ་བཟང་པོ། ཐོན་མི་སཾ་བྷོ་ཊ། ཀླུ་མེས་ཚུལ་ཁྲིམས་ཤེས་རབ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། ཟུར་ཆེན་ཤཱཀྱ་འབྱུང་གནས། རོང་ཟོམ་ཆོས་ཀྱི་བཟང་པོ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། གཏེར་ཆེན་རྡོ་རྗེ་གླིང་པ། ཐམས་ཅད་མཁྱེན་པ་ཏཱ་ར་ན་ཐ། སྨིན་གླིང་གཏེར་ཆེན་རིག་འཛིན་འགྱུར་མེད་རྡོ་རྗེ་སོགས་འཕགས་བོད་ཀྱི་ལྗོངས་སུ་སྟོན་པ་གཉིས་པའི་ཕྲིན་ལས་ཅན་གྱི་མཁས་གྲུབ་དུ་མའི་སྐུའི་བཀོད་པ་རིམ་དང་ཅིག་ཅར་དུ་བསྟན་པའི་ཚུལ་ནི་མཐའ་ཡས་ལ། འདིར་བདག་ཅག་གི་འདྲེན་མཆོག་འཁོར་ལོའི་མགོན་པོ་རྗེ་བཙུན་མཆོག་གི་རྣམ་པར་ཐར་པའི་ས་བོན་ཙམ་བརྗོད་པ་སྟེ། གང་དུ་བསམ་བཞིན་སྤྲུལ་པའི་སྒྱུ་འཕྲུལ་ཉེ་བར་བསྟན་པའི་ཡུལ། བོད་ཆེན་གླིང་ཁྲི་བར་མའི་འབྲི་ཟླ་ཟལ་མོ་སྒང་། མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་ཕྲིན་ལས་འགྲོ་འདུལ་སྤྲུལ་པའི་གནས་མཆོག་པདྨ་ལྷ་རྩེའི་མདུན། རོང་རྒྱབ་ཅེས་གྲགས་པའི་སྦས་པའི་ལྗོངས་སུ། རིགས་ཕུན་སུམ་ཚོགས་པ་ཀུན་བཟང་ལྷ་ཡི་ཐུགས་སྤྲུལ་སྲིད་པའི་ཁྱུང་ཆེན་གྱི་སྒོ་ང་ལས་གྲོལ་བའི་སྐྱེས་བུ་རྣམས་ཀྱིས་ཡུལ་སོ་སོར་བཟུང་བ་ན། མཐའ་ལྟག་ཁྱུང་འཕགས་ཁྲ་མོ་གཡུ་འབྲུག་ལ་འཆིབས་ནས་རྒྱལ་རོང་དུ་ཕེབས་པ་རྒྱལ་ཁྱུང་རྩ་བའི་རྒྱུད་ལས། ཆེན་པོ་གླིང་གི་བླ་མར་བཀུར་བ་ནང་ཆེན་གྲགས་པ་རྒྱལ་མཚན་པའི་གདུང་རོང་རྒྱབ་ཏུ་ཆགས་པ་ལས། མཁས་གྲུབ་ཀྱི་དབང་པོ་དུ་མ་བྱོན་པའི་གདུང་རིགས་ཡབ་གྲུབ་པའི་དབང་ཕྱུག་ཁྱུང་པོ་བླ་མ་བསྟན་འཛིན་གཡུང་དྲུང་དང་། ཡུམ་རང་བཞིན་གྱི་རྣལ་འབྱོར་མ་བཀྲ་ཤིས་མཚོ་བྱ་བ་བུད་མེད་ཡོན་ཏན་དང་ལྡན་ཞིང་དགེ་ལ་འདུན་པ་གཉིས་ཀྱི་སྲས་སུ་སྲིད་པ་བཟུང་བའི་ཚུལ་བསྟན་པ་དང་། ཡུམ་ལ་གཟིགས་སྣང་ཁྱད་པར་ཅན་དུ་མ་བྱུང་ཞིང་། སྐུ་ལུས་ཡངས་ཤིང་བདེ་བས་འཚོ་བཞིན་པ་ན། གནོད་པ་མེད་པར་དགེ་བའི་ལྟས་དང་ལྷན་ཅིག །རབ་བྱུང་བཅུ་བཞི་པའི་དཔལ་གདོང་ཞེས་པ་ཆུ་མོ་བྱ་ཡི་ལོ་ཧོར་ཟླ་བཅུ་པའི་ཚེས་བཅུའི་ཉི་ཤར་ལ་སྐུ་བལྟམས་མ་ཐག་པ་ནས་ཕལ་པའི་སྤྱོད་ལམ་ལས་འདས་ཤིང་དམ་པའི་ངང་ཚུལ་དང་ལྡན་ཅིང་། མཁྱེན་ལྡན་རྣམས་ཀྱིས་བསྟན་འཛིན་སྐྱེས་མཆོག་ཏུ་ལུང་བསྟན། ཡུལ་དེར་ལོ་སྐོར་ཙམ་གྱི་བར་དུ་ལོ་ལེགས་པ་སོགས་དགེ་བའི་མཚན་བཟང་དུ་མ་མངའ། དགུང་ལོ་བཞི་པར་འཇམ་དཀར་གྱི་སྒོམ་བཟླས་མཁྱེན་པའི་ཀློང་ནས་རང་རྡོལ་དུ་གསུངས། གཞོན་ནུའི་རོལ་རྩེད་ཐམས་ཅད་དབང་སྒྲུབ་ཆོས་འཆད་ཛཔ྄་བཟླས་ཁོ་ནར་སྟོན། དགུང་ལོ་ལྔ་པ་ནས་ཡི་གེའི་ཕྱི་མོ་སོགས་གསན་བསམ་བརྡ་བསྟན་ཙམ་གྱིས་ཐུགས་སུ་ཆུབ། ཨོ་རྒྱན་རིན་པོ་ཆེ་ལ་མི་ཕྱེད་པའི་ཐུགས་འདུན་རྩོལ་མེད་དུ་འཁྲུངས། དངོས་ཉམས་མནལ་ལྟས་སོགས་དག་པའི་སྣང་བ་འབའ་ཞིག་དང་། རྨི་ལམ་འཕོ་བ་སོགས་ཟབ་ལམ་རྣམས་སྦྱང་རྩོལ་ལ་མི་ལྟོས་པར་སྐྱེས་ཐོབ་ཀྱི་ནུས་པས་ལེགས་པར་འབྱོངས། ལྐོག་གྱུར་གྱི་གནས་ལ་མཁྱེན་པ་ཡངས་ཤིང་བར་དོའི་འགྲོ་བའི་སྐྱེ་གནས་གཟིགས་པའི་སྤྱན་དང་བདེ་འགྲོར་འདྲེན་པའི་ནུས་སྟོབས་མངའ། དགུང་ལོ་བཅུ་སྐོར་ནས་སྔོན་སྦྱངས་ཀྱི་བག་ཆགས་སད་པའི་མཐུས་དམ་པའི་ཆོས་ལ་འཇུག་པའི་ཐུགས་དམ་བརྟན་ཅིང་སངས་རྒྱས་ཀྱི་སྐུ་རི་མོར་བྲི་བའང་རང་སྟོབས་ཀྱིས་ནུས། གསོ་རིག་སོགས་རིག་པའི་གནས་མཐའ་དག་གཟིགས་པ་ཙམ་གྱིས་མཁྱེན། ཐུགས་རྒྱུད་དྲང་ཞིང་འཇམ། དམ་བཅས་པ་ལས་མི་འདའ་ཞིང་མཁྱེན་རྩལ་ཕྱོགས་མེད་དུ་རྒྱས་པ་སོགས་སྐྱེས་བུ་དམ་པའི་ཡོན་ཏན་སྐྱེ་བོ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་གསལ་བར་བསྟན། མཐུན་རྐྱེན་མ་འབད་པར་བསོད་ནམས་ཆེན་པོའི་མཐུ་ཚོགས་ཏེ། ཟེ་ཆེན་པ་འཇམ་མགོན་བླ་མ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱི་དབུས། མཁས་གྲུབ་དུ་མ་ལས་བཅུ་ཕྲག་རིག་པའི་གནས་ཕལ་མོ་ཆེའི་གཞུང་འགྲེལ་ཆེན་པོ་རྣམས་ལ་སྦྱང་རྩོལ་དང་། རྩ་གསུམ་ཡི་དམ་རབ་འབྱམས་ཀྱི་སྨིན་གྲོལ། འདུལ་མདོ་མངོན་པ་རིག་འཛིན་གྱི་སྡེ་སྣོད་རྒྱབ་རྟེན་དང་བཅས་པའི་ཆོས་ཀྱི་བདུད་རྩི་བར་མེད་དུ་གསོལ་ནས། མཁས་པའི་ཚུལ་དང་རིམ་པ་གཉིས་ཀྱི་གྲུབ་པའི་མངོན་རྟགས་ཀྱང་སྒྲ་ཇི་བཞིན་པ་བདག་གིར་མཛད། དོན་བརྒྱུད་ཀྱི་བསྟན་པ་ལ་གཞན་དྲིང་མི་འཇོག་པའི་ཐུགས་བསྐྱེད་དུས་སུ་སད་པ་ན། སླར་མདོ་ཁམས་བཀའ་བརྒྱུད་ཀྱི་གདན་ས་ཆེན་པོ་དཔལ་སྤུངས་ཡིད་དགའ་ཆོས་འཛིན་དུ། བྱམས་མགོན་ཏཱའི་སི་ཏུ་པདྨ་ཉིན་བྱེད་ཀྱི་ཞབས་རྡུལ་རིགས་ཀྱི་བདག་པོར་བཞེས། ཡབ་སྲས་ཐུགས་ཡིད་གཅིག་ཏུ་འདྲེས་ཤིང་སོ་ཐར་བྱང་སེམས་རིག་འཛིན་གྱི་བསླབ་པ་རྣམས་ཕ་ནོར་བུ་ལ་ཕོག་པ་བཞིན་དུ་བསྩལ་བ་རྣམས་བདག་གིར་བཞེས་པའི་ཚུལ་བསྟན། ཁྱད་པར་མཐིང་དམར་ཅོད་པན་འཆང་བ་ཞལ་རྒྱས་པ་ལས་རྒྱལ་བསྟན་ཡོངས་ཀྱི་སྙིང་པོའི་མཐར་ཐུག་ཟབ་མོ་དབུ་མ་ཆེན་པོ། ངེས་དོན་ཕྱག་རྒྱ་ཆེན་པོ། བློ་འདས་རྫོགས་པ་ཆེན་པོ་ཞེས་གཡེར་པོ་ཆེར་གྲགས་པའི་གདམས་ངག་གི་བཅུད་ཕུར། རང་བྱུང་རིག་པ་བློ་འདས་ཀྱི་ཡེ་ཤེས་མི་དམིགས་པའི་སྟོང་པ་ཉིད་བདེ་ཆེན་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུའི་རང་ཞལ་མངོན་དུ་མཛད་དེ། སྙིང་པོ་དོན་གྱི་བརྒྱུད་པའི་རྒྱལ་སྲིད་ཆེན་པོར་གཤེགས་ནས་རྒྱལ་བའི་ཡབ་ཀྱི་གོ་འཕང་བརྙེས་ཤིང་དོན་བརྒྱུད་ཀྱི་བསྟན་པ་ཕྱག་ཏུ་གཏད། རིས་མེད་ཀྱི་སྐྱེས་མཆོག་བཅུ་ཕྲག་ལྔ་ལྷག་གི་དྲུང་ནས་གངས་ཅན་ལྗོངས་སུ་མཆིས་སོ་འཚལ་གྱི་གདམས་པའི་བཅུད་བླངས། དེ་ཐམས་ཅད་ཀྱང་གསན་ལོ་ཙམ་དུ་མ་མཛད་པར་རེ་རེ་བཞིན་ཐུགས་ཉམས་སུ་བཞེས་ནས་ལམ་རྟགས་ཀྱི་ཡོན་ཏན་གཞུང་ནས་བཤད་པ་བཞིན་མ་གྲུབ་ཀྱི་བར་དུ་ཐུགས་བརྩོན་དྲག་པོས་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་དངོས་གྲུབ་རྣམ་གཉིས་ཉམས་འོག་ཏུ་ཆུད། བཀའ་དང་བསྟན་བཅོས་རྒྱུད་ལུང་མན་ངག་གི་གཞུང་བཤད་ཞལ་ཤེས་ལས་ཚོགས་ཕྱག་ལེན་དང་བཅས་མ་ལུས་པ་ཐུགས་ཀྱི་བུམ་པར་བསྐྱིལ་ནས། འཆད་རྩོམ་མཐའ་ཡས་པའི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེར་མཁས་དང་གྲུབ་པའི་རྣམ་དཔྱོད་ཉིན་མོར་བྱེད་པའི་དཔལ་ལ་འགྲན་པའི་ཕྲིན་ལས་ཀྱི་སྣང་བའི་གདུགས་དཀར་སྲིད་རྩེའི་བླ་ན་བསྒྲེངས་ཤིང་། མཁས་པའི་ཡང་རྩེ་གྲུབ་པའི་ཁྱུ་མཆོག་བཙུན་པའི་དཔེར་འོས་སུ་བཞུགས་པ་ནི། དམ་པའི་ཆོས་འདུལ་བའི་བསླབ་པ་རིན་པོ་ཆེའི་བཅས་མཚམས་ལས་དུས་རྟག་པར་འདའ་བ་མེད་པས་གཞན་གནོད་ཕྲ་མོ་ཙམ་ཡང་མཛད་པའི་ཆ་ཤས་སུ་གཏན་ནས་མི་མངའ། བྱང་ཆུབ་ཀྱི་སེམས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཐུགས་ལ་འབྱོངས་པས་ཅི་མཛད་དམ་པའི་རྣམ་ཐར་གཙང་མ་གཞན་ཕན་འབའ་ཞིག་ཏུ་འཆར། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་གི་གོ་འཕང་གྲུབ་པས་ཐེག་དགུའི་རྒྱུད་དོན་རབ་འབྱམས་ལ་དབང་བསྒྱུར་པ་སྟེ། མོས་བློས་ཡར་གཞལ་གྱིས་བཏགས་པའི་མིང་ཙམ་མ་ཡིན་པར་ངེས་པ་དོན་གྱི་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོའི་གནས་ལ་རང་སྟོབས་ཀྱིས་དབང་འབྱོར་པའི་སྐྱེས་བུ་ཆེན་པོར་གདོད་ནས་གྲུབ་པ་ཡིན་ཏེ། རྒྱལ་བ་གཉིས་པའི་གསུང་དྲི་མ་མེད་པ་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ལུང་བྱང་ལས། སླར་ཡང་བོད་ཁམས་སྡུག་པའི་དུས༔ ཆོས་ཀྱི་རྒྱལ་པོའི་སྐྱེ་བའི་མཐའ༔ མཚོ་རྒྱལ་ཁྱོད་ཀྱིས་བྱིན་བརླབས་པ༔ སུས་ཀྱང་བརྟགས་པར་དཀའ་བ་ཡི༔ མ་ངེས་འགྲོ་འདུལ་རིག་པ་འཛིན༔ སྒྱུ་མ་ལྟ་བུའི་སྐྱེས་བུ་ཞིག༔ མདོ་ཁམས་ཤར་ནས་འབྱུང་དང་འཕྲད༔ ལོ་ཙཱ་ཆེན་པོའི་ཡེ་ཤེས་དང༔ གཉིས་མེད་གཉིས་སུ་སྣང་བའི་ཚུལ༔ སྔགས་ཀྱི་གདུང་མཐའ་བྱང་ཆུབ་སེམས༔ བློ་གྲོས་མི་ཟད་གཏེར་ལ་གཏད༔ གཉིས་ཀའི་སྨོན་ལམ་ལ་བརྟེན་ནས༔ སྐལ་ལྡན་འགའ་ཡི་ཉམས་ཆག་སྦྱོང༔ ལ་ལ་སྔགས་ཀྱི་བརྟུལ་ཞུགས་སྤྱོད༔ འགའ་ཞིག་བདེ་ཆེན་ཡེ་ཤེས་རྙེད༔ དངོས་གྲུབ་དགའ་སྟོན་རྒྱས་པར་འགྱུར༔ ཞེས་དང་། ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ལོ་རྒྱུས་ཤེལ་ཕྲེང་ལས། ནུབ་ནས་བཻ་རོའི་སྐྱེ་མཐའ་བློ་གྲོས་ཅན༔ བསྟན་འཛིན་མིང་ཅན་རྒྱལ་བའི་བསྟན་ལ་ཕན༔ ཟབ་རྒྱས་མཛོད་ལ་རང་དབང་སྒྱུར་བ་འབྱུང༔ ཞེས་དང་། མཆོག་གླིང་ཟབ་བདུན་ལུང་བྱང་ལས། གཤིན་རྗེ་གཤེད་འདི་བསྟན་པའི་ལྕགས་རི་སྟེ༔ བཻ་རོའི་སྤྲུལ་པ་རབ་བྱུང་བྱ་ཡི་ལོ༔ དབང་གི་མིང་ཅན་གནས་ལྔའི་རིག་པར་མཁས༔ ཞེ་དྲུག་དུས་སུ་ཤིན་ཏུ་འཕྲང་དམ་པས༔ འདི་ཉིད་ཉམས་བླངས་ཁྱད་པར་ཕྱག་རྡོར་སྒྲུབ༔ ལྔ་བཅུའི་བར་དུ་སྒྲུབ་པ་སྙིང་པོར་བྱེད༔ དེ་ནས་མདོ་ཁམས་ཕྱོགས་སུ་བསྟན་པ་སྤེལ༔ ཞེས་ཡང་ཡང་ཆེ་ཐང་དུ་རྡོ་རྗེའི་གསུང་གིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་དོན་དང་མཚུངས་པའི་མཛད་པ་རྨད་དུ་བྱུང་བ། ངོ་མཚར་རྒྱལ་བའི་བསྟན་ལ་སྟོན་པ་གཉིས་པ་ལྟ་བུའི་ཕྲིན་ལས་ཀྱི་སྣང་བ་ཐུན་མོང་གི་སྣང་ངོར་འགག་མེད་དུ་ཤར་བ་འདི་ཀ་ལགས་ཤིང་། ཁྱད་པར་ཐུན་མིན་གྱི་རྣམ་པར་ཐར་པ་ནི། མི་ཆོས་བླ་མའི་རྫུ་འཕྲུལ་སོགས་སྦ་བ་ཉིད་ལྷུར་བཞེས་ཤིང་། མངོན་གྱུར་གྱི་གྲུབ་པའི་རྟགས་ཤུགས་འབྱུང་དུ་བརྡོལ་བ་རྣམས་ལས་གཞན་པའི་གཟིགས་སྣང་ལ་སོགས་པའི་ཟུར་ཙམ་ཡང་མི་གསུང་པའི་རྣམ་ཐར་འཛིན་པར་མཛད་ཀྱང་། དམ་ལྡན་ཐུན་མིན་གྱི་མོས་གུས་ཅན་ལ་ཞལ་སྔ་ནས་བསྩལ་པ་དང་། ཀུན་གྱི་སྤྱོད་ཡུལ་མཐུན་སྣང་དུ་གྲུབ་པ་འགའ་ཞིག་བརྗོད་པ་ལ། རྗེ་ཉིད་དགུང་ལོ་བཅོ་ལྔ་པར་དག་པའི་སྣང་བར་གུ་རུ་རིན་པོ་ཆེ་དང་མཇལ་ཞིང་བྱིན་རླབས་བསྩལ་པའི་རྐྱེན་ལ་བརྟེན་ཟབ་མོ་དག་སྣང་གི་ཆོས་སྡེ་དུ་མ་དང་། ས་གཏེར་གྱི་བཀའ་བབས་ཀྱང་ཕལ་ཆེར་བཏང་སྙོམས་སུ་འཇོག་པར་མཛད་ཅིང་། བསྟན་སྲུང་ལྷ་མོའི་མཆོད་ཕྲིན་སོགས་ཁ་ཤས་ཕྱག་བྲིས་སུ་བསྟར་བ་ན་ཆོས་བཀའ་གཉན་པའི་ལྟས་ཀྱང་ཤིན་ཏུ་ཆེ། བར་སྐབས་རྟེན་འབྲེལ་གྱི་བབས་འཆུགས་པའི་རྐྱེན་ལས་ནང་དུ་མཁའ་འགྲོ་འཁྲུགས་པའི་ལྟས་དང་། ཕྱི་སྣང་དུའང་སྐུ་ཤིན་ཏུ་ལྟེམ་པ་ཞིག་བྱུང་བའི་སྐབས་ཤིག་དངོས་དང་མནལ་ལམ་མི་ཕྱེད་པར་སྐུ་འཕོས་ཏེ་གུ་རུ་ཡབ་ཡུམ་དང་མཇལ་ནས་ཞུ་ལན་དུ་མའི་མཐར། སླར་ཡང་སྐྱེ་སྲིད་གཟུང་དགོས་པའི་བསླབ་བྱ་བསྩལ་པ་བཞིན་རང་མལ་དུ་ཞུགས་པའི་ཐུགས་ཉམས་ཀྱང་ཤར། མནལ་ལྟས་དང་རྗེ་མཁྱེན་བརྩེའི་དབང་པོའི་བཀས་བསྐུལ་ནས་བཀའ་དྲིན་ལྷ་མོའི་གསོལ་ཁ་གཏན་ལ་ཕབ་པ་ན། སྤྲིན་མེད་ཀྱི་ནམ་མཁར་འཇའ་ཚོན་གྱི་གུར་ཁྱིམ་ཟླུམ་པོ་ཤིན་ཏུ་འཚེར་བ་ཤར་ཞིང་སྐུ་ཁམས་ཀྱང་དྭངས། བླ་མ་དགོངས་འདུས་ཀྱི་བསྙེན་སྒྲུབ་མཛད་སྐབས་མནལ་ལམ་དུ་གུ་རུ་རིན་པོ་ཆེ་དང་མཇལ་ནས་དབང་བཞི་སྔགས་ཚིག་དང་བཅས་པའི་བྱིན་རླབས་བསྩལ་ཞིང་འདི་ལོའི་ཚེ་ཀེག་སེལ་བ་ཡིན། ཕྱིན་ཆད་ལོ་ཤས་མཚམས་ནས་ངེད་རང་དངོས་དང་འཕྲད་འོང་བས་ཞལ་གདམས་བསླབ་བྱ་རིམ་པར་འབྱུང་གསུངས་པའི་དགོངས་དོན། དགུང་ལོ་བཞི་བཅུར་སོན་སྐབས་གཏེར་ཆེན་མཆོག་གྱུར་གླིང་པ་དང་ཐོག་མར་མཇལ་བ་ཙམ་ནས་ཐུགས་ཡིད་གཅིག་ཏུ་འདྲེས་ཤིང་། ཁྱད་པར་གྱི་ལུང་བྱང་བསྩལ་པ་རྣམས་ཀྱང་ཕྱག་བཞེས་སུ་བསྟར། ཁྱད་པར་རྫོང་ཤོད་བདེ་གཤེགས་འདུས་པའི་གནས་ཞལ་འབྱེད་པར་གནང་བའི་སྐབས། ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེ་དང་གཏེར་ཆེན་མཆོག་གླིང་ལྷན་རྒྱས་ནས་ཙིཏྟ་གསང་ཕུག་ཏུ་ཆོས་ཁྲི་མཐོན་པོ་ལ་འཇམ་མགོན་བླ་མ་བཞུགས་སུ་གསོལ་ཞིང་། རྟེན་འབྲེལ་གྱི་འབུལ་ཆེན་དང་འབྲེལ་ཨོ་རྒྱན་དུས་གསུམ་མཁྱེན་པས་གསོལ་བའི་མཚན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པའོ་ཞེས་པའི་མངའ་གསོལ་ཞིང་དྲིལ་ཆེན་བསྒྲགས། སླད་ནས་ཟབ་གཏེར་གྱི་རྟེན་འབྲེལ་ཉམས་པ་སོར་ཆུད་དགོས་པའི་ཞུ་ནན་བརྟན་བཞུགས་དང་འབྲེལ་བར་འབུལ་གནང་མཛད་པས། རྟེན་འབྲེལ་གྱི་སྒོ་འཕར་ཡངས་པོར་ཕྱེས་ཏེ་རིམ་པར་རྗེ་མཁྱེན་བརྩེའི་བཀའ་ལུང་བཞིན་ལྷ་མདོ་འབུར་མོ་བྲག་གི་ཁ་བྱང་ཕྱག་ཏུ་ཕེབས་ཤིང་། རྗེ་ཉིད་ལའང་གསལ་སྣང་ཁྱད་པར་ཅན་འཁྲུངས་ཏེ་དགུང་ལོ་ང་བརྒྱད་པར་ལྷ་མདོ་འབུར་མོ་བདེ་ཆེན་པདྨ་བཀོད་ནས་རྩ་གསུམ་དགོངས་པ་འདུས་པའི་ཆོས་སྡེ། འཕགས་པ་ཀུན་དགའ་བོའི་སྐུ་ཆོས། སློབ་དཔོན་ཧཱུྃ་ཀཱ་རའི་གསང་གོས་སོགས་སྤྱན་དྲངས། དེ་རྗེས་ཨ་ཏཱ་རོང་གི་གཡོན་ཕྱོགས་སྐུ་མཆོག་བདེ་ཆེན་ཕུག་ནས་སངས་རྒྱས་དཔའ་བོ་བདུན་གྱི་རིང་བསྲེལ། གུ་རུ་ཐོད་ཕྲེང་སྡེ་ལྔའི་ཕྱག་ཕྲེང་རྡོག་ལྔ། རྩ་གསུམ་དགོངས་འདུས་ཀྱི་རྒྱབ་ཆོས་ཤོག་སེར། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་གསང་གོས། གཏེར་རྒྱ་ལས་གུ་རུ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་བཅས་ཐོན། འདི་སྐབས་གཏེར་ཕུག་བྲག་སྐམ་པོ་ལས་བདུད་རྩིའི་ཟིལ་ཐིགས་ཆེས་མང་དུ་བབས་པའི་ངོ་མཚར་ཡང་བྱུང་། ཕྲིན་ལས་འགྲོ་བ་འདུལ་བའི་གནས་ཆེན་བརྒྱད་ཀྱི་ནང་ཚན། པདྨ་རིགས་ཀྱིས་འདུལ་བའི་གནས་མཆོག་པདྨ་ལྷ་རྩེའི་དབུས་རི་རྗེ་བཙུན་ཕུག་ནས་བླ་སྒྲུབ་སྐོར་བཞིའི་སྐུ་རྟེན་ཁྱད་པར་དུ་འཕགས་པ་གུ་རུའི་སྐུ་ཚབ་བཀྲ་ཤིས་དཔལ་འབར། རྩ་གསུམ་དགོངས་འདུས་བླ་མའི་སྒྲུབ་སྐོར་གྱི་རྒྱབ་ཆོས་རྩ་གསུམ་ཡོངས་རྫོགས། གུ་རུ་རིན་པོ་ཆེའི་དབུ་ལྗོན་ཉག་མ་བདུན། ཆོས་འཁོར་ནོར་བུའི་རྡུལ། བྲག་ཕུག་མཱ་ར་ཏི་ཀར་གུ་རུ་རིན་པོ་ཆེ་ལ་ཚེ་དཔག་མེད་ཀྱིས་འཆི་མེད་བདུད་རྩི་བསྩལ་པ་ལ་ཕྱག་སོར་ལྔ་ཡིས་རིལ་བུར་བསྒྲིལ་པ་རྡོག་ལྔ། མཁན་ཆེན་བོ་དྷི་སཏྭའི་སྐུ་ཆོས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རེག །ཕྱོགས་བཅུའི་སངས་རྒྱས་སྟོང་གི་གདུང་རིལ། ལོ་ཆེན་བཻ་རོའི་ཐུགས་དམ་རྟེན་འཇམ་དབྱངས་སྐུ་ཚོན་གང་བ། བཻ་རོའི་ཐུགས་ཏིག་སྡེ་ལྔའི་ཤོག་སེར་བཅས། རྨ་རོང་གྲུ་གུ་བཀྲ་ཤིས་གཏེར་རྫོང་ནས་གཙོ་བོ་རྫོགས་པའི་སངས་རྒྱས་ཀྱི་ཚེམས་དང་སྐུ་མཚལ་བཞུགས་པའི་སྒྲོམ་བུ་སྤྱན་འདྲེན་པར་མཛད་ཀྱང་། རྟེན་འབྲེལ་གནད་ཅིག་མ་བྱུང་བས་གཏེར་སྲུང་གིས་སླར་ཁྱེར། རྩ་གསུམ་དགོངས་འདུས་མཁའ་འགྲོའི་རྒྱབ་ཆོས། ཚེ་ཡུམ་མགྱོགས་མ་ཙཎྜ་ལཱིའི་སྒྲུབ་སྐོར། ཡེ་ཤེས་མཚོ་རྒྱལ་དབུ་ལྗོན་འཇའ་འོད་མ་ལན་བུ་གཅིག །ལྷ་ལྕམ་མནྡཱ་རཿབའི་གསང་གོས། ཐོད་ཕྲེང་སྡེ་ལྔའི་བྱང་སེམས་རིལ་བུ། འཕགས་ཡུལ་རིག་འཛིན་བརྒྱད་ཀྱི་ཆོས་སྨན། རོང་ཁ་ཤེལ་བྲག་འོད་རྫོང་ནས་ཚེ་དཔག་མེད་དང་རྟ་མགྲིན་གྱི་སྒྲུབ་སྐོར་ཤོག་སེར། མནྡཱ་རཿབའི་ཚེ་རིལ། དྲེགས་པ་ཀུན་འཇོམས་རྫས་རྒོད་ཀྱི་ཕབས་གཏའ་བཅས། གཙང་རོང་བཀྲ་ཤིས་བརྩེགས་པའི་རྫོང་ནས་ཉེ་བའི་སྲས་ཆེན་བརྒྱད་སོ་སོའི་བྱིན་རླབས་ཀྱི་རྫས་ཁྱད་པར་ཅན་དང་། སྒྲུབ་ཐབས་ཤོག་སེར་བཅས་སྤྱན་འདྲེན་པར་མཛད། ཆོས་བཀའ་འདི་ནི་རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཟབ་གཏེར་ཐུགས་ཆེན་སེམས་ཉིད་ངལ་གསོའི་ཆ་ལག་ཡིན་པར་གསུངས། ཙ་འདྲ་རིན་ཆེན་བྲག་གི་མཚོ་རྒྱལ་གསང་ཕུག་ནས་གསང་ཐིག་སྐོར་བདུན་ལས། བླ་སྒྲུབ་འོད་ཀྱི་ཐིག་ལེ། མཁའ་འགྲོ་བདེ་ཆེན་རྒྱལ་མོའི་སྒྲུབ་སྐོར་གྱི་ཤོག་སེར་མཚན་ལྡན་མཁའ་འགྲོ་རྣམ་ལྔའི་དར་ཤམ་གྱིས་དྲིལ་བ་བཅས། བླ་མའི་དམ་རྫས་བྱིན་རླབས་སྤྲིན་ཕུང་། བྲམ་ཟེ་ཨཱརྻ་སིདྡྷིའི་སྐུ་ཤ །འཆི་མེད་རིག་འཛིན་ཆེན་པོ་བཅུ་གསུམ་གྱིས་བསྒྲུབས་པའི་ཚེ་རིལ་སོགས་དམ་རྫས་ཁྱད་པར་ཅན་མང་ཞིག་ཀྱང་ཕྱག་ཏུ་སོན། རྫོང་ཤོད་བདེ་གཤེགས་འདུས་པའི་གནས་ནང་དུ་ཐོག་མར་ཕེབ་སྐབས་གསུང་གནས་རྟ་མགྲིན་ཕུག་ནས་གུ་རུ་རིན་པོ་ཆེས་བམ་སྒྲུབ་མཛད་པའི་མྱང་གྲོལ་སྨན་མཆོག་ཕྱག་ཏུ་སོན། རིག་འཛིན་བརྒྱད་ཀྱི་བྱིན་རྫས་སོགས་བཞུགས་པ་སྔ་ཕྱི་མང་དུ་གཟིགས་སྣང་ལ་ཤར་ཀྱང་དུས་ཚོད་འཆུགས་པས་ཕྱིས་ནས་ཐོན་ཇེ་དཀའ་སོང་བ་ལ། མནལ་ལྟས་དང་བསྟུན་གཏེར་སྟོན་ལས་རབ་གླིང་པས་ཕྱག་ཕྱིར་མཛད། རྗེ་མཁྱེན་བརྩེ་རིན་པོ་ཆེས་གཏེར་སྲུང་ལ་དམ་བསྒྲགས་གནང་བའི་མཐུས། དཔལ་དེའུ་ནས་འཕགས་ཡུལ་རིག་འཛིན་བརྒྱད་སོ་སོའི་སྒྲུབ་ཐབས། དམ་རྫས་རིགས་དེ་མཚུངས་བཅས་སྤྱན་དྲངས། འདིའང་རྗེ་བླ་མ་མཁྱེན་བརྩེ་རིན་པོ་ཆེས་རྩ་གསུམ་བཀའ་འདུས་བཞེས་གྲུབ་ན་དེའི་ཆ་ལག་ཡིན་པར་འདུག །ཐུགས་གནས་ནས་རིག་འཛིན་བརྒྱད་ཀྱི་ན་བཟའ་དང་ཐུགས་རྟེན་ཁྱད་པར་ཅན། གསུང་གནས་ནས་བོད་ཀྱི་བཀའ་བབས་གྲུབ་ཆེན་མི་དགུའི་དབུ་ལྗོན་དང་གུ་རུའི་ཕྱག་མཚན་གནམ་ལྕགས་རྡོ་རྗེ། ཤར་གནས་ཡང་ལེ་ཤོད་ནས་རིག་འཛིན་བརྒྱད་ཀྱི་སྐུ་ཚབ་དང་སྐྱེ་བདུན་བརྒྱ་རྩ་བརྒྱད་ཀྱི་གདུང་རིལ། རྩ་གསུམ་དགོངས་འདུས་ཀྱི་བཅུད་ཕུར་བརྒྱུད་གསུམ་ཀུན་འདུས་དམ་རྫས་ཡིད་བཞིན་འཕྲུལ་གྱི་སྙིང་པོ་རྣམས་བཞེས། གཞན་ཡང་རྗེ་ཉིད་ཀྱི་དབང་སྐལ་དུ་གྱུར་ཀྱང་གནས་དུས་ཀྱིས་ཕྱག་ཏུ་མ་སོན་པ། ཡེལ་ཕུག་ནམ་མཁའ་མཛོད་ནས་གསང་མགོན་སྨུག་པོའི་སྐུ་མེ་འབར་མ། མགོན་པོ་ཕྱག་དྲུག་པའི་སྒྲུབ་སྐོར་རྣམས་གཏེར་ཆེན་མཆོག་གྱུར་གླིང་པས་སྤྱན་དྲངས་ཏེ་རྗེ་ཉིད་ཀྱི་ཕྱག་ཏུ་ཕེབས། རྩི་ཀེ་ནོར་བུ་སྤུན་གསུམ་ནས་གུ་རུ་རིན་པོ་ཆེའི་སྐུ་ཚབ། ཟབ་ཆོས་ནོར་བུ་སྐོར་བདུན། རྗེ་འདིའི་དགོས་ལུང་རྣམས་མཆོག་གླིང་ནས་སྤྱན་དྲངས་པ་ལས། ལུང་བྱང་ནི། ལོ་ཙཱ་ཆེན་པོ་ཡེ་ཤེས་སྤྱན་དང་ལྡན༔ དེ་ཡི་ཆེ་བ་ནོར་བུའི་མགུལ་དུ་སྦས༔ མ་གཡེལ་ཐོན་ལ་དད་ལྡན་ཡོངས་ལ་ཤོད༔ ཅེས་གསུངས་པས་དེ་ཡིན་པར་སྣང་། ཙ་འདྲ་རིན་ཆེན་བྲག་གི་གུ་རུའི་གསང་ཕུག་ནས་མཆོག་གྱུར་གླིང་པས་སྤྱན་དྲངས་པ་གསང་ཐིག་ཡི་དམ་སྐོར་གསུམ་ཡང་རྗེ་ཉིད་ཀྱི་སྐལ་པ་ཡིན་པར་གསུངས། གཏེར་ཁ་ཆེ་ཕྲ་ཐམས་ཅད་ཡིད་ཆེས་ཁུངས་བཙུན་འཁྲུལ་པའི་དྲི་མས་མ་གོས་པ་ཡིན་ལ། དེ་དག་ལའང་ཐོག་མར་ལུང་བྱང་བཞིན་སྣ་སེལ་རིགས་རྣམས་འཇམ་མགོན་རྣམ་གཉིས་ཞལ་རྒྱས་པས་མཛད། ཟབ་གཏེར་ཕྱག་ཏུ་སོན་པ་ཐམས་ཅད་རྗེ་བླ་མ་མཁྱེན་བརྩེའི་དབང་པོའི་གཟིགས་ལམ་དུ་འབེབ་པ་གནང་། དེ་དག་གི་སྐབས་སུ་ཀུན་གཟིགས་རྗེ་བླ་མ་རིན་པོ་ཆེ་ནས་མངའ་དབུལ་ཚོགས་མཆོད་དང་། དངོས་འབུལ་མཎྜལ་སྔ་རྗེས་དུ་མར་འབུལ་གནང་མཛད། ཁྱད་པར་རྩ་གསུམ་དགོངས་འདུས་ཀྱི་ཆོས་གཏེར་ཆེན་མོ་སྤྱན་འདྲེན་པར་མཛད་པ་ན་ལེགས་སྐྱེས་རྒྱ་ཆེར་སྤྲོ་བ་དང་ཆབས་ཅིག །སྔོན་མཆོག་གྱུར་གླིང་པས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆོས་གཏེར་ཕྱུང་ཡང་ཤོག་སེར་གཏན་ནས་འབེབ་མ་ཐུབ་པར་ཁོང་གིས་གཏན་ལ་འབེབ་གྲོགས་མཛད་པས་གོ་ཆོད་པར་བྱུང་སོང་ཞིང་། ད་རེས་ཀྱི་རྩ་གསུམ་དགོངས་འདུས་མཛོད་ཆེན་རྣམ་ལྔ་ཡོངས་འདུས་ཀྱི་ཆོས་སྡེ་གཏན་ལ་འབེབ་པའི་གྲོགས་དན་མཛད་པར་ཞལ་གྱིས་བཞེས། དེ་ཉིན་ཧོར་ཟླ་བཅུ་པའི་ཚེས་བཅུར་ཚོགས་འཁོར་མཛད། དེ་ནས་རིམ་བཞིན་གཟིགས་སྣང་དུ་སྔགས་སྲུང་མས་བརྡ་འགྲོལ་ལན་གཉིས་དང་བཀའ་རྒྱ་སྡོམ་འགྲོལ་གྱི་དུས་སོགས་གསལ་བར་བྱུང་འདུག་ཅིང་། ཁྱད་པར་ཚེས་ཉེར་དགུའི་ནུབ་རྗེ་མཁྱེན་བརྩེ་རིན་པོ་ཆེའི་དག་པའི་གཟིགས་ངོར་འཇམ་མགོན་རྡོ་རྗེ་འཆང་ཆེན་པོ་ཉིད་གྲུབ་པའི་རིག་འཛིན་ཧཱུྃ་ཀཱ་རའི་རྣམ་པར་བཞེངས་ནས། རྩ་གསུམ་དགོངས་འདུས་ཀྱི་དབང་ཁྲིད་མན་ངག་བཅས་གནང་བའི་གསལ་སྣང་འཁྲུངས་པའི་རྐྱེན་གྱིས་ཤོག་སེར་གྱི་དོན་ཚང་མ་ཐུགས་ལ་གསལ་བར་ཤར་འདུག་གསུངས་ཏེ། འཇམ་མགོན་རྣམ་གཉིས་ཞལ་རྒྱས་པས་རྩ་གསུམ་དགོངས་འདུས་ལས་བླ་མ་རིག་འཛིན་མཆོག་སྒྲུབ་ཀྱི་ཆོས་སྡེའི་ཐོ་བཀོད་ཀྱང་གནང་། འདི་ལ་མཁའ་འགྲོའི་བརྡ་བསྒྱུར་ཆེན་མོའི་དབང་དུ་བྱས་ན་སངས་གླིང་བླ་མ་དགོངས་འདུས་ཙམ་ཞིག་འབྱུང་བར་སྣང་ཡང་། བརྡ་བསྒྱུར་འབྲིང་པོའི་དབང་དུ་མཛད་ན་རྒྱས་བསྡུས་འཚམ་པས་ལེགས་གསུངས་ནས་ཆོས་ཚན་དྲུག་ཙམ་གཏན་ལ་ཕབ་འཕྲོས། ཆེན་པོ་འགའ་ཞིག་འགྲུལ་རྐྱེན་གྱིས་རྗེ་མཁྱེན་བརྩེའི་དབང་པོ་སྐུ་ཁམས་རྙོགས་ནས་འཕྲོས་རིམ་ལུས་ཀྱིས་དུས་ཚོད་ཡོལ་བ་སྤྱི་མཐུན་བསོད་ནམས་ཀྱི་མཐུ་དམན་པའི་སྐྱོན་དུ་སྣང་། དེ་སྐབས་འཇམ་མགོན་རྗེའི་ཐུགས་ཐོག་ནས་ཀྱང་སྔ་མ་ཕབ་རིམ་བཞིན་ཕྱི་མ་རྩོལ་མེད་དུ་ཆུ་བོའི་རྒྱུན་བཞིན་འཆར་བ་དང་། ཌཱ་ཀིའི་འདུ་བ་སོགས་ཁྱད་པར་ཅན་གྱི་ལྟས་མང་། སྐབས་ཤིག་ན་སྐུ་ལུས་རི་ཆེན་པོ་ལྟ་བུར་གྱུར་པའི་སྤྱི་མགྲིན་སྙིང་ལྟེ་བཞི་ནས་ཆུ་མིག་བཞི་འབབ། ལྟེ་བའི་ཆུ་དེ་བྱེ་ཉོབ་ལྟ་བུའི་དཀར་པོ་ཞིག་དང་འདྲེས་པར་འབབ་པ་ལས་རིམ་བཞིན་བླ་མ་སྐུ་རྡོ་རྗེ་དང་། ཡི་དམ་གསུང་རྡོ་རྗེ། མཁའ་འགྲོ་ཐུགས་རྡོ་རྗེ། རྩ་གསུམ་ཡོངས་རྫོགས་ཡེ་ཤེས་རྡོ་རྗེའི་རྒྱུད་སྒྲུབ་ཐབས་མན་ངག་དུ་མ་ལམ་ལམ་འཆར། དེ་སད་མ་ཐག་ཚིགས་བཅད་མང་པོ་ཤུགས་འབྱུང་དུ་གསལ་ཞིང་། ཕྱིན་ཆད་ཉི་ཟེར་རྡུལ་འཚུབས་ལྟ་བུ་ཞིབ་པར་གཟིགས་པའི་ཚེ་སྤུ་རིས་མི་ཕྱེད་ལ། རགས་པར་གཟིགས་ན་ཟད་མཐའ་མེད་པ་ལང་ལོང་དུ་ཤར། དེ་ལས་སད་ནས་ཀྱང་དེ་དག་ཕལ་ཆེར་ཐུགས་ལ་འཆར་སྙམ་བྱེད་པ་དང་། ཟླ་བ་བཅུ་གཉིས་པའི་ཚེས་བདུན་གྱི་ཐོ་རངས་ཐུགས་ཉམས་ཀྱི་སྣང་བ་གསལ་བ་ཞིག་ལ། བཀོད་པ་ཕུན་སུམ་ཚོགས་པའི་ལྷ་ཁང་ཞིག་ཏུ་ངོ་བོ་གུ་རུ་རིན་པོ་ཆེ་ཡིན་སྙམ་པ་ལ་རྣམ་པ་རྗེ་བླ་མ་མཁྱེན་བརྩེ་རིན་པོ་ཆེ་ཉིད་སྣང་སྟོང་འོད་ཀྱི་སྐུ་ཅན་རྣམ་འགྱུར་མ་ངེས་པ་ཞིག་ཏུ་བཞུགས་པ་ལ་གུས་འདུད་མཛད་པས། རིག་འཛིན་རྒྱུན་གྱི་རྣལ་འབྱོར་ལྟར་སྐྱབས་སེམས་ཡན་ལག་བདུན་པ་རྣམས་རྗེས་ཟློས། ལྷ་བསྐྱེད་བཅས་བྱིན་འབེབ་མཛད། བུམ་པ་ཞིག་བླངས་ནས་དབུ་གཙུག་ཏུ་བཞག །གསང་དབང་ཡུམ་དང་སྦྱོར་བའི་བྱང་སེམས་གནང་། ཤེར་དབང་ལ་རིག་མ་གཏད། ཐུགས་ཀ་ནས་ཤེལ་རྡོ་ཞིག་ཕྱུང་པ་བསྟན་ཏེ་ཆོས་ཐམས་ཅད་ཀ་དག་གཏིང་གསལ་ཤེལ་སྒོང་ལྟ་བུ། ལྷུན་གྲུབ་ཀྱི་གདངས་རྩལ་ཅིར་ཡང་འཆར་བ་ཤེལ་འོད་ཕྱི་རུ་གསལ་བ་ལྟ་བུའོ་ཞེས་ངོ་སྤྲད་ནས་སྐུ་མི་སྣང་བར་གྱུར། ཡང་ལམ་གྱིས་གསལ་བས་བཀའ་གཏེར་སྲུང་མ་རྣམས་སྐད་ཅིག་གིས་བཀུག་ནས་དངོས་སུ་ལང་ལོང་ཡོད་པ་ལྟ་བུར་བཀའ་བསྒོས་ནས་བཀའ་གཏད་དང་། རྗེས་གནང་གདམས་གཏད་ཀྱི་རྣམ་པ་བསྩལ་བའི་མཐར་ལུང་བྱང་ལྟ་བུའི་ཚིགས་བཅད་མང་ཞིག་གསན་མཐར་ཐུགས་ཉམས་སད། ལས་བྱང་གི་ཚོགས་འཁོར་གྱི་རྡོ་རྗེའི་གླུ་ཡི་སྐབས་བདེ་དྲོད་བཙན་ཐབས་སུ་འཁྲུགས་ཤིང་ཐུགས་ཉམས་འུར་བ་སོགས་བྱིན་རླབས་ཀྱི་བབས་ཆེ་བའི་རྟགས་སུ་བྱུང་། གསང་ཐིག་ཡབ་ཡུམ་གྱི་ཤོག་སེར་ཡང་རྗེ་མཁྱེན་བརྩེ་རིན་པོ་ཆེ་ནས་འབེབ་པར་མཛད། ལམ་ཟབ་ལེའུ་བདུན་མ་འཇམ་མགོན་ཉིད་ཀྱིས་གཏན་ལ་འབེབ་པར་གནང་ཞིང་། གུ་རུ་པདྨ་སཾ་བྷའི་ཆས་ཅན་མཚན་པདྨ་རིག་འཛིན་ཞེས་པས་བཀླག་ལུང་ལན་གསུམ་མཛད་པའི་དག་སྣང་འཁྲུངས། ཟླ་གམ་དབང་ཕུག་ཚིག་བདུན་སྒྲུབ་ཐབས་ཀྱི་ཆོས་སྐོར་དག་སྣང་སྙན་བརྒྱུད་དུ་བྱུང་བའི་རྒྱུ་མཚན་རྗེ་བླ་མར་སྙན་སྒྲོན་མཛད་པས། མི་ཟད་རྒྱན་འཁོར་ལྔ་མཚོན་པའི་རྟེན་དང་འབྲི་གཞི་བཅས་ཕུལ་ནས་འབེབ་པའི་བསྐུལ་མ་གནང་བ་ལྟར་ཕལ་ཆེར་གཏན་ལ་ཕབ་གྲུབ་ནས་རྗེ་རྣམ་གཉིས་ཞལ་རྒྱས་ཀྱིས་སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེའི་ཚོགས་འཁོར་མཛད་པས། རྗེ་བླ་མ་མཁྱེན་བརྩེ་རིན་པོ་ཆེར་གཟིགས་སྣང་ཁྱད་པར་ཅན་ཤར། རོང་མེ་དཀར་མོ་སྟག་ཚང་གི་གྲོ་ལོད་སྒྲུབ་ཐབས་ཀྱི་ཚོགས་མཆོད་རྗེ་རྣམ་གཉིས་ཞལ་རྒྱས་ནས་མཛད་སྐབས། རྗེ་མཁྱེན་བརྩེའི་གཟིགས་སྣང་དུ་སྡིག་པ་རྭ་ཙ་དཀར་ནག་ཆེན་པོ་གཉིས་བྱུང་བས་འདི་ཤིན་ཏུ་གཉན་པའི་ལྟས་སུ་འདུག་གསུངས། ཙ་འདྲ་རིན་ཆེན་བྲག་དང་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་གཉིས་གནས་ཆེན་ཡིན་པའི་གསལ་སྣང་འཇམ་མགོན་བླ་མར་འཁྲུངས་པ་བཞིན། ཕྱིས་མཆོག་གླིང་ལ་གནས་ཡིག་དང་གནས་སྒོ་འབྱེད་པར་བསྐུལ་མ་གནང་བས་གནས་ཆེན་ཉེར་ལྔའི་མདོ་བྱང་དཔའ་བྲག་ནས་བཞེས་པའི་རྐྱེན་དང་གནས་སྒོ་འབྱེད་པ་སོགས་ཀྱང་བྱུང་། རྫོང་ཆེན་ཁམས་ཕུག །ཨ་ལོའི་དཔལ་དེའུ། ཙ་འདྲའི་གནས་ལག་དཔེ་ཝར་གནས་ཆེན་གསུམ་པོ་རྣམས་ཀྱང་རྗེ་བླ་མ་མཁྱེན་བརྩེའི་ཞབས་ཀྱི་བཀའ་ལྟར་འཇམ་མགོན་མཆོག་གི་ཞལ་སྔ་ནས་གནས་ཀྱི་བཞུགས་ཚུལ་ཀུན་ལ་མཚོན་པར་མཛད། དེ་དག་གི་ཕྲིན་ལས་ཀྱང་ཆོས་ཚན་གཏན་ལ་ཕབ་གྲུབ་པ་རྣམས་ཀྱི་དབང་ལུང་ཀཿདཔལ། ཞེ་རྫོགས། ས་དགེ། འབྲི་སྟག །ཀརྨ་ཀཾ་ཚང་བཅས་པའི་སྐྱེས་མཆོག་རྣམས་དབུས་ལས་ལྡན་ཡོངས་ལ་ཐང་མར་བརྡལ་བའི་བཀའ་དྲིན་དང་། དམ་རྫས་རྣམས་ཀྱི་འགྲོ་དོན་དངོས་དང་བརྒྱུད་ནས་རྒྱ་མཚོ་ཆེན་པོའི་མཐར་སྤེལ་བའི་ཕྲིན་ལས་འབྲེལ་ཚད་དོན་ལྡན་གྱི་སྒོ་འཕར་ཡངས་པོར་ཕྱེས། གཙོ་ཆེར་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་དང་ཟབ་མོའི་གཏེར་རྙིང་གི་སྲི་ཞུ་ཁོ་ནར་ཐུགས་དམ་དུ་དྲིལ་བར་མཛད། ལྔ་བརྒྱ་ཐ་མའི་དུས་ཀྱི་རྒུད་པ་སེལ་ཞིང་། བསྟན་འགྲོར་ཕན་བདེའི་བཙས་སུ་ཡང་ཁྲོད་ཀུན་བཟང་བདེ་ཆེན་གླིང་དཔལ་ཆེན་པོའི་ཚོགས་ཁང་དུ་དུས་བབས་རྡོ་རྗེའི་གསང་ལུང་གི་ངེས་པ་བཞིན་སྦྱོར་དངོས་རྗེས་རིམ་ཚང་ལ་མ་ནོར་བ། ཕུན་སུམ་ཚོགས་པའི་འབྱོར་པ་དུ་མས་ཕྱུག་པའི་ཧེ་རུ་ཀའི་སྐུ་རྟེན་རྣམས་ཀྱི་དབུས་རྩ་བ་གསུམ་གྱི་ཕྱི་ནང་གསང་བའི་རྟེན་མཆོག་མཐའ་ཡས་པ་དང་། སྒྲུབ་སྡེ་གསར་འཛུགས། རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་ས་གནད་ཀྱི་མེ་བཙའི་གཙུག་ལག་ཁང་རྟེན་བརྟེན་པར་བཅས་བཞེངས་ཤིང་དགེ་བདུན་གྱི་སྡེ་འདེབས་པར་མཛད་པ་དང་། སྔ་འགྱུར་བཀའ་གཏེར་གྱི་སྒྲུབ་ཆེན་བརྒྱ་ལྷག་ཙམ་མཛད་པ་རྣམས་ཚུགས་གྲོལ་གྱི་སྐབས་ཕལ་ཆེར་འཇའ་ཚོན་ཁྱད་པར་ཅན་ཤར་བ་དང་། སྨན་སྒྲུབ་མཛད་པའི་སྐབས་འགའ་རེར་སྨན་གྱི་དྲི་ངད་རྒྱང་རིང་པོ་ནས་ཚོར་བ་དང་། ཚོགས་ཀྱི་འདུ་བའི་སྐབས་སུ་འཇའ་འོད་དང་བྱ་རྒོད་མང་པོས་ཚོགས་ལ་རོལ་བ་དང་། བདུད་རྩི་ཁོལ་ཞིང་རཀྟ་ཕྱུར་བ་སོགས་དེར་འདུས་པ་ཐམས་ཅད་ཀྱི་མཐུན་སྣང་དུ་གྲུབ་པ་དང་། རབས་བདུན་རིང་བསྲེལ་ལ་མཆོད་པ་མཛད་པའི་ཉིན་སྔར་མཐོང་མ་མྱོང་བའི་འཇའ་འོད་ཐིག་ལེས་ནམ་མཁའ་གང་བ་ཀུན་གྱི་སྤྱོད་ཡུལ་དུ་གྱུར། ལུང་དོན་ལྟར་གནས་ཆེན་རྣམས་སུ་རྩ་གསུམ་དགོངས་འདུས་གཏེར་སྒྲུབ་དང་འབྲེལ་བར་ཚིག་བདུན་གསོལ་འདེབས་སྒྲུབ་པ་མཛད་སྐབས། ཟླ་བ་གཉིས་རིང་ཉིན་མཚན་ཕལ་ཆེར་མཚན་ཐུན་དང་པོ་རྣམས་སུ་འཇའ་སྤྲིན་བཀྲ་ཤིས་པའི་རྟགས་ཀྱི་རྣམ་པ་ཅན་མང་པོ་ཤར་བས། དེ་དོན་མ་ཤེས་པའི་རྟོག་དཔྱོད་ཅན་རྣམས་ཀྱིས་འདི་ལོའི་ལྟས་འདི་གང་ལ་བལྟ་ཞེས་ཐེ་ཚོམ་གླེང་བརྗོད་བྱེད་དགོས་པ་བྱུང་བ་དང་། ས་ལུག་ལོའི་ཟླ་བ་ལྔ་པར་ཙ་འདྲ་རིན་ཆེན་བྲག་ཏུ་གནས་འདུས་ཡོད་པའི་སྐོར་ལམ་གཏོད་སར་ཕེབས་སྐབས། སྔ་དྲོ་བསང་གསེར་སྐྱེམས་ཀྱི་སྐབས་ནས་ཤར་ཕྱོགས་ནམ་མཁའ་ཐམས་ཅད་ཁྱབ་པར་སྔོ་ལྗང་ཤས་ཆེ་བའི་འཇའ་འོད་ཐིག་ལེས་མཚན་པ་ཤར་བ་ཉིན་གུང་ཚོགས་འཁོར་མ་ཟིན་བར་སྡོད་པ་དང་། དེ་སྐོར་ཟླ་བ་གཅིག་ཙམ་དུ་ཉིན་རེ་བཞིན་གྱི་ཕྱི་དྲོ་ནས་མུན་རུབ་བར་དུ་འཇའ་དཀར་ཀུ་ཤའི་དབྱིབས་ཅན་ནུབ་ནས་ཆེ་རྒྱས་སུ་ལོག་ནས་ནམ་མཁའི་ཕྱེད་ཁྱབ་པ་དང་། བསྐོར་བ་བྱེད་མཁན་གནས་རིའི་མཐའ་འཁོར་བའི་གྲངས་མང་རྒན་རྒོན་ཞྭ་ལོང་ཁུར་ཁྲིད་དགོས་པ་མང་དུ་འདུས་རུང་། བྲག་འཕྲང་སོགས་ཤིན་ཏུ་བགྲོད་དཀའ་བ་རྣམས་ལ་ཕན་ཚུན་འཐབ་འཛིང་དང་རྦབ་འདྲིལ་ཉེར་འཚེ་ཕྲན་བུ་ཙམ་མ་བྱུང་བ་རྣམས་ཀྱང་ཐུགས་བསྐྱེད་བྱིན་རླབས་ཀྱི་ལྟས་སུ་ངེས་ཤིང་། ཨ་རབ་གནས་ནང་རྡོ་རྗེ་བདུད་རྩིའི་སྒྲུབ་པའི་སྔོན་འགྲོ། མ་དཱ་ནའི་སྒྲུབ་པ་ཐོག་མར་ཚུགས་སྐབས། ཅིས་ཀྱང་མི་མཚོན་པའི་བདུད་རྩིའི་དྲི་ངད་བཟང་པོས་གཟིམས་སྤྱིལ་གྱི་ཕྱི་ནང་ཐམས་ཅད་དུ་ཁྱབ། མ་དཱ་ན་ལངས་ཚུལ་སོགས་ལ་ཀུན་གྱིས་ངོ་མཚར་དུ་བྱེད་པ་བྱུང་། ཨ་ཁྲི་གནས་ནང་དུ་དྲི་མེད་རྒྱལ་བ་རྒྱ་མཚོའི་སྒྲུབ་ཆེན་སྐབས་སུ་ནམ་མཁའ་འཇའ་འོད་དམར་པོས་ཁྱབ། ནུབ་ཀྱི་རེས་ཕལ་ཆེར་ཕྱི་ནས་ནང་དང་ནང་ནས་ཕྱི་རུ་ཡོད་པ་འདྲ་བའི་ཡིག་དྲུག་སྒྲ་དིར་དིར་ཐོས་པ་སོགས་མཆོག་དམན་ཀུན་ལ་གསལ་བའི་རྟགས་མཚན་ངོ་མཚར་བ་བྱུང་བར་སྣང་། སྡེ་དགེའི་རྒྱལ་ཁབ་ལྷུན་གྲུབ་སྟེང་དུ་རྒྱལ་ཁམས་སྤྱི་རིམ་འགོང་པོ་ཨར་གཏད་དགོས་པའི་ལུང་བབས་ལྟར་ཕྱག་བཞེས་གནང་བས་ཐོག་མར་འཚུབས་ལྷོང་ཆེན་པོ་དང་མཐར་ཤིན་ཏུ་ལེགས་ལམ་གྱུར་ཅིང་། དེ་ཕྱོགས་རྒྱལ་གདོན་འབྱུང་པོ་ཐམས་ཅད་གཞན་དུ་བྱོལ་བའི་མནལ་ལྟས་ཁྱད་པར་ཅན་ཕན་ཁང་དང་ཁང་སར་མཁན་རིན་པོ་ཆེ་རྣམ་གཉིས་ནས་ཀྱང་གཟིགས། རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས་ཀྱང་སྔོན་ཆད་ཁྱེད་ལ་གྲུབ་ཐོབ་ཀྱི་མཚན་མི་འདུག །ད་རེས་གྲུབ་ཐོབ་ཀྱི་མཛད་པ་ཆེ་ཤོས་བྱུང་འདུག་ཅེས་གཟེངས་བསྟོད་གནང་བར་འདུག །དེ་མཚུངས་ཨ་ལོ་རྩེ་ཟུལ་མདོར་མི་མ་ཡིན་གདུག་པ་ཅན་མང་པོ་རྒྱུ་ཞིང་གནས་བཅས་པས་ལམ་འགྲུལ་རྣམས་ལ་ཤིན་ཏུ་འཚེ་བ་ན། གཏེར་ལུང་རྣམས་སུ་སྟོབས་ཆེན་མཆོད་རྟེན་བཞེངས་དགོས་པར་གསུངས་པའང་བཅའ་སྒྲུབ་ཚད་ལྡན་མཛད་སྐབས་ངོ་མཚར་གྱི་ལྟས་མཐུན་སྣང་དུ་གྲུབ་པ་དང་། ཕྱོགས་དེར་རྩྭ་ལོ་ཚུན་དེ་ལོ་ལས་ལེགས་པར་སྔོན་ཆད་མ་བྱུང་ཞིང་། སྲི་རིགས་ཀྱི་བླ་རྡོ་ཕྱོགས་དང་དབུས་ནས་ལེན་དགོས་པ་རྣམས་ཀྱང་ཕྱོགས་འདི་དང་འདིར་འདི་ལྟར་ཡོད་ཚུལ་གསུངས་པ་རྣམས་ཀྱང་ཇི་བཞིན་རྙེད་པ་སོགས་ཤེས་ལྡན་རྣམས་ཡིད་ཆེས་ཀྱི་དད་པ་གཏིང་ཚུགས་པ་བྱུང་། གནས་ཆེན་རྣམས་སུ་ལྷ་སྲིན་དམ་བསྒྲག་དང་གནས་ཆེན་བྱིན་འབེབ་མཛད་པའི་སྐབས་སུའང་ཁྱད་པར་གྱི་ལྟས་རེ་རྒྱུན་དུ་བྱུང་བར་སྣང་། གཞན་ཡང་སྒྱུ་ལུས་ཀྱི་རྣལ་འབྱོར་འབྱོངས་པས་ཁང་ཁྱིམ་ལ་ཟང་ཐལ་དུ་ཕེབ་པ། རྡོ་ལ་ཕྱག་ཞབས་ཀྱི་རྗེས་བྱོན་པ། སྣང་བ་ལ་བདེན་འཛིན་མེད་པས་འཁྲུལ་པ་ཞིག་པའི་ངང་ཚུལ་ཅན་དུ་བཞུགས་པ་དང་། ཁྱད་པར་སྐུ་ཚེ་ཐུང་ངུ་ཞིག་ལས་མེད་པར་ཟབ་གཏེར་གྱི་ལུང་བྱང་ལ་ཡོད་ཚོད་ཀྱང་། རྡོ་རྗེའི་རྣལ་འབྱོར་དང་རྩ་རླུང་གི་ནུས་པས་སྐུ་ཚེ་ཕྱིར་བསྲིངས་ཏེ་དགུང་གྲངས་བརྒྱད་ཅུ་གྱ་བདུན་གྱི་སྟེང་དུ་སོན་ཀྱང་སྐུ་གཞོན་ཤ་ཆགས་ཤིང་སྤྱན་སླར་གསལ་བ་སོགས་གྲུབ་རྟགས་ནང་གི་ཆེ་བ་དང་། སྤྱིར་བཏང་བྱ་བ་ལས་ཀྱི་འཁོར་ལོ་དང་འབྲེལ་བའི་རྣམ་དཀར་གྱི་ཕྲིན་ལས་མཐའ་དག་ཀྱང་། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་གཏེར་ལུང་བཞིན་གངས་ཅན་ཐུབ་བསྟན་ཡོངས་རྫོགས་ཀྱི་དོན་དང་། བོད་ཁམས་བདེ་ཐབས་ཁོ་ན་ཡིན་པར་འདུག་པས་འདི་ལྟ་བུ་སངས་རྒྱས་བྱང་སེམས་ཀྱི་མཛད་པར་ངེས་ལ། ཕྲིན་ལས་ཀྱི་ཕྱག་རྗེས་ཁྱད་པར་དུ་འཕགས་པ་སྔོན་ཆད་སུ་ལའང་མ་གྲགས་ཤིང་། རྡོ་རྗེའི་ལུང་གིས་ཟིན་པའི་མཛོད་ཆེན་རྣམ་པ་ལྔ་ཡི་བཀའ་ཡི་བསྡུ་བ་མཛད་པ་དང་། དེ་ཉིད་ཆོས་སྦྱིན་གྱི་གཏེར་ཆེན་ཟད་པ་མེད་པའི་སྤར་དུ་བསྐྲུན་པ་དང་ལན་གྲངས་དུ་མར་འཆད་སྤེལ་གནང་བ་སོགས་ཀྱི་མཛད་པ་མཐའ་ཡས་རྣམས་མདོར་དྲིལ་བའི་རྣམ་ཐར། གསན་ཡིག་ལ་དཔྱད་ན་སྐུ་ཚེ་རིལ་པོར་གསན་པ་ཁོ་ན་མཛད་པ་ལྟ་བུ། བཀའ་གཏེར་གསར་རྙིང་གི་དབང་ལུང་ཁྲིད་གསུམ་མཛད་པ་ལ་མཇལ་ན་སྐུ་ཚེར་འཆད་པ་ཁོ་ན་མཛད་པ་ལྟ་བུ། ཕྱོགས་རེའི་ཐོས་བསམ་བྱས་པའི་གོ་བ་རགས་རིམ་རྙེད་པས་འབྲི་འདོད་རྩོམ་འདོད་ཀྱི་རྩོལ་བས་གྲགས་སྐམ་གྱི་ཡིག་སྣ་འགའ་ཞིག་བྲིས་པ་ལ་བཀའ་འབུམ་དུ་བཏགས་པ་ལྟར་མ་ཡིན་ཞིང་། བསྟན་པ་རིས་མེད་པའི་རྒྱུན་ལ་འཆི་ཁ་མའི་སྲོག་མཐུད་ལྟ་བུར་གྱུར་པ་ངོ་མཚར་མཛོད་ཆེན་རྣམ་ལྔས་གཙོས་གསུང་གླེགས་བམ་དགུ་བཅུར་ལོངས་པའི་རྣམ་ཐར་ལ་བསམ་ན་སྐུ་ཚེ་དེ་ཉིད་དུ་རྩོམ་པ་རྐྱང་པ་མཛད་པ་ལྟ་བུ། གསར་རྙིང་མདོ་སྔགས་རྒྱ་མཚོའི་བསྙེན་སྒྲུབ་ཉམས་བཞེས་མཛད་པའི་ཚུལ་ལ་བརྟགས་ན་སྐུ་ཚེའི་རིང་དུ་སྒོམ་ཁང་འདག་སྦྱར་གྱིས་བཞུགས་པ་ཁོ་ན་ཇི་ལྟ་བུ་སྟེ། རྗེ་བླ་མའི་རྣམ་ཐར་འདི་ནི་ངེས་པར་འཕགས་པའི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་ཞིག་སྟེ། ཚུལ་འདིའང་རང་ཉིད་ཀྱི་བླ་མ་ཡིན་པའི་རྒྱུ་མཚན་གྱིས་སྒྲོ་བཏགས་འཁྱོགས་བརྗོད་ཙམ་མ་ཡིན་པ་ངེས་པར་དོན་ལ་བཞུགས་པའི་རང་བཞིན་བརྗོད་པ་ཡིན་མིན་བློ་གཟུ་བོར་གནས་པ་རྣམས་ཀྱི་མཁྱེན་ངོར་གསལ་བ་ལྟར་རོ། །དེ་ལྟ་བུའི་ངོ་མཚར་རྨད་དུ་བྱུང་བའི་ཕྲིན་ལས་མཐའ་ཡས་པ་མཛད་ནས་རེ་ཞིག་གདུལ་བྱ་གཞན་དོན་དུ་དགོངས་པ་གཏད་པ་ལ་ཉེ་བ་ན། ཞབས་འབྲིང་བ་ནང་མ་དག་ལ་ད་ནི་མཛོད་ཆེན་པོ་རྣམས་ཀྱི་གཙོར་བྱས་དགོས་གནད་ཅན་ཐམས་ཅད་གྲུབ་ཟིན། ཚེ་ཡང་མཐར་ཕྱིན་པ་ཡིན། སང་ཉིན་འཆི་ཡང་བློའི་ལྷག་མ་ལུས་པ་མེད། ལུས་ཟུངས་ངན་པས་རང་གཞན་ལ་ཟག་པ་གསོག་པའི་སྒྱུ་ལུས་གོག་པོ་འདི་དོར་ན་རུང་སྟེ། ད་དུང་དབུགས་རྔ་ནི་ཆད་ཐུབ་པ་མི་འདུག །སྤྱིར་འཆི་སོང་ན་དགའ་མོ་ཞིག་ཅི་ཡོད། ལྷག་པར་ངེད་དཀོར་ཆེ་བ་འདིས་ཁུར་ཞིག་བཀལ་ངེས་རེད་ཀྱང་། སྤྱིར་ཐུབ་པའི་དབང་པོའི་བསྟན་པའི་བཀའ་དྲིན། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པ་འདི་དང་མཇལ་པའི་དམ་སྡོམ་རྩ་བ་ཙམ་ནི་མ་ཉམས། ཡན་ལག་གི་ཆག་ཉམས་མེད་རྒྱུ་མེད་ཀྱང་བཤགས་སྡོམ་གྱི་ཐབས་ལ་གལ་ཆུང་བྱས་རིགས་མེད་ཁུལ་གྱིས་དག་ཞིང་སོགས་ལ་རེ་བ་མེད་ནའང་མི་ལུས་རེ་ཙམ་ཐོབ་སྲིད། ཅེས་བཀའ་ཡང་ཡང་བསྩལ་པ་ལ་བརྟེན། ཐུགས་སུ་བྱོན་པའི་སྲས་ཀྱི་ཐུ་བོ་བྱང་ཆུབ་སེམས་དཔའ་ཆེན་པོ་བཀྲ་ཤིས་འོད་ཟེར་རིན་པོ་ཆེ་ནས་ཞབས་བརྟན་གསོལ་འདེབས་རྟེན་འབྲེལ་གྱི་རིམ་པ་དུ་མ་ཕུལ་ཞིང་། གཞན་ཡང་ཞབས་བརྟན་ཚོགས་བསགས་ཀྱི་གསོལ་འདེབས་རྒྱ་ཆེར་དེར་ཡོད་ཀྱི་ཞབས་འབྲིང་བ་དང་། བུ་སློབ་ཀྱི་གཙོ་བོ་ཀུན་མཁྱེན་ཏཱའི་སི་ཏུ་སོགས་བླ་གྲྭ་སྦྱིན་བདག་དུ་མས་ལྷག་བསམ་གྱིས་གསོལ་བ་ནན་ཏན་བཏབ་པའི་ངོར། སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་པའི་རྟེན་འབྱུང་སྐུ་ཁམས་དྭངས་ཚུལ་བཞེས་པ་ཙམ་ལས་མཛད་པའི་ལྷག་མ་རྣམས་མ་ལུས་པར་བསྡུ་བའི་ཐུགས་རྩོལ་གནང་། བཀའ་འབངས་ཀྱི་ཡང་ཐ་བ་ཁོ་བོ་ལྟ་བུ་ལའང་མཐའ་མའི་མཛད་པ་སྟོན་པར་བཞེད་པའི་སྤྲིང་ཡིག་ཕེབས་པ་ན། བསྟན་འགྲོའི་དོན་དུ་ཞབས་པད་བརྟན་གྲུབ་པའི་གསོལ་འདེབས་ཞུ་ཕྲིན་དང་། ལས་རབ་གླིང་པ་རང་ལ་ངོས་འཕྲད་ཀྱི་ཞབས་པད་བརྟན་གྲུབ་པའི་ཞུ་དོན་ངག་མ་བཅས། ས་ཕག་ཧོར་ཟླ་དགུ་པའི་ཚེས་བཅོ་ལྔ་ཕན་མི་ཕྱི་བར་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་སྤྱན་སྔར་བརྟོལ་དགོས་པའི་རྒྱུ་མཚན་ཞིབ་མོར་སྨྲེང་སྟེ་མངགས་ཀྱང་། བསྟན་འགྲོ་སྤྱི་དང་བདག་རང་གི་བསོད་ནམས་སྐལ་བ་འགྲིབ་པས་གཏེར་སྟོན་པ་གཞན་དབང་ཕྱི་བཤོལ་ཁོ་ནས་རྗེ་ཡི་མདུན་སར་མ་སྙེགས་པར་ལུས་པའི་ངང་། སླར་སྐུ་ཁམས་རྙོགས་པའི་ཚུལ་ཅུང་ཟད་བཞེས་པར་དབོན་མཛོད་ནས་ཞབས་པད་བརྟན་པའི་གསོལ་འདེབས་སྐུའི་རིམ་གྲོ་རྒྱ་ཆེར་བསྒྲུབས། མཁན་བཀྲ་ཤིས་འོད་ཟེར་རིན་པོ་ཆེ་ནས་སྤྱན་ཆབ་ཕྱུང་སྟེ་ཡུན་དུ་བཞུགས་པར་གསོལ་འདེབས་གནང་བ་ན། ལེགས་སོ། ཁྱོད་བསྟན་འཛིན་གྱི་སྐྱེས་བུ་སློབ་མ་བཟང་པོས་ལྷག་བསམ་གྱི་གསུང་ངོ་བཞིན་ཡུན་རིང་འཚོ་བའི་འདུན་པ་ལོས་བྱེད། ཅེས་ལྟོས་བཅས་སེམས་གསོའི་ཚུལ་གྱི་བཀའ་ཙམ་གནང་ནས། དེ་ཕྱིན་སུ་ལའང་གསུང་ཆེར་མི་འབྱོན་པར་ཕྱག་ཕྲེང་འདྲེན་བཞིན་ཐུགས་དམ་ཟབ་མོའི་ངང་དུ་བཞུགས་མུར། ས་ཕག་ཟླ་བ་བཅུ་གཅིག་པའི་ཚེས་ཉེར་བདུན་དགོང་མོར་མཁན་བླ་མ་སྐུ་རྩར་ཕེབས་ཏེ། ད་ལྟ་སྐུ་ཁམས་བདེ་ལྷོད་ཇི་ལྟར་ལགས་ཞེས་ཞུས་པ་ན། ད་ལྟ་བསྙུན་ཟུག་མི་བདེ་བ་སོགས་ཅི་ཡང་མེད། བདེ་མོ་ཞིག་འདུག་ཅེས་གསུངས་ནས་སྐུ་ལུས་ཀྱི་བཞུགས་སྟངས་དྲང་པོར་བསྲངས་ཏེ་ཕྱག་ཕྲེང་འདྲེན་བཞིན་བཞུགས་པར་མཛད། དེ་རྗེས་སྐུ་གཅར་བ་རྣམས་ལ་ཕྱག་ཕྲེང་སྟེགས་ལ་ཡར་ཞོག །ད་ནི་ཁ་འདོན་བགྱིས་ཟིན་པས་ཕྱིན་ཆད་མི་དགོས་པ་ཡིན། ཞེས་བཀའ་བསྩལ་ནས། དེའི་ནམ་གུང་ཙམ་ལ་ཟག་མེད་འོད་གསལ་ཆོས་སྐུ་མཁའ་ཁྱབ་ཆེན་པོའི་དབྱིངས་སུ་སྙོམས་པར་ཞུགས་པར་གྱུར་ཏོ། །དེ་མ་ཐག་ཐུགས་སྲས་མཁན་ཆེན་ཆོས་རྗེས་རྒྱུད་སྡེ་རིན་པོ་ཆེ་ནས་གསུངས་པའི་མན་ངག་བཞིན་ཐུགས་དམ་གསལ་འདེབས་ལེགས་པར་ཞུས། སྐུ་ལུས་ཀྱི་གནད་དྲང་པོར་བསྲང་བའི་སྐུ་ལ་ཆོས་གོས་དང་དབུ་ལ་སྒོམ་ཞྭའི་ཅོད་པན་ཕུལ་བ་ཙམ་ལས་བཅས་བཅོས་མེད་པར་ཞག་གསུམ་གྱི་བར་དུ་འོད་གསལ་ཆོས་ཀྱི་སྐུའི་དབྱིངས་སུ་བཞུགས་སུ་གསོལ། ཞག་གསུམ་གྱི་ནམ་གུང་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་དུས་ཚོད་དུ་ས་ཆེན་པོ་རི་དང་བཅས་པ་སྒྲ་དང་ལྡན་པས་དལ་གྱིས་ལན་གསུམ་དུ་གཡོ་བ་དང་བཅས་འོད་གསལ་ལས་བཞེངས་པའི་རྟགས་རྒྱུད་སྡེ་ནས་བཤད་པ་དང་མཚུངས་པ་གསལ་པོར་བྱུང་བ་དང་བསྟུན། སྐུ་གདུང་རིན་པོ་ཆེར་ཁྲུས་གསོལ་གནས་ཡིག་ཕུལ་ནས་ལོངས་སྤྱོད་རྫོགས་པའི་ཆས་སུ་ཞལ་བསྒྱུར། དབོན་མཛོད་སོགས་ནས་དགུང་ཞག་གི་མཆོད་འབུལ། ཕྱོགས་མཐའི་རིས་མེད་ཀྱི་བླ་དགོན་ཁག་དང་། བོད་ཡུལ་ཆོས་འཁོར་གསུམ་སོགས་གནས་རྟེན་རྣམས་ལ་དགོངས་རྫོགས་ཀྱི་མཆོད་སྤྲིན་འབྱོར་པ་གང་ཡོད་རྩལ་སྤྲུགས་སུ་མཛད་ཅིང་། སྐུ་གདུང་རིན་པོ་ཆེས་ཀྱང་གྲོལ་བ་བཞི་ལྡན་གྱི་ཕྲིན་ལས་མཐའ་ཡས་པས་སྣང་བ་དང་མི་སྣང་བའི་འགྲོ་བ་གྲངས་ཀྱིས་མི་ལང་པའི་དོན་མཛད། མཐར་རྒྱུད་སྡེའི་དཀྱིལ་འཁོར་རྒྱ་མཚོའི་སྒོ་ནས་མཆོད་འབུལ་བཅས་འོད་ཞུ་མཛད་པ་ན་ཐུགས་ཀྱི་གོང་བུ་དངོས་སུ་བྱོན་ཅིང་། ཁ་བ་མེ་ཏོག་གི་དབྱིབས་ཅན་གྱི་ཆར་ཆེན་པོ་བབས་པ་སོགས་ལྟས་བཟང་མངོན་དུ་གྱུར། སྐུ་གདུང་མཆོད་སྡོང་ཆེ་ཆུང་རིན་པོ་ཆེ་ལས་གྲུབ་པའི་ནང་གཞུག་གཙོ་བོར་སྐུ་གདུང་རིན་པོ་ཆེ་ཡིད་བཞིན་དབང་གི་རྒྱལ་པོས་གཙོས། རྩ་གསུམ་དགོངས་འདུས་ཀྱི་སྐུ་རྟེན་སྐུ་ཚབ་བཀྲ་ཤིས་དཔལ་འབར་དང་ཤོག་སེར་སོགས་ཁྱད་པར་འཕགས་པ་དང་། བུམ་སྒོར་སྟོན་པའི་སྣང་བརྙན་རིན་པོ་ཆེ་བཞུགས་ཤིང་རབ་གནས་མེ་ཏོག་འཐོར་བ་སོགས་ཕྱག་ལེན་རྣམ་པར་དག་པས་མཐའ་བརྒྱན་ཏེ། དཔལ་ལྡན་བླ་མ་མཆོག་གི་དགོངས་པ་སྐོང་ཞིང་བསྟན་འགྲོའི་བསོད་ནམས་ཀྱི་མཆོད་རྟེན་མཆོག་ཏུ་བསྐྲུན་པར་མཛད་པ་ཡིན་ལ། ཞལ་སློབ་ཀྱི་ཐུ་བོ་རྣམས་ལ་དངོས་སུ་འདས་རྗེས་ཞལ་གདམས་ཀྱི་རིམ་པ་ངོ་མཚར་བ་བསྩལ་ཡོད་པ་གཞིར་བཅས། ཡང་ཐ་བ་བདག་ལྟ་བུ་ལའང་དགྱེས་ཞལ་མངོན་དུ་བསྟན་ནས་ཞལ་གདམས་བྱིན་རླབས་བསྩལ་བའི་རྨིས་ལྟས་ཤིན་ཏུ་གསལ་བ་དག་དང་། དམ་ཚིག་ཅན་ལ་རྡོ་རྗེའི་ཡེ་ཤེས་མངོན་སུམ་དུ་འབེབ་པའི་ཕྲིན་ལས་ཀྱང་མཛད་དེ། གཙང་མའི་གནས་ཀྱི་འོག་མིན་དམ་པར་གཤེགས་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་སྤྲུལ་པ་སྐུ་ཡི་སྣང་བརྙན་གྱི་བཀོད་པ་ཐིམ་ཞིང་བསྡུ་བའི་ཚུལ་སྟོན་པའི་ཆོ་འཕྲུལ་ཡང་མཐོང་། སླར་ཡང་རྒྱན་འཁོར་ཉེར་ལྔའི་རྣམ་འཕྲུལ་བསམ་ཡས་འགྱེད་པའི་ཕྲིན་ལས་མཐའ་ཡས་འཁོར་བ་སྲིད་དུ་རྒྱུན་མི་ཆད་པར་ལྷུན་གྱིས་གྲུབ་པའི་བདག་ཉིད་ཅན་དུ་ངེས་ཤེས་རྙེད་པ་ལགས་ཤིང་། རྣམ་ཐར་ཞིབ་མོ་དང་ཞལ་སློབ་བུ་ཆེན་གྱི་བྱོན་ལུགས་སོགས་རྒྱས་པ་གཞན་ལས་རྟོགས་པར་འགྱུར་རོ།། ༈ །།གསུམ་པ་མཛོད་ཆེན་པོ་ལྔ་དང་ཁྱད་པར་ཟབ་མོའི་གཏེར་གྱི་མཛོད་ལས་འཕྲོས་པའི་དོན་ཅུང་ཟད་ཅིག་སྤྲོས་པ་ནི། འདི་ལྟར་སྔོན་བྱོན་འཕགས་བོད་ཀྱི་མཁས་ཤིང་གྲུབ་བརྙེས་རིམ་པར་བྱོན་པ་རྣམས་ཀྱིས་ཐོས་བསམ་སྒོམ་དང་འཆད་རྩོད་རྩོམ་པ། སྤངས་ཀློག་བྱ་བ་ལས་ཀྱི་འཁོར་ལོ་སོགས་ཀྱི་སྒོ་ནས་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་སྤྱོད་ཚུལ་ཇི་སྙེད་པ་རྣམས་གཅིག་ཏུ་བཟླུམས་པ་ལས་ཀྱང་། ཆེས་ངོ་མཚར་བཀའ་དྲིན་ཆེ་བའི་ཕྲིན་ལས་འདི་ལྟ་བུ་ནི་དུས་གསུམ་དུ་མ་བྱུང་ཞིང་འབྱུང་བར་མི་འགྱུར་ལ། གཟུ་བོར་གནས་པའི་ཤེས་རབ་ཀྱིས་དཔྱད་ན་མཛད་པའི་ངོ་མཚར་ལ་གཞིག་པའི་མངོན་སུམ་ཚད་མ། མདོ་སྔགས་ལུང་གི་ངེས་པས་རྗེས་དཔག་ཚད་མ། སྔོན་བྱོན་སྐྱེས་མཆོག་རྣམས་ཀྱིས་རྡོར་ཕྲེང་། རིན་འབྱུང་། འདོད་བུམ་སོགས་བཀའ་བསྡུའི་སྒོ་ནས་བསྟན་པ་ལ་ཕྱག་རྗེས་མི་དམན་པའི་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན་ཡང་དེ་དག་ཕལ་ཆེར་ཕྱོགས་རེ་བ་ཡིན་ལ། འདིར་བསྟན་པ་ཡོངས་རྫོགས་ཀྱི་ཟབ་དོན་མ་ལུས་པ་ཡོངས་སུ་རྫོགས་པའི་བཀའ་བསྡུ་མཛད་པ་ཤིན་ཏུ་དོན་ཆེན་པོ་དང་ལྡན་པར་ཤེས་པའི་རིགས་པ་ཚད་མ་སྟེ། ཚད་མ་གསུམ་གྱིས་གྲུབ་པའི་རྣམ་ཐར་རྨད་དུ་བྱུང་བའི་ཚུལ་འདི་མཐོང་ཞིང་ཉམས་སུ་ལེན་པ་རྣམས་ལྟ་ཅི། ཐོས་པའི་ཡུལ་དུ་གྱུར་པས་ཀྱང་རྡོ་རྗེ་སློབ་དཔོན་འདི་ཉིད་སངས་རྒྱས་དངོས་སུ་མཐོང་ཞིང་མཛོད་ཆེན་པོ་ལྔ་པོ་ས་སྟེང་དུ་བྱོན་པའི་རྒྱལ་བསྟན་ཐམས་ཅད་ཀྱི་རྒྱུད་ཀྱི་ཆིངས། ལུང་གི་མཛོད། མན་ངག་གི་གཏེར། ཐུབ་བསྟན་ཇི་སྲིད་པ་དེ་སྲིད་དུ་ཟབ་མོའི་ཆོས་རྒྱུན་ནམ་ཡང་མི་ནུབ་པའི་ཕྲིན་ལས་སུ་ཤེས་པའི་ཡིད་ཆེས་ཀྱི་དད་པ་བཅོས་མ་མིན་པ་འཕེལ་ནུས་ཤིང་། བསྟན་པ་ལ་གཅེས་སྤྲས་སུ་འདོད་པ་དག་མཆིས་ན་སྲོག་སྲུང་བ་ཡོངས་སུ་བཏང་ནས་ཟབ་མོའི་མཛོད་ཆེན་རྣམས་ཅི་ནུས་སུ་འཛིན་སྤེལ་སྐྱོང་བ་གཡར་དམ་ལྷུར་ལེན་དགོས་པ་ཞིག་སྟེ། ཅིའི་ཕྱིར་ཞེ་ན། བསྟན་པ་ཡོངས་རྫོགས་ཀྱི་ཟབ་དོན་གྱི་ལུས་ཡོངས་སུ་རྫོགས་པ་ཚང་བའི་ཕྱིར་རོ། །དེ་ལྟར་མོད་ཀྱང་། སྔོན་གྱི་དུས་སུའང་དགེ་སློང་ཐར་པ་ནག་པོས་གབ་པའི་གསང་བ་མ་རྟོགས་ཤིང་ཐབས་ཀྱིས་མ་ཟིན་པའི་ལོག་པའི་སྔགས་སྒྲ་ཇི་བཞིན་པར་སྤྱད་པའི་ཉེས་པས་སྐྱེ་བ་གྲངས་མེད་ཁ་བརྒྱུད་དུཿཁ་མི་ཟད་པ་མྱོང་མཐར། རྒྱུ་མཐུན་གྱི་འབྲས་བུས་རུ་དྲའི་སྡེ་དཔོན་དུ་སྐྱེས་པ་ན། སངས་རྒྱས་ཀུན་གྱི་ཡེ་ཤེས་འདུས་པ་དཔལ་ཆེན་པོའི་ཐུགས་རྗེས་བསྒྲལ་པའི་ཚུལ་རྒྱུད་ལས་འབྱུང་བ་དང་། དགེ་སློང་ལེགས་སྐར་མདོ་སྡེ་བཅུ་གཉིས་བློར་ཆུབ་ཅིང་འཇིག་རྟེན་པའི་བསམ་གཏན་བཞི་ཐོབ་ཀྱང་། ལོག་པར་ལྟ་བའི་མཐུ་བརྟས་པས་བདེན་པར་གསུངས་པ་ལ་ཡིད་མ་ཆེས་ཤིང་བག་མེད་པ་ལ་ཞུགས་ནས་མེད་པར་ལྟ་བའི་འཆིང་བས་བསྡམས་ཏེ། དེ་བཞིན་གཤེགས་པ་ལ་མི་དགེ་བའི་སེམས་བསྐྱེད་མ་ཐག་ཆུ་བོ་དགའ་སྐྱེད་ཀྱི་འགྲམ་ན་ལུས་རྟེན་དེ་ཉིད་དུ་མཚམས་མེད་པའི་དམྱལ་བར་ལྷུང་བའི་གཏམ་རྒྱུད་མདོ་ལས་འབྱུང་བ་དང་། མཁས་པར་རློམས་པ་དབུ་རུ་དཔལ་འཛིན་ཡང་། རྫོགས་པའི་སངས་རྒྱས་ཀྱི་རོལ་པ་ཆེན་པོའི་ཕྲིན་ལས་འདོད་རྒུར་བསྒྱུར་བའི་བརྡ་དང་དོན་གྱི་གསང་བའི་གནས་ཟབ་མོའི་སྤྱོད་ཡུལ་གློ་བར་མ་ཆུད་ཅིང་མ་རྟོགས་པར་མིང་ཚིག་ཡིད་དཔྱོད་རྟོག་གེའི་ལྟ་ངན་ཁོ་ན་ལ་ཞེན་པས་བཅིངས་ཏེ། བླ་མེད་རྡོ་རྗེ་ཐེག་མཆོག་སྔ་འགྱུར་བའི་རིང་ལུགས་ཀྱི་རྒྱུད་ལུང་མན་ངག་ཐམས་ཅད་ལོག་ཆོས་སུ་མཐོང་ནས། སངས་རྒྱས་ཀྱི་བསྟན་པའི་གྲངས་སུ་འདྲེན་མི་རུང་བའི་དྲིལ་བསྒྲགས་པ་དང་ལྷན་ཅིག་ལོག་པའི་བསྟན་བཅོས་རྩོམ་པ་ལ་ཆེས་དཔའ་བའི་བརྟུལ་ཞུགས་ལྷུར་བླངས་ཏེ། རང་ཉིད་མཁས་གྲུབ་ཀྱི་ཐུ་བོ་གནས་དང་གནས་མ་ཡིན་པ་འདོམས་ནུས་ཀྱི་གོ་འཕང་ཐོབ་པར་རློམས་པའི་ང་རྒྱལ་གྱིས་རྒྱགས་པས་འགྱིངས་མཐར། དབྱིངས་ཀྱི་མཁའ་འགྲོའི་ཆད་པ་ལུས་རྟེན་དེ་ཉིད་ལ་མངོན་དུ་གྱུར་ཏེ། རྡོ་རྗེ་དམྱལ་བ་ཨ་ལ་ལ། ཞེས་པ་ཁྲག་གིས་བྲིས་པའི་རྡོ་བའི་ཆར་དྲག་པོས་ཉམ་ཐག་པ་དང་བཅས་ས་ཆེན་པོ་འདི་ཉིད་ཀྱི་འོག་ཏུ་ལྷུང་ཞིང་། རང་གི་རྗེས་སུ་ཞུགས་པ་ཐམས་ཅད་ལོག་པའི་བསྟན་བཅོས་ཀྱིས་བསླུས་མཐར་འགྱོད་པའི་གནས་སུ་སྦྱར། བསྟན་བཅོས་དེ་ཉིད་ཀྱང་སྲང་མདོའི་མི་གཙང་བའི་གོང་བུ་ལྟར་ཤེས་ལྡན་ཡོངས་ཀྱིས་ཁྲེལ་ཞིང་སྨད་པའི་ཐལ་བ་འབེབ་པའི་གནས་སུ་འཁྱམས་ཤིང་། ཀུན་བཟང་ཐུགས་ཀྱི་བསྟན་པ་རིན་པོ་ཆེའི་ཆེ་བ་འདོན་པའི་རྒྱན་དུ་གྱུར་པ་བཞིན། དེང་གི་དུས་སུའང་སྐྱེ་བོ་ཤེས་རབ་དང་བསགས་པ་དམན་ཞིང་སྐྱེ་བ་དུ་མར་ལོག་པར་ལྟ་བ་ལ་ཆེར་གོམས་པའི་མཐུ་བརྟས་པའམ། ཡིད་སྲུབས་ཀྱི་བྱིན་རླབས་སྙིང་ལ་ཞུགས་ཏེ་རྒྱལ་བསྟན་གྱི་སྲོག་གཅོད་ཅིང་། སྐྱེ་བོ་རྣམས་ངན་འགྲོའི་ལམ་དུ་དྲངས་ནས་བདུད་ཀྱི་བདག་པོའི་ཕྱོགས་སྤེལ་བའི་བྱེད་པོ་ཞིག་གམ། ཚེ་འདི་པའི་སྣང་ཤས་དབང་བཙན་པས་རྒྱལ་བའི་བཀའ་དང་ལས་འབྲས་ཁྱད་དུ་བོར་ནས་གཞན་ལ་གཞི་མེད་ཀྱི་སྐུར་པས་ཁྱད་གསོད་བགྱིས་ན། རང་ལ་ཆེ་འདོད་ཀྱི་མཁས་གྲུབ་ཏུ་འདོགས་པའི་ཡོང་སྒོ་འདོད་པའི་བླུན་པོ་སྡིག་ཏོ་ཅན་ཆོས་ལྟར་བཅོས་པ་ཁ་ཅིག་གིས། རྡོ་རྗེའི་སློབ་དཔོན་འདི་ནི་སྐྱེས་བུ་དམ་པ་མ་ལགས། བརྒྱུད་པ་མེད་པའི་འདོད་ཆོས་རང་བཟོ་བྱས། མཛོད་ཆེན་ལྔ་བསྡུ་བར་མི་འོས། ཤིང་རྟ་བརྒྱད་དང་ཁྱད་པར་རིན་ཆེན་གཏེར་མཛོད་ཆེན་མོ་བཅས་མདོ་སྔགས་སྟོན་མཆོག་ཟུང་གི་བསྟན་པ་མ་ཡིན་པར་འདོད་པ་དག་མཆིས་ཀྱང་། བློ་ལྡན་རྣམས་ནི་དེའི་རྗེས་སུ་འཇུག་པ་ལྟ་ཅི། ཕྱོགས་སུ་ཉེ་བ་ཡང་མི་བགྱིད་མོད། ལ་ལ་ཞིག་ཀུ་ཀུ་མི་གཙང་བའི་རྫས་ལ་དགའ་བ་ལྟར། ངན་སྐྱུགས་ལས་ཀྱང་དམན་པ་ལོག་པའི་བསྟན་བཅོས་ལ་རྒྱུ་མཚན་མ་ཤེས་ཏེ་ཅལ་སྒྲོག་རྗེས་སུ་རྒྱུགས་པའི་སྐལ་དམན་དེ་རྣམས་ལ། བརྩེ་བའི་ཐུགས་ཀྱིས་གཏང་མི་ཕོད་པའི་རྒྱལ་བའི་སྲས་རྣམས་ཀྱིས་གནས་དང་གནས་མ་ཡིན་པ་ལེགས་པར་ཕྱེས་པའི་གདམས་ངག་དུ་མ་ཞིག་བསྩལ་དུ་ཟིན་མོད། འདིར་ཡང་ཤིན་ཏུ་བསྡུས་པའི་སྒོ་ནས་འཕྲོས་དོན་དུ་ལུང་རིགས་ཅུང་ཟད་ཅིག་འགོད་ན། བདག་ཅག་གི་འདྲེན་མཆོག་རྡོ་རྗེ་འཆང་ཆེན་པོ་འདི་ཉིད་ཀྱི་སྐུ་ཆེ་བའི་ཡོན་ཏན་ས་བོན་ཙམ་གོང་དུ་སྨྲོས་མ་ཐག་པ་སོགས་ཀྱིས་ཤེས་མོད། དོན་དུ་ལམ་རིམ་བགྲོད་ཀྱི་གང་ཟག་ཏུ་མི་བལྟ་སྟེ། ཧེ་བཛྲ་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པོ་ང་། །ཞེས་གསུངས་པ་ལྟར་གདོད་མའི་མགོན་པོ་ཉིད་སྟོན་འཁོར་ཐ་མི་དད་པའི་རྣམ་པར་བཞུགས་པ་རྡོ་རྗེ་ཆོས་དང་། གསང་བའི་བདག་པོ་དངོས་སྣང་ལོ་ཆེན་བཻ་རོ་ཙ་ན་ཉིད་ཐུགས་རྗེ་ཡས་སྤྲུལ་གྱིས་བྱོན་པ་ཡིན་ཏེ། ངེས་དོན་མཐར་ཐུག་ཕྱིར་མི་ལྡོག་པའི་མདོ་སྡེ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། གང་གི་ལག་ན་ཏིང་འཛིན་མཆོག་ཡོད་པ། །རྒྱལ་བ་བྱམས་པ་གྲགས་པ་མཐའ་ཡས་བཞིན། །སེམས་ཅན་རྣམས་ཀྱི་དོན་མང་བྱེད་འགྱུར་ཞེས། །བློ་གྲོས་མཐའ་ཡས་དེ་ནི་ངས་ལུང་བསྟན། །ཅེས་དང་། འཕགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཕྱག་རྒྱའི་མདོ་ལས། འདི་དང་ལྡན་པ་འདྲེན་པར་འགྱུར་ཏེ་བློ་གྲོས་མཐའ་ཡས་བློ་གྲོས་མཆོག །ཕྱོགས་བཅུའི་སངས་རྒྱས་བྱེ་བ་ཕྲག་བརྒྱ་མང་པོ་དག་གིས་དགོངས་པར་འགྱུར། །མདོ་སྡེ་བརྒྱ་ཡི་ཚུལ་དག་ཤིན་ཏུ་རབ་འབྱེད་བསམ་ཡས་དཔག་མེད་དེ། །མདོ་སྡེ་འདི་ལ་རབ་ཏུ་སྦྱོར་བ་མི་ཟད་གཟུངས་ཐོབ་རྙེད་པར་འགྱུར། །ཞེས་དང་། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་རྫོགས་ཆེན་སྡེ་གསུམ་ལུང་བྱང་ལས། བཻ་རོའི་སྤྲུལ་པ་བློ་གྲོས་མིང༔ དེ་ལ་ཡང་དག་འཕྲོད་པར་གྱིས༔ ཞེས་དང་། སྲིད་པ་བར་ཁུག་གི་ཁ་བྱང་ལས། དེ་ལས་ལྡེའུ་མིག་ཟབ་གཏེར་འདིཿ ས་སྟེང་འབྱུང་བའི་དུས་མཉམ་དུ༔ ཁྱད་པར་འཕགས་པའི་སྐྱེས་བུ་ནི༔ དགེ་སློང་ཀུན་དགའི་སྤྲུལ་པ་སྟེ༔ བློ་གྲོས་རྒྱ་མཚོ་ལྟ་བུ་ཡི༔ ཤེས་བྱ་མཐའ་ཡས་ཅན་དུ་འབྱུང༔ འབུམ་ཕྲག་ལྔ་ཡི་འགྲོ་བ་འདྲེན༔ གང་མཇལ་ཐར་པའི་ལམ་ཕྱིན་འགྱུར༔ མཐའ་མི་དབུས་སུ་མི་ཉེ་བའི༔ བརྟུལ་ཞུགས་སྤྱོད་པ་རྒྱུན་དུ་སྐྱོང༔ སྐུ་ཚེ་མཐར་ཕྱིན་འགྲོ་དོན་མཛད༔ ཅེས་དང་། མཆོག་གྱུར་གླིང་པའི་ཟབ་གཏེར་གྱི་སྒྲུབ་སྐོར་ལས། བཻ་རོའི་སྐྱེ་མཐའ་གཡུང་དྲུང་མིང༔ བློ་གྲོས་མཐའ་ཡས་རྩལ་འཆང་བ༔ ཞེས་སོགས་མདོ་སྔགས་ཀྱི་ལུང་ཚད་མར་གྱུར་པ་རྣམས་མཚན་ཟུར་ཙམ་ལ་རློམས་པའི་ཞལ་བདག་མཛད་པ་ལྟ་བུ་མ་ཡིན་ཏེ། རྫོགས་པའི་སངས་རྒྱས་ཀརྨ་པ་ནི་རེ་རེ་བཞིན་གོང་མས་འོག་མ་ལུང་གིས་བསྟན་པའི་དོན་མ་ནོར་བར་བྱོན་པའི་སྐྱེས་རབས་གསེར་གྱི་ཉག་ཐག་མ་ཆད། མཁས་གྲུབ་གསེར་རིའི་གྲལ་རིམ་མ་ཞིག །འབྲེལ་ཚད་དོན་ལྡན་གྱི་ཕྲིན་ལས་བྱང་ཆུབ་སེམས་དཔའི་གདུང་བརྒྱུད་མ་ཆད་པར་འཛིན་པ། སངས་རྒྱས་གཉིས་པའི་ལུང་གིས་བསྔགས་པའི་མེ་ཏོག་ཡང་ཡང་འཐོར་བ་ཤ་སྟག་ལས། སྐུ་ཕྲེང་བཅུ་བཞི་པ་འཇིག་རྟེན་དབང་ཕྱུག་ཀརྨ་པ་ཐེག་མཆོག་རྡོ་རྗེ། བྱམས་མགོན་དངོས་སྣང་ཏཱའི་སི་ཏུ་པདྨ་ཉིན་བྱེད། ཀུན་གཟིགས་བླ་མ་མཁྱེན་བརྩེའི་དབང་པོ། རིག་འཛིན་ཡོངས་ཀྱི་འཁོར་ལོས་སྒྱུར་བ་མཆོག་གྱུར་བདེ་ཆེན་གླིང་པ་རྣམས་ཀྱི་ཞལ་སྔ་ནས་མདོ་སྔགས་སྟོན་མཆོག་ཟུང་གིས་ལུང་གི་ངེས་པ་དང་མཚུངས་པར་ཡེ་ཤེས་ཀྱི་གཟིགས་པ་དག་པས་ངོས་བཟུང་། གཟེངས་བསྟོད། ཆོས་ཀྱི་རྒྱལ་པོར་དབང་བསྐུར་ཞིང་། རིས་མེད་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་དེ་དེ་ལྟར་རོ་ཞེས་ཞལ་གྱིས་བཞེས་ཤིང་བསྔགས་བརྗོད་ཀྱི་མེ་ཏོག་ཡང་དང་ཡང་དུ་བསྙིལ་བར་མཛད་པ་བཞིན། བསྟན་པ་ཡོངས་རྫོགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོར་བཞུགས་པ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་མཐུན་སྣང་དུ་གྲུབ་པ་འདི་ཀའོ། །འདི་ལྟར་བཀའ་ཡི་བསྡུ་བ་མཛད་པའི་ཆོས་མཛོད་ཆེན་པོ་རྣམས་ཀྱི་བརྒྱུད་པ་མེད་པ་ལ་ཡོད་པར་བཏགས་པ་མེད་དེ། འདིར་ཟབ་མོ་གཏེར་གྱི་ཕྱོགས་ལ་མཚོན་ན། ཨོ་རྒྱན་རྡོ་རྗེ་འཆང་གི་ལུང་ལས། བཀའ་ནས་བཀར་བརྒྱུད་བར་མ་ཆད༔ ཟབ་མོ་དངོས་དང་དགོངས་པའི་གཏེར༔ ཡང་གཏེར་རྗེས་སུ་དྲན་པའི་གཏེར༔ དག་སྣང་སྙན་དུ་བརྒྱུད་པ་ཡི༔ བཀའ་བབས་བདུན་གྱི་ཆུ་བོ་ནི༔ མངའ་བདག་ཡབ་སྲས་སྐལ་པར་བབས༔ སྙིགས་དུས་བསྟན་པའི་བཙས་ཆེན་བྱེད༔ ཅེས་རྡོ་རྗེའི་ལུང་ཚད་མ་དང་། འཕགས་པ་ཀླུ་སྒྲུབ། ཐོགས་མེད། ཏེ་ལོ་པ། བིརྺ་པ་སོགས་ཀྱིས་ལྷ་ཀླུའི་གནས་དང་། ཨོ་རྒྱན་མཁའ་འགྲོའི་གསང་མཛོད་ནས་སྤྱན་དྲངས་པའི་ཟབ་གསང་གི་ཆོས་སྡེ་རྣམས་དང་། ཀུན་མཁྱེན་ཀློང་ཆེན་པ་སོགས་ཀྱིས་ཟབ་མོ་དགོངས་པའི་མཛོད་ལས་བྱུང་བའི་ཆོས་སྡེ་རྣམས་ལ་བརྒྱུད་པ་བརྒྱུད་པ་ཙམ་དུ་མ་ཟད་བླ་ན་མེད་པའི་ངོ་མཚར་འཛིན་པའི་རིགས་ལམ་ཚད་མའི་ཕྱིར། འདིར་དོན་བརྒྱུད་བྱིན་རླབས་འཕོ་བའི་དབང་བསྐུར་གྱི་ཆུ་བོ་མ་ཆད་པ་ལས་བྱོན་པ་ཤ་སྟག་སྟེ། ཞིབ་པར་བརྒྱུད་ཡིག་ལ་དཔྱད་ན་མཐོང་ཞིང་ངེས་ཤེས་རྙེད་པར་འགྱུར་རོ། །ཁྱད་པར་མཛོད་ཆེན་རྣམས་ཀྱི་བཀའ་ཡི་བསྡུ་བ་འདི་ལྟ་བུ་མཛད་པར་འགྱུར་རོ་ཞེས་རྡོ་རྗེའི་ལུང་གིས་ཕྱི་རབས་པ་རྣམས་ལ་གསལ་བར་བསྙད་པ་སྟེ། སྤྱིར་གཏེར་ཆེན་བླ་མ་ཡབ་སྲས་རྣམ་པ་གསུམ་གྱིས་བསྟན་པ་འཛིན་སྤེལ་གྱི་མཛད་པ་བླ་ན་མེད་པ་སྐྱོང་བའི་ཚུལ་ཡང་། སྔ་འགྱུར་ཀལྤ་དུམ་བུའི་རྒྱུད་ལས། འཇིག་རྟེན་ཁ་བ་ཅན་ཞེས་སུ། །པདྨའི་སྙིང་པོ་ཀུན་དགའ་དང་། །བློ་གྲོས་མཐའ་ཡས་ཞེས་བྱ་བས། །བསྟན་པ་འདི་འཛིན་རྒྱས་པར་འགྱུར། །ཞེས་འབྱུང་ཞིང་། བྱེ་བྲག་ངེས་པ་དོན་གྱི་སངས་རྒྱས་འཇམ་མགོན་སྨྲ་བའི་ཁྱུ་མཆོག་གང་ལ་ཁྱད་པར་འཆད་རྩོམ་གྱི་བཀའ་བབས་པའི་ཚུལ་ནི། ལངྐར་གཤེགས་པ་ལས། དེ་ཡི་འོག་ཏུ་བྱས་དུས་ལ། །འདྲེན་པ་བློ་གྲོས་ཞེས་བྱ་བས། །ཤེས་བྱ་ལྔ་རྣམས་སྟོན་པ་པོ། །དཔའ་བོ་ཆེན་པོ་འབྱུང་བར་འགྱུར། །ཞེས་གསུངས་པའི་ཤེས་བྱ་ལྔ་རིག་པའི་གནས་ལྔ་སོགས་ལ་བྱས་ན་རྒྱ་བོད་མཁས་པ་ཀུན་གྱི་སྤྱི་ནོར་ཡིན་པས་ལུང་བསྟན་ཡུལ་གྱི་ཁྱད་ཆོས་སུ་མི་འགྱུར་བས། མཛོད་ཆེན་ལྔ་པོ་སྔར་མ་བྱུང་བའི་ཁྱད་པར་ཅན་གྱི་ཕྱིར་ཤིན་ཏུ་འབྲེལ་བས། འདི་རྣམས་རྗེ་བླ་མ་ལུང་བསྟན་པ་ཡིན་པར་འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་པོ་སོགས་དམ་པ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས་བཞེད་ཅིང་། གུ་རུའི་ཞལ་གདམས་སྙིང་བྱང་ཡིད་བཞིན་ནོར་བུ་ལས། བཻ་རོའི་སྤྲུལ་པ་བློ་གྲོས་མིང༔ འཆད་རྩོམ་མཐའ་ཡས་བཀའ་བབས་འབྱུང༔ ཞེས་དང་། རིན་ཆེན་གླིང་པའི་རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་ལས། མ་འོངས་དུས་སུ་བཀའ་བརྒྱུད་ཡལ་བའི་ཚེ༔ བི་མས་བྱིན་བརླབས་ཆོས་འདི་སྤྱོད་པ་ན༔ བཻ་རོའི་ཐུགས་བསྐྱེད་རྒན་གཞོན་བྱིས་པའི་ཚུལ༔ གསུམ་གྱིས་འཆད་ནས་ཅུང་ཟད་དར་ཡང་སྲིད༔ ཅེས་གསུངས་པའི་སྤྲུལ་པ་རྒན་པོར་རྗེ་མཁྱེན་བརྩེའི་དབང་པོས་ངོས་འཛིན་མཛད་པ་ཡིན་ཞིང་། འཆད་རྩོམ་མཐའ་ཡས་པའི་སྒོ་ནས་རྒྱལ་བའི་བསྟན་པ་སྤེལ་ཞིང་འཛིན་པར་དབང་འབྱོར་བའི་སྐྱེས་བུ་ཆེན་པོར་གདོད་ནས་གྲུབ་པའི་ལུང་གི་ཚད་མ་འདི་དག་དཔང་པོར་མཆིས་པ་དང་། རྗེས་དཔག་རིགས་པའི་ཚད་མས་གཞལ་ན། ཚུལ་འདི་ལྟ་བུ་ནི་རྩ་གསུམ་དམ་ཅན་རྒྱ་མཚོའི་གནང་བ་ཐོབ་ཅིང་། ནང་གི་གོ་འཕང་མཐོན་པོ་ལ་གནས་པ། བསྐལ་པ་རྒྱ་མཚོ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་དམ་པའི་ཆོས་མཛོད་ཆེན་པོ་སྲུང་བའི་སྨོན་ལམ་གྱི་མཐའ་གྲུབ་པ་ཞིག་མ་གཏོགས་ཕལ་པ་རྣམས་ཀྱིས་བསམ་པར་ཡང་ནུས་དཀའ་ན་བསྡུ་བ་ལྟ་ཅི་སྨྲོས་ཏེ། ཐེག་པ་ཆེན་པོ་ཉན་རང་གི་ཡུལ་མ་ཡིན་པ་དང་། རྡོ་རྗེ་ཐེག་པ་ཉིད་རྒྱུ་མཚན་ཉིད་ཐེག་པའི་རང་ལམ་ལ་ཞུགས་པ་རྣམས་ཀྱི་ཡང་ཡུལ་མ་ཡིན་ན། ཐེག་པ་བླ་ན་མེད་པ་འདི་ལྟ་བུ་སོ་སྐྱེའི་ཡུལ་མིན་པར་ལུང་དང་རིགས་པས་གྲུབ་ཅིང་། གལ་ཏེ་འདི་ལྟ་བུ་ལ་འབད་པར་བྱའོ་བསམ་པ་ཙམ་ནུས་སུ་ཟིན་ཀྱང་། དབྱིངས་ན་གནས་པའི་དཔའ་བོ་མཁའ་འགྲོ་རྣམས་ཀྱི་སྙིང་ཁྲག་གི་དྭངས་མ་ལྟ་བུ་ཡིན་པས། ཡེ་ཤེས་དང་འཇིག་རྟེན་པའི་ཆོས་སྲུང་རྒྱ་མཚོས་རྟག་ཏུ་དམ་པའི་ཆོས་མཛོད་ཆེན་པོ་འདི་བསྲུངས་པས་ལག་ཏུ་ལེན་པར་མི་ནུས་ཤིང་། བླངས་ཀྱང་བར་ཆད་དྲག་པོས་མྱུར་དུ་འཇོམས་པར་འགྱུར་ཏེ། སྔོན་གྱི་མཁས་གྲུབ་ཆོས་དང་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་མང་པོའང་གནང་བ་མ་ཐོབ་པར་རྡོ་རྗེ་ཐེག་པའི་སྔགས་རྒྱུད་དང་མན་ངག་བཀྲལ་བས་བར་ཆད་ཀྱི་དབང་དུ་སོང་བར་བཤད་ན་གཞན་ལ་ལྟ་ཅི་སྨྲོས་པའི་ཕྱིར་རོ། །ཁྱད་པར་འཕགས་བོད་ཀྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་ཐེག་དགུའི་ཆོས་ཀྱི་སྙིང་པོ་བཀའ་སྲོལ་ཐ་དད་པར་བྱོན་པ་ཐམས་ཅད་ཀྱི་རྒྱུད་ལུང་མན་ངག་དབང་གི་ཆུ་བོ་རྣམས་མཛོད་ལྔ་འདིར་མ་འདུས་པ་མེད་ལ། དེ་ལས་གཞན་པའི་སངས་རྒྱས་ཀྱི་བསྟན་པ་ཞིག་ཕྱོགས་གང་དུའང་མ་འཚལ་ན། མཛོད་ལྔར་བཞུགས་པ་རྣམས་སངས་རྒྱས་ཀྱི་བསྟན་པ་མ་ཡིན་ནོ་ཞེས་འདོད་པ་ལྟར་ན། འཇིག་རྟེན་འདིར་རྣམ་འདྲེན་བཞི་པའི་བསྟན་པ་གཏན་མེད་དུ་འགྱུར་བས་ད་ཁྱེད་ཇི་ལྟར་སྨྲ་བར་སེམས། གཞན་ཡང་མདོ་སྔགས་སྟོན་མཆོག་ཟུང་གིས་དཔལ་གྱི་མགུལ་ནས་བསྟན་པའི་ཆོས་སྒོ་རབ་འབྱམས་རྣམས་བཀའི་མཛོད་དུ་བསྡུ་བ་ནི་སྔོན་བྱོན་གྱི་སྐྱེས་བུ་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་ཀྱི་རྣམ་ཐར་ལགས་པས། ཞལ་ནས་གསུངས་པ་ཐམས་ཅད་ལ། །སྐུར་པ་མི་གདབ་སྤྱི་བོར་བླང་། །ཞེས་འབྱུང་ཞིང་། ཁྱད་པར་ཚིག་ལ་མི་རྟོན་པ་དོན་ལ་རྟོན་པ་སོགས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་ལ་དཔང་པོར་བྱེད་པའི་དབང་དུ་བྱས་ན། རྒྱན་ལས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། ཁམས་གསུམ་དག་ན་ཉོན་མོངས་སྤོང་བྱེད་གསུངས། །ཞི་བའི་ཕན་ཡོན་སྟོན་པར་བྱེད་པ་གང་། །དེ་ནི་དྲང་སྲོང་བཀའ་ཡིན་ལྡོག་པ་གཞན། །ཞེས་གསུངས་པ་ནི་ལུང་གི་ངེས་པ་མངོན་སུམ་གྱི་ཚད་མ་ཡིན་ལ། རྒྱལ་བ་རྣམས་གང་ལ་གང་འདུལ་གྱི་རོལ་པར་བཞེངས་པའི་སྐུའི་རྣམ་འགྱུར་དང་། གསུང་གི་གསང་བས་ཉོན་མོངས་པའི་རྒྱུད་གཅོད་ཅིང་། ཐར་པའི་དཔལ་ལ་སྦྱོར་བ་གང་ཡིན་པ་ནི་སྔོན་གྱི་སྐྱེས་མཆོག་རྣམས་ཀྱིས་ཚད་མར་འཛིན་པ་ཡིན་ནའང་། རྨོངས་པ་ཁ་ཅིག་གི་འདོད་པ་ལྟར་ན་སྐུའི་ཕྲིན་ལས་ལ་མཚོན་ན། འགྲོ་འདུལ་གུ་རུ་དྲུག་གམ། ཐུབ་དྲུག་གི་ནང་ཚན་ངན་སོང་གསུམ་འདུལ་བའི་དོན་དུ་སྤྲུལ་པ་རྣམས་དང་། གསུང་གི་ཕྲིན་ལས་ལ་མཚོན་ན། མུ་སྟེགས་བྱེད་སོགས་འཇིག་རྟེན་པའི་རིག་སྔགས་ཐམས་ཅད་བྱིན་གྱིས་བརླབས་པའི་སྔགས་སུ་མཛད་དེ་རྒྱལ་བའི་གསུང་རབ་ཀྱི་གྲལ་དུ་བཞུགས་པ་རྣམས་དང་། མིང་དོན་འབྲེལ་བའི་སྒོ་ནས་མཚོན་ན། མི་རིགས་བཞི་དང་འདོད་ཆགས་བཞི་སོགས་ཀྱིས་རྒྱུད་སྡེ་བཞིར་གསུངས་པ་རྣམས་དང་། མིང་ཁོ་ན་ལ་མཚོན་ན། བཅོམ་ལྡན་འདས་ལ་ཚངས་པ་དང་བྲམ་ཟེར་འབོད་པ་དང་། ཀུན་བཟང་ཧེ་རུ་ཀཿལ་བདུད་དང་རུ་དྲར་བཏགས་པ་དང་། སྐྱེ་བོ་ཕལ་པ་ལ་སངས་རྒྱས། ཕྱག་རྡོར། བྱམས་པ་སོགས་བླ་དྭགས་ཀྱི་མིང་དུ་བཏགས་པ་རྣམས་ཀྱང་དེ་དེར་འདོད་དགོས་པའི་བླུན་གཏམ་ནག་པོ་ཁ་འབྱམས་ཀྱི་ལྟ་བ་དེ་འདྲའི་རྗེས་སུ་མཁས་པ་རྣམས་མི་འཇུག་གི། མ་འདྲེས་ཤིང་སྐབས་ཕྱེད་པར་མཛད་པ་ནི་ཆོས་ཀྱི་སྤྱན་ལྡན་རྣམས་ཀྱི་ཕྲིན་ལས་ཡིན་པའི་ཕྱིར། རིགས་པས་གཞལ་བའི་རྗེས་དཔག་གི་ཚད་མས་ཀྱང་གཏན་ལ་ཕེབས་པ་ཡིན་པས། དེའི་ཕྱིར་རྒྱུ་མཚན་ཤེས་པའི་སྒོ་ནས་བླང་དོར་གྱི་གནས་ལ་ཕྱིན་ཅི་མ་ལོག་པར་འཇུག་པར་བྱོས་ཤིག །ཡང་ཤེས་རབ་ནར་མ་སོན་པ་ཁ་ཅིག་འདི་ལྟར་སེམས་པར་བྱེད་དེ། ཚིགས་བཅད་གཅིག་ཙམ་ཐོས་པ་ཡང་། །བླ་མ་དག་ཏུ་མི་འཛིན་ན། ཁྱི་ཡི་སྐྱེ་བ་བརྒྱར་བླངས་ནས། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་འབྱུང་བའི་དོན་ལ་སྐྲག་སྟེ། སྡིག་པའི་སློབ་དཔོན་སྔར་བསྟེན་ཟིན་པས་ད་སྤང་བར་མི་ནུས་ཟེར་ན། ཚུལ་དེ་ནི་རིགས་པ་མ་ཡིན་ཏེ། དཔེར་ན་མི་ཞིག་གིས་དུག་ཆེན་པོ་སྐྱེས་བུའི་སྲོག་འཕྲོག་པར་བྱེད་པ་ཞིག་མ་ཤེས་པའི་དབང་གིས་བཟའ་བཞིན་པ་ན། གཞན་གྱིས་དེ་དུག་ཡིན་པས་སྤོངས་ཤིག་བརྗོད་པས་དེ་ནི་དུག་ཡིན་པར་ཤེས་མ་ཐག་དོར་ཞིང་། སྔར་ཟོས་ཟིན་པའི་དུག་གི་ནུས་པ་བཤིགས་པའི་ཐབས་ལ་འབད་པ་ལས། སྔོན་ཆད་དུག་ཅུང་ཟད་ཟོས་ཟིན་པས་དུག་དེ་སྤང་བར་མི་རིགས་སོ་ཟེར་བའི་མི་ཞིག་མཆིས་ན། དེ་ལ་ཤེས་ལྡན་དག་ཇི་ལྟར་སེམས་པར་བྱེད། དེ་བཞིན་ཐར་པའི་སྲོག་གཅོད་པའི་དུག་ཆེན་འགྱེད་པའི་ལོག་པའི་བཤེས་དང་། བསྟན་བཅོས་སྔར་བསྟེན་ཟིན་ནའང་དེའི་ཚུལ་ཤེས་མ་ཐག་དུག་ཆེན་ཁོང་དུ་སོང་བ་ལྟར་བྲེད་ཅིང་འགྱོད་པས་ལུགས་ངན་དེ་དོར་དགོས་ཤིང་། གོང་གི་ལུང་དེའི་དགོངས་པ་ནི་ཡང་དག་པའི་དགེ་བའི་བཤེས་གཉེན་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་སྦྱོར་བའི་ཚིགས་བཅད་གཅིག་ཉན་པའི་ཡུལ་དུ་གྱུར་པའང་བླ་མར་འཛིན་དགོས་པར་གསུངས། སྤྱིར་ཚིགས་བཅད་ཙམ་ལ་རྣམ་པ་མང་སྟེ། ནང་པའི་པཎྜི་ཏས་མུ་སྟེགས་ཀྱི་གསང་ཚིག་ཉན་པའི་ཡུལ་གྱི་མུ་སྟེགས་པའི་སློབ་དཔོན་བླ་མར་བཟུང་བ་མེད་པའི་ཕྱིར་དང་། ཐར་པའི་སྲོག་གཅོད་ཅིང་བདུད་ཀྱི་ལས་ལ་གཞོལ་དུ་འཇུག་པ། དེ་བཞིན་གཤེགས་པ་སླུ་བར་བྱེད་པ། དམ་པའི་ཆོས་སྨད་པར་བྱེད་པ། ཆོས་ལྟར་བཅོས་པ། ལོག་པའི་ཚིགས་བཅད་ཐོས་པའི་ཡུལ་དུ་གྱུར་པ་སྡིག་པའི་སློབ་དཔོན་བླ་མར་འཛིན་དགོས་པའི་གཏན་ཚིགས་སུ་བཤད་པ་མ་ཡིན་ཏེ། སྔ་འགྱུར་དམ་ཚིག་བཀོད་པའི་རྒྱུད་ལས། སེམས་དཔའ་ཆེན་པོ། རྡོ་རྗེ་སློབ་དཔོན་གྱི་བཀའ་གཅོག་དགོས་པ་ནི། བདུད་དང་བར་དུ་གཅོད་པ་སློབ་དཔོན་གྱི་ཆ་བྱད་དུ་བྱུང་ན་བརྡུང་ཞིང་དགྲར་བྱས་ཀྱང་དམ་ཚིག་ལ་མ་གཏོགས་སོ། །རྡོ་རྗེ་སློབ་དཔོན་མྱོས་པ་དང་། ཆང་དབང་དང་གདོན་དབང་དུ་བྱེད་ན་བཅགས་ཀྱང་མི་འགལ་བ་དང་། སློབ་དཔོན་ལེགས་པའི་ལམ་འགོགས་ཤིང་དགེ་བའི་གེགས་བྱེད་པ་དང་། སྡིག་པའི་ལས་ལ་བསྐུལ་བ་དང་། ཐོད་པའི་ལས་བྱེད་ན་བཀའ་གཅོག་པར་གནང་ངོ་། །བཀར་བདེན་པར་མི་སྟོན་ཅིང་ལོག་པའི་ཕྱོགས་སྟོན་པར་བྱེད་ན་སྤང་བྱའོ། །མཆེད་དང་ལྕམ་དྲལ་ཡང་དཀར་བའི་ཕྱོགས་སྨོད་ཅིང་ནག་པོའི་ཕྱོགས་ལ་བསྟོད་པ་དང་། དད་པ་ཅན་གྱི་ཚོགས་གཅོག་ཅིང་། དགེ་བ་ཅན་གྱི་ཐུགས་དཀྲུགས་པ་དང་། བཀའ་ལས་འགལ་ཞིང་མཆེད་ལ་འཁུ་ན་ངག་གཅོག་གོ །ཞེས་སོགས་གནང་བཀག་གི་མཚམས་ཕྱེས་ཏེ་སྲུངས་གསུངས་པ་དང་། བདེ་བར་གཤེགས་པས་བདུད་སྡིག་ཅན་དགེ་སྦྱོང་གི་ཆ་བྱད་དུ་འོང་ནས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་པ་བློ་ཆུང་བ། བློ་ཞེན་པ། ལྡོང་བར་གྱུར་པ། བྱང་ཆུབ་ཏུ་ལུང་མ་བསྟན་པའི་རིགས་ཀྱི་བུ་དེ་དག་ལ་འདི་ལྟར་འབྲེལ་བར་བྱེད་དེ། གང་ཆོས་ཉན་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ་ཞེས་བདུད་སྡིག་ཅན་གྱིས་ཐེ་ཚོམ་ཟ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤོང་དུ་འཇུག་གོ་གསུངས་པ་དང་། དེ་ཉིད་སྣང་བ་ལས། དེ་བཞིན་གཤེགས་པ་ཐམས་ཅད་བསླུས་པ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པས་གསུངས་པ་གང་ཡིན་པ་དེ་ནི་ངས་བྱས་ཀྱི། བསྟན་བཅོས་འདི་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ནོ། །ཞེས་སྨྲ་བས་དེ་བཞིན་གཤེགས་པ་སླུ་བར་བྱེད་པ་དག་ཀྱང་ངོ་། །ཞེས་དང་། དམ་པའི་ཆོས་ལ་སྨད་པ་ཞེས་བྱ་བ་ནི། འདི་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ཏེ། ཕལ་པ་དག་གིས་བྱས་སོ། །ཞེས་དེ་བཞིན་གཤེགས་པས་གསུངས་པའི་ཚིག་དོན་སྤོང་བར་བྱེད་པའོ། །ཞེས་སོགས་ཆོས་ལྟར་བཅོས་ནས་ལོག་པར་འཆད་པའི་མུན་སྤྲུལ་སྡིག་པའི་བཤེས་གཉེན་འབྱུང་བར་ལུང་བསྟན་ཅིང་། དེས་ན་དེ་ལྟ་བུ་ནི་སྤོང་དགོས་པར་མདོ་སྡེ་རྣམས་སུ་ལན་གཅིག་མ་ཡིན་པར་གདམས་ངག་ཏུ་བསྩལ་པའི་དོན་ཁོང་དུ་ཆུད་པར་བྱས་ནས། ཚུལ་འདི་ལྟ་བུ་བརྗོད་པའི་སྡིག་ཏོ་ཅན་མུན་རྡོ་འཕྲད་པ་ལྟ་བུ་རྒྱང་རིང་དུ་སྤངས་ཏེ། མདོ་སྔགས་སྟོན་མཆོག་ཟུང་གིས་བསྟན་པའི་གཏད་རབས་གསེར་གྱི་ལུགས་རྒྱུད་མ་ཆད་པར་བྱོན་པའི་དགེ་བའི་བཤེས་གཉེན་རྡོ་རྗེའི་སློབ་དཔོན་རྒྱུ་སྐར་གྱི་ཁྲོད་ན་ཉིན་བྱེད་དབང་པོ་ལྟར་གསལ་ཞིང་། མདོ་རྒྱུད་དུ་མ་ནས་རྡོ་རྗེའི་ལུང་གིས་བསྔགས་པ། རིས་མེད་སྐྱེས་ཆེན་མཆོག་རྣམས་ཀྱིས་གང་གི་ཞབས་པད་དབུའི་རིགས་བདག་ཏུ་བཞེངས་ཤིང་ཉེ་བར་བསྟེན་པ། ཚད་མར་གྱུར་པའི་དགེ་བའི་བཤེས་གཉེན་དམ་པའི་རྗེས་སུ་ཞུགས་ཏེ་མི་ལུས་རིན་པོ་ཆེ་དོན་ལྡན་དུ་བགྱིད་འཚལ་ལོ། །ཨེ་མ། ཟབ་རྒྱས་ཆོས་ཀྱི་ཆུ་གཏེར་འཁྱིལ་པའི་འཇིངས། །རྒྱུད་ལུང་མན་ངག་རི་གླིང་བཀོད་པ་མཛེས། །ལུང་རིགས་ཉི་ཟླའི་སྣང་བས་འཁྱུད་པ་ཡི། །ངེས་གསང་ཐེག་པའི་དཀྱིལ་འཁོར་མཆོག་ཏུ་ཡངས། །ལྷ་རྣམས་ཀུན་ནས་མཆོད་པའི་ངོ་མཚར་བཀྲམ། །དཔལ་མགོན་སྲུང་མས་ཆོས་མཆོག་རྒྱལ་རྟགས་བསྒྲེངས། །རྩ་གསུམ་བྱིན་རླབས་གཡང་དུ་འཁྱིལ་པ་དེས། །རྣམ་པ་ཀུན་ཏུ་དགེ་ལེགས་སྦྱིན་གྱུར་ཅིག། །། ༄༅། །སྔ་འགྱུར་ཟབ་མོ་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་དཀར་ཆག་ནོར་བུའི་བང་མཛོད་ཅེས་བྱ་བ་བཞུགས་སོ། ། འདིའི་ནང་ཡི་གེའི་འབྲུ་དག་དང་བཅད་མཚམས་འགར་ཅུང་ཟད་བཅོས་པ་ལས། གཞན་ནི་མ་བཅོས་སོར་བཞག་བྱས་ཡོད་པས། འདིའི་སྐབས་རིན་གཏེར་ཤིང་པར་འདི་ལ་ཡིག་ཆ་གང་བཞུགས་ངེས་པར་བྱེད་དོ་ཞུ།།
༄༅། །ཀལྱཱཎསྥརགམྦྷིརིསནུཏྟཤྲཱིསུཁྱམཧཱཛནསདཱ། ༄༅། །བླ་མེད་དགེ་ལེགས་ཟབ་མོས་བསྐྱེད་པ་ཡི། །དཔལ་དང་བདེ་བ་ཆེན་པོས་རྟག་ཁྱབ་པ།།
༄༅། །པྲཛྙཱཛྙཱནབིལོཀརཏྣཔཱབིདྱཱདྷཱརསམུདྲསིདྡྷཔཱ། ༄༅། །ཤེས་རབ་ཡེ་ཤེས་རྣམ་གསལ་རིན་པོ་ཆེ། །རིག་པ་འཛིན་པ་གྲུབ་པ་རྒྱ་མཚོས་སྐྱོངས། །
གསང་བའི་དཀྱིལ་འཁོར་དཀོན་མཆོག་རྣམས་ཏེ་རྩ་ཐིག་རླུང་ཁམས་རྩ་བ་གསུམ། །རང་བཞིན་མེད་དང་ཁ་སྦྱོར་བདེ་སོགས་ཡོན་ཏན་མཛོད་གྱུར་ཧེ་རུ་ཀཿ མཁའ་འདྲའི་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་རྒྱལ་པོ་ཀུན་ཏུ་བཟང་། །བདེ་གཤེགས་ཀུན་བས་སྔར་སངས་རྒྱས་གྱུར་འཇམ་མགོན་པདྨ་གར་དབང་རྒྱལ། །གང་གི་ཞབས་རྡུལ་ཕྲ་མོ་ཡང་། །སྲིད་པའི་རི་འཇོམས་རྡོ་རྗེ་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་དབྱིག །མི་འབྲལ་གཙུག་གི་རྒྱན་དུ་རོལ། །ཞེས་མཆོད་པར་བརྗོད་པས་དྲངས་ཏེ། བཞི་པ་རིན་པོ་ཆེ་གཏེར་གྱི་མཛོད་ཁང་ཆེན་པོ་འདིར་ཆོས་ཀྱི་རྣམ་གྲངས་ཇི་ལྟར་བཞུགས་པའི་དཀར་ཆག་གི་བྱང་བུ་འགོད་པ་ལ། གང་ལས་བྱུང་བ་བརྒྱུད་པའི་ལོ་རྒྱུས། བྱུང་ཁུངས་དེ་ལྡན་གྱི་གདམས་པའི་དཀར་ཆག །དེ་ལས་བྱུང་བའི་གདམས་སྐོར་དངོས་ཀྱི་རྣམ་གྲངས་དང་གསུམ། ༼ཀ༽པ་ལ། དང་པོ་མངའ་བདག་ཉང་རལ་ཉི་མ་འོད་ཟེར་གྱི་གཏེར་བྱོན་གུ་རུའི་རྣམ་ཐར་ཟངས་གླིང་མ་ལེའུ་ཞེ་གཅིག་པ། དེའི་དོན་བསྡུས་གསོལ་འདེབས་ཉང་རལ་ཉིད་ཀྱི་གསུང་། གུ་རུའི་རྣམ་ཐར་མཛད་པ་བཅུ་གཅིག་གི་གསོལ་འདེབས་རཏྣ་གླིང་པའི་གསུང་བཅས་ལྡེབ། ༡༡༠ གུ་རུའི་རྣམ་ཐར་བཀའ་ཐང་དོན་བསྡུས་གསོལ་འདེབས་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེའི་གསུང་ལ་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་གསུང་གིས་བརྒྱན་པ་ལྡེབ། ༡༢ གུ་རུའི་རྣམ་ཐར་རྒྱ་གར་ལུགས་ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གསུང་ལྡེབ། ༢༣ གྲུབ་ཐོབ་གཏེར་སྟོན་རིམ་བྱོན་རྣམས་ཀྱི་རྣམ་ཐར་མདོར་བསྡུས་རྒྱལ་བས་ལུང་བསྟན་མཛོད་ལྔའི་མངའ་བདག་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་གསུང་ལྡེབ། ༢༣༥ གཏེར་བརྒྱའི་རྣམ་ཐར་དོན་བསྡུས་གསོལ་འདེབས་ལྡེབ། ༡༦ མཚན་སྡོམ་གསོལ་འདེབས་ལྡེབ། ༥ འཇམ་མགོན་ཉིད་ཀྱི་ཞལ་གསུང་གསོལ་འདེབས་གཉིས་ལ་ལྡེབ། ༣ བཅས་བཀའི་སྡུད་པོ་འཇམ་མགོན་གསུང་ངོ།། །། ༈ ༼ཁ༽པ་ལ། གཉིས་པ་ལོ་རྒྱུས་དེ་ལྡན་གྱི་གདམས་པའི་ཟབ་ཆོས་ཇི་ལྟར་བཞུགས་པའི་དཀར་ཆག་དང་སྨིན་གྲོལ་རྒྱབ་རྟེན་དང་བཅས་པའི་བརྒྱུད་ཡིག་འཇམ་མགོན་གསུང་ལྡེབ། ༢༨༦ ལག་ལེན་བཅས་བཤམ་བྱ་ཚུལ་ལྡེབ། ༡༡༦ བཅས་སོ།། །། ༈ ༼ག༽པ་ལ། གསུམ་པ་བརྒྱུད་པ་དེ་ལས་བྱུང་བའི་གདམས་སྐོར་དངོས་ལ་བསྐྱེད་པ་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །རྫོགས་ཆེན་ཨ་ཏི་ཡོ་གའི་སྐོར་གསུམ། དང་པོ་བསྐྱེད་པ་མ་ཧཱ་ཡོ་ག་ལའང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས། དང་པོ་རྒྱ་ཆེ་བ་རྩ་བར་གྱུར་པའི་རྒྱུད་སྡེ་ལ། རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོར་སེམས་ཐུགས་ཀྱི་སྒྲུབ་པ་སྨིན་ལུགས་གཏེར་གཞུང་ལྡེབ།༡༥ སྨིན་གཏེར་ཉིད་ཀྱི་རྣམ་ཐར་གསོལ་འདེབས་ཞལ་གསུང་མ་ལྡེབ། ༣ བརྒྱུད་འདེབས་ལྡེབ། ༡ ཕྲིན་ལས་ཀྱི་ཆོ་ག་དང་རིན་ཆེན་རྣམ་རྒྱལ་གྱི་ལྷན་ཐབས་ནག་འགྲོས་སུ་རྗེ་གུ་ཎས་བསྡེབས་པ་ལྡེབ། ༣༩ སྒྲུབ་མཆོད་རྒྱས་པའི་ལག་ལེན་རྗེ་གུ་ཎའི་གསུང་ལྡེབ། ༡༡ མྱོང་གྲོལ་རིལ་བུའི་སྒྲུབ་ཐབས་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༤ རིག་འཛིན་ཐུགས་ཐིག་གི་བྱིན་འབེབ་གཏེར་གཞུང་ལྡེབ། ༡ གྲོལ་ལམ་གསུམ་གྱི་ལག་ལེན་ལྡེབ། ༥ དབང་ཆོག་ལྡེབ། ༡༡ བསྙེན་ཡིག་ལྡེབ། ༨ བཅས་འཇམ་མགོན་གསུང་། རིམ་གཉིས་ཀྱི་རྩ་ཁྲིད་ལྡེབ། ༣༣ རྫོགས་རིམ་སྣང་བཞིའི་ཁྲིད་ལྡེབ། ༡༠ རྨི་ལམ་ཁྲིད་ལྡེབ། ༡༠ གཅོད་ཁྲིད་ལྡེབ། ༦ རྣམས་དྷརྨ་ཤྲཱིའི་གསུང་། འཕོ་བའི་མན་ངག་ཕྲིན་ལས་ཆོས་སྒྲོན་གསུང་ལྡེབ། ༡༡ ཀརྨ་གླིང་པའི་ཞི་ཁྲོའི་གསོལ་འདེབས་ལྡེབ། ༡ དང་ལས་བྱང་ཚོར་ཆུང་ལྡེབ། ༡༡ བཅས་གཏེར་གཞུང་། བསྙེན་དམིགས་ཆགས་མེད་གསུང་ལྡེབ། ༡ བདག་བསྐྱེད་པདྨ་མ་ཏིའི་གསུང་ལྡེབ། ༢ དབང་གི་སྟ་གོན་ལྡེབ། ༡༠ དབང་འབྲིང་པོ་ལྡེབ། ༣༣ བཅས་འཇམ་མགོན་གསུང་། གཏོར་དབང་ཨ་རཱ་གའི་གསུང་ལྡེབ། ༨ བསྙེན་ཡིག་འཇམ་མགོན་གསུང་ལྡེབ། ༩ བར་དོའི་ཁྲིད་ཡིག་ཆགས་མེད་གསུང་ལྡེབ། ༢༡ སྨིན་ལོའི་ཞི་ཁྲོའི་ཆོ་ག་ལ་ཀུན་གཟིགས་མཁྱེན་བརྩེའི་ཁ་སྐོང་ཅན་ལྡེབ། ༤༤ བཀའ་སྲུང་སྡེ་བདུན་གསོལ་བསྡུས་ལྡེབ། ༡ ཡེ་ཤེས་དབབ་པ་ལྡེབ། ༡ མཆོད་བསྟོད་གཏེར་གཞུང་ལས་ཁོལ་ཕྱུང་ལྡེབ། ༡ ཤེས་རབ་འོད་ཟེར་གྱི་གྲོལ་ཏིག་ཞི་ཁྲོའི་ཕྲིན་ལས་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༢༦ ལྷ་དབང་ལྡེབ། ༢ གནམ་ཆོས་ཞི་ཁྲོའི་གཏེར་གཞུང་ལྡེབ། ༢ དེའི་བསམ་གཏན་ཆོ་ག་ཆགས་མེད་གསུང་ལྡེབ། ༢ བདེ་ཆེན་གླིང་པའི་བཀའ་འདུས་ཞི་ཁྲོའི་ལས་བྱང་ལྡེབ། ༡༥ སྐོང་ཆོག་ལྡེབ། ༡༠ བཅས་གཏེར་གཞུང་། སྨིན་བྱེད་མ་བུ་གབ་སྤྲད་འཇམ་མགོན་གསུང་ལྡེབ། ༢༦ ཀུན་གཟིགས་འོད་གསལ་སྤྲུལ་པའི་རྡོ་རྗེའི་དགོངས་གཏེར་གྲུབ་ཐོབ་ཐུགས་ཐིག་གི་སྒྲུབ་ཐབས་སྙིང་པོ་སྐོར་ལྔའི་གཏེར་གཞུང་ལྡེབ། ༦༥ གུར་དྲག་སྨད་ལས་རྟ་མགྲིན་ལ་སྦྱར་བའི་ཁ་སྒྱུར་ལྡེབ། ༡ ཕྲིན་ལས་དང་དབང་གི་གསལ་བྱེད་ལྡེབ། ༩ གདམས་པའི་ས་བཅད་ཟིན་ཐོ་ལྡེབ། ༧ བཅས་འཇམ་མགོན་གསུང་ངོ་།། ༼ང༽པ་ལ། མཆོག་གྱུར་གླིང་པའི་ཟབ་བདུན་སྒྱུ་འཕྲུལ་ཟངས་བྱང་མའི་ཞི་ཁྲོའི་བརྒྱུད་འདེབས་ཀརྨ་པ་བཅུ་བཞི་པའི་གསུང་ལྡེབ། ༢ མཆོག་གླིང་རྣམ་ཐར་གསོལ་འདེབས་འཇམ་མགོན་གསུང་ལྡེབ། ༣ སྐྱབས་སེམས་ཚོགས་གསག་ལྡེབ། ༡ ཞི་བ་རྡོར་སེམས་ཐུགས་སྒྲུབ་ལས་བྱང་ལྡེབ། ༡༠ བཅས་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༩ ཁྲོ་བོ་དམ་པ་རྒྱན་གྱི་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༡༡ དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༡ ཞི་ཁྲོ་དོང་སྤྲུགས་ལས་བྱང་ལྡེབ། ༡༦ སྨན་མཆོད་ལྡེབ། ༡ སྐོང་བཤགས། ༡༢ དབང་ཆོག་ལྡེབ། ༡༣ བཅས་མཆོག་གླིང་ཉིད་ཀྱི་གསུང་། ཟབ་བདུན་སྒྱུ་འཕྲུལ་ཚེ་སྐོར་རྒྱས་པ་དང་ཚེ་སྒྲུབ་ཟབ་མོའི་སྒྲུབ་ཐབས་གསོ་བ་གསུམ་ལྡན་བཅས་གཏེར་གཞུང་ལྡེབ། ༢༥ དབང་ཆོག་འཇམ་མགོན་གསུང་ལྡེབ། ༨ མཆོག་གླིང་བདེ་མཆོག་སངས་རྒྱས་མཉམ་སྦྱོར་གཏེར་གཞུང་སྐོར་ལྡེབ། ༣༦ ཕྲིན་ལས་ལྡེབ། ༡༡ དབང་ཆོག་ལྡེབ། ༡༥ བཅས་འཇམ་མགོན་གསུང་ངོ་།། ༈ །།གཉིས་པ་སྒྲུབ་སྡེ་ལ་རྩ་བ་སྒྲུབ་ཐབས་དང་། ཡན་ལག་ལས་ཀྱི་ཆོ་ག་གཉིས། དང་པོ་རྩ་བ་སྒྲུབ་པའི་ཐབས་གཙོ་བོར་གྱུར་པ་ལ་རྩ་གསུམ་སྤྱིར་སྒྲུབ་པ་དང་། བྱེ་བྲག་སོ་སོར་སྒྲུབ་པ་གཉིས་ཀྱི། དང་པོ་རྩ་གསུམ་སྤྱིར་སྒྲུབ་པ་ལ། སངས་རྒྱས་བླ་མའི་རྩ་གསུམ་དྲིལ་སྒྲུབ་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེའི་ཡང་གཏེར་གྱི་གསོལ་འདེབས་ལྡེབ། ༢ ཕྲིན་ལས་ལྡེབ། ༡༡ བཀའ་གཏེར་སྤྱི་འགྲོ་སྨན་མཆོད་ལྡེབ། ༢ དོན་དབང་ལྡེབ། ༨ ཚེ་དབང་ལྡེབ། ༦ བཅས་མཁྱེན་བརྩེ་ཉིད་ཀྱིས་མཛད་པ། ཀརྨ་པ་རང་བྱུང་རྡོ་རྗེའི་དགོངས་གཏེར་རྩ་གསུམ་དྲིལ་སྒྲུབ་ཀྱི་ཕྲིན་ལས་དབང་ཕྱུག་རྡོ་རྗེའི་གསུང་ལ་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༣ བསྐྱེད་རྫོགས་དམིགས་རིམ་འཇམ་མགོན་གསུང་ལྡེབ། ༧ དྲིལ་སྒྲུབ་རྩ་ཚིག་ཆགས་མེད་གསུང་ལྡེབ། ༢ རཏྣ་གླིང་པའི་རྩ་གསུམ་འབྲས་བུའི་དོན་ཁྲིད་ཀྱི་གཏེར་གཞུང་ལྡེབ། ༤༥ གསོལ་འདེབས་ལྡེབ། ༡ གསང་ཁྲིད་ལྡེབ། ༡༤ བཅས་རཏྣ་ཉིད་ཀྱི་གསུང་། སྒྲུབ་ཕྲིན་དང་སྨིན་བྱེད་འཇམ་མགོན་གསུང་ལྡེབ། ༡༥ རཏྣའི་ཡི་དམ་རྩ་གསུམ་དྲིལ་སྒྲུབ་གཏེར་གཞུང་ལྡེབ། ༤ རྒོད་ལྡེམ་ཡང་སྤྲུལ་དཔལ་ལྡན་འཇམ་དབྱངས་བླ་མའི་རྩ་གསུམ་གསོལ་འདེབས་ཀྱི་ལས་བྱང་འཇམ་མགོན་གསུང་ལྡེབ། ༢༣ མར་མེའི་སྐོང་བཤགས་གཏེར་གཞུང་ལྡེབ། ༢ ཕྲིན་ལས་རྩལ་དབང་རྗེས་གནང་འཇམ་མགོན་གསུང་ལྡེབ། ༡༥ བཀའ་སྲུང་སྒྲོལ་བྱེད་གསོལ་མཆོད་ལྡེབ། ༢ མངའ་རིས་པཎ་ཆེན་གྱི་རིག་འཛིན་ཡོངས་འདུས་ལས་དུས་གསུམ་རྒྱལ་བའི་སྤྱི་སྒྲུབ་ལྡེབ། ༤ དཀོན་མཆོག་གསུམ་གྱི་གསང་སྒྲུབ་ལྡེབ། ༥ བཅས་གཏེར་གཞུང་། འབྲི་གུང་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱི་དམ་ཆོས་དགོངས་པ་ཡང་ཟབ་རྩ་གསུམ་ལས་བྱང་གཏོར་དབང་བཅས་ལྡེབ། ༡༥ སྐོང་བཤགས་ལྡེབ། ༣ བཅས་ཆོས་གྲགས་གསུང་། རིན་ཆེན་ཕུན་ཚོགས་དག་སྣང་སྒྲོལ་དཀར་ཡིད་བཞིན་ནོར་མཆོག་གི་གདམས་སྐོར་གཏེར་གཞུང་ལྡེབ། ༢༢ ཞལ་ཤེས་སྐོར་གཏེར་གཞུང་ལྡེབ། ༣ དྲིལ་སྒྲུབ་སོགས་ཆོས་གྲགས་གསུང་ལྡེབ། ༡༠ བཅས། ༼ཅ༽པ་ལ། གར་དབང་ཞིག་གླིང་འོད་གསལ་སྒྱུ་མའི་ཐུགས་དམ་ཟབ་བདུན་རྩ་གསུམ་གཏེར་གཞུང་ལྡེབ། ༢༢ བརྒྱུད་འདེབས་ལྡེབ། ༡ ཕྲིན་ལས་བྱང་བུ་ལྡེབ། ༨ གཟའི་བསྐང་གསོལ་ལྡེབ། ༡ བཅས་ཉིད་ཀྱི་གསུང་། རྩ་དབང་ལྡེབ། ༡༠ ལྷ་སོ་སོའི་སྒྲུབ་ཐབས་རྗེས་གནང་ལྡེབ། ༣༨ བཅས་འཇམ་མགོན་གསུང་། བྱང་བདག་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེའི་མ་རྒྱུད་སྙིང་པོ་དོན་གསུམ་གྱི་གཏེར་འབྱུང་དང་གཏེར་གཞུང་ལྡེབ། ༡༩ ལས་རིམ་ཟུར་འདེབས་ལྡེབ། ༢ དབང་ཆོག་ལྡེབ། ༨ བཅས་འཇམ་མགོན་གསུང་། ཆོས་རྗེ་གླིང་པ་འཛམ་གླིང་རྡོ་རྗེའི་འཆི་མེད་རྩ་གསུམ་དྲིལ་སྒྲུབ་ཀྱི་བརྒྱུད་འདེབས་ལྡེབ། ༡ དཀྱིལ་ཆོག་ལྡེབ། ༡༨ ཕྲིན་ལས་སྙིང་པོ་ལྡེབ། ༦ སྲུང་མའི་མཆོད་ཕྲེང་ཉུང་ངུ་ལྡེབ། ༢ བསྙེན་ཡིག་ལྡེབ། ༦ བརྟན་བཞུགས་ཆོ་ག་ལྡེབ། ༨ བཅས་ཉིད་ཀྱི་གསུང་། དབང་ཆོག་སི་ཏུ་པདྨ་ཉིན་བྱེད་གསུང་ལྡེབ། ༡༡ ཆོས་གླིང་ཉིད་ཀྱི་གསུང་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ཀྱི་ཁྲིད་ཡིག་ལྡེབ།༤༡ ཀུན་བཟང་བདེ་ཆེན་རྒྱལ་པོའི་རྩ་གསུམ་ཟབ་མོ་ཀུན་འདུས་ཀྱི་ལས་བྱང་ཉིད་ཀྱི་གསུང་ལྡེབ། ༡༧ གཏོར་དབང་འཇམ་མགོན་གསུང་ལྡེབ། ༧ ཀུན་གཟིགས་མཁྱེན་བརྩེའི་ས་གཏེར་གྱི་ཆོས་སྡེ་རྩ་གསུམ་སྤྱི་འདུས་སྙིང་ཐིག་གི་ཕྲིན་ལས་གཏེར་གཞུང་ལྡེབ། ༨ དབང་ཆོག་ཚེ་དབང་བཅས་འཇམ་མགོན་གསུང་ལྡེབ། ༡༣ མཆོག་གླིང་ཟབ་བདུན་རྩ་གསུམ་ཚེ་ཟབ་ཀྱི་སྙིང་པོའི་རྒྱུད་བཞི་ལེའུ་བརྒྱད་པ་ལྡེབ། ༥ བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ སྒྲུབ་ཐབས་གཏེར་གཞུང་ལྡེབ། ༥ སྨན་མཆོད་སྡེབ།༡ དབང་ཆོག་ལྡེབ། ༡༡ བཅས་འཇམ་མགོན་གསུང་ངོ་།། ༈ །།གཉིས་པ་རྩ་གསུམ་བྱེ་བྲག་སོ་སོར་སྒྲུབ་པའི་སྐོར་ལ། བླ་མ། ཡི་དམ། མཁའ་འགྲོ། ཆོས་སྐྱོང་བཞི་ལས། དང་པོ་བྱིན་རླབས་རྩ་བ་བླ་མ་སྒྲུབ་པ་ལའང་ཕྱི་གསོལ་འདེབས། ནང་ཞི་སྒྲུབ། གསང་བ་དྲག་སྒྲུབ་གསུམ་གྱི། དང་པོ་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ་ལ། བཟང་པོ་གྲགས་པས་གཏེར་ནས་སྤྱན་དྲངས་ཏེ་ཆོས་བདག་བྱང་གཏེར་རྒོད་ལྡེམ་ལ་གཏད་པ་གསོལ་འདེབས་ལེའུ་བདུན་མ་དཔའ་བོ་གཙུག་ལག་དགའ་བའི་ཞུ་དག་ཅན་ལྡེབ། ༢༥ རྒོད་ལྡེམ་དག་སྣང་བརྡ་དོན་ལམ་ཟབ་ཀྱི་ཁྲིད་ཡིག་བྱང་བདག་གསུང་ལྡེབ། ༨ ལེགས་ལྡན་རྗེའི་སྐུ་གསུམ་ལམ་ཁྱེར་གཏེར་གཞུང་ལྡེབ། ༦ ངག་འདོན་ལྡེབ། ༣ ཁྲིད་ཟིན་ལྡེབ། ༧ བཅས་པདྨ་ཕྲིན་ལས་གསུང་། ཚར་ཆེན་བློ་གསལ་རྒྱ་མཚོའི་དགོངས་གཏེར་ཨོ་རྒྱན་བླ་མའི་རྣལ་འབྱོར་དང་བརྒྱུད་འདེབས་བྱམས་པ་ཡོན་ཏན་གསུང་བཅས་ལྡེབ། ༤ མ་ཏི་རཏྣའི་བླ་མ་ཡིད་ནོར་གསོལ་འདེབས་ལེའུ་བདུན་མ་ལྡེབ། ༩ སྟག་ཤམ་བླ་མ་ནོར་བུའི་གསོལ་འདེབས་ལེའུ་བཞི་པ་ལྡེབ། ༡༢ ཀློང་གསལ་སྙིང་པོའི་བཀའ་བརྒྱད་ཀྱི་གུ་རུ་མཚན་བརྒྱའི་བསྟོད་པ་ལྡེབ། ༢ སྨིན་གཏེར་བླ་མའི་རྣལ་འབྱོར་གྱི་ཁྲིད་ཡིག་པདྨ་འགྱུར་མེད་རྒྱ་མཚོའི་གསུང་ལྡེབ། ༩ དྷརྨ་ཤྲཱིའི་གསུང་བླ་མཆོད་ལ་རྗེ་མཁྱེན་བརྩེའི་གསལ་ཁ་ཅན་ལྡེབ། ༨ ཀ་ཐོག་ཚེ་དབང་ནོར་བུའི་དགོངས་གཏེར་རྡོ་རྗེ་སློབ་དཔོན་སྒྲུབ་པའི་རྩ་གཞུང་ལྡེབ། ༡༣ དམིགས་རྐང་ལྡེབ། ༡༠ བསྙེན་ཚད་ལྡེབ། ༣ བཛྲ་གུ་རུ་ཉམས་སུ་ལེན་ཐབས་ལྡེབ། ༥ བཅས་ཉིད་ཀྱི་གསུང་། མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ་ལྡེབ། ༢༢ རྩ་གསུམ་གསོལ་འདེབས་ལྡེབ། ༢ སྨན་མཆོད་ལྡེབ། ༢ དབང་ལེན་ལྡེབ། ༡ བཅས་ཀུན་གཟིགས་མཁྱེན་བརྩེའི་གསུང་། འཇམ་མགོན་རྡོ་རྗེ་འཆང་གི་རྩ་གསུམ་དགོངས་འདུས་དང་། མཁྱེན་བརྩེའི་ཡང་གཏེར་དྲི་མེད་བླ་སྒྲུབ་ཟུང་གི་ཆ་ལག་ལམ་ཟབ་ལེའུ་བདུན་མ་སྔ་མའི་གཏེར་གཞུང་ལྡེབ། ༡༡ བཅས་སོ།། ༈ ༼ཆ༽པ་ལ། གཉིས་པ་ནང་ཞི་བར་སྒྲུབ་པའི་སྐོར་ལ་ཆོས་ལོངས་སྤྲུལ་གསུམ་གྱི། དང་པོ་བླ་མ་ཆོས་སྐུའི་སྒྲུབ་པ་ལ། གུ་རུ་ཆོས་ཀྱི་དབང་ཕྱུག་གི་བླ་མ་ཆོས་སྐུ་རྡོ་རྗེ་འཆང་གསང་བ་འདུས་པའི་ལས་བྱང་སྨིན་གཏེར་གསུང་ལྡེབ། ༡༩ རྒྱུན་ཁྱེར་རྗེ་མཁྱེན་བརྩེའི་གསུང་ལྡེབ། ༤ རྩ་དབང་རྒྱས་པ་འཇམ་མགོན་གསུང་ལྡེབ། ༡༩ ལམ་ཁྱེར་གསུམ་གྱི་ཟིན་ཏིག་གཏེར་གཞུང་ལྡེབ། ༡ བསྙེན་ཡིག་འཇམ་མགོན་གསུང་ལྡེབ། ༡༣ སྙན་བརྒྱུད་ཞག་བདུན་མའི་གསལ་བྱེད་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་གསུང་ལྡེབ། ༨ གུར་སྒྲོམ་དཔེའུ་རིས་ལྡེབ། ༢ ཟབ་རྒྱ་དང་པོའི་སྒོམ་གནད་ལྡེབ། ༢ རིམ་ལྔའི་ཁྲིད་ལྡེབ། ༡༡ བཅས་པད་ཕྲིན་གསུང་། རྒྱ་ལོ་ཙ་བ་རྡོ་རྗེ་བཟང་པོའི་བླ་མ་བསྟན་གཉིས་སྐོར་གསུམ་ཀུན་གཟིགས་མཁྱེན་བརྩེའི་ཡང་གཏེར་རྩ་གཞུང་ལྡེབ། ༤༣ སྤྲོས་མེད་སྒྲུབ་པའི་ཕྲིན་ལས་ལྡེབ། ༧ དོན་དབང་ལྡེབ། ༩ སྤྲོས་མེད་བསྙེན་པའི་ཉམས་ལེན་གསལ་བྱེད་ལྡེབ། ༩ བཅས་འཇམ་མགོན་གསུང་། དྲི་མེད་ཀུན་དགའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ཀུན་གཟིགས་མཁྱེན་བརྩེའི་ཡང་གཏེར་གྱི་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ བྱང་གཏེར་རྒྱལ་ཆེན་མཆོད་ཐབས་ལྡེབ། ༡ གཏེར་གཞུང་ལེའུ་བདུན་པ་ལྡེབ། ༢༡ མཆོད་ཕྲེང་ལྡེབ། ༢ དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༣ རྣམས་སོ། ༈ །གཉིས་པ་བླ་མ་ལོངས་སྐུའི་སྒྲུབ་པ་ལ། ཆོས་དབང་ཚེ་དཔག་མེད་རྫོགས་ཆེན་ཐེམ་མེད་གཏེར་གཞུང་། ཉམས་ལེན་དང་བརྒྱུད་འདེབས་ངོར་ཆེན་གསུང་། བརྒྱུད་འདེབས་ཁ་སྐོང་ཀུན་གཟིགས་མཁྱེན་བརྩེའི་གསུང་། ཉམས་ལེན་རྡོ་རྗེ་རྒྱ་མདུད་དང་། དབང་ཆོག་ཞ་ལུ་བློ་གསལ་བསྟན་སྐྱོང་གསུང་བཅས་ལྡེབ། ༢༠ བྱང་གཏེར་དགོངས་པ་ཟང་ཐལ་གྱི་ལོངས་སྐུ་འཆི་མེད་འོད་སྣང་ཕྲིན་ལས་པད་ཕྲིན་གསུང་ལྡེབ། ༡༢ དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༡ རཏྣ་གླིང་པའི་ཚེ་སྒྲུབ་གསང་འདུས་ཀྱི་བརྒྱུད་འདེབས་ཉིད་གསུང་ལྡེབ། ༢ ཕྱི་སྒྲུབ་ལས་བྱང་བཀླག་ཆོག་ལྡེབ། ༢༢ ཟུར་འདེབས་ལྡེབ། ༧ བཅས་འཇམ་མགོན་གསུང་། སྐོང་བ་རཏྣ་ཉིད་ཀྱི་གསུང་ལྡེབ། ༦ ནང་སྒྲུབ་འདོན་སྒོམ་ཕྱག་ལེན་ལྡེབ། ༡༢ རྩ་བའི་དབང་ཆེན་ལྡེབ། ༡༩ དོན་དབང་ལྡེབ། ༩ བཅས་འཇམ་མགོན་གསུང་ངོ་། ༈ །གསུམ་པ་བླ་མ་སྤྲུལ་སྐུའི་སྒྲུབ་པ་ལ་དངོས་དང་། ཞར་བྱུང་གཉིས་ཀྱི་དང་པོ་ལ། ཉང་རལ་ཉི་མ་འོད་ཟེར་གྱི་བླ་མ་ཡོངས་རྫོགས་ཀྱི་ཕྲིན་སྒྲུབ་རིན་ཆེན་སྒྲོན་མེ་དང་དྲག་སྒྲུབ་བཅས་ཀུན་མཁྱེན་ཀློང་ཆེན་པའི་གསུང་ལྡེབ། ༤༡ སྟག་ལུང་སངས་རྒྱས་དབོན་པོའི་ཐུགས་སྒྲུབ་བདེ་གཤེགས་འདུས་པའི་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ།༡༤ དབང་ཆོག་ལྡེབ། ༡༢ བཅས་འཇམ་མགོན་གསུང་། རྒྱ་སྟོན་པདྨ་དབང་ཕྱུག་གི་བླ་མ་བདེ་མཆོག་འཁོར་ལོ་ཀུན་གཟིགས་མཁྱེན་བརྩེའི་ཡང་གཏེར་གྱི་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ གཏེར་གཞུང་ལྡེབ། ༢༥ དབང་ཆོག་ལྡེབ། ༡༥ རིམ་ལྔའི་ཁྲིད་ཡིག་ལྡེབ། ༣༠ བཅས་འཇམ་མགོན་གསུང་། བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་ལས་བྱང་གསུང་རྒྱུན་མ་ལྡེབ། ༡༧ དབང་འབྲིང་དང་གཏོར་དབང་འཇམ་མགོན་གསུང་ལྡེབ། ༡༢ མང་སོ་བྱང་ཆུབ་གླིང་པ་དཔལ་གྱི་རྒྱལ་མཚན་གྱི་ཀུན་བཟང་ཐུགས་གཏེར་ལས་བླ་སྒྲུབ་བྱིན་རླབས་སྒྲོན་མེ་ཀུན་གཟིགས་མཁྱེན་བརྩེའི་ཉེ་བརྒྱུད་ལས་བྱང་གཏེར་གཞུང་ལྡེབ། ༢༢ སྤུ་གྲི་རྣམ་གསུམ་དང་གིང་ཆེན་གཏོར་ཆོག་ལྡེབ། ༤ དབང་ཆོག་ལྡེབ། ༣༡ དོན་དབང་ལྡེབ། ༦ བཅས་འཇམ་མགོན་གསུང་ངོ་།། ༼ཇ༽པ་ལ། སངས་རྒྱས་གླིང་པའི་བླ་མ་དགོངས་འདུས་ཀྱི་རྩ་བའི་ཐུགས་སྒྲུབ་གསལ་བྱེད་ཐུགས་ནོར་ལྡེབ། ༧ དེའི་སྒྲུབ་པ་དང་ལས་སྦྱོར་ལྡེབ། ༡༤ རྩ་གསུམ་སྲོག་འཁོར་བྲི་ཡིག་ལྡེབ། ༢ ཡན་ལག་བདུན་པ་ལྡེབ། ༣ གསོལ་འདེབས་སོགས་ལྡེབ། ༣ བྱིན་འབེབ་ལྡེབ། ༡ བཅས་ལས་བྱང་ཚངས་སྒྲ་ལས་ཉེར་མཁོ་ཕྱུང་བ། ལས་བྱང་མེ་ཏོག་ཕྲེང་མཛེས་ལྡེབ། ༡༥ རྒྱུན་ཁྱེར་སྨིན་གཏེར་དང་ཀུན་གཟིགས་མཁྱེན་བརྩེའི་གསུང་ལ་འཇམ་མགོན་རྡོ་རྗེ་འཆང་གིས་གསལ་བར་བྱས་པ་ལྡེབ། ༢ རྟ་ཤ་བཙན་གསུམ་གསོལ་མཆོད་དང་སྐོང་སྐུལ་ཆགས་མེད་གསུང་ལྡེབ། ༡༠ དོན་དབང་ལྡེབ། ༣༨ གཏོར་མའི་བརྡ་དབང་ལྡེབ། ༨ བསྙེན་ཡིག་ལྡེབ། ༡༥ བཅས་འཇམ་མགོན་གསུང་། རྡོ་རྗེ་གླིང་པའི་བླ་མ་བཀའ་འདུས་རིན་ཆེན་གཏེར་སྤུངས་ཀྱི་ལས་བྱང་ལེའུ་གསུམ་པ་ལྡེབ། ༢༠ ཟུར་འདེབས་ལྡེབ། ༡ བཅས་གཏེར་གཞུང་། དབང་ཆེན་ལྡེབ། ༣༠ དོན་དབང་ལྡེབ། ༧ རཏྣ་གླིང་པའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་བརྒྱུད་འདེབས་ཉིད་གསུང་ལྡེབ། ༢ ལས་བྱང་གཏེར་གཞུང་ལྡེབ། ༢༥ དབང་ཆོག་འཇམ་མགོན་གསུང་ལྡེབ། ༢༧ ནང་ཆེན་ཚོགས་གཉིས་གསུང་ལ། གཏུམ་མོའི་ཁྲིད་ལྡེབ། ༩ སྒྱུ་ལུས་ཁྲིད་ལྡེབ། ༦ རྨི་ལམ་འོད་གསལ་ཁྲིད་ལྡེབ། ༦ ཕྱག་ཆེན་ཁྲིད་ལྡེབ། ༥ གཅོད་ཁྲིད་ཆགས་མེད་གསུང་ལྡེབ། ༡༥ པདྨ་གླིང་པའི་བླ་སྒྲུབ་ནོར་བུ་རྒྱ་མཚོའི་ལས་བྱང་གཏེར་གཞུང་ལྡེབ། ༡༦ རབ་འབྱམས་བཀའ་དབང་འཇམ་མགོན་གསུང་ལྡེབ། ༧ མངའ་རིའི་པཎ་ཆེན་པདྨ་དབང་རྒྱལ་རྡོ་རྗེའི་རིག་འཛིན་ཡོངས་འདུས་ཀྱི་ཕྲིན་ལས་དབང་ཆོག་བཅས་འཇམ་མགོན་གསུང་ལྡེབ། ༧ སྒྲུབ་ཐབས་ཡོན་ཏན་གཏེར་མཛོད་བསམ་ལྷུན་གྱི་བརྒྱུད་འདེབས་པད་ཕྲིན་གསུང་ལྡེབ། ༡ གཏེར་གཞུང་ལས་བྱང་སོགས་ལྡེབ། ༢༡ རྒྱུན་གཏོར་གཏེར་གཞུང་ལྡེབ། ༧ པད་ཕྲིན་གསུང་གསལ་བྱེད་ལྡེབ། ༤ ཀུན་གཟིགས་མཁྱེན་བརྩེའི་གསུང་མན་ངག་ཟིན་བྲིས་ལྡེབ། ༡༠ ལས་བྱང་ལྷན་ཐབས་ལྡེབ། ༦ དབང་གི་ལྷན་ཐབས་ལྡེབ། ༧ བཅས་འཇམ་མགོན་གསུང་ངོ་།། ༼ཉ༽པ་ལ། གར་དབང་ཞིག་པོ་གླིང་པའི་ཐུགས་ཆེན་ཆོས་སྡེ་བླ་མ་པདྨ་བཛྲའི་ལས་བྱང་གཏེར་གཞུང་ལྡེབ། ༡༨ དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༢ ཞིག་གླིང་རྒྱལ་འདུས་དང་ཆོས་གླིང་ཐུགས་ནོར་གཉིས་འདུས་བླ་མའི་སྒོས་དབང་འཇམ་མགོན་གསུང་ལྡེབ། ༧ ཤེར་འོད་གྲོལ་ཏིག་དགོངས་པ་རང་གྲོལ་གྱི་བླ་མ་རིག་འཛིན་ཀུན་འདུས་ཀྱི་ཕྲིན་ལས་རྒྱས་པ་གཏེར་གཞུང་ལྡེབ། ༢༠ སྨན་མཆོད་ལྡེབ། ༡ བླ་སྒྲུབ་གདུང་བ་ཞི་བྱེད་ཀྱི་ཕྲིན་ལས་ལྡེབ། ༨ པདྨ་གུ་རུའི་ཕྲིན་ལས་ལྡེབ། ༩ བཅས་ཀུན་གཟིགས་མཁྱེན་བརྩེའི་གསུང་། ལམ་རྒྱས་འབྲིང་བསྡུས་གསུམ་གྱི་དབང་ཆོག་འཇམ་མགོན་གསུང་ལྡེབ། ༣༦ བྱང་བདག་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེའི་སྐུ་གསུམ་རིགས་འདུས་གཏེར་གཞུང་ལྡེབ། ༢༠ པད་ཕྲིན་དང་གོང་ལྔའི་ཆོག་ཁྲིགས་སྐོར་ལྡེབ། ༤༢ དཔེའུ་རིས་ལྡེབ། ༢ དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༦ འཇའ་ཚོན་སྙིང་པོའི་དཀོན་མཆོག་སྤྱི་འདུས་ཀྱི་བརྒྱུད་འདེབས་ཚེ་ནོར་གསུང་ཁ་སྐོང་ཅན་དང་། གསོལ་འདེབས་ཞལ་གསུང་བཅས་ལྡེབ། ༢ བརྒྱུད་འདེབས་རྒྱས་པ་ལྡེབ། ༣ ལས་བྱང་ལྡེབ། ༡༩ བཅས་འཇམ་མགོན་གསུང་། བརྒྱུད་པའི་ཁ་སྐོང་བདག་གིས་བྲིས་པ་ལྡེབ། ༡ རྩ་དབང་ཚེ་ནོར་གསུང་ལྡེབ། ༡༤ ཚེ་དབང་ཆགས་མེད་གསུང་ལྡེབ། ༦ བསྙེན་ཡིག་མདོར་བསྡུས་ལྡེབ། ༡༩ ལས་བཞིའི་སྦྱིན་སྲེག་ལྡེབ། ༡༢ བཅས་འཇམ་མགོན་གསུང་། ཐུན་མོང་སྔོན་འགྲོའི་ཁྲིད་གཏེར་གཞུང་ལྡེབ། ༡༡ ཚེ་ནོར་གསུང་ལྷ་ཁྲིད་གུ་རུའི་དགོངས་རྒྱན་ལྡེབ། ༥༤ རྫོགས་རིམ་ཁྲིད་ཡིག་ལྡེབ། ༤༡ སྔོན་འགྲོའི་འདོན་ཆ་ལྡེབ། ༩ བཅས་འཇམ་མགོན་གསུང་། བདུད་འདུལ་ནུས་ལྡན་རྡོ་རྗེའི་དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་གི་ཐེམ་མེད་པདྨ་འོད་འབར་གྱི་བརྒྱུད་འདེབས་ཚེ་ནོར་གསུང་ལྡེབ། ༢ སྒྲུབ་ཐབས་ལྡེབ། ༡༣ ཛཔ྄་བསྐུལ་ལྡེབ། ༢ བཅས་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༠ བཅས། ༼ཏ༽པ་ལ། ལྷ་བཙུན་ནམ་མཁའ་འཇིགས་མེད་རྩལ་གྱི་དག་སྣང་རིག་འཛིན་སྲོག་སྒྲུབ་ཀྱི་བརྒྱུད་འདེབས་རྒྱས་བསྡུས་ལྡེབ། ༡ ཕྲིན་ལས་རྒྱུན་ཁྱེར་དང་གསང་སྒྲུབ་ཟུང་བསྡེབས་འཇམ་མགོན་གསུང་ལྡེབ། ༢༢ མཆོད་གཏོར་རྒྱས་བསྡུས་ཀྱི་ཐོ་ལྡེབ། ༢ རྩ་དབང་མ་བུ་འཇམ་མགོན་གསུང་ལྡེབ། ༣༣ རིག་པའི་རྩལ་དབང་ལྡེབ། ༧ ཁྲིད་ཡིག་ལྡེབ། ༡༥ བཅས་གཏེར་གཞུང་། རྒྱལ་དབང་ལྔ་པའི་དག་སྣང་རྒྱ་ཅན་ལས་ཚེ་སྒྲུབ་དྭངས་མ་བཅུད་འདྲེན་གྱི་བརྒྱུད་འདེབས་ལྡེབ། ༡ ཕྲིན་ལས་ལྡེབ། ༡༡ དབང་ཆོག ༡༥ བསྙེན་སྒྲུབ་གསལ་བྱེད་ལྡེབ། ༣ བཅས་ཀུན་གཟིགས་མཁྱེན་བརྩེའི་གསུང་། གནམ་ཆོས་པད་འབྱུང་སྒྲུབ་ཐབས་དབང་བཅས་གཏེར་གཞུང་ལྡེབ། ༣ ཨོ་རྒྱན་གཏེར་བདག་གླིང་པའི་བླ་མ་རིག་འཛིན་ཐུགས་ཐིག་གི་སྔོན་འགྲོའི་ངག་འདོན་ལྡེབ། ༤ ལས་བྱང་རྒྱས་པ་ལྡེབ། ༡༧ ཕྲིན་ལས་སྙིང་པོ་ལྡེབ། ༣ བུམ་སྒྲུབ་ལྡེབ། ༡ ལས་སྦྱོར་ལྡེབ། ༡ བསྙེན་ཡིག་ལྡེབ། ༨ བཅས་སྨིན་གཏེར་ཉིད་ཀྱི་གསུང་། རྩ་གསུམ་སྐོང་གསོ་གཏེར་གཞུང་ལྡེབ། ༣ དབང་ཆོག་ལྡེབ། ༡༨ ཁྲིད་ཡིག་ལྡེབ། ༡༡ བཅས་སྨིན་ལོའི་གསུང་། སྟག་ཤམ་ནུས་ལྡན་རྡོ་རྗེའི་བླ་སྒྲུབ་ཡིད་བཞིན་ནོར་བུའི་སྔོན་འགྲོ་གཏོར་མ་ཆ་གཉིས་ལྡེབ། ༣ ལས་བྱང་ཆུང་བ་ལྡེབ། ༢༤ བཅས་གཏེར་གཞུང་། མ་ཏི་དང་སྟག་ཤམ་པའི་བླ་མ་ནོར་བུ་རྣམ་གཉིས་ཆུ་བོ་གཅིག་འདྲེས་ཀྱི་རྩ་དབང་གཏོར་དབང་འཇམ་མགོན་གསུང་ལྡེབ། ༡༥ ཆོས་གླིང་ཟབ་ལམ་ཐུགས་ཀྱི་ནོར་བུའི་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ ལས་བྱང་སྨིན་གཏེར་གསུང་ལྡེབ། ༡༤ དབང་ཆོག་འཇམ་མགོན་གསུང་ལྡེབ། ༢༥ རོལ་པའི་རྡོ་རྗེའི་བླ་མ་རྒྱལ་བ་ཀུན་འདུས་ཀྱི་སྐྱབས་འགྲོ་ལྡེབ། ༡ དཀར་བགེགས་ལྡེབ། ༢ ལས་བྱང་ལྡེབ། ༢༥ བཅས་གཏེར་གཞུང་། སྨན་མཆོད་ཉིད་ཀྱི་གསུང་ལྡེབ། ༡ ཡང་སྨན་མཆོད་ལྡེབ། ༡ བཀའ་སྲུང་གཏོར་འབུལ་ལྡེབ། ༣ བཅས་རིག་འཛིན་གསུང་རབ་རྒྱ་མཚོའི་གསུང་། གཏེར་སྲུང་གཏོར་འབུལ་ལྡེབ། ༢ གཏོར་མའི་སྲུང་འཁོར་ལྡེབ། ༡ དབང་བཞི་ཟབ་པའི་མཐར་ཐུག་ལྡེབ། ༩ སྙན་བརྒྱུད་གུ་རུའི་སྤྲོས་མེད་དོན་སྒྲུབ་ལྡེབ། ༣ རྣམས་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་ལྡེབ། ༥ དག་སྣང་སྲིན་ཡུལ་མ་གཏེར་གསུང་དང་ཟིན་བྲིས་འཇམ་མགོན་གསུང་བཅས་ལྡེབ། ༦ ཚེ་དབང་ནོར་བུའི་དགོངས་གཏེར་བསམ་པ་ལྷུན་གྲུབ་ཀྱི་རྩ་གཞུང་ལྡེབ། ༢༧ བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༣ དབང་སྒྲུབ་ལྷན་ཐབས་ལྡེབ། ༨ དབང་བཤད་ལྡེབ། ༦ དབང་ཆོག་ལྡེབ། ༢༠ བཅས་སི་ཏུ་པདྨ་ཉིན་བྱེད་གསུང་ངོ་།། ༼ཐ༽པ་ལ། བསམ་ལྷུན་དེའི་ཁྲིད་ཀྱི་ཟིན་བྲིས་འབའ་ར་བ་ཨོ་རྒྱན་ངག་དབང་ཡེ་ཤེས་ཀྱི་གསུང་ལྡེབ། ༥༢ ཀུན་མཁྱེན་འཇིགས་མེད་གླིང་པའི་དགོངས་གཏེར་ཀློང་ཆེན་སྙིང་གི་ཐིག་ལེའི་ནང་སྒྲུབ་རིག་འཛིན་འདུས་པ་ལྡེབ། ༧ གབ་བྱང་ལྡེབ། ༣ བཅས་གཏེར་གཞུང་། རྩ་དབང་འཇམ་མགོན་གསུང་ལྡེབ། ༧ པདྨ་དགྱེས་པའི་སྙན་བརྒྱུད་གུ་རུ་ཞི་བ་ཡིད་བཞིན་ནོར་བུའི་རྩ་གཞུང་དབང་ཆོག་ཁྲིད་ཡིག་ཕྲིན་ཆོག་བཅས་ལྡེབ། ༢༦ བརྒྱུད་འདེབས་དང་ལས་བྱང་ལྡེབ། ༡༡ སི་ཏུ་པདྨ་ཉིན་བྱེད་ཀྱི་དགོངས་གཏེར་ཨོ་རྒྱན་རྗེ་འབངས་ཉེར་ལྔའི་ལས་བྱང་རྩ་གཞུང་ལྡེབ། ༧ དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༠ མཆོག་གླིང་བླ་མ་དགོངས་འདུས་སྙིང་པོའི་གཏེར་གཞུང་ལྡེབ། ༦ ཕྲིན་ལས་ལྡེབ། ༡༥ སྨིན་བྱེད་ལྡེབ། ༦ བཅས་འཇམ་མགོན་གསུང་། བླ་མ་བདུད་འདུལ་རྒྱལ་པོའི་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༩ ལྷན་ཐབས་ལྡེབ། ༢ དབང་ཆོག་ལྡེབ། ༤ བཅས་ཐེག་མཆོག་རྡོ་རྗེའི་གསུང་། ཟུར་བཟའི་བླ་སྒྲུབ་ཐུགས་ཀྱི་ཡང་སྙིང་གི་ལས་བྱང་གཏེར་གཞུང་ལྡེབ། ༩ དབང་ཆོག་འཇམ་མགོན་གསུང་ལྡེབ། ༧ ཟབ་བདུན་རྩ་གསུམ་ཚེ་ཟབ་ཀྱི་གུ་རུ་བདེ་བ་ཆེན་པོའི་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༢ ཕྲིན་ལས་དབང་ཆོག་འཇམ་མགོན་གསུང་ལྡེབ། ༨ ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཕྲིན་ལས་འབྲིང་པོ་མཆོག་གླིང་ཉིད་ཀྱི་གསུང་ལྡེབ།༡༧ བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ ཕྲིན་ལས་སྙིང་པོ་ལྡེབ། ༥ རྒྱུན་གྱི་བཀོལ་བྱང་ལྡེབ། ༢ གསོལ་འདེབས་བར་ཆད་ལམ་སེལ་ལྡེབ། ༤ བཅས་གཏེར་གཞུང་། སྐོང་བ་གཡུ་ཞལ་མ་ལྡེབ། ༢ བསྙེན་ཡིག་ལྡེབ། ༧ བཅས་འཇམ་མགོན་གསུང་། སྔོན་འགྲོ་ངག་འདོན་ལྡེབ། ༥ དོན་དབང་འབྲིང་པོ་དང་བསྡུས་པའི་ཆོ་ག་ལྡེབ། ༡༧ བཅས་ཀུན་གཟིགས་མཁྱེན་བརྩེའི་གསུང་། ལྷ་དབང་བཀོལ་བྱང་ལྡེབ། ༥ ཚེ་འགུགས་ལྡེབ། ༢ བཅས་གཏེར་གཞུང་། ཐུགས་སྒྲུབ་ཡིད་བཞིན་ནོར་བུ་བསམ་པ་ལྷུན་གྲུབ་མའི་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ ཕྲིན་ལས་རྒྱས་པ་གཏེར་གཞུང་ལྡེབ། ༢༠ སྨན་མཆོད་བདག་གིས་བྲིས་པ་ལྡེབ། ༡ ཕྲིན་ལས་འབྲིང་པོ་འཇམ་མགོན་གསུང་ལྡེབ། ༧ བསམ་ལྷུན་གཏེར་གཞུང་ལྡེབ། ༢ གཏེར་སྲུང་གསོལ་མཆོད་གཞུང་ལས་ཁོལ་ཕྱུང་ལྡེབ། ༢ རྩ་དབང་རྒྱས་པ་ལྡེབ། ༣༥ དབང་ཆོག་འབྲིང་པོ་ལྡེབ། ༢༢ བསྡུས་པ་གཏོར་དབང་ལྡེབ། ༧ ཚེ་དབང་ལྡེབ། ༧ བཅས་འཇམ་མགོན་གསུང་དང་། ཀུན་གཟིགས་མཁྱེན་བརྩེའི་དག་སྣང་འཆི་མེད་མཚོ་སྐྱེས་སྙིང་ཐིག་གི་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ སྒྲུབ་ཐབས་གཏེར་གཞུང་ལྡེབ། ༨ མཆོད་ཕྲེང་ལྡེབ། ༢ སྐོང་བཤགས་རྒྱས་པ་འཇམ་མགོན་གསུང་དང་། བསྡུས་པ་ཀུན་གཟིགས་མཁྱེན་བརྩེའི་གསུང་བཅས་ལྡེབ། ༥ རྩ་དབང་འཇམ་མགོན་གསུང་ལྡེབ། ༩ མཛོད་ལྔའི་མངའ་བདག་འཇམ་མགོན་རྡོ་རྗེ་འཆང་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ཉིད་ཀྱི་རྩ་གསུམ་དགོངས་པ་འདུས་པའི་བླ་མ་རིག་འཛིན་མཆོག་སྒྲུབ་ཀྱི་བརྒྱུད་འདེབས་ལྡེབ། ༡ རིག་འཛིན་རྒྱུན་གྱི་ཕྲིན་ལས་ལྡེབ། ༨ རྒྱུན་གྱི་རྣལ་འབྱོར་ལྡེབ། ༤ ཚེ་སྒྲུབ་ལྡེབ། ༤ བཅས་གཏེར་གཞུང་། དོན་དབང་ཆོག་བསྒྲིགས་ལྡེབ། ༩ ཚེ་དབང་ཆོག་བསྒྲིགས་ལྡེབ། ༧ བཅས་ཉིད་ཀྱི་གསུང་ངོ་། ༼ད༽པ་ལ། རྒྱལ་བས་ལུང་བསྟན་འཇམ་མགོན་རྡོ་རྗེ་འཆང་བློ་གྲོས་མཐའ་ཡས་ཉིད་ཀྱི་གསང་ཐིག་ཡབ་བཀའ་དང་ཡུམ་བཀའི་གཏེར་གཞུང་ལྡེབ། བླ་སྒྲུབ་ཀྱི་ལས་བྱང་ལྡེབ། ༡༣ ཚེས་བཅུའི་གསོལ་འདེབས་ལྡེབ། ༣ དབང་ཆོག་ལྡེབ། ༡༦ ཁྲིད་ཡིག་ལྡེབ། ༢༨ བཅས་ཉིད་ཀྱི་གསུང་། རཏྣའི་ཐུགས་སྒྲུབ་ཀྱི་ཚེས་བཅུའི་བསྐུལ་ཐབས་གཏེར་གཞུང་ལྡེབ། ༤ དེའི་གསང་ཐིག་ཡུམ་བཀའི་ཕྲིན་ལས་ལྡེབ། ༡༦ མཚོ་རྒྱལ་རྣམ་ཐར་གསོལ་འདེབས་ལྡེབ། ༦ མཁའ་འགྲོའི་མེ་མཆོད་བདག་གིས་བྲིས་པ་ལྡེབ། ༧ བཀའ་སྲུང་སྔགས་སྲུང་མའི་གསོལ་མཆོད་ལྡེབ། ༤ ཚོགས་མཆོད་སྐབས་ཉེར་མཁོའི་སྐོང་ཆོག་གྲུབ་ཐོབ་ཐུགས་ཐིག་ལས་ཁོལ་ཕྱུང་ལྡེབ། ༦ དབང་ཆོག་ལྡེབ། ༢༢ ཁྲིད་ཡིག་ལྡེབ། ༣༢ རྣམས་ཉིད་ཀྱི་གསུང་། འཇམ་མགོན་རྡོ་རྗེ་འཆང་ཉིད་ཀྱི་དག་སྣང་དགོངས་པའི་གཏེར་དུ་བྱུང་བ་ཚིག་བདུན་བླ་སྒྲུབ་ཀྱི་རྩ་བ་འདོན་ཐབས་ལྡེབ། ༧ དབང་བསྐུར་ལྡེབ། ༥ སྒྲུབ་ཐབས་ལྡེབ། ༦༩ ཕྲིན་ལས་ལྡེབ། ༦ དྲིལ་སྒྲུབ་ལྡེབ། ༧ བླ་མ་སྐུ་གསུམ་གྱི་ལས་སྦྱོར་ལྡེབ། ༧ རྣམས་གཏེར་གཞུང་། དབང་བསྐུར་དང་ཁྲིད་ཀྱི་ཟིན་ཐོ་ཉིད་ཀྱི་གསུང་ལྡེབ། ༧ སྨིན་གྲོལ་གྱི་མཚམས་སྦྱོར་ལག་ལེན་བདག་གིས་བྲིས་པ་ལྡེབ། ༡༣ མཚན་བརྒྱད་བཀྲ་ཤིས་ལྡེབ། ༡ ཚིག་བདུན་མཁའ་འགྲོའི་ཕྲིན་ལས་ལྡེབ། ༡༡ སྐོང་བཤགས་ལྡེབ། ༨ དབང་བསྐུར་ལྡེབ། ༤ བཅས་གཏེར་གཞུང་། དབང་བསྐུར་མཚམས་སྦྱོར་གྱིས་བརྒྱན་ཏེ་བདག་གིས་བྲིས་པ་ལྡེབ། ༡༠ བཀའ་སྲུང་བདེ་ཆེན་རྒྱལ་མོའི་གསོལ་མཆོད་གཏེར་གཞུང་ལྡེབ། ༤ བཅས་སོ།། ༈ །།གཉིས་པ་ཞར་བྱུང་གཏེར་བྱོན་བླ་སྒྲུབ་སྣ་ཚོགས་པའི་སྐོར་ལ། འཇའ་ཚོན་སྙིང་པོའི་དྭགས་པོའི་གསང་ལམ་བླ་སྒྲུབ་ལྡེབ། ༡༤ སྨིན་བྱེད་ཆོས་གླིང་གསུང་ལྡེབ། ༩ བསྙེན་ཡིག་ཟིན་བྲིས་འཇམ་མགོན་གསུང་ལྡེབ། ༡༡ གནམ་ཆོས་ཌོམྦི་པ། བིརྺ་པ། ཕ་དམ་པ། མི་ཏྲ་ཛོ་ཀི། རཏྣ་གླིང་པ་རྣམས་ཀྱི་སྒྲུབ་ཐབས་ལྔ་ལ་ལྡེབ་རེ་རེ། ཡོན་དགེ་མི་འགྱུར་རྡོ་རྗེའི་དག་སྣང་པཀྵིའི་ཞལ་གཟིགས་མའི་ལས་བྱང་རྩ་གཞུང་ལྡེབ། ༨ དབང་ཆོག་འཇམ་མགོན་གསུང་ལྡེབ། ༥ འཇིགས་མེད་གླིང་པའི་ཀློང་སྙིང་ཡང་གསང་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་གྱི་བརྒྱུད་འདེབས་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༡ ཀློང་ཆེན་བླ་སྒྲུབ་གཏེར་གཞུང་དང་། སྨིན་བྱེད། རིལ་སྒྲུབ། བསྙེན་ཡིག་བཅས་ལྡེབ། ༡༤ སྐོང་བཤགས་ལྡེབ། ༣ མཆོད་ཕྲེང་ལྡེབ། ༡ རྣམས་ཀུན་གཟིགས་མཁྱེན་བརྩེའི་གསུང་། རིག་འཛིན་སྲོག་འཁོར་གཏེར་གཞུང་ལྡེབ། ༥ སྨིན་བྱེད་ཀྱི་མཚམས་སྦྱོར་བདག་གིས་བྲིས་པ་ལྡེབ། ༦ ཀུན་གཟིགས་མཁྱེན་བརྩེའི་དག་སྣང་གྲུབ་ཐོབ་ཐུགས་ཐིག་གི་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ ཕྲིན་ལས་ལྡེབ། ༧ ཚེ་སྒྲུབ་ལྡེབ། ༣ བཅས་གཏེར་གཞུང་། སྨིན་བྱེད་ལག་ལེན་ལྡེབ། ༡༥ ཚེ་དབང་མཚམས་སྦྱོར་ལྡེབ། ༦ བཅས་འཇམ་མགོན་གསུང་། ཁྲིད་ཡིག་གཏེར་གཞུང་ལྡེབ། ༢ མཆོག་གླིང་ནུབ་ཕྱོགས་པདྨས་ཁེབས་པའི་ཞིང་དུ་སེམས་དཔའ་པདྨའི་མྱུ་གུར་བཞེངས་ཚུལ་ཀུན་གཟིགས་མཁྱེན་བརྩེའི་དག་སྣང་སྐུ་གསུམ་རིགས་འདུས་ཀྱི་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ ཕྲིན་ལས་རྩ་གཞུང་ལྡེབ། ༡༠ སྐོང་བཤགས་ལྡེབ། ༢ སྨོན་ལམ་ལྡེབ། ༢ བཅས་འཇམ་མགོན་གསུང་། སྙིང་པོ་དོན་གྱི་གཏོར་དབང་མཁྱེན་བརྩེ་ཉིད་ཀྱི་གསུང་ལྡེབ། ༤ རྣམས་སོ།། ༈ །།གསུམ་པ་གསང་བ་བླ་མ་དྲག་པོར་སྒྲུབ་པའི་སྐོར་ལ། ཉང་གཏེར་དྲག་དམར་བདེ་གཤེགས་འདུས་པའི་ལས་བྱང་འཇམ་མགོན་གསུང་ལྡེབ། ༡༧ དྲག་འབྲིང་མེའི་སྤུ་གྲིའི་ཕྲིན་ལས་ལྡེབ། ༡༢ དྲག་དམར་སྨིན་ལམ་འཇམ་མགོན་གསུང་ལྡེབ། ༢༡ མ་མགོན་སྡེ་བརྒྱད་མཆོད་ཕྲིན་པད་ཕྲིན་གསུང་ལྡེབ། ༣ དྲེགས་པའི་སྲོག་དབང་ཆགས་མེད་གསུང་ལྡེབ། ༣ བསྙེན་ཡིག་འཇམ་མགོན་གསུང་ལྡེབ། ༡༦ བཅས། ༼ན༽པ་ལ། ཆོས་དབང་ཀརྨ་གུ་རུ་དར་ནག་བེར་ཆེན་གྱི་གཏེར་གཞུང་དང་། བསྙེན་ཡིག་པད་ཕྲིན་གསུང་བཅས་ལྡེབ། ༦ བྱིན་རླབས་བྱེད་ཚུལ་འཇམ་མགོན་གསུང་ལྡེབ། ༥ བྱང་གཏེར་ཐུགས་སྒྲུབ་རྡོ་རྗེ་དྲག་པོ་རྩལ་གྱི་སྔོན་འགྲོ་གཟེར་ལྔ་རྒྱལ་ཆེན་མཆོད་ཕྲིན་བགེགས་གཏོར་བཅས་ལྡེབ། ༩ ཐུགས་སྒྲུབ་ཧཱུྃ་གི་ཕྲིན་ལས་ལྡེབ། ༡༤ བཅས་གཏེར་གཞུང་། རྗེས་ཆོག་རྒོད་ལྡེམ་གསུང་རྒྱུན་མ་ལྡེབ། ༡ རྒྱུན་ཁྱེར་ལྡེབ། ༡ བསྙེན་ཡིག་ལྡེབ། ༡༠ བཅས་པད་ཕྲིན་གསུང་། སྨིན་ལམ་དབང་ཆེན་ལྡེབ། ༣༧ དབང་འབྲིང་པོ་གསེར་མཛོད་མ་ལྡེབ། ༡༧ བཅས་འཇམ་མགོན་གསུང་། མདུན་བསྐྱེད་གཏེར་གཞུང་ལྡེབ། ༡༠ ཡང་ཏིག་གཅེས་སྒྲོན་ཁྲིད་རྩ་ཕྲིན་ལས་རབ་རྒྱས་གསུང་ལྡེབ། ༢ ཁྲིད་གཞུང་པད་ཕྲིན་གསུང་ལྡེབ། ༤༣ བྱང་གཏེར་དག་སྣང་ཚེ་གུར་སྦྲགས་མའི་སྒྲུབ་མཆོད་དབང་ཆོག་པད་ཕྲིན་གསུང་ལྡེབ། ༡༢ རྡོར་གླིང་དྲག་པོ་ཆེ་བ་གཏེར་གཞུང་དང་དག་སྣང་གུང་བསྡེབས་སྙན་བརྒྱུད་གུར་དྲག་གི་ལས་བྱང་ལྡེབ། ༢༠ དབང་ཆོག་ལྡེབ། ༡༤ བཅས་འཇམ་མགོན་གསུང་། རཏྣའི་གུར་དྲག་མེ་རླུང་འཁྱིལ་པའི་བརྒྱུད་འདེབས་ཉིད་ཀྱི་གསུང་ལྡེབ། ༢ ལས་བྱང་གཏེར་གཞུང་ལ་འཇམ་མགོན་རྡོ་རྗེ་འཆང་གི་ཟུར་འདེབས་ཀྱིས་བརྒྱན་པ་ལྡེབ། ༡༤ དབང་རྒྱས་པ་ལྡེབ། ༢༠ འབྲིང་པོ་དོན་དབང་ལྡེབ། ༡༣ བསྡུས་པ་གཏོར་དབང་ལྡེབ། ༩ བཅས་འཇམ་མགོན་གསུང་། འབྲུག་པ་པདྨ་དཀར་པོའི་དག་སྣང་དྲག་པོ་ཀཱི་ལ་ཡའི་རྩ་གཞུང་ལྡེབ། ༨ བྱིན་རླབས་ཆོ་ག་འཇམ་མགོན་གསུང་ལྡེབ། ༨ བསྙེན་ཡིག་ཆོས་ཀྱི་སྣང་བའི་གསུང་ལྡེབ། ༡༠ རིག་འཛིན་ལེགས་ལྡན་རྡོ་རྗེའི་དྲག་པོ་དབུ་དགུའི་ཕྱི་སྒྲུབ་གཏེར་གཞུང་ལྡེབ། ༧ བསྙེན་ཡིག་པད་ཕྲིན་གསུང་ལྡེབ། ༦ ལས་བྱང་འཇམ་མགོན་གསུང་ལྡེབ། ༡༢ སྲུང་མའི་མཆོད་ཕྲིན་གཏེར་གཞུང་ལྡེབ། ༤ དོན་དབང་འཇམ་མགོན་གསུང་ལྡེབ། ༨ བྱང་བདག་དབང་པོའི་སྡེའི་ཀརྨ་གུ་རུའི་གཏེར་གཞུང་ལྡེབ། ༩ ཕྲིན་ལས་ལྡེབ། ༡༠ སྲོག་གཏད་ལྡེབ། ༨ གཏོར་ནག་ལས་རིམ་ལྡེབ། ༩ བཅས་འཇམ་མགོན་གསུང་། བསྙེན་ཡིག་རྒྱལ་དབང་ལྔ་པའི་གསུང་ལྡེབ། ༢ མི་འགྱུར་ལས་འཕྲོ་གླིང་པའི་པདྨ་གཏུམ་པོ་ཀུན་གཟིགས་མཁྱེན་བརྩེའི་ཉེ་བརྒྱུད་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༤ དབང་ཆོག་འཇམ་མགོན་གསུང་ལྡེབ། ༤ འབྲི་གུང་རིན་ཕུན་དགོངས་ཟབ་གྲོ་ལོད་ཧཱུྃ་སྒྲུབ་དབང་བསྐུར་འཇམ་མགོན་གསུང་ལྡེབ། ༧ གར་དབང་ཞིག་གླིང་དྲག་པོ་གནམ་ལྕགས་མེ་འཁོར་གྱི་ལས་བྱང་གཏེར་གཞུང་ལྡེབ། ༡༩ དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༠ བཅས། ༼པ༽པ་ལ། འཇའ་ཚོན་དཀོན་སྤྱིའི་གུར་དྲག་གཏོར་དབང་ཆགས་མེད་གསུང་ལྡེབ། ༦ འཇའ་ཚོན་གྲོ་ལོད་ཞི་དྲག་གི་སྒྲུབ་ཐབས་དབང་ཆོག་འཇམ་མགོན་གསུང་ལྡེབ། ༩ བདུད་འདུལ་སྤྲུལ་སྐུའི་སྙིང་ཐིག་གི་གསང་སྒྲུབ་གྲོ་ལོད་སྣང་བ་དབང་སྡུད་ཀྱི་བརྒྱུད་འདེབས་ཉིད་ཀྱི་གསུང་ལྡེབ། ༡ ལས་བྱང་གཏེར་གཞུང་ལྡེབ། ༩ དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༡ རྒྱལ་དབང་ལྔ་པའི་དག་སྣང་རྒྱ་ཅན་ལས་གྲོ་ལོད་གནམ་ལྕགས་མེ་འཁོར་གྱི་ཕྲིན་ལས་དབང་བསྐུར་ལས་སྦྱོར་ཉིད་ཀྱི་གསུང་ལྡེབ། ༤༧ བརྒྱུད་འདེབས་ཀུན་གཟིགས་མཁྱེན་བརྩེའི་ཁ་སྐོང་ཅན་ལྡེབ། ༡ སྨན་མཆོད་ལྡེབ། ༡ ཟོར་བྱང་ལྡེབ། ༡ བསྙེན་ཡིག་ལྡེབ། ༧ བཅས་ཉིད་ཀྱི་གསུང་། རྒྱ་ཅན་ཡང་གསང་ཀརྨ་དྲག་པོའི་ལས་བྱང་དབང་ཆོག་གཏོར་ཟློག་བཅས་ལྡེབ། ༡༧ བརྒྱུད་འདེབས་ལྡེབ། ༡ སྨན་མཆོད་ལྡེབ། ༡ བསྙེན་ཡིག་ལྡེབ། ༣ རྣམས་ཉིད་ཀྱི་གསུང་། གནམ་ཆོས་གུར་དྲག་ཕུར་མཇུག་གཏེར་གཞུང་ལྡེབ། ༢ དབང་ཆོག་ཆགས་མེད་གསུང་ལྡེབ། ༨ གཏེར་བདག་གླིང་པའི་དྲག་དམར་གྱི་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༡༡ རྒྱུན་ཁྱེར་ལྡེབ། ༢ བསྙེན་ཡིག་ལྡེབ། ༥ གཏོར་ཟློག་ལྡེབ། ༡༣ རྣམས་སྨིན་གཏེར་ཉིད་ཀྱི་གསུང་། དབང་ཆོག་པདྨ་འགྱུར་མེད་རྒྱ་མཚོའི་གསུང་ལྡེབ། ༡༨ ཀློང་གསལ་གུར་དྲག་ཡེ་ཤེས་རབ་འབར་གྱི་བརྒྱུད་འདེབས་ཉིད་ཀྱི་གསུང་ལྡེབ། ༢ སྔོན་འགྲོ་ལྡེབ། ༢ ཕྱི་གཏོར་ལྡེབ། ༡ བསྐྱེད་རྫོགས་འབྲིང་པོའི་ལས་བྱང་ལྡེབ། ༩ རྩ་སྒྲུབ་ལྡེབ། ༡ ཐུན་མོང་ཛཔ྄་དགོངས་ལྡེབ། ༢ བསྐྱེད་རྫོགས་ཆུང་ངུའི་ཕྲིན་ལས་ལྡེབ། ༦ གསང་སྒྲུབ་ལྡེབ། ༡ ཚེ་སྒྲུབ་ལྡེབ།༣ ཚེ་དབང་འཆི་མེད་རྔ་སྒྲ་ལྡེབ། ༢ རྣམས་གཏེར་གཞུང་། དབང་ཆེན་དང་ཚེ་དབང་འཇམ་མགོན་གསུང་ལྡེབ། ༡༤ སྡེ་བརྒྱད་མཆོད་གསོལ་ལྡེབ། ༢ དྲེགས་པའི་སྲོག་དབང་ལྡེབ། ༢ བཅས་གཏེར་གཞུང་། རྗེས་གནང་འཇམ་མགོན་གསུང་ལྡེབ། ༣ དོན་དབང་ཛཿསྤྲུལ་གསུང་ལྡེབ། ༤ བསྙེན་ཡིག་འཇམ་མགོན་གསུང་ལྡེབ། ༢༠ སྟག་ཤམ་རྡོ་རྗེ་དྲག་རྩལ་གྱི་ལས་བྱང་ལྡེབ། ༡༩ ཛཔ྄་བྱང་ལྡེབ། ༣ བཅས་གཏེར་གཞུང་། སྤྲོས་བཅས་ལྷ་དབང་ཆེན་མོ་འཇམ་མགོན་གསུང་ལྡེབ། ༡༣ དྲེགས་པའི་སྲོག་དབང་གཏེར་གཞུང་ལྡེབ། རྩ་དབང་གཏོར་དབང་འཇམ་མགོན་གསུང་ལྡེབ། ༧ གུ་རུ་ཟིལ་གནོན་དྲག་པོ་རྩལ་གྱི་གཏེར་གཞུང་ལྡེབ། ༢༢ ཞིག་གླིང་རྒྱལ་འདུས་དང་ཆོས་གླིང་ཐུགས་ནོར་ཟུང་གི་དྲག་སྒྲུབ་མེའི་འཁོར་ལོའི་ལས་བྱང་ལྡེབ། ༩ དབང་བསྐུར་ལྡེབ། ༦ བཅས་འཇམ་མགོན་གསུང་། ཆོས་གླིང་བླ་མ་དྲག་པོ་རྡོ་རྗེ་གྲོ་ལོད་ཀྱི་བརྒྱུད་འདེབས་ལྡེབ། ༢ ཕྲིན་ལས་ལྡེབ། ༡༥ གཏེར་སྲུང་བདུད་བཙན་ཀླུ་གསུམ་ལྡེབ། ༢ ཧཱུྃ་སྒྲུབ་ལྡེབ། ༡ བསྙེན་ཡིག་ལྡེབ། ༥ རྣམས་ཉིད་གསུང་། ཞལ་ཤེས་བཀའ་རྒྱ་མ་ལྡེབ། ༥ རྭ་སྟོན་གསུང་། སྐོང་བཤགས་སི་ཏུ་ཆོས་འབྱུང་གསུང་ལྡེབ། ༢ དབང་ཆོག་ལྡེབ། ༡༠ སྡེ་བརྒྱད་སྲོག་དབང་ལྡེབ། ༣ བཅས་འཇམ་མགོན་གསུང་ངོ་།། ༼ཕ༽པ་ལ། པདྨ་བདེ་ཆེན་གླིང་པའི་མཁའ་འགྲོ་སྙིང་ཐིག་གི་ཡབ་བཀའ་གྲོ་ལོད་ཧཱུྃ་སྒྲུབ་ཀྱི་གསོལ་འདེབས་ལྡེབ། ༡ ཧཱུྃ་སྒྲུབ་ཟབ་མོ་ལྡེབ། ༦ བཅས་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་ལྡེབ། ༨ རོལ་རྡོར་མཚོ་གཏེར་ཁྲོ་རོལ་ཕུར་སྒྲུབ་གཏེར་གཞུང་ལྡེབ། ༤ སྒེར་དབང་འཇམ་མགོན་གསུང་ལྡེབ། ༧ མཚོ་གཏེར་དྲག་ཁྲོས་ལས་བྱང་སོགས་གཏེར་གཞུང་ལྡེབ། ༢༡ དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༢ རྩ་གསུམ་གླིང་པ་ཆོས་ཀྱི་རྒྱ་མཚོའི་པདྨ་ཁྲག་འཐུང་འདུས་པའི་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༣ གཏོར་དབང་འཇམ་མགོན་གསུང་ལྡེབ། ༤ མཆོག་གླིང་ཟབ་བདུན་ཚེ་ཟབ་ཀྱི་དྲག་སྒྲུབ་བླ་མ་བཀའ་བརྒྱད་ཀྱི་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ ལས་བྱང་གཏེར་གཞུང་ལྡེབ། ༡༠ སྨན་མཆོད་འཇམ་མགོན་གསུང་ལྡེབ། ༡ དབང་ཆོག་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༣༢ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྲོ་ལོད་སྒྲུབ་ཐབས་ལྡེབ། ༥ གཏོར་ཟློག་ལྡེབ། ༡༠ བཅས་ཉིད་ཀྱི་གསུང་། དབང་ཆོག་འཇམ་མགོན་གསུང་ལྡེབ། ༦ ཆོས་རྒྱལ་རྡོ་རྗེའི་དྲག་མཐིང་གི་བརྒྱུད་འདེབས་ཚོགས་གཉིས་གསུང་ལྡེབ། ༢ སྒྲུབ་ཐབས་ལས་ཚོགས་བཅས་ལྡེབ། ༦ ལས་བྱང་ལྡེབ། ༢༢ ཟློག་པ་ལྡེབ། ༡༠ ཚོགས་ལྷག་ལྡེབ། ༢ གཏེར་སྲུང་གཉན་རྒྱལ་གསོལ་ཁ་ལྡེབ། ༢ རྣམས་གཏེར་གཞུང་། དབང་ཆོག་ལྡེབ། ༡༨ གཏོར་དབང་ལྡེབ། ༨ བཅས་འཇམ་མགོན་གསུང་། འཇམ་མགོན་རྡོ་རྗེ་འཆང་པདྨ་གར་དབང་བློ་གྲོས་མཐའ་ཡས་ཉིད་ཀྱི་གྲོ་ལོད་གསང་སྒྲུབ་གདུག་པ་ཀུན་འདུལ་གྱི་གཏེར་གཞུང་ལྡེབ། ༨ དབང་བསྐུར་མཚམས་སྦྱོར་གྱིས་བརྒྱན་པ་བདག་གིས་བྲིས་པ་ལྡེབ། ༡༠ རྣམས་སོ།། །། ༈ གཉིས་པ་དངོས་གྲུབ་ཀྱི་རྩ་བ་ཡི་དམ་ཞི་ཁྲོ་བསྒྲུབ་པའི་སྐོར་ལ་སྤྱི་དང་བྱེ་བྲག་གཉིས། དང་པོ་སྤྱིར་སྒྲུབ་པ་ལ། གཏེར་ཁ་གོང་མ་མངའ་བདག་ཉང་རལ་ཉི་མ་འོད་ཟེར་གྱི་བཀའ་བརྒྱད་བདེ་གཤེགས་འདུས་པའི་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༢༧ སྔགས་བྱང་ལྡེབ།༢ བསྐྱེད་རྫོགས་རྒྱས་བསྡུས་ཀྱི་མངོན་རྟོགས་ལྡེབ། ༢ རྒྱུན་ཁྱེར་ལྡེབ། ༣ སྒྲུབ་ཁོག་ལྡེབ། ༣༧ རྣམས་སྨིན་གཏེར་གསུང་། ལས་བྱང་སྙིང་པོ་བསྡུས་པ་རིན་རྣམ་གསུང་ལ་ཀུན་གཟིགས་མཁྱེན་བརྩེའི་གསལ་བྱེད་ཅན་ལྡེབ། ༦ མདངས་སྐོང་ཆུང་བ་ལྡེབ། ༥ བདུད་རྩི་ཕུད་སྐོང་ལྡེབ། ༣ བཅས་གཏེར་གཞུང་། ཞི་བའི་སྦྱིན་སྲེག་ལྡེབ། ༡༠ རྒྱས་པའི་སྦྱིན་སྲེག་ལྡེབ། ༡༠ བཅས་པདྨ་འགྱུར་མེད་རྒྱ་མཚོའི་གསུང་། སྒྲུབ་དབང་ཆེན་མོའི་ལག་ལེན་ལྡེབ། ༢༡ དོན་དབང་པདྨ་ཤེལ་ཕུག་མ་ལྡེབ། ༢༤ བཅས་འཇམ་མགོན་གསུང་། རྣལ་འབྱོར་རྒྱུན་དབང་སྨིན་གཏེར་གསུང་ལྡེབ། ༡༢ བསྙེན་ཡིག་སྨིན་ལོའི་གསུང་ལྡེབ། ༤༤ དེ་ལས་ཕྱག་རྒྱ་རྐྱང་སྒྲུབ་དང་ཧཱུྃ་སྒྲུབ་རྒྱུན་ཁྱེར་ཀུན་གཟིགས་མཁྱེན་བརྩེས་ཁོལ་དུ་ཕྱུང་བ་ལྡེབ། ༩ ཞི་བ་རྡོ་རྗེ་དབྱིངས་རིགས་བརྒྱའི་ཕྲིན་ལས་ལྡེབ། ༣༩ དབང་ཆོག་ལྡེབ། ༣༤ བཅས། ༼བ༽པ་ལ། བདེར་འདུས་ཞི་བའི་ཚེ་ལུང་བདུན་པའི་ཕྲིན་ལས་དབང་ཆོག་ལྡེབ། ༡༠ ཁྲོ་བོའི་ཚེ་ལུང་བཅུ་གཉིས་པའི་ཕྲིན་ལས་དབང་ཆོག་ལྡེབ། ༢༥ རྣམས་འཇམ་མགོན་གསུང་། ཁྱད་པར་གནད་ཀྱི་རྫོགས་རིམ་ལྔ་གཏེར་གཞུང་ལྡེབ། ༢༣ གཏེར་ཁ་འོག་མ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ཕྲིན་ལས་འཇམ་མགོན་གསུང་ལྡེབ། ༢༡ ལས་བྱང་སྐོང་ཟློག་ཤིན་ཏུ་བསྡུས་པ་གདུང་འཛིན་དབང་ཕྱུག་གསུང་ལ་ཀུན་གཟིགས་མཁྱེན་བརྩེའི་ནག་འགྲོས་མ་ལྡེབ། ༩ སྐོང་ཟློག་འགྲེས་བྱང་གཏེར་གཞུང་ལྡེབ། ༡ མགྱོགས་དབང་ལྡེབ། ༢༣ བསྙེན་ཡིག་ལྡེབ། ༡༦ བཅས་འཇམ་མགོན་གསུང་། རིམ་ལྔ་གདན་ཐོག་གཅིག་མའི་ཁྲིད་གཏེར་གཞུང་ལྡེབ། ༣ བྱང་གཏེར་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་དངོས་གྲུབ་རྒྱལ་མཚན་གྱི་བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་གྱི་བརྒྱུད་འདེབས་དང་སྔོན་འགྲོ་ལྡེབ། ༢ ཕྲིན་ལས་འབྲིང་པོ་འཇམ་མགོན་གསུང་ལྡེབ། ༡༤ སྔགས་ཀྱི་ཕྲིན་ལས་ལྡེབ། ༥ དྲིལ་སྒྲུབ་ལྡེབ། ༢ བཅས་གཏེར་གཞུང་། རྩ་དབང་འཇམ་མགོན་གསུང་ལྡེབ། ༥༢ བསྙེན་ཐབས་པད་ཕྲིན་གསུང་ལྡེབ། ༤ གནམ་ཞལ་དོན་ཁྲིད། རིམ་ལྔ། ཡེ་ཤེས་ཟང་ཐལ་བཅས་ལ་ལྡེབ། ༡༨ རྫོགས་རིམ་སྙིང་ཐིག་རྣམ་བཅུ་ལྡེབ། ༤ རྣམས་གཏེར་གཞུང་། ཡར་རྗེ་ཨོ་རྒྱན་གླིང་པའི་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཀུན་གཟིགས་མཁྱེན་བརྩེའི་ཡང་གཏེར་སྙིང་པོའི་ཡང་བཅུད་ཀྱི་གསོལ་འདེབས་འབྲིང་པོ་ལྡེབ། ༡༢ ཕྲིན་ལས་ནར་མ་ལྡེབ། ༡༩ སྨོན་ལམ་བཀྲ་ཤིས་གཞན་ནས་ཁ་བསྐང་བ་ལྡེབ། ༢ དོན་དབང་ལྡེབ། ༦ ཐུགས་ཁྲིད་ལྡེབ། ༡༡ སྐོང་བསྡུས་ལྡེབ། ༦ རྒྱུན་གྱི་ལས་སྦྱོར་ལྡེབ། ༡༢ བཀའ་སྲུང་མཆོད་བསྡུས་ལྡེབ། ༥ རྣམས་གཏེར་གཞུང་། བརྒྱུད་འདེབས་ལྡེབ། ༡ རྒྱུན་ཁྱེར་ལྡེབ། ༤ མཆོད་ཕྲེང་ལྡེབ། ༢ དབང་ཆོག་ལྡེབ། ༡༦ བཅས་འཇམ་མགོན་གསུང་། ལྷ་དབང་བཀོལ་བྱང་མངོན་རྟོགས་ལ་ཁ་བསྒྱུར་བ་ལྡེབ། ༥ དཀྱིལ་འཁོར་བཀོད་པ་ལྡེབ། ༦ བསྙེན་སྒྲུབ་བྱ་ཚུལ་ལྡེབ། ༤ པདྨ་གླིང་པའི་བཀའ་བརྒྱད་ཡང་གསང་ཐུགས་ཀྱི་མེ་ལོང་གི་བརྒྱུད་པའི་གསོལ་འདེབས་ལྡེབ། ༣ ལས་བྱང་གཏེར་གཞུང་ལྡེབ། ༢༠ མགྱོགས་དབང་འཇམ་མགོན་གསུང་ལྡེབ། ༡༣ བསམ་གཏན་བདེ་ཆེན་གླིང་པའི་བཀའ་བརྒྱད་ཡང་གསང་དྲེགས་འདུལ་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེའི་ཡང་གཏེར་ལས་ས་བོན་ཙམ་སྣང་བར་མཛད་པའི་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ ཕྲིན་ལས་ལམ་ཁྱེར་གཏེར་གཞུང་ལྡེབ། ༨ མཆོད་ཕྲེང་གཞུང་ལས་འཇམ་མགོན་རིན་པོ་ཆེས་བཏུས་པ་ལྡེབ། ༣ རྫོགས་རིམ་ལྡེབ། དབང་ཆོག་ལྡེབ། བཅས། ༼མ༽པ་ལ། འཇའ་ཚོན་སྙིང་པོའི་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་བར་གཅོད་བགེགས་འདུལ་གྱི་བཀའ་བརྒྱད་དངོས་གྲུབ་སྙིང་པོའི་ཕྲིན་ལས་གཏེར་གཞུང་ལྡེབ། ༨ དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༥ ཀློང་གསལ་སྙིང་པོའི་བཀའ་བརྒྱད་བདེ་གཤེགས་ཡོངས་འདུས་ཀྱི་ལས་བྱང་ཆུང་བ་སྙིང་པོ་དོན་གྱི་གནས་གསལ་གཏེར་གཞུང་ལྡེབ། ༩ དོན་དབང་འཇམ་མགོན་གསུང་ལྡེབ། ༡༧ ཁྲིད་ཡིག་ལྡེབ། ༡༦ རྒྱུན་གྱི་ལམ་ཁྱེར་ལྡེབ། ༢ བཅས་གཏེར་གཞུང་། གནམ་ཆོས་དགོངས་གཏེར་བཀའ་བརྒྱད་ལུས་དཀྱིལ་འདོན་འགྲིགས་ལྡེབ། ༤ དབང་ཆོག་ལྡེབ། ༧ བཅས་ཆགས་མེད་གསུང་། པདྨ་བདེ་ཆེན་གླིང་པའི་བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུའི་གསོལ་འདེབས་ཉིད་ཀྱི་གསུང་ལྡེབ། ༡ བསྙེན་སྒྲུབ་གཞུང་བསྲང་ཆེན་མོའི་ལས་བྱང་གཏེར་གཞུང་ལྡེབ། ༢༦ དོན་དབང་འཇམ་མགོན་གསུང་ལྡེབ། ༡༣ ཀུན་གཟིགས་མཁྱེན་བརྩེའི་དགོངས་གཏེར་གྲུབ་ཐོབ་ཐུགས་ཐིག་གི་ཁྲག་འཐུང་བདེ་གཤེགས་འདུས་པའི་གཏེར་གཞུང་ལྡེབ། ༥༣ ལས་བྱང་ལྡེབ། ༡༥ དབང་ཆོག་ལྡེབ། ༢༧ སྒྲུབ་ཁོག་ལྡེབ། ༢༠ སྨན་སྒྲུབ་ལྡེབ། ༢༩ སྲུང་ཟློག་ལྡེབ། ༢༦ རྒྱུད་འགྲེལ་ལྡེབ། ༢༠ རིམ་ལྔའི་ཁྲིད་ཡིག་ལྡེབ། ༡༢ རྣམས་འཇམ་མགོན་གསུང་། ཆོས་དབང་གསང་རྫོགས་ཀྱི་དུར་ཁྲོད་བརྒྱད་ཀྱི་བྱིན་འབེབ་གཏེར་གཞུང་ལྡེབ། ༣ མཆོག་གྱུར་གླིང་པའི་རྫོགས་པ་ཆེན་པོ་བཀའ་འདུས་རྩ་བའི་སྙིང་ཐིག་གི་གཏེར་གཞུང་ཆ་ཚང་ལྡེབ། ༢༠ བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་བརྒྱུད་འདེབས་ལྡེབ། ༡ བསྐྱེད་རྫོགས་འབྲིང་པོའི་ཕྲིན་ལས་ལྡེབ། ༡༡ བཅས་འཇམ་མགོན་གསུང་། ཡི་དམ་བཀའ་འདུས་སྙིང་པོའི་གཏེར་གཞུང་ལྡེབ། ༦ ཕྲིན་ལས་ལྡེབ། ༧ དབང་ཆོག་ལྡེབ། ༧ བཅས་འཇམ་མགོན་གསུང་རྣམས་སོ།། ༈ །།གཉིས་པ་སྒྲུབ་པ་སྡེ་བརྒྱད་བྱེ་བྲག་ཏུ་སྒྲུབ་པའི་སྐོར་ལ། འཇིག་རྟེན་ལས་འདས་པ་ལྔ། སོ་མཚམས་པ་གཅིག །འཇིག་རྟེན་པ་གཙོ་བོར་སྟོན་པ་གཉིས་ཏེ་བརྒྱད། དང་པོ་འཇམ་དཔལ་སྐུའི་སྒྲུབ་པ་ལ་ཞི་ཁྲོ་གཉིས་ཀྱི། དང་པོ་ཞི་བ་ལ། སར་བན་ཕྱོགས་མེད་ཀྱི་འཇམ་དཔལ་རྫོགས་ཆེན་ཕྲིན་ལས་དབང་ཆོག་རྒྱལ་དབང་ལྔ་པའི་གསུང་ལྡེབ། ༢༧ ཆོས་དབང་སར་བན་ཟུང་གི་གཏེར་ཁ་མཐུན་པ་འཇམ་དཔལ་རྒྱུད་ཀྱི་ཡང་སྙིང་མཆན་ཅན་ལྡེབ། ༣ སངས་གླིང་ཟབ་རྒྱ་དང་པོ་ཞི་བ་འཇམ་དཔལ་ཡེ་ཤེས་སེམས་དཔའ་བློའི་མུན་སེལ་སྒྲོན་མེའི་སྒྲུབ་ཐབས་ལྡེབ། ༡༡ གསང་སྒྲུབ་སོགས་གཏེར་གཞུང་ལྡེབ། ༡༣ དཔེའུ་རིས་ལྡེབ། ༡ སྒྲུབ་ཐབས་རྗེས་གནང་འཇམ་མགོན་གསུང་ལྡེབ། ༡༨ ཟབ་རྒྱ་གཉིས་པ་ཞི་དྲག་ཕྱེད་མ་འཇམ་དམར་ལོངས་སྤྱོད་ཚེ་འཕེལ་གྱི་གཏེར་གཞུང་ལྡེབ། ༩ སྒྲུབ་ཐབས་དབང་ཆོག་འཇམ་མགོན་གསུང་ལྡེབ། ༦ བཅས། ༼ཙ༽པ་ལ། བདུད་འདུལ་ཡི་དམ་དམར་ནག་འཇིགས་གསུམ་གྱི་འཇམ་དཔལ་རིགས་ལྔ་དབྱངས་ཅན་དམར་མོ་ལས་ཚོགས་བཅས་གཏེར་གཞུང་ལྡེབ། ༣༡ སྒྲུབ་ཐབས་དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༦ སྨིན་གཏེར་གཤིན་རྗེ་དྲེགས་འཇོམས་ཀྱི་འཇམ་དཔལ་ཞི་སྒྲུབ་གཏེར་གཞུང་ལྡེབ། ༣ རྣམས་སོ། ༈ །གཉིས་པ་འཇམ་དཔལ་དྲག་པོ་གཤིན་རྗེ་རོལ་པའི་སྐོར་ལ། དུམ་པ་རྒྱ་ཞང་ཁྲོམ་རྡོ་རྗེ་འབར་གྱི་གཤིན་རྗེ་གཤེད་ཕྱག་རྒྱ་ཟིལ་གནོན་ཚེ་བདག་ལྕགས་འདྲའི་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༡༡ རྒྱུན་ཁྱེར་ལྡེབ། ༡ སྔགས་བྱང་ལྡེབ། ༡ བཅས་སྨིན་གཏེར་གསུང་། མཆོད་བསྟོད་གསལ་སྒྲོན་ལྡེབ། ༡༥ གཏེར་སྲུང་མཐུ་ཆེན་སྡེ་བཞིའི་གསོལ་ཀ་ལྡེབ། ༡ བམ་རོའི་སྐོང་བ་ལྡེབ། ༥ བཅས་གཏེར་གཞུང་། གཏོར་ཟློག་སྨིན་གཏེར་གསུང་ལྡེབ། ༡༥ དེའི་ལག་ལེན་དམར་ཁྲིད་འཇམ་མགོན་གསུང་ལྡེབ། ༡༤ བསྙེན་ཡིག་ལྡེབ། ༢༥ དེའི་ལྷན་ཐབས་ལྡེབ། ༣༨ བཅས་མི་ཕམ་འཇམ་དབྱངས་རྣམ་རྒྱལ་ཟིལ་གནོན་དགྱེས་པའི་གསུང་། སྟོབས་ཆེན་མཆོད་རྟེན་ལག་ལེན་སྒྲོན་མ་བདུན་པ་པདྨ་འགྱུར་མེད་རྒྱ་མཚོའི་གསུང་ལྡེབ། ༣༩ པད་གནུབས་ཆུ་བོ་གཅིག་འདྲེས་དབང་ཆོག་འཇམ་མགོན་གསུང་ལྡེབ། ༤༢ ལྷ་རྗེ་གནུབས་ཆུང་གི་ཡང་ཟློག་མེའི་སྤུ་གྲིའི་གཏེར་གཞུང་ལྡེབ། ༨ ལས་བྱང་ལྡེབ། ༡༧ ཟུར་འདེབས་ལྡེབ། ༢ ལྷན་ཐབས་ལྡེབ། ༡༠ བསྙེན་ཡིག་ལྡེབ། ༡༢ རྣམས་རྒྱལ་དབང་ལྔ་པའི་གསུང་། ལག་ལེན་འཕྲུལ་འཁོར་གནད་སྒྱུ་ལྡེབ། ༣༤ དེའི་ཁ་སྐོང་ཟབ་གནད་སྙིང་གི་མེ་ལོང་ལྡེབ། ༩ བཅས་འབུམ་རམ་པ་ཨོ་རྒྱན་སྐལ་བཟང་གི་གསུང་། གལ་འགག་གནད་གཟེར་ཁྲི་སྨོན་ཆོས་མཛད་དོན་ལྡན་གསུང་ལྡེབ། ༡༡ སྨིན་གླིང་པ་གཏེར་ཆེན་འགྱུར་མེད་རྡོ་རྗེའི་གཤིན་རྗེ་དྲེགས་འཇོམས་ཀྱི་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༡༤ རྒྱུན་ཁྱེར་ལྡེབ། ༤ ལས་བུམ་སྒྲུབ་པ་ལྡེབ། ༡ དབང་ཆོག་ལྡེབ། ༡༡ བསྙེན་ཡིག་ལྡེབ། ༡༢ རྣམས་ཉིད་ཀྱི་གསུང་། ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེའི་སྙན་བརྒྱུད་གཤིན་རྗེའི་ཐུགས་ཐིག་གི་གཏེར་གཞུང་ལྡེབ། ༡༠ རྒྱུན་ཁྱེར་ཉིད་ཀྱི་གསུང་ལྡེབ། ༤ ཕྲིན་ལས་ལྡེབ། ༧ གཏོར་ཟློག་ལྡེབ། ༨ དབང་ཆོག་ལྡེབ། ༨ བཅས། ༼ཚ༽པ་ལ། མཆོག་གླིང་ཟབ་བདུན་གཤིན་རྗེ་དྲག་སྔགས་ཀྱི་ཟབ་པ་གཤིན་རྗེའི་གཤེད་ཚེ་བདག་ལྕགས་སྡིག་གི་ཤོག་དྲིལ་དང་པོ། གཉིས་པ། གསུམ་པ་བཅས་ལྡེབ། ༤ བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ དཀར་གཏོར་སོགས་སྔོན་འགྲོ་ལྡེབ། ༡ ཤོག་དྲིལ་བཞི་པ་ལྡེབ། ༣ སྨན་མཆོད་འཇམ་མགོན་གསུང་ལྡེབ། ༡ སྔགས་བྱང་གཏེར་གཞུང་ལས་ཁོལ་ཕྱུང་ལྡེབ། ༡ སྐོང་བ་ལྡེབ། ༢ འགུགས་བྱང་ལྡེབ། ༡ བཅས་འཇམ་མགོན་གསུང་། ཐུན་གཏོར་ལྡེབ། ༡ ཤོག་དྲིལ་ལྔ་པ་དང་། དྲུག་པ་ལྡེབ། ༣ བདུན་པ།་་་ལྕགས་བྱང་མ་ཁ་ཚང་ཕྱིར་གསར་བཞག།མཆན།ལྡེབ། ༥ བརྒྱད་པ་ནས་ཉི་ཤུའི་བར་ལྡེབ། ༡༩ ཉེར་གཅིག་ནས་ཉེར་བཞིའི་བར་ལྡེབ། ༥ ཤོག་དྲིལ་རྣམས་གཏེར་གཞུང་། རྩ་དབང་སྟོང་སྲོག་འཁོར་ལོའི་བཅུད་འབེབ་འཇམ་མགོན་གསུང་ལྡེབ། ༡༤ ཟངས་བྱང་གཤིན་རྗེའི་གཏེར་གཞུང་ལྡེབ། ༨ དབང་ཆོག་འཇམ་མགོན་གསུང་ལྡེབ། ༨ ཆོས་དབང་གཤིན་རྗེ་འཆར་ནག་ལས་བྱང་ཟློག་ཟོར་གཏེར་གཞུང་ལྡེབ། ༣༠ ཟློག་ཟོར་ལག་ལེན་རིན་ཆེན་རྣམ་རྒྱལ་གསུང་ལྡེབ། ༡༦ ཟོར་དབང་ཐུན་མོང་ཐུན་མིན་འཇམ་མགོན་གསུང་ལྡེབ། ༡༢ སངས་གླིང་ཟབ་རྒྱ་གསུམ་པ་འཇམ་ནག་ཡང་ཟབ་ཐུགས་ཀྱི་ཚལ་པ་གྲིབ་འཇོམས་རྡོ་རྗེའི་ཕ་ལམ་གཏེར་གཞུང་ལྡེབ། ༣༣ སྲུང་ཟློག་གུད་སྦས་ལྡེབ། ༣ གཤོར་དཀར་ནག་ཁྲ་གསུམ་ལྡེབ། ༢༡ རྨེ་རུ་རྩེའི་གཤོར་དམར་ཆུང་། གཤོར་གྱི་ཡིག་ཆུང་དགྱེའོ་དོང་གི་གཏེར་མ། ཕུང་བཤིགས་བྱང་ཤིང་དམར་པོ། སྤྱི་གཤོར་ནག་པོ་ལྡེབ། ༣ རྣམས་གཏེར་གཞུང་། ཞིག་གླིང་འཇམ་ནག་རྒྱུན་ཁྱེར་སྨིན་གཏེར་གསུང་ལྡེབ། ༡ སངས་གླིང་འཇམ་ནག་བརྒྱུད་འདེབས་ལྡེབ། ༡ ཕྲིན་ལས་ལྡེབ། ༡༤ དྲིས་ལན་ལྡེབ། ༢ རྫས་ཐོ་ལྡེབ། ༢ བཅས་ཀཿཐོག་ཚེ་ནོར་གསུང་། གྲིབ་མདོས་ཆོས་གྲགས་གསུང་ལྡེབ། ༦ ཕྲིན་ལས་རྗེས་གནང་འཇམ་མགོན་གསུང་ལྡེབ། ༡༩ རཏྣའི་རྟ་གསང་གི་འཇིགས་བྱེད་མེའི་སྤུ་གྲིའི་བདག་མདུན་སྲུང་ཟློག་ཆགས་མེད་གསུང་ལྡེབ། ༡༨ དབང་ཆོག་འཇམ་མགོན་གསུང་ལྡེབ། ༦ གནམ་ཆོས་འཇིགས་བྱེད་གཏེར་གཞུང་དང་ཆགས་མེད་གསུང་བཅས་ལྡེབ། ༥ ཀིང་ནག་གནན་པའི་རྣ་ཆ་བཀའ་གཏེར་གཉིས་ལྡན་ཟུར་མཁར་ལུགས་ཀྱི་ཕྲིན་ལས་མཉམ་ཉིད་རྡོ་རྗེའི་གསུང་ལྡེབ། ༡༣ རྒྱུན་ཁྱེར་རྡོ་རྗེའི་གོ་ཆ་ལྡེབ། ༡༡ ལས་བྱང་དུག་རི་ལྡེབ། ༡༤ རྒྱུན་ཁྱེར་བསྡུས་པ་ལྡེབ། ༡ བཅས་ཆགས་མེད་གསུང་། ཕྲིན་ལས་འདོད་འཇོ་ཚེ་དབང་ཀུན་ཁྱབ་གསུང་ལྡེབ། ༡༡ དབང་ཆེན་ལྡེབ། ༡༦ གཏོར་དབང་ལྡེབ། ༩ བཅས་འཇམ་མགོན་གསུང་། ཞང་ཁྲོམ་རིགས་གསུམ་འདུས་པ་ལས་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལས་བྱང་གདུག་པ་ཀུན་སྒྲོལ་ལྡེབ། ༢༩ བཅའ་གཞི་ལག་ལེན་ཤོག་དྲིལ་ལྡེབ། ༡༦ བཅས་ཆོས་གྲགས་གསུང་། ལས་བྱང་གནམ་ལྕགས་གོ་མཚོན་ཆགས་མེད་གསུང་ལྡེབ། ༡༣ གཅིག་ཆོག་གསུམ་གྱི་གདམས་པ་རྒྱུན་ཁྱེར་ཀུན་ཁྱབ་གསུང་ལྡེབ། ༣ དུག་དབང་ལྡེབ། ༡༤ གཏོར་དབང་ལྡེབ། ༧ བཅས་འཇམ་མགོན་གསུང་རྣམས་སོ།། ༼ཛ༽པ་ལ། འཇམ་དཔལ་ཤིན་ཏུ་ཁྲོས་པ་ཁྱབ་བདག་ནཱ་ག་རཀྴའི་སྐོར་ལ། ཉང་གཏེར་ནཱ་ག་རཀྴའི་དྲག་སྒྲུབ་རྩ་བ་ལྡེབ། ༢ རིན་ཆེན་གླིང་པའི་ནཱ་ག་རཀྴའི་གཏེར་གཞུང་སྐོར་སྡེབ། ༤༩ ཁྱུང་འཁོར་དཔེའུ་རིས་ལྡེབ། ༢ རྒྱུན་ཁྱེར་སྨིན་གཏེར་གསུང་ལྡེབ། ༡ སྒྲུབ་ཐབས་དང་རྒྱུན་ཁྱེར་ཚེ་ནོར་དང་། ཞལ་རྒྱུན་ངག་དབང་ཆོས་ཀྱི་རྒྱ་མཚོའི་གསུང་བཅས་ལྡེབ། ༦ སྙན་བརྒྱུད་ཞལ་ཤེས་ལྡེབ། ༢ གནམ་ཆོས་ནཱ་ག་རཀྴའི་སྒྲུབ་ཐབས་ལས་ཚོགས་བཅས་ལྡེབ། ༥ སྐྱིད་གྲོང་ཐུགས་མཆོག་རྡོ་རྗེའི་དྲེགས་འདུལ་གནམ་ལྕགས་འཁོར་ལོའི་ནཱ་ག་རཀྴའི་གསང་སྒྲུབ་ལྡེབ། ༡༤ སྒྲུབ་ཡིག་སྙིང་བྱང་དམར་ཁྲིད་ལྡེབ། ༤ བཅས་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༢ རྣམས་སོ།། ༈ །།གཉིས་པ་པདྨ་གསུང་གི་སྒྲུབ་སྐོར་ལ་ཞི་དྲག་གཉིས། དང་པོ་ཞི་བ་ལའང་རིགས་བདག་ཚེ་འོད་དཔག་མེད་གཉིས་དང་། ཐུགས་ཆེན་གསུམ་གྱི་དང་པོ་ཚེ་དཔག་མེད་ལ། ཉང་གི་ཚེ་སྒྲུབ་མཚོ་སྐྱེས་རྡོ་རྗེ་འཆི་མེད་བདུད་རྩི་བུམ་པའི་ཕྲིན་ལས་དབང་ཆོག་འཇམ་མགོན་གསུང་ལྡེབ། ༢༧ བྱང་གཏེར་དྲག་མཐིང་ཚེ་སྒྲུབ་ལྕགས་སྡོང་མའི་གཏེར་གཞུང་ལྡེབ། ༡༠ ལྷ་མང་གི་དབང་ཆོག །ལྷ་གཅིག་གི་རྒྱུན་ཁྱེར་བཅས་ས་སྐྱ་པ་ཀུན་དགའ་བཀྲ་ཤིས་གསུང་ལྡེབ། ༡༣ རང་ཤར་ཚེ་ལྷ་ཡོངས་རྫོགས་གཏེར་གཞུང་ལྡེབ། ༨ ཕྲིན་ལས་སྨིན་བྱེད་འཇམ་མགོན་གསུང་ལྡེབ། ༡༣ སངས་གླིང་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི་ཚེ་དབང་དོན་གྱི་པྲ་ཁྲིད་ཆགས་མེད་གསུང་ལྡེབ། ༢༣ རྡོར་གླིང་རྫོགས་ཆེན་ལྟ་བ་ཀློང་ཡངས་ཀྱི་ཞི་ཁྲོའི་ཚེ་སྒྲུབ་འོད་ཟེར་དྲྭ་བའི་ཕྲིན་ལས་ལྡེབ། ༡༤ དབང་ཆོག་ལྡེབ། ༡༠ བཅས་འཇམ་མགོན་གསུང་། རཏྣའི་ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་གཏེར་གཞུང་ལྡེབ། ༢༣ གསོལ་འདེབས་གཏེར་སྟོན་གྱིས་མཇུག་བསྐྱེད་པ་ལྡེབ། ༡ ནང་སྒྲུབ་ཕྲིན་དབང་འཇམ་མགོན་གསུང་ལྡེབ། ༡༧ རྒོད་ལྡེམ་ལས་འབྲེལ་པད་གླིང་སངས་གླིང་སྟེ་གཏེར་ཁ་བཞི་འདུས་ཚེ་སྒྲུབ་བདུད་རྩི་བུམ་ཆུང་སྒྲུབ་ཐབས་དབང་ཆོག་འཇམ་མགོན་གསུང་ལྡེབ། ༧ རས་ཆེན་དཔལ་འབྱོར་བཟང་པོའི་ཚེ་དབང་མདའ་འཕེལ་མའི་ཆོག་སྒྲིག་ཞྭ་ལུ་རིན་ཆེན་བསོད་ནམས་མཆོག་གྲུབ་གསུང་དང་། ཡང་ཆོག་ཁྲིགས་བཟང་པོ་རྒྱལ་མཚན་གསུང་། ཟིན་བྲིས་ཀུན་གཟིགས་མཁྱེན་བརྩེའི་གསུང་བཅས་ལྡེབ། ༢༣ མངའ་རིའི་པཎ་ཆེན་གྱི་རིག་འཛིན་ཡོངས་འདུས་ལས་ཚེ་སྒྲུབ་ཡེ་ཤེས་འོད་མཆོག་གི་གཏེར་གཞུང་ལྡེབ། ༤༦ གསང་སྒྲུབ་ཕྲིན་ལས་ལྡེབ། ༢༥ དབང་ཆོག་ལྡེབ། ༡༣ བཅས་འཇམ་མགོན་གསུང་། འབྲི་གུང་རིན་ཕུན་དགོངས་ཟབ་ཚེ་སྒྲུབ་གཏེར་གཞུང་དང་ཕྱི་སྒྲུབ་ཆོས་གྲགས་གསུང་བཅས་ལྡེབ། ༢༢ ཕྱི་ནང་གསང་བའི་ཟབ་དབང་འཇམ་མགོན་གསུང་ལྡེབ། ༡༠ བཅས། ༼ཝ༽པ་ལ། གར་དབང་ཞིག་གླིང་བླ་མ་ནོར་བུ་པད་ཕྲེང་གི་ཚེ་སྒྲུབ་རྒྱལ་བ་འདུས་པའི་ཕྲིན་ལས་ལྡེབ། ༡༢ དབང་ཆོག་ལྡེབ། ༡༥ ཤེར་འོད་གྲོལ་ཏིག་ཚེ་དཔག་མེད་འཆི་མེད་སྐུ་གསུམ་འདུས་པའི་སྒྲུབ་ཐབས་དབང་ཆོག་ལྡེབ། ༢༠ རྣམས་འཇམ་མགོན་གསུང་། གྲོལ་ཏིག་གི་ཨ་ཧཾ་དྭངས་མ་གསུམ་ལྡན་གཏེར་གཞུང་ལྡེབ། ༢ འཇའ་ཚོན་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ཀྱི་ལས་བྱང་འཇམ་མགོན་གསུང་ལྡེབ། ༡༢ སྐོང་བ་འཇམ་མགོན་གསུང་ལྡེབ། ༤ དབང་ཆོག་ལྡེབ། ༡༨ འཆི་བླུའི་གཏོར་ཆེན་ལྡེབ། ༡༨ གླུད་རབས་ལྡེབ། ༦ བཅས་འཇམ་མགོན་གསུང་། བདུད་འདུལ་ཡང་གསང་རིག་འཛིན་ཀུན་འདུས་ཀྱི་ཚེ་སྒྲུབ་ཚ་བ་དམར་ཐག་གི་ལས་བྱང་ལྡེབ། ༦ ཚེ་འགུགས་ལྡེབ། ༢ བཅས་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༣ སྨིན་གཏེར་རིག་འཛིན་ཐུགས་ཐིག་གི་ཚེ་སྒྲུབ་འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་གཏེར་གཞུང་ལྡེབ། ༦ ལས་བྱང་ལྡེབ། ༨ རྗེས་ཆོག་ལྡེབ། ༢ རྒྱུན་ཁྱེར་ལྡེབ། ༡ བརྟན་བཞུགས་ལྡེབ། ༤ དབང་ཆོག་ལྡེབ། ༤ བཅས་ཉིད་ཀྱི་གསུང་། དབང་གི་མཚམས་སྦྱོར་ལྡེབ། ༨ བསྙེན་ཡིག་ལྡེབ། ༦ བཅས་དྷརྨ་ཤྲཱིའི་གསུང་། རྒོད་ལྡེམ་པས་རྡོར་སེམས་ཐུགས་ཀྱི་མེ་ལོང་སྐོར་ཡང་གཏེར་དུ་སྦས་པ་ཉིད་ཀྱི་རྣམ་འཕྲུལ་གར་དབང་ཟླ་བ་རྒྱལ་མཚན་གྱིས་སྤྱན་དྲངས་པ་ཚེ་སྒྲུབ་ཡེ་ཤེས་རྒྱ་མདུད་ཀྱི་སྒྲུབ་ཐབས་དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༣ ཀློང་གསལ་སྙིང་པོའི་ཚེ་སྒྲུབ་ཡང་གསང་བླ་མེད་ཀྱི་བརྒྱུད་འདེབས་ལྡེབ། ༡ བྱིན་འབེབ་ལྡེབ། ༡ ཕྲིན་ལས་ལྡེབ། ༦ ཚེ་འགུགས་ལྡེབ། ༣ ཚེ་འགུགས་བསྡུས་པ་ལྡེབ། ༡ བཅས་གཏེར་གཞུང་། དབང་ཆོག་ཛཿཀ་ཀུན་རྣམ་གསུང་ལྡེབ། ༤ ཡོན་དགེ་མི་འགྱུར་རྡོ་རྗེའི་ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་གྱི་ཡང་སྙིང་ཚེ་སྒྲུབ་གཏེར་གཞུང་ལྡེབ། ༥ དབང་གི་མཚམས་སྦྱོར་སི་ཏུ་པདྨ་ཉིན་བྱེད་གསུང་ལྡེབ། ༤ སྟག་ཤམ་ཚེ་སྒྲུབ་པདྨ་གསང་ཐིག་དང་ལྕགས་དྲིལ་ཡང་སྙིང་བཅུད་བསྡུས་གསང་དྲིལ་ཟུང་འཇུག་གི་སྒྲུབ་ཐབས་ལྡེབ། ༡༡ དབང་ཆོག་ལྡེབ། ༡༠ བཅས་བསམ་གཏན་བསྟན་འཛིན་གསུང་། དབོན་སྲས་ཁྱུང་ཐོག་གི་ཀུན་བཟང་ཐུགས་ཐིག་ལས་ཚེ་སྒྲུབ་ཡེ་ཤེས་སྲོག་ཏིག་ཀུན་གཟིགས་མཁྱེན་བརྩེའི་ཉེ་བརྒྱུད་ཀྱི་གཏེར་གཞུང་ལྡེབ། ༤ དབང་ཆོག་འཇམ་མགོན་གསུང་ལྡེབ། ༥ བདེ་གླིང་ཀློང་གསལ་མཁའ་འགྲོ་སྙིང་ཏིག་གི་ཚེ་སྒྲུབ་རྡོ་རྗེ་རྒྱ་མདུད་ཀྱི་བརྒྱུད་འདེབས་ལྡེབ། ༢ བདག་མདུན་བསྙེན་སྒྲུབ་བདག་འཇུག་ལྡེབ། ༡༠ ཟབ་ཁྲིད་ལྡེབ། ༧ བཅས་ཚེ་ནོར་གསུང་། དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༡ རོལ་རྡོར་མཚོ་གཏེར་ཚེ་དཔག་མེད་ལྕགས་ཀྱི་བང་མཛོད་ཀྱི་ལས་བྱང་གཏེར་གཞུང་ལྡེབ། ༡༡ དབང་ཆོག་འཇམ་མགོན་གསུང་ལྡེབ། ༩ ཏའུ་རོག་རྗེ་གླིང་པའི་རྟ་མགྲིན་ཡིད་བཞིན་འབར་བའི་ཚེ་སྒྲུབ་གསང་བ་རྨད་བྱུང་ཀུན་གཟིགས་མཁྱེན་བརྩེའི་ཉེ་བརྒྱུད་གཏེར་གཞུང་ལྡེབ། ༤ དབང་ཆོག་འཇམ་མགོན་གསུང་ལྡེབ། ༦ གར་དབང་འཆི་མེད་རྡོ་རྗེའི་ཚེ་སྒྲུབ་འཆི་མེད་ཐུགས་ཐིག་གི་བརྒྱུད་འདེབས་མི་བསྐྱོད་རྡོ་རྗེའི་གསུང་ལྡེབ། ནང་སྒྲུབ་ལས་བྱང་གཏེར་གཞུང་ལ་ནམ་མཁའ་ཚེ་དབང་མཆོག་གྲུབ་ཀྱི་གསལ་ཁ་ཅན་ལྡེབ། ༡༨ ཛཔ྄་བསྐུལ་ལྡེབ། ༡ ཚེ་འགུགས་ལྡེབ། ༨ བཅས་གཏེར་གཞུང་། དོན་དབང་འཇམ་མགོན་གསུང་ལྡེབ། ༧ ཟུར་མཁར་ཟླ་བའི་འོད་ཟེར་གྱི་ཐུགས་སྒྲུབ་བདེ་གཤེགས་སྙིང་པོའི་ཚེ་སྒྲུབ་རྡོ་རྗེ་སྙིང་པོ་ལྡེབ། ༡༢ དབང་ཆོག་ལྡེབ། ༨ བཅས་གཏེར་གཞུང་ཁྲིགས་བཀོད། དཔའ་བོ་བརྒྱད་པ་པདྨ་བསྟན་འཛིན་གྲུབ་མཆོག་རྩལ་གྱི་དགོངས་གཏེར་ཚེ་སྒྲུབ་བདུད་རྩིའི་རྒྱུན་བཟང་གཏེར་གཞུང་དང་ཟིན་བྲིས་པད་སྤྲུལ་དཔལ་ལྡན་རྡོ་རྗེའི་གསུང་བཅས་ལྡེབ། ༡༤ བརྒྱུད་འདེབས་ཉིད་ཀྱི་གསུང་ལྡེབ། ༡ བསྙེན་ཟིན་འཇམ་མགོན་གསུང་ལྡེབ། ༦ མཆོག་གླིང་ཟབ་བདུན་རྩ་གསུམ་ཚེ་ཟབ་ཟངས་བྱང་མའི་ཚེ་དཀར་གྱི་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ཟུར་འདེབས་ལྡེབ། ༡ བཅས་འཇམ་མགོན་གསུང་། ལས་བྱང་གཏེར་གཞུང་ལྡེབ། ༢༠ སྨན་མཆོད་འཇམ་མགོན་གསུང་ལྡེབ། ༡ ཚེ་འགུགས་གཏེར་གཞུང་ལྡེབ། ༦ ཕྲིན་ལས་རྒྱུན་ཁྱེར་ལྡེབ། ༧ དབང་ཆོག་ལྡེབ། ༢༡ བཅས་འཇམ་མགོན་གསུང་། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་ཆོས་སྐུ་ཚེ་དམར་གྱི་ལས་བྱང་དང་དབང་ཆོག་ལྡེབ། ༢༠ བསྙེན་སྒྲུབ་ཟིན་བྲིས་ལྡེབ། ༢ བླ་བསླུའི་ཆོ་ག་ལྡེབ། ༡༢ འགྲེས་བྱང་ལྡེབ། ༡ བཅས་འཇམ་མགོན་གསུང་ངོ་། ༼ཞ༽པ་ལ། མཆོག་གླིང་ཚེ་སྒྲུབ་རྡོར་ཕྲེང་གི་ཚེ་བདག་ཡབ་ཡུམ་སྲས་གསུམ་གྱི་ཕྱི་སྒྲུབ་ལྡེབ། ༨ ནང་སྒྲུབ་ལྡེབ། ༧ གསང་སྒྲུབ་ལྡེབ། ༤ བཅས་དེ་ཉིད་ཀྱི་ཕབ་འཕྲོ་ལུས་པ་འཇམ་མགོན་རྡོ་རྗེ་འཆང་གིས་གཏན་ལ་ཕབ་པ། རིག་འཛིན་ཚེ་དབང་ནོར་བུའི་དགོངས་གཏེར་ཚེ་དཔག་མེད་སྐུ་གསུམ་ལམ་རིམ་གྱི་ཟབ་ཁྲིད་ཉིད་ཀྱི་གསུང་ལྡེབ། ༡༣ རྣམས་སོ།། ༈ །།གཉིས་པ་འོད་དཔག་མེད་ལ། ཀཿཐོག་དམ་པ་བདེ་གཤེགས་ཀྱི་དག་སྣང་རྩ་བ་ལ་ཕྱིས་ཀློང་གསལ་གཏེར་བྱོན་རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས་དང་སྦྱར་བའི་སྒྲུབ་དབང་གནས་ལུང་བཅས་འཇམ་མགོན་གསུང་ལྡེབ། ༡༠ གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ཀྱི་སྔོན་འགྲོ་གཏེར་གཞུང་ལྡེབ། ༡ ཞིང་སྒྲུབ་འདོན་ཆ་ལྡེབ། ༦ མཆོད་ཕྲེང་ལྡེབ། ༡ ཟིན་བྲིས་ལྷན་ཐབས་ལྡེབ། ༣ ཞིང་སྐྱོང་ལྡེབ། ༣ ཟིན་བྲིས་རྒྱས་པ་ལྡེབ། ༩ དབང་ཆོག་ལྡེབ། ༡༢ མཐའ་རྟེན་ལྡེབ། ༢ བཅས་ཆགས་མེད་གསུང་། སྟག་ཤམ་ཡི་དམ་དགོངས་འདུས་ལས་རིགས་བདག་འོད་དཔག་མེད་ཡེ་ཤེས་སེམས་དཔའི་བརྒྱུད་འདེབས་ཆོས་གླིང་གསུང་ལྡེབ། ༡ སྒྲུབ་ཐབས་ལྡེབ། ༡༥ ཚེ་འགུགས་ལྡེབ། ༥ ཆོས་སྤྱོད་སྨོན་ལམ་ལྡེབ། ༡༥ བཅས་གཏེར་གཞུང་། ཚེ་དབང་ལྡེབ། ༡༤ ནང་སྒྲུབ་དང་དབང་བསྐུར་ལྡེབ། ༡༠ བཅས་འཇམ་མགོན་གསུང་། སྒྲུབ་ཐབས་པད་སྡོང་རྗེས་གནང་བཅས་གཏེར་གཞུང་ལྡེབ། ༦ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་ལོངས་སྐུ་འོད་དཔག་མེད་ཞིང་སྦྱོང་གི་ཆོ་ག་ལྡེབ། ༢༡ གཞན་ཕན་ཕྲིན་ལས་ལྡེབ། ༡༤ དབང་བསྐུར་གྲངས་གསོག་ལྡེབ། ༡ བཅས་ཀུན་གཟིགས་མཁྱེན་བརྩེའི་དབང་པོའི་གསུང་། རྗེས་འབྲེལ་ཉི་ཟླ་སངས་རྒྱས་ཀྱི་འཕོ་བ་འཇག་ཚུགས་མའི་གཏེར་གཞུང་ཁྲིད་ཡིག་ཆོས་གྲགས་གསུང་བཅས་ལྡེབ། ༡༩ ཁྲིད་ཀྱི་ཟིན་ཐོ་ལྡེབ།༢ འཕོ་བ་སྙན་བརྒྱུད་མའི་ཟིན་བྲིས་ལྡེབ། ༣ དམིགས་རིམ་ཟིན་བྲིས་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༣ འཕོ་འདེབས་ཐུགས་རྗེའི་ལྕགས་ཀྱུ་ཆགས་མེད་གསུང་ལྡེབ། ༦ རྣམས་སོ།། ༈ །།གསུམ་པ་ཞི་བ་ཐུགས་རྗེ་ཆེན་པོའི་སྐོར་ལ། གྲུབ་ཐོབ་དངོས་གྲུབ་དང་ཉང་གི་ཟབ་གཏེར་སྲོང་བཙན་ཞལ་གདམས་མ་ཎི་བཀའ་འབུམ་གྱི་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ཡིད་བཞིན་ནོར་བུའི་སྒྲུབ་ཁོག་ཆེན་མོའི་ཕྲིན་ལས་ལྡེབ། ༡༤ དབང་གི་ལག་ལེན་ལྡེབ། ༢༣ བཅས་འཇམ་མགོན་གསུང་། བསྐྱེད་རྫོགས་ཁྲིད་ཡིག་ལྡེབ། ༥༩ ལས་ཚོགས་བསྡུས་པ་ལྡེབ། ༢༣ བཅས་ཆོས་གྲགས་གསུང་། ཐུན་མོང་མ་ཎིའི་ལས་ཚོགས་རྩ་གཞུང་ལྡེབ། ༩ རྒྱུན་ཁྱེར་སྨིན་གཏེར་གསུང་ལྡེབ། ༢ དོན་ཁྲིད་ལྡེབ། ༦ བརྒྱུད་འདེབས་ལྡེབ། ༢ བཅས་དྷརྨ་ཤྲཱི་གསུང་། ཉང་གཏེར་ཐུགས་ཆེན་འགྲོ་འདུལ་གྱི་བུམ་གཟུངས་ཁྲུས་ཆོག་གཏེར་གཞུང་ལྡེབ། ༧ ནང་སྒྲུབ་ཕྲིན་ལས་ལྡེབ། ༡༦ དབང་ཆོག་ཀུན་གཟིགས་མཁྱེན་བརྩེའི་ཉེ་བརྒྱུད་ལྡེབ། ༢༦ བཅས་འཇམ་མགོན་གསུང་། ཚེ་སྒྲུབ་གཏེར་གཞུང་ལྡེབ། ༧ བཀའ་མ་གྲུབ་རྒྱལ་མ་དང་གཏེར་མ་ཉང་ནས་བརྒྱུད་དེ་དཔལ་ཀརྨ་པ་ལ་བཀའ་བབས་པ་ཐུགས་ཆེན་རྒྱལ་བ་རྒྱ་མཚོ་ལྷ་ལྔ་སྦ་ལྕག་མའི་རྒྱ་གཞུང་རྡོ་རྗེ་སྙིང་པོས་མཛད་པ་ལྡེབ། ༡༠ བ་མཁལ་མའི་གཞུང་ཉང་གཏེར་ལ་ལྡེབ། ༡༧ གསོལ་འདེབས་ཀརྨ་པཀྴིའི་གསུང་ལྡེབ། ༡ སྒྲུབ་ཐབས་ཞྭ་དམར་དཀོན་མཆོག་འབངས་ཀྱི་གསུང་འཇམ་མགོན་རྡོ་རྗེ་འཆང་གི་བཀླག་ཆོག་མ་ལྡེབ། ༡༣ རྒྱུན་ཁྱེར་ལྡེབ། ༢ གནས་ལུང་ལྡེབ། ༩ བསྙེན་ཡིག་ཟིན་བྲིས་ལྡེབ། ༡༠ གཏོར་དབང་ལྡེབ། ༢ བཅས་འཇམ་མགོན་གསུང་ངོ་།། ༼ཟ༽པ་ལ། གུ་རུ་ཆོས་དབང་གི་ཐུགས་ཆེན་ཡང་སྙིང་འདུས་པའི་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༡༩ བཅས་འཇམ་མགོན་གསུང་། རྒྱུན་ཁྱེར་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༣ སྨིན་བྱེད་ལྡེབ། ༡༨ བསྙེན་ཡིག་ལྡེབ། ༡༤ སྒྲུབ་ཁོག་ལྡེབ། ༣༣ གནས་ལུང་རྒྱས་པ་ལྡེབ། ༡༩ གནས་ལུང་བསྡུས་པ་ལྡེབ། ༨ གནས་འདྲེན་མདོར་བསྡུས་ལྡེབ། ༢ བཅས་འཇམ་མགོན་གསུང་། ཉི་མ་སེངྒེའི་ཐུགས་ཆེན་པདྨ་ཞི་ཁྲོ་ཀུན་གཟིགས་མཁྱེན་རྩེའི་ཡང་གཏེར་རྩ་གཞུང་ལྡེབ། ༦༢ བརྒྱུད་འདེབས་ལྡེབ། ༡ དབང་བསྐུར་ཟིན་བྲིས་ལྡེབ། ༡༠ དོན་དབང་གཏོར་དབང་ཁོལ་ཕྱུང་ལྡེབ། ༦ བཅས་འཇམ་མགོན་གསུང་། བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱི་ཀུན་བཟང་ཐུགས་གཏེར་ལས་ཐུགས་ཆེན་འགྲོ་འདུལ་ལྷ་དྲུག་པ་ཀུན་གཟིགས་མཁྱེན་བརྩེའི་ཉེ་བརྒྱུད་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༣ སྒྲུབ་ཐབས་དབང་ཆོག་འཇམ་མགོན་གསུང་ལྡེབ། ༩ བྱང་གཏེར་ཐུགས་ཆེན་འགྲོ་བ་ཀུན་སྒྲོལ་གྱི་གསོལ་འདེབས་ལྡེབ། ༡ མངོན་རྟོགས་ལྡེབ། ༡ ཕྲིན་ལས་ལྡེབ། ༡༠ བཀའ་སྲུང་དབང་གི་མ་བདུན་ལྡེབ། ༡ སྨོན་ལམ་ལྡེབ། ༢ བཅས་གཏེར་གཞུང་། བསྙེན་ཡིག་པད་ཕྲིན་གསུང་ལྡེབ། ༤ དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༤ དྲི་མེད་ལྷུན་པོའི་དོན་ཏིག་འགྲོ་བ་ཀུན་སྒྲོལ་དང་། གར་དབང་ཟླ་བ་རྒྱལ་མཚན་གྱི་ཟབ་ཏིག་ཆོས་དབྱིངས་རང་གསལ། སྟག་ཤམ་དགོངས་འདུས་འགྲོ་བ་ཀུན་སྒྲོལ་གསུམ་ཆུ་བོ་གཅིག་འདྲེས་ཕྱི་མའི་རྒྱུད་ལྡེབ། ༡༠ བསྡུས་དོན་ལྡེབ། ༦ མ་བསྒོམ་སངས་རྒྱས་གནད་དྲུག་ལྡེབ། ༡༡ བཅས་སྔ་མའི་གཏེར་གཞུང་། ཕྲིན་ལས་ལམ་ཁྱེར་ལྡེབ། ༡༢ དབང་ཆོག་ལྡེབ། ༡༨ བཅས་འཇམ་མགོན་གསུང་། དྲི་མེད་ཀུན་དགའི་ཐུགས་ཆེན་རྒྱལ་བ་རྒྱ་མཚོ་ཡེ་ཤེས་འོད་ཀྱི་སྙིང་པོ་ཀུན་གཟིགས་མཁྱེན་བརྩེའི་ཡང་གཏེར་གཞུང་ལེའུ་གསུམ་པ་ལྡེབ། ༤༧ བརྒྱུད་འདེབས་ལྡེབ། ༡ ཕྲིན་ལས་ལྡེབ། ༡༡ སྒྲུབ་ཁོག་ལྡེབ། ༡༩ དོན་དབང་ལྡེབ། ༧ གནས་ལུང་ལྡེབ། ༡༣ བསྙེན་ཡིག་ལྡེབ། ༡༠ རྣམས་འཇམ་མགོན་གསུང་། སངས་གླིང་ཐུགས་ཆེན་ནོར་བུ་སྐོར་གསུམ་གྱི་ཕྱི་རྒྱལ་པོ་ལུགས་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་གི་མདོ་སྒྲུབ་རྗེས་གནང་རྟ་ནག་བཀའ་གཏད་འཇམ་མགོན་གསུང་ལྡེབ། ༡༨ གཟུངས་རིང་གཏེར་གཞུང་ལྡེབ། ༩ ནང་ནོར་བུ་ལུགས་ཀླུ་སྒྲུབ་བཀའ་སྲོལ་ཕྱག་བཞི་པ་གཙོ་འཁོར་གསུམ་པའི་སྒྲུབ་ཐབས་དབང་ཆོག་ལྡེབ། ༣༠ གསང་བ་བླ་མེད་ལུགས་མི་ཏྲ་ཛོ་ཀིའི་བཀའ་སྲོལ་པདྨ་གར་དབང་གཙོ་འཁོར་ལྔ་པའི་ཕྲིན་ལས་དབང་ཆོག་ལྡེབ། ༢༩ མཆོག་དབང་གསུམ་གྱི་ཁ་འཕང་ལྡེབ། ༡༣ རྣམས་འཇམ་མགོན་གསུང་ངོ་།། ༼འ༽པ་ལ། རྡོ་རྗེ་གླིང་པའི་ཐུགས་ཆེན་བདེ་གཤེགས་ཀུན་འདུས་ཀྱི་གཏེར་གཞུང་ལྡེབ། ༣༨ ལས་བྱང་གཏེར་གཞུང་ལྡེབ། ༡༤ དབང་ཆོག་ལྡེབ། ༡༥ ཚེ་དབང་ལྡེབ། ༣ བཅས་འཇམ་མགོན་གསུང་། རྡོར་གླིང་ཐུགས་ཆེན་ངན་སོང་ཀུན་སྐྱོབ་ཀུན་གཟིགས་མཁྱེན་བརྩེའི་ཉེ་བརྒྱུད་ཀྱི་ལས་བྱང་ལྡེབ། ༡༧ དབང་ཆོག་ལྡེབ། ༡༡ བཅས་འཇམ་མགོན་གསུང་། རཏྣའི་ཐུགས་ཆེན་གསང་བ་འདུས་པའི་ལས་བྱང་གཏེར་གཞུང་ལྡེབ། ༡༦ ཐུན་བཟུང་ཛཔ྄་དགོངས་ལྡེབ། ༢ སྨིན་བྱེད་ཆེན་མོ་ལྡེབ། ༣༤ སངས་རྒྱས་སྟོང་དབང་ལྡེབ། ༡༨ འབྲིང་པོ་གཏོར་དབང་ལྡེབ། ༨ རྣལ་འབྱོར་རྒྱུན་དབང་ལྡེབ། ༡༥ རྣམས་འཇམ་མགོན་གསུང་། པད་གླིང་ཐུགས་ཆེན་མུན་སེལ་སྒྲོན་མེའི་ལས་བྱང་སྨིན་གཏེར་གསུང་ལྡེབ། ༡༢ རྩ་དབང་ལྡེབ། ༡༤ དབང་བསྐུར་གསུང་རྒྱུན་མ་ལྡེབ། ༨ བཅས་འཇམ་མགོན་གསུང་། འགྲོ་འདུལ་ལས་འཕྲོ་གླིང་པའི་ཐུགས་ཆེན་དོན་གསལ་སྒྲོན་མེ་ཀུན་གཟིགས་མཁྱེན་བརྩེའི་ཉེ་བརྒྱུད་ཀྱི་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༡༡ བཅས་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་ལྡེབ། ༣༥ མངའ་རིས་ཚུལ་ཁྲིམས་བཟང་པོས་ཀུན་གཟིགས་མཁྱེན་བརྩེ་ལ་ཉེ་བརྒྱུད་དུ་བསྩལ་པ་ཐུགས་ཆེན་གསོལ་འདེབས་ཀྱི་སྒྲུབ་ཐབས་རྩ་གཞུང་དང་། ཐུགས་ཆེན་གསོལ་འདེབས་དགེ་སློང་པདྨ་དཀར་པོའི་གསུང་ལྡེབ། ༤ རིག་གཏད་འཇམ་མགོན་གསུང་ལྡེབ། ༦ ལེགས་ལྡན་རྗེའི་ཐུགས་ཆེན་འཁོར་བ་དབྱིངས་སྒྲོལ་གྱི་ལས་བྱང་གཏེར་གཞུང་ལྡེབ། ༩ སྨིན་བྱེད་འཇམ་མགོན་གསུང་ལྡེབ། ༡༤ བསྙེན་ཡིག་པད་ཕྲིན་གསུང་ལྡེབ། ༩ གར་དབང་ཞིག་གླིང་ཐུགས་ཆེན་འཁོར་བ་ལས་སྒྲོལ་གྱི་ལས་བྱང་འཇམ་མགོན་གསུང་ལྡེབ། ༡༤ བཀའ་གཏེར་སྲུང་མའི་གསོལ་མཆོད་ལྡེབ། ༣ དབང་བསྐུར་རྒྱས་པ་ལྡེབ། ༤༠ གཏད་རྒྱའི་དབང་ལྡེབ། ༤ དོན་དབང་ལྡེབ། ༧ རྣམས་འཇམ་མགོན་གསུང་། ཤེར་འོད་གྲོལ་ཐིག་ཐུགས་ཆེན་པདྨའི་དབང་ཕྱུག་གི་སྔོན་གཏོར་ལྡེབ། ༡ སྒྲུབ་ཐབས་ལྡེབ། ༨ བཅས་གཏེར་གཞུང་། སྨིན་བྱེད་འཇམ་མགོན་གསུང་ལྡེབ། ༧ འཇའ་ཚོན་ཐུགས་ཆེན་རྒྱལ་པོ་ལུགས་ངན་སོང་རང་གྲོལ་གྱི་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༢ ཕྱི་སྒྲུབ་ཕྲིན་ལས་གཏེར་གཞུང་ལ་འཇམ་མགོན་རྡོ་རྗེ་འཆང་གིས་གསལ་བྱེད་བགྱིས་པ་ལྡེབ། ༡༥ ཁྲུས་ཆབ་རིལ་བུའི་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༦ ཆོས་ལོངས་སྤྲུལ་གསུམ་སྒོམ་བཟླས་རྒྱུན་ཁྱེར་ལྡེབ། ༢ ནང་སྒྲུབ་རྒྱུན་ཁྱེར་ལྡེབ། ༥ དབང་ཆོག་ལྡེབ། ༡༨ གཤིན་པོ་རྗེས་འཛིན་ལྡེབ། ༡༢ རྣམས་འཇམ་མགོན་གསུང་ངོ་།། ༼ཡ༽པ་ལ། བདུད་འདུལ་སྤྲུལ་སྐུའི་སྙིང་ཐིག་གི་ཐུགས་ཆེན་ནམ་མཁའི་རྒྱལ་པོའི་ཕྱི་སྒྲུབ། གསང་སྒྲུབ་ཟུང་དང་། ཡང་གསང་། བཏགས་གྲོལ་བཅས་ལྡེབ། ༢༤ གསོལ་འདེབས་ལྡེབ། ༢ ཕྲིན་ལས་ལྡེབ། ༨ དབང་གི་སྔོན་འགྲོ་དང་དབང་གཞུང་བཅས་ལྡེབ། ༡༣ རྒྱལ་དབང་ལྔ་པའི་དག་སྣང་རྒྱ་ཅན་འཇིག་རྟེན་དབང་ཕྱུག་ལྷ་དགུའི་བརྒྱུད་འདེབས་ལྡེབ། ༡ ཕྲིན་ལས་ལྡེབ། ༡༢ རྒྱུན་ཁྱེར་ལྡེབ། ༣ དབང་ཆོག་ལྡེབ། ༢༢ བཅས་ཀུན་གཟིགས་མཁྱེན་བརྩེའི་གསུང་། བསྙེན་ཡིག་སྨིན་གཏེར་གསུང་ལྡེབ། ༦ གནམ་ཆོས་ཐུགས་ཆེན་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་སྒྲུབ་ཐབས་གཏེར་གཞུང་དང་དབང་ཆགས་མེད་གསུང་བཅས་ལྡེབ། ༦ གར་དབང་ཟླ་བ་རྒྱལ་མཚན་གྱི་ཐུགས་ཆེན་རྩ་གསུམ་སྙིང་ཐིག་གི་ཕྲིན་ལས་ལྡེབ། ༡༡ དབང་ཆོག་ལྡེབ། ༩ ཚེ་སྒྲུབ་ཡིད་བཞིན་ལྷུན་གྲུབ་ཀྱི་ཉམས་ལེན་དབང་ཆོག་ལྡེབ། ༧ བཅས་འཇམ་མགོན་གསུང་། ཨོ་རྒྱན་གཏེར་བདག་གླིང་པའི་ཐུགས་ཆེན་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཐབས་གསུང་རྒྱུན་ཅན་ལྡེབ། ༢༧ རྒྱུན་ཁྱེར་ལྡེབ། ༢ སྲུང་མ་སྤྱི་དང་བྱེ་བྲག་གི་གཏོར་ཆོག་ཁོལ་ཕྱུང་ལྡེབ། ༡༠ བསྙེན་ཡིག་ལྡེབ། ༨ རྣམས་སྨིན་གཏེར་ཉིད་ཀྱི་གསུང་། གནས་ལུང་ལྡེབ། ༨ སྤྲོས་བཅས་བུམ་དབང་མཚམས་སྦྱོར་ལྡེབ། ༡༨ བཅས་དྷརྨ་ཤྲཱིའི་གསུང་། མཆོག་དབང་རྣམ་གསུམ་ལྡེབ། ༨ གཏོར་དབང་ལྡེབ། ༤ བཅས་མཁན་ཆེན་ཨཽ་ཌི་ཡ་ནའི་གསུང་། སྔོན་འགྲོའི་ཁྲིད་ལྡེབ། ༢༣ དངོས་གཞིའི་ཁྲིད་ལྡེབ། ༢༥ བཅས་དྷརྨ་ཤྲཱིའི་གསུང་། ནང་སྒྲུབ་གར་དབང་ཚེ་དཔག་མེད་ཀྱི་གཏེར་གཞུང་ལྡེབ། ༡༨ ཕྱི་སྒྲུབ་དབང་ཆོག་ལྡེབ། ༡༡ འཆི་བསླུ་ལྡེབ། ༧ འབྱུང་ལྔའི་འཁོར་ལོའི་རབ་གནས་ལྡེབ། ༡ བཅས་སྨིན་གཏེར་ཉིད་ཀྱི་གསུང་། ཀློང་གསལ་སྙིང་པོའི་ཐུགས་ཆེན་ཡང་གསང་བླ་མེད་ཀྱི་བརྒྱུད་འདེབས་ཉིད་ཀྱི་གསུང་ལྡེབ། ༡ ལས་བྱང་གཏེར་གཞུང་ལྡེབ། ༩ དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༡ དབང་བཞིའི་མཚམས་སྦྱོར་ཛཿསྤྲུལ་གསུང་ལྡེབ། ༣ སྟག་ཤམ་སྤྱན་རས་གཟིགས་མི་ཏྲ་སྙིང་ཐིག་གི་བརྒྱུད་འདེབས་ལྡེབ། ༣ ལས་བྱང་བྲམ་ཟེའི་ལུགས་ལྡེབ། ༡༤ ཚོགས་འཁོར་ལྡེབ། ༡༣ རྩ་བའི་སྒྲུབ་ཐབས་ལྡེབ། ༤ རྣམས་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༧ ཆོས་གླིང་ཐུགས་ཆེན་ཡིད་བཞིན་ནོར་མཆོག་སའི་སྙིང་པོའི་ཕྲིན་ལས་ཉིད་ཀྱི་གསུང་ལྡེབ། ༡༤ སློབ་མ་རྗེས་འཛིན་འཇམ་མགོན་གསུང་ལྡེབ། ༡༧ བཅས། ༼ར༽པ་ལ། མཆོག་གླིང་ཐུགས་ཆེན་པདྨ་གར་དབང་སྒྱུ་འཕྲུལ་དྲྭ་བའི་སྐྱབས་སེམས་ལྡེབ། ༡ ནང་སྒྲུབ་ཕྲིན་ལས་གཏེར་གཞུང་ལྡེབ། ༡༠ དབང་བཞི་རྡོ་རྗེ་སྤྱི་བླུགས་ལྡེབ། ༧ ཕྱིའི་སྨིན་གྲོལ་ལྡེབ། ༧ ནང་གི་སྨིན་གྲོལ་ལྡེབ། ༨ བཅས་འཇམ་མགོན་གསུང་། མཆོག་གླིང་ཐུགས་ཆེན་པདྨ་གཙུག་ཏོར་ཐེག་དགུའི་སྤྱོད་རྒྱུད་འགྲོ་འདུལ་ལྷ་ལྔའི་སྒྲུབ་ཐབས་དབང་ཆོག་དང་གཤིན་ཆོག་བཅས་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༡༩ མཆོག་གླིང་སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོའི་གཏེར་གཞུང་ལྡེབ། ༡༤ མ་ཎི་བསྐུལ་ཐབས་གཏེར་གཞུང་ལྡེབ། ༡ བུམ་སྒྲུབ་ཀྱི་ཕྲིན་ལས་རྗེས་གནང་ལྡེབ། ༡༠ གཏེར་བུམ་སྒྲུབ་པའི་ལས་བྱང་ལྡེབ། ༧ བུམ་ལྔའི་དབང་ལྡེབ། ༧ བཅས་འཇམ་མགོན་གསུང་ངོ་།། །།ཞར་བྱུང་ཉེར་མཁོའི་ཆེད་དུ་བཞག་པ་ཕྱི་འགྱུར་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་སྨྱུང་གནས་ཆོ་ག་ལྡེབ། ༡༡ ཆོ་གའི་རྗེས་གནང་ལྡེབ། ༨ བཅས་དྷརྨ་ཤྲཱིའི་གསུང་། ཐུགས་ཆེན་བཀའ་གཏེར་དུ་མའི་བཅུད་འདུས་དོན་ཁྲིད་ཚེ་དབང་ནོར་བུའི་གསུང་ལྡེབ། ༢༣ རྣམས་སོ།། ༈ །།གཉིས་པ་དྲག་པོ་རྟ་མཆོག་རོལ་པའི་སྐོར་ལ་བཀའ་གཏེར་གཉིས་ཀྱི། དང་པོ་བཀའ་མ་ལ། རྟ་མགྲིན་བདེ་གཤེགས་ཐུགས་དྲིལ་གྱི་ལས་བྱང་དཔལ་ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་ལྡེབ། ༡༥ གཉིས་པ་གཏེར་མ་ལ་དམར་ནག་གཉིས། དང་པོ་པདྨའི་རིགས་ཀྱི་རྟ་མགྲིན་དམར་པོ་ལ། རྐྱང་པོ་གྲགས་པ་དབང་ཕྱུག་དང་སུམ་པ་བྱང་ཆུབ་ཚུལ་ཁྲིམས། འབྲེ་ཤེས་རབ་འབར་གསུམ་ཚོགས་ཀྱི་གཏེར་བྱོན་འདར་འཕྱར་རིན་ཆེན་བཟང་པོ་ལ་བཀའ་བབས་པའི་རྟ་མགྲིན་ཡང་གསང་ཁྲོས་པ་ལྷ་དགུའི་ཕྲིན་ལས་འཇམ་མགོན་གསུང་ལྡེབ། ༢༧ ཡབ་ཡུམ་རྐྱང་སྒྲུབ་ཚར་ཆེན་པདྨ་དྲག་རྩལ་གསུང་ལྡེབ། ༨ གཏེར་གཞུང་རྫོགས་རིམ་ཡེ་ཤེས་གསང་ལམ། པདྨ་གསང་ལམ། དབང་བཞིའི་དོན་ཁྲིད། ཟིན་བྲིས་བླ་ཆེན་ཆོས་དཔལ་གསུང་ལྡེབ། ༡༡ དབང་ཆེན་ཡན་ལག་བཅས་འཇམ་མགོན་གསུང་ལྡེབ། ༢༩ གཏོར་དབང་འདར་པདྨ་བདུད་འདུལ་གསུང་ལས་ཀུན་གཟིགས་མཁྱེན་བརྩེས་བསྡུས་པ་ལྡེབ། ༨ འཆི་མེད་ཚེའི་རྫོང་ཆུང་གི་ཉམས་ལེན་དང་ཚེ་དབང་ལྷན་ཐབས་བཀྲ་ཤིས་ཚར་ཆེན་བློ་གསལ་རྒྱ་མཚོའི་གསུང་ལྡེབ། ༡༤ སྔགས་བྱང་ཁོལ་ཕྱུང་ལྡེབ། ༡ བསྙེན་ཡིག་འཇམ་མགོན་གསུང་ལྡེབ། ༢༠ སྐྱེར་སྒང་ཆོས་ཀྱི་སེང་གེ་ལ་གུ་རུས་དངོས་སུ་བསྩལ་པ་དང་། སྙེ་བོ་སངས་རྒྱས་དབང་ཆེན་གྱི་གཏེར་བྱོན་ཟུང་འབྲེལ་རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་བཅས་གཏེར་གཞུང་ལྡེབ།༩ འཁོར་ལོའི་དཔེའུ་རིས་ལྡེབ། ༡ ལས་བྱང་ལྡེབ། ༡༣ སྒྲུབ་ཐབས་རྣམ་བཤད་དམིགས་རྐང་བདུན་པ་ལྡེབ། ༣ བཅས་ཏཱ་ར་ན་ཐའི་གསུང་། ལས་བྱང་གི་ཟུར་འདེབས་འཇམ་མགོན་གསུང་ལྡེབ། ༦ ཉང་རལ་རྟ་མགྲིན་བདེ་གཤེགས་ཆིག་དྲིལ་གྱི་གཏེར་གཞུང་ལྡེབ། ༢༥ ཕྲིན་ལས་ལྡེབ། ༡༠ དབང་བསྐུར་ལྡེབ། ༨ བཅས་འཇམ་མགོན་གསུང་། གྲུ་གུ་ཡང་དབང་གི་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་ཀུན་གཟིགས་མཁྱེན་བརྩེའི་ཉེ་བརྒྱུད་ཀྱི་གསོལ་འདེབས་སྤྱན་སྔ་ནམ་མཁའ་རྡོ་རྗེའི་གསུང་ཞུ་དག་ཅན་ལྡེབ། ༡ ཕྲིན་ལས་མངོན་རྟོགས་བསྡེབས་པ་ལྡེབ། ༢༦ སྨན་མཆོད་ལྡེབ། ༢ ལྷག་མ་དང་བྲོ་རབས་ལྡེབ། ༦ གཏོར་འབུལ་ལྡེབ། ༣ དྲག་སྔགས་སྤུ་གྲིའི་མན་ངག་ལྡེབ། ༨ རྩ་བའི་བསྟོད་ཆེན་ལྡེབ། ༧ བསྐུལ་བ་ལྡེབ། ༨ སྒྲུབ་ཐབས་མན་ངག་ལྡེབ། ༧ རྟེན་གཏོར་ལྡེབ། ༦ བསྙེན་ལུགས་གསུམ་ལྡེབ། ༣ སྔགས་ཐེམ་ལྡེབ། ༢ སྲེག་པ་མེའི་ལས་ལྡེབ། ༤ རྣམས་གཏེར་གཞུང་། སྨིན་བྱེད་ལྡེབ། ༢༣ དྲེགས་ཆེན་བཅོ་བརྒྱད་ཀྱི་རྗེས་གནང་ལྡེབ། ༩ ལས་བྱང་འདོན་འགྲིགས་ལྡེབ། ༤ བཅས་འཇམ་མགོན་གསུང་ངོ་།། ༼ལ༽པ་ལ། མངའ་བདག་མོལ་མི་འཁྱིལ་གྱི་རྟ་མགྲིན་གནམ་ལྕགས་མེ་འཁོར་ཀུན་གཟིགས་མཁྱེན་བརྩེའི་དག་སྣང་ཉེ་བརྒྱུད་ཀྱི་གཏེར་གཞུང་ལྡེབ། ༡༨ སྒྲུབ་ཐབས་དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༠ བྱང་གཏེར་རྟེན་འབྲེལ་ཆོས་བདུན་གྱི་རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་སྒྲུབ་ཐབས་སོགས་ལྡེབ། ༨ ལས་བྱང་ལྡེབ། ༦ བཅས་གཏེར་གཞུང་། སྨིན་བྱེད་འཇམ་མགོན་གསུང་ལྡེབ། ༧ རཏྣ་གླིང་པའི་རྟ་མགྲིན་གསང་བ་འདུས་པའི་ལས་བྱང་ཉིད་ཀྱི་གསུང་ལ་འཇམ་མགོན་རྡོ་རྗེ་འཆང་གི་ཁ་སྐོང་ཅན་ལྡེབ། ༡༥ དབང་རྒྱས་པ་ལྡེབ། ༡༢ གཏོར་དབང་ལྡེབ། ༥ བཅས་འཇམ་མགོན་གསུང་། ཉང་པོ་མཆོག་ལྡན་རྡོ་རྗེ་འམ་ལས་རབ་ཞིག་པོ་གླིང་པའི་རྟ་མགྲིན་སྙིང་པོ་དོན་སྦྱོར་སྟག་ཤམ་ལ་ཡང་གཏེར་ཉེ་བརྒྱུད་ཀྱི་ཚུལ་དུ་བབས་པའི་བརྒྱུད་འདེབས་ལྡེབ། ༡ ཕྲིན་ལས་ལྡེབ། ༢༡ དབང་ཆེན་ལྡེབ། ༢༤ ཟུར་འདེབས་ལྡེབ། ༤ གཏོར་དབང་ལྡེབ། ༤ རྣམས་འཇམ་མགོན་གསུང་། ཤེར་འོད་གྲོལ་ཏིག་དབང་ཆེན་དྲེགས་པ་ཀུན་འདུལ་གྱི་འདོན་ཆ་ལྡེབ། ༥ སྲུང་འཁོར་གུད་སྦས་ལྡེབ། ༡ བསྙེན་དབང་ལྡེབ། ༦ བཅས་གཏེར་གཞུང་། གསང་བ་གཅིག་གྲུབ་དབང་ཆོག་འཇམ་མགོན་གསུང་ལྡེབ། ༥ འཇའ་ཚོན་སྙིང་པོའི་རྟ་ཕག་ཡིད་བཞིན་ནོར་བུའི་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ ལས་བྱང་གཏེར་གཞུང་ལྡེབ། ༤ དབང་བསྐུར་འཇམ་མགོན་གསུང་ལྡེབ། ༡༡ གནམ་ཆོས་རྟ་མགྲིན་བར་ཆད་ཀུན་སེལ་གྱི་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༡ སྟག་ཤམ་ཨོ་རྒྱན་བསམ་གཏན་གླིང་པའི་ཡི་དམ་དགོངས་འདུས་རྟ་མཆོག་རོལ་པའི་ལས་བྱང་བསྡུས་པ་ལྡེབ། ༢༥ ཡིག་དྲུག་ལས་བྱང་ལྡེབ། ༤ བཅས་གཏེར་གཞུང་། སྤྱི་སྡོམ་རྩ་བའི་དབང་ལྡེབ། ༤༤ རྩ་གསུམ་སྤྱིའི་རྗེས་གནང་ལྡེབ། ༨ བཅས་འཇམ་མགོན་གསུང་། ཀུན་གཟིགས་མཁྱེན་བརྩེའི་སྙན་བརྒྱུད་རྟ་མཆོག་རོལ་པའི་སྙིང་ཐིག་གི་གཏེར་གཞུང་ལྡེབ། ༩ ཚེ་སྒྲུབ་རྒྱུན་ཁྱེར་ཉིད་ཀྱི་གསུང་ལྡེབ། ༣ ཕྲིན་ལས་དབང་བསྐུར་འཇམ་མགོན་གསུང་ལྡེབ། ༡༦ མཆོག་གླིང་ཟབ་བདུན་དབང་ཟབ་རྟ་མགྲིན་ཡང་ཕྱུང་དམར་པོའི་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ ལས་བྱང་གཏེར་གཞུང་ལྡེབ། ༤ སྨན་མཆོད་ལྡེབ། ༡ སྐོང་བ་ལྡེབ། ༢ བཅས་འཇམ་མགོན་གསུང་། དབང་ཕྲེང་གཏེར་གཞུང་ལྡེབ། ༥ གཏོར་ཟློག་མཆོག་གླིང་ཉིད་ཀྱི་གསུང་ལྡེབ། ༡༤ རྣམས་སོ།། ༈ །།གཉིས་པ་ཤིན་ཏུ་དྲག་པོར་ཁྲོས་པ་རྡོ་རྗེའི་རིགས་སམ་ལས་ཀྱི་ལྷ་མཆོག་རྟ་མགྲིན་ནག་པོའི་སྐོར་ལ། བྱང་སེམས་ཟླ་བ་རྒྱལ་མཚན་གྱི་རྟ་ནག་སྒྲུབ་ཐབས་ལས་ཚོགས་རྗེས་གནང་བཅས་རྩ་གཞུང་ལྡེབ། ༧ སྒྲུབ་ཐབས་རྗེས་གནང་འཇམ་མགོན་གསུང་ལྡེབ། ༡༠ ཉང་གཏེར་རྟ་མགྲིན་ལྕགས་རལ་ཡང་ཕྱུང་ནག་པོའི་གཏེར་གཞུང་ལྡེབ། ༥༡ ལས་བྱང་སྨིན་གཏེར་གསུང་ལྡེབ། ༨ བསྙེན་ཡིག་ཞེ་ཆེན་རབ་འབྱམས་གཉིས་པ་པདྨ་གསང་སྔགས་བསྟན་འཛིན་གསུང་ལྡེབ། ༡༢ སྲོག་དབང་འཇམ་མགོན་གསུང་ལྡེབ། ༨ ཆོས་དབང་རྟ་ནག་ལྕགས་རལ་གཏེར་གཞུང་ལྡེབ། ༢༡ རཏྣའི་རྟ་གསང་གི་རྟ་ནག་ལྕགས་རལ་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༧ རྒྱུན་ཁྱེར་སྨིན་གཏེར་གསུང་ལྡེབ། ༢ སྲོག་དབང་འཇམ་མགོན་གསུང་ལྡེབ། ༧ གར་དབང་ཞིག་གླིང་གི་རྟ་ནག་ནཱ་ག་ཀླུ་འདུལ་གཏེར་གཞུང་ལྡེབ། ༢༥ བརྒྱུད་འདེབས་ཉིད་ཀྱི་གསུང་ལྡེབ། ༡ དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༡ རྣམས་སོ།། །། ༈ ༼ཤ༽པ་ལ། གསུམ་པ་ཡང་དག་ཐུགས་སུ་སྒྲུབ་པའི་སྐོར་ལ། ཞི་བ། ཁྲོ་བོ། རིགས་མཐུན་གསུམ་ལས། དང་པོ་ཞི་བ་རྡོར་སེམས་ལ། རྡོ་རྗེ་གླིང་པའི་ལྟ་བ་ཀློང་ཡངས་ཀྱི་འབྲུ་གསུམ་རྒྱལ་བའི་སྤྱི་སྒྲུབ་གཏེར་གཞུང་ལྡེབ། ༣ རོལ་རྡོར་མཚོ་གཏེར་རྒྱལ་འདུས་གསང་སྒྲུབ་རིགས་འདུས་རྡོར་སེམས་སྒྲུབ་ཐབས་དང་འཕོ་བ་ལྡེབ། ༡༤ འཕོ་བའི་གསོལ་འདེབས་འགྲེས་བྱང་ལྡེབ། ༡ བཅས་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་ལྡེབ། ༨ རྡོ་རྗེ་ཚེ་དབང་ནོར་བུའི་དགོངས་གཏེར་རྡོར་སེམས་སྙན་བརྒྱུད་ཀྱི་ཉམས་ལེན་གཏེར་གཞུང་ལྡེབ། ༤ ཕྱི་ནང་གསང་བ་ཡང་གསང་གི་ཟབ་ཁྲིད་ཉིད་ཀྱི་གསུང་ལྡེབ། ༡༤ མཆོག་གླིང་དམ་ཆོས་ཤོག་སྡེ་དྲུག་པའི་རྡོར་སེམས་ཐུགས་ཀྱི་སྙིང་པོའི་གཏེར་གཞུང་ལྡེབ། ༩ དབང་བསྐུར་འཇམ་མགོན་གསུང་ལྡེབ། ༩ ཟབ་བདུན་རྒྱུད་ཟབ་ལྕགས་བྱང་མའི་རྡོར་སེམས་རྩ་སྒྲུབ་ཉི་ཟླའི་རྒྱ་ཅན་ལྡེབ། ༣ གསང་ཐིག་རྡོར་སེམས་ཕྱག་རྒྱ་གཅིག་པའི་སྐྱབས་སེམས་ལྡེབ། ༡ གཏེར་གཞུང་ལྡེབ། ༤ ཕྲིན་ལས་གནས་ལུང་ལྡེབ། ༧ བུམ་དབང་ལྡེབ། ༦ བཅས་འཇམ་མགོན་གསུང་རྣམས་སོ།། ༈ །།གཉིས་པ་ཁྲོ་བོ་བཛྲ་ཧེ་རུ་ཀཿལ། གུ་རུ་ཆོས་དབང་གི་ཡང་དག་སྙིང་པོ་གསེར་ཞུན་མར་མེ་གཅིག་པའི་གཏེར་གཞུང་ལྡེབ། ༦༩ སྔོན་འགྲོ་ལས་བདུན་བཀའ་བརྒྱད་གསང་རྫོགས་ལས་ཁོལ་ཕྱུང་ལྡེབ། ༢ ལས་བྱང་ལྡེབ། ༧ བསྙེན་ཡིག་ལྡེབ། ༡༢ བཅས་སྨིན་གཏེར་གསུང་། དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༣ བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱི་ཀུན་བཟང་ཐུགས་གཏེར་སྒྲོན་མ་དྲུག་གི་ཡང་དག་ཞི་ཁྲོ་ཕུར་གསུམ་ཀུན་གཟིགས་མཁྱེན་བརྩེའི་ཉེ་བརྒྱུད་ཀྱི་ལས་བྱང་ལྡེབ། ༢༢ བཀའ་སྲུང་མ་མགོན་ལྡེབ། ༦ དབང་ཆོག་ལྡེབ། ༤༡ ཚེ་སྒྲུབ་ཡང་གསང་འཆི་མེད་གྲུབ་པའི་སྒྲུབ་ཐབས་དབང་ཆོག་ལྡེབ། ༡༢ རྣམས་འཇམ་མགོན་གསུང་། རཏྣའི་ཡང་དག་ཐུགས་སྒྲུབ་ལྡེབ། ༣ ཤེར་འོད་གྲོལ་ཏིག་ཡང་དག་ཐིག་ལེ་གཅིག་མ་ལྡེབ། ༨ ཆོས་གླིང་ཡང་དག་བདེ་ཆེན་སྙིང་པོའི་སྐོར་ལྡེབ། ༢༡ རྣམས་གཏེར་གཞུང་། ཁྲིད་ཡིག་སྐོར་ལྡེབ། ༡༨ དཀྱིལ་ཆོག་སྒྲུབ་ཐབས་སྦྱིན་སྲེག་སོགས་ལྡེབ། ༢༦ བཅས་ཉིད་ཀྱི་གསུང་། བསྙེན་ཡིག་འཇམ་མགོན་གསུང་ལྡེབ། ༥ ཀུན་གཟིགས་མཁྱེན་བརྩེའི་སྙན་བརྒྱུད་ཡང་དག་ཟབ་ཏིག་གཏེར་གཞུང་ལྡེབ། ༡༢ བརྒྱུད་འདེབས་མཆོག་གླིང་གསུང་དང་རྒྱུན་ཁྱེར་མཁྱེན་བརྩེ་ཉིད་ཀྱི་གསུང་བཅས་ལྡེབ། ༣ དབང་ཆོག་འཇམ་མགོན་གསུང་ལྡེབ། ༩ སྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གཏེར་གཞུང་ལྡེབ། ༡༢ ཕྲིན་ལས་ལྡེབ། ༡༡ དབང་ཆོག་ལྡེབ། ༡༡ བཅས་འཇམ་མགོན་གསུང་། མཆོག་གླིང་ཟབ་བདུན་ལྕགས་བྱང་མའི་མཆོག་གྲུབ་ཀྱི་ཟབ་པ་ཡང་དག་ཐུགས་ཀྱི་སྙིང་པོའི་གཏེར་གཞུང་ལྡེབ། ༢༤ བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༢ ཕྲིན་ལས་གཏེར་གཞུང་ལྡེབ། ༤ སྨན་མཆོད་འཇམ་མགོན་གསུང་ལྡེབ། ༡ སྐོང་ཆོག་གཏེར་གཞུང་ལྡེབ། ༥ སྨིན་བྱེད་ལྡེབ། ༡༠ ཚེ་སྒྲུབ་དབང་ཆོག་ལྡེབ། ༧ བཅས་འཇམ་མགོན་གསུང་། ཟངས་བྱང་མའི་ཡང་དག་སྒྲུབ་པ་མན་ངག་གཅིག་དྲིལ་ལྡེབ། ༡༠ ཟླ་གམ་ལྔ་བཅུ་རྩ་བརྒྱད་པའི་མངོན་རྟོགས་ལྡེབ། ༦ བཅས་གཏེར་གཞུང་། ཁ་སྐོང་མཆོད་ཕྲེང་ལྡེབ། ༥ དབང་ཆོག་ཚ་སྒང་རིན་རྣམ་གསུང་ལྡེབ། ༡༨ བཅས། ༼ས༽པ་ལ། མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རིག་འཛིན་འཛམ་གླིང་རྒྱན་མཆོག་ཡང་དག་ཧེ་རུ་ཀའི་རིམ་གཉིས་རྒྱུན་གྱི་རྣལ་འབྱོར་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༦ དབང་ཆོག་གཏེར་སྲས་ཚེ་དབང་ནོར་བུའི་གསུང་ལྡེབ། ༨ གསང་ཐིག་ཡང་དག་ཕྱག་རྒྱ་གཅིག་པའི་གཏེར་གཞུང་ལྡེབ། ༣ ཚོགས་མཆོད་ལྡེབ། ༣ གཏོར་དབང་ལྡེབ། ༧ བཅས་འཇམ་མགོན་གསུང་རྣམས་སོ།། ༈ །།གསུམ་པ་རྗེས་འབྲེལ་ཐུགས་ཀྱི་རིགས་ཕྱག་རྡོར་སྐོར་ལ། གྲྭ་པ་མངོན་ཤེས་དབང་ཕྱུག་འབར་གྱི་ཕྱག་རྡོར་དམར་པོའི་སྒྲུབ་དཀྱིལ་ཏཱ་ར་ན་ཐའི་གསུང་ལྡེབ། ༤ རྒྱུན་ཁྱེར་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༢ སྒྲུབ་ཐབས་སྒོམ་ལུང་འཇམ་མགོན་གསུང་ལྡེབ། ༣ དེ་གཉིས་རིན་འབྱུང་ལས་བསྡུས། དབུ་རུ་ཤཱཀྱ་འོད་ཀྱི་ཕྱག་རྡོར་རྡོ་རྗེ་མེ་འབར་ཀུན་གཟིགས་མཁྱེན་བརྩེའི་ཡང་གཏེར་ཉེ་བརྒྱུད་གཏེར་གཞུང་ལྡེབ། ༥ ཕྲིན་ལས་དབང་ཆོག་འཇམ་མགོན་གསུང་ལྡེབ། ༨ ཆོས་དབང་སྒྲུབ་ཡིག་ཐོར་བུ་བཅོ་བརྒྱད་ཀྱི་ནང་ཚན་བླ་མ་གསང་འདུས་ཐེམ་མེད་གཏུམ་པོ་སེང་སྒྲོག་མེ་ལྕེ་ཕྲེང་བའི་གཏེར་གཞུང་ལྡེབ། ༧ བརྒྱུད་འདེབས་ལྕགས་ཟམ་བདུན་པ་ཡེ་ཤེས་ལྷུན་གྲུབ་ཀྱི་གསུང་ལྡེབ། ༡ ལས་བྱང་དང་དབང་ཆོག་ཁྲ་ཚང་པ་བློ་གྲོས་མཆོག་ལྡན་གྱི་གསུང་ལྡེབ། ༡༧ རྒྱུན་ཁྱེར་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༢ བསྙེན་ཡིག་ཡེ་ཤེས་ལྷུན་གྲུབ་གསུང་ལྡེབ། ༥ ལས་འབྲེལ་དང་། རྡོར་གླིང་། པད་གླིང་གསུམ་འདུས་ཕྱག་རྡོར་དྲེགས་པ་ཀུན་འདུལ་གྱི་ལས་བྱང་ལྡེབ། ༡༤ དབང་ཆོག་ལྡེབ། ༡༩ བསྙེན་ཡིག་ལྡེབ། ༡༤ བཅས་འཇམ་མགོན་གསུང་། ཀླུ་ཆོག་པདྨ་འགྱུར་མེད་རྒྱ་མཚོའི་གསུང་ལྡེབ། ༢༡ ཀླུ་གཏོར་སྨིན་གཏེར་གསུང་ལྡེབ། ༥ སངས་གླིང་ཕྱག་ན་རྡོ་རྗེ་ཁྱུང་གསང་བ་ཡང་ཁོལ་གྱི་གཏེར་གཞུང་ལྡེབ། ༥༨ ཕྲིན་ལས་དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༥ རཏྣའི་རྟ་གསང་ཐུགས་སྒྲུབ་གསང་བདག་རྡོ་རྗེ་གཏུམ་པོའི་གསང་སྒྲུབ་གཏེར་གཞུང་ལྡེབ། ༡༡ རྒྱུན་ཁྱེར་ལྡེབ། ༧ དབང་བསྐུར་ལྡེབ། ༧ བཅས་འཇམ་མགོན་གསུང་། པད་གླིང་ཕྱག་རྡོར་གཏུམ་པོའི་ལས་བྱང་ལྡེབ། ༡༢ དབང་ལྡེབ། ༧ བཅས་གཏེར་གཞུང་། དབང་ཆོག་པད་གླིང་བརྒྱད་པ་བསྟན་པའི་ཉི་མའི་གསུང་ལྡེབ། ༡༠ གར་དབང་ཞིག་གླིང་གི་ཕྱག་རྡོར་སྟོབས་པོ་ཆེའི་གཏེར་གཞུང་ལྡེབ། ༢༢ བརྒྱུད་འདེབས་ཉིད་ཀྱི་གསུང་ལྡེབ། ༡ རྒྱུན་ཁྱེར་སྨིན་གཏེར་གསུང་ལྡེབ། ༢ ཕྲིན་ལས་དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༡ ཟུར་མཁར་ཟླ་བའི་འོད་ཟེར་གྱི་ཐུགས་སྒྲུབ་བདེ་གཤེགས་ཀུན་འདུས་ཆ་ལག་ཕྱག་རྡོར་དྲག་སྔགས་ཀུན་འདུས་ཀྱི་ལས་བྱང་ལྡེབ། ༡༢ དབང་བསྐུར་ལྡེབ། ༩ སྡེ་ལྔའི་མཆོད་ཕྲིན་ལྡེབ། ༣ བཅས་གཏེར་གཞུང་། གཟའ་ཀླུའི་དུག་དབྱུང་ནག་འགྲོས་མ་ལྡེབ། རྣམས་སོ།། ༈ །།བཞི་པ་བདུད་རྩི་ཡོན་ཏན་གྱི་སྒྲུབ་སྐོར་ལ་དངོས་དང་། ཆ་མཐུན་གཉིས། དང་པོ་བདུད་རྩི་སྨན་དངོས་ལ། གཡུ་ཐོག་ཡོན་ཏན་མགོན་པོའི་སྙིང་ཐིག་གི་སྔོན་འགྲོ་ཕྱི་གཏོར་ལྡེབ། ༢ གསང་སྒྲུབ་ཕྲིན་ལས་ལྡེབ། ༡༤ བཀའ་སྲུང་སྡེ་དགུའི་རྒྱུན་གསོལ་ལྡེབ། ༣ བཅས་འཇམ་མགོན་གསུང་། སྙིང་ཐིག་གསོལ་འདེབས་དང་བླ་སྒྲུབ་རྒྱུན་ཁྱེར་ཆགས་མེད་གསུང་ལྡེབ། ༣ ཕྱི་ནང་གསང་གསུམ་གྱི་ཟིན་བྲིས་ལྡེབ། ༣༩ རྩ་དབང་རྒྱས་པ་ལྡེབ། ༣༢ དོན་དབང་ལྡེབ། ༨ བཅས། ༼ཧ༽པ་ལ། ཚེ་སྒྲུབ་འཆི་བདག་བདུད་འཇོམས་ཀྱི་ཕྲིན་ལས་དབང་བསྐུར་ལྡེབ། ༩ ལྷ་སྨན་མཆེད་གསུམ་སྒྲུབ་ཐབས་རྗེས་གནང་ལྡེབ། ༩ དྲང་སྲོང་སེར་སྐྱ་སྤུན་གསུམ་གྱི་རིག་གཏད་ལྡེབ། ༥ རྣམས་འཇམ་མགོན་གསུང་། རྩ་པྲའི་སྒྲུབ་ཐབས་ཆགས་མེད་གསུང་ལྡེབ། ༡༤ ཟུང་མཁར་མཉམ་ཉིད་རྡོ་རྗེའི་དག་སྣང་སྨན་བླ་ལོངས་སྐུ་གཙོ་འཁོར་ལྔ་པའི་སྒྲུབ་ཐབས་ཆོས་གྲགས་གསུང་ལ་འཇམ་མགོན་རྡོ་རྗེ་འཆང་གི་ཁ་སྐོང་ཅན་ལྡེབ། ༡༣ ཞང་བློན་གཏོར་བསྔོས་བསྡུས་པ་དཀོན་མཆོག་ཕྲིན་ལས་བཟང་པོའི་གསུང་ལྡེབ། ༡ དབང་བསྐུར་འཇམ་མགོན་གསུང་ལྡེབ། ༧ མཆོག་གླིང་དག་སྣང་དགོངས་གཏེར་ཟུང་འབྲེལ་འཆི་མེད་བི་མའི་སྙིང་ཐིག་གི་བླ་སྒྲུབ་གཏེར་གཞུང་ལྡེབ། ༡༤ མཁའ་འགྲོ་སེང་གདོང་ཕྲིན་ལས་ལྡེབ། ༩ ཡེ་ཤེས་གསང་ལམ་སོགས་གདམས་ཁྲིད་སྐོར་ལྡེབ། ༡༥ རྣམས་གཏེར་གཞུང་། སྒྲུབ་ཐབས་དབང་བསྐུར་ཉིད་ཀྱི་གསུང་ལྡེབ། ༢༧ ཀུན་གཟིགས་མཁྱེན་བརྩེའི་དགོངས་གཏེར་འཆི་མེད་འཕགས་མའི་སྙིང་ཐིག་གི་བླ་སྒྲུབ་བྱིན་རླབས་སྙིང་པོའི་གཏེར་གཞུང་ལྡེབ། ༦༢ ལས་བྱང་ལྡེབ། ༡༡ སྐོང་བཤགས་ལྡེབ། ༡༨ དབང་ཆོག་ལྡེབ། ༡༤ བཅས་འཇམ་མགོན་གསུང་། གཏེར་སྟོན་ཀུན་གྱི་སྔ་ཤོས་རྡོར་འབུམ་ཆོས་ཀྱི་གྲགས་པའི་འཆི་མེད་བདུད་རྩི་བུམ་ཆེན་གྱི་གཏེར་གཞུང་ལྡེབ། ༡༢༤ དཀར་ཆག་ལྡེབ། ༡ བདུད་རྩི་བུམ་ཆུང་ལྡེབ། ༤ བཅས་གཏེར་གཞུང་། ལྷ་སྒོམ། ཛཔ྄་དགོངས། དབང་ཆོག །སྦྱིན་སྲེག་བཞི་བྱང་བདག་གི་གསུང་། སྲུང་བ་རྡོ་རྗེའི་ཁྲབ་རིང་གི་ལག་ལེན་ཀུན་གཟིགས་མཁྱེན་བརྩེའི་གསུང་བཅས་ལྡེབ། ༡༤ རྒྱུན་ཁྱེར་ལྡེབ། ༣ དབང་ཆོག་ལྡེབ། ༩ བཅས་འཇམ་མགོན་གསུང་། ར་མོ་ཤེལ་སྨན་ཡེ་ཤེས་ཞབས་ཀྱི་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོ་ཀུན་གཟིགས་མཁྱེན་བརྩེའི་ཡང་གཏེར་གྱི་བླ་སྒྲུབ་གཏེར་གཞུང་ལྡེབ། ༧ དབང་བསྐུར་འཇམ་མགོན་གསུང་ལྡེབ། ༦ ཡང་གཏེར་རྡོ་རྗེ་བདུད་རྩིའི་སྒྲུབ་ཐབས་ལས་ཚོགས་བཅས་ལྡེབ། ༤༦ སྔགས་སྲུང་མའི་སྒྲུབ་ཐབས་ལྡེབ། ༡༢ བཅས་གཏེར་གཞུང་། བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ བཅས། ༼ཨ༽པ་ལ། རྩ་བ་དང་ཡན་ལག་གི་དབང་བསྐུར་ལྡེབ། ༢༥ ཡན་ལག་ལྷ་གསུམ་གྱི་བྱིན་རླབས་ལྡེབ། ༩ སྔགས་སྲུང་མའི་སྲོག་གཏད་ལྡེབ། ༥ སྒྲུབ་པའི་ཁོག་དབུབ་ལྡེབ། ༢༥ ཡན་ལག་ཟིན་བྲིས་ལྡེབ། ༦ ལས་བཞི་མཆོག་ལྔའི་སྦྱིན་སྲེག་ལྡེབ། ༡༥ རཏྣའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་བདུད་རྩི་སྨན་སྒྲུབ་ཀྱི་དབང་ཆོག་ལྡེབ། ༨ ལེགས་ལྡན་རྗེའི་ཚེ་སྒྲུབ་བདུད་རྩི་འཁྱིལ་པའི་ལས་བྱང་ལྡེབ། ༡༦ བསྙེན་པའི་དབང་རིམ་ལྡེབ། ༢༠ རྣམས་འཇམ་མགོན་གསུང་། བསྙེན་ཡིག་པད་ཕྲིན་གསུང་ལྡེབ། ༡༠ ཚེ་འཁོར་སོགས་ཉེར་མཁོ་ལྡེབ། ༧ ཀུན་གཟིགས་མཁྱེན་བརྩེའི་སྙན་བརྒྱུད་ཡོན་ཏན་བདུད་རྩིའི་མཆོག་ཏིག་གཏེར་གཞུང་ལྡེབ། ༡༣ ཕྲིན་ལས་དབང་བསྐུར་འཇམ་མགོན་གསུང་ལྡེབ། ༡༥ དམ་རྫས་བདུད་རྩིའི་སྒྲུབ་ཐབས་སྨིན་གཏེར་གསུང་ལྡེབ། ༥༣ ཞི་ཁྲོའི་སྔགས་བྱང་ལྡེབ། ༡ ཉེར་མཁོའི་ཟིན་བྲིས་འཇམ་མགོན་གསུང་ལྡེབ། ༢༠ ཆོས་དབང་བཀའ་བརྒྱད་གསང་རྫོགས་ཀྱི་སྨན་སྒྲུབ་ལས་ཚོགས་གཏེར་གཞུང་ལྡེབ། ༡༢ སྨན་སྒྲུབ་མདོར་བསྡུས་བྱ་ཚུལ་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༥ མཆོག་གླིང་རྡོར་སེམས་ཐུགས་ཀྱི་ཐིག་ལེའི་ཆ་ལག་སྨན་སྒྲུབ་བྱིན་འབེབ་འཇམ་མགོན་གསུང་ལྡེབ། ༤ རྣམས་སོ། ༈ །གཉིས་པ་བདུད་རྩིའི་སྐོར་དུ་ཕྱོགས་གཏོགས་ཆ་མཐུན་བཅུད་ལེན་གྱི་རིགས་ལ། རྒྱ་བན་རྡོ་རྗེ་དབང་ཕྱུག་གི་འོད་ལྡན་རྟག་ངུའི་བཅུད་ལེན་སོགས་ལུགས་གསུམ་འདུས་པའི་གཏེར་གཞུང་ལྡེབ། ༡༦ རྟག་ངུའི་བཅུད་ལེན་སྦྱོར་བ་རྒྱ་སྐད་ཅན་ལྡེབ། ༡ ཀུན་སྤངས་ཟླ་འོད་ཀྱི་དབང་ལག་བཅུད་ལེན་གཏེར་གཞུང་ལྡེབ། ༣ ཆོས་དབང་གཏེར་ཁ་བདུན་པ་བཅུད་ལེན་ཅོང་ཞི་མའི་གཞུང་ལྡེབ། ༩ ཆོས་དབང་ཤུག་འབྲུའི་བཅུད་ལེན་གཞུང་ཞལ་ཤེས་བཅས་ལྡེབ། ༥ དེ་གསུམ་བོ་དོང་པདྨ་གར་དབང་གསུང་བཅུད་ལེན་བརྒྱ་རྩའི་བེ་བུམ་ལས་ཕྱུང་། བྱང་གཏེར་དགོངས་པ་ཟང་ཐལ་གྱི་བདུད་རྩི་ཅོང་ཞིའི་བཅུད་ལེན་རྩ་གཞུང་དང་ཕྱག་ལེན་དམིགས་རིམ་བཅས་ལྡེབ། ༨ ཀུན་གཟིགས་མཁྱེན་བརྩེའི་རྗེས་དྲན་སེང་གདོང་དཀར་མོའི་ཤུ་དག་དཀར་པོའི་བཅུད་ལེན་གཏེར་གཞུང་ལྡེབ། ༣ རླུང་གི་བཅུད་ལེན་གྲུབ་ཆེན་ཛཱ་ཧ་བཱི་རའི་གདམས་སྐོར་ལ་གསུམ་བྱུང་བའི་བཀའ་བབས་དང་པོ་འབྲི་གུང་རིན་ཆེན་ཕུན་ཚོགས་ཀྱི་རྩ་གཞུང་ཁྲིད་ཡིག་སོགས་ལྡེབ། ༢༦ རླུང་ཁྲིད་ལྷ་བཙུན་ངག་དབང་ཕུན་ཚོགས་གསུང་ལྡེབ། ༨ བཀའ་བབས་བར་པ་གནས་གསར་བ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་རྩ་གཞུང་ཚིགས་བཅད་མ། ཁྲིད་ཡིག་དབང་ཕྱུག་རབ་བརྟན་གསུང་བཅས་ལྡེབ།༥ བཀའ་བབས་ཕྱི་མ་ཉི་ཟླ་ཀློང་གསལ་གྱི་ཟབ་ཆོས་འོད་ཕུང་རང་གྲོལ་གཏེར་གཞུང་ལྡེབ། ༦༥ སྨིན་བྱེད་འཇམ་མགོན་གསུང་ལྡེབ། ༡༠ རྣམས་སོ།། །། ༈ ༼ཀི༽པ་ལ། ལྔ་པ་ཕུར་པ་ཕྲིན་ལས་ཀྱི་སྒྲུབ་སྐོར་ལ། ཞི་བའི་ས་ཁོངས་ཙམ་དུ་རྭ་སྟོན་སྟོབས་ལྡན་རྡོ་རྗེའི་སྟག་ཚང་ཕུར་པའི་སྟོད་ལས་བྱང་ཆུབ་སྒྲུབ་པ་རིགས་ལྔ་རྒྱན་གཅིག་གི་གཏེར་གཞུང་ལྡེབ། ༣༥ གུ་རུ་ཆོས་དབང་གི་ཐུགས་ཀྱི་ཕུར་གཅིག་ཡང་གསང་སྤུ་གྲིའི་བརྒྱུད་འདེབས་ལྡེབ། ༡ སྐྱབས་སེམས་སྔོན་གཏོར་ལྡེབ། ༡ ལས་བྱང་ལྡེབ། ༢༡ རྣམས་སྨིན་གཏེར་གསུང་། རྒྱུན་གཏོར་གཏེར་གཞུང་ལྡེབ། ༡ རྗེས་ཆོག་ལྡེབ། ༢ རྒྱུན་ཁྱེར་ལྡེབ། ༢ སྒྲུབ་ཆེན་གསལ་བྱེད་ལྡེབ། ༡༦ གཏོར་ཟློག་ལྡེབ། ༡༦ སྨད་ལས་རྡོ་རྗེའི་མེ་ཆར་ལྡེབ། ༥ གདབ་ཁ་དེ་ལས་ཁོལ་ཕྱུང་ལྡེབ། ༤ རྣམས་སྨིན་གཏེར་གསུང་། བསྙེན་ཡིག་དྷརྨ་ཤྲཱིའི་གསུང་ལྡེབ། ༡༤ ལྷ་ཁྲིད་གཏེར་གཞུང་ལྡེབ། ༥ དབང་ཆོག་འཇམ་མགོན་གསུང་ལྡེབ།༣༦ བྱང་གཏེར་ཕུར་པ་ལྕགས་ཁང་མ་དྲག་སྔགས་ལྷ་ནག་ཏུ་གྲགས་པ་སྤུ་གྲིའི་ཕྲིན་ལས་ལྡེབ། ༡༤ དབང་བསྐུར་ལྡེབ། ༢༦ བཅས་འཇམ་མགོན་གསུང་། སངས་གླིང་ཕུར་པ་ཐུགས་ཀྱི་ཉིང་ཁུའི་ཕྲིན་ལས་ལམ་ཁྱེར་གཏེར་གཞུང་ལྡེབ། ༣ ཕྲིན་ལས་ལྡེབ། ༡༧ དབང་ཆེན་ལྡེབ། ༣༥ དོན་དབང་ལྡེབ། ༡༥ བཅས་འཇམ་མགོན་གསུང་། རཏྣའི་ཕུར་པ་ཡང་གསང་བླ་མེད་ཀྱི་བརྒྱུད་འདེབས་ཉིད་ཀྱི་གསུང་ལྡེབ། ༡ ལས་བྱང་གཏེར་གཞུང་ལ་འཇམ་མགོན་རྡོ་རྗེ་འཆང་གི་ཁ་སྐོང་ཅན་ལྡེབ། ༢༥ གསང་སྒྲུབ་ལྡེབ། ༦ རྫས་ཕུར་བྱིན་རླབས་ལྡེབ། ༡ དབང་ཆེན་ལྡེབ། ༢༠ བཅས་འཇམ་མགོན་གསུང་། ཁྲོ་བཅུ་སྲུང་མའི་དབང་མཚོན་འཁོར་གཏེར་གཞུང་ལྡེབ། ༢ དོན་དབང་འཇམ་མགོན་གསུང་ལྡེབ། ༡༡ པད་གླིང་ཕུར་པ་སྲོག་གི་སྤུ་གྲིའི་ལས་བྱང་ཉིད་ཀྱི་གསུང་ལྡེབ། ༡༩ ཚེ་འགུགས་གཏེར་གཞུང་ལྡེབ། ༢ དབང་ཆོག་པད་གླིང་བརྒྱད་པའི་གསུང་ལྡེབ། ༡༡ བདུད་འདུལ་སྙིང་ཐིག་ཚེ་ཡང་ཕུར་གསུམ་གྱི་ཕུར་པ་གནམ་ལྕགས་སྤུ་གྲིའི་ལས་བྱང་ཚོགས་མཆོད་གཏེར་གཞུང་ལྡེབ། ༢༢ དབང་ཆོག་འཇམ་མགོན་གསུང་ལྡེབ། ༣༥ སྨིན་གཏེར་རིག་འཛིན་ཐུགས་ཐིག་གི་ལས་ཚོགས་ཕུར་ཆུང་གི་ཕྲིན་ལས་དང་ཟློག་པ་ལྡེབ། ༡༠ ཟུར་འདེབས་ལྡེབ། ༤ བཅས་འཇམ་མགོན་གསུང་། ཆོས་གླིང་ཕུར་པ་ཐུགས་ཀྱི་ཐིག་ལེའི་སྒྲུབ་དཀྱིལ་ལྡེབ། ༡༤ དབང་ཆེན་ལྡེབ། ༣༥ བཅས་འཇམ་མགོན་གསུང་། ལྷ་དབང་ལྡེབ། ༢ ཕུར་སྐྱེད་ལྡེབ། ༡ བཅས་གཏེར་གཞུང་། རྒྱུན་ཁྱེར་ལྡེབ། ༢ ཕུར་སྲུང་གསོལ་མཆོད་ལྡེབ། ༡ བསྙེན་ཡིག་ལྡེབ། ༢ བཛྲ་ཀཱི་ལ་ཡའི་སྒོས་སྒྲུབ་ལྡེབ། ༢ བཅས་ཆོས་གླིང་ཉིད་ཀྱི་གསུང་། ར་སྟོན་ཕུར་པའི་སྟོད་ལས་རིགས་ལྔ་རྒྱན་གཅིག་གི་ལས་བྱང་ལྡེབ། ༡༧ དབང་བསྐུར་ལྡེབ། ༡༥ ཕུར་པའི་སྨད་ལས་ཆེ་མཆོག་གི་ལས་བྱང་དང་དབང་གི་བསྒྱུར་ཁའི་ཟུར་འདེབས་ལྡེབ། ༡༠ བཅས་འཇམ་མགོན་གསུང་ངོ་།། ༼ཁི༽པ་ལ། ཀུན་གཟིགས་མཁྱེན་བརྩེའི་སྙན་བརྒྱུད་ཕུར་པའི་གནད་ཏིག་གི་གཏེར་གཞུང་ལྡེབ། ༨ ས་བཅད་ལྡེབ། ༢ བརྒྱུད་འདེབས་ལྡེབ། ༡ རྒྱུན་གྱི་རྣལ་འབྱོར་ལྡེབ། ༤ བཅས་ཉིད་ཀྱི་གསུང་། བསྙེན་སྒྲུབ་ཟིན་བྲིས་ལྡེབ། ༤ སྨིན་གྲོལ་འབོགས་པའི་ལག་ལེན་ལྡེབ། ༡༡ བཅས་འཇམ་མགོན་གསུང་། མཆོག་གླིང་ཟབ་བདུན་མངོན་སྤྱོད་ཀྱི་ཟབ་པ་ཡང་གསང་ཐུགས་ཀྱི་ཕུར་གཅིག་མའི་བརྒྱུད་འདེབས་ཟླ་སྤྲུལ་ངེས་དོན་བསྟན་པ་རབ་རྒྱས་གསུང་ལྡེབ། ༢ སྔོན་གཏོར་ལྡེབ། ༡ སྐྱབས་སེམས་ཡན་བདུན་ཐུགས་སྒྲུབ་བར་ཆད་ཀུན་སེལ་ཁ་བསྒྱུར་བ་ལྡེབ། ༡ ལས་བྱང་ལྡེབ།༤ ཕུར་པ་བྱིན་རླབས་ལྡེབ། ༡ བཅས་གཏེར་གཞུང་། སྨན་མཆོད་ཟླ་སྤྲུལ་གསུང་ལྡེབ། ༡ ཛཔ྄་ཁང་དབྱེ་ཞིང་བསྐུལ་བ་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས་ཁ་བསྒྱུར་བ་ལྡེབ། ༡ ཚེ་འགུགས་གཏེར་གཞུང་ལྡེབ། ༡ སྨད་ལས་གཏོར་ཟློག་མཆོག་གླིང་ཉིད་ཀྱི་གསུང་ལྡེབ། ༣༦ དབང་ཆོག་འཇམ་མགོན་གསུང་ལྡེབ། ༢༤ གསང་ཐིག་རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས་ལྡེབ། ༤ ཚོགས་མཆོད་ལྡེབ། ༣ གཏོར་དབང་ལྡེབ། ༧ བཅས་འཇམ་མགོན་གསུང་རྣམས་སོ།། ༈ །།དྲུག་པ་མ་མོ་རྦོད་གཏོང་གི་སྐོར་ལ། སྤྲུལ་སྐུ་ར་ཤག་ཆོས་འབར་བསོད་ནམས་རྡོ་རྗེའི་མ་མོ་སྒང་ཤར་ཀུན་གཟིགས་མཁྱེན་བརྩེ་ལ་རིང་བརྒྱུད་ཉེ་བརྒྱུད་ཟུང་གི་བཀའ་བབས་པའི་བརྒྱུད་འདེབས་ལྡེབ། ༡ ཕྲིན་ལས་ལྡེབ། ༣༠ རྒྱུན་གྱི་ཕྲིན་ལས་སྙིང་པོ་ལྡེབ། ༨ དབང་བསྐུར་ལྡེབ། ༣༦ རྣམས་འཇམ་མགོན་གསུང་། ཀུན་གཟིགས་མཁྱེན་བརྩེའི་སྙན་བརྒྱུད་སྲིད་པ་མ་མོའི་གནད་ཏིག་གི་གཏེར་གཞུང་ལྡེབ། ༡༠ མདོས་ཀྱི་ལས་འགྲིགས་ཉིད་ཀྱི་གསུང་ལྡེབ། ༢ སྒོ་དབྱེ་ལྡེབ། ༡ ཕྲིན་ལས་དབང་བསྐུར་འཇམ་མགོན་གསུང་ལྡེབ། ༡༣ མཆོག་གླིང་ཟབ་བདུན་རྐྱེན་ཟློག་གི་ཟབ་པ་མངོན་རྫོགས་རྒྱལ་པོའི་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ རྒྱུད་སོགས་གཏེར་གཞུང་ལྡེབ། ༡༧ གནས་གསུམ་བྱིན་རླབས་སོགས་ཕྲིན་ལས་ཁ་སྐོང་ལྡེབ། ༢ མདོས་བྱང་ལྡེབ། ༡ དབང་བསྐུར་ལྡེབ། ༡༩ རྣམས་འཇམ་མགོན་གསུང་། བོ་དོང་ནམ་མཁའ་སངས་རྒྱས་མགོན་པོ་ལ་བ་རི་ལོ་ཙཱ་ནས་རིང་བརྒྱུད་དང་། སེང་གདོང་དང་གུ་རུས་བསྩལ་པའི་ཉེ་བརྒྱུད་འདི་བཀའ་གཏེར་དག་སྣང་ཟུང་འབྲེལ་སེང་གདོང་སྙན་བརྒྱུད་ཀྱི་སྒྲུབ་སྐོར་སངས་རྒྱས་མགོན་པོ་ཉིད་དང་། པདྨ་གར་དབང་གི་རྩ་གཞུང་། ཆགས་མེད་གསུང་སྒྲུབ་ཐབས་ལས་ཚོགས་རྗེས་གནང་སོགས་ཀུན་གཟིགས་མཁྱེན་བརྩེའི་མན་ངག་གཅེས་བསྡུས་ལྡེབ། ༩༩ ཁྲམ་ཤིང་དཔེའུ་རིས་ལྡེབ། ༡ འཇའ་ཚོན་དཀོན་མཆོག་སྤྱི་འདུས་ཀྱི་སེང་གདོང་གཏོར་དབང་ཆགས་མེད་གསུང་ལྡེབ། ༧ ཀློང་གསལ་རྡོ་རྗེ་སྙིང་པོའི་སེང་ཧ་དམར་མོའི་གཏེར་གཞུང་ལྡེབ། ༡༡ ཕྲིན་ལས་སྲུང་ཟློག་ལྡེབ། ༡༠ བཀའ་གཏད་ལྡེབ། ༤ བཅས་འཇམ་མགོན་གསུང་། ཆགས་མེད་ལ་རྨི་ལམ་དུ་མཁའ་འགྲོས་བསྩལ་པའི་སེང་གདོང་མཐིང་གའི་སྒྲུབ་ཐབས་ལྡེབ། ༢ གཏོར་དབང་རྨི་ལམ་མ་ཉིད་ཀྱི་གསུང་ལྡེབ། ༡༤ མ་ཏི་རཏྣ་དང་སྟག་ཤམ་ཟུང་གི་བདུད་འདུལ་དྲག་མོ་དམར་ནག་གི་བྱིན་རླབས་གཅིག་འདུས་བརྒྱུད་འདེབས་སྟག་ཤམ་གསུང་ལྡེབ། ༡ ལས་བྱང་སྟག་ཤམ་གཏེར་གཞུང་ལྡེབ། ༡༥ གཏོར་འབུལ་ནམ་མཁའི་རྡོ་རྗེའི་གསུང་དང་བཀའ་སྲུང་སྤྱང་ཞོན་གསོལ་ཁ་གཏེར་གཞུང་བཅས་ལྡེབ། ༥ སྲོག་དབང་ཆེན་མོ་འཇམ་མགོན་གསུང་ལྡེབ། ༡༨ སྲུང་ཟློག་གསད་པའི་རྗེས་གནང་སྟག་ཤམ་གཏེར་གཞུང་ལྡེབ། ༣ དོན་དབང་འཇམ་མགོན་གསུང་ལྡེབ། ༨ བསྙེན་ཡིག་ལྡེབ། ༧ ཁྲིད་ཡིག་ལྡེབ། ༩ བཅས་ཆོས་གླིང་གསུང་ངོ་།། ༼གི༽པ་ལ། རོལ་པའི་རྡོ་རྗེའི་ཕྱག་རྡོར་དྲེགས་འདུལ་གྱི་ཡུམ་བཀའ་སེང་གདོང་དམར་མོའི་ལས་བྱང་ལྡེབ། ༡༣ ལས་བྱང་ཁོག་སྙིང་ལྷ་བསྐྱེད་ལྡེབ། ༣ སྨན་མཆོད་ལྡེབ། ༡ ཚོགས་འཁོར་ལྡེབ། ༤ སྐོང་བ་ལྡེབ། ༢ སྲུང་ཟློག་རྒྱུན་ཁྱེར་ལྡེབ། ༡ རྣམས་གཏེར་གཞུང་། རྗེས་གནང་གསལ་བྱེད་ལྡེབ། ༦ མཆོག་གླིང་དགོངས་གཏེར་བི་མའི་ཡང་གསང་མཁའ་འགྲོའི་ཕྲིན་ལས་གཏོར་ཟློག་ལྡེབ། ༡༧ བཅས་འཇམ་མགོན་གསུང་རྣམས་སོ།། ༈ །།བདུན་པ་འཇིག་རྟེན་མཆོད་བསྟོད་ཀྱི་སྐོར་ལ། སྡེ་དཔོན་སུམ་ཅུའི་གསོལ་མཆོད་ཆོས་དབང་བཀའ་བརྒྱད་གསང་རྫོགས་ལས་ཁོལ་ཕྱུང་ལྡེབ། ༣ ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པའི་དྲེགས་པའི་སྡེ་དཔོན་སུམ་ཅུའི་མཐུ་དབང་འཇམ་མགོན་གསུང་ལྡེབ། ༡༠ རོལ་རྡོར་གཏུམ་པོ་དྲེགས་འདུལ་གྱི་སྔོན་འགྲོ་བླ་མ་ཞི་བ་རྡོར་འཆང་ནས་ཁོལ་ཕྱུང་ལྡེབ། ༡ ཕྱི་སྒྲུབ་གཏེར་གཞུང་ལྡེབ། ༨ དབང་བསྐུར་འཇམ་མགོན་གསུང་ལྡེབ། ༧ མཆོག་གླིང་ཟབ་བདུན་མཆོད་བསྟོད་ཀྱི་གསང་བདག་དྲེགས་འདུལ་སྒྲུབ་ཐབས་དབང་གཏེར་གཞུང་ལྡེབ། ༢ ཕྲིན་ལས་དབང་བསྐུར་འཇམ་མགོན་གསུང་ལྡེབ། ༨ མཆོད་བསྟོད་དྲེགས་པའི་སྒྲུབ་ཐབས་ལྡེབ། ༤ མཆོད་བསྟོད་ཟུར་བྱང་ལྡེབ། ༢ དྲེགས་པའི་མཆོད་བསྟོད་ལྷ་དབང་ལྡེབ། ༩ བཅས་གཏེར་གཞུང་། དབང་བསྐུར་འཇམ་མགོན་གསུང་ལྡེབ། ༡༠ རྣམས་སོ།། ༈ །།བརྒྱད་པ་དམོད་པ་དྲག་སྔགས་ཀྱི་སྐོར་ལ། ཉང་གཏེར་དྲག་སྔགས་སྲིད་པའི་གཏེར་ཁྱིམ་རྩ་གཞུང་ལྡེབ། ༤༨ གཏེར་ཁྱིམ་སྡེ་བརྒྱད་སྤྱི་སྒོས་ཀྱི་གསོལ་མཆོད་ལྡེབ། ༧ གཏེར་ཁྱིམ་རྒྱུན་གསོལ་ལྡེབ། ༥ བཅས་ཆོས་གྲགས་གསུང་། དུ་གུ་བ་རིན་ཆེན་སེང་གེ་དང་གཙང་པ་རིང་མོ་ཤེས་རབ་རིན་ཆེན་ཟུང་གི་དྲག་སྔགས་རྡོ་རྗེ་གཙུག་ལག་རྒྱུད་ཀྱི་རྒྱལ་པོ་གཏེར་གཞུང་མཆན་ཅན་ལྡེབ། ༢༢༧ དེའི་ལས་བྱང་ཚོགས་རྒྱུན་གསོལ་བཅས་ཆོས་གྲགས་གསུང་ལྡེབ། ༢༥ མཆོག་གླིང་ཟབ་བདུན་དྲག་སྔགས་ཀྱི་བརྒྱུད་འདེབས་ཀརྨ་པ་བཅུ་བཞི་ཐེག་མཆོག་རྡོ་རྗེའི་གསུང་ལྡེབ། ༡ སྟོབས་ལྡན་ནག་པོའི་རྩ་སྒྲུབ་ལྡེབ། ༢ མཆོད་ཕྲེང་ལྡེབ། ༢ བཅས་གཏེར་གཞུང་། སྨན་མཆོད་ཐེག་མཆོག་རྡོ་རྗེའི་གསུང་ལྡེབ། ༡ བསྟོད་པ་ལྡེབ། ༢ ལྷ་དབང་ལྡེབ། ༢ བཅས་གཏེར་གཞུང་། དབང་བསྐུར་འཇམ་མགོན་གསུང་ལྡེབ། ༩ བཅས། ༼ངི༽པ་ལ། ངག་གི་རྡོ་རྗེའི་ཕྱག་རྡོར་དྲག་སྔགས་མའི་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༡༡ ཚེ་སྒྲུབ་ལྡེབ། ༤ དབང་བསྐུར་ལྡེབ། ༩ ཚེ་དབང་ལྡེབ། ༧ བཅས་འཇམ་མགོན་གསུང་། ཀུན་གཟིགས་མཁྱེན་བརྩེའི་དག་སྣང་དྲང་སྲོང་ཞི་བའི་གདམས་སྐོར་སྒྲུབ་ཐབས་དབང་ལས་ཚོགས་བཅས་རྩ་གཞུང་ལྡེབ། ༡༤ ཉང་གཏེར་ལོཀྟྲིའི་རྩ་རྒྱུད་ལྡེབ། ༨ ཆོས་དབང་ལོཀྟྲིའི་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༡༡ ཁྲོ་བོའི་བསྟོད་པ་ལྡེབ། ༡ སྲུང་ཟློག་གསད་པའི་མན་ངག་ལྡེབ། ༡༥ ཐུན་གཏོར་ལྡེབ། ༡ རྒྱུན་ཁྱེར་ལྡེབ། ༢ བཅས་སྨིན་གཏེར་གསུང་། ཆུ་གཏོར་ཆོས་གྲགས་གསུང་ལྡེབ། ༡ གཏེར་སྲུང་མཆོད་པ་ལྔ་པའི་གསུང་ལས་ཁོལ་ཕྱུང་ལྡེབ། ༡ འབྱུང་བཞིའི་མཐའ་སྡུད་པདྨ་འགྱུར་མེད་རྒྱ་མཚོའི་གསུང་ལྡེབ། ༥ འགུགས་པ་རྟ་རྨིག་མ་ལྡེབ། ༡ སྲུང་ཟློག་གཏོར་ཟོར་ལས་རིམ་ལྡེབ། ༢༠ བསྙེན་ཡིག་ལྡེབ། ༡༦ བཅས་འཇམ་མགོན་གསུང་། རཏྣའི་གུར་དྲག་ལོཀྟྲིའི་ལོ་རྒྱུས་དང་སྒོམ་བཟླས་ཆགས་མེད་གསུང་ལྡེབ། ༣ མཆོག་གླིང་ཟབ་བདུན་དྲང་སྲོང་ལོཀྟྲི་ཞི་དྲག་གི་སྒྲུབ་ཐབས་དབང་བཅས་གཏེར་གཞུང་ལྡེབ། ༢ དྲང་སྲོང་ཞི་ཁྲོའི་ཕྲིན་ལས་དབང་བསྐུར་འཇམ་མགོན་གསུང་ལྡེབ། ༩ རྣམས་སོ།། །། ༈ རྩ་བའི་གསུམ་པ་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་སྒྲུབ་པའི་སྐོར་ལ། ཉང་རལ་ཉི་མ་འོད་ཟེར་གྱི་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་ལས་བྱང་དང་སྨོན་ལམ་དྷརྨ་ཤྲཱིའི་གསུང་ལྡེབ། ༣༠ སྨན་མཆོད་ལྡེབ། ༡ ཆད་བརྟན་ལྡེབ། ༡ རྗེས་མཆོད་བསྟོད་ལྡེབ། ༡ སྐུ་གསུམ་ལམ་ཁྱེར་ཁྲིད་ཡིག་ལྡེབ། ༡༩ མེ་དབང་དང་གཏུམ་མོ་ཞག་བདུན་མའི་ཁྲིད་ལྡེབ། ༨ མགུར་ཚན་པ་གསུམ་དང་རས་འབུད་ལག་ལེན་ལྡེབ། ༣ རྣམས་དྷརྨ་ཤྲཱིའི་གསུང་། མེ་མཆོད་ལྔ་པའི་གསུང་ལྡེབ། ༩ གནས་ལུང་རོ་སྲེག་སྨིན་གཏེར་གསུང་ལྡེབ། ༡༤ ཚོགས་བསྡུས་ཨཽཌིཡནའི་གསུང་ལས་ཕྱུང་བ་ལྡེབ། ༡ བསྙེན་ཡིག་ལྡེབ། ༡༠ རྒྱུན་ཁྱེར་ལྡེབ། ༡ བཅས་ཕྲིན་ལས་ཆོས་སྒྲོན་གསུང་། བདུད་རྩི་རིལ་བུའི་སྒྲུབ་ཐབས་གཏེར་གཞུང་དང་གསལ་བྱེད་བཅས་ལྡེབ། ༦ དུར་ཁྲོད་བྱ་ཐབས་ལྡེབ། ༥ དབང་བསྐུར་རྒྱས་པ་ལྡེབ། ༡༩ བཅས་འཇམ་མགོན་གསུང་། ཆོས་དབང་སྒྲོལ་དཀར་ཚེ་སྒྲུབ་ལྡེབ། ༣ ཆོས་དབང་དྷཱ་ཀི་གཙུག་རྒྱན་མཚོ་རྒྱལ་སྒྲུབ་ཐབས་ལེའུ་བཞི་པ་ལྡེབ།༩ བཅས་གཏེར་གཞུང་། ཇོ་མོ་སྨན་མོའི་མཁའ་འགྲོ་གསང་བ་ཀུན་འདུས་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེའི་ཡང་གཏེར་གྱི་དབང་བསྐུར་ལྡེབ། ༡༤ གཏོར་དབང་ལྡེབ། ༢ ཕག་མོའི་ཕྲིན་ལས་ལྡེབ། ༡༤ དཔའ་བོ་དཔའ་མོའི་སྒྲུབ་ཐབས་ལྡེབ། ༢ མཆོད་སྐོང་ལྡེབ། ༢༡ ཚེ་སྒྲུབ་ལྡེབ། ༡༠ ནོར་སྒྲུབ་ལྡེབ། ༡༡ དབང་སྡུད་ལྡེབ། ༡༡ ཟོར་ལས་ལྡེབ། ༡༧ ཟབ་ཁྲིད་ལྡེབ། ༢༥ རྣམས་གཏེར་གཞུང་། བརྒྱུད་འདེབས་ལྡེབ། ༢ སྨན་མཆོད་ལྡེབ། ༡ སྔོན་འགྲོ་དང་རིམ་གཉིས་རྒྱུན་གྱི་རྣལ་འབྱོར་ལྡེབ། ༩ བཀའ་སྲུང་མ་གསུམ་གཏོར་འབུལ་ལྡེབ། ༡ ཚོགས་སྐོང་འབྲིང་བསྡུས་ལྡེབ། ༤ མཆོད་སྐོང་བྱེ་བྲག་པ་དྲུག་གི་སྐབས་སྤྱན་འདྲེན་མཆོད་བསྟོད་མདོར་བསྡུས་ལྡེབ། ༡ འབྱུང་ལྔའི་སྐོང་འགྲེས་ལྡེབ། ༡ མཁའ་འགྲོའི་སྨྲེ་བཤགས་དྲི་མེད་བཤགས་རྒྱུད་ལས་ཁོལ་ཕྱུང་ལྡེབ། ༢ མཆོད་བསྟོད་ནོངས་བཤགས་ལྡེབ། ༡ ལས་བྱང་དབང་སྒྲུབ་ཆེན་སོགས་ཀྱི་ཟུར་འདེབས་ལྡེབ། ༡༡ རྣམས་འཇམ་མགོན་གསུང་། ཉང་གཏེར་ཁྲོས་ནག་གི་བསྟོད་བསྐུལ་སྟོང་ཉིད་མ་ལྡེབ། ༢ ཡོངས་རྫོགས་མདོས་སྐོང་བདག་གིས་བྲིས་པ་དང་། ཚོགས་བསྡུས་གཏེར་གཞུང་ལྡེབ། ༨ བཅས། ༼ཅི༽པ་ལ། གཡག་ཕྱར་སྔོན་མོ་རིན་ཆེན་རྒྱལ་པོས་གདན་དྲངས་པ་སླར་སྦས་ཤིང་། རོང་པ་བདུད་འདུལ་གླིང་པ་རྡོ་རྗེ་བདུད་འཇོམས་ཀྱིས་བཏོན་ནས་སླར་ཡང་སྦས་པ་ཀུན་གཟིགས་མཁྱེན་བརྩེའི་ཡང་གཏེར་སྒྲོལ་མ་འཇིགས་པ་ཀུན་སྐྱོབ་ཀྱི་གཏེར་གཞུང་ལྡེབ། ༡༩ ཕྲིན་ལས་དབང་བསྐུར་ལྡེབ། ༡༡ སྒྲོལ་མ་གཡུལ་མདོས་ལྡེབ། ༢༤ བཅས་འཇམ་མགོན་གསུང་། སངས་གླིང་བླ་མ་དགོངས་འདུས་ཀྱི་མཁའ་འགྲོའི་ཕྲིན་ལས་ཚོགས་མཆོད་གཏེར་གཞུང་ལྡེབ། ༣༣ དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༥ རཏྣའི་རྟ་གསང་ཐེམ་མེད་མཚོ་རྒྱལ་སྐོར་གསུམ་གཏེར་གཞུང་ལྡེབ། ༢༡ དབང་བསྐུར་འཇམ་མགོན་གསུང་ལྡེབ།༡༣ རྒོད་ལྡེམ་པས་སྤྱན་དྲངས་ཤིང་སླར་སྦས་པ་བསྟན་གཉིས་གླིང་པ་པདྨ་ཚེ་དབང་རྒྱལ་པོའི་ཕག་མོ་ཟབ་རྒྱའི་གཏེར་གཞུང་ལྡེབ། ༨༩ གསོལ་འདེབས་ལྡེབ། ༢ ཕྲིན་ལས་ལྡེབ། ༡༢ དབང་ཆོག་ལྡེབ། ༡༠ ཟབ་ཁྲིད་ལྡེབ། ༢༥ བཅས་འཇམ་མགོན་གསུང་། ཨེ་སྤེལ་ལྕོག་པ་གར་དབང་ལས་འཕྲོ་གླིང་པའི་ཕག་དཀར་ཡེ་ཤེས་འཁོར་ལོ་ཀུན་གཟིགས་མཁྱེན་བརྩེའི་ཡང་གཏེར་གསང་ཆེན་ཐུགས་ཏིག་གཏེར་གཞུང་ལྡེབ། ༤༨ བརྒྱུད་འདེབས་ལྡེབ། ༡ སྒྲུབ་ཐབས་དང་དབང་བསྐུར་ལག་ལེན་ལྡེབ། ༧ བཅས་འཇམ་མགོན་གསུང་། གར་དབང་ཞིག་གླིང་རྫོགས་ཆེན་གསང་བ་སྙིང་ཐིག་གི་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་་་འདི་འོག་ཏུ་འང་བཞུགས།མཆན།གཏེར་གཞུང་ལྡེབ། ༣ རྩ་བ་དེ་ལ་བརྟེན་ཅིང་དག་སྣང་ཟུང་འབྲེལ་འཕགས་མ་ཡིད་བཞིན་ཟླ་བ་ཚེ་སྦྱིན་མའི་སྒྲུབ་ཐབས་དབང་ཆོག་ཚེ་དབང་ནོར་བུའི་གསུང་ལྡེབ། ༩ བདུད་འདུལ་དམ་ཆོས་སྤྲུལ་སྐུའི་སྙིང་ཏིག་གི་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་གཏེར་གཞུང་ལྡེབ། ༡༡ ཚེ་དབང་འཇམ་མགོན་གསུང་ལྡེབ། ༤ ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་རིག་འཛིན་སྲོག་སྒྲུབ་ཀྱི་ཡུམ་བཀའ་ཕག་དམར་ཞལ་གཉིས་མའི་ལས་བྱང་རྩ་གཞུང་ལྡེབ། ༦ སྨིན་བྱེད་མེ་དབང་བཅས་འཇམ་མགོན་གསུང་ལྡེབ། ༩ གཏུམ་མོ་བདེ་ཆེན་པདྨའི་གྲུ་གཟིངས་ལྡེབ། ༨ གཅོད་ཡུལ་དཔའ་བོའི་ཐོལ་གླུ་ལྡེབ། ༢ གཅོད་ཀྱི་དགོངས་འགྲེལ་ལྡེབ། ༦ བཅས་རྩ་གཞུང་། སྨིན་གཏེར་ཐུགས་ཆེན་བདེ་གཤེགས་ཀུན་འདུས་ཀྱི་ཡུམ་བཀའ་གསང་བ་ཡེ་ཤེས་གཏེར་གཞུང་ལྡེབ། ༡༢ དཀྱིལ་ཆོག །དབང་། མེ་མཆོད་བཅས་པདྨ་འགྱུར་མེད་རྒྱ་མཚོའི་གསུང་ལྡེབ། ༡༡ རྒྱུན་གྱི་ཉམས་ལེན་འཇམ་མགོན་གསུང་ལྡེབ། ༧ བཅས། ༼ཆི༽པ་ལ། སྟག་ཤམ་ནུས་ལྡན་རྡོ་རྗེའི་ཟབ་མོ་གསང་བ་ཡོངས་འདུས་ཀྱི་མཁའ་འགྲོ་མཚོ་རྒྱལ་ཚོགས་མཆོད་ལས་བྱང་ལྡེབ། ༡༠ གསང་སྒྲུབ་ཁྲིད་ཡིག་ལས་ཚོགས་ལྡེབ། ༢༡ བཅས་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༦ ཆོས་གླིང་བླ་མ་དྲག་པོའི་ཡུམ་བཀའ་ཁྲོས་མ་ནག་མོའི་སྒྲུབ་མཆོད་ཆ་ལག་བཅས་ཉིད་ཀྱི་གསུང་ལྡེབ། ༢༤ རོལ་རྡོར་མཚོ་གཏེར་བླ་མ་རྒྱལ་འདུས་ཡུམ་བཀའ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༡༢ དབང་ཆོག་འཇམ་མགོན་གསུང་ལྡེབ། ༧ རྭ་སྟོན་ཐུགས་རྡོར་རྩ་གསུམ་དབང་ཆེན་འདུས་པའི་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་དབང་བསྐུར་འཇམ་མགོན་གསུང་ལྡེབ། ༡༢ འཇིགས་མེད་གླིང་པའི་ཀློང་སྙིང་ཡུམ་བཀའ་བདེ་ཆེན་རྒྱལ་མོའི་རྩ་སྒྲུབ་གཏེར་གཞུང་ལྡེབ། ༨ དབང་ཆོག་འཇམ་མགོན་གསུང་ལྡེབ། ༧ ཀུན་གཟིགས་མཁྱེན་བརྩེའི་དགོངས་གཏེར་འཆི་མེད་འཕགས་མའི་སྙིང་ཐིག་གི་སྒྲོལ་གཞུང་རྒྱས་པའི་རྩ་བ་རྡོ་རྗེའི་ཚིག་རྐང་ལྡེབ། ༤ བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ ཕྲིན་ལས་གཏེར་གཞུང་ལྡེབ། ༡༠ མཆོད་ཕྲེང་ལྡེབ། ༡ སྨན་མཆོད་ལྡེབ། ༡ བཅས་འཇམ་མགོན་གསུང་། ཚེ་འགུགས་མཆོག་གླིང་གཏེར་གཞུང་ལྡེབ། ༡ རྒྱུན་གྱི་རྣལ་འབྱོར་མཁྱེན་བརྩེ་ཉིད་ཀྱི་གསུང་ལྡེབ། ༤ ཚོགས་བསྡུས་ལྡེབ། ༡ བདག་འཇུག་ལྡེབ། ༥ རྒྱས་པའི་སྦྱིན་སྲེག་ལྡེབ། ༦ རྩ་བའི་སྨིན་བྱེད་ལྡེབ། ༢༩ ཡང་ཟབ་ཚེའི་བྱིན་རླབས་ལྡེབ། ༨ ཐུན་མོང་ཚེའི་རྗེས་གནང་ལྡེབ། ༨ རྣམས་འཇམ་མགོན་གསུང་། དྷརྨ་ཤྲཱིའི་སྒྲོལ་མའི་མཎྜལ་བཞི་ཆོག་ཀུན་གཟིགས་མཁྱེན་བརྩེའི་བཀླག་ཆོག་མ་ལྡེབ། ༦ མཆོག་གླིང་མཁའ་འགྲོ་དགོངས་འདུས་སྙིང་པོ་གཏེར་གཞུང་ལྡེབ། ༥ དབང་ཆོག་འཇམ་མགོན་གསུང་ལྡེབ། ༨ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཕྱིའི་བར་ཆད་སེལ་བ་སྒྲོལ་མ་འཇིགས་པ་ཀུན་སེལ་གཏེར་གཞུང་ལྡེབ། ༡༢ དབང་ཆོག་ལྡེབ། ༡༤ འཁོར་གྱི་ལྷ་བསྐྱེད་ལྡེབ། ༢ མཎྜལ་ཆོ་ག་ལྡེབ། ༡༦ བཅས་ཀུན་གཟིགས་མཁྱེན་བརྩེའི་གསུང་། མཆོད་པ་རིན་ཆེན་སེམས་གཟུང་མ་སྤྱོད་འཇུག་ལས་ཁོལ་ཕྱུང་ལྡེབ། ༢ གཏོར་འབུལ་ཚེ་ནོར་སྒྲོལ་ཆོག་ལས་ཁོལ་ཕྱུང་ལྡེབ། ༡ གནད་བསྐུལ་གསོལ་འདེབས་རཏྣའི་མཚོ་རྒྱལ་ནང་སྒྲུབ་ལས་ཁོལ་ཕྱུང་ལྡེབ། ༣ འགྲེས་བྱང་ལྡེབ། ༡ མཆོག་གླིང་དགོངས་གཏེར་སྒྲོལ་མའི་ཟབ་ཏིག་གཏེར་གཞུང་ལྡེབ། ༡༧ ཕྱི་སྒྲུབ་རིག་གཏད། ནང་སྒྲུབ་དབང་བསྐུར། གསང་སྒྲུབ་བྱིན་རླབས་བཅས་ལྡེབ། ༣༢ དོན་ཁྲིད་ལྡེབ། ༤༨ བཅས་འཇམ་མགོན་གསུང་། མཆོག་གླིང་ཟུར་བཟའི་ཐུགས་དམ་སྐོར་དྲུག་གི་མཁའ་འགྲོའི་སྒྲུབ་སྐོར་གཏེར་གཞུང་ལྡེབ། ༢༡ སྒྲུབ་ཐབས་ལྔའི་དབང་ཆིངས་འཇམ་མགོན་གསུང་ལྡེབ། ༡༡ མཆོག་གླིང་མཁའ་འགྲོ་གསང་ཡེ་གཏེར་གཞུང་ལྡེབ། ༡༠ ཕྲིན་ལས་ལས་ཚོགས་འཇམ་མགོན་གསུང་ལྡེབ། ༡༥ ཞར་བྱུང་སྨིན་ལུགས་གཅོད་དབང་ལྡེབ། ༧ གདན་ཐོག་གཅིག་མའི་མན་ངག་ལྡེབ། ༡༠ དེའི་གདམས་ཁྲིད་དང་ཀེང་རུས་མེ་འབར་དམིགས་གནད་བཅས་ལྡེབ། ༤ རྣམས་སྨིན་གཏེར་གསུང་། ཁྲིད་ཡིག་དྷརྨ་ཤྲཱིའི་གསུང་ལྡེབ། ༢༤ རྣམས་སོ།། །། ༈ ༼ཇི༽པ་ལ། བཞི་པ་ཕྲིན་ལས་སྒྲུབ་པའི་བཀའ་སྡོད་རྒྱལ་བའི་བསྟན་སྲུང་རྡོ་རྗེའི་ཆོས་སྐྱོང་བའི་སྐོར་ལ། མགོན་པོ་ཕོ་རྒྱུད་དང་ལྷ་མོ་སོགས་སྣ་ཚོགས་པ་གཉིས་ལས། དང་པོ་བསྟན་སྲུང་ཀུན་གྱི་གཙོ་བོ་ཡེ་ཤེས་དང་ལས་ཀྱི་མགོན་པོའི་སྐོར་ལ། བཀའ་མ་རྒྱུད་མགོན་ལེགས་ལྡན་གྱི་སྒྲུབ་ཐབས་རྒྱས་པ་ལྡེབ། ༢༣ སྒྲུབ་ཐབས་འབྲིང་པོ་ལྡེབ། ༨ བཅས་སྨིན་གཏེར་གསུང་། དབང་ཆོག་གཙང་ཤོད་པ་རྡོ་རྗེ་རྒྱལ་མཚན་གྱི་གསུང་ལྡེབ། དེ་ལས་ཁོལ་ཕྱུང་དྲག་པོའི་རྗེས་གནང་ལྡེབ། ༡ མཆོག་གླིང་ཟབ་བདུན་བཀའ་སྲུང་གཙོ་བོ་ལེགས་ལྡན་སྒྲུབ་ཐབས་སོགས་ལྡེབ། ༦ ཕྲིན་ལས་སོགས་ལྡེབ། ༣༠ རྣམས་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༤ དེའི་ལས་མགོན་སྲས་མཆོག་བེར་ནག་དང་རེ་ཏི་ཞལ་སྦྱོར་སྒྲུབ་ཐབས་སོགས་གཏེར་གཞུང་ལྡེབ། ༦ སྨིན་བྱེད་ཆོ་ག་འཇམ་མགོན་གསུང་ལྡེབ། ༨ ཉང་གཏེར་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་གསང་ཁྲིད་གཏེར་གཞུང་ལྡེབ། ༣ གོང་ནོན་ཡེ་ཤེས་པའི་སྒྲུབ་ཐབས་ལྡེབ། ༢ མདོས་ཆོག་ལྡེབ། ༢༡ བཅས་སྨིན་གཏེར་གསུང་། ཉང་གི་གཡུལ་མདོས་གཏེར་གཞུང་ལྡེབ། ༡༠༧ ཟིན་བྲིས་སྒྲོན་མེ་སྐོར་གསུམ་གྱི་རྫས་གསོག་ལྡེབ། ༡༤ བཤམ་གྱི་ལག་ལེན་ལྡེབ། ༢༠ ཟུར་འདེབས་ལག་ལེན་ལྡེབ། ༢༣ བཅས་དྷརྨ་ཤྲཱིའི་གསུང་། མཆོག་གླིང་ཟབ་བདུན་ཕྱག་བཞི་པའི་གཏེར་གཞུང་ལྡེབ། ༨ དབང་བསྐུར་འཇམ་མགོན་གསུང་ལྡེབ། ༩ གུ་རུས་འཁོན་ཀླུ་དབང་ལ་གནང་བ་བཀའ་མ་གུར་མགོན་སྲོག་གི་སྤུ་གྲིའི་སྒྲུབ་ཐབས་དབང་བསྐུར་འཇམ་མགོན་གསུང་ལྡེབ། ༧ རྒྱ་པདྨ་དབང་ཕྱུག་གི་གུར་མགོན་གཏེར་གཞུང་ལྡེབ། ༡༡ མཆོག་གླིང་ཐུགས་ཆེན་པདྨ་སྒྱུ་འཕྲུལ་དྲྭ་བའི་མགོན་པོ་ཕྱག་དྲུག་པའི་གཏེར་གཞུང་ལྡེབ། ༧ བཀའ་གཏད་འཇམ་མགོན་གསུང་ལྡེབ། ༣ མཆོག་གླིང་ཕྱག་དྲུག་པ་ཟབ་མོ་སྐོར་དགུའི་ཕྱི་སྒྲུབ་གཏེར་གཞུང་ལྡེབ། ༦ གཏོར་དབང་འཇམ་མགོན་གསུང་ལྡེབ། ༥ གཙོ་བོར་ཆོས་དབང་དང་། རྡོར་གླིང་། རཏ་གླིང་། པད་གླིང་། འཇའ་ཚོན་རྣམས་ཀྱི་གཏེར་ཁ་གཅིག་འདུས་དཔལ་མགོན་མ་ནིང་ལས་བྱང་སྨིན་གཏེར་གསུང་ལྡེབ། ༢༡ རཏྣའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་བཀའ་སྲུང་མ་ནིང་ལས་བྱང་ལྡེབ། ༩ བསྙེན་དམིགས་སྔགས་བཅས་ལྡེབ། ༡ བསྐང་གསོལ་ཆེན་མོ་ལྡེབ། ༩ བཅས་གཏེར་གཞུང་། སྲོག་དབང་ཆེན་མོ་འཇམ་མགོན་གསུང་ལྡེབ། ༨ གཏོར་དབང་གཏེར་གཞུང་ལྡེབ། ༣ ཕྲིན་ལས་མགོན་པོ་ཏྲཀ་ཤད་གནུབས་ཆེན་ནས་བརྒྱུད་པ་དྭགས་ལུགས། མ་ནིང་མ་པདྨའི་ལུགས་ཏེ་བཀའ་མ། འབྲོང་ཞལ་མ་དུང་རས་གཏེར་མ། བཀའ་གཏེར་ཟུང་འཇུག་སྐྱིལ་དགའ་རབ་གཏེར་མ་ཤྭ་ནའི་ཞལ་ཅན་ཏེ་ལུགས་སྲོལ་བཞིའི་སྒྲུབ་ཐབས་རྗེས་གནང་འཇམ་མགོན་གསུང་ལྡེབ། ༡༦ བཅས། ༼ཉི༽པ་ལ། སྨིན་གཏེར་རིག་འཛིན་ཐུགས་ཐིག་བཀའ་སྲུང་དཔལ་མགོན་ཞལ་བཞིའི་གཏེར་གཞུང་ལྡེབ། ༨ ལས་བྱང་ལྡེབ། ༨ དྲག་གཏོར་ལྡེབ། ༤ བཅས་ཉིད་ཀྱི་གསུང་། གཏོར་དབང་འཇམ་མགོན་གསུང་ལྡེབ། ༥ བྱང་གཏེར་བསྟན་སྲུང་ཡོངས་རྫོགས་ཀྱི་མཆོད་ཕྲིན་ལྡེབ། ༤ སྐོང་བཤགས་ལྡེབ། བཅས་གཏེར་གཞུང་། དབང་ཆོག་པད་ཕྲིན་གསུང་ལྡེབ། ༡༣ བཻ་རོ་ནས་བརྒྱུད་པའི་བཀའ་མ་དང་། ཆུ་ཕོ་རྟོགས་ལྡན་དགེ་འདུན་རྒྱལ་མཚན་གྱི་གཏེར་མ་ཟུང་འཇུག་ཚོགས་བདག་ཁམས་བྱོན་མའི་མངོན་རྟོགས་གསང་བ་སྤུ་གྲི་ལྡི་རི་ཆོས་གྲགས་ཀྱི་གསུང་ལྡེབ། ༡༧ སྔགས་འགྲིགས་བཻ་རོས་ལྡི་རི་ཆོས་གྲགས་ལ་གནང་བ་ལྡེབ། ༢ མཇུག་ཆོག་ལྡེབ། ༡ གབ་ཐིག་འཁྲུགས་ཀྱི་མན་ངག་ལྡེབ། ༦ བཅས་ལྡི་རི་ཆོས་གྲགས་གསུང་། སྐོང་བསྡུས་ནམ་མཁའ་རིན་ཆེན་གསུང་དང་མངའ་གསོལ་བཅས་ལྡེབ། ༥ སྨིན་བྱེད་འཇམ་མགོན་གསུང་ལྡེབ། ༡༢ མཆོག་གླིང་ཟབ་བདུན་ཕུར་པའི་བཀའ་སྲུང་ཤྭ་ནའི་ཕྲིན་ལས་གཏེར་གཞུང་ལྡེབ། ༧ གཏོར་དབང་འཇམ་མགོན་གསུང་ལྡེབ། ༦ མཆོག་གླིང་ཆོས་སྐྱོང་དགོངས་འདུས་སྙིང་པོ་གཏེར་གཞུང་ལྡེབ། ༦ དབང་ཆོག་འཇམ་མགོན་གསུང་ལྡེབ། ༥ གར་དབང་ཞིག་གླིང་ཐུགས་ཆེན་འཁོར་བ་ལས་སྒྲོལ་གྱི་སྲུང་མ་དཔལ་མགོན་ལྕམ་དྲལ་བདུན་ཅུའི་ལས་བྱང་ལྡེབ། ༩ སྲོག་དབང་ལྡེབ། ༣ བཅས་གཏེར་གཞུང་རྣམས་སོ།། ༈ །།གཉིས་པ་ལྷ་མོའི་སྐོར་གཙོ་བོར་གྱུར་པའི་བསྟན་སྲུང་སྣ་ཚོགས་པའི་སྡེ་ལ། སྡེ་བདུན་གྱི་སྐོང་གསོ་སྟོད་ལས་སྨད་ལས་དང་བཅས་པ་དངོས་གྲུབ་འབྱུང་གཏེར་ཀུན་མཁྱེན་ཀློང་ཆེན་པའི་གསུང་ལྡེབ། ནག་མོ་རལ་གཅིག་མའི་སྙིང་ཐུན་གསང་བའི་རྒྱུད་ལྡེབ། ༧ རཏྣའི་རྟ་གསང་གི་སྔགས་སྲུང་མའི་ཕྲིན་ལས་རྗེས་གནང་འཇམ་མགོན་གསུང་ལྡེབ། ༥ སྨིན་གླིང་རྡོར་སེམས་དང་ཨ་ཏིའི་སྔགས་སྲུང་མའི་ཕྲིན་ལས་ལྡེབ། ༥ གཏོར་འབུལ་ལྡེབ། ༢ རྗེས་གནང་ལྡེབ། ༤ བཅས་ཉིད་ཀྱི་གསུང་། བཀའ་མ་སྤྱི་ལུགས་དང་པུ་རོང་པ་ཞང་བཙུན་དར་མ་རིན་ཆེན་གྱི་ཟབ་གཏེར་ཟུང་འབྲེལ་ཀཾ་ཚང་ལ་བཀའ་བབས་པ་ལྷ་མོ་རང་བྱུང་རྒྱལ་མོའི་གཞུང་མན་ངག་བེ་བུམ་གསེར་རྒྱ་ཅན་ལས་ཉེར་མཁོ་བཏུས་པ་ལྡེབ། ༢༥ ཤེར་འོད་གྲོལ་ཏིག་རྡོ་རྗེ་གཤོག་རྒོད་མའི་གསོལ་མཆོད་ལྡེབ། ༡༣ སྲོག་དབང་ལྡེབ། ༥ གནམ་ཆོས་ཨ་ཕྱི་ཆོས་སྒྲོན་སྒྲུབ་ཐབས་ལྡེབ། ༡ བཅས་གཏེར་གཞུང་། ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་མཁའ་འགྲོ་ཡང་ཏིག་རིན་ཆེན་ཤོག་འདྲའི་གཡུ་སྒྲོན་མའི་སྒྲུབ་ཐབས་རྩ་གཞུང་ལྡེབ། ༥ གཡུ་སྒྲོན་མའི་ཕྲིན་ལས་སྨིན་གཏེར་གསུང་ལྡེབ། ༧ གནམ་ཆོས་གཡུ་སྒྲོན་མ་རིགས་དྲུག་གི་སྒྲུབ་ཐབས་དང་གསོལ་ཀ་གཏེར་གཞུང་ལྡེབ། ༣ གཡུ་སྒྲོན་མའི་གསོལ་མཆོད་བསྐང་བ་ཆགས་མེད་གསུང་ལྡེབ། ༦ ལས་འབྲེལ་རྩལ་གྱི་མཁའ་འགྲོ་སྙིང་ཐིག་གི་ཤན་པ་སྲོག་སྒྲུབ་ནག་མོའི་རྒྱུད་ལྡེབ། ༤ ཟུར་མང་སྙན་བརྒྱུད་ཀྱི་སྲོག་སྒྲུབ་མའི་མངོན་རྟོགས་རྗེས་གནང་བཅས་ལྡེབ། ༨ གཟའ་བདུད་བསྐང་གསོལ་ཀུན་མཁྱེན་ཆེན་པོའི་གསུང་ལྡེབ། ༡༣ རཏྣའི་རྟ་གསང་གནོད་སྦྱིན་ཤན་པ་དམར་ནག་གི་ཕྲིན་ལས་རྗེས་གནང་ལྡེབ། ༧ འཁོན་ལུགས་པུ་ཏྲ་མིང་སྲིང་གི་གཏོར་ཆོག་རྗེས་གནང་ལྡེབ། ༡༡ བཅས་འཇམ་མགོན་གསུང་། ལྷ་བཙུན་བྱང་ཆུབ་འོད་ཀྱི་མོན་བུ་པུ་ཏྲ་མིང་སྲིང་གི་སྒྲུབ་ཐབས་བཀའ་བཀོལ་མའི་གཞུང་ལྡེབ། ༥ ས་སྐྱའི་ཡང་ཕུར་བཀའ་སྲུང་དཀར་བདུད་སྒྲུབ་ཐབས་རྗེས་གནང་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༦ སྨིན་གཏེར་གཤིན་རྗེ་དྲེགས་འཇོམས་ཀྱི་འཆི་བདག་ལས་ཀྱི་གཤིན་རྗེའི་ཕྲིན་ལས་ལྡེབ། ༣ རྗེས་གནང་ལྡེབ། ༣ བཅས་ཉིད་ཀྱི་གསུང་། རཏྣའི་ཐུགས་ཆེན་གསང་འདུས་ཀྱི་དམ་ཅན་མགར་དམར་གཏེར་གཞུང་ལྡེབ། ༡༥ ཀུན་སྐྱོང་གླིང་པའི་དམ་ཅན་མགར་ནག་གི་རྒྱུད་གཏེར་གཞུང་ལྡེབ། ༨ ཀཾ་ཚང་དམ་ཅན་བེ་བུམ་ཕྱིང་ཁུག་ནག་པོ་ལས་གར་དབང་ལྔ་པ་དཀོན་མཆོག་འབངས་ཀྱིས་གཅེས་བསྡུས་རྩ་གཞུང་ལྡེབ། ༡༣ ཕྲིན་ལས་རྗེས་གནང་འཇམ་མགོན་གསུང་ལྡེབ། ༡༡ འགྲོ་འདུལ་ལས་འཕྲོ་གླིང་པའི་ཐུགས་ཆེན་དོན་གསལ་སྒྲོན་མེའི་དམ་ཅན་རྡོར་ལེགས་གཏེར་གཞུང་ལྡེབ། ༣༣ རྗེས་གནང་འཇམ་མགོན་གསུང་ལྡེབ། ༥ མཆོག་གླིང་ཐུགས་ཆེན་པདྨ་སྒྱུ་འཕྲུལ་དྲྭ་བའི་དམ་ཅན་ལྕམ་དྲལ་སྒྲུབ་ཐབས་དང་། ཕྲིན་ལས་གཏེར་གཞུང་ལྡེབ། ༦ བཀའ་གཏད་འཇམ་མགོན་གསུང་ལྡེབ། ༣ ཤྭ་བན་རྒྱལ་སྲས་ལེགས་པའི་བདུད་མགོན་སེང་གདོང་གི་རྒྱུད་གཏེར་གཞུང་ལྡེབ། ༦ ཞིང་སྐྱོང་ཆེན་པོ་ཀུན་དགའ་གཞོན་ནུའི་སྒྲུབ་སྐོར་བེ་བུམ་དཀོན་མཆོག་འབངས་ཀྱིས་གཅེས་བསྡུས་ལྡེབ། ༢༤ བཅས། ༼ཏི༽པ་ལ། བདུད་འདུལ་རྡོ་རྗེའི་དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་གི་ཞིང་སྐྱོང་ཀུན་དགའ་གཞོན་ནུའི་ལས་བྱང་ལྡེབ། ༡༡ སྔགས་བྱང་ལྡེབ། ༢ བཅས་གཏེར་གཞུང་། ལམ་ཁྱེར་ལས་བྱང་ཚེ་དབང་ནོར་བུའི་གསུང་ལྡེབ། ༥ རྗེས་གནང་འཇམ་མགོན་གསུང་ལྡེབ། ༥ ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་རིག་འཛིན་སྲོག་སྒྲུབ་ཀྱི་བཀའ་སྲུང་དྲག་པོ་སྡེ་བཞིའི་ལས་བྱང་གཏེར་གཞུང་ལྡེབ། ༡༠ སྲོག་དབང་འཇམ་མགོན་གསུང་ལྡེབ། ༡༢ ཉང་དང་པད་གླིང་སོགས་བཀའ་གཏེར་མན་ངག་ཟབ་བསྡུས་ཞིང་སྐྱོང་དུར་ཁྲོད་མ་མོའི་བེ་བུམ་ལྡེབ། ༣༦ དཔེའུ་རིས་ལྡེབ། ༣ ལས་བྱང་ལྡེབ། ༡༡ སྐོང་མདོས་ལྡེབ། ༤ བཅས་སྨིན་གཏེར་གསུང་། གར་དབང་ཞིག་གླིང་གི་དགོངས་འདུས་ནོར་བུ་པད་ཕྲེང་གི་ཚེ་སྒྲུབ་རྒྱལ་བ་འདུས་པའི་བཀའ་སྲུང་ཤ་ཟ་ཁ་མོ་ཆེའི་གཏེར་གཞུང་ལྡེབ། ༡༩ མངོན་རྟོགས་དང་ལས་བྱང་ཉིད་ཀྱི་གསུང་ལྡེབ། ༢ སྲོག་གཏད་འཇམ་མགོན་གསུང་ལྡེབ། ༦ བརྟན་མ་བཅུ་གཉིས་མཆོད་ཚུལ་ས་ཆེན་ངག་དབང་ཀུན་དགའ་བློ་གྲོས་གསུང་ལྡེབ། ༧ བརྟན་མའི་གསོལ་མཆོད་ཉུང་ངུ་སྨིན་གཏེར་གསུང་ལྡེབ། ༢ ཉང་གི་སྐུ་ལྔའི་གསོལ་ཀ་ཕྲིན་ལས་དོན་བཅུ་མ་གཏེར་གཞུང་ལྡེབ། ༡༢ མངའ་རིས་པཎ་ཆེན་གྱི་རིག་འཛིན་ཡོངས་འདུས་ལས་གནོད་སྦྱིན་ཙིའུ་དམར་པོའི་གཏེར་གཞུང་ལྡེབ། ༡༧ སྲོག་གཏད་འགྱུར་མེད་རིན་ཆེན་རྣམ་རྒྱལ་གསུང་ལྡེབ། ༩ ཕྲིན་ལས་འཇམ་མགོན་གསུང་ལྡེབ། ༡༠ བྱང་གཏེར་གཉན་ཆེན་ཐང་ལྷ་རྡོ་རྗེ་འབར་བ་རྩལ་གྱི་གཏེར་གཞུང་ལྡེབ། ༢༤ བསྐང་གསོལ་ཉིད་ཀྱི་གསུང་ལྡེབ། ༣ སྲོག་གཏད་འགྱུར་མེད་རིན་ཆེན་རྣམ་རྒྱལ་གསུང་ལྡེབ། ༡༡ སྒྲུབ་མཆོད་ཕྲིན་ལས་འཇམ་མགོན་གསུང་ལྡེབ། ༡༣ བདུད་འདུལ་རྡོ་རྗེའི་རྨ་ཆེན་སྤོམ་རའི་གཏེར་གཞུང་ལྡེབ། ༡༥ གནམ་ཆོས་སྤོམ་རའི་གཏེར་གཞུང་ལྡེབ། ༡ གསོལ་མཆོད་ལྡེབ། མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཚེ་རིང་མཆེད་ལྔ་གཏེར་གཞུང་ལྡེབ། ༡༥ གཏོར་འབུལ་འདོད་གསོལ་ལྡེབ། ༡ ཐུན་མོང་གཏོར་དབང་ལྡེབ། ༥ བཅས་འཇམ་མགོན་གསུང་། བསྟན་སྐྱོང་སྡེ་དགུའི་ཕྲིན་ལས་དངོས་རོལ་ལྡེབ། ༢༣ རྗེས་འབྲངས་ལྡེབ། ༡༠ གཏོར་མ་རུ་མཚོན་ཟུང་འཇུག་མན་ངག་ལྡེབ། ༡༤ རྣམས་སྨིན་གཏེར་གསུང་། མཆོག་གླིང་ཟབ་བདུན་རུ་མཚོན་འབུལ་ཆོག་གཏེར་གཞུང་ལྡེབ། ༢ སྲུང་མའི་གྲིབ་སེལ་དྷརྨ་ཤྲཱིའི་གསུང་ལྡེབ། ༣ སྨིན་གཏེར་སྔགས་སྲུང་མའི་འཁྲུགས་སྐོང་འགྱུར་མེད་པདྨ་དབང་རྒྱལ་གསུང་ལྡེབ། ༧ འཁྲུགས་སྐོང་རྒྱུན་ཁྱེར་ཆགས་མེད་གསུང་ལྡེབ། ༡ རོལ་རྡོར་བྲག་གཏེར་འཁྲུགས་སྐོང་ལྡེབ། ༣ རྣམས་སོ།། །།རྗེས་འབྲེལ་དགོས་དབང་ཁྱད་པར་ཅན་དང་འབྲེལ་བར་བཞག་པ་པད་འབྱུང་རྣམ་ཐར་བོན་ལུགས་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༩ རྡོ་རྗེ་གླིང་པའི་ཡབ་སྲས་བཅུད་དྲིལ་གཏེར་གཞུང་དང་། ལས་བྱང་། ཚོགས། དབང་ཆོག་གཡུང་དྲུང་བསྟན་རྒྱལ་གསུང་ལྡེབ། ༣༠ སྐུ་གསུང་ཐུགས་ཀྱི་དྲིལ་སྒྲུབ་ཁ་ཚར་དང་གེགས་སེལ་གཏེར་གཞུང་ལྡེབ། ༨ བཅས། ༼ཐི༽པ་ལ། ཀུན་གྲོལ་ལས་འཕྲོ་གླིང་པའི་རྩ་རླུང་མཁའ་འགྲོའི་གསང་མཛོད་ཆེན་མོའི་སྔོན་རྗེས་ཚིག་བཤད་ལྡེབ། ༣ ས་གཅོད་སོགས་དང་གཏེར་གཞུང་བཅས་ལྡེབ། ༨༠ ཀུན་གཟིགས་མཁྱེན་བརྩེའི་རྗེས་དྲན་ཚེ་སྒྲུབ་བཻ་རོའི་ཐུགས་ཏིག་གཏེར་གཞུང་ལྡེབ། ༤ བརྒྱུད་འདེབས་ལྡེབ། ༡ ཕྲིན་ལས་དབང་བསྐུར་ལྡེབ། ༡༡ མཆོག་གླིང་བོན་སྲས་དབང་དྲག་འབར་བ་གཏེར་གཞུང་ལྡེབ། ༢ བརྒྱུད་འདེབས་བླ་ཁྲི་རྒྱལ་བ་གཡུང་དྲུང་གསུང་ལྡེབ། ༡ མཆོག་གླིང་རྨ་རྒྱལ་སྤོམ་ར་གཏེར་གཞུང་ལྡེབ། ༣ དེ་གཉིས་ཀའི་དབང་དང་བཀའ་གཏད་ཀྱི་གསལ་བྱེད་འཇམ་མགོན་གསུང་ལྡེབ། ༣ རྣམས་སོ།། །། ༈ གཉིས་པ་ཡན་ལག་ལས་ཀྱི་ཆོ་ག་ལ་བསྙེན་སྒྲུབ་ཀྱི་ཆོ་ག་སྤྱི་དང་། བྱེ་བྲག་ལས་རབ་འབྱམས་སུ་སྒྲུབ་པ་གཉིས། དང་པོ་བསྙེན་སྒྲུབ་ཀྱི་ཆོ་ག་སྤྱིའི་ཡན་ལག་ཏུ་ཉེ་བར་མཁོ་བའི་སྐོར་ལ། སྨིན་བྱེད། བསྙེན་སྒྲུབ། གཏོར་འབུལ། ཚོགས་སྐོང་། རབ་གནས། གནས་ལུང་། སྦྱིན་སྲེག་དང་བདུན། དང་པོ་ལམ་གྱི་རྩ་བ་སྨིན་བྱེད་དབང་དང་འབྲེལ་བ་ལ། གསར་རྙིང་སྤྱི་འགྲོའི་དབང་བཤད་དྷརྨ་ཤྲཱིའི་གསུང་ལྡེབ། ༢༦ གནམ་ཆོས་གཟུངས་དབང་ལྡེབ། ༧ གནམ་ཆོས་བཀའ་སྲུང་སྤྱིའི་བཀའ་གཏད་ལྡེབ། ༤ བཅས་ཆགས་མེད་གསུང་། ལྷ་སྤྱི་ལ་འཇུག་པ་སྐུ་གསུང་ཐུགས་དབང་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༣ ཐུན་མོང་སྔོན་འགྲོའི་ཆོས་བཤད་སྨིན་གཏེར་གསུང་ལྡེབ། ༢༦ སྐྱབས་སྡོམ་འབོགས་ཆོག་ཆགས་མེད་གསུང་ལྡེབ། ༥ དབང་སྤྱིའི་མཚམས་སྦྱོར་སྤྱི་འགྲོ་ལྡེབ། དབང་བསྐུར་སྤྱིའི་ལག་ལེན་འཇམ་མགོན་གསུང་ལྡེབ། ༣༠ རྣམས་སོ།། ༈ །།གཉིས་པ་ལམ་གྱི་ངོ་བོ་བསྙེན་སྒྲུབ་སྤྱིར་གཅེས་པའི་སྐོར་ལ། ཉང་གི་ལས་ཚོགས་སྤྱི་ཆིངས་ནོར་ཕྲེང་ལྡེབ། ༡༩ ཉང་གི་མན་ངག་གསེར་ཐུར་ལྡེབ། ༩ ཀློང་གསལ་རྡོ་རྗེ་སྙིང་པོའི་བདུད་རྩི་འཁྱིལ་བའི་སྒྲུབ་ཐབས་ལྡེབ། ༣ གནམ་ཆོས་བདུད་རྩི་འཁྱིལ་བའི་སྒྲུབ་ཐབས་ལྡེབ། ༡ སངས་གླིང་བླ་མ་དགོངས་འདུས་བཟླས་བརྗོད་ནུས་པ་སྟོབས་འབྱིན་ལྡེབ། ༡༠ རྣམས་གཏེར་གཞུང་། བསྙེན་སྒྲུབ་སྤྱི་གཅེས་ཡིག་ཆུང་འབྲི་གུང་ཆོས་གྲགས་གསུང་ལྡེབ། ༡༩ བསྐྱེད་རིམ་བསྙེན་སྒྲུབ་མཚམས་ཀྱི་སྤྱི་གནད་འཇམ་མགོན་གསུང་ལྡེབ། ༣༩ རོལ་རྡོར་བྲག་གཏེར་ཕྱག་རྡོར་དྲེགས་འདུལ་ཐེམ་མེད་གསང་སྔགས་སྤྱི་ཆིངས་ལས་སྒྲུབ་པ་སྤྱིའི་ཁོག་དབུབ་ལྡེབ། ༨ གནད་ཀྱི་ཞལ་གདམས་ཟུར་བཀོལ་ལྡེབ། ༢ སྒྲུབ་པ་ལས་བྱང་སྤྱི་གཅེས་ལྡེབ། ༧ རྩ་གསུམ་བླ་རྡོ་སྲོག་ཏིག་ལྡེབ། ༧ རྫས་མཆོག་བྱ་ཐབས་ལྡེབ། ༦ རྣམས་གཏེར་གཞུང་། དམ་རྫས་རཀྟའི་སྒྲུབ་ཚུལ་ལྡེབ། ༩ སིནྡྷུ་ར་སྒྲུབ་པའི་མན་ངག་ལྡེབ། ༤ བཅས་ཀུན་གཟིགས་མཁྱེན་བརྩེའི་གསུང་། སྲུང་མའི་དབང་པོ་རྗེས་འབྲངས་བཅས་ཀྱི་སྲོག་འཁོར་བླ་རྡོའི་མན་ངག་སྨིན་ལུགས་བློ་གསལ་རྒྱ་མཚོའི་གསུང་ལ་འཇམ་མགོན་རྡོ་རྗེ་འཆང་གི་ཁ་སྐོང་ཅན་ལྡེབ། ༤༡ བསྙེན་སྒྲུབ་དབང་བསྐུར་དཀྱིལ་འཁོར་སྤྱི་ལ་ཉེར་མཁོའི་སྒྲུབ་མཆོད་སྐོང་རྫས་གསལ་བྱེད་འཇམ་མགོན་གསུང་ལྡེབ། ༢༠ ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་རིག་འཛིན་སྲོག་སྒྲུབ་ཀྱི་དམ་སྲི་གནན་པ་ལྡེབ། ༤ བདུད་འདུལ་སྤྲུལ་སྐུའི་སྙིང་ཐིག་གི་ཐེམ་མེད་བྱུར་སྲི་དམ་སྲི་གནན་པ་ལྡེབ། ༦ གནམ་ཆོས་མ་ཧཱ་བ་ལའི་སྒྲུབ་ཐབས་ལྡེབ། ༡ རྣམས་གཏེར་གཞུང་། དེའི་འདོན་ཆ་ཆགས་མེད་གསུང་ལྡེབ། ༤ གོད་གནན་རི་རབ་སྟོབས་བརྗིད་ལྡེབ། ནོར་ལྷ་སྤྱིའི་སྒབ་འདྲེ་གནན་པ་བདེ་གླིང་གཏེར་མ་དང་། རྙིང་མ་བཀའ་མའི་གཤིན་རྗེ་གསལ་ཤིང་ནག་པོའི་རྒྱུད་ལས་བཏུས་པ་མཚོན་འཁྲུགས་ཕུང་སྲི་གནན་པ་མགར་སྟོན་འབུམ་མེའི་ཕྱག་ལེན་མ་བཅས་ལྡེབ། ༥ དམ་ཅན་ཞིང་སྐྱོང་གཉིས་ཀྱི་སྒབ་འདྲེ་གནན་ཐབས་ཆགས་མེད་གསུང་ལྡེབ། ༡ རོལ་རྡོར་བྲག་གཏེར་གཏུམ་པོ་དྲེགས་འདུལ་ཐེམ་མེད་སྒབ་འདྲེ་གནན་ཐབས་ལྡེབ། ༥ ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་སྒབ་འདྲེ་གནན་པ་ལྡེབ། ༡ རཏྣའི་ཕུར་པ་ཡང་གསང་བླ་མེད་ཀྱི་ལས་ཕྲན་ས་དཔྱད་ལྡེབ། ༡༣ རོལ་རྡོར་བྲག་གཏེར་ཕྱག་རྡོར་དྲེགས་འདུལ་ཐེམ་མེད་གསང་སྔགས་སྤྱི་ཆིངས་ཀྱི་སྒྲུབ་གནས་ས་དཔྱད་ལྡེབ། ༤ རྣམས་གཏེར་གཞུང་། ས་ཆོག་མདོར་བསྡུས་ཆགས་མེད་གསུང་ལྡེབ། ༤ བཅས། ༼དི༽པ་ལ། ས་བདག་ལྟོ་འཕྱེ་བརྟགས་ནས་མཆོད་པའི་ཆོ་ག་འབྲི་གུང་ཆོས་གྲགས་གསུང་ལྡེབ། ༦ རཏྣའི་གཏེར་ཕྲན་དཀྱིལ་འཁོར་འགྲེལ་ཆུང་གཞུང་ལྡེབ། ༤ དཀྱིལ་འཁོར་སྤྱིའི་ཐིག་ཚོན་རྩ་བ་དང་འགྲེལ་པ་དྷརྨ་ཤྲཱིའི་གསུང་ལྡེབ། ༢༤ སངས་གླིང་བླ་མ་དགོངས་འདུས་ཀྱི་ཞྭ་ཆོས་ལྡེབ། ༥ རཏྣའི་རྟ་གསང་མན་ངག་བེ་བུམ་ཞྭ་བཟོ་ལྡེབ། ༣ རཏྣའི་ཐུགས་སྒྲུབ་ཡང་འདུས་རྩ་གསུམ་མཆོད་ཕྲེང་ལྡེབ། ༥ རྣམས་གཏེར་གཞུང་། མཆོད་ཕྲེང་བསྡུས་པ་འཇམ་མགོན་གསུང་ལྡེབ། ༡ གནམ་ཆོས་རྩ་གསུམ་སྤྱིའི་ལས་བྱང་ལྡེབ། ༤ གནམ་ཆོས་ལྷ་མོ་སྤྱིའི་ལས་བྱང་ལྡེབ། ༡ བཅས་གཏེར་གཞུང་། རྩ་གསུམ་སྤྱིའི་ལས་བྱང་རོལ་རྡོར་གསུང་ལྡེབ། ༤ མཆོག་གླིང་ཟབ་བདུན་གྱི་ཕྲིན་ལས་སྤྱི་ལ་དགོས་པའི་སྔོན་འགྲོ་སྤྱི་ཆིངས་ལྡེབ། ༥ མཇུག་གི་སྤྱི་ཆིངས་ལྡེབ། ༨ བཅས་གཏེར་གཞུང་། རྩ་གསུམ་ཞི་ཁྲོ་སྤྱིའི་སྒྲུབ་ཆེན་ཁོག་དབུབ་ལྡེབ། ༢༨ མཆོག་གླིང་ཐུགས་སྒྲུབ་རྣམ་གཉིས་ཀྱི་སྒྲུབ་ཁོག་ལྡེབ། ༣༥ བཅས་འཇམ་མགོན་གསུང་། སྒྲུབ་ཆེན་སྤྱི་ལ་མཁོ་བའི་མན་ངག་གནད་ཀྱི་སྒྲོམ་བུ་ལྡེབ། ༡༨ བདག་གིས་བྲིས་པ། གནམ་ཆོས་ཀུན་ཐུབ་རྒྱལ་མོའི་སྒྲུབ་ཐབས་ལྡེབ། ༡ རཏྣའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་རིག་འཛིན་བྱིན་འབེབ་ལྡེབ། ནམ་མཁའ་འཇིགས་མེད་ཀྱི་རིག་འཛིན་སྲོག་སྒྲུབ་ལས་བྱིན་འབེབ་ལྡེབ། ༤ རོལ་རྡོར་བྲག་གཏེར་སྒྲུབ་པའི་ལས་སྤྱིའི་བྱིན་འབེབ་ལྡེབ། ༧ རྣམས་གཏེར་གཞུང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་བཟང་པོའི་བཀའ་འབུམ་ཐོར་བུའི་ཆོས་སྤྱོད་ལམ་རིམ་ཆེན་མོ་ལྡེབ། ༥༤ ནང་གི་ཆོས་སྤྱོད་བྱང་ཆེན་སྤྱོད་སྒྲོན་ལྡེབ། ༣༥ ཐུན་དྲུག་བསླབ་བྱ་ལྡེབ། ༦ བཅས་དྷརྨ་ཤྲཱིའི་གསུང་རྣམས་སོ།། ༈ །།གསུམ་པ་ཐུན་མཚམས་སུ་བྱ་བ་གཏོར་མའི་ཆོ་ག་ལ། རྩ་གསུམ་དམ་ཅན་སྤྱི་གཏོར་ལྡེབ། ༧ ཉང་གི་བཀའ་བརྒྱད་བདེར་འདུས་སོར་བཞག་སྤྱི་འགྲོའི་གཏོར་མ་ཆ་གསུམ་ལྡེབ། ༤ བཅས་སྨིན་གཏེར་གསུང་། ཆོས་དབང་མ་ནིང་མཁའ་རི་གཏེར་སྲུང་སྤྱི་གསོལ་གསུང་རྒྱུན་མ་བཅས་ལྡེབ། ༣ བྱང་གཏེར་བཀའ་གཏེར་སྲུང་མའི་གསོལ་བསྡུས་ལྡེབ། ༡ རྫོགས་ཆེན་བཀའ་སྲུང་མ་གཟའ་དམ་གསུམ་གསོལ་མཆོད་ལྡེབ། ༡ བཅས་གཏེར་གཞུང་། དྲག་པོ་སུམ་བསྒྲིལ་ལས་ཀྱི་བྱང་བུ་ཚེ་ནོར་གསུང་ལྡེབ། ༣ དམ་ཅན་སྡེ་བདུན་གྱི་བསྐང་གསོལ་རཏྣ་གླིང་པའི་གསུང་ལྡེབ། ༡༠ རཏྣའི་འདུས་པ་སྐོར་བཞིའི་བཀའ་གཏེར་སྲུང་མའི་གསོལ་བསྡུས་ཆགས་མེད་གསུང་ལྡེབ། ༤ རྩ་གསུམ་གཏོར་འབུལ་རྩེ་ལེ་སྣ་ཚོགས་རང་གྲོལ་གསུང་ལྡེབ། ༥ གནམ་ཆོས་རྩ་གསུམ་སྤྱིའི་གཏོར་བསྔོས་དང་སྐོང་བཤགས་ལྡེབ། ༢ གནམ་ཆོས་དཀར་གཏོར་ལྡེབ། ༡ བཅས་གཏེར་གཞུང་། ཀློང་གསལ་བཀའ་གཏེར་སྲུང་མའི་གཏོར་འབུལ་ཛ་ཀ་སྤྲུལ་སྐུ་འཇིགས་མེད་ཀུན་བཟང་རྣམ་རྒྱལ་གསུང་ལྡེབ། ༡ ཐུགས་དམ་ནང་གཏོར་ཆགས་མེད་གསུང་ལྡེབ། ༤ སྟག་ཤམ་བཀའ་གཏེར་སྲུང་མའི་གཏོར་འབུལ་ཆོས་གླིང་གསུང་ལྡེབ། ༢ རོལ་རྡོར་བྲག་གཏེར་བཀའ་གཏེར་སྲུང་མའི་གཏོར་འབུལ་ཉིད་ཀྱི་གསུང་ལྡེབ། ༤ རྩ་གསུམ་ཆོས་སྐྱོང་རྣམས་ལ་གཏོར་བསྔོ་མཆོག་གླིང་གསུང་ལྡེབ། ༢ མཆོག་གླིང་ཟབ་བདུན་གཏེར་སྲུང་དྲེགས་པ་སྡེ་ལྔའི་གཏེར་གཞུང་ལྡེབ། ༢ ཟུར་འདེབས་ཟླ་སྤྲུལ་གསུང་ལྡེབ། ༡ གཏོར་འབུལ་རིག་འཛིན་དགའ་སྟོན་འཇམ་མགོན་རྡོ་རྗེ་འཆང་གི་གསུང་ལྡེབ། ༥ རྣམས་སོ།། ༈ །།བཞི་པ་གསང་སྔགས་ཀྱི་ཀུན་ཏུ་སྤྱོད་པ་དང་འབྲེལ་བའི་གཙོ་བོ་ཚོགས་འཁོར་ནི། རྩ་གསུམ་སོ་སོའི་ཕྲིན་ལས་དང་འབྲེལ་བ་ཇི་སྙེད་ཅིག་བཞུགས་པ་ལས། འདིར་སྤྱིར་བཏང་ཤེར་འོད་གྲོལ་ཏིག་རང་ལུགས་ཨ་ནུའི་ཚོགས་མཆོད་གཏེར་གཞུང་དང་། བཟའ་ཚོགས་ཀློང་ཆེན་པའི་བླ་མ་ཡང་ཏིག་ལས་ཕྱུང་བ་བཅས་ལྡེབ། ༣ ཚོགས་བརྒྱ་གཏང་བའི་ལག་ལེན་སྨིན་གཏེར་གསུང་ལྡེབ། ༢ རྡོར་སེམས་ཚོགས་མཆོད་ཚེ་ནོར་གསུང་ལྡེབ། ༤ ཚིགས་བདུན་ཚོགས་སྐོང་སི་ཏུ་པདྨ་ཉིན་བྱེད་གསུང་ལྡེབ། ༢ རིག་འཛིན་ཡོལ་མོ་བ་བསྟན་འཛིན་ནོར་བུས་ཀུན་གཟིགས་མཁྱེན་བརྩེ་ལ་དག་སྣང་དུ་བསྩལ་པའི་ཚོགས་མཆོད་ཀ་ཕྲེང་མ་དང་། རྩ་གསུམ་སྐོང་བསྡུས་བཅས་ལྡེབ། ༢ རྩ་གསུམ་ཚོགས་བསྡུས་ལྡེབ། ༡ བཅས་ཉིད་ཀྱི་གསུང་། རྡོར་གླིང་བཀའ་འདུས་རྩ་གསུམ་སྤྱི་སྐོང་གཏེར་གཞུང་ལྡེབ། ༢ རྩ་གསུམ་སྤྱི་སྐོང་ཚེ་ནོར་གསུང་གཙུག་ལག་དགའ་བའི་ཁ་སྐོང་ཅན་ལྡེབ། ༧ ཆོས་དབང་གསང་རྫོགས་དང་བྱང་གཏེར་རང་ཤར་ལས་བྱུང་བའི་ཞི་ཁྲོ་ན་རག་སྐོང་བཤགས་ལྡེབ། ༧ ཉང་གཏེར་ན་རག་དོང་སྤྲུགས་སྐོང་བཤགས་ལྡེབ། ༥ བརྗོད་མེད་དོན་བཤགས་དྲི་མེད་བཤགས་རྒྱུད་ལས་ཁོལ་ཕྱུང་ལྡེབ། ༢ ཤེར་འོད་གྲོལ་ཏིག་ཆོས་ཉིད་ཀློང་བཤགས་ལྡེབ། ༢ རོལ་རྡོར་བྲག་གཏེར་སྤྱི་ཆིངས་ཐེམ་མེད་སྐོང་བཤགས་ལྡེབ། ༢༩ བཅས་གཏེར་གཞུང་། སྐོང་ཟིན་ལྡེའུ་མིག་གཏེར་དབོན་སངས་རྒྱས་གསུང་དང་ཟུར་རྒྱན་འཇམ་མགོན་གསུང་བཅས་ལྡེབ། ༦ རྣམས་སོ།། ༈ །།ལྔ་པ་གསོན་པོའི་དོན་དུ་རྟེན་གསུམ་རབ་ཏུ་གནས་པ་ལ། སྔ་འགྱུར་སྤྱིའི་རབ་གནས་ཆོ་ག་རྒྱས་པ་ལྡེབ། ༢༨ ཡོན་བསྒོའི་སྟོང་ཐུན་ལྡེབ། ༡༢ སྟོང་ཐུན་སྙིང་པོ་ལྡེབ། ༤ རབ་གནས་ལག་ལེན་གསལ་བྱེད་ལྡེབ། ༢༣ རྣམས་སྨིན་གཏེར་གསུང་། རབ་གནས་ཆོ་ག་བསྡུས་པ་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༡༡ བདེ་གཤེགས་སྤྱི་བསྟོད་ལྡེབ། ༡ རྫས་བརྒྱད་བཀྲ་ཤིས་ལྡེབ། ༢ ཀློང་གསལ་ཡེ་ཤེས་རབ་འབར་གྱི་ཨརྒྷའི་ཆོ་ག་གཏེར་གཞུང་ལྡེབ། ༢ རྣམས་སོ།། །། ༈ ༼ནི༽པ་ལ། དྲུག་པ་གཤིན་པོའི་དོན་དུ་གནས་ལུང་དཔྱང་ཐག་གི་མན་ངག་ལ། འདྲེན་མཆོག་རྣམས་ཀྱི་སྐུ་གདུང་མཆོད་ཆོག་ལྡེབ། ༡༤ གདུང་ཆོག་ཕུང་པོ་སྲེག་སྦྱོང་མཆོད་རྟེན་སཱཙྪ་སོགས་ཀྱི་ལག་ལེན་ལྡེབ། ༡༧ བཅས་འཇམ་མགོན་གསུང་། བར་དོའི་ཆོས་བཤད་ཐོས་གྲོལ་ལྡེབ། ༡༡ སྤྱིར་བཏང་གཤིན་པོ་རྗེས་འཛིན་ཆོ་ག་ལྡེབ། ༦ བཅས་སྨིན་གཏེར་གསུང་། ལྷན་ཐབས་རིགས་དྲུག་གནས་སྦྱོང་མདོར་བསྡུས་ལྡེབ། ཡི་དམ་སྤྱིའི་ཤི་ཤོག་གསོན་ཤོག་ལྡེབ། ༩ གནམ་ཆོས་ཞི་ཁྲོའི་གསོན་བྱང་བཞུ་ཐབས་ལྡེབ། ༤ བཅས་ཆགས་མེད་གསུང་། བྱང་གླིང་དཔལ་རྒྱལ་མཚན་གྱི་ཀུན་བཟང་ཐུགས་གཏེར་ལས་གྲི་འཁྲོལ་དང་སྦུབས་བཤིག་གཏེར་གཞུང་ལྡེབ། ༥ ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེའི་སྙན་བརྒྱུད་གྲི་སྲི་གཅོད་པའི་གདམས་པ་ཉིད་ཀྱི་གསུང་ལྡེབ། ༥ རཏྣའི་ཐུགས་གསང་གི་གྲི་འཁྲོལ་ཆགས་མེད་གསུང་ལྡེབ། ༡ གཤིན་པོ་འདྲེར་མི་འོང་བ་རྟ་མགྲིན་ཡང་གསང་གཞུང་པོད་ལས་བྱུང་བ་ལྡེབ། ༡ མཆོག་གླིང་ཟབ་བདུན་ཕུར་པའི་གྲི་འདུལ་གཏེར་གཞུང་ལྡེབ། ༡༡ ལག་ལེན་བདག་གིས་བྲིས་པ་ལྡེབ། ༥ རྣམས་སོ།། ༈ །།བདུན་པ་ལས་རབ་འབྱམས་མཐར་ཕྱིན་པར་བྱེད་པ་སྦྱིན་སྲེག་ལ། གསང་བ་སྤྱིའི་ཞི་རྒྱས་སྦྱིན་སྲེག་ཆོ་ག་སྨིན་གཏེར་གསུང་ལྡེབ། ༡༤ དེ་ལ་དྲག་པོའི་བསྒྱུར་ཁ་བདག་གིས་བྲིས་པ་ལྡེབ། ༥ རཏྣའི་མེ་མཆོད་གཏེར་གཞུང་ལྡེབ། ༡ རྡོར་སེམས་རྫས་གཅིག་སྦྱིན་སྲེག་རྟ་མགྲིན་མགོན་པོའི་གསུང་ལྡེབ། ༡ བསྙེན་སྒྲུབ་ཁ་སྐོང་རྫས་གཅིག་ལས་བཞིའི་མེ་མཆོད་ལྡེབ། ༥ གནམ་ཆོས་མེ་ལྷའི་བཀའ་གཏད་ལྡེབ། ༢ སྦྱིན་སྲེག་སྤྱིའི་ལག་ལེན་ལྡེབ། ༢༦ བཅས་འཇམ་མགོན་གསུང་རྣམས་སོ།། །། ༈ གཉིས་པ་བྱེ་བྲག་ལས་ཀྱི་ཚོགས་རབ་འབྱམས་ལ་མཆོག་དང་ཐུན་མོང་གཉིས། དང་པོ་མཆོག་གི་ཕྲིན་ལས་ལ། ཀུན་མཁྱེན་ཆེན་པོའི་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་བཏགས་གྲོལ་དབང་བཅས་ལྡེབ། ༡༧ པདྨ་ལས་འབྲེལ་རྩལ་གྱི་མཁའ་འགྲོ་སྙིང་ཐིག་གི་བཏགས་གྲོལ་རྒྱུད་དྲུག་དང་། ཀུན་མཁྱེན་ཆེན་པོའི་མཁའ་འགྲོ་ཡང་ཏིག་གི་བཏགས་གྲོལ་མན་ངག་དབང་བཅས་ལྡེབ། ༡༠ སངས་གླིང་བླ་མ་དགོངས་འདུས་རྫོགས་ཆེན་གསེར་ཞུན་གྱི་བཏགས་གྲོལ་དཀར་པོ་ཆིག་ཐུབ་ལྡེབ། ༡༥ དེའི་ཙཀྲ་བྲི་བའི་ཡིག་ཆུང་ལྡེབ། ༤ རྣམས་གཏེར་གཞུང་། བཏགས་གྲོལ་དབང་བསྐུར་ལག་ལེན་འཇམ་མགོན་གསུང་ལྡེབ། ༡༨ དགོངས་འདུས་མཐོང་གྲོལ་ལྡེབ། ༡༦ ཙཀྲ་བྲི་ཐབས་ལྡེབ། ༥ བཅས་གཏེར་གཞུང་། ལག་ལེན་གསལ་བྱེད་ལྡེབ། ༤ བཏགས་གྲོལ་རྒྱུད་རྒྱུན་ཁྱེར་བཀླག་ཐབས་སྤྱི་འགྲོ་ལྡེབ། ༤ བཅས་འཇམ་མགོན་གསུང་། མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་ལོངས་སྐུའི་རྡོར་སེམས་གསང་སྔགས་ཐོས་གྲོལ་དང་། པད་འབྱུང་གི་པདྨའི་སྙིང་པོའི་རྒྱུད་བཀླག་ཐབས་བཅས་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༧ བླ་མ་ལོངས་སྐུའི་གྲོལ་བ་བཅུ་གཅིག་གི་ལག་ལེན་ལྡེབ། ༢༠ རིག་འཛིན་པདྨ་འབྱུང་གནས་ངོ་མཚར་ཆོས་དྲུག་གི་ལག་ལེན་ལྡེབ། ༩ དེའི་ཐོས་གྲོལ་ཁོལ་ཕྱུང་ལྡེབ། ༥ བཅས་འཇམ་མགོན་གསུང་རྣམས་སོ།། ༈ །།གཉིས་པ་ཐུན་མོང་གི་ཕྲིན་ལས་ལ་ལས་སྣ་ཚོགས་པ་དང་། བྱེ་བྲག་སོ་སོར་བསྒྲུབ་པ་གཉིས། དང་པོ་ལ། འཁོར་ལོ་སྔགས་འབུམ། ལེགས་ཉེས་མཚན་བརྟགས། ཕན་གནོད་ཀྱི་ལས། གནས་ཆེན་བྱིན་འབེབ། བསང་གསུར། མདོས་གླུད་དང་དྲུག །དང་པོ་འཁོར་ལོ་ཟ་ཡིག་སྔགས་འབུམ་རྟེན་འབྲེལ་སྐོར་ལ། ཆོས་དབང་གི་བཅས་ཆོག་སྲོག་ཤིང་བརྟན་པའི་ཙཀྲ་གཏེར་གཞུང་ལྡེབ། ༣ འཁོར་ལོ་བྲི་ཐབས་ལྡེབ། ༤ སངས་གླིང་བླ་མ་དགོངས་འདུས་ཀྱི་སྲུང་འབུམ་བརྒྱ་རྩ་བརྒྱད་པ་གཏེར་གཞུང་ལྡེབ། ༣༡ ཞལ་ཤེས་དང་རབ་གནས་ཀུན་གཟིགས་མཁྱེན་བརྩེའི་གསུང་བཅས་ལྡེབ། ༧ སྣ་ནམ་འབྲོག་པ་ཐུབ་རྒྱལ་གྱི་གཙུག་ལག་གཏོ་བཅོས་སྲུང་འཁོར་བརྒྱ་རྩ་བརྒྱད་པ་གཏེར་གཞུང་ལྡེབ། ༢༣ འཁོར་ལོའི་ཞལ་ཤེས་ལྡེབ། ༢ བྲམ་ཟེ་སྡོམ་པ་བཟང་པོ་ནས་རིམ་བཞིན་ཟུར་ལ་བཀའ་བབས་པ་མཁའ་འགྲོའི་ཕན་བྱེད་རླུང་འཁོར་བཅོ་བརྒྱད་རྙིང་ཕྱོགས་རིག་འཛིན་རྣམས་ཀྱི་ཕྱག་བཞེས་ལྡེབ། ༢༡ འཁོར་ལོའི་དཔེའུ་རིས་བྲམ་ཟེ་ཉིད་ཀྱིས་མཛད་པ་ལྡེབ། ༡༤ སྲུང་འཁོར་སྤྱིའི་རབ་གནས་སྨིན་གཏེར་གསུང་ལྡེབ། ༡ སངས་གླིང་བླ་མ་དགོངས་འདུས་ཀྱི་སྔགས་འབུམ་ལྡེབ། ༩ རྡོར་གླིང་བཟླས་ཆོག་སྔགས་འབུམ་དཀར་པོ་རྡོ་རྗེའི་གོ་ཁྲབ་ལྡེབ། ༣ དེའི་ལས་ཚོགས་ལྡེབ། ༥ ཀློང་གསལ་ཡེ་ཤེས་རབ་འབར་སྔགས་འབུམ་ལྡེབ། ༤ དྲི་མེད་རྡོ་རྗེའམ་རྡོ་རྗེ་གླིང་པའི་ཟ་ཡིག་ནོར་བུའི་བང་མཛོད་ལྡེབ། ༨ རྣམས་གཏེར་གཞུང་། དེའི་ཞལ་ཤེས་ལྡེབ། ༣ གཏེར་ཁ་དུ་མ་ལས་བྱུང་བའི་ཕྱོགས་བཅུའི་ཟ་ཡིག་དང་། མཁའ་འགྲོ་སྐུ་ལྔའི་ཡི་གེ་ནད་གདོན་ཀུན་ཕན་བཅས་ལྡེབ། ༣ ཀློང་གསལ་ཡེ་འབར་གོས་སྔོན་ཅན་གྱི་ཟ་ཡིག་གཏེར་གཞུང་ལྡེབ། ༡ ཡར་རྗེ་ཨོ་རྒྱན་གླིང་པའི་རྟེན་འབྲེལ་ཡང་སྙིང་འདུས་པ་གཏེར་གཞུང་ལྡེབ། ༡༢ རྣམས་སོ།། ༈ །།གཉིས་པ་བཟང་ངན་ལེགས་ཉེས་ལྟས་མཚན་བརྟག་པ་ལ། ཤོ་རྒྱལ་སྲས་ལེགས་པ་དང་པད་གླིང་ཟུང་གི་གཡུ་སྒྲོན་གཏེར་གཞུང་པྲ་དབབ་པའི་མན་ངག་གསལ་བྱེད་བློ་གསལ་གསུང་བཅས་ལྡེབ། ༡༦ ལག་ལེན་གར་དབང་རྒྱ་མཚོའི་གསུང་ལྡེབ། ༡༠ ཉང་གི་ཐུགས་ཆེན་འགྲོ་འདུལ་ཕྱག་བཞིའི་མངོན་ཤེས་སྒྲུབ་པ་ལྡེབ། ༢ སངས་གླིང་བླ་མ་དགོངས་འདུས་རྨི་ལམ་བརྟག་པ་ལྡེབ། ༥ མར་མེ་བརྟག་པ་ལྡེབ། ༥ རཏྣའི་ཐུགས་གསང་ཚེ་ཚད་དང་གར་སྐྱེ་བརྟག་པ་ལྡེབ། ༢ རྣམས་གཏེར་གཞུང་། རྨི་ལམ་བརྟག་པ་ཆགས་མེད་གསུང་ལྡེབ། ༢ ཐང་རྒྱལ་སྙན་བརྒྱུད་ལྷ་མོ་བརྒྱད་རྩིས་གཤོང་ཆེན་གྱི་ཁྱད་ཆོས་དང་གླུད་ཆོག་བཅས་ལྡེབ། ༦ ལྷ་བཙུན་རིག་འཛིན་སྲོག་སྒྲུབ་ཀྱི་བརྟག་སྒྲིལ་མན་ངག་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༦ གནམ་ཆོས་དགོངས་གཏེར་བརྟག་པ་ལྡེབ། རཏ་ཕུར་སྙིང་དྲུང་བཙན་པོའི་མོ་པྲ་སྒྲུབ་ཟིན་ཆགས་མེད་གསུང་ལྡེབ། ༣ རྣམས་སོ།། །། ༈ ༼པི༽པ་ལ། གསུམ་པ་ཀུན་ལ་མཁོ་བ་ཕན་གནོད་ཀྱི་ལས་སྣ་ཚོགས་པ་ལ། བསྟན་གཉིས་གླིང་པའི་ཕྱོགས་བཅུ་མུན་སེལ་གཏེར་གཞུང་ལྡེབ། ༡ གར་འགྲོ་མགོ་ཐོན་ལྡེབ། ༩ ལམ་གཏོར་ལྡེབ། ༥ བཅས་ཆགས་མེད་གསུང་། པདྨ་གླིང་པའི་གཤིན་རྗེ་ཁ་ཐུན་དང་། མུ་སྟེགས་གུ་ལང་། ཕྲ་མེན་ཕག་ཤ་སྟེ་ནག་པོ་སྐོར་གསུམ་ལྡེབ། ༣༤ མན་ངག་བེ་བུམ་གསོན་འདྲེ་ཁ་ཆིངས་ནས་བསམ་གཏན་ཉལ་ཆོག་བར་ལས་ཕྲན་ཉེར་དགུ་ལྡེབ། ༣༦ གུ་རུ་ཚེ་བརྟན་རྒྱལ་མཚན་གྱི་རྟ་མགྲིན་ལས་ཚོགས་བརྒྱ་རྩ་བརྒྱད་པ་ལྡེབ། ༡༣ བདུད་འདུལ་དགོངས་པ་ཡོངས་འདུས་ཀྱི་མན་ངག་གཏེར་བུམ་ལྡེབ། ༡༠ ཆོས་གླིང་ཐུགས་ཆེན་ས་སྙིང་སྦས་གནས་འགྲིམ་པའི་ཆ་རྐྱེན་གུ་རུ་ཡིད་བཞིན་ནོར་བུ་རྣམ་བཞིའི་སྐོར་ལྡེབ། ༧ རྣམས་གཏེར་གཞུང་། ཀློང་གསལ་རྡོ་རྗེ་སྙིང་པོའི་རྒྱལ་མཚན་རྩེ་མོའི་ཕྲིན་ལས་དབང་བསྐུར་འཇམ་མགོན་གསུང་ལྡེབ། ༡༠ རྣམས་སོ།། ༈ །།བཞི་པ་གནས་ཆེན་བྱིན་འབེབ་དང་འབྲེལ་བ་ལ། བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅུ་པ་རྣམ་འཇོམས་བག་ཆགས་སྟོབས་སྦྱོང་ལྡེབ། ༡༧ བྱང་གླིང་དཔལ་རྒྱལ་མཚན་ཀུན་བཟང་ཐུགས་གཏེར་རྡོ་རྗེ་ལྟེ་སྐོར་སྒྲོན་མ་ལྔ་པ་བཀའ་ནན་རབ་བརྗིད་ལྡེབ། ༡༢ བཅས་གཏེར་གཞུང་། མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཁྲུས་ཆོག་ལྡེབ། ༧ བཀའ་ནན་རབ་བརྗིད་ལྡེབ། ༦ བཅས་ཉིད་ཀྱི་གསུང་རྣམས་སོ།། ༈ །།ལྔ་པ་སྣང་སྲིད་ཞི་བདེར་སྒྲུབ་པ་བསང་གསུར་ཕུད་མཆོད་ལ། ཉང་གི་གནམ་ས་སྣང་བརྒྱད་བསང་གཏེར་གཞུང་ལྡེབ། ༩ འགྲེས་བྱང་ལྡེབ། ༡ ཕུད་རབ་རྒྱས་པ་ཀུན་མཁྱེན་ཀློང་ཆེན་པའི་གསུང་ལྡེབ། ༢༠ སྔོན་རྗེས་ངག་འདོན་ཉུང་བསྡུས་ལྡེབ། ༤ སྡེ་བརྒྱད་བཅོས་ཐབས་གནུབས་ཆེན་སངས་རྒྱས་ཡེ་ཤེས་གསུང་ལྡེབ། ༢ གཙུག་ལག་རྩིས་ཀྱི་ལྷ་རྣམས་མཆོད་ཐབས་དྷརྨ་ཤྲཱིའི་གསུང་ལྡེབ། ༢ ཀློང་ཆེན་པའི་བསང་མཆོད་བདེ་ལེགས་ཀུན་འབྱུང་དང་རྒྱལ་སྲས་ལེགས་པའི་རྒྱགས་བརྔན་བཅས་གསང་བདག་ཕྲིན་ལས་ལྷུན་གྲུབ་ཀྱིས་ཆོག་ཁྲིགས་ལྡེབ། ༢༢ ལྷ་བཙུན་རིག་འཛིན་སྲོག་སྒྲུབ་རི་བོ་བསང་མཆོད་ལྡེབ། ༢ སྟག་ཤམ་པདྨ་ཡོངས་གྲོལ་གྱི་རྩ་གསུམ་བསང་མཆོད་ལྡེབ། ༡༣ མཆོག་གླིང་བླ་མ་དངོས་གྲུབ་རྒྱ་མཚོའི་བསང་བརྔན་ལྡེབ། ༢༢ བཅས་གཏེར་གཞུང་། བརྔན་མདོས་བཅའ་ཐབས་ལྡེབ། ༡ གཞི་བདག་རྟེན་བཀོལ་གཏེར་གཞུང་ལྡེབ། ༤ ལག་ལེན་འཇམ་མགོན་གསུང་ལྡེབ། ༡ ཆོས་དབང་བླ་མ་གསང་འདུས་ཀྱི་ཁུངས་ལ་བརྟེན་པའི་གསུར་མཆོད་སྨིན་གཏེར་གསུང་ལྡེབ། ༣ མཆོག་གླིང་དཀར་དམར་གསུར་མཆོད་སྨོན་ལམ་བཅས་ལྡེབ། ༣ ཡང་དཀར་དམར་གསུར་རྐྱང་ལྡེབ། ༡ དེ་གཉིས་ཐུགས་ཆེན་དང་ཐུགས་སྒྲུབ་ལས་ཕྱུང་སྟེ་འཇམ་མགོན་གསུང་གིས་བརྒྱན་པ་རྣམས་སོ།། ༈ །།དྲུག་པ་འགལ་རྐྱེན་བར་ཆད་སེལ་བ་མདོས་གླུད་ཀྱི་སྐོར་ལ། གནུབས་ལུགས་བརྒྱ་བཞིའི་ཆོ་ག་སྨིན་གཏེར་གསུང་ལྡེབ། ༡༡ གང་ཞིག་མཚན་མོ་སོགས་ཉེར་མཁོ་ལྡེབ། ༡ སངས་རྒྱས་བླ་མའི་སྣང་བརྒྱད་ཆོ་ག་ཆགས་མེད་གསུང་ལྡེབ། ༡༤ ར་ཤག་བསོད་ནམས་རྡོ་རྗེའི་རཀྴ་མདོས་བཅུའི་གཞུང་ལྡེབ། ༡༥ སྟོད་འཕྱོང་དང་སྨད་འཕྱོང་ལྡེབ། ༡༢ བཅས་གཏེར་གཞུང་། ཉང་གཏེར་བརྟན་མ་བཅུ་གཉིས་མདོས་ཆགས་མེད་གསུང་ལྡེབ། ༤༡ བརྟན་མའི་ཚོགས་ལྡེབ། ༡ རཏྣའི་ཐུགས་སྒྲུབ་བརྟན་མའི་སུན་ཟློག་གཏེར་གཞུང་ལྡེབ། ༤ བརྟན་མདོས་ལག་ལེན་ཟིན་བྲིས་འཇམ་མགོན་གསུང་ལྡེབ། ༦ རྒྱལ་པོ་དྲུག་མདོས་གཞུང་དང་སྨད་འཕྱོང་བཅས་ལྡེབ། ༢༠ ལྷན་ཐབས་བསྐྱེད་བསྟིམ་དང་སྟོད་འཕྱོང་ལྷན་ཐབས་རྒྱལ་སྲས་ལེགས་པའི་གསུང་བཅས་ལྡེབ། ༡༧ ར་ཤག་དང་གྲྭ་སྒོམ་ཟུང་གི་གཏེར་བྱོན་རྒྱལ་པོ་དཀར་པོ་དྲུག་མདོས་ཁྱེར་བདེ་ལྡེབ། ༧ ཆོས་དབང་ཁ་འབར་མ་དཀར་ནག་ཁྲ་གསུམ་གཏེར་གཞུང་དང་དཀར་མོའི་ལག་ལེན་བྱང་བདག་གསུང་ལྡེབ། ༦ དེ་གསུམ་ཀའི་གཏོ་ཆོག་ལག་ལེན་འཇམ་མགོན་གསུང་ལྡེབ། ༩ བཅས། ༼ཕི༽པ་ལ། རཏྣའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་གླིང་བཞི་སྲིད་པའི་སྤྱི་མདོས་གཏེར་གཞུང་ལྡེབ། ༡༢ ཟིན་བྲིས་ཆགས་མེད་གསུང་ལྡེབ། ༤ བོན་པོ་བྲག་ཚལ་གཏེར་མ་བཙན་མདོས་ལྡེབ། ༤ ཁྱུང་པོ་དཔལ་དགེའི་གཏེར་མ་མ་མོའི་མདོས་ལྡེབ། ༥ བྱང་བདག་དག་སྣང་གཙུག་ལག་སྣང་སྲིད་སྤྱི་སྐོང་གི་མདོས་ཆོག་ཟིན་བྲིས་བཅས་ལྡེབ། ༡༣ ཀློང་གསལ་བདེ་གཤེགས་ཡོངས་འདུས་ཀྱི་སྲིད་པ་ཁོད་སྙོམས་མདོས་ལྡེབ། ༦ དེའི་གླིང་བཞི་སྤྱི་མདོས་ལྡེབ། ༤ བཅས་གཏེར་གཞུང་། ཟིན་བྲིས་སྦྱིན་པ་རྒྱལ་མཚན་གསུང་ལྡེབ། ༡ ཡེ་ཤེས་རབ་འབར་བདུད་མོ་ཁྲག་རལ་མའི་མདོས་གཏེར་གཞུང་ལྡེབ། ༤ ཟིན་བྲིས་ཀློང་གསལ་ཉིད་ཀྱི་གསུང་ལྡེབ། ༢ གནམ་ཆོས་རིགས་གསུམ་མགོན་པོའི་དྲིལ་སྒྲུབ་ལྡེབ། ༡ གནམ་ཆོས་ལས་ཧུར་དྲག་མོ་དང་ཀག་ཟློག་རྣམ་དགུ་ལྡེབ། ༥ བཅས་གཏེར་གཞུང་། ལས་ཧུར་དྲག་མོ་ཀག་བཟློག་རྣམ་དགུ་བཅས་ཀྱི་དབང་བསྐུར་བཀའ་གཏད་འཇམ་མགོན་གསུང་ལྡེབ། ༥ མདོས་གཞུང་ཆགས་མེད་གསུང་ལྡེབ། ༡༢ ཧ་ས་གརྦྷའི་སྒྲུབ་ཐབས་བཀའ་གཏད་འཇམ་མགོན་གསུང་ལྡེབ། ༨ མདོས་ཆོག་ཆགས་མེད་གསུང་ལྡེབ། ༩ དབང་ཕྱུག་ཟོར་མདོས་བཀའ་གཏད་འཇམ་མགོན་གསུང་ལྡེབ། ༣ མདོས་ཆོག་ཆགས་མེད་གསུང་ལྡེབ། ༡༢ མ་མོའི་ཁྲག་མདོས་བཀའ་གཏད་འཇམ་མགོན་གསུང་ལྡེབ། ༢ མདོས་ཆོག་ཆགས་མེད་གསུང་ལྡེབ། ༡༩ རོལ་རྡོར་བྲག་གཏེར་གཏུམ་པོ་དྲེགས་འདུལ་གྱི་ལྷ་ཆོག་ལྡེབ། ༤ ཀླུ་ཆོག་ལྡེབ། ༤ བཅས་གཏེར་གཞུང་། མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྡེ་བརྒྱད་ཁེངས་མདོས་འཇམ་མགོན་གསུང་ལྡེབ། ༢༠ གུ་རུ་ཇོ་ཚེའི་གཏེར་མ་ཤ་བརྒྱ་ཟན་བརྒྱ་ལྡེབ། ༥ ལག་ལེན་འཇམ་མགོན་གསུང་ལྡེབ། ༢ གུ་རུས་བསྟན་གཉིས་གླིང་པར་རྨི་ལམ་དུ་བསྩལ་པའི་མི་ཕྱུགས་གླུད་རྫོངས་ལྡེབ། ༣ ལྷ་བཙུན་རིག་འཛིན་སྲོག་སྒྲུབ་ཀྱི་ལན་ཆགས་ཆུ་བསྐྱུར་གཞུང་ལག་ལེན་བཅས་ལྡེབ། ༥ བཀའ་གཏེར་གཞུང་སྤྱིར་སྦྱར་བའི་གླུད་ཆོག་སྨིན་གཏེར་གསུང་དང་། གླུད་གཏོར་བསྡུས་པ་བརྒྱ་རྩ་གཏོང་ཐབས་ཆགས་མེད་གསུང་ལྡེབ། ༥ རོལ་རྡོར་གཏུམ་པོ་དྲེགས་འདུལ་ལས་ཕྲན་དམ་སྲི་གླུད་མདོས་ལྡེབ། ༤ རིག་འཛིན་ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་གདོན་གསུམ་མདོས་ལྡེབ། ༣ གྲིབ་གླུད་ལྡེབ། ༢ རྟ་གླུད་ལྡེབ། ༢ ཕྱུགས་གླུད་ལྡེབ། ༡ ཤི་འདྲེ་གླུད་བསྔོ་ལྡེབ། ༡ བཅས་གཏེར་གཞུང་རྣམས་སོ།། ༈ །།གཉིས་པ་བྱེ་བྲག་ཏུ་ལས་སོ་སོར་སྒྲུབ་པ་ལ། སྲུང་བ། ཞི་བ། རྒྱས་པ། དབང་། དྲག་པོ་དང་ལྔ། དང་པོ་སྲུང་བའི་ལས་ཀྱི་སྐོར་ལ་བར་ཆད་སྤྱི། འབྱུང་བཞིའི་འཇིགས་པ། ཡུལ་འཁོར། སེར་བ། སད། མི་ཕྱུགས་དལ་ཡམས། དུག །ཆོམ་རྐུན། མཚོན་ཆ། བཀའ་བསྒོ། སྤྲིང་ཡིག་དང་བཅུ་གཅིག་ལས། དང་པོ་ནད་གདོན་བར་ཆད་སྤྱིར་སྲུང་བ་ལ། རྒྱ་ཕུར་བུའི་རྭ་སྲུང་དུག་ཁྲག་བུམ་ཐང་མ་ལྡེབ། ༨ རྭ་སྲུང་སྐྱེར་ཆུ་མ་ལྡེབ། ༦ བུམ་ལྕགས་ཐུན་མོང་རྫས་སྲུང་བུམ་ཐང་གཏེར་མ་དང་། རྩ་བརྒྱད་པའི་ཟིན་བྲིས་བཅས་ལྡེབ། ༡༣ རྫས་སྲུང་ཞལ་གདམས་བུམ་ལྕགས་དབྱེ་བ་གསལ་བྱེད་ལྡེབ། ༦ བུམ་ལྕགས་ཐུན་མོང་གི་རྗེས་གནང་དབང་བསྐུར་ལྡེབ། ༤ བཅས་བྱང་བདག་གསུང་། རྭ་བན་ཆོས་དཔལ་བཟང་པོ་ནས་སྒྲོལ་མ་པ་ཆོས་རྒྱལ་བར་བརྒྱུད་པའི་རྭ་དོང་སྙན་བརྒྱུད་རྫས་སྲུང་ལྡེབ། ༥ གྲྭ་པ་མངོན་ཤེས་ཀྱི་འགོ་བའི་ལྷ་ལྔས་སྐྱོབ་པའི་མན་ངག་གཏེར་གཞུང་། གསོལ་མཆོད་ལྔ་པའི་གསུང་དང་། གསོལ་མཆོད་བསང་ཅན་འཇམ་མགོན་གསུང་བཅས་ལྡེབ། ༢༠ ཉང་གཏེར་བྱུག་བདུག་འདོགས་གསུམ་རྒྱན་གྱི་འཁོར་ལོ་ལྡེབ། ༣ ཉང་གཏེར་སྲུང་འཁོར་ཀུན་ཐུབ་ཆེན་མོ་ཕྱག་ལེན་མ་ལྡེབ། ཤིང་བུ་དྲུག་གི་སྒྲིབ་ཤིང་ལྡེབ། ༡ སྒྲིབ་ཤིང་ཞྭ་སྲུང་ཞང་ཁྲོམ་གཏེར་མ་ལྡེབ། ༡ ཞང་ཁྲོམ་ཡིག་རྒོད་ཉེར་གཅིག་གི་སྲུང་བ་ལྡེབ། ༡ རྫས་སྲུང་ནག་པོ་དགུ་སྦྱོར་ཀླུ་སྒྲུབ་ཀྱིས་རྒྱུད་སྡེ་ནས་བཏུས་པའམ་འགའ་ཞིག་གིས་གནུབས་ཀྱིས་གཤིན་རྗེའི་རྒྱུད་ལས་བཏུས་པར་གསུངས་པ་ལྡེབ། ༢ རྫས་ཆེན་བཅོ་བརྒྱད་སྦྱོར་ཐབས་ལྡེབ། ༡ ཡིག་སྣ་ངན་པ་དང་ཐོད་ངན་ཀུན་ཐུབ་གནུབས་སྟོན་ཀུན་དགའ་གྲགས་ཀྱི་གཏེར་མ་ལྡེབ། ༢ དཔེ་སྣ་ངན་པ་ཀུན་ཐུབ་ཆགས་མེད་གསུང་ལྡེབ། ༡ སངས་གླིང་བླ་མ་དགོངས་འདུས་ཀུན་ཐུབ་དྲུག་གི་སྲུང་བ་གཏེར་གཞུང་ལྡེབ། ༨ དཔེའུ་རིས་ལྡེབ། དགོངས་འདུས་སྐྱོབ་བྱེད་སྲུང་བའི་འཁོར་ལོ་དྲུག་ལྡེབ། ༣ དཔེའུ་རིས་ལྡེབ། རཏྣའི་གུར་དྲག་ཉེས་སེལ་སྲུང་བ་དང་འཛུལ་ཆོག་ལྡེབ། ༦ རྟ་གསང་རྟ་ནག་གི་ཡིག་སྣ་ཐོད་ངན་རྫས་ངན་ཀུན་ཐུབ་ལྡེབ། ༤ ཀློང་གསལ་ཡེ་ཤེས་རབ་འབར་གྱི་སྡེ་བརྒྱད་སྲུང་བ་སོགས་ཚན་དགུ་ལ་ལྡེབ། ༡༤ ལྷ་འདྲེ་སྤྱི་འདུལ་སྲུང་བ་ལྡེབ། ༡ སྡེ་བརྒྱད་གདོང་ཟློག་ལྡེབ། ༢ ཀུན་འདུས་སྲུང་ཟློག་རྫས་སྲུང་ལྡེབ། ༢ སྔགས་ཀྱི་ལས་འཇུག་ལྷ་འདྲེ་སྤྱི་ཆིངས་ལྡེབ། ༢ རྒྱ་འདྲེ་འགོང་པོའི་སྒྲིབ་ཤིང་དང་ཟ་ཡིག་ལྡེབ། ༤ རྡོ་རྗེ་བརྩེགས་པ་སྲུང་བའི་ལས་རིམ་ལྡེབ། ༡ འཇིགས་པ་བརྒྱད་སོགས་སྲུང་བ་ལྡེབ། ༥ དཔེའུ་རིས་ལྡེབ། གོ་ཆ་ལྷ་ལྔའི་ལས་ཀྱི་ཁ་བསྒྱུར་ལྡེབ། ༥ གནམ་ཆོས་འཇིགས་མེད་རྡོ་རྗེའི་གནོད་ལྔ་སྲུང་བ་ལྡེབ། ༢ རྣམས་གཏེར་གཞུང་། གཏེར་ཁ་སྣ་ཚོགས་ལས་བྱུང་བ་གཙོ་བོར་གྱུར་པ་སྲུང་བ་ཐོར་བུ་ཕྱོགས་བསྡུས་ཀྱི་བེ་བུམ་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༢༧ རྣམས་སོ།། ༈ །།གཉིས་པ་འབྱུང་བཞིའི་འཇིགས་པ་སྲུང་བ་ལ། ཀུན་སྐྱོང་གླིང་པ་སོགས་གཏེར་ཁ་དུ་མའི་འབྱུང་བཞིའི་འཇིགས་སྲུང་ཟབ་བསྡུས་ཆོས་གྲགས་གསུང་ལྡེབ།༥ ཆོས་དབང་གཏེར་མ་སོགས་ཤྭ་འོད་སྲུང་བ་ཆུ་བསྒྱུར་ཟབ་བསྡུས་ལྡེབ། ༤ འཇིགས་མེད་གླིང་པའི་ཀློང་སྙིང་དག་སྣང་གྲུ་སྲུང་རྩ་གཞུང་ལྡེབ། ༣ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་འབྱུང་བཞིའི་འཇིགས་སྲུང་འཇམ་མགོན་གསུང་ལྡེབ། ༨ རྣམས་སོ།། ༈ །།གསུམ་པ་ཡུལ་འཁོར་སྲུང་བ་ལ། གུ་རུ་ཚེ་བརྟན་རྒྱལ་མཚན་གྱི་ཡུལ་འཁོར་སྲུང་གི་དམག་ཟློག་གཏེར་གཞུང་ལག་ལེན་བཅས་ལྡེབ། ༨ གར་དབང་ཞིག་གླིང་དམག་ཟློག་ཉེར་ལྔའི་སྤྱི་རུ་ཟློག་ཐབས་ཀྱི་རིམ་པ་སྡེ་ཚན་དུ་བྱས་པ་ལྡེབ། ༨ རྒྱལ་ཆེན་སྡེ་བཞིའི་མཆོད་ཕྲེང་ལྡེབ། ༡༠ སྒོ་སྲུང་དང་འཕྲང་སྲུང་གི་གཏོར་ཆོག་ལྡེབ། ༦ དྲག་བསྐུལ་ལྡེབ། ༩ མདོས་ཆོག་ལྡེབ། ༧ རྣམས་གཏེར་གཞུང་། སྐོང་གསོལ་སོག་ཟློག་པའི་དག་སྣང་མར་གྲགས་པ་ལྡེབ། ༡༦ རྒྱལ་ཆེན་མཆོད་ཐབས་གཏོར་ཟློག་མདོས་རྣམས་ཀྱི་ལག་ལེན་རིན་ཆེན་རྣམ་རྒྱལ་གསུང་ལྡེབ། ༢༤ སྲོག་དབང་འཇམ་མགོན་གསུང་ལྡེབ།༡༥ ཀློང་གསལ་རྡོ་རྗེ་སྙིང་པོའི་ཡུལ་འཁོར་སྲུང་གི་མཆོད་རྟེན་ལས་འཇུག་ལྡེབ། ༧ ངག་གི་རྡོ་རྗེའི་ཕྱག་རྡོར་གཏུམ་པོའི་དམག་ཟློག་རྒྱལ་ཆེན་སྡེ་བཞིའི་སྒྲུབ་ཐབས་ལྡེབ། ༨ གཏེར་གཞུང་རྣམས་སོ།། ༈ །།བཞི་པ་སྡེ་བརྒྱད་འཁྲུགས་པའི་ཆོ་འཕྲུལ་སེར་བ་སྲུང་བའི་སྐོར་ལ། ཨ་ཙ་ར་དམར་པོས་ཉང་ཡེ་ཤེས་འབར་ལ་གནང་བ་རྡོ་འཁོར་གདམས་སྐོར་ལྡེབ། ༩ ཨ་ཙ་ར་དམར་ཆུང་ལུགས་ཀྱི་ཐོག་སེར་སྲུང་བ་ལྡེབ། ༢ བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅུ་དྲུག་པ་སེར་སྲུང་ཕྱི་ནང་གསང་བ་ཡང་གསང་གནད་ཡིག་བཅས་གཏེར་གཞུང་ལྡེབ། ༡༧ སེར་སྲུང་དཔེའུ་རིས་ལྡེབ། ༡ ཟིན་བྲིས་པད་ཕྲིན་གསུང་ལྡེབ། ༥ བཅས། ༼བི༽པ་ལ། གནམ་ཆོས་སེར་སྲུང་ཁྲོ་བོ་རྡོ་རྗེ་མཆུའི་ལས་བྱང་ལྡེབ། ༡༠ ཟིན་བྲིས་ལྡེབ། ༧ བཅས་ཆགས་མེད་གསུང་། ཐོག་སྲུང་མི་ཉག་གྲགས་འབྱུང་གཏེར་མ་ལྡེབ། ༡ གཟའ་ཐོག་རྦབ་གསུམ་སྲུང་བ་བ་རི་ལོ་ཙཱའི་ལུགས། ཆོས་དབང་ལས་གླིང་ཐོག་སྲུང་སོགས་གཅེས་བསྡུས་ལྡེབ། ༣ གནུབས་ཀྱི་གོང་ཁུག་སྲོ་མ་ཅན་བཅུའི་ནང་ཚན་ཆར་གཅོང་ཁྲོམ་ལྔ་ཕུ་བརྒྱད་མ་ལྡེབ། ༣ རྣམས་སོ།། ༈ །།ལྔ་པ་ལོ་ཏོག་འཇོམས་བྱེད་སད་སྲུང་བ་ལ། བྱང་གཏེར་ཐུགས་སྒྲུབ་སད་སྲུང་གཉིས་ལྡེབ།༨ ལོ་གླུད་ལྡེབ།༡༢ བཅས་གཏེར་གཞུང་། སད་སྲུང་མན་ངག་ཟབ་དགུ་བསྡུས་པ་བྲག་དམར་ཀུན་བཟང་བློ་གྲོས་གསུང་ལྡེབ།༢༠ རྣམས་སོ།། ༈ །།དྲུག་པ་མ་མོ་འཁྲུགས་པའི་ཆོ་འཕྲུལ་མི་ཕྱུགས་ཀྱི་ནད་ཡམས་སྲུང་བ་ལ། སྐལ་ལྡན་བྱིས་པས་གཉན་གག་ལྷོག་གཟེར་གསུམ་སྲུང་བ་གུ་གེ་ཆིག་དྲིལ་མན་ངག་ལག་ལེན་ལྡེབ། ༡༠ སྔགས་བྱང་ལྡེབ། ༡ ཉང་གཏེར་རིམས་སྲུང་། མཁའ་འགྲོ་དབུ་བཅད་མས་གུ་རུ་རིན་པོ་ཆེར་ཕུལ་བའི་རིམས་སྲུང་། བཛྲ་མ་ཏིའི་གཏེར་བྱོན་རྫོགས་ཆེན་མཁའ་ཀློང་འོད་འཕྲོའི་ཆ་ལག་རིམས་སྲུང་ཟབ་མོ་དང་། དེའི་སྒོམ་བཟླས་རྒྱུན་ཁྱེར། སངས་གླིང་ཡིག་རྒོད་ཉི་ཤུས་རིམས་སྲུང་། ཐང་རྒྱལ་ལ་ཕག་མོས་གནང་བའི་རིམས་སྲུང་། ཀླུ་སྒྲུབ་ལུགས་ནག་པོ་དགུ་སྦྱོར་རྫས་སྔགས་བ་རི་ལུགས་སོགས་བཀའ་གཏེར་གཉིས་ལྡན་རྣམས་ལ་ལྡེབ། ༡༠ གག་ལྷོག་གཉན་རིམས་སྲུང་བ་ལྷོ་བྱང་གཏེར་ཁ་གཉིས་ལྡན། ཇོ་བོ་ནས་བརྒྱུད་པའི་རིམས་སྲུང་ལག་བླངས་མ། ཇོ་བོའི་འབྲུམ་སྲུང་། ཉང་གཏེར་འབྲུམ་སྲུང་རྡོ་རྗེ་མ། འགོ་ནད་སྲུང་བ་བླ་མ་པདྨའི་གདམས་པ། རིན་ཆེན་ཕུན་ཚོགས་ཀྱི་རིམས་སྲུང་ཟ་ཡིག་རྣམས་ལ་ལྡེབ། ༢ རྟོག་མེད་རང་སྲུང་མཚོན་འཁོར་པད་གླིང་གཏེར་མ་ཟུར་མཁར་ཆོས་རྗེའི་གསུང་ལྡེབ། ༣ དཔེའུ་རིས་ལྡེབ། གཟའ་སྲུང་མ་བུ་དགུ་འཁྱམས་སུ་གྲགས་པ་རཏྣའི་མཚན་ཅན་གྱི་གཏེར་མ་ཉི་མ་མདུང་གང་ཆགས་མེད་གསུང་བཅས་ལྡེབ། ༦ བྱང་གཏེར་ཐུགས་སྒྲུབ་མིག་ནད་སྲུང་བ་ལྡེབ། ༡ ཁམས་པ་མེ་ཟོར་གྱི་ཕྱུགས་ནད་སྲུང་བའི་ཙཀྲ། གོར་སྲུང་སྤྱི་དོན་བཞི་པ། བྱང་གཏེར་ཐུགས་སྒྲུབ་གོར་ནད་སྲུང་གསོ། ལས་གླིང་གློ་གོར་ཧོན་གསུམ་སྲུང་བ། ཁ་ཚ་སྲུང་བ། རཏྣའི་གཏེར་ཕྲན་ལུག་ནད་སྲུང་གཅོད་རྣམས་ལ་ལྡེབ། ༥ གོར་སྲུང་ཟབ་ཁྱད་ཅན་དང་ཕྱུགས་ནད་བཅོས་པ་གྲྭ་མངོན་ཕྱག་ལེན་མ་ལྡེབ། ༦ སྟག་ཤམ་ཌཱ་ཀིའི་སྙན་བརྒྱུད་ཀྱི་ཕྱུགས་སྲུང་གོད་གཅོད་ལྡེབ། ༣ སྟག་ཤམ་པདྨ་སྙིང་ཐིག་གི་ཕྱུགས་ནད་བཅོས་ཐབས་ལྡེབ། ༦ བཅས་གཏེར་གཞུང་། རྟ་ཕྱུགས་རིགས་ལ་ཕན་ཐབས་མན་ངག་ཟབ་བསྡུས་ལྡེབ། ༡༠ ནོར་ལ་གློ་རྩི་བླུད་ཐབས་སོགས་ཕྱུགས་སྲུང་ཉེར་མཁོ་ལྡེབ། ༤ རྣམས་སོ།། ༈ །།བདུན་པ་བྱེ་བྲག་དུག་ནད་སྲུང་བ་ལ། རྒོད་ལྡེམ་དུག་དབང་རྡོ་རྗེ་ཕ་ལམ་གཏེར་གཞུང་དང་ཕྱག་ལེན་བྱང་བདག་གསུང་བཅས་ལྡེབ། ༧ ལྕང་སྨན་དོན་གྲུབ་དར་གྱི་དུག་སྲུང་རྟ་རི་མ་གཏེར་གཞུང་དང་། རཏྣའི་གུར་དྲག་དུག་སྲུང་ཡིད་ནོར་ཟུང་གི་ཕྱག་ལེན་ཟབ་ཏིག་བྱེ་རིང་ལས་བྱུང་བ་དང་། རོང་སྨན་ཉི་མའི་འོད་ཀྱི་དུག་སྲུང་གཏེར་གཞུང་བཅས་ལྡེབ། ༤ དུག་སྲུང་གསེར་གཟུངས་སྙན་བརྒྱུད་མའི་ལོ་རྒྱུས་གདམས་ངག་དྷརྨ་སྭཱ་མིའི་གསུང་། སྒོམ་བཟླས་ཀུན་གཟིགས་མཁྱེན་བརྩེའི་གསུང་བཅས་ལྡེབ། ༧ རྣམས་སོ།། ༈ །།བརྒྱད་པ་དགྲ་ཇག་ཆོམ་རྐུན་སྲུང་བ་ལ། བྱ་མང་བརྩོན་འགྲུས་གྲགས་ཀྱི་སྒྲོལ་མའི་དགྲ་ཇག་འཆིང་བ་ར་རུ་མའི་གཞུང་དང་གསལ་བྱེད་ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་ཀྱི་གསུང་བཅས་ལྡེབ། ༦ ལག་ལེན་དམར་ཁྲིད་ལྡེབ། ༧ བྱང་གཏེར་ཐུགས་སྒྲུབ་བལ་མོའི་ཇག་ཆིངས་སྒྲིབ་ཤིང་བཅས་གཏེར་གཞུང་ལྡེབ། ༧ རྐུན་ཆིངས་ཚེ་རིང་མས་མི་ལ་ལ་ཕུལ་བ། དམ་ཅན་དགྲ་ཆིངས་ནམ་སྙིང་གིས་པདྨར་ཕུལ་བ། ཡང་ཕྱག་ལེན་འདྲ་མིན་ཅན། ལྷ་བཙུན་ཇག་ཆིངས། རཏྣའི་རྟ་གསང་ཇག་ཆིངས་དང་། གནོད་བྱེད་སྐྲོད་པ་གཏེར་གཞུང་། བཀའ་མའི་ཐུབ་ནག །རཏྣའི་གུར་དྲག་དང་། གནམ་ཆོས་ཇག་ཆིངས་གཏེར་གཞུང་བཅས་ལྡེབ། ༥ གནམ་ཆོས་འོད་ཟེར་ཅན་མའི་དབང་ཆོག་ལྡེབ། ༦ གསར་རྙིང་མང་པོའི་བཅུད་བསྡུས་དགྲ་ཆིངས་འཁོར་ལོ་ལྡེབ། ༤ བཅས་ཆགས་མེད་གསུང་རྣམས་སོ།། ༈ །།དགུ་པ་མཚོན་ཆ་སྲུང་བ་ལ། ཚེ་བརྟན་རྒྱལ་མཚན་གྱི་མཚོན་སྲུང་ལྡེབ། ༡༡ བྱང་གཏེར་ཐུགས་སྒྲུབ་གོ་ཆ་བརྒྱད་ཀྱི་མན་ངག་ལྡེབ། ༦ རཏྣའི་གུར་དྲག་མཚོན་སྲུང་རྣམས་གཏེར་གཞུང་དང་། དེའི་ལག་ལེན་མཁྱེན་བརྩེའི་གསུང་བཅས་ལྡེབ། ༤ མཚོན་སྲུང་དར་མདུད་མ། སྒོམ་བཟླས་རལ་གྲི་མ། བྱང་གླིང་སྔགས་རྒོད། རྒྱ་ཟི་ནག་པོའི་མཚོན་སྲུང་ལུགས་གཉིས་བཅས་ལྡེབ། ༣ རྣམས་སོ།། ༈ །།བཅུ་པ་བདེན་ཚིག་བཀའ་བསྒོས་སྲུང་བ་ལ། སྨིན་གཏེར་དྲག་དམར་བཀའ་བསྒོ་ཉིད་གསུང་ལྡེབ། ༣ བཀའ་བསྒོ་བྱིན་རླབས་ཆགས་མེད་གསུང་ལྡེབ། ༤ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་གྲོ་ལོད་བཀའ་བསྒོ་འཇམ་མགོན་གསུང་ལྡེབ། ༤ རྣམས་སོ།། ༈ །།བཅུ་གཅིག་པ་དམོད་ཚིག་སྤྲིང་ཡིག་གིས་སྲུང་བ་ལ། རཏྣའི་གུར་དྲག་སྤྲིང་ཡིག་ཕྱག་རྟགས་རྡོ་རྗེ་ལྡེབ། ༤ ཀློང་གསལ་སྤྲིང་ཡིག་ལྡེབ། ༡ བཅས་གཏེར་གཞུང་། མཚམས་ཐོ་བྲི་ཐབས་བདག་གིས་བྲིས་པ་ལྡེབ། རྣམས་སོ།། ༈ །།གཉིས་པ་ཞི་བའི་ལས་ཀྱི་སྐོར་ལ། བར་ཆད་སྤྱི། ནད། གདོན། གྲིབ། བྱད་ཕུར། སྣོད་བཅུད། སྡིག་སྒྲིབ་ཞི་བ་དང་བདུན། དང་པོ་བགེགས་དང་བར་གཅོད་ནད་གདོན་སྤྱིར་ཞི་བ་ལ། སྤྲུལ་སྐུ་བ་མཁར་སྨུག་པོའི་བར་ཆད་ལམ་སེལ་ལྡེབ། ༤ མང་ལམ་བཟང་པོ་གྲགས་པའི་སྲི་ཟློག་འཁོར་ལོ་འབར་བ་གཏེར་གཞུང་། བཅས་བཤམ་འདོན་སྒོམ་ཟིན་བྲིས་དང་། ངག་འདོན་པད་ཕྲིན་གསུང་། བཅས་བཤམ་ངག་འདོན་བཀླག་ཆོག་མ་དང་། ཙཀྲ་བཅའ་ཚུལ་ཀུན་གཟིགས་མཁྱེན་བརྩེའི་གསུང་བཅས་ལྡེབ། ༡༦ ལྷ་བཙུན་རིག་འཛིན་སྲོག་སྒྲུབ་གསོལ་འདེབས་དུས་མིན་འཆི་ཟློག་གི་གཞུང་ལྡེབ། ༥ ཁ་སྐོང་ལྡེབ། ༣ ཆོས་གླིང་རྣམ་འཇོམས་ལྡེབ། ༣ དུག་སེལ་མ་ལྡེབ། ༧ ཕུར་པ་ལྡེབ། ༣ འཇམ་དཔལ་ནག་པོ་ལྡེབ། ༣ སྟེ་བར་ཆད་སེལ་བའི་ལྷ་བཞིའི་གཏེར་གཞུང་། དེ་བཞིའི་རྒྱུན་གྱི་རྣལ་འབྱོར་ལྡེབ། ༧ རྣམ་འཇོམས་དཀར་པོའི་སྒྲུབ་ཐབས་བུམ་ཆོག་བཀྲུ་བྱབས་ལྷན་ཐབས་བཅས་ཉིད་ཀྱི་གསུང་ལྡེབ། ༨ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྲི་འདུལ་རཀྴ་ཐོད་ཕྲེང་སྒྲུབ་ཐབས་ཉིད་ཀྱི་གསུང་ལྡེབ། ༦ ཕྲིན་ལས་དབང་བསྐུར་ལྡེབ། ༡༤ སྲུང་ཟློག་ལྡེབ། ༡༥ བཅས་འཇམ་མགོན་གསུང་། ཟློག་བྱང་རྒྱས་པ་གསད་པ་བཅས་ལྡེབ། ༣ ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་མི་གཡོ་བའི་གཏེར་གཞུང་ལྡེབ།༡༢ ཕྲིན་དབང་འཇམ་མགོན་གསུང་ལྡེབ། ༡༤ ལྷ་བཙུན་སྔོན་མོས་ཞི་བྱེད་ལྷ་མོ་སྐོར་བདུན་སླར་སྦས་པའི་ཤོག་སེར་མཆོག་གྱུར་གླིང་པས་བཞེས་ཏེ་ཀུན་གཟིགས་མཁྱེན་བརྩེ་ལ་ཕུལ་ཞིང་གཏན་ལ་ཕབ་པའི་གཏེར་གཞུང་ལྡེབ། ༢༢ ཕྲིན་ལས་ལྡེབ། ༧ དབང་བསྐུར་ལྡེབ། ༡༨ སྦྱིན་སྲེག་བྱབས་ཁྲུས་བྱད་འགྲོལ་འཆི་བླུ་རྣམས་ལྡེབ། ༡༣ བཅས་འཇམ་མགོན་གསུང་རྣམས་སོ།། ༈ །།གཉིས་པ་ནད་ཞི་བའི་སྐོར་ལ། ཀློང་གསལ་རྡོ་རྗེ་སྙིང་པོའི་སྨན་བླའི་ཆོ་ག་དང་དབང་བསྐུར་འཇམ་མགོན་གསུང་ལྡེབ། ༨ གནམ་ཆོས་སྨན་ཆོག་ལྡེབ། ༤ གཏོར་དབང་ལྡེབ། ༨ ཤོག་བཀྲའི་མཚམས་སྦྱོར་བཅས་ཆགས་མེད་གསུང་དང་གནམ་ཆོས་བྱིན་རླབས་ཤོག་བཀྲ་བཅས་ལྡེབ། ༤ པད་གླིང་ཀུན་བཟང་དགོངས་འདུས་ལོ་གྱོན་མའི་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༣ བདུད་འདུལ་དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་ལོ་གྱོན་མའི་གཏེར་གཞུང་དམིགས་ཟིན་དང་གསོལ་འདེབས་ཉིད་ཀྱི་གསུང་བཅས་ལྡེབ། ༡༠ དབང་ཆོག་འཇམ་མགོན་གསུང་ལྡེབ། ༥ གནམ་ཆོས་ལོ་གྱོན་གཏོར་སྒྲུབ་ཟིན་བྲིས་ལྡེབ། ༧ བཀའ་གཏེར་ཟུང་འཇུག་དབང་ཆོག་ལྡེབ། ༦ བཅས་ཆགས་མེད་གསུང་། སྟག་ཤམ་ལོ་གྱོན་གཏེར་གཞུང་ལྡེབ། ༤ བཅས། ༼མི༽པ་ལ། ཉང་གི་ཐུགས་རྗེ་ཆེན་པོའི་མིག་འབྱེད་རྩ་བ་དང་། གསལ་བྱེད། བརྒྱུད་འདེབས་བྱང་བདག་གསུང་བཅས་ལྡེབ། ༥ ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་ཐུགས་ཆེན་མིག་འབྱེད་གཏེར་གཞུང་ལྡེབ། ༡ དབང་ཆོག་འཇམ་མགོན་གསུང་ལྡེབ། ༦ བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅུ་གསུམ་པ་ནད་བདག་སྟོབས་འཇོམས་གཏེར་གཞུང་ལྡེབ། ༣༢ མན་ངག་ཆོག་ཁྲིགས་འཇམ་མགོན་གསུང་ལྡེབ། ༡༣ ཐུགས་སྒྲུབ་སྲུང་བ་བདུད་རྩི་བུམ་ཆུང་གཞུང་ལྡེབ། ༡༥ ཁྱུང་ནག་གསད་སྔགས་དང་འཁོར་ལོ་བྲི་ཐབས་ལྡེབ། ༢ ཆོས་དབང་གཉན་རིམས་ལྷོག་བཅོས་ལྡེབ། ༢ རྒྱ་ཞང་ཁྲོམ་གྲེ་ཐོར་བཅོས་ལྡེབ། ༥ རཏྣའི་རྟ་གསང་ལས་ཚོགས་རིན་ཆེན་གཏེར་བུམ་ལྡེབ། ༨ ཐུགས་གསང་དབྱུག་བཅོས་ལྡེབ། ༥ ར་མོ་ཤེལ་སྨན་དམུ་ཆུའི་བཅོས་ལྡེབ། ༡༠ པད་གླིང་རྫོགས་ཆེན་ཀློང་གསལ་ཆ་ལག་རྒྱུག་འགྱེལ་གསོ་ཐབས་བདུད་རྩི་བུམ་པ་ལྡེབ། ༤ རྣམས་གཏེར་གཞུང་། གྲུབ་ཆེན་ཐང་རྒྱལ་དག་སྣང་རིལ་བུ་དཀར་དམར་རྩ་གཞུང་། སྒོམ་ལུང་འབོགས་ཚུལ་ཕྱག་ལེན་ཀུན་གཟིགས་མཁྱེན་བརྩེའི་གསུང་། ས་སྐྱ་ནད་གྲོལ་མའི་སྨོན་ལམ་ཐང་རྒྱལ་གསུང་བཅས་ལྡེབ། ༩ གྲོ་ཤུལ་བདེ་ཆེན་གླིང་པའི་གསོ་དཔྱད་བདུད་རྩི་ཚེ་བུམ་གཏེར་གཞུང་ལྡེབ། ༢༠ ཁྱི་སྨྱོན་བཅོས་ཐབས་ཆགས་མེད་གསུང་དང་། གནམ་ཆོས་གཏེར་མ་བཅས་ལྡེབ། ༣ མིད་འབྱར་གྱི་རིགས་བཅོས་ཐབས་སྔགས་དང་མེ་བཙའ་རྫས་སྦྱོར་སྐོར་གནམ་ཆོས་མི་འགྱུར་རྡོ་རྗེའི་གསུང་ལྡེབ། ༡༠ དེ་ཉིད་ཀྱི་མནལ་ལམ་དག་སྣང་སྐོར་ལྡེབ། ༢ ས་ནད་རྩ་འབུའི་བཅོས་སྲུང་ཆགས་མེད་གསུང་ལྡེབ། ༤ རྣམས་སོ།། ༈ །།གསུམ་པ་གདོན་ཞི་བའི་སྐོར་ལ། ཉང་གི་ཡེ་ཤེས་བྱ་ཁྱུང་དམར་པོའི་སྒྲུབ་ཐབས་ལས་ཚོགས་རྩ་གཞུང་། རྗེས་གནང་འཇམ་མགོན་གསུང་བཅས་ལྡེབ། ༦ བྱང་གཏེར་བཀའ་བརྒྱད་རང་ཤར་གྱི་ཁྱུང་ཆེན་ཡོངས་རྫོགས་གཏེར་གཞུང་ལྡེབ། ༥ དབང་བསྐུར་འཇམ་མགོན་གསུང་ལྡེབ། ༤ བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅུ་གསུམ་པ་ལས་ཀྱི་བྱ་ཁྱུང་ནག་པོའི་གཏེར་གཞུང་ལྡེབ། ༨ ཕྲིན་ལས་རྒྱལ་དབང་ལྔ་པ་དང་བྱིན་རླབས་ཀུན་གཟིགས་མཁྱེན་བརྩེའི་གསུང་བཅས་ལྡེབ། ༧ པདྨ་ལས་འབྲེལ་རྩལ་གྱི་རྟ་མགྲིན་གཉེན་པོ་ལྷ་གསུམ་ལས་བྱང་དང་། དབང་ཆོག་ཁྲི་ཆེན་པདྨ་དབང་རྒྱལ་གསུང་ལྡེབ། ༢༢ རཏྣའི་གུར་དྲག་ཁྱུང་ནག་ཡོན་ཏན་སྒྲུབ་པ་གཏེར་གཞུང་ལྡེབ། ༣ མཆོག་ལྡན་མགོན་པོའི་སྙན་བརྒྱུད་གཉེན་པོ་ལྷ་ལྔ་ཀུན་གཟིགས་མཁྱེན་བརྩེའི་དག་སྣང་གཏེར་གཞུང་ལྡེབ། ༦ ཕྲིན་ལས་དབང་བསྐུར་འཇམ་མགོན་གསུང་ལྡེབ། ༡༢ མ་ཏིའི་བདུད་འདུལ་དྲག་མོའི་ཁྱུང་སྒྲུབ་བདུད་འདུལ་ནག་མོའི་སྒྲུབ་ཐབས་དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༤ ར་ཞི་པདྨ་རིག་འཛིན་གྱི་བླ་སྒྲུབ་ནོར་བུ་པད་ཕྲེང་ཞི་དྲག་གི་ཁྱུང་ཆེན་རིགས་ལྔའི་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༥ དབང་ཆོག་འཇམ་མགོན་གསུང་ལྡེབ། ༣ སྟག་ཤམ་ཡི་དམ་དགོངས་འདུས་ཁྱུང་ཁྲའི་སྒྲུབ་ཐབས་ལྡེབ། ༧ ལས་མཐའ་བདུན་པ་ལྡེབ། ༦ བཅས་གཏེར་གཞུང་། ཕྲིན་ལས་དབང་བསྐུར་འཇམ་མགོན་གསུང་ལྡེབ། ༡༡ རོལ་རྡོར་གཏུམ་པོ་དྲེགས་འདུལ་ཁྱུང་ཁྲ་གཏེར་གཞུང་ལྡེབ། ༦ དབང་ཆོག་འཇམ་མགོན་གསུང་ལྡེབ། ༧ པདྨ་བདེ་ཆེན་གླིང་པའི་ཀློང་གསལ་མཁའ་འགྲོའི་སྙིང་ཐིག་གི་དྲག་པོ་ལྷ་གསུམ་གྱི་གསོལ་འདེབས་དཔལ་ལྡན་ཆོས་སྐྱོང་གསུང་ལྡེབ། ༡ ལས་བྱང་ལྡེབ། ༡༡ གསང་སྒྲུབ་ལས་ཚོགས་སོགས་ལྡེབ། ༡༠ བཅས་གཏེར་གཞུང་། དབང་བསྐུར་འཇམ་མགོན་གསུང་ལྡེབ། ༡༣ བདུད་འཇོམས་རོལ་པ་རྩལ་གྱི་ཁྱུང་དམར་མེ་གཤོག་གཙོ་བོར་བྱས་པའི་མ་ཏི་སྟག་ཤམ་གསུམ་འདུས་པའི་སྒྲུབ་ཐབས་དབང་ཆོག་ཀཿཐོག་ཆོས་ཀྱི་རྡོ་རྗེའི་གསུང་ལྡེབ། ༤ འཇིགས་མེད་གླིང་པའི་ཀློང་སྙིང་བླ་མ་དྲག་པོ་རྟ་ཁྱུང་འབར་བའི་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༢ ཕྲིན་ལས་བཀླག་ཆོག་ལྡེབ། ༥ བྱིན་རླབས་ལྡེབ། ༥ བཅས་འཇམ་མགོན་གསུང་། ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་གསང་བདག་ཉི་མ་མདུང་གང་སྒྲུབ་ཐབས། དབང་བསྐུར། གཟའི་གདོན་འགྲོལ་བཅས་རྩ་གཞུང་ལྡེབ། ༨ དཔེའུ་རིས་ལྡེབ། དབང་ཆོག་འཇམ་མགོན་གསུང་ལྡེབ། ༥ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་གསང་བདག་རྡོ་རྗེ་བེ་ཅོན་གྱི་གཏེར་གཞུང་ལྡེབ། ༡༢ སྒྲུབ་ཐབས་དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༠ བཅས། ༼ཙི༽པ་ལ། ཉང་གཏེར་ཀླུ་བདུད་ཞགས་པ་དགུ་འགྲོལ་འདོན་འགྲིགས་བཅས་ལྡེབ། ༥ གྲུབ་ཆེན་འདར་འཕྱར་ལུགས་གཟའི་དུག་དབྱུང་དང་བྱད་འགྲོལ་ལྡེབ། ༨ དྲང་སྲོང་གི་ནད་གསོ་ཐབས་བཀའ་གཏེར་དུ་མའི་བཅུད་འདུས་བྱ་ཁྱུང་པ་ངག་དབང་པདྨའི་གསུང་གདམས་པ་མ་བུ་བདུན་པ་ལྡེབ། ༣༢ པད་གླིང་ཕྱག་རྡོར་གཏུམ་པོའི་གཟའ་ཀླུའི་དུག་སྦྱོང་རྩ་བ་ལྡེབ། ༡ གཟའ་ཀླུའི་དུག་སྦྱོང་གདོན་བཀྲོལ་ཁྲུས་ཆོག་སྨིན་གཏེར་གསུང་ལྡེབ། ༡༢ གཟའ་ཡུམ་དང་དབང་ཁྲུས་འབྲི་གུང་ཆོས་གྲགས་གསུང་ལྡེབ། ༥ ཀློང་གསལ་རྡོ་རྗེ་སྙིང་པོའི་སེང་གེ་སྒྲའི་སྒྲུབ་ཐབས་དབང་ཆོག་འཇམ་མགོན་གསུང་། ཀླུ་སྒྲུབ་གཏེར་གཞུང་། གདོན་བཀྲོལ་ཀློང་གསལ་ཉིད་ཀྱི་གསུང་བཅས་ལྡེབ། ༡༠ ཡེ་ཤེས་རབ་འབར་ཞི་སྦྱོང་དང་དྲག་སྦྱོང་གཏེར་གཞུང་ལྡེབ། ༢ ཆོས་གླིང་གཏུམ་པོ་སེང་སྒྲོག་སྦྲགས་མའི་གསོལ་འདེབས། སྒྲུབ་ཐབས། དབང་ཆོག །བྱབས་ཁྲུས། གདོན་བཀྲོལ་བཅས་ཉིད་ཀྱི་གསུང་ལྡེབ། ༩ རོལ་རྡོར་གཏུམ་པོའི་ལས་ཚོགས་གདོན་ཁྲོལ་དང་དུག་སྦྱོང་ལྡེབ། གཟའ་ཆོག་ལྡེབ། ༥ དམ་སྲི་གསོན་འདྲེ་འདུལ་ཐབས་ལྡེབ། ༥ ལྷ་ཀླུ་གཟའི་གདོན་འགྲོལ་ངར་གླུད་ཀྱི་ཆོ་ག་ཁ་སྐོང་བཅས་ལྡེབ། ༦ རྣམས་གཏེར་གཞུང་ངོ་།། ༈ །།བཞི་པ་གྲིབ་དང་མི་གཙང་བ་གཙོར་གྱུར་ཞི་བའི་སྐོར་ལ། སྔ་འགྱུར་བི་མའི་ལུགས་ཀྱི་རྣམ་འཇོམས་དཀར་པོ་ཀརྨ་པ་རང་བྱུང་རྡོ་རྗེ་ལ་བཀའ་བབས་པ་ལྷ་བཅུ་དྲུག་པའི་རྩ་གཞུང་ལྡེབ། ༩ གཟུངས་ཆོག་རིག་གཏད་ཁྲུས་ཆོག་འཇམ་མགོན་གསུང་བཅས་ལྡེབ། ༡༥ བ་རི་ལུགས་རྣམ་འཇོམས་མཐིང་གའི་སྒྲུབ་ཐབས་ཁྲུས་ཆོག་སྨིན་གཏེར་གསུང་ཨཽཌིཡནའི་ནག་འགྲོས་ལ་འཇམ་མགོན་གྱིས་ཞལ་བསྒྱུར་ཕྲན་བུ་ཅན་ལྡེབ། ༡༠ གནམ་ཆོས་རྣམ་འཇོམས་ལྗང་གུའི་སྒྲུབ་ཐབས་ལྡེབ། ༡ གནམ་ཆོས་ཆོས་ལུགས་མི་གཙང་ཉེས་སྲུང་ལྡེབ། ༡ བཅས་གཏེར་གཞུང་། བདུད་འདུལ་དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་གི་རྣམ་འཇོམས་ཁྲོ་ནག་གསོལ་འདེབས་ཉིད་ཀྱི་གསུང་ལྡེབ། ༡ ལས་བྱང་ལྡེབ། ༡༠ དབང་ཆོག་ལྡེབ། ༧ བཅས་འཇམ་མགོན་གསུང་། ཀློང་གསལ་བི་མའི་ཆོས་སྡེ་རྣམ་འཇོམས་དཀར་པོའི་གཏེར་གཞུང་ལྡེབ། ༣ སྒྲུབ་ཐབས་དབང་ཆོག་འཇམ་མགོན་གསུང་ལྡེབ། ༥ གྲ་མངོན་གཏེར་མ་འཁོན་སྦྱོང་མན་ངག་ཁྱད་པར་ཅན་ལྡེབ། ཉང་གཏེར་འཁོན་སྦྱོང་བྱིན་རླབས་ཅན་ཁྲུས་ཀྱི་ཕྱག་ལེན་དང་འཁོན་སྦྱོང་ལག་པའི་འདུ་བྱེད་བཅས་ལྡེབ། ༣ དཔེའུ་རིས་ལྡེབ། ༡ ཉང་ལུགས་ཁྲོ་མོ་སྨེ་བརྩེགས་སྒྲུབ་ཐབས་དབང་ཁྲུས་བོ་དོང་པདྨ་གར་དབང་གསུང་གཏོར་རྒྱུན་རྒྱ་མཚོ་ནས་ཕྱུང་པ་ལྡེབ། ༩ ཆོས་དབང་མཁའ་འགྲོ་སྨེ་བརྩེགས་སྒྲུབ་ཐབས་བུམ་ཁྲུས་ཅན་གཏེར་གཞུང་ལྡེབ། ༢ བླ་མ་གསང་འདུས་ཀྱི་མཁའ་འགྲོའི་གྲིབ་སེལ་འཇམ་མགོན་གསུང་ལྡེབ། ༡༤ སྨེ་བརྩེགས་ཞལ་གཅིག་ཕྱག་གཉིས་པའི་ཁྲུས་ཆོག་སྨིན་གཏེར་གསུང་ལྡེབ། ༧ ཤེར་འོད་གྲོལ་ཏིག་དམ་གྲིབ་ཉེས་པ་ཀུན་སེལ་དང་གནས་ཁང་གི་ཉམས་གྲིབ་ཞི་བ་བསྐྱེད་རིམ་ཉམས་གྲིབ་སེལ་བྱེད་གཏེར་གཞུང་། གྲིབ་སེལ་གྱི་མན་ངག་སྙིང་པོ་བསྡུས་པ་ཀུན་གཟིགས་མཁྱེན་བརྩེའི་གསུང་བཅས་ལྡེབ། ༡༣ འཇའ་ཚོན་མ་ནིང་མཁའ་འགྲོའི་གྲིབ་སེལ་འཇམ་མགོན་གསུང་ལྡེབ། ༢༣ ཀློང་གསལ་རྡོ་རྗེ་སྙིང་པོའི་ཁྲོ་བོ་སྨེ་བརྩེགས་དང་ཁྲོ་མོ་སྨེ་བརྩེགས་བཅས་ལྡེབ། ༥ ཡེ་ཤེས་རབ་འབར་གྱི་གྲིབ་དང་མི་གཙང་སེལ་ཐབས་ལྡེབ། ༢ བཅས་གཏེར་གཞུང་། སྨེ་བརྩེགས་ཀྱིས་རང་གི་གྲིབ་སེལ་ལྡེབ། ༤ གཞན་གྱི་གྲིབ་སེལ་ལྡེབ། ༦ ཉམས་གྲིབ་སེལ་བ་གསེར་གྱི་ཕ་ཝཾ་ལྡེབ། ༢ བཅས་ཆགས་མེད་གསུང་། ཕག་མོ་སྨེ་བརྩེགས་སྒོམ་བཟླས་ཚེ་ནོར་གསུང་ལྡེབ། ༣ ཨེ་ནེ་རིང་ནུབ་དགོན་པ་ངག་དབང་རྡོ་རྗེའི་སྨེ་བརྩེགས་སྒྲུབ་དབང་ལྡེབ། ༤ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྨེ་བརྩེགས་ལྡེབ། ༡༠ བཅས་གཏེར་གཞུང་། སྒྲུབ་ཐབས་དབང་ཆོག་འཇམ་མགོན་གསུང་ལྡེབ། ༧ སྦྱིན་སྲེག་ཀརྨ་པ་བཅུ་བཞི་ཐེག་མཆོག་རྡོ་རྗེའི་གསུང་ལྡེབ། ༦ རྣམས་སོ།། ༈ །།ལྔ་པ་བྱད་ཕུར་རྦོད་གཏོང་ཞི་བའི་སྐོར་ལ། སྔ་འགྱུར་བི་མའི་ལུགས་ཀྱི་གདུགས་དཀར་རྒྱལ་དབང་རང་བྱུང་རྡོ་རྗེ་ལ་བཀའ་བབས་པའི་རྩ་གཞུང་ལྡེབ། ༡༦ རིག་གཏད་འཇམ་མགོན་གསུང་ལྡེབ། ༧ རྒྱ་ཞང་ཁྲོམ་རྡོ་རྗེ་འབར་གྱི་འཇམ་དཔལ་གཤིན་རྗེ་གཤེད་ཚེ་བདག་ལྕགས་འདྲའི་བྱད་འགྲོལ་གསེར་གྱི་ལྡེའུ་མིག་གི་གཞུང་རྩ་བ་ལྡེབ། ༧ སྐུ་གསུང་ཐུགས་འཁོར་ལྡེབ། ༣ ཟ་ཡིག་རྫོང་ཆེན་མ་ལྡེབ། ༢ རྣམས་གཏེར་གཞུང་། སྒྲུབ་ཐབས་ངག་འདོན་སྨིན་གཏེར་གསུང་ལྡེབ། ༤ བྱིན་རླབས་སྙིང་པོ་བསྡུས་པ་སྨིན་གཏེར་གསུང་འཇམ་མགོན་རྡོ་རྗེ་འཆང་གི་གསལ་ཁ་ཅན་ལྡེབ། ༤ བྱད་འགྲོལ་ལག་ལེན་ནག་འགྲོས་ཨོ་རྒྱན་རྣམ་གྲོལ་གསུང་ལྡེབ། ༢༢ ཨྱཻ་རིང་ལྡེབ། ༡ བུམ་རྫས་གསག་ཐབས་དང་ལག་ལེན་ལྡེབ། ༢ རྒྱུན་ཁྱེར་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༢ ཉང་གཏེར་དྲག་དམར་ལས་ཚོགས་ངག་མནན་འགྲོལ་བ་ལྡེབ། ༡ གནུབས་དང་བ་རི་ཟུང་འབྲེལ་མཁའ་འགྲོའི་བྱས་པ་བཤིག་པའི་འཁོར་ལོ་ལྡེབ། ༢ མཁའ་འགྲོ་ཐུགས་རྗེ་ཀུན་གྲོལ་གྱིས་བླ་ཆེན་དྲན་པ་ནམ་མཁའ་ལ་གནང་བའི་བྱད་འགྲོལ་ཡིག་རྒོད་ཆང་ཁྲུས་གཞུང་ལག་ལེན་བཅས་ལྡེབ། ༣ ཀློང་གསལ་རྡོ་རྗེ་སྙིང་པོའི་གདུགས་དཀར་གཙོ་རྐྱང་ཕྲིན་སྒྲུབ་དབང་བསྐུར་འཇམ་མགོན་གསུང་ལྡེབ། ༩ མཆོག་གླིང་ཟབ་བདུན་རྡོ་རྗེ་མཁའ་འགྲོ་གདུགས་དཀར་གཏེར་གཞུང་ལྡེབ། ༤ དབང་ཆོག་ལྡེབ། ༤ གཏོར་ཟློག་ལྡེབ། ༡༥ ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རྡོ་རྗེ་གཙུག་ཏོར་བྱད་འགྲོལ་སྲུང་བ་ལྡེབ། ༨ བཅས་འཇམ་མགོན་གསུང་རྣམས་སོ།། །། ༈ ༼ཚི༽པ་ལ། དྲུག་པ་སྣོད་བཅུད་ཀྱི་ཉེས་པ་ཞི་བ་ལ། སངས་གླིང་བླ་མ་དགོངས་འདུས་གཞན་དོན་ལས་ཚོགས་ཀྱི་དྲུག་པ་ཉེས་པ་ཀུན་སེལ་ལྡེབ། ༢ ཤེར་འོད་གྲོལ་ཏིག་ས་བདག་ཉེས་སེལ་ལྡེབ། ༡ རོལ་རྡོར་དག་སྣང་སྣང་སྲིད་ཞི་བ་དཀར་པོ་ལྡེབ། ༡༡ རྣམས་གཏེར་གཞུང་། ལག་ལེན་ཟིན་བྲིས་ཨོ་རྒྱན་ལྷུན་གྲུབ་དང་ཡོངས་གྲུབ་རྡོ་རྗེའི་གསུང་ལྡེབ། ༣ ཉང་གཏེར་རྟ་མགྲིན་གཉེན་པོ་ལྷ་གསུམ་གྱི་བཀྲ་ཤིས་གཏེར་བུམ་བཅའ་ཐབས་ལྡེབ། ༢ བྱང་གཏེར་མངའ་དབང་རིན་ཆེན་འབར་བའི་ཆ་ལག་བུམ་གཏེར་ཡིད་བཞིན་བཅས་ཆོག་ལྡེབ། ༣ བཅས་གཏེར་གཞུང་། རཏ་ཕུར་ལས་ཚོགས་བཀྲ་ཤིས་རྟེན་འབྲེལ་ཆེན་མོའི་བུམ་པའི་ལག་ལེན་ལྡེབ། ༨ ཀློང་གསལ་ཡེ་ཤེས་རབ་འབར་དང་བི་མའི་ཆོས་སྐོར་སོགས་ལས་བོད་ཁམས་བདེ་བྱེད། ཉེས་སེལ་དབང་བུམ། རྟེན་འབྲེལ་རི་དབང་། ནཱ་ག་གསུམ་གྱི་སྤྱི་བཅོས་རྣམས་ཀྱི་སྒྲུབ་ཐབས་ལག་ལེན་ལྡེབ། ༣༣ བཅས་འཇམ་མགོན་གསུང་། རྭ་སྟོན་ཐུགས་མཆོག་རྡོ་རྗེའི་རྩ་གསུམ་དབང་ཆེན་འདུས་པའི་བཀྲ་ཤིས་གཏེར་བུམ་སྒྲུབ་ཐབས་ལྡེབ། ༨ ལས་བྱང་ལྡེབ། ༡༣ སྔགས་བྱང་ལྡེབ། ༡ བཅས་གཏེར་གཞུང་། གནམ་ཆོས་ས་བདག་འཁྲུགས་བཅོས་ལྡེབ། ༩ བརྟན་མའི་བསང་། ས་བདག་བསང་། ཤིང་རྩི་འབུལ་བ་བཅས་ལྡེབ། ༤ རྣམས་ཆགས་མེད་གསུང་། ས་སྙིང་བརྟན་མ་སྦྲགས་སྒྲུབ་གཏེར་བུམ་བསྡུས་པ་ལྡེབ། ༦ གཏེར་བུམ་སྒྲུབ་ཚུལ་སྤྱི་ལ་འཇུག་པ་མདོར་བསྡུས་ལྡེབ། ༧ བཅས་ཀུན་གཟིགས་མཁྱེན་བརྩེའི་གསུང་རྣམས་སོ།། ༈ །།བདུན་པ་མཐར་ཐུག་སྡིག་སྒྲིབ་ཞི་བ་ལ། ཆོས་དབང་བཀའ་འགྱུར་སྙིང་པོ་བསྡུས་པ་ལྡེབ། ༣ ཆོས་དབང་ཐུགས་ཆེན་འཁོར་བ་དོང་སྤྲུགས་ལྡེབ། ༣༡ བཅས་གཏེར་གཞུང་། ལས་བྱང་ལྡེབ། ༩ རྒྱུན་གྱི་རྣལ་འབྱོར་ལྡེབ། ༥ དབང་ཆོག་ལྡེབ། ༡༠ བཅས་འཇམ་མགོན་གསུང་། ལམ་དུས་ཀྱི་དབང་ཆོག་རྒྱུན་ཁྱེར་གནས་གསར་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་གསུང་ལྡེབ། ༣ འཇའ་ཚོན་རྟ་ཕག་ཡིད་བཞིན་ནོར་བུའི་ཕྱི་སྒྲུབ་ལྟུང་བཤགས་ཆོ་ག་ལྡེབ། ༡༩ གནམ་ཆོས་དགོངས་གཏེར་ཀུན་རིག་ཆོ་ག་ལྡེབ། ༡༦ དབང་ཟིན་ལྡེབ། ༡༡ བཅས་ཆགས་མེད་གསུང་། ཀློང་གསལ་རྡོ་རྗེ་སྙིང་པོའི་མི་འཁྲུགས་པའི་ཆོ་ག་དབང་བསྐུར་གནས་ལུང་འཇམ་མགོན་གསུང་ལྡེབ། ༡༣ རྒྱུད་ལས་འབྱུང་བའི་རིགས་དྲུག་སྲེག་སྦྱོང་ཚེ་ནོར་གསུང་ལྡེབ། ༡ མཆོག་གླིང་ཟུར་བཟའི་ཐུགས་དམ་སྐོར་དྲུག་གི་རྡོར་སེམས་སྒྲིབ་སྦྱོང་ཡེ་ཤེས་ཆུ་རྒྱུན་གཏེར་གཞུང་ལྡེབ། ༡༡ དབང་བསྐུར་ཟུར་འདེབས་ལྡེབ། ༤ ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་ལོངས་སྐུ་འགྲོ་འདུལ་ངན་སོང་དོང་སྤྲུག་ཕྲིན་ལས་དབང་བསྐུར་གནས་ལུང་ལྡེབ། ༣༡ བཅས་འཇམ་མགོན་གསུང་། མཆོག་གླིང་ཐུགས་ཆེན་འཁོར་བ་དོང་སྤྲུག་གཏེར་གཞུང་ལྡེབ། ༩ དབང་བསྐུར་རྒྱས་པ་ལྡེབ། ༧ མགྱོགས་དབང་ལྡེབ། ༣ བྱང་ཆོག་ལྡེབ། ༢ བཅས་ཉིད་ཀྱི་གསུང་། བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ རིགས་གསུམ་སྙིང་ཐིག་གི་འཁོར་བ་དོང་སྤྲུག་ཕྲིན་ལས་དབང་ཆོག་གནས་ལུང་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༡༡ རྣམས་སོ།། །། ༈ གསུམ་པ་རྒྱས་པའི་སྐོར་ལ། ཚེ། ཤེས་རབ། བསོད་ནམས། ལོ་ཏོག །རིགས་རྒྱུད། བསྟན་པ་རྒྱས་པ་དང་དྲུག །དང་པོ་ཡོན་ཏན་ཐམས་ཅད་ཀྱི་ཕྱི་མོ་ཚེ་རྒྱས་པར་བྱེད་པ་ལ། ཉང་གཏེར་འཆི་མེད་ཚེའི་པྲ་བརྟག་བསྟན་པ་གཞུང་ལག་ལེན་བཅས་ལྡེབ། ༥ ཆོས་དབང་གཏེར་ཕྲན་ཚེ་དཔག་མེད་ཀྱི་སྒྲུབ་ཐབས་སཱཙྪ་ལ་བརྟེན་ནས་ཚེ་བསྲིང་བའི་མན་ངག་ལྡེབ། ༢ ལྷ་བུ་ཚེ་འཛིན་འཁོར་ལོ་བྲི་ཐབས་གཏེར་རྙིང་འགའ་དང་གསར་མ་ཛེ་ཏ་རིའི་མན་ངག་ལས་བྱུང་བ་ལྡེབ། ༢ སངས་གླིང་བླ་མ་དགོངས་འདུས་ཚེ་སྒྲུབ་རྒྱུན་ཁྱེར་རྡོ་རྗེ་སྙིང་པོ་ལྡེབ། ༢ པད་གླིང་ཚེ་སྒྲུབ་རྡོ་རྗེ་ཕྲེང་བའི་འཆི་བ་བརྟག་བསླུ། ཚེ་འཁོར། པྲ་བརྟག །གཏའ་སྡོམ་རྣམས་ལྡེབ། ༡༢ བཅས་གཏེར་གཞུང་། དཔལ་ལྡན་རྡོ་རྗེའི་ཉེ་བརྒྱུད་འཆི་མེད་རྡོ་རྗེའི་སྲོག་ཤིང་རྒྱལ་དབང་ལྔ་པའི་གསུང་ལྡེབ། ༧ སྒྲུབ་ཐབས་དབང་ཆོག་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༡༨ གྲུབ་ཆེན་ཟླ་བ་པའི་ཉེ་བརྒྱུད་ཀརྨ་པ་དྲུག་པ་མཐོང་བ་དོན་ལྡན་གྱི་བཞེད་སྲོལ་ཚེ་སྒྲུབ་རྗེས་གནང་འཇམ་མགོན་གསུང་ལྡེབ། ༡༢ ལེགས་ལྡན་རྗེའི་ཚེའི་དངོས་གྲུབ་སྒྲུབ་པའི་མན་ངག་ནམ་མཁའ་ཟས་ཟའི་རྩ་གཞུང་དང་བཅུད་ལེན་གསལ་བྱེད་ཀུན་གཟིགས་མཁྱེན་བརྩེའི་གསུང་བཅས་ལྡེབ། ༧ འབྲི་གུང་ཆོས་གྲགས་དག་སྣང་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཀྱི་ལོ་རྒྱུས། སྒྲུབ་ཐབས། བྱིན་རླབས་བཅས་ཉིད་ཀྱི་གསུང་དང་བརྒྱུད་འདེབས་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༧ ཀློང་གསལ་རྡོ་རྗེ་སྙིང་པོའི་རྣམ་རྒྱལ་མའི་ཕྲིན་ལས་རྗེས་གནང་ཚེ་དབང་འཇམ་མགོན་གསུང་ལྡེབ། ༡༡ དབང་ཆེན་ཚེ་སྒྲུབ་ཉི་ཟླའི་གྭའུ་གཏེར་གཞུང་ལྡེབ། ༤ ཚེ་སྒྲུབ་རྗེས་གནང་འཇམ་མགོན་གསུང་ལྡེབ། ༦ བཀའ་གཏེར་དག་སྣང་གསུམ་འབྲེལ་ཆོས་གླིང་ཉེ་བརྒྱུད་ཐང་རྒྱལ་ཚེ་སྒྲུབ་དབང་ཆོག་ཉིད་ཀྱི་གསུང་ལྡེབ། ༧ རོལ་རྡོར་བྲག་གཏེར་ཕྱག་རྡོར་ཐེམ་མེད་འཆི་བ་བརྟག་བསླུ་བཅུད་ལེན་གཏེར་གཞུང་ལྡེབ། ༧ བཅས། ༼ཛི༽པ་ལ། ལོང་པོ་བཀྲ་ཤིས་ཚེ་བརྟན་གྱི་ལམ་ཟབ་བླ་སྒྲུབ་ཆ་ལག་ཚེ་སྒྲུབ་རྡོ་རྗེ་སྙིང་པོ་གཏེར་གཞུང་ལྡེབ། ༦ དབང་ཆོག་འཇམ་མགོན་གསུང་ལྡེབ། ༣ ཟུར་མཁར་དྲི་མེད་གླིང་པའི་འཆི་མེད་ཀློང་གསལ་རྡོ་རྗེའི་སྲོག་སྒྲུབ་ཀྱི་ལས་བྱང་གཏེར་གཞུང་ལྡེབ། ༡༢ དབང་ཆོག་འཇམ་མགོན་གསུང་ལྡེབ། ༥ བྲག་གསུམ་བསྟན་འཛིན་ཟླ་འོད་རྡོ་རྗེའི་ཚེ་སྒྲུབ་འོད་ཀྱི་སྙིང་པོའི་གཏེར་གཞུང་ལྡེབ། ༡༧ དཔལ་རི་པདྨ་ཆོས་འབྱོར་རྒྱ་མཚོའི་དག་སྣང་ལྷ་མོ་ཙཎྜ་ལཱིའི་རྩ་བསྙེན་འཆི་མེད་བཅུད་དྲིལ་གཏེར་གཞུང་ལྡེབ། ༤ བརྒྱུད་འདེབས་ལྡེབ། ༡ སྒྲུབ་ཐབས་ལྡེབ། ༡༠ བཅས་ཉིད་ཀྱི་གསུང་། སྨིན་བྱེད་ལྡེབ། ༣ རྡོར་བྲག་རིག་འཛིན་ལྔ་པ་སྐལ་བཟང་པདྨ་དབང་ཕྱུག་གི་དག་སྣང་ཚེ་སྒྲུབ་རྡོ་རྗེ་རྒྱ་མདུད་རྩ་གཞུང་དང་བྱང་གཏེར་ལྕགས་སྡོང་མའི་ཚེ་འགུགས་བཅས་ལྡེབ། ༤ རིག་འཛིན་དྲུག་པ་ཁམས་གསུམ་ཟིལ་གནོན་གྱི་དག་སྣང་ཚེ་སྒྲུབ་ཉི་མའི་སྙིང་པོའི་གཞུང་དང་སྨིན་བྱེད་འཇམ་མགོན་གསུང་བཅས་ལྡེབ། ༤ རིག་འཛིན་བདུན་པ་ཀུན་བཟང་འགྱུར་མེད་ལྷུན་གྲུབ་ཀྱི་དག་སྣང་རིགས་འདུས་ཚེ་སྒྲུབ་པདྨའི་རྒྱ་ཅན་གཞུང་ལྡེབ། ༤ ལྷུན་གྲུབ་རབ་བརྟན་གྱི་ཤོག་སེར་དང་དགོངས་གཏེར་ཟུང་འབྲེལ་འཆི་བདག་དཔུང་འཇོམས་གཞུང་ལྡེབ། ༧ དབང་བསྐུར་འཇམ་མགོན་གསུང་ལྡེབ། ༥ ཀུན་གཟིགས་མཁྱེན་བརྩེའི་དག་སྣང་པདྨ་ཚེའི་སྙིང་ཏིག་ཚེ་ཡུམ་ཙཎྜ་ལཱིའི་རྩ་གཞུང་ལྡེབ། ༤ དབང་ཆོག་འཇམ་མགོན་གསུང་ལྡེབ། ༧ དགོངས་གཏེར་འཕགས་མའི་སྙིང་ཏིག་གི་ཆ་ལག་རྣམ་རྒྱལ་མའི་གཟུངས་སྒྲུབ་སྟོང་མཆོད་འཇམ་མགོན་གསུང་ལྡེབ། ༡༡ བྱང་གཏེར་དགོངས་པ་ཟང་ཐལ་གྱི་གཤིན་རྗེ་འཆི་བདག་ཟློག་པ་པདྨ་ཕྲིན་ལས་གསུང་ལྡེབ། ༡༥ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་འཆི་བསླུ་ཉིད་ཀྱི་གསུང་ལྡེབ། ༡༤ སློབ་དཔོན་སྒེག་པའི་རྡོ་རྗེའི་བླ་བསླུ་བཅུ་གསུམ་གཞུང་ལག་ལེན་འཇམ་མགོན་གསུང་ལྡེབ། ༡༥ བླ་འགུགས་སྔགས་དམིགས་ལྡེབ། ༡ ཟློག་བྱང་ལྡེབ། ༡ སྔ་འགྱུར་བླ་བསླུ་པདྨས་མངའ་བདག་ལ་གནང་བ་ལྡེབ། ༥ ས་ལུགས་ཕྱག་ལེན་ལྡེབ། ༣ བླ་འགུགས་སྐལ་ལྡན་ཡར་ལུང་སྤྲུལ་སྐུ་ཆོས་ལྡན་པའི་གསུང་ལྡེབ། ༥ བླ་འབོད་ལྡེབ། ༡ པད་གླིང་བླ་མ་ནོར་བུ་རྒྱ་མཚོའི་བླ་བསླུ་གཏེར་གཞུང་ལྡེབ། ༧ འཇའ་ཚོན་མ་ནིང་ཞི་ལས་མཁའ་འགྲོའི་སུན་ཟློག་འཇམ་མགོན་གསུང་ལྡེབ། ༢༤ ལྷ་བཙུན་རིག་འཛིན་སྲོག་སྒྲུབ་མཁའ་འགྲོའི་སུན་ཟློག་རྩ་གཞུང་ལྡེབ། ༧ ཆོས་དབང་བཀའ་བརྒྱད་གསང་རྫོགས་ཆ་ལག་ཆུ་སྦྱིན་སྟོང་ཟློག །འཆི་བསླུ་བསྡུས་པ་སློབ་དཔོན་པདྨའི་གསུང་། སྒེག་རྡོར་བླ་བསླུའི་གླུད་བསྔོ་བཅས་ལྡེབ། ༤ འཇའ་ཚོན་དཀོན་སྤྱིའི་བརྟན་བཞུགས་འབུལ་ཆོག་འགྱུར་མེད་རིན་ཆེན་རྣམ་རྒྱལ་གསུང་ལྡེབ། ༦ རྟགས་བརྒྱད་འབུལ་བ་ལྡེབ། ༡ དེའི་ཚོགས་ལ་སྦྱར་རྒྱུའི་སུན་ཟློག་བསྡུས་པ་ཆགས་མེད་གསུང་ལྡེབ། ༡ སྤྱི་འགྲོའི་སུན་ཟློག་དང་བརྟན་བཞུགས་མདོར་བསྡུས་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༩ རྫས་བརྒྱད་འབུལ་བ་ལྡེབ། ༢ མཆོག་གླིང་ཐུགས་སྒྲུབ་ཚེ་དམར་དང་ཀློང་གསལ་ཚེ་སྒྲུབ་ཡང་གསང་བླ་མེད་ཟུང་གི་ཚེ་ཐར་གཏང་ཐབས་འཇམ་མགོན་གསུང་ལྡེབ། ༤ རྣམས་སོ།། ༈ །།གཉིས་པ་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཤེས་རབ་རྒྱས་པར་བྱེད་པ་ལ། ཉང་གཏེར་དྲག་དམར་གྱི་འཇམ་དཔལ་སེར་པོའི་སྒོས་སྒྲུབ་ལྡེབ། ༢ ཆོས་དབང་བླ་མ་གསང་འདུས་ཀྱི་བློ་ལྡན་མཆོག་སྲེད་སྒོས་སྒྲུབ་ལྡེབ། ༢ རྡོར་གླིང་ལྟ་བ་ཀློང་ཡངས་ཀྱི་འཇམ་དཔལ་དམར་སེར་བློའི་མུན་སེལ་ལྡེབ། ༥ སངས་གླིང་བླ་མ་དགོངས་འདུས་རྣོ་སོ་ངར་འདོགས་ཀྱི་འཇམ་དབྱངས་བློ་འཕེལ་ཤེས་རབ་རལ་གྲི་ལྡེབ། ༡༢ རྣམས་གཏེར་གཞུང་། དཔེའུ་རིས་ལྡེབ། རྗེས་གནང་འཇམ་མགོན་གསུང་ལྡེབ། ༥ མངའ་རིས་པཎ་ཆེན་གྱི་རིག་འཛིན་ཡོངས་འདུས་འཇམ་དབྱངས་ཐུགས་སྒྲུབ་གཏེར་གཞུང་ལྡེབ། ༣ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་སྨྲ་སེང་ཕྲིན་ལས་དབང་བསྐུར་ལས་ཚོགས་འཇམ་མགོན་གསུང་ལྡེབ། ༡༦ རྒྱུན་ཁྱེར་མཆོག་གླིང་ཉིད་ཀྱི་གསུང་ལྡེབ། ༤ རཏྣའི་གཏེར་ཕྲན་ཕག་དཀར་གཞུང་ལྡེབ། ༣ རཏྣའི་དབྱངས་ཅན་དཀར་མོ་གཏེར་གཞུང་དང་བསྟོད་པ་ཉིད་གསུང་། གཏོར་འབུལ་འདོད་གསོལ་བཅས་ལྡེབ། ༤ ཤེར་འོད་གྲོལ་ཏིག་ཤེས་རབ་བློ་འཕེལ་གཏེར་གཞུང་དང་དབྱངས་ཅན་དཀར་མོ་ཉིད་ཀྱི་གསུང་བཅས་ལྡེབ། ༥ ཀློང་གསལ་རྡོ་རྗེ་སྙིང་པོའི་ཕག་དཀར་གཏེར་གཞུང་ལྡེབ། ༣ སྒྲུབ་ཐབས་དབང་ཆོག་འཇམ་མགོན་གསུང་ལྡེབ། ༧ འཇམ་དཔལ་དབྱངས་དངོས་ཀུན་གཟིགས་མཁྱེན་བརྩེའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཏིག་གི་ཕག་དཀར་ཤེས་རབ་གསལ་བྱེད་གཏེར་གཞུང་ལྡེབ། ༢ ཕྲིན་ལས་ལྡེབ། ༨ རྒྱུན་ཁྱེར་ལྡེབ། ༢ མེ་མཆོད་ལྡེབ། ༦ སྦྱིན་སྲེག་གི་ཉེར་མཁོ་ལྡེབ། ༢ བཅས་ཉིད་ཀྱི་གསུང་། སྨིན་བྱེད་འཇམ་མགོན་གསུང་ལྡེབ། ༦ ཕྱི་འགྱུར་པཎྜི་ཏ་མ་ཏིའི་འཇམ་དཀར་གྱི་སྒྲུབ་ཐབས་སྒེག་རྡོར་དང་བསྟོད་པ་མ་ཏི་ཉིད་ཀྱི་གསུང་། ལོ་རྒྱུས། རྗེས་གནང་ཁྲོ་ལོ་བྱམས་པའི་དཔལ་དང་། རྩ་སྒྲུབ་ལས་ཁ་ཚར་བཞི་རྒྱ་སྟོན་གསུང་། སྒྲུབ་ཐབས་བསྡུས་པ་དང་། བསྟོད་ཚིག་ཁ་སྐོང་ཀུན་གཟིགས་མཁྱེན་བརྩེའི་གསུང་བཅས་ལྡེབ། ༡༡ དམ་པ་རྒྱ་གར་གྱི་ལུགས་སྨྲ་སེང་སྒྲུབ་ཐབས་ལས་ཚོགས་རྩ་གཞུང་དང་སྒྲུབ་ཐབས་ཉུང་གསལ་ཀུན་གཟིགས་མཁྱེན་བརྩེ་དང་། སྒྲུབ་ཐབས་སྙན་པའི་རོལ་མོ་འཇམ་མགོན་གསུང་བཅས་ལྡེབ། ༣༡ བྲམ་ཟེ་ཕུར་བུའི་ལུགས་དབྱངས་ཅན་དཀར་མོའི་སྒྲུབ་ཐབས་ཉིད་གསུང་། ལས་སྦྱོར་དྲང་སྲོང་མངོན་ཤེས་ཅན་དང་། བསྟོད་པ་བྲམ་ཟེ་ཕུར་བུ་ཉིད་ཀྱི་གསུང་། སྒྲུབ་ཐབས་དང་བསྟོད་པ་ཀུན་མཁྱེན་ཀློང་ཆེན་པའི་གསུང་། སྒྲུབ་ཐབས་རྗེས་གནང་་་འདི་འདོད་བུམ་ནང་དང་གཅིག་པ་ཡིན་ཡང་བསྙེན་སྒྲུབ་ཉམས་ལེན་བྱེད་པ་ལ་སྟབས་བདེ་ཕྱིར་བཀོད་པའོ།མཆན།དང་སྦྱིན་སྲེག་སྨིན་གཏེར་གསུང་། སྒྲུབ་ཐབས་ངག་འདོན་ཀུན་གཟིགས་མཁྱེན་བརྩེའི་གསུང་བཅས་ལྡེབ། ༢༥ རྣམས་སོ།། །། ༈ ༼ཝི༽པ་ལ། གསུམ་པ་ཡོན་ཏན་ཐམས་ཅད་ཀྱི་གཞི་བསོད་ནམས་དང་དཔལ་འབྱོར་ལོངས་སྤྱོད་སྙན་གྲགས་རྒྱས་པར་བྱེད་པ་ལ། རཏྣ་ཐོད་ཕྲེང་རྩལ་ལ་བརྟེན་ནས་ཚེ་གཡང་འགུགས་པའི་ཕྲིན་ལས་ལྷ་བཙུན་དག་སྣང་སོགས་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ།༡༠ ཟུར་མཁར་དྲི་མེད་གླིང་པའི་ཐུགས་སྒྲུབ་ཡོན་ཏན་ཀུན་འབྱུང་གི་གསང་སྒྲུབ་པདྨ་རྒྱལ་པོའི་བརྒྱུད་འདེབས། ལས་བྱང་། བསེ་རག་རྫོང་ཐབས་བཅས་ལྕགས་ཟམ་བདུན་པ་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་གསུང་། སྤུ་གྲི་མཆེད་གསུམ་གཏེར་གཞུང་བཅས་ལྡེབ། ༢༢ དབང་ཆོག །བསྙེན་ཡིག །རྒྱས་པའི་སྦྱིན་སྲེག་བཅས་ཡེ་ཤེས་ལྷུན་གྲུབ་གསུང་། ནོར་སྒྲུབ་གླང་འཁོར་བྲི་ཐབས་གཏེར་གཞུང་། གཡང་འགུགས་ཟིན་བྲིས་ཡེ་ཤེས་ལྷུན་གྲུབ་གསུང་བཅས་ལྡེབ། ༣༠ ཆགས་མེད་བཞི་པ་བསྟན་འཛིན་ཕྲིན་ལས་ཀྱི་དགོངས་གཏེར་པདྨ་རྒྱལ་པོའི་གཡང་སྐྱབས་ལྡེབ། ༤ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་ནོར་ལྷ་སྐྱེས་མཆོག་ཚུལ་བཟང་གི་ནོར་སྒྲུབ་ཉིད་ཀྱི་གསུང་ལ་འཇམ་མགོན་ཁ་སྐོང་ཅན་ལྡེབ། ༢༢ ལས་ཚོགས་གསལ་བྱེད་ལྡེབ། ༩ གཡང་བསང་ལྡེབ། ༢ བཅས་འཇམ་མགོན་གསུང་། དབང་ཆོག་གཏེར་སྲས་ཚེ་དབང་ནོར་བུའི་གསུང་ལྡེབ། ༡༡ ཆོས་རྒྱལ་རྡོ་རྗེའི་ས་གནམ་དགོངས་གཏེར་འདུས་པ་ཨོ་རྒྱན་མཁའ་འགྲོ་ནོར་ལྷ་ཛཾ་དཀར་ཚེ་གཡང་ཁ་སྦྱོར་གཏེར་གཞུང་ལྡེབ། ༢༠ ཚོགས་མཆོད་ངག་དབང་ཚོགས་གཉིས་གསུང་ལྡེབ། ༥ གྲྭ་མངོན་ཛཾ་དམར་སྒྲུབ་ཐབས་ལས་ཚོགས་གཏེར་གཞུང་ལྡེབ། ༡༧ ལས་བྱང་དང་ཆུ་སྦྱིན་སྨིན་གཏེར་དང་། རྒྱུན་ཁྱེར་ཆུ་སྦྱིན་བཅས་པད་ཕྲིན། སྦྱིན་སྲེག་དྷརྨ་ཤྲཱི་རྣམས་ཀྱི་གསུང་ལྡེབ། ༩ སྐོང་བ་དང་གཡང་འགུགས་འཇམ་མགོན་གསུང་ལྡེབ། ༥ བལ་པོ་ཨ་ཧཱུྃ་འབར་གྱི་ཡཀྵ་ཛཾ་བྷ་ལ་ནག་པོ་ཀུན་གཟིགས་མཁྱེན་བརྩེའི་ཡང་གཏེར་དུ་བྱོན་པའི་གཏེར་གཞུང་ལྡེབ། ༣༠ བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༡༧ སྲོག་དབང་ལྡེབ། ༩ བཅས་འཇམ་མགོན་གསུང་། ཆོས་དབང་གི་པདྨ་གཡང་འབུམ། སྨོན་ལམ་བཀྲ་ཤིས་བཅས་གཏེར་གཞུང་ལྡེབ། ༡༢ ཆོས་དབང་ཛཾ་དཀར་གཏེར་གཞུང་ལྡེབ། ༧ གཙོ་རྐྱང་ཕྱི་ནང་གསང་སྒྲུབ་དང་ལྷ་དགུའི་སྒྲུབ་ཐབས་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༥ ཆོས་དབང་ཛཾ་དམར་གཏེར་གཞུང་ལྡེབ། ༥ ཆོས་དབང་ཛཾ་ནག་ཆུ་སྦྱིན་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༥ ལས་འབྲེལ་པད་གླིང་ཟུང་གི་ཕྱག་རྡོར་དྲེགས་འདུལ་གཉིས་འདུས་ལས་འབྲེལ་ཛཾ་དམར་ལྡེབ། ༥ བྱང་གཏེར་རང་ཤར་གྱི་ནོར་ལྷ་ཡོངས་རྫོགས་ལྡེབ། ༨ བཅས་གཏེར་གཞུང་། དབང་དང་རྗེས་གནང་འཇམ་མགོན་གསུང་ལྡེབ། ༧ བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅོ་བརྒྱད་པ་ཛཾ་ལྗང་གཏེར་གཞུང་ལྡེབ། ༨ གཏོར་འབུལ་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༢ རཏྣའི་ཀློང་གསལ་སྙིང་ཐིག་གི་ཕྱི་ཛཾ་སེར། ནང་ཛཾ་དམར། གསང་བ་ཛཾ་ནག་ཙིཏྟ་རིན་ཆེན་སྲོག་སྒྲུབ་དང་། ཛཾ་སེར་རིན་ཆེན་གཏེར་སྒྲུབ། བསྟོད་པ་ཕྲིན་བཅོལ་བཅས་ལྡེབ། ༦ ཀློང་གསལ་རྡོ་རྗེ་སྙིང་པོའི་ཛཾ་སེར་ལྡེབ། ༣ བཅས་གཏེར་གཞུང་། བསྙེན་སྒྲུབ་ཆོ་ག་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༥ གནམ་ཆོས་ཛཾ་ལྷ་རིགས་དགུ་སོ་སོ་དང་། རིགས་དགུ་འཁོར་མང་གཅིག་བསྡུས། ཛཾ་སེར་བཅས་ལྡེབ། ༧ ཛཾ་ནག་བཀའ་རྒྱ་མར་གྲགས་པ་ལྡེབ། ༡ ཛཾ་དམར། ཛཾ་ལྷ་ཉེར་གཅིག་ཛཾ་ལྷ་སྤྱིའི་ལས་བྱང་ལྡེབ། ༡ རྣམས་གཏེར་གཞུང་། གཏོར་འབུལ་ཆགས་མེད་གསུང་ལྡེབ། ༡ གུ་རུས་ཁྲི་སྲོང་ལ་གདམས་པ་བཀའ་མ་དང་། གཉལ་པ་ཉི་མ་ཤེས་རབ་ཀྱི་གཏེར་བྱོན་རྣམ་སྲས་སེར་ཆེན་ལྷ་དགུ་སྤྲིན་གསེབ་མ་ཚར་ཆེན་ཡབ་སྲས་ཀྱི་བེ་བུམ་ལས་འབྱུང་བ་ལོ་རྒྱུས་ནས་དམ་ཚིག་བསྟན་པའི་བར་ལྡེབ།༡༤ ཁྲོ་ཕུ་ལོ་ཙཱ་དང་གཉལ་པ་ཉི་མ་སེང་གེའི་གཏེར་མ་ཡང་གསང་མདུང་དམར་ཅན་གྱི་རྒྱུད་དང་སྒྲུབ་སྐོར་གཉག་དབོན་གྱི་བེ་བུམ་ལྡེབ། ༤༢ བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅུ་དྲུག་པ་རྣམ་སྲས་སེར་ཆེན་གྱི་ཕྱྭ་ཕྲིན་ནོར་བུ་མཆོག་རྒྱལ་གཏེར་གཞུང་ལྡེབ། ༡༤ ཟུར་འདེབས་ལྡེབ། ༩ རཏྣའི་རྟ་གསང་རྣམ་སྲས་མདུང་དམར་གྱི་ཕྲིན་ལས་སྲོག་དབང་ལྡེབ། ༩ བཅས་འཇམ་མགོན་གསུང་། པད་གླིང་བླ་མ་ནོར་རྒྱམ་གྱི་རྣམ་སྲས་ཡང་གསང་བླ་མེད་གཏེར་གཞུང་ལྡེབ། ༢༢ འཇའ་ཚོན་མ་ནིང་རྒྱས་ལས་སེར་པོ་སྐོར་གསུམ་གྱི་གཡང་སྐྱབས་འཇམ་མགོན་གསུང་ལྡེབ། ༡༠ བཅས། ༼ཞི༽པ་ལ། མཆོག་གླིང་རྣམ་སྲས་རིགས་གསུམ་གཏེར་གཞུང་ལྡེབ། ༢༣ གྲྭ་མངོན་ཞང་བློན་གཏོར་ཆོག་སྨིན་གཏེར་གསུང་ལྡེབ། ༢ གནམ་ཆོག་ཨ་པ་ར་ཛི་ཏའི་སྒྲུབ་པ་ལྡེབ། ༢ ཚོགས་བདག་སྒྲུབ་ཐབས་དང་གསོལ་ཁ་ལྡེབ། ༢ རེ་མནྟའི་སྒྲུབ་ཐབས་ལྡེབ། ༡ གསོལ་ཀ་ལྡེབ། ༡ རྣམས་གཏེར་གཞུང་། རྟ་གཟུངས་ཆོ་ག་ལྡེབ། ༢༠ ཟིན་བྲིས་ལྡེབ། ༥ རེ་མནྟའི་སྐོང་གསོ་ལྡེབ། ༣ མངའ་གསོལ་ལྡེབ། ༢ གཏོར་འབུལ་ལྡེབ། ༢ རྟིལ་བསང་ལྡེབ། ༣ རྟ་གླུད་བསྡུས་པ་ལྡེབ། ༢ རྣམས་ཆགས་མེད་གསུང་། གནམ་ཆོས་རྟ་གཟུངས་ལྡེབ། ༢ རྟ་གླུད་ལྡེབ། ༣ བཅས་གཏེར་གཞུང་། ཀུ་ཝེ་རའི་སྒྲུབ་ཐབས་དམིགས་ཟིན་ཆགས་མེད་གསུང་ལྡེབ། ༥ ཁམས་པ་ཀུན་དགའ་བསྟན་འཛིན་གྱི་རྨ་རྒྱལ་སྤོམ་ར་གཏེར་གཞུང་ལྡེབ། ༥ ཆགས་མེད་བཞི་པ་ཀརྨ་བསྟན་འཛིན་ཕྲིན་ལས་ལ་བཀའ་བབས་པའི་བཀའ་གཏེར་ཟུང་འཇུག་ཤ་ཟ་མཁའ་འགྲོ་དབྱུག་གུ་མཆེད་གསུམ་གྱི་སྒྲུབ་ཐབས་ཆེ་ཆུང་། བསང་། མཆོད་ཐབས། བསྟོད་པ། བསྐུལ་པ་རྣམས་ཉིད་ཀྱི་གསུང་། འདི་རྣམས་ཀྱི་རྩ་གཞུང་གཏོར་ཆོག་ཨ་རཱ་གའི་གསུང་དང་། ཆུ་གཏོར། དེའི་ཟིན་བྲིས་བཅས་ལྡེབ། ༡༩ གུད་སྦས་དང་ཟིན་བྲིས་ལྡེབ། ༧ བསྙེན་ཡིག་ལྡེབ། ༤ སྲོག་གཏད་ལྡེབ། ༡༠ རྣམས་བསྟན་འཛིན་ཕྲིན་ལས་ཉིད་ཀྱི་གསུང་། བསེ་རག་བཀར་ཡས་ཆགས་མེད་གསུང་ལྡེབ། ༡ མཆོག་གླིང་ཟབ་བདུན་རྩ་གསུམ་ཚེ་ཟབ་ཀྱི་ཀུན་འཁྱིལ་མཆེད་གསུམ་གཏེར་གཞུང་ལྡེབ། ༤ རྗེས་གནང་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༨ ཟུར་མཁར་ཨ་ཇོ་དཔའ་བོ་དང་། འབྲེ་ཤེས་རབ་འོད། ཉི་མ་སེང་གེ་གསུམ་ཚོགས་ཀྱི་བསོད་ནམས་གླང་པོ་སྟོབས་བསྐྱེད་འཁོར་ལོའི་མན་ངག་གཞུང་ལག་ལེན་བཅས་ལྡེབ། ༨ བལ་བོ་ཨ་ཧཱུྃ་གི་གླང་ཆེན་བཅས་ཆོག་ལྡེབ། ༤ སངས་གླིང་བླ་མ་དགོངས་འདུས་ཐོད་བརྟག་ལྡེབ། ༤ ཐོད་སྒྲུབ་ལྡེབ། ༣ རཏྣའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་ཐོད་བརྟག་ཐོད་སྒྲུབ་ལྡེབ། ༤ ལྷ་བཙུན་རིག་འཛིན་སྲོག་སྒྲུབ་ཀྱི་གཡང་འགུགས་ལྡེབ། ༣ རྣམས་གཏེར་གཞུང་། བྱང་གཏེར་མངའ་བསྐྱེད་ནོར་བུའི་བང་མཛོད་ཀྱི་མངའ་དབང་རིན་ཆེན་འབར་བའི་གཏེར་གཞུང་ལྡེབ། ༢༥ མཐའ་དཔྱོད་བྱང་བདག་གསུང་ལྡེབ། ༦ དབང་ཆོག་ལག་ལེན་འཇམ་མགོན་གསུང་ལྡེབ། ༩ སྲོག་ལུས་དབང་ཐང་ཀླུང་རྟ་བསྐྱེད་པའི་གཏོ་ཆོག་འབྱུང་རྩིས་ལས་བཏུས་པ་ལྡེབ། ༧ རྣམས་སོ།། ༈ །།བཞི་པ་ལོ་ཏོག་འབྲས་བུ་རྒྱས་བྱེད་ལ། པད་གླིང་བླ་མ་ནོར་བུ་རྒྱ་མཚོའི་ཆར་འབེབ་རྒྱ་ནག་ཆུ་འཁོར་མ་ལྡེབ། ༧ ཌོམྦི་ཧེ་རུ་ཀའི་ལུགས་ཀྱི་ཆར་འབེབ་ལྡེབ། ༣ བཅས་གཏེར་གཞུང་། དྲག་རྫས་སྨིན་གཏེར་ཕྱག་བཞེས་ལྡེབ། ༡ བྱང་གཏེར་ཐུགས་སྒྲུབ་ལས་ཚོགས་རིན་ཆེན་ཁང་བུའི་ལུད་སྦྱོར་སོགས་ལྡེབ། ༣ གནམ་ཆོས་ས་སྙིང་སྒྲུབ་ཐབས་ལྡེབ། ༡ བཅས་གཏེར་གཞུང་། གནམ་ཆོས་ཀླུ་རྒྱལ་དགའ་བོའི་སྒྲུབ་ཐབས་གཏེར་གཞུང་དང་མཆོད་ཐབས་ཆགས་མེད་གསུང་བཅས་ལྡེབ། ༢ གནམ་ཆོས་ཀླུ་མི་མགོན་དཀར་པོའི་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༡ སྒྲུབ་ཐབས་གསལ་བྱེད་དང་། བསྐང་གསོལ། གཡང་སྐྱབས་ཆགས་མེད་གསུང་བཅས་ལྡེབ། ༩ སངས་གླིང་བླ་མ་དགོངས་འདུས་ཆར་འབེབ་བདུད་རྩི་བུམ་ཆུང་དང་། འཇའ་ཚོན་སོགས་ཀྱི་ཆར་འབེབ་ཟབ་བསྡུས་ཆགས་མེད་གསུང་ལྡེབ། ༣༠ ཆར་འབེབ་ཉེར་མཁོ་དང་སྤྲིན་མདོའི་དོན་བསྡུས་གསོལ་འདེབས་བདེན་སྟོབས་ལྡེབ། ༧ འབུ་སྲིན་གདུག་པ་ཞི་བྱེད་བསང་རྒྱས་འབྲིང་བསྡུས་གསུམ། ཁ་བསྒྱུར། ཟིན་བྲིས། སྤྲིང་ཡིག་བཅས་ལྡེབ། ༡༩ རྣམས་ཆགས་མེད་གསུང་། ཆར་འབེབ་སྔགས་བྱང་ལྡེབ། ༡ ཀླུ་ལ་བདེ་བ་སྦྱིན་པའི་སྔགས་གཟུངས་འདུས་ཝཾ་ཡིག་ལས་བཤུས་པ་ལྡེབ། ༡ སྟག་ཤམ་ཌཱ་ཀིའི་སྙན་བརྒྱུད་བདུད་འདུལ་དྲག་མོའི་རྒྱས་ལས་སའི་ལྷ་མོ་བརྟན་མ་གཏེར་གཞུང་ལྡེབ། ༡༠ གསལ་བྱེད་འཇམ་མགོན་གསུང་ལྡེབ། ༧ ཐུགས་ཀྱི་རྡོ་རྗེའི་བཀའ་གཏེར་ཟུང་འཇུག་སེང་གེ་སྒྲའི་སྒྲུབ་ཐབས། རྗེས་གནང་། ཆར་འབེབ་དགོངས་གཏེར་ལྡེབ། ༩ ལོ་གླུད་འགོང་པོ་གྲུ་འདེད་ཉིད་ཀྱི་གསུང་ལྡེབ། ༡ དགོངས་གཏེར་རྟ་མགྲིན་ལས་ཚོགས་བཙའ་འདེད་ལྡེབ། ༥ བཙའ་སྲུང་མན་ངག་དང་བསང་འཇམ་མགོན་གསུང་ལྡེབ། ཞིང་ལྷ་བསྟོད་པའི་མཆོད་གསོལ་ཆགས་མེད་གསུང་ལྡེབ། ༦ ཞིང་ལྷ་ཚངས་པའི་གཡང་སྐྱབས་དང་ཚོགས་མཆོད་ལྡེབ། ༢༥ གཏོར་མའི་དཔེའུ་རིས་ལྡེབ། ༡ ལོ་གླུད་ལྡེབ། ༥ བཅས་ཆགས་མེད་བཞི་པ་བསྟན་འཛིན་ཕྲིན་ལས་གསུང་། ལོ་ཐོག་ལ་ཕན་པའི་གདམས་ངག་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༧ ལོ་ཐོག་རྒྱས་པའི་སྨོན་ལམ་ཐང་རྒྱལ་དང་ཆགས་མེད་གསུང་ལྡེབ། ༢ རྣམས་སོ།། ༈ །།ལྔ་པ་ཡོན་ཏན་གྱི་སྣོད་དུ་གྱུར་པ་རིགས་རྒྱུད་རྒྱས་པར་བྱེད་པ་ལ། ཆོས་དབང་བླ་མ་གསང་འདུས་ཀྱི་ཐེམ་མེད་ལྷ་བུ་བཙོན་འཛིན་ལྡེབ། ༢ རྡོར་གླིང་གཏེར་ཕྲན་གཅེས་ཕྲེང་ལྷ་མོ་བུ་རྫི་མའི་རྟེན་མདོས་ལྡེབ། ༤ སངས་གླིང་བླ་མ་དགོངས་འདུས་རྨང་པོ་སྲིད་སྤེལ་གྱི་ཆོས་དྲུག་གི་སྲིད་འབེབ་ལྡེབ། ༡༡ སྲིད་འཚོ་སོགས་ལ་ལྡེབ། ༡༥ རྣམས་གཏེར་གཞུང་། མཆོག་གླིང་ཟབ་བདུན་ཚེ་ཟབ་ཀྱི་རིན་ཆེན་མཁའ་འགྲོ་སོ་སོར་འབྲང་མ་གཏེར་གཞུང་ལྡེབ། ༣ དབང་ཆོག་འཇམ་མགོན་གསུང་ལྡེབ། ༤ རྣམས་སོ།། །། ༈ ༼ཟི༽པ་ལ། དྲུག་པ་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྒྱས་པར་བྱེད་པ་ལ། སངས་གླིང་ཐུབ་དབང་གནས་བརྟན་བཅུ་དྲུག་གི་ཆོ་ག་ལྡེབ། ༩ རྗེས་གནང་ལྡེབ། ༣ བཅས་གར་དབང་ཞིག་གླིང་གསུང་། གནས་བཅུའི་མཆོད་ཆོག་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༡༨ འཇའ་ཚོན་སཱཙྪ་ལ་བརྟེན་ནས་འགྲོ་འདུལ་བསྟན་པ་རྒྱས་པའི་ལག་ལེན་ལྡེབ། ༦ ཀློང་གསལ་རྡོ་རྗེ་སྙིང་པོའི་བྱམས་པ་མགོན་པོའི་ཆོ་ག་དབང་བསྐུར་ལྡེབ། ༩ བཅས་འཇམ་མགོན་གསུང་། གནམ་ཆོས་ཐུབ་དབང་གནས་བརྟན་འཁོར་བཅས་ཀྱི་སྒྲུབ་ཐབས་ལས་ཚོགས་དབང་བཅས་གཏེར་གཞུང་ལྡེབ། ༡༤ གནམ་ཆོས་དགེ་འདུན་འདུ་འཁོར་གཏེར་གཞུང་དང་། བྲི་ཐབས་འདོད་གསོལ་བླ་མ་དགོངས་འདུས་ལས་བཏུས་པ་ལྡེབ། ༧ དབང་སྒྲུབ་དང་དབང་བཤད་ཆགས་མེད་གསུང་ལྡེབ། ༡༡ རྩ་གསུམ་འདུས་པའི་སྒྲུབ་མཆོད་ཆགས་མེད་གསུང་སྤྲུལ་ཀརྨ་བདེ་ཆེན་སྙིང་པོའི་གསུང་ལྡེབ། ༡༣ མང་དགེ་རྡོ་རྗེ་འཆང་དགེ་ལེགས་ཡར་འཕེལ་གྱི་ཐུབ་ཆོག་གསེར་ཞུན་མ་རྩ་འགྲེལ་ལྡེབ། ༩ རྣམས་སོ།། །། ༈ བཞི་པ་དབང་གི་ལས་ཀྱི་སྐོར་ལ། ཆོས་དབང་བླ་མ་གསང་འདུས་ཀྱི་པདྨ་རྒྱལ་པོའི་སྒོས་སྒྲུབ་གཏེར་གཞུང་ལྡེབ། ༢ རོང་ཟོམ་པཎྜི་ཏ་ཆོས་ཀྱི་བཟང་པོའི་པདྨ་མཁའ་འགྲོ་རིགས་བྱེད་རྩལ་གྱི་མན་ངག་ཀུན་གཟིགས་མཁྱེན་བརྩེའི་ཡང་གཏེར་གྱི་གཞུང་ལྡེབ། ༢༢ ཕྲིན་ལས་དབང་བསྐུར་འཇམ་མགོན་གསུང་ལྡེབ། ༢༡ བསྙེན་སྒྲུབ་ལས་གསུམ་གྱི་ཚུལ་མདོར་བསྡུས་མི་ཕམ་རྣམ་རྒྱལ་པདྨ་བཞད་པ་རྩལ་གྱི་གསུང་ལྡེབ། ༨ སངས་གླིང་དབང་སྡུད་ནོར་བུ་སྐོར་གསུམ་གཞུང་། ལས་བྱང་གསལ་བྱེད་བཅས་ལྡེབ། ༡༨ གར་དབང་ཞིག་གླིང་བདེ་མཆོག་དམར་པོའི་གཏེར་གཞུང་ལྡེབ། ༣༥ གསོལ་འདེབས་ཉིད་ཀྱི་གསུང་ལྡེབ། ༡ སྨིན་བྱེད་འཇམ་མགོན་གསུང་ལྡེབ། ༩ ཚེ་དབང་ནོར་བུའི་སྒྲོལ་མ་དམར་མོའི་གཏེར་གཞུང་ལྡེབ། ༣ ངག་འདོན་འཇམ་མགོན་གསུང་ལྡེབ། ༣ ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་སྒྲོལ་མ་དམར་མོའི་གཏེར་གཞུང་དང་གསལ་བྱེད་ཉིད་ཀྱི་གསུང་རྣམས་ལ་ལྡེབ། ༡༩ དབང་ཆོག་འཇམ་མགོན་གསུང་ལྡེབ། ༧ མཆོག་གླིང་ཟབ་བདུན་རྩ་གསུམ་ཚེ་ཟབ་ཀྱི་པདྨ་མཁའ་འགྲོའི་ཕྱི་སྒྲུབ་དང་ནང་སྒྲུབ་བཅས་ལྡེབ། ༣ གསང་སྒྲུབ་ལྡེབ། ༢ གཏོར་འབུལ་ལྡེབ། ༢ སྦྱིན་སྲེག་ལྡེབ། ༡ རླུང་འཁོར་དང་སཱཙྪའི་ལས་སྦྱོར་ལྡེབ། ༡ དབང་སྡུད་རྫས་སྒྲུབ་ལྡེབ། ༡ དབང་བསྐུར་ལྡེབ། ༡ རྣམས་གཏེར་གཞུང་། ཕྲིན་ལས་ཀྱི་སྔོན་འགྲོ་ལྡེབ། ༣ ཚོགས་མཆོད་སོགས་རྗེས་རིམ་ལྡེབ། ༥ སྐོང་བ་ལྡེབ། ༣ དབང་ཆོག་ལྡེབ། ༦ ཕྱི་ནང་གསང་སྒྲུབ་བསྙེན་ཡིག་ལྡེབ། ༦ མེ་མཆོད་ལྡེབ། ༦ རྣམས་འཇམ་མགོན་གསུང་། ཆོས་གླིང་ཛཾ་དམར་གསང་བ་སྲོག་སྒྲུབ་གཏེར་གཞུང་ལྡེབ། ༡༤ གསང་སྒྲུབ་ཀྱི་མཆོད་ཕྲེང་ཉིད་ཀྱི་གསུང་ལྡེབ། ༤ རྗེས་གནང་སྲོག་གཏད་འཇམ་མགོན་གསུང་ལྡེབ། ༨ ལས་མཁན་དབང་ཕྱུག་དམར་པོའི་རྗེས་གནང་ཆོས་གླིང་ཉིད་ཀྱི་གསུང་ལྡེབ། ༤ གུ་རུ་ཇོ་ཚེའི་རླུང་ཞགས་ཀུན་གྱི་ཟབ་ཏིག་གཏེར་གཞུང་དཔེའུ་རིས་བཅས་ལྡེབ། ༢ བྱང་གཏེར་ཁམས་གསུམ་དབང་སྡུད་རྟེན་འབྲེལ་ཆོས་བདུན་གྱི་ལྷ་ཆེན་བསོད་ནམས་དཔལ་འབར་རླུང་ཞགས་གཏེར་གཞུང་ལྡེབ། ༧༦ འདོན་ཟིན་དང་མེ་མཆོད་རིག་འཛིན་ལྔ་པ་སྐལ་བཟང་པདྨ་དབང་ཕྱུག་གསུང་ལྡེབ། ༨ བཅས། ༼འི༽པ་ལ། ཨོ་རྒྱན་གཏེར་བདག་གླིང་པའི་ཐུགས་ཆེན་བདེ་གཤེགས་ཀུན་འདུས་ཀྱི་ལྷ་ཆེན་དབང་ཕྱུག་ཆེན་པོའི་གཏེར་གཞུང་ལྡེབ། ༢༣ རྗེས་གནང་ལྡེབ། ༦ མེ་མཆོད་ལྡེབ། ༥ བཅས་ཉིད་ཀྱི་གསུང་། མཆོག་གླིང་ཟབ་བདུན་པདྨ་མཁའ་འགྲོའི་ལྷ་ཆེན་གཏེར་གཞུང་ལྡེབ། ༥ དབང་ཆོག་འཇམ་མགོན་གསུང་ལྡེབ། ༥ མཆོག་གླིང་ཐུགས་ཆེན་པདྨ་སྒྱུ་འཕྲུལ་དྲྭ་བའི་ལྷ་ཆེན་གཏེར་གཞུང་ལྡེབ། ༤ བཀའ་གཏད་འཇམ་མགོན་གསུང་ལྡེབ། ༣ རྣམས་སོ།། །། ༈ ལྔ་པ་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་སྤྱི་དང་བྱེ་བྲག་གཉིས། དང་པོ་སྤྱིར་འགྲོ་བ་ལ། བཀའ་གཏེར་ཟུང་འཇུག་གནུབས་ལུགས་གཤིན་རྗེ་ཧྲཱིཿདམར་རྩ་གཞུང་། གསལ་བྱེད་བྱང་བདག་གསུང་བཅས་ལྡེབ། ༡༤ གྲུ་གུ་ཡང་དབང་གཏེར་བྱོན་འཇོམས་བྱེད་རྩལ་ཆེན་ཉི་ཟླ་ནག་པོའི་གདམས་སྐོར་མ་བུ་ལྡེབ། ༡༧ བྱང་བདག་དབང་པོའི་སྡེའི་གསལ་བྱེད་ཆོག་ཁྲིགས་སྐོར་ལྡེབ། ༡༥ བཀའ་གཏད་སྒོམ་ལུང་འཇམ་མགོན་གསུང་ལྡེབ། ༡༣ སྟག་སྡེའི་བོན་སྟོན་གུ་རུ་ཧཱུྃ་འབར་གྱི་གཟའ་བདུད་མོན་པ་ཀེ་ཏ་ཀའི་གཞུང་གསལ་བྱེད་བཅས་ལྡེབ། ༣༧ བསྙེན་སྒྲུབ་ལས་གསུམ་གྱི་གྱེར་སྒོམ་འཇམ་མགོན་གསུང་ལྡེབ། ༡༢ རཏྣའི་རྟ་གསང་གི་གཤིན་རྗེ་ཚེ་བདག་ནག་པོའི་སྲུང་ཟློག་གསད་གསུམ་ལས་སྦྱོར་གཏེར་གཞུང་ལྡེབ།༨ མཆོག་གླིང་ཟབ་བདུན་ཚེ་ཟབ་ལས་ཀྱི་མཁའ་འགྲོ་རྡོ་རྗེ་སྡེར་མོའི་གཏེར་གཞུང་ལྡེབ། ༤ དབང་ཆོག་འཇམ་མགོན་གསུང་ལྡེབ། ༧ རྣམས་སོ།། ༈ །།གཉིས་པ་མངོན་སྤྱོད་བྱེ་བྲག་ཏུ་སྒྲུབ་པ་ལ། སྲུང་བ། ཟློག་པ། གསད་པ། མཐའ་སྡུད་བཞི། དང་པོ་སྲུང་བ་རྡོ་རྗེའི་མཁར་དུ་གཞུག་པ་ལ། ཆོས་དབང་གཏེར་བྱོན་བྱད་མ་འབུམ་ཐུབ་ཀྱི་སྲུང་འཁོར་ལག་ལེན་བཅས་ལྡེབ། ༤ རང་སྲུང་གནུབས་ལུགས་བཀའ་མ་ཨ་པ་ར་ཛི་ཏའི་རྩོད་རྒྱལ་རྡོ་འཁོར་མན་ངག་ལབ་སྟོན་ནམ་མཁའ་རིན་ཆེན་གསུང་ལྡེབ། ༨ མན་ངག་ལས་མཐའ་ལྡེབ། ༡ འཁོར་ལོའི་དཔེའུ་རིས་ལྡེབ། ༡ རཏྣའི་གཏེར་ཕྲན་མཉམ་གཉིས་རྩལ་འགྲན་འཆིང་གསུམ་གཏེར་གཞུང་ལྡེབ། ༢ གནུབས་ཀྱི་མན་ངག་རྩོད་རྒྱལ་ག་ཁ་ལྟག་སྤྲོད་ལྡེབ། ༣ ལྷ་ཆེན་དབང་ཕྱུག་ལ་བརྟེན་པའི་བཙན་པོ་ཁ་ཆིངས་ལྡེབ། ༢ རྣམས་སོ།། ༈ །།གཉིས་པ་ཟློག་པ་བྱད་མ་རང་གཤེད་འབེབ་པ་ལ། སྟག་ཤམ་རྫོགས་ཆེན་པདྨ་ཡོངས་གྲོལ་སྙིང་ཐིག་གི་གུ་རུ་ཞི་བའི་ཟློག་པ་གཏེར་གཞུང་ལྡེབ། ༦ བཀའ་བརྒྱད་གཏོར་ཟློག་ཁྲོ་རོལ་ཤིན་ཏུ་བསྡུས་པ་ལྡེབ། ༤ དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་ལྡེབ། ༦ བཅས་ཆགས་མེད་གསུང་། མཆོག་གླིང་བོད་ཁམས་བདེ་ཐབས་ཆོས་བཅུའི་གཤིན་རྗེ། རྟ་མགྲིན། ཕུར་པ། མགོན་པོ་སྟེ་བསྟན་པ་སྲུང་བའི་ཆོས་བཞི་གཏེར་གཞུང་ལྡེབ། ༣༦ གནུབས་ལུགས་གཤིན་རྗེ་གཤེད་མཐུ་སྟོབས་དྲེགས་པའི་རྒྱལ་པོའི་སྲུང་ཟློག་གསད་མནན་རྒྱུན་གྱི་རྣལ་འབྱོར་བྱང་བདག་དབང་པོའི་གསུང་ལྡེབ། ༥ ཡང་ཟློག་གནུབས་ཀྱི་གོང་ཁུག་མ་ལྡེབ། ༢ རཏྣའི་ཡང་ཟློག་རྡོ་རྗེའི་ཕ་ལམ་གྱི་ཞལ་ཤེས་སྙན་བརྒྱུད་བཀའ་རྒྱ་མ་ལྡེབ། ༢ རཏྣའི་གཏེར་ཕྲན་མཁའ་འགྲོའི་ཡང་ཟློག་གནམ་ལྕགས་སྤུ་གྲི་དང་། ཡང་ཟློག་དུག་གི་སྤུ་གྲི་བཅས་གཏེར་གཞུང་། གནུབས་ལུགས་ཡང་ཟློག་ཨ་ཐང་ནག་པོ། གུ་རུ་པདྨ་སིདྡྷིས་ཡང་ཟློག་སྔགས་ཀྱི་ཤན་པ། ཤྲཱི་སེང་ཧས་གཤིན་རྗེའི་ཡང་ཟློག་བཀའ་རྒྱ་མ་བཅས་ལྡེབ། ༦ ཤེར་འོད་གྲོལ་ཏིག་གཤིན་རྗེའི་ཡང་ཟློག་གཏེར་གཞུང་ལྡེབ། ༢ ཞང་ཁྲོམ་ཚེ་བདག་ཡང་ཟློག་མེའི་སྤུ་གྲིའི་མན་ངག་སོག་ཟློག་པ་བློ་གྲོས་རྒྱལ་མཚན་གསུང་ལྡེབ། ༩ ཆོས་དབང་དང་རཏྣའི་ཡང་ཟློག་རྡོ་རྗེ་ཕ་ལམ་གྱི་རྒྱུན་ཁྱེར་སྨིན་གཏེར་གསུང་ལྡེབ། ༢ བདེ་གླིང་ཡང་ཟློག་རྡོ་རྗེ་ཕ་ལམ་འཁོར་ལོ་བྲི་ཡིག་བཅས་གཏེར་གཞུང་། ཡང་ཟློག་ཉེར་མཁོའི་ཞལ་ཤེས་ཆོས་ཀྱི་འབྱུང་གནས་གསུང་། གོང་གི་བདེ་གླིང་ཡང་ཟློག་གི་རྒྱུན་ཁྱེར་ཚེ་ནོར་གསུང་བཅས་ལྡེབ། ༤ དེའི་གསལ་བྱེད་ཚེ་བདག་ཡང་ཟློག་ཚེ་ནོར་གསུང་ལ་སི་ཏུའི་ཞལ་ལུང་ཚེ་དབང་ཀུན་ཁྱབ་ཀྱི་ཁ་སྐོང་ཅན་ལྡེབ། ༥ དེའི་གསལ་བྱེད་གཏེར་ཁ་གསུམ་འདུས་ཡང་ཟློག་རྡོ་རྗེ་ཕ་ལམ་སྲུང་ཟློག་གསད་པའི་ལག་ལེན་འཇམ་མགོན་གསུང་ལྡེབ། ༣༡ ང་རྒྱལ་སྔོན་གཏོར་བཀའ་བསྒོ་སྲུང་འཁོར་བྱིན་འབེབ་བཅས་ལྡེབ། ༡ འདོད་གསོལ་སྨོན་ལམ་རྟ་ནག་གི་པདྨ་དབང་ཆེན་ཁ་བསྒྱུར་བ་དང་། འབྲི་གུང་རིན་ཕུན་དང་ལྔ་པའི་གསུང་བཅས་ལྡེབ། ༡ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་སྨྲ་སེང་དྲག་པོ་ཕ་རོལ་རྒོལ་འཇོམས་ཀྱི་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ ཕྲིན་ལས་ཟློག་པ་མཆོག་གླིང་ཉིད་ཀྱི་གསུང་ལྡེབ། ༡༨ སྒོམ་བཟླས་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༦ སྐོང་བ་ལྡེབ། ༢ གཏོར་དབང་ལྡེབ། ༥ འཆི་བསླུའི་བཀའ་གཏད་ལྡེབ། ༢ བཅས་འཇམ་མགོན་གསུང་ངོ་།། ༼ཡི༽པ་ལ། ལྷོ་བྲག་ཡང་དབེན་རི་ཁྲོད་པ་སེང་གེས་ཤེར་ཕྱིན་རྒྱལ་བའི་བཀའ་མཐུ་གཏེར་གཞུང་། བདག་སྲུང་རྣལ་འབྱོར་བྱང་བདག་གསུང་། བ་རི་ནས་རིང་བརྒྱུད་བཀའ་གཏེར་ཟུང་འབྲེལ་ཆོས་སྐུ་འོད་འབར་མ་པད་ཕྲིན་གསུང་བཅས་ལྡེབ།༡༡ ཟངས་གླིང་དབང་ཕྱུག་དང་ཞང་ཁྲོམ་རྡོ་རྗེ་འོད་འབར་གཏེར་ཁ་ཟུང་འཇུག་གཏད་ཧྲུལ་སྦལ་པ་ཁ་སྦྱོར་གཞུང་ལག་ལེན་བཅས་ལྡེབ།༦ གཤིན་རྗེའི་ལས་མཐའ་གཏད་ཧྲུལ་ནག་པོ་ཟངས་གླིང་གི་ལུགས་བཀའ་གཏེར་གཉིས་ལྡན་གཞུང་ས་སྐྱ་པ་ཀུན་བློའི་ཡིག་ཆས་བརྒྱན་པ་ལྡེབ། ༦ རཏྣའི་གཏད་ཟློག་རྒྱལ་པོ་བཀའ་རྒྱ་མ་གཏེར་གཞུང་། གནུབས་ལུགས་གནམ་ལྕགས་ངུར་མོའི་གཏད་ཟློག་སྦལ་པ་དཀར་ནག །གཏད་ཧྲུལ་དམར་པོ་ཁྱུང་པོའི་མན་ངག་བཅས་ལྡེབ། ༤ གཏད་སྲུང་དང་ཉེས་འབྱེད་དཔེའུ་རིས་ལྡེབ། ༢ བཀའ་གཏེར་ཟུང་འཇུག་བྱང་ལུགས་འདུན་གྲོས་ངན་པ་ཆུ་བསྒྱུར་ལྡེབ། ༣ འདུན་བཤིག་པད་གནུབས་ཐུན་མོང་ལུགས་འབྲི་གུང་ཕྱག་བཞེས་མའི་སྐོར་ལྡེབ། ༦ ཐུགས་རྗེ་ཆེན་པོའི་སྒོ་ནས་མི་ཁ་ཟློག་པ་ཆགས་མེད་གསུང་། སྟག་ཤམ་གཤིན་རྗེའི་འཐབ་རྩོད་མི་ཁ་ཟློག་པ། ཉང་གཏེར་མི་ཁ་དགྲ་ཟློག །ཀློང་གསལ་ཡེ་འབར་སྨྲ་ངན་མི་ཁའི་ཟློག་པ། ཁྱུང་གྲགས་རྡོ་རྗེའི་མི་ཁ་ཐལ་རྡེབ། གནུབས་ལུགས་དབང་ཕྱུག་མི་ཁ་ཟློག་པ་བཅས་ལྡེབ། ༥ མི་ཁ་དགྲ་སྒྱུར་གྱི་གཏོ་ཨ་ཡ་བོན་པོ་ལྷ་འབུམ་གཏེར་མ་ལྡེབ། ༥ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་གཤིན་རྗེའི་བཀའ་སྡོད་མགོ་གསུམ་གྱི་མི་ཁ་སྲུང་ཟློག་འཇམ་མགོན་གསུང་ལྡེབ། ༡༠ ལྟས་ངན་ཟློག་པའི་མན་ངག་ཆོས་དབང་ཕྱག་བཞེས་མ་ལྡེབ། ༡ ཐན་ཟློག་ཤིང་བྱང་མ་ལྡེབ། ༡ སྟག་ཤམ་ཡི་དམ་དགོངས་འདུས་ཁྱུང་གི་ལྟས་ངན་བརྒྱད་ཅུའི་ཟློག་མདོས་གཏེར་གཞུང་ལྡེབ། ༩ རྣམས་སོ།། ༈ །།གསུམ་པ་གསད་པ་ཉམས་པ་བདུན་བརྒྱུད་གཅོད་པ་ལ། བཀའ་མ་གནུབས་ལུགས་གཤིན་རྗེ་ཀིང་ནག་གསད་པ་སྟག་བྱང་མ་ལྔ་པའི་ཞལ་ལུང་འཇམ་མགོན་གསུང་། སྔགས་བྱང་གུད་སྦས། མཁྱེན་དགོངས་དམོད་བཅོལ་ཞལ་ཤེས་བཅས་ལྡེབ། ༡༡ དཔེའུ་རིས་ལྡེབ། ༡ བླ་མ་གྲུམ་པ་དང་། ཡོན་བདག་ནག་པོ་མཁར་གཉིས་ཀྱི་གཟའ་བདུད་ནམ་མཁའི་ཧོམ་ཁུང་གི་ལོ་རྒྱུས། སྒྲུབ་ཐབས། ལས་མཐའ། མེ་ལོང་རྡོ་རྗེ་ལ་རཱ་ཧུ་ལས་ཕུལ་བ་ཞལ་གདམས་གནད་ཀྱི་ཤོག་དྲིལ་བླ་མ་ཕྱག་རྡོར་པའི་གཏེར་བྱོན། སྔགས་པ་པདྨ་དབང་ཆེན་གྱི་སྤུ་གྲི་ནག་པོ། དགེ་བཤེས་དབང་ཤག་གི་ངན་སྔགས་མུ་སྟེགས་རྡེའུ་ནག་པོ། ཤེས་རབ་མེ་འབར་གྱི་གཟའ་དང་རེ་ཏིའི་ཆོ་འཕྲུལ། ཁམས་པ་ཁྲ་མོའི་གཏེར་མ་སྙིང་རི་ལུགས་ཕྱི་ལམ་གཅད་པ། དྲང་སྲོང་ཆིག་ཤུར་བསྙེན་སྒྲུབ་ལས་གསུམ་ལག་ཁྲིད་བྱང་བདག་གསུང་བཅས་ལྡེབ། ༢༧ རྣམས་སོ།། ༈ །།བཞི་པ་མཐའ་སྡུད་འབྱུང་བ་བཞི་ལ་གཏད་པ་ལ། ས་ཆུ་མེ་རླུང་བཞི། དང་པོ་སྲུང་བའི་མཐའ་སྡུད་ས་ལ་གནན་པའི་ལས་ལ། བཀའ་གཏེར་གཉིས་ལྡན་ཀིང་ཀང་དམར་པོའི་རྩ་གཞུང་ལྡེབ། ༥ ཀིང་ཀང་དམར་ཆུང་ལས་བྱང་བྱང་བདག་གསུང་ལྡེབ། ༦ དམོད་བྱང་ལྡེབ། ༢ ཀིང་དམར་ལག་ལེན་བློ་གསལ་རྒྱ་མཚོའི་གསུང་ལྡེབ། ༨ ཀིང་དམར་རླུང་སྒྲུབ་གཞུང་ལག་ལེན་ཞལ་ཤེས་ཞིག་གླིང་གསུང་ལྡེབ། ༡༡ དེའི་ལག་ལེན་ཞལ་ཤེས་ཨ་ལོ་ཀརྨ་ཀུན་མཁྱེན་གསུང་ལྡེབ། ༦ ཀིང་དམར་རླུང་སྒྲུབ་ལས་བྱང་ཆོས་གྲགས་གསུང་ལྡེབ། ༩ ཀིང་དམར་གང་ལའང་སྦྱར་རུང་བའི་ཚོགས་མཆོད་ཆགས་མེད་གསུང་ལྡེབ། ༡ འགུགས་པ་རྩ་རྒྱུད་མ་ལྡེབ། ༡ དགྲ་གནན་ལག་ལེན་ལྡེབ། ༡ གནམ་ཆོས་ཀིང་ཀང་དམར་བྱེད་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༡ ཀིང་ནག་ཕ་རོལ་རྒོལ་འཇོམས་བཀའ་གཏེར་གཉིས་ལྡན་དགྲ་བྲུབ་ཀྱི་ལག་ལེན་ལྡེབ། ༢༢ ཚོགས་མཆོད་ལྡེབ། ༥ བཅས་སོག་ཟློག་པ་བློ་གྲོས་རྒྱལ་མཚན་གསུང་། ཀིང་ནག་སྲུང་ཟློག་གསད་གསུམ་གྱི་ལས་གཞུང་ཕྲིན་ལས་ལྡེབ། ༡༢ ཀིང་ཀང་དམར་ནག་གི་སྲུང་ཟློག་དགྲ་ཆིངས་མདོར་བསྡུས་གླང་རུ་མའི་རྒྱུན་ཁྱེར་ལྡེབ། ༨ བཅས་ཚེ་དབང་ཀུན་ཁྱབ་གསུང་། འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀིང་ཀང་དམར་ནག་གླང་རུ་མའི་མན་ངག་གནད་དྲིལ་ཟིན་བྲིས་ལྡེབ། ༡༡ བྱང་གཏེར་ཕུར་པའི་སྲི་གནན་ཡི་དམ་དྲག་པོ་གང་ལའང་སྦྱར་དུ་རུང་བའི་ལག་ལེན་འདོན་འགྲིགས་ལྡེབ། ༢༨ བཅས་འཇམ་མགོན་གསུང་། བྱང་གཏེར་ཐུགས་སྒྲུབ་ལས་ཚོགས་བཅུ་གཉིས་པ་འགོང་པོ་ཨར་གཏད་གཏེར་གཞུང་ལྡེབ། ༥ མན་ངག་ལག་ལེན་རྣམ་གསལ་ལྡེབ། ༡༥ ཡི་དམ་སྤྱི་ལ་སྦྱར་དུ་རུང་བ་དགྲ་བགེགས་གནན་པའི་ལས་རིམ་ལྡེབ། ༡༨ བཅས་འཇམ་མགོན་གསུང་རྣམས་སོ།། ༈ །།གཉིས་པ་ཆུ་ལ་གཏད་པའི་ལས་ལ། ལས་འབྲེལ་ཕྱག་རྡོར་དྲེགས་འདུལ་ཐེམ་མེད་ཀླུ་གཏད་གཏེར་གཞུང་། ལག་ལེན་དམར་བྱང་བཅས་ལྡེབ། ༨ ཙམ་མོ།། ༈ །།གསུམ་པ་གསད་པའི་མཐའ་སྡུད་མེ་ལ་སྲེག་པའི་ལས་ལ། མངོན་སྤྱོད་ཕྲིན་ལས་མཐའ་དག་གི་ནུས་འབྱིན་སྲེག་པ་ཧོམ་གྱི་གཟེར་ཁ་འཇམ་མགོན་གསུང་ལྡེབ། ༡༠ ཙམ་མོ།། ༈ །།བཞི་པ་རླུང་ལ་བསྐུར་བའི་ལས་ལ། ཟློག་པའི་མཐའ་སྡུད་འཕང་བ་ཟོར་གྱི་མན་ངག་སྔར་བཀོད་ཟིན་ལ། ཞང་ཁྲོམ་རྡོ་རྗེ་འབར་གྱི་རླུང་འཁྲུགས་འབུམ་གྱི་ཡང་སྙིང་གཤིན་རྗེའི་སྲོག་སྒྲུབ་གཏེར་གཞུང་། ལག་ལེན་བཅས་ལྡེབ། ༤ དཔེའུ་རིས་ལྡེབ། ༤ བཅས་སོ།། །། ༈ ༼རི༽པ་ལ། སྤྱི་དོན་གཉིས་པ་ལུང་རྫོགས་པ་ཨ་ནུ་ཡོ་གའི་སྐོར་ལ། གུ་རུ་ཆོས་དབང་གི་ཆོས་དྲུག་སྲས་མཁར་མ་གཏེར་གཞུང་ལྡེབ། ༧༩ དྲིན་ཅན་སློབ་དཔོན་མ་ཀུན་དགའ་འབུམ་པའི་མ་རྒྱུད་གསང་བ་ལམ་ཁྱེར་མཆོག་གླིང་ཉེ་བརྒྱུད་ཀྱི་ལོ་རྒྱུས་ལྡེབ། ༡༢ གཏེར་འབྱུང་། ཁྲིད་གཞུང་སོགས་ལྡེབ། ༤༨ གསང་དབང་ལྡེབ། ༣ ཞེ་སྡང་རྡོ་རྗེ་ལྡེབ། ༤ འདོད་ཆགས་རྡོ་རྗེ་ལྡེབ།༣ གཏི་མུག་རྡོ་རྗེ་ལྡེབ། ༣ ཕྲག་དོག་རྡོ་རྗེ་ལྡེབ། ༣ ང་རྒྱལ་རྡོ་རྗེ་ལྡེབ། ༣ རྣམས་གཏེར་གཞུང་། ཕྲིན་ལས་ལྡེབ། ༡༧ དབང་ཆོག་ལྡེབ། ༡༡ བཅས་འཇམ་མགོན་གསུང་། བདུད་འདུལ་དང་ཀློང་གསལ་གཏེར་ཁ་གཉིས་འདུས་གཏུམ་མོའི་མེ་དབང་ངེས་དོན་དབང་པོའི་གསུང་ལྡེབ། ༡༢ དེའི་རྩ་རླུང་ཐིག་ལེའི་ཁྲིད་ཡིག་འཇམ་མགོན་གསུང་ལྡེབ། ༡༨ མཆོག་གླིང་ལུང་ཆེན་རྡོ་རྗེ་བཀོད་པ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་གསོལ་འདེབས་ཉིད་གསུང་ལྡེབ། ༡ སྒྲུབ་ཐབས་ལྡེབ། ༡༦ རྣལ་འབྱོར་རྒྱུན་གྱི་ཉམས་ལེན་ལྡེབ། ༧ བཅས་གཏེར་གཞུང་། སྨན་མཆོད་ལྡེབ། ༡ རྩ་བའི་དབང་ཆོག་འཇམ་མགོན་གསུང་ལྡེབ། ༣༢ མདོ་ལུང་ལྔའི་དགོངས་པ་རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་གཅིག་པ་གཏེར་གཞུང་ལྡེབ། ༢༠ དོན་དབང་འཇམ་མགོན་གསུང་ལྡེབ། ༩ ཟབ་བདུན་ཟངས་བྱང་མའི་ལུང་ལུགས་རྟ་མགྲིན་སྙིང་པོ་དོན་འདུས་གཏེར་གཞུང་ལྡེབ། ༣ གཏོར་དབང་འཇམ་མགོན་གསུང་ལྡེབ། ༧ ལུང་ལུགས་མི་གཡོ་བ་རྡོ་རྗེ་ཟམ་པ་གཏེར་གཞུང་ལྡེབ། ༡༡ ཕྲིན་ལས་ལྡེབ། ༨ དབང་ཆོག་ལྡེབ། ༡༠ བཅས་འཇམ་མགོན་གསུང་། ལུང་ལུགས་ཐུགས་ཀྱི་ཕུར་གཅིག་གི་གཏེར་གཞུང་ལྡེབ།༡༠ རྣམས་སོ།། །། ༈ སྤྱི་དོན་གསུམ་པ་མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ་སེམས་སྡེ། ཀློང་སྡེ། མན་ངག་སྡེ་གསུམ། དང་པོ་ཕྱི་སེམས་སྡེ་ལ། དྲི་མེད་ཀུན་དགའི་ཕྱག་ཆེན་དམར་ཁྲིད་ཀུན་གཟིགས་མཁྱེན་བརྩེའི་ཡང་གཏེར་ལྡེབ། ༤ རཏྣའི་ཕྱག་ཆེན་ཉི་མའི་སྙིང་པོའི་ཞུས་ལན་ལྡེབ། ༦ ཐེམ་བྱང་སོགས་གཏེར་གཞུང་ལྡེབ། ༢༠ བརྒྱུད་འདེབས་ཉིད་ཀྱི་གསུང་ལྡེབ། ༡ མཆོག་གླིང་རྫོགས་ཆེན་སྡེ་གསུམ་གྱི་ཕྱི་སྐོར་སེམས་སྡེའི་བླ་མའི་བསྐྱེད་རིམ་བྱང་བུ་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༦ བསྐྱེད་རྫོགས་གནད་དྲིལ་གཏེར་གཞུང་ལྡེབ། ༡ དབང་ཆོག་ལྡེབ། རྣམས་སོ།། ༈ །།གཉིས་པ་ཀློང་སྡེ་ལ། གཏེར་མའི་ཕྱོགས་འདིར་རང་རྐང་ཐུབ་པ་སྔོན་ཆད་ཆེར་བྱོན་པ་མི་སྣང་ལ། མཆོག་གླིང་གཏེར་བྱོན་རྫོགས་ཆེན་སྡེ་གསུམ་གྱི་སྐོར་རྣམས་ཁྱབ་བདག་འཇམ་མགོན་རྡོ་རྗེ་འཆང་ཆེན་པོས་གསན་བཞེས་གྲུབ་པ་མ་བྱུང་བས། རེ་ཞིག་མ་བཞུགས་པར་སྣང་ལ། སླད་ནས་དེའི་སྨིན་གྲོལ་གྱི་རྒྱུན་དང་། གཞན་ཡང་གཏེར་བྱོན་ཁུངས་ཐུབ་རིགས་བྱུང་ན་འདིར་བཞུགས་དགོས་པའི་ཞལ་གདམས་རྗེས་སུ་བསྩལ་པར་མཛད་དོ།། ༈ །།གསུམ་པ་གསང་བ་མན་ངག་གི་སྡེ་ལ། ཨ་ཏི། སྤྱི་ཏི། ཡང་ཏི་སྟེ་སྙིང་ཐིག་སྐོར་གསུམ། དང་པོ་ཨ་ཏི་ཡོ་ག་མན་ངག་སྙིང་ཐིག་ལ། བི་མ། པདྨ། བཻ་རོ། རྣམ་གསུམ་དགོངས་པ་གཅིག་དྲིལ་ཏེ་བཞི། དང་པོ་སློབ་དཔོན་ཆེན་པོ་བི་མ་ལའི་བཀའ་སྲོལ་ལ། ལྡང་མ་ལྷུན་རྒྱལ་གྱི་གཏེར་བྱོན་རྫོགས་པ་རང་བྱུང་དབང་གི་ཆུ་བོའི་རྒྱུན་ལས་བྱུང་བ་རྫོགས་ཆེན་རྒྱུད་བཅུ་བདུན་གྱི་དབང་ཆོག་དང་། བཀའ་སྲུང་ཁྲོས་མའི་དབང་ཆོག་ཞིག་གླིང་གསུང་ལྡེབ། ༣༧ སྔགས་སྲུང་སྐོང་གསོལ་གཏེར་གཞུང་ལྡེབ། ༡ བི་མས་རྒྱལ་དབང་ཀརྨ་པ་རང་བྱུང་རྡོ་རྗེ་མངོན་སུམ་བྱིན་གྱིས་བརླབས་ནས་དགོངས་གཏེར་དུ་བསྩལ་པ་ཀརྨ་སྙིང་ཐིག་ཏུ་གྲགས་པ་ཉམས་ལེན་ལག་ཁྲིད་མའི་ཁྲིད་ངོ་མཚར་ཅན་རྩ་གཞུང་ལྡེབ། ༢༤ བཅས། ༼ལི༽པ་ལ། གར་དབང་ཞིག་གླིང་འོད་གསལ་སྒྱུ་མ་གཏེར་བཞད་རྩལ་གྱི་རྫོགས་ཆེན་གསང་བ་སྙིང་ཐིག་གཏེར་གཞུང་ལྡེབ། ༡༠༢ བརྒྱུད་འདེབས་ལྡེབ། ༣ ལས་བྱང་ལྡེབ། ༨ དཀྱིལ་འཁོར་རྣམ་དག་ལྡེབ། ༢ རྣམས་ཉིད་ཀྱི་གསུང་། ལྕེ་བཙུན་ཆེན་པོ་སེང་གེ་དབང་ཕྱུག་གི་བི་མ་ལའི་ཟབ་ཏིག་ཀུན་གཟིགས་མཁྱེན་བརྩེའི་རྗེས་དྲན་རྩ་གཞུང་ལྡེབ། ༡༤ བརྒྱུད་འདེབས་ལྡེབ། ༡ སྨིན་བྱེད་ལྡེབ། ༨ ཁྲིད་ཡིག་ལྡེབ། ༣༢ བཅས་འཇམ་མགོན་གསུང་། སྔོན་འགྲོའི་ངག་འདོན་ཀུན་གཟིགས་མཁྱེན་བརྩེ་ཉིད་ཀྱི་གསུང་ལྡེབ། ༥ རྣམས་སོ།། ༈ །།གཉིས་པ་སློབ་དཔོན་ཆེན་པོ་པདྨའི་བཀའ་སྲོལ་ལ། ལས་འབྲེལ་རྩལ་གྱི་མཁའ་འགྲོ་སྙིང་ཐིག་གི་བརྒྱུད་པའི་བྱིན་རླབས་གཅིག་འདུས་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་དགོངས་གཏེར་མཁའ་འགྲོ་ཡང་ཏིག་གི་རིན་ཆེན་ཤོག་སྐྱའི་དབང་ཕྲེང་ལྡེབ།༥༤ མཁའ་འགྲོ་སྙིང་གི་ཁྲིད་ཡིག་ལྡེབ།༤༨ བརྒྱུད་འདེབས་ལྡེབ། ༣ སྲོག་སྒྲུབ་དང་ལྡང་ལྷའི་གཏོར་འབུལ་ལྡེབ། ༢ བཅས་སྨིན་གཏེར་གསུང་། བྱང་གཏེར་དགོངས་པ་ཟང་ཐལ་གྱི་ཞི་ཁྲོའི་ཕྲིན་ལས་ལྡེབ། ༡༩ བྱང་གཏེར་རྫོགས་ཆེན་ཀ་དག་རང་བྱུང་རང་ཤར་གྱི་རིག་པའི་རྩལ་དབང་ལྡེབ། ༡༢ རྡོར་གླིང་རྫོགས་ཆེན་ཕ་རྒྱུད་ལྟ་བ་ཀློང་ཡངས་ཀྱི་ཞི་ཁྲོའི་སྒྲུབ་ཐབས་དབང་ཆོག་ལྡེབ། ༡༢ རྡོར་གླིང་རྫོགས་ཆེན་ཧཱུྃ་སྐོར་སྙིང་ཐིག་ཀུན་གཟིགས་མཁྱེན་བརྩེའི་ཉེ་བརྒྱུད་ཀྱི་རྩ་གསུམ་སྒྲུབ་ཐབས་ཕྲིན་ལས་ལྡེབ། ༡༨ དབང་ལྔ་བསྐུར་བའི་ལག་ལེན་ལྡེབ། ༢༦ ཁྲིད་འཆད་ཐབས་ལྡེབ། ༣ རྣམས་འཇམ་མགོན་གསུང་། ཉམས་ཁྲིད་སྔོན་འགྲོ་དང་། ཐོད་རྒལ་ལྡེབ། ༡༧ བར་དོ་དང་འཕོ་བ་ལྡེབ།༧ གཅོད། གེགས་སེལ། གཏུམ་མོ། འོད་གསལ་བུམ་འཇུག་བཅས་ལྡེབ། ༡༠ རྣམས་གཏེར་གཞུང་བཅས་སོ།། ༼ཤི༽པ་ལ། རིན་ཆེན་གླིང་པའི་རྫོགས་ཆེན་ཨ་ཏི་ཆིག་ཆོད་ཀུན་གྲོལ་གཏེར་གཞུང་ལྡེབ། ༧༡ དབང་བཞི་ལྡེབ། ༡༠ སྔོན་དངོས་རྗེས་ཀྱི་ཁྲིད་རིམ་ལྡེབ། ༡༨ བཅས་འཇམ་མགོན་གསུང་། རཏྣ་གླིང་པའི་རྫོགས་ཆེན་ཀློང་གསལ་སྙིང་ཐིག་གི་རྟ་མགྲིན་ལས་བྱང་གཏེར་གཞུང་ལྡེབ། ༩ སྒོ་འབྱེད་རྩ་གསུམ་གཏོར་དབང་ལྡེབ། ༧ བསྐྱེད་རིམ་དབང་བསྐུར་རྣམ་གསུམ་ལྡེབ། ༢༣ རྫོགས་རིམ་དབང་ཆོག་ལྡེབ། ༣༧ ཆོས་སྤྱོད་དང་གསོལ་འདེབས་ལྡེབ། ༡༠ ཁྲིད་ཡིག་ལྡེབ། ༡༧ བཅས་རཏྣ་ཉིད་ཀྱི་གསུང་། ཀུན་མཁྱེན་ཆེན་པོའི་ཟབ་གཏེར་ཡང་གཏེར་དུ་སྦས་པ་དང་། པདྨ་གླིང་པ་ཉིད་ཀྱི་ཟབ་གཏེར་དངོས་བཅས་སྤྱན་དྲངས་ནས་མ་བུ་ཟུང་དུ་བསྡེབས་པ་རྫོགས་ཆེན་ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་ཞི་ཁྲོའི་ལས་བྱང་ལྡེབ།༨ སྨིན་བྱེད་ཀུན་གྱི་སྙིང་པོ་ལྡེབ།༡༡ བཅས་འཇམ་མགོན་གསུང་། དོན་ཁྲིད་པད་གླིང་གསུམ་པ་ཚུལ་རྡོར་གསུང་ལྡེབ། ༡༡ སྔོན་འགྲོ་ཆོས་སྤྱོད་ངག་འདོན་གཏེར་གཞུང་ལས་བཏུས་པ་ལྡེབ། ༦ གནམ་ཆོས་ཐུགས་ཆེན་བྷུ་སུ་ཀུའི་སྒྲུབ་ཐབས་ལས་ཚོགས་ལྡེབ།༣ རྫོགས་ཆེན་ཁྲིད་ཡིག་སངས་རྒྱས་ལག་འཆང་ལྡེབ། ༥ བཅས་གཏེར་གཞུང་། བདུད་འདུལ་རྡོ་རྗེའི་དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་གི་རྫོགས་རིམ་ཁྲིད་ཀྱི་སྔོན་འགྲོའི་ངག་འདོན་འཇམ་མགོན་གསུང་ལྡེབ། ༨ ཁྲིད་ཡིག་བདུད་འདུལ་ཉིད་ཀྱི་གསུང་ལྡེབ། ༥༦ ཀློང་གསལ་རྡོ་རྗེ་སྙིང་པོའི་སྔོན་འགྲོའི་ངག་འདོན་དང་བརྒྱུད་འདེབས་གཏེར་གཞུང་ཟུང་བཅས་ལྡེབ། ༤ ཁྲིད་རིམ་འཇམ་མགོན་གསུང་ལྡེབ། ༥༠ ཀློང་ཆེན་སྙིང་ཐིག་གི་ཁྲིད་ཡིག་སྙིང་པོ་བསྡུས་པ་ལྡེབ། བཅས། ༼སི༽པ་ལ། མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྤྲུལ་སྐུ་པདྨ་འབྱུང་གནས་ཀྱི་ཕྲིན་ལས་དབང་བསྐུར་ལྡེབ། ༡༥ རྫོགས་རིམ་འོད་གསལ་རྫོགས་ཆེན་ཁྲིད་ཡིག་ལྡེབ། ༡༤ བཅས་འཇམ་མགོན་གསུང་རྣམས་སོ།། ༈ །།གསུམ་པ་སློབ་དཔོན་ཆེན་པོ་བཻ་རོ་ཙ་ནའི་བཀའ་སྲོལ་ལ། རྡོར་གླིང་། ཀུན་སྐྱོང་གླིང་པ། སྟག་ཤམ་བསམ་གླིང་གསུམ་ཀའི་རྡོར་སེམས་སྙིང་ཐིག་རྩ་གཞུང་ཞུ་དག་ཕེར་ཞིང་ཆུ་བོ་གཅིག་འདྲེས་ཀུན་སྐྱོང་གླིང་པའི་གཏེར་གཞུང་ལྡེབ། ༥༧ ཆོས་སྤྱོད་ལྡེབ། ༦ རྡོར་སེམས་རྩ་གསུམ་ལས་བྱང་ལྡེབ། ༡༤ བཅས་ཚེ་དབང་ནོར་བུའི་གསུང་། གཏེར་ཁ་གསུམ་འདུས་དབང་ཆོག་འཇམ་མགོན་གསུང་ལྡེབ།༨ དབང་གོང་མ་ཐོད་རྒལ་དབང་སྟག་ཤམ་གཏེར་གཞུང་ལྡེབ།༧ མཆོག་གླིང་རྫོགས་ཆེན་སྡེ་གསུམ་གྱི་གསང་སྐོར་ཡི་དམ་བཀའ་བརྒྱད་རྫོང་འཕྲང་གི་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ བསྐྱེད་རིམ་བྱང་བུ་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༨ དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༤ རྣམས་སོ།། ༈ །།བཞི་པ་སློབ་དཔོན་རྣམ་གསུམ་གྱི་དགོངས་ཉམས་གཅིག་ཏུ་དྲིལ་བ་ལ། བྱང་གཏེར་དགོངས་པ་ཟང་ཐལ་གྱི་དོན་ཁྲིད་བུ་འབོར་བཀྲ་ཤིས་རྒྱ་མཚོའི་གསུང་ལྡེབ། ༤༨ སྨིན་གཏེར་ཨ་ཏི་ཟབ་དོན་སྙིང་པོའི་རིག་པའི་རྩལ་དབང་གཏེར་གཞུང་ལྡེབ། ༧ ལྷན་ཐབས་མི་འགྱུར་དཔལ་སྒྲོན་གསུང་ལྡེབ། ༧ ཁྲིད་ཡིག་མི་འགྱུར་དཔལ་སྒྲོན་གྱི་ཞལ་རྒྱུན་ཁྱུང་རས་ཀྱིས་ཟིན་བྲིས་བཏབ་པ་ལྡེབ།༧༧ མཆོག་གླིང་སྙིང་ཐིག་བདུན་གྱི་དགའ་རབ་སྙིང་ཐིག་ལས་ཞི་བ་རྡོར་སེམས་བརྒྱུད་འདེབས་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ།༡ ཞི་སྒྲུབ་གཏེར་གཞུང་ལྡེབ། ༦ སྒྲུབ་ཐབས་ཕྲིན་ལས་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༡༡ ཞི་བའི་དབང་ཆོག་འཇམ་མགོན་གསུང་ལྡེབ།༦ ཞི་བའི་བསྐྱེད་རྫོགས་ཉམས་ལེན་ཁྲིད་ཡིག་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༡ དགའ་རབ་སྙིང་ཐིག་གི་ཁྲོ་བོ་ཡང་དག་སྒྲུབ་པ་གཏེར་གཞུང་ལྡེབ། ༥ ཁྲོ་བོའི་དབང་ཆོག་འཇམ་མགོན་གསུང་ལྡེབ། ༧ ཕྱི་རྡོར་སེམས། ནང་མཉམ་སྦྱོར། གསང་བ་ཡང་དག་གསུམ་ཀའི་སྨིན་གྲོལ་རྒྱབ་རྟེན་གྱི་རྩ་ཐོ་ལྡེབ། ༢ རྣམས་སོ།། ༈ །།གཉིས་པ་མན་ངག་སྡེའི་རྒྱུད་དོན་ཟབ་མོ་སྤྱིའི་གནད་སྟོན་པ་སྤྱི་ཏི་ཡོ་གར་གྲགས་པ་ལ། སྤ་གྲོ་བ་ཚེ་རིང་རྡོ་རྗེའི་སྤྱི་ཏིའི་གཏེར་གཞུང་ལྡེབ། ༢༣ ཕྲིན་དབང་གི་ལག་ལེན་འཇམ་མགོན་གསུང་ལྡེབ། ༨ རྣམས་སོ།། །། ༈ ༼ཧི༽པ་ལ། གསུམ་པ་ཡང་གསང་ཐུན་མོང་མ་ཡིན་པའི་སྙན་བརྒྱུད་སྟོན་པས་ཡང་ཏི་ཡོ་གར་གྲགས་པ་ལ། ཆོས་དབང་རྫོགས་ཆེན་ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་དབང་ཆོག་ལྡེབ། ༢༧ ཁྲིད་ཆེན་བརྒྱད་ཆིག་དྲིལ་གྱི་ཁྲིད་ཡིག་ལྡེབ། ༩༣ སྔོན་འགྲོའི་འདོན་ཆ་ལྡེབ། ༧ བཅས་འཇམ་མགོན་གསུང་། དུང་མཚོ་རས་པའི་རྫོགས་ཆེན་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་གཏེར་གཞུང་ལྡེབ། ༤༦ བརྒྱུད་འདེབས་སོག་ཟློག་པ་བློ་གྲོས་བཟང་པོའི་གསུང་ལྡེབ། ༣ ཕྲིན་ལས་ལྡེབ། ༡༣ དབང་བསྐུར་ཟུར་འདེབས་ལྡེབ། ༩ བཅས་འཇམ་མགོན་གསུང་། དབང་གོང་མ་གུད་སྦས་སོག་ཟློག་པ་བློ་གྲོས་བཟང་པོའི་གསུང་ལྡེབ། ༡༡ ཁྲིད་ཡིག་འཇམ་མགོན་གསུང་ལྡེབ། ༥༣ མུན་ཁྲིད་དམིགས་རིམ་ལྡེབ། ༢ མུན་ཁྲིད་ཀུན་བཟང་ངེས་དོན་དབང་པོའི་གསུང་ལྡེབ། ༨ མུན་ཁྲིད་ཞལ་ཤེས་འཇམ་མགོན་གསུང་ལྡེབ། ༥ མཆོག་གླིང་རྫོགས་ཆེན་སྡེ་གསུམ་གྱི་ཆ་ལག་རིགས་གསུམ་སྙིང་ཐིག་གི་འཇམ་དཔལ་རྫོགས་ཆེན་གཏེར་གཞུང་ལྡེབ། ༡༤ ཚུལ་ཁྲིམས་རྣམ་དག་གཟུངས་སོགས་ཉེར་མཁོ་ལྡེབ། ༡ འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྡོ་རྗེའི་ཚིག་གི་དུམ་བུ་རྫོགས་ཆེན་ལྟར་བཀྲལ་བ་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༥ ཐུགས་ཆེན་པདྨ་གར་དབང་སྙིང་ཐིག་ལྡེབ། ༦ གསང་བདག་སྙིང་ཐིག་ལྡེབ། ༩ རིགས་གསུམ་བསྐྱེད་རྫོགས་ཁོག་དབུབ་ལྡེབ། ༧ རིགས་གསུམ་འདུས་པའི་ཕྱག་འཚལ་ལྡེབ།༣ རྣམས་གཏེར་གཞུང་། རིགས་གསུམ་བསྟོད་པ་རྒྱུད་སྡེ་ལས་ཕྱུང་པ་ལྡེབ། ༢ རིགས་གསུམ་འགྲོ་འདུལ་ཕྲིན་ལས་གཏེར་གཞུང་ལྡེབ། ༧ སྨྲེ་བཤགས་དང་། ཀློང་བཤགས་ལྡེབ། ༥ རིགས་གསུམ་ལས་ཐོ་ལྡེབ། ༦ སྲུང་མ་དུད་སོལ་མའི་མཆོད་བྱང་ལྡེབ། ༣ བཅས་གཏེར་གཞུང་། རིགས་གསུམ་སྤྱི་དང་བྱེ་བྲག་གི་གཤོམ་དང་ཕྲིན་ལས་ལྡེབ། ༢༧ དབང་བསྐུར་སྤྱི་དང་བྱེ་བྲག་སོ་སོའི་ཆོ་ག་ལྡེབ། ༢༩ བཅས་འཇམ་མགོན་གསུང་། ཁྲེགས་ཆོད་དོན་ཁྲིད་ལྡེབ། ༡༡ ཐོད་རྒལ་སྦྱང་པའི་རིམ་པ་ལྡེབ། ༨ བཅས་མཆོག་གླིང་ཉིད་ཀྱི་གསུང་། ཐེག་དགུའི་སྒོམ་རིམ་ཟིན་བྲིས་མཁན་པོ་རིན་ཆེན་དར་རྒྱས་གསུང་ལྡེབ། ༡༩ སངས་གླིང་བླ་མ་དགོངས་འདུས་པུསྟི་ལུང་དབང་གཏེར་གཞུང་ལྡེབ། ༦ རྣམས་སོ།། །། ༈ ༼ཨི༽པ་ལ། ཐ་མར་དགེ་བའི་སླད་དུ། ཡོ་ག་གསུམ་གྱི་སྙིང་པོ་བཅུད་དྲིལ་ཉང་རལ་ཉི་མའི་འོད་ཟེར་གྱི་གསང་སྔགས་ལམ་རིམ་གཏེར་གཞུང་། ལོ་རྒྱུས། བརྒྱུད་འདེབས། ཁྲིད་ཡིག་བཅས་ཇོ་ནང་ཀུན་དགའ་གྲོལ་མཆོག་གསུང་ལས་བྱུང་བ་རྣམས་ལྡེབ། ༨ གུ་རུ་པདྨས་མཛད་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལྡེབ། ༧༣ ལག་ཁྲིད་ལྡེབ། ༤ བཅས་རྩ་གཞུང་། བྲམ་པ་གྲུབ་ཆེན་ཀུན་དགའ་བཟང་པོའི་ཟབ་གཏེར་རྔོག་པ་བཀའ་བརྒྱུད་ལ་བཀའ་བབས་པ་ཕྱག་རྫོགས་ཟུང་འཇུག་ནོར་བུ་མཐོང་གྲོལ་གྱི་ལོ་རྒྱུས། བརྒྱུད་འདེབས། ཁྲིད་ཡིག་བཅས་ཀུན་དགའ་གྲོལ་མཆོག་གསུང་ལས་ཕྱུང་པ་ལྡེབ། ༢ ཉང་གཏེར་བླ་མ་དམར་ཁྲིད་དུ་གྲགས་པ་སྤྲོས་མེད་ཀུ་ས་ལིའི་ཉམས་ལེན་གསང་སྒྲུབ་ཞལ་གདམས་ཟབ་པའི་མཐར་ཐུག་ནང་གསེས་ཅན་གཏེར་གཞུང་ལྡེབ།༢༦༤ རཏྣའི་གཏེར་ཕྲན་ཞལ་གདམས་ལྡེབ། ༣ མཆོག་གླིང་སྙིང་པོ་སྐོར་ལྔའི་ཞལ་གདམས་སྙིང་པོ་འདུས་པ་ལྡེབ། ༨ མཆོག་གླིང་བསྟན་པ་སྤྱིའི་སྨོན་ལམ་ལྡེབ།༢ བྱང་གཏེར་དགོངས་པ་ཟང་ཐལ་གྱི་ཀུན་བཟང་སྨོན་ལམ་ལྡེབ། ༤ ལྷོ་གཏེར་པད་གླིང་བླ་མ་ནོར་བུ་རྒྱ་མཚོའི་སྨོན་ལམ་ལྡེབ། ༢ ཤར་གཏེར་སངས་གླིང་དགོངས་འདུས་ཀྱི་སྨོན་ལམ་བཀྲ་ཤིས་སྒྲོན་མེ་ལྡེབ། ༡༡ རྣམས་གཏེར་གཞུང་བཅས་སོ།། །། ༈ ༼ཨོཾ༽པ་ལ། དེ་རྣམས་ཐམས་ཅད་ཀྱི་རྩ་བའི་ཁོག་དབུབ་སྨིན་གླིང་གཏེར་ཆེན་རིན་པོ་ཆེ་རིག་འཛིན་འགྱུར་མེད་རྡོ་རྗེས་བཀའ་བསྡུ་མཛད་པའི་སྔོན་བྱོན་ཟབ་གཏེར་རྣམས་ཀྱི་སྙིང་པོ་འདུས་པ་སྒྲུབ་ཐབས་འདོད་འཇོ་བུམ་བཟང་གི་བརྒྱུད་ཡིག་ལྡེབ། ༡༥ རྩ་བ་གསུམ་གྱི་ལྷག་པའི་ལྷ་རབ་འབྱམས་ཀྱི་སྒྲུབ་ཐབས་འདོད་འཇོ་བུམ་བཟང་ལ་ནང་གསེས་སྤྱི་ཆིངས། དེས་བསྟན་པ་ལྟར་གུ་རུ་ཆོས་དབང་གི་བླ་མ་གསང་འདུས་ཀྱི་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་ཟླུམ་པོ་བཞི་དབང་ནས། ལས་འབྲེལ་རྩལ་གྱི་ལྷ་ཆེན་སྒྲུབ་ཐབས་རྗེས་གནང་གི་བར་ལྡེབ། ༣༧༢ དེའི་དཀའ་གནད་དྲིས་ལན་དྷརྨ་ཤྲཱིས་མཛད་པ་ལྡེབ། ༣༢ ཚེ་བདག་རྣོན་པོ་ནང་གཅོད་ཀྱི་གཞུང་གི་བསྟོད་རིང་ཁོལ་ཕྱུང་དབང་གི་བསྒྱུར་ཁ་ཅན་ལྡེབ། ༢ ཡེ་ཤེས་མགོན་པོ་ལེགས་ལྡན་གྱི་དྲག་པོའི་རྗེས་གནང་མཚོན་ཆ་གཏད་པ་གཙང་ཤོད་པའི་དབང་ཆོག་ལས་ཕྱུང་པ་ལྡེབ། ༢ རྟ་ཕྱག་རྣམས་ཀྱི་གཏོར་དབང་གི་བཀའ་བསྒོ་ལྡེབ། ༡ ཆོས་སྐྱོང་རྣམས་ཀྱི་སྲོག་གཏད་རྗེས་གནང་གི་བཀའ་བསྒོ་རྒྱས་བསྡུས་ལྡེབ། ༢ བཅས་ལོ་ཆེན་གྱི་དྲིས་ལན་ལས་ཕྱུང་པ་རྣམས་སོ།། ༼ཨཱཿ༽པ་ལ། ཁ་སྐོང་དུ་བཞུགས་པར་གསོལ་བ། རྗེ་བཙུན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་རྣམ་ཐར་མདོར་བསྡུས་པ་འཇམ་མགོན་གསུང་ལྡེབ།༡༥༢ བསྟན་པ་ཡོངས་རྫོགས་ཀྱི་སྒྲོན་མེ་བདག་ཅག་གི་འདྲེན་མཆོག་རྡོ་རྗེ་འཆང་པདྨ་གར་དབང་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་མཆོག་གི་ཞལ་སྔ་ནས་བསྩལ་པ། ཐུན་མོང་ཕྱིའི་རྣམ་ཐར་ནོར་བུ་སྣ་ཚོགས་མདོག་ཅན་ལྡེབ། ༡༡༠ ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་དངོས་གང་གི་ཞལ་སྔ་ནས། སྐལ་ལྡན་རྣམས་ཀྱི་ངོར་ནང་གི་རྣམ་པར་ཐར་པའི་ཆ་ཤས་ཙམ་བསྟན་པའི་རྟོགས་པ་བརྗོད་པའི་དུམ་བུ་སྨིག་རྒྱུའི་བདུད་རྩི་ལྡེབ། ༤༡ མཛད་པ་ཐ་མའི་རྣམ་ཐར་མདོར་བསྡུས་མཁས་དབང་བླ་མ་ཀརྨ་བཀྲ་ཤིས་ཆོས་འཕེལ་གྱིས་སྤེལ་བ་ངོ་མཚར་ནོར་བུའི་སྣང་བ་ལྡེབ། ༢༣ འཇིག་བྲལ་གྱི་སློབ་དཔོན་ཆེན་པོ་ཀུན་གཟིགས་འོད་གསལ་སྤྲུལ་པའི་རྡོ་རྗེའམ། གར་དབང་འོད་གསལ་གླིང་པ་ཉིད་དགུང་གྲངས་བཅུ་དྲུག་པར། རྩ་གསུམ་རབ་འབྱམས་ཀྱི་བྱིན་རླབས་ལ་བརྟེན་ནས། དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཀློང་ལས་བརྡོལ་པ་རིང་དུ་གསང་རྒྱས་བཏབ་པ་ཉིད། དགུང་གྲངས་ང་དྲུག་པ་སྐྱེས་བདག་ལོར་༧འཇམ་མགོན་རྡོ་རྗེ་འཆང་ཆེན་པོའི་བཀས་བསྐུལ་བའི་རྟེན་འབྱུང་གིས་སྒོ་འཕར་ཕྱེས་ཏེ་གཏན་ལ་ཕབ་པར་མཛད་པ། རྩ་གསུམ་འོད་གསལ་སྙིང་ཐིག་གི་ཆོས་སྡེ་རྩ་བ་དང་། ཡན་ལག་ནང་གསེས་ཀྱི་དཔེ་ཚན་བཞུགས་བྱང་དཀར་ཆག་བཞིན་ཚང་བ་ཡོངས་བསྡོམས་ལྡེབ། བཅས་བཞུགས།། ༼ཧཱུྃ༽པ་ལ། རྒྱབ་ཆོས་མཆོག་གླིང་ཐུགས་སྒྲུབ་རྣམ་གསུམ་གྱི་རྒྱབ་ཆོས་ལམ་རིམ་ཡེ་ཤེས་སྙིང་པོ་གཏེར་གཞུང་ལྡེབ། ༣༣ དེའི་འགྲེལ་པ་ཡེ་ཤེས་སྣང་བ་རབ་ཏུ་རྒྱས་པ་འཇམ་མགོན་རྡོ་རྗེ་འཆང་གི་གསུང་ལྡེབ། ༢༢༧ ཆོས་མཛོད་སྤར་དུ་བསྒྲུབ་པའི་རྟོགས་བརྗོད་ལྷའི་རྔ་བོ་ཆེའི་སྒྲ་དབྱངས་རྒྱ་མཚོའི་སྤྲིན་གྱི་བླ་བྲེ་ལ་ལྡེབ། ༡༣༣ བཅས་བདག་གི་བསོད་ནམས་བཟང་པོའི་མཐུས་བསྟན་འགྲོའི་བཙས་སུ་ལེགས་པར་གྲུབ་པའོ། ། ༈ སྡེབ་སྦྱོར་མཉམ་པའི་བྲྀཏྟ་ལས། དབང་པོ་རྡོ་རྗེ་ཞེས་བྱ་བའི་པྲསྟཱ་རས་མཛེས་པའོ། །
༄༅། ཤཱནྟསྱལཀྵྨཱིཧྱདདེབྷུཛཱགྲེ། །པནྠཱབྷཝཾཧིཔྲཡཎཾབྷབེབ། ༄༅། །ཞི་བའི་དཔལ་ནི་ལག་པའི་རྩེ་མོར་བླངས། །སྲིད་ལམ་དུ་ནི་སྲིད་པ་བཞིན་དུ་འཇུག།
༄༅། །ཨསྨཱསུནཻདྷཱནྱཏྲྀམཽལིཀཱནཾ། །པུཛྱཾམཧཱཏྨོཏྟརཔཱདམུདྷེ། ༄༅། །བདག་ཅག་རྣམས་ལ་རྩ་བ་གསུམ་གྱི་གཏེར། །བདག་ཆེན་བླ་མའི་ཞབས་པད་སྤྱི་བོར་མཆོད།
འགྱུར་མེད་སྟོང་ཆེན་དབྱིངས་སུ་ཉི་ཟླའི་རྒྱུ་བ་ཐིམ། །འཕོ་བའི་དྲ་བ་ཚངས་པའི་དཀྱིལ་འཁོར་རྩེ་མོར་བཅིངས། །སྲིད་པའི་འཁོར་ལོ་ཞི་བའི་ཐིག་ལེར་སྦྱོར་བ་བོ། །ཧེ་རུ་ཀཿདཔལ་ཡོན་ཏན་རྒྱ་མཚོའི་བདག་ཉིད་རྒྱལ། །ལྷག་བསམ་རབ་དཀར་སྟོན་མཚན་ཟླ་བའི་དཔལ་ལྟར་མཛེས། །ལེགས་བྱས་སྙིང་པོའི་རེ་ཁཱ་ཡོངས་རྫོགས་གཡས་སུ་འཁྱིལ། །ངོ་མཚར་གཏམ་གྱི་སྙན་པ་ཕྱོགས་བཅུར་འགྱེད་པ་ཡི། །ལེགས་བཤད་སྐྱེ་བ་ལྔ་པའི་གླུ་དབྱངས་འདི་ན་ལེན།། ༈ །།ལྔ་པ་གསུང་རབ་རིན་པོ་ཆེ་འདི་ཉིད་སྤར་དུ་ཇི་ལྟར་བསྐྲུན་པའི་ཚུལ་མདོ་ཙམ་གླེང་བ་ནི། གྲུབ་རིགས་འཛིན་པ་བར་མ་ཆད་དུ་བྱོན་པའི་ཁྱུང་པོ་ཤེལ་གྱི་གདུང་ལས་གྲོལ་ཞིང་། གསང་ཆེན་སྔ་འགྱུར་བའི་རིང་ལུགས་འཛིན་པའི་དབང་པོ་ཁྱུང་པོ་པཱ་ཏཾ་སྤྲུལ་པའི་སྐུ་པདྨ་དབང་ཆེན་དང་། དེའི་གཅུང་འཇམ་མགོན་ཟུར་ཕུད་ལྔ་པའི་བསྟན་པའི་རྒྱལ་མཚན་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་བཅོ་བརྒྱད་མཁན་སྤྲུལ་བློ་བཟང་ལུང་རིགས་ཡོན་ཏན་བཟང་པོ་རྣམ་པ་གཉིས་ཀའང་། བསམ་བཞིན་སྲིད་པའི་སྒྱུ་འཕྲུལ་ཉེ་བར་བཟུང་བའི་སྐྱེས་བུ་དམ་པ། སྐྱེས་སྦྱངས་ཀྱི་ཡོན་ཏན་ལ་དབང་འབྱོར་པས་དོན་གཉིས་སྒྲུབ་པ་དང་། བསྟན་ལ་རི་མོར་མཛད་པའི་ཐུགས་བསྐྱེད་སྔོན་གོམས་ཀྱི་མཐུ་ལས་གྲུབ་པ་ཞིག་ཡིན་ཅིང་། ཁྱད་པར་བསྟན་པ་སྤྱིའི་རྡོ་རྗེ་སློབ་དཔོན། འཇམ་མགོན་བླ་མ་ཞལ་དགྱེས་པའི་ཞབས་ཀྱི་པདྨོར་དུས་རིང་མོའི་བར་བསྙེན་པས་ཐེག་པ་མཐའ་དག་གི་དབང་དང་རྒྱུད་བཤད་མན་ངག་བཅས་ཡོངས་སུ་རྫོགས་པའི་བཅུད་གསོལ་ཞིང་། ཐུགས་ལས་བྱོན་པའི་སྲས་པོ་དམ་པའི་གྲལ་དུ་བཞུགས་པ་རྣམ་པ་གཉིས་ཀྱིས། ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་ཐུགས་བཅུད་ཟབ་གཏེར་གྱི་ཆོས་ཆར་ཡངས་པའི་ཁྱོན་ཀུན་ན་འཛད་མེད་དུ་འབེབ་པ་དང་། བཀའ་དྲིན་སུམ་ལྡན་གྱི་རྡོ་རྗེ་འཆང་ཞལ་རྒྱས་པའི་དབུས་སྐྱེས་ཆེན་དམ་པ་སྔོན་བྱོན་རྣམས་ཀྱི་དགོངས་པ་སྐོང་ཞིང་། ད་ལྟར་འཚོ་ཞིང་གཞེས་པ་རྣམས་ཀྱི་སྐུའི་རིམ་གྲོ། མ་འོངས་པར་འབྱོན་པ་རྣམས་ཀྱི་ཐུགས་ནོར། གུ་རུ་པདྨའི་རྗེས་འཇུག་ཡོངས་ཀྱི་དབུལ་བ་སེལ་བའི་དཔལ་དང་། བོད་ལྗོངས་ཆོས་ལྡན་གྱི་ཞིང་འདིའི་སའི་བཅུད་སྤེལ་ཞིང་ཕན་བདེའི་དཔལ་མོ་འགུགས་པའི་སླད། བླ་ན་མེད་པའི་སྙིང་སྟོབས་ཀྱི་གོ་ཆ་ཆེན་པོ་བགོས་ཏེ་མཛོད་ཆེན་རྣམ་ལྔའི་ཡ་གྱལ། རིན་ཆེན་གཏེར་མཛོད་འདི་ཉིད་སྤར་དུ་བཞེངས་པའི་ཐུགས་འདུན་འགྱུར་མེད་རྡོ་རྗེ་ལྟ་བུ་གཡར་དམ་དུ་བཞེས་ཤིང་། འཇམ་མགོན་ཉི་ཟླ་ཟུང་གི་འབངས་རིགས་སུ་གཏོགས་ཤིང་། སྤྲེའུ་སེང་གེའི་གསོབ་ཏུ་ཞུགས་པ་ལྟ་བུའི་བརྟུལ་ཞུགས་ཅན། སངས་རྒྱས་ཀརྨ་པའི་སྐྱེས་རབས་བཅོ་ལྔ་པའི་མཚན་གྱི་ཁུར་པོ་ཐོགས་པའི་མུ་ཏོ་བ་བདག་ལའང་། བླ་མ་དང་དཀྱིལ་འཁོར་གཅིག་གིས་བསྡུས་པའི་རྡོ་རྗེའི་སྤུན་དུ་དགོངས་པའི་ཐུགས་འདུན་ཐུན་མིན་དུ་གཏད་ནས། ཁོ་བོ་ཅག་གི་འདོད་པའི་དོན་ཆེན་རྣམ་པར་དཀར་བ་འདི་ཉིད་བསྒྲུབ་པའི་གྲོགས་དན་བྱོས་ཤིག་པར་ནན་ཏན་དུ་བསྐུལ་མ་མཛད་པ་དང་། བདག་རང་གི་འདུན་པ་ཡང་སྙིགས་དུས་ཀྱི་འགྱུར་བ་མི་ཟད་པའི་བར་ཁུགས་འདི་ལྟ་བུ་ནི་བསོད་ནམས་མ་ཡིན་པའི་མཐུ་བརྟས་པའི་ཉེར་ལེན་དུ་ངེས་ཤིང་། དེའི་གཉེན་པོར་ཡང་དག་པའི་བསོད་ནམས་ཀྱི་སྟོབས་བསྐྱེད་པའི་ཐབས་ཤིག་ཚུལ་ཅི་ལྟ་བུས་བསྒྲུབ་སྙམ་པའི་བློ་སྐྱེས་ནས་རིང་མོ་ཞིག་འདས་ཀྱང་། རྣམ་དཀར་ཅི་འང་རྔོ་མ་ཐོགས་པར་བརྟེན། ད་ལམ་འདི་ལྟ་བུ་ཞིག་འགྲུབ་ན། སྤྱིར་རྒྱལ་བའི་གསང་བ་གསུམ་གྱི་སྣང་བརྙན་བཞེངས་པ་དང་། དཀོན་མཆོག་གི་རྟེན་ལ་མཆོད་པ་དང་། རིས་མེད་དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་བགྱིས་པ་སོ་སོར་ཕན་ཡོན་ཁྱད་པར་འཕགས་པ་རེ་རེ་མཆིས་མོད། འོན་ཀྱང་སྙིགས་མའི་ཡང་མཐའ་འདིར་དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་རྒྱལ་བ་དགྱེས་པའི་མཆོད་པ་མཆོག་དང་། འགྲོ་ཁམས་ཡོངས་ལ་སྨན་ཡོན་གྱི་རྩ་བ་དེ་ལས་ཆེ་ཞིང་ཁྱད་པར་འཕགས་པ་གཞན་མ་དམིགས་ཤིང་། དེ་ཡང་ལུང་རྟོགས་ཀྱི་བསྟན་པ་ནི་འཆད་ཉན་སྒོམ་སྒྲུབ་ཀྱི་སྒོ་ནས་འཛིན་པ་ཡིན་མོད་ཀྱང་། འདིར་འདུས་བྱས་ཀྱི་དགེ་བའི་རྩ་བ་གསུང་རབ་རིན་པོ་ཆེ་གཅིག་ལས་དུ་མར་འཇོ་བའི་སྤར་དུ་བཞེངས་པ་འདི་ནི་དགོས་པ་མཆོག་དང་ལྡན་ཏེ། རང་རེ་རྣམས་ཀྱིས་གཉེར་བྱའི་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཡིན་ལ། དེ་ཉིད་སྒྲུབ་པའི་ཐབས་ནི་ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་དམ་པའི་ཆོས་ལ་རག་ལས་ཤིང་། དེའང་ཡི་གེའི་ཕྱི་མོ་ཉིད་ལ་གནས་པ་དང་། གསུང་རབ་ལ་ཐོས་བསམ་བགྱིས་པ་དང་། ཡི་གེར་འབྲི་བ། གླེགས་བམ་སྦྱིན་པ་སོགས་ཀྱང་དམ་པའི་ཆོས་ཡོངས་སུ་གཟུང་བར་འགྱུར་ཞིང་། གསུང་རྡོ་རྗེ་གཟུགས་བརྙན་དུ་འཕོས་པའི་ཡི་གེའི་འབྲུ་རེ་རེའང་བདེ་བར་གཤེགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཇི་སྙེད་པ་རྣམས་ཡོངས་སུ་རྫོགས་པའི་བདག་ཉིད་ཅན་གྱི་སྣང་བརྙན་ཡིན་པས། དེ་ཉིད་བསྐྲུན་པ་ནི་གཟུགས་སྐུ་བཞེངས་པའི་མཆོག་ཏུ་འགྱུར་བ་དང་། གླེགས་བམ་ཡི་གེར་འབྲི་བ་ལས་ཀྱང་སྤར་དུ་བཞེངས་པ་ནི་སྒོ་དུ་མས་ཁྱད་པར་དུ་འཕགས་པ་དངོས་སྟོབས་ཀྱི་རིག་པས་འགྲུབ་ལ། ཐུགས་ཆོས་སྐུའི་རྟེན་གྱི་མཐར་ཐུག་པ་ནི། ལྷག་པར་དུའང་གསང་བ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས། རང་བྱུང་གི་དགོངས་པ་ཀ་དག་གཏིང་གསལ་བུམ་པའི་སྐུའམ། བློ་འདས་བརྗོད་བྲལ་ཆོས་སྐུ་ཕྱག་རྒྱ་ཆེན་པོའི་གོ་འཕང་མངོན་དུ་བྱེད་པའི་དོན་གྱི་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ལུགས་རྗེན་པར་ཕྱུངས་པའི་གསང་གཏམ། ཡེ་ཤེས་མཁའ་འགྲོའི་ཐུགས་ཁྲག་གི་དྭངས་མ། རྒྱུད་ལུང་མན་ངག་གི་བཅུད་ཕུར། བསྐྱེད་རྫོགས་རྫོགས་པ་ཆེན་པོའི་གནད་གསང་གི་གདམས་ངག་རྣམས་གླེགས་བམ་དུ་བཞེངས་པ་ནི་ཐུགས་ཆོས་སྐུའི་རྟེན་མཆོག་ཏུ་གྲུབ་པ་སྟེ། དེས་ན་སྐུ་གསུང་ཐུགས་ཀྱི་རྟེན་མ་ལུས་པ་བཞེངས་པར་འགྱུར་བ་དང་། རྣམ་དཀར་འདི་ཉིད་ཀྱི་ཚུལ་ལ་འཇུག་པ་ནའང་། དགེ་བ་ལ་བརྟེན་ནས་སྡིག་པའི་ལས་སྲོག་ཆགས་ཕྲ་མོ་ཞིག་གི་སྲོག་ལའང་འཚེ་བ་མ་དགོས་ཤིང་། ཡོན་གཞལ་བའི་ཚད་ཀྱང་དཀྲིགས་ཆགས་སུ་ཆུད་པས་མཐའ་གཅིག་ཏུ་རྣམ་པར་དཀར་བར་འགྱུར་བ་སོགས་ལེགས་པའི་ཆ་ཤས་ཡོངས་སུ་རྫོགས་པ་མཐོང་སྟེ་བསྟན་དང་བླ་མའི་སྲི་ཞུ། གངས་ཅན་མགོན་པོ་དཔལ་ལྡན་བླ་མའི་སྐུ་ཚེའི་རྒྱལ་མཚན་ཡུན་རིང་དུ་བརྟན་ཅིང་། ཡངས་པའི་ས་ཆེན་ཆོས་བཞིན་སྐྱོང་བའི་རྒྱལ་ཐབས་ཕྱོགས་ལས་རྣམ་པར་རྒྱལ་བའི་ཆབ་སྲིད་ཀྱི་རྩ་བ་རབ་ཏུ་བརླིང་བ་དང་། དེའི་མཐུས་ཡངས་པའི་རྒྱལ་ཁམས་ཐམས་ཅད་བདེ་སྐྱིད་ཀྱི་དཔལ་ལ་དུས་རྟག་ཏུ་སྤྱོད་པའི་རྒྱུ་དགེ་བ་རྣམ་པར་དཀར་བའི་ས་བོན་དུ་དམིགས་པ་ལས། རང་འདོད་ཡིད་བྱེད། གཞན་ལ་འགྲན་སེམས། གྲགས་པ་དོན་གཉེར་སོགས་ལོག་པའི་རྟོག་པ་ཕྲ་མོས་ཀྱང་མ་བསླད་ཅིང་། སྒོ་ཐམས་ཅད་ནས་གཞན་ཕན་བྱང་ཆུབ་སེམས་ཀྱི་རྩིས་ཟིན་པའི་བསམ་སྦྱོར་ལྷུར་བླངས་ནས་རྡོ་རྗེའི་མཆེད་པོ་ཟུང་གིས་གྲོགས་བགྱིད་པར་ཁས་བླངས་ཤིང་། འདི་ལྟ་བུའི་རྣམ་དཀར་ལེགས་པར་འགྲུབ་པ་ཞིག་བྱུང་ན་དེ་ཉིད་དཀོན་མཆོག་བླ་མའི་བཀའ་དྲིན་དུ་ཤེས་པ་དང་། ཅི་སྟེ་མ་འགྲུབ་ཏུ་སྲིད་ཀྱང་རང་ཅག་གིས་བསོད་ནམས་མ་དག་པར་བསགས་པའི་མཐུར་གོ་བ་ལས། གཞན་དུ་ལོག་རྟོག་གིས་བསྡུས་པའི་ང་རྒྱལ་དང་། འགྱོད་སེམས་ངོ་ཚ་སོགས་ཀུན་དཀྲིས་ངན་པ་དག་ཡོངས་སུ་མི་བགྱིད་པར་བདག་ཅག་རྣམས་ཀྱིས་གཡར་དམ་དུ་བཅས་ནས་བྱ་བ་ལས་ཀྱི་འཁོར་ལོར་ཞུགས་པ་ན། སྐྱེ་བ་དུ་མར་ཟབ་མོའི་བསྟན་པ་མཆོད་པའི་སྦྱིན་བདག་མཛད་དེ། རྒྱལ་བ་དགྱེས་པའི་ཕྲིན་ལས་བསྟན་པ་རིན་པོ་ཆེ་འཇིག་རྟེན་ཕན་བདེའི་རྩ་ལག་དམ་པར་ཡུན་དུ་འཚོ་ཞིང་གཞེས་པའི་མཐུན་རྐྱེན་བསྒྲུབ་པར་སྨོན་ལམ་གྱི་མཐུས་གྲུབ་པ། ལྷོ་ལྗོངས་སྨན་དང་མེ་ཏོག་གི་ནགས་ཚལ་གྱི་དྲྭ་བས་ཁེབས་པའི་ཞིང་ལ་མངའ་དབང་སྒྱུར་བ། དཔལ་ལྡན་འབྲུག་པའི་བསྟན་སྲིད་འདེགས་པའི་སྤོས་ཀྱི་གླང་པོ། ནོར་འཛིན་བདེ་དགེའི་ཁྲིམས་ཀྱིས་ཆོས་བཞིན་སྐྱོང་བའི་མི་བདག་དམ་པ། ཀྲོང་སར་དཔོན་སློབ་ཨོ་རྒྱན་དབང་ཕྱུག་མཆོག་ནས། ཐོག་མར་ཀུན་གཟིགས་འཇམ་མགོན་པདྨ་འོད་གསལ་མདོ་སྔགས་གླིང་པའམ། མཚན་གཞན་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསང་ཆེན་བསྟན་པའི་དཔལ་དུ་བཀའ་བབས་རིན་པོ་ཆེ་བདུན་གྱི། ཤིང་རྟ་གསར་དུ་འདྲེན་པར་མཛད་པ་རྣམས་ཀྱིས་གཙོས་གླེགས་བམ་བཅུ་ཕྲག་གཅིག་ལ་ལྔས་ལྷག་པའི་ཡོན་དང་། སྤར་ཤིང་བརྒྱ་ཕྲག་སུམ་ཅུ་གཏོང་བའི་ཕྱག་ཡངས་པོར་བརྐྱངས་ཏེ། ཐོག་མའི་རྟེན་འབྲེལ་རྨད་དུ་བྱུང་བའི་སྒོ་འཕར་ཕྱེས། གནམ་བསྐོས་གསེར་གྱི་རྒྱལ་ཁབ་ཕྱོགས་ལས་རྣམ་པར་རྒྱལ་བའི་མདུན་ས་ཆེན་པོ་ནས་གསུང་སྤར་ཞུ་དག་གི་ཐེབས་སུ་འབྲུ་རུས་ཁལ་བཅུ་ཕྲག་ཉི་ཤུ་ཐམ་པ་བསྩལ། ཁྱུང་པོ་སྤྲུལ་སྐུ་ལྷན་རྒྱས་ནས་པོད་བཅུའི་ཡོན་དང་། སྤར་གྱི་ཕྱི་མོ་འདོད་བུམ་ཐེ་བའི་པོད་དྲུག་ཅུ་རེ་གཅིག་བཅས་སྦྱོར་བར་མཛད། རིག་འཛིན་འཇའ་ཚོན་སྙིང་པོའི་བསྟན་པ་འཛིན་པའི་སྐྱེས་མཆོག་ལ་སྟོད་དོལ་པོ་ཤེལ་རི་སྤྲུལ་པའི་སྐུས་བསྟན་དང་བླ་མའི་སྲི་ཞུ་ཐུགས་དབུས་སུ་བཅངས་ཏེ་ཤུལ་ལམ་རིང་པོའི་ངལ་བར་མ་ལྟོས་པར་སློབ་འབངས་སྦྱིན་བདག་བཅས་ནས་པོད་ལྔའི་ཡོན་འབུལ་མཛད། སྦས་ཡུལ་འབྲས་མོ་གཤོང་ནས་འབར་ཉག་སྤྲུལ་སྐུ་ཀརྨ་དཔལ་ལྡན་ཆོས་རྒྱལ་ནས་འགྲོ་དོན་ཁུར་དུ་བཞེས་ཏེ་སྲིད་སྐྱོང་ཡབ་སྲས། བཙུན་མོ་བློན་འབངས་རྣམས་ནས་པོད་གསུམ་ལྷག་གི་ཡོན་བསྟབས། གནམ་བསྐོས་དགའ་ལྡན་ཕོ་བྲང་པ་ཆེན་པོའི་བཀའི་འདུན་ན་འདོན་ཡབ་གཞིས་ལྷ་ཀླུ་ནས་སྤར་ཤིང་ལྡེབ། ༧༨༠ ཁྲི་སྨོན་གཟིམས་ཤག་ནས་སྤར་ཤིང་ལྡེབ། ༡༠༤༨ མདོ་ཟུར་གཟིམས་ཤག་ནས་པོད་གཅིག །གླ་ཡ་བྱ་རིགས་གཟིམས་ཤག་ནས་པོད་ཀྱི་སུམ་ཆ་གཅིག །སྨར་ཁམས་ཚོང་དཔོན་ཉི་མ་རྒྱལ་མཚན་ནས་པོད་གཅིག་དང་སུམ་ཆ་གཉིས་ཀྱི་ཡོན་དང་། གཞན་ཡང་ལྷ་ལྡན་སོགས་དབུས་ལྗོངས་ནས་གཟིམས་ཤག་ཁག་དང་། དད་ལྡན་རྣམས་ནས་པོད་བདུན་གྱི་ཡོན། རྒྱ་གར་རིའི་རྗེ་བཙུན་བདེ་སྐྱོང་དབང་མོ་འབྲེལ་བཅས་ནས་པོད་གཅིག་ལྷག་དང་། གཙང་ཁུལ་སྟོད་སྨད་འབྱོར་ལྡན་རྣམས་ནས་པོད་གསུམ་ལྷག། ཏྲེ་ཝོ་ཨ་ཐུབ་ཕྱུག་ཁག་རྣམས་ནས་པོད་གཅིག་དང་སུམ་ཆ་གཅིག་ལྷག །སྤུ་བོ་གཏེར་སློབ་པདྨ་བཞད་པ་ནས་ཡུལ་ཤོག་ཕྱི་ནང་ཀ་ནམ་སྡེ་པས་གཙོས་ཞལ་འདེབས་བསྡུས་པར་པོད་གཅིག་ལྷག་ཙམ། གཞུ་རུ་སྐུ་ཆེན་སྤྲུལ་སྐུའི་གཙོས་བྱང་རིགས་ནས་པོད་ཀྱི་སུམ་ཆ་གཅིག །སྣང་རྩེ་བའི་དབུལ་པོ་རྟ་མགྲིན་རྒྱལ་པོ་བུ་སྨད་བཅས་ནས་པོད་ཀྱི་སུམ་ཆ་གཅིག་བཅས་ཀྱི་ཡོན་འབུལ་ཞལ་འདེབས་སུ་བྱུང་བ་དང་། བསྟན་པའི་སྦྱིན་བདག་འབྲུག་ཐིམ་རྫོང་པ་སྐུ་ཞབས་ཀུན་བཟང་ཕྲིན་ལས་ནས་སྤར་ཤིང་ལྡེབ་སྟོང་ཕྲག་ཉི་ཤུ་ལ་བརྒྱ་ཕྲག་ཟུང་གིས་ལྷག་པར་ཕུལ། མཚུར་ནང་རྒྱལ་ཚབ་སྤྲུལ་པའི་སྐུ་ནས་པོད་ཕྱེད་ལྷག་དང་། འདི་གའི་རྡོར་སློབ་ཀརྨ་ལེགས་བཤད་ཕུན་ཚོགས། སྒྲུབ་བླ་མ་ཀརྨ་གཞན་ཕན། ཀརྨ་གྲགས་པ་ཕུན་ཚོགས། རིག་ལྡན་མ་བདེ་ལྡན་དབང་མོ། སྒྲུབ་བླ་མ་ཀརྨ་ཤེས་རབ་ཐོགས་མེད། ལྷོ་ཁ་རྣམ་གླིང་ཞྭ་དམར་སྤྲུལ་པའི་སྐུ། ཕྱོགས་སྟོད་བཀའ་བརྒྱུད་སྨན་སྡོང་དགོན། ཆབ་མདོ་དཔལ་འབར་སྤྲུལ་པའི་སྐུ། ཟུར་མང་གཏེར་སྟོན་བླ་མ། དམིགས་ཡུལ་མི་འགྱུར་དཔལ་སྒྲོན་གྱི་ཆེད་བཅས་སོ་སོ་ནས་པོད་ཀྱི་སུམ་ཆ་རེ་དང་། ཞེ་ཆེན་སྤྲུལ་སྐུ་ནས་པོད་ཕྱེད་ལྷག །སྟོད་འབྲོང་པ་ཅུ་དྷི་དཔོན་འདས་པོའི་དགེ་རྩར་པོད་ཀྱི་སུམ་ཆ་གཉིས། མཚམས་པ་ཨ་བཀྲའི་ཆེད་པོད་ཀྱི་སུམ་ཆ་གཉིས་ལྷག །སྒྲུབ་བླ་མ་ཀརྨ་ཚོགས་གཉིས་ནས་པོད་ཀྱི་སུམ་ཆ་གཉིས། སྒྲུབ་བླ་མ་ཀརྨ་མཁས་བཙུན་ནས་པོད་གཉིས་ལྷག་ཙམ། དགེ་ཀརྨ་རྒྱ་མཚོ་ནས་པོད་གཅིག །བསྟན་མཁས་ཀྱི་ཡོན་ཏན་དང་གྲུབ་པའི་དཔལ་མངའ་གདན་ས་འདི་གའི་མཁན་རིན་པོ་ཆེ་ཀརྨ་ལུང་རིགས་རྒྱལ་མཚན་ནས་པོད་གཅིག་དང་སུམ་ཆ་གཅིག་གི་ཡོན་སྦྱོར་བ་དང་། དེ་འཕྲོས་བདག་རང་གི་དཀོར་རྫས་ཀྱིས་ལག་འདོན་དང་། བཞུགས་ཁྲིའི་རྒྱུའི་ལྕམ་སྤུས་ལེགས་ལྔ་བརྒྱ། སྤར་ཤིང་ལྡེབ་བརྒྱ་ཕྲག་ལྔ་ལྷག སྤར་གྱི་ཕྱི་མོ་འདོད་བུམ་སོགས་ཐེ་བའི་པོད་དྲུག་ཅུ་རེ་གཅིག་དང་། ཁ་སྐོང་འོད་གསལ་སྤྲུལ་པའི་རྡོ་རྗེ་འམ་གར་དབང་འོད་གསལ་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཆོས་སྡེ་ཡོངས་རྫོགས་དང་། རྒྱབ་ཆོས་ལམ་རིམ་ཡེ་ཤེས་སྙིང་པོ་རྩ་འགྲེལ་དང་། འཇམ་མགོན་རྡོ་རྗེ་འཆང་ཆེན་པོའི་རྣམ་ཐར། དཀར་ཆག་བཅས་བསྟར་ཞིང་། དེ་དག་ཁྱོན་འབོར་གཅིག་ཏུ་བསྡོམས་པ་གཏེར་མཛོད་གཞུང་ལ་པོད་དྲུག་ཅུ། འདོད་བུམ་དང་། དཀར་ཆག་སོགས་པོད་རྣམས་ཀྱི་ཡོན་དངུལ་རྐྱང་རྡིལ་ཚད་བརྒྱ་ཕྲག་གཉིས་དང་། བཅུ་ཕྲག་བཞི། སྲང་ཉེར་གཉིས་སོང་ཞིང་། དེར་མ་ཐེབ་པའི་དམིགས་བསལ་གྱི་ཆང་རིན་སྔ་ཕྱི། ཞུ་དག་ལན་གསུམ་ལ་ལས་བྱེད་པའི་ལྟོ་ཡོན་དང་། འབྲུ་རྩམ་ཤ་མར་ཇ་ཆང་སོགས་དངུལ་དུ་ཕབ་པར་རྡིལ་ཚད་ལྔ་བཅུ། སྲང་ཉེར་ལྔ། སྤར་འཛུགས་སྒང་གྲོལ་གསུམ་གྱི་ལྦ་དར་དང་། གནང་ཆ་དངུལ་དུ་བསྒྲིལ་བ་རྡིལ་ཚད་བཅོ་བརྒྱད། སྲང་བདུན་བཅས། ཁྱོན་འབོར་བསྡོམས་པའི་རྡིལ་ཚད་སུམ་བརྒྱ་དང་དགུ། སྲང་བཞི་སོང་ཞིང་། དངོས་པོ་དེ་རྣམས་ཀྱང་བར་མ་དོར་ཆུད་མ་གསོན་པ་དང་། སེར་སྣ་དང་བརྣབ་སེམས་ཀྱིས་མ་བཅིངས་ཤིང་། སྟོན་མོའི་ཤའང་བསྔོས་ཤ་མ་ཡིན་པ་ཤ་སྟག་གིས་བགྱིས་པ་སོགས་སྦྱོར་བ་དག་པ་དང་། སྤར་གྱི་བྱ་བ་ཆེ་ཕྲའི་བཀོད་ཁྱབ་གང་དགོས་དང་། ཞུ་དག་སོགས་ཁོ་བོ་རང་གིས་རྟག་གུས་ཀྱི་བརྩོན་པ་བསྐྱེད་ཁུལ་དུ་བྱས། དམིགས་བསལ་གྱི་དོ་དམ་རིག་གྲོལ་ཡོན་ཏན་གྱིས་ཕྱུག་པའི་རྡོར་སློབ་ཀརྨ་ལེགས་བཤད་ཕུན་ཚོགས་ལགས་ནས་སྤྱི་འདོམས་ཀྱི་བྱ་བ་ཁུར་དུ་བཞེས་ཤིང་ཞུ་དག་ཀྱང་མཛད། འདི་གའི་ཉེ་གནས་དྲག་རིམ་ནས་ཀྱང་ཞུ་དག་སྔ་ཕྱིའི་སྐབས་མཐུན་རྐྱེན་གྱི་ཞལ་ཏ་ཁུར་དུ་བླངས། ཞུ་དག་མཁན་གདན་ས་གཉིས་པ་འོག་མིན་ཀརྨའི་དགེ་འདུན་པ་བསླབ་ལྡན་དགེ་སློང་ཀརྨ་རབ་བརྟན་དང་། སྒྲུབ་བརྩོན་སྤུ་པ་བླ་མ་ཀརྨ་ངེས་དོན་རྒྱ་མཚོ། སྒ་བན་ཆེན་དགོན་གྱི་དབྱར་གནས་མཁན་ཟུར་ཀརྨ་གཞན་ཕན་རྡོ་རྗེ་རྣམས་ནས་རྐང་ཚུགས་པར་ཚོད་ཡོད་རས་ཆོད་ལེ་ལོའི་དབང་དུ་མ་སོང་བར་ཕྱི་མོ་ཉིད་ལ་གཏུགས་ཤིང་ལེགས་པར་དཔྱད་པའི་ཞབས་འདེགས་བགྱིས། ལྷག་པར་བསླབ་པ་གསུམ་གྱི་ནོར་ལ་རྒྱལ་བསྟན་རིན་པོ་ཆེ་གཅེས་སྤྲས་ཀྱིས་སྲི་ཞུ་སྒྲུབ་པའི་ལྷག་བསམ་ཆོས་ཀྱི་བྱ་བ་ལ་སྐྱོ་བ་མེད་པའི་བཟོད་པ། ཉིན་མཚན་གང་ལའང་ངལ་བ་ལ་མི་བལྟོས་པའི་བརྩོན་འགྲུས། ཆོས་ཚུལ་རྒྱ་མཚོ་ཐོས་ཤིང་ཁོང་དུ་ཆུད་པའི་ཤེས་རབ་དང་ལྡན་པ། གསེར་རོང་ལྷ་རྩེ་བའི་དགེ་སློང་བླ་མ་ཐུབ་བསྟན་འཇམ་དཔལ་ཚུལ་ཁྲིམས་གྲགས་པ་ནས་ཚིག་འབྲུ། ཡིག་ཕྲེང་། ལྡེབ་བུ་རྣམས་ཟློས་པ་དང་། ཆད་པ་དང་། འཁྲུགས་པ་རྣམས་བསལ་བའི་ཁུར་ཆེན་པོ་ཕྲག་པར་བླངས་ནས་བྱ་བ་ལས་ཀྱི་འཁོར་ལོ་འདི་ཉིད་མཐར་ཕྱིན་པའི་ཞབས་འདེགས་དང་གྲོགས་དན་ལུས་སྲོག་བལྟོས་མེད་ཀྱིས་བསྒྲུབས། ཤར་ཀཿཐོག་པའི་སྤྲུལ་སྐུ་སྐྱེས་སྦྱང་གི་མཁྱེན་རབ་རྨད་དུ་བྱུང་ཞིང་། བསྟན་པ་རྒྱ་མཚོའི་དེ་ཉིད་ཇི་བཞིན་གཟིགས་པའི་རྣམ་དཔྱོད་ཕུན་སུམ་ཚོགས་པ་མངའ་བ། ཀུན་བཟང་པདྨ་བསྟན་འཛིན་ནས་སླར་ཡང་དག་ཐེར་ནན་ཆགས་ཞིབ་མོར་མཛད། སྤར་གྱི་རིག་བྱེད་མཁན་བཅུ་ཕྲག་ལྔ་ལ་ཆུ་གཏེར་གྱིས་ལྷག་པ་རྣམས་ཀྱིས་དད་བརྩོན་སྤྲོ་བ་མི་ལྷོད་པའི་སྒོ་ནས་སོར་མོའི་འཕྲུལ་གྱིས་ལེགས་པར་བསྐྲུན། དེ་དག་གི་སྔོན་དུ་རྣམ་དཀར་གྱི་བགྱི་བ་ལ་བར་ཆད་མི་འཇུག་ཅིང་། རྩ་གསུམ་མཁའ་འགྲོར་གནང་བ་ཞུ་བའི་ཕྱིར། བསང་བརྔན། སྡེ་བརྒྱད་སྤྱི་མདོས། བརྒྱ་བཞིའི་ཆོ་ག །ལན་ཆགས་བརྒྱ་རྩ། ཆབ་གཏོར། རཏ་གླིང་ཕུར་པའི་གཏོར་ཟློག །གསང་ཐིག་རྡོར་སེམས་དང་། ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཚོགས་བརྒྱ་ཕྲག་ལྔ་རེ། གཟུངས་འདུས་དང་བཀྲ་ཤིས་བརྩེགས་པ་གྲངས་མང་བཅས་ཉིན་བརྒྱད་ཀྱི་རིང་འདི་ག་ནས་ལག་འདོན་ཐོག །ནུས་ལྡན་གྱི་སློབ་དཔོན་དབུར་བཞུགས་དམ་གཙང་བཅུ་ཕྲག་གཉིས་ནས་ལེགས་པར་བསྒྲུབས་པ་སྔོན་དུ་འགྲོ་བས། རབ་བྱུང་བཅོ་ལྔ་པའི་ནང་ཚན་སྟོད་འགྲེལ་གྱི་བརྡ་ཁྱད་ཞི་བར་འབོད་ཅིང་། དབང་ཐང་གི་ཁམས་ལས་ས་མོ་བྱའི་ལོར་ཉི་མ་ཆུ་སྲིན་གྱི་ཁྱིམ་དུ་སྤྱོད་པ། ཆོ་འཕྲུལ་ཟླ་བ། འཇིག་རྟེན་ན་གྲགས་པའི་ཡར་གྱི་ངོའི་ཚེས་བཅུ་གསུམ་དང་། རྒྱ་རྩིས་ལུགས་ཀྱི་ཚེས་བཅུ་གཉིས་རེས་གཟའ་ལྷའི་བླ་མ་དང་། རྒྱུ་སྐར་ལྷ་མོ་སྦྱོར་ལྡན་མ་དང་རྩེ་བའི་དངོས་གྲུབ་འགྲུབ་པའི་འཕྲོད་སྦྱོར་ཕུན་སུམ་ཚོགས་པར་དབུ་བརྩམས། བཞུགས་ཁང་སྤར་ཁྲི་དེ་འབྲེལ་སྐུ་གསུང་ཐུགས་ཀྱི་རྟེན་བཅས། གེགས་མེད་མཐའ་རྒྱས་སུ་རབ་ཚེས་ཡོངས་འཛིན་སྟེ། རྒྱ་རྩིས་འདི་ཆུ་ཕོ་བྱི་བའི་ཧོར་ཟླ་བཞི་པ་ས་ག་ཟླ་བའི། གཟའ་སྐར་འཕྲོད་དང་དུས་སྦྱོར་སོགས་ཕུན་སུམ་ཚོགས་པའི། ཚེས་བཟང་པོར་ཡོངས་སུ་རྫོགས་པར་གྲུབ་པའི་རྗེས་ཐོབ་དེ་ཉིད་དུ་གཙུག་ལག་གི་གཞུང་ནས་བཤད་པའི་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་དམ་གཙང་འདུས་པ་ནས། དཀྱིལ་འཁོར་དང་འབྲེལ་བའི་རབ་གནས་ཀྱི་ཆོ་གའི་སྒོ་ནས། སྦྱོང་ཁྲུས། བསྐྱེད་བསྟིམ། རབ་གནས། མངའ་དབུལ་སོགས་ཉིན་གཉིས་ཀྱི་བར་དང་། དམིགས་བསལ་གསུང་རབ་གླེགས་བམ་རབ་ཏུ་གནས་པའི་ཆོ་གའང་ནན་ཏན་བགྱིས་ཤིང་། རྩ་གསུམ་སྤྱི་དང་རྡོ་རྗེའི་ཆོས་སྲུང་ལ་གཏང་རག་མཆོད་སྤྲིན་དང་འབྲེལ་བའི་དགྱེས་རྫས་སྤྱན་གཟིགས་སྟག་གི་ཤུན་པ་སྡེར་བཞི་མ་ཉམས་པ་ཆེ་ལེགས་དང་། རལ་གྲི་ལེགས་པ་བཅས་ཕུལ། མཐའ་རྒྱས་དགའ་སྟོན་གསང་ཐིག་བླ་མ་ཡབ་ཡུམ་གྱི་ཚོགས་སྐོང་དང་། གུ་རུའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ཚོགས་མཆོད་བཅས་མཆོད་སྤྲིན་ལྔ་ལྡན་བརྒྱ་རྩ་འང་ཚོགས་ཀྱི་འཁོར་ལོ་རྒྱས་པར་སྤྲོས་ཤིང་། དགེ་རྩ་འཁོར་གསུམ་དག་པའི་བྱང་ཆུབ་ཆེན་པོར་བསྔོ་བའི་སྨོན་ལམ་གྱི་རིམ་པ་རྣམས་ལྷག་བསམ་དག་པས་ལེགས་པར་བསྒྲུབས་ལས་དགེ་ལེགས་སུ་བྱས་པ་སྟེ། འདི་ལྟར་ཆོས་མཛོད་ཡུལ་གཉན་ཞིང་བྱ་བ་རྒྱ་ཆེ་ལ་དུས་ཡུན་རིང་བ་སོགས་བློས་ཆུད་པར་དཀའང་། རྩ་གསུམ་མགོན་པོ་དང་། འཇམ་མགོན་ཆོས་ཀྱི་རྒྱལ་པོ་རྡོ་རྗེ་འཆང་ཆེན་པོའི་བཀའ་དྲིན་གྱི་མཐུ་དང་། བསྟན་སྲུང་དབང་པོ་རྣམས་ཀྱི་ཕྲིན་ལས་ཀྱི་སྟོབས་ལས་བར་ཆད་ཀྱི་རྣམ་པ་ཕྲ་མོས་ཀྱང་མ་གོས་པར་བདེ་བླག་ཏུ་གྲུབ་པའོ།། ༈ །།དྲུག་པ་དེ་ལྟར་བསྐྲུན་པ་ལས་བྱུང་བའི་ཕན་ཡོན་བསྟན་པ་ནི། དེའང་རྣམ་པར་དགེ་བའི་ལམ་དང་འབྲེལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་མཆོག་སོ་སོར་བཞེངས་པའི་ཕན་ཡོན་དང་། བྱེ་བྲག་བསྟན་པའི་སྙིང་པོ་གསུང་རབ་རིན་པོ་ཆེ་གླེགས་བམ་ནས་ཡིག་འབྲུ་གཅིག་གི་བར་བཞེངས་པ་དང་། མཆོད་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་འདི་ཙམ་མོ་ཞེས་གཞལ་བའི་གཏིང་མཐའ་སུས་ཀྱང་གཞལ་དུ་མེད་ཅེས་རྒྱལ་བ་ཉི་མའི་གཉེན་གྱི་ཞལ་ནས་ཡང་ནས་ཡང་དུ་བསྙད་པར་མཛད་ལ། ཕན་ཡོན་གྱི་སྙིང་པོ་ཙམ་ནི་གསར་རྙིང་གི་མདོ་རྒྱུད་རྣམས་སུ་རྒྱ་ཆེར་བསྟན་པ་ལས། འདིར་དམིགས་སུ་བྱས་པ་ཉུང་ཤས་ཤིག་སྤྲོ་བར་འདོད་དེ། དེའང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དམིགས་པ་མེད་པའི་ཕྲིན་ལས་ཀྱི་འཇུག་པ་རེ་རེས་ཀྱང་། འགྲོ་ཁམས་རྒྱ་མཚོའི་རྡུལ་སྙེད་ཀྱི་མཐས་མི་དཔོག་པའི་སེམས་ཅན་ཇི་སྙེད་རྣམས་ཐམས་ཅད་མཁྱེན་པའི་ལམ་ལ་གཞོལ། ཐམས་ཅད་མཁྱེན་པ་ལ་བབ། ཐམས་ཅད་མཁྱེན་པ་ལ་འབབ་པར་འགྱུར་བ་ཉིད་ཀྱི་ཕྱིར་ཐབས་ལ་མཁས་པའི་བཀོད་པ་ཚད་མེད་པའི་གསང་བ་ཆེན་པོ་དེ་བཞིན་གཤེགས་པའི་སྣང་བརྙན་ལུགས་སུ་བླུགས་པ་དང་། འབུར་དུ་བཏོད་པ་དང་། རི་མོར་བྲིས་པ་སོགས་ཀྱིས་ལེགས་པར་བསྒྲུབས་ཤིང་། དེ་ལ་བསོད་ནམས་ཀྱི་ཞིང་དུ་བྱས་པ་དང་། དཀོན་མཆོག་གསུམ་རྗེས་སུ་དྲན་པ་དང་། ཏིང་ངེ་འཛིན་གྱི་སྒོ་རྒྱ་མཚོར་འཇུག་པ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་བསླབ་པ་དང་། སེམས་ཅན་དགེ་བའི་ལས་ལ་འཇུག་ཏུ་བཅུག་པ་ལ་སོགས་པའི་ཕན་ཡོན་གྱི་ཚོགས་མཐའ་ཡས་པ་བཀའ་བསྩལ་པ་རྣམས་ལས་ཁྱད་པར་དུ་འཕགས་པ་བདེ་བར་གཤེགས་པའི་ཆོས་ཀྱི་སྐུ་ནི། བསྟན་བྱ་དང་རྟོགས་བྱ་གཉིས་ཀྱིས་བསྡུས་པའི་སྔ་མ་ཞི་བ་མྱ་ངན་ལས་འདས་པའི་ཕྱོགས་བརྗོད་བྱར་གནས་པའི་གསུང་རབ་ལས་གཞན་དུ་མ་དམིགས་པའི་ཕྱིར། དམ་པའི་ཆོས་ཡི་གེར་འབྲི་བ་དང་། བཟུང་ཞིང་བཅང་བ་དང་། བཀླགས་ཤིང་ཀུན་ཆུབ་པར་བྱས་ཤིང་དེ་ལ་མཆོད་པ་དང་། ཕུ་དུད་དང་། རིམ་གྲོ་དང་། བརྗེད་པར་བྱས་པའི་ཕན་ཡོན་གྱི་ཚོགས་ནི་བསོད་ནམས་སུ་བྱ་བ་གཞན་གྱིས་བསྒྲུན་དུ་མེད་པར་གསུང་སྟེ། ཡུམ་རྒྱས་པ་ལས། ཀཽའུ་ཤི་ཀ་དེ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་མངོན་དུ་རིམ་གྲོར་བྱ་བར་འདོད་པ་དང་། བཀུར་བསྟི་བྱ་བར་འདོད་པ་དང་། ཕུ་དུད་བྱ་བར་འདོད་པ་དང་། མཆོད་པར་བྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཏེ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱའོ། །བཀུར་བསྟིར་བྱའོ། །ཕུ་དུད་དུ་བྱའོ། །མཆོད་པར་བྱའོ། །ཀཽའུ་ཤི་ཀ་ངས་དོན་དེ་ཉིད་ཀྱི་དབང་ཡང་དག་པར་མཐོང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་འདི་སྙམ་སྟེ། གང་ཞིག་གང་ལ་ལ་དག་གིས་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་མཆོད་པར་བྱས་ཏེ་བརྟེན་ཅིང་རྣམ་པར་བཅང་བར་བྱ་སྙམ་ན། ཀཽའུ་ཤི་ཀ་དེ་ལ་ངས་འཇིག་རྟེན་ན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་རྒུ་དང་། མི་དང་ལྷ་དང་ལྷ་མ་ཡིན་དུ་བཅས་པའི་ནང་ན་ང་དང་འདྲ་བའམ་ལྷག་པ་ཡང་དག་པར་རྗེས་སུ་མ་མཐོང་ནས་དེ་ལ་ངས་འདི་སྙམ་དུ་བསམས་ཏེ། དེ་ལྟར་ཡིན་ན་བདག་གིས་ཆོས་ཞི་བ་བཟང་པོ་གང་བདག་ཉིད་ཀྱིས་མངོན་པར་སངས་རྒྱས་པ་དེ་ཉིད་ལ་རིམ་གྲོ་དང་། བཀུར་བསྟི་དང་། ཕུ་དུད་དང་། མཆོད་པར་བྱ་སྟེ། བརྟེན་ཅིང་རྣམ་པར་སྤྱོད་པར་བྱའོ་སྙམ་དུ་བསམ་མོ། །ཀཽའུ་ཤི་ཀ་ཆོས་དེ་ལ་གང་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡིན་ཏེ། ཀཽའུ་ཤི་ཀ་དེ་ལྟར་ང་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་རིམ་གྲོར་བྱེད། བཀུར་སྟིར་བྱེད། ཕུ་དུད་བྱེད། མཆོད་པར་བྱས་ཤིང་རྣམ་པར་སྤྱོད་ན། ཀཽའུ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱ་བ་དང་། བཀུར་བསྟི་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་ལྟ་ཅི་སྨྲོས། ཉན་ཐོས་ཀྱི་ཐེག་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དང་། རང་སངས་རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱ་བ་དང་། བཀུར་བསྟིར་བྱ་བ་དང་། ཕུ་དུད་བྱ་བ་དང་། མཆོད་པར་བྱ་བ་ལྟ་ཅི་སྨྲོས། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སོ། །བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལས་བྱུང་བ་ནི། ཉན་ཐོས་དང་རང་སངས་རྒྱས་རྣམས་སོ། །ཀཽའུ་ཤི་ཀ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོའམ། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱའོ། །བཀུར་བསྟིར་བྱའོ། །ཕུ་དུད་དུ་བྱའོ། །མཆོད་པར་བྱའོ། །དེ་ལྟར་དེ་ལ་སློབ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱིས་ཀྱང་དགྲ་བཅོམ་པ་ཉིད་ཐོབ་བོ། །འཐོབ་བོ། །འཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་རྣམས་ཀྱིས་ཀྱང་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་བོ། །འཐོབ་བོ། །འཐོབ་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །སློབ་དཔོན་སེང་གེ་བཟང་པོས། གཙོ་བོར་ཆོས་ཀྱི་སྐུའི་དེ་བཞིན་གཤེགས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེ་བས་ན་དེ་སྟོན་པར་བྱེད་པའི་རྒྱལ་བའི་ཡུམ་ལ་མཆོད་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆོས་ཀྱི་སྐུ་ལ་མཆོད་པའི་ཕྱིར་བསོད་ནམས་མང་དུ་སྐྱེ་བ་ཡིན་ནོ། །གཟུགས་བརྙན་གྱི་དེ་བཞིན་གཤེགས་པ་ལ་མཆོད་ན་ནི། ཁྱད་པར་དུ་འཕགས་པའི་ཆོས་ཀྱི་སྐུས་མ་བསྡུས་པ་ཡིན་པའི་ཕྱིར། བསོད་ནམས་ཆེས་མང་དུ་མི་བསྐྱེད་པ་ཡིན་ནོ། །ཞེས་བྲིས་ནས་མཆོད་ན། བསོད་ནམས་མང་དུ་བསྐྱེད་པར་བསྟན་ནས། འབྲི་བཞིན་པ་ནའང་དེ་དང་འདྲའོ་ཞེས་གསུངས་ཤིང་། སྡུད་པ་ཚིགས་སུ་བཅད་པ་ལས་ཀྱང་། གང་ཞིག་གང་ལས་རྣམ་འདྲེན་སྟོབས་བཅུ་འབྱུང་འགྱུར་བ། །བདེ་བར་གཤེགས་པའི་ཡུམ་འདི་གླེགས་བམ་ལ་བྲིས་ཏེ། །འཆང་ཞིང་མེ་ཏོག་བྱུག་པས་བསྟི་སྟང་བྱེད་གྱུར་ན། །མཆོད་རྟེན་བྱས་མཆོད་བསོད་ནམས་དེས་ནི་ཆར་མི་ཕོད། །ཅེས་གསུངས་ཤིང་། ཁྱད་པར་བླ་ན་མེད་པའི་ཆོས་མཛོད་འདི་ལྟ་བུ་བཞེངས་པ་ནི། བདེ་བར་གཤེགས་པའི་རྡོ་རྗེ་གསུམ་གྱི་གསང་བའི་དཀྱིལ་འཁོར་ཡོངས་རྫོགས་བཞེངས་པའི་ཕན་ཡོན་ཅིག་ཅར་དུ་ལྡན་པ་སྟེ། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། རིན་ཆེན་སྣ་བདུན་ལ་སོགས་པས། །རྒྱལ་བ་ཀུན་གྱི་རང་བཞིན་ཅན། །མ་ལུས་བསྡུས་པའི་ངོ་བོ་ཉིད། །སྐུ་གསུང་ཐུགས་ཉིད་བྲིས་པ་ཡིན། །དེ་བས་རྒྱལ་བ་ཀུན་བྲིས་པའི། །ཆེ་བའི་ཡོན་ཏན་བསམ་མི་ཁྱབ། །ཅེས་དང་། དེ་བཞིན་དུ་བཟུང་བའི་ཕན་ཡོན་ཀྱང་། དེ་ཉིད་ལས། གྲོ་ག་ཤིང་ཤུན་ལ་སོགས་ལ། །གསང་བའི་རྒྱུད་འདི་རབ་བྲིས་ནས། །རིན་ཆེན་ཁྲི་ལ་ལེགས་བཞག་སྟེ། །གུས་པས་མཆོད་ཅིང་རབ་བཟུང་ན། །ཇི་སྲིད་གནས་པར་བསམ་པ་ཡི། །དགའ་བའི་བསམ་པས་འཛིན་བྱེད་པར། །སངས་རྒྱས་ཐམས་ཅད་བཟུང་བ་ཡིན། །ཞེས་དང་། སྔ་འགྱུར་རིན་ཆེན་སྤུངས་པའི་རྒྱུད་ལས། དེ་ཡི་ཕྱིར་ན་གསང་བའི་རྒྱུད། །འདི་ཉིད་འཛིན་པའི་སྐྱེས་བུ་ནི། །རང་རིག་རྣམས་ཀྱི་དབང་ཐོབ་སྟེ། །རྒྱུད་འདི་བཅངས་པ་ཙམ་གྱིས་ནི། །རྡོ་རྗེ་འཆང་གི་སྤྲུལ་པར་འགྱུར། །རྒྱུད་འདི་སུ་ཡིས་བཀླགས་པའི་མི། །ལྟ་བའི་དོན་ཀུན་སེམས་ལ་འཆར། །འདི་ཉིད་སུ་ཡིས་བྲིས་པའི་མི། །སངས་རྒྱས་ཀུན་གྱི་གསུང་ལ་རོལ། །ཞེས་དང་། ཨ་ཏི་བཀོད་པ་ཆེན་པོ་ལས། འདི་ཉིད་གང་གིས་བཟུང་བ་དེ། །བཟོ་དང་སྒྱུ་རྩལ་ཐམས་ཅད་དང་། །བསྟན་བཅོས་ཀུན་དང་སྒྲ་རྣམས་ནི། །ཇི་ལྟར་འདོད་བཞིན་ཤེས་པར་འགྱུར། །གསང་མཆོག་བླ་ན་མེད་པ་འདི། །མཆོད་དང་བསྟོད་པས་བཀུར་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །ཇི་ལྟར་འདོད་པ་བཞིན་དུ་འབྱུང་། །དེ་ཉིད་བཅངས་པ་ཙམ་གྱིས་ཀྱང་། །ལུང་དང་མན་ངག་འཛིན་པར་འགྱུར། །ཞེས་གསུངས་པ་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང་། དེ་བཞིན་གཤེགས་པའི་དམ་ཆོས་སུས་འཛིན་པ། །དེ་ནི་དེ་བཞིན་གཤེགས་ལ་བྱས་བཟོ་ཡིན། །རྒྱལ་བ་རྣམས་ཀྱི་མཛོད་འཛིན་ཡིད་བརྟན་ཅིང་། །ཕྱོགས་བཅུ་རྣམས་སུ་སངས་རྒྱས་མཆོད་པ་ཡིན། །སངས་རྒྱས་སྤྱན་གྱིས་གཟིགས་པའི་ཞིང་མང་པོ། །རིན་ཆེན་བཀང་སྟེ་དེ་བཞིན་གཤེགས་ལ་ཕུལ། །ཟད་པའི་དུས་ན་ཇི་ལྟར་ཆོས་འཛིན་ལྟར། །བསོད་ནམས་ཕུང་པོ་དེ་ཙམ་འཕེལ་བ་ཡིན། །ཞེས་དང་། ལྷག་པར་སྙིགས་མ་ལྔ་བདོ་བའི་སྐྱེ་བོ་རྣམས་ནི། བསོད་ནམས་མ་ཡིན་པའི་གནས་འབའ་ཞིག་ཏུ་སྤྲོ་ཞིང་བགྱི་བ་ལྷུར་ལེན་པ་ལ་ཞུགས་པས་དམ་པའི་ཆོས་རིན་པོ་ཆེ་འཇིག་པ་ལ་ཐག་ཧ་ཅང་མི་རིང་བར་མངོན་དུ་ཕྱོགས་པའི་དེང་གི་དུས་སུ། བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་ཡུན་རིང་པོར་གནས་པའི་ཕྱིར་ཐབས་འདི་ལྟ་བུའི་བརྩོན་པ་ལ་ཞུགས་ནས་འབད་པ་ཆེན་པོས་བསྲུང་ཞིང་བཟུང་བ་ནི་ལྷག་པར་ཕན་ཡོན་ཁྱད་པར་འཕགས་ཤིང་། ས་ཆེན་པོ་ལ་བཞུགས་པའི་རྒྱལ་བའི་སྲས་མཆོག་རྣམས་ཀྱི་སྤྱོད་པའི་ཚུལ་བླ་ན་མེད་པ་སྟེ། སྔ་འགྱུར་པུཎྜ་རཱི་ཀའི་རྒྱུད་ལས། སྲིད་པ་ལས་དང་རྐྱེན་གྱི་དབང་གྱུར་ཏེ། །གང་དང་གང་དུ་དམ་ཆོས་འཇིག་པ་དེར། །མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་གཟུང་། །ཞེས་དང་། འཕགས་པ་སྤྱན་རས་གཟིགས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་སྡེ་ལས། གང་དག་ཕྱིན་ཆད་མདོ་ཆོག་འདི་འཛིན་པ། །དེ་དག་རྟག་ཏུ་ང་དང་མཐུན་པའི་སྲས། །སངས་རྒྱས་བྱེ་བས་དེ་དག་བསྔགས་བརྗོད་ཀྱང་། །དེ་དག་བསྔགས་པ་མཐར་ནི་ཕྱིན་མི་འགྱུར། །ཞེས་དང་། འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་གཟུང་བ། །མཐུ་དང་སྟོབས་དང་ལྡན་ཞིང་བརྩོན་འགྲུས་ལྡན། །མི་དམན་པ་རྣམས་ཀུན་ཏུ་རྣམ་པར་རྒྱུ། །སངས་རྒྱས་བརྒྱ་སྟོང་དག་ལ་བསྙེན་བཀུར་བྱེད། །འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས། །མཆོག་ཏུ་རབ་མཛེས་གཟུགས་ལྡན་ཤེས་རབ་ལྡན། །མི་ཡི་འཇིག་རྟེན་མཆོག་ཏུ་བསྙེན་བཀུར་བྱེད། །རྒྱལ་པོ་མཁས་པ་མཛངས་པ་རྣམས་ཀྱིས་བསྔགས། །ཞེས་དང་། གང་གིས་སངས་རྒྱས་སྟོང་རྣམས་དང་། །བརྒྱ་དང་བྱེ་བ་བགྲང་དག་ལ། །བསྐལ་པ་གངྒཱའི་བྱེ་མ་སྙེད། །དེ་སྙེད་བསྐལ་པར་བཀུར་བ་ལས། །འཇིག་རྟེན་མགོན་གྱིས་གསུངས་པ་ཡི། །དམ་ཆོས་འཇིག་ཚེ་གང་ཞིག་གིས། །ཉིན་དང་མཚན་དུ་འཛིན་བྱེད་པ། །དེ་ནི་བསོད་ནམས་ཁྱད་པར་འཕགས། །ཆོས་འཇིག་དུས་ན་ཆོས་འཛིན་པ། །སྔོན་གྱི་སངས་རྒྱས་ཐམས་ཅད་དང་། །སངས་རྒྱས་ཡེ་ཤེས་རབ་གནས་པ། །ང་ལ་དེས་ནི་མཆོད་པ་བྱེད། །དམ་པའི་ཆོས་ནི་འཇིག་པའི་ཚེ། །སྟོན་པའི་བསྟན་པ་སྲུང་བྱེད་པ། །བསྐལ་པ་བྱེ་བ་སྟོང་རྣམས་སུ། །དེ་ནི་ནམ་ཡང་རྒུད་མི་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། དམ་པའི་ཆོས་འཇིག་རྟེན་དུ་གནས་པ་ཞེས་བྱ་བ་ནི། རྟོགས་པའི་ཆོས་འཕགས་བཞིའི་ཐུགས་རྒྱུད་ཀྱི་མངོན་པར་རྟོགས་པ་བརྗོད་བྱའི་ཚུལ་དང་། དེ་རྟོགས་བྱེད་ཀྱི་ཐབས་སུ་གྱུར་པ་ལུང་གི་ཆོས་རྗོད་བྱེད་ཀྱི་ཚུལ་དུ་གནས་པ་མདོ་དང་རྒྱུད་ཀྱི་སྡེ་སྣོད་མིང་ཚིག་ཡི་གེའི་ངོ་བོར་གནས་པ་གང་ཞིག །དེ་གླེགས་བམ་དུ་བྲིས་པ་མེད་ན་དེ་ལ་བརྟེན་ནས་ཀློག་པ་དང་ཁ་ཏོན་སོགས་ཐོས་བསམ་བྱེད་པ་མི་འབྱུང་། དེ་མེད་པར་སྤོང་བ་ཉམས་ལེན་ཀྱང་མི་འབྱུང་སྟེ། བདེ་བར་གཤེགས་པའི་བསྟན་པ་དམ་པའི་ཆོས་ཡོངས་སུ་འཛིན་པའི་རྩ་བ་ནི། འདི་ཉིད་འབའ་ཞིག་ཏུ་གནས་པའི་ཕྱིར། མདོ་རྒྱུད་ཀྱི་རྣམ་གྲངས་རེ་རེ་འབྲི་བ་དང་། བཟུང་བའི་ཕན་ཡོན་དཔག་ཏུ་མེད་ན། རྡོ་རྗེ་ཐེག་པའི་ཉིང་ཁུ་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ཟབ་དོན་རིག་འཛིན་མཁའ་འགྲོའི་ཐུགས་ཀྱི་བརྣག་པ་མཐར་ཐུག་པའི་མཛོད་ཆེན་པོ་འདི་ལྟ་བུ་གཅིག་ལས་དུ་མར་ཕྱི་མཐའི་བར་དུ་རྒྱས་པར་འགྱུར་བས། དེ་བཞིན་གཤེགས་པའི་གསུང་རབ་ཐམས་ཅད་ཀྱི་སྙིང་པོ་རྡོ་རྗེ་ཐེག་པའི་ལུང་རྟོགས་ཀྱི་བསྟན་པ་འཇིག་རྟེན་གྱི་ཁམས་སུ་ཡུན་རིང་པོར་གནས་པར་བྱེད་པའི་བསོད་ནམས་ཀྱི་ཕུང་པོ་ལ་ཚད་བཟུང་ལྟ་ཅི། ཕྱོགས་ཙམ་ཞིག་ཀྱང་བསྐལ་པ་གངྒཱའི་ཀླུང་གི་བྱེ་སྙེད་མང་པོར་བསམ་པས་མཐའ་གཏུགས་པར་ནུས་པ་མ་ཡིན་ནོ། །དེ་ལྟ་བས་ན་ཟབ་ཆོས་འདི་ཉིད་འཆད་ཉན་དང་། ཟབ་དོན་ཉམས་ལེན་བྱེད་པ་ལྟ་ཅི། གླེགས་བམ་བཞེངས་ཏེ་ཇི་སྲིད་ཀྱི་བར་མེ་ཏོག་ལ་སོགས་པའི་མཆོད་པ་ཕུལ་བས་ཀྱང་གོང་དུ་བཤད་པའི་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་འགྱུར་ལ། གང་དུ་གླེགས་བམ་བཞུགས་པའི་ཡུལ་ཕྱོགས་ཀྱང་བསྐལ་པ་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས་པ་སྟེ། གུ་རུའི་ཞལ་གདམས་སྙིང་བྱང་ཡིད་བཞིན་ནོར་བུ་ལས། ཨེ་མ་ལས་ཅན་རྗེ་འབངས་རྣམས༔ ནོར་བུ་ཐོབ་ནས་འཆིང་བུ་ལྟར༔ གདམས་ངག་གཞན་ལ་འདོད་པ་སྐྱུངས༔ སངས་རྒྱས་གཞན་ལ་རེ་བ་བོར༔ མན་ངག་གཞན་གྱི་གདམས་པ་ལ༔ ད་ནི་མ་ཡེངས་རྩེ་གཅིག་ཏུ༔ ནོར་བུའི་བང་མཛོད་ཆེན་པོར་སྤྱོད༔ འདི་ལས་ཇི་སྐད་བཤད་པ་ཡི༔ དངོས་གྲུབ་འབྱུང་བར་ལྟ་ཅི་སྨྲོས༔ གླེགས་བམ་ཙམ་ཞིག་བཞུགས་པ་ཡི༔ ས་ཕྱོགས་དེ་དག་ཐམས་ཅད་ཀྱང༔ རྡོ་རྗེའི་འོག་མིན་ཉིད་དང་མཚུངས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ རིག་འཛིན་བརྒྱུད་པས་བྱིན་གྱིས་རློབས༔ དཔའ་བོ་དྷཱ་ཀི་སྤྲིན་བཞིན་འདུ༔ ཆོས་སྐྱོང་སྲུང་མས་བྲན་ལྟར་བྱེད༔ དེ་ཕྱིར་གཞུང་ནས་བཤད་པ་བཞིན༔ དབང་དང་དམ་ཚིག་ལྡན་པ་ཡིས༔ མཆོག་ཐུན་ཕྲིན་ལས་གང་བསྒྲུབ་ཀྱང༔ མྱུར་བ་ཉིད་དུ་ཚེགས་མེད་འགྲུབ༔ པདྨ་འབྱུང་གནས་བདག་ཉིད་ཀྱིས༔ སུ་དག་ནམ་ཡང་མི་བསླུ་བས༔ ཐེ་ཚོམ་སྤོངས་ལ་ཉམས་སུ་ལོངས༔ ཞེས་རྡོ་རྗེའི་གསུང་ནམ་ཡང་མི་བསླུ་བའི་ཐ་ཚིག་ཏུ་བསྩལ་པ་དང་། བདུད་རྩི་བརྗོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་འཇིག་པའི་དུས་ལ་བབ་ཅིང་། སངས་རྒྱས་ཀྱི་བྱང་ཆུབ་འཇིག་པར་འགྱུར་བ་འཇིག་པ་ཆེན་པོས་འཇིག་པའི་དུས་ལ་བབས་པ་ན། བདག་གིས་ཆོས་ཀྱི་རྣམ་གྲངས་འདི་སྐྱེས་བུ་དམ་པ་དེ་དག་ལ་རབ་ཏུ་བསྟན་པར་བགྱིའོ། །དེ་དག་ལ་གཟི་བྱིན་བསྩལ་བར་བགྱིའོ། །ཡུལ་གང་ན་མདོ་སྡེ་འདི་འཛིན་པ་དེ་ལྟ་བུ་དག་གནས་པའི་ཡུལ་དེར་བདག་གིས་དུས་མ་ལགས་པའི་སེར་བ་དང་། དགུང་ཆར་དང་། མུ་གེ་དང་། བྲོ་ནད་ཡ་ང་བ་དང་། མི་ངས་དང་། ཡམས་ཀྱི་ནད་དང་། འགོ་བའི་ནད་དང་། གནོད་པ་དང་། འཁྲུགས་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །ཡུལ་གང་ན་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་། གླེགས་བམ་དུ་བགྱིས་པའམ། རྒྱལ་མཚན་གྱི་རྩེ་མོར་བཏགས་པ་ལ་མཆོད་པར་བགྱིས་པའི་ཡུལ་དེར་བདག་གིས་བྱིན་གྱིས་བརླབས་ཀྱིས། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་དང་། ཆོམ་རྐུན་དང་། སྲིན་པོ་དང་། མཁའ་འགྲོ་མའི་ཡ་ང་བ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །གང་དག་ན་ཆོས་སྨྲ་བ་འདི་ལྟ་བུ་དག་དང་། མདོ་སྡེ་འདི་འཆང་བའི་ཡུལ་དེར་བདག་གིས་ལོ་ཏོག་དང་། ནོར་དང་། འབྲུ་དང་། མེ་ཏོག་དང་། ལོ་མ་དང་། འབྲས་བུ་ཐམས་ཅད་ཕུན་སུམ་ཚོགས་པ་དང་། བདེ་བ་ཐམས་ཅད་འབྱུང་བར་བྱིན་གྱིས་བརླབ་པར་བགྱིའོ། །ཞེས་སོགས་རྒྱ་ཆེར་འབྱུང་བ་བཞིན། གསུང་རབ་ཀྱི་ཕྱི་མོ་དང་། དེ་ལས་བསྐྲུན་པའི་གླེགས་བམ་རིན་པོ་ཆེ་རྣམས་གང་དུ་བཞུགས་པ་དེར་ཡང་ཉམ་ང་བའི་ཕྱོགས་ཐམས་ཅད་ཞི་ཞིང་འབྱུང་བར་མི་འགྱུར་ལ། སྲིད་ཞིའི་དགེ་བ་དང་ལེགས་པའི་ཚོགས་ཐམས་ཅད་རང་བཞིན་གྱིས་འདུ་བས་ཕུན་སུམ་ཚོགས་པར་བྱེད་པ་ཡིན་ནོ།། ༈ །།བདུན་པ་དེ་ལྟར་འདུ་བགྱིས་པའི་དགེ་རྩ་ཡོངས་སུ་བསྔོ་བ་དང་སྨོན་ལམ་གྱི་ཕྲེང་བ་སྤེལ་བ་ནི། དེ་ལའང་གང་བསྔོ་བར་བྱ་བའི་ངོ་བོ་ནི། འདི་ལྟར་བགྱིས་པས་མཚོན་རྣམ་པར་དཀར་བའི་ལས་འདི་ལ་བདག་གཞན་འབྲེལ་ལོ་ཅོག་གིས་དུས་གསུམ་དུ་བསགས་པའི་དགེ་ཚོགས་ཐམས་ཅད་ཐེག་མཆོག་བླ་ན་མེད་པའི་བསྔོ་བ་དམ་པས་རྒྱས་འདེབས་པ་ཡིན་ལ། ངེས་ཚིག་ནི། པ་རི་ཎ་སྟེ་ཡོངས་སུ་བསྒྱུར་བའམ་སྤེལ་བ་སྟེ། འཇིག་རྟེན་པའི་ལམ་གྱི་དགེ་རྩ་རྣམས་འཇིག་རྟེན་ལས་འདས་པའི་དགེ་རྩར་བསྒྱུར་ཞིང་མི་ཟད་པར་སྤེལ་བར་བྱེད་པའོ། །དེའང་དམན་པའི་བསྔོ་བ་དམིགས་པ་དང་བཅས་པས་ནི། སྡུད་པ་ཚིགས་སུ་བཅད་པ་ལས། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས། །ཞེས་པ་ལྟར་ཡང་དག་པའི་བསྔོ་བ་མ་ཡིན་ལ། དམིགས་པ་མེད་པའི་དབྱིངས་སུ་ཇི་ལྟར་བསྔོ་བ་ནི། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། གང་ལ་སངས་རྒྱས་སུ་འདུ་ཤེས་པའང་མེད་པ་དང་། བདག་ཏུ་འདུ་ཤེས་པ་མེད་པ་དང་། ལུང་བསྟན་པའི་བསྟན་པར་འདུ་ཤེས་པ་མེད་པ་འདི་ནི་འཁོར་གསུམ་ཡོངས་སུ་དག་པ་ཞེས་བྱའོ། །བློ་གྲོས་རྒྱ་མཚོ་གཞན་ཡང་འཁོར་གསུམ་ཡོངས་སུ་དག་པ་གང་ཞེ་ན། གང་ལ་བདག་ཏུ་འཛིན་པ་མེད་པ་དང་། སེམས་ཅན་དུ་འཛིན་པ་མེད་པ་དང་། ཆོས་སུ་འཛིན་པ་མེད་པའོ། །གཞན་ཡང་འཁོར་གསུམ་ཡོངས་སུ་དག་པ་ནི་གང་ལ་མིང་དུ་འཛིན་པ་མེད་པ་དང་། གཟུགས་སུ་འཛིན་པ་མེད་པ་དང་། དམིགས་པར་འཛིན་པ་མེད་པའོ། །གཞན་ཡང་འཁོར་གསུམ་ཡོངས་སུ་དག་པ་ནི་འདས་པ་ལ་ཟད་པར་ཤེས་པ་དང་། མ་འོངས་པ་ལ་མ་ཕྱིན་པར་ཤེས་པ་དང་། ད་ལྟར་བྱུང་བ་ལ་གནས་པ་མེད་པར་ཤེས་པར་བྱའོ། །གཞན་ཡང་འཁོར་གསུམ་ཡོངས་སུ་དག་པ་ནི། ལུས་ལ་གཟུགས་བརྙན་ལྟ་བུར་ཤེས་པ་དང་། ངག་ལ་བྲག་ཅ་ལྟ་བུར་ཤེས་པ་དང་། སེམས་ལ་སྒྱུ་མ་ལྟ་བུར་ཤེས་པའོ། །གཞན་ཡང་འཁོར་གསུམ་ཡོངས་སུ་དག་པ་ནི་ཕུང་པོ་རྣམས་ལ་ཆོས་ཀྱི་ཕུང་པོ་དང་། མཉམ་པ་ཉིད་དང་། ཁམས་རྣམས་ལ་ཆོས་ཀྱི་དབྱིངས་དང་། མཉམ་པ་ཉིད་དང་། སྐྱེ་མཆེད་རྣམས་ལ་གྲོང་སྟོང་ལྟ་བུར་སོ་སོར་རྟོག་པའོ། །གཞན་ཡང་འཁོར་གསུམ་ཡོངས་སུ་དག་པ་ནི་སྟོང་པ་ཉིད་ལ་མོས་པ་དང་། མཚན་མ་མེད་པ་ལ་ཡིད་ཆེས་པ་དང་། སྨོན་པ་མེད་པ་ལ་སོམ་ཉི་མེད་པ་སྟེ། བློ་གྲོས་རྒྱ་མཚོ་འཁོར་གསུམ་ཡོངས་སུ་དག་པ་ནི་ཆོས་ཐམས་ཅད་ཡོངས་སུ་དག་པར་འགྱུར་བའོ། །ཞེས་གསུངས་པ་ལྟར། བདག་དང་དངོས་པོ་མཚན་མར་མི་དམིགས་པའི་ཚུལ་གྱིས་བསྔོ་བ་ནི། རྣམ་པར་དག་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པར་འགྱུར་བས་དེ་ལྟ་བུར་བསྔོ་བ་ཡིན་ལ། མ་བསྔོས་ན་སྐྱོན་དང་། བསྔོས་ན་ཡོན་ཏན་ཇི་ལྟ་བུ་ཞིག་མཆིས་སྙམ་ན། འདི་ལྟར་འཇིག་རྟེན་གྱི་ལམ་ལ་གནས་པས་འདུ་བགྱིས་པའི་བསོད་ནམས་ཀྱི་ཚོགས་ཤིན་ཏུ་རྒྱ་ཆེ་བ་དག་ཀྱང་། འདུས་མ་བྱས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྒྱུར་བའམ་བསྔོ་བ་མ་བྱས་ན། ཕལ་ཆེར་ལྷ་དང་མིའི་གནས་སྐབས་བདེ་འབྱོར་གྱི་འབྲས་བུ་ཙམ་དུ་གྱུར་ནས་ཟད་པར་འགྱུར་བ་དང་། ལ་ལ་ནི་ཁོང་ཁྲོ་ལ་སོགས་པའི་ཀུན་ཏུ་དཀྲིས་པ་མི་ཟད་པ་སྐྱེས་པའི་རྒྱུས་བར་མ་དོར་ཆུད་ཟ་བར་འགྱུར་བ་མང་བའི་ཕྱིར་རོ། །བྱང་ཆུབ་ཏུ་ཡང་དག་པར་བསྔོས་པའི་དགེ་རྩ་ནི་ནམ་དུ་ཡང་ཟད་པར་མི་འགྱུར་ཏེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བློ་གྲོས་རྒྱ་མཚོ་མཆིལ་མའི་ཐིགས་པ་གཅིག་བྱེ་མའི་སྟེང་དུ་བོར་ན་དེ་ཉིད་བསྐམ་པར་འགྱུར་ལ། དེ་ཉིད་རྒྱ་མཚོ་ཆེན་པོར་བོར་ན་ཇི་སྲིད་རྒྱ་མཚོ་ཆེན་པོ་དེ་ཟད་ཅིང་བསྐམ་པར་མ་འགྱུར་བ་དེ་སྲིད་དུ་མཆིལ་མའི་ཐིགས་པ་དེ་ཡང་མི་བསྐམ་མོ། །དེ་བཞིན་དུ་བྱང་ཆུབ་ཏུ་ཡོངས་སུ་མ་བསྔོས་པའི་དགེ་བའི་རྩ་བ་ནི་ཟད་ཅིང་འཕེལ་བར་མི་འགྱུར་ལ། གང་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་ནི་མི་ཟད་ཅིང་འཕེལ་བར་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །ཚུལ་ཇི་ལྟ་བུས་བསྔོ་ན། གོང་དུ་བཤད་པའི་འཁོར་གསུམ་དམིགས་བྲལ་གྱི་བསྔོ་བ་སྒྲ་ཇི་བཞིན་པ་ནི་འཕགས་པ་ཁོ་ནའི་སྤྱོད་ཡུལ་ཏེ། ལས་དང་པོ་པའི་གང་ཟག་གིས་འཁོར་གསུམ་ཐ་དད་དུ་འཛིན་པའི་རྣམ་པར་རྟོག་པ་ལ་མི་གནས་པའི་བློས་སྔོན་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཇི་ལྟར་ཡོངས་སུ་བསྔོས་པ་དེ་བཞིན་དུ་ཡོངས་སུ་བསྔོ་བའི་འདུན་པས། ཕྱོགས་བཅུ་དུས་གསུམ་གྱི་བདེ་གཤེགས་སྲས་དང་སློབ་མར་བཅས་པ་བསྔོ་བའི་དཔང་པོར་གསོལ་ཏེ། ནམ་མཁའི་མཐས་གཏུགས་པའི་སེམས་ཅན་གྱི་ཁམས་རྒྱ་མཚོ་ཀུན་ལ་ཁྱབ་པའི་སྙིང་རྗེས་བལྟས་ཏེ། དེ་དག་རྣམས་བླ་ན་མེད་པ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་པར་བྱ་བའི་ཕྱིར། བདག་ཅག་དང་བདག་ཅག་ལ་འབྲེལ་ལོ་འཚལ་གྱིས་བསོད་ནམས་མངོན་པར་འདུ་བྱས་པ་དང་། བྱེད་བཞིན་པ་དང་། བྱ་བར་འགྱུར་བ་དག་དང་། ཁྱད་པར་འདི་ལྟར་མངོན་པར་འདུ་བགྱིས་པའི་དགེ་བའི་རྩ་བས་མཚོན་ནས་བསྔོ་བར་འོས་པའི་ལེགས་བྱས་སུ་གྱུར་ཏོ་ཅོག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམས་ཏེ། དགའ་བ་དང་རྗེས་སུ་ཡི་རང་བ་རྒྱ་ཆེན་པོ་དང་བཅས་པས་བླ་ན་མེད་པ་བྱང་ཆུབ་མཆོག་གི་གོ་འཕང་རྣམ་པ་ཐམས་ཅད་མཁྱེན་པ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་གནས་སུ་དམིགས་པ་མེད་པའི་ཚུལ་གྱིས་སྒྱུ་མ་ལྟ་བུའི་བློས། དུས་གསུམ་གཤེགས་པའི་རྒྱལ་བ་སྲས་དང་སློབ་མར་བཅས་པའི་རྗེས་སུ་རྒྱ་ཆེར་སློབ་པའི་འདུན་པས་བསྔོ་བ་དང་སྨོན་ལམ་གྱི་རིམ་པ་ནི་འདི་ལྟ་སྟེ། ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཡེ། མཆོག་ཏུ་གསང་བ་རྡོ་རྗེ་སྙིང་པོའི་མཁའ་དབྱིངས་སུ། །ལྷུན་གྲུབ་ཡེ་ཤེས་སྐུ་དང་ཐིག་ལེའི་ཚོམ་བུ་བཀྲ། །ཐུགས་རྗེ་རང་རྩལ་དཀྱིལ་འཁོར་འབུམ་ཕྲག་ཡངས་པ་ཅན། །མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་བཅས་འདིར་དགོངས་ཤིག །གདོད་ནས་དག་མཉམ་ལྷུན་གྲུབ་ཆེན་པོའི་ཀློང་དུ་བཞུགས། །འགྱུར་མེད་ཡེ་ཤེས་རང་ངོ་ཤེས་པའི་ཕྱག་གིས་འདུད། །གཏིང་གསལ་ལྷུན་རྫོགས་བདེ་ཆེན་བཀོད་པའི་མཆོད་པ་འབུལ། །ཡེ་སྲུང་ལྷུན་འབྱམས་ཡངས་པ་ཆེན་པོའི་ཀློང་དུ་བཤགས། །བློ་འདས་རང་རྩལ་ཁྱབ་བརྡལ་རོལ་པར་རྗེས་ཡི་རང་། །དུས་བཞི་མཉམ་ཉིད་བརྗོད་བྲལ་འཁོར་ལོ་བསྐོར་བར་བསྐུལ། །འཕོ་མེད་ཉག་གཅིག་ཐིག་ལེ་ཆེན་པོར་བཞུགས་གསོལ་འདེབས། །མཚན་མ་གདོད་ནས་མ་གྲུབ་བློ་ལས་འདས་པར་བསྔོ། །དུས་གསུམ་གཤེགས་པའི་མི་ཡི་སེང་གེ་མཆོག་རྣམས་ཀྱི། །བསྔོ་བ་གང་ལ་བསྔགས་པར་མཛད་པ་ཅི་འདྲ་བར། བདག་གཞན་རྒྱུད་ཀྱིས་བསྡུས་པའི་དགེ་ཚོགས་ཐམས་ཅད་ཀུན། །བཟང་པོ་སྤྱོད་པའི་གཞལ་མེད་ཁང་དུ་འཇུག་གྱུར་ཅིག །འདི་ལྟར་ལྷག་བསམ་དུང་དང་ཀུནྡཱའི་རྗེས་འགྲོ་བ། །རྒྱལ་སྲས་སྤྱོད་པའི་ཟླ་འོད་དང་འགྲོགས་གཞན་ཕན་ལས། །བདག་དོན་གཉེར་སོགས་མུན་བློས་རིགས་མིན་དཀོན་མཆོག་མཁྱེན། །དེ་ལྟའི་དགེ་གང་མི་གནས་དབྱིངས་སུ་བསྔོ་བར་བགྱི། །ལྔ་བརྒྱ་ཐ་མའི་དུཿཁའི་ཚོགས་ཀྱིས་ཉམ་ཉེས་པའི། །མ་རྒན་རྣམས་ལ་བདེ་བ་ཕུན་ཚོགས་སྦྱིན་པ་དང་། །སྲོག་སྲུང་བཏང་སྟེ་རྒྱལ་བའི་ཆོས་མཛོད་གཟུང་བའི་སླད། །འབད་པས་དགེ་ཀུན་སྤྲོས་བྲལ་ཞི་བའི་རྒྱ་མཚོར་བསྔོ། །གསང་མཆོག་ཐེག་པའི་ཡང་སྙིང་གཏེར་གྱི་མཛོད་འདི་ལ། །མི་ལྡོག་དད་དང་དེ་མཐུས་གཏོང་བའི་ལག་བརྐྱངས་ཏེ། །མི་འཛད་ཆོས་སྦྱིན་འབྱུང་གནས་བསྒྲུབས་པའི་བསོད་ནམས་དགེ། །གང་མཆིས་དམིགས་བྲལ་མཉམ་ཉིད་ཡངས་པ་ཆེན་པོར་བསྔོ། །འདིས་མཚོན་བདག་གཞན་དུས་གསུམ་བྱས་བསགས་དགེ་བ་རྣམས། །བདག་དང་དངོས་པོ་ཡུལ་དུ་དམིགས་པ་ཡོངས་མེད་པའི། །གདོད་ནས་དག་མཉམ་སྤྲོས་བྲལ་མཚན་མ་མེད་པའི་ཀློང་། །རྒྱལ་བ་སྐུ་བཞིའི་རྒྱ་མཚོ་ཆེན་པོར་འཇུག་གྱུར་ཅིག །དེ་ལྟའི་དཔལ་ཡོན་ལྷག་བསམ་ཆུ་གཏེར་ལས་འཁྲུངས་ཤིང་། །དགེ་ལེགས་རི་དྭགས་མཚན་མས་མཛེས་པའི་བཞིན་གྱི་འོད། །ལེགས་བྱས་ཀུནྡཱ་གཞོན་ནུའི་ཚལ་དུ་ཞུགས་པའི་མཐུས། །དགའ་བ་རྒྱས་པའི་སྨོན་ལམ་སྦྲང་རྩིའི་མཆོད་ཡོན་སྦྲེངས། །དག་པའི་ལྷག་བསམ་འཆི་མེད་ལྷ་ཡི་རྫིང་བུའི་ངོགས། །རྒྱལ་བའི་ཐུགས་རྗེའི་ཆོས་མཆོག་ཉི་ཟླའི་དཀྱིལ་འཁོར་ཆེ། ཁོར་མོ་ཡུག་ཏུ་སྣང་བའི་མཐུ་བྱིན་དཔལ་གྱི་གཟིས། །འཇིག་རྟེན་གསུམ་པོ་ཕན་བདེས་རྟག་ཏུ་འབྱོར་གྱུར་ཅིག །མ་ལུས་ཞིང་ཀུན་བློ་གྲོས་བཟང་པོའི་མཐུས་འཛིན་མཁས། །ཐུགས་རྗེའི་གཏེར་ཞེས་གྲགས་པའི་ཉི་མ་རབ་གསལ་མགོན། །ཐུབ་བསྟན་རྒྱ་མཚོའི་དབང་ཕྱུག་རྒྱལ་བ་རྡོ་རྗེ་ཅན། །བསྐལ་བརྒྱར་འཚོ་གཞེས་ཕྲིན་ལས་མཁའ་མཐར་ཁྱབ་གྱུར་ཅིག །མི་མཆོག་སེང་གེའི་བསྟན་པ་སྤྱི་དང་ཁྱད་པར་དུ། །ངེས་དོན་གསང་མཛོད་པདྨཱཀ་ར་ཀརྨ་པའི། །རིང་ལུགས་དྲི་མེད་ཡངས་པའི་ས་ཆེན་ཁྱབ་པ་དང་། །དེ་འཛིན་སྐྱེས་བུའི་སྐུ་ཚེའི་རྒྱལ་མཚན་རབ་བརྟན་ཤོག །སྔོན་རབས་འདས་པའི་འདྲེན་མཆོག་རྣམས་ཀྱི་བཞེད་སྐོང་ཞིང་། །ད་ལྟར་བཞུགས་དང་མ་འོངས་བསྐལ་པར་འབྱོན་རྣམས་ཀྱི། །འགྲོ་དོན་ཐུགས་བཞེད་གང་མཆིས་བར་ཆད་མེད་འགྲུབ་ཅིང་། །དམ་ཆོས་ཆར་རྒྱུན་གདུལ་བྱའི་བློ་མཚོར་སིམ་གྱུར་ཅིག །ཕྱོགས་བཅུའི་དགེ་འདུན་སྡེ་ཚོགས་བསླབ་པ་རྣམས་ལ་གུས། །ཆོས་སྤྱོད་བཅུ་དང་འཁོར་ལོ་གཉིས་ཀྱི་ཚུལ་ལ་འཇུག །ཉེས་པའི་སྐྱོན་བྲལ་བྱང་ཆུབ་སྤྱོད་མཆོག་ལྷུར་ལེན་པ། །བསོད་ནམས་ཞིང་མཆོག་ལྷ་མིའི་མཆོད་འོས་ཉིད་གྱུར་ཅིག །བསྟན་པའི་སྦྱིན་བདག་ཆོས་ལྡན་རྒྱལ་བློན་འབངས་དང་བཅས། །ཆབ་སྲིད་མངའ་ཐང་འབྱོར་པ་མཐོ་རིས་གྲོང་བཞིན་རྒྱས། །མི་མཐུན་ཕྱོགས་བྲལ་བདེ་དགའི་དཔལ་མོར་རྩེ་བཞིན་དུ། །ཕྱོགས་ལས་རྣམ་རྒྱལ་ལུགས་གཉིས་རྒྱལ་སྲིད་བརྟན་གྱུར་ཅིག །ཟབ་རྒྱས་ཆོས་མཛོད་འདི་ཡི་ཡོན་སྦྱོར་རིག་བྱེད་མཁན། །གཞན་ཡང་ཡི་རང་བ་དང་གནོད་སེམས་འབྱིན་པ་ཡི། །མི་ཡི་འགྲོ་བ་མི་མ་ཡིན་དང་བཅས་རྣམས་ཀྱང་། །མི་ལྡོག་བླ་མེད་བྱང་ཆུབ་ཆེ་ལ་རེག་གྱུར་ཅིག །བདག་ཅག་ཕྱི་ནང་ལམ་གྱི་བར་ཆད་མཐའ་དག་ཞི། །ས་ལམ་ཡོན་ཏན་ཡར་ངོའི་ཟླ་བཞིན་གོང་དུ་འཕེལ། །རྡོ་རྗེ་རྒྱལ་པོ་པདྨ་གར་གྱི་དབང་ཕྱུག་གི། །ཞབས་པད་སྐྱེ་ཀུན་གཙུག་ན་བརྟེན་པ་ཉིད་གྱུར་ཅིག །ཡང་སྲིད་ཀུན་ཏུ་རྡོ་རྗེའི་ཐེག་མཆོག་སྙིང་པོར་སྤྱོད། །སྐྱོན་བྲལ་ཚུལ་ཁྲིམས་རྒྱ་མཚོའི་ཕུང་པོ་ཡོངས་སུ་རྫོགས། །རིག་འཛིན་རྣམ་བཞིའི་གོ་འཕང་བདེ་བླག་ཉིད་བགྲོད་ནས། །བཅོམ་ལྡན་ཁྲོ་རྒྱལ་རྣམས་དང་ལྷན་ཅིག་གར་བྱེད་ཤོག །གསང་བའི་སྙིང་པོ་ཆོས་དབྱིངས་དྲི་མ་མེད་པའི་སྦུབས། །རྒྱ་ཆད་ཕྱོགས་བྲལ་རང་སྣང་ཡེ་ཤེས་རྫོགས་པའི་ཀློང་། །ནང་གསལ་གཞོན་ནུ་བུམ་པ་སྐུ་རུ་ལྷུན་གྲུབ་སྟེ། །ཀུན་བཟང་རྒྱལ་སྲིད་མཆོག་གི་བདེ་ལ་སྤྱོད་པར་ཤོག །འཁོར་འདས་ཆོས་ཀྱི་གནས་ལུགས་མཐོང་བའི་ཤེས་རབ་དང་། །མེད་བཞིན་འཁྲུལ་པའི་འགྲོ་ལ་བརྩེ་བའི་སྙིང་རྗེ་ཡིས། །འཇིག་རྟེན་བདུན་པོ་རྫོགས་སངས་རྒྱས་སུ་མ་བཀོད་བར། །འགྲོ་བའི་དོན་རབ་སྐྱོ་མེད་རྟག་ཏུ་སྤྱོད་པར་ཤོག །དེ་ཚེ་ཀུན་ནས་བདག་ལ་ཁྲོའམ་ཆགས་ཀྱང་རུང་། །རིས་མེད་མཉམ་པའི་སེམས་མཆོག་འདིར་ནི་བསྐྱེད་པ་བཞིན། །བདག་ལ་བརྟེན་ནས་གང་ཡང་སྡིག་པར་མ་གྱུར་ཅིང་། །དེ་དག་བྱང་ཆུབ་བླ་ན་མེད་ལ་རེག་གྱུར་ཅིག །མདོར་ན་རབ་འབྱམས་ཞིང་ཁམས་རྒྱ་མཚོའི་རྡུལ་སྙེད་ཀྱི། །རྒྱལ་བ་མཆོད་དང་གསང་བའི་མཛོད་འཛིན་བྱང་ཆུབ་སྤྱོད། །སེམས་ཅན་དོན་བགྱིད་ཕྱི་མའི་མུ་མཐར་དམ་ཆོས་གཟུང་། །ཅི་བགྱིས་གཞན་ཕན་གང་འབྲེལ་ཞི་བར་སྦྱོར་ནུས་ཤོག །སྲིད་པ་ཇི་སྲིད་དེ་ལྟའི་སྤྱད་པ་སྤྱོད་པའི་ཚེ། །རྒྱལ་སྲས་ཐུ་བོ་རྣམས་དང་རྟག་ཏུ་འགྲོགས་པ་དང་། །དེ་དག་ཀུན་གྱི་རྣམ་ཐར་གཅིག་ཏུ་བསྡུས་པའི་སྟོབས། །སྐད་ཅིག་རེར་ཡང་གྲངས་མེད་འགྱེད་པའི་མཐུ་ཐོབ་ཤོག །གསང་བའི་སྙིང་པོ་ཆོས་དབྱིངས་དྲི་མ་མེད་པའི་སྦུབས། །རྒྱ་ཆད་ཕྱོགས་བྲལ་རང་སྣང་ཡེ་ཤེས་རྫོགས་པའི་ཀློང་། །ནང་གསལ་གཞོན་ནུ་བུམ་པ་སྐུ་རུ་ལྷུན་གྲུབ་སྟེ། །ཀུན་བཟང་རྒྱལ་སྲིད་མཆོག་གི་བདེ་ལ་སྤྱོད་པར་ཤོག །གྲགས་པའི་མཚན་མ་ཡིད་འོང་ལང་ཚོ་རྫོགས་པའི་གཟུགས། །ཕྱོགས་ཀྱི་འཁོར་ལོ་མཛེས་པར་བྱེད་པའི་རིན་པོ་ཆེ། །རྨད་བྱུང་གཏེར་གྱི་མཛོད་ཁང་རབ་ཏུ་བཀྲམ་པ་འདི། །སྐྱེ་རྒུའི་བསོད་ནམས་གཉེན་དུ་ཡུན་རིང་གནས་གྱུར་ཅིག །ཆོས་ཉིད་གདོད་ནས་འགྱུར་མེད་བདེན་པའི་སྟོབས་དང་ནི། །ཆོས་ཅན་བདེན་པ་མི་བསླུའི་རྟེན་འབྱུང་ལ་བརྟེན་ནས། །འདིར་ནི་སྨོན་པའི་ས་བོན་དཀར་པོ་གང་བཏབ་པ། །འགྲུབ་པའི་མཐུན་འགྱུར་བླ་མ་རྩ་གསུམ་ལྷ་ཡིས་མཛོད། །དེ་ལྟར་ལེགས་བྱས་ཀྱི་མཆོག་རྒྱ་ཆེན་པོ་བསྐྲུན་པའི་དགེ་ཚོགས་འཁོར་གསུམ་གྱི་མཚན་མ་ལས་འདས་པའི་དབྱིངས་སུ་བསྔོ་བ་དང་འདོད་དོན་སྨོན་ལམ་ཚིགས་སུ་བཅད་པའི་ཕྲེང་བ་ཅུང་ཟད་བསྟར་ནས། སླར་ཡང་སྨྲས་པ། ཤྲཱི་ཤྲཱི་ཤྲཱི། མི་འགྱུར་ཀློང་ཡངས་ཀ་དག་བུམ་པ་སྐུ་ཡི་དབྱིངས། །རང་སྣང་ལྷུན་གྲུབ་ཞིང་སྐུའི་བཀོད་པའི་ཉི་ཟླ་འབར། །མ་ངེས་འགྲོ་འདུལ་ཐུགས་རྗེའི་ཟེར་སྤྲིན་མུ་མེད་སྤྲོ། །སྐུ་གསུམ་བླ་མ་མཁའ་འགྲོའི་ཚོགས་ཀྱིས་བཀྲ་ཤིས་སྩོལ། །དཀོན་མཆོག་རིན་ཆེན་འགྲོ་བའི་བླ་མ་རྐང་གཉིས་གཙོ། །དམ་ཆོས་བདུད་རྩི་སྲིད་པའི་ནད་འཇོམས་སྨན་ཆེན་པོ། །རིག་གྲོལ་ཡོན་ཏན་འབྲས་སྨིན་དགེ་འདུན་དཔག་བསམ་དབང་། །མཆོག་གསུམ་བཀྲ་ཤིས་ཉིན་མཚན་ཀུན་ཏུ་འབར་གྱུར་ཅིག །ཀུན་ཏུ་བཟང་པོ་རྡོ་རྗེའི་སློབ་དཔོན་ཚུལ་སྣང་བ། །པདྨ་འོད་གསལ་མདོ་སྔགས་གླིང་དང་མཆོག་གྱུར་མགོན། །པདྨཱཀ་ར་འཆི་མེད་གཡུང་དྲུང་གླིང་པ་ཡི། །ཐུགས་རྗེའི་བཀྲ་ཤིས་ནོར་བུའི་དགའ་ཆར་གཏིབས་གྱུར་ཅིག །བརྒྱུད་གསུམ་བླ་མའི་བྱིན་རླབས་སྤྲིན་ཕུང་ཀུན་ཏུ་དཀྲིགས། །ཡི་དམ་མཁའ་འགྲོས་དངོས་གྲུབ་བདུད་རྩིའི་ཆར་དུ་འབེབ། །ཆོས་སྐྱོང་སྲུང་མས་ཕྲིན་ལས་ཐོགས་མེད་ཡིད་བཞིན་སྒྲུབ། །རྩ་གསུམ་བཀྲ་ཤིས་ནུབ་མེད་རྟག་པར་འཆར་གྱུར་ཅིག །བསོད་ནམས་དཔལ་གྱིས་འབྱོར་པའི་རྒྱ་མཚོ་མཐའ་བྲལ་ཟབ། །བཤད་སྒྲུབ་ལང་ཚོ་རྫོགས་པའི་ཐུབ་བསྟན་ལྷུན་པོ་བརྗིད། །བསྟན་འཛིན་སྐྱེས་མཆོག་རྒྱུ་སྐར་ཕྲེང་བས་མཛེས་པ་ཡི། །བཀྲ་ཤིས་དམ་པས་ཀུན་ཏུ་བདེ་ལེགས་བྱེད་གྱུར་ཅིག །ལྷ་རྣམས་དགྱེས་པའི་དགེ་ལེགས་མཚན་མས་ལྗོངས་ཀུན་བདེ། །ཀླུ་དབང་དགའ་བས་དུས་སུ་ཆར་འབེབ་ལོངས་སྤྱོད་འཕེལ། །མི་རྣམས་དགེ་བཅུའི་ཆོས་ལ་སྤྱོད་ཅིང་བདེ་སྐྱིད་ལྡན། །ཕུན་སུམ་ཚོགས་པའི་བཀྲ་ཤིས་རྟག་ཏུ་རྒྱས་གྱུར་ཅིག །ཡིད་བཞིན་ནོར་ལྟར་སྐྱེ་རྒུའི་རེ་བ་རྫོགས་བྱེད་པ། །བྱང་ཆུབ་སེམས་ཀྱི་ཕྲིན་ལས་མཁའ་དབྱིངས་ཁྱབ་པའི་མཐུས། །འཕྲལ་དང་ཡུན་དུ་སྲིད་ཞིའི་དགེ་ལེགས་ཀུན་འཇོ་བའི། །བཀྲ་ཤིས་དཔལ་འབར་ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག །དེ་ལྟར་བདེ་བར་གཤེགས་པའི་བསྟན་པ་རྒྱ་མཚོའི་ཡང་སྙིང་། རིག་པ་འཛིན་པའི་སྡེ་སྣོད་སྔ་འགྱུར་ཟབ་མོ་རིན་པོ་ཆེ་གཏེར་གྱི་མཛོད་ཆེན་པོའི་ཆོས་སྡེ་སྤར་དུ་ཇི་ལྟར་འདུ་བགྱིས་པའི་ཚུལ་གྱི་རྟོགས་པ་བརྗོད་པའི་ཕྲེང་བ་ལྷའི་རྔ་བོ་ཆེའི་སྒྲ་དབྱངས་རྒྱ་མཚོ་མཐའ་ཡས་པའི་སྤྲིན་གྱི་བླ་བྲེ་ཞེས་བྱ་བའང་། རྡོ་རྗེའི་མཆེད་པོ་རྣམས་ཀྱི་བཀས་བསྐུལ་བ་དང་ཁྱད་པར་ཨ་ཏིའི་རྣལ་འབྱོར་པ་ཟང་ཐལ་དྲི་མེད་ནས་ནན་གྱིས་བསྐུལ་བ་དོན་ཡོད་པ་དང་། སྦྱིན་པའི་བདག་པོ་རྣམས་ཀྱི་རེ་བ་རྫོགས་པའི་སླད་དུ་ཉུང་ངུའི་ཚིག་གི་ཕྲེང་བ་འདུ་བགྱིས་པ་པོ། སངས་རྒྱས་ཀརྨ་པའི་མཚན་གྱི་ཟེགས་མ་སྤྱི་བོར་ལྷུང་བའི་སྐྱེས་རབས་བཅོ་ལྔ་པར་འབོད་ཅིང་། འཇམ་མགོན་ཉི་ཟླ་ཟུང་གི་བཀའ་འབངས་ཀྱི་གྲལ་མཐར་བསྙེགས་པས་ཡོངས་སུ་རྫོགས་པའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་རྒྱུ་མཚན་ཤེས་པའི་དད་པ་ཐོབ་ཅིང་། བྱང་ཆུབ་སེམས་ལ་ནན་ཏན་དུ་སློབ་པའི་ཀུན་ཏུ་རྒྱུ་མཁའ་ཁྱབ་བདེ་བའི་རྡོ་རྗེར་འབོད་པའི་རིག་འཛིན་གྱི་བཙུན་པས་རྒྱལ་བ་དོན་ཀུན་གྲུབ་པ་གཤེགས་ནས་བགྲང་བྱ་ཉིས་སྟོང་བདུན་བརྒྱ་དགུ་བཅུ་གོ་གསུམ་སོན་པ། མཚུར་རྩིས་པ་རྣམས་ཀྱིས་འདོད་ལ། མཉམ་མེད་དཔལ་ལྡན་ཨ་ཏི་ཤའི་བཞེད་པ་ལྟར་ན་བགྲང་བྱ་བཞི་སྟོང་སུམ་བརྒྱ་བདུན་ཅུ་དང་ལྷག་མ་དགུའི་སྟེང་དུ་སོན་པ། རབ་བྱུང་བཅོ་ལྔ་པའི་མེ་ཕོ་འབྲུག་གི་ལོར། ས་སྤྱོད་ཐུགས་ཀྱི་འཁོར་ལོའི་ཕོ་བྲང་མཚུར་མདོ་བོ་ལུང་གི་གཙུག་ལག་ཁང་ཆེན་པོར་སྦྱར་བ་བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་གྱུར་ཅིག །སརྦ་དཱ་ཤུ་བྷཾ་མསྟུ་ཏྲི་ལོ་ཀེ་ཏུ།། །།
ཛཱ་བཱིར་གྱི་རླུང་ཁྲིད་འཇའ་ལུས་མངོན་གྱུར་ (Volume 31, Text 2)
༄༅། །ཛཱ་བཱིར་གྱི་རླུང་ཁྲིད་འཇའ་ལུས་མངོན་གྱུར་ཞེས་བྱ་བ་བཞུགས། །བརྒྱུད་པ་དང་པོ། ན་མོ་གུ་རུ་ཛཱ་ཧ་བཱིར་ཡ། གང་གི་བཀའ་དྲིན་བདག་ལ་ནོད་པ་ཡིས། །སྙིང་མུན་སེལ་བའི་སྒྲོན་མེ་རབ་སྦར་ནས། །སྟོང་གསུམ་གསལ་མཛད་རྗེ་བཙུན་བླ་ན་མེད། །གྲུབ་མཆོག་བློ་བཟང་བྱམས་པར་གུས་པས་འདུད། །རྒྱ་གར་ཤར་ཕྱོགས་གྲུབ་ཆེན་ཛཱ་བཱིར་ནས། །རིམ་པར་བརྒྱུད་པའི་རླུང་ཁྲིད་དག་སྣང་མའི། །ཉམས་ལེན་མདོ་ཙམ་འབྲི་བར་བྱེད་པ་ལ། །བཀའ་སྲུང་དྲང་སྲོང་བརྒྱད་ཀྱིས་གནང་བ་སྩོལ། །ངེས་འབྱུང་ལྷག་བསམ་སྔོན་སོང་རྣལ་འབྱོར་པ། །ཚེ་འདི་བློས་བཏང་རླུང་ཁྲིད་ཟབ་མོའི་དོན། །སྐལ་ལྡན་འགའ་ལ་ཕན་ཕྱིར་ལྷག་བསམ་གྱིས། །ཟབ་མོ་རླུང་གི་བཅུད་ལེན་ཉམས་ཁྲིད་བཤད། །དེ་ལ་སྦྱོར་དངོས་མཇུག་གསུམ་ལས། དང་པོ་སྦྱོར་བ་ནི། རང་ཉིད་གང་དུ་འདུག་པའི་གནས་ཁང་དེ་ཉིད་ཀྱང་རང་གར་གྲུབ་པ་མ་ཡིན་པ་ངོ་བོ་པདྨ་བཀོད་པའམ་བདེ་བ་ཅན་ཡིན་པ་ལ། རྣམ་པ་ས་ཆུ་མེ་རླུང་ནམ་མཁའ་ལྔའི་བཅུད་རིམ་བཞིན་སེར་དཀར་དམར་ལྗང་སྔོ་བའི་འཇའ་ཚོན་སྣ་ལྔའི་རང་བཞིན་དུ་བསམ། རང་ཡང་ཐ་མལ་དུ་གནས་པ་མ་ཡིན་པར་རང་ལུས་འཇའ་ཚོན་གྱི་རང་བཞིན་རྣམ་སྣང་གི་ཆོས་བདུན་དུ་བཅས་པའི་ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་ཁ་དོག་སྔོན་པོ་བཻ་ཌཱུརྻ་ལྟ་བུ་ཁྱད་ཆོས་བཞི་ལྡན། རྩ་རྩེ་རྦད་ཀྱིས་བཅད་པ། སྦ་མཁར་འབྲིང་པོ་ཙམ། ཡར་སྣ་ཚངས་བུག་དང་མར་སྣ་གསང་གནས་སུ་ཟུག་པ། གཡས་གཡོན་དུ་རིམ་པ་ལྟར་རོ་རྐྱང་གཉིས་ཁ་དོག་དཀར་དམར་མདའ་སྨྱུག་ཙམ་གྱི་ཡར་སྣ་རྣ་བ་གཉིས་སུ་སྦལ་པའི་ཁ་གདངས་པ་ལྟ་བུ། མར་སྣ་དབུ་མར་ཟུག་པ་ཡི་གེ་ཆ་ལྟ་བུ། རྩ་དེ་གསུམ་ལུས་ཀྱི་ཀ་བའི་ཚུལ་དུ་གནས་པ། འཇའ་ཚོན་སྣ་ལྔར་བསྒོམས་ཀྱང་ཆོག །གཞན་རྒྱ་རྩ་ཉི་ཁྲི་ཆིག་སྟོང་སྒལ་ཚིགས་རེ་ལ་གདུང་མ་རྒྱུག་པའི་དྲལ་མའི་ཚུལ་དུ་ཡོད་པའམ། ཡང་ན་རྩ་ཕྲན་ཉི་ཁྲི་ཆིག་སྟོང་གྲོ་སོག་འབྲིང་པོ་ཙམ་གྱི་རྩ་བ་རྣམས་འཁོར་ལོ་ལྔའི་གནས་རྣམས་སུ་ཟུག་པ། རྩེ་མོ་ནས་བ་སྤུ་ཉི་ཁྲི་ཆིག་སྟོང་སྐྱེས་པ་རྣམས་ཀྱང་འཇའ་ཚོན་ལྔའི་རང་བཞིན་ནམ། ཡང་ན་འཇའ་དཀར་པོའི་རང་བཞིན་གདུང་མ་ལ་རྒྱུག་པའི་དྲལ་མའི་ཚུལ་དུ་བསམ། རྒྱས་པར་སྤྲོ་ན་རྩ་འཁོར་ཕྲན་རགས་པ་རྣམས་བླ་མེད་ལྟར་གསལ་བཏབ། སྐྱབས་ཡུལ་དང་བླ་མའི་རྣལ་འབྱོར་ལྷན་ཅིག་བསྐྱེད་པ་ནི། རང་གི་སྤྱི་བོར་ཁྲི་སྙན་ས་ལེའི་པགས་པའི་སྟེང་དུ། དྲིན་ཆེན་རྩ་བའི་བླ་མ་རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་གྲུབ་ཐོབ་ཛཱ་ཧ་བཱི་རའི་རྣམ་པ་ཅན་འཕོངས་ཀྱིས་ཚངས་བུག་དང་། ཞབས་རྟིང་གཉིས་ཀྱིས་རོ་རྐྱང་གཉིས་ཀྱི་ཁ་བཀག་པ་འཇའ་ཚོན་གྱི་རྣམ་པར་བཞུགས་པའི་ཕྱག་གཉིས་མཛོད་སྤུར་ཐལ་མོ་སྦྱར་བ། ཨང་རག་དང་། སྒོམ་ཐག་དམར་པོ་ན་བཟའ་དཀར་པོ་དབུ་སྐྲ་མཐིང་ག་ཐོར་ཅོག་ཕྱེད་བཅིངས་བྱས་པ། ཁྲི་སྙན་གྱི་པགས་པ་ཉིས་བལྟབས་བྱས་པ་ཕྲག་པ་གཡོན་དུ་བཀལ་བའི་མགོ་བོས་ནུ་མ་གཡོན་པ་བཀབ་པ། སྟག་ལྤགས་ཀྱི་ཤམ་ཐབས་དང་རུས་པའི་རྒྱན་དྲུག་གསོལ་བ། དེ་ཐམས་ཅད་ཀྱང་འཇའི་རང་བཞིན་ཅན། ཞལ་ནས་ཁྲི་སྙན་གྱི་རྭ་དུང་འབུད་པའི་སྒྲ་ལས། ཛཱ་བཱི་རའི་ཕྱི་ནང་གསང་གསུམ་གྱི་ཆོས་ཀྱི་སྒྲ་ཕྱོགས་བཅུར་སྒྲོག་པར་བསམ། དེའི་དབུ་གཙུག་ཏུ་ཁྲི་སྙན་གྱི་པགས་པའི་སྟེང་དུ་མཆོག་སྤྲུལ་རིན་པོ་ཆེ་བློ་གསལ་བསྟན་སྐྱོང་། དེའི་དབུ་གཙུག་གི་གདན་སྟེང་དུ་རྗེ་བཙུན་འཆི་མེད་གྲུབ་པའི་དབང་མོ་དཔལ་ལྡན་བཟང་མོ་ནས། མ་ཧཱ་ནཱ་ཐའི་བར་བླ་མ་ཐམས་ཅད་གྲུབ་ཐོབ་ཛཱ་ཧ་བཱི་རའི་རྣམ་པ་ཅན་དང་། ཡང་ན་རྩ་བའི་བླ་མ་ནས་རྒྱལ་དབང་རཏྣའི་བར་ཕལ་ཆེར་རབ་བྱུང་གི་རྣམ་པ་ཅན་ཆོས་གོས་གསུམ་དང་། པཎྜི་ཏ་བཛྲ་ནཱ་ཐ། གྲུབ་ཆེན་ཛཱ་ཧ་བཱི་ར། གྲུབ་ཆེན་མ་ཧཱ་ནཱ་ཐ་གསུམ་གྲུབ་ཐོབ་ཀྱི་རྣམ་པ་ཅན་ཨང་རག་སྒོམ་ཐག་སོགས་གསོལ་བ་རྣམས་ཐོ་བརྩེགས། མ་ཧཱ་ནཱ་ཐའི་སྤྱི་བོར་པདྨ་འདབ་མ་སྟོང་ལྡན་ཉི་ཟླའི་སྟེང་དུ་སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ་ཟ་ཧོར་གྱི་ཆ་ལུགས་འཇའ་ཚོན་སྣ་ལྔའི་རང་བཞིན་ཅན། དེའི་སྤྱི་བོར་པད་ཟླའི་སྟེང་དུ་ལོངས་སྐུ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པའི་རྣམ་པ་ཅན་སྐུ་མདོག་གངས་རི་ལྟར་དཀར་བ། དེའི་སྤྱི་བོར་པད་ཟླའི་སྟེང་དུ་ཆོས་སྐུ་སྣང་བ་མཐའ་ཡས་སྐུ་མདོག་བྱེ་རུའི་མདོག་འདྲ་བ་ཕྱག་གཉིས་མཉམ་གཞག་ཅན་རྣམས་གསལ་བར་བསྒོམ་ཞིང་། རང་གི་གཡས་གཡོན་དུ་ཚེ་འདིའི་ཕ་མས་ཐོག་དྲངས་པའི་མ་གྱུར་སེམས་ཅན་ཐམས་ཅད་ཀྱང་འཇའ་ལུས་ཀྱི་རང་བཞིན་དུ་བསམ་ནས་འཇའ་ལུས་མཁའ་སྤྱོད་སོགས་འདོད་ཡུལ་བྱས་ཏེ། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་དང་སྤྲོ་ན་ཡན་ལག་བདུན་དང་། མཎྜལ་འབུལ། བདག་སོགས་འགྲོ་བ་སེམས་ཅན་རྣམས། །བླ་མ་རྣམས་ལ་སྐྱབས་སུ་མཆི། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །དམ་ཆོས་རྣམས་ལ་སྐྱབས་སུ་མཆི། །དགེ་འདུན་རྣམས་ལ་སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བྱས་ནས། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ལན་བདུན་ནམ་གསུམ་མམ་གཅིག་བརྗོད། བླ་མ་དཀོན་མཆོག་རྣམ་གསུམ་ལ། ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐུལ། །གསོལ་འདེབས་དགེ་ཚོགས་བྱང་ཆེན་བསྔོ། །ཕྱི་ནང་སྣོད་བཅུད་ལོངས་སྤྱོད་རྣམས། །དཀོན་མཆོག་གསུམ་ལ་གུས་པས་འབུལ། །རང་གཞན་ཚོགས་གཉིས་རབ་རྫོགས་ཤིང་། །ཡང་དག་འཇའ་ལུས་མྱུར་ཐོབ་ཤོག །དེ་ནས་དབྱངས་དང་བཅས་པས་གསོལ་བ་འདེབས་པ་ནི། ན་མོ། ཀ་དག་རང་བྱུང་ཉིད་ཀྱི་ཕོ་བྲང་དུ། །ཆོས་སྐུ་འོད་མི་འགྱུར་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད་འཇའ་ལུས་འགྲུབ་པ་དང་། །ཚེ་འདིར་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས།་་་ཚིག་འོག་མ་གཉིས་ཀུན་ལ་འགྲེ། ལྷུན་གྲུབ་བདེ་བ་ཆེན་པོའི་ཕོ་བྲང་དུ། །ལོངས་སྐུ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ ཐུགས་རྗེ་ཕྱོགས་ལྷུང་བྲལ་བའི་ཕོ་བྲང་དུ། །སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ འཁྲུལ་པའི་མཚན་མ་རང་གྲོལ་ཕོ་བྲང་དུ། །མ་ཧཱ་ནཱ་ཐའི་ཞབས་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ རྩ་གསུམ་བདེ་བ་ཆེན་པོའི་ཕོ་བྲང་དུ། །གྲུབ་ཆེན་ཛཱ་ཧ་བཱིར་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ སྐུ་དང་ཡེ་ཤེས་མཐར་ཕྱིན་ཕོ་བྲང་དུ། །བཛྲ་ནཱ་ཐའི་ཞབས་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ གཞོ་སྟོད་ཏི་སྒྲོ་བྲག་གི་རི་ཁྲོད་དུ། །རྒྱལ་དབང་རཏྣའི་ཞབས་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ གནས་ཆེན་ཟབ་ཕུ་ལུང་གི་ཕོ་བྲང་དུ། །རྫོགས་ཆེན་སངས་རྒྱས་ཚུལ་ཁྲིམས་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ མཁའ་ཁྱབ་བསམ་གཏན་གླིང་གི་དགོན་པ་རུ། །མཁས་མཆོག་འོད་གསལ་རྒྱ་མཚོ་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ གང་ཤར་བདེ་བ་ཆེན་པོའི་ཕོ་བྲང་དུ། །རས་ཆེན་ཆོས་རྒྱལ་ལྷུན་གྲུབ་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ སྤྱི་བོ་བདེ་བ་ཆེན་པོའི་ཕོ་བྲང་དུ། །བྱམས་མགོན་ཚུལ་ཁྲིམས་གྲགས་པ་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ སྙིང་ག་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །འདྲེན་མཆོག་སངས་རྒྱས་ཤེས་རབ་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ ལྟེ་བ་སྤྲུལ་པ་སྐུ་ཡི་ཕོ་བྲང་དུ། །འཇམ་དབྱངས་བྱམས་པ་ཀུན་དགའ་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ ལྷུན་གྲུབ་སྐུ་གསུམ་འདུས་པའི་ཕོ་བྲང་དུ། །འདྲེན་མཆོག་བློ་བཟང་ཆོས་རྒྱན་ལ་གསོལ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ དབེན་གནས་བྱང་ཆུབ་ཆེན་པོའི་ཕོ་བྲང་དུ། །འདྲེན་མཆོག་ལྷ་པའི་མཚན་ཅན་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད་འཇའ་ལུས་འགྲུབ་པ་དང། །ཚེ་འདིར་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། ཁ་སྐོང་ནི། བྱང་ཆེན་ཐར་པ་ཆེན་པོའི་རི་ཁྲོད་དུ། །མཁས་གྲུབ་བློ་བཟང་བསྟན་འཛིན་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ ཡང་དབེན་བསམ་གཏན་སྒང་པའི་གཟིམས་སྤྱིལ་དུ། །བཤེས་གཉེན་ཡེ་ཤེས་རྒྱལ་མཚན་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ དགའ་ལུང་འཆི་མེད་གྲུབ་པའི་དབེན་གནས་སུ། །རྗེ་བཙུན་དཔལ་ལྡན་བཟང་མོ་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ མཁས་པའི་འབྱུང་གནས་ཞྭ་ལུ་རི་ཕུག་ཏུ། །རིན་ཆེན་བློ་གསལ་བསྟན་སྐྱོང་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ རིས་མེད་མཁས་གྲུབ་འདུ་བའི་བསྟི་གནས་སུ། །འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ བཀོད་པ་བྱང་ཆུབ་སེམས་ཀྱི་ཕོ་བྲང་དུ། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ གསང་གནས་བདེ་བ་རྒྱས་པའི་ཕོ་བྲང་དུ། །བཀའ་སྲུང་དྲང་སྲོང་སྡེ་བརྒྱད་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད་འཇའ་ལུས་འགྲུབ་པ་དང་། །ཚེ་འདིར་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པས། འོད་དཔག་མེད་ནས་རེ་རེ་བཞིན་རིམ་པར་འཇའི་རང་བཞིན་དུ་རྩ་བའི་བླ་མའི་བར་ཐིམ་པར་དམིགས་ནས་འཇོག་ལ། དེ་ནས། ན་མོ་ཛཱ་ཧ་བཱིར། ཞེས་པའི་སྔགས་བདུན་ནམ། ཉེར་གཅིག་བརྗོད་ནས། ལག་པ་གཡོན་པའི་སྲིན་མཛུབ་ཀྱིས་ལྕེ་ཐོག་ནས་མཆིལ་མ་བླངས་པ་སྨིན་མཚམས་སུ་ཐིག་ལེ་བྱས་པས། དེ་ཁྲི་སྙན་ས་ལེའི་པགས་པར་གྱུར་པའི་སྟེང་དུ་ཛཱ་ཧ་བཱིར་མཐེབ་ཚོན་གང་པ་བཞེངས་པ་གཅིག་བསྐྱེད་པའམ། ཕྲ་བ་ནས་རྡོག་ཙམ་ཞིག་བཞེངས་སྟབས་ཀྱིས་བཞུགས་པ་དེས་གེགས་སེལ་ཞིང་། ཟས་ཀྱི་དངོས་གྲུབ་སྟེར་བར་བསམ་མོ། །གཉིས་པ་དངོས་གཞི་ལ་བདུན། ཟས་སུ་ཟ་བ། གོས་སུ་གྱོན་པ། གདན་དུ་འདིང་བ། ཚེ་བསྲིང་བ། བྱིན་རླབས་དབང་བཞི་ལེན་ཚུལ། སྐོམ་དུ་བཏུང་བ། གེགས་སེལ་བ་རྣམས་སོ། །དང་པོ་ཟས་སུ་ཟ་བ་ལ་གཉིས་ཏེ། རླུང་ཞི་བ་སྒྲ་མེད་དུ་ཟ་བ་དང་། དྲག་པོ་སྒྲ་བཅས་སུ་ཟ་བའོ། །དང་པོ་རླུང་ཞི་བ་སྒྲ་མེད་དུ་ཟ་བ་ནི། ཕྱིའི་འབྱུང་བ་ལྔའི་བཅུད་རྣམས་མདུན་གྱི་ནམ་མཁར་འཇའ་ཚོན་སྣ་ལྔའི་རང་བཞིན་དུ་གསལ་བ། ནང་རླུང་གིས་འཐེན་ནས་རང་གི་ཁར་རྔུབས་ཏེ་ཟ་བ་དང་། གཉིས་པ་རླུང་དྲག་པོར་ཟ་བ་ནི། མགྲིན་པ་ཅུང་ཟད་བཏེགས་ནས་ཁ་གདངས་པས་གཡོན་ནས་གཡས་སུ་བསྐོར་ནས་ལན་གསུམ་ཙམ་ཧབ་ཧབ་བྱས་ཏེ་འགྲམ་ཕུགས་བཏིག་ནས་མཆིལ་མ་དང་ལྷན་དུ་སྡིག་བསྒྱུར་བྱ་ཞིང་། ཅུང་ཟད་དེ་དགང་བས་ལུས་ཀྱི་ནང་ཐམས་ཅད་འཇའ་ཚོན་གྱིས་ཁྲིག་མེར་ཏེ་གང་བར་བསམ་ཞིང་། བཅུད་རྣམས་རླུང་འཇའ་ཚོན་སྣ་ལྔ་ཟ་བའི་སྐབས་ལྟར་ལ་ཟས་མེད་པས་ཆོག་པར་བྱེད། ཅི་སྟེ་མ་ཆོག་ན་ཇ་ཕོར་གང་དོས་ཁྲིད། བཟའ་བཅའ་བཏུང་བ་དང་སྣང་བ་ཐམས་ཅད་ཀྱང་འཇར་བསྒོམ། འཇའི་མཚན་ཉིད་ཀྱང་གོང་དུ་བསྟན་པ་ལྟར་གོང་འོག་ཐམས་ཅད་དུའོ། །གཉིས་པ་གོས་སུ་གྱོན་པ་ནི། རླུང་སྔར་ལྟར་ཟོས་པས་ལུས་ནང་དུ་མ་ཤོང་བར་རོ་རྐྱང་དབུ་གསུམ་གྱི་ཁ་ནས་ཐོན་པས་བླ་མ་ཛཱ་ཧ་བཱིར་འདོམ་གང་ཙམ་འཕགས་ནས་འཇའི་སྟེང་དུ་བཞུགས། དེ་ནས་ཀྱང་ལུས་ཀྱི་ནང་དུ་མ་ཤོང་བར་རྩ་ཕྲན་ཉི་ཁྲི་ཆིག་སྟོང་གི་ཁ་དང་ཁྱད་པར་སྤྱི་བོ་ནས་ལུད་པ་བདེ་དྲོད་དང་བཅས་པས་ལུས་ལ་འཇའ་དགུ་བརྩེགས་ཀྱི་གོས་ཁྲ་ཤིག་ཤིག་གཡོགས་པས་བདེ་དྲོད་འབར་བར་བསམ་ཞིང་། གོས་ཐམས་ཅད་ཀྱང་འཇའ་ཚོན་དུ་བསྒོམ་མོ། །གསུམ་པ་གདན་དུ་འདིང་བ་ནི། རླུང་སྔར་ལྟར་ཟོས་པས་ལུས་ནང་དུ་མ་ཤོང་བར་འོག་སྒོ་གཉིས་དང་། ལུས་སྨད་ཀྱི་བ་སྤུའི་བུ་ག་རྣམས་ནས་སྡོམ་གྱི་ཐག་པ་ལྟར། ཤིན་ཏུ་ཕྲ་བ་འཇའི་རྣམ་པར་འཕྲོས་པའི་རྩེ་མོ་ལྕགས་ཀྱུ་ལྟ་བུས་འོག་གཞི་དབང་ཆེན་གསེར་གྱི་ས་གཞི་ནས་འབྱུང་བ་ལྔའི་བཅུད་རྣམས་འཇའ་སྣ་ལྔའི་རང་བཞིན་དུ་བསྡུས་པས། དབྱར་དུས་ས་རླངས་རྒྱས་པ་ལྟར་སྟོང་གསུམ་གང་བ་ཐམས་ཅད་རིམ་གྱིས་གླིང་བཞི་དང་། འཛམ་གླིང་དང་། ཡུལ་ཕྱོགས་གནས་ཁང་རྣམས་སུ་འདྲིལ། མཐར་རང་གི་མལ་ཁེངས་པས་ལུས་ཀྱི་ནུ་མ་མན་བཏུམས་ནས་ལུས་ལ་བདེ་དྲོད་འབར་བར་བསམ་ཞིང་། གདན་ཐམས་ཅད་འཇར་བསྒོམ། བཞི་པ་ཚེ་བསྲིང་བ་ནམ་མཁའ་ཟས་སུ་ཟ་བ་ནི། ནམ་མཁའ་ལ་ལྟ་སྟངས་གཏད་དེ། ཧཱུྃ་ཞེས་བརྗོད་ནས་རླུང་ཟོས་པས་འཛམ་གླིང་གི་ནམ་མཁའི་ཁམས་ཐམས་ཅད་འཇའ་བཻ་ཌཱུརྻའི་མདོག་ལྟ་བུ་བྱུང་བ་མདུན་གྱི་ནམ་མཁར་ཧཱུྃ་མཐིང་ག་མཁྱུད་གང་ཙམ་དུ་གྱུར་པ་རླུང་ཞབས་གཅོད་པ་དང་། མཉམ་དུ་བྱུང་བས་ཚེའི་བདུད་རྩི་སྔོན་པོར་ཞུ་ནས་ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་མེད་ཚེའི་རིག་འཛིན་ཐོབ་པར་བསམ་མོ། །ལྔ་པ་བྱིན་རླབས་དབང་བཞི་ལེན་ཚུལ་ནི། རླུང་སྔར་ལྟར་ཟོས་པས་ལུས་ནས་འཇའ་ཚོན་མཆོད་སྤྲིན་གྱི་རྣམ་པར་ཕྱོགས་བཅུར་འཕྲོས། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་མཉེས་པར་བྱས། དེ་རྣམས་ཀྱི་གནས་ལྔ་ནས་ཡེ་ཤེས་ལྔ་འཇའ་ཚོན་སྣ་ལྔའི་རྣམ་པར་སྤྱན་དྲངས་པ་རང་གི་གནས་ལྔར་ཐིམ་པས་སྒྲིབ་བཞི་དག་ཅིང་དབང་བཞི་ཐོབ་ནས་སྐུ་བཞི་ཐོབ་པའི་མོས་པ་ཅི་བརྟན་བྱའོ། །དྲུག་པ་སྐོམ་དུ་བཏུང་བ་ནི། སྣང་བ་ཐམས་ཅད་ཆུར་བསྒོམ་ཞིང་། ཁྱད་པར་བྲག་གཡང་མཐོན་པོའི་ཆུ་ཤིན་ཏུ་བསིལ་བ་ཤང་སྒྲ་དང་བཅས་ནམ་མཁའ་ནས་བྱུང་བར་བསམ་ཞིང་། རླུང་སོ་ལ་བཤད་ནས་སྐོམ་དུས་སུ་བཏུང་བའོ། །བདུན་པ་གེགས་སེལ་བ་ནི། སྒྲ་མེད་ཞི་བར་ཟ་སྐབས། ལུས་གནད་མ་ངེས་འཕོངས་ཅུང་ཟད་བཏེག་མགུལ་པ་གྱེན་ལ་བརྐྱངས་ནས་ཟོས་པས། དྲག་པོར་ཟོས་པའི་གེགས་དམར་ཐོམ་སོགས་སེལ། ཧབ་ཟས་ཀྱི་སྐབས། ལུས་གནད་གོང་ལྟར་ལ་ཧབ་ཅེས་རྦད་ཀྱིས་བཅད་ནས་ཟ་ཞིང་བྲང་ལ་ཁུ་ཚུར་བྱས་པས་རླུང་སྟོད་དུ་ཕྱུར་པ་དང་། འཚངས་པ་སེལ་ལོ། །བཙན་ཐབས་སུ་ཟ་སྐབས། ཡ་རྐན་གྱི་སྟེང་ནས་འབེབས་པ་དང་། མགྲིན་པ་བགུག་ནས་འདེགས་པ་གཉིས་ཀྱིས་ངལ་དུབ་སེལ་བའོ། །སྒྲེགས་སྐྱུག་གནོན་ཞིང་འོག་རླུང་མི་གཏང་བ་གནད་ཆེ། འདི་རྣམས་གེགས་སེལ་ཡིན་ཞིང་། དངོས་གཞི་དྲག་ཟས་རང་ལ་འབད་དོ། །འདིའི་སྐབས་འགྲོ་འདུག་དགོས་དུས་འཇའ་དཀར་པོའི་སྟེང་དུ་འགྲོ་བའི་དམིགས་པ་བྱེད། སྔ་ཐུན་ལ་ཐོག་མར་ངག་མི་གཏང་བར་རླུང་རོ་དགུ་ཕྲུགས་སུ་འབུད་ཅིང་། དགེ་སེམས་དང་ལྡན་པས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་ནས་བཟུང་ཐུན་དྲུག་གི་སྐབས་སོ་སོའི་དམིགས་པ་དང་། རླུང་ཟས་གཉིས་ལ་འབད་པ་གལ་ཤིན་ཏུ་ཆེ། ཐུན་ཐ་མར་ཉལ་བར་ཕྱོགས་པ་དང་། སྤྱི་བོའི་བླ་མ་སྨིན་མཚམས་ཀྱི་གྲུབ་ཆེན་ཛཱ་བཱིར་ལ་བསྟིམ་ཞིང་ཅི་གནས་སུ་མཉམ་པར་གཞག །རླུང་དེ་ཉིད་བུམ་པ་ཅན་དུ་འཛིན་ན་བླ་མ་རྣམས་འཇའ་ཚོན་གྱི་རྣམ་པར་རང་ལ་ཐིམ་ནས་བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་འདྲེས་འཇའ་ལུས་ཕྱི་གསལ་ནང་གསལ་དུ་མཉམ་པར་བཞག །བདག་ལུས་ཛཱ་བཱིར་དུ་གསལ་བའི་ལུས་ནང་དུ། རྩ་དབུ་མའི་ཡར་རྩེ་སྤྱི་བོར་ཟུག་པ་མར་སྣ་ལྟེ་འོག་གཉེ་བོ་ཆེར་ཟུག་པ་མཚན་ཉིད་བཞི་དང་ལྡན་པ། དེ་ཡང་ཏིལ་གྱི་མར་མེ་ལྟར་གསལ་བ། རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་དམར་བ། པདྨའི་འདབ་མ་ལྟར་སྲབ་པ། ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། དེ་ཡང་རྟ་རྔ་ཙམ་ནས་མདའ་སྨྱུག་ཙམ། སྦ་ལྕག་ཙམ་པ། ལུས་རིལ་པོ་དབུ་མ། དེ་རྒྱ་ཇེ་ཆེར་སོང་། ནམ་མཁས་གར་ཁྱབ་དབུ་མས་ཁྱབ་པར་བསམ། སླར་ཡང་ཇེ་ཕྲ་ལ་སོང་། སྦ་ལྕག་ཙམ་དུ་གསལ། གཡས་སུ་རོ་མ་དམར་མོ་ཡར་སྣ་སྣ་བུག་གཡས་ལ་ཟུག་པ་དང་། གཡོན་ན་རྐྱང་མ་དཀར་མོ་ཡར་སྣ་སྣ་བུག་གཡོན་ལ་ཟུག་པ། གཉིས་ཀའི་མར་སྣ་དབུ་མའི་མར་སྣར་ཟུག་པ། དེ་ཡང་རྩ་གསུམ་གྱི་རྩ་བ་ཡི་གེ་ཆའི་འཕོངས་ལྟ་བུའོ། །རྩ་གསུམ་པོ་ལུས་ཀྱི་ཀ་བའི་ཚུལ་དུ་གནས་པའོ། །དེ་ལྟར་གནས་པའི་རྩ་དབུ་མ་ལ་མཁར་བཙལ་ཏེ་སྙིང་གར་ཆོས་ཀྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས། མགྲིན་པར་བརྒྱད་གཉིས་བཅུ་དྲུག །སྤྱི་བོར་སུམ་བརྒྱ་དྲུག་ཅུ། ལྟེ་བར་དྲུག་ཅུ་རྩ་བཞི། གསང་གནས་སུ་ཉི་ཤུ་རྩ་བརྒྱད། རྩ་འཁོར་དེ་རྣམས་གདུགས་ཀྱི་རྩིབས་མ་ལྟར་གསལ་བའོ། །དེ་ཐམས་ཅད་ཀྱང་དབུ་མའི་མཚན་ཉིད་ལྟར་གསལ་བའོ། །དབུ་མ་དེའི་ནང་དུ་མར་སྣར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། མི་ཤིགས་པའི་ཨ་ཐུང་སྐྲ་རྩེ་ཙམ་དབུ་མའི་ནང་དུ་ཚུད་པ་མེ་འོད་ཕྲོམ་ཕྲོམ་འབར་བ་ལ་ཤེས་པ་གཏད། དེའི་ངང་ནས་རླུང་རོ་དགུ་ཕྲུགས་སུ་འབུད་ཅིང་། དེ་ནས་རླུང་ནང་དུ་རྔུབ་སྟེ། ལྟེ་འོག་ཏུ་ཁ་སྦྱོར་བཟུང་ངོ་། །དམིགས་པ་ཨ་ཐུང་མེ་འོད་འཕྲོས་བ་ལ་གཏད་འོག་རླུང་བསྐུམ། རླུང་མི་ཐུབ་པ་དང་རྔུབ་ཆུང་བྱེད་ཅིང་དལ་བུས་སྣ་ནས་གཏང་། དེ་ལ་གོམས་པ་དང་མེ་ལྟེ་འོག་ཏུ་འབར་བ་ལ་དམིགས་པ་གཅིག དེ་ནས་སྙིང་ག་མགྲིན་པ་རྣམས་རེ་རེ་ལ་དམིགས་པ་རེ་རེ་བྱེད། དེ་དང་བསྟུན་ནས་རྔུབ་ཆུང་རེ་བསྣན་ཏེ་བསྒོམ། ལག་གི་མཛུབ་མོ་བསྣོལ་ཏེ་པུས་མོར་འཁྱུད་ལ་སྤྲུགས་པར་བྱའོ། །ཕོ་བ་བསྐོར་བ་བརྒྱ་རྩ་རེ་ཡང་བྱ། མགོ་བོའི་གཡས་གཡོན་གདུགས་ལྟར་བསྐོར། །གཡས་གཡོན་ཕྱོགས་བཞི་དག་ལ་འཕང་། །ལག་པ་གཡས་གཡོན་རེས་མོས་འཕང་། །རོ་སྟོད་གཡས་གཡོན་རེ་མོས་གཅུད། །སྨད་ལྡོམ་རྐང་པ་རེས་མོས་བཤད། །དེ་ལྟར་བརྩོན་འགྲུས་དྲག་པོས་འབད། །ཡང་རླུང་རྔུབ་སྟེ་ལུས་ཀྱི་ནང་ཐམས་ཅད་མེས་གང་། བ་སྤུའི་བུ་ག་ཐམས་ཅད་མེ་སྟག་ཕྲོམ་ཕྲོམ་ལ་ཤེས་པ་གཏད་ནས་རླུང་བསྒོམ། དེ་ནས་གང་མཐོང་གི་ས་དང་ནམ་མཁའ་ཀུན་མེས་གང་བར་བསམ་སྟེ་རླུང་དྲག་པོར་དགང་། རྔུབ་ཆུང་ལྔ་ལ་བརྡབ་སྤྲུགས་རེ་རེའམ་གསུམ་གསུམ་བྱེད། མཐར་དྲག་པོར་བུས། རྗེས་ལ་འཇམ་རླུང་གིས་ཁ་བརྒྱན་ནོ། །དེ་ནས་འཕྲུལ་འཁོར་རྣམས་ལ་འབད། དེས་ལུས་ཀྱི་རྩ་མདུད་གྲོལ་བས་ལུས་ལ་བདེ་དྲོད་སྐྱེའོ། །གསུམ་པ་རྗེས་ནི། གནས་སྐབས་དང་མཐར་ཐུག་གི་སྨོན་གནས་སུ་གྱུར་པ་འགྲུབ་ཅིང་དེ་ལས་བྱུང་བའི་དགེ་བ་རྣམས་འདུན་པ་དྲག་པོས་བསྔོ་བ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །ཛཱ་ཧ་བཱི་ར་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །སྨོན་ལམ་ནི། འཚོ་བའི་རྒྱུན་བཅད་རླུང་སྦྱོར་གྱིས། །མ་རིག་འཁྲུལ་པ་དག་གྱུར་ཏེ། །རྩ་གསུམ་དབང་བསྒྱུར་འཇའ་ལུས་སྐུ །ཚེ་འདིར་མངོན་དུ་འགྱུར་བར་ཤོག །ཤིས་བརྗོད་ནི། བདེ་སྟོང་ཆོས་ཉིད་འགྱུར་མེད་ཐུགས། །གྲགས་སྟོང་རྒྱུན་ཆད་མེད་པའི་གསུང་། །སྣང་སྟོང་གསལ་འགྲིབ་མེད་པའི་ཐུགས། །འདུ་འབྲལ་མེད་པའི་བཀྲ་ཤིས་ཤོག །འདི་ལྟར་གདམས་པ་འདི་ཐོག་མར་ཞག་བདུན་ངེས་པར་བྱ་ཞིང་། ཕྱི་ནས་ཇ་སོགས་མེད་པར་ཞག་བརྒྱ་གཅིག་ཡན་ངེས་མེད་གང་ཐུབ་ལ་འབད་ཅིང་། དུས་རྒྱུན་པར་ཡང་བཟའ་བཏུང་བྱེད་དུས་དང་། དགེ་སྦྱོར་གྱི་ཐུན་མཚམས་ཐམས་ཅད་དུ་ཟོས་པའི་ལག་རྗེས་སུ་རབ་འཇའ་ལུས་མངོན་དུ་འགྱུར་བ་དང་། དེ་མིན་ཡང་ཐུག་པ་རྩམ་པ་སྤངས་ནས་ལོ་དང་ཚེ་ཧྲིལ་པོ་བའི་ཉམས་ལེན་བྱ་གསུངས་སོ། །ཕན་ཡོན་ནི། དེ་ལྟར་ཉམས་སུ་བླངས་པས། གནས་སྐབས་སུའང་དགེ་སྦྱོར་འགྲིབ་རྐྱེན་གྱི་དཀོར་སྤྱི་དང་། ཁྱད་པར་ལོག་འཚོ། གཤིན་ཟས་དད་ཟས་སོགས་ཀྱི་ཉེས་པ་ཁེགས་ཤིང་དཀའ་ཐུབ་བྱས་པས་ལས་སྒྲིབ་དཔག་མེད་འཛད་ཅིང་ཟས་སོགས་ཚེ་འདིའི་དབང་དུ་མི་འགྲོ་བ་དང་། རང་གི་སྟོན་པ་ནས་གོང་མ་རྣམས་ཀྱི་རྣམ་ཐར་དང་མཐུན་པས་གདུང་འཚོབ་པར་ཡང་འགྲོ་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་བོ། །འདི་ཞག་བདུན་ཕྲག་གཅིག་ཐེངས་པས་ཡི་དྭགས་ཀྱི་སྐྱེ་སྒོ་གཅོད་པར་ཨོ་རྒྱན་གྱིས་བྲོ་བོར་ཞིང་། གཉིས་པ་བཏང་བས་རླུང་གི་གེགས་སེལ། གསུམ་པ་བཏང་བས་རླུང་གི་མདངས་རྙེད། མང་དུ་བཏང་བས་གྲུབ་ཆེན་ཛཱ་ཧ་བཱིར་ལྟར་འཇའ་ལུས་བརྙེས་པ་ལ་སོགས་པའི་ཕན་ཡོན་ཤིན་ཏུ་ཆེ་ཞིང་། མཐར་ཐུག་རྣམ་མཁྱེན་གྱི་གོ་འཕང་མྱུར་དུ་སྟེར་བས་ཚེ་བློས་བཏང་ནས་ལག་རྗེས་ཐོན་པ་གལ་ཆེའོ། །གདམས་པ་འདི་ཚེ་བློས་བཏང་དང་། དབང་བཞི་ཐོབ་པ་ལ་མ་གཏོགས་གཞན་ལ་བྱིན་ན། དྲང་སྲོང་ཆེན་པོ་རཱ་ཧུ་ལ་སོགས་གཟའ་ཆེན་བརྒྱད་ལ་བཅོལ་གཏད་ཡོད་པ་ལགས་པས། རང་སྲོག་ལ་གཅེས་སྤྲས་གལ་ཆེའོ། །ཟུར་སོགས་མ་དག་ལྷག་ཆད་བྱུང་བ་རྣམས། །རིན་ཆེན་བླ་མ་མཆོག་དང་ལྕམ་དྲལ་དང། །བཀའ་སྲུང་དྲང་སྲོང་སྡེ་བརྒྱད་ལ་སོགས་པའི། །བཤགས་ཡུལ་ཇི་སྙེད་མཆིས་པས་བཟོད་པར་བཞེས། །ཞེས་ཛཱ་བཱིར་གྱི་རླུང་ཁྲིད་བཅུད་ལེན་འཇའ་ལུས་མངོན་གྱུར་ཞེས་པ་འདི་ནི་ལྷོ་སྤྱན་ལུང་གི་སའི་ཆར། དཔལ་མཆོག་གི་ཕོ་བྲང་སྒྲུབ་གནས་ཆེན་པོ་འབྲོག་ཤེལ་སྟོད་རི་བོ་ཆེར་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་སླར་ཡང་ངུར་སྨྲིག་གིས་རྣམ་པར་རོལ་པ་བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་གྲུབ་པའི་དབང་ཕྱུག་ཆེན་པོ་བློ་བཟང་བྱམས་པ་ཕུན་ཚོགས་མཚན་ཅན་གྱི་བཀའ་འབངས་ཐ་ཤལ་པ། ལྷ་བཙུན་ངག་དབང་ཕུན་ཚོགས་ཀྱིས་ཟིན་བྲིས་བཏབ་པ་དགེ། །།
འཇམ་དཔལ་ཚེ་བདག་ནག་པོའི་བརྒྱུད་པའི་གསོལ་འདེབས་མཐུ་སྟོབས་དཔུང་སྐྱེད་ (Volume 18, Text 2)
འཇམ་དཔལ་ཚེ་བདག་ནག་པོའི་བརྒྱུད་པའི་གསོལ་འདེབས་མཐུ་སྟོབས་དཔུང་སྐྱེད་ཅེས་བྱ་བ་བཞུགས་སོ། །གདོད་མའི་མགོན་པོ་ཀུན་བཟང་འོད་མི་འགྱུར། ཁྱབ་བདག་རིགས་མཆོག་དྲུག་པ་རྡོ་རྗེ་འཆང་། །གསང་བདག་རྡོ་རྗེ་ཆོས་ལ་གསོལ་བ་འདེབས། །མཐུ་སྟོབས་དཔུང་སྐྱེད་དངོས་གྲུབ་རྣམ་གཉིས་སྩོལ། །འཇམ་དཔལ་བཤེས་གཉེན་གཙུག་ལག་དཔལ་དགེ་བ། ཁྲག་འཐུང་ནག་པོ་ཤཱནྟིཾ་གརྦྷའི་ཞབས། །བ་སུ་དྷཱ་ར་རྣམས་ལ་གསོལ་བ་འདེབས། །མཐུ་སྟོབས་དཔུང་སྐྱེད་དངོས་གྲུབ་རྣམ་གཉིས་སྩོལ། །རྒྱལ་ཀུན་སྟོབས་བཅུ་གཅིག་འདུས་ཨོ་རྒྱན་རྗེ། །དབྱིངས་ཕྱུག་ཡེ་ཤེས་ཌཱ་ཀི་མཚོ་རྒྱལ་མ། །སངས་རྒྱས་ཡེ་ཤེས་ཞབས་ལ་གསོལ་བ་འདེབས། །མཐུ་སྟོབས་དཔུང་སྐྱེད་དངོས་གྲུབ་རྣམ་གཉིས་སྩོལ། ལོ་ཆེན་བཻ་རོ་ཁྲི་སྲོང་དམ་འཛིན་རྗེ། །མཆོག་གྱུར་གླིང་པ་ལས་ཅན་ཆོས་ཀྱི་བདག །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། མཐུ་སྟོབས་དཔུང་སྐྱེད་དངོས་གྲུབ་རྣམ་གཉིས་སྩོལ། འཇམ་དཔལ་རྡོ་རྗེ་ཕྱག་རྒྱ་ཟིལ་གནོན་སོགས། །གཤིན་རྗེ་རོལ་པའི་དཀྱིལ་འཁོར་ལྷ་ཡི་ཚོགས། །ཆོས་སྲུང་བཀའ་སྡོད་བཅས་ལ་གསོལ་བ་འདེབས། མཐུ་སྟོབས་དཔུང་སྐྱེད་དངོས་གྲུབ་རྣམ་གཉིས་སྩོལ། སྨིན་བྱེད་དབང་ཆུས་གཏོར་བླུགས་མཐའ་རུ་ཕྱིན། །ལམ་གྱི་རིམ་པས་བསྐྱེད་རྫོགས་དྲོད་ཚད་རྙེད། །འཁོར་འདས་ཀུན་ཁྱབ་འཇམ་དཔལ་ཡེ་ཤེས་སེམས། །གཏན་ལ་ཕེབ་ནས་དོན་གཉིས་ལྷུན་གྲུབ་ཤོག །སྣང་གྲགས་ཕྱག་རྒྱ་ཟིལ་གྱིས་གནོན་པར་རྫོགས། །གཟུང་འཛིན་མདུད་པ་འོད་གསལ་གཞི་ཐོག་གྲོལ། །ལས་བཞིའི་འཁོར་ལོས་སྣང་སྲིད་དབང་དུ་སྒྱུར། །ཕྱོགས་ལས་རྣམ་པར་རྒྱལ་བའི་གཟི་ལྡན་ཤོག །སྲུང་བའི་གོ་ཆ་རྡོ་རྗེའི་རྫོང་ཆེན་ཐོབ། །ཟློག་པའི་གནམ་ཐོག་ཕས་རྒོལ་སྙིང་ལ་འབེབ། །བསད་པའི་འཁྲུལ་འཁོར་ཞིང་བཅུའི་དུས་ཆེན་པོ། །མངོན་སྤྱོད་མཐུ་ཡིས་ས་གསུམ་གཡོ་བར་ཤོག །བརྟན་གཡོའི་ཁྱབ་བདག་རིག་སྟོང་འཇམ་པའི་དཔལ། །འགྲོ་བ་ཀུན་གྱི་སྙིང་ལ་རབ་སད་ནས། །མུན་པའི་འཇིགས་བཅོམ་ཡེ་ཤེས་སྣང་བ་ཆེས། །གནས་ལུགས་རྒྱལ་ས་མྱུར་བར་མཐོང་གྱུར་ཅིག །ཅེས་པ་འདིའང་ཆོས་འདིའི་བདག་པོར་ལུང་བསྟན་དབུགས་དབྱུང་ཐོབ་པ་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པདྨ་གར་དབང་རྩལ་གྱིས་དེ་བཱི་ཀོ་ཊི་གསུམ་པ་དཔལ་སྤུངས་ཡང་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ།། །།
ཚེ་སྒྲུབ་རྒྱལ་བ་འདུས་པའི་སྨིན་བྱེད་དབང་གི་ལག་ལེན་དཀྱུས་གཅིག་ཏུ་བསྡེབས་པ་འཆི་མེད་ཐིག་ལེ་ (Volume 20, Text 2)
༄༅། །ཚེ་སྒྲུབ་རྒྱལ་བ་འདུས་པའི་སྨིན་བྱེད་དབང་གི་ལག་ལེན་དཀྱུས་གཅིག་ཏུ་བསྡེབས་པ་འཆི་མེད་ཐིག་ལེ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨཱ་ཡུརྫྙཱ་ན་ཡེ། སྨོན་ལམ་མཐའ་ཡས་སྐུ་ཚེ་དཔག་ཏུ་མེད། །ཕྲིན་ལས་མཁའ་མཉམ་མ་ལུས་འགྲོ་བའི་མགོན། །གཟི་བརྗིད་རྒྱལ་པོ་པདྨ་གུ་རུའི་ཞབས། །སྙིང་དབུས་རྟག་པར་བཀོད་ལ་བྱིན་གྱིས་རློབས། །གང་གི་སྒྲུབ་ཐབས་བྱེ་བའི་ཕུལ། །ཉམས་ལེན་སྒོ་འབྱེད་སྨིན་བྱེད་བཅུད། །དོན་དུ་གཉེར་བའི་སྐལ་ལྡན་ལ། །གདུང་སེལ་བདུད་རྩིའི་ཐིག་ལེ་སྦྱིན། །ཚེ་སྒྲུབ་རྒྱལ་བ་འདུས་པའི་དབང་བསྐུར་ཡོངས་རྫོགས་གཞུང་སོ་སོ་ནས་འབྱུང་བ་གབ་སྤྲད་དེ་དཀྱུས་གཅིག་ལག་ཏུ་ལེན་པའི་ཚུལ་བཤད་པ་ལ་གཉིས། སྦྱོར་བ་དང་། དབང་དངོས་སོ། །དང་པོ་ལ་བཞི། ས་ཆོག །བུམ་པ། ལྷ། སློབ་མ་སྟ་གོན་ནོ། །དང་པོ་ནི་རྒྱས་པར་སྒྲུབ་ཁོག་ལྟར་བྱ་དགོས་ཀྱང་སྒྲུབ་གནས་རྙིང་པར་མདོར་བསྡུས་ཀྱིས་ཆོག་པས། དཀར་གཏོར། གསེར་སྐྱེམས་བཤམས་ལ་བདག་གི་རྣལ་འབྱོར་ནི། ཧྲཱི༔ བླ་མ་ཚེ་དཔག་མེད་པ་དང༔ གྲུབ་བརྙེས་རིག་པ་འཛིན་རྣམས་ལ༔ བདག་ཅག་གུས་པས་སྐྱབས་སུ་མཆི༔ བདག་གིས་སེམས་ཅན་ཀུན་དོན་དུ༔ རིག་འཛིན་ཚེ་མཆོག་བརྙེས་པ་ཡི༔ གྲུབ་པ་ཐོབ་པར་སེམས་བསྐྱེད་དོ༔ འགྱུར་མེད་རྡོ་རྗེ་གཡུང་དྲུང་སྐུ༔ ཚེ་བདག་རྣམས་ལ་ཕྱག་འཚལ་ལོ༔ འཇིག་རྟེན་འདས་དང་མ་འདས་པའི༔ བཅུད་རྣམས་མ་ལུས་མཆོད་པར་འབུལ༔ སྲོག་གཅོད་ལ་སོགས་མི་དགེའི་ལས༔ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔ རྡོ་རྗེ་ཚེ་མཆོག་སྒྲུབ་ལ་སོགས༔ ཚོགས་གཉིས་རྣམས་ལ་ཡི་རང་ངོ༔ བདག་སོགས་སེམས་ཅན་ཐམས་ཅད་ཀྱི༔ ཚེ་ཡི་བར་གཅོད་བསལ་བར་བསྐུལ༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ མྱ་ངན་མི་འདའ་བརྟན་པར་བཞུགས༔ འགྲོ་ཀུན་ཚོགས་གཉིས་ཡོངས་རྫོགས་ཤིང༔ སངས་རྒྱས་གོ་འཕང་ཐོབ་པར་ཤོག༔ ཅེས་ལན་གསུམ་གྱིས་སྐྱབས་སེམས་ཚོགས་གསག་བྱ། སྟོང་ཉིད་སྐད་ཅིག་དྲན་རྫོགས་སུ༔ བདག་ཉིད་མགོན་པོ་ཚེ་དཔག་མེད༔ མདོག་དམར་ལོངས་སྤྱོད་རྫོགས་པའི་ཚུལ༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས༔ འཇའ་དང་འོད་ཀྱི་གུར་ན་བཞུགས༔ འོད་ཟེར་ཉི་མ་འབུམ་ལས་བརྗིད༔ བལྟ་བས་ཆོག་མི་ཤེས་པར་གསལ༔ དེ་ཐུགས་ཟླ་བའི་དཀྱིལ་འཁོར་གྱི༔ ལྟེ་བར་ཧྲཱིཿདམར་འོད་འཕྲོ་གཅིག༔ ཧྲཱིཿདཀྱིལ་ནྲྀ་ལྗང་སྣུམ་ལ་འདྲིལ༔ སྤུ་ཤད་རྩེ་མོས་བྲིས་འདྲ་བསམ༔ ཐུགས་སྲོག་ཧྲཱིཿཡི་མཐའ་སྐོར་དུ༔ རྩ་སྔགས་གཡས་སྐོར་འཁོད་པར་བསམ༔ ཧྲཱིཿལས་འོད་ཟེར་འཕྲོས་པ་ལས༔ རང་འདྲའི་ཡེ་ཤེས་སེམས་དཔའ་ནི༔ མདུན་གྱི་ནམ་མཁར་སྤྱན་དྲངས་གྱུར༔ འགྱུར་མེད་རྡོ་རྗེ་སོགས་གོང་བཞིན་ཡན་ལག་བདུན་པ་འབུལ། ཛཿཧཱུྃ་བཾ་ཧོ༔ དམ་ཚིག་ཡེ་ཤེས་གཉིས་མེད་གྱུར༔ ཐུུགས་ཀའི་སྔགས་འཁོར་འོད་ཟེར་སྤྲོ་བསྡུའི་དམིགས་པ་སྤྱི་ལྟར་བྱས་ལ། ཨོཾ་མ་མ་ཛྙཱ་ན་ཨ་མཱ་ར་ཎི་ཛཱི་བནྟི་ཧཱུྃ་བྷྲཱུྃ་ཛཿཛ༔ ཞེས་བཟླས་ལ་འོད་གསལ་དུ་བསྡུ་ལྡངབྱ། མཆོད་གཏོར་རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲང། བྷཱུ་མི་པ་ཏི་ས་པ་རི་བཱ་ར་ཨ་ཀཱ་རོ་སོགས་གསུམ་གྱིས་གཏོར་མ་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བས་གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་མོས། གཉིས་པ་ནི། བུམ་པ་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་ཅན་གཉིས་དང་། མཆོད་པ་བཤམས་ལ། རཾ་ཡཾ་ཁཾ༔ ཐམས་ཅད་སྟོང་ཉིད་ནམ་མཁའ་མཛོད༔ བྷྲཱུྃ་ལས་རིན་ཆེན་སྣོད་ཡངས་པར༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་ལན་གསུམ། སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བུམ་པ་མཚན་ཉིད་དང་ལྡན་པ་བཅུད་ཕུན་སུམ་ཚོགས་པས་གང་བའི་དབུས་སུ་མ་ཆགས་པདྨའི་གདན་ལ་ཡེ་ཤེས་སེམས་དཔའ༔ ལྷོར་རཏྣ༔ ཤར་དུ་རྡོ་རྗེ༔ ནུབ་ཏུ་བུདྡྷ༔ བྱང་དུ་ཀརྨ༔ བར་མཚམས་ཀུན་ལྷ་མོ་བཅུ་དྲུག་སྒོ་མ་བཞི་རྣམས་ཕྱོགས་མཚམས་དང་མཐུན་པ༔ ལྷ་ཚོགས་རྣམས་ཀྱི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་སེམས་དཔའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛ༔ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་སོགས་ཀྱིས་ཡེ་ཤེས་པ་སྤྱན་དྲང་། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿ བུམ་པའི་ལྷ་དང་གཉིས་སུ་མེད་པར་གྱུར། བདག་དང་བུམ་ལྷའི་ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་པདྨ་རཱ་གའི་རྡོ་རྗེ་ཚོན་གང་བའི་ལྟེ་བར་ཧྲཱིཿས་མཚན་པའི་མཐར་རྩ་བའི་སྔགས་ཕྲེང་རྣམས་མར་མེའི་ཕྲེང་བ་ལྟར་གཡས་སྐོར་དུ་འཁོར་བ་ལས༔ སྔགས་ཕྲེང་རྣམས་གཟུངས་ཐག་ལ་བརྒྱུད༔ དམ་ཚིག་སེམས་དཔའི་སྙིང་ཁའི་སྔགས་ཕྲེང་ལ་ཕོག་འོད་ཟེར་འཕྲོས་པས༔ རིག་འཛིན་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས༔ སྨན་དང་རི་རབ་རྩི་ཤིང་ནགས་ཚལ༔ སྣང་སྲིད་མི་དང་མི་མ་ཡིན་ཁམས་གསུམ་སེམས་ཅན་ཉི་ཟླ༔ ཡེ་ཤེས་ཀྱི་མེ་ཆུ་རླུང་འབྱུང་བ་ལྔའི་རང་བཞིན་རྣམས་ཨོཾ་ཨཱཿཧཱུྃ་གི་རང་བཞིན་དུ་ཚུར་འདུས༔ ལྷ་རྣམས་ཀྱི་བུམ་པར་འཆི་མེད་ཀྱི་བདུད་རྩིར་འཁྱིལ་ཞིང་རང་གི་ཐུགས་སྲོག་སྔགས་ཕྲེང་ལ་ཐིམ་པར་གྱུར༔ གཟུངས་ཐག་བླངས་ལ་བདག་བསྐྱེད་སྐབས་ཀྱི་བཟླས་པ་དེ་ཉིད་ཅི་འགྲུབ་བཟླ། མཐར་མཆོད་ཚིག་གང་རུང་ངམ་སྔགས་ཙམ་གྱིས་མཆོད། སོར་རྟོག་ཡེ་ཤེས་རྡོ་རྗེའི་སྐུ༔ རིགས་བདག་རྡོ་རྗེར་ཕྱག་འཚལ་བསྟོད༔ མེ་ལོང་ཡེ་ཤེས་རྡོ་རྗེའི་སྐུ༔ མི་བསྐྱོད་རྡོ་རྗེར་ཕྱག་འཚལ་བསྟོད༔ མཉམ་ཉིད་ཡེ་ཤེས་རྡོ་རྗེའི་སྐུ༔ རིན་ཆེན་རྡོ་རྗེར་ཕྱག་འཚལ་བསྟོད༔ བྱ་གྲུབ་ཡེ་ཤེས་རྡོ་རྗེའི་སྐུ༔ དོན་གྲུབ་རྡོ་རྗེར་ཕྱག་འཚལ་བསྟོད༔ ཆོས་དབྱིངས་ཡེ་ཤེས་རྡོ་རྗེའི་སྐུ༔ བུདྡྷ་རྡོ་རྗེར་ཕྱག་འཚལ་བསྟོད༔ ཨོཾ་ཨཱཿཧཱུྃ༔ དུང་ཆུ་ཕུལ་བས། ལྷ་རྣམས་འོད་དུ་ཞུ་ནས་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་དུ་གྱུར། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་སྤྱི་འགྲོ་བྱ། གསུམ་པ་ནི། མཎྜལ་ལ་དྲིའི་ཐིག་ལེ་དང་འབྲུའི་ཚོམ་བུ་དབུས་སུ་གཅིག །དེ་རྒྱབ་བཞི་རེ་ཡོད་པའི་རིམ་པ་བཞི་བཀོད་ལ་མཆོད་གཏོར་བཤམ། སྔར་ལྟར་བྱིན་བརླབ། བསང་སྦྱང་། སྟོང་པའི་ངང་ལས་མཎྜལ་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་རིན་པོ་ཆེའི་གཞལ་ཡས་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་ལྟེ་བར། པདྨ་ཉི་ཟླའི་གདན་ལ་བཅོམ་ལྡན་འདས་ཚེ་དཔག་མེད་སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས་པའི་ཆས་ཅན། ཕྱག་མཉམ་གཞག་ཚེ་བུམ་འཛིན་ཅིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། དེ་རྒྱབ་ཚེ་བདག་རྒྱལ་བ་རིགས་བཞི། དེ་རྒྱབ་གསང་བའི་ཡུམ་ཆེན་རྣམ་བཞི། དེ་རྒྱབ་བཅུད་སྡུད་ལྷ་མོ་རིགས་བཞི། སྒོ་བཞིར་སྒོ་སྲུང་འཇིགས་བྱེད་རྣམ་བཞི། ཕྱི་རོལ་འཁོར་ཡུག་ཏུ་ལྷ་དང་དྲང་སྲོང་རིག་འཛིན་ལ་སོགས་མགྲོན་ཐབས་ཀྱི་ལྷ་དཔག་ཏུ་མེད་པས་བསྐོར་བ། ཐམས་ཅད་ཀྱི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། བདེ་བ་ཅན་གྱི་ཞིང་ཁམས་ནས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁའི་གནས་སུ་བཛྲ་ས་མ་ཡ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༔ ཞེས་སོགས་དང་། ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང་ཁམས་ནས༔ མགོན་པོ་ཚེ་ཡི་ལྷ་ཚོགས་ཐམས་ཅད་ནི༔ ནམ་མཁའི་མཐའ་དང་མཉམ་པའི་སྐུ་མངའ་བ༔ ཚེ་ཡི་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཨཱ་ཡུརྫྙཱ་ན་ས་པ་རི་བཱ་ར་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ ས་མ་ཡ་ཏིཥྛ་ལྷན༔ ལས་བྱང་ལྟར་མཆོད་བསྟོད་བྱ། མི་ལྕོགས་ན། སྔགས་ཙམ་གྱིས་མཆོད། བུམ་བསྐྱེད་ལྟར་བསྟོད། སྤོས་བཏུལ་ལ། ཀྱེ༔ དགོངས་ཤིག་འཆི་མེད་རྩ་གསུམ་ལྷ་ཡི་ཚོགས༔ མ་ལུས་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ བླ་མ་ཡི་དམ་མཁའ་འགྲོ་མཆོད་པ་དང༔ སྐལ་ལྡན་སློབ་བུ་རྗེས་སུ་འཇུག་པའི་ཕྱིར༔ བདག་ཅག་རིག་འཛིན་རྡོ་རྗེ་འཛིན་པ་ཡིས༔ ནངས་པར་འཆི་མེད་ཚེ་ལྷའི་དཀྱིལ་འཁོར་འབྲི༔ ཐུགས་རྗེས་དགོངས་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་གསོལ་བ་གདབ་ལ་དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །བཞི་པ་ནི། སློབ་མ་རྣམས་ལས་བུམ་ཆུས་ཁྲུས་བྱ། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེའང་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་ཚད་མེད་པའི་ཁྱད་པར་ལས་བཅོམ་ལྡན་འདས་འཆི་མེད་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཉིད། ནམ་མཁའ་དང་མཉམ་པའི་སྐྱེ་དགུ་ཡོངས་ལ་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྩོལ་བའི་ཐུགས་རྗེ་བྱིན་རླབས་རྒྱལ་བ་ཀུན་ལས་ཀྱང་མཆོག་ཏུ་གྱུར་པ་ཡིན་ཞིང་། དེ་ཉིད་ཀྱི་སྒྲུབ་ཐབས་བཀའ་སྲོལ་ཡུལ་ཁམས་རྣམས་སུ་མཐའ་ཡས་པ་བྱོན་པ་ལས་ཁྱད་པར་དུ་འཕགས་པ་ཚེ་དཔག་མེད་དངོས་དཔལ་བདེ་བ་ཆེན་པོ་པདྨཱ་ཀ་ར་ལས་བྱོན་པའི་གདམས་སྐོར་ཏེ། སློབ་དཔོན་ཆེན་པོ་ནས་འཕགས་ཡུལ་དུ་མནྡཱ་ར་བ་སོགས་དང་། བོད་དུ་སྐལ་ལྡན་རྗེ་འབངས་རྣམས་ལ་བསྩལ་པའི་གདམས་ངག་རྒྱས་འབྲིང་བསྡུས་པ་བཀའ་གཏེར་གྱི་རྒྱུན་ལས་བྱོན་པ་ཇི་སྙེད་ཅིག་མཆིས་པ་ལས། འདི་ཟབ་མོ་གཏེར་གྱི་ཕྱོགས་སུ་བྱོན་པ་ཡིན་ཞིང་། གཏེར་སྟོན་སྤྲུལ་པའི་སྐྱེས་མཆོག་པདྨ་བཀའི་ཐང་ཡིག་ལས་ལུང་བསྟན་པའི་ངོ་མཚར་གླིང་པ་བཅུ་གཅིག་གི་ཡ་གྱལ་ཨོ་རྒྱན་ཞིག་པོ་གླིང་པའམ། གར་གྱི་དབང་ཕྱུག་ཡེ་ཤེས་རོལ་པ་རྩལ་ཞེས་གྲགས་པ་འཁྲུལ་སྣང་གཞི་ཐོག་ཏུ་ཞིག་པའི་བརྟུལ་ཞུགས་མཆོག་གི་སྤྱོད་པས་འབྲེལ་ཚད་གདོད་མའི་ས་ལ་སྒྲོལ་བར་མཛད་པ། སློབ་མ་ཡང་མཐོང་བའི་ཆོས་ལ་འཇའ་ལུས་སུ་གཤེགས་པ་བདུན་དང་། སོག་ཟློག་པ་བློ་གྲོས་རྒྱལ་མཚན། ཀཿཐོག་པ་པདྨ་རྒྱལ་མཚན་སོགས་བསྟན་འགྲོའི་དཔལ་མགོན་ཡོངས་སུ་གྲགས་པ་མང་དུ་བྱོན་པ། རིག་འཛིན་འཇའ་ཚོན་སྙིང་པོའི་གཏེར་ལུང་སོགས་ལས་བསྔགས་བརྗོད་རྒྱ་ཆེར་འབྱུང་ཞིང་། སྟག་ཤམ་བསམ་གཏན་གླིང་པའི་ལུང་ལས་ཀྱང་། མཇིང་ཡོན་སྤྲུལ་པ་ནམ་མཁའི་རྣལ་འབྱོར་པ། །ཞིག་པོ་གླིང་པ་སྣང་རྩེའི་གཙུག་ལག་འཛིན། །ཞེས་དང་། རྒྱལ་སྲས་སྤྲུལ་པ་གར་གྱི་མིང་འཛིན་པ། །ཟབ་གཏེར་བདག་པོ་སྟོད་ལུང་ཕྱོགས་སུ་འབྱུང་། །ཞེས་སོགས་ཚད་ཐུབ་ཀྱི་གཏེར་ལུང་རྣམས་དང་སྐྱེས་བུ་དམ་པ་དུ་མས་རྩོད་བྲལ་དུ་བསྔགས་པ། ལྷ་སྲས་དམ་འཛིན་གྱི་སྐྱེ་མཐའ་གཏེར་ཆེན་སངས་རྒྱས་གླིང་པའི་ཡང་སྲིད་དེ་ཉིད་ཀྱིས་ཁྱུང་ཚང་བྲག་གི་གསང་ཕུག་ནས་སྤྱན་དྲངས་པ་ཚེ་སྒྲུབ་རྒྱལ་བ་འདུས་པའི་ཆོས་སྐོར་ལས་རྩ་བའི་དབང་བསྐུར་བསྒྲུབ་པར་བགྱི་བ་ལ། སྟ་གོན་དངོས་གཞི་གཉིས་སུ་ཡོད་པའི་ཐོག་མར་སྔོན་འགྲོ་སྟ་གོན་གྱི་རིམ་པ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ།ཞེས་མཎྜལ་འབུལ་དུ་གཞུག །ཕྱག་སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱོར་ལ་འདིའི་རྗེས་ཟློས། ཀྱེ༔ འཆི་མེད་ཚེ་ཡི་ལྷ་ཚོགས་དང༔ བླ་མ་རྗེ་བཙུན་བཅས་པ་ཡིས༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ དགའ་ཆེན་ཁྱོད་བདག་སྟོན་པ་སྟེ༔ སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ༔ བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ༔ མགོན་པོ་ཆེན་པོ་བདག་འཚལ་ལོ༔ དེ་ཉིད་དམ་ཚིག་རིམ་པ་དང༔ བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ ཐར་པ་ཆེན་པོའི་གྲོང་ཁྱེར་དུ༔ འཆི་མེད་རྡོ་རྗེའི་ས་ཐོབ་ཕྱིར༔ མགོན་པོས་འཇུག་ཅིང་གནང་དུ་གསོལ༔ ཅེས་ཞུ་ཞིང་། བླ་མས། ཀྱེ་མ་ཁྱེད་ཅག་ལས་འཕྲོ་ཅན༔ འདས་མ་འོངས་ད་ལྟའི་སངས་རྒྱས་ཀྱི༔ རྒྱལ་བ་མ་ལུས་ཐམས་ཅད་ཀྱང༔ རྩ་གསུམ་ཆོ་ག་འདི་མཁྱེན་པས༔ མངོན་རྫོགས་སངས་རྒྱས་རབ་ཐོབ་ཅིང༔ བླ་མ་ཡི་དམ་ཉིད་ཀྱིས་ཀྱང༔ བདུད་ཀྱི་དཔུང་ཡང་འདི་ཡིས་བཅོམ༔ ཁྱེད་ཀྱང་བླ་མེད་མཆོག་ཐོབ་ཕྱིར༔ འདི་ཡི་རྗེས་སུ་ཀུན་ཞུགས་མཛོད༔ ཅེས་གནང་བ་སྦྱིན། མདུན་གྱི་ནམ་མཁར་ཚེ་དཔག་མེད་རྒྱལ་བ་འདུས་པའི་དཀྱིལ་འཁོར་ལ་རྩ་གསུམ་རབ་འབྱམས་རྒྱ་མཚོས་བསྐོར་ཏེ་སྤྲིན་གཏིབས་པ་བཞིན་བཞུགས་པའི་སྤྱན་སྔར་གསག་སྦྱོང་ཡན་ལག་བདུན་པ་ཚུལ་བཞིན་བགྱི་བའི་ཏིང་ངེ་འཛིན་ལ་ཡིད་གཞོལ་ཏེ་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ དཀོན་མཆོག་གསུམ་ལ་མཆོད་པ་འབུལ༔ སྡིག་པ་ཐམས་ཅད་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར༔ བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས༔ སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ ལན་གསུམ། བྱིན་རླབས་རྩ་བ་བླ་མ་དམ་པ་ལ༔ འདི་བཟུང་བླ་མེད་བྱང་ཆུབ་བར༔ གུས་པ་ཡིས་ནི་སྐྱབས་སུ་མཆི༔ ལན་གསུམ། ཕྱི་སོ་སོ་ཐར་པའི་སྡོམ་པ་བླངས་ནས་བཟུང་སྙམ་པས་འདིའི་རྗེས་ཟློས། བླ་མ་མཆོག་གི་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་འགྲོ་བ་ལ༔ གནོད་པ་སྤང་ཞིང་དགེ་ཚོགས་བསྒྲུབ༔ དགེ་ཚུལ་དགེ་སློང་བྱང་ཆུབ་སེམས༔ སོ་སོ་ཐར་པའི་སྡོམ་པ་ལ༔ བདག་ནི་རྒྱུན་དུ་གནས་ཤིང་བསྲུང༔ ལན་གསུམ། ནང་བྱང་ཆུབ་སེམས་ཀྱི་བསླབ་པ་ལ་ཐོག་མར་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། བླ་མ་དཀྱིལ་འཁོར་ལྷ་ཚོགས་དགོངས༔ འདི་བཟུང་བླ་མེད་བྱང་ཆུབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཕ་མའི་འདུ་ཤེས་ཉེར་བཞག་སྟེ༔ མ་བསྒྲལ་བསྒྲལ་དང་མ་གྲོལ་དགྲོལ༔ དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཕྱིར༔ སྨོན་པ་བྱང་ཆུབ་སེམས་བསྐྱེད་དོ༔ ལན་གསུམ། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་ཚུལ་ཁྲིམས་རྣམས་ཡང་དག་པར་བླང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། སྔོན་གྱི་བདེ་གཤེགས་རྒྱལ་བ་རྣམས༔ སྒོ་གསུམ་སྡོམ་ལ་གནས་པ་ལྟར༔ འདི་བཟུང་འཁོར་བ་མ་སྟོངས་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི༔ ཕར་ཕྱིན་དྲུག་སློབ་སྡོམ་གསུམ་བཟུང༔ བདག་གིས་སྡོམ་བཟུང་མ་གྲོལ་སྒྲོལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ ལན་གསུམ། གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་རིགས་ལྔས་བསྡུས་པ་རྣམས་བཟུང་དགོས་པས་ཐོག་མར་དམ་ཚིག་བསྒྲག་པ་འདི་ལ་སྙན་གཏོད་འཚལ། དཀོན་མཆོག་གསུམ་བཟུང་མི་གཏང་བསྒྲུབ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཡིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ རིན་ཆེན་རིགས་ཀྱི་སྡོམ་པ་ཡིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་དང་ཆོས་རྣམས་བཤད༔ པདྨ་རིགས་ཀྱི་དམ་ཚིག་ཡིན༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ ལས་ཀྱི་རིགས་ཀྱི་སྡོམ་པ་ཡིན༔ ཇི་སྐད་བསྒྲགས་པས་མཚོན་དམ་ཚིག་མཐའ་དག་ཡང་དག་པར་བླངས་ནས་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་གུས་ཤིང་འགྲོ་ལ་བརྩེ༔ རྩ་བ་ཡན་ལག་རྣམས་ཀྱི་དམ་ཚིག་བསྲུང༔ ལུས་དང་སྲོག་ལ་བབས་པར་གྱུར་ན་ཡང༔ རྩ་བ་ཡན་ལག་དམ་ཚིག་འདའ་མི་བྱ༔ ལན་གསུམ། དེ་ནས་ཁྱེད་རང་རྣམས་ཚེ་དཔག་མེད་རྒྱལ་བ་འདུས་པ་དམར་པོ་མཉམ་གཞག་ཚེ་བུམ་འཛིན་པ་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན། ཞབས་སྐྱིལ་ཀྲུང་པད་ཟླའི་གདན་ལ་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གས་མཚན་པར་མོས་ཤིག །དྲིའི་ཐིག་ལེ་གནས་གསུམ་དུ་བཀོད། བདུད་རྩི་ལྕེ་ལ་བཞག་སྟེ་འབྲུ་གསུམ་དང་ཡི་གེ་བརྒྱ་པ་བརྗོད། གནས་གསུམ་གྱི་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་གྱི་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཐིམ་པར་མོས་ཤིག །རྩ་སྔགས་བརྗོད། རོལ་མོ་བསྒྲག །སུ་པྲ་ཏིཥྛ་དང་མེ་ཏོག་འཐོར་ལ་བརྟན་པར་བྱ། སོ་ཤིང་རྭ་བ་བཅས་འདུ་བྱས་ལ། དངོས་གྲུབ་ཀྱི་ལྟས་བརྟག་པའི་སླད་དུ་སོ་ཤིང་མེ་ཏོག་གིས་བརྒྱན་པ་ཐལ་མོའི་བར་དུ་ཟུངས་ལ་འདིའི་རྗེས་ཟློས་དང་བཅས་ཏེ་ཚོམ་བུའི་དཀྱིལ་འཁོར་དུ་དོར་བ་ཞུ། རྒྱལ་བ་འདུས་པའི་ལྷ་ཚོགས་ཀྱིས༔ བཟང་ངན་པྲ་རྟགས་བསྟན་དུ་གསོལ༔ ཧཱ་ས་ཧཱ། དེ་ལྟར་དོར་བས་སོ་ཤིང་རྩེ་མོ་དབུས་སུ་བསྟན་ན་མཆོག་གི་དངོས་གྲུབ་ཐོབ། ཤར་དུ་ཞི་བ། ལྷོར་རྒྱས་པ། ནུབ་ཏུ་དབང་། བྱང་དུ་དྲག་པོ། མཚམས་སུ་ལས་ཕྲན་ཚེགས་འགྲུབ་པར་གསུངས་སོ། །ཕྱིར་མི་ལྡོག་པའི་དོན་དུ་ཟབ་མོའི་ཆོས་བཤད་པ་འདི་ལ་གསན་འཚལ། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན༔ རྩ་གསུམ་དཀྱིལ་འཁོར་འདི་འདྲ་མཐོང་བ་ནི༔ ཨུ་དུམྦ་རའི་མེ་ཏོག་ཅི་བཞིན་དུ༔ བརྒྱ་ལམ་དག་ན་རེས་འགའ་ཙམ་ཞིག་འབྱུང༔ དེ་བས་གསང་སྔགས་སྤྱོད་པ་ཤིན་ཏུ་དཀོན༔ དེ་ཕྱིར་ཁྱོད་ནི་སྐལ་ལྡན་རིགས་ཀྱི་བུ༔ མ་ནོར་ཚུལ་བཞིན་བསྒྲུབ་པས་བསོད་ནམས་ཆེ༔ སྲུང་སྐུད་ལྔ་བསྒྲིལ་མདུད་པ་གསུམ་ལྡན་ལས་སྔགས་ཀྱིས་བཏབ་པ་ཕོའི་དཔུང་པ་གཡས་མོའི་གཡོན་དུ་བཅིངས་ལ་སྲུང་སྐུད་རྡོ་རྗེའི་མདུད་པ་དང་ལྡན་པ་དཔུང་པར་བཅིངས་པས་སྒོ་གསུམ་ལ་བར་དུ་གཅོད་པ་ཐམས་ཅད་སྲུང་བར་མོས་ཤིག །རྟ་མགྲིན་གྱི་སྔགས་མཐར། རཀྵ་ཀུ་རུ་ཧཱུྃ༔ ཞེས་བཏགས་པ་བརྗོད། མདུད་པའི་སྟེང་ལས་ཆུས་མནན། རྒྱ་གྲམ་གྱི་རྒྱས་བཏབ་ལ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ ཀུ་ཤ་འབྲུ་གསུམ་བརྗོད་པས་བྱིན་བརླབས། རྨི་ལམ་གྱི་ལྟས་མི་འཁྲུགས་ཤིང་བཟང་ངན་གྱི་མཚན་མ་གསལ་བར་སྟོན་པའི་སླད་དུ་ཀུ་ཤའི་ཆུན་པོ་ཆུང་བ་སྔས་དང་ཆེ་བ་སྟན་གྱི་དོན་དུ་ཟུངས་ཤིག །འབྲུ་གསུམ་བརྗོད་བཞིན་ཀུ་ཤ་ཆེ་ཆུང་ལག་ཏུ་གཏད། དགེ་བསྔོ་བྱས་ལ་སློབ་མ་གྱེས། འདེགས་པའི་རྒྱ་དང་། ཨོཾ་བཛྲ་ས་མ་ཡ་ཛ༔ ཞེས་བརྗོད་པས་སྟ་གོན་ལྷ་རྣམས་མདུན་གྱི་ནམ་མཁའ་འོད་ཀྱི་དྲྭ་བའི་ཀློང་དུ་སྤྱན་དྲངས་ཤིང་བཞུགས་པར་མོས་ལ་ཚོམ་བུ་སོགས་བསྡུ། ཡིག་བརྒྱ་བརྗོད་དོ། །གཉིས་པ་དབང་དངོས་ལ། དཀྱིལ་འཁོར་གྱི་གཞིར་རས་བྲིས་སམ་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་སུ་མཉྫི་ལ་སྔར་སྟ་གོན་བྱས་པའི་བུམ་པ་བཞག །དེའི་སྟེང་ངམ་མདུན་གང་བདེར་ཚེ་གཏོར་འབྲང་རྒྱས་དང་ལྷ་ཙཀ་ཚང་བ། རྒྱབ་ཏུ་བནྡྷ་མཚན་ལྡན་ཆང་དང་ཆོས་སྨན་མངར་གསུམ་སྦྱར་བས་བཀང་བའི་ཁར་མེ་ལོང་ལ་སིནྡྷུ་ར་བརྡལ་བར་ཆོས་འབྱུང་ཉིས་བརྩེགས་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་ཧྲིཿམ། འདབ་བཞིར་ཧ་རི་ནི་ས། རྒྱབ་ཏུ་དབྱངས་གསལ་བྲིས་པ་བཞག་ལ་དར་དམར་གྱིས་བཀབ་པའི་སྟེང་དུ་ཤེལ་རྡོ་བཀོད། སྨན་རག་གཏོར་གསུམ། ཕྱི་མཆོད། བཀའ་སྲུང་གཏོར་འབུལ། ལས་བུམ། རིག་ཙཀ་སོགས་མཁོ་བའི་ཡོ་བྱད་རྣམས་དང་། སྔོན་གཏོར། ཚོགས་ཀྱི་ཡོ་བྱད། ཆད་བརྟན་སོགས་ཚང་བར་བྱས་ལ། ལས་བྱང་གི་བརྒྱུད་འདེབས་ནས་བརྩམ་སྟེ་གཞུང་བསྲང། བྱིན་འབེབ་སྐབས་སྟ་གོན་གྱི་ལྷ་དཀྱིལ་འཁོར་ལ་བསྟིམ། བཟླས་པ་ཅི་འགྲུབ། བུམ་བཟླས། སྟོང་ཚིགས། ཚེ་འགུགས་མཐར་བུམ་ལྷ་འོད་ཞུ་དང་། བཀའ་སྲུང་གཏོར་འབུལ། ཚོགས་བསྒྲལ་བསྟབ་ཀྱི་བར་དུ་བཏང་ཞིང་རིག་པའི་མེ་ཏོག་དོར། སློབ་མ་གཞུག་པར་གནང་བ་ནོད་དོ། །དེ་ནས་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་གཏང་ཞིང་བཀའ་བསྒོ་མཚམས་གཅོད་རྣམས་ལས་བྱང་ལྟར་ལ། སེམས་བསྐྱེད་གསལ་བཏབ། སྤྲུལ་པའི་གཏེར་ཆེན་ཞིག་པོ་གླིང་པ་གར་གྱི་དབང་ཕྱུག་ཡེ་ཤེས་རོལ་པ་རྩལ་གྱིས་ཁྱུང་ཚང་ནོར་བུའི་བྲག་གི་གུ་རུའི་གསང་ཕུག་གོང་མ་ཤེལ་གྱི་བྲག་ཕུག་ནས་དམ་རྫས་ཨ་མྲྀཏའི་ཕབས་རྒྱུན་སོགས་དང་ལྷན་ཅིག་སྤྱན་དྲངས་པའི་ཚེ་སྒྲུབ་རྒྱལ་བ་འདུས་པའི་དངོས་གཞིའི་དབང་བསྐུར་བསྒྲུབ་པ་ལ་སོགས་ཀྱི་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་སྤྱི་མཐུན་བྱས་ལ་འབྲུ་གསུམ་གྱིས་མིག་དར་མེ་ཏོག་སྦྱིན། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ མགོན་པོ་ཚེ་ཡི་དབང་དང་ལྡན༔ དཀྱིལ་འཁོར་ཀུན་ཏུ་ཡང་དག་འཇུག༔ ལས་དང་སྐལ་བ་ལྡན་པའི་བུར༔ དམ་པ་མཆོག་ཉིད་བདག་ལ་སྩོལ༔ ལན་གསུམ། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པ་ལ་འདི་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས། ཡེ་ཤེས་ལྔ་ཡི་རང་བཞིན་ལྷ༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་ཕྱིར་མི་ལྡོག་པ་ལ༔ དུས་རྣམས་ཀུན་ཏུ་སྐྱབས་སུ་མཆི༔ ལན་གསུམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཆི་མེད་རྡོ་རྗེ་ཚེ་དཔག་མེད་པའི་གོ་འཕང་ཐོབ་པར་བྱ། དེའི་སླད་དུ་ཚེའི་དབང་བསྐུར་ཟབ་མོ་ཞུས་ལ་ལམ་ཉམས་སུ་བླང་བར་བྱ་སྙམ་པས་འདིའི་རྗེས་ཟློས། རིག་འཛིན་ཚེ་ཡི་ལྷ་ཚོགས་བདག་ལ་དགོངས༔ བདག་གིས་འགྲོ་རྣམས་མ་ལུས་བསྒྲལ་ནས་ནི༔ བླ་མེད་བྱང་ཆུབ་མཆོག་ལ་འགོད་བྱའི་ཕྱིར༔ འཆི་མེད་རིག་འཛིན་ལྷ་ཚོགས་བསྒྲུབ་པར་བགྱི༔ ལན་གསུམ། དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པ་ལ་སྒོ་གསུམ་གྱི་གནད་གཅུན་ཏེ་དམིགས་པ་འདི་བཞིན་དུ་མཛོད། ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་གནས་ཁང་པདྨོ་བདེ་ཆེན་བཀོད་པའི་གཞལ་ཡས་ཁང་དུ་རྨ་བྱས་བཏེགས་པའི་ཁྲི་པདྨ་ཟླ་བའི་གདན་ལ་ཁྱེད་རང་གི་སེམས་ཉིད་ཧྲཱིཿདམར་པོ། དེ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཁྱེད་རང་སྐད་ཅིག་གིས་ཚེ་དཔག་མེད་རྒྱལ་བ་འདུས་པ་པདྨ་རཱ་གའི་ལྷུན་པོ་ལྟར་དམར་གསལ་གཟི་བརྗིད་འབར་བ། ཞི་ཞིང་འཛུམ་པའི་ཉམས་ཅན་དར་དང་རིན་པོ་ཆེས་བརྒྱན་པ། ཕྱག་མཉམ་གཞག་འཆི་མེད་ཚེའི་བུམ་པ་བསྣམས་ཤིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱི་རོལ་དུ་ཚེ་བདག་རྒྱལ་བ་རིགས་བཞི། ལྷ་མོ་བརྒྱད། སྒོ་མ་བཞི་སོགས་འཁོར་ཚོགས་སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་ཉི་མ་དང་འོད་ཟེར་གྱི་ཚུལ་བཞིན་གསལ་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིག་འཛིན་ལྷ་དང་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཁྱེད་རང་ལ་གཉིས་མེད་དུ་ཐིམ་པར་མོས་ཤིག །སྤྲོ་ན་ལས་བྱང་ལྟར་སྤྱན་འདྲེན་བརྗོད། བསྡུ་ན་མི་དགོས། རྩ་སྔགས་མཐར། ཨཱ་བེ་ཤ་ཡ་ཨ་ཨཱཿ ཛཿཧཱུྃ་བཾ་ཧོཿ བཏགས་པ་དྲག་ཏུ་བརྗོད། སྤོས་རོལ་བཅས་བྱིན་དབབ། དེ་ལྟར་དབབ་པའི་ཡེ་ཤེས་པའི་རྒྱུན་བྱང་ཆུབ་མ་ཐོབ་བར་བརྟན་པར་གྱུར་ཅིག །སུ་པྲ་ཏིཥྛ་སོགས་བརྗོད། རྒྱ་གྲམ་མགོར་བཞག །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟེར་དང་ཕོ་ཉ་མགྱོགས་མའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྲོས། ཁྱེད་རང་རྣམས་ཀྱི་བླ་ཚེ་འཐོར་ཉམས་ཡར་བ་ལ་སོགས་པ་དང་། བརྟན་གཡོ་སྣོད་བཅུད་ཀྱི་དྭངས་མ། རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་ཡེ་ཤེས་མ་ལུས་པ་འོད་དང་ཐིག་ལེའི་རྣམ་པར་བསྡུས་ཏེ་ལུས་སྲོག་ལ་སིབ་སིབ་ཐིམ་པར་མོས་ཤིག །མདའ་དར་གཡབ་ལས་བྱང་ལྟར་ཚེ་འགུགས་གྱེར། སྒྲུབ་མཆོག་བདག་ལ་ཞེས་པ། འདི་ལ་ཞེས་བསྒྱུར་བ་སོགས་བྱ། འགྲིམ་དཀྱིལ་བཀོད་ལ། སྔར་བྱིན་པའི་མེ་ཏོག་དེ་ཉིད་ཚེ་རབས་ལས་ཀྱིས་འབྲེལ་བ་གང་ཡིན་པའི་རིགས་ཀྱི་ལྷ་ལ་ཕོག་པར་ཤོག་ཅིག་སྙམ་དུ་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བ་ཞུ། ཚེ་དཔག་མེད་མགོན་ཕོ་བྲང་དུ༔ འབྲེལ་བའི་མེ་ཏོག་འདི་དོར་བས༔ སྔོན་ནས་ལས་འཕྲོས་གང་འབྲེལ་བའི༔ ཡི་དམ་ལྷ་དང་ཕྲད་པར་ཤོག༔ ཨོཾ་པུཥྤེ་གྲྀཧྞ་སིདྡྷི་ཧོ༔ ཞེས་འདོར་དུ་གཞུག །མེ་ཏོག་དཀྱིལ་འཁོར་དབུས་སུ་བབས་ན་རྣམ་སྣང་རྡོ་རྗེ༔ ཤར་དུ་མི་བསྐྱོད་རྡོ་རྗེ༔ ལྷོར་རཏྣ་རྡོ་རྗེ༔ ནུབ་ཏུ་པདྨ་རྡོ་རྗེ༔ བྱང་དུ་ཀརྨ་རྡོ་རྗེའི་རིགས་ཡིན་ཞིང་གསང་བའི་མཚན་ཡང་དེ་ལྟར་ཡིན་པས་མ་བརྗེད་པར་ཟུངས་ཤིག །མེ་ཏོག་སླར་སྤྱི་བོར་བཀོད། མ་རིག་པའི་སྒྲིབ་གཡོགས་དང་མིག་དར་ལྷན་ཅིག་བསལ་བར་མོས་ཤིག །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས༔ རབ་རིབ་ལིང་ཏོག་བསལ་བ་ལྟར༔ དེ་བཞིན་རིགས་ཀྱི་བུ་ཁྱོད་ཀྱི༔ ཡེ་ཤེས་སྣང་བ་ད་ཕྱེ་ཡིས༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ མཚམས་མེད་ལྔ་ཡི་སྡིག་ཀྱང་བྱང༔ ཙཀྵུཿམཎྜ་ལ་པྲ་བེ་ཤ་ཡ་ཕཊ༔ ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་བཞིན་དུ་མཐོང་བར་གྱུར་པའི་མོས་པ་མཛོད། དེས་འཇུག་པའི་ཆོས་རྣམས་སོང་། དངོས་གཞིའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། མགོན་པོ་ཚེ་ཡི་ལྷ་ཚོགས་དགོངས༔ འཆི་མེད་རྡོ་རྗེའི་སྐུ་བསྒྲུབ་ཕྱིར༔ བདག་ལ་དབང་མཆོག་བསྩལ་དུ་གསོལ༔ ལན་གསུམ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས། ཨོཾ་སརྦ་བཛྲ་ས་མཱ་ཛ༔ ཨོཾ་བཛྲ་ཨརྒྷཾ་སོགས། འཇིག་རྟེན་འདྲེན་པའི་སོགས་ཤློཀ་གཅིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མ་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་འཆི་མེད་ཚེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད། རྣམ་བུམ་ཐོགས་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི༔ ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར༔ ལྷ་ཡི་ཆུ་ནི་དག་པ་ཡིས༔ དེ་བཞིན་བདག་གིས་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་འཐོར་བས་ལུས་ཀྱི་སྒྲིབ་པ་དག །རྡོ་རྗེའི་མཚན་དཔེ་ཐོབ་པར་མོས་པ་སྐུའི་དབང་། མགྲིན་པར་བཞག་ནས་བུམ་ཆུ་བླུད་པས་ངག་སྒྲིབ་དག །གཞོམ་མེད་ནཱ་དའི་སྒྲ་དབྱངས་ལྡན་པར་མོས་པ་གསུང་། སྙིང་གར་བཞག་ནས་དབྱིངས་དང་རིག་པ་ཟུང་འཇུག་གི་དོན་ངོ་སྤྲད་པས་ཡིད་སྒྲིབ་དག །རིག་སྟོང་ཆོས་སྐུའི་རང་ཞལ་མཇལ་བ་ཐུགས་ཀྱི་དབང་ཡིན་ནོ། །ཞེས་བརྡ་སྤྲད་པ་དང་མཐུན་པའི་ལག་ལེན་ཀྱང་བྱའོ། །དཀྱིལ་འཁོར་ལྷ་ཚོགས་སོ་སོའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ནས་ཁྱེད་རང་ལ་ཐིམ་པས་ཁྱེད་རང་ཡང་འཆི་མེད་ཚེ་ལྷ་གཙོ་འཁོར་དང་གཉིས་སུ་མེད་པར་གྱུར་པར་མོས་ཤིག །ཙཀླི་རེ་རེ་བཞིན་སྤྱི་བོར་བཞག་ལ། ཧྲཱི༔ ཡེ་ཤེས་ལྔ་ཡི་ངོ་བོ་ཉིད༔ ཚེ་ཡི་བདག་པོ་སྐུ་མདོག་དམར༔ མཉམ་གཞག་ཚེ་ཡི་བུམ་པ་འཛིན༔ འགྱུར་བ་མེད་པ་རྡོ་རྗེའི་སྐུ༔ ཚེ་དཔག་མེད་པས་དབང་བསྐུར་རོ༔ ཨོཾ་མ་མ་ཛྙཱ་ན་ཨ་མཱ་ར་ཎི་ཛཱི་བནྟི་ཧཱུྃ་བྷྲཱུྃ་ཛཿཛཿཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཞེ་སྡང་རང་བཞིན་རྣམ་དག་པ༔ མེ་ལོང་ཡེ་ཤེས་ངོ་བོ་ཉིད༔ མཉམ་གཞག་ཚེ་ཡི་བུམ་པ་འཛིན༔ མི་བསྐྱོད་རྡོ་རྗེའི་དབང་བསྐུར་རོ༔ ཨོཾ་མ་མ་ཨཱ་ཡུཿབཛྲ་ཨཀྵོ་བྷྱ་ཨ་བྷི་ཥིཉྩ་ཧཱུྃ༔ ང་རྒྱལ་རང་བཞིན་རྣམ་དག་པ༔ མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད༔ མཉམ་གཞག་ཚེ་ཡི་བུམ་པ་འཛིན༔ རིན་ཆེན་རྡོ་རྗེའི་དབང་བསྐུར་རོ༔ ཨོཾ་མ་མ་ཨཱ་ཡུཿརཏྣ་ཏྲཱཾ་ཨ་བྷི་ཥིཉྩ་ཧཱུྃ༔ འདོད་ཆགས་རང་བཞིན་རྣམ་དག་པ༔ སོར་རྟོག་ཡེ་ཤེས་ངོ་བོ་ཉིད༔ མཉམ་གཞག་ཚེ་ཡི་བུམ་པ་འཛིན༔ པདྨ་རྡོ་རྗེའི་དབང་བསྐུར་རོ༔ ཨོཾ་མ་མ་ཨཱ་ཡུཿཧྲཱིཿཨ་མི་དྷེ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྲག་དོག་རང་བཞིན་རྣམ་དག་པ༔ བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད༔ མཉམ་གཞག་ཚེ་ཡི་བུམ་པ་འཛིན༔ དོན་གྲུབ་རྡོ་རྗེའི་དབང་བསྐུར་རོ༔ ཨོཾ་མ་མ་ཨཱ་ཡུཿཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ རྣམ་ཤེས་ཕུང་པོ་རྣམ་དག་པ༔ ནམ་མཁའི་ཁམས་ལ་དབང་སྒྱུར་མ༔ མཉམ་གཞག་ཚེ་ཡི་བུམ་པ་འཛིན༔ དབྱིངས་ཕྱུག་མ་ཡི་དབང་བསྐུར་རོ༔ ཨོཾ་མ་མ་ཨ་བྷི་ཥིཉྩ་ཧཱུྃ༔ ཚོར་བའི་ཕུང་པོ་རྣམ་དག་པ༔ ས་ཡི་ཁམས་ལ་དབང་སྒྱུར་མ༔ མཉམ་གཞག་ཚེ་ཡི་བུམ་པ་འཛིན༔ སངས་རྒྱས་སྤྱན་མའི་དབང་བསྐུར་རོ༔ ཨོཾ་མ་མ་ཨ་བྷི་ཥིཉྩ་ཧཱུྃ༔ འདུ་ཤེས་ཕུང་པོ་རྣམ་དག་པ༔ མེ་ཡི་ཁམས་ལ་དབང་སྒྱུར་མ༔ མཉམ་གཞག་ཚེ་ཡི་བུམ་པ་འཛིན༔ གོས་དཀར་མོ་ཡི་དབང་བསྐུར་རོ༔ ཨོཾ་མ་མ་ཨ་བྷི་ཥིཉྩ་ཧཱུྃ༔ འདུ་བྱེད་ཕུང་པོ་རྣམ་དག་པ༔ རླུང་གི་ཁམས་ལ་དབང་སྒྱུར་མ༔ མཉམ་གཞག་ཚེ་ཡི་བུམ་པ་འཛིན༔ ཡུམ་ཆེན་སྒྲོལ་མའི་དབང་བསྐུར་རོ༔ ཨོཾ་མ་མ་ཨ་བྷི་ཥིཉྩ་ཧཱུྃ༔ ཡེ་ཤེས་ཀུན་གྱི་ཚེ་བདག་མོ༔ སྒེག་ཅིང་འཛུམ་པའི་ངང་ཚུལ་ཅན༔ སྟོང་ཁམས་ཡོངས་ལ་དབང་སྒྱུར་མ༔ རིན་ཆེན་ཚེ་ཡི་བུམ་པ་འཛིན༔ འབྱུང་བ་ལྔ་ཡི་བཅུད་སྡུད་མ༔ ལྷ་མོ་སྔོན་མོའི་དབང་བསྐུར་རོ༔ ཨོཾ་མ་མ་ཨ་བྷི་ཥིཉྩ་ཧཱུྃ༔ ཡེ་ཤེས་ཀུན་གྱི་ཚེ་བདག་མོ༔ སྒེག་ཅིང་འཛུམ་པའི་ངང་ཚུལ་ཅན༔ སྟོང་ཁམས་ཡོངས་ལ་དབང་སྒྱུར་མ༔ རིན་ཆེན་ཚེ་ཡི་བུམ་པ་འཛིན༔ འབྱུང་བ་ལྔ་ཡི་བཅུད་སྡུད་མ༔ ལྷ་མོ་སེར་མོའི་དབང་བསྐུར་རོ༔ ཨོཾ་མ་མ་ཨ་བྷི་ཥིཉྩ་ཧཱུྃ༔ ཡེ་ཤེས་ཀུན་གྱི་ཚེ་བདག་མོ༔ སྒེག་ཅིང་འཛུམ་པའི་ངང་ཚུལ་ཅན༔ སྟོང་ཁམས་ཡོངས་ལ་དབང་སྒྱུར་མ༔ རིན་ཆེན་ཚེ་ཡི་བུམ་པ་འཛིན༔ འབྱུང་བ་ལྔ་ཡི་བཅུད་སྡུད་མ༔ ལྷ་མོ་དམར་མོའི་དབང་བསྐུར་རོ༔ ཨོཾ་མ་མ་ཨ་བྷི་ཥིཉྩ་ཧཱུྃ༔ ཡེ་ཤེས་ཀུན་གྱི་ཚེ་བདག་མོ༔ སྒེག་ཅིང་འཛུམ་པའི་ངང་ཚུལ་ཅན༔ སྟོང་ཁམས་ཡོངས་ལ་དབང་སྒྱུར་མ༔ རིན་ཆེན་ཚེ་ཡི་བུམ་པ་འཛིན༔ འབྱུང་བ་ལྔ་ཡི་བཅུད་སྡུད་མ༔ ལྷ་མོ་ལྗང་མོའི་དབང་བསྐུར་རོ༔ ཨོཾ་མ་མ་ཨ་བྷི་ཥིཉྩ་ཧཱུྃ༔ ཤར་ཕྱོགས་ཞི་བའི་ལས་མཛད་མ༔ དཀར་མོ་ལྕགས་ཀྱུ་བུམ་པ་འཛིན༔ ཤར་གྱི་སྒོ་མའི་དབང་བསྐུར་རོ༔ ཨོཾ་མ་མ་ཨཾ་ཀུ་ཤ་ཛཿཨ་བྷི་ཥིཉྩ་ཧཱུྃ༔ ལྷོ་ཕྱོགས་རྒྱས་པའི་ལས་མཛད་མ༔ སེར་མོ་ཞགས་པ་བུམ་པ་འཛིན༔ ལྷོ་ཡི་སྒོ་མའི་དབང་བསྐུར་རོ༔ ཨོཾ་མ་མ་པཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ནུབ་ཕྱོགས་དབང་གི་ལས་མཛད་མ༔ དམར་མོ་ལྕགས་སྒྲོག་བུམ་པ་འཛིན༔ ནུབ་ཀྱི་སྒོ་མའི་དབང་བསྐུར་རོ༔ ཨོཾ་མ་མ་སྥོ་ཊ་ཨ་བྷི་ཥིཉྩ་ཧཱུྃ༔ བྱང་ཕྱོགས་དྲག་པོའི་ལས་མཛད་མ༔ ལྗང་མོ་དྲིལ་བུ་བུམ་པ་འཛིན༔ བྱང་གི་སྒོ་མའི་དབང་བསྐུར་རོ༔ ཨོཾ་མ་མ་ཛྙཱ་ན་གྷཱཎྜེ་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་གཏོར་ཐོགས་ལ། གཏོར་སྣོད་པདྨོ་བདེ་ཆེན་བཀོད་པའི་ཕོ་བྲང་དུ་གཏོར་མ་ཚེ་དཔག་མེད་རྒྱལ་བ་འདུས་པའི་ལྷ་ཚོགས་འཁོར་དང་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་བྱིན་ཐིབས་སེ། འོད་ལམ་མེར་བཞུགས་པ་སྤྱི་བོར་སྤྱན་དྲངས་པས་འཆི་མེད་རྡོ་རྗེའི་དབང་ཆེན་རྩལ་རྫོགས་སུ་ཐོབ་པར་མོས་ཤིག །ཧཱུྃ༔ ཡེ་ཤེས་ལྔ་ཡི་ངོ་བོ་ཉིད༔ བཅོམ་ལྡན་རྡོ་རྗེ་ཚེ་དཔག་མེད༔ ཐུགས་དམ་དུས་ལས་མ་གཡེལ་བར༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ ཚེ་ཡི་དབང་བསྐུར་དངོས་གྲུབ་སྩོལ༔ ཨོཾ་མ་མ་ཛྙཱ་ན་ཨ་མཱ་ར་ཎི་ཛཱི་བནྟི་ཧཱུྃ་བྷྲཱུྃ་ཛཿཛ༔ བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར་ལ་གཏོར་མའི་ཆ་ཤས་དང་བདུད་རྩི་དངོས་གྲུབ་ཏུ་སྦྱིན༔ དེ་དག་གིས་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག་ནས་གཟི་བརྗིད་དང་ལྡན། བསྐྱེད་པའི་རིམ་པའི་རྣལ་འབྱོར་བསྒོམ་པ་ལ་དབང་། ཞི་བའི་ལས་འགྲུབ། འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། མིག་དར་འབྲུ་གསུམ་གྱིས་སྦྱིན། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ བླ་མ་རིན་པོ་ཆེ༔ བདེ་སྟོང་ཡེ་ཤེས་བརྙེས་པའི་ཡུམ༔ གསང་བ་བླ་མེད་གཏེར་མངའ་བའི༔ མཚན་ལྡན་ཡིད་འོང་ལྷ་མོ་འདི༔ བདེ་སྟོང་ཡེ་ཤེས་བསྐྱེད་བྱའི་ཕྱིར༔ དབང་ཕྱུག་ཆེན་པོ་ཁྱེད་ལ་འབུལ༔ སྨྲ་བསམ་བརྗོད་མེད་བདེ་བའི་ངང༔ ཡང་དག་བདེ་ཆེན་བསྩལ་དུ་གསོལ༔ ཅེས་ཞུ། བླ་མས། འོད་གསལ་ཆེན་པོ་འཆར་བའི་མཆོག༔ ཆགས་དང་ཞེན་པ་ལས་གྲོལ་བའི༔ ཏིང་འཛིན་ཡེ་ཤེས་བརྟན་པར་བྱ༔ ཨོཾ་ཨཱ་རལླི་མུ་དྲ་ཧོ༔ ཐུན་མོང་མ་ཡིན་པའི་ཡེ་ཤེས་པ་དབབ་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྡོ་རྗེ་ཕག་མོར་གསལ༔ སྙིང་གར་ཚེ་དཔག་མེད་པའི་སྐུ༔ དཀར་དམར་མདངས་ལྡན་ཡབ་ཡུམ་བསམ༔ ཐབས་ཤེས་སྙོམས་འཇུག་བར་མཚམས་ནས༔ འོད་ཟེར་ཕྱོགས་བཅུར་འཕྲོས་པ་ལས༔ རྒྱལ་བ་ཡབ་ཡུམ་ཐམས་ཅད་ཀྱི༔ སྦྱོར་མཚམས་ཐིག་ལེ་དཀར་དམར་ནི༔ ཚུར་འདུས་ལྷ་ལ་ཐིམ་པར་སྒོམས༔ བླ་མས་སྙན་པའི་དབྱངས་བཅས། ཧཱུྃ༔ ཁྱོད་ལུས་བདེ་བའི་རྣལ་འབྱོར་མ༔ སྙིང་གར་ཚེ་བདག་ཡབ་ཡུམ་གཉིས༔ དྲི་མེད་ཤེལ་འདྲའི་སྦྱོར་མཚམས་ནས༔ ཕྱོགས་བཅུའི་ཚེ་བཅུད་ཀུན་བསྡུས་ནས༔ བུ་ཁྱོད་བདེ་བའི་ཉམས་རྒྱས་སྒོམས༔ མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཞེས་རོལ་མོ་དཀྲོལ་ལ་བྱིན་དབབ། འབྲུ་གསུམ་གྱིས་གདོང་གཡོགས་བཀྲོལ། བུམ་དབང་དུས་སུ་བསྟན་པ་ནི༔ སྤྲོས་བཅས་དཔེ་ཡི་དཀྱིལ་འཁོར་ཏེ༔ འདི་ནི་དེ་ལས་ཁྱད་འཕགས་པ༔ རང་ལུས་རྒྱལ་བའི་དཀྱིལ་འཁོར་ཡིན༔ ཡེ་ནས་རང་ལུས་དཀྱིལ་འཁོར་དུ༔ གནས་པ་ངོ་ཡང་ཤེས་པར་གྱིས༔ ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས༔ སངས་རྒྱས་རིགས་ལྔ་ཡབ་ཡུམ་དང༔ རང་ཉིད་རྒྱལ་བ་ཚེ་དཔག་མེད༔ ལྷ་ཡི་ངོ་བོར་བཞུགས་པ་འོ༔ ཞེས་ངོ་སྤྲད། སློབ་དཔོན་ཚེ་དཔག་མེད་དུ་གསལ་བའི་གསང་གནས་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་རིག་སྟོང་སངས་རྒྱས་ཀྱི་ངོ་བོ། ཡུམ་རྡོ་རྗེ་ཕག་མོར་གསལ་བའི་བྷ་ག་པཾ་ལས་པདྨ་འདབ་བརྒྱད་བདེ་སྟོང་རྒྱལ་བའི་བཞུགས་གནས། སྙོམས་པར་ཞུགས་པའི་བདེ་བའི་རོལ་མོས་ཕུང་ཁམས་སྐྱེ་མཆེད་གདན་གསུམ་ལྷའི་འཁོར་ལོ་པ་རྣམས་མཉེས་ཤིང་ཆགས་པ་ཆེན་པོས་འོད་དུ་ཞུ་བའི་བྱང་ཆུབ་སེམས་ཀྱི་རྒྱུན་ཡུམ་གྱི་མཁར་བབས་པ་དེ་ཉིད་ཐོད་པའི་བདུད་རྩི་དང་བསྲེས་ཏེ་ཁྱེད་རང་རྣམས་ལ་བྱིན་པར་མོས་ཤིག །ཐོད་པའི་བདུད་རྩི་ཁར་ལན་གསུམ་སྦྱིན་ལ། ཀྱེ་ཀྱེ་རྒྱལ་བ་ཀུན་གྱིས་ནི༔ བྱང་ཆུབ་སྲས་པོ་དམ་པར་ནི༔ ཇི་ལྟར་དབང་བསྐུར་དེ་བཞིན་དུ༔ གསང་བའི་བྱང་སེམས་དབང་བསྐུར་ནི༔ སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨོཾ་གུ་རུ་ཨཱ་ཡུཿསིདྡྷི་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨ་མྲྀཏ་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ བྱང་ཆུབ་ཀྱི་སེམས་མགྲིན་པའི་འཁོར་ལོ་ནས་བརྒྱུད། ཡེ་ཤེས་རྩ་མཆོག་དབུ་མའི་ནང་ཐམས་ཅད་གང་། ཉོན་མོངས་པའི་རྟོག་ཚོགས་དབྱིངས་སུ་ནུབ། བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་རྒྱས་པར་མོས་ལ་དེའི་ངོ་བོར་མཉམ་པར་ཞོག་ཅིག །དེས་གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག་ནས་ནུས་པ་དང་ལྡན། མཚན་བཅས་ཀྱི་རྫོགས་རིམ་བསྒོམ་པ་ལ་དབང་། རྒྱས་པའི་ལས་འགྲུབ། འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། འབྲུ་གསུམ་གྱིས་གདོང་བཅིང་། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཀྱེ་བླ་མ་བཅོམ་ལྡན་རྡོ་རྗེ་ཆེ༔ རྣལ་འབྱོར་བདག་ལ་དགོངས་སུ་གསོལ༔ རྣལ་འབྱོར་དབང་ཕྱུག་ཀུན་གྱི་མཆོག༔ ཤེས་རབ་ཡེ་ཤེས་དབང་མཆོག་ནི༔ སྐལ་ལྡན་བདག་ལ་བསྩལ་དུ་གསོལ༔ དམ་ཚིག་སྦྱིན་པ་ནི། ཀྱེ་མ་གསང་བ་ཤེས་རབ་ཡེ་ཤེས་ཀྱི༔ དམ་ཚིག་བསྲུང་བྱ་སེམས་ལ་འཆར༔ བུད་མེད་མི་སྤང་དང་དུ་བླང༔ བདེ་ཆེན་དོན་ལ་གནས་པར་བྱ༔ ཡོན་ཏན་ཐམས་ཅད་འདི་ལས་འབྱུང༔ འདི་སྤངས་བདེ་བའི་དངོས་གྲུབ་མེད༔ ཉམས་ན་ཚེ་འཕོས་དམྱལ་བར་སྐྱེ༔ ཇི་སྐད་བསྒོས་པའི་དམ་ཚིག་གཉན་པོ་མ་ཉམས་པར་བསྲུང་སྙམ་པས་འདིའི་རྗེས་ཟློས། འཆི་བ་སྲོག་ལ་བབ་གྱུར་ཀྱང༔ དམ་ཚིག་བཀའ་ལས་འདའ་མི་བྱ༔ ཐུན་མོང་མ་ཡིན་པའི་ཡེ་ཤེས་པ་སོགས་གོང་ལྟར་དམིགས་པ་ཕོག །བླ་མས་དབྱངས་བཅས། ཚེ་ཡི་བདག་པོ་ཡབ་ཡུམ་ནི༔ རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས༔ ཡུངས་འབྲུ་ཙམ་དུ་གསལ་བ་ལ༔ བདེ་བས་མི་བཟོད་གར་བྱེད་དེ༔ སྙིང་དང་བ་སྤུའི་བུ་ག་ཀུན༔ གང་བར་སྒོམས་ཤིག་རིགས་ཀྱི་བུ༔ ཞེས་བརྗོད་ལ་རོལ་མོ་བསྒྲག །འབྲུ་གསུམ་གྱིས་གདོང་བསལ། ཡུམ་གྱི་མཁའ་རྒྱལ་བ་ཐམས་ཅད་འབྱུང་བ་དང་བཞུགས་པའི་གནས་གསང་མཆོག་བདེ་བ་ཆེན་པོ་རང་བྱུང་གི་གཞལ་ཡས་ཁང་དུ་ངོ་ཤེས་པར་གྱིས་ཤིག །མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་མདུན་དུ་འདུག་སྟེ་བདེ་བ་སྐུལ་བར་མོས་ཤིག །རིག་ཙཀ་ཐོགས་ལ། ང་ཡི་མཁའ་ལ་མོས་པ་སུས་བསྟེན་པ༔ ཡོན་ཏན་བདེ་སྟོང་དངོས་གྲུབ་ཐོབ༔ ཨོཾ་ཧ་རི་ནི་ས་ཌཱ་ཀི་ནཱི་ཨཉྫ་ལི་ཧོ༔ ཕྱག་རྒྱའི་སྲིན་ལག་གཡོན་ནས་བཟུང་སྟེ་ཁྱེད་རང་ལ་གཏད་པར་མོས་ཤིག །ཧཱུྃ༔ ཡེ་ཤེས་བདེ་བའི་གནས་སྦྱིན་མ༔ དགའ་བའི་གཟུགས་མཛེས་ལྷ་མོ་ནི༔ འདི་ཁྱེར་རྟག་ཏུ་གུས་པས་མཆོད༔ ཨོཾ་མ་ཧཱ་སུ་ཁ་ཧོ༔ ལག་ཏུ་གཏད་ལ། དེ་ལྟར་གཏད་པའི་རིག་མ་དང་ཁྱེད་རང་གཉིས་འདུ་ཤེས་གསུམ་དང་ལྡན་པའི་རྣལ་འབྱོར་གྱིས་སྙོམས་པར་འཇུག་པས། ལུགས་འབྱུང་དང་ལུགས་ཟློག་གི་དགའ་བ་བཅུ་དྲུག་གི་མཐར་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ལ། བདེ་སྟོང་དབྱེར་མེད་ཀྱི་རང་ངོར་ལྟོས་ལ་རང་བབ་ཏུ་སྐྱོངས་མཛོད། ཀྱེ་མ་ལས་ལྡན་རིགས་ཀྱི་བུ༔ ཁྱེད་ཉིད་ཚེ་དཔག་མེད་དུ་བསྒོམ༔ ཡུམ་ནི་ཡེ་ཤེས་མཁའ་འགྲོར་སྐྱེད༔ གཉིས་ཀའི་ཕུང་ཁམས་སྐྱེ་མཆེད་རྣམས༔ དཔའ་བོ་མཁའ་འགྲོར་གསལ་བཏབ་ནས༔ ཡབ་ཡུམ་གཉིས་ཀའི་མཁའ་གསང་ནི༔ རྡོ་རྗེ་པདྨར་བྱིན་གྱིས་རློབས༔ འོ་བྱ་ལུས་སེམས་བདེ་བ་སྐྱེད༔ དེ་ནས་སེམས་བཟུང་དལ་བུས་བསྲུབ༔ བྱང་སེམས་འཆོར་བ་སྙམ་བྱེད་ན༔ སྟོང་པར་རྒྱས་བཏབ་ཡལ་དུས་བསྲུབ༔ ཡང་ཡང་བསྐྱར་ནས་བདེ་སྟོང་ནི༔ དབྱེར་མེད་དོན་ལ་བལྟ་བར་གཅེས༔ གཉིས་ཤོར་གཉིས་མཉམ་དུས་དེ་རུ༔ ལྷན་སྐྱེས་ཡེ་ཤེས་ངོ་ཡིས་ཟུངས༔ ཞེས་དང་སྤྲོ་ཞིང་ནུས་ན་ལམ་འབྲས་ཟབ་རྒྱ་ཅན་ལྟར་མན་ངག་གི་གནད་རྣམས་བཀྲོལ་ལ་བཤད། དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག་ནས་མཐུ་སྟོབས་དང་ལྡན། གཞན་ལུས་ཕོ་ཉའི་རྣལ་འབྱོར་བསྒོམ་པ་ལ་དབང་། དབང་གི་ལས་འགྲུབ། འབྲས་བུ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །བཞི་པ་རིག་པའི་རྩལ་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཀྱེ་བླ་མ་རྡོ་རྗེ་འཛིན་པ་ཆེ༔ སྨྲ་བསམ་བརྗོད་མེད་ལ་གནས་པའི༔ དེ་ཡི་རྟོགས་པ་བདག་རྒྱུད་ལ༔ དབང་ཆེན་ཁྱེད་ཀྱིས་འཕོ་བར་མཛོད༔ ལན་གསུམ། མེ་ལོང་ཤེལ་རྡོ་སློབ་བུའི་སྙིང་གར་བཞག་ལ། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་བྱོན༔ སློབ་བུའི་རྒྱུད་ལ་དབང་བསྐུར་གྱུར༔ ཅེས་དམིགས་ལ། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱི༔ སྙིང་ཁར་ཚེ་ཡི་བདག་པོ་ནི༔ དྲི་མེད་ཤེལ་འདྲའི་ཐུགས་ཀ་རུ༔ སྐྱེ་མེད་ཡི་གེ་ཨ་གཅིག་བསྒོམ༔ དེ་ལ་སེམས་ཉིད་གཅེར་གྱིས་ལྟོས༔ ཨ་ནི་སྐྱེ་མེད་ཆོས་ཀྱི་སྐུ༔ སྨྲ་བསམ་བརྗོད་མེད་ཟང་ཐལ་ངང༔ དེ་བཞིན་ཁྱོད་སེམས་ཆོས་ཀྱི་སྐུ༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ ཐུགས་རྗེ་འགག་མེད་ལྷུན་གྱིས་གྲུབ༔ ཆགས་མཁན་བདག་མེད་སྟོང་པ་ཉིད༔ གདོད་ནས་མ་བཅོས་ལྷུན་གྱིས་གྲུབ༔ རྟག་ཆད་གཉིས་ཀྱི་མཐའ་ལས་འདས༔ མུ་བཞིས་མ་གོས་དྲི་མ་བྲལ༔ ཁྱོད་ཉིད་རིག་པའི་ངོ་བོར་ལྟོས༔ སྐྱེ་འགག་གཉིས་དང་བྲལ་བ་ན༔ རྡོ་རྗེ་ཚེ་ཡི་ངོ་བོ་ཡིན༔ སྐྱེ་འཆི་མེད་ཅེས་དེ་ལ་བྱ༔ ཤེལ་འདི་རྒྱུ་རྐྱེན་གང་མ་གྲུབ༔ ཕྱི་ནང་མེད་པར་ཟང་ཐལ་ལེ༔ རིག་པ་ཉིད་ཀྱང་དེ་དང་མཚུངས༔ དོན་དེ་ཕྱི་རོལ་དཔེ་ཙམ་ཡིན༔ རང་བྱུང་ཡེ་ཤེས་ངོ་བོ་ཡིན༔ རང་བྱུང་རིག་པའི་རྩལ་དབང་ཡིན༔ དང་པོ་སྟོང་གསལ་བདེ་ཆེན་སྐྱོངས༔ མ་ཡེངས་འཛིན་མེད་རང་གསལ་དུ༔ མ་ཡེངས་གསལ་བསྒོམ་གཉུག་མའི་དོན༔ བརྩོན་འགྲུས་ལྡན་པས་ཡང་དག་སྐྱོངས༔ ཚེ་གཅིག་ཐར་པའི་ལམ་མཆོག་ཐོབ༔ ཅེས་དང་སྤྲོ་ན་ཁྲིད་ཡིག་ལྟར་ངོ་སྤྲོད་རྒྱས་པར་གདབ། དེས་དབང་བཞི་པ་ཐོབ། སྒོ་གསུམ་གྱི་སྒྲིབ་པ་དག་ནས་རིག་རྩལ་ངར་དང་ལྡན། རྫོགས་པ་ཆེན་པོའི་རྣལ་འབྱོར་བསྒོམ་པ་ལ་དབང་། དྲག་པོའི་ལས་འགྲུབ། འབྲས་བུ་སྐུ་ལྔ་ཡོངས་རྫོགས་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཞེས་རྟོགས་པ་བསྐྱེད། ཤིས་བརྗོད་གང་འོས་བྱ། དེ་རྣམས་ཀྱི་སྒོ་ནས་ཚེ་སྒྲུབ་རྒྱལ་བ་འདུས་པའི་དབང་བསྐུར་ཟབ་མོ་ཡོངས་སུ་རྫོགས་པ་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་། གཏང་རག་མཎྜལ་སོགས་དབང་གི་རྗེས་ཀྱི་བྱ་བ་དང། ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་ནས་ཤིས་བརྗོད་ཀྱི་བར་དཀྱིལ་འཁོར་རྗེས་ཆོག་ཚང་བ་ལས་བྱང་གི་དཀྱུས་སུ་བསྟན་པ་ལྟར་བྱའོ། །ཟབ་གཉན་མཐུ་བྱིན་མངོན་སུམ་ཚད་གྲུབ་ཀྱང་། །ཕྱོགས་བསླད་དབང་གིས་ཕྲིན་ལས་བག་ཉལ་རྒྱུན། །པད་སྣལ་ལྟ་བུ་འདི་མཐུས་སྟོབས་རྒྱས་ཏེ། །གངྒཱའི་ཀླུང་བཞིན་སྐྱེ་དགུའི་གསོས་གྱུར་ཅིག །གཏེར་ཁ་འདིའི་ཟབ་ཆོས་བདུད་རྩིའི་རྒྱུན་བཟང་ཆ་ཚང་བསྐལ་པ་དགེ་བའི་སྣོད་དུ་ཐོབ་པས་ཞབས་ཏོག་གི་སྒོར་འགྱུར་བའི་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཤྲཱི་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
བགེགས་སྦྱོང་སྐབས་ཟུར་བྱང་ (Volume 42, Text 2)
བགེགས་སྦྱོང་སྐབས་ཟུར་བྱང་ཡིན། དྲག་པོས་སྦྱོང་བ་ནི། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧཱུྃ་མཛད་ཁྲོ་བོའི་རྒྱལ་པོ་འཇིགས་སུ་རུང་བའི་སྐུར་གྱུར་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཁྲོ་བོའི་སྤྲིན་རབ་འབྱམས་དཔག་ཏུ་མེད་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམ་ཞིང་། ཧཱུྃ། ཡེ་ཤེས་བསྐལ་པའི་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་སྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་རྒྱལ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཞེས་ཁྲོ་བོ་ནམ་མཁའ་གང་བར་བཞུགས་པ་ལ། ཨོཾ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད་ནས། ཧཱུྃ། ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང་། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམས་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད། །ལྷག་པའི་ཡེ་ཤེས་རོལ་པར་སྟོན་མཛད་ཅིང་། །སྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པའི། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་བསྟོད། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོའི་སྟངས་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་བསྟོད། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འཁྱུག་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོག །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། །ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་སོགས་དཀྱུས་ལ་འཇུག་གོ། །།
གུ་རུ་དར་ནག་བེར་ཆེན་གྱི་བྱིན་རླབས་བྱེད་ཚུལ་ཡང་ཟབ་སྙིང་པོ་ (Volume 12, Text 2)
༄༅། །གུ་རུ་དར་ནག་བེར་ཆེན་གྱི་བྱིན་རླབས་བྱེད་ཚུལ་ཡང་ཟབ་སྙིང་པོ་བཞུགས་སོ། ། མོས་པའི་ཚོན་གྱིས་ཁ་བསྒྱུར་བས། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །བསམ་ཀུན་རྫོགས་མཛད་དེར་བཏུད་ནས། །བྱིན་རླབས་སྙིང་པོ་འདི་ལྟར་རོ། །འདིའི་བྱིན་རླབས་ཀྱིས་དད་ལྡན་རྗེས་སུ་བཟུང་བ་ལ་མཎྜལ་སྔོན་པོ་གྲུ་བཞི་པའི་སྟེང་དུ་རྡུལ་ཚོན་གྱིས་རྡོ་རྗེ་རྒྱ་གྲམ་ལྗང་གུའི་ལྟེ་བར་པདྨ་འདབ་བཞི་དམར་པོ་དབུས་མཐིང་ག་ཅན་བྲིས་པའི་སྟེང་དུ་གཏོར་མ་དཔེའུ་ཆུང་ལྟར་རམ། བྱིན་རླབས་ཙམ་ལ་སྤྱི་འགྲོའི་དཔལ་གཏོར་གྱིས་ཀྱང་རུང་ལ་གང་ལྟར་གཞུང་མཐུན་སྐུ་རྟེན་ཙཀླི་དང་དར་གདུགས་ཀྱིས་བརྒྱན་པའི་གཡས་གཡོན་དུ་སྨན་རཀ་གི་ཞལ་བུ་དང་། མདུན་དུ་ཕྱི་མཆོད་ཕྲེང་ཚར་དུ་བཀོད། གཏེར་གཞུང་གི་སྐྱབས་སེམས་ལན་གསུམ། བདག་བསྐྱེད་རྟ་ཕག་ལྟ་བུའི་ཡི་དམ་གང་རུང་དུ་གསལ་བའི་སྤྱི་བོར་བླ་མ་བསྒོམ་ཞིང་ཚིག་བདུན་མས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམས་ཏེ་ཛཔ྄་བཟླ་བ་བསྙེན་པ། མཆོད་གཏོར་འབྲུ་གསུམ་གྱིས་བྱིན་བརླབས་ནས། མདུན་གྱི་རྟེན་བླ་མར་གོང་བཞིན་གསལ་བཏབ་པ་ལ། གཞུང་གི །ཧཱུྃ༔ སྔོན་གྱི་བསྐལ་པ་སོགས་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམས་ལ་སྔགས་བཟླ་བ་སྒྲུབ་པ། དེ་ནས་མཆོད་པ་དེ་འཕྲོས་ཡོད་པ་དང་། །བསྟོད་པ་འོག་གི། ཀྱཻ༔ རྗེ་བཙུན་པདྨ་སོགས་ཡར་བླངས་ལ། བསྐུལ་པ་དཀྱུས་ཀྱི། ཧྲཱི༔ རྗེ་བཙུན་པདྨ་སོགས་བརྗོད་པའི་མཐར་སྔགས་དེ་ཉིད་བཟླ་བ་ལས་སྦྱོར་བཅས་གྲུབ་པའི་མཐར། གཏོར་མ་སྐུ་རྟེན་བཅས་བླངས་ལ་བསྙེན་སྒྲུབ་ལས་སྔགས་གསུམ་ལ་གཞུང་གི་སྔགས་ཤམ་གསུམ་བཏགས་པ་རིམ་པར་བརྗོད་པ་དང་བསྟུན་རང་གི་གནས་གསུམ་དུ་བཞག་ནས་དབང་བླང་བར་བྱའོ། །དེ་ནས་སློབ་མ་ལ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེའང་ཕྱོགས་དུས་རྒྱལ་བ་ཐམས་ཅད་ཀྱི་སྐུ་ལྔའི་བདག་ཉིད་རྗེ་བཙུན་པདྨ་ཐོད་ཕྲེང་རྩལ་ཉིད་སངས་རྒྱས་ཀུན་གྱི་ཕྲིན་ལས་ལ་མངའ་མཛད་པའི་ཚེ་གུ་རུ་ཀརྨ་ཐོད་ཕྲེང་རྩལ་ཞེས་བྱ་བའི་སྐུར་བསྟན་ནས་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་དབང་སྒྱུར་ཞིང་། རྗེས་འཇུག་མོས་པའི་བུ་སློབ་རྣམས་ལའང་ཕྲིན་ལས་རྣམ་པ་བཞིའི་དོན་མཆོག་བདེ་བླག་ཏུ་སྩོལ་བའི་བྱིན་རླབས་དང་དངོས་གྲུབ་ཀྱི་སྒོ་ཁྱད་པར་དུ་འཕགས་པ་སྟེ། དེ་ལྟ་བུའི་སྒོས་སྒྲུབ་ཀྱི་རིམ་པ་འགའ་ཞིག་བྱོན་པ་ལས་ཐམས་ཅད་ཀྱི་རྩ་བར་གྱུར་པ། གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་སྤྱི་རྗེ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གིས་གཏེར་སྲུང་ལ་བཀའ་བསྒོ་དམ་བསྒྲགས་མཛད་དེ་ཡར་ཀླུང་བ་བརྩོན་འགྲུས་སེང་གེ་བཏང་ནས། བསམ་ཡས་ཨརྻ་པ་ལོའི་གླིང་གི་རྟ་མགྲིན་གྱི་ཞབས་འོག་བསེ་སྒྲོམ་སྨུག་པོ་ནས་གདན་དྲངས་པའི་ཀརྨ་གུ་རུ་དར་ནག་བེར་ཆེན་གྱི་སྒྲུབ་པ་པདྨའི་གསང་སྒྲུབ་འགྲོ་བ་ཀུན་འདུལ་གྱི་བྱིན་རླབས་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །མདུན་རྟེན་ཀརྨ་ཐོད་ཕྲེང་རྩལ་དངོས་སུ་གསལ་བ་ཉིད་མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་བཞུགས་པ་ལ་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཅི་མཛད་ཁྱེད་ཤེས་ཀྱིས་སྐྱབས་སུ་མཆི་བའི་བློས་འདིའི་རྗེས་ཟློས་མཛོད། ན་མོ༔ དཀོན་མཆོག་གསུམ་གྱི་རང་བཞིན་བླ་མ་ལ༔ མཆོག་ཏུ་དད་པས་འདུད་ཅིང་སྐྱབས་སུ་མཆིའོ༔ ཞེས་ལན་གསུམ། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་མ་ཧཱ་གུ་རུའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་གསང་བའི་ལམ་ཟབ་མོ་ལ་འཇུག་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཨེ་མ་ཧོ༔ མ་རྟོགས་འཁྲུལ་པའི་སེམས་ཅན་སྙིང་རེ་རྗེ༔ མཉམ་རྫོགས་བླ་མ་དག་གི་ཞིང་དུ་བསྒྲལ༔ ལན་གསུམ། སངས་རྒྱས་ཀུན་འདུས་ཨོ་རྒྱན་གྱི་སློབ་དཔོན་ཀརྨ་གུ་རུ་རྒྱལ་བ་སྲས་དང་བཅས་པ་ཡིད་ལ་བྱས་ཏེ་ཚོགས་གསག་ཡན་ལག་བཅུ་པའི་དོན་རྗེས་སུ་དྲན་བཞིན་པས་འདིའི་རྗེས་ཟློས། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་ཆགས་སྡིག་སྒྲིབ་མཐོལ་ལོ་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ ལྷུན་གྱིས་གྲུབ་པར་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ དེ་ནས་སློབ་མ་རྣམས་སྐད་ཅིག་གིས་པད་ཉིའི་གདན་ལ་རྟ་མགྲིན་དབང་ཆེན་དམར་པོ་གྲི་ཐོད་འཛིན་ཅིང་དུར་ཁྲོད་ཆས་ཀྱིས་བརྒྱན་པ། དབུ་གཙུག་ཏུ་རྟ་གདོང་ལྗང་གུས་མཚན་ཅིང་མེ་དཔུང་གི་ཀློང་ན་བཞུགས་པར་གསལ་ཐོབ་ཅིག །གཏོར་མ་སྐུ་རྟེན་དང་བཅས་པ་ཉི་ཟླའི་སྟེང་དུ་ཨོ་རྒྱན་ཕྲིན་ལས་ཀྱི་སྐུ་ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་དབུ་གཙུག་རྡོ་རྗེ་འབར་བ་གཡས་ས་གནོན་རྒྱ་གྲམ་འཛིན་པ༔ གཡོན་པ་ཐོད་ཁྲག་བདུད་རྩིར་སྡུད་པ༔ སྐུ་མདོག་ལྗང་གུ་འོད་ཟེར་འཕྲོ་བ༔ དར་ནག་གི་བེར་གསོལ་ཟ་འོག་གི་ཕྱི་ཐུལ་ཅན༔ བྲག་གི་རི་མོས་བརྒྱན་པ་མངོན་སུམ་བཞིན་དུ་གསལ་བ་ལ་མོས་གུས་ཀྱི་གདུང་ཤུགས་བསྐྱེད་དེ་གསོལ་བ་བཏབ་པས་སྐུའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་བྱུང་སྙམ་དུ་མོས་ཤིག །གཏོར་མ་ལག་ཏུ་ཐོགས། སྤོས་དང་རོལ་མོའི་དབྱངས་ཀྱིས་བསྐུལ་ལ། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་པས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཧྲཱིཾཿཀརྨ་གུ་རུ་ཧཱུྃ༔ ཨ་བྷི་ཥིཉྩ་ཨོཾ༔ ཞེས་གཏོར་མ་སྤྱི་བོར་བཞག །རང་གི་ལུས་ལ་བ་སྤུ་གཡོ་བ་སྙམ་བྱེད་ན༔ སྐུས་འགྲོ་བ་འདུལ་བའི་དབང་ཐོབ་པ་ཡིན་ནོ༔ ཡང་གཏོར་མ་ཕྲིན་ལས་ཀྱི་གུ་རུ་དངོས་སུ་གསལ་བ་ལ་མོས་གུས་ཀྱི་གདུང་ཤུགས་བསྐྱེད་དེ་གསོལ་བ་བཏབ་པས་གསུང་གི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་བྱུང་སྙམ་དུ་མོས་ཤིག །ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ དྷ་ན་ཀོ་ཥའི་མཚོ་གླིང་དུ༔ པད་མའི་སྡོང་པོ་གེ་སར་ལ༔ དྲི་མེད་པདྨ་རྒྱལ་པོར་འཁྲུངས༔ པདྨ་འབྱུང་གནས་ཆེན་པོར་གྲགས༔ འཁོར་དུ་མཁའ་འགྲོའི་སྤྲིན་ཕུང་གཏིབས༔ ལོག་འདྲེན་གདུག་པ་འདུལ་སླད་དུ༔ འཕགས་པ་སེང་གེ་སྒྲ་སྒྲོག་བྱོན༔ རྗེ་བཙུན་པདྨ་གཤེགས་སུ་གསོལ༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་པས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ ཀརྨ་སིདྡྷི་ཧཱུྃ་ཨཱ༔ ཨ་བྷི་ཥིཉྩ་ཨཱ༔ ཞེས་གཏོར་མ་མགྲིན་པར་བཞག །ངག་སྨྲ་སྙིང་འདོད་ན༔ གསུང་གིས་འགྲོ་བ་འདུལ་བའི་དབང་ཐོབ་པ་ཡིན་ནོ༔ ཡང་གཏོར་མ་ཕྲིན་ལས་ཀྱི་གུ་རུ་དངོས་སུ་གསལ་བ་ལ་མོས་གུས་ཀྱི་གདུང་ཤུགས་བསྐྱེད་དེ་གསོལ་བ་བཏབ་པས་ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་བྱུང་སྙམ་དུ་མོས་ཤིག །ཧྲཱི༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ཕྲིན་ལས་མཐའ་རུ་དབྱུང་བའི་ཕྱིར༔ གུ་རུ་སེང་གེ་སྒྲ་སྒྲོག་རྩལ༔ ལོག་འདྲེན་གདུག་པ་ཚར་གཅོད་ཕྱིར༔ ཨེ་མ་རྗེ་བཙུན་ངོ་མཚར་ཆེ༔ གཡས་ན་ཕོ་རྒྱུད་ཐིབས་སེ་ཐིབ༔ ཐབས་ཀྱི་བདུད་འདུལ་ཆེམས་སེ་ཆེམ༔ གཡོན་ན་མོ་རྒྱུད་ཐིབས་སེ་ཐིབ༔ ཤེས་རབ་སྒྲོན་མ་ཡ་ལ་ལ༔ མདུན་ན་དཔའ་བོ་ཤ་ར་ར༔ མི་མཐུན་བདུད་དཔུང་ཐལ་བར་རློག༔ སླར་ཡང་བྲོ་བརྡུང་ཁྲིགས་སེ་ཁྲིག༔ རྒྱབ་ན་ཆོས་སྐྱོང་སྤྲིན་ལྟར་གཏིབས༔ སངས་རྒྱས་བསྟན་པའི་བདུད་སྡེ་འཇོམས༔ སླར་ཡང་གར་བྱེད་ཤིགས་སེ་ཤིག༔ དཔའ་བོ་ཆེན་པོ་ཧཱུྃ་གླུ་སྒྱུར༔ ཕཊ་ཀྱི་བརྡ་སྐད་སངས་སེ་སང༔ འགྲོ་བ་འདུལ་ཞིང་འགྲོ་བ་འདྲེན༔ ལྷ་སྲིན་སྡེ་བརྒྱད་ཟིལ་གྱིས་གནོན༔ བདུད་དང་བར་ཆད་ཐམས་ཅད་སོལ༔ འགྲོ་དོན་ཕྲིན་ལས་མཐར་ཕྱུངས་ཤིག༔ ཧྲཱིང་ཧྲཱིང་ཧྲཱིང་ཀརྨ་གུ་རུ་སརྦ་སིདྡྷི་ཧཱུྃ༔ བདུད་སྡེ་ལོག་འདྲེན་ཐམས་ཅད་སརྦ་ཤཱ་ཏྲཱུཾ་མཱ་ར་ཡ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་གར་བཞག །རིག་པའི་ངར་སྐྱེས་ན༔ ཐུགས་ཀྱིས་འགྲོ་བ་འདུལ་བའི་དབང་ཐོབ་པ་ཡིན་ནོ༔ དེས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཟབ་མོ་ལེགས་པར་གྲུབ་ནས་མཐའ་རྟེན་འགྲོ་བ་འདུལ་བའི་རྗེས་གནང་གི་སླད་དུ་སྐུ་རྟེན་ཕྲིན་ལས་ཀྱི་གུ་རུ་མངོན་སུམ་བཞིན་དུ་གསལ་བ་ལ་གུས་པ་ཆེན་པོས་བསྟོད་དབྱངས་དཔོན་སློབ་ལྷན་ཅིག་ཏུ་ཕུལ་བའི་མོས་པ་མཛོད། བསྟོད་པ་ཤེས་ན་ལྷན་ཅིག་ཏུ་བྱ། མི་ཤེས་ན་སློབ་དཔོན་གྱིས་དབྱངས་དང་བཅས་ཏེ། ཀྱཻ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ལོག་འདྲེན་གདུག་པ་འདུལ་བའི་ཕྱིར༔ བདུད་འདུལ་སེང་གེ་སྒྲ་སྒྲོག་སྐུ༔ མཁར་ཏི་ནག་ལ་རང་བྱུང་བ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང༔ ཕྱག་གཡས་བདུད་འདུལ་ས་ལ་གནོན༔ རྒྱ་གྲམ་འབར་བས་ཕྲིན་ལས་སྒྲུབ༔ གཡོན་པ་བདེ་ཆེན་མཉམ་པར་གནས༔ རིན་ཆེན་ཐོད་པས་དགོས་འདོད་སྐོང༔ སྤྱི་གཙུག་རྡོ་རྗེ་རིན་ཆེན་གདུགས༔ བསྟན་པ་མི་ནུབ་རྒྱལ་མཚན་འཛུགས༔ ལྗང་ནག་དྲག་ལས་འགྲོ་བ་འདུལ༔ ཞབས་གཉིས་སྐྱིལ་ཀྲུང་རྫོགས་སངས་རྒྱས༔ མི་མཐུན་ཕྱོགས་རྣམས་ཟིལ་གྱིས་གནོན༔ མཐའ་བེར་ནག་པོ་ལྟོ་དཔུང་ཅན༔ ཅིས་ཀྱང་མི་འགྱུར་སྐུ་རབ་བརྟན༔ དར་བེར་དམར་ཕྱམ་སྐུ་སྨད་གཡོགས༔ དམ་ཆོས་དར་ཞིང་རྒྱས་པར་མཛད༔ སྐུ་སྐེད་སྟོད་སྐོར་འཕང་ལོས་བརྒྱན༔ རྟེན་འབྲེལ་སྣ་ཚོགས་གཞན་དབང་བསྒྱུར༔ ཞལ་ནི་ཐེངས་གཅིག་མཐོང་བས་ཀྱང༔ ཕྱི་མ་ལྷ་མི་དག་པར་སྐྱེ༔ གང་ཞིག་པདྨའི་མཚན་འཛིན་ཅིང༔ སྐུ་ལ་མེ་ཏོག་འཐོར་བྱེད་པ༔ པདྨ་ཅན་གྱི་ཞིང་དུ་སྐྱེ༔ སྔོན་ནས་བསྒྲུབས་པས་ལས་འཕྲོར་ལྡན༔ ཨོ་རྒྱན་རིག་འཛིན་ཐམས་ཅད་ལ༔ ཐུགས་རྗེས་སྐྱོབ་ཅིང་བསྟེན་པ་ན༔ ངེས་པར་བདེ་བ་ཅན་དུ་སྐྱེ༔ བཞི་བཅོམ་དྲུག་ལྡན་མཐའ་གཉིས་འདས༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་བསྟོད༔ དེ་ལྟར་མོས་གུས་ཆེན་པོས་བསྟོད་པ་ཕུལ་བས་གུ་རུ་རིན་པོ་ཆེ་དགྱེས་པ་ཆེན་པོས་འོད་དུ་ཞུ། ཁྱེད་རང་རྣམས་ལ་ཐིམ་པས་ཀརྨ་ཐོད་ཕྲེང་རྩལ་དང་དབྱེར་མེད་དམ་པར་རྒྱལ་བ་རབ་འབྱམས་ཀྱི་ཕྲིན་ལས་ལ་མངའ་དབང་སྒྱུར་བའི་དབང་ཆེན་ཐོབ་པར་མོས་ལ། ཕྱིན་ཆད་ཀྱང་ཟབ་མོའི་ལམ་འདི་རང་གིས་ཉམས་སུ་ལེན་ཞིང་བསྟོད་པ་འདི་སེམས་ཅན་ཀུན་གྱི་རྣ་བར་སྒྲོག་པ་སོགས་ཇི་སྐད་གསུངས་པའི་དམ་ཚིག་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ་ཕྱིན་ཆད་སྤྱི་ལྟར་བྱའོ། །དེ་ནས་མདུན་རྟེན་ལྷར་གསལ་བ་ལ་ཚོགས་འཁོར་སྤྲོ་ན་བྱང་བདག་གི་ཀརྨ་གུ་རུ་ལྟ་བུ་ནས་བླང་། ཚོགས་ཕུད་ཀྱིས་མཚོན་པའི་བསྲེག་རྫས་གང་འབྱོར་མེར་བསྲེགས་ལ་སྦྱིན་སྲེག་ཀྱང་གཞུང་ལྟར་སྔགས་ཙམ་གྱིས་བྱ། སླར་མཆོད་བསྟོད། ཡིག་བརྒྱ། བཟོད་གསོལ། མདུན་རྟེན་ལ་བརྟན་བཞུགས་བྱ། སྤྱི་བོའི་བླ་མ་རང་ལ་བསྟིམ་ཞིང་དགེ་བསྔོ་ཤིས་བརྗོད་བྱའོ། །ནམ་མཁའ་དང་མཉམ་འགྲོ་བ་ཀུན། །འདུལ་བྱེད་ཕྲིན་ལས་རླབས་པོ་ཆེ། །ཀརྨ་ཐོད་ཕྲེང་རྩལ་ཉིད་དང་། །དབྱེར་མེད་ཉིད་དུ་འཇུག་གྱུར་ཅིག །ཅེས་པའང་ལག་ལེན་གསལ་བྱེད་གཏེར་གཞུང་གི་ཞབས་འདེགས་ལྷན་ཐབས་སུ་པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་སྦྱར་བ་དགེ་ལེགས་འཕེལ།། །།
ལས་ཚོགས་རིན་ཆེན་ཁང་བུ་ལས༔ ཕྱྭ་ཕྲིན་ནོར་བུ་མཆོག་རྒྱལ་ (Volume 51, Text 2)
༄༅༔ ལས་ཚོགས་རིན་ཆེན་ཁང་བུ་ལས༔ ཕྱྭ་ཕྲིན་ནོར་བུ་མཆོག་རྒྱལ་བཞུགས༔ རྒྱ་གར་སྐད་དུ༔ རཏྣ་མ་ཧཱ་གྷུ་ཡ་དྷ་པ་ནཱ་མ༔ བོད་སྐད་དུ༔ རིན་པོ་ཆེ་གསང་བ་ཁང་བུ་ཞེས་བྱ་བ༔ འབྱུང་བའི་ལྷ་མོ་དཔལ་དབྱིངས་ཀྱི་རྒྱལ་མོ་ལ་ཕྱག་འཚལ་ལོ༔ མ་འོངས་སྐྱེ་འགྲོ་སེམས་ཅན་གྱི༔ དབུལ་བའི་སྡུག་བསྔལ་ཞི་བ་དང༔ ཁམས་གསུམ་དབང་དུ་སྡུད་པའི་ཕྱིར༔ གསང་བའི་མན་ངག་འདི་ལྟར་བྱ༔ དང་པོ་འབྱུང་བ་བཞིའི་བཅུད་འགུགས་པ་ནི༔ གནས་རི་ཁྲོད་མཐོན་པོའམ༔ རྒྱལ་པོའམ་སྡེ་དཔོན་གྱི་ཕོ་བྲང་དུ༔ གླིང་བཞིའི་མཎྜལ་དབུས་པདྨ་དམར་པོ་ཅན་གྱི་སྟེང༔ ཕྱྭ་རྫས་ནི་འབྲུ་སྣ་ཚོགས་ལས་གྲུབ་པའི་རི་རབ་ཀྱི་སྟེང་དུ༔ བུམ་པ་ ཟླུམ་པོ་ཁ་ཁྱེར་ནོར་བུའི་ཏོག་གིས་སྤྲས་པའི་སྟེང་དུ༔ ནོར་བུ་འབར་བ་ལ་པདྨ་ཉི་ཟླས་བརྒྱན་པ༔ སིནྡྷུ་རའམ་འབྲི་མོག་གིས་དམར་པོ་བྱས་པ༔ མདའ་དར་དམར་པོ་མེ་ལོང་གིས་བརྒྱན་པ་གཟུག་ལ་བཀོད༔ དེའི་ཤར་དུ་རྒྱུན་མ་ཆད་པའི་ཆུས་རིན་པོ་ཆེའི་སྣོད་གང་བ༔ ལྷོར་རི་བཀྲ་བཟང་པོའམ་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པའི་གནས་ཀྱི་ས་དང༔ ནུབ་ཏུ་ཙནྡན་དང་འབྲུ་མར་གྱི་མར་མེ་དང༔ བྱང་དུ་རླུང་གཡབ་དང༔ མཐའ་རྣམས་ལ་རོ་བཅུད་ལྡན་པའི་ཟས་སྣ་ཅི་འབྱོར་པ་གསག༔ རང་གི་ཡི་དམ་གྱི་དཔལ་གཏོར་དང༔ ཆོས་སྐྱོང་གི་གཏོར་མ་དང༔ འབྱུང་བ་བཞིའི་གཏོར་མ༔ ཛཾ་བྷ་ལ་ཡབ་ཡུམ་གྱི་གཏོར་མ་དང༔ རྟ་བདག་བརྒྱད་ལ་ཛཾ་བཤོས་བརྒྱད༔ རྒྱལ་པོ་སྡེ་བཞི་ལ་ཅོག་གཏོར་བཞི༔ ཡང་སྣོད་གཅིག་ལ་ཕྱྭ་གླུད་ལ་ཕྱོགས་སྐྱོང་བཅུ་དང༔ ལྷ་སྲིན་སྡེ་བརྒྱད་ལ་གཏོར་མ་རྣམས་བཀོད་དོ༔ གཞན་ཡང་བུམ་པའམ་ཟག་བརྡོལ་མེད་པའི་སྣོད་གང་ཡང་རུང་བར་སྦྲང༔ བུ་རམ༔ མར༔ འབྲུ་སྣའི་ཆང་གི་ཁ་རྡོ་རྗེ་རྒྱ་གྲམ་གྱིས་བཅད་པ་དང༔ གཞན་ཡང་སྨན་རཀ་ལ་སོགས་པ་ཉེར་མཁོ་རྣམས་བསགས་ལ༔ གཡབ་དར་དམར་པོ་མདའ་རྒོད་སྒྲོ་ཅན་དང༔ གཞན་ཡང་དར་སྣ་ཚོགས་ཀྱིས་བརྒྱན་པའི་མདའ་རྣམས་ནས་ལ་གཟུག༔ དེ་ནས་རང་སྟན་བདེ་བ་ལ་འདུག་སྟེ༔ སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན༔ བསང་ཤིང་གང་འགྲུབ་ཀྱིས་བསང་བྱ༔ རྒྱལ་ཆེན་བཞིས་མཚམས་བཅད༔ རང་གི་ཡི་དམ་གྱི་ཕྲིན་ལས་གཞུང་བསྲངས་ལ་ཚོགས་འབུལ་ཡན་བྱ༔ དེ་ནས་བྱུང་ཁུངས་བཤད་དེ༔ ཕྱྭ་ཁུ་ཡེ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས༔ འགྲོ་བ་དབུལ་བའི་སྡུག་བསྔལ་གཟིགས༔ ཚངས་པའི་རྒྱལ་པོ་གདོང་བཞི་ལ༔ ལྷ་ཡི་དབང་པོས་འདི་སྐད་ཞུས༔ ཚངས་པའི་རྒྱལ་པོ་ཚུར་གསོན་ཅིག༔ མ་འོངས་བསྐལ་པ་ཐ་མ་ལ༔ འགྲོ་དྲུག་སྡུག་བསྔལ་གྲངས་མེད་གཟིར༔ ཁྱད་པར་བོད་ཡུལ་མུན་པའི་གླིང༔ འབྱུང་པོ་འདྲེ་སྲིན་དྲེགས་པའི་ཡུལ༔ སྐྱེ་འགྲོ་མི་ཡང་ཐེ་ཚོམ་ཆེ༔ དུག་ལྔའི་འདམ་ལ་བྱིང་བ་ཡི༔ ལས་ཉོན་རྣམ་སྨིན་ཁུར་གྱིས་མནན༔ འབྱུང་བ་མེ་ཡི་བསྐལ་པ་འཆར༔ རྩི་ཤིང་ལོ་ཏོག་རིམ་གྱིས་བསྲེག༔ ནད་དང་སྡུག་བསྔལ་སྣ་ཚོགས་འབྱུང༔ འབྱུང་བའི་བཅུད་ནི་ཉམས་གྱུར་ནས༔ སྐྱེ་འགྲོ་དབུལ་བས་ཉེན་པ་ན༔ འབྱུང་བ་ཆ་སྙོམས་བཅུད་བསྡུས་ནས༔ གསོ་བའི་ཐབས་གཅིག་བསྟན་དུ་གསོལ༔ ཕྱྭ་ཁུ་ཡེ༔ ལྷ་ཡི་དབང་པོ་ཚུར་གསོན་དང༔ དབུལ་བའི་སྡུག་བསྔལ་སེལ་འདོད་ན༔ སྔོན་ཚེ་སྟོན་པ་སངས་རྒྱས་ཀྱིས༔ ཁྱིམ་བདག་དད་པའི་དབང་པོ་ལ༔ ཁམས་གསུམ་དབང་སྡུད་མན་ངག་ནི༔ ནོར་བུ་མཆོག་རྒྱལ་ཞེས་བྱ་གསུངས༔ འབྱུང་བ་དབང་དུ་སྡུད་པ་དང༔ ནམ་ཟླ་དུས་བཞི་ཆ་སྙོམས་ནས༔ འདོད་དགུའི་གཏེར་ཁ་འབྱེད་པ་ཡིན༔ ནད་དང་སྡུག་བསྔལ་ཀུན་ལས་སྒྲོལ༔ མཐའ་ཡི་དམག་དཔུང་ཟློག་པ་ཡིན༔ འདི་དང་འཕྲད་པ་ཤིན་ཏུ་དཀོན༔ ནོར་བུ་རིན་ཆེན་གསོལ་བཏབ་ཚེ༔ ཅི་འདོད་ལྷུན་གྱིས་གྲུབ་པ་ལྟར༔ ནོར་བུ་མཆོག་རྒྱལ་འདི་ཉིད་ཀྱང༔ བསྒྲུབས་པས་འདོད་དགུ་འབྱུང་བ་ཡིན༔ འདི་ཉིད་ལོངས་ལ་སྤྱོད་པར་གྱིས༔ ཕྱྭ་ཁུ་ཡེ༔ ཚངས་པའི་རྒྱལ་པོ་ཚུར་གསོན་དང༔ འདི་ལ་སྒྲུབ་པའི་རྫས་ཅི་འཚལ༔ གང་དང་གང་གིས་འགྲུབ་པ་ཡིན༔ ཚིག་དང་དོན་དུ་བཤད་དུ་གསོལ༔ ཕྱྭ་ཁུ་ཡེ༔ ལྷ་ཡི་དབང་པོ་ཚུར་གསོན་དང༔ འདི་ཉིད་སྒྲུབ་པའི་ཐབས་བསྟན་པ༔ ལྕང་ལོ་ཅན་ཞེས་བྱ་བ་ན༔ རྣམ་ཐོས་སྲས་ཀྱི་ཕོ་བྲང་ཡོད༔ གསེར་གྱི་རྒྱལ་མཚན་ཞེས་བྱ་བ༔ ཚད་དང་ལྡན་པའི་གཞལ་ཡས་ནི༔ གྲུ་བཞི་སྒོ་བཞི་རྟ་བབས་བཅས༔ ཤར་ཤེལ་ལྷོ་ཕྱོགས་བཻ་ཌཱུརྻ༔ ནུབ་ཕྱོགས་རཱ་ག་བྱང་ཕྱོགས་གསེར༔ ཕྱི་ན་རིན་ཆེན་ཀ་བ་ནི༔ ཉིས་སྟོང་ལྔ་བརྒྱས་བཏེགས་པ་ཡི༔ ཕོ་བྲང་སུམ་བརྩེགས་རྒྱ་ཕིབས་ལྡན༔ ནོར་བུ་འབར་བའི་ཏོག་གིས་སྤྲས༔ མུ་ཏིག་དྲྭ་བ་དྲྭ་ཕྱེད་དང༔ མདའ་ཡབ་པུ་ཤུས་མཛེས་པར་བརྒྱན༔ གཏེར་གྱི་ཁང་པ་བཅོ་ལྔས་བསྐོར༔ འཁོར་ས་རིམ་པ་གསུམ་བསྐོར་ནས༔ འཁོར་ས་ནང་མའི་ཁྱམས་དག་ན༔ ཕོ་བྲང་ཕྱོགས་བཞི་མཚམས་བརྒྱད་ན༔ རྟ་བདག་བརྒྱད་ཀྱི་ཁང་བརྩེགས་ཡོད༔ རིན་ཆེན་རྒྱན་གྱིས་མཛེས་པར་བརྒྱན༔ དེ་ཡི་ཕྱོགས་བཞི་མཚམས་བརྒྱད་ན༔ གཏེར་གྱི་བུམ་པ་བཟང་པོ་བརྒྱད༔ དཔག་བསམ་རིན་ཆེན་ལྗོན་ཤིང་བརྒྱད༔ འདོད་ཡོན་རྫིང་བུ་རིན་ཆེན་སྤྲས༔ མེ་ཏོག་དཀར་དམར་སྣ་ཚོགས་པ༔ ཆུ་བྱ་སྣ་ཚོགས་གསུང་སྙན་སྒྲོག༔ འདོད་འཇོའི་བ་ལ་སོགས་པ་ཡི༔ དགོས་འདོད་ཀུན་འབྱུང་ཡོད་པའི་གནས༔ ཕྱི་རོལ་ཕྱོགས་བཅུ་ཐམས་ཅད་ཀུན༔ རིན་ཆེན་འོད་འཕྲོ་ཡིད་འོང་བརྒྱན༔ དེ་འདྲའི་ཕོ་བྲང་ལྷུན་གྱིས་གྲུབ༔ ཕྱྭ་ཁུ་ཡེ༔ ཚངས་པའི་རྒྱལ་པོ་ཚུར་གསོན་དང༔ དེ་འདྲའི་གནས་མཆོག་ཁྱད་པར་འཕགས༔ དེ་འདྲའི་ཕོ་བྲང་ཉམས་དགའ་བ༔ དེ་འདྲའི་ཕོ་བྲང་ཡ་མཚན་པ༔ དེ་ཡི་ནང་ན་སུ་བཞུགས་པ༔ གང་དང་གང་འདྲའི་ལྷ་ཚོགས་བསྒྲུབ༔ ཚངས་པའི་རྒྱལ་པོས་བཤད་དུ་གསོལ༔ ཕྱྭ་ཁུ་ཡེ༔ ཚངས་པའི་རྒྱལ་པོའི་ཞལ་ན་རེ༔ ལྷ་དབང་བརྒྱ་བྱིན་ཚུར་གསོན་དང༔ གཞལ་ཡས་ནང་དུ་ཇི་ལྟར་བཞུགས༔ ཕོ་བྲང་དེ་ཡི་དབུས་དག་ཏུ༔ ཧྲཱིཿཡིག་དམར་པོ་ལས་བྱུང་བའི༔ པདྨ་འདབ་བརྒྱད་ལྟེ་བ་ལ༔ ཨ་ལས་དཀར་གསལ་ཟླ་བའི་གདན༔ བཻ་ཡིག་གསེར་གྱི་མདོག་ཅན་ལས༔ རིན་ཆེན་རྒྱལ་མཚན་བཻ་ཡིག་མཚན༔ དེ་ཉིད་ཡོངས་སུ་གྱུར་པ་ལས༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ སྐུ་མདོག་གསེར་རི་ལྟར་བརྗིད་པ༔ སེང་གེ་དཀར་མོ་ཉལ་སྟབས་སྟེང༔ རོལ་པའི་འདུག་སྟངས་སྐྱིལ་ཀྲུང་བཞུགས༔ ཞལ་གཅིག་ཕྱག་གཉིས་ཅུང་ཟད་ཁྲོ༔ འཛུམ་ཞིང་སྤྱན་གསུམ་དང་ལྡན་པ༔ ཕྱག་གཡས་རིན་ཆེན་རྒྱལ་མཚན་བསྣམས༔ གཡོན་པ་གཏེར་གྱི་ནེའུ་ལེ་འཛིན༔ རིན་ཆེན་རྒྱན་གྱིས་མཛེས་པར་བརྒྱན༔ ལྷབ་ལྷུབ་དར་གྱི་ན་བཟའ་གསོལ༔ ཕྲག་པ་གཡས་གཡོན་ཉི་ཟླ་གཉིས༔ ཞལ་ནས་རིན་ཆེན་ཆར་པ་འབེབ༔ སྐྱེ་དགུའི་ཕོངས་པ་སེལ་བར་མཛད༔ ནམ་མཁའ་མཛོད་ལ་མངའ་བརྙེས་པའི༔ རྣམ་འཕྲུལ་མཐའ་ཡས་དཔལ་ལྡན་པ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་སྒྲུབ༔ མགོན་པོ་ཁྱོད་ལ་གསོལ་བཏབ་ཚེ༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ཚངས་པའི་རྒྱལ་པོ་ཚུར་གསོན་དང༔ ཕྱྭ་དང་གཡང་དུ་འགུགས་པ་ལ༔ དང་པོ་ཕྱྭ་གཞི་གང་ཞིག་འདིང༔ དེ་སྟེང་ཕྱྭ་ནས་ཅི་ལ་བྱ༔ ཕྱྭ་རྫས་གཡང་རྫས་ཇི་ལྟར་གསོག༔ ཚངས་པའི་རྒྱལ་པོས་བཤད་དུ་གསོལ༔ ཕྱྭ་ཁུ་ཡེ༔ དབང་པོ་བརྒྱ་བྱིན་ཚུར་གསོན་དང༔ གླང་ཆེན་རབ་བརྟན་པགས་པ་ལ༔ ཕྱྭ་གཞི་གཡང་གཞི་དེ་ལ་བྱ༔ རབ་ཏུ་བརྟན་པའི་གཞི་བཏིང་འཚལ༔ རིན་ཆེན་འབྲུ་སྣ་ཚང་བར་བཀྲམ༔ ཕྱྭ་ནས་གཡང་ནས་དེ་ལ་བྱ༔ འདོད་དགུ་ཚང་བའི་ཕྱྭ་ནས་ཡིན༔ རི་རབ་སྟེང་དུ་བུམ་པ་བཞག༔ མི་འགྱུར་བརྟན་པའི་ཕྱྭ་བུམ་ལགས༔ ནོར་བུ་འབར་བས་བརྒྱན་པ་འདི༔ དགོས་འདོད་འབྱུང་བའི་ནོར་བུ་ལགས༔ རྩེ་ལ་ཉི་ཟླས་བརྒྱན་པ་འདི༔ གླིང་བཞིའི་མུན་པ་སེལ་བའི་རྒྱན༔ རྩ་བར་ཚེ་རིལ་བསྐོར་བ་འདི༔ མི་ཞིག་བརྟན་པའི་ཚེ་རིལ་ལགས༔ ཁ་དོག་དམར་པོ་བྱས་པ་འདི༔ ཁམས་གསུམ་དབང་བའི་མདོག་དམར་ལགས༔ མདའ་དར་མེ་ལོང་བརྒྱན་པ་འདི༔ སྲིད་གསུམ་འགུགས་པའི་གཡབ་དར་ལགས༔ དགོས་འདོད་འབྱུང་བའི་ཕྱྭ་རྫས་ལགས༔ བཅུད་ལྡན་ཐམས་ཅད་འདིར་ཁུག་ཅིག༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ཚངས་པའི་རྒྱལ་པོ་ཚུར་གསོན་དང༔ འབྱུང་བའི་བཅུད་འདི་གང་གིས་སྡུད༔ རྟེན་འབྲེལ་རྫས་ནི་ཅི་ལ་བྱ༔ ཚངས་པའི་རྒྱལ་པོས་བཤད་དུ་གསོལ༔ ཕྱྭ་ཁུ་ཡེ༔ དབང་པོ་བརྒྱ་བྱིན་ཚུར་གསོན་དང༔ འབྱུང་བའི་བཅུད་འདི་བསྡུ་བ་ལ༔ ཤར་ནས་ཆུ་ཡི་བཅུད་འགུགས་འཚལ༔ རྒྱུན་མི་ཆད་པའི་ཆུ་ཡང་གསག༔ ལྷོ་ནས་ས་ཡི་བཅུད་འགུགས་འཚལ༔ གནས་ཆེན་བརྒྱད་ཀྱི་ས་ཡང་བཙལ༔ ནུབ་ནས་མེ་ཡི་བཅུད་འགུགས་འཚལ༔ ཙནྡན་འབྲུ་མར་མར་མེ་གསག༔ བྱང་ནས་རླུང་གི་བཅུད་འགུགས་འཚལ༔ རླུང་གཡབ་དཀར་པོ་འཛུགས་པར་བྱ༔ མཚམས་བཞིའི་བཅུད་ཀྱང་འགུགས་འཚལ་ལོ༔ རོ་བརྒྱ་ལྡན་པའི་ཟས་སྣ་གསག༔ བཅུད་ལྡན་ཐམས་ཅད་འདིར་ཁུག་ཅིག༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ཚངས་པའི་རྒྱལ་པོ་ཚུར་གསོན་དང༔ བཅུད་འགུགས་པའི་རྟེན་དུ་ཇི་ལྟར་གསག༔ དཔལ་སྐྱོབ་པའི་རྫས་ནི་ཇི་ལྟར་གསག༔ ཚངས་པའི་རྒྱལ་པོས་བཤད་དུ་གསོལ༔ ཕྱྭ་ཁུ་ཡེ༔ ལྷ་ཡི་དབང་པོ་ཚུར་གསོན་དང༔ རིན་ཆེན་བུམ་པའི་ནང་དུ་ནི༔ འབྲུ་བཅུད་སྦྱར་བའི་ཛ་གད་ལ༔ རྡོ་རྗེ་རྒྱ་གྲམ་ཁ་བཅད་པ༔ དམར་པོ་དར་གྱིས་མགུལ་དཀྲིས་བྱས༔ ནོར་བུའི་ཏོག་གིས་བརྒྱན་པ་འདི༔ ཕྱྭ་འགུགས་པའི་ཚེ་ཆང་འདི་ལྟར་གསག༔ འབྲུ་དཀར་མོ་བྲེ་གསུམ་བཀང་བ་འདི༔ གཡང་འགུགས་པའི་རྫས་སུ་འདི་ལྟར་གསག༔ མདའ་མོ་དར་སྣས་བརྒྱན་པ་གཟུག༔ དཔལ་སྐྱོབ་པའི་རྫས་སུ་འདི་ལྟར་གསག༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ཚངས་པའི་རྒྱལ་པོ་ཚུར་གསོན་དང༔ དང་པོ་ཕྱྭ་འདི་གང་ནས་འགུགས༔ དང་པོ་གཡང་འདི་གང་ནས་སྐྱིལ༔ དང་པོ་དཔལ་འདི་གང་ནས་སྐྱོབ༔ ཚངས་པའི་རྒྱལ་པོས་བཤད་དུ་གསོལ༔ ཕྱྭ་ཁུ་ཡེ༔ དབང་པོ་བརྒྱ་བྱིན་ཚུར་གསོན་དང༔ དང་པོ་ཕྱྭ་ནི་འགུགས་པ་ལ༔ ཕྱྭ་གླུད་བཟང་པོ་གཏང་ཡང་འཚལ༔ ཕྱྭ་རྫས་བགེགས་ཀྱང་བསང་ཡང་འཚལ༔ ཕྱྭ་སྒོ་གཉན་པོ་བསྡམ་ཡང་འཚལ༔ མཚམས་ཀྱང་དྲག་ཏུ་གཅད་འཚལ་ལོ༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ཚངས་པའི་རྒྱལ་པོ་ཚུར་གསོན་དང༔ ཕྱྭ་ཡི་གླུད་འདི་གང་ལ་གཏོང༔ ཕྱྭ་རྫས་བགེགས་ནི་གང་གིས་བསང༔ ཕྱྭ་སྒོ་གཉན་པོ་གང་གིས་སྡོམ༔ མཚམས་གཅོད་དྲག་པོ་གང་གིས་གཅོད༔ ཚངས་པའི་རྒྱལ་པོས་བཤད་དུ་གསོལ༔ ཕྱྭ་ཁུ་ཡེ༔ དབང་པོ་བརྒྱ་བྱིན་ཚུར་གསོན་དང༔ དང་པོ་ཕྱྭ་གླུད་འབུལ་བ་ནི༔ ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང༔ དྲི་ཟ་གཤིན་རྗེའི་རྒྱལ་པོ་སྟེ༔ ཤར་ཕྱོགས་ཁམས་ལ་དབང་སྒྱུར་བའི༔ རྗེ་དང་བཙུན་མོ་འཁོར་བཅས་རྣམས༔ ཕྱྭ་གླུད་བཟང་པོ་ཕར་བཞེས་ལ༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ༔ གྲུལ་བུམ་མ་མོའི་རྒྱལ་པོ་སྟེ༔ ལྷོ་ཕྱོགས་ཁམས་ལ་དབང་སྒྱུར་བའི༔ རྗེ་དང་བཙུན་མོ་འཁོར་བཅས་རྣམས༔ ཕྱྭ་གླུད་བཟང་པོ་ཕར་བཞེས་ལ༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང༔ ཀླུ་དང་བདུད་ཀྱི་རྒྱལ་པོ་སྟེ༔ ནུབ་ཕྱོགས་ཁམས་ལ་དབང་སྒྱུར་བའི༔ རྗེ་དང་བཙུན་མོ་འཁོར་བཅས་རྣམས༔ ཕྱྭ་གླུད་བཟང་པོ་ཕར་བཞེས་ལ༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས༔ གནོད་སྦྱིན་ཤ་ཟའི་རྒྱལ་པོ་སྟེ༔ བྱང་ཕྱོགས་ཁམས་ལ་དབང་བསྒྱུར་བའི༔ རྗེ་དང་བཙུན་མོ་འཁོར་བཅས་རྣམས༔ ཕྱྭ་གླུད་བཟང་པོ་ཕར་བཞེས་ལ༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ སྟེང་གི་ཕྱོགས་ན་གནས་པ་ཡི༔ ཚངས་པ་དང་ནི་བརྒྱ་བྱིན་དང༔ རྒྱལ་ཆེན་སྡེ་བཞི་ལ་སོགས་ཏེ༔ སྟེང་ཕྱོགས་ལྷ་ཡི་ཚོགས་བཅས་རྣམས༔ ཕྱྭ་གླུད་བཟང་པོ་ཕར་བཞེས་ལ༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ འོག་གི་ཕྱོགས་ན་བཞུགས་པ་ཡི༔ དགའ་བོ་དང་ནི་འཇོག་པོ་དང༔ ས་བདག་ཀླུ་གཉན་ཐམས་ཅད་པ༔ འོག་ཕྱོགས་གནས་པའི་ཚོགས་བཅས་རྣམས༔ ཕྱྭ་གླུད་བཟང་པོ་ཕར་བཞེས་ལ༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ བར་སྣང་ཁམས་ལ་བཞུགས་པ་ཡི༔ ཉི་མ་ཟླ་བ་རྒྱུ་སྐར་དང༔ གཟའ་དང་གདོང་དང་གཟེད་སྨན་སོགས༔ བར་སྣང་གནས་པའི་ཚོགས་བཅས་རྣམས༔ ཕྱྭ་གླུད་བཟང་པོ་ཕར་བཞེས་ལ༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ཕྱོགས་མཚམས་ཀུན་ལ་བཞུགས་པ་ཡི༔ བདུད་དང་དམུ་དང་བཙན་དང་རྒྱལ༔ སྲིན་པོ་འབྱུང་པོ་མ་མོ་དང༔ གཡའ་སྨན་གངས་སྨན་མཚོ་སྨན་དང༔ ཡུལ་ཕྱོགས་གནས་པའི་གཞི་བདག་དང༔ དམ་སྲི་གདོན་བགེགས་ཐམས་ཅད་རྣམས༔ ཕྱྭ་གླུད་བཟང་པོ་ཕར་བཞེས་ལ༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ཕྱྭ་རྫས་བགེགས་ནི་བསང་བ་ལ༔ སྤོས་སྣ་སུམ་བརྒྱ་དྲུག་ཅུ་དང༔ འབྲུ་སྣ་ཡུངས་དཀར་ཀེ་ཚེ་དང༔ དྲག་པོའི་རྫས་ཀྱིས་བྲབ་པ་དང༔ རཾ་ཡཾ་ཁཾ་གི་སྔགས་ཀྱིས་བསང༔ ཁྲོ་བོའི་སྙིང་པོས་མཚམས་གཅད་ལ༔ ཕྱྭ་སྒོ་གཉན་པོ་བསྡམ་པར་བྱ༔་་་དེ་ནས་འབྲུ་གསུམ་གྱིས་སྦྱང་། གསུམ་གྱིས་སྤེལ། སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ལ་གཡང་གླུད་འཇལ། མཚམས་བཅད་ལ་སྒོ་བསྡམ་མོ། །ཕྱྭ་ཁུ་ཡེ༔ ཤར་གྱི་སྒོ་མ་ལྕགས་ཀྱུ་མ༔ དཀར་མོ་ཞི་བའི་ལས་ལ་བརྩོན༔ དུང་གི་སྒོ་མོ་བསྡམས་ནས་ཀྱང༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ལྷོ་ཡི་སྒོ་མ་ཞགས་པ་མ༔ སེར་མོ་རྒྱས་པའི་ལས་ལ་བརྩོན༔ གསེར་གྱི་སྒོ་མོ་བསྡམས་ནས་ཀྱང༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ནུབ་ཀྱི་སྒོ་མ་ལྕགས་སྒྲོག་མ༔ དམར་མོ་དབང་གི་ལས་ལ་བརྩོན༔ ཟངས་ཀྱི་སྒོ་མོ་བསྡམས་ནས་ཀྱང༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ བྱང་གི་སྒོ་མ་དྲིལ་བུ་མ༔ སྔོན་མོ་དྲག་པོའི་ལས་ལ་བརྩོན༔ གཡུ་ཡི་སྒོ་མོ་བསྡམས་ནས་ཀྱང༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ཚངས་པའི་རྒྱལ་པོ་ཚུར་གསོན་དང༔ ཕྱྭ་འགུགས་པའི་ལྷ་ནི་གང་གིས་འགུགས༔ གཡང་སྐྱིལ་བའི་ལྷ་ནི་ཅི་ཡིས་སྐྱིལ༔ ཕྱྭ་འགུགས་པའི་ཕྲིན་ལས་ཇི་ལྟར་ལགས༔ ཚངས་པའི་རྒྱལ་པོས་བཤད་དུ་གསོལ༔ ཕྱྭ་ཁུ་ཡེ༔ ལྷ་ཡི་དབང་པོ་ཚུར་ལ་གསོན༔ ཕྱྭ་འགུགས་པའི་ལྷ་ནི་འདི་ལྟར་ལགས༔ གཡང་སྐྱིལ་བའི་ལྷ་ནི་འདི་ལྟར་ལགས༔ ཚེ་འགུགས་པའི་དཔལ་གཡང་འདི་ལྟར་ལགས༔ ཕྱྭ་ཁུ་ཡེ༔ དབང་པོ་བརྒྱ་བྱིན་ཚུར་གསོན་དང༔ ལྕང་ལོ་ཅན་གྱི་གནས་མཆོག་ན༔ གསེར་གྱི་རྒྱལ་མཚན་ཞེས་བྱ་བའི༔ ཕོ་བྲང་དམ་པ་འོད་ལྡན་ན༔ རྣམ་ཐོས་སྲས་ཀྱི་སྤྱན་སྔ་དེར༔ ཛཾ་ཡིག་གསེར་གྱི་མདོག་ཅན་ལས༔ ནོར་གྱི་བདག་པོ་ཛམྦྷ་ལ༔ སྐུ་མདོག་གསེར་གྱི་རི་ལྟར་བརྗིད༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཨུཏྤ་ལ་ཡི་ཕྲེང་བ་ཅན༔ ཕྱག་གཡས་ནོར་བུ་འབར་བ་བསྣམས༔ གཡོན་པ་ནོར་རྐྱལ་ནེའུ་ལེ་བསྣམས༔ ཞབས་གཉིས་རོལ་པའི་དོར་སྟབས་ཀྱིས༔ གཏེར་བུམ་ཆེན་པོའི་གདན་ལ་བཞུགས༔ ཁམས་གསུམ་ནོར་གྱི་བདག་པོ་སྟེ༔ ནོར་ལྷ་གནོད་སྦྱིན་ཀུན་ལ་དབང༔ སྐྱེ་དགུའི་ཕོངས་པ་སེལ་སླད་དུ༔ རིན་ཆེན་ནོར་གྱི་ཆར་ཕོབ་ཅིག༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ དབང་པོ་བརྒྱ་བྱིན་ཚུར་ལ་གསོན༔ གཡང་སྐྱིལ་བའི་ལྷ་མོ་མཛེས་མ་ནི༔ ནོར་ལྷ་དེ་ཡི་གཡོན་ཕྱོགས་ན༔ ཧྲཱིཿཡིག་གསེར་གྱི་མདོག་ཅན་ལས༔ ཟས་ཀྱི་ལྷ་མོ་ནོར་རྒྱུན་མ༔ རབ་མཛེས་གསེར་གྱི་མདངས་དང་ལྡན༔ ཞལ་གཅིག་ཕྱག་གཉིས་འཛུམ་ཞིང་སྒེག༔ ཕྱག་གཉིས་མཆོག་སྦྱིན་འབྲས་སྙེ་བསྣམས༔ ཞབས་གཉིས་བརྐྱང་བསྐུམ་ཕྱེད་སྐྱིལ་བཞུགས༔ ཟས་གོས་ནོར་གྱི་གཡང་སྐྱིལ་མ༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ནོར་ལྷ་ཡབ་ཡུམ་མདུན་ཕྱོགས་ན༔ གནོད་སྦྱིན་རྨུགས་འཛིན་སྐུ་མདོག་སེར༔ ཕྱག་ན་རིན་ཆེན་འབར་བ་བསྣམས༔ འགྲོ་བ་དབུལ་ཕོངས་སེལ་བའི་ཕྱིར༔ དགོས་འདོད་འབྱུང་བའི་ཕྱྭ་ཞིག་ཁུག༔ ཕྱྭ་ལྷ་ཡབ་ཡུམ་གཡས་ཕྱོགས་ན༔ གང་བ་བཟང་པོ་གསེར་མདོག་ཅན༔ ཕྱག་ན་གཏེར་གྱི་བུམ་པ་བསྣམས༔ དགོས་འདོད་གཏེར་ཁ་འབྱེད་པར་མཛོད༔ འདོད་དགུ་འབྱུང་བའི་ཕྱྭ་ཁུག་ཅིག༔ ཕོ་བྲང་ཆེན་པོའི་རྒྱབ་ཕྱོགས་ན༔ ནོར་བུ་བཟང་པོ་ཟླ་བའི་མདོག༔ ཕྱག་ན་ནོར་བུ་འབར་བ་བསྣམས༔ དབུལ་བ་སེལ་བའི་ཕྱྭ་ཁུག་ཅིག༔ ཕོ་བྲང་དེ་ཡི་གཡོན་ཕྱོགས་དེར༔ ཀུ་བེ་ར་ནི་མུ་མེན་མདོག༔ ཕྱག་ན་རལ་གྲི་འབར་བ་བསྣམས༔ དགྲ་བགེགས་སྒྲོལ་བའི་ཕྱྭ་ཁུག་ཅིག༔ ཕོ་བྲང་ཆེན་པོའི་ཤར་ལྷོ་ན༔ ཡང་དག་ཤེས་སེར་གུར་གུམ་མདོག༔ ཕྱག་ན་གསེར་གྱི་གྲི་རིང་བསྣམས༔ གནོད་བྱེད་འདུལ་བའི་ཕྱྭ་ཁུག་ཅིག༔ ཕོ་བྲང་ཆེན་པོའི་ལྷོ་ནུབ་ན༔ འབྲོག་གནས་ནག་པོ་ཆར་སྤྲིན་མདོག༔ ཕྱག་གཡས་རིན་ཆེན་མདུང་དམར་བསྣམས༔ བདུད་དཔུང་ཟློག་པའི་ཕྱྭ་ཁུག་ཅིག༔ ཕོ་བྲང་ཆེན་པོའི་ནུབ་བྱང་ན༔ ལྔས་རྩེན་སྐུ་མདོག་སེར་སྐྱ་སྟེ༔ ཕྱག་གཡས་ཁང་བུ་བརྩེགས་པ་བསྣམས༔ དཔལ་དང་འབྱོར་པའི་ཕྱྭ་ཁུག་ཅིག༔ ཕོ་བྲང་ཆེན་པོའི་བྱང་ཤར་དུ༔ ཀུཎྜ་ལཱི་ནི་སྐུ་མདོག་མཐིང༔ ཕྱག་གཡས་གྲི་དང་རྒྱ་བ་ཕུབ༔ འགྲོ་བ་སྐྱོབ་པའི་ཕྱྭ་ཁུག་ཅིག༔ རྟ་བདག་ཆེན་པོ་བརྒྱད་རྣམས་ནི༔ གཡས་པས་རང་རང་ཕྱག་མཚན་འཛིན༔ གཡོན་པ་གཏེར་གྱི་ནེའུ་ལེ་འཛིན༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས༔ ལྷབ་ལྷུབ་དར་གྱི་ན་བཟའ་གསོལ༔ དཔའ་ཞིང་བརྗིད་ལ་མི་སྡུག་གཟུགས༔ རང་རང་མདོག་མཚུངས་རྟ་ལ་འཆིབ༔ ནོར་ལྷ་ཆེན་པོ་ཁྱེད་རྣམས་ཀྱིས༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ཕོ་བྲང་དེ་ཡི་བར་ཁྱམས་ན༔ ཀླུ་ཡི་ནོར་ལྷ་བརྒྱད་བཞུགས་ཏེ༔ ཀླུ་ཡི་རྒྱལ་པོ་སྟོབས་ཀྱིས་རྒྱུ༔ པདྨ་དང་ནི་པདྨ་ཆེ༔ ནོར་རྒྱས་དུང་སྐྱོང་མཐའ་ཡས་དང༔ རིགས་ལྡན་འཇོག་པོ་ལ་སོགས་པ༔ ཀླུ་ཆེན་ནོར་ལྷ་བརྒྱད་པོ་ནི༔ སྦྲུལ་མགོའི་གདེངས་ཀ་བདུན་བདུན་ལྡན༔ སྐུ་སྟོད་མི་ལ་སྐུ་སྨད་སྦྲུལ༔ ཕྱག་ན་ནོར་རྐྱལ་ནེའུ་ལེ་བསྣམས༔ སྐྱེ་དགུའི་ཕོངས་པ་སེལ་བར་མཛད༔ ཀླུ་ཆེན་ནོར་ལྷ་མཆོག་བརྒྱད་ཀྱིས༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ཕོ་བྲང་འཁོར་ས་ཐ་མ་ལ༔ ལྷ་སྲིན་སྡེ་བརྒྱད་གནས་པ་སྟེ༔ ལྷ་དང་ཀླུ་དང་བདུད་དང་དམུ༔ མ་མོ་རྒྱལ་པོ་བཙན་དང་གཟའ༔ ས་བདག་ཐེའུ་རང་དམ་སྲི་དང༔ འབྱུང་པོ་མཐུ་ཆེན་གཉན་རྣམས་ནི༔ སྐུ་མདོག་ཕྱག་མཚན་མ་ངེས་པ༔ རང་རང་འདོད་པའི་དོན་ཀུན་སྒྲུབ༔ ཐམས་ཅད་དགའ་བའི་བསམ་པ་ཡིས༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ཁོར་ས་ཐ་མའི་ནང་རོལ་ན༔ སྡེ་དཔོན་ཉི་ཤུ་རྩ་བརྒྱད་ནི༔ རིང་པོ་མིག་བཟང་གང་པོ་དང༔ སེར་སྐྱ་བཞི་ནི་ཤར་ན་གནས༔ ཤར་ཕྱོགས་སྐྱོང་བའི་སྡེ་དཔོན་ཡིན༔ སེང་གེ་ཉེ་བའི་སེང་གེ་དང༔ དུང་ཅན་དང་ནི་དགའ་བོ་སྟེ༔ བཞི་ནི་ལྷོ་ཕྱོགས་དག་ན་གནས༔ ལྷོ་ཕྱོགས་སྐྱོང་བའི་སྡེ་དཔོན་ཡིན༔ སེང་གེ་སེང་གེའི་རལ་པ་ཅན༔ བླ་མ་དང་ནི་སེར་སྐྱ་སྟེ༔ བཞི་ནི་ནུབ་ཀྱི་ཕྱོགས་ན་གནས༔ ནུབ་ཕྱོགས་སྐྱོང་བའི་སྡེ་དཔོན་ཡིན༔ འཛིན་པ་དང་ནི་འཛིན་དགའ་དང༔ བརྩོན་སྐྱོང་དང་ནི་ཁྱབ་འཇུག་སྟེ༔ བཞི་ནི་བྱང་གི་ཕྱོགས་ན་གནས༔ བྱང་ཕྱོགས་སྐྱོང་བའི་སྡེ་དཔོན་ཡིན༔ བྱང་ཤར་ན།་་་ལྔ་སྤྱོད་ཤར་ལྷོར།་་་ཚིགས་ལྔ་སེར་པོ་དང༔ ལྷོ་ནུབ།་་་རི་མཉམ་དང་ནི་ནུབ་བྱང་།་་་སེར་ཅན་བྱ༔ ནོར་བུའི་རིགས།་་་བཞི་ནི་མཚམས་བཞིར་གནས་པ་ཡིན༔ མཚམས་བཞི་སྐྱོང་བའི་སྡེ་དཔོན་ཡིན༔ ཤར་ན།་་་ས་པ་ལྷོར།་་་ཤིན་ཏུ་ས་པ་དང༔ ནུབ་ཏུ།་་་ནག་པོ་དང་ནི་བྱང་ན།་་་ཉེ་ནག་སྟེ༔ གླང་པོའི་རིགས།་་་བཞི་ནི་ཕྱོགས་བཞི་དག་ན་གནས༔ ཕྱོགས་བཞི་སྐྱོང་བའི་སྡེ་དཔོན་ཡིན༔ བྱང་ཤར།་་་ཉི་མ་ཤར་ལྷོར།་་་ཟླ་བ་ལྷོ་ནུབ།་་་མེ་དང་ནུབ་བྱང་།་་་རླུང༔ མཚམས་བཞི་དག་ན་གནས་པ་བ་གླང་རིགས།་་་སྟེ༔ མཚམས་བཞི་སྐྱོང་བའི་སྡེ་དཔོན་ཡིན༔ སྡེ་དཔོན་ཉི་ཤུ་རྩ་བརྒྱད་ཀྱང༔ ཐམས་ཅད་ཁ་དོག་དམར་ནག་ལ༔ ཅུང་ཟད་ཁྲོ་བོའི་ངང་ཚུལ་ཅན༔ དར་དང་རིན་ཆེན་ན་བཟས་སྤྲས༔ ཕྱག་གཡས་རལ་གྲི་འབར་བ་དང༔ གཡོན་པའི་ཕྱག་གིས་ཕུབ་འཛིན་ནོ༔ རང་རང་འཁོར་དང་ལྡན་བྱས་ནས༔ སྐྱེ་དགུའི་སྡུག་བསྔལ་མ་ལུས་སེལ༔ མཐུ་རྩལ་ལྡན་པ་ཁྱེད་རྣམས་ཀྱིས༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ཕོ་བྲང་ཆེན་པོའི་ཤར་ཕྱོགས་ན༔ དབང་པོ་ཟླ་བ་ཆུ་ལྷ་དང༔ སྐྱེ་དགུའི་བདག་པོ་གདོས་རྒྱལ་མཚན༔ དབང་ལྡན་ཙནྡན་འདོད་པའི་གཙོ༔ སྟོབས་ཆེན་འཁོར་དང་བཅས་པ་ཡིས༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ཕོ་བྲང་ཆེན་པོའི་ལྷོ་ཕྱོགས་ན༔ མགྲིན་ངན་དང་ནི་མགུལ་ངོས་དང༔ བཱ་ཌི་ནོར་བུ་ནོར་བུ་སྤྱོད༔ སྒྲ་རབ་ཉེར་ལྔ་པོ་རི་མཉམ༔ སྟོབས་ཆེན་འཁོར་དང་བཅས་པ་ཡིས༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ཕོ་བྲང་ཆེན་པོའི་ནུབ་ཕྱོགས་ན༔ གསེར་ཅན་གང་པོ་སེང་ལྡང་དང༔ གཡོན་ཕྱོགས་ལྷ་དང་བ་གླང་སྐྱོང༔ འབྲོག་གནས་མི་ཡི་རྒྱལ་པོ་དང༔ རྒྱལ་བའི་ཁྱུ་མཆོག་དང་ནི་བརྒྱད༔ སྟོབས་ཆེན་འཁོར་དང་བཅས་པ་ཡིས༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ཕོ་བྲང་ཆེན་པོའི་བྱང་ཕྱོགས་ན༔ ཚིགས་ལྔ་སེར་པོ་བཞིན་བཟང་དང༔ རིང་པོ་དྲི་ཟ་སྣ་ཚོགས་སྡེ༔ འབྲས་བུ་གསུམ་པ་མགུལ་གསུམ་པ༔ ལྕགས་མདུང་རིང་པོ་དང་ནི་ནི༔ ལྷ་ལས་བྱུང་བའི་མ་ལྡན་ཏེ༔ སྟོབས་ཆེན་སུམ་ཅུ་རྩ་གཉིས་ནི༔ སྐུ་མདོག་ལྗང་ནག་གོ་ཆ་ཅན༔ ཕྱག་ན་མདུང་དང་རལ་གྲི་འཛིན༔ དམག་དཔོན་ཚུལ་གྱིས་གནས་པ་ཡིན༔ མཐུ་ཆེན་རྫུ་འཕྲུལ་ལྡན་པ་ཡིས༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ གཞན་ཡང་གནོད་སྦྱིན་སྲིན་པོ་དང༔ ལྟོ་འཕྱེ་གྲུལ་བུམ་མི་འམ་ཅི༔ འཁོར་ནི་བསམ་གྱིས་མི་ཁྱབ་པ༔ ནམ་མཁའི་སྤྲིན་ཚོགས་བཞིན་དུ་འདུ༔ ཐམས་ཅད་དགྱེས་པའི་ངང་ཚུལ་གྱིས༔ སྐུ་མདོག་ཕྱག་མཚན་ཐ་དད་པ༔ གྲངས་མེད་བསམ་གྱིས་མི་ཁྱབ་པས༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ གཡང་གི་ལྷ་མོ་མཛེས་ལྡན་མ༔ སྐུ་མདོག་དཀར་མོ་མདངས་དང་ལྡན༔ གསེར་དང་གཡུ་ཡི་གོ་ཞིག་གསོལ༔ སྣ་ཚོགས་དར་གྱི་ན་བཟའ་བསྣབས༔ སྲས་ནི་བཞི་དང་བློན་པོ་བརྒྱད༔ འཁོར་ནི་མ་མོ་བྱེ་བས་བསྐོར༔ ནམ་ཟླ་དུས་བཞིའི་ཚོད་འཛིན་ཞིང༔ འབྱུང་བ་བཞི་ཡི་ཁ་ལོ་སྒྱུར༔ སྐྱེ་འགྲོའི་ཁམས་རྣམས་དབང་དུ་སྡུད༔ འབྲུ་བཅུད་ཀུན་གྱི་མངའ་བདག་མོ༔ སྲིད་པའི་རྒྱལ་མོ་འཁོར་བཅས་ཀྱིས༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ཚངས་པའི་རྒྱལ་པོ་ཚུར་ལ་གསོན༔ བཅུད་འགུགས་པའི་ལྷ་ནི་གང་གིས་འགུགས༔ བསྟིམ་པའི་རྫས་ནི་ཅི་ལ་བསྟིམ༔ ཚངས་པའི་རྒྱལ་པོས་བཤད་དུ་གསོལ༔ ཕྱྭ་ཁུ་ཡེ༔ དབང་པོ་བརྒྱ་བྱིན་ཚུར་ལ་གསོན༔ ས་ནི་སངས་རྒྱས་སྤྱན་མ་ཡིན༔ ཆུ་ནི་ལྷ་མོ་མཱ་མ་ཀཱི༔ མེ་ནི་ལྷ་མོ་གོས་དཀར་མོ༔ རླུང་ནི་དམ་ཚིག་སྒྲོལ་མ་སྟེ༔ འབྱུང་བ་བཞི་ཡི་ཕྱྭ་རྫས་ལ༔ འབྱུང་བ་བཞི་ཡི་བཅུད་ཀྱང་བསྟིམ༔ འབྱུང་བ་ཆ་ནི་སྙོམས་པ་ཡིས༔ རྩི་ཤིང་ལོ་འབྲས་སྨིན་པ་ཡིན༔ ལོ་འབྲས་ཀུན་ཏུ་སྨིན་པ་ཡིས༔ སྐྱེ་འགྲོའི་ཕོངས་པ་སེལ་བ་ཡིན༔ སྐྱེ་འགྲོའི་ཕོངས་པ་བསལ་ནས་ཀྱང༔ སྡུག་བསྔལ་ཀུན་ལས་སྒྲོལ་བ་ཡིན༔ སྡུག་བསྔལ་ཀུན་ལས་བསྒྲལ་ནས་ཀྱང༔ བླ་མེད་འབྲས་བུ་ཐོབ་པའི་ཕྱིར༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ རི་རྒྱལ་ལྷུན་པོའི་ཤར་ཕྱོགས་ན༔ ལཱ་སྱཱེ་དཀར་མོ་ཕྱྭ་ཡི་བདག༔ དཀར་མོ་འབུམ་དང་བཅས་ནས་ཀྱང༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ རི་རྒྱལ་ལྷུན་པོའི་ལྷོ་ཕྱོགས་ན༔ མཱ་ལེ་སེར་མོ་ཕྱྭ་ཡི་བདག༔ སེར་མོ་འབུམ་དང་བཅས་ནས་ཀྱང༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ རི་རྒྱལ་ལྷུན་པོའི་ནུབ་ཕྱོགས་ན༔ གཱིརྟཱི་དམར་མོ་ཕྱྭ་ཡི་བདག༔ དམར་མོ་འབུམ་དང་བཅས་ནས་ཀྱང༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ན༔ ནིརྟཱི་སྔོན་མོ་ཕྱྭ་ཡི་བདག༔ སྔོན་མོ་འབུམ་དང་བཅས་ནས་ཀྱང༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ འཛམ་གླིང་ཉི་མའི་ཤར་ཕྱོགས་ན༔ ཕྱྭ་འགུགས་པའི་ལྷ་མོ་དཀར་མོ་ནི༔ གཡས་ན་འགུགས་བྱེད་ལྕགས་ཀྱུ་བསྣམས༔ གཡོན་ན་སྟིམ་བྱེད་བུམ་པ་བསྣམས༔ ལྕགས་ཀྱུས་བཀུག་ནས་བུམ་པར་སྟིམས༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ འཛམ་གླིང་ཉི་མའི་ལྷོ་ཕྱོགས་ན༔ ཕྱྭ་འགུགས་པའི་ལྷ་མོ་སེར་མོ་ནི༔ གཡས་ན་འགུགས་བྱེད་ལྕགས་ཀྱུ་བསྣམས༔ གཡོན་ན་སྟིམ་བྱེད་བུམ་པ་བསྣམས༔ ལྕགས་ཀྱུས་བཀུག་ནས་བུམ་པར་སྟིམས༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ འཛམ་གླིང་ཉི་མའི་ནུབ་ཕྱོགས་ན༔ ཕྱྭ་འགུགས་པའི་ལྷ་མོ་དམར་མོ་ནི༔ གཡས་ན་འགུགས་བྱེད་ལྕགས་ཀྱུ་བསྣམས༔ གཡོན་ན་སྟིམ་བྱེད་བུམ་པ་བསྣམས༔ ལྕགས་ཀྱུས་བཀུག་ནས་བུམ་པར་སྟིམས༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ འཛམ་གླིང་ཉི་མའི་བྱང་ཕྱོགས་ན༔ ཕྱྭ་འགུགས་པའི་ལྷ་མོ་ལྗང་མོ་ནི༔ གཡས་ན་འགུགས་བྱེད་ལྕགས་ཀྱུ་བསྣམས༔ གཡོན་ན་སྟིམ་བྱེད་བུམ་པ་བསྣམས༔ ལྕགས་ཀྱུས་བཀུག་ནས་བུམ་པར་སྟིམས༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ འཛམ་གླིང་ཉི་མའི་དབུས་ཕྱོགས་ན༔ ཕྱྭ་འགུགས་པའི་ལྷ་མོ་སྨུག་མོ་ནི༔ གཡས་ན་འགུགས་བྱེད་ལྕགས་ཀྱུ་བསྣམས༔ གཡོན་ན་སྟིམ་བྱེད་བུམ་པ་བསྣམས༔ ལྕགས་ཀྱུས་བཀུག་ནས་བུམ་པར་སྟིམས༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔་་་འདི་ཡན་དངོས་གཞི། ཕྱྭ་ཁུ་ཡེ༔ ཚངས་པའི་རྒྱལ་པོ་ཚུར་གསོན་དང༔ ཕྱྭ་སྒོ་གཉན་པོ་དབྱེ་རུ་གསོལ༔ ཕྱི་ཡི་ཕྱྭ་འདི་དགུག་ཏུ་གསོལ༔ རིན་ཆེན་མི་ལ་བསྟིམ་དུ་གསོལ༔ སྐྱེ་འགྲོ་རྣམས་ལ་སྤེལ་དུ་གསོལ༔ འདོད་དགུ་ཐམས་ཅད་ཆར་ཕོབ་ལ༔ དུས་འདིར་རྒྱུ་སྦྱོར་ཡོན་བདག་ལ༔ ཕྱྭ་དང་གཡང་གི་བཀྲ་ཤིས་སྩོལ༔ ཕྱྭ་ཁུ་ཡེ༔ དབང་པོ་བརྒྱ་བྱིན་ཚུར་ལ་གསོན༔ ཕྱྭ་སྒོ་གཉན་པོ་འབྱེད་ཀྱང་འཚལ༔ ཕྱི་ཡི་ཕྱྭ་འདི་འགུགས་ཀྱང་འཚལ༔ རིན་ཆེན་མི་ལ་བསྟིམ་དུ་གསོལ༔ སྐྱེ་འགྲོ་རྣམས་ལ་སྤེལ་དུ་གསོལ༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ཤར་གྱི་སྒོ་མ་ལྕགས་ཀྱུ་མ༔ དཀར་མོ་ཞི་བའི་ལས་མཛད་མ༔ ཤར་གྱི་སྒོ་འདི་དབྱེ་རུ་གསོལ༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ལྷོ་ཡི་སྒོ་མ་ཞགས་པ་མ༔ སེར་མོ་རྒྱས་པའི་ལས་མཛད་མ༔ ལྷོ་ཡི་སྒོ་འདི་དབྱེ་རུ་གསོལ༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ནུབ་ཀྱི་སྒོ་མ་ལྕགས་སྒྲོག་མ༔ དམར་མོ་དབང་གི་ལས་མཛད་མ༔ ནུབ་ཀྱི་སྒོ་འདི་དབྱེ་རུ་གསོལ༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ བྱང་གི་སྒོ་མ་དྲིལ་བུ་མ༔ སྔོན་མོ་དྲག་པོའི་ལས་མཛད་མ༔ བྱང་གི་སྒོ་འདི་དབྱེ་རུ་གསོལ༔ ཕྱྭ་དང་གཡང་དུ་འདིར་ཁུག་ཅིག༔ དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག༔ ཚེ་དང་དཔལ་དུ་འདིར་སྐྱོབས་ཤིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ཤར་ཕྱོགས་རྒྱ་ནག་མི་ཡུལ་ནས༔ རྒྱ་མི་མང་གི་མི་གཡང་འདིར་ཁུག་ཅིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ལྷོ་ཕྱོགས་རྒྱ་གར་ཆོས་ཡུལ་ནས༔ བཀའ་མདོ་རྒྱུད་ཀྱི་ཆོས་གཡང་འདིར་ཁུག་ཅིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ནུབ་ཕྱོགས་གེ་སར་དམག་ཡུལ་ནས༔ ཉོན་མོངས་གཡུལ་རྒྱལ་གྱི་དམག་གཡང་འདིར་ཁུག་ཅིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ བྱང་ཕྱོགས་སྟག་གཟིག་ནོར་ཡུལ་ནས༔ དགོས་འདོད་ཀུན་འབྱུང་གི་ནོར་གཡང་འདིར་ཁུག་ཅིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ སྟེང་ཕྱོགས་འོད་གསལ་ལྷ་ཡུལ་ནས༔ ལྷ་མཛེས་སྡུག་གི་ལོངས་སྤྱོད་འདིར་ཁུག་ཅིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ འོག་ཕྱོགས་གཙུག་ན་ཀླུ་ཡུལ་ནས༔ འཁོར་ལོངས་སྤྱོད་ཀྱི་ཀླུ་གཡང་འདིར་ཁུག་ཅིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ འབྱུང་བ་བཞི་ཡི་ཕྱྭ་གཡང་འགུགས༔ སྲ་ཞིང་བརྟན་པ་ས་ཡི་ཕྱྭ༔ ཐེག་པ་ཆེན་པོའི་ཕྱྭ་ཁུག་ཅིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ རླན་ཞིང་གཤེར་བ་ཆུ་ཡི་ཕྱྭ༔ རྒྱུན་མི་ཆད་པའི་ཕྱྭ་གཡང་འདིར་ཁུག་ཅིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ཚ་ཞིང་སྲེག་པ་མེ་ཡི་ཕྱྭ༔ སྨིན་པར་བྱེད་པའི་གཡང་ཁུག་ཅིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ཡང་ཞིང་གཡོ་བ་རླུང་གི་ཕྱྭ༔ ཀུན་ལ་ཁྱབ་པའི་ཕྱྭ་ཁུག་ཅིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ རྒྱ་མི་མང་གི་མི་གཡང་འདིར་ཁུག་ཅིག༔ གྲུ་གུ་རྟ་མང་གི་རྟ་གཡང་འདིར་ཁུག་ཅིག༔ སུམ་པ་མཛོ་མང་གི་མཛོ་གཡང་འདིར་ཁུག་ཅིག༔ ས་ལེ་གཡག་མང་གི་གཡག་གཡང་འདིར་ཁུག་ཅིག༔ ཀོང་པོ་དྲེལ་མང་གི་དྲེལ་གཡང་འདིར་ཁུག་ཅིག༔ ཅོག་རོ་ལུག་མང་གི་ལུག་གཡང་འདིར་ཁུག་ཅིག༔ ཚེ་ཚེ་ར་མང་གི་ར་གཡང་འདིར་ཁུག་ཅིག༔ ལྡན་མ་གཡུ་མང་གི་གཡུ་གཡང་འདིར་ཁུག་ཅིག༔ གུ་གེ་གསེར་མང་གི་གསེར་གཡང་འདིར་ཁུག་ཅིག༔ བོད་ནས་མང་གི་ནས་གཡང་འདིར་ཁུག་ཅིག༔ བལ་པོ་ཁྲེ་མང་གི་ཁྲེ་གཡང་འདིར་ཁུག་ཅིག༔ ལི་ཡུལ་འབྲས་མང་གི་འབྲས་གཡང་འདིར་ཁུག་ཅིག༔ སོག་པོ་ནོར་མང་གི་ནོར་གཡང་འདིར་ཁུག་ཅིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ཁྱབ་བརྡལ་ཆེན་པོ་ནམ་མཁའི་ཕྱྭ༔ མཐོ་ལ་ཡངས་པའི་ཕྱྭ་ཁུག་ཅིག༔ གསལ་ལ་དྭངས་པ་ཉི་ཟླའི་ཕྱྭ༔ ཀུན་ལ་ཁྱབ་པའི་ཕྱྭ་ཁུག་ཅིག༔ གཡོ་འགུལ་མེད་པ་རི་རྒྱལ་ཕྱྭ༔ འཕོ་འགྱུར་མེད་པའི་ཕྱྭ་ཁུག་ཅིག༔ གཏིང་མཐའ་མེད་པ་རྒྱ་མཚོའི་ཕྱྭ༔ ཟད་པ་མེད་པའི་ཕྱྭ་ཁུག་ཅིག༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ཕྱྭ་ཉི་མ་བཞིན་དུ་འཁྱིལ་ལ་བྱོན༔ ཕྱྭ་ཟླ་བ་བཞིན་དུ་འཁོར་ལ་བྱོན༔ ཕྱྭ་སྦྲང་ཆར་བཞིན་དུ་སིལ་ལི་ལི༔ ཕྱྭ་ན་བུན་བཞིན་དུ་ནུ་རུ་རུ༔ ཕྱྭ་སྤྲིན་ཕུང་བཞིན་དུ་ཉེ་རེ་རེ༔ ཕྱྭ་འབྲུག་སྒྲ་བཞིན་དུ་འུར་རུ་རུ༔ ཕྱྭ་རྦ་རླབས་བཞིན་དུ་ཆིལ་ལི་ལི༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ དཀར་ལ་འཚེར་བ་ལྷ་ཡི་ཕྱྭ༔ དམར་ལ་དྭངས་པ་མི་ཡི་ཕྱྭ༔ སྣུམ་ལ་འདྲིལ་བ་ཟས་ཀྱི་བཅུད༔ སྨུག་ལ་དྭངས་པ་ནོར་གྱི་བཅུད༔ ཕྱྭ་འདི་ཡང་མ་ཕམ་ཁུ་ཡེ་གསུངས༔ གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཕྱྭ་ཁུ་ཡེ༔ ཀུན་ལ་དབང་བསྒྱུར་འཁོར་ལོའི་ཕྱྭ༔ དབང་དུ་སྡུད་པའི་བཀྲ་ཤིས་སྩོལ༔ མུན་སེལ་འདོད་འབྱུང་ནོར་བུའི་ཕྱྭ༔ དགོས་འདོད་འབྱུང་བའི་བཀྲ་ཤིས་སྩོལ༔ ཐམས་ཅད་ཀུན་སྐྱེད་བཙུན་མོའི་ཕྱྭ༔ མཛེས་སྡུག་དཔལ་གྱི་བཀྲ་ཤིས་སྩོལ༔ ཕྱི་ནང་དོན་འགྲུབ་བློན་པོའི་ཕྱྭ༔ ཀུན་ཏུ་བརྗིད་པའི་བཀྲ་ཤིས་སྩོལ༔ ཐེག་ཆེན་སྟོབས་ལྡན་གླང་པོའི་ཕྱྭ༔ སྟོབས་ཆེན་ཟིལ་གནོན་བཀྲ་ཤིས་སྩོལ༔ ཅང་ཤེས་ཤུགས་ལྡན་རྟ་མཆོག་ཕྱྭ༔ བདེ་ཆེན་བགྲོད་པའི་བཀྲ་ཤིས་སྩོལ༔ ལོག་རྟོག་དཔུང་འཇོམས་དམག་དཔོན་ཕྱྭ༔ བདུད་ལས་རྒྱལ་བའི་བཀྲ་ཤིས་སྩོལ༔ མི་དབང་འཁོར་ལོས་སྒྱུར་རྒྱལ་གྱི༔ རིན་ཆེན་སྣ་བདུན་བཀྲ་ཤིས་ཕྱྭ༔ དེ་རིང་བདག་ཅག་འཁོར་བཅས་ལ༔ ཐམས་ཅད་ལྷུན་གྱིས་འགྲུབ་པར་ཤོག༔ ཕྱྭ་ཁུ་ཡེ༔ སྣང་སྲིད་སྣོད་བཅུད་ལོངས་སྤྱོད་ཀྱི༔ ཕྱྭ་དང་གཡང་རྣམས་ཀུན་བཀུག་ནས༔ དངོས་གྲུབ་རྫས་ལ་བསྟིམས་ནས་ཀྱང༔ བདག་ཅག་རྣམས་ལ་སྤེལ་བ་དང༔ དེང་འདིར་བསམ་པ་ལྷུན་འགྲུབ་པའི༔ ཕྱྭ་དང་གཡང་གི་བཀྲ་ཤིས་སྩོལ༔ ཅེས་པས་བཀྲ་ཤིས་གསོལ༔ དེ་ནས་ཡོན་བདག་རྣམས་གདན་བཟང་གོས་བཟང་པོ་སོགས་བྱ༔ ལག་ཏུ་ཕྱྭ་རྫས་མདའ་དར་དཔལ་གཏོར་ལ་སོགས་པའི་དངོས་གྲུབ་སྤེལ་ལ༔ དངོས་གྲུབ་བསྐུལ་བ་ནི༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་དངོས་གྲུབ་བསྐུལ་བའི་ལྷ༔ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ༔ ཞི་བའི་རང་བཞིན་སྐུ་མདོག་དཀར་ལ་འཚེར༔ ན་བཟའ་དཀར་པོ་ཤིན་ཏུ་མཛེས་པར་གསོལ༔ ཕྱག་གཉིས་རྡོ་རྗེ་ལྕགས་ཀྱུ་ཌཱ་མ་རུ༔ རྡོ་རྗེ་མཁའ་འགྲོའི་ཐུགས་དམ་རྒྱུད་བསྐུལ་ནས༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ ནད་གདོན་བགེགས་དང་བར་ཆད་ཞི་བར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་དངོས་གྲུབ་བསྐུལ་བའི་ལྷ༔ རྒྱས་པའི་ལས་མཛད་རིན་ཆེན་ཐོད་ཕྲེང་རྩལ༔ རྒྱས་པའི་རང་བཞིན་སྐུ་མདོག་སེར་ལ་འཚེར༔ ན་བཟའ་སེར་པོ་ཤིན་ཏུ་མཛེས་པར་གསོལ༔ ཕྱག་གཉིས་རིན་ཆེན་ཞགས་པ་ཌཱ་མ་རུ༔ རིན་ཆེན་མཁའ་འགྲོའི་ཐུགས་དམ་རྒྱུད་བསྐུལ་ནས༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས་པར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་དངོས་གྲུབ་བསྐུལ་བའི་ལྷ༔ དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ༔ དབང་གི་རང་བཞིན་སྐུ་མདོག་དམར་ལ་འཚེར༔ ན་བཟའ་དམར་པོ་ཤིན་ཏུ་མཛེས་པར་གསོལ༔ ཕྱག་གཉིས་པདྨ་ལྕགས་སྒྲོག་ཌཱ་མ་རུ༔ པདྨ་མཁའ་འགྲོའི་ཐུགས་དམ་རྒྱུད་བསྐུལ་ནས༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ ཁམས་གསུམ་དབང་དུ་སྡུད་པའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཧཱུྃ༔ བྱང་གི་ཕྱོགས་ནས་དངོས་གྲུབ་བསྐུལ་བའི་ལྷ༔ དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔ དྲག་པོའི་རང་བཞིན་སྐུ་མདོག་ལྗང་ལ་འཚེར༔ ན་བཟའ་ལྗང་གུ་ཤིན་ཏུ་མཛེས་པར་གསོལ༔ ཕྱག་མཚན་རྒྱ་གྲམ་དྲིལ་བུ་ཌཱ་མ་རུ༔ ལས་ཀྱི་མཁའ་འགྲོའི་ཐུགས་དམ་རྒྱུད་བསྐུལ་ནས༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ དགྲ་བགེགས་བར་གཅོད་ཐམས་ཅད་ཚར་གཅོད་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཧཱུྃ༔ དབུས་ཀྱི་ཕྱོགས་ནས་དངོས་གྲུབ་བསྐུལ་བའི་ལྷ༔ སྐུ་ལྔ་ལྷུན་གྲུབ་བུདྡྷ་ཐོད་ཕྲེང་རྩལ༔ སྐུ་ལྔའི་རང་བཞིན་སྐུ་མདོག་སྨུག་ལ་འཚེར༔ ན་བཟའ་སྨུག་པོ་ཤིན་ཏུ་མཛེས་པར་གསོལ༔ ཕྱག་མཚན་འཁོར་ལོ་རྒྱ་གྲམ་ཌཱ་མ་རུ༔ སངས་རྒྱས་མཁའ་འགྲོའི་ཐུགས་དམ་རྒྱུད་བསྐུལ་ནས༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ ཐམས་ཅད་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ མི་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ནོར་ལ་གཡང་གི་དངོས་གྲུབ་སྩོལ༔ ཟས་ལ་བཅུད་ཀྱི་དངོས་གྲུབ་སྩོལ༔ ཅེས་དཔོན་སློབ་ཡོན་མཆོད་ཀུན་གྱིས་བརྗོད་དོ༔ བཀྲ་ཤིས་རྫས་བརྒྱད་ཀྱི་བཀྲ་ཤིས་བྱ༔ ཕྱྭ་རྫས་དངོས་གྲུབ་ཀུན་ལ་ལོངས་སྤྱད༔ བརྟན་མ་སྤྱི་དང་མཐུན་པར་ཕྱིར་བསྐྱང༔ རྗེས་སུ་བསྔོ་བ་དང་སྨོན་ལམ་བྱ་ཞིང༔ ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༔ གར་ཐོད་ཐོད་དུ་མི་བྱ༔ རབ་ཏུ་གསང་བའི་མན་ངག་འདི༔ ལས་ཅན་རྣམས་དང་འཕྲད་ནས་ཀྱང༔ སྐྱེ་དགུའི་ཕོངས་པ་སེལ་བར་ཤོག༔ རིན་ཆེན་ཁང་བུའི་ཕྱྭ་ཕྲིན་ཛམྦྷ་ལ་ཡི་ནོར་སྒྲུབ་ཡིད་བཞིན་ནོར་བུ་དང་འདྲ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་གཏེར་ནས་སྤྱན་དྲངས་པའོ། །མངྒ་ལཾ།། །།
དགོངས་གཏེར་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་དང་མིག་འབྱེད་གསལ་བར་བྱེད་པའི་གསེར་གྱི་མིག་ཐུར (Volume 46, Text 2)
དགོངས་གཏེར་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་དང་མིག་འབྱེད་གསལ་བར་བྱེད་པའི་གསེར་གྱི་མིག་ཐུར་ཞེས་བྱ་བ་བཞུགས་སོ། །ཨ༔ རྩ་གསུམ་འདུ་འབྲལ་མེད་པའི་ལྷ་ལ་ཕྱག་འཚལ་ལོ༔ སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་དང་མིག་འབྱེད་ནི༔ ན་མོ༔ དཀོན་མཆོག་ཀུན་འདུས་སྤྱན་རས་གཟིགས༔ བདག་དང་འགྲོ་ཀུན་སྐྱབས་སུ་མཆི༔ མ་གྱུར་སེམས་ཅན་ཐམས་ཅད་ཀུན༔ བྱང་ཆུབ་ཐོབ་པར་སེམས་བསྐྱེད་དོ༔ ཆོས་ཀུན་མི་དམིགས་སྟོང་པའི་ངང༔ པད་དཀར་ཟླ་སྟེང་ཧྲཱིཿཡིག་ལས༔ རང་ཉིད་འཕགས་མཆོག་སྤྱན་རས་གཟིགས༔ དཀར་གསལ་ཆུ་ཤེལ་ལྟར་འཚེར་བ༔ ཞལ་གཅིག་ཕྱག་བཞི་མཚན་དཔེ་རྫོགས༔ རལ་པའི་ཟུར་ཕུད་འོད་དཔག་བརྒྱན༔ ཕྱག་བཞི་དང་གཉིས་བདུད་རྩི་ཡི༔ བུམ་པ་མེ་ལོང་སྡིག་སྒྲིབ་བཀྲུ༔ ལྷག་གཉིས་ཤེལ་ཕྲེང་པད་དཀར་འཛིན༔ རི་དྭགས་ལྤགས་པས་ནུ་གཡོན་བཀབ༔ ཚངས་སྐུད་ལྷ་རྫས་ན་བཟས་བཀླུབས༔ ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ དེ་ལས་འོད་འཕྲོས་རང་འདྲ་བའི༔ ཡེ་ཤེས་སྤྱན་དྲངས་དབྱེར་མེད་གྱུར༔ སླར་ཡང་ཐུགས་ཀའི་འོད་ཟེར་གྱིས༔ གདན་གསུམ་ཚང་བའི་དབང་གི་ལྷ༔ སྤྱན་དྲངས་ཆུ་རྒྱུན་དབང་བསྐུར་བས༔ རིགས་ཀྱི་བདག་པོའི་སྐུར་ཐིམ་གྱུར༔ ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿཡིག་དཀར་པོ་ལ་ཡི་གེ་བདུན་པ་ཟླ་བ་ལ་རྒྱུ་སྐར་གྱིས་བསྐོར་བ་ལྟ་བུར་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཅི་ནུས་བཟླ༔ མིག་འབྱེད་སྔགས༔ ཨོཾ་ཙཀྵུཿཙཀྵུཿཔྲ་ཤ་ཀ་སྭཱ་ཧཱ༔ སྤྲོ་ན་བྲིས་སྐུ་བཤམས་པའི་མདུན་དུ་མཆོད་པ་ཅི་འབྱོར་དང༔ གཏོར་མ་བཤམས་ལ༔ མདུན་བསྐྱེད་གོང་གི་འདོན་པ་ཅུང་ཟད་ཁ་བསྒྱུར་ལ༔ བཟླས་པའི་གོང་དུ་མཆོད་བསྟོད་རྒྱས་བསྡུས་གང་རིགས་དང༔ དེ་ནས་བཟླས་པ་ལ་འཇུག༔ བཟླས་པའི་མཇུག་ཏུ་གཏོར་མ་འབུལ་བ་སོགས་སྤྱི་ལྟར་བྱས་ན་ལེགས་པར་རྟོགས་སོ༔ མཐར་ནི་སྣང་སྲིད་འཕགས་པའི་སྐུར༔ གྱུར་པ་ལྷར་འདུས་རང་ལ་ཐིམ༔ དེ་ཡང་ཐུགས་སྲོག་ཧྲཱིཿཡིག་ལ༔ ཧྲཱིཿཡང་མི་དམིགས་ངང་དུ་བཞག༔ དགེ་བ་འདི་ཡིས་མྱུར་དུ་བདག༔ སོགས། ཤྭ་ལོ་ཀ་གཉིས་ཀྱིས་སྨོན་ལམ་བཏབ༔ དེ་ལྟར་དགོངས་གཏེར་ཐུགས་རྗེ་ཆེན་པོའི་མིག་འབྱེད་འདི་བཞིན་སྔ་མོར་ཡང་ཡི་གེར་བཀོད་པ་བྱས་ཀྱང་། དོ་གལ་ཆུང་བས་ཟག་ཅིང་། དེའི་རྐྱེན་གྱིས་ཡུན་རིང་བར་ཀུན་གཞིའི་ཀློང་ནས་མི་སྣང་བར་གྱུར་པ། གནམ་ཆོས་མི་འགྱུར་རྡོ་རྗེའི་དགོངས་གཏེར་གནམ་ཆོས་སོགས་འབྱུང་བའི་གནས་དང་། སྤྱན་རས་གཟིགས་དངོས་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གདན་ས་དཔལ་རི་རྩེ་ཡི་ཁང་བཟང་དུ་དབོན་སྤྲུལ་ཀརྨ་འབྱུང་གནས་ཀྱིས་ཡང་ཡང་བསྐུལ་བ་ལྟར། རིག་སྔགས་འཆང་བ་རྡོ་རྗེ་དྲག་པོ་འཕྲིན་ལས་འདུས་པ་རྩལ་ལམ། མིང་གཞན་རྟ་མགྲིན་དབང་གི་རྒྱལ་པོ་ནུས་ལྡན་རྩལ་གྱི་དགོངས་པའི་གཏེར་ལས་ཕྱུང་བ་ཤིན་ཏུ་ཟབ་པས་གཅེས་པར་ཟུངས་ཤིག །ྈྈྈ ྈྈྈ ྈྈྈ
རྩ་གསུམ་རིག་འཛིན་སྲོག་སྒྲུབ་ཀྱི་ཕྲིན་ལས་རྒྱུན་ཁྱེར་དང་གསང་སྒྲུབ་མ་བུ་ཟུང་བསྡེབས་པདྨ་དྲྭ་བའི་ལམ་འབྱེད་ (Volume 9, Text 2)
༄༅། །རྩ་གསུམ་རིག་འཛིན་སྲོག་སྒྲུབ་ཀྱི་ཕྲིན་ལས་རྒྱུན་ཁྱེར་དང་གསང་སྒྲུབ་མ་བུ་ཟུང་བསྡེབས་པདྨ་དྲྭ་བའི་ལམ་འབྱེད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ཡཻ། འོད་གསལ་གཏིང་མཐའ་བྲལ་བ་རྡོ་རྗེའི་དབྱིངས། །སྲིད་ཞིའི་དྭངས་བཅུད་པདྨ་དྲྭ་བའི་མགོན། །རིགས་རྣམས་ཀུན་འདུས་རིགས་མཆོག་པདྨའི་ཞལ། །མཐའ་ཡས་རིགས་བརྒྱའི་བདག་པོ་དེར་ཕྱག་འཚལ། །དག་སྣང་དགོངས་གཏེར་ནོར་བུའི་ཕུང་པོ་ཡི། །ཡང་བཅུད་གྲོལ་བ་བཞི་ལྡན་དབང་གི་རྒྱལ། །རྩ་གསུམ་གསང་བའི་བླ་རྡོ་འཆང་འདོད་རྣམས། །བྱི་དོར་ལས་ཀྱི་བྱང་བུ་འདིར་བརྩོན་ཅིག །ལུགས་འདིར་འབྲས་ལྗོངས་རྫོགས་ཆེན་པས་རྩ་གསུམ་སྦྲགས་མ་ཆོས་སྲུང་སྐོང་གསོལ་རྣམས་ཆབས་ཅིག་ཏུ་གཏང་བ་དང་། དེ་སྒྲུབ་ཆེན་ཆིངས་ཀྱིས་བཅིངས་པ་དང་། ལས་བྱང་རྒྱུན་ཁྱེར་ཁོ་ནའམ་དེ་ལ་སྔོན་འགྲོ་ཙམ་སབ་པ་དང་། ལས་བྱང་དང་གསང་སྒྲུབ་སྤྲད་པ་སོགས་ཕྱག་ལེན་རྒྱས་བསྡུས་ཅི་རིགས་སྣང་ཞིང་། དེ་དག་སོ་སོའི་དུས་སྐབས་དང་འབྲེལ་བས་གང་ལྟར་བྱས་ཀྱང་ལེགས་མོད། འདིར་གཙོ་བོར་དབང་བསྐུར་རྒྱས་བསྡུས་གཉིས་ཀར་གོ་ཆོད་ཅིང་། ཚེས་བཅུའི་ཚོགས་མཆོད་སོགས་ལའང་རྒྱས་བསྡུས་འཚམ་པ་དང་། ནང་གསང་བསྙེན་སྒྲུབ་ཀྱི་སྐབས་དབྱེ་བསལ་འཇུག་བདེའི་དབང་དུ་བྱས་ཏེ་འགོད་པ་ལ། རྟེན་མཆོད་འདུ་བྱ་བ། སྒྲུབ་ཐབས་ལག་ཏུ་ལེན་པའོ། །དང་པོ་ནི། དབང་བསྐུར་ལ་སོགས་པའི་སྐབས་དེ་དག་གི་བཅས་བཤམ་བྱ་དགོས་ཤིང་། འདིར་ཚོགས་མཆོད་དང་བསྙེན་པ་གཏང་བ་སོགས་སྤྱི་ཙམ་དུ། རྩ་བ་གསུམ་གྱི་རྟེན་བཀྲམ་པའི་མདུན་དུ་སྟེགས་བུའི་དབུས་སུ་གཏོར་མ་བང་རིམ་བཞིའི་སྟེང་པདྨ་འདབ་བརྒྱད། དེ་སྟེང་དཔལ་གཏོར་རྡོ་རྗེ་གྲི་གུག་གིས་མཚན་པ། བང་རིམ་དང་པོར་ཟླུམ་གཏོར་ལྔ། གཉིས་པར་དཔལ་གཏོར་ཆུང་ངུ་དྲུག །གསུམ་པར་ཕྱོགས་བཞིར་ཟླུམ་གཏོར་ལྔ། མཚམས་བཞིར་དམར་གཏོར་བཞི། བཞི་པར་ཕྱོགས་མཚམས་བརྒྱད་དུ་གཏོར་མ་དཀར་དམར་བརྒྱད། བར་མཚམས་ཐམས་ཅད་དུ་མཐེབ་རིལ་གང་མང་གིས་བསྐོར། དཀར་ཐིག་དམར་གུར་དར་གདུགས་ཀྱིས་བརྒྱན་པ་ནི་རྒྱས་པ་ཡིན་ལ། བསྡུ་ན་བང་རིམ་རྣམས་སུ་རིལ་བུ་ཁོ་ནས་བསྐོར་བ་བཞེངས། དེའི་གཡས་གཡོན་དུ་སྨན་རཀ །བཀའ་སྲུང་དྲག་པོ་སྡེ་བཞི། མ་གཟའ་རྡོར་གསུམ། ཐང་ལྷ། མཛོད་ལྔ་རྣམས་ཀྱི་འབུལ་གཏོར་དཀར་དམར། ཆུ་གཉིས་ཉེར་སྤྱོད་རྣམས་བཤམ། གསང་སྒྲུབ་དབང་བསྐུར་དང་མི་འབྲེལ་བའི་དཀྱུས་ཙམ་ལ་འདི་ཁོ་ནས་འཐུས་ཀྱང་སྤྲོ་ན་ཚེ་བུམ། ཚེ་རིལ་ཆང་། མདའ་དར་ཙམ་བཀོད། གཞན་ཡང་བགེགས་གཏོར། ཚོགས་ཀྱི་ཡོ་བྱད། ཆད་མདོ། སྤོས་རོལ་སོགས་ཀྱང་ཚོགས་པར་བྱའོ། །གཉིས་པ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་ལས་རིམ་མོ། །དང་པོ་ནི། ཐོག་མར་ཚིག་བདུན་དང་བླ་མ་སྐུ་གསུམ་གསོལ་འདེབས། ལྷ་བཙུན་གསོལ་འདེབས་རིང་ཐུང་གཉིས་རྣམས་དང་། སྤྲོ་ན་བར་ཆད་རང་གྲོལ་གྱི་གསོལ་འདེབས་ཀྱང་བཏང་ལ། སྐྱབས་སུ་འགྲོ་བ་ནི། ཨོཾ་ཨཱཿཧཱུྃ༔ མཁའ་མཉམ་སྲིད་ཞིའི་སྐྱབས་ཀུན་སྙིང་པོའི་བཅུད༔ དབང་དྲག་རིག་འཛིན་པདྨ་ཐོད་ཕྲེང་རྩལ༔ ཁྱོད་སྐུར་སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་རྫོགས༔ འགྲོ་ཀུན་སྲིད་ལས་བསྒྲལ་ཕྱིར་སྐྱབས་སུ་མཆི༔ མཐའ་བྲལ་ཡངས་པ་ཆོས་སྐུ་རྡོ་རྗེའི་མཁའ༔ ངོ་བོ་རང་བཞིན་ཐུགས་རྗེ་རོ་གཅིག་པས༔ སྲིད་ཞིའི་ཁམས་ཀུན་རྡོ་རྗེའི་འཇའ་ལུས་ངང༔ མི་འགྱུར་དབྱིངས་རིག་དྭངས་མར་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་པ་ནི། གསང་མཆོག་འོད་གསལ་ཡེ་ཤེས་ཐིག་ལེའི་གཞིར༔ འགྲོ་ཀུན་སྒྲིབ་གསུམ་བྲལ་ནས་སྐུ་དང་གསུང༔ ཐུགས་ཀྱི་ཐིག་ལེ་ལྷུན་གྲུབ་སྣང་བཞིའི་ངང༔ གཞོན་ནུ་བུམ་སྐུར་གྲོལ་བར་སེམས་བསྐྱེད་དོ༔ ཡན་ལག་བདུན་པ་ནི། གཤིས་རིག་མ་བཅོས་གཉུག་མར་ཕྱག་འཚལ་ཞིང༔ གཏིང་མཐའ་བྲལ་བའི་འོད་གསལ་མཆོད་པར་འབུལ༔ འཁོར་བ་མྱང་འདས་མཉམ་ཉིད་ཀློང་དུ་བཤགས༔ བློ་བྲལ་ཆོས་ཟད་ཆེན་པོར་རྗེས་ཡི་རང༔ ལྷུན་གྲུབ་རྫོགས་པ་ཆེན་པོའི་ཆོས་འཁོར་བསྐོར༔ འཁོར་བ་དོང་ནས་སྤྲུགས་པར་གསོལ་བ་འདེབས༔ འཁོར་གསུམ་དམིགས་མཐའ་བྲལ་བའི་ཕ་མཐར་བསྔོ༔ ལས་བྱང་ཁ་རྐྱང་རྒྱུན་ཁྱེར་ལྟ་བུར་གོང་གི་སྐྱབས་འགྲོ་ཤླཽ་ཀ །སེམས་བསྐྱེད་ཡན་ལག་བདུན་པ་འདི་ཡན་གྱི་མཚམས། འོག་གི་མཚམས་གཅོད་ལ་འཇུག་པས་ཆོག་གོ །རྡོར་སེམས་སྒོམ་བཟླས་ནི། པད་ཟླར་ཉི་སྟེང་རང་རིག་ཨར་གསལ་བའི༔ འོད་ཟེར་འཕྲོ་འདུས་ཁམས་གསུམ་སྲིད་གསུམ་གྱི༔ སྣང་གྲགས་ཐམས་ཅད་རྡོ་རྗེ་སྙིང་པོའི་ཞིང༔ ཡེ་ཤེས་འོད་ལྔ་འཇའ་ཟེར་ཐིག་ལེར་འཁྲིགས༔ དེ་སྟེང་ཡི་གེ་ཧཱུྃ་གི་འཕྲོ་འདུ་ལས༔ དྲན་རིག་སྣང་སྟོང་རྡོ་རྗེ་སེམས་དཔའི་སྐུ༔ ངོ་བོ་གཅིག་ལ་རིགས་ལྔ་རིགས་བརྒྱ་སོགས༔ ནམ་མཁའི་ཁམས་གང་ཆོས་དབྱིངས་ཁྱབ་པར་གསལ༔ རྒྱུད་སྡེ་བཞི་དྲུག་ཐེག་པ་རིམ་དགུ་ཡི༔ སོ་སོའི་གནས་ནས་རྒྱལ་བའི་དཀྱིལ་འཁོར་གང༔ ཐམས་ཅད་གནས་གསུམ་འབྲུ་གསུམ་ཧཱུྃ་ཡིག་མཐར༔ ཡིག་བརྒྱའི་འཕྲོ་འདུས་སྒྲིབ་གསུམ་བག་ཆགས་སྦྱང༔ ཡིག་བརྒྱ་བརྗོད། བླ་མའི་རྣལ་འབྱོར་ནི། ཨ༔ མ་ཡེངས་མ་བཅོས་དྲན་རིག་ཆོས་སྐུའི་ངང༔ གསལ་སྟོང་དབྱེར་མེད་བླ་མ་སྐུ་གསུམ་གྱི༔ དག་པ་རབ་འབྱམས་རྒྱན་གྱི་འཁོར་ལོའི་གཞིར༔ རང་ལུས་འོད་སྣང་རྡོ་རྗེ་བཙུན་མོར་གསལ༔ སྤྱི་བོའི་གཙུག་ཏུ་པད་སྡོང་འཇའ་ཟེར་དང༔ འོད་ལྔ་ཐིག་ལེ་འཁྲུགས་པ་ཚོམ་བུའི་དབུས༔ རྩ་བའི་བླ་མ་ཡིད་བཞིན་ནོར་བུ་ལ༔ འདྲེན་མཆོག་བརྒྱུད་གསུམ་བླ་མའི་སྤྲིན་ཕུང་གཏིབས༔ སྐུ་གསུང་ཐུགས་ཀྱི་འོད་ཟེར་སྣང་སྲིད་ཁྱབ༔ སྣང་སྲིད་རྡུལ་ཕྲན་བདེ་གཤེགས་གཞལ་ཡས་ཁང༔ ལྷ་དང་བླ་མ་ཐུགས་རྗེའི་བྱིན་འོད་འཁྲུགས༔ ཐུགས་གསང་རྒྱན་གྱི་འཁོར་ལོ་དམ་པར་གྱུར༔ མཎྜལ་ནི། ཧཱུྃ༔ འབྱམས་ཀླས་ཟག་མེད་བདེ་ཆེན་ཆོས་ཀྱི་དབྱིངས༔ རབ་འབྱམས་སྲིད་ཞི་རང་བྱུང་རིག་པའི་ངང༔ མི་འགྱུར་དབྱིངས་རིག་སྐུ་གསུམ་ཞིང་རབ་འབྱམས༔ སྣང་སྟོང་ལྷུན་གྲུབ་འོད་ལྔའི་ཚོམ་བུར་འབུལ༔ སྒྱུ་འཕྲུལ་ཟག་མེད་རྡོ་རྗེ་ལུས་ཀྱི་སྦུབས༔ འོད་ཀྱི་རྩ་དང་ཡེ་ཤེས་རླུང་ལྔའི་ཞིང༔ རྒྱལ་བ་ཞི་ཁྲོ་རང་བྱུང་དམ་རྫས་དང༔ གནས་ཡུལ་དུར་ཁྲོད་དཔའ་བོ་ཌཱ་ཀིར་བཅས༔ དྭངས་མའི་གཤིས་རིག་མ་བྱུང་མ་སྐྱེས་ཤིང༔ ཟག་བྲལ་བློ་འདས་གདོད་ནས་ཀུན་ཏུ་བཟང༔ དག་པ་གཉིས་ལྡན་ཡེ་ཤེས་འཁོར་ལོ་འདི༔ རིག་འཛིན་རྒྱལ་བའི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་མཆོག་གི་དངོས་གྲུབ་བདག་ལ་སྩོལ༔ གསོལ་འདེབས་ནི། ཨོཾ་ཨཱཿཧཱུྃ༔ སྲིད་ཞིའི་ངོ་བོ་རང་བྱུང་སྙིང་པོའི་བཅུད༔ འོད་གསལ་རྒྱལ་པོ་རང་གྲོལ་ཆོས་ཀྱི་སྐུ༔ མ་འགག་སྣང་བ་གང་ཤར་ཡེ་ཤེས་ཀྱི༔ རྒྱལ་བའི་དཀྱིལ་འཁོར་མི་ཟད་ལོངས་སྤྱོད་རྫོགས༔ གང་འདུལ་ཐབས་ཀྱིས་འགྲོ་བ་འདྲེན་པའི་མགོན༔ ཕྱོགས་དུས་རྒྱལ་བ་ཀུན་འདུས་རིག་པ་འཛིན༔ ཐོད་ཕྲེང་རིགས་ལྔའི་སྐུ་གསུང་ཐུགས་རྡོ་རྗེ༔ ཡོན་ཏན་ཕྲིན་ལས་སྙིང་པོར་གསོལ་བ་འདེབས༔ སྣང་སྲིད་དག་པ་རབ་འབྱམས་མཁའ་སྤྱོད་དབྱིངས། །སྣང་གྲགས་བླ་མ་ལྷ་དང་ཌཱ་ཀིའི་གཙོ། །དཔལ་ཆེན་དཔའ་བོའི་དབང་ཕྱུག་ཧེ་རུ་ཀ །ནམ་མཁའ་འཇིགས་མེད་ཞབས་ལ་གསོལ་བ་འདེབས། ཁྲེགས་ཆོད་གནས་ལུགས་ལྟ་བ་མངོན་གྱུར་ཅིང་། །ཐོད་རྒལ་ཉམས་ཀྱི་དགོངས་པའི་ཀློང་བརྡོལ་བས། །སྣང་བཞི་མཐར་ཕྱིན་ཆོས་ཀུན་རང་སར་ཟད། ཁམས་གསུམ་རང་གྲོལ་རྗེ་ལ་གསོལ་བ་འདེབས། །སྤང་རྟོགས་ཡོན་ཏན་ཆོས་ཀུན་མཐར་ཕྱིན་ཞིང་། །འགྲོ་ལ་རྗེས་བརྩེ་ཐར་པའི་ལམ་མཁན་མཆོག །གདོད་མའི་མགོན་པོ་ཀུན་བཟང་མི་གཟུགས་ཅན། །ཕྲིན་ལས་དབང་ཕྱུག་མཆོག་དེར་གསོལ་བ་འདེབས། །གཟོད་མ་ཉིད་ནས་ཀུན་བཟང་རྡོར་སེམས་ཀྱི། །ངོ་བོ་ཉིད་ཀྱང་ཐུགས་རྗེའི་སྒྱུ་འཕྲུལ་གར། །སྙིགས་དུས་འགྲོ་བའི་སྐྱབས་མགོན་རྡོ་རྗེ་འཆང་། །འཇིགས་མེད་དཔའ་བོའི་ཞབས་ལ་གསོལ་བ་འདེབས། །བསམ་བཞིན་སྲིད་པ་བཟུང་ནས་སྔ་འགྱུར་གྱི། །བསྟན་པའི་སྣང་བྱེད་དབྱིངས་ཕྱུག་མཁའ་འགྲོའི་གཙོ། །རྡོ་རྗེ་རྩེ་མོའི་ས་མཆོག་མཐར་ཕྱིན་པ། །མི་འགྱུར་དཔལ་གྱི་སྒྲོན་མར་གསོལ་བ་འདེབས། །མདོ་རྒྱུད་ལུང་དང་མན་ངག་ཆུ་བོའི་མགོ༔ བཀའ་གཏེར་སྙན་བརྒྱུད་ངེས་དོན་ཡོངས་ཀྱི་མཛོད༔ ཐར་གླིང་འགྲོ་བ་འདྲེན་པའི་དེད་དཔོན་མཆོག༔ དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས༔ རང་བྱུང་རང་རིག་ཤེས་པ་བཟོ་མེད་སྟོན༔ ཟག་མེད་དབྱིངས་རིག་སྣང་སྟོང་ལྷིང་པར་སྟོན༔ ལྷུན་གྲུབ་སྣང་སྟོང་སྣང་བཞིའི་སྙིང་པོར་སྟོན༔ འཕོ་མེད་མཆོག་གི་བདེ་ཆེན་འདིར་སྩོལ་ཅིག༔ དབང་བཞི་ལེན་པ་ནི། སྣང་གྲགས་ཐམས་ཅད་རྒྱལ་བའི་སྐུ་དང་གསུང༔ ཐུགས་ཀྱི་རྡོ་རྗེ་ཐིག་ལེ་འོད་ལྔའི་བཅུད༔ སྤྱི་མགྲིན་སྙིང་ག་ལྟེ་གསང་གནས་ལྔར་བབས༔ སྒོ་ལྔའི་འཛིན་སྣང་འོད་སྐུར་རྒྱ་རལ་ནས༔ ཆུ་ཟླ་སྤྲུལ་པ་སྒྱུ་མའི་དཔེ་བརྒྱད་དང༔ འོད་གསལ་སྟོང་དབྱིངས་ཆེན་མོ་མཁའ་སྤྱོད་སྦུབས༔ འོག་མིན་རྡོ་རྗེའི་གདན་བཞིར་དབང་བཞི་རྫོགས༔ ཕྱིར་མི་ལྡོག་པའི་རྒྱུ་ཡི་མཛེས་སྐུར་བསྟན༔ སྲིད་གསུམ་འགྲོ་ཀུན་མོས་པ་རྒྱ་མཚོའི་མཁར༔ གང་འདུལ་སྤྲུལ་པའི་འོད་ཟེར་མཐའ་ཡས་པ༔ རྒྱལ་བའི་ཞིང་ནས་བདག་གིས་ཡོངས་སྤྲོས་ཏེ༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ༔ ཧོ༔ མནན་ན་ནེམ་བྱེད་བཏེགས་ན་རབ་འཕར་བའི༔ ཕྱི་ནང་མེད་པ་འོད་ལྔ་ཡེ་ཤེས་སྦུབས༔ གསལ་འགྲིབ་བྲལ་བ་རང་བྱུང་རིག་པའི་གཞི༔ སྐུ་ཞིང་གདུལ་བྱ་རྣམ་དབྱེར་མེད་པའི་མཁའ༔ ཆོས་ཉིད་སྒྱུ་མ་རྡོ་རྗེ་སྙིང་པོའི་གཞིར༔ ཀུན་བཟང་སྣང་མཐའ་འོད་དཔག་མེད་པའི་མགོན༔ ཅིར་ཡང་མ་གྲུབ་སྲིད་ཞི་ཡོངས་ཁྱབ་སྟེ༔ ཟབ་གསང་རྡོ་རྗེའི་སྦུབས་སུ་སངས་རྒྱས་ཤོག༔ཆོས་དབྱིངས་ཀློང་འདི་རྒྱལ་བའི་སྐྱེད་མོས་ཚལ༔ བདག་གི་སྤྲུལ་པས་ཞིང་ཀུན་ཕྱུར་བུར་བཀང༔ མཛད་པ་རྒྱ་མཚོ་བསྡུ་བཞིའི་ཆོས་འཁོར་གྱིས༔ སྲིད་གསུམ་འགྲོ་བའི་དེད་དཔོན་ཆེན་པོར་ཤོག༔ བགེགས་གཏོར་བསྔོ་བ་ནི། ཧཱུྃ༔ ལྷུན་གྲུབ་སྣོད་ཡངས་འོད་གསལ་སྙིང་པོའི་བཅུད༔ འབྲུ་གསུམ་འོད་ཞུ་ཟག་མེད་གཏོར་མ་ནི༔ བདེན་འཛིན་གཉིས་སྣང་རྣམ་རྟོག་བགེགས་ལ་བསྔོ༔ རང་ཤར་རང་སར་གྲོལ་བའི་ཕྲིན་ལས་མཛོད༔ མཚམས་གཅོད་ནི། ཧཱུྃ༔ སྣང་བའི་ཆོས་རྣམས་སྟོང་ཉིད་རྡོ་རྗེའི་མཚོན༔ ཞིང་རྡུལ་ཐམས་ཅད་ལྷ་སྐུ་འཇའ་འོད་འབར༔ གྲགས་སྟོང་ངར་གྱིས་སྟོང་གསུམ་ཧཱུྃ་སྒྲ་སྒྲོག༔ འབྱུང་ལྔ་མཚོན་ཆ་སྐུ་གསུང་ཐུགས་རྡོ་རྗེ༔ ཡེ་ཤེས་མེ་འོད་ཀློང་ན་གུར་དུ་གཏམས༔ བཛྲ་རཏྣ་པདྨ་ཀརྨ་བུདྡྷ་སརྦ་རཀྵ་རཀྵ་སུ་པྲ་ཏིཥྛ་ཧཱུྃ༔ མཆོད་པ་བྱིན་བརླབ་ནི། ཧྲཱི༔ སྐྱེ་འགག་གནས་གསུམ་མཐའ་བྲལ་དྭངས་པའི་གཤིས༔ གསལ་སྟོང་ཟུང་འཇུག་ཡི་གེ་འབྲུ་གསུམ་གྱིས༔ དྭངས་མར་སྦྱངས་པའི་འདོད་ཡོན་འོད་ཕུང་བཅུད༔ ཀུན་བཟང་མཆོད་སྤྲིན་ཆེན་པོས་ཁྱབ་པར་གྱུར༔ མ་ཧཱ་པཉྩ་རཀྟ་པཱུ་ཛ་མེ་གྷ་ན་ཙཀྲ་ཨོཾ་ཨཱཿཧཱུྃ༔ སརྦ་སིདྡྷི་ཕ་ལ་ཨ་མྲྀཏ་ཧཱུྃ༔ གཉིས་པ་དངོས་གཞིའི་ལས་རིམ་ལ། ལས་བྱང་རྒྱུན་ཁྱེར་དངོས་དང་། ཚེའི་གསང་སྒྲུབ་གཉིས་ལས། དང་པོ་ལྷ་བསྐྱེད་པ་ནི། ཨ༔ ཆོས་དབྱིངས་ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ༔ འོད་གསལ་ཐིག་ལེ་ཟང་ཐལ་ཀློང་ཡངས་པར༔ རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ༔ སྣང་སྲིད་ཐམས་ཅད་མེར་མེར་ཤིག་ཤིག་གསལ༔ དེ་ཀློང་པད་ཉིའི་གདན་སྟེང་ཁྱོན་ཡངས་པར༔ ཟག་བཅས་མི་སྣང་སྐད་ཅིག་དྲན་རྫོགས་སུ༔ རྒྱལ་བ་ཀུན་འདུས་རིག་འཛིན་ཐོད་ཕྲེང་རྩལ༔ ཆུ་ལས་ཆུ་བུར་རྡོལ་འདྲ་མཚན་དཔེའི་སྐུ༔ ལོ་བརྒྱད་ལང་ཚོ་ཁྲོ་འཛུམ་འགྱིང་བག་ཅན༔ སྟག་ཤམ་རུས་རྒྱན་དྲིལ་གཡེར་དར་དཔྱང་དང༔ ཐོར་ཚུགས་རིན་ཆེན་འབར་བའི་རྩེ་བྲན་ཅན༔ ཕྱག་ཞབས་ནོར་བུའི་གདུ་བུས་རབ་མཛེས་ཤིང༔ གཡས་གཡོན་གྲི་གུག་ཐོད་ཁྲག་འཛིན་པ་ནི༔ དབྱིངས་ཕྱུག་མནྡཱ་ར་བ་གཉིས་མེད་དུ༔ རུས་པའི་རྒྱན་དྲུག་དར་གྱི་སྨད་དཀྲིས་དང༔ མཉེན་ལྕུགས་འཁྲིལ་ལྡེམ་རྗེས་ཆགས་ཟིམ་བུའི་སྤྱན༔ ཨུཏྤལ་རྒྱས་འདྲ་ཆུ་སྐྱེས་བུན་པས་བཏུད༔ ཡབ་ཀྱི་མགུལ་འཁྱུད་གྲི་ཐོད་རྣམ་པར་མཛེས༔ བདེ་ཆེན་འོད་ཀྱི་གུར་ཁང་འཁྱིལ་བ་དེའི༔ སྤྱི་མགྲིན་སྙིང་ག་ལྟེ་གསང་གནས་ལྔ་རུ༔ དཀར་དམར་མཐིང་སེར་ལྗང་བའི་སྐུ་མདོག་ཅན༔ རང་འདྲ་རྡོ་རྗེ་འཁོར་ལོ་པདྨ་དང༔ རིན་ཆེན་ལས་ཀྱི་རིགས་སུ་ལྷུན་གྲུབ་པའི༔ ཡབ་ཡུམ་གཉིས་མེད་འཁྲིལ་སྦྱོར་ཟག་མེད་ཀྱི༔ བདེ་དང་སྟོང་པ་འོད་གསལ་གཞིར་རྫོགས་པའི༔ ཐབས་ཤེས་བཅུད་ཀྱི་སྣང་སྲིད་དྭངས་མའི་སྐུ༔ གསང་དབྱིངས་རྡོ་རྗེ་བཙུན་མོས་དབང་མཆོག་བསྐུར༔ དེ་འདྲ་འཁོར་འདས་ཞིང་གི་རྡུལ་ཕྲན་ཀུན༔ ཕྱོགས་མཚམས་སྟེང་འོག་བར་མཚམས་མ་མཆིས་པ༔ རང་སྣང་གཞི་དབྱིངས་དྭངས་མའི་མཁའ་སྤྱོད་དུ༔ རྒྱལ་བའི་དཀྱིལ་འཁོར་ལྷུན་གྲུབ་བཀོད་འབར་བ༔ ཉི་ཟླ་འབུམ་གྱི་ཟེར་ལྟར་འོད་འཕྲོ་ཞིང༔ རང་རང་སྐུ་ལས་སྤྲུལ་པའི་འཁོར་ལོངས་སྤྱོད༔ གསང་མཆོག་གསུང་གི་གསང་བ་མི་ཟད་དང༔ མཁྱེན་བརྩེ་ཐུགས་རྗེ་རོལ་པའི་རྒྱན་འཁོར་གྱིས༔ ཁམས་གསུམ་རིགས་དྲུག་འགྲོ་བ་འདི་དང་ལྡན༔ གདུལ་བྱའི་ལྷག་མ་མ་ལུས་ཡོངས་སྒྲོལ་བའི༔ སྣང་སྲིད་མ་ཧཱ་གུ་རུར་གསལ་བར་བསྐྱེད༔ སྤྱན་འདྲེན་ནི། ཧྲཱི༔ བདག་གི་གནས་ལྔར་ལྔ་ལྡན་ཐིག་ལེའི་དབྱིངས༔ ཡིག་འབྲུ་ཕྱག་མཚན་འོད་ཟེར་ལྕགས་ཀྱུའི་དབྱིབས༔ འཇའ་ལྟར་གསལ་ཞིང་ཟེར་ལྟར་རབ་འབར་བས༔ སྲིད་གསུམ་འབྱུང་ལྔའི་བཅུད་དང་རྒྱལ་བའི་ཞིང༔ གང་བས་མཁྱེན་བརྩེ་ཡོན་ཏན་མ་ལུས་དང༔ འོད་ལྔ་ལྷུན་གྱིས་གྲུབ་པའི་དྭངས་མའི་བཅུད༔ སྐུ་དང་ཐིག་ལེ་ཡིག་འབྲུའི་རྣམ་པ་རུ༔ སིབ་སིབ་ཐིམ་པས་དམ་ཡེ་གཉིས་མེད་པའི༔ ཐོགས་མེད་འོད་གསལ་སྙིང་པོར་དབང་སྐུར་ཅིག༔ མི་འགྱུར་ཀུན་བཟང་དགོངས་པའི་རྒྱ་ཡིས་ཐོབ༔ སྣང་གྲགས་པདྨ་འོད་ཀྱི་གཞལ་ཡས་ཁང༔ སྣང་སྟོང་འགྱུར་མེད་རང་རིག་ངོ་བོར་གྱུར༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ༔ ཧྲཱིཿམ་ཧ་རི་ནི་ས་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ༔ བཞུགས་སུ་གསོལ་བ་ནི། ཡེ་ནས་ཀ་དག་གདོད་ནས་ལྷུན་གྲུབ་པའི༔ གཞི་འབྲས་རང་བཞིན་དབྱེར་མེད་རང་རིག་ཀློང༔ སྐུ་ལྔ་ལྷུན་གྱིས་གྲུབ་པའི་རིག་པ་འཛིན༔ མ་ལུས་དཀྱིལ་འཁོར་འདུས་པའི་སྤྱི་དཔལ་རྣམས༔ འདབ་སྟོང་སྙིང་གི་དབུས་སུ་བཞུགས་སུ་གསོལ༔ སྐྱེ་འཆི་བགྲེས་རྒུད་སྐྱོན་ཡོན་མི་མངའ་ཡང༔ གཞོམ་མེད་རྡོ་རྗེའི་སྐུ་རུ་འོད་མི་འགྱུར༔ ཆོས་ཟད་བློ་འདས་ཆེན་པོའི་རང་བཞིན་ཨ༔ ཕྱག་འཚལ་བ་ནི། འཁོར་བ་མྱ་ངན་འདས་པའི་སོ་མཚམས་སུ༔ སྣང་དང་སྟོང་པ་གཉིས་མེད་ཐལ་མོ་སྦྱར༔ ཟུང་འཇུག་བདེ་བ་ཆེན་པོའི་ཀློང་ཉིད་དུ༔ རང་རིག་རང་སར་གྲོལ་བར་ཕྱག་འཚལ་ལོ༔ མཆོད་འབུལ་ནི། ཆོས་དབྱིངས་ཀློང་ན་སྣང་སྲིད་འཁོར་འདས་ཀུན༔ འགག་མེད་གསལ་བ་གཟུང་འཛིན་བྲལ་བའི་ངང༔ འཁོར་བ་དང་ནི་མྱ་ངན་འདས་པ་གཉིས༔ ཀུན་མཉམ་འཛིན་མེད་ཀློང་དུ་མཆོད་པར་འབུལ༔ ཏིང་འཛིན་རང་ཤར་རང་གྲོལ་ཚོགས་དྲུག་ཡུལ༔ འཇའ་ཟེར་སྒྱུ་མར་དག་པའི་མེ་ཏོག་དང༔ མི་ཟད་འདོད་ལྔའི་མཆོད་སྤྲིན་ཅི་མཆིས་པ༔ བློ་བྲལ་འཛིན་མེད་ཆེན་པོའི་ངང་ནས་འབུལ༔ ཁ་སྦྱོར་དག་པ་གཉིས་ལྡན་བདུད་རྩིའི་བཅུད༔ སྣང་བའི་ཁྱོན་རྣམས་བརྡལ་བའི་རཀྟ་དང༔ བདེ་ཆེན་འཁོར་འདས་རིག་པའི་གཏོར་མ་འདིས༔ རིག་འཛིན་བླ་མ་འདུས་པའི་ཐུགས་དམ་བསྐང༔ བསྒྲལ་མཆོད་ནི། ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་དབྱིངས་ཀྱི་བྲུབ་ཁུང་དུ༔ གཟུང་འཛིན་ཉམས་དགྲ་ཐལ་བར་བརླག་པའི་རོ༔ ཆོས་སྐུ་སྐྱེ་མེད་དག་པ་རབ་འབྱམས་ཀྱི༔ ཞལ་དུ་བསྟབ་བོ་བླང་དོར་བྲལ་བར་བཞེས༔ འདོད་གསོལ་ནི། ཧཱུྃ༔ བགྲོད་མཐའ་བྲལ་བའི་ཐེག་མཆོག་རྩེ་མོ་རུ༔ འཕོ་འགྱུར་མེད་པ་རྡོ་རྗེའི་དབྱིངས་ས་ནོན༔ གང་ཡང་མི་སྤང་ཅི་ཡང་མི་ལེན་པའི༔ ཆོས་ཟད་རིག་པའི་བརྟན་གནས་ཟིན་པར་ཤོག༔ བསྟོད་པ་ནི། ཧྲཱི༔ འོད་གསལ་སྙིང་པོ་རང་རིག་བླ་མའི་སྐུ༔ རྩ་སྐུ་རླུང་གསུང་ཐིག་ལེ་ཐུགས་རྡོ་རྗེ༔ ཡེ་ཤེས་འོད་འབར་དྭངས་མའི་ཕུང་ཁམས་འདི༔ ཐོད་ཕྲེང་རིགས་ལྔ་རིག་འཛིན་བླ་མའི་སྐུར༔ སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་ཀུན་རྫོགས་པ༔ རབ་འབྱམས་སྲིད་ཞིའི་ཁྱོན་གྱིས་ངོ་མཚར་དཔལ༔ གཟི་འོད་ཆེ་བའི་ཡོན་ཏན་མ་ལུས་པས༔ ཆོས་དབྱིངས་ཁྱོན་རྣམས་གང་བར་ཕྱག་འཚལ་བསྟོད༔ ཐབས་ཤེས་མཉམ་སྦྱོར་བདེ་བ་ཆེན་པོ་ཡིས༔ འཛག་འཕོ་བྲལ་བ་ཟུང་འཇུག་རྡོ་རྗེའི་ཁམས༔ དབྱིབས་ལེགས་ཐིག་ལེ་གཅིག་གི་ངོ་མཚར་ཞིང༔ མཐོང་བས་རྣམ་ཀུན་ཟག་བཅས་རང་དག་པའི༔ བདེ་ཆེན་ཡེ་ཤེས་དྲྭ་བ་ལུ་གུ་རྒྱུད༔ གཞོམ་མེད་རྡོ་རྗེའི་སྐུ་རུ་མཛེས་འབར་བ༔ དཀྱིལ་འཁོར་གཙོ་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད༔ བསྙེན་པ་ནི། ཧྲཱི༔ དྭངས་མའི་ལྷ་ཚོགས་ཀུན་གྱི་ཐུགས་ཀ་རུ༔ འདབ་བརྒྱད་སྙིང་གི་གེ་སར་ཟེ་འབྲུའི་དབུས༔ པད་ཟླའི་སྟེང་དུ་ཧཱུྃ་ཡིག་མཐའ་སྐོར་དུ༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ ཧ་རི་ནི་ས་མ་མ་ཨཱ་ཡུཿསིདྡྷི་ཕ་ལ་ཧཱུྃ༔ ཞེས་པའི་སྔགས་ལས་འོད་ཟེར་དཔག་མེད་འཕྲོས༔ ཆོས་དབྱིངས་ཁྱབ་པར་འབྲུག་གི་སྒྲ་ལྟར་བསྒྲགས༔ སྣང་སྲིད་ཐམས་ཅད་བླ་མའི་ངོ་བོ་རུ༔ ཡོམ་ཡོམ་ཤིག་ཤིག་གར་སྟབས་བསྒྱུར་བ་དང༔ བྱིན་རླབས་དངོས་གྲུབ་སྤྲིན་ཕུང་ཐུ་ལུ་ལུ༔ གྲུ་དབྱངས་དྲིལ་གཡེར་རོལ་མོ་ཁྲོ་ལོ་ལོ༔ ཌཱ་ཀི་ཆོས་སྲུང་ཧཱུྃ་སྒྲ་དི་རི་རི༔ དཔའ་བོ་དགྱེས་པའི་གད་རྒྱངས་ཡ་ལ་ལ༔ ཞིང་རྣམས་མ་ལུས་པདྨ་འོད་ཀྱི་ཞིང༔ རྒྱལ་བ་ཐམས་ཅད་རང་གི་ལུས་དང་ངག༔ འདབ་བརྒྱད་སྙིང་གི་ད་ལ་ཆེན་པོ་རུ༔ ཀ་དག་རང་རིག་ངོ་བོར་འདུས་པར་བསམ༔ གོང་གི་འཛབ་བཟླས་ཅི་ནུས་དང་། མཐར་ཧཱུྃ་གི་བཟླས་པའང་བྱའོ། །འདིར་ཚེ་སྒྲུབ་ཀྱི་ཁོག་དབུབ་གསང་སྒྲུབ་འཆི་མེད་དོན་གྱི་སྙིང་པོ་སྦྲེལ་བའི་སྐབས། གཞལ་ཡས་ཁང་བསྐྱེད་པ་ནི། ཧྲཱི༔ ཕྱི་ནང་སྣང་སྲིད་འབྱུང་ལྔ་དྭངས་མའི་འོད༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་ཧཱུྃ་ཡིག་ལས༔ འཇའ་ཟེར་རྡོ་རྗེ་ཐིག་ལེའི་འོད་འཁྲུགས་པའི༔ ཀློང་ན་རིན་ཆེན་འབར་བའི་གཞལ་ཡས་ཁང༔ དཀར་སེར་དམར་ལྗང་མཐིང་བའི་ཕྱོགས་མཚམས་ཀུན༔ ཡེ་ཤེས་འོད་ལྔའི་ཀློང་ན་ཕྱི་ནང་བྲལ༔ སྣང་སྟོང་མ་འགག་ངོ་མཚར་བཀོད་པའི་སྤྲིན༔ ཕྱོགས་དུས་རྒྱལ་བའི་ཞིང་གི་ཡོན་ཏན་རྫོགས༔ སྒོ་བཞི་གྲུ་བཞི་རྟ་བབས་ཆོས་འཁོར་ཏོག༔ བརྩེགས་པའི་བང་རིམ་དབང་རྒྱལ་ནོར་བུས་བརྒྱན༔ རི་དྭགས་འཕན་གདུགས་རྒྱལ་མཚན་དྲིལ་གཡེར་དང༔ སྣ་ཚོགས་ནོར་བུའི་དྲྭ་བས་མཛེས་པའི་འོག༔ འདོད་སྣམ་ཀུན་ལ་བུམ་མཆོག་དཔག་བསམ་ཤིང༔ བཀྲ་ཤིས་ངོ་མཚར་རྫས་རྟགས་དུ་མར་བཅས༔ ཁོར་ཡུག་ཀུན་ཏུ་འཇའ་འོད་རྡོ་ར་དང༔ རྣམ་བརྒྱད་དུར་ཁྲོད་བཀོད་རྫོགས་མེ་ཕུང་འཁྱིལ༔ ལྕགས་འཁོར་རྩིབས་སྟོང་དམར་ནག་སྡིག་པ་ཡི༔ ཁ་ནས་མེ་ཕུང་མཚོན་ཆར་ཐོག་སེར་གྱི༔ སྤྲུལ་པ་སྣང་སྲིད་གང་བས་གདོན་དང་བགེགས༔ ལོག་འདྲེན་ཚེ་ཡི་བར་ཆད་མཚམས་གཅོད་གྱུར༔ ལྷ་བསྐྱེད་པ་ནི། འདབ་བཞི་འདབ་བརྒྱད་འདབ་སྟོང་སྣ་ཚོགས་ཀྱི༔ གེ་སར་པདྨ་འབར་བའི་གདན་སྟེང་དུ༔ ཉི་ཟླ་བརྩེགས་པ་འཇའ་གུར་ཐིག་ལེའི་དབུས༔ དཀར་སེར་དམར་ལྗང་མཐིང་བའི་ཧྲཱིཿལྔ་ལས༔ འོད་འཕྲོས་སྣང་སྲིད་འཁོར་འདས་ཐམས་ཅད་ཁྱབ༔ ཚུར་འདུས་གུ་རུ་རིག་འཛིན་ཐོད་ཕྲེང་ལྔ༔ སྡེ་ལྔ་ཌཱ་ཀིར་འཁྲིལ་སྦྱོར་ཟུང་འཇུག་གི༔ སྐུ་ལ་དབུ་རྒྱན་སྙན་རྒྱན་མགུལ་གྱི་རྒྱན༔ ཕྱག་གདུབ་ཞབས་གདུབ་དར་དཔྱང་ཅོད་པན་དང༔ རིན་ཆེན་རུས་རྒྱན་དྲིལ་གཡེར་སི་ལི་ལི༔ ཡུམ་རྣམས་གྲི་ཐོད་ཡབ་རྣམས་མདའ་དར་དང༔ ཚེ་ཡི་བུམ་པ་རིགས་ལྔར་འོད་ལྔ་མཛེས༔ དཀར་སེར་དམར་ལྗང་མཐིང་གསལ་སྐུ་མཆོག་ནི༔ མཚན་དཔེ་ཡོན་ཏན་རྫོགས་པའི་ངོ་བོར་གསལ༔ ཕྱི་འཁོར་པདྨ་འདབ་བརྒྱད་འབར་བའི་སྟེང༔ མཚན་བརྒྱད་སྤྲུལ་པའི་འཁོར་དུ་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རིག་འཛིན་འཇའ་འོད་འཐིབས༔ མདངས་ལྡན་པདྨ་སྟོང་གི་ཁོར་ཡུག་ཀུན༔ དུར་ཁྲོད་བརྒྱད་དང་གནས་ཡུལ་ཌཱ་ཀི་མ༔ དཔའ་བོ་གིང་དང་དམ་ཅན་ཆོས་སྲུང་བཅས༔ གེ་སར་ཉི་ཟླ་བརྩེགས་པའི་གདན་ལ་བཞུགས༔ སྒྲུབ་པའི་གནས་མཆོག་འདི་རུ་བྱིན་ཆེན་ཕོབ༔ སྒྲུབ་རྫས་དངོས་གྲུབ་བཅུད་ལ་ནུས་པ་སྦོར༔ དགྲ་བགེགས་ལོག་པར་འདྲེན་པ་རྡུལ་དུ་རློག༔ སྤྱན་འདྲེན་ནི། ཧྲཱི༔ གནས་ལྔར་ཡིག་འབྲུ་ལྔ་དང་ཕྱག་མཚན་ལྔ༔ འོད་ལྔ་ཆོས་དབྱིངས་གང་བའི་ལྕགས་ཀྱུ་དང༔ ཞགས་པ་ལྕགས་སྒྲོག་དྲིལ་བུ་མདའ་དར་གཡབ༔ གདུང་ཤུགས་འབོད་པའི་ཕོ་ཉས་ནམ་མཁའ་གང༔ འབོད་དོ་ཡེ་ཤེས་སྤྱན་དང་ལྷ་ཡི་སྙན༔ བཟོད་མེད་བརྩེ་བའི་ཐུགས་རྗེས་ད་དགོངས་ལ༔ ག་བུར་སི་ལ་ཨ་གར་ནག་པོ་དང༔ མི་ཟད་ཙནྡན་རིགས་བརྒྱའི་དུད་པར་བཅས༔ འཇིག་རྟེན་སྲིད་པའི་མཆོད་སྤྲིན་འོད་འཁྲུགས་པས༔ རབ་ཡངས་ཆོས་དབྱིངས་ཁྱོན་འདི་ཕྱུར་བུར་བཀང༔ བདག་གི་སྐྱབས་གནས་ཨོ་རྒྱན་རྗེ་ལ་འབོད༔ རྔ་དུང་དྲིལ་གཡེར་གླིང་བུ་ཆ་ལང་དང༔ པི་ཝཾ་གླུ་སྒྲ་སྙན་པའི་འཇོ་སྒེག་བཅས༔ ལྷ་མིའི་དབྱངས་སྙན་རོལ་མོ་མ་ལུས་པས༔ གུ་རུ་ཡིད་བཞིན་ནོར་བུ་སྤྱན་འདྲེན་ནོ༔ དམ་རྫས་རྩ་བ་བརྒྱད་དང་ཡན་ལག་སྟོང༔ ནུས་ལྡན་ཤ་ལྔ་བདུད་རྩི་ལྔའི་ཕུང་པོ༔ མཛེས་པའི་སྤྱན་གཟིགས་དྲྭ་བས་ལེགས་བསྐོར་ནས༔ སྔགས་དང་ཏིང་འཛིན་ཕྱག་རྒྱའི་རྟེན་འབྲེལ་གྱི༔ རོ་ནུས་འོད་འབར་ནམ་མཁའི་ཁམས་གང་བས༔ རིག་འཛིན་འདུས་པའི་འཁོར་ཚོགས་སྤྱན་འདྲེན་ནོ༔ སྟེང་ན་བླ་མ་བར་ན་ཡི་དམ་དང༔ འོག་ཕྱོགས་ཌཱ་ཀི་ཆོས་སྲུང་ཁྲོམ་ཆེན་པོ༔ འབྱུང་ལྔའི་དྭངས་མ་ལྷ་མིའི་ཚེ་བསོད་བཅུད༔ མཁའ་སྤྱོད་རྒྱལ་བའི་ཐུགས་རྗེ་ཡོངས་བསྡུས་ནས༔ སྒྲུབ་རྫས་རྣམས་ལ་བྱིན་ཕོབ་བརྟན་པར་བཞུགས༔ བཞུགས་སུ་གསོལ་བ་ནི། ཧྲཱི༔ པད་སྡོང་འདབ་བཞི་འདབ་བརྒྱད་འདབ་སྟོང་སྟེང༔ ཟེར་ལྡན་འཇའ་འོད་ཐིག་ལེའི་གུར་ཁང་དབུས༔ ཐོད་ཕྲེང་རིགས་ལྔ་ཡི་དམ་ཌཱ་ཀི་དང༔ ཆོས་སྲུང་སྤྲུལ་པར་བཅས་རྣམས་བཞུགས་སུ་གསོལ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ ཕྱག་འཚལ་ནི། ཧཱུྃ༔ འཛིན་མེད་འོད་སྣང་སྣང་གྲགས་སྒྱུ་འཕྲུལ་ལྷ༔ སྟོང་གསལ་འཛིན་མེད་རང་རིག་རང་གསལ་སྐུ༔ ཡེ་ཤེས་ལྔ་རྫོགས་ཐོད་ཕྲེང་རིགས་ལྔ་ལ༔ གཉིས་མེད་རང་གྲོལ་ཆེན་པོར་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོ༔ ཕྱི་མཆོད་འབུལ་བ་ནི། ཧཱུྃ་ཧྲཱི༔ ཡེ་ནས་རང་བཞིན་ཆོས་སྐུ་སྟོང་པའི་ངང༔ གདོད་ནས་ལྷུན་གྱིས་གྲུབ་པའི་སྣང་སྲིད་འདི༔ ལྷུན་གྲུབ་འཇའ་སྐུར་རྡོ་རྗེ་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ངོ་བོ་ཉིད་ཀྱི་སྐུར༔ མི་ཟད་འདོད་ཡོན་ལྔ་ཡི་འོད་འཕྲོ་བ༔ སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་ལྷ་ལ་འབུལ༔ དྭངས་མའི་ཨརྒྷཾ་གསལ་སྟོང་དྲི་མཆོད་དང༔ ཆགས་བྲལ་མེ་ཏོག་སྙིང་རྗེའི་བདུག་སྤོས་འཕྲོ༔ རང་གསལ་མར་མེ་རང་བྱུང་གནྡྷེར་བཅས༔ སྣང་སྲིད་གྲགས་སྟོང་སྙན་པའི་སྒྲ་དབྱངས་འདི༔ ཚོགས་དྲུག་རང་གྲོལ་ཕྱི་ཡི་མཆོད་པར་འབུལ༔ ཨརྒྷཾ༔ པཱ་དྱཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་བིདྱ༔ ཤབྡ་པཱུ་ཛ་ཁཱ་ཧི༔ ནང་མཆོད་ནི། ཧྲཱི༔ དུག་ལྔ་ཡེ་ཤེས་ལྔ་རྫོགས་སྐུ་གསུམ་ཀློང༔ མ་རིག་རང་དག་རྣམ་ཀུན་བདུད་རྩིའི་བཅུད༔ སྐུ་གསུམ་ལྷུན་གྲུབ་ཟག་མེད་རཀྟའི་མཚོ༔ སྣང་བ་བཞི་རྫོགས་སྣང་སྲིད་གཏོར་མར་འབུལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ སྦྱོར་སྒྲོལ་གྱི་མཆོད་པ་ནི། ཨ༔ སྲིད་ཞི་མཉམ་ཉིད་བཅུ་དྲུག་དགའ་བའི་རྩེར༔ གཞོན་ནུ་བུམ་སྐུར་བདེ་ཆེན་སྦྱོར་མཆོད་དང༔ དག་དང་མ་དག་གཉིས་འཛིན་མཚམས་འདས་པའི༔ བླ་མེད་དགོངས་གསང་རྩེ་མོར་ཡོངས་བསྒྲལ་བའི༔ སྦྱོར་སྒྲོལ་མཚན་མ་ཡེ་སྦྱོར་ཡེ་ནས་བསྒྲལ༔ དག་པ་གཉིས་ལྡན་འཁོར་གསུམ་དམིགས་མེད་ངང༔ སྒྲུབ་འབྲས་བླང་དོར་བྲལ་བ་དེ་ཁོ་ནའི༔ ཏིང་འཛིན་རྡོ་རྗེའི་མཆོད་སྤྲིན་འབུལ་ལོ་བཞེས༔ བསྟོད་པ་ནི། ཧྲཱི༔ གཏི་མུག་འཇོམས་མཛད་བུདྡྷ་ཐོད་ཕྲེང་རྩལ༔ ཆོས་དབྱིངས་ཡེ་ཤེས་མདངས་ལྡན་སྐུ་མདོག་མཐིང༔ རིན་ཆེན་རུས་བརྒྱན་ཚེ་བུམ་མདའ་དར་འཛིན༔ འགྲོ་བའི་གཏི་མུག་འཇོམས་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ ཞེ་སྡང་འཇོམས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ༔ མེ་ལོང་ཡེ་ཤེས་མདངས་ལྡན་སྐུ་མདོག་དཀར༔ རིན་ཆེན་རུས་བརྒྱན་ཚེ་བུམ་མདའ་དར་འཛིན༔ འགྲོ་བའི་ཞེ་སྡང་འཇོམས་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ ང་རྒྱལ་འཇོམས་མཛད་རཏྣ་ཐོད་ཕྲེང་རྩལ༔ མཉམ་ཉིད་ཡེ་ཤེས་མདངས་ལྡན་སྐུ་མདོག་སེར༔ རིན་ཆེན་རུས་བརྒྱན་ཚེ་བུམ་མདའ་དར་འཛིན༔ འགྲོ་བའི་ང་རྒྱལ་འཇོམས་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ འདོད་ཆགས་འཇོམས་མཛད་པདྨ་ཐོད་ཕྲེང་རྩལ༔ སོར་རྟོགས་ཡེ་ཤེས་མདངས་ལྡན་སྐུ་མདོག་དམར༔ རིན་ཆེན་རུས་བརྒྱན་ཚེ་བུམ་མདའ་དར་འཛིན༔ འགྲོ་བའི་འདོད་ཆགས་འཇོམས་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ ཕྲག་དོག་འཇོམས་མཛད་ཀརྨ་ཐོད་ཕྲེང་རྩལ༔ བྱ་གྲུབ་ཡེ་ཤེས་མདངས་ལྡན་སྐུ་མདོག་ལྗང༔ རིན་ཆེན་རུས་བརྒྱན་ཚེ་བུམ་མདའ་དར་འཛིན༔ འགྲོ་བའི་ཕྲག་དོག་འཇོམས་ལ་ཕྱག་འཚལ་བསྟོད༔ ཕྱོགས་མཚམས་སྤྲུལ་པའི་རིག་འཛིན་མཚན་བརྒྱད་རྣམས༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྣ་ཚོགས་ཀྱི༔ འགྲོ་འདུལ་ཐབས་ཀྱི་ཆ་ལུགས་མ་ངེས་པས༔ འཁོར་བ་དོང་ནས་སྤྲུགས་ལ་ཕྱག་འཚལ་བསྟོད༔ ཁོར་ཡུག་ཆེན་པོའི་དཔའ་བོ་ཌཱ་ཀི་དང༔ དམ་ཅན་ཆོས་སྲུང་རྒྱ་མཚོ་མ་ལུས་པ༔ སྣ་ཚོགས་མཁྱེན་བརྩེ་ཡེ་ཤེས་སྒྱུ་འཕྲུལ་གྱིས༔ སྲིད་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད༔ བཟླས་པ་ནི། ལྷ་ཚོགས་སོ་སོའི་ཐུགས་ཀར་འདབ་བརྒྱད་སྟེང༔ པད་ཉི་ཟླ་སྟེང་ཧྲཱིཿཡིག་མཐའ་སྐོར་དུ༔ སྙིང་པོའི་སྔགས་ཕྲེང་འོད་ལྔ་འབར་བ་ཡིས༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་བྱས་ཏེ༔ རབ་འབྱམས་སྣང་ཞིང་སྲིད་པའི་ལྷ་དང་སྔགས༔ ཡེ་ཤེས་རྡོ་རྗེ་ཏིང་འཛིན་འོད་ཟེར་གྱིས༔ སྣང་སྲིད་འཁོར་འདས་ཡོངས་ཀྱི་བཅུད་བསྡུས་ནས༔ བདག་ལུས་འཛིན་མེད་ལྷ་ཡི་གཞལ་ཡས་འདིར༔ མ་གྲུབ་བར་དུ་ཏིང་འཛིན་མི་བཏང་ངོ༔ མ་གསལ་བར་དུ་བསྐྱེད་རྫོགས་དབྱེར་མེད་ངང༔ སྤང་བླང་བྲལ་བ་རྡོ་རྗེའི་བཟླས་པ་ཡིས༔ རྩ་གསུམ་ལྷ་ཡི་ཐུགས་དམ་བསྐང་གྱུར་ཅིག༔ ཅེས་དམིགས་པའི་སྤྲོ་བསྡུ་རྩེ་གཅིག་པས། ཨོཾ་ཨཱཿཧཱུྃ༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཐོད་ཕྲེང་རྩལ་ཧྲཱིཿམ་ཧ་རི་ནི་ས་ཨཱ་ཡུཿསིདྡྷི་ཕ་ལ་ཧཱུྃ༔ ཞེས་པའི་བཟླས་པ་ཅི་ནུས་བྱས་པའི་མཐར་བྱིན་འབེབ་པ་ནི། མདའ་དར་སྤོས་རོལ་བཅས། ཧཱུྃ་ཧྲཱི༔ སྣང་སྲིད་གདོད་ནས་ཆོས་སྐུ་སྐྱེ་མེད་གཤིས༔ ལྷུན་གྲུབ་སྣང་སྟོང་བདེ་བ་ཅན་གྱི་ཞིང༔ འཇའ་འོད་རྡོ་རྗེ་འབར་བའི་གཞལ་ཡས་ནས༔ ཆོས་སྐུ་སྣང་བ་མཐའ་ཡས་བྱིན་ཕོབ་ཅིག༔ སྐྱོན་གྱིས་མ་གོས་མདངས་ལྡན་པདྨའི་རྩེར༔ སྐྱེ་འཆི་རང་དག་དུས་གསུམ་རྒྱལ་བའི་སྐུ༔ དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནས༔ རིག་འཛིན་པདྨ་འབྱུང་གནས་བྱིན་ཕོབ་ཅིག༔ སྟོང་ཉིད་ཡེ་ཤེས་དུས་གསུམ་རྒྱལ་བའི་ཡུམ༔ བདེ་སྟོང་ཟག་མེད་འཇའ་ལུས་རྡོ་རྗེའི་ངང༔ ངོ་མཚར་གནས་ཡུལ་དུར་ཁྲོད་རྣམ་བརྒྱད་ནས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་བྱིན་ཕོབ་ཅིག༔ རྒྱ་གར་རྒྱ་ནག་བོད་ཡུལ་གངས་ཅན་གྱི༔ ངོ་མཚར་གནས་ཆེན་གཙུག་ལག་མ་ལུས་དང༔ ཁྱད་པར་ཟབ་ཡངས་དཔལ་གྱི་བསམ་ཡས་ནས༔ པཎ་གྲུབ་རྗེ་འབངས་ཡོངས་ཀྱིས་བྱིན་ཕོབ་ཅིག༔ ཆོས་ཀྱི་དབྱིངས་དང་ལོངས་སྤྱོད་སྤྲུལ་སྐུའི་ཞིང༔ ཁམས་གསུམ་འགྲོ་བ་འདུལ་བའི་ཞིང་ཁམས་ནས༔ དཀྱིལ་འཁོར་གཙོ་བོ་ཐོད་ཕྲེང་སྡེ་ལྔ་དང༔ རིག་འཛིན་འདུས་པ་བླ་མས་བྱིན་ཕོབ་ཅིག༔ སྣང་བ་རང་དག་ཡི་དམ་ལྷ་ཡི་ཞིང༔ ཅིར་ཡང་མ་གྲུབ་ཆོས་སྐུ་བརྗོད་མེད་ངང༔ རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་འོད་ཟེར་གྱིས༔ རིག་འཛིན་བསོད་ནམས་དབང་པོས་བྱིན་ཕོབ་ཅིག༔ ཐོད་ཕྲེང་རྩལ་དང་རྒྱལ་བ་དཔག་མེད་ཀྱི། །ཐུགས་ཀྱི་ཟབ་གསང་དག་པའི་སྣང་བ་ཤར། །སྣང་བཞིའི་རྩལ་རྫོགས་ཆོས་ཟད་བློ་འདས་པ། །ནམ་མཁའ་འཇིགས་མེད་རྩལ་གྱིས་བྱིན་ཕོབ་ཅིག །གསང་ཆེན་ཉི་མའི་འཁོར་ལོ་རབ་བཞད་རྩེར། །བགྲོད་བྲལ་འོད་གསལ་སྣང་བ་བཞི་ཡིས་བརྒྱན། །འཁོར་འདས་གཅིག་ཅར་རྟོགས་པའི་རྣལ་འབྱོར་པ། ཁམས་གསུམ་རང་སར་གྲོལ་དེས་བྱིན་ཕོབ་ཅིག །རྒྱལ་ཀུན་སྐུ་དང་ཡེ་ཤེས་མཁྱེན་བརྩེའི་གཏེར། །སྲིད་གསུམ་རྒྱ་མཚོའི་དེད་དཔོན་གཅིག་པུ་པ། །ཀུན་བཟང་སྒྱུ་འཕྲུལ་ཕྲིན་ལས་དབང་ཕྱུག་རྩལ། །མཆོག་ཐུན་མཁྱེན་བརྩེ་ནུས་མཐུས་བྱིན་ཕོབ་ཅིག །སྤང་དང་རྟོགས་པའི་ཡོན་ཏན་གང་ཆེན་མཚོར། །མཁྱེན་བརྩེ་ནུས་པའི་ཡེ་ཤེས་དབང་གི་རྒྱལ། །སྲིད་ཞིའི་ཁམས་ཀྱི་འདོད་འབྱུང་ཆར་བསིལ་བའི། ཁྲག་འཐུང་འཇིགས་མེད་དཔའ་བོས་བྱིན་ཕོབ་ཅིག །ཀུན་བཟང་གདོད་མའི་མགོན་པོས་ལུང་བསྟན་ཅིང་། །གྲུབ་པའི་རིགས་འཁྲུངས་སྐྱེས་སྦྱངས་ཡོན་ཏན་རྫོགས། །འོད་གསལ་ཀློང་དུ་འཁོར་འདས་ཆོས་ཀུན་ཟད། །མི་འགྱུར་དཔལ་གྱི་སྒྲོན་མས་བྱིན་ཕོབ་ཅིག །ཕུང་ཁམས་རྣམ་དག་རིག་འཛིན་འདུས་པའི་ལྷ༔ འབྱུང་ལྔ་རྣམ་དག་མཁའ་འགྲོའི་སྤྲིན་ཕུང་གཏིབས༔ སྣང་སྲིད་རྣམ་དག་འོག་མིན་གཞལ་ཡས་འདིར༔ རྩ་གསུམ་འདུས་པའི་ཐུགས་རྗེས་བྱིན་ཕོབ་ཅིག༔ འབྱུང་ལྔ་ཁམས་གསུམ་སྲིད་གསུམ་མཁའ་སྤྱོད་ཀྱི༔ འོག་མིན་རྒྱལ་བ་ཡོངས་ཀྱི་བྱིན་རླབས་བཅུད༔ སྐུ་དང་ཡིག་འབྲུ་ཕྱག་མཚན་རྣམ་པ་རུ༔ ངོ་མཚར་འཇའ་འོད་ཐིག་ལེར་བྱིན་ཕོབ་ཅིག༔ སྲིད་ཞིའི་ཁམས་ཀྱི་ཕུན་ཚོགས་སྣང་བའི་བཅུད༔ ཉི་མ་ཟླ་བ་ཡིད་བཞིན་ནོར་བུ་དང༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན༔ རྡོ་རྗེ་ལྷུན་པོའི་བཅུད་རྣམས་འདིར་ཁུག་ཅིག༔ དབང་ཐང་བཀྲག་མདངས་བུ་འཁོར་ལོངས་སྤྱོད་དང༔ སྟོབས་དཔལ་གཟི་བརྗིད་མཁས་གྲུབ་ཀུན་མཁྱེན་གྱི༔ ཚོགས་དང་གྲུབ་མཆོག་དབང་པོ་རྟོགས་པར་ལྡན༔ ཀུན་གྱི་ཐུགས་རྗེ་འདུས་པའི་ཚེ་ཁུག་ཅིག༔ བདག་ཚེ་གས་ཡར་ཉམས་ཁྱེར་ཆད་པ་དང༔ ལོ་ཟླ་ཞག་དུས་ཕྱི་ནང་སྡེ་བརྒྱད་ཀྱིས༔ བརྐུས་དང་མི་གཙང་གྲིབ་ཀྱིས་ནོངས་པ་སོགས༔ ཚེ་སྲོག་དབང་ཐང་ཉམས་རྣམས་འདིར་གསོས་ཤིག༔ གདོན་བགེགས་ལྟས་ངན་ནད་རིགས་མི་མཐུན་བདུད༔ ཕ་རོལ་བྱད་ཀྱིས་གནོད་དང་སྡང་དགྲས་འཚེ༔ འཆི་བདག་ཕོ་ཉའི་ལག་ཏུ་ཚུད་པ་དང༔ གློ་བུར་འཆི་བའི་ཉེས་པ་ཀུན་ཟློག་ཅིག༔ མི་འགྱུར་རྡོ་རྗེ་རི་རབ་ལྟ་བུའི་ཚེ༔ གཏིང་མཐའ་མེད་པ་རྒྱ་མཚོའི་ཀློང་ལྟ་བུ༔ མི་ནུབ་གསལ་བ་ཉི་ཟླ་ལྟ་བུ་ཡི༔ སྙིང་པོའི་ཚེ་མཆོག་བདག་ལ་བསྩལ་དུ་གསོལ༔ གཟི་བརྗིད་བཀྲག་མདངས་མི་ནུབ་མཚན་དཔེར་གསལ༔ ངོ་མཚར་སྙན་དང་གྲགས་པའི་དཔལ་འཁྱིལ་ཞིང༔ བྱིན་འོད་འཇའ་སྐུར་འཁྲུག་པའི་གཡང་ར་འདིར༔ མཆོག་ཐུན་ཚེ་ཡི་དངོས་གྲུབ་མ་ལུས་ཁུག༔ སྟོང་གསལ་སྙིང་པོ་རང་བྱུང་འགྱུར་མེད་དོན༔ གདོད་ནས་དག་པའི་ཆོས་སྐུ་འོད་མི་འགྱུར༔ རང་རིག་རང་གསལ་ངང་དུ་འདིར་མཇལ་བས༔ སྐྱེ་འཆི་གཞི་ལ་དག་པའི་ཚེ་ཁུག་ཅིག༔ བགྲེས་རྒུད་འཕོ་འགྱུར་བྲལ་བའི་པདྨ་འོད༔ བདེ་ཆེན་འཇའ་འོད་འཁྲུག་པ་ཌཱ་ཀིའི་ཞིང༔ རྒྱལ་བ་འདུས་པ་རིག་འཛིན་གཞལ་ཡས་ནས༔ འཆི་བདག་བདུད་དཔུང་འཇོམས་པའི་ཚེ་ཁུག་ཅིག༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཧྲཱིཿམ་ཧ་རི་ནི་ས་ཨཱ་ཡུཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ལྟར་བྱིན་ཕབ་ནས་ཚེ་གཏའ་བསྡམ་པ་ནི། ཧཱུྃ་ཧྲཱི༔ ཆོས་སྐུ་མི་འགྱུར་ཡེ་ཤེས་འོད་ཀྱི་ཀློང༔ སྲིད་ཞིའི་ཉེས་དག་སྐྱེ་འཆི་བྲལ་བའི་སྐུ༔ གཞོན་ནུ་བུམ་སྐུ་ཐིག་ལེ་ཉག་གཅིག་ཆེ༔ གཏིང་གསལ་ཡེ་ཤེས་འཁོར་ལོར་ཚེ་སྦ་འོ༔ སྣ་ཚོགས་སྣང་ཞིང་སྲིད་པའི་འཁོར་འདས་མདངས༔ ཅིར་ཡང་མ་གྲུབ་རང་བྱུང་རིག་པའི་རྩལ༔ སྣ་ལྔ་ལྷུན་གྲུབ་སྒྱུ་འཕྲུལ་རྡོ་རྗེའི་གཞིར༔ བརྗོད་བྲལ་ཀ་ནས་དག་པར་ཚེ་སྦ་འོ༔ ཐེག་པ་དགུ་རྫོགས་ཡང་གསང་ཨ་ཏིའི་རྩེར༔ རིག་འཛིན་སྡེ་ལྔ་རྡོ་རྗེའི་འོད་ཕུང་དཀྱིལ༔ མི་ཤིགས་མི་གཡོ་འོད་འབར་ཙིཏྟ་ཡི༔ ཀློང་དུ་སྒྲུབ་མཆོག་རྣམས་ཀྱི་ཚེ་སྦ་འོ༔ ཡིག་འབྲུ་ཕྱག་མཚན་མདའ་དར་སྣ་ལྔ་ཡི༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་ངོ་མཚར་བའི༔ བྱིན་འོད་འབར་བའི་རྫས་ཀྱི་རྒྱས་བཏབ་བོ༔ རྡོ་རྗེ་རིན་ཆེན་འཁོར་ལོ་གཡུང་དྲུང་དང༔ དཔལ་གྱི་བེ་འུ་ལི་ཁྲིའི་ཐིག་ལེ་ཡིས༔ སྒྲུབ་མཆོག་བདག་གི་གནས་ལྔར་རྒྱས་བཏབ་བོ༔ འབྲུ་གསུམ་འབྲུ་ལྔ་ཨཱ་ལི་ཀཱ་ལི་དང༔ རྟེན་འབྲེལ་སྙིང་པོ་ངོ་མཚར་བཀྲ་ཤིས་ཤིང༔ མི་འཇིགས་མི་ཤིགས་མི་འགྱུར་བརྟན་པར་བཞུགས༔ དམ་ཡེ་དབྱེར་མེད་སྤྲོས་བྲལ་ཆོས་སྐུར་ཨ༔ ཞེས་སོ། །རྩ་གསུམ་སྦྲགས་མའི་ཆོ་ག་རྒྱས་པའི་སྐབས། འདིར་ཕག་མོའི་ལས་བྱང་བཟླས་པ་ཡན་བྱ། བསྐྱེད་པའི་ལྷ་རྣམས་སྔ་མ་ཕྱི་མར་གནས་འགྱུར་གྱི་ཚུལ་དུ་བསྒོམ་པ་འདི་ཉིད་ཀྱི་རང་ལུགས་ཡིན། དེ་ནས་རྩ་གསུམ་སྐོང་བ་ཀུན་བཟང་མཆོད་སྤྲིན། བཀའ་སྲུང་དྲག་པོ་སྡེ་བཞིའི་ཕྲིན་ལས་སྐོང་གསོལ་བདུད་དཔུང་ཟིལ་གནོན། ཐང་ལྷ། མཛོད་ལྔ་སོགས་མཐར་ཆགས་སུ་གཏང་། དཀྱུས་ལ་ཆོས་སྲུང་གཏོར་འབུལ་བསྡུས་པ་ནི། རཾ་ཡཾ་ཁཾ། བསྲེགས་གཏོར་བཀྲུས་ནས་ནམ་མཁའི་ཀློང༔ བྷནྡྷར་དམར་གཏོར་ཤ་ཁྲག་བསྐྱིལ༔ འབྲུ་གསུམ་ནུས་པས་བདུད་རྩི་དང༔ རང་རང་འདོད་དགུའི་རྫས་སུ་གྱུར༔ ཨོཾ་ཨཱཿཧཱུྃ། ཞེས་སྦྱངས་རྟོགས་སྤར། ལྷར་གསལ་མདུན་དུ་ཨེ་ལས་ནམ་མཁའི་ཀློང༔ ཁྲག་གི་རྒྱ་མཚོ་ཀེང་རུས་རི་རབ་སྟེང༔ རྔམ་ཞིང་འཇིགས་པའི་དུར་ཁྲོད་རྣམ་བརྒྱད་བཀོད༔ གནམ་ལྕགས་མེ་རླུང་ཐོག་སེར་འཚུབས་མའི་དཀྱིལ༔ མཐུ་ཆེན་བཀའ་སྲུང་དྲག་པོ་སྡེ་བཞི་པོ༔ ཕོ་བྲང་ཆིབས་དང་སྐུ་མདོག་རྒྱན་ཆས་སོགས༔ རང་རང་སྤྲུལ་པ་གཙོ་འཁོར་བཅས་པ་རྣམས༔ རང་བཞིན་གནས་དང་ཟངས་མདོག་དཔལ་རི་ནས༔ འདིར་བྱོན་རང་རང་དགྱེས་པའི་གདན་ལ་བཞུགས༔ བཛྲ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ པད་ཉི་བམ་ཆེན་གདན་ལ་དགྱེས་པར་བཞུགས༔ ཧཱུྃ༔ སྙིང་ཁྲག་དྭངས་མ་མཁྲིས་པའི་ཨརྒྷཾ་དང༔ དགྲ་བོའི་དྲི་ཆུ་ཆུ་སེར་ཞབས་བསིལ་དང༔ དབང་པོའི་མེ་ཏོག་སྙིང་ཚིལ་བསྲེགས་པའི་སྤོས༔ རྐང་མར་ཚིལ་ཆེན་ཞུ་བའི་མར་མེ་སྦར༔ བྱང་སེམས་ཀླད་པ་སྦྱར་བའི་ཞལ་ཟས་མཆོག༔ དགྲ་བོའི་ཐོད་པ་རྔ་གསང་དབྱིག་གུས་བསྣུན༔ དམ་ཅན་སྲུང་མ་རྒྱ་མཚོར་མཆོད་པར་འབུལ༔ བདུད་རྩི་ཉོན་མོངས་རྒྱ་མཚོ་དག་པའི་སྨན༔ རཀྟ་དུག་ལྔ་འཁོར་བ་བསྒྲལ་བའི་ཁྲག༔ གཟུང་འཛིན་དབྱིངས་སུ་དག་པའི་གཏོར་ཆེན་འདིས༔ དཔག་ཡས་ཀུན་བཟང་ཞིང་གི་མཆོད་སྤྲིན་འབུལ༔ རྡོར་ཐལ་གྱེན་དུ་ཕྱེ་ལ། མཐུ་ཆེན་དྲག་པོ་སྡེ་བཞིའི་ལྗགས་ཧཱུྃ་ལས་གྱུར་པའི་རྡོ་རྗེ་རྩེ་གཅིག་པ་དཀར་དམར་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམ༔ ཧཱུྃ་བཛྲ་ཕེ་ལང་ས་མ་ཡ་ཛ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ དེ་བཞིན་དུ། ཧཱུྃ་བཛྲ་ཡ་མ་རཱ་ཙ་ས་མ་ཡ་ཛ༔ ཨི་དཾ༴ ཧཱུྃ་བཛྲ་ཏྲག་རཀྵ་ས་མ་ཡ་ཛ༔ ཨི་དཾ༴ ཧཱུྃ་བཛྲ་སཱ་དྷུ་ས་མ་ཡ་ཛ༔ ཨི་དཾ༴ སརྦ་དྷརྨ་པཱ་ལ་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནས༔ ཐོགས་མེད་དུས་ནས་ད་ལྟ་ཡན་ཆད་དུ༔ དུས་གསུམ་རིག་འཛིན་བླ་མར་དམ་མནོས་པའི༔ ནུས་ལྡན་བཀའ་ཡི་སྲུང་མར་ཕྱག་འཚལ་བསྟོད༔ ཕྱོགས་བཞི་ཡེ་ཤེས་རང་སྣང་དབྱིངས་ཆེན་པོ༔ ལས་བཞི་སྒྲུབ་པའི་མཐུ་རྩལ་ནུས་པའི་བདག༔ ཀླུ་བདུད་རྒྱལ་པོ་གཤིན་རྗེ་ཤ་ཟན་དང༔ མ་མོ་སྐྱེས་བུའི་ཚོགས་ལ་ཕྱག་འཚལ་བསྟོད༔ བྱམས་བརྩེ་མཐུ་སྟོབས་ནུས་རྩལ་མི་དམན་པས༔ གཞན་དུ་ཕྱོགས་མིན་བདག་སོགས་ཞིང་དེ་གར༔ རིག་འཛིན་པདྨ་ཐུགས་སྲས་དྲི་མེད་ཀློང༔ གཉུག་མའི་གཏན་ཡུལ་ཟིན་པའི་ཕྲིན་ལས་མཛོད༔ ཚེ་འདིའི་བྱ་བཞག་ཀུན་ལ་ཡིད་ཕམ་ནས༔ ཟབ་མོའི་ཆོས་ལྟར་སྤྱོད་པའི་རྣལ་འབྱོར་པ༔ རྩེ་གཅིག་སྒྲུབ་ལ་གཞོལ་བའི་དགྲ་དང་བགེགས༔ བསྒྲལ་བཞེས་མིང་གི་ལྷག་མ་མེད་པར་མཛོད༔ བདག་ཅག་དཔོན་སློབ་ཡོན་སྦྱོར་འཁོར་བཅས་ལ༔ མི་མཐུན་བར་ཆད་ཐམས་ཅད་བཟློག་པ་དང༔ དཀར་པོའི་མཐུན་རྐྱེན་དམ་པའི་ཆོས་བཞིན་སྒྲུབས༔ མགོན་སྐྱབས་གཡེལ་བ་མེད་པའི་ཕྲིན་ལས་མཛོད༔ ཅེས་པ་ཙམ་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ལ། ཕག་མོ་དང་སྦྲེལ་ན་ཚོགས་ལས་སོགས་རེ་རེ་བཞིན་སྦྲགས་དགོས་པ་ཡིན་ལ། འདིར་རིག་འཛིན་ཁ་རྐྱང་ལྟར་ན་དང་པོ་ཚོགས་བྱིན་གྱིས་བརླབ་པ་ནི། ཨཱ༔ ཟག་མེད་ཀ་པཱ་ལ་དབྱིངས་ནམ་མཁའི་ཁྱོན༔ པདྨ་ཉི་ཟླ་བརྩེགས་སྟེང་ཨོཾ་ཧཱུྃ་དང༔ ཏྲཱཾ་ཧྲཱིཿཨཱཿལས་འོད་འཕྲོས་འཁོར་འདས་ཀྱི༔ བཅུད་བསྡུས་མི་ཟད་ཚོགས་མཆོད་འོད་སྐུར་བསྐྱིལ༔ དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་ཕ་མཐའ་ནི༔ རྡོ་རྗེའི་ལྗགས་ཀྱིས་རྟག་པར་བགྲང་མི་ལང༔ ཡིད་ལ་ཅི་འདོད་དངོས་གྲུབ་སྤྲིན་འཕྲོ་ཞིང༔ མྱོང་རེག་བདེ་བའི་བཅུད་དེས་བདུད་བཞི་འཇོམས༔ ཧ་ཧོ་ཧྲཱིཿཡིས་ཁ་དོག་དྲི་རོ་དང༔ རེག་བྱའི་ཡོན་ཏན་ལང་ཚོ་སྤེལ་བྱེད་པ༔ ཉི་ཟླ་འཁྲུག་པའི་ཟེར་ལས་བཀྲག་མདངས་གསལ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཕེཾ་ཕེཾ༔ ཞེས་ལན་གསུམ་བརྗོད། དེ་ནས་ཚོགས་ཕུད་དང་པོ་བཅད་དེ་བསྟབ་པ་ནི། འོག་མིན་ཞིང་རྣམས་འོད་ཀྱི་སྐུར་གསལ་བའི༔ རྒྱལ་བ་ཡོངས་ཀྱི་དཀྱིལ་འཁོར་གཙོ་མཆོག་དཔལ༔ རིག་འཛིན་འདུས་པ་བླ་མའི་དགྱེས་མཆོད་ནི༔ ཕྱོགས་ཀྱི་འཁོར་ལོར་འབུལ་ལོ་ཉེས་ཀུན་བཤགས༔ བར་པ་གནམ་ཕུད་ནི། ཕྱོགས་བཅུ་དུས་གསུམ་བཞུགས་པའི་རྒྱལ་བ་དང༔ ཡི་དམ་རྒྱུད་སྡེ་བཞི་དྲུག་ཐེག་རིམ་དགུའི༔ གཙོ་མཆོག་རིག་འཛིན་ཐོད་ཕྲེང་སྡེ་ལྔ་ལ༔ ཟག་མེད་ཚོགས་ཀྱི་དགྱེས་མཆོད་འདི་ཕུལ་བས༔ ཀ་དག་ལྷུན་གྱིས་གྲུབ་པའི་འོད་གསལ་ངང༔ བདག་རྒྱུད་འཇའ་སྐུར་སྨིན་པར་བྱིན་གྱིས་རློབས༔ འབྲས་བུ་ཕྱིར་མི་ལྡོག་པའི་དངོས་གྲུབ་སྩོལ༔ མ་དག་འཁོར་བ་སྟོངས་པར་མཛད་དུ་གསོལ༔ གསུམ་པ་བསྒྲལ་མཆོད་ནི། ཚོགས་རྫས་ཀྱི་སྟེང་དུ་ལིངྒ་བཅུག་ལ། ཧཱུྃ༔ ལྷར་གསལ་མདུན་དུ་ཨེ་ལས་བྲུབ་ཁུང་ནང༔ དངོས་སམ་ཡིད་ཀྱིས་རྒྱལ་བའི་བསྟན་བཤིག་པའི༔ མ་རུངས་ལོག་པར་བྱེད་པའི་རུ་དྲ་ཀུན༔ དམིགས་བྱ་རཱུ་པ་འདི་ཡི་སྟེང་དུ་ཁུག༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་སོགས༔ རྣོ་ངར་འཛོམས་པའི་མཚོན་ཆས་གཏུབས་སོད་རྡུངས༔ ཕྱེ་མར་བཏང་ནས་རྣམ་ཤེས་སྤར་རོ་ཨ༔ ཟག་མེད་བདུད་རྩིར་གྱུར་པའི་ཤ་ཁྲག་རུས༔ དབང་པོ་སྣ་ལྔ་རྩ་རྒྱུས་ཡན་ལག་ཀུན༔ བླ་མ་ཡི་དམ་ཌཱ་ཀི་ཆོས་སྲུང་དང༔ དམ་ཅན་རྒྱ་མཚོའི་ཞལ་དུ་ཁ་རཾ་ཁཱ་ཧི༔ མ་རིག་འཁྲུལ་པའི་གཟུང་འཛིན་རང་དག་ནས༔ རང་རིག་ཡེ་ཤེས་ངོ་བོ་བསྟན་དུ་གསོལ༔ ཞེས་བསྟབ་བོ། །ཆོ་ག་རྒྱས་པ་ལ་སྐབས་འདིར་རིག་འཛིན་བླ་མ་འདུས་པའི་སྐོང་བཤགས་སྦྱོར་བར་སྣང་། བསྡུས་པའི་སྐབས་འདིར། ཧཱུྃ༔ མ་བཅོས་སྤྲོས་བྲལ་གནས་ལུགས་མངོན་གྱུར་པའི༔ རྒྱལ་བ་དགོངས་པ་བརྒྱུད་པའི་ཐུགས་དམ་བསྐང༔ ཏིང་འཛིན་མཆོག་བརྙེས་བརྡ་ཡི་བརྒྱུད་པ་སྟེ༔ རིག་འཛིན་རིག་པ་བརྒྱུད་པའི་ཐུགས་དམ་བསྐང༔ བཀའ་ལུང་ལྷག་ཆད་མེད་པའི་དཀྱིལ་འཁོར་ནས༔ སྙན་ཁུང་བརྒྱུད་པའི་བླ་མའི་ཐུགས་དམ་བསྐང༔ བཀའ་བརྒྱུད་གཏེར་དུ་སྦས་པའི་བྱ་ར་མཛད༔ མཁའ་འགྲོ་གཏད་རྒྱ་བརྒྱུད་པའི་ཐུགས་དམ་བསྐང༔ མ་འོངས་ལས་འཕྲོ་ལྡན་པ་ལུང་དུ་བསྟན༔ སྨོན་ལམ་དབང་བསྐུར་བརྒྱུད་པའི་ཐུགས་དམ་བསྐང༔ ཤེས་བྱ་ཐམས་ཅད་རྣམ་པ་ཀུན་མཁྱེན་པའི༔ དུས་གསུམ་སངས་རྒྱས་རྣམས་ཀྱི་ཐུགས་དམ་བསྐང༔ འགྲོ་ཀུན་ཞི་བདེའི་གནས་སུ་འདྲེན་མཛད་པའི༔ གསུང་མཆོག་དམ་ཆོས་རྣམས་ཀྱི་ཐུགས་དམ་བསྐང༔ ས་དང་ལམ་ལ་གནས་ནས་བསྟན་པ་སྐྱོང༔ འཕགས་པའི་དགེ་འདུན་རྣམས་ཀྱི་ཐུགས་དམ་བསྐང༔ ལྟ་སྒོམ་མཁྱེན་པ་མཆོག་ལ་མངའ་བརྙེས་པའི༔ སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས་དམ་བསྐང༔ དངོས་གྲུབ་ཐོགས་པ་མེད་པར་སྩོལ་མཛད་པའི༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང༔ ཕྱི་དང་ནང་གི་བར་ཆད་ཀུན་སེལ་བའི༔ མཁའ་འགྲོ་དམ་ཅན་རྣམས་ཀྱི་ཐུགས་དམ་བསྐང༔ མ་སྐྱེས་གདོད་ནས་རང་བཞིན་རྣམ་པར་དག༔ སྐྱེ་མེད་མངོན་གྱུར་ཆོས་སྐུའི་ཐུགས་དམ་བསྐང༔ དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་སྨིན༔ ཞི་ཁྲོ་ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་བསྐང༔ རང་སྣང་མ་འགག་གཞན་སྣང་དེར་སྟོན་པའི༔ སྤྲུལ་སྐུ་འགྲོ་དོན་མཛད་པའི་ཐུགས་དམ་བསྐང༔ ཧྲཱི༔ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བཞི་བཅུ་རྩ་གཉིས་རྒྱལ་བའི་ཐུགས་དམ་བསྐང༔ ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་ཐུགས་དམ་བསྐང༔ ཧཱུྃ༔ སྐུ་མཆོག་འགྱུར་བ་མེད་པའི་དཀྱིལ་འཁོར་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐུགས་དམ་བསྐང༔ གསུང་མཆོག་འགག་པ་མེད་པའི་དཀྱིལ་འཁོར་ནས༔ པདྨ་གསུང་གི་ལྷ་ཚོགས་ཐུགས་དམ་བསྐང༔ ཐུགས་མཆོག་གཡོ་བ་མེད་པའི་དཀྱིལ་འཁོར་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང༔ ཡོན་ཏན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བདུད་རྩི་ཡོན་ཏན་ལྷ་ཚོགས་ཐུགས་དམ་བསྐང༔ ཕྲིན་ལས་དྲག་པོས་བསྒྲལ་བའི་དཀྱིལ་འཁོར་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་ཐུགས་དམ་བསྐང༔ ཤ་ཁྲག་རྒྱ་མཚོ་འཁྱིལ་བའི་དཀྱིལ་འཁོར་ནས༔ མ་མོ་རྦོད་གཏོང་ལྷ་ཚོགས་ཐུགས་དམ་བསྐང༔ ཐུགས་རྗེས་གདུང་འཚོབ་སྐུ་ཡི་དཀྱིལ་འཁོར་ནས༔ རིག་འཛིན་སློབ་དཔོན་ལྷ་ཚོགས་ཐུགས་དམ་བསྐང༔ དམ་རྫས་རྫ་ལྟར་ལྷག་པའི་དཀྱིལ་འཁོར་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཐུགས་དམ་བསྐང༔ དགྲ་བགེགས་གདུག་པ་འདུལ་བའི་དཀྱིལ་འཁོར་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་ཐུགས་དམ་བསྐང༔ ཞེས་པའི་བར་དང་། ཨོཾ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་སྐུ་གསུང་ཐུགས་ཡོན་ཏན། །ཐོད་ཕྲེང་རིགས་ལྔ་བླ་མའི་ཐུགས་དམ་བསྐང་། །བུདྡྷ་བཛྲ་རཏྣ་པདྨ་དང་། །ཀརྨ་ལ་སོགས་ཚེ་ལྷའི་ཐུགས་དམ་བསྐང་། །བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ལྡན། །ཡེ་ཤེས་ཕག་མོ་སྡེ་ལྔའི་ཐུགས་དམ་བསྐང་། །ཞི་རྒྱས་དབང་དྲག་ནུས་པའི་མངའ་བདག་ཆེ། །ཆོས་སྲུང་དྲག་པོ་སྡེ་བཞིའི་ཐུགས་དམ་བསྐང་། །སངས་རྒྱས་ཀུན་གྱི་བསྟན་པ་སྲུང་མཛད་པ༔ ཆོས་སྐྱོང་མ་མགོན་ལྕམ་དྲལ་ཐུགས་དམ་བསྐང༔ དཔལ་གྱི་སྤྱན་སྔར་རང་རྟགས་སྲོག་སྙིང་ཕུལ༔ དམ་ཅན་རྒྱ་མཚོ་ཡོངས་ཀྱི་ཐུགས་དམ་བསྐང༔ སྒྲུབ་པ་པོ་ལ་དངོས་གྲུབ་ཆར་འབེབ་པའི༔ རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་ཐུགས་དམ་བསྐང༔ སྟོང་ཁམས་འདི་ན་དྲག་རྩལ་ལྡན་པ་ཡི༔ གཟའ་བདུད་རཱ་ཧུ་ལ་ཡི་ཐུགས་དམ་བསྐང༔ གསང་སྔགས་རྒྱུད་སྡེ་ཀུན་གྱི་གཉེར་ཁ་གཏད༔ དམ་ཅན་རྡོ་རྗེ་ལེགས་པའི་ཐུགས་དམ་བསྐང༔ ཨོ་རྒྱན་པདྨས་བཀའ་ཡི་གཉེར་དུ་བསྐོས༔ གཏེར་བདག་གཏེར་སྲུང་རྣམས་ཀྱི་ཐུགས་དམ་བསྐང༔ ཚུལ་བཞིན་སྒྲུབ་པ་བྱེད་པའི་གྲོགས་མཛད་པ༔ གཞི་བདག་གཞིས་སྲུང་རྣམས་ཀྱི་ཐུགས་དམ་བསྐང༔ སྲིད་པ་བོད་ཀྱི་ལྷ་རབས་ཆེན་པོ་སྟེ། །གཉན་ཆེན་ཐང་ལྷ་འཁོར་བཅས་ཐུགས་དམ་བསྐང། ཁྱད་པར་ཟབ་གསང་བསྟན་དང་བསྟན་འཛིན་སྐྱོང་། །གཏེར་བདག་མཛོད་ལྔ་སྟག་རྩེའི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པའི་བར་དུ་ཐུགས་དམ་བསྐང་། །བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང། །སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར། །སྒྲོལ་བ་མེད་དེ་སྲིད་གསུམ་དག་པར་སྒྲོལ། །ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང་། །རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད་རྩི་དང་། ཁྱད་པར་རྨད་དུ་བྱུང་བའི་གཏོར་མ་དང་། །འབྲུ་བཅུད་སྟོང་ལ་སྦྱར་བའི་ཛ་གད་དང་། །པདྨ་མཱཾ་སར་སྦྱར་བའི་རཀྟ་དང་། །ཛཔ྄་དང་གར་འཆམས་གིང་དང་སྟངས་སྟབས་དང་། །སྣང་གསལ་འོད་ཀྱི་ཞུན་མར་གསལ་བ་དང་། །སྟོང་གསལ་མཐར་ཐུག་ལྟ་སྒོམ་དབྱེར་མེད་དང་། །ཚོགས་ཀྱི་ལོངས་སྤྱོད་རྒྱ་ཆེན་འདི་དག་གིས། །སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་། །ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་། །མ་དང་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང་། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཐུགས་དམ་བསྐང་། །མཆོད་ཡུལ་གོང་མ་རྣམས་ཀྱི་ཐུགས་དམ་བསྐང་། །སྦྱིན་ཡུལ་འོག་མ་རྣམས་ཀྱི་ཐུགས་དམ་བསྐང་། །རིགས་དྲུག་ཕ་མ་རྣམས་ཀྱི་ཐུགས་དམ་བསྐང་། །ལན་ཆགས་མགྲོན་གྱུར་རྣམས་ཀྱི་ཐུགས་དམ་བསྐང་། །ཐམས་ཅད་ཐུགས་དམ་གཉན་པོ་དེས་བསྐངས་ལ། །གཡར་དམ་སོར་ཆུད་དངོས་གྲུབ་བསྩལ་དུ་གསོལ། །གུ་རུ་དེ་བ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་རྒྱལ་བ་སྤྱི་བསྐང་ཁྱེར་བདེ་ཡོངས་གྲགས་འཇའ་ཚོན་ལུགས་ལྟ་བུ་ལ་འདི་ཉིད་རང་ལུགས་ཅུང་ཟད་ཁ་བསྒྱུར་བ་དེ་ཙམ་བྱའོ། །དེ་ནས་ལས་རྡོར་གྱིས་ཚོགས་རྫས་བཏེགས་ལ་ཞུ་བ་ནི། ཧོ༔ ལྷུན་གྲུབ་བདེ་ཆེན་ཡངས་པའི་ཀ་པཱ་ལར༔ མི་ཟད་སྣང་སྲིད་འཁོར་འདས་བདུད་རྩིར་བསྐྱིལ༔ རྡོ་རྗེའི་བཅུད་ལྡན་རོ་བརྒྱའི་ནུས་འབར་བའི༔ སྣང་སྲིད་ཚོགས་སུ་འབུལ་ལོ་དཔའ་བོ་ཆེ༔ མཁའ་འགྲོའི་དབང་ཕྱུག་དགྱེས་པའི་བདུད་རྩི་དང༔ གར་མཆོད་གླུ་སྒྲ་ཌཱ་ཀིའི་བརྡ་སྐད་བཅས༔ སྒེག་མཛེས་རྣམ་འགྱུར་མཆོད་པ་དེང་འདིར་འབུལ༔ ལྷུན་གྲུབ་ཀློང་ཡངས་བདེ་ཆེན་ངང་དུ་རོལ༔ ཅེས་འབུལ་རྡོ་རྗེའི་མཆེད་དང་ལྕམ་དྲལ་རྣམས་ཀྱིས་འདི་སྐད་དོ། །ཧོ༔ བདག་ལུས་རིག་འཛིན་འདུས་པའི་ད་ལ་འདིར༔ སྣང་སྲིད་དཔའ་བོ་མཁའ་འགྲོའི་མཚན་དཔེར་གསལ༔ ཐབས་དང་ཤེས་རབ་མཉམ་སྦྱོར་ཕྱག་རྒྱའི་དབུས༔ རོལ་པ་ཚོགས་ཀྱི་བདུད་རྩིའི་དངོས་གྲུབ་འདིས༔ རིགས་དྲུག་འཁོར་བའི་རྩ་བ་རྒྱུན་བཅད་དེ༔ སྣང་དང་སྟོང་པའི་བདུད་རྩི་ཟུང་འཇུག་བཅུད༔ བདེ་ཆེན་རོ་གཅིག་ངང་དུ་རོལ་པར་བྱ༔ ཨ་ལ་ལ་སྟེ་ཐབས་ཤེས་བདེ་བ་ཆེ༔ ཞེས་པད་སྐོར་གྱི་ཕྱག་རྒྱས་བླང་། ནང་གི་སྦྱིན་སྲེག་གིས་ལོངས་སྤྱད་བཞིན། ཧོ༔ གདོད་གསང་རིག་བཞིའི་དྭངས་མ་རྡོ་རྗེའི་བཅུད༔ སྲིད་གསུམ་ཟག་མེད་འཇའ་ཟེར་ཐིག་ལེའི་ངང༔ སྒོ་གསུམ་ཏིང་འཛིན་འབར་བའི་ཀློང་ཐིམ་པས༔ རབ་འབྱམས་དཀྱིལ་འཁོར་དབང་ཕྱུག་དཔལ་ཆེན་པོ༔ མི་རྟོག་གདོད་མའི་ས་རྩེར་རབ་བགྲོད་ཤོག༔ ཨོཾ་ཨཱཿཧཱུྃ་ཨ་མྲྀཏ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ བཛྲ་ཛྙཱ་ན་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ ཅེས་སྨོན་ལམ་བྱ། ལྷག་མ་བདུད་རྩིས་བྲན་ལ། ཧཱུྃ༔ ཀ་པཱ་ལ་ནང་སྡང་དགྲའི་སྙིང་ཁྲག་དང༔ བགེགས་དཔུང་དབང་པོ་བཏུལ་བའི་བདུད་རྩི་འདི༔ ཀུན་གཞི་ཉོན་མོངས་ལས་གྱུར་མ་དག་ཀུན༔ དག་པའི་བདུད་རྩིར་བྱིན་བརླབས་གཟུགས་དང་སྒྲ༔ དྲི་རོ་དབང་པོ་ཚིམ་པའི་མཆོད་སྤྲིན་འདི༔ མ་བདུན་སྲིང་བཞི་དབང་ཕྱུག་ཉི་ཤུ་བརྒྱད༔ འབར་མ་བརྒྱད་དང་འབུམ་ཕྲག་མཁའ་འགྲོའི་ཚོགས༔ བརྟན་མ་དགེ་བསྙེན་སྲིད་པའི་ལྷ་རབས་བཅས༔ ཕུད་ལ་མི་དབང་ལྷག་ལ་དགྱེས་རྣམས་ཀུན༔ ལྷག་གཏོར་དམར་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་སྒྲུབ་པ་དང༔ འོད་གསལ་དྭངས་མའི་ཐིག་ལེ་ཆེན་པོ་རུ༔ འགྲོ་ཀུན་འཇའ་སྐུར་སྨིན་པའི་ཕྲིན་ལས་མཛོད༔ ཨོཾ་ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཞེས་བསྔོ། དེ་ནས་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ སྒྱུ་འཕྲུལ་འཇའ་སྐུར་འཁྲུགས་པའི་ཆོས་དབྱིངས་ཁྱོན༔ མ་འགག་ལྷུན་གྱིས་གྲུབ་པའི་རིག་པ་འཛིན༔ ཞིང་གི་རྡུལ་གྲངས་སྐུ་གསུང་ཐུགས་རྡོ་རྗེ༔ ཞི་རྒྱས་དབང་དྲག་འབར་བའི་སྐུར་བཞེངས་ཤིག༔ ཐོག་མཐའ་བར་གྱི་བདེ་གཤེགས་སྙིང་པོའི་ཁམས༔ གཟུང་འཛིན་མ་རིག་སྒྲིབ་པའི་དཔུང་ཆེན་པོས༔ བདེ་སྡུག་ཚད་མར་འཛིན་པའི་ལྟས་ངན་དང༔ ཁམས་གསུམ་འཁོར་བར་ལྟུང་བའི་གཡང་ས་ཟློག༔ གཞན་ཡང་གནས་སྐབས་འཁྲུལ་པའི་ལས་མདངས་ཀྱི༔ ཕྱི་ནང་གསང་བའི་མི་མཐུན་བར་གཅོད་བགེགས༔ བདུད་ཚོགས་ནད་མུག་མ་རུངས་ལྟས་ངན་དང༔ དངོས་ཉམས་རྨི་ལམ་མཚན་ལྟས་ངན་པ་ཟློག༔ ཆད་མདོ་ནི། ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་ཀློང་ནས་རང་བཞིན་དྭངས་མའི་བཅུད༔ འོད་ལྔར་འཁྲུགས་པའི་སྨན་རཀ་གཏོར་མ་ནི༔ ཟག་བྲལ་མྱོང་རེག་གྲོལ་བའི་བདུད་རྩི་འདི༔ རིག་འཛིན་རྡོ་རྗེ་དབྱིངས་ཀྱི་ཕ་འབབ་བོ༔ གསང་མཆོག་དཀྱིལ་འཁོར་རྒྱ་མཚོའི་མུ་རན་དང༔ དུས་གསུམ་སྐུ་གསུམ་འདུས་པ་རྒྱལ་བའི་བསྟན༔ ཉེར་བཞི་ཁ་བ་ཅན་ལྗོངས་ཁོར་ཡུག་གནས༔ སྐྱོང་ཞིང་པདྨའི་དམ་མནོས་སྲུང་མའི་ཚོགས༔ བརྟན་མ་བཅུ་གཉིས་གིང་ལང་དབང་ཕྱུག་མ༔ དགེ་བསྙེན་ཉེར་གཅིག་གཙང་རིས་དཔལ་མགོན་པོ༔ བདུན་ཅུ་རྩ་ལྔ་སྟོང་གསུམ་ཞིང་གནས་པའི༔ ལས་བཞིའི་བཀའ་ཉན་སྒྲུབ་རྣམས་གཏོར་མ་ལོངས༔ པདྨ་འོད་དང་ལྷ་རི་སྙིང་གུར་ཕུག༔ བྲག་དཀར་བཀྲ་ཤིས་སྡིངས་སུ་དམ་བཅས་བཞིན༔ གངས་ཅན་མདོ་སྔགས་བཤད་སྒྲུབ་བསྟན་པ་དང༔ ཨ་ཏིའི་བསྟན་འཛིན་སྐྱོང་བར་མ་ཆད་དམ༔ སྣང་སྲིད་རིག་འཛིན་འདུས་པའི་ཚོགས་ཁང་དུ༔ བྱིན་འོད་ཟེར་གྱི་རྩ་རླུང་ཐིག་ལེ་དང༔ ཟག་བཅས་ཡུལ་སྣང་རྡོ་རྗེའི་སྐུར་སྦྱངས་ནས༔ འོག་མིན་རྔ་ཡབ་གླིང་དུ་འགྲོ་ཀུན་སྒྲོལ༔ ནམ་མཁའི་ཐིག་ལེ་མཆོག་དང་ཆོས་ཀྱི་དབྱིངས༔ བསྟན་སྲོག་རིག་འཛིན་སྙིང་གི་དགོངས་བཅུད་འདི༔ ཁྱབ་པར་སྤེལ་ལ་མི་ནུབ་རྟག་པར་སྐྱོངས༔ བསྟན་འཛིན་སྐྱེས་རྣམས་དབུ་འཕང་དགུང་ལ་བསྟོད༔ ལས་བཞི་མྱུར་འགྲུབ་ས་ལམ་ཡོངས་བགྲོད་པའི༔ འོད་གསལ་རྩེ་མོ་རྡོ་རྗེ་གཞི་དབྱིངས་དང༔ འཕོ་མེད་གཉུག་མ་དོན་གྱི་གཏན་སྲིད་ཟིན༔ ཏིང་འཛིན་སྒྱུ་འཕྲུལ་གར་གྱི་དབང་ཐོབ་ཤོག༔ གཏོར་མནན་ནི། སྣང་སྲིད་རིག་འཛིན་རྒྱལ་བའི་སྐུར་གསལ་བའི༔ མདུན་དུ་ཨེ་ལས་བྲུབ་ཁུང་ཟུར་གསུམ་པ༔ གཏིང་དོག་ཁ་ཁྱེར་སྲིད་པའི་རྩེར་འཕྱོ་བའི༔ ཕྱི་ནང་ཕོ་ཉའི་ཚོགས་དང་མཚོན་ཆར་འཁྲུག༔ དེ་དབུས་ལས་རྒྱུས་བསྐྱེད་པའི་དགྲ་དང་བགེགས༔ རྒྱལ་བའི་བསྟན་པ་བཤིག་དང་རྣལ་འབྱོར་བསྡོ༔ དངོས་མེད་བསྟན་འགྲོའི་བདེ་སྐྱིད་འཇོམས་པ་ཀུན༔ གར་ཡོད་ལས་ཀྱི་རླུང་གིས་འདིར་ཁུག་ཅིག༔ སྣང་སྲིད་གང་བ་ཕོ་ཉའི་དཔུང་བསྐུལ་ལོ༔ གར་ཡང་ཐར་ཤོར་མེད་པ་ཙི་རི་རི༔ བསྐྱུར་རོ་ཆུ་སྲིན་མགྲིན་དང་རྒྱ་མཚོའི་གཏིང༔ ཡ་མ་རཱ་ཙ་འཆི་བདག་ལག་ཏུ་གཏད༔ མནན་ནོ་སྟོང་གསུམ་ཡངས་དང་རི་རབ་ཆེ༔ རྒྱལ་བ་ཡོངས་ཀྱི་བསྐྲད་གཟིར་བཏབ་བྲོས་མནན༔ རྡོ་རྗེ་ཕུར་པ་ཙཀྲ་ཕྱག་མཚན་གྱི༔ རྒྱ་ཡིས་བཏབ་བོ་བླ་མེད་བྱང་ཆུབ་སེམས༔ མ་སྐྱེས་བར་དུ་ནམ་ཡང་མ་ལྡང་ཞིག༔ ཨོཾ་ལཾ༔ ཧཱུྃ་ལཾ༔ སཏྭམྦྷ་ཡ་ནན༔ མཱ་ར་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ནི། སྲིད་ཞིའི་ཁམས་ཀྱི་ཐུགས་རྗེའི་བྱིན་འོད་དང༔ སྟོབས་དཔལ་གཟི་བརྗིད་འདུས་པའི་གུ་རུ་རྗེ༔ ཆོས་ཀྱི་དབྱིངས་དང་ནམ་མཁའི་མཁའ་ཀློང་འདི༔ ཡིད་བཞིན་མཆོག་དང་དཔག་བསམ་བུམ་པ་བཟང༔ འདོད་འཇོའི་བ་ལྟར་ཟག་མེད་དངོས་གྲུབ་ཀྱི༔ བདུད་རྩི་རྒྱ་མཚོར་འཁྱིལ་བའི་བཅུད་དང་ལྡན༔ མཆོག་ཐུན་བདེ་ལེགས་ཡིད་ལ་ཅི་འདོད་པ༔ སྒྱུ་འཕྲུལ་རྒྱལ་བ་རྒྱ་མཚོས་དབྱིངས་ནས་སྩོལ༔ ཟག་བཅས་འོད་སྐུར་མི་གཡོ་རྡོ་རྗེའི་ཁམས༔ མཁའ་སྤྱོད་རིགས་བརྒྱ་ཚོམ་བུའི་འོད་གསལ་ངང༔ ཀུན་བཟང་དགོངས་པའི་ཀློང་དུ་བདག་གྲོལ་ནས༔ འགྲོ་བའི་དེད་དཔོན་ཆོས་སྐུར་ལྷུན་གྲུབ་ཤོག༔ རྗེས་མཆོད་བསྟོད་ནི་མཆོད་པ་གསོས་ལ། རིག་འཛིན་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཉམས་ཆག་འགལ་འཁྲུལ་ཅི་མཆིས་བཤགས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བཟོད་གསོལ་ནི། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཡིག་བརྒྱས་ལྷག་ཆད་ཁ་བསྐང་། རྟེན་ཡོད་ན་བརྟན་བཞུགས་བྱ་བ་ནི། ཧཱུྃ། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་འཐོར། བདག་བསྐྱེད་ཉེར་བསྡུ་ནི། ཆོས་དབྱིངས་སྒྱུ་མ་འོད་གསལ་ཀློང་བྱུང་ཞིང༔ རབ་འབྱམས་སྣང་བ་གསང་ཆེན་ལྷའི་ཚོམ་བུ༔ རིག་འཛིན་འདུས་པའི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་རྡོ་རྗེ་གསལ་སྟོང་འགྱུར་མེད་གཞི༔ ཐུགས་སྲོག་ཡི་གེ་ཧཱུྃ་གི་ནཱ་དར་བསྡུ༔ ཀ་དག་བློ་འདས་གཤིས་སུ་བཛྲ་མུ༔ མ་བཅོས་ལྷུག་པའི་བབས་སུ་སྐྱེ་མེད་ཨ༔ བསྔོ་བ་སྨོན་ལམ་ནི། སྲིད་ཞིའི་ཁམས་ཀྱི་དམིགས་བཅས་དམིགས་མེད་དགེ༔ རྨད་བྱུང་བླ་མེད་ཐེག་གསང་རྩེ་མོར་བསྔོ༔ འབྲས་བུ་མི་ནུབ་ཕྱོགས་དུས་རྒྱལ་བ་ཡི༔ ཞིང་དུ་ཁམས་གསུམ་འཁོར་བ་ཀུན་བསྒྲལ་ནས༔ རྡོ་རྗེ་སྙིང་པོ་མཁའ་སྤྱོད་རྣམ་བཀྲའི་གཞིའི༔ ངོ་མཚར་བཀོད་སྤྲིན་འཁྲུགས་པའི་པདྨ་འོད༔ ས་ལེར་མཐོང་ནས་ཌཱ་ཀིས་འཇམ་འཁྱུད་ཅིང༔ རྩེ་དགར་རོལ་པའི་དབང་ཕྱུག་ཐོབ་པར་ཤོག༔ དཔལ་ལྡན་ཧེ་རུ་ཀ་དང་རིག་པ་འཛིན༔ དཔའ་བོ་དབང་ཕྱུག་ཚོགས་པའི་གུང་ཡ་གིར༔ དུས་གསུམ་སངས་རྒྱས་ཀུན་གྱིས་དབུགས་དབྱུང་ནས༔ ཌཱ་ཀིའི་དབང་ཕྱུག་ཆེན་པོར་བདག་གྱུར་ཅིག༔ བཀྲ་ཤིས་ནི། འོད་གསལ་སྙིང་པོ་དོན་གྱི་གཞལ་ཡས་ནས༔ བརྒྱུད་གསུམ་བླ་མ་འཇའ་ལུས་རྡོ་རྗེའི་སྐུ༔ མི་ཟད་རྒྱན་གྱི་འཁོར་ལོའི་སྤྲུལ་པ་ཡིས༔ ཨ་ཏིའི་སྒྲུབ་བརྒྱུད་འཕེལ་བའི་བཀྲ་ཤིས་ཤོག༔ སྲིད་ཞི་གཞིར་རྫོགས་འབྲས་བུ་ཆོས་ཟད་ཀློང༔ བདེ་ཆེན་མི་གཡོ་ཐར་གླིང་དགའ་བདེའི་ཞིང༔ འགྲོ་བ་འདི་དྲུག་ཟག་མེད་འོད་གསལ་ངང༔ ཉིན་མཚན་བདེ་ལེགས་སྐྱོང་བའི་བཀྲ་ཤིས་ཤོག༔ ལྷ་རི་སྙིང་ཕུག་བཀྲ་ཤིས་རྡོ་རྗེའི་ཁྲི༔ འབྲས་གཤོང་བདེ་ཆེན་ཡངས་པའི་གུར་ཁང་ནས༔ དམ་ཅན་དཔའ་བོ་ཌཱ་ཀིའི་སྤྲིན་ཕུང་གིས༔ མཐུ་སྟོབས་ཉམས་རྟོགས་སྦར་བའི་བཀྲ་ཤིས་ཤོག༔ ཅེས་དང་། གཞན་ཡང་ཤིས་བརྗོད་ཀྱི་ཚིག་ཕྲེང་ཇི་ལྟར་འོས་པ་བརྗོད་པར་བྱའོ། །འདིར་ནང་སྒྲུབ་འདོན་ཆ་ལས་བྱང་ཁ་རྐྱང་བྱེད་ན་ཚེ་སྒྲུབ་འཆི་མེད་སྙིང་པོའི་ལྷ་བསྐྱེད་ནས་གཏའ་བསྡམ་བར་བཞག །གསང་སྒྲུབ་ཁ་རྐྱང་བྱེད་ན། མཆོད་པ་བྱིན་རླབས་ཡན་སོང་ནས། དངོས་གཞི་ཚེ་སྒྲུབ་ལྷ་བསྐྱེད་ལ་འཇུག་ཅིང་མཇུག་གི་ལས་རིམ་རྣམས་ཀྱང་འདྲའོ། །འདི་བསྟན་དབྱར་གྱི་དཔལ་མོ་ཞིང་ཀུན་ཏུ། །བརྡལ་ནས་རགས་ལུས་དྭངས་མར་སྨིན་པ་ཡི། །འཇའ་ཟེར་སྦུབས་སུ་མཚན་མའི་ཆོས་ཐམས་ཅད། །འུབ་ཆུབ་ཐུགས་ཀྱི་ཐིག་ལེར་རོ་མཉམ་ཤོག །ཅེས་པའང་བརྒྱུད་པ་འདི་ལས་བྱོན་པའི་ཕྱག་བཞེས་ཀྱི་བཀའ་སྲོལ་ཇི་ལྟ་བ་བཞིན་དུ། རིང་ལུགས་ལ་ཞབས་ཏོག་ཏུ་འགྱུར་བའི་འདུན་པས། རྨོངས་བརྟུལ་བློ་གྲོས་མཐའ་ཡས་སམ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་དཔལ་དེ་བཱི་ཀོ་ཊི་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བསྡེབས་པ་དགེ་ལེགས་འཕེལ།། །།
ཨུ་རྒྱན་པདྨའི་སྒྲུབ་པ་གཉེན་པོ་སྟོབས་ཀྱི་སྒྲུབ་པ་ (Volume 53, Text 2)
༄༅༔ ཨུ་རྒྱན་པདྨའི་སྒྲུབ་པ་གཉེན་པོ་སྟོབས་ཀྱི་སྒྲུབ་པ་ཞེས་བྱ་བ་བཞུགས་སོ༔ རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༔ རིག་འཛིན་དབང་སྡུད་ཀྱི་སྒྲུབ་པ་འདི་ལ་གནས་དང༔ རྫས༔ སྒྲུབ་པའོ༔ དང་པོ་གནས་ནི་དབེན་པར་བྱ༔ རྫས་ནི༔ འབྲུ་སྣའི་གཏོར་མ༔ དཀར་གསུམ་དང༔ མངར་གསུམ་ཆང་གིས་སྦྲུས་ཏེ༔ རིན་ཆེན་འབར་བའི་དབྱིབས་ལ༔ རྩེ་མོ་ཉི་ཟླས་བརྒྱན་པ༔ ཕྱི་རིམ་པདྨ་འདབ་བཞིའི་བསྐོར་བ་བྱ༔ གཞན་ཡང་མཆོད་པ་དང་སྤྱན་གཟིགས་མང་པོ་བཤམས༔ དབང་ཕྱུག་དང་སྦྲགས་ན་དེའི་རྟེན་དང༔ རྫས་རྣམས་ཀྱང་བཤམས༔ ཁྱད་པར་སློབ་དཔོན་པདྨའི་བྲིས་སྐུ་བཀྲམ་ལ་དེ་ནས་བསྒྲུབ་པ་ལ་འཇུག་སྟེ༔ དང་པོ་སྟོང་པའི་ངང་ལས༔ པཾ་ལས་པདྨའི་སྡོང་པོ་གཅིག་བསམ༔ དེའི་སྟེང་དུ་ཧྲཱིཿཡིག་དམར་པོས་མཚན་པ་ལས་འོད་འཕྲོས༔ དེ་ཞུ་བ་ལས་འོད་ཀྱི་ཐིག་ལེ་དམར་པོར་གྱུར༔ དེ་ལས་གུ་རུ་པདྨ་འབྱུང་གནས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་རྩ་དམར་ཞིང་འཛུམ་པའི་མདངས་དང་ལྡན་པ༔ དབུ་ལ་ཤ་བའི་མཉེན་ཞུ་དང༔ སྐུ་ལ་དར་གྱི་བེར་དམར་གསོལ་བ༔ ཕྱག་གཉིས་དབང་སྡུད་ཀྱི་ཕྱག་རྒྱ་བཅས་ནས༔ ཉི་ཟླ་པདྨའི་གདན་ལ་བཞུགས་པ་གཅིག་བསྒོམ༔ དེའི་ཐུགས་ཀའི་ཧྲཱིཿདམར་པོ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས༔ བར་སྣང་ཐམས་ཅད་དམར་ལམ་ལམ་ཁེངས་ཏེ༔ སྟོང་གསུམ་འཇིག་རྟེན་ཐམས་ཅད་དབང་དུ་སྡུད་པར་བསམ་མོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་པཱ་ཤཾ་ཀུ་རུ་ཡེ་ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་མཾ༔ ཞེས་བརྗོད་པས༔ གུ་རུ་པདྨ་ལྷོ་ནུབ་མཚམས་ནས་སྤྱན་དྲངས་ཏེ༔ སྐུ་ལ་གཉིས་མེད་དུ་ཐིམ་པར་བསམ་མོ༔ དེ་ནས་གུ་རུ་རང་གི་སྤྱི་གཙུག་ཏུ་བྱོན་ནས༔ འོད་དུ་ལམ་ཞུ་བར་བསམ༔ དེ་ནས་མཆོད་པ་འབུལ་བ་ནི༔ མོས་གུས་དུང་བྱས་ཏེ༔ འདི་སྐད་བརྗོད་དོ༔ ཧཱུྃ༔ བསྟན་པ་འདི་ལ་ངོ་མཚར་རྨད་བྱུང་བའི༔ འཇིག་རྟེན་དབང་བསྒྱུར་པདྨ་རྒྱལ་པོ་ནི༔ རིགས་ནི་ཨོ་རྒྱན་རྒྱལ་པོའི་སྲས་སུ་འཁྲུངས༔ ཟ་ཧོར་ཡུལ་དུ་སྒྲོ་འདོགས་མ་ལུས་བཅད༔ བསིལ་མ་ཚལ་དུ་དངོས་གྲུབ་རྣམ་གཉིས་ཐོབ༔ ཝ་རཱ་ཎ་སིར་ཆོས་ཀྱི་འཁོར་ལོ་བསྐོར༔ འཇིག་རྟེན་ཁམས་སུ་གདུག་པ་ཅན་རྣམས་བཏུལ༔ ཁ་བ་ཅན་དུ་བསྟན་པ་རྒྱས་པར་མཛད༔ ལྷོ་ནུབ་མཚམས་སུ་སྲིན་པོའི་ཁ་གནོན་མཛད༔ སྐུ་གསུམ་དབྱེར་མེད་ཆེ་མཆོག་ཧེ་རུ་ཀ༔ མྱ་ངན་མི་འདའ་འགྲོ་བའི་གཉེན་གཅིག་པོ༔ མཉམ་མེད་བླ་མ་མཆོག་དེ་དུས་འདིར་དྲན༔ འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ དབང་གི་ལས་ཚོགས་འགྲུབ་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་བ་ལིཾ་ཏ་ཁཱ་ཧི༔ ཨ་མྲྀཏ་ཁཱ་ཧི༔ དྷཱུ་པེ་དྷཱུ༔ པུཥྤེ་ཧཱུྃ༔ ཨཱ་ལོ་ཀེ་ཧྲཱི༔ གྷནྡྷེ་གྷན༔ གཱིརྟཱི་ཧོ༔ ནིརྟཱི་ཧྲཱི༔ པཱུ་ཛ་ཁཱ་ཧི༔ ཞེས་གཏོར་མ་དང་མཆོད་པ་འབུལ༔ ཁྱེད་ལ་མཆོད་ཅིང་གསོལ་བ་བཏབ་པའི་མཐུས༔ བདག་སོགས་གང་དུ་གནས་པའི་ས་ཕྱོགས་འདིར༔ ལོངས་སྤྱོད་རིན་ཆེན་སྣ་ཚོགས་ཆར་འབེབ་ཅིང༔ བསམ་དོན་ཡིད་བཞིན་འགྲུབ་པའི་དངོས་གྲུབ་སྩོལ༔ ཅེས་ཞུ་འོ༔ དེ་ནས་གུ་རུ་པདྨ་གོང་ལྟར་སྒོམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་པཱ་ཤཾ་ཀུ་རུ་རཏྣ་སིདྡྷི་ཛ་ཛ༔ ཞེས་ཞག་བདུན་བཟླ་འོ༔ ཟས་ནོར་མང་པོ་སྟེར་བའམ༔ རྙེད་པ་རྨི་བའམ་འབྱུང་ངོ༔ སྒྲུབ་པའི་ཁོངས་སུ་ཟས་ནོར་སྟེང་བ་བྱུང་ན་རྟགས་མི་འགྱུར་བ་ཡིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རང་ཁམས་གསུམ་དབང་སྡུད༔ འཁོར་མཁའ་འགྲོ་དང་བཅས་པར་གསལ་བའི་སྤྱི་བོར་གུ་རུ་པདྨ་བསྒོམས་ལ༔ དབང་ཕྱུག་མཁའ་འགྲོ་དང་བཅས་པའི་སྙིང་པོ་འདི༔ ཉི་ཤུ་རྩ་གཅིག་བཟླས་ན༔ འཇིག་རྟེན་ཁམས་ཐམས་ཅད་དབང་དུ་འདུ་འོ༔ གཉེན་པོ་སྟོབས་ཀྱི་སྒྲུབ་པ་རྫོགས་སོ༔ ྈྈྈ ྈྈྈ འདི་ལ་ཤོག་སེར་དམར་པོ་དཀྱུས་མཛུབ་གང༔ ཞེང་སོར་དྲུག་འདུག་པ་ལས་ཞལ་བཤུས་སོ༔ ནུབ་ཟངས་མཛོད་ནས་རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་གྱིས་སྤྱན་དྲངས་པ་ཡིན་ནོ༔ ྀཨཚ༔ ༄༅༔ དབང་སྡུད་ལས་ཀྱི་འཁོར་ལོའི་རྟགས་ཀྱི་དྲོད་ཚད་བསྟན་པ་ནི༔ ཕྱི་ནང་གསང་བའི་རིམ་པ་སྒྲུབས༔ རྨི་ལམ་རྟགས་ནི་སྣ་ཚོགས་འོང༔ རྟ་དང་མ་ཧེ་མཛོ་དང་གཡག༔ བ་ལང་ཤ་བ་གཅན་གཟན་དང༔ དར་འཕྱར་དུང་འབུད་ཁྲོམ་ཚོགས་དང༔ གྱེན་ལ་འཛེགས་དང་ཆུ་ཆེན་བསྐྱིལ༔ གཅིག་ཏུ་མ་ངེས་སྣ་ཚོགས་པ༔ བསྙེན་པའི་རྟགས་སུ་ཤེས་པར་བྱ༔ ལྷོ་བལ་མོན་དང་ཨ་ཙ་ར༔ སྐད་རིགས་མི་མཐུན་པ་རྣམས་ཀྱིས༔ ཟས་སྣ་མང་པོ་སྟེར་བ་དང༔ དགེ་བཤེས་ཆེ་བཙུན་ཆེས་མང་གིས༔ བདག་ལ་སྙན་པ་སྒྲོག་པ་དང༔ སྐྱེས་པ་བུད་མེད་མཛེས་པ་ཡིས༔ བདག་ལ་ཟས་སྐོམ་སྟེར་བ་དང༔ རོ་བཤས་ཤ་ཆེན་ཟོས་པ་དང༔ ཟུང་ངས་སྡུད་དང་ལྕི་བ་འཐུ༔ བཙས་བརྔ་གཡུལ་བྱེད་ལོངས་སྤྱོད་སོགས༔ འོད་དང་སྒྲ་དང་ཚ་ལམ་དང༔ འཇིགས་སྐྲག་དངངས་པའི་ཆོ་འཕྲུལ་འོང༔ སྒྲུབ་པའི་རྟགས་སུ་ཤེས་པར་བྱ༔ དེ་ནས་ལས་སྦྱོར་བྱས་པ་ཡིས༔ བདག་ལ་སྔོན་བས་བཀུར་སྟི་ཆེ༔ ཕྱག་འཚལ་ཆོས་འབུལ་ཟས་ནོར་འབུལ༔ སྒྲ་གཅོད་རྟ་དང་གཡུ་གོས་འབུལ༔ ཕྱི་སྒྲུབ་ཞག་བདུན་བྱས་པའི་རྟགས༔ གྲགས་པའི་གཏམ་དང་སྙན་པའི་སྒྲ༔ སྒྲ་དང་ཆོ་འཕྲུལ་འོང་བར་འགྱུར༔ རྟགས་དེ་མ་བྱུང་ཞག་བདུན་བསྲིང༔ ནང་སྒྲུབ་ཞག་བདུན་བྱས་པའི་རྟགས༔ ཟས་ནོར་ལོངས་སྤྱོད་འབུལ་བ་དང༔ རང་གི་བུ་ལོན་བསྐྱལ་བ་འོང༔ གསང་སྒྲུབ་ཞག་བདུན་བྱས་པའི་རྟགས༔ དགེ་བཤེས་ཆེ་བཙུན་མི་དམངས་ཀྱིས༔ དགའ་ཚུལ་གུས་གཏམ་གཏོང་བ་འོང༔ རྟགས་བྱུང་བར་དུ་ཡུན་བསྲིང་སྒྲུབས༔ སེམས་ཀྱི་ཐེ་ཚོམ་རབ་ཏུ་སྤང༔ གུས་པས་བརྩོན་འགྲུབ་བསྐྱེད་ལ་སྒྲུབས༔ དེ་རྣམས་སྤྱི་ཡི་རྟགས་ཚད་ཡིན༔ རྡོ་རྗེ་སྤྲེ་ཆུང་སེམས་ལ་ཆོངས༔ ཕྱི་རབས་ལས་ཅན་པདྨའི་རིགས༔ སྐལ་བ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈ བྱང་ཟང་ཟང་ལྷ་བྲག་གི་ནུབ་ཟངས་མཛོད་དམར་པོ་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་སྤྱན་དྲངས་པའོ༔ བཀྲ་ཤིས། དགེའོ། །དགེའོ། །དགེའོ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རིག་འཛིན་ཛམ་གླིང་རྒྱན་གཅིག་གི་དབང་གི་ཆོ་ག་ཨིནྡྲ་ནཱི་ལའི་ཆུན་པོ་ (Volume 28, Text 2)
༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རིག་འཛིན་ཛམ་གླིང་རྒྱན་གཅིག་གི་དབང་གི་ཆོ་ག་ཨིནྡྲ་ནཱི་ལའི་ཆུན་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་ཧེ་རུ་ཀ་ཡ། ཡང་དག་གྲུབ་པ་སངས་རྒྱས་གཅིག་བསྡུས་པ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་གི་སྐུ །སྐུ་གསུམ་རྣལ་འབྱོར་བླ་མའི་ངོ་བོར་རྫོགས། །དེ་ལ་བཏུད་ནས་དེ་ཡི་དབང་ཆོག་སྤེལ། །འདིར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྙིང་བྱང་ལེའུ་དགུ་པ་དོན་ཏིག་བདེ་ཆེན་ཟང་ཐལ་ཡང་དག་ཧེ་རུ་ཀ་ཛམ་གླིང་རྒྱན་གཅིག་གི་དབང་བསྐུར་བ་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་གྱི་དང་པོ་ནི། གནས་བྱིན་རླབས་དང་ལྡན་པར་སྟེགས་ལ་དཀྱིལ་འཁོར་ཟླ་གམ་གཅིག་པའི་རས་བྲིས་སམ། ཚོམ་བུ་གཅིག་གི་ཁར་བུམ་པ་བཅུད་ལྡན། ཤར་དུ་ཐོད་སྐུ་དང་མེ་ལོང་། ལྷོར་གསང་ཐོད། ནུབ་ཏུ་རིག་ཙཀ་དང་སྔགས་བྱང་། བྱང་དུ་ཤེལ་རྡོ་དང་བྷནྡྷའི་ནང་མར་མེ་གཅིག་བྱས་པ། ཚེ་འབྲང་དང་། ཚེའི་རིལ་ཆང་རྣམས་བཤམས། ཕྱི་ནང་གི་མཆོད་པས་མཐའ་བསྐོར། ཚོགས་དང་། གཏོར་འབུལ་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱའོ། །གཉིས་པ་དངོས་གཞི་ནི། བརྒྱུད་འདེབས། སྔོན་གཏོར་གཏང་། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་ཧེ་རུ་ཀའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཛྲ་ས་མཱ་ཛཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ལན་གསུམ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་པས་རྒྱུད་སྦྱང་། ཚོགས་ཞིང་རང་ལ་ཐིམ་པར་གྱུར། བགེགས་གཏོར་བྱིན་གྱིས་བརླབས་ནས་བསྔོས་ལ། ཧཱུྃ་ཧྲཱི༔ གཉིས་སྣང་འཁྲུལ་པའི་གདོན་བགེགས་འབྱུང་པོ་ཀུན༔ གཏོར་མ་འདི་ལོངས་རང་རང་གནས་སུ་དེངས༔ གཉིས་མེད་ཡེ་ཤེས་ལྷ་སྔགས་ཆོས་སྐུའི་ངང༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ་རཀྵ་བྷྲཱུྃ༔ ཨོཾ་ཨཱཿཧཱུྃ༔ སྐུ་གསུམ་བླ་མའི་ལྷ་ཚོགས་དབྱིངས་ནས་བཞེངས༔ གནས་འདིར་བྱིན་ཕོབ་དབང་དང་དངོས་གྲུབ་སྩོལ༔ སྣང་སྲིད་གཞིར་བཞེངས་མཆོད་པའི་ཕྱག་རྒྱ་ཆེ༔ ཀུན་བཟང་རྣམ་འཕྲུལ་རྒྱ་མཚོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ དེ་ནས་ལྷ་བསྐྱེད་པ་དངོས་གཞི་ཕྲིན་ལས་བདེ་གཤེགས་འདུས་པ་ལྟར་རིགས་ཀྱང་། དབང་ལ་བུམ་ལྷ་ཡབ་ཡུམ་བཅས་གསུངས་པས་དེ་ལྟར་ན། ཨ༔ རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ༔ བཟུང་བས་མི་ཟིན་ཆུ་ཟླ་འདྲ༔ ཀུན་ཏུ་བཟང་པོའི་རོལ་པ་ལས༔ ཐབས་ཤེས་ཟུང་འཇུག་རྩ་བའི་ལྷ༔ སེམས་དཔའ་དཀར་པོ་རྡོར་དྲིལ་བསྣམས༔ རང་འོད་ཡུམ་འཁྱུད་བདེ་སྟོང་སྦྱོར༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ མ་བཅོས་ལྷུག་པའི་ངང་དུ་གསལ༔ ཨོཾ་བཛྲ་སཏྭ་ཨཱ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ བདག་ཉིད་རིག་འཛིན་ཛམ་གླིང་རྒྱན༔ རྣམ་པ་ཡང་དག་ཧེ་རུ་ཀ༔ མཐིང་དཀར་དམར་བའི་ཞལ་གསུམ་འབར༔ ཕྱག་དྲུག་ཡེ་ཤེས་རྟགས་ཀྱི་རྒྱ༔ རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས༔ དྲིལ་བུ་བྷན་དམར་རྒྱུ་ཞགས་གཡོན༔ བཛྲ་ཀྲོ་དྷཱི་ཤྭ་རཱི་མ༔ རྡོ་རྗེ་དུང་ཁྲག་བསྣམས་པས་འཁྲིལ༔ གར་དགུའི་ཉམས་ལྡན་ཁྲོ་བོའི་ཆས༔ ཡེ་ཤེས་མེ་ཕུང་ཆེར་འབར་དབུས༔ ཞབས་བཞི་གྱད་ཀྱི་དོར་སྟབས་ཀྱིས༔ པད་ཉི་བདུད་བཞིའི་གདན་ལ་འགྱིངས༔ གཡས་གཡོན་ཞལ་དང་ཕྱག་དྲུག་ནི༔ གཽ་རཱི་ལ་སོགས་ངོ་བོར་རྫོགས༔ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ཀུན༔ མ་བསྐྱེད་རང་བྱུང་རོལ་པའི་རྒྱན༔ ཁྲག་འཐུང་ལྷ་ཚོགས་ཕྱག་རྒྱར་བཞེངས༔ ཞེས་ལུས་དཀྱིལ་གཞི་རྫོགས་སུ་བསྐྱེད། རྡོ་རྗེ་གསུམ་གྱི་ངོ་བོར་ལྷུན་གྲུབ་ཅིང༔ ཡེ་ཤེས་རིགས་ལྔའི་དབང་མཆོག་རྫོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱི༔ ཡུལ་གྱི་མིང་ནི་ལྷོ་ནུབ་རྔ་ཡབ་གླིང༔ སྤྲུལ་པའི་ཞིང་མཆོག་པདྨ་དྲྭ་བ་ནས༔ སྐུ་གསུམ་དབྱེར་མེད་རིག་འཛིན་ཛམ་གླིང་རྒྱན༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ མོས་པའི་གནས་འདིར་གདུང་བས་སྤྱན་འདྲེན་ན༔ ཐུགས་རྗེ་ཐུགས་དམ་དབང་གིས་གཤེགས་ནས་ཀྱང༔ བར་ཆད་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཛྲ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་ཧྲཱི༔ སྐྱེ་འགག་གྱུར་མེད་ཕྲིན་ལས་ཐམས་ཅད་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་བ་མ་ལུས་སྒྲོལ༔ ཡིད་བཞིན་ནོར་ལྟར་དངོས་གྲུབ་ཆར་འབེབ་པའི༔ རིག་འཛིན་འདུས་པའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་འདོད་ཡོན་རྒྱ་མཚོ་སྤྲིན་ལྟར་གཏིབས༔ ནང་མཆོད་སྨན་རཀ་གཏོར་ཚོགས་བསམ་མི་ཁྱབ༔ གསང་མཆོད་བདེ་སྟོང་ཟུང་འཇུག་ཡེ་ཤེས་དབྱིངས༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་སརྦ་པཉྩ་རཀྟ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཨཱཿཧཱུྃ༔ ཧཱུྃ་ཧྲཱི༔ ངོ་བོ་འོད་གསལ་ཆོས་སྐུའི་ངང་ཉིད་ལས༔ རང་བཞིན་བདེ་སྟོང་ལོངས་སྤྱོད་རྫོགས་སྐུར་ཤར༔ ཐུགས་རྗེ་གང་འདུལ་སྤྲུལ་སྐུས་འགྲོ་དོན་མཛད༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔ ཅེས་ལས་རིམ་མདོར་བསྡུས་བྱ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཧྲཱིཿཧཱུྃ་ཕཊ་ཛ༔ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ ཡེ་ཤེས་དཀྱིལ་འཁོར་གཉིས་པ་དབྱེ༔ མདུན་གྱི་ནམ་མཁར་བཞུགས་པར་གྱུར༔ ཅེས་ཛཔ྄་ཁང་དབྱེ་ལ། ཧཱུྃ་ཧྲཱི༔ སྙིང་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ ཡེ་ཤེས་སྒྱུ་མར་རོལ་པའི་ལྷ་ཚོགས་རྣམས༔ མི་འདའ་རྡོ་རྗེའི་དམ་ཚིག་རྗེས་དགོངས་ལ༔ བྱིན་རླབས་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ བསྙེན་པ་ནི། རིག་འཛིན་འཛམ་གླིང་རྒྱན་མཆོག་ཐུགས་ཀ་རུ༔ ཉི་སྟེང་ཧཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ དེ་ལས་འོད་ཟེར་རྡོ་རྗེའི་ཚྭ་ཚྭ་འཕྲོ༔ དྲེགས་པ་ཚར་བཅད་སྣང་སྲིད་དངོས་འཛིན་སྦྱངས༔ ཚུར་འདུས་བདག་ཐིམ་བྱིན་གྱིས་བརླབས་པ་ལས༔ རང་རིག་མ་ཧཱ་གུ་རུའི་ཐུགས་སུ་རྫོགས༔ དུག་ལྔ་རང་གྲོལ་ཡེ་ཤེས་དབང་ཐོབ་བསམ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སྒྲུབ་པ་ནི། ཐུགས་ནི་དཔལ་བེའུ་ཟུར་བརྒྱད་ཀློང༔ རུ་ལུ་འབྲུ་བརྒྱད་འཕྲོ་ཞིང་འདུ༔ འགལ་མེ་ལྟ་བུར་འཁོར་བ་ཡིས༔ བདེ་ཆེན་ཡེ་ཤེས་བརྟན་པར་གྱུར༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཅི་ནུས་བཟླས། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་དབུས༔ རིག་འཛིན་བླ་མའི་ལྷ་ཚོགས་རྣམས༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ རང་གི་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས༔ སྙོམས་འཇུག་བྱང་སེམས་བདུད་རྩི་ཡིས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཅེས་མོས་ལ་སྔགས་བརྒྱ་རྩ་ལས་མི་ཉུང་བ་བཟླས་མཐར། ལས་བུམ་དུ་སྐད་ཅིག་གིས་ཁྲོ་བོ་རྟ་མགྲིན་དམར་པོ་གཡས་པདྨའི་དབྱུག་ཏོ་དང་། གཡོན་མེའི་ཞགས་པ་ཐོགས་པར་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྡུལ་ཕྲ་རབ་བབས་པས་བུམ་པ་གང་བར་བསམ། ཨོཾ་ཧྱ་གྲཱི་བ་ཧཱུྃ་ཕཊ། ཅེས་བཟླས། མཐར་དབྱངས་གསལ། རྟེན་སྙིང་། མཆོད་བསྟོད། ཡིག་བརྒྱ། ཨོཾ་ཨཱཿཧཱུྃ། བུམ་ལྷ་རྗེས་ཆགས་བདེ་ཆེན་བདུད་རྩིར་ཞུ། །ལས་བུམ་ཁྲོ་བོས་བགེགས་ཟློག་ཕྲིན་ལས་མཛོད། །ཅེས་གསོལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་ས་མ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ས་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ༔ ཤིན་ཏུ་རྣམ་པར་དག་པ་ཡི༔ ཡེ་ཤེས་རིག་རྩལ་འཆང་བའི་ལྷ༔ གདོད་ནས་རང་དང་ལྷན་ཅིག་སྐྱེས༔ རྡོ་རྗེ་བཞི་ཡི་དབྱིངས་སུ་རྫོགས༔ དམ་ཚིག་ཡེ་ཤེས་དབྱེར་མེད་པར༔ བྱང་ཆུབ་སེམས་སུ་རོ་གཅིག་པའི༔ དབང་བསྐུར་བྱིན་རླབས་རྨད་པོ་ཆེ༔ སྐུ་བཞིའི་ངོ་བོར་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ས་མ་ཡ་ཧཱུྃ་སཏྭཾ་ཧོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བཛྲ་ཛཿཧཱུྃ་བཾ་ཧོ༔ ཞེས་རིག་པའི་མེ་ཏོག་དོར་བས་བདག་འཇུག་བྱ། བཀའ་གཏེར་སྲུང་མའི་གཏོར་འབུལ་དང་། ཚོགས་ཕྲིན་ལས་སྙིང་པོ་ལྟར་ཐ་མའི་བར་གྲུབ་རྗེས། སློབ་མ་གཞུག་པར་གནང་བ་ནོད་དོ། །གསུམ་པ་རྗེས་དབང་བསྐུར་བ་ནི། སློབ་མ་རྣམས་ཁྲུས་བྱས། བགེགས་ཕྲལ། སྲུང་འཁོར་བཅས་གྲུབ་མཐར། མེ་ཏོག་བཀྱེ་བསྡུ་དང་། སེམས་བསྐྱེད་གསལ་བཏབ་ནས། ཆོས་བཤད་དབང་ཆོག་འབྲིང་པོ་ལྟར། སྐོར་ཚོ་ཆེན་པོ་བཞི་བཞུགས་པ་ལས། ཞེས་པའི་མཚམས། འདིར་རྒྱས་བཤད་མཛེས་པའི་ཁ་རྒྱན་ལྟ་བུ་ཞལ་གདམས་སྙིང་བྱང་ཡིད་བཞིན་ནོར་བུའི་ལེའུ་དགུ་པ། རིག་འཛིན་འཛམ་གླིང་རྒྱན་གཅིག་ཡང་དག་ཧེ་རུ་ཀའི་དབང་བསྐུར་བ་ལ། གཞུང་ལས། དེ་ལྟར་ཤིན་ཏུ་ཟབ་པའི་བཅུད༔ ཁྲག་འཐུང་བདེ་ཆེན་རྣམ་རོལ་པའི༔ ལུང་དང་ཏནྟྲ་མང་པོའི་དོན༔ བསྒོམས་པས་མྱུར་དུ་འཚང་རྒྱ་བའི༔ མན་ངག་གནད་ཀྱི་སྙིང་པོ་འདི༔ ཨོ་རྒྱན་བདག་གི་ཐུགས་ཁྲག་སྟེ༔ བརྗོད་པར་དཀའ་བ་ཉིད་ཡིན་ཀྱང༔ མངའ་བདག་ཡབ་སྲས་སྐུ་ཆེ་ཞིང༔ མཚོ་རྒྱལ་ཞབས་ཏོག་ཆེ་བ་དང༔ རྗེ་འབངས་གྲོགས་རྣམས་དམ་ཚིག་ཆེ༔ དེ་ཕྱིར་ཐུགས་དམ་སྙིང་པོར་གདམས༔ ཉམས་སུ་ལོངས་ལ་གཏེར་དུ་སྦོས༔ སྙིགས་མའི་དུས་སུ་ཕན་པར་འགྱུར༔ ཞེས་གདམས་པ་ལྟར། གུ་རུ་རིན་པོ་ཆེ་ཉིད་ཀྱིས་ཡང་ལེ་ཤོད་དུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་སྒྲུབ་པའི་ཚེ། ཡི་དམ་གྱི་ལྷ་དཔལ་ཧེ་རུ་ཀ་དང་དབྱེར་མེད་དུ་གྱུར་པ་ཉིད་སྒྲུབ་པའི་ཐབས་ཆུ་ཟླ་ལྟ་བུའི་བསྐྱེད་རིམ་དང་། བསྒོམ་པས་གྲོལ་བའི་ཐབས་ལམ་ཆོས་དྲུག་གི་རྫོགས་རིམ་དོན་ཏིག་བདེ་ཆེན་ཡེ་ཤེས་ཟང་ཐལ་དང་འབྲེལ་བའི་སྨིན་བྱེད་ངོ་མཚར་རྨད་དུ་བྱུང་བ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །བླ་མ་དང་དཔལ་ཧེ་རུ་ཀ་དབྱེར་མེད་པ་ལ་དད་མོས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧེ་རུ་ཀ་དཔལ་ཁྱོད་ལ་འདུད། །ཐབས་ལམ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོར་སྐྱབས་སོང་ནས། །ཐེག་ཆེན་ཁང་པར་གཞུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ལན་གསུམ། རྒྱུད་སྦྱང་བའི་ཕྱིར་དུ་མདུན་གྱི་ནམ་མཁར་བླ་མ་རྩ་གསུམ་ཧེ་རུ་ཀ་རྒྱལ་བ་རབ་འབྱམས་མཁའ་ཁྱབ་ཏུ་བཞུགས་པའི་སྤྱན་སྔར་ཕྱག་འཚལ་ཞིང་། སྐྱབས་སུ་འགྲོ་བ་སོགས་ཡན་ལག་བརྒྱད་ཀྱི་སྒོ་ནས་ཚོགས་གསག་པ་འདིའི་རྗེས་ཟློས། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། སྡོམ་པ་བཟུང་བའི་སླད་དུ་སྔར་གསལ་བཏབ་པའི་ཚོགས་ཞིང་དང་། སློབ་དཔོན་དཔང་པོར་བྱས་ཏེ་དམིགས་པར་བྱ་བའི་ཡུལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འདོད་པས། སྒྲུབ་པར་བྱེད་པའི་ཐབས་སོ་བྱང་སྔགས་གསུམ་གྱི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བཟུང་ཞིང་བསྲུང་བ་ལ་བརྟེན་ནས། གྲུབ་པའི་འབྲས་བུ་མཐའ་ཡས་པས་ཡིད་ཅན་ཐམས་ཅད་ཕན་བདེ་ཚད་མེད་པ་ལ་འགོད་པར་བགྱིའོ་སྙམ་པའི་དམ་བཅའ་རྣམ་གསུམ་བརྟན་པོ་བཟུང་བའི་བློས་འདིའི་རྗེས་ཟློས་མཛོད། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རློབ་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །ལན་གསུམ། དབང་གི་གཞི་དགོད་ཅིང་ཡེ་ཤེས་པའི་བྱིན་རླབས་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་བཞིན་རྩེ་གཅིག་ཏུ་གསལ་འདེབས་པར་ཞུ། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས། ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་གཟུང་འཛིན་གྱི་ཆོས་ཐམས་ཅད་འོད་གསལ་སྟོང་པ་ཉིད་དུ་སྦྱངས། དེའི་ངང་ལས་པད་ཉི་བདུད་བཞིའི་གདན་ལ་ཁྱེད་རང་རྣམས་ཀྱི་ཤེས་རིག་ཧཱུྃ་སྔོན་པོ་ཡོངས་སུ་གྱུར་པ་ངོ་བོ་རིག་འཛིན་ཛམ་གླིང་རྒྱན་གཅིག་ཉིད་རྣམ་པ་དཔལ་ཆེན་པོ་ཡང་དག་ཧེ་རུ་ཀ་མཐིང་ནག །མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་པ། གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་། གཡོན་གསུམ་དྲིལ་བུ་བྷན་དམར་རྒྱུ་ཞགས་འཛིན་པ། ཡུམ་བཛྲ་ཀྲོ་དྷཱི་ཤྭ་རཱི་མ་སྔོན་མོ་རྡོ་རྗེ་དང་དུང་ཁྲག་བསྣམས་པས་འཁྲིལ་བ། གར་གྱི་ཉམས་དགུ་དང་ལྡན་ཅིང་། དཔལ་དང་དུར་ཁྲོད་ཀྱི་ཆས་ཅན། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་ཞབས་བཞི་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་དོར་སྟབས་ཀྱིས་བཞུགས་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་། སློབ་དཔོན་དཀྱིལ་འཁོར་པ་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། སངས་རྒྱས་དང་བྱང་སེམས། དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་ཁ་ཆར་བུ་ཡུག་འཚུབས་པ་བཞིན་སྤྱན་དྲངས་ཏེ་སློབ་མའི་སྙིང་གར་ཐིམ་པར་མོས་ཤིག །འབེབ་རྫས་དང་རོལ་མོའི་སྒྲ་བཅས། རུ་ལུ་ལ་ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་ལ་དྲག་ཏུ་བརྗོད་པས་ཡེ་ཤེས་པ་དབབ། ཏིཥྛ་བཛྲ། ཡེ་ཤེས་པ་དེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། ཅེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག །དེས་ཀུན་རྫོབ་མཚན་མའི་དཀྱིལ་འཁོར་དུ་ཕྱི་ལྟར་འཇུག་པ་སོང་ནས། དོན་དམ་ནང་གཞི་ལུས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཞུགས་པ་ནི། ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད་པས། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སློབ་མ་ལ་ཕོག་པས་ཁྱེད་རང་རྣམས་ལྷར་གསལ་བ་འོད་དུ་ཞུ་ནས་ཧཱུྃ་ཡིག་ཏུ་གྱུར། བླ་མ་ཧེ་རུ་ཀར་གསལ་བའི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སོན་པ་ལས། རྗེས་སུ་ཆགས་པའི་སྒྲ་དང་འོད་ཟེར་གྱིས་སངས་རྒྱས་སྲས་དང་བཅས་པ་བཀུག་ནས་ཧཱུྃ་ཡིག་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་དཔལ་ཧེ་རུ་ཀ་མཐིང་ནག །མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་པ། གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་། གཡོན་གསུམ་དྲིལ་བུ་བྷན་དམར་རྒྱུ་ཞགས་འཛིན་པ། ཡུམ་བཛྲ་ཀྲོ་དྷཱི་ཤྭ་རཱི་མ་སྔོན་མོ་རྡོ་རྗེ་དང་དུང་ཁྲག་བསྣམས་པས་འཁྲིལ་བ། གར་གྱི་ཉམས་དགུ་དང་ལྡན་ཅིང་། དཔལ་དང་དུར་ཁྲོད་ཀྱི་ཆས་ཅན། ཞབས་བཞི་འདོར་སྟབས་ཀྱིས་གནས་པར་གསལ་བ། ཡུམ་གྱི་མཁའ་ནས་ཕྱིར་ཕྱུང་སྔར་གྱི་གདན་ལ་འཁོད་པར་སྒོམས་ཤིག །དེས་བསྐྱེད་རིམ་གྱི་སྒོ་ནས་འཇུག་ཅིང་དབང་བསྐུར་བ་སོང་ནས། དངོས་གཞི་རྫོགས་རིམ་གྱི་སྒོ་ནས་གསང་དབང་ལ་དབང་བཞིར་ཕྱེ་ནས་བསྐུར་བ་ལ། ཐོག་མར་བུམ་དབང་གི་སླད་དུ། བུམ་ནང་ཧེ་རུ་ཀ་ཡབ་ཡུམ་སྦྱོར་བའི་བྱང་སེམས་སྤྱི་བོ་ནས་ཞུགས། ལུས་གང་། ལུས་སྒྲིབ་དག །དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་མཛོད། བུམ་པ་ཐོགས་ལ། ཨོཾ༔ ཏིལ་གྱི་གང་བུ་བཞིན་གང་བའི༔ རྒྱལ་བས་བུམ་པ་བཟུང་ནས་ནི༔ སངས་རྒྱས་རྡོ་རྗེའི་སྐུ་འགྲུབ་ཕྱིར༔ བཀྲ་ཤིས་བུམ་པས་དབང་བསྐུར་རོ༔ རུ་ལུ་དང་ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ རྗེས་འབྲེལ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ནི། དཀྱིལ་འཁོར་གྱི་ལྷ་ལས་གཉིས་པ་འཕྲོས་ཏེ་སྤྱི་བོར་ཐིམ་པས་བསྐྱེད་རིམ་ལྷའི་སྐུ་བསྒོམ་པའི་དབང་ཐོབ་པར་མོས་ཤིག །ཐོད་སྐུ་ཐོགས་ལ། ཨོཾ༔ རང་བྱུང་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དུ༔ ཁྲག་འཐུང་ལྷ་ཚོགས་བསྒོམ་པའི་དབང་བསྐུར་བས༔ གཟུང་དང་འཛིན་པའི་རྟོག་པ་རང་གྲོལ་ནས༔ ཅིར་སྣང་ལྷ་སྐུར་འཆར་བའི་དབང་ཐོབ་ཤོག༔ སཏྭ་དང་རུ་ལུྎ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྤྱི་བོར་བཞག །བཟླས་ལུང་གི་སླད་དུ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས། ཞལ་ནས་ཐོན། ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཉི་སྟེང་ཧཱུྃ་གི་མཐར་འཁོད་པར་མོས་ལ་སྔགས་འདིའི་རྗེས་ཟློས། རུ་ལུ་ལན་གསུམ། དེ་བརྟན་པའི་ཕྱིར་སྔགས་བྱང་དང་ཕྲེང་བ་མགྲིན་པར་བཞག་པས་སྔགས་བཟླས་པའི་དབང་ཐོབ་པར་མོས་མཛོད། ཨཱ༔ ཇི་སྙེད་བརྗོད་པ་ཀུན་གྱི་རྒྱུར་གྱུར་པའི༔ ངག་ལ་རྡོ་རྗེའི་སྔགས་ཀྱིས་དབང་བསྐུར་བས༔ བརྟན་དང་གཡོ་བའི་སྒྲ་སྐད་ཐམས་ཅད་ཀུན༔ གྲགས་སྟོང་རྒྱལ་བའི་གསུང་དུ་རྟོགས་པར་ཤོག༔ རུ་ལུ་དང་། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཐུགས་མེ་ལོང་དྭངས་པ་བསྟན་ལ་ཚིག་གིས་ངོ་སྤྲད་པ་ནི། ཧཱུྃ༔ མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་བཞིན༔ དམིགས་སུ་མེད་ཀྱང་མངོན་སུམ་ས་ལེ་བ༔ ཡིད་ལ་རྒྱལ་བའི་ཐུགས་ཀྱིས་དབང་བསྐུར་བས༔ དྲན་རྟོག་ཐམས་ཅད་རང་ཤར་རང་གྲོལ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མར་མེ་བསྟན་པས་ཡེ་ཤེས་རྡོ་རྗེ་འོད་གསལ་ཐིག་ལེ་ཉག་གཅིག་མཚོན་པར་མོས་ཤིག །ཧོ༔ འོད་གསལ་ཐིག་ལེ་ཉག་གཅིག་སྣང་བ་ཡིས༔ ཀུན་གཞི་ཡེ་ཤེས་ཆེན་པོར་དབང་བསྐུར་བས༔ དབྱིངས་རིག་ཟུང་འཇུག་ཤིན་ཏུ་རྣམ་དག་པའི༔ དཔལ་ཆེན་དོན་གྱི་དགོངས་པ་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ་ཨ་ཨ༔ དེ་དག་གིས་རྡོ་རྗེ་བཞིའི་ཡེ་ཤེས་འགྲུབ་པའི་སྐལ་པ་ཅན་དུ་བྱས་པར་མོས་ཤིག །གཉིས་པ་གསང་བ་བླ་མ་ཡབ་ཡུམ་སྦྱོར་བས་བདེ་བའི་འོད་དང་སྒྲས་རྒྱལ་བ་སྲས་བཅས་བཀུག །སྤྱི་བོ་ནས་ཞུགས་ཏེ་ཞུ་བ་བྱང་སེམས་ཆ་གཅིག་ཐོད་པའི་བདུད་རྩི་དང་འདྲེས་པ་མྱངས་པས་སློབ་མའི་ལུས་གང་། སྙིང་ནང་གི་རིགས་དྲུག་ས་བོན་བསྲེགས། ངག་སྒྲིབ་དག །མཆོག་དགའི་ཡེ་ཤེས་སྐྱེས་པར་མོས། ཐོད་པའི་བདུད་རྩི་སྦྱིན་ལ། ཨཱ༔ མཁའ་ཁྱབ་རྒྱལ་བ་སྲས་བཅས་ཀུན༔ མཉམ་སྦྱོར་བྱང་ཆུབ་སེམས་ཀྱི་ཆུས༔ སངས་རྒྱས་རྡོ་རྗེའི་གསུང་འགྲུབ་ཕྱིར༔ བདེ་ཆེན་གསང་བའི་དབང་བསྐུར་རོ༔ རུ་ལུ་དང་། ཝཱ་ཀ་བཛྲ་ཨ་བྷི་ཥིཉྩ་ཨཱ༔ རྗེས་འབྲེལ་ནུས་དབང་ལྔ་རྣ་བ། སྙིང་ག །ལྕེ། ལག་པ། ཡན་ལག་ལྔ་རྣམས་ལ་བདུད་རྩི་ཆ་གཅིག་གིས་ཐིག་ལེ་སོ་སོར་བཀོད་པ་ངོ་བོ་ལྷ་ལ་རྣམ་པ་ཡི་གེའི་གཟུགས་སུ་བསྒོམ་པས་ནུས་པའི་དབང་ལྔ་རྫོགས་པ་ཡིན་ཏེ། རྣ་བ་གཉིས་སུ་རིན་འབྱུང་གི་ངོ་བོ་ཏྲཱཾ་སེར་པོས་ཉན་པའི་དབང་ཐོབ། སྙིང་གར་མི་བསྐྱོད་པའི་ངོ་བོ་ཧཱུྃ་སྔོན་པོས་སྒོམ་པའི་དབང་ཐོབ། ལྕེ་ལ་སྣང་མཐའི་ངོ་བོ་ཧྲཱིཿདམར་པོས་འཆད་པའི་དབང་ཐོབ། ལག་མཐིལ་གཉིས་སུ་དོན་གྲུབ་ཀྱི་ངོ་བོ་ཨཱཿལྗང་གུས་ཕྲིན་ལས་བསྒྲུབ་པའི་དབང་ཐོབ། ཡན་ལག་ལྔ་ལ་རྣམ་སྣང་གི་ངོ་བོ་ཨོཾ་དཀར་པོས་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་ཕྲིན་ལས་ལ་དབང་བར་བྱས་པའོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། སིནྡྷུ་རའི་དཀྱིལ་འཁོར་ལས་བཛྲ་ཀྲོ་དྷཱི་ཤྭ་རཱི་འཕྲོས། འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས། ཡིད་སྒྲིབ་དག །དགའ་བཞི་དང་ཁྱད་པར་དགའ་བ་སྐྱེས་པར་མོས་མཛོད། །རིག་ཙཀ་གཏད་ལ། ཧཱུྃ༔ དགའ་བའི་གནས་སྦྱིན་ལྷ་མོ་ནི༔ སྣ་ཚོགས་གཟུགས་ཅན་ཡིད་འོང་མས༔ སངས་རྒྱས་རྡོ་རྗེའི་ཐུགས་འགྲུབ་ཕྱིར༔ ཤེས་རབ་ཡེ་ཤེས་དབང་བསྐུར་རོ༔ རུ་ལུ་དང་ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ དབང་བཞི་པ་རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་གིས་མཚོན་ཏེ་ཚིག་གི་ངོ་སྤྲད་པས་སྒོ་གསུམ་གྱི་སྒྲིབ་པ་དག །ལྷན་སྐྱེས་ཀྱི་དགའ་བ་བདེ་སྟོང་ཟག་མེད་རང་གནས་ཀྱི་ཡེ་ཤེས་ངོ་འཕྲོད་པར་མོས་ལ་མཉམ་པར་ཞོག་མཛོད། མེ་ལོང་ཐོགས་ལ། ཨ༔ བདེ་བའི་རང་བཞིན་སྟོང་པ་ཉིད༔ ཟུང་འཇུག་དགོངས་པའི་རྩལ་ཆེན་པོས༔ སངས་རྒྱས་ཡེ་ཤེས་མངོན་འགྱུར་ཕྱིར༔ བསམ་གྱིས་མི་ཁྱབ་དབང་བསྐུར་རོ༔ རུ་ལུའི་མཐར་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་ཨ་ཨ་ཨ༔ མཐའ་རྟེན་ཚེའི་དབང་བསྐུར་བའི་སླད་དུ། སྐད་ཅིག་གིས་དཔོན་སློབ་གཉིས་ཀ་བླ་མ་པདྨ་ཚེ་དཔག་མེད་ཀྱི་སྐུར་གྱུར་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་ལྷ་དང་དྲང་སྲོང་རིག་འཛིན་རྣམས་ཀྱི་ཚེའི་བྱིན་རླབས་ཐམས་ཅད་ཚེ་དཔག་མེད་ཀྱི་ཕྱག་རྒྱའི་རྣམ་པར་བྱོན་ནས། སྒོ་གསུམ་ལ་ཐིམ་པར་མོས་མཛོད། སྤོས་རོལ་བཅས། ཨ་མཱ་ར་ཎི་དང་། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ༔ ཞེས་བརྗོད་པས་བྱིན་དབབ། ཏིཥྛ་བཛྲས་བརྟན་པར་བྱ། བཀྲ་ཤིས་ཚེའི་བུམ་པས་དབང་བསྐུར་བས་སྐུའི་ཚེ་དབང་ཐོབ་པར་མོས་ཤིག །ཧཱུྃ་ཧྲཱི༔ བཀྲ་ཤིས་འོད་གསལ་ཚེ་ཡི་གཞལ་ཡས་ན༔ མི་འགྱུར་སྙིང་པོ་ཡེ་ཤེས་ལྷ་ཚོགས་བཞུགས༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས༔ འཆི་མེད་ཚེ་ཡི་དབང་མཆོག་ཐོབ་པར་ཤོག༔ བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ འཆི་མེད་ཀྱི་བདུད་རྩི་བཏུང་བས་གསུང་གི་ཚེ་དབང་ཐོབ་པར་མོས་ཤིག །ཧྲཱི༔ སྔོན་བྱོན་འཆི་མེད་རིག་འཛིན་ཐམས་ཅད་ཀྱང༔ ཚེ་ཆང་བདུད་རྩིའི་བཅུད་ཀྱིས་དངོས་གྲུབ་བརྙེས༔ དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ རྒྱུན་མི་འཆད་པའི་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲི་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཚེའི་རིལ་བུ་མྱོང་བས་ཐུགས་ཀྱི་ཚེ་དབང་ཐོབ་པར་མོས་ཤིག །ཧྲཱི༔ མི་འགྱུར་སྙིང་པོའི་བཅུད་རྣམས་བསྡུས་པ་ཡི༔ འཆི་མེད་ཡེ་ཤེས་ཚེ་ཡི་ལོངས་སྤྱོད་འདིས༔ ཡིད་ལ་ཟག་མེད་བདེ་བ་རབ་འཕེལ་ནས༔ རྟག་ཏུ་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཤོག༔ ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲི་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ལྟར་སྐུ་གསུང་ཐུགས་ཀྱི་ཚེ་དབང་ཐོབ་པ་དེ་ཉིད་སྐྱེ་མེད་ཡུམ་ལྔའི་ཀློང་དུ་རྒྱས་བཏབ་པས་འཆི་མེད་གཉུག་མའི་ཚེ་སྲོག་བརྟན་པར་མོས་མཛོད། ཧཱུྃ་ཧྲཱི༔ འཁོར་འདས་ཚེ་རྣམས་འབྱུང་བ་ལྔ་ལ་ཐིམ༔ ཤ་ཁྲག་དྲོད་དབུགས་སེམས་ཀྱི་སྟོབས་འཕེལ་ཏེ༔ མི་འགྱུར་དྭངས་མ་ནྲི་ལ་རྒྱས་ཐེབས་པས༔ འཆི་མེད་རྡོ་རྗེའི་ཚེ་དང་ལྡན་པར་ཤོག༔ ཨོཾ་བྷྲཱུྃ་ཧྲཱིཿབྷྲཱུྃ་ཧཱུྃ་བྷྲཱུྃ་ཏྲཱཾ་བྷྲཱུྃ་ཨཱཿབྷྲཱུྃ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་རཀྵ་རཀྵ་བྷྲཱུྃ༔ མཚམས་སྦྱོར་བཅས་ཤིས་བརྗོད་རྒྱས་པར་སྤེལ། དེ་དག་གིས་རིག་འཛིན་འཛམ་གླིང་རྒྱན་གཅིག་ཡང་དག་ཧེ་རུ་ཀའི་དབང་ཐོབ་པས་སོགས་དམ་ཚིག་ཁས་བླང་། གཏང་རག །ལུས་འབུལ། དགེ་བསྔོ་བྱས་ལ། སློབ་མ་རྣམས་རང་གནས་སུ་གཏང་ངོ་། །སློབ་དཔོན་གྱིས་ཚོགས་ཀྱི་ལྷག་མ། སྲུང་མའི་གཏོར་འབུལ་སོགས་རྗེས་ཆོག་རྣམས་ཕྲིན་ལས་སྙིང་པོ་བཞིན་བྱའོ། །ལེགས་བྱས་ཟག་མེད་བདུད་རྩིའི་རྒྱ་མཚོ་ཡིས། །ཟག་བཅས་འཕོ་བ་འགྱུར་མེད་ཐིག་ལེར་བསྡམས། ཁ་སྦྱོར་ཟུང་འཇུག་ཧེ་རུ་ཀ་དཔལ་གྱི། །སྐུ་དང་ཡེ་ཤེས་ཚེ་འདིར་འགྲུབ་པར་ཤོག །ཅེས་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱི་ཕྱག་ཐོ་ལྟར་ནགས་འགྲོས་སུ་བྲིས་ཞེས་རྗེ་གུ་ཎའི་ཞབས་ཀྱི་བཀའི་ཅོད་པན་སྤྱི་བོར་མཆོད་པ་དང་། དམ་པ་དུ་མའི་གསུང་ནན་གྱིས་བསྐུལ་བ་ལྟར། ཀུན་བཟང་འཇིགས་མེད་ཚེ་དབང་ནོར་བུས་རང་ལོ་ཞེ་བདུན་པར་སྦྱར་བའི་ཡི་གེ་པ་ནི་ཁྱུང་རིགས་པ་པདྨ་ཡེ་ཤེས་ཀྱིས་བགྱིས་པ་སརྦ་དཱ་མངྒ་ལཾ།། །།
འགྲོ་དུས་ཀྱི་ལམ་གཏོར་དང་། གཏོར་འབུལ་བསྡུས་པ་ (Volume 43, Text 3)
༄༅། །འགྲོ་དུས་ཀྱི་ལམ་གཏོར་དང་། གཏོར་འབུལ་བསྡུས་པ་བཞུགས། ། གཏོར་མ་བྱ་ཁྱི་ཕྱི་མི་ལ་མི་སྦྱིན་དངོས་གྲུབ་བྱ། གཏོར་མ་མ་འཛོམ་ན་ཕུད་རྒོད་འབྲུ་སྣ་བཏབ་པ་སོ་སོར་བྱ་བ་ལགས་སོ། །དམར་གཏོར་འབྲི་མོག་བྱུག་པ་ལྔ་ཚོམ་མམ། རང་རང་སོ་སོའི་གཏོར་མ་སོ་སོར་འབུལ་བ་འཛོམ་ནའམ། ཡང་ན་སྤྱིར་གཅིག་གམ། ཐ་མ་མར་ཐུད་སོགས་ལ་བསྔོས་ཀྱང་ཆོག །གཏོར་མ་ཡིན་ན་འགུག་གཞུག་བྱ་བ་ནི། ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བཀའ་བདེན་པས། རྣལ་འབྱོར་པ་བདག་གི་ཚེ་བསོད་ཁ་རྗེ་ལ་གནོད་བྱེད་ཐམས་ཅད་གཏོར་མ་འདི་ལ་ཁུག་ཅིག་ཛཿཧཱུྃ་བཾ་ཧོཿ ལན་གསུམ། དམར་གཏོར་རམ་མར་ཐུད་གང་ཡིན་ཡང་། གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨ་ཀཱ་རོ་སོགས། ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛཿཛཿ མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་པའི་སྔགས་ཀྱིས་བསྔོས་ནས་བསྐུལ་བ་ནི། ཧྲཱིཿ དུར་ཁྲོད་རབ་འཇིགས་མེ་དཔུང་ནང་། །ཀེང་རུས་ཤ་ཁྲག་རྒྱ་མཚོར་འཁྱིལ། །ཤ་ཟ་གཅན་ཟན་མང་པོའི་གནས། ཁྲོ་བཅུ་རྒྱུ་བར་མི་ནུས་ཤིང་། །ཕྱག་ན་རྡོ་རྗེ་སྐྱི་གཡའི་གནས། །དེ་འདྲའི་གནས་མཆོག་དམ་པ་ནས། །དུས་གསུམ་སངས་རྒྱས་ཀུན་གྱི་གཙོ། །དབང་ཆེན་ཡབ་ཡུམ་འདིར་གཤེགས་ཤིག །ཡབ་ཡུམ་སྐུ་ཡི་འཁོར་ལོ་ལ། །མཁའ་འགྲོ་འབུམ་ཚོ་ཉི་ཤུ་རྫོགས། །བསྐུལ་ལོ་གཙོ་བོ་ལས་ལ་བསྐུལ། །ཤ་ཁྲག་དམར་གཏོར་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ། གཞན་ཡང་ཡེ་ཤེས་སྣོད་བཅུད་དང་། །ཕྱི་ནང་གསང་བ་གྲུབ་པའི་ཚོགས། །ཉི་ཤུ་རྩ་བཞིའི་གནས་རྣམས་ཉུལ། །སྲས་དང་ཕྲ་མེན་དབང་ཕྱུག་གཙོ། །སྐུ་མདོག་ཕྱག་མཚན་མ་ངེས་ཏེ། །གྲི་གུག་ཐོད་ཁྲག་ཁ་ཊྭཱཾ་དང་། །རྔེའུ་ཆུང་བརྡེག་འཇོམས་མཚོན་ཆ་འཛིན། །སྐེ་རགས་དྲིལ་ཆུང་གཡེར་ཁས་བརྒྱན། །དར་འཕྱང་རུས་པའི་རྒྱན་དྲུག་མཛེས། །དབུ་རྒྱན་དར་གྱི་ཅོད་པན་ཅན། །རླུང་གིས་བསྐྱོད་ཅིང་པུ་རུ་རུ། །རྐང་པ་རྡོ་རྗེའི་སྒེག་འགྲོས་ཅན། །མཁའ་ལ་ཐོགས་མེད་བུན་བུན་རྒྱུ། །ལག་པ་གསེར་གྱི་གདུ་བུ་ཅན། །སྣ་ཚོགས་གར་བྱེད་ཁྱུགས་སེ་ཁྱུག །ཕྲིན་ལས་གཅིག་ཏུ་མ་ངེས་ཏེ། །འཕྲིན་ལས་རྣམ་བཞི་ཐོགས་མེད་སྒྲུབ། །དམ་རྫས་གཏོར་མ་འདི་བཞེས་ལ། །ཅི་བསམ་ཕྲིན་ལས་འགྲུབ་པར་མཛོད། །ཛམ་དམར་ཡབ་ཡུམ་ཚོ་གཅིག་ནི། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་ཀུ་རུ་ཀུལླེ་ཧྲཱིཿཛྙཱ་ན་ཀཱིརྟི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ལ་ཁཱ་ཧི། ཧཱུྃ། དཔལ་ལྡན་མགོན་པོ་ཛམྦྷ་ལ། །མྱུར་དུ་དྲག་ཏུ་བསྐུལ་བའི་ཚེ། །སྐུ་མདོག་དམར་ལ་འོད་ཟེར་འཕྲོ། །ཕྱག་གཡས་རིན་ཆེན་ཐོད་ཁྲག་བསྣམས། །གཡོན་པས་གཏེར་གྱི་ནེའུ་ལེ་བཙིར། །ཞབས་གཉིས་ཨ་པར་ཙི་ཏ་གཟིར། །དར་དང་རིན་ཆེན་རྒྱན་ཆ་འཁྲོལ། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །ཐུགས་དམ་དམ་བཅས་དུས་ལ་བབས། །དགོས་འདོད་དངོས་གྲུབ་ཆར་ལྟར་ཕོབ། །བཅོལ་པའི་ཕྲིན་ལས་མྱུར་འགྲུབ་མཛོད། །ལས་བྱེད་མཁའ་འགྲོ་སྐུ་མདོག་དམར། །གཅེར་བུ་མེ་ཏོག་དམར་པོ་དང་། །དར་དམར་རིན་ཆེན་རྒྱན་གྱིས་མཛེས། །ཕྱག་ན་ལྕགས་ཀྱུ་ཞགས་པ་འཛིན། །ཀུ་རུ་ཀུལླེའི་སྤྲུལ་པ་སྟེ། །བསེ་ལང་མཁའ་འགྲོའི་ངོ་བོ་ཉིད། །བྱེ་བ་དུང་ཕྱུར་འཇིག་རྟེན་གང་། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །སྣང་སྲིད་ཐམས་ཅད་དབང་དུ་སྡུས། །དགོས་འདོད་དངོས་གྲུབ་ཆར་ལྟར་ཕོབ། །ཧཱུྃ། གླིང་བཞི་བྱང་ཕྱོགས་གསེར་རི་བདུན་གྱི་རྩེ། །རིན་ཆེན་སྣ་བདུན་བརྩེགས་པའི་ལྡིང་ཁང་ནས། །རྣམ་ཐོས་བུ་ཡི་བང་མཛོད་གཉེར་ཁ་བ། །གནོད་སྦྱིན་དབང་པོ་གཞན་གྱིས་མི་ཐུབ་པ། །འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས། །མངའ་ཐང་སྟོབས་དང་འབྱོར་པའི་དངོས་གྲུབ་སྩོལ། །ཧཱུྃ། སྟོང་གསུམ་འཛམ་གླིང་དབང་བསྒྱུར་རྫུ་འཕྲུལ་ཅན། །ནོར་ལྷ་ཀུན་གྱི་ཕོ་ཉ་མྱུར་མགྱོགས་ཅན། །ནོར་གྱི་བདག་པོ་དགེ་བསྙེན་ཡེ་ཤེས་གྲགས། །འདིར་གཤེགས་དཀར་གསུམ་བརྒྱན་པའི་གཏོར་མ་བཞེས། །སྣང་གསལ་པྲ་དང་ལོངས་སྤྱོད་དངོས་གྲུབ་སྩོལ། །རྣམ་སྲས་མདུང་དམར་ཅན་ནི། ཨོཾ་མ་ཧཱ་རཱ་ཛ་ཡཀྵ་ས་མ་ཡ་བཻ་ཤྲ་མ་ཎ་ཡེ་སརྦ་རཏྣ་ཙིཏྟ་ཧྲིཾ་ཧྲིཾ་ཛ་ཛཿ མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི། ཧཱུྃ། རི་རབ་ལྷུན་པོའི་བྱང་ཕྱོགས་ནས། །ལྕང་ལོ་ཅན་གྱི་གནས་མཆོག་ནས། །རིན་ཆེན་འབར་བའི་ཕོ་བྲང་ནས། །རྣམ་སྲས་འཁོར་བཅས་གཤེགས་སུ་གསོལ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །སྟོང་གསུམ་རིན་ཆེན་གཏེར་གྱི་བདག །གླིང་བཞི་བྱང་ཕྱོགས་སྐྱོང་ཙ་ན། །ཕྲིན་ལས་བཞི་ལ་མངའ་བརྙེས་པ། །ཨིནྡྲ་ནཱི་ལའི་མདངས་དང་ལྡན། །ས་བརྒྱད་སེམས་དཔར་བཞུགས་པ་པོ། །གནོད་སྦྱིན་ཕོ་མོ་མང་པོ་དང་། །ཀླུ་ཡི་དེད་དཔོན་མཛད་ཙ་ན། །རིན་ཆེན་གསེར་གྱི་ཁ་དོག་ཅན། །ཌཱ་ཀི་མ་དང་ཀླུ་མོ་དང་། །བདུད་མོའི་དེད་དཔོན་མཛད་ཙ་ན། །བཻ་ཌཱུར་སྔོན་པོའི་སྐུ་མདོག་ཅན། །སྣང་སྲིད་དབང་དུ་སྡུད་པ་དང་། །འགྲོ་བའི་རྣམ་ཤེས་འགུགས་པའི་ཚེ། །པདྨ་རཱ་གའི་མདོག་འདྲ་ཞིང་། །མིའུ་ཐུང་གི་ཆ་ལུགས་ལ། །ལེ་བརྒན་དར་གྱི་ཅོད་པན་ཅན། །སྐུ་ལ་བསེ་ཁྲབ་དམར་པོ་གསོལ། །དབུ་ལ་བསེ་རྨོག་རྒྱ་ཞུ་གསོལ། །ཕྱག་གཡས་མདུང་དར་རྒྱལ་མཚན་བསྣམས། །སྲིད་གསུམ་ཟིལ་གྱིས་གནོན་པར་མཛད། །ཕྱག་གཡོན་ནེའུ་ལེ་ལྕགས་ཀྱུ་བསྣམས། །འགྲོ་བའི་རྣམ་ཤེས་དབང་དུ་སྡུད། །སྐུ་ལས་འོད་ཟེར་དམར་པོ་འཕྲོས། །སྲིད་པ་གསུམ་ཡང་དབང་དུ་སྡུད། །འགྲོ་བ་མི་ཡི་རྣམ་ཤེས་འགུགས། །སྦྱིན་བདག་རྣམས་ཀྱི་སྙིང་ལག་བསྒུལ། །གཡང་ཅན་ནོར་དང་བརྗིད་ཅན་གོས། །བཅུད་ཅན་ཟས་ལ་སོགས་པ་ཡི། །བདག་ལ་ཟས་ནོར་ལོངས་སྤྱོད་ཀྱི། །དངོས་གྲུབ་མ་ལུས་བསྩལ་དུ་གསོལ། །ནོར་བདག་རྒྱལ་པོ་ཆེན་པོ་ཡི། །ཐུགས་དམ་གནད་ནས་བསྐུལ་བའི་ཚེ། ཁྱོད་ཀྱི་སྤྲུལ་པའི་རྒྱལ་ཕྲན་ནི། །འགྲོ་བ་མི་ཡི་སྙིང་ལ་ཞུགས། །རྣམ་ཤེས་སྒྱུར་ལ་དབང་དུ་སྡུས། །འཇིག་རྟེན་ཁམས་ཀྱི་ལོངས་སྤྱོད་རྣམས། །མ་ལུས་ཐམས་ཅད་དབང་སྡུས་ལ། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །ཧཱུྃ། ཤར་ཕྱོགས་མགོན་པོ་དཔལ་རབ་འཆང་། །ཉི་མའི་སྲས་པོ་འཕགས་པ་རེ་མནྟ། །ཟླ་བའི་སྲས་པོ་རྟ་བདག་ཀུ་བཻ་ར། །འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས། །རྔོག་ཆགས་འཕེལ་སྲུང་ལམ་དགྲ་རྟ་ནད་ཟློགས། །དེ་ནས་དམ་ཅན་ནི། ཀྱེ། ཉི་མ་ནུབ་ཕྱོགས་ཕ་ཀི་ན། །ཕ་ནི་བདུད་ལ་མ་ནི་དམུ། །དམུ་བདུད་བཤོས་པའི་མཐུ་རྩལ་ཅན། །སྐྱེས་བུ་དགེ་བསྙེན་ཆེན་པོ་སྟེ། །ཞྭ་ཡི་མགོན་པོ་ར་རྟ་ཅན། །གནོད་སྦྱིན་ནོར་བདག་མཐུ་རྩལ་ཅན། །གཏེར་བདག་མཐུ་སྟོབས་རྫུ་འཕྲུལ་ཅན། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །ཕྱག་གཡས་ལྕགས་ཀྱུས་མི་ནོར་འགུགས། །ཕྱག་གཡོན་ནེའུ་ལེས་དབུལ་ཕོངས་སེལ། །ཕྱེད་བསྐུམ་རིན་ཆེན་སྣ་ལྔས་བརྒྱན། །ཀོང་བཙུན་གཉེན་དང་གཉིས་སུ་མེད། །བརྟན་མ་བཅུ་གཉིས་འཁོར་གྱིས་བསྐོར། །སྐུ་མཆེད་སུམ་བརྒྱ་དྲུག་ཅུ་དང་། །ཐེའུ་རང་དམག་དཔོན་རྫུ་འཕྲུལ་ཅན། །རྫུ་འཕྲུལ་སྐད་ཅིག་སྟོང་གསུམ་བསྐོར། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །འཇིག་རྟེན་ཁམས་ཀྱི་ནོར་ལ་སྤྱོད། ཁྱོད་ཀྱི་ཐུགས་དམ་དུས་ལ་བབས། །མི་ནོར་ཟས་གསུམ་དབང་དུ་སྡུས། །རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ། །ཨོཾ་བཛྲ་སཱ་དྷུ་ས་མ་ཡ་བཛྲ་ལི་ལ་མ་བ་ལིཾ་ཏ་ཁཱ་ཧི། ཀྱེ། དམ་ཅན་སྐྱེས་བུ་ཆེན་པོ། མཐུ་དང་རྫུ་འཕྲུལ་གྱི་བདག་པོ། བདག་ལ་བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་དང་། ཁྱེད་བསྒྲུབ་ཅིང་མཆོད་པའི་ཡོ་བྱད་དང་མ་ལྡན་པས། མི་སྙིང་སྒུལ་ཅིག །མི་སེམས་གཡོས་ཤིག །སྣང་བ་སྒྱུར་ཅིག །བདག་ལ་གཡང་ཅན་གྱི་ནོར་སྩོལ་ཅིག །བརྗིད་ཅན་གྱི་གོས་བསྐོན་ཅིག །བཅུད་ཆེན་གྱི་ཟས་སྡུས་ཤིག །འབྲུ་དང་ནས་ཀྱི་ཆར་ཕོབ་ཅིག །སྐྱེས་བུ་ཆེན་པོ་རེམ་ཞིག །མཐུ་དང་རྫུ་འཕྲུལ་རྩལ་དང་ནུས་པ་ད་ལྟ་བལྟའོ། །དེ་ནས་སྨན་བཙུན་ལྕམ་སྲིང་ནི། ཨོཾ་ཨཱཿཧཱུྃ་གཏོར་མ་ལྷའི་ཞལ་ཟས་སུ་གྱུར། ཨོཾ་བཛྲ་པྲ་མོ་ཧ་ཧྲིཾ་ཧྲིཾ་ཛ་ཛཿ ཨོཾ་བྷི་ཤུ་ཙ་ན་ས་མ་ཡ་ཁྲག་ཏ་ཀུ་བུ་ཙ་ར་ན་ཧཱུྃ་ཧཱུྃ་ན་རུ་ཙ། རྡོ་རྗེ་གཡུ་སྒྲོན་མ། སྐྱེས་བུ་ལུང་བཙན་ལྕམ་སྲིང་འཁོར་དང་བཅས་པའི་ཞལ་དུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བདག་གི་འདོད་དོན་ཐམས་ཅད་འགྲུབ་པར་མཛད་དུ་གསོལ། ཧཱུྃ། སྟེང་ཕྱོགས་དག་པ་འཕྲུལ་གྱི་གཞལ་ཡས་ནས། །རིན་ཆེན་སྤྲིན་དཀར་བརྩེགས་པའི་གུར་ནང་ནས། །རྡོ་རྗེ་གཡུ་སྒྲོན་སྨན་བཙུན་འཁོར་དང་བཅས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས་སུ་གསོལ། །བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད། །ཨོཾ་བཛྲ་པྲ་མོ་ཧ་ཧྲིཾ་ཧྲིཾ་ཛཿཛཿ མ་མཱ་ལ་ལཱ་ལི་ལཱི་སྲིང་འགྲོ་ཧཱུྃ་སིདྡྷི་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། མི་ནོར་ཟས་གསུམ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ངན་ནེ་མ་ནི། བྷྱོ། བསིལ་བ་ཚལ་དང་ཉེ་བའི་ཚནྡྷོ་ཧ། །བདེན་བྲལ་མུན་པ་ཅན་གྱི་དུར་ཁྲོད་ནས། །དཀོར་གྱི་སྲུང་མ་རྡོ་རྗེ་ངན་ནེ་མ། །འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས། །དཀོར་རྣམས་སྲུང་ཞིང་སྤེལ་བའི་ཕྲིན་ལས་མཛོད། །ཨོཾ་ར་ལི་པྲ་མ་ཡ་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་རཱ་ག་ཨ་སྱས་བསྒྲིགས་པ་དགེའོ། །མངྒ་ལཾ།། །།
སློབ་དཔོན་པདྨ་རྒྱལ་པོས་མཛད་པའི་བཙན་གྱི་མདོས་ཕྲན་བཀླག་ཆོག་ཏུ་བསྡེབས་པ་ (Volume 44, Text 3)
༄༅། །སློབ་དཔོན་པདྨ་རྒྱལ་པོས་མཛད་པའི་བཙན་གྱི་མདོས་ཕྲན་བཀླག་ཆོག་ཏུ་བསྡེབས་པ་བཞུགས་སོ། ། དབང་དྲག་པདྨའི་སྐུ་ལ་ཕྱག་འཚལ་ལོ། །བཙན་མདོས་ལ་རིན་པོ་ཆེའི་སྣོད་དུ། བཙན་བཤོས་དམར་པོ་གཅིག་ལ་མདུང་དར་དམར་པོ་བཙུགས། དེའི་མཐར། ཁྱི་དམར། རྟ་དམར། ར་དམར། དགོ་བ། གླ་བ། འུག་པ། སྲིན་བྱ། བྱ་ཕོ་མཚལ་ལུ། སྤྱན་གཟིགས་སྣ་ཚོགས། ནམ་མཁའ་བཅས་ཐམས་ཅད་དམར་པོ། རྒྱང་བུ་དམར་པོ་བཙུགས། ཕུད་དང་རིན་ཆེན་བདར་ལ། རང་ཉིད་དབང་ཆེན་ལྷའི་ང་རྒྱལ་གྱིས། མདོས་ལ་ཆབ་བྲན། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་མཆོད་པ་སྤྱན་གཟིགས་མཐུན་རྫས་རྣམས་ཀྱི་མ་དག་པའི་དངོས་འཛིན་ཐམས་ཅད་རང་གི་ཐུགས་ཀ་ནས་སྤྲོས་པའི་རཾ་ལས་ཡེ་ཤེས་ཀྱི་མེས་བསྲེགས། ཡཾ་ལས་ཆོས་ཉིད་ཀྱི་རླུང་གིས་གཏོར། ཁཾ་ལས་མཚན་མེད་ཀྱི་ཆུས་བཀྲུས། ཨོཾ་གྱིས་ཇི་ལྟར་འདོད་པའི་ལོངས་སྤྱོད་ལྔར་གྱུར། ཨཱཿས་ནམ་མཁའི་མཐའ་ཁྱབ་ཏུ་སྤེལ། ཧཱུྃ་གིས་བདུད་རྩིའི་རང་བཞིན་དུ་ཟད་མི་ཤེས་པར་བྱས། སྭཱས་གཟུགས་བརྙན་རྣམས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་དང་ལྡན་པ། ཧཱས་མགྲོན་སོ་སོའི་རེ་བ་ཡིད་བཞིན་དུ་སྐོང་བའི་ནུས་པ་དང་ལྡན་པར་གྱུར། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སཱུ་ར་སཱུ་ར་ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོཿ བཛྲ་སྥ་ར་ཎ་ཁཾ། ཞེས་དཔྲལ་བར་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་སྔགས་དང་བཅས་པ་ལན་གསུམ་དང་། སྤྲོ་ན་སྔགས་དྲུག་ཕྱག་དྲུག་གིས་བརླབ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད། དེ་ནས་སྤྱན་དྲང་བ་ནི། ཀྱེ༔ འབྱུང་བ་བྲག་གི་ཐེམ་སྟེང་ནས༔ རིན་ཆེན་བྲག་ཕུག་བསྭེ་སྒོ་ཅན༔ གཡུ་ཡི་རེ་བཞི་ཐངས་སེ་ཐང༔ བྱེ་རུ་དམར་པོའི་གཡག་ཤིང་ལ༔ རིན་ཆེན་ཟངས་ཀྱི་ལྡེ་མིག་ཅན༔ སྐུ་མཁར་དེ་ཡི་ནང་ཤེད་ན༔ རིན་ཆེན་སྣ་ཚོགས་འབྱུང་བའི་བདག༔ དེ་ན་བྲག་བཙན་དམར་པོ་བཞུགས༔ སྐུ་མདོག་དམར་པོ་ལྡན་པ་ལ༔ རལ་པ་དམར་པོ་གྱེན་དུ་འཁྱིལ༔ སྤྱན་མིག་དམར་པོ་འབུར་ཚུགས་བལྟ༔ སྙན་ནས་སྲིན་འབུ་དམར་པོ་འཕྱོ༔ ཤངས་ནས་རླུང་དམར་འཚུབ་མ་གཏོང༔ སྤྱན་ནས་མེ་འོད་དམར་པོ་འཕྲོ༔ བསེ་ཡི་བེར་ཆེན་སྐུ་ལ་གསོལ༔ བསྭེ་ཡི་ལན་ཕྲན་དམར་པོ་ཅན༔ གཡས་པས་བསྭེ་ཡི་མདུང་དམར་བསྣམས༔ གཡོན་པས་བསྭེ་ཡི་མདའ་གཞུ་བསྣམས༔ ཆིབས་སུ་བཙན་རྟ་དམར་པོ་འཆིབ༔ བསྭེ་ཡི་སྒ་ལ་གཡུ་ཡི་མཐུར༔ དུང་ཡོབ་གསེར་གྱི་གློ་ལེན་ཅན༔ བསྭེ་ཕུབ་དམར་པོ་རྒྱབ་ན་ཁུར༔ ཁྲག་གཟེར་ཕོ་ལྷོག་ནད་ཀྱི་བདག༔ བཙན་གྱི་ཤོ་ཁ་དགྲ་ལ་འགྱེད༔ ཞགས་པ་དམར་པོ་དགྲ་ལ་འཕེན༔ གདུག་པའི་བཙན་ཕྲན་སི་ལི་ལི༔ འཁོར་གྱི་བཙན་ཕྲན་ཤ་ར་ར༔ བསྭེ་བྱ་དམར་པོ་དགྲ་ལ་འགྱེད༔ སྐྱེས་པ་དར་མའི་སྲོག་གཅོད་བྱེད༔ ན་ཆུང་དར་མའི་སྲིས་ལ་རྐུ༔ ཁྲ་དང་བྱ་ཁྲ་འུག་པ་གཏོང༔ བྲག་ཤ་གླ་བ་རོལ་དུ་ཁྲིད༔ བྲག་གི་རྩངས་པ་གཡས་ན་འགྱེད༔ སྲིན་བྱ་བུ་མོ་ཐན་ལ་འགྱེད༔ འཁོར་དུ་བཙན་ཕྲན་མང་པོས་བསྐོར༔ བཀའ་ཡི་བྲག་བཙན་དམར་པོ་ཁྱོད༔ དེ་རིང་སྲིད་པའི་མདོས་ལ་གཤེགས༔ ཨོཾ་ཤུ་ལ་ཏྲི་ས་མ་ཡ་ཛ་ཛ༔ ཞེས་ལན་ཉེར་གཅིག་སོགས་ཀྱིས་མགྲོན་དུ་བོས། དེ་ནས་མདོས་བསྔོ་བ་ནི། ཀྱེ༔ ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས༔ ནམ་མཁའ་མཛོད་དུ་བྱིན་བརླབས་པའི༔ མདོས་གླུད་ཡས་སྟགས་དཀོར་ཆའི་ཚོགས༔ ང་རྒྱལ་བཙན་གྱི་ཚོགས་ལ་བསྔོ༔ རིན་ཆེན་རང་བཞིན་རི་རབ་སྟེང༔ དགོས་འདོད་འབྱུང་བའི་དཔག་བསམ་འཁྲུངས༔ འཇའ་ལྟར་བཀྲ་བའི་གུར་ཁྱིམ་ཕུབ༔ ཁམས་གསུམ་ནམ་མཁའ་དར་གྱིས་བརྒྱན༔ བླ་སྲོག་ཆགས་པའི་གཟུགས་བརྙན་བཀོད༔ རིགས་མཐུན་ནམ་མཁའ་རྒྱང་བུ་དང༔ མདའ་ཁྲ་འཕང་ཁྲ་རྟེན་དུ་བཙུགས༔ ཤ་ཁྲག་བཤོས་བུ་སྣ་ཚོགས་དང༔ དཀར་དམར་ཇ་ཆང་ཁྲག་སྐྱེམས་བཤམས༔ རི་དྭགས་སྣ་ཚོགས་མཆོང་རྒྱུག་བྱེད༔ གཅན་གཟན་དུ་མ་ངར་སྐད་འདོན༔ འདབ་ཆགས་སྣ་ཚོགས་འཕུར་ཞིང་ལྡིང༔ མཁོ་དགུའི་ལོངས་སྤྱོད་རི་ལྟར་སྤུངས༔ སྣོད་བཅུད་འབྱོར་པ་མ་ཚང་མེད༔ སྲིད་པའི་མདོས་ཆེན་ངོ་མཚར་ཅན༔ དེ་རིང་སྔགས་འཆང་བདག་གིས་གཏོང༔ མདོས་བདག་ཐམས་ཅད་མདོས་ལོངས་ཤིག༔ གླུད་བདག་ཐམས་ཅད་གླུད་ལོངས་ཤིག༔ སྤྱི་བཙན་ཆེན་པོ་མདོས་བཞེས་ཤིག༔ འབྱུང་བའི་བཙན་རྣམས་མདོས་བཞེས་ཤིག༔ སྐྱེས་བུ་ལུང་བཙན་མདོས་བཞེས་ཤིག༔ གནམ་བཙན་འཕྲུལ་བུ་མདོས༴ གངས་བཙན་རུམ་བུ་མདོས༴ སུལ་རི་གཡའ་བཙན་མདོས༴ སྤང་བཙན་འབར་ཏེ་མདོས༴ བྲག་བཙན་འབར་རྗེ་མདོས༴ ས་བཙན་ཏིང་བ་མདོས༴ ནགས་བཙན་རྔམ་པ་མདོས༴ ཀླུ་བཙན་དྲག་པོ་མདོས༴ ཨག་སེ་སེ་བཙན་མདོས༴ ཙ་ཙ་རམ་རམ་མདོས༴ བྲག་བཙན་ཤོར་བ་ཨང་མི་སྟེར༔ དུ་བ་ཚེ་དང་ར་བ་ཚེ༔ སྲིད་པ་སྐོར་ལགས་མདོས༴ ཐང་ཁྲོལ་སྟོང་ལམ་ཁ་ཆེ་དང༔ རྡོ་རྗེ་ལེགས་པ་མདོས༴ ཡེ་བཙན་རྔམ་པ་མདོས༴ ཡ་བ་རྐྱ་ཚོགས་མདོས་བཞེས་ཤིག༔ མགོ་བརྙན་རྣམ་པ་སྣ་ཚོགས་ཅན༔ བཙན་ཁྲོམ་སིལ་མ་མདོས་བཞེས་ཤིག༔ ཁྱད་པར་དམིགས་ཡུལ་སྦྱིན་བདག་གི༔ མི་ལ་ན་ཚ་ཕྱུགས་ལ་གོད༔ མི་འདོད་སྣ་ཚོགས་སྐྱེད་པ་ཡི༔ གནོད་བྱེད་བཙན་རྣམས་མདོས་བཞེས་ཤིག༔ གདུག་རྩུབ་བཏང་པ་སླར་སྡུས་ལ༔ ནད་དང་གདོན་ལས་གྲོལ་བར་མཛོད༔ ཆོས་དབྱིངས་འགྱུར་བ་མེད་པ་དང༔ རྟེན་འབྲེལ་མི་བསླུའི་བདེན་པའི་སྟོབས༔ ཏིང་འཛིན་སྔགས་དང་ཕྱག་རྒྱའི་མཐུས༔ ཇི་ལྟར་བསྔོས་བཞིན་ཐོབ་གྱུར་ཅིག༔ ཚར་གྲངས་བྱེད་ནའང་མཐུན་རྫས་ཅི་རིགས་པས་མདོས་གསོ་བྲན་བྱས་ལ་བསྔོ་བ་བསྐྱར། མཐར་གཤེགས་སུ་གསོལ་བ་ནི། ཀྱེ༔ བྲག་བཙན་དམར་པོ་མདོས་གླུད་ལོངས༔ བྲག་བཙན་དམར་པོ་ད་སྐྱོད་ཅིག༔ རི་ལུང་མེད་པར་དྲག་ཏུ་རྒྱུགས༔ ཞགས་པ་དམར་པོ་དགྲ་ལ་ཐོབས༔ བཙན་གྱི་གྲུ་གུ་དམར་པོ་སྡོགས༔ བདག་ཅག་རྣལ་འབྱོར་འཁོར་བཅས་ལ༔ བཙན་ནད་གཟེར་ནད་མ་གཏོང་ཞིག༔ བཙན་ནད་གཟེར་ནད་དགྲ་ལ་ཟློགས༔ བྲག་བཙན་དང་ནི་ཆུ་བཙན་དང༔ ས་བཙན་དང་ནི་གཡའ་བཙན་དང༔ སྤང་བཙན་དང་ནི་ནགས་བཙན་དང༔ སུལ་མ་སྟོང་གི་བཙན་རྣམས་དང༔ གོང་གསུམ་རྒྱུ་བའི་བཙན་རྣམས་དང༔ ལུང་གསུམ་མདའ་ཡི་བཙན་རྣམས་དང༔ ལྷ་བཙན་དང་ནི་ཀླུ་བཙན་དང༔ གྲི་བཙན་དམར་པོ་ལ་སོགས་པ༔ དྲེགས་པ་བཙན་ཆེན་འཁོར་བཅས་ལ༔ དེ་རིང་སྲིད་པའི་མདོས་འབུལ་ལོ༔ དེ་རིང་སྲིད་པའི་གླུད་ལོངས་ཤིག༔ བཙན་གྱི་ནད་རྣམས་ཟློག་ཏུ་གསོལ༔ སྔགས་འཆང་ཡོན་བདག་འཁོར་བཅས་ལ༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཁྱོགས༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ རང་རང་གནས་སུ་བདེ་བར་སོང༔ ཨོཾ་ཤུ་ལ་ཏྲི་ས་མ་ཡ་ཏྲི་ཤཾ་རྦད་རྦད་བྷྱོ་བྷྱོ་ཟློག་ཟློག༔ ཅེས་བརྗོད་ཅིང་མདོས་གནོད་པའི་ཕྱོགས་སམ་བྲག་དམར་པོའི་རྩར་བཏང་། དྲག་སྔགས་ཀྱིས་མཚམས་བཅད་སྲུང་འཁོར་བསྒོམ། ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ། །བཙན་གྱི་བཀར་མདོས་སློབ་དཔོན་པདྨ་རྒྱལ་པོས་མཛད་པ་བོན་པོ་དྲག་རྩལ་གྱི་གཏེར་མར་གྲགས་པའི་ངག་འདོན་བཀླག་ཆོག་ཏུ་བྲིས་པ་དགེ །མངྒ་ལཾ་བྷ་བ་ཏུ།། །།
རྫོགས་པ་ཆེན་པོ་ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་སྔོན་འགྲོའི་འདོན་ཆ་ཟུར་དུ་བཀོལ་བ་ཡེ་ཤེས་ལམ་འཇུག་ (Volume 59, Text 3)
༄༅། །རྫོགས་པ་ཆེན་པོ་ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་སྔོན་འགྲོའི་འདོན་ཆ་ཟུར་དུ་བཀོལ་བ་ཡེ་ཤེས་ལམ་འཇུག་ཅེས་བྱ་བ་བཞུགས་སོ། ། པདྨའི་མགོན་དང་དབྱེར་མེད་པ། །པདྨའི་མཚན་ཅན་རྡོ་རྗེ་འཆང་། །ཕྱི་ནང་གསང་བར་ཤར་བའི་དབྱིངས། །ཡེ་ཤེས་གཅིག་གི་ངོ་བོར་འདུད། །ཐར་ལམ་བདེར་འཇུག་བཞོན་པའི་མཆོག །གཞི་དབྱིངས་ཁང་པར་བགྲོད་པའི་སྐས། །སྔོན་འགྲོ་ཐུན་དང་ཐུན་མིན་པས། །སྐལ་ལྡན་རང་རྒྱུད་སྦྱོངས་ཤིག་ཀྱེ། །ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་ཁྲིད་ཆེན་བརྒྱད་ལས་སྔོན་འགྲོ་རྟེན་གྱི་གང་ཟག་སྒྲོམ་དུ་གཞུག་པའི་ཁྲིད་ཀྱི་ངག་འདོན་ནི། སྟན་བདེ་བར་ལུས་གནད་བཅས་ལ། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ།། གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །དུས་ཀྱིས་བསྙེན་ནས་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེ་བུ་དག་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་འཆི་མེ་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་བ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །ཞེས་ཚིག་གང་ཡང་རུང་བས་གསལ་གདབ་སྟེ་འདུས་བྱས་མི་རྟག་པ་བསམ་པ་སྔོན་དུ་འགྲོ་བའི་བློ་ལྡོག་རྣམ་བཞི་རྒྱུད་ལ་ཅི་འགྲོར་བྱ། སྔོན་འགྲོ་དངོས་ལ་གཉིས། སྤྱི་དང་ཁྱད་པར་རོ། །དང་པོ་ལ་བཞི། སྐྱབས་སེམས། ཚོགས་གསག །རྡོར་སེམས། མཎྜལ་གསོལ་འདེབས་དབང་བཞི་ལེན་པའོ། །དང་པོ་ནི། རང་མདུན་ནམ་མཁར་འཇའ་འོད་ཀློང་། །པད་སྡོང་ཉི་ཟླའི་གདན་གྱི་སྟེང་། །བླ་མ་གསང་འདུས་རྒྱལ་བའི་སྐུ། །མཚོ་རྒྱལ་ཡུམ་དང་མཉམ་པར་སྦྱོར། །ཕྱོགས་དུས་སྐྱབས་གནས་ཀུན་འདུས་གྱུར། །ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ན༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་ཚིགས་བདུན་གསོལ་འདེབས་ཀྱིས་བྱིན་དབབ་པ་སྔོན་དུ་འགྲོ་བས། སྐྱབས་འགྲོ་ནི། ཀྱཻ༔ དཀོན་མཆོག་གསུམ་གྱི་རང་བཞིན་བྱང་ཆུབ་སེམས༔ བདག་སོགས་འགྲོ་བ་ཀུན་ལ་དགོངས་སུ་གསོལ༔ སངས་རྒྱས་ཆོས་དང་དགེ་འདུན་ལ༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ལ༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ ཞེས་ཅི་ནུས་བརྗོད་ལ་མཐར། བླ་མ་འོད་ཞུ་སྤྱི་བོར་ཐིམ། །བདག་རྒྱུད་བྱིན་གྱིས་བརླབས་པར་གྱུར། །སེམས་བསྐྱེད་པ་གཏེར་གཞུང་རྡོ་རྗེའི་ཚིག །ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར༔ རང་རྒྱུད་གཟུང་འཛིན་གྱི་ཞགས་པས་བཅིངས་པ་ལས་གྲོལ་བར་བྱ་བའི་ཕྱིར༔ བདག་གིས་ཐེག་པ་མཆོག་གི་ཆོས་ལ་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱིས་ནན་ཏན་དུ་འབད་པར་བྱའོ༔ ཞེས་པའམ། འབུམ་ཐེར་སོགས་གྲངས་གསོག་ན། མཁའ་ཁྱབ་འགྲོ་ཀུན་སྡུག་བསྔལ་འཁོར་བའི་མཚོར། །གཟུང་འཛིན་འཁྲུལ་པས་བཅིངས་ལས་དགྲོལ་བའི་ཕྱིར། །བདག་གིས་ཐེག་མཆོག་ཐོས་བསམ་སྒོམ་ལ་འབད། །ཀུན་ཀྱང་གདོད་མའི་ཀློང་དུ་རང་གྲོལ་ཤོག །ཅེས་སྔ་མའི་ཚིག་དོན་བརྗོད་བདེར་བསྡུས་པས་ཀྱང་རུང་ངོ་། །གཉིས་པ་ཚོགས་གསག་ནི། ཚིག་རེ་རེ་བཞིན་དོན་དྲན་ཏེ་དལ་ལ་སྐབས་ཕྱེད་པས། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་སྐོར༔ ལྷུན་གྱིས་གྲུབ་པར་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་བརྒྱ་སྟོང་དུ་བསྐྱར་རོ། །གསུམ་པ་རྡོར་སེམས་ནི། སྤྱི་གཙུག་པད་ཟླའི་གདན་སྟེང་དུ༔ བླ་མ་རྡོ་རྗེ་སེམས་དཔའི་སྐུ༔ སྐུ་མདོག་ཤེལ་འདྲའི་ཐུགས་ཀ་རུ༔ ཟླ་སྟེང་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ དེ་ལས་བདུད་རྩིའི་ཆུ་རྒྱུན་བབས༔ བདག་གི་ཉམས་ཆག་སྒྲིབ་དག་གྱུར༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ༔ ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན྄༔ སརྦ་ཏ་ཐཱ་ག་ཏཱ༔ བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཞེས་བརྒྱ་སྟོང་ཁྲི་འབུམ་སྐབས་སུ་སྦྱར་ནས་བཟླས་པའི། མཐར་ཐལ་མོ་སྙིང་གར་སྦྱར་ལ། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་ཆེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་དབུགས་དབྱུང་གི་གནང་བ་ཐོབ་པར་མོས་ལ། བླ་མ་རྡོ་རྗེ་སེམས་དཔའ་ཉིད༔ དགྱེས་པ་ཆེན་པོས་རང་ལ་ཐིམ༔ རང་ཡང་ཀུན་གཞི་མ་བཅོས་པའི༔ ངང་ལ་ཡིད་ནི་འཛིན་པ་བྲལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཞེས་སྡིག་སྦྱོང་གི་རྒྱལ་པོ་རང་རིག་དོན་དམ་གྱི་ཀློང་དུ་མཉམ་པར་གཞག་གོ །བཞི་པ་མཎྜལ་གསོལ་འདེབས་དབང་ལེན་ནི། བདག་ཉིད་སྐད་ཅིག་རྟ་མགྲིན་དམར། །ཕག་མོ་མཐིང་གར་མཉམ་པར་སྦྱོར། །གྲི་ཐོད་བསྣམས་ཤིང་བདུད་བཞི་བརྫིས། །དུར་ཁྲོད་ཆས་ལྡན་ཡེ་ཤེས་ཀྱི། །མེ་ཕུང་ཀློང་ན་གསལ་བར་གྱུར། །ཅེས་བསྒོམས་ལ། ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་བརྒྱའམ་ཉེར་གཅིག་བརྗོད། མཎྜལ་ཚོམ་བུ་བཀོད་དེ་གླིང་བཞི་རི་རབ་འདོད་ཡོན་མཆོད་པའི་སྤྲིན་ཕུང་གི་དབུས་སུ་རི་རབ་རྩེའི་ཁང་བཟང་དུ་བླ་མ་གསང་འདུས་ཡབ་ཡུམ་གསལ་བ་ལ་ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ། དེ་ལ་དབང་ཡོན་མཎྜལ་འབུལ་བའི་འདུན་པ་དང་བཅས། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་བི་ཤུདྡྷོ྅་ཧཾ༔ མཎྜལ་རང་བཞིན་སྟོང་པ་ཉིད་དུ་གྱུར༔ རཏྣ་ཏྲཱཾ༔ གཞི་རྣམ་པར་དག་པ་དབང་ཆེན་གསེར་གྱི་ས་གཞི༔ བཛྲ་རེ་ཁེ་ཧཱུྃ༔ ཕྱི་ལྕགས་རི་མུ་ཁྱུད་ཀྱིས་བསྐོར་བའི་ནང་གི་བགེགས་ཐམས་ཅད་བསྐྲད་ཅིང་བསྲུང་བར་གྱུར༔ བཛྲ་རཀྵ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབྷྲཱུྃ༔ དབུས་སུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་རི་རབ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབྷྲཱུྃ༔ ཤར་ལུས་འཕགས་པོ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབྷྲཱུྃ༔ ལྷོ་ཛམྦུའི་གླིང༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབྷྲཱུྃ༔ ནུབ་བ་ལང་སྤྱོད༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབྷྲཱུྃ༔ བྱང་སྒྲ་མི་སྙན༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབྷྲཱུྃ༔ ལུས་དང་ལུས་འཕགས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབྷྲཱུྃ༔ རྔ་ཡབ་དང་རྔ་ཡབ་གཞན༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབྷྲཱུྃ༔ གཡོ་ལྡན་དང་ལམ་མཆོག་འགྲོ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབྷྲཱུྃ༔ སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ༔ སཱུརྻཱ་ཡ༔ ཤར་དུ་ཉི་མ༔ ཙནྡྲཱ་ཡ༔ ནུབ་ཏུ་ཟླ་བ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབྷྲཱུྃ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབྷྲཱུྃ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབྷྲཱུྃ༔ རི་རབ་གླིང་བཞི་ལྕགས་རིའི་ཁོངས་ས་གཞི་བར་སྣང་གང་བ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན༔ འདོད་ཡོན་ལྔ་ལ་སོགས་པ་ཕྱི་ནང་གསང་བའི་མཆོད་པ༔ བྱང་ཆུབ་སེམས་དཔའ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ་བསམ་གྱིས་མི་ཁྱབ་པས་ཡོངས་སུ་གང་བ་འདི་ཉིད༔ ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པ་ལ་དབང་བཞི་ཡོངས་སུ་རྫོགས་པར་ཞུ་བའི་ཡོན་དུ་འབུལ་བར་བགྱིའོ༔ མདུན་གྱི་སྟེགས་སུ་གཞག །ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་བཛྲ་ས་མཱ་ཛ༔ སྔགས་ལན་གསུམ། སེ་གོལ་བསྣོལ་མར་གདབ་ཅིང་མཎྜལ་གྱི་རྒྱ་བྱས་ལ། ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་རཏྣ་མཎྜ་ལ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ༔ ན་མོ༔ བཀོད་པ་མཛེས་ལྡན་རིན་ཆེན་མཎྜལ་མཆོག༔ རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླས་བརྒྱན༔ རིན་ཆེན་འདོད་ལྔ་ཀུན་བཟང་མཆོད་སྤྲིན་གཏིབས༔ དཀོན་མཆོག་བླ་མ་ཡི་དམ་མཁའ་འགྲོ་མཆོད༔ བླ་མེད་མཆོད་བཞེས་མཆོག་གི་དངོས་གྲུབ་སྩོལ༔ བདག་སོགས་འགྲོ་བ་མ་ལུས་བསྐྱབ་ཏུ་གསོལ༔ ཞེས་ལན་ཁ་ཤས་བསྐྱར་ནས་ཕུལ་ལ། མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས༔ བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང༔ དུས་གསུམ་རྒྱལ་བའི་དགོངས་པ་རྫོགས་པ་དང༔ སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང༔ ནམ་མཁའ་མཉམ་པའི་འགྲོ་རྣམས་སྒྲོལ་བར་ཤོག༔ ཁྱེད་ལ་བདག་གི་ཡུལ་འཁོར་ནོར༔ རབ་ཏུ་གཅེས་དང་ཡིད་འཐད་འབུལ༔ བདོག་པ་ཐམས་ཅད་ཡོངས་བཏང་སྟེ༔ སྒྱུ་ལུས་བླ་མའི་བྲན་དུ་འབུལ༔ དེ་ནས་འབྲུ་གསུམ་ལ་བརྟེན་ནས་དབང་བཞི་ལེན་པ་ནི། ཨོཾ་ཨཱཿཧཱུྃ༔ ལན་གསུམ། བླ་མ་ལ་གསོལ་བ་འདེབས༔ ལན་གསུམ། བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ ལན་གསུམ། ཨོཾ་ཨཱཿཧཱུྃ༔ ལན་གསུམ། བླ་མ་ལ་གསོལ་བ་འདེབས༔ ལན་གསུམ། བླ་མ་ལོངས་སྤྱོད་རྫོགས་སྐུ་ལ་གསོལ་བ་འདེབས༔ ལན་གསུམ། ཨོཾ་ཨཱཿཧཱུྃ༔ ལན་གསུམ། བླ་མ་ལ་གསོལ་བ་འདེབས༔ ལན་གསུམ། བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ ལན་གསུམ། ཨོཾ་ཨཱཿཧཱུྃ༔ ལན་གསུམ། བླ་མ་ལ་གསོལ་བ་འདེབས༔ ལན་གསུམ། བླ་མས་མི་མཐུན་རྐྱེན་དང་བར་ཆད་བསལ་དུ་གསོལ༔ ལན་གསུམ། ཨོཾ་ཨཱཿཧཱུྃ༔ ལན་གསུམ། བླ་མ་ལ་གསོལ་བ་འདེབས༔ ལན་གསུམ། བླ་མས་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། ཨོཾ་ཨཱཿཧཱུྃ༔ ལན་གསུམ། བླ་མ་ལ་གསོལ་བ་འདེབས༔ ལན་གསུམ། བླ་མས་མཆོག་ཐུན་མོང་གི་དངོས་གྲུབ་བསྩལ་དུ་གསོལ༔ ལན་གསུམ། ཨོཾ་ཨཱཿཧཱུྃ༔ ལན་གསུམ། བླ་མ་ལ་གསོལ་བ་འདེབས༔ ལན་གསུམ། བླ་མས་མཐུན་པའི་ལམ་སྣ་དབྱིངས་སུ་དྲང་དུ་གསོལ༔ ལན་གསུམ། ཨོཾ་ཨཱཿཧཱུྃ༔ ལན་གསུམ། བླ་མ་ལ་གསོལ་བ་འདེབས༔ ལན་གསུམ། ཀྱེ་ཀྱེ་བླ་མ་རིན་པོ་ཆེ༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ འགྲོ་བ་ཀུན་གྱི་གཉེན་གཅིག་པུ༔ མགོན་མེད་བདག་ལ་ཐུགས་རྗེས་གཟིགས༔ བླ་མ་རྡོ་རྗེ་སེམས་དཔའ་ཆེ༔ རེ་ཞིང་ལྟོས་པའི་གཉེན་གཅིག་པོ༔ བདག་ལ་རེ་ས་གཞན་ན་མེད༔ སྡུག་བསྔལ་འདམ་ནས་དྲང་དུ་གསོལ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ཁྱེད་ལ་བདག་ཉིད་བྲན་དུ་འབུལ༔ སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པས༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ བླ་མ་སངས་རྒྱས་ཕྲིན་ལས་མཛད༔ བདག་ལ་དབང་སྐུར་བྱིན་བརླབས་ནས༔ མཐའ་ཡས་སེམས་ཅན་མ་ལུས་ཀུན༔ འདྲེན་པའི་བླ་མར་བདག་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་རྒྱལ་པོ་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སཾ་བྷ་ཝ་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བློ་ལྡན་མཆོག་སྲེད་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཉི་མ་འོད་ཟེར་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཤཱཀྱ་སེང་གེ་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སེང་གེ་སྒྲ་སྒྲོག་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རྡོ་རྗེ་གྲོ་བོ་ལོད་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་ཌཱ་ཀི་ནཱི་སིདྡྷི་ཧཱུྃ་ཧཱུྃ༔ བླ་མ་ཡབ་ཡུམ་གཉིས་མེད་པའི༔ སྤྱི་གཙུག་ཨོཾ་ལ་མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ་ལ་ལྟེ་བར་ཧྲཱི༔ ཡུམ་གྱི་ལྟེ་བར་མ་ཡིག་གསལ༔ དེ་ནས་ཡབ་ཡུམ་སྤྱི་གཙུག་ནས༔ ཨོཾ་དཀར་འོད་ཟེར་དང་བཅས་པ༔ བདག་གི་སྨིན་མཚམས་མཛོད་སྤུར་བབས༔ བུམ་དབང་ཐོབ་ནས་ལུས་སྒྲིབ་དག༔ སྐུ་ཡི་དངོས་གྲུབ་ཐོབ་པར་བསམ༔ དེ་ནས་ཡབ་ཡུམ་མགྲིན་པ་ནས༔ ཨཱཿདམར་འོད་ཟེར་དང་བཅས་པ༔ བདག་གི་ལྕེ་ཡི་དབང་པོར་བབས༔ གསང་བའི་དབང་ཐོབ་ངག་སྒྲིབ་དག༔ གསུང་གི་དངོས་གྲུབ་ཐོབ་པར་བསམ༔ དེ་ནས་ཡབ་ཡུམ་ཐུགས་ཀ་ནས༔ ཧཱུྃ་མཐིང་འོད་ཟེར་དང་བཅས་པ༔ བདག་གི་སྙིང་གི་དཀྱིལ་དུ་བབས༔ ཡེ་ཤེས་དབང་ཐོབ་ཡིད་སྒྲིབ་དག༔ ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ༔ དེ་ནས་ཡབ་ཡུམ་ལྟེ་བ་ནས༔ ཧྲཱིཿམ་འོད་ཟེར་ལྔར་བཅས་པ༔ བདག་གི་ལྟེ་བའི་དཀྱིལ་དུ་བབས༔ སྒོ་གསུམ་ཐ་དད་འཛིན་སྒྲིབ་དག༔ དབྱེར་མེད་ལྷན་སྐྱེས་དབང་བཞི་ཐོབ༔ བདག་བདེ་སེམས་ཅན་ཀུན་བདེར་གྱུར༔ ཚོགས་ཞིང་གི་མཎྜལ་སྣང་སྲིད་བླ་མ་ལ་འདུས༔ བླ་མ་རང་གི་སྤྱི་གཙུག་ཏུ་བྱོན༔ ཡབ་ཡུམ་སྦྱོར་བ་མཛད་པས་བྱང་སེམས་སུ་ཞུ་ནས༔ རང་གི་སྤྱི་མགྲིན་སྙིང་ག་ལྟེ་བ་རིམ་བཞིན་གང༔ དབང་བཞི་ཡོངས་སུ་རྫོགས་པ་ཐོབ༔ རང་ཡང་སྙིང་གའི་ཧཱུྃ་ལ་བསྡུ༔ ཧཱུྃ་ཆོས་དབྱིངས་སུ་དག་པར་གྱུར༔ ཅེས་ཡུད་ཙམ་དབྱིངས་སུ་མཉམ་པར་འཇོག་གོ། །།གཉིས་པ་ཁྱད་པར་གྱི་སྔོན་འགྲོ་བླ་མའི་རྣལ་འབྱོར་ལ། ཐོག་མར་བླ་མ་སྤྲུལ་སྐུར་བསྙེན་པ་ནི། རང་ཉིད་དཔའ་བོ་རྟ་མགྲིན་དུ་གསལ་བའི་སྤྱི་བོར་རྩ་བའི་བླ་མ་ནས་རིམ་བཞིན་བརྒྱུད་པའི་བླ་མ་རྣམས་ཀུན་བཟང་ལ་ཐུག་གི་བར་ཐོ་བརྩེགས་སུ་བཞུགས་པ་ལ་ཡེ་ཤེས་པ་སྤྱན་དྲངས་ཏེ་བསྟིམ་པ་སོགས་དོན་དྲན་བཞིན་པས། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ སོགས་ཚོགས་གསག་ཡན་ལག་བཅུ་པའི་ཚིགས་གཅད་བརྗོད། དེ་ནས་དབྱངས་དང་བཅས་གསོལ་བ་འདེབས་པ་ནི། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཆོས་སྐུ་ཀུན་ཏུ་བཟང་པོའི་ཀློང་དུ་གསོལ་བ་འདེབས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཐུགས་རྒྱུད་བྱིན་རླབས་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ལོངས་སྐུ་རྡོ་རྗེ་སེམས་དཔའི་ཀློང་དུ་གསོལ་བ་འདེབས༔ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ སྤྲུལ་སྐུ་དགའ་རབ་རྡོ་རྗེའི་ཀློང་དུ་གསོལ་བ་འདེབས༔ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ རིག་འཛིན་ཤྲཱི་སིཾ་ཧའི་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོ་རྒྱན་པདྨ་འབྱུང་གནས་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ གུ་རུ་ཆོས་ཀྱི་དབང་ཕྱུག་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ སངས་རྒྱས་ཉང་སྟོན་དབོན་པོའི་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ རྒྱལ་སྲས་མི་བསྐྱོད་རྡོ་རྗེའི་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ དྭགས་སྟོན་ཐམས་ཅད་མཁྱེན་པའི་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ གཉན་སྟོན་རྡོ་རྗེ་ཡེ་ཤེས་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ སེ་སྡིངས་སངས་རྒྱས་ཡབ་སྲས་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ གུ་རུ་ཆོས་སྐུ་འོད་ཟེར་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ མཚུངས་མེད་དཔལ་འབྱོར་དབང་ཕྱུག་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ སྤྲུལ་སྐུ་ཆོས་ཀྱི་དབང་པོའི་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ རིག་འཛིན་ཀརྨ་གུ་རུའི་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ གར་དབང་ཀརྨ་དབང་འབྱོར་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ མཉམ་མེད་བློ་མཆོག་རྡོ་རྗེའི་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ འཇམ་དབྱངས་ལེགས་བཤད་རྒྱ་མཚོའི་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ རིག་འཛིན་གྲགས་པ་དབང་ཕྱུག་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ གྲུབ་ཆེན་པདྨ་རང་ཤར་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ སྤང་སྟོན་གསང་བདག་རྡོ་རྗེའི་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཀུན་བཟང་པདྨ་ཚེ་དབང་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀློང་དུ་གསོལ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཐུགས་རྒྱུད་བྱིན་རླབས༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ ཨོཾ་ཨཱཿཧཱུྃ་མ་ཧཱ༴ དྲིན་ཅན་རྩ་བའི་བླ་མའི་ཀློང་དུ་གསོལ་བ་འདེབས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཐུགས་རྒྱུད་བྱིན་རླབས་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ བར་དུ་ལོངས་སྐུར་སྒྲུབ་པ་ནི། གསོལ་བཏབ་ཀུན་ཀྱང་བདག་ལ་ཐུགས་རྗེས་དགོངས། །དགྱེས་པས་འོད་ཞུ་ཡས་རིམ་སྤྱི་བོ་ཡི། །བླ་མ་ལ་ཐིམ་ཡབ་ཡུམ་སྦྱོར་བ་མཛད། །རྡོ་རྗེ་འཆང་ཆེན་གསང་འདུས་ཡབ་ཡུམ་གྱི། །སྐུར་གྱུར་སྙིང་གི་དབུས་བྱོན་བྱིན་བརླབས་གྱུར། །ཧཱུྃ་རིང་ཐུང་ལྔ་སྤེལ་གསོལ་འདེབས་ཀྱི་ཡུན་ཙམ་བགྲང་ངོ་། །ཐ་མ་ཆོས་སྐུར་ལས་ལ་སྦྱོར་བ་ནི། བླ་མ་ཡབ་ཡུམ་སྦྱོར་བའི་བདེ་བའི་འོད། །སྣང་སྲིད་ཀུན་ཁྱབ་འོད་ཞུ་རང་ལ་འདུས། །བདག་ཀྱང་བདེ་བའི་ངོ་བོར་འོད་ཞུ་ནས། །བླ་མ་ལ་འདུས་དེ་ཉིད་ཧཱུྃ་ཡིག་ལ། །དེ་ཡང་འོད་ཀྱི་ཐིག་ལེ་སྔོ་སྐྱར་འདུས། །དབུས་ནས་མཐར་ཡལ་སྐྱེ་མེད་དབྱིངས་སུ་དྭངས། །ཞེས་མོས་ལ། ཕཊ་བརྗོད་ཅིང་གཉུག་མའི་ངོ་བོ་ལ་ཅི་གནས་སུ་གཞག །རྗེས་ཐོབ་ཏུ་དགེ་བ་གཞན་དོན་དུ་བསྔོ་བས་རྒྱས་ཐེབས་པར་བྱའོ། །གསག་སྦྱོང་འཕྲུལ་གྱི་གསང་ལམ་ལས། །གདོད་མའི་གྲོང་དུ་འགྲོ་བ་ཀུན། །དཀའ་བ་མེད་པར་མྱུར་བགྲོད་ནས། །རྫོགས་སངས་རྒྱས་སུ་མཉམ་སྦྱོར་ཤོག །ཅེས་པའང་རང་ཉིད་ཀྱིས་སྦྱར་པའི་ཁྲིད་ཀྱི་ཟུར་འདེབས་ཡན་ལག་ཚུལ་དུ་ཀུ་སཱ་ལི་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པའི་རྣམ་ཐར་གསོལ་འདེབས་བཀྲ་ཤིས་འཁྱིལ་པའི་དབྱངས་སྙན་ (Volume 65, Text 3)
སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པའི་རྣམ་ཐར་གསོལ་འདེབས་བཀྲ་ཤིས་འཁྱིལ་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །ངེས་དོན་གནས་ལུགས་ཀྱི་རྣམ་ཐར་ལྟར་ན།ཀུན་ཁྱབ་བདེ་ཆེན་འོད་གསལ་ཆོས་ཀྱི་སྐུ། །འཁོར་འདས་སྙིང་པོ་མི་ཤིགས་ཐིག་ལེ་ཆེ། །དངོས་པོ་ཀུན་གྱི་ཁྱབ་བདག་གདོད་མའི་མགོན། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །དྲང་དོན་སྣང་ལུགས་ཀྱི་རྣམ་ཐར་ལྟར་ན།ཨོ་རྒྱན་སངས་རྒྱས་གཉིས་པའི་ཐུགས་ཀྱི་སྲས། །གཏེར་འབྱིན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་བསྒྱུར། །རྣམ་ཐར་བསམ་ཡས་སྙིགས་དུས་བསྟན་འགྲོའི་མགོན། །མཆོག་གྱུར་གླིང་པའི་ཞབས་ལ་གསོལ༴ བྱེ་བྲག་དུས་གསུམ་ལ་སྦྱར་བའི་དབང་དུ་བྱས་ནས་སྐུ་སྐྱེ་བ་སྔ་མ་ལྟར་ན། སྤྱིར་ངོ་བོ།གདོད་ནས་རབ་ཞིའི་བདུད་རྩི་བརྙེས་གྱུར་ཀྱང་། །རང་བཞིན།སྐུ་དང་ཞིང་ཁམས་རྒྱ་མཚོའི་སྤྲིན་བཀོད་དེ། །ཐུགས་རྗེ།བཟོ་སྐྱེ་མཆོག་གི་སྤྲུལ་སྐུ་མཐའ་ཡས་པས། །སྐུ་གསུང་ཐུགས་རྫུ་འཕྲུལ་གྱི།འདུལ་བཞིའི་ཆོ་འཕྲུལ་སྟོན་ལ་གསོལ༴ ཁྱད་པར་གངས་ཅན་བོད་ཀྱི་ལྗོངས་འདིར་འགྲོ་དོན་མཛད་ཚུལ་ལྟར་ན།མངའ་བདག་ཁྲི་སྲོང་རྗེའི། །སྲས་ཀྱི་ཚུལ་བཟུང་ས་བཅུའི་དབང་ཕྱུག་མུ་རུབ་བཙད་པོ་ཉིད་མཐར་ཡེ་ཤེས་འོད་ཀྱི་སྐུར་གྱུར་ཏེ།མཆོག་གི་དངོས་གྲུབ་བརྙེས། །སླར་ཡང་སྤྲུལ་པའི་གཏེར་ཆེན།སངས་རྒྱས་གླིང་པ།སོགས་ངོ་མཚར་རྨད་བྱུང་བའི། སྒྱུ་འཕྲུལ་གར་བརྒྱས་རོལ་པའི་ཚུལ་རྒྱས་པར་སྐྱེ་ཕྲེང་ལྟར།ལ་གསོལ༴ སྐུ་སྐྱེ་བ་འདི་ཉིད་ལ་རྒྱུ།ཐུགས་བསྐྱེད་ཁྱད་འཕགས་སྙིགས་མའི་འགྲོ་ལ་དགོངས། །འབྲས་བུ།ཕྲིན་ལས་ཁྱད་འཕགས་གང་འདུལ་དེར་མཐུན་སྟོན། །དབྱེར་མི་ཕྱེད་པ།རྣམ་ཐར་ཁྱད་འཕགས་སྔོན་མེད་གསང་མཛོད་འཆང་། ཁྱད་པར་གསུམ་ལྡན་ཁྱོད་ལ་གསོལ༴ དེ་ཅུང་ཟད་རྒྱས་པར་བཤད་ན། ཡེར་སྟོད་གྲྭ་ཡི་ལ་བར་དུ༔ སོགས་གཏེར་ཁ་དུ་མ་ནས་ལུང་བསྟན་པ་ལྟར་གནས་ཕུན་སུམ་ཚོགས་པ།མདོ་སྟོད་ས་ཡི་ཐིག་ལེར་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པ་དང་། སྣོད་ལྡན་གྱི་གདུལ་བྱ་འདུལ་བའི་དུས་ཕུན་སུམ་ཚོགས་པར་གཟིགས་ཏེ།བསམ་བཞིན་དུ། །རྟེན་ཕུན་སུམ་ཚོགས་པ་རྡོ་རྗེའི་ལུས་སྐྱོན་མེད་པར།སྐྱེ་བ་བཞེས་ཏེ་རབ་བྱུང་བཅུ་བཞི་པའི་ས་མོ་གླང་གི་ལོ་ཆུ་སྟོད་ཟླ་བའི་ཡར་ངོའི་ཚེས་བཅུ་རྒྱལ་ཕུར་གྱི་འགྲུབ་སྦྱོར་བཟང་པོ་ལ་སྐུ་འཁྲུངས།ནས་རྣམ་ཐར་ཕུན་སུམ་ཚོགས་པ།གཞོན་ནུའི་སྐབས་སུ་ཡང་། །ཕལ་པའི་ཡུལ་འདས་དམ་པའི་རྣམ་ཐར་གསལ་བར།སད།པ་ལ་བརྟེན་ནས། དད་ལྡན་སྤྲོ་བ་བསྐྱེད་ལ་གསོལ༴ དགུང་གྲངས།བཅུ་གསུམ་བཞེས་ཚེ་མ་ཎི་ཁར།ཨོ་རྒྱན་དངོས་སུ་མཇལ། །ཟབ་གཏེར་རྗེས་གནང་བསྩལ་ནས་བྱིན་གྱིས་བརླབས། །བྲག་དཀར་རྫོང་ཆུང་ནས།ལྷ་སྲས་ཐུགས་དམ་རྟེན་དགོངས་འདུས་བཀའ་རྟགས་མེ་ལོང་དང་རྡོ་རྗེ་ཐུགས་དམ་སྒྲུབ་ཐབས།སོགས་དངོས་གྲུབ་ཐོབ། །གུ་རུ་དྲག་པོ་ཧཱུྃ་དམར་སྙིང་ཐིག་སོགས།དགོངས་གཏེར་ཀློང་ནས་བརྡོལ་ལ་གསོལ༴ ཀར་མ་པ་ཐེག་མཆོག་རྡོ་རྗེ། སི་ཏུ་པདྨ་དབང་ཆེན། མཁན་ཆེན་བསྟན་པ་རབ་རྒྱས། འཇམ་མགོན་བློ་གྲོས་མཐའ་ཡས།འབྲུག་ཆེན་ཐམས་ཅད་མཁྱེན་པ།འབྲི་གུང་ཆོས་ཉིད་ནོར་བུ།སྟག་ལུང་མ་རིན་པོ་ཆེ་ངག་དབང་བསྟན་པའི་ཉི་མ།ཡབ་སྲས་གཙོར་གྱུར་པའི། །རིས་མེད་ཚད་མའི་སྐྱེས་ཆེན་དུ་མ་བསྟེན། །མཉེས་པ་གསུམ་གྱིས་མདོ་སྔགས་བདུད་རྩིའི་བཅུད། །ཐུགས་ཀྱི་དཔལ་བེར་བསྐྱིལ་ལ་གསོལ༴ དགུང་ལོ་ཉེར་ལྔ་པར།པད་འབྱུང་དངོས་སྣང་པདྨ་དབང་ཆེན་དང་།དངོས་སུ་མཇལ་ཞིང་། དེའི་གོང་དུ་རྗེ་ཉིད་ཀྱི་ཡང་གཏེར་ཧཱུྃ་དམར་སྙིང་ཐིག་གཟིགས་ལམ་ཕུལ་སྐབས་རྡོར་དྲིལ་རྙིང་མ་ལེགས་པ་དང་། གསེར་ཞོ་ལྔ་སོགས་བསྩལ་ནས་གཏེར་སྒྲུབ་ལ་བསྐུལ་བ་དང་། དགུང་གྲངས་བཅུ་གཉིས་པར།དཔལ་ལྡན་དཔའ་བོ་གཙུག་ལག་ཆོས་རྒྱལ་གྱིས། །བརྡའ་ཡིས་ལུང་བསྟན་དོན་གྱི་བརྒྱུད་པ་གཏད། །གེགས་སེལ་དངོས་གྲུབ་བརྙེས་ལ་གསོལ༴ དགུང་ལོ་ཉེར་ལྔ་པར།ཁྱད་པར་འཇམ་མགོན་མཁྱེན་བརྩེའི་དབང་པོ་དང་།མཇལ་བས་ཆོས་རྒྱལ་ཁྲི་སྲོང་ནས་བཟུང་སྐྱེ་ཕྲེང་བདུན་དུ། ཡབ་སྲས་འབྲེལ་བའི་ལས་ཀྱི་འཕྲོ་ཤིན་ཏུ་གསལ་བར།སད་ནས། །སྔོན་གནས་རྗེས་སུ་དྲན་པའི་ངོ་མཚར་དུ་མ་དང་། བར་ཆད་སེལ་བའི་ཆེད་ཕུར་པ་ཡང་གསང་སྤུ་གྲི་འབར་བའི་དབང་བསྐུར་གྱིས་ཐོགས་དྲངས། སེམས་ཀློང་མན་ངག་སྡེ་གསུམ་གཙོ་བོར་གྱུར་པའི་བཀའ་གཏེར་དག་སྣང་བླ་རྫོགས་ཐུགས་གསུམ་གྱི་སྐོར་སོགས་རྒྱ་ཆེར་གསན།ཐུགས་ཡིད་གཅིག་འདྲེས་ཐུགས་སྒྲུབ་བདེ་གཤེགས་ཀུན་འདུས་བར་ཆད་ཀུན་སེལ་མ་བུ་ཟུང་དུ་བསྡེབས་ནས་ཆོས་མཛོད་ཆེན་པོའི་ཟབ་གསང་ཐོག་མར་དབྱེ་བ་ནས་བརྩམ་ཟབ་མོའི་གཏེར་དང་གནས་དང་ཉམས་རྟོགས་སོགས།ངོ་མཚར་རྟེན་འབྲེལ་གྱི། །སྒོ་འཕར་བརྒྱ་ཕྲག་ཕྱེས་ཚུལ་རྒྱས་པར་གསང་བ་མཆོག་གི་རྣམ་ཐར་ལྟར།ལ་གསོལ༴ སྐྱེ་བས་ཐོབ་པའི་དྲི་མེད་ཡེ་ཤེས་སྤྱན། །དྲང་ངེས་ཆོས་ལ་ལྐོག་ཏུ་མ་གྱུར་པས། །ཇི་ལྟ་བའི་ཆོས་ཉིད་བདེན་པ་མངོན་སུམ་དུ་རྟོགས། ཇི་སྙེད་པའི་མདོ་རྒྱུད་ཀྱི་ཚིག་དོན་ཟབ་རྒྱས་ནས་བརྩམ་སྟེ་ཆོ་ག་ཕྱག་ལེན་བརྡ་ཐ་སྙད་ཕྲ་མོ་ཚུན་ཆད་མ་འདྲེས་པར་གཟིགས་པས།མཁས་དང་གྲུབ་པར་རློམ་ཀུན་ཟིལ་གནོན་པའི། །མཁྱེན་གཉིས་རྩལ་ཆེན་རྫོགས་ལ་གསོལ༴ ཡལ་འཁྱིལ་དབེན་པའི་གནས་སུ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཐུགས་དམ་ཉམས་བཞེས་ཐོག་མར་མཛད་པས་ཐོག་དྲངས།ས་སྤྱོད་གསུང་གི་འཁོར་ལོ་འོག་མིན་ཀརྨར་ལོ་གསུམ་ཕྱོགས་གསུམ།ལ་སོགས་པར། །བསྐྱེད་རྫོགས་རྫོགས་ཆེན་རྣལ་འབྱོར་མཐར་ཕྱིན་ཏེ། །འཁྲུལ་པ་ཞིག་ཅིང་ལས་བཞིར་རང་དབང་འབྱོར། །གྲུབ་པའི་གཙུག་རྒྱན་གྱུར་ལ་གསོལ༴ དགུང་ལོ་བཅུ་གསུམ་པ་ནས་གཟུང་།དག་པའི་སྣང་བར་པདྨ་འོད་ཞིང་དུ། །ཡང་ཡང་ཕེབས་ནས་བླ་མ་སྐུ་གསུམ་དང་། །རྗེ་འབངས་ཚོགས་བཅས་ཐུགས་སྒྲུབ་རྣམ་གཉིས་དང་ཟབ་པ་སྐོར་བདུན་སོགས།བསྙེན་སྒྲུབ་རྣམ་བཞི་མཛད། །ཨ་ཏི་ཟབ་དོན་སྙིང་ཏིག་སོགས།དབང་བསྐུར་ལུང་བསྟན་ཐོབ་ལ་གསོལ༴ བསྐལ་བཟང་སངས་རྒྱས་སྟོང་སོགས།རྒྱལ་བ་སྲས་བཅས་ འོག་མིན་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་སོགས།ཡི་དམ་དཔག་མེད་གཟིགས། །གནས་གསུམ།མཁའ་འགྲོ་རྣམས་དང་ཚོགས་ཀྱི་འདུ་བར་རོལ། །ལེགས་ལྡན་ཚོགས་ཀྱི་བདག་པོ་དང་དཔལ་ཨེ་ཀ་ཛཱ་ཊི་སོགས་རྒྱུད་གསུམ།དམ་ཅན་དང་དྲེགས་པ་སྡེ་ལྔ་སོགས།གཏེར་སྲུང་དཀར་ཕྱོགས་སྐྱོང་རྣམས་ཀྱིས། །ཅི་བཅོལ་བཀའ་བཞིན་བསྒྲུབས་པ་སྟེ་རྒྱས་པར་དག་སྣང་རབ་འབྱམས་ཀྱི་རྣམ་ཐར་དུ་གསལ་བ་ལྟར།ལ་གསོལ༴ བླ་མ་ཆོས་ལོངས་སྤྲུལ་སྐུ་སྐོར་གསུམ་སྒྲུབ་སྡེ་ཞི་དང་ཁྲོ། །མཉམ་སྦྱོར་མདོ་རྒྱུད་རྫོགས་ཆེན་སྡེ་གསུམ་སོགས། །སྔོན་ཆད་ས་སྟེང་མ་བྱོན་ཆོས་རྟེན་གྱི། །ནོར་བུའི་མཛོད་ཆེན་ལྷ་སྲས་ཀྱི་བཀའ་རྟགས་དང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཐོག་དྲངས་ཏེ་སྔ་ཕྱིར་གཏེར་ཁ་ཆེ་ཆུང་སུམ་ཅུ་རྩ་བདུན་ཙམ།ཕྱུང་ཚུལ་རྒྱས་པར་གཏེར་འབྱུང་ལྟར།ལ་གསོལ༴ མདོ་བྱང་ལས་ཇི་སྐད་གསུངས་པའི།མདོ་ཁམས་གནས་ཆེན་ཉེར་ལྔ་གཙོར་གྱུར་པའི། །གནས་མཆོག་བརྒྱ་རྩའི་ཞལ་རས་དངོས་བརྒྱུད་ནས། །སྣང་བར་མཛད་ཅིང་འབྲེལ་ཚད་ཀྱི།སྐྱེ་རྒུ་མཐའ་ཡས་པ། །ཐར་པའི་ཁ་ལོར་བསྒྱུར་ཚུལ་རྒྱས་པར་གནས་ཀྱི་ཡི་གེ་སྤྱི་བྲེ་བྲག་ལྟར།ལ་གསོལ༴ ཀར་འབྲུག་འབྲི་སྟག།ཡབ་སྲས་སྨིན་གླིང་ཞེ་རྫོགས་ཀཿདཔལ་སོགས།སྔ་འགྱུར་བསྟན་འཛིན་མཆོག །འཇམ་མགོན་ས་སྐྱ་པ་ཁྲི་ཆེན་བཀྲ་ཤིས་རིན་ཆེན་དང་རྭ་སྒྲེང་ནོ་མི་ཧན་སོགས།གངས་ཅན་དཔལ་མགོན་རྣམས་ཀྱི་གཙོར་མཛད་པའི། །ཀར་རྙིང་ས་དགེ།རིས་མེད་སྐྱེས་ཆེན་ཀུན་གྱིས་དངོས་དང་བརྒྱུད་པའི་སྒོ་ནས།ཞབས་ལ་བཏུད། །བླ་མའི་བླ་མར་གྱུར་ལ་གསོལ༴ ཨོ་རྒྱན་རྡོ་རྗེའི་ལུང་གིས་ཐུགས་སྒྲུབ་སྙིང་བྱང་ལས།བསྔགས་པ་ཡི། རྩ་བའི་ཆོས་བདག་རྣམ་བཅུའི་ཐོག་དྲངས་ཏེ། །ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བཀའ་རྒྱ་བཀྲོལ་ནས་ལོ་གཉིས་ཀྱི་ཁོངས་སུ་སྟོད།མངའ་རིས་ནས་གཟུང་།དབུས་གཙང་མདོ་ཁམས་མཐའ་དབུས་སུ། །ཆོས་དང་དམ་རྫས་ཀྱིས་ཁྱབ་པར་བརྡལ་བས་མཚོན།ཟབ་གཏེར་ཕྲིན་ལས་སྤེལ་ལ་གསོལ༴ འོག་མིན་ཀརྨའི་ཐོག་དྲངས་བོད་ཀྱི་ཆོས་འཁོར་གསུམ་དང་དཔལ་ཙ་རི་ཏྲའི་བར་གྱི།གནས་མཆོག་རྣམས་ལ་རྡོ་རྗེའི་བྱིན་ཆེན་ཕབ། །བསམ་ཡས་ཧས་པོ་རི་དང་དཔལ་ཆུ་བོ་རི་སོགས་སུ།སྡེ་བརྒྱད་འབྱུང་པོར་བཀའ་ནན་རབ་བརྗིད་བསྩལ། །མདོ་ཁམས་གནས་ཆེན་ཉེར་ལྔ་ཡན་ལག་དང་བཅས་པ་ཕལ་ཆེར་དང་དཔལ་བསམ་ཡས་མཆིམས་ཕུ་སོགས།ས་གནད་ཀུན་ཏུ་ཕྱི་ནང་རྟེན་འབྲེལ་བསྒྲིགས། །སྙིགས་མའི་བསྐལ་ངན་བཟློགས་ལ་གསོལ༴ མདོ་སྒྱུ་སེམས་གསུམ་དང་བླ་རྫོགས་ཐུགས་གསུམ་སོགས།ཐུན་མོང་ཐུན་མོང་མིན་པའི་སྨིན་གྲོལ་དང་། །བཀའ་གཏེར་གྱི།སྒྲུབ་ཆེན་དང་སྒྲུབ་ཕྲན་སུམ་བཅུ་རྩ་གསུམ་ཙམ་དང་ཡང་ཕུར་སོགས་ཀྱི།གར་འཆམ་བདུད་རྩི་སྨན་སྒྲུབ་དང་སྐྱེ་བདུན་རིལ་སྒྲུབ་ཀྱིས་མཚོན།མྱོང་གྲོལ་སྦྱིན་པ་སོགས། །ཕྱོགས་མེད་བསྩལ་པས་སྐྱེ་རྒུ་གྲངས་མེད་པ། །འབྲེལ་ཚད་དོན་ལྡན་མཛད་ལ་གསོལ༴ ཐུན་མོང་དུ།རྟག་འཛིན་ཅན་རྣམས་དགེ་ལ་བསྐུལ་བ་དང་། །ཁྱད་པར་རྫོགས་སྨིན་སྦྱངས་གསུམ་གྱི།དོན་མཆོག་རྒྱ་ཆེན་གཞན་ལ་གཟིགས་ནས་ཀྱང་། །སྐལ་ལྡན་སྣང་ངོར་ཆོ་འཕྲུལ་དུ་མ་བཅས། །དགུང་གྲངས་ཞེ་གཉིས་པ་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་རྟའི་ལོ་བཤོལ་དང་བཅས་པའི་ས་ག་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོར།པདྨ་འོད་དུ་གཤེགས་ལ་གསོལ༴ སྐུ་སྐྱེ་བ་ཕྱི་མར།པདྨས་ཡོངས་སུ་ཁེབས་པའི་ཞིང་ཁམས་སུ། །པད་མའི་འོད་ཟེར་རྒྱལ་བའི་སྲས་མཆོག་ནི། །པདྨའི་མྱུ་གུ་ལ་སོགས་ཕྱོགས་བཅུ་ན། །རྣམ་འཕྲུལ་མཐའ་ཡས་སྟོན་པའི་ཚུལ་ཞིབ་པར་སྐུ་གསུམ་རིགས་འདུས་ཟབ་ཏིག་དང་གཏེར་ལུང་སོགས་ལས་གསལ་བ་ལྟར།ལ་གསོལ་བ་འདེབས། །སྒོ་གསུམ་གུས་པས་གསོལ་འདེབས་བུ་རྣམས་ལ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྩོལ་བ་དང་། །སྐྱེ་བ་ཀུན་ཏུ་འབྲལ་མེད་རྗེས་བཟུང་ནས། །དག་པའི་ཞིང་ཁམས་མཆོག་ཏུ་དྲང་དུ་གསོལ། །བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །གནས་སྐབས་བསམ་དོན་ཆོས་བཞིན་འགྲུབ་པ་དང་། །རིག་འཛིན་རྣམ་བཞིའི་གོ་འཕང་བདེ་བླག་བགྲོད། །མཐར་ཐུག་བདེ་ཆེན་རྡོ་རྗེ་སེམས་འགྲུབ་ཤོག །ཟབ་གཏེར་བསྟན་པ་འཛམ་གླིང་ཀུན་ཏུ་ཁྱབ། །དེ་འཛིན་སྐྱེས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན། །ཕྲིན་ལས་རྟག་ཅིང་ཁྱབ་པའི་དགེ་ལེགས་ཀྱིས། །བཀྲ་ཤིས་ཉི་མས་ས་གསུམ་སྣང་གྱུར་ཅིག །ཅེས་རིགས་ལྡན་མཁའ་འགྲོའི་གཙོ་མོ་བདེ་ཆེན་ཆོས་སྒྲོན་གྱིས་རྟེན་དང་བཅས་པའི་གསུང་གིས་བསྐུལ་བ་དང་། མོས་ལྡན་གཞན་དག་གིས་ཀྱང་མཚམས་སྦྱར་བ་ལ་བརྟེན། ༧གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གང་དེའི་གསང་བའི་མཛོད་ཀྱིས་དབུགས་དབྱུང་བསྩལ་པ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་འམ་བློ་གྲོས་མཐའ་ཡས་པའི་སྡེས་གུས་པ་ཆེན་པོས་བྲིས་ནས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། །།
རིན་ཆེན་གཏེར་མཛོད་ཆེན་པོའི་ཁ་སྐོང་དཀར་ཆག་རིན་ཆེན་ཕྲེང་བ་ (Volume 66, Text 3)
༄༅། །རིན་ཆེན་གཏེར་མཛོད་ཆེན་པོའི་ཁ་སྐོང་དཀར་ཆག་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །རྒྱ་གར་དུ་འཕྲུལ་པར་དང་པོ་དིལ་མཁྱེན་རིན་པོ་ཆེས་བསྐྲུན་སྐབས་ཞལ་སྐོང་ཞུས་པའི་དཀར་ཆག་ཡིན་ནོ། ། སངས་རྒྱས་ཡེ་ཤེས་རྣམ་པ་ཐམས་ཅད་པ། །སྨོན་ལམ་མཐུ་ལས་ཡི་གེའི་གཟུགས་འཆར་བས། །དགེ་ལེགས་འབྱུང་གནས་ཕྲིན་ལས་རྒྱུན་མི་འཆད། །གསུང་གི་རྡོ་རྗེའི་གསང་བར་གཅིག་ཏུ་གུས། །སྟོན་དང་བསྟན་པ་དབྱེར་མེད་པའི། །རིན་ཆེན་བྱེ་བས་མི་མཚོན་པའི། །ངང་ཚུལ་ཤེས་པས་དད་པའི་བློས། །སྲི་ཞུ་སྤེལ་བའི་ཚུལ་འདི་སྤྲོ། །དེའང་སངས་རྒྱས་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གན་མཛོད་ནི་རྟོགས་པ་ཆོས་ཀྱི་སྐུ་ཡིད་བཞིན་ནོར་བུ་རིན་པོ་ཆེའི་ཕྱུར་བུར་གཏམས་པ་སྟེ། དེ་ཉིད་རང་བྱུང་ཀུན་ཁྱབ་ཀྱི་ཐུགས་རྗེ་ཆེན་པོའི་གཤིས་དང་རོ་གཅིག་པས་ཆེད་དུ་རྩོལ་བ་མེད་པར་གདུལ་བྱ་མཆོག་རྣམས་ལ་གསང་བ་ཟབ་མོའི་རྡོ་རྗེ་གསང་བའི་ཚིག་ཏུ་སྣང་བ་ནི། བསྟན་དང་སྟོན་པ་གཉིས་ཆར་འཕེལ་འགྲིབ་མེད་པ་རྟག་པ་རྒྱུན་གྱི་འཁོར་ལོར་འཆར་བས་ཚིག་དང་ཡི་གེའི་སྤྱོད་ཡུལ་ལས་འདས་ཀྱང་། གདུལ་བྱ་སྐལ་ལྡན་བློ་ཆེན་རྣམས་ལ་གསུང་ཚངས་དབྱངས་ཡན་ལག་དྲུག་ཅུས་འདོམ་པ་བཞིན་ལོངས་སུ་སྤྱོད་པ་དང་། ལས་དང་སྐལ་པ་ལྡན་པ་ལ་ནམ་མཁའ་དང་ལྗོན་ཤིང་ཆུ་ཀླུང་སོགས་ཀྱི་སྒྲ་ལས་ཀྱང་ཆོས་ཀྱི་སྒོ་རྙེད་པས་མཚོན་བྱང་ཆུབ་སེམས་དཔའི་བཟང་པོ་སྤྱོད་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཏེ་ཞི་བ་མཆོག་གི་སྒོ་འཕར་རྒྱུན་མི་ཆད་པ་འབྱེད་ཅིང་། ལྷག་པར་རྒྱུད་གཞན་གྱིས་བསྡུས་པའི་ཉི་ཚེའི་བློ་གྲོས་ཅན་རྣམས་ལའང་དབང་པོའི་བགོ་སྐལ་དང་འཚམ་པའི་ཆོས་ཀྱི་སྒོ་བགྲང་ལས་འདས་པས། བདེ་མི་ཟད་པའི་ངལ་སྟེགས་ལ་བཀོད་པར་མཛད་པའི་རྒྱལ་བའི་ཕྲིན་ལས་ཀྱི་གཙོ་བོ་ནི་དམ་པའི་ཆོས་ཁོ་ན་སྟེ། རྟོགས་པའི་ཆོས་དེ་རྗེས་སུ་མཚོན་ཕྱིར་ལུང་གི་ཆོས་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་མིང་ཚིག་ཡི་གེའི་རྣམ་པར་བསྟན་ནས། ཉན་འཆད་སྒོམ་གསུམ་གྱིས་རྟོགས་པ་ཆོས་སྐུ་དང་དབྱེར་མེད་དུ་མངོན་པར་བྱང་ཆུབ་པའི་ལམ་ལུང་རྟོགས་དམ་པའི་ཆོས་ཀྱི་རྒྱུན་ད་ལྟའང་མ་ཉམས་པ་བཞུགས་ཤིང་། དེ་ཡི་སྒྲ་ཆ་ཤས་ཙམ་ཞིག་རྣ་བ་ལ་ཐོས་པ་ཙམ་ཡང་དེ་བཞིན་གཤེགས་པས་ཚོགས་གཉིས་རྫོགས་སྨིན་སྦྱངས་པ་རྒྱ་མཚོའི་སྨོན་ལམ་སེམས་ཅན་གྱི་དོན་དུ་བསྔོས་པ་དང་། གདུལ་བྱས་རང་གི་རྣམ་དཀར་བསགས་པའི་སྟོབས་ནང་འཛོམས་པ་ལས་གཞན་དུ་ནམ་ཡང་ཐོས་པར་མི་འགྱུར་ལ། བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་སྔོན་སློབ་པ་ལམ་གྱི་དུས་སུ་སྐུ་ལུས་ལ་ཤ་ཡི་ཀོང་བུ་སྟོང་བྲུས་ཏེ་མར་མེ་སྦར་བ་དང་། མདག་མེའི་དོང་དུ་མཆོང་བ་དང་། ལྕགས་ཀྱི་གཟེར་བུ་སྟོང་གདབ་པ་དང་། དཔྱི་ལ་ཐུག་གི་བར་རྐང་པ་ཟད་བར་ཕྱིན་པ་སོགས་ཚིགས་སུ་བཅད་པ་རེ་རེའི་ཕྱིར་དུ་ཡང་དཀའ་བ་བརྒྱ་ཕྲག་དུ་མ་ཁྱད་དུ་བསད་ནས་ཆོས་ཚོལ་ཏེ་བསགས་པ། སངས་རྒྱས་གཞན་གྱིས་སྤངས་པའི་གདུལ་བྱ་བདག་ཅག་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་གདམས་པའི་ཕ་ནོར་མཆོག་ཏུ་གྱུར་པ་སྟེ། མདོར་ན་རྩོད་དུས་ཤིན་ཏུ་སྙིགས་མ་འདི་ལྟ་བུའི་སྐབས་སུ་ཡང་རྒྱལ་བསྟན་རིན་པོ་ཆེ་མདོ་སྔགས་ཡོངས་སུ་རྫོགས་པ་མ་ཉམས་པར་བཞུགས་པ་སངས་རྒྱས་དངོས་སུ་བཞུགས་པ་དང་མི་གཉིས་པའི་ཡིད་ཆེས་དང་ངོ་མཚར་བསྐྱེད་པར་འོས་ཏེ། སྔོན་གྱི་ལོ་པཎ་མཁས་གྲུབ་རྣམས་ཀྱི་མཛད་པའི་གཙོ་བོ་དམ་པའི་ཆོས་ཀྱི་མཛོད་བསགས་པ་དང་། གཙུག་ལག་ཁང་ཐམས་ཅད་གླེགས་བམ་གྱི་ཕྲེང་བས་གཏམས་པའི་ཕྱག་རྗེས་མཆིས་ལ། འདི་ལྟ་བུ་ཐོས་བསམ་སྒོམ་པའི་རྟེན་དུ་མེད་ན་རང་རེ་རྣམས་མུན་ནས་མུན་པའི་མཐར་ཐུག་ཏུ་འགྲོ་བ་ལས་འོས་མེད་པས་སྟོན་མཆོག་ལྷ་མིའི་བླ་མ་མཆོག་གི་ཞལ་སྐྱིན་དུའང་ངེས་ཤིང་། ལྷག་པར་སངས་རྒྱས་འབྱོན་པ་ལས་ཀྱང་དཀོན་པའི་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རིན་པོ་ཆེ་རྣམས་ནི་རྩ་བ་གསུམ་གྱི་བྱིན་རླབས་ཆགས་པའི་བླ་རྡོ། གླེགས་བམ་འཆང་བ་ཙམ་གྱིས་ཀྱང་དངོས་གྲུབ་སྟེར་ནུས་པའི་ཕན་བདེའི་བཙས་ཆེན་པོ་སྟེ། རྒྱུ་མཚན་དེ་ལྟ་བུ་མི་ཤེས་པ་རྣམས་ཀྱིས་གལ་ཆུང་ཆོས་ལ་བྱེད་ནས་ཟབ་རྒྱས་ཀྱི་ཚིག་དོན་འཛིན་པའི་སྡེ་སྣོད་ལས་ཁམ་རེའི་ཟས་ལ་འདམ་པའི་བྱེད་ལས་ལ་དགོངས་ནས། རྒྱལ་ཀུན་མཁྱེན་བརྩེའི་ནུས་གཟུགས་འབྲས་བུའི་སེམས་དཔའ་རིགས་གསུམ་མགོན་པོ་མཆོག་ཉིད་ཛམ་གླིང་ཆོས་ཀྱི་ཤིང་རྟ་རུ་བསམ་བཞིན་བྱོན་པའི་ཐུགས་རྗེ་ཡས་སྤྲུལ། ༧འཇམ་མགོན་ཆོས་ཀྱི་རྒྱལ་པོ་རྣམ་པ་གསུམ་གྱིས་བཀའ་ཡི་བསྡུ་བ་མཛད་པའི་མཛོད་ཆེན་རྣམ་པ་ལྔ་ཞེས་གསར་རྙིང་རིས་སུ་མ་ཆད་པའི་སྐྱེས་ཆེན་རྣམས་ཀྱི་བསྟན་པའི་གཅེས་ནོར་གྱི་མཆོད་སྡོང་ཆེན་པོར་བཞུགས་བཞིན་པ་ལས། ཟབ་ཅིང་རྒྱ་ཆེ་ཤོས་དང་ཀུན་ལ་ཐུགས་མཁོ་ཆེ་བ་ནི་རིན་ཆེན་གཏེར་གྱི་མཛོད་ཆེན་པོ་སྟེ། དེ་ཉིད་བོད་རང་བཙན་གྱི་སྐབས་སུ་ཁམས་བོད་ཀྱི་ལྗོངས་སུ་ཤིང་སྤར་དུ་བཞུགས་ཀྱང་། དུས་ཀྱི་འགྱུར་བ་ཆེན་པོས་ཕྱོགས་གང་དུའང་དཔེ་རྒྱུན་དཀོན་པོར་གྱུར་པའི་ཚེ། སངས་རྒྱས་ཀྱི་ཕྲིན་ལས་དང་རིག་འཛིན་གྲུབ་པའི་ཐུག་བསྐྱེད་སྨོན་ལམ་ནམ་ཡང་ཉམས་པ་མེད་ཅིང་བསྟན་པའི་གནས་ཚད་མ་རྫོགས་པས། བཀའ་དང་བསྟན་བཅོས་རིན་པོ་ཆེའི་ཕྲེང་བ་དག་འཕྲུལ་པར་དུ་བསྐྲུན་པའི་དགེ་མཚན་གྱི་སྐྱ་རེངས་འཆར་ཞིང་། བསྟན་འཛིན་གྱི་སྐྱེས་ཆེན་རྣམས་ཀྱིས་ཀྱང་འཆད་སྤེལ་སྒོམ་སྒྲུབ་ཀྱི་བསྟན་པའི་ཉིན་བྱེད་སྒོ་དུ་མ་ནས་ཤར་བའི་ཚེ། ཀུན་གཟིགས་འཇམ་པའི་རྡོ་རྗེ་གུ་ཎ་ས་མུ་དྲས། སྟོན་པའི་དམ་ཆོས་ཡིད་བཞིན་ནོར་བུ་ལས། །དཀོན་ཞིང་ཆེས་ལྷག་སུ་ཞིག་ཐོབ་པ་འཚེངས། །འདི་དང་གཏན་དུ་བདེ་བ་སྦྱིན་པའི་མཐུ། །ཤེས་བྱའི་ཁོངས་སུ་བཙལ་ཡང་གཞན་ལ་མེད། །སྐལ་བཟང་རྣམས་ནི་དམ་ཆོས་སྲོག་ཕྱིར་ཡང་། །མི་བཏང་ངལ་བ་བརྒྱ་ཡིས་འཚོལ་བར་བྱེད། །བློ་གྲོས་སྐལ་པས་དམན་རྣམས་རྙེད་དང་གྲགས། །འཚོལ་ཞིང་ཆོག་ཤེས་ཆོས་ལ་བྱེད་པར་མཐོང་། །སྟོན་པའི་བསྟན་པ་ལུང་དང་རྟོགས་པ་གཉིས། །དེ་འཛིན་བྱེད་པ་བཤད་དང་སྒྲུབ་པས་བྱེད། །གཉིས་ཀའི་སྒོ་ནི་ཐོས་པ་ཡིན་པའི་ཕྱིར། །མཁས་པ་རྣམས་ནི་ཐོས་པ་ཕྱོགས་མེད་བཙལ། །སྔོན་བྱོན་མཁས་དང་གྲུབ་པ་དེ་དག་གིས། །འཁྲུལ་མེད་རྒྱལ་བའི་བསྟན་པར་ཐག་ཆོད་པ། །ཐམས་ཅད་རྣམ་གྲོལ་ལམ་མཆོག་ཁོ་ན་སྟེ། །རིས་སུ་གཅོད་པ་བླུན་པོའི་བྱ་བར་ཟད། །མ་ཐོས་པ་ལ་ཆོས་དཀར་གཞི་མེད་ཅིང་། །ཐོས་པ་ཕྱོགས་རེར་ཞེན་པའང་བདུད་ཀྱི་ལས། །ཐོས་ཀྱང་སྣུམ་དྲེད་ཁྱེར་པའི་གང་ཟག་ནི། །ཐར་པ་དོན་གཉེར་རྣམས་ཀྱིས་སྤང་བྱར་གསུངས། །བློ་ནུས་པདྨའི་སྣལ་མ་ལྟར་ཕྲ་ཡང་། །དཀར་པོ་རྣམ་པར་འཕེལ་བའི་ས་བོན་དང་། །རྒྱལ་བའི་བསྟན་ལ་དད་ཅིང་དོན་གཉེར་བློས། །བགྲང་བྱ་ཐལ་ཡང་དམ་ཆོས་འཚོལ་ལ་ཞུགས། །གྲགས་ཕྱིར་མ་ཡིན་རྙེད་པའི་ཕྱིར་དུ་མིན། །གཞན་ཕན་ནུས་པའང་བདག་ལ་ཡོད་མིན་ཡང་། །ལྷག་བསམ་འབྲས་བུ་བསླུ་བ་མེད་པའི་མཐུས། །ཡི་གེ་འདི་ཡང་སྐལ་མཉམ་གསོས་གྱུར་ཅིག །ཅེས་གསུངས་པ་བཞིན། ཆོས་སྲིད་གཉིས་ཀའི་བྱ་བས་བཏང་པའི་མཁོས་ཆུང་སྲིན་བུ་ལྟ་བུ་བདག་གིས་ཀྱང་། རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་དང་ལྡན་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས་ཤིང་བཀའ་དྲིན་རྗེས་སུ་གསོ་བ་དང་། བསྟན་པ་འཛིན་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཞབས་བརྟན་དང་། བསྟན་འགྲོ་སྤྱི་ཡི་ལེགས་ཚོགས་འཕེལ་ཞིང་འགལ་རྐྱེན་མི་མཐུན་པའི་ཕྱོགས་མཐའ་དག་ཞི་ཞིང་། ལུས་བསྐྱེད་ཕ་མས་གཙོས་འབྲེལ་ཐོག་དམིགས་ཅན་རྣམས་བྱང་གྲོལ་ལ་འགོད་པ་དང་། རང་ཉིད་ཀྱང་ཚེ་རབས་ཐམས་ཅད་དུ་དམ་པའི་ཆོས་ཀྱི་སྣང་བ་དང་མི་འབྲལ་བས་ཆོས་བཞིན་སྤྱོད་པའི་སྐལ་པ་བཟང་པོ་སྣང་ནས་སྣང་བའི་མཐར་ཐུག་ཏུ་འགྲོ་བའི་དགེ་རྩར་དམིགས་ནས། རྣམ་དཀར་གྱི་ལས་འདི་བརྩམ་པའི་ཚེ་ཁ་སྐོང་ཆེ་ཕྲ་དུ་མ་ཞིག་ཞུས་པའི་སྐོར་འདི་རྣམ་འདྲེན་བཀའ་དྲིན་མཚུངས་པ་མེད་པའི་མཁས་གྲུབ་ཉི་ཟླ་ཟུང་གི་ཕྱག་བཞེས་མཐོང་བརྒྱུད་དུ་གྱུར་པའི་སྐལ་པ་མི་དམན་པས། སྨིན་གྲོལ་གྱི་སྒོ་འཕར་འབྱེད་པ་ལ་ཉེ་བར་མཁོ་བའི་དབང་གི་མཚམས་སྦྱོར། ཉེར་མཁོའི་ཡིག་ཆ་རྒྱས་བསྡུས་ཀྱི་རྣམ་དབྱེ། ཐ་ན་བརྒྱུད་འདེབས་དང་བསྐང་བཤགས་ཚུན་ཆད་ཉེ་བར་མཁོ་བའི་ཕྱག་ཐོ་དང་། དགོངས་པར་ཡོད་ཀྱང་དགོས་པ་གཞན་གྱིས་ཇི་བཞིན་གནང་མ་གྲུབ་པ་དག་ལེགས་པར་ཁ་བསྐངས་ཤིང་། དེ་དག་ཀྱང་ཁུངས་དག་བརྒྱུད་པ་སེལ་མེད་ངེས་ལས་གང་བྱུང་དེས་ཆོག་མ་བྱས་པས་བརྒྱུད་འཛིན་དག་ལ་ཐུགས་ཕན་སོད་རེས་ཞལ་སྐོང་དུ་ཞུས་པའི་གཙོ་བོ། མཆོག་གླིང་རྫོགས་ཆེན་སྡེ་གསུམ་ཡོངས་རྫོགས་གཏེར་མཛོད་དུ་བཞུགས་པའི་མཚན་ཐོ་བརྒྱུད་ཡིག་ཏུ་གསལ་ཀྱང་། སྡེ་གསུམ་སྨིན་གྲོལ་ཡོངས་རྫོགས་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་གསན་མ་གྲུབ་པ་དེ་དང་། ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཏིག་ཆོས་སྐོར་ལས་ཕག་དཀར་ཡེ་ཤེས་གསལ་བྱེད་ཙམ་ལས་རིན་གཏེར་དུ་མ་བཞུགས་པ་ཆོས་སྐོར་ཡོངས་རྫོགས་བཞུགས་སུ་གསོལ་ཞིང་། གཞན་ཡང་ཀུན་མཁྱེན་མདོ་སྔགས་གླིང་པའི་ས་གཏེར་གཙོ་བོ་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོའི་སྐོར་སོགས་དང་། བཀའ་ཡི་གསང་མཛོད་བདག་པོ་འཇམ་མགོན་བསྟན་གཉིས་གླིང་པའི་ཟབ་གཏེར་སྐོར་གང་བཞུགས་རིན་གཏེར་དུ་འཇུག་པ་དགོས་གནད་ཆེ་ཚུལ། ཐུགས་སྲས་མཁས་བཙུན་གྲུབ་པའི་ཁྱུ་མཆོག་མཁན་ཆེན་ཤཱནྟ་རཀྵི་ཏིའི་རྣམ་འཕྲུལ་དུ་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པའི་རྡོ་རྗེའི་ལུང་ལས་གསལ་བ་ཀརྨ་བཀྲ་ཤིས་འོད་ཟེར་ཞི་བའི་སྙིང་པོ་དང་། ཡོངས་གྲགས་ཀྱི་མཚན་ཉག་བླ་ཨ་སྟོབས་སམ་ཐུབ་བསྟན་རྒྱལ་མཚན་དཔལ་བཟང་དུ་གྲགས་པའི་ཆོས་རྗེ་རྣམ་པ་གཉིས་ཀྱིས་བྱམས་མགོན་སི་ཏུ་རིན་པོ་ཆེ་པདྨ་དབང་མཆོག་རྒྱལ་པོར་ཞུ་བསྐུལ་གནང་བ་སོགས་ཀྱིས་ཕལ་ཆེར་དཔལ་སྤུངས་སྤར་མ་ནང་ཡོད་པ་དང་། གཞན་དབང་ལུང་འཆད་པ་དང་། བསྙེན་སྒྲུབ་ཉམས་ལེན་ཅན་ལ་མེད་དུ་མི་རུང་བའི་ཡིག་ཆ་ཕྲན་ཚོགས་རྣམས་ཀྱི་མཚན་ཐོ་ནི། ཀ༽པ་ལ། རྒྱལ་བས་ལུང་བསྟན་འཇམ་མགོན་རྡོ་རྗེ་འཆང་བློ་གྲོས་མཐའ་ཡས་ཀྱི་གཏེར་བྱོན་གུ་རུའི་རྣམ་ཐར་རྡོ་རྗེའི་རྒྱན་ཕྲེང་གཏེར་གཞུང་ལྡེབ།༡༢ བཻ་རོའི་རྣམ་ཐར་པདྨའི་དགའ་ཚལ་གཏེར་གཞུང་ལྡེབ། ༣༦ མཁྱེན་བརྩེའི་རྣམ་ཐར་གསོལ་འདེབས་གུ་ཎའི་གསུང་ལ་དྷརྨ་མ་ཏའི་ཞལ་སྐོང་ཅན་ལྡེབ། ༤ ཁ༽པ་ལ། བརྒྱུད་ཡིག་ཁ་སྐོང་དིལ་མཁྱེན་རིན་པོ་ཆེ་མངྒ་ལ་ཤྲཱི་བྷཱུ་ཏིའི་གསུང་ལྡེབ། ༧ བཅས་བཤམ་སྙིང་པའི་ཁ་སྐོང་ལྡེབ། ༨ རིན་གཏེར་ཁ་སྐོང་སྐོར་གྱི་བཅས་བཤམ་ལྡེབ། ༤ ལས་འཕྲོ་གཏེར་བརྒྱུད་ཀྱི་རྣམ་བཤད་ཉུང་གསལ་ངོ་མཚར་རྒྱ་མཚོ་རྡོ་གྲུབ་གསུམ་པ་བསྟན་པའི་ཉི་མའི་གསུང་ལྡེབ། ༣༦ ག༽པ་ལ། ལོ་ཆེན་ཞི་ཁྲོའི་དབང་ཆོག་རྒྱལ་ཚབ་པདྨ་རྣམ་རྒྱལ་གསུང་ལྡེབ། ༡༧ གནམ་ཆོས་སྤྱིའི་བརྒྱུད་འདེབས་མངྒ་ལ་ཤྲཱི་བྷཱུ་ཏིའི་གསུང་ལྡེབ། ༡ གྲུབ་ཐོབ་ཐུགས་ཐིག་སྙིང་པོ་སྐོར་ལྔའི་བརྒྱུད་འདེབས་ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༡ ང༽པ་ལ། རྩ་གསུམ་དྲིལ་སྒྲུབ་ཟིན་བྲིས་མི་ཕམ་གསུང་ལྡེབ། ༡༦ རྩ་གསུམ་གཏོར་བསྔོ་ཉུང་བསྡུས་ཕྲིན་ལས་ནོར་བུའི་རོལ་མཚོ་མངྒ་ལའི་གསུང་ལྡེབ།༡༠ ཅ༽པ་ལ། རྩ་གསུམ་ཟབ་མོ་ཀུན་འདུས་བརྒྱུད་འདེབས་ལྡེབ། ༡ རྩ་གསུམ་སྤྱི་འདུས་སྙིང་ཐིག་གི་བརྒྱུད་འདེབས་ལྡེབ། ༡ བཅས་མངྒ་ལའི་གསུང་། རྩ་གསུམ་བདེ་འདུས་བརྒྱུད་འདེབས་ལྡེབ། ༡ རྩ་གསུམ་བདེ་འདུས་ལས་བྱང་། སྐོང་བཤགས། སྨོན་ལམ་ཤིས་བརྗོད། བདག་འཇུག་བཅས་ལྡེབ། ༡༨ མཁྱེན་བརྩེའི་གསུང་། དེའི་དབང་གི་མཚམས་སྦྱོར་མངྒ་ལའི་གསུང་ལྡེབ། ༤ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་ཕྱི་སྒྲུབ་བླ་མ་མཆོད་ཆོག་དབང་གཏེར་སྲས་ཚེ་དབང་གྲགས་པའི་གསུང་ལྡེབ། ༢༢ ཇ༽པ་ལ། སངས་གླིང་བླ་མ་དགོངས་འདུས་ལས་བྱང་མེ་ཕྲེང་ཟུར་རྒྱན་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༢༣ བྱང་གཏེར་གསོལ་འདེབས་ལེའུ་བདུན་དམིགས་རིམ་གུ་ཎའི་གསུང་ལྡེབ། ༩ ཐ༽པ་ལ། ཀློང་ཆེན་སྙིང་ཐིག་རིག་འདུས་བསྐང་བ་མཁྱེན་བརྩེའི་གསུང་ལྡེབ། ༢ མཆོག་གླིང་བླ་མ་དགོངས་འདུས་སྙིང་པོའི་བརྒྱུད་འདེབས་མངྒ་ལའི་གསུང་ལྡེབ། ༡ མཁྱེན་བརྩེའི་གཏེར་བྱོན་མཚོ་སྐྱེས་སྙིང་ཐིག་དབང་གི་གཏེར་གཞུང་ལྡེབ། ༢ འཇམ་མགོན་གཏེར་བྱོན་རིག་འཛིན་མཆོག་སྒྲུབ་གཏེར་གཞུང་ལྡེབ། ༥༧ གསོལ་འདེབས་རྒྱུད་བསྐུལ་གཏེར་གཞུང་ལྡེབ། ༧ ཛཔ྄་བཀོལ་གཏེར་གཞུང་ལྡེབ། ༡༧ རྩ་གསུམ་སྐོང་བསྡུས་མཁྱེན་བརྩེའི་གསུང་ལྡེབ། ༡ ད༽པ་ལ། འཇམ་མགོན་གཏེར་བྱོན་ཡུམ་བཀའ་མཁའ་འགྲོའི་གདམས་པ་བདེ་ཆེན་རྒྱ་མཚོའི་གཏེར་གཞུང་ལྡེབ། ༢༨ མ་མོ་སྔགས་སྲུང་མའི་ལས་རིམ་དབང་བཅས་གཏེར་གཞུང་ལྡེབ། ༥ དེའི་དབང་གི་ཆོག་ཁྲིགས་རྡོ་རྗེའི་ཕྲེང་བ་མངྒ་ལའི་གསུང་ལྡེབ། ༥ ཚིག་བདུན་བླ་སྒྲུབ་ཡབ་བཀའ་ཡུམ་བཀའ་གཉིས་འདུས་བརྒྱུད་འདེབས་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༢ ཚིག་བདུན་བླ་སྒྲུབ་དབང་གི་ཆད་འཛུད་ལྡེབ། ༡ གནམ་ཆོས་ཌོམྦི་པ་སོགས་བླ་སྒྲུབ་ལྔའི་ཟུར་རྒྱན་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༡ མཁྱེན་བརྩེའི་གཏེར་བྱོན་མཆོག་གླིང་བླ་སྒྲུབ་པདྨའི་མྱུ་གུའི་དབང་གི་གཏེར་གཞུང་ལྡེབ། ༩ དེའི་དབང་གི་ཆོག་ཁྲིགས་བཀླག་ཆོག་ཏུ་བཀོད་པ་ངོ་མཚར་མཆོག་གི་སྣང་བ་མངྒ་ལའི་གསུང་ལྡེབ། ༣༤ མཁྱེན་བརྩེའི་གཏེར་བྱོན་ཁྲི་སྲོང་བླ་སྒྲུབ་ཡེ་ཤེས་སྣང་བ་རྒྱས་པ་གཏེར་གཞུང་ལྡེབ། ༦ དབང་ཆོག་བདུད་རྩིའི་སྤྲིན་ཆེན་གཏེར་གཞུང་ལྡེབ། ༣ དེའི་བརྒྱུད་འདེབས་ལྡེབ། ༡ དབང་གི་མཚམས་སྦྱོར་ལྡེབ། ༩ བཅས་མངྒ་ལའི་གསུང་། བ༽པ་ལ། བཀའ་བརྒྱད་རྣམ་བཤད་མི་ཕམ་གསུང་ལྡེབ། ༡༠༤ བསམ་གཏན་བདེ་ཆེན་གླིང་པའི་བཀའ་བརྒྱད་ཡང་གསང་དྲེགས་འདུལ་དབང་ཆོག་བདེ་ཆེན་མཆོག་སྟེར་མངྒ་ལ་ཤྲཱི་བྷུ་ཏིའི་གསུང་ལྡེབ། ༡༠ མ༽པ་ལ། གྲུབ་ཐོབ་ཐུགས་ཐིག་ཡི་དམ་བདེ་འདུས་རྒྱུན་ཁྱེར་ལྡེབ། ༤ དེའི་ལམ་རིམ་སྨོན་ལམ་ལྡེབ། ༣ བཅས་མངྒ་ལའི་གསུང་། ཙ༽པ་ལ། སྨིན་གླིང་དྲེགས་འཇོམས་སྨིན་བྱེད་ཟུར་རྒྱན་རྒྱལ་ཚབ་པདྨ་རྣམ་རྒྱལ་གསུང་ལྡེབ། ༣ སྙན་བརྒྱུད་གཤིན་རྗེའི་སྔོན་འགྲོ་མཁྱེན་བརྩེའི་གསུང་། བརྒྱུད་འདེབས་མཆོག་གླིང་གསུང་བཅས་ལྡེབ། ༣ ར༽པ་ལ། མཁྱེན་བརྩེའི་གཏེར་བྱོན་སེམས་ཉིད་ངལ་གསོ་ཐུགས་ཆེན་ཕྲིན་ལས་རིལ་སྒྲུབ་བཅས་གཏེར་གཞུང་ལྡེབ། ༡༤ དེའི་རྩ་དབང་ཆོག་ཁྲིགས་མངྒ་ལའི་གསུང་ལྡེབ། ༡༩ ལ༽པ་ལ། འཇམ་མགོན་གཏེར་བྱོན་གསང་ཐིག་ཚེ་རྟ་ཟུང་འབྲེལ་ཕྲིན་ལས་ཕྱི་ནང་གསང་སྒྲུབ་ལུས་དཀྱིལ་མངོན་རྟོགས་ཚེ་དབང་བཅས་གཏེར་གཞུང་ལྡེབ། ༡༦ དེའི་ཚེ་དབང་རིན་ཆེན་གཏེར་བུམ་མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར་གསུང་ལྡེབ། ༡༡ ཤ༽པ་ལ། མཆོག་གླིང་གསང་ཐིག་སྐོར་གསུམ་བརྒྱུད་འདེབས་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༡ ས༽པ་ལ། འཇམ་མགོན་གཏེར་བྱོན་དཔལ་ཡང་དག་ཧེ་རུ་ཀའི་གསང་བ་ཐུགས་ཀྱི་ཏནྟྲ་གཏེར་གཞུང་ལྡེབ། ༢༤ དེའི་དབང་ཆོག་བདེ་ཆེན་སྙིང་པོ་མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར་གསུང་ལྡེབ། ༡༠ ཧ༽པ་ལ། འཕགས་མའི་སྙིང་ཐིག་བླ་སྒྲུབ་བརྒྱུད་འདེབས་ལྡེབ། ༡ ཀི༽པ་ལ། བྱང་གཏེར་ཕུར་པའི་བརྒྱུད་འདེབས་མངྒ་ལའི་ཁ་སྐོང་ཅན་ལྡེབ། ༣ བཅས། ཁི༽པ་ལ། སྙན་བརྒྱུད་ཕུར་པའི་གནད་ཏིག་སྔོན་འགྲོ། བརྒྱུད་འདེབས། རྒྱུན་ཁྱེར་བཅས་མཁྱེན་བརྩེའི་གསུང་ལྡེབ། ༧ ལས་བྱང་ཕྲིན་ལས་རྣམ་རོལ་ལྡེབ། ༩ དེའི་ཟུར་འདེབས་ལྡེབ། ༦ སྐོང་བ་ལྡེབ། ༣ བཅས་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་གསུང་། ཚེ་སྒྲུབ་གཏེར་གཞུང་ལྡེབ། ༡ གཏོར་ཟློག་བློ་གྲོས་རྒྱ་མཚོའི་གསུང་ལྡེབ། ༡༦ ལས་བཞིའི་སྦྱིན་སྲེག་མདོར་བསྡུས་ཆོས་ཀྱི་བློ་གྲོས་དང་མངྒ་ལ་ཟུང་གི་གསུང་ལྡེབ། ༨ གནན་པ་རྡོ་རྗེའི་རི་རབ་ཆོས་ཀྱི་བློ་གྲོས་གསུང་ལྡེབ།༡༡ སྙན་བརྒྱུད་སྲིད་པ་མ་མོའི་གནད་ཏིག་བརྒྱུད་འདེབས་ལྡེབ། ༡ མ་མོའི་བསྐང་བ་ལྡེབ། ༣ བཅས་མངྒ་ལའི་གསུང་། ཆི༽པ་ལ། མཁྱེན་བརྩེའི་དགོངས་གཏེར་འཕགས་མ་སྙིང་ཐིག་རྩ་དབང་གཏེར་གཞུང་ལྡེབ། ༡༣ འཕགས་སྙིང་ཚེ་ཡི་རྗེས་གནང་གཏེར་གཞུང་ལྡེབ། ༢ ཚེ་ཡི་བྱིན་རླབས་གཏེར་གཞུང་ལྡེབ། ༣ བཅས་གཏེར་གཞུང་། འཕགས་སྙིང་བསྙེན་ཡིག་ཟིན་བྲིས་ཟླ་ཟེར་བདུད་རྩིའི་ཐིག་ལེ་གུ་ཎའི་གསུང་ལྡེབ། ༡༠ མཁྱེན་བརྩེའི་དགོངས་གཏེར་རྒྱུད་སྡེ་བཞི་འབྲེལ་སྒྲོལ་མའི་དོན་དབང་གཏེར་གཞུང་ལྡེབ། ༢ དེའི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་འདོད་རྒུའི་དཔལ་སྦྱིན་མངྒ་ལའི་གསུང་ལྡེབ། ༢༡ མི༽པ་ལ། ཀུན་མཁྱེན་རྒྱལ་དབང་ལྔ་པའི་རྟ་མགྲིན་གཉེན་པོ་ལྷ་བཞིའི་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༤ དེའི་དབང་ཆོག་མཁྱེན་བརྩེའི་གསུང་ལྡེབ། ༥ ཛི༽པ་ལ། ཚེ་ལྷ་རྣམ་གསུམ་མཆོད་ཆོག་འཆི་མེད་གྲུབ་པའི་དགའ་སྟོན་ལྡེབ། ༡༣ མཎྜལ་རྒྱས་པ་ལྡེབ། ༡ ཚེ་ལྷའི་རྣལ་འབྱོར་འཆི་མེད་གྲུབ་པའི་གསེང་ལམ་ལྡེབ། ༤ བཅས་མཁྱེན་བརྩེའི་གསུང་། ཝི༽པ་ལ། མཆོག་གླིང་བླ་མ་ནོར་ལྷའི་སྐོང་བ་མཁན་རཏྣའི་གསུང་ལྡེབ། ༡ ཆོས་རྡོར་ཛཾམ་དཀར་ཟུར་རྒྱན་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༡ མཁྱེན་བརྩེའི་གཏེར་བྱོན་རྩ་གསུམ་སྒྱུ་འཕྲུལ་དྲ་བའི་ནོར་རྒྱུན་མའི་གཏེར་གཞུང་ལྡེབ། ༥ དེའི་རྒྱུན་ཁྱེར་མཁྱེན་བརྩེའི་གསུང་ལྡེབ། ༢ ཕྲིན་དབང་གསལ་བྱེད་ཟུར་རྒྱན་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༢༠ ཞི༽པ་ལ། ཆར་འབེབ་མན་ངག་རྡོ་རྗེ་མཆོག་རབ་རྩལ་གྱི་གསུང་། ཆར་བསང་འདོད་རྒུའི་ཆར་འབེབ་མི་ཕམ་གསུང་བཅས་ལྡེབ། ༧ ཧཱུྃ༽པ་ལ། གསར་བསྣན་སྐོར་དཀར་ཆག་ལྡེབ། ༩ པར་བྱང་སྨོན་ཚིག་ལྡེབ། ༧ བཅས་མངྒ་ལ་ཤྲཱི་བྷུ་ཏིའི་གསུང་ངོ་། །གཞན་ཡང་འཇམ་མགོན་བླ་མ་རྣམ་གཉིས་ཀྱི་ཐུགས་སྲས་མཁས་ཤིང་དངོས་གྲུབ་བརྙེས་པ་ཁམས་རི་བོ་ཆེའི་རྗེ་དྲུང་ཕྲིན་ལས་བྱམས་པའི་འབྱུང་གནས་ཀྱི་ཟབ་གཏེར་པདྨ་གསང་ཐིག་སྐོར། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་དགོངས་བཞེད་བཞིན་གཏེར་མཛོད་དུ་གཞུག་དགོས་ཞེས་རྗེ་དེའི་བརྒྱུད་འཛིན་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་བསྩལ་པ་བཅས། འདི་རྣམས་ཟབ་ཅིང་རྒྱ་ཆེའི་ཆོས་མཛོད་ཡེ་ཤེས་མཁའ་འགྲོའི་གཅེས་ནོར་གསང་སྔགས་ཀྱི་བསྐྱེད་རྫོགས་རྫོགས་ཆེན་གསུམ་གྱི་ལྟ་སྒོམ་སྤྱོད་པའི་ཟབ་གནད་ཀུན་འདུས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་གསེང་ལམ་རྨད་དུ་བྱུང་བ་འདི་ལྟ་བུ་ནི། བཀའ་ཡི་བསྡུ་བ་པོ་མདོ་རྒྱུད་གཉིས་ཀའི་ལུང་གིས་ཟིན་ཅིང་རྡོ་རྗེའི་སློབ་དཔོན་པདྨ་སཾ་བྷ་ཝ་དང་། གསང་བའི་གཉེར་འཛིན་རྣམས་ཀྱིས་དགྱེས་བཞིན་བཀའ་ཡི་གནང་བ་ཐོབ་པ་ལས། ཡིག་སྣ་རྙེད་ཚད་བསྡུས་པའི་འབའ་སམ་ལྟ་བུ་མིན་ཚུལ་གཏེར་མཛོད་ཁ་པར་བརྒྱུད་ཡིག་གསང་བདག་བློ་གྲོས་མཐའ་ཡས་ཀྱི་གསུང་ལས་གསལ་བ་ལྟར་ལགས་པས། ཁ་སྐོང་དཀར་ཆག་འདིའང་རྒྱུ་མཚན་གནད་བཀྲོལ་ཕྱིར་བྲིས་པ་ཡིན་པས་མཁྱེན་ལྡན་གཟུར་གནས་ཡོངས་ཀྱི་སྤྱན་ལྟོས་སུ་མཛད་པར་ཞུ། སྦྱངས་པའི་ཡོན་ཏན་བློ་མིག་ན་ཕྲ་ཡང་། །རྒན་མོ་བསམ་དཀར་དཔེ་བཞིན་དད་གུས་བློས། །རིན་ཆེན་ཆོས་མཛོད་ཞབས་ཏོག་ཞུས་པའི་གཏམ། །དྲང་པོར་བརྗོད་པའི་རྣམ་དཀར་དཔྱིད་ཀྱི་སྤྲིན། །བསྟན་འགྲོའི་མཁའ་ལ་མཛེས་པར་དཀྲིགས་པ་ལས། །ཕན་བདེ་མི་ཟད་སྤྲིན་གྱི་མེ་ཏོག་གིས། །སྙིགས་དུས་བསྟན་འགྲོའི་དབྱར་སྐྱེས་བསྐྱེད་བསྲིང་སྟེ། །དོན་གཉིས་གྲུབ་པའི་དགའ་སྟོན་རྒྱས་གྱུར་ཅིག །ཅེས་པའང་མཚན་གྱི་རྔ་སྒྲ་མཁྱེན་བརྩེའི་སྤྲུལ་སྐུ་ཞེས་བརྗིད་པར་གྲགས་ཀྱང་དམ་པའི་ཡོན་ཏན་ཤིན་ཏུ་ཕྲ་བའི་ན་ཚོད་རྒན་པོར་གྱུར་པ་བཀྲ་ཤིས་དཔལ་འབྱོར་དུ་འབོད་པས་འཕགས་པའི་ཡུལ་གྱི་སྨིན་གྲོལ་གླིང་དགོན་ངེས་དོན་དགའ་ཚལ་གླིང་དུ་བྲིས་པ་སརྦ་སིདྡྷི་བྷ་ཝ་ཏུ།། །།
གྲུབ་པའི་དབང་ཕྱུག་ཛཱ་ཧ་བཱི་ར་ཡི་གདམས་པ་ཐུན་མོང་མ་ཡིན་པ་ (Volume 31, Text 3)
༄༅། །གྲུབ་པའི་དབང་ཕྱུག་ཛཱ་ཧ་བཱི་ར་ཡི་གདམས་པ་ཐུན་མོང་མ་ཡིན་པ་བཞུགས་སོ། །བརྒྱུད་པ་བར་མ། ན་མོ་གུ་རུ་རཏྣ་ཡ། མཐའ་ཡས་དམ་ཆོས་ནོར་བུའི་མཛོད་བཟུང་ནས། །སྐལ་ལྡན་གྲུབ་པའི་ལམ་ལ་འགོད་པའི་དཔལ། །འཆི་མེད་བརྙེས་པ་འགྲོ་བའི་མགོན་པོ་ཡི། །ཞབས་ལ་བཏུད་ནས་གསང་ཆེན་ཡི་གེར་འབྲི། །གང་ཞིག་འཆི་མེད་བསྒྲུབ་འདོད་པས། །རྣམ་ཤེས་བཞོན་པ་་་རླུང་།དབང་དུ་བྱ། །དེ་ཡི་ཚུལ་ཡང་བསམ་ཡས་ལས། །ཚེགས་ཆུང་དོན་ཆེ་འདི་ཉིད་ལོངས། །རང་ཉིད་ཀུན་ཏུ་བཟང་པོར་བསྒོམ། །ཉི་མར་དབྱུང་ནས་ཟླ་བར་རྔུབས། །ཀེང་རུས་གདན་གྱི་འདུག་སྟངས་ཀྱིས། །ཀ་ལིང་ཀ་་་ཁ།ནས་དྲག་པོར་གསུམ། ཁོང་འདར་ཤིན་ཏུ་ཐོན་པར་དབྱུང་། །ཅི་བདེར་འདུག་པའི་རྣལ་འབྱོར་པས། །བྱ་ལམ་་་ནམ་མཁའ།བཟའ་ཞིང་དྲག་པོར་རྔུབས། །ཇི་སྲིད་ལྟོ་བ་མ་ཁེངས་བར། །དེ་སྲིད་ཚོད་དང་སྦྱར་ཞིང་བྱ། །སོ་མ་སིནྡྷེ་་་ལྟོ་བ།ཅི་བདེར་བཞག །འགྲོ་བར་བརྩམས་ན་ཅུང་ཟད་མནན། །འདི་ལྟར་བརྩོན་པའི་རྣལ་འབྱོར་པ། །ནད་ཀྱི་རྣམ་པ་ཀུན་བྱང་ཞིང་། །ཟག་མེད་བདེ་བ་རབ་རྒྱས་ནས། །འཆི་མེད་གོ་འཕང་ངེས་པར་ཐོབ། །སྒོ་བཞི་བཀག་པའི་སྦྱོར་བ་དང་། །དགུ་ཕྲུགས་འཕྲུལ་འཁོར་སྦྱོར་བ་ཡིས། །མ་དཔེར་འགོ་བའི་ནད་ཟེར་བའང་འདུག་ཀྱང་ཁྲིད་ཀྱི་དགོངས་པར་མགོ་བོའི་ནད་ཟེར་བ་འདི་ཀ་ཡིན།་་་མགོ་བོའི་ནད་རྣམས་ཀུན་བྱང་ནས། །སྐྲ་ལི་ནག་ཅིང་འཁྱིལ་བར་འགྱུར། །ཡུན་རིང་བསྡོམས་ནས་ཤུགས་དྲག་པར། །མཐོང་ལམ་ནས་བྱུང་འཕྲུལ་འཁོར་བྱ། །མིག་གི་རབ་རིབ་མཐའ་དག་སེལ། །དེ་བཞིན་དབང་པོ་གཞན་ལ་འོ། །སྒོ་དགུ་བགགས་པའི་བསམ་གཏན་དང། །རྡོ་རྗེའི་་་པད་ཀོར།གར་དང་བཅས་པའི་གླུ།་་་དམིགས་བསལ་མེད། གང་རུང་།་་་ཁྲོ་བོས་བགེགས་དཔུང་ངེས་འཇོམས་པས། །ཐུན་གྱི་ཐོག་མ་མཐའ་མར་བསྒོམ། །བྷྲཱུ་རླུང་འདི་ཉིད་བདུན་ཕྲག་གསུམ། །ཟས་གཞན་སྤངས་ཏེ་བསྒོམ་པར་བྱ། །དེ་ནས་རིམ་གྱིས་ཟླ་བ་དྲུག །བསྒོམ་ན་འཆི་མེད་འགྲུབ་བོ་གསུངས། ཁོ་བོའི་བླ་མ་ནུབ་ཕྱོགས་པ། །འདི་ཉིད་ཟླ་བ་དྲུག་བསྒོམས་པས། །མེ་དང་ཆུ་ཡིས་མི་གནོད་པའི། །རྫུ་འཕྲུལ་མཆོག་ལ་མངའ་བརྙེས་གྱུར། ཁོ་བོ་བློ་ཞན་བརྩོན་འགྲུས་དམན། །འོན་ཀྱང་ཞག་བདུན་ཉམས་བླངས་པས། །ཡིད་ཆེས་ངོ་མཚར་མང་དུ་བྱུང་། །དེ་སླད་འདི་ནི་དོན་བརྒྱུད་ཡིན། །སྔོན་ཆད་ཆ་ལག་ཕྲ་མོ་ལས། །རྫོགས་པར་སུ་ལའང་བསླབ་པ་མེད། །ད་ལམ་སྣོད་ལྡན་གང་ཟག་ལ། །སྦ་བསྲི་མེད་པར་ཕུལ་བ་ལགས། །ཡི་གེ་མེད་པའི་སྙན་བརྒྱུད་འདི། །དམ་པའི་ཞལ་ངོར་འབྲི་སྙམ་ཚེ། །རྨི་ལམ་ཉམས་ཀྱི་སྣང་བ་ལ། །བླ་མས་ཡི་གེར་བཀོད་ནས་གནང་། །དེ་དོན་ཚང་ལ་མ་ནོར་བར། །ཡི་གེར་བཀོད་པའི་དགེ་བ་ཡིས། །མཁའ་ཁྱབ་འགྲོ་ཀུན་ཆོས་ཀྱི་དབྱིངས། །ཀུན་ཏུ་བཟང་པོ་མངོན་གྱུར་ཤོག །ཅེས་པ་ཆོས་རྗེ་མཁྱེན་ལྡན་གྲུབ་པའི་དབང་ཕྱུག་སྟོབས་ལྡན་འོད་ཟེར་གྱིས་བཀས་བསྐུལ་ནས། རྒྱལ་ཁམས་ཀྱི་སྤྲང་པོ་མཁྱེན་བརྩེའི་དབང་ཕྱུག་གིས་བླ་མའི་གསུང་བཞིན་ཡི་གེར་བྲིས་པ་ཉི་ཟླ་ལྟར་གྱུར་ཅིག །སརྦ་དཱ་མངྒ་ལཾ། །འདི་ཐམས་ཅད་གཅིག་ཏུ་དགོས་པའི་ངེས་པ་མེད་པས། གང་དགོས་གཅིག་བྱས་ལ་སྔོན་འགྲོ་དང་རྗེས་གང་ཡང་མི་དགོས་སོ།། ༈ གྲུབ་པའི་དབང་ཕྱུག་ཆེན་པོ་ཛཱ་ཧ་བྷཱིར་ནས་བརྒྱུད་པའི་འཆི་མེད་བྷྲཱུ་རླུང་གི་གདམས་པ་ཟབ་མོ་བཞུགས་སོ། །ན་མོ་གུ་རུ་ཌཱ་ཀི་ནཱི་ཡཻ། འདིར་གྲུབ་པའི་དབང་ཕྱུག་ཆེན་པོ་ཛཱ་ཧ་བྷཱིར་ནས་བརྒྱུད་པའི་ཚེ་སྒྲུབ་ཟབ་མོ་ཉམས་སུ་བླང་བར་འདོད་པས་ནམ་མཁའ་སྔོ་སང་རྒྱ་ཆེ་བ་མཐོང་བའི་སར་སྟན་བདེ་བ་ལ་འདུག་སྟེ། ཉམས་སུ་ལེན་རྒྱུ་ནི། དང་པོར། རང་ཉིད་ཀུན་ཏུ་བཟང་པོར་བསྒོམ་ཞེས་པའི་དོན་་་མཆན་རྙིང་པ་ཞིག་ཏུ། སྟོང་པར་བསྒོམ་པ་ཡིན་གྱི་ཞལ་ཕྱག་ཅན་མེད་ཅེས་སྣང་།རང་གི་ལུས་གནས་ཁང་ལུང་པ་ཡུལ་ཕྱོགས་ཐམས་ཅད་མི་དམིགས་པར་སྟོང་པར་སྦྱང། སྟོང་པའི་ངང་ལས་རང་ཀུན་ཏུ་བཟང་པོ་སྐུ་མདོག་སྔོན་པོ་གཅེར་བུ་རྒྱན་མེད་པ་ཞིག་བསམ་པའི་སྤྱི་བོར་་་མཆན་རྙིང་དུ། རང་ཐ་མལ་པ་གསལ་བའི་སྤྱི་བོར། ཞེས་སྣང་།དྲིན་ཅན་རྩ་བའི་བླ་མ་གྲུབ་ཐོབ་ཛཱ་ཧ་བྷཱིར་སྐུ་མདོག་སྨུག་ནག་ཤ་རྒྱས་ཤིང་བརྗིད་ཆགས་པ་ཉི་མ་བྱེ་བའི་གཟི་འོད་ཅན་གཅེར་བུ་རྒྱན་མེད་ཞབས་གཉིས་མཉམ་པའི་མཐིལ་སྦྱར་བའི་མཐེབ་ཆེན་གཉིས་རྩེ་སྤྲད་པ་རང་གི་ཚངས་བུག་ཟུག་པ། ཕྱག་གཉིས་སྤྱི་བོར་ཐལ་མོ་སྦྱར་བ་དབུ་སྐྲ་རལ་པའི་ཐོར་ཅོག་བཅིངས་པ་སྐྱབས་གནས་ཀུན་འདུས་སུ་མོས་ལ། རང་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ལྟུང་བ་ཉེས་པ་མྱོང་བར་ངེས་པའི་ལས་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། སྙམ་པས་ལུས་ངག་ཡིད་གསུམ་འཇུག་པ་གཅིག་ཏུ་བསྒྲིལ་ནས་གསོལ་བ་འདི་ལྟར་འདེབས་སོ། །ཨོཾ་ཨཱཿཧཱུྃ། དུས་གསུམ་ཀུན་མཁྱེན་པདྨ་སཾ་བྷ་ཝ། །གྲུབ་པའི་འཁོར་ལོས་སྒྱུར་བ་ཛཱ་ཧ་བྷཱིར། །དངོས་གྲུབ་བརྙེས་པ་བྷྲ་མ་ནཱ་ཐ་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །སྙན་བརྒྱུད་མཛོད་འཛིན་མ་ཎི་ནཱ་ཐ་དང་། །ངེས་པར་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་ཞབས། །འཕགས་མཆོག་བྱམས་པ་སྐལ་ལྡན་བཟང་པོ་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །འཆི་མེད་གྲུབ་བརྙེས་དབང་ཕྱུག་རབ་བརྟན་དང་། །རྡོ་རྗེ་འཆང་དངོས་ཁྱབ་བདག་ཞ་ལུ་པ། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེར། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །རིག་འཛིན་གྲུབ་པའི་གཙུག་རྒྱན་པདྨའི་མཚན། །རྨོར་ཆེན་རིག་འཛིན་ཀུན་དགའ་ལྷུན་གྲུབ་ཞབས། །བསྟན་པའི་སྒྲོན་མེ་ལེགས་པའི་འབྱུང་གནས་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །སློབ་བཤད་འཛིན་མཁས་ཀུན་དགའ་བློ་གྲོས་དང་། །རིག་འཛིན་ཆེན་པོ་ཕྱོགས་ལས་རྣམ་རྒྱལ་ཞབས། །མཚུངས་མེད་ངག་དབང་བསྟན་འཛིན་སྙན་གྲགས་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་། །རྡོ་རྗེ་འཆང་དངོས་བློ་གྲོས་མཐའ་ཡས་ཞབས།་་་ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་གསུང་ལྟར་བརྒྱུད་པ་ཆད་འཛུད་དཀྱུས་སུ་བྱས། བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །སྔོན་འགྲོ་གསུམ་གྱིས་རང་རྒྱུད་ལེགས་སྦྱངས་ནས། །དངོས་གཞི་སྟོང་པ་རྔུབས་པའི་རྣལ་འབྱོར་གྱིས། །ཐ་མལ་སྣང་བའི་སྒྲིབ་པ་ཀུན་བྱང་ནས། །ཚེ་འདིར་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། ཞེས་བརྒྱ་སྟོང་ལན་གསུམ་ཡན་ཆད་བརྗོད། དེ་ནས་ལག་གཡས་པའི་ཐལ་མོ་སྨིན་མཚམས་སུ་དེངས་བྱས་ནས། ན་མས་ཛ་ཧཱ་བྷཱིར། ཞེས་ལན་གསུམ་བརྗོད་པས་བླ་མ་དགྱེས་ཞིང་འཛུམ་པས་འོད་ཟེར་དམར་པོ་བདེ་བ་ཆེན་པོའི་རང་བཞིན་སྣུམ་པ། འཚེར་བ། འདྲིལ་བ་ཞིག་ཏུ་གྱུར་ནས་རང་གི་སྤྱི་བོར་ཐིམ་པས་བླ་མའི་སྐུ་གསུང་ཐུགས་མཁྱེན་བརྩེ་ནུས་གསུམ་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་འདྲེས་པར་བསམ་ལ་ཕྱག་རྒྱ་ཆེན་པོའི་ངང་དུ་ཅུང་ཞིག་བཞག །དེ་ནས། ཉི་མར་དབྱུང་ནས་ཟླ་བར་རྔུབས། །ཞེས་པའི་དོན་སྣ་བུག་གཡོན་བཀག་ལ་གཡས་ནས་ཕྱིར་ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུང་ནས་དུ་བ་ཐོན་པ་ལྟར་སོང་། ནམ་མཁའི་དབྱིངས་སུ་ཡལ་བར་བསམ་ལ་རླུང་ཤུགས་བསྐྱེད་དེ་འབུད། ཡང་སྣ་བུག་གཡས་བཀག་ལ་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་སོགས་མདོར་ན་སྐྱབས་གནས་ཡོད་དོ་ཅོག་གི་མཐུ་སྟོབས་ནུས་པ་བྱིན་རླབས་ཐམས་ཅད་འོད་ཟེར་སྔོན་པོའི་རྣམ་པར་བྱུང་། སྣ་བུག་གཡོན་ནས་སོང་། ལུས་ཀྱི་ནང་ཐམས་ཅད་གང་བར་བསམ་ལ་ཅུང་ཞིག་རླུང་འཛིན། ཡང་སྣ་བུག་གཡོན་བཀག་གཡས་ནས་ཤུགས་བསྐྱེད་དེ་ཕྱིར་འབུད་པ་སོགས་སྔར་ལྟར་ལན་གསུམ་སོང་རྗེས། ཀེང་རུས་གདན་གྱི་འདུག་སྟངས་ཀྱིས། ཀ་ལིང་ཀ་ནས་དྲག་པོར་གསུམ། ཁོང་འདར་ཤིན་ཏུ་ཐོན་པར་དབྱུང་། །ཞེས་པའི་དོན་་་མཆན་རྙིང་དུ། པུས་མོ་གཡས་པ་གཙུག་ལག་གཉིས་རྡོ་རྗེ་ཁུ་ཚུར་བརླར་བརྟེན་ཞེས་སྣང་།འོག་སྒོ་སྟན་ལ་མ་རེག་པར་རྐང་མཐིལ་གཉིས་སྦྱར་ལ་རྟིང་པའི་སྟེང་དུ་འཕོངས་བཞག་ལ་མཐེབ་ཆེན་སྟན་ལ་གཏད། ལག་གཉིས་ཀྱིས་མཐེབ་ཆེན་གྱིས་སྲིན་ལག་གི་འདྲེ་རྩ་མནན་ལ་ཁུ་ཚུར་བསྡམས་པ། པུས་མོ་གཉིས་ཀྱི་སྟེང་དུ་བཞག་ལ་ཅུང་ཞིག་སྒུར་བར་བྱས། ཁ་ནས་ཧཱ་ཞེས་རླུང་དྲག་ཏུ་སྲིངས་ལ་ལུས་ཀུན་བསྒྲིལ་ཞིང་ཁོང་འདར་ཐོན་པར་བྱ། ཡང་ངལ་གསོ་ཞིང་སླར་ཡང་དེ་འདྲ་ལན་གཉིས་ཏེ་གསུམ་བྱ། དེ་ནས། ཅི་བདེར་འདུག་པའི་རྣལ་འབྱོར་པས། །བྱ་ལམ་བཟའ་ཞིང་དྲག་པོར་རྔུབས། །ཇི་སྲིད་ལྟོ་བ་མ་ཁེངས་བར། །དེ་སྲིད་ཚོད་དང་སྦྱར་ཞིང་བྱ། །ཞེས་པས་ལུས་གང་བདེ་བར་བསྡད་ནས། སེམས་ཀྱིས་ཁམས་གསུམ་གྱི་ནམ་མཁའ་སྔོ་མེ་རེ་རེ་བྱུང་ནས་ལུས་སྔོ་མེར་གྱིས་གང་བར་བསམ་ལ། འོག་རླུང་ཅུང་ཞིག་འཐེན། ཁ་ནས་རླུང་སྒྲ་བཅས་སུ་ཧུབ་ཀྱིས་དྲངས་ཤིང་ལྟོ་བ་ལྡིར་གྱིས་ཁེངས་པ་དང་། སྟེང་རླུང་མནན་ཏེ་རླུང་ཁ་སྦྱར། མི་ཐུབ་ཙ་ན་དལ་བུས་བཏང་། བསྒོམ་བྱའི་དངོས་གཞི་ཡིན་པས་ལན་གང་མང་བྱ། ཡང་སྐབས་འགར་སྐོམ་པ་སོགས་བྱུང་ན། རང་གི་མདུན་འདོམ་གང་གི་ནམ་མཁར་གྲུབ་ཐོབ་ཛཱ་ཧ་བྷཱིར་སྐུ་མདོག་སྨུག་ནག་ཞབས་གཉིས་མཐིལ་སྦྱར་བ་ཕྱག་གཉིས་པུས་མོའི་སྟེང་དུ་ས་གནོན་གྱི་ཕྱག་རྒྱ་མཛད་པ་ཟླ་བ་ཉ་གང་བའི་རྒྱབ་ཡོལ་ཅན། སྐུའི་བ་སྤུའི་བུ་ག་ཐམས་ཅད་ནས་བདུད་རྩི་དཀར་ལ་དམར་བའི་མདངས་ཆགས་པ་གྲུབ་པའི་དངུལ་ཆུ་ལྟ་བུ་ཟིལ་པ་ཕྲོམ་ཕྲོམ་ཡོད་པར་བསམ་ལ། ཁ་ནས་རླུང་རྔུབས་པས་བདུད་རྩི་ཐམས་ཅད་སྐྱ་ནུར་ནུར་བྱུང་ལུས་ཀྱི་ནང་ཐམས་ཅད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་མེར་གྱིས་གང་། །འཆི་བ་མེད་པའི་ཚེ། རྒུད་པ་མེད་པའི་ལང་ཚོ་རྟག་བརྟན་གཞོམ་གཞིག་དང་བྲལ་བ་རྡོ་རྗེའི་ལུས་སུ་གྱུར་ཅིང་། ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ཀྱང་བདུད་རྩིའི་ཟིལ་པ་ཕྲོམ་ཕྲོམ་ཡོད་པར་བསམ་ལ་རླུང་འཛིན་པ་ལན་འགའ་རེ་བྱ། རྗེས་ལས་སྦྱོར་ནི། སྒོ་བཞི་བཀག་པའི་སྦྱོར་བ་དང་། །དགུ་ཕྲུགས་འཕྲུལ་འཁོར་སྦྱོར་བ་ཡིས། །མགོ་བོའི་ནད་རྣམས་ཀུན་བྱང་ཞིང། །མིག་གི་རབ་རིབ་མཐའ་དག་སེལ། །དེ་བཞིན་དབང་པོ་གཞན་ལ་འོ། །ཞེས་པའི་དོན་ལག་པའི་མཐེབ་ཆེན་གཉིས་ཀྱིས་རྣ་བ་གཉིས། མཛུབ་མོ་གཉིས་ཀྱིས་མིག་གཉིས། གུང་མོས་སྣ་གཉིས། སྲིན་ལག་གཉིས་དང་མཐེའུ་ཆུང་གཉིས་ཀྱིས་ཁ་སྟེ་སྒོ་བཞི་བཀག་ཅིང་རླུང་བཟུང་སྣ་གཡས་སུ་ལན་གསུམ། གཡོན་དུ་ལན་གསུམ། ཡང་གཡས་སུ་གསུམ་རེ་བསྐོར། མིག་ལྟ་བུ་ལ་མཚོན་ན་ལིང་ཏོག་རབ་རིབ་སོགས་མིག་ནད་ཐམས་ཅད་དུ་བའི་རྣམ་པས་མིག་ནང་ནས་འཐོན་ཞིང་རླུང་གིས་དེད་པར་བསམ་ལ་མིག་ཕྱེ། གཞན་རྣམས་མ་བསལ་བར་བཞག །མ་ཐུབ་ན་བསལ་ལ་སྣ་ནས་དལ་བུས་བཏང་། དེས་གཞན་ལ་ཡང་འགྲེས་ཤེས་པར་བྱའོ། །དེ་ལྟར་བསྒོམས་པའི་ཕན་ཡོན་ནི་གཞུང་ལས། འདི་ལྟར་བརྩོན་པའི་རྣལ་འབྱོར་པ། །ནད་ཀྱི་རྣམ་པ་ཀུན་བྱང་ཞིང་། །ཟག་མེད་བདེ་བ་རབ་རྒྱས་ནས། །འཆི་མེད་གོ་འཕང་ངེས་པར་འཐོབ། །ཅེས་དང་། བྷྲཱུ་རླུང་འདི་ཉིད་བདུན་ཕྲག་གསུམ། །ཟས་གཞན་སྤངས་ཏེ་བསྒོམ་པར་བྱ། །དེ་ནས་རིམ་གྱིས་ཟླ་བ་དྲུག །བསྒོམས་ན་འཆི་མེད་འགྲུབ་བོ་གསུངས། ཁོ་བོའི་བླ་མ་ནུབ་ཕྱོགས་པས། །འདི་ཉིད་ཟླ་བ་དྲུག་བསྒོམས་པས། །མེ་དང་ཆུ་ཡིས་མི་གནོད་པའི། །རྫུ་འཕྲུལ་མཆོག་ལ་མངའ་བརྙེས་གྱུར། ཁོ་བོ་བློ་ཞན་བརྩོན་འགྲུས་དམན། །འོན་ཀྱང་ཞག་བདུན་ཉམས་བླངས་པས། །ཡིད་ཆེས་ངོ་མཚར་མང་དུ་བྱུང་། །ཞེས་གསུངས་པ་ལྟར་ཐོག་མར་ཞག་བདུན་ལྟ་བུ་ཟས་སྐོམ་གྱི་སྤྲོས་པ་བཅད་ལ་ཐུན་གྲངས་དང་ཚད་མེད་པར་བསྒོམས་པས་ནད་ཐམས་ཅད་བྱང་བ་ནི་ཉམས་སུ་མྱོང་། དེ་ནས་གོམས་པར་བྱས་ནས་ཟླ་དྲུག་བཏང་ན་ངེས་པར་འཆི་མེད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་གྲུབ་ཐོབ་ཛཱ་ཧ་བྷཱིར་ནས་བརྒྱུད་པའི་ཚེ་སྒྲུབ་ཀྱི་ཉམས་ཁྲིད་འདི་ཉིད་དྲིན་ཅན་རྡོ་རྗེ་འཆང་བསོད་ནམས་ཆོས་འཕེལ་གྱི་བཀའ་གནང་བ་ལྟར། ལྷ་རིགས་འ་ཞའི་བནྡྷེ་འཇམ་དབྱངས་ངག་གི་དབང་ཕྱུག་རྒྱལ་མཚན་རབ་བརྟན་གྱིས་རྗེ་བླ་མའི་བཞུགས་གནས་གྲོ་མོ་ལུང་དུ། ཤུགས་འབྱུང་མགྱོགས་བྲིས་སུ་སྦྱར་བ་འདིས་ཀྱང་སེམས་ཅན་ཐམས་ཅད་འཆི་མེད་ཀྱི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།འདི་ཉིད་ཀྱི་ཉམས་ཁྲིད་ལུང་དང་བཅས་པ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། པདྨ་སཾ་བྷ་ཝ། མ་ཧཱ་སིདྡྷི་ཛཱ་ཧ་བྷཱིར། བྷྲ་མ་ནཱ་ཐ། མ་ཎི་ཀ་ནཱ་ཐ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །འཕགས་མཆོག་བྱམས་པ་སྐལ་བཟང་། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་ཞ་ལུ་པ། རྒྱལ་དབང་ལྔ་པ་ཆེན་པོ། རིག་འཛིན་པདྨ་ཕྲིན་ལས། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། རིག་འཛིན་ཕྱོགས་ལས་རྣམ་རྒྱལ། མཆོག་སྤྲུལ་རིན་པོ་ཆེ་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས། ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་བློ་གྲོས་མཐའ་ཡས་ལ་བསྩལ་པའོ།།
མཆོག་གླིང་ཟབ་བདུན་སྐོར་ལ་བརྒྱུད་འདེབས་འཕྲོས་དཀར་གཏོར་ (Volume 18, Text 3)
མཆོག་གླིང་ཟབ་བདུན་སྐོར་ལ་བརྒྱུད་འདེབས་འཕྲོས་དཀར་གཏོར་ནི། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ གསུམ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛ༔ བྷཱུ་མི་པ་ཏི་ས་པ་རི་བཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ། ཧཱུྃ༔ ས་བདག་ལྷ་ཀླུ་འཇིག་རྟེན་སྐྱོང་བ་དང༔ གནས་དང་ཡུལ་གྱི་བདག་པོར་གྱུར་པ་ཀུན༔ རིན་ཆེན་ས་གླུད་མཆོད་པ་འདི་བཞེས་ལ༔ བདག་གིས་གནས་འདིར་སྙིང་པོ་བྱང་ཆུབ་སྒྲུབ༔ ཀོ་ལོང་མ་མཛད་ཁྱོད་ཀྱིས་སྡོངས་གྲོགས་གྱིས༔ མཐར་ཕྱིན་བར་དུ་དགེ་བའི་མཐུན་རྐྱེན་མཛོད༔ ས་འདི་བཀྲ་ཤིས་བྱིན་ཆགས་མཛད་དུ་གསོལ༔ བྷཱུ་མི་པ་ཏི་གཙྪ༔ ཅེས་བརྗོད་གཏོར་མ་ཕུལ༔ ༈ སྐྱབས་སེམས་ནི༔ ན་མོ༔ བདག་སོགས་སེམས་ཅན་སྡུག་བསྔལ་གྲོལ་དོན་དུ༔ བྱང་ཆུབ་བར་དུ་སྐྱབས་སུ་བཟུང་བའི་གནས༔ བླ་མ་ཕྱག་རྒྱ་ཟིལ་གནོན་དཀོན་མཆོག་གསུམ༔ ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ བདག་ནི་སྔོན་གྱི་རྒྱལ་བའི་མཛད་པ་བཞིན༔ སེམས་ཅན་ཀུན་གྱི་དོན་རབ་བརྩོན་པར་བྱ༔ སེམས་ཅན་མ་བརྒལ་བསྒྲལ་དང་མ་གྲོལ་སྒྲོལ༔ སེམས་ཅན་དབུགས་དབྱུང་མྱ་ངན་འདས་འགོད་འཇུག༔ འགྲོ་རྣམས་བདེ་ལྡན་སྡུག་བསྔལ་བྲལ་བ་དང༔ འཕགས་པའི་བདེ་ཐོབ་བཏང་སྙོམས་ལ་གནས་ཤོག༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་འདིར་བྱོན་ལ༔ འཕོ་འགྱུར་འབྲལ་མེད་ཀློང་དུ་བཞུགས་སུ་གསོལ༔ ཡེ་ནས་རྣམ་དག་ངང་དུ་ཕྱག་འཚལ་ལོ༔ ཆོས་ཉིད་རྣམ་རོལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ མ་རིག་སྡིག་པའི་ལས་བགྱིས་མཐོལ་ལོ་བཤགས༔ དབྱིངས་རིག་འདུ་འབྲལ་མེད་ལ་ཡི་རང་ངོ༔ ཁྱབ་གདལ་ཕྱོགས་ལྷུང་བྲལ་བའི་ཆོས་འཁོར་བསྐོར༔ དུས་གསུམ་རྟག་པར་མྱ་ངན་མི་འདའ་བཞུགས༔ དམིགས་མེད་དགེ་ཚོགས་མཁའ་མཉམ་འགྲོ་ལ་བསྔོ༔ འཇམ་དཔལ་གཤིན་རྗེའི་གོ་འཕང་ཐོབ་པར་ཤོག༔ ཟབ་བདུན་གཤིན་རྗེ་ལ་འདི་ལྟར་དང་། རྟ་མགྲིན་ལ། བླ་མ་རྟ་མགྲིན་དབང་ཆེན། ཡང་དག་ལ། བླ་མ་ཧེ་རུ་ཀ་དཔལ། ཕུར་པ་ལ། བླ་མ་རྡོ་རྗེ་གཞོན་ནུ། མ་མོ་ལ། བླ་མ་མངོན་རྫོགས་རྒྱལ་པོ་སོགས་བསྒྱུར།། །།
ཚེ་དཔག་མེད་འཆི་མེད་སྐུ་གསུམ་འདུས་པའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་ཚེ་དབང་བཅུད་འཁྱིལ་ (Volume 20, Text 3)
༄༅། །ཚེ་དཔག་མེད་འཆི་མེད་སྐུ་གསུམ་འདུས་པའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་ཚེ་དབང་བཅུད་འཁྱིལ་ཞེས་བྱ་བ་བཞུགས་སོ། ། ཚེ་དཔག་མེད་འཆི་མེད་སྐུ་གསུམ་འདུས་པའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་ཚེ་དབང་བཅུད་འཁྱིལ་ཞེས་བྱ་བ། བླ་མ་དང་སྐུ་གསུམ་རིགས་འདུས་པའི་ལྷ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་ཟླ་གམ་དབང་གི་དཀྱིལ་འཁོར་དུ། །རྟག་པའི་རྡོ་རྗེ་ཁ་སྦྱོར་བདེ་བ་ཆེ། །འཆི་མེད་གྲུབ་པའི་རྒྱལ་བ་ཡབ་དང་ཡུམ། །སྙིང་གི་ཟེའུ་འབྲུར་བཞུགས་ལ་ཚེ་དབང་སྩོལ། །ཆོས་འཛིན་བློ་གྲོས་མཐའ་ཡས་རྒྱལ་བའི་སྲས། །སྣང་མཛད་མཚན་གྱི་རྒྱལ་རྔ་བརྡུང་དེ་སྲིད། །བཟང་པོ་སྤྱོད་པའི་ཤེས་རབ་བློ་ཆེན་གྱིས། །མི་དཔོག་སྨོན་ལམ་གཏེར་ཁ་ཕྱེ་བ་ལས། །ཚེ་དབང་བཅུད་དུ་འཁྱིལ་བར་སུས་སྤྱོད་པ། །རྡོ་རྗེའི་སྲོག་ཏུ་སྡོམ་བྱེད་ཟབ་པའི་ཆོས། །གཏན་པ་མེད་པའི་སྦྱིན་པ་ལ་དགའ་བས། །ལེགས་བཤད་སྙིང་པོར་དྲིལ་བ་འདི་རྨད་དོ། །པདྨའི་ཞལ་གདམས་གྲོལ་ཐིག་དགོངས་པ་རང་གྲོལ་གྱི་ཆོས་སྡེ་ལས་ཚེ་དཔག་མེད་སྐུ་གསུམ་འདུས་པའི་བསྙེན་སྒྲུབ་ཉམས་སུ་ལེན་ཞིང་། གཞན་ལ་དབང་བསྐུར་བའི་ཆོ་གའི་རིམ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་ལས་རིམ་མོ། །དང་པོ་ནི། སྟེགས་བུའི་ཁར་དཀྱིལ་འཁོར་ལྟེ་བ་དམར། པད་འདབ་བརྒྱད་མཛེས་ཚོན། ཁྱམས་བཞི་ཕྱོགས་མདོག །སྒོ་དང་རྟ་བབས་སོགས་ཞི་དཀྱིལ་སྤྱི་མཐུན་ནམ། མ་འཛོམ་ན་མཎྜལ་ལ་དྲི་བཟང་གིས་གཤེར་བའི་འབྲུའི་ཚོམ་བུ་གཅིག་བཀོད་པའི་དབུས་སུ་མཉྫིའི་ཁར་བུམ་པ་བཅུད་ལྡན་མགུལ་ཆིངས་དང་ལྡན་པ། མདུན་དུ་ཚེ་གཏོར་རམ་ཚེ་བུམ་སྤྱི་དང་འདྲ་བ་ལས་ཁ་ནས་ཕྱོགས་བཞིར་དཔྱངས་པའི་ཤིང་ལོའི་རྩེར་རྒྱ་གྲམ་རེ་རེས་མཚན་པ། གཡས་སུ་ཚེ་རིལ། རྒྱབ་ཏུ་ཚེ་མདའ། ཡེ་ཤེས་སེམས་དཔའི་ཙཀླི་དང་ཤེལ་རྡོ། གཡོན་དུ་ཀ་པཱ་ལར་ཆང་བཟང་པོ་ཨ་མྲྀཏའི་བཅུད་ལྡན་དར་དམར་བརྒྱད་ལྟེབས་ཀྱི་ཁེབས་དང་བཅས་པའི་སྟེང་དུ་གསུམ་པའི་དབང་རྟེན་རིག་ཙཀ །ལོགས་གར་བདེར་ལས་ཐམས་ཅད་པའི་བུམ་པ། མདུན་དུ་སྨན་རཀ་གཏོར་གསུམ་ཉེར་སྤྱོད་དང་བཅས་པ་བཀོད་ལེགས་པར་བཤམ། གཞན་ཡང་བཀའ་སྲུང་གི་མཆོད་གཏོར། ཚོགས་ཀྱི་ཡོ་བྱད་གཙོར་གྱུར་འོག་ཏུ་དགོས་པའི་ཡོ་བྱད་རྣམས་འདུ་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། བདག་དོན་བསྙེན་སྒྲུབ་བྱ་བ། གཞན་དོན་དབང་བསྐུར་བའོ། །དང་པོ་ལ་གསུམ། སྔོན་འགྲོ་སྦྱོར་བའི་ཆོས། དངོས་གཞི་བསྐྱེད་བཟླས་ཀྱི་ཆོས། མཐའ་རྟེན་མཇུག་གི་ཆོས་སོ། །དང་པོ་ལ་བཞི་ལས། ཐོག་མར་སྐྱབས་སེམས་སྔོན་དུ་འགྲོ་བའི་ཚོགས་གསག་པ་ནི། ཧྲཱི༔ མདུན་གྱི་ནམ་མཁར་འཇའ་འོད་གུར་ཁང་དབུས༔ དཀྱིལ་འཁོར་དབང་ཕྱུག་ཀུན་བཟང་སྣང་མཐའ་ཡས༔ འཆི་མེད་སྐུ་གསུམ་འདུས་པ་ལྷ་ཡི་ཚོགས༔ མ་ལུས་འཁོར་བཅས་གནས་འདིར་གཤེགས་ཤིང་བཞུགས༔ དབང་སྐུར་བྱིན་རློབས་མཆོག་གི་དངོས་གྲུབ་སྩོལ༔ སྐྱབས་སུ་འགྲོ་བ་ནི། ན་མོ༔ ཆོས་སྐུ་སྣང་བ་མཐའ་ཡས་ཚེ་ཡི་བདག༔ ལོངས་སྐུ་ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས༔ འགྲོ་འདུལ་པདྨ་འབྱུང་གནས་སྤྲུལ་པའི་སྐུ༔ སྐུ་གསུམ་གདོད་མའི་ལྷ་ལ་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི། བདག་གིས་མཁའ་མཉམ་འགྲོ་བའི་དོན་སླད་དུ༔ སྐུ་གསུམ་གདོད་མའི་ལྷ་ཚོགས་བསྒྲུབས་ནས་ནི༔ འགྲོ་ཀུན་འཆི་བའི་འཇིགས་པ་ལས་བསྒྲལ་ཏེ༔ སྙིང་པོ་བླ་མེད་ས་ལ་འགོད་པར་བགྱི༔ ཚོགས་གསག་ཡན་ལག་བདུན་པ་ནི། ཧྲཱི༔ སྐུ་གསུམ་ཡོངས་འདུས་འཆི་མེད་ལྷ་ཡི་ཚོགས༔ རབ་གུས་དུང་བའི་གནས་འདིར་སྤྱན་འདྲེན་གཤེགས༔ རིན་ཆེན་གཞལ་ཡས་མཛེས་པའི་གདན་ལ་བཞུགས༔ བདག་སོགས་སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་མཆོད་སྤྲིན་རྒྱ་མཚོས་མཆོད༔ དམ་ཚིག་ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ དུས་གསུམ་རྒྱལ་བའི་སྤྱོད་ལ་རྗེས་ཡི་རང༔ བླ་མེད་ཐེག་ཆེན་ཆོས་འཁོར་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་འགྲོ་བའི་དོན་ཕྱིར་བཞུགས༔ འཁོར་འདས་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔ འགྲོ་ཀུན་སྐུ་དང་ཡེ་ཤེས་ཡོངས་འགྲུབ་ཤོག༔ ལན་གསུམ་རེའི་རྗེས་སུ་ཚོགས་ཞིང་ལ་ཐུགས་རྒྱུད་བསྐུལ་བ་ནི། རྗེ་བཙུན་བླ་མ་རྡོ་རྗེ་འཛིན༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྫོགས་པའི་དཔལ༔ ཁྱོད་ལ་ཕྱག་འཚལ་སྐྱབས་སུ་མཆི༔ དབང་བཞི་རྫོགས་པའི་དངོས་གྲུབ་སྩོལ༔ སྒྲིབ་གཉིས་བྱང་བར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ གསོལ་འདེབས་ཀྱི་བསྙེན་པ་བརྒྱ་སྟོང་ཅི་ནུས་ཀྱི་ངང་ནས་དབང་བཞི་བླང་བར་བྱ་ཞིང་། ཐུན་མཐར། གསོལ་གདབ་བསྙེན་པས་མདུན་གྱི་ལྷ་ཚོགས་ལས༔ དཀར་དམར་མཐིང་ཚོགས་བསམ་ཡས་འོད་ཟེར་གྱིས༔ གནས་གསུམ་གང་བས་སྒོ་གསུམ་རིམ་པར་སྦྱངས༔ སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པ་དང༔ འོད་ཟེར་ཕར་འཕྲོས་སྐུ་གསུང་ཐུགས་ལ་ཐིམ༔ ཕྱི་ནང་གསང་བའི་མཆོད་པས་མཉེས་པ་དང༔ བར་དུ་འོད་ཟེར་སྣོད་བཅུད་ཐམས་ཅད་གང༔ བླ་མ་ཡི་དམ་མཁའ་འགྲོར་གསལ་བའི་ངང༔ ཚོགས་ཞིང་འོད་ཞུ་རང་དང་གཉིས་སུ་མེད༔ མ་བཅོས་ཁྱབ་གདལ་ཟུང་འཇུག་ངང་ལ་བཞག༔ གཉིས་པ་བགེགས་བསྐྲད་ཅིང་སྲུང་འཁོར་སྒོམ་པ་ནི། གཏོར་མ། ཨ་ཀཱ་རོས་བྱིན་བརླབ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བསྔོས་ལ། ཧཱུྃ༔ ས་ཕྱོགས་འདིར་གནས་ལྷ་ཀླུ་འབྱུང་པོའི་ཚོགས༔ དངོས་སུ་བཤམས་པའི་མཆོད་སྦྱིན་བདུད་རྩིའི་རྒྱུན༔ འབད་པ་མེད་པར་བྱིན་གྱིས་བརླབས་ནས་འབུལ༔ འདི་དག་གསོལ་ཞིང་ལེགས་པར་བསྣམས་ནས་ཀྱང༔ ས་ཕྱོགས་དགེ་ཞིང་བར་ཆད་མེད་པ་དང༔ ཇི་སྲིད་བསྙེན་སྒྲུབ་འབྲས་བུ་མ་ཐོབ་བར༔ ཁྱེད་རྣམས་ས་ཕྱོགས་གཞན་དུ་འགྲོ་བར་གྱིས༔ གལ་ཏེ་འདིར་གནས་བསམ་སྦྱོར་ངན་པ་ཡིས༔ ལས་ལ་མི་མཐུན་འབྲས་བུ་འབྱིན་གྱུར་ན༔ བདག་ཉིད་དབང་ཆེན་དཔལ་གྱི་མཐུ་སྟོབས་ཀྱིས༔ ལུས་ངག་ཡིད་གསུམ་ཐལ་བའི་རྡུལ་དུ་བྱེད༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་བཱན་བཛྲ་བིདྱཱ་རཱ་ཛཱ་ཡ་ཧཱུྃ་ཕཊ༔ གཏོར་མ་ཕྱི་རོལ་དུ་དོར་ལ་མཚམས་བཅད་པ་ནི། ཧཱུྃ༔ བདག་ཉིད་ཁྲོ་རྒྱལ་རྟ་མགྲིན་ཁྲོས་པ་ཡི༔ ཐུགས་ལས་སྤྲོས་པའི་མཚོན་ཆ་རྡོ་རྗེ་མེས༔ སྟེང་འོག་ཕྱོགས་མཚམས་མ་ལུས་ཀུན་ཏུ་གཏམས༔ བསྐལ་པའི་ལས་ཀྱི་རླུང་ཡང་ལྡང་མི་འགྱུར༔ ཨོཾ་ཧ་ཡ་གྲཱི་ཝ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ༔ གསུམ་པ་བྱིན་དབབ་པ་ནི། མདའ་དར་གཡབ། སྤོས་རོལ་གདུང་བའི་དབྱངས་དང་བཅས་ཏེ། ཨོཾ་ཧཱུྃ་ཨ་ལ་ལ་ཧོ༔ ངོ་བོ་ཆོས་སྐུའི་ཞིང་ཁམས་ནས༔ བདེ་གཤེགས་སྣང་བ་མཐའ་ཡས་ཀྱིས༔ གནས་འདིར་དབང་སྐུར་བྱིན་ཕོབ་ལ༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ རང་བཞིན་ལོངས་སྐུའི་ཞིང་ཁམས་ནས༔ བཅོམ་ལྡན་ཚེ་དཔག་མེད་མགོན་གྱིས༔ གནས་འདིར་དབང་སྐུར་བྱིན་ཕོབ་ལ༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ཐུགས་རྗེ་སྤྲུལ་པའི་ཞིང་ཁམས་ནས༔ སློབ་དཔོན་མཚོ་སྐྱེས་རྡོ་རྗེ་ཡིས༔ གནས་འདིར་དབང་སྐུར་བྱིན་ཕོབ་ལ༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ འཆི་མེད་གཉུག་མའི་ཞིང་ཁམས་ནས༔ ལོ་ཆེན་བཻ་རོ་ཙ་ན་ཡིས༔ གནས་འདིར་དབང་སྐུར་བྱིན་ཕོབ་ལ༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ཟུང་འཇུག་དབུ་མའི་ཞིང་ཁམས་ནས༔ འོད་གསལ་སྣ་ཚོགས་རང་གྲོལ་གྱིས༔ གནས་འདིར་དབང་སྐུར་བྱིན་ཕོབ་ལ༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ དངོས་གྲུབ་ཀུན་སྩོལ་ཡི་དམ་ལྷ༔ རྫུ་འཕྲུལ་ཐོགས་མེད་མཁའ་འགྲོའི་ཚོགས༔ གནས་འདིར་དབང་སྐུར་བྱིན་ཕོབ་ལ༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ བཞི་པ་མཆོད་རྫས་བྱིན་བརླབ་ནི། འཆི་མེད་རིག་འཛིན་དཀྱིལ་འཁོར་སྒྲུབ་པའི་རྫས༔ ཕྱི་ནང་གསང་བའི་རང་བྱུང་མཆོད་པ་རྣམས༔ མ་དག་ལོག་འཁྲུལ་ཉེས་པའི་ཚོགས་རྣམས་ཀུན༔ ཡེ་ཤེས་འབྲུ་གསུམ་སྦྱངས་ཤིང་བྱིན་གྱིས་བརླབས༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ལན་བདུན་བརྗོད། དེ་དག་གིས་སྔོན་འགྲོའི་ཆོས་བསྟན་ཟིན་ཏོ། །གཉིས་པ་དངོས་གཞི་ལ་བདུན་གྱི། དང་པོ་ཏིང་ངེ་འཛིན་རྣམ་པ་གསུམ་གྱིས་བདག་མདུན་དབྱེར་མེད་དུ་བསྒོམ་པ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཆོས་ཐམས་ཅད་ཀྱི་རང་བཞིན་དེ་བཞིན་ཉིད་ལས་མི་འདའ་བའི་སྟོང་པ་ཉིད་ཀྱི་ངོ་བོའོ༔ དེ་ཉིད་མ་རྟོགས་པའི་སེམས་ཅན་རྣམས་ཀྱི་དོན་བྱ་བའི་སླད་དུ་གདངས་འགག་པ་མེད་པ་ལོངས་སྐུའི་རྩལ་སྣང་སྙིང་རྗེ་ཆེན་པོའི་དབང་གིས་རེ་ཞིག་མིག་འཕྲུལ་ལྟ་བུར་འཆི་མེད་སྐུ་གསུམ་འདུས་པའི་སྐུར་ལྡང་བར་བྱའོ༔ སྤྲུལ་པ་རྒྱུའི་ཡི་གེ་ཧྲཱིཿདམར་པོ་གསལ་ཞིང་འབར་བ་ལས༔ ཡི་གེ་བྷྲཱུྃ་ཁ་དོག་ལྔ་ལྡན་ཞིག་ཆད་པ་འོད་དུ་ཞུ་བ་ལས་པདྨ་རཱ་གའི་ས་གཞི་ལག་མཐིལ་ལྟར་ཁོད་སྙོམས་པའི་གཞི་ལ༔ བདེ་ཆེན་པདྨོ་བརྩེགས་པའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབ་བཞི་དང་ལྡན་ཅིང་ཕུལ་དུ་བྱུང་བའི་རྒྱན་གྱིས་སྤྲས་པ༔ ཕྱི་རོལ་དུ་ཡན་ལག་བརྒྱད་དང་ལྡན་པའི་ཁྲུས་ཀྱི་རྫིང་བུ་བརྒྱད་དང་རིན་པོ་ཆེའི་ལྗོན་ཤིང་གི་ཕྲེང་བ་ལ་མཛེས་ཤིང་ཡིད་དུ་འོང་བའི་ལྷའི་བྱ་རྩེ་ཞིང་སྐད་སྙན་སྒྲོག་པ་ཅན་གྱི་བར་བར་དུ་ལྷ་དང༔ ལྷ་མོ༔ དྲང་སྲོང༔ གྲུབ་པའི་ཚོགས་དུ་མ་རྣམ་པར་རོལ་པ། ཡེ་ཤེས་སྒྱུ་མའི་རང་བཞིན་རྒྱ་ཁྱོན་དང་ངོ་མཚར་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་མཐའ་སྐོར་རིན་པོ་ཆེ་སྣ་བདུན་གྱི་ཕ་གུས་ཡོངས་སུ་བསྐོར་བའོ༔ ཕོ་བྲང་ཆེན་པོའི་ལྟེ་བར་རྨ་བྱ་གཞོན་ནུ་ཟུང་བཞིས་བཏེགས་པའི་རིན་པོ་ཆེའི་ཁྲི་སྟེགས་རབ་ཏུ་མཐོ་བར་པདྨ་ཉི་ཟླའི་གདན་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པར་སྟོན་པར་བྱེད་པའི་ཡི་གེ་ཧྲཱིཿལས་ཚེ་དཔག་མེད་སྐུ་མདོག་དམར་པོ་འོད་དང་ལྡན་པ༔ ཞལ་གསུམ་ཕྱག་དྲུག་པ༔ གཡས་ཞལ་ཆུ་ཤེལ་ལྟར་དཀར་ལ་འཚེར་བ༔ གཡོན་ཞལ་རིན་པོ་ཆེ་མ་རྒད་ལྟར་ལྗང་ཞིང་འོད་འཕྲོ་བས་མཛེས་པ༔ དབུས་ཞལ་པདྨ་རཱ་ག་ལྟར་དམར་གསལ་འཛུམ་ཞིང་བཞད་པས་འོད་ཟེར་ལྔ་འཕྲོ་བ༔ ཕྱག་གཡས་དང་པོ་ཐུགས་ཀར་པདྨའི་ཕྲེང་བ་འདྲེན་ཐབས་སུ་འཛིན་པ༔ གཡོན་གྱི་དང་པོ་མཉམ་གཞག་གི་སྟེང་ན་ཚེ་ཡི་བདུད་རྩིས་གང་བའི་བུམ་པ་འཛིན་ཅིང་ཡུམ་ལ་འཁྱུད་པ༔ གཡས་ཀྱི་ལྷག་མ་གཉིས་རྡོ་རྗེ་དང་ནོར་བུ་རིན་པོ་ཆེ་འབར་བ་འཛིན་པ༔ གཡོན་གྱི་ལྷག་མ་གཉིས་འཁོར་ལོ་དང་རྒྱ་གྲམ་འཛིན་པ༔ དེའི་པང་དུ་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་སྐུ་མདོག་དམར་གསལ་ཞལ་གཅིག་ཕྱག་གཉིས་མ༔ གཡས་པདྨ་དང་གཡོན་ཀ་པཱ་ལ་བདུད་རྩིས་གང་བ་བསྣམས་ནས་ཡབ་ཀྱི་མགུལ་ནས་འཁྱུད་པ༔ ཡབ་ཡུམ་གཉིས་ཀའང་དབུ་རྒྱན༔ སྙན་རྒྱན༔ མགུལ་རྒྱན༔ དོ་ཤལ༔ ཚངས་སྐུད་ལ་སོགས་པ་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་མཛེས་པར་བྱས་པའི༔ ལོངས་སྤྱོད་རྫོགས་པའི་སྐུའི་རྒྱན་ཅན༔ ཞབས་གཉིས་སྐྱིལ་ཀྲུང་གིས་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་དབུས་ན་སྣང་ལ་རང་བཞིན་མེད་པར་བཞུགས་པའི་བ་སྤུའི་བུ་ག་ཐམས་ཅད་ནས་རྟ་མགྲིན་གྱི་སྐུ་ཕྱེད་ཕྱེད་ཐོན་པས་སྲུང་བའི་འཁོར་ལོར་ལྷུན་གྱིས་གྲུབ་པའོ༔ ཚེ་དཔག་མེད་ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་ཀར་པདྨའི་སྡོང་བུའི་སྟེང་དུ་ཡེ་ཤེས་སེམས་དཔའ་གུ་རུ་རིན་པོ་ཆེ་པདྨ་སམྦྷ་བའི་ཆ་ལུགས་སྐུ་མདོག་དཀར་དམར་གཞོན་ཤ་ཆགས་པའི་ཉམས་ཅན༔ ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གདེངས་པའི་ཚུལ་དང༔ གཡོན་པདྨ་རཱ་གའི་བུམ་ཐོད་བདུད་རྩིས་གང་བ་བསྣམས་ནས་ཡུམ་ལ་འཁྱུད་པ༔ ཞབས་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས་པའི་པང་ན༔ ཡུམ་ཡེ་ཤེས་མཚོ་རྒྱལ་དཀར་མོ་གྲི་ཐོད་འཛིན་པས་འཁྱུད་ཅིང༔ ཞབས་པད་སྐྱིལ་གྱིས་འཁྲིལ་བ༔ བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོའི་ངོ་བོར་གྱུར་པའོ༔ མཐའ་སྐོར་གྱི་པད་འདབ་ལ་མགྲོན་ཐབས་ཀྱི་ལྷ་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། ཡི་དམ་ཞི་ཁྲོ་རབ་འབྱམས། གནས་ཡུལ་གྱི་དཔའ་བོ་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པར་བཞུགས་པའོ། །སྤྱི་བོར་ཟླ་བ་ལ་གནས་པའི་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་གནས་པའི་ཨཱཿདམར་པོ། སྙིང་གར་ཉི་མ་ལ་གནས་པའི་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང་། སྐུ་གསུམ་བདེ་བ་ཆེན་པོའི་ཞིང་ཁམས། འོག་མིན་པདྨོ་བཀོད་ལ་སོགས་པ་ནས། དཀོན་མཆོག་རྩ་བ་གསུམ་གྱི་ལྷ་ཚོགས་མ་ལུས་པ་ཐམས་ཅད་འཆི་མེད་སྐུ་གསུམ་འདུས་པའི་རྣམ་པར་བཛྲ་ས་མཱ་ཛཿ གཉིས་པ་སྤྱན་འདྲེན་པ་ནི། ཧྲཱི༔ སྔོན་ཚེ་བདེ་བ་ཅན་གྱི་ཞིང་ཁམས་ནས༔ འོད་ཟེར་ལྔ་ལྡན་རྒྱ་མཚོའི་གླིང་དུ་འཕྲོས༔ ཆོས་སྐུའི་དབང་བསྐུར་འཆི་མེད་དངོས་གྲུབ་བརྙེས༔ མ་ཧཱ་གུ་རུ་མཚོ་སྐྱེས་རྡོ་རྗེའི་སྐུ༔ འཆི་མེད་ཚེ་ཡི་ལྷ་མོ་ཙཎྜ་ལཱི༔ འཁོར་དུ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས༔ སྐུ་གསུམ་ཚེ་ཡི་ལྷ་ཚོགས་དབྱིངས་ནས་བཞེངས༔ འགྲོ་བའི་དོན་དུ་སྤྱན་འདྲེན་གཤེགས་སུ་གསོལ༔ བཀྲ་ཤིས་ཟླ་གམ་འོད་ཀྱི་བྲག་ཕུག་ཏུ༔ འཆི་མེད་ཚེ་ཡི་རིག་འཛིན་བསྒྲུབས་པའི་ཚེ༔ བྷནྡྷ་ཁ་སྦྱོར་ལོངས་སྐུའི་རྩལ་དབང་རྫོགས༔ པདྨ་འབྱུང་གནས་འགྱུར་མེད་རྡོ་རྗེའི་སྐུ༔ གཉིས་མེད་སྦྱོར་བའི་ཡུམ་ཆེན་མནྡཱ་ར༔ འཁོར་དུ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས༔ སྐུ་གསུམ་ཚེ་ཡི་ལྷ་ཚོགས་དབྱིངས་ནས་བཞེངས༔ འགྲོ་བའི་དོན་དུ་སྤྱན་འདྲེན་གཤེགས་སུ་གསོལ༔ སྤྲུལ་སྐུའི་ཞིང་ཁམས་བྲག་དམར་གཡའ་མ་ལུང༔ འཆི་མེད་བདུད་རྩིའི་སྙིང་པོ་བསྒྲུབས་པའི་ཚེ༔ ཚེ་ཡི་ལྷ་ཚོགས་མཁའ་ལ་ཆར་བཞིན་བབས༔ ལྷ་དང་དབྱེར་མེད་པདྨ་ཚེ་དབང་རྩལ༔ གསང་བའི་ཡུམ་གཅིག་ཡེ་ཤེས་མཚོ་རྒྱལ་མ༔ འཁོར་དུ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས༔ སྐུ་གསུམ་ཚེ་ཡི་ལྷ་ཚོགས་དབྱིངས་ནས་བཞེངས༔ འགྲོ་བའི་དོན་དུ་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ཛཿཧཱུྃ་བཾ་ཧོ༔ གསུམ་པ་དམ་ཡེ་བསྲེ་བ་ནི། ཧྲཱི༔ གདོད་ནས་གཉིས་མེད་མཉམ་པའི་ངང་ཉིད་ལ༔ བློ་སྦྱང་ཕྱིར་དུ་དམ་ཚིག་ཡེ་ཤེས་སེམས༔ ཆུ་ལ་ཆུ་བཞག་སྒྱུ་མ་ཇི་བཞིན་དུ༔ དུ་མར་སྣང་ཡང་རོ་གཅིག་བརྟན་པར་བྱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ་ལྷན༔ བཞི་པ་དབང་བསྐུར་རྒྱས་གདབ་ནི། ཧྲཱི༔ ཐམས་ཅད་སྐུ་གསུང་ཐུགས་དང་ཡེ་ཤེས་ལྡན༔ དབང་ཆེན་དབང་སྐུར་མཐུ་རྩལ་བྱིན་གྱིས་རློབས༔ ཕྱག་རྒྱ་བཞི་ལྡན་ཡེ་ནས་གྲུབ་པའི་ངང༔ ཐམས་ཅད་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ༔ ཨོཾ་ཧཱུྃ་སྭཱ་ཧྲཱིཿཧཱ་ཨཱ་བྷི་ཥིཉྩ་ཧཱུྃ༔ བཞི་པ་ཕྱག་བྱ་བ་ནི། ཧྲཱི༔ སྐུ་གསུམ་ཡོངས་འདུས་འཆི་མེད་ལྷ་ཡི་ཚོགས༔ རང་ཤེས་འཁྲུལ་བྲལ་བརྡ་དང་གར་གྱི་ཕྱག༔ རྣམ་དག་ཡེ་ཤེས་ཆེན་པོ་རྟོགས་བྱའི་ཕྱིར༔ སྲི་ཞུ་གུས་པས་འཕྲུལ་དགའི་ཚུལ་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ ལྔ་པ་མཆོད་པའི་བྱེ་བྲག་རིམ་པར་འབུལ་བ་ལས། ཐོག་མར་གླུ་བྲོ་ཡེ་ཤེས་ཀྱི་མཆོད་པ་ནི༔ ཧྲཱི༔ ཡེ་ཤེས་གླུ་བྲོ་དོན་གྱི་བརྡ་མཚོན་ནས༔ དགའ་བ་བཅུ་དྲུག་གླུ་དབྱངས་བྲོ་དང་གར༔ ཡང་དག་དོན་རྟོགས་རང་བྱུང་རང་ལ་མཆོད༔ རྟོགས་པའི་ཡེ་ཤེས་རང་གནས་བསྟན་དུ་གསོལ༔ མ་ཧཱ་ཛྙཱ་ན་ཏེ་ཏེ་ཧཱུྃ༔ ཏེ་ཏེ་ཏེ་ན་ཧཱུྃ༔ ཕྱི་མཆོད་ནི། ཧྲཱི༔ ཏིང་འཛིན་ཆོ་འཕྲུལ་ཡེ་ཤེས་རོལ་པ་ལས༔ ཕ་རོལ་ཕྱིན་པ་དྲུག་རྫོགས་མཆོད་པའི་སྤྲིན༔ ནམ་མཁའི་ཁམས་ཀུན་ལེགས་པར་བཀང་ནས་ཀྱང༔ འཆི་མེད་སྐུ་གསུམ་ཚེ་ཡི་ལྷ་ལ་འབུལ༔ ཧྲཱིཿབཛྲ་ཨཱ་ཧ་ར་ཨཱ་ཧ་ར་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ཧོ༔ ནང་མཆོད་ནི། ཧྲཱི༔ གསང་བ་ཡུམ་གྱི་བདེ་བ་དམ་པ་ནི༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་རྣམས་ཏེ༔ འདོད་ཡོན་མ་འགགས་རང་བྱུང་ལྷ་མོའི་ཚོགས༔ སྐུ་གསུམ་ཚེ་ཡི་ལྷ་ལ་མཆོད་པར་འབུལ༔ པཉྩ་ཀཱ་མ་གུ་ཎ་པཱུ་ཛ་ཧོ༔ སྨན་མཆོད་ནི། ཧྲཱི༔ རང་བྱུང་གདོད་ནས་དག་པ་རྫས་ཀྱི་མཆོག༔ ཤ་ལྔ་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ༔ དག་མཉམ་རྟོགས་པས་རང་བྱུང་རང་ལ་མཆོད༔ སྐུ་གསུང་ཐུགས་ཀྱི་སིདྡྷི་བསྩལ་དུ་གསོལ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ འོད་མི་འགྱུར་བ་སྐུ་གསུམ་རིགས་འདུས་ལྷ། །པདྨ་སཾ་བྷ་ལྷ་ལྕམ་བདེ་ཆེན་རྒྱལ། །བཻ་རོ་ཙ་ན་ཤེས་རབ་འོད་ཟེར་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་ལོངས་སྤྱོད་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཀརྨ་ཀུན་བཟང་རིན་ཆེན་དར་རྒྱས་མཚན། །ཕྲིན་ལས་ལྷུན་གྲུབ་གཏེར་བདག་གླིང་པ་སོགས། །རྩ་བརྒྱུད་དཔལ་ལྡན་བླ་མ་དམ་པ་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་ལོངས་སྤྱོད་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། སངས་རྒྱས་བྱང་སེམས་གྲུབ་ཐོབ་རིག་པ་འཛིན། །མཁའ་འགྲོ་དམ་ཅན་ལྷ་དང་དགེ་བསྙེན་ཚོགས། །སྣང་སྲིད་གཞིར་བཞེངས་སྐུ་གསུམ་དཀྱིལ་འཁོར་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་ལོངས་སྤྱོད་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། རྗེས་འབྲེལ་དུ་དངོས་གྲུབ་བླང་བ་ནི། བདུད་རྩི་སྙིང་པོ་ཅན་གྱི་དབུས། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡི་གེ་གསུམ་གྱི་རྣམ་པ་ཅན། །དམ་ཚིག་ཕྱག་རྒྱ་གཉན་པོས་བླང་། །ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཨོཾ་ཨཱཿཧཱུྃ་ཧྲཱིཿ ཞེས་མཐེབ་སྲིན་ཉི་ཟླའི་གའུས་བླང་ཞིང་གནས་གསུམ་དུ་གཏུགས་ལ་མྱང་ངོ་། །དེ་ནས་གཏོར་མའི་མཆོད་པ་ནི། ཧྲཱི༔ ཁྱད་པར་རྨད་བྱུང་དམ་རྫས་འདོད་ཡོན་ལྔ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་མཆོག་གི་རྟེན༔ ཟག་མེད་བདུད་རྩིའི་གཏོར་མ་ལོངས་སྤྱོད་རྒྱན༔ སྐུ་གསུམ་ཚེ་ཡི་ལྷ་ལ་མཆོད་པར་འབུལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་རཀྟའི་མཆོད་པ་ནི། ཧྲཱི༔ བདེ་ཆེན་ཡེ་ཤེས་འབྱུང་བའི་གནས་གཅིག་པུ༔ པདྨ་རཀྟ་ཆགས་པ་ཆེན་པོའི་མཆོག༔ མ་ལུས་གཅིག་བསྡུས་འཁོར་སྐྱོན་དག་པའི་རྫས༔ སྐུ་གསུམ་ཚེ་ཡི་ལྷ་ལ་མཆོད་པར་འབུལ༔ མ་ཧཱ་རཀྟ་ཁཱ་ཧི༔ དྲུག་པ་བསྟོད་པ་ནི། ཧྲཱི༔ ཆོས་སྐུ་སྤྲོས་དང་བྲལ་བའི་ཕོ་བྲང་ནས༔ ལོངས་སྤྱོད་རྫོགས་སྐུ་བཅོམ་ལྡན་ཚེ་དཔག་མེད༔ སངས་རྒྱས་ཀུན་འདུས་འོད་ཟེར་སྣ་ཚོགས་འཕྲོ༔ བཅོམ་ལྡན་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ རྒྱལ་བ་ཁྱོད་ནི་སངས་རྒྱས་ཀུན་ལས་ལྷག༔ གསལ་འཚེར་ལྷུན་སྟུག་ལོངས་སྐུའི་རྒྱན་གྱིས་སྤྲས༔ ཞལ་གསུམ་ཕྱག་དྲུག་སྐུ་མདོག་དམར་ལ་འཚེར༔ ཡབ་ཡུམ་གཉིས་མེད་ཁྱོད་ལ་ཕྱག་འཚལ་བསྟོད༔ རྗེ་བཙུན་ཨོ་རྒྱན་མགོན་པོ་ཚེ་དཔག་མེད༔ གསང་བ་ཡེ་ཤེས་ཡུམ་མཆོག་གོས་དཀར་མོ༔ ཚེ་ལྷ་རྒྱལ་བ་ཡབ་ཡུམ་གཙོ་འཁོར་བཅས༔ བདུད་བཞིའི་གཡུལ་ལས་རྒྱལ་ལ་ཕྱག་འཚལ་བསྟོད༔ བདུན་པ་ཛཔ྄་བཟླ་བ་ལ་གཉིས། དངོས་དང་ཞར་བྱུང་ངོ་། །དང་པོ་ལ། ཐོག་མར་ཛཔ྄་ཁང་དབྱེ་བ་ནི། དབྱེ་བའི་གཞི་དཀྱིལ་འཁོར་གྱི་སྣང་ཆ་ལེགས་པར་གསལ་བཏབ་ནས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཕཊ་ཛཿ ཞེས་བརྗོད་པས། རོལ་པ་གཅིག་པའི་དཀྱིལ་འཁོར་ལས་རྣམ་ཆ་གཉིས་པ་ཞིག་ལོགས་སུ་ཕྱེ་ནས་མདུན་དུ་བཤམས་པའི་སྒྲུབ་རྫས་ཀྱི་གོ་སར་མེ་རི་འདབས་འབྱོར་ཙམ་དུ་བཞུགས་པར་གྱུར་པར་མོས། ཛཔ྄་ཀྱི་དགོངས་པ་རྣམ་པ་བཞི་ལས་དང་པོ་དམ་ཚིག་གི་བཟླས་པ་ནི། བདག་མདུན་གྱི་ཡེ་ཤེས་སེམས་དཔའི་ཐུགས་ཀར་པདྨ་ལ་གནས་པའི་ཉི་ཟླའི་སྟེང་དྭངས་མའི་ཐུགས་སྲོག་ཧྲཱིཿཡིག་དམར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་བུང་བའི་མཚོན་ཆ་ལྟ་བུ་འཕྲོས། ཕྱོགས་བཅུར་བཞུགས་པའི་རྒྱལ་བ་སྲས་བཅས་ཐམས་ཅད་མཆོད་པས་མཉེས། མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་མ་ལུས་པ་རང་ལ་བསྟིམ། དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སོ་སོར་ཀུན་ཏུ་སྣང་བར་བྱས། འོད་ཟེར་གྱིས་རེག་པ་ཙམ་གྱིས་སེམས་ཅན་ཐམས་ཅད་ཀྱི་ལས་དང་རྣམ་པར་སྨིན་པའི་སྡུག་བསྔལ་སྦྱངས། རང་འདྲའི་གོ་འཕང་ལ་བཀོད་པར་གྱུར། ཞེས་མོས་ལ་གསལ་བ་གསུམ་གྱི་ཏིང་འཛིན་དང་ལྡན་པས། ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཛྙཱ་ན་བཛྲ་ཨཱ་ཡུ་ཤེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཧྲཱི༔ ཞེས་ཅི་ནུས་བཟླའོ། །གཉིས་པ་དོ་ལིའི་བཟླས་པ་ནི། རང་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་བྱུང་བ་ལྕེ་པདྨ་འདབ་མ་གསུམ་པའི་རྣམ་པར་གནས་པའི་ཟེའུ་འབྲུའི་སྦུབས་ནས་ཕྱིར་བྱུང་། མདུན་བསྐྱེད་ཀྱི་ཞལ་ནས་ཞུགས། སྦྱོར་བའི་ལམ་གཉིས་ནས་འཁོར་བར་གྱུར། ཞེས་བསྒོམས་ལ་བཟླས་པའི་སྐྱོན་ལྔ་སྤངས་ཏེ་བཟླའོ། །གསུམ་པ་རྡོ་རྗེའི་བཟླས་པ་ནི། གང་གི་ཚེ་རྒོད་པར་གྱུར་ན་མངོན་དུ་གྱུར་པའི་ཚིག་སྤངས་ཏེ། ཞེས་འབྱུང་བ་ལྟར་གོང་གི་ཏིང་ངེ་འཛིན་གྱིས་རྒོད་བག་ཏུ་གྱུར་ན་ཡིད་ཀྱི་བཟླས་པ་བྱ་སྟེ། རླུང་འབྱུང་འཇུག་གནས་གསུམ་ལ་བརྟེན་ནས་སོ། །བཞི་པ་བདེ་སྟོང་གི་བཟླས་པ་ནི། སྙོམས་འཇུག་གི་བདེ་བའི་རང་སྒྲ་སྔགས་སུ་གྱུར་པ་ལ་སེམས་བཟུང་བའམ། བདེ་སྟོང་ལ་མཉམ་པར་འཇོག་སྟེ་བཟླའོ། །ཐུན་མཐར་ཁ་སྐོང་སྟོང་ཚིགས་སོགས་སྤྱི་དང་མཚུངས། བསྙེན་སྒྲུབ་སྐབས་རྫོགས་རིམ་ལ་བློ་བཞག་པ་ནི། ནུས་ན་རླུང་བུམ་པ་ཅན་ཉེར་གཅིག་བཟུང་ལ། བརྟན་གཡོ་གཉིས་སྣང་དུ་འཛིན་པའི་རྟོག་པ་ཐམས་ཅད། ཡོད་མེད་ལ་སོགས་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། སྨྲ་བསམ་བརྗོད་མེད་རྣམ་པར་མི་རྟོག་པའི་ཡེ་ཤེས་གཟོད་མ་ནས་མ་སྐྱེས་པ་ནམ་མཁའ་ལྟ་བུའི་ངང་ནས་རིག་རྩལ་སྣ་ཚོགས་སུ་ཤར་ཡང་། སྣང་ཙམ་ཉིད་ནས་རང་བཞིན་བརྡལ་བ་ཆེན་པོ་ཆོས་ཀྱི་དབྱིངས་ལས་མ་འདས་པས། ཡེ་ནས་རོ་མཉམ་ཆེན་པོ། དོན་དམ་སྐྱེ་འཆི་གཉིས་སུ་མེད་པའི་ཚེ་དཔག་ཏུ་མེད་པའོ། །ཞེས་མཉམ་པར་འཇོག་ལ་ཐུན་མཚམས་ཀྱི་ལྷར་ལྡང་ངོ་། །དབང་བསྐུར་སོགས་ལ་བུམ་པ་སྒྲུབ་ན། བསྙེན་བཟླས་ཁ་སྐོང་སྟོང་ཚིགས་གྲུབ་པ་དང་། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །གཟུངས་ཐག་འཛིན་ལ་བུམ་བསྙེན་ཅི་འགྲུབ་བཟླ། མཆོད་ཡོན་ཕུལ་ལ། ཨོཾ་ཨཱཿཧཱུྃ་ལྷ་རྣམས་བདེ་བ་ཆེན་པོས་འོད་དུ་ཞུ་སྟེ་བུམ་པའི་ཆུ་དང་རོ་གཅིག་པར་གྱུར། ལས་བུམ་སྒྲུབ་ན། ལས་ཐམས་ཅད་པའི་བུམ་པའི་ནང་དུ་རྟ་མགྲིན་དམར་པོ་ཕྱག་གཉིས་དབྱུག་ཏོ་དང་སྡིགས་མཛུབ་མཛད་ཅིང་། ཁྲོ་ཚུལ་གར་གྱི་ཉམས་དགུ་དང་ལྡན་པ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ་གསལ་བར་གྱུར། ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་བཟླ། ཁྲོ་བོ་ཁྱེད་ཀྱིས་བགེགས་ཐམས་ཅད་ཟློག་པའི་ཕྲིན་ལས་མཛོད་ཅིག །དེས་དངོས་གཞིའི་ཆོས་བདུན་གྲུབ་བོ། །གསུམ་པ་མཐའ་རྟེན་ལ་གཉིས། ཚེ་འགུགས་པ་དང་། རྒྱས་གདབ་པའོ། །དང་པོ་ནི། དཀྱིལ་འཁོར་གྱི་འཁོར་ལོའི་འོད་ཟེར་གྱིས་འཁོར་འདས་བརྟན་གཡོའི་ཁམས་ཀྱི་དྭངས་བཅུད་དང་། རང་གི་རྣམ་སྨིན་གྱི་ཁམས་ནས་བླ་ཚེ་ཡར་ཞིང་འཐོར་འཁྱམས་མ་ལུས་པ་སྦུར་མ་དང་ལེན་པ་པོའི་སྣང་ཚུལ་བཞིན་བདག་དང་སྒྲུབ་རྫས་རྣམས་ལ་ཐིམ་པས་བསྐལ་པར་མི་ཤིགས་པའི་ཚེ་དང་། བསོད་ནམས་ལ་སོགས་པ་དཔལ་བཅུའི་ཡོན་ཏན་འཐོབ་པར་བསམ་ལ་ཚེ་མདའ་གཡབ་ཅིང་། ཨོཾ་ཨཱཿཧཱུྃ་ཧྲཱི༔ བདེ་ཆེན་པདྨོ་བཀོད་པའི་ཞིང་ཁམས་ནས༔ ཆོས་སྐུ་འོད་དཔག་མེད་པ་ཚེ་ཡི་བདག༔ ལྔ་ལྡན་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་ནས༔ འགྲོ་མགོན་སྤྱན་རས་གཟིགས་དབང་ཐུགས་རྗེའི་གཏེར༔ སྔོན་གྱི་ཐུགས་དམ་རྗེས་སུ་དགོངས་ནས་ཀྱང༔ འདིར་སྤྱོན་སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ༔ ཚེ་ཟན་འདི་ལ་སྣོད་བཅུད་ཚེ་བཀྲག་སྟིམས༔ ཚེ་མདའ་འདི་ལ་ལེགས་ཉེས་པྲ་རྟགས་སྟོན༔ འཆི་མེད་ཚེ་ཡི་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཛྙཱ་ན་བཛྲ་ཨཱ་ཡུ་ཤེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཧྲཱི༔ ཞེས་རྩ་སྔགས་བརྗོད། ལྷོ་ནུབ་སྲིན་ཡུལ་ཟངས་མདོག་དཔལ་རི་ནས༔ འཆི་མེད་པདྨ་འབྱུང་གནས་སྤྲུལ་པའི་སྐུ༔ སྔོན་གྱི་ཐུགས་དམ་སོགས་སྔགས་བཅས་གོང་གིས་འགྲེ །སིནྡྷུ་རྒྱ་མཚོར་རོལ་པའི་མཚོ་གླིང་ནས༔ མཚོ་སྐྱེས་རྡོ་རྗེ་འཆི་མེད་ཚེ་ཡི་ལྷ༔ སྦྱོར་བའི་ཡུམ་ཆེན་ལྷ་མོ་ཙཎྜ་ལཱི༔ སྔོན་གྱི་ཐུགས་དམ་སོགས། བྲག་ཕུག་མཱ་ར་ཏི་ཀའི་གནས་མཆོག་ནས༔ པདྨ་སཾ་བྷ་འཆི་མེད་ཚེ་ཡི་ལྷ༔ གཉིས་མེད་སྦྱོར་བའི་ཕྱག་རྒྱ་མནྡཱ་ར༔ སྔོན་གྱི་ཐུགས་དམ་སོགས། བྲག་དམར་གཡའ་མ་ལུང་གི་གསང་ཕུག་ཏུ༔ གུ་རུ་པདྨ་འབྱུང་གནས་ཚེ་དབང་རྩལ༔ བདེ་སྟོང་གཉིས་མེད་སྦྱོར་བའི་མཚོ་རྒྱལ་ཡུམ༔ སྔོན་གྱི་ཐུགས་དམ་རྗེས་སུ་དགོངས་ནས་ཀྱང༔ འདིར་སྤྱོན་སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ༔ ཚེ་ཟན་འདི་ལ་སྣོད་བཅུད་ཚེ་བཀྲག་སྟིམས༔ ཚེ་མདའ་འདི་ལ་ལེགས་ཉེས་པྲ་རྟགས་སྟོན༔ འཆི་མེད་ཚེ་ཡི་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཛྙཱ་ན་བཛྲ་ཨཱ་ཡུ་ཤེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཧྲཱི༔ ཀྱེ་ཧོཿདགོངས་དང་སྐུ་གསུམ་ཚེའི་ལྷ་ཚོགས༔ འཆི་མེད་སྒྲུབ་པའི་གནས་ནི་ཉམས་རེ་དགའ༔ རིག་འཛིན་སྒྲུབ་པ་པོ་ནི་བརྗིད་རེ་ཆེ༔ དཀྱིལ་འཁོར་སྒྲུབ་པའི་རྫས་ནི་བྱིན་རེ་ཆགས༔ ཚིལ་ཆེན་དུད་པའི་སྤྲིན་ཕུང་ཁྲིགས་སེ་ཁྲིག༔ ཞུན་ཆེན་གསལ་བའི་མར་མེ་ཡ་ལ་ལ༔ ཚེ་ཟན་འབྲང་རྒྱས་ཉི་ཟླའི་རྒྱན་དང་ལྡན༔ ཕྱི་ལྟར་སྣང་བ་ཚེ་འབྲང་ལུ་གུ་རྒྱུད༔ ནང་ལྟར་སྣང་བ་སྐུ་གསུམ་ཚེ་ཡི་ལྷ༔ གསང་བ་འཆི་བ་མེད་པའི་དམ་རྫས་གཏེར༔ ཚེ་མདའ་རྒོད་སྒྲོ་སྐུ་གསུམ་ཚིགས་འཕྲེང་ཅན༔ འཆི་མེད་ཚེ་རྟེན་བླ་གཡུ་དམར་པོ་དང༔ སྣང་སྲིད་གསལ་བའི་མེ་ལོང་དར་སྣས་བརྒྱན༔ ལེ་བརྒན་དར་གྱི་ཅོད་པན་པུ་རུ་རུ༔ འདིར་སྤྱོན་འདིར་གཤེགས་སྐུ་གསུམ་ཚེ་ཡི་ལྷ༔ འབྱུང་ཆེན་རིགས་བཞིའི་ཌཱ་ཀི་དམ་ཚིག་ཅན༔ ཕྱི་ནང་སྣོད་བཅུད་ཀུན་གྱི་ཚེ་བཀྲག་སྟིམས༔ འདིར་ཁུག་ཉམས་པ་གསོས་ལ་གནས་པ་སྤེལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ གཉིས་པ་ནི། ཚེ་མདའ་གནས་ལྔར་བཞག་སྟེ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཚེ་མདའ་རིན་ཆེན་འབར་བ་ཡིས༔ གནས་ལྔ་དག་ཏུ་བྱིན་བརླབས་པས༔ རྣལ་འབྱོར་ཚེ་ཡི་བར་ཆད་སལ༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་བྷིནྡྷུ་བྷྲཱུྃ༔ ཞེས་བྱིན་གྱིས་བརླབ་ཅིང་བརྟན་པར་བྱའོ། །མཐའ་རྟེན་གྱི་ཆོས་གཉིས་གྲུབ་བོ། །སྐབས་འདིར་ཆོས་སྲུང་སྤྱི་དང་། བྱེ་བྲག་བཀའ་སྲུང་གཉན་པོ་མཆེད་བཞི། གཏེར་སྲུང་རྡོ་རྗེ་གཤོག་རྒོད་མའི་གཏོར་འབུལ་སོགས་བྱའོ། །གཉིས་པ་གཞན་དོན་དབང་བསྐུར་བ་ནི། སྤྲོ་ན་བདག་འཇུག་བླང་། འོན་ཀྱང་དངོས་གྲུབ་ལེན་པའི་ཆོ་གའམ། རིག་པའི་མེ་ཏོག་དོར་བ་ཙམ་གྱིས་ཀྱང་དགོས་པ་འགྲུབ། སློབ་མ་ཁྲུས་ནས་དབྱུང་། བགེགས་གཏོར། ཨ་ཀཱ་རོས་བྱིན་གྱིས་བརླབ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བསྔོས་ནས། ཧཱུྃ༔ ཡེ་ཤེས་རོལ་པ་དཔལ་གྱི་སྐུར་གསལ་བའི༔ སྐུ་གསུང་ཐུགས་ལས་སྤྲུལ་པའི་ཁྲོ་ཚོགས་ཀྱིས༔ བགེགས་རིགས་མ་ལུས་རྒྱ་མཚོའི་མཐར་བསྐྲད་བགྱི༔ ཧཱུྃ་བཞིའི་སྔགས་དང་། བཛྲ་རཀྵ་རཀྵ༔ ཞེས་སྲུང་འཁོར་བསྒོམ། མཎྜལ་བཀྱེ་བསྡུ་བྱས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཆི་མེད་སྐུ་གསུམ་འདུས་པའི་དཀྱིལ་འཁོར་དུ་ཞུགས་ནས་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་པ་གསལ་བཏབ་ནས། ད་ལམ་གྱི་སྐབས་སུ་བབ་པ་འདི་ནི་གསང་སྔགས་སྔ་འགྱུར་ཟབ་པ་གཏེར་མའི་ཕྱོགས་རྒྱ་མཚོ་ལྟ་བུའི་ནང་ནས་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་ཡང་སྲིད་མཁས་ཤིང་གྲུབ་པའི་དབང་ཕྱུག་ཤེས་རབ་འོད་ཟེར་རམ། འོད་གསལ་སྣ་ཚོགས་རང་གྲོལ་གྱིས་གྲོགས་རི་རིན་ཆེན་སྤུངས་པ་སོགས་གཏེར་གནས་བདུན་ནས་སྤྱན་དྲངས་པ་པདྨའི་ཞལ་གདམས་གྲོལ་ཐིག་དགོངས་པ་རང་གྲོལ་ཞེས། མཐོང་བ་དང་ཐོས་པ་ཙམ་གྱིས་སྤྲོ་བ་སྐྱེད་པ་ཤིན་ཏུ་ཟབ་པའི་ཆོས་སྡེ་ལས་པདྨ་གསུང་གི་སྒྲུབ་སྡེ་ཞི་བའི་བྱེ་བྲག་ཏུ་གྱུར་པ། བྲག་དམར་བསམ་ཡས་གཡའ་མ་ལུང་དུ་གསུང་རྡོ་རྗེ་འཆི་མེད་པདྨ་སཾ་བྷ་བ་ལ། ལོ་ཆེན་བཻ་རོ་ཙ་ན་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གཉིས་ཀྱིས་གསོལ་བ་བཏབ་པ་ལ་བརྟེན་ནས་ཐུགས་ཀྱི་ཟུངས་ཁྲག་བརྟོལ་བའི་མནོག་ཆོས་ཚེ་དཔག་མེད་འཆི་མེད་སྐུ་གསུམ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ། སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཞེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག །ཨོཾ་ཨཱཿཧཱུྃ་གིས་མིག་དར་འཆིང་། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་གི་ཕྲེང་བ་བཟུང་། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་དད་མེད་པ་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན༔ སྲིད་པའི་འཁོར་ལོ་རྣམ་སྦྱོང་བ༔ དེ་རིང་བཤད་པའི་རིན་ཆེན་གཏེར༔ གཙོ་བོས་བདག་ལ་བཀའ་དྲིན་སྩོལ༔ ལན་གསུམ། བླ་མ་ཚེ་དཔག་མེད་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་བདུན་རྣམ་དག་སྔོན་དུ་འགྲོ་བའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱའོ་སྙམ་པས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སོགས་ལན་གསུམ། སྙིང་གར་རྡོ་རྗེ་བཞག་ལ། སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་འོད་ཟེར་ཀུན་ནས་འཕྲོ་བར་གྱུར། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི༔ རྡོ་རྗེ་ལག་ཏུ་བཟུང་ནས། ཨོཾ་སུ་ར་ཏེ་ས་མ་ཡ་སཏྭཾ༔ ཧོཿསིདྡྷི་ཡ་ཐཱ་སུ་ཁཾ༔ དམ་ཚིག་བསྒྲག་པ་ནི། རྡོ་རྗེ་སྤྱི་བོར་བཞག་ལ། ཁྱོད་ནི་རྣལ་འབྱོར་རིགས་སུ་སྐྱེས༔ ང་ཡིས་ཡེ་ཤེས་རྡོ་རྗེ་སྦྱིན༔ བྱིན་པས་དངོས་གྲུབ་ཐོབ་པར་འགྱུར༔ གང་ཞིག་འདི་འདྲ་མ་མཐོང་བའི༔ མདུན་དུ་སྨྲ་བར་མ་བྱེད་ཅིག༔ བག་མེད་སྨྲས་ན་ཉམས་པར་འགྱུར༔ དེ་བས་ང་རྒྱལ་བཅོམ་ནས་ནི༔ བདག་ཉིད་མ་འཁྲུལ་ཤེས་པར་གྱིས༔ དམ་ཆུ་བླུད་ཅིང་། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ༔ དམ་ལས་འདས་ན་སྲེག་པར་བྱེད༔ དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ༔ རྡོ་རྗེ་བདུད་རྩིའི་ཆུ་འདི་ཐུངས༔ སརྦ་པཉྩ་ཨ་མྲྀཏ་ཨུ་ད་ཀ་ཧཱུྃ༔ ཚོགས་ཞིང་དེ་དག་གི་སྤྱན་སྔར་ཚོགས་གསག་པའི་བློས། ཧྲཱི༔ སྐུ་གསུམ་ཡོངས་འདུས་འཆི་མེད་ལྷ་ཡི་ཚོགས༔ སོགས་ཀླད་ནས་བྱུང་བའི་རྗེས་ཟློས་ལན་གསུམ་བྱར་གཞུག །རིགས་ལྔ་སྤྱི་དང་ཁྱད་པར་གྱི་སྡོམ་པ་རྣམས་འཛིན་ནོ་སྙམ་པས། སངས་རྒྱས་རིགས་ཀྱི་དམ་ཚིག་ཏུ༔ བདག་གི་སེམས་བསྐྱེད་སྡོམ་བཟུང་ནས༔ དཀོན་མཆོག་གསུམ་བཟུང་མི་གཏང་ངོ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རྡོ་རྗེ་རིགས་ཀྱི་སྡོམ་པ་ཡིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་དུས་ནི་རྟག་ཏུ་གཏང༔ རིན་ཆེན་རིགས་ཀྱི་སྡོམ་པ་ཡིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་དང་ཆོས་རྣམས་བཤད༔ པདྨ་རིགས་ཀྱི་སྡོམ་པ་ཡིན༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ ལས་ཀྱི་རིགས་ཀྱི་སྡོམ་པ་ཡིན༔ ཞེས་བཟུང་ལ་ངེས་ཤེས་བསྐྱེད། ཨོཾ་བཛྲ་ཨུཏྟཱ་ཏ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུྃ༔ ཞེས་བརྗོད་པས་དཀྱིལ་འཁོར་གྱི་སྒོ་ཤག་གིས་ཕྱེ་བར་བསམ་ཞིང་། ཤར་སྒོ་ནས་ཕྱག་བྱས་པའི་མོས་པས་ཐལ་མོ་སྤྱི་མགྲིན་སྙིང་ག་གསུམ་དུ་སྦྱོར་ལ། ཨོཾ་ན་མ་སྟེ་ཧཱུྃ༔ ཨོཾ་ན་མཱ་མི་ཧཱུྃ༔ ཨོཾ་ན་མོ་ན་མ་ཧཱུྃ༔ ཞེས་ཕྱག་བྱ། དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་ལ་འཁོད་པར་མོས། དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་ཐུགས་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། རྣམ་སྨིན་གྱི་ཕུང་པོ་སྦྱངས། རྣམ་པར་ཤེས་པ་ཧྲཱིཿཡིག་དམར་པོར་གྱུར་པ་ཡབ་ཀྱི་ཞལ་ནས་དྲངས། སྐུའི་དབྱིབས་བརྒྱུད་ཡུམ་གྱི་པདྨར་བབས། ཕྱིར་བྱུང་ནས་སྔར་གྱི་གདན་ལ་འཁོད། དེ་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ། སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག་པ་ཡུམ་དང་བཅས་པའི་ཐུགས་ཀར། ཡེ་ཤེས་སེམས་དཔའ་རིག་འཛིན་གྱི་སློབ་དཔོན་ཆེན་པོ་ཡུམ་དང་བཅས་པ་གསལ་བའི་གནས་གསུམ་དུ་ཕྱག་མཚན་གསུམ་ལ་གནས་པའི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པ་དང་། ཐུགས་ཀའི་ཆ་སྨད་དུ་སྔགས་ཕྲེང་ས་བོན་དང་བཅས་པ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང། དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནས་ཚེ་ལྷ་འཁོར་དང་བཅས་པ་དཔའ་བོ་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པར་མོས་མཛོད། ཨོཾ་ཧཱུྃ་ཨ་ལ་ལ་ཧོ༔ ངོ་བོ་ཆོས་སྐུའི་ཞིང་ཁམས་ནས༔ སོགས་སྒྲུབ་ཐབས་ལྟར་བྱིན་དབབ་ལ་སྤོས་དང་རོལ་མོའི་སྒྲ་སྦྱར། ཏིཥྛ་བཛྲ་ས་མ་ཡ་ཧཱུྃ༔ ཞེས་སྤྱི་བོར་རྡོ་རྗེ་དང་བཅས་བརྟན་པར་བྱ། རིག་པའི་མེ་ཏོག་དོར་བ་ནི། སངས་རྒྱས་དངོས་གྲུབ་འཐོབ་བྱའི་ཕྱིར༔ འགྲོ་ལ་ཕན་པའི་གཙོ་ཆེན་གྱིས༔ སྨན་པར་དགོངས་ཏེ་བཞེས་སུ་གསོལ༔ པྲ་ཏཱིཙྪ་བཛྲ་ཧོ༔ ཞེས་རིག་པའི་མེ་ཏོག་དོར། ཡེ་ཤེས་ཀྱི་ལྷས་དབང་རྟགས་སྤྱི་བོར་བཅིངས་པར་མོས་ལ། པྲ་ཏི་གྷྲྀ་ཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ ཞེས་རིགས་ངེས་པའི་གསང་མཚན་དྲན་པས་མེ་ཏོག་སྤྱི་བོར་བཞག །གསེར་གྱི་ཐུར་མས་མིག་ཕྱེ་ཚུལ་བྱ་ཞིང་། ཧོ༔ བུ་ཁྱོད་བླ་མ་ཚེ་དཔག་མེད༔ རིག་འཛིན་ང་དང་དབྱེར་མེད་འགྱུར༔ རིག་པ་ཡེ་ཤེས་མིག་ཕྱེ་བས༔ རང་བྱུང་ཡེ་ཤེས་ངོ་ལ་ལྟོས༔ ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ། ཧོ༔ ལྟོས་ཤིག་བདེ་གཤེགས་དཀྱིལ་འཁོར་ལྟོས༔ བལྟས་པས་མཐོང་བ་བདེ་བ་ཆེ༔ རང་བཞིན་མེད་པས་ཆོས་ཀྱི་དབྱིངས༔ འདུ་འབྲལ་མེད་པར་རྟག་ཏུ་ཟུངས༔ ཞེས་མཚོན་བྱེད་དཔེའི་དཀྱིལ་འཁོར་ལ་བལྟས་པས་མཚོན་བྱ་དོན་གྱི་ཆོས་ཉིད་མཐོང་བར་བསམ། དེ་ནས་དངོས་གཞིའི་དབང་བསྐུར་ཞུ་བའི་སླད་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཁྱོད་ཞབས་པདྨོ་སྤངས་ནས་ནི༔ གཙོ་བོ་གཞན་ན་མ་མཆིས་པས༔ དཔའ་བོ་རྡོ་རྗེ་སློབ་དཔོན་གྱིས༔ བློ་མཆོག་ཏིང་འཛིན་བསྐྱེད་དུ་གསོལ༔ ལན་གསུམ། ཐོག་མར་བུམ་དབང་བསྐུར་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ནམ་མཁའི་རྡོ་རྗེ་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་སྐུར་བའི་དགོངས་པ་མཛད། སེམས་དཔའ་སེམས་མ་རྣམས་ཀྱིས་བཀྲ་ཤིས་པའི་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། བུམ་འཛིན་གྱི་ལྷ་མོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་བཀང་བ་ཐོགས་ཤིང་རྒྱལ་ཚབ་ཀྱི་ས་ལ་མངོན་པར་དབང་བསྐུར་བར་གྱུར། རྣམ་བུམ་བཏེགས་ལ། ཧཱུྃ་ཧྲཱི༔ སངས་རྒྱས་ཀུན་གྱི་བུམ་པའི་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སངས་རྒྱས་ཀུན་ནི་རབ་བསྒྲུབ་ཕྱིར༔ བུམ་པའི་དབང་ནི་ཁྱོད་ལ་བསྐུར༔ ཨོཾ་ཨཱཿཧཱུྃ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀ་ལ་ཤ་ཨཱ་བྷི་ཥིཉྩ་ཧཱུྃ༔ ཇི་ལྟར་བལྟམས་པ་ཙམ་གྱིས་ནི༔ ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར༔ ལྷ་ཡི་ཆུ་ནི་དག་པ་ཡིས༔ དེ་བཞིན་བདག་གིས་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ༔ ཞེས་དབང་བསྐུར་བས་སྐུ་གང་། དག་བྱ་མ་ལུས་པ་སྦྱངས། ཆུ་ལྷག་མ་གྱེན་དུ་འཁྱིལ་བ་ལས་རིགས་བདག་འོད་དཔག་མེད་དང་རིགས་ལྔས་དབུ་བརྒྱན་པར་གྱུར། ཚེ་འབྲང་བཏེགས་ལ། སླར་ཡང་བླ་མ་དང་མདུན་བསྐྱེད་ཐ་མི་དད་པའི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་དང་སྐུའི་ཚོགས་དཔག་ཏུ་མེད་པ་འཕྲོས༔ ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པས་ལུས་ཀྱི་ནང་ཐམས་ཅད་འོད་ཟེར་དཀར་པོ་དང་སྐུའི་ཚོགས་དཔག་ཏུ་མེད་པས་གང༔ ལུས་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག༔ ཚེ་དཔག་ཏུ་མེད་པའི་སྐུ་སྣང་སྟོང་རྡོ་རྗེ་དང་དབྱེར་མེད་པར་གྱུར༔ མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་དང་གསུང་ཡིག་འབྲུའི་ཚོགས་དཔག་ཏུ་མེད་པ་འཕྲོས༔ ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས༔ ངག་གི་སྒོ་ནས་བསགས་པའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་དག༔ ཚེ་དཔག་ཏུ་མེད་པའི་གསུང་ཡན་ལག་དྲུག་ཅུའི་ངོ་བོ་དང་དབྱེར་མ་མཆིས་པར་གྱུར༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་དང་ཐུགས་ཕྱག་མཚན་གྱི་རྣམ་པ་དཔག་ཏུ་མེད་པ་འཕྲོས༔ ཁྱེད་རང་རྣམས་ཀྱི་སྙིང་ཁར་ཐིམ་པས་ཡིད་ཀྱི་སྒོ་ནས་བསགས་པའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་དག༔ ཚེ་དཔག་ཏུ་མེད་པའི་ཐུགས་ཟབ་གསལ་གཉིས་སུ་མེད་པ་དང་དབྱེར་མེད་པར་གྱུར་པར་མོས་ཤིང༔ རྩ་སྔགས་མཇུག་ཏུ། ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བསྐུར། བླ་མ་དང་མདུན་བསྐྱེད་ཀྱི་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས༔ འོད་ཟེར་སྔགས་ཀྱི་འཁོར་ལོ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ཞལ་ནས་ཐོན༔ ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས༔ སྙིང་གའི་སྔགས་ཕྲེང་ས་བོན་དང་བཅས་པ་ལ་ཐིམ་པར་མོས་ལ་འདིའི་རྗེས་ཟློས་མཛོད༔ ཅེས་རྩ་སྔགས་ལན་གསུམ་རྗེས་ཟློས་མཐར་ཕྲེང་བ་སྤྱི་བོར་བཞག་ལ། ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དག་པ་བརྗོད་པ་ནི། བུམ་དབང་དང་འབྲེལ་བར་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མངོན་དུ་ཐོབ་པས་གཙོ་བོར་ལུས་རགས་པ་རིལ་པོར་འཛིན་པ་དང་། ཕྲ་བ་ལུས་གནས་ཀྱི་རྩ་རྣམས་སྦྱངས། ལམ་བསྐྱེད་པའི་རིམ་པ་དང་དགའ་བའི་ཡེ་ཤེས་ལ་བརྟེན་ནས་འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་གི་སླད་དུ། བདུད་རྩི་བྱང་ཆུབ་ཀྱི་སེམས་ལྕེ་ལ་བྱིན་པ་དེ་ཉིད་མྱངས་པས་ཡི་གེའི་སྤྲིན་གྱིས་རྩ་གནས་རྣམས་གང་ཞིང་རྩ་མདུད་གྲོལ་ནས་དེ་ལས་བྱུང་བའི་ཡོན་ཏན་ཁྱད་པར་བ་སྐྱེས་པར་བསམ་ལ། ཧོ༔ གསང་སྔགས་ཐེག་པ་མཆོག་གི་ཆོས༔ འདི་ལ་ཐེ་ཚོམ་བྱར་མི་རུང༔ གཙང་དམེ་ཚུལ་འཆོས་ཐམས་ཅད་སྤོངས༔ ཐབས་དང་ཤེས་རབ་གཉིས་མེད་པའི༔ བྱང་ཆུབ་སེམས་ཀྱི་དབང་བསྐུར་རོ༔ ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཐོད་པའི་རྫས་གསང་དབང་བསྐུར་པ་ལ་བརྟེན་ནས། ཞུ་བདེ་མགྲིན་པ་ནས་བརྒྱུད། ཕྲ་བ་རླུང་དང་རགས་པ་ངག་གི་སྒྲིབ་པ་སྦྱངས། ཤ་ལྔ་བདུད་རྩི་ལྔ་བསྟེན་ཞིང་ལམ་རླུང་སྔགས་བསྒོམ་པ་ལ་དབང་། མཆོག་དགའི་ཡེ་ཤེས་ལ་བརྟེན་པའི་འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་རྟོག་པ་བསྐྱེད། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། གཟུགས་དང་ལང་ཚོ་ཕུལ་དུ་བྱུང་ལ་མཚན་ཉིད་དང་ལྡན་པའི་རིག་མ་ཕྱག་གཡོན་དུ་སྤྲད་པ་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པས་དགའ་བཞིའི་ཡེ་ཤེས་ཀྱི་རོལ་མོ་རྒྱུད་ལ་འཆར་བར་མོས་མཛོད། ལྷ་མོ་དགའ་སྟེར་གནས་སྟེར་མ༔ སྣ་ཚོགས་གཟུགས་ཅན་ཡིད་འོང་མ༔ འདི་ཉིད་ཀྱི་ནི་པདྨ་ལ༔ རྟག་ཏུ་ཁྱོད་ཀྱིས་ལོངས་སྤྱོད་མཛོད༔ ཨ་ཧོ་མ་ཧཱ་སུ་ཁ༔ དེ་ལྟར་རིག་མ་ལས་རྙེད་པའི་ཤེར་དབང་གི་ཁྱད་པར་གྱི་དགའ་བ་དང་། ལྷན་སྐྱེས་ཡེ་ཤེས་ཀྱི་དགའ་བས། རགས་པ་ཚོགས་བདུན་གྱི་བག་ཆགས་དང་། ཕྲ་བ་ཡིད་ཀྱི་དྲི་མ་སྦྱངས། དེ་ཉིད་རྣམ་པ་བཅུ་དྲུག་ལ་བརྟེན་ནས་དོན་གྱི་འོད་གསལ་ལ་གོམས་པས་འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་རྟོག་པ་བསྐྱེད། ཡེ་ཤེས་སེམས་དཔའི་ཙཀླི་དང་ཤེལ་རྡོ་བཟུང་ལ། བཞི་པ་བྱིན་རླབས་འཕོ་བ་དོན་གྱི་དབང་གི་སླད་དུ། བླ་མ་དང་མདུན་བསྐྱེད་ཀྱི་གཙོ་བོ་ཐ་མི་དད་པའི་ཐུགས་ཀ་ནས། གཙོ་བོའི་སྐུ་ཆུང་ལ་ཡན་ལག་དོད་པ་མཐེ་བོང་ཙམ་ཞིག་རྒྱངས་སེ་ཐོན། ཁྱེད་རང་རྣམས་ཀྱི་ཚངས་བུག་ཏུ་ཞུགས། སྙིང་གི་དབུས་སུ་གནས་པར་བསམ་ལ། དབང་གི་ལྷ་རྣམས་སློབ་མའི་ལུས་ལ་ཞུགས༔ སྙིང་དབུས་འཁོར་ལོར་བརྟན་པར་བྱས༔ སྐུ་དང་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་གར་བྱིན་རླབས་འཕོ་བའི་ཚུལ་དུ་གཏུགས་ཤིང་། རང་བཞིན་མེད་པའི་ཆོས་ཉིད་ཀྱི་དགོངས་ཉམས་བསྐྱང་། དེ་ལྟར་བརྡའི་དབང་བཞི་བསྐུར་པས། ལམ་ཟུང་འཇུག་ལ་བརྟེན་ནས་ཤིན་ཏུ་ཕྲ་བའི་ལུས་ངག་ཡིད་གསུམ་སྐྱེད་བྱེད་ཀྱི་རྩ་ཐིག་རླུང་ཕྲ་བ་དྲི་བཅས་དང་། ཀུན་གཞི་ཤེས་བྱའི་དྲི་མ་དང་བཅས་པ་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་། བདག་ལུས་རྡུལ་དང་བྲལ་བའི་དྭངས་མ་གསུམ་ལྡན་གཅིག་ཏུ་འདྲེས། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ནོན། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་མངོན་དུ་བྱས་པ་ཡིན་ནོ། །སྐབས་འདིར་སྙིང་པོ་བཟླ་ཞིང་ཚེ་རིལ་ཆང་སྦྱིན། མཐའ་རྟེན་ཚེ་མདས་རྒྱས་གདབ་པ་ནི། འཆི་མེད་སྐུ་གསུམ་འདུས་པ་ཡི༔ བུམ་པ་བདུད་རྩིས་བཀང་ནས་ཀྱང༔ འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱི༔ དབང་བསྐུར་ཐམས་ཅད་འདིར་བསྩལ་པས༔ ཚེ་ལ་རྒྱས་བཏབ་རྒྱ་མ་ཉམས༔ སྲོག་ལ་མདུད་བཏབ་མདུད་མ་གྲོལ༔ ཚེ་འདི་བཅོལ་ལོ་སྲོག་ནི་བརྟན༔ ཚེ་མདའ་འབར་བས་རྒྱས་གདབ་བོ༔ ཨོཾ་ཨཱཿཧཱུྃ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ སོགས་རྩ་སྔགས་བརྗོད། དེ་ནས་བགེགས་བསྲུང་ཞིང་རྡོ་རྗེའི་སྲོག་བསྒྲུབ་པ་ནི། སླར་ཡང་ཁྱེད་རང་རྣམས་ཀྱི་ལུས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་ཀུན་ནས་འཕྲོ་བ༔ དེའི་ལྟེ་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ༔ པད་ཉིའི་སྟེང་དུ་རང་གི་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་དེ་ལས་འོད་ཟེར་འཕྲོས་པའི་སྣར་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡས་དབྱུག་ཏོ་དང་གཡོན་མེའི་ཞགས་པ་འཛིན་པ་དཔག་ཏུ་མེད་པ་འཕྲོས་པས༔ ཉོན་མོངས་པ་འཆི་བདག་གི་བདུད་ལ་སོགས་པ་ཚར་བཅད༔ ཚུར་འདུས་ཧྲཱིཿལ་ཐིམ་པས་འཆི་བ་མེད་པའི་ཚེ་དང༔ རྡོ་རྗེ་ལྟ་བུའི་སྲོག་ཐོབ་པར་གྱུར༔ མེ་ཏོག་འཐོར་ཞིང་། བརྟན་པ་མི་གཡོ་ཚེ་ཡི་རང་བཞིན་ཏེ༔ སྤྲོས་པས་ཁམས་གསུམ་ཐམས་ཅད་བཀྲག་དང་ལྡན༔ བསྡུས་པས་སྲིད་པ་གསུམ་གྱི་གཟི་མདངས་འཕྲོག༔ བཅིངས་པས་འདུ་འབྲལ་མེད་པའི་ལུ་གུ་རྒྱུད༔ འཆི་མེད་ཚེ་ཡི་རིག་འཛིན་ཐོབ་པར་ཤོག༔ ཚེ་མདའ་རིན་ཆེན་འབར་བ་ཡིས༔ སོགས་གོང་བཞིན་དང་ཡེ་དྷརྨཱ་སོགས་བརྗོད་ཅིང་རོལ་མོའི་སྒྲས་ཤིས་པར་བྱ། དེ་ལྟར་ཚེ་དཔག་མེད་སྐུ་གསུམ་འདུས་པའི་དབང་བསྐུར་ལེགས་པར་གྲུབ་པས། དེའི་སྐབས་སུ་ཐོབ་ཅིང་ཞལ་གྱིས་བཞེས་པའི་དམ་ཚིག་གི་རིམ་པ་ལ་བསྲུང་སྡོམ་བགྱིད་ཅིང་། ལུས་ལོངས་སྤྱོད་མཆོད་པའི་སྤྲིན་དུ་འབུལ་བའི་བློས་འདིའི་རྗེས་ཟློས། བླ་མ་ཚེ་དཔག་མེད་པའི་སྐུ༔ ཁྱོད་ཞབས་པདྨོ་ལས་བྱུང་བའི༔ ཡང་དག་དམ་ཚིག་སྣང་བ་གང༔ བསྲུང་བྱ་སྲུང་བྱེད་ལས་འདས་པ༔ ཡོངས་གྲུབ་ཆེན་པོའི་བར་དུ་བསྲུང༔ ཉེས་ལྟུང་དྲི་མས་གོས་གྱུར་ན༔ ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ༔ ཞེས་དམ་ཚིག་ཁས་ལེན་དང་། སྐུ་དྲིན་གཏང་རག་གི་སླད་དུ་ཞེས་མཚམས་སྦྱར་ནས་མཎྜལ་དབུལ། དགེ་བསྔོ་ཤིས་བརྗོད་བྱས་ལ་སློབ་མ་གྱེས་སོ། །གསུམ་པ་རྗེས་ཀྱི་ལས་རིམ་ལ་གཉིས། ཚོགས་མཆོད་རྗེས་འབྲེལ་དང་བཅས་པ། རྗེས་ཀྱི་བྱ་བ་དངོས་སོ། །དང་པོ་ལའང་བཅུ་གཅིག་ལས། ཐོག་མར་ཚོགས་བྱིན་གྱིས་བརླབ་པ་ནི། ནང་མཆོད་འཐོར་ཞིང་། ཧཱུྃ༔ རུས་སྦལ་ཁོག་པའི་སྣོད་ཡངས་སུ༔ ཤ་ལྔ་བདུད་རྩི་རྣམ་ལྔ་དང༔ དབང་པོ་ལྔ་དང་གོ་རོ་ཙ༔ བ་སུ་ཏ་དང་ནང་ཁྲོལ་ལྔ༔ བཟའ་དང་བཏུང་བ་འབྲས་བུར་བཅས༔ ཚོགས་རྫས་ཡུལ་གྱི་འདོད་ཡོན་རྣམས༔ འབྲུ་གསུམ་འོད་ཀྱིས་བྱིན་བརླབས་ཤིང༔ མི་གཙང་རྟོག་སྒྲིབ་སྦྱངས་སྤེལ་ནས༔ ཨོཾ་ཨཱཿཧཱུྃ་དང་ཧ་ཧོ་ཧྲཱིཿས༔ བྱིན་བརླབས་བདུད་རྩིའི་རྒྱ་མཚོར་གྱུར༔ གཉིས་པ་ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དང༔ དམ་ཅན་རྒྱ་མཚོའི་ཚོགས་བཅས་རྣམས༔ ཚོགས་གཏོར་མགྲོན་དུ་སྤྱན་འདྲེན་ནོ༔ གནས་མཆོག་དམ་པ་ཉམས་རེ་དགའ༔ བདེ་ལྡན་པདྨ་འོད་ཀྱི་ཞིང༔ ཚོགས་དང་གཏོར་མ་མདངས་དང་ལྡན༔ དཔལ་ལྡན་མཛེས་པའི་ཕོ་བྲང་ཡིན༔ འདིར་ཚོགས་རྣལ་འབྱོར་དམ་རེ་གཙང༔ འདོད་ཡོན་རེ་སྐོང་ལྷུན་གྱིས་གྲུབ༔ འོག་མིན་གནས་དང་པདྨ་བརྩེགས༔ དུར་ཁྲོད་བརྒྱད་དང་གནས་ཡུལ་དང༔ ཨོ་རྒྱན་གནས་ནས་གཤེགས་སུ་གསོལ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་དྷརྨ་པཱ་ལ་བཛྲ་ས་མ་ཡ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ ཕོ་བྲང་ཡིད་འོང་མཛེས་པ་འདིར༔ བླ་མ་ཡི་དམ་མཁའ་འགྲོ་རྣམས༔ བདག་དང་འགྲོ་ལ་ཞལ་བསྟན་ཕྱིར༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ པདྨ་ཙནྡྲ་སཱུརྻ་སཏྭཾ༔ བཞི་པ་ཚོགས་ཕུད་འབུལ་བ་ནི། ཧཱུྃ༔ སྣོད་ཀྱི་འཇིག་རྟེན་ཡངས་པ་རུ༔ བཅུད་སོགས་འདོད་ཡོན་དྲུག་ལྡན་འདི༔ ཏིང་འཛིན་སྔགས་ཀྱིས་བྱིན་བརླབས་པས༔ ཚོགས་མཆོད་གཏོར་མས་ཐུགས་དམ་བསྐང༔ དཔག་བསམ་ཤིང་ཆེན་རེ་སྐོང་ཞིང༔ ཡིད་བཞིན་ནོར་བུ་དགོས་འདོད་ཆར༔ ཀུན་བཟང་མཆོད་སྤྲིན་མཁའ་ཁྱབ་ཀྱིས༔ རིགས་ཀྱི་བླ་མ་འགྲོ་བའི་མགོན༔ ཁྱབ་བདག་ཡི་དམ་མཁའ་འགྲོའི་ཚོགས༔ བཀའ་སྲུང་གཉེར་གཏད་དམ་ཅན་རྣམས༔ ཐུགས་དམ་གཉན་པོ་དེས་བསྐངས་ལ༔ ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ལྔ་པ་བར་པ་བཤགས་པ་ནི། ཧོཿ ཡེ་ཤེས་སྤྱན་ལྡན་ཐུགས་རྗེའི་ཚོགས༔ ཡུད་ཙམ་བདག་ལ་ཉེར་དགོངས་ལ༔ མཚམས་མེད་ལྔ་དང་ཉེ་བ་ལྔ༔ ལྕི་བ་བཞི་དང་ལོག་པ་བརྒྱད༔ ཁ་ན་མ་ཐོ་སྡིག་པའི་ལས༔ གནོང་འགྱོད་དབང་གིས་མཐོལ་ལོ་བཤགས༔ ཡི་གེ་བརྒྱ་པ་བརྗོད། དྲུག་པ་ཚོགས་ཐ་མ་ལ། སྣང་སྲིད་ཡེ་སྒྲོལ་གྱི་དགོངས་པས་བསྒྲལ་བ་ནི། ཧཱུྃ༔ སྣང་སྲིད་ཡེ་ནས་དག་པ་ལ༔ ཡེ་ཤེས་རྩལ་ལ་དགྲར་འཛིན་མཁན༔ རང་རང་ལས་ལ་གཞན་དུ་སྣང༔ ཐམས་ཅད་རོ་མཉམ་མཚོན་ཆས་སྒྲོལ༔ མཱ་ར་ཡ་རྦད༔ བསྒྲལ་མཐའ་ཡེ་སྦྱོར་གྱི་དགོངས་པས་བསྟབ་པ་ནི། བདག་ཏུ་འཛིན་པ་རང་གི་སེམས༔ སྣང་བ་ཡེ་ཤེས་ཀློང་དུ་བསྟབ༔ འཁྲུལ་རྟོག་ལས་ཀྱི་ཚོགས་བརྒྱད་རྣམས༔ སྐྱེ་མེད་རྟོགས་པའི་མཚོན་གྱིས་གཏུབས༔ བསྟབ་བོ་ཀུན་བཟང་ཀློང་དུ་བསྟབ༔ མཱཾ་ས་རཀྟ་ཀིཾ་ནི་རི་ཏི༔ ག་ཎ་ཙཀྲ་ལ་ཁཱ་ཧི༔ བདུན་པ་ཚོགས་ལ་རོལ་པ་ནི། བརྡ་དང་བརྡའི་འབུལ་ལེན་སྤྱི་ལྟར་བྱས་ལ་ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་ཤེས་པས་བཟའ་བའི་དམ་ཚིག་ནང་གི་བསྲེག་བླུགས་ཀྱི་ཆོ་གར་བསྟར་ནས་ཚིམས་པ་དྲུག་ལྡན་དུ་རོལ། བརྒྱད་པ་ལྷག་མའི་ཆོ་ག་ནི། ཚོགས་ལྷག་རྣམས་གསོག་འཇོག་མེད་པར་བསྡུས། ཤིས་པར་བྱ་བའི་ཕྱིར་གཙང་ལྷག་སྟེང་དུ་བསྣན། རྟོག་པ་དག་པའི་རྣལ་འབྱོར་པ་ཡིན་ན་ལྕེ་རྟ་མགྲིན་ཡབ་ཡུམ་རོལ་པ་མཛད་པའི་བྱང་སེམས་བདུད་རྩིའི་ཁ་ཕྲུ་དང་རོ་གཅིག་པ་ཧེ་རུ་ཀའི་དམ་རྒྱས་དབབ་པའམ། གོ་འཕང་དམན་ན་གཡོན་པའི་མཐེབ་སྲིན་སྦྱར་བ་རེག་ཅིང་ནང་མཆོད་བྲན་ནས། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོ་ཧྲཱི༔ ཧཱུྃ༔ ཡེ་ཤེས་རོལ་པ་ལྷ་ཡི་ཚོགས་རྣམས་དང༔ ལས་ལ་གྲུབ་པའི་མཁའ་འགྲོ་དབང་ཕྱུག་གིང༔ མ་བདུན་སྲིད་བཞི་འདིར་གཤེགས་མཆོད་པ་བཞེས༔ འབར་མ་དང་ནི་སྤོར་མ་ཕོ་ཉའི་ཚོགས༔ ལྷ་སྲིན་སྡེ་བརྒྱད་བཀའ་ཡི་སྲུང་མར་བཅས༔ མ་ལུས་འདིར་སྤྱོན་ཟག་མེད་བདུད་རྩི་ལ༔ རྔམས་ཤིང་དགྱེས་པའི་ཚུལ་གྱིས་རོལ་ཏུ་གསོལ༔ མ་མ་ཤ་ཏྲུཾ་ཨ་མུ་ཀཾ༔ ཁྲོཾ་ཡཀྵ་བི་ཛ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཕྱི་རོལ་གོམ་པ་བདུན་ཅུའི་ས་སྲིན་མོའི་ཟ་ལམ་དུ་དོར། དགུ་པ་ཆད་ཐོ་བྱ་བ་ནི། གཏོར་སྣོད་བསྒུལ་ཏེ་སྨན་རཀ་བྲན་ལ། ཧྲཱི༔ སྔོན་ཚེ་བྲག་ཕུག་མཱ་ར་ཏི་ཀ་རུ༔ རིག་འཛིན་ཆེན་པོ་པདྨ་སཾ་བྷ་བ༔ གྲུབ་པའི་རྒྱལ་མོ་མནྡཱ་ར་བར་བཅས༔ ཉེ་རྒྱུའི་སྤྱོད་པས་འཆི་མེད་བསྒྲུབས་པའི་ཚེ༔ ཕུང་ཁམས་སྐྱེ་མཆེད་དྭངས་མའི་འཁོར་དུ་འདུས༔ སྐྱེེ་འཆི་མེད་པ་རྡོ་རྗེའི་གཟུགས་བསྟན་ནས༔ རླུང་སེམས་དྷཱུ་ཏིར་དག་པར་མ་ཆད་དམ༔ འཆི་བདག་བདུད་དཔུང་བཟློག་པར་མ་ཆད་དམ༔ འབར་འཛག་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ འཇའ་ལུས་འོད་སྐུར་དྭངས་པའི་ཕྲིན་ལས་མཛོད༔ དེ་རྗེས་དཔལ་གྱི་བསམ་ཡས་འོམ་བུའི་ཚལ༔ བྲག་དམར་གཡའ་མ་ལུང་གི་ཀེའུ་ཚང་དུ༔ རྒྱལ་བའི་དབང་པོ་མཚོ་སྐྱེས་རྡོ་རྗེ་དང༔ མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་གྱིས༔ ཚེ་ལྷ་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ནམ་མཁའ་མ་ལུས་འཇའ་དང་འོད་ཀྱིས་ཁེངས༔ བཀྲ་ཤིས་བུམ་པ་ཁོལ་ཞིང་ཚེ་ཆུ་ལུད༔ ཞིང་སྐྱོང་མཁའ་འགྲོས་རང་གཟུགས་བསྟན་ནས་ཀྱང༔ མ་འོངས་བརྒྱུད་འཛིན་སྐྱོང་བར་མ་ཆད་དམ༔ དམ་ཚིག་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔ བཅུ་པ་བརྟན་མ་སྐྱོང་བ་ནི། བཤལ་ཆུས་བྲན་ལ། ཧྲཱི༔ དགུང་སྔོན་སྟེང་དང་གངས་རི་གཡའ་རྩེ་དང༔ སྨན་ལྗོངས་སྐྱེད་མོས་ཚལ་དང་ནགས་འདབས་དང༔ ཕྱོགས་མཚམས་སྟེང་འོག་གང་ན་གནས་པ་ཡི༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཚོགས༔ སློབ་དཔོན་པདྨའི་སྤྱན་སྔར་ཁས་བླངས་བཞིན༔ རང་རང་ཕོ་བྲང་གནས་ནས་འདིར་བྱོན་ལ༔ ཕུད་ལྷག་བཤལ་བའི་གཏོར་མ་འདི་བཞེས་ནས༔ བཅོལ་པའི་ཕྲིན་ལས་མ་ལུས་སྒྲུབ་པར་མཛོད༔ ཅེས་གཏོར་མ་གཉིས་མཁར་གྱི་ཡང་སྟེང་དུ་ཞལ་ནང་བསྟན་གྱིས་འབུལ། བཅུ་གཅིག་པ་རྟ་བྲོ་ནི། སྒོ་དྲུང་དུ་གཏོར་གཞོང་ཁ་སྦུབས་པའི་འོག་ཏུ་བགེགས་རྣམས་ཚུད་པ་རི་རབ་ཀྱིས་མནན་པར་དམིགས་ལ། ཧྲཱི༔ དབང་ཆེན་དྲེགས་འདུལ་དཀྱིལ་འཁོར་འདིར༔ བར་ཆད་དམ་སྲི་འདུལ་བའི་ལྷ༔ ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ༔ གཏུམ་ཆེན་རྔམ་པའི་སྒྲ་སྒྲོག་ཅིང༔ དཔལ་གྱི་རྟ་སྐད་ཙེ་རེ་རེ༔ ཁྲོ་བོའི་འབྲུག་སྒྲ་འུ་རུ་རུ༔ རོལ་པའི་རྟ་བྲོ་ཆེམས་སེ་ཆེམ༔ དགྲ་བགེགས་འབྱུང་པོ་རྡུལ་དུ་རློགས༔ ཨོཾ་མ་ཧཱ་ཀྲོ་དྷ་ཧཱུྃ༔ ཨོཾ་ཧ་ཡ་གྲཱི་ཝ་ཧཱུྃ༔ ཨོཾ་པདྨཱནྟ་ཀྲྀཏ་ཧཱུྃ༔ ཧྲཱིཿཧྲཱིཿཧྲཱི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ གནོད་པར་བྱེད་པ་སཏྭཾ་བྷ་ཡ་ནན༔ དྲག་ཤུལ་གྱི་ལས་མཐའ་ཤིས་པས་བསྡུ་བའི་ཕྱིར་གཏོར་གཞོང་བསྒྱེལ་བ་སྨན་འབྲུས་བཀང་ལ། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་ཚེ་དཔལ་འབྱོར་པ་ཐམས་ཅད་རྒྱས་པར་གྱུར་ཅིག་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཞེས་སོ། །གཉིས་པ་རྗེས་ཀྱི་བྱ་བ་དངོས་ལ་ལྔའི། དང་པོ་དངོས་གྲུབ་བླང་བ་ནི། རང་དོན་ཚེའི་བསྙེན་སྒྲུབ་གྲུབ་པའི་མཐར་རམ། གཞན་དོན་དབང་བསྐུར་བའི་ཚེ་ནའང་འདི་ཉིད་བྱ་བ་ནུས་པ་ཐོབ་ཅིང་དངོས་གྲུབ་མི་ཉམས་པའི་དགོས་པ་ཡོད་པས་ངེས་པར་བསྒྲུབ་པ་ཁོ་ན་སྟེ། ཐོག་མར་གསོལ་བ་འདེབས་པ་ནི། ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་ཕྱོགས་ལྷུང་བྲལ་བའི་དཀྱིལ་འཁོར་དུ༔ སྣང་བ་མཐའ་ཡས་འཆི་མེད་ཚེ་ཡི་ལྷ༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ འགལ་རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ འོད་གསལ་རང་ཤར་རོལ་པའི་དཀྱིལ་འཁོར་ནས༔ ཚེ་དཔག་མེད་མགོན་འཆི་མེད་ཚེ་ཡི་ལྷ༔ གསོལ་བ་འདེབས་སོ༴ འགལ་རྐྱེན་བར་ཆད་ཞི༴ ཨོཾ་ཨཱཿཧཱུྃ༔ པདྨ་འདབ་སྟོང་རྒྱས་པའི་དཀྱིལ་འཁོར་དུ༔ ཨོ་རྒྱན་པདྨ་འཆི་མེད་ཚེ་ཡི་ལྷ༔ གསོལ་བ༴ འགལ་རྐྱེན༴ ཨོཾ་ཨཱཿཧཱུྃ༔ བདེ་ཆེན་འོད་གསལ་མཆོག་གི་དཀྱིལ་འཁོར་དུ༔ བཻ་རོ་ཙ་ན་འཆི་མེད་ཚེ་ཡི་བདག༔ གསོལ་བ༴ འགལ་རྐྱེན༴ ཨོཾ་ཨཱཿཧཱུྃ༔ བདེ་ཆེན་ཤཱནྟ་པུ་རིའི་ཚོགས་ཁང་དུ༔ སྣ་ཚོགས་རང་གྲོལ་འཆི་མེད་ཚེ་ཡི་ལྷ༔ གསོལ་བ༴ འགལ་རྐྱེན༴ ཨོཾ་ཨཱཿཧཱུྃ༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་གཏེར་བདག་ལ༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ འགལ་རྐྱེན་བར་ཆད་ཞི་བར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཛྙཱ་ན་བཛྲ་ཨཱ་ཡུ་ཤེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཧྲཱི༔ གསོལ་འདེབས་ཚེ་ཛཔ྄་བཟླས་པས་དཀྱིལ་འཁོར་ལ་བསྐོར་ཞིང་། སླར་ཡང་བསྒྲུབ་རྫས་རྣམས་གནས་གསུམ་དུ་རེག་ཅིང་། ཨོཾ༔ བཅོམ་ལྡན་ཚེ་དཔག་མེད་མགོན་གྱིས༔ སྐུ་ཡི་ཚེ་དབང་བདག་ལ་སྩོལ༔ མི་ཟད་རྒྱན་གྱི་འཁོར་ལོའི་སྐུ༔ མགོན་པོ་ཁྱོད་དང་མཉམ་པར་ཤོག༔ ཀཱ་ཡ་སིདྡྷི་ཨོཾ༔ ཨཱ༔ བཅོམ་ལྡན་ཚེ་དཔག་མེད་མགོན་གྱིས༔ གསུང་གི་ཚེ་དབང་བདག་ལ་སྩོལ༔ མི་ཟད་རྒྱན་གྱི་འཁོར་ལོའི་གསུང༔ མགོན་པོ་ཁྱོད་དང་མཉམ་པར་ཤོག༔ ཝཱ་ཀ་སིདྡྷི་ཨཱ༔ ཧཱུྃ༔ བཅོམ་ལྡན་ཚེ་དཔག་མེད་མགོན་གྱིས༔ ཐུགས་ཀྱི་ཚེ་དབང་བདག་ལ་སྩོལ༔ མི་ཟད་རྒྱན་གྱི་འཁོར་ལོའི་ཐུགས༔ མགོན་པོ་ཁྱོད་དང་མཉམ་པར་ཤོག༔ ཙིཏྟ་སིདྡྷི་ཧཱུྃ༔ ཚེ་ཟན་གཡས་སྐོར་དང་ཚེ་ཆང་གཡོན་སྐོར་དུ་རོལ་ལོ། །གཉིས་པ་མཆོད་བསྟོད་ནོངས་བཤགས་ནི། མཆོད་པ་ཁ་གསོས་ལ། རྒྱས་པར་གོང་སྨོས་ཚིགས་བཅད་རྣམས་སམ་བསྡུ་ན། ཨརྒྷཾ་ནས་ཤབྡའི་བར་བརྗོད། བསྟོད་པ་ནི། ཧྲཱི༔ མཉམ་ཉིད་དག་པ་རྒྱལ་བའི་ཡེ་ཤེས་སྐུ༔ རྩོལ་མེད་རང་བྱུང་ཨཱ་ལི་ཀཱ་ལིའི་སྒྲ༔ རྟོག་མེད་སྤྲོས་བྲལ་འོད་གསལ་ཐིག་ལེའི་ཐུགས༔ རྩོལ་བ་བྲལ་བ་ལྷུན་གྲུབ་ཡོན་ཏན་གཏེར༔ རང་བཞིན་མ་ངེས་ཕྲིན་ལས་ལྷུན་གྱིས་གྲུབ༔ བླ་མ་ཡི་དམ་ཌཱ་ཀིའི་ཚོགས་ལ་བསྟོད༔ ཅེས་པའི་མཐར་ཡི་གེ་བརྒྱ་པ་ལན་གསུམ་གྱིས་བཤགས་པ་བྱའོ། །གསུམ་པ་ཉེར་བསྡུ་ནི། རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟན་བཞུགས་དང་། སྣང་ཆ་གཟུགས་བརྙན་གྱི་འཁོར་ལོར་རྟག་མཐའ་བསལ་ཕྱིར། ཧཱུྃ༔ རང་རིག་ཐིག་ལེ་གཅིག་ཏུ་གསལ་བ་ལ༔ སྤྲོ་དང་བསྡུ་བ་བྱ་བར་མི་དམིགས་ཀྱང༔ མ་རྟོག་འཁྲུལ་པའི་རྟག་ལྟ་སྦྱང་བའི་ཕྱིར༔ ཐམས་ཅད་ཐིག་ལེ་ཆེན་པོར་བསྡུ་བར་བྱ༔ བཛྲ་མུཿ ཨཱ་ལི་ཀཱ་ལི་དང་ཡི་གེ་བརྒྱ་པ་བཟླ། ཆད་མཐའ་བསལ་ཕྱིར། ཧཱུྃ༔ རྟག་ཏུ་མི་འགྱུར་ཐིག་ལེ་ཆེན་པོའི་ངང༔ བསྐྱེད་དང་རྫོགས་པའི་མཐའ་གཉིས་བྲལ་བ་ལ༔ ཆད་པའི་སྟོང་ཉིད་མེད་པ་ལས་གྲོལ་ཕྱིར༔ རྫོགས་རིམ་ལྷ་སྐུ་བླ་མ་རྩ་གསུམ་ལྷ༔ སྣང་ལ་མ་གྲུབ་འཇའ་ཚོན་ལྟ་བུར་ཤར༔ བཞི་པ་དགེ་བ་བསྔོ་བ་ནི། ཧཱུྃ༔ དུས་གསུམ་མི་དམིགས་སྒྱུ་མར་སྣང་བའི་ཆོས༔ མིག་འཕྲུལ་ཇི་བཞིན་དགེ་ཚོགས་བྱང་ཆུབ་ཏུ༔ ཡོངས་སུ་བསྔོས་པས་རྩ་གསུམ་དཀྱིལ་འཁོར་གྱི༔ གོ་འཕང་མཆོག་ལ་འགྲོ་ཀུན་སྦྱོར་གྱུར་ཅིག༔ ལྔ་པ་ཤིས་བརྗོད་བྱ་བ་ནི། རང་བཞིན་ཆོས་དབྱིངས་ངང་ཉིད་ལས༔ གཟུགས་སྐུའི་རྣམ་རོལ་དཔག་ཡས་ཀྱིས༔ རླབས་ཆེན་ཕྲིན་ལས་སྐྱོང་མཛད་པའི༔ བརྒྱུད་གསུམ་བླ་མའི་བཀྲ་ཤིས་ཤོག༔ མ་འགག་རང་གསལ་འོད་ལྔའི་ཀློང༔ རབ་འབྱམས་དཀྱིལ་འཁོར་རྣམ་པར་མཛེས། མཆོག་ཐུན་དངོས་གྲུབ་སྩོལ་མཛད་པའི༔ ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག༔ ཕྱོགས་བཅུ་གནས་ཡུལ་སྤྲུལ་པའི་ཞིང༔ ཕྲིན་ལས་རྣམ་བཞིའི་རོལ་གར་མཁན༔ མཁའ་འགྲོ་སྲུང་མའི་ཚོགས་རྣམས་ཀྱིས༔ བཀྲ་ཤིས་བདེ་ལེགས་བསྩལ་དུ་གསོལ༔ ཞེས་བརྗོད་ཅིང་དགེ་ལེགས་ཀྱི་མེ་ཏོག་ཆར་དུ་བསྙིལ་བར་བྱའོ། །གྲོལ་ཏིག་གི་ཆོས་སྡེ་འདི་རྣམས་ཟབ་པའི་བཅུད་བསྡུས་པ་ཡིན་པས་ཚེ་སྒྲུབ་འདིའང་གཞན་ལས་ཁྱད་པར་དུ་འཕགས་པ་སྟེ། ཨོ་རྒྱན་ཆེན་པོའི་རྡོ་རྗེའི་གསུང་ལས། འཆི་མེད་སྐུ་གསུམ་འདུས་པ་འདི་ཉིད་ཉམས་སུ་བླངས་པས༔ དེའི་ཚེ་ཉིན་མཚན་ལ་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བ་དང༔ འཆི་བདག་གིས་སྲོག་ཀྱང་འཕྲོག་པར་མི་ནུས་ལ༔ རྒྱུན་དུ་རྣལ་འབྱོར་ལ་བརྟེན་པ་ནི༔ ཚེ་ཟད་པ་ཡང་ཉི་ཟླ་དང་མཉམ་པ་ཐོབ་པར་གྱུར་ནས༔ ཚེ་ཉམས་པ་སོར་ཆུད་པ་ནི་ངེས་པའོ༔ འདིའི་དབང་དང་གདམས་པ་ལན་གཅིག་ཐོབ་པས་ཀྱང༔ ལོ་གཅིག་གི་བར་འཆི་བ་བཟློག་ཅིང༔ ཞག་བདུན་སྒྲུབ་ན་ཚེ་ཟད་པ་ལས་ཀྱང་ལོ་བདུན་གྱི་ཕྱིར་འཕེལ་བར་འགྱུར་རོ༔ ཞེས་པ་ལྟར་རོ། །དོན་ཟབ་ཡོངས་འདུས་འཁྲི་ཤིང་གསར་པ་ལས། །དགེ་ལེགས་གསེར་གྱི་པདྨོ་བཞད་པའི་འཛུམ། །ས་གསུམ་སྐྱེ་དགུའི་སྙིང་ལ་དཔྱིད་སྟེར་བ། །ཤེས་རབ་འོད་ཟེར་སྣང་བས་རྒྱས་པར་མཛད། །དེ་ཡི་རིང་ལུགས་གངྒཱའི་དཔལ་མོ་བཞིན། །ཟེགས་མ་ཙམ་གྱིས་ཉེས་པ་ཀུན་བཀྲུ་བ། །སྐལ་ལྡན་ཤིང་རྟའི་བརྩོན་པས་དྲངས་འདི་ཡང་། །སྐྱེས་མཆོག་རྣམས་ཀྱི་ཞབས་བསིལ་མཆོག་གྱུར་ཅིག །ཚིག་ཉུང་དོན་ཟབ་སྔར་མེད་ཁྱད་ཆོས་ཅན། །འཆི་མེད་གྲོང་ནས་འབབས་པའི་ཟིལ་དངར་འདིས། །ལུས་ཅན་སྲོག་ལ་རྡོ་རྗེའི་བཅུད་ཕབ་ནས། །བདེ་ཆེན་གྲོང་དུ་བདེ་བླག་འཇུག་པར་ཤོག །དེ་ལྟར་ཡེ་ཤེས་ལྔའི་རིགས་བསྡུས་པའི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་འདིའང་འཆི་མེད་དྭངས་མའི་སྲོག་སྒྲུབ་པའི་ཆ་རྐྱེན་དུ། མཚོ་སྐྱེས་རྡོ་རྗེ་པདྨ་དབང་ཆེན་སོགས་མཆོག་གི་རིག་འཛིན་རྣམས་ཀྱིས་རྗེས་སུ་བཟུང་བའི་སྔགས་རིག་འཛིན་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས། དེ་བཱི་ཀོ་ཊི་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་མགུལ་དུ་ལེགས་པར་སྦྱར་བ་བསྟན་འཛིན་སྐྱེས་བུ་རྣམས་སྐུ་ཚེ་རྡོ་རྗེ་ལྟར་བརྟན་ཅིང་། བདག་གཞན་འགྲོ་ཀུན་འཆི་བདག་གི་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།
བྱང་ཕྱག་སྐབས་ཟུར་བྱང་ (Volume 42, Text 3)
བྱང་ཕྱག་སྐབས་ཟུར་བྱང་ཡིན། བྱང་ཕྱག་འགོར། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེན་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་གཞི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཕྱོགས་བཅུར་བཞུགས་པའི་སོགས་དཀྱུས་ལ་འཇུག་གོ། །།སྨིན་གླིང་ཕྱག་བཞེས་ལྟར་བྲིས་པའོ།།
སྔོན་འགྲོ་རིན་པོ་ཆེ་གནད་ཀྱི་གཟེར་ལྔ་དང་ཐུགས་སྒྲུབ་ཀྱི་ཁ་སྐོང་རྒྱལ་ཆེན་སྡེ་བཞིའི་མཆོད་ཕྲིན་རྣམས་ (Volume 12, Text 3)
༄༅། །སྔོན་འགྲོ་རིན་པོ་ཆེ་གནད་ཀྱི་གཟེར་ལྔ་དང་ཐུགས་སྒྲུབ་ཀྱི་ཁ་སྐོང་རྒྱལ་ཆེན་སྡེ་བཞིའི་མཆོད་ཕྲིན་རྣམས་བཞུགས་སོ། ། ན་མོ༔ ཀུན་བཟང་ཐུགས་ལ་ཕྱག་འཚལ་ལོ༔ དང་པོ་དད་ལྡན་སྐྱེས་བུ་རྣམས༔ འཁོར་བའི་ཆོས་ལ་སྐྱོ་བ་སྐྱེས༔ ཡང་དག་སྙིང་པོའི་དོན་འཚོལ་ན༔ ལེགས་པར་ངན་སོང་སྡུག་བསྔལ་བསམ༔ དབེན་པའི་གནས་སུ་ཡོ་བྱད་གསག༔ བདེ་བའི་སྟན་ལ་བསྡད་པར་བྱ༔ རིན་ཆེན་གནད་ཀྱི་གཟེར་ལྔ་བརྩམ༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནི༔ བདག་དང་ཁམས་གསུམ་སེམས་ཅན་ཀུན༔ ལོག་པའི་ལམ་ལས་ལོག་ནས་ཀྱང༔ དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ༔ ཉོན་མོངས་དབང་གྱུར་སྡུག་བསྔལ་ལས༔ ཐར་བར་བྱ་ཕྱིར་སེམས་བསྐྱེད་དོ༔ རང་གི་སྤྱི་བོར་ནམ་མཁའི་ཁམས༔ ཉི་ཟླ་པདྨའི་གདན་སྟེང་དུ༔ བླ་མ་བཀྲག་དང་གཟི་མདངས་ལྡན༔ མཛེས་པའི་ན་བཟའ་སྐུ་ལ་གསོལ༔ ཞལ་འཛུམ་མདངས་དང་ལྡན་པར་བསམ༔ ཤར་ཕྱོགས་མདུན་གྱི་ནམ་མཁའ་ལ༔ ཤཱཀྱ་སེང་གེ་ལ་སོགས་པའི༔ ཡི་དམ་ལྷ་ཚོགས་ཐམས་ཅད་ཀུན༔ ཁ་དོག་ལྔར་གསལ་རྣམ་དག་བསམ༔ ལྷོ་ཕྱོགས་བདེ་བར་གཤེགས་པའི་གསུང༔ གླེགས་བམ་ཡི་གེའི་རྣམ་པ་ལ༔ དམ་ཆོས་མ་ལུས་འདུས་པར་བསམ༔ ནུབ་ཕྱོགས་བྱང་ཆུབ་སེམས་དཔའི་ཚོགས༔ རིགས་གསུམ་མགོན་པོ་བྱམས་པ་དང༔ འགྲོ་དོན་མཛད་པ་ཐམས་ཅད་བསམ༔ བྱང་ཕྱོགས་དམ་ཆོས་སྐྱོང་བ་ཡི༔ ཆོས་སྐྱོང་བཀའ་སྲུང་དམ་ཅན་རྣམས༔ བཀའ་ཉན་ལས་བྱེད་ཕོ་ཉར་བསམ༔ འོག་ཏུ་རིགས་དྲུག་སེམས་ཅན་རྣམས༔ སྙིང་རྗེའི་སེམས་ཀྱིས་ཀུན་བསྡུས་ལ༔ ལས་ལ་འགྱོད་པའི་སེམས་བསྐྱེད་དེ༔ རྩེ་གཅིག་གུས་པས་སྐྱབས་འགྲོ་བྱ༔ ཀྱེ་མ༔ ཁམས་གསུམ་འཁོར་བར་འཁྱམས་པའི་སེམས་ཅན་ཀུན༔ བླ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ མ་རིག་མུན་པས་བསྒྲིབས་པའི་ལས་ངན་སྦྱོངས༔ དག་པ་ཡེ་ཤེས་རང་གནས་བསྟན་དུ་གསོལ༔ བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ བྱང་ཆུབ་མ་ཐོབ་བར་དུ་ཐུགས་རྗེས་གཟིགས༔ ཡོན་ཏན་ཀུན་འབྱུང་དངོས་གྲུབ་མཆོག་གི་གནས༔ བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆི༔ གང་ལ་གང་འདུལ་འགྲོ་བའི་དོན་མཛད་པའི༔ ཡི་དམ་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆི༔ སངས་རྒྱས་གསུང་ལས་སྤྲུལ་པའི་ཡི་གེར་བྱོན༔ ཉོན་མོངས་འཇོམས་མཛད་ཆོས་ལ་སྐྱབས་སུ་མཆི༔ ཐུགས་རྗེ་ཆེན་པོས་འགྲོ་དོན་སྟོབས་ཆེན་མཛད༔ བྱང་ཆུབ་སེམས་དཔའ་རྣམས་ལ་སྐྱབས་སུ་མཆི༔ གདུལ་བྱའི་དོན་དུ་དྲག་པོའི་སྐུར་སྟོན་པའི༔ ཆོས་སྐྱོང་དམ་ཅན་རྣམས་ལ་སྐྱབས་སུ་མཆི༔ བདག་གིས་དུས་གསུམ་བསགས་པའི་དགེ་བ་ཡིས༔ འགྲོ་བ་མ་ལུས་བྱང་ཆུབ་མཆོག་ཐོབ་ཤོག༔ རང་བྱུང་རིག་པ་རང་ཤར་ཆོས་ཀྱི་སྐུ༔ ཡང་དག་སྙིང་པོ་མྱུར་དུ་རྟོགས་པར་ཤོག༔ བདག་ནི་དུས་འདི་ནས་བཟུང་ཚེ་རབས་སུ༔ འགྲོ་བ་འདྲེན་པའི་དེད་དཔོན་བྱེད་པར་ཤོག༔ དབང་པོ་རབ་འབྲིང་ཐ་མ་ཡིས༔ ཞག་གསུམ་ལྔ་འམ་བདུན་གྱི་བར༔ རིམ་པར་སྐྱབས་འགྲོ་སེམས་བསྐྱེད་བྱ༔ གཉིས་པ་བདག་འཛིན་འགྲོལ་བ་ནི༔ བསོད་ནམས་ཚོགས་གཉིས་གསག་པའི་ཕྱིར༔ ཟས་དང་ལོངས་སྤྱོད་ཅི་འབྱོར་བ༔ ཕངས་དང་སྙིང་བརྩེ་ཐམས་ཅད་ཀུན༔ བདེ་གཤེགས་མཆོད་ཅིང་སྦྱིན་པར་གཏང༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཕྱི་ནང་གསང་བའི་མཎྜལ་འབུལ༔ ན་མོ༔ དབང་ཆེན་གཞལ་ཡས་དབུས་ཀྱི་ལྟེ་བ་ལ༔ རི་རྒྱལ་ལྷུན་པོ་བརྗིད་ཅིང་འགྱིང་བག་ལྡན༔ གསེར་གྱི་རི་བདུན་རོལ་པའི་མཚོ་བདུན་དང༔ མཉེན་ལྕུག་སྲ་བརྟན་རིན་ཆེན་རྩིག་པར་ལྡན༔ གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་ཕྱོགས་མཚམས་བསྐོར༔ ལྷ་དང་མི་ཡི་འདོད་ཡོན་རྒྱན་གྱིས་གང༔ ཉི་ཟླའི་འོད་ཀྱིས་འཇིག་རྟེན་མུན་པ་སེལ༔ ལྕགས་རི་མུ་ཁྱུད་མཐའ་ནས་ལེགས་པར་བསྐོར༔ ཕྱི་ལྟར་སྣོད་ཀྱི་འཇིག་རྟེན་སྣང་བ་འདི༔ བླ་མེད་དཀོན་མཆོག་གསུམ་ལ་གུས་པས་འབུལ༔ བདག་གཞན་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས༔ ཡང་དག་སྙིང་པོ་མྱུར་དུ་རྟོགས་པར་ཤོག༔ ནང་གི་མཎྜལ་ནི༔ ན་མོ༔ འཇིག་རྟེན་ལས་ཀྱིས་འདུས་པའི་བར་དོ་རུ༔ བདག་བློས་ཤིན་ཏུ་གཅེས་པར་གཟུང་བ་ཡི༔ ཡུལ་འཁོར་ལོངས་སྤྱོད་འདོད་པའི་ར་བར་བཅས༔ བྱམས་པའི་ཕ་མ་མཛའ་བའི་གྲོགས་ལ་སོགས༔ བུ་དང་བུ་མོ་གཅེས་པའི་འཁོར་གྱིས་བསྐོར༔ ཟས་ནོར་གོས་དང་ཡོ་བྱད་རྒྱན་དང་ལྡན༔ བཀྲག་མདངས་མཛེས་པའི་ཁ་དོག་རང་འོད་བཅས༔ འཛིན་པའི་སེམས་ཀྱིས་གཅེས་པར་བཟུང་བ་ཡི༔ བདག་གི་འཇིག་རྟེན་འདི་ཡི་གཅེས་པ་རྣམས༔ གུ་རུ་རཏྣ་སྤྲུལ་པའི་སྐུ་ལ་འབུལ༔ བདག་གི་ཉོན་མོངས་འཛིན་པའི་ཡུལ་དག་ནས༔ དག་པ་ཡེ་ཤེས་རང་གནས་བསྟན་དུ་གསོལ༔ གསང་བའི་མཎྜལ་འབུལ་བ་ནི༔ ཧཱུྃ༔ རང་ལུས་འབྱུང་བཞི་འདུས་པའི་ཕོ་བྲང་དུ༔ སེམས་ཀྱི་རྟེན་གནས་ཙིཏྟ་འབར་བ་ལ༔ དབང་པོ་སྒོ་ལྔའི་རྟེན་གྱིས་མཐའ་རྟེན་བྱས༔ རྣམ་ཤེས་ཚོགས་བརྒྱད་འཁོར་གྱིས་རབ་ཏུ་བསྐོར༔ ཤ་ཁྲག་རུས་པ་ནང་ཁྲོལ་སྣ་ཚོགས་ལྡན༔ མིག་གཉིས་དྭངས་པའི་འོད་ཀྱིས་མུན་པ་སེལ༔ བདག་ལུས་ལོངས་སྤྱོད་རྒྱས་པའི་སྒྱུ་ལུས་འདི༔ ངེས་པའི་དོན་སྟོན་བླ་མ་ཉིད་ལ་འབུལ༔ བདག་གི་ལམ་གྱི་འཁྲུལ་སྣང་ཀུན་དག་ནས༔ རང་རིག་ཡེ་ཤེས་རྟོགས་པར་མཛད་དུ་གསོལ༔ གསུམ་པ་སྒྲིབ་སྦྱོང་བཤགས་པའི་གཟེར༔ ལས་ཀྱི་སྒྲིབ་པ་མ་དག་བར༔ ཡང་དག་སྙིང་པོ་མི་རྟོགས་པས༔ ཧཱུྃ༔ རང་གི་སྒྱུ་ལུས་བེམ་པོ་ཡི༔ སྤྱི་བོར་པདྨ་ཉི་ཟླའི་སྟེང༔ ཨཱཿལས་རྡོ་རྗེ་སེམས་དཔའ་ཉིད༔ དུང་མདོག་ཞལ་གཅིག་ཕྱག་གཉིས་པ༔ རིན་ཆེན་རྒྱན་གྱིས་མཛེས་པར་བརྒྱན༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་བཞུགས༔ དེ་ཡི་ཐུགས་ཀར་ཡི་གེ་ཨཿ ཨ་ལས་འོད་འཕྲོས་མདངས་དང་ལྡན༔ ཨ་ལས་བདུད་རྩིའི་ཆུ་རྒྱུན་བབས༔ བདག་གི་སྤྱི་གཙུག་རྐང་མཐིལ་བར༔ ཕྱི་ནང་ལུས་བཀྲུས་དག་པར་བསམ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ་ཞེས་པ་ནས། མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཨོཾ་བཛྲ་སཏྭ་ཧཱུྃ་ཨཱ༔ ཐུན་བཞི་ཐུན་དྲུག་གང་བདེའི་བར༔ ཡང་སྙིང་གཟུངས་དང་བཅས་པ་བཟླ༔ དབང་པོ་རབ་འབྲིང་ཐ་མ་ཡིས༔ ཞག་གསུམ་བདུན་ནམ་ཉེར་གཅིག་བར༔ རིམ་པར་སྒྲིབ་སྦྱོང་ལས་ལ་འབད༔ བཞི་པ་མི་རྟག་བསྐུལ་འདེབས་གཟེར༔ རང་གི་ཡུལ་འཁོར་ཁང་ཁྱིམ་དང༔ ས་རྡོ་རི་བྲག་འཇིག་རྟེན་ཁམས༔ བརྩིགས་དང་གནས་དང་འཇིག་པ་དང༔ དུས་ཀྱི་འཕོ་འགྱུར་ལེགས་པར་བསམ༔ བར་དུ་རང་གི་དགྲ་དང་གཉེན༔ སྲོག་ཆགས་ཀུན་དང་རང་གི་ལུས༔ སྐྱེ་དང་གསོན་དང་འཆི་བ་བསམ༔ ཐ་མ་འཁོར་བ་རིགས་དྲུག་གི༔ སྡུག་བསྔལ་རིམ་གྱིས་བརྟག་ཅིང་བསམ༔ ཐུན་དུ་བཅད་ལ་མི་རྟག་བསྒོམ༔ མི་རྟག་མཐོང་ནས་ཆོས་ལ་འཇུག༔ ལྔ་པ་བླ་མའི་རྣལ་འབྱོར་ནི༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ ཐུགས་རྗེས་འགྲོ་བའི་དོན་མཛད་ཀྱང༔ བདག་ནི་འཁོར་བའི་གནས་སུ་འཁྱམས༔ ད་ལྟ་ངེས་པའི་དོན་སྟོན་པའི༔ བླ་མ་དེ་ནི་སངས་རྒྱས་ཀྱི༔ སྤྲུལ་པ་ཡིན་ཏེ་བཀའ་དྲིན་ཆེ༔ དཔེར་ན་ཡིད་བཞིན་ནོར་བུ་དེ༔ འབྱུང་བ་ལྔ་ཡི་བཅུད་ཡིན་ཏེ༔ འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ༔ རྩོལ་བ་མེད་པར་གྲོགས་སུ་འབྱུང༔ རྒྱལ་པོ་དགུང་དུ་གཤེགས་པའི་ཚེ༔ ས་རྡོ་གཞན་གྱིས་མི་ཐུབ་པར༔ འབྱུང་བ་ལྔ་ལ་ཟང་ཐལ་དུ༔ གཤེགས་ཏེ་རྒྱ་མཚོ་ཆེན་པོའི་ནང༔ རིན་ཆེན་གསེར་གྱི་ས་གཞི་ལ༔ ནོར་བུ་རིན་ཆེན་ཆགས་པར་འགྱུར༔ དེ་བཞིན་མན་ངག་ཟབ་མོའི་ཆོས༔ ངེས་དོན་སྟོན་པའི་བླ་མ་དེ༔ སངས་རྒྱས་ཀུན་གྱི་སྤྲུལ་པ་ཡིན༔ བདག་ལ་སངས་རྒྱས་དངོས་ལས་ལྷག༔ ལས་ཅན་གང་ཟག་ཡོད་པའི་སར༔ རྩོལ་བ་མེད་པར་གྲོགས་སུ་འབྱུང༔ དད་མེད་ལོག་ལྟ་སྡིག་སྤྱོད་གནས༔ དེར་ནི་བཞུགས་པར་མི་འགྱུར་ཏེ༔ དག་པའི་ཞིང་དུ་གཤེགས་པར་འགྱུར༔ གསང་སྔགས་ངེས་པའི་དོན་འདོད་ན༔ བླ་མའི་རྣལ་འབྱོར་བསྒོམ་པར་བྱ༔ ཞེས་གསུངས༔ ཐུགས་དམ་ལྷ་ལ་ཕྱག་འཚལ་ལོ༔ གསང་མཚན་ཐུགས་སྒྲུབ་བླ་མ་ཡི༔ རྣལ་འབྱོར་པདྨ་བདག་གིས་བཤད༔ ཧཱུྃ༔ རང་ལུས་དེར་འཛིན་མེད་པ་ཡི༔ སྤྱི་བོར་པདྨ་ཉི་ཟླའི་སྟེང༔ དར་ཆེན་བལྟབས་ཁྲི་བརྩེགས་པའི་གདན༔ དེ་སྟེང་གུ་རུ་དྲག་པོ་རྩལ༔ མཐིང་ནག་འཇིགས་པའི་ཆ་ལུགས་ལ༔ ཞལ་གཅིག་ཕྱག་གཉིས་འཇིགས་པའི་སྐུ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་གདེངས༔ གཡོན་པ་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་དོར་སྟབས་རུ་དྲ་བརྫིས༔ ཞལ་བགྲད་མཆེ་གཙིགས་ཨག་ཚོམ་འབར༔ སྤྱན་གསུམ་ཉི་ཟླ་ལྟ་བུར་གཟིགས༔ དབུ་སྐྲའི་ཐོར་ཅོག་དར་གྱིས་བཅིངས༔ རིགས་ལྔའི་སངས་རྒྱས་དབུ་ལ་བརྒྱན༔ རིན་ཆེན་རུས་རྒྱན་དུར་ཁྲོད་ཆས༔ ཐམས་ཅད་སྐུ་ལ་ལེགས་པར་བརྒྱན༔ ཟབ་ཆེན་བརྗིད་པའི་ན་བཟའ་གསོལ༔ གར་དགུའི་ཉམས་དང་ལྡན་པ་ལ༔ འགྱིང་བག་རོལ་པའི་སྟབས་སུ་བཞུགས༔ ཞལ་ནས་ཧཱུྃ་གི་སྒྲ་ཆེན་སྒྲོག༔ ཐུགས་ནི་དྲག་པོའི་ངར་དང་ལྡན༔ དུས་གསུམ་སངས་རྒྱས་ཡི་དམ་ལྷ༔ རྣམ་དག་བརྒྱུད་པའི་བླ་མ་རྣམས༔ བཀྲག་མདངས་འོད་དུ་མེ་རེ་རེ༔ མ་ཧཱ་གུ་རུའི་སྐུ་ལ་འདུས༔ ཀུན་འདུས་བླ་མའི་ངོ་བོ་ལ༔ རྩེ་གཅིག་དད་པས་ཕྱག་འཚལ་ལོ༔ གཉིས་མེད་རོལ་པའི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ དེ་ནས་བརྒྱུད་པའི་གསོལ་འདེབས་ནི༔ ཨོཾ་ཨཱཿཧཱུྃ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ༔ ཀུན་བཟང་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་བ་འདེབས༔ རང་བྱུང་རྣམ་པར་དག་པའི་གཞལ་ཡས་སུ༔ ལོངས་སྐུ་རྒྱལ་བ་རིགས་ལྔ་ལ་གསོལ་བ་འདེབས༔ ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་རུ༔ གསང་བདག་ཕྱག་ན་རྡོ་རྗེ་ལ་གསོལ་བ་འདེབས༔ བྱང་ཆུབ་སེམས་ཀྱི་གཞལ་ཡས་ཆེན་པོ་རུ༔ སྨུག་ནག་དབང་གི་མཁའ་འགྲོ་ལ་གསོལ༴ གནས་ཆེན་རི་རྒྱལ་ལྷུན་པོའི་རྩེ་མོ་རུ༔ ཚངས་པའི་རྒྱལ་པོ་གདོང་གསུམ་ལ་གསོལ༴ སྟེང་ཕྱོགས་རྣམ་པར་རྒྱལ་བའི་ཁང་བཟང་དུ༔ རིག་འཛིན་ལྷ་དབང་བརྒྱ་བྱིན་ལ་གསོལ༴ སིནྡྷུ་རྒྱ་མཚོ་རོལ་པའི་མཚོ་གླིང་དུ༔ རིག་འཛིན་ཀླུ་རྒྱལ་འཇོག་པོ་ལ་གསོལ༴ རི་རྒྱལ་མ་ལ་ཡ་ཡི་རྩེ་མོ་རུ༔ སྐལ་ལྡན་རྒྱལ་པོ་ཛ་ལ་གསོལ༴ ཟ་ཧོར་ཡུལ་གྱི་གནས་མཆོག་དམ་པ་རུ༔ མཁས་པ་ཤཱཀྱ་པྲ་བྷ་ལ་གསོལ༴ བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ རིག་འཛིན་པདྨ་འབྱུང་གནས་ལ་གསོལ༴ ཆུ་བོ་ཆེན་པོ་གང་གཱའི་རྩ་བ་རུ༔ མཁས་པ་བི་མ་མི་ཏྲ་ལ་གསོལ༴ མ་བལ་ནགས་ཀྱི་རི་ཡི་རྩ་བ་རུ༔ བལ་པོ་ཤཱི་ལ་མཉྫུ་ལ་གསོལ༴ ལྷོ་ཕྱོགས་མོན་ཁ་སེང་གེའི་ཡང་རྫོང་དུ༔ མཁར་ཆེན་བཟའ་ཡི་མཚོ་རྒྱལ་ལ་གསོལ༴ རོང་ཞེས་གྲགས་པའི་བྲག་དམར་ཀེའུ་ཚང་དུ༔ སྣ་ནམ་རྡོ་རྗེ་བདུད་འཇོམས་ལ་གསོལ༴ གནས་ཆེན་རི་རྒྱལ་བཀྲ་བཟང་ཤར་འདབས་སུ༔ གཏེར་སྟོན་རིག་འཛིན་ཡབ་སྲས་ལ་གསོལ༴ ཐུགས་རྗེ་འགྱུར་མེད་གཞལ་ཡས་ཆེན་པོ་རུ༔ དྲན་ཆོག་རྡོ་རྗེ་རྒྱལ་མཚན་ལ་གསོལ༴ མཁའ་སྤྱོད་དག་པའི་ཞིང་ཁམས་ཆེན་པོ་རུ༔ སྔགས་འཆང་རྡོ་རྗེ་མགོན་པོ་ལ་གསོལ༴ ཤྲཱི་བྱང་རྫོང་དཔལ་གྱི་སྒྲུབ་ཁང་དུ༔ མཚན་ལྡན་བྱམས་པ་བཤེས་གཉེན་ལ་གསོལ༴ གནས་ཆེན་རྡོ་རྗེ་ཕུར་པའི་གཞལ་ཡས་སུ༔ མཚན་ལྡན་ངག་དབང་གྲགས་པ་ལ་གསོལ༴ བྱང་ཕྱོགས་སྐྱ་བོ་ཁ་གདངས་གནས་མཆོག་ཏུ༔ ཆོས་རྗེ་སངས་རྒྱས་དཔལ་བཟང་ལ་གསོལ༴ བདེ་གྲོལ་གསང་སྔགས་ཆོས་གླིང་ཕོ་བྲང་དུ༔ ཐུགས་སྲས་ནམ་མཁའ་རྒྱལ་མཚན་ལ་གསོལ༴ སྦས་ཡུལ་ཡོལ་མོ་གངས་ཀྱི་ར་བ་རུ༔ སྔགས་འཆང་ཤཱཀྱ་བཟང་པོ་ལ་གསོལ༴ དཔལ་ཆེན་ཆུ་བོ་རི་ཡི་གནས་མཆོག་ཏུ༔ མངའ་རིས་རིག་འཛིན་ཆེན་པོ་ལ་གསོལ༴ གུ་རུ་པདྨའི་ཨེ་ཝཾ་ལྕོག་སྒར་དུ༔ རིག་འཛིན་དབང་པོའི་སྡེ་ཉིད་ལ་གསོལ༴ མི་འགྱུར་རྡོ་རྗེ་སྤོ་ཡི་བསྟི་གནས་སུ༔ རིག་འཛིན་ངག་གི་དབང་པོ་ལ་གསོལ༴ སྣང་སྲིད་བདེ་ཆེན་ཆོས་སྐུའི་གཞལ་ཡས་སུ༔ རིག་འཛིན་སྟོབས་ལྡན་དཔའ་བོ་ལ་གསོལ༴ འབྲལ་མེད་སྙིང་ག་ཆོས་ཀྱི་ཕོ་བྲང་དུ༔ དྲིན་ཆེན་རྩ་བའི་བླ་མ་ལ་གསོལ༴ རང་ལུས་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་རུ༔ རང་རིག་མ་ཧཱ་གུ་རུ་ལ་གསོལ༴ གཏེར་མཛོད་བསེ་སྒྲོམ་སྨུག་པོའི་གཞལ་ཡས་སུ༔ གསང་སྔགས་སྙིང་པོའི་མཐར་ཐུག་ལ་གསོལ༴ སྨུག་ནག་གྲུ་གསུམ་དབང་གི་གཞལ་ཡས་སུ༔ བཀའ་སྲུང་ཨེ་ཀ་ཛཱ་ཊཱི་ལ་གསོལ༴ རྩ་དང་ཐིག་ལེའི་གཞལ་ཡས་ཆེན་པོ་རུ༔ མ་དང་ཡེ་ཤེས་མཁའ་འགྲོ་ལ་གསོལ༴ བཀའ་དང་དམ་ཚིག་ཆེན་པོའི་གཞལ་ཡས་སུ༔ བཀའ་སྲུང་ཆོས་སྐྱོང་གཏེར་བདག་ལ་གསོལ༴ རང་སྣང་དག་པ་ཆེན་པོའི་གཞལ་ཡས་སུ༔ མཆེད་ལྕམ་རྡོ་རྗེའི་སྤུན་གྲོགས་ལ་གསོལ་བ་འདེབས༔ དངོས་དང་བརྒྱུད་པའི་བླ་མ་ཁྱེད་རྣམས་ལ༔ རབ་གུས་རྩེ་གཅིག་གདུང་བས་གསོལ་བ་འདེབས༔ རང་རིག་མ་བཅོས་བླ་མའི་ངོ་བོ་རུ༔ ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས༔ དཔལ་ལྡན་རྩ་བའི་བླ་མ་བཀའ་དྲིན་ཅན༔ མཆོག་གི་མཆོག་གྱུར་སྐུ་གསུང་ཐུགས་ཀྱི་དབྱིངས༔ གསོལ་འདེབས་བརྒྱུད་འཛིན་སྐལ་ལྡན་བདག་ཅག་ལ༔ འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ༔ བླ་མ་འོད་དུ་མེར་གྱིས་ཞུ༔ བདག་གི་སྤྱི་བོར་ཐིམ་པ་ལས༔ ཐ་མལ་ལུས་འདི་འོད་དུ་ཞུ༔ བདག་གི་ལུས་ངག་ཡིད་གསུམ་པོ༔ མ་ཧཱ་གུ་རུའི་ངོ་བོར་གྱུར༔ རང་རིག་བླ་མའི་ངང་དེར་ནི༔ དར་གཅིག་མ་ཡེངས་གློད་ལ་བཞག༔ དེ་ནས་བླ་མའི་རྣམ་པར་ལྡང༔ ཐམས་ཅད་སྐུ་གསུམ་བླ་མར་བལྟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསེ་སྒྲོམ་སྨུག་པོའི་རྒྱ་ཡིས་བཏབ༔ ཕྱི་རབས་ལས་ཅན་སྐལ་པ་ཅན༔ གསེར་མཛོད་སེར་པོའི་ནང་དུ་སྦས༔ རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་གཏེར་ནས་བཏོན་པའོ།། ༈ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ འཇིག་རྟེན་སྣང་བ་སྒྱུ་མར་གོ་ལགས་ཀྱང༔ འཁྲུལ་སྣང་འདི་ལ་ད་དུང་བདག་འཛིན་སྐྱེས༔ བདག་གི་ཉོན་མོངས་བག་ཆགས་མ་སྟོངས་བར༔ ཆགས་ཞེན་རྩད་ནས་ཆོད་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ སྙིགས་མའི་ལས་ངན་མི་རྟག་རང་གཟུགས་ལ༔ ངེས་འབྱུང་སྐྱེས་ནས་ཆགས་ཞེན་ཡུལ་བོར་ཀྱང༔ ཕྱི་ནས་རང་བདེའི་ཡུལ་འདོད་དུཿཁས་མནར༔ འདོད་སྲེད་རྩད་ནས་ཆོད་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ དུག་གསུམ་ཉོན་མོངས་སེལ་བའི་ཐབས་ཆེན་པོ༔ རྒྱལ་བས་ལུང་བསྟན་མང་པོ་གསུངས་ལགས་ཀྱང༔ སྤང་དཀའི་བག་ཆགས་དབང་དུ་ཤས་ཆེར་ཤོར༔ ལས་ངན་རྩད་ནས་ཆོད་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཕྱི་རྐྱེན་ནང་རྐྱེན་དེ་མ་ཐག་པའི་རྐྱེན༔ ཐམས་ཅད་སྐྱེས་པའི་རྩ་བ་གཉིས་འཛིན་དུ༔ ད་གཟོད་གོ་ཡང་མདུད་པའི་རྩལ་མ་གྲོལ༔ གཉིས་འཛིན་སྒྲོག་ལས་གྲོལ་བར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཤེས་པ་བཟོ་མེད་རང་ལུགས་ལྷུག་པ་ལ༔ མཁས་ཀྱང་ལེགས་པའི་རང་བཟོ་མ་བྱས་ཤིང༔ བྱིང་འཐིབས་གཡེང་བའི་བཙོན་རར་མ་བཅིངས་པར༔ རང་སེམས་གཅེར་བུར་འཆར་བར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ བཀྲག་མདངས་རང་འོད་འཚེར་བའི་རིག་པ་འདི༔ ཆོས་ཉིད་ཡངས་པའི་མ་དང་བུ་འཕྲད་ནས༔ ལེ་ལོ་རྐྱེན་གྱི་གྲོགས་ཕྱིར་མ་ཐོབ་པར༔ ལེགས་པའི་ཁང་བུར་གཅེས་པའི་གཉེར་བྱས་ཏེ༔ མྱུར་དུ་ཆོས་ཉིད་མ་དང་བུ་འཕྲད་ནས༔ ཕྱིན་ཆད་འགྲོ་དོན་སྟོབས་ཆེན་བྱེད་པར་ཤོག༔ བྱང་ཆུབ་སེམས་དཔའི་སྤྱོད་པ་བྱེད་པར་ཤོག༔ གཞན་དོན་དགེ་བ་རླབས་ཆེན་འགྲུབ་པར་ཤོག༔ འཁོར་བ་དོང་ནས་སྤྲུགས་པའི་མཐུ་ཐོབ་ཤོག༔ ཅེས་པ་འདི་ནི་སྤྲུལ་སྐུ་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་མཛད་པའོ། ༈ །ཐུགས་སྒྲུབ་ལས་བྱང་ཁ་སྐོང་ཕྱིར༔ བདག་ཉིད་ལྷ་ཡི་སྒོམ་ཐབས་བཞུགས༔ ལྷ་ཡི་དཀྱིལ་འཁོར་བསྒོམ་པ་ནི༔ སྟན་བདེ་བ་ལ་ལུས་ཙོག་པུར་འདུག་ལ༔ ལྷ་ཐམས་ཅད་ཀྱི་སྐུའི་ངོ་བོ་རྡོ་རྗེ་སློབ་དཔོན་ལ་འདུས་པས༔ བདག་ཉིད་ཀྱིས་ཧཱུྃ་ཧཱུྃ་ཞེས་བརྗོད་པས༔ སྐད་ཅིག་དྲན་རྫོགས་སུ་མ་ཧཱ་གུ་རུ་པདྨ་འབྱུང་གནས་རྡོ་རྗེ་དྲག་པོ་རྩལ་ཞེས་བྱ་བ༔ སྐུ་འཇིགས་པའི་ཆ་ལུགས་སུ་བསྟན་པ༔ གསུང་རྔམ་པའི་ང་རོ་སྒྲོག་པ༔ ཐུགས་དྲག་པོའི་ངར་དང་ལྡན་པ༔ འགྱིང་བག་དང་རོལ་པའི་སྟབས་སུ་བཞུགས་པ༔ ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁའ་ལ་ཕྱར་བ༔ གཡོན་པས་གསེར་གྱི་དྲིལ་བུ་དཀུ་ལ་བརྟེན་པ༔ རུས་པའི་རྒྱན་དྲུག་དང་རིན་པོ་ཆེའི་དབུ་རྒྱན་དང༔ སྦྲུལ་གྱི་གདུ་བུས་བརྒྱན་པ༔ ཁྲོ་གཏུམ་འཇིགས་པའི་གར་དགུ་དང་ལྡན་པ༔ སྤྱན་གསུམ་ཉི་ཟླ་འཁྱིལ་བ་ལྟར་གཟིགས་པ༔ ཚེམས་གངས་རི་གཏམས་པ་ལྟར་བཞད་པ༔ ཨག་ཚོམ་དུས་མཐའི་མེ་ལྟར་དུ་འབར་བ༔ ཞལ་ནས་ཧཱུྃ་གི་སྒྲ་འབྲུག་ལྟར་སྒྲོག་པ༔ ཟ་འོག་གི་བེར་སྨུག་པོ་དང༔ དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ༔ དབུ་སྐྲའི་ཐོར་ཅོག་རུས་པས་བརྒྱན་པ༔ ཞབས་གཉིས་སྟངས་སྟབས་སུ་བགྲད་དེ༔ ཉི་ཟླ་པདྨའི་གདན་སྟེང་དུ་རཀྴ་སྲིན་པོ་ཕོ་མོ་བརྫིས་པའི་གདན་ལ་བཞུགས་པ༔ བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན་འགྱིང་བག་ཏུ་བརྗིད་པ༔ ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་བདག་ཉིད་ཅན་དུ་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ༈ ཐུགས་སྒྲུབ་ལས་བྱང་ཁ་སྐོང་ཕྱིར༔ རྒྱལ་ཆེན་སྡེ་བཞིའི་མཆོད་ཐབས་བཞུགས༔ ཧཱུྃ༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ དཀར་སེར་དམར་ལྗང་ཧཱུྃ་ཆེན་བཞི༔ འཕྲོ་འདུས་འོད་དུ་ཞུ་བ་ལས༔ ཡེ་ཤེས་རྒྱལ་པོ་བཞི་རུ་གྱུར༔ ཨོཾ་ཛྙཱ་ན་རཱ་ཛ་ས་མ་ཡེ་སྭཱ་ཧཱ༔ ཧཱུྃ༔ རི་རྒྱལ་ལྷུན་པོའི་ཤར་ཕྱོགས་སུ༔ ཕོ་བྲང་ཆེན་པོ་སྤོས་ངད་ལྡན༔ ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ༔ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང༔ སྐུ་མདོག་དཀར་པོ་པི་ཝཾ་བསྣམས༔ བཙུན་མོ་སྲས་དང་བློན་པོར་བཅས༔ འཁོར་ནི་དྲི་ཟ་འབུམ་གྱིས་བསྐོར༔ སྡེ་བོ་ཆེ་ལ་སྟོབས་པོ་ཆེ༔ མཆོད་གཏོར་འདི་བཞེས་ཤར་ཕྱོགས་ཀྱི༔ གདོན་རྣམས་བཟློག་ཅིང་ཕྱི་མཚམས་སྲུངས༔ ཧཱུྃ༔ རི་རྒྱལ་ལྷུན་པོའི་ལྷོ་ཕྱོགས་སུ༔ ཕོ་བྲང་ཆེན་པོ་བཻ་ཌཱུརྻ༔ ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ༔ རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ སྐུ་མདོག་སེར་པོ་རལ་གྲི་འཛིན༔ བཙུན་མོ་སྲས་དང་བློན་པོར་བཅས༔ འཁོར་ནི་གྲུལ་བུམ་འབུམ་གྱིས་བསྐོར༔ སྡེ་བོ་ཆེ་ལ་སྟོབས་པོ་ཆེ༔ མཆོད་གཏོར་འདི་བཞེས་ལྷོ་ཕྱོགས་ཀྱིི༔ གདོན་རྣམས་བཟློག་ཅིང་ཕྱི་མཚམས་སྲུངས༔ ཧཱུྃ༔ རི་རྒྱལ་ལྷུན་པོའི་ནུབ་ཕྱོགས་སུ༔ ཕོ་བྲང་ཆེན་པོ་རྒྱ་མཚོའི་དཔལ༔ ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ༔ རྒྱལ་པོ་ཆེན་པོ་སྤྱན་མི་བཟང༔ སྐུ་མདོག་དམར་པོ་སྦྲུལ་ཞགས་འཛིན༔ བཙུན་མོ་སྲས་དང་བློན་པོར་བཅས༔ འཁོར་ནི་ཀླུ་དབང་འབུམ་གྱིས་བསྐོར༔ སྡེ་བོ་ཆེ་ལ་སྟོབས་པོ་ཆེ༔ མཆོད་གཏོར་འདི་བཞེས་ནུབ་ཕྱོགས་ཀྱི༔ གདོན་རྣམས་བཟློག་ཅིང་ཕྱི་མཚམས་སྲུངས༔ ཧཱུྃ༔ རི་རྒྱལ་ལྷུན་པོའི་བྱང་ཕྱོགས་སུ༔ ཕོ་བྲང་ཆེན་པོ་ལྕང་ལོ་ཅན༔ ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ སྐུ་མདོག་ལྗང་གུ་རྒྱལ་མཚན་འཛིན༔ བཙུན་མོ་སྲས་དང་བློན་པོར་བཅས༔ འཁོར་ནི་གནོད་སྦྱིན་འབུམ་གྱིས་བསྐོར༔ སྡེ་བོ་ཆེ་ལ་སྟོབས་པོ་ཆེ༔ མཆོད་གཏོར་འདི་བཞེས་བྱང་ཕྱོགས་ཀྱི༔ གདོན་རྣམས་བཟློག་ཅིང་ཕྱི་མཚམས་སྲུངས༔ ཧཱུྃ༔ རྒྱལ་པོ་ཆེན་པོ་སྡེ་བཞི་པོ༔ དོན་ལ་སངས་རྒྱས་ཡིན་མོད་ཀྱང༔ གསང་སྔགས་བསྟན་པ་སྲུང་བའི་ཕྱིར༔ བར་ཆད་འདུལ་བར་མཛད་དུ་གསོལ༔ ཨོཾ་དྷྲྀཥྚ་རཥྚཱ་ཡ་སྭཱ་ཧཱ༔ བི་རུ་ཌྷ་ཀཱ་ཡ་སྭཱ་ཧཱཿ བི་རཱུ་པཱཀྵཱ་ཡ་སྭཱ་ཧཱ༔ བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ འཁོར་དང་བཅས་པ་ལ་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཕུལ་བས༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ༔ རྐྱེན་ཕྱི་ཡི་བར་ཆད་ནང་དུ་མི་གཏོང་ཞིང༔ ནང་གི་དངོས་གྲུབ་ཕྱིར་མི་འཆོར་བའི་ཕྲིན་ལས་མཛད་དུ་གསོལ༔ ༈ ཐུགས་སྒྲུབ་ལས་བྱང་ཁ་སྐོང་དུ། བགེགས་གཏོར་སྦྱིན་ནས་བསྐྲད་པ་ནི། ཨོཾ་སྭ་བྷཱ་བ་སོགས། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ གསུམ། ཨོཾ་ན་མཿསརྦ་སོགས། གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་གནོད་བྱེད་ཐམས་ཅད་ཚིམས་པ་གཅིག་ཏུ་གྱུར༔ ཧོ༔ བཀའ་གསང་བ་ལས་ཀྱང་ཆེས་གསང་བ་ཡང་གསང་བླ་ན་མེད་པ་རྡོ་རྗེ་དྲག་པོ་རྩལ་གྱི་དཀྱིལ་འཁོར་ཆེན་པོ་འདིར་ཁྱོད་མི་མིན་མི་རུ་བརྫུ་བ༔ ལྷ་མིན་ལྷ་རུ་བརྫུ་བ༔ དཀྱིལ་འཁོར་གྱི་བཀྲག་ལ་བལྟ་བ༔ མར་མེའི་འོད་ལ་བལྟ་བ༔ སྤོས་ཀྱི་དྲི་ལ་སྣོམ་པ༔ སྒྲུབ་མཆོག་རྣལ་འབྱོར་པ་བདག་གི་ཏིང་ངེ་འཛིན་དྲོད་ཉུལ་བར་བྱེད་པའི་གནོད་བྱེད་གདོན་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ལ༔ མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཁྱོད་གདོན་བགེགས་རྣམས་ལ་སྟེར་བ་ཡིན་པས་གནས་སྐབས་སུ་འདོད་ཡོན་ལྔས་ཚིམ་ཞིང་མཐར་ཐུག་སངས་རྒྱས་ཐོབ་པའི་སྐལ་པ་དང་ལྡན་པར་གྱུར་ཅིག༔ ཧཱུྃ༔ ཡང་དག་དོན་ལ་མི་མོས་ཤིང༔ མི་དང་མི་མིན་ལོག་འདྲེན་བགེགས༔ ལན་ཆགས་བགེགས་གཏོར་འདི་ཁྱེར་ལ༔ གནས་འདིར་ཁོར་ཡུག་ཚུན་ཆད་དུ༔ སྐད་ཅིག་ཙམ་ཡང་མ་འདའ་ཞིག༔ གལ་ཏེ་ང་ཡི་བཀའ་འདས་ན༔ བདེ་གཤེགས་ཁྲོ་བོ་ཀུན་འདུས་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ༈ དངོས་གྲུབ་ལེན་ཆོག་སྐབས་སུ་འམ། ཐུན་མཐར་དངོས་གྲུབ་བསྡུ་བའི་ཛཔ྄་དམིགས་ནི། །འཁོར་ལོས་སྒྱུར་རྒྱལ་རྒྱལ་པོའི་ཕོ་བྲང་དང༔ རིན་ཆེན་བདུན་དང་བཀྲ་ཤིས་བརྒྱད་དང་ནི༔ རྩི་བཅུད་འབྲུ་ཡི་བཅུད་དང་ཤིང་གི་བཅུད༔ བཅུད་རྣམས་བསྡུས་ལ་བསྟིམ་ཞིང་སྙིང་པོ་བཟླས༔ བདེ་གཤེགས་རྣམས་དང་རྡོ་རྗེ་སློབ་དཔོན་གྱིས༔ ཚེ་ཡི་དངོས་གྲུབ་བདུད་རྩིར་བྱིན་གྱིས་བརླབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ ནཱ་ནཱ་ཁ་དྷེ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ་སརྦ་སིདྡྷི་དྷ་ནཾ་མཻ་དྷཱིཿཧྲཱི༔ ཨཱ་ཡུཿསིདྡྷི་ས་མ་ཡ་སྡུས་སྡུས༔ ཞེས་བཟླའོ།། །།
ཕྱྭ་ཕྲིན་ནོར་བུ་མཆོག་རྒྱལ་ལག་ཏུ་བླང་བའི་ཟུར་འདེབས་ཀྱི་ཡི་གེ་ནོར་བུའི་སྒྲོན་མེ་ (Volume 51, Text 3)
༄༅། །ཕྱྭ་ཕྲིན་ནོར་བུ་མཆོག་རྒྱལ་ལག་ཏུ་བླང་བའི་ཟུར་འདེབས་ཀྱི་ཡི་གེ་ནོར་བུའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་བཱ་སུ་དེ་བཱ་ཡ། ཡོན་ཏན་ཡོངས་འདུས་དགོས་འབྱུང་གི །ནོར་བུའི་གཏེར་དུ་ལྷུན་གྲུབ་པ། །པདྨ་ཡིད་བཞིན་དབང་གི་རྒྱལ། །སྐྱེ་བར་དད་པའི་གཙུག་ཏུ་མཆོད། །ཕྱྭ་ཡི་དྭངས་མ་གཡང་གི་བཅུད། །འདོད་རྒུར་སྤེལ་བའི་ཆོ་ག་ནི། །ཀུན་གྱི་ཕྱི་མོ་བསིལ་ལྡན་ལྗོངས། །སྐྱོབ་བྱེད་གསང་མཛོད་དཔྱིད་འདི་འོ། །མདོ་སྡེ་རྟོག་པའི་རྒྱུད་གཙོ་བོར་གྱུར་པའི་སྔགས་ཀྱི་ཚུལ་ལས་ལོངས་སྤྱོད་སྤེལ་བའི་རིག་པ་དང་ཕྱག་རྒྱ་ཇི་སྙེད་གསུངས་པ་ལ། བོད་ཀྱི་ཡུལ་འདིར་བོན་སྔ་དར་བ་རྣམས་ལ་ཐེག་དགུའི་ཡ་གྱལ་ཕྱྭ་གཤེན་ཐེག་པའི་ལུགས་ཀྱི་ཕྱྭ་སྡུད་ཅིང་གཡང་འགུགས་པའི་གྱེར་བཤམ་རྒྱ་ཆེར་དར་བའི་ཡུལ་སྲོལ་དང་བསྟུན། གངས་ཅན་མགོན་པོ་པདྨཱཀ་རས་སྙིགས་དུས་ཀྱི་གདུལ་བྱ་རྣམས་ལ་ཐུགས་བརྩེ་བས་རྩ་གསུམ་སྒྲུབ་པའི་ལས་ཁ་ཚར་གྱི་ཚུལ་དུ་གཡང་ཆོག་གི་རིམ་པ་ རྒྱས་བསྡུས་དུ་མ་གསུངས་པ་ཐམས་ཅད་ཀྱི་ཕྱི་མོར་གྱུར་ཅིང་། འབྱོར་པ་སྤེལ་བའི་མཐུ་ནུས་བྱིན་རླབས་ཀྱི་ཚན་ཁ་ལྷག་པར་ཆེ་བ་བྱང་གཏེར་ཐུགས་སྒྲུབ་ཀྱི་ཆོས་ཚན་བཅུ་དྲུག་པ་རིན་ཆེན་ཁང་བུའི་ཐེམས་མེད་ཀྱི་ཆོས་སྡེ་ཕྱྭ་ཕྲིན་ནོར་བུ་མཆོག་རྒྱལ་དུ་གྲགས་པ་འདི་ཉིད་ལག་ཏུ་ལེན་པའི་ཚུལ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་བཤམ་བཀོད། དངོས་གཞི་སྒྲུབ་པའི་ཕྲིན་ལས། རྗེས་དངོས་གྲུབ་སྡུད་པའི་ལས་རིམ་མོ། །དང་པོ་ནི། ཉི་མ་བྱང་བགྲོད་ཀྱི་དཀར་ཕྱོགས་འགྲུབ་པའི་སྦྱོར་བ་དང་བཀྲ་ཤིས་པའི་ཉི་མ་སོགས་དགེ་ཞིང་ཤིས་པའི་དུས་སུ། ཡིད་འོང་གཙང་མའི་གནས་ལ་རྩ་བ་གསུམ་དང་རྣམ་སྲས་གཙོ་འཁོར་གྱི་བྲིས་སྐུ་སོགས་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་ཕྱིང་དཀར་གྱིས་གཡོགས་པ་ལ། ཕྱྭ་གཞི་གླང་པོ་ཆེའི་པགས་པ་དངོས་འབྱོར་ན་སྤུ་ཕྱིར་བསྟན་ནས་བཏིང་བ་དང་། མ་འབྱོར་ན་རས་ལ་གླང་ལྤགས་བྲིས་པའི་སྟེང་དུ་ཐིག་ཆེན་བརྒྱད་བཏབ། དབུས་སུ་ཆ་ཆེན་གཅིག་ཟླུམ་པོར་བསྐོར་བ་པདྨའི་ལྟེ་བ། དེ་རྒྱབ་ཆ་ཕྲན་གཅིག་ཟེའུ་འབྲུ། དེ་རྒྱབ་ཆ་ཆེན་གཅིག་འདབ་བརྒྱད། དེ་རྒྱབ་ཆ་ཆེན་གཅིག་གྲུ་བཞིར་བཅད། དེ་ལ་ཆ་ཕྲན་བཞིར་བགོས་པ་རི་རབ། དེའི་ཟུར་ལ་རེག་པའི་ཟླུམ་རིས་ཆ་ཕྲན་གཅིག་གི་ཚད་ཕྱི་ནང་གཉིས་སུ་བསྐོར་བ་ལྕགས་རི། དེ་དང་རི་རབ་བར་གྱི་ཕྱོགས་བཞིར་ཤར་གླིང་གསུམ་ཟླ་གམ་བཅད་ཁ་ནང་བསྟན། ལྷོ་གླིང་གསུམ་སོག་ཁ་ནང་བསྟན། ནུབ་གླིང་གསུམ་ཟླུམ་པོ། བྱང་གླིང་གསུམ་གྲུ་བཞི། བར་མཚམས་སུ་ཆུ་རིས་ཀྱི་རྣམ་པ་བྲིས་ལ། དབུས་ཀྱི་པདྨ་དམར་པོ། རི་གླིང་རྒྱ་མཚོ་ཕྱོགས་མདོག །ལྕགས་རི་སྔོན་པོ་བྱ། འབྱོར་སྤྲོས་ཆུང་ན་གཞི་གཙང་མར་འབྲུ་དཀར་གྱི་ཚོམ་བུ་དགུ་བཀོད་པས་ཀྱང་རུང་བར་བཞེད། དེའི་དབུས་སུ་མཉྫིའི་ཁར་རིན་པོ་ཆེའི་སྣོད་གཙང་མར་འབྲུ་སྣ་ཚོགས་ཀྱི་ཕྱེ་ལས་གྲུབ་པའི་རི་རབ་བང་རིམ་བཞི་པའི་སྟེང་དུ་དྲིལ་གཟུགས་དང་རིན་ཆེན་ཟུར་བརྒྱད་ཀྱི་ཁར་བུམ་པ་ནོར་བུ་མིག་གསུམ་གྱི་ཏོག་ཅན་རྩ་བར་ཚེ་རིལ་གྱིས་བསྐོར་བ་འབྲི་སྨུག་གིས་བྱུགས་པ་ལ། རྩེ་བྲན་ནོར་བུ་འབར་བ་ལ་པདྨ་ཉི་ཟླས་བརྒྱན་པ་སོགས་གང་མཛེས་དང་། རི་རབ་ཀྱི་བང་རིམ་དང་པོར་ནེའུ་ལེ་ནོར་བུ་སྐྱུག་པ་དང་། བང་རིམ་རྣམས་ལ་རིན་པོ་ཆེ་འབར་བ། བཀྲ་ཤིས་རྟགས་བརྒྱད། ནོར་བུ་ཆ་བདུན་སོགས་རྒྱན་སྤྲོས་གང་མཛེས། མདའ་དར་དམར་པོ་མེ་ལོང་གིས་བརྒྱན་ཏེ་བཙུགས་པ་བཀོད། དེའི་ཤར་དུ་རིན་པོ་ཆེའི་སྣོད་རྒྱུན་འབབ་ཀྱི་ཆུས་བཀང་བ། ལྷོར་རི་བཀྲ་བཟང་པོའི་ས་དང་བྱིན་རླབས་ཅན་གྱི་ས་སྣ། ནུབ་ཏུ་ཙནྡན་དམར་པོའམ་ཤུག་པའི་སྡོང་བུ་ཅན་གྱི་མར་མེ། བྱང་དུ་རླུང་གཡབ་དཀར་པོ་སྟེ་འབྱུང་བཞིའི་བཅུད་དགུག་པའི་རྫས་བཞི། མཚམས་བཞིར་བཅུད་དགུག་པའི་ཞལ་ ཟས་བཞི། ལྷོ་ནུབ་ཏུ་རིན་པོ་ཆེའི་བུམ་པའམ་དཀར་ཡོལ་ལམ་རྫ་སོགས་ཀྱི་བུམ་པ་སྐྱོན་མེད་པའི་ནང་ཆང་བཟང་པོ་ལ་བུ་རམ་སྦྲང་དཀར་ཆོས་སྨན་བཏབ་པའི་ནང་དུ། མར་གྱི་ནོར་བུ་ཆ་བདུན་ལ་སོགས་པ་ནོར་བུའི་རིགས་ཁ་དོག་སྣ་ཚོགས་པ་བྱས་པ་དང་། ནས་དང་གྲོ་ཡི་དབྱིབས་ཅན་དང་། དུད་འགྲོའི་སྣ་འཇུ་སོགས་ཀྱི་གཟུགས་བརྙན་བཅོས་པ་བླུགས་ལ། དར་དམར་གྱི་མགུལ་ཆིངས་བྱ། ཁ་མར་ཁུ་དང་ཕྱེ་མར་གྱིས་གཅད། དར་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་བཀག་པའི་སྟེང་དུ་ཟན་གྱི་ནོར་བུ་མིག་གསུམ་བཀོད་པའི་ཕྱྭ་བུམ་བཞག །མདུན་ངོས་གཙང་མའི་སྣོད་དུ་དབུས་སུ་གཙོ་བོའི་ཛམ་བཤོས་ཆེ་བ་གཅིག་ལ་ཛཾ་བྷ་ལ་ཡབ་ཡུམ་གཉིས། རྟ་བདག་བརྒྱད་ལ་རེ་རེ། ཀླུ་རྣམས་ལ་ཐུན་མོང་དུ་གཅིག །སྡེ་དཔོན་སྟོབས་ཆེན་བཅས་ལ་གཅིག །དུས་བཞིའི་ལྷ་མོ་ལ་གཅིག་སྟེ་ཛཾ་བཤོས་བཅུ་གསུམ་གྱིས་བསྐོར་བའམ། བསྡུ་ན་གཙོ་བོ་ཆེ་ཆུང་གཉིས། འཁོར་བརྒྱད་ཀྱིས་བསྐོར་བས་འཐུས་ཤིང་། ཀླུ་མ་གཏོགས་པ་གཞན་རྣམས་ཁ་དོག་དམར་པོ་དཀར་དམར་གྱི་རྒྱན་དང་ལྡན་པ་བཀོད། ཕྱོགས་བཞིར་རྒྱལ་ཆེན་སྡེ་བཞི་ལ་མཁར་ཐབས་དཀར་པོ་བཞི། ཕྱོགས་སྐྱོང་བཅུ་ལ་ཟུར་གསུམ་དམར་པོ་གཙོ་འཁོར་བཅུ། སྡེ་བརྒྱད་ཀྱི་གཏོར་མ་རྒྱལ་གསོལ་གྱི་དབྱིབས་འདྲ་བ་རྣམས་སྐབས་གང་བདེར་བཞག །འབྱུང་བཞིའི་ལྷ་ལ་འབྲང་རྒྱས་ཟླུམ་པོ། གྲུ་བཞི། ཟླ་གམ། གྲུ་གསུམ་རྣམས་སྟོད་སོ་སོའི་དབྱིབས་ལ་སྨད་ཟླུམ་པོ་ཅན་ཁ་དོག་དཀར་སེར་དམར་ལྗང་དུ་བསྒྱུར་བ་ཕྱོགས་བཞིར་བཀོད་པའི་མཐར་ཉེར་སྤྱོད་ཀྱང་གཡས་སྐོར་དུ་བཤམ། ནས་དཀར་མོས་བཀང་བའི་བྲེ་ལ་མདའ་དར་ཁ་དོག་སྣ་ལྔ་མེ་ལོང་གིས་བརྒྱན་པ་གཟུག །དཀར་མོ་ལག་གཡས་ལ་མདའ་དར་དམར་པོ་མེ་ལོང་གིས་བརྒྱན་པའི་གཡབ་དར་ཡང་བཤམ། གཞན་ཡང་འབྱོར་བཤམ་ཆེ་ན་གསེར་བྲེ་དངུལ་བྲེ་དངུལ་སྡོང་སོགས་རིན་པོ་ཆེའི་རིགས་དང་། གོ་ཁྲབ། གོས་དར། ཤེལ་དཀར་དམར། ལོ་ཕུད། ཇ་མར། ཚྭ། ནས། ཤིང་ཏོག །འོ་ཞོ། ཤ་ཐུད་སོགས་འཇིག་རྟེན་གྱི་དངོས་པོའི་རིགས་དང་། ཆོས་སྡེ་དང་བླ་བྲང་ལྟ་བུར་རྡོར་དྲིལ་བུམ་པ་གླེགས་བམ་རོལ་མོ་དུང་དཀར་གཎྜི་ཆོས་གོས་རྣམ་གསུམ་བེར་སོགས་གང་འཛོམ་ཡང་བཤམ། གཞན་ཡང་ཕྱེ་མར་དང་། གཡང་གཞུང་སྐབས་དགོས་པའི་ཕྱྭ་གླུད་བགེགས་གཏོར། བསང་གི་ཡོ་བྱད་སོགས་དང་། གུ་རུ་ཞི་དྲག་ལྟ་བུའི་ལྷ་གཞུང་གང་བྱེད་དང་བསྟུན་པའི་སྨན་གཏོར་རཀྟ་ཕྱི་ནང་གི་མཆོད་གཏོར་ཚོགས་ཀྱི་དམ་རྫས་རྣམས་ཉེ་ལོགས་ཅི་བདེར་བཤམ་པར་བྱའོ། །གཉིས་པ་དངོས་གཞི་སྒྲུབ་ཕྲིན་ལ་གཉིས། བདག་ཉིད་ནུས་ལྡན་དུ་བྱ་བ་ཡི་དམ་གྱི་ཕྲིན་ལས་དང་། འདོད་པའི་ཕྲིན་ལས་སྒྲུབ་པའི་ཕྱྭ་གཡང་གི་ཕྲིན་ལས་སོ། །དང་པོ་ནི། བྱང་བ་རྣམས་ཀྱི་ཕྱག་སྲོལ་ལྟར་ཐུགས་སྒྲུབ་དྲག་མཐིང་གི་ལས་གཞུང་འབྲིང་པོ་ཙམ་གཏང་ན་འབྲེལ་ཆགས་པས་ཤིན་ཏུ་ལེགས་ལ། མི་འགྲུབ་ན་རང་ཉིད་རྒྱུན་གྱི་ཡི་དམ་གང་ལ་བྱེད་པའི་བླ་མ་ཞི་དྲག །རྟ་མགྲིན་ཕྱག་རྡོར་ལྟ་བུ་ལ་སྦྱོར་ཆོག་པས། ཕྱོགས་འདིར་མཚོན་ན་དཀོན་མཆོག་སྤྱི་འདུས་ལྟ་བུ་ལ་སྦྱར་ཡང་རྩ་གསུམ་ཀུན་འདུས་ཡིན་པས་མཆོག་ཏུ་འགྱུར་ལ། གང་ལྟར་རྩ་བའི་བཟླས་པ་འོས་བསྟུན་གྲུབ་པ་དང་། འཁོར་ལོས་སྒྱུར་རྒྱལ་རྒྱལ་པོའི་ཕོ་བྲང་དང༔ རིན་ཆེན་བདུན་དང་བཀྲ་ཤིས་བརྒྱད་དང་ནི༔ རྩི་བཅུད་འབྲུ་ཡི་བཅུད་དང་ཤིང་གི་བཅུད༔ བཅུད་རྣམས་བསྡུས་ལ་བསྟིམ་ཞིང་སྙིང་པོ་བཟླ༔ བདེ་གཤེགས་རྣམས་དང་རྡོ་རྗེ་སློབ་དཔོན་གྱིས༔ ཚེ་ཡི་དངོས་གྲུབ་བདུད་རྩིར་བྱིན་གྱིས་བརླབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ ནཱ་ནཱ་ཁ་དྷེ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ སརྦ་སིདྡྷི་དྷ་ནཾ་མེ་དྷི་ཧྲཱི༔ ཨཱ་ཡུཿསིདྡྷི་ས་མ་ཡ་སྡུས་སྡུས༔ ཞེས་པའི་དམིགས་གནད་དང་ལྡན་པས་བཟླས་པ་ཅི་འགྲུབ་བྱ། སྟོང་ཚིགས། གཏོར་འབུལ། སྐོང་གསོལ། ཚོགས་འཁོར་གྱི་བར་དཀྱུས་སོ་སོ་ལྟར་བྱའོ། །གཉིས་པ་ཕྱྭ་གཡང་གི་ཕྲིན་ལས་ནི། ཐོག་མར་ཁང་ཁྱིམ་གྱི་ནང་ཀུན་ཏུ་བསང་སྤོས་ཀྱི་དུད་པ་སྦྱར་ལ་ལེགས་ལྡན་རྗེའི་གཏེར་བྱོན་ཚེ་སྒྲུབ་བདུད་རྩི་འཁྱིལ་བའི་ཆ་ལག་ལྟ་བུའི་བསང་མཆོད་གང་རིགས་ཤིག་ངེས་པར་གཏང་། དེ་ནས་མདུན་གྱི་དཀྱིལ་འཁོར་བསྐྱེད་པ་ནི། བདག་གི་ཐུགས་ཀའི་ཧཱུྃ་ལས་བྷྲཱུྃ་ཡིག་གསེར་གྱི་ཁ་དོག་དང་ལྡན་པ་ཞིག་འཕྲོས་ཏེ་འོད་དུ་ཞུ་བ་ལས་བྱུང་བའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཕོ་བྲང་སུམ་བརྩེགས་ལྷུན་སྡུག་པའི་རྩེ་མོར་ནོར་བུ་རིན་པོ་ཆེའི་ཏོག་གིས་སྤྲས་ཤིང་གཏེར་གྱི་ཁང་པ་བཅོ་ལྔས་བརྒྱན་པ། འཁོར་ས་རིམ་པ་གསུམ་དང་ལྡན་པའི་ཕྱི་རོལ་གྱི་ཕྱོགས་མཚམས་རྣམས་སུ་རིན་པོ་ཆེའི་མཆོད་སྡོང་། དཔག་བསམ་གྱི་ལྗོན་ཤིང་། ཁྲུས་ཀྱི་རྫིང་བུ། འདོད་འཇོའི་བ། བུམ་པ་བཟང་པོ་བརྒྱད་བརྒྱད་སྤེལ་མར་གནས་པའི་ཕྱི་ཡི་ཁོར་ཡུག་རིན་པོ་ཆེའི་ར་བས་བསྐོར་བ། འདོད་ཡོན་གྱི་སྤྲིན་ཕུང་འཁྲིགས་ཤིང་། ལྷ་མིའི་དཔལ་འབྱོར་ལོངས་སྤྱོད་མ་ཚང་བ་མེད་པས་ཀུན་ནས་བཀླུབས་ཤིང་ཟབ་ཅིང་རྒྱ་ཆེའི་བཀོད་པས་ཁྱད་པར་དུ་འཕགས་པའི་གཟི་འོད་འབར་བའི་ཕོ་བྲང་གི་དབུས་སུ། ཧྲཱིཿལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་ཡངས་ཤིང་རྒྱ་ཆེ་བ། དེའི་སྟེང་དུ་བཻ་ལས་རྒྱལ་མཚན་བཻ་ཡིས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཇིག་རྟེན་ཁམས་ཀྱི་དཔལ་དང་འབྱོར་པ་ཐམས་ཅད་བསྡུས་ནས་བཻ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་གསེར་གྱི་རི་བོ་ལྟར་འཚེར་ཞིང་བརྗིད་པ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རིན་པོ་ཆེའི་རྒྱལ་མཚན་ཕྲག་པར་གཏོད་ནས་འཛིན་ཅིང་། གཡོན་གཏེར་གྱི་ནེའུ་ལེ་ནོར་བུ་སྐྱུག་པ་དཀུར་བརྟེན་ནས་འཛིན་པ། ཞབས་གཉིས་རོལ་པའི་སྟབས་ཀྱིས་སེང་གེ་དཀར་མོ་ཉལ་བས་ཉིད་ལ་ལྟ་བའི་སྟེང་ན་བཞུགས་པ། ལྷ་རྫས་ཀྱི་གོས་དང་བཻ་ཌཱུརྻའི་ཞུབ་ཁྲབ་གསོལ་བ། རིན་པོ་ཆེའི་ཟེ་པྲོག་དར་གྱི་ཅོད་པན་ཅན། གཞན་ཡང་སྙན་ཆ། མགུལ་ཆུན། གདུ་བུ། དོ་ཤལ་ལ་སོགས་པ་རྒྱན་ཆ་དུ་མས་ཀུན་ནས་མཛེས་པར་སྤྲས་པ། ཕྲག་གོང་གཡས་གཡོན་ནས་ཉི་ཟླའི་དཀྱིལ་འཁོར་འཆར་བ། ནམ་མཁའ་མཛོད་ལ་མངའ་བརྙེས་ཤིང་ཞལ་ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཆར་འབེབ་པ། ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ། སྒྲུབ་པ་པོ་ལ་དགྱེས་པའི་འཛུམ་ཞལ་སྟོན་པས་དགོས་འདོད་རེ་བ་ཡིད་བཞིན་དུ་སྐོང་བའི་སྐུར་གྱུར། དེའི་མདུན་ཕྱོགས་གཡས་སུ་ཛཾ་ལས་ཛམྦྷ་ལ་གསེར་གྱི་མདོག་ཅན་ནོར་བུ་དང་ནེའུ་ལེ་འཛིན་པ། གཡོན་དུ་ཧྲཱིཿལས་ལྷ་མོ་ནོར་རྒྱུན་མ་སེར་མོ་མཆོག་སྦྱིན་དང་འབྲས་ཀྱི་སྙེ་མ་བསྣམས་པ། ཁོར་ས་དང་པོའི་ཤར་དུ་ཛཾ་བྷ་ལ་སེར་པོ་རིན་པོ་ཆེ་འཛིན་པ། ལྷོར་གང་བ་བཟང་པོ་སེར་པོ་བུམ་པ་འཛིན་པ། ནུབ་ཏུ་ནོར་བུ་བཟང་པོ་དཀར་པོ་ནོར་བུ་འཛིན་པ། བྱང་དུ་ཀུ་བེ་ར་ནག་པོ་རལ་གྲི་འཛིན་པ། ཤར་ལྷོར་ཡང་དག་ཤེས་སེར་པོ་གསེར་གྲི་འཛིན་པ། ལྷོ་ནུབ་ཏུ་འབྲོག་གནས་ནག་པོ་མདུང་དམར་འཛིན་པ། ནུབ་བྱང་དུ་ལྔས་རྩེན་སེར་སྐྱ་ཁང་བརྩེགས་འཛིན་པ། བྱང་ཤར་དུ་པི་ཙི་ཀུཎྜ་ལཱི་མཐིང་ག་གྲི་ཕུབ་འཛིན་པ། གཡོན་ཐམས་ཅད་ནེའུ་ལེ་འཛིན་ཅིང་རང་རང་གི་མདོག་དང་མཚུངས་པའི་རྟ་ལ་ཞོན་པའོ། ཁོར་ས་བར་མ་ལ་ཀླུ་ཆེན་པོ་བརྒྱད་ནེའུ་ལེ་རིན་པོ་ཆེ་སྐྱུག་པ་འཛིན་པས་བསྐོར་བ། འཁོར་ས་ཐ་མ་ལ་སྡེ་དཔོན་ཉེར་བརྒྱད་དམར་ནག་རལ་གྲི་དང་ཕུབ་འཛིན་པ་ཅུང་ཟད་ཁྲོས་པའི་ངང་ཚུལ་ཅན། སྟོབས་ཆེན་སུམ་ཅུ་རྩ་གཉིས་ལྗང་ནག་མདུང་དང་རལ་གྲི་བསྣམས་པ། ཕྱི་རོལ་དུ་གཡང་གི་ལྷ་མོ་མཛེས་ལྡན་མ་སྲས་དང་བློན་པོའི་ཚོགས་ལ་སོགས་གནོད་སྦྱིན་དང་མ་མོ་བྱེ་བས་བསྐོར་བ། ཐམས་ཅད་ཀྱང་གཟི་བརྗིད་འོད་དུ་འབར་ཞིང་དགྱེས་འཛུམ་བཞད་པའི་ཞལ་ཅན། དངོས་གྲུབ་ནོར་གྱི་ཆར་པ་སྤྲིན་ལྟར་དུ་འབེབ་པའོ། །རང་གི་སྙིང་གའི་ས་བོན་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས་བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས་ནས་རྒྱལ་ཆེན་རྣམ་ཐོས་སྲས་གནོད་སྦྱིན་ནོར་ལྷའི་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་པར་གྱུར། བཛྲ་ས་མཱ་ཛཿ སྤྱན་འདྲེན་པ་ནི། ཧཱུྃ། རི་རབ་བྱང་ཕྱོགས་མངའ་མཛད་གནོད་སྦྱིན་རྣམ་ཐོས་སྲས། །འདོད་ཡོན་ནོར་ལ་དབང་སྒྱུར་རིན་ཆེན་ཆར་པ་འབེབ། ཁྱོད་ཀྱི་དངོས་གྲུབ་ཆེན་པོ་སྒྲུབ་ཅིང་རེ་འདོད་སྐོང་བའི་ཕྱིར། །ཐུགས་རྗེའི་དབང་གིས་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །མགོན་པོ་ཀུན་གཤེགས་ཐུགས་དམ་ཅན། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཡང་། །ཤཱཀྱ་སེང་གེའི་སྤྱན་སྔར་ཁྱེད། །ཐུགས་དམ་ཞལ་བཞེས་དགྱེས་དགོངས་ལ། །སངས་རྒྱས་བསྟན་པ་སྲུང་བ་དང་། །བདག་ཅག་རེ་བ་བསྐང་བའི་ཕྱིར། །འདིར་བྱོན་དགྱེས་པར་བཞུགས་སུ་གསོལ། །ཨོཾ་བཻ་ཤྲ་མ་ཎཱ་ས་པ་རི་བཱ་ར་ཨཱ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཕྱག་གིས་བཀུར་བ་ནི། ཧཱུྃ། གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས། །རིན་ཆེན་ནོར་ལ་དབང་སྒྱུར་འདོད་ཡོན་ཆར་དུ་འབེབ། །དབུལ་བའི་སྡུག་བསྔལ་སེལ་མཛད་མགོན་པོ་ཐུགས་རྗེ་ཅན། །རྒྱལ་ཆེན་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །མཆོད་རྫས་ལ་བསང་ཆུས་འཐོར་ཏེ། ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་ཉེ་བར་སྤྱོད་པ་རྣམས་དང་། གཞན་ཡང་ཐུན་མོང་ཁྱད་པར་གྱི་མཆོད་པའི་སྤྲིན་གྱི་ཕུང་པོ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར་པར་བསམ་ལ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པཱ་དྱཾ་ནས་ཤབྡའི་བར། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོཿ བཛྲ་སྥ་ར་ན་ཁཾ། ཞེས་བྱིན་བརླབས་ལ། ཨོཾ། མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །མར་མེ་དྲི་ཆབ་ཞལ་ཟས་དང་། །རོལ་མོ་ལ་སོགས་ཉེར་སྤྱོད་རྣམས། །མགོན་པོ་འཁོར་དང་བཅས་ལ་འབུལ། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་། །རོ་བདའ་རེག་འཇམ་བདེ་བ་དང་། །ཆོས་ཡིད་ཚིམ་བྱེད་འདོད་ཡོན་དྲུག །གནོད་སྦྱིན་འཁོར་དང་བཅས་ལ་འབུལ། །མི་དབང་རྒྱལ་སྲིད་རིན་ཆེན་བདུན། །ཉེ་བར་འོས་པ་བདུན་དང་བཅས། །བཀྲ་ཤིས་རྟགས་རྫས་བརྒྱད་ཟུང་རྣམས། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །ཕྱི་སྣོད་འབྱུང་ལྔ་ལས་གྲུབ་པའི། །ལྷུན་པོ་རི་གླིང་ས་མཚོར་བཅས། །མཐོ་རིས་དཔལ་འབྱོར་གྱིས་ཕྱུག་པ། །གནས་སྲུང་འཁོར་དང་བཅས་ལ་འབུལ། །རིན་ཆེན་རྡུལ་བརྩེགས་དཔག་བསམ་ཤིང་། །མ་རྨོས་ལོ་ཏོག་འདོད་འཇོའི་བ། །གཏེར་ཆེན་བུམ་བཟང་ནམ་མཁའི་མཛོད། །གཏེར་བདག་འཁོར་དང་བཅས་ལ་འབུལ། ཁ་དོག་དྲི་རོ་ཕུན་ཚོགས་པ། །ཟག་མེད་བདེ་བ་སྐྱེད་བྱེད་པའི། །ལྷ་རྫས་བདུད་རྩིའི་མཆོད་གཏོར་འདི། །ནོར་ལྷ་འཁོར་དང་བཅས་ལ་འབུལ། །དག་ཅིང་གཙང་མར་སྦྱར་བ་ཡི། །བཟའ་བཅའ་བཏུང་བ་སྣ་ཚོགས་པའི། །ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་འདི། །དམ་ཅན་འཁོར་དང་བཅས་ལ་འབུལ། །གཡུལ་ལས་རྒྱལ་བྱེད་མཚན་མ་སོགས། །ཕྱི་ནང་གསང་བ་དེ་ཁོ་ནས། །ཐུགས་དམ་སྐོང་བའི་སྒྲུབ་རྫས་ཀུན། །བསྟན་སྲུང་འཁོར་དང་བཅས་ལ་འབུལ། །དངོས་སུ་འབྱོར་དང་ཡིད་སྤྲུལ་པ། །ཏིང་འཛིན་སྔགས་རྒྱའི་མཐུས་བསྒྲུབས་པའི། །ཀུན་བཟང་མཆོད་སྤྲིན་མཐའ་ཡས་པས། །མཁའ་དང་ཕྱོགས་མཚམས་ཀུན་བཀང་སྟེ། །རྣམ་མང་ཐོས་སྲས་འཁོར་བཅས་ལ། །བདག་གིས་དད་པས་འབུལ་ལགས་ན། །དགྱེས་པར་དགོངས་ཏེ་བཞེས་ནས་ཀྱང་། །བསྒྲུབས་པའི་འབྲས་བུ་མཆིས་པར་མཛོད། །ཨོཾ་བཻ་ཤྲ་མ་ཎཱ་ས་པ་རི་བཱ་ར་ཨརྒྷཾ་སོགས་ ཤབྡ་ཨཱཿཧཱུྃ། རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་དྷརྨ་དྷཱ་ཏུ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུྃ། རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། མ་ཧཱ་བ་ལིཾ་ཏ་ཛྙཱ་ན་པཉྩ་ཨ་མྲྀཏ་ག་ཎ་ཙཀྲ་སརྦ་པཱུ་ཛ་སིདྡྷི་ཨཱཿཧཱུྃ་སྭཱ་ཧཱ། བསྟོད་པ་ནི། ཧཱུྃ། མི་འཇིགས་སེང་གེའི་ཁྲི་སྟེང་ན། །བཻ་ལས་བྱུང་བའི་མགོན་པོ་ནི། །ངལ་བསོས་དགེ་བ་སྟོབས་པོ་ཆེ། །ས་བརྒྱད་དབང་ཕྱུག་ཁྱོད་ལ་འདུད། །བཙུན་མོ་སྲས་དང་རྟ་བདག་བརྒྱད། །ནོར་སྟེར་བ་ཡི་ཀླུ་ཆེན་བརྒྱད། །ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དགྲ་བགེགས་མ་ལུས་གཞོམ་པ་དང་། །འབྱོར་པའི་ལོངས་སྤྱོད་ཕུན་ཚོགས་ཤོག །འདོད་དགུ་ལྷུན་གྱིས་གྲུབ་པ་དང་། །གཞན་དོན་ཡིད་བཞིན་འགྲུབ་མཛད་གསོལ། །ཅེས་པ་རྣམས་གོང་མ་རྣམས་ཀྱི་ཕྱག་བཞེས་ལྟར་བཏང་ལ་ཆོ་ག་དངོས་ལ། ཤིང་སྣས་བསང་དུད་སྦྱར། དཀར་མོ་ལག་གཡས་གཡབ་དར་དམར་པོ་ཅན་དེ་གཡབ་ལ་རོལ་མོ་དབྱངས་དང་བཅས། ཕྱྭ་ཕྲིན་གཞུང་གི །ཕྱྭ་ཁུ་ཡེ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཞེས་པ་ནས། ཕྱྭ་སྒོ་གཉན་པོ་བསྡམ་པར་བྱ༔ ཞེས་པའི་བར་གཏང་། དེ་ནས་བགེགས་གཏོར་རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ། གསུམ་དང་། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བརླབས་ལ། གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་གནོད་བྱེད་ཐམས་ཅད་ཚིམ་པ་ཞིག་ཏུ་གྱུར། བསྔོ་བ་ནི། ཧོཿ བཀའ་གསང་བ་ལས་ཀྱང་ཆེས་གསང་བ་ཡང་གསང་བླ་ན་མེད་པ་རྡོ་རྗེ་དྲག་པོ་རྩལ་གྱི་དཀྱིལ་འཁོར་ཆེན་པོ་འདིར་ཁྱོད་མི་མིན་མི་རུ་བརྫུ་བ༔ ལྷ་མིན་ལྷ་རུ་བརྫུ་བ༔ དཀྱིལ་འཁོར་གྱི་བཀྲག་ལ་བལྟ་བ༔ མར་མེའི་འོད་ལ་བལྟ་བ༔ སྤོས་ཀྱི་དྲི་ལ་སྣོམ་པ༔ སྒྲུབ་མཆོག་རྣལ་འབྱོར་པ་བདག་གི་ཏིང་ངེ་འཛིན་དྲོད་ཉུལ་བར་བྱེད་པའི་གནོད་བྱེད་གདོན་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ལ༔ མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཁྱེད་གདོན་བགེགས་རྣམས་ལ་སྟེར་བ་ཡིན་པས་གནས་སྐབས་སུ་འདོད་ཡོན་ལྔས་ཚིམ་ཞིང་མཐར་ཐུག་སངས་རྒྱས་འཐོབ་པའི་སྐལ་པ་དང་ལྡན་པར་གྱུར་ཅིག༔ ཧཱུྃ༔ ཡང་དག་དོན་ལ་མི་མོས་ཤིང༔ མི་དང་མི་མིན་ལོག་འདྲེན་བགེགས༔ ལན་ཆགས་བགེགས་གཏོར་འདི་ཁྱེར་ལ༔ གནས་འདིར་ཁོར་ཡུག་ཚུན་ཆད་དུ༔ སྐད་ཅིག་ཙམ་ཡང་མ་འདའ་ཞིག༔ གལ་ཏེ་ང་ཡི་བཀའ་འདས་ན༔ བདེ་གཤེགས་ཁྲོ་བོ་ཀུན་འདུས་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཅེས་དང་ཧཱུྃ་བཞིའི་དྲག་སྔགས་ཀྱིས་བགེགས་བསྐྲད་ཡུངས་ཐུན་བྲབ། གུ་གུལ་བདུག །འདིའི་ཚབ་ཏུ་ལྷ་གཞུང་གང་དང་འབྲེལ་བའི་བགེགས་གཏོར་མཚམས་གཅད་བཅུག་ཀྱང་ཆོག་གོ །དེ་ནས་སྒྲུབ་ཁང་དུ་སྔར་ཡོད་ལས་ཕྱི་མི་རྣམས་མི་གཏོང་བར་མཚམས་བཅད་ཅིང་། ཕྱྭ་སྒོ་བསྡམ་པ་ནི། ཕྱྭ་ཁུ་ཡེ༔ ཤར་གྱི་སྒོ་མ་ལྕགས་ཀྱུ་མ༔ ཞེས་སོགས་ནས། ཕྱྭ་འགུགས་པའི་ལྷ་མོ་སྨུག་མོའི་གཤམ་གྱི། གཡང་འདི་ཡང་མ་ཉམས་ཁུ་ཡེ་གསུངས༔ ཞེས་པའི་བར་མཐར་ཆགས་སུ་གཏང་། ཚར་གྲངས་བྱེད་ན་མདུན་བསྐྱེད་ནས་འདི་ཡན་ཅི་འགྲུབ་གྲངས་གསོག །མཐར་ཚོགས་ལ་རོལ་ཞིང་ལྷག་མ་གཏང་། ཆད་བརྟན་སོགས་རྗེས་ཀྱི་བྱ་བ་རྣམས་བྱའོ། །གསུམ་པ་རྗེས་དངོས་གྲུབ་སྡུད་པའི་ལས་རིམ་ནི། དེ་ལྟར་སྒྲུབ་ཞག་གསུམ་ལྔ་བདུན་སོགས་གང་བྱེད་གྲུབ་པའི་གྲོལ་རྒྱུའི་ནངས་མོ་ཕྱྭ་ཕྲིན་གཏོང་མི་དགོས་པས་ལྷ་གཞུང་ཚོགས་མཆོད་ཀྱི་བར་སྔར་ལྟར་གྲུབ་པ་དང་། དཔོན་སློབ་ཐམས་ཅད་རྒྱན་གོས་བཟང་པོ་དང་ལྡན་པར་བྱས། ཡོན་བདག་ཡོད་ན་སྟན་བཟང་པོ་ལ་བཞག །ཕྱྭ་ཕྲིན་མཇུག་གི །ཕྱྭ་ཁུ་ཡེ༔ ཚངས་པའི་རྒྱལ་པོ་ཚུར་གསོན་དང༔ ཕྱྭ་སྒོ་གཉན་པོ་དབྱེ་རུ་གསོལ༔ ཞེས་སོགས་གྱེར་བ་དང་བསྟུན་ཕྱྭ་སྒོ་ཕྱེ་ལ། རིན་ཆེན་སྣ་བདུན་བཀྲ་ཤིས་མཇུག་གི །ཕྱྭ་དང་གཡང་གི་བཀྲ་ཤིས་སྩོལ༔ ཡན་ཚང་བར་བཏོན། དེ་ནས་དངོས་གྲུབ་བསྐུལ་བ་ནི། མདུན་གྱི་ནམ་མཁར་སངས་རྒྱས་ཀུན་འདུས་གུ་རུ་ཡིད་བཞིན་ནོར་བུ་རིགས་ཀྱི་སྐུ་ལྔ་རྒྱལ་བ་སྲས་དང་བཅས་པའི་ཚོགས་རྣམས་དང་། གཏོར་མ་འདི་ཉིད་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དང་། ཛམྦྷ་ལ་དང་། ནོར་རྒྱུན་མ་དང་། ནོར་བདག་གནོད་སྦྱིན་བྱེ་བའི་ཚོགས་དང་བཅས་པ་མངོན་སུམ་བཞིན་དུ་གསལ་བ་དེ་དག་སྤྱི་བོར་སྤྱན་དྲངས་ནས་དངོས་གྲུབ་བསྐུལ་བའི་རྐྱེན་གྱིས། ལྷ་ཚོགས་རྣམས་ཀྱི་སྐུ་ཡི་ཆ་དང་ཞལ་དང་ནོར་བུ་དང་ནེའུ་ལེ་དང་ཕྱྭ་རྫས་རྣམས་ལས་འདོད་དགུའི་ལོངས་སྤྱོད་ཀྱི་ཆར་ཆེན་པོ་ཕབ་ནས་དངོས་གྲུབ་ཏུ་བསྩལ་པས། ཚེ་དང་བསོད་ནམས་སྟོབས་དང་གཟི་བརྗིད་ལ་སོགས་པ་རྒྱས་པར་བྱས། གནས་ཁང་དང་ལུང་པ་ཐམས་ཅད་ཟས་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པས་ཡོངས་སུ་གང་བར་གྱུར། ཅེས་མོས་ལ། ཡི་དམ་གྱི་གཏོར་མ། གཡང་བཤོས་རི་རབ་མ། ཕྱོགས་བཞིའི་ཕྱྭ་རྫས། ཕྱྭ་བུམ། ཛཾ་བཤོས་མདའ་དར་སོགས་ནས་བཟའ་བཏུང་གི་བར་གྱི་དངོས་པོ་རྣམས་ཀྱིས་དེར་འཁོད་ཐམས་ཅད་ལག་སྟོང་དུ་མི་བཞག་པར་རིམ་པར་གཏད་ལ། ཧཱུྃ༔ ཤར་གྱི་ཕྱོགས་ནས་དངོས་གྲུབ་བསྐུལ་བའི་ལྷ༔ ཞེས་སོགས་ནས། མི་ལ་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ནོར་ལ་གཡང་གི་དངོས་གྲུབ་བསྩལ་དུ་གསོལ༔ ཟས་ལ་བཅུད་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ སོགས་བརྗོད་ཅིང་བཛྲ་གུ་རུའི་ཛཔ྄་དབྱངས་བྱ། མཐར་ཞལ་ཟས་ཛཾ་བཤོས་ཕྱེ་མར་སོགས་དངོས་གྲུབ་ཀྱི་རྫས་རྣམས་ཀྱང་ཚོགས་ཀྱི་འཁོར་ལོ་ལ་ལོངས་སྤྱོད་ཅིང་། ཕྱྭ་བུམ་སྣོད་གཅིག་ཏུ་བྱོ་ལ་སྔོན་ལ་གང་བྱུང་གི་པྲ་བརྟག་ཅིང་མཐར་ཀུན་ལ་འགྱེད། དཔེར་ན་ནོར་བུ་བྱུང་ན་ནོར། ནས་བྱུང་ན་འབྲུ་འཕེལ། སྣ་འཇུ་བྱུང་ན་ཕྱུགས་འཕེལ་བ་སོགས་བཤད། རི་རབ་སོགས་རེ་ཞིག་རང་མལ་དུ་བཞག །ལས་བྱང་གི་ལྷག་ཆོག་བསྐུལ་དང་ཆད་མདོ་བརྟན་སྐྱོང་རྣམས་བྱ་ཞིང་། སྐབས་འདིར་རྒྱལ་ཆེན་ཕྱོགས་སྐྱོང་འབྱུང་བཞི་སྡེ་བརྒྱད་གཏོར་མ་རྣམས་ཀྱང་ཕྱི་རོལ་དུ་འབུལ། མདུན་བསྐྱེད་བརྟན་བཞུགས་གཤེགས་བསྡུ་གང་ཡང་མ་བཤད་ཀྱང་དེང་སང་གཡང་རྟེན་མཛོད་དུ་འཇོག་པའི་ཕྱག་སྲོལ་ལྟར་ན། སླར་མདུན་བསྐྱེད་ལ་དམིགས་ཏེ་མཆོད་བསྟོད་ནོང་བཤགས་བརྟན་བཞུགས་བྱས་ལ་གཡང་བཤོས་རི་རབ་སོགས་གཡང་གི་རྟེན་རྣམས་བང་མཛོད་དུ་འཇོག །ལྷ་གཞུང་གི་མཇུག་བསྡུ་ཞིང་ཤིས་པ་རྒྱ་ཆེར་བརྗོད་པས་མཐའ་རྒྱས་པར་བྱའོ། །ཕྱྭ་ཕྲིན་འདིའི་ལྷན་ཐབས་དང་ཟིན་བྲིས་འགའ་ཞིག་སྣང་ཡང་གཙོ་བོར་རིག་འཛིན་ཆེན་པོ་པདྨ་ཕྲིན་ལས་ཀྱི་ཟིན་བྲིས་དང་། བྱང་བདག་སྲས་རིག་འཛིན་ཕྲིན་ལས་རྣམ་རྒྱལ་གྱི་ཟུར་འདེབས་འདི་ཉིད་བྱང་པ་རང་ལུགས་ཁ་གཙང་ཡིན་པས་འདིར་ཡང་དེ་དག་གི་གཞི་ཡིག་རྙིང་དང་བསྟུན་པའི་སབ་ཁ་ཕྲན་བུ་ཙམ་ལས་དེ་ཉིད་སོར་གནས་སུ་བཀོད་པ་ཡིན་ལ། ཞུ་ཆེན་པཎྜི་ཏས་མཛད་པའི་གཡང་སྐྱབས་འདོད་རྒུའི་ཆར་འབེབ་ནི་གཞི་ཕྱྭ་ཕྲིན་ལ་བརྟེན་ཀྱང་ཕྱྭ་སྒོ་འབྱེད་སྡོམ་སོགས་ཁ་ཤས་ལས་གཞུང་སྤྱི་ལྗགས་རྩོམ་གསར་དུ་གནང་ནས་གསང་བ་སྤྱི་ཆོག་གི་འགྲོས་དང་བསྟུན་པས་ལུགས་སྲོལ་ཐ་དད་པར་མངོན། སྤྱིར་ཨོ་རྒྱན་སངས་རྒྱས་གཉིས་པ་ནི་སེམས་ཅན་གྱི་ཁམས་དབང་མོས་པ་མཐའ་དག་མཁྱེན་པས་གདུལ་བྱ་ འདུལ་ཚུལ་བསམ་གྱིས་མི་ཁྱབ་པའི་ཕྱིར་ལུགས་སྲོལ་ཕྱོགས་གཅིག་ཏུ་ཆད་པ་མེད་པས་རང་བློར་གང་འཚམ་སྦྱར་བ་ལ་ནོངས་པ་མེད་ཀྱང་། འདིར་ནི་བོད་དུ་དར་སྔ་བའི་བོན་གཞུང་དང་བསྟུན་པའམ་གཉིས་ཀའི་ཆོས་སུ་བྱས་ཀྱང་འགལ་བ་མ་མཐོང་སྟེ། རྣམ་ཐར་གསེར་ཕྲེང་གི་ཞལ་གདམས་སྐབས་སུ། འཇིག་རྟེན་བདེ་ལེགས་ལྷ་ཡིས་བྱེད༔ གཡུང་དྲུང་བོན་ཀྱང་བདེན་པར་ངེས༔ སྲིད་པའི་མགུར་ལྷ་དུས་སུ་མཆོད༔ གནོད་བྱེད་ཉེས་པའི་སྲི་མགོ་ནོན༔ ལོངས་སྤྱོད་ཕྱྭ་དང་གཡང་དུ་ཁུག༔ བོད་རྣམས་བདེ་ལེགས་འབྱུང་བར་མཛོད༔ ཅེས་གདམས་པར་མཛད་པའི་ཕྱིར། ཁྱད་པར་རིག་འཛིན་རྒོད་ལྡེམ་པ་ལ་བོན་ལུགས་སུ་དབོན་སྲས་ཁྱུང་རྒོད་རྩལ་ཞེས་ཡོངས་སུ་གྲགས་ཤིང་ལྷ་བྲག་གི་མཛོད་ལྔ་སོ་སོ་ནས་བྱོན་པའི་རྫོགས་ཆེན། བླ་སྒྲུབ། ཡི་དམ། ལས་བྱེ་བྲག་པ་དུ་མ་ཞིག་ད་ལྟའང་བོན་པོ་རྣམས་ལ་ཤིན་ཏུ་དར་བར་སྣང་བའི་ཕྱིར་དང་། གཞུང་འདིའང་ཐུན་མོང་བོན་གྱེར་གྱི་རྣམ་པར་གནས་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར། དེས་ན་བསྐྱེད་བསྟིམ་སོགས་སྔོན་རྗེས་ཀྱི་སྤར་བཀབ་མི་དགོས་པར་གོ་ཞིང་། དེ་ལྟ་བུ་ཉིད་འཕྲལ་གྱི་ལས་སྒྲུབ་པ་ལ་ཤིན་ཏུ་རྣོ་ཞིང་མྱུར་བའང་ཡིན་ནོ། །དེར་མ་ཟད་རྣལ་འབྱོར་པ་རྟོགས་དགོངས་གདིང་དུ་གྱུར་པ་རྣམས་ལ་ནི་ལྷག་པར་སྤྲོས་པའི་ཆོ་ག་མི་དགོས་ཏེ། འཁོར་འདས་ཐམས་ཅད་རང་རིག་གི་ཆོ་འཕྲུལ་དུ་རྟོགས་པས་རང་སྣང་རིས་མེད་ཀུན་བཟང་ཁྱབ་བརྡལ་ཆེན་པོའི་ངང་ནས་ལས་དང་དངོས་གྲུབ་རྩོལ་མེད་དུ་འགྲུབ་པའི་ཕྱིར་རོ། །འཇིག་རྟེན་འབྱོར་པའི་དབྱར་མཚོ་ནི། །རབ་རྒྱས་ཐུབ་བསྟན་ཉག་གཅིག་མཆོག །དེ་བྱུང་བསོད་ནམས་རྒྱ་མཚོའི་བཅུད། །ཡེ་ཤེས་རིན་ཆེན་སྨིན་གྱུར་ཅིག །ཅེས་པའང་སྔགས་ནག་བོན་གྱེར་གྱི་ལས་འཕྲོ་བྱིས་པ་ཤེད་མ་བྱེ་བའི་དུས་ནས་ཡོངས་སུ་སད་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་འགྲུབ་པའི་ཉི་མ་བཟང་པོ་ལ་ཙ་འདྲ་རིན་ཆེན་བྲག་གི་བསྟི་གནས་སུ་བྲིས་པ་དགེ་ལེགས་འཕེལ།། །།
དགོངས་གཏེར་མིག་འབྱེད་ཐུགས་རྗེ་ཆེན་པོའི་དབང་གི་ཆོ་ག་རཏྣའི་ཐུར་མ (Volume 46, Text 3)
༄༅། །དགོངས་གཏེར་མིག་འབྱེད་ཐུགས་རྗེ་ཆེན་པོའི་དབང་གི་ཆོ་ག་རཏྣའི་ཐུར་མ་ཞེས་བྱ་བ་བཞུགས་སོ། ། སྐྱེ་དགུའི་རེ་སྐོང་ཐུགས་རྗེའི་གཏེར། །བླ་མ་སྤྱན་རས་གཟིགས་ལ་འདུད། །ཡེ་ཤེས་སྤྱན་མཚུངས་དབང་པོའི་མཆོག །གསལ་མཛད་གདམས་པའི་སྨིན་བྱེད་དགོད། །འདི་ལ་སྦྱོར་བ་གཤོམ་ནི། སྟེགས་གཙང་མར་མཎྜལ་པདྨ་འདབ་བརྒྱད་ལྟེ་བར་ཚོམ་བུ་དཀར་པོ་གཅིག་བཀོད་པའི་དབུས་སུ་མཉྫི་ལ་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་ལྡན་པ་བཀོད། མདུན་དང་གཡས་གཡོན་དུ་དབང་གཏོར་ཅོག་ཟླུམ་དཀར་པོ་རྒྱན་ལྡན། སྔགས་བྱང་། ཤེལ་ཕྲེང་། སྐུ་ཙཀ །ཤེལ་རྡོ་རྣམས་དང་། ཉེར་སྤྱོད་དང་མཆོད་གཏོར་གཙང་ཞིང་མཛེས་པར་བཤམས་ལ། ལས་བུམ་སོགས་ཉེར་མཁོའི་ཆས་ཚོགས་པར་བྱའོ། །དངོས་གཞིའི་ཐོག་མར་མདུན་གྱི་ནམ་མཁར་སྐྱབས་ཡུལ་གསལ་གདབ། འཕགས་པ་སྤྱན་རས་གཟིགས་དབང་དང་། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སོགས་ཡན་ལག་བདུན་པ་དཔལ་མོའི་ལུགས་ལྟར་བརྗོད། སྐྱབས་སེམས་ནི། ན་མོ༔ དཀོན་མཆོག་ཀུན་འདུས་སོགས་ལན་གསུམ། དེ་ནས་གཏེར་གཞུང་གི་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། མཆོད་པ་བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ཡིག་ལས། །རིན་ཆེན་སྣོད་མཆོག་རྒྱ་ཆེའི་ནང་། །འབྲུ་གསུམ་ལས་བྱུང་ལྷ་རྫས་ཀྱི། །མཆོད་སྤྲིན་དཔག་ཏུ་མེད་པར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་སྦྱར་ལ་མཆོད་པ་བྱིན་བརླབས། མདུན་རྟེན་བསང་སྦྱང་། སྟོང་པའི་ངང་ལས་དཀྱིལ་འཁོར་དང་། །མཚན་ཉིད་ཡོངས་རྫོགས་བུམ་པའི་ནང་། །པད་དཀར་ཟླ་སྟེང་ཧྲཱིཿཡིག་ལས། །འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག །དཀར་གསལ་ཆུ་ཤེལ་ལྟར་འཚེར་སོགས་ནས། ཡེ་ཤེས་སྤྱན་དྲངས་དབྱེར་མེད་གྱུར༔ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཨོཾ་ལོ་ཀེ་ཤྭ་ར་ཨེ་ཧྱེ་ཧི། བཛྲ་ས་མཱ་ཛཿ བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །སོགས་དང་། པདྨ་ཀ་མ་ལཱ་ཡ་སཏྭཾ། ཛཿཧཱུྃ་བཾ་ཧོཿ སླར་ཡང་ཐུགས་ཀའི་སོགས་ཀྱིས་དབང་བསྐུར་རྒྱས་གདབ། ཧྲཱིཿ འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་དབང་ཁྱེད། །ཟག་མེད་བདེ་བ་མཆོག་ལ་དབང་སྒྱུར་ཀྱང་། །བདག་གཞན་བསོད་ནམས་ཚོགས་ཆེན་སྤེལ་བའི་ཕྱིར། །མཆོད་པའི་ཡོ་བྱད་འདི་དག་བཞེས་སུ་གསོལ། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་།། སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོའི་ཚོགས། །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་སོགས། །སྲིད་ཞིའི་དངོས་ཀུན་མཆོད་པའི་རྫས་སུ་འབུལ། །ཨོཾ་ལོ་ཀེ་ཤྭ་ར་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས། ཤབྡའི་བར་དང་། རཱུ་པ་ཤབྡ་གྷནྡྷེ་ར་ས་སྤརྴེ། རཏྣ་སཔྟ། ཨཥྚ་མངྒ་ལཾ། དྲ་བྱ་ཧེ་ཏུ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་མཆོད། ཧྲཱིཿ རྒྱལ་རྣམས་སྙིང་རྗེ་ཆེན་པོའི་གཞན་དབང་གིས། །འགྲོ་བའི་དོན་མཛད་གཟུགས་སྐུ་སྤྱན་རས་གཟིགས། །འགྲོ་བའི་སྡུག་བསྔལ་མ་ལུུས་སེལ་མཛད་པ། །འཕགས་མཆོག་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་བསྟོད། །ཅེས་པ་ཙམ་བརྗོད་ལ། མདུན་བསྐྱེད་ལ་དམིགས་ཏེ་བཟླས་པ་ཅི་འགྲུབ་དང་། ཤམ་བུ་བཏགས་པའང་ཅི་རིགས་བཟླ། རང་གི་ཐུགས་ཀའི་འོད་ཟེར་གྱིས་བུམ་ལྷའི་ཐུགས་རྒྱུད་བསྐུལ། སྐུ་ལས་བདུད་རྩིའི་རྒྱུན་བབས། བུམ་པ་གང་བར་མོས་ལ་བཟླས་པ་བྱ། མཐར་མཆོད་གཏོར་བསང་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་ལས་གཏོར་རྫས་དཀར་གསུམ་མངར་གསུམ་ལས་གྲུབ་པའི་ཡེ་ཤེས་ཀྱི་བདུད་རྩིར་གྱུར། ཨོཾ་སརྦ་གུ་རུ་བུདྡྷ་བོ་དྷི་སཏྭ་བྷྱཿ ལོ་ཀེ་ཤྭ་ར་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་འབུལ། སྔགས་ཙམ་གྱིས་མཆོད། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་ཀུན་གྱི་གཏེར་གྱུར་ཅིང་། །སྤྱན་རས་གཟིགས་ཞེས་མཚན་གསོལ་བའི། །རྟག་པར་བརྩེ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། འཕགས་མཆོག་འཁོར་དང་བཅས་པས་གནས་སྐབས་འགལ་རྐྱེན་ཞི་བ་དང་། གྲུབ་པ་བརྒྱད་དང་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ལ་སོགས་དངོས་གྲུབ་དམ་པ་སྩོལ་བ་དང་། བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཞེས་འདོད་དོན་གསོལ་ལ་བུམ་ལྷ་འོད་ཞུ་བྱ། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་ཀྱིས་བྱིན་བརླབས། དེ་ནས་སློབ་མ་རྣམས་ཚོགས་ལ་ཁྲུས་བྱ། བགེགས་བསྐྲད་མཚམས་གཅད་སྲུང་འཁོར་སྒོམ་པ་སྤྱི་ལྟར་དང་། སེམས་བསྐྱེད་གསལ་གདབ། དེ་ཡང་ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པའི་སྙིང་རྗེ་ཆེན་པོའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་ཉིད། སྐུ་གསུམ་གྱི་རྒྱལ་བ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་སྟོན་པ་དང་། མཚན་བརྒྱ་རྩ་བརྒྱད་དུ་སྟོན་པ་སོགས་ཀྱི་སྒྲུབ་ཐབས་དཔག་ཏུ་མེད་པ་འཕགས་བོད་གཉིས་སུ་བྱོན་ཅིང་། རེ་རེ་ལའང་དགོས་པ་ཕན་ཡོན་བསམ་གྱིས་མི་ཁྱབ་པ་མཆིས་པ་ལས། འདིར་མཐོ་རིས་དལ་འབྱོར་གྱི་རྟེན་ལ་ཤིན་ཏུ་གཅེས་པ་དབང་པོའི་དྭངས་མ་མིག་འགྲིབས་པའི་སྐྱོན་དང་བར་ཆད་མཐའ་དག་སེལ་ཞིང་། ཇི་སྲིད་འཚོའི་བར་དུ་གསལ་བྱེད་ཉི་ཟླ་དང་མཚུངས་པའི་དངོས་གྲུབ་སྟེར་བ་ལ་མཆོག་ཏུ་བསྔགས་པའི་སྒོམ་བཟླས། སྔོན་དུས་མངའ་བདག་ཉང་རིན་པོ་ཆེའི་ཟབ་གཏེར་ལས་བྱོན་པ་ཉིད་བྱིན་རླབས་རྒྱུན་ལྡན་ཡོངས་སུ་གྲགས་ཀྱང་སྨིན་བྱེད་ཀྱི་བཀའ་སྲོལ་མ་བཞུགས་ལ། ཕྱིས་སུ་དེ་ཉིད་དང་ཐུགས་རྒྱུད་གཅིག་པ་རིག་འཛིན་རྟ་མགྲིན་དབང་གི་རྒྱལ་པོ་ནུས་ལྡན་དྲག་པོ་རྩལ་གྱི་ཟབ་མོ་དགོངས་པའི་གཏེར་ལས་ཕྱུང་པ། ཉམས་སུ་བླངས་པ་རྣམས་ལ་ཡིད་ཆེས་བྱིན་རླབས་ཀྱི་ངེས་པ་སྟེར་བར་བྱེད་པ་འདི་ཉིད་ཀྱི་སྨིན་བྱེད་ཟབ་མོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་མཛོད་འཆང་བ༔ འཕགས་པ་ཐུགས་རྗེའི་གཏེར་གྱུར་པའི༔ རྗེས་སུ་གནང་བ་བཀའ་དྲིན་སྩོལ༔ ལན་གསུམ། བླ་མ་དང་གཉིས་སུ་མེད་པའི་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་རྒྱུན་བཤགས་དང་སྐྱབས་གསུམ་འཛིན་པ་སྔོན་དུ་འགྲོ་བའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། དངོས་གཞི་ལ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དབང་བསྐུར་བ་རྣམས་རིམ་པར་འབྱུང་བའི། དང་པོ་སྐུའི་དབང་བསྐུར་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ སྐུ་ཡི་རྡོ་རྗེ་སློབ་དཔོན་གྱིས༔ བདག་ལ་སྤྱན་རས་གཟིགས་དབང་གི༔ སྐུ་ཡི་བྱིན་རླབས་དབང་བསྐུར་སྩོལ༔ དེ་ནས་དམ་ཚིག་པའི་ལྷར་བསྐྱེད་ཅིང་ཡེ་ཤེས་པ་བསྟིམ་པ་ཡིན་པས་དམིགས་པ་འདི་ལྟར་སྒོམས་ཤིག །ཆོས་ཀུན་མི་དམིགས་སོགས་གཏེར་གཞུང་ལྟར་བརྗོད། ཡེ་ཤེས་སྤྱན་དྲངས་དབྱེར་མེད་ཐིམ༔ ཞེས་དམིགས་པ་ཕོག་ལ་སྤོས་དུད་ཌཱ་དྲིལ་བྱ་ཞིང་སྙིང་པོའི་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད་ལ་བྱིན་དབབ། ཏིཥྛ་བཛྲས་བརྟན། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས། རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བར་གྱུར། རྣམ་བུམ་ཐོགས་ལ། བཀྲ་ཤིས་བུམ་པའི་ཕོ་བྲང་དུ༔ སྤྱན་རས་གཟིགས་ཀྱི་ལྷ་ཚོགས་བཞུགས༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ འཕགས་པའི་སྐུ་རུ་འགྲུབ་པར་ཤོག༔ རྩ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེས་སྐུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་བག་ཆགས་དང་བཅས་པ་དག །སྣང་སྟོང་ལྷའི་སྐུ་བསྒོམ་པར་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་གསུང་གི་དབང་བསྐུར་ཞུ་བའི་དོན་དུ་གསོལ་འདེབས་རྗེས་ཟློས། སངས་རྒྱས་ཀུན་གྱི་རང་བཞིན་གསུང༔ གསུང་གི་རྡོ་རྗེ་སློབ་དཔོན་གྱིས༔ བདག་ལ་སྤྱན་རས་གཟིགས་དབང་གི༔ གསུང་གི་བྱིན་རླབས་དབང་བསྐུར་སྩོལ༔ མདུན་བསྐྱེད་ཀྱི་མགྲིན་པ་ནས་སྔགས་ཕྲེང་ཤེལ་གྱི་མདོག་ཅན་འཕྲོས། ཁྱེད་རང་གི་མགྲིན་པར་ཐིམ་པར་མོས་ཤིག །སྔགས་བྱང་མགྲིན་པར་བཞག་ལ། རྒྱལ་ཀུན་གསུང་གི་གསང་བ་ནི༔ ཡི་གེ་བདུན་པར་ཡོངས་ཤར་བ༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ འཕགས་པའི་གསུང་དུ་འགྲུབ་པར་ཤོག༔ རྩ་སྔགས་དང་། ཝཱཀྐ་ཨ་བྷི་ཥིཉྩ་ཨཱ༔ མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་གི་མཐར་འཁོད་པ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བསྒྲུབས་པར་མོས་ལ་འདིའི་རྗེས་ཟློས། ཕྲེང་བ་སྦྲེལ་ལ་སྙིང་པོ་ཤམ་བུ་བཅས་ལན་གསུམ། དེའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱས་པར་མོས་ཤིག །ཕྲེང་བ་མགྲིན་པར་བཞག་ཅིང་ལག་ཏུ་གཏད་ལ། རིན་ཆེན་ཤེལ་གྱི་ཕྲེང་བ་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ བསྐྱེད་སྔགས་ཏིང་འཛིན་མི་འབྲལ་བས༔ ཐུགས་རྗེ་ཆེན་པོ་ཡི་དམ་ཟུངས༔ རྩ་སྔགས། བཛྲ་ས་མ་ཡ་ཏིཥྛ་ཨ་བྷི་ཥིཉྩ་ཧྲཱི༔ དེས་གསུང་སྔགས་ཀྱི་དབང་ཐོབ། ངག་གི་དྲི་མ་བག་ཆགས་དང་བཅས་པ་དག །གྲགས་སྟོང་སྙིང་པོ་བཟླ་བ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །གསུམ་པ་ཐུགས་ཀྱི་དབང་བསྐུར་ཞུ་བའི་དོན་དུ་གསོལ་འདེབས་རྗེས་ཟློས། སངས་རྒྱས་ཀུན་གྱི་རང་བཞིན་ཐུགས༔ ཐུགས་ཀྱི་རྡོ་རྗེ་སློབ་དཔོན་གྱིས༔ བདག་ལ་སྤྱན་རས་གཟིགས་དབང་གི༔ ཐུགས་ཀྱི་བྱིན་རླབས་དབང་བསྐུར་སྩོལ༔ མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ལྷ་སྐུ་ཚོན་གང་བ་འཕྲོས། ཁྱེད་རང་གི་སྤྱི་བོ་ནས་སྙིང་གར་ཐིམ་པར་མོས་ཤིག །སྐུ་སྤྱི་བོར་བཞག་ལ། འཕགས་མཆོག་སྤྱན་རས་གཟིགས་དབང་གི༔ ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བས༔ ནམ་མཁའ་རྒྱལ་པོའི་སྐུ་གསུང་ཐུགས༔ བྱིན་རླབས་ནུས་པ་ཡོངས་རྫོགས་ཤོག༔ རྩ་སྔགས་དང་། ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཤེལ་རྡོ་ཐོགས་ལ། རྡོ་རྗེ་སེམས་དཔའི་མེ་ལོང་འདིའི་མཚོན་བྱེད་དུ་བྱས་ཏེ་རང་སེམས་ངོ་བོ་སྟོང་པ་ལ་རྣམ་པ་འགག་མེད་སྣ་ཚོགས་སུ་སྣང་བ་ཙམ་ནས་རང་བཞིན་མ་གྲུབ་པ་སྣང་སྟོང་ཟུང་འཇུག་རིག་པའི་རང་ངོ་ལ་མཉམ་པར་ཞོག་ཅིག །དྲི་མེད་ཤེལ་ལྟར་སེམས་ཉིད་སྟོང༔ སྣང་བ་སྣ་ཚོགས་འཇའ་ཚོན་བཞིན༔ སྣང་སྟོང་དབྱེར་མེད་དོན་གྱི་དབང༔ སྐལ་ལྡན་ཁྱོད་ལ་ཐོབ་པར་ཤོག༔ རྩ་སྔགས་དང་། དྷརྨ་དྷཱ་ཏུ་ཨ༔ དེས་ཐུགས་ཕྱག་རྒྱའི་དབང་ཐོབ། ཡིད་ཀྱི་དྲི་མ་བག་ཆགས་དང་བཅས་པ་དག །རིག་སྟོང་ཟུང་འཇུག་བསྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །བཞི་པ་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ལ། གཏོར་སྣོད་དག་པ་དབྱིངས་ཀྱི་གཞལ་མེད་ཁང་ཆེན་པོར་གཏོར་མ་འཕགས་མཆོག་ཐུགས་རྗེའི་གཏེར་ཆེན་སྤྱན་རས་གཟིགས་དབང་ཕྱུག་འོད་དང་གཟི་བརྗིད་འབར་བ་བཞུགས་པ། ཁྱེད་རང་གི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པས། སྐུ་གསུང་ཐུགས་ལས་ཡེ་ཤེས་ཀྱི་འོད་ཟེར་དང་བདུད་རྩིའི་རྒྱུན་བྱུང་། ཁྱེད་རང་རྣམས་ཀྱི་སྒོ་གསུམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས། དབང་བཞི་ཡོངས་རྫོགས་སྟན་ཐོག་གཅིག་ཏུ་ཐོབ་པར་མོས་ཤིག །ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། བཀའ་བརྒྱུད་ཕྲིན་ལས་རྣམ་རྒྱལ་ལ་སོགས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པས། སློབ་མ་འདི་རྣམས་ལ་སྐུ་གསུང་ཐུགས་ཀྱི་སྒོ་ནས་དབང་བསྐུར་བ་དང་བྱིན་གྱིས་རློབ་པར་མཛད་དུ་གསོལ། སྡིག་སྒྲིབ་ནད་གདོན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་མཛད་དུ་གསོལ། ཚེ་བསོད་དཔལ་འབྱོར་ལེགས་ཚོགས་ཡོན་ཏན་ཐམས་ཅད་རྒྱས་པར་མཛད་དུ་གསོལ། མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ་པར་མཛད་དུ་གསོལ། གཏོར་མ་ལྷ་དང་གཉིས་སུ་མེད༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ ཐོགས་པ་མེད་པར་ཐོབ་པར་ཤོག༔ རྩ་སྔགས་དང་། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཙ་ཏུར་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མའི་ལྷ་འོད་དུ་ཞུ་ནས་ཐིམ་པར་གྱུར་པའི་མོས་པ་མཛོད་ཅིག །དེས་སྐུ་གསུང་ཐུགས་ཡོངས་རྫོགས་གཏོར་མའི་དབང་ཐོབ། སྒོ་གསུམ་ཆ་སྙོམས་ཀྱི་དྲི་མ་སྦྱང་། ཕྲིན་ལས་རབ་འབྱམས་སྒྲུབ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །ཤིས་བརྗོད། དམ་ཚིག་བསྒྲག་གཟུང་། གཏང་རག་མཎྜལ་སྤྱི་ལྟར་དང་། མདུན་བསྐྱེད་མཆོད་ཁ་གསོས་ལ་བྱིན་བརླབ། མཆོད་བསྟོད་ནོངས་བཤགས་གཤེགས་བསྡུ། བསྔོ་སྨོན་བཀྲ་ཤིས་ཀྱི་བར་ཡང་གསང་བ་སྤྱི་ལྟར་བྱ་བ་ཡིན་ནོ། །ཐོག་མེད་མ་རིག་སྒྲིབ་པའི་མིག །ཡེ་ཤེས་ཐུར་མས་རབ་བསལ་ནས། །མཁྱེན་གཉིས་སྣང་བ་ཕྱོགས་མེད་དུ། །རབ་རྒྱས་འགྲོ་བའི་སྣང་ཆེན་ཤོག །ཅེས་མིག་འབྱེད་འདི་གྲགས་ཆེ་ཞིང་སྒོམ་བཟླས་བགྱིད་པ་ལ་སྨིན་བྱེད་ཡོད་ན་ལེགས་ཀྱང་། གཏེར་ཁ་གཞན་དུ་མ་བྱོན་པས་ཕན་འདོད་ལྷག་པའི་བསམ་པ་འཆང་བ་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བཀོད་པ་དགེ་ལེགས་འཕེལ།། །།
རིག་འཛིན་སྲོག་སྒྲུབ་ཀྱི་རྩ་གཏོར་དང་བཀའ་སྲུང་གི་མཆོད་གཏོར་རྒྱས་བསྡུས་ཀྱི་ཐོ་ (Volume 9, Text 3)
རིག་འཛིན་སྲོག་སྒྲུབ་ཀྱི་རྩ་གཏོར་དང་བཀའ་སྲུང་གི་མཆོད་གཏོར་རྒྱས་བསྡུས་ཀྱི་ཐོ་བཞུགས་སོ། །རིག་འཛིན་རྩ་བའི་གཏོར་མ་རི་རབ་བང་རིམ་བཞི་སྟེང་དཔལ་གཏོར་གཤོག་ཅན་པད་འདབ་བཞི་ཕྱོགས་མདོག་ཟུར་བཞིར་དཔལ་གཏོར་ཆུང་བ་རེ། བང་རིམ་གཉིས་པར་ཡི་དམ་རྒྱུད་སྡེ་བཞི་དྲུག་གི་གཏོར་མ་དཔལ་གཏོར་བཅུ་དྲུག །གསུམ་པ་ལ་མཁའ་འགྲོ་ཆོས་སྐྱོང་གི་གཏོར་མ་ཟུར་བཞིར་དཔལ་གཏོར་རེ། ཕྱོགས་བཞིར་གཡས་སྐོར་དུ་ཞི་རྒྱས་དབང་དྲག་གི་གཏོར་མ་རེ། འོག་མ་ལ་མདུན་དུ་ཟླུམ་པོ། གཡས་སུ་གྲུ་བཞི། རྒྱབ་ཏུ་ཟླ་གམ། གཡོན་དུ་ཟུར་གསུམ་རྣམས་དྲུག་དྲུག་རེ། ཐམས་ཅད་ཀྱི་བར་དུ་མཐེབ་ཀྱུ་རིལ་བུ་རྩི་དམར། རྒྱན་མེ་ཏོག་དང་གྲི་ཐོད་ཀྱིས་མཚན་པ་ཅི་མཛེས། ཚེ་སྒྲུབ་ལ་པདྨ་འདབ་བརྒྱད་བཞི་བཞི་བརྩེགས་སྟེང་འདབ་བཞི། དེ་སྟེང་ཚེ་བུམ་གྱི་ཁར་གསེར་གྱི་རྡོ་རྗེ་ཉི་ཟླས་མཚན་པ། ལྕང་ལོའི་འཁོར་འཁྱུད་ཀྱི་རྒྱན་གང་ལེགས་མཛད། བཀའ་སྲུང་དྲག་པོ་སྡེ་བཞིའི་གཏོར་མ་ལ། ཀླུ་བདུད་མུན་པ་ནག་པོའི་གཏོར་མ་ཆོས་འབྱུང་བསྣོལ་མའི་སྟེང་དུ་གཏོར་མ་ཟུར་གསུམ་སྨད་སྦྲུལ་སྔོ་དམར་གྱིས་དཀྲིས་ཤིང་བར་སྡིག་པ་ནག་པོ། རྩེ་མོར་བྱ་ཁྱུང་། འཁོར་རྒྱས་པ་དཔལ་མགོན་བདུན་ཅུ་ཚང་བ། བསྡུ་ན། སྲིད་པའི་ཀླུ་ཆེན་བརྒྱད་ལ་ཟུར་གསུམ་སྦྲུལ་་་་དཀྲིས་པ་བརྒྱད་་་་གྱིས་བསྐོར་བ་ཡིན། རྗེས་སུ་གཟའ་བཤོས་བརྒྱད་ཀྱིས་བསྐོར་བའང་འདུག །སྲིན་པོ་ལང་ཀ་མགྲིན་བཅུའི་གཏོར་མ་སྲིན་མཁར་་་གསེར་གཡུ་སྤེལ་བའི་རྒྱ་ཕིབ་ཡིན་་་ཟུར་ལ་མི་མགོ་སྐམ་རློན་གང་རུང་གིས་བརྒྱན་པ། གཙོ་བོ་དཔལ་གཏོར་ཟུར་གསུམ་ཡུམ་ལ་མདུན་དུ་དཔལ་གཏོར་ཆུང་བ། རྗེས་སུ་པདྨ་རེས་བརྒྱན་གིན་འདུག །འཁོར་ཤ་ཟ་ལས་བྱེད་གིང་བཤན་འབུམ་ཕྲག་ལ་ཕོ་རིགས་གཉིས་རིགས་བཞིར་ཕྱེ་བའི་ཟུར་གསུམ་བརྒྱད་ཀྱིས་བསྐོར་བ་བསྡུས་པའོ། །མ་མོའི་གཏོར་མ་ཆོས་འབྱུང་བསྣོལ་མའི་སྟེང་དུ་ཟུར་གསུམ་རྩེ་མོར་ཕག་ཞལ་ཅན་ཞིང་དབྱུག་རྒྱུ་ཞགས་ཀྱིས་མཚན་པ། འཁོར་མ་མོ་འབུམ་ཕྲག་གི་སྡེ་རྣམས་ལ་གཏོར་ཚོགས་གང་རྒྱས་དང་། བསྡུ་ན། རིགས་བཞིར་བསྡུས་པའི་ཟུར་གསུམ་བཞི། བཤན་པ་སྤུ་གྲི་དམར་པོའི་གཏོར་མ་མཁར་་་གསེར་གྱི་རྒྱ་ཕིབ་ཡིན་་་ཐབས་ཀྱི་སྟེང་ན་ར་མགོས་མཚན་པ། འཁོར་སྐྱེས་བུ་སུམ་བརྒྱ་དྲུག་ཅུ་ཞེས་གསུངས་ཀྱང་། བསྡུས་པའི་སྐབས་སྡེ་བརྒྱད་ཀྱི་གཏོར་མས་བསྐོར་བ་གནང་གི་འདུག །འཕྲལ་གཏོར་ལ་ཟུར་གསུམ་བཞི་མཐེབ་ཀྱུ་རེ་ཡིན། ཐང་ལྷའི་མཆོད་གཏོར་མཁར་ཐབས་སུམ་བརྩེགས་རྩེར་ནོར་བུ་དབང་གིས་མཚན་པ། མདུན་དུ་ཟླུམ་པོ་གསུམ་དང་གཡས་གཡོན་དུ་རེ་རེ་རྩི་དཀར་ཡིན། འཕྲལ་གཏོར་ཟླུམ་པོ་ལྔ་མཐེབ་ཀྱུ་རིལ་བུ་བཞི། དཔལ་ལྷའི་མཆོད་གཏོར་དཀར་ཟླུམ་མཐེབ་ཀྱུ་བཅུ་གཅིག་རྒྱན་ལྡན། མཛོད་ལྔ་ལ་རྩེ་ཟླུམ་པོ་རྩ་བ་གྲུ་བཞི་བྱས་པ་གསུམ་མཐེབ་ཀྱུ་རིལ་བུ་རེ་རྩི་དམར། གཡང་གཏོར་རི་རབ་བང་རིམ་བཞི་སྟེང་དགའ་བ་འཁྱིལ་བ་ནེའུ་ལེ་གསུམ། ཁ་ནས་ནོར་བུ་སྐྱུག་པ། དེ་སྟེང་ནོར་བུ་མིག་གསུམ་རྡོ་རྗེ་ཉི་ཟླས་མཚན་པ། གཡས་གཡོན་དུ་རྒྱལ་མཚན་རེ། མར་ཟླུམ་པོ། ཐུད་གྲུ་བཞི། ཟན་ཟླ་གམ། ཤ་ཟུར་གསུམ་གཅིག་ཏུ་བརྒྱུས་པ་རེ་རེ། རྩ་བ་རིལ་བུས་བསྐོར། ལོགས་གསུམ་ལ་ནོར་བུ་ཆ་བདུན་དང་། ནོར་བུའི་རིགས་གང་འཐད་མཛད། རྒྱན་མེ་ཏོག་གིས་མཛད།། །།
བྱང་གཏེར་རྟེན་འབྲེལ་ཆོས་བདུན་གྱི་ནང་ཚན་ལྷ་ཆེན་གྱི་ཆོག་ཁྲིགས་ (Volume 53, Text 3)
༄༅། །བྱང་གཏེར་རྟེན་འབྲེལ་ཆོས་བདུན་གྱི་ནང་ཚན་ལྷ་ཆེན་གྱི་ཆོག་ཁྲིགས་བཞུགས་སོ། ། བྱང་གཏེར་རྟེན་འབྲེལ་ཆོས་བདུན་གྱི་ནང་ཚན་ལྷ་ཆེན་གྱི་ཆོག་ཁྲིགས་ལ། ཐོག་མར་བརྒྱུད་གསོལ་སྔོན་དུ་འགྲོ་བའི། སྐྱབས་སེམས་བླ་མ་གསང་འདུས་ལྟར་དང་། བླ་མ་བདེ་གཤེགས་མཁའ་འགྲོ་གནས་འདིར་གཤེགས།སོགས་ཡན་ལག་བདུན་པ་རྫོགས་རྗེས། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། ཞེས་བརྗོད། དེ་ནས་གཉེན་པོ་སྟོབས་ཀྱི་སྒྲུབ་པ་ནི། དང་པོ། སྟོང་པའི་ངང་ལས་ཞེས་པ་ནས། ཧཱུྃ་ཧྲཱི༔ སྔོན་བསྐལ་མའི་སྤྱན་འདྲེན་བྱེད། ཨ་བྷི་ཥིཉྩ་མཾ། ཞེས་དཀྱུས་ལྟར་བརྗོད་རྗེས། དེ་ལ་མཆོད་པ་འབུལ་བ་ནི༔ ཞེས་པར། ལེའུ་བདུན་མའི། ཧཱུྃ། མེ་ཏོག་བདུག་སྤོས་མར་མེ་དང་། །ལྷ་བཤོས་ཞེས་སོགས་བརྗོད། དེ་ནས་དཀྱུས་ལྟར་བཟླས་པ་ལ་འཇུག །ཐུན་མཐར། གུ་རུ་པདྨ་ས་པ་རི་བཱ་ར་སོགས་ཀྱིས་མཆོད། བལྟས་པ་ཙམ་གྱིས་འགྲོ་རྣམས་དབང་དུ་སྡུད། །ཅེས་པས་བསྟོད། དེ་ནས་རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་ལས་བྱང་བྱ་སྟེ། ཐོག་མར་སྐྱབས་སེམས་ལན་གསུམ། བགེགས་གཏོར་བསང་སྦྱང་སྤྱི་ལྟར་ལ། དབང་དྲག་པདྨའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་ཞེས་ཁ་སྒྱུར། གཞན་མ་ལས་བྱང་གི་དཀྱུས་སོར་བཞག་ལྟར་བསྟོད་པའི་རྗེས་བཟླས་པ་ལ་འཇུག །ཐུན་མཚམས་སུ། དབང་ཆེན་ཡོངས་རྫོགས་སྤྱན་འདྲེན་གཤེགས། །ཞེས་སོགས་མཆོད། སྐྱེར་སྒང་པ་ལྟར། རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུང་། །ཞེས་ཤྭ་ལོ་ཀ་གཅིག་གིས་བསྟོད། དེ་ནས་ལྷ་ཆེན་གྱི་ཕྲིན་ལས་ལ་འཇུག་སྟེ། དང་པོ། སྟོང་པའི་ངང་ལས་ཧྲཱིཿདམར་པོ་གཅིག་བསམ༔ ཞེས་པ་ནས། ཉི་ཟླ་པདྨའི་གདན་ལ་བཞུགས་པ༔ ཞེས་གོང་ནོན་བསྐྱེད་ནས། དེའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ སྲིད་པ་གསུམ་གྱི་སྐྱེ་འགྲོ་དང༔ བསོད་ནམས་ལོངས་སྤྱོད་ཐམས་ཅད་བསྡུས་ཏེ༔ ཅེས་པའི་བར་འདིར་སྒྲུབ་ཐབས་ལྟར། ཚུར་འདུས་པས༔ མདུན་དུ་ཧྲཱིཿལས་དབང་ཕྱུག་ཅེས་པ་ནས། ནོར་ལྷའི་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བར་གྱུར། ཅེས་པའི་རྗེས་སུ། རང་སློབ་དཔོན་པདྨར་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས༔ ཞེས་སོགས་མཆོད་རྫས་བྱིན་རླབས་དཀྱུས་ལྟར་དང་། དཀར་གཏོར་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབ། དམར་གཏོར་ཡཾ་ལས་ཞེས་སོགས་དང་གདན་བསྐྱེད། སྤྱན་འདྲེན་མཆོད་འབུལ་གྱི་རིམ་པ་དང་བསྟོད་པ། རང་ཉིད་དབང་ཕྱུག་ཏུ་གསལ་བས་བཟླས་པ་སོགས་དཀྱུས་ལྟར་དང་། དེ་རྗེས་སྤྱི་བྱེ་བྲག་བཟླས་པ་སོགས་མཚམས་རྩ་སྔགས་གང་མང་རྗེས་སུ། མཆོད་བསྟོད་བསྡུས་པ་རེ་བྱ། ཧཱུྃ༔ སུམ་ཅུ་རྩ་གསུམ་ཞེས་པའི་ལྷ་ཆེན་གྱི་བསྟོད་བསྐུལ་དང་། དབང་གི་གཤམ་དུ། ཧོ༔ བདག་ཉིད་སློབ་དཔོན་འཁོར་བཅས་ཀྱིས༔ ཞེས་སོགས་བརྗོད་པར་བྱའོ། །ཡང་གུང་ཐུན་སྐབས་སྤྱི་སྔགས་དང་རྩ་སྔགས་གང་མང་། མཆོད་བསྟོད། དགོང་མོ་གཏེར་སྲུང་ཐང་ལྷའི་གསོལ་ཁ། དེ་ནས་རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་ཕྲིན་ལས་ཚོགས་བྱིན་རླབས། སྤྱན་འདྲེན་དབང་ཆེན་ཕྲིན་ལས་ལྟར་ལྷ་ཆེན་སྤྱན་འདྲེན་དབང་དུ་སྡུད་པའི་དཀྱིལ་འཁོར་ནས༔ ཞེས་དང་། རྟ་མགྲིན་གྱི་ཚོགས་མཆོད། ལྷ་ཆེན་གྱི་ཚོགས་མཆོད། རྟ་མགྲིན་གྱི་བཤགས་པ་རྣམས་གོ་རིམ་བསྒྲིག །དེ་རྗེས་དགུག་གཞུག་བདེན་བདར་སོགས་སྔོན་དུ་འགྲོ་བས་གདབ་ལས། ཞལ་བསྟབ་སོགས་རྟ་མགྲིན་ལས་བྱང་ལྟར་བྱས་རྗེས། རྩ་གསུམ་སྐོང་གསོ་བྱ། ལྷ་ཆེན་གྱི་བསྟོད་བསྐུལ། ཧཱུྃ༔ སུམ་ཅུ་རྩ་གསུམ་མ། དེ་ནས་རྟ་མགྲིན་ལྟར་ཆད་ཐོ་བརྟན་སྐྱོང་རྩ་གསུམ་ཞི་ཁྲོས་མཆོད། ཆོས་དབྱིངས་ངང་ལས་ལྷ་ཡི་ལྷར་གྱུར་རྩ་གསུམ་ནོར་ལྷ་ཆེ། །ཞེས་ཤྭ་ལོ་ཀ་གཅིག་དང་། ཕུན་ཚོགས་ལོངས་སྤྱོད་གཏེར་ལ་མངའ་བརྙེས་ཤིང་། །སོགས། ཕྱག་འཚལ་དཔལ་དང་འབྱོར་པའི་དངོས་གྲུབ་སྩོལ། །ཞེས་བསྟོད་ཅིང་དངོས་གྲུབ་བསྐུལ། རྟ་མགྲིན་གྱི། བདག་ཅག་རིག་འཛིན་སྒྲུབ་མཆོག་གི །ཞེས་ཤྭ་ལོ་ཀ་གཅིག་དང་། བདག་གི་དགེ་བའི་རྩ་བ་འདིས༔ ཞེས་ཚིག་གསུམ་གྱིས་ལྷ་ཆེན་ཕྲིན་ལས་ལྟར་སྨོན་ལམ་གདབ། དབང་གཤམ་ལྟར། ཧོ༔ བདག་ཉིད་སློབ་དཔོན་འཁོར་བཅས་ཀྱིས༔ ཞེས་པའི་སྨོན་ལམ་ཡང་བྱ་ཞིང་། རྗེས་ཆོག་རྣམས་སྤྱི་ལྟར་བྱ། སྒྲུབ་པ་གྲོལ་སྐབས་ལྷ་ཆེན་བསྟོད་བསྐུལ་གྱི་རྗེས་རྟ་མགྲིན་ལྟར་ལྷག་མ་གཏང་། བརྟན་སྐྱོང་གི་རྗེས་སུ་བྲོ་བརྡུང་རྟ་མགྲིན་ལྟར་བྱ་ཞིང་། རྟ་མགྲིན་གྱི་ལས་བྱང་གི །ཆོས་དབྱིངས་ངང་ལས་སྐུ་སྤྲུལ་རྟ་མགྲིན་རྒྱལ། །ཞེས་བསྡུ་ཆོག་ཀྱང་སྤྱི་ལྟར་སྐབས་ཐོབ་ཤེས་པར་བྱ་ཞིང་། མཇུག་བསྔོ་སྨོན་བཀྲ་ཤིས་དགའ་སྟོན་སོགས་གང་རྒྱས་བྱའོ།། །། ༄༅། །ལྷ་ཆེན་གྱི་མེ་མཆོད་ཁམས་གསུམ་དབང་དུ་སྡུད་པའི་ལྕགས་ཀྱུ་བཞུགས་སོ། །ཨོཾ་སྭསྟི། དཔལ་པདྨ་གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །འདིར་བྱང་གཏེར་ལྷ་ཆེན་གྱི་མེ་མཆོད་དབང་གི་སྦྱིན་སྲེག་བྱ་བ་ནི། ཡར་ངོའམ་མར་ངོར་ཡང་རུང་སྟེ་ལས་སྐར་རྒྱལ་གྱི་ཉི་མར་དབེན་པའི་གནས་ཡིད་དང་མཐུན་པ། མི་འགྲོ་འོང་གི་རྒྱུ་འགྲུལ་དང་ཀླག་ཅོར་སོགས་མེད་པ་གོང་མས་བྱིན་གྱིས་བརླབས་པའི་གནས་སམ། དེ་མིན་དུར་ཁྲོད་བས་མཐའ་རྒྱལ་པོའི་ཕོ་བྲང་ལྟ་བུར་ཡར་ངོའི་ཚེས་བརྒྱད་དང་བཅུ། མར་ངོའི་ཉེར་ལྔ་དགུ་ལྟ་བུའི་དགོང་གི་ཆ་ལ། ཚོང་འདུས་ཆེན་པོའི་ས་དགེ་བཤེས་བསོད་ནམས་ཅན་གྱི་གདན་ཁྲིའི་ས་རྒྱལ་པོའི་བང་མཛོད་ཀྱི་ས་རྣམས་ཀྱིས་བྲི་ཐབ་ཡིན་ན་ཆག་ཆག་གདབ་ཅིང་། རྩིག་ཐབ་ཀྱི་ཚེ་དེ་ལས་རྒྱུ་བྱས་པའི་ཐབ་ཁུང་ཟླ་གམ་དམར་པོ་རྒྱར་མཛུབ་གང་དང་། དཔངས་སུ་དེའི་ཕྱེད་ཆ་སོར་བཞི་པའི་ཁ་ཁྱེར་མུ་རན་དང་བཅས་པ་ལྕགས་ཀྱུ་དགུས་མཚན་པའི་དབུས་སུ། ས་བོན་ཚོམ་བུ་གང་རུང་བཀོད། རྒྱ་སྐྱེགས་དང་ཙནྡན་དམར་པོ་བྱུགས་པའི་ནང་དུ་ཙནྡན་དམར་པོའི་ཤིང་། ཀ་རའི་ཤིང་། ཡོག་མོང་། ཕུར་མོང་། དཱུར་བ་སྟེ་ཤིང་སྣ་ལྔ་པོ་མཛུབ་རེའི་ཚད་དུ་གཏུབས་ལ་ཟླ་གམ་དབྱིབས་སུ་བརྩིག །གཡས་ཕྱོགས་སུ། ཏིལ་མར་རམ་མ་འབྱོར་ན་འབྲུ་མར་ཙནྡན་དམར་པོའི་ཕྱེ་མས་སྦགས་པ་དང་། ཙནྡན་ནམ་མཛོ་མོ་ཤིང་གང་རུང་གི་ཡམ་ཤིང་སོར་ལྔ་པ་མངར་གསུམ་དང་སྤོས་མར་བྱུག་པ་གྲངས་ཇི་ལྟར་འོས་པ་དང་། རྩ་བའི་རྫས་ཧ་ལོ། ཨུག་ཆོས། གླང་པོ་སྣ། ཀུན་ཏི་ར། སྲི་ཤིང་། སྲན་མའི་མེ་ཏོག །ཨུཏྤལ་སོགས་མེ་ཏོག་དམར་པོའི་རིགས། མངར་གསུམ་མར་ཏིལ་འབྲས་ལན་ཚྭ་ཙནྡན་དམར་པོ་ཁམ་བུ་རྒུན་འབྲུམ་ཀུ་ཤུ་ལ་སོགས་མྱོས་བྱེད་ཀྱི་འབྲས་བུ། ཤ་ལྔ་བདུད་རྩི་ལྔ། བྱི་རུ་སོགས་རིན་ཆེན་དམར་པོའི་རིགས། འབྲུ་སྣ་བཟའ་བཅའ་སོགས་ཁ་ཟས་བཟང་དགུ། སེ་འབྲུ་བསེ་ཡབ་སོགས་སྐྱུར་བའི་འབྲས་བུ། ཟླ་མཚན་སོགས་དབང་སྡུད་ཀྱི་རྫས་རྙེད་ཚད་གཅིག་ཏུ་བསྲེས་ནས་ཞོ་ཟན་ལྟ་བུར་སྦོལ་ལ་རྒྱ་སྐག་གི་ཁུ་བས་ཁ་དོག་བསྒྱུར་པ་གདན་དམར་པོ་ལ་བཤམ། ཁྱད་པར་རྒྱ་ཤོག་ལ་དམིགས་བྱའི་རཱུ་པ་མིང་རུས་ཅན་བྲིས་ལ་ཕོ་མོའི་ཁྱད་པར་གྱི་ཟག་རྫས་བྱུག་པ་ཡང་བསྒྲིག །གཡོན་ངོས་སུ་ཟངས་གཞོང་དུ་འབྲུ་སྣའི་ཕྱེ་སྨན་སྤོས་མངར་གསུམ་དང་སྦྱར་པ་ཆང་དང་སྦྲང་རྩིས་སྦྲུས་པའི་སྤྱི་གཏོར་རྟགས་གསུམ་ཚང་བ་ཏིང་ལོ་བརྒྱད་ཀྱིས་བསྐོར་བ་བཟའ་བཅའ་སྣ་ཚོགས་ཀྱིས་བརྒྱན་ཅིང་དར་དམར་གྱི་གུར་ཕུབ་པ་དང་། སྨན་རཀ །མངར་གསུམ་ཆང་དང་སྦྱར་བའི་མཆོད་ཡོན། མེ་ཏོག་དམར་པོ། སྦྱར་སྤོས། ཏིལ་མར་སྒྲོན་མེ། ཙནྡན་དྲི་ཆབ། ཞལ་ཟས་དམར་པོ་རྣམས་དང་། རིན་ཆེན་སྣ་ཚོགས་ཀྱང་མཆོད་པར་བཤམ། མདུན་དུ་རྡོར་དྲིལ་ཌཱ་རུ་དགང་བླུག་ནང་མཆོད། མི་ལག་གཡབ་དར། རླུང་གཡབ་ དམར་པོ། མེ་ཡོལ་སོགས་ཀྱང་ཉེར་བསྡོག་བྱ། རང་ཉིད་ཆས་གོས་རྒྱན་སོགས་དམར་པོས་སྤྲས་ནས། སྟན་དམར་པོའི་སྟེང་དུ་ཆགས་པའི་སེམས་དང་ལྡན་པས་པདྨའི་སྐྱིལ་ཀྲུང་གིས་ཁ་ནུབ་ཏུ་ཕྱོགས་པས་འདུག་ལ། ཐོག་མར་གཉེན་པོ་སྟོབས་སྒྲུབ་རྟ་མགྲིན་གྱི་ལས་བྱང་དབང་ཆེན་མཆོད་པའི་ཕྲིན་ལས་ཚོགས་འབུལ་བར་གཏང་། མེ་མཆོད་དངོས་ནི། དབང་ཕྱུག་མཆོད་ཕྲིན་བཞིན། དང་པོ་སྟོང་པའི་ངང་ལས༔ པཾ་ལས་པདྨའི་སྡོང་པོ་གཅིག་བསམ༔ དེའི་སྟེང་དུ་ཧྲཱིཿཡིག་དམར་པོས་མཚན་པ་ལས་འོད་འཕྲོས༔ དེ་ཞུ་བ་ལས་འོད་ཀྱི་ཐིག་ལེ་དམར་པོར་གྱུར༔ དེ་ལས་གུ་རུ་པདྨ་འབྱུང་གནས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་རྩ་དམར་ཞིང་འཛུམ་པའི་མདངས་དང་ལྡན་པ༔ དབུ་ལ་ཤ་བའི་མཉེན་ཞུ་དང༔ སྐུ་ལ་དར་གྱི་བེར་དམར་གསོལ་བ༔ ཕྱག་གཉིས་དབང་སྡུད་ཀྱི་ཕྱག་རྒྱ་བཅས་ནས༔ ཉི་ཟླ་པདྨའི་གདན་ལ་བཞུགས་པར་གྱུར། ཞེས་རང་ཉིད་པདྨ་རྒྱལ་པོར་གསལ་བཏབ། རང་སློབ་དཔོན་པདྨར་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས༔ མཆོད་རྫས་ལ་ཕོག༔ ཟག་པ་མེད་པའི་བདུད་རྩིར་བྱིན་གྱིས་བརླབ༔ ཨ་ལས་ཨརྒྷཾ་རོ་བརྒྱ་ལྡན་པ༔ དྷཱུ་པེ་ལས་བདུག་སྤོས༔ པུཥྤེ་ལས་མེ་ཏོག༔ ཨཱ་ལོ་ཀེ་ལས་མར་མེ༔ གནྡྷེ་ལས་དྲི་ཆབ༔ ནཻ་བིདྱཱ་ལས་ཞལ་ཟས༔ ཤབྡ་ལས་རོལ་མོ་སོགས་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར། ཞེས་མཆོད་པ་བྱིན་གྱིས་བརླབ། དམར་གཏོར་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ལྟ་བུ༔ ལྟེ་བ་ལ་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ༔ དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ༔ དེའི་སྟེང་དུ་ཀཾ་ལས་མི་མགོའི་སྒྱེད་པུ་གསུམ༔ དེའི་སྟེང་དུ་བྷྲཱུྃ་ལས་གཏོར་སྣོད་ཟངས་ཀྱི་ཟླ་གམ་འཇིག་རྟེན་གྱི་ཁམས་དང་མཉམ་པའི་སྟེང་དུ༔ ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད་པས་ཤ་ལྔ་བདུད་རྩི་ལྔ༔ རི་རབ་ལྷུན་པོ༔ གསེར་གྱི་རི་བདུན་དང༔ རོལ་པའི་མཚོ་བདུན༔ གླིང་བཞི་གླིང་ཕྲན་གྱིས་བསྐོར་བར་གྱུར༔ ཞེས་མཆོད་གཏོར་བྱིན་གྱིས་བརླབས༔ བསྲེག་རྫས་རྣམས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་བསྲེག་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པར་གྱུར། ཨོཾ་ཨཱཿཧཱུྃ། ཞེས་ལན་གསུམ་གྱིས་བྱིན་བརླབ། དེ་ནས་ཐབ་བསང་སྦྱང་། སྟོང་པའི་ངང་ལས་དབང་གི་ཐབ་ཁུང་ཟླ་གམ་དབྱིབས་ཅན་ཡངས་ཤིང་རྒྱ་ཆེ་བ་པདྨ་རཱ་ག་ལས་གྲུབ་པའི་རང་བཞིན་ཅན་དམར་པོ་ཁ་ཁྱེར་དང་བཅས་པ་འོད་ཟེར་དམར་པོ་འཕྲོ་བར་གྱུར། ཨོཾ་ཨགྣ་ཡེ་ཛྭ་ལ་རཾ་ཞེས་སྨད་འཚོང་མའི་མེས་སྦར་ལ་རླུང་གཡབ་ཀྱིས་གཡབ་བོ། །ཐབ་ཀྱི་ནང་དུ་རཾ་ལས་འབར་བའི་མེའི་དབུས་སུ་འོག་ཏུ་རླུང་གི་དཀྱིལ་འཁོར་པདྨ་དང་ཉི་མའི་སྟེང་མིའུ་རིགས་བཞི་བསྣོལ་བའི་གདན་ལ་ཧྲཱིཿཡིག་དམར་པོ་ལས་འོད་འཕྲོས་པས༔ སྲིད་པ་གསུམ་གྱི་སྐྱེ་འགྲོ་དང༔ བསོད་ནམས་ལོངས་སྤྱོད་ཐམས་ཅད་བསྡུས་ཏེ༔ ཚུར་འདུས་པ་ཧྲཱིཿཡོངས་སུ་གྱུར་པ་ལས། འདོད་ཁམས་དབང་ཕྱུག་ཆེན་པོ་རླུང་གི་ཞགས་པ་སྐུ་མདོག་དམར་པོ་གཅེར་བུ་རལ་པ་སྤྲིན་ལྟར་གཏིབས་པ༔ ཕྱག་གཡས་ཀྱིས་ཁ་ཊྭཱཾ་རྩེ་གསུམ་དང༔ གཡོན་པས་ལྕགས་མདའ་ལྕགས་གཞུ་བསྣམས་པ༔ མཚན་མ་དམར་པོ་གྱེན་དུ་སྒྲེང་བ༔ ཞབས་གཉིས་རླུང་གི་དཀྱིལ་འཁོར་གྱི་སྟེང་ན་བརྐྱང་བསྐུམ་དུ་བཞུགས་པ༔ ཡུམ་ཨུ་མཱཿདེ་བཱི་སྐུ་མདོག་དམར་མོ་གཅེར་བུ་བྷ་ག་རྒྱས་པ། ཕྱག་གཡས་ཟངས་ཀྱི་གྲི་གུག་བསྣམས་པས་ཡབ་ལ་འཁྱུད་པ། གཡོན་པས་མེ་རླུང་གི་འཁོར་ལོ་འཛིན་པ། ཞབས་གཡོན་བརྐྱང་གཡས་བསྐུམ་གྱིས་ཡབ་ལ་འཁྲིལ་བ། གཉིས་ཀ་རིན་ཆེན་རྒྱན་གྱིས་སྤྲས་པ། མདུན་དུ་པདྨ་ཉི་ཟླའི་གདན་ལ། མུ་སྟེེགས་དབང་ཕྱུག་ཆེན་པོ༔ སྨུག་ནག་གཅེར་བུ་རལ་པ་སྤྲིན་ལྟར་གཏིབས་པ༔ ཕྱག་གཡས་ལྕགས་ཀྱུ་བསྣམས་པས་གང་ལ་བྱ་བའི་རྣམ་ཤེས་འགུགས་པ༔ གཡོན་ཞགས་པ་བསྣམས་པས་ལོ་ཀའི་ཟས་ནོར་སྡུད་པ༔ མཚན་མ་དམར་པོ་གྱེན་དུ་སྒྲེང་བ༔ ཞབས་གཉིས་བརྐྱང་བསྐུམ་མཛད་པ༔ གཡས་སུ་དབང་ཕྱུག་ཆེན་པོ་ནོར་བུ་བསམ་འཕེལ༔ སྐུ་མདོག་དམར་པོ་གཅེར་བུ་རལ་པ་སྤྲིན་ལྟར་གཏིབས་པ༔ ཕྱག་གཉིས་ནོར་བུ་ཐུགས་ཀར་འཛིན་པ༔ ཞབས་གཡས་རྡོ་རྗེའི་གདན་མནན་པ༔ གཡོན་གྱིས་གངས་ཏི་སེ་མནན་པ༔ མཚན་མ་དམར་པོ་གྱེན་དུ་སྒྲེང་བ་གཅིག་ཏུ་གྱུར༔ གཡོན་ཕྱོགས་སུ་དབང་ཕྱུག་ཆེན་པོ་སྣང་བ་དབང་སྡུད་ཅེས་བྱ་བ༔ དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཡས་འཕྲུལ་གྱི་མེ་ལོང་བསྣམས་པས་ཁམས་གསུམ་ས་ལེར་གཟིགས་པ༔ གཡོན་ན་ཉི་ཟེར་ཞགས་པ་བསྣམས་ནས་ཁམས་གསུམ་གྱི་ཟས་ནོར་སྡུད་པ༔ མཚན་མ་དམར་པོ་གྱེན་དུ་སྒྲེང་བ༔ གཡས་ཀྱི་ཞབས་ཀྱིས་རྡོ་རྗེའི་གདན་མནན་པ༔ གཡོན་གྱི་ཞབས་ཀྱིས་གངས་ཏི་སེ་མནན་པ་གཅིག་ཏུ་གྱུར༔ གཙོ་བོའི་ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར་ནག༔ ལྷོ་རུ་རིན་ཆེན་མཁའ་འགྲོ་སེར་ནག༔ ནུབ་ཏུ་པདྨ་མཁའ་འགྲོ་དམར་ནག༔ བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་ནག་དང་བཞི༔ གཅེར་བུ་རལ་པ་ཅན། ཕྱག་གཡས་ལྕགས་ཀྱུ་དང་ཁ་ཊྭཱཾ་བསྣམས་པ། གཡོན་ན་རླུང་གི་བ་དན་གཡོབ་པ། རིན་ཆེན་རྒྱན་གྱིས་སྤྲས་པ། སྐུ་ལས་འོད་ཟེར་དམར་པོ་འཕྲོས་པས་འཛམ་བུའི་གླིང་མེར་མེར་འཁྱོམ་འཁྱོམ་གཡོ་བའི་སྐུ་ཅན་དུ་གསལ་བའི། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གསལ་བར་གྱུར། ཅེས་དང་། བདག་ཉིད་སློབ་དཔོན་པདྨར་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས༔ དབང་ཕྱུག་ཆེན་པོའི་ཐུགས་ཀའི་ཧྲཱིཿལ་ཕོག་སྟེ༔ ནུབ་ཕྱོགས་དབང་གི་གཞལ་ཡས་རིགས་བཞིིའི་ཕོ་མོ་བསྣོལ་བའི་གདན་ལས་ཧུར་བཞེངས་ཏེ༔ མཁའ་འགྲོ་མ་བཞིས་ཕྱོགས་བཞི་ནས་ཁ་ཊྭཱཾ་ག་དང་བ་དན་གཡོབ་ཅིང༔ བར་སྣང་ལ་ཚུར་འུ་རུ་རུ་བྱོན་པར་གྱུར༔ ཅེས་དང་། མི་ལག་གཡབ་དར་གུ་གུལ་སྦྱར་སྤོས་རོལ་མོ་བཅས། ཧྲཱི༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ ནུབ་ཕྱོགས་པདྨ་འབར་བའི་གཞལ་ཡས་ནས༔ ཉི་ཟླ་རླུང་གི་འཁོར་ལོའི་གདན་སྟེང་ནས༔ ཧྲཱིཿལས་བྱུང་བའི་དབང་ཕྱུག་ཆེན་པོ་ནི༔ བཞེངས་ཤིག་དབང་ཕྱུག་དབྱིངས་ནས་བཞེངས༔ གནས་མཆོག་འདི་རུ་གཤེགས་སུ་གསོལ༔ གཤེགས་ཤིང་བཞུགས་པའི་གནས་ངན་ཡང༔ སློབ་དཔོན་པདྨའི་སྤྱན་སྔ་རུ༔ སྲིད་གསུམ་དབང་དུ་སྡུད་པར་ཞལ་བཞེས་ལྟར༔ དད་མོས་དད་པ་བསྐྱེད་པ་དང༔ བདག་ཅག་ཕོངས་པ་བསལ་བའི་ཕྱིར༔ པདྨ་འབར་བའི་གཞལ་ཡས་ནས༔ དབང་ཕྱུག་ཡབ་ཡུམ་འཁོར་དང་བཅས༔ དམ་ལས་མ་འདའ་ད་ཚུར་བྱོན༔ དབང་ཆེན་བཀོད་པའི་ཤར་ཕྱོགས་ནས༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ དཀར་ནག་གཅེར་བུ་རལ་པ་ཅན༔ དམ་ལས་མ་འདའ་ད་ཚུར་བྱོན༔ དབང་ཆེན་བཀོད་པའི་ལྷོ་ཕྱོགས་ནས༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ སེར་ནག་གཅེར་བུ་རལ་པ་ཅན༔ དམ་ལས་མ་འདའ་ད་ཚུར་བྱོན༔ དབང་ཆེན་བཀོད་པའི་ནུབ་ཕྱོགས་ནས༔ པདྨ་རིགས་ཀྱི་མཁའ་འགྲོ་མ༔ དམར་ནག་གཅེར་བུ་རལ་པ་ཅན༔ དམ་ལས་མ་འདའ་ད་ཚུར་བྱོན༔ དབང་ཆེན་བཀོད་པའི་བྱང་ཕྱོགས་ནས༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ ལྗང་ནག་གཅེར་བུ་རལ་པ་ཅན༔ དམ་ལས་མ་འདའ་ད་ཚུར་བྱོན༔ ཀ་བྷི་ར་ཀོ་བྷི་ར༔ ཛཿཧཱུྃ་བཾ་ཧོ༔ ཨུ་ཙུས་མ་ཀུག་ཏ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ཌཱ་ཀི་ནཱི༔ རཏྣ་ཌཱ་ཀི་ནཱི༔ པདྨ་ཌཱ་ཀི་ནཱི༔ ཀརྨ་ཌཱ་ཀི་ནཱི༔ ཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད་ཅིང་སྤྱན་དྲང་། ཛཿཧཱུྃ་བཾ་ཧོཿས་མ་ཡ་ཏིཥྛ་ལྷན། ཞེས་པས་དམ་ཚིག་པ་དང་གཉིས་སུ་མེད་པར་བཞུགས་པར་བསམ་མོ། །དེ་ནས་བྱོན་ཟན་ནི། དབང་ཕྱུག་ཆེན་པོ་འཁོར་དང་བཅས་པའི་ལྗགས་ལ་རཾ་དང་གཟར་བུ་གཉིས་ལ་ཨཾ་ཡིག་གིས་མཚན་པར་གྱུར། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བླུག་གཟར་བདུན་གྱིས་དགང་གཟར་བཀང་རྗེས་གཟར་བུ་ཁ་སྦྱར་བ་པདྨའི་ཁུ་ཚུར་གྱིས་བཟུང་བ་གཡས་སུ་གཅིག་བསྐོར་ཞིང་། ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ ཨུ་ཙུས་མ་ཀུག་ཏ་ཧཱུྃ༔ བཛྲ་ཌཱ་ཀི་ནཱི༔ རཏྣ་ཌཱ་ཀི་ནཱི༔ པདྨ་ཌཱ་ཀི་ནཱི༔ ཀརྨ་ཌཱ་ཀི་ནཱི༔ ཛྭ་ལ་རཾ་སརྦ་སིདྡྷི་ཨ་ལ་ལ་ཧོ༔ ཆེ་གེ་མོའི་གཙོར་བྱས་ཁམས་གསུམ་སྲིད་པའི་སྐྱེ་འགྲོ་དབང་དུ་འདུ་བར་གྱུར་ཅིག་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ལན་གསུམ་གྱིས་ཏིལ་མར་ཕུལ་ལ། མཆོད་པ་ནི། ཧྲཱི༔ དྲི་མེད་དག་པའི་ཨརྒྷཾ་འདིའི༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ མཁའ་འགྲོ་རིགས་བཞི་འཁོར་བཅས་ཀྱི༔ ཕྱག་དང་ཞབས་ནི་བསིལ་བར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་ཨཱརྒྷཾ་པྲ་ཏཱིཙྪ་ཧཱུྃ༔ དག་ཅིང་གཙང་མར་སྦྱར་པ་ཡི༔ དྲི་ཞིམ་བདུག་སྤོས་ཐམས་ཅད་ཀུན༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ རིགས་བཞིའི་མཁའ་འགྲོ་རྣམས་ལ་འབུལ༔ བདག་གི་བསམ་པ་འགྲུབ་པར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་དྷཱུ་པེ་པཱུ་ཛ་ཧཱུྃ༔ དག་ཅིང་གཙང་མར་སྦྱར་པ་ཡི༔ མེ་ཏོག་དམ་པ་ཐམས་ཅད་ཀུན༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ རིགས་བཞིའི་མཁའ་འགྲོ་རྣམས་ལ་འབུལ༔ བདག་གི་བསམ་པ་འགྲུབ་པར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་པུཥྤེ་པཱུ་ཛ་ཧཱུྃ༔ དག་ཅིང་གཙང་མར་སྦྱར་པ་ཡི༔ སྣང་གསལ་སྒྲོན་མེ་དམ་པ་ཀུན༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ རིགས་བཞིའི་མཁའ་འགྲོ་རྣམས་ལ་འབུལ༔ བདག་གི་བསམ་པ་འགྲུབ་པར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་ཨཱ་ལོ་ཀེ་པཱུ་ཛ་ཧཱུྃ༔ དག་ཅིང་གཙང་མར་སྦྱར་པ་ཡི༔ དྲི་ཆབ་དམ་པ་ཐམས་ཅད་ཀུན༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ རིགས་བཞིའི་མཁའ་འགྲོ་རྣམས་ལ་འབུལ༔ བདག་གི་བསམ་པ་འགྲུབ་པར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་གནྡྷེ་པཱུ་ཛ་ཧཱུྃ༔ དག་ཅིང་གཙང་མར་སྦྱར་པ་ཡི༔ ཞལ་ཟས་དམ་པ་ཐམས་ཅད་ཀུན༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ རིགས་བཞིའི་མཁའ་འགྲོ་རྣམས་ལ་འབུལ༔ བདག་གི་བསམ་པ་འགྲུབ་པར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་ནཻ་བིདྱཱ་པཱུ་ཛ་ཧཱུྃ༔ དག་ཅིང་གཙང་སྙན་གདངས་རིང་བའི༔ སྒྲ་དབྱངས་རོལ་མོ་ཐམས་ཅད་ཀུན༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ རིགས་བཞིའི་མཁའ་འགྲོ་རྣམས་ལ་འབུལ༔ བདག་གི་བསམ་པ་འགྲུབ་པར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་ཤབྡ་པཱུ་ཛ་ཧཱུྃ༔ དེ་ནས་རིན་པོ་ཆེའི་མཆོད་པ་འབུལ་ཏེ༔ ཧྲཱི༔ རིན་ཆེན་གསེར་དངུལ་གཡུ་དང་ཟངས༔ བྱེ་རུ་མུ་ཏིག་མུ་མེན་བདུན༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ རིགས་བཞིའི་ཌཱ་ཀི་རྣམས་ལ་འབུལ༔ རཏྣའི་པཱུ་ཛ་འདི་བཞེས་ལ༔ བདག་ལ་རིན་ཆེན་ཆར་ལྟར་ཕོབ༔ སྙན་གྲགས་ནམ་མཁའ་ཁྱབ་པར་སྤེལ༔ བསོད་ནམས་ནོར་དང་ལོངས་སྤྱོད་སྤེལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་རཏྣ་པཱུ་ཛ་ཧཱུྃ༔ ཞེས་དང་། གཏོར་འབུལ་ནི། ནམ་མཁའི་ཁམས་སུ་ལྷ་དབང་ཕྱུག་ཆེན་པོ་འཁོར་དང་བཅས་པ་བྱོན་ནས༔ ཁ་ཊྭཱཾ་རྩེ་གསུམ་གཏོར་མ་ལ་བརྒྱབས་ནས་གསོལ་བར་བསམ་ལ་འདི་སྐད་དོ༔ ཧྲཱི༔ བསྐལ་པ་རླུང་གི་གདན་སྟེང་དུ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ནི༔ སྐུ་མདོག་དམར་སྨུག་འོད་ཟེར་འཕྲོ༔ ཕྱག་ན་ཁ་ཊྭཱཾ་མདའ་གཞུ་བསྣམས༔ མཚན་མ་དམར་པོ་གྱེན་དུ་སྒྲེང༔ བ་ལིཾ་གཏོར་མ་འདི་བཞེས་ལ༔ བདག་གི་ལས་རྣམས་སྒྲུབ་ཏུ་གསོལ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་གཙོ་བོ་ལ་འབུལ་ལོ༔ ཧྲཱི༔ ཡུམ་ཆེན་ཨུ་མཱཿདེ་བཱི་ནི༔ དམར་མོ་གཅེར་བུ་བྷ་ག་རྒྱས༔ ཕྱག་གཡས་དབང་གི་གྲི་གུག་བསྣམས༔ གཡོན་ན་མེ་རླུང་འཁོར་ལོ་བསྐོར༔ བ་ལིཾ་གཏོར་མ་འདི་བཞེས་ལ༔ འཇིག་རྟེན་དབང་དུ་སྡུད་དུ་གསོལ༔ ཨུ་ཙུས་མ་ཀུག་ཏ་ཧཱུྃ་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཡུམ་ལ་འབུལ་ལོ༔ ཧྲཱི༔ ཉི་ཟླ་གཉིས་ཀྱི་གདན་སྟེང་ན༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ནི༔ དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་ན་ལྕགས་ཀྱུ་ཞགས་པ་བསྣམས༔ མཚན་མ་དམར་པོ་གྱེན་དུ་སྒྲེང༔ འཇིག་རྟེན་ཁམས་ཀྱི་དབང་པོ་ཆེ༔ བ་ལིཾ་གཏོར་མ་འདི་བཞེས་ལ༔ དབང་གི་ཕྲིན་ལས་མཛད་དུ་གསོལ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཕྱིའི་རྟེན་ལ་འབུལ་ལོ༔ ཧྲཱི༔ རྡོ་རྗེ་རླུང་གི་གདན་སྟེང་ན༔ རྡོ་རྗེ་ས་གཞི་ཡིད་བཞིན་གླིང༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ནི༔ དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཉིས་རིན་ཆེན་ཐུགས་ཀར་བསྣམས༔ མཚན་མ་དམར་པོ་གྱེན་དུ་སྒྲེང༔ འཇིག་རྟེན་ནོར་གྱི་མངའ་བདག་ཡིན༔ བ་ལིཾ་གཏོར་མ་འདི་བཞེས་ལ༔ རིན་ཆེན་ཆར་ལྟར་དབབ་ཏུ་གསོལ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ནོར་བུ་བསམ་འཕེལ་རྟེན་ལ་འབུལ་ལོ༔ ཧྲཱི༔ རྡོ་རྗེ་རྩ་བའི་གདན་སྟེང་ན༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ནི༔ དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཉིས་མེ་ལོང་ཞགས་པ་བསྣམས༔ མཚན་མ་དམར་པོ་གྱེན་དུ་སྒྲེང༔ བ་ལིཾ་གཏོར་མ་འདི་བཞེས་ལ༔ སྣང་བ་དབང་དུ་སྡུད་དུ་གསོལ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་སྣང་བ་དབང་སྡུད་ཀྱི་རྟེན་ལ་འབུལ་ལོ༔ ཧྲཱི༔ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མ༔ དཀར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཉིས་ཁ་ཊྭཱཾ་བ་དན་གཡོབ༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ ཤར་ཕྱོགས་འགྲོ་བ་དབང་དུ་སྡུས༔ རྣལ་འབྱོར་ལས་རྣམས་སྒྲུབ་ཏུ་གསོལ༔ བཛྲ་ཌཱ་ཀི་ནཱི་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མ༔ སེར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཉིས་ཁ་ཊྭཱཾ་བ་དན་གཡོབ༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ ལྷོ་ཕྱོགས་འགྲོ་བ་དབང་དུ་སྡུས༔ རྣལ་འབྱོར་ལས་རྣམས་སྒྲུབ་ཏུ་གསོལ༔ རཏྣ་ཌཱ་ཀི་ནཱི་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ནུབ་ཕྱོགས་པདྨ་མཁའ་འགྲོ་མ༔ དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཉིས་ཁ་ཊྭཱཾ་བ་དན་གཡོབ༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ ནུབ་ཕྱོགས་འགྲོ་བ་དབང་དུ་སྡུས༔ རྣལ་འབྱོར་ལས་རྣམས་སྒྲུབ་ཏུ་གསོལ༔ པདྨ་ཌཱ་ཀི་ནཱི་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མ༔ ལྗང་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཉིས་ཁ་ཊྭཱཾ་བ་དན་གཡོབ༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ བྱང་ཕྱོགས་འགྲོ་བ་དབང་དུ་སྡུས༔ རྣལ་འབྱོར་ལས་རྣམས་སྒྲུབ་ཏུ་གསོལ༔ ཀརྨ་ཌཱ་ཀི་ནཱི་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་འཁོར་ལ་འབུལ་ལོ༔ དེ་ལྟར་གཏོར་མའི་ཆོ་ག་ཡང་གཞུང་བཞིན་བྱ། བསྟོད་པ་ནི། ཧྲཱི༔ བསྐལ་པ་རླུང་གི་འཁོར་ལོའི་གཞལ་ཡས་ན༔ མིའུ་རིགས་བཞི་བསྣོལ་བའི་གདན་སྟེང་ན༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ནི༔ དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཡས་ཁ་ཊྭཱཾ་རྩེ་གསུམ་བསྣམས༔ གཡོན་པས་ལྕགས་མདའ་ལྕགས་གཞུ་འགེངས༔ འགྲོ་བ་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ ལྷ་མོ་དམར་མོ་ཡིད་འགུགས་མ༔ སྐུ་མདོག་དམར་མོ་བྷ་ག་རྒྱས༔ འགྲོ་བ་ཕོ་མོའི་བློ་སེམས་འགུགས༔ སྐུ་ལ་རིན་ཆེན་རྒྱན་གྱིས་སྤྲས༔ ཕྱག་གཡས་ཟངས་ཀྱི་གྲི་གུག་བསྣམས༔ གཡོན་པ་མེ་རླུང་འཁོར་ལོ་བསྐོར༔ འཇིག་རྟེན་ཐམས་ཅད་དབང་དུ་སྡུད༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་ཡུམ༔ ལྷ་མོ་ཨུ་མཱཿདེ་བཱི་ཞེས༔ དབང་གི་ལྷ་ལ་ཕྱག་འཚལ་བསྟོད༔ བདག་ལ་འཇིག་རྟེན་ཕོ་མོ་ཀུན༔ མོས་སུ་ཆུགས་ལ་དབང་དུ་སྡུས༔ ཧྲཱི༔ བསྐལ་པ་མེ་རི་འབར་བའི་ཀློང་དཀྱིལ་ན༔ ཉི་མ་ཟླ་བ་གཉིས་ཀྱི་གདན་སྟེང་ན༔ ཧྲཱིཿལས་བྱུང་བའི་མ་ཧཱ་དེ་བ་ནི༔ སྐུ་མདོག་སྨུག་ནག་གཅེར་བུ་རལ་པ་ཅན༔ ཞལ་ནས་ཧྲཱིཿདང་ཛཿཡི་སྔགས་སྒྲ་སྒྲོག༔ སྲིད་གསུམ་ཟིལ་གནོན་འཇིག་རྟེན་དབང་དུ་སྡུད༔ ཕྱག་གཡས་ལྕགས་ཀྱུས་དམིགས་པའི་རྣམ་ཤེས་འགུགས༔ ཕྱག་གཡོན་ཞགས་པས་ཟས་ནོར་ལོངས་སྤྱོད་སྡུད༔ སློབ་དཔོན་པདྨའི་བཀའ་ཉན་དམ་ཚིག་ཅན༔ ཕོངས་པ་ཀུན་སྒྲོལ་མཛད་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ རིན་ཆེན་འབར་བའི་གཞལ་ཡས་ན༔ གངས་དཀར་ཏི་སེའི་གདན་སྟེང་ན༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ནི༔ དམར་པོ་འོད་འཕྲོ་རལ་པ་ཅན༔ དབང་གི་ན་བཟའ་འཇོལ་བེར་མནབས༔ ཕྱག་གཉིས་རིན་ཆེན་ཐུགས་ཀར་འཛིན༔ རིན་ཆེན་རྒྱན་ཆ་མང་པོས་སྤྲས༔ རྣལ་འབྱོར་ཕོངས་པ་སེལ་བའི་རྟགས༔ རིན་ཆེན་ཆར་པ་འབེབ་པར་བྱེད༔ ནོར་བུ་བསམ་འཕེལ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ པདྨ་འབར་བའི་གཞལ་ཡས་ན༔ དབང་སྡུད་འཁོར་ལོའི་གདན་སྟེང་ན༔ མུ་སྟེགས་དབང་ཕྱུག་ཆེན་པོ་ནི༔ དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཡས་མེ་ལོང་ལྕགས་ཀྱུ་བསྣམས༔ གཡོན་ན་ཉི་ཞགས་མཚན་མ་བསྣམས༔ འགྲོ་བ་ཐམས་ཅད་དབང་དུ་སྡུད༔ སྣང་བ་དབང་སྡུད་ཁྱོད་ལ་ཕྱག་འཚལ་བསྟོད༔ ཤར་ན་རྡོ་རྗེ་མཁའ་འགྲོ་མ༔ ལྷོ་ན་རིན་ཆེན་མཁའ་འགྲོ་མ༔ ནུབ་ན་པདྨ་མཁའ་འགྲོ་མ༔ བྱང་ན་ལས་ཀྱི་མཁའ་འགྲོ་མ༔ སྲིད་གསུམ་དབང་དུ་སྡུད་པའི་ཕྱིར༔ ཕྱག་གཡས་ལྕགས་ཀྱུ་ཁ་ཊྭཱཾ་བསྣམས༔ གཡོན་པས་རླུང་གི་བ་དན་གཡོབ༔ མཁའ་འགྲོ་བཞི་ལ་ཕྱག་འཚལ་བསྟོད༔ ཅེས་བརྗོད། དེ་ནས་རྫས་རྣམས་ཡེ་ཤེས་ཀྱི་བདུད་རྩི་དམར་པོ་དྭངས་པ་གསོལ་བར་བསམ་ལ། ལྷ་སྔགས་གོང་བཞིན་དང་རྫས་སྔགས་ཀ་བྷི་ར་ཀོ་བྷིི་ར་ཛྭ་ལ་རཾ་སརྦ་སིདྡྷི་ཨ་ལ་ལ་ཧོ༔ ཞེས་དང་སྤེལ་ཚིག་གོང་བཞིན་གྱིས་ཡམ་ཤིང་འབུལ། དེ་བཞིན་འབྲུ་མར་མེ་ཏོག་སོགས་རྫས་གཞན་རྣམས་བརྒྱ་རྩ་བརྒྱད་ལ་སོགས་འབུལ། གྲངས་གསོག་བྱེད་ན། ཡམ་ཤིང་དང་འབྲུ་མར་ཇི་ལྟར་རིགས་པ་ཕུལ་རྗེས། རྫས་ཁོ་ན་ལ་གྲངས་གསག་ཅིང་སྔགས་ཀྱང་རྫས་སྔགས་ཁོ་ན་ཆིག་བསྒྲིལ་བྱའོ། །དེ་མཇུག་ཁྱད་པར་གྱི་རྫས་འབུལ་བའི་གོང་དུ། ཧཱུྃ༔ སུམ་ཅུ་རྩ་གསུམ་ལྷ་ཡི་གནས་མཆོག་དང༔ འཕྲུལ་དགའི་ཡུལ་གྱི་དབུས་ན་ལྷ་ཡི་གནས༔ དབང་མཆོག་པདྨ་ཟླ་གམ་ཞེས་བྱ་ཡི༔ གཞལ་ཡས་ཁང་ན་ནོར་ལྷ་ཆེན་པོ་བཞུགས༔ འདོད་ཁམས་ལྷ་ཆེན་བསོད་ནམས་དཔལ་དུ་འབར༔ དབང་ཕྱུག་ཆེན་པོ་མ་ཧཱ་དེ་བ་ནི༔ སྐུ་མདོག་པདྨ་རཱ་གའི་མདོག་ལྟར་དམར༔ རིན་ཆེན་ནོར་བུ་མང་པོས་དབུ་ལ་བརྒྱན༔ ཞལ་གཅིག་སྤྱན་གསུམ་མཆེ་གཙིགས་འཛུམ་བཞད་ཞལ༔ དབུ་སྐྲ་རལ་པ་མཛེས་པས་བར་སྣང་ཁྱབ༔ རལ་པ་ལན་གསུམ་གསིགས་པས་འཇིག་རྟེན་དབང་དུ་སྡུད༔ དབང་ཕྱུག་ཆེན་པོ་ཕྱག་བཞི་སྟོབས་པོ་ཆེ༔ ལྷ་ཆེན་ནོར་ལྷ་བརྒྱད་ཀྱི་འཁོར་གྱིས་བསྐོར༔ འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་ལྷ་རྣམས་འདུལ༔ གཡས་ཀྱི་དང་པོ་ཟངས་ཀྱི་ལྕགས་ཀྱུ་བསྣམས༔ འཇིག་རྟེན་ཟས་ནོར་ཐམས་ཅད་འགུགས་པར་མཛད༔ གཡས་ཀྱི་འོག་མ་རིན་ཆེན་ཞགས་པ་བསྣམས༔ འཇིག་རྟེན་ཆེ་བཙན་མི་རྣམས་འཛིན་པར་ནུས༔ གཡོན་གྱི་དང་པོ་ནོར་བུ་རིན་ཆེན་བསྣམས༔ ནོར་བུ་རིན་ཆེན་དགོས་འདོད་ཆར་བཞིན་ཕོབ༔ འོག་མ་འཇིག་རྟེན་སྲིད་པའི་མེས་པོ་བསྣམས༔ འདོད་ཁམས་ཐམས་ཅད་གཡོ་ཞིང་འགུལ་བར་བྱེད༔ འཇིག་རྟེན་མི་འུ་རིགས་བཞི་ཁྱོད་ཀྱིས་ཁུག༔ མདོག་དམར་འདོད་ཁམས་མི་རྣམས་དབང་དུ་སྡུད༔ དབང་དུ་སྡུས་ལ་ཟས་ནོར་ལོངས་སྤྱོད་ཁུག༔ གཅེར་བུ་བརྗིད་ལྡན་རིན་ཆེན་རྒྱན་གྱིས་སྤྲས༔ ཡོན་ཏན་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ༔ སྐུ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་འགྱེད༔ འཇིག་རྟེན་ཁམས་ཀྱི་ཁྲོམ་ཆེན་དབང་དུ་སྡུད༔ ཚོགས་ཀྱི་བདག་པོ་གཞོན་ནུ་ཀཱརྟྟི་ཀེ༔ ཏྲིག་ཤ་ནག་པོ་ནོར་ལྷ་ཛཾ་བྷ་ལ༔ རྣམ་ཐོས་སྲས་དང་གཏེར་བདག་ཨ་པ་རཱ༔ ཞང་བློན་བདུད་འདུལ་གང་བ་བཟང་པོ་དང༔ ནོར་ལྷ་མང་པོ་བཀའ་ཉན་ཕོ་ཉར་འགྱེད༔ ནོར་ལྷས་ཟས་དང་ནོར་རྣམས་དབང་དུ་སྡུད༔ དབང་ཕྱུག་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ལྷ་མོ་ཡུམ་ཆེན་ཨུ་མཱཿདེ་བཱི་ནི༔ སྐུ་མདོག་དམར་མོ་འཇིག་རྟེན་དབང་དུ་སྡུད༔ སྐུ་ལས་འོད་ཟེར་འཕྲོས་པའི་མདངས་ཀྱིས་འཇིག་རྟེན་སྡུད༔ འཇིག་རྟེན་དབང་དུ་སྡུད་པའི་ཕྲིན་ལས་མཛོད༔ རིན་ཆེན་རྒྱན་སྤྲས་དགོས་འདོད་ཆར་ལྟར་འབེབ༔ ཟས་ནོར་ཆར་ལྟར་འབེབ་པའི་ཕྲིན་ལས་མཛོད༔ ཞལ་གཅིག་སྤྱན་གསུམ་འཛུམ་མདངས་བཞད་པའི་ཞལ༔ དགྱེས་ཤིང་མཉེས་ཏེ་དབང་གི་ཕྲིན་ལས་མཛོད༔ གཡས་པ་དངུལ་གྱི་མེ་ལོང་སྲིད་གསུམ་གཟིགས༔ གཡབས་པས་འཇིག་རྟེན་ཕོ་མོ་དབང་དུ་སྡུད༔ ཕོ་མོ་དབང་དུ་སྡུད་པའི་ཕྲིན་ལས་མཛོད༔ གཡོན་ན་མི་ཟད་རིན་ཆེན་གཏེར་བུམ་བསྣམས༔ གཏེར་ལ་བདག་གི་ལོངས་སྤྱོད་བྱེད་དུ་ཆུགས༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དུས་ལ་བབས༔ སྲིད་པའི་མེས་པོས་གཡབ་ཅིང་ཕྲིན་ལས་མཛོད༔ ལན་གཅིག་གཡབས་པས་འཇིག་རྟེན་ཐམས་ཅད་གཡོས༔ ལན་གཉིས་གཡབས་པས་ཟས་ནོར་ལོངས་སྤྱོད་འགུགས༔ ལན་གསུམ་གཡབས་པས་སྲིད་གསུམ་འུར་ཞིང་འདུད༔ འུར་འུར་ཐེག་ཐེགས་ཐམས་ཅད་དབང་དུ་སྡུས༔ འདིར་གཤེགས་བརྒྱན་གྱི་གཏོར་མ་འདི་བཞེས་ལ༔ འཇིག་རྟེན་ཐམས་ཅད་དབང་དུ་བསྡུ་བ་དང༔ ཟས་ནོར་དགོས་འདོད་ཆར་ལྟར་དབབ་ཏུ་གསོལ༔ འབྱོར་པ་ལོངས་སྤྱོད་མང་པོ་རི་ལྟར་སྤུངས༔ ཆེ་བཙན་འཇིག་རྟེན་ཐམས་ཅད་བྲན་དུ་ཁོལ༔ སྙན་གྲགས་སྒྲ་ཡིས་རྒྱལ་ཁམས་ཁེངས་པར་མཛོད༔ འཇིག་རྟེན་ཀུན་གྱི་བདག་པོ་བྱེད་པར་ཤོག༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་གྱི་མཆོད་བསྐུལ་རྫོགས་སོ༔ འཁོར་རྣམས་བསྐུལ་བ་ནི༔ ཧཱུྃ༔ ལྷ་ཆེན་གཙོ་བོའི་གཡས་ཀྱི་བཀའ་ཉན་ནི༔ ཚོགས་ཀྱི་བདག་པོ་མདོག་དམར་གླང་ཆེན་དབུ༔ ཕྱག་གཡས་རིན་པོ་ཆེ་ཡི་ལྕགས་ཀྱུ་བསྣམས༔ གཡོན་པ་ལ་ཕུག་དང་ནི་རིན་ཆེན་འཛིན༔ རིན་ཆེན་བྲག་རི་བྱི་བའི་གདན་ལ་བཞུགས༔ ལྷོ་ནུབ་མཚམས་ཀྱི་བཀའ་ཉན་ཕོ་ཉ་ནི༔ ལྷ་ཡི་སྲས་པོ་གཞོན་ནུ་ཀཱརྟྟི་ཀེ༔ མདོག་དཀར་གཡས་པ་ནོར་བུ་རིན་ཆེན་བསྣམས༔ གཡོན་པ་རིན་པོ་ཆེ་ཡི་སྒྲོམ་བུ་བསྣམས༔ རིན་ཆེན་བྲག་གི་རི་ལ་མཛེས་པར་བཞུགས༔ ནུབ་ཀྱི་བཀའ་ཉན་ཏྲིིག་ཤ་ནག་པོ་ནི༔ ཕྱག་གཡས་རིན་ཆེན་འབར་བ་ཐུགས་ཀར་འཛིན༔ གཡོན་པ་ནེའུ་ལེ་ཡི་རྐྱལ་པ་བསྣམས༔ རིན་ཆེན་ཉི་ཟླ་པདྨའི་གདན་ལ་བཞུགས༔ ནུབ་བྱང་མཚམས་ཀྱི་ནོར་ལྷ་ཛམྦྷ་ལ༔ སྐུ་མདོག་དམར་པོ་ཕྱག་གཡས་རིན་ཆེན་འཛིན༔ གཡོན་པ་ནེའུ་ལེ་ནོར་གྱིས་གང་བ་བསྣམས༔ པདྨ་ཉི་ཟླ་བུམ་པའི་སྟེང་ན་བཞུགས༔ གཡོན་གྱི་བཀའ་ཉན་རྒྱལ་ཆེན་རྣམ་ཐོས་སྲས༔ སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ༔ གཡས་གཉིས་མདུང་དམར་དང་ནི་རིན་ཆེན་བསྣམས༔ གཡོན་གཉིས་ནེ་འུ་ལེ་དང་ལྕགས་ཀྱུ་བསྣམས༔ སྦོམ་ཞིང་སེང་གེའི་གདན་ལ་བརྐྱང་བསྐུམ་བཞུགས༔ བྱང་ཤར་མཚམས་ཀྱི་གནོད་སྦྱིན་ཨ་པ་རཱ༔ དཀར་པོ་ཕྱག་གཉིས་རིན་ཆེན་བུམ་པ་བསྣམས༔ པུས་བཙུག་བུམ་པའི་སྟེང་ན་བརྗིད་ལྡན་བཞུགས༔ མདུན་ན་ཞང་བློན་རྡོ་རྗེ་བདུད་འདུལ་ནི༔ སྔོན་པོ་ཕྱག་གཡས་རིན་ཆེན་སྒྲོམ་བུ་བསྣམས༔ གཡོན་ན་ནོར་བུ་རིན་ཆེན་འབར་བ་བསྣམས༔ རིན་ཆེན་བཻ་ཌཱུར་སྔོན་པོའི་ཁྲི་ལ་བཞུགས༔ ཤར་ལྷོར་གནོད་སྦྱིན་གང་བ་བཟང་པོ་ནི༔ གསེར་མདོག་ཕྱག་གཡས་གཏེར་གྱི་བུམ་པ་བསྣམས༔ གཡོན་ན་རིན་ཆེན་ནེའུ་ལེའི་རྐྱལ་པ་བསྣམས༔ རྟ་མཆོག་གསེར་གྱི་མདོག་ཅན་སྟེང་ན་བཞུགས༔ ལྷ་ཆེན་ནོར་ལྷ་བརྒྱད་ལ་མཆོད་པ་འབུལ༔ དབང་གི་ཕྲིན་ལས་འགྲུབ་པར་མཛད་དུ་གསོལ༔ ཞེས་བསྟོད་བསྐུལ་བྱ། དམིགས་བྱའི་རྟེན་ལ་དམིགས་ཏེ་རང་པདྨ་རྒྱལ་པོར་གསལ་བའི་ཐུགས་ཀ་ནས་ལྷ་ཆེན་དམར་པོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་མེད་སྤྲོས། བསྒྲུབ་བྱའི་སྙིང་ནང་ནས་སེམས་ཀྱི་ངོ་བོ་རྣྲྀ་དམར་པོའི་རྣམ་པར་གནས་པ་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་བཀུག་ནས་གཟུགས་ལ་ཐིམ་པར་བསམ་ལ། ལྕགས་ཀྱུའི་ཕྱག་རྒྱ་བཅས་ཏེ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། གུ་རུ་པདྨ་རྒྱལ་པོ་གར་དབང་པདྨ་དྲག་པོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། དབང་ཕྱུག་ཆེན་པོ་ཡབ་ཡུམ་སྤྲུལ་པ་ཡང་སྤྲུལ་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་ཆེ་གེ་མོ་ལ་སོགས་ཏེ་ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཨ་རྣྲྀ་ཏྲི་བཛྲ་ཨ་ཀརྵཱ་ཡ་ཧཱུྃ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་གྱིས་བསྟིམ། ཨེ་མཉྫུ་སོགས་ཕོ་སྔགས་མོ་སྔགས་སྒྲིལ་བ་ཉེར་གཅིག་ཙམ་བཟླས་པས་བསྒྲུབ་བྱ་དངོས་སུ་གྱུར་པར་མོས་ལ། ཨེ་མནྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ ཨུ་ཙུས་མ་ཀུག་ཏ་ཧཱུྃ༔ བཛྲ་སིདྡྷི་ཕ་ལ་ཧཱུྃ༔ རཏྣ་སིདྡྷི་ཕ་ལ་ཧཱུྃ༔ པདྨ་སིདྡྷི་ཕ་ལ་ཧཱུྃ༔ ཀརྨ་སིདྡྷི་ཕ་ལ་ཧཱུྃ༔ ཧྲཱིཿཨ་ཏྲི་རྣྲྀ་ཛ༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔ ཀ་བྷི་ར་ཀོ་བྷི་ར༔ མི་སྙིང་སྒུལ༔ མི་འགྲམ་ཆོག༔ མི་སེམས་དཀྲུགས༔ རང་དབང་མེད་པར་ཁུག་ལ་ཤོག༔ ཀ་བྷི་ར་ཀོ་བྷི་ར༔ ཧྲཱི་ཨ་ཏྲི་རྣྲྀ་ཛ༔ དུང་དུང་འདུས་འདུས༔ སྡུས་སྡུས༔ འདུ་འདུ༔ མགོ་ནག་མིའི་སེམས་དཀྲུགས་ཡ༔ སྙིང་འཕྱོ་རུ་ཆུག༔ རྐང་པ་འགྲོ་རུ་ཆུག༔ ཡིད་ཀྱི་རྣམ་ཤེས་རང་དབང་མེད་པར་ཁུག་ལ་ཤོག༔ ཞེས་ཕྱི་ནང་གསང་གསུམ་གྱི་སྔགས་རྣམས་བསྒྲིལ་བ་དང་། ལས་སྦྱོར་ནི་རྒྱལ་པོ་ལྟ་བུ་ལ། ཨོཾ་དབང་ཕྱུག་ལྷ་ཆེན༔ ཨེ་ཤ་ཙིཏྟ་ཧྲིང་ཧྲིང༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ རཱ་ཛ་ཁུག་སིདྡྷི་ཁུག༔ རཱ་ཛ་པཱ་ཤཾ་ཨཾ་གུ་ཤ་ཛཿཛ༔ ཞེས་དང་གཞན་རྣམས་དེས་རིགས་འགྲེ་བས་གང་འདོད་སྦྱར་ལ་བཟླ་བཞིན་དུ་བསྒྲུབ་བྱ་དངོས་སུ་བསམ་ནས་ཕུལ་བས་ལྷ་ཆེན་གྱི་ཐུགས་ཀའི་འོད་ཟེར་གྱིས་མཁའ་འགྲོ་དང་འཇིག་རྟེན་གྱི་དྲེགས་པ་ཅན་ཐམས་ཅད་རང་དབང་མེད་པར་བསྐུལ་བས། དེ་རྣམས་ཀྱིས་དམིགས་བྱ་གཅེར་བུ་སྐྲ་འབལ་བ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་བཞག །ལྕགས་ཀྱུས་སྙིང་ནས་བཏབ། ཞགས་པས་མགྲིན་པ་བཅིངས་ནས་མྱུར་བའི་རླུང་ཤུགས་ཀྱིས་དྲངས་ཏེ་རང་གི་མདུན་དུ་བཏེགས་ཤིང་གཏན་པ་དང་བྲལ་བས་དབང་དུ་གྱུར་པར་བསམ་མོ། །མཐར་དམིགས་བྱ་ཉིད་ཐིག་ལེ་དམར་པོའི་རྣམ་པར་ལྟེམ་གྱིས་ཞུ་ནས་རང་གི་སྙིང་ཁར་བསྡུས་ནས་རང་སེམས་དང་དབྱེར་མེད་དུ་གྱུར་པར་མོས་ལ་དེའི་ངང་ལ་མཉམ་པར་བཞག་གོ །སླར་ཡང་བྱོན་ཟན་ལྟར་གཤེགས་སྐྱེམས་ལན་གསུམ་འབུལ། དེ་ནས་རྗེས་ཆོག་ནི། ཨོཾ་མ་ཧཱ་དེ་བ་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡའི་བར་དང་། མ་ཧཱ་པཉྩ་བ་ལིཾ་ཏ་རཀྟ་ཁཱ་ཧི། ཞེས་སྨན་རཀ་གཏོར་གསུམ་འབུལ། ཕུན་ཚོགས་ལོང་སྤྱོད་གཏེར་ལ་མངའ་བརྙེས་ཤིང་། །ཆོས་བྱེད་ཕོངས་པ་སེལ་མཛད་ནོར་གྱི་ལྷ། །འདོད་དགུའི་དཔལ་ཀུན་སྟེར་མཛད་ཐམས་ཅད་ལ། །ཕྱག་འཚལ་དཔལ་དང་འབྱོར་པའི་དངོས་གྲུབ་སྩོལ། །ཅེས་པས་བསྟོད། ལྷ་ཆེན་མ་ཧཱ་དེ་བ་འཁོར་དང་བཅས་པ་རྣམས་ལ་ཕྲིན་ལས་སུ་གསོལ་བ་ནི། བདག་ཅག་འཁོར་དང་བཅས་པ་རྣམས་ཀྱིས་འགྲོ་བ་ཆེ་གེ་མོ་སོགས་ཁམས་གསུམ་གྱི་སྐྱེ་འགྲོ་ཐམས་ཅད་དབང་དུ་འདུས་ནས་དབང་གི་ཕྲིན་ལས་མཐར་ཕྱིན་པར་མཛད་དུ་གསོལ། ཞེས་འདོན་དོན་གསོལ། པདྨ་སཏྭའི་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། མ་འབྱོར་པ་དང་ཉམས་པ་དང་། །སོགས་ཀྱིས་བཟོད་པར་གསོལ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱི་མཐར། བཛྲ་མུཿས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བདག་ལ་ཐིམ་པར་བསམ་ཞིང་། བདག་གི་དགེ་བའི་རྩ་བ་འདིས༔ བསམ་པ་ཡིད་བཞིན་འགྲུབ་གྱུར་ནས༔ ཐར་པའི་འབྲས་བུ་ཐོབ་གྱུར་ཅིག༔ དབང་གཤམ་ལྟར། ཧོ༔ བདག་ཉིད་སློབ་དཔོན་འཁོར་བཅས་ཀྱིས༔ སྲེག་བླུག་མཆོད་པ་ཕུལ་པ་ཡིས། །ལྷ་ཆེན་དབང་ཕྱུག་འཁོར་བཅས་ཀྱི༔ དངོས་གྲུབ་དམ་པ་ཐོབ་གྱུར་ཅིག༔ ཁམས་གསུམ་དབང་དུ་འདུས་གྱུར་ཅིག༔ སྲིད་གསུམ་ཟིལ་གྱིས་ནོན་གྱུར་ཅིག༔ འགྲོ་རྣམས་དབང་དུ་འདུས་གྱུར་ཅིག༔ འཇིག་རྟེན་ལྷ་སྲིན་སྡེ་བརྒྱད་དང༔ མི་ནོར་ལོངས་སྤྱོད་ཐམས་ཅད་ཀུན༔ བདག་གི་དབང་དུ་འདུས་གྱུར་ཅིག༔ ཅེས་པའི་སྨོན་གསོལ་ཡང་བྱ་ཞིང་། དགེ་བསྔོ་བཀྲ་ཤིས་སོགས་སྤྱི་ལྟར་བྱའོ། །མཐར་མེ་རང་ཞིའམ་ཆང་གིས་གཞིལ་ལ་ཐལ་བ་རྣམས་དབང་དོང་འོག་ཏུ་མནན་པའམ་ཡང་ན་རིའམ་ས་དམར་པོ་ལ་སྦའོ། །དེ་མིན་མི་ཕྱུགས་མང་པོས་འཐུང་བའི་ཆུ་ལ་བསྐྱལ་ཀྱང་རུང་ངོ་། །ཚུལ་འདི་ལ་འབད་པས་བསྒྲུབས་པའི་འབྲས་བུ་སྐད་ཅིག་ལ་སྟེར་བར་གསུངས་པས་ཉམས་སུ་ལེན་འཚལ་ལོ། །བྱང་གཏེར་ལྷ་ཆེན་གྱི་མེ་མཆོད་ཁྲིགས་སུ་བྱས་པ་འདི་ཡང་སྐལ་བཟང་པདྨའི་མིང་ཅན་གྱིས་བྲིས་པ་ཛ་ཡནྟུ།། །།
གསང་ཐིག་སྙིང་པོ་སྐོར་གསུམ་གྱི་སྐྱབས་སེམས་ཚོགས་གསག་ (Volume 28, Text 3)
གསང་ཐིག་སྙིང་པོ་སྐོར་གསུམ་གྱི་སྐྱབས་སེམས་ཚོགས་གསག་ནི། ན་མོ༔ བདག་སོགས་སེམས་ཅན་སྡུག་བསྔལ་གྲོལ་དོན་དུ༔ བྱང་ཆུབ་བར་དུ་སྐྱབས་སུ་བཟུང་བའི་གནས༔ བླ་མ་ཧེ་རུ་ཀ་དཔལ་དཀོན་མཆོག་གསུམ༔ ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ བདག་ནི་སྔོན་གྱི་རྒྱལ་བའི་མཛད་པ་བཞིན༔ སེམས་ཅན་ཀུན་གྱི་དོན་རབ་བརྩམ་པར་བྱ༔ སེམས་ཅན་མ་བརྒལ་བསྒྲལ་དང་མ་གྲོལ་སྒྲོལ༔ སེམས་ཅན་དབུགས་དབྱུང་མྱ་ངན་འདས་འགོད་འཇུག༔ འགྲོ་རྣམས་བདེ་ལྡན་སྡུག་བསྔལ་བྲལ་བ་དང༔ འཕགས་པའི་བདེ་ཐོབ་བཏང་སྙོམས་ལ་གནས་ཤོག༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་འདིར་བྱོན་ལ༔ འཕོ་འགྱུར་འབྲལ་མེད་ཀློང་དུ་བཞུགས་སུ་གསོལ༔ ཡེ་ནས་རྣམ་དག་ངང་དུ་ཕྱག་འཚལ་ལོ༔ ཆོས་ཉིད་རྣམ་རོལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ མ་རིག་སྡིག་པའི་ལས་བགྱིས་མཐོལ་ལོ་བཤགས༔ དབྱིངས་རིག་འདུ་འབྲལ་མེད་ལ་ཡི་རང་ངོ༔ ཁྱབ་བརྡལ་ཕྱོགས་ལྷུང་བྲལ་བའི་ཆོས་འཁོར་བསྐོར༔ དུས་གསུམ་རྟག་པར་མྱ་ངན་མི་འདའ་བཞུགས༔ དམིགས་མེད་དགེ་ཚོགས་མཁའ་མཉམ་འགྲོ་ལ་བསྔོ༔ ཧེ་རུ་ཀ་དཔལ་གོ་འཕང་ཐོབ་པར་ཤོག༔
གཡང་འགུགས་མདོར་བསྡུས་ (Volume 50, Text 3)
གཡང་འགུགས་མདོར་བསྡུས་ནི། ཀྱཻ། ཚོགས་གཉིས་ནོར་བུ་རྒྱས་པའི་སྤྲིན་ཆེན་ལས། །དགེ་ལེགས་འདོད་དགུའི་གྲུ་ཆར་འཇོ་བ་ཡིས། །ས་གསུམ་སྐྱེ་རྒུའི་རེ་བ་སྐོང་མཛད་པའི། །རྩ་གསུམ་ནོར་ལྷའི་ཚོགས་རྣམས་དགོངས་སུ་གསོལ། །དེ་རིང་བཀྲ་ཤིས་ལྷ་ཡི་ཉི་མ་ལ། །ཕྱྭ་ཆ་གཡང་རྫས་མ་ལུས་བཀྲམ་ནས་ཀྱང་། །རྟེན་འབྲེལ་ཆོ་ག་ཟབ་མོ་འདི་བགྱིད་ན། །ཐུགས་དམ་མ་བསྙེལ་འདོད་འབྲས་མཆིས་པར་མཛོད། །ཆོས་ཉིད་བསམ་མི་ཁྱབ་པའི་བདེན་སྟོབས་དང་། །ཆོས་ཅན་རྒྱུ་འབྲས་རྟེན་འབྱུང་བསླུ་མེད་མཐུས། །སྲིད་ཞིའི་ཁམས་ཀྱི་ཕྱྭ་གཡང་དཔལ་འབྱོར་བཅུད། །དེ་རིང་བཀྲ་ཤིས་གནས་འདིར་མྱུར་དུ་ཁུག །འཆི་མེད་ཚེ་དང་རྒས་མེད་ལང་ཚོའི་དཔལ། །འཛད་མེད་ནོར་དང་རྣམ་དཔྱོད་བློ་གྲོས་ཕུལ། །ཕུན་ཚོགས་སྡེ་བཞིའི་དཔལ་འབྱོར་ཇི་སྙེད་པ། །དེ་རིང་བཀྲ་ཤིས་གཡང་ར་འདི་རུ་ཁུག །སངས་རྒྱས་བྱང་སེམས་བསྟན་འཛིན་འཕགས་རྣམས་ཀྱི། །བྱིན་རླབས་ཐུགས་རྗེ་ནུས་པའི་མཐུ་སྟོབས་དང་། །ལུང་རྟོགས་བཤད་སྒྲུབ་སྙིང་པོའི་ཕྲིན་ལས་རྒྱུན། །མ་ལུས་དེ་རིང་བཀྲ་ཤིས་གནས་འདིར་ཁུག །འབྱུང་བ་ཉི་ཟླ་རི་གླིང་རྩི་ཤིང་སྨན། །བུམ་བཟང་དཔག་བསམ་གཏེར་དང་མ་རྨོས་ཚལ། །ལྷ་ཀླུ་མི་ཡི་དཔལ་འབྱོར་ཕུན་ཚོགས་བཅུད། །ཇི་སྙེད་མཆིས་ཀུན་དེ་རིང་གཡང་དུ་ཁུག །སྣོད་ལ་གཡང་ཆགས་རྩི་སྨན་ལོ་ཏོག་རྒྱས། །བཅུད་ལ་དཔལ་གནས་ཚེ་རིང་མདངས་སྟོབས་ལྡན། །རྒྱལ་བསྟན་དར་རྒྱས་བསྟན་འཛིན་དབུ་འཕང་མཐོ། །དོན་གཉིས་བསམ་ཀུན་འགྲུབ་པའི་བཀྲ་ཤིས་སྩོལ། །ཅེས་འཕགས་ནོར་གྱི་གྲངས་ཀྱིས་མཛེས་པའི་ཚིགས་སུ་བཅད་པ་འདིའང་རྒྱལ་སྲས་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་་་ཞེ་ཆེན་རྒྱལ་ཚབ་པདྨ་རྣམ་རྒྱལ་རིན་པོ་ཆེ།བྲིས་པ་དགེ་ལེགས་སུ་གྱུར་ཅིག། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
གསང་སྔགས་ལམ་རིམ་རིན་ཆེན་ཕྲེང་བའི་ལག་ཁྲིད་བདུད་རྩིའི་ཐིགས་པ་ (Volume 60, Text 3)
༄༅། །གསང་སྔགས་ལམ་རིམ་རིན་ཆེན་ཕྲེང་བའི་ལག་ཁྲིད་བདུད་རྩིའི་ཐིགས་པ་ཞེས་བྱ་བ་བཞུགས་སོ། ། བླ་མ་ཡི་དམ་བཀའ་སྡོད་ཆོས་སྐྱོང་དང་བཅས་པ་ལ་ཕྱག་འཚལ་ལོ། །ལམ་རིམ་རིན་ཆེན་ཕྲེང་བའི་ལག་ཁྲིད་བདུད་རྩིའི་ཐིགས་པ་འདི་ལ་གསུམ་སྟེ། དང་པོ་རང་སེམས་ལྟ་རུ་གཞུག་པ། གཉིས་པ་མཐོང་ན་སེམས་ངོ་བསྟན་པ། མཐོང་བའི་དོན་ངོ་སྤྲད་པའོ། །དང་པོ་རང་གི་སེམས་གང་ན་འདུག་ཚོལ། གང་ཡིན་ལྟོས་ལ་ལན་གཅིག་ཁྱེར་ལ་ཤོག་བྱས་པས། སེམས་སྟོང་པ་ཉིད་བལྟ་རྒྱུ་མེད། བཙལ་དུ་མི་རྙེད་པ་གཅིག་འདུག་ཟེར་ན། སེམས་མ་མཐོང་བ་ཡིན་ཏེ། དྲན་མེད་རིག་མེད་བེམ་པོར་གྱུར། སྣང་བ་འདི་ག་སེམས་སུ་འདུག་ཟེར་ན། སེམས་ཀྱི་སྤྱི་རིག་ཙམ་མཐོང་བ་ཡིན་གྱིས། ད་ལྟ་གང་ཤར་གྱི་རང་སེམས་དེ་ངོས་མ་ཟིན་པ་ཡིན་ནོ། ཁྲོམ་ཆེན་ཆེན་པོ་གཅིག་ལ་ཕ་གི་ཐམས་ཅད་མི་ཡིན་ཟེར་བ་ན་མི་སྤྱི་རིགས་ཙམ་མཐོང་བ་ཡིན་གྱིས། འདོད་པའི་དོན་མི་གཅིག་ངོས་མ་ཟིན་པ་བཞིན་ནོ། །གཉིས་པ་སེམས་ངོ་བསྟན་པ་ནི། སྤྱི་རིགས་ཙམ་མཐོང་བས་གོ་མི་ཆོད། ད་ལྟ་གང་ཤར་གྱི་སེམས་དེ་ངོས་ཟིན་དགོས་པ་ཡིན། ད་རེས་སྒྲ་སེམས་སུ་ཤར་བ་ཡིན་ཏེ། ངས་སེམས་དེ་གང་ཡིན་ལྟོས་ཤིག་བྱས་པ་དེ་ཁྱོད་ཀྱི་སེམས་སུ་ལམ་ཤར་ཡོད། ཁྱོད་རང་གང་ཡིན་བལྟ་བ་དེ་རང་གི་སེམས་ཡིན་ནོ་བྱས་ལ་མ་བུའི་དཔེ་ངོ་སྤྲོད། དེ་ལས་གཞན་པའམ་དེ་མ་ཡིན་པ་གཞན་ནས་བཙལ་བ་ཡང་མི་རྙེད། དེ་ཡང་སེམས་ལ་ལྟོས་ཤིག་ཅེས་པའི་སྒྲ་དེས་སེམས་ལ་ཚུར་བལྟས་སམ་སེམས་ཀྱིས་སྒྲ་ཕར་བཟུང་ངམ། སྒྲ་སེམས་དབྱེར་མེད་དུ་ལྟོས་ཤིག་བྱས་ལ། སྔ་མ་གཉིས་པོ་ལྟར་ཟེར་ན་མ་གོ་བ་ཡིན། དབྱེར་མེད་དུ་འདུག་ཟེར་ན་གོ་བ་ཡིན་པས་ངོ་སྤྲོད་པར་བྱའོ། །དེ་བཞིན་དུ་གཟུགས་སྒྲ་དྲི་རོ་རེག་བྱ་ལྷ་འདྲེའི་སྣང་བ་ལ་སོགས་པ་གང་ཤར་བ་དེ་རང་གི་སེམས་ཡིན་ནོ། །ཡང་བུམ་པ་ལ་སོགས་པ་གཅིག་བསྟན་ལ་ཅིར་འདུག་དྲི། བུམ་པར་འདུག་ཟེར་ན་མ་གོ་བ་ཡིན། སེམས་ཉིད་བུམ་པར་ཤར་བ་ཡིན་ཟེར་ན། སེམས་ངོ་བོ་མཐོང་བ་ཡིན་ནོ། །གསུམ་པ་མཐོང་བའི་དོན་ངོ་སྤྲད་པ་ལ་གསུམ་ལས། རྣམ་པ་རང་གྲོལ། གཤིས་ཡེ་གྲོལ། ངོ་བོ་གཉིས་མེད་དུ་ངོ་སྤྲད་པའོ། །དང་པོ་སྣང་བ་ངོ་སྤྲད་པ་ལ། རང་རང་གི་ཁྲིད་ནི། བདེ་སྡུག་གམ། རྣམ་རྟོག་གམ། འདྲེར་སྣང་ལ་སོགས་པ་གང་རུང་གཅིག་ལ་ངོ་སྤྲད་དེ། དང་པོ་གང་ཡིན་བལྟ་བའི་སེམས་དེའམ། འདྲེར་སྣང་དུ་ཤར་བ་དེ། གཞན་ཡིན་ནམ། རང་གི་སེམས་སུ་འདུག་པ་བལྟར་གཞུག །གཞན་ཡིན་ན་མ་གོ །རང་དུ་འདུག་ཟེར་ན་ངོ་བོ་མཐོང་བས་དེ་ངོ་སྤྲད་དོ། །འདྲེར་སྣང་གཞན་ཡིན་ན་རང་ལ་མི་སྣང་བ་ལ། སྣང་ལ་རང་གིར་འདུག་པའི་ཕྱིར་གཞན་མ་ཡིན། རང་གི་སེམས་ཡིན་པར་ཐག་བཅད་ལ་རང་སྣང་དུ་སྦྱང་ངོ་། །དེ་ནས་རང་སྣང་དུ་ཤེས་ནས། བདག་འཛིན་ནམ་འདྲེར་འཛིན་གྱི་རྟོག་པ་མི་སྐྱེ། སྐྱེས་ན་ད་རུང་རང་སྣང་དུ་མ་ཤེས་པ་ཡིན་པས་རང་སྣང་སྦྱོངས། མདོར་ན་རང་སེམས་ཡིན་མིན་རང་ལ་སྣང་མི་སྣང་གིས་ཤེས། རང་དུ་རྟོགས་མ་རྟོགས་འདྲེར་འཛིན་སྐྱེ་མི་སྐྱེས་ཤེས་སོ། །དེས་ན་གང་སྣང་ཚད་ལ་སྦྱར་རོ། །གཉིས་པ་སྟོང་པ་ངོ་སྤྲད་པའི་ཁྲིད་ནི། གོང་གི་འདྲེ་སྣང་དེའི་ལྟ་བ་ལྟར་རང་སྣང་བའི་སེམས་དེ། སྣང་བ་རང་རང་རྒྱུད་བདེན་པར་འདུག་གམ། ངོ་བོ་སྟོང་པར་འདུག་པ་བལྟ་རུ་གཞུག །རང་རྒྱུད་བདེན་ཟེར་ན་མ་གོ །སྟོང་པར་འདུག་ཟེར་ན། ཚུར་བཀུག་ནས་སྟོང་ངམ། ཡལ་བའི་རྗེས་ལ་སྟོང་ངམ། དེ་ཀ་རང་སྟོང་པར་འདུག་དྲི། སྔ་མ་གཉིས་པོ་ལྟར་ན་མ་གོ །དེ་ཀ་རང་སྟོང་པར་འདུག་ཟེར་ན། ངོ་བོ་མཐོང་བས་ངོ་སྤྲོད། འདྲེར་སྣང་ལ་སོགས་སྣང་བ་དེ་རང་རྒྱུད་དུ་བདེན་ན་དེ་མི་འགགས་ལ་གཞན་མི་སྐྱེ་བ་ཞིག་དགོས་པ་ལ་དེ་འགག་གཞན་སྣ་ཚོགས་སུ་སྐྱེ་བའི་ཕྱིར། ངོ་བོ་སྟོང་པ་ཡིན་པས་སྟོང་ཉིད་སྦྱོངས། དེས་ན་སྟོང་པར་ཤེས་ན་འདྲེར་སྣང་མི་སྐྱེ། སྐྱེས་ན་ད་རུང་སྟོང་པར་མ་ཤེས་པ་ཡིན་པས་སྟོང་པར་སྦྱོངས། དེས་ན་སྟོང་པ་ཡིན་མིན་སྣང་བ་དེ་འཇིག་མི་འཇིག་གིས་ཤེས། སྟོང་པར་རྟོགས་མ་རྟོགས་བདེན་འཛིན་སྐྱེ་མི་སྐྱེས་ཤེས་སོ། །གསུམ་པ་གཉིས་མེད་ངོ་སྤྲོད་པ་ནི། སྟོང་པ་དེ་ཅང་མེད་དུ་འདུག་གམ། གསལ་རིག་ཅན་དུ་འདུག་དྲི། ཅིའང་མེད་ཟེར་ན་མ་གོ །གསལ་རིག་ཅན་དུ་འདུག་ཟེར་ན། གོང་གི་སྣང་བ་དང་སྟོང་པ་དེ་ཐ་དད་དུ་བདེན་ནམ་གཉིས་མེད་དུ་འདུག་བལྟ་རུ་གཞུག་གོ །ཐ་དད་དུ་འདུག་ཟེར་ན་མ་གོ །གཉིས་མེད་དུ་འདུག་ཟེར་ན་ངོ་བོ་མཐོང་བ་ཡིན་པས་ངོ་སྤྲད་དོ། །སྣང་སྟོང་ཐ་དད་དུ་བདེན་ན་གཉིས་སུ་གྲུབ་དགོས་པ་ལ། མ་གྲུབ་པའི་ཕྱིར། སྣང་སྟོང་གཉིས་མེད་ཡིན་པས་གཉིས་མེད་ལ་སྦྱོངས། དེས་ན་གཉིས་མེད་རྟོགས་ན་གཉིས་འཛིན་མི་སྐྱེ། སྐྱེས་ན་ད་རུང་མ་འབྱོངས་པ་ཡིན་པས་གཉིས་མེད་ལ་སྦྱོངས། དེས་ན་གཉིས་མེད་ཡིན་མིན་གཉིས་སུ་གྲུབ་མ་གྲུབ་ཀྱིས་ཤེས། གཉིས་མེད་འབྱོངས་མ་འབྱོངས་གཉིས་འཛིན་སྐྱེ་མི་སྐྱེས་ཤེས་པས་རང་ལ་དྲིས་ཤིག །གོ་བ་ཙམ་གྱིས་མི་ཕན་རྩལ་འབྱོངས་པ་ཞིག་དགོས་པ་ཡིན་ནོ།། །། ༈ གསང་སྤྱོད་ཀྱི་ཁྲིད་བཞི་ལས། དང་པོ་བྱམས་པའི་ཁྲིད་ནི། སེམས་ཅན་ཕ་མ་ཡིན་མིན་བལྟ་རུ་གཞུག །མིན་ཟེར་ན་མ་གོ །ཡིན་པར་གདའ་ཟེར་ན་ངོ་བོ་མཐོང་བ་ཡིན་པས། ད་ངོ་སྤྲད་དེ། སེམས་ཅན་ཐམས་ཅད་ཕ་མ་ཡིན་ན། སྐྱེ་བ་འདི་མིན་པ་ལ་བླངས་བ་ཞིག་དགོས་པ་ལ་སྐྱེ་བ་དཔག་ཏུ་མེད་པ་བླངས་པས། སེམས་ཅན་ཐམས་ཅད་ཀྱིས་ཕ་མ་མ་བྱས་པ་མེད་དོ། །ཕ་མ་ཡིན་པས་དྲིན་ལན་འཇལ་པའི་ཕྱིར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམས། དེ་ནས་ཕ་མར་ཤེས་ན་དགྲ་སྡང་གནོད་འདྲེའི་སེམས་མི་སྐྱེ། དེ་སྐྱེས་ན་ཕ་མར་མ་ཤེས་པའི་སྐྱོན་ཡིན་པས། ད་རུང་ཕ་མའི་བློ་སྦྱོང་ངོ་། །མདོར་ན་ཕ་མ་ཡིན་མིན་སྐྱེ་བ་བླང་མ་བླང་གིས་ཤེས། ཕ་མར་འཆར་མི་འཆར་འདྲེར་སྣང་སྐྱེ་མི་སྐྱེས་ཤེས་སོ། །གཉིས་པ་རྫུན་སྣང་ངོ་སྤྲད་པ་ནི། སྣང་བ་འདི་དག་བདེན་ནམ་རྫུན་བལྟ་རུ་གཞུག་ལ་བདེན་པར་འདུག་ཟེར་ན་མ་གོ །རྫུན་པར་གདའ་ཟེར་ན་ངོ་བོ་མཐོང་བ་ཡིན་པས། ད་ངོ་སྤྲད་དེ། སྣང་བ་འདི་དག་བདེན་ན་རྟག་ཅིང་མི་འཇིག་པ་ཞིག་དགོས་པ་ལ། མི་རྟག་ཅིང་འཇིག་པའི་ཕྱིར་རྫུན་པ་ཡིན་ཏེ། ཉིན་སྣང་རྨི་ལམ་གྱིས་འཇིག །རྨི་ལམ་ཉིན་སྣང་གིས་འཇིག །བདེ་བ་སྡུག་བསྔལ་གྱིས་འཇིག །སྐད་ཅིག་མ་སྔ་མ་ཕྱི་མས་འཇིག །ཕྱི་མས་སྔ་མ་འཇིག་གོ །དེས་ན་རྫུན་སྣང་མི་རྟག་ལ་བློ་སྦྱང་ངོ་། །དེས་ན་རྫུན་པར་ཤེས་ན་ལྷ་འདྲེ་ལ་བདེན་འཛིན་མི་སྐྱེ། དེ་སྐྱེས་ན་དེ་རྫུན་པར་ཤེས་པ་མིན་པས་རྫུན་སྣང་སྦྱང་ངོ་། །དེས་ན་སྣང་བ་བདེན་རྫུན། རྫུན་སྣང་འཇིག་མི་འཇིག་གིས་ཤེས་ལ། རྫུན་སྣང་འབྱོངས་མ་འབྱོངས་འདེན་འཛིན་སྐྱེ་མི་སྐྱེས་ཤེས་སོ། །གསུམ་པ་བསྐྱེད་རིམ་ལྷ་ཁྲིད་ནི། རང་སེམས་ལྷ་རུ་བསྒོམས་པས། ལྷ་རུ་འཆར་རམ་བལྟ་རུ་གཞུག །མ་འཆར་ཟེར་ན་མ་གོ་བ་ཡིན། འཆར་ཞིང་གདའ་ཟེར་ན་ངོ་བོ་མཐོང་བ་ཡིན་པས། ད་ངོ་སྤྲད་དེ། སྣང་བ་ལྷའི་རང་བཞིན་མིན་ན་བསྒོམས་ཀྱང་ལྷ་རུ་མི་འཆར་བ་ཡིན་པ་ལ། བསྒོམས་ན་ལྷར་སྣང་འཆར་བའི་ཕྱིར་ལྷའི་རང་བཞིན་ཡིན་ཏེ། རང་བཞིན་གྱིས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷ་རུ་གནས་པས་ལྷ་རུ་བསྒོམ་མོ། །དེས་ན་ལྷ་རུ་འཆར་ན་འདྲེར་འཛིན་ལ་སོགས་པ་གཞན་མི་སྐྱེ། སྐྱེས་ན་ལྷ་རུ་མ་ཤེས་པ་ཡིན་པས། ད་རུང་ལྷ་སྒོམ་སྦྱང་ངོ་། །དེས་ན་སྣང་བ་ལྷའི་རང་བཞིན་ཡིན་མིན་ལྷ་སྣང་འཆར་མི་འཆར་གྱིས་ཤེས་ལ། ལྷར་སྣང་འབྱོངས་མ་འབྱོངས་འདྲེ་སྣང་སྐྱེ་མི་སྐྱེས་ཤེས་པས་རང་ལ་དྲིས་ཤིག །བཞི་པ་རྫོགས་རིམ་གཉིས་མེད་ཀྱི་ཁྲིད་ནི། རང་གི་སེམས་འདི་གཉིས་ཆོས་སུ་བདེན་པར་འདུག་གམ། གཉིས་མེད་དུ་བདེན་པར་འདུག་བལྟ་རུ་བཅུག །དེ་ལ་གཉིས་ཆོས་སུ་བདེན་པར་འདུག་ཟེར་ན་མ་གོ །གཉིས་མེད་དུ་འདུག་ཟེར་ན་ངོ་བོ་མཐོང་བས། ད་ངོ་སྤྲད་དེ། གཉིས་ཆོས་སུ་བདེན་ན་གཉིས་སུ་གྲུབ་ཅིང་གཉིས་སུ་རྟག་དགོས་པ་ལ། སྣང་སྟོང་ལ་སོགས་པ་གཉིས་སུ་མ་གྲུབ་ཅིང་གཉིས་ཆོས་མི་རྟག་པའི་ཕྱིར། ཆོས་ཐམས་ཅད་གཉིས་མེད་ཀྱི་ཐེག་ལེ་ཉག་གཅིག་ཡིན་པས། གཉིས་མེད་སྦྱོངས། དེ་བས་གཉིས་མེད་འབྱོངས་ན་ལྷ་འདྲེའི་གཉིས་འཛིན་མི་སྐྱེ་ལ། སྐྱེས་ན་ད་རུང་མ་འབྱོངས་པ་ཡིན་པས་གཉིས་མེད་སྦྱང་ངོ་། །དེས་ན་གཉིས་མེད་ཡིན་མིན་གཉིས་སུ་གྲུབ་མ་གྲུབ་ཀྱིས་ཤེས་ལ། གཉིས་མེད་རྟོགས་མ་རྟོགས་གཉིས་འཛིན་སྐྱེ་མི་སྐྱེས་ཤེས་པས་རང་ལ་དྲིས་ཤིག །ྀཨཚ།། །།
དཔལ་གཤིན་རྗེ་གཤེད་ཀྱི་ལས་མཐའ་གཏད་ཧྲུལ་ནག་པོའི་གཞུང་ལག་ལེན་ཞལ་ཤེས་དང་བཅས་པ་ (Volume 54, Text 3)
༄༅། །དཔལ་གཤིན་རྗེ་གཤེད་ཀྱི་ལས་མཐའ་གཏད་ཧྲུལ་ནག་པོའི་གཞུང་ལག་ལེན་ཞལ་ཤེས་དང་བཅས་པ་བཞུགས་སོ། །སྐྱེས་བུ་ཟངས་གླིང་དབང་ཕྱུག་གི་ལུགས་བཀའ་གཏེར་གཉིས་ལྡན་གྱི་མན་ངག་རིག་འཛིན་རྗེའི་ཕྱག་དཔེ་ལས་བཤུས། དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །མ་འོངས་དུས་ཀྱི་སྙིགས་མ་ལ། །དྲག་སྔགས་སྦྱོར་བ་རྦོད་གཏོང་གིས། །སྐམ་གཏད་རློན་གཏད་གང་ཡང་རུང་། །བཤིག་པའི་འཁོར་ལོ་འདི་བྱ་འོ། །གདམས་པ་འདི་ནི་ཐེབས་ལྡོག་རྩིས་ལ། ཐེབས་པའི་དུས་སུ་སྐམ་དུ་བཅུག་པས། ཁོས་མནན་གཏད་སྐམ་དུ་བཅུག་པ་ཐམས་ཅད་དམ་ཚིག་གཅིག་པས་སྐམ་གཏད་ཀྱི་ནུས་པ་ཐམས་ཅད་བཤིག་གོ །རློན་ལ་བཅུག་པས་ཀླུ་དང་བདུད་མོ་སོགས་གང་དུ་གནས་པའི་ཆུ་དང་དམ་ཚིག་གཅིག་པས་རློན་གཏད་ཀྱི་ནུས་པ་ཐམས་ཅད་བཤིག་གོ །འདི་ཟློག་པའི་མཆོག་གོ །ཕ་རོལ་ལ་གཤེད་འབེབས་སུ་འགྲོ་འོ། །ལན་གསུམ་ལྔ་ལ་སོགས་པ་བསྐྱར་ཡང་རུང་ངོ་། །འདིས་རྒྱུས་མེད་ཀྱིས་མནན་པ་བྱས་པ་ཐམས་ཅད་འདིས་ཟློག་པར་འགྱུར་རོ། །ཕྱིར་ཟློག་པའི་འཁོར་ལོ་བྱས་པ་བཤིག་པའི་མན་ངག་ྀཨཚ། ས་མ་ཡ། ཕ་རོལ་བསམ་པ་ངན་པ་ཡིས། །དྲག་སྔགས་མཐུ་གཏད་མནན་པ་འབྱུང་། །དེ་དག་རང་ལ་མ་ཚུགས་ཀྱང་། །ཕྱིས་ནས་ངེས་པར་གནོད་པས་ན། །དེ་ཡི་རུལ་ཐབས་ཟློག་ཐབས་བཤད། །དེ་ལ་སྐམ་གཏད་རློན་གཏད་གཉིས། །རུལ་ཞིང་བཤིག་དང་ཟློག་པའི་ཐབས། །གྲོ་ཤོག་ཀླུ་སྨན་གྱིས་བཏུལ་བར། །རྒྱ་སྣག་གཙང་མས་བྲི་བར་བྱ། །རུ་སྦལ་ཕོ་མོའི་ལྟོ་བ་རུ། །ཕོ་ཡི་ལྟོ་བར་ཙཀྲ་ནི། །རྩིབས་བརྒྱད་མུ་ཁྱུད་བཅས་པ་ཡི། །ལྟེ་བར་གསང་སྔགས་འདི་ཉིད་བྲི། །ཕུ་ཕུ། སྤུ་ཏ་སྤུ་ཏ། བདག་ལ་གནོད་བྱེད་ཆེ་གེ་མོས་་་འདིར་མིང་དམིགས་བསལ་ཡོད་ན་འཇུག་ཅིང་། སྤྱིར་བཏང་ཕ་རོལ་པོས་བྱས་པའི་རྦོད་གཏོང་དང་སོགས་བྲིས་སྣང་།བྱས་པའི་རྦོད་གཏོང་དང་མནན་འདྲེ་ཟློག་ཟློག །རྩིབས་བརྒྱད་ལ་ཕུ་ཕུ་གཉིས་གཉིས་བྲི། །རྩིབས་མཆན་བརྒྱད་ལ་ཆ་མཉམ་པར། །ཆེ་གེ་མོས་བྱས་པའི་རྦོད་གཏོང་སྤུ་ཏ་སྤུ་ཏ་མནན་འདྲེ་མ་ཧཱ་ཀྲོ་དྷ་ཡ་ཧཱུྃ་སིདྷི་སིདྷི་་་དཔེ་ལ་ལར་སི་ཏི་སི་ཏི་སྣང་།ཡ་ཧཱུྃ། མུ་ཁྱུད་ཕྲེང་གཉིས་ཤོང་བྱས་ལ། །ཕུ་མ་ནི་སི་ནི་ཨ་ལོ་གནྡྷེ་ཧོཿ སི་ནི་ས་ཁའི་ག་ཁའི་ནཱ་ག་ལེ་ནཱ་ག་ལེ། ཨ་གེ་ཨ་གེ་ནཱ་ག་རཱ་ཙ་ནཱ་ག་རཱ་ཙ། ཙི་ཙི་ཛི་ཙི་འདུ་ཤེ་འདུ་ཤེ །འདུ་ས་ཡ་འདུ་ས་ཡ། ནཱ་ག་རཱ་ཙ་ཆེ་གེ་མོས་བྱས་པའི་རྦོད་གཏོང་དང་མནན་འདྲེ་ཟློག་ཟློག །རུལ་རུལ། མོ་ཡི་འཁོར་ལོའི་ལྟེ་བར་ནི། །ཆེ་གེ་མོས་བྱས་པའི་རྦོད་གཏོང་དང་མནན་འདྲེ་ཟློག་ཟློག །པདྨ་འདབ་བརྒྱད་ལ། ཕུ་ཕུ་སི་ཏི་སི་ཏི། ཕུ་ཕུ་ཕཊ་ཕུ་ཕུ་ཟློག །ཕུ་ཕུ་སི་ཏི་སི་ཏི། ཕུ་ཕུ་སྤོ་ཏ་སྤོ་ཏ། ཕུ་ཕུ་ཧཱུྃ། ཕུ་ཕུ་སྤོ་ཏ་ཡ། ཕུ་ཕུ་བྷི་ཏི། མུ་ཁྱུད་ཕོ་དང་འདྲ་བ་ལ། །ཕོ་ནི་རྣལ་མ་མོ་ནི་ཟློག །འཁོར་ལོ་ཁ་སྦྱོར་བལྟབས་བྱས་ལ། །ཚོན་སྐུད་ཀྱིས་བཅིངས་གླང་རུར་བཅུག །ལ་ཆས་བསྡམས་ལ་རེ་བས་དྲིལ། །སྐམ་ལ་བཅུག་པས་སྐམ་གཏད་དང་། །རློན་ལ་བཅུག་པས་རློན་གཏད་གཉིས། །ཟློག་ཅིང་རུལ་བར་བྱེད་པར་ངེས། །སྐམ་རློན་གང་དུ་བཅུག་པའི་ས། །ཀླུ་དང་བདུད་དང་བཙན་དང་ནི། །མ་མོ་དང་ནི་རྒྱལ་པོ་སོགས། །གང་གནས་ས་རུ་བཅུག་པས་ཆོག །དམ་ཚིག་གཅིག་པས་ཟློག་ཅིང་རུལ། །ཡང་ན་གསུམ་དང་ཡང་ན་ལྔ། །བསྐྱར་ན་ཤིན་ཏུ་ཟབ་པ་འོ། །དེ་ལྟར་བྱས་པས་སྤྱི་དང་ནི། །ཕས་ཀྱི་རྦོད་གཏོང་ཐམས་ཅད་ཟློག །རང་གཤེད་རང་ལ་འབེབ་པ་ཡིན། །ཕྱིར་ཟློག་འཁོར་ལོ་ཞེས་པ་ཡིན། །བཤིག་པའི་འཁོར་ལོ་ཞེས་པ་ཡིན། །གཏད་རུལ་ནག་པོ་ཞེས་པ་ཡིན། །སྔགས་པ་ནང་རྒྱས་བྱུང་བའི་ཚེ། །མཁས་པ་ཟངས་གླིང་དབང་ཕྱུག་གིས། །ཌཱ་ཀི་མ་ཡི་གསུང་དང་བསྟུན། །མི་མཐུན་ཕྱོགས་རྣམས་ཟློག་པའི་ཕྱིར། །བཤིག་འཁོར་ནག་པོ་འདི་བྱས་པས། །བྱད་སྟེམས་མཁན་རྣམས་ཁ་རེ་སྐྱེངས། །བཅས་ཆོག་མན་ངག་ཡིན་པའི་ཕྱིར། །བསྒོམ་དང་བཟླས་པ་འདིར་མི་དགོས། །ཞག་གསུམ་རྡོ་རྗེའི་བྲག་ཀྱང་འཇིག །ས་མ་ཡ། གལ་ཏེ་རྟགས་ནི་འགྱངས་པ་ན། །ཙཀྲ་གོང་དང་འདྲ་བ་ལ། །ཉིན་མོ་སྔགས་འདི་ཡུངས་དཀར་ལ། །བཟླས་ལ་འཁོར་ལོ་དག་ལ་བྲབ། །རུ་སྦལ་ལྟོ་བའི་འཁོར་ལོ་དེས། །སྙིང་ཁྲག་རྔུབས་པར་བསམ་པ་འོ། །ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན༔ དགྲ་བོའི་སྲོག་ལ་རྣྲྀ་ཏྲི་ཧུར་ཐུམས་ཛ༔ རྩ་ཁྲག་སྙིང་ཐུམ་རིལ་རམ་ཤག་རྦད༔ ཨེ་རཾ་ཡཾ་ཁཾ་རྣྲྀ་ཤ་ཀུ་རུ་མཱ་ར་ཡ་རྦད༔ ཞག་གསུམ་བཟླས་ན་ཕ་རོལ་སོད། །མཚན་མོ་སྔགས་འདི་ཡུངས་ནག་ལ། །བཟླས་ལ་འཁོར་ལོ་དག་ལ་བྲབ། །ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན༔ དགྲ་བོའི་ཙིཏྟ་བྲེང་ཤག་ཛ༔ སྲོག་ལ་ཧུར་ཐུམས་ཛ༔ རཾ་ཡཾ་ཁཾ་ཨེ་ཀ་ཡ་མ་རྣྲྀ་ཤ་ཀུ་རུ་སྲོག་ལ་མཱ་ར་ཡ་རྦད༔ ཞག་གསུམ་བཟླས་ན་ཕ་རོལ་སོད། །གཟེར་གྲིར་འཆི་བར་ཐེ་ཚོམ་མེད། །ཡ་བག་ཤ་ཡི་ལས་ཡིན་ནོ། །ངན་སྔགས་ལྟོ་ལོག་ནག་པོ་ཡིན། །མཆོག་ཕག་དག་དང་འབྲེལ་བ་ན། །ཤིན་ཏུ་མྱུར་བའི་ལས་སུ་རིག །ས་མ་ཡ། ༈ གཏད་རུལ་གྱི་ཞལ་གདམས་ནི། དེ་ནས་འཁོར་ལོ་ཁ་སྦྱར་དྲིལ། །ཚོན་སྐུད་སྔོ་དམར་གྱིས་རྒྱ་གྲམ་དུ་བཅིང་། ལ་ཆས་དྲིལ། ཕྱི་སྒོའི་ཐེམ་འོག་ནས་ལན་གསུམ་བཏོན། དེ་ནས་གླང་རུའམ་ཁྱི་ཐོད་དུ་བཅུག །ཁ་ཁམ་སས་བཅད། རེ་བས་དྲིལ། དྲེས་མས་དམ་པར་བཅིངས་ལ། རང་རྣམ་རྟོག་ཟོས་པའི་སར་གཏིང་རྡོ་དང་བཅས་མཚོའམ་སྐམ་ལ་ཡང་འཇུག །ལན་འགའ་བསྐྱར་རོ། །འཁོར་ལོ་ལྟེ་བའི་མིང་ཡིག་ལ་གུར་གུམ་བྱུག །ཆུ་ལ་སྐྱུར་དུས་རླུང་སྣ་བུག་གཡས་ནས་རྒྱུ་བ་དང་བསྟུན། དུས་ཚེས་ཉ་སྟོང་ལ་བྱ། ད་དུང་ཞལ་ཤེས་ཅུང་ཟད་ཡོད། ༈ མཆོག་ཕག་གི་མིག་ལ་ལན་གསུམ་དྲང་། ཡག་ཤིང་སྦུ་གུར་ལན་གསུམ། རང་དང་སྦྱིན་བདག་བརླ་གཡས་ལ་་་མོ་ལ་གཡོན།ལན་གསུམ། སྒོའི་ཐེམ་འོག་ལ་ལན་གསུམ། དེ་རྣམས་བསྐོར་དུས་རང་དང་གཞན་གྱིས་སྔགས་འདི་བཟླ། སརྦ་རྦད་རྦད་ཀ་ཤི་རྦད་ཀ་ཤི་རྦད༔ ཅེས་བརྒྱ་རྩ་བཟླས་པས་སྦྱང་། སླར་ཡང་འབྱུང་བ་ལྔ་ལ་སྦྱང་། །ནམ་མཁའི་དབྱིངས་ལ་བསྐོར་བ་བསྐོར་བྱས་ཏེ། །ནམ་མཁའ་སྟོང་པའི་ངང་དུ་སྦྱང་། །དེ་བཞིན་རླུང་ཁྲུས།་་་རླུང་ལ་འདེབས། མེ་ཁྲུས།་་་མེ་རླངས་ལ། ས་ཁྲུས།་་་རབས་ཆད་ས། ཆུ་ཁྲུས་་་ཁྲོན་ཆུ་གཙང་ཆུ་ཆུ་མིག་ཆུ།རྣམས་ཀྱིས་རིམ་པར་སྦྱང་། །དེ་ཡང་ནམ་མཁའ་ནས་གཟུང་སྟེ་སྦྱང་སྔགས་རྣམས་རིམ་པར་བཟླ། ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ་སོགས་ཅི་ནུས་བརྗོད་དོ། །རའམ་སྣོད་དུ་གཞུག་འཆིང་ལག་ལེན་ལྟར་བཅས་ལ་ཐེབས་བསྟུན་གཏང་ངོ་། །ཟབ། ྀཨཚ། ༈ གཤེད་འབེབ་དྲག་ཟློག་བྱེད་པ་ནི། །རང་ལ་རྦད་པའི་བན་སྔགས་དེའི། །ལིངྒ་གནད་ཡིག་ལྡན་པ་བཀོད། །ལྕེ་ནི་སྙིང་གའི་སྟེང་དུ་དྲང་། །དེ་སྟེང་རྡོ་རྗེ་རྒྱ་གྲམ་བྲི། །རྭ་བཞིར་མནན་སྔགས་འདི་བཞིན་བཀོད། །ཨོཾ་ནན། ཨཱཿནན། ཧཱུྃ་ནན། སཏྭཾ་བྷ་ཡ་ནན། ཞེས་བྲི། རྡོ་རྗེའི་ལྟེ་བར་རྣྲྀ་ཏྲིའི་མཐར་ཛཿབཞིས་བསྐོར། དེ་ལ་མིང་བྲིས་པའི་མཐར། མཱ་ར་ཡ། སཏྭཾ་བྷ་ཡ་ནན། གཤེད་དུ་ཕོབ། ཅེས་བྲི། སྤྱི་བོར་ཕུར་བུ་ཀླད་ལ་གདབ། །ལག་གཉིས་མཚོན་ཆ་རང་བཙུགས་བྲི། །མཐའ་མར་གཤེད་འབེབ་དམོད་མོ་དང་། །ཛཿཁྲམ་དག་གིས་ལེགས་པར་བསྐོར། །དུག་སྣ་དམེ་ཡུགས་མཛེ་ཁྲག་སྦྱར། །ལིངྒར་བྱུགས་ཤིང་བདེན་སྟོབས་བརྗོད། །བྱད་མ་སྐྱབས་བྲལ་དེ་ལ་བསྟིམ། །འཁོར་ལོ་ཕོ་མོའི་བར་དུ་བཅུག །ཁོ་རང་སྟེང་དུ་འགྲོ་བར་འགྱུར། །མཐུ་ཆེན་གསོད་པའི་སྤུ་གྲི་འདི། །འཕྱངས་སྔགས་སྲོག་གི་སེག་གདར་ཡིན། །བྱད་མ་གཤེད་འབེབ་སྐམ་མཐུ་ཡིན། །ཟབ་ཟབ་འདྲ་མིན་གནད་འཛོམ་ཕྱིར། །ལག་རྡུམ་ཡི་གེ་མང་མཆིས་ཀྱང་། །ཟབ་གནད་གདམས་པ་འདི་ཉིད་དེ། །དམ་ལྡན་གསང་ཐུབ་བུ་མིན་པ། །གཞན་ལ་མ་སྤེལ་སྙིང་དུ་སྦོས། །རྐུན་ནོར་བཞིན་དུ་ཁ་ཐམ་རྒྱ། །ྀཨཚ། ༈ གཏད་ཧྲུལ་གྱི་ཞལ་ཤེས་ནི། དང་པོ་འཁོར་ལོ་ལེགས་པར་བྲིས་ལ་ཕོ་འཁོར་སྟེང་དང་མོ་འཁོར་འོག་ཏུ་བྱས་ལ་མགོ་ནས་བསྒྲིལ་ལྟེབ་ཚིགས་གང་བྱུང་ཕྲ་སེ་བྱས་པ་དེ། ཞེང་ཆེ་ན་ལྟེ་བ་མ་ཆག་པར་གཡས་གཡོན་གཉིས་ནས་བཀུག །ཚོན་སྐུད་སྔོ་དམར་གྱིས་རིམ་པ་གསུམ་དཀྲིས་ལ་བཅད། དེ་ནས་ཡང་རྒྱབ་ཏུ་གསུམ་དཀྲིས་ལ་བཅད། དེ་ཡུགས་ས་མའི་ཞབས་མའམ་རས་ནག་གིས་དྲིལ། ཚོན་སྐུད་གོང་ལྟར་དཀྲིས། ལ་ཆས་མི་མངོན་པར་བཏུམས། སྐྱེས་པ་དུ་ཡོད་ཀྱི་སྒྱིད་པ་ལ་ཕྱི་སྐོར་ལན་གསུམ་དྲང་། བུད་མེད་དུ་ཡོད་ཀྱི་སྒྱིད་པ་གཡས་ལ་ལན་གསུམ་བསྐོར། དེ་ལ་ཁྱིའི་རྐང་པ་གཡོན་ལ་ཕྱི་སྐོར་ལན་གསུམ། རང་འཐག་གི་ཡ་ཁེབས་ཟུར་བསླངས་ནས། བུག་པ་ལ་ཕྱི་སྐོར་ཐེངས་གསུམ། དེ་གླང་རུར་བཅུག་ལ། གཡམ་པའམ་འདམ་གྱིས་ཁ་བཅད། དེ་སྟེང་ལ་ཆས་བཅད། དེ་རེ་བས་ཕུར། དྲེས་ཐག་གིས་བཅིང་། རང་ལ་རྣམ་རྟོག་ཡོད་པའི་མཚོ་ལ་ཅི་མང་བསྐྱུར། སྐམ་ལ་ཡང་ཁྱི་མགོ་གས་ཆག་མེད་པའམ། གླང་རུ་གང་རུང་དུ་གོང་བཞིན་བཅུག་ལ། ལ་བཙས་ལྷ་ཚུགས་མགོན་ཁང་གི་འགྲམ་སོགས་དོགས་པ་ཟ་བའི་སར་མནན། འཁོར་ལོའི་སྤེལ་ཚིག་ལ་རང་དང་སྦྱིན་བདག་གི་མིང་འབྲི་དགོས་ན་དེ་མཐར་གླ་རྩིས་བྱུགས། མ་བྲིས་ན་མི་བྱུགས། བསྐྱུར་དུས་རླུང་གཡས་ནས་རྒྱུ་བ་བྱུང་ན་བཟང་། མ་བྱུང་ན་སྣ་གཡོན་བཀག་ནས་གཡས་ལ་བསྒྱུར་བར་བྱ། འཁོར་ལོ་འབྲི་བ་དང་བསྐྱུར་བ་གཉིས་ཀ་གནམ་སྟོང་ལ་བྱ། སྒྲ་གཅན་བརྩི་ཚུལ་གཏོར་ཟློག་བཞིན། དཔང་གཟུག་བརྗོད་པར་གསུངས་པ་ནི་འདི་སྐད་བྱ་སྟེ། སྐྱབས་གནས་དམ་པ་རྣམས་དང་ཁྱད་པར་ས་ཕྱོགས་འདི་ན་གནས་པའི་ལྷ་ཀླུ་བདུད་བཙན་མ་མོ་ལ་སོགས་པ་དྲེགས་བྱེད་ཅི་མཆིས་ཐམས་ཅད་ཐུགས་མ་ཡེངས་པར་དགོངས་ཤིག །བདག་དང་སྦྱིན་བདག་རྣམས་ནས་གནས་སྐབས་ཀུན་ཏུ་མཆོད་འོས་གཙུག་ཏུ་ཁུར། བསྐྱང་འོས་སྤུན་ཟླ་ལྟར་བསྐྱངས། བྱམས་འོས་འགྲོ་བ་ཀུན་ལ་བརྩེ་སེམས་རྒྱུན་མི་ཆད་པར་བསྒོམས་པ་ཡིན་ཀྱང་། རྦོད་གཏོང་བྱད་མ་འཁོར་བཅས་ཀྱིས་གནོད་ཅིང་ལན་ཆགས་ནས་འདུག་ཏུ་མི་སྟེར་བར་འདུག་གོ །བདག་དང་སྦྱིན་བདག་འཁོར་བཅས་ནས་བྱད་མ་རྣམས་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཕོག་འགལ་དུ་འགྲོ་བ་སྤུ་ཙམ་བྱས་མིན་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་། འདིར་འདུས་དྲེགས་བྱེད་འཁོར་བཅས་ཀྱིས་ཟག་མེད་མངོན་ཤེས་ཀྱིས་དགོངས་ཤིག །གཟིགས་ཤིག །བྱད་མ་རྣམས་ནས་ལུས་ཀྱི་རྫས་བསགས་ལུགས་སམ། ངག་གིས་སྔགས་བཟླས་ལུགས་སམ། སེམས་ཀྱིས་དམིགས་པ་ཞེ་ངན་ཅི་བྱས་ཐམས་ཅད་ཁྱེད་རྣམས་ཀྱིས་མི་མཁྱེན་ཞིང་མི་གཟིགས་པ་སྐད་ཅིག་ཀྱང་མེད་པས། བདག་དང་སྦྱིན་བདག་འཁོར་བཅས་བདེན་པ་བདེན་ཐོག་ཏུ་ཐོན་ལ་མགོན་སྐྱབས་དཔུང་གཉེན་མཛོད་ཅིག །གདུག་ཅན་བྱད་མ་རྦད་འདྲེ་བཅས་པ་འཕྲལ་དུ་ཚར་གཅོད་རྗེས་གཟུང་མ་མཛད་ན་རང་གཞན་ཀུན་འཁོར་བའི་རྒྱ་མཚོ་ཆེན་པོ་ལས་ཐར་དུས་མེད་པར་མ་ཟད། ལྷ་འདྲེ་དྲེགས་པ་ཅན་ཁྱེད་རྣམས་ཀྱང་ཉེས་མེད་སེམས་ཅན་གྱི་སྲོག་དབུགས་ལ་རྔམས་པ་ལས། གདུག་ཅན་འདི་དག་མྱུར་དུ་ཟོས་ན་ཟ་བའི་ཟ་གོ་དང་བཏུང་བའི་བཏུང་གོ་ཆོད་པར་འདུག་པས། བྱད་མ་འཁོར་བཅས་ཀྱི་ལུས་སྲོག་ལོངས་སྤྱོད་ཐམས་ཅད་ཁྱེད་རྣམས་ཀྱི་ཞལ་དུ་བསྟབ་བོ། །གང་བཅོལ་ཕྲིན་ལས་ཐམས་ཅད་མྱུར་དུ་སྒྲུབས་ཤིག །རྩ་བརྒྱུད་ཀྱི་བླ་མ། ཡི་དམ་སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ། ཆོས་སྲུང་ནོར་ལྷ། ལྷ་སྲིན་སྡེ་བརྒྱད། ཡུལ་ལྷ་གཞི་བདག །བདག་དང་སྦྱིན་བདག་ལ་འགོ་བའི་ལྷ་ལྔ་འཁོར་དང་བཅས་པའི་བཀའ་བདེན་པ་དང་། རྒྱུ་འབྲས་བསླུ་བ་མེད་པའི་བཀའ་བདེན་པ་དང་། རྫས་སྔགས་ཏིང་ངེ་འཛིན་གྱི་བཀའ་བདེན་པ་དང་། བདག་དང་སྦྱིན་བདག་འཁོར་བཅས་ཀྱི་ལུས་ངག་ཡིད་གསུམ་གྱི་སྟེང་ན་ཉེས་པ་མེད་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། བྱད་མ་གདུག་ཅན་རྣམས་ནས་རྫས་སྔགས་ཏིང་ངེ་འཛིན་རྦད་འདྲེ་རྦོད་གཏོང་ངན་གཡོ་འཕྲུལ་གསུམ་ཅི་དང་ཅི་བགྱིས་པ་ཐམས་ཅད། ལོ་ཟླ་ཞག་དང་ཟ་མ་མ་འགྱངས་པར་བྱད་མ་ལྷ་སྲུང་འཁོར་དང་བཅས་པ་ཐམས་ཅད་ཀྱི་སྟེང་དུ་ཟློགས་ཤིག །ཅེས་བརྗོད་ལ་ཐལ་མོ་ལན་གསུམ་བརྡབ། གསེར་སྐྱེམས་བཤམས་ལ་རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ལན་གསུམ། གསེར་སྐྱེམས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདི་ཉིད་འབུལ་ཞིང་མཆོད་པའི་ཡུལ་དུ་གྱུར་པ་ནི། རྩ་བརྒྱུད་ཀྱི་བླ་མ། ཡི་དམ་སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ། ཆོས་སྲུང་ནོར་ལྷ། ལྷ་སྲིན་སྡེ་བརྒྱད། ཡུལ་ལྷ་གཞི་བདག །བདག་དང་སྦྱིན་བདག་ལ་འགོ་བའི་ལྷ་ལྔ་འཁོར་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །མགྲོན་ནོ། །ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་འདིས་ཚིམས་ཤིང་མཉེས་ནས་བདག་དང་སྦྱིན་བདག་འཁོར་བཅས་ཀྱི་མགོན་སྐྱབས་དཔུང་གཉེན་མཛོད་ལ། ཡིད་ལ་བརྣགས་པའི་བྱད་མ་རྦད་འདྲེ་འཁོར་བཅས་ཐལ་བའི་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད་ཅིག །ཅེས་བརྗོད་ལ་གསེར་སྐྱེམས་གཏོར། བདག་དང་སྦྱིན་བདག་འཁོར་བཅས་ལ་གཞན་གྱི་མནན་གཏད་ཕུང་བཤིག་སྦྱོར་བ་ངན་པ་ཤིགས་ཤིག །དེ་དག་གི་བསམ་སྦྱོར་འབྲས་བུ་མེད་པར་གྱིས་ཤིག །ཀླུ་གཉན་དྲེགས་པ་ཅན་ཁྱེད་རྣམས་དང་བདག་དང་སྦྱིན་བདག་འཁོན་མེད་ཅིང་བསྡུམ་པར་བྱས་པ་ཡིན་ནོ། །གཤེད་དང་བདུད་དུ་མ་མཛད་པར་ལྷ་དང་དཔལ་དུ་མཛོད་ལ། ཞི་བ་དང་བདེ་ལེགས་སུ་མཛོད་ཅིག །ཅེས་བརྗོད་ནས། རྭ་རྩེ་ཕར་བསྟན་ལ་མཚོར་བསྐྱུར་བའམ་ས་ཁུང་དུ་བཅུག །ཕུ་མ་ནི་སི་ནི་ཨ་ལོ་གནྡྷེ་ཧོ༔ སི་ནི་ས་ཁའི་ག་ཁའི་ནཱ་ག་ལེ་ནཱ་ག་ལེ་ཨ་གེ་ཨ་གེ་ནཱ་ག་རཱ་ཙ་ནཱ་ག་རཱ་ཙ། ཙི་ཙི་ཛི་ཙི། འདུ་ཤེ་འདུ་ཤེ་འདུ་ས་ཡ་འདུ་ས་ཡ། ནཱ་ག་རཱ་ཙ། ཕ་རོལ་གྱིས་རྦོད་གཏོང་མནན་གཏད་ཟློག་ཟློག་རུལ་རུལ། ཅེས་བརྗོད་ལས་ཁུང་མི་མངོན་པར་བྱའོ། །ཞེས་མཁས་པ་ཟངས་གླིང་དབང་ཕྱུག་གི་གཏེར་གཞུང་ཉིད་གོང་དུ་སྨྲོས་ཤིང་སྤྱི་འགྲོའི་ཕྱག་ལེན་གྱི་མཐར་དཔང་གཟུག་མན་ས་སྐྱ་པ་ཀུན་བློས་གསར་རྩོམ་བགྱིས་པ་དགེ །ཡི་གེ་པ་ནི་གཞུང་ལུང་པ་འོ།། །།
ཀློང་ཆེན་སྙིང་གི་ཐིག་ལེ་ལས་བླ་མ་རིག་འཛིན་འདུས་པའི་སྐོང་བསྡུས་རྡོ་རྗེའི་རྒྱུད་མང་ (Volume 10, Text 3)
ཀློང་ཆེན་སྙིང་གི་ཐིག་ལེ་ལས་བླ་མ་རིག་འཛིན་འདུས་པའི་སྐོང་བསྡུས་རྡོ་རྗེའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨཱ་ཀ་ར་ཡ། བླ་མ་རིག་འཛིན་འདུས་པའི་སྐོང་བཤགས་ཀྱི་ཆོ་ག་མདོར་བསྡུས་སུ་བྱ་བར་འདོད་ན། ཚོགས་བསྒྲལ་མཆོད་ཡན་གྲུབ་པའི་མཚམས་སྐོང་རྫས་རྣམས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ལ། ཨཿ ཆོས་དབྱིངས་ཁྱབ་གདལ་འོད་གསལ་སྒྱུ་མའི་འཕྲུལ། །སྣང་བའི་དངོས་ཀུན་པདྨ་དྲྭ་བའི་ཞིང་། །སྲིད་པའི་གཟུང་འཛིན་ཡེ་ཤེས་འོད་ལྔའི་ཀློང་། །བྱང་ཆུབ་སེམས་ཀྱི་ནོར་བུའི་གཞལ་མེད་ཁང་། །བཀོད་པ་རབ་རྫོགས་ངོ་མཚར་བསམ་ཡས་དབུས། །འཕགས་ལམ་བརྒྱད་ལྡན་ཉེར་སྤྱོད་རོལ་མོའི་སྒྲ །ཕ་རོལ་ཕྱིན་པ་དྲུག་རྫོགས་འདོད་ཡོན་སྤྲིན། །བཅུ་དྲུག་དགའ་སྟེར་རྡོ་རྗེའི་རིག་མ་དང་། །སྦྱོར་སྒྲོལ་ཟུང་འཇུག་སྨན་རག་བ་ལིཾ་ཏ། །བདེ་སྟོང་རོལ་པ་ཚོགས་ཀྱི་ལོངས་སྤྱོད་སོགས། །ཀུན་ཏུ་བཟང་པོའི་རྣམ་ཐར་ལས་བྱུང་བའི། །ཞིང་ཁམས་རབ་འབྱམས་གང་བའི་མཆོད་སྤྲིན་འདིས། །ངོ་བོ་ཀ་དག་གཞོན་ནུ་བུམ་པའི་དབྱིངས། །ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཐུགས་དམ་བསྐང་། །རང་བཞིན་ལྷུན་གྲུབ་བདེ་ཆེན་ཡེ་ཤེས་སྤྲིན། །ལོངས་སྐུ་དགའ་རབ་རྡོ་རྗེའི་ཐུགས་དམ་བསྐང་། །ཐུགས་རྗེ་རིག་འཛིན་འདུས་པའི་ཚོགས་ཀྱི་རྗེ། །སྤྲུལ་སྐུ་སྣང་སྲིད་ཟིལ་གནོན་ཐུགས་དམ་བསྐང་། །དཀྱིལ་འཁོར་གཙོ་བོ་རྡོ་རྗེའི་སློབ་དཔོན་ཚུལ། །མཆོག་གི་རིག་འཛིན་བརྒྱད་ཀྱི་ཐུགས་དམ་བསྐང། །གྲུབ་པ་ཆེན་པོའི་རྫུ་འཕྲུལ་ཅིར་ཡང་སྟོན། །ཐུགས་སྲས་རྗེ་འབངས་ཉེར་ལྔའི་ཐུགས་དམ་བསྐང་། །ཞི་རྒྱས་དབང་དྲག་ལས་ཀུན་ཐོགས་མེད་སྒྲུབ། །སྒོ་སྐྱོང་གིང་ཆེན་སྡེ་བཞིའི་ཐུགས་དམ་བསྐང་། །གཞན་ཡང་སྨིན་གྲོལ་བྱིན་རླབས་སྤྲིན་ཕུང་འཁྲིགས། །བརྒྱུད་གསུམ་རིག་འཛིན་བླ་མའི་ཐུགས་དམ་བསྐང་། །དངོས་གྲུབ་རྣམ་གཉིས་ཆར་བཞིན་འབེབ་མཛད་པའི། །ཡི་དམ་ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང། །རྣལ་འབྱོར་གྲོགས་མཛད་ཕྲིན་ལས་ཐམས་ཅད་སྒྲུབ། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་ཐུགས་དམ་བསྐང་། །ལེགས་ཉེས་སྟངས་འཛིན་བཀའ་དང་བསྟན་པ་སྐྱོང་། །ཆོས་སྲུང་དམ་ཅན་རྒྱ་མཚོའི་ཐུགས༴ འདོད་དགུའི་འབྱོར་པ་ཡིད་བཞིན་སྩོལ་མཛད་པ། །གནོད་སྦྱིན་ནོར་ལྷ་གཏེར་བདག་ཐུགས༴ མདོར་ན་བསམ་ཡས་སྒྱུ་འཕྲུལ་དྲྭ་བ་ཡི། །དཀྱིལ་འཁོར་ལྷ་ཚོགས་ཡོངས་རྫོགས་ཐུགས་དམ་བསྐང་། །ཐུགས་དམ་བསྐངས་གྱུར་ཉམས་ཆག་བཟོད་པར་བཞེས། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དར། །འགྲོ་ཀུན་བདེ་སྐྱིད་ཆོས་མཐུན་དཔལ་འབྱོར་རྒྱས། །མཆོག་ཐུན་དངོས་གྲུབ་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་དང། ཡི་གེ་བརྒྱ་པ་བརྗོད་དོ། །ཅེས་པའང་དོན་གཉེར་ཅན་རྣམས་ཀྱིས་སྔ་ཕྱིར་གསོལ་བ་བཏབ་པ་ལ་བརྟེན་ནས། ཀུན་མཁྱེན་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་ཤར་མར་སྤེལ་བ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།། །།
གནམ་ཐོག་གི་སྲུང་བ་ཟབ་མོ་མི་ཉག་གྲགས་པ་འབྱུང་གནས་ཀྱི་གཏེར་མ་ (Volume 45, Text 3)
གནམ་ཐོག་གི་སྲུང་བ་ཟབ་མོ་མི་ཉག་གྲགས་པ་འབྱུང་གནས་ཀྱི་གཏེར་མ་བཞུགས༔ ན་མོ་གུ་རུ༔ སློབ་དཔོན་པདྨས་ འགྲོ་བ་རྣམས་ལ་ཕན་བྱའི་ཕྱིར༔ གནམ་ལྕགས་ཐོག་གི་སྲུང་བ་ཁྱད་པར་འཕགས་པ་འཁོར་ལོ་བཞི་སྦྲགས་འདི་གྲུབ་ན་གསེར་གྱིས་ བྲི༔ མ་གྲུབ་ན་རྒྱ་སྣག་བཟང་པོ་ལ་རིན་ཆེན་བརྡར་བས་དཔེའུ་རིས་བཞིན་ལེགས་པར་བྲིས་ནས་རབ་གནས་བྱས༔ དེ་གང་གི་ ལུས་ལ་བཅངས་པས་ཐོག་ཐུབ་པར་ཐེ་ཚོམ་མེད་དོ༔ འདི་ནི་ཤིན་ཏུ་ཟབ་པས་རྟགས་ཐོན་པ་ཡིན་ནོ༔ ྀཨཚ༔ སྔགས་རྣམས་དྲི་ བཟང་གིས་བྱུག༔ རྨ་བྱའི་མདོངས་དང་དར་ཚོན་སྣ་ལྔའི་ཁོག་ཏུ་བཅུག༔ དར་ཚོན་སྣ་ལྔས་གྲིལ༔ རབ་གནས་གཞན་བཞིན་ བྱེད༔ བུམ་ཐང་གཙུག་ལག་ཁང་གི་གཏེར་ནས་མི་ཉག་གྲགས་འབྱུང་གིས་བཏོན་པའོ། །སརྦ་མངྒ་ལཾ།། །།
གུ་རུ་དྲག་པོ་མཐིང་ནག་གནམ་ལྕགས་ཐོག་གི་རལ་གྲིའི་ལས་བྱང་ཕྲིན་ལས་མྱུར་འགྲུབ་ (Volume 14, Text 3)
གུ་རུ་དྲག་པོ་མཐིང་ནག་གནམ་ལྕགས་ཐོག་གི་རལ་གྲིའི་ལས་བྱང་ཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈ ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས༔ སྤྲུལ་སྐུ་པད་འབྱུང་ཀུན་འདུས་བླ་མ་རྗེ༔ གཅིག་བསྡུས་དྲག་པོ་ཐོད་ཕྲེང་རྩལ་ལ་འདུད༔ གང་ཞིག་སྐལ་ལྡན་རྣལ་འབྱོར་པས༔ གནས་བཟང་ཡིད་འོང་ཕུན་ཚོགས་ཤིང༔ ཡོ་བྱད་ཕུན་ཚོགས་གཙང་སྦྲ་ལྡན༔ གྲོགས་བཟང་དད་དམ་ཕུན་ཚོགས་བཅས༔ མཆོད་རྫས་ཕུན་ཚོགས་སྤྱན་གཟིགས་བཤམ༔ བསྐྱེད་རྫོགས་ཕུན་ཚོགས་ཏིང་འཛིན་གསལ༔ ལྔ་ལྡན་རྒྱལ་བའི་ཞིང་དུ་གསལ༔ གཞི་མ་གྲུ་བཞིའི་སྟེང་དུ་ནི༔ བླ་མ་ཡི་དམ་གཅིག་བསྡུས་པའི༔ རིན་ཆེན་འབར་བའི་དཔལ་གཏོར་དང༔ སྨན་གཏོར་རཀྟ་ཕྲེང་ཚར་བདུན༔ རོལ་མོ་ལ་སོགས་གང་འཛོམ་དང༔ སྔོན་འགྲོ་དཀར་བགེགས་དང་བཅས་པའི༔ ཚོགས་ཀྱི་ཡོ་བྱད་རྒྱ་ཆེན་བཤམ༔ བདག་མདུན་འདོན་བསྒོམ་གཅིག་དྲིལ་ནས༔ དང་པོ་སྐྱབས་སེམས་འདི་ལྟར་རོ༔ རང་གི་སྤྱི་བོར་དྲིན་ཆེན་རྩ་བའི་བླ་མ་དང་དབྱེར་མ་མཆིས་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ། སྐྱབས་ཡུལ་དཀོན་མཆོག་གསུམ་དང་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་སྤྲིན་ཕུང་འཁྲིགས་པ་བཞིན་དུ་གསལ་བར་སྤྱན་དྲངས༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔སོགས། ཤབྡ་ཨཱཿཧཱུྃ༔ ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་དངོས་པདྨ་འབྱུང༔ ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང༔ བྱང་ཆུབ་སེམས་དཔའ་ཐམས་ཅད་ལ༔ བདག་དང་འགྲོ་བ་མ་ལུས་པ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ན་མོ༔ རྒྱལ་བ་དགོངས་བརྒྱུད་བླ་མ་དང༔ རིག་འཛིན་བརྡ་བརྒྱུད་བླ་མ་དང༔ གང་ཟག་སྙན་བརྒྱུད་བླ་མ་དང༔ ཤོག་སེར་གཏེར་གྱི་བརྒྱུད་པ་དང༔ མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་དང༔ སྨོན་ལམ་དབང་བསྐུར་བརྒྱུད་པ་ཡི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ལ༔ བདག་དང་འགྲོ་བ་མ་ལུས་པ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ ཡེ་ནས་སངས་རྒྱས་ཡིན་པ་ལ༔ ཡིན་པར་ཤེས་པའི་རང་བཞིན་དུ༔ རང་རིག་ངང་དུ་སྐྱབས་སུ་མཆི༔ ཀུན་བཟང་ཀློང་དུ་སངས་རྒྱས་ཤོག༔ ལན་གསུམ༔ སེམས་བསྐྱེད་ནིཿ ན་མོ༔ བདག་དང་མཁའ་མཉམ་འགྲོ་བ་དང༔ དུས་གསུམ་དུས་མེད་སེམས་ཅན་རྣམས༔ ཕ་མ་དྲིན་ཆེན་ཡིན་པའི་ཕྱིར༔ དུས་འདི་ནས་བཟུང་བྱང་ཆུབ་བར༔ སྡུག་བསྔལ་མཚོ་ལས་རབ་བསྒྲལ་ཏེ༔ སངས་རྒྱས་སར་འགོད་སེམས་བསྐྱེད་དོ༔ རིགས་དྲུག་འཁོར་བ་དོང་སྤྲུགས་ཤོག༔ ཅེས་ལན་གསུམ༔ དེ་ནས་སྔོན་འགྲོ་དཀར་གཏོར་བྲན༔ ཨོཾ་ཨ་མྲྀཏ་སོགས། ཨོཾ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་འདོད་ཡོན་ལྔ་ལྡན་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ཨ་ཀཱ་རོས་བྱིན་གྱིས་བརླབ༔ ཧཱུྃ༔ སྟེང་འོག་བར་གསུམ་ལྷ་ཀླུ་གཞི་བདག་དང༔ མགུར་ལྷ་དགེ་བསྙེན་སྡེ་བརྒྱད་གཞི་གནས་བདག༔ ཡུལ་ལྷ་བརྟན་མ་གཟའ་སྐར་ཚེས་ལྷ་དང༔ དུས་ཚོད་ཉུ་ལེ་ཡུལ་རིས་ས་ཕྱོགས་འདིར༔ གནས་དང་རྒྱུ་བའི་སྟོང་གསུམ་ལྷ་འདྲེ་རྣམས༔ འདིར་གཤེགས་མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ སྒྲུབ་པའི་བར་ཆད་ཀུན་སོལ་མཐུན་རྐྱེན་སྒྲུབས༔ གནོད་པའི་སེམས་སྤོངས་བྱང་ཆུབ་སེམས་ལྡན་པས༔ བྱང་ཆུབ་བར་དུ་བདག་གི་སྟོངས་གྲོགས་མཛོད༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ དཀར་གཏོར་གཙང་སར་ཕུལ༔ བགེགས་ལ་གཏོར་མ་སྦྱིན་པ་ནི༔ ཆབ་ཀྱིས་བྲན༔ ཧཱུྃ༔ ང་ནི་དབང་དྲག་འབར་བའི་སྐུ་རུ་གསལ༔ ཉོན་ཅིག་བགེགས་དང་ལོག་འདྲེན་འབྱུང་པོའི་ཚོགས༔ སྔོན་ལས་འཕྲལ་རྐྱེན་ལན་ཆགས་བུ་ལོན་བདག༔ བྱང་ཆུབ་བསྒྲུབ་ལ་བར་ཆད་བྱེད་པའི་གདོན༔ མ་རིག་གཉིས་འཛིན་འཁྲུལ་སྣང་ལས་བྱུང་བ༔ འདིར་འདུས་མཆོད་སྦྱིན་གཏོར་མ་འདིས་ཚིམས་ལ༔ དཀོན་མཆོག་བདེན་པའི་བཀའ་ལས་མ་འདའ་བར༔ སོ་སོ་རང་རང་གནས་སུ་འགྲོ་བར་གྱིས༔ གལ་ཏེ་མི་འགྲོ་དབང་དྲག་བཀའ་འདས་ན༔ ཁྲོ་ཚོགས་འབར་བས་རྡུལ་ཕྲན་བཞིན་དུ་བརླག༔ དེ་བས་ད་ལྟ་ཉིད་དུ་ཕྱིར་དེངས་ཤིག༔ ཨོཾ་ཨཱཿཧཱུྃ་ཨརྩིག་སོགས། གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ༔ ཨོཾ་སུམྦྷ་ནི་སོགས། ཡུངས་ཀར་ཐུན་གྱིས་བྲབ༔ གུ་གུལ་གྱིས་བདུག༔ བགེགས་གཏོར་ཕྱི་རོལ་དུ་དོར༔ མཚམས་གཅོད་སྲུང་འཁོར་བསྒོམ༔ ཧཱུྃ༔ དབང་དྲག་འབར་བའི་ཐུགས་ཀའི་ཧཱུྃ་ཡིག་ལས༔ ཧཱུྃ་བཅུ་སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་སྤྲོས༔ དེ་ཉིད་ཡོངས་གྱུར་ཁྲོ་བོ་བཅུ་རུ་གསལ༔ ཧཱུྃ་ཀར་རྣམ་རྒྱལ་དབྱུག་སྔོན་གཤིན་རྗེའི་གཤེད༔ མི་གཡོ་རྟ་མགྲིན་འདོད་རྒྱལ་བདུད་རྩི་འཁྱིལ༔ ཁམས་གསུམ་རྣམ་རྒྱལ་སྟོབས་ཆེན་ཁྲོ་བཅུ་རྣམས༔ གར་དགུའི་ཉམས་ལྡན་ཕྱག་ན་ཕུར་པ་འདྲིལ༔ ཁྲོ་ཚོགས་སྤྲུལ་པས་སྟེང་འོག་ཕྱོགས་མཚམས་གཏམས༔ ཡེ་ཤེས་ལྔ་ལྡན་མེ་དཔུང་ཕྱོགས་མཚམས་འབར༔ བར་ཆད་གདོན་བགེགས་མ་ལུས་ཐལ་བར་རློག༔ མཚམས་གཅོད་སྲུང་བའི་འཁོར་ལོ་གཞོམ་གཞིག་བྲལ༔ ཨོཾ་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ ཧཱུྃ༔ སྟེང་འོག་ཕྱོགས་མཚམས་ཁྲོ་བོའི་སྐུ་ལས་ནི༔ མེ་དཔུང་མཚོན་ཆ་རྡོ་རྗེའི་ཚྭ་ཚྭ་འཕྲོས༔ གདོན་བགེགས་བྱད་མ་སྡང་དགྲ་གནོད་བྱེད་རྣམས༔ མེ་ལྕེའི་ཁ་ཡི་སྦྲང་མ་བཞིན་དུ་བསྲེགས༔ ཐལ་བ་བསྐལ་པའི་རླུང་ཆེན་འབར་བས་གཏོར༔ བར་ཆད་བགེགས་ཚོགས་མིང་མེད་མཚམས་ཆོད་ཅིག༔ བཛྲ་ཛྭ་ལ་རཀྵ་རཾ༔ དོན་དམ་སྲུང་འཁོར་ནི་འདི་ལྟར་རོ༔ ཧཱུྃ༔ ཡེ་ནས་རང་རིག་ལྷ་ཡི་དཀྱིལ་འཁོར་ལ༔ མ་འགགས་རང་གསལ་གཉིས་འཛིན་འཁྲུལ་ཆ་བྲལ༔ སྐྱེ་འཆི་འགྲོ་འོང་བྲལ་བ་ཁྱབ་གདལ་ཀློང༔ བསྲུང་བྱ་སྲུང་བྱེད་ཡེ་སྟོང་འཕོ་མེད་ཨ༔ བརྡ་སྒོ་དབྱེ་བ་ནིཿ ཧཱུྃ༔ སྣང་སྲིད་དབང་དྲག་ལྷ་ཡི་རང་བཞིན་ལ༔ གང་འདུལ་ཐབས་ཀྱིས་འགྲོ་བའི་དོན་མཛད་པའི༔ གསང་བ་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ རང་གསལ་འགག་པ་མེད་པའི་བརྡ་སྒོ་དབྱེ༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ བརྡ་ཕྱག་འཚལ་བ་ནི༔ ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་བའི་དོན་མཛད་ཅིང༔ བྱམས་དང་སྙིང་རྗེས་འགྲོ་བ་འདྲེན་མཛད་པའི༔ སངས་རྒྱས་ཕྲིན་ལས་ཡོངས་སུ་རྫོགས་པའི་ཕྱིར༔ རང་སེམས་སངས་རྒྱས་རང་ཞལ་མཇལ་ཕྱག་འཚལ༔ ཨ་ཏི་པཱུ་ཧོ༔ དམ་བཅའ་བ་ནི༔ ཧཱུྃ༔ དབང་དྲག་རོལ་པའི་དཀྱིལ་འཁོར་དུ༔ ལྷ་དང་དབྱེར་མེད་མ་འགྲུབ་བར༔ ཇི་སྲིད་བར་དུ་མི་གཏང་ངོ༔ ཚུལ་བཞིན་བསྒྲུབ་པར་དམ་བཅའ་འོ༔ ས་མཱ་དྷི་ཧཱུྃ༔ བཤགས་པ་ནི༔ ཧཱུྃ༔ ཡེ་ནས་རང་རིག་སངས་རྒྱས་འདི༔ མ་རིག་དབང་གིས་ཉེས་བྱས་རྣམས༔ ཡེ་ཤེས་ལྷ་ཚོགས་རྣམས་ལ་བཤགས༔ བྱང་དག་ཚངས་པའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔སོགས་ཡིག་བརྒྱ་ལན་གསུམ་བརྗོད༔ རྣལ་འབྱོར་ཏིང་འཛིན་ལྡན་པའི་ངང༔ སྤོས་དང་རོལ་མོས་གཟི་བྱིན་བསྐྱེད༔ སྣོད་བཅུད་མཆོད་རྫས་བྱིན་ཆེན་དབབ༔ ཧཱུྃ༔ སྣོད་བཅུད་སྣང་སྲིད་དཀྱིལ་འཁོར་འདིར༔ དབང་དྲག་འབར་བའི་ལྷ་ཚོགས་ཀྱིས༔ སྐུ་གསུང་ཐུགས་ཀྱི་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་མཆོག་སྐུར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཆོས་དབྱིངས་སྐྱེ་མེད་ཕོ་བྲང་ནས༔ སྣང་བ་མཐའ་ཡས་བྱིན་ཕོབ་ཅིག༔ འགག་མེད་ལོངས་སྐུའི་ཞིང་ཁམས་ནས༔ སྤྱན་རས་གཟིགས་དབང་བྱིན་ཕོབ་ཅིག༔ པདྨ་འོད་ཀྱི་གཞལ་ཡས་ནས༔ ཨོ་རྒྱན་ཆེན་པོས་བྱིན་ཕོབ་ཅིག༔ རྩ་རླུང་མཁའ་སྤྱོད་ཕོ་བྲང་ནས༔ ཡེ་ཤེས་མཚོ་རྒྱལ་བྱིན༴ རང་རང་གར་བཞུགས་གནས་མཆོག་ནས༔ རྗེ་འབངས་ཉེར་ལྔས་བྱིན༴ གང་འདུལ་སྤྲུལ་པའི་ཕོ་བྲང་ནས༔ གཏེར་སྟོན་བརྒྱ་རྩས་བྱིན༴ ཟབ་ཡང་ལྷུན་གྲུབ་གཙུག་ལག་ནས༔ མུ་ཁྲི་བཙན་པོས་བྱིན༴ སིང་ཧ་རྫོང་གི་གནས་མཆོག་ནས༔ མི་འགྱུར་རྡོ་རྗེས་བྱིན༴ རྡོ་རྗེ་ཁྱུང་རྫོང་གཏེར་གནས་ནས༔ ཆོས་རྒྱལ་རྡོ་རྗེས་བྱིན༴ རང་སྣང་དག་པའི་ཞིང་ཁམས་ནས༔ བཀའ་བརྒྱུད་བླ་མས་བྱིན༴ སྤྱི་གཙུག་བདེ་ཆེན་ཞིང་ཁམས་ནས༔ རྩ་བའི་བླ་མས་བྱིན༴ མཆོག་དང་ཐུན་མོང་ཞིང་ཁམས་ནས༔ ཡི་དམ་ལྷ་ཚོགས་བྱིན༴ ཉི་ཤུ་རྩ་བཞིའི་གནས་མཆོག་ནས༔ དཔའ་བོ་མཁའ་འགྲོས་བྱིན༴ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ ཆོས་སྐྱོང་སྲུང་མས་བྱིན༴ བདུད་འདུལ་དབང་དྲག་དཀྱིལ་འཁོར་ནས༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ དབང་ཆེན་རྣམས་ཀྱིས་དབང་སྐུར་ཅིག༔ རྟགས་དང་མཚན་བཟང་བསྟན་པ་དང༔ འདིར་འཚོགས་སྐལ་ལྡན་སྐྱེས་བུ་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དེ་ནས་མཆོད་པ་བདུད་རྩི་བྱིན་བརླབ་ནི༔ ཨོཾ༔ སྨན་སྣོད་ཡེ་ཤེས་གཞལ་ཡས་ཁང༔ བཅུད་རྫས་ཤ་ལྔ་བདུད་རྩི་ལྔ༔ མདུན་མཁར་རིགས་ལྔ་ཡབ་ཡུམ་ནི༔ སྦྱོར་བའི་བྱང་སེམས་རྒྱུན་བབས་པས༔ སྨན་སྣོད་བདུད་རྩི་ལྔ་ལ་ཐིམ༔ རིགས་ལྔ་འོད་ཞུ་དབྱེར་མེད་འདྲེས༔ ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱི་ཋཱ༔ ལན་གསུམ༔ གཏོར་མ་བྱིན་བརླབ་ནི༔ ཨཱ༔ གཏོར་སྣོད་རིན་པོ་ཆེ་ཡི་ནང༔ གཏོར་མ་བདུད་རྩི་འདོད་ཡོན་ལྔ༔ དྲི་ལྔ་སྨན་ལྔ་སྤོད་ཀྱིས་བྲན༔ དཀར་དམར་ཐབས་ཤེས་རྒྱན་གྱིས་བརྒྱན༔ རི་རབ་གཏོས་དང་མཉམ་པ་ཡི༔ རྒྱལ་བ་མཉེས་པའི་བ་ལིཾ་ཏ༔ ཀུན་བཟང་མཆོད་པའི་སྤྲིན་དུ་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ༔ ལན་གསུམ༔ རཀྟ་བྱིན་བརླབ་ནི༔ ཧཱུྃ༔ བྷནྡྷ་ལྕང་ལོར་བཅས་པའི་ནང༔ དགྲ་བོའི་སྙིང་ཁྲག་ཝུ་ཕྲེང་འཁྲིགས༔ ནམ་མཁར་ལྷ་མོ་གཱིརྟི་དམར༔ བྷ་གར་རཀྟའི་རྒྱུན་འཛག་བབ༔ ཆགས་མེད་ཆགས་བྲལ་རཀྟའི་མཚོ༔ འཁོར་བའི་རྒྱུན་བཅད་རཀྟ་འདི༔ བདེ་སྐྱེད་ཤེས་རབ་རང་བཞིན་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ༔ མཆོད་རྫས་རྣམས་ལ་བདུད་རྩིས་བྲན་ལ༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ རིན་པོ་ཆེའི་སྣོད་དུ་མཆོད་ཡོན༔ མེ་ཏོག༔ བདུག་སྤོས༔ སྣང་གསལ༔ དྲི་ཆབ༔ ཞལ་ཟས༔ རོལ་མོ༔ དུང་ཆེན་གྱི་སྣོད་དུ་དབང་པོའི་མེ་ཏོག༔ གསུར་ཆེན་བདུག་སྤོས༔ ཞུན་ཆེན་སྣང་གསལ༔ བདུད་རྩི་ལྔ་ཡི་དྲི་ཆབ༔ མཱཾ་སའི་ཞལ་ཟས༔ ཐོད་རྔ་དང་རྐང་གླིང་གི་རོལ་མོ་རྣམས་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་ནམ་མཁའི་མཐའ་དང་མཉམ་པ་ཀུན་བཟང་མཆོད་པའི་སྤྲིན་དུ་གྱུར༔ ཨོཾ་བཛྲ་ཨརྒྷཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་ཨཱཿཧཱུྃ༔ བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་པཱུ་ཛ་ཧོ༔ དངོས་གཞི་ལྷ་བསྐྱེད་ཏིང་འཛིན་བསྒོམ༔ ཧཱུྃ༔ ཡེ་ནས་ཀ་དག་སྤྲོས་དང་བྲལ༔ མ་འགགས་སྙིང་རྗེའི་རང་རྩལ་ལས༔ འགག་མེད་རྒྱུ་ཡི་ཡི་གེ་ཧཱུྃ༔ སྐྱེ་བ་མེད་པའི་ཀློང་ཡངས་ནས༔ ནམ་མཁའ་ཀློང་ཡངས་མཐའ་དབུས་བརྡལ༔ རླུང་དཀྱིལ་རཀྟའི་རྒྱ་མཚོ་དང༔ གསེར་གྱི་ས་གཞི་རུས་པའི་རི༔ བསྐལ་པའི་མེ་དཔུང་འབར་བའི་ཀློང༔ ཆོས་དབྱིངས་ཡེ་ཤེས་དཀྱིལ་འཁོར་ཆེ༔ མཐིང་ནག་གྲུ་གསུམ་ཨེ་ཡི་ཀློང༔ བྷནྡྷ་སྐམ་རློན་འབར་བ་བརྩེགས༔ འཁོར་ལོ་རྩིབས་བཅུ་མུ་ཁྱུད་བཅས༔ ཕྱོགས་བཞིར་སྒོ་ཁྱམས་རྒྱན་བཀོད་རྫོགས༔ གྲུ་ཁྱད་མུ་རན་ཁོར་ཡུག་དང༔ དུར་ཁྲོད་ཆེན་པོ་བརྒྱད་དང་བཅས༔ པདྨ་རྡོར་ར་མེ་རིས་བསྐོར༔ རྡོ་རྗེ་བྲག་ཆེན་འབར་བས་གཏམས༔ ཨེ་དབྱིངས་ཉི་གདན་ཧཱུྃ་ཡིག་མཐིང༔ སྤྲོས་བསྡུས་བདག་ཉིད་ཧེ་རུ་ཀ༔ དབང་དྲག་ཀརྨ་ཐོད་ཕྲེང་རྩལ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཞབས་གཉིས་རུ་དྲ་ཕོ་མོ་བརྫིས༔ ཁྲོ་གཏུམ་ཁྲོས་རྔམ་དྲག་རྩལ་ལྡན༔ སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས༔ ཤངས་ནས་བསྐལ་རླུང་ཧཱུྃ་སྒྲ་ལྡིར༔ ཞལ་གདངས་ཕཊ་སྒྲས་སྲིད་གསུམ་སྔངས༔ མཆེ་གཙིགས་བསྟན་དགྲ་ཟས་སུ་རོལ༔ ལྗགས་དམར་གློག་འཁྱུག་ཐོག་སེར་འཕྲོས༔ དམ་སྲི་བགེགས་དཔུང་གཞོབ་ཐུལ་བསྲེགས༔ དབུ་སྐྲ་གྱེན་བརྫེས་ཐོད་སྐམ་བརྒྱན༔ སྐྲ་མཚམས་སྦྲུལ་ནག་ཆུན་པོས་བཅིངས༔ སྐྲ་གསེབ་ཁྲོ་ཆུང་ཚྭ་ཚྭ་འཕྲོ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ཕྱར༔ མཐའ་དམག་དུས་འཁྲུགས་གཡུལ་ངོ་ཟློག༔ གཡོན་པས་ལྕགས་སྡིག་ལས་ལ་འགྱེད༔ དམ་སྲི་དགྲ་བགེགས་སྙིང་ཁྲག་འཇིབ༔ ཕྱག་ཞབས་སྦྲུལ་གྱི་གདུ་བུས་བརྒྱན༔ གླང་ཆེན་ཀོ་བའི་སྟོད་གཡོགས་དང༔ མི་ལྤགས་གཡང་གཞིའི་སྐེད་དཀྲིས་དང༔ སྟག་ལྤགས་རློན་པའི་ཤམ་ཐབས་གསོལ༔ ཐོད་རློན་ལྔ་བཅུའི་དོ་ཤལ་འཕྱང༔ ཁྲག་ཐིག་ཞག་གི་ཟོ་རིས་དང༔ ཐལ་ཆེན་ཚོམ་བུ་རུས་པའི་རྒྱན༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས༔ བསྐལ་པའི་མེ་དཔུང་ཀློང་དུ་གསལ༔ སྤྱི་བོ་བདེ་ཆེན་འཁོར་ལོའི་དབུས༔ སྐུ་མཆོག་འཇམ་དཔལ་སྐུ་མདོག་ནག༔ རལ་གྲི་གཡས་ལ་པོ་ཏི་གཡོན༔ ཁྲོ་བོའི་ཆས་རྫོགས་ཞབས་བཙན་སྐྱིལ༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ཡི་བྱིན་རླབས་ནུས་མཐུ་བསྡུས༔ མགྲིན་པ་ལོངས་སྤྱོད་འཁོར་ལོའི་དབུས༔ གསུང་མཆོག་རྟ་མགྲིན་སྐུ་མདོག་ནག༔ རལ་གྲི་གཡས་ལ་ལྕགས་ཀྱུ་གཡོན༔ ཞབས་གཉིས་འདོར་ཐབས་བཞེངས་སྟབས་བཞུགས༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས༔ གསུང་གི་བྱིན་རླབས་ནུས་མཐུ་བསྡུས༔ སྙིང་ཁ་ཆོས་ཀྱི་འཁོར་ལོའི་དབུས༔ ཐུགས་མཆོག་ཕྱག་ན་རྡོ་རྗེ་མཐིང༔ རྡོ་རྗེ་གཡས་ལ་སྡིགས་མཛུབ་གཡོན༔ ཁྲོས་རྔམ་ཞབས་གཉིས་བརྐྱང་བསྐུམ་བཞུགས༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་བྱིན་རླབས་ནུས་མཐུ་བསྡུས༔ ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས༔ ཡོན་ཏན་མཁའ་འགྲོ་ཁྲོས་མ་ནག༔ གྲི་གུག་གཡས་ལ་ཐོད་ཁྲག་གཡོན༔ ཁ་ཊྭཱཾ་མཆན་བཅུག་ཞབས་གར་སྟབས༔ རིགས་བཞི་མཁའ་འགྲོ་འཁོར་དང་བཅས༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི༔ ཡོན་ཏན་བྱིན་རླབས་ནུས་མཐུ་བསྡུས༔ གསང་བ་བདེ་སྐྱོང་འཁོར་ལོའི་དབུས༔ ཕྲིན་ལས་ཕུར་པ་སྐུ་མདོག་མཐིང༔ ཕུར་པ་གཡས་ལ་སྡིགས་མཛུབ་གཡོན༔ ཁྲོ་ཆས་ཡོངས་རྫོགས་ཞབས་འདོར་ཐབས༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་བྱིན་རླབས་ནུས་མཐུ་བསྡུས༔ དེ་ལྟར་ལུས་དཀྱིལ་ལྷ་ཚོགས་རྣམས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ བྱིན་རླབས་ནུས་མཐུ་གཟི་བརྗིད་འབར༔ སྣང་སྟོང་འཇའ་ཚོན་ལྟ་བུར་བསྐྱེད༔ ཕྱི་རོལ་འཁོར་ལོ་རྩིབས་བཞིའི་སྟེང༔ གཡས་སུ་ཡཀྴ་མེ་དབལ་སྨུག༔ ཕྱག་གཡས་ཐོ་བས་དམ་སྲི་འཇོམས༔ གཡོན་པས་ལྕགས་ཀྱུས་དགྲ་བགེགས་འགུགས༔ དྲག་གཏུམ་ཁྲོས་རྔམ་ཁྲོ་ཆས་རྫོགས༔ རྒྱབ་ཏུ་ཐང་ལྷ་རྡོ་རྗེ་འབར༔ མཐིང་ནག་ཕྱག་གཡས་རལ་གྲི་ཡིས༔ རྒྱལ་འགོང་དམ་སྲིའི་སྲོག་རྩ་གཅོད༔ གཡོན་པས་དགྲ་བོའི་ཙིཏྟ་གསོལ༔ ཁྲོ་གཏུམ་འཇིགས་རུང་རྟ་ནག་ཞོན༔ གཡོན་དུ་ཁྲོས་མ་ནག་མོ་མཐིང༔ ཕྱག་གཡས་གྲི་གུག་ནམ་མཁར་ཕྱར༔ དམ་ཉམས་བསྟན་དགྲའི་སྲོག་རྩ་གཅོད༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས༔ བཀའ་འདས་དམ་སྲིའི་སྙིང་ཁྲག་འཐུང༔ ཁ་ཊྭཱཾ་མཆན་བཅུག་སྲིད་གསུམ་འདུལ༔ ཁྲོ་མོའི་ཆས་རྫོགས་གར་ཐབས་རོལ༔ མདུན་དུ་ལྕགས་སྡིག་ཁྲོ་གཏུམ་རྔམ༔ མགོ་དགུས་རྒྱལ་འགོང་དམ་སྲི་ཟ༔ རྭ་རྩེར་བསྐལ་པའི་མེ་དཔུང་འབར༔ བགེགས་ཚོགས་ཐལ་བ་རྡུལ་བཞིན་བསྲེགས༔ གཉེར་མར་དུག་གི་རླངས་པ་འཐུལ༔ སྡང་མིག་ནད་བདག་ཟིལ་གྱིས་གནོན༔ ཞེ་སྡང་མེ་ལྟར་འབར་བར་བསྐྱེད༔ དབུ་གཙུག་རིགས་བདག་བྱ་ཁྱུང་ནག༔ རལ་གྲིའི་གཤོག་པ་སྤུ་གྲིའི་མཇུག༔ སྒྲོ་ཆུང་ཐི་འུ་ཐི་ཕྲན་ལ༔ ཐོག་ཞུགས་མཚོན་ཆ་མེ་ལྟར་འབར༔ རྭ་རྩེ་བསྐལ་པའི་མེ་ལྟར་འབར༔ དབུ་གཙུག་ཡིད་བཞིན་ནོར་བུས་བརྒྱན༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ཕྱར༔ གཡོན་པས་དུག་སྦྲུལ་ཞལ་དུ་གསོལ༔ སྲིད་གསུམ་ཟིལ་གྱིས་གནོན་པར་བསྐྱེད༔ དེ་སྟེང་པད་ཟླ་འཇའ་ཟེར་ཀློང༔ གུ་རུ་ཐོད་ཕྲེང་སྡེ་ལྔ་གསལ༔ ཕྱི་རོལ་འཁོར་ལོ་རྩིབས་བཅུའི་སྟེང༔ སྟེང་དུ་ཧཱུྃ་དཀར་སྒྲ་འབྱིན་མ༔ ཤར་དུ་རྣམ་རྒྱལ་སྙེམས་མ་དང༔ ཤར་ལྷོར་དབྱུག་སྔོན་སྡེར་མོ་དང༔ ལྷོ་རུ་གཤིན་རྗེ་དུར་ཁྲོད་བདག༔ ལྷོ་ནུབ་མི་གཡོ་གཏུན་ཁུང་མ༔ ནུབ་ཏུ་རྟ་མགྲིན་རྡོ་རྗེ་གཏུམ༔ ནུབ་བྱང་འདོད་རྒྱལ་མདའ་སྙེམས་མ༔ བྱང་ཕྱོགས་བདུད་རྩི་རླུང་འབྱིན་མ༔ བྱང་ཤར་ཁམས་གསུམ་གསོད་བྱེད་མ༔ འོག་ཕྱོགས་སྟོབས་ཆེན་སྐུལ་བྱེད་མ༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ མ་འདྲེས་ཡོངས་རྫོགས་གསལ་བར་བསྒོམ༔ ཤར་སྒོར་སྟག་གདོང་ལྕགས་ཀྱུ་དཀར༔ ལྷོ་སྒོར་ཕག་གདོང་ཞགས་པ་སེར༔ ནུབ་སྒོར་སེང་གདོང་ལྕགས་སྒྲོག་དམར༔ བྱང་སྒོར་སྤྱང་གདོང་དྲིལ་བུ་ལྗང༔ ཕོ་ཉ་ལས་མཁན་གཏེར་སྲུང་བཅས༔ དཀྱིལ་འཁོར་ལྷ་ཚོགས་གསལ་བར་གྱུར༔ བདག་མདུན་ལྷ་ཚོགས་ཐུགས་ཀ་ནས༔ འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས༔ རྔ་ཡབ་ཟངས་མདོག་དཔལ་རི་ནས༔ བསྒོམས་པ་ལྟ་བུའི་ལྷ་ཚོགས་རྣམས༔ སྤྲིན་ཆེན་རླུང་གིས་བསྐྱོད་པ་ལྟར༔ སྒྲུབ་པའི་གནས་འདིར་སྤྱན་དྲངས་གྱུར༔ ཨོཾ་བཛྲ་ས་མ་ཡ་ཛཿཛ༔ ཧཱུྃ་ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ དྷ་ན་ཀོ་ཥའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ལན་བདུན་བརྗོད༔ སྤོས་བསྲེག་རོལ་མོ་སྙན་པའི་དབྱངས༔ དད་མོས་དྲག་པོས་སྤྱན་འདྲེན་ནོ༔ ཧཱུྃ༔ འདི་ནས་ཉི་མ་ལྷོ་ནུབ་མཚམས་ཤེད་ན༔ རྔ་ཡབ་གླིང་ཡུལ་ཟངས་མདོག་དཔལ་རིའི་རྩེར༔ པདྨ་འོད་ཀྱི་གཞལ་ཡས་དམ་པ་ནས༔ རཀྴ་མི་ཟན་ཆོས་ལ་འགོད་པའི་རྒྱལ༔ ཐོད་ཕྲེང་རྩལ་ཆེན་སངས་རྒྱས་ཐོད་པ་རྩལ༔ ཧེ་རུ་ཀ་དཔལ་གུ་རུ་དྲག་པོ་ནི༔ བདུད་འདུལ་ཀརྨ་དྲག་པོ་གཤེགས་སུ་གསོལ༔ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དང༔ ཆོས་སྐྱོང་དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ༔ གཏེར་བདག་གཏེར་སྲུང་དྲག་པོ་འཁོར་དང་བཅས༔ ལྷ་ཚོགས་གཙོ་འཁོར་བཀའ་སྡོད་ཕོ་ཉ་རྣམས༔ མ་ཐོགས་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཆོས་དབྱིངས་སྐྱེ་མེད་ཀློང་ལས་སྐུར་བཞེངས་ལ༔ འགག་མེད་ལོངས་སྐུའི་ཆོ་འཕྲུལ་སྣ་ཚོགས་སྟོན༔ གང་འདུལ་སྤྲུལ་སྐུས་འགྲོ་བའི་དོན་མཛད་ཕྱིར༔ སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ རྣལ་འབྱོར་བྱིན་གྱིས་བརླབ་ཕྱིར་གཤེགས༴ འགྲོ་དྲུག་སེམས་ཅན་འདྲེན་ཕྱིར་གཤེགས༴ འཁོར་བ་དོང་ནས་སྤྲུགས་ཕྱིར་གཤེགས་སུ་གསོལ༔ སྣང་སྲིད་ཟིལ་གནོན་གུ་རུ་པདྨ་འབྱུང༔ བླ་མ་རིག་འཛིན་གྲུབ་ཐོབ་རྒྱ་མཚོ་རྣམས༔ མོས་གུས་གདུང་བས་སྤྱན་འདྲེན་གཤེགས་སུ་གསོལ༔ ཡི་དམ་བདུད་འདུལ་དྲག་པོ་ཐོད་ཕྲེང་རྩལ༔ སྐུ་མཆོག་འཇམ་དཔལ་གསུང་མཆོག་རྟ་མགྲིན་དང༔ ཐུགས་མཆོག་ཕྱག་རྡོར་ཡོན་ཏན་བྷ་ར་ཧི༔ ཕྲིན་ལས་ཕུར་པའི་ལྷ་ཚོགས་གཤེགས་སུ་གསོལ༔ ཡཀྴ་མེ་དབལ་ཁྲོས་ནག་ཐང་ལྷ་དང༔ ལྕགས་སྡིག་ཁྲོས་པ་བྱ་ཁྱུང་ག་རུ་ཊ༔ ཁྲོ་བཅུ་སྒོ་སྲུང་འཁོར་བཅས་གཤེགས་སུ་གསོལ༔ དྲེགས་པ་སྡེ་བརྒྱད་འདུལ་ཕྱིར་གཤེགས༴ རྒྱལ་བསེན་དམ་སྲི་འདུལ་ཕྱིར་གཤེགས༴ མཐའ་དམག་དུས་འཁྲུག་འདུལ་ཕྱིར་གཤེགས༴ ནད་མཚོན་མུ་གེ་འདུལ་ཕྱིར་གཤེགས༴ རུ་དྲ་དམ་ལོག་འདུལ་ཕྱིར་གཤེགས༴ བསྟན་དགྲ་སྒོས་དགྲ་འདུལ་ཕྱིར་གཤེགས༴ སྙིགས་དུས་འགྲོ་ལ་ཐུགས་རྗེས་བརྩེར་དགོངས་ལ༔ སྐད་ཅིག་ཉིད་ལ་གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ འདིར་བཤམས་པདྨ་ཉི་ཟླ་དང༔ བམ་རོ་རུ་དྲ་ཕོ་མོའི་ཁྲིར༔ དབང་དྲག་ལྷ་ཚོགས་བཞུགས་སུ་གསོལ༔ བདག་མདུན་དམ་ཡེ་དབྱེར་མེད་གྱུར༔ ས་མ་ཡ་ཏིཥྛ་ལྷན༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ དྲག་པོ་མཐིང་ནག་ལྷ་ཚོགས་ལ༔ མཆོད་ཡོན་ཞབས་བསིལ་མེ་ཏོག་དང༔ བདུག་སྤོས་སྣང་གསལ་དྲི་ཆབ་དང༔ ཞལ་ཟས་རོལ་མོའི་མཆོད་པ་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ བདེ་སྟོང་གསང་བའི་མཆོད་པ་འབུལ༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་མུ་དྲ་སརྦ་པཱུ་ཛ་ཨཱཿཧཱུྃ༔ དྲག་པོའི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ དྲག་པོ་མཐིང་ནག་ལྷ་ཚོགས་ལ༔ ཐུགས་དམ་གནད་ནས་བསྐུལ་བའི་ཕྱིར༔ འཇིག་རྟེན་ཁམས་ཀྱི་བསྟན་དགྲ་ཀུན༔ བསྒྲལ་པའི་སྙིང་ཁྲག་ཨརྒྷཾ་འདི༔ བདུད་འདུལ་དབང་དྲག་ལྷ་ལ་འབུལ༔ དགྲ་བགེགས་བསྒྲལ་ཕྱིར་བཞེས་སུ་གསོལ༔ འཇིག་རྟེན་ཁམས་ཀྱི་བསྟན་དགྲ་ཀུན༔ བསྒྲལ་པའི་དབང་པོའི་མེ་ཏོག་འདི༔ བདུད་འདུལ་དབང་དྲག་ལྷ་ལ་འབུལ༔ དགྲ་བགེགས་བསྒྲལ་ཕྱིར་བཞེས་སུ་གསོལ༔ འཇིག་རྟེན་ཁམས་ཀྱི་བསྟན་དགྲ་ཀུན༔ བསྒྲལ་པའི་ཚིལ་ཆེན་བདུག་སྤོས་འདི༔ བདུད་འདུལ་དབང་དྲག་ལྷ་ལ་འབུལ༔ དགྲ་བགེགས་བསྒྲལ་ཕྱིར་བཞེས་སུ་གསོལ༔ འཇིག་རྟེན་ཁམས་ཀྱི་བསྟན་དགྲ་ཀུན༔ བསྒྲལ་པའི་ཞུན་ཆེན་མར་མེ་འདི༔ བདུད་འདུལ་དབང་དྲག་ལྷ་ལ་འབུལ༔ དགྲ་བགེགས་བསྒྲལ་ཕྱིར་བཞེས་སུ་གསོལ༔ འཇིག་རྟེན་ཁམས་ཀྱི་བསྟན་དགྲ་ཀུན༔ བསྒྲལ་པའི་ཞག་གི་དྲི་ཆབ་འདི༔ བདུད་འདུལ་དབང་དྲག་ལྷ་ལ་འབུལ༔ དགྲ་བགེགས་བསྒྲལ་ཕྱིར་བཞེས་སུ་གསོལ༔ འཇིག་རྟེན་ཁམས་ཀྱི་བསྟན་དགྲ་ཀུན༔ བསྒྲལ་པའི་ཤ་ཆེན་ཞལ་ཟས་འདི༔ བདུད་འདུལ་དབང་དྲག་ལྷ་ལ་འབུལ༔ དགྲ་བགེགས་བསྒྲལ་ཕྱིར་བཞེས་སུ་གསོལ༔ འཇིག་རྟེན་ཁམས་ཀྱི་བསྟན་དགྲ་ཀུན༔ བསྒྲལ་པའི་རྐང་ཆེན་གླིང་བུ་འདི༔ བདུད་འདུལ་དབང་དྲག་ལྷ་ལ་འབུལ༔ དགྲ་བགེགས་བསྒྲལ་ཕྱིར་བཞེས་སུ་གསོལ༔ བཞེས་ནས་མངོན་སྤྱོད་ཕྲིན་ལས་མཛོད༔ མཆོག་ཐུན་ལས་བཞིའི་དངོས་གྲུབ་སྩོལ༔ ནང་མཆོད་སྨན་མཆོད་འབུལ་བ་ནི༔ ཧཱུྃ༔ རྣམ་དག་བྷནྡྷ་མཚན་ལྡན་ནང༔ དུག་ལྔ་རྣམ་དག་བདུད་རྩི་ལྔ༔ ཡེ་ཤེས་བདུད་རྩིའི་སྨན་མཆོད་འདིས༔ རྩ་གསུམ་དབང་དྲག་ལྷ་ཚོགས་མཆོད༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཁ་ཁ་ཁཱ་ཧི༔ ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུ་སརྦ་པཉྩ་ཨ་མྲྀཏ་ལ་ཁཱ་ཧི༔ ལོངས་སྐུ་སྤྱན་རས་གཟིགས་དབང་ཞལ་དུ༴ སྤྲུལ་སྐུ་པདྨ་འབྱུང་གནས་ཞལ་དུ༴ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞལ་དུ༴ ལྷ་སྲས་མུ་ཁྲི་བཙན་པོའི་ཞལ་དུ༴ རིག་འཛིན་མི་འགྱུར་རྡོ་རྗེའི་ཞལ་དུ༴ རིག་འཛིན་ཆོས་རྒྱལ་རྡོ་རྗེའི་ཞལ་དུ༴ བཀའ་བབས་ཆོས་བདག་སྐྱེས་བུའི་ཞལ་དུ༴ དྲིན་ཆེན་རྩ་བའི་བླ་མའི་ཞལ་དུ༴ ཡི་དམ་གུ་རུ་དྲག་པོའི་ཞལ་དུ༴ སྐུ་མཆོག་འཇམ་དཔལ་ནག་པོའི་ཞལ་དུ༴ གསུང་མཆོག་རྟ་མགྲིན་ནག་པོའི་ཞལ་དུ༴ ཐུགས་མཆོག་ཕྱག་ན་རྡོ་རྗེའི་ཞལ་དུ༴ ཡོན་ཏན་ཁྲོས་མ་ནག་མོའི་ཞལ་དུ༴ ཕྲིན་ལས་ཕུར་པའི་ལྷ་ཚོགས་ཞལ་དུ༴ རིགས་བདག་བྱ་ཁྱུང་ནག་པོའིཞལ་དུ༴ འཁོར་དང་ཁྲོ་བཅུ་སྒོ་སྲུང་ཕོ་ཉའི་ཞལ་དུ༴ བཀའ་སྲུང་ཆོས་སྐྱོང་དམ་ཅན་རྒྱ་མཚོ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀཏ་ལ་ཁཱ་ཧི༔ དེ་ནས་གཏོར་མ་འབུལ་བ་ནི༔ ཧཱུྃ༔ གཏོར་སྣོད་རིན་པོ་ཆེ་ཡི་ནང༔ གཏོར་མ་འདོད་པའི་ཡོན་ཏན་ལྔ༔ ལྷ་ཚོགས་དགྱེས་པའི་གཏོར་ཆེན་འདི༔ དབང་དྲག་ལྷ་ཚོགས་རྣམས་ལ་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི༔ དེ་ནས་རཀྟ་འབུལ་བ་ནི༔ ཧཱུྃ༔ རུ་དྲ་བསྒྲལ་པའི་ཐོད་རློན་ནང༔ དགྲ་བགེགས་བསྒྲལ་པའི་སྙིང་ཁྲག་མཚོ༔ དམར་ཆེན་ལྦུ་ཕྲེང་རི་ལྟར་འཁྲིགས༔ དབང་དྲག་ལྷ་ཚོགས་རྣམས་ལ་འབུལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཁཱ་ཧི༔ གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི༔ ཧཱུྃ༔ རང་རིག་རང་བྱུང་ཡེ་ནས་ལྷ༔ མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུན༔ ཐམས་ཅད་ཆོས་དབྱིངས་སྤྲོས་དང་བྲལ༔ འཛིན་མེད་བློ་འདས་ཡེ་མཆོད་འབུལ༔ ཨ་དྷརྨཱ་དྷཱ་ཏུ་ཨ༔ བཤགས་པ་ནི༔ ཧཱུྃ༔ མ་རྟོགས་ཉོན་མོངས་དབང་གྱུར་པས༔ མཆོད་གཏོར་ཆུང་དང་རྫས་མ་འཛོམ༔ ལེ་ལོ་སྙོམ་ལས་དབང་གྱུར་པས༔ རྩ་བ་ཡན་ལག་དམ་ཚིག་ལ༔ ཉམས་ཆག་སྐྱོན་གྱིས་གོས་པ་བཤགས༔ ལྷ་སྔགས་ཏིང་འཛིན་གཡེལ་ལ་སོགས༔ མཆོད་གཏོར་ལོ་ཟླ་འགྱང་བ་དང༔ འབག་བཙོག་དྲི་མས་གོས་པ་བཤགས༔ ཚེ་འདིའི་རྐྱེན་དུ་མི་འགྱུར་ཞིང༔ ཕྱི་མར་སྒྲིབ་པར་མི་འགྱུར་བར༔ ཡེ་ཤེས་ལྷ་ཚོགས་སྤྱན་སྔར་བཤགས༔ བྱང་དག་ཚངས་པའི་དངོས་གྲུབ་སྩོལ༔ བསྟོད་པ་ནི༔ ཧཱུྃ༔ བདེ་ཆེན་མི་འགྱུར་ཆོས་དབྱིངས་ཞིང་ཁམས་ནས༔ མ་འགགས་རང་ཤར་ཀརྨ་དྲག་པོ་རྩལ༔ བདེ་གཤེགས་ཀུན་འདུས་བདུད་འདུལ་ཐོད་ཕྲེང་རྩལ༔ སྐུ་མདོག་མཐིང་ནག་ཆར་སྤྲིན་འཁྲིགས་པ་ལྟར༔ ཁྲོ་བོའི་ཆས་རྫོགས་རྔམ་པའི་ང་རོ་སྒྲོག༔ ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་སྤྱན་གསུམ་ལྡན༔ རལ་པ་གྱེན་བརྗེས་སྦྲུལ་དང་ཐོད་སྐམ་བརྒྱན༔ སྲིད་གསུམ་ཟིལ་གནོན་ཁྱོད་ལ་ཕྱག་འཚལ་བསྟོད༔ ཕྱག་གཡས་གནམ་ལྕགས་རྡོ་རྗེས་མཐའ་དམག་ཟློག༔ གཡོན་པས་ལྕགས་སྡིག་དམ་སྲིའི་སྙིང་ཁྲག་འཐུང༔ ཞབས་གཉིས་འདོར་ཐབས་རུ་དྲ་ཕོ་མོ་མནན༔ སྐུ་ལ་མེ་འབར་ཁྲོ་ཚོགས་མཚོན་ཆ་འཕྲོ༔ ཐེག་ཆེན་སྟོབས་ལྡན་གླང་ཆེན་སྟོད་གཡོགས་དང༔ མི་རྟག་བརྡ་དོན་གཡང་གཞིའི་སྐེད་དཀྲིས་དང༔ དྲེགས་པ་དབང་སྡུད་སྟག་ལྤགས་ཤམ་ཐབས་གསོལ༔ ཀླུ་རྣམས་འདུལ་ཕྱིར་སྦྲུལ་རིགས་ལྔ་ཡིས་བརྒྱན༔ མ་རུངས་ཚར་གཅོད་གུ་རུ་དྲག་པོ་རྩལ༔ ལྷ་སྲིན་སྡེ་བརྒྱད་འདུལ་ལ་ཕྱག་འཚལ་བསྟོད༔ སྤྱི་བོར་བྱ་ཁྱུང་རྒྱལ་པོ་ག་རུ་ཌ༔ རབ་ཁྲོས་མཐིང་ནག་རལ་གྲིའི་གཤོག་པ་གདེངས༔ སྤུ་གྲིའི་མཇུག་མ་ཐིལ་ཕྲན་མཚོན་ཆའི་ཆར༔ གནམ་ལྕགས་རྭ་བར་ཡིད་བཞིན་ནོར་བུས་བརྒྱན༔ སྤྱན་གསུམ་སྡང་མིག་སྲིད་གསུམ་ཟིལ་གྱིས་མནན༔ ཕྱག་གཡས་རྡོ་རྗེས་ལྷ་སྲིན་སྡེ་བརྒྱད་འདུལ༔ གཡོན་པས་སྦྲུལ་ནག་ཀླུ་གདོན་ཞལ་དུ་གསོལ༔ སྟོབས་ཆེན་མཁའ་ལྡིང་ཁྱོད་ལ་ཕྱག་འཚལ་བསྟོད༔ མདུན་དུ་ལྕགས་སྡིག་ནག་པོ་ལས་ལ་འགྱེད༔ མགོ་དགུ་བཅོ་བརྒྱད་རྭ་ལ་མེ་དཔུང་དང༔ ཁ་གདངས་མཆེ་གཙིགས་ཞེ་སྡང་མེ་ལྟར་འབར༔ རྒྱལ་འགོང་དམ་སྲི་བསྒྲལ་ཞིང་སྙིང་ཁྲག་འཐུང༔ སྟོབས་ལྡན་སྡིག་རྒོད་ནག་པོར་ཕྱག་འཚལ་བསྟོད༔ གཡས་སུ་ཡཀྴ་མེ་དབལ་སྐུ་མདོག་སྨུག༔ ཞལ་གཅིག་ཁྲོས་རྔམ་ཕྱག་གཡས་ཐོ་བ་དང༔ དགྲ་བགེགས་དམ་སྲི་ཐལ་བ་རྡུལ་དུ་རློག༔ གཡོན་པ་ལྕགས་ཀྱུས་དགྲ་བོའི་སྙིང་ནས་འདྲེན༔ ཁྲོ་ཆེན་འབར་བ་ཁྱོད་ལ་ཕྱག་འཚལ་བསྟོད༔ རྒྱབ་ཏུ་ཐང་ལྷ་རྡོ་རྗེ་འབར་བ་ནག༔ རྟ་ནག་ཞོན་ནས་གླིང་བཞི་ཡུད་ཀྱིས་ཉུལ༔ ཁྲོ་གཏུམ་ཞལ་གཅིག་ཕྱག་གཡས་རལ་གྲི་ཡིས༔ དགྲ་བོའི་སྲོག་གཅོད་གཡོན་པས་ཙིཏྟ་གསོལ༔ བསྟན་དགྲའི་སྲོག་གཅོད་ཤན་པ་ཁྱོད་ལ་བསྟོད༔ གཡོན་དུ་ཁྲོས་མ་ནག་མོ་ནི༔ ཁྲོ་ཆས་ཡོངས་རྫོགས་གར་སྟབས་སྒྱུར༔ ཕྱག་གཡས་གྲི་གུག་ཐོད་ཁྲག་འཛིན༔ ཁ་ཊྭཱཾ་འཁྱུད་ཅིང་ལོག་འདྲེན་འདུལ༔ ཁམས་གསུམ་དབང་སྡུད་ཁྲོས་མར་ཕྱག་འཚལ་བསྟོད༔ སྟེང་འོག་ཕྱོགས་མཚམས་ཁྲོ་རྒྱལ་ཆེན་པོ་བཅུ༔ སྐུ་མདོག་སྣ་ཚོགས་ཕྱག་མཚན་ཕུར་པ་འདྲིལ༔ ཕྱོགས་བཅུའི་བགེགས་དཔུང་འཇོམས་མཛད་མཐུ་བོ་ཆེ༔ འཁོར་དང་ཡང་འཁོར་སྤྲུལ་པ་ཟ་གསོད་བཅས༔ དགྲ་བགེགས་འཇོམས་མཛད་ཁྱོད་ལ་ཕྱག་འཚལ་བསྟོད༔ ཤར་ལྷོ་ནུབ་བྱང་སྒོ་བཞི་སྲུང་མཛད་པའི༔ སྟག་གདོང་ཕག་གདོང་སེང་གདོང་སྤྱང་གདོང་བཞི༔ ལས་བཞིའི་མདོག་མཚུངས་ལྕགས་ཞགས་སྒྲོག་དྲིལ་འཛིན༔ ཕྲིན་ལས་བཞི་སྒྲུབ་ཕྱོགས་བཞིའི་དགྲ་དཔུང་འཇོམས༔ སྒོ་སྲུང་ཁྲོ་མོ་བཞི་ལ་ཕྱག་འཚལ་བསྟོད༔ དེ་ལྟར་དབང་དྲག་རོལ་པའི་དཀྱིལ་འཁོར་གྱི༔ བཀའ་སྲུང་དམ་ཅན་ཆོས་སྐྱོང་རྒྱ་མཚོ་དང༔ གཏེར་སྲུང་གཏེར་བདག་ཕོ་ཉ་ལས་མཁན་བཅས༔ ལྷ་ཚོགས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཁྱེད་རྣམས་མཆོད་བསྟོད་གསོལ་བ་བཏབ་པའི་མཐུས༔ སངས་རྒྱས་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད༔ དམ་ཆོས་ཕྱོགས་བཅུར་རྒྱས་པའི་ཕྲིན་ལས་མཛོད༔ དགེ་འདུན་དབུ་འཕང་མཐོ་བའི་ཕྲིན་ལས་མཛོད༔ གསང་སྔགས་ཟབ་གཏེར་སྤེལ་བའི་ཕྲིན་ལས་མཛོད༔ སྨིན་གྲོལ་འགྲོ་དོན་ལྷུན་གྲུབ་ཕྲིན་ལས་མཛོད༔ བསྐྱེད་རྫོགས་བརྟན་པ་ཐོབ་པའི་ཕྲིན་ལས་མཛོད༔ བསྙེན་སྒྲུབ་མཐའ་རུ་ཕྱིན་པའི་ཕྲིན་ལས་མཛོད༔ རང་སེམས་ཆོས་སྐུར་རྟོགས་པའི་ཕྲིན་ལས་མཛོད༔ འཇའ་ལུས་མཁའ་སྤྱོད་འགྲུབ་པའི་དངོས་གྲུབ་སྩོལ༔ དེ་ནས་འཛབ་བཟླས་བྱ་བ་ལ་འཛབ་བསྐུལ་བྱིན་འབེབ་ནི༔ ཧཱུྃ་ཧྲཱི༔ རང་ཉིད་གུ་རུ་དྲག་པོ་ཡི༔ སྤྱི་བོར་ཐོད་ཕྲེང་སྡེ་ལྔ་ལ༔ བཀའ་བརྒྱུད་བླ་མ་རིག་འཛིན་རྣམས༔ དབང་ལྷ་སྤྱན་དྲངས་དབང་བསྐུར་སྩོལ༔ ཧྲཱི༔ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ ཆོས་སྐུ་སྣང་བ་མཐའ་ཡས་ལ༔ མོས་གུས་གདུང་བས་གསོལ་བ་འདེབས༔ བདག་ལ་དབང་སྐུར་བྱིན་གྱིས་རློབས༔ རི་བོ་པོ་ཊའི་ཞིང་ཁམས་ནས༔ ལོངས་སྐུ་སྤྱན་རས་གཟིགས་དབང་ལ༔ མོས་གུས་གདུང་བས་གསོལ་བ་འདེབས༔ བདག་ལ་དབང་སྐུར་བྱིན་གྱིས་རློབས༔ པདྨ་འོད་ཀྱི་ཞིང་ཁམས་ནས༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ༔ མོས་གུས་གདུང་བས་གསོལ་བ་འདེབས༔ བདག་ལ་དབང་སྐུར་བྱིན་གྱིས་རློབས༔ ཨོ་རྒྱན་མཁའ་འགྲོའི་ཚོགས་ཁང་ནས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༔ མོས་གུས་གདུང་བས་གསོལ༴ བདག་ལ་དབང་སྐུར་བྱིན༴ ཟན་ཡང་ལྷུན་གྲུབ་གཙུག་ལག་ནས༔ ལྷ་སྲས་མུ་ཁྲི་བཙན་པོ་ལ༔ མོས་གུས་གདུང་བས་གསོལ༴ བདག་ལ་དབང་སྐུར་བྱིན༴ སེང་གེ་རྫོང་གི་གཏེར་གནས་ནས༔ རིག་འཛིན་མི་འགྱུར་རྡོ་རྗེ་ལ༔ མོས་གུས་གདུང་བས་གསོལ༴ བདག་ལ་དབང་སྐུར་བྱིན༴ རྡོ་རྗེ་ཁྱུང་རྫོང་གཏེར་གནས་སུ༔ རིག་འཛིན་ཆོས་རྒྱལ་རྡོ་རྗེ་ལ༔ མོས་གུས་གདུང་བས་གསོལ༴ བདག་ལ་དབང་སྐུར་བྱིན༴ གར་བཞུགས་ཆོས་སྐུའི་ཞིང་ཁམས་ནས༔ བཀའ་བབས་ཆོས་བདག་སྐྱེས་བུ་ལ༔ མོས་གུས་གདུང་བས་གསོལ༴ བདག་ལ་དབང་སྐུར་བྱིན༴ གཏི་མུག་རྣམ་དག་ཞིང་ཁམས་སུ༔ སྐུ་མཆོག་བུདྡྷ་ཐོད་ཕྲེང་རྩལ༔ མོས་གུས་གདུང་བས་གསོལ༴ བདག་ལ་དབང་སྐུར་བྱིན༴ ཞེ་སྡང་རྣམ་དག་ཞིང་ཁམས་སུ༔ ཐུགས་མཆོག་བཛྲ་ཐོད་ཕྲེང་རྩལ༔ མོས་གུས་གདུང་བས་གསོལ༴ བདག་ལ་དབང་སྐུར་བྱིན༴ ང་རྒྱལ་རྣམ་དག་ཞིང་ཁམས་སུ༔ ཡོན་ཏན་རཏྣ་ཐོད་ཕྲེང་རྩལ༔ མོས་གུས་གདུང་བས་གསོལ༴ བདག་ལ་དབང་སྐུར་བྱིན༴ འདོད་ཆགས་རྣམ་དག་ཞིང་ཁམས་སུ༔ གསུང་མཆོག་པདྨ་ཐོད་ཕྲེང་རྩལ༔ མོས་གུས་གདུང་བས་གསོལ༴ བདག་ལ་དབང་སྐུར་བྱིན༴ ཕྲག་དོག་རྣམ་དག་ཞིང་ཁམས་སུ༔ ཕྲིན་ལས་ཀརྨ་ཐོད་ཕྲེང་རྩལ༔ མོས་གུས་གདུང་བས་གསོལ༴ བདག་ལ་དབང་སྐུར་བྱིན༴ སྤྱི་གཙུག་པདྨའི་གདན་སྟེང་དུ༔ དྲིན་ཆེན་རྩ་བའི་བླ་མ་ལ༔ མོས་གུས་གདུང་བས་གསོལ༴ བདག་ལ་དབང་སྐུར་བྱིན༴ བདུད་འདུལ་དབང་དྲག་དཀྱིལ་འཁོར་ནས༔ ཡི་དམ་གུ་རུ་དྲག་པོ་ལ༔ མོས་གུས་གདུང་བས་གསོལ༴ བདག་ལ་དབང་སྐུར་བྱིན༴ སྐུ་ལྔ་ཡེ་ཤེས་དཀྱིལ་འཁོར་ནས༔ གོ་ཆའི་ལྷ་ལྔ་ཐམས་ཅད་ལ༔ མོས་གུས་གདུང་བས་གསོལ༴ བདག་ལ་དབང་སྐུར་བྱིན༴ མཆོག་དང་ཐུན་མོང་ཕོ་བྲང་ནས༔ ཆོས་སྐྱོང་དམ་ཅན་རྒྱ་མཚོ་ལ༔ མོས་གུས་གདུང་བས་གསོལ་བ་འདེབས༔ བདག་ལ་དབང་སྐུར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་ཨརྩིག་སོགས་ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ འཛབ་ཁང་དབྱེ་བ་ནི༔ ཧཱུྃ༔ ཐུགས་དམ་མཆོག་གི་དཀྱིལ་འཁོར་འདིར༔ གསང་བ་ཡེ་ཤེས་སྒོ་ཕྱེས་ལ༔ དབང་དང་དངོས་གྲུབ་འབྱུང་བའི་ཕྱིར༔ སྙིང་པོ་འཛབ་ཀྱིས་ཐུགས་རྒྱུད་བསྐུལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ འཛབ་དམིགས་ནི༔ རང་ཉིད་གུ་རུ་དྲག་པོར་གསལ་བའི་ཐུགས་ཀར་ཕྱག་ན་རྡོ་རྗེ༔ དེའི་ཐུགས་ཀར་ཉི་གདན་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཚོན་གང་གི་ལྟེ་བར་ཧཱུྃ་མཐིང་གས་མཚན་པའི་མཐའ་མར་སྔགས་ཕྲེང་སྔོན་པོ་གཡོན་དུ་བཀོད་པ་གཡས་སུ་འཁོར་བ་ལས༔ འོད་ཟེར་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་གང་བར་འཕྲོས༔ སངས་རྒྱས་བྱང་སེམས་མཆོད༔ བྱིན་རླབས་བསྡུས་ཏེ་རང་ལ་ཐིམ༔ ཟངས་མདོག་དཔལ་གྱི་རི་བོར་པདྨ་འབྱུང་གནས་ཀྱི་ཐུགས་ཀར་ཕོག༔ སྐུ་གསུང་ཐུགས་རྒྱུད་མཉེས་པའི་མཆོད་པ་འབུལ༔ སྐུ་ལས་སྤྲུལ་པའི་གུ་རུ་དྲག་པོ་མཐིང་ག༔ གསུང་ལས་སྔགས་ཕྲེང༔ ཐུགས་ལས་ཕྱག་མཚན་དང་ཧཱུྃ་ཡིག་ཆར་ལྟར་བབས་ནས་རང་ལ་ཐིམ༔ འོད་ཟེར་འགྲོ་དྲུག་སེམས་ཅན་ལ་ཕོག༔ སྡིག་སྒྲིབ་བར་ཆད་བསལ༔ ཚེ་བསོད་དབང་ཐང་བསྡུས་བདག་ལ་ཐིམ༔ འོད་ཟེར་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ་ཕོག༔ གདུག་རྩུབ་བསམ་སྦྱོར་ངན་པ་ཞི༔ དབང་དུ་བསྡུས་མཐུ་སྟོབས་ཐམས་ཅད་བསྡུས་ཏེ་བདག་ལ་ཐིམ༔ དམ་ལ་བཞག་པར་བསམ༔ དགྲ་བགེགས་རྐྱེན་ངན་བར་ཆད་ཐམས་ཅད་ཐུལ་གྱིས་བསྲེགས་ནས་རྡུལ་དུ་བརླགས༔ ཚེ་བསོད་འོད་ཟེར་གྱིས་བསྡུས་ཏེ་བདག་ལ་ཐིམ་པར་བསྒོམས་ལ༔ གསང་སྔགས་བཟླ་བར་བྱའོ༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཤམ་བུར༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཕཊ༔ ལྷ་སྔགས་སྤྱི་དྲིལ་བསྙེན་པ་ནི༔ ཨོཾ་ཤྲཱི་ཀརྨ་ཧེ་རུ་ཀ་ཡ་མ་རཱ་ཛ་ཧྱ་གྲཱི་བ་བཛྲ་པཱ་ཎི་ཌཱ་ཀི་ནཱི་ཧ་རི་ནི་ས་བཛྲ་ཀཱི་ལི་ཀཱི་ལ་ཡ་ཁྲོཾ་ག་རུ་ཌ་ཧཱུྃ་ཕཊ༔ ཅེས་བཟླ༔ རྩ་བསྙེན་སྤྱི་དྲིལ་བསྙེན་གྲངས་ཐེམ༔ བསྐྱེད་རྫོགས་བརྟན་ཐོབ་རང་དབང་ཐོབ༔ རྟགས་དང་མཚན་མ་དངོས་སུ་འབྱུང༔ ལྷ་སྲིན་སྡེ་བརྒྱད་དབང་དུ་འདུས༔ མི་མིན་དམ་སྲི་ལོག་འདྲེན་ཐུལ༔ བྱང་ཆུབ་སྒྲུབ་པའི་བར་ཆད་སེལ༔ རང་རིག་ཆོས་སྐུ་མངོན་དུ་འགྱུར༔ ཕྱི་མ་བདེ་ཆེན་མཁའ་སྤྱོད་འགྲུབ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ༁ྃ༔ དེ་ནས་དམ་རྫས་ཚོགས་མཆོད་བཤམ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་རྫས༔ ཡོ་བྱད་ཕུན་སུམ་ཚོགས་པར་བྱ༔ བདག་ཉིད་ལྷ་ཡི་ཏིང་འཛིན་གསལ༔ ཚོགས་ཀྱི་བྱེད་ལས་འདི་ལྟར་བྱ༔ ཚོགས་ཆུ་གཙང་གིས་བྲན་ལ༔ ཧཱུྃ་ཧྲཱི༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས༔ དངོས་འཛིན་བག་ཆགས་བསྲེགས་གཏོར་བཀྲུས༔ ཚོགས་རྫས་ཡེ་ཤེས་བདུད་རྩི་ནི༔ ཀུན་བཟང་མཆོད་པའི་སྤྲིན་དུ་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿསྭཱ་ཧཱ༔ ཧཱུྃ་ཧྲཱི༔ འོག་མིན་ཆོས་དབྱིངས་ཞིང་ཁམས་ནས༔ ཆོས་སྐུ་ཀུན་བཟང་རྡོ་རྗེ་འཆང༔ ཆོས་སྐུའི་ཞིང་བཞུགས་ལྷ་ཚོགས་རྣམས༔ ཚོགས་ལ་བྱིན་ཕོབ་སྤྱན་འདྲེན་གཤེགས༔ དག་པ་ལོངས་སྐུའི་ཞིང་ཁམས་ནས༔ ལོངས་སྐུ་རྒྱལ་བ་རིགས་ལྔ་ལ༔ ལོངས་སྐུའི་ཞིང་བཞུགས་བླ་མའི་ཚོགས༔ ཚོགས་ལ་བྱིན་ཕོབ་སྤྱན་འདྲེན་གཤེགས༔ མ་འགག་སྤྲུལ་སྐུའི་ཞིང་ཁམས་ནས༔ འགྲོ་འདུལ་སྤྲུལ་སྐུ་རྒྱ་མཚོའི་ཚོགས༔ བྱེ་བ་དཔག་མེད་ལྷ་ཚོགས་རྣམས༔ ཚོགས་ལ་བྱིན་ཕོབ་སྤྱན་འདྲེན་གཤེགས༔ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ སྣང་བ་མཐའ་ཡས་ཚེ་དཔག་མེད༔ བདེ་ཆེན་ཞིང་གི་ལྷ་ཚོགས་རྣམས༔ ཚོགས་ལ་བྱིན་ཕོབ་སྤྱན་འདྲེན་གཤེགས༔ རི་བོ་པོ་ཊའི་ཞིང་ཁམས་ནས༔ འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས༔ ཚོགས་ལ་བྱིན་ཕོབ་སྤྱན་འདྲེན་གཤེགས༔ ཟངས་མདོག་དཔལ་གྱི་རི་བོ་ནས༔ སྣང་སྲིད་དབང་སྡུད་པདྨ་འབྱུང༔ དྲག་པོ་ཐོད་ཕྲེང་ལྷ་ཚོགས་རྣམས༔ ཚོགས་ལ་བྱིན་ཕོབ་སྤྱན་འདྲེན་གཤེགས༔ ཨོ་རྒྱན་མཁའ་སྤྱོད་ཞིང་ཁམས་ནས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མ༔ མ་ཚོགས་དཔའ་བོ་ཌཱ་ཀིའི་ཚོགས༔ ཚོགས་ལ་བྱིན་ཕོབ་སྤྱན་འདྲེན་གཤེགས༔ ཟན་ཡང་ལྷུན་གྲུབ་གཙུག་ལག་ནས༔ ཆོས་རྒྱལ་མུ་ཁྲི་གསང་བའི་བདག༔ རྗེ་འབངས་གྲུབ་ཐོབ་རྒྱ་མཚོའི་ཚོགས༔ ཚོགས་ལ་བྱིན་ཕོབ་སྤྱན་འདྲེན་གཤེགས༔ སེང་གེ་རྫོང་གི་གནས་མཆོག་ནས༔ རིག་འཛིན་མི་འགྱུར་རྡོ་རྗེ་དང༔ གཏེར་ཆེན་བརྒྱ་དང་གཏེར་ཕྲན་སྟོང༔ བཀའ་བབ་ཆོས་བདག་སྐྱེས་བུའི་ཚོགས༔ ཚོགས་ལ་བྱིན་ཕོབ་སྤྱན་འདྲེན་གཤེགས༔ རང་སྣང་ཆོས་སྐུའི་ཞིང་ཁམས་ནས༔ བཀའ་བརྒྱུད་བླ་མའི་ལྷ་ཚོགས་རྣམས༔ རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས༔ ཚོགས་ལ་བྱིན་ཕོབ་སྤྱན་འདྲེན་གཤེགས༔ སྤྱི་གཙུག་བདེ་ཆེན་ཕོ་བྲང་ནས༔ དྲིན་ཆེན་རྩ་བའི་བླ་མ་ལ༔ བརྒྱུད་པ་བཞི་ལྡན་བླ་མའི་ཚོགས༔ སྲས་དང་བརྒྱུད་འཛིན་སློབ་མའི་ཚོགས༔ ཚོགས་ལ་བྱིན་ཕོབ་སྤྱན་འདྲེན་གཤེགས༔ བདེ་ཆེན་དབང་དྲག་དཀྱིལ་འཁོར་ནས༔ བདུད་འདུལ་ཀརྨ་དྲག་པོ་རྩལ༔ ལྷ་ལྔ་འཁོར་བཅས་ཆོས་སྐྱོང་རྣམས༔ ཚོགས་ལ་བྱིན་ཕོབ་སྤྱན་འདྲེན་གཤེགས༔ གནས་དང་ཡུལ་ལ་བྱིན་ཆེན་ཕོབ༔ འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས༔ དཔའ་བོ་དཔའ་མོར་བྱིན་གྱིས་རློབས༔ དམ་རྫས་ཚོགས་ཀྱི་འཁོར་ལོ་འདི༔ ཡེ་ཤེས་བདུད་རྩིར་བྱིན་གྱིས་རློབས༔ མི་མཐུན་རྐྱེན་དང་བར་ཆད་སོལ༔ དམ་ཚིག་ཉམས་པ་སོར་ཆུད་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཅེས་ཚོགས་ཞིང་སྤྱན་དྲངས་ཚོགས་བྱིན་བརླབས་ནས༔ ཚོགས་ཕུད་ཕུལ་བ་ནི༔ ཧཱུྃ་ཧྲཱི༔ བླ་མ་སྐུ་གསུམ་མཁའ་འགྲོ་དང༔ ཡི་དམ་དཔའ་བོ་ཆོས་སྐྱོང་དང༔ གཅིག་བསྡུས་དྲག་པོ་ཧེ་རུ་ཀ༔ ལྷ་ཚོགས་འཁོར་དང་བཅས་པ་ལ༔ དམ་རྫས་ཚོགས་ཀྱི་མཆོད་པ་འབུལ༔ དགྱེས་བཞེས་མཆོག་གི་དངོས་གྲུབ་སྩོལ༔ འཇའ་ལུས་མཁའ་སྤྱོད་འགྲུབ་པར་མཛོད༔ ཚོགས་ཕུད་དང་པོ་ཕུལ༔ ཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཁྱད་པར་ཀརྨ་དྲག་པོ་རྩལ༔ དམ་ཅན་ཆོས་སྐྱོང་སྲུང་མ་རྣམས༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ བདག་ནི་མ་རིག་དབང་གྱུར་པས༔ གྲངས་མེད་སྔོན་ནས་ད་ལྟའི་བར༔ སྐྱེ་དང་ཚེ་རབས་ཀུན་ཏུ་ཡང༔ ལས་དང་ཉོན་མོངས་བག་ཆགས་ཀྱིས༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ རྩ་བ་ཡན་ལག་དམ་ཚིག་ལ༔ དམ་ལས་འགལ་བའི་ལས་བསགས་པ༔ གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས༔ དམ་རྫས་ཚོགས་ཀྱི་མཆོད་པས་བསྐང༔ སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔སོགས་ཡིག་བརྒྱ་བརྗོད༔ ཚོགས་ཕུད་བར་པ་འབུལ༔ ཚོགས་ཐ་མ་བསྒྲལ་བ་ལ༔ ཧཱུྃ༔ རང་མདུན་བྲུབ་ཁུང་ནང་དུ་ནི༔ ཚོགས་ལྷག་བསྟན་དགྲ་དབྱེར་མེད་གྱུར༔ ན་མོ༔ དཀོན་མཆོག་གསུམ་དང་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་བདེན་པའི་མཐུས༔ བསྟན་དགྲ་སྒོས་དགྲ་རྣལ་འབྱོར་དགྲ༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ བར་ཆད་བྱེད་པའི་དམ་སྲི་རྣམས༔ རང་དབང་མེད་པར་འདིར་ཁུག་ཅིག༔ ཨ་མུ་ཀ་ནྲྀ་ཏྲི་སརྦ་ཨཾ་ཀུ་ཤ་ཛ༔ ཧཱུྃ༔ ང་ནི་བདུད་འདུལ་དབང་དྲག་སྐུ༔ མཐིང་ནག་འབར་བ་མཐུ་རྩལ་ཅན༔ ཁྲོ་ཚོགས་རབ་འཇིགས་ཧཱུྃ་སྒྲ་ལྡིར༔ སྐུ་ལས་ཁྲོ་ཚོགས་མཚོན་ཆར་འབེབ༔ ཕོ་ཉ་ལས་བྱེད་གློག་ལྟར་འཁྱུག༔ དམ་ཉམས་དགྲ་བོ་ལས་ངན་འདི༔ ལོ་ཟླ་ཞག་དུས་མ་འགྱངས་པར༔ སྐད་ཅིག་ད་ལྟ་ཉིད་དུ་སྒྲོལ༔ རྡོ་རྗེ་ཕུར་པས་སྙིང་ལ་གཟིར༔ རྣོ་ངར་འབར་བའི་མཚོན་ཆས་གཏུབས༔ དབང་དྲག་འབར་བའི་ཞལ་དུ་སྟོབས༔ ཁྲོ་ཚོགས་རྣམས་ཀྱིས་ལྷག་མེད་རོལ༔ གནམ་ལྕགས་སྡིག་པས་སྙིང་ཁྲག་ཐུངས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས༔ གཟུགས་ཕུང་ཤ་ཁྲག་ཚོགས་སུ་རོལ༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ རྩ་སྔགས་མཐར་མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ ག་ཎ་ཙཀྲ་ལ་ཁཱ་ཧི༔ ཚོགས་བསྒྲལ་ཞལ་བསྟབ་བྱས་ནས༔ ཆ་གཅིག་ལྷག་མར་བཞག༔ དེ་ནས་སྐོང་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་དཔའ་བོ་དང༔ དབང་དྲག་ཀརྨ་དྲག་པོ་རྩལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྷ༔ བདུད་འདུལ་ཁྲོ་བཅུ་ཕོ་ཉའི་ཚོགས༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་དང༔ གཏེར་སྲུང་བརྟན་མ་གཞི་བདག་རྣམས༔ ཐུགས་དམ་སྐོང་བའི་དམ་རྫས་ནི༔ མཆོད་ཡོན་མེ་ཏོག་བདུག་སྤོས་དང༔ མར་མེ་དྲི་ཆབ་ཞལ་ཟས་དང༔ རོལ་མོ་གཟུགས་སྒྲ་དྲི་རོ་རེག༔ ཆོས་དང་སྨན་གཏོར་རཀྟ་སོགས༔ སྒེག་སོགས་ལྷ་མོ་བཅུ་དྲུག་དང༔ བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་བདུན༔ ཕྱི་ནང་གསང་བ་ཡང་གསང་གི༔ སྐོང་རྫས་རྟེན་རྫས་བསྒྲུབ་པའི་རྫས༔ ཕྱི་སྣོད་གླིང་བཞི་རི་རབ་དང༔ ནང་བཅུད་ལྷ་མིའི་དཔལ་འབྱོར་དང༔ དངོས་འབྱོར་ཡིད་སྤྲུལ་བསམ་མི་ཁྱབ༔ ཟག་མེད་ཀུན་བཟང་མཆོད་སྤྲིན་འདིས༔ སྐུ་གསུམ་བླ་མའི་ཐུགས་དམ་བསྐང༔ སྐུ་ལྔ་མཚན་བརྒྱད་ཐུགས༴ རྗེ་འབངས་ཉེར་ལྔའི་ཐུགས༴ གྲུབ་ཆེན་བརྒྱད་ཅུའི་ཐུགས༴ གཏེར་སྟོན་བརྒྱ་རྩའི་ཐུགས༴ གཏེར་ཕྲན་སྟོང་རྩའི་ཐུགས༴ བཀའ་བརྒྱུད་བླ་མའི་ཐུགས༴ ཡི་དམ་དྲག་པོའི་ཐུགས༴ དཔའ་བོ་མཁའ་འགྲོའི་ཐུགས༴ གོ་ཆ་ལྷ་ལྔའི་ཐུགས༴ བདུད་འདུལ་ཁྲོ་བཅུའི་ཐུགས༴ ཁྲོས་མ་ནག་མོའི་ཐུགས༴ ཡཀྴ་མེ་དབལ་ཐུགས༴ ལྕགས་སྡིག་འབར་བའི་ཐུགས༴ ཁྱུང་ཆེན་འབར་བའི་ཐུགས༴ རྡོ་རྗེ་འབར་བའི་ཐུགས༴ ཆོས་སྐྱོང་བཀའ་སྲུང་ཐུགས༴ གཏེར་སྲུང་གཏེར་བདག་ཐུགས༴ ནོར་ལྷ་ཕོ་མོའི་ཐུགས༴ ཡུལ་ལྷ་གཞི་བདག་ཐུགས་དམ་བསྐང༔ དགྲ་བོ་བསྒྲལ་པའི་བམ་ཆེན་འདིས༔ གུ་རུ་དྲག་པོའི་ལྷ་ཚོགས་རྣམས༔ ཐུགས་དམ་བསྐངས་པའི་བྱིན་རླབས་ཀྱིས༔ ཉམས་ཆག་སྡིག་སྒྲིབ་བྱང་པ་དང༔ རྐྱེན་ངན་བར་ཆད་ཞི་བར་མཛོད༔ ཚེ་བསོད་ཉམས་རྟོགས་རྒྱས་པར་མཛོད༔ སྣང་སྲིད་དབང་དུ་འདུ་བར་མཛོད༔ བསྟན་དགྲ་དམ་སྲི་གདོན་བགེགས་སྒྲོལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཅེས་སྐོང་བ་ཚར་གྲངས་གང་ལྕོགས་བྱ༔ ཧོ༔ གཟིགས་ཤིག་མཛེས་ལྡན་སོགས༔ དགོངས་ཏེ་རོལ༔ ཨ་ལ་ལ་ཧོ༔ ལེན་པ་པོས་ཀྱང༔ བདེ་བར་གཤེགས་པ་བཅོམ་ལྡན་འདས༔ སོགས་ནས༔ བདག་ཕྱག་འཚལ༔ བར་རོ༔ ཞེས་རང་ཉིད་ལྷ་ཡི་ཏིང་འཛིན་དང་མ་བྲལ་བར་ཚོགས་ལ་རོལ༔ དེ་ནས་ལྷག་མ་དང་བསྒྲལ་ཚོགས་ཆ་གཅིག་བསྲེས་ནས༔ ྈ རང་གི་ཚོགས་ལྷག་མ་དང་ཁ་ཕྲུ་མི་བསྲེ་གནད་གཅིག་ཡོད༔ ས་མ་ཡ༔ ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ༔ དཔལ་གྱི་བཀའ་ཉན་རོལ་པའི་ལྷག་སྡུད་མ༔ ཕྱོགས་བཞི་ནས་གཤེགས་རྣལ་འབྱོར་དབང་ཕྱུག་བརྒྱད༔ གིང་དང་ལངྐ་འབར་མ་བཅུ་དྲུག་དང༔ དུར་ཁྲོད་བརྒྱད་དང་རྣལ་འབྱོར་ཚོགས་ཁང་ཉུལ༔ རླུང་ལྟར་ཐོགས་མེད་སྟོང་གསུམ་སྐད་ཅིག་བསྐོར༔ དམ་ལྡན་གྲོགས་བྱེད་དམ་ཉམས་སྙིང་ཁྲག་འཐུང༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མ༔ རྡོ་རྗེ་ཕག་མོའི་བཀའ་ཡི་བྱ་ར་བ༔ གསང་སྔགས་རྣལ་འབྱོར་སྐྱོང་བའི་གཡར་དམ་གྱིས༔ དཀྱིལ་འཁོར་མཐའ་སྐྱོང་སྒྲུབ་པའི་སྡོངས་གྲོགས་མཛད༔ ཕུད་ལ་མི་དབང་ལྷག་གཏོར་འདི་བཞེས་ལ༔ བསྟན་དགྲ་ཚར་བཅད་སྒོས་དགྲ་མྱུར་དུ་སྒྲོལ༔ ཆོས་མཐུན་གྲོགས་མཛོད་བཅོལ་པའི་ཕྲིན་ལས་མཛོད༔ ལྷག་མ་བཤལ་ཆུ་བཅས་ཕྱི་རོལ་གཙང་གནས་བསྐྱལ༔ དེ་ནས་ཆད་ཐོ་འདི་ལྟར་བསྒྲག༔ ཧཱུྃ༔ སྔོན་ཚེ་ཀུན་བཟང་སྣང་མཐའ་པདྨ་འབྱུང༔ དགོངས་བརྡ་སྙན་བརྒྱུད་ཤོག་སེར་གཏད་རྒྱའི་བརྒྱུད༔ ཁ་བ་ཅན་འདིར་གསང་སྔགས་ཟབ་ཆོས་ཀྱིས༔ འགྲོ་རྣམས་སྨིན་གྲོལ་ལམ་ལ་འགོད་པ་ཡིས༔ ཐམས་ཅད་ཀུན་བཟང་ཀློང་དུ་གྲོལ་བ་ལྟར༔ སྙིགས་མའི་དུས་འདིར་དེ་ལྟར་གཡར་དམ་དགོངས༔ འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་མཛོད༔ དེ་འོག་བར་གྱི་བསྐལ་པའི་དང་པོ་ལ༔ བསིལ་བ་ཚལ་སོགས་དུར་ཁྲོད་གནས་བརྒྱད་དུ༔ རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ ཆེ་མཆོག་དྲག་པོ་རྩལ་གྱི་སྐུར་བཞེངས་ནས༔ མ་མོ་མཁའ་འགྲོ་ཤ་ཟ་དབང་དུ་བསྡུས༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དམ་ལ་བཏགས༔ སངས་རྒྱས་བསྟན་པ་སྐྱོང་བར་ཁས་བླངས་ནས༔ དམ་ལྡན་རྣལ་འབྱོར་སྐྱོང་བར་དམ་བཅས་བཞིན༔ གཏོར་མ་འདི་བཞེས་གང་བཅོལ་ཕྲིན་ལས་སྒྲུབས༔ དེ་འོག་བལ་ཡུལ་ཡང་ལེ་ཤོད་ཀྱི་གནས༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས་ནས༔ ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་དང༔ བོད་ཀྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས༔ སངས་རྒྱས་བསྟན་པ་སྐྱོང་བར་ཁས་བླངས་ནས༔ དམ་ལྡན་རྣལ་འབྱོར་སྐྱོང་བར་དམ་བཅའ་བཞིན༔ གཏོར་མ་འདི་བཞེས་གང་བཅོལ་ཕྲིན་ལས་སྒྲུབས༔ དེ་འོག་བསམ་ཡས་ཆོས་འཁོར་གཙུག་ལག་ཏུ༔ བདུད་འདུལ་དབང་དྲག་དཀྱིལ་འཁོར་ཞལ་ཕྱེས་ནས༔ ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་རྣམས༔ ཁས་བླངས་དམ་བཏགས་རང་རང་སྲོག་སྙིང་ཕུལ༔ གསང་སྔགས་བསྟན་སྲུང་རྣལ་འབྱོར་བར་ཆད་སེལ༔ སྒྲུབ་པ་པོ་ཡིས་ཅི་བཅོལ་ཕྲིན་ལས་བསྒྲུབ༔ ཡོན་བདག་བར་ཆད་བཟློག་པའི་དམ་བཅས་བཞིན༔ གཏོར་མ་འདི་བཞེས་བསྟན་དགྲ་དམ་ཉམས་སྒྲོལ༔ ད་ལྟ་སྙིགས་མ་ལྔ་བདོའི་དུས་འདི་རུ༔ སྙིགས་མའི་སེམས་ཅན་ལས་ངན་སྡུག་བསྔལ་དུས༔ སྨོན་ལམ་ལས་སད་པདྨའི་ཕོ་ཉ་བ༔ སྔགས་ཀྱི་རིག་འཛིན་ཆོས་རྒྱལ་རྡོ་རྗེ་ཡིས༔ དྲག་པོ་ཁྲོས་པའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བོད་ཀྱི་ལྷ་འདྲེས་ཁས་བླངས་དམ་བཅས་པ༔ ཟབ་གཏེར་མཛོད་འཛིན་གསང་སྔགས་བསྟན་པ་སྐྱོང༔ དམ་སྲི་ཚར་གཅོད་དལ་ཡམས་དམག་འཁྲུགས་བཟློག༔ དམ་ལྡན་རྣལ་འབྱོར་སྒྲུབ་པའི་བར་ཆད་སེལ༔ ཅི་བགྱིས་བཀའ་བཞིན་བསྒྲུབ་ཅེས་སྲོག་སྙིང་ཕུལ༔ དམ་བཅས་བཞིན་དུ་བརྒྱན་པའི་གཏོར་མ་བཞེས༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཆད་མདོ་དམར་གཏོར་ཕྱི་རོལ་ཕུལ༔ དེ་ནས་ཐུགས་དམ་བསྐུལ་ཞིང་གཏོར་ཟློག་བྱ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧོ་དགོངས་སུ་གསོལ་ལོ་ལྷ་ཚོགས་གསན་དུ་གསོལ༔ སྐྱེ་མེད་ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ཤིག༔ འགག་མེད་ལོངས་སྐུ་རབ་འབྱམས་ཞི་ཁྲོའི་ལྷ༔ གང་འདུལ་སྤྲུལ་བསྒྱུར་དྲག་པོ་ཐོད་ཕྲེང་རྩལ༔ མངོན་སྤྱོད་དྲག་པོས་དུས་འདིར་སྐུ་བཞེངས་ཤིག༔ བདུད་འདུལ་གུ་རུ་དྲག་པོའི་ལྷ་ཚོགས་དང༔ སྐུ་མཆོག་འཇམ་དཔལ་གསུང་མཆོག་རྟ་མགྲིན་དང༔ ཐུགས་མཆོག་ཕྱག་རྡོར་ཡོན་ཏན་ཁྲོས་མ་ནག༔ ཕྲིན་ལས་ཕུར་པའི་ལྷ་ཚོགས་སྐུ་བཞེངས་ཤིག༔ ཁྲོ་བཅུ་མེ་དབལ་ལྕགས་སྡིག་ཐང་ལྷ་འབར༔ ཡུམ་མཆོག་བྷ་ར་ཧི་རྣམས་སྐུ་བཞེངས་ཤིག༔ ལྷ་སྲིན་སྡེ་བརྒྱད་དམག་དཔུང་ལས་ལ་བསྐུལ༔ བཀའ་སྲུང་དྲེགས་པའི་ཚོགས་བཅས་ལས་ལ་ཆོས༔ དོན་བརྒྱུད་བསྟན་པའི་དོན་དུ་ཐུགས་རྗེས་གཟིགས༔ གསང་སྔགས་བསྟན་པ་གཉན་པོ་མེལ་ཚེས་སྐྱོངས༔ སྒྲུབ་བརྒྱུད་བསྟན་འཛིན་བུ་སློབ་དམ་ལྡན་རྣམས༔ བུ་གཅིག་མ་ལྟར་སྙིང་ནས་མི་གཡེལ་བར༔ མཆོད་བསྟོད་གསོལ་འདེབས་འབོད་རྦད་བསྐུལ་བའི་དུས༔ ནམ་མཁའི་གློག་ལས་མྱུར་བའི་ཕྲིན་ལས་མཛོད༔ ད་ལྟ་སྙིགས་མ་ལྔ་ཡི་དུས་འདི་རུ༔ སངས་རྒྱས་བསྟན་དང་སེམས་ཅན་བདེ་སྐྱིད་དང༔ བླ་མའི་སྐུ་དང་གསང་སྔགས་རྣལ་འབྱོར་པ༔ བསྟན་རྩ་དགེ་འདུན་རྣམས་ལ་འཚེ་བྱེད་པའི༔ བསྟན་པའི་སྤྱི་དགྲ་རྣལ་འབྱོར་སྒོས་དགྲ་དང༔ བླ་མའི་སྐུ་དགྲ་སེམས་ཅན་ཡོངས་ལ་གནོད༔ དབེན་རི་བཅོམ་ཞིང་བསྟན་དང་ཆོས་འཁོར་བཤིག༔ སྙིང་པོའི་བསྟན་སྣུབ་རྣལ་འབྱོར་བར་དུ་གཅོད༔ སྒྲུབ་ལ་རྟག་ཏུ་སྡང་ཞིང་རྐུ་འཕྲོག་བཅོམ༔ ནད་གདོན་བར་ཆད་མི་དགེའི་མཚོན་འཁྲུགས་བཏང༔ ཞིང་བཅུ་ཚང་བའི་དགྲ་བོ་ལས་ངན་པ༔ དམ་སྲི་བདུད་དཔུང་གཟུགས་ཅན་གཟུགས་མེད་དགྲ༔ ཐམས་ཅད་མ་ལུས་སྐད་ཅིག་བསྒྲལ་བར་མཛོད༔ སྲིད་གསུམ་གར་གནས་ཡེ་ཤེས་སྤྱན་གྱིས་གཟིགས༔ མ་ཤོར་མ་བཏང་མྱུར་བ་ཉིད་དུ་ཁུག༔ དྲག་ཏུ་ཁྲོས་པའི་ཞེ་སྡང་མ་ཆུང་ཞིག༔ ཕོ་ཉའི་དམག་ཚོགས་མཐུ་རྩལ་མ་ཆུང་ཞིག༔ དྲག་པོའི་མཚོན་ཐུན་རྣོ་དབལ་མ་ཆུང་ཞིག༔ བཀའ་སྲུང་སྡེ་བརྒྱད་དྲག་རྩལ་མ་ཞན་ཅིག༔ ཡེ་ཤེས་ལྷ་ཚོགས་ཐུགས་རྗེ་མ་གཡེལ་ཅིག༔ ཕྲིན་ལས་དུས་ལ་བབ་བོ་ས་མ་ཡ༔ སྡང་བྱེད་དགྲ་བོའི་བླ་ཚེ་སྲོག་དབུགས་ཆོད༔ གནོད་བྱེད་བགེགས་ཚོགས་དམིགས་མེད་ཐལ་བར་རློགས༔ ནད་བདག་དམ་སྲི་མིང་ཡང་མེད་པར་མཛོད༔ ལྟས་ངན་ཆོ་འཕྲུལ་སྡང་བའི་དགྲ་ལ་སྒྱུར༔ ཕ་རོལ་དགྲ་དཔུང་གཡུལ་ངོ་མྱུར་དུ་ཟློག༔ བདག་ལ་རྟག་ཏུ་སྡང་བའི་དགྲ་བོ་འདི༔ དྲག་པོ་དམར་གྱི་གཏོར་མར་དབྱེར་མེད་དུ༔ བཞེས་ཤིག་ལྷག་མ་མེད་པར་ད་རོལ་ཅིག༔ མངོན་སྤྱོད་ཕྲིན་ལས་དུས་འདིར་མ་གཡེལ་ཅིག༔ དེ་ནས་གཏོར་ཟློག་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ ད་ལྟ་རྣལ་འབྱོར་བདག་ཅག་ལ༔ སྡེ་བརྒྱད་ཆད་པ་བྱུང་བ་ཟློག༔ བྱད་ཟོར་ཕུར་ཁ་ཟུག་པ་ཟློག༔ བནྡེས་སྔགས་ཟོར་འཕེན་པ་ཟློག༔ མུ་སྟེགས་བོན་པོའི་ཛོ་དམར༴ ལྷ་འདྲེའི་ཟ་ཁ་ཟུག་པ༴ རྒྱལ་པོ་ལོ་ཡི་བདུན་ཟུར༴ བློན་པོ་ཟླ་བའི་དབང་བཙན༴ དམག་མི་ཞག་གི་དཔུང་དགྲ༴ མཚོན་ཆ་དུས་ཀྱི་རྣོ་ངར༴ སྤར་ཁའི་སྐྱ་མདའ་ཐུག་པ༴ སྨེ་བ་དུར་དུ་ཚུད་པ༴ ས་བདག་ཀོ་ལོང་དམ་པ༴ འབྱུང་བའི་དགྲ་གཤེད་འཐབས་པ༴ གཟའ་སྐར་དུས་ཚོད་ངན་པ༴ ལོ་ཟླ་ཞག་དུས་བབ་པ༴ ཁྲམ་དང་བྱད་དུ་བཅུག་པ༴ ཧོམ་དང་སྤར་བུའི་བསྐོར་བ༴ དགྲ་ཆེན་བདུད་དུ་ལངས་པ༴ ལྟས་ངན་གློ་བུར་ཡེ་འདྲོགས༴ དུས་མིན་འཆི་བ་རྣམ་བརྒྱད༴ ཆག་ཆེ་ཉམ་ང་ཐམས་ཅད༴ སྔོན་སྒུག་ཕྱི་ནས་དེད་པ༴ དགྲ་སྣ་ཕུང་སྣ་གྱོད་སྣ༴ ནད་སྣ་ཡམས་སྣ་རིམས་སྣ༴ དགྲ་སྲི་རྨིས་ལྟས་ངན་པ༴ ཆེ་སྲི་ཆུང་སྲི་རྒས་སྲི༴ གཞོན་སྲི་དར་སྲི་གོད་སྲི༴ དགྲ་སྲི་མཚོན་སྲི་ནད་སྲི༴ མདོར་ན་སྲིད་པའི་ཆག་སྒོ་ཟློག༔ བདག་ལ་སྡང་བའི་དགྲ་འདྲེ་རྣམས༔ སྡང་བྱེད་དགྲ་བོའི་སྟེང་དུ་ཟློག༔ གནོད་བྱེད་བགེགས་ཀྱི་སྟེང་དུ་སྒྱུར༔ བར་ཆད་བདུད་ཀྱི་སྟེང་དུ་བྷྱོ༔ ཟ་འདྲེ་འཕུང་འདྲེའི་སྟེང་དུ་བྷྱོ༔ དམ་ཉམས་བྱད་མའི་སྟེང་དུ་བྷྱོ༔ མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ སྤྱི་ཟློག་དེ་ལྟར་ལ༔ དྲག་པོའི་ཡང་ཟློག་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ བདུད་འདུལ་དབང་དྲག་པདྨའི་ལྷ་ཚོགས་རྣམས༔ དམ་ཉམས་དགྲ་བོའི་ཤ་ཁྲག་གཏོར་མ་བཞེས༔ སྡང་དགྲ་གནོད་བྱེད་བྱད་མ་ལྷ་སྲུང་དང༔ དམ་སྲི་རྒྱལ་འགོང་ནད་ཡམས་དུག་མཚོན་རྣམས༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་དུས་ལ་བབ༔ བླ་མ་རིག་འཛིན་ཐོད་ཕྲེང་རྩལ་ལྔ་ཡིས༔ མ་རིག་ཉོན་མོངས་དུག་ལྔའི་ནད་གདོན་བགེགས༔ རང་རིག་ཡེ་ཤེས་ལྔ་ཡི་ཀློང་དུ་ཟློག༔ ཡེ་སྟོང་ཁྱབ་གདལ་ངང་དུ་དག་གྱུར་ཅིག༔ མཐིང་ནག་ཁྲོས་པ་ཀརྨ་དྲག་པོ་རྩལ༔ སྐྱེ་མེད་ངང་ནས་འགགས་མེད་ཁྲོས་པ་ཡིས༔ མཐའ་མེད་འཁོར་བར་འཁྱམས་པའི་འདྲེ་གདོན་བགེགས༔ དུས་གསུམ་དུས་མེད་བསྟན་འགྲོར་གནོད་པའི་དགྲ༔ སྨོན་ལོག་དམ་སྲི་མི་དང་མི་མིན་ཟློག༔ སྨྱོ་ནད་སྙིང་གཟེར་གག་ལྷོག་འབྲུམ་བུ་དང༔ གློ་ཧོན་གོད་ཡམས་མི་ནད་ནོར་ནད་དང༔ བཙའ་སད་སེར་བ་ལོ་ནད་མུ་གེ་སོགས༔ རྒྱལ་ཁམས་ཡོངས་ལ་གནོད་པའི་ནད་རིགས་ཟློག༔ སྐུ་མཆོག་འཇམ་དཔལ་རྟ་མགྲིན་ཕྱག་རྡོར་དང༔ ཁྲོས་ནག་ཕུར་པ་གོ་ཆ་ལྷ་ལྔ་ཡིས༔ སྲིད་གསུམ་དགྲར་ལྡངས་འབྱུང་ལྔའི་གཡོ་འཁྲུགས་དང༔ བྱད་མ་རྦོད་གཏོང་ཟ་འདྲེ་གཤེད་འཁྱམས་རིགས༔ མི་མཐུན་རྐྱེན་ངན་བར་ཆད་གདོན་བགེགས་ཟློག༔ མེ་དབལ་ཁྲོས་མ་ལྕགས་སྡིག་རྡོ་རྗེ་འབར༔ མཐུ་རྩལ་སྟོབས་ལྡན་རྣམ་བཞི་འཁོར་བཅས་ཀྱིས༔ ཕྱོགས་བཞིའི་དགྲ་འདྲེ་ཕོ་གདོན་མོ་འདྲེ་དང༔ རྒྱལ་བསེན་དམ་སྲི་ཀླུ་གདོན་སྡེ་བརྒྱད་ཐན༔ སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གནོད་པ་ཟློག༔ ཁྲོ་བཅུ་ཡབ་ཡུམ་སྒོ་སྲུང་འཁོར་བཅས་ཀྱིས༔ ཕྱོགས་བཅུའི་གདོན་བགེགས་རྨིས་ལྟས་མཚན་མ་ངན༔ འཇིགས་པ་བརྒྱད་དང་བཅུ་དྲུག་འཆི་རྐྱེན་ངན༔ སྔོན་ལས་འཕྲལ་རྐྱེན་སྤྱི་དགྲ་སྒོས་དགྲ་དང༔ ཡེ་འདྲོགས་གློ་བུར་ལྟས་ངན་ཆོ་འཕྲུལ་ཟློག༔ མདོར་ན་བདག་ཅག་དཔོན་སློབ་ཡོན་མཆོད་ལ༔ གནོད་ཅིང་འཚེ་བའི་བྱད་ཕུར་རྦོད་གཏོང་མཁན༔ སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་འཆང༔ ད་དགྲ་གནོད་པའི་གཟུགས་ཅན་གཟུགས་མེད་བགེགས༔ ཁ་འཇམ་སྙིང་རྩུབ་ཞེ་ནས་དམོད་པ་དང༔ དོ་བསྡོ་ཕོད་བཙུག་ལྷ་མེད་མཐུ་མེད་ཟེར༔ དགྲ་སྣ་དམག་སྣ་རྐུན་སྣ་སྟོན་པ་རྣམས༔ ནུས་མཐུ་བུ་ལོན་བཞིན་དུ་སྙེག་པ་ཡི༔ ཡིད་ལ་དམིགས་པའི་དགྲ་བགེགས་འདི་ཉིད་ཀྱི༔ མི་ནོར་ཡུལ་མཁར་ཚེ་བསོད་དབང་བླ་སྲོག༔ སྦུར་མ་རླུང་གིས་གཏོར་བ་ཇི་བཞིན་དུ༔ ཐལ་བ་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ ཟློག་སྔགས་བརྗོད༔ ཟོར་ལམ་ཕྱེ་བ་ནི༔ ཧཱུྃ༔ སྟེང་གི་ལྷ་དང་འོག་གི་ཀླུ༔ བར་གྱི་གཉན་རྣམས་སྐུ་ཟུར་ཅིག༔ མཐོ་བ་རྣམས་ཀྱང་ཞབས་ཡར་སྡུས༔ དམའ་བ་རྣམས་ཀྱང་དབུ་རྒུས་ལ༔ བར་གྱི་སྡེ་བརྒྱད་གཞན་དུ་གཡེལ༔ ཀོ་ལོང་མ་བྱེད་སྡོངས་གྲོགས་མཛོད༔ དམ་ཆུ་བདུད་རྩི་གསེར་སྐྱེམས་བཞེས༔ ཟོར་སྣ་དགྲ་བགེགས་སྟེང་དུ་དྲོངས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ གསེར་སྐྱེམས་འབུལ༔ ཧཱུྃ་ཧཱུྃ་ཧཱུྃ༔ དྲག་པོ་དམར་གྱི་གཏོར་ཆེན་འདི༔ སྡང་བ་དགྲ་ཡི་སྟེང་དུ་འཕེན༔ གནོད་པ་བགེགས་ཀྱི་སྟེང་དུ་འཕེན༔ བར་ཆད་བདུད་ཀྱི་སྟེང་དུ་འཕེན༔ བསྟན་དགྲ་སྒོས་དགྲའི་སྟེང་དུ་འཕེན༔ ལེ་འུ་ལྷ་ལོག་སྟེང་དུ་འཕེན༔ སློབ་མ་དམ་ལོག་སྟེང་དུ་འཕེན༔ བྱད་མ་དམ་ཉམས་སྟེང་དུ་འཕེན༔ ནད་བདག་རིམས་བདག་སྟེང་དུ་འཕེན༔ དམ་སྲི་མཐའ་དམག་སྟེང་དུ་འཕེན༔ གཏོར་ཟོར་མེ་དཔུང་མཚོན་ཆའི་ཆར༔ དུག་དང་ནད་ཀྱི་ན་བུན་འཐུལ༔ བར་སྣང་གཟའ་རྒོད་རྒྱུག་པ་ལྟར༔ སྡང་བ་དགྲ་ཡི་སྟེང་དུ་ཟོར༔ དགྲ་བོ་རྗེས་ཤུལ་མེད་པར་མཛོད༔ རྩ་སྔགས་མཐར་ལོག་ཏྲི་ཡི་སྔགས་རྒོད་དང་ཏྲིག་ཁྲོམ་ཡང་ཟློག་བཏོན་ཅིང༔ གཏོར་མའི་ཐེབ་ལྡོག་བརྩི་བའམ་དགྲ་ཕྱོགས་སུ་འཕང་བར་བྱའོ༔ བརྟན་མའི་གཏོར་མ་བཤམ་གཏོར་གཞོང་བཤལ་ཆུས་བྲན༔ བྷྱོ༔ འཇིག་རྟེན་བོད་ཁམས་སྐྱོང་བའི་བརྟན་མ་ནི༔ བདུད་མོ་བཞི་དང་གནོད་སྦྱིན་སྨན་མོ་བཞི༔ འཁོར་བཅས་རང་རང་གནས་ནས་འདིར་གཤེགས་ལ༔ རང་རང་འཆིབ་རྟ་རྒྱན་དང་ན་བཟའ་བཅས༔ འཁོར་དང་ཡང་འཁོར་བྲན་གཡོག་སྡེ་དཔུང་བཅས༔ དམ་རྫས་གཏོར་མའི་བཤལ་ཆུ་འདི་བཞེས་ལ༔ སྔོན་ཚེ་ཤཱཀ་ཐུབ་གསང་བདག་པདྨ་འབྱུང༔ སྤྱན་སྔར་སངས་རྒྱས་བསྟན་པ་བསྲུང་བ་དང༔ ཟབ་གཏེར་གསང་སྔགས་གཉེར་ཁ་གཏད་པ་བཞིན༔ དམ་ཆོས་ཕྱོགས་བཅུར་སྤེལ་བའི་སྡོངས་གྲོགས་མཛོད༔ བསྟན་དགྲ་དམ་ཉམས་མཐའ་ཡི་དམག་དཔུང་ཟློག༔ ནད་མུག་མཚོན་འཁྲུགས་གློ་ཧོན་གག་ལྷོག་དང༔ བཙའ་སད་སེར་གསུམ་མི་མཐུན་རྐྱེན་ངན་ཟློག༔ བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་བར་ཆད་སོལ༔ བོད་ཁམས་དཀར་པོའི་ཆོས་ལ་འགོད་པ་དང༔ ནག་པོ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ཏེ༔ གསང་སྔགས་བསྟན་པ་སྤེལ་བའི་གཡར་དམ་དགོངས༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད༔ གཏོར་མ་བཤལ་ཆུ་ནམ་མཁར་མཆོད༔ རྡོ་རྗེ་སློབ་དཔོན་གྱི་རྡོ་རྗེའི་ཕྱག་རྒྱས་ས་ལ་བཏབ་སྟེ༔ མཆོད་གཡོག་པས་མདུན་དུ་ས་ལ་གྲུ་གསུམ་ནྲྀ་ཏྲི་བཅས་བྲིས་ལ༔ ཕཊ༔ རང་ཉིད་གུ་རུ་དྲག་པོ་རྩལ་གྱི་ཕྱག་གཡས་རྡོ་རྗེ་འབར་བས་ས་ལ་བརྡབས་པས་ས་གཞི་ཤགས་ཀྱིས་གས་པའི་ནང་ནས་ལས་ཀྱི་གཤིན་རྗེ་འཇིགས་སུ་རུང་བས་བྲུབ་ཁུང་བསྐལ་པའི་མུན་ནག་འཐིབས་པ་ཁ་ཕྱེས་ནས་གནོད་བྱེད་དམ་སྲི་རྒབ་འདྲེ་ཐམས་ཅད་སྐད་ཅིག་བཀུག་ནས་འུབས་སེ་བསྡུས་པར་གྱུར༔ ན་མོ༔ བླ་མ་སངས་རྒྱས་ཆོས་དང་དགེ་འདུན་གྱི་བཀའ་བདེན་པ་དང༔ ཡི་དམ་རྒྱུད་སྡེ་བཞི་དང་གུ་རུ་དྲག་པོ་རྩལ་གྱི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང༔ ཆོས་སྐྱོང་མ་མགོན་དམ་ཅན་རྒྱ་མཚོའི་བཀའ་བདེན་པ་དང༔ རྣལ་འབྱོར་བདག་གི་ལྷ་སྔགས་ཏིང་ངེ་འཛིན་གྱི་བཀའ་བདེན་པས༔ སྤྱིར་སངས་རྒྱས་ཀྱི་བསྟན་དགྲ༔ དཀོན་མཆོག་གི་སྤྱི་དགྲ༔ བླ་མ་འཕགས་པའི་དགེ་འདུན་གྱི་སྐུ་དགྲ༔ སྔགས་འཆང་རྣལ་འབྱོར་པ་བདག་གི་སྒོས་དགྲ༔ སྐྱེ་འགྲོ་སེམས་ཅན་ཡོངས་ལ་གནོད་ཅིང་འཚེ་བའི་ནད་ཡམས་མུ་གེ་དུས་འཁྲུགས་གཏོང་བའི་དམ་སྲི༔ དབེན་གནས་ཆོས་འཁོར་བཤིགས་པའི་དགྲ་ཇག་ཆོམ་རྐུན༔ ཆོས་བྱེད་ཡོངས་ལ་བྱང་ཆུབ་བསྒྲུབ་པ་ལ་བར་དུ་གཅོད་པའི་དམ་སྲི་རྒྱལ་བསེན་ཕོ་མོ་རྒབ་འདྲེ་གཤེད་འཁྱམས་ཐམས་ཅད་གཏོར་གཞོང་རི་རབ་འབར་བའི་འོག༔ ས་རིམ་པ་དགུའི་འོག༔ ལས་ཀྱི་གཤིན་རྗེའི་བཙོན་ཁང་འབར་བའི་ནང་དུ་ཁུག་ཅིག༔ ཨ་མུ་ཀ་ནྲྀ་ཏྲི་ཨཾ་ཀུ་ཤ་ཛ༔ སཏྭམྦྷ་ཡ་ནན་ནན༔ ལན་གསུམ་བཀུག༔ ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ དབང་དྲག་ལྷ་ཚོགས་བྲོ་བརྡུངས་པས༔ ནམ་མཁའ་ཁྲོ་བོ་ཁྲོས་པས་གང༔ ས་གཞི་ཁྲོ་མོ་གཏུམ་མོས་གང༔ བར་སྣང་ཁྲོ་ཚོགས་འབར་བས་ཁེངས༔ མེ་དཔུང་ཐོག་སེར་མཚོན་ཆ་འཁྲུགས༔ ཐམས་ཅད་ཁྲོས་པའི་ཧཱུྃ་ཕཊ་སྒྲ༔ བསྐལ་པའི་འབྲུག་སྟོང་སྒྲ་ལྟར་སྒྲོག༔ ས་གཞི་གཡོ་ཞིང་རྒྱ་མཚོ་འཁྲུགས༔ སྲེག་པའི་མེ་དཔུང་ཕྱོགས་བཅུར་འབར༔ དགྲ་བགེགས་དམ་སྲི་གཞོབ་ཐུལ་བསྲེགས༔ ལྷ་ཚོགས་ཁྲོས་པའི་བྲོ་བརྡུངས་པས༔ གདོན་བགེགས་ལོག་འདྲེན་ཐལ་བར་བརླག༔ རྒྱལ་བསེན་འགོང་པོ་རྡུལ་དུ་རློག༔ དཔའ་བོའི་བྲོ་བརྡུང་ཐབས་ཀྱི་བྲོ༔ དཔའ་མོའི་གར་སྟབས་ཤེས་རབ་བྲོ༔ ཐབས་ཤེས་དབྱེར་མེད་བྲོ་བརྡུངས་པས༔ མ་རིག་གཉིས་འཛིན་འཁྲུལ་སྣང་བདུད༔ ཀ་དག་ཆེན་པོའི་དབྱིངས་སུ་ནོན༔ ལོག་འདྲེན་དམ་སྲི་འབྱུང་པོའི་ཚོགས༔ རིམ་པ་དགུ་ཡི་འོག་ཏུ་ནོན༔ ལས་ཀྱི་གཤིན་རྗེའི་ལག་ཏུ་གཏད༔ རི་རབ་འབྱུང་བ་བཞི་ཡིས་ནོན༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་དམ་སྲི་སཏྭམྦྷ་ཡ་ནན༔ སུམྦྷ་ནི་སོགས་བརྗོད༔ གཏོར་གཞོང་ཡར་བཟེད༔ ནས་གཏོར༔ དཀོན་མཆོག་གསུམ་གྱི་བདེན་པས་བདག་ཅག་དཔོན་སློབ་ཡོན་མཆོད་ཚེ་བསོད་དབང་ཐང་ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་གྱུར་ཅིག༔ ལྷ་རྒྱལ་ལོ༔ དེ་ནས་མཆོད་པ་ཁ་གསོས་ནས༔ རྗེས་ཆོག་མཆོད་བསྟོད་བྱ་བ་ནི༔ ཨོཾ་ཨཱཿཧཱུྃ༔ མཆོད་ཡོན་མེ་ཏོག་བདུག་སྤོས་དང༔ མར་མེ་དྲི་ཆབ་ཞལ་ཟས་དང༔ རོལ་མོ་གཟུགས་སྒྲ་དྲི་རེག་ཆོས༔ སྨན་གཏོར་རཀྟ་སྦྱོར་སྒྲོལ་དང༔ དེ་བཞིན་ཉིད་ཀྱི་མཆོད་པ་འདིས༔ བདུད་འདུལ་དྲག་པོའི་ལྷ་ཚོགས་མཆོད༔ མཆོག་ཐུན་ལས་བཞི་གྲུབ་པ་བརྒྱད༔ སྐུ་ལྔ་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ས་པ་རི་བཱ་ར་དྷརྨ་པཱ་ལ་ཨརྒྷཾ་སོགས་ནས་ ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་དྷརྨཱ་དྷཱ་ཏུ་མ་ཧཱ་མུ་དྲ་ཨ་མྲྀཏ་བ་ལིཾ་ཏ་རཀྟ་པཱུ་ཛ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ ཀ་དག་ཆོས་སྐུའི་ངང་ཉིད་ལས༔ མ་འགག་ལོངས་སྐུ་ཞི་ཁྲོའི་ལྷ༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཡེ་ཤེས་ཆོས་སྐྱོང་ཐམས་ཅད་ཀུན༔ གཅིག་བསྡུས་དྲག་པོ་ཐོད་ཕྲེང་རྩལ༔ ལྷ་ཚོགས་འཁོར་དང་བཅས་ལ་བསྟོད༔ བདག་བློ་མ་རིག་ཉོན་མོངས་ཀྱི༔ དབང་གྱུར་ཉམས་ཆག་གང་མཆིས་བཤགས༔ བྱང་དག་ཚངས་པའི་དངོས་གྲུབ་སྩོལ༔ ཡིག་བརྒྱ་དབྱངས་གསལ་རྟེན་འབྲེལ་སྙིང་པོ་ཚར་གསུམ་བརྗོད༔ མ་འབྱོར་པ་སོགས་བརྗོད༔ དེ་ནས་དབང་བཞི་ལེན་པ་ནི༔ བདུད་རྩི་ལྕེ་ལ་མྱང༔ རཀྟ་མགྲིན་པར་བྱུག༔ ལྕེ་ལ་བཞག༔ གཏོར་མ་སྤྱི་བོར་བཞག་ལ་དངོས་གྲུབ་ཏུ་རོལ༔ ཨོཾ་ཨཱཿཧཱུྃ༔ གཏོར་མ་རིན་ཆེན་འབར་བ་འདི༔ ཕྱི་ལྟར་ལྷ་ཡི་གཞལ་ཡས་ཁང༔ ནང་ལྟར་དྲག་པོ་རྩལ་ལྷ་ཚོགས༔ གསང་བ་བླ་མའི་ཐུགས་དཀྱིལ་ལྷ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ ཞི་ཆགས་ཁྲོ་བོའི་རྣམ་རོལ་པའི༔ ལྷ་ཚོགས་འཁོར་དང་བཅས་པ་ཡིས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དབང་མཆོག་དམ་པ་བདག་ལ་སྩོལ༔ བདག་རྒྱུད་སྨིན་ཅིང་གྲོལ་བར་མཛོད༔ རང་སེམས་ཆོས་སྐུ་མངོན་གྱུར་པའི༔ བཀའ་བརྒྱུད་བླ་མའི་དབང་ཐོབ་ཤོག༔ ཚེ་འདིར་མཁའ་སྤྱོད་མྱུར་འགྲུབ་པའི༔ པད་འབྱུང་ཡབ་ཡུམ་དབང་ཐོབ་ཤོག༔ དུག་ལྔ་རྣམ་པར་དག་པ་ཡི༔ ཐོད་ཕྲེང་རྩལ་ལྔའི་དབང་ཐོབ་ཤོག༔ སྣང་སྲིད་འཁོར་འདས་དབང་བསྒྱུར་པའི༔ དྲག་པོ་རྩལ་གྱི་དབང༴ ལུས་ལ་གཟི་བརྗིད་བསྐྱེད་པའི་ཕྱིར༔ འཇམ་དཔལ་སྐུ་ཡི་དབང༴ ངག་ལ་ནུས་པ་བསྐྱེད་པའི་ཕྱིར༔ གསུང་མཆོག་རྟ་མགྲིན་དབང༴ སེམས་ལ་རྟོགས་པ་བསྐྱེད་པའི་ཕྱིར༔ ཐུགས་མཆོག་ཕྱག་རྡོར་དབང༴ ཡོན་ཏན་ལྷུན་གྱིས་གྲུབ་པའི་ཕྱིར༔ ཁྲོས་མ་ལྷ་ལྔའི་དབང༴ ཕྲིན་ལས་མ་ལུས་མྱུར་འགྲུབ་པའི༔ རྡོ་རྗེ་གཞོན་ནུའི་དབང༴ བདུད་བཞིའི་དགྲ་དཔུང་གཞོམ་པ་ཡི༔ རིགས་བཞི་ཕོ་ཉའི་དབང༴ ཕྱོགས་བཅུའི་གདོན་བགེགས་འདུལ་བའི་ཕྱིར༔ ཁྲོ་བོ་བཅུ་ཡི་དབང༴ ལས་བཞིའི་ཕྲིན་ལས་འགྲུབ་པའི་ཕྱིར༔ སྒོ་བཞི་སྲུང་མའི་དབང༴ ས་ལམ་བར་ཆད་ཀུན་སེལ་བའི༔ ཆོས་སྐྱོང་སྲུང་མའི་དབང༴ སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན༔ བླ་མ་ལྷ་ཡི་རྣམ་རོལ་དུ༔ གཅིག་དང་དུ་མར་གང་ཤར་བ༔ ཡེ་ཤེས་པ་དང་དམ་ཚིག་པ༔ རང་སེམས་ངོ་བོར་རོ་གཅིག་པའི༔ འཕོ་མེད་དོན་དམ་དབང༴ ཀ་དག་ཀློང་ན་སྐྱེ་འཆི་བྲལ༔ ཀུན་བཟང་ཀློང་ལ་འཕོ་འགྱུར་མེད༔ རང་བཞིན་གཉུག་མ་འགྲོ་འོང་བྲལ༔ རང་གསལ་ལྷུན་གྲུབ་འགག་པ་མེད༔ གདོད་ནས་རང་སེམས་ཡེ་སངས་རྒྱས༔ གཉིས་སྣང་འཁྲུལ་རྟོག་ཀུན་ཟད་པའི༔ ཕྱག་རྒྱ་ཆེན་པོའི་དབང་ཐོབ་ཤོག༔ དུས་གསུམ་དུས་མེད་སྐྱེ་འགྲོ་དང༔ དེང་འདིར་སྐལ་ལྡན་བུ་སློབ་རྣམས༔ ཨོ་རྒྱན་ཁྱེད་དང་དབྱེར་མེད་ཤོག༔ རྩ་སྔགས་དང༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་དབང་བཞི་བླངས་ཏེ༔ བསྡུ་རིམ་ནི༔ ཧཱུྃ༔ སྣོད་བཅུད་རྟེན་དང་བརྟེན་པར་བཅས༔ སྒྱུ་ལུས་ལྷ་སྐུར་གསལ་བར་ཐིམ༔ ལུས་སྣང་ཐུགས་ཀའི་ཧཱུྃ་ལ་ཐིམ༔ ཧཱུྃ་ཡང་གྱེན་རྫོགས་དམིགས་མེད་གྱུར༔ རྫོགས་པ་ཆེན་པོའི་ཀློང་ལ་བཞག༔ དགེ་བསྔོ་ནི༔ ཧོ༔ དེ་ལྟར་བསྒྲུབས་པའི་དགེ་བ་འདིས༔ དུས་གསུམ་དུས་མེད་སེམས་ཅན་རྣམས༔ ཚེ་འདིར་བར་ཆད་བདུད་ལས་རྒྱལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕྱི་མ་ཨོ་རྒྱན་མཁའ་སྤྱོད་ཞིང༔ རིག་འཛིན་པདྨ་བཛྲ་རྩལ༔ དབྱེར་མེད་ཉིད་དུ་སངས་རྒྱས་ཤོག༔ བཀྲ་ཤིས་ནི༔ ཧོ༔ ཤེས་བྱ་ཀུན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམ་པ་ཡིད་བཞིན་སྒྲུབ༔ ཡི་དམ་མཁའ་འགྲོའི་བཀྲ་ཤིས་ཤོག༔ བར་ཆད་ཀུན་སེལ་ཕྲིན་ལས་སྒྲུབ༔ ཆོས་སྐྱོང་སྲུང་མའི་བཀྲ་ཤིས་ཤོག༔ མཆོག་ཐུན་དངོས་གྲུབ་ཆར་འབེབ་པའི༔ ནོར་ལྷ་གཏེར་བདག་བཀྲ་ཤིས་ཤོག༔ བསྟན་འཛིན་སྐྱེས་བུའི་ཞབས་བརྟན་ཞིང༔ བོད་ཁམས་སྐྱེ་འགྲོ་བདེ་སྐྱིད་ལྡན༔ རྒྱལ་ཁམས་ཆོས་ལ་སྤྱོད་པ་དང༔ བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག༔ ཛ་ཡནྟུ༔ ཨེ་མ་གུ་རུ་དྲག་མཐིང་སྒྲུབ་པ་འདི༔ བསམ་ཡས་མི་འགྱུར་ལྷུན་གྲུབ་གཙུག་ལག་ཏུ༔ ཨོ་རྒྱན་ཆེན་པོས་མུ་ཁྲི་བདག་ལ་གནང༔ དབང་བསྐུར་བཀའ་གཏད་གསེར་གྱི་སྒྲོམ་བུར་བཅུག༔ ད་ལྟ་མི་སྤེལ་ཕྱི་རབས་དོན་ལ་བཞག༔ ཁམས་ཀྱི་ཁྱུང་རྫོང་གནས་ལ་སྦོས་ཤིག་གསུངས༔ མན་ངག་མཆོད་རྟེན་ནག་པོར་གཏེར་དུ་སྦོས༔ མ་འོངས་སེམས་ཅན་ནད་གདོན་དགྲ་ཡིས་མནར༔ དེ་དུས་ཁྱོད་ཀྱིས་སྤྲུལ་པའི་རྣལ་འབྱོར་པ༔ སྒྲུབ་པ་མཐར་ཕྱིན་སྔགས་ཀྱི་རྣལ་འབྱོར་པ༔ རྟོགས་པ་མངོན་གྱུར་འབྲེལ་ཚད་དོན་ལྡན་པ༔ ཁས་དམན་དགྲས་སྡང་ཀུན་གྱིས་གཤེ་ཞིང་བརྙས༔ ཡེ་ཤེས་སྤྱན་ལྡན་རྒྱལ་བས་ལུང་བསྟན་པ༔ བརླ་གཡོན་མཁའ་འགྲོའི་སྤྱན་འདྲའི་སྨེ་བ་ཅན༔ རིགས་བཟང་འདུ་ཞིང་རིགས་ངན་ཤན་པས་སྡང༔ རྡོ་རྗེའི་མིང་ཅན་དེ་དང་འཕྲད་པར་ཤོག༔ དུས་ནི་ཆུ་མོ་ལུག་གི་ལོ་ལ་ཐོན༔ ས་ཕོ་སྤྲེལ་གྱི་ལོ་ལ་ཡི་གེར་ཐོབ༔ སྦས་ཚུལ་འགྲོ་དོན་ཕན་ཡོན་བརྗོད་ལས་འདས༔ ཆོས་བྱེད་སྲོག་གི་གོ་ཆ་ཨ་ཐམ་རྒྱ༔ སྐལ་ལྡན་ལས་འཕྲོ་ཅན་གྱི་བར་ཆད་སེལ༔ སྐལ་མེད་ལོག་ལྟ་ཅན་ལ་མ་སྤེལ་ཅིག༔ ྈ ཅེས་པའི་སྒྲུབ་ཐབས་འདི་ཆུ་མོ་ལུག་གི་ལོ། བདག་ཁོ་བོ་ཆོས་རྒྱལ་རྡོ་རྗེས་གཉན་རྒྱལ་རྡོ་རྗེ་ཁྱུང་རྫོང་ཕུག་པར་ནམ་སྙིང་ཚེ་སྒྲུབ་ཟླ་བ་བཞི་ལ་ངག་མཚམས་འཁོར་ཡུག་འདུག་སྐབས། མནལ་ལམ་ཨོ་རྒྱན་པདྨ་པད་ཞྭ་ཆོས་གོས་བེར་གསུམ་དཀར་ཆས་ཅན་ཞིག་གིས། སྒྲུབ་ཁང་གཡས་ལོག་བྲག་ངོས་ན་ཕྱག་མཛུབ་གཏད་ནས་དངོས་གྲུབ་ལོངས་གསུངས་པ་རྨིས། ཕྱིར་ནང་དེར་སོང་བས་བྲག་ལས་གཏེར་སྒོ་ཕྱེ་ཙམ་ལས་རྩོལ་བ་མ་དགོས་པར་རྡོ་སྒྲོམ་བྱ་གོང་མོའི་སྒོ་ང་ལས་ཆུང་ཙམ་འདུག་པ་ཁ་བྱེ་འདུག་པའི་ནང་ན། མཐིང་ཤོག་ལ་མཚོ་རྒྱལ་ཟླ་མཚན་གྱིས་བྲིས་པའི་ཡི་གེ་ཤོག་དྲིལ་སོར་གསུམ་པ་དཀྱུས་མཁྱིད་གང་བ་གཅིག་ལ་ཡི་གེ་བར་མཚམས་མེད་པར་བྲིས་འདུག །བདག་གིས་བླངས་ཏེ་བུམ་པར་བཅུག་ནས་བཞག །དེ་ནུབ་མཚོ་རྒྱལ་གྱིས་ཚར་གཅིག་གསུངས་ཏེ་སྤྱི་བོར་བཞག །ཡི་གེ་བུམ་ཆུས་བཀྲུས་ནས་གནང་བ་འཐུངས་པར་རྨིས་པས། ཚིག་དོན་བརྗེད་མེད་དུ་འདུག །དམ་རྫས་གཅིག་ཡོད་པ་ཕབ་ཡོད། ཆོས་འདི་བརྗེད་མེད་སེམས་ལ་ཤར་ཡང་། ང་རང་འདྲེར་བལྟ་གདོན་བཟུང་བྱེད་མི་མང་བས་བྲི་བར་མ་སེམས་ཀྱང་། འགྲོ་ལ་ནད་ཀྱི་འཚེ་བ་མང་སྐབས། ས་ཕོ་སྤྲེལ་ལོར་རང་ལ་ནོར་ནད་ཏྲེ་ཏྲེ་ཧོན་བྱུང་། རྡོ་རྗེ་གྲོ་ལོད་སྒྲུབ་པ་བྱས་སྐབས། ཨོ་རྒྱན་གྱིས་མཁོ་བའི་དུས། ཕ་ནོར་ལ་བུ་ཡིད་མི་ཆེས་པར་ཆུད་ཟོས་ལ་གཏོང་ངམ། དགོས་པའི་དུས་ལ་མ་གཡེལ་ཅིག །གསུངས་པ་རྨིས་ནས་ས་ཕོ་སྤྲེལ་ལོ་ལོ་གསར་ཚེས་གཅིག་ལ་དབུ་བཙུགས་པས། གཏེར་ལྷོང་དྲག་པོ་དང་བར་ཆད་བདུད་རིགས་ཀྱིས་ཐེ་ཚོམ་བྱུང་རུང་། སླར་ཨོ་རྒྱན་རྗེ་ལ་སྐྱིད་སྡུག་དྲིས་ནས་ལྕགས་ཕོ་ཁྱི་ཡི་ལོར་ཕབ་པས་དོན་ཐམས་ཅད་གྲུབ་པར་གྱུར་ཏོ། །དེ་ཡི་ཉིན་རེ་ཨོ་རྒྱན་ལན་གསུམ་བར་མཇལ་བའི་ཉམས་སྣང་བྱུང་ལགས། ནུབ་རེ་མཚོ་རྒྱལ་ལན་རེ་ཞལ་མཇལ་བར་གྱུར། ཡང་མཚོ་རྒྱལ་གྱིས་ཁོ་བོ་ལ་རིག་འཛིན་ཆོས་རྒྱལ་རྡོ་རྗེ་ཁྱོད་ཀྱི་ལོ་རྒྱུས་དམར་འདོན་ཡིག་ཆུང་མང་ཐལ་ད་ཞོག་གསུངས་ལུང་བསྟན་བཀའ་རྒྱས་བཏབ་ཐལ། སྐུ་གསུང་ཐུགས་རྒྱ་རྒྱ་རྒྱ། འབུམ་འགྱུར་ཚེས་བཅོ་ལྔ་ལ་འགྲུབ། ཆོས་འདི་དགེ་བསྙེན་རྡོ་རྗེ་གཉན་རྒྱལ་གྱིས་སྲུངས་ཤིག །ཐང་ལྷ་རྡོ་རྗེ་འབར་བས་སྲུངས་ཤིག་སྤེལ་ཅིག་ས་མ་ཡ་རཀྵ་རཀྵ་རཀྵ། རྒྱ་རྒྱ་རྒྱ། གསང་བའི་གཏེར་སྲུང་མཚོ་སྨན་དང་། དགེ་བསྙེན་ཀླུ་བདུད་དྲག་པོས་གཉེར་རྒྱ་སྲུངས་ཤིག་རཀྵ་རཀྵ་རཀྵ་ས་མ་ཡ་རྒྱ་རྒྱ་རྒྱ། སྐལ་ལྡན་བུ་ལ་སྲུངས་ཤིག་སྐྱོབས་ཤིག་ས་མ་ཡ་རཀྵ་རཀྵ།། །།འདིའི་རྩ་བ་གཏེར་གཞུང་ལ་བུ་སློབ་རྣམས་ཀྱི་ངོར་ཆོག་ཁྲིགས་ལུགས་སུ་མཛད་པར་སྣང་ངོ་།། །།
སྨིན་གླིང་རྡོར་སེམས་བརྒྱུད་འདེབས་ (Volume 3, Text 3)
ཁྱབ་བདག་དང་པོའི་མགོན་པོ་ཀུན་ཏུ་བཟང་། །བདེ་སྟོང་དབྱེར་མེད་དཔལ་ལྡན་རྡོ་རྗེ་སེམས། །རྒྱལ་ཚབ་སྟོན་པ་དགའ་རབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཟུང་འཇུག་མཐར་ཕྱིན་ཤྲཱི་སིཾ་ཧའི་ཞབས། །གསང་བའི་མཛོད་འཛིན་རྡོ་རྗེ་ཧཱུྃ་མཛད་དང་། །ཟབ་ལམ་སྙིང་པོའི་དོན་གཟིགས་བི་མ་ལར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དུས་གསུམ་སངས་རྒྱས་ཀུན་དངོས་པདྨ་འབྱུང་། །མཁའ་སྤྱོད་དབང་མོ་ཡེ་ཤེས་མཚོ་རྒྱལ་དང་། །ངེས་དོན་ལམ་བཟང་གསལ་མཛད་བཻ་རོ་རྗེར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྔ་འགྱུར་བསྟན་པའི་ཉི་མ་གཏེར་བདག་གླིང་། །བི་མའི་རྣམ་འཕྲུལ་རིན་ཆེན་རྣམ་པར་རྒྱལ། །རིག་འཛིན་ས་བརྙེས་པདྨ་བསྟན་འཛིན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ངེས་གསང་ལམ་སྟོན་ཕྲིན་ལས་རྣམ་པར་རྒྱལ། །མཆོག་གཟིགས་པདྨ་དབང་རྒྱལ་ལྕམ་དྲལ་ཟུང་། །གཙུག་ལག་ཆོས་རྒྱལ་འཇམ་དབྱངས་མཁྱེན་བརྩེའི་གཏེར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྨིན་གྲོལ་འདོད་དགུའི་མཆོག་སྩོལ་བླ་མ་རྗེ། །བདེ་ཆེན་སྒྱུ་མའི་རྣམ་རོལ་ཡི་དམ་ལྷ། །ཕྲིན་ལས་ཐོགས་མེད་མཁའ་འགྲོ་ཆོས་སྐྱོང་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འདིས་ཐོབ་དགེ་བས་བདག་གཞན་མཁའ་མཉམ་འགྲོ །བྱང་ཆུབ་སེམས་འབྱོངས་གང་སྣང་ལྷ་སྐུར་ཤར། ཁྲེགས་ཆོད་ལྟ་བ་མཐར་ཕྱིན་ཐོད་རྒལ་གྱི། །འཕོ་མེད་ཟབ་ལམ་མཐའ་རུ་ཕྱིན་པར་ཤོག །ཅེས་མདོ་ཁམས་གོ་འཇོ་བླ་མ་ཤེས་རབ་འོད་ཟེར་དང་བསོད་ནམས་ཕུན་ཚོགས་གཉིས་ཀྱིས་བསྐུལ་ངོར་འགྱུར་མེད་རྡོ་རྗེས་བྲིས་པའོ།། །།
དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཕྱི་སྒྲུབ་འཁོར་བ་ལས་སྒྲོལ་ (Volume 24, Text 3)
༁ྃ༔ དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཕྱི་སྒྲུབ་འཁོར་བ་ལས་སྒྲོལ་བཞུགས་སོ༔ ྈྈྈྈ ཨོཾ་མ་ཎི་པདྨེ་ཧཱུྃ༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ༔ ཨཱརྱ་ལོ་ཀེ་ཤྭ་ར་ཡ༔ ཟབ་ལམ་སྒྲུབ་པའི་རིམ་པ་འདི༔ བདག་འདྲ་པད་མས་མ་འོངས་དོན་ཕྱིར་དུ༔ སྙིང་གི་ཏི་ཀ་གདམས་ནས་སྦས༔ མ་འོངས་ཡང་སྤྲུལ་སྐྱེས་བུས་བཏོན་ནས་ཀྱང༔ འགྲོ་དྲུག་སྲིད་མཚོ་ལས་སྒྲོལ་ཤོག༔ འདི་ལ་སྦྱོར་བ་དངོས་གཞི་རྗེས་གསུམ་ལས༔ སྔོན་འགྲོ་རྟེན་མཆོད་བཤམ་པ་དང༔ དངོས་གཞི་ལྷ་བསྐྱེད་གསོལ་གདབ་དབང་བླང་དང༔ རྗེས་ཀྱི་རིམ་པ་རྒྱུན་སྤྱོད་སྨོན་ལམ་བཏབ་པའོ༔ ཤིན་ཏུ་དབེན་ཞིང་ཉམས་དགའ་བའི་གནས་མཆོག་ཏུ༔ ད་ལ་མདའ་གང་དྲིའི་ཆག་ཆག་གདབ༔ དེ་སྟེང་འདབ་བརྒྱད་མཛེས་ཚོན་བྱ༔ དེ་སྟེང་མན་འཛིལ་ཁྲི་འུའི་ཁར༔ རཏྣའི་བུམ་པ་ཆུ་གཙང་སུམ་ཆ་བཀང༔ བུམ་རྫས་སྤྱི་མཐུན་འབྲས་བུའི་ཤིང་གིས་ཁ་བརྒྱན་ལ༔ མགུལ་ཆིངས་དར་སྣ་ལྔ་དང་གཟུངས་ཐག་གི་རྡོ་རྗེས་སྤྲས༔ སྐུ་གསུང་ཐུགས་རྟེན་ཡིད་འོང་བརྗིད་ལྡན་བཤམ༔ གཏོར་མ་ཟླུམ་པོ་བདུད་རྩི་མ་རྡལ་དང༔ རྡོར་དྲིལ་ལ་སོགས་རྣལ་འབྱོར་མཐུན་རྐྱེན་བསགས༔ བདེ་བའི་གདན་འདུག་སྐྱབས་སེམས་སྔོན་སོང་ནས༔ སྭ་བྷཱ་ཝས་སྦྱངས༔ ཆོས་རྣམས་ཐམས་ཅད་མི་དམིགས་སྟོང་པའི་ངང༔ ས་གཞི་ཐམས་ཅད་རིན་ཆེན་ཤེལ་གྲུབ་པའི༔ རང་སྣང་ལྷུན་གྲུབ་གཞལ་ཡས་ཁང་གི་དབུས༔ པད་དཀར་ཟླ་བའི་གདན་སྟེངས་སུ༔ ཧྲཱིཿཡིག་ལས་བྱུང་བདག་ཉིད་ནི༔ འཕགས་པ་འཇིག་རྟེན་དབང་ཕྱུག་སྐུ༔ ཞལ་གཅིག་ཕྱག་བཞི་སྐྱིལ་ཀྲུང་བཞུགས༔ རྩ་ཕྱག་ཐལ་སྦྱར་ནོར་བུ་བསྣམས༔ གཡས་གཡོན་ཤེལ་ཕྲེང་པད་དཀར་འཛིན༔ འོད་དཔག་མེད་པས་དབུ་བརྒྱན་ཅིང༔ ལོངས་སྤྱོད་རྒྱན་རྫོགས་གཟི་འོད་འབར༔ འཇའ་ཟེར་འོད་ལྔའི་རྒྱབ་ཡོལ་མཛད༔ ཉམས་ལྡན་འགྲོ་ཀུན་བརྩེ་བས་གཟིགས༔ གནས་གསུམ་ཡི་གེ་གསུམ་ལས་འོད་འཕྲོས་པས༔ རི་བོ་པོ་ཏ་ལ་ཡི་ཕོ་བྲང་ནས༔ ཡེ་ཤེས་སེམས་དཔའ་སྤྱན་འདྲེན་གཉིས་མེད་བསྟིམས༔ མཆོད་པ་ལྔ་སོགས་རིན་ཆེན་མ་རྡལ་མཆོད༔ བསྟོད་པ་ནི༔ ཧཱུྃ་ཧྲཱི༔ སྐྱོན་གྱིས་མ་གོས་སྐུ་མདོག་དཀར༔ རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན༔ ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས༔ འཕགས་མཆོག་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང༔ ཧྲཱིཿཡིག་དཀར་གསལ་ཚེག་དྲག་བཅས་པའི་མཐར༔ ཡི་གེ་དྲུག་པའི་འོད་ཟེར་ཆོས་འཁོར་དུ༔ ཤེལ་ཕྲེང་ཅི་བཞིན་ངང་དཀྱིལ་འཁོར་བར་བསམ༔ ཐུགས་ཀའི་ཧྲཱི་ལས་འོད་འཕྲོས་པས༔ བུམ་པ་སྟོང་གསལ་ལྷའི་གཞལ་ཡས་ཁང་དུ་བསམ༔ བུམ་སྐུའི་ལྷ་ཚོགས་བ་སྤུའི་བུ་ག་ནས༔ བདུད་རྩི་འོ་རྒྱུན་ལྟར་འབབ་བུམ་པ་ཁེངས་བསམས་ལ༔ བུམ་པ་ལྷ་ཡི་ཐུགས་ཀ་ནས༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ པོ་ཏ་ལ་སོགས་ཕྱོགས་བཅུའི་རྒྱལ་བ་ཡི༔ ཐུགས་ཀར་ཕོགས་ནས་སྐུ་གསུང་ཐུགས་ཡོན་མཉེས་མཆོད་འབུལ༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་མ་ལུས་ཀུན༔ ཉི་རྡུལ་འཁྲིག་བཞིན་བདག་མདུན་རྣམས་ལ་སིབ་སིབ་ཐིམ་པར་བསམ༔ དེ་ནས་གསལ་འདེབས་པ་ནི༔ ཧྲཱི༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ བྱམས་མགོན་ཚད་མེད་ཐུགས་རྗེའི་བདག༔ འགྲོ་ཀུན་སྲིད་མཚོ་བསྒྲལ་མཛད་པ༔ སྙིང་ནས་གསོལ་འདེབས་བྱིན་གྱིས་རློབས༔ ཞེས་གསོལ་བ་ཕུར་ཚུགས་སུ་གདབ་ཅིང༔ གསང་སྔགས་རྒྱལ་པོ་འདི་ཉིད་བཟླས༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ དེ་ནས་སྣང་བ་སྐུའི་ཁྱེར་སོ་ནི༔ ཕྱི་སྣོད་འཇིག་རྟེན་ལྷ་ཡི་གཞལ་ཡས་ལ༔ ནང་བཅུད་སྣང་སྲིད་རང་འདྲའི་འཕགས་པའི་སྐུ་རུ་བསྒོམ༔ སྒྲ་གྲགས་གསུང་གི་ཁྱེར་སོ་ནི༔ རིགས་དྲུག་ལ་སོགས་འབྱུང་བའི་སྒྲ་རུ་གྲགས་ཚད་ཀུན༔ གསུང་མཆོག་ཡི་གེ་དྲུག་པའི་སྒྲ་རུ་བསྒོམ༔ དྲན་རྟོག་ཐུགས་ཀྱི་ཁྱེར་སོ་ནི༔ འཁོར་འདས་སྣང་སྲིད་གཉིས་བསྡུས་ཆོས་རྣམས་ཀུན༔ རིག་སྟོང་ཁྱབ་བརྡལ་ཆེན་པོའི་ངང༔ བདེ་སྟོང་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག༔ འདི་ལྟར་ཉམས་སུ་ལེན་པའི་ཚེ༔ གངས་རི་བྲག་དཀར་འཛེགས་པ་དང༔ ཤེལ་སོགས་རཏྣའི་རིགས་བྱེད་རྙེད༔ མར་མེ་ཐོགས་དང་དུང་དཀར་འབུད༔ གོས་དཀར་གོན་དང་དར་དཀར་ཕྱར༔ ཉི་ཤར་ཟས་གོས་སྣ་ཚོགས་སྟེར་བ་དང༔ གཅེར་ཁྲུས་བྱེད་དང་ཉི་ཟླ་ཤར་རྣམས་འབྱུང༔ དེ་ནས་བུམ་པ་སྤྱི་བོར་བཞག་ལ་དབང་བཞི་ལེན༔ དེ་ནས་སྨོན་ལམ་ནི༔ རྣམ་དག་ལྷུན་གྲུབ་པདྨ་བརྩེགས་པའི་གནས༔ འོད་གསལ་ལྷུན་གྲུབ་ལོངས་སྤྱོད་རྫོགས་སྐུའི་ས༔ བཀོད་པ་རབ་མཛེས་ལོངས་སྐུའི་ཞིང་ཁམས་དེར༔ བདག་དང་མཐའ་ཡས་འགྲོ་དྲུག་སེམས་ཅན་ཀུན༔ སྤྱན་རས་གཟིགས་དབང་ཞིང་དེར་སྐྱེ་བར་ཤོག༔ འདི་ཉིད་ཉམས་སུ་སུས་བླངས་པ༔ མི་དེ་འཕགས་པའི་སྐུ་རུ་འགྲུབ༔ བར་དོ་མེད་པར་མངོན་སངས་རྒྱས༔ ང་སྤྲུལ་ལས་ཅན་བུ་དང་འཕྲད་པར་ཤོག༔ འཕྲད་ནས་འགྲོ་ཀུན་འཁོར་བ་ལས་སྒྲོལ་ཤོག༔ བཀའ་འདི་རོལ་པ་རྐྱ་བདུན་ཡུམ་ཆེན་རྣམས་ལ་བཅོལ༔ ཐུབ་པར་སྲུངས་ཤིག་བཛྲ་ས་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ གཉན་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་བདུད་འདུལ་རྡོ་རྗེ་ཡིས། ཚ་བ་སྒྲོ་བྲག་ཅེས་ཙི་ཏ་གནམ་ལངས་འདྲ་བའི་མགུལ་ནས་གདན་དྲངས་པའོ། །ཤོག་སེར་ངོས་ནས་དག་པར་ཕབ་པའི་ཡི་གེའི་རིས་བྱེད་ཨོ་རྒྱན་བསྟན་སྲུང་ངོ་། །སརྦ་སྭསྟི།། །། ྈ དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོའི་གསང་སྒྲུབ་འཁོར་བ་དོང་སྤྲུགས་བཞུགས་སོ༔ ྈྈྈྈྈ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ འཕགས་མཆོག་ནམ་མཁའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ བདག་འདྲ་ཨོ་རྒྱན་མཁན་པོ་མ་ཧཱ་གུ་རུ་ཡིས༔ མ་འོངས་སེམས་ཅན་དོན་ཕྱིར་དུ༔ དུས་གསུམ་རྒྱལ་བའི་དགོངས་པ་གཅིག་དྲིལ་བ༔ འཕགས་མཆོག་ནམ་མཁའི་རྒྱལ་པོ་ཡི༔ གསང་སྒྲུབ་ཟབ་མོ་འདི་བཞིན་བསྟན༔ མ་འོངས་ཐུགས་རྗེ་ཆེན་པོའི་རྣམ་པར་འཕྲུལ༔ བདུད་འདུལ་རྡོ་རྗེ་རྩལ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དབེན་ཞིང་ཉམས་དགའི་གནས་མཆོག་ཏུ༔ ཤིས་པའི་ས་བླངས་ད་ལ་མདའ་གང་དབུས༔ ཐིག་གདབ་དབུས་སུ་པད་འདབ་བཞི༔ དེ་རྒྱབ་པདྨ་འདབ་མ་ལྔ༔ དེ་ཡི་ཕྱི་རིམ་འདབ་མ་བརྒྱད༔ དེ་ཡི་ཕྱི་རིམ་པད་འདབ་བརྒྱད༔ དེ་རྒྱབ་འདབ་མ་དྲུག༔ སྒོ་གྲུ་ལ་སོགས་སྤྱི་དང་མཐུན༔ པད་རྡོར་མེ་རི་ལ་སོགས་ལེགས་པར་བྱ༔ དེ་སྟེང་མན་འཛིལ་ཁྲི་འུ་ཁར༔ བུམ་པ་མཚན་ལྡན་བགེགས་བསྐྲད་གུ་གུལ་བདུག༔ ཁ་རྒྱན་གཟུངས་ཐག་རྡོ་རྗེ་དང༔ མངོན་རྟོགས་དང་མཐུན་འཕགས་པའི་སྐུ་རྟེན་འཛུགས༔ རིལ་བུ་ལ་ཡང་དེ་དང་བསྟུན༔ ལས་བུམ་བྱང་དུ་མགུལ་ཆིངས་དམར༔ དེ་མདུན་བནྡྷ་མཚན་ལྡན་ཆང་གིས་བཀང༔ མེ་ལོང་སིནྡྷུ་རས་བྱུགས༔ ཡིག་བཅུ་ཧྲཱིཿམ་དབུས་སུ་འོ༔ དར་དམར་ཁ་ཁེབས་བྱ༔ ནུབ་ཏུ་གཏོར་མ་བང་རིམ་གསུམ་བརྩེགས་པདྨ་ནོར་བུའི་མཚན་པ་བརྗིད་ལྡན་བཤམ༔ མདའ་བཞི་གྲི་བཞི་ལ་སོགས་སྒྲུབ་ཆེན་སྤྱི་མཐུན་བྱ༔ དེ་ནས་བདེ་བའི་གདན་འདུག་ལ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ ཨོཾ་སྭ་བྷཱ་ཝ་ཞེས་སོགས༔ གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་པཾ་ལས་པདྨ་དཀར་པོ་འདབ་མ་སྟོང་དང་ལྡན་པའི་སྟེང་དུ༔ ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ༔ རང་གི་རིག་པའི་ངོ་བོ་ཧྲཱིཿཡིག་དཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ་དེ་ལས་འོད་ཟེར་འཕྲོས༔ འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས༔ འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་དམར་བའི་མདངས་དང་ལྡན་པ་ལམ་ལྔ་ས་བཅུ་གཅིག་རྫོགས་ཀྱིས་འགྲོ་བ་རྣམས་ཀུན་ཏུ་འོད་ཀྱི་ས་ལ་འགོད་པ༔ ཞི་ཁྲོ་ཕྱེད་མའི་ཞལ་བཅུ་གཅིག་གིས་ཉོན་མོངས་པའི་བདུད་བཞི་ཟིལ་གྱིས་གནོན་པ༔ རྩ་བའི་ཞལ་དཀར་པོ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རིགས་དྲུག་གི་འཁོར་བ་དོང་ནས་སྤྲུག་ཅིང་བདེ་ཆེན་གྱི་གནས་སུ་སྤོར་བ༔ གཡས་ཞལ་དཀར་པོ་ལས་འོད་ཟེར་འཕྲོས་པས༔ དམྱལ་བ་ཚ་གྲང་གི་སྡུག་བསྔལ་སེལ་བ༔ གཡོན་ཞལ་ལྗང་གུ་ལས་འོད་ཟེར་འཕྲོས་པས༔ ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་སེལ་བ༔ དེ་སྟེང་དབུས་ཞལ་སྔོན་པོ་གཡས་ཞལ་སེར་པོ་ལས་འོད་ཟེར་འཕྲོས་པས་མི་རྣམས་ན་འཆི་དང་འདུ་བྱེད་སྡུག་བསྔལ་སེལ་བ༔ གཡོན་ཞལ་དམར་པོ་ལས་འོད་ཟེར་འཕྲོས་པས་དུད་འགྲོ་རྣམས་བླུན་རྨོངས་ཀྱི་སྡུག་བསྔལ་སེལ་བ༔ དེ་སྟེང་དབུས་དཀར་གཡས་དམར་གཡོན་ལྗང་བའི་ཞལ་གསུམ་ལས་འོད་ཟེར་འཕྲོས་པས་ལྷ་མིན་སྡུག་བསྔལ་སེལ་བ༔ དེ་སྟེང་ཁྲོ་ཞལ་ནག་པོ་ལས་འོད་ཟེར་འཕྲོས་ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ་སེལ་བ༔ དེ་སྟེང་རིགས་ཀྱི་བདག་པོ་ཨ་མི་དྷེ་ཝ་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་ཤར་བ་ལྟ་བུ་ལས་འོད་ཟེར་འཕྲོས་པས་འགྲོ་བ་རྣམས་པདྨ་ཅན་གྱི་ས་ལ་འགོད་པ༔ རྩ་ཕྱག་གཉིས་སྣང་སྟོང་དབྱེར་མེད་ཀྱི་བརྡར་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་དགོས་འདོད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་བསྣམས་པ༔ གཡས་ཀྱི་འོག་མས་ཤེལ་དཀར་གྱི་ཕྲེང་བ་དང་གཡོན་མེ་ཏོག་ཨུཏྤལ་དཀར་པོ་སྙན་གྱི་ཐད་ཀར་ཁ་འབྱེད་པ་འཛིན་ཅིང༔ གཡས་ཀྱི་རྩ་ཕྱག་བཅུ་ན་རིམས་པ་བཞིན་དུ་རྒྱ་གྲམ་དང་རིན་པོ་ཆེ་དང་རྡོ་རྗེ་པདྨ་རལ་གྲི་དང༔ འཁོར་ལོ་དང་ཨུཏ་པལ་ཉི་མ་དང་ཟླ་བའི་དཀྱིལ་འཁོར་དང་པདྨའི་ཆུན་བུ་རྣམས་འཛིན་པ༔ གཡོན་པའི་རྩ་ཕྱག་བཅུ་ན༔ སྡེ་སྣོད་ཀྱི་པོ་ཏི་དང་ཤེས་རབ་ཀྱི་རལ་གྲི་དང་ཤེལ་དཀར་གྱི་ཕྲེང་བ་སྣ་ཚོགས་ཀྱི་རྡོ་རྗེ་དང༔ དྲིལ་བུ་དང་སྤྱི་བླུགས་དང་བུམ་པ་དང་གསེག་ཤང་དང་ལྷུང་བཟེད་དང་མཆོད་རྟེན་རྣམས་བསྣམས་པའོ༔ ཉིང་ལག་སྟོང་ལ་སྟོང་འཁོར་ལོ་བསྒྱུར་བའི་རྒྱལ་པོ་དང༔ ཕྱག་མཐིལ་དུ་ཞི་བའི་སྤྱན་རེ་རེ་མངའ་བ༔ ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་སྐུར་བཞེངས་པ༔ སྐུ་ལུས་ཀྱི་བ་སྤུའི་འོད་ཀློང་དུ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་འོད་ལྔའི་ཚོམ་བུར་གསལ་བ༔ ཆོས་ཀྱི་སྐུ་ལས་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་དུ་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པ༔ སྐུ་སྟོད་ལ་ཀ་ལི་དར་དཀར་ན་བཟའ་དང་ཀྲྀཥྞ་སཱ་རའི་པགས་པས་ནུ་མ་གཡོན་པ་བཀབ་པ༔ རིན་པོ་ཆེ་སྣ་ཚོགས་ཀྱི་དབུ་རྒྱན་སྙན་རྒྱན་ཚངས་སྐུད་སོགས་མགུལ་རྒྱན་དོ་ཤལ་ཕྱག་གདུབ་ཞབས་གདུབ་ལ་སོགས་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་རིགས་བཞིའི་སྦྲུལ་གྱིས་བརྒྱན་པ། ཚད་མེད་པ་བཞིས་འགྲོ་དོན་མཛད་པའི་བརྡ་རུ་ཞབས་བཞི་དྲང་པོར་བཞེངས་པ༔ དེའི་གཡོན་དུ་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག་མ་གཡས་ཞལ་དཀར་ཞིང་གཡོན་ཞལ་སྔོ་བ༔ ཕྱག་གཡས་གཡོན་གྱི་དང་པོ་ལ་ཌཱ་མ་རུ་དང་དྲིལ་བུ་བསྣམས་ནས་ཡབ་ལ་འཁྱུད་པ༔ ཕྱག་ལྷག་མའི་གཡས་གཉིས་ན་གྲི་གུག་དང་ཁ་ཊྭཱཾ་འཛིན་པ༔ གཡོན་གཉིས་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་ཐོད་པ་ཁྲག་གིས་བཀང་བ་འཛིན་པ༔ རུས་པ་དང་རིན་པོ་ཆེ་དང་དར་ཟབ་སོགས་ཞི་ཁྲོའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང༔ དབུ་སྐྲ་རལ་པ་ཐོར་ཅོག་སྤྱི་བོར་བཅིངས་ཤིང་ནོར་བུ་དབང་རྒྱལ་ཏོག་གིས་བརྒྱན་པ༔ ཞབས་གཉིས་ཡབ་ལ་དགྱེས་སྦྱོར་གྱིས་འཁྱུད་པའོ༔ དེའི་ཕྱི་རིམ་གྱི་འདབ་མ་བཞི་ལ་ཤར་དུ་ཏཱཾ་ལས་སྒྲོལ་མ་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་མ་གཡས་མཆོག་སྦྱིན་དང་གཡོན་མེ་ཏོག་ཨུཏྤ་ལ་སྙན་གྱི་ཐད་ཀར་འབྱེད་པ༔ ལྷོར་ཨཱོཾ་ལས་སྲས་ནོར་བུ་འཛིན་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡས་པད་ཕྲེང་དང་གཡོན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་བསྣམས་པ༔ ནུབ་ཏུ་ཏཱཾ་ལས་ཡིད་བཞིན་གྱི་འཁོར་ལོ་ཚེ་འཕེལ་མ་སྐུ་མདོག་དཀར་མོ་གཡས་མཆོག་སྦྱིན་གྱིས་པདྨ་དཀར་པོ་གཡོན་མཉམ་གཞག་གི་ཕྱག་རྒྱ་དང་བཅས་པས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་ཚེ་བུམ་བསྣམས་པ༔ བྱང་དུ་ཨཱཿལས་གསང་སྔགས་འཛིན་མ་དམར་མོ་ཕྱག་ན་པད་ཕྲེང་དང་ཚེ་བུམ་བསྣམས་པ༔ ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ་ཞབས་ཕྱེད་སྐྱིལ་དུ་བཞུགས་པའོ༔ དེའི་ཕྱི་རིམ་གྱི་པད་འདབ་ལྔ་ལ༔ ཤར་དུ་མི་བསྐྱོད་པ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ་དང་གཡོན་བུམ་པ་བསྣམས་པ༔ ཡུམ་མཱ་ཀཱི་སྔོན་མོ་དང་གཉིས་མེད་དུ་འཁྲིལ་བ༔ ཤར་ལྷོར་རྣམ་སྣང་དཀར་པོ་གཡས་འཁོར་ལོ་དང་གཡོན་བུམ་པ་བསྣམས་པ༔ ཡུམ་མཆོག་དབྱིངས་ཕྱུག་མ་དང་གཉིས་མེད་དུ་འཁྲིལ་བ༔ ལྷོར་རིན་འབྱུང་སེར་པོ་གཡས་རིན་པོ་ཆེ་དང་གཡོན་བུམ་པ་བསྣམས་པ༔ ཡུམ་སངས་རྒྱས་སྤྱན་མ་དང་གཉིས་མེད་དུ་འཁྲིལ་བ༔ ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་གཡས་པདྨ་དམར་པོ་དང་གཡོན་བུམ་པ་འཛིན་པ༔ ཡུམ་ན་བཟའ་དཀའ་མོ་དང་གཉིས་མེད་དུ་འཁྲིལ་བ༔ བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་གཡས་རྒྱ་གྲམ་དང་གཡོན་བུམ་པ་འཛིན་པ༔ ཡུམ་དམ་ཚིག་སྒྲོལ་མ་དང་གཉིས་མེད་དུ་འཁྲིལ་བ༔ དེ་རྣམས་ཀྱང་དར་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ༔ ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པའོ༔ དེའི་ཕྱི་རིམ་གྱི་པད་འདབ་བརྒྱད་ལ༔ ཤར་དུ་ས་སྙིང་དཀར་པོ་རིན་པོ་ཆེའི་མྱུ་གུ་བསྣམས་པ༔ ལྷོར་ནམ་སྙིང་མཐིང་ག་རལ་གྲི་འཛིན་པ༔ ནུབ་ཏུ་སྤྱན་རས་གཟིགས་དབང་དཀར་པོ་པདྨ་འཛིན་པ༔ བྱང་དུ་ལག་ན་རྡོ་རྗེ་ལྗང་གུ་རྡོ་རྗེ་འཛིན་པ༔ ཤར་ལྷོར་བྱམས་པ་དམར་སེར་སྤྱི་བླུགས་འཛིན་པ༔ ལྷོ་ནུབ་ཏུ་ཀུན་ཏུ་བཟང་པོ་མཐིང་ག་མྱུ་གུ་འཛིན་པ༔ ནུབ་བྱང་དུ་སྒྲིབ་པ་རྣམ་སེལ་དཀར་པོ་པོ་ཏི་འཛིན་པ༔ བྱང་ཤར་དུ་འཇམ་དཔལ་དམར་གསལ་རལ་གྲི་གདེངས་པ༔ དེ་དག་ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ༔ ཞབས་ཕྱེད་སྐྱིལ་དུ་བཞུགས་པའོ༔ དེའི་ཕྱི་རིམ་པདྨ་འདབ་བརྒྱད་ལ་ཤར་དུ་ལཱ་སེ་དཀར་མོ་མེ་ལོང་འཛིན་པ༔ ལྷོར་མཱ་ལེ་སྔོན་མོ་ཕྲེང་བ་འཛིན་པ༔ ནུབ་ཏུ་གྷིརྟི་དམར་མོ་པི་ཝཾ་འཛིན་པ༔ བྱང་དུ་ནཱིརྟི་ལྗང་གུ་དར་གྱི་ཅོད་པན་འཛིན་པ༔ ཤར་ལྷོར་པུཥྤེ་མ་སྔོན་མོ་མེ་ཏོག་གི་ཕྲེང་བ་འཛིན་པ༔ ལྷོ་ནུབ་ཏུ་དྷཱུ་པེ་མ་དམར་སེར་སྤོས་ཕོར་འཛིན་པ༔ ནུབ་བྱང་དུ་ཨཱ་ལོ་ཀེ་དམར་མོ་སྣང་གསལ་འཛིན་པ༔ བྱང་ཤར་དུ་གྷནྡྷེ་མ་ལྗང་གུ་དྲིའི་དུང་ཕོར་འཛིན་པ༔ དེ་རྣམས་ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ༔ ཞབས་ཐམས་ཅད་གར་ཐབས་ཀྱི་ཚུལ་དུ་བཞུགས་པའོ༔ དེའི་ཕྱི་རིམ་གྱི་འདབ་མ་དྲུག་ལ༔ ཤར་དུ་ལྷའི་ཐུབ་པ་དཀར་པོ་པི་ཝཾ་འཛིན་པ༔ ལྷོར་ལྷ་མིན་ཐུབ་པ་སྔོན་པོ་གོ་མཚོན་འཛིན་པ༔ ནུབ་ཏུ་མིའི་ཐུབ་པ་སེར་པོ་གསེག་ཤང་དང་པར་བུ་འཛིན་པ༔ ནུབ་བྱང་དུ་དུད་འགྲོའི་ཐུབ་པ་ལྗང་གུ་པོ་ཏི་འཛིན་པ༔ བྱང་དུ་ཡི་དྭགས་ཀྱི་ཐུབ་པ་དམར་པོ་སྒྲོམ་བུ་འཛིན་པ༔ བྱང་ཤར་དུ་དམྱལ་བའི་ཐུབ་པ་ནག་པོ་མེ་ཆུ་འཛིན་པའོ༔ དེ་དག་ཐམས་ཅད་ན་བཟའ་ཆོས་གོས་གསུམ་དང་ལྡན་པ༔ དབུ་ཡི་གཙུག་ཏོར་རབ་ཏུ་མངོན་ཞིང་ཞབས་རྣམས་དྲང་པོར་གཤིབས་ཏེ༔ བཞེངས་པའོ༔ དེའི་ཕྱི་རིམས་ཀྱི་སྒོ་ཁྱམས་བཞི་ལ་ཤར་དུ་སྟོབས་པོ་ཆེ་སྔོན་པོ་རྡོ་རྗེ་དང་བྷན་དྷ་འཛིན་པ༔ ལྷོར་གཤིན་རྗེ་གཤེད་སེར་པོ་ཐོད་དབྱུག་དང་བྷནྡྷ་འཛིན་པ༔ ནུབ་ཏུ་རྟ་མགྲིན་དམར་པོ་པད་དབྱུག་དང་བྷནྡྷ་འཛིན་པ༔ བྱང་དུ་བདུད་རྩི་འཁྱིལ་པ་ལྗང་གུ་རྒྱ་གྲམ་དང་བྷནྡྷ་འཛིན་པ་ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ༔ ཞབས་རྣམས་འདོར་ཐབས་འགྱིངས་བག་གི་ཚུལ་གྱིས་བཞུགས་པའོ༔ དེ་དག་ཐམས་ཅད་ཨ་འཐས་དངོས་གཟུགས་མ་ཡིན་པ་ཆུ་ཟླ་འཇའ་ཚོན་ལྟ་བུར་གསལ་བའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་རང་བཞིན་གྱི་གནས་པོ་ཏ་ལའི་ཕོ་བྲང་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིག་འཛིན་གྲུབ་ཐོབ་རྒྱལ་བ་རྒྱ་མཚོ་ཐམས་ཅད་བྱིན་ཐིབས་སེ་བྱོན་པར་བསམ་མོ༔ ཏིང་ངེ་འཛིན་གྱིས་མཆོད་ཅིང༔ བསྟོད་པ་ལ་སོགས་སྐབས་དང་སྦྱར༔ དེ་ནས་དམིགས་པའི་འཁྲུལ་འཁོར་ནི༔ ྈ རང་ཉིད་འཕགས་པ་ནམ་མཁའི་རྒྱལ་པོར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་འོད་ལྔའི་ཀློང་དུ༔ དཔལ་རྟ་མགྲིན་དམར་པོ་ཞལ་གཅིག་ཕྱག་གཉིས་པ་ཤིན་ཏུ་ཁྲོས་པ་སྤྱི་གཙུག་ཏུ་རྟ་མགོ་ལྗང་གུའི་རྟ་སྐད་ནམ་མཁའི་དབྱིངས་སུ་འཚེར་བ༔ ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣམས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧྲཱིཿཡིག་དཀར་གསལ་གྱི་གཡས་སུ་ཨོཾ་དཀར་པོ༔ གཡོན་དུ་ཨཱཿདམར་པོ༔ ཧྲཱིཿའོག་ཏུ་ཧཱུྃ་སྔོན་པོའི་མཐའ་སྐོར་དུ༔ གསང་སྔགས་ཀྱི་རྒྱལ་པོས་བསྐོར་བའི་སྔགས་ཕྲེང་ལས་འོད་ཟེར་ཕྲེང་བ་ལྟ་བུར་ཟེར་ཐག་སྒྲེང་པ་ལ་ཤེས་པ་གཏད་ཅིང་གསང་སྔགས་རྒྱལ་པོ་འདི་ཉིད་བཟླས་པར་བྱའོ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ འོད་ཟེར་སྤྲོ་བསྡུ་འདི་ཉིད་ཀློག་བསྒོམ་གཉིས་ཀ་གཅེས༔ ཧཱུྃ་ཧྲཱི༔ བདག་ཉིད་འཕགས་པའི་ཐུགས་ཀ་ནས༔ སྔགས་ཕྲེང་འོད་ཟེར་དཀར་པོ་འཕྲོས༔ བདེ་གཤེགས་ཀུན་གྱི་སྐུ་ལ་ཕོག༔ སྐུ་མཆོག་མཉེས་ནས་སྐུ་ཡི་དངོས་གྲུབ་སྩོལ༔ བདག་ལ་འདུས་ཤིང་འོད་ཟེར་དེས༔ ཁམས་གསུམ་སེམས་ཅན་ལུས་སྒྲིབ་སྦྱངས༔ སེམས་ཅན་ལུས་ཀུན་དབང་སྡུད་ནས༔ འཕགས་པའི་སྐུ་དང་དབྱེར་མེད་གྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཧཱུྃ་ཧྲཱི༔ སྤྱི་གཙུག་རིགས་བདག་ཐུགས་ཀ་ནས༔ སྔགས་ཕྲེང་འོད་ཟེར་དམར་པོ་འཕྲོས༔ བདེ་གཤེགས་ཀུན་གྱི་གསུང་ལ་ཕོག༔ གསུང་མཆོག་མཉེས་ནས་གསུང་གི་དངོས་གྲུབ་སྩོལ༔ བདག་ལ་འདུས་ཤིང་འོད་ཟེར་དེས༔ ཁམས་གསུམ་སེམས་ཅན་ངག་སྒྲིབ་སྦྱངས༔ སེམས་ཅན་ངག་ཀུན་དབང་སྡུད་ནས༔ འཕགས་པའི་སྐུ་དང་དབྱེར་མེད་གྱུར༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཧཱུྃ་ཧྲཱི༔ ཐུགས་ཀའི་དཔལ་ཆེན་བེ་འུ་ནས༔ སྔགས་ཕྲེང་འོད་ཟེར་མཐིང་ག་འཕྲོས༔ རྒྱལ་བ་ཀུན་གྱི་ཐུགས་ལ་ཕོག༔ ཐུགས་མཆོག་མཉེས་ནས་ཐུགས་ཀྱི་དངོས་གྲུབ་སྩོལ༔ བདག་ལ་འདུས་ཤིང་འོད་ཟེར་དེས༔ ཁམས་གསུམ་སེམས་ཅན་ཡིད་སྒྲིབ་སྦྱངས༔ སེམས་ཅན་ཡིད་ཀུན་དབང་སྡུད་ནས༔ འཕགས་པའི་སྐུ་དང་དབྱེར་མེད་གྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ དེ་ནས་བྱང་ཆུབ་བསྒྲུབ་པའི་བར་ཆད་ཐམས་ཅད་ཞི་བའི་ཕྱིར་གསང་སྔགས་འདི་ཉིད་དྲག་ཏུ་བཟླས༔ ཧཱུྃ་ཧྲཱི༔ དཔལ་ཆེན་ཐུགས་ཀའི་སྔགས་ཕྲེང་ལས༔ ཁྲོ་ཆུང་མཚོན་ཐོགས་གྲངས་མེད་འཕྲོས༔ གང་དག་ཞི་བས་མ་ཐུལ་བ༔ བདུད་དང་དགྲ་བགེགས་གདུག་ཚར་གཅོད༔ ཐམས་ཅད་ཚར་གཅོད་ཐེ་ཚོམ་མེད༔ བཀའ་སྡོད་བྲན་འཁོར་བྱེད་པར་བསམ༔ འཕགས་པའི་སྐུ་དང་དབྱེར་མེད་གྱུར༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཕཊ༔ དེ་ནས་ཉམས་རྟོགས་སྤར་བ་ནི༔ རྔུབ་པའི་རླུང་ལ་ཨོཾ་ཨཱཿཧཱུྃ་ཧྲཱི༔ གནས་པའི་རླུང་ལ་ཨོཾ་མ་ཎི༔ འབྱིན་པའི་རླུང་ལ་པདྨེ་ཧཱུྃ༔ དེ་དོན་ཤེས་བྱ་རླུང་གིས་བཟླས༔ ཉམས་རྟོགས་ཡེ་ཤེས་འབར་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ དེ་ནས་འཁོར་བ་དོང་སྤྲུགས་ནི༔ ཧཱུྃ་ཧྲཱི༔ བདག་ཉིད་འཕགས་པའི་ཐུགས་ཀ་ནས༔ སྔགས་ཕྲེང་འོད་ཟེར་དཀར་པོ་འཕྲོས༔ རྩ་གསུམ་ལྷ་ཡི་གནས་སུ་ཕོག༔ འཆི་འཕོ་སྡུག་བསྔལ་ཀུན་སྦྱངས་ནས༔ ཐམས་ཅད་འཕགས་པའི་སྐུ་རུ་གྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཧཱུྃ་ཧྲཱི༔ བདག་ཉིད་འཕགས་པའི་ཐུགས་ཀ་ནས༔ སྔགས་འཕྲེང་འོད་ཟེར་དམར་པོ་འཕྲོས༔ འགྲོ་བ་ལྷ་མིན་གནས་སུ་ཕོག༔ འཐབ་རྩོད་སྡུག་བསྔལ་ཀུན་སྦྱངས་ནས༔ ཐམས་ཅད་འཕགས་པའི་སྐུ་རུ་གྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཧཱུྃ་ཧྲཱི༔ བདག་ཉིད་འཕགས་པའི་ཐུགས་ཀ་ནས༔ སྔགས་ཕྲེང་འོད་ཟེར་སེར་པོ་འཕྲོས༔ འགྲོ་བ་མི་ཡི་གནས་སུ་ཕོག༔ འདུ་བྱེད་སྡུག་བསྔལ་ཀུན་སྦྱངས་ནས༔ ཐམས་ཅད་འཕགས་པའི་སྐུ་རུ་གྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཧཱུྃ་ཧྲཱི༔ བདག་ཉིད་འཕགས་པའི་ཐུགས་ཀ་ནས༔ སྔགས་ཕྲེང་འོད་ཟེར་མཐིང་ག་འཕྲོས༔ འགྲོ་བ་དུད་འགྲོའི་གནས་སུ་ཕོག༔ བླུན་རྨོངས་སྡུག་བསྔལ་ཀུན་སྦྱངས་ནས༔ ཐམས་ཅད་འཕགས་པའི་སྐུ་རུ་གྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཧཱུྃ་ཧྲཱི༔ བདག་ཉིད་འཕགས་པའི་ཐུགས་ཀ་ནས༔ སྔགས་ཕྲེང་འོད་ཟེར་དམར་པོ་འཕྲོས༔ འགྲོ་བ་ཡི་དྭགས་གནས་སུ་ཕོག༔ བཀྲེས་སྐོམ་སྡུག་བསྔལ་ཀུན་སྦྱངས་ནས༔ ཐམས་ཅད་འཕགས་པའི་སྐུ་རུ་གྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཧཱུྃ་ཧྲཱི༔ བདག་ཉིད་འཕགས་པའི་ཐུགས་ཀ་ནས༔ སྔགས་ཕྲེང་འོད་ཟེར་ལྗང་གུ་འཕྲོས༔ འགྲོ་བ་དམྱལ་བའི་གནས་སུ་ཕོག༔ ཚ་གྲང་སྡུག་བསྔལ་ཀུན་སྦྱངས་ནས༔ ཐམས་ཅད་འཕགས་པའི་སྐུ་རུ་གྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་འཁོར་བ་དོང་ནས་སྤྲུགས་ཤིང༔ ཐམས་ཅད་འཕགས་པའི་གོ་འཕང་ལ་བཀོད་ནས་ཁྱེར་སོ་ནི༔ ཧཱུྃ་ཧྲཱི༔ སྣང་བ་ནམ་མཁའི་རྒྱལ་པོའི་སྐུ༔ གཟུང་འཛིན་བྲལ་བའི་སེམས་ལ་ལྟོས༔ སྣང་བ་ཐམས་ཅད་རང་སྣང་ཡིན༔ ཡེ་ཤེས་རིག་པ་ངོ་མཚར་ཆེ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཧཱུྃ་ཧྲཱི༔ སྒྲ་གྲགས་ནམ་མཁའི་རྒྱལ་པོའི་གསུང༔ ཚིག་དང་བྲལ་བའི་སེམས་ལ་ལྟོས༔ སྒྲ་གྲགས་ཐམས་ཅད་རང་གྲགས་ཡིན༔ ཡེ་ཤེས་རིག་པ་ངོ་མཚར་ཆེ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཧཱུྃ་ཧྲཱི༔ དྲན་རྟོག་ནམ་མཁའི་རྒྱལ་པོའི་ཐུགས༔ ཡེ་ཤེས་ཟང་ཐལ་ངང་ལ་ཞོག༔ གྲོལ་བ་ཐམས་ཅད་རང་གྲོལ་ཡིན༔ ཡེ་ཤེས་རིག་པ་ངོ་མཚར་ཆེ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཧཱུྃ་ཧྲཱི༔ བལྟས་པས་ཡི་དམ་ལྷ་མི་མཐོང༔ མ་བལྟས་བཞག་པས་ལྷ་དང་མཇལ༔ མ་བསྒྲུབ་གནས་པས་སངས་རྒྱས་འགྲུབ༔ གྲུབ་པ་མེད་དོ་ཅི་མི་དགོས༔ ཡེ་ནས་རང་བྱུང་ནམ་མཁའི་རྒྱལ༔ རང་སྣང་སྣང་བ་མཐའ་ཡས་ཡིན༔ རང་གསལ་རྟ་མགྲིན་རྒྱལ་པོ་ཡིན༔ རང་གྲོལ་གསང་ཡེ་དྷཱ་ཀི་ཡིན༔ རྟོག་བྲལ་རིགས་ཀྱི་ལྕམ་དྲལ་ཡིན༔ དུག་ལྔ་རང་གྲོལ་རྒྱལ་བ་ལྔ༔ འབྱུང་ལྔ་རྣམ་དག་ཡུམ་མཆོག་ལྔ༔ ཚོགས་བརྒྱད་རྣམ་དག་སེམས་དཔའ་བརྒྱད༔ རྟོག་ཚོགས་རང་གྲོལ་སེམས་མ་བརྒྱད༔ ཚོགས་དྲུག་རང་གྲོལ་ཐུབ་པ་དྲུག༔ སྨྲ་བསམ་བརྗོད་མེད་སངས་རྒྱས་སྟོང༔ ཚད་མེད་བཞི་ལྡན་སྒོ་བ་བཞི༔ ལྟ་བྱེད་རྟོག་པ་རང་སར་གྲོལ༔ རང་བྱུང་ལྷུན་གྲུབ་ཆེན་པོའི་ངང༔ ཡེ་ཤེས་རིག་པ་ངོ་མཚར་ཆེ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་གསལ་གདབ་ཅིང༔ ནང་བཅུད་ཀྱི་སེམས་ཅན་འཕགས་པ་ནམ་མཁའི་རྒྱལ་པོའི་སྐུའི་ངོ་བོར་གསལ་བའི་ངང་ནས༔ སྒྲ་གྲགས་ཐམས་ཅད་རང་བྱུང་ཡི་གེ་བཅུ་པའི་སྒྲར་གྲགས་པ༔ དཔེར་ན་སྣང་སྟོང་དབྱེར་མེད་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་ངང་ནས་འབད་པར་གཅེས༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མ་ཨཱརྻ་ཛྙཱ་ན་སཱ་ག་ར༔ བཻ་རོ་ཙ་ན་བྷཱུ་ཧ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨརྷ་ཏེ་སམྱཀྶཾ་བྷུདྡྷཱ་ཡ༔ ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱ༔ ཨརྷ་ཏེ་བྷྱ༔ སམྱཀྶཾ་བུདྡྷེ་བྷྱ༔ ན་མ་ཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཡ༔ བོ་དྷི་སཏྭཱ་ཡ༔ མ་ཧཱ་སཏྭཱ་ཡ༔ མ་ཧཱ་ཀ་རུ་ཎི་ཀཱ་ཡ༔ ཏདྱ་ཐཱ༔ ཨཱོཾ་དྷ་ར་དྷ་ར༔ དྷི་རི་དྷི་རི༔ དྷུ་རུ་དྷུ་རུ༔ ཨཱིཊྚེ་ཝིཊྚེ༔ ཙ་ལེ་ཙ་ལེ༔ པྲ་ཙ་ལེ་པྲ་ཙ་ལེ༔ ཀུ་སུ་མེ་ཀུ་སུ་མ༔ ཝ་རེ་ཨི་ལི་མི་ལི༔ བདག་གཞན་སེམས་ཅན་ཐམས་ཅད་ཀྱི༔ སྡིག་སྒྲིབ་ཐམས་ཅད་མཱ་པ་ན་ཡེ་སྭཱ་ཧཱ༔ ཡང་སྙིང་འདི་ཉིད་གང་འགྲུབ་འབད༔ ཨཱོཾ་ཧྲཱིཿན་མོ་སརྦ་མ་ཧཱ་གྷུ་རུ་ཨཱརྻ་ལོ་ཀེ་ཤྭ་ར་གྷ་གྷ་རཱ་ཛ་གྷུ་ཧྱ་ཛྙཱ་ན་དྷཱ་ཀི་ནཱི་ཨཱ་ཡུ་ཨ་མི་དྷེ་ཝ་སརྦ་བྷུདྡྷ་དྷརྨ་སངྒྷ་ཧྲཱིཿམ་ཏཱཾ་ཏཱཾ༔ ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཀྵིཾ་ཏྲཱཾ་ཧྲཱིཿཛྲིཾ་མཻ་ཧཱུྃ་ཐིཾ་མཱུཾ༔ ཧཱུྃ་ཏྲཱཾ་ཧྲཱི་ཨཱཿཛཿཧཱུྃ་བཾ་ཧོ༔ ས་མནྟ་བྷ་དྲ་ས་མནྟ་ཕ་ལ་མུ་ནི་ཛཿཧཱུྃ་བཾ་ཧོ༔ ཨ་རལླི་ཧྲིཾ་ཧྲིཾ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཁྱད་པར་ཅན་གྱི་སྙིང་པོ་ཡི་གེ་བཅུ་པ་འདི་ལ་འབད་པ་གཅེས་སོ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ འདི་ལྟར་བསྐྱེད་རིམ་ངར་ལྡན་ཞིང༔ ཡི་གེ་བཅུ་པ་བཟླས་པས་འབྲེལ་ཚད་དོན་ལྡན་འཁོར་བ་དོང་སྤྲུགས་ནས༔ ཚེ་གཅིག་ཉིད་ལ་སངས་རྒྱས་མ་ཐོབ་ན༔ པད་འབྱུང་ནམ་མཁའི་རྒྱལ་པོ་ཡིས༔ མ་འོངས་སེམས་ཅན་བསླུས་པར་ཟད༔ འདི་ཉིད་སྒོམ་བཟླས་ལ་བརྩོན་ན་ཕྱི་སྣོད་ཐམས་ཅད་པོ་ཏ་ལ་དང་ཞིང་ཁམས་སུ་མཐོང་བ་དང༔ སྣང་སྲིད་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོའི་སྐུར་མཐོང་བ་དང༔ སྒྲ་གྲགས་ཐམས་ཅད་ཡི་གེ་བཅུ་པའི་སྒྲ་རུ་ཐོས་པ་དང༔ གཉིས་འཛིན་གྱི་འཁྲུལ་རྟོག་དག་ཅིང་སྣང་སྲིད་བདེ་བ་ཆེན་པོའི་ངང་ནས༔ ལྷ་འདྲེ་མི་གསུམ་དབང་དུ་འདུ་བ་དང༔ སེམས་ཅན་ལ་དག་སྣང་དཔག་མེད་འཆར་བ་དང་མ་ཚོགས་མཁའ་འགྲོས་ལུང་བསྟན་ཅིང་རང་གི་ཚེ་ཚད་དང་གཞན་གྱི་ལེགས་ཉེས་ཤེས་པ་དང༔ ཐོད་རྒལ་གྱི་ཉམས་བཟང་པོ་རྩོལ་མེད་འཆར་བ་དང༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་དགོངས་པ་མཉམ་པར་ཐེ་ཚོམ་མེད་དོ༔ མ་འོངས་ཚེ་ལོ་སུམ་ཅུ་ཁ་རལ་དག་ལ་ཉེ་བའི་དུས༔ སྐྱེ་འགྲོ་ཐམས་ཅད་གསུང་ཡི་གེ་བཅུ་པས་འདུལ་བའི་དུས་ཡིན་པས༔ སེམས་ཅན་ཐམས་ཅད་འདི་ཉིད་ཀྱིས་རྫོགས་སངས་རྒྱས་པར་སྟོན་ཅིག༔ ཤོད་ཅིག༔ སྒྲུབས་ཤིག༔ ཆོངས་ཤིག༔ མདོ་རྒྱུད་མན་ངག་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་དྲིལ་བ༔ འཁོར་བ་དོང་སྤྲུགས་ཀྱི་སྒྲུབ་པ་འདིས༔ གྲུབ་ཐོབ་སྐར་ཚོགས་རྒྱས་པར་འགྱུར་རོ༔ འདི་ཉིད་བསྒྲུབས་པའི་ཡུལ་ཕྱོགས་དེར༔ བཀྲ་ཤིས་ཤིང་བྱིན་ཆགས་པ་དང༔ ནད་མུག་དང་མཚོན་འཁྲུགས་དང་མི་ནད་ནོར་ནད་སོགས་མུ་གེའི་བསྐལ་པ་ཐམས་ཅད་ཞི་བར་འགྱུར་རོ༔ འདི་ཉིད་ལ་སྒྲུབ་མཆོད་དུ་བྱེད་ཅིང༔ ཡི་གེ་བཅུ་པའི་འཇུག་ཡུལ་དེ་རུ་མཐའི་དམག་དཔུང་མི་འབྱུང་ཞིང་རིགས་རྒྱུད་ཆོས་བརྒྱུད་ཐམས་ཅད་དར་བར་འགྱུར་རོ༔ འདི་སྒྲུབ་པའི་མི་དེ་ནམ་འཆི་བའི་ཚེ་ན་ཡང་འཇའ་འོད་དང་ས་གཡོས་དང༔ གདུང་རིགས་ལྔ་དང་ཡིག་འབྲུ་ཕྱག་མཚན་རིང་བསྲེལ་སོགས་འབྱུང་བར་ཐེ་ཚོམ་མེད་དོ༔ འཕགས་མཆོག་ནམ་མཁའི་རྒྱལ་པོ་ཡི༔ གསང་སྒྲུབ་འཁོར་བ་དོང་སྤྲུགས་འདི༔ གུ་རུ་ཐུགས་རྗེ་ཆེན་པོ་དངོས་སྣང་སྒྱུ་མའི་གར༔ བདུད་འདུལ་རྡོ་རྗེ་འདུས་པ་རྩལ་དང་འཕྲད་པར་ཤོག༔ འཕྲད་ནས་ཆོས་བདག་ཉི་ཤུ་ལྔ༔ གདུལ་བྱའི་ཞིང་གྱུར་ཁྲི་ཕྲག་ལྔ༔ ཟབ་ཆོས་འདི་ཡི་བྱིན་རླབས་ཀྱིས༔ ཚེ་གཅིག་སངས་རྒྱས་འཁོར་བ་དོང་སྤྲུགས་འབྱུང༔ ཟབ་ཆོས་འདི་ལ་འགྲོ་བ་ལྷ་མི་གང་གིས་ཀྱང༔ ཚུལ་བཞིན་ཉམས་སུ་མ་བླང་ཡང༔ མཐོང་ཐོས་དྲན་རེག་བདེ་བ་ཐོབ་པར་འགྱུར༔ དམ་ཆོས་འདི་ཉིད་ཀྱི་པོ་ཏི་ལ་ཕྱག་བསྐོར་འབྲེལ་པས་ཀྱང་ངན་སོང་གི་སྒོ་ཁེགས་ནས་ཐར་པའི་ལམ་སྣ་ཟིན་པར་འགྱུར་རོ༔ དམ་ཆོས་འདི་ཉིད་ཡུལ་གང་དུ་བཞུགས་ཀྱང་སྐྱེ་འགྲོ་ཐམས་ཅད་ལ་བདེ་སྐྱིད་ཕུན་སུམ་ཚོགས་པར་འགྱུར་རོ༔ མ་འོངས་སྐལ་ལྡན་རྗེས་འཇུག་རྣམས༔ གསུང་ཡིག་བཅུ་འདྲེན་ལ་ནན་ཏན་སྐྱེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་རྫོགས་པའི་རིམ་པ་ནི༔ རང་རིག་ངོ་བོ་སྟོང་གསལ་འདི༔ ཀུན་བཟང་ཡབ་ཡུམ་སྣང་མཐའ་ཡས༔ རང་བཞིན་གསལ་སྟོང་རྗེན་ནེ་བ༔ འདི་ཀ་ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོ་ཡིན༔ གཉིས་འཛིན་མཚན་མའི་བློ་བྲལ་འདི༔ རང་གསལ་དཔའ་བོ་རྟ་མགྲིན་ཡིན༔ སྟོང་གསལ་འཛིན་བྲལ་བློ་འདས་འདི༔ གསང་བ་ཡེ་ཤེས་དྷཱ་ཀི་ཡིན༔ སྟོང་བཞིན་སྙིང་རྗེའི་ངོ་བོ་འདི༔ རིགས་ཀྱི་སེམས་དཔའ་ལྕམ་དྲལ་ཡིན༔ རང་གསལ་འོད་ལྔའི་ཟེར་ཐག་འདི༔ རྒྱལ་བ་རིགས་ལྔ་ཡབ་ཡུམ་ཡིན༔ སྨྲ་བསམ་བརྗོད་དུ་མེད་པ་འདི༔ བསྐལ་བཟང་སངས་རྒྱས་སྟོང་རྩ་ཡིན༔ རང་ཤར་རང་གྲོལ་ས་ལེ་འདི༔ རྒྱལ་བ་ཐུབ་པ་སྤྲུལ་སྐུ་དྲུག༔ རང་སེམས་སྐྱེ་བ་མེད་པ་འདི༔ བཀའ་བརྒྱུད་ཀུན་འདུས་བླ་མ་ཡིན༔ འགག་མེད་ཡེ་གྲོལ་ལྷུན་གྲུབ་འདི༔ མཁའ་འགྲོ་དམ་ཅན་རྒྱ་མཚོ་ཡིན༔ དམིགས་མེད་མཐའ་བྲལ་དེ་ངང་ལ༔ དམིགས་པ་མེད་པའི་བསྔོ་སྨོན་གཅེས༔ ཐུབ་ཆེན་མ་ཧཱ་གུ་རུའི་བཀའ་བཞིན་དུ༔ བུད་མེད་མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ མ་འོངས་ཚེ་ན་ཐུགས་རྗེ་ཆེན་པོ་ཡི༔ སྤྲུལ་པ་སྙིང་གི་བུ་དང་འདི་འཕྲད་ཤོག༔ བཀའ་འདི་ལས་མཁན་དྲེགས་པ་མིང་སྲིང་དང༔ གཟའ་གདོང་དུག་གི་སྤུ་གྲི་དང༔ སྨན་གཅིག་རྡོ་རྗེ་གཡུ་སྒྲོན་དང༔ བཙན་རྒོད་རོལ་པ་རྐྱ་བདུན་ཡུམ་ཆེན་སྲིན་མོ་རྣམས་ལ་བཅོལ༔ ཐུབ་པར་སྲུངས་ཤིག་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་རིག་འཛིན་བདུད་འདུལ་རྡོ་རྗེ་ཡིས། སྒྲོ་བྲག་པདྨ་འོད་ནས་བཏོན། ལོ་ལྔའི་བར་དུ་བཀའ་རྒྱས་གདམས། རིག་འཛིན་ཆེན་པོ་གར་གྱི་དབང་ཕྱུག་ཆོས་ཀྱི་རྒྱ་མཚོས་བཀའི་བསྐུལ་བའི་ངོར། རིག་འཛིན་བདུད་འདུལ་རྡོ་རྗེས་ཀཿགནམ་ཆོས་རྒྱལ་ཕོ་བྲང་ཡང་དབེན་དུ་ཤོག་སེར་ངོས་ནས་དག་པར་ཕབ་པ་ཡི། ཡི་གེ་པ་ནི་ཨོ་རྒྱན་བསྟན་སྲུང་ངོ་། །ཀྱེ་མ་ད་ལྟ་བཞུགས་དང་མ་འོངས་འབྱོན་རྣམས་ཀུན༔ ཡང་དག་དོན་ལ་རྨོངས་པའི་སྒྲོག་གིས་བཅིངས༔ རྟོག་གེའི་གོ་ཡུལ་ཤེས་རབ་ཕྲན་བུ་ཡིས༔ སྒྲ་དོན་ཡིན་སྨྲ་བཀའ་གཙང་རས་ཆོད་མཁན༔ མཁས་འདོད་མེ་ཁྱེར་སྤྲེལ་འདྲའི་གང་ཟག་འགས༔ རང་བཟོ་རས་ཆོད་རང་ཚུགས་བབ་ཅོལ་གྱིས༔ བྱིན་རླབས་ན་བུན་ཡལ་དང་བར་ཆད་རྒྱུ༔ ཐར་པའི་ལམ་བགག་གྲུབ་ཐོབ་སྐར་ཚོགས་བསྒྲིབས༔ མི་ཁོམ་གནས་ལྡན་རྟོག་གེས་བཟོ་བཅོས་ན༔ བདུད་མགོན་ཡབ་ཡུམ་བམ་རོ་ཕོ་མོ་ཡིས༔ སྲོག་རྩ་ཆོད་ལ་སྙིང་ཁྲག་ཐང་དུ་ཕོས༔ འཆི་ནས་རྡོ་རྗེ་དམྱལ་བར་སྐྱོལ་ཅིག་ས་མ་ཡཱ༔ ཀྵེ་ཏྲ་པཱ་ལས་བཀའ་འདི་དམ་པར་ཆོངས༔ ཚུལ་ལྡན་དམ་ལྡན་རྣམས་ལ་མགོན་སྐྱོབ་གྲོགས་མཛོད་ཅིག༔ ས་མ་ཡ༔ ྈྈྈྈྈ དུས་ཡང་མཐའི་བན་སྤྲང་པ་ཏ་དྷརྨཱ་སྡྱ་ག་རས། རྒྱས་དར་ཆོས་ལྡིང་ཕོ་བྲང་ཡང་དབེན་དུ། །ཤོག་སེར་བུ་ལས་དག་པར་ཕབ་པ་ཡིས། །ཅི་སྲིད་འཇིག་རྟེན་བསྐལ་པ་མ་སྟོངས་བར། །དེ་སྲིད་དམ་པའི་ཆོས་འདི་མ་རྫོགས་སོ། །སརྦ་ཛ་ན་སཏྭཾ།། །། ྈ དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་གསང་སྒྲུབ་བཞུགས་སོ༔ ྈ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཐུགས་ཆེན་པདྨ་རྒྱལ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འོད་འབར་དེས༔ ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོ་ཡི༔ གསང་སྒྲུབ་ཟབ་མོ་འདི་བཞིན་བསྟན༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ཡིད་འོང་དབེན་པའི་གནས་མཆོག་ཏུ༔ མཆོད་ཚོགས་སྒྲུབ་གཞུང་ཅི་བཞིན་ལ༔ བདེ་བའི་གདན་འདུག་སྐྱབས་སེམས་སྔོན་སོང་ནས༔ སྟོང་ཉིད་སྙིང་རྗེའི་ངང་ཉིད་ལས༔ འཇའ་འོད་ཐིག་ལེ་འོད་ལྔའི་གཞལ་ཡས་དབུས༔ དྲི་མེད་པདྨ་དམར་པོ་ཟླ་གདན་སྟེང༔ རང་རིག་ཧྲཱིཿཡིག་དམར་གསལ་ལས་བྱུང་བའི༔ ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོ་ནི༔ སྐུ་མདོག་དམར་གསལ་རོལ་པའི་སྟབས་སུ་བཞུགས༔ ཕྱག་གཡས་པདྨ་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པས་མཉམ་གཞག་ཚེ་ཡི་བུམ་པ་བསྣམས༔ ཡུམ་མཆོག་གསང་ཡེ་དམར་མོ་གཡོན་ནས་འཁྱུད༔ ཕྱག་གཉིས་མདའ་དར་ཚེ་ཡི་བུམ་པ་བསྣམས༔ ཐུགས་ཀའི་ཉི་སྟེང་རྟ་མགྲིན་དམར་གསལ་ནི༔ ཙིཏྟའི་སྒོ་སྲུང་བར་ཆད་མ་ལུས་སེལ༔ སྤྱི་གཙུག་བླ་མ་ཀུན་བཟང་སྣང་མཐའ་ཡས༔ འཇའ་འོད་རྣམ་མང་འཁྲིགས་པའི་ཀློང་དུ་གསལ༔ སྐུ་ལུས་བ་སྤུ་འོད་ལྔའི་ཀློང་དཀྱིལ་དུ༔ བསྐལ་བཟང་སངས་རྒྱས་མ་ལུས་ལྷམ་མེར་གསལ༔ གཡས་སུ་རང་རྩལ་སྲས་མཆོག་ནོར་བུ་འཛིན༔ དམར་གསལ་ཕྱེད་སྐྱིལ་ཕྱག་གཉིས་རྡོར་དྲིལ་བསྣམས༔ གཡོན་ཕྱོགས་སྲས་མོ་དབྱིངས་སྒྲོན་གསང་སྔགས་འཛིན༔ དམར་གསལ་ཕྱག་གཉིས་ཤེལ་ཕྲེང་པདྨ་འཛིན༔ འོད་ལྔའི་ཀློང་དུ་ཕྱེད་སྐྱིལ་འགྱིངས་བག་ལྡན༔ ཕྱི་རིམ་འཇའ་ཀློང་ཉི་ཟླའི་གདན་སྟེངས་སུ༔ རྒྱལ་བ་རིགས་ལྔ་སེམས་དཔའ་ལྕམ་དྲལ་དང༔ རྒྱལ་བ་ཐུབ་དྲུག་ཁྲོ་ཆེན་སྒོ་བ་བཞི༔ གཞན་ཡང་བདག་སྐྱོབ་ལྷ་ཚོགས་དཔག་མེད་རྣམས༔ ཨ་འཐས་གདོས་བཅས་དངོས་གཟུགས་མ་ཡིན་པར༔ ཆུ་ཟླ་འཇའ་ཚོན་ལྟ་བུར་གསལ་བ་ཡི༔ གནས་གསུམ་ཡི་གེ་གསུམ་ལས་འོད་འཕྲོས་པས༔ བདེ་ཆེན་པོ་ཏ་ལ་ཡི་ཕོ་བྲང་ནས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་གཉིས་མེད་བསྟིམ༔ དེ་ནས་དམིགས་པའི་འཕྲོ་འདུ་ནི༔ སྙིང་ཁར་ཉི་སྟེང་ཡེ་ཤེས་སེམས༔ རྟ་མགྲིན་དམར་པོའི་ཐུགས་ཀ་རུ༔ ཉི་སྟེང་ཧྲཱིཿདམར་གཡས་སུ་ཨཱོཾ་དཀར་གསལ༔ གཡོན་དུ་ཨཱཿདམར་ཧྲཱིཿའོག་ཧཱུྃ་སྔོན་སྐྱེད༔ མཐའ་སྐོར་ཡིག་དྲུག་འགལ་མེ་ལྟར་དུ་འཁོར་བ་ལས༔ འོད་འཕྲོས་དུས་གསུམ་རྒྱལ་བ་རྣམས་ལ་མཉེས་མཆོད་འབུལ༔ ཚུར་འདུས་དུས་གསུམ་རྒྱལ་བའི་བྱིན་རླབས་རང་ལ་ཞུགས༔ མཆོག་ཐུན་དངོས་གྲུབ་དམ་པ་ཐོབ་པར་བསམ༔ མར་འཕྲོས་རིགས་དྲུག་སེམས་ཅན་རྣམས་ལ་ཕོག༔ དེ་རྣམས་འཁོར་བའི་སྡུག་བསྔལ་ཀུན་བྲལ་ནས༔ རིགས་དྲུག་འཁོར་བ་དོང་སྤྲུགས་ཤིང༔ ཐམས་ཅད་འཕགས་མཆོག་པདྨ་རྒྱལ་པོའི་སྐུ་རུ་བསྒོམ༔ ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷར་གསལ་ནས༔ སྒྲ་གྲགས་ཐམས་ཅད་འཕགས་པའི་གསུང༔ དྲན་རྟོག་ཐམས་ཅད་ཆོས་ཉིད་རོལ་པའི་ཀློང༔ རྒྱུན་གྱི་ཉམས་ལེན་སྙིང་པོ་གནད་དྲིལ་ནི༔ རང་ཉིད་འཕགས་པར་གསལ་བ་ཡི༔ རྔུབ་པའི་རླུང་ལ་ཨཱོཾ་ཨཱཿཧཱུྃ༔ དེ་ལྟར་ཤེས་གཏད་སྐུ་གསུམ་དངོས་གྲུབ་ཐོབ་པར་འགྱུར༔ གནས་པའི་རླུང་ནི་ཧྲཱིཿལ་ཤེས་གཏད་པས༔ ཉམས་རྟོགས་བཟང་པོ་རྩོལ་མེད་འབར་བར་འགྱུར༔ འབྱིན་པའི་རླུང་ནི་འབྲུ་དྲུག་ཤེས་པ་གཏད༔ རིགས་དྲུག་སྒྲིབ་སྦྱོང་འཁོར་བ་དོང་སྤྲུགས་འགྱུར༔ ཉོན་མོངས་འཁྲུལ་རྟོག་སྒྲིབ་སྦྱངས་ནས༔ མཆོག་གི་སིདྡྷི་ཐོབ་འགྱུར་ཐེ་ཚོམ་མེད༔ གསང་སྔགས་རྒྱལ་པོ་འདི་ཉིད་བདུན་འབུམ་བཟླས༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ འདི་ཉིད་བདུན་འབུམ་སུས་བཟླས་པ༔ ཚེ་འདིར་མཆོག་ཐུན་དངོས་གྲུབ་བརྙེས༔ འདས་ཚེ་འཇའ་འོད་ས་གཡོས་དང༔ སྐུ་གདུང་རིང་བསྲེལ་ལ་སོགས་པ༔ མངོན་པར་རྫོགས་སངས་རྒྱས་རྟགས་རྣམས༔ བར་དོ་མེད་པར་སངས་རྒྱས་འགྲུབ༔ དངོས་ཉམས་རྨི་ལམ་དག་ལ་ཡང༔ པོ་ཏ་ལ་རུ་ཕྱིན་པ་དང༔ ཞལ་མཇལ་ཆོས་གསུང་ལུང་བསྟན་ཡང་ཡང་ཐོབ༔ དུས་ངན་སྐྱེ་འགྲོ་ཕོ་མོ་ཀུན༔ གསུང་མཆོག་དྲི་མེད་ཡིག་བཅུས་འདུལ་བར་འགྱུར༔ མ་འོངས་གང་ཟག་ང་ཡི་རྗེས་འཇུག་ཀུན༔ གསུང་མཆོག་ཡི་གེ་བཅུ་པའི་སྒྲུབ་ལ་འབུང༔ ལྟས་བཟང་འཇའ་འོད་འཁྲིགས་པ་དང༔ དུས་འཁྲུགས་མཚོན་བསྐལ་མུ་གེའི་བསྐལ་པ་ཞི༔ མི་ནད་ཕྱུགས་ནད་དལ་ཡམས་རྒྱུད་ཆད་ཅིང༔ ཆར་ཆུ་དུས་འབེབ་ལོ་འབྲས་ལེགས་པར་འགྱུར༔ དུས་མིན་འཆི་བརྒྱད་ནད་གདོན་སྡིག་སྒྲིབ་སོགས༔ འགལ་རྐྱེན་བཀྲ་མི་ཤིས་ཀུན་ཞི་བར་འགྱུར༔ རྩ་གསུམ་ལྷ་དང་དྲང་སྲོང་ཚེའི་རིག་འཛིན་དང༔ ས་གནས་བྱང་སེམས་འཇིག་རྟེན་ཡུལ་བཅུད༔ ཨ་ནྲྀཿཧྲཱིཿགསུམ་རྣམ་པ་ཅན༔ མཚོ་ལ་ཁ་བ་འབབ་པ་བཞིན༔ ཚངས་པའི་བུ་ག་ནས་ལུས་ལ་སིབ་སིབ་ཐིམ༔ རང་ལུས་གཟི་བརྗིད་འོད་ཕུང་ཆེར་སོང་ནས༔ འཆི་མེད་ཚེ་ཡི་རིག་འཛིན་བརྙེས་བསམ་ལ༔ ཐུན་སྐབས་གསང་སྔགས་འདི་ཉིད་བརྒྱ་རྩ་བཟླས༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་གུ་རུ་པདྨ་རཱ་ཛ་ཨཱ་ཡུརྫྙཱ་ན་སི་ཏི་ཧཱུྃ་བྷྲཱུྃ་ནྲཱྀཿཛ༔ ཨ་མཱ་ར་ཎི་ཛཱི་ཝན་ཏི་ཡེ་སྭཱ་ཧཱ༔ དེ་ཚེ་རྟགས་ཀྱི་རིམ་པ་ནི༔ གནམ་ལྕགས་རྡོ་རྗེ་ཤེལ་ཕྲེང་དང༔ ཉི་ཟླ་ཤར་དང་ཆུ་ཆེན་བརྒལ༔ གྱེན་འཛེགས་རྒྱན་གོས་སོ་མ་གོན་ལ་སོགས༔ དེ་དག་འགྲུབ་རྟགས་གདོན་མི་ཟ༔ དེ་ནས་བསྡུ་བའི་རིམས་པ་ནི༔ འཁོར་འདས་སྣོད་བཅུད་ཐམས་ཅད་ཀུན༔ ཡི་དམ་པདྨ་རྒྱལ་པོའི་སྐུ་ལ་བསྡུ༔ ཡི་དམ་པདྨ་རྒྱལ་པོ་ཡི་གེ་བཅུ་ལ་བསྡུ༔ ཡི་གེ་བཅུ་པ་ཧྲཱིཿལ་བསྡུ༔ ཧྲཱིཿཡིག་གི་གུ་ལ་བསྡུ༔ གི་གུ་ཐིག་ལེ་ལྔ་ལྡན་ངང༔ བཅོས་མེད་རྗེན་ནེར་ཅི་གནས་བཞག༔ ཡིད་སྒྲིབ་དག་ནས་ཐུགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར༔ དེ་ནས་ཐིག་ལེ་ཀོ་མོག་རྡོ་རྒྱབ་ལྟར༔ ཇེ་ཆེར་སོང་ནས་སེམས་བཅོས་མེད་སྟོང་ཉིད་ཀྱི་ངང་དུ་བཞག་པས༔ སྒོ་གསུམ་འཛིན་སྒྲིབ་ཀུན་དག་ནས༔ ཟག་མེད་བདེ་བ་ཆེན་པོར་གྲོལ་བར་འགྱུར༔ རྗེས་སུ་རྟོག་པ་གང་ཤར་ཐམས་ཅད་སྐྱེ་འགགས་གནས་གསུམ་དང་བྲལ་བའི་ངང་ནས༔ ཤར་གྲོལ་གཟུང་འཛིན་མེད་པར་སྐྱོང་བས་འཁྲུལ་སྣང་ཐམས་ཅད་སྟོང་ཉིད་ཀྱི་གྲོགས་སུ་ཚུད་པར་འགྱུར་རོ༔ དེ་ནས་ཁྱེར་སོ་ནི༔ སྣང་བ་སྐུའི་ཁྱེར་སོ་ནི༔ གཟུགས་མི་སྣང་ན་མི་སྣང་བ་དེ་སྟོང་ཉིད་པདྨ་རྒྱལ་པོའི་སྐུར་བལྟ༔ སྣང་ན་སྣང་ཚད་ཐམས་ཅད་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་སྐུར་བསྒོམ༔ ཚེ་འདིར་གཟུགས་སྣང་ཐམས་ཅད་དག་སྣང་དུ་འཆར་ནས༔ བར་དོར་གཤིན་རྗེའི་ཕོ་ཉ་ཐམས་ཅད་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་སྐུར་མཐོང་ཞིང༔ རང་ཉིད་ཐུགས་རྗེ་ཆེན་པོའི་སྐུར་འགྲུབ་པར་འགྱུར་རོ༔ སྒྲ་གྲགས་ཐམས་ཅད་གསུང་གི་ཁྱེར་སོ་ནི༔ རྣ་བའི་ཡུལ་དུ་སྒྲ་གྲགས་ཚད་ཐམས་ཅད་གསུང་ཡི་གེ་བཅུ་པའི་སྒྲར་བསྒོམས་པས༔ བར་དོའི་གཤིན་རྗེའི་ཕོ་ཉ་རྣམས་ཀྱི་རྒྱོབ་སོད་སྒྲ་ཐམས་ཅད་གསུང་ཡི་གེ་བཅུ་པའི་སྒྲར་གྱུར་ནས༔ རང་གི་ངག་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་གསུང་དུ་འགྲུབ་པར་འགྱུར་རོ༔ དེ་ནས་དྲན་རྟོག་ཐམས་ཅད་ཐུགས་ཀྱི་ཁྱེར་སོ་ནི༔ ཡིད་ལ་འགྱུ་རྟོག་མི་དྲན་མཉམ་ཉིད་ཀྱི་ངང་དུ་བཞག་ལ༔ དྲན་ན་དྲན་ཚད་ཐམས་ཅད་རང་ཤར་རང་གྲོལ་གྱི་ངང་དུ་ལྷན་ནེར་བཞག་པས༔ ཚེ་འདིར་དྲན་རྟོག་ཐམས་ཅད་ཆོས་ཉིད་རོལ་པ་ཆེན་པོའི་ངང་དུ་གྲོལ་ནས༔ རང་འཆི་བའི་ཚེ་བར་དོར་འཁྲུལ་སྣང་མི་འབྱུང་ཞིང༔ ལྷ་མཆོག་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་ཐུགས་སུ་སངས་རྒྱས་པར་ཐེ་ཚོམ་མེད་དོ༔ དོན་ལ་ཆོས་སྐུ་ཀུན་བཟང་སྣང་བ་མཐའ་ཡས་དང༔ ལོངས་སྐུ་པདྨ་རྒྱལ་པོ་རིག་འཛིན་པདྨ་འབྱུང་གནས༔ རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེ་རྣམས༔ དོན་ལ་དབྱེར་མེད་ངོ་བོ་གཅིག་ཏུ་མ་རྟོགས་ནས༔ གཟུང་འཛིན་སོ་སོར་རང་ཁར་བཟུང་གྱུར་ན༔ བསྐལ་པར་བསྒྲུབས་ཀྱང་འགྲུབ་མི་འགྱུར༔ དོན་ལ་སྙིགས་དུས་གདུལ་བྱའི་སྣང་ངོར་རུ༔ སྐུ་གསུམ་གཟུགས་སྣང་དངོས་སྟོན་པ༔ རིག་འཛིན་བདུད་འདུལ་རྡོ་རྗེ་སྒྱུ་མའི་གར༔ ཐུགས་རྗེའི་གློག་འཁྱུག་སྐྱེ་འགྲོའི་དོན་མཛད་ཅིང༔ སྐད་ཅིག་ཉིད་ལ་སྐུ་གསུམ་ལྷུན་གྱིས་གྲུབ༔ ཨེ་མ་མ་འོངས་ང་ཡི་རྗེས་འཇུག་ཀུན༔ དམ་ཆོས་གཅིག་ཆོག་འདི་བཞིན་ཉམས་སུ་ལོངས༔ མ་འོངས་ང་སྤྲུལ་ལས་ཅན་སྙིང་གི་བུ་དང་འཕྲད་པར་ཤོག༔ བཀའ་འདི་བམ་རོ་ཕོ་མོ་ཁྱོད་ལ་བཅོལ༔ ང་སྤྲུལ་ལས་ཅན་བྱུང་ཚེ་མྱུར་དུ་སྤྲོད༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཉེར་རྒྱ༔ ྈྈྈ བདག་འདྲ་རིག་འཛིན་བདུད་འདུལ་རྡོ་རྗེ་ཡིས། ཚ་བ་སྒྲོ་བྲག་ཅེས་ཙིཏྟ་གནམ་ལངས་འདྲ་བའི་མགུལ་ནས་གདན་དྲངས་པའོ། །རྒྱས་དར་ཆོས་ལྡིང་ཕོ་བྲང་ཡང་དབེན་དུ། །ཤོག་སེར་རྣམ་དཀར་ངོས་ལ་ཕབ། ཡི་གེའི་རིས་བྱེད་ཨོ་རྒྱན་བསྟན་སྲུང་ངོ་། །ཤོག་སེར་བུ་ལ་ཞལ་བཤུས་པའི་ཡི་གེ་པ་ནི་དུས་མཐའི་བན་སྤྲང་ཨོ་རྒྱན་ལུང་རིགས་སོ། །ཇི་སྲིད་འཇིག་རྟེན་བསྐལ་པ་མ་སྟོངས་བར། །དེ་སྲིད་དམ་པའི་ཆོས་འདི་མ་རྫོགས་སོ། །སརྦ་ཛ་ག་སཏྭཾ།། །། ྈ དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ ཡང་གསང་བླ་ན་མེད་པའི་འཕགས་མཆོག་ནམ་མཁའི་རྒྱལ་པོའི་སྒྲུབ་པ་ན་རག་དོང་སྤྲུགས་བཞུགས་སོ༔ ྈྈྈ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ འཕགས་མཆོག་ནམ་མཁའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འོད་འབར་གྱིས༔ མ་འོངས་སེམས་ཅན་དོན་ཕྱིར་དུ༔ འཕགས་པ་ནམ་མཁའི་རྒྱལ་པོ་ཡི༔ ཡང་གསང་སྒྲུབ་པ་ཟབ་མོ་བཀོད༔ མ་འོངས་ང་སྤྲུལ་སྐྱེས་བུ་དང༔ འཕྲད་ནས་འགྲོ་ཀུན་འདུལ་བར་ཤོག༔ བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ སྙིང་རྗེས་འགྲོ་དྲུག་སྐྱོང་མཛད་ནམ་མཁའི་རྒྱལ༔ འགྲོ་ཀུན་འདུལ་མཛད་དེ་ལ་ཕྱག་འཚལ་འདུད༔ སྒྲུབ་རྫས་རིམ་པ་འཁོར་བ་དོང་སྤྲུགས་ལྟར་དུ་བྱའོ༔ དེ་ནས་བདེ་བའི་གདན་ལ་འདུག་ཅིང༔ དེ་ནས་སྐྱབས་སེམས་ནི༔ ན་མོ༔ བླ་མ་སངས་རྒྱས་འཕགས་མཆོག་སྤྱན་རས་གཟིགས༔ ཡན་ལག་བཅུ་གཉིས་མདོ་སྔགས་དམ་པའི་ཆོས༔ ཚོགས་མཆོག་ཕྱིར་མི་ལྡོག་པའི་དགེ་འདུན་ལ༔ བདག་ནི་གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ སེམས་བསྐྱེད་ནི༔ ན་མོ་འཕགས་པའི་ལྷ་ཚོགས་བསྒྲུབས་ནས་ནི༔ མར་གྱུར་ནམ་མཁའི་མཐའ་ཁྱབ་སེམས་ཅན་རྣམས༔ བླ་མེད་ཡང་དག་ལམ་ལ་རབ་གཞུགས་ནས༔ འགྲོ་དོན་འཁོར་བ་དོང་སྤྲུགས་སེམས་བསྐྱེད་དོ༔ སྟོང་ཞིང་སྙིང་རྗེའི་ངང་ཉིད་ལས༔ རིན་ཆེན་ཤེལ་ལས་གྲུབ་པ་ཡི༔ ལྷུན་གྲུབ་འོད་ལྔའི་གཞལ་ཡས་དབུས༔ པདྨ་སྟོང་ལྡན་ཟླ་བའི་སྟེང༔ རང་གསལ་ཧྲཱིཿཡིག་དཀར་གསལ་ལས༔ འོད་འཕྲོས་རྒྱལ་ཀུན་མཉེས་མཆོད་འབུལ༔ འགྲོ་དྲུག་སེམས་ཅན་ལས་སྒྲིབ་སྦྱངས༔ ཚུར་འདུས་ཧྲཱིཿཡིག་དཀར་གསལ་ཉིད༔ བདག་ཉིད་འཕགས་མཆོག་ནམ་མཁའི་རྒྱལ༔ སངས་རྒྱས་ཀུན་འདུས་བཅུ་གཅིག་ཞལ༔ རྩ་ཞལ་དཀར་པོས་འོད་འཕྲོས་པས༔ སེམས་ཅན་རྣམས་ལ་བརྩེ་བས་གཟིགས༔ གཡས་ལྗང་གཡོན་ནི་དམར་བའི་ཞལ༔ དམྱལ་བ་ཡི་དྭགས་དོང་ནས་སྤྲུགས༔ དེ་སྟེང་དབུས་ཞལ་དམར་པོ་ལ༔ གཡས་དཀར་གཡོན་ནི་ལྗང་བའི་ཞལ༔ ལྷ་མིན་མི་དང་དུད་འགྲོ་ཀུན༔ རྒྱུ་དྲུག་ལམ་དགག་ཐར་ལམ་འདྲེན༔ དེ་སྟེང་དབུས་ཞལ་ལྗང་གུ་ལ༔ གཡས་དཀར་གཡོན་ནི་དམར་བའི་ཞལ༔ ལྷ་ཡི་སྐྱེ་བ་ཀུན་དགག་ནས༔ ཐམས་ཅད་བདེ་ཆེན་གནས་སུ་སྒྲོལ༔ དེ་སྟེང་ཁྲོ་ཞལ་དུད་ཀ་རྔམ༔ སྐྱེ་འགྲོ་ཀུན་འོད་ས་ལ་སྤར༔ དེ་སྟེང་བླ་མ་འོད་དཔག་མེད༔ ལི་ཁྲི་མདངས་ལྡན་བརྩེ་བའི་ཞལ༔ འགྲོ་དྲུག་པདྨ་ཅན་དུ་བཀོད༔ རྩ་ཕྱག་ཐལ་སྦྱར་དབང་རྒྱལ་བསྣམས༔ གཡས་པས་ཤེལ་ཕྲེང་རྡོ་རྗེ་དང༔ གཡོན་པས་ཨུཏྤལ་དཀར་པོ་བསྣམས༔ གཡས་ཀྱི་ལྷག་མའི་ཕྱག་བཅུ་ན༔ རྡོ་རྗེ་ནོར་བུ་པདྨ་དང༔ རལ་གྲི་སྤྱི་བླུགས་བུམ་པ་ཞགས༔ ཨུཏྤལ་ཆོས་འཁོར་རྒྱ་གྲམ་བསྣམས༔ གཡོན་གྱི་ལྷག་མའི་ཕྱག་བཅུ་ན༔ ཤེས་རབ་རལ་གྲི་པོ་ཏི་དང༔ ཨུཏྤལ་རིན་ཆེན་མུ་ཏིག་ཕྲེང༔ རྡོ་རྗེ་རྩེ་ལྔ་དྲིལ་བུ་དང༔ མཁར་གསིལ་མཆོད་རྟེན་པར་བུ་འཛིན༔ ཞབས་གཉིས་དྲང་པོར་གཤིབས་ཏེ་བཞེངས༔ ལོངས་སྐུའི་ཡན་ལག་སུམ་ཅུ་གཉིས༔ ཟླ་རྒྱས་ཕྱག་རྒྱར་ལྡན་པ་ཡི༔ སྐུ་ལུས་བ་སྤུའི་འོད་ཀློང་དུ༔ སྤྲུལ་པའི་སངས་རྒྱས་སྟོང་མངའ་བ༔ ཕྱག་མཐིལ་ཞི་བའི་སྤྱན་རེ་རེ༔ འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི༔ སྟོང་གསལ་འོད་སྐུའི་ཚུལ་དུ་བཞུགས༔ ལོངས་སྤྱོད་རྒྱན་རྫོགས་གཟི་འོད་འབར༔ སྦྲུལ་ཆུན་རི་དྭགས་དར་ཤམ་མཛེས༔ ཕྱག་གདུབ་ཞབས་གདུབ་རིན་ཆེན་བརྒྱན༔ གཡོན་ནས་གསང་ཡེ་དྷཱ་ཀི་འཁྱུད༔ དམར་པོ་ཞལ་གསུམ་ཕྱག་དྲུག་མ༔ གཡས་དཀར་གཡོན་སྔོ་རིན་ཆེན་བརྒྱན༔ གཡས་གཡོན་དང་པོས་རྡོར་དྲིལ་འཁྱུད༔ གཡས་གཉིས་གྲི་གུག་ཁ་ཊྭཱཾ་ག༔ གཡོན་གཉིས་ནོར་བུ་ཐོད་ཁྲག་བསྣམས༔ དབུ་སྐྲ་མཐོན་མཐིང་ནོར་བུས་བརྒྱན༔ ཞབས་གཉིས་ཡབ་ལ་དགྱེས་སྦྱོར་འཁྱུད༔ འཇའ་ཟེར་འོད་ལྔའི་ཀློང་དུ་གསལ༔ དེ་ཡི་ཕྱི་རིམ་འོད་ལྔའི་ཀློང༔ ཐུགས་ཆེན་རིགས་ལྔ་སེམས་དཔའ་ལྕམ་དྲལ་དང༔ ཐུབ་དྲུག་སྤྲུལ་སྐུ་ཁྲོ་ཆེན་སྒོ་བ་བཞི༔ བདག་སྐྱོབ་ལྷ་དང་རིག་འཛིན་སྲུང་མའི་ཚོགས༔ དཔག་མེད་ཆར་སྤྲིན་གཏིབས་འདྲའི་ལྷ་ཚོགས་ཀུན༔ ཆུ་ཟླ་འཇའ་ཚོན་ལྟ་བུར་གསལ་བ་ཡི༔ གནས་གསུམ་ཡི་གེ་གསུམ་ལས་འོད་འཕྲོས་པས༔ སྟེང་ཕྱོགས་སྐྱེ་མེད་རྣམ་དག་ཕོ་བྲང་དང༔ ལྷུན་གྲུབ་རི་བོ་ཏ་ལའི་ཕོ་བྲང་ནས༔ རང་འདྲའི་འཕགས་མཆོག་ནམ་མཁའི་རྒྱལ་པོའི་ལྷ་ཚོགས་རྣམས༔ རང་གསལ་ལྷུན་གྲུབ་དག་པའི་གནས་འདིར་སྤྱན་འདྲེན་ནོ༔ སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ ཕྱོགས་བཅུའི་སངས་རྒྱས་རྒྱལ་བ་རིགས་ལྔ་ཡིས༔ དབང་བསྐུར་བྱིན་བརླབས་ཆུ་ལྷག་ཡར་ལུད་པས༔ རིགས་བདག་འོད་དཔག་མེད་པས་དབུ་བརྒྱན་བསམ༔ དེ་ནས་དམིགས་པའི་འཕྲོ་འདུ་ནི༔ རང་ཉིད་ནམ་མཁའ་རྒྱལ་པོར་གསལ་བ་ཡི༔ རྒྱ་ཆད་ཕྱོགས་ལྷུང་ཡེ་བྲལ་ངང༔ ཐུགས་ཀར་ཉི་སྟེང་རྟ་མགྲིན་རྒྱལ༔ དེ་ཡི་ཐུགས་ཀར་ཟླ་བའི་སྟེང༔ ཧྲཱིཿཡིག་དཀར་གསལ་ཚེག་དྲག་ལྡན་པར་བསྐྱེད༔ དེ་ཡི་གཡས་གཡོན་འོག་ཏུ་ནི༔ ཨཱོཾ་དཀར་ཨཱ་དམར་ཧཱུྃ་མཐིང་འོད༔ ཟེར་ཐག་མདངས་དང་ལྡན་པ་ཡི༔ མཐའ་སྐོར་ཡིག་དྲུག་འོད་ཟེར་གཡས་སྐོར་དུ༔ འགལ་མེ་ལྟ་བུར་འཁོར་བ་ཡི༔ འོད་འཕྲོས་དུས་གསུམ་རྒྱལ་བ་ཐམས་ཅད་ལ༔ སྐུ་གསུང་ཐུགས་ཡོན་མཉེས་མཆོད་འབུལ༔ ཚུར་འདུས་བདག་དང་མདུན་བསྐྱེད་རྣམས་ལ་ཐིམ༔ དངོས་གྲུབ་ཆེན་པོ་ཐོབ་པར་དམིགས༔ སླར་ཡང་འོད་ཟེར་ཕྱོགས་བཅུར་འཕྲོས༔ མ་རྒན་འགྲོ་དྲུག་རྣམས་ལ་ཕོག༔ སོ་སོའི་སྡིག་སྒྲིབ་སྡུག་བསྔལ་ཀུན་སྦྱངས་ནས༔ ཐམས་ཅད་སྡུག་བསྔལ་ཀུན་བྲལ་བདེ་ལྡན་ནས༔ མ་རྒན་འགྲོ་དྲུག་སེམས་ཅན་མ་ལུས་ཀུན༔ འཕགས་མཆོག་ནམ་མཁའི་རྒྱལ་པོའི་སྐུ་རུ་བསྒོམ༔ སྣང་སྟོང་རྒྱ་ཆད་ཕྱོགས་ལྷུང་བྲལ་བ་ཡི༔ སྣང་སྲིད་དག་པ་རབ་འབྱམས་ངང༔ གསང་སྔགས་རྒྱལ་པོ་འདི་ཉིད་བདུན་འབུམ་བཟླས༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཉམས་རྟོགས་སྤར་བའི་བསྐུལ་ཚིག་རྣམས༔ སྒྲུབ་གཞུང་འཁོར་བ་དོང་སྤྲུགས་ལྟར་དུ་བྱའོ༔ དེ་ནས་ཚེ་སྒྲུབ་བསྐུལ་ཚིག་ནི༔ ཧྲཱི༔ འཕགས་མཆོག་ནམ་མཁའི་རྒྱལ་པོ་ནི༔ ཡབ་ཡུམ་གཙོ་འཁོར་ཚེ་ཡི་བདག༔ སྒྲུབ་མཆོག་རྣལ་འབྱོར་བདག་ཅག་ལ༔ ཨཱ་ཡུ་ཚེ་ཡི་སིདྡྷི་ཧོ༔ དེ་ནས་དམིགས་རིམ་ནི༔ རང་ཉིད་གོང་ལྟར་ནམ་མཁའི་རྒྱལ་པོར་གསལ་བ་ཡི༔ རྩ་ཕྱག་གཡས་རྣམས་ཐམས་ཅད་མདའ་དར་དང་གཡོན་རྣམས་ཐམས་ཅད་ཚེ་བུམ་བསྣམས་པ༔ སྙིང་ཁར་དཔལ་རྟ་མགྲིན་དམར་པོར་གསལ༔ དེའི་སྙིང་ཁར་ཟླ་གདན་གྱི་སྟེང༔ ཚེ་དཔག་མེད་དམར་གསལ་ལོངས་སྐུའི་ཆ་ལུགས་ཅན༔ ཕྱག་གཉིས་མཉམ་གཞག་གིས་འཆི་མེད་ཚེ་བུམ་འཛིན་པ༔ འོད་ལྔའི་ཀློང་དུ་བསྐྱེད་ལ༔ དེའི་ཐུགས་ཀར་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ༔ ཧྲཱིཿཡིག་དཀར་གསལ་གྱི་མཐའ་སྐོར་དུ༔ གསང་སྔགས་རྒྱལ་པོ་འདི་ཉིད་བསྐོར་བར་དམིགས་ལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་སརྦ་མ་ཧཱ་གུ་རུ་དྷེ་ཝ་དྷཱ་ཀི་ག་ག་རཱ་ཛ་ཛྙཱ་ན་དྷཱ་ཀི་ནཱི༔ ཨཱ་ཡུ་ཨ་མི་དྷེ་ཝ༔ ཨཱ་ཡུ་ཤེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ སྔགས་ཕྲེང་ལས་འོད་ཟེར་འཕྲོས༔ མདུན་བསྐྱེད་ཀྱི་ལྷ་ཡི་ཐུགས་ཀར་ཕོག༔ མདུན་བསྐྱེད་ཀྱི་ལྷ་ཡི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུའི་རབ་འབྱམས་ཞིང་གི་རྡུལ་སྙེད་རྒྱལ་བའི་ཞིང་ཁམས་རྣམས་སུ་ཕོག༔ སྐུ་གསུང་ཐུགས་ཡོན་མཉེས་མཆོད་འབུལ༔ རྒྱལ་བ་དེ་དག་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས༔ ཚེ་བཅུད་ནུས་སྟོབས་ཐམས་ཅད་ཀུན༔ སྣང་སྲིད་འཇའ་འོད་ནྲྀ་ཡིག་མེར་ཁེངས་ནས༔ བདག་མདུན་རྣམས་ལ་སིབ་སིབ་ཐིམ་པ་ཡིས༔ ལུས་སྟོབས་རབ་རྒྱས་གཟི་འོད་འབར༔ འཆི་མེད་ཚེ་ཡི་རིག་འཛིན་བརྙེས་པར་བསམ༔ དེ་ལྟར་དམིགས་པའི་འཕྲོ་འདུ་གསལ་བ་ཡིས༔ གནམ་ལྕགས་རྡོ་རྗེ་རྙེད་དང་ནམ་མཁར་འཕུར༔ ཉི་ཟླ་ཤར་དང་གྱེན་ལ་འཛེགས༔ རྒྱན་གོས་སོ་མ་གོན་དང་གྲི་མཚོན་འདོགས༔ ལོ་ཐོག་ཤིང་ཏོག་རྒྱས་པ་ལོངས་སྤྱོད་དང༔ བུད་མེད་བཟང་མོས་བདུད་རྩི་ཤིང་ཐོག་སྟེར་རྨིས་སོགས༔ དེ་དག་འགྲུབ་རྟགས་ངེས་པ་ཡིན༔ ཡང་གསང་བླ་མེད་ནམ་མཁའི་རྒྱལ་པོ་ཡི༔ ཡང་ཟབ་སྒྲུབ་པ་འདི་ཉིད་ཉམས་སུ་སུས་བླངས་པ༔ མི་དེ་པད་འབྱུང་ནམ་མཁའི་རྒྱལ་པོ་དངོས་ཉིད་ཡིན༔ ཞལ་མཇལ་ལུང་བསྟན་ལྟས་བཟང་ཡང་ཡང་ཐོབ༔ འདས་ཚེ་འཇའ་འོད་གདུང་རིགས་ལྔ་ལ་སོགས༔ བར་དོ་མེད་པའི་ལྟས་རྣམས་འབྱུང༔ ཚེ་གཅིག་ཉིད་ལ་མངོན་སངས་རྒྱས༔ འདི་ཉིད་སྒྲུབ་པའི་ས་ཕྱོགས་དེར༔ འཇའ་འོད་སྤྲིན་འཕྲོ་དྲི་བཟང་འབྱུང༔ མི་ཕྱུགས་ནོར་ནད་མཚོན་འཁྲུགས་ཞི་བ་དང༔ ཆར་ཆུ་དུས་འབེབ་ལོ་ཕྱུགས་རྟག་ལེགས་ནས༔ མུ་གེའི་བསྐལ་པ་རྒྱུན་ཆད་ཅིང༔ ཚེ་འདིར་མཆོག་ཐུན་དངོས་གྲུབ་བརྙེས་པར་འགྱུར༔ ཁྱེར་སོ་གསུམ་དང་རྫོགས་པའི་རིམ་པ་རྣམས༔ ཐུགས་ཆེན་པདྨ་རྒྱལ་པོའི་གསང་སྒྲུབ་ལྟར་དུ་བྱ༔ ཟབ་གསང་བླ་ན་མེད་པ་འཕགས་མཆོག་ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོ་ཡི༔ སྒྲུབ་གཞུང་ན་རག་དོང་སྤྲུགས་འདི༔ མ་འོངས་ང་སྤྲུལ་བུ་དང་འཕྲད་པར་ཤོག༔ འཕྲད་ནས་ཚེ་གཅིག་སངས་རྒྱས་འཁོར་བ་དོང་སྤྲུགས་ཤོག༔ བཀའ་འདི་ལས་མཁན་མིང་སྲིང་གཉིས་ལ་བཅོལ༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བདག་འདྲ་རིག་འཛིན་བདུད་འདུལ་རྡོ་རྗེ་ཡིས། ཚ་བ་སྒྲོ་བྲག་ཅེས་ཙིཏྟ་གནམ་ལངས་འདྲ་བའི་མགུལ་ནས་གདན་དྲངས་པའོ། །བདེ་ཆེན་འཕོ་བ་ཆེན་པོའི་སྐུ་འགྲུབ་པ། །བི་མ་མི་ཏྲ་དངོས་སྣང་སྒྱུ་མའི་གར། །ཟླ་བྲལ་རྩོད་མེད་ཞིང་འདིར་ཡོངས་གྲགས་པ། །རྣམ་དག་ཐིག་ལེ་འོད་སྐུ་བདེ་བའི་གར། །འགྲོ་བའི་མགོན་པོ་ཆོས་ཀྱི་བདག་པོ་མཆོག །ལྷ་བཙུན་ནམ་མཁའ་འཇིགས་མེད་དེས་བསྐུལ་ངོར། །བདག་འདྲ་བདུད་འདུལ་རྡོ་རྗེ་ཡིས། །རྒྱས་དར་ཆོས་ལྡིང་ཕོ་བྲང་ཡང་དབེན་དུ། །ཤོག་སེར་རྣམ་དཀར་ངོས་ལ་ཕབ། །དུས་མཐའི་བན་སྤྲང་ཨོ་རྒྱན་ལུང་རིགས་ཀྱིས། །ཤོག་སེར་བུ་ལས་ཞལ་བཤུས་པ། །ཇི་སྲིད་འཇིག་རྟེན་བསྐལ་པ་མ་སྟོངས་བར། །དེ་སྲིད་དམ་པའི་ཆོས་འདི་མ་རྫོགས་སོ། །སརྦ་ཛ་ག་ཏཱཾ། ས་མ་ཡ་ཐཱ།། །། ྈ དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ ཐུགས་རྗེ་ཆེན་པོ་ནམ་མཁའ་རྒྱལ་པོའི་བཏགས་གྲོལ་སྒྲིབ་སྦྱོང་འོད་སྐུ་བཞུགས་སོ༔ ྈ ྈྈྈྈྈ འཕགས་མཆོག་ནམ་མཁའི་རྒྱལ་པོ་ལ་ཕྱག་འཚལ་འདུད༔ ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོ་ཡི༔ གསུང་མཆོག་ཡི་གེ་བཅུ་པ་ཡི༔ བཏགས་གྲོལ་སྒྲིབ་སྦྱོང་འོད་སྐུ་འདི༔ འཁོར་ལོ་བཅངས་པའི་གང་ཟག་ཀུན༔ ཚེ་འདིར་བཅུ་བཞིའི་ས་ནོན་ནས༔ འགྱུར་མེད་ལྷུན་གྲུབ་འོད་སྐུ་ཨེ་མ་ཧོ༔ འདི་འཕྲད་རྣལ་འབྱོར་སྐལ་པ་བཟང༔ འདི་ཐོས་རྣལ་འབྱོར་སྐལ་པ་བཟང༔ འདི་འཆང་རྣལ་འབྱོར་སྐལ་པ་བཟང༔ འཁོར་ལོ་འདི་འཆང་སྐལ་ལྡན་ཀུན༔ ཚེ་འདི་ཉིད་ལ་སངས་རྒྱས་འགྲུབ༔ སྐྱེ་འགྲོ་སེམས་ཅན་གྲངས་མེད་ཀྱི༔ རེ་རེའི་དྲུང་དུ་རང་གི་སྤྲུལ་པ་རེ༔ འགྲོ་དྲུག་འཁོར་བ་དོང་ནས་སྤྲུགས༔ འདི་ལ་ཐེ་ཚོམ་ཡོད་མི་འགྱུར༔ བཏགས་གྲོལ་ཡིད་བཞིན་འཁོར་ལོ་འདི༔ སྤྱི་བོའི་གཙུག་ཏུ་བཏགས་གྱུར་ན༔ དབུ་ལ་གཙུག་ཏོར་འབྱུང་བ་དང༔ རྫོགས་སངས་རྒྱས་པར་ཐེ་ཚོམ་མེད༔ རུས་པ་ཉིད་ལས་ཤ་རཱི་རམ༔ གདུང་ནི་སྣུམ་འདྲིལ་ཁ་དོག་དཀར༔ སྲན་སྐར་ཙམ་དུ་འབྱུང་བར་འགྱུར༔ གཞན་ཡང་གདུང་རིགས་རྣམ་ལྔ་ནི༔ ཤ་ལས་ཉ་རཱི་རམ་ནི་དམར་བ་དང༔ ཆུ་སེར་དག་ལས་ཆུ་རཱི་རམ༔ མདོག་ནི་དམར་གསལ་འབྱུང་བར་འགྱུར༔ ལྷ་བ་ཉིད་ལས་གསེར་རཱི་རམ༔ ཁ་དོག་སེར་གསལ་འབྱུང་བར་འགྱུར༔ ཆུ་རྒྱུས་ལས་ནི་བ་རཱི་རམ༔ ཁ་དོག་མཐིང་གསལ་འབྱུང་བར་འགྱུར༔ ལྷུ་ཚིགས་པགས་པ་དག་ལས་ནི༔ རིང་བསྲེལ་རྣམ་ལྔ་འབྱུང་བར་འགྱུར༔ མངོན་རྫོགས་སངས་རྒྱས་ཐེ་ཚོམ་མེད༔ སྒྲིབ་སྦྱོང་འོད་སྐུའི་འཁོར་ལོ་འདི༔ སྐལ་ལྡན་ལུས་ལ་བཅང་བའི་ཚེ༔ ཕྱོགས་དུས་རྒྱལ་བའི་ཞིང་ཁམས་ཐམས་ཅད་དུ༔ འཇའ་ཚོན་སྣ་ལྔ་འབྱུང་བ་དང༔ ས་གཡོས་ལ་སོགས་འབྱུང་བར་འགྱུར༔ དེ་ཚེ་འཁོར་གྱི་བྱང་སེམས་ཚོགས་རྣམས་ཀྱིས༔ རྒྱལ་བ་རྣམས་ལ་འདི་སྐད་ཞུས༔ ཨེ་མ་ཨེ་མ་མཁྱེན་ལྡན་རྒྱལ་བ་ལགས༔ ཞིང་ཁམས་ཀུན་ཏུ་འཇའ་འོད་དང༔ ས་གཡོས་ལ་སོགས་ཡན་ཆད་ཀྱི༔ ལྟས་བཟང་ལ་སོགས་ཅི་ལྟར་ལགས༔ དེ་སྐད་ཅེས་གསོལ་བའི་ཚེ༔ ཕྱོགས་དུས་སྟོན་པ་ཐམས་ཅད་ཀྱིས༔ འཁོར་ཚོགས་རྣམས་ལ་འདི་སྐད་གསུང༔ མི་མཇེད་འཇིག་རྟེན་ཁམས་ཞེས་ན༔ ཡུལ་ལྗོངས་འདི་ཞེས་མི་བུ་ཆེ་གེ་ལ༔ འཕགས་མཆོག་ནམ་མཁའི་རྒྱལ་པོ་ཡི༔ སྐྱབས་སེམས་དབང་བསྐུར་སྡོམ་ཕོག་ཅིང༔ འཕགས་མཆོག་ནམ་མཁའི་རྒྱལ་པོ་ཉིད༔ མི་བུའི་ལུས་བསྟིམས་ལྷ་རུ་བསྒྱུར༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་རྗེའི་གསང་མཛོད་བཅང་གྲོལ་བ༔ བཏགས་གྲོལ་སྒྲིབ་སྦྱོང་འོད་སྐུ་ཞེས༔ འཕྲད་ཚད་རིག་པའི་རྩ་གནས་བསྒྱུར༔ སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས༔ འཕགས་མཆོག་ནམ་མཁའི་རྒྱལ་པོའི་སྐུ་རུ་གྱུར༔ འཇའ་འོད་ལ་སོགས་ལྟས་བཟང་རྣམས༔ དེ་ཡི་བྱིན་རླབས་ཡོན་ཏན་ཡིན༔ དེ་ནས་འཁོར་གྱི་བྱང་སེམས་ཚོགས་རྣམས་ཀྱིས༔ མི་མཇེད་འཇིག་རྟེན་ཁམས་ཞེས་ནས༔ སྐལ་ལྡན་རིགས་ཀྱི་ཆེ་གེ་མོ་ལ༔ མངོན་སུམ་འདུས་བྱས་སྒྱུ་ལུས་འདི༔ འཕགས་པའི་སྐུར་གྱུར་ལེགས་སོ་ལེགས་སོ་ཞེས༔ དེ་སྐད་ཅེས་ནི་ཡིད་འོང་བསྟོད་པར་འགྱུར༔ དེ་ནི་སྤྱི་བོར་བཏགས་པའི་ཡོན་ཏན་ནོ༔ དེ་ནས་བཏགས་གྲོལ་སྒྲིབ་སྦྱོང་འོད་སྐུ་འདི༔ སྐལ་ལྡན་གང་གི་མགུལ་དུ་བཏགས་གྱུར་ན༔ ཕྱོགས་དུས་རྒྱལ་བ་ཐམས་ཅད་ཀྱི༔ གསུང་གི་ཞིང་ཁམས་མ་ལུས་མངོན་དུ་གྱུར༔ སྨྲ་ཚད་ཐམས་ཅད་དམ་པའི་ཆོས་སུ་འགྲོ༔ གང་གི་ཡོན་ཏན་མ་ལུས་རྫོགས་པ་དང༔ ཁམས་གསུམ་རིགས་དྲུག་སྐྱེ་འགྲོ་ཐམས་ཅད་ཀུན༔ དེ་དག་རེ་རེའི་དྲུང་དུ་སྤྲུལ་པ་རེ༔ སྨིན་གྲོལ་དམ་པའི་ཆོས་གསུང་ཞིང༔ ངག་ལ་ནུས་ཐོན་བདེན་པ་ཐོབ་པར་འགྱུར༔ དེ་ནས་བཏགས་གྲོལ་སྒྲིབ་སྦྱོང་འོད་སྐུ་འདི༔ མཆན་གཡོན་བཅང་པའི་ཡོན་ཏན་ནི༔ ཕྱོགས་དུས་བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔ ཐུགས་ཀྱི་ཡོན་ཏན་ཞིང་ཁམས་མངོན་དུ་གྱུར་པ་དང༔ ཟག་མེད་བདེ་སྟོང་རྒྱུད་ལ་སྐྱེ་བ་དང༔ དག་སྣང་ཕྱོགས་མེད་ཤར་བ་དང༔ མ་རྟོགས་འགྲོ་དྲུག་མ་རྒན་ཐམས་ཅད་ལ༔ བཅོས་མིན་སྙིང་རྗེ་རྒྱུན་སྐྱེ་མཆི་མ་འཁྲུག༔ ཐུགས་ཀྱི་ཞིང་ཁམས་དཔག་མེད་མཐོང་བ་དང༔ ཕྱོགས་དུས་རྒྱལ་བ་ཀུན་ལ་ཆོས་ཉན་ཅིང༔ ཚེ་འདི་ཉིད་ལ་འཕགས་པའི་སྐུ་རུ་འགྲུབ༔ སྤྲུལ་པ་བྱེ་བ་ཕྲག་བརྒྱར་རབ་སྟོན་ཅིང༔ འགྲོ་དྲུག་སེམས་ཅན་ཀུན་གྱི་དོན་བྱེད་འགྱུར༔ བཏགས་གྲོལ་སྒྲིབ་སྦྱོང་འོད་སྐུ་ཡི༔ ཡོན་ཏན་བརྗོད་པར་མི་ནུས་སོ༔ བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ འགྲོ་མགོན་ནམ་མཁའི་རྒྱལ་ལ་ཕྱག་འཚལ་ལོ༔ གསུང་མཆོག་ཡི་གེ་བཅུ་པ་ཡི༔ བཏགས་གྲོལ་སྒྲིབ་སྦྱོང་འོད་སྐུ་འདི༔ ལུས་ལ་བཅང་པས་བྱིན་རླབས་དབང་རྫོགས་ཤིང༔ འཕགས་མཆོག་ནམ་མཁའི་རྒྱལ་པོའི་ལྷ་ཚོགས་ཀུན༔ སྐལ་ལྡན་ལུས་ལ་རྫོགས་པར་བྱ་བའི་ཐབས༔ འཁོར་ལོ་ལུས་ལ་བཅང་བ་ཡིས༔ ཚེ་གཅིག་སངས་རྒྱས་ཐོབ་པའི་ཟབ་གསང་འདི༔ དང་པོ་འཁོར་ལོའི་རྒྱུ་དང་བྲི་ཐབས་དང༔ རབ་ཏུ་གནས་དང་འདོགས་ཡུལ་དང༔ དམ་ཚིག་དང་ནི་ཉམས་ལེན་ཡོན་ཏན་ནོ༔ ཐོག་མར་འཁོར་ལོའི་རྒྱུ་ནི་ཤིང་ཤུན་ལ༔ རབ་ལེགས་གྲུ་གང་གྲུ་བཞིའི་ཚད༔ དེ་ལ་མཚལ་ལམ་དངུལ་དཀར་གྱིས༔ མུ་ཁྱུད་རིམ་པ་དགུ་རུ་བསྐོར༔ ལྟེ་བར་གསུང་མཆོག་ཡི་གེ་བཅུ་པ་བྲི༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་མཐར༔ ཨཱརྱ་ལོ་ཀི་ཤྭ་ར་ག་ག་རཱ་ཛ་ཛྙཱ་ན་དྷཱ་ཀི་ནཱི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ གཡས། ཨཱོཾ་ཀྵ་ཏ་པ་རི་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ རྒྱབ་ཏུ། ཨོཾ་ཨཱརྻ་ཏཱ་རེ་ཏུཏྟཱ་རེ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ གཡོན། ཨཱོཾ་རཏྣ་དྷཱ་ར་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ མདུན་དུ། ཨཱོཾ་ཏཱ་རེ་ཏུཏྟཱ་རེ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ རཏྣ་མཎྜ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ དེ་མཆན༔ ཨོཾ་ཛྙཱ་ན་པཉྩ་ཨ་བྷི་ཥིཉྩ་ཨཱ་ཧཱུྃ་ཨཱ་ཨཱ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཤར་ནས་རིམ་པ་བཞིན། འ་ཨ་ཤ་ས་མ་ཧ༔ ཨཱོཾ་བཛྲ་གྷུ་རུ་པདྨཱ་ཀ་ར་དྷརྨཱ་ཀཱ་ཡ༔ སམ་བྷོ་ཀཱ་ཡ༔ ནིར་མ་ཀཱ་ཡ༔ ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་སརྦ་མ་ཧཱ་གྷུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ མ་ཧཱ་ཀ་རུ་ནི་ཛྙཱ་ན་པྲད་ཛྙཱ་ན་པ་ར་མི་ཏ་ག་ག་རཱ་ཛ་ཛྙཱ་ན་དྷཱ་ཀི་ནཱི་ཨཱ་ཡུ་ཨ་མི་དྷེ་ཝ་སརྦ་བྷུདྡྷ་དྷརྨ་སངྒྷ་ཧྲཱིཿམ་ཏཱཾ་ཏཱཾ༔ ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱི་ཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཀྵིཾ་ཏྲཱཾ་ཧྲཱིཿཛྲིཾ་མཻ་ཧཱུྃ་ཐིཾ་མཱུཾ༔ ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཛཿཧཱུྃ་བཾ་ཧོ༔ ས་མན་ཏ་བྷ་དྲ་ས་མན་ཏ་ཕ་ལ་མུ་ནི་ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ དེ་ནས་དེའི་ཕྱི་རིམ་གྱི་མུ་ཁྱུད་ལ༔ པད་འདབ་དྲུག༔ དེའི་ཕྱི་རིམ་གྱི་མུ་ཁྱུད་ལ༔ འདབ་མ་དྲུག་བྲི༔ དེ་རྒྱབ་ཀྱི་མུ་ཁྱུད་ལ༔ པད་འདབ་བཅུ་གཉིས་བྲིའོ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨཱ་ལི་ཀཱ་ལི་དང་རྟེན་འབྲེལ་སྙིང་པོ༔ དེ་རྒྱབ་མུ་ཁྱུད་ལ༔ མཆོད་པའི་སྤྲིན་ཕུང་གི་སྙིང་པོ་བྲིའོ༔ དེ་རྒྱབ་མུ་ཁྱུད་ལ༔ འོད་ཟེར་རྣམ་པ་སྣ་ཚོགས་ཀྱི་སྙིང་པོ་བྲི༔ དེ་རྒྱབ་འཇའ་འོད་མེ་རིས་བསྐོར༔ དེ་ནས་ནང་གི་པད་འདབ་དྲུག་ལ༔ ཤར་ནས་རིམ་བཞིན། ཨཱོཾ་ཨཱརྱ་ལོ་ཀི་ཤྭ་ར་པདྨ་རཱ་ཛ་ཛྙཱ་ན་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ ཨོཾ་བྷུདྡྷ་བྷཻ་རོ་ཙ་ན་ས་མཱ་ཏི་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ ཧཱུྃ་བཛྲ་སཏྭ་ཨ་བྷིཏྱ་པ་ར་མི་ཏ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ སྭཱ་རཏྣ་སྭ་བྷཱ་ཝ་ཏྲཱཾ་ཤཱནྟི་པ་ར་མི་ཏ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ ཨཱཾ་ཨ་མི་དྷེ་ཝ་ཤི་ཥ་པ་ར་མི་ཏ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ ཧཱ་ཀརྨཱ་ཨ་མོ་གྷ་སིདྡྷི་རཏྣ་པ་ར་མི་ཏ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ དེ་རྒྱབ་འདབ་དྲུག་ལ༔ ཨཱོཾ་གྷུ་རུ་མུ་ནེ་ཀྲེཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཨཱོཾ་གྷུ་རུ་མུ་ནེ་བྲེཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཨཱོཾ་གྷུ་རུ་མུ་ནེ་ཧཱུྃ་ཏྲཱུཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཨཱོཾ་གྷུ་རུ་མུ་ནེ་ཀྵཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཨཱོཾ་གྷུ་རུ་མུ་ནེ་སྲུཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཨཱོཾ་གྷུ་རུ་མུ་ནེ་ཡེ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་རྒྱབ་པད་འདབ་བཅུ་གཉིས་ལ༔ ཤར་ནས། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཧྲཱིཿཏ་ཡ་མཎྜ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ དེ་ནས་རིམ་བཞིན། ཨཱོཾ་བྷོ་དྷི་ཙིཏྟ་ཨཱ་ཧོ་སུ་ཀ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ ཨཱོཾ་སྭཱ་ཨཱཾ་ཧཱ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ ཨཱོཾ་ཛྙཱ་ན་པཉྩ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ ཨཱོཾ་རཏྣ་མ་ལེ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ ཨཱོཾ་ཏི་པ་ཏ་བཛྲ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ ཨོཾ་ཤབྡ་ཏ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ ཨོཾ་དྷརྨཱ་ནི་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ ཨཱོཾ་བདག་རྡོ་རྗེ་འཛིན་པ་ཞེས་རང་གི་མིང་གཞུག་ལ་ནཱམ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ ཨཱོཾ་མ་ཧཱ་བྷོ་དྷི་ཙིཏྟ་མ་ཧཱ་ཀ་རུ་ནི་སུ་ཀ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ ཨོཾ་བྷོ་དྷི་ཙིཏྟ་ཛྙཱ་ན་མ་ཧཱ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ དེ་རྒྱབ་ཀྱི་མུ་ཁྱུད་ལ༔ ཨཱོཾ་ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ་སོགས་ཨཱ་ལི་ཀཱ་ལི་དང་རྟེན་འབྲེལ་སྙིང་པོ་ནན་དུ་བྲིའོ༔ དེ་རྒྱབ་མུ་ཁྱུད་ལ༔ མཆོད་པའི་སྤྲིན་ཕུང་གི་སྔགས་ནི༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མོ་བྷ་ག་ཝ་ཏི༔ བཛྲ་ས་ར་པྲ་མརྡྷ་ནི༔ ཏ་ཐཱ་ག་ཏཱ་ཡ༔ ཨརྷ་ཏེ༔ སམྱཀྶཾ་བྷུདྡྷཱ་ཡ༔ ཏདྱ་ཐཱ༔ ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ༔ མ་ཧཱ་ཏེ་ཛོ་བཛྲེ་མ་ཧཱ་བིདྱཱ་བཛྲེ༔ མ་ཧཱ་བོ་དྷི་ཙིཏྟ་བཛྲེ༔ མ་ཧཱ་བྷོ་དྷི་མན་ཏྲོ༔ པ་སང་ཀྲ་མ་ཎ་བཛྲེ༔ སརྦ་ཀརྨ་ཨ་བ་ར་ཎ་བྷི་ཤྭ་དྷ་ནི་བཛྲེ་སྭཱ་ཧཱ༔ དེ་རྒྱབ་མུ་ཁྱུད་ལ༔ འོད་ཟེར་རྣམ་པ་སྣ་ཚོགས་ཀྱི་སྔགས་ནི༔ ཨཱོཾ་ཨཱཿཧཱུྃ༔ པུཥྤེ་པཱུ་ཙ་ཧཱུྃ༔ དྷཱུ་པེ་པཱུ་ཙ་ཧཱུྃ༔ གྷནྡྷེ་པཱུ་ཙ་ཧཱུྃ༔ ཨཱ་ལོ་ཀེ་པཱུ་ཙ་ཧཱུྃ༔ ནཻ་བིདྱཱ་པཱུ་ཙ་ཧཱུྃ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་པཱུ་ཙ་ཧཱུྃ༔ སརྦ་ཏ་ཐཱ་ག་ཏ་རཏྣ་པ་ཏི་ནམ་པཱུ་ཙ་ཧཱུྃ༔ སརྦ་ཏ་ཐཱ་ག་ཏ་རཏྣ་དྷ་ན་པཱུ་ཙ་ཧཱུྃ༔ སརྦ་ཏ་ཐཱ་ག་ཏ་རད་ན་ཧ་ཏི་རཏྣ་པཱུ་ཙ་ཧཱུྃ༔ སརྦ་ཏ་ཐཱ་ག་ཏ་རཏྣ་དུ་ཀ་ར་པཱུ་ཙ་ཧཱུྃ༔ སརྦ་ཏ་ཐཱ་ག་ཏ་རཏྣ་བྷིཏྟི་ཀ་པཱུ་ཙ་ཧཱུྃ༔ ཞེས་ལྷག་ཆད་མེད་པར་བྲིས༔ ཕྱི་རིམ་འཇའ་འོད་མེ་རི་དང༔ ཕྱོགས་མཚམས་རྣམས་སུ་བཀྲ་ཤིས་རྫས་བརྒྱད་རྟགས་བརྒྱད་དང༔ རྒྱལ་སྲིད་སྣ་བདུན་ལ་སོགས་ཚང་མ་བྲི༔ ཚོན་དང་མྱང་གྲོལ་རིལ་བུ་བྱུགས༔ དེ་ནས་རབ་ཏུ་གནས་པ་ནི༔ འཕགས་པ་ནམ་མཁའི་རྒྱལ་པོའི་དཀྱིལ་འཁོར་ཞལ་ཕྱེས་ལ༔ རཏྣའི་བུམ་པ་མགུལ་ཆིངས་དཀར་པོ་བྱ༔ གཙང་མའི་ཆུ་ཡིས་སུམ་ཆ་བཀང༔ དེ་སྟེང་བཞག་ལ་སྣ་ཚོགས་དར་གྱི་གུར་ཕུབ་ལ༔ ལས་བྱང་གཞུང་བསྲང་སྤྱན་དྲངས་བསྟིམ་གཞུག་ནན་དུ་བྱ༔ མཆོད་བསྟོད་བཟླས་པ་ཚོགས་འཁོར་བསྐོར༔ བླ་མ་དཀོན་མཆོག་རྡོ་རྗེ་སློབ་དཔོན་ལ༔ གསེར་གྱི་མཎྜལ་ལན་བདུན་ཕུལ༔ མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གཏོར་མ་འབུལ༔ ཡིག་བཅུ་གཞུང་སྔགས་ཅི་འགྲུབ་བཟླས༔ ཡེ་དྷརྨ་བརྗོད་ཅིང་མེ་ཏོག་འཐོར༔ དེ་ནས་བུམ་པའི་ལྷ་ཚོགས་རྣམས་ཀྱི་སྦྱོར་མཚམས་ནས། ཐུགས་རྗེ་བྱིན་རླབས་ཀྱི་ངོ་བོ༔ འཆི་མེད་ཀྱི་བདུད་རྩི་ཟག་མེད་བདེ་སྩོལ་གྱི་སྙིང་པོ༔ བྱང་སེམས་དཀར་དམར་གྱི་རྒྱུན་བབས་ནས༔ བུམ་པ་དེ་ཉིད་མེར་གྱིས་ཁེངས་པར་བསམ་ལ༔ བུམ་པ་སློབ་མའི་མགོར་བཞག་ལ༔ གཞུང་ལུགས་ཅི་བཞིན་དབང་བསྐུར་བྱ༔ དེ་ནས་འཁོར་ལོ་དར་ཟབ་ལེགས་དྲིལ་ལ༔ རཏྣའི་གྭ་འུར་གཞུག་ལ་སྤྱི་བོར་རམ༔ མགུལ་ནས་མཆན་གཡོན་རྣམས་སུ་བཏགས༔ ལོ་རེ་ལོན་བཞིན་དབང་དང་རབ་གནས་སྐྱར༔ བུམ་ཆུ་འཐུང་ཞིང་མཆོག་ཐུན་དངོས་གྲུབ་ཐོབ་པར་བསམ༔ རྗེས་ཆོག་གླུ་བྲོ་གར་དང་ཤིས་པ་བརྗོད༔ བཏགས་གྲོལ་སྒྲིབ་སྦྱོང་འོད་སྐུ་འདི༔ འགྲོ་བ་གང་གིས་ལུས་ལ་བཅངས་གྱུར་ཀྱང༔ ཚེ་འདི་ཉིད་ལ་སངས་རྒྱས་ཐོབ་པར་འགྱུར༔ འགྱུར་མེད་ཆོས་སྐུ་ཐོབ་པའི་རྟགས༔ ལུས་ལ་འོད་ཕུང་འགྱུ་བ་དང༔ དཔྲལ་བར་ཡེ་ཤེས་སྤྱན་ལྡན་འགྱུར༔ དེ་ནས་འགག་མེད་ལོངས་སྐུ་ཐོབ་པའི་རྟགས༔ གདུང་རིགས་རྣམ་ལྔ་འབྱུང་བར་འགྱུར༔ འཕོ་མེད་སྤྲུལ་སྐུ་ཐོབ་པའི་རྟགས༔ རིང་བསྲེལ་ཕྲ་ཞིབ་འབྱུང་བ་དང༔ འཇའ་འོད་ས་གཡོས་དྲི་ངད་ལྡན༔ སྐུ་གདུང་འབར་བའི་རྒྱུད་ལས་ཀྱང༔ གདུང་ནི་སུས་ཀྱང་འཇིག་མི་ནུས༔ སྲ་མཁྲེགས་འཇིག་པ་ཀུན་བྲལ་ཞིང༔ འདི་ནི་འཇིག་རྟེན་སངས་རྒྱས་མཐོང༔ རིང་བསྲེལ་རྣམས་ནི་ཕྲ་མོ་སྟེ༔ ཏིལ་འབྲུ་དང་ནི་ཡུངས་འབྲུ་ཙམ༔ འདི་ནི་འབྱུང་བས་འཇིག་པར་ནུས༔ དེ་ནི་སྤྲུལ་པའི་ཞིང་དུ་འཕོ༔ ཏིང་འཛིན་གཡོ་མེད་རྒྱུད་སྐྱེ་ཞིང༔ ཞིང་ཁམས་དཔག་མེད་མཐོང་བར་འགྱུར༔ བླ་མར་བཅོས་མིན་མོས་གུས་སྐྱེ༔ འགལ་རྐྱེན་བཀྲ་མི་ཤིས་ཀུན་སོགས༔ མི་མཐུན་ཕྱོགས་ཀུན་ཞི་བར་འགྱུར༔ བསམ་པའི་དོན་ཀུན་རྩོལ་མེད་འགྲུབ༔ བྱ་བ་ཐམས་ཅད་དམ་པའི་ཆོས་སུ་འགྲོ༔ ངག་ལ་ནུས་པ་ཐོན་པ་དང༔ ཡི་དམ་ལྷ་ཡི་ཞལ་མཐོང་ཞིང༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་འབྱུང༔ ཐ་ན་ཁྱི་ཕག་ལྟ་བུ་ཡིས༔ བར་དོར་ལོངས་སྤྱོད་རྫོགས་སྐུར་འགྲུབ༔ བཏགས་གྲོལ་སྒྲིབ་སྦྱོང་འོད་སྐུ་འདི༔ གང་གིས་ལུས་ལ་བཅངས་གྱུར་ཀྱང༔ སྐུ་གསུམ་ལྷུན་གྱིས་འགྲུབ་པར་འགྱུར༔ ལུས་ནི་འཕགས་པའི་སྐུ་རུ་འགྲུབ༔ སེམས་ཅན་ཀུན་གྱི་དོན་ཀུན་བྱེད༔ གསུང་གི་ཡོན་ཏན་ཀུན་རྫོགས་ནས༔ གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར༔ དུས་གསུམ་རྒྱལ་བའི་ཆོས་རྣམས་ལ༔ ཐོགས་པ་མེད་པ་ཤེས་པར་འགྱུར༔ ཡོན་ཏན་ཕྲིན་ལས་རབ་རྫོགས་ནས༔ སངས་རྒྱས་གསུང་སྟོང་ཕྲིན་ལས་འགྲུབ་པར་འགྱུར༔ བཏགས་གྲོལ་སྒྲིབ་སྦྱོང་འོད་སྐུ་འདི༔ རིན་ཆེན་བུམ་པའི་སྣོད་འཇུག་ནས༔ ཚོང་འདུས་ས་མདོ་རྣམས་སུ་སྦས་གྱུར་ན༔ དེར་ཕྱིན་སྐྱེ་འགྲོའི་སྒྲིབ་ཟད་ནས༔ ཚེ་འདིར་ལོངས་སྐུ་འགྲུབ་པར་འགྱུར༔ འབྱུང་བ་རླུང་ལ་བསྐོར་གྱུར་ན༔ རླུང་རྒྱག་དེས་ཕོག་སེམས་ཅན་ཀུན༔ ཚེ་འདིར་སངས་རྒྱས་ཐོབ་པར་འགྱུར༔ འབྱུང་བ་ཆུ་ལ་བསྐོར་གྱུར་ན༔ ཆུ་གནས་སེམས་ཅན་ཐམས་ཅད་དང༔ ཆུ་དེ་ཁར་ཕྱིན་སྐྱེ་འགྲོ་ཀུན༔ སྒྲིབ་མེད་སངས་རྒྱས་ཐོབ་པར་འགྱུར༔ སྐུ་གསུང་ཐུགས་རྟེན་ནང་གཞུག་འཇུག་གྱུར་ན༔ སྐུ་དེ་མཐོང་ཐོས་ཕྱག་བསྐོར་འབྲེལ་ཚད་ཀུན༔ ཚེ་འདིར་ཆོས་སྐུར་འགྲུབ་པ་དང༔ ཡུལ་དེར་སྐྱེ་འགྲོ་བདེ་ལ་འགོད་པར་འགྱུར༔ རི་མཐོའི་རྩེ་ལ་སྦས་གྱུར་ན༔ ཡུལ་དེའི་ལྷ་འདྲེ་ཐམས་ཅད་ཀུན༔ ཆོས་ལ་དད་ཅིང་དཀར་ཕྱོགས་སྐྱོང་བ་དང༔ རི་དེ་མཐོང་ཚད་སྐྱེ་འགྲོ་ཀུན༔ སྤྲུལ་པ་སྐུ་ཡི་ཞིང་དུ་འཕོ༔ ཨེ་མ་སྐལ་ལྡན་རྗེས་འཇུག་ཀུན༔ རང་གིས་ལུས་ལ་ཆོངས་ཤིག༔ གཞན་ལ་སྦྱིན་ཅིག༔ འབྱུང་བ་མེ་ཆུ་རླུང་གསུམ་ལ་སྐོར་ཅིག༔ སྐུ་གསུང་ཐུགས་ཀྱི་ནང་གཞུག་ཏུ་ཆུགས་ཤིག༔ ཁ་ཐོན་དུ་གྱིས་ཤིག༔ བྲིས་ཤིག་ཆོངས་ཤིག༔ ཉམས་སུ་ལོངས་ཤིག༔ འདི་ལ་ཐེ་ཚོམ་ལོག་ལྟ་བྱེད་མཁན་གྱི་བདུད་རིགས་རྣམས༔ བཅོམ་ལྡན་ཀུན་བཟང་པད་འབྱུང་ནམ་མཁའི་རྒྱལ་པོ་དང༔ ཚེ་རབས་གཏན་དུ་ལས་འབྲེལ་མེད་པའོ༔ འཆི་ནས་མནར་མེད་དམྱལ་བར་ལྟུང༔ འདི་ལ་ཐེ་ཚོམ་ཡིད་གཉིས་ཀུན་སྤངས་ནས༔ འདི་ཉིད་ཉམས་ལེན་མཁན་གྱི་གང་ཟག་ལ༔ གོང་གི་ཡོན་ཏན་དེ་རྣམས་མ་བྱུང་ན༔ པད་འབྱུང་འཕགས་མཆོག་ནམ་མཁའི་རྒྱལ་པོ་ཡིས༔ མ་འོངས་སྐལ་ལྡན་ཐམས་ཅད་བསླུས་པར་ཟད༔ པད་འབྱུང་ནམ་མཁའི་རྒྱལ་པོ་དངོས་སྣང་སྒྱུ་མའི་གར༔ འཕགས་པ་བདུད་འདུལ་གླིང་དང་འཕྲད་པར་ཤོག༔ འཕྲད་ནས་མ་འོངས་འགྲོ་ཀུན་རང་གྲོལ་ཤོག༔ བཀའ་འདི་དུག་མཚོན་མིང་སྲིང་གཉིས་ལ་བཅོལ༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཉེར་རྒྱ༔ བདག་འདྲ་རིག་འཛིན་བདུད་འདུལ་རྡོ་རྗེ་ཡིས། ཚ་བ་སྒྲོ་བྲག་ཅེས་ཙིཏྟ་གནམ་ལངས་འདྲ་བའི་མགུལ་ནས་གདན་དྲངས་པའོ། །བདེ་ཆེན་འཕོ་བ་ཆེན་པོའི་སྐུ་གྲུབ་པ། །བི་མ་མི་ཏྲ་དངོས་སྣང་སྒྱུ་མའི་གར། །ཟླ་བྲལ་རྩོད་མེད་ཞིང་འདིར་ཡོངས་གྲགས་པ། །རྣམ་དག་ཐིག་ལེ་འོད་སྐུ་བདེ་བའི་གར། །འགྲོ་བའི་མགོན་པོ་ཆོས་ཀྱི་བདག་པོ་མཆོག །ལྷ་བཙུན་ནམ་མཁའ་འཇིགས་མེད་དེས་བསྐུལ་ངོར། །བདག་འདྲ་བདུད་འདུལ་རྡོ་རྗེ་ཡིས། །རྒྱས་དར་ཆོས་ལྡིང་ཕོ་བྲང་ཡང་དབེན་དུ། །ཤོག་སེར་རྣམ་དཀར་ངོས་ལ་ཕབ། །ཡི་གེའི་རིས་བྱེད་ཨོ་རྒྱན་བསྟན་སྲུང་ངོ་། །ཤོག་སེར་བུ་ལ་ཨོ་རྒྱན་ལུང་རིགས་ཀྱིས་དག་པར་ཕབ་པ་འདི། ཇི་སྲིད་འཇིག་རྟེན་བསྐལ་པ་མ་སྟོངས་བར། །དེ་སྲིད་དམ་པའི་ཆོས་འདི་མ་རྫོགས་སོ། །སརྦ་སྭསྟི། ས་མ་ཡ་ཐཱ།། །།
ཟུར་རྒྱན་ལས་བཞིའི་བྲོ་བརྡུང་བ་ (Volume 41, Text 3)
དེའི་སྟེང་དུ་ལས་བཞིའི་བྲོ་བརྡུང་བ་ནི། ཐམས་ཅད་ཀྱི་ལག་གཡས་སྟེང་དང་གཡོན་འོག་ཏུ་བྱས་ལ། སུམྦྷ་ནིའི་སྔགས་ཟློ་བཞིན་པས་མཛུབ་མོ་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ནས་བྲོ་ར་ཟླུམ་པོ་བྱས་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ གཏི་མུག་བདེ་གཤེགས་འཁོར་བཅས་རྣམས༔ དེ་བཞིན་རིགས་མཆོག་མ་ལུས་ཀྱི༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཤིན་ཏུ་རྨོངས་པའི་སེམས་ཅན་རྣམས༔ ཞི་བ་ཐུགས་རྗེ་ཆེན་པོ་ཡིས༔ ཞི་བར་མ་གྱུར་གང་ཡང་མེད༔ ཞི་མཛད་ལྷ་ལ་ཕྱག་འཚལ་བསྟོད༔ སུམྦྷ་ནི་སོགས་དང་། ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་རྒྱ་བཀྲོལ། ཡང་ཧཱུྃ་བཞི་པའི་སྔགས་དང་བཅས་གུང་མོ་རྣམས་སྦྲེལ་ནས་བྲོ་ར་གྲུ་བཞི་བྱས་ཏེ། ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ང་རྒྱལ་བདེ་གཤེགས་འཁོར་བཅས་རྣམས༔ རིན་ཆེན་རིགས་མཆོག་མ་ལུས་ཀྱི༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཤིན་ཏུ་དྲེགས་པའི་སེམས་ཅན་ཀུན༔ ཚེ་དབང་དངོས་གྲུབ་རྒྱས་མཛད་པས༔ རྒྱས་པར་མ་གྱུར་གང་ཡང་མེད༔ རྒྱས་མཛད་ལྷ་ལ་ཕྱག་འཚལ་བསྟོད༔ སུམྦྷ་ནི་སོགས་དང་། པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཞེས་རྒྱ་བཀྲོལ། ཡང་ཧཱུྃ་བཞི་པ་དང་སྲིན་ལག་སྦྲེལ་བའི་བྲོ་ར་ཟླ་གམ་བྱས་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ འདོད་ཆགས་བདེ་གཤེགས་འཁོར་བཅས་རྣམས༔ པདྨ་རིགས་མཆོག་མ་ལུས་ཀྱི༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཤིན་ཏུ་ཆགས་པའི་སེམས་ཅན་རྣམས༔ ཡུད་ཙམ་གྱིས་ནི་སྡུད་མཛད་པས༔ དབང་དུ་མ་གྱུར་གང་ཡང་མེད༔ དབང་མཛད་ལྷ་ལ་ཕྱག་འཚལ་བསྟོད༔ སུམྦྷ་ནི་སོགས་དང་། བ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་རྒྱ་བཀྲོལ། ཡང་ཧཱུྃ་བཞི་པ་དང་མཐེའུ་ཆུང་སྦྲེལ་བའི་བྲོ་ར་གྲུ་གསུམ་བྱས་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཞེ་སྡང་བདེ་གཤེགས་འཁོར་བཅས་རྣམས༔ རྡོ་རྗེ་རིགས་མཆོག་མ་ལུས་ཀྱི༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཤིན་ཏུ་གདུག་པའི་སེམས་ཅན་ཀུན༔ ཡུད་ཙམ་གྱིས་ནི་བསྡུས་ནས་ཀྱང༔ རྡུལ་དུ་མ་བརླག་གང་ཡང་མེད༔ བརླག་མཛད་ལྷ་ལ་ཕྱག་འཚལ་བསྟོད༔ སུམྦྷ་ནིའི་སྔགས་མཐར། ཡ་མ་དམ་སྲི་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་ལས་བཞིའི་བྲོ་བརྡུང་ངོ་།། །།
ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་དབང་བསྐུར་རེག་པ་དོན་ལྡན་བཀླག་ཆོག་ཏུ་བསྡེབས་པ་ཨུ་དུམྦ་རའི་འཛུམ་ཟེར་ (Volume 23, Text 3)
༄༅། །ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་དབང་བསྐུར་རེག་པ་དོན་ལྡན་བཀླག་ཆོག་ཏུ་བསྡེབས་པ་ཨུ་དུམྦ་རའི་འཛུམ་ཟེར་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་པདྨ་བི་སྥུ་ཊཱ་ཡ། རིག་པའི་རང་རྩལ་འཁོར་དང་མྱང་འདས་ཆོས། །དབྱིངས་ཀྱི་ཐིག་ལེར་སྡུད་མཛད་གར་གྱི་དབང་། །རྒྱ་མཚོ་ལྔ་འདུས་འཁོར་ལོའི་མགོན་དེ་ཡི། །གསང་གསུམ་ནོར་བུས་སྤྱི་བོའི་རྒྱན་མཛེས་མཛོད། །བཀའ་སྲོལ་གསར་རྙིང་པད་མཚོ་ལས། །ལྷ་ཡི་རྫས་བཞིན་ཆེས་དཀོན་པ། །གང་དེར་འཇུག་བདེའི་སྒོ་དབྱེ་ན། །རྒྱུ་མཚན་ཤེས་རྣམས་མྱུར་ཞུགས་འཚལ། །ཨུ་དུམྦ་རའི་མེ་ཏོག་ལྟར་དཀོན་ལ་ངོ་མཚར་ཆེ་བའི་ཟབ་ཆོས་འདིའི་སྨིན་བྱེད་ཀྱིས་སློབ་མ་རྗེས་སུ་འཛིན་པ་ལ་དོན་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། སྒྲུབ་པའི་རྐྱེན། སྒྲུབ་པའི་ཡན་ལག་གོ །དང་པོ་ནི། གནས་དང་དུས་ཁྱད་པར་འཕགས་ཤིང་སྣོད་བཅུད་ཀྱི་རྟེན་འབྲེལ་འཛོམ་པ་ན། རྟེན་དང་ཡོ་བྱད་ཀྱིས་མཛེས་པའི་སྒྲུབ་ཁང་གི་དབུས་སུ་སྟེགས་བུ་དཀྱིལ་འཁོར་སྒོ་རྫོགས་ལྷ་མཚན་སོགས་གཞུང་མཐུན་རས་བྲིས་བཀྲམ་པའམ། མཎྜལ་ལ་དྲིའི་ཐིག་ལེ་དང་མེ་ཏོག་ཚོམ་བུ་ལྔ་བཀོད་པའི་སྟེང་དུ་བུམ་པ་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་གཙོ་བོའི་སྐུ་ཙཀ་གཟུངས་རྡོར་བཅས་པའི་སྟེང་དུ་འཕྲུལ་སྟེགས་ལ་པད་སྣོད་དུ་གཏོར་མ་བང་རིམ་བཞིའི་སྟེང་དུ་བུམ་པ་ནོར་བུ་འབར་བས་ཁ་བརྒྱན་ཅིང་ཕྱོགས་བཞིར་པད་འདབ་ཀྱིས་སྤྲས་པ་བཀོད། དཀྱིལ་འཁོར་རྒྱབ་ཏུ་ཨོ་རྒྱན་སྐུ་དང་དབུ་རྒྱན། གཡས་སུ་རྟ་མགྲིན་སྐུ་དང་སེང་ལྡེང་ཕུར་པ། གཡོན་དུ་གསང་ཡེ་དང་ཐོད་ཆང་། མདུན་དུ་རལ་གྲི །ཡིག་བཅུ་སོ་སོར་བྲིས་པའི་ཙཀ་ལི། གཡོན་དུ་ཤེར་དབང་ཆས། དབུས་བུམ་པར་སྦྲང་ཆང་། ཤར་མེ་ལོང་ངམ་ཐོད་པར་འོ་མ། ལྷོར་ཐོད་པར་ཆང་། ནུབ་ཐོད་པར་བུར་ཆང་། བྱང་ཐོད་པར་འོ་མ་ཁྲག་སྦྱར་རྣམས་བླུགས་པ་ལྔ་ཚོམ་དུ་བཀོད། གཡས་སུ་ངོ་སྤྲོད་ཆས་མེ་ལོང་། རྨ་བྱའི་མདོངས། མར་མེ། ཐོད་ཆང་། ཤེལ་རྡོ་རྣམས་ལྔ་ཚོམ་དུ་བཀོད། མདུན་ངོས་སུ་སྨན་རཀ་གཏོར་གསུམ། ཕྱི་མཆོད་བསྐོར་བཤམ། ལས་བུམ། མིག་དར། མེ་ཏོག །དམ་ཆུ། སྲུང་སྐུད་དམར་པོ་སློབ་མའི་གྲངས་མཉམ། གཏོར་མ། ཚོགས་རྫས་སོགས་ཉེ་བར་མཁོ་བ་རྣམས་འདུ་བྱའོ། །གཉིས་པ་སྒྲུབ་པའི་ཡན་ལག་ནི། ཚིག་བདུན་སོགས་གསོལ་འདེབས། གནས་བདག་ལ་དཀར་གཏོར་སྤྱི་ལྟར་འབུལ། སྐྱབས་སེམས་ནས་མཚམས་གཅད་བར་གཏེར་གཞུང་ལྟར་རམ། སྤྱི་མཐུན་ཅུང་ཟད་བསྡེབས་ཀྱང་འགལ་བ་མེད་པས་ཡན་ལག་གི་སྦྱོར་བ་རྫོགས་པར་བྱའོ། །གཉིས་པ་དངོས་གཞི་ལའང་གཉིས། དབང་གི་རྟེན་སྒྲུབ་པ། དབང་བསྐུར་བ་དངོས་སོ། །དང་པོ་ནི། བདག་དང་མདུན་རྟེན་རང་རིག་ཐིག་ལེ་གཅིག་ཏུ་རྫོགས་པར་ཤེས་པས་ཏིང་འཛིན་རྣམ་གསུམ་གྱིས་དམ་ཚིག་གི་དཀྱིལ་འཁོར་བསྐྱེད། ཡེ་ཤེས་ཀྱི་འཁོར་ལོ་གཞུག །ཆོ་གའི་ཡན་ལག་བཞུགས་གསོལ་ནས་བསྟོད་བཤགས་བར་གྱིས་རྫོགས་ཤིང་བརྟན་པར་བྱས་ལ། བདག་མདུན་དབྱེར་མེད་འཁོར་འདས་ཐམས་ཅད་རྒྱ་མཚོའི་ལྔའི་དཀྱིལ་འཁོར་དུ་རྫོགས་པའི་ངང་ནས་སྤྲོ་བསྡུའི་ཏིང་ངེ་འཛིན་བཅས་བཟླས་པ་བྱ་བའམ། རྟོགས་པས་མི་ཆུན་ན་ཛཔ྄་ཁང་ཕྱེས་ཏེ་བདག་བདུན་སོ་སོར་དམིགས་པའི་སྤྲོ་བསྡུས་བདེ་གཤེགས་གཅིག་དྲིལ་གྱི་ཛཔ྄་སྔགས་ཅི་ནུས་བཟླ། མཐར། བུམ་པ་རང་བྱུང་གི་གཞལ་ཡས་སོགས་དང་། རང་སྲོག་སྔགས་ཀྱི་སོགས་སྤྱི་འགྲོས་གསལ་བཏབ་ཅིང་གཟུངས་ཐག་བླངས་ལ་གཅིག་དྲིལ་བརྒྱ་རྩ་ཙམ་གྱི་བུམ་བཟླས་བྱ། སྟོང་ཚིག་མཆོད་བསྟོད་དང་། དུང་ཆུ་ཕུལ་ལ་བུམ་ལྷ་འོད་ཞུ། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་སྤྱི་འགྲོ་བྱ། དེ་ནས་གཏེར་སྲུང་གཏོར་འབུལ་དང་། ལས་བྱང་གི་ཚོགས་བྱིན་རླབས་ནས་མཁའ་འགྲོ་ལ་འབུལ་བའི་བར་སོང་ནས། བསྙེན་པའི་གཤམ་དུ་ཡོད་པའི་དངོས་གྲུབ་ལེན་ཆོག་བརྗོད་ལ་བུམ་གཏོར་གྱིས་དབང་བླང་། བདུད་རྩི་དང་ཚོགས་རྫས་དངོས་གྲུབ་ཏུ་རོལ། དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །གཉིས་པ་དབང་དངོས་ལ་གཉིས། འཇུག་པ་དང་། ཞུགས་ནས་དབང་བསྐུར་བའོ། །དང་པོ་ནི། ལས་རྡོར་གྱིས་ཕྱི་རོལ་དུ་སློབ་མ་རྣམས་ལས་བུམ་གྱིས་ཁྲུས་བྱ་ཞིང་། ཧོ༔ སྐུ་གསུམ་ཆུ་ཡིས་དྲི་མ་བཀྲུ༔ དག་པའི་ཁྲུས་ཆུ་ཨ་ལ་ལ༔ སྔོན་གྱི་རྒྱལ་བས་བྱིན་བརླབས་ལྟར༔ སྡིག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་པས་སྡིག་སྒྲིབ་ཐམས་ཅད་དག་པར་བསམ། བགེགས་གཏོར་བྱིན་རླབས་བསྔོ་བ་རྣམས་སྤྱི་མཐུན་བྱས་ལ་མཚམས་བཅད་ནི། ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་སྐུ་སྐྱེ་བ་མེད་པའི་རང་རྩལ་ལས༔ འགག་མེད་ཁྲོ་རྒྱལ་དབང་ཆེན་གར་གྱི་སྐུ༔ ཞལ་གཅིག་ཕྱག་གཉིས་དབྱུག་ཐོ་ཞགས་པ་བསྣམས༔ ཁྲོ་གཉེར་མཆེ་གཙིགས་སྤྱན་གསུམ་གྱེན་དུ་གཡོ༔ དབུ་སྐྲ་དམར་སེར་རྟ་སྐད་ཕྱོགས་བཅུར་སྒྲོག༔ སྐུ་མདོག་དམར་པོ་དབང་གི་ཚྭ་ཚྭ་འཕྲོ༔ དུར་ཁྲོད་ཆས་བརྒྱད་སྐུ་ཡི་རྒྱན་དུ་སྤྲས༔ བརྐྱང་བསྐུམ་དོར་སྟབས་མེ་དཔུང་ཀློང་དཀྱིལ་ན༔ རུ་ཏྲ་ཕོ་མོ་བསྣོལ་བའི་གདན་ལ་བཞུགས༔ ལས་ཀྱི་སྤྲུལ་པ་དཔག་མེད་འཕྲོས་པ་ལས༔ ཁྲོ་ཆེན་འཕྲོས་པས་ནམ་མཁའ་གང༔ ཁྲོ་མོ་འཕྲོས་པས་ས་གཞི་གང༔ གཉིས་མེད་འཕྲོས་པས་བར་སྣང་གང༔ ཐམས་ཅད་མ་ལུས་སྐར་ལྟར་འཁྲུགས༔ ལས་ཀྱི་ཕོ་ཉས་སྟོང་གསུམ་གང༔ སྐལ་མེད་བགེགས་རིགས་རྡུལ་དུ་རློགས༔ འབྱུང་པོའི་ཚོགས་རྣམས་ཚར་ཆོད་ཅིག༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་འབྱུང་པོ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཅེས་ཡུངས་ཐུན་གུ་གུལ་དུད་པ་རོལ་མོའི་སྒྲ་སོགས་ཚམ་རྔམ་དྲག་པོས་བསྐྲད། བདག་ཉིད་དབང་ཆེན་རྟ་མཆོག་རྒྱལ་པོར་གསལ་བའི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས། རྡོ་རྗེའི་སྲུང་འཁོར་མཚོན་ཆ་མེ་རི་ཁྲོ་ཆུང་གིས་བར་མཚམས་མེད་པར་གཏམས་ཏེ་བགེགས་དང་བར་གཅོད་ཀྱིས་གླགས་ལྟ་བའི་གོ་སྐབས་དང་བྲལ་བར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་སྲུང་འཁོར་བསྒོམ། སྲུང་སྐུད་དམར་པོ་རྡོ་རྗེའི་མདུད་པ་ཅན་རྩ་སྔགས་ཀྱིས་བཏབ་པ་ཕོའི་དཔུང་པ་གཡས་དང་མོའི་གཡོན་དུ་བཅིངས་ལ། ཧཱུྃ༔ སྲུང་བའི་དོན་དུ་སྲུང་སྐུད་གདགས༔ ལུས་ཀྱི་ཉེས་པ་སེལ་བྱའི་ཕྱིར༔ རྩ་བའི་སྔགས་ཀྱིས་བྱིན་བརླབས་ནས༔ སློབ་མའི་དཔུང་པ་གཡས་གཡོན་བཅིངས༔ ནད་གདོན་བར་ཆད་ཐམས་ཅད་རཀྵ་རཀྵ༔ ཞེས་བརྗོད། མེ་ཏོག་བཀྱེ་བསྡུ། སེམས་བསྐྱེད་གསལ་བཏབ་ལ། གང་གསན་པར་བྱ་བ་ཟབ་ཆོས་འདི་ཉིད་དང་འབྲེལ་བའི་ལོ་རྒྱུས་ཟུར་ཙམ་སྨོས་ན། གནས་ཆོས་དབྱིངས་སྤྲོས་བྲལ་བདེ་བ་ཆེན་པོའི་ཞིང་ཁམས་ན། སྣང་བ་མཐའ་ཡས་ཀུན་གཞི་ཡེ་ཐོག་གི་སངས་རྒྱས་སུ་བཞུགས་པའི་རྩལ་ལས་ཉི་ཟླའི་མདངས་ལྟ་བུ་ཐུགས་རྗེ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུར་ཤར་ཏེ་སེམས་ཅན་རྣམས་ལ་གང་འདུལ་གྱི་ཕྲིན་ལས་རླབས་པོ་ཆེས་འཁོར་བ་དོང་ནས་སྤྲུགས། ཁྱད་པར་གདུལ་བྱ་འདུལ་དཀའ་བ་རྣམས་ཀྱི་གཉེན་པོར་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་བསྒྲིལ་བ་པདྨ་འབྱུང་གནས་ཀྱི་སྐུར་བསྟན་ཏེ། ཐོག་མར་རྒྱ་གར་ནུབ་ཕྱོགས་ལ་སོགས་པའི་ཡུལ་གྲུ་བཅུ་དྲུག་ཆོས་ལ་བཙུད་ནས། བྲག་ཕུག་མཱ་ར་ཏི་ཀ་ན་སྒྲུབ་པ་ལ་བཞུགས་པའི་ཚེ། སྐུ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་སྒྲུབ་ཐབས་བརྒྱ་རྩ་གཅིག་མཛད། དུར་ཁྲོད་བསིལ་བ་ཚལ་ན་བཞུགས་པའི་ཚེ། ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབ་ཀྱི་ཟབ་ཁྲིད་བརྒྱ་རྩ་གཅིག་མཛད། གཡའ་རི་གོང་ན་བཞུགས་པའི་ཚེ། གསུང་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དང་རིགས་འདུས། ཡང་སྙིང་འདུས་པ་སོགས་ཀྱི་སྒྲུབ་ཐབས་སྟོང་ཕྲག་གཅིག་མཛད། ཁྱད་པར་གཏུམ་དྲག་འབར་བའི་ཀློང་ན་བཞུགས་པའི་ཚེ། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་འདི་ཉིད་ཞལ་བསྟན་ཏེ། སློབ་དཔོན་ཉིད་ལ་ལུང་བསྟན་དབང་བསྐུར་ནས། བླ་ན་མེད་པའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་འདི་མཛད་དོ། །སློབ་དཔོན་གྱིས་ལྷ་ལྕམ་མནྡྷཱ་ར་བ་ལ་གཏད་ནས་ཉམས་སུ་བླངས་པས་ཕུང་པོ་ལྷག་མེད་དུ་སངས་རྒྱས། ཨོ་རྒྱན་ཉིད་བོད་ཡུལ་དུ་བྱོན་པའི་ཚེ་དབུ་སྐྲ་ལྕང་ལོའི་ཁྲོད་དུ་དྲིལ་ནས་བྱོན་ཏེ། ལྷ་ལྕམ་ཤེལ་དཀར་བཟའ་རྡོ་རྗེ་འཚོ་སྒྲོན་ཅེས་བྱ་བ་ཀུན་བཟང་རྡོ་རྗེ་རྣལ་འབྱོར་གཙུག་གི་རྒྱན་གཅིག་མའི་སྤྲུལ་པ་དེ་ཉིད་ཀྱིས། རྩ་གསུམ་གཅིག་དྲིལ་ཚིག་ཉུང་གོ་སླ་ཞིག་ཞུས་པ་ལ་བརྟེན་ཏེ། དབུ་སྐྲའི་ཁྲོད་ནས་ཤོག་དྲིལ་ཕྱུངས་ཏེ་གནང་། ལྷ་ལྕམ་གྱིས་ཞག་ཉི་ཤུ་རྩ་གཅིག་ལ་བསྒྲུབས་པས་ཡི་དམ་ལྷའི་ཞལ་མངོན་སུམ་དུ་བསྟན་ནས་བྱིན་གྱིས་བརླབས། མཆོག་ཐུན་མོང་གི་དངོས་གྲུབ་བརྙེས་ནས་གྲུབ་པ་ཐོབ། སྐལ་ལྡན་རིགས་ཀྱི་བུ་མོ་ཉི་ཤུ་རྩ་གཅིག་སྨིན་པར་བྱས་སོ། །དེ་ནས་སྤེལ་བའི་གནས་མ་རྙེད་དེ། མ་འོངས་པའི་སེམས་ཅན་རྣམས་དྲང་བ་དང་། ཁྱད་པར་སྙིགས་མ་ལྔ་བདོ་བའི་དུས། གསང་སྔགས་དར་ལ་མ་སྨིན་པ་འབྱུང་བའི་ཚེ་ལས་ཅན་སྨིན་གྲོལ་གྱི་ཆ་རྐྱེན་དུ་དགོངས་ནས། བུམ་ཐང་བྱམས་པའི་ལྷ་ཁང་དབུ་རྩེའི་སྟེང་དུ་ཡི་གེར་བཏབ་ནས་མཚོ་མེ་ལོང་ཅན་ལ་གཏེར་དུ་སྦས་ནས་ལས་ཅན་དང་འཕྲད་པར་སྨོན་ལམ་བཏབ། ལྷ་ལྕམ་ཉིད་དགུང་ལོ་སུམ་བརྒྱ་བཞུགས་ཏེ་སེང་གེ་རྫོང་གསུམ་པདྨའི་སྒྲུབ་གནས་སུ་སྒྱུ་ལུས་འཇའ་འོད་དུ་ཡལ་ལོ། །ཕྱིས་དུས་ལ་བབས་པའི་ཚེ་གཏེར་སྟོན་རྒྱལ་པོ་ལྔའི་ཡ་གྱལ་ལོ་ཆེན་བཻ་རོ་ཙ་ནའི་སྒྱུ་འཕྲུལ་ཨོ་རྒྱན་རྡོ་རྗེ་གླིང་པའམ་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་སོགས་མཚན་མང་པོ་དང་ལྡན་པ། ཟབ་གཏེར་བརྒྱ་རྩའི་བཀའ་བབས་ཤིང་པད་འབྱུང་དང་ཐ་མི་དད་པའི་ཆོ་འཕྲུལ་ཆེན་པོས་ལྷ་འདྲེ་མི་གསུམ་གྱི་སྐྱེ་དགུ་འདུལ་བར་མཛད་པ་དེ་ཉིད་ཀྱིས་སྤྱན་དྲངས་ཏེ། བཀའ་བབས་གསེར་གླིང་པ་སོགས་ལ་གནང་ནས་རིམ་པར་བརྒྱུད་པའི་ཟམ་མ་ཆད་པར་བྱོན་པ་འདི་ཉིད་ཀྱི་དབང་བསྐུར་བ་བགྱི་བ་ལ་སྔོན་འགྲོ་འཇུག་པ་དང་། དངོས་གཞི་དབང་གི་ཆོ་ག་གཉིས་སུ་ཡོད་པ་ལས་ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་གཞུག །མཚམས་སྦྱོར་སྤྱི་ལྟར་བྱས་ལ་མིག་དར་དང་མེ་ཏོག །འབྲུ་ལྔ་དང་འབྲུ་གསུམ་གྱིས་སྦྱིན། ཕྱག་ཐལ་མོ་མེ་ཏོག་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ ཐུགས་རྗེ་ཀུན་འདུས་དཀྱིལ་འཁོར་འདིར༔ བདག་ཅག་རབ་མོས་འཇུག་ལགས་པས༔ དབང་ཆེན་བླ་མ་ཁྱེད་ཀྱིས་ཀྱང༔ བདག་སོགས་སྨིན་པར་མཛད་དུ་གསོལ༔ ཞེས་ལན་གསུམ་ཞུ། བླ་མས་འདི་སྐད་དོ། ཧོ༔ སྔོན་བསགས་ལས་ཅན་བུ་རྣམས་ལ༔ གསང་སྔགས་ཀུན་གྱི་སྒོ་དབྱེ་ཕྱིར༔ ཐུགས་རྗེ་ཀུན་འདུས་ལྷ་ཚོགས་ཀྱི༔ དབང་མཆོག་བཞི་རྫོགས་སྦྱིན་པར་བྱ༔ ཞེས་གནང་བ་སྦྱིན༔ བླ་མ་དང་མདུན་བསྐྱེད་གཉིས་སུ་མེད་པ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་རྩ་གསུམ་རྒྱལ་བ་སྲས་དང་བཀའ་སྡོད་བཅས་པའི་སྤྱན་སྔར། བདག་གཞན་རིགས་དྲུག་ན་གནས་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ཧྲཱི༔ བདག་གཞན་བླ་མེད་རྫོགས་སངས་མ་རྒྱས་བར༔ ཆོས་སྐུ་ལྔ་ལྡན་བླ་མའི་སྐུ་ལ་སྐྱབས་སུ་མཆིའོ༔ ལོངས་སྐུ་ཐུགས་རྗེ་ཆེན་པོའི་སྐུ་ལ་སྐྱབས༴ དཔལ་ཆེན་རྟ་མགྲིན་དྲག་པོའི་ལྷ་ལ་སྐྱབས༴ གསང་བ་ཡེ་ཤེས་མཁའ་འགྲོའི་ཚོགས་ལ་སྐྱབས༴ སྤྲུལ་སྐུ་རྒྱལ་སྲས་པདྨའི་སྐུ་ལ་སྐྱབས༴ ཆོས་སྐྱོང་སྲུང་མ་གཏེར་བདག་རྣམས་ལ་སྐྱབས༴ ཆོས་མཛད་མཆེད་ལྕམ་སྒྲུབ་མཛད་རྣམས་ལ་སྐྱབས་སུ་མཆིའོ༔ ལན་གསུམ། མ་གྱུར་ནམ་མཁས་ཁྱབ་པའི་སེམས་ཅན་ཐམས་ཅད་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་གོ་འཕང་ལ་བདག་ཁོ་ནས་འགོད་པའི་སླད་དུ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་དཀྱིལ་འཁོར་གཉན་པོར་ཞུགས་ལ། ལམ་རིམ་པ་གཉིས་རྒྱུད་ལ་བསྟེན་པར་སེམས་བསྐྱེད་པ་འདིའི་རྗེས་ཟློས། བདག་གིས་འདི་བཟུང་འཁོར་བ་མ་སྟོངས་བར༔ རིགས་དྲུག་ཕ་མ་སྡུག་བསྔལ་བསྐྱབ་བྱའི་ཕྱིར༔ ཐེག་མཆོག་འདིར་ཞུགས་ཐུགས་རྗེ་ཆེན་པོ་བསྒྲུབ༔ སྒྲ་དབྱངས་མ་ཎིས་སེམས་ཅན་སྐྱོབ་བྱེད་ཅིང༔ ཚད་མེད་བཞི་ཡིས་ཆོས་ཀྱི་རྨང་བཏིངས་ཏེ༔ སྨོན་འཇུག་གཉིས་ཀྱིས་ལག་ལེན་གནད་སྦྱངས་ནས༔ རིགས་དྲུག་ཕ་མ་སྦྱིན་པ་གསུམ་གྱིས་བསྐྱབ༔ སྐུ་གསུམ་འབྲས་བུ་ཐོབ་པར་སེམས་བསྐྱེད་དོ༔ ལན་གསུམ། དམ་ཚིག་འབོགས་པ་ནི། རྡོ་རྗེ་མགོར་བཞག །བདུད་རྩི་ཁར་སྦྱིན་ལ། ཧཱུྃ༔ གསང་སྔགས་དབང་གི་དཀྱིལ་འཁོར་འདིར༔ ཞུགས་པའི་བུ་རྣམས་དམ་ཚིག་སྲུངས༔ ཉམས་ན་ན་རཀ་སྡུག་བསྔལ་མྱོང༔ བསྲུང་ན་བླ་མེད་སངས་རྒྱས་ཐོབ༔ ས་མ་ཡ་ཨ་མྲྀཏ་བཛྲ་ཧཱུྃ༔ ཇི་སྐད་བསྒོས་པའི་དམ་ཚིག་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས། ཧོ༔ བླ་མས་གསུང་བཞིན་དམ་ཚིག་རིགས༔ བདག་ཅག་རྣམས་ཀྱིས་བསྲུང་བར་བྱ༔ ཐུགས་རྗེས་ཟུངས་ལ་སྡུག་བསྔལ་སྐྱོབས༔ རིགས་དྲུག་ཁམས་གསུམ་དོང་སྤྲུགས་ཤོག༔ མེ་ཏོག་དོར་བ་ནི་འགྲིམ་དཀྱིལ་བཀོད་ལ། སྔར་བྱིན་པའི་མེ་ཏོག་དེ་ཉིད་ཁྱེད་རང་རྣམས་ཀྱི་ལྷག་པའི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། ཧོ༔ སྔོན་གྱི་ལས་འཕྲོ་གང་ཡོད་པ༔ ལྷ་ཚོགས་རྣམས་ཀྱིས་བདག་ངོ་སྤྲོད༔ པྲ་ཏཱིཙྪ་ཧོ༔ ཞེས་འདོར་དུ་གཞུག །རྒྱ་མཚོ་ལྔའི་ལྷ་ཚོགས་ཐམས་ཅད་གཙོ་བོ་འཇིག་རྟེན་དབང་ཕྱུག་གི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རང་གཟུགས་ལས་གཞན་དུ་མ་མཆིས་པས་གཙོ་འཁོར་གང་ལ་མེ་ཏོག་ཕོག་ཀྱང་པདྨའི་རིགས་སུ་ངེས་པས་དཔལ་དགྱེས་པའི་པདྨ་ཞེས་བྱ་བ་ཡིན་ནོ། །ཞེས་མེ་ཏོག་སླར་སྤྱི་བོར་བཞག །ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་མིག་དར་དང་ལྷན་ཅིག་ཏུ་བསལ་བར་མོས་ཤིག །ཧཱུྃ༔ མ་རིག་དུག་ལྔས་འཁོར་བར་འཁྱམས༔ གཉིས་འཛིན་བློ་རྨོངས་མིག་ཕྱེ་སྟེ༔ ཡེ་ཤེས་ལྔ་པོ་རང་གསལ་ནས༔ འཁོར་བའི་སྐྱེ་འགྲོ་ད་སྒྲོལ་ཅིག༔ ཅེས་མིག་དབྱེ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་གྱི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་བཞིན་དུ་མཇལ་བའི་མོས་པ་མཛོད་ཅིག །དེས་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་ལངས་ལ་ལུས་ཉྭ་བཞི་བསྒྲིམ། ལག་པ་ཆོས་འབྱུང་གི་ཕྱག་རྒྱ་སྤྱི་གཙུག་ཏུ་བཞག །མིག་བཙུམས་ནས་གང་ལའང་མ་ཡེངས་པར་དམིགས་པ་འདི་རྣམས་རྩེ་གཅིག་ཏུ་སྒོམས་ཤིག །རང་རང་གི་སྙིང་ཁར་ཉི་མ་དང་ཟླ་བའི་གདན་གྱི་སྟེང་དུ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མ་ན་པདྨ་རཱ་གའི་ཕྲེང་བ་འདྲེན་པ། གཡོན་གྱི་འོག་མ་ན་མེ་ཏོག་པདྨའི་ཡུ་བ་ནས་འཛིན་པ་སྙན་གྱི་ཐད་དུ་ཁ་གྱེས་པ། ཞབས་གཉིས་སྐྱིལ་ཀྲུང་དུ་བཞུགས་པ། སྐུ་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་གྱེན་དུ་བཅིངས་པ། དར་གྱི་ཅོད་པན་ཅན། རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་པ། དེའི་གཡས་ཕྱོགས་ན་དཔལ་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་དམར་པོ་ཕྱག་གཡས་ན་གསེར་གྱི་ཌཱ་མ་རུ་བསྣམས་པ། ཕྱག་གཡོན་ན་དངུལ་གྱི་དྲིལ་བུ་བསྣམས་པ། དབུའི་གཙུག་ནས་རྟ་ཞལ་འཚེར་ཞིང་གར་བྱེད་པ། དཔའ་བོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བར་བསྒོམ་མོ། །གཡོན་གྱི་ཕྱོགས་ན་གསང་བ་ཡེ་ཤེས་ཌཱ་ཀི་མ་སྐུ་མདོག་ཤིན་ཏུ་དམར་བ། ཞལ་གཅིག་པ། སྤྱན་གསུམ་པ། ཕྱག་གཡས་པ་གྲི་གུག །གཡོན་ན་ཐོད་ཁྲག་བསྣམས་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཨཱ་རལླིའི་སྒྲ་སྒྲོག་ཅིང་གར་སྟབས་མཛད་པ་ཙམ་གྱིས་སྣང་སྲིད་དབང་དུ་སྡུད་ཅིང་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བས་བྱིན་གྱིས་རློབ་པར་བསྒོམ། དེའི་སྤྱི་གཙུག་ན་སློབ་དཔོན་པདྨ་འབྱུང་གནས་སྐུ་མདོག་མཐིང་ནག་གཟི་བརྗིད་དང་ལྡན་པ་ཨ་ཙ་རའི་ཆ་ལུགས་ཅན་རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཌཱ་མ་རུ་དང་དྲིལ་བུ་གསིལ་བ། ཉི་ཟླ་པདྨའི་གདན་ལ་གར་སྟབས་སུ་བཞུགས་པ། བཀའ་བརྒྱུད་ཀྱི་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་བླ་མ་རྒྱ་མཚོས་བསྐོར་ཞིང་གཟི་བརྗིད་བསྐྱེད་ནས་བྱིན་གྱིས་རློབ་པར་བསྒོམ། དེའི་རྒྱབ་ཏུ་ཆོས་སྐྱོང་རྣམས་ཀྱིས་བར་གཅོད་སེལ། ཞབས་འོག་ནས་གཏེར་བདག་རྣམས་ཀྱིས་ལས་བྱེད། གདོང་ན་རིགས་དྲུག་ཐམས་ཅད་མ་ཎིའི་སྒྲ་དི་རི་རི་བཟླ་བ། བདག་མདུན་ཁྱེད་རང་དང་བཅས་པའི་ཐུགས་ཀའི་འོད་ཟེར་གྱི་སྣང་བས་བསྐུལ་ཏེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ནས་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་ཀུན་ཀྱང་ཨཱ་རལླིའི་སྒྲ་སྒྲོག་ཅིང་གར་སྟབས་སུ་ལིང་ལིང་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད་ཅིག །གུ་གུལ་ཚིལ་ཆེན་སྦྱར་བའི་སྤོས་དང་ཌཱ་དྲིལ་དབྱངས་སྙན་བཅས། ཧཱུྃ༔ བླ་མ་དེ་རྒྱལ་བ་རྒྱ་མཚོ་ལ་གསོལ་བ་འདེབས་སོ༔ ཡི་དམ་དེ་རྒྱལ་བ༴ དཔའ་བོ་དེ་རྒྱལ་བ༴ མཁའ་འགྲོ་དེ་རྒྱལ་བ༴ བཀའ་སྲུང་དེ་རྒྱལ་བ༴ སློབ་དཔོན་དེ་པདྨ་འབྱུང་གནས་ལ༴ ཡི་དམ་དེ་ཐུགས་རྗེ་ཆེན་པོ་ལ༴ བསྐལ་བཟང་དེ་སངས་རྒྱས་རྣམས་ལ༴ ཡི་དམ་དེ་དབང་ཆེན་རྟ་མགྲིན་ལ༴ མཁའ་འགྲོ་དེ་གསང་བ་ཡེ་ཤེས་ལ༴ བཀའ་སྲུང་དེ་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས་སོ༔ དབང་སྐུར་བྱིན་ཕོབ་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་བརྗོད་ཅིང་མ་ཎིའི་ཛཔ྄་དབྱངས་བྱས་པས་ལུས་ངག་ཡིད་གསུམ་ལ་བྱིན་རླབས་ཕེབས་པའི་རྟགས་འབྱུང་ངོ་། །དེ་ལྟར་དབབ་པའི་ཡེ་ཤེས་པའི་རྒྱུན་སྒོ་གསུམ་ལ་བྱང་ཆུབ་མ་ཐོབ་ཀྱི་བར་བརྟན་པར་གྱུར་པའི་མོས་འདུན་མཛོད། ཏིཥྛ་བཛྲ། ཞེས་རྡོ་རྗེའམ་མེ་ཏོག་མགོར་བཞག །གཉིས་པ་ཞུགས་ནས་དབང་སྐུར་བ་ནི། དངོས་གཞིའི་དབང་བསྐུར་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། དབང་དངོས་ལ་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་རབ་ཏུ་སྤྲོས་མེད་བཞི་རྫོགས་ཀྱི་གཏོར་དབང་བཅས་རྣམ་པ་ལྔར་ཡོད་པའི་དང་པོ་སྤྲོས་བཅས་བུམ་པའི་དབང་བསྐུར་བ་ལ་འདུན་པ་འདི་ལྟར་དུ་མཛོད། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིའི་རྒྱུན་གྱིས་གང་བ་ལ་སོགས་པ་དབང་གི་རྫས་རྣམས་ཐོགས་ཏེ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་དབང་བསྐུར་བར་གྱུར། ཐུགས་རྗེ་ཆེན་པོའི་སྐུ་བསྟན་ཅིང་རྣམ་བུམ་མགོར་བཞག་ལ། ཧོ༔ ཆོས་རྣམས་མི་དམིགས་སྤྲོས་དང་བྲལ༔ ངང་གིས་གསལ་ཏེ་ངོ་བོ་སྟོང༔ ཐུགས་རྗེ་འགག་མེད་རོལ་པའི་རྩལ༔ ཐུགས་རྗེ་རྒྱ་མཚོའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨོ་རྒྱན་གྱི་སྐུ་བསྟན། དབུ་རྒྱན་མགོར་བསྐོན་ལ། ཧོ༔ དུས་གསུམ་བདེ་གཤེགས་གཅིག་དྲིལ་བ༔ ཨོ་རྒྱན་པདྨ་ཐོད་ཕྲེང་ཡིན༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བླ་མ་རྒྱ་མཚོའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཧཱུྃ༔ རྟ་མགྲིན་གྱི་སྐུ་བསྟན། ཕུར་པ་མགོ་ལ་བཞག་སྟེ། ཧོ༔ སངས་རྒྱས་ཀུན་གྱི་ཡང་སྙིང་བཅུད༔ བཅོམ་ལྡན་རྟ་མཆོག་རྒྱལ་པོ་ཡིན༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དཔའ་བོ་རྒྱ་མཚོའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཧཱུྃ༔ གསང་བ་ཡེ་ཤེས་ཀྱི་སྐུ་བསྟན། ཐོད་ཆང་སྦྱིན་ཅིང་། ཧོ༔ གསང་སྔགས་ཀུན་གྱི་འབྱུང་ཁུངས་ནི༔ ཡུམ་ཆེན་གསང་ཡེ་མཁའ་འགྲོ་ཡིན༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དཔའ་མོ་རྒྱ་མཚོའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཧཱུྃ༔ རལ་གྲི་མགོ་ལ་བཞག་སྟེ། ཧོ༔ བདེ་གཤེགས་ཕྲིན་ལས་གཅིག་བསྡུས་པ༔ ཆོས་སྐྱོང་གཏེར་བདག་མཁའ་འགྲོ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཆོས་སྐྱོང་རྒྱ་མཚོའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཧཱུྃ༔ དེས་སྤྲོས་བཅས་བུམ་པའི་དབང་ཐོབ། ཕུང་ཁམས་སྐྱེ་མཆེད་རང་མཚན་དུ་འཛིན་པའི་སྒྲིབ་པ་དག །ལུས་ལྷའི་དཀྱིལ་འཁོར་དུ་སྨིན། འབྲས་བུ་སྣང་སྟོང་ཟུང་འཇུག་སྤྲུལ་པའི་སྐུ་འགྲུབ་པའི་ས་བོན་ཐེབས་པ་ཡིན་ནོ། །གཉིས་པ་སྤྲོས་མེད་གསང་བའི་དབང་བསྐུར་བ་ལ་མོས་པ་འདི་བཞིན་དུ་མཛོད། སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་པའི་ཐུགས་ཀ་ནས་ཡི་གེ་བཅུ་པའི་སྔགས་རྣམས་རིམ་པར་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གར་ཟླ་སྟེང་ཧྲཱིཿམཐར་འཁོད་པར་མོས་ཤིག །ཡི་གེ་ཨོཾ་གཏད་ལ༔ ཨོཾ༔ རང་བྱུང་རིག་པ་དུག་ལྔ་དག༔ ཡེ་ཤེས་ལྔ་ལྡན་རང་དབང་ཐོབ༔ ཡི་གེ་ཨོཾ་གྱིས་དབང་བསྐུར་བས༔ སྐུ་ལྔ་མཐར་ཕྱིན་དབང་ཐོབ་ཤོག༔ ཨོཾ་བཟླ༔ ཨཱཿགཏད་ལ༔ ཨཱ༔ རང་བྱུང་སྒྲ་ཚིག་ངོ་བོས་སྟོང༔ ལྷུན་གྲུབ་གདོད་མ་གཞི་ལ་རྫོགས༔ ཡི་གེ་ཨཱཿཡིས་དབང་བསྐུར་བས༔ འཁོར་འདས་རང་གྲོལ་དབང་ཐོབ་ཤོག༔ ཨཱཿབཟླ༔ ཧཱུྃ་གཏད་ལ༔ ཧཱུྃ༔ མ་བཅོས་རང་བྱུང་ལྷུག་པ་ལ༔ རྩོལ་བྲལ་ངང་ངམ་ཤུགས་ཀྱིས་གྲོལ༔ ཡི་གེ་ཧཱུྃ་གིས་དབང་བསྐུར་བས༔ བདེ་གཤེགས་ཐུགས་ཀྱི་དབང་ཐོབ་ཤོག༔ ཧཱུྃ་བཟླ༔ ཧྲཱིཿགཏད་ལ༔ ཧྲཱི༔ ཐུགས་རྗེ་ཆེན་པོ་ཀུན་འདུས་ཀྱི༔ གསང་དབང་ངག་ལ་བསྐུར་བྱའི་ཕྱིར༔ ཡི་གེ་ཧྲཱིཿཡིས་དབང་བསྐུར་བས༔ ཐུགས་རྗེ་ཆེན་པོའི་དབང་ཐོབ་ཤོག༔ ཧྲཱིཿབཟླ༔ ཨོཾ་གཏད་ལ༔ ཨོཾ་ནི་ཀུན་ཁྱབ་ཚད་མེད་བཞི་ཡི་ངང༔ སྣང་གསལ་འཛིན་མེད་རང་ཤར་དབང་བསྐུར་བས༔ ཡི་གེ་ཨོཾ་གྱིས་ལྷ་ཡི་དུཿཁ་སྐྱོབ༔ འཕོ་ལྟུང་སྡུག་བསྔལ་ཐམས་ཅད་ཞི་གྱུར་ཅིག༔ ཨོཾ་བཟླ༔ མ་གཏད་ལ༔ མ་ནི་བརྩེ་བས་ཀུན་ལ་བྱམས་པ་སྟེ༔ འགྲོ་དྲུག་ཀུན་ལ་ངང་གིས་ཐུགས་བརྩེ་བ༔ ཡི་གེ་མ་ཡིས་བུ་ལ་དབང་བསྐུར་བས༔ འཁོར་བའི་དུཿཁ་ཀུན་སྐྱོབ་དབང་ཐོབ་ཤོག༔ མ་བཟླ༔ ཎི་གཏད་ལ༔ ཎི་ནི་འཁོར་བར་ཞེན་པ་ཟློག་པ་སྟེ༔ རང་བཞིན་ཤུགས་ཀྱིས་ཀུན་ལ་འོད་ཟེར་ཁྱབ༔ ཡི་གེ་ཎི་ཡིས་བུ་ལ་དབང་བསྐུར་བས༔ གཟུང་འཛིན་ཞེན་པ་རང་དག་དབང་ཐོབ་ཤོག༔ ཎི་བཟླ༔ པད་གཏད་ལ༔ པད་ནི་ཉོན་མོངས་ཡེ་ཤེས་ལྔ་རུ་སྒྱུར༔ དུག་ལྔ་རང་གྲོལ་ཞིང་ལྔ་ལྷུན་གྲུབ་པ༔ སྐལ་ལྡན་བུ་ལ་པད་ཀྱིས་དབང་བསྐུར་བས༔ གཟུང་འཛིན་འཁོར་བ་གྲོལ་བའི་དབང་ཐོབ་ཤོག༔ པད་བཟླ༔ མེ་གཏད་ལ༔ མེ་ནི་འཁོར་བའི་ཆོས་རྣམས་སྲེག་པའི་རྟགས༔ འཁོར་བས་མ་གོས་ཆོས་རྣམས་ཟད་པའི་རྟགས༔ ཡོངས་གྲོལ་བཟུང་མེད་མེ་ཡིས་དབང་བསྐུར་བས༔ སངས་རྒྱས་ཀུན་དང་དབྱེར་མེད་སངས་རྒྱས་ཤོག༔ མེ་བཟླ༔ ཧཱུྃ་གཏད་ལ༔ ཧཱུྃ་ནི་རྒྱལ་བ་རིགས་ལྔའི་ཐུགས་རྗེ་གཅིག་བསྡུས་པ༔ ཡོངས་ཁྱབ་སེམས་ནི་ངང་གིས་སྤྲོས་པ་བྲལ༔ སྒྱུ་ལུས་རང་གྲོལ་ཧཱུྃ་གིས་དབང་བསྐུར་བས༔ འཁོར་བ་དོང་ནས་སྤྲུགས་པའི་དབང་ཐོབ་ཤོག༔ ཧཱུྃ་བཟླ་ཞིང་དབང་བསྐུར། སྔགས་ཀྱི་རྗེས་ཟློས་ལན་གསུམ་གསུང་བར་ཞུ། ཞེས་མ་ཎིའི་ཛཔ྄་དབྱངས་ལན་གསུམ་བྱ། དེས་སྤྲོས་མེད་གསང་བའི་དབང་ཐོབ། སྲོག་རྩོལ་རླུང་སྒྲ་ཐ་མལ་དུ་ཞེན་པའི་སྒྲིབ་པ་དག །ངག་སྔགས་ཀྱི་དཀྱིལ་འཁོར་དུ་སྨིན། འབྲས་བུ་གྲགས་སྟོང་དབྱེར་མེད་ལོངས་སྐུའི་ས་བོན་ཐེབས་པ་ཡིན་ནོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་དུ་མཛོད། མཚན་ཉིད་དང་ལྡན་པའི་རིགས་ཅན་ལྔ་ཡིས་བརྡའི་བདུད་རྩིའི་རོ་སྟེར་བས་བརྟུལ་ཞུགས་ཀྱི་རྩལ་སྐྱེད་པ་སྔོན་དུ་འགྲོ་བས་སྙོམས་པར་ཞུགས་པ་ལས་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་ནམ་མཁའ་ལྟ་བུ་ཉམས་སུ་མྱོང་བར་མོས་ཤིག །ཐམས་ཅད་ལ་རིག་ཙཀ་བསྟན་པ་སྔོན་དུ་འགྲོ་བས། དབུས་ཀྱི་བུམ་པའི་སྦྲང་ཆང་སྦྱིན་ལ། ཧཱུྃ༔ ཡུམ་ཆེན་གསང་ཡེ་བླ་མེད་དབང༔ སྐལ་ལྡན་བུ་ལ་བསྐུར་བ་ཡིས༔ ཉོན་མོངས་གཏི་མུག་རང་དག་ནས༔ ཆོས་དབྱིངས་ཡེ་ཤེས་དོན་རྟོགས་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཤར་གྱི་འོ་མ་སྦྱིན་ལ། ཧཱུྃ༔ རྡོ་རྗེ་མཁའ་འགྲོ་བླ་མེད་དབང༔ སྐལ་ལྡན་བུ་ལ༴ ཉོན་མོངས་ཞེ་སྡང་རང༴ མེ་ལོང་ཡེ་ཤེས༴ ཨ་བྷི༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ལྷོའི་ཆང་སྦྱིན་ལ། ཧྲཱི༔ རིན་ཆེན་མཁའ་འགྲོ་བླ༴ སྐལ་ལྡན་བུ་ལ༴ ཉོན་མོངས་ང་རྒྱལ་རང་དག་ནས༔ མཉམ་ཉིད་ཡེ་ཤེས༴ ཨ་བྷི༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ནུབ་ཀྱི་བུར་ཆང་བླུད་ལ། ཧྲཱི༔ པདྨ་མཁའ་འགྲོ་བླ༴ སྐལ་ལྡན་བུ་ལ༴ ཉོན་མོངས་འདོད་ཆགས་རང་དག་ནས༔ སོར་རྟོག་ཡེ་ཤེས༴ ཨ་བྷི༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བྱང་གི་འོ་མ་ཁྲག་སྦྱར་སྦྱིན་ལ། ཧྲཱི༔ ལས་ཀྱི་མཁའ་འགྲོ་བླ༴ སྐལ་ལྡན་བུ༴ ཉོན་མོངས་ཕྲག་དོག་རང༴ བྱ་གྲུབ་ཡེ་ཤེས་དོན༴ ཨ་བྷི༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ རྡོ་རྗེ་དྲིལ་བུ་གཏད་ལ། ཧོ༔ སྣང་བ་གཟུགས་ནི་ཡབ་ཡིན་ཏེ༔ སྟོང་པ་ཡུམ་གྱི་མཁའ་ལ་བསྐྱོད༔ རིག་སྟོང་གསལ་སྟོང་དྲན་སྟོང་དང༔ བདེ་སྟོང་འཁོར་འདས་དབྱེར་མེད་དོན༔ སྐལ་ལྡན་བུ་ལ་བརྡ་སྤྲད་པས༔ ཟང་ཐལ་ཆེན་པོའི་དབང་ཐོབ་ཤོག༔ དེས་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། གཟུང་འཛིན་རྟོག་ཚོགས་རང་ག་མར་ལྟ་བའི་སྒྲིབ་པ་དག །ཡིད་ཆོས་ཉིད་ཀྱི་དཀྱིལ་འཁོར་དུ་སྨིན། འབྲས་བུ་རིག་སྟོང་མཉམ་ཉིད་ཆོས་སྐུའི་ས་བོན་ཐེབས་པ་ཡིན་ནོ། །བཞི་པ་རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེ་བསྐུར་བ་ལ་བརྡའ་འདི་དག་གིས་མཚོན་ཏེ་ཚིག་གིས་ངོ་སྤྲད་པའི་དོན་ལ་མཉམ་པར་འཇོག་པར་ཞུ། མེ་ལོང་བསྟན་ལ། ཧྲཱི༔ སྣང་བ་གསལ་ལ་གཟུང་བ་བྲལ༔ རྒྱལ་བ་རྒྱ་མཚོའི་དགོངས་པ་ལོངས༔ རྨ་བྱའི་མདོངས་བསྟན་ལ། ཧྲཱི༔ རིག་པ་རང་ཤར་ངོ་བོས་སྟོང༔ བླ་མ་རྒྱ་མཚོའི་ཐུགས་འདི་ལོངས༔ ཞུན་མར་བསྟན་ལ། ཧོ༔ སྐྱེ་འགག་གཉིས་མེད་དངོས་འཛིན་བྲལ༔ དཔའ་བོ་རྒྱ་མཚོའི་དགོངས་པ་ལོངས༔ ཐོད་ཆང་སྦྱིན་ལ། ཧོ༔ ཚོགས་དྲུག་ཆགས་མེད་མ་ཞེན་སྤྱོད༔ མཁའ་འགྲོ་རྒྱ་མཚོའི་དགོངས་པ་ལོངས༔ ཤེལ་རྡོ་བསྟན་ལ། ཧོ༔ རིག་པ་གདོད་ནས་སྤྲོས་པ་མེད༔ ཆོས་སྐྱོང་རྒྱ་མཚོའི་ཐུགས་འདི་ལོངས༔ ཁྱེད་རང་ལུས་བསམ་གཏན་གྱི་ཆོས་ལྔ་ལྡན་དུ་འཁོད། སེམས་མ་བཅོས་གཉུག་མ་སྤྲོས་བྲལ་འོད་གསལ་ཆེན་པོའི་ངང་དུ་མཉམ་པར་འཇོག་མཛོད། ཧོ༔ རང་རིག་མ་བཅོས་ལྷང་ངེ་བ༔ ཚོགས་དྲུག་མ་འགགས་ཝལ་ལེ་བ༔ སྣང་ཞིང་འཛིན་མེད་དོན་འདི་ལོངས༔ ཐུགས་རྗེ་ཆེན་པོའི་ཐུགས་ཡིན་པས༔ འདི་ལ་མ་ཡེངས་སངས་རྒྱས་ཡིན༔ རིག་པ་རང་གྲོལ་དབང་ཐོབ་ཤོག༔ ཕཊ༔ ཅེས་རེ་ཞིག་ངོ་བོ་བསྐྱང་། དེས་རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེ་ཐོབ། འཁོར་འདས་སྤང་བླང་ཐ་དད་དུ་འཛིན་པའི་སྒྲིབ་པ་དག །མཉམ་ཉིད་ཁྱབ་བརྡལ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྨིན། འབྲས་བུ་བདེ་སྟོང་དབྱེར་མེད་ངོ་བོ་ཉིད་སྐུའི་ས་བོན་ཐེབས་པ་ཡིན་ནོ། །ལྔ་པ་བཞི་རྫོགས་གཏོར་མའི་དབང་བསྐུར་བ་ལ་མོས་འདུན་འདི་ལྟར་དུ་མཛོད་ཅིག །གཏོར་སྣོད་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་གི་ནང་དུ་གཏོར་མ་ཇོ་བོ་ཐུགས་རྗེ་ཆེན་པོ། ནོར་བུ་པད་འབྱུང་བླ་མ་རྒྱ་མཚོ། གཡས་ཕྱོགས་སུ་རྟ་མགྲིན་དཔའ་བོ་རྒྱ་མཚོ། གཡོན་ཕྱོགས་སུ་གསང་བ་ཡེ་ཤེས་མཁའ་འགྲོ་རྒྱ་མཚོ། པད་འདབ་ཆོས་སྐྱོང་དང་གཏེར་བདག་རྒྱ་མཚོར་གསལ་བ་ལ་མོས་གུས་དྲག་པོ་བྱས་པས། དེ་རྣམས་ཀྱི་སྐུ་ལས་འོད་ཟེར་དཀར་པོ་བབས། ཁྱེད་རང་རྣམས་ཀྱི་ལུས་སྒྲིབ་དག །བུམ་པའི་དབང་ཐོབ། ལྷ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པར་མོས་ཤིག །གཏོར་མ་སྤྱི་བོར་བཞག་ལ། ཨོཾ་ཨཱཿཧཱུྃ༔ བླ་མ་རྒྱ་མཚོ་ཐམས་ཅད་དང༔ ཐུགས་རྗེ་རྒྱ་མཚོ་ཐམས་ཅད་དང༔ དཔའ་བོ་རྒྱ་མཚོ༴ དཔའ་མོ་རྒྱ་མཚོ༴ ཆོས་སྐྱོང་རྒྱ་མཚོ༴ གཏེར་བདག་རྒྱ་མཚོ་ཐམས་ཅད་ཀྱིས༔ དམ་རྫས་གཏོར་མའི་དབང་བསྐུར་བས༔ སྐུ་དབང་ལུས་ཀྱིས་ཐོབ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཨོཾ༔ ཡང་ལྷ་ཚོགས་རྣམས་ཀྱི་གསུང་ལས་འོད་ཟེར་དམར་པོ་བབས། ངག་སྒྲིབ་དག །གསང་བའི་དབང་ཐོབ། སྔགས་བཟླ་བ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་སྐུ་ཐོབ་པར་མོས་ཤིག །མགྲིན་པར་བཞག་ལ། ཨོཾ་ཨཱཿཧཱུྃ༔ བླ་མ་རྒྱ་མཚོ་ཐམས་ཅད་དང༔ ཐུགས་རྗེ་རྒྱ་མཚོ༴ དཔའ་བོ་རྒྱ་མཚོ༴ དཔའ་མོ་རྒྱ་མཚོ༴ ཆོས་སྐྱོང་རྒྱ་མཚོ༴ གཏེར་བདག་རྒྱ་མཚོ་ཐམས་ཅད་ཀྱིས༔ དམ་རྫས་གཏོར་མའི་དབང་བསྐུར་བས༔ གསུང་དབང་ངག་གིས་ཐོབ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཨཱ༔ ཡང་ལྷ་ཚོགས་རྣམས་ཀྱི་ཐུགས་ལས་འོད་ཟེར་མཐིང་ཁ་བབས། ཡིད་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པར་མོས་ཤིག །སྙིང་གར་བཞག་ལ། ཨོཾ་ཨཱཿཧཱུྃ༔ བླ་མ་རྒྱ་མཚོ་ཐམས་ཅད་དང༔ ཐུགས་རྗེ་རྒྱ་མཚོ༴ དཔའ་བོ་རྒྱ་མཚོ༴ དཔའ་མོ་རྒྱ་མཚོ༴ ཆོས་སྐྱོང་རྒྱ་མཚོ༴ གཏེར་བདག་རྒྱ་མཚོ་ཐམས་ཅད་ཀྱིས༔ དམ་རྫས་གཏོར་མའི་དབང་བསྐུར་བས༔ ཐུགས་དབང་ཡིད་ཀྱིས་ཐོབ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཧཱུྃ༔ ཡང་ལྷ་ཚོགས་རྣམས་ཀྱི་ལྟེ་བ་དང་གསང་གནས་ནས་ཡོན་ཏན་ཕྲིན་ལས་ཀྱི་འོད་ཟེར་ལྔ་ལྡན་བྱུང་། རང་རང་གི་ཤེས་བྱའི་སྒྲིབ་པ་དག །ཚིག་དབང་ཐོབ། གཞན་དོན་ལ་དབང་། འབྲས་བུ་སྐུ་གསུམ་མངོན་དུ་གྱུར། དུག་ལྔ་དག །ཡེ་ཤེས་ལྔ་ཐོབ། མི་འགྱུར་བའི་གདིང་ཐོབ་པར་མོས་ཤིག །ལྟེ་བར་བཞག་ལ། ཨོཾ་ཨཱཿཧཱུྃ༔ བླ་མ་རྒྱ་མཚོ་ཐམས་ཅད་དང༔ ཐུགས་རྗེ་རྒྱ་མཚོ༴ དཔའ་བོ་རྒྱ་མཚོ༴ དཔའ་མོ་རྒྱ་མཚོ༴ ཆོས་སྐྱོང་རྒྱ་མཚོ༴ གཏེར་བདག་རྒྱ་མཚོ་ཐམས་ཅད་ཀྱིས༔ དམ་རྫས་གཏོར་མའི་དབང་བསྐུར་བས༔ དོན་དབང་རིག་པས་ཐོབ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཧྲཱི༔ ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་གཏོར་མའི་དབང་བསྐུར་པས༔ ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག༔ བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས༔ ཆོས་ཀྱི་སྐུ་དང༔ གཟུགས་ཀྱི་སྐུ་གཉིས་ཐོབ༔ གནས་སྐབས་སུ་ནད་གདོན་ཞི༔ མཐར་ཐུག་སྐུ་གསུམ་ཐོབ༔ མྱུར་དུ་འཚང་རྒྱ་བའི་དབང་ཐོབ་པར་ཤོག་ཅིག༔ ཅེས་དབང་བསྐུར། སྤྲོ་ན་དབང་རྣམས་སོ་སོའི་མཚམས་སུ་ཤིས་བརྗོད་དང་མཎྜལ་ཕུལ། བསྡུ་ན་སྐབས་འདིར་མེ་ཏོག་འཐོར་ཞིང་ཤིས་བརྗོད་རྒྱས་པར་བྱ་ཞིང་རོལ་མོ་བསྒྲག །དབང་འདི་ཁྲོམ་མང་སོགས་ལ་ཐུན་མོང་ཙམ་དུ་བསྐུར་ན་བུམ་དབང་ལྔ། ཡིག་བཅུའི་དབང་གི་རྗེས་སུ་གཏོར་དབང་ཙམ་བསྐུར་བས་ཆོག་ལ། དེའི་ཚེ་མཚམས་སྦྱོར་གྱི་ཚིག་ལ། ས་བཅད་དང་པོ་གཉིས་པ་ཟེར་བ་སོགས་སྦྱོར་མི་དགོས་པའང་ཤེས་པར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ལ། བསྐྱེད་སྔགས་རྫོགས་གསུམ་གྱི་ལམ་ཁྱེར་བསྟན་པ་ནི། དེ་ལྟར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་དབང་བཞི་མཐའ་རྟེན་བཅས་རྫོགས་པར་ཐོབ་པ་ནི་ཤིན་ཏུ་སྐལ་པ་བཟང་ཞིང་ཕན་ཡོན་ཚད་མེད་པ་དང་ལྡན་པ་ལགས་པས། ཐོབ་པ་ཙམ་དུ་མི་འཇོག་པར་དེའི་ཉམས་ལེན་ལ་འབད་ན་ཚེ་འདིར་མཆོག་ཐུན་མོང་གི་དངོས་གྲུབ་ངེས་པར་ཐོབ་པ་ལགས། དེའང་སྤྱིར་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་ངོ་མ་ཤེས་པས་འཁྱམས་པ་ཡིན་ཅིང་རིགས་དྲུག་ཏུ་འཁོར། སྒོས་སུ་འོ་སྐོལ་རྣམས་སྐྱེ་བ་བཞིའི་སྡུག་བསྔལ་གྱིས་རྟག་ཏུ་མནར་བ་དེ་ལས་ཐར་བར་བྱ་བའི་ཕྱིར་འཕགས་པ་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་བྱ་བར་སེམས་བསྐྱེད་ལ། སྐད་ཅིག་གིས་རང་གི་རིག་པ་ཧྲཱིཿདམར་པོ་གཅིག་བསམ༔ དེ་ལས་འོད་འཕྲོས་སེམས་ཅན་གྱི་སྒྲིབ་པ་སྦྱངས༔ ཐམས་ཅད་ཐུགས་རྗེ་ཆེན་པོར་གྱུར་པར་བསམ༔ བདེ་བར་གཤེགས་པ་མཆོད༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུས༔ ཡང་སྐད་ཅིག་གིས་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་བསམ༔ བཅུད་ཀྱི་སེམས་ཅན་ཐམས་ཅད་རྩ་བ་གསུམ་མམ་རྒྱལ་བ་རྒྱ་མཚོར་བསམ༔ ཡང་འོད་ཟེར་འཕྲོས་པས༔ སྐུ་གསུམ་གྱི་ཞིང་ནས་ཐུགས་རྗེ་ཆེན་པོ་སྤྱན་དྲངས་ནས་ཐིམ༔ རང་ལུས་མེ་འབར་ཏེ་ཚིག༔ ཧྲཱིཿའོད་དུ་ཞུ༔ བྱང་ཆུབ་ལྔ་དང་ལྡན༔ དུག་ལྔ་དག༔ ཡེ་ཤེས་ལྔའི་ངོ་བོ༔ ཇོ་བོ་ཐུགས་རྗེ་ཆེན་པོ་སྐུ་མདོག་དམར་པོ༔ ཞལ་གཅིག་ཕྱག་བཞི་པ༔ ཞལ་པདྨ་ཁ་ཕྱེ་བ་འདྲ་སྟེ་འཛུམ་མུ་ལེ་བ༔ དབུ་སྐྲ་ཐོར་ཚུགས་སུ་བྱས་པའི་ལྷག་མ་འཇོལ་བ༔ རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་པ༔ དར་གྱི་ཅོད་པན་ཅན༔ ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ༔ གཡས་ཀྱི་འོག་མ་ན་དུང་གི་ཕྲེང་བ་མཐེབ་སྲིན་གྱི་བར་ནས་འདྲེན་པ༔ གཡོན་གྱི་འོག་མ་ན་མེ་ཏོག་པདྨའི་ཡུ་བ་ནས་འཛིན་པ༔ རིན་པོ་ཆེ་སྣ་ཚོགས་ཀྱི་མགུལ་རྒྱན་དང༔ སེ་མོ་དོ་དང༔ དོ་ཤལ་དང༔ དཔུང་རྒྱན༔ ཕྱག་གདུབ༔ ཞབས་གདུབ༔ རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ༔ ཞབས་སྐྱིལ་མོ་ཀྲུང་དུ་བཞུགས་པའི་སྤྱི་གཙུག་ཏུ་ཨོ་རྒྱན་པདྨ་སྐུ་མདོག་དཀར་པོ་རྒྱན་དྲུག་ཅན་གཅིག་སྒོམས༔ དེ་རྣམས་ཕྱི་ནས་བལྟས་ན་ནང་གསལ་བ༔ ནང་ནས་བལྟས་ན་ཕྱི་གསལ་བ༔ འོད་ཟེར་སྣ་ཚོགས་སུ་འཕྲོ་བར་སྒོམས༔ དེའི་ཐུགས་ཀ་ན་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་ཧྲཱིཿདམར་པོ་གཅིག་བསམ༔ དེ་ལ་ཨོཾ་མ་ཎི་པདྨེ་ཧཱུྃ་གིས་མཐའ་སྐོར་དུ་འཁོར་བར་བསྒོམ་མོ༔ དེ་ཏིང་ངེ་འཛིན་གྱི་ལྷའོ༔ དེ་ནས་ཡི་གེ་དྲུག་པ་བརྗོད་པ་ཙམ་གྱིས་རྒྱལ་བ་བདེ་བར་གཤེགས་པ་ཐམས་ཅད་ཐུགས་རྗེ་ཆེན་པོའི་ངོ་བོར་གྱུར་ནས་བདག་གི་སྤྱི་གཙུག་ནས་མར་ལ་ཁ་བ་བབས་པ་ལྟ་བུར་གྱུར་ཏེ༔ བདག་གཞན་ལ་ཐིམ་པར་བསམ་མོ༔ དེའི་ངང་ལས་གང་སྣང་ཐུགས་རྗེ་ཆེན་པོའི་སྐུ༔ གང་ཐོས་མ་ཎི་པདྨེའི་སྒྲ༔ གང་དྲན་ཐུགས་རྗེ་ཆེན་པོའི་ཐུགས་སུ་བསམ་ལ་བཟླས་པ་ཙམ་གྱིས་ས་བཅུ་ནོན་པའི་སྔགས་མ་ཎིའི་སྒྲ་དབྱངས་སྒྲོག་པར་ཞུ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་ཅི་འགྲུབ་བཟླས་པའི་མཐར་སློབ་དཔོན་གྱིས། ཧྲཱི༔ བདེ་གཤེགས་ངོ་བོ་ཐུགས་རྗེ་ཆེ༔ རིགས་དྲུག་དོང་ནས་སྤྲུགས་པའི་ཕྱིར༔ སྐུ་མདོག་དམར་པོ་འོད་ཟེར་འཕྲོ༔ རིག་པའི་རང་སྐུ་བྱིན་རླབས་ཅན༔ གསོལ་འདེབས་དབང་སྐུར་བྱིན་གྱིས་རློབས༔ སྒྲིབ་པ་ཀུན་སེལ་ཨ་ལ་ལ༔ མ་ཎི་ལྷ་ཡི་གནས་ནས་འདྲེན༔ འཕོ་ལྟུང་སྡུག་བསྔལ་འཇོམས་པ་ཡིན༔ མ་ཎི་ལྷ་མིན་གནས་ནས་འདྲེན༔ འཐབ་རྩོད་སྡུག་བསྔལ་འཇོམས་པ་ཡིན༔ མ་ཎི་མི་ཡི་གནས་ནས་འདྲེན༔ བརྒྱད་འགྱུར་སྡུག་བསྔལ་འཇོམས་པ་ཡིན༔ མ་ཎི་བྱོལ་སོང་གནས་ནས་འདྲེན༔ བཀོལ་སྤྱོད་སྡུག་བསྔལ་འཇོམས་པ་ཡིན༔ མ་ཎི་ཡི་དྭགས་གནས་ནས་འདྲེན༔ བཀྲེས་སྐོམ་སྡུག་བསྔལ་འཇོམས་པ་ཡིན༔ མ་ཎི་དམྱལ་བའི་གནས་ནས་འདྲེན༔ བཙོ་སྲེག་སྡུག་བསྔལ་འཇོམས་པ་ཡིན༔ སྒྲ་དབྱངས་ཆོས་སྒྲ་དི་རི་རི༔ རིགས་དྲུག་དོང་སྤྲུགས་ཨ་ལ་ལ༔ བླ་མ་རྒྱ་མཚོའི་ལྷ་ཚོགས་ཀྱིས༔ སྟེང་ནས་བྱིན་གྱིས་རློབ་པར་མཛོད༔ དཔའ་བོ་རྒྱ་མཚོའི་ལྷ་ཚོགས་ཀྱིས༔ གཡས་ཀྱི་ཕྱོགས་ནས་བྱིན་གྱིས་རློབས༔ མཁའ་འགྲོ་རྒྱ་མཚོའི་ལྷ་ཚོགས་ཀྱིས༔ གཡོན་གྱི་ཕྱོགས་ནས་བྱིན་གྱིས་རློབས༔ ཆོས་སྐྱོང་དམ་ཅན་རྒྱ་མཚོ་ཡིས༔ རྒྱབ་ནས་ཕྱི་ནང་བར་གཅོད་སོལ༔ མདུན་ནས་རིགས་དྲུག་སེམས་ཅན་རྣམས༔ དགེ་སྒྲུབ་མ་ཎི་དི་རི་རི༔ གཏེར་བདག་རྒྱ་མཚོ་ཐམས་ཅད་ཀྱིས༔ འོག་ནས་ཅི་བཅོལ་ལས་རྣམས་བྱེད༔ དམ་ཅན་རྒྱ་མཚོ་ཐམས་ཅད་ཀྱིས༔ མཆོག་ཐུན་ཕྲིན་ལས་བཞི་པོ་སྒྲུབས༔ དམ་ཆོས་རྒྱ་མཚོ་ཐམས་ཅད་ཀྱིས༔ སྐྱེ་བཞི་རྩད་གཅོད་བླ་མེད་ཁྲིད༔ མཐོང་བས་སྒྲིབ་སྦྱང་ཐོས་སངས་རྒྱས༔ དྲན་པས་བླ་མེད་འབྲས་བུ་ཐོབ༔ བཟླས་པས་ས་བཅུའི་འབྲས་བུ་ཐོབ༔ ཨེ་མ་རེག་པ་དོན་དང་ལྡན༔ བདེ་གཤེགས་ཡང་སྙིང་འདི་ཟློས་ཤིག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་ཅུང་ཟད་བཟླ། དེའི་ངང་ལས་སྣང་བ་སྐུའི་ཁྱེར་སོ་ནི༔ སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་དུ་སྒོམས༔ སེམས་ཅན་དང་གཟུགས་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་ཁྲོང་ཁྲོང་བསམ༔ གྲགས་པ་ཐམས་ཅད་གསུང་གི་ཁྱེར་སོ་ནི༔ མེ་སྒྲ་ཆུ་སྒྲ་རླུང་སྒྲ་ལ་སོགས་སྒྲ་ཐོས་ཚད་མ་ཎིར་དིར་དིར་ཡོད་པར་བསམ༔ དྲན་རྟོག་ཐུགས་ཀྱི་ཁྱེར་སོ་ནི༔ སེམས་ལ་ཅི་ཤར་ཐམས་ཅད༔ སྐྱེ་བ་མེད་པ་དངོས་པོ་གཤིས་ཀྱི་འདུག་ཚུལ་སྟོང་པ་ཉིད༔ འགག་པ་མེད་པ་རང་གྲོལ་ཡིན་ལུགས་གསལ་དྭངས༔ དབྱེར་མེད་ཆུ་ནང་གི་ཟླ་བ་ལྟར༔ སལ་ལེ༔ སིང་ངེ༔ སྣང་ལ་སྟོང་པ༔ གསལ་ལ་མ་ཞེན་པར་བྱའོ༔ དེ་ལྟར་བྱས་པས་ལུས་ཀྱི་སྡིག་པ་དག༔ ཐུགས་རྗེ་ཆེན་པོའི་སྐུ་དང་དབྱེར་མེད་དུ་སངས་རྒྱས༔ ངག་གི་སྡིག་པ་དག༔ ཐུགས་རྗེ་ཆེན་པོའི་གསུང་དང་དབྱེར་མེད་དུ་སངས་རྒྱས༔ ཡིད་ཀྱི་སྡིག་པ་དག༔ ཐུགས་རྗེ་ཆེན་པོའི་ཐུགས་དང་དབྱེར་མེད་དུ་སངས་རྒྱས༔ གནས་སྐབས་འདིར་བདེ་གཤེགས་ཀུན་འདུས་ཀྱི་དངོས་གྲུབ་འབྱུང༔ གསང་སྔགས་ཀྱི་ཡོན་ཏན་ཐམས་ཅད་འཆར༔ འཆི་དུས་འཇའ་དང་རིང་བསྲེལ་ལ་སོགས་འབྱུང༔ བར་དོར་ཐུགས་རྗེ་ཆེན་པོ་དང་གཉིས་སུ་མེད་པར་སངས་རྒྱའོ༔ མཐར་ཐུག་ཏུ༔ ལུས་ཐུགས་རྗེ་ཆེན་པོ་བསྒོམས་པས་སྤྲུལ་སྐུ་ཐོབ༔ སེམས་ཅན་གང་ལ་གང་འདུལ་གྱི་དོན་ནུས༔ རིགས་དྲུག་དོང་ནས་སྤྲུགས༔ ངག་མ་ཎི་བཟླས་པས་ལོངས་སྤྱོད་རྫོགས་སྐུ་ཐོབ༔ ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་སྟོན་ནུས༔ སོ་སོའི་སྐད་དང་འཚམ་པས་དོན་ནུས༔ ཡིད་རྫོགས་རིམ་གསལ་སྟོང་ལ་གནས་པས་ཆོས་སྐུ་ཐོབ༔ སྒྲིབ་པ་འདག༔ ཇི་ལྟ་ཇི་སྙེད་མཁྱེན༔ ནམ་མཁས་ཁྱབ་པའི་སེམས་ཅན་དོང་ནས་སྤྲུགས་པར་ནུས༔ དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལྷ་ཐུགས་རྗེ་ཆེན་པོ་སྒོམས༔ སྔགས་མ་ཎི་ཟློས༔ སྤྱོད་ལམ་དགེ་བཅུ་སྒྲུབས༔ བླ་མ་མཚན་ལྡན་བསྟེན༔ ཚེ་འདིའི་བྱ་བ་ཐོངས༔ གནས་ཆེན་རི་ཁྲོད་འགྲིམ༔ གྲོགས་ཆོས་ལྡན་བསྟེན༔ ནོར་འཕགས་ནོར་གསོག༔ དུས་རྒྱུན་དུ་བྱ་བ་དེ་ལས་མ་ཡེངས་པར་མཛོད་ཅིག༔ ཇི་ལྟར་བསྒོས་པའི་ཐུན་མོང་དང་ཁྱད་པར་གྱི་དམ་ཚིག་རྣམས་སྤང་བླང་ཚུལ་བཞིན་དུ་བྱ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བའི་རྗེས། སླར་ཡང་དབང་ཐོབ་པ་ལ་དད་ཅིང་སྤྲོ་བ་ཆེན་པོས་རྗེས་སུ་ཡི་རང་བའི་ཚིག་གིས་མདོངས་གསོལ་ཕུལ་བ་འདིའི་རྗེས་ཟློས། ཧོ༔ བླ་མ་སངས་རྒྱས་སྐུ་གསུམ་རྗེ༔ བདག་ཅག་མ་རིག་སེམས་ཅན་ལ༔ ལུས་ངག་ཡིད་གསུམ་སྨིན་བྱའི་ཕྱིར༔ ཐུགས་རྗེ་ཀུན་འདུས་དཀྱིལ་འཁོར་གྱི༔ དབང་མཆོག་བསྐུར་བ་ངོ་མཚར་ཆེ༔ ཞེས་བརྗོད་ལ་སྐྱེམས་དྲང་ངོ་། །དེ་ནས་དགེ་བསྔོ་བྱས་ལ་སློབ་མ་གྱེས། སློབ་དཔོན་གྱིས་ལྷག་མ་གཏང་། གཏོར་སྐྱོང་བྱ། དཀྱིལ་འཁོར་པར་གཏང་རག་མཆོད་བསྟོད། ཡིག་བརྒྱ་དང་ནོངས་བཤགས། མདུན་བསྐྱེད་གཤེགས་བསྡུ་གང་འཐད་དང་། བདག་བསྐྱེད་བསྡུ་ལྡང་། ཤིས་བརྗོད་བསྔོ་སྨོན་རྣམས་ཀྱང་ལས་གཞུང་ལྟར་བྱའོ། །ཉིན་མོའི་སྐར་ལྟར་དཀོན་ཀྱང་ཉེ་རིང་གི །བརྒྱུད་པའི་ཆུ་བོ་ལས་འཕྲོའི་སྣོད་དུ་འཁྱིལ། །དེ་ཉིད་འཁོར་བའི་ཚ་གདུང་སེལ་བའི་གསོས། །བསྔོས་བཞིན་ཐུགས་རྗེའི་རྒྱུན་དང་མཉམ་འབབས་ཤོག །འདི་ཉིད་རྒྱུན་ཤིན་ཏུ་དཀོན་ཀྱང་འབད་རྩོལ་ཆེན་པོས་རིང་བརྒྱུད་བར་མ་ཆད་པའི་དབང་ལུང་དང་། གཏེར་ཆེན་མཆོག་གྱུར་གླིང་པའི་ཞལ་སྔ་ནས་རྡོར་གླིང་གཏེར་ཆོས་ཡོངས་རྫོགས་ཀྱི་ཉེ་བརྒྱུད་ཀྱང་བཀའ་དྲིན་དུ་ཐོབ་པས་གཅེས་པར་བཟུང་སྟེ། ཟབ་ཆོས་འདི་ལ་གཅེས་སྤྲས་སུ་འཛིན་པ་པདྨ་གར་དབང་བསྟན་གཉིས་གླིང་པ་རྩལ་གྱིས་ཤྲཱི་དེ་བཱི་ཀོ་ཊྀའི་སྙིང་པོ་ཙ་འདྲ་རིན་ཆེན་བྲག་གི་དབེན་ཁང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
གཏེར་མགོན་ཞལ་བཞི་པའི་དྲག་པོའི་གཏོར་མའི་ལས་རིམ་རྡོ་རྗེའི་ཐོག་མདའ་ (Volume 38, Text 3)
༄༅། །གཏེར་མགོན་ཞལ་བཞི་པའི་དྲག་པོའི་གཏོར་མའི་ལས་རིམ་རྡོ་རྗེའི་ཐོག་མདའ་ཞེས་བྱ་བ་བཞུགས་སོ། ། ན་མོ་མ་ཧཱ་ཀཱ་ལ་ཡ། ལེགས་ལྡན་ནག་པོ་ཞལ་བཞི་པའི་གཏོར་མའི་ལས་ཀྱི་རིམ་པ་ལ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་པའི་ཐབས། རྗེས་ལས་ཀྱི་མཐའ་སྡུད་དང་གསུམ་མོ། །དང་པོ་ནི། དྲག་པོའི་ལས་དང་རྗེས་སུ་མཐུན་པའི་མཚན་ཉིད་ཅན་གྱི་གནས་སམ། རྒྱུན་གྱི་སྒྲུབ་ཁང་ལ་སོགས་ཏེ་གང་ཡང་རུང་བའི་སྟེང་ལོགས་རྣམས་མཛེས་པར་བརྒྱན། ཡི་དམ་ཆོས་སྐྱོང་གི་བྲིས་སྐུ་སོགས་རྟེན་བཤམས་པའི་མདུན་དུ་སྟེགས་མཐོ་བ་ལ་བླ་མ་ཡི་དམ་སྤྱི་དང་། ཆོས་སྐྱོང་ཉིད་ཀྱི་གཏོར་མ་གཞི་བདག་གཏོར་མའི་བར་ཕྲེང་ཚར་མཆོད་པ་དང་བཅས་པ་བཤམ། དེའི་མདུན་དུ་གདུག་པའི་ས་སྣ་གསུམ་གྱི་སྟེགས་བུ་རྒྱར་མདའ་གང་ལས་མི་ཆུང་བ་གྲུ་བཞིར་བརྩིགས་པའི་དབུས་སུ་བྲུབ་ཁུང་མཛུབ་གང་པ་རྒྱ་དཔངས་མཉམ་པར་བྲུས་པའི་ཁ་ཁྱེར་མེ་དང་རྩང་གིས་བསྐོར། དུག་ཁྲག་དང་རོ་སོལ་གྱིས་བྱུགས་པའམ། ཡང་ན་དེ་དང་མཉམ་པའི་གཞི་ལ་རྫས་དེས་བྱུགས་པའི་དབུས་སུ་བྲུབ་ཁུང་བཞག །དེའི་ནང་དུ་དུག་ཤོག་ལ་དམིགས་བྱའི་ལིངྒ་མིང་རུས་ཅན་ཟག་རྫས་ཀྱིས་སྦགས་པ་ཟན་ལིང་གི་སྙིང་གར་བཅུག་པ་ཚོན་སྐུད་སྔོ་དམར་གྱིས་བཅིངས་ཏེ་བཅུག །སྟེང་དུ་མཉྫའི་ཁར་ལྕགས་སྣོད་དུ་སྲན་རྗེན་གཙོ་བོར་གྱུར་པའི་འབྲུ་སྣའི་ཕྱེ་དུག་ཁྲག་གིས་སྦྲུས་པའི་བཤོས་བུ་གྲུ་གསུམ་ཐོག་མདེའུ་ལྟ་བུ་འཁོར་བཞི་དང་ཁྲག་ཀོང་མཐེབ་ཀྱུས་བསྐོར་ཞིང་། དུག་ཁྲག་དང་རོ་སོལ་གྱིས་དམར་ནག་ཏུ་བྱུགས་པ་རྩང་དང་ཤ་དུམ་ཡུངས་དཀར་རྒྱུ་རློན་གྱི་ལྡ་ལྡིས་བརྒྱན་པའི་རྩེར་མདའ་དར་ནག་པོ་སྐུ་རྟེན་ཅན་བཙུགས་པ་བཀོད། དེའི་གཡས་སུ་ཐོད་ངན་གྱི་ནང་དུ་ཡུངས་དཀར་ནག །ཀེ་ཚེ་ཤང་ཚེ། རྦབ་རྡོ། ལྕགས་ཕྱེ་ལ་སོགས་པའི་སྐམ་ཐུན། གཡོན་དུ་དུག་སྣ་ཁྲག་སྣས་བཞུར་པའི་རློན་ཐུན། མཐར་དབང་པོའི་མེ་ཏོག་སོགས་དྲག་པོའི་མཆོད་པས་བསྐོར་བའམ་ཕྲེང་ཚར་དུ་བཤམ། མདུན་དུ་ཐུན་གཏོར་གྲུ་གསུམ་ཤ་ཁྲག་སོགས་ཁ་ཟས་སྣ་ཚོགས་ཀྱིས་བརྒྱན་པ། ཁྲག་དང་ཆང་གིས་བཀང་བའི་ཞལ་བུ། གཞན་ཡང་རྟེན་རྫས་སྤྱན་གཟིགས་རྔ་རོལ་སོགས་ཉེ་བར་མཁོ་བའི་ཡོ་བྱད་མཐའ་དག་མཐོང་བརྒྱུད་བཞིན་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་སྒྲུབ་ཐབས་ནི། བླ་མ་ཞི་དྲག་ལྟ་བུའི་བདག་བསྐྱེད་ཀྱི་རྣལ་འབྱོར་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས། མཆོད་རྫས་བྱིན་གྱིས་བརླབ་པ་ནས་གཟུང་དཀྱུས་ཀྱི་བཟླས་པའི་བར་ལས་བྱང་ལས་བཞི་རྣམ་རོལ་བཞིན་སོང་ནས། ཁྱད་པར་དྲག་པོའི་ལས་ལ་བསྐུལ་བའི་བཟླས་པ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་མེ་ལྕེའི་ཕྲེང་བ་ལྟ་བུ་འཕྲོས། མདུན་གྱི་མགོན་པོའི་ཐུགས་རྒྱུད་བསྐུལ། དེ་ཉིད་ཁྲོས་འཁྲུགས་རྔམས་པར་བཞེངས་ནས་སྤྲུལ་པའི་ཕོ་ཉ་མཚོན་ཆ་ཅན་བུ་ཡུག་འཚུབས་པ་ལྟར་སྤྲོས་པས་དགྲ་བགེགས་གསོད་གཅོད་ཀྱི་ལས་མཛད་པར་བསམ་ལ། ཨོཾ་མ་ཧཱ་ཀཱ་ལ་བི་ཀཱ་ལ་ཏྲི་ཡཾ་ཛ༔ ཀཱ་ལི་དེ་བཱི་ཧཱུྃ་བྷྱོ་ཧཱུྃ༔ ནཱ་ག་རཀྴ་ཡ་མ་རཱ་ཛ་རཱ་ཧུ་ལ་རཀྴ་ཏྲིག་ནན༔ ཨེ་ཧུར་ཐུམས་ཛ༔ གནོད་བྱེད་བྱད་མ་མཱ་ར་ཡ་རྦད༔ སྲོག་ལ་ཛ༔ སྙིང་ལ་རྦད༔ རྩ་ལ་བྲེང་ཤག༔ ཛ་ཁྲམ་ཡ་ཕཊ༔ ཅེས་དྲག་ཏུ་བཟླ་ཞིང་ཞར་བྱུང་ཐུན་རྫས་ལ་ཡང་མཐུ་བསྐྱེད། དེ་ནས་ཐུན་གཏོར་ལ་རཀྟ་བྲན། ཕོ་ཉ་རྣམས་ཀྱིས་དམིགས་བྱ་བཀུག་པར་བསམ་ལ་དགུག་གཞུག་བྱ། བདུད་རྩིས་བྲན་ནས་འབྲུ་གསུམ་གྱིས་བདུད་རྩིར་སྦར་བ་རྩ་སྔགས་ལ་གཏོར་སྔགས་བཏགས་པ་ལན་བདུན་ནམ་གསུམ་སོགས་ཀྱིས་ཡིད་ཆེས་པར་བསྔོས་ལ། ཧཱུྃ༔ དཔལ་ཆེན་མཐུ་སྟོབས་དབང་ཕྱུག་འཁོར་བཅས་ལ༔ ཞེས་སོགས་ཀྱི་མཐར་དྲག་རོལ་ཡུན་རིང་བ་དང་བཅས་པས་གཏའ་གཏོར་སྟོབས་ལ་ཡང་གཅིག་བཤམ། ལས་བཞི་རྣམ་རོལ་དུ་བཤད་པ་བཞིན་སྐོང་རྫས་བྱིན་རླབས་ནས་ལས་ཀྱི་གཉེར་གཏད་པའི་བར་སོང་ནས། ཐུགས་དམ་བསྐུལ་བ་ནི། གཏོར་མ་ལ་སྨན་རཀ་བྲན་ཏེ། ཧཱུྃ་བྷྱོ༔ དམིགས་མེད་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ དུས་གསུམ་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་པ༔ དཔལ་ཆེན་ཁྲོ་རྒྱལ་དྲེགས་འདུལ་ནག་པོ་ཆེ། །འབར་བའི་དབྱིངས་ནས་བསྐུལ་ལོ་སྐུ་བཞེངས་ཤིག༔ སངས་རྒྱས་བསྟན་པ་སྐྱོང་ཕྱིར་སྐུ་བཞེངས་ཤིག༔ ལོག་ལྟའི་དགྲ་བགེགས་འདུལ་ཕྱིར་སྐུ༴ དུས་ངན་མཐའ་དམག་བཟློག་ཕྱིར་སྐུ༴ བྱད་མ་རྦོད་གཏོང་བཟློག་ཕྱིར་སྐུ༴ དཔལ་ཆེན་རྡོ་རྗེ་སྲིན་པོ་སྐུ༴ མཐུ་ཆེན་དྲག་པོ་ཞལ་བཞི་སྐུ༴ ཡུམ་མཆོག་རེ་ཏི་ཆེན་མོ་སྐུ༴ སྟོབས་ལྡན་ལས་མཁན་སྡེ་བཞི་སྐུ༴ སྤྲུལ་དང་ཡང་སྤྲུལ་བཀའ་ཉན་སྐུ་བཞེངས་ཤིག༔ བཞེངས་ཤིག་བཞེངས་ཤིག་རང་རང་གནས་ནས་བཞེངས༔ དྲག་པོའི་ཕྲིན་ལས་མྱུར་དུ་སྒྲུབ་པར་མཛོད༔ ཅེས་བསྐུལ། གསེར་སྐྱེམས་སྤྱི་ལྟར་ཕུལ་ནས་སྔར་གྱི་བྲུབ་ཁུང་གི་ལིངྒ་ལ་དམིགས་བྱ་བསྐྱེད་ཆོག་བྱས་ཏེ། བདག་མདུན་ཐུགས་ཀའི་སྔགས་ཕྲེང་ལས༔ ལས་བྱེད་ཕོ་ཉ་གྲངས་མེད་སྤྲོས༔ གནོད་བྱེད་ཐམས་ཅད་འུབ་ཀྱིས་བསྡུས༔ མདུན་གྱི་རཱུ་པ་ཉིད་ལ་བསྟིམ༔ ཞེས་པའི་དམིགས་པ་དང་སྦྱར་ཏེ། བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས་དགུག་གཞུག་གི་མཐར་དྲག་སྔགས་ཀྱིས་སྣ་དྲངས་པའི་གནོད་བྱེད་ཆེ་གེ་ཨཾ་ཀུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་པས་ནན་ཏན་དུ་དགུག་ཅིང་། སླར་ཡང་། ཧཱུྃ༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ལོག་འདྲེན་བར་གཅོད་དགྲ་བགེགས་རྣམས༔ ཡུད་ཙམ་གྱིས་ནི་འདིར་ཁུག་ལ༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང༔ ལུས་ངག་རྡུལ་དུ་བཤིག་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ གང་ཞིག་དཀོན་མཆོག་གསུམ་སྨོད་དང༔ བླ་མ་ལ་བརྙས་སེམས་ཅན་འཚེ༔ བདག་གིས་བསྒོ་བ་ཀུན་ཁུག་ལ༔ ལིང་ག་འདི་ལ་མྱུར་དུ་ཆུག༔ བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷཱཎྜེ་ཧོ༔ ཞེས་པས་ཡིད་ཆེས་པར་བཀུག་ལ་གུ་གུལ་སོགས་དབྱེ་རྫས་ཀྱིས་བདུག་ཅིང་ལྷ་དང་དབྱེ། དེ་ནས་སྔར་གྱི་དྲག་བཟླས་ཀྱི་དམིགས་གནད་གསལ་ལ་དྲག་སྔགས་དཔུང་ཚུགས་སུ་བཟླ་ཞིང་ཐུན་ལ་ཡང་སྔགས་ལ། ཐུན་རྫས་རྣམས་དྲེགས་པ་ལྷ་སྲིན་སྡེ་བརྒྱད་འདུས་པའི་དམག་ཚོགས་ནད་མཚོན་དུག་གི་ཐོག་སེར་དྲག་པོ་དམིགས་བྱའི་ཁར་གཟིར་ཞིང་བསྡིགས་པས་གཟུགས་བྱེ་མའི་མཁར་ཆུས་བཤིགས་པ་ལྟར་རྡུལ་དུ་བཅོམ་ནས་མཐར་རྣམ་ཤེས་ཀྱི་ངོ་བོ་ནྲྀ་དུད་ཁ་མར་མེ་འཆི་ཁའི་འོད་ལྟ་བུ་དེ་ཡང་ནག་སྐེམ་གྱིས་བསད་པར་བསམ་ལ། ཧཱུྃ༔ ཁྲག་འཐུང་ཁྲོས་པ་དྲག་པོའི་མཚོན༔ གཏུམ་དྲག་ཕོ་ཉ་འབར་བའི་ཐུན༔ རྣོ་མྱུར་ཤུགས་དྲག་རྡོ་རྗེའི་མེ༔ མི་བཟད་མཚོན་ཆའི་འཕྲུལ་འཁོར་ནི༔ གནམ་ས་འཁྲུགས་པའི་ཐོག་སེར་བཞིན༔ དགྲ་བགེགས་གཟུགས་ཕུང་རྟེན་ལ་ཡཱ༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ དུས་ལ་བབ་བོ་ས་མ་ཡ༔ ཞེས་སྔར་གྱི་དྲག་སྔགས་བཟླ་བཞིན་པར་སྐམ་ཐུན་གྱིས་བྲབ། རློན་ཐུན་གྱིས་གཤེར་བས་དམིགས་བྱ་བསད་གཅད་རྡུལ་དུ་བཅོམ་པར་བསམ་ལ། དེའི་སྙིགས་མའི་ཤ་རུས་དང་དབྱེར་མེད་དུ་བྱས་པའི་ཐུན་གཏོར་འབུལ་ཚུལ་སྔར་དང་འདྲ་བས་རྟགས་མཐོང་གི་བར་སྒྲུབ་པའམ། ལས་སྦྱོར་གྱི་འདྲ་འབག་ཙམ་ལ་ཞག་གི་རིམ་པ་ཇི་ཙམ་འོས་པ་དེ་ཙམ་དུ་བསྒྲུབས་པའི་ནུབ་ཐ་མ་ཕུར་བུས་བཏབ་རྣམ་ཤེས་སྤར་ལ་མཚོན་ཆས་བསྒྲལ་ཏེ་བསྟབས་ལ། ཁོང་བའི་ལིང་རྐྱང་སླར་མཐའ་སྡུད་དམིགས་གསལ་བྱེད་ན་དེ་ལྟར་དང་། དེ་མིན་སྐབས་འདིར་སྟོབ་པ་དང་སྦྲེལ་ལ་མེར་བསྲེག་པ་རྣམས་ཁྱད་པར་རོ། །གསུམ་པ་རྗེས་ལས་ཀྱི་མཐའ་སྡུད་ནི། སྒྲུབ་ཞག་རྫོགས་པའི་ནུབ་ཐ་མའི་ཚེ་གཏའ་གཏོར་ལ་དཔལ་འབར་བཙུགས། སྤོས་དང་རོལ་མོ་འཕྱར་དར་ནག་པོས་སྣ་དྲངས་ཏེ་གང་དུ་འཕང་བའི་སར་སོང་ལ། ཕུད་ཕྱོགས་བཅུར་འཐོར་ཞིང་། ཀྱེ། དཔལ་འབར་མ་ཧཱ་ཀཱ་ལ་ནི། །ལྕམ་དྲལ་འཁོར་དང་བཅས་པ་དང་། །སྣང་སྲིད་ལྷ་སྲིན་དྲེགས་པའི་ཚོགས། །གཙང་སྦྱར་གསེར་སྐྱེམས་འདི་བཞེས་ལ༔ ཟོར་སྒོ་དགྲ་བགེགས་སྟེང་དུ་ཕྱེས༔ མ་ཉེས་དཔང་དུ་དཀོན་མཆོག་བཞུགས༔ དགྲ་བགེགས་མ་གཏོགས་སྐུ་ཟུར་ཅིག༔ ཁྲག་འཐུང་ཁྲོ་བོའི་དམག་དཔུང་སྐྱེད༔ དྲག་པོའི་ཕྲིན་ལས་སྒྲུབ་པར་མཛོད༔ ཅེས་ཟོར་ལམ་བསལ་ནས། སླར་ཡང་། ཧཱུྃ་བྷྱོ༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ ཁས་བླངས་མ་གཡེལ་དམ་ལ་འདུ༔ དྲག་པོའི་ལས་ལ་སྐུ་བསྐྱོད་འཚལ༔ མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ༔ གཡས་པས་གྲི་གུག་རལ་གྲི་འཛིན༔ གཡོན་པ་ཐོད་ཁྲག་རྩེ་གསུམ་ཕྱར༔ འབར་བའི་ཆས་ཀྱིས་སྐུ་ལ་བརྒྱན༔ སྤྲུལ་པ་སྣ་ཚོགས་ཕྱོགས་བཅུར་འགྱེད༔ འདིར་གཤེགས་ཤ་ཁྲག་གཏོར་མ་ལོངས༔ གདུག་པའི་དགྲ་བགེགས་མྱུར་དུ་སྒྲོལ༔ ཁྱོད་ཀྱི་ལས་བྱེད་དྲེགས་པ་བཞི༔ བཀའ་ཉན་འཁོར་དང་བཅས་པ་རྣམས༔ འདིར་གཤེགས་ཤ་ཁྲག་གཏོར་མ་ལོངས༔ གདུག་པའི་དགྲ་བགེགས་མྱུར་དུ་སྒྲོལ༔ དུས་ལ་བབ་བོ་ས་མ་ཡ༔ བྷྱོ་བྷྱོ་ཟློག་ཟློག༔ ཅེས་དྲག་པོར་བསྐུལ་ཞིང་སྔགས་རྣམས་དྲག་ཏུ་བཟླ། རོལ་མོའི་སྒྲ་དམོད་མོ་དང་བཅས་པས་གཏོར་མ་དགྲ་ཕྱོགས་སུ་འཕང་། སྲུང་མ་འཁོར་དང་བཅས་དཔའ་བའི་ངར་སྒྲ་དང་བཅས་བསྐྱོད་པས་དགྲ་བོའི་གནས་ལུས་ལོངས་སྤྱོད་ཐམས་ཅད་རྗེས་མེད་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླགས་པར་བསམ། སྲུང་སྔགས་བཟླ་ཞིང་རོལ་མོའི་སྒྲ་དྲག་པོ་དང་བཅས་པས་མཚམས་གཅད། སླར་ནང་དུ་ལོག་ནས་མཆོད་ཅིང་བསྟོད། བཟོད་པར་གསོལ། བརྟན་བཞུགས་དང་གཤེགས་གསོལ་སྨོན་ལམ་བཀྲ་ཤིས་སོགས་ཀྱིས་མཐའ་བསྐྱང་ངོ་། །མནན་པས་མཐའ་སྡུད་ན་གོང་གི་ཤོག་ལིང་དྲིལ་ལྟེབ་ཚོན་སྐུད་ཀྱིས་བཅིངས་གླང་རུར་བཅུག །ཐུན་རྫས་ཀྱིས་བཀང་རེ་བས་དྲིལ། རྩ་སྔགས་ཀྱི་ཤམ་བུར་མཱ་ར་ཡ་ནན་བཏགས་པ་མང་དུ་བཟླས་ནས་མཆོད་རྟེན་གྱི་འོག་གམ་ལམ་རྒྱ་གྲམ་གྱི་འོག་ཏུ་མནན་ནས་བྲོ་བརྡུང་སོགས་བྱའོ། །བསྲེག་པས་མཐའ་སྡུད་ན། ཚེར་མ་ཅན་གྱི་ཧོམ་ལ་མེ་སྦར་དེར་མགོན་པོ་འཁོར་བཅས་བསྐྱེད་ལ་ཞལ་རབ་ཏུ་གདངས་པར་དམིགས་བྱ་གསོལ་བར་བསམ་ལ། གོང་གི་ཤོག་ལིང་དང་དུག་ཁྲག་ཚིལ་ཞུན་ཐུན་རྫས་རྣམས་བསྲེག་རྫས་སུ་ཕུལ་ལ་སྔགས་མཐར་མཱ་ར་ཡ་ཛྭ་ལ་རཾ་ཞེས་བཟླ་ཞིང་བཞེས་སྒྲ་དྲག་པོ་དང་བཅས་པས་བསྲེག་གོ །དེ་གསུམ་མཉམ་སྒྲུབ་བྱེད་ན་མནན་བསྲེག་གཉིས་འཕང་བའི་གོང་དུ་བྱ་ཞིང་། སྤྱིའི་ཁོག་དབུབ་ནི་ལས་དེ་དང་དེ་རང་ཐད་དུ་བཤད་པ་རྣམས་ལས་འཕྲུལ་ཤེས་པར་བྱའོ། །གཏེར་མགོན་ཞལ་བཞི་པའི་དྲག་གཏོར་གྱི་ལས་རིམ་རྡོ་རྗེའི་ཐོག་མདའ་ཞེས་བྱ་བ་འདི་ཡང་མདོ་ཁམས་པ་དགེ་སློང་ཨོ་རྒྱན་ལྷུན་གྲུབ་བསྟན་འཕེལ་གྱིས་བསྐུལ་བའི་ངོར་སྙོམ་ལས་པ་འགྱུར་མེད་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་བློ་གསལ་རྒྱ་མཚོས་བགྱིས་པའོ།། །།
རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་སྒྲུབ་ཐབས་ (Volume 26, Text 3)
༄༅༔ རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་སྒྲུབ་ཐབས་བཞུགས་སོ༔ དཔལ་དྲེགས་པ་དབང་དུ་སྡུད་ལ་ཕྱག་འཚལ་ལོ༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ སློབ་དཔོན་པདྨ་འབྱུང་གནས་སྤྱན་དྲངས༔ བསམ་ཡས་བརྩིགས་པའི་དུས་སུ་ལྷ་སྲིན་སྡེ་བརྒྱད་ཁ་ལངས་འདུག་པ་ལ༔ གུ་རུས་དྲེགས་པ་ཁ་བཅིང་བ༔ སྡེ་བརྒྱད་ཟིལ་གྱིས་གནོན་པའི་སྒྲུབ་པ་མཛད་དོ༔ དེ་ལ་གསུམ་སྟེ༔ རྫས་དང༔ སྔགས་དང༔ ཏིང་ངེ་འཛིན་ནོ༔ དང་པོ་རྫས་ཀྱི་རིམ་པ་ལ༔ སྲིད་པའི་བྱ་ཁྱུང་གི་སྒོ་ང་དང༔་་ཟངས་ཀྱི་གའུ་ལ་ཟེར། གནམ་ཆག་པའི་དུམ་བུ་དང༔་་གཡུ་མིག་མེད་ལ་ཟེར། ས་རལ་བའི་རས་མ་དང༔་་གསེར་ས་གཡུང་མ་ལ་ཟེར། འབྲོང་ཁམ་པའི་རྔ་མ་དང༔་་ཟ་འོག་གི་སྐུད་པ་ལ་ཟེར། སྟེང་འོག་བར་གསུམ་ལྷ་འདྲེ་རྣམས༔ ཟིལ་གནོན་དབང་སྡུད་བླ་རྡོ་ཡིན༔་་ལྷ་བསྐྱེད་དགུག་གཞུག་བྱས་ཏེ། སྒོ་ངའི་ནང་དུ་བླ་རྡོ་གཞུག༔ བླ་རྡོའི་འཁོར་ལོ་བྲི་བ་ནི༔ ཆུ་དར་དཀར་པོ་ཁྲུ་གང་ལ༔་་དཔང་མཐོ་གང་། འཁོར་ལོ་རྩིབས་བརྒྱད་བྲི་བར་བྱ༔ སྔགས་ནི་རྩིབས་བརྒྱད་དག་ལ་བྲི༔ རྩིབས་བརྒྱད་དག་ལ་སྡེ་བརྒྱད་མིང༔ དབུས་སུ་ཧྲཱིཿགཅིག་བྲི་བར་བྱ༔ མུ་ཁྱུད་དབང་ཆེན་སྔགས་ཀྱིས་བསྐོར༔ བྲི་བའི་རྒྱུ་ནི་ཁྲག་སྣ་གསུམ༔་་གྲི་ཁྲག་མངལ་ཁྲག་དགེ་སློང་སྲིན་ལག་ཁྲག །འབྲི་སྙུག་ཟངས་ཀྱི་སྨྱུ་གུ་ཡིས༔་་སྟག་ལོ་པས་བཟོས་པ། བྲིས་ལ་འཁོར་ལོའི་ནང་དུ་བླ་རྡོ་དྲིལ༔ ཟ་འོག་སྐུད་པས་དམ་དུ་བཅིང༔ རྒྱ་གྲམ་དཀྲིས་ལ་རྒྱ་ཡིས་བཏབ༔ སྒོ་ང་རྐང་པའི་འོག་ཏུ་གཞུག༔ དེ་ནི་རྫས་ཀྱི་བཅའ་ཐབས་སོ༔ དེ་ནས་དབང་ཆེན་སྔགས་འདི་བཟླ༔ ཧྲཱིཿམ་ཧཱ་ཀྲོ་ཏ་པདྨཱནྟ་ཀྲྀཏ་ཧ་ཡཾ་གྲཱི་ཝ་ཧཱུྃ་ཧཱུྃ་ཕཊ༔ ཡ་མ་ར་ཙ་དུ་ཏྲི་ཕུ་ཏི་ཧྲཱིཿཧཱུྃ་ཕཊ༔ ཧྲཱིཿནས་ཕཊ་བར་བཅུ་དྲུག་པ༔ པདྨ་དབང་ཆེན་སྙིང་པོ་ཡིན༔ ཁམས་གསུམ་དབང་དུ་སྡུད་པར་བྱེད༔ ཡ་ནས་ཏི་བར་ཡིག་འབྲུ་བརྒྱད༔ གཤིན་རྗེ་མ་མོ་རྒྱལ་པོ་བཙན༔ བདུད་དང་ཐེའུ་འགོང་ཀླུ་དང་གཟའ༔ སྡེ་བརྒྱད་དབང་དུ་སྡུད་པའི་སྔགས༔ ཧྲཱིཿཧཱུྃ་ཕཊ་ཏེ་ཡི་གེ་གསུམ༔ སྲིད་གསུམ་ཟིལ་གྱིས་གནོན་པའི་སྔགས༔ གནམ་ས་བར་གསུམ་ལྷ་འདྲེ་ཀུན༔ ཐམས་ཅད་ཁ་ཆིངས་ཟིལ་གྱིས་གནོན༔ གདུག་པ་ཁ་བཅིང་ཞེས་སུ་གྲགས༔ ཁ་ཆིངས་ཟིལ་གནོན་ཏིང་འཛིན་ནི༔ བདག་ཉིད་ཐ་མལ་སྙིང་ཁ་ན༔ ཡི་གེ་ཧྲཱིཿདམར་གནས་པ་ལས༔ བདག་ཉིད་ཧྲཱིཿཡི་ལུས་སུ་གྱུར༔ ཧྲཱིཿདེ་འོད་དུ་ཞུ་བ་ལས༔ བདག་ཉིད་དབང་ཆེན་རྒྱལ་པོ་ནི༔ དབུ་ནི་ཚངས་པའི་ཡུལ་རྩེར་བསླེབས༔ ཞབས་ནི་རྒྱ་མཚོའི་གཏིང་དུ་བརྐྱངས༔ གཡས་ཀྱི་ཕྱག་གིས་གཟུགས་ཁམས་འདེགས༔ གཡོན་གྱིས་འདོད་ཁམས་ས་གཞི་གནོན༔ ཉི་ཟླ་གཟའ་སྐར་རྐེད་ལ་འཁོར༔ སྐུ་མདོག་བསྐལ་པའི་མེ་ལྟར་འབར༔ སྐུ་སྟེགས་རི་རབ་སྟེང་ན་འཆའ༔ དབུ་གཙུག་རྟ་མགོ་རྟ་སྐད་འཚེར༔ གཡས་ཀྱི་རྟ་སྐད་ཐེངས་གསུམ་གྱིས༔ སྲིད་པ་ཕོ་རྒྱུད་དབང་དུ་སྡུད༔ གཡོན་གྱི་རྟ་སྐད་ཐེངས་གསུམ་གྱིས༔ སྲིད་པ་མོ་རྒྱུད་དབང་དུ་སྡུད༔ སྟེང་གི་རྟ་སྐད་ཐེངས་གསུམ་གྱིས༔ སྲིད་པའི་གཟའ་རྣམས་དབང་དུ་སྡུད༔ འོག་གི་རྟ་སྐད་ཐེངས་གསུམ་གྱིས༔ སྲིད་པའི་ཀླུ་རྣམས་དབང་དུ་སྡུད༔ ཧྲཱིཿཧཱུྃ་ཕཊ་གསུམ་བསྒྲགས་པ་ཡིས༔ འབྲུག་སྟོང་དུས་གཅིག་ལྡིར་བ་ཙམ༔ ཁམས་གསུམ་དབང་དུ་སྡུད་བྱེད་ཅིང༔ སྲིད་གསུམ་ཟིལ་གྱིས་གནོན་པར་བསྒོམ༔ དེ་ཡི་ཐུགས་ཀའི་ཧྲཱིཿའཕྲོས་པས༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀུན༔ བུ་ག་དགུ་རུ་ཕོག་པ་ཡིས༔ ཧྲཱིཿཡིས་སྒོ་དགུ་བཀག་ནས་ནི༔ གདུག་པ་ཐམས་ཅད་ཁ་བཅིངས་བསམ༔ དབང་ཆེན་ཟིལ་གནོན་སྔགས་བཟླས་པས༔ ལྷ་འདྲེ་ཐམས་ཅད་འཁྲུགས་གྱུར་ཏེ༔ དང་པོ་ཆོ་འཕྲུལ་སྣ་ཚོགས་སྟོན༔ བར་དུ་དབང་འདུས་བཀའ་ལ་ཉན༔ ཐ་མ་ཅི་བསྒོས་ལས་རྣམས་བྱེད༔ བུ་ག་བསལ་ལ་ལས་ལ་བཏང༔ དྲེགས་པ་དབང་སྡུད་ཟིལ་གནོན་འདི༔ ཀླུ་ཆེན་བརྒྱད་དང་ཀླུ་ཕྲན་དང༔ ལྷ་ཆེན་བརྒྱད་དང་ལྷ་ཕྲན་དང༔ མ་མོ་ཡེ་ཤེས་མཁའ་འགྲོ་དང༔ གྲོང་རྒྱུ་བསེན་མོ་ཡན་ཆད་དང༔ གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ནས༔ འཆི་བདག་ལས་འདྲེ་ཐམས་ཅད་དང༔ རྒྱལ་པོ་གནམ་ལྷ་མན་ཆད་ནས༔ སྲིད་རྐུན་ཐེའུ་རང་ཡན་ཆད་དང༔ བདུད་རྗེ་འགོང་ཡག་མན་ཆད་ནས༔ ནག་པོ་སཏྭ་ཐོགས་ཡན་ཆད་དང༔ བཙན་རྒོད་ཡམ་ཤུད་དམར་པོ་ནས༔ ཤར་བ་ཕྲེང་ཐོགས་ཡན་ཆད་དང༔ སྲིད་པའི་ལྷ་རབས་ཤམ་པོ་ནས༔ ཡུལ་ལྷ་ལྷ་ཕྲན་ཐམས་ཅད་དང༔ བགེགས་རྒྱལ་བི་ནཱ་ཡ་ཀ་ནས༔ ཡུལ་འདྲེ་ཆགས་འདྲེ་ཡན་ཆད་དང༔ གཟའ་བདུད་རོག་ཏི་མན་ཆད་ནས༔ གཟའ་ཕྲན་རྐུན་པོ་ཡན་ཆད་རྣམས༔ དང་པོ་ཁ་འཆིང་ཟིལ་གྱིས་གནོན༔ བར་དུ་དབང་འདུས་བཀའ་ལ་ཉན༔ ཐ་མ་ལས་རྣམས་ཅི་བཅོལ་བྱེད༔ པདྨ་ཐོད་ཕྲེང་རྒྱལ་པོ་ངས༔ རྗེ་ཡི་བཀའ་བྱུང་བོད་དུ་མཆིས༔ སྲིད་པའི་ལྷ་འདྲེ་གདུག་རྩུབ་ཆེ༔ བོད་ཀྱི་ལྷ་འདྲེ་འདུལ་བར་དཀའ༔ ལྷ་སྲིན་སྡེ་བརྒྱད་བསྒོ་མ་ཉན༔ ཚེ་ལ་དབང་ཐོབ་རིག་འཛིན་པ༔ དབང་ཆེན་འདུས་པའི་རྒྱུད་ལས་ནི༔ དྲེགས་པ་ཁ་ཆིངས་ཟིལ་གནོན་རྙེད༔ སྣང་སྲིད་ལྷ་འདྲེ་ཟིལ་གྱིས་མནན༔ རྗེ་ཡི་ཐུགས་དམ་བསམ་ཡས་བཞེངས༔ རྒྱལ་པོའི་ཐུགས་དགོངས་འགྲུབ་པར་བགྱིས༔ སྤེལ་བའི་གནས་མེད་གཏེར་དུ་སྦས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ བར་གྱི་གནོད་སྦྱིན་འདུལ་བ་ལ༔ འདི་ལས་ལྷག་པ་མེད་དོ་བུ༔ ྈྈྈ རྒྱཾརྒྱཾརྒྱཾ༔ ༈ དབང་ཆེན་དབང་སྡུད་རྒྱལ་པོ་ལ་བསྟོད་པ་ནི༔ ཧྲཱིཿཧཱུྃ་ཕཊ༔ ཧྲཱི༔ དབང་ཆེན་ལས་ལ་མངའ་མཛད་ཁྲོ་བོའི་རྗེ༔ སྐུ་མདོག་དམར་ནག་ཐམས་ཅད་དབང་དུ་སྡུད༔ དབུ་ནི་ནམ་མཁའི་ཁམས་སུ་རྟ་སྐད་འཚེར༔ ཞབས་ནི་རྒྱ་མཚོའི་གཏིང་དུ་ཀླུ་རྣམས་གནོན༔ གཡས་ཀྱི་ཕྱག་གིས་སྣང་སྲིད་གཟུགས་ཁམས་འདེགས༔ གཡོན་གྱི་ཕྱག་གིས་འདོད་ཁམས་ས་གཞི་གནོན༔ ཉི་ཟླ་གཟའ་སྐར་རྐེད་བཅིངས་གཟའ་རྣམས་འདུལ༔ དུར་ཁྲོད་ཆས་བརྒྱད་ལྷ་སྲིན་སྡེ་བརྒྱད་འཇིགས༔ རྟ་སྐད་འཚེར་བས་ཁམས་གསུམ་དབང་དུ་སྡུད༔ ཧྲཱིཿཡི་སྒྲ་ཆེན་སྲིད་གསུམ་འགུལ་ཞིང་སྔངས༔ ཕཊ་ཀྱིས་ཐོག་འབེབ་བདུད་དཔུང་སྤྱི་ནས་འཇོམས༔ ཧཱུྃ་གི་ང་རོས་གདུག་པ་བྲན་དུ་འཁོལ༔ ཕྱག་མཚན་མཚོན་ཆས་རི་རབ་རྡུལ་དུ་འཇིག༔ བསྐལ་པའི་མེ་འབར་འཇིག་རྟེན་མ་ལུས་སྲེག༔ འཇིག་རྟེན་དྲེགས་པས་ཁེངས་པའི་སྡེ་བརྒྱད་ནི༔ དྲེགས་པ་གཟའ་དང་སྡེ་བརྒྱད་ཀླུ་ལ་སོགས༔ འཆི་བདག་གཤིན་རྗེ་ནད་གཏོང་མ་མོ་དང༔ ཆེ་བཙན་རྒྱལ་པོ་རོལ་པ་བཙན་གྱི་ཚོགས༔ ནག་པོ་བདུད་དང་ཐེའུ་རང་བགེགས་ཀྱི་ཚོགས༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དབང་པོ་ཆེ༔ རང་དབང་མེད་པར་དབང་སྡུད་ཟིལ་གྱིས་གནོན༔ མཐུ་དང་རྫུ་འཕྲུལ་སྟོབས་དང་གཟི་བརྗིད་འཕྲོག༔ རང་བྱུང་ཐུགས་རྗེའི་དཔལ་ལ་ཕྱག་འཚལ་བསྟོད༔ ཧྲཱིཿམ་ཧཱ་ཀྲོ་ཏ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧཱུྃ་ཧཱུྃ་ཕཊ༔ ཡ་མ་ར་ཙ་དུ་ཏྲི་ཕུ་ཏི་ཧྲཱིཿཧཱུྃ་ཕཊ༔ ཅེས་བཟླས་སོ༔ དྲེགས་པ་དབང་སྡུད་ཀྱི་བསྟོད་པ་རྫོགས་སོ༔ ྈྈ ྈྈྈ ༈ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ རང་ཉིད་དཔལ་ཆེན་རྟ་མགྲིན་སྐུ༔ ཤིན་ཏུ་གསལ་བའི་་་བསྙེན་པ་སྔོན་དུ་སོང་བ།་་་ངང་ཉིད་དུ༔ སྡེ་བརྒྱད་གནད་ལ་་་རང་གཤེད་རང་ལ་དབབ་པ།་་་འབེབས་འདོད་པའི༔ རྣལ་འབྱོར་པས་ནི་འདི་ལྟར་བྱ༔ རྣམ་པ་གཉིས་སུ་ཤེས་བྱ་སྟེ༔ སྤྱི་རུ་དྲིལ་དང་སོ་སོར་དབྱེ༔ སྤྱིར་དྲིལ་གཞན་དུ་ཤེས་པར་བྱ༔ སོ་སོར་དབྱེ་བར་འདོད་པ་ཡིས༔ འཁོར་ལོ་བརྒྱད་དུ་བྲི་བར་བྱ༔ དཀྱིལ་དུ་སྡེ་བརྒྱད་རང་རང་སྲོག་སྙིང་ལ༔ རྩིབས་ལ་རྩ་བའི་སྔགས་རྣམས་བྲི༔ ཐ་མ་མེ་རི་འབར་བས་བསྐོར༔ འཁོར་ལོ་ལེགས་པར་ཚར་བ་དང༔ ཟངས་ཀྱི་ག་འུའི་ནང་དུ་བཅུག༔ སྐུད་པ་སྔོན་དམར་དག་གིས་དཀྲི༔ བདག་ཉིད་དབང་ཆེན་ཐུགས་ཀ་ནས༔ ཧྲཱིཿལས་འོད་ཟེར་དམར་ནག་འཕྲོས༔ གང་འདོད་སྙིང་གི་མཚམས་ནས་བཀུག༔ འཁོར་ལོ་དག་ལ་བསྟིམ་པར་བྱ༔ སྐབས་སུ་གུ་གུལ་དུད་པས་བདུག༔ སྔགས་འདི་སྔོན་དུ་བཟླས་པར་བྱ༔ ཧྲཱིཿམ་ཧཱ་ཀྲོ་ཏ་པདྨཱནྟ་ཀྲྀཏ་ཧ་ཡཾ་གྲཱི་ཝ་ཧཱུྃ་ཧཱུྃ་ཕཊ༔ ཡ་གཤིན་རྗེ་ཆེ་གེ་མོའི་སྲོག་དབང་དུ་སྡུས་ཤིག༔ གསང་སྔགས་ཡི་གེ་བཅུ་དྲུག་པ༔ མི་ཚིག་གིས་བར་མ་ཆོད་པ།་་་ཁྲི་ཕྲག་གཅིག་གིས་འགྲུབ་པར་འགྱུར༔ སྡེ་བརྒྱད་ཀུན་ལ་དེ་ལྟར་བསྡུ༔ དེ་ཡི་རྟགས་རྣམས་བྱུང་བ་དང༔ འཁོར་ལོ་སྤོས་དཀར་ཆུ་ནས་བཏོན༔་་་འཁོར་ལོ་མེ་ལོང་ལ་བསྟན་ནས་སྤོས་དཀར་བཏབ་པའི་ཆུས་ཁྲུས་བྱ། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཅིང༔ སེང་ལྡེང་ཕུར་པ་ཐུགས་ཀྱི་རྟེན༔ སྤྱི་དྲིལ་འཁོར་ལོ་གསུང་གི་རྟེན༔ སྲུང་བའི་འཁོར་ལོ་སྐུ་ཡི་རྟེན༔ མ་བྲལ་བར་ནི་ལུས་ལ་བཅིང༔ པདྨ་འབྱུང་གནས་ཐུགས་དམ་འདི༔ མངའ་བདག་རྒྱལ་པོ་བདག་ལ་གནང༔ སྤེལ་བའི་གནས་མེད་གཏེར་དུ་སྦོས༔ ྈྈ ྈྈ དབང་ཆེན་ཟིལ་གནོན་སྔགས་བཟླས་པས༔ ལྷ་འདྲེ་ཐམས་ཅད་འཁྲུགས་གྱུར་ཏེ༔ དང་པོ་ཆོ་འཕྲུལ་སྣ་ཚོགས་སྟོན༔ བར་དུ་དབང་སྡུད་བཀའ་ལ་ཉན༔ ཐ་མ་ཅི་བཅོལ་ལས་རྣམས་བྱེད༔ བུ་ག་བསལ་ལ་ལས་ལ་གཏང༔ དགྲ་ལ་རྦད་ན་ནྲྀ་ལ་བརྡེག༔ དམ་འགོང་འདུལ་ན་ཞུམ་ཏྲི་གདག༔ པུ་ཏྲ་རཀྵས་སྲི་འུ་གསོ༔ ཨཱ་ཡུ་སིདྡྷིས་ཚེ་སྲོག་འགུགས༔ པི་པི་ཡེར་གྱིས་ཕྱག་རྒྱ་འགུགས༔ ནཱ་ནཱ་ཁ་དྷེས་ཟས་ནོར་སྤེལ༔ འདི་དག་མན་ངག་དམ་པ་ཡིན༔ དྲོད་ཚད་ཞལ་གདམས་ལ་སོགས་པ༔ མན་ངག་རྩ་བའི་ཐེམ་བྱང་ཡིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ དབང་ཆེན་ཟིལ་གནོན་སྔགས་བཟླས་པས༔ ལྷ་འདྲེ་ཐམས་ཅད་འཁྲུགས་གྱུར་ཏེ༔ ཞེས་པ་ནི༔ ཧྲཱིཿམ་ཧཱ་ཀྲོ་དྷ་པདྨཱནྟ་ཀྲྀཏ་ཧ་ཡཾ་གྲཱི་ཝ་ཧཱུྃ་ཧཱུྃ་ཕཊ༔ གཤིན་རྗེའི་སྲོག་ལ་ཡ༔ མ་མོའི་མ༔ རྒྱལ་པོའི་ར༔ བཙན་གྱི་ཙ༔ བདུད་ཀྱི་དུ༔ འགོང་པོའི་ཏྲི༔ ཀླུའི་ཕུ༔ གཟའི་ཏི༔ སྡེ་བརྒྱད་ཟིལ་གྱིས་གནོན་པའི་སྔགས༔ ཧྲཱིཿཧཱུྃ་ཕཊ༔ དང་པོ་ཆོ་འཕྲུལ་སྣ་ཚོགས་སྟོན༔ ཞེས་པ་ནི༔ མོན་པ་དང་བུད་མེད༔ བཙུན་པ༔ བུ་ཆུང༔ རྟ་པ༔ རི་དྭགས་དང༔ མི་ནག་དང༔ སྤྲེའུ་དང༔ གླང་གཡག་དང༔ མེ་འབར་བ་དང༔ སེར་བ་འབེབ་པ་དང༔ ཆུ་ཆེན་པོ་འཁྲུགས་པ་ལ་སོགས་པ་འོང་སྟེ༔ ཆོ་འཕྲུལ་ཅི་ཙམ་ཆེ་ཞིང་མྱུར་ན་དགའ་འོ༔ འགྲུབ་པའི་རྟགས་ཡིན་ནོ༔ འཇིགས་པ་དང༔ ཞུམ་པ་དང༔ ཁེངས་པ་སོགས་མི་བྱ་བར་རང་ལུགས་སུ་བཞག་གོ༔ བར་དུ་དབང་སྡུད་བཀའ་ལ་ཉན༔ ཅེས་པ་ནི༔ བདག་ལ་ཕྱག་འཚལ་བ་དང༔ བསྐོར་བ་བྱེད་པ་དང༔ ཅི་བགྱི་ཟེར་ཞིང་བྲན་དང་གཡོག་བྱེད་ན་བཀའ་ཉན་པའི་རྟགས་སོ༔ ཐ་མ་ཅི་བཅོལ་ལས་རྣམས་བྱེད༔ ཅེས་པ་ནི༔ ཉི་ཟླ་ཤར་བ་དང༔ མཚོན་ཆ་སྐྱེས་པ་དང༔ མཚོན་ཆ་ཁོང་དུ་མིད་པ་རྨིས་པ་ན༔ ཅི་བཅོལ་བའི་ལས་བྱེད་པའི་རྟགས་སོ༔ ྀཨཚ༔ བུ་ག་བསལ་ལ་ལས་ལ་བཏང༔ ཞེས་པ་ནི༔ མཚན་མ་གཏན་ལ་ཕེབས་པ་གཅེས༔ རྡུགས་ན་་་དབང་དུ་འདུས་པའི་རྟགས་བྱུང་ན་སྡེ་བརྒྱད་གཟིར་བའི་ལས་མི་བྱེད།་་་མཁའ་འགྲོ་ལྡོག༔ ཤིན་ཏུ་དྲག་ན་སྙིང་རེ་རྗེ༔ སེམས་བསྐྱེད་ཉམས་འགྲོ་བས་ཉམས་དང་རྨི་ལམ་དུ་གདོན་ཤིན་ཏུ་རིད་ཅིང་བཀའ་ཉན་པ་བྱུང་ན༔ གཏོར་མ་བྱིན་ལ་ལས་བྱེད་བསྒོས་ཏེ་ལས་ལ་བཏང༔ དམིགས་པས་ཧྲཱིཿཀུན་ཚུར་ལ་བསྡུས༔ སླར་ཡང་ཚུར་ལ་རྒོལ་ཞིང་མི་ཉན་ན༔ གོང་བཞིན་སྔགས་དང་དམིགས་པས་གཟིར༔ རང་ཉིད་ཉམས་དང་སྦྱར་བ་གཅེས་སོ༔ ཞལ་གདམས་ྀཨཚ༔ ལས་ཚོགས་དྲུག་ལ༔ དགྲ་ལ་རྦད་ན་ནྲྀ་ལ་བརྡེག༔ ཅེས་པ་ནི༔ སྔགས་རྣམས་རྫོགས་པའི་ཤམ་བུ་རུ༔ དགྲ་བོ་ཆེ་གེ་མོ་ནྲྀ་ཧུར་ཐུཾ་ཛཿམཱ་ར་ཡ་རྦད༔ ཅེས་དྲག་ཏུ་བཟླ་ཞིང་་་སྔགས་ཏེ་ལིངྒ་དགྲ་ཡུལ་ལ།་་་ཐུན་བརྡེག་གོ༔ དམ་འགོང་འདུལ་ན་ཞུམ་ཏྲི་གདགས༔ ཞེས་པ་ནི༔ དམ་འགོང་དང་རྒྱལ་འགོང་འདུལ་ན༔ སྔགས་ཀྱི་ཤམ་བུར༔ ཞུམ་ཏྲི་ཧུར་ཐུཾ་ཛཿཏྲི་མཱ་ར་ཡ་རྦད་ནན༔ ཞེས་བཟླས་སོ༔ དེས་ཆོག་གོ༔ པུ་ཏྲ་རཀྵས་སྲིའུ་གསོ༔ ཞེས་པ་ནི༔ སྔགས་ཀྱི་ཤམ་བུ་རུ༔ པུ་ཏྲ་རཀྵ་རཀྵ་ཀུ་རུ་སྭཱ་ཧཱ༔ ཞེས་བརྒྱ་རྩ་རེ་ནང་ནུབ་ལ་བཟླས་པས་ཆོག༔ ཨཱ་ཡུ་སིདྡྷིས་ཚེ་སྲོག་འགུགས༔ ཞེས་པ་ནི༔ ཚེ་ལུང་བཞིན་བཅས་ཏེ་སྔགས་ཀྱི་ཤམ་བུ་རུ༔ ཨཱ་ཡུ་སིདྡྷི་ཧཱུྃ་ཨཱ༔ ཞེས་བཟླས་ཏེ་ལྕགས་ཀྱུའི་ཕྱག་རྒྱ་བཅས་ནས་ལན་སྟོང་གིས་ངེས་པར་ཁུག་གོ༔ ཚེ་རྟེན་སྲང་ལ་གཞལ་བས་རྟགས་ངེས་པར་འོང་ངོ༔ པི་པི་ཡེར་གྱིས་ཕྱག་རྒྱ་འགུགས༔ ཕྱག་རྒྱ་བུ་མོ་མཚན་ཉིད་དང་ལྡན་པ་འགུགས་ན༔ རྩ་བའི་བསྙེན་པ་རྫོགས་ནས་བུད་མེད་ཀྱི་རྐང་རྗེས་ས་དང༔ ཆུ་ཤུལ་ལ་མོ་རང་གི་གཟུགས་བྱས་ཏེ༔ ཞག་བདུན་སྨྲ་བཅད་བྱས་ལ་ཡུངས་དཀར་གྱིས་བྲབ་བོ༔ འགྲུབ་རྟགས་སུ་ལྕེ་རྩེ་གཡའ་རུ་འོང༔ པི་པི༔ ཡེར་ཡེར༔ ལྷེང་ལྷེང༔ ཐེག་ཐེག༔ ཕུག་ཕུག༔ སྙིལ་སྙིལ༔ སློང་སློང༔ ཐོད་དེ་གིན་དྷི་ལོག༔ ཡིག་འབྲུ་བཅུ་དགུ་གི་གུ་དྲུག༔ འགྲེང་བུ་བདུན༔ ན་རོ་བཞི༔ ཞབས་ཀྱུ་གཉིས༔ ཧ་འདོགས་གཉིས༔ ལ་འདོགས་གཉིས༔ སྡེ་ཚན་བརྒྱད༔ ཨོཾ་དང་སྭཱ་ཧཱ་མེད་དོ༔ ཨུ་མའི་སྔགས་རྒོད་ལས་མྱུར༔ ནཱ་ནཱ་ཁ་དྷེས་ཟས་ནོར་སྤེལ༔ ཞེས་པ་ནི༔ ནོར་བསྒྲུབ་ན་གོང་གི་སྔགས་ཀྱི་ཤམ་བུར༔ ནཱ་ནཱ་ཁ་དྷེ་སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་འབྲུ་སྣ་ལ་བསྔགས་ཏེ༔ ཁང་པའི་བང་བའམ༔ མཛོད་ཕུག་ཏུ་ཟླ་བ་ཡར་ངོ་ལ་སྐར་མ་བྲེ་འོང་དུས་གཏོར་ན༔ ནོར་ཕྱུག་པོར་འགྱུར་རོ༔ འདི་རྣམས་གཏེར་ཁ་གཞན་དུ་གབ་བོ༔ དྲོད་ཚད་ཞལ་གདམས་ལ་སོགས་ཞལ་ལས་ཤེས༔ ཞེས་པ་ནི༔ གལ་ཏེ་ཆོ་འཕྲུལ་བསླངས་ནས་ཞི་རུ་མ་འདོད་ན༔ སྔགས་འདིས་གཟིར༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧཱ་ཀྲོ་ཏ་ཧཱུྃ་ཧཱུྃ་ཕཊ༔ དུ་ཏྲི་ཕུ་ཏི་ཧྲཱིཿཧཱུྃ་ཕཊ༔ པདྨཱནྟ་ཀྲྀཏ་ཧ་ཡཾ་གྲཱི་ཝ་ཡ་མ་ར་ཙ་ར་དུ་ཧུར་ཐུམ་ཛ༔ མཱ་ར་ཡ་རྦད་ནན༔ ཞེས་བཟླས་པས་རང་ཞིར་འགྲོ་འོ༔ སྐབས་སུ་བསྟོད་ཅིང་འཛབ་ཏུ་བཟླ༔ རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་ལས་ཚོགས་རྫོགས་སོ༔ ྈྈ ྈྈ བྱང་ཟང་ཟང་ལྷ་བྲག་གི་ནུབ་ཟངས་མཛོད་དམར་པོ་ནས། རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་གཏེར་ནས་བཏོན་པའོ།། ༄༅༔ རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་དབང་ཆོག་བཞུགས་སོ༔ རྟ་མགྲིན་དབང་གི་ལྷ་ལ་ཕྱག་འཚལ་ལོ༔ སྔོན་འགྲོ་བཀྲ་ཤིས་དག་པའི་ས་ཕྱོགས་སུ༔ མཎྜལ་མཆོད་གཏོར་མཁོ་བའི་ཡོ་བྱད་བསགས༔ སློབ་དཔོན་བསྐྱེད་རྫོགས་ལྟ་བའི་གདིང་ལྡན་པས༔ གསོལ་བཏབ་བསྙེན་པ་རང་དབང་ལུང་ནོད་བྱ༔ དངོས་གཞི་སློབ་མ་ཁྲུས་དབྱུང་མིག་དར་དང༔ མེ་ཏོག་དང་བཅས་ཕྱི་ནས་འདི་སྐད་ཞུ༔ ཀྱེ༔ འགྲོ་བའི་མགོན་པོ་སྟོན་པ་བླ་ན་མེད༔ བདེ་གཤེགས་ཀུན་འདུས་བདག་ལ་དགོངས་སུ་གསོལ༔ མ་རིག་ལས་ཀྱིས་མནར་བའི་སེམས་ཅན་ལ༔ ཐུགས་རྗེས་བརྩེར་དགོངས་དབང་མཆོག་བསྐུར་དུ་གསོལ༔ བླ་མས༔ ཀྱེ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་བདག་ལ་གསོན༔ གསང་བ་མཆོག་འདི་རབ་ཏུ་གཉན་པས་ན༔ མི་འདའ་རྡོ་རྗེའི་དམ་ཚིག་བསྲུང་ནུས་སམ༔ དེ་ལྟར་ཁས་ལེན་བདག་གིས་དབང་མཆོག་སྦྱིན༔ ས་མ་ཡ༔ ཨི་དནྟོ་ན་ར་ཀན༔ ཞེས་བདུད་རྩི་བླུད༔ དེ་ནས་ནང་དུ་བཅུག་བགེགས་བསྐྲད༔ སྲུང་འཁོར་བསྒོམས་ལ་གྲལ་དུ་འཁོད༔ ཀྱེ་ཧོ༔ བླ་མ་བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱིས༔ བྱིན་རླབས་ཡེ་ཤེས་བདག་ལ་དབབ་ཏུ་གསོལ༔ དེ་ནས་སྐྱབས་སེམས་སྔོན་སོང་སློབ་མ་ལྷ་རུ་བསྐྱེད༔ ཧྲཱི༔ ལྷོ་ནུབ་དགའ་བའི་ཚལ་གྱི་དུར་ཁྲོད་ནས༔ ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དབང་གི་ལྷ༔ བདེ་གཤེགས་ཁྲོ་བོའི་ལྷ་ཚོགས་འཁོར་དང་བཅས༔ ཐུགས་རྗེས་བརྩེར་དགོངས་གནས་འདིར་བྱིན་ཕོབ་ཅིག༔ ཧྲཱིཿཧྲཱིཿཧྲཱི༔ ཞེས་པས་གཉིས་མེད་བསྟིམ༔ པུཥྤེ་སིདྡྷི་ཧཱུྃ༔ ཞེས་མེ་ཏོག་འབུལ༔ པུཥྤེ་ཨ་བྷི་ཥིཉྩས་དབང་བསྐུར་སྦྱིན༔ མིག་ཕྱེ་ནང་གི་ལྷ་ངོ་སྤྲད༔ དེ་ནས་བུམ་དབང་བསྐུར་བ་ནི༔ ཧྲཱི༔ རིན་ཆེན་བུམ་པ་མཚན་ཉིད་ཡོངས་རྫོགས་ནང༔ དག་བྱེད་ཡེ་ཤེས་བདུད་རྩི་ལྷ་ཡི་ཆུ༔ བདེ་གཤེགས་དབང་ཆེན་འདུས་པའི་བུམ་པ་ཡིས༔ སྐལ་ལྡན་དབང་བསྐུར་དབང་བཞིའི་སྣོད་གྱུར་ཅིག༔ ཧྲཱིཿཀ་ལཱ་ཤ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བྱིན་དབབ་བུམ་དབང་ངོ་སྤྲོད་དག་པ་བརྗོད༔ གསང་དབང་བདུད་རྩིའི་དབང་བསྐུར་ནི༔ ཧྲཱི༔ ཆོས་སྐུ་སྣང་མཐའི་ངང་ལས་མ་གཡོས་ཀྱང༔ ལོངས་སྤྱོད་རྫོགས་སྐུ་སྣང་ཚུལ་ཅིར་ཡང་སྟོན༔ སྤྲུལ་སྐུ་ཁྲོ་རྒྱལ་རྟ་མགྲིན་དབང་གི་ལྷ༔ ཀུན་འདུས་བྱང་སེམས་བདུད་རྩིའི་དབང་བསྐུར་རོ༔ ཧྲཱིཿབོ་དྷི་ཙིཏྟ་ཨ་མྲྀཏ་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ གསལ་སྟོང་ངོ་སྤྲོད་དེ་བཞིན་དག་པ་བརྗོད༔ མེ་ལོང་སིནྡྷུ་ར་ཡི་དབང་བསྐུར་ནི༔ ཧྲཱི༔ རེག་བྱའི་བདེ་བ་འཇམ་ཞིང་ཡིད་དུ་འོང༔ སྟོང་གསལ་མཉམ་ཡངས་ཡེ་ཤེས་གསལ་འགྲིབ་མེད༔ སྣ་ཚོགས་འཆར་བ་ཤེས་རབ་དབང་མཆོག་འདི༔ སྐལ་ལྡན་གསང་སྔགས་དམ་པར་དབང་བསྐུར་རོ༔ ཧྲཱིཿཀརྨ་མུ་དྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བདེ་སྟོང་ངོ་སྤྲོད་དེ་བཞིན་དག་པ་བརྗོད༔ བཞི་པ་གཏོར་དབང་བསྐུར་ཞིང༔ ཧྲཱི༔ སྣོད་བཅུད་རྣམ་དག་རྟེན་དང་བརྟེན་པར་བཅས༔ རང་ལུས་ཕུང་ཁམས་དང་བཅས་གཞལ་ཡས་ཁང༔ དོན་དམ་རིག་སྟོང་འགྱུར་མེད་བཞི་པའི་དབང༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཧྲཱིཿཏི་ལ་ཀ་ཛྙཱ་ན་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པར་ངོ་སྤྲོད་དེ་བཞིན་དག་པ་བརྗོད༔ གཞན་དོན་ནུས་ལ་བཀའ་སྲུང་གཏད་རྒྱ་བྱེད༔ དམ་བསྲེ་རྗེས་ནི་གཏང་རག་ཚོགས་འཁོར་ཤིས་པ་བརྗོད༔ དེ་ལྟར་དབང་ཆེན་དྲེགས་པའི་དབང་བསྐུར་ཐབས༔ རང་གི་མིག་དང་སྙིང་ལས་ཕངས་གྱུར་ཀྱང༔ མ་འོངས་སྙིགས་མ་བཞི་བཅུ་ཁ་རལ་དུས༔ དམ་སྲི་སྡེ་བརྒྱད་རྡུལ་དུ་བརླག་པ་ཡི༔ ཆོས་ཟབ་པདྨའི་སྙིང་ཁྲག་དྭངས་མ་འདི༔ འགྲོ་བ་མཆོག་དམན་སུ་ཡིས་ཉམས་བླངས་ཀྱང༔ ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ངེས༔ རྟག་ཏུ་མི་འབྲལ་བཅང་བའི་ཆོས་མཆོག་ཏུ༔ བཟང་ངན་འབྲེལ་ཚད་ཐུགས་རྗེའི་སྨོན་ལམ་གྱིས༔ བདེ་ཆེན་གནས་སུ་འཁྲིད་པས་དེ་ལ་སྤྲོད༔ དྲག་མོ་སྙིང་ཟན་ཁྱོད་ལ་གཏད་དོ་རྒྱ༔ གཏེར་རྒྱ༔ ཟབ་རྒྱ༔ གསང་རྒྱ༔
དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ལོ་རྒྱུས་སྙིང་གི་ཏི་ཀ་ (Volume 62, Text 3)
༁ྃ༔ དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ལོ་རྒྱུས་སྙིང་གི་ཏི་ཀ་བཞུགས་སོ༔ སྡེ་གསུམ་སྤྱི་སྐོར། ྈྈྈྈྈྈྈྈྈ ན་མོ་གུ་རུ༔ དམ་ཆོས་རྫོགས་པ་ཆེན་པོ་ལ་སྡེ་དྲུག་ལས༔ ཐོག་མར་ལོ་རྒྱུས་ཀྱི་སྡེ་ལའང་སྐོར་གསུམ་སྟེ༔ སྔ་མ་དང་བར་པ་ཐ་མ་གསུམ༔ དང་པོ་གཞིའི་རྒྱུད་ཀུན་ཏུ་བཟང་པོ༔ ལམ་ཡེ་ཤེས་ཆེན་པོ༔ འཁོར་བསམ་གྱིས་མི་ཁྱབ་པ༔ དུས་ཐོག་མཐའ་མེད་པ༔ ཞིང་ཀུན་ལ་ཁྱབ་པ་ལྔས་བསྡུས་ཏེ་རྫོགས་པ་ཆེན་པོ་གདམས༔ ས་མ་ཡ་རྒྱ༔ འོག་མིན་དུ་སྟོན་པ་རྡོ་རྗེ་སེམས་དཔས༔ འཁོར་རིགས་ལྔ་པོ་ལ༔ དུས་ཐོག་མ་དག་ལ་ཡེ་ནས་གསལ་བར་བསྟན་ཏོ༔ ས་མ་ཡ་རྒྱ༔ སུམ་ཅུ་རྩ་གསུམ་གྱི་ལྷ་གནས༔ རྒྱ་མཚོའི་གཏིང་རུམ༔ གནམ་ལྕགས་ཡོད་པའི་རྩེར༔ འགྲོ་བ་དྲུག་ཏུ་ཐུབ་པ་དྲུག་དང་དགུ་རྣམས་ཀྱིས༔ ཀུན་ཏུ་བཟང་པོས་བཤད་པའི་དུས་ན༔ འགྲོ་བའི་ཁམས་ན་རྫོགས་པར་སྣང་བར་གྱུར་ཏོ༔ ས་མ་ཡ་རྒྱ༔ དགའ་རབ་རྡོ་རྗེ་འོག་མིན་དུ་ཕྱིན་ཏེ༔ རྡོ་རྗེ་སེམས་དཔའ་ལས་རྒྱུད་འབུམ་ཕྲག་དྲུག་ཅུ་གསན་ཏེ༔ འཇམ་དཔལ་བཤེས་གཉེན་ལ་བུམ་པ་གང་བྱོས་ཀྱི་ཚུལ་དུ་གནང༔ དེས་ཤྲཱི་སིཾ་ཧ་ལ་རྒྱས་བཀྲོལ་ཏེ་ཡོངས་སུ་རྫོགས་པར་བཤད་དོ༔ ས་མ་ཡ་རྒྱ༔ སྤྱི་དོན་གཉིས་པ༔ སྤྱིར་གསང་སྔགས་གསང་བ་བཅུ་ལས༔ བླ་མ་གསང་བར་གཅེས་པ་དང༔ བྱེ་བྲག་རྒྱ་གར་གྱི་ལུགས་ལ་བླ་མ་ཤིན་ཏུ་གསང་ཞིང༔ ཁྱད་པར་ཨོ་རྒྱན་ཆེན་པོས༔ བླ་མའི་མཚན་ནི་ཤིན་ཏུ་གསང་བར་མཛད༔ ཐ་མའི་ཐ་མར་བཀའ་ཡི་ཐ་མར་དགེ་བ་བདག་ཅག་རྣམས་ཀྱིས་ཐོས་པ་ལས༔ བོད་ཡུལ་དུ་བརྒྱ་དང་ལྔ་བཅུ་བཞུགས་པའི་བརྒྱ་ལ་ནི་མ་ཐོས་སོ༔ ཐོས་པའི་ཚུལ་ནི༔ ཨོ་རྒྱན་རིན་པོ་ཆེ་ནི་རིག་པའི་རྩལ་དབང་ཐོབ་པ་རྒྱ་གར་དུ་ཡོངས་སུ་གྲགས་པར་ལོ་པཎ་རྣམས་ཀྱིས་བཞེད༔ རྩལ་དབང་བསྐུར་བའི་སློབ་དཔོན་ནི་གང་ཡིན་པ་དེ་མ་འཚལ་ལོ༔ ཁོ་མོས་ཐབས་ཀྱི་སྒོ་ནས་ལན་མང་པོ་ཐོས་པར་འདོད་ཀྱང༔ ཟུར་ཙམ་མ་གནང་ངོ༔ དུས་རེ་ཞིག་གི་ཚེ༔ བོད་ཀྱི་ལོ་གསར་ཆེན་པོ་བྱས་པའི་དུས༔ གྲལ་གྱི་གོང་ནས་ཁྲི་སྲོང་ལྡེའུ་བཙན་གྱིས་གསུངས་པ༔ བདག་ཅག་རྣམས་ལ་བཀྲིན་ཆེ་བ་ནི་གུ་རུ་རིན་པོ་ཆེ་འདི་ཉིད་ལགས་ཤིང༔ དེང་སང་མོན་དུ་བཞུགས༔ མོན་མོ་བཀྲ་ཤིས་ཁྱེ་འདྲེན་སོགས་མོན་མི་སྐལ་ལྡན་འགའ་ལ༔ སྐུའི་བཀོད་པ་སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་སུ་བསྟན་ཅིང༔ སྔར་མ་གྲགས་པའི་རྫུ་འཕྲུལ་གྱི་བཀོད་པ་དུ་མ་ཞིག་བསྟན་པར་ཐོས༔ ལོ་པཎ་མཁས་གྲུབ་གཞན་རྣམས་ཀྱིས་རྫུ་འཕྲུལ་ཡ་མ་ཟུང་ཅི་གནང་ནའང༔ ཨོ་རྒྱན་ཆེན་པོ་ལ་ནི་འགྲན་ཟླ་མ་མཆིས་སོ༔ འདིའི་དོན་དུ་མི་ཡུལ་དུ༔ རིག་པའི་རྩལ་དབང་ཐོབ་པ་ཨོ་རྒྱན་ཁོ་ན་ལས་མེད་པར་གྲགས༔ དེ་ཡང་རིག་པའི་རྩལ་དབང་བསྐུར་བའི་སློབ་དཔོན་ཡེ་ཤེས་ཀྱི་སྐུ་བརྙེས་པ་རྒྱ་གར་འཕགས་པའི་ཡུལ་དུ་འགྲན་ཟླ་དང་བྲལ་བ་ཞིག་ཡོད་ཚུལ་ནི་སངས་རྒྱས་གསང་བའི་ཞལ་ནས་ཐོས༔ གཞན་ངེས་པ་མ་རྙེད་པས་དེང་ཤར་བའི་ལོ་འདིར་གུ་རུ་ཉིད་ཀྱིས་བརྩལ་བའི་སློབ་དཔོན༔ དེ་ཉིད་རབ་གདམས་ངག་ཐོས་པ༔ འབྲིང་རྣམ་ཐར་ཐོས་པ༔ ཐ་མའང་མཚན་ཐོས་པ་ཞིག་ནི་བདག་ཅག་རྣམས་ངལ་བ་མེད་པར་དོན་དུ་གཉེར་བ་ནི་གལ་ཆེའོ༔ ཞེས་གསུངས་པས༔ དེ་ལྟར་བགྱིད་པར་ཞལ་འཆམས་ཏེ༔ ཨོ་རྒྱན་རིན་པོ་ཆེ་ཤེལ་བྲག་ཏུ་གདན་དྲངས༔ ཐུགས་སྲས་ཀྱི་སྙིང་པོར་གྱུར་པ་རྗེ་ཡིས་ཞུས་ཀྱང་མ་གསུངས་སོ༔ ཁྲ་འབྲུག་ཏུ་གདན་དྲངས་ཏེ་རྗེ་འབངས་མང་པོས་ཞུས་ཀྱང་མ་གསུངས་སོ༔ བུ་ཚལ་ཕོ་བྲང་དུ་རྒྱལ་པོ་ཉིད་ཀྱིས་སྤྱན་དྲངས་ཏེ་རྒྱལ་པོས་འཇིག་རྟེན་གྱི་ནོར་སྣ་མང་པོ་ཕུལ་ཏེ་ཞུས་ཀྱང༔ བདག་གི་བླ་མའི་མཚན་བརྗོད་ན་བོད་ཡུལ་གྱི་ས་གཡོ་བར་འགྱུར་རོ༔ ཞེས་གསུངས་ཏེ་མ་གསུངས་སོ༔ སྒྲ་བསྒྱུར་གླིང་དུ་ཕེབས་ནས་ལོ་ཙཱ་མཛད་དེ་ཆོས་མང་པོ་བསྒྱུར་བའི་སྐབས་ཤིག་ལ༔ གུ་རུ་ཉིད་དང་བི་མ་གཉིས་ཀ་ལ་ཞུས་པས༔ བི་མས་ནི་ཨོ་རྒྱན་གྱི་དགོངས་པ་ལ་བརྟགས་ཏེ་མ་གསུངས༔ གུ་རུ་ཉིད་ཀྱིས་ནི་ཆོས་ཀྱི་གསུང་འཕྲོས་མཛད་པར་བྱེད༔ དེ་ནས་དུས་ཁྱད་པར་ཅན་སྤྲེའུ་ལོ་སྤྲེལ་ཟླ་ར་བའི་ཚེས་བཅུ་ལ་བསམ་ཡས་ཀྱི་བར་ཁང་ནས་ཨོ་རྒྱན་རིན་པོ་ཆེས་འབྲོག་བན་ལོ་ཙཱ་དང༔ ཤེལ་དཀར་བཟའ་ཕྱག་ཕྱིར་ཁྲིད་དེ་སྔ་བར་བཞེངས་ནས་མཆིམས་ཕུར་ཕེབས༔ རྗེ་འབངས་ཐམས་ཅད་འདུས་ཤིག་པའི་བཀའ་བསྩལ་ཏོ༔ རྗེ་འབངས་རྣམས་ཀྱང་ལ་འུར་རྗེས་སུ་ཕྱིན་པས༔ བསམ་ཡས་མཆིམས་ཕུའི་ཡུལ་ཁམས་དེ་དག་པའི་ཞིང་ཁམས་ཆེན་པོར་བྱིན་གྱིས་བརླབས་ཏེ༔ ཨོ་རྒྱན་གྱིས་འགྲོ་འདུལ་སུམ་བརྒྱ་དྲུག་ཅུའི་སྐུར་བསྟན་ཏོ༔ གཙོ་བོའི་ཞལ་ནས༔ རྗེ་འབངས་རྣམས་རྟག་པར་བདག་ལ་དོན་གཉེར་ཆེ་བས་ཡང་ཡང་བསྐུལ་བའི་དོན་ནི༔ བདག་གི་རྩ་བའི་བླ་མའི་མཚན་བརྗོད་པར་གསོལ་བ་བཏབ་ཅིང༔ ཉིན་མཚན་ཀུན་ཏུ་དོན་དེ་ལས་དྲན་རྒྱུ་མེད་པ་ཀུན་ལ་བྱུང་འདུག་པ༔ དེའི་དོན་རེ་བ་ཡོངས་སུ་རྫོགས་པར་བསྐང་བར་བགྱིའོ༔ དེ་བས་ན་མཚན་བརྗོད་པར་དཀའ་བ༔ བདག་གི་བླ་མ་ཡེ་ཤེས་ཀྱི་སྐུ་བརྙེས་པ་དཔལ་ཧེ་རུ་ཀཿའཇིགས་པ་མེད་པ་ཤྲཱི་སིཾ་ཧ་ཞེས་བྱའོ༔ ཞེས་གསུངས་པས༔ ནམ་མཁའི་ཁམས་བདེ་བར་གཤེགས་པ་རྣམས་ཀྱིས་གང༔ བར་སྣང་གི་སྣང་སྲིད་རྣམས་ཟིངས་སེ་སོང༔ ས་གཞི་རྣམ་པ་དྲུག་ཏུ་གཡོས་ཏེ་འོད་དང་ཐིག་ལེར་གྱུར༔ རྗེ་འབངས་རྣམས་དགའ་འཁྱིལ་ལེར་ཟུང་འཇུག་གི་ཡེ་ཤེས་དེ་ཉིད་དུ་མཐོང་བར་གྱུར་ཏོ༔ དེའི་ཚེ་བསམ་ཡས་མཆིམས་ཕུའི་རི་དང་རྩི་ཤིང་རྣམས་ཀྱང་རྒྱ་གར་གྱི་ཕྱོགས་སུ་མགོ་གུག་པར་གྱུར་ཏོ༔ སླར་ཡང་རྗེ་འབངས་རྣམས་ཀྱིས་ལུས་ལོངས་སྤྱོད་བསོད་ནམས་ཀྱི་ཚོགས་ཀྱི་མཎྜལ་ཆེན་པོ་ཕུལ་ཏེ༔ དེས་བསྟན་པའི་གདམས་པ་སྟོན་པར་ཞུས་ཀྱང་གསུང་བར་མ་གྱུར་ཏོ༔ སླར་བསམ་ཡས་སུ་ཕེབས་ཏེ་དབུ་རྩེའི་བར་ཁང་དུ་ཁྲི་སྲོང་ལྡེའུ་བཙན༔ བཻ་རོ་ཙ་ན༔ ནམ་མཁའི་སྙིང་པོ༔ ཡེ་ཤེས་མཚོ་རྒྱལ༔ ལྷ་སྲས་མུ་ཁྲི༔ ངན་ལམ་བནྡེ་ཡེ་ཤེས༔ གཉགས་ཛྙཱ་ན༔ ལང་གྲོ་དཀོན་མཆོག༔ རྡོ་རྗེ་བདུད་འཇོམས་རྣམས་སོ་སོའི་གཟུངས་མ་དང་བཅས་པ་ཐམས་ཅད་ལ༔ སྤྱི་ལ་གཅེས་པ་ཤྲཱི་སིཾ་ཧའི་དབང་བསྐུར༔ ཕྱི་སེམས་སྡེའི་བླ་མ་སུམ་ཅུ་རྩ་གཅིག་གི་དགོངས་པ་གཅིག་ཏུ་འདྲིལ་བའི་དབང་བསྐུར་བ༔ ཡི་དམ་རྡོ་རྗེ་དབྱིངས་ཀྱི་དབང་སྤྱི་བླུགས་སུ་བསྐུར་བ༔ མན་ངག་ཨ་ཡིག་མདའ་འཕེན་ཏེ་ཕྱི་ཐུན་མོང་གི་དབང་གསུམ་བསྐུར༔ ནང་ཀློང་སྡེ་ལས༔ རིག་འཛིན་བཅོ་ལྔའི་བྱིན་རླབས༔ སྟོན་པ་བཅུ་གཉིས་ཀྱི་བརྡ་དབང༔ མངོན་རྫོགས་རྒྱལ་པོའི་དོན་དབང་རྩ་བ་དགུ་བསྒྲིལ་ཏེ་ནང་སྐོར་གྱི་དབང་གསུམ་བསྐུར༔ གསང་བ་མན་ངག་གི་སྡེ་ལས༔ རིག་འཛིན་བཅོ་ལྔའི་བྱིན་རླབས༔ ཞི་ཁྲོའི་དོན་དབང༔ སྒྲུབ་དབང་བརྒྱད་དུ་དྲིལ་བའི་དབང་སྟེ་གསང་སྐོར་གྱི་དབང་གསུམ་བསྐུར༔ དེ་རྗེས་ཀྱི་སྒྲུབས་ཐབས་དགུ་ཕྲུགས་སུ་གནང༔ རྫོགས་རིམ་སྔོན་འགྲོའི་བརྡ་དབང་གསུམ་གྱིས་སྨིན་པར་མཛད་དེ༔ དངོས་གཞི་ཁྲིད་གསུམ་གྱིས་གྲོལ་ཞིང༔ རྗེས་ཀྱི་མན་ངག་གསུམ་གྱིས་གྲོལ་བ་མཐར་ཕྱིན་པར་མཛད་དོ༔ ས་མ་ཡ་རྒྱ་རྒྱ༔ སྤྱི་དོན་གསུམ་པ་ལའང་གཉིས་ཏེ༔ སློབ་དཔོན་བཻ་རོ་ཙ་ན་རྒྱ་གར་དུ་ཡེ་ཤེས་ཀྱི་སྐུ་བརྙེས་ཤྲཱི་སིཾ་ཧ་དང་མཇལ་ཏེ་གདམས་པ་སྡེ་གསུམ་ཐོབ་པའི་བར་པ་ནི་གཅིག་ལའང་མ་བསྟན་ཏོ༔ རྒྱལ་མོ་རོང་གི་ཕྱོགས་སུ་བསྟན་པ་ཡོད་སྙམ་ཡང་ངེས་པ་མ་རྙེད་དོ༔ ཁོ་མོ་དང་གཡུ་སྒྲ་སྙིང་པོ་གཉིས་ཀྱིས་ཡང་ཡང་ཞུས་ཀྱང༔ སློབ་དཔོན་གྱིས༔ གནང་བ་སྲིད་དེ་མ་གནང་སྲིད༔ སྲིད་ན་མི་ཕམ་ཞེས་བྱར་ཡོད༔ མ་སྲིད་ཆོས་སྐུར་ཟིན་ཡང་ཆ༔ དེ་ལྟར་སློབ་དཔོན་གྱིས་གསུངས་པ་ལ་བརྟགས་ན་ཡེ་ཤེས་ཀྱི་སྐུ་བརྙེས་པ་མི་ཕམ་གྱི་མཚན་ཅན་ཡོད་པ་ཤིན་ཏུའང་ངེས༔ དེའི་སྙན་བརྒྱུད་མཐའ་ནས་མཐའ་རུ་རྒྱས་ཤིང་ཁྱབ་པ་དང༔ རྟག་པར་སྨོན་ཅིང་བདག་གིས་ལན་དུ་མར་ཞུས་ཀྱང་མ་གནང་སྟེ༔ ཕྱིས་ཁམས་ཕྱོགས་རུ་དམ་གྱི་ཕ་བོང་ནག་པོའི་སྟེང་དུ་སློབ་དཔོན་དགོངས་པ་ལ་བཞུགས་པའི་ཚེ༔ ཨོ་རྒྱན་རིན་པོ་ཆེའི་བཀའ་ལུང་བསྩལ་པ་དང་བཅས༔ གདམས་པའི་རྩ་ཚིག་ཙམ་ཞིག་བསྩལ་པ་ཡི་གེ་བྲིས་ཏེ་ཟླ་བ་གསུམ་གྱི་ཁོངས་སུ་གཏེར་དུ་སྦས་པ་དམ་བཅའ་དགོས་པར་གདམས་སོ༔ གཉིས་པ་གཏེར་སྦས་ཚུལ་ནི༔ སྤྱིར་ཨོ་རྒྱན་ཆེན་པོ་ཁམས་ཀྱི་ཕྱོགས་སུ་ལན་གསུམ་བྱོན་པའི་ཕྱི་མར་ལྷོ་ནུབ་སྲིན་ཡུལ་དུ་གཤེགས་ཁར་ཉེ་བ་ཡིན་འདྲ་ཞིང༔ དེའི་རྒྱུ་མཚན་ཀྱང༔ ཨོ་རྒྱན་ཆེན་པོས༔ ལོ་བཅུའི་ནང་ནས་སྐུ་དངོས་བོད་དུ་མེད༔ ཅེས་གསུངས་པས་རྟོགས་སོ༔ དེ་ནས་སྔ་མ་རྒྱལ་སྲས་མུ་རུབ་བཙད་པོས་ཁྲི་སྲོང་གི་བློན་པོ་འུ་རིང་བུ་བསད་ནས་རྒྱལ་ཁྲིམས་ཀྱིས་ཉེན་ཏེ་ལྷ་སྲས་ཁམས་ཀྱི་ཕྱོགས་སུ་སྤྱུགས་པའི་ཚེ༔ ཨོ་རྒྱན་ཆེན་པོ་གདན་དྲངས༔ དེའི་གོང་དུ་ལྷ་འདྲེ་དམ་ལ་བཏགས་པའི་དུས་སུ་ཡང་ས་གཞི་ཐམས་ཅད་ཞབས་ཀྱིས་མ་བཅགས་པ་མདའ་གང་ཙམ་ཡང་མེད་པར་མཛད་སྣང་ཞིང༔ ཕྱིས་འདི་ནི་ཁམས་ཀྱི་ནམ་མཁའ་མཛོད་དུ༔ བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་ཞལ་ཕྱེ་བའི་ཚེ༔ རྨ་དན་ཏིག་བྲག་ཏུ་ཕེབ་པའི་ལམ་ཞོར་དུ༔ ཤོད་ཆེན་བཞིའི་ཡ་གྱལ་སྨད་ཤོད་འཛོམ་གྱི་བྲག་པདྨ་ཤེལ་ཕུག་ཏུ་ཟླ་བ་གསུམ་དུ་བདེ་གཤེགས་འདུས་པའི་སྒྲུབ་པ་མཛད་པའི་ཚེ༔ རིག་འཛིན་ཤྲཱི་སིཾ་ཧ་ལ་ཨོ་རྒྱན་གྱིས་དགོངས་པ་གཏད་པ་ཙམ་གྱིས་ཡེ་ཤེས་ཀྱི་སྐུ་ཅན་དངོས་སུ་བྱོན་ཏེ༔ གསང་ཕུག་གོང་མ་རུ་སློབ་དཔོན་རྣམ་གཉིས་ཆོས་ཀྱི་བགྲོ་བ་མཛད་ནས་དཔེ་རྒྱུད་གཏེར་དུ་སྦས་པའི་གནང་བ་བསྩལ་ཏེ་གཏེར་དུ་སྦས་པའོ༔ དེའི་ཚེ་སློབ་དཔོན་བཻ་རོ་ཙ་ནས་ཀྱང་མཇལ་ཏེ་སྡེ་གསུམ་གྱི་སློབ་དཔོན་ཞལ་མངོན་སུམ་དུ་འཛོམས་པར་གྱུར་ཏོ༔ གཏེར་བདག་ནི་ཕྱི་ལྟར་སྐྱེས་བུ་རྡོ་རྗེ་ལེགས་པ༔ ནང་ལྟར་འབར་བ་མེ་ཡི་གདོང་ཅན༔ གསང་བ་ལྟར་མ་མོ་གཤོག་རྒོད་རྩལ་གསུམ་ལ་བཅོལ་ཏོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལོ་རྒྱུས་ངོ་མཚར་སྙིང་གི་ཏི་ཀ་འདི༔ མ་འོངས་རྗེས་ལ་ཕན་ཕྱིར་གཏེར་དུ་སྦས༔ ནམ་ཞིག་ལས་ཅན་བུ་དང་འཕྲད་པར་ཤོག༔ འཕྲད་ནས་སྐལ་ལྡན་མང་པོ་གྲོལ་བར་ཤོག༔ ྈྈྈྈ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་གི་གནམ་ཁུང་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ །ཞུས་སོ།། །།
མངའ་བདག་ཡབ་སྲས་ཐུགས་དམ་རྒྱུན་གྱི་ཉམས་ལེན་ཟབ་པ་སྐོར་བདུན་གྱི་ཕྲིན་ལས་བྱང་བུ་ (Volume 5, Text 3)
༄༅། །མངའ་བདག་ཡབ་སྲས་ཐུགས་དམ་རྒྱུན་གྱི་ཉམས་ལེན་ཟབ་པ་སྐོར་བདུན་གྱི་ཕྲིན་ལས་བྱང་བུ་བཞུགས་སོ། ། ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཡཻ་ཧཱུྃ། དུས་གསུམ་རྒྱལ་བའི་སྐུ་གསུང་ཐུགས་མཆོག་དཔལ། །གཅིག་ཏུ་བསྡུས་ཏེ་འགྲོ་བའི་དོན་མཛད་པ། །གཅིག་ཆོག་རྒྱལ་པོ་པདྨ་གུ་རུ་ལ། །སྙིང་ནས་སྐྱབས་མཆི་རྗེས་སུ་བཟུང་དུ་གསོལ། །སངས་རྒྱས་སྐུ་དངོས་པདྨ་འབྱུང་གནས་ཀྱིས། །ཡང་ཟབ་བསྐྱེད་རྫོགས་ཀུན་གྱི་བཅུད་ཕྱུངས་ནས། །མངའ་བདག་ཡབ་སྲས་ཆོས་རྒྱལ་ལ་གསུངས་པའི། །ཐུགས་དམ་ཟབ་པའི་རྒྱུན་ཁྱེར་གདམས་པ་ཡི། །ལས་བྱང་ཆོ་གའི་རིམ་པ་མདོར་བསྡུས་ཞིག །ཡི་གེར་དགོད་ཅེས་དད་དང་ལྡན་པ་ཡིས། །ཡང་ཡང་བསྐུལ་བས་ཟུར་ཙམ་བྲིས་པ་འདིས། །མ་གྱུར་འགྲོ་བ་སེམས་ཅན་མ་ལུས་པ། །ཚེ་འདིར་ཟུང་འཇུག་འོད་གསལ་བརྙེས་གྱུར་ནས། །འགྲོ་ཀུན་སྲིད་མཚོ་སྒྲོལ་བའི་དོན་བྱེད་ཤོག །འདི་ལ་ཉེས་པ་ཅུང་ཟད་མཆིས་པ་རྣམས། །ཆོས་བདག་བཀའ་སྲུང་ཚོགས་ལ་བཟོད་པར་གསོལ། །དེ་ལ་མདོར་བསྡུས་སྔོན་འགྲོ་དངོས་གཞི་རྗེས་གསུམ་དུ་བསྡུས་ཏེ་ལག་ལེན་ཡི་གེར་འགོད་པ་ལ། གཞུང་བཞིན་དཀྱིལ་འཁོར་རྫས་དང་མཆོད་པ་བཤམ། །དེ་ནས་རང་ཉིད་བདེ་བའི་སྟན་ལ་འདུག །ལུས་སེམས་ཁོང་ཀློད་སྐྱབས་ཡུལ་གསལ་གདབ་ལ། །དང་པོ་སྐྱབས་སུ་འགྲོ་བ་ནི། ན་མོ། རྩ་གསུམ་ཀུན་འདུས་གུ་རུ་རྗེ། །བདག་དང་མ་གྱུར་སེམས་ཅན་རྣམས། །འདི་ནས་བྱང་ཆུབ་སྙིང་པོའི་བར། །རྟག་པར་སྐྱབས་ཀྱིས་རྗེས་བཟུང་གསོལ། །བདག་གིས་རྩ་གསུམ་ལྷ་ཚོགས་བསྒྲུབ། །གང་དེའི་དགེ་བ་མ་ལུས་པ། ཁམས་གསུམ་སེམས་ཅན་ཐམས་ཅད་རྣམས། །རང་བྱུང་སངས་རྒྱས་ཐོབ་པར་ཤོག །ཧྲཱིཿ རྩ་གསུམ་བླ་མ་གཤེགས་སུ་གསོལ། །དགྱེས་པའི་གདན་བཞུགས་གུས་ཕྱག་འཚལ། །ཕྱི་ནང་གསང་གསུམ་མཆོད་པས་མཆོད། །ཉམས་སྒྲིབ་བཤགས་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་ཞིང་གཞན་དོན་བཞུགས། །དགེ་ཚོགས་འགྲོ་བསྔོ་ཡང་དག་གི །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །དེ་ནས་བགེགས་ལ་གཏོར་མ་གཏང་བ་ནི། ཧཱུྃ་ཧྲཱིཿ འབྲུ་གསུམ་བྱིན་རླབས་གཏོར་མ་འདིས། །ལོག་འདྲེན་བགེགས་ཚོགས་ཚིམས་གྱིས་ལ། །རང་རང་སོ་སོའི་གནས་ཉིད་དུ། །སྐད་ཅིག་ཉིད་ལ་ཕྱིར་དེངས་ཤིག །ཧཱུྃ། ང་ནི་གཏུམ་དྲག་ཁྲོ་བོའི་སྐུ །ཆེ་མཆོག་རྡོ་རྗེ་གྲོ་བོ་ལོད། །སྐུ་ལས་ཁྲོ་ཆུང་མེ་འོད་འཕྲོ། །གདོན་བགེགས་བར་ཆད་མཚམས་བཅད་དོ། །ཨོཾ་ཨཱཿཧཱུྃ་ཧཱུྃ་ཧཱུྃ། བཛྲ་གུ་རུ་དྷེ་བ་ཌཱ་ཀི་ནཱི་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ། ཨོཾ་ཨཱཿཧཱུྃ། མཆོད་རྫས་བྱིན་གྱིས་བརླབ་པ་ནི། ཧཱུྃ། ཆོས་རྣམས་དམིགས་མེད་སྟོང་པའི་ངང་། །ཡཾ་ལས་རླུང་གི་དཀྱིལ་འཁོར་དང་། །རཾ་ལས་མེ་ཡི་དཀྱིལ་འཁོར་སྟེང་། །ཀཾ་ལས་ཐོད་སྒྱེད་རང་བྱུང་སྣོད། །དེ་ནང་འབྲུ་གསུམ་འཕྲོ་འདུ་ལས། །ཕྱི་ནང་གསང་གསུམ་མཆོད་ཚོགས་དང་། །སྨན་གཏོར་རཀྟ་གསང་བའི་རྫས། །ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ནི། །ནམ་མཁའ་རབ་འབྱམས་ཁམས་གང་བས། །རྩ་གསུམ་མཆོད་པའི་རྫས་སུ་གྱུར། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ། མ་ཧཱ་རཀྟ། བ་ལིཾ་ཏ་ཧྲཱིཿཋཱ། པུཥྤེ་དྷཱུ་པེ་ཨཱ་ལོ་ཀེགནྡྷེ་ནཻ་ཝིདྱ་ཤབྡ་སརྦ་པཱུ་ཙ་མ་ཧཱ་པཉྩ་པཱུ་ཙ། མ་ཧཱ་བོ་དྷི་ཙིཏྟ་ཨོཾ་ཨཱཿཧཱུྃ། བཤགས་པ་ནི། ཧཱུྃ། རྩ་གསུམ་ཐུགས་དམ་ལྷ་ཚོགས་དགོངས་སུ་གསོལ། །བདག་གིས་ལུས་ངག་ཡིད་གསུམ་ཉོན་མོངས་ཀྱིས། །སྡིག་པ་མི་དགེ་ཅི་དང་ཅི་བགྱིས་པ། །རྩ་གསུམ་ཐུགས་དམ་ལྷ་ལ་བཟོད་པར་གསོལ། །མཐོལ་བཤགས་བཟོད་པ་དམ་པ་ཡར་བཞེས་ལ། །སྒྲིབ་མེད་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ། ཨོཾ་ཨཱཿཧཱུྃ་ཧྲཱིཿཔདྨ་གུ་རུ་བཛྲ་ས་མནྟ་ས་ཏྲི་ལོ་ཀེ་ཤྭ་ར་བཛྲ་ལོ་ཀ་ཨཱ་ཡུརྫྙཱ་ན་དྷཱ་ཀི་སིཾ་ཧ་མུ་ཁ་ཛམྦྷ་ལ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སརྦ་དྷརྨཱཿས་མ་ཡ་ཧོཿས་མ་ཡ་སཏྭཾ། གཉིས་པ་དངོས་གཞི་ཏིང་འཛིན་རྣམ་གསུམ་གཞལ་ཡས་ཁང་དང་ལྷ་ཚོགས་བསྐྱེད་པ་ནི། ཨོཾ། ཆོས་རྣམས་དམིགས་མེད་སྤྲོས་བྲལ་བསམ་ཡས་ལས། །སེམས་ཅན་ཀུན་ལ་ཁྱབ་པའི་སྙིང་རྗེ་བསྒོམ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ཕྲིན་ལས་ལས། །རང་རིག་ཧྲཱིཿལས་རང་སྣང་གཞལ་ཡས་ཁང་། །བཀོད་པ་རྒྱན་རྫོགས་ཡོངས་རྫོགས་ཕོ་བྲང་ན། །འཇའ་ཚོན་ལས་གྲུབ་འོད་ཟེར་ཕྲེང་བ་འཕྲོ། །དེ་དབུས་པཾ་ལས་འདབ་དྲུག་པདྨའི་སྟེང་། །ཐབས་ཤེས་ཉི་ཟླ་བརྩེགས་པའི་གདན་སྟེང་དུ། །རང་རིག་ཧྲཱིཿལས་དོན་གཉིས་བྱས་འདུས་ལས། །པདྨ་གུ་རུ་སྐུ་མདོག་དཀར་དམར་མདངས། །ཞབས་གཉིས་སྐྱིལ་ཀྲུང་ཕྱག་གཉིས་མཉམ་གཞག་སྟེང་། །མཚན་ལྡན་ཀ་ལི་འཆི་མེད་བདུད་རྩིས་བཀང་། །དབུ་ལ་པཎ་ཞྭ་བེར་ཕོད་ཆོས་གོས་ཅན། །དམར་སེར་བེར་ཕྱམ་སུམ་ཕྲུག་སྙན་རྒྱན་མཛེས། །སྣང་ལ་རང་བཞིན་མེད་པའི་སྐུ་རུ་གསལ། །ཕྱོགས་བཞི་སྟེང་འོག་འོད་ལྔའི་ཀློང་དཀྱིལ་དུ། །ཧཱུྃ་ཧྲཱིཿཧཱུྃ་ཧཱུྃ་ཧྲཱིཿཛཾ་འཕྲོ་འདུ་ལས། །ཤར་དུ་ངན་སོང་སྦྱོང་མཛད་མི་འཁྲུགས་མཐིང་། །ལྷོ་ཕྱོགས་སྤྱན་གཟིགས་ནམ་མཁའི་རྒྱལ་པོ་དཀར། །ནུབ་ཏུ་གཏུམ་དྲག་རྡོ་རྗེ་གྲོ་ལོད་སྨུག །བྱང་དུ་ཌཱ་ཀི་སེང་གེའི་གདོང་ཅན་མཐིང་། །སྟེང་དུ་ཚེ་དཔག་དཀར་དམར་མཐིང་གའི་མདོག །འོག་ཏུ་ཛཾ་ལྷ་ལེ་བརྒན་སྐུ་མདོག་ཅན། །ཞི་ཁྲོ་ལོངས་སྤྱོད་རྫོགས་པའི་རྒྱན་དང་ལྡན། །རང་རང་སྐུ་མདོག་ཕྱག་མཚན་འོད་དུ་འབར། །འཁོར་དུ་རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་རྣམས། །ནམ་མཁའི་སྤྲིན་ཕུང་གཏིབས་པ་ལྟ་བུར་བསམ། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས། །འོད་འཕྲོས་རང་བཞིན་གནས་ནས་ལྷ་ཚོགས་རྣམས། །སྐར་མདའ་ལམ་ལ་ཞུགས་པ་ཇི་བཞིན་དུ། །སྤྱན་དྲངས་གཉིས་མེད་ཐིམ་པས་རིགས་བདག་ནི། །དབང་བསྐུར་དབུ་བརྒྱན་དབྱེར་མེད་ངང་དུ་བསམ། །དེ་ནས་བྱིན་དབབ་སྤྱན་འདྲེན་ནི། ཧཱུྃ། རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །བདག་བློ་མོས་པའི་ཚུལ་གྱིས་སྤྱན་འདྲེན་ན། །ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་འདིར་གཤེགས་ལ། །དབང་དང་བྱིན་རླབས་དུས་འདིར་བསྩལ་དུ་གསོལ། ཧཱུྃ། པདྨ་འོད་ཀྱི་ཕོ་བྲང་དམ་པ་ནས། །རྗེ་བཙུན་པདྨ་གུ་རུ་གཤེགས་སུ་གསོལ། །ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །བཅོམ་ལྡན་མི་འཁྲུགས་རྡོ་རྗེ་གཤེགས་སུ་གསོལ། །ལྷོ་ཕྱོགས་རི་བོ་ཏ་ལའི་ཕོ་བྲང་ནས། །འཕགས་པ་སྤྱན་རས་གཟིགས་དབང་གཤེགས་སུ་གསོལ། །དུར་ཁྲོད་གསང་ཆེན་རོལ་པའི་ཕོ་བྲང་ནས། །ཆེ་མཆོག་རྡོ་རྗེ་གྲོ་ལོད་གཤེགས་སུ་གསོལ། །དུར་ཁྲོད་བསིལ་བ་ཚལ་གྱི་ཕོ་བྲང་ནས། །དྷཱ་ཀི་སེང་གེའི་གདོང་ཅན་གཤེགས་སུ་གསོལ། །ནུབ་ཕྱོགས་བདེ་བ་ཅན་གྱི་ཕོ་བྲང་ནས། །རིགས་བདག་ཚེ་དཔག་མེད་པ་གཤེགས་སུ་གསོལ། །བྱང་ཤར་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །ནོར་བདག་གནོད་སྦྱིན་ཛཾ་ལྷ་གཤེགས་སུ་གསོལ། །གཞན་ཡང་དཔའ་བོ་ཌཱ་ཀི་ཤུགས་འགྲོ་དང་། །དམ་ཅན་སྲུང་མའི་ཚོགས་རྣམས་གཤེགས་སུ་གསོལ། །ཨོཾ་ཨཱཿཧཱུྃ་ཧྲཱིཿཔདྨ་གུ་རུ་བཛྲ་ས་མནྟ་ས་ཏྲི་ལོ་ཀེ་ཤྭ་ར་བཛྲ་ལོ་ཀ་ཨཱ་ཡུརྫྙཱ་ན་དྷཱ་ཀི་སིཾ་ཧ་མུ་ཁ་ཛམྦྷ་ལ་ས་མ་ཡ་ཛཿ དེ་ནས་བཞུགས་སུ་གསོལ་བ་ནི། ཧཱུྃ། སྐྱོན་མེད་ཐབས་ཤེས་པདྨ་ཉི་ཟླ་དང་། །དར་ཟབ་རིན་ཆེན་རྣམ་ལྔའི་ཁྲི་སྟེང་དུ། །རྩ་གསུམ་ཐུགས་དམ་ལྷ་ཚོགས་འཁོར་དང་བཅས། །དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ། །རྩ་སྔགས་ཤམ་བུར། བཛྲ་ས་མ་ཡ་ཏིཥྛ་ལྷན། དེ་ནས་ཕྱག་འཚལ་བ་ནི། ཧཱུྃ། ཆོས་སྐུ་འགྱུར་མེད་གདོད་མ་གཤིས་ཀྱི་མགོན། །ལོངས་སྤྱོད་རྫོགས་སྐུ་མཉམ་ཡངས་བློ་ལས་འདས། །གང་ལ་གང་འདུལ་སྤྲུལ་སྐུས་དོན་མཛད་པའི། །རྩ་གསུམ་ཐུགས་དམ་ལྷ་ལ་ཕྱག་འཚལ་ལོ། །རྩ་སྔགས་ཤམ་བུར། ཨ་ཏི་པུ་ཧོཿ པྲ་ཏི་ཛ་ཧོཿ དེ་ནས་མཆོད་པ་འབུལ་བ་ནི། ཧཱུྃ། རྩ་གསུམ་ཐུགས་དམ་ལྷ་ཚོགས་དཀྱིལ་འཁོར་ལ། །ཕྱི་ནང་སྣོད་བཅུད་མཎྜལ་མཆོད་པའི་རྫས། །གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས། །སྐུ་ལྔ་སྒྲུབ་པའི་བདུད་རྩི་ཨ་མྲྀ་ཏ། །དུག་གསུམ་ཀུན་བསྒྲལ་མ་ཧཱ་རཀྟ་དང་། །ཞལ་ཟས་རོ་ལྡན་གཏོར་མའི་མཆོད་པ་དང་། །ལྟ་སྒོམ་སྤྱོད་གསུམ་མཉམ་ཡངས་མཆོད་པའི་རྫས། །མ་ཚང་མེད་པ་དངོས་འབྱོར་ཡིད་སྤྲུལ་ཏེ། །སྔགས་དང་ཕྱག་རྒྱ་ཏིང་འཛིན་བྱིན་བརླབས་ནས། །མཆོད་པའི་ལྷ་མོ་ཡིད་འོང་མཛེས་པ་ཡིས། །གར་དང་ཕྱག་རྒྱ་རབ་མཛེས་བསྒྱུར་ནས་སུ། །རྡོ་རྗེ་གླུ་ཡིས་བསྐུལ་ཏེ་འབུལ་ལགས་ན། །སྐུ་གསུང་ཐུགས་ཀྱི་དབྱིངས་སུ་ཐིམ་པར་མཛོད། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །རྩ་སྔགས་ཤམ་བུར། སྨན་རཀ་གཏོར་གསུམ་གྱི་སྔགས་པུཥྤེ་ནས་ག་ཎ་གུ་ཧྱ་པཱུ་ཙ་མུ་དྲ་ནཱིརྟི་སརྦ་པཱུ་ཙ་ཧོཿ དེ་ནས་བསྟོད་པ་ནི། ཧཱུྃ། བྱིན་རླབས་ཀུན་གྱི་འབྱུང་གནས་རིན་པོ་ཆེ། །དངོས་གྲུབ་བདུད་རྩི་དགོས་འདོད་སྩོལ་མཛད་པ། །བར་ཆད་སེལ་མཛད་ཀུན་འདུས་རིན་པོ་ཆེ། །པདྨ་གུ་རུའི་སྐུ་ལ་ཕྱག་འཚལ་བསྟོད། །ངན་སོང་སྡུག་བསྔལ་ཀུན་ལས་སྐྱོབ་མཛད་པ། །མེ་ལོང་ཡེ་ཤེས་དབྱིངས་སུ་སྦྱོར་མཛད་པ། །མི་འཁྲུགས་རྡོ་རྗེ་སངས་རྒྱས་བཅོམ་ལྡན་འདས། །རྡོ་རྗེའི་རིགས་མཆོག་མགོན་ལ་ཕྱག་འཚལ་བསྟོད། །འགྲོ་ཀུན་སྙིང་རྗེ་བརྩེ་བས་མི་འདོར་བར། །ཐབས་མཁས་ཐུགས་རྗེས་གཞན་དོན་མཆོག་བརྩོན་པ། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །ནམ་མཁའ་རྒྱལ་པོའི་སྐུ་ལ་ཕྱག་འཚལ་བསྟོད། །ལོག་འདྲེན་བདུད་དང་དམ་སྲི་ཚར་གཅོད་ཅིང་། དུག་གསུམ་དུག་ལྔ་དབྱིངས་སུ་སྒྲོལ་མཛད་པ། །ཆེ་མཆོག་དབང་དྲག་རྡོ་རྗེ་གྲོ་ལོད་སྐུ །གཏུམ་དྲག་འཇིགས་བྱེད་དཔལ་ལ་ཕྱག་འཚལ་བསྟོད། །དགྲ་བགེགས་བྱད་མ་བུད་ཤིང་ཉེར་འཚེའི་ཚོགས། །བསྐྱེད་རྫོགས་རིག་སྔགས་དྲག་པོས་སྲེག་མཛད་པ། །སིཾ་ཧ་མུ་ཁ་ལོག་འདྲེན་ཡོངས་ཀྱི་གཤེད། །ཌཱ་ཀི་ཡོངས་ཀྱི་གཙོ་ལ་ཕྱག་འཚལ་བསྟོད། །རྒྱལ་བའི་གསུང་མཆོག་པདྨ་དབང་གི་ལྷ། །འགྱུར་མེད་སྐུ་བརྙེས་ཚེ་བཅུད་ཀུན་གྱི་དཔལ། །བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད། །གསུང་མཆོག་རིགས་ཀྱི་བདག་ལ་ཕྱག་འཚལ་བསྟོད། །དགོས་འདོད་ཀུན་འབྱུང་དཔག་བསམ་ཤིང་ཆེན་ཏེ། །དངོས་གྲུབ་འབྲས་སྩོལ་ནོར་འཆང་གཏེར་གྱི་བདག །དབང་གི་ལས་མཛད་གནོད་སྦྱིན་ཛམྦྷ་ལ། །གཏེར་བདག་དབང་ལྡན་ཁྱེད་ལ་ཕྱག་འཚལ་བསྟོད། །གཞན་ཡང་དཔའ་བོ་དྷཱ་ཀི་མཁའ་འགྲོ་གིང་། །དམ་ཅན་བཀའ་སྲུང་གཏེར་བདག་ལ་སོགས་པ། །པདྨའི་སྤྱན་སྔར་ཐུགས་དམ་ཞལ་བཞེས་པའི། །དམ་ཚིག་གཏེར་བདག་རྣམས་ལ་བདག་བསྟོད་དོ། །དེ་ནས་འཛབ་སྐུལ་ནི། ཧཱུྃ། འཇའ་འོད་ཐིག་ལེ་འོད་ཟེར་འཕྲོ་བའི་ཀློང་། །པདྨ་ཉི་ཟླ་མ་ཆགས་གདན་སྟེང་དུ། །རྗེ་བཙུན་ཆེན་པོ་པདྨ་གུ་རུ་ལ། །མི་འཁྲུགས་རྡོ་རྗེ་སྤྱན་རས་གཟིགས་དབང་དང་། །རྡོ་རྗེ་གྲོ་ལོད་མཁའ་འགྲོ་སེང་གེའི་གདོང་། །རིགས་བདག་ཚེ་དཔག་གནོད་སྦྱིན་ཛཾ་ལྷ་སོགས། །དགྱེས་པར་བསྐོར་ཏེ་འཛུམ་པའི་མདངས་དང་བཅས། །ཞལ་ནས་སྙིང་པོ་འཛབ་ཀྱི་རང་སྒྲ་སྒྲོག །སྤྲོས་པས་རྒྱལ་བ་མཉེས་པའི་མཆོད་པས་མཉེས། །བསྡུས་པས་དངོས་གྲུབ་ཐམས་ཅད་བདག་ལ་ཐིམ། །མ་གསལ་བར་དུ་བསྙེན་ཅིང་འབད་དེ་བསྒྲུབ། །མ་འགྲུབ་བར་དུ་ཏིང་འཛིན་མི་བཏང་ངོ་། ཧྲཱིཿཔདྨ་གུ་རུ་བཛྲ་ས་མནྟ་ས་ཏྲི་ལོ་ཀེ་ཤྭ་ར་བཛྲ་ལོ་ཀ་ཨཱ་ཡུརྫྙཱ་ན་ཌཱ་ཀི་སིཾ་ཧ་མུ་ཁ་ཛམྦྷ་ལ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཤཱིནྟཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཧཱུྃ་ཕཊཿ གསུམ་པ་རྗེས་ཀྱི་ལས་འགྲིགས་ལ་དང་པོ་ཚོགས་བསང་སྦྱང་བྱིན་གྱིས་བརླབ་པ་ནི། ཧཱུྃ། རང་བྱུང་བྷནྡྷ་ཡངས་ཤིང་རྒྱ་ཆེའི་ནང་། །ཚོགས་རྫས་འདོད་ཡོན་བཟའ་བཏུང་འབག་བཙོག་རྣམས། །རང་ཉིད་ལྷ་ཡི་ཐུགས་ཀའི་འོད་ཟེར་ལས། །རཾ་ཡཾ་ཁཾ་གིས་བསྲེགས་སྦྱངས་བཀྲུས་པར་གྱུར། །སླར་ཡང་ལྷ་ཡི་ཐུགས་ཀའི་འོད་ཟེར་ནས། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཡི་འཕྲོ་འདུ་ལས། །རིགས་ལྔའི་སངས་རྒྱས་འོད་ཞུ་རྫས་ལ་ཐིམ། །གཉིས་མེད་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ དེ་ནས་ཚོགས་ལ་སྤྱན་འདྲེན་པ་ནི། ཚོགས་ཕུད་དང་པོ་ནི། ཧཱུྃ། བདེ་ཆེན་མཉམ་ཡངས་ཐུགས་དམ་ལྷ་ཚོགས་རྣམས། །གནས་འདིར་སྤྱན་འདྲེན་འདོད་ཡོན་ཚོགས་མཆོད་བཞེས། །ཐུགས་དམ་དགྱེས་བསྐང་སྒྲུབ་མཆོག་མཆེད་ལྕམ་ལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །རྩ་སྔགས་ཤམ་བུར། ག་ཎ་ཙཀྲ་པཱུ་ཙ་ལ་ཁཱ་ཧི། ཚོགས་བར་པ་བཤགས་པ་ནི། ཧཱུྃ། སྔོན་བྱུང་དུས་ནས་ད་ལྟའི་བར་དག་ཏུ། །བདག་ཅག་མ་རིག་ལུས་ངག་ཡིད་གསུམ་གྱིས། །རྩ་བ་ཡན་ལག་འགལ་འཁྲུལ་ཅི་མཆིས་པ། །ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས་པར་བགྱི། ཧྲཱིཿཔདྨ་གུ་རུ་བཛྲ་ས་མ་ཡ་ཧོཿ ཐ་མ་བསྒྲལ་མཆོད་ནི། ཧཱུྃ། གཏུམ་དྲག་དཔལ་ཆེན་རྡོ་རྗེ་གྲོ་བོ་ལོད། །གཡས་པའི་ཕྱག་ན་རྡོ་རྗེ་རྩེ་ལྔ་གདེངས། །གཡོན་པས་ཕུར་བུས་དགྲ་བགེགས་དོན་སྙིང་གཟིར། །ལོག་འདྲེན་དགྲ་བགེགས་རྡུལ་ཕྲན་བཞིན་དུ་རློགས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རྡོ་རྗེ་གྲོ་བོ་ལོད་ལོ་ཀ་དགྲ་བགེགས་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ ཡཾ་རྦད། ཧྲཱིཿ པདྨ་གུ་རུ་ཞེས་པ་ནས། ཛཾ་བྷ་ལ་ས་པ་རི་ཝཱ་ར་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་རཾ་ཁཱ་ཧི། དེ་ནས་ཚོགས་ཀྱི་སྐོང་བ་ནི། ཧཱུྃ། གསང་ཆེན་དུར་ཁྲོད་རོལ་པའི་དཀྱིལ་འཁོར་འདིར། །ཡང་གསང་དཀྱིལ་འཁོར་སྒྲུབ་རྫས་མཆོད་རྫས་བཤམས། །གང་དེས་རྩ་གསུམ་ལྷ་ཚོགས་ཐུགས་དམ་བསྐང་། །རྣལ་འབྱོར་ཉམས་ཆག་ཐམས་ཅད་སོ་སོར་བཤགས། །བཤགས་པ་བྱ་བ་ནི། ཧཱུྃ། ཆོས་སྐུ་སྐྱེ་མེད་ཡང་གསང་དོན་གྱི་ལྷ། །སྐོང་དང་བསྐང་བྱ་བཤགས་དང་བཤགས་བྱེད་མེད། །སྐྱེ་མེད་རང་བྱུང་གདོད་ནས་ལྷན་སྐྱེས་ཏེ། །རྩ་གསུམ་ཐུགས་དམ་ལྷ་ཚོགས་ཐུགས་དམ་བསྐང་། །དེ་ནས་ཚོགས་དྲང་ཞིང་བླང་བ་ནི། ཧྲཱིཿ གདོད་ནས་རྣམ་དག་མིང་ཙམ་མེད་པས་ན། གཙང་དང་དམེ་བའི་ཐ་སྙད་ཀུན་དང་བྲལ། །རང་བྱུང་རྫས་མཆོག་དགྱེས་སྐོང་ཆེན་པོ་འདི། །སྤང་བླང་གཉིས་སུ་མེད་པར་རོལ་ཏུ་གསོལ། །ཅེས་པས་དྲང་། ཧོཿ ཆོས་རྣམས་བདེ་ཆེན་ངོ་མཚར་གཅིག་པ་ལ། །གཟུང་དང་འཛིན་པའི་མཚན་མ་ཀུན་དང་བྲལ། །ཡེ་ཤེས་རྫས་མཆོག་དུ་མ་རོ་གཅིག་ངང་། །གཉིས་མེད་བདེ་བ་ཆེན་པོར་རོལ་པར་བྱ། །ཨ་ལ་ལ་ཧོཿ དེ་ནས་ཚོགས་ལྷག་ནི། ཧྲཱིཿ དང་པོ་ཕུད་བདག་རྩ་གསུམ་ཐུགས་དམ་ལྷ། །བར་དུ་ཚོགས་མཆོད་འཁོར་བཅས་མཆོད་པའི་རྫས། །ཐ་མ་ཕུད་ལྷག་བཤལ་ཆུའི་མཆོད་པ་འདི། །དཔལ་གྱི་བཀའ་ཉན་དྷཱ་ཀིའི་ལྷག་སྡུད་རྣམས། །བཞེས་ལ་སྔོན་གྱི་དམ་བཅའ་ཁས་བླངས་བཞིན། །ཞི་རྒྱས་དབང་དྲག་འགུག་སྲེག་མནན་གཟིར་སོགས། །བཅོལ་པའི་ཕྲིན་ལས་མ་ལུས་གྲུབ་པར་མཛོད། །ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། དེ་ནས་ཐུགས་དམ་གནད་ནས་བསྐུལ་བ་ནི། ཧཱུྃ། ཆོས་སྐུ་སྐྱེ་མེད་ལོངས་སྐུ་རང་བཞིན་རྫོགས། །སྤྲུལ་སྐུས་དོན་མཛད་འགྲོ་དོན་ཐབས་ཀྱིས་འདུལ། །རྩ་གསུམ་ཐུགས་དམ་ལྷ་ཚོགས་སྐུར་བཞེངས་ལ། །གནས་འདིར་བྱོན་ལ་དབང་སྐུར་བྱིན་གྱིས་རློབས། །བདག་ནི་བླ་མེད་བྱང་ཆུབ་མཆོག་སྒྲུབ་ཅིང་། །ཡང་གསང་བསྐྱེད་རྫོགས་ཉམས་སུ་ལེན་པ་ལ། །ཕྱི་ནང་གདོན་བགེགས་དགྲ་འདྲེ་མི་མཐུན་པ། །དུག་གསུམ་དུག་ལྔ་ལོག་ལྟ་གཉིས་སྣང་སོགས། །དབྱིངས་སུ་སྒྲོལ་ལ་ཕྱམ་བརྡལ་ཆེན་པོར་མཛོད། །བསྐྱེད་རྫོགས་ཟུང་འབྲེལ་ཏིང་འཛིན་གདིང་ཐོབ་ཅིང་། །སྣང་བཞི་མཐར་ཕྱིན་ཉིན་མཚན་རྣལ་འབྱོར་དོན། །ཡེ་གྲོལ་ཀློང་ཡངས་འོད་ཕུང་ཆེན་པོའི་མཆོག །ཚེ་འདིར་རྟོགས་པའི་ཕྲིན་ལས་མཛད་དུ་གསོལ། །དེ་ནས་ཆད་མཐོ་བྱ་བ་ནི། ཧཱུྃ། ཆོས་སྐུ་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ །ལོངས་སྐུ་ཞི་ཁྲོ་རབ་འབྱམས་ལྷ་ཡི་ཚོགས། །སྤྲུལ་སྐུ་པད་འབྱུང་མངའ་བདག་ཡབ་སྲས་དང་། །བརྒྱུད་འཛིན་གཏེར་སྟོན་རིག་འཛིན་སྤྲུལ་སྐུ་ཡིས། །དུས་ཚིགས་གསུམ་དུ་རྩ་གསུམ་ལྷ་ཚོགས་ཀྱི། །དཀྱིལ་འཁོར་ཞལ་ཕྱེས་སྨིན་གྲོལ་བཀོད་པ་ཡི། །བཀའ་སྲུང་གཏེར་སྲུང་དམ་ཅན་རྒྱ་མཚོ་ཡིས། ཁས་བླངས་དམ་བཅའ་ཐ་ཚིག་བོར་བ་བཞིན། །དུས་འདིར་སྔགས་འཆང་རྣལ་འབྱོར་བདག་ཅག་གིས། །བསྐུལ་ཞིང་ཕྲིན་ལས་དེང་འདིར་བཅོལ་བའི་དུས། །མཁོ་དགུའི་གཏོར་མ་དམ་རྫས་འདི་བཞེས་ལ། །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ཡི། །ནད་གདོན་བར་ཆད་དགྲ་བགེགས་ཉེར་འཚེ་ཟློག །ཚེ་དཔལ་ལོངས་སྤྱོད་གང་བསམ་འགྲུབ་པ་དང་། །བླ་མེད་བྱང་ཆུབ་ཐོབ་པའི་ཕྲིན་ལས་མཛོད། །དེ་ནས་བརྟན་མ་སྐྱོང་བ་ནི། ཧཱུྃ། ཕྱི་ཡི་སྐྱོང་མ་བརྟན་མ་བཅུ་གཉིས་ཚོགས། །ནང་གི་སྐྱོང་མ་དབང་ཕྱུག་ཉི་ཤུ་བརྒྱད། །གསང་བའི་སྐྱོང་མ་དྷཱ་ཀི་སྡེ་ལྔའི་ཚོགས། །སྔོན་ཚེ་སློབ་དཔོན་པདྨའི་སྤྱན་སྔ་རུ། ཁས་བླངས་དམ་བཅའ་གཉན་པོ་ཇི་བཞིན་དུ། །གཏོར་མའི་བཤལ་ཆུ་བདུད་རྩིར་བྱིན་བརླབས་འདིས། ཁྱེད་རྣམས་དགྱེས་བསྐངས་ཕྲིན་ལས་རྣམ་བཞི་ཡི། །དོན་རྣམས་མ་ལུས་དུས་འདིར་འགྲུབ་པར་མཛོད། །དེ་ནས་རྟ་བྲོ་ནི། ཧཱུྃ། གདུག་པའི་ཞིང་བཅུ་བསྒྲལ་བ་ཡི། །ཕུང་ཁམས་སྐྱེ་མཆེད་མ་ལུས་པར། །རྩ་གསུམ་ཐུགས་དམ་ལྷ་ཚོགས་ཀྱིས། །དུག་ལྔ་འཇོམས་པའི་བྲོ་བརྡུངས་པས། །བྲོ་ནི་འདུ་འབྲལ་མེད་པའི་བྲོ། །ཚིག་ནི་སྙིང་པོ་འཛབ་ཀྱི་གླུ། །གཉིས་མེད་ཆོས་ཀྱི་དབྱིངས་སུ་ཐིམ། །ཨོཾ་སཏྭམྦྷ་ཡ་རཀྴ་ནན། དེ་ནས་ལྷག་ཆད་ཁ་སྐོང་ནི། ཧཱུྃ། རྩ་གསུམ་ཐུགས་དམ་ལྷ་ཚོགས་དཀྱིལ་འཁོར་དུ། །སྒྲུབ་རྫས་མ་ཚང་མཆོད་རྫས་མ་འབྱོར་པ། །སྔགས་ཉམས་ཆོ་ག་ལྷག་ཆད་གྱུར་པ་རྣམས། །ཐུགས་དམ་དཀྱིལ་འཁོར་ལྷ་ལ་བཟོད་པར་གསོལ། །དེ་ནས་གཤེགས་སུ་གསོལ་བ་ནི། ཀྱེ་མ། རྩ་གསུམ་ཐུགས་དམ་ལྷ་ཚོགས་རྣམས། །དེ་རིང་ཉིད་དུ་གཤེགས་ནས་ཀྱང་། །ཐུགས་རྗེས་སེམས་ཅན་དོན་ཉིད་དུ། །སླར་ཡང་འབྱོན་པར་མཛད་དུ་གསོལ། །དཀྱིལ་འཁོར་བསྡུ་ཞིང་རྫོགས་རིམ་ནི། ཧཱུྃ། རང་རིག་སེམས་ཀྱི་དཀྱིལ་འཁོར་དུ། །ཐུགས་དམ་ལྷ་ཚོགས་མ་ལུས་པ། །དྭངས་པའི་མཚོ་ལ་གཟའ་སྐར་བཞིན། །གསལ་སྟོང་ཆེན་པོར་མངོན་དུ་ཤར། །ཆུ་ལ་ཆུ་བུར་ཐིམ་པ་དང་། །ནམ་མཁའི་འཇའ་ཚོན་ཡལ་བ་བཞིན། །སྐྱེ་མེད་ཆོས་ཀྱི་དབྱིངས་སུ་བཞག །དེ་ནས་སྨོན་ལམ་ནི། བདག་གིས་འགྲོ་བ་ཀུན་དོན་དུ། །ཐུགས་དམ་ལྷ་ཚོགས་བསྒྲུབས་ནས་སུ། །དགེ་བ་ཅི་དང་ཅི་མཆིས་པས། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །དེ་ནས་བཀྲ་ཤིས་ནི། ཧྲཱིཿ བཀྲ་ཤིས་དཔག་བསམ་ཤིང་གི་སྡོང་པོ་ལ། །དགོས་འདོད་ནོར་བུའི་འབྲས་བུ་མཆོག་ཏུ་སྨིན། །འགྲོ་ཀུན་བདུད་རྩིའི་རོ་ཡིས་ཚིམ་མཛད་པ། །བྱིན་རླབས་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །བཀྲ་ཤིས་གངས་རི་ལྷུན་སྡུག་ཆགས་པ་ལ། །འགྲོ་ལ་དགོས་འདོད་ཆུ་བོའི་རྒྱུན་ཆེན་འབེབས། །ཚ་གདུང་ཉོན་མོངས་གདུང་བ་སེལ་མཛད་པ། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་བཀྲ་ཤིས་ཤོག །བཀྲ་ཤིས་ཡེ་ཤེས་མེ་ཆེན་རབ་འབར་མཛད། །མེ་ཡི་ཚྭ་ཚྭ་རབ་གདུང་འཕྲོ་བ་ཡིས། །དགྲ་བགེགས་བུད་ཤིང་མ་ལུས་སྲེག་མཛད་པ། །མཁའ་འགྲོ་དམ་ཅན་རྣམས་ཀྱི་བཀྲ་ཤིས་ཤོག །བཀྲ་ཤིས་ས་གཞི་བརྟན་པའི་ཞིང་ས་ལ། །དོན་གྲུབ་འབྲས་བུ་ལོ་ཐོག་སྨིན་མཛད་པས། །སྐྱེ་འགྲོ་སེམས་ཅན་བདེ་བར་འཚོ་བྱེད་པ། །ཡངས་པའི་རྒྱལ་ཁམས་བདེ་བའི་བཀྲ་ཤིས་ཤོག །ཅེས་སློབ་དཔོན་པདྨ་སཾ་བྷ་ཝས། མངའ་བདག་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཡབ་སྲས་ལ་གདམས་པའི་ཐུགས་དམ་རྒྱུན་གྱི་ཉམས་ལེན་གྱི་ལས་བྱང་མདོར་བསྡུས་པ་ཞིག་དགོས་ཞེས། སྙིང་པོའི་དོན་ལ་མི་ཕྱེད་པའི་སྙིང་སྟོབས་འཆང་ཞིང་། བསྐྱེད་རྫོགས་ཀྱི་དོན་ཐུགས་ཉམས་སུ་ལེན་པར་སྤྲོ་བ་ཟུར་མཁར་ཤར་ཕྱོགས་པ་རྟ་མགྲིན་ཚེ་དབང་གིས་བསྐུལ་བ་ལས། རྫོགས་ཆེན་པ་གར་གྱི་དབང་ཕྱུག་རྩལ་གྱིས་སྟན་ཐོག་གཅིག་ཏུ་བཀོད་པའི་ཡི་གེ་པ་ནི་ཀུན་དགའ་པཎ་ཆེན་ཞེས་པས་བགྱིས་པའོ། །ཤུབྷཾ། བཀྲ་ཤིས་སོ།། །།
འཆི་མེད་ཀློང་གསལ་རྡོ་རྗེའི་སྲོག་སྒྲུབ་ལས༔ ཚེའི་ལས་བྱང་དགོས་འདོད་ཀུན་འབྱུང་ (Volume 49, Text 3)
ྈ འཆི་མེད་ཀློང་གསལ་རྡོ་རྗེའི་སྲོག་སྒྲུབ་ལས༔ ཚེའི་ལས་བྱང་དགོས་འདོད་ཀུན་འབྱུང་བཞུགས༔ ྈྈྈྈྈྈྈྈྈྈྈྈྈྈ འཆི་མེད་ཚེའི་ལྷ་ལ་ཕྱག་འཚལ་ལོ༔ འཆི་མེད་ཀློང་གསལ་རྡོ་རྗེ་སྲོག་སྒྲུབ་ལས༔ ཚེ་ཡི་ལས་བྱང་དགོས་འདོད་ཀུན་འབྱུང་བསྟན༔ དཔལ་ལྡན་སངས་རྒྱས་ཀུན་གྱི་མཛོད་འཛིན་པ༔ བླ་མེད་གསང་བ་ཀུན་གྱི་གཏེར་གཅིག་པུ༔ འཁྲུལ་མེད་ནམ་མཁའི་མཛོད་ཀྱི་སྒོ་བརྒྱ་འབྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ཡང་བྱིན་ཆེ་ཉམས་དགའ་བག་ལྡན་ཞིང༔ བཀྲ་ཤིས་དབེན་པར་སྟེགས་བུ་མདའ་གང་བ༔ བླ་གཏོར་བྲང་གཟུགས་པད་འདབ་བཞི་ཚེ་རིལ༔ དབུས་སུ་བུམ་པ་རྒྱན་ལྡན་བཀོད་པའི་མཐའ༔ མན་ངག་ལྷན་དུ་དཀྱིལ་འཁོར་བཀོད་མཛེས་བཤམ༔ སྐྱབས་སེམས་བཀའ་བསྒོ་མཚམས་གཅད་བྱིན་རླབས་དང༔ གཞལ་ཡས་ལྷ་བསྐྱེད་སྤྱན་འདྲེན་བཞུགས་གསོལ་ཕྱག༔ མཆོད་འབུལ་བསྟོད་པ་བྱ་ཞིང་ཚོགས་མཆོད་འབུལ༔ ལྷག་མཆོད་ཆད་ཐོ་བརྟན་སྐྱོང་བསྡུ་ཆོག་དང༔ བཀྲ་ཤིས་སྨོན་ལམ་མཇུག་བསྡུ་ལས་རིམ་མོ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ འགྲོ་བའི་དཔལ་མགོན་བཅོམ་ལྡན་ཚེ་དཔག་མེད༔ ཐུགས་རྗེའི་བདག་ཉིད་ཚེ་ལྷ་རིགས་ལྔའི་ཚོགས༔ འདི་གཟུང་བླ་མེད་བྱང་ཆུབ་མ་འཐོབ་བར༔ བདག་སོགས་འགྲོ་ཀུན་གུས་པས་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་བསྐྱེད་པ་ནི༔ ཧྲཱི༔ མཁའ་ཁྱབ་འགྲོ་བ་དུས་མིན་དུ༔ འཆི་བའི་འཇིགས་ལས་ལེགས་སྒྲོལ་བའི༔ འཆི་མེད་ལྷ་ཚོགས་བསྒྲུབས་ནས་ཀྱང༔ འགྲོ་བ་སྐྱོབ་པར་སེམས་བསྐྱེད་དོ༔ ལན་གསུམ། གསུམ་པ་བགེགས་གཏོར་ནི༔ ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། ཧྲཱི༔ ང་ནི་པདྨ་དབང་གི་སྐུ༔ བདུད་བཞི་འཇོམས་པའི་དཔའ་བོའི་སྐུ༔ ཚེ་རྐུ་སྲོག་ལ་འཇབ་པའི་གདོན༔ ཉོན་ཅིག་བགེགས་དང་ལོག་འདྲེན་རྣམས༔ གླུད་གཏོར་དམ་པ་འདི་ཁྱེར་ལ༔ མྱུར་བ་ཉིད་དུ་ཕྱིར་དེངས་ཤིག༔ གང་དག་མི་འགྲོ་འདུག་གྱུར་ན༔ འབྱུང་པོའི་ཚོགས་རྣམས་མ་ལུས་ཀྱི༔ མགོ་བོ་ཚལ་པ་བརྒྱར་འགས་འགྱུར༔ པདྨ་ཀྲོ་ཏ་ལོག་འདྲེན་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ༔ ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད༔ བཞི་པ་མཚམས་གཅོད་སྲུང་འཁོར་ནི༔ ཧཱུྃ༔ བདག་ཉིད་དབང་ཆེན་ཐུགས་ཀ་ནས༔ སྤྲུལ་པའི་ཕོ་ཉ་གྲངས་མེད་འཕྲོས༔ སྟེང་འོག་མཚོན་ཆའི་དྲྭ་བས་གཏམས༔ བགེགས་ཚོགས་མ་ལུས་མཚམས་བཅད་དོ༔ ཛྙཱ་ན་བཛྲ་རཀྵ་ཧཱུྃ༔ བྱིན་འབེབ༔ ཧྲཱི༔ སྐུ་ལྔ་ཡེ་ཤེས་མངའ་བདག་བཅོམ་ལྡན་འདས༔ ཚེ་ལྷ་རིགས་ལྔ་རང་བཞིན་གནས་ནས་བཞེངས༔ དཀྱིལ་འཁོར་བྱིན་ཕོབ་མཆོད་རྫས་གཟི་བྱིན་སྐྱེད༔ སྒྲུབ་མཆོག་རྣལ་འབྱོར་བདག་ལ་དབང་བཞི་སྐུར༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ལྔ་པ་མཆོད་པ་བྱིན་རླབས་ནི༔ ཨོཾ་ཨཱཿཧཱུྃ༔ མཆོད་རྫས་ཉེས་སྐྱོན་མ་དག་དངོས་འཛིན་སྦྱངས༔ རཾ་ཡཾ་ཁཾ་གིས་བསྲེགས་གཏོར་སྦྱངས་སྤེལ་བསྒྱུར༔ འདོད་ཡོན་ཟག་མེད་ཡེ་ཤེས་མཆོད་པའི་སྤྲིན༔ རྒྱལ་བའི་སྐུ་གསུང་ཐུགས་སུ་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ སྨན་གཏོར་རཀྟ་མཁའ་དབྱིངས་ཁྱབ༔ ཟག་མེད་མཆོད་སྤྲིན་ནམ་མཁའ་མཛོད༔ རང་བཞིན་དག་པའི་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བྷ་ལ་བ་ཏེ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ། དེ་ནི་སྔོན་འགྲོའི་རིམ་པའོ༔ དེ་ནས་དངོས་གཞིའི་རིམ་པ་ནི༔ དང་པོ་ཏིང་ངེ་འཛིན་གཞལ་ཡས་ཁང་བསྐྱེད་པ་ནི༔ ཧྲཱི༔ སྣང་སྟོང་ཆེན་པོའི་ཆོ་འཕྲུལ་ལས༔ ཤེས་རབ་ཡུམ་ལྔའི་མཁའ་ཀློང་དུ༔ རང་རིག་སྐྱེ་མེད་བློ་འདས་པའི༔ འཇའ་ཚོན་ལྟ་བུའི་ཏིང་འཛིན་བསྒོམ༔ ཨཱ༔ རང་རིག་གསལ་བའི་འོད་ལམ་ལས༔ ཧྲཱིཿཡིག་དམར་པོ་འོད་ཟེར་འཕྲོས༔ ནམ་མཁའི་ཀློང་དུ་འཇའ་ལྟར་ཤར༔ དེ་ལས་འོད་འཕྲོས་འབྱུང་རིམ་བརྩེགས༔ ཨེ་ཡཾ་རཾ་བཾ་ལཾ་ཀེཾ་བྷྲཱུྃ༔ འབྱུང་བ་ཆེན་པོ་ལྔ་རུ་ཤར༔ ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང༔ གྲུ་བཞི་སྒོ་བཞི་མཚན་ཉིད་ལྡན༔ ཕྱི་ནང་དྲི་མེད་འོད་ཀློང་དུ༔ ཡོངས་རྫོགས་རྒྱལ་བའི་དཀྱིལ་འཁོར་ཤར༔ བྷྲཱུྃ་ཛྙཱ་ན་ཙཀྲ་མཎྜ་ལ་ཧཱུྃ༔ གཉིས་པ་ལྷ་བསྐྱེད་པ་ནི༔ ཧཱུྃ༔ རང་རིག་ལྷུན་གྲུབ་དཀྱིལ་འཁོར་ཆེན་པོའི་དབུས༔ རྒྱུ་ཡི་ཡི་གེ་ཧྲཱིཿདམར་འཕྲོ་འདུ་ལས༔ རང་མདངས་འོད་རྩལ་རང་རིག་ཚེ་དཔག་མེད༔ སྣང་སྟོང་དྲི་བྲལ་དམར་གསལ་ལོངས་སྐུའི་ཚུལ༔ རིན་ཆེན་པྲོག་ཞུ་སྙན་རྒྱན་མགུལ་རྒྱན་མཛེས༔ ཕྱག་གདུབ་ཞབས་གདུབ་དར་དང་རིན་ཆེན་སྤྲས༔ ཕྱག་གཉིས་མཉམ་གཞག་འཆི་མེད་བཅུད་བུམ་འཛིན༔ སྐྱིལ་ཀྲུང་པང་དུ་གསང་བ་ཡེ་ཤེས་དམར༔ གཅེར་མོ་རུས་རྒྱན་ཚེ་བུམ་མདའ་དར་འཛིན༔ བདེ་བའི་ཉམས་ལྡན་ཡབ་ཀྱི་སྐུ་ལ་འཁྲིལ༔ ཕྱོགས་བཞི་པདྨ་འདབ་བཞིའི་གདན་སྟེང་དུ༔ དབུས་མདུན་བུདྡྷ་ཚེ་ལྷ་སྐུ་མདོག་མཐིང༔ གཡས་པ་མདའ་དར་གཡོན་པ་ཚེ་བུམ་འཛིན༔ ལོངས་སྤྱོད་རྫོགས་སྐུ་དབྱིངས་ཕྱུག་ཡུམ་དང་སྦྱོར༔ ཤར་ཕྱོགས་བཛྲ་ཚེ་ལྷ་སྐུ་མདོག་དཀར༔ གཡས་པ་མདའ་དར་གཡོན་པ་ཚེ་བུམ་འཛིན༔ ལོངས་སྤྱོད་རྫོགས་སྐུ་མཱ་ཀཱི་ཡུམ་དང་སྦྱོར༔ ལྷོ་རུ་རཏྣ་ཚེ་ལྷ་སྐུ་མདོག་སེར༔ གཡས་པ་མདའ་དར་གཡོན་པ་ཚེ་བུམ་འཛིན༔ ལོངས་སྤྱོད་རྫོགས་སྐུ་སྤྱན་མ་ཡུམ་དང་སྦྱོར༔ ནུབ་ཏུ་པདྨ་ཚེ་ལྷ་སྐུ་མདོག་དམར༔ གཡས་པ་མདའ་དར་གཡོན་པ་ཚེ་བུམ་འཛིན༔ ལོངས་སྤྱོད་རྫོགས་སྐུ་གོས་དཀར་ཡུམ་དང་སྦྱོར༔ བྱང་དུ་ཀརྨ་ཚེ་ལྷ་སྐུ་མདོག་ལྗང༔ གཡས་པ་མདའ་དར་གཡོན་པ་ཚེ་བུམ་འཛིན༔ ལོངས་སྤྱོད་རྫོགས་སྐུ་སྒྲོལ་མ་ཡུམ་དང་སྦྱོར༔ ཀུན་ཀྱང་སྣང་སྟོང་དྲི་བྲལ་ལོངས་སྐུའི་ཚུལ༔ སྐྱིལ་ཀྲུང་པང་དུ་རང་འོད་ཡུམ་དང་བཅས༔ གཡས་པ་རང་རྟགས་གཡོན་པ་ཚེ་བུམ་འཛིན༔ གཉིས་མེད་འཁྲིལ་སྦྱོར་བདེ་བའི་ཉམས་ལྡན་ཞིང༔ ཕྱི་རོལ་སྒོ་མཚམས་སྒོ་སྐྱོང་རྣམ་བཞི་ནི༔ དཀར་སེར་དམར་ལྗང་ལས་མདོག་ཟེར་འོད་ཅན༔ ཕྱག་གཡས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ གཡོན་པ་ཚེ་བུམ་རིན་ཆེན་དུ་མས་སྤྲས༔ ཕྱེད་སྐྱིལ་འཛུམ་ལྡན་འོད་ཀློང་གསལ་འཚེར་འབར༔ སྟེང་འོག་བར་ཁྱམས་བླ་མ་ཡི་དམ་དང༔ ཌཱ་ཀི་ཆོས་སྲུང་བཀའ་སྡོད་ཕོ་ཉར་བཅས༔ ཉི་ལྟར་གསལ་ཞིང་ཟེར་ལྟར་དྭངས་པ་ཡི༔ གནས་གསུམ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ལས༔ འོད་འཕྲོས་བདེ་བ་ཅན་དང་རྔ་ཡབ་གླིང༔ རབ་འབྱམས་དག་པའི་ཞིང་གི་ཚེ་ལྷ་རྣམས༔ ཉི་ཟེར་རྡུལ་ལྟར་སྤྱན་འདྲེན་ཞིང་འདིར་ཛ༔ བཛྲ་ས་མ་ཡ་ཛཿཛ༔ གསུམ་པ་སྤྱན་འདྲེན་པ་ནི༔ ཧྲཱི༔ འོག་མིན་བདེ་ཆེན་དབང་གི་ཞིང་ཁམས་ནས༔ འགྲོ་བ་ཀུན་ལ་གཟིགས་པའི་ཐུགས་རྗེ་ཅན༔ ཚེ་བདག་བཅོམ་ལྡན་རིགས་ལྔ་ཡབ་ཡུམ་བཅས༔ བྱིན་དབབ་དབང་བསྐུར་སྩོལ་ཕྱིར་གནས་འདིར་གཤེགས༔ མགྱོགས་མ་བཞི་སོགས་ཚེ་ཡི་ཕོ་ཉ་མོ༔ ཌཱ་ཀི་ཆོས་སྲུང་བཀའ་སྡོད་དམ་ཅན་སོགས༔ མི་མངོན་དབྱིངས་ནས་ཐུགས་དམ་གནས་འདིར་སྐུལ༔ གཞོམ་བྲལ་འཆི་མེད་སྩོལ་ཕྱིར་སྤྱན་འདྲེན་ནོ༔ ཨོཾ་ཨ་མཱ་ར་ཎ་ཛཱི་བནྟི་ཡེ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨཱ་ཡུཿསིདྡྷི་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ བཞི་པ་དམ་ཡེ་དབྱེར་མེད་དུ་བཞུགས་སུ་གསོལ་བ་ནི༔ ཧྲཱི༔ རང་སྣང་འོད་གསལ་ལྷུན་གྲུབ་གཞལ་ཡས་སུ༔ བདེ་གཤེགས་ཚེ་ལྷ་རིགས་ལྔའི་ལྷ་ཚོགས་རྣམས༔ དམ་ཡེ་དབྱེར་མེད་སྐྱོན་བྲལ་པདྨའི་སྟེང༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ལྔ་པ་ཕྱག་འཚལ་བ་ནི༔ ཧྲཱི༔ ཆོས་སྐུ་འགྱུར་མེད་རང་བཞིན་ལྷུན་གྲུབ་ལས༔ ལོངས་སྐུའི་རྩལ་མདངས་མགོན་པོ་འོད་དཔག་མེད༔ ཐུགས་རྗེའི་སྤྲུལ་བསྒྱུར་ཚེ་བདག་རིགས་ལྔའི་ཚོགས༔ བདག་སོགས་ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོ༔ དྲུག་པ་ཕྱི་མཆོད་ནི༔ ཧྲཱི༔ ཆུ་གཙང་ཡིད་འོང་སྨན་མཆོག་མཆོད་ཡོན་དང༔ མཛེས་པའི་མེ་ཏོག་དྲི་ཞིམ་ངད་ལྡན་སྤོས༔ མདངས་གསལ་མར་མེ་དྲི་བཟང་ངད་ལྡན་ཆབ༔ རོ་བརྒྱའི་ཞལ་ཟས་རོལ་མོ་དབྱངས་སྙན་ལྡན༔ བདེ་གཤེགས་ཚེ་ལྷ་རིགས་ལྔའི་ཚོགས་ལ་འབུལ༔ བཞེས་ནས་འཆི་མེད་ཚེ་དབང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡའི་བར་བརྗོད༔ ནང་མཆོད་ནི༔ ཧྲཱི༔ སྣོད་བཅུད་རྣམ་དག་བདེ་ཆེན་འོད་དུ་འབར༔ ཚོགས་དྲུག་དབང་པོའི་ཞིང་ཁམས་རབ་ཏུ་བཀྲ༔ བདེ་གཤེགས་འཆི་མེད་རིགས་ལྔའི་ཚོགས་ལ་འབུལ༔ བཞེས་ནས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བཛྲ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ༔ སྨན་མཆོད་ནི༔ ཧྲཱི༔ རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན༔ དུག་ལྔ་རྣམ་པར་དག་པའི་རྫས༔ རོ་མཆོག་བརྒྱ་ལྡན་བདུད་རྩི་འདི༔ འཆི་མེད་ལྷ་ཚོགས་རྣམས་ལ་འབུལ༔ སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི༔ རཀྟའི་མཆོད་པ་ནི༔ ཧྲཱི༔ ཉོན་མོངས་གཟུང་འཛིན་བསྒྲལ་པའི་ཁྲག༔ འདོད་ཆགས་རྣམ་པར་དག་པའི་རྫས༔ རྒྱུད་དྲུག་འཁོར་བ་བསྒྲལ་ཕྱིར་འབུལ༔ བཞེས་ནས་ཚེ་དབང་དངོས་གྲུབ་སྩོལ༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ གཏོར་མཆོད་ནི༔ ཧྲཱི༔ སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ བཅུད་ཀྱི་སྐྱེ་འགྲོ་གཏོར་མར་སྦྱངས༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་ཚེ་དབང་དངོས་གྲུབ་སྩོལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ བདུན་པ་བསྟོད་པ་ནི༔ ཧྲཱི༔ ཆོས་དབྱིངས་ངང་ནས་རང་བྱུང་སྐུར་སྟོན་པ༔ གསང་བ་ཡེ་ཤེས་ལྷ་མོ་ཡུམ་དང་སྦྱོར༔ འགྲོ་བ་ཀུན་ལ་ཐུགས་རྗེ་ཆགས་པའི་མདངས༔ མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ མདངས་རྩལ་ཡེ་ཤེས་ལྔ་ཡི་རོལ་པ་ལས༔ སྐུ་ལྔའི་བདག་ཉིད་བཅོམ་ལྡན་ཚེ་དཔག་མེད༔ འབྱུང་ལྔར་དབང་སྒྱུར་རང་རང་ཡུམ་དང་འཁྲིལ༔ ཚེ་ལྷ་རིགས་ལྔའི་སྐུ་ལ་ཕྱག་འཚལ་བསྟོད༔ སྒོ་སྐྱོང་ལས་མདོག་ཚེ་ཡི་ལྷ་མོ་བཞི༔ སྟེང་འོག་ཕྱོགས་མཚམས་བླ་ཚེ་ཡར་པ་རྣམས༔ རང་བཞིན་དབྱིངས་སུ་སྡུད་པའི་ཕོ་ཉ་མོ༔ ལྷ་མོ་སྒོ་མ་བཞི་ལ་ཕྱག་འཚལ་བསྟོད༔ ཡེ་ནས་ཡེ་ཤེས་རང་ལ་བཞུགས་པ་ལ༔ མ་རྟོགས་ཨ་འཐས་མཚན་མར་བཟུང་བའི་བློ༔ ཆོས་ཀུན་སྒྱུ་མ་ཙམ་དུ་གནས་པའི་ངང༔ རང་རིག་དོན་གྱི་ལྷ་ལ་ཕྱག་འཚལ་བསྟོད༔ ཛཔ྄་བསྐུལ་ནི༔ ཧྲཱི༔ རྟག་ཆད་མཐའ་གྲོལ་དཀྱིལ་འཁོར་འདིར༔ མ་རྟོགས་གཉིས་འཛིན་བློ་བཟོ་སྤངས༔ རིག་པ་སྐུ་ལྔའི་བདག་ཉིད་ཅན༔ ཟང་ཐལ་སྒྲིབ་གཡོགས་མེད་པའི་ངང༔ ཛཔ྄་ཀྱིས་སྐུ་གསུང་གནད་ནས་བསྐུལ༔ སྤྲོས་པས་རྒྱལ་བ་མཆོད་པས་མཉེས༔ བསྡུས་པས་ཚེ་བསོད་མངའ་ཐང་བསྐྱེད༔ ལྷ་ཉིད་རང་ལ་རང་ཉིད་ལྷ༔ དབྱེར་མེད་ངོ་བོ་ཉིད་དུ་ལྟ༔ མ་འགྲུབ་བར་དུ་བསྒྲུབ་ལ་འབད༔ སྲོག་གི་ཕྱིར་ཡང་མི་གཏོང་ངོ༔ ཐུགས་རྗེ་ཐུགས་དམ་དབྱིངས་ནས་སྐུལ༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ སྙིང་པོའོ༔ ཤམ་བུ་ནི༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿམ་མ་ཛྙཱ་ན་ཨཱ་ཡུ་ཥེ་པུཎྱེ་སིདྡྷི་ཚེ་བྷྲཱུྃ་ནྲྀཿཛ༔ ཐུན་མཚམས་ཚེ་འགུགས་བྱ་བ་ནི༔ མདའ་དར་ཚད་བཞག་གདོན་བགེགས་བསྐྲད༔ མདའ་དར་གཡབ་ཅིང་འདི་ལྟར་འབད༔ ཧྲཱིཿམ༔ ནུབ་ཕྱོགས་བདེ་ཆེན་ལྔ་ལྡན་དག་པའི་ཞིང༔ གར་གྱི་དབང་ཕྱུག་མགོན་པོ་ཚེ་དཔག་མེད༔ འགྲོ་བ་ཀུན་ལ་ཐུགས་རྗེས་མཉམ་པར་གཟིགས༔ ཐུགས་དམ་ཐུགས་རྗེས་དབྱིངས་ནས་སྐུར་བཞེངས་ལ༔ སྒྲུབ་རྫས་དཀྱིལ་འཁོར་གཉན་ལ་བྱིན་ཆེན་ཕོབ༔ བདག་སོགས་མཆེད་ལྕམ་སྒྲུབ་པོའི་ཚེ་སྲོག་སྲིངས༔ སྲོག་རྟེན་ཚེ་མདའ་འདི་ལ་ཚད་ཅིག་ཕོབ༔ འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ཧྲཱི༔ དབུས་ཕྱོགས་བདེ་ཆེན་བུདྡྷ་ཚེ་དཔག་མེད༔ ཆོས་དབྱིངས་ཀློང་ནས་ཐུགས་དམ་སྐུར་བཞེངས་ལ༔ གསང་བ་ཡེ་ཤེས་འཆི་མེད་ཚེའི་ལྷ་མོས༔ སེམས་ཀྱི་ཁམས་ནས་བླ་ཚེ་ཡར་པ་རྣམས༔ ནམ་མཁའི་ཁམས་ནས་ཚེ་ཡི་བཅུད་སྡུས་ལ༔ སྒྲུབ་རྫས་དཀྱིལ་འཁོར་གཉན་ལ་བྱིན་ཆེན་ཕོབ༔ བདག་སོགས་མཆེད་ལྕམ་སྒྲུབ་པོའི་ཚེ་སྲོག་སྲིངས༔ སྲོག་རྟེན་ཚེ་མདའ་འདི་ལ་ཚད་ཅིག་ཕོབ༔ འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ཧྲཱི༔ ཤར་ཕྱོགས་བདེ་ཆེན་བཛྲ་ཚེ་དཔག་མེད༔ མེ་ལོང་ཀློང་ནས་ཐུགས་དམ་སྐུར་བཞེངས་ལ༔ ཁྲག་གི་ཁམས་ནས་བླ་ཚེ་ཡར་པ་རྣམས༔ ཆུ་ཡི་ཁམས་ནས་ཚེ་ཡི་བཅུད་སྡུས་ལ༔ སྒྲུབ་རྫས་དཀྱིལ་འཁོར་གཉན་ལ་བྱིན་ཆེན་ཕོབ༔ བདག་སོགས་མཆེད་ལྕམ་སྒྲུབ་པོའི་ཚེ་སྲོག་སྲིངས༔ སྲོག་རྟེན་ཚེ་མདའ་འདི་ལ་ཚད་ཅིག་ཕོབ༔ འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ཧྲཱི༔ ལྷོ་ཕྱོགས་བདེ་ཆེན་རཏྣ་ཚེ་དཔག་མེད༔ མཉམ་ཉིད་ཀློང་ནས་ཐུགས་དམ་སྐུར་བཞེངས་ལ༔ ཤ་ཡི་ཁམས་ནས་བླ་ཚེ་ཡར་པ་རྣམས༔ ས་ཡི་ཁམས་ནས་ཚེ་ཡི་བཅུད་སྡུས་ལ༔ སྒྲུབ་རྫས་དཀྱིལ་འཁོར་གཉན་ལ་བྱིན་ཆེན་ཕོབ༔ བདག་སོགས་མཆེད་ལྕམ་སྒྲུབ་པོའི་ཚེ་སྲོག་སྲིངས༔ སྲོག་རྟེན་ཚེ་མདའ་འདི་ལ་ཚད་ཅིག་ཕོབ༔ འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ཧྲཱི༔ ནུབ་ཕྱོགས་བདེ་ཆེན་པདྨ་ཚེ་དཔག་མེད༔ སོར་རྟོག་ཀློང་ནས་ཐུགས་དམ་སྐུར་བཞེངས་ལ༔ དྲོད་ཀྱི་ཁམས་ནས་བླ་ཚེ་ཡར་པ་རྣམས༔ མེ་ཡི་ཁམས་ནས་ཚེ་ཡི་བཅུད་སྡུས་ལ༔ སྒྲུབ་རྫས་དཀྱིལ་འཁོར་གཉན་ལ་བྱིན་ཆེན་ཕོབ༔ བདག་སོགས་མཆེད་ལྕམ་སྒྲུབ་པོའི་ཚེ་སྲོག་སྲིངས༔ སྲོག་རྟེན་ཚེ་མདའ་འདི་ལ་ཚད་ཅིག་ཕོབ༔ འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ཧྲཱི༔ བྱང་ཕྱོགས་བདེ་ཆེན་ཀརྨ་ཚེ་དཔག་མེད༔ བྱ་གྲུབ་ཀློང་ནས་ཐུགས་དམ་སྐུར་བཞེངས་ལ༔ དབུགས་ཀྱི་ཁམས་ནས་བླ་ཚེ་ཡར་པ་རྣམས༔ རླུང་གི་ཁམས་ནས་ཚེ་ཡི་བཅུད་སྡུས་ལ༔ སྒྲུབ་རྫས་དཀྱིལ་འཁོར་གཉན་ལ་བྱིན་ཆེན་ཕོབ༔ བདག་སོགས་མཆེད་ལྕམ་སྒྲུབ་པོའི་ཚེ་སྲོག་སྲིངས༔ སྲོག་རྟེན་ཚེ་མདའ་འདི་ལ་ཚད་ཅིག་ཕོབ༔ འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ཧྲཱི༔ ཕྱོགས་མཚམས་ལྷ་མོ་སྒོ་མ་རྣམ་པ་བཞི༔ ཚད་མེད་བཞི་ཡི་ངང་ལས་སྐུར་བཞེངས་ལ༔ འབྱུང་བཞིའི་ཁམས་ནས་བླ་ཚེ་ཡར་པ་རྣམས༔ ཕྲིན་ལས་རྣམ་བཞིའི་ངང་ལས་ཚེ་བཅུད་སྡུས༔ སྒྲུབ་རྫས་དཀྱིལ་འཁོར་གཉན་ལ་བྱིན་ཆེན་ཕོབ༔ བདག་སོགས་མཆེད་ལྕམ་སྒྲུབ་པོའི་ཚེ་སྲོག་སྲིངས༔ སྲོག་རྟེན་ཚེ་མདའ་འདི་ལ་ཚད་ཅིག་ཕོབ༔ འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ཧྲཱི༔ འཆི་མེད་ཚེ་ལྷ་རིགས་ལྔ་ཐུགས་དམ་ཅན༔ ཡི་དམ་མཁའ་འགྲོ་དམ་ཅན་བྱིན་རླབས་ཅན༔ ཆོས་སྲུང་གཏེར་བདག་ཕོ་ཉ་ནུས་པ་ཅན༔ བྱིན་རླབས་ཐུགས་རྗེའི་སྤྲིན་ཕུང་ཁྲིགས་སེ་ཁྲིག༔ དངོས་གྲུབ་སྦྲང་ཆར་བཞིན་དུ་ཤར་ར་ར༔ ཐུགས་རྗེའི་མཐུ་སྟོབས་གཟི་མདངས་ཡལ་ལ་ལ༔ གཉིས་འཛིན་གདོན་བགེགས་བར་ཆད་སངས་སེ་སང༔ བདེ་དྲོད་ཉམས་དང་རྟོགས་པ་འུར་རུ་རུ༔ དཀྱིལ་འཁོར་གཞལ་ཡས་འདི་ལ་བྱིན་ཆེན་ཕོབ༔ སྒྲུབ་མཆོག་རྣལ་འབྱོར་རྣམས་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་ཞི་བ་དང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མ་མ་ཨཱ་ཡུཿཛྙཱ་ན་པུཎྱེ་སིདྡྷི་ཕ་ལ་ཧཱུྃ༔ གནད་དམ་བསྐུལ་ཞིང་བྱིན་རླབས་བསྡུས༔ དེ་ནས་རྗེས་ཀྱི་ལས་ཁྲིགས་ནི༔ དང་པོར་ཚོགས་འཁོར་བྱིན་རླབས་ནི༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཚོགས་རྫས་ཤ་ལྔ་བདུད་རྩི་ལྔ༔ མ་དག་དངོས་འཛིན་སྟོང་པར་སྦྱངས༔ འདོད་ཡོན་ཕུན་ཚོགས་རོ་བརྒྱའི་ཟས༔ མི་ཟད་འདོད་རྒུའི་རྒྱ་མཚོར་གྱུར༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ གཉིས་པ་ཚོགས་ཞིང་སྤྱན་འདྲེན་པ་ནི༔ ཧྲཱི༔ འོག་མིན་བདེ་བ་ཅན་དང་ནི༔ ལྔ་ལྡན་རིགས་ལྔའི་ཞིང་ཁམས་ནས༔ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔ དར་དཔྱང་ཅོད་པན་པུར་རུ་རུ༔ སྙན་རྒྱན་མགུལ་རྒྱན་ཁྲོལ་ལོ་ལོ༔ ཕྱག་གདུབ་ཞབས་གདུབ་སིལ་ལི་ལི༔ དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ༔ སྒྲུབ་མཆོག་རྣལ་འབྱོར་ཐམས་ཅད་ལ༔ ཚེ་དང་དབང་གི་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཛཿཛ༔ ཚོགས་ཕུད་རིམ་གྱིས་བཀྱེ་སྟེ༔ དང་པོ་ཕུད་མཆོད་ནི༔ ཧྲཱི༔ འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས༔ འདོད་ཡོན་ཚོགས་ཀྱི་མཆོད་པ་བཞེས༔ འབད་རྩོལ་མེད་པ་རྡོ་རྗེའི་ཚེ༔ དེང་འདིར་སྒྲུབ་མཆོག་རྣམས་ལ་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ བར་པ་བཤགས་པ་ནི༔ ཧྲཱི༔ བདག་སོགས་མ་རིག་ལུས་ངག་སེམས༔ བག་མེད་ཉེས་སྐྱོན་ཅི་མཆིས་པ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་བཤགས༔ དྲི་བྲལ་ཚངས་པའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ས་མ་ཡ་བི་ཤུདྡྷེ་ཨཱ༔ ཐ་མ་བསྒྲལ་བསྟབ་ནི༔ ཧཱུྃ༔ ང་དང་བདག་ཏུ་འཛིན་པ་རྣམས༔ བདག་མེད་རྡོ་རྗེ་ཕུར་པས་བསྒྲལ༔ རྣམ་ཤེས་ཆོས་དབྱིངས་ཀློང་དུ་ཕཊ༔ ཕུང་པོ་ཤ་ཁྲག་ཚོགས་སུ་འབུལ༔ ཧྲཱི༔ ཉོན་མོངས་གཟུང་འཛིན་བསྒྲལ་པ་ཡི༔ ཤ་ཁྲག་དོན་སྙིང་དབང་པོར་བཅས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ འཁོར་འདས་གཉིས་མེད་ངང་དུ་རོལ༔ མ་ཧཱ་སརྦ་པཱུ་ཛ་ཧོ༔ གཉིས་པ་ལྷག་མ་ནི༔ རྨེ་ལྷག་བསྡུས་ལ་གཙང་ལྷག་བཏབ་སྟེ་བདུད་རྩིར་བྱིན་གྱིས་བརླབ༔ ཧྲཱི༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ བྲན་དང་ཕོ་ཉ་བཀའ་ཉན་མ་ལུས་པ༔ ཐ་ཚིག་བཞིན་དུ་བཀའ་ཡི་ཕམ་འབབ་ལོངས༔ རྐྱེན་ཟློགས་དགྲ་ཐུལ་སྔགས་ཀྱི་བསྟན་པ་སྲུངས༔ ཨུཙྪིཥྚ་བ་ལིཾ་ཏ་བྷཀྵེ་བྷྱཿསྭཱ་ཧཱ༔ གསུམ་པ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ༔ སེམས་ཅན་དོན་ལ་དགོངས་པའི་ཚེ་དཔག་མེད༔ དུས་ལ་མི་འདའ་ཐུགས་རྗེའི་སྐུར་བཞེངས་ལ༔ རིག་འཛིན་འདུས་པར་བྱིན་རླབས་ཆར་ཆེན་ཕོབ༔ བླ་ཚེ་ཉམས་གསོས་བརྟན་གཡོའི་ཚེ་བཅུད་སྟིམས༔ སྒྲུབ་པའི་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ བཞི་པ་ཆད་ཐོ་བསྒྲག་པ་ནི༔ ཧྲཱི༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ འོག་མིན་གསང་ཆེན་བདེ་ཆེན་རོལ་པ་ཡི༔ བཅོམ་ལྡན་མགོན་པོ་སྣང་བ་མཐའ་ཡས་ཀྱིས༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་ཞལ་ཕྱེ་ཚེ༔ ཡེ་ཤེས་དབྱིངས་ཀྱི་སྲུང་མ་ཐམས་ཅད་ཀྱིས༔ ཚེ་ལ་རྐུ་བའི་བར་ཆད་ཟློག་པ་དང༔ སྒྲུབ་མཆོག་སྐུ་ཚེ་སྲིང་བར་མ་ཆད་དམ༔ ཐ་ཚིག་ཐུགས་དམ་བཞིན་དུ་ཕྲིན་ལས་མཛོད༔ དེ་འོག་བར་གྱི་བསྐལ་པའི་དབུས་མ་ལ༔ ཟླ་གམ་དབང་ཕུག་རཱ་ག་རཀྟ་རུ༔ རིག་འཛིན་ཆེན་པོ་པདྨ་སཾ་བྷ་དང༔ ལས་ཀྱི་གཟུངས་མ་མནྡཱ་ར་བ་ཡིས༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་ཞལ་ཕྱེ་ཚེ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་རྒྱ་མཚོ་ཡིས༔ ཚེ་ལ་རྐུ་བའི་བར་ཆད་ཟློག་པ་དང༔ སྒྲུབ་མཆོག་སྐུ་ཚེ་སྲིང་བར་མ་ཆད་དམ༔ ཐ་ཚིག་ཐུགས་དམ་བཞིན་དུ་ཕྲིན་ལས་མཛོད༔ དེ་འོག་ཐ་ཡི་བསྐལ་པའི་ཐ་མ་ལ༔ གཡའ་མ་ལུང་དང་སྒྲགས་ཀྱི་ཡང་རྫོང་དུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ ཤེས་རབ་ཡུམ་ཆེན་མཁར་ཆེན་མཚོ་རྒྱལ་མ༔ སློབ་མའི་དྭངས་མ་རྒྱལ་བ་མཆོག་དབྱངས་བཅས༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་ཞལ་ཕྱེ་ཚེ༔ ཚེ་བདག་བཀའ་སྲུང་དམ་ཅན་རྒྱ་མཚོ་ཡིས༔ ཚེ་ལ་རྐུ་བའི་བར་ཆད་ཟློག་པ་དང༔ སྒྲུབ་མཆོག་སྐུ་ཚེ་སྲིང་བར་མ་ཆད་དམ༔ ཐ་ཚིག་ཐུགས་དམ་བཞིན་དུ་ཕྲིན་ལས་མཛོད༔ དེ་འོག་ཡང་མཐའ་དུས་ལ་བབས་པའི་ཚེ༔ ཡང་རྫོང་དྲག་སྔགས་གསང་བའི་ཕུག་པ་རུ༔ རིག་འཛིན་སྔགས་འཆང་གར་དབང་ལས་རབ་རྩལ༔ ཤེས་རབ་ལྷ་མོ་ཡེ་ཤེས་འོད་འབར་བཅས༔ དགོངས་བརྒྱུད་ཚེ་ཡི་དཀྱིལ་འཁོར་ཞལ་ཕྱེ་ཚེ༔ བཀའ་དང་གཏེར་སྲུང་དམ་ཅན་རྒྱ་མཚོ་ཡིས༔ ཚེ་ལ་རྐུ་བའི་བར་ཆད་ཟློག་པ་དང༔ སྒྲུབ་མཆོག་སྐུ་ཚེ་སྲིང་བར་མ་ཆད་དམ༔ ཐ་ཚིག་ཐུགས་དམ་བཞིན་དུ་ཕྲིན་ལས་མཛོད༔ ཅེས་གཏོར་མ་སྒྲུབ་ཁང་སྟེང་དུ་འབུལ༔ ལྔ་པ་གཏོར་གཞོང་བཤལ་ཆུས་བརྟན་མ་བསྐྱང་བ་ནི༔ བྷྱོ༔ སློབ་དཔོན་ཆེན་པོ་པདྨ་ལ་སོགས་པ༔ རྒྱལ་བ་རྣམས་ཀྱི་བཀའ་སྲུང་བསྟན་སྲུང་ཞིང༔ མ་སྲིང་བརྟན་མ་ཆེན་མོ་བཅུ་གཉིས་རྣམས༔ ལྷབ་ལྷུབ་སིལ་སྙན་སྒྲ་བཅས་གནས་འདིར་བྱོན༔ མཆོད་གཏོར་བཞེས་ལ་ཐ་ཚིག་ཕྲིན་ལས་མཛོད༔ མ་མ་སྲིང་འགྲོ་མ་བ་ལིཾ་ཏ་ཁཱ་ཧི༔ དྲུག་པ་རྟ་བྲོ་ནི༔ ཧྲཱི༔ སྲིད་གསུམ་འབར་བའི་ཧོམ་ཁུང་དུ༔ ཚེ་རྐུ་སྲོག་ལ་འཇབ་པའི་གདོན༔ མནན་ནོ་དམིགས་མེད་མཁའ་དབྱིངས་རྒྱ༔ ཐེག་པ་རིམ་དགུའི་རྒྱས་གདབ་བོ༔ བདུན་པ་དབང་བླང་བ་ནི༔ ཧྲཱི༔ བདེ་གཤེགས་ཚེ་ལྷ་རིགས་ལྔའི་ལྷ་ཚོགས་རྣམས༔ ཆོས་ཀྱི་དབྱིངས་ནས་ཐུགས་དམ་སྐུར་བཞེངས་ལ༔ བདག་ལ་བརྩེར་དགོངས་ཚེ་དབང་དངོས་གྲུབ་སྩོལ༔ འཆི་མེད་ཚེ་དང་འཛད་མེད་ཟས་ནོར་གོས༔ རེ་སྐོང་ཡོན་ཏན་འགྲོ་འདུལ་ཕྲིན་ལས་དབང༔ ད་ལྟ་ཉིད་དུ་བདག་ལ་བསྩལ་དུ་གསོལ༔ ཅེས་གསོལ་བ་གདབ༔ ཧྲཱི༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཚེ་ལྷ་རིགས་ལྔའི་ཚོགས༔ སྐུ་ཡི་དབྱིངས་སུ་དབང་བསྐུར་རོ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱི༔ སངས་རྒྱས་ཀུན་གྱི་ཡེ་ཤེས་གསུང༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཚེ་ལྷ་རིགས་ལྔའི་ཚོགས༔ གསུང་གི་དབྱིངས་སུ་དབང་བསྐུར་རོ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཧྲཱི༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཚེ་ལྷ་རིགས་ལྔའི་ཚོགས༔ ཐུགས་ཀྱི་དབྱིངས་སུ་དབང་བསྐུར་རོ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཚེ་ལྷ་རིགས་ལྔའི་ཚོགས༔ སྐུ་གསུང་ཐུགས་སུ་རྒྱས་གདབ་བོ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ བུམ་པ་བདུད་རྩི་ཚེ་རིལ་མདའ་དར་གནས་སུ་བསྐུར༔ ཚེའི་རྫས་རྣམས་མྱང༔ བརྒྱད་པ་བཟོད་གསོལ་ནི༔ ཧྲཱི༔ འཆི་མེད་དཀྱིལ་འཁོར་ལྷ་ཚོགས་ལ༔ མཆོད་པ་མ་འབྱོར་མི་གཙང་ཉམས༔ བཟླས་བརྗོད་མ་དག་ཆོ་ག་ཆད༔ ཏིང་འཛིན་བྱིང་རྨུགས་གཡེང་ལ་སོགས༔ འགལ་འཁྲུལ་ཉེས་ཚོགས་བཟོད་པར་གསོལ༔ ཡི་གེ་བརྒྱ་པས་ལྷག་ཆད་བསྐང༔ དགུ་པ་དཀྱིལ་འཁོར་བསྡུ་བ་ནི༔ ཧྲཱི༔ རང་བྱུང་རང་ཤར་ཚེ་ལྷ་རིགས་ལྔའི་ལྷ༔ དམིགས་མེད་རང་གྲོལ་ཀློང་དུ་ས་མཱ་དྷི༔ སླར་ཡང་སྐྱེ་མེད་དབྱིངས་ཀྱི་ངང་ཉིད་ལས༔ རྗེས་ཐོབ་གཉུག་མའི་ཚེ་ལྷ་རིགས་ལྔར་ལྡང༔ བཅུ་པ་བསྔོ་བ་ནི༔ ཧོ༔ དགེ་བ་འདི་ཡིས་ཚེ་རབས་ཐམས་ཅད་ཀྱི༔ རྣམ་དཀར་དགེ་ཚོགས་མ་ལུས་ཇི་སྙེད་རྣམས༔ འགྲོ་ཀུན་འཆི་མེད་རིག་འཛིན་འཐོབ་ཕྱིར་བསྔོ༔ འཁོར་གསུམ་ཡོངས་དག་འཛིན་མེད་ཆེན་པོར་ཨ༔ བཅུ་གཅིག་པ་སྨོན་ལམ་ནི༔ ཧྲཱི༔ བདག་གཞན་འདི་ནས་སྐྱེ་ཚེ་ཐམས་ཅད་དུ༔ དལ་འབྱོར་མཆོག་ཐོབ་རིགས་གཙང་བློ་གྲོས་ལྡན༔ སྐུ་ལྔ་ལྷུན་གྲུབ་ཡེ་ཤེས་ལྔ་རྫོགས་ནས༔ ཚེ་རིང་ནད་མེད་བདེ་སྐྱིད་དཔལ་ཐོབ་ཤོག༔ བཅུ་གཉིས་པ་བཀྲ་ཤིས་ནི༔ ཧཱུྃ༔ བླ་མའི་བྱིན་རླབས་ཐིབས་སེ་ཐིབ༔ བརྒྱུད་འཛིན་སྨིན་གྲོལ་བཀྲ་ཤིས་ཤོག༔ ཡི་དམ་དངོས་གྲུབ་ཤར་ར་ར༔ ཉམས་རྟོགས་རྒྱས་པའི་བཀྲ་ཤིས་ཤོག༔ མཁའ་འགྲོའི་སྤྲིན་ཕུང་ཁྲིགས་སེ་ཁྲིག༔ རླུང་སེམས་དབང་ཐོབ་བཀྲ་ཤིས་ཤོག༔ ཆོས་སྐྱོང་མཐུ་སྟོབས་ཁྱུགས་སེ་ཁྱུག༔ བར་གཅོད་ཟློག་པའི་བཀྲ་ཤིས་ཤོག༔ འཇའ་ལུས་རྡོ་རྗེའི་སྲོག་རྩ་འགྲུབ༔ རྫོགས་པ་ཆེན་པོའི་བཀྲ་ཤིས་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ་རྡོ་རྗེའི་སྲོག་སྒྲུབ་འདི༔ ཚེ་སྒྲུབ་ཀུན་གྱི་ཡང་སྙིང་ཡིན༔ མང་དུ་སྤེལ་བ་བློས་མ་ལྕོགས༔ ད་ལྟ་མ་སྤེལ་དབྱིངས་སུ་སྦོས༔ མ་འོངས་དུས་ཀྱི་ཐ་མ་ལ༔ མི་རྣམས་ཚེ་ཐུང་ལོངས་སྤྱོད་དབུལ༔ དུས་མིན་འཆི་བ་གློ་བུར་འབྱུང༔ དེ་ཚེ་རྡོ་རྗེའི་སྲོག་སྒྲུབ་འདི༔ སྐལ་ལྡན་ལས་ཅན་སྐྱེས་བུས་སྤེལ༔ མང་ལ་མ་འཆལ་བརྡ་ཚེམ་ལྡན༔ ཉུང་ལ་མ་ཆད་དོན་དང་ལྡན༔ འགྲོ་བ་བློ་ཡི་ཡུལ་དང་བསྟུན༔ ལས་ཀྱི་རྒྱ་རྟགས་དབྱིངས་ནས་ཁྲོལ༔ བཀའ་འདི་གཟའ་བདུད་དྲག་མོས་སྲུངས༔ གསང་བའི་ཕུག་ཏུ་ཨ་ཐམ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་ཨོ་རྒྱན་དྲི་མེད་གླིང་པས་སྒྲགས་ཀྱི་ཡང་རྫོང་ནས་གདན་དྲངས་པའོ།། །། ྈ འཆི་མེད་ཀློང་གསལ་རྡོ་རྗེའི་སྲོག་སྒྲུབ་ལས༔ ཚེ་དབང་འགྲོ་འདུལ་འཆི་མེད་སྙིང་པོ་བཞུགས་སོ༔ ྈྈྈྈྈྈ ཐུགས་དམ་འཆི་མེད་ཚེ་ཡི་ལྷ་ལ་འདུད༔ བདག་འདྲ་གུ་རུ་མཚོ་སྐྱེས་རྡོ་རྗེ་ཡིས༔ སྙིགས་མའི་དུས་སུ་འགྲོ་བ་བསྐྱབ་པའི་ཕྱིར༔ ས་སྟེང་མ་ལུས་རིན་ཆེན་གཏེར་གྱིས་བཀང༔ ཁྱད་པར་རིན་ཆེན་ཚེ་ཡི་སྒྲུབ་པའི་སྐོར༔ མང་ལ་མ་འཆལ་ཉུང་ལ་མ་ཚང་མེད༔ རྣོ་མྱུར་བྱིན་ཆེ་འོ་མའི་མར་ལྟ་བུ༔ འཆི་མེད་ཀློང་གསལ་རྡོ་རྗེའི་སྲོག་སྒྲུབ་བཞག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གང་ཞིག་རྗེས་འཇུག་འགྲོ་བའི་དོན་སླད་དུ༔ རྩ་དབང་འགྲོ་འདུལ་འཆི་མེད་སྙིང་པོ་བསྟན༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ སྔོན་འགྲོ་སྟེགས་བུ་མདའ་གང་གྲུ་བཞི་པ༔ རྡུལ་ཚོན་རས་བྲིས་ཚོམ་བུ་སྐབས་དང་སྦྱར༔ དབུས་སུ་ཁྲི་སྟེང་རཏྣའི་བུམ་པ་དག༔ ཆུ་གཙང་ཨ་མྲྀཏ་དང་དྲི་བཟང་བླུགས༔ བུམ་པའི་སུམ་གཉིས་ཁེངས་པར་རྒྱན་ལྡན་བཤམ༔ གཡས་སུ་ཚེ་རིལ་གཡོན་དུ་ཚེ་ཆང་དང༔ རྒྱབ་ཏུ་མཆོད་གཏོར་དང་ནི་མདའ་དར་བཀོད༔ མདུན་དུ་ལས་བཞི་ལྷུན་གྲུབ་འབྲང་རྒྱས་དང༔ ཚེ་ནས་སྨན་རཀ་མཐའ་སྐོར་ཉེར་མཆོད་བཤམ༔ དངོས་གཞི་སྐྱབས་སེམས་ནས་གཟུང་བཟླས་པའི་བར༔ དཀྱིལ་འཁོར་བྱ་བ་སློབ་དཔོན་བགྱི་འོས་རྣམས༔ ལེགས་པར་གྲུབ་རྗེས་ཚོགས་མཆོད་ཐུགས་དམ་བསྐུལ༔ རྗེས་རིམ་སློབ་མ་གྲལ་འཁོད་ཁྲུས་དྲི་བཀྲུ༔ བགེགས་བསྐྲད་བྱིན་དབབ་དབང་གི་གནང་བ་ཞུ༔ དངོས་གཞི་དབང་དང་རྒྱས་གདབ་ཤིས་པ་བརྗོད༔ དང་པོ་ཁྲུས་བུམ་བདུད་རྩི་འཁྱིལ་བར་བསྐྱེད༔ ལྷ་དང་གཉིས་མེད་ཆུ་ཡིས་ལུས་ངག་བཀྲུ༔ ཧོ༔ བདེ་གཤེགས་རྒྱལ་བ་རྣམས་ཀྱི་ཡེ་ཤེས་ཆུས༔ སྐལ་ལྡན་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ༔ གནས་པའི་ནད་གདོན་སྡིག་སྒྲིབ་ཉེས་ལྟུང་རྣམས༔ བཀྲུ་བར་བགྱིད་དོ་བྱང་ཞིང་དག་གྱུར་ཅིག༔ ཨོཾ་བཛྲ་ཨ་མྲྀཏ་སོགས་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ དེ་ཡིས་ཉེས་ལྟུང་མ་ལུས་ཀུན་བྱང་ནས༔ དཀྱིལ་འཁོར་འཇུག་པའི་སྐལ་ལྡན་བུ་རུ་གྱུར༔ དེ་ལ་དྭངས་བ་བསྐྱེད་ཕྱིར་ལོ་རྒྱུས་བརྗོད༔ བཀའ་བསྒོ་མཚམས་གཅོད་སྲུང་བའི་གུར་ཕུབ་ལ༔ སློབ་མ་རྣམས་ཀྱིས་དབང་གི་གནང་བ་ཞུ༔ ཀྱེ༔ བླ་མ་རིགས་འདུས་སྐུ་ལྔའི་བདག་ཉིད་དགོངས༔ བདག་ཅག་སྐལ་ལྡན་མོས་པའི་བུ་རྣམས་ལ༔ བདུད་བཞིའི་གཡུལ་ལས་རྒྱལ་བ་རྡོ་རྗེའི་ཚེ༔ དེང་འདིར་དབང་བསྐུར་སྨིན་གྲོལ་བྱིན་གྱིས་རློབས༔ ཞེས་ཞུས་སློབ་མ་ལྷ་རུ་བསྐྱེད༔ བྱིན་དབབ་ཏིཥྛ་བཛྲས་བརྟན་པར་བྱ༔ དེ་ནས་དངོས་གཞི་དབང་གི་རིམ་པ་ལ༔ ཚེ་འགུགས་སྔོན་དུ་འགྲོ་བས།་་་ཚེ་ཡི་བུམ་པ་སྤྱི་བོའི་གཙུག་ཏུ་བཞག༔ ཧྲཱི༔ བུམ་པ་ཡེ་ཤེས་འོད་ལྔའི་གཞལ་ཡས་ཁང༔ བུམ་ཆུ་ལྔ་ལྡན་བདེ་གཤེགས་ཚེ་དཔག་མེད༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས༔ མི་འགྱུར་རྡོ་རྗེའི་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བྷནྡྷའི་བདུད་རྩི་མགྲིན་པར་བསྐུར་ཞིང༔ ཧྲཱི༔ དུང་ཆེན་བདེ་བ་ཆེན་པོའི་སྣོད་ནང་དུ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བདུད་རྩི་སྨན༔ འཆི་མེད་ལྷ་ཚོགས་མཉམ་སྦྱོར་བྱང་ཆུབ་སེམས༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས༔ འགག་མེད་གསུང་གི་ཚེ་དབང་ཐོབ་པར་ཤོག༔ རྩ་སྔགས་དང་། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཚེ་རིལ་སྙིང་གར་བསྐུར་ཞིང༔ ཧྲཱི༔ ཕྱི་ལྟར་དམ་རྫས་དཀར་མངར་འབར་བའི་བཅུད༔ ནང་ལྟར་རྩ་གསུམ་ཚེ་ལྷ་རིགས་ལྔའི་ལྷ༔ གཉིས་མེད་དམ་རྫས་མྱོང་གྲོལ་རིལ་བུ་འདི༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཁྲུལ་མེད་ཐུགས་ཀྱི་ཚེ་དབང་ཐོབ་པར་ཤོག༔ རྩ་སྔགས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ལས་བཞིའི་འབྲང་རྒྱས་ལག་ཏུ་གཏད་ལ༔ ཧྲཱི༔ ཡེ་ཤེས་ལྷ་མོ་སྒོ་མ་རྣམ་བཞི་ཡི༔ ཕྱག་མཚན་འབར་བའི་ཕོ་བྲང་དམ་པ་འདི༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕྲིན་ལས་བཞི་ཡི་འགྲོ་དོན་མཐར་ཕྱིན་ཤོག༔ རྩ་སྔགས་དང་། སརྦ་ཨ་བྷི་ཥིཉྩ་ཧྲཱི༔ མདའ་དར་གནས་ལྔར་རྒྱས་གདབ་ལ༔ ཧྲཱི༔ སྣོད་བཅུད་འབྱུང་ལྔའི་བཅུད་བསྡུས་པའི༔ ཡེ་ཤེས་ལྔ་ཡི་ཕྱག་རྒྱ་ཡིས༔ འགྱུར་བ་མེད་པའི་རྒྱས་གདབ་པས༔ མི་ཤིགས་མི་འགྱུར་བྷྲཱུྃ་ནྲྀ་རྒྱ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མེ་ཏོག་གཏོར་ལ༔ ཧྲཱི༔ ཆོས་དབྱིངས་འགྱུར་བ་མེད་པའི་སྐུ༔ སྣང་བ་མཐའ་ཡས་བཀྲ་ཤིས་ཤོག༔ རང་བཞིན་རྩལ་ལ་མཚན་དཔེ་རྫོགས༔ ཚེ་ལྷ་རིགས་ལྔའི་བཀྲ་ཤིས་ཤོག༔ བྱིན་རླབས་དངོས་གྲུབ་ཆར་ལྟར་འབེབ༔ བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ བདུད་བཞིའི་གཡུལ་ལས་རབ་རྒྱལ་ཞིང༔ ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག༔ རྩ་རླུང་ཐིག་ལེའི་ངོ་བོ་ཉིད༔ མ་དང་མཁའ་འགྲོའི་བཀྲ་ཤིས་ཤོག༔ གང་ལ་བསམ་པའི་དོན་ཀུན་འགྲུབ༔ ནོར་ལྷ་གཏེར་བདག་བཀྲ་ཤིས་ཤོག༔ བར་ཆད་བདུད་དཔུང་འདུལ་མཛད་པའི༔ ཆོས་སྐྱོང་སྲུང་མའི་བཀྲ་ཤིས་ཤོག༔ ཅེས་དང་སློབ་མས་གཏང་རག་གི༔ མཎྜལ་འབུལ་ཞིང་དགེ་བ་བསྔོ༔ ཐ་མ་ཚོགས་མཆོད་དགའ་སྟོན་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ༔ དམ་པའི་སྲོག་ཐིག་ཡིད་བཞིན་ནོར་བུ་འདི༔ ཁོ་མོ་དབྱངས་ཅན་མཚོ་རྒྱལ་བདག་གིས་བཀོད༔ དབྱིངས་རིག་མི་ཤིགས་རིག་པའི་སྒྲོམ་དུ་སྦས༔ མ་འོངས་དུས་ཀྱི་ཐ་མར་གྱུར་པའི་ཚེ༔ རྡོ་རྗེ་ལས་རབ་རྩལ་གྱིས་སྤྱོད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཉན་རྒྱ༔ མི་ནུབ་རྒྱ༔ ཁོ་བོ་གར་དབང་ལས་རབ་རྩལ་གྱིས་ལྕགས་བྱ་ལོར་སྒྲགས་ཀྱི་ཡང་རྫོང་ནས་སྤྱན་དྲངས་ཏེ། ཤོག་སེར་ངོས་ལས་དག་པར་ཕབ། ཆུ་བྱ་ལོར་རྒྱ་གྲོལ་ལོ།། །། ༈ འདིའི་བརྒྱུད་པ་སྣང་མཐའ། ཚེ་དཔག་མེད། པདྨ་འབྱུང་གནས། ཡེ་ཤེས་མཚོ་རྒྱལ། རྒྱལ་བ་མཆོག་དབྱངས། ཤུད་བུ་དཔལ་སེང་། དྲི་མེད་གླིང་པ། དེ་སྲས་གཅེན་པདྨ་བསྟན་འཛིན། གཅུང་བསྟན་པའི་ཉི་མ། མི་འགྱུར་ནམ་མཁའི་རྡོ་རྗེ། ཀུན་བཟང་ཐེག་མཆོག་རྡོ་རྗེ། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད། དེས་སོ།། །།
ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་སྒྲུབ་ཐབས་རྒྱུན་ཁྱེར་མདོར་བསྡུས་པའི་རིམ་པ་ (Volume 22, Text 3)
ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་སྒྲུབ་ཐབས་རྒྱུན་ཁྱེར་མདོར་བསྡུས་པའི་རིམ་པ་བཞུགས་སོ། །ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་དམ་ཆོས་འདུས་པ་སྐོར་དགུའི་ཡ་གྱལ། འཕགས་པ་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་རྒྱུན་གྱི་ཉམས་ལེན་མདོར་བསྡུས་ཏེ་ཉམས་སུ་བླང་བར་འདོད་པས། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། ཨོཾ༔ ཡེ་ནས་མ་སྐྱེས་སྟོང་གསལ་ངང༔ ཀུན་སྣང་བྱང་ཆུབ་སེམས་སྤྲིན་ལས༔ རང་བྱུང་རིག་པ་ཧྲཱིཿདཀར་གསལ༔ ཧྲཱིཿལས་བྷྲཱུྃ་འཕྲོས་གཞལ་ཡས་ཁང༔ དལ་དབུས་པདྨའི་སྙིང་པོ་ཟླུམ༔ འདབ་དྲུག་མུ་ཁྱུད་པད་སྡོང་མཛེས༔ གྲུ་ཆད་བར་ཁྱམས་སྒོ་ཁྱུད་རྫོགས༔ མཉམ་ཡངས་འོད་ཀྱི་ཁང་པར་གསལ༔ དེ་དབུས་རང་རིག་ཧྲཱིཿའོད་འབར༔ རྣམ་སྨིན་ལུས་བསྲེགས་ཧྲཱིཿདེ་ཉིད༔ ཉི་ཟླ་པད་སྟེང་ཐུགས་རྗེ་ཆེ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ ཕྱག་གཡས་པད་ཕྲེང་ཐུགས་ཀར་འཛིན༔ ཕྱག་གཡོན་པད་སྟེང་བདུད་རྩིའི་བུམ༔ རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས༔ རང་འདྲའི་ཡུམ་མཆོག་གསང་ཡེ་མ༔ ལུས་དང་གྲིབ་མའི་ཚུལ་དུ་འཁྲིལ༔ འཇའ་རིས་འོད་ལྔའི་རྒྱབ་ཡོལ་མཛེས༔ སྤྱི་གཙུག་རིགས་བདག་འོད་དཔག་མེད༔ ཐུགས་ཀར་རྟ་མགྲིན་ཡེ་ཤེས་སེམས༔ རིགས་འདུས་རང་ལས་སྤྲུལ་པའི་འཁོར༔ ནོར་འཛིན་སྲས་མཆོག་གཡས་ནས་འདུད༔ གསང་སྔགས་འཛིན་མ་གཡོན་ནས་འདུད༔ འདབ་དྲུག་བཅོམ་ལྡན་ཐུབ་དྲུག་དང་། །ཕྱི་རིམ་སངས་རྒྱས་སྟོང་རྩ་གཉིས། །སྒོ་བཞིར་ཁྲག་འཐུང་རིགས་བཞི་སོགས། །བླ་མ་རིག་འཛིན་མཁའ་འགྲོའི་སྤྲིན། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ། །འགྲོ་བ་དྲངས་ཤིང་བསྒྲལ་སླད་དུ། །དུག་ལྔའི་ཚུལ་གྱིས་དུག་ལྔ་འཇོམས། །སརྦ་ཛྙཱ་ན་མཎྜ་ལ་བྷྲཱུྃ་ཧཱུྃ༔ ཞེས་པས་དམ་ཚིག་དཀྱིལ་འཁོར་གསལ་བཏབ་ལ། ཧྲཱི༔ ཡེ་ནས་རང་བྱུང་ཐུགས་རྗེ་ཆེ༔ དུས་གསུམ་རྒྱལ་བའི་སྐུ་གསུང་ཐུགས༔ ཡེ་ཤེས་ལྔ་བདག་ཅོད་པན་དབང༔ འབྲུ་བརྒྱད་གསལ་བསྒོམ་རང་དབང་ཐོབ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ས་རྒྱས་གདབ་ཅིང་དབང་བསྐུར། ཧྲཱི༔ ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས༔ བདེ་ཆེན་ཆོས་དབྱིངས་ངང་ཉིད་ལས༔ རྩོལ་བྲལ་མཚན་བཅས་མི་དམིགས་ཀྱང༔ ཐུགས་རྗེ་ཉི་གསལ་འོད་བཞིན་དུ༔ འཁོར་འདས་མཉམ་སྦྱོར་ཐུགས་རྗེའི་བདག༔ རིགས་བདག་གཙོ་འཁོར་སྤྲུལ་པའི་ཚུལ༔ དཀྱིལ་འཁོར་ཕྱག་རྒྱར་སྐུར་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་བདག་ལ་དགོངས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་རུ་ཎི་ཀཱ་མཎྜ་ལ་ས་པ་རི་བཱ་ར་ཨེ་ཧྱེ་ཧི་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་པས་སྤྱན་དྲང་། ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་ས་མ་ཡས། དམ་ཚིག་པ་དང་དབྱེར་མེད་དུ་བཞུགས་པར་མོས། ན་མོ་པཱུ་རུ་ཤ་ཡ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ས་ཕྱག་བྱ། ཧྲཱི༔ ཀུན་འབྱུང་ནམ་མཁའི་ཀློང་ཡངས་ནས༔ བདུག་སྤོས་མེ་ཏོག་མར་མེ་དྲི༔ བཤོས་གཙང་སིལ་སྙན་རོལ་མོ་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ རང་བྱུང་རྣམ་དག་བདུད་རྩི་དང༔ འཛིན་ཆགས་བྲལ་བའི་གཏོར་མ་དང༔ རིགས་དྲུག་བསྒྲལ་པའི་རཀྟ་དང༔ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་ན་མསྶརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་རུ་ཎི་ཀཱ་གུ་ཧྱ་ཛྙཱ་ན་སརྦ་ཡོ་གི་ནཱི་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བིདྱ་ཤབྡ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ཎ་དྷརྨ་དྷཱ་ཏུ་སརྦ་པཱུ་ཛ་ཧོ༔ ཞེས་མཆོད་ཅིང་བསྟོད་པ་ནི། ཧྲཱི༔ བདེ་གཤེགས་རྒྱལ་བ་འདུས་པའི་སྐུ༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ ཡེ་ནས་རང་བྱུང་ཐུགས་རྗེའི་སྐུ༔ འཇིག་རྟེན་མགོན་ལ་ཕྱག་འཚལ་བསྟོད༔ རིགས་འདུས་རང་ལས་སྤྲུལ་འཁོར་རྣམས༔ འགྲོ་འདུལ་ཕྲིན་ལས་ཅིར་ཡང་སྟོན༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདག༔ བདུད་བཞི་འཇོམས་ལ་ཕྱག་འཚལ་བསྟོད༔ བཟླས་པ་ནི། ཧྲཱི༔ ལྷ་གསུམ་ཐུགས་ཀར་ཟླ་བའི་སྟེང༔ ཧྲཱིཿམཐར་ཡི་གེ་དྲུག་མས་བསྐོར༔ བདག་ཉིད་རྩ་བའི་ཐུགས་ཀ་ནས༔ སྔགས་ཕྲེང་འོད་ཟེར་དཀར་པོ་འཕྲོས༔ བདེ་གཤེགས་ཀུན་གྱི་སྐུ་ལ་ཕོག༔ སྐུ་མཆོག་མཉེས་ནས་དངོས་གྲུབ་ཐོབ༔ བདག་ལ་འདུས་ཤིང་འོད་ཟེར་དེས༔ ཁམས་གསུམ་སེམས་ཅན་ལུས་སྒྲིབ་སྦྱངས༔ སེམས་ཅན་ལུས་ཀུན་དབང་དུ་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་བཟླ་ཞིང་། དེ་བཞིན་དུ། སྤྱི་གཙུག་སྣང་མཐའི་ཐུགས་ཀ་ནས༔ སྔགས་ཕྲེང་འོད་ཟེར་དམར་པོ་འཕྲོས༔ བདེ་གཤེགས་ཀུན་གྱི་གསུང་ལ་ཕོག༔ གསུང་མཉེས་གསུང་གི་དངོས་གྲུབ་ཐོབ༔ ཁམས་གསུམ་སེམས་ཅན་ངག་སྒྲིབ་སྦྱངས༔ སེམས་ཅན་ངག་ཀུན་དབང་དུ་གྱུར༔ ཞེས་དང་། རྟ་མགྲིན་ཐུགས་ཀའི་སྔགས་ཕྲེང་ལས༔ འོད་ཟེར་མཐིང་ག་རབ་འཕྲོས་པས༔ བདེ་གཤེགས་ཀུན་གྱི་ཐུགས་ལ་ཕོག༔ ཐུགས་མཆོད་མཉེས་ནས་དངོས་གྲུབ་ཐོབ༔ ཁམས་གསུམ་སེམས་ཅན་ཡིད་སྒྲིབ་སྦྱངས༔ སེམས་ཅན་ཀུན་ཡིད་དབང་འདུས་གྱུར༔ ཞེས་སོ་སོར་བཟླས་པ་ཅི་ནུས་དང། སྐབས་སུ་ལྷ་སྔགས་ཀྱིས་མཚོན་པའི་སྤྲོས་པ་ཐམས་ཅད་རིག་སྟོང་གཉུག་མའི་རང་བཞིན་དུ་ཤེས་པར་བྱས་ལ། དེའི་ངང་ནས་བཟླས་པ་ཆུ་བོའི་རྒྱུན་བཞིན་དུ་བཙོན། ཐུན་མཐར་མཆོད་ཅིང་བསྟོད་ལ། དགེ་བ་འདི་ཡིས་མྱུར་དུ་བདག༔ ཐུགས་རྗེ་ཆེན་པོ་འགྲུབ་གྱུར་ནས༔ ཞེས་སོགས་བསྔོ་སྨོན་ཤིས་བརྗོད་ཇི་ལྟར་རིགས་པ་བྱའོ། །ཞེས་པའང་གཏེར་གཞུང་རྩ་བའི་དགོངས་དོན་ཉུང་གསལ་སྙིང་པོར་དྲིལ་བའི་ཚུལ་གྱིས་བྱ་བྲལ་མ་ཎི་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་སྟེ། དགེ་བས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།
ཆོས་དབང་བཀའ་བརྒྱད་གསང་རྫོགས་སྐོང་ཟློག་འགྲེས་བྱང་ (Volume 15, Text 3)
ཆོས་དབང་བཀའ་བརྒྱད་གསང་རྫོགས་སྐོང་ཟློག་འགྲེས་བྱང༔ མི་མངོན་དབྱིངས་ནས་སྤྱན་འདྲེན་གཤེགས་སུ་གསོལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ གཉིས་སུ་མེད་པར་ཕྱག་འཚལ་མཆོད་པ་འབུལ༔ ཐུགས་དམ་སྐོང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང༔ སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ༔ སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང༔ ཐུགས་དམ་གཉན་པོ་སྐོང་བའི་དམ་རྫས་ནི༔ རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད་རྩི་དང༔ ཁྱད་པར་རྨད་དུ་བྱུང་བའི་གཏོར་མ་དང༔ འཁོར་བ་རྒྱུ་ལས་བསྒྲལ་བའི་རཀྟ་དང༔ རྣམ་དག་རྒྱུ་བསྒྲལ་བམ་ཆེན་རྫས་མཆོག་དང༔ འབྲུ་བཅུད་སྟོང་ལ་སྦྱར་བའི་ཛ་གད་དང༔ ཕྱི་ནང་མཆོད་པ་ཚོགས་ཀྱི་ཡོ་བྱད་ཀྱིས༔ བསྐང་ངོ་བསྐལ་པར་ཐུགས་དམ་གཉན་པོ་བསྐང༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་མཛོད༔ ཚེ་དབང་བསོད་ནམས་ལོངས་སྤྱོད་རྒྱས་པར་མཛོད༔ ཁམས་གསུམ་སྲིད་གསུམ་གདུལ་བྱ་དབང་དུ་སྡུས༔ གནོད་བྱེད་དགྲ་བགེགས་འབྱུང་པོ་ཚར་ཆོད་ཅིག༔ ༈ སྤྲོ་ན་ཟློག་བྱང་ནི། རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ཡས་ཀྱི་བདུད་ཁ་གཡོས་པ་ཟློག༔ མས་ཀྱི་སྲི་རུ་ལྡང་བ་ཟློག༔ ཕ་ཚན་ནང་གི་རྒྱབ་འདྲེ་ཟློག༔ དར་ཚན་ནང་གི་སྟོང་འདྲེ་ཟློག༔ གཡས་ནས་ཕོ་བརྒྱས་མདའ་བདར་ཟློག༔ གཡོན་ནས་མོ་བརྒྱས་དུག་གཡོས་ཟློག༔ རྒྱབ་ནས་མི་གསུམ་གྲོས་བྱེད་ཟློག༔ མདུན་ནས་རྟ་གསུམ་སྲབ་འཆའ་ཟློག༔ འུག་པ་སྤང་ལ་དགོད་པ་ཟློག༔ སྲིན་བྱ་གད་ཁར་འབོད་པ་ཟློག༔ ལོག་ལ་ཝ་སྤྱང་བརྒྱལ་བ་ཟློག༔ སྲོད་ལ་ཁྱིམ་བྱ་འཚེར་བ་ཟློག༔ ཐོ་རངས་སྒོ་ཁྱི་ངུ་བ་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ བན་བོན་ངན་པའི་སྔགས་ཟོར་ཟློག༔ ལོ་ཀག་ཟླ་ཀག་ཀིང་ཀང་ཟློག༔ གློ་བུར་བརྒྱད་ཅུ་རྩ་གཅིག་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་ཟློག༔ དུས་མིན་འཆི་བ་བཅོ་བརྒྱད་ཟློག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་ཟློག༔ རྩིས་བྱས་རྡེ་འུ་ནག་པ་ཟློག༔ མོ་ངན་རྨི་ལམ་ངན་པ་ཟློག༔ མི་ནག་སྐྱེ་བོའི་ཡ་ག་ཟློག༔ བྲན་འཁོར་ངན་པའི་དམོད་མཆུ་ཟློག༔ ཕོ་བདུད་དེ་ནི་གཡས་སུ་བྷྱོ༔ མོ་བདུད་དེ་ནི་གཡོན་དུ་བྷྱོ༔ སྤྱི་བདུད་དེ་ནི་མཁའ་ལ་བྷྱོ༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ངན་པ་ཐམས་ཅད་སྡང་བའི་དགྲ་དང་གནོད་པའི་བགེགས་ལ་བྷྱོ་བྷྱོ༔ ཟློག་ཟློག༔ དྲག་སྔགས་དང་། བདུད་པྲ་མཱ་ར་ཡ་རྦད་ནན༔ ར་ཙ་དུན་ལིང་ཤག་རྦད་ནན༔ ཁ་ལ་ཛ་མ་ལིང་རྦད་ནན༔ ཤིག་ཤིག་དུམ་དུམ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནན༔ རྨུགས་རྨུགས་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཞེས་བཟླ། །
གསང་འདུས་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་དང་འབྲེལ་བ་ཟླུམ་པོ་བཞི་དབང་ (Volume 61, Text 3)
༄༅། །གསང་འདུས་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་དང་འབྲེལ་བ་ཟླུམ་པོ་བཞི་དབང་བཞུགས་སོ། ། ན་མཿཔདྨ་བཛྲཱ་ཡ། གང་གི་མཚན་ཙམ་ཐོས་པས་ཀྱང་། །སྲིད་ཞིའི་མཐའ་ལས་རྣམ་གྲོལ་བའི། །བདེ་ཆེན་མཆོག་སྩོལ་ཐོད་ཕྲེང་རྩལ། །ཀུན་འདུས་རྒྱལ་བ་དེ་ལ་འདུད། །འདིར་ཐུགས་སྒྲུབ་གསང་བ་འདུས་པ་ལས་ཁྱད་པར་ཐོད་ཕྲེང་རྩལ་རྩ་བའི་སྒྲུབ་ཐབས་དང་འབྲེལ་བར་དབང་བསྐུར་བའི་ཚུལ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་བཤམ་དང་། དངོས་གཞི་སྒྲུབ་ཐབས་དང་། དབང་གི་ཆོ་གའོ། །དང་པོ་ཡོ་བྱད་ཀྱི་བཤམ་ནི། རྡུལ་ཚོན་གྱི་མཎྜལ་བཅས་པའམ།་་་་་བྱིན་གྱིས་བརླབས་པའི་ཐིག་ཚོན་གྱིས་དཀྱིལ་འཁོར་ལྟེ་བ་མཐིང་ག་ཟེའུ་འབྲུ་ལྗང་གུ་པད་འདབ་བཞི་ཕྱོགས་མདོག་རིན་ཆེན་ཟུར་བརྒྱད་མཐིང་ག་གཞི་དམར་སེར་ཕྱི་སྐོར་པད་འདབ་བཅུ་དྲུག་རྡོར་ར་མེ་རི་དང་བཅས་པའོ།མཆན། སྟེགས་བུ་ཁེབས་ལྡན་མེ་ཏོག་གི་ཚོམ་བུ་བཀོད་པའི་སྟེང་དུ་བུམ་པ་བཅུད་ལྡན། དེའི་ཁར་བདུད་རྩིའི་ཐོད་པ་མེ་ལོང་སིནྡྷུ་རའི་ཐིག་ལེ་ལྷ་གྲངས་ཅན་རྩ་སྔགས་བྲིས་པས་བཀབ་པ་དང་། དེའི་སྟེང་དུ་གཏོར་མ་སྐུ་འབག་་་དབང་གི་སྐབས་འདི་དང་ལྷ་བསྐྱེད་བཅས་སྒྲུབ་དུས་ལྟར་རྡོར་སེམས་ཆ་ལུགས་བྱ།མཆན།དང་བཅས་པའང་བཀོད། མི་བདེ་ན་གཏོར་མ་མདུན་དུ་གཞག །དེ་དག་གི་གཡས་གཡོན་དུ་སྨན་དང་རཀྟ། ཉེར་སྤྱོད་ལྔ་སོགས་མཆོད་པས་མཐའ་བསྐོར། འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཀྱང་ཚོགས་པར་བྱའོ།། །།གཉིས་པ་དངོས་གཞི་སྒྲུབ་ཐབས་ལས་སྔོན་འགྲོ་ནི། བགེགས་གཏོར་བྱིན་གྱིས་བརླབས་ནས་སྔགས་ཀྱིས་བསྔོས་ལ། ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨཱོྃ་ཨཱཿཧཱུྃ་ཧྲཱིཿགུ་རུ་དེ་བ་ཌཱ་ཀི་ནཱི་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ ཅེས་བཀའ་བསྒོས་ལ་མཚམས་བཅད། སྐྱབས་འགྲོ་ནི། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་སུ༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའ་འོ༔ ཞེས་པའི་རྗེས་སུ་མཆོད་རྫས་བྱིན་རླབས་གསང་འདུས་ལས་བྱང་བཞིན་ནམ། ཡང་ན། རཾ་ཡཾ་ཁཾ་གིས་བསྲེགས་སྦྱངས་བཀྲུས། སྙིང་ག་ནས་ཨཱཿཡིག་གསུམ་འཕྲོས་སྨན་གཏོར་རཀྟའི་གནས་སུ་ཀ་པཱ་ལ་གསུམ་དུ་གྱུར་པའི་ནང་དུ་ཨཱོྃ་གསུམ་འཕྲོས་པ་ལས་སྨན་བདུད་རྩིའི་རྒྱ་མཚོ་དང་གཏོར་མ་འདོད་ཡོན་ལྔའི་ཕུང་པོ་དང་རཀྟ་ཁྲག་གི་རྒྱ་མཚོ་རྣམས་སུ་གྱུར། ཧཱུྃ་འཕྲོས་པས་མགྲོན་རྣམས་འདུས་པར་བསམ་ལ་འབྲུ་གསུམ་མང་དུ་བརྗོད་པར་བྱའོ། །དངོས་གཞི་ལས་ལྷ་བསྐྱེད་པ་ནི། ཨཱོྃ། ཆོས་རྣམས་དམིགས་མེད་སྤྲོས་བྲལ་ལས། །ཀུན་ཁྱབ་བརྩེ་བའི་སྙིང་རྗེ་བསྒོམ། །རང་རིག་རྡོ་རྗེ་ཧྲཱིཿབཅས་གསལ། །རྡོ་རྗེ་བྷྲཱུྃ་གྱུར་གཞལ་ཡས་ཁང་། །པདྨ་རིན་ཆེན་འོད་འབར་དབུས། །ཏི་ར་ཉི་ཟླ་པདྨའི་སྟེང་། །བདག་ཉིད་དབང་ཆེན་ཡབ་ཡུམ་སྐུ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །དབུ་གཙུག་རྟ་ཞལ་ཕག་གདོང་མཚན། །གཡས་གཡོན་གྲི་གུག་ཐོད་ཁྲག་བསྣམས། །ཞབས་གཉིས་བརྐྱང་བསྐུམ་འཁྲིལ་སྦྱོར་ཚུལ། །དུར་ཁྲོད་རོལ་པའི་ཆས་རྣམས་རྫོགས། །སྤྱི་གཙུག་པད་སྡོང་ཉི་ཟླའི་སྟེང་། །རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། །ཨཱ་ཙཱར་གཞོན་ཚུལ་དཀར་དམར་ཞལ། །མཐིང་ནག་ཟབ་བེར་ཆོས་གོས་དམར། །པད་ཞྭ་སྒྲོ་དར་མེ་ལོང་མཚན། །ཕྱག་གཡས་རྡོ་རྗེ་གཡོན་བྷནྡྷ། །སྙན་ཆ་མགུར་ཆུ་ཁ་ཊྭཱཾ་འཛིན། །སྐྱིལ་ཀྲུང་གཟི་བརྗིད་འོད་འབར་བསམ། །ཕྱོགས་བཞིར་པད་འདབ་མཁའ་འགྲོ་གིང་། །རྡོ་རྗེ་རིན་ཆེན་པདྨ་ལས། །རིགས་ཀྱི་སྐུ་མདོག་ཕྱག་མཚན་འཛིན། །བརྐྱང་བསྐུམ་དུར་ཁྲོད་ཆས་རྫོགས་བསམ། །རིག་འཛིན་མཁའ་འགྲོ་དམ་ཅན་ཚོགས། །བསམ་གྱིས་མི་ཁྱབ་ཡོངས་རྫོགས་གཏིབས། །སྐུ་གསུང་ཐུགས་སུ་བྱིན་རླབས་ལ། །ཡེ་ཤེས་ལྔ་ཡི་དབང་རྫོགས་ཤོག །ཡང་སྒྲུབ་དུས་ཀྱི་དབང་དུ་ན། ཨཱ་ཙཱར་གཞོན་ཚུལ་ཞེས་པ་ནས། འོད་འབར་བསམ། ཞེས་པའི་བར་གྱི་རྐང་པ་དྲུག་གི་དོད་དུ། རྡོ་རྗེ་སེམས་དཔའི་ཆ་ལུགས་ཅན༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཅེར་བུ་སྤྱན་གསུམ་རུས་རྒྱན་ཅན༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ ཕྱག་གཡོན་དྲིལ་བུ་དཀུ་ལ་བརྟེན༔ པད་མདོག་ཡེ་ཤེས་མཁའ་འགྲོ་ཡུམ། །བདུད་རྩི་སྟོབ་པ་གཡོན་ནས་འཁྲིལ། །ཞེས་བསྒྱུར་རོ། །སྤྱན་འདྲེན་པ་ནི། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ ཞེས་སོགས་ནས། ཨཱོྃ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་ཚིག་བདུན་མས་སྤྱན་དྲངས་ལ། ཛཿཧཱུྃ་བཾ་ཧོས་དབྱེར་མེད་དུ་བྱའོ། །མཆོད་པ་ནི། ཧཱུྃ༔ པདྨ་ཐོད་ཕྲེང་གཤེགས་སུ་གསོལ༔ གདུང་བ་དྲག་པོས་བདག་གསོལ་འདེབས༔ མཁའ་འགྲོའི་ཚོགས་དང་བཅས་པ་ལ༔ འདོད་ཡོན་ལྔ་ལྡན་མཆོད་པ་འབུལ༔ བ་ལིཾ་གཏོར་མའི་མཆོད་པ་འབུལ༔ བདུད་རྩི་སྨན་གྱི་མཆོད་པ་འབུལ༔ རཀྟ་དམར་གྱི་མཆོད་པ་འབུལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ ཏིང་འཛིན་རྩེ་གཅིག་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཧོ༔ དམ་རྫས་མཆོག་གི་མཆོད་པ་འདི་དག་ཀུན༔ གཉིས་མེད་མཉམ་པའི་ངང་དུ་འབུལ་ལགས་ན༔ བླང་དོར་མེད་པའི་ཚུལ་གྱིས་བཞེས་ནས་ཀྱང༔ ཐིམ་པའི་ཚུལ་གྱིས་དགྱེས་པ་ཆེན་པོར་རོལ༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་ཌཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་ག་ཎ་ཙཀྲ་སརྦ་པཱུ་ཛ་མེ་གྷ་ཁཱ་ཧི༔ ཞེས་མཆོད། ཧཱུྃ༔ སྐྱེ་འགག་འགྱུར་མེད་སྐུ་གསུང་ཐུགས་དང་ལྡན༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་བསྒྲལ་སླད་དུ༔ ཕྲིན་ལས་རྣམ་བཞིས་གདུལ་བྱའི་རེ་བ་སྐོང༔ པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཅེས་པའམ། མ་བཅོས་སྤྲོས་བྲལ་མ་གང་བདེ་བྱའོ། །ཛཔ྄་བཟླ་བ་ནི། བླ་མའི་གནས་བཞིར་ཨཱོྃ་ཨཱཿཧཱུྃ་ཧྲཱིཿརྣམས་གསལ་བ་ལས་བྱང་སེམས་བདུད་རྩིའི་རྒྱུན་བབས་པ་སྤྱི་བོ་ནས་ཞུགས། སྤྱི་མགྲིན་སྙིང་ལྟེ་རྣམས་སུ་དབང་བཞི་ཐོབ་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བ་ལ་སེམས་རྩེ་གཅིག་པས། ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་ཅི་ནུས་བཟླས་པའི་མཐར་བླ་མ་རང་ལ་བསྟིམས་ནས་སྐུའི་གསལ་སྣང་དང་ང་རྒྱལ་བརྟན་པོས་ཀྱང་སྔར་བཞིན་བཟླའོ། །གསུམ་པ་རྗེས་ལ་ཚོགས་ཀྱི་མཆོད་པ་ནི། གསང་འདུས་ལས་བྱང་སོགས་རིས་མཐུན་གྱི་ཆོ་ག་གང་འོས་ནས་བླང་ཞིང་། གནམ་སྐས་ཀླུ་བདུད་སོགས་གཏེར་སྲུང་མཆོད་པའང་བྱའོ། །དངོས་གྲུབ་བླང་བ་ནི། གུ་རུའི་གནས་གསུམ་ནས་དངོས་གྲུབ་འོད་ཟེར་གྱི་རྣམ་པས་སྒྲུབ་རྫས་ལ་བསྟིམས་ཏེ་རྩ་སྔགས་མཐར་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཧཱུྃ། ཞེས་ཅི་རིགས་བཟླས་ནས། ཨཱོྃ༔ བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས༔ རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་གི༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་སྩོལ༔ ཅེས་དངོས་གྲུབ་བླང་ཞིང་རྫས་ལ་རོལ། གཏོར་མ་གཏང་། དཀྱིལ་འཁོར་རང་ལ་བསྡུས་ནས་འོད་གསལ་དུ་བཅུག །བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ།། ༈ །།གསུམ་པ་བྱིན་རླབས་ཀྱི་ཆོ་ག་ནི་ཟླུམ་པོ་བཞི་དབང་དུ་གྲགས་པ་སྟེ། སྦྱོར་བ་ཡོ་བྱད་བཤམ་པ་ནི་སྔར་ལྟར་ལས་མཎྜལ་མེ་ཏོག་སོགས་ཁྱད་པར་གྱི་རྫས་རྣམས་ཚོགས་པར་བཤམས། སྒྲུབ་ཚུལ་བདག་མདུན་དབྱེར་མེད་དུ་བསྒོམས་ལ་བཟླས་པ་ཡན་ཆད་སྔར་ལྟར་བྱས་ནས། བུམ་པ་གཞལ་ཡས་ཁང་དུ་བུམ་བཅུད་གུ་རུ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་སེམས་བདུད་རྩིར་འཁྱིལ་བར་བསམ་ལ་རྩ་སྔགས་མཐར་པཱ་ཤཾ་ཀུ་རུ་སརྦ་སིདྡྷི་ཧཱུྃ་ཨཱ༔ ཞེས་བཏགས་པ་གཟུངས་ཐག་ལ་བརྟེན་ནས་ཅི་རིགས་པ་བཟླ། གཏེར་སྲུང་ལ་གཏོར་མ་ཕུལ། ཚོགས་མཆོད་ནི་འདིར་རམ་དབང་གི་མཐའ་གང་འོས་སུ་བྱ། འོག་གི་སློབ་མའི་བྱ་བ་རྣམས་ལྟར་བདག་འཇུག་ཏིང་ངེ་འཛིན་དབང་བསྐུར་གྱི་ཚུལ་དུ་ལེན་པའམ་རིག་པའི་མེ་ཏོག་དོར་བ་གང་འོས་བྱའོ། །དངོས་གཞི་སློབ་མའི་བྱ་བ་ནི། གནས་ཁང་གི་སྒོར་ཁྲུས་བྱ། བགེགས་གཏོར་བཏང་ནས་མཚམས་བཅད། ལས་ཀྱི་རྡོ་རྗེས་མེ་ཏོག་བཀྱེ་བསྡུ་རྣམས་བྱས་ལ། སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་དེ། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་བྱིན་རླབས་དབང་བསྐུར་བ་ཟབ་མོ་ཞུ་སྙམ་པའི་མོས་པ་བརྟན་པོས་མ་ཡེངས་པར་གསན་པ་ཞུ། དེ་ཡང་རང་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས། གདུལ་བྱ་རྣམས་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ལ་འགོད་པར་མཛད་པའི་ཐབས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་ནི་ལམ་ཟབ་མོ་བླ་མ་སྒྲུབ་པ་ཉིད་ཡིན་ཏེ། དགོངས་འདུས་ལས། བསྐལ་པ་སྟོང་གི་སངས་རྒྱས་བས། །བླ་མ་གཉན་པར་ཤེས་པར་བྱ། །ཅི་ཕྱིར་ཞེ་ན་བསྐལ་པ་ཡི། །སངས་རྒྱས་མ་ལུས་ཐམས་ཅད་ཀུན། །བླ་མ་དག་ལ་བསྟེན་ནས་བྱུང་། །ཞེས་དང་། ཧེ་བཛྲ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་དངོས་གྲུབ་ཐམས་ཅད་ཀྱི་རྩ་བར་གྱུར་པ་ནི་བླ་མ་སྒྲུབ་པ་ཉིད་ཡིན་ལ། དེ་ཉིད་སྒྲུབ་པའི་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་པ་ལས། ཁྱད་པར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ། བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ནས་ཀུན་བཟང་ཆོས་ཀྱི་སྐུར་མངོན་པར་རྫོགས་པ་སངས་རྒྱས་ནས་ལོངས་སྤྱོད་རྫོགས་སྐུ་སྣང་བ་མཐའ་ཡས་ལ་སོགས་པའི་རྣམ་པར་བཞུགས་པ་ལས། ཞིང་འདིར་གདུལ་བྱའི་འགྲོ་བ་རྣམས་ཀྱི་དོན་དུ་སྤྲུལ་པའི་སྒྱུ་འཕྲུལ་མཐའ་ཡས་པར་སྣང་བར་མཛད་ཅིང་། ཁྱད་པར་རྒྱ་གར་དང་ཨོ་རྒྱན་བོད་ཡུལ་ལ་སོགས་པར་ཐུབ་པའི་དབང་པོའི་བསྟན་པ་ལ་སྟོན་པ་ཉིད་དང་རྣམ་དབྱེར་མེད་པའི་ཕྲིན་ལས་རྣམ་པ་བཞིའི་རྫུ་འཕྲུལ་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པས་འཁོར་བ་ཇི་སྲིད་བར་བཞུགས་ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་དོན་ལྷུན་གྲུབ་ཏུ་མཛད་པའི་གུ་རུ་རིན་པོ་ཆེ་དེ་ཉིད་ལ། ལས་ཅན་རྗེ་འབངས་རྣམས་ཀྱིས་གསོལ་བ་བཏབ་པ་ལ་བརྟེན་ནས་ཟབ་རྒྱས་ཀྱི་གདམས་པ་ཁྱད་པར་ཅན་བསམ་གྱིས་མི་ཁྱབ་པ་ཞིག་བསྩལ་པ། སྙིགས་དུས་ཀྱི་གདུལ་བྱ་སྐལ་ལྡན་རྣམས་ཀྱི་དོན་དུ་གཏེར་ཁ་དུ་མར་སྦས་པ་ལས། འདི་ནི་གཏེར་སྟོན་ཆེན་པོ་ཆོས་ཀྱི་དབང་ཕྱུག་གིས་ལྷོ་བྲག་གནམ་སྐས་བྲག་ནས་སྤྱན་དྲངས་པ་བླ་མ་གསང་བ་འདུས་པའི་སྐོར་ཏེ། དེ་ཡང་གཏེར་སྟོན་ཉིད་ནས་སྲས་སློབ་བརྒྱུད་པའི་ཁྱད་པར་གཉིས་དང་ལྡན་པ་དྲིན་ཅན་བླ་མ་དམ་པའི་བར་རིམ་པར་བརྒྱུད་པ་དང་། རྡོར་གླིང་ཟབ་གཏེར་གྱི་གསང་བ་འདུས་པའི་སྐོར་ཡང་བླ་མ་ཉིད་ཀྱིས་གསན་པ་འདི་དང་ཚིག་དོན་མཚུངས་པའི་ཕྱིར་ཆུ་བོ་གཅིག་འདྲེས་སུ་ཡང་འགྱུར་ཞིང་། གང་ལྟར་ཡང་རྩ་བརྒྱུད་ཀྱི་བླ་མ་དམ་པ་དེ་ཐམས་ཅད་ཀྱིས་ཐུགས་ཉམས་སུ་བསྟར་བ་ལས་མཆོག་གི་ས་ལ་བཞུགས་པ་ཤ་སྟག་བར་མ་ཆད་དུ་བྱོན་པ་ལགས། བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་འདི་ཉིད་ཀྱི་དབང་དུ་བྱས་ན། བཀའ་གཙིགས་ལས། བླ་མའི་སྒྲུབ་ཐབས་མོས་གུས་ཆོས་མང་གི༔ རང་དང་དབྱེར་མེད་སྒྲུབ་པ་འདི་ན་མཆིས༔ དེ་གང་ཞེ་ན་བླ་མ་གསང་འདུས་སྐོར༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ ཞེས་དང་། ང་སྒྲུབ་སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་སངས་རྒྱས་ཐམས་ཅད་མཐོང༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཞེས་གསུངས་པ་ལྟར། སྤྱིར་གཏེར་ཁ་འདི་ལ་བླ་མ་སྒྲུབ་པའི་བཀའ་བབས་ཤིང་ཁྱད་པར་དུ་འཕགས་པར་གསུངས་པའི་མཚན་གཞི་ཡང་བླ་མ་གསང་བ་འདུས་པའི་སྐོར་འདི་ཉིད་ཡིན་ལ། དེའི་ནང་ནས་ཀྱང་རྩ་བ་ལྟ་བུར་གྱུར་པ་ཐོད་ཕྲེང་རྩལ་སྒོས་སྒྲུབ་དང་འབྲེལ་བ་ཟླུམ་པོ་བཞིའི་དབང་བསྐུར་དུ་གྲགས་པ་སྟེ། རིག་འཛིན་འདུས་པ་རྩ་བའི་རྒྱུད་ལས། རྡུལ་ཚོན་མེ་ལོང་བུམ་པ་དང་། །གཏོར་མ་ལ་སོགས་རྫས་དག་ལ། །བརྟེན་ནས་མཚན་ཉིད་ཀུན་ལྡན་པའི། །བླ་མའི་བྱིན་རླབས་དབང་བསྐུར་ན། །དཀྱིལ་འཁོར་ཀུན་གྱི་སྙིང་པོ་མཆོག །བཞི་པའི་དེ་ཉིད་དབང་བཞི་ཐོབ། །ཅེས་གསུངས་པ་ལྟར་སྒྲུབ་པར་བྱེད་པ་ཡིན་ལ། དེ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་བྱིན་རླབས་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ཞུ་ཞེས་བརྗོད། སློབ་མས་ཀྱང་མཎྜལ་ཕུལ། ཨཱོྃ་ཙཀྵུརྦནྡྷ་བཱ་ར་མ་ཎཱ་ཡ་སྭཱ་ཧཱས་མིག་དར་བཅིངས། ཨཱ་ཁཾ་བཱི་རས་མེ་ཏོག་གཏད་ལ།་་་ཕྱག་ལེན་བསྡུས་པའི་སྐབས་མིག་དར་འཆིང་གྲོལ་དང་མེ་ཏོག་གཏོད་འབུལ་མི་མཛད།མཆན། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་མིང་འདི་ཞེས་བྱ་བ་གུ་རུ་ཐོད་ཕྲེང་རྩལ་གྱི་དབང་དང་བྱིན་རླབས་ལ་འཇུག་པས༔ རྡོ་རྗེ་ཐོད་ཕྲེང་རྩལ་དགོངས་སུ་གསོལ༔ བདག་གི་ལས་དང་ཉོན་མོངས་པ་ཐམས་ཅད་དག་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཁམས་གསུམ་འཁོར་བ་ལས་དབུགས་དབྱུང་བ་དང༔ གཟེངས་གཏོད་པ་དང༔ འཁོར་བའི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་བར་བྱིན་གྱིས་བརླབ་ཏུ་གསོལ༔ རང་རིག་ཡེ་ཤེས་རྟོགས་པ་དང་འགྲོ་བའི་དེད་དཔོན་དུ་དབང་བསྐུར་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ། དེ་ནས་སྐྱབས་སེམས་དང་སྡོམ་པ་གཟུང་བ་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པའི་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་རྣམས་དང་མཐའ་སྐོར་དུ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་སེམས་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་བཞུགས་པར་བསམ་ལ། བདག་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་མ་འཐོབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ སོགས་ལན་གསུམ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་བླ་མའི་དཀྱིལ་འཁོར་དུ་ཞུགས་ནས་ཉམས་སུ་བླང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ སོགས་ལན་གསུམ། དེ་ནས་རྩ་བའི་དམ་ཚིག་གཟུང་བ་ཞེས་པ་ནི་སྡོམ་གཟུང་སྟེ་དམ་ཚིག་དང་སྡོམ་པའང་ལྡོག་པས་ཕྱེ་བ་ཙམ་སྟེ་དོན་དུ་བསྒྲུབ་བྱ་སྤོང་བ་དང་དགག་བྱ་སྒྲུབ་པ་གཉིས་འགོག་པའི་སེམས་ནི་སྡོམ་པ་དང་། རྡོ་རྗེ་འཛིན་པའི་བསླབ་པའི་མཐའ་ལས་མི་འདའ་བ་ནི་དམ་ཚིག་ཡིན་པས། དེའི་དོན་དུ་སྔར་གྱི་སྐྱབས་ཡུལ་རྣམས་ཀྱི་སྤྱན་སྔར་ཚིག་ཕྱིར་སེམས་རྩེ་གཅིག་པས་འདིའི་རྗེས་ཟློས་མཛོད། ན་མོ༔ བླ་མ་སངས་རྒྱས་འཁོར་དང་བཅས༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ བླ་མ་དཀོན་མཆོག་རྣམ་གསུམ་པོ༔ བྱང་ཆུབ་མ་འཐོབ་བར་དུ་ནི༔ སྐྱབས་ཀྱི་མཆོག་ཏུ་གཟུང་བར་བགྱི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་འཐོབ་བྱ་སྙམ༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་ཅིང༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ འཇུག་པའི་བྱང་ཆུབ་སེམས་བསྐྱེད་དེ༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་སྒོམ༔ ཞེས་ལན་གསུམ། དེ་ནས་ཡེ་ཤེས་དབབ་པ་ནི། ཁྱེད་རང་རྣམས་ལུས་གནད་སྐྱིལ་ཀྲུང་དྲང་པོར་སྲོངས། རླུང་ཁ་སྦྱོར་དུ་བཟུང་ནས་དམིགས་པ་འདི་ལྟར་མཛོད། སྙིང་གར་སེམས་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་མདངས་བླ་མ་རྡོ་རྗེ་འཆང་ཡབ་ཡུམ་དྭངས་གསལ་འོད་ཀྱི་སྐུ་ཅན་དུ་གསལ་བའི་ཐུགས་ཀར་གཡུང་དྲུང་དམར་པོའི་ལྟེ་བར་ཟླ་བ་ལ་ཡཾ་དང་ཡན་ལག་བཞི་ལ་ཧ་རི་ནི་སས་མཚན་པར་གྱུར། སློབ་དཔོན་གྱིས་ཡཾ་ཞེས་བརྗོད་པས་སློབ་མའི་སྙིང་གའི་ཡཾ་བསྐུལ་རླུང་གཡོས་གཡུང་དྲུང་གཡོན་དུ་ཤུགས་དྲག་པོར་འཁོར་བ་ལ་སེམས་གཏད། དེའི་ཚེ་ཡེ་ཤེས་པ་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་ཅན་འོད་ཟེར་གྱི་ཕུང་པོར་འབར་བ་ཁ་ཆར་བུ་ཡུག་འཚུབས་པ་བཞིན་དུ་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་གྱུར་སྙམ་པའི་མོས་པ་གྱིས་ཞེས་བརྡ་སྦྱར་ལ། རྩ་སྔགས་ཀྱི་མཐར་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བཟླ་ཞིང་རོལ་མོ་དང་བཅས་པས་བྱིན་ཕབ། དེས་མ་ཕེབས་ན་སླར་ཡང་། ཨཱོྃ་ཨཱཿཧཱུྃ་ཧྲཱིཿཧཱུྃ་ཧཱུྃ་ཨཱཿཧཱུྃ༔ བཞེངས་ཤིག་རྗེ་བཙུན་པདྨ་བཞེངས༔ དགོངས་ཤིག་བླ་མ་སློབ་དཔོན་དགོངས༔ རིག་འཛིན་གནས་ནས་སྐུ་སྐྱོད་ལ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བཞེངས་ཤིག་ཡི་དམ་ལྷ་ཚོགས་བཞེངས༔ དགོངས་ཤིག་རྒྱལ་བ་རིགས་ལྔའི་ཚོགས༔ ཆོས་ཀྱི་དབྱིངས་ནས་སྐུ་སྐྱོད་ལ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བཞེངས་ཤིག་ཡེ་ཤེས་མཁའ་འགྲོ་བཞེངས༔ དགོངས་ཤིག་ཌཱ་ཀི་སྡེ་ལྔའི་ཚོགས༔ དུར་ཁྲོད་གནས་ནས་སྐུ་སྐྱོད་ལ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རྒྱས་པར། ཨཱོྃ༔ སྐུ་ཡིས་བྱིན་གྱིས་རློབ་ཏུ་གསོལ༔་་་ཉང་གཏེར་ཕག་མོ་ཞལ་གཉིས་མ་ལྟར།མཆན།སོགས་ཀྱང་བརྗོད་ཅིང་། བྱི་ལ་ནག་པོའི་བྲུན། པདྨ་རཀྟ། ཤ་ཆེན། གུ་གུལ། ཀླད་པ། བདུད་རྩི་ལྔ། རང་གི་སྐྲ་རྣམས་བསྲེགས་པའི་དུད་པས་བདུག་ཅིང་རོལ་མོའི་སྒྲ་ཡུན་རིང་དུ་བྱའོ། །དེའི་ཚེ་སྐུ་ཕེབས་ན་འཕར་གཡོ། གསུང་ཕེབས་ན་སྨྲ་རྒོད། ཐུགས་ཕེབས་ན་བརྗོད་མེད་ཀྱི་རྟོགས་པ་སྐྱེ་ཞིང་། ཉམས་ཐོད་རྒལ་དུ་འབར་ན་དེ་ཉིད་སྐྱོང་དུ་བཅུག །ཏིཥྛ་བཛྲ་ཞེས་སྤྱི་བོར་རྡོ་རྗེ་བཞག་པས་བརྟན་པར་བྱིན་གྱིས་བརླབས། ཨཱོྃ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་པས་མེ་ཏོག་འབུལ་དུ་བཅུག་ལ་རིགས་ངོས་གཟུང་། པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ། ཞེས་མེ་ཏོག་སློབ་མའི་མགོ་བོར་བཅིངས། ཨཱོྃ་ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ། ཅེས་མིག་དར་བསལ། རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་བསྟན་ལ་ལྷ་ངོ་སྤྲད། དེ་ནས་དབང་དངོས་གཞིའི་དོན་དུ་མཎྜལ་ཕུལ་ལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་སངས་རྒྱས་དགོངས་སུ་གསོལ༔ ཇི་ལྟར་སྔོན་གྱི་སངས་རྒྱས་རྣམས༔ བླ་མའི་རྗེས་གནང་དབང་ཐོབ་ནས༔ སངས་རྒྱས་ས་ལ་གཤེགས་པ་ལྟར༔ དེ་རྗེས་བདག་ཀྱང་འཇུག་པར་འཚལ༔ བདག་ལ་དབང་བསྐུར་མཛད་དུ་གསོལ༔ ཞེས་ལན་གསུམ་གསོལ་བ་བཏབ་ལ་མེ་ཏོག་འཐོར། དེ་ནས་དབང་བསྐུར་བ་དངོས་ནི། འདི་ལྟར་བུམ་པ་ལ་སོགས་པའི་དབང་རྫས་ལྔ་པོ་རེ་རེ་བཞིན་ཡང་གནས་གསུམ་དུ་བཞག་ནས་མཐར་ཚིག་དོན་ངོ་སྤྲོད་རྣམས་རིམ་པ་བཞིན་དབང་བཞིའི་བདག་ཉིད་ཅན་དུ་བསྐུར་བ་ལ་རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་བྱ་བ་ཡིན་ལ། དེ་ལ་དང་པོ་བུམ་པས་དབང་བསྐུར་བ་ནི། བླ་མ་དང་དཀྱིལ་འཁོར་གྱི་ལྷ་དབྱེར་མ་མཆིས་པས་འདི་ལྟར་དབང་རྣམས་རིམ་བཞིན་བསྐུར་བ་ལས་སྤང་བྱའི་དྲི་མ་རྣམས་དག་ཅིང་འཐོབ་བྱའི་ཡོན་ཏན་ཐམས་ཅད་ཐོབ་པར་གྱུར་སྙམ་པའི་མོས་པ་མཛོད། ཨཱོྃ༔ བུམ་པ་སྤྲོས་བྲལ་ཟླུམ་པོ་ན༔ སྐྱེ་མེད་བྱང་ཆུབ་སེམས་ཀྱི་ཆུས༔ རྣམ་རྟོག་མ་རིག་དྲི་མ་བཀྲུ༔ ཆོས་སྐུ་སྤྲོས་བྲལ་བདེ་ཆེན་ཆུས༔ གཟུང་འཛིན་འཁོར་བའི་བག་ཆགས་བཀྲུ༔ རང་བྱུང་ཡེ་ཤེས་སེམས་ཉིད་ཆུས༔ དུག་ལྔ་དུག་གསུམ་དྲི་མ་བཀྲུ༔ ཉོན་མོངས་བག་ཆགས་ཀུན་བྱང་ནས༔ དབང་བཞིའི་ཡེ་ཤེས་རྫོགས་པར་ཤོག༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ གུ་རུ་དེ་བ་ཌཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་ཧྲཱིཿ ཞེས་ལན་གསུམ་བརྗོད། དང་པོ་སྤྱི་བོར་བཞག་ནས་ཁྲུས་བྱས་པ་བུམ་དབང་། གཉིས་པ་མགྲིན་པར་གཏད་ནས་བུམ་ཆུ་བླུད་པ་གསང་དབང་། སྙིང་གར་གཏད་ནས་ཚིག་དོན་ངོ་སྤྲད་པ་ནི། སེམས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་མཚོན་པའི་བུམ་པ་ཟླུམ་པོ་དེ། སྐྱེ་མེད་རྟོགས་པ་དོན་དམ་མཚོན་བྱེད་ཆུས་བཀང་སྟེ་དབང་བསྐུར་པས། དུག་གསུམ་བག་ཆགས་དང་བཅས་པ་དག་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པའོ། །གཉིས་པ་གསང་བའི་དབང་ནི། ཐོད་པ་སྤྱི་བོར་བཞག་ལ། ཨཱ༔ ཐོད་པ་ཟླུམ་པོ་ཆོས་ཀྱི་དབྱིངས་ཀྱི་ངང༔ འཆི་མེད་བདུད་རྩི་ཆང་གིས་རབ་ཏུ་བཀང༔ ཤ་ལྔ་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ༔ ཉོན་མོངས་བདུད་འཇོམས་རིགས་ལྔ་སྐུ་ལྔར་བསྐྱེད༔ གཉིས་མེད་ངང་དུ་ཆོས་ཉིད་རོལ་པར་སྦྱོར༔ མ་བཅོས་རང་བྱུང་བདེ་ཆེན་བྱང་ཆུབ་སེམས༔ ཆོས་ཉིད་བདུད་རྩི་རྣམ་རྟོག་བདུད་ལས་རྒྱལ༔ དབང་བཞིའི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ རྩ་སྔགས་ལན་གསུམ་བརྗོད་ལ། དང་པོ་ཐོད་པ་སྤྱི་བོར་བཞག་པ་བུམ་དབང་། གཉིས་པས་མགྲིན་པར་གཏད་ནས་བདུད་རྩི་བླུད་པ་གསང་དབང་། སྙིང་གར་གཏད་ནས་ཚིག་དོན་ངོ་སྤྲད་པ་ནི། སེམས་ཆོས་དབྱིངས་ཐིག་ལེ་ཉག་གཅིག་མཚོན་པའི་ཐོད་པ་ཟླུམ་པོའི་ནང་དུ། གཞི་ཉོན་མོངས་པ་ལྔ་ངོ་བོ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་རང་རིག་པ་སྐུ་ལྔའི་བདག་ཉིད་འཆི་མེད་ཀྱི་གོ་འཕང་བརྙེས་པ་མཚོན་བྱེད་བདུད་རྩིས་བཀང་སྟེ་དབང་བསྐུར་པས། མཚན་འཛིན་གྱི་རྣམ་རྟོག་དག་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པའོ། །གསུམ་པ་མེ་ལོང་གི་དབང་ནི། ཧཱུྃ༔ མེ་ལོང་ཟླུམ་པོ་ཆོས་དབྱིངས་དྲི་མ་མེད༔ དག་ཅིང་གསལ་ལ་རྙོག་པ་མེད་པར་དྭངས༔ གཟུགས་བརྙན་གསལ་ལ་ངོས་གཟུང་འཛིན་པ་བྲལ༔ སེམས་ཉིད་རྣམ་དག་གསལ་ལ་མི་འགག་པ༔ གཟུང་འཛིན་མཚན་མའི་དངོས་པོའི་ཡུལ་ལས་འདས༔ བྱང་ཆུབ་སེམས་ཀྱི་ཆོ་འཕྲུལ་ཅིར་ཡང་སྣང༔ གསལ་སྟོང་མ་འགགས་དབྱིངས་ནས་གསལ་འགྲིབ་མེད༔ དབང་བཞིའི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ རྩ་སྔགས་བརྗོད་པས་སྤྱི་བོར་བཞག །མགྲིན་པར་འཇོག་པ་དང་མཉམ་དུ་སློབ་དཔོན་གྱི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་ཐོན་པ་ཞལ་གྱི་སྒོ་ནས་སློབ་མའི་ཁར་ཞུགས་སྙིང་གའི་ས་བོན་ལ་ཐིམ་པར་བསྒོམ་དུ་བཅུག་ནས་སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱས་ལ། མེ་ལོང་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་གཏད་ནས་སྔགས་ཀྱི་རྗེས་གནང་སྦྱིན་པ་གསང་དབང་། སྙིང་གར་བཞག་ནས་རིག་པ་གསལ་ལ་མ་འགགས་པར་ངོ་སྤྲད་པ་ནི། སེམས་ཉིད་ཆོས་སྐུ་དྲི་མེད་མཚོན་བྱེད་མེ་ལོང་གཡའ་དག་ཟླུམ་པོ་ལ། ཀུན་རྫོབ་སྒྱུ་མ་ལྟ་བུ་དང་རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཀྱི་གཟུགས་བརྙན་ཅིར་ཡང་ཤར་བ་མཚོན་བྱེད་ཚོམ་བུ་སྔགས་བཅས་ཀྱིས་བརྒྱན་པས་དབང་བསྐུར་པས། གསལ་བ་ལ་སྟོང་པས་རྒྱས་ཐེབས་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། སེམས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པའོ། །བཞི་པ་གཏོར་མའི་དབང་ནི། ཧྲཱི༔ གཏོར་སྣོད་བྷནྡྷ་གཞལ་ཡས་ཆོས་ཀྱི་དབྱིངས༔ གཏོར་མ་འདོད་ཡོན་རྣམ་ལྔ་ཡེ་ཤེས་ལྔ༔ གུ་རུའི་སྐུ་མཆོག་བདེ་ཆེན་འདུ་འབྲལ་མེད༔ རྣམ་དག་བདུད་རྩི་བླ་མ་མཆོད་པའི་རྫས༔ གཉིས་མེད་དབྱིངས་སུ་དམ་ཚིག་གཉན་པོ་བསྲེ༔ མ་མོ་མཁའ་འགྲོ་དབང་དུ་བསྡུ་བ་དང༔ ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ་སླད་དུ༔ སྤྲུལ་པ་མང་པོ་ལས་ལ་འགྱེད་པའི་ཕྱིར༔ དབང་བཞིའི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ སྔགས་བརྗོད་བཞིན་དུ་གཏོར་མ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་གཏད་ནས་གཏོར་ཟན་མྱང་བ་གསང་དབང་། སྙིང་གར་གཏད་དེ་ཚིག་དོན་ངོ་སྤྲད་པ་ནི། སེམས་ཉིད་ཆོས་ཀྱི་དབྱིངས་རིས་སུ་མ་ཆད་པ་མཚོན་པའི་གཏོར་སྣོད་བྷཉྫ་ཟླུམ་པོའི་ནང་དུ། གང་ཤར་ཐམས་ཅད་བདེ་ཆེན་དུ་རང་རིག་པ་གུ་རུའི་སྐུ་དང་འདོད་ཡོན་རྣམ་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་རྣམ་པར་དག་པ་བདུད་རྩིའི་མཆོད་རྫས་དབྱེར་མེད་དུ་མཚོན་པ་གཏོར་མའི་དབང་བསྐུར་པས། སེམས་ཉིད་སྣང་སྟོང་ཟུང་འཇུག་ཏུ་རྟོགས་པས་འཁོར་འདས་གཉིས་མེད་ཀྱི་དབྱིངས་སུ་དམ་ཚིག་གཉན་པོ་འདྲེས་པས། ཕྱི་ནང་གི་མ་མོ་ཌཱ་ཀི་དབང་དུ་འདུས་ཏེ་ཕྲིན་ལས་བཞིས་འགྲོ་བ་མ་ལུས་པ་འདུལ་བའི་ཕྱིར་དུ་སྤྲུལ་པ་དང་ཡང་སྤྲུལ་ལས་ལ་བཀྱེ་བར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པའོ། །ལྔ་པ་སྐུ་འབག་གི་དབང་བསྐུར་བ་ནི། སྐུ་སྤྱི་བོར་བཞག་ལ། ཨཱོྃ༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང༔ ལོངས་སྐུ་གསལ་ལ་མ་འདྲེས་གུ་རུའི་སྐུ༔ སྤྲུལ་སྐུ་སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདུལ༔ སྐུ་གསུམ་ངང་དུ་མཉམ་ཉིད་མ་འདྲེས་གསལ༔ སྔོན་ཚེ་པད་འབྱུང་ཁྱེད་དང་སྨོན་ལམ་གཅིག༔ ད་ལྟ་བདག་དང་སློབ་མའི་སྟངས་ཟུངས་ཤིག༔ སྲོག་གི་ཕྱིར་ཡང་མི་གཏོང་སྒྲུབ་ལགས་སོ༔ ཡེ་ཤེས་དབང་ཆེན་རབ་འབྱམས་བསྐུར་རྫོགས་ཤོག༔ རྩ་སྔགས་བརྗོད་པས་སྤྱི་བོར་བཞག །མགྲིན་པར་འཇོག་པ་དང་མཉམ་དུ་མེ་ཏོག་ཕོག་པའི་རིགས་དང་མཐུན་པའི་གསང་མིང་འདོགས་ཏེ་བཛྲ་གུ་རུ་རྩལ་ཞེས་པས་མཚོན་ནོ། །དེ་ལྟར་སྐུ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་སྟེ་གསང་མཚན་བཏགས་པ་ནི་གསང་དབང་། སྙིང་གར་བཞག་སྟེ་བླ་མ་དང་རང་སེམས་དབྱེར་མེད་དུ་ངོ་སྤྲད་པ་ནི། སེམས་ཉིད་ཡེ་ཐོག་མ་ནས་སྐུ་བཞི་ལྷུན་གྲུབ་ཏུ་གནས་པ་འདི་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་སྐུ་བཞི་དབྱེར་མེད་མཚོན་པ་གུ་རུའི་སྐུའི་དབང་བསྐུར་པས། རང་ཐ་མལ་དུ་འཛིན་པ་དག་ནས། རང་སེམས་གདོད་མ་ནས་དག་པ་གུ་རུ་པདྨ་འབྱུང་གནས་དང་འདྲ་ཡང་། དེ་ལྟར་མ་རྟོགས་པས་སྒོ་གསུམ་ཐ་མལ་དུ་གྱུར་པ་འདི་སྦྱོང་བའི་ཕྱིར། བདག་དང་སློབ་མ་ལ་བྱིན་གྱིས་རློབ་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པའོ། །དེ་ལྟར་རྩ་བའི་དབང་རྣམ་པ་ལྔ་ལ་བཞི་བཞིར་ཕྱེ་བས་ན་རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་བྱ་བ་དབང་བཞིའི་མངོན་པར་རྟོགས་པའི་བྱིན་རླབས་ཐོད་རྒལ་དུ་ཐོབ་པར་འགྱུར་བ་ཡིན་ནོ། །དེས་ན་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་། ཁྱད་པར་ཡབ་ཀྱི་དབང་རྟགས་སུ་སྐུ་འབག་དང་རྡོ་རྗེ་གཟུང་ཞིང་བཅང་། ཡུམ་གྱི་དབང་རྟགས་སུ་མེ་ལོང་དང་ཀ་པཱ་ལ་དུམ་བུ་བཞི་པ་འཆང་། ཡབ་ཡུམ་གཉིས་སུ་མེད་པའི་དབང་རྟགས་སུ་ཚེས་བཅུའི་མཆོད་པ་མ་ཆག་པར་གྱིས་ཤིག་ཅེས་བརྗོད། སློབ་མས་ཀྱང་ཁས་བླང་ཞིང་མཎྜལ་འབུལ་ལོ། །འདིའི་དབང་རྫས་སྙིང་གར་འཇོག་སྐབས་ཚིག་དོན་ངོ་སྤྲོད་རྒྱས་པར་བྱེད་པའི་ལུགས་ཀྱང་ཡོད་པས་སྤྲོ་ན་ཟུར་དུ་བྲིས་པ་ལྟར་བྱའོ།་་་འདིར་ནི་ལོ་ཆེན་གསུང་ལས་འབྱུང་བ་ལྟར་དཀྱུས་སུ་བཙུད་ཡོད་དོ།མཆན། མིག་དར་འཆིང་འགྲོལ་སོགས་ཚིག་གིས་དངོས་ཟིན་ལ་མེད་ཀྱང་དོན་གྱིས་ཐོབ་པས་སྨྲོས་སོ། །གོང་དུ་ཚོགས་མཆོད་མ་བཏང་ན་སྐབས་འདིར་གཏོང་ཞིང་། རྗེས་གཏང་རག་གི་མཆོད་བསྟོད། ནོངས་བཤགས་གཤེགས་གསོལ། ཉེར་བསྡུ་སྨོན་ལམ་ཤིས་བརྗོད་རྣམས་བྱ་སྟེ་ལས་བྱང་བཞིན་ནོ། །གསང་འདུས་བླ་སྒྲུབ་སྙིང་པོའི་བཅུད། །འ༵གྱུར་མེ༵ད་བདེ་ཆེན་ལམ་བཟང་མཆོག །རྡོ༵་རྗེ༵འི་གསུང་བཞིན་འཇུག་བདེར་སྤེལ། །སྐལ་བཟང་རྣམས་ཀྱིས་ཉམས་སུ་ལོངས། །གསང་འདུས་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་དང་འབྲེལ་བ་ཟླུམ་པོ་བཞི་དབང་གི་ལེ་ཚན་ནོ།། །།
རྩ་རླུང་མཁའ་འགྲོའི་གསང་མཛོད་ལས། ས་གཅད་གསལ་བའི་མེ་ལོང་ (Volume 40, Text 3)
དགེ་ལེགས་གཏེར་འཆང་མཁའ་འགྲོའི་གཙོ་ལ་འདུད༔ འཕགས་ཡུལ་རིག་འཛིན་མཁའ་འགྲོ་རྒྱ་མཚོའི་བཅུད༔ རྩ་རླུང་མཁའ་འགྲོ་གསང་བའི་མཛོད་ཆེན་འདི༔ མ་ཧཱ་གུ་རུའི་བཀའ་བཞིན་མཚོ་རྒྱལ་མས༔ མ་འོངས་འགྲོ་ལ་བརྩེ་བས་ཡི་གེར་སྤེལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ཡང་བསམ་ཡས་མཆིམས་ཕུའི་ཀེའུ་ཚང་དུ༔ ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་དེས༔ གསང་བ་ཡེ་ཤེས་མཁའ་འགྲོ་སྒྲུབ་པའི་ཚེ༔ པད་ཅན་མཁའ་འགྲོ་མཚོ་རྒྱལ་བདག་གིས་ནི༔ བདེ་བའི་ལུས་མཆོད་ཕུལ་ནས་འདི་སྐད་ཞུས༔ ཨ་ཧོ་རང་བྱུང་པདྨའི་སྡོང་པོའི་རྩེར༔ སྣང་བ་མཐའ་ཡས་ཐུགས་རྗེ་ཟེར་འཁྲིགས་པས༔ སྐྱེ་འཆི་གཉིས་སྤང་ཚེ་ཡི་རིག་འཛིན་རྗེ༔ འགྲོ་བའི་བླ་མ་པདྨ་འབྱུང་གནས་ལགས༔ རྗེས་བཟུང་འགྲོ་ལ་བརྩེ་བའི་ཐུགས་བསྐྱེད་ཀྱིས༔ བདེ་ཆེན་མཁའ་འགྲོ་འབུམ་གྱི་ཐུགས་བཅུད་ཟབ༔ མ་ལུས་གཅིག་བསྡུས་གོ་སླ་ཁྱེར་བདེ་ཞིང༔ ཚེ་གཅིག་སངས་རྒྱས་འཐོབ་པའི་གདམས་པ་ཞིག༔ ཐུགས་ཀྱི་དཀྱིལ་ནས་བདེན་པའི་བཅུད་ཕྱུངས་ལ༔ བདག་གི་སྤྱི་བོའི་རྒྱན་དུ་སྩོལ་བར་མཁྱེན༔ ཞེས་ཞུས་གུ་རུ་པདྨས་བཀའ་བསྩལ་པ༔ ཉོན་ཅིག་མཚོ་རྒྱལ་ཤེལ་དཀར་མགོན་སྐྱིད་མ༔ ཞུས་པའི་དོན་དེ་སྐབས་ལ་རན་གྱིས་ཐོག༔ བདག་ནི་གདུལ་བྱ་འདུལ་བའི་ཐབས་ལ་མཁས༔ མངལ་དང་བརྫུས་སོགས་མ་འགགས་སྤྱོད་པ་མཛད༔ རྒྱལ་བའི་བསྟན་དང་འགྲོ་བར་ཕན་པའི་ཕྱིར༔ རྒྱ་གར་མཁས་པ་ཤྲཱི་སིཾ་ཧཱུྃ་ཀཱ་ར༔ ཡེ་ཤེས་མཁའ་འགྲོ་བདུད་འདུལ་ཀུན་དགའ་མར༔ ཟབ་མོ་གནད་ཀྱི་གདམས་པ་མང་དུ་ཞུས༔ ཁྱད་པར་ཨོ་རྒྱན་དུར་ཁྲོད་རྩུབ་འགྱུར་ཚལ༔ དབྱིངས་ཀྱི་ཡུམ་ཆེན་རྡོ་རྗེ་ཕག་མོ་ཡི༔ ཞལ་གཟིགས་དབང་བསྐུར་དངོས་གྲུབ་བཀའ་ཡང་བབ༔ རྩ་རླུང་མཁའ་འགྲོའི་གདམས་པ་མང་དུ་ནོད༔ དེ་དག་ནང་ནས་ཟབ་པའི་ཡང་ཟབ་མཆོག༔ དྲི་མེད་གསུང་གི་བཅུད་ལ་གཞིར་བླངས་ནས༔ རྒྱ་ཞང་མཁས་པའི་གདམས་ངག་ཟུར་ཡང་བརྒྱན༔ ཨོ་རྒྱན་བདག་གི་ཉམས་བསྟར་ལག་ལེན་གྱིས༔ བདེ་བླག་རྟོགས་པའི་དོན་གྱི་ཁ་སྐོང་སྟེ༔ རྩ་རླུང་མཁའ་འགྲོའི་གསང་མཛོད་བྱ་བ་འདི༔ མཁའ་འགྲོ་འབུམ་གྱི་སྙིང་གི་ཁྲག་རླངས་ཡིན༔ བཅའ་གཞི་རོལ་མོ་བསྙེན་སྒྲུབ་མི་དགོས་པར༔ ཚེ་བསྲིང་སྲོག་སྐྱོང་འཁོར་སྲུང་རྐྱེན་ཟློག་དང༔ དགྲ་བསད་བགེགས་བཏུལ་ལས་བཞི་ལྷུན་གྱིས་གྲུབ༔ བདག་དང་གཞན་གྱི་སྒྲིབ་སྦྱོང་ཚོགས་ཆེན་རྫོགས༔ འགྲོ་བ་ཐར་པའི་ལམ་ལ་དཀྲི་བ་སོགས༔ འབྱིན་འཇུག་རླུང་གི་ནུས་པ་གྲུབ་བྱེད་པ༔ འདི་འདྲའི་གདམས་པ་འཕགས་པའི་ཡུལ་ནའང་མེད༔ དཔེར་ན་རྟ་རྨིག་ལྕགས་ཀྱིས་ལེགས་གཏུམས་ནས༔ འཛམ་བུ་གླིང་འདི་ལན་དགུ་བསྐོར་གྱུར་ཀྱང༔ གདམས་པ་འདི་འདྲ་རྙེད་པར་གྱུར་ཏ་རེ༔ ཞེས་གསུངས་རྩ་རླུང་མཁའ་འགྲོའི་གསང་མཛོད་ཀྱི༔ རྒྱུད་ལུང་མན་ངག་མ་ལུས་གཏན་ལ་ཕབ༔ ཁོ་མོ་མཚོ་རྒྱལ་སྙིང་གི་བདུད་རྩིར་གནང༔ བདག་གིས་དེ་སྔ་གྲགས་པའི་ཆོས་ཀྱི་སྐོར༔ རྒྱ་ཆེ་ཟབ་བརླིང་ནམ་མཁའི་མཐའ་བཞིན་ཀྱང༔ ལ་ལ་རྒྱ་ཆེ་བློ་ཡིས་དཔོག་པར་དཀའ༔ ལ་ལ་བསྡུས་དྲགས་གནད་འགགས་ཁྲོལ་མི་ནུས༔ འདི་ནི་གོ་སླ་ཁྱེར་བདེ་དམར་ལ་ཟབ༔ ཚིག་ཉུང་དོན་འདུས་གདམས་པ་འདི་འདྲ་བ༔ དེ་སྔོན་གངས་རིའི་ཁྲོད་དུ་གྲགས་པ་མེད༔ ད་དུང་འདི་འདྲ་འབྱུང་བར་མི་འགྱུར་རོ༔ སྙམས་ནས་རྒྱ་གར་དུར་ཁྲོད་བསིལ་ཚལ་དུ༔ སྐྱེས་པའི་ཤིང་མཆོག་བྷོ་དྷི་བྲྀཀྵའི་ཤུན༔ དེ་ལ་ཁོ་མོ་རང་གི་ཟླ་མཚན་གྱིས༔ མཁའ་འགྲོ་བརྡ་ཡི་ཡི་གེར་བྲིས་ནས་སུ༔ རིན་ཆེན་ཕྲ་མེན་གཏེར་གྱི་སྒྲོམ་བུ་རུ༔ བཅུག་ནས་ཨོ་རྒྱན་ཕྱག་གི་རྒྱ་ཡིས་གདབ༔ ལོ་ཙཱ་བཻ་རོ་ཙ་ན་ཉིད་ལ་གནང༔ བཻ་རོའི་སྤྱི་གཙུག་ཅོད་པན་བཅིངས་བྱས་ནས༔ གངས་ཅན་ཤར་ཕྱོགས་རྒྱལ་མོ་རྒྱ་ཡི་རོང༔ དེ་ལ་ཉེ་བའི་ཉག་ཤོད་ཨ་འཛི་ལུང༔ དེ་ཡི་བྱང་ཕྱོགས་གཟི་ཤོད་རུ་ལག་གི༔ རྟ་ཕག་ཡབ་ཡུམ་མངོན་ཞལ་སྦྱོར་བའི་དབྱིབས༔ སེང་གེ་གནམ་རྫོང་རྡོ་རྗེ་ཡོངས་རྫོང་གི༔ དེ་ཡི་ཡུམ་གནས་སེང་གེ་ཡོངས་རྫོང་གི༔ མཁའ་འགྲོ་གསང་ཕུག་ཕག་མོའི་བྷ་གའི་ནང༔ རྡོ་རྗེ་རྣལ་འབྱོར་མ་ལ་གཉེར་བཅོལ་ནས༔ བདེན་པའི་སྨོན་ལམ་སྙིགས་མ་ལྔ་བདོ་དུས༔ ཨོ་རྒྱན་ཡབ་ཡུམ་བྱིན་གྱིས་བརླབས་པའི་བུ༔ གཤེད་བཞི་ལོ་པ་ཁ་གསལ་ཁོང་བརླིང་ཞིང༔ སྐྱེ་མེད་ཆོས་སྐུ་རིས་སུ་མ་ཆད་པ༔ འཇའ་ཚོན་སྙིང་པོ་ཨོ་རྒྱན་ལས་འཕྲོ་གླིང༔ ཞི་དལ་ངང་རིང་རྣལ་འབྱོར་དེ་དང་སྤྲོད༔ དེས་ཀྱང་བསྟན་པ་རྒྱས་པའི་རྒྱུར་གྱུར་ཏེ༔ ཆོས་བདག་སློབ་མ་ལས་བཞི་ཕྲིན་ལས་བརྡ༔ ངོ་མཚར་རིགས་རྟགས་འབར་བའི་མཆོག་གསུམ་ཅན༔ དེ་དང་མ་འཛོལ་སྒྲུབ་བརྒྱུད་རྒྱས་པར་ཤོག༔ ྈྈྈ ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་ཨོ་རྒྱན་ལས་འཕྲོ་གླིང་པའམ། འཇའ་ཚོན་སྙིང་པོར་འབོད་པས་རིགས་མཐུན་གཏེར་གྲོགས་པདྨ་མཁའ་འགྲོ་དང་བཅས་ཏེ། གཟི་ཤོད་གཡུ་མོ་ལུང་གི་རུ་ལག་གནས་ཆེན་རྡོ་རྗེ་ཡོངས་རྫོང་མཁའ་འགྲོ་གསང་ཕུག་གི་ནང་ནས། རྡོ་རྗེ་ཕག་མོའི་བྷ་ག་བྱ་རོག་གདོང་གི་སྦུབས་ནས་ལྕགས་བྱ་ཟླ་བ་གསུམ་པའི་ཚེས་བཅུའི་ཉིན་པར་གཏེར་གྱི་དངོས་གྲུབ་ཏུ་རྙེད་པ། སླར་ཆུ་མོ་ཕག་གི་ཧོར་ཟླ་དགུ་པའི་ཚེས་ལ་དྲེ་ཤོད་པདྨ་བརྩེགས་པའི་བྱང་ཕྱོགས་རྡོ་རྗེ་གླིང་གི་གདན་སར་ཤོག་སེར་ལས་ཞལ་བཤུས་གྲུབ་པར་དགེའོ།། །། ྈ རྩ་རླུང་མཁའ་འགྲོའི་གསང་མཛོད་ལས༔ དབང་མཆོག་ཡེ་ཤེས་རང་ཤར་བཞུགས་སོ༔ ྈྈྈྈ རྡོ་རྗེ་ཕག་མོར་ཕྱག་འཚལ་ནས༔ དབང་མཆོག་ཡེ་ཤེས་རང་ཤར་བསྟན༔ དེ་ལ་སྦྱོར་དངོས་རྗེས་གསུམ་སྟེ༔ སྐལ་ལྡན་བདུན་ལས་མང་མི་སྤེལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ཡང་དང་པོ་སྐལ་ལྡན་སློབ་མ་ངེས་འབྱུང་སྐྱེ་བའི་ཕྱིར་དུ༔ དྲང་ངེས་ཀྱི་ཆོས་གོ་བདེ་བར་བཤད༔ ཁྱད་པར་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ཆེ་བ་བརྗོད་ལ༔ སློབ་བུས་གསོལ་བ་གདབ་པ་ནི༔ བླ་མ་སངས་རྒྱས་ཀུན་གྱི་གཙོ༔ རྩ་རླུང་མཁའ་འགྲོ་གསང་མཛོད་ཀྱི༔ བྱིན་རླབས་དབང་བསྐུར་ཞུ་ལགས་པས༔ བརྩེ་བ་ཆེན་པོས་གནང་དུ་གསོལ༔ ཞེས་ཞུ༔ ལན་དུ༔ སྐལ་བ་ལྡན་པའི་སློབ་མ་ཁྱོད༔ ཁྱབ་གདལ་བདེ་བའི་དཀྱིལ་འཁོར་དུ༔ དབང་ཆེན་ནོད་པ་ངོ་མཚར་ཆེ༔ སྤྲོ་དགའ་སྐྱེད་ལ་གྲལ་དུ་སྡོད༔ ཅེས་གསུངས༔ དེ་ནས་མདུན་དུ་སྟེགས་བུ་གཙང་མའི་སྟེང་དུ་དར་དཀར་པོས་བཀབ༔ ཕྱོགས་མཚམས་དབུས་དང་དགུ་རུ་འབྲུ་ཡི་ཚོམ་བུ་བཀོད༔ དབུས་སུ་མཉྫིའི་ཁར་ཐོད་པ་མཚན་ལྡན་ཆང་དང་བྱང་སེམས་དཀར་དམར་གྱིས་བཀང་བ་བཀོད་ལ༔ ཌཱ་མ་རུ་དང་དྲིལ་བུའི་སྒྲ་གཏང་ཞིང༔ ཧཱུྃ༔ སྣང་སྲིད་རྒྱལ་བའི་ཞིང་ཁམས་ལ༔ མ་རྟོགས་བགེགས་སུ་ལྟ་བའི་རིགས༔ ཐམས་ཅད་གདོད་མའི་ཀློང་ཡངས་སུ༔ སྨྲ་བསམ་བརྗོད་དང་བྲལ་བར་དེངས༔ ཨ་ཏི་ཀྲ་མ་ཨུ་ཙ་ཏ་ཡ་ཕཊ༔ ཅེས་བརྗོད་ལ་བགེགས་བསྐྲད༔ ཁྲུས་ནས་ཕྱུང་སྟེ༔ ཀུན་རྫོབ་དྲི་མ་དག་བྱེད་ཅིང༔ དོན་དམ་བདེན་པ་རྟོགས་པའི་ཆུ༔ ཡེ་ཤེས་བདུད་རྩིས་ཁྲུས་གསོལ་བས༔ ཉོན་ཤེས་སྒྲིབ་པ་དག་གྱུར་ཅིག༔ ཅེས་བརྗོད༔ དེ་ནས་དཔོན་སློབ་གཉིས་ཀས་གནས་ལུགས་གསལ་བཏབ་ལ་སྐྱབས་སུ་འགྲོ་བ་ནི༔ སྐྱེ་མེད་སྟོང་པ་ཆོས་ཀྱི་སྐུ༔ འགག་མེད་གསལ་བ་རྫོགས་པའི་སྐུ༔ གཉིས་མེད་གཅིག་པ་སྤྲུལ་པའི་སྐུ༔ འཛིན་མེད་ཀློང་དེར་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི༔ མཐའ་ཡས་འགྲོ་བ་མ་ལུས་པ༔ རྫོགས་པའི་སངས་རྒྱས་ཐོབ་ཕྱིར་དུ༔ བདག་གིས་བྱང་ཆུབ་སེམས་མཆོག་ནི༔ སྲོག་ལ་བབ་ཀྱང་བསྐྱེད་པར་བྱ༔ སྡོམ་པ་གཟུང་བ་ནི༔ ཡང་དག་དོན་གྱི་དཀྱིལ་འཁོར་དུ༔ ཞུགས་ནས་གསང་སེམས་སྡོམ་པ་གང༔ བྱང་ཆུབ་བར་དུ་ཉམས་མེད་པར༔ ཚུལ་བཞིན་གཟུང་བར་དམ་བཅའ་འོ༔ མཎྜལ་འབུལ་བ་ནི༔ ཕྱི་སྣོད་རྩ་ཡི་མཎྜལ་ལ༔ ནང་བཅུད་རླུང་སེམས་ཚོམ་བུར་བཀོད༔ བདེ་སྟོང་ཐིག་ལེའི་རྒྱན་དང་བཅས༔ རང་རིག་དོན་གྱི་ལྷ་ལ་འབུལ༔ དེ་ནས་བླ་མས་རྡོ་རྗེ་དུང་ཆོས་ཐོགས༔ དམ་ཚིག་གི་བདུད་རྩི་ལྕེ་ལ་བཞག༔ ཕྱག་མཚན་རྡོ་རྗེ་སློབ་བུའི་སྙིང་གར་གཏད་ལ༔ བདག་ནི་ཁྱོད་ཀྱི་རིགས་བདག་ཆེ༔ ཁྱད་པར་བླ་མེད་དབང་བསྐུར་གྱིས༔ དམ་ཚིག་རྡོ་རྗེའི་ཆུ་འདི་ཐུངས༔ དམ་ཚིག་མ་ལུས་སྲོག་བཞིན་སྲུངས༔ ས་མ་ཡ་ཨི་དནྟེ་ན་ར་ཀན༔ ཞེས་བརྗོད་ལ་གསང་སྔགས་བླ་མེད་ཀྱི་དམ་ཚིག་རྣམས་བཤད༔ ཁྱད་པར་དུ་རྩ་རླུང་མཁའ་འགྲོ་གསང་མཛོད་ཀྱི་དབང་འདི་ཐོབ་ཕྱིར༔ རླུང་སེམས་ཟུང་དུ་འཇུག་པའི་ཉམས་ལེན་གྱི་སྒོ་ནས་ལོ་བཅུ་གཉིས་ཀྱི་བཅད་རྒྱ་བྱེད་པའི་དམ་བཅའ་འབུལ་ལོ༔ དེ་ནས་དཔོན་སློབ་ཀུན་གྱིས་དགོངས་པ་གསལ་གདབ་ཅིང་རླུང་རོ་དབྱུང་ཞིང་བུམ་ཆེན་གྱི་རླུང་བཟུང་ལ་མངོན་རྟོགས་ལྟར་བསྒོམ་པ་ནི༔ ཀ་དག་སྤྲོས་དང་བྲལ་བའི་ཀློང༔ རང་བྱུང་གདོད་མའི་མགོན་པོ་སོགས༔ རིག་རྩལ་འགག་པ་མེད་པའི་ལྷ༔ སྨྲ་བསམ་བརྗོད་དང་བྲལ་བར་བསྒོམ༔ ཞེས་གསལ་གདབ༔ དེ་ནས་ཡེ་ཤེས་བྱིན་ཆེན་དབབ་པ་ནི༔ སྤོས་བསྲེག་རོལ་མོ་དཀྲོལ་ལ༔ རང་ཉིད་རྟ་ཕག་ཡབ་ཡུམ་དུ་གསལ་བའི་ངང་ནས༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིང་ཧྲཱིང་ཕེམ་ཕེམ༔ ཞེས་བརྗོད་པས་ལྷ་དང་སྔགས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ནས༔ མཁའ་སྤྱོད་རིག་འཛིན་གྱི་གནས་ནས་དཔའ་བོ་མཁའ་འགྲོ་སྲུང་མ་ཐམས་ཅད༔ ནམ་མཁའི་ཆར་བཞིན་བྱོན་ནས་བདག་དང་གཉིས་སུ་མེད་པར་བསམ་ལ༔ ཧཱུྃ༔ མ་བཅོས་གཉུག་མ་ཁྱབ་གདལ་ཆེན་པོའི་དབྱིངས༔ ཡེ་ཉིད་སྟོང་པ་ཀུན་ཏུ་བཟང་པོ་སོགས༔ དགོངས་བརྒྱུད་བླ་མ་གནས་འདིར་དབང་ལ་གཤེགས༔ འཇའ་ལུས་འོད་སྐུར་འགྲུབ་པར་བྱིན་གྱིས་རློབས༔ ཡེ་ཤེས་རང་གསལ་འོད་ཟེར་འཁྱིལ་བའི་ཀློང༔ རིག་སྟོང་སྤྲོས་བྲལ་དབང་ཆེན་ཡབ་ཡུམ་སོགས༔ ཡི་དམ་ལྷ་ཚོགས་གནས་འདིར་དབང་ལ་གཤེགས༔ ལྷུན་གྲུབ་བདེ་བ་ཆེན་པོར་བྱིན་གྱིས་རློབས༔ རང་སྣང་རྣམ་དག་མཁའ་སྤྱོད་གཞལ་ཡས་ནས༔ དབྱིངས་ཀྱི་ཡུམ་ཆེན་རྡོ་རྗེ་ཕག་མོ་སོགས༔ མ་སྲིང་མཁའ་འགྲོ་གནས་འདིར་དབང་ལ་གཤེགས༔ དྭངས་མ་ཡེ་ཤེས་རྒྱས་པར་བྱིན་གྱིས་རློབས༔ གཏེར་གནས་འཇའ་འོད་མེ་དཔུང་འཁྲིགས་པའི་དབུས༔ མ་རྒྱུད་གཙོ་མོ་རྡོ་རྗེ་རྣལ་འབྱོར་སོགས༔ བཀའ་གཏེར་སྲུང་མ་གནས་འདིར་དབང་ལ་གཤེགས༔ ཐར་ལམ་བར་ཆད་ཞི་བར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ བཛྲ་གུ་རུ་དཱེ་བ་ཌཱ་ཀི་ནཱི༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཛ༔ ཞེས་དྲག་དང་ལྡན་པར་འབད་དོ༔ དེ་ནས་དངོས་གཞི་དབང་བསྐུར་བ་ལ་གསོལ་བ་གདབ་པ་ནི༔ སྔོན་གྱི་གྲུབ་ཆེན་ཕོ་མོ་ལ༔ བཞི་རྫོགས་དབང་བསྐུར་ཇི་བཞིན་དུ༔ བདག་ཅག་སྐལ་ལྡན་སློབ་མ་ལ༔ དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་ཞུ༔ དང་པོ་ཕྱི་བུམ་པའི་དབང་བསྐུར་བ་ལ༔ མཚན་ལྡན་བཀྲ་ཤིས་ཐོད་མཆོག་བུམ་པ་འདི༔ ལྷ་དང་གཞལ་ཡས་ངོ་མཚར་དཔག་ཏུ་མེད༔ སྐལ་ལྡན་སློབ་མ་ཁྱོད་ལ་དབང་བསྐུར་བས༔ བསྐྱེད་རིམ་ལྷ་ཡི་གསལ་ཆ་ཐོན་པར་ཤོག༔ ཨོཾ་རཏྣ་གཱ་ཌ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར་རོ༔ དེས་ནི་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་བུམ་པའི་དབང་ཐོབ༔ ལུས་ལྷར་བསྒོམ་པ་ལ་དབང་བར་བྱས༔ འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ༔ དེ་ནས་ནང་རྫས་དབང་བསྐུར་བ་ལ༔ དབང་ཆེན་ཡབ་ཡུམ་བདེ་སྟོང་སྦྱོར་བ་ལ༔ བྱང་ཆུབ་སེམས་ཀྱི་ཐིག་ལེ་དཀར་དམར་འབབ༔ སྐལ་ལྡན་སློབ་མ་རྣམས་ལ་དབང་བསྐུར་བས༔ བཟླས་བརྗོད་སྔགས་ཀྱི་ནུས་པ་ཐོབ་པར་ཤོག༔ ཨོཾ་མ་ཧཱ་སུ་ཁཿསིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བདུད་རྩི་བླུད་དོ༔ དེས་ནི་ནང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་བརྟེན་ནས་རྫས་ཀྱི་དབང་ཐོབ༔ ངག་སྔགས་ཀྱི་བཟླས་པ་ལ་དབང་བར་བྱས༔ འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ༔ དེ་ནས་གསང་བ་ཤེར་དབང་བསྐུར་བ་ལ༔ ཡེ་ཤེས་མཁའ་འགྲོ་བདེ་བའི་རང་གཟུགས་ཅན༔ རྣམ་པ་ཀུན་ཏུ་བདེ་བའི་སྐད་འབྱིན་མ༔ དཔའ་བོ་ཁྱོད་ཀྱི་བདེ་བའི་ཡུམ་དུ་གཏད༔ དབབ་འཛིན་འདྲེན་འགྲེམ་རང་དབང་ཐོབ་པར་ཤོག༔ ཨོཾ་སརྦ་མ་ཧཱ་ར་ཧཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་རིག་མ་གཏད་དོ༔ དེས་ནི་གསང་བ་བྷ་གའི་དཀྱིལ་འཁོར་ལ་བརྟེན་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ཡིད་ཏིང་ངེ་འཛིན་ལ་དབང་བར་བྱས༔ འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ༔ དེ་ནས་ཡང་གསང་ཚིག་དབང་བསྐུར་བ་ལ༔ བུམ་དབང་ལ་སོགས་ཚིག་གིས་བརྗོད་བྱ་སྟེ༔ རིག་པ་སྣང་བ་རྗེས་སུ་མི་འབྲང་ཞིང༔ སྣང་བ་རིག་པའི་དབང་དུ་ཚུར་འདུས་ན༔ དོན་གྱི་དབང་མཆོག་ཡིན་གྱིས་ཉམས་སུ་ལོངས༔ ཞེས་མེ་ལོང་བསྟན་ནོ༔ དེས་ནི་ཡང་གསང་གནས་ལུགས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ཚིག་དབང་རིན་པོ་ཆེ་ཐོབ༔ འཁོར་འདས་ཀྱི་ཆོས་ལ་དབང་བར་བྱས༔ འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ༔ དེ་ནས་རྩ་རླུང་གི་ཆས་དབང་བསྐུར་བ་ནི༔ རྩ་རླུང་ཐིག་ལེ་གསང་བའི་ཆས༔ རྣལ་འབྱོར་རོལ་པའི་དགའ་སྟོན་དུ༔ འཆང་ནས་བསྲུང་མེད་དམ་ཚིག་ལ༔ ཁྱོད་ནི་རྟག་ཏུ་གནས་པར་གྱིས༔ ཞེས་གཏད་དོ༔ དེ་ནས་གཏང་རག་གི་མཎྜལ་འབུལ་ལ༔ བླ་མ་རྡོ་རྗེ་འཛིན་པ་ཡིས༔ རྩ་རླུང་རྡོ་རྗེ་གསང་མཛོད་ཀྱི༔ དབང་རྫོགས་བསྐུར་བ་བཀའ་དྲིན་ཆེ༔ འབྱོར་ཚད་འབུལ་ལོ་བཞེས་སུ་གསོལ༔ ཞེས་འབུལ༔ དེ་ནས་གླུ་བྲོ་བྱ༔ བཀྲ་ཤིས་བརྗོད་པ་ནི༔ ཀ་དག་གདོད་མའི་གཤིས་ལུགས་ལ༔ འཛིན་མེད་རང་གྲོལ་བདེ་བ་ཆེ༔ དབྱིངས་རིག་ཡེ་ཤེས་འོད་དུ་གསལ༔ དང་པོའི་སངས་རྒྱས་བཀྲ་ཤིས་ཤོག༔ ལྷུན་གྲུབ་ལྔ་ལྡན་ཡོངས་སུ་རྫོགས༔ སྣང་སྟོང་མཚན་དཔེའི་རྫུ་འཕྲུལ་གར༔ གསལ་ལ་འཛིན་མེད་ཡེ་ཤེས་ལྷ༔ འཇའ་ལུས་དྭངས་མའི་བཀྲ་ཤིས་ཤོག༔ གང་འདུལ་སྤྲུལ་པའི་ཞིང་མཆོག་བདག༔ སེམས་ཅན་མགོན་གྱུར་རྒྱལ་བའི་སྲས༔ མཁྱེན་བརྩེ་ནུས་པའི་གཏེར་འཆང་བ༔ དོན་མཛད་མཆོག་གི་བཀྲ་ཤིས་ཤོག༔ ཅེས་བརྗོད༔ བསྡུ་ཚིག་ནི༔ དང་པོ་དབྱིངས་ཉིད་བདེ་བ་ཆེ༔ བར་དུ་ལྷུན་གྲུབ་རང་བཞིན་གསལ༔ མཐའ་མ་འགྲོ་དོན་མཐའ་རུ་ཕྱིན༔ སླར་ཡང་གཟོད་མའི་མགོན་པོར་ངེས༔ ཨ༔ ཞེས་བསྡུ་ལ་མི་དམིགས་པའི་རྒྱས་གདབ་བོ༔ རྩ་རླུང་མཁའ་འགྲོའི་གསང་བའི་མཛོད༔ དེ་ཡི་དབང་མཆོག་བསྐུར་བའི་ཐབས༔ མ་ཧཱ་གུ་རུའི་བཀའ་བཞིན་དུ༔ ཁོ་མོས་ཡི་གེར་བྲིས་འདི་དགེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་ཨོ་རྒྱན་ལས་འཕྲོ་གླིང་པ་འཇའ་ཚོན་སྙིང་པོ་ཅན་གྱིས་མདོ་ཁམས་ཤར་ཕྱོགས་ཉག་ཤོད་ཨ་འཛི་ལུང་གི་བྱང་ཕྱོགས། གཟི་ཤོད་གཡུ་མོ་ལུང་གི་རུ་ལག །སྙི་སྟོད་གནས་ཆེན་རྡོ་རྗེ་ཡོངས་རྫོང་མཁའ་འགྲོའི་གསང་ཕུག་ནང་གི་རྡོ་རྗེ་ཕག་མོའི་བྷ་ག་ནས་སྤྱན་དྲངས་པ་བཀྲ་ཤིས་སོ། །མངྒ་ལཾ།། །། ྈ རྩ་རླུང་མཁའ་འགྲོའི་གསང་མཛོད་ལས༔ ཕྱི་བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་བཞུགས༔ ྈྈྈྈྈྈ མ་བཅོས་སྤྲོས་བྲལ་བདེ་ཆེན་འདུས་མ་བྱས༔ ཐུགས་རྗེས་འགྲོ་ལ་བརྩེ་བའི་རྣམ་རོལ་གྱིས༔ རྒྱལ་བའི་ལམ་བཟང་བདེ་བླག་རྟོགས་མཛད་པ༔ མཁའ་འགྲོ་འབུམ་གཙོ་རྡོ་རྗེ་ཕག་མོར་འདུད༔ རིག་འཛིན་མཁའ་འགྲོའི་ཐུགས་བཅུད་མཐར་ཐུག་པ༔ གནད་ཀྱི་གདམས་པ་མཁའ་འགྲོ་གསང་མཛོད་ལས༔ བསྐྱེད་རིམ་ལྷ་ཡི་སྐུ་རུ་འགྲུབ་པའི་ཐབས༔ སྣོད་མེད་དག་ལ་སྤིར་གྱི་ཁ་བཞིན་བསྡམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ཡང་གསང་བ་ཡང་གསང་རྩ་རླུང་གནད་ཀྱི་གདམས་པ་མཁའ་འགྲོའི་གསང་མཛོད་ལས༔ ཕྱི་བསྐྱེད་རིམ་ལྷ་ཡི་རྣམ་གཞག་ལ་བརྟེན་ནས་རང་ལུས་ལྷ་སྐུར་སྒྲུབ་པ་ནི༔ སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར༔ དེ་ཡི་སྟེང་དུ་སྲོག་བྲལ་རོ་ཡི་གདན་ལ༔ རིག་པའི་ངོ་བོ་ཧྲཱིཿདྭངས་མ་ལས་འོད་ཟེར་འཕྲོས༔ འཕགས་པ་ཐམས་ཅད་མཆོད༔ སེམས་ཅན་ཐམས་ཅད་དཔའ་བོ་མཁའ་འགྲོའི་གོ་འཕང་ལ་བཀོད༔ སླར་འདུས་ཧྲཱིཿདྭངས་མ་ལ་ཐིམ་པས༔ ཡེ་ཤེས་མེ་རབ་ཏུ་འབར་བའི་དབུས་སུ༔ བདག་ཉིད་དཔལ་རྟ་མགྲིན་དམར་པོ་ཞལ་གཅིག་ཕྱག་གཉིས༔ ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་གིས་བཞེངས་ཤིང༔ རལ་གྲི་ཐོད་ཁྲག་བསྣམས་པ༔ སྤྱན་བགྲད་ཞལ་གདངས་མཆེ་བ་གཙིགས་པ༔ དབུ་སྐྲ་དང་སྨིན་མ་སྨ་ར་རྣམས་དམར་སེར་གྱེན་དུ་འཁྱིལ་བ༔ མི་མགོ་སྐམ་པོ་ལྔ་ཡི་དབུ་རྒྱན༔ རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ༔ སྐུ་ལ་རུས་པའི་རྒྱན་དྲུག་དང༔ སྟག་གི་ཤམ་ཐབས༔ སྦྲུལ་གྱི་སྐ་རགས༔ གླང་ཆེན་ཀོ་རློན༔ མི་ལྤགས་ཀྱི་གཡང་གཞིས་བརྒྱན་པ༔ སྤྱི་གཙུག་རྟ་མགོ་ལྗང་ཞུར་འཚེར་བ༔ དེའི་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ༔ གཡས་གྲི་གུག་དང་གཡོན་ཐོད་ཞལ༔ རྒྱན་དང་ཆ་ལུགས་ཡབ་དང་མཐུན་ཞིང༔ སྤྱི་བོར་ཕག་ཞལ་ནག་པོ་ངུར་བ༔ གཉིས་མེད་བདེ་བ་ཆེན་པོར་འཁྲིལ་བ༔ སྣང་ལ་རང་བཞིན་མེད་པ༔ གསལ་ལ་དངོས་པོ་མེད་པ༔ དར་དམར་པོའི་གུར་ཕུབ་པ་ལྟ་བུར་དམར་ཝང་ངེ་བ༔ ཡབ་ཡུམ་དེ་ལྟར་གསལ་བའི་ལུས་ཀྱི་ནང་དུ༔ རྩ་དབུ་མ་ཕྲ་སྦོམ་སྦ་སྨྱུག་ཙམ་སྤྱི་གཙུག་ནས་གསང་བའི་བར་དུ་ཟང་ཐལ་དུ་ཟུག་པ༔ མཚན་ཉིད་བཞི་དང་ལྡན་པ༔ སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ལ་རྩ་འདབ་སུམ་ཅུ་རྩ་གཉིས༔ མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་བཅུ་དྲུག༔ སྙིང་ཁ་ཆོས་ཉིད་ཀྱི་འཁོར་ལོ་ལ་བརྒྱད༔ ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་དྲུག་ཅུ་རྩ་བཞི༔ གསང་བ་བདེ་སྐྱོང་གི་འཁོར་ལོ་ལ་ཉེར་བརྒྱད་རྣམས༔ གདུགས་ཀྱི་ཡུ་བ་ལ་རྩིབས་ཤིང་ཟུག་པའི་ཚུལ་དུ་དྲང་ཤད་དེ་བ༔ རྩ་སྦུབ་ཐམས་ཅད་འོད་ཀྱི་རང་བཞིན་དུ་གསལ༔ དེའི་གཡས་སུ་རོ་མ་དམར་པོ༔ གཡོན་དུ་རྐྱང་མ་དཀར་པོ་གཉིས༔ ཡར་སྣེ་སྤྱི་བོ་ནས་ཐུར་དུ་གུག་སྟེ་སྣ་བུག་གཡས་གཡོན་དུ་ཟུག་པ༔ མར་སྣེ་གསང་གནས་སུ་དབུ་མ་ལ་ཟུག་ཅིང་ཡི་གེ་ཆ་ཡི་དབྱིབས་ལྟ་བུར་བསམ༔ དེའི་སྤྱི་བོར་འབྱུང་བ་ཆུའི་དྭངས་མའི་རྩ་འཁོར་ལ༔ ར་དང་ཧ་ལས་རྡོ་རྗེ་རིགས་ཀྱི་དཔའ་བོ་མཁའ་འགྲོ༔ མགྲིན་པར་འབྱུང་བ་ས་ཡི་དྭངས་མའི་རྩ་འཁོར་ལ༔ ཙ་དང་རི་ལས་རིན་ཆེན་རིགས་ཀྱི་དཔའ་བོ་མཁའ་འགྲོ༔ སྙིང་གར་འབྱུང་བ་ནམ་མཁའི་དྭངས་མའི་རྩ་འཁོར་ལ༔ ཧྲཱིཿདང་མ་ལས་སངས་རྒྱས་རིགས་ཀྱི་དཔའ་བོ་མཁའ་འགྲོ༔ ལྟེ་བར་འབྱུང་བ་མེ་ཡི་འཁོར་ལོ་ལ༔ ཧྲི་དང་ནི་ལས་པདྨ་རིགས་ཀྱི་དཔའ་བོ་མཁའ་འགྲོ༔ གསང་གནས་སུ་འབྱུང་བ་རླུང་གི་དྭངས་མའི་རྩ་འཁོར་ལ༔ ཡ་དང་ས་ལས་ལས་ཀྱི་རིགས་ཀྱི་དཔའ་བོ་མཁའ་འགྲོ༔ གཞན་ཡང་རྡོ་རྗེ་ལུས་ཀྱི་རྩ་ཁམས་རྣམས་སུ༔ དཔའ་བོ་མཁའ་འགྲོའི་ཚོགས་ཏིལ་གྱི་སྒང་བུ་ཁ་ཕྱེས་པ་ལྟར་ཁྲིག་གིས་གང་བ༔ ཡབ་ཡུམ་སྤྱི་བོར་ཚེ་དཔག་མེད་ཡབ་ཡུམ་འཁྲིལ་སྦྱོར་དུ་བཞུགས་པར་བསམ༔ དེ་ཡང་དང་པོ་ཡབ་རྐྱང་ཡུམ་རྐྱང་དུ་བསྐྱེད༔ དེ་ནས་ཡབ་ཡུམ་ཟུང་འཇུག་ཏུ་བསྒོམ་པ་དང་ཆེ་ཆུང་གི་སྤྲོ་བསྡུ་གོམས་པར་བྱས་ལ༔ དཔའ་བོ་མཁའ་འགྲོའི་སྲོག་སྙིང་བགྲང་བ་ནི༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧཱུྃ་ཧྲིཾ་ཧྲིཾ༔ ཞེས་བགྲངས་ནས༔ དཔའ་བོ་མཁའ་འགྲོའི་ཚོགས་རྣམས་རང་དབང་མེད་པར་འགྲུབ་སྟེ༔ ལུང་བསྟན་ཆོས་བཤད་ཏིང་འཛིན་སྦར་བ་སོགས་ཀྱི་རྟགས་འབྱུང༔ ཕྲིན་ལས་བཞི་སོགས་གང་བརྩམས་ཐམས་ཅད་ལྷུན་གྱིས་གྲུབ་བོ༔ སྐབས་སུ་དཔའ་བོ་མཁའ་འགྲོ་བདེ་བ་ལ་བསྐུལ་བར་བྱ་སྟེ༔ ཧཱུྃ༔ སྤྱི་བོ་བདེ་ཆེན་འཁོར་ལོ་ཡི༔ ཆུ་ཡི་རྩ་འདབ་སོ་གཉིས་ལ༔ རྡོ་རྗེ་རིགས་ཀྱི་ཡབ་ཡུམ་རྣམས༔ བདེ་ཆེན་ལས་ལ་ད་སྦྱོར་འཚལ༔ མགྲིན་པ་ལོངས་སྤྱོད་འཁོར་ལོ་ཡི༔ ས་ཡི་རྩ་འདབ་བཅུ་དྲུག་ལ༔ རིན་ཆེན་རིགས་ཀྱི་ཡབ་ཡུམ་རྣམས༔ བདེ་ཆེན་ལས་ལ་ད་སྦྱོར་འཚལ༔ སྙིང་ག་ཆོས་ཀྱི་འཁོར་ལོ་ཡི༔ ནམ་མཁའི་རྩ་འདབ་བརྒྱད་རྣམས་ལ༔ སངས་རྒྱས་རིགས་ཀྱི་ཡབ་ཡུམ་རྣམས༔ བདེ་ཆེན་ལས་ལ་ད་སྦྱོར་འཚལ༔ ལྟེ་བ་སྤྲུལ་པའི་འཁོར་ལོ་ཡི༔ མེ་ཡི་རྩ་འདབ་རེ་བཞི་ལ༔ པདྨ་རིགས་ཀྱི་ཡབ་ཡུམ་རྣམས༔ བདེ་ཆེན་ལས་ལ་ད་སྦྱོར་འཚལ༔ གསང་གནས་བདེ་སྐྱོང་འཁོར་ལོ་ཡི༔ རླུང་གི་རྩ་འདབ་ཉེར་བརྒྱད་ལ༔ ལས་ཀྱི་རིགས་ཀྱི་ཡབ་ཡུམ་རྣམས༔ བདེ་ཆེན་ལས་ལ་ད་སྦྱོར་འཚལ༔ ཞེས་བསྐུལ་བ་ཙམ་གྱིས༔ སྤྱི་བོར་རྡོ་རྗེ་རིགས་ཀྱི་དཔའ་བོ་མཁའ་འགྲོ་རྣམས་སྦྱོར་བ་མཛད༔ སྦྱོར་མཚམས་ནས་བྱང་སེམས་དཀར་དམར་རྒྱུན་བབ༔ སྤྱི་བོའི་རྩ་འཁོར་ཐམས་ཅད་གང་ནས་དབུ་མའི་ལམ་ལ་ཞུགས༔ མགྲིན་པར་རིན་ཆེན་རིགས་ཀྱི་དཔའ་བོ་མཁའ་འགྲོ་རྣམས་སྦྱོར་བ་མཛད༔ སྦྱོར་མཚམས་ནས་བྱང་སེམས་དཀར་དམར་གྱི་རྒྱུན་བབ༔ མགྲིན་པའི་རྩ་འདབ་ཐམས་ཅད་གང༔ སྙིང་གར་སངས་རྒྱས་རིགས་ཀྱི་དཔའ་བོ་མཁའ་འགྲོ་རྣམས་སྦྱོར་བ་མཛད༔ སྦྱོར་མཚམས་ནས་བྱང་སེམས་དཀར་དམར་གྱི་རྒྱུན་བབ༔ སྙིང་གའི་རྩ་འདབ་ཐམས་ཅད་གང་ནས་དབུ་མའི་ལམ་ནས་ཞུགས༔ ལྟེ་བར་པདྨ་རིགས་ཀྱི་དཔའ་བོ་མཁའ་འགྲོ་རྣམས་སྦྱོར་བ་མཛད༔ སྦྱོར་མཚམས་ནས་བྱང་སེམས་དཀར་དམར་གྱི་རྒྱུན་བབ༔ ལྟེ་བའི་རྩ་འཁོར་ཐམས་ཅད་གང་ནས་དབུ་མའི་ལམ་ནས་ཞུགས༔ གསང་གནས་ལས་ཀྱི་རིགས་ཀྱི་དཔའ་བོ་མཁའ་འགྲོ་རྣམས་སྦྱོར་བ་མཛད༔ སྦྱོར་མཚམས་ནས་བྱང་སེམས་དཀར་དམར་གྱི་རྒྱུན་བབ༔ ལུས་ཀྱི་རྩ་ཁམས་ཐམས་ཅད་གང༔ སླར་ཡང་གསང་གནས་ཀྱི་བདེ་བས་ལྟེ་བའི་དཔའ་བོ་མཁའ་འགྲོའི་ཚོགས་ཐམས་ཅད་མཆོད༔ དེ་བཞིན་དུ་ལྟེ་བས་སྙིང་ག༔ སྙིང་གས་མགྲིན་པ༔ མགྲིན་པས་སྤྱི་བོའི་ལྷ་ཚོགས་རྣམས་མཆོད༔ བདེ་བའི་རྒྱུན་ཚངས་བུག་ཏུ་བྱོན༔ སྤྱི་བོའི་ཚེ་དཔག་མེད་ཡབ་ཡུམ་མཆོད༔ བདེ་བས་དགྱེས་ཏེ་སྦྱོར་བ་མཛད༔ སྦྱོར་མཚམས་ནས་བྱང་སེམས་དཀར་དམར་གྱི་རྒྱུན་བབ༔ སེམས་ཅན་ཐམས་ཅད་ལ་ཕོག་པས་ཚེ་དཔག་ཏུ་མེད་པའི་གོ་འཕང་ལ་བཀོད༔ སླར་འོད་དུ་ཞུ་ནས་ཚེ་དཔག་མེད་ཡབ་ཡུམ་ཀྱང་འོད་ཟེར་དུ་ལྷགས་ནས་རང་ལ་ཐིམ་སྟེ༔ གཞོམ་གཞིག་མེད་པ་རྡོ་རྗེ་ལྟ་བུའི་སྐུ་རུ་གྱུར༔ དེ་ཡང་འོད་ཟེར་གྱི་རྣམ་པར་ཞུ་ནས་ལྷུན་གྲུབ་འོད་གསལ་ཆེན་པོའི་ཀློང་དུ་ཐིམ་པར་དམིགས་ཏེ་མཉམ་པར་བཞག་གོ༔ རྗེས་བསྔོ་བ་སྨོན་ལམ་གདབ༔ སྐབས་སུ་ལུས་ཀྱི་དྲི་མ་བཀྲུ་ཞིང་བཀུ་མཉེ་བྱ༔ འདིས་ནི་རྩ་ཁམས་ཀྱི་སྟོབས་རྒྱས༔ བདེ་བ་མི་བཟོད་པར་འཕེལ༔ ཏིང་འཛིན་ཤུགས་ཀྱིས་སྐྱེ༔ མངོན་ཤེས་དང་རྫུ་འཕྲུལ་འབྱུང༔ ཚེ་རིང་ཞིང་རྒས་རྒུད་མེད༔ མཐར་འཇའ་ལུས་སུ་འགྲོའོ༔ མཁའ་འགྲོའི་ཐུགས་ཀྱི་གསང་མཛོད་ཟབ་མོ་ལས༔ རང་ལུས་ལྷ་སྐུར་བསྐྱེད་པའི་རིམ་པ་འདི༔ རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཐུགས་བཅུད་དེ༔ མཚོ་རྒྱལ་བདག་གིས་བརྩེ་བས་ཡི་གེར་བཀོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་འཇའ་ཚོན་སྙིང་པོས་གནས་ཆེན་རྡོ་རྗེ་ཡོངས་རྫོང་ནས་རྙེད་པ་དགེའོ།། །། ྈ རྩ་རླུང་མཁའ་འགྲོའི་གསང་མཛོད་ལས༔ ནང་འབྱིན་འཇུག་རླུང་གི་ཉམས་ལེན་བཞུགས༔ ྈྈྈྈྈ བདེ་ཆེན་ཡེ་ཤེས་མེ་དཔུང་གིས༔ ཉོན་མོངས་བུད་ཤིང་མངོན་བསྲེགས་ཏེ༔ གསལ་སྟོང་འཛིན་མེད་མཆོག་སྐྱེལ་བ༔ རྡོ་རྗེ་ཕག་མོར་ཕྱག་འཚལ་ནས༔ འབྱིན་འཇུག་རླུང་གི་ནུས་པ་ཡིས༔ རང་ཁམས་དྭངས་མར་སྒྲུབ་པའི་ཐབས༔ རྗེས་འཇུག་འགྲོ་བ་སྨིན་ཕྱིར་དུ༔ ཡི་གེར་སྤེལ་འདི་གཞན་ལ་གསང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདིར་གསང་སྔགས་རྡོ་རྗེ་ཐེག་པའི་ཡང་སྙིང་རྩ་རླུང་མཁའ་འགྲོའི་གསང་མཛོད་ལས༔ ནང་འབྱིན་འཇུག་རླུང་གི་ཉམས་ལེན་ལ་བརྟེན་ནས་རང་ཁམས་དྭངས་མར་སྒྲུབ་པ་ལ་བཞི༔ ཕྱི་གནས་ཀྱི་མཚན་ཉིད༔ ནང་ཟས་ཀྱི་མཚན་ཉིད༔ གསང་བ་གྲོགས་ཀྱི་མཚན་ཉིད༔ ཁོ་ན་ཉིད་ཀྱི་ཉམས་ལེན་ནོ༔ དང་པོ་ཕྱི་གནས་ཀྱི་མཚན་ཉིད་ནི༔ དབེན་ལ་ཉམས་དགའ་བ༔ མཐུན་རྐྱེན་འཛོམ་ཞིང༔ ལྷ་འདྲེའི་རྒྱུ་སྲང་མེད་པ༔ གོང་མས་བྱིན་བརླབས་གནས་རི་ལྟ་བུའོ༔ གཉིས་པ་ནང་ཟས་ཀྱི་མཚན་ཉིད་ནི༔ གདམས་པ་འདི་དཀའ་ཐུབ་སྡུག་སྲན་གྱི་ཆོས་མིན་ལ༔ ཆེ་བ་རྒྱལ་པོ་ལྟ་བུའི་ཆོས་ཡིན་པའི་ཕྱིར༔ ཁ་ཟས་བཅུད་ཅན་ཕུན་སུམ་ཚོགས་པར་བསགས༔ གསུམ་པ་གསང་བ་གྲོགས་ཀྱི་མཚན་ཉིད་ནི༔ ལས་དང་པོའི་དུས་སུ་ཆོས་མཐུན་གྱི་གྲོགས་བསྟེན༔ ཁྱད་པར་རྩ་རླུང་ཐིག་གསུམ་ལ་མོས་པ་གལ་ཆེ༔ བཞི་པ་ཁོ་ན་ཉིད་ཀྱི་ཉམས་ལེན་ལ་གཉིས༔ སྟོང་ར་བསྒོམ་པ་དང༔ རླུང་གི་རྣལ་འབྱོར་རོ༔ དང་པོ་ཕྱི་ལུས་ཀྱི་སྟོང་ར་ནི༔ ལུས་གནད་རྣམ་སྣང་ཆོས་བདུན་གྱི་ངང་ནས༔ སྲུང་བའི་འཁོར་ལོ་དང་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་སུ༔ རང་ཉིད་རྡོ་རྗེ་ཕག་མོ་དར་དམར་པོའི་གུར་ཕུབ་པ་ལྟ་བུ༔ སོ་སེན་བ་སྤུའི་སྦུབ་ཚུན་ཆད་སྟོང་སང་ངེ་བ་བསྐྱེད༔ ནང་རྩ་ཡི་སྟོང་ར་ནི༔ རྩ་གསུམ་འཁོར་ལོ་ལྔ་དང་བཅས་པ་བསྒོམས་ལ༔ གསང་བ་གཏུམ་མོའི་མེ་ཚང་བཅའ་བ་ནི༔ དབུ་མའི་ཡར་སྣེར༔ ཁམས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཚན་ཉིད་བཞི་ལྡན་མར་སྣེ་རྩ་གསུམ་འདུས་མདོར༔ ཨ་ཤད་གཏུམ་མོའི་མེ་མཚན་ཉིད་བཞི་ལྡན་དུ་བསྒོམ༔ དམིགས་པ་མ་གསལ་བར་དུ་རླུང་མི་གཟུང་སྟེ༔ བསྐྱེད་ཆ་ཐོན་པར་བྱ༔ གཉིས་པ་རླུང་གི་རྣལ་འབྱོར་ལ༔ འཇམ་རླུང༔ བར་རླུང༔ བུམ་པ་ཅན༔ དྲག་རླུང་ལ་བསླབ་པ་བཞི༔ དང་པོ་འཇམ་རླུང་ལ་བསླབ་པ་ནི༔ ཕྱི་རྡོ་རྗེ་མཆུ་སྦྱོར་གྱི་བཟླས་པ་སྒྲ་དང་བཅས་ཏེ་སྒྲིབ་སྦྱོང་ཡི་གེ་བརྒྱ་པ་བཟླ༔ དེ་ནས་ནང་རྡོ་རྗེ་ཤུབ་བུའི་བཟླས་པ་ཕྱི་ཡི་མ་ཐོས་པར་ནུས་སྐྱེད་ཨཱ་ལི་ཀཱ་ལི་བཟླ༔ དེ་ནས་གསང་བ་སྐྱེ་མེད་རྡོ་རྗེའི་བཟླས་པ་ནི༔ ལུས་གནད་སྐྱིལ་ཀྲུང་ཁུ་ཚུར་བརླ་སྟེང་བསྒྲེངས་ལ༔ རླུང་དུག་དགུའམ་གསུམ་དུ་ཕྱུང་ནས༔ རླུང་འཇུག་པ་ཨོཾ་གྱི་རང་བཞིན་ཅན་དུ་བཟུང་བ༔ རོ་རྐྱང་གཉིས་ནས་རྒྱུ་མ་ཕུས་བཏབ་པ་ལྟར་སོང༔ རྩ་གསུམ་གྱི་འདུས་མདོར་ཨ་ཤད་ཀྱི་མེ་ལ་ཕོག༔ ཧཱུྃ༔ རླུང་གནས་པ་ཨཱཿཡི་རང་བཞིན་དུ་མནན་པས༔ མེ་སྦར་བས་བཅུ་འགྱུར་གྱིས་ཚ་རུ་སོང༔ དེའི་ཚ་ངད་ཀྱིས་སྤྱི་བོའི་བྱང་སེམས་ཞུ་ལ་ཁད་དུ་སོང་ནས་བདེ་བ་ལྷན་ལྷན་སྐྱེས་པར་བསམ༔ རླུང་འབྱིན་པ་ཧཱུྃ་གི་རང་བཞིན་དུ་འཕང་པའི་ཚེ་ཡང༔ དམིགས་པ་ཨ་ཤད་ཀྱི་མེ་ཁོ་ན་ཉིད་ལ་གཟིར་བ་གནད་ཡིན༔ དེ་ལྟར་འཇམ་རླུང་གི་ངང་ནས་རླུང་ཁུག་པ་བདུན་དང་བཅུ་གསུམ་ཉེར་ལྔ་སོགས༔ རིམ་གྱིས་བསླབས་ཏེ་བརྒྱ་ཡི་བར་སྤེལ་ཤེས་པར་བྱ༔ འདི་ཡི་ཡོན་ཏན་ནི༔ རླུང་སེམས་རྩ་གསུམ་འདུས་མདོར་གཏད་པས་རླུང་སེམས་དབུ་མར་ཚུད༔ སུམ་མདོ་དེ་ནི་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་ཡིན་ཏེ༔ དེ་རུ་རླུང་ཟིན་ན་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་ཟག་མེད་བདེ་བ་ཆེན་པོར་ཤར་རོ༔ དེ་ཡང་རླུང་སྣ་གཡས་ནས་རྒྱུ་དུས་ཉི་མའི་དུག་རླུང་ཡིན་པས་གཟུང་དུ་མི་རུང༔ གཡོན་ནས་རྒྱུ་དུས་ཟླ་བའི་རྩི་རླུང་ཡིན་པས་གཟུང༔ མཉམ་དུ་རྒྱུ་དུས་ཡེ་ཤེས་ཀྱི་བདེ་རླུང་ཡིན་པས་མཆོག་ཏུ་གྱུར་པར་ཤེས་སོ༔ གཉིས་པ་དེ་ལ་ཅུང་ཟད་གོམས་ནས་བར་རླུང་ལ་བསླབ་པ་ནི༔ ལུས་གནད་མེ་ཐབས་དྲུག་ཆིངས་བྱ༔ སྟོང་ར་རྣམ་གསུམ་གྱི་དམིགས་པ་དང་བཅས་ཏེ༔ ཨ་ཤད་ཀྱི་མེ་བརྒྱ་འགྱུར་གྱིས་ཚ་བར་བསྒོམ༔ འོག་རླུང་ཅུང་ཟད་བསྡམ༔ བར་རླུང་ལྟེ་བའི་ཐད་ཀར་བརྒྱངས་ལ་རྐེད་པ་ཉག་ཉག་བྱ༔ སྟེང་རླུང་ཅུང་ཟད་མནན༔ ཐུན་བཞི་དང་སྤྱོད་ལམ་ཐམས་ཅད་བར་རླུང་འབྲལ་མེད་བྱ༔ འདི་ཡི་ཡོན་ཏན་ནི༔ ཡེ་ཤེས་རང་ཤར་གནས་པའི་རླུང་སྦྱོར་ཡིན་ཏེ༔ བསྐྱེད་རྫོགས་ཐམས་ཅད་ཀྱི་གྲོགས་སུ་འགྱུར༔ ཐིག་ལེ་འཛིན་འདྲེན་འགྲམ་པ་ལ་དབང་ཐོབ༔ རིག་པ་བྱིང་རྒོད་ཀྱི་སྐྱོན་དང་བྲལ༔ ནད་རྙིང་པ་སེལ་ཞིང་གསར་པ་མི་འབྱུང༔ བདེ་གསལ་མི་རྟོག་པའི་ཏིང་འཛིན་སྐྱེ༔ ཚེ་སྒྲུབ་ཀུན་གྱི་མཆོག་ཡིན་པས༔ ཚེ་ནི་ཉི་ཟླ་ལྟར་རིང་ངོ༔ གསུམ་པ་དེ་ལ་གོམས་ནས་བུམ་པ་ཅན་ལ་བསླབ་པ་ནི༔ ལུས་གནད་འཁོར་ལོ་བཞི་སྦྱོར་གྱི་ངོས་ནས་སྟོང་ར་རྣམ་གསུམ་བསྒོམ༔ མེ་ལྕེ་ལྟེ་བའི་བར་དུ་འབར་ཞིང་སྟོང་འགྱུར་གྱིས་ཚ་བས༔ སྤྱི་བོའི་བྱང་སེམས་རང་དབང་མེད་པར་ཞུ༔ མེ་ཡི་སྟེང་དུ་སར་སྒྲ་དང་བཅས་ཏེ་ལྷུང༔ དེ་ལྷུང་བ་ཙམ་གྱིས་མེ་ལྕེ་ཆེ་རུ་སོང༔ མེ་ལྕེ་ཆེ་བ་ཙམ་གྱིས་བྱང་སེམས་མང་དུ་ཟག༔ དེ་ཟག་པ་ཙམ་གྱིས་ལུས་སེམས་བཟོད་དུ་མེད་པའི་བདེ་ཕྲིལ་ཕྲིལ་སྐྱེ་བར་བསྒོམ༔ ཐུན་འཇོག་ཁར་ལུས་སྦྱང་བྱ༔ ཐུན་རེར་རླུང་ཁུག་བརྒྱ་ལས་མི་ཉུང་བར་དུས་བཞིར་འབད༔ དེ་ཡང་རླུང་སྦྱོར་བཞི་ལྡན་དུ་དགོས་ཏེ༔ ཅི་ལྟར་ན༔ དང་པོ་རྔུབ་པའི་སྦྱོར་བ་ནི༔ རོ་སྟོད་གསེང་ཞིང་མགྲིན་པ་ཅུང་ཟད་བཀུག་ལ༔ རླུང་སྒྲ་མེད་པར་ནར་གྱིས་རྔུབ༔ རླུང་སྟོབས་རྫོགས་པ་དང་མཆིལ་མ་ཐིག་གཅིག་དང་སྦྲག་སྟེ་འོག་ཏུ་ཧྲིལ་གྱིས་མནན༔ དེ་ལྟར་མ་བྱས་པའི་སྐྱོན་ནི༔ དཔེར་ན༔ སྦུད་མཆུ་མེ་དང་མ་འཕྲད་ན་འབར་དུ་མི་གཏུབ་པ་ལྟར༔ ལུས་ཀྱི་རྐྱལ་པ་རླུང་གིས་གང་ཡང༔ ཨ་ཤད་ལ་མ་གཏད་ན་བར་དྲོད་མི་སྐྱེ༔ ཡོན་ཏན་ནི༔ རླུང་རིག་ལྟེ་འོག་ཏུ་གཏད་པའི་བདེ་དྲོད་མྱུར་དུ་འབར་རོ༔ དགང་བའི་སྦྱོར་བ་ནི༔ རླུང་སྟོབས་རྫོགས་པར་དྲངས་ནས་སྦུད་པ་མནན་པ་ལྟ་བུར༔ ལྟེ་འོག་ཏུ་ནན་གྱིས་མནན་ཏེ་འོག་རླུང་བསྐུམ༔ དེ་ཡང་སྟོད་སྨད་ཀྱི་རླུང་ཚ་གྲང་དང་མི་མཐུན་པའི་ཕྱིར༔ ཅུང་ཟད་མ་གོམས་བར་དུ་རླུང་འཐེན་ན་གེགས་དང་རླུང་ལྡང་བས༔ སྟེང་རླུང་མནན་ལ་འོག་རླུང་རང་སར་བཞག༔ དྲོད་ཆུ་རས་ཐུབ་ཙམ་སྐྱེ་ན་རླུང་ཁ་སྦྱོར་དུ་འཆིང༔ དེ་ཡི་ཡོན་ཏན་ནི༔ རྩ་དང་ཡན་ལག་གི་རླུང་ཐམས་ཅད་གནད་དུ་ཚུད་ནས༔ བདེ་སྟོང་ཟག་པ་མེད་པའི་དྲོད་འབར་བར་འགྱུར་རོ༔ གཞིལ་བའི་སྦྱོར་བ་ནི༔ རླུང་མི་ཐུབ་པ་དང་རྔུབ་ཆུང་བརྩེགས་ལ༔ གཡས་གཡོན་དབུས་གསུམ་དུ་ནེམ་ནེམ་པ་རེ་རེ་བཅག༔ དེ་ལྟར་མ་བྱས་ན་སྨན་རིགས་དུག་ཏུ་འགྱུར་བ་ལྟ་བུ༔ ལུས་ལ་སྐྱོན་དབྱུང་བའི་ཕྱིར༔ གཞིལ་མ་རན་པར་མི་གཞིལ་ལ༔ རན་ནས་གཞིལ་བ་གནད་ཆེ༔ ཡོན་ཏན་ནི་རྩ་ཁ་བྱེ་ཞིང་རྩ་མདུད་གྲོལ་ནས༔ སྤང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་རྒྱུད་ལ་སྐྱེ་བར་འགྱུར་རོ༔ འཕེན་པའི་སྦྱོར་བ་ནི༔ རླུང་ལྷག་མ་མ་ལུས་པ་ཕྱི་རུ་ཅི་ཐུབ་ཏུ་འཕངས་ལ༔ རིག་པ་ལྟེ་འོག་ཏུ་གཏད༔ ཕྱི་རུ་མནན་མི་བཟོད་ཅིང་མགོ་འདར་ཕྲི་ལི་ལི་འགྱུར་ན༔ ནང་དུ་དལ་སི་རི་རི་རྔུབ༔ དེ་ལྟར་མ་ཡིན་ན་རླུང་རིག་ཕྱི་རུ་ཧར་གྱིས་ཐོན་ནས་སྐྱོན་དུ་འགྱུར༔ དེའི་ཡོན་ཏན་ནི༔ ཡེ་ཤེས་ཀྱི་དྭངས་རླུང་གཡོ་མེད་དུ་བཞག་པས་རྣལ་འབྱོར་གྱི་ཚེ་འཕེལ་ཞིང་བརྟན་པར་བྱེད་དོ༔ མདོར་ན་རླུང་འཇུག་པའི་ཚེ༔ གྱད་ཆེན་གྱིས་གཞུ་བཀུག་པ་ལྟར་དལ་བུས་རྔུབ༔ གནས་པའི་ཚེ་རྫིང་མཁན་གྱི་རྫིང་བསྐྱིལ་བ་ལྟར་ལྟེ་འོག་ཏུ་མེར་གྱིས་བསྐྱིལ༔ འབྱིན་པའི་ཚེ་དཔག་ཆེན་གྱི་མདའ་འཕངས་པ་ལྟར་རྒྱངས་ཀྱིས་འཕང་བར་བྱའོ༔ རླུང་བུམ་པ་ཅན་གྱི་ཡོན་ཏན་ནི༔ རྩ་དབུ་མའི་མདུད་པ་དང་པོ་ཞིག་སྟེ་རླུང་འཇུག་ས་དང་པོའི་ཡོན་ཏན་སྐྱེ༔ དེར་རླུང་སེམས་གནས་ས་གཉིས་པའི་ཡོན་ཏན་སྐྱེ༔ གནས་པ་དེ་ལ་རླུང་སེམས་ཐིམ་པས་ས་གསུམ་པའི་ཡོན་ཏན་སྐྱེ༔ གཟུང་འཛིན་གྱི་རྟོག་ཚོགས་མཁའ་ལྟར་དག་ནས་ས་བཞི་པའི་ཡོན་ཏན་སྐྱེ༔ མཁྱེན་པའི་ཡོན་ཏན་མཐའ་དག་རྒྱས་ཤིང་ས་ལྔ་པའི་ཡོན་ཏན་སྐྱེའོ༔ དེ་ལྟར་རྩེ་གཅིག་ཏུ་ཉམས་སུ་བླངས་པས་ས་བཅུ་པའི་བར་གྱི་ཡོན་ཏན་ཐམས་ཅད་ཟླ་བ་ཡར་ངོ་བཞིན་དུ་འཕེལ་བར་འགྱུར་རོ༔ བུམ་ཆེན་འདི་ལ་བཞེད་ལུགས་མང་ཡང་སྐྱིལ་ཀྲུང་བཅས་ཏེ་རླུང་བཟུང་ནས་ལག་པས་པུས་མོ་གཉིས་དང་དཔྲལ་བ་ལ་རེག་ནས་སེ་གོལ་བརྡབ་པ་གཅིག་ཏུ་བརྩི་བའི༔ ཡུན་བརྒྱ་རྩ་བརྒྱད་ཐུབ་པ་བུམ་ཆེན༔ བདུན་ཅུ་དོན་གཉིས་བུམ་འབྲིང༔ སུམ་ཅུ་སོ་དྲུག་བུམ་ཆུང་ངོ༔ བཞི་པ་གོམས་སྟོབས་ཆེ་རུ་སོང་ནས་དྲག་རླུང་ལ་བསླབ་པ་ནི༔ ལུས་གནད་ཙོག་པུར་རྐང་པ་གཉིས་བསྣོལ་བའི་མཐེ་བོང་ལ༔ ལག་གཉིས་བསྣོལ་བས་དྲག་ཏུ་བཟུང་ཞིང་ལུས་སྦྱོར་དྲུག་དང་ལྡན་པར་བྱ༔ ཕྱི་ནང་གི་སྟོང་ར་མེ་དམིགས་དང་བཅས་ཏེ༔ གསང་བ་རྩ་གསུམ་འདུས་མདོར་ཨ་ཤད་ཀྱི་མེ་སོར་བཞི་ཙམ་དེ༔ སོར་མོ་ཕྱེད་ཕྱེད་དུ་སྦར་ལ་རླུང་ཁུག་བརྒྱད༔ དེ་ནས་རླུང་ཁུག་བཅུས་བདེ་སྐྱོང་འཁོར་ལོ༔ བཅུས་སྤྲུལ་པའི་འཁོར་ལོ༔ བཅུས་ཆོས་ཀྱི་འཁོར་ལོ༔ བཅུས་ལོངས་སྤྱོད་འཁོར་ལོ༔ བཅུས་བདེ་ཆེན་འཁོར་ལོ༔ མེ་ཡིས་གང་སྟེ༔ སྤྱི་བོའི་ཧཾ་ལས་རླུང་ཁུག་བཅུས་ཐིག་ལེ་མང་དུ་ཞུ་སྤྱི་བོའི་རྩ་འཁོར་གང༔ དེ་ནས་ཐིག་ལེ་བཅུ་དྲུག་སྤྱི་བོ་ནས་མགྲིན་པར་བབ་པས་ན༔ ཡས་བབ་ཀྱི་དགའ་བ་ལ་སེམས་གཟུང་བ་རླུང་ཁུག་བཅུ༔ མགྲིན་པ་ནས་ཐིག་ལེ་བརྒྱད་སྙིང་གར་བབ་པས་ན༔ དགའ་བའི་མཆོག་དགའ་ལ་སེམས་གཟུང་བ་རླུང་ཁུག་བཅུ༔ སྙིང་ག་ནས་ཐིག་ལེ་བཞི་ལྟེ་བར་བབ་པས་ན༔ དགའ་བའི་ཁྱད་པར་གྱི་དགའ་བ་ལ་སེམས་གཟུང་བ་རླུང་ཁུག་བཅུ༔ ལྟེ་བ་ནས་ཐིག་ལེ་གཉིས་གསང་གནས་སུ་བབ་པས་ན༔ དགའ་བའི་ལྷན་སྐྱེས་ཀྱི་དགའ་བ་ལ་སེམས་གཟུང་བ་རླུང་ཁུག་བཅུ་སྟེ་ཐུན་གཅིག་ལ་རླུང་ཁུག་བརྒྱ་རྩ་བརྒྱད་དོ༔ དེའི་ཚེ་ལུས་ཐམས་ཅད་དུ་བལ་ལ་སྣུམ་ཐིམ་པའམ༔ གྲོད་རྐྱལ་མར་ཁུས་ཁེངས་པ་བཞིན་དུ་བྱང་སེམས་བདུད་རྩིའི་རྒྱུན་གྱིས་གང་སྟེ༔ བདེ་དྲོད་མེར་མེར་ཆིལ་ཆིལ་སྐྱེས་པར་བསམ༔ དེ་ཡང་དྲོད་རྟགས་ཕྱི་མ་མ་སྐྱེས་ཀྱི་བར་དུ་མེ་ལྕེ་ལྟེ་བ་ཡན་ཆད་མི་སྤར༔ བསྐྱེད་རིམ་སྔ་མ་མ་གསལ་གྱི་བར་དུ་ཕྱི་མ་མི་སྤོ༔ མེ་ལྕེ་སྦར་བའི་ཚེ་ཡང་སོར་མོ་བཞི་བཞི་ལས་རིང་དུ་བཏང་ན༔ གེགས་འབྱུང་ཞིང་ཡོན་ཏན་བུལ༔ དེ་ལྟར་ཐུན་མོང་ཐུན་བཞིར་སྦྱོང་ཞིང་ལུས་དྲག་ཏུ་གདབ༔ སྤྲུག་བྱའོ༔ འདིའི་ཡོན་ཏན་ནི༔ ལུས་བདེ་ཞིང་རླུང་ལྟར་མགྱོགས༔ ནད་དཀོན་ལ་ཚེ་རིང་སྟེ༔ དཔེར་ན༔ ནངས་པར་སྔ་མོ་ལ་དྲག་རླུང་བུམ་པ་ཅན་གཅིག་བཟུང་ན༔ སང་ཉིན་དེ་ཚོད་མ་ཕྱིན་བར་དུ་དུས་མ་ཡིན་པའི་འཆི་བས་མི་ཚུགས་ལ༔ རླུང་ཁུག་སྟོང་ཕྲག་རེས་དུས་མིན་འཆི་བ་འཇོམས༔ འབུམ་ཕྲག་གཅིག་གིས་ཚེ་ཟད་པ་ཡང་ལོ་ལྔ་རུ་བཤོལ་བ་ཐེ་ཚོམ་མེད༔ རྒྱུན་དུ་མ་ཆག་ན་ཚེའི་བར་ཆད་ཐམས་ཅད་སེལ་ཏེ་འཆི་མེད་རྡོ་རྗེའི་ལུས་སུ་གྲུབ༔ བདེ་གསལ་མི་རྟོག་པའི་ཉམས་བསམ་དུ་མེད་པར་སྐྱེ༔ གང་སྐྱེས་ཐམས་ཅད་ཆགས་ཞེན་མེད་པ་གནས་ལུགས་ཀྱི་ངང་ནས་སྐྱོང་བས༔ བཅོས་མིན་སེམས་ཀྱི་ངོ་བོ་རྗེན་པར་མཐོང༔ འབྱུང་ལྔའི་རླུང་ལ་རང་དབང་ཐོབ་པས་གཞན་སྣང་ཟིལ་གྱིས་གནོན༔ སེམས་ལ་རང་དབང་བསྒྱུར་བས་མངོན་ཤེས་རྫུ་འཕྲུལ་འབྱུང༔ ནང་དུ་དྭངས་མ་བརྟན་པས་ཟས་སྐོམ་སྲེད་པ་ཆུང༔ རྣམ་རྟོག་རང་དབང་དུ་འདུ་བས་ལྷ་འདྲེ་བྲན་དུ་ཁོལ༔ བཀྲག་མདངས་ཡང་རྩལ་རྒྱས་པས་མཐོང་ཚད་དང་བ་སྤྲོ༔ གདོས་བཅས་རང་སར་དག་པས་འཇའ་ལུས་འོད་སྐུར་གྲོལ༔ དྲོད་ལ་བོགས་ཆུང་ན་དམིགས་པ་དང་རྫས་སྦྱོར་ལ་བརྟེན༔ གཏུམ་མོའི་འཕྲུལ་འཁོར་རྣམས་ཐུན་བཞིར་འབད་པས༔ བདེ་དྲོད་དཔག་ཏུ་མེད་པ་སྐྱེས༔ བར་དུ་བརྟན༔ མཐར་རང་དབང་ཐོབ་པར་འགྱུར་རོ༔ འདི་འདྲའི་གདམས་པ་ཁྱད་པར་རྨད་དུ་བྱུང༔ གུ་རུའི་གསུང་བཞིན་མཚོ་རྒྱལ་བདག་གིས་བཀོད༔ ལོ་ཙཱ་ཁྱོད་ཀྱིས་ཟབ་མོའི་གཏེར་དུ་ཞོག༔ རྡོ་རྗེ་རྣལ་འབྱོར་བྱ་ར་ལྷང་ལྷང་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈ བདག་འདྲ་འཇའ་ཚོན་སྙིང་པོས་རྡོ་རྗེ་ཡོངས་རྫོང་རྡོ་རྗེ་ཕག་མོའི་བྷ་ག་ནས་དངོས་གྲུབ་ཏུ་རྙེད་པའོ།། །། ྈ རྩ་རླུང་མཁའ་འགྲོའི་གསང་མཛོད་ལས༔ ཐུན་མོང་གཏུམ་མོའི་འཕྲུལ་འཁོར་བཞུགས་སོ༔ ྈྈྈྈ བདེ་ཆེན་རྡོ་རྗེ་ཕག་མོ་ལ༔ རླུང་གི་སྦྱོར་བས་ཕྱག་འཚལ་ལོ༔ གཏུམ་མོའི་རླུང་ལ་གོམས་ཤིང་བརྟན༔ དབང་ལ་འབྱོར་ཕྱིར་འཕྲུལ་འཁོར་བྱ༔ དང་པོ་རྩ་ནང་རླུང་རོ་སྦྱང༔ བདེ་རླུང་ཕོ་བ་གང་བ་སྐྱིལ༔ དེ་ནས་མགོ་སོགས་ལུས་རྣམས་ཀུན༔ ཤེད་ཀྱིས་འཕུར་སུབ་གསུམ་གསུམ་བྱ༔ གཉིས་པ་སྐྱིལ་ཀྲུང་ས་གནོན་ཕྱག༔ རླུང་གཟུང་ལུས་ཀུན་གསུམ་གསུམ་སྤྲུག༔ གསུམ་པ་ལག་གཉིས་རེས་མོས་ཀྱིས༔ ཁུ་ཚུར་བཅངས་ལ་བརྐྱང་བསྐུམ་བྱ༔ བཞི་པ་གཡས་གཡོན་མདའ་འཕེན་ཚུལ༔ དལ་བུས་ལན་གསུམ་རེས་མོར་བྱ༔ ལྔ་པ་སེང་གེ་རྣམ་རོལ་ཕྱག༔ ངོ་བཀབ་ཕོ་བ་ལན་གསུམ་བསྐོར༔ དྲུག་པ་སྐྱིལ་ཀྲུང་པུས་གཡས་འཁྱུད༔ ཕོ་སྐོར་ལན་གསུམ་གཡོན་དེ་བཞིན༔ བདུན་པ་མཉམ་གཞག་ས་གནོན་དང༔ ཕོ་བ་གཡས་གཡོན་གསུམ་གསུམ་བསྐོར༔ བརྒྱད་པ་ལག་བསྣོལ་གྲུ་མོ་འཁྱུད༔ ཇེ་དྲག་ཇེ་དྲག་ཕོ་ཁར་བརྡེག༔ དགུ་པ་ལག་གཉིས་པུས་མོ་བཀབ༔ རོ་སྟོད་ཤེད་ཕྱུང་གཡས་གཡོན་གཅུ༔ བཅུ་པ་ལག་གཉིས་སོར་མོ་བསྣོལ༔ མདུན་ཕྱོགས་གང་སླེབ་རྣམས་སུ་འཕུར༔ བཅུ་གཅིག་ལག་གཉིས་ཁུ་ཚུར་བཅང༔ རྒྱབ་གཞུང་གར་སླེབ་བརྡུང་ཞིང་བྱུག༔ བཅུ་གཉིས་རྡོ་རྗེ་ཁུ་ཚུར་བཅང༔ གྲུ་མོ་གཉིས་ཀྱིས་རྩིབ་ལོགས་བརྡུང༔ བཅུ་གསུམ་ལག་གཉིས་ཐལ་མོ་སྦྱར༔ འཛུབ་མོས་སྣ་ལ་འཕུར་ཞིང་བསུབ༔ བཅུ་བཞི་མིག་དང་སྤྱི་བོའི་གཙུག༔ དྲོད་དང་ལྡན་པར་མཉེ་སུབ་བྱ༔ བཅོ་ལྔ་ཙོག་འདུག་ལོང་བུ་གཤིབ༔ སྒྱིད་ཁུག་ལྡེམ་ལྡེམ་འཕང་རྡེག་བྱ༔ བཅུ་དྲུག་པ་ཡང་དེ་ཡི་ངང༔ ཁུ་ཚུར་གཡས་གཡོན་བཞི་མདོར་བརྡེག༔ བཅུ་བདུན་རྡོ་རྗེ་སྐྱིལ་ཀྲུང་ལ༔ ལག་གཉིས་དཔྱི་ཆད་སར་བཙུགས་རྡེབ༔ བཅོ་བརྒྱད་རྐང་གཉིས་བརྐྱང་སྟེ་གཤིབ༔ ལག་གཉིས་རེས་མོས་ཤད་ཀྱིས་འཕུར༔ བཅུ་དགུ་གསང་བ་མཉེ་ཞིང་འཕུར༔ དེ་དུས་སྲིན་ཞལ་དྲག་ཏུ་བསྡམ༔ ཉི་ཤུ་རྐང་པ་མདའ་འགེང་ཚུལ༔ ལག་གཉིས་སོར་བསྣོལ་ལྟག་པར་འཁྱུད༔ ཉེར་གཅིག་ལངས་ཏེ་ལག་པ་གཉིས༔ ཁུ་ཚུར་དྲག་བཅངས་གྱེན་དུ་བསྒྲེང༔ ཉེར་གཉིས་སྔ་མ་དེ་ཡི་ངང༔ དྲག་ཏུ་ལངས་ཤིང་དྲག་ཏུ་འདུག༔ ཉེར་གསུམ་གྱད་ཀྱི་བགྲད་སྟངས་ལ༔ ལག་པ་སར་བཙུགས་ལུས་པོ་བཀྱག༔ ཉེར་བཞི་འབོལ་སྟེང་སེམས་སྐྱིལ་འདུག༔ བར་འབེབ་གསུམ་གསུམ་རྒྱབ་པར་བྱ༔ ཉེར་ལྔ་ལངས་ཏེ་ལག་གཉིས་ཀྱི༔ མཁར་ཕྱར་འཕར་ཏེ་ཐོག་འབེབ་གསུམ༔ དེ་ལྟར་འཕྲུལ་འཁོར་ཉེར་ལྔ་པོ༔ ཚར་གཅིག་མ་རྫོགས་བར་དག་ཏུ༔ འཛིན་རླུང་གསར་རྙིང་བརྗེ་བྱ་ཞིང༔ ངལ་མི་བསོ་བར་མྱུར་དྲག་ཏུ༔ ཚར་གཅིག་རྫོགས་ནས་རླུང་རོ་ཕྱུང༔ དམིགས་མེད་ཀ་དག་ངང་དུ་ཀློད༔ དེ་ལྟའི་ཚུལ་གྱིས་སྦྱོང་ནུས་ན༔ དྲོད་འབར་བདེ་སྟོང་ཉམས་མྱོང་འཆར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིགས་སྔགས་འཆང་བ་འཇའ་ཚོན་སྙིང་པོས་རྡོ་རྗེ་ཡོངས་རྫོང་ནས་དངོས་གྲུབ་ཏུ་རྙེད་པ་དགེ །བཀྲ་ཤིས་སོ།། །། ྈ རྩ་རླུང་མཁའ་འགྲོའི་གསང་མཛོད་ལས༔ རྨི་ལམ་འོད་གསལ་འཁོར་ཡུག་ཡོད༔ ྈྈྈྈ རྡོ་རྗེ་ཕག་མོ་འཁྲུལ་པ་རང་དག་ལ་ཕྱག་འཚལ་ལོ༔ རྨི་ལམ་གྱི་གདམས་པ་ལ་གསུམ༔ ངོས་གཟུང་བ༔ རྩལ་སྦྱོང་བ༔ ཆེར་སྤེལ་བའོ༔ དང་པོ་རྨི་ལམ་བཙན་ཐབས་སུ་གཟུང་བ་ནི༔ འགྲོ་འཆག་ཉལ་འདུག་སྤྱོད་ལམ་ཐམས་ཅད་དུ༔ ང་གཉིད་དུ་སོང་འདུག༔ རྨི་ལམ་ཡིན་སྙམ་པའི་འདུན་པ་དྲགས་པོ་བཏང་ནས༔ ངག་ཏུ་ཡང་འདི་རྨི་ལམ་ཡིན༔ སྒྱུ་མ་ཡིན༔ ཞེས་བཟླ་ལ༔ ཉལ་དུས་རང་གི་མགྲིན་པའི་རྩ་འཁོར་གྱི་དབུས་སུ༔ སྣང་མཐའ་རིག་པའི་ཡེ་ཤེས་ཡབ་ཡུམ༔ སྐུ་མདོག་དམར་པོ་ཚོན་གང་བའི་ཐུགས་ཀར་ཨ་ཡིག་དམར་པོ་བྱེ་རུ་ལྟ་བུ་གཅིག་བསྒོམས་ལ༔ བདག་གིས་རྨི་ལམ་ལ་རྨི་ལམ་དུ་ཤེས་པར་བྱིན་གྱིས་རློབས༔ རྨི་ལམ་གྱི་རང་རྩལ་འབྱོང་བར་བྱིན་གྱིས་རློབས༔ རྨི་ལམ་དུ་སྤྲུལ་བསྒྱུར་ནུས་པར་བྱིན་གྱིས་རློབས༔ རྨི་ལམ་རང་དབང་ཐོབ་པར་བྱིན་གྱིས་རློབས༔ ཞེས་བླ་མ་ཡི་དམ་མཁའ་འགྲོ་ལ་གསོལ་བ་སྙིང་ནས་བཏབ་པས༔ རིག་པའི་ཡེ་ཤེས་སྣང་མཐའ་ཡབ་ཡུམ་ལས་འོད་ཟེར་དམར་པོ་བསམ་དུ་མེད་པ་ཕར་འཕྲོས༔ ཕྱི་སྣོད་ཀྱི་འཇིག་རྟེན་ལྷ་ཡི་གཞལ་ཡས་ཁང༔ ནང་བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོར་བསྒྱུར༔ འོད་ཟེར་ཚུར་འདུས་རང་རྒྱུད་ཀྱི་བག་ཆགས་སྦྱངས༔ སླར་འདུས་སྣང་མཐའི་ཐུགས་ཀར་ཐིམ༔ ཨ་བཀྲག་མདངས་དང་ལྡན་པ་ལ༔ རྩེ་གཅིག་ཏུ་གཏད་ཅིང༔ རླུང་འབྱིན་འཇུག་གནས་གསུམ་ལ་འབད་པས་ཟིན་པར་འགྱུར་རོ༔ གལ་ཏེ་དེས་ཀྱང་མ་ཟིན་ན༔ བདག་མོས་གུས་ཞན་ཅིང་སྒྲིབ་པ་མཐུག༔ དད་འདུན་བརྩོན་འགྲུས་ཆུང་བས་ལན༔ ད་ཅིས་ཀྱང་ཟིན་པར་བྱ་སྙམ་དུ༔ གསོལ་བ་སྙིང་ནས་བཏབ་ན་ཟིན༔ དེས་ཀྱང་མ་ཟིན་ན༔ སྣང་མཐའ་སྤྱི་མགྲིན་སྙིང་ལྟེ་གསང་གནས་རྣམས་སུ་དམིགས་པ་སྤོ༔ ཟིན་ལ་ཁད་ལ་སད་ན༔ མིག་མི་ཕྱེ་བར་དམིགས་པ་གཏད་པས་སད་འབྱམས་ལ་གྲོལ་ལོ༔ གཉིས་པ་དེ་ལྟར་ཟིན་ནས་རྨི་ལམ་རང་རྩལ་སྦྱོང་བ་ནི༔ རྨི་ལམ་ཟིན་པའི་དུས་སུ༔ རྨི་ལམ་གྱི་སྣང་བ་འདི་གར་བསྒྱུར་དུ་ཡིན་བསམས་ནས༔ མེ་ཆུ་གཡང་སའི་འཇིགས་པ་རྣམས་ལ༔ རྨི་ལམ་གྱི་མེས་མི་ཚིག༔ ཆུས་མི་ཁྱེར༔ གཡང་ལ་མི་ལྷུང་བསམས་ནས་ཐེན་ཐོག་མེད་པར་བསྲེ༔ དེ་བཞིན་དུ་གཅན་གཟན་འདྲེ་སྲིན་འཇིགས་པ་སོགས་ལའང་རྩལ་སྦྱང་བར་བྱའོ༔ གསུམ་པ་རྩལ་འབྱོངས་ནས་རྒྱ་ཆེར་སྤེལ་བ་ནི༔ རྨི་ལམ་གྱི་སྣང་བ་འདི་ཅི་བསྒྱུར་ཡིན་སྙམས་ནས༔ མེ་ལ་ཆུ༔ ཆུ་ལ་མེ༔ བདུད་ལ་ལྷ༔ གཅིག་ལ་བཅུ༔ བཅུ་ལ་བརྒྱ༔ བརྒྱ་ལ་སྟོང་དུ་བསྒྱུར༔ བྱ་གཅན་ལ་ཞོན་ནས་དག་པའི་ཞིང་ཉུལ་བ༔ ཉི་ཟླ་ཞོན་ནས་གླིང་བཞི་བསྐོར་བ༔ སངས་རྒྱས་སེམས་དཔའི་ཞལ་བལྟ་བ༔ རྒོལ་བ་གང་གི་གཉེན་པོར་སྤྲུལ་པ་སོགས་བྱ༔ རྨི་ལམ་ཟིན་ཀྱང་སྤྲུལ་བསྒྱུར་གྱི་ནུས་སྟོབས་ཞན་ན༔ རླུང་རྩོལ་ལ་འབད་པ་གལ་ཆེ༔ རྨི་ལམ་མ་ཆོད་ན་བར་དོ་མི་ཆོད་པའི་ཕྱིར༔ ཤི་རུང་གསོན་རུང་དགེ་སྦྱོར་ལ་བརྩོན་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འཇའ་ཚོན་སྙིང་པོས་རྡོ་རྗེ་ཡོངས་རྫོང་ནས་དངོས་གྲུབ་ཏུ་རྙེད་པ་བཀྲ་ཤིས།། །། ྈ རྩ་རླུང་མཁའ་འགྲོའི་གསང་མཛོད་ལས༔ འོད་གསལ་འཁྲུལ་པ་རང་དག་གོ༔ རྡོ་རྗེ་ཕག་མོ་འོད་གསལ་སྒྱུ་མར་གྲོལ་ལ་ཕྱག་འཚལ་ལོ༔ འོད་གསལ་གྱི་གདམས་པ་ལ་གསུམ༔ གཉིད་ཀྱི་འོད་གསལ་ཆོས་སྐུ་དང་བསྲེ་བ༔ རྨི་ལམ་འོད་གསལ་ལོངས་སྐུ་དང་བསྲེ་བ༔ སད་པ་འོད་གསལ་སྤྲུལ་སྐུ་དང་བསྲེ་བའོ༔ དང་པོ་ཆོས་སྐུ་དང་བསྲེ་བ་ནི༔ ཉིན་གྱི་སྣང་བ་ཐམས་ཅད་རྨི་ལམ་དུ་ཁྱེར་ལ༔ གཉིད་དུ་འགྲོ་ཁར་འཕེན་པ་གཏང་བ་ནི༔ སྙིང་གའི་རྩ་འཁོར་གྱི་དབུས་སུ༔ གུ་རུ་རྡོར་སེམས་གསལ་བ་རང་བྱུང་ཡབ་ཡུམ་སྙིང་ཁ་ཚོན་གང་བའི་ཐུགས་ཀར༔ ཧཱུྃ་ཡིག་མཐིང་ག་གསལ་གདབ༔ འོད་གསལ་ཟིན་པའི་བྱིན་རླབས་ཞུ༔ རྨི་ལམ་སྐབས་ལྟར་འོད་ཟེར་སྔོན་པོའི་སྤྲོ་བསྡུ་བྱ་ལ༔ ཕྱག་ཆེན་གྱི་ངང་ནས་ཧཱུྃ་ལ་ཤེས་པ་གཏད་དེ་ཉལ་བས༔ གཉིད་སྲབ་མཐུག་གང་ལའང་དགེ་སྦྱོར་གྱི་རྩིས་ཟིན་པར་འབྱུང༔ དགེ་སྦྱོར་གྱི་ངང་དུ་གཉིད་པ་དེ་དག་ཅི་ཙམ་གནས་ཀྱི་བར་དུ་འཇོག་པ་ནི༔ གཉིད་ཀྱི་འོད་གསལ་ཆོས་སྐུ་དང་བསྲེ་བའོ༔ གཉིས་པ་རྨི་ལམ་འོད་གསལ་ལོངས་སྐུ་དང་བསྲེ་བ་ནི༔ གོང་དུ་བཤད་པའི་གཉིད་ཀྱི་འོད་གསལ་དེའི་ངང་ནས༔ རྨི་ལམ་གྱི་སྣང་བ་འཆར་བའི་དུས་སུ་ལོངས་སྐུ་འཇའ་ཚོན་ལྟ་བུའི་སྐུར་གསལ་ཏེ༔ ཇི་ཙམ་གནས་ཀྱི་བར་དུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ན༔ རྨི་ལམ་འོད་གསལ་ལོངས་སྐུ་དང་བསྲེ་བའོ༔ གསུམ་པ་སད་ནས་འོད་གསལ་སྤྲུལ་སྐུ་དང་བསྲེ་བ་ནི༔ ཐུགས་ཀར་རྡོར་སེམས་ཡེ་ཤེས་སེམས་དཔའི་ཚུལ་དུ་བསྒོམས་ནས་ལྡང་བ་ནི༔ སད་པ་འོད་གསལ་སྤྲུལ་སྐུ་དང་བསྲེ་བའོ༔ མདོར་ན་མཚན་མོའི་རྨི་ལམ་གྱི་སྣང་བ་དེ་ཉིན་མོའི་དགེ་སྦྱོར་དང་བསྲེ༔ ཉིན་མོའི་དགེ་སྦྱོར་གྱི་སྣང་བ་དེ་དང་མཚན་མོའི་རྨི་ལམ་གཉིས་བསྲེ༔ ཉིན་མཚན་ཅི་འདྲེས་ཞིག་བྱེད་དགོས་ཏེ༔ ཉིན་གྱི་དགེ་སྦྱོར་མཚན་གྱི་རྨི་ལམ་དུ་མི་སླེབ་ན༔ བར་དོ་རུ་དགེ་སྦྱོར་གྱི་རྩིས་ཟིན་པའི་རེ་བ་ཟད་དོ༔ དེ་ལྟར་ཉམས་སུ་བླངས་པས་གཉིད་ཀྱི་འོད་གསལ་ཆོས་སྐུ༔ འཆི་བ་འོད་གསལ་ཆོས་སྐུ་གཉིས་དབྱེར་མི་ཕྱེད་པ་ཆུ་ལ་ཆུ་བཞག་པ་ལྟར་སངས་རྒྱས་སོ༔ གལ་ཏེ་བར་དོའི་སྣང་བ་ཤར་ཀྱང༔ བར་དོ་ལོངས་སྐུ་དང་སྐྱེ་བ་སྤྲུལ་སྐུ་ཐོབ་སྟེ་དོན་གཉིས་ལྷུན་གྱིས་གྲུབ་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འཇའ་ཚོན་སྙིང་པོས་རྡོ་རྗེ་ཡོངས་རྫོང་ནས་རྙེད་པ་བཀྲ་ཤིས།། །། ྈ རྩ་རླུང་མཁའ་འགྲོའི་གསང་མཛོད་ལས༔ སྒྱུ་ལུས་བདེན་མེད་རང་གྲོལ་བཞུགས༔ ྈྈྈ རྡོ་རྗེ་ཕག་མོ་སྒྱུ་ལུས་བདེན་མེད་སྟོན་ལ་ཕྱག་འཚལ་ལོ༔ སྒྱུ་ལུས་ཀྱི་གདམས་པ་ལ་གསུམ༔ དང་པོ་སྦྱང་བ༔ བར་དུ་ཚད་པ༔ ཐ་མར་བོགས་འདོན་པའོ༔ དང་པོ་སྦྱང་བ་ནི༔ དབེན་པའི་གནས་སུ་སེམས་བསྐྱེད༔ སྒྱུ་ལུས་འབྱོང་བའི་གསོལ་བ་གདབ༔ དེ་ནས་མདུན་དུ་མེ་ལོང་ནང་དུ་རང་གཟུགས་འཆར་དུ་བཅུག༔ དེ་ལ་ཆེ་བསྟོད་ངན་སྨད་ཅི་བྱས་པས་དགའ་སྡུག་མེད༔ དེ་བཞིན་དུ་ཚེ་འདིའི་སྣང་བ་ཐམས་ཅད་འཁྲུལ་པའི་རང་གཟུགས་སུ་ངེས་ཏེ༔ རྨི་ལམ་གྱི་སྣང་བའམ༔ སྒྱུ་མའི་སྔགས་རྫས་སམ༔ མེ་ལོང་གཟུགས་བརྙན་ལྟར༔ སྣང་ཙམ་ཉིད་ལས་བདེན་པར་གྲུབ་པ་ནི་མེད་དེ༔ འདུས་བྱས་ཐམས་ཅད་བདེན་མེད་སྒྱུ་མའི་རང་བཞིན་ཡིན་ནོ་བསམས་ལ༔ དེ་རྨི་ལམ་དང་བསྲེ༔ རྨི་ལམ་དེ་བར་དོ་དང་བསྲེ་བར་བྱའོ༔ གཉིས་པ་བར་དུ་ཚད་པ་ནི༔ སྒྱུ་མའི་སྣང་བ་རྨི་ལམ་དང་ཨི་འདྲེས་བརྟག་པའི་ཕྱིར༔ ཕྱོགས་རིས་མེད་པའི་རྒྱལ་ཁམས་སུ་འགྲིམ༔ ངོ་ཤེས་མེད་པའི་མི་ཡུལ་དུ་འཁྱམས་ནས༔ ཚ་གྲང་སྐྱིད་སྡུག་གི་སྣང་བ་ཅི་ཤར་རྣམས་ལ༔ གཟུང་འཛིན་གྲུབ་མ་གྲུབ་བལྟ༔ སྣང་ལ་འཛིན་མེད་དུ་ཕྱལ་ཕྱལ་འགྲོ་ན་རྩལ་སྦྱང་སྟེ༔ གཟུགས་ནས་རྣམ་མཁྱེན་བར་དུ་སྤང་བླང་མེད་པ་སྒྱུ་མ་ལྟ་བུར་ཤར་ན་འབྱོངས་པ་ཡིན་ནོ༔ གསུམ་པ་དེ་ལ་བོགས་འདོན་པ་ནི༔ ཆགས་སྡང་གི་ངོར་འཆོར་ན་དབེན་པའི་གནས་སུ་རྩེ་གཅིག་ཏུ་གནད་དུ་བསྣུན༔ དགེ་སྦྱོར་གྱི་གྲོགས་སུ་འགྲོ་ན་སྤྱོད་ལམ་སྣ་ཚོགས་སྦྱང༔ གྲོགས་སུ་ཁྱེར་མི་ནུས་ན་སྟན་དྲོད་མ་ཡལ་བར་ཉམས་སུ་ལེན༔ སྲོག་རྩོལ་གྱི་རླུང་ལ་ནན་ཏན་དུ་བྱའོ༔ འདི་ནི་སྣང་བའི་རྫུན་ཕུག་རྡིབ་ཅིང་འཁྲུལ་པའི་ཕུ་ཐག་ཆོད་པའི་གདམས་ངག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསང་བདག་རིག་པ་འཛིན་པ་འཇའ་ཚོན་སྙིང་པོས་རྡོ་རྗེ་ཡོངས་རྫོང་མཁའ་འགྲོ་གསང་ཕུག་ནས་གཏེར་དུ་དྲངས་པའོ།། །། ྈ རྩ་རླུང་མཁའ་འགྲོའི་གསང་མཛོད་ལས༔ བར་དོ་སྣང་བ་རང་གྲོལ་བཞུགས་སོ༔ རྡོ་རྗེ་ཕག་མོ་བདེན་མེད་རྟོགས་ལ་ཕྱག་འཚལ་ལོ༔ བར་དོའི་གདམས་པ་ལ་གསུམ༔ འབྱུང་ཚུལ༔ རྩལ་སྦྱང༔ ཐོབ་ལུགས་སོ༔ དང་པོ་འབྱུང་ཚུལ་ནི༔ འཆི་བའི་དུས་སུ་ཚེ་འདིའི་སྣང་བ་འགགས༔ བར་དོའི་སྣང་བ་མ་ཤར་གྱི་བར་རིག་པ་གཞི་ལ་ཐིམ་པའི་དུས་སུ༔ ཚེ་འདིར་ལས་རྒྱ་ལ་བསྟེན་ཞིང་རླུང་སེམས་ལ་ཟུང་དུ་འཇུག་པའི་རྣལ་འབྱོར་ལ༔ སྤྱི་བོ་ནས་ཁམས་དཀར་པོ་ཐུར་དུ་འབབ་ཚེ༔ རང་སྣང་ཟླ་འོད་ལྟ་བུར་འཆར༔ དེ་ལ་སྣང་བ་ཟེར༔ ཞེ་སྡང་ལས་གྱུར་པའི་རྟོག་པ་ཐམས་ཅད་འགག༔ དེ་ནས་ལྟེ་བའི་བྱང་སེམས་དམར་པོ་གྱེན་དུ་རྒྱུག་པའི་ཚེ༔ རང་སྣང་ཉི་འོད་ལྟ་བུར་འཆར༔ དེ་ལ་མཆེད་པ་ཟེར༔ འདོད་ཆགས་ལས་གྱུར་པའི་རྟོག་པ་ཐམས་ཅད་འགག༔ ཁམས་དཀར་དམར་སྙིང་ནང་དུ་འདྲེས་པའི་ཚེ༔ རང་སྣང་མུན་པ་ལྟ་བུར་འཆར༔ དེ་ལ་ཉེར་ཐོབ་ཟེར༔ གཏི་མུག་ལས་གྱུར་པའི་རྟོག་པ་ཐམས་ཅད་འགག༔ འཆི་བ་འོད་གསལ་གྱི་སྐུ་མངོན་དུ་འཆར་ནས་སངས་རྒྱས་སོ༔ ལས་ཀྱི་ཕྱག་རྒྱ་དང་སྲོག་རྩོལ་གྱི་རླུང་ལ་མ་བརྟེན་ན༔ ཚེ་འདིར་འཆི་དུས་ཀྱི་འོད་གསལ་དང་མཚུངས་པ་མི་འབྱུང་ཞིང༔ འཆི་བའི་ཚེ་ཡང་སྣང་མཆེད་ཐོབ་གསུམ་ཤར་བས་དུག་གསུམ་གྱི་རྟོག་པ་བསླང་ཞིང་བརྒྱལ་ཏེ༔ ཆོས་ཉིད་བར་དོ་དང་སྲིད་པ་བར་དོ་སོགས་ཀྱི་འཇིགས་སྐྲག་རྣམས་རིམ་གྱིས་འཆར་རོ༔ གཉིས་པ་རྩལ་སྦྱོང་བ་ནི༔ ཉིན་གྱི་སྣང་བ་ཐམས་ཅད་བར་དོའི་སྣང་བ་རུ་བསམ་ཞིང་ངག་ཏུ་ཡང་བརྗོད༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་གསོལ་བ་དྲག་ཏུ་གདབ༔ བདག་གིས་འཆི་བ་འོད་གསལ་ཆོས་སྐུ་དང་བསྲེ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ༔ བར་དོ་ལོངས་སྐུ་དང་བསྲེ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ༔ སྐྱེ་བ་སྤྲུལ་སྐུ་དང་བསྲེ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ༔ སྙམ་པའི་ངང་ནས༔ འཆི་ཁ་བར་དོའི་སྡུག་བསྔལ༔ ས་ཆུ་མེ་རླུང་མཁའ་རྣམས་ཀྱི་ནུས་པ་གཅིག་ལ་གཅིག་ཐིམ་པའི་རྟགས་སུ༔ དུ་བ༔ སྨིག་སྒྱུ༔ མེ་ཁྱེར༔ མར་མེ༔ མཁའ་སྣང༔ སྣང་མཆེད་ཐོབ་གསུམ་འོད་གསལ༔ ཆོས་ཉིད་བར་དོ་དང་སྲིད་པ་བར་དོ་སོགས་སེམས་ཅན་ཐ་མལ་ཇི་བཞིན་འཆར་བར་བསམས་ལ༔ ག་རེ༔ ང་འཆི་བ་ཡིན་པར་འདུག༔ འཆི་ནས་བར་དོ་ཤར་བར་འདུག་པས༔ བར་དོ་ལ་བར་དོར་ཤེས་པར་བྱ༔ ཤེས་ནས་སངས་རྒྱས་པར་བྱ་སྙམ་ལ༔ ཉིན་སྣང་གི་དགེ་སྦྱོར་དང༔ མཚན་སྣང་གི་རྨི་ལམ་ཐམས་ཅད་བར་དོའི་ཉམས་ལེན་དུ་རྩལ་སྦྱང༔ རྨི་ལམ་དང་བར་དོ་འདྲེས་ན་སང་བར་དོ་ལ་གྲོལ་ངེས༔ ད་ལྟ་གོམས་འདྲིས་མ་བྱས་པའི་གང་ཟག་ནི༔ བར་དོ་ལས་གྲོལ་བར་མི་སྲིད་པའི་ཕྱིར༔ ཉིན་མཚན་འདྲེས་པའི་དགེ་སྦྱོར་ལ་འབུང་དང༔ བར་དོ་ལ་མ་འདྲེས་ཀྱང་རང་འདྲེས་སུ་འགྱུར་བ་ལ་གདོན་མི་ཟའོ༔ གསུམ་པ་བར་དོ་སྦྱང་བའི་ཐོབ་ལུགས་ནི༔ གང་ཟག་དང་པོ་དེས་འཆི་བ་འོད་གསལ་གྱི་ངོ་བོ་ཤིན་ཏུ་ཕྲ་བའི་རླུང་སེམས་དེ་ལས་ཀུན་ཏུ་བཟང་པོ་ཆོས་ཀྱི་སྐུ་རུ་གྲུབ་སྟེ་སངས་རྒྱས་པ་ཡིན་ནོ༔ གང་ཟག་གཉིས་པ་དེས་འཆི་བ་འོད་གསལ་བདེ་སྟོང་གི་ཏིང་ངེ་འཛིན་གྱིས་ལོངས་སྤྱོད་རྫོགས་པའི་སྐུ་རུ་སངས་རྒྱས་སོ༔ གང་ཟག་གསུམ་པ་དེས་འཆི་བ་འོད་གསལ་བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་གྱིས་ཅིར་ཡང་སྤྲུལ་པའི་སྐུ་རུ་གྲུབ་ནས་འགྲོ་དོན་མཐར་ཕྱིན་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་འཇའ་ཚོན་སྙིང་པོས་རྡོ་རྗེ་ཡོངས་རྫོང་ནས་སྤྱན་དྲངས་པ་དགེ་ལེགས་འཕེལ་བར་ཤོག །ཤུ་བྷཾ།། །། ྈ རྩ་རླུང་མཁའ་འགྲོའི་གསང་མཛོད་ལས༔ འཕོ་བ་ཟབ་ལམ་རྣལ་འབྱོར་བཞུགས༔ ྈྈྈྈ རྡོ་རྗེ་ཕག་མོ་མཁའ་སྤྱོད་འཕོ་བར་བྱེད་ལ་ཕྱག་འཚལ་ལོ༔ འཕོ་བའི་གདམས་པ་ལ་གསུམ༔ སྦྱོང་བ༔ འཕོ་བ༔ ཕན་ཡོན་ནོ༔ དང་པོ་སྦྱོང་བ་བྱེད་པ་ནི༔ ལུས་གནད་ཆ་ལུགས་ལྔ་ལྡན་དུ་བྱ༔ རང་ལུས་རྡོ་རྗེ་ཕག་མོར་གསལ་བའི་སྤྱི་བོར་ཀུན་ཏུ་བཟང་པོ་མཐིང་སྔོན༔ རང་བྱུང་གི་སྐུ་ལ་རྒྱན་མེད་པ༔ སྐྱིལ་ཀྲུང་མཉམ་གཞག་ཅན་དུ་བསྒོམ༔ ལུས་ཀྱི་སྟོང་རའི་དབུས་སུ་དྷཱུ་ཏི་འོད་ཀྱི་སྦུ་གུ༔ སྤྱི་བོ་ནས་སྙིང་གའི་བར་དུ་ཟང་ཐལ་དུ་ཟུག་པར་བསམ༔ དེའི་ནང་དུ་སྙིང་གའི་ཐད་ཙམ་ལ༔ རིག་པའི་ངོ་བོ་དཀར་གསལ་སྲན་འབྲུ་སྦོས་པ་ཙམ་དུ་གྱུར༔ རླུང་འབྱིན་པའི་ཚེ༔ རིག་པའི་ངོ་བོ་དེ་མདའ་འཕང་བ་ལྟར་རྒྱངས་ཀྱིས་སོང༔ སྤྱི་བོར་ཀུན་བཟང་གི་སྐུ་ལ་ཐིམ༔ འཇུག་པའི་ཚེ༔ སྙིང་གར་ལྷན་གྱིས་བབ༔ གནས་པའི་ཚེ༔ འོད་དང་ལྡན་པ་ལ་སེམས་གཟུང༔ སྟེང་རླུང་དྲག་ཏུ་འབུད༔ འོག་རླུང་ཅི་ཐུབ་འཐེན༔ མིག་གྱེན་དུ་གཏད༔ རྒྱུ་ཞབས་རྒལ་པ་ལ་སྦྱར༔ དེ་ལྟར་ཉམས་སུ་བླངས་པས༔ སྤྱི་བོ་སྐྲངས་པ་དང༔ ཆུ་སེར་འཛག་པ༔ ཟ་ཕྲུག་འབྱུང་བ་སོགས་རྟགས་བྱུང་ནས༔ ཞག་རེར་མ་བརྗེད་ཙམ་གྱིས་ཆོག༔ གཉིས་པ་འཕོ་བ་ནི༔ ཉེ་བའི་འཆི་ལྟས༔ མིག་གི་སྦུབ་བཙིར་བས་འོད་མེད་པ་དང༔ རྣ་བ་བཙིར་བས་འུར་སྒྲ་མེད་པ་དང༔ ལྕེ་རྩེ་མིག་གིས་མི་མཐོང་ན༔ ངེས་པར་འཆི་བའི་རྟགས་ཡིན་པས་འཕོ་ཞིང༔ གློ་བུར་དུ་གསོད་པ་དང༔ གཡང་ལ་ལྷུང་བ་སོགས་བྱུང་ཡང་དྲན་པ་ཙམ་གྱིས་འཕོ་ནུས་སོ༔ འཆི་བའི་ཚེ༔ ནུས་ན་རབ་སྐྱིལ་ཀྲུང༔ འབྲིང་ཙོག་པུར༔ ཐ་མ་སངས་རྒྱས་གཟིམས་ཚུལ་བྱ༔ དམིགས་པ་གཞན་སྔར་དང་འདྲ་ལ༔ འཇུག་པའི་ཚེ་ཐུར་དུ་མི་དབབ་པར༔ སྙིང་གར་སེམས་ཀྱི་ངོ་བོ་གསར་པ་ཞིག་བསྒོམས་ལ་ཡང་ཡང་སྤར༔ མཐར་ཀུན་བཟང་སེམས་དང་དབྱེར་མེད་དུ་གྱུར་ནས༔ ཇེ་མཐོ་ཇེ་མཐོ་ནམ་མཁའ་དང་འདྲེས་པར་བསམ༔ དེས་ཀྱང་མགྱོགས་པར་འཕོ་མ་ནུས་ན༔ ཡང་ཡང་བསྐྱར་བས་ཐེ་ཚོམ་མེད་པར་འཕོའོ༔ སེམས་ཅན་གཞན་ལ་འཕོ་བ་བྱེད་ན༔ རླུང་འབྱིན་འཇུག་རང་གིས་བྱེད༔ དམིགས་པ་དེ་འཕོ་རྒྱུ་དེ་ལ་གཏད་པས་ངེས་པར་ཐེབས་སོ༔ འཕོ་བ་དེའི་ཕན་ཡོན་ནི༔ རབ་ཆོས་ཉིད་ཀྱི་དབྱིངས་སུ་སངས་རྒྱས༔ འབྲིང་དག་པའི་ཞིང་དུ་སྐྱེ༔ ཐ་མ་ཡང་ངན་སོང་གི་སྐྱེ་སྒོ་ཁེགས་ནས་མི་ལུས་འཐོབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འཇའ་ཚོན་སྙིང་པོས་རྡོ་རྗེ་ཡོངས་རྫོང་ནས་ཐོན་པ་ཤུ་བྷཾ།། །། ྈ རྩ་རླུང་མཁའ་འགྲོའི་གསང་མཛོད་ལས༔ གསང་བའི་ཐུར་མའི་གདམས་པ་བཞུགས་སོ༔ བདེ་ཆེན་ཕག་མོར་ཕྱག་འཚལ་ནས༔ གསང་ཐུར་ལ་རྒྱབ་ཐུར་མདུན་ཐུར་གཉིས་ཡོད་པས༔ འདིར་ནི་རྒྱབ་ཐུར་བསྟན་པར་བྱ་སྟེ༔ ཐུར་མའི་རྒྱུ་དང༔ ཚད་དང༔ རབ་གནས༔ སྦྱོང་ཐབས༔ བཅུད་ལེན་དང་ལྔ༔ རྒྱུ་ནི་བྱ་རྒོད་ཀྱི་རྐང་ངམ༔ སྨྱུག་མ་ལས་བྱས་པ༔ ཚད་ནི་སྦོམ་ཕྲ་མཛུབ་མོ་ཙམ༔ སྦྱོང་ཐུར་ལ་སོར་བཞི༔ ལམ་ཐུར་ལ་མཐོ་གང༔ རབ་གནས་ནི་རྟེན་འབྲེལ་སྙིང་པོས་བྱ༔ སྦྱོང་ཐབས་ལ་ལྔ༔ རླུང་བཤལ༔ ཆུ་བཤལ༔ གྲང་བཤལ༔ ཚ་བཤལ༔ དུག་བཤལ་ལོ༔ དང་པོ་རླུང་བཤལ་ནི༔ སྦྱང་ཐུར་ལ་མར་གྱིས་བྱུགས་ནས་སྲིན་ཞལ་དུ་གཞུག༔ ལུས་གནད་གླིང་བཞི་མཐའ་སྡུད་བྱ༔ དམིགས་པ་རང་ཉིད་ཕག་མོར་གསལ་བའི་ནང་དུ༔ དྷཱུ་ཏི་འོད་ཀྱི་སྦུ་གུ་སྦ་ལྕག་ཙམ༔ སྤྱི་བོ་ནས་གསང་གནས་ཀྱི་བར་དུ་ཤད་དེ་ཟུག་པ༔ ཡར་མར་གྱི་སྣེ་བུ་ག་དྲང་ཤད་དེ་ཧ་རེ་ཡོད་པར་དམིགས༔ དེ་ནས་སྣོད་བཅུད་ཐམས་ཅད་འོད་ལྔར་ལྟེམ་གྱིས་ཞུ་ནས་གསང་བའི་སྦུབས་སུ་ཞུགས༔ སྤྱི་གཙུག་ནས་ཕྱུར་ཕྱུར་ཐོན་པར་བསམས་ལ༔ སྟེང་རླུང་དྲག་ཏུ་ཕུ༔ འོག་རླུང་ཐུབ་ཚད་འཐེན༔ རྒྱུ་ཞབས་རྒལ་པ་ལ་སྦྱར༔ ཉྭ་བཞི་བསྒྲིམ༔ མིག་གྱེན་དུ་བགྲད༔ ལྕེ་ཡ་རྐན་ལ་སྦྱར༔ མི་ཐུབ་པ་ནང་དུ་རྔུབ༔ སྣོད་བཅུད་ཐམས་ཅད་འོད་ལྔར་ཞུ་སྟེ་སྤྱི་བོ་ནས་ཞུགས༔ གསང་གནས་ཀྱི་བུ་ག་ནས་ཕྱུ་རུ་རུ་ཐོན་པར་བསམས་ལ༔ མིག་ཐུར་དུ་བགྲད༔ ལུས་ཤེད་ཐམས་ཅད་ཐུར་དུ་ཕྱུང༔ འདི་དུས་འོག་རླུང་སྒྲ་བཅས་སུ་སོང་ཡང་སྐྱོན་མེད༔ དེ་ལྟར་ཐུན་བཞིར་ནན་ཏན་དུ་སྦྱངས་ནས༔ འོག་རླུང་འཐེན་དུས་སྣ་སྒོར་ཐུར་སེལ་གྱི་དྲི་བྲོ་ཞིང༔ སྟེང་རླུང་མནན་དུས་སྣ་ནས་སྤོས་དྲི་རྔུབ་པ་འོག་སྒོར་བྲོ་ནུས་ན༔ སྟེང་འོག་གི་རླུང་འདྲེས་པ་ཡིན་ནོ༔ ཕན་ཡོན་ནི༔ ཐུར་སེལ་རླུང་ནི་རྟ་རྔ་ཙམ༔ ལན་གཅིག་འདྲོངས་པར་གྱུར་པ་ཡིས༔ ངན་འགྲོ་ཐམས་ཅད་རབ་བཅོམ་ནས༔ བར་དོའི་གྲོང་ཁྱེར་དེས་མི་མཐོང༔ ཞེས་སོ༔ གཉིས་པ་ཆུ་བཤལ་ནི༔ རྡུལ་མེད་པའི་ཆུ་གཙང་མ་ཤ་དྲོད་ཙམ་བསྲོ་ལ༔ སྣུམ་ཐུར་མགོ་གསུམ་ཙམ་ཀབ་ལི་བཀང༔ ལམ་ཐུར་མར་གྱིས་བྱུག་པ་སོར་བཞི་སྲིན་ལམ་དུ་བཅུག༔ མཚམས་སུ་དར་གྱིས་བཅིང༔ ལུས་ཐུར་དུ་རྒུར་ནས་པུས་མོ་དང་གྲུ་མོ་ས་ལ་བཙུགས༔ ལམ་ཐུར་མར་སྣེ་ཀབ་ལིའི་ནང་དུ་འཕྲོད་པར་བྱ༔ དེ་ནས་ཆུ་དེ་ཡེ་ཤེས་ཀྱི་བདུད་རྩི་བསིལ་བའི་རང་བཞིན་དུ་བསམས་ལ་བཏང༔ གོང་ལྟར་འོག་རླུང་དྲག་ཏུ་འཐེན་ལ་རྔུབ༔ ཕོ་སྐོར་ཕོ་རླབས་བྱ་ལ་ཕྱིར་འདོན་པ་ཡང་ཡང་བྱ༔ གསུམ་པ་གྲང་བཤལ་ནི༔ ཆང་སྐྱུར་རྙིང་པ་མ་ཡལ་བ་ལ༔ ཨ་བར་སྐྱུར་གསུམ༔ རྒྱ་ཚྭ༔ གཡེར་མ༔ ལྕིམ་ཚ༔ རྒྱ་ལྕམ་འབྲས་བུ༔ དུར་བྱིད༔ ཐར་ནུ༔ ཆུ་རྩ༔ བྱང་ཁྲ་རྣམས་ཞིབ་པར་བཏུལ་ལ༔ གོང་ལྟར་ཕོ་སྐོར་ཕོ་རླབས་བྱ་ལ་ཕྱིར་བཏོན༔ བཞི་པ་ཚ་བཤལ་ནི༔ གར་ཆང་རྙིང་པར༔ མར་རྙིང་གི་ཁུ་བ༔ རྒྱ་ཚྭ༔ རྒྱམ་ཚྭ༔ ཁ་རུ་ཚྭ༔ ཤིང་ཚྭ༔ ལྒ་སྐྱ༔ པི་པི་ལིང༔ ཕོ་བ་རིལ༔ སེ་འབྲུ༔ སུག་སྨེ༔ ཤིང་ཀུན་རྣམས་སྦྱར་བའི་སྨན་ཐུན་གསུམ་ཙམ་བཏང་ལ༔ དམིགས་པ་ནི་ཡེ་ཤེས་ཀྱི་བདུད་རྩི་ཚ་ཞིང་རྩུབ་པའི་རང་བཞིན་ཅན་དུ་བསམས་ལ་བཏང༔ ཕོ་སྐོར་སོགས་གོང་དང་འདྲ༔ ལྔ་པ་དུག་བཤལ་ནི༔ བཙན་དུག༔ ཐར་ནུ༔ དུར་བྱིད༔ ཤིང་ཀུན་རྣམས་ཞིབ་པར་བཏུལ་ལ༔ དང་པོ་སྨན་ཐུན་ཙམ་ཆུ་ལ་སྦྱར་ལ་བཏང༔ ཕོ་སྐོར་དང་ཕོ་རླབས་བྱ་ཞིང་ལྷག་མ་ལུས་པ་ཕྱིར་འཕོ༔ དེ་ལ་གོམས་ནས་ཐུན་གཉིས་དང་གསུམ་སོགས་དགུའི་བར་དུ་སྤེལ་ཤེས་པར་བྱ༔ ལྔ་པ་བཅུད་ལེན་ནི༔ དུག་རིགས་སྤང་བའི་ཤ་དང་རུས་པ་རྐང་ཚིལ་བཟང་པོ་གང་རྙེད་བསྡུས་པའི་ཁུ་བར༔ དྭངས་མ་ལྔ་སྦྱོར་བཏབ་པ་བྲེ་དོ་ཙམ་མམ༔ རླུང་ནུས་ཀྱིས་གང་དྲངས་ཙམ་བཏང་ལ་ཕྱིར་མི་འཕོ་བ་རང་སར་བཞག་པས༔ འོག་སྒོ་རུབ་ཅིང་ལུས་ཟུངས་རྒྱས་ཏེ་ལོ་ཟླ་ཙམ་ལ་འཚོ་བ་མི་དགོས་པར་འབྱུང་སྟེ༔ རི་ཁྲོད་འགྲིམ་པའི་གདམས་པ་ཁྱད་པར་ཅན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསང་བདག་འཇའ་ཚོན་སྙིང་པོས་གནས་ཆེན་རྡོ་རྗེ་ཡོངས་རྫོང་ནས་རྙེད་པ་དགེའོ།། །། ྈ རྩ་རླུང་མཁའ་འགྲོའི་གསང་མཛོད་ལས༔ རྡོ་རྗེ་ཆུ་འཐུང་གི་སྦྱོར་བའོ༔ ྈྈྈྈ མཁའ་འགྲོ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་སྐྱབས་སུ་མཆིའོ༔ རྡོ་རྗེ་ཆུ་འཐུང་གི་གདམས་པ་ལ་བཞི༔ དང་པོ་སྦྱོང་བ༔ བར་དུ་ཚད་པ༔ ཐ་མ་ལས་ལ་སྦྱར་བ༔ མ་གྲུབ་ན་སྤོགས་པའོ༔ དང་པོ་སྦྱོང་བ་ནི༔ རྒྱབ་ཐུར་གྱི་ལག་ལེན་ལ་དབང་འབྱོར་བ་བྱེད་པའོ༔ བར་དུ་ཚད་པ་ནི༔ ལུས་གནད་རླུང་སྦྱོར་དམིགས་པ་རྣམས་ནི་རྒྱབ་ཐུར་སྦྱང་ལུགས་དང་འདྲ་ལ༔ དང་པོ་རྡོ་རྗེ་ལ་མར་དཀར་གྱིས་བྱུག་ནས་ཉི་མ་ལ་བསྲོ་ཞིང་མཉེ་སྟེ༔ ལས་སུ་རུང་བ་དང་འོག་ཏུ་མི་གཞིལ་སྟེང་དུ་རྒྱ་མཚོའི་འགྲམ་ལ་སྦྱར་ཏེ་བཞག༔ ཡང་གཟིམས་པ་དང་སྔར་ལྟར་མཉེ་བ་མང་ཙམ་བྱ༔ དེ་ནས་ལྕམ་པའི་མྱུ་གུ་མཐོ་གང་ཙམ་ཤུན་པ་རྩུབ་མོ་དེ་བཤུས༔ དེ་རྡོ་རྗེའི་སྦུབས་སུ་སོར་བཞི་ཙམ་བཅུག་སྟེ༔ རླུང་འཐེན་པའི་ཚེ་ནང་དུ་ནུབ་པ་དང༔ མནན་པའི་ཚེ་ཕྱིར་རྒྱང་གིས་ཐོན་ན་འབྱོངས་པ་ཡིན༔ ན་ཚ་ཅུང་ཟད་བྱུང་ཡང་སྐྱོན་མེད་པས་བསྲན༔ སྐབས་སུ་མཉེ་བ་གོང་ལྟར་བྱ༔ ཆུ་འགག་ན་རྒྱ་ཚྭ་བཏང་ཞིང་ཡོས་ཚན་གྱིས་བསྲོ༔ དེ་ནས་མདུན་ཐུར༔ རབ་ཟངས་ལྕགས༔ འབྲིང་སྨྱུག་མ༔ ཐ་མ་ཤིང་སྦུ་གུ་ཅན༔ རིང་ཐུང་རང་མཐོ་གང༔ སྦོམ་ཕྲ་གྲོ་སོག་ཙམ༔ ཤིན་ཏུ་འཇམ་ལ་དྲང་བར་བྱས་ཏེ༔ རྡོ་རྗེ་ལ་མི་གནོད་པའི་ཐབས་ཀྱིས་རྩ་བའི་བར་དུ་རིམ་གྱིས་ཕུལ་ནས་སྟེང་རླུང་མནན་པས༔ གསང་སྒོར་སྤུ་འགུལ་ནུས་ན་འབྱོངས་པ་ཡིན་ནོ༔ ཐ་མ་ལས་ལ་སྦྱར་བ་ནི༔ ངང་པའི་སྒོ་ངའམ༔ སྒང་ཕུག་ལྟ་བུའི་ནང་དུ༔ ཆུ་དང་འོ་མ་བསྲེས་པ་ཤ་དྲོད་ཙམ་དུ་ཀ་ར་ཅུང་ཟད་བཏབ་པ་དྲང༔ དེ་ནས་འོ་མ་གཅིག་པུ་ལ་བཟང་དྲུག་དང་པད་རག་བཏབ་ནས་དྲངས་པས༔ འོ་མ་སྣ་བུག་ཏུ་དཀར་རྒྱང་ངེར་དྲངས་པ་དང༔ མནན་པའི་དུས་གང་དྲངས་པ་དེ་ཕྱིར་འབྱིན་ནུས་ན༔ སྟེང་འོག་གི་རླུང་ལ་རང་དབང་ཐོབ་པའི་རྟགས་ཡིན༔ ཆུ་དང་འོ་མ་གང་དྲངས་པ་དེ་ནང་དུ་མི་བཞག་པར་ཕྱིར་བཏོན༔ འདིའི་དུས་མཚན་ལྡན་གྱི་དམར་ཆ་ལེན་པར་ནུས་ཏེ༔ བརྩོན་འགྲུས་དང་ལྡན་ན་ཡུན་རིང་པོར་མི་ཐོགས་པར༔ རྟགས་མངོན་སུམ་དུ་འཆར་བའི་གདམས་པའོ༔ མ་གྲུབ་ན་སྤོགས་པ་ནི་ཞལ་གདམས་སུ་ཤེས་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འཇའ་ཚོན་སྙིང་པོས་རྡོ་རྗེ་ཡོངས་རྫོང་ནས་རྙེད་པ་ཤིན་ཏུ་ཟབ་བོ། །བཀྲ་ཤིས་སོ།། །། ྈ རྩ་རླུང་མཁའ་འགྲོའི་གསང་མཛོད་ལས༔ ཕོ་ཁྲིད་ཉི་མའི་བཅུད་སྡུད་བཞུགས༔ ྈྈྈྈྈ བདེ་ཆེན་མཆོག་ལ་སྐྱེལ་བའི་མ༔ བདེ་ཆེན་རྡོ་རྗེ་ཕག་མོ་ལ༔ བདེ་ཆེན་དགའ་བཞི་རྒྱས་པའི་ཕྱིར༔ བདེ་ཆེན་ངང་དུ་ཕྱག་འཚལ་ལོ༔ གསང་སྔགས་རྡོ་རྗེ་ཐེག་པ་ཡི༔ ཉམས་ལེན་རྡོ་རྗེ་གསང་མཛོད་འདིས༔ རྡོ་རྗེ་རྒྱས་པའི་རྟེན་འབྲེལ་ཕྱིར༔ རྡོ་རྗེའི་སྐུ་རུ་འགྲུབ་པར་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདིར་གསང་བ་ལས་ཀྱང་ཆེས་གསང་བའི་གདམས་པ་ཟབ་མོ་རྩ་རླུང་མཁའ་འགྲོའི་གསང་མཛོད་ལས༔ གསང་བ་ལས་ཀྱི་ཕྱག་རྒྱ་ལ་བསྟེན་ནས་དྭངས་མ་ཡེ་ཤེས་སུ་སྒྲུབ་པ༔ ཕོ་ཁྲིད་ཉི་མའི་བཅུད་སྡུད་བསྟན་པ་ལ་གསུམ༔ ཕྱག་རྒྱའི་བརྟག་ཐབས༔ ཅི་ལྟར་བསྟེན་ཚུལ༔ བསྟེན་པ་ལ་ཕན་ཡོན་འབྱུང་ལུགས་སོ༔ དང་པོ་བརྟག་ཐབས་ལ༔ མཚན་ལྡན་གྱི་གཟུངས་མ་དེ་ཡང་ལོ་བཅུ་གཉིས་ནས་ཉེར་ལྔ་མན་ཆད༔ ཕྱི་ནང་གསང་བའི་མཚན་རྟགས་ཚང་བ་སྟེ༔ ཕྱི་ལུས་ཀྱི་རྟགས་ནི༔ མཛེས་ཤིང་ཡིད་དུ་འོང་བས་བདེ་བ་ཁྱད་ཅན་སྐྱེ་བའི་དགོས་པ་ཡོད༔ དྲི་ཞིམ་པས་བདེ་བས་མི་སུན་པའི་དགོས་པ་ཡོད༔ སྐད་སྙན་པས་བདེ་བ་ལ་ཡིད་འཇུག་པའི་དགོས་པ་ཡོད༔ རྐེད་པ་ཕྲ་བས་བདེ་བ་རྒྱུན་མི་འཆད་པའི་དགོས་པ་ཡོད༔ སྨད་ཞེང་རྒྱས་ཤིང་བྷ་ག་རུབ་པས་བདེ་བ་བཙལ་སླ་བའི་དགོས་པ་ཡོད༔ ཆགས་པ་ཆེ་བས་བདེ་བ་དབང་མེད་དུ་སྐྱེ་བའི་དགོས་པ་ཡོད་དོ༔ ནང་རྟགས་ནི༔ གསང་ཐུབ་པས་གསང་སྤྱོད་གཞན་ལ་མི་སྨྲ་བའི་དགོས་པ་ཡོད༔ བདེ་བའི་སྐད་འབྱིན་པས་བདེ་བ་ཁ་གསོ་བའི་དགོས་པ་ཡོད༔ བྷ་གའི་ནང་ན་རྩ་རིང་བས་བདེ་བས་མི་བཟོད་ཅིང་དྭངས་མ་འདྲོངས་སླ་བའི་དགོས་པ་ཡོད་དོ༔ གསང་བའི་རྟགས་ནི༔ དད་པ་ཆེ་ཞིང་ཆོས་ལ་མོས་པས་འཇིག་རྟེན་དབང་དུ་མི་འགྲོ་བའི་དགོས་པ་ཡོད༔ ཤེས་རབ་ཆེ་བས་རྣལ་འབྱོར་གྱི་བརྡ་དང་གསུང་སྒྲོས་གོ་ཞིང་གལ་ཚིག་ཡིད་ལ་ཟིན་པའི་དགོས་པ་ཡོད་དོ༔ དམ་ཚིག་ཐུབ་པས་དངོས་གྲུབ་མྱུར་བའི་དགོས་པ་ཡོད་དོ༔ བློ་ཁོག་ཡངས་པས་གསང་སྔགས་ལ་མོས་པའི་དགོས་པ་ཡོད་དོ༔ དེ་ལྟ་བུའི་རིག་མ་མཚན་རྟགས་སུམ་ཆ་ཙམ་ཚང་ན༔ ཕྱི་ལྟར་འབངས་མོའི་ཚུལ་དུ་བསྟེན༔ མཚན་རྟགས་ཕྱེད་ཆ་ཙམ་ཚང་ན༔ ནང་ལྟར་ཆུང་མའི་ཚུལ་དུ་བསྟེན༔ མཚན་རྟགས་ཐམས་ཅད་ཚང་ན༔ གསང་བ་ལྟར་རྗེ་མོའི་ཚུལ་དུ་བསྟེན་དགོས་ཏེ༔ མཚན་རྟགས་མ་རྫོགས་པའི་ཕྱག་རྒྱ་མ་ནི༔ དཔེར་ན༔ གཡུ་དང་བྱེ་རུ་མཆོང་རྣམས་ལ་བསྐུར་སྟི་བྱི་དོར་ཅི་བྱས་ཀྱང༔ སོ་སོའི་ཚོད་དང་སྦྱར་བའི་རྒྱན་གྱི་རྣམ་པ་ཙམ་ལས༔ དགོས་འདོད་ཐམས་ཅད་འབྱུང་བར་མི་ནུས་པ་དང་འདྲ་ལ༔ མཚན་རྟགས་ཐམས་ཅད་རྫོགས་པའི་རིག་མ་དེ་ནི༔ དཔེར་ན༔ བསམ་འཕེལ་གྱི་ནོར་བུ་དང་འདྲ་སྟེ༔ བཀུར་སྟི་ཕུ་དུད་ཇི་ལྟར་བྱས་པ་བཞིན་འདོད་དོན་ཐམས་ཅད་ལྷུན་གྲུབ་ཏུ་འབྱུང་བས༔ དེ་ལ་བཀུར་སྟི་མ་བྱས་ན་བསམ་པ་ཐམས་ཅད་མི་འགྲུབ་པའི་སྟེང་དུ་བར་ཆད་ཀྱི་རྒྱུ་རུ་འགྲོ་བའི་ཕྱིར༔ ཡིད་བཞིན་གྱི་ནོར་བུ་ལས་ཀྱང་གཅེས་པར་གཟུང་ངོ༔ གོང་དུ་བཤད་པའི་མཚན་རྟགས་དེ་རྣམས་ལས་བཟློག་པའི་བུད་མེད་ནི༔ དངོས་གྲུབ་ཐོབ་པ་ཅི་སྨོས༔ གྱོད་འཁྲུག་གི་གཞི་མ༔ རྣལ་འབྱོར་གྱི་སྲོག་གཅོད༔ ངན་སོང་གི་གཏིང་ཕུལ་ཡིན་པས་ཉེ་བ་ཙམ་དུ་མི་བྱའོ༔ གཉིས་པ་ཇི་ལྟར་བསྟེན་པའི་ཚུལ་ནི༔ རྡོ་རྗེ་ཆུ་འཐུང་དང་ལག་པའི་འདུ་བྱེད་སྔོན་དུ་སོང་བའི་རྣལ་འབྱོར་གྱིས༔ མཁའ་མཉམ་སེམས་ཅན་ཐམས་ཅད་སངས་རྒྱས་པའི་ཆེད་དུ་ཡིན་སྙམ་པའི་ངང་ནས༔ ཐབས་ཤེས་ཀྱི་ཕུང་ཁམས་རྟ་ཕག་ཡབ་ཡུམ༔ སྤྱི་བོར་ཚེ་དཔག་མེད་ཡབ་ཡུམ་དཀར་དམར་སྙོམས་འཇུག་མཛད་པར་བསྒོམས་ལ༔ ཡུམ་གྱི་དབུས་རྩ་རྙེད་པའི་རྟེན་འབྲེལ་བྱ་སྟེ༔ རུས་སྦས་ཀྱི་ནུར་འགྲོས་ལྟར་དལ་བུས་སྐྱོད༔ བདེ་བ་ཆེ་ན་སྐྱོད་འཕྲོ་བཤོལ་ཏེ་ངོ་ཐོག་ཏུ་འཇོག༔ བདེ་བ་ཅུང་ཟད་ཡལ་བ་དང་སྲུབ་ལ༔ དགའ་བཞིའི་ཡེ་ཤེས་ངོས་གཟུང༔ གོམས་ཤས་ཆུང་བ་རྣམས་ཀྱི་དགའ་བ་གསུམ་པ་ཙམ་ལས་མི་དབབ་པར་འདྲེན་འགྲེམ་གྱི་འཕྲུལ་འཁོར་བྱ༔ དེ་ཡང་དབབ་མ་ཐག་ཏུ་འཛིན༔ གཟུང་མ་ཐག་ཏུ་འདྲེན༔ དྲངས་མ་ཐག་ཏུ་དགྲམ་མོ༔ ཅུང་ཟད་གོམས་ནས་བདེ་བ་རྩལ་རྫོགས་པའི་ཚེ༔ འཛིན་འདྲེན་འགྲེམ་པ་རྣམས་བྱ༔ གོམས་སྟོབས་ཆེར་སོང་ནས་ཐིག་ལེ་པདྨར་དབབ༔ ཡུམ་གྱི་དྭངས་མ་དང་མཉམ་དུ་འདྲེན་ནུས་ཏེ༔ རང་གི་དཀར་ཆ་ནི་བདེ་བ་རྒྱས་པའི་ཚེ༔ ངོ་ཐོག་ཏུ་ལྷོད་ནས་བཞག་པས་འཛིན་འདྲེན་དགྲམ་པར་འགྲུབ་བོ༔ དམར་ཆ་འདྲེན་ན༔ ཟླ་མཚན་ཟླ་དུས་སུ་འབབ་ཚེ༔ དྲི་མི་ཞིམ་པ་མནམ་པ་དང༔ ཁ་དོག་སེར་ནག་དཀར་བ་ནི་འདྲེན་དུ་མི་རུང༔ ཚོས་ཁུའམ་མཚལ་ཁུ་ལྟ་བུར་འབབ་དུས་སུ་དྲང༔ འདྲེན་དུས་རྩ་ཁ་འབྱེད་སྡོམ་གྱི་རྫས་བརྟེན་ནས་རྡོ་རྗེ་ཆུ་འཐུང་གི་སྐབས་ལྟར་ཧཱུྃ་གི་སྒྲ་དང་བཅས་པས་དྲང༔ འདྲོངས་རྟགས་རྡོ་རྗེ་མགོ་འཁྱོག་པ་དང༔ ལུས་ཚ་ཆིལ་གྱིས་འབྱུང་བ༔ ཡུམ་གྱིས་མི་བཟོད་པའི་རྣམ་འགྱུར་སྟོན་ན་འདྲོངས་པ་ཡིན་པས༔ འགྲེམ་པའི་འཕྲུལ་འཁོར་ལ་འབད༔ འདྲེན་དཀའ་ན་གསང་བའི་སྦུ་གུ་གཅུག་ལ་དྲང༔ དེས་ཀྱང་མ་དྲངས་ན་ཞལ་གྱི་གདམས་པ་ལས་ཤེས་དགོས་སོ༔ གསུམ་པ་དེ་ལྟར་བསྟེན་པ་ལ་ཡོན་ཏན་འབྱུང་ལུགས་ནི༔ ཡུམ་གྱི་དྭངས་མ་གྱེན་དུ་བཟློག་པའི་སྦྱོར་བ་བྱས་པས༔ ལྟེ་བར་སླེབ་པ་ན་རྒྱུ་མཐུན་གྱི་ཚུལ་གྱི་དགའ་བ༔ སྙིང་གར་སླེབ་པ་ན་རྣམ་སྨིན་གྱི་ཚུལ་གྱི་མཆོག་དགའ༔ མགྲིན་པར་སླེབ་པ་ན་སྐྱེས་བུ་བྱེད་པའི་ཚུལ་གྱི་ཁྱད་དགའ༔ སྤྱི་བོར་སླེབ་པ་ན་དྲི་མ་དང་བྲལ་བའི་ཚུལ་གྱི་ལྷན་སྐྱེས་ཀྱི་དགའ་བ་སྐྱེས་པའི་ཚེ་གནས་ལུགས་ཀྱི་རྟོགས་པ་ཤར༔ ཡེ་ཤེས་ཀྱི་མཁྱེན་པ་རྒྱས༔ གནས་སྐབས་སུ་ལུས་བཀྲག་མདངས་ཆེ༔ ནོར་དང་ལོངས་སྤྱོད་འདུ༔ གདུལ་བྱ་ཕྲིན་ལས་འགྲུབ༔ ས་འོག་གི་གཏེར་ལ་སྤྱོད༔ སྐྲ་དཀར་དང་གཉེར་མ་མི་འབྱུང༔ ཚེའི་དངོས་གྲུབ་ཐོབ་པ་ཡིན་ནོ༔ མཐར་ཐུག་གི་འབྲས་བུ་ནི༔ ལུས་ཀྱི་རྩ་མདུད་གྲོལ་ཞིང་འཇའ་ལུས་འོད་སྐུར་གྲུབ་ནས་སྤྲུལ་སྐུས་འགྲོ་བ་འདྲེན༔ ངག་གི་ནུས་པ་འབར་ཞིང་གདོས་བཅས་སྣང་བ་དག་ནས་ལོངས་སྤྱོད་རྫོགས་སྐུར་གྲོལ༔ སེམས་ཀྱི་གཟུང་འཛིན་ཞིག་ནས་ལྷན་སྐྱེས་ཡེ་ཤེས་འཆར་ཏེ་གདོད་མའི་མགོན་པོ་ཐོབ༔ དེ་གསུམ་དབྱེར་མི་ཕྱེད་པ་ལྷུན་གྲུབ་བདེ་བ་ཆེན་པོ་ངོ་བོ་ཉིད་ཀྱི་སྐུ་རུ་འཚང་རྒྱ་སྟེ༔ མཁའ་སྤྱོད་ཀྱི་གནས་སུ་ཚེ་འདི་ཉིད་ལ་འགྲོ་བར་གདོན་མི་ཟའོ༔ མདོར་ན་མས་བརྟན་གྱི་དགའ་བ་བཞི་ནི༔ འཇིག་རྟེན་ལས་འདས་པའི་ལམ་ཡིན་ཏེ་བརྩོན་འགྲུས་དང་ལྡན་པར་བྱའོ༔ གཉེན་པོ་དང་བརྩོན་འགྲུས་མེད་པའི་རྣལ་འབྱོར་གྱིས༔ གསང་སྔགས་རྡོ་རྗེ་ཐེག་པའི་མིག་ལྟོས་ལ་འགྲན་ཏེ༔ བུད་མེད་བྱོལ་ཉོག་ཏུ་སྤྱོད་པས་སོ་ཐར་སྡོམ་པ་ཉམས༔ འདོད་ཆགས་རང་རྒྱུད་པར་སྤྱད་པས་བྱང་སེམས་ཀྱི་སྡོམ་པ་ཉམས༔ ལྷ་ཐམས་ཅད་ཀྱི་སྲོག་སྙིང་དྭངས་མ་ཉམས་པས་གསང་སྔགས་ཀྱི་སྡོམ་པ་ཉམས༔ དེའི་ཕྱིར་དྭངས་མ་ཉམས་ན་ཡི་དམ་ལྷ་སྒྲུབ་ཀྱང་ནུས་པ་མི་ཐོན༔ མཁའ་འགྲོ་རྣམས་ཀྱི་སྲོག་རྩ་བཅད་པས་ཕྲིན་ལས་མི་འགྲུབ༔ བཀའ་ཡི་སྲུང་མ་རྣམས་གྲིབ་ཀྱིས་ཕོག་སྟེ་ལས་མི་བྱེད་དོ༔ དེའི་ཕྱིར་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་ཞུགས་པ་རྣམས་ཀྱིས༔ ཀུན་ད་བྱང་ཆུབ་ཀྱི་སེམས་འདི་མིག་གི་འབྲས་བུ་ལྟར་གཅེས་པར་མཛོད་ཅིག༔ ཡས་བབ་མས་བརྟན་དགའ་བཞི་ཡེ་ཤེས་ལམ༔ བྷ་གའི་དབྱིངས་ནས་མངོན་སངས་རྒྱས་བྱེད་འདི༔ གུ་རུའི་གསུང་བཞིན་ཁོ་མོས་ཡི་གེར་བཏབ༔ ལོ་ཙཱ་ཁྱོད་ཀྱིས་ཟབ་མོའི་གཏེར་དུ་ཞོག༔ རྡོ་རྗེ་རྣལ་འབྱོར་བྱ་ར་མ་གཡེལ་བར༔ སྐལ་མེད་བདུད་རིགས་ལག་ཏུ་ཤོར་ར་རེ༔ སྐལ་ལྡན་ལས་འཕྲོ་ཅན་ལ་འཕྲོད་པའི་རྒྱ༔ དེས་ཀྱང་བསྟན་པའི་རྒྱལ་མཚན་ཚུགས་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་འཇའ་ཚོན་སྙིང་པོས་རྡོ་རྗེ་ཡོངས་རྫོང་རྡོ་རྗེ་ཕག་མོའི་བྷ་ག་ནས་རྙེད་པ་དགེ་ལེགས་སུ་གྱུར་ཅིག། །། ྈ རྩ་རླུང་མཁའ་འགྲོའི་གསང་མཛོད་ལས༔ པདྨ་རླུང་འབྱིན་གྱི་གདམས་པ་བཞུགས་སོ༔ ྈྈྈ རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ༔ པདྨ་རླུང་འབྱིན་གྱི་གདམས་པ་ལ་བཞི༔ པདྨ་རླུང་འབོད༔ པདྨ་ཁ་སྡོམ༔ པདྨ་ཐེར་འབུད༔ པདྨ་སྐད་འདོན་ནོ༔ དང་པོ་པདྨ་རླུང་འབོད་ལ་གཉིས༔ འབོད་ཆུང་དང་འབོད་ཆེན༔ རྒྱབ་ཐུར་གྱི་རིམ་པ་ཚར་ནས༔ ལུས་ཙོག་པུ་པུས་འཁྱུད་ཀྱིས་མགོ་བོ་སྒུར་ལ༔ སྟེང་རླུང་དྲག་ཏུ་ཕུ་ཞིང་འོག་རླུང་ཅི་ནུས་འཐེན་ལ་བགྲད་འབེབ་བྱ༔ འབོད་ཆེན་ནི༔ རྐང་མཐིལ་སྤྲད་ལ་བྷ་གའི་མདུན་དུ་བཞག༔ ལག་གཉིས་བསྣོལ་ཏེ་རྐང་མགོ་གཉིས་ལ་བསྡམ༔ འོག་རླུང་ཅི་ཐུབ་འཐེན་ལ་ཕོ་སྐོར་ཡང་ཡང་བྱ༔ སྟེང་རླུང་ཅི་ཐུབ་འཐེན་ལ་དྲག་འབེབ་ཅི་ནུས་རྒྱབ༔ དེ་རྗེས་ལུས་སྤྲུགས་ལ་མཉམ་པར་གཞག༔ གཉིས་པ་པདྨ་ཁ་སྡོམ་ནི༔ རྒྱུན་དུ་གསང་བའི་སྐྱིལ་ཀྲུང་བྱ་ལ་ཁུ་ཚུར་བརླ་སྟེང་བསྒྲེང༔ སྟེང་རླུང་མནན་ཞིང་འོག་རླུང་འཐེན་ཏེ༔ རྫས་སྦྱོར་ལ་བརྟེན༔ གསུམ་པ་པདྨ་ཐེར་འབུད་ནི༔ འོག་སྒོ་ཀློད་ལ་སྟེང་འོག་གི་རླུང་ཐུར་དུ་ཕུལ་ནས༔ བ་རུ་ཤའི་གནོད་པ་བྱུང་ཡང་གླག་མི་རྙེད་དེ༔ ནང་དུ་ཆུད་ཀྱང་ཕྱིར་འབུད་ནུས་སོ༔ བཞི་པ་པདྨ་སྐད་འདོན་ནི༔ མདུན་ཐུར་བྱ་རྒོད་རྐང་ངམ༔ མི་ཡི་རྐང་དུང་མཐོ་གང་སོར་བཞི་ཡོད་པ་ལ་མར་གྱིས་བྱུག་ནས་པདྨར་གཞུག༔ པད་སྐྱིལ་ཀློད་ནས་རྐང་མགོ་མཐོ་གང་ཙམ་གྱི་སར་བཞག་སྟེ་ལག་གཉིས་ཀྱིས་གཟུང༔ རླུང་འཐེན་མནན་དྲག་ཏུ་བྱ་ལ་རྒྱ་མཚོ་བསྐོར༔ འདི་དུས་གྲུ་མོ་གཉིས་ཀྱི་མཁལ་རྩ་བསྡམ་པ་གལ་ཆེ༔ དེ་ལྟར་སྦྱོང་བས་འོག་རླུང་འཐེན་ཚེ་འོ་མ་སྣ་བུག་ཏུ་དྲངས་ལ༔ སྟེང་རླུང་མནན་དུས་གང་འཐུང་ཕྱིར་འབྱིན་ནུས་ན༔ རྐང་དུང་འབུད་པ་སོགས་འགྲུབ་པ་སྟེ་ཐེ་ཚོམ་དང་བྲལ་བའི་གདམས་པའོ༔ ནུས་པ་འདི་ཙམ་ཐོབ་ཕྱིན་འོག་སྒོ་བདེ་བ་ཆེན་པོའི་ཉམས་ལེན་ལ་འཇུག་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་འཇའ་ཚོན་སྙིང་པོས་རྡོ་རྗེ་ཡོངས་རྫོང་ནས་དངོས་གྲུབ་ཏུ་རྙེད་པ་ལགས་སོ། །དགེའོ།། །། ྈ རྩ་རླུང་མཁའ་འགྲོའི་གསང་མཛོད་ལས༔ མོ་ཁྲིད་ཟླ་བའི་མདངས་ལེན་བཞུགས༔ ྈྈྈྈ ཡུམ་ཆེན་རྡོ་རྗེ་ཕག་མོ་ལ༔ ཡུམ་གྱི་དབྱིངས་ཉིད་རྟོགས་པའི་ཕྱིར༔ ཡེ་ནས་རང་བཞིན་གཅིག་མོད་ཀྱང༔ ཡེ་ཤེས་མཚོ་རྒྱལ་བདག་ཕྱག་འཚལ༔ མཁའ་འགྲོ་མཚོ་རྒྱལ་ཐུགས་ཀྱི་བཅུད༔ བླ་མའི་ཞལ་གྱི་གདམས་པ་འདི༔ སྔོན་མེད་བརྩེ་བས་ཡི་གེར་བཀོད༔ བློ་གྲོས་ལྡན་རྣམས་སྤྱི་བོས་ལོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསང་སྔགས་རྡོ་རྗེ་ཐེག་པ་རྩ་རླུང་མཁའ་འགྲོའི་གསང་མཛོད་ལས༔ གསང་བ་ཐབས་ཤེས་སྙོམས་འཇུག་ལ་བརྟེན་ནས་དྭངས་མ་ཡེ་ཤེས་སུ་སྒྲུབ་པ༔ མོ་ཁྲིད་ཟླ་བའི་མདངས་ལེན་བསྟན་པ་ལ་གསུམ༔ དཔའ་བོའི་མཚན་ཉིད༔ ཇི་ལྟར་སྦྱོར་བ༔ དེའི་ཕན་ཡོན་ནོ༔ དང་པོ་མཚན་ཉིད་ནི༔ རིགས་ལྡན་གྱི་དཔའ་བོ་དེ་ཡང་ལོ་བཅོ་བརྒྱད་ནས་ལྔ་བཅུ་མན་ཆད་མཛེས་ཤིང་ཡིད་དུ་འོང་བ༔ སེར་སྣ་ཆུང་ཞིང་གཏོང་ཕོད་ཆེ་བ༔ ཆོས་ཕྱོགས་ཀྱི་བྱ་བ་ལ་བརྩོན་པ༔ ཤེས་རབ་ཆེ་ཞིང་བློ་ཁོག་ཡངས་པ༔ གསང་ཚིག་ཐུབ་ཅིང་ཅི་ཟེར་བཀའ་བཞིན་བསྒྲུབ་པ༔ སྦྱོར་བ་ལ་མཁས་ཤིང་རྡོ་རྗེ་མཁྲེགས་པ༔ མཐོང་བ་དང་རེག་པ་ཙམ་གྱིས་བདེ་བ་རང་བབས་སུ་སྐྱེ་བ་ནི༔ ནང་དུ་བཅུད་ཡོད་ཅིང་དྭངས་མ་བརྟན་པའི་རྟགས་ཡིན༔ ལུས་ངག་གི་སྤྱོད་ལམ་ཐམས་ཅད་བཟང་ཞིང་དྲི་ཞིམ་པ༔ དྲན་པས་མ་ཟིན་དུས་ཀྱང་ཡིད་ལ་ལྷང་ལྷང་འཆར་བ༔ མཉམ་དུ་འགྲོགས་པ་ཙམ་གྱིས་ལུས་ལ་བདེ་བ་འཕེལ་བ་ནི༔ དང་པོ་རབ་ཀྱི་མཚན་ཉིད་ཡིན་པས་བླ་མའི་ཚུལ་དུ་དད་པ་དང་བཅས་ཏེ་བསྟེན༔ ཡོན་ཏན་ཕྱེད་ཆ་ཙམ་ཚང་བ་ནི༔ མཛའ་བོའི་ཚུལ་དུ་བརྩེ་གདུང་དང་བཅས་ཏེ་བསྟེན༔ ཡོན་ཏན་སུམ་ཆ་དང་ལྡན་པ་ནི༔ བྲན་གྱི་ཚུལ་དུ་བྱང་སེམས་དང་བཅས་ཏེ་བསྟེན་པར་བྱའོ༔ དེ་ལྟར་མ་ཡིན་པའི་སྐྱེས་པ་ཉ་པ་དང་ཤན་པའི་རིགས་དང༔ ལོག་ལྟ་ཅན་གྱི་སྐྱེ་བོ་བསྟེན་ན༔ མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པ་ཅི་སྨོས༔ སྡིག་པའི་ཕུང་པོ༔ ཐར་པའི་ལམ་གེགས༔ དམྱལ་བར་ཁྲིད་པའི་དེད་དཔོན་ཡིན་པའི་ཕྱིར༔ ལུས་གཅིག་པུ་མ་ཟད༔ ངག་འདྲེས་པ་ཙམ་ཡང་མི་བྱའོ༔ གཉིས་པ་ཅི་ལྟར་སྦྱོར་བ་ནི༔ པདྨ་རླུང་འབྱིན་དང་ཕྱིང་རིལ་གྱི་གདམས་པ་སྔོན་དུ་སོང་བའི་རྣལ་འབྱོར་མས༔ སེམས་ཅན་གྱི་དོན་དུ་སེམས་བསྐྱེད་པའི་ངང་ནས༔ རང་ཕག་མོ་དང་དཔའ་བོ་རྟ་མགྲིན་དུ་བསྐྱེད༔ མཁའ་གསང་བྱིན་གྱིས་བརླབ་པར་བྱ༔ བདེ་བ་སྐྱེད་པའི་སྤྱོད་པ་ལ་བསླབ༔ ཆགས་པ་གཡོ་བའི་རྟགས་ཤར་བ་དང་སྙོམས་པར་འཇུག༔ བདེ་ཤིག་ཤིག་བྱུང་བ་དང་སྐྱོད་འཕྲོ་བཤོལ་ལ་ངོ་ཐོག་ཏུ་འཇོག༔ དགའ་བའི་ཡེ་ཤེས་ལ་ངོས་གཟུང༔ དེ་བཞིན་དུ་མཆོག་དགའ༔ ཁྱད་དགའ༔ ལྷན་སྐྱེས་ཀྱི་དགའ་བ་ལ་སེམས་གཟུང༔ ཡབ་བདེ་བ་རྒྱས་པའི་དུས་སུ་ངལ་མི་གསོ་བར་དྲག་ཏུ་སྐྱོད་བཅུག༔ ཐིག་ལེ་ཆིལ་གྱིས་བྱུང་བ་དང༔ འདྲེན་འགྲེམ་དགྲམ་པ་ལ་འབད༔ དེ་རྗེས་དྭངས་སྙིགས་འབྱེད་པ་ནི༔ རྐང་མཐིལ་གཉིས་སྤྲད་དེ་བྷ་གའི་མདུན་དུ་བཞག༔ ལག་པ་གཉིས་བསྣོལ་ཏེ་རྐང་མགོ་གཉིས་ལ་གཟུང༔ འོག་རླུང་ཀློད་ལ་སྟེང་རླུང་དྲག་ཏུ་མནན་ནས༔ དྲག་འབེབ་བྱ་ལ་ཐིག་ལེའི་སྙིགས་མ་སྐྱ་ཉོ་ལེར་བྱུང་བ་དང་གཡང་མོའི་སྤྲུགས་སྟངས་བྱ༔ དེས་ནི་དྭངས་མ་ལུས་ལ་ཁྲེམ་ཞིང་སྙིགས་མ་ཕྱིར་འཕོ་བར་བྱེད་དོ༔ འདི་ལ་གོམས་ཤས་ཆེ་བར་མ་བྱུང་གི་བར་དུ་ཁྱད་དགའ་ཙམ་ལས་མི་དབབ་པར་ཡབ་དང་བྲལ་ཏེ་འཛིན་འདྲེན་དགྲམ་པ་ལ་འབད༔ གོམས་སྟོབས་ཆེར་སོང་ནས་སྐྱེ་བོ་ཆགས་སྲེད་ཀྱིས་གདུང་བ་རྣམས་ལ་བློ་ཆེན་སྟོབས་ལྡན་མའི་སྒོ་ནས་ལུས་སྦྱིན་པར་གཏང་ངོ༔ གསུམ་པ་སྦྱོར་བ་དེའི་ཕན་ཡོན་ནི༔ ཐུན་མོང་གི་དངོས་གྲུབ་ཏུ༔ རྒས་པ་མི་འབྱུང་ཞིང་མདོག་བཟང༔ སྐྲ་དཀར་དང་གཉེར་མ་མི་འབྱུང༔ ཤེས་པ་གསལ་ཞིང་བདེ་ཉམས་དཔག་མེད་དུ་སྐྱེད༔ ནད་ཀྱིས་མི་ཚུགས་ཤིང་ཚེ་ལ་དབང་བའི་རིག་འཛིན་འགྱུར༔ མཆོག་གི་དངོས་གྲུབ་ཏུ་ལུས་ཀྱི་རྩ་མདུད་ཞིག་པས་ས་ལམ་ཡོན་ཏན་སྐྱེ༔ ནང་དུ་དྭངས་མ་བརྟན་པས་གཟུང་འཛིན་གྱི་རྟོག་ཚོགས་འགགས༔ ཡེ་ཤེས་ཀྱི་སྣང་བ་ཆེར་རྒྱས༔ སྐུ་དང་ཐིག་ལེ་སོགས་མཐོང་སྣང་དཔག་མེད་འཆར༔ སངས་རྒྱས་ཀྱི་ཞིང་ཁམས་སྐད་ཅིག་རེ་རེ་ལ་མཇལ་བ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་བོ༔ གལ་ཏེ་ཉོན་མོངས་པའི་དབང་དུ་ཤོར་ན༔ བླ་མ་ཡི་དམ་གྱིས་དབྱིངས་ནས་ཁྲེལ༔ དཔའ་བོ་མཁའ་འགྲོ་བསྒྲུབས་ཀྱང་མི་འགྲུབ༔ དྲག་སྔགས་ཀྱི་ནུས་པ་མི་ཐོན༔ སྐྲ་དཀར་དང་གཉེར་མ་འབྱུང་ཞིང་མདོག་ངན༔ ཚེ་འདི་དང་ཕྱི་མ་ཀུན་ལ་སྡུག་བསྔལ་བར་འགྱུར་རོ༔ གཉེན་པོའི་རྩི་ཡིས་ཟིན་པ་ཡིས༔ ཉོན་མོངས་བུད་ཤིང་མ་ལུས་པ༔ ཡེ་ཤེས་མེ་ཡི་གྲོགས་གྱུར་འདི༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འཇའ་ཚོན་སྙིང་པོས་རྡོ་རྗེ་ཡོངས་རྫོང་གི་མཁའ་འགྲོ་གསང་ཕུག་རྡོ་རྗེ་ཕག་མོའི་བྷ་ག་ནས་རྙེད་པའོ། །བཀྲ་ཤིས་སོ།། །། ྈ རྩ་རླུང་མཁའ་འགྲོའི་གསང་མཛོད་ལས༔ ཐུན་མོང་མིན་པའི་འཕྲུལ་འཁོར་ལགས༔ ྈྈྈྈ བདེ་ཆེན་བདེ་བ་བསྐྱེད་པའི་དཔལ༔ རྡོ་རྗེ་ཕག་མོ་རྡོ་རྗེ་རྒྱལ༔ མྱུར་ལམ་རྩ་རླུང་ཐིག་ལེ་ཟབ༔ ཉམས་སུ་ལེན་པའི་རྣལ་འབྱོར་གྱིས༔ འཕྲུལ་འཁོར་གནད་ཀྱིས་མ་གཅུན་ན༔ དཔེར་ན་མེ་དང་རླུང་མེད་ཚེ༔ འབར་བའི་ཤུགས་དང་མི་ལྡན་ལྟར༔ རླུང་གི་ཡོན་ཏན་འབྱུང་བར་དཀའ༔ དེ་ཕྱིར་འཕྲུལ་འཁོར་བཅའ་བ་ལ༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ སྔོན་འགྲོ་ལུས་གནད་སྐྱིལ་ཀྲུང་བཅའ༔ རླུང་རོ་དཔག་ཆེན་མདའ་ལྟར་འཕང༔ ཡེ་ཤེས་བསྐྱེད་པའི་བདེ་རླུང་ནི༔ གཞུ་ལྟར་བཀུག་ནས་རྫིང་ལྟར་བསྐྱིལ༔ མགོ་ལུས་ཡོངས་ལ་འཕུར་བསུབ་བྱ༔ སེང་ཆེན་འགྱིང་བའི་འཕྲུལ་འཁོར་གྱིས༔ སྟོད་རླུང་སྟོད་དུ་གསེང་ལ་བོར༔ གླང་ཆེན་ཉལ་བའི་འཕྲུལ་འཁོར་གྱིས༔ བར་རླུང་བར་དུ་གཅུན་པར་བྱ༔ དྲང་སྲོང་ཙོག་པུའི་འཕྲུལ་འཁོར་གྱིས༔ སྨད་རླུང་སྨད་དུ་གཏན་ལ་དབབ༔ དངོས་གཞི་འཕྲུལ་འཁོར་བཅའ་ཚུལ་ནི༔ དང་པོ་ཆུ་བོ་གྱེན་བཟློག་པས༔ སྦྲུལ་ནག་འཁྱིལ་བའི་འཕྲུལ་འཁོར་ནི༔ དཔེར་ན་གདུག་པ་སྦྲུལ་གྱི་ལྕེ༔ སྨན་ལྕེས་གསོ་ཞིང་དུག་ལྕེས་གསོད༔ དེ་བཞིན་བསམ་པ་དཀར་ནག་གིས༔ རྣམ་སྨིན་བདེ་སྡུག་བསྐྱེད་པ་བཞིན༔ ཆུ་བོ་འཁོར་འདས་རྣམ་པ་གཉིས༔ འཁྲུལ་པའི་ཆུ་བོ་ཐུར་དུ་འབབ༔ སྡུག་བསྔལ་འཁོར་བའི་ཡོ་ལངས་བསྐྱེད༔ དེ་དག་གྱེན་དུ་མ་བཟློག་ན༔ མྱང་འདས་བྱང་ཆུབ་ཆུ་རྒྱུན་དང༔ འདྲེས་པའི་དུས་མེད་སྡུག་བསྔལ་རྒྱུད༔ དེ་ཕྱིར་ལས་ཀྱི་ཆུ་བོ་དེ༔ ཟློག་ཐབས་སྦྲུལ་ནག་འཕྲུལ་འཁོར་བསྟན༔ སྒལ་བསྲང་མགྲིན་བཀུག་རྐང་པ་གཡས༔ པུས་མོ་གཡོན་གྱི་སྟེང་དུ་བཀབ༔ གཡོན་གྱི་ཁུ་ཚུར་གཡས་མཆན་བཅུག༔ གཡས་ཀྱི་རྐང་གཡོན་ལོང་རྩར་བསྡམ༔ གཡས་སུ་འགྱིང་ཞིང་འཇམ་རླུང་གཟུང༔ དམིགས་པ་ཁམས་གསུམ་རིགས་དྲུག་གི༔ སྡུག་བསྔལ་མ་ལུས་བདག་ལ་བསྡུ༔ གཞན་རྣམས་བདེ་བ་ལྡན་པར་བསྐྱེད༔ འཕྲུལ་འཁོར་འདི་ལ་བརྩོན་བྱས་ན༔ སྦྲུལ་ནག་སྨྱུགས་དོང་བཅུག་པ་ལྟར༔ ཕྱིར་ལྡོག་མེད་པར་གྱེན་དུ་འགྲོ༔ གཉིས་པ་རྒྱ་མཚོ་ཡུར་འདྲེན་གྱི༔ ངང་མོ་བཞི་འགྲོས་འཕྲུལ་འཁོར་ནི༔ དཔེར་ན་རྒྱ་མཚོ་ཆེན་པོ་ལ༔ ཆུ་བྲན་མང་འདུས་རླུང་འཁྲིག་སྟེ༔ ཟིལ་དང་ཆར་གྱིས་རླན་བསྐྱེད་ནས༔ རྩི་ཤིང་ལོ་འབྲས་བསྐྱེད་པ་ལྟར༔ ཕོ་བ་རྒྱ་མཚོ་ཆེན་པོའི་ནང༔ བཟའ་བཏུང་འདུས་པའི་བཅུད་རླངས་ཀྱིས༔ ལུས་ལ་ཁྱབ་པའི་དྭངས་མ་རྣམས༔ རྩ་ཡི་ལམ་ལ་ཡུར་དྲངས་ནས༔ ལུས་སྟོབས་གཟི་མདངས་བསྐྱེད་པ་ཡི༔ ངང་མོ་འགྲོས་ཀྱི་འཕྲུལ་འཁོར་བྱ༔ རྐང་པ་མཉམ་གཤིབ་ལངས་བྱས་ཏེ༔ ལག་སོར་གཉིས་བསྣོལ་གུང་མོ་བསྒྲེང༔ ལུས་བཀུག་གུང་མོ་རྐང་མཐེབ་ནས༔ གྱེན་དུ་འཐེན་ཚུལ་སྤྱི་གཙུག་བསྐྱལ༔ འབྱིན་འཇུག་གནས་གསུམ་འཇམ་རིང་བྱ༔ དམིགས་པ་ཕོ་བ་རྒྱ་མཚོའི་ནང༔ བཟའ་བཏུང་རྫས་རྣམས་མ་ལུས་པ༔ མེ་རླུང་སྦྱོར་བས་བཞུས་པའི་བཅུད༔ དྭངས་མ་དྲི་རླངས་རྩ་ལམ་དྲང༔ ལུས་ཀུན་མེར་གྱིས་ཁེངས་པར་བསམ༔ སྙིགས་མ་རྣམས་ནི་ཐུར་དུ་སོང༔ ལྷག་མེད་འོག་སྒོར་ཐོན་པར་དམིགས༔ འབྱིན་ཚེ་དྭངས་མ་གྱེན་དུ་དྲང༔ གནས་ཚེ་སྙིགས་མ་ཐུར་དུ་བཙགས༔ དེ་ལྟར་སྤེལ་ཚུལ་ཤེས་པར་བྱ༔ དེས་ནི་ལུས་སྟོབས་གཟི་བྱིན་བསྐྱེད༔ ཡོན་ཏན་བརྗོད་ན་དཔག་ཏུ་མེད༔ གསུམ་པ་གཟའ་སྐར་ཁྱིམ་འཛུད་པས༔ མེ་ཐབས་དྲུག་ཆིངས་འཕྲུལ་འཁོར་ནི༔ ཕྱི་ནང་རྟེན་འབྲེལ་གཅིག་པའི་ཕྱིར༔ སྦྱོར་བ་དྲུག་གིས་མ་བཅིངས་ན༔ ཆུ་ལུད་མ་བྲན་ལོ་ཏོག་ལྟར༔ དགེ་ལེགས་ཡོན་ཏན་སྐྱེད་འཕེལ་ཆུང༔ དེ་ཕྱིར་ཉིན་མཚན་དུས་དྲུག་ཏུ༔ ཡས་བབ་མས་བརྟན་དགའ་བ་བཞི༔ ཉམས་སུ་བླངས་པས་ཉོན་མོངས་འཆིངས༔ ཁྱད་པར་མཆོག་གི་དངོས་གྲུབ་འབྱུང༔ བཞི་པ་བདུད་རྩི་སྣོད་དུ་སྦེད༔ ཐོད་པ་ཁ་སྦྱོར་འཕྲུལ་འཁོར་ནི༔ བཅུད་ཀྱི་དྭངས་མ་མ་སྦས་ན༔ ཉམས་པའི་སྐྱོན་རྣམས་འབྱུང་བའི་ཕྱིར༔ འཛག་མེད་ཐོད་པ་ཁ་སྦྱོར་གྱི༔ འཕྲུལ་འཁོར་འདི་ལ་བརྩོན་པར་བྱ༔ འོག་སྒོར་གྲུ་གུ་ཁུ་ཚུར་ཙམ༔ བཞག་ནས་སྐྱིལ་ཀྲུང་རླུང་ཁ་སྦྱོར༔ ལག་གཉིས་ཁུ་ཚུར་སྙིང་ཁར་བསྣོལ༔ ལུས་ནི་ཅུང་ཟད་བསྒྲིམ་པའི་ནང༔ སྙིང་གར་དབུ་མའི་ནང་དག་ཏུ༔ ཐབས་ཤེས་ཉི་ཟླ་ཐོད་སྦྱར་ནང༔ ཐིག་ལེའི་དྭངས་མས་གང་བར་བསྐྱེད༔ ཕྱི་རོལ་རྩ་རྣམས་གྲུ་གུ་ལྟར༔ སྣ་ཚོགས་མདངས་ཀྱིས་བཅིངས་པར་བསམ༔ འཕང་བརྡབ་དྭངས་མ་སྙིང་གར་བསྡུ༔ དེས་ནི་བདུད་རྩིའི་ཐིག་ལེ་རྣམས༔ ཉམས་པར་མི་འགྱུར་ལུས་སྟོབས་རྒྱས༔ འདི་ཡི་སྦྱོར་བ་ཉིན་གཅིག་གིས༔ ལོ་གཅིག་བར་དུ་དྭངས་མ་བརྟན༔ དེ་ཕྱིར་བདུད་རྩི་སྣོད་སྦེད་པའི༔ ཐོད་པ་ཁ་སྦྱོར་འཕྲུལ་འཁོར་གཅེས༔ ལྔ་པ་མེ་ཏོག་བཅུད་སྡུད་པའི༔ བུང་བ་ལྕགས་མཆུའི་འཕྲུལ་འཁོར་ནི༔ བདག་ཉིད་ལྷ་རུ་གསལ་བ་དངོས༔ དཔེར་ན་བུང་བའི་མེ་ཏོག་ལ༔ བག་ཕེབས་རྩི་ལ་འཇིབ་པ་ལྟར༔ ཡིད་ཀྱི་དམིགས་པས་རིག་མ་དང༔ དགའ་བཞི་བདེ་བ་མཉམ་རྒྱས་ཀྱི༔ འདུན་པ་དང་བཅས་རྡོར་སྐྱིལ་བྱ༔ ལག་གཉིས་མིག་ཐད་ཤད་ཀྱིས་བརྐྱང༔ ཉི་མ་ཟླ་བ་མཁའ་ལ་གཏད༔ དར་པོ་ཆེ་ནི་གྱེན་དུ་བསྐྱོད༔ སྦྲུལ་ཚང་བྲག་ལ་ཅི་ནུས་བཅར༔ སྟེང་རླུང་དྲག་ཕུ་འོག་རླུང་འཐེན༔ སྲིན་ཞལ་བསྡམ་ཞིང་རྐང་སོར་བསྐུམ༔ དམིགས་པ་དྷཱུ་ཏིའི་སྦུ་གུ་ཡིས༔ སྨྱུག་མའི་སྦུ་གུས་ཆུ་དྲངས་ལྟར༔ ཕྱག་རྒྱའི་དྭངས་མ་སྐག་ཁུ་བཞིན༔ དེ་དག་རྔུབ་ནས་ཧཾ་ལ་བསྐྱལ༔ འཁོར་ལོ་རེ་ལ་རིམ་བཞིན་སྦར༔ དམར་ཆ་དྲངས་པའི་ཡོན་ཏན་ནི༔ རྡོ་རྗེའི་ལྗགས་ཀྱང་བརྗོད་མི་ནུས༔ དྲུག་པ་དྭངས་མ་གཏིང་འདྲེན་པས༔ ཉི་ཟླ་མཁར་ལྡོག་འཕྲུལ་འཁོར་ནི༔ དཀར་དམར་དྭངས་མ་འཛིན་ནུས་ཀྱང༔ ཉི་མ་ཟླ་བའི་རྒྱུ་བ་དེ༔ སྒྲ་གཅན་ལམ་དུ་མ་བཟློག་ན༔ ནོར་བུ་རིན་ཆེན་ལག་སོན་པ༔ རྒྱལ་མཚན་རྩེ་མོར་མ་མཆོད་ལྟར༔ འདོད་པའི་ཡོན་ཏན་འབྱུང་བ་དཀའ༔ དེ་ཕྱིར་ཉི་ཟླ་མཁར་ལྡོག་གིས༔ འཕྲུལ་འཁོར་འདི་ནི་ཤིན་ཏུ་གཅེས༔ རྐང་གཉིས་གཤིབ་བརྐྱང་ལག་གཉིས་ཀྱིས༔ དྲག་འཐེན་ཚང་ར་རྒྱབ་ཏུ་ཕུལ༔ མགོ་བཀུག་ལུས་ཀུན་ཐང་ཤ་བཅད༔ གཟའ་ཆེན་མཁར་གཏད་དར་གྱེན་བསྐྱོད༔ འོག་སྒོ་སྟེང་གི་སྒོ་ལ་འཐེན༔ རྒྱ་མཚོ་རི་རབ་ངོས་ལ་བཅར༔ དམིགས་པ་ཉི་ཟླའི་དྭངས་མ་ཀུན༔ སྨིན་མཚམས་ཐིག་ལེ་དྲུག་ལ་བསྟིམ༔ ཕྱི་འཛིན་དྲག་པོ་བདུན་བྱས་པས༔ བཅུད་ཀྱི་དྭངས་མ་ངེས་པར་འདྲོངས༔ ཕན་ཡོན་ནོར་བུ་རིན་ཆེན་ལ༔ སྨོན་ལམ་ཐེབས་ལྟར་དགོས་དགུ་འགྲུབ༔ ཉི་ཟླ་མཁར་ལྡོག་འཕྲུལ་འཁོར་ལགས༔ བདུན་པ་ཉི་ཟླའི་འོད་མདངས་བསྲེ༔ རྒྱ་མཚོ་རྦ་རླབས་འཕྲུལ་འཁོར་ནི༔ ཕ་རོལ་ཉི་ཟླའི་བཅུད་ལོན་ནས༔ རང་གི་བཅུད་དང་མ་བསྲེས་ནས༔ མ་ཁྲེམ་པ་དེར་ནད་ཟུག་འགྱུར༔ དེ་ཕྱིར་སེང་གེ་རྣམ་རོལ་གྱི༔ འཕྲུལ་འཁོར་འདི་ལ་བརྩོན་པར་བྱ༔ སྐྱིལ་ཀྲུང་ལག་གཉིས་བུག་བདུན་བཀག༔ དཔུང་སོག་བསྟོད་ཅིང་ཅུང་ཟད་སྒུར༔ རླུང་གཟུང་རྒྱ་མཚོ་རླབས་བསྐྱོད་བཞིན༔ ཕོ་བ་གྱེན་འཐེན་ཐུར་དུ་འཕང༔ ལན་གྲངས་དགུ་ཡི་བར་དུ་བསྐྱར༔ ཕོ་བ་གཡས་གཡོན་བདུན་བདུན་བསྐོར༔ དེས་ནི་ཉི་ཟླའི་མདངས་འོད་འདྲེས༔ ཡོན་ཏན་བརྗོད་ན་བསམ་མི་ཁྱབ༔ རྒྱ་མཚོའི་རྦ་རླབས་འཕྲུལ་འཁོར་རོ༔ རྗེས་ཀྱི་འཕྲུལ་འཁོར་སེམས་སྐྱིལ་བཅའ༔ རླུང་གཟུང་ཕོ་བསྐོར་རོ་སྟོད་གཅུ༔ མགོ་བསྒྲིལ་གྱེན་འགུག་གསུམ་གསུམ་བྱ༔ ལག་པ་བརྐྱང་བསྐུམ་དྲག་པོ་གསུམ༔ དེ་བཞིན་རྐང་པ་བརྐྱང་བསྐུམ་རྗེས༔ དྲག་འབེབ་གསུམ་རྒྱབ་མཉམ་པར་གཞག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་འཇའ་ཚོན་སྙིང་པོས་རྡོ་རྗེ་ཡོངས་རྫོང་ནས་རྙེད་པ་དགེ་ལེགས་སུ་གྱུར་ཅིག །བཀྲ་ཤིས་སོ།། །། ྈ རྩ་རླུང་མཁའ་འགྲོའི་གསང་མཛོད་ལས༔ མཚན་ལྡན་འགུགས་པའི་ལྕགས་ཀྱུ་ཡོད༔ ྈྈྈ ཐམས་ཅད་དབང་བསྒྱུར་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ༔ མཚན་ལྡན་འགུགས་པའི་ལྕགས་ཀྱུ་འདི་ལ་གསུམ༔ རྫས་དང༔ སྒྲུབ་པ་དང༔ བཀྲོལ་བའོ༔ དང་པོ་ནི༔ གསང་བའི་རྫས་བདུན་ལེགས་པར་བརྟུལ་ནས༔ ཟངས་ཀྱི་སྣོད་དུ་དར་དམར་པོས་ཡིབས་ལ་བཞག༔ གཉིས་པ་སྒྲུབ་པ་ནི༔ རང་ཉིད་རྟ་མགྲིན་དམར་པོ་གཡས་ལྕགས་ཀྱུ་དང་གཡོན་ཞགས་པ་བསྣམས་པར་བསྐྱེད༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དམར་པོ་དཔག་ཏུ་མེད་པར་འཕྲོས༔ དམིགས་བྱའི་གསང་བའི་སྦུབས་ནས་ཞུགས༔ སེམས་ཀྱི་འདོད་ཆགས་རབ་ཏུ་སློང་ཏེ་མྱོས༔ འོད་ཟེར་སླར་འདུས་པས་ཤ་རུལ་ལ་སྦྲང་བུ་འདུ་བ་ལྟར༔ བདག་གི་དབང་དུ་འདུ་བར་བསམས་ལ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ༔ ཨོཾ་ཛབ་ཛབ་ཛུབ་ཛུབ་ཁུག༔ ྈྈཆགས་པ་སློང་སློང༔ རམ་རམ་དེད་དེད་ཁུག་སྡུས༔ ཎི་ཛ་བྲམ་ཤིག་ཁུག་ཁུག༔ ཅེས་ཞག་བདུན་བགྲངས་ནས་རིལ་བུ་ལ་ཧ་གདབ༔ གྲུབ་རྟགས་རྫས་ལ་རླངས་པ་འཕྱུར་བ་ཡོང༔ དེ་མ་བྱུང་ན་བསྐྱར་ལ་བསྒྲུབ༔ རྫས་ཀྱི་རིལ་བུ་དེ་གང་དམིགས་ཀྱི་ཁོང་དུ་ལྟོ་ལ་སྦྱར་ཏེ་བཏང་ན༔ མཚན་ལྡན་ཕོ་མོ་ལ་སོགས་འགྲོ་བ་ཐམས་ཅད་དབང་དུ་འདུ་བར་འགྱུར་རོ༔ གསུམ་པ་བཀྲོལ་བ་ནི༔ བསྟེན་བྱ་ནོར་བའམ༔ གནས་སྐབས་བོགས་འདོན་ཙམ་གྱིས་ཆོག་ན༔ བཀྲོལ་སྔགས་ནི༔ ཧ་རི་ནི་ས་ཁྲོལ་ཁྲོལ༔ ཛབ་ཛུབ་ྈཁྲོལ་ཁྲོལ༔ རམ་དེད་བྲམ་ཤིག་ཁྲོལ་ཁྲོལ༔ བྷི་དྲ་སློང་ཎི་ཛ་ཁྲོལ་ཁྲོལ་སྭཱ་ཧཱ༔ ཅེས་བརྒྱ་རྩ་བརྒྱད་བཟླས་ལ་གདོང་དུ་མཆིལ་མ་གཏོར༔ རྐང་པ་ཆུ་རུ་བཅུག་པས་གྲོལ་ལོ༔ དམིགས་བྱ་དངོས་སུ་མེད་ཀྱང་རི་ཁྲོད་འགྲིམ་པའི་རྣལ་འབྱོར་གྱིས་བསྙེན་ན༔ ལྟོ་ཕྱིར་གྲོང་དུ་རྒྱུག་མི་དགོས་པའི་གནད་དམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་སྔགས་འཆང་བ་འཇའ་ཚོན་སྙིང་པོས་རྡོ་རྗེ་ཡོངས་རྫོང་ནས་སྤྱན་དྲངས་པ་ཤུ་བྷཾ། བཀྲ་ཤིས་སོ།། །། ྈ རྩ་རླུང་མཁའ་འགྲོའི་གསང་མཛོད་ལས༔ གྲོང་འཇུག་འགྲོ་དོན་རྒྱུན་སྐྱོང་བཞུགས༔ ྈྈྈ རྡོ་རྗེ་ཕག་མོ་གྲོང་འཇུག་འཆི་བ་མེད་པ་ལ་ཕྱག་འཚལ་ལོ༔ གྲོང་འཇུག་གི་གདམས་པ་ལ་གསུམ༔ དང་པོ་སྦྱོང་བ༔ བར་དུ་ཚད་པ༔ ཐ་མ་ལས་ལ་སྦྱར་བའོ༔ དང་པོ་སྦྱོང་བ་ནི༔ སྟེང་འོག་གི་རླུང་ལ་རང་དབང་ཐོབ་ནས༔ མདུན་དུ་སྟེགས་བུ་གཙང་མའི་སྟེང་དུ༔ ཐོད་པ་མཚན་ལྡན་གྱི་ནང་དུ་མཐིང་ངམ་སྣག་ཚ་བྱུག༔ དེའི་དཀྱིལ་དུ་དངུལ་ལམ་དུང་གིས་ཧཱུྃ་ཡིག་དཀར་པོ་ཚོན་གང་བ༔ ཤིན་ཏུ་གསལ་བ་ཞིག་བྲི༔ རང་ཕག་མོར་གསལ་བའི་སྙིང་གར་ཧཱུྃ་གཅིག་གསལ་ཡང་ཡང་གདབ༔ རླུང་ཕྱིར་ཕུ་བའི་ཚེ༔ རླུང་དང་རྣམ་ཤེས་ཀྱི་ངོ་བོ་ཧཱུྃ་དེ༔ སྣ་ནས་རྒྱངས་ཀྱིས་ཐོད་པའི་ཧཱུྃ་ལ་ཐིམ་ནས༔ ཧཱུྃ་དེ་བཀྲག་མདངས་དང་ལྡན་པ་ལ་སེམས་གཟུང༔ རླུང་ནང་དུ་རྔུབ་མ་ཐག་ཏུ་ཕྱིར་འབྱིན༔ རིག་པ་ཐོད་པའི་ཧཱུྃ་ལ་རྩེ་གཅིག་ཏུ་གཏད་པས༔ ཐོད་པ་ལ་དྲོད་སྐྱེ་བ་དང༔ ཚག་པ་དང༔ འཕར་བ་སོགས་འབྱུང༔ དེ་ལྟར་བྱུང་ནས་རིག་པ་ཐུགས་ཀའི་ཧཱུྃ་ལ་བསྡུའོ༔ བར་དུ་ཚད་པ་ནི༔ ཕྱག་མཚན་ཁབ་ལ་སོགས་དངོས་པོ་གང་རུང་ཞིག་ལ་རླུང་རིག་དྲག་ཏུ་གཏད་ནས༔ རླུང་ཕྱིར་ཅི་ཆགས་སུ་མནན་པས་འཕར་བ་སོགས་འབྱུང༔ དེ་ནས་བྱ་ར་ལུག་སོགས་ཀྱི་རོ་མ་རུལ་ཞིང་རྨེད་མེད་པ་ཁྲུས་གསོལ་ནས༔ དཀྱིལ་འཁོར་དབུས་སུ་བཞག་ལ་སྔར་ལྟར་སྦྱངས་ནས༔ ལུས་ཀྱི་རྩ་གཡོ་ཞིང་འགུལ་ནུས་པ་ཙམ་བྱུང་ནས་བཞག་ལ་རླུང་རིག་ཚུར་བསྡུ་བར་བྱའོ༔ ཐ་མ་ལས་ལ་སྦྱར་བ་ནི༔ རང་གི་ལུས་དེ་རྒས་སམ་ནད་ངན་པས་ཐེབས་ནས་བརྗེ་དགོས་ཚེ༔ རིགས་རྒྱུད་དང་ལྡན་པའི་རོ་གཙང་མ༔ མཚོན་དང་གཅོང་ནད་ཡམས་རིམས་མཛེ་ཡིས་ཤི་བ་མ་ཡིན་པ༔ གློ་བུར་དང་གླང་འཐབ་ཀྱིས་ཤི་བའི་རོ༔ རབ་དྲོད་མ་ཡལ་བ༔ འབྲིང་ཞག་མ་འདས་པ༔ ཐ་མ་ཡང་རུལ་སུམ་མེད་པ་བཙལ་ཏེ༔ ཁྲུས་བྱས༔ རྒྱན་བཏགས་ནས༔ དཀྱིལ་འཁོར་དབུས་སུ་བཞག་ལ༔ བྱང་སེམས་དཀར་དམར་གྱི་རྫས་བླུགས༔ སྣ་བུག་ཚད་ལྡན་གྱི་རོ་དང་སྤྲད༔ དེ་ནས་རང་གི་སྣ་བུག་གཡས་ནས༔ ཧཱུྃ་དཀར་པོ་སྔར་ལྟར་སོང༔ རོ་ཡི་སྙིང་གའི་ཧཱུྃ་ལ་ཐིམ༔ ཧཱུྃ་གཉིས་དབྱེར་མེད་དུ་གྱུར་ཏེ་འོད་འཕྲོ་བ་ལ་སེམས་གཏད༔ ཕྱི་འཛིན་ཡང་ཡང་བསྐྱལ་བས་རོ་ལ་རྣམ་ཤེས་འཕོ༔ རོ་རྙིང་པ་ལ་དྲིན་ལན་བསབ་ཕྱིར༔ བདུན་ཚིགས་བསྲེག་སྦྱོང་སྐུ་གདུང་བཞེངས་པ་སོགས་བྱ༔ འདི་ལ་གྲོགས་ཐབས་ལྡན་སོགས་ཞལ་གྱི་གདམས་པ་ཟབ་མོ་མང་དུ་ཡོད་པ་རྣམས་ཤེས་དགོས་སོ༔ ལག་ལེན་གྱི་གནད་མི་ཤེས་པར་གདམས་པ་འདི་ལ་འཇུག་འདོད་པ་ནི༔ དམིགས་བུ་མེད་པའི་ལོང་བ་གཡང་ལ་ལྷུང་བ་དང་འདྲ་བས་གཟབ་པར་གལ་ཆེའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་འཇའ་ཚོན་སྙིང་པོས་གནས་ཆེན་རྡོ་རྗེ་ཡོངས་རྫོང་མཁའ་འགྲོ་གསང་ཕུག་རྡོ་རྗེ་ཕག་མོའི་བྷ་གའི་ནང་ནས་གཏེར་ནས་སྤྱན་དྲངས་པ་ཤུ་བྷཾ།། །། ྈ རྩ་རླུང་མཁའ་འགྲོའི་གསང་མཛོད་ལས༔ གེགས་སེལ་ཐར་པའི་སྲོག་གཟུང་ཡོད༔ ྈྈྈྈྈྈྈ བདེ་ཆེན་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ༔ རྩ་རླུང་མཁའ་འགྲོའི་གསང་མཛོད་ལ་ཉེ་བར་མཁོ་བའི་གདམས་པ༔ གེགས་སེལ་ཐར་པའི་སྲོག་གཟུང་ཞེས་བྱ་བསྟན་པ་ལ་གསུམ༔ ལུས་རྩ་ཡི་གེགས་སེལ༔ ངག་རླུང་གི་གེགས་སེལ༔ སེམས་ཐིག་ལེའི་གེགས་སེལ་ལོ༔ དང་པོ་ལུས་རྩ་ཡི་གེགས་སེལ་བསྟན་པར་བྱ་བ་ལ༔ སྤྱིར་ལུས་ངག་ཡིད་གསུམ་ལ་གེགས་འབྱུང་བའི་རྒྱུ་ནི༔ གསང་སྔགས་བླ་མེད་ཀྱི་ཉམས་ལེན་ལ་བརྩོན་འགྲུས་ཕུར་ཚུགས་ཆེ་བ་ལས་བྱུང༔ དེ་ཡང་ཉམས་སུ་ལེན་པ་ལ་གེགས་འབྱུང་བ་ནི་ས་ལམ་གྱི་ཡོན་ཏན་སྐྱེ་བ་ཡིན་པས་སྐྱོན་དུ་མི་བལྟ་ཞིང༔ གེགས་ཀྱི་དབང་དུ་མ་སོང་བ་གེགས་སེལ་གྱི་གདམས་པ་ལ་འབད༔ གེགས་འབྱུང་ཡང་དགོས་པ་བྱུང་ན་སེལ་ཐབས་ཡང་དགོས་ཏེ༔ གེགས་མེད་པ་ལ་ཡོན་ཏན་སྐྱེ་བ་མི་སྲིད་ལ༔ གེགས་སྣ་རེ་སེལ་ན་ཡོན་ཏན་གྱི་རིམ་པ་གོང་འཕེལ་དུ་འགྲོ་བའོ༔ ཉམས་ལེན་མེད་པའི་གང་ཟག་གི་རྒྱུད་ལ་མི་བདེ་བ་དུ་མར་འབྱུང་སྟེ༔ དེ་ནི་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་གྱུར་པའི་ནད་གདོན་ཡིན་ལ་གེགས་དང་སློང་ཞེས་མི་ཟེར་རོ༔ སྤྱིར་རྩ་སྐམ་ན་ལུས་སྐམ༔ རྩ་ཞ་ན་ལུས་ཞ་བ་སོགས༔ རྩ་ལ་སྐྱོན་ཇི་ལྟར་བྱུང་བཞིན་ལུས་ལ་སྐྱོན་འབྱུང་བའི་ཕྱིར༔ རྩ་ཡི་སྐྱོན་གེགས་མ་བསལ་ན་རླུང་སེམས་གནད་ལ་མི་ཕེབ༔ དེ་མ་ཕེབས་ན་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་རྒྱུད་ལ་མི་སྨིན་པས་རྩའི་སྐྱོན་གེགས་སེལ་བ་གལ་ཆེའོ༔ རྩ་ལ་སྐྱོན་འབྱུང་བའི་རྒྱུ་ནི༔ སྤྱོད་ལམ་དྲག་ཤུལ་གྱི་ལས་དང༔ གཡང་ལ་ལྷུང་བའམ༔ རྡེབ་ཀྱིས་གནོན་པ་སོགས་དང༔ རླུང་མ་གཟུང་བར་འཕྲུལ་འཁོར་བྱས་པ༔ བཟའ་བཏུང་སྤྱོད་ཉེས་བྱས་པ་ལས་བྱུང་ངོ༔ སྐྱོན་ཞུགས་པའི་རྟགས་ནི༔ ལུས་སྦྲིད་པ་དང༔ ཁོལ་བ་དང༔ ཟ་བ་དང༔ ཚ་བ་དང༔ གཟེར་བ་དང༔ ལུས་སྤྱི་ཁྱབ་ཏུ་ན་བ་དང༔ ཉམས་རྨི་ལམ་ལ་མི་མིན་གྱི་བར་ཆད་བྱེད་པ་དང༔ ཤ་ལྷག་དང་ཤུ་བ་མཛེར་པ་ཞ་རེངས་སོགས༔ མི་འདོད་པ་དུ་མ་འབྱུང་ངོ༔ དེ་སེལ་བའི་ཐབས་ལ༔ འཕྲུལ་འཁོར་དང་སྨན་ནོ༔ དང་པོ་རྩ་ཆད་ན༔ ལུས་ཀྱི་སྟོད་སྨད་ནས་གང་ཡིན་དེ་རུ་རླུང་སྐྱིལ་བ་སྟོང་རའི་དམིགས་པ་དང་རྣམ་སྣང་ཆོས་བདུན་བྱ༔ གར་མ་བདེ་སར་འཕུར་སུབ་བྱེད༔ རང་གི་མི་སླེབ་པ་ཡིན་ན་གྲོགས་ལ་འཕུར་དུ་གཞུག༔ རྗེས་སུ་མི་བསྐྱོད་པ་ངར་མ་ཡལ་བ་བྱུགས་པས་སེལ་ལོ༔ རྩ་སྐམ་ན་ལུས་ལ་གཡའ་ཟ་ཞིང་ཡན་ལག་སྐམ་པ་འབྱུང་སྟེ༔ ལུས་སེམས་སྐྱིལ་ཀྲུང་མཉམ་གཞག་གི་ངང་ནས་རླུང་བཟུང་ལ༔ དང་པོ་ལག་མཐིལ་གཉིས་དྲོད་དང་ལྡན་པར་འཕུར༔ དེ་ནས་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་དུ་དྲོད་ཕེབས་པར་འཕུར༔ ཡང་རྐང་མཐིལ་ནས་སྤྱི་བོའི་བར་དུ་འཕུར་ལ༔ སྤྱི་བོར་སླེབ་པ་དང་རླུང་རོ་ཕྱུང་ཞིང་ལུས་ཀུན་སི་ལི་ལི་སྤྲུག༔ དེས་རྩ་སྐམ་པའི་གེགས་སེལ་ཞིང་ལུས་སྟོབས་རྒྱས༔ རྩ་འཆུས་ན༔ དང་པོ་ཉལ་ནས་རླུང་རོ་འདོན་པ་ཁ་ཡར་བྱ༔ དེ་ནས་འཇམ་རླུང་བཟུང་ལ་ལུས་ཀུན་གཡས་གཅུ་གཡོན་གཅུ་མང་དུ་བྱ་ཞིང༔ མཐར་ལུས་སེམས་གཡོ་མེད་དུ་མཉམ་པར་གཞག༔ སྐབས་སུ་མང་དུ་འཆུས་པར་འཕུར་བ་ལན་འགའ་བྱས་པས་སེལ་ལོ༔ རྩ་འཁྲུགས་ན་ལུས་སམ་ལག་པ་འདར་བ་འབྱུང་སྟེ༔ དང་པོ་ལུས་ཅི་བདེར་བཞག་ལ་ལུས་ཐམས་ཅད་འཕུར་སུབ་ཡམ་ཙམ་བྱ༔ དེ་ནས་གན་རྐྱལ་དུ་ཉལ་ནས་ལག་པ་གཉིས་ཀྱིས་གཞུ་སྲ་ཚན་ཅན་འགེང་ཚུལ་རེས་མོས་གསུམ་གསུམ་བྱ༔ རྐང་པ་ཡང་དེ་བཞིན་ཤེས༔ དེ་ནས་རྐང་ལག་གནམ་དུ་རྐྱོང་ཞིང་སྙིང་ཁར་བསྐུམ་པ༔ དང་པོ་དལ་ཞིང་ཇེ་དྲག་ཇེ་དྲག་ཉེར་གསུམ་བྱ་ལ་ཟོ་ཀློད༔ ཧ་རིང་གིས་རླུང་རོ་ཕྱུངས་ན་སེལ་ལོ༔ རྩ་འདར་བ་ནི་ཕལ་ཆེར་ཉལ་སྟབས་མ་བདེ་བས་རྩ་ཡི་ནང་དུ་ཁྲག་དང་ཆུ་སེར་གྱི་རྒྱུ་འགྲུལ་ཆད་པ་ལས་འབྱུང༔ དེ་སེལ་བ་ནི་སྤྱོད་ལམ་ཐམས་ཅད་ཀློད་ལ་འཇམ་རླུང་གཟུང༔ སྡོད་པའི་དུས་སུ་གདན་འབོལ་བར་རྣམ་སྣང་ཆོས་བདུན་བྱ༔ ཉལ་དུས་སངས་རྒྱས་གཟིམ་ཚུལ་གྱིས་རླུང་རིག་སྨིན་མཚམས་སུ་ཐིག་ལེ་དཀར་པོ་ལ་གཏད༔ གོས་དྲོད་ཅན་གོན་ལ་སད་པའི་དུས་ཀྱང་དྲན་པས་ཟིན་པར་བྱས་ལ་ཚུལ་མིན་གྱི་ཉལ་སྟབས་སྤང་བ་ཞག་བདུན་གྱིས་སོར་ཆུད་དོ༔ རྩ་རེངས་པ་དང་ཞ་འཁུམས་རྣམས་ལ་རླུང་བུམ་པ་ཅན་གཟུང༔ ཕྱིང་པ་སྣུམ་ཚོས་ཅན་མེ་ལ་སྲོས་པ་གང་ན་སར་བླན་པ་ཡང་ཡང་བསྐྱར་ན་ཕན་ནོ༔ རྩ་གེགས་དེ་ཐམས་ཅད་ལ་ཟབ་ཡིག་ལྟར་བཀུ་བྱུག་བྱེད་པ་དང༔ ཐུན་མོང་དང་ཐུན་མོང་མ་ཡིན་པའི་འཕྲུལ་འཁོར་རྣམས་ནི་སྤྱི་འགྲོ་ཡིན༔ སྨན་བཅོས་ནི༔ གོང་གི་རྩ་གེགས་དེ་རྣམས་ཐམས་ཅད་ལ༔ ཨ་རུ་གསེར་མདོག༔ རྒྱ་ཚྭ༔ སྤོས་དཀར༔ ལི་ག་དུར༔ རྒྱ་མཚོ་གསེར་བྱེད༔ ཨ་འབྲས༔ འཇམ་འབྲས༔ སྲ་འབྲས༔ དབང་ལག༔ སྤུ་ཤེལ༔ གཟེ་མ༔ ཤུ་གུ་ཚེར་མ་ཅན་གྱི་འབྲུ་གུ༔ བ་ལུ་དཀར་པོ༔ སེང་ལྡེང་དམར་པོ་རྣམས་ཞིབ་པར་བཏུལ་ལ་ཐོ་རེངས་ལ་བསྟེན༔ སྤྱོད་ལམ་ཐམས་ཅད་ཤིན་ཏུ་དལ་བར་བྱ༔ སྔོ་རིགས་ཤ་རུལ་ཆང་སྐྱུར་སྤོད་སྣ་རྣམས་སྤངས་པས༔ རྩ་ཡི་གེགས་སྔ་མ་སེལ་ཞིང་ཕྱིས་མི་འཇུག་པའི་གདམས་པའོ༔ ༈ གཉིས་པ་ངག་རླུང་གི་གེགས་སེལ་ལ༔ དང་པོ་སྲོག་འཛིན་གྱི་རླུང་ནི་རྩ་དབུ་མའི་ནང་དུ་ཀུན་གཞིའི་རྣམ་པར་ཤེས་པ་དང་མཉམ་དུ་གཡོ་བ་མེད་པར་གནས༔ རླུང་དེ་གཞན་དུ་ལོག་ན་འཆི་བར་བྱེད་ལ༔ མིན་ཡང་སྨྱོ་བརྒྱལ་ལ་སོགས་མ་རུངས་མང་པོ་བྱེད་པར་འབྱུང༔ རླུང་གི་ནང་ནས་སྲོག་འཛིན་གྱི་རླུང་འདིའི་སྟོབས་ཆེ་བ་ཡིན་ཏེ༔ འདི་ལ་སྐྱོན་མ་ཞུགས་ན༔ རླུང་གཞན་གྱི་གེགས་རང་བཞིན་གྱིས་སེལ་ལོ༔ སྤྱིར་སྲོག་རླུང་འདིའི་གེགས་སེལ་བ་ལ་ཧཱུྃ་ཕཊ་འདྲེ་བརྡུང་གི་སྤྱོད་པ་ཙབ་ཙུབ་མི་བྱ་བར༔ སྒོ་གསུམ་གྱི་སྤྱོད་ལམ་ཐམས་ཅད་ཅི་བདེར་སྤྱོད་པའམ་སྤྱོད་དུ་བཅུག་ཅིང་སྣ་མི་བསྐྱིལ༔ དེས་དྲན་པ་ཅུང་ཟད་མི་ཟིན་མི་སྲིད་པས༔ ཟིན་མ་ཐག་ཏུ་སྤྲོས་བྲལ་གྱི་ངང་དུ་བཞག༔ སྐབས་སུ་སྙིང་དཀྱིལ་དུ་བླ་མ་བསྒོམ་ཞིང་རང་དང་དབྱེར་མེད་བསྲེ༔ རླུང་མི་འཛིན་པར་མཉམ་པའི་ངང་དུ་ཡུན་རིང་ཀློད་པས་སྲོག་འཛིན་གྱི་རླུང་ལོག་པ་སེལ་ལོ༔ དང་པོ་སྲོག་འཛིན་གྱི་རླུང་རེངས་ན༔ ལུས་ཤིང་གིས་བཀར་བ་ལྟར་ཡ་ཡོ་དང་དགྱེ་དགུ་མི་ཤེས་པར་འབྱུང༔ བཅོས་ཐབས་ནང་ཚང་ཅན་གྱི་གདན་ལ་བུམ་ཅན་གྱི་རླུང་དང་ཐོག་འབེབ་བྱ༔ རང་གིས་མ་ནུས་ན་གོས་སྟན་གྱི་ཁར་གྲོགས་ཐབས་ལྡན་བཞིས་བཀྱགས་ཕབ་བྱེད་བཅུག༔ བཤང་ལམ་དང་རྡོ་རྗེའི་བར་དུ་ཕྱིང་པ་སྣུམ་ཚོས་ཅན་ཚ་མོས་བསྲོ༔ དེ་དུས་ཞྭ་གོས་དྲོན་པོ་གྱོན་ལ་ལུས་གནད་འཁོར་ལོ་བཞི་སྦྱོར་རམ་གླིང་བཞི་མཐའ་སྡུད་བྱའོ༔ སྨན་བཅོས་པ་ནི༔ ཆང་བཟང་བར་བུ་རམ་དང་ཛཱ་ཏི་བཏབ་པ་བསྐོལ་ནས་བཏང༔ ཤ་ཆེན་བདུག༔ ས་དམའ་ཞིང་ནག་སར་སྡོད༔ ཀུ་ཆོ་དང་ཐུག་ཆོམ་རོལ་མོ་སོགས་མི་བྱ༔ དེས་སྲོག་རླུང་ངེས་པར་སེལ་ལོ༔ སྲོག་འཛིན་གྱི་རླུང་འཁྲུགས་ན༔ སྲོག་རྩ་དང་བྲང་སྔོན་རྒྱབ་ན་ཞིང་སེམས་མི་བདེ༔ སྙིང་འཕར༔ ཧུ་ཤུ་འབྱིན༔ ཕྱི་མིའི་རྡོག་སྒྲ་སོགས་ཀྱང་སེམས་ལ་གནོད་པ་འབྱུང༔ དེ་སེལ་བ་ལ་འབོལ་གྱི་སྟེང་དུ་རྡོ་རྗེ་སྐྱིལ་ཀྲུང་བཅའ༔ ཁུ་ཚུར་གཉིས་དཔྱིའི་ཐད་ཀར་ས་ལ་བཙུག༔ འཇམ་རླུང་བཟུང་ཞིང་སྡབ་ཆུང་ཡང་ཡང་བྱ༔ རང་གིས་མ་ནུས་ན་གྲོགས་ཀྱིས་སྣམ་ཕྱར་དུ་བཞག་ནས་རན་ཙམ་རྡེབ་བཅུག༔ སྨན་ནི་ཨ་བར་སྐྱུར་གསུམ༔ ཛཱ་ཏི༔ ཨ་ཀ་རུ༔ ཕྱུགས་ཆེན་གྱི་སྲེ་ལོང་རྣམས་ཁྲམ་ཁྲུམ་བརྡུང༔ དེ་རས་དཀར་དྲི་མེད་དུ་གཏུམས་ལ༔ ཆང་གར་སླ་རན་པ་ཕུལ་གསུམ་གྱི་ནང་ཕུལ་གང་མ་རེད་བར་དུ་གདུ༔ ངར་ཅུང་ཟད་ཡལ་བ་དང་བཏང་ཞིང་གོས་དྲོ་བར་གོན་ལ་རྔུལ་ཐོན་པར་བྱས་པས་སེལ་ལོ༔ སྲོག་འཛིན་གྱི་རླུང་འཁྱམས་པ་ལ༔ རླུང་དང་རྣམ་ཤེས་ནང་དུ་སྡུད་མི་ཤེས་པར་ཕྱི་རུ་ཧད་དེ་འཕྱོ་བ་དང༔ དྲན་མེད་དུ་བརྒྱལ་བ་སོགས་འབྱུང་སྟེ༔ བཅོས་ཐབས་ནི༔ རྣམ་སྣང་ཆོས་བདུན་དང་ལྡན་པའི་ངང་ནས་སྒོ་གསུམ་ཀློད་ལ་མཉམ་གཞག་བསྐྱང༔ སྐབས་སུ་དྲག་རླུང་མིན་པ་འཇམ་རླུང་ལ་བརྟེན༔ སྨན་ནི་ཨ་རུ་ར་ནག་པོ༔ སྙིང་ཞོ་ཤ༔ ཛཱ་ཏི༔ ཕོ་རིལ༔ པི་པི་ལིང༔ གོ་སྙོད༔ ཤ་ཆེན༔ ཤིང་ཀུན་རྣམས་བུར་ཆང་དུ་སྦྱར་ནས་བཏང༔ རྔུལ་ཐོན་པའི་གོས་ཀྱིས་ཡིབས་ན་སེལ་ལོ༔ སྤྱིར་སྲོག་རླུང་གི་སྐྱོན་འདི་རྣམས་ལ་གསོ་རིག་པ་རྣམས་ཀྱིས་རྒྱལ་པོའི་གནོད་པར་ངོས་བཟུང་སྟེ༔ རྒྱལ་ནད་མ་ཡིན་ལ་ཉམས་ལེན་རྟགས་ཡིན་པས་སྨན་པ་སྤང་དགོས༔ གཉིས་པ་ཐུར་སེལ་གྱི་རླུང་ནི༔ ལྟེ་བ་རྩ་གསུམ་འདུས་མདོ་མན་ཆད་ལ་གནས༔ བྱེད་ལས་ནི་དྲི་ཆེན་དྲི་ཆུ་ཁམས་དཀར་དམར་གྱི་འབྱིན་སྡུད་བྱེད༔ ཁྱད་པར་དུ་སྤྱི་གཙུག་ནས་གསང་བའི་བར་གྱི་བདེ་བ་གཡོ་བར་བྱེད་དོ༔ གེགས་ཞུགས་པའི་རྟགས་སུ༔ དང་པོ་ཐུར་སེལ་གྱི་རླུང་འཚངས་བ་ལ༔ གྱེན་རྒྱུ་དང་བསྡོངས་ནས་སྨད་དུ་འཚངས་ནས་འོག་རླུང་མི་ཐོན་ཞིང་སྦོས་པ་དང༔ རྩ་ཆུ་འགགས་པ་འབྱུང་སྟེ༔ དེ་མྱུར་དུ་མ་བཅོས་ན་སྲོག་ལ་ཉེན་པའི་ཕྱིར༔ གདན་དྲོ་འཇམ་གྱི་ཁར་ལུས་གནད་གླིང་བཞི་མཐའ་སྡུད་བྱ་ལ་སྟེང་རླུང་ཆིལ་གྱིས་མནན༔ ཧཱུྃ་གི་སྒྲ་དང་བཅས་པས་འོག་རླུང་ནར་གྱིས་དྲངས༔ རྒྱུ་ཞབས་སྒལ་པ་ལ་སྦྱར༔ དེ་ལྟར་སྟེང་འོག་གི་རླུང་མནན་འཐེན་རེས་མོས་སུ་བྱ༔ སྐབས་སུ་ཟོ་ཀློད་ལ་ངལ་གསོ་བར་བྱའོ༔ སྨན་བཅོས་ནི་ཚ་བ་གསུམ་དང་ཅོང་ཞི་ལྔ་འགྱུར་ཆང་དུ་བཀོལ་བ་སྐམ་པོའི་ཕྱེ་མ༔ ཨ་རུ་ར་དང་སྒ་སྐྱའི་ཐང་གིས་ཕུལ་ལ་གོས་དྲོན་མོར་བྱས་པས་སེལ་ལོ༔ ཐུར་སེལ་གྱི་རླུང་འཁྲུགས་ན༔ ལུས་བདེ་མི་བདེ་རེས་མོས་དང༔ དྲི་ཆེན་དྲི་ཆུ་བཤལ་སྡོམ་བྱེད༔ ཕོ་བ་ཚ་རླབས་དང་སྐབས་སུ་འཁྱག་སྣང་ཤར༔ དེ་སེལ་བའི་ཐབས་ནི༔ ལྟེ་འོག་ཏུ་ཕྱིང་སྣམ་མེ་ལ་སྲོས་པའི་ཕ་རྡོ་རང་གི་མགོ་ཙམ་བཅུག་པའི་སྟེང་དུ་ཁ་སྦུབ་ཏུ་ཉལ་ཞིང༔ རྐང་པ་རྐྱང་བསྐུམ་རེ་མོས་ཀྱི་རྟིང་པ་འཕོངས་ལ་རན་པར་བརྡུང༔ ལག་པ་གཉིས་ཀྱིས་ཨོག་མ་འདེགས༔ དེས་ཀྱང་མ་ཕན་ན་གྲོགས་ཤེད་ལྡན་གཅིག་གིས་རྐང་པ་གཉིས་ཕྲག་པར་བཀལ་ནས་ཁུར་ཏེ༔ རྒྱབ་གཉིས་སྤྲད་ལ་དྲག་ཏུ་འཕག་བཅུག༔ སླར་ཡང་གོང་ལྟར་ཁ་སྦུབ་ཏུ་ཉལ་ནས་ཨ་འདངས་བརྒྱད་པ་མན་ཆད་ཁུ་ཚུར་གྱིས་རན་པར་བརྡུང་བཅུག༔ སྐབས་སུ་ལུས་ཐམས་ཅད་འཕུར་སུབ་བྱ་ཞིང་རླུང་རོ་སེལ་ལོ༔ སྨན་ནི༔ པི་པི་ལིང༔ ཀ་ཀོ་ལ༔ རྒྱམ་ཚྭ༔ ལྒ་སྐྱ༔ འུ་སུ༔ སེ་འབྲུ༔ ཤིང་ཚ་རྣམས་བཏུལ་བས་བདུན་འགྱུར་གྱི་ཅོང་ཞི་ནས་ཙམ༔ ཨ་རུ་ར་གསེར་མདོག་ཤ་རུས་དང་བཅས་པ་བརྡུངས་ནས༔ ཆུ་ཕུལ་ཕྱེད་དུ་གདུས་ནས་སྐམ་ནས་ཞིབ་པར་བྱས་ཏེ་ཆུ་སྐོལ་གྱིས་ཕུལ༔ རིག་མ་དྲོད་ལྡན་གྱི་ཕོ་བ་དང་སྦྱར་བས་སེལ་ལོ༔ ཐུར་སེལ་གྱི་རླུང་སྟོང་ན༔ འོག་རླུང་མི་ཐུབ༔ ཁོག་སྨད་ལྗི༔ སྨད་ཀྱི་རྩ་རྒྱུས་རྣམས་དང༔ ཕོ་བ་གཡས་གཡོན་མདུན་སོགས་ན་ཞིང་གཟེར་བ་འོང༔ བཅོས་ཐབས་ཙོག་པུར་པུས་འཁྱུད་ཀྱི་འཇམ་རླུང་གཟུང༔ སྲིན་ལམ་དབྱེ་བཙུམ་མང་པོ་བྱས་པས་ཕན༔ སྨན་ལ་ལྒ་སྐྱ༔ ཕོ་བ་རིལ༔ པི་པི་ལིང༔ རྒྱ་ཚ༔ ཤིང་ཚ༔ ཛཱ་ཏི་རྣམས་བཏུལ་ལ་རུས་ཐང་ཞག་མེད་ཀྱིས་ཕུལ༔ བཅུ་དྲུག་མདོ་ལ་རྭ་ཚུག་དང་ཕོ་བར་བསྲོས་བྱས་པས་སེལ་ལོ༔ གསུམ་པ་གྱེན་རྒྱུའི་རླུང་ནི༔ མདུན་ཕྱོགས་ཀྱི་རྩ་ནས་མགྲིན་པར་རྒྱུ་ཞིང༔ བྱེད་ལས་ནི་སྨྲ་བརྗོད་གླུ་དབྱངས་ཅ་ཅོ་རྣམས་བྱེད་དོ༔ གལ་ཏེ་རླུང་དེ་ལོག་ན་ནད་ཕལ་ཆེར་བསྐྱེད་པའི་རྒྱུ་བྱེད་པའོ༔ དང་པོ་ཐུར་སེལ་གྱི་རླུང་དང་བསྡོངས་ནས་སྟོད་དུ་འཚངས་ན༔ རྟགས་ནི་རོ་སྟོད་གཟེར་ཞིང་སྐད་མི་ཐོན༔ དབུགས་ཁ་རྒོད༔ འོག་སྒོ་དབྱེ་བཙུམ་མི་ཤེས་པ་འོང༔ དེ་མ་བཅོས་ན་མྱུར་དུ་འཆི་བར་ནུས་སོ༔ བཅོས་ཐབས་ནི༔ སྟེང་རླུང་མི་གཟུང་བར་འོག་སྒོ་དྲག་ཏུ་བསྡམ༔ སྐབས་སུ་འོག་སྒོ་ཀློད་ལ་འབེབ་བྱ༔ རང་གིས་མ་ནུས་ན་གྲོགས་གཉིས་ཀྱིས་སྣམ་ཕྱར་སྟེང་དུ་བཞག་ནས་རན་པ་བརྡབ༔ སྨན་ནི་ཤ་ཆེན་གྱི་གདུས་ཐང་སྨན་ཚ་བ་གསུམ་བཏབ་ལ་བཏང༔ དེ་རྗེས་ཆང་གར་མ་བཀོལ་བ་ཅུང་ཟད་བཏང༔ གོས་དྲོ་བར་གྱོན་ལ་རྔུལ་ཐོན་པས་སེལ་ལོ༔ གྱེན་རྒྱུའི་རླུང་འཁྲུགས་ན༔ རོ་སྟོད་ལྕགས་ཕུར་བཏབ་པ་ལྟར་གཟེར༔ གོང་མ་དང་ནོར་བ་འདྲ་ཞིག་འབྱུང་སྟེ༔ མི་ནོར་བའི་རྟགས་སུ་འོག་སྒོ་དབྱེ་བཙུམ་ཤེས༔ གཟེར་ཟུག་གོང་མ་བས་ཆུང་བས་སོ༔ སེལ་ཐབས་གང་དུ་ན་བའི་གཟེར་མིག་དེ་རུ༔ གྲུ་གུ་ཁུ་ཚུར་ཙམ་ཞིག་བཅིངས་ཏེ༔ གྲོགས་ཤེད་ལྡན་ཞིག་གིས་པང་གིས་བཏབ་ལ་དྲག་ཏུ་སྤྲུག་ཅིང་ས་ལ་དལ་བུས་བཞག༔ སྐབས་སུ་རོ་སྟོད་ན་སར་ཁུ་ཚུར་གྱིས་རན་པར་བརྡུང༔ བཀུ་མཉེ་བྱས་ལ་འཕུར༔ རླུང་བུམ་པ་ཅན་གཟུང༔ སྨན་བཅོས་ནི༔ མི་ནོར་གྱི་རུས་ཁུར༔ ཛཱ་ཏི༔ ཨ་ག་རུ༔ སྒོག་སྐྱ༔ ཁ་རུ་ཚ་རྣམས་བཏབ་ལ་བཏང༔ དེས་སེལ་བར་འགྱུར་རོ༔ གྱེན་རྒྱུའི་རླུང་སྟོང་པ་ལ༔ མགོ་འཐོམ་པ་དང་སྟོད་མི་བདེ༔ རླུང་ནུས་ཆུང༔ བྱང་ཁོག་སྟོང་ཧད་དེ་བ་འབྱུང༔ བཅོས་ཐབས་གདན་དྲོ་འཇམ་གྱི་སྟེང་དུ་ཙོག་བུ་བསྒོམ་འཁྱུད་ཀྱིས་རླུང་བུམ་པ་ཅན་གཟུང༔ རླུང་འབྱིན་འཇུག་གི་ཚེ་ཤིན་ཏུ་དལ་ལ་རིང་བར་བསླབ༔ སྨན་ནི་ཛཱ་ཏི༔ ཨར་ནག༔ སུག་སྨེ༔ རུ་རྟ༔ ཤིན་ཀུན༔ དེ་རྣམས་ཞིབ་པར་བཏུལ་ལ༔ སིང་པོ་ཚ་མོས་ཕུལ༔ གོས་དྲོན་མོ་གོན༔ ཟས་བཅུད་ཅན་བསྟེན་ན་སེལ་བར་འགྱུར་རོ༔ བཞི་པ་མེ་མཉམ་ཀྱི་རླུང་ནི༔ ཕོ་བ་ལ་གནས་འཆའ་ཞིང་བཟའ་བཏུང་དྭངས་སྙིགས་འབྱེད་པར་བྱེད༔ དེ་ལོག་ན་འཁྲུ་སྐྱུག་དང་མ་ཞུ་ཕོ་ནད་ཐམས་ཅད་སྐྱེད་པར་བྱེད་དོ༔ དེ་ཡང་མེ་མཉམ་གྱི་རླུང་གང་བའི་རྟགས་ནི༔ སྟོང་སྦོས་བྱེད་ཅིང་ཀ་འགག༔ བཀྲེས་པའི་དུས་སུ་ན་བར་བྱེད༔ སྨན་པས་བད་ཀན་མྱག་བྱེད་ཕོ་བར་འཁྱིལ་བར་ངོས་བཟུང་སྟེ༔ འདི་ནི་མེ་མཉམ་གྱི་རླུང་ཕོ་བར་འཁྱིལ་བ་ཡིན༔ དེ་བཅོས་པའི་ཐབས་ནི༔ བདེ་བའི་གདན་ལ་སྐྱིལ་ཀྲུང་ལག་གཉིས་པུས་མོའི་སྟེང་དུ་བཀབ་ལ༔ འཛིན་རླུང་གསར་རྙིང་བརྗེ༔ ཕོ་སྐོར་མང་དུ་བྱ༔ རྗེས་སུ་རླུང་བཟུང་ལ་ལག་གཉིས་ཀྱིས་ཕོ་བ་དྲག་ཏུ་འཕུར༔ སྒྲེགས་པ་འདོན་པར་བྱའོ༔ སྨན་ནི༔ སེ་འབྲུ༔ སུག་སྨེ༔ ཙི་ཏྲ་ཀཿ པི་ལིང༔ ལྒ་སྐྱ༔ ཚྭ་ལ་རྣམས་བཏུལ་ཆུ་བསྐོལ་གྱིས་ཕུལ༔ དེས་ནི་སྟོང་སྒྲེགས་མང་པོའམ་སྐྱུག་པར་འབྱུང་སྟེ་དེས་སེལ་བར་འགྱུར་རོ༔ མེ་མཉམ་གྱི་རླུང་ལྷུང་ན༔ ཚ་ལྷུང་གི་རྟགས་ནི༔ སྒྲ་མེད་དུ་འཁྲུ༔ འཁྲུ་མདོག་ཡང་སེར་པོའམ་དུད་ཁུ་ལྟ་བུའམ༔ ཁྲག་ཏུ་འཁྲུ་བའམ༔ ཆུ་རུ་འཁྲུ་ཞིང་ཅུང་ཟད་གཟེར༔ གྲང་རླུང་ནི་ཕོ་བ་སྒྲོག་ཅིང་སྒྲ་དང་བཅས་ཏེ་འཁྲུ༔ འཁྲུ་མདོག་ཀྱང་ཟས་གང་ཟོས་ཀྱི་མདོག་ཏུ་འབྱུང༔ སྐབས་སུ་བེ་སྣབས་ལྟ་བུར་འབྱུང་བར་འགྱུར་རོ༔ གེགས་དེ་སེལ་ཐབས་ལ་རྣམ་སྣང་ཆོས་བདུན་བཅའ་ལ་རླུང་བུམ་པ་ཅན་གཟུང༔ ཕོ་བ་གཡས་གཡོན་དུ་སྐོར་བ་མང་དུ་བྱ༔ དེ་ནས་ལག་པ་གྲུ་མོར་བཟུང་ཞིང་བསྣོལ་ཏེ༔ སྨིན་མཚམས་སུ་བཏེགས་ལ་ཕོ་ཁར་བརྡེག༔ དེ་ཡང་དང་པོ་དལ་བུའི་བྱ༔ དེ་ནས་ཇེ་དྲག་ཇེ་དྲག་ཏུ་རྡེག་པར་ཤེས༔ དེ་ཚེ་རླུང་དགང་བ་གནད་ཡིན༔ དེ་ནས་ཕོ་བ་དྲག་ཏུ་འཕུར་ལ་འོག་སྒོ་འཐེན་ཕུལ་བྱེད༔ སྨན་ནི་ཚ་ལྷུང་ལ་ཨ་རུ༔ སུར་ནག༔ བཙོད༔ སྙ་ལོ༔ ཁ་རུ་ཚ༔ བྲག་ཞུན་རྒྱམ་ཚ་རྣམས་ཆུ་བསྐོལ་དྲོ་འཇམ་གྱིས་ཕུལ༔ གྲང་ལྷུང་ལ༔ སྨན་ཚ་བ་གསུམ༔ ཁ་རུ་ཚ༔ ལྕ་བའི་འབྲས་བུ༔ ཨ་རག་གམ་ཆང་གིས་ཕུལ་ལོ༔ འདི་ལ་སྨན་པ་རྣམས་ཀྱིས་ཕོ་བའི་མཁྲིས་པར་ངོས་འཛིན་པར་འབྱུང་སྟེ༔ འདི་ནི་མེ་མཉམ་གྱི་རླུང་སྟོབས་ཉམས་པ་ཡིན་ནོ༔ ནད་ཟུག་སེལ་ཡང་འཁྲུ་བ་མ་ཆོད་ན༔ འབྲས་ཚོད་དུ་རམ་ཕྱེ་བཏབ་པའམ༔ མོན་ཆ་ར་དང་དན་དྲིག་གི་ཐང༔ ཚ་ལྷུང་ལ་དྲོ་འཇམ༔ གྲང་ལྷུང་ལ་ཚ་ངར་མ་ཡལ་བས་ཕུལ་ན་སེལ་ལོ༔ ལྔ་པ་ཁྱབ་བྱེད་ཀྱི་རླུང་ནི༔ གཡས་ཕྱོགས་རོ་མ་དང་འབྲེལ་ནས་ལུས་ཀྱི་ཚིགས་པ་ཐམས་ཅད་ལ་གནས༔ བྱེད་ལས་ནི་ལུས་ཀྱི་སྟོབས་བསྐྱེད་ཅིང་འགྲོ་འདུག་ལ་སོགས་པའི་ལས་བྱེད༔ གལ་ཏེ་རླུང་དེ་ལོག་ན༔ ཞ་འཁུམ་རེངས་པ་སོགས་ཀྱི་གེགས་སྐྱེད་པར་བྱེད༔ དང་པོ་ཁྱབ་བྱེད་ཀྱི་རླུང་རེངས་པའི་རྟགས་ནི༔ ཡན་ལག་གློ་བུར་དུ་རེངས་པ་དང༔ འཁུམ་པ་དང༔ སྦྲིད་པ་དང༔ ཀླད་ཡུ་འཁོར་བ་སོགས་འབྱུང༔ དེ་སེལ་བའི་ཐབས་ལ་འབོལ་གྱི་སྟེང་དུ་རྐང་པ་ཤད་ཀྱིས་བརྐྱངས་ལ་འདུག་སྟེ༔ ཧ་རིང་ནི་རླུང་རོ་ཕྱུང་ལ་གསར་པ་དལ་གྱིས་རྔུབ་ཅིང་ལུས་ཐམས་ཅད་འཕུར་སུབ་བྱ༔ རྗེས་བཀུ་མཉེ་བྱ་ཞིང་རླུང་མི་གཟུང་བར་ངལ་གསོ༔ སྨན་ནི་ལྒ་དམར༔ དྲོད་སྨན་རིལ་འཇོང་གཉིས༔ ལྕེ་ཚ་རྣམས་ཆང་གིས་ཕུལ༔ བཟའ་བཏུང་དྲོད་བཅུད་ཅན་བརྟེན་པས་སེལ་ལོ༔ ཁྱབ་བྱེད་ཀྱི་རླུང་སྟོང་ན༔ ལུས་འདར་བ༔ ཁ་སོ་སྦྲིད་པ༔ ལུས་སྤྱིའི་ཤེད་ཆུང༔ དབང་པོ་མི་གསལ་བར་ཟ་ཟི་བྱེད༔ དེ་སེལ་ཐབས་ལ༔ བདེ་རླུང་ཕོ་བར་བསྐྱིལ་ལ་ལུས་ཀྱི་སྤྱི་བོ་ནས་རྐང་མཐིལ་བར་དུ་འཕུར་སུབ་བྱ༔ ས་གྱེན་ཐུར་ཅུང་ཟད་ཡོད་སར་རླུང་སྦྱོར་ངང་ནས་རྒྱུག་མཆོང་མང་དུ་བྱ༔ སྐབས་སུ་རྩལ་ཤུགས་དང་རྩེད་མོའི་རྣམ་འགྱུར་གྱིས་ཁམས་གསེང་ངོ༔ སྨན་ནི་ར་མོ་ཤག༔ ཀ་ནི་ཀ་ཤ་ཀ་དྷ༔ མཚེ༔ ཤུག་འབྲུ༔ སྒོག་པ༔ དབང་ལག་རྣམས་ཀྱི་ཞུན་ཆུ་བཅད་པ༔ བུ་རམ་མར་དཀར་སྦྱར་བ་བརྟེན༔ བད་ཀན་ཆེ་ན་བུ་རམ་ཚབ་ཏུ་སྦྲང་རྩི་དང་སྦྱར༔ དྲོད་བཅུད་དང་ལྡན་པའི་ཟས་གོས་བརྟེན་པར་བྱས་ན་སེལ་ལོ༔ ཁྱབ་བྱེད་ཀྱི་རླུང་འཁྲུགས་ན༔ ལྤགས་པ་རྣམས་བརྩེ་ཞིང་བྲང་བྲུམ་བྱེད༔ ལུས་འདར་ཞིང་བ་སྤུ་ཟིང་བ༔ ཡན་ལག་གི་རྩ་རྒྱུས་རྣམས་ན་ཞིང་རྐང་ལག་བརྐྱང་བསྐུམ་བྱེད་སྙིང་འདོད༔ ལུས་ཐམས་ཅད་ཁབ་ཀྱིས་གཙགས་པ་ལྟར་ཚ་ཙག་ཙག་བྱེད་པ་འབྱུང༔ སེལ་བའི་ཐབས༔ སྟན་བདེ་ལ་ཆེ་བར་བསྡད་ནས༔ ལག་གཉིས་ཀྱི་དང་པོ་པུས་མོ་འཕུར༔ དེ་ནས་བརླ་གཉིས༔ རྩིབ་ལོགས་གཉིས༔ བྲང༔ ལག་པ་གཡས་གཡོན་མཇིང་པ༔ མགོ་རྣམས་འཕུར་བའི་རྗེས་ལ་སེངྒེ་རྣམ་རོལ་བྱ༔ རླུང་རོ་འབྱིན་དང་མཉམ་དུ་ལག་པ་སོར་མོ་དང་བཅས་པ་སྤྲུག༔ མཐར་ལངས་ཏེ་ལག་གཉིས་འཕྲད་ཤིང་ལ་བཟུང་ནས༔ རྐང་པ་རེས་མོས་ཀྱིས་སྤྲུག་པ་བྱས་རྗེས༔ རྐང་མགོ་མིན་པར་བསོད་སྣམ༔ མཐར་རས་ཀྱི་དམ་ལྷོད་རན་པར་དཀྲིས་ཤིང༔ རང་གིས་རླུང་དྲག་ཏུ་བཟུང་ནས༔ གྲོགས་ཤིག་གིས་ཕྱིང་པ་ལྷིང་པ་ལྟར་དལ་བུས་སྒྲིལ་ཏེ༔ ལུས་ཐམས་ཅད་རྔུལ་ཞུམ་གྱིས་འབྱུང་ཞིང་དབང་པོ་དྲན་མེད་བརྒྱལ་བ་དང་བཞག་ལ༔ དཀྲིས་པ་ཀློད་ཅིང་རྔུལ་ཆུ་རྣམས་ཕྱེ་ཞིབ་ཀྱིས་བྱུག་འཕྱི༔ དེ་ནས་རླུང་མི་གཟུང་བར་སྒོ་གསུམ་ཟོ་ཀློད་པར་བྱའོ༔ སྨན་གྱིས་འཆོས་པ་ལ༔ ཕྱུགས་ཆེན་གྱི་སྲེ་ལོང་སྐོལ་བ་དྲོ་འཇམ་ནད་ཚབས་དང་བསྟུན་ལ་བཏང༔ དེ་ནས་ཨ་བར་སྐྱུར་གསུམ༔ བ་ཤ་ཀ༔ ཨ་ཀྲོང༔ འབྲས་བུ་གསུམ༔ ཧང་ལེན་རྣམས་ཚ་ཤས་ཆེ་ན་སྦྲང༔ གྲང་ཤས་ཆེ་ན་བུ་རམ་དང་སྦྱར་ལ་བཏང༔ བཟའ་བཏུང་བསིལ་དྲོད་སྙོམས་པར་བརྟེན༔ ལུས་མི་བསྐྱོད་པས་བཀྲུ་ཞིང་བཀུ་མཉེ་བྱ༔ དེ་ལྟར་རྩ་བའི་རླུང་ལྔའི་གེགས་སེལ་རྣམས་ལ་སྔ་གོང་ནས་གོམས་པར་བྱས་ལ་བཅོས་ཉེས་སུ་མ་སོང་བ་གལ་ཆེ༔ སྐབས་སུ་གཏུམ་མོའི་འཕྲུལ་འཁོར་རྣམས་བྱས་པས་ཀྱང་སེལ་བར་འགྱུར་རོ༔ ༈ གསུམ་པ་སེམས་ཐིག་ལེའི་གེགས་སེལ་ལ༔ དང་པོ་ཐིག་ལེ་ནད་ཀྱིས་སྐམ་པ་ནི༔ ཉམས་ལེན་གྱི་འཕྲོ་ལ་ནད་ཀྱིས་ཡུན་རིང་དུ་སྦྱང་བའམ༔ གློ་བུར་གྱི་ནད་དྲག་པོ་ཐེབས་པའི་རྐྱེན་གྱིས་ཐིག་ལེ་སྐམ་སྟེ༔ ལུས་ཀྱི་མདངས་ཉམས༔ ཤ་སྐམ༔ ཤེད་ཆུང༔ སྐོམ་དད་ཆེ་བར་འབྱུང༔ གེགས་དེ་སེལ་ཐབས་ནི༔ བུམ་པའི་རླུང་གི་སྦྱོར་བའི་བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་གྱིས་ཐིག་ལེ་སྤེལ༔ འོ་མ་སྐོལ་བར་གངས་སྦལ་ཤ་བཏབ་ནས་བཏང༔ ཡིད་དུ་འོང་བའི་གཟུངས་མ་དང་ཆགས་པ་གཡོ་བའི་གཏམ་བྱ༔ ཁམས་མི་དབབ་པས་དབང་པོ་སྦྱོར་བས་སེལ་ལོ༔ ཐིག་ལེ་གདོན་གྱིས་སྐམ་ན༔ རྣལ་འབྱོར་པ་ལ་མི་གཙང་བའི་གྲིབ་ཀྱིས་ཕོག་པས་མཁའ་འགྲོ་གཡེལ༔ བསེན་མོའི་རིགས་ཐིག་ལེ་ལ་ཞུགས་ནས་ལུས་སྔ་མ་བས་ཀྱང་ཇེ་ངན་དུ་སོང༔ དབང་པོ་འཐིབ༔ ཤེས་པ་གཡེངས༔ ཁམས་ཉོག༔ ལུས་ལྕི་བར་འབྱུང་སྟེ༔ ཡི་དམ་གྱི་ང་རྒྱལ་བསྐྱེད་ནས་དྲག་སྔགས་བཟླས་ན་སེལ་ལོ༔ ཐིག་ལེ་བཟའ་བཏུང་གིས་སྐམ་པ་ནི༔ ལན་ཚྭ་ཚོད་མེད་དུ་བརྟེན་པ༔ ཟྭ་ཚོད་དང་སྔོ་ངད་ལ་སོགས་ཡུན་རིང་ཟོས་པ༔ མར་ཁུ་འོ་མ་དང་སྣུམ་ཚིག་གི་རིགས༔ རྗེན་ཟས་ཡུན་རིང་དུ་སྤྱད་པས་བྱེད་དེ༔ དེའི་རྟགས་སུ་དབང་པོ་འཐིབ༔ ལུས་ཀྱི་བཀྲག་ཡལ༔ ཤེས་པ་འཕྱོ༔ རྐང་ལག་གི་མཐིལ་སྐམ༔ དང་ག་འགག༔ ཆགས་པ་མི་སྐྱེ༔ གསང་རྡོར་ལས་སུ་མི་རུང༔ དེ་སེལ་བ་ལ་གནོད་རྐྱེན་དེ་རྣམས་སྤངས་ཤིང་ཟས་བཅུད་ཅན་རྣམས་ཁམས་དང་འཕྲོད་པར་བརྟེན་པས་སེལ་ལོ༔ ཐིག་ལེ་སྤྱོད་ལམ་གྱིས་སྐམ་པ་ནི༔ ཉིན་མཚན་དུ་གཉིད་ལོག་པ༔ རྟ་རྒྱུག་དང་དྲག་ཤུལ་གྱི་ལས་བྱས་པ༔ མེ་ཆེན་པོས་ཚིག་པར་བསྲེག་པ་སོགས་ཀྱིས་འབྱུང༔ སེལ་བའི་ཐབས་ལ་གོང་དུ་བཤད་པའི་སྤྱོད་ལམ་རྣམས་སྤངས༔ གཞུང་ལུགས་དང་མཐུན་པའི་སྤྱོད་ལམ་རྣལ་མར་བྱ༔ སྐམ་པའི་རིགས་དེ་དག་ཐམས་ཅད་ལ་ཕན་པའི་སྨན་ནི༔ བ་ལུ་དཀར་པོའི་ལོ་མ༔ ཤུག་གུ་ཚེར་མ་ཅན༔ མཚེ༔ འོམ་བུ༔ མཁན་དཀར༔ སྲོ་ལོ༔ སྤང་སྤོས༔ བུར་སྦྲང་ཆུ་བཅད་པ་རྣམས་འདེ་གུར་སྦྱར་ནས་ཐོ་རེངས་བྱ་སྒོང་ཙམ་རེ་བཟའ༔ རིག་མའི་བཀུ་མཉེ་དང༔ ཐིག་ལེ་འཕེལ་བའི་སྤྱོད་ལམ་དམིགས་པ་རྣམས་བྱ༔ གོང་དུ་བཤད་པའི་གདོན་རྐྱེན་རྣམས་སྤངས་ལ༔ ལུས་མ་འཁྱག་པར་བྱ༔ བརླན་གཤེར་ལ་འཛེམ་ན་ཐིག་ལེ་སྐམ་པ་སོར་ཆུད་ནས་ལུས་སྟོབས་རྒྱས་པར་འགྱུར་རོ༔ ཐིག་ལེ་རུལ་བ་ནི༔ འཕྲུལ་འཁོར་དང་དགེ་སྦྱོར་གྱི་འབད་རྩོལ་ཆུང་ཞིང༔ ཟས་བཅུད་ཅན་དང་ཆང་བག་མེད་བཏུང་ནས༔ ཉིན་པར་གཉིད་ལོག་པ་སོགས་ཀྱིས་བྱེད༔ དེ་མ་བཅོས་ན་མཛེ་དང་དམུ་ཆུར་འགྱུར༔ དེའི་རྟགས་སུ་དང་པོ་ཆགས་པ་སྐྱེ༔ སྦྱོར་བ་ཙམ་པ་དང་རྡོ་རྗེ་ལས་སུ་མི་རུང༔ ལུས་ལ་ཤ་རུལ་མནམ༔ ཁམས་ཀྱི་མདོག་རྣག་ལྟ་བུར་རང་བཞིན་གྱིས་འཛག༔ ཉིན་མཚན་མེད་པར་གཉིད་བྲོ༔ གེགས་དེ་སེལ་བ་ལ༔ ཕྱག་བསྐོར་ལ་སོགས་ཤེད་མི་བསྐྱེད་པའི་ལས་མང་པོ་བྱ༔ སྨན་དཔྱད་ནས་འབྱུང་བ་ལྟར་བད་ཀན་རྩ་བཤལ་བཏང༔ ཕྱི་དྲོའི་ཁ་ཟས་ལོ་ཟླ་ཙམ་རིག་པས་དཔྱད་ལ་བཏང༔ དེའི་ཚེ་ལུས་བདེ་ཞིང་སྣང་བ་དེ་དུས་སུ༔ ཕྱག་རྒྱ་ལ་ཁམས་ཡང་ཡང་དབབ༔ དེ་ནས་ག་པུར༔ གུར་གུམ༔ ཙནྡན་དཀར་དམར༔ ཅུ་གང༔ ཨ་རུ་རྣམས་ལེགས་པར་བཏུལ༔ དེ་དང་ཆ་མཉམ་པའི་ཅོང་ཞི་འོ་མར་བཙོས་པའི་ཕྱེ་མ་དང་བསྲེ་ལ་ཐོ་རེངས་སུ་བཏང༔ མེ་དང་ཉི་མ་ལ་ཡུན་རིང་མི་བསྲོ༔ དེས་སེལ་བར་འགྱུར་རོ༔ ཐིག་ལེ་ཆུ་སེར་དུ་སོང་བའི་གེགས་ནི༔ ཐིག་ལེ་སྐྱིལ་བ་ཙམ་ལ་བརྟེན་ནས་ལུས་ལ་མ་ཁྲེམ་པ་ལས་བྱུང༔ དེའི་རྟགས་སུ་མདོག་སེར༔ ཆགས་སྲེད་རྒྱས༔ ཐིག་ལེ་འཛིན་འདྲེན་མི་ནུས༔ ལུས་ཤིན་ཏུ་ལྗི་ཞིང་ཟ་བ་དང་སྦྲིད་པར་བྱེད༔ རླུང་སེར་མི་ཐུབ༔ སྐྲ་དང་སྨིན་མ་བྱི༔ སྔར་ལྟར་མཛེའམ་དམུ་ཆུར་འགྱུར༔ དེ་སེལ་བའི་ཐབས་ལ་ཐིག་ལེ་འབར་འཛག་གི་དམིགས་པ་དང་འཛིན་འདྲེན་གྱི་རླུང་སྦྱོར་ལ་འབད༔ སེངྒེ་རྣམ་རོལ་གྱིས་ཡང་ཡང་དགྲམ༔ སྐབས་སུ་རིག་མ་ལ་ཁམས་དབབ་པས་སེལ་ལོ༔ སྨན་ནི་སེང་ལྡེང༔ སྲོ་མ་རཱ་ཙ༔ མགྲོན་བུ༔ ཤ་རུ༔ དུར་ཁྲོད་རྣམས་བསྲེགས་པའི་ཐལ་བ༔ ཙི་ཏྲ་ཀ༔ སྤོས་དཀར༔ སྦུར་ལེན་རྣམས་བཏུལ་ཞིང༔ གུ་གུལ་ཆུ་ལ་སྦྱང་བ་བླུགས་ནས་འདམ་འཐག་བྱ༔ དེ་སྲན་མ་ཙམ་དུ་སྒྲིལ་ལ་གྲིབ་སྐམ་བྱ༔ རིལ་བུ་ལྔ་ལྔ་མཚེ་དང་སེང་ལྡེང་ཐང་གིས་ཕུལ་ལ་ལྟོ་སྟོང་ལ་བརྟེན་པས་སེལ་ལོ༔ གལ་ཏེ་དེས་ཀྱང་མ་སེལ་ན༔ རྒྱ་ཚྭ༔ རྒྱམ་ཚྭ༔ ཁ་རུ་ཚྭ༔ སྡིག་སྲིན༔ མཚལ་དཀར༔ དན་རོག༔ སེང་ལྡེང༔ ཉི་དགའ༔ པི་པི་ལིང་རྣམས་ཆང་གིས་ཕུལ༔ ཚ་ཤས་ཆེ་ན་ཁ་རུ་ཚྭ་ཆུ་བསྐོལ་གྱིས་ཕུལ་ལ་ཞག་ཉེར་གཅིག་ཙམ་བརྟེན༔ དེ་ནས་རྒྱ་མཚོ་གསེར་བྱེ༔ ཡུང་བ་སེར་པོ༔ སྐྱེར་པའི་བར་ཤུན༔ རྒྱ་སྐྱེགས༔ ཞུ་མཁན༔ གླ་རྩི༔ གུ་གུལ༔ ཤིང་ཀུན༔ ཨ་རུ་ར༔ བྱང་བ་དུག་གཤོག་ཕུད་པ་དགུ་རྣམས་རྩི་བཞིན་བཏགས་ལ༔ བ་ཆུའི་ཁན་དྷས་རིལ་བུ་དན་རོག་གི་ལྡོག་པོ་ཙམ་སྦྱར་བ༔ ལྕམ་པ༔ གཡེར་མ༔ སྡིག་སྲིན༔ གཟེ་མ༔ བཞིའི་ཐང་གིས་རིལ་བུ་དགུ་རེ་ཕུལ་ལ་ནངས་མ་གསུམ་ཙམ་བཏང༔ སྐབས་སུ་ལུས་དྲི་ཆུས་བཀྲུ་ཞིང་མར་དཀར་གྱིས་བྱུག༔ ཚ་བ་ལ་གཟེ་མའི་ཚབ་ཏུ་རྒྱ་ཁུར་བཏང༔ ལུས་མ་འཁྱག་པར་གོས་ཀྱིས་ཡིབ༔ སྐྱུག་བྲོ་ན་སྣ་ལ་སྦང་ཟན་བྱུག༔ དང་གར་རྡོ་གྲང་གླན་ལ་ཙོག་པུར་སྡོད༔ རྒྱུ་ཞབས་ན་ན་ཚ་བ་ལ་སྦང་སྐམ༔ གྲང་བ་ལ་ཡོས་དུགས་བྱའོ༔ དེས་ནི་ཆུ་སེར་ཐམས་ཅད་བཤལ་ཏེ་འབྱུང༔ བཤལ་ཐེབས་གསུམ་གསུམ་ལ་ཆུ་བསྐོལ་སུན་རེ་བཏང༔ ཧ་ཅང་ཟུག་ཆེ་ཞིང་ཆུ་འགྲིམ་དཀའ་བར་བྱུང་ན༔ རྒྱ་ཚ་དང་ཨ་རུ་རྩེ་སྙུང་གི་ཐང་གཏང་ངོ༔ སྨན་རིལ་དགུ་བས་ཉུང་ཨི་དགོས་ལུས་ཉམས་དང་སྨན་ལྟོ་ཆེ་ཆུང་གི་ཤེས༔ ནད་ཚབས་ཆེ་ན་ལན་གསུམ་གསུམ་བསྐྱར༔ འབྲིང་ན་གཉིས༔ ཆུང་ན་གཅིག་གིས་ཆོག༔ ཚ་བ་ལ་བསིལ་དྲོད་སྙོམས་པའི་བཟའ་བཏུང་དང༔ གྲང་བ་ལ་དྲོད་བཅུད་ཅན་གྱི་ཟས་བརྟེན་པ་སྨན་གཞུང་སྤྱི་དང་མཐུན་པར་བྱས་པས་སེལ་བར་འགྱུར་རོ༔ ཐིག་ལེ་ཉམས་པའི་གེགས་ནི༔ བཟའ་བཏུང་ཞག་གཅིག་དཀའ་ཐུབ་ཆེ་བ་དང༔ སྲེད་པའི་དབང་གིས་ཕྱག་རྒྱ་མ་ལ་ཁམས་ཡང་ཡང་ཕབ་པའི་སྐྱོན་གྱིས༔ མདོག་ཤོར༔ སྐྲ་དང་བ་སྤུ་གཟིང༔ ལུས་ལ་དྲི་ངན་དཀུ༔ སེམས་མི་བདེ༔ དེ་བཅོས་ཐབས་ནི༔ བླ་མ་ཁྱད་པར་ཅན་ལ་གསང་སྔགས་ཀྱི་དབང་བཞི་ཞུ༔ ཚོགས་དང་སྐོང་བཤགས་བྱ༔ ཐིག་ལེ་སྤེལ་བ་དང་དགྲམ་པའི་དམིགས་པ་དང་འཕྲུལ་འཁོར་ལ་འབད༔ སྨན་ནི༔ འོ་མ་བསྐོལ་བའི་ནང་དུ་གངས་སྦལ་གྱི་ཤ་བཏབ་པ་བཏང༔ བཟའ་བཏུང་དྲོད་བཅུད་དང་ལྡན་པ་བརྟེན་པས་གེགས་སེལ་ལོ༔ ཐིག་ལེ་ཟག་པའི་གེགས་ལ༔ དང་པོ་བག་ཆགས་ཀྱིས་འཛག་པ་ནི༔ རྨི་ལམ་དུ་སྔར་འདྲིས་ཀྱི་ཡིད་དུ་འོང་བའི་བུད་མེད་དང་འཕྲད་ནས་ཉལ་པོ་བྱས་པ་རྨི་བས་འཛག༔ དེ་མ་བཅོས་ན་གནས་སྐབས་སུ་ལུས་སྟོབས་ཞན༔ མཐར་ཐུག་ཚེ་ལ་གཟན་པར་འགྱུར་རོ༔ དེ་སེལ་ཐབས་ཆགས་པ་སྐྱེ་བའི་ཡུལ་དེ་ཡང་ཕྱི་ལྤགས་དང་སེན་མོ་བ་སྤུ་ཐམས་ཅད་ཀྱང་ཤིན་ཏུ་སྡུག་པའི་རྣམ་པ༔ ནང་ཁྲག་རྣག་ཆུ་སེར་ལ་སོགས་མི་གཙང་བའི་རྫས་དུ་མས་བཀང་བ༔ བར་རྩ་དང་ཆུ་རྒྱུས་ཀྱི་དྲྭ་བས་འབྲེལ་ཞིང་མྱུར་དུ་འཇིག་པའི་རང་བཞིན་བལྟ་ལ༔ བདག་འདོད་ཆགས་རང་རྒྱུད་པར་སོང་བ་འདི་རེ་མ་ལེགས༔ འདོད་ཆགས་ཀྱི་རྟོག་པ་འདི་དང་མ་བྲལ་ན༔ ཐར་པ་ཐོབ་པའི་དུས་མ་མཆིས༔ བྱང་ཆུབ་ཀྱི་ལམ་དུ་མི་འགྲོ༔ བདེ་ལེགས་ཀྱི་འབྲས་བུ་མི་སྨིན༔ ས་ལམ་གྱི་ཡོན་ཏན་མི་སྐྱེ་བའི་ཕྱིར༔ འདོད་ཆགས་ཀྱི་ལས་ངན་པ་དེ་སྐད་ཅིག་ཙམ་ཡང་དྲན་པ་མི་བྱ་བསམས་པས༔ རླུང་རོ་རྙིང་པ་སངས་ཀྱིས་འབུད༔ གསར་པ་དལ་གྱིས་བཟུང་ལ༔ སྤྱི་བོར་བླ་མ་བསྒོམ་ཞིང་གསོལ་བ་ཕུར་ཚུགས་སུ་གདབ༔ ཡང་མཚན་ལྡན་གྱི་ཕྱག་རྒྱ་ཡིན་ན་ཡིད་དུ་མི་འོང་བ་བསྒོམ་དུ་མི་རུང་བའི་ཕྱིར༔ གཟུངས་མ་དེ་འོད་ཟེར་དུ་ལྷགས་ནས་རྡོ་རྗེའི་སྦུབས་སུ་ཞུགས་ཏེ་སྙིང་ཁར་ཐིམ༔ ཆགས་པ་དེ་རང་སེམས་བདེ་བ་ལས་ཕྱི་ན་མེད་པའི་བདེ་ཆེན་སྒྱུ་མ་ལྟ་བུར་ཡང་ཡང་བསྒོམས་པས་སེལ་ལོ༔ ཐིག་ལེ་གདོན་གྱིས་འཛག་པ་ལ༔ ཤི་སྐྲ་ལ་མདུད་པ་གསུམ་བྱས་ནས་སྔགས་ནི༔ ཨཱོཾ་བཛྲ་ཀྲོ་ཏ་རཀྴ་དམ་སྲི་སྲོག་ལ་ཧུར་ཐུམས་རྦད༔ ཅེས་བཏབ་ནས་རྡོ་རྗེ་དཀྲི་ལ༔ རྡོ་རྗེ་ལྕགས་སྲེག་གི་ཕུར་པ་མེ་ལྕེ་ལྷབ་ལྷབ་འབར་བ་ཞིག་ཏུ་གྱུར་པར་བསྒོམ༔ སྐབས་སུ་གཏུམ་མོའི་མེ་དམིགས་ཀྱི་ངང་ནས་སྤྱི་བོ་མ་གཏོགས་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་མེ་འུར་འུར་འབར་བས༔ གནོད་པར་བྱེད་པའི་གདོན་བགེགས་ཐམས་ཅད་ཐུལ་ཐུལ་བསྲེགས་པར་བསྒོམ༔ རླུང་རོ་དབྱུང་བའི་ཚེ༔ གདོན་བགེགས་གང་ཡིན་པ་དེ་མཐའི་ལྕགས་རིའི་རྒྱབ་ཏུ་གཏོར་བར་དམིགས་པས་ཀྱང་སེལ་ལོ༔ ཡང་གསང་རྡོར་བཀྲུས་པའི་དྲི་ཆུས་ཟན་སྦྲུས་ཤིང་དབང་པོའི་རྡོ་རྗེ་གསུམ་བཅོས་ཏེ་ཁྱི་དཀར་ནག་ཁྲ་གསུམ་ལ་བྱིན་པས་ལོ་གསུམ་བསྲུང་ནུས་སོ༔ ཐིག་ལེ་ནད་ཀྱིས་འཛག་པ་ནི༔ རྡོ་རྗེ་ལས་སུ་མི་རུང་ཞིང་རང་བཞིན་ནུ་རུ་རུ་འབྱུང་བ་དང༔ དྲི་ཆུ་དང་བསྡོངས་ནས་འབབ་པ་ལ་སོགས་བཅོས་ཐབས་ནི༔ འཛིན་འདྲེན་དགྲམ་པའི་འཕྲུལ་འཁོར་ལ་ནན་ཏན་བསྐྱེད༔ སྨན་ལ་རྒྱ་ཚྭ༔ ཨ་འབྲས༔ འཇམ་འབྲས༔ སྲ་འབྲས༔ གསེར་གྱི་བྱེ་མ༔ སྡིག་སྲིན༔ སེ་འབྲུ༔ སུག་སྨེ༔ གཱི་ཝཾ༔ སྔོ་བྲེ་ག༔ པི་པི་ལིང༔ དོམ་མཁྲིས་རྣམས་བུ་རམ་སྦྱར་ལ་ལན་མང་དུ་བཏང༔ ཟས་གོས་དྲོད་བཅུད་བརྟེན༔ རླན་ལ་འཛེམ༔ སྐབས་སུ་བཀུ་མཉེ་བྱས་ན་ཕན༔ དེས་ཀྱང་མ་ཐུབ་ན༔ རང་གི་གྲུ་མོས་སླེབ་པའི་མཁལ་ཁུང་གཉིས་དང༔ ཨ་འདངས་བཅུ་དགུ་པའི་གཡས་གཡོན་ཚོན་རེ་གཞལ་བའི་སར༔ མེ་བཙའ་བཞག་པས་སེལ་བར་འགྱུར་རོ༔ ཐིག་ལེ་ཁམས་འཁྲུགས་པས་འཛག་པ་ནི༔ ལྗིད་ཅན་པང་ཁུར་བྱས་པའམ༔ བརྡབ་པའམ༔ དྲག་ལས་སམ༔ བུད་མེད་ལ་སྤྱོད་དྲགས་པའི་དབང་གིས༔ གསང་སྦུབས་གཟེར་ཞིང་ཚ་བ༔ དྲི་ཆུའི་ཁམས་ཀྱི་ནང་དུ་ཁྲག་དང་འདྲེས་མར་འབྱུང༔ དམིགས་པ་དང་འཕྲུལ་འཁོར་གྱིས་ནད་སེལ་བ་དཀའ་བས༔ སྨན་ནི༔ ཨ་བར་སྐྱུར་གསུམ༔ ཙོད༔ འབྲི་མོག༔ སྙ་ལོ༔ ཞུ་མཁན༔ ལྕམ་པ༔ གཟེ་མ༔ ལི་ག་དུར་རྣམས་ཀྱི་ཐང་ནད་ཚབས་དང་བསྟུན་ལ་གསུམ་ལྔ་བདུན་གྱི་གཏང་ལུགས་བྱ༔ དེ་རྗེས་ཕྱུགས་ཆེ་ཆུང་གི་སྲེ་ལོང་དང་རྟའི་ཉ་གཞུག་གི་ཐང་བཏང༔ དེ་ནས་ཨ་རུ་ར་གསེར་མདོག༔ གཡག་རྒོད་མཁྲིས་པ༔ སྙ་ལོ་མེ་ཏོག༔ སྔོ་བྲེ་ག༔ བྲག་ཞུན༔ ཛཱ་ཏི་རྣམས་བུར་སྦྲང་དང་སྦྱར་བའི་སྨན་མར་བཏང༔ ཤ་རུལ་དང་ཆང་སྐྱུར་ལ་སོགས་ཁམས་ལ་གནོད་པའི་ཟས་སྤོང༔ ལུས་ངག་ཡིད་གསུམ་ཟོ་ཀློད་ལ་མཉམ་པར་བཞག་པས་སེལ་ལོ༔ ཐིག་ལེའི་རྩ་སྒོ་ཀློད་པས་འཛག་པ་ནི༔ ཆགས་པ་གཡོ་བའི་རྐྱེན་ཅུང་ཟད་ཙམ་ལ་བརྟེན་ནས༔ གསང་རྡོར་ལས་སུ་མི་རུང་དུས་ཀྱང་བདེ་བ་དང་བཅས་ཏེ་འབབ༔ དེས་ལུས་ལ་ནད་རྐྱེན་མང༔ སྐྲ་དཀར་དང་གཉེར་མ་ལ་སོགས་འབྱུང་སྟེ༔ འདི་ཡང་འཕྲུལ་འཁོར་དང་དམིགས་པས་སེལ་བར་དཀའ་ལ༔ སྨན་གྱིས་བཅོས་ཐབས་ནི༔ ཕོ་མོ་རང་མཐུན་གྱི་ཅོང་ཞི་བསྲེ་པ་བ་འོར་བཏུལ་བ་དང༔ དབང་ལག་འོ་མར་བཙོས་པའི་ཆ་མཉམ་གྱི་འདེ་གུར༔ དོམ༔ ཕྱི་བ༔ བྱ་རྒོད༔ སྤྲེའུ༔ འབྲོང༔ ཉ་རྣམས་ཀྱི་མཁྲིས་པ༔ ཨ་རུ་གསེར་མདོག༔ གི་ཝཾ་རྣམས་ལེགས་པར་བཏུལ་ལ་རིལ་བུ་སྲན་མ་ཙམ་དུ་བསྒྲིལ་ནས་གྲིབ་སྐམ་བྱ༔ ནངས་ནུབ་རིལ་བུ་གསུམ་གསུམ་ཟླ་རེར་བརྟེན་ནས་ལོ་རེ་ཐུབ༔ ལོ་གཅིག་བརྟེན་ན་དེའི་གེགས་སེལ་བར་འགྱུར་རོ༔ གཡེར་མ་ལྕམ་པ་ཟྭ་ལ་སོགས་པའི་རྩ་སྒོ་འབྱེད་པར་འགྱུར་བའི་རིགས་རྣམས་སྤངས་ཤིང༔ ཚངས་པར་སྤྱོད་པའི་སྤྱོད་པ་ལ་གནས་པར་གལ་ཆེའོ༔ གེགས་སེལ་འདི་ནི༔ ཉམས་ལེན་ལ་མཁས་ཤིང་གོམ་པས་ཆུ་བོ་དལ་ལ་འབབ་པ་ལྟ་བུའི་སྐྱེས་བུ་ཡང་རབ་འགའ་ལ་མི་དགོས༔ དེ་མ་ཡིན་གྱི་བློ་རབ་འབྲིང་ཐ་མའི་རིགས་གང་ལའང་ཉེ་བར་མཁོ་བའི་གདམས་པ་ཟབ་མོ་འདི་ནི༔ ཡིད་བཞིན་གྱི་ནོར་བུ་ལས་ཀྱང་གཅེས་པར་ཟུངས་ལ་རྟོག་དཔྱོད་མཛོད་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་འཇའ་ཚོན་སྙིང་པོས་གནས་ཆེན་རྡོ་རྗེ་ཡོངས་རྫོང་ནས་དངོས་གྲུབ་རྙེད་པ་ཨི་ཐི། བཀྲ་ཤིས།། །། ྈ རྩ་རླུང་མཁའ་འགྲོའི་གསང་མཛོད་ལས༔ ལས་ཚོགས་གཏེར་གྱི་ཕྲེང་བ་བཞུགས་སོ༔ ྈྈྈ བདེ་སྟོང་ཟག་མེད་དབྱིངས་ཉིད་ཡེ་ཤེས་ཆེན་པོའི་ཀློང༔ ཁྱབ་བདལ་ཟུང་འཇུག་འཁོར་འདས་ཡོངས་ཀྱི་སྤྱི་མེས་དཔལ༔ སྨིན་གྲོལ་རབ་འབྱམས་ངེས་གསང་དོན་གྱི་བདག་ཉིད་མཆོག༔ ཆེ་བའི་ཡོན་ཏན་ཀུན་རྫོགས་དེ་ལ་བདག་འདུད་དོ༔ གསང་སེམས་བླ་མེད་སྙིང་པོའི་བཅུད་བཟང་ངེས་ཕྱུང་བའི༔ ཟབ་ལམ་ཌཱ་ཀིའི་གསང་མཛོད་བསྡུས་པའི་མདོ་འགག་ལས༔ གང་འདོད་ཕུན་ཚོགས་འབྱུང་བ་རླུང་གི་ལས་ཚོགས་འདི༔ མ་འོངས་རླུང་སེམས་ཉམས་ལེན་རྣལ་འབྱོར་སྙིང་ནོར་ཡིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདིར་ཟབ་ལམ་མཁའ་འགྲོའི་གསང་མཛོད་ཉམས་སུ་ལེན་པའི་རྣལ་འབྱོར་གྱིས༔ གང་དགོས་འགྲུབ་བྱེད་ལས་ཚོགས་གཏེར་གྱི་ཕྲེང་བ་བསྟན་པ་ལ༔ གཏུམ་མོ་ཟས་སུ་བཟའ་བར་འདོད་ན༔ ཁ་ཡི་ནང་དུ་དབུགས་ཧ་སིབ་ཀྱི་སྒྲས་དྲངས་ཏེ་རླུང་དེ་ཡེ་ཤེས་ཀྱི་བདུད་རྩིར་གྱུར་ནས༔ ལུས་ཐམས་ཅད་མེར་གྱིས་ཁེངས་པར་བསམས་ལ་རླུང་ཅི་ཐུབ་བར་བསྐྱིལ༔ བསྐྱིལ་བའི་ཚེ་མི་རྟོག་པའི་ངང་ལ་བཞག༔ དེ་ལྟར་ཡང་ཡང་སྦྱངས་པས་ཟས་ཀྱི་སྲེད་པ་ཆུང་དུ་འགྲོ་ཞིང་མཐར་རླུང་གི་ཏིང་ངེ་འཛིན་གྱིས་འཚོ་བར་འགྱུར་རོ༔ ྀཨཚ༔ གཏུམ་མོ་སྐོམ་དུ་འཐུང་བར་འདོད་ན༔ རླུང་བུམ་པ་ཅན་འཛིན་ཞིང་ཆུ་ལས་གྲུབ་པའི་དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཐུགས་བཅུད་ཡེ་ཤེས་ཆུ་བོ་དཔག་ཏུ་མེད་པར་བྱུང་ནས༔ རང་ལུས་རྩ་ཁམས་ཐམས་ཅད་མེར་གྱིས་ཁེངས་པར་བསམས་པས་སྐོམ་པའི་གདུང་བ་སེལ་ལོ༔ གཏུམ་མོ་ཟས་སུ་ཟ་བ་དང་སྐོམ་དུ་འཐུང་བ་འདི་གཉིས་ཀྱི་གནད་ནི༔ མཉམ་གཞག་གི་ངོས་ནས་གཞན་གྱི་འཕྲུལ་འཁོར་གཡོ་འགུལ་རྣམས་སྤངས་ཏེ་རླུང་དང་དམིགས་པ་ལ་ནན་ཏན་བསྐྱེད༔ དེ་ལྟར་འབད་པས་རབ་ཞག་གསུམ་འབྲིང་དྲུག་ཐ་མ་དགུ་ནས༔ བདེ་སྟོང་ཡེ་ཤེས་ཟག་པ་མེད་པའི་ཟས་སྐོམ་གྱིས་ལུས་ཁེངས་པར་འགྱུར་རོ༔ ཕྱིས་སུ་བཀྲེས་སྐོམ་ནམ་བྱུང་བའི་ཚེ་ན་དྲན་པ་ཙམ་གྱིས་ཆོག༔ ྀཨཚ༔ རྐང་མགྱོག་ཐོབ་པར་འདོད་ན༔ སྟེང་འོག་གི་རླུང་ཁ་སྦྱོར་རན་ཙམ་དུ་བཟུང་ལ༔ རྐང་ཞབས་གཉིས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་འདེགས་ཤིང་འགྲོ་བར་བསམ༔ སྲིན་ལག་གི་འཕར་རྩ་མཐེ་བོང་གཉིས་ཀྱིས་མནན་ནས་གོམ་ཟོ་ཡང་བར་འགྲོ༔ ངལ་གསོ་དུས་མ་གཏོགས་རླུང་རོ་གཏིང་འདོན་མི་བྱ༔ དེས་ནི་གཞན་ལས་དགུ་འགྱུར་གྱིས་མགྱོགས་ཏེ་བྱ་རྒོད་ཀྱི་ཉིན་ལམ་རེ་ཆོད་པ་ཡོད་དོ༔ ྀཨཚ༔ ཆུས་མི་བྱིངས་པར་འདོད་ན༔ རྐང་ལག་གི་མཐིལ་དང་འོག་སྒོ་རྣམས་སུ་ཉ་སྲམ་དང་ངང་པའི་ཚིལ་བྱུག༔ བདག་ཉིད་ངང་པའི་རྒྱལ་པོར་དམིགས་ནས་རླུང་བུམ་པ་ཅན་གཟུང༔ ལག་གཉིས་ལྡིང་གཤོག་གི་ཚུལ་དང་ལྡན་པས་ཐེ་ཚོམ་མེད་པར་ཕྱིན་ན་ཆུ་ལ་བརྒལ་ནུས་སོ༔ ྀཨཚ༔ མཁའ་ལ་འཕུར་འདོད་ན༔ ལུས་ལ་བྱ་རྒོད་ཀྱི་རྐང་ཚིལ་བྱུགས་ནས༔ བདག་ཉིད་རླུང་ལས་གྲུབ་པའི་བྱ་རྒོད་རླུང་གི་གཤོག་པ་ཅན་དུ་དམིགས་ལ༔ ལག་གཉིས་འཕུར་སྟབས་དང་བཅས་པའི་འཇམ་རླུང་བཟུང་ན་འཕུར་ནུས་སོ༔ ྀཨཚ༔ ལུས་མི་སྣང་བར་འདོད་ན་སྐྱེས་པ་དར་མའི་རྡོ་ཐལ་དང་ཐལ་ཆེན་སྨིན་མཚམས་སུ་བྱུག༔ ལུས་གནད་ཆོས་བདུན་གྱི་ངང་ནས༔ སྣོད་བཅུད་རང་ལུས་དང་བཅས་པ་དམིགས་མེད་སྟོང་པ་ཆེན་པོའི་ངང་མཉམ་པར་བཞག་ཅིང༔ རླུང་རིག་སྒྲ་གཅན་གྱི་ནང་དུ་གཏད་ན་ལུས་གཞན་གྱིས་སྣང་བར་མི་འགྱུར་རོ༔ ྀཨཚ༔ གཟུགས་མེད་ཀྱི་ལྷ་འདྲེ་དང་བར་དོའི་སེམས་ཅན་ལ་བལྟ་བར་འདོད་ན༔ རང་གི་དཔྲལ་བར་སྣང་སྲིད་ཐམས་ཅད་མཐོང་བའི་ཡེ་ཤེས་ཀྱི་སྤྱན་གཅིག་ཁྲ་ལམ་གྱིས་ཤར་བར་བསྒོམས་ལ་རླུང་རིག་མདུང་ཚུགས་སུ་གཏད༔ ལག་གཉིས་བསྣོལ་བའི་དཔུང་རྩ་གཉིས་བཅིངས་ཏེ་རླུང་བཟུང་བས༔ རླུང་ཁུག་ཉེར་གཅིག་གི་མཐོང་བར་ནུས་སོ༔ ྀཨཚ༔ ཤེས་རབ་འཕེལ་བར་འདོད་ན༔ རང་ལུས་མེ་ཏོག་ཨུཏྤལ་དཀར་པོ་བཞད་པའི་དབུས་སུ་རླུང་སེམས་ཀྱི་ངོ་བོ་འཇམ་པའི་དབྱངས་སུ་བསྐྱེད༔ ལུས་གནད་ཕྱེད་སྐྱིལ་དུ་བཅའ་ལ་རླུང་བཟུང་བས་ཤེས་རབ་དཔག་ཏུ་མེད་པ་འཕེལ་ལོ༔ ྀཨཚ༔ སྙན་གྲགས་ཐོབ་པར་འདོད་ན༔ བདག་ཉིད་ལྷ་ཡི་གཎྜི་རླུང་སེམས་ཀྱི་སྒྲ་དབྱངས་གྲགས་པ་ཞིག་བསྒོམ་སྟེ༔ དྲང་སྲོང་ཙོག་པུའི་འདུག་སྟངས་ཀྱིས་རླུང་བཟུང་ན་སྙན་གྲགས་འཐོབ་བོ༔ ྀཨཚ༔ གདོས་བཅས་ལ་ཐོགས་མེད་དུ་འགྲོ་བར་འདོད་ན༔ རང་ལུས་གདོས་བཅས་སུ་མི་སྣང་བར་ནམ་མཁའ་ལྟ་བུར་བསྐྱེད་ཅིང་སྣང་བའི་དངོས་པོ་ཐམས་ཅད་སྒྱུ་མའམ་སྨིག་རྒྱུའི་རང་བཞིན་མོས་ལ༔ རླུང་སེམས་མདུང་ཚུགས་སུ་གཏད་ཅིང་ཐེ་ཚོམ་མེད་པར་ཕྱིན་པས་དངོས་པོ་གང་ལའང་ཐོགས་མེད་དུ་འགྲོ་ནུས་སོ༔ ྀཨཚ༔ ཉི་ཟླ་རྟོད་ལ་མནན་པར་འདོད་ན༔ ལུས་གནད་ཕྱེད་སྐྱིལ་བཅས་ཏེ་ལག་གཡོན་གཡས་ཀྱི་མཆན་ཁུང་དུ་བཅུག༔ གཡས་ཀྱི་སྡིགས་མཛུབ་ཉི་མ་ལ་གཏད་དེ༔ རླུང་སེམས་རོ་མའི་ནང་དུ་གཟིར་བས་ནང་གི་ཉི་མ་བཙོན་དུ་ཟིན་ཚེ་ཕྱི་རོལ་གྱི་ཉི་མ་ཡང་རྟོད་ལ་ནོན་པར་འགྱུར༔ ཟླ་བ་ལ་ཡང་གོང་གི་དམིགས་པ་དང་འཕྲུལ་འཁོར་གོ་བཟློག་པར་ཤེས་སོ༔ ྀཨཚ༔ ཆུ་བོ་གྱེན་དུ་བཟློག་པར་འདོད་ན༔ འཇམ་རླུང་དྲག་ཏུ་བཟུང་ནས་རླུང་སེམས་དབུ་མའི་ནང་དུ་གཏད་ཅིང་ཆུ་དེ་ལ་སྡིགས་མཛུབ་བྱས་པས༔ ནང་གི་ཆུ་ཐམས་ཅད་དབུ་མར་འཁྱིལ་ནས་རྒྱུ་བ་ཆད་པའི་ཚེ༔ ཕྱི་རོལ་གྱི་ཆུ་བོ་ཡང་གྱེན་ལ་ཟློག་ནུས་སོ༔ ྀཨཚ༔ འབྱུང་བ་ཟིལ་གྱིས་གནོན་པར་འདོད་ན༔ མེ་གནོན་ན་མེའི་སྟེང་དུ་རང་ཉིད་ཆུ༔ དེ་བཞིན་དུ་ཆུ་གནོན་ན་ས༔ ཤིང་གནོན་ན་ལྕགས༔ ལྕགས་གནོན་ན་མེ༔ རླུང་གནོན་ན་རང་ཉིད་གསེར་གྱི་རི་རབ་འོག་ཏུ་རླུང་དང་རླུང་ལྷ་ཐམས་ཅད་གནོན་པར་དམིགས་ལ༔ རླུང་ཕོ་བར་ཚུར་ཆིལ་གྱིས་མནན༔ ལུས་གཡོ་འགུལ་མེད་པར་སྡོད་པས་ནོན་ནོ༔ ྀཨཚ༔ རླུང་སོར་མོར་དྲང་བར་འདོད་ན༔ ལུས་ཀྱི་རྩ་འཁོར་ཐམས་ཅད་སྦུ་གུ་རོག་གེར་ཡོད་པར་བསམས་ལ༔ ལག་པ་དྲག་ཏུ་བརྐྱང་ཞིར་སོར་མོ་རྣམས་བགྲད་ནས༔ རླུང་རིག་མགྲིན་པའི་རྩ་འཁོར་ནས་ཕྱག་སོར་དུ་གཏད་པས་རླུང་སོར་མོ་རུ་དྲངས་པར་ནུས་སོ༔ ྀཨཚ༔ ཆར་དབབ་པར་འདོད་ན༔ ཆ་ལུགས་ལྔ་ལྡན་གྱི་ངང་ནས་ཆུ་རླུང་བུམ་པ་ཅན་བཟུང་ལ༔ ཀླུ་ཐམས་ཅད་བདག་གི་ལྟོ་བ་རྒྱ་མཚོ་ཆེན་པོར་གྱུར་པའི་ནང་དུ་བཀུག་ནས༔ དམིགས་བྱའི་ཞིང་དུ་ཆར་འབེབ་པ་ལ་དམིགས་པ་དྲག་ཏུ་གཏད་པས་འབེབ་པར་འགྱུར་རོ༔ ྀཨཚ༔ ཁ་ཆར་གཅོད་པར་འདོད་ན༔ རང་ཉིད་མེའི་བྱ་ཁྱུང་དུ་དམིགས་ལ་རླུང་གཟུང་བ་ཙམ་གྱིས་ཁ་ཆར་ཐམས་ཅད་ཁྱུང་གི་ལྟོ་བར་ཚུད་ཅིང༔ སྣང་སྲིད་ཐམས་ཅད་མེའི་རང་བཞིན་དུ་གྱུར་པར་བསམས་ལ་ཁ་ཆར་འབྱུང་ཕྱོགས་སུ་དམིགས་པ་གཟིར༔ སྦལ་སྦྲུལ་གྱི་ཤ་དང་དུག་ཤིང་མེ་ལ་བསྲེགས་ན་ཁ་ཆར་ཆད་དོ༔ ྀཨཚ༔ ཐོག་སེར་བཟློག་པར་འདོད་ན༔ རང་ལུས་གསེར་གྱི་ཐོག་ཆེན་རྩེ་དགུ་པ་གཅིག་ཏུ་གྱུར་ནས༔ ཐོག་སེར་དང་ཐོག་སེར་གྱི་བདག་པོ་ཐམས་ཅད་ཐལ་བ་རྡུལ་དུ་བརླག་པར་བསམས་ལ་རླུང་རིག་ཕུར་ཚུགས་སུ་གཏད་ཅིང་སྡིགས་མཛུབ་གདེངས༔ རྩངས་ཕག་ཤའི་དུད་པ་བཏང་ན་ཐོག་སེར་བཟློག་གོ༔ ྀཨཚ༔ གཞན་སྣང་ཟིལ་གྱིས་གནོན་པར་འདོད་ན༔ རང་ཉིད་འཁོར་ལོས་བསྒྱུར་བའི་རྒྱལ་པོར་དམིགས་ནས༔ སྣང་སྲིད་ཐམས་ཅད་བདག་གིས་ཟིལ་གྱིས་གནོན་པར་བསམ་ཞིང༔ རིག་པ་ངར་ཕྱུང༔ དབང་པོ་ལ་གཟེངས་བསྟོད༔ ཕ་རོལ་དེ་ལ་མིག་ཕུར་ཚུགས་སུ་གཏད་ནས་བཟུང་བས་ཟིལ་གྱིས་གནོན་པར་འགྱུར་རོ༔ ྀཨཚ༔ འགྲོ་བ་དབང་དུ་བསྡུ་བར་འདོད་ན༔ བདག་ཉིད་འགུག་བྱེད་མཁའ་འགྲོ་མ་དམར་མོ་ལྕགས་ཀྱུ་བསྣམས་པ་ཞིག་ཏུ་གྱུར་ནས༔ རླུང་རྔུབ་པའི་ཚེ་དམིགས་བྱ་གང་ཡིན་པ་དེའི་རྣམ་ཤེས་ནྲྀའི་རྣམ་པ་ཅན་དུ་རང་དབང་མེད་པར་བཀུག་ནས༔ དབུ་མའི་ནང་དུ་ཚུད་དེ་བདག་གིས་ཅི་འདོད་དབང་དུ་གྱུར་པར་མོས་ན་དབང་དུ་འགྱུར་རོ༔ ྀཨཚ༔ ཚེ་འདས་རྣམ་ཤེས་བཀུག་པར་འདོད་ན༔ ལུས་གནད་བདུན་དང་ལྡན་པའི་ངང་ནས༔ རང་ཉིད་རྫོགས་པའི་སངས་རྒྱས་བསྒོམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་ཅིང༔ རླུང་འབྱིན་པའི་ཚེ་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས༔ འཇུག་པའི་ཚེ་ཚེ་འདས་ཀྱི་རྣམ་ཤེས་རང་དབང་མེད་པར་བཀུག༔ གནས་པའི་ཚེ་དམིགས་རྟེན་གང་ཡིན་པ་ལ་བསྟིམ་ཞིང༔ རླུང་སེམས་དྲག་ཏུ་གཏད་པས་ཁུག་པར་འགྱུར་རོ༔ ྀཨཚ༔ མི་རྒོད་དང་ཇག་པ་འཆིང་བར་འདོད་ན༔ མཐེ་བོང་གིས་སྲིན་ལག་མནན་ལ་མི་རྒོད་དང་ཇག་པ་ཐམས་ཅད་སྲིན་ལག་ལྕགས་ཀྱི་ཁང་པར་ཚུད་པར་དམིགས་ཤིང༔ ཁུ་ཚུར་མཆན་འོག་ཏུ་བཙིར་ཞིང་རླུང་བཟུང་བས་ཇག་རྐུན་འཆིང་ནུས་སོ༔ ྀཨཚ༔ བྱད་དང་རིག་སྔགས་བཟློག་པར་འདོད་ན༔ རང་ཉིད་ཁྲོ་བོ་ཆེན་པོ་སྲིད་པའི་རྩེ་མོར་སླེབ་པ་ཞིག་བསྒོམས་ལ༔ རླུང་ནང་དུ་འཇུག་པའི་ཚེ་བྱད་མ་ལྷ་སྲུང་དང་བཅས་པ་བཀུག་ནས་རང་གི་ལྟོ་བར་ཚུད༔ གནས་པའི་ཚེ་ཕོ་བ་སྤུ་གྲིའི་འཁོར་ལོ་རུ་གྱུར་པས་དུམ་བུར་གཏུབ༔ འབྱིན་པའི་ཚེ་ལྷག་མ་མ་ལུས་པ་མཐའི་ལྕགས་རིའི་རྒྱབ་ཏུ་གཏོར་བར་དམིགས་ན༔ བྱད་དང་རྦོད་གཏོང་གི་རིགས་ཐམས་ཅད་བཟློག་སྟེ་གནོད་བྱེད་གཞན་ཡང་དེ་ལྟར་བྱས་པས་ཐུལ་ལོ༔ ྀཨཚ༔ དུག་གིས་མི་ཚུགས་པར་འདོད་ན༔ ནངས་པར་ཟས་མ་ཟོས་གོང་དུ་རང་གི་དྲི་ཆུ་ཐིག་གཅིག་ལྕེ་ཐོག་ཏུ་བཞག་ནས་རླུང་ཁུག་གཅིག་གཟུང་སྟེ༔ ལུས་རྨ་བྱའི་འདྲངས་སྤྲུག་ལན་གསུམ་བྱས་ནས་བཟའ་བཏུང་ལ་ལོངས་སྤྱོད་པས་དུག་གིས་མི་ཚུགས་སོ༔ ྀཨཚ༔ འགོས་ནད་བསྲུང་བར་འདོད་ན༔ ཨ་རུ༔ གླ་རྩི༔ ག་པུར༔ ཙནྡན་རྣམས་ཀྱི་ཆུས་བྱུག་སྟེ༔ ཐེ་ཚོམ་དང་འཁུ་འཕྲིག་མེད་པར་རླུང་སྣ་བུག་གཡས་ནས་འཇུག་ཚེ་ནད་དང་ནད་ཀྱི་བདག་པོ་ཐམས་ཅད་འུབ་ཀྱིས་བསྡུས་ནས་རང་སེམས་ལ་བསྟིམ་ཞིང་གནས་པའི་ཚེ་སེམས་ཀྱི་ངོ་བོ་ལ་བལྟ༔ སྣ་བུག་གཡོན་ནས་འབྱིན་པའི་ཚེ་ནད་གདོན་གྱི་ངོ་བོ་ཐམས་ཅད་འཇའ་ཚོན་གྱི་རྣམ་པར་སངས་ཀྱིས་བུས་ལ༔ ལུས་ལན་གསུམ་སྤྲུགས་ན་ནད་རིགས་ཀྱིས་མི་ཚུགས་པར་འགྱུར་རོ༔ ྀཨཚ༔ གདོན་གྱིས་མི་ཐུབ་པར་འདོད་ན༔ རང་ལུས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་མེའི་འོད་ཟེར་འཕྲོ་བ་ཞིག་བསྒོམས་ནས་ངོ་ཐོག་ཏུ་འཇོག་ལ་དྲག་རླུང་བཟུང་ན༔ གདོན་བགེགས་ཀྱི་རིགས་ཇི་ལྟར་སྟོབས་ཆེ་ཡང་རང་ལ་གླག་མི་རྙེད་དོ༔ ྀཨཚ༔ གཅན་གཟན་དང་མཚོན་གྱིས་མི་ཚུགས་པར་འདོད་ན༔ རང་ལུས་རྡོ་རྗེ་ཕ་ལམ་དུ་གྱུར་པར་དམིགས་ལ་གནོད་ཕྱོགས་སུ་སྡིགས་མཛུབ་གཏད་ནས༔ རླུང་དྲག་ཏུ་གཅུན་པས་གཅན་གཟན་དང་མཚོན་གྱིས་མི་ཕིགས་སོ༔ ྀཨཚ༔ ཚེ་བསྲིང་བར་འདོད་ན༔ ལུས་གནད་སྐྱིལ་ཀྲུང་མཉམ་གཞག་གི་ངང་ནས་རང་ལུས་གསེར་གྱི་རྡོ་རྗེ་སྲིད་པའི་རྩེ་ནས་དམྱལ་བའི་གདར་ཐུག་པ་ཞིག་བསྒོམ༔ དེའི་ལྟེ་བར་རླུང་སེམས་ཀྱི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་འོད་ཟེར་འཕྲོ་བ་གཅིག་བསྐྱེད་ལ༔ རླུང་འབྱིན་པའི་ཚེ་ཧྲཱིཿལས་འོད་ཟེར་དཔག་ཏུ་མེད་པར་འཕྲོས༔ འཇུག་པའི་ཚེ་ཡེ་ཤེས་དང་འཇིག་རྟེན་པའི་ཚེ་བཀྲག་བཅུད་མདངས་ཐམས་ཅད་བཀུག་ནས་ཧྲཱིཿལ་ཐིམ༔ གནས་པའི་ཚེ་ཧྲཱིཿའོད་ཟེར་དུ་འབར་བར་བསམ་ཞིང་བུམ་པ་ཅན་བཟུང་ན་ཚེ་རིང་བར་འགྱུར་རོ༔ ྀཨཚ༔ དགྲ་བོ་གསོད་པར་འདོད་ན༔ ལུས་གནད་འདོར་སྟབས་སུ་བགྲད་པའི་ངོས་ནས་བདག་ཉིད་ལས་ཀྱི་གཤིན་རྗེར་བསྒོམ༔ རླུང་ལྕགས་ཀྱུ་ཅན་གྱི་འབྱིན་འཇུག་བྱས་ཏེ༔ དམིགས་བྱའི་རྣམ་ཤེས་ཀྱི་ངོ་བོ་ཡི་གེ་ནྲིའི་རྣམ་པ་ཅན་དུ་བཀུག་ནས་ཞལ་དུ་བསྟིམ་སྟེ་ལྟོ་རུ་ཚུད་པར་དམིགས་ན༔ ཕ་རོལ་གྱི་ཚེ་ཕྲོགས་ནས་རང་ཉིད་ཚེ་འཕེལ་བར་ངེས་སོ༔ ྀཨཚ༔ མཐུན་གཉིས་དབྱེ་བར་འདོད་ན༔ རང་ཉིད་ཕྲ་མེན་གྱི་རྒྱལ་པོར་བསྒོམས་པའི་མདུན་དུ་དམིགས་བྱ་གཉིས་རྒྱབ་སྤྲོད་དུ་གནས་པ༔ དེ་གཉིས་གཅིག་གི་སྙིང་ཁར་ཕོ་རོག་གཅིག་གི་སྙིང་གར་འུག་པ་བསྐྱེད་ལ༔ དམིགས་པ་ཟིན་ནས་རླུང་འཇུག་པ་དང་མཉམ་དུ་དམིགས་བྱ་གཉིས་འུབ་ཀྱི་བསྡུས་ནས་དབུ་མར་ཞུགས༔ གནས་པའི་ཚེ་སྙིང་གར་རྒྱབ་སྤྲོད་དུ་ཡོད་པར་བསམ༔ འབྱིན་པའི་ཚེ་སོ་སོར་ཐར་གྱིས་གཏོར་ནས་བསྐལ་པའི་བར་དུ་མི་འཕྲད་པར་དམིགས་ལ༔ རྐང་ལག་བཞི་འཕྲ་བྱ་བ་ལན་ཉེར་གཅིག་གིས་དབྱེ་བར་ནུས་སོ༔ ྀཨཚ༔ ཉེས་བྱེད་ཡུལ་ནས་དབྱུང་བར་འདོད་ན༔ བདག་གི་རླུང་གི་དཀྱིལ་འཁོར་བསྐྱེད་པའི་མདུན་དུ༔ དམིགས་བྱ་རླུང་གི་རྔ་མོ་སྔོན་པོ་ལ་ཞོན་ནས་རླུང་གིས་ཡེང་ཡེང་བཀྱགས་པ་ལ་སེམས་གཏད་ཅིང་རླུང་གཟུང༔ འབྱིན་པའི་ཚེ་རླུང་གིས་རང་དབང་མེད་པར་བསྐྱོད་དེ་མཐའི་མུན་པར་དམིགས༔ དེ་འདྲ་གཅིག་གིས་ཡུལ་གཞན་དུ་སྐྲོད་པར་བྱེད་དོ༔ ྀཨཚ༔ དམིགས་བྱའི་མཁར་ཁང་བསྒྱེལ་བར་འདོད་ན༔ ལུས་གནད་མཉམ་པར་བཞག་ཅིང་རང་ལུས་རི་ཡི་རྒྱལ་པོ་རི་རབ་ཙམ་དམིགས་ནས༔ རླུང་འཇུག་པའི་ཚེ་ལྟོ་བ་ཐམས་ཅད་རླུང་གིས་མེར་གྱིས་ཁེངས༔ འབྱིན་པའི་ཚེ་དུས་མཐའི་རླུང་ལྟར་སོང་ནས་རྡུལ་ཕྲན་ཙམ་ཡང་མ་ལུས་པར་གཏོར་བར་བསམས་ལ༔ རླུང་རིག་དྲག་ཏུ་གཏད་པས་མཁར་ཁང་བསྒྱེལ་བར་འགྱུར་རོ༔ ྀཨཚ༔ ལོག་འདྲེན་འབྱུང་པོ་བཏུལ་བར་འདོད་ན༔ རང་ལུས་ལྷུན་པོ་ཙམ་དུ་གྱུར་པར་བསམས་ལ༔ རླུང་རྔུབ་པའི་ཚེ་ལྟོ་བ་ཐམས་ཅད་ཡེ་ཤེས་ཀྱི་མེ་ཡིས་གང༔ དགང་ཞིང་གཞིལ་བའི་ཚེ་མེ་སྔར་ལས་འབུམ་འགྱུར་གྱི་ཚ་རུ་སོང༔ འཕངས་པའི་ཚེ་བསྐལ་པའི་མེ་དཔུང་ལྟ་བུར་སོང་ནས༔ གནོད་བྱེད་གང་ཡིན་པ་དེ་བྱ་སྒྲོ་བཞིན་དུ་རག་རག་བསྲེག་པར་དམིགས་ཤིང༔ གནོད་ཕྱོགས་སུ་སྡིགས་མཛུབ་གཏད་པས་ལོག་འདྲེན་གང་ཡང་འདུལ་ངེས་སོ༔ ྀཨཚ༔ དགྲ་བོའི་ལོ་ཏོག་སྐམ་པར་འདོད་ན༔ གཏུམ་མོ་མེ་དམིགས་ཀྱི་ངང་ནས་རླུང་འབྱིན་པའི་ཚེ་སྣང་སྲིད་ཐམས་ཅད་མེའི་རང་བཞིན་དུ་གྱུར༔ ཁྱད་པར་དམིགས་བྱའི་ལོ་ཏོག་ཐམས་ཅད་མེའི་རང་བཞིན་དུ་གྱུར༔ དམིགས་བྱའི་ལོ་ཏོག་ཐམས་ཅད་བསྲེགས་ནས་ཐལ་བ་བུང་བུང་དུ་སོང་བར་བསམས་ལ༔ རླུང་རིག་དྲག་ཏུ་གཏད་པས་དམིགས་བྱའི་ལོ་ཏོག་བསྐམ་པར་འགྱུར་རོ༔ ྀཨཚ༔ དགྲ་ལ་ཆོ་འཕྲུལ་འགྱེད་པར་འདོད་ན༔ རང་ཉིད་ཐན་གྱི་རྐྱལ་པ་ཆེན་པོ་གྱུར་པའི་ངང་ནས་རླུང་ཁོང་དུ་སྐྱིལ་བའི་ཚེ༔ གང་གཏོང་བར་འདོད་པའི་ཐན་དེ་རླུང་ལས་གྲུབ་པས་ཕོ་བ་ཁེངས་ཤིང༔ རླུང་ཕྱིར་འབྱུང་བའི་ཚེ་དམིགས་བྱའི་ཁང་ཁྱིམ་དུ་ལྟས་ངན་སྣ་ཚོགས་ཀྱིས་གང་བར་བསམས་ལ༔ རླུང་སེམས་དྲག་ཏུ་གཟིར་བས་ཉེར་གཅིག་གིས་དགྲ་ལ་ལྟས་ངན་འབྱུང་ངོ༔ ྀཨཚ༔ གནོད་བྱེད་ཆམ་ལ་ཕབ་པར་འདོད་ན༔ དམིགས་བྱ་དེ་ལ་སྙིང་རྗེ་དྲག་པོ་དུང་ངེ་བ་ཞིག་བསྐྱེད༔ དེ་ནས་རླུང་སེམས་ཁོའི་སྲོག་རྩར་གཏད་དེ་ལུས་ངག་ཡིད་གསུམ་རྡུལ་ཕྲན་བཞིན་དུ་སོང་བར་དམིགས་ཤིང༔ ཞག་གསུམ་དུ་རླུང་རྩོལ་ལ་འབད་པས་གནོད་བྱེད་ཆམ་ལ་དབབ་པར་ནུས་སོ༔ ྀཨཚ༔ མན་ངག་ཟབ་མོ་འདི་རྣམས་ནི་རླུང་སེམས་ལ་རང་དབང་ཐོབ་པའི་རྣལ་འབྱོར་པ་ཞིག་གིས་འགྲུབ་པར་འགྱུར་ལ་གཞན་གྱིས་ནི་མ་ཡིན་ནོ༔ ཨ་ཧོ་མན་ངག་ཟབ་མོ་ལས་ཚོགས་གཏེར་གྱི་ཕྲེང༔ གང་གིས་ཉམས་སུ་ལེན་པས་བདེ་བླག་འབྲས་བུ་ནི༔ ལྐོག་འགྱུར་མིན་པར་མངོན་སུམ་ཉིད་དུ་འགྲུབ་བྱེད་འདི༔ མ་འོངས་ལས་དང་སྐལ་བར་ལྡན་པའི་སྙིང་ནོར་བཞག༔ ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་འཇའ་ཚོན་སྙིང་པོས་གཟི་ཤོད་རུ་ལག་རྡོ་རྗེ་ཡོངས་རྫོང་ནས་དངོས་གྲུབ་ཏུ་རྙེད་པ་དགེའོ། །བཀྲ་ཤིས།། །། ྈ རྩ་རླུང་མཁའ་འགྲོའི་གསང་མཛོད་ལས༔ བདུད་རྩི་ཆུ་མིག་སྒྲུབ་ཐབས་བཞུགས་སོ༔ ྈྈྈྈྈ སྐུ་གསུམ་ངོ་བོ་ཐུགས་རྗེས་འགྲོ་ཀུན་སྒྲོལ༔ ཕྲིན་ལས་གང་ཡང་ཐོགས་མེད་འགྲུབ་པའི་དཔལ༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ༔ མྱུར་བར་སྟེར་བྱེད་རྡོ་རྗེ་ཕག་མོར་འདུད༔ རླུང་སེམས་ཟུང་དུ་འཇུག་པའི་གདམས་པ་ལ༔ རྩེ་གཅིག་ཉམས་ལེན་བྱེད་པའི་རྣལ་འབྱོར་གྱིས༔ ཐུན་མོང་དངོས་གྲུབ་ཕྲིན་ལས་ཟབ་པའི་དོན༔ གཞན་ལ་མ་སྤེལ་ཙིཏྟའི་མཛོད་དུ་ཆོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདིར་འབྱུང་བ་ཆུ་ལ་དབང་དུ་སྡུད་ཅིང་གྲུབ་རྟགས་སྟོན་པར་བྱེད་པ་ལ་གསུམ༔ སྔོན་འགྲོ་རྫས་གསག་པ༔ དངོས་གཞི་སྔགས་སྒྲུབ་པ༔ རྗེས་ལས་ལ་སྦྱར་བའོ༔ དང་པོ་སྔོན་འགྲོ་རྫས་གསག་པ་ནི༔ རྒྱ་མཚོ་རྫིང་ཟབ་ཀླུ་གནས་ངེས་པ་དང༔ ཆུ་བོ་ཆེན་པོ་ཀླུ་གནས་ངེས་པ་དང༔ ཆུ་མིག་གཉན་པོ་ཀླུ་གནས་ངེས་པ་གསུམ་གྱི་སྟེང་ནས༔ མེ་དང་ཉི་མ་ནམ་མཁའ་མ་མཐོང་བར༔ ཆུ་སྐྱོགས་ཞགས་པ་ཅན་གྱི་སྦྱོར་བས་ཟླ་བ་ཉ་ལ་བབ་པའི་ཚེ༔ རང་གི་ལག་རྗེན་མིན་པར་དར་རས་སྔོན་པོའམ་དཀར་པོ་དྲི་མ་མེད་པས་ལྕིབས་ནས༔ རྡེལ་འབྲུ་གླ་རིལ་ཙམ་བདུན་བདུན་བླངས་པས་ཉེར་གཅིག་དང༔ འབྱུང་བ་ཆུ་ཡི་འཁོར་ལོ་མུ་ཁྱུད་རིམ་པ་ལྔ་རུ་བསྐོར་བའི་ལྟེ་བར་ཁཾ་ལས༔ འབྱུང་བ་ཆུ་ཐམས་ཅད་དབང་དུ་སྡུས་ལ་འབྱུང་བ་ཆུའི་དངོས་གྲུབ་མྱུར་དུ་སྩོལ་ཅིག༔ ཅེས་བྲི༔ དེ་རྒྱབ་མུ་ཁྱུད་ལ༔ ཨོཾ་བཛྲ་བྷ་ར་ཧི་བཛྲ་ཌཱ་ཀི་ནཱི༔ ཧ་རི་ནི་ས༔ པ་ནི་པ་ཏི༔ སརྦ་སིདྡྷི་ཧཱུྃ་སྭཱ་ཧཱ༔ ཞེས་བྲི༔ དེ་རྒྱབ་རྩིབས་བཞི་ལ་ཁཾ་རེ་བྲི༔ དེ་རྒྱབ་མུ་ཁྱུད་ལ་ཆུ་རིས་བྲི༔ དེ་རྒྱབ་མུ་ཁྱུད་ལ་ཡེ་དྷརྨཱའི་ཤམ་དུ༔ ཨཱོྃ་པ་ནི་པ་ཏི༔ དེ་ཝི་ལོ་ཀ་ཏ་ར༔ སརྦ་སིདྡྷི་ཕ་ལ༔ པཱ་ཤཾ་ཀུ་རུ་ཧཱུྃ་སྭཱ་ཧཱ༔ ཞེས་བྲི༔ དེ་རྣམས་སྦལ་ཤུན་གྱིས་དྲིལ་ཏེ༔ ཉ་ཕྱིས་ཀྱི་ཁོག་པའམ་རུས་སྦལ་གྱི་ཁོག་པར་བཅུག༔ དེ་རྣམས་ལ་ཤ་རྗེན་མེ་ཉི་མ་ལ་སོགས་དྲོད་ཀྱིས་མ་གོས་པར་བྱ༔ དེ་ནས་གཟའ་སྐར་ཆུ་ལ་བབ་པའི་ཚེ༔ སྟེགས་བུ་གཙང་མའི་སྟེང་དུ་མཉྫིའི་ཁར་བཤམས་ལ་དར་སྔོ་ལྗང་གི་ཞལ་ཁེབས་བཀབ༔ མཐའ་སྐོར་དུ་དཀར་མངར་གྱི་མཆོད་པ་བཤམ༔ སྒྲུབ་གནས་སུ་ཀླུ་གནས་པར་ཤིས་སོ༔ གཉིས་པ་དངོས་གཞི་སྔགས་ཀྱི་སྒྲུབ་པ་ནི༔ རླུང་སེམས་ལ་དབང་འབྱོར་པའི་རྣལ་འབྱོར་གྱིས༔ རླུང་འབྱིན་འཇུག་གནས་གསུམ་དམིགས་པ་གཟིར་བ་ཙམ་གྱིས་ལས་འདི་འགྲུབ་པར་འགྱུར་ལ་རྣལ་འབྱོར་འབྲིང་མན་གྱིས་ཀླུའི་མཆོད་གཞུང་གང་རུང་ཞིག་གིས་ཁོག་དབུབ༔ དེར་མཐུན་གྱི་དཀྱིལ་འཁོར་སྟེང་དུ་གོང་གི་རྫས་དེ་བཞག༔ རང་དང་སྒྲུབ་རྫས་ཀྱི་བར་དུ་གཟུངས་ཐག་སྔོན་པོས་སྦྲེལ་ལ༔ ཨོཾ་སྭ་བྷཱ་བ་ཤུདྡྷ་སོགས༔ རང་གཞན་ཐམས་ཅད་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་རང་ཉིད་རྡོ་རྗེ་ཕག་མོ་སྐུ་མདོག་སྔོན་མོ༔ འཁོར་མཁའ་འགྲོ་སྡེ་ལྔ་དང་བཅས་པ་སྔོན་མོར་གསལ་བའི་ཐུགས་ལས༔ འོད་ཟེར་སྔོན་པོ་ཞིག་ཕར་འཕྲོས༔ མདུན་གྱི་རྫས་ཁོ་ལ་ཕོག་སྟེ་ཡོངས་སུ་གྱུར་པ་ལས༔ བཻ་ཌཱུརྻ་སྔོན་པོ་ལས་གྲུབ་པའི་གཞལ་ཡས་ཁང༔ རྒྱ་ཆེ་ལ་དཔངས་མཐོ་བ༔ ཉམས་དགའ་ལ་ཡིད་དུ་འོང་བའི་དབུས་སུ༔ རྫས་དང་འཁོར་ལོ་ཡང་ཆུའི་ལྷ་མོ་སྐུ་མདོག་སྔོན་པོ༔ ཞལ་གཅིག་ཕྱག་གཉིས༔ གཡས་ཨུཏྤལ་སྔོན་པོ་དང༔ གཡོན་བདུད་རྩིའི་བུམ་པ་འཛིན་པཿ དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ༔ ཞི་ཞིང་འཛུམ་པའི་རྣམ་པ་ཅན༔ ཞབས་གཉིས་ཟླ་བའི་གདན་ལ་སྐྱིལ་ཀྲུང་དུ་བཞུགས་པ༔ འཁོར་ཀླུ་ཆེན་བརྒྱད་དང༔ ཆུའི་ལྷ་དང་ལྷ་མོ་རྣམས་ཀྱིས་བསྐོར་ཞིང༔ འབྱུང་བ་ཆུའི་དངོས་གྲུབ་སྟེར་བར་བསྐྱེད༔ ཨཱོྃ་པ་ནི་པ་ཏི༔ དེ་ཝི་ལོ་ཀ་ཏ་ར༔ ས་པ་རི་ཝཱ་ར༔ ས་མ་ཡ་ཛ་ཛ༔ ཞེས་པས༔ རང་བཞིན་གྱི་གནས་ནས་ཆུའི་ལྷ་དང་ལྷ་མོ་ཐམས་ཅད་སྤྱན་དྲངས༔ མདུན་དུ་བསྐྱེད་པའི་དམ་ཚིག་པ་ལ་ཐིམ་སྟེ་གཉིས་སུ་མེད་པར་བསམས་ལ༔ ནུབ་མོར༔ ཨོཾ་བཛྲ་བྷ་ར་ཧི༔ བཛྲ་ཌཱ་ཀི་ནཱི༔ ཧ་རི་ནི་ས༔ པ་ནི་པ་ཏི༔ སརྦ་སིདྡྷི་ཧཱུྃ་སྭཱ་ཧཱ༔ ཞེས་བཟླས་པས༔ སྔགས་ཀྱི་འོད་ཟེར་དབྱར་གྱི་སྨུག་ཟིམ་འཐིབ་པ་ལྟར་འཕྲོས་ཤིང༔ གཟུངས་ཐག་གི་རྒྱུད་ལས་ཕར་སོང་བས༔ འཁོར་ལོ་རྫས་བཅས་ཆུའི་ལྷ་མོར་གསལ་བའི་ཐུགས་ཀར་ཐིམ་པར་དམིགས༔ ཉིན་མོར༔ ཨཱོྃ་པ་ནི་པ་ཏི༔ དེ་ཝི་ལོ་ཀ་ཏ་ར༔ སརྦ་སིདྡྷི་ཕ་ལ༔ པཱ་ཤཾ་ཀུ་རུ་ཧཱུྃ་སྭཱ་ཧཱ༔ ཞེས་བཟླས་པས༔ ཆུའི་ལྷ་མོ་ཆུ་དང་ཆུ་བདག་ཐམས་ཅད་དབང་དུ་བསྡུས་ཤིང༔ འབྱུང་བ་ཆུ་ལ་དབང་འབྱོར་པའི་དངོས་གྲུབ་བྱིན་པར་བསམ༔ ཁྱད་པར་དུ་ས་ཕྱོགས་གཞན་གང་འོས་ཀྱི་ཀླུ་ཕྱུག་པོ་ཞིག་དམིགས་པས་བཀུག་ལ་གང་འདོད་པའི་ཆགས་པ་བསྐྱེད༔ དེ་ཞག་ཉེར་གཅིག་གམ༔ རྟགས་མ་བྱུང་བར་དུ་བསྒྲུབ༔ རྟགས་ནི༔ རབ་དངོས༔ འབྲིང་ཉམས༔ ཐ་མ་རྨི་ལམ་དུ༔ ཆུ་འཁྱིལ་བ༔ ཁ་ཆར་འབབ་པ༔ བུད་མེད་བཟང་པོས་ཆང་ལ་སོགས་བཏུང་བ་འདྲེན་པ༔ ཀླུའི་རྟགས་མང་པོ་འབྱུང༔ དེ་ནས་ཆུ་ཡི་ལྷ་མོ་ཐམས་ཅད་རྫས་དང་འཁོར་ལོ་ལ་བསྟིམ༔ རྫས་སྣོད་དར་གཙང་མས་དྲིལ་ཞིང༔ མི་ལག་མི་འགྲིམས༔ ལུས་དྲོད་མི་བཅར་བར་རང་གར་སྡོད་དུ་འགྲོགས༔ འདོད་པའི་ཕྲིན་ལས་ཐམས་ཅད་འགྲུབ་པར་བྱེད་དོ༔ གསུམ་པ་རྗེས་ཀྱི་བྱ་བ་ལས་ལ་སྦྱར་བ་ནི༔ ས་ཕྱོགས་གང་འདོད་དེ་རུ་རླན་གྱི་རྣམ་པ་ཅུང་ཟད་ཡོད་ན་རབ༔ མེད་ན་གཏིང་དུ་ཆུ་ཡོད་མེད་བརྟགས་ཐབས་སུ༔ རྒྱལ་གྱི་ཟླ་བར་ས་དོང་གྲུ་གང་བརྐོས་པའི་སྟེང་དུ་རྡོ་ལེབ་ཀྱིས་བཀབ༔ དེའི་སྟེང་དུ་མཁར་གཞོང་ཆུས་བཀང་པའི་ནང་དུ་ཆུ་ཤེལ་བཅུག་ལ༔ བཅོ་ལྔའི་ནུབ་མོར་ཟླ་བར་མཐོང་བར་བྱས་ནས་བཞག༔ སང་ཞོག་རྡོ་འོག་ཏུ་ཟིལ་པ་ཆགས་ན་ཆུ་ཡོད་པའི་རྟགས་ཡིན་པས༔ ས་དེར་ཀླུ་གནས་ངེས་པའི་མཚོ་དང་ཆུ་མིག་རྒྱུན་འབབ་ཀྱི་ཆུ༔ ཁྱེའུ་དང་བུ་མོ་གྲོང་པའི་ཆོས་ཀྱིས་མ་གོས་པས༔ ཤ་ཆང་སྒོག་གསུམ་སྤངས་ཏེ་བླངས་ལ་རྫིང་བུ་བསྐྱིལ༔ ཐ་མ་ཤིང་སྣས་བསྐོར༔ སྟེང་དུ་ཀླུའི་ཕོ་བྲང་བཞེངས་ཤིང་དཀྱིལ་འཁོར་དང་རྫས་སྣོད་བཤམ༔ ཀླུ་མཆོད་བྱ་ཞིང་ཆུའི་ལྷ་མོ་འཁོར་བཅས་སྤྱན་དྲངས་ཤིང་གནས་དེར་བརྟན་པར་བཞུགས་སུ་གསོལ༔ གཏོར་མཆོད་རྒྱས་པར་འབུལ་ལ༔ ས་ཕྱོགས་ཆེ་གེ་མོ་འདིར་ཆུ་ཕོབ༔ ཆུ་ཡི་དངོས་གྲུབ་སྩོལ༔ ཆུ་ཡོད་པར་མཛོད་ཅིག༔ ཆུ་འབེབ་པའི་རྟེན་འབྲེལ་གང་བཟང་གིས་བསྒྲིག༔ དེས་ཆུ་ཕེབ་པར་འགྱུར་ཏེ་དམེ་མཛེ་ཡུགས་ས་ལ་སོགས༔ ཚུལ་མི་ཤེས་པའི་མི་ལ་དང་པོ་སློང་དུ་མི་གཞུག༔ དེ་ནི་ཆུ་འབྱུང་བ་ཆུ་དབང་དུ་འདུས་ཤིང་གྲུབ་རྟགས་ཐོན་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཟབ་ལམ་མཁའ་འགྲོ་གསང་མཛོད་ལས༔ རི་ཁྲོད་ཆུ་ཡི་དབེན་ལ་འདོད་འབྱུང་ནོར༔ ཉེར་མཁོའི་གནད་འདི་མཁའ་འགྲོའི་ཡི་གེར་བཀོད༔ མ་གསང་སྤེལ་ན་གདམས་པའི་བྱིན་རླབས་ཡལ༔ གསང་ཞིང་སྤྱོད་ན་དངོས་གྲུབ་ལྷག་པར་མྱུར༔ དེ་ཕྱིར་མ་འཆལ་སྙིང་གི་གུར་དུ་ཆོངས༔ སྣོད་ལྡན་ཐུགས་ཀྱི་སྲས་མཆོག་དེ་ལ་བྱིན༔ སྐལ་མེད་ལོག་ལྟ་ཅན་ལ་མ་ཤོར་ཅིག༔ ཁ་ཐཾ༔ གུ་ཧྱ་རྒྱ༔ གཏེར་སྟོན་འཇའ་ཚོན་སྙིང་པོས་རྡོ་རྗེ་ཡོངས་རྫོང་ནས་དངོས་གྲུབ་ཏུ་རྙེད་པའོ།། །། ྈ རྩ་རླུང་མཁའ་འགྲོའི་གསང་མཛོད་ལས༔ ཟབ་ཡིག་སྙིང་གི་རྒྱ་ཅན་བཞུགས༔ ྈྈྈྈ གདམས་པའི་མཛོད་འཆང་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ༔ ཁྲིད་ཚར་གྱི་སློབ་མ་ཤེས་ཆེ་དང་ལྡན་གསང་ཐུབ་གཅིག་གཉིས་ཙམ་ལས༔ སྐྱེ་བོ་ལོག་ལྟ་དང་ཐེག་དམན་བློ་ཆུང་གི་རིགས་ལ་རླུང་ཕྱོགས་ཙམ་ཡང་ཐོས་སུ་མི་རུང་བའི་གདམས་པ༔ ཤིན་ཏུ་གཅེས་པའི་ཟབ་ཡིག་སྙིང་གི་རྒྱ་ཅན་མ་འདི་ནི༔ རྩ་རླུང་མཁའ་འགྲོའི་གསང་མཛོད་ཀྱི་ཁྲིད་གཞུང་དབུ་མཐའ་ཀུན་ལ་ཉེ་བར་མཁོ་བའི་རྒྱབ་སྐྱོར་དུ་བྱའོ༔ དེ་ཡང་དང་པོ་ཕྱི་བསྐྱེད་རིམ་ལྷའི་རྣམ་གཞག་གི་སྐབས་སུ༔ དབུ་མ་མཚན་ཉིད་བཞི་ལྡན་གསུང་པ་ནི༔ ཏིལ་གྱི་མར་མེ་ལྟར་གསལ་བ༔ རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་དམར་བ༔ པདྨའི་འདབ་མ་ལྟར་སྲབ་པ༔ ཆུ་ཤིང་སྡོང་པོ་ལྟར་དྲང་བ་དང་བཞིའོ༔ མིང་ནི་དབུ་མ་མཆོག་གི་རྩ་དེ་ལ༔ ཨ་བ་དྷཱུ་ཏི༔ ཀུན་འདར་མ༔ སྒྲ་གཅན༔ མ་ནིང༔ ཡིད་བཟང་མ༔ བྱང་ཆུབ་ཀྱི་རྩ༔ ཁཱ་ཁཱ་མུ་ཁཱ༔ མུན་པ་འབབ་པ་ཞེས་སོ༔ རོ་མ་ལ༔ ཉི་མ༔ བུད་མེད༔ རྡུལ༔ ཤེས་རབ་ཀྱི་རྩ༔ ཁྲག་འབབ་པ་ཞེས་སོ༔ རྐྱང་མ་ལ༔ ཟླ་བ༔ སྐྱེས་པ༔ སྙིང་སྟོབས༔ ཐབས་ཀྱི་རྩ༔ ཁུ་བ་འབབ་པ་ཞེས་སོ༔ བུད་མེད་ལ་གཡས་རྐྱང་མ་གཡོན་རོ་མའོ༔ རོ་རྐྱང་འདི་གཉིས་ལུང་རེ་འགའ་ནས་སྐྱེས་པ་ལ༔ གཡས་དཀར་གཡོན་དམར་གསུངས་ཏེ༔ མི་འཐད་པའི་རྟགས་སུ་ཕོ་ལ་སྣ་ཁྲག་གཡས༔ མོ་ལ་གཡོན་ནས་འབབ་པ་འདིས་གསལ་ལོ༔ རྩ་དབུ་མ་ཡང་ཐེག་པ་འོག་མར་ཞེན་ཆེ་བ་རྣམས་ཀྱིས༔ ལྟེ་འོག་སོར་བཞི་ལས་རིང་བར་མི་གནས་ཞེས་སྨྲ་སྟེ༔ ཕྲ་སྦོམ་དར་སྐུད་ཙམ་པ་སྤྱི་བོ་ནས་གསང་གནས་ཀྱི་བར་དུ་གནས་སོ༔ བསྐྱེད་པའི་སྐབས་སུ་རང་གཞུང་དང་བསྟུན་ནས༔ དཔེར་ན༔ འཕོ་བ་བསྒོམ་པའི་དུས་སུ་སྙིང་གའི་བར༔ གཏུམ་མོའི་དུས་སུ་ལྟེ་འོག༔ ཐིག་ལེའི་དུས་སུ་གསང་གནས་ཀྱི་བར་དུ་བསྐྱེད་པར་བྱའོ༔ རོ་རྐྱང་གཉིས་ཀྱང་བསྐྱེད་པའི་དུས་སུ་དབུ་མའི་མར་སྣེ་ལ༔ ཡི་གེ་ཆ་ཡི་དབྱིབས་སུ་ཟུག་ཅིང༔ ཡར་སྣ་རྣ་ལྟག་གཡས་གཡོན་དུ་ཁྲིས་ཤིང་སྣ་བུག་གཡས་གཡོན་དུ་སྒོ་དོད་གསུང་ཡང༔ མར་སྣ་ནི༔ ལྟེ་འོག་སོར་བཞིའི་མཚམས་སུ་དབུ་མའི་ཁར་ཚུད་ལ་ཁད་དུ་གནས་ཏེ༔ སྲོག་རྩོལ་གྱི་རླུང་དང་མཚན་ལྡན་གྱི་ཕྱག་རྒྱ་ལ་བསྟེན་པའི་རྐྱེན་གྱིས་དབུ་མའི་ཁར་ཚུད་དོ༔ རྩ་འཁོར་ལྔའི་གྲངས་མིང་ནི༔ སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ལ༔ རིམ་པ་ཅན༔ འདོད་པ་ཅན༔ འདོད་ཅན་མ༔ སྲོག་གི་ལུས༔ ཟླ་ཐུང་མ༔ ཟླ་སྟེར་མ༔ མཛེས་པ་མ༔ འདོད་ལྡན༔ མི་སྨྲ་བ༔ ཀུ་ཤ་ལ༔ ཤི་པ་ཡོང༔ དག་པ་ཅན༔ མེ་མ༔ ལི་རོ་མ༔ ནེ་ཙོ་མ༔ གང་བ་མ༔ ཉི་མ༔ རོ་ལྡན་མ༔ གོས་རིང་མ༔ ཆང་སྟེར་མ༔ བདུད་རྩི་མ༔ དུང་ཅན་མ༔ དུང་སྣ་མ༔ དུང་མིག་མ༔ དུང་སྣ་ཅན༔ རྒྱགས་མ༔ དབང་རྒྱག་མ༔ བསྒོམ་པ་མ༔ རྒྱགས་པས་རྒྱལ་མ༔ ངོ་མཚར་རྒྱགས་མ༔ སྙེམས་པ་མ༔ ཚིག་བརྟན་དང་སུམ་ཅུ་སོ་གཉིས་སོ༔ མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ༔ ལོངས་སྤྱོད་མ༔ ལོངས་སྤྱོད་སྟེར༔ ལོངས་སྤྱོད་གསང༔ ཉི་མ་འགྲོ༔ ཉི་མ་གསལ༔ སྐལ་བ་ཆེ༔ སྐོམ་པ་མ༔ ཐལ་བའི་གདོང༔ བཟའ་བ་མ༔ བཟའ་བ་ཟ༔ བཀྲེས་པ་མ༔ བཅུད་ལེན་མ༔ རོ་བཀུར་མ༔ རོ་འཇིག་མ༔ རོ་མྱང་མ༔ ཁྲུང་ཁྲུང་མ་དང་བཅུ་དྲུག་གོ༔ སྙིང་ག་ཆོས་ཀྱི་འཁོར་ལོ་ལ༔ རིན་ཆེན་ཅོད་པན༔ པདྨ་ཆེན་པོ༔ རྡོ་རྗེ་ཆེན་པོ༔ སྟོབས་པོ་ཆེ༔ མགོན་པོ་ཆེན་པོ༔ སྒྲ་བོ་ཆེ༔ ཉེར་དགའ་ཆེན་པོ༔ མྱོས་ཆེན་དང་བརྒྱད༔ ལྟེ་བ་སྤྲུལ་པའི་འཁོར་ལོ་ལ༔ ཡང་དག་ཤུགས༔ ཤིན་ཏུ་བཟང༔ བཟང་འགྲོ༔ སྟོབས་ཆེན༔ མི་མཛད༔ མཛེས་ཆེན༔ མདུན་སྐྱེས༔ རྒྱགས་པའི་རྟགས༔ རྒྱགས་པའི་ཆ༔ རྒྱགས་པའི་ཆུ༔ རྒྱགས་པ་ཅན༔ རྒྱགས་མཐུན༔ རྒྱགས་པའི་རླན༔ རྒྱགས་འཆང༔ རྩུབ་པ་མ༔ ཁ་མཆུ་ཅན༔ གླང་སྣ༔ དབུག་འགག༔ གཡའ་ཁ་འགྲོ༔ འདབས་ཆགས་མ༔ ཁྲའི་གདོང༔ ཟ་བྱེད་མ༔ མི་བཟད་མ༔ སྒྲ་སྒྲོག་མཛད༔ དྲི་ལྡན་མ༔ དབྱུག་རྡེག་མ༔ བརྟུལ་ཞུགས་མ༔ དབྱངས་ཅན་མ༔ དབྱངས་སྐྱེས་མ༔ སྤྲིན་གྱི་ཤུགས༔ ཆུ་བ་མཐོ༔ རྒྱ་ལྟར་མ༔ ཡུད་ཙམ་མ༔ ཡུད་ཙམ་ལ༔ ཡུད་ཙམ་སྐྱེས༔ རྒྱབ་ལྟས་མ༔ དབྱུག་པ་མ༔ དབྱུག་སྙེམ་མ༔ རྙིང་པ་མ༔ ཚིགས་མ་སླ༔ ཚིགས་ཀྱི་ཚིགས༔ ཚིགས་ཀྱི་ཚད༔ རྡུལ་འབབ་མ༔ ཚིགས་ཀྱི་གནས༔ ཚིགས་ཀྱི་རྡོ༔ ཚིགས་ཀྱི་འོད༔ ལུ་གུ་རྒྱུད༔ དུལ་བྱེད་མ༔ དུལ་འགྲོ་མ༔ གཟི་བརྗིད་ཅན༔ དྲི་མེད་དུལ༔ སྙེམ་པ་མ༔ ཆུན་ཕྱང་ལྟོ༔ ཆགས་པ་ཅན༔ ཆགས་པ་ཆགས༔ ཆུན་འཕྱང་ཅན༔ སྦྲང་བུ་མ༔ ཕྲུ་གུ་བ༔ ཕྲུ་གུ་མ༔ འགྲོ་བཟང་མ༔ ལོ་མ་ཅན༔ ལོ་མ་མགྲིན༔ རབ་མཆོག་མ༔ རབ་གསལ་མ་དང་དྲུག་ཅུ་རྩ་བཞིའོ༔ གསང་གནས་བདེ་སྐྱོང་གི་འཁོར་ལོ་ལ༔ བདེ་བྱེད་མ༔ སྦས་མ༔ བྱ་མཆུ་མ༔ ཤུགས་ལྡན༔ སྐྱོད་བྱེད༔ རྩ་འཇིགས༔ བགྲང་མ༔ ཡལ་འདབ་མ༔ གླང་སྣ་མ༔ འཁྲས་མ༔ གཡུང་ལོ༔ སྟེར་མ༔ ལས་མ༔ སྟོབས་ཆེན༔ ཚངས་རྒྱུ༔ རྒྱུན་འབབ༔ འཁྱིལ་མ༔ ཞག་སྒོར༔ སྡུད་བྱེད༔ རླུང་འཛིན་དྲོད་མ༔ སྦར་བྱེད༔ ཁྲག་འཛིན༔ སྦྲིད་བྱེད༔ གཡའ་ཟ་མ༔ མྱོང་མ༔ མིའུ་ཐུང་དང་་་གཉིས་མི་ཚང་།མཆན།ཉེར་བརྒྱད་དོ༔ དེ་ལྟར་རྩ་ཡི་མིང་གི་གྲངས་སུ་འཛིན་པ་འདིས་ནི༔ རྩ་འཁོར་ལོ་དང་རྩ་འདབ་མང་ཉུང་གི་ལུང་མི་མཐུན་པ་ཁེགས་ཤིང༔ གཞུང་འདི་ལ་ཡིད་ཆེས་པའི་ཕྱིར་རོ༔ སྐབས་སུ་ལུས་ཀྱི་དྲི་མ་བཀྲུ་ཞིང་བཀུ་མཉེ་བྱ༔ ཞེས་པ་ནི༔ དང་པོ་ཕྱག་བསྐོར་སོགས་ཀྱིས་ལུས་རྔུལ་ཆིལ་ལེར་ཐོན་པ་དང༔ ཆུ་དྲོན་མོ་བུལ་ཏོག་བཏབ་ལ་ལུས་ཐམས་ཅད་དག་པར་བཀྲུ༔ དེ་བསྐམ་ནས་འོ་མ་དྲོན་མོའམ་དྲོན་པོར་བསྲོ་ལ་ལུས་ཐམས་ཅད་ཁྱབ་པར་བྱུགས་ལ་འཕུར༔ དེ་རྗེས་རང་གི་དྲི་ཆུ་དང་ཆང་གི་ཉིང་ཁུ་ཆ་མཉམ་དུ་སྦྱར་ལ་ལུས་ཐམས་ཅད་བྱུག་དྲོས་སྐྱེས་པར་འཕུར༔ དེ་ནས་མར་ཚིལ་རྐང་དང་ཁམ་བུ་སྟར་གྱི་ཕྱེ་འཕུར་བྱ་ལ་རིག་མའམ༔ གྲོགས་ཤེད་ལྡན་ཞིག་གིས་ཁོད་སྙོམས་དུ་འཕུར་བྱུག་དྲག་ཏུ་བྱ༔ དེ་ཚར་ནས་ལུས་བསིལ་དྲོད་སྙོམས་པའི་གོས་གོན༔ མེ་དང་ཉི་མ་ལ་ཚིག་པར་མི་བསྲོ༔ བཟའ་བཏུང་འགྲང་ལྟོགས་སྙོམས༔ རླུང་གི་རྣལ་འབྱོར་བཀུ་མཉེ་འདི་ནི༔ ཞག་བདུན་ནམ་བཅུ་ལས་མ་འདས་པར་གལ་ཆེ་བ་ལགས་སོ༔ ནང་འབྱིན་འཇུག་རླུང་གི་ཉམས་ལེན་གྱི་ནང་དུ༔ ལུས་གནད་རྣམ་སྣང་ཆོས་བདུན་ཟེར་བ་ནི༔ རྐང་པ་སྐྱིལ་ཀྲུང་ལག་པ་མཉམ་གཞག༔ སྒལ་ཚིགས་དྲང་པོ༔ དཔུང་པ་ཕྱིར་དགྱེད༔ མགྲིན་པ་དགུག༔ ལྕེ་མཆུ་རང་བབ་ཏུ་བཞག༔ མིག་སྣ་རྩེར་ཕབ་པའོ༔ སྲུང་བའི་འཁོར་ལོ་དང་ཞེས་པ་ནི༔ སྤྱིར་སྲུང་བའི་གུར་ཁང་དགུ་རིམ་སོགས༔ རིགས་མི་འདྲ་བ་མང་ནའང༔ འདིར་ནི༔ ནང་དུ་རྡོ་རྗེའི་གུར་ཁང་སྲ་ལ་མཁྲེགས་པས་གཏམས་པས༔ དེའི་དྲྭ་མིག་ཐམས་ཅད་སྲུང་བ་ཁྲོ་བོ་གསེར་ཁྲབ་ཅན་གྱི་སྐུ་ཞལ་ནང་དུ་གྱུ་ནས་སྲུང་བའི་སྒྲ་སྒྲོག་པ༔ དེའི་ཕྱི་རིམ་མཚོན་ཆའི་གུར་ཁང་རྣོ་ལ་ངར་བས་གཏམས་པས༔ དྲྭ་མིག་ཐམས་ཅད་ཟློག་པའི་ཁྲོ་བོ་ལྕགས་ཁྲབ་ཅན་གྱིས་ཞལ་ཕྱི་རུ་གྱུ་ནས་ཟློག་པའི་སྔགས་བརྗོད་པ༔ དེའི་ཕྱི་རིམ་འཁོར་ལོའི་གུར་ཁང་དྲག་ལ་རྩུབ་པས་གཏམས་པ༔ རྩིབས་རྩེ་ཐམས་ཅད་གསོད་པའི་ལས་མཁན་མཚོན་ཆ་ཅན་གྱིས་ཞལ་ཕྱི་རུ་ཕྱོགས་ནས་གསད་པའི་དབལ་སྟོན་པ༔ ཕྱི་ནང་ཉོན་མོངས་པ་བསྲེགས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་བསྒོམ་པ་ནི༔ བྱད་སྟེམས་ལ་སོགས་གཟུགས་ཅན་གྱི་གནོད་པ༔ ནད་གདོན་ལ་སོགས་གཟུགས་མེད་ཀྱི་གནོད་པས་མི་ཚུགས་པའི་ཡོན་ཏན་ཡོད་དོ༔ དེའི་འོག་ཏུ་བྱང་སེམས་མཚན་ཉིད་བཞི་ལྡན་ནི༔ དཀར་བའི་མཚན་ཉིད་སྟོན་ཀའི་ཟླ་བ་ལྟ་བུ༔ གསལ་བའི་མཚན་ཉིད་ཏིལ་གྱི་མར་མེ་ལྟ་བུ༔ ཟླུམ་པའི་མཚན་ཉིད་བྱ་ཡི་སྒོ་ང་ལྟ་བུ༔ ཞུ་ལ་ཁད་པའི་མཚན་ཉིད་རྔུལ་ཆུ་ལྟ་བུ་དང་བཞིའོ༔ ཡང་ཨ་ཤད་ཀྱི་མཚན་ཉིད་བཞི་ལྡན་ནི༔ ཁ་དོག་རྒྱ་སྐྱེག་གི་མེ་ཏོག་ལྟར་དམར་བ༔ འོད་ཏིལ་གྱི་མར་མེ་ལྟར་གསལ་བ༔ རེག་བྱ་ལྕགས་སྲེག་དམར་པོ་ལས་ཚ་བ༔ དབྱིབས་ཟངས་ཀྱི་མོ་ཁབ་ལྟར་ཕྲ་བ་དང་བཞི་སྟེ༔ མེ་ཡི་སྒྲ་འུར་འུར་ཕེཾ་ཕེཾ་སྒྲོག་པ༔ སོར་བཞི་ཙམ་དུ་བསྒོམ་པར་བྱའོ༔ ཁམས་དཀར་དམར་གཉིས་རྒྱུད་ལ་ལ་ནས་སྤྱི་བོ་ནས་ལྟེ་འོག་ཏུ་གནས་པར་བཤད་ཀྱང༔ གདམས་པ་འདིའི་ལུགས་ཀྱི་དཀར་པོ་ནི་སྨིན་མཚམས་དང༔ དམར་པོ་ནི་རྡོ་རྗེའི་རྩེ་དང་པདྨའི་ཟེའུ་འབྲུ་ལ་གནས་པར་གསུངས་སོ༔ རླུང་གི་རྣལ་འབྱོར་ལ་སྦྱོང་བའི་གང་ཟག་ཕོ་མོ་གང་ཡིན་ཡང༔ ལོ་བཅུ་དྲུག་ནས་ཉེར་ལྔའི་བར་དུ་ལུས་སྟོབས་རབ་ཏུ་རྒྱས་ཤིང་རླུང་ནང་དུ་འཇུག་པའི་ནུས་པ་ཆེ་ལ༔ ཉེར་ལྔ་ནས་ཞེ་ལྔའི་བར་དུ་ཤེད་རྫོགས་པ་རླུང་ནང་དུ་བརྟེན་པའོ༔ ཞེ་ལྔ་ནས་ལྔ་བཅུའི་བར་དུ་ལུས་སྟོབས་རང་སར་གནས་པས་རླུང་ནང་དུ་གནས་པ་ཡིན་ལ༔ ལྔ་བཅུ་ནས་ལོ་རེ་བཞིན་དུ་རླུང་ནུས་ཇེ་ཞན་དུ་འགྲོ་བས་རླུང་གི་ཡོན་ཏན་སྐྱེ་བར་དཀའ༔ འདི་ནི་སྤྱིར་བཏང་གི་ཡིན་གྱི་ལུས་སྟོབས་དང་ཐིག་ལེ་ཉམས་མ་ཉམས་རང་ཉམས་དང་བསྟུན་པ་གལ་ཆེའོ༔ རླུང་སྣ་གཡས་གཡོན་རེ་རེ་ནས་རྒྱུ་བ་སྙོམས་ཐབས་ལ༔ གང་རྒྱུ་བའི་ཕྱོགས་དེར་མཛུབ་མོས་བཀག་ལ་འོག་ཏུ་བསྟན་ལ་ཉལ་ན་སྙོམས་སོ༔ གཞན་ཡང་རླུང་འཛིན་མི་ཉན་པའི་དུས་དྲུག་མི་ལྔ་ལ་སོགས་ཞལ་གྱི་གདམས་པ་ལས་ཤེས་དགོས་སོ༔ བར་རླུང་ལ་བསླབ་དུས་གནད་མེ་ཐབས་དྲུག་ཆིངས་བྱ༔ ཞེས་པ་ནི༔ འབེབ་གདན་གྱི་ཁར་ཙོག་པུར་རྐང་པ་གཉིས་བསྣོལ་བའི་པུས་མོའི་སྟེང་དུ་གྲུ་མོ་གཉིས་བཞག་ནས༔ ལགས་གཉིས་བསྣོལ་ཏེ་ཕྲག་གོང་གཉིས་སུ་བཞག༔ མེ་ཐབ་ཟུར་གསུམ་དྲུག་ཡོང་བར་བྱས་ལ་སྒོམ་ཐག་གིས་བཅད༔ འོག་སྒོའི་ཐད་དུ་གྲུ་གུ་ཁུ་ཚུར་ཙམ་བཞག་པ་མན་ངག་ཡིན་ནོ༔ བུམ་པ་ཅན་གྱི་སྐབས་སུ་ལུས་གནད་འཁོར་ལོ་བཞི་སྦྱོར་ཞེས་པ༔ ཙོག་པུར་འདུག་སྟེ་རྐང་མཐིལ་མེ་ཡི་འཁོར་ལོ་དང༔ བོལ་གོང་ཆུའི་འཁོར་ལོ་གཉིས་སྦྱོར༔ བྲང་ཀ་མེའི་འཁོར་ལོ་དང༔ པུས་མོ་ཆུའི་འཁོར་ལོ་གཉིས་སྦྱོར༔ ལག་གཉིས་མེའི་འཁོར་ལོ་དང༔ གྲུ་མོ་ཆུའི་འཁོར་ལོ་གཉིས་སྦྱོར༔ མཐོང་ག་མེའི་འཁོར་ལོ་དང༔ མ་ནེ་ཆུ་ཡི་འཁོར་ལོ་གཉིས་སྦྱོར་རོ༔ ཐུན་མཚམས་རྣམས་སུ་བོགས་འདོན་གྱི་འཕྲུལ་འཁོར་ཐུན་མོང་བ་རྣམས་བྱ༔ དེ་ནས་ཕོ་བ་གཡས་གཡོན་དུ་བསྐོར༔ དེས་ལྟེ་བའི་རྩ་མདུད་གྲོལ་བའི་རྟེན་འབྲེལ་ཡོད༔ དེ་ནས་རོ་སྟོད་གཡས་གཡོན་གཅུ༔ དེས་ནི་སྙིང་གའི་རྩ་མདུད་གྲོལ་བའི་རྟེན་འབྲེལ་ཡོད༔ དེ་ནས་མགོ་བོ་གཡས་གཡོན་བསྐོར༔ དེས་མགྲིན་པའི་རྩ་དགྱེ་ན་འགུག་གསུམ་གསུམ་བྱ༔ དེས་སྤྱི་བོའི་རྩ་མདུད་གྲོལ་བའི་རྟེན་འབྲེལ་ཡོད༔ དེ་ནས་རྐང་ལག་བརྐྱང་བསྐུམ་ཚར་རྗེས་དྲག་འབེབ་ཅི་ནུས་བྱ༔ དེས་བདེ་དྲོད་ཀྱིས་ལུས་ཁྱབ་ཅིང༔ རླུང་གེགས་དང་ཁམས་འདུས་སེལ༔ བདེ་གསལ་མི་རྟོག་པའི་ཏིང་འཛིན་སྐྱེའོ༔ དྲག་རླུང་གི་སྐབས་སུ་ལུས་སྦྱོར་དྲུག་ནི༔ ཉི་ཟླ་མཁའ་ལ་གཏད༔ རོ་འཛིན་ཐེམ་ལ་སྦྱར༔ རྐྱལ་པ་མདུད་པས་བསྡམ༔ སྦྲུལ་ཚང་བྲག་ལ་གཅར༔ ཞགས་པ་གྱེན་དུ་འཐོན༔ གླིང་བཞི་མཐའ་ནས་བསྡུ་བ་སོགས་ཞལ་གྱི་གདམས་པའོ༔ ཆུ་རས་བྱེད་ན༔ ཞག་གསུམ་གོང་ནས་ཤུལ་དང་མར་རྙིང་སྤང༔ དྲག་རླུང་ལ་ནན་བྱ༔ དེ་ནས་ནངས་པར་སྔ་མོར་ཐུན་མོང་གཏུམ་མོའི་འཕྲུལ་འཁོར་ཉེར་ལྔ་ཚར་གཅིག་སྦྱང༔ དེ་ནས་རས་གཟན་དྲི་མ་མེད་པ་ཆུ་ནང་དུ་དྲངས་ལ་བཙིར༔ གྲོགས་ཤིག་གིས་རས་གཟན་གང་འདང་གིས་དཀྲིས་ཤིང་མགོ་ཡང་བཏུམ་དུ་བཅུག༔ དྲག་རླུང་གི་སྦྱོར་བ་ལ་འབད༔ ཚ་ཆེ་ན་བུམ་ཅན་དང་བར་རླུང་ཙམ་དུ་ཀློད་ཤེས་པར་བྱ༔ དེ་ལྟར་སྦྱངས་པས་ནངས་རེ་ལ༔ རབ་ཀྱིས་གྲངས་དགུ༔ འབྲིང་གིས་ལྔ༔ ཐ་མས་གསུམ༔ ཡང་ཐས་གཅིག་བསྐམ་ནུས་སོ༔ དེ་ཚར་ནས་ཟས་བཅུད་ཅན་བརྟེན༔ བཀུ་མཉེ་ཡང་ཡང་བྱ༔ དྲོད་ཀྱི་ཡོན་ཏན་བུལ་ན་ཕྱི་ནང་གི་རྫས་སྦྱོར་བརྟེན་པ་ལ་ཞལ་གདམས་སུ་ཤེས༔ སྲོག་རྩོལ་ལ་སྤྱོད་པའི་རྣལ་འབྱོར་དེས༔ ཟས་གོས་གྲིབ་ཅན་གྱི་རིགས་སྤང༔ རྡུལ་དང་དུ་བ་ལ་འཛེམ༔ སྤོད་ཚོད་དང་རུལ་སུམ་གྱི་ཟས་མི་བཟའ༔ ཤ་ཅན་གྱི་གོས་ནི་ཅི་སྨྲོས༔ དུག་པོ་ལ་སོགས་ཕྱི་གོས་གོང་བ་ཅན་གྱི་རིགས་དང༔ ལྤགས་ཤུན་གྱི་སྟན་སོགས་དྲོད་ཅན་གྱི་རིགས་སྤང༔ སྤྱོད་ལམ་ཡང་དྲག་ཤུལ་གྱི་ལས་དང༔ ཉིན་མོར་གཉིད་བཀག་པ༔ ཧ་ཅང་གྲང་བསིལ་ཆེ་བ་སོགས་བསྲུང༔ ལུས་ཤ་རྗེན་ཡང་མི་བྱ༔ ལུས་སྟོབས་བརྩོན་འགྲུས་ལྡན་པ་དག་གིས༔ རབ་རང་ལོ་བདུན་ཅུ༔ འབྲིང་དྲུག་ཅུ༔ ཐ་མ་ལྔ་བཅུའི་བར་དུ༔ རབ་རས་རྐྱང༔ འབྲིང་གཟན་རྐྱང༔ ཐ་མའང་ཤ་ཅན་གྱི་གོས་མི་དགོས་པར་འབྱུང༔ ཅི་ལྟར་ཡང་ཐས་ཀྱང་ལོ་གསུམ་བར་དུ་ཤ་ཅན་གྱི་གོས་མི་གྱོན་པའི་དམ་ཚིག་ལ་གནས་དགོས་སོ༔ ཚ་ཐུབ་ནི༔ ཚད་པ་ཆེ་བའི་ཡུལ་དུ་འགྲོ་དགོས་སམ༔ ཚད་པའི་ནད་ཀྱིས་གཙེས་ན༔ རྐང་ལག་ཅི་བདེར་བརྐྱངས་ལ༔ རླུང་དལ་བུས་བཟུང་ལ་ཨ་ཤད་ཀྱི་མེ་ལན་གསུམ་ཙམ་སྤར་ལ༔ སྤྱི་བོའི་ཧཾ་ཡིག་ཞུ་ནས་ལུས་ཀྱི་རྩ་ཁམས་ཐམས་ཅད་ཁེངས་ཏེ༔ རང་ལུས་གངས་ཀྱི་རི་བོ་དཀར་ཞིང་བསིལ་བར་དམིགས་པས་བསིལ་དྲོད་སྙོམས་སོ༔ རྨི་ལམ་གྱི་དུས་སུ་བསྐྱེད་པ་མི་གསལ་ཞིང་རྨི་ལམ་ཟིན་དཀའ་ན༔ ཉལ་ཁར་གསོལ་བ་དྲག་ཏུ་གདབ་ལ༔ སྨིན་མཚམས་སུ་ཐིག་ལེ་དཀར་པོ་སྲན་འབྲུ་ཙམ་ལ་དམིགས་པ་གཏད༔ དེས་ཀྱང་མ་ཟིན་ན༔ སྙིང་ཁར་ཧཱུྃ་མཐིང་ཁ་ཚོན་གང་ལ་དམིགས་པ་གཟིར༔ དེས་མ་ཟིན་ན༔ མགྲིན་པར་ཐིག་ལེ་དམར་པོ་ལ་གཏད༔ དེས་མ་ཟིན་ན༔ གསང་གནས་སུ་ཧཱུྃ་ནག་པོ་སྣག་ཚ་འདྲ་བ་མགོ་ཐུར་དུ་བསྟན་པ༔ དེ་ལ་མེ་ལྕེ་ལྷབ་ལྷབ་འབར་བ་ལ་སེམས་གཏད་དེ༔ རླུང་འབྱིན་འཇུག་གནས་གསུམ་བྱས་པས་ཟིན་ནོ༔ འོད་གསལ་གྱི་སྐབས་སུ་སྐུ་གསུམ་དང་བསྲེ་བར་དཀའ་ན༔ རླུང་རིག་རྡོར་སེམས་ལ་གཏད༔ ལོངས་སྤྱོད་ཀྱི་འཕར་རྩ་མཐེབ་མཛུབ་ཀྱིས་བསྡམས་ནས་ཟིན༔ བསྡམས་ཡུན་རིང་ན་འཕོ་ཉེན་ཡོད་པས༔ ཁམས་ཟི་ཐམ་གྱིས་བྱུང་བའི་ཚེ་ཀློད་དགོས་སོ༔ སྒྱུ་ལུས་ཀྱི་སྐབས་སུ༔ ལུས་ཆགས་ཞེན་མེ་ལོང་ལ་སྦྱང༔ ངག་གི་རང་བཞིན་བྲག་ཆ་ལ་སྦྱང༔ སེམས་ཀྱི་གཟུང་འཛིན་སྨིག་སྒྱུ་ལ་སྦྱང་བར་བྱའོ༔ བར་དོ་ལའང་འོད་གསལ་གྱི་གདམས་པ་ལྟར་མཐེབ་མཛུབ་ཀྱི་འཕྲུལ་འཁོར་བྱ་བ་གནད་ཆེའོ༔ འཕོ་བའི་གདམས་པ་ལ༔ སྦྱང་དུས་སུ་རླུང་འབྱིན་ཚེ༔ ཧིཀ་མང་པོ་དབུགས་ཀྱིས་འཁྱོལ་ཚད་དུ་བརྗོད༔ རླུང་ནུས་ཟད་ཁར་ཀ་ཞེས་བརྗོད་པས༔ རླུང་འབྱིན་ཅི་ཆགས་སུ་མནན་པ་གདམས་ངག་གོ༔ འཕོ་བའི་ཚེ༔ གྲོགས་དམ་པས་ཁྱོད་ལ་འཆི་བ་མི་རྟག་པ་ཡོང་བ་རེད༔ བླ་མའི་གདམས་ངག་མ་བརྗེད་ཅེས་རྣ་བར་བརྗོད་ལ་ཚངས་སྐྲ་འཐེན་པ་གནད་ཡིན་ནོ༔ གསང་ཐུར་གྱི་སྐབས་སུ༔ རྒྱབ་ཐུར་གྱི་སྦྱང་ཐུར་ལ་བྱི་ཏང་ཀའི་ཕྱེ་མ་དང་མར་གཉིས་སྦྱར་ལ་བྱུག༔ དེ་སྲིན་ཞལ་ནི་བཤང་ལམ་སྟེ༔ དལ་བུའི་སྒོ་ནས་ནུབ་པར་བཅུག༔ ནང་དུ་འགྲོ་བའི་དོགས་པ་མེད་དོ༔ སོང་ཡང་སྟེང་རླུང་མནན་པ་ཙམ་གྱིས་ཕྱིར་དབྱུང་ངོ༔ ལམ་ཐུར་དར་གྱིས་བཅིངས་པ་ནི༔ སོར་བཞི་ལས་འདས་པ་བཤང་ལམ་དུ་འགྲོ་མི་རུང་བས་སོ༔ རྡོ་རྗེ་ཆུ་འཐུང་ལས༔ གསང་ཐུར་རྡོ་རྗེ་མི་གནོད་པའི་ཐབས་དང༔ མ་གྲུབ་ན་སྤོག་པ་རྣམས་ནི་ཞལ་གྱི་གདམས་པ་ལས་ཤེས་སོ༔ ཕོ་ཁྲིད་སྐབས་ཀྱི་རིག་མའི་མཚན་རྟགས་ཕྱི་ནང་གསང་གསུམ་ཚང་ནའང༔ བརྡ་ལ་བརྡའི་ལན་བརྟག་པར་གལ་ཆེ་བས༔ མཐོང་ཐོས་དྲན་རེག་ལ་བདེ་བ་སྐྱེ་ནུས་ཤིང༔ ཡིད་དུ་འོང་བའི་གཟུངས་མ་དེ་དང་རང་གཉིས་ལས་འཕྲོ་ཡོད་མེད་བརྟག་པ་ནི༔ རིགས་ཀྱི་མི་མོ་དེ་ལ་ཆགས་པའི་མདངས་ཀྱིས་བལྟ་ཞིང༔ མཛུབ་མོ་གཡུག་པར་བྱས་ཚེ༔ བསྟེན་དུ་རུང་བའི་གཟུངས་མ་ཡིན་པའི་རྟགས་ལ༔ མོ་རང་གི་མགོ་ལ་རེག་ན༔ ཁྱོད་ནི་བདག་གི་གཙུག་ཏུ་ཁུར་བའི་བླ་མར་འོས་ཞེས་པའི་བརྡའ་དང༔ དེ་བཞིན་དུ་མིག་ལ་རེག་ན༔ ལྟ་བར་བྱེད་པའི་མིག་དང་མཚུངས་ཞེས་པ་དང༔ སྐེ་དང་ནུ་མ་ལ་རེག་ན་ཡབ་དཔའ་བོའི་ཚུལ་ཏུ་བསྟེན་ནོ་ཞེས་པ་དང༔ སྙིང་ག་ལ་རེག་ན་སྙིང་པོའི་མཆོག་ཏུ་གྱུར་ཏོ་ཞེས་པ་དང༔ ཕོ་བ་དང་བརླ་ལ་རེག་ན་བདེ་བ་ལ་སྦྱོར་བའི་གནས་སོ་ཞེས་པ་དང༔ འཇིག་རྟེན་གྱི་ཁ་ཟས་ལ་རེག་ན་འདོད་པའི་ལོངས་སྤྱོད་སྟེར་རོ་ཞེས་པའི་བརྡའ་སྟེ་བླང་བར་བྱའོ༔ དེ་ནས་ཟློག་པ་ངན་པའི་རྟགས་ནི༔ ལྟག་པ་བསྟན་ན་ཁྱོད་ནི་རྒྱབ་ཀྱི་ཕྱོགས་སུ་བོར་རོ་ཞེས་པ་དང༔ སྐྲ་འབལ་ན་སྡུག་བསྔལ་གྱི་རྒྱུའོ་ཞེས་པ་དང༔ མཆུ་ལ་རེག་ན་མི་ཁ་སྣ་ཚོགས་འབྱུང་ངོ་ཞེས་པ་དང༔ སོ་དང་སེན་མོ་ལ་རེག་ན་བཤའ་ཞིང་བཟའ་བར་བྱེད་དོ༔ ཅེས་པ་དང༔ འཕོངས་དང་རྐང་པར་རེག་ན་ལྡང་བ་མེད་པར་མནན་ནོ་ཞེས་པ་དང༔ རྩི་ཤིང་གི་ཐུར་མ་གཅོད་ན་སྲོག་གཅོད་པར་བྱེད་ཅེས་པའི་བརྡ་སྟེ༔ མཚན་བཟང་ཡང་སྤང་བར་བྱའོ༔ རྟགས་བཟང་པོ་ཤར་བའི་རིག་མ་དེ་དག་ཐབས་ལ་མཁས་པའི་སྒོ་ནས་འདྲིད་ན་འགུགས་པར་འགྱུར་ལ༔ ཆེད་དུ་གཉེར་དགོས་པར་བྱུང་ཚེ༔ མཚན་ལྡན་འགུགས་པའི་ལྕགས་ཀྱུ་ལྟར་ཉམས་སུ་ལེན་ནོ༔ ལག་པའི་འདུ་བྱེད་ལ་བསླབ་པ་ནི་ཞལ་གྱི་གདམས་པ་ལ་རག་གོ༔ དེ་ནས་བསྟེན་པའི་ཚུལ་ལ༔ ཐབས་ཤེས་ཀྱི་ཕུང་ཁམས་ལྷར་གསལ་བའི་ངོས་ནས༔ མཁའ་གསང་བྱིན་བརླབ་པ་ནི༔ ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ༔ ནོར་བུ་དམར་པོ་ཨོཾ་གྱིས་མཚན་པ༔ ཡུམ་གྱི་གསང་གནས་ཧྲཱིཿལས་པདྨ་འདབ་བཞི་པ༔ ཟེའུ་འབྲུ་དཀར་པོ་ཨཱཿཡིས་མཚན་པ༔ གཉིས་ཀའི་བུག་སྒོ་ཕཊ་ཀྱིས་བཀག་པར་བསམས་ལ་འཇུག༔ དེ་ཡང་དང་པོ་ཞལ་གྱི་གདམས་པ་ལྟར་ཐབས་ལ་མཁས་པའི་སྒོ་ནས་རྩ་བཙལ་བར་བྱ་སྟེ༔ སྤྱིར་སྐྱེས་པའི་དྷཱུ་ཏི་ནི་སྦོམ་ཞིང་ཐུང་བར་གནས་པས་ནོར་བུ་ལས་འདས་པར་ཕྱིར་འོང་བ་མི་སྲིད་ལ༔ བུད་མེད་ཀྱི་དྷཱུ་ཏི་ནི་ཕྲ་ལ་རིང་བར་ཡོད་པས་བྱ་རོག་གདོང་གི་འོག་ནས་ཕྱིར་ནར་གྱིས་འོང་བའི་ཚེ༔ ཕྱག་རྒྱ་བཞིའི་རྩ་ལ་བརྟག་པ་ནི༔ དང་པོ་པདྨ་ཅན་གྱི་རྩ་ནི་མེ་ཏོག་པདྨའི་དབྱིབས་ཅན་དུ་ཡོད་ལ༔ དེའི་རྟགས་སུ་སྣ་ལ་ཛ་བའི་མེ་ཏོག་ལྟ་བུ་ཡོད༔ རྩ་དེ་ནི་ཁ་ཤིན་ཏུ་བཙལ་སླ་ཞིང་འབྱེད་པར་སླ་བས་ཕྱག་རྒྱའི་མཆོག་ཡིན་ནོ༔ གླང་ཆེན་མ་ནི་གཡོན་ནས་ཅུང་ཟད་གཡོན་དུ་འཁྱིལ་བའི་རྣམ་པར་ཡོད་ལ༔ དེའི་རྟགས་སུ་སྣ་གཡས་སུ་འཁྱིལ་བའི་རྣམ་པ་ཅན་དུ་ཡོད་དོ༔ དུང་ཅན་མ་ནི་དུང་དཀར་གྱི་ཁ་ལྟ་བུ་འཁྱིལ་ཞིང་རིང་བར་ཡོད་ལ༔ དེའི་རྟགས་སུ་སྐྲ་དང་སྣ་ཡང་གཞན་ལས་རིང་བར་ཡོད་དོ༔ རི་དྭགས་ཅན་ནི་རི་དྭགས་གླ་བའི་ལྟེ་བ་འདྲ་བ་ཁ་བཙུམ་ཞིང་བཅིངས་པ་གུར་བུའི་རྣམ་པ་ཡོད་ལ༔ རྩ་དེ་ནི་ཤིན་ཏུ་འཚོལ་དཀའ་བ་ཡིན་པས་རྣལ་འབྱོར་གྱི་སོར་མོའི་འདུ་བྱེད་མཁས་དགོས༔ དེའི་རྟགས་སུ་སྣ་ལ་གུར་བུའི་རི་མོ་དང་ལུས་གཞན་ལས་སྦོམ་པར་ཡོད་དོ༔ དེ་ནས་དབབ་འཛིན་འདྲེན་འགྲེམ་གྱི་འཕྲུལ་འཁོར་འཆི་བ་སྲོག་ལ་བབ་ཀྱང་ཐིག་ལེ་ཉུངས་དཀར་གྱི་འབྲུམ་ཙམ་ཡང་མི་གཏང་སྙམ་པའི་ཞེ་དམ་ཡང་ཡང་བཅའ་ལ༔ དང་པོ་དབབ་པ་ལ་མཁས་པ་རུས་སྦལ་ནུར་འགྲོས་ལྟ་བུའི་གདམས་པ་ལ༔ རྡོ་རྗེ་པདྨར་བསྣུན་ནས་ཡབ་ཀྱི་དྷཱུ་ཏིའི་ཡར་སྣེར་ཁམས་དཀར་པོ་བདེ་བའི་རང་བཞིན་ཅན་དངུལ་ཆུ་ལྟ་བུ་དཀར་ཆི་ལེ་བ༔ ཡུམ་གྱི་དྷཱུ་ཏིའི་མར་སྣེར་དྲོད་དང་བདེ་བ་དབྱེར་མེད་ཀྱི་ངོ་བོ་རཀྟ་དམར་པོ་བྱུ་རུའི་རྡོག་པོ་ལྟ་བུར་དམར་ཆིལ་ལེ་བ་བསམ༔ དེ་ནས་ཆགས་པའི་མདངས་ཀྱིས་ཁམས་དཀར་པོ་མར་གྱི་ཞུན་མ་ལྟ་བུར་ནུ་རུ་རུ་ཞུ༔ སྤྱི་བོ་ནས་མགྲིན་པར་བབ་པས་ན་དགའ་བ༔ མགྲིན་པ་ནས་སྙིང་གར་བབ་པས་ན་མཆོག་དགའ༔ སྙིང་ག་ནས་ལྟེ་བར་བབ་པས་ན་ཁྱད་དགའ༔ ལྟེ་བ་ནས་གསང་གནས་བབ་པས་ལྷན་ཅིག་སྐྱེས་པའི་དགའ་བ་ལ་ངོས་གཟུང༔ དགའ་བ་རེ་རེར་ཕེབས་པ་དང་ལུས་གཡང་མོ་ལྟར་སྤྲུག་ལ་ངོ་ཐོག་ཏུ་འཇོག༔ བདེ་དང་སྲ་ཕུད་ཀྱི་ངར་ཅུང་ཟད་ཞི་ནས་དལ་བུས་སྲུབ་པ་ནི༔ ཐིག་ལེ་ཐུར་དུ་མི་རྒྱུག་པའི་གདམས་པའོ༔ གཉིས་པ་འཛིན་པ་ལ་མཁས་པ་རྫ་ཡི་ཐེམ་བུ་བཀག་པ་ལྟ་བུའི་གདམས་པ་ནི༔ དགའ་བ་གསུམ་པ་དང་བཞི་པར་དབབ་པ་ནི་རང་ཉམས་དང་བསྟུན་པའི་སྒོ་ནས་བསྐྱོད་འཕྲོ་བཤོལ་ལ༔ ཧཱུྃ་བུང་བའི་སྐད་ཙམ་ཁ་སྣ་ཕྱེད་མ་ནས་བཏོན་ཏེ༔ ངག་གི་ནུས་པ་མ་རྫོགས་ཀྱི་བར་དུ་ཅི་ནུས་བགྲངས་ལ་འོག་རླུང་དྲག་ཏུ་འཐེན་པས་མགོ་འདར་ཞིང་ཁམས་ཟི་ཐམ་བྱུང་བ་དང་རྔུབ་སྟེ༔ ནང་དུ་མི་མནན་པར་ཕྱི་རུ་རྫོགས་པར་ཕུལ་བ་གོང་བཞིན་ལན་བདུན་བདུན་བྱས་པས་བཛྲ་གྱི་ངར་འཆོར༔ དེ་མ་ཐག་ཏུ་རིག་མ་དང་བྲལ་ཏེ༔ གསུམ་པ་འདྲེན་པ་ལ་མཁས་པ་ཁྲོན་ཆུ་གྱེན་དུ་འདྲེན་པ་ལྟ་བུའི་གདམས་པ་ནི༔ ལུས་གནད་རྐང་པ་གཤིབ་ནས་བརྐྱང་པའི་རྐང་མགོ་གཉིས་ལ་ལག་གཉིས་བཟུང་ནས་དྲག་ཏུ་འཐེན༔ ཚང་ར་རྒྱབ་ཏུ་ཕུལ་ཞིང་མགོ་བོ་བཀུག་ནས་ལུས་ཐམས་ཅད་ཐང་ཆོད་པའི་ངང་ནས་རླུང་འབྱིན་འཇུག་ལ་འབད༔ སྦྱོར་བ་དྲུག་པ་གླིང་བཞི་མཐའ་སྡུད་མིན་པར་ཚང་དགོས༔ དེ་འདྲ་ལན་བདུན་བདུན་བྱས་པའི་རྗེས་སུ༔ བཞི་པ་དགྲམ་པ་ལ་མཁས་པ་ཡུར་ཆུ་བཀྱེ་བ་ལྟ་བུའི་གདམས་པ་ནི༔ ལུས་གནད་སྐྱིལ་ཀྲུང་བཅའ་ལ་ཁ་སྦྱོར་དུ་གཟུང༔ སྟེང་རླུང་འོག་གི་ཉྭ་བཞི་བསྒྲིམ་ཞིང་གྲུ་མོ་བརྒྱང༔ ལག་པ་མཐེ་བོང་གཉིས་ཀྱིས་རྣ་བ་བལྟེབས་ལ་མནན༔ དེ་བཞིན་དུ་མཛུབ་མོ་དང་གུང་མོ་གཉིས་ཀྱིས་མིག༔ སྲིན་མཛུབ་གཉིས་ཀྱིས་སྣ༔ མཐེབ་ཆུང་གཉིས་ཀྱིས་ཁ་བཀབ་ལ༔ ཕོ་འཁོར་གཡས་གཡོན་དུ་ལན་གསུམ་བསྐོར་ནས་དྲག་འབེབ་གསུམ་བྱ༔ ཧ་དང་ཕཊ་ཀྱིས་རླུང་རོ་ལྷག་མ་མ་ལུས་པར་བསལ་ནས་ལུས་ཀུན་སི་ལི་ལི་སྤྲུགས་ལ་མཉམ་པར་བཞག༔ བདེ་བ་ཁོལ་བུར་འདྲིལ་བའམ་དགྲམ་པ་དཀའ་ན༔ གན་རྐྱལ་དུ་ཉལ་ནས་རླུང་རོ་ཅི་ཆགས་སུ་འབུད༔ མི་ཐུབ་པ་དང་རྔུབ་སྟེ་རླུང་སྟེང་འོག་ཁ་སྦྱོར་དུ་འཆིང༔ རྐང་ལག་བཞི་བསྐུམ་ཞིང་གནམ་དུ་ཤད་ཀྱིས་འཕྲ་བར་བྱས་ལ༔ རྒྱབ་གདན་ཁ་ནས་ཅི་ནུས་འཕར༔ དེ་འདྲ་ཡང་ཡང་བྱས་པས་རྩ་ཟུག་ཐིག་ལེའི་ཟུག་རྣམས་སེལ་བར་འགྱུར་རོ༔ བྱང་སེམས་དབབ་པའི་དུས་བཞི་ནི༔ སློབ་མ་སྨིན་ཕྱིར་ཤེར་དབང་བསྐུར་བ་དང༔ བདུད་རྩི་སྨན་སྒྲུབ་ཀྱི་རྫས་དང༔ ཐིག་ལེ་རུལ་བའི་གེགས་སེལ་དང༔ སེམས་བསྐྱེད་དཀར་པོའི་རིགས་རྒྱུད་འཇོག་དགོས་པ་དང་བཞི་སྟེ༔ གོང་མ་གསུམ་དང་སྲིད་འཛིན་གྱི་མེ་ཏོག་འབབ་པ་དང་འཛོམ་ན་དགག་པའི་རྫས་སྦྱོར་དང༔ རིགས་རྒྱུད་འཇོག་ཐབས་རྣམས་ཞལ་གདམས་སུ་ཤེས་སོ༔ དམར་ཆ་འདྲེན་དུས་མ་གཏོགས་དཀར་ཆ་བརྟན་པར་བྱེད་པ་ལ་རྩ་འཚོལ་མི་དགོས་ཏེ༔ དམར་ཆ་འདྲེན་དུས་ཕྱག་རྒྱའི་རྩ་སྒོ་འབྱེད་པའི་རྫས༔ ལྕམ་པ་དང་གཡེར་མའི་ཐང་ལ་ལྕགས་ཕྱེ་བཏབ་ནས་ཙནྡན་དམར་པོ་སྦྲང་དང་སྦྱར་བའི་རིལ་བུ་ཕུལ་བ་ཞག་གཉིས་བརྟེན༔ རང་གི་རྩ་ཁམས་སྡོམ་པའི་རྫས༔ རྡོ་ཁབ་ལེན༔ ཨ་རུ་ར་གསེར་མདོག༔ ཙནྡན་དཀར་པོ་གསུམ་དང་བུ་རམ་སྦྱར་བའི་རིལ་བུ་ཆང་ཞིམ་པོས་ཕུལ་ལ་བརྟེན༔ གཉིས་ཀ་ཁ་ཟས་བཟང་པོས་ལུས་ཟུངས་བསྐྱེད་ལ་བདེ་བའི་རོལ་རྩེད་དུ་མ་བྱས༔ རྩ་སྣ་རྙེད་པ་དང་རྡོ་རྗེ་པདྨའི་གཏིང་དུ་ཕུལ༔ གཟུངས་མ་བདེ་བའི་སྐད་འཚེར་བའི་ཚེ་རྡོ་རྗེ་ཆུ་འཐུང་གི་གདམས་པ་ལྟར་རོ༔ འདྲེན་པར་དཀའ་ན་གསང་ཐུར་གྱི་སྦྱོར་བས་དྲང༔ དེས་ཀྱང་མ་འདྲོངས་ན་ཞལ་གྱི་གདམས་པར་ཤེས་སོ༔ ཐིག་ལེའི་དབྱེ་བ་དྭངས་མ་གཟུང་ཐབས༔ རིག་མའི་བྷ་ག་དམ་བྱེད༔ དབང་པོས་རྡོ་རྗེ་འཕེལ་ཐབས༔ བདེ་བ་སྐྱེད་པ༔ དམར་ཆ་གསོ་བ་སོགས་ནི་ཞལ་གྱིས་ཤེས་སོ༔ ཐིག་ལེའི་དྭངས་མ་ཉམས་ཤིང་འདོད་ཆགས་རང་གར་སྤྱོད་ན༔ དཔའ་བོ་མཁའ་འགྲོ་རྣམས་ཀྱི་སྲོག་སྙིང་ཐིག་ལེ་ཡིན་པས་ངུ་ཙི་ཏི་རེར་འགྲོ༔ དམ་ཚིག་གི་རྩ་བ་ཡིན་པས་སྡོམ་པ་གསུམ་ཀ་ཉམས༔ ལུས་ཀྱི་བཅུད་ཡིན་པས་བཀྲག་མདངས་ཇེ་ངན་འགྲོ༔ སྲོག་གི་དྭངས་མ་ཡིན་པས་ཐིག་ལེ་ཉམས་ཐེབ་རེ་རེས་ཞག་བདུན་བདུན་གྱིས་ཚེ་ཐུང་གསུངས་པའི་ཕྱིར་རོ༔ ཐིག་ལེ་མ་ཉམས་པ་ཤིན་ཏུ་གལ་ཆེའོ༔ པདྨ་རླུང་འབྱིན་སྐབས་སུ༔ མདུན་ཐུར་བྱ་རྒོད་ཀྱི་རྐང་ངམ་མིའི་རྐང་དུང་ཟེར་བ་ནི༔ སྤྱིར་ལུས་ཀྱི་ཆགས་ཚུལ་བྷ་ག་ཡངས་དོག་དང༔ ཁྱེའུ་སྐྱེས་མ་སྐྱེས་ཀྱི་ཁྱད་དུ་ཡོད་དོ༔ པདྨར་འཇུག་པའི་ཚད་ནི༔ མཐོ་གང་མཚམས་སུ་དར་གྱིས་བཅིངས་ལ་ནང་དུ་གཞུག༔ སོར་བཞི་དེ་ཕྱིར་ལྷག་པ་ཡིན་ནོ༔ མོ་ཁྲིད་ཀྱི་ནང་དུ་ཡོད་པའི་མཛེས་ལྡན་དཔའ་བོ་དེ་ལ་དང་པོ་མཐོང་མ་ཐག་ཏུ་བདེ་བའི་ངད་ཀྱིས་ཟུར་མིག་གཡོ་བར་བྱས་པ་ལྟས་ཚེ༔ འཛུམ་པ་སོགས་དགའ་བའི་རྣམ་འགྱུར་སྣ་གཅིག་མི་སྟོན་ན་བདེ་སྟོང་གི་གྲོགས་སུ་མི་འོས་ལ༔ རྣམ་འགྱུར་སྣ་གཅིག་སྟོན་ན་གྲོགས་སུ་ངེས་ཤིང་རྫས་སྔགས་ཀྱི་སྦྱོར་བས་འགུགས་པ་ཡང་མི་དགོས་སོ༔ གལ་ཏེ་སྐྱེ་བའི་རིགས་མཐོ་དམན་སོགས་ཡུལ་དུས་ཀྱིས་བསྐལ་ན༔ མཚན་ལྡན་འགུག་པའི་ལྕགས་ཀྱུ་ལྟར་སྒྲུབ་ཅིང་མ་འགྲུབ་ན་བསྐྱར་བར་བྱའོ༔ ཕྱིང་རིལ་གྱི་གདམས་པ་ནི་ཞལ་ལས་ཤེས་སོ༔ སྦྱོར་བའི་སྐབས་སུ་དྭངས་མ་འཛིན་འདྲེན་འགྲེམ་འཕྲུལ་འཁོར་ནི༔ གོང་དུ་ཕོ་ཁྲིད་ཀྱི་སྐབས་དང་འདྲ་ལ༔ དྲག་འབེབ་ཀྱི་མཚམས་སུ་དྭངས་སྙིགས་འབྱེད་པའི་འཕྲུལ་འཁོར་འདི་ཕོ་ཁྲིད་ལས་ལྷག་པར་འབྱུང་ངོ༔ ཡང་རླུང་དང་ཉམས་ལེན་མེད་པའི་སྐྱེ་བོ་ལ་སྤྱོད་དུ་བཅུག་ན་རང་གི་སྲིད་འཛིན་པ་འཛོམ་ན༔ ཐིག་ལེ་བཙན་ཐབས་སུ་ཆགས་པའི་མན་ངག་དང༔ བློ་ཆེན་སྟོབས་ལྡན་མའི་སྒོ་ནས་ལུས་སྦྱིན་པ་བཏང་བའི་སྐབས་སུ་གཏན་གྱི་སྐྱེ་སྒོ་ཁེགས་པ་རྣམས་ནི་ཞལ་ལས་ཤེས་སོ༔ མཚན་ལྡན་འགུགས་པའི་ལྕགས་ཀྱུའི་ནང་དུ་གསང་བའི་རྫས་བདུན་ཟེར་བ་ནི༔ མེ་ཏོག་ཁུག་ཆོས༔ ཁྱི་ཡི་རྡོ་རྗེ༔ ར་ཡི་མཚན་མ༔ འཕྱོན་མའི་ཆུ་ཤུལ༔ གཡེར་མ༔ ད་བྱིད༔ པད་རག་དང་བདུན་གྱིས་རིལ་བུ་བོད་སྲན་ཙམ་བྱ༔ གྲོང་འཇུག་གོམས་པའི་སྐབས་སུ་སྦྱང་ཡུལ་གྱི་ཐོད་པ་དུམ་བུ་གཅིག་པ་ཡིན་ཏེ༔ དཔྲལ་བ་གནམ་དུ་བསྟན༔ ལྟག་པ་ས་ལ་བཞག༔ ཁ་རང་ལ་བསྟན་ནས་འགུལ་འཁྲིག་མེད་པར་བྱ༔ རང་དང་ཐོད་པའི་བར་ལ་རིང་ན་འདོམ་གང་དང་ཐུང་ན་གྲུ་གང་ཡོད་པར་དགོས༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་གསོལ་བ་ཕུར་ཚུགས་སུ་གདབ་ལ་སྦྱང་ངོ༔ ཐ་མ་ལས་ལ་སྦྱར་བའི་སྐབས་སུ༔ བྱང་སེམས་དཀར་དམར་གྱི་རྫས་བླུག་ཅེས་པས༔ རོ་ཡི་སྣ་བུག་གཡས་སུ་བྱང་སེམས་དམར་པོ་གཡོན་དུ་དཀར་པོ་བླུགས་པ་རྟེན་འབྲེལ་ཡིན༔ སྣ་ཡི་སྦུ་གུ་ཟངས་ལྕགས་སམ་སྨྱུག་མ་ལ་བྱས་པ༔ རིང་ཐུང་སོར་དྲུག་ལ་གུག་པའི་བར་སོར་ཕྱེད་གཉིས་ཙམ༔ ཕྲ་སྦོམ་རང་ཕྱོགས་མཛུབ་མོ་ཙམ༔ ཕར་སྣ་མཐེབ་ཆུང་ཙམ་པ་དགོས་ཏེ༔ རང་ཕྱོགས་སྦོམ་པ་ནི་རང་གི་སྣ་བུག་གི་ཚད༔ ཕར་སྣ་ཕྲ་བ་ནི་འཇུག་ཡུལ་གྱི་རོ་དེ༔ ཁྱེའུ་ལོ་བརྒྱད་ནས་ཉི་ཤུ་མན་ཆད་བསྔགས་པའི་ཕྱིར་རོ༔ སྣ་སྤྲད་པ་ནི་རོ་ཡི་སྣ་གཡོན་རྐྱང་མ་ཡེ་ཤེས་ཀྱི་རྩ་ལམ་བཟང་བ་དང༔ རང་གི་སྣ་གཡས་རླུང་སྟོབས་ཆེ་བའི་ཕྱིར་སྤྲད་པར་བྱའོ༔ དེ་ནས་གཞུང་ལྟར་སྤྱད་པའི་ཡོན་ཏན་གྱིས༔ རླུང་ཁུག་ཉེར་གཅིག་གིས་རོ་ཡི་རྩ་ལམ་འབྱངས༔ དེ་བཞིན་དུ་ཉེར་གཅིག་གིས་རྩ་གཡོས༔ ཉེར་གཅིག་གིས་རྩ་རྒྱས༔ ཉེར་གཅིག་གིས་ཕྱི་དབུགས་འབྱུང༔ ཉེར་གཅིག་གིས་ནང་དབུགས་འབྱུང༔ ཉེར་གཅིག་གིས་དྲོད་འབྱུང༔ ཉེར་གཅིག་གིས་དབང་པོ་འབྱུང༔ ཉེར་གཅིག་གིས་འཛུམ་པ་འབྱུང༔ ཉེར་གཅིག་གིས་དགོད་པ་འབྱུང༔ ཉེར་གཅིག་གིས་སྐད་འབྱུང༔ ཉེར་གཅིག་གིས་ལངས་པར་ནུས་ཏེ༔ རླུང་ཁུག་ཉིས་བརྒྱ་དང་སོ་གཅིག་གིས་འགྲུབ་ལ༔ དོན་དུ་ཉིན་གཅིག་གམ་ཉིན་ཞག་ཕྲུགས་གཅིག་གིས་འཇུག་པར་ནུས་སོ༔ རང་གི་སྔར་ཤེས་པའི་ཡོན་ཏན་ཐམས་ཅད་ཀྱང་གསལ་ལོ༔ དེ་ཡང་གོང་དུ་བཤད་པའི་རླུང་ཁུག་ཉིས་བརྒྱ་སོ་གཅིག་དེ་གཞིར་བཞག་ཙམ་ཡིན་གྱི་རླུང་སྟོབས་ཆེ་ཆུང་གིས་མ་ངེས་སོ༔ འདི་ལ་གྲོགས་བརྩེ་ཞིང་ཐབས་མཁས་པ་ཞིག་གཙོ་ཆེ་སྟེ༔ གྲོགས་དེས་ཚུ་རོལ་གྱི་དྲོད་མ་ཡལ་བར་དུ་སྣ་བུག་གཉིས་སྤྲད༔ དོན་སྣོད་དང་བླ་གནས་ཀྱི་རྩ་ཐམས་ཅད་ཨེ་འབྱུང་བལྟ༔ དོན་སྣོད་མ་བྱུང་ན་ཧཱུྃ་ལ་དམིགས་པ་གཏད་ནས་སྔར་རོ་ལྟར་སྣ་སྤྲད་དེ་གྲོགས་དེས་རླུང་ཕྱི་འཛིན་བྱ༔ བླ་གནས་མ་བྱུང་ན་མཁའ་འགྲོ་ལ་ཚོགས་དང་སྐོང་བ་བྱ༔ རླུང་ཉེར་གཅིག་རེ་གཟུང༔ དེས་ཀྱང་མ་ཆོག་ན་རྩ་དང་དབུགས་དང་སྐད་སོགས་ཚད་དུ་མ་ཕྱིན་བར་དུ་གྲོགས་དེས་སྣ་སྤྲད་རླུང་ཁུག་ཅི་མང་བསྣན༔ རོ་རྙིང་པ་དྲོད་ཅི་ཡལ་ཙམ་དུ་གོས་ཇེ་སྲབ་གཏང༔ རོ་གསར་པ་ལ་ཤ་ཡི་དྲོད་སྦྱར༔ གོས་དྲོན་པོ་བཀོན༔ ཚད་དུ་ཕྱིན་པ་དང་ཁ་ཟས་བཅུད་ཅན་བསྟེན༔ གྲོགས་ལ་དགའ་བའི་ཆོས་དང་ཡོན་སྟེར༔ སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་པའི་འགྲོ་དོན་རྒྱ་ཆེན་པོར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་སྟོན་འཇའ་ཚོན་སྙིང་པོས་གནས་ཆེན་རྡོ་རྗེ་ཡོངས་རྫོང་མཁའ་འགྲོ་གསང་ཕུག་རྡོ་རྗེ་ཕག་མོའི་བྷ་གའི་འདྲ་འབག་ནས་དངོས་གྲུབ་ཏུ་སྤྱན་དྲངས་པ་ཤུ་བྷ་མསྟུ།། །། ཞལ་གདམས་སྙིང་གི་ཐིག་ལེ་འདི་ཡིན།མཆན།་་་ྈ ྈྈྈྈ གདམས་པའི་མཛོད་འཆང་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ༔ རྩ་རླུང་མཁའ་འགྲོའི་གསང་མཛོད་ཀྱི་ཟབ་པའི་ཡང་ཟབ་ཞལ་གདམས་སྙིང་གི་ཐིག་ལེ་བསྟན་པ་ལ༔ དང་པོ་ཟབ་ཡིག་སྙིང་གི་རྒྱ་ཅན་ལས༔ རླུང་འཛིན་མི་ཉན་པའི་ཉི་ྩྡྷ་་་མི་ལྔ།གུ་ཝ་གྲུད༔་་་དུས་དྲུག །ཅེས་པ་ཉི་ྩྡྷ་ནི་་་མི་ལྔ།ལུས་ལ་རྨ་ཆེན་པོ་ཡོད་པས་རླུང་འཛིན་ན༔ རྨ་སོས་དཀའ་བས་མི་འཛིན༔ བུད་མེད་སྦྲུམ་མའི་སྲིད་སྦོས་ནས་སྐྱེ་དཀའ་བས་མི་འཛིན༔ མི་རྒན་ཤོས་རླུང་གནད་ལ་མི་ཆུན་པས་མི་འཛིན༔ མ་ནིང་ལ་རླུང་གི་སྟོབས་མི་སྐྱེ་བས་མི་འཛིན༔ ནད་སྣ་ཡོད་པས་རླུང་མི་གནོན་པས་མི་འཛིན་པ་སྟེ་མི་ལྔའོ༔ དུས་དྲུག་ནི༔ རླུང་ལ་གོམས་འདྲིས་མ་གྱུར་གྱི་བར་དུ་ལས་དྲག་པོ་ངལ་མ་སོས་ཀྱི་བར་དུ་མི་འཛིན༔ ནད་ཟུག་གཟེར་དྲག་པོས་ཐེབ་དུས་མི་འཛིན༔ གཉིད་སད་མ་ཐག་ཏུ་མི་འཛིན༔ འདྲེན་འགྲེམ་གྱི་སྐབས་མ་གཏོགས་པ་ཆགས་པ་སྤྱོད་རྗེས་སུ་མི་འཛིན༔ མྱ་ངན་དྲག་པོ་དང་བྲེད་སྔངས་ཆེན་པོའི་སྐབས་སུ་མི་འཛིན༔ འགྲང་ཆེ་ཞིང་རྡུལ་དང་དུ་བ་འཚུབས་དུས་མི་འཛིན་པ་དང་དྲུག་གོ༔ དྲག་རླུང་སྐབས་སུ་ལུས་སྦྱོར་དྲུག་ཅེས་པ་ནི༔ མིག་གཉིས་མཁའ་ལ་གཏད༔ ལྕེ་ཡ་རྐན་ལ་སྦྱར༔ འོག་སྒོ་སྡོམ༔ ཕོ་བ་རྒལ་པ་ལ་གཅར༔ འོག་རླུང་གྱེན་ལ་འཐེན༔ རྐང་གཉིས་བསྣོལ་བའི་མཐེ་བོང་ལ་ལག་གཉིས་ཀྱིས་བསྣོལ་མར་གཟུང་བའོ༔ གྲོགས་ཏྱི་ཡོང་ཀར་་་ཀྱི་ཡོན་ཏན།བུལ་ན་ཕྱི་ནང་གི་རྫས་སྦྱོར་བརྟེན་ཞེས་པ༔ རྣལ་འབྱོར་པ་རླུང་ཞན་ཅིང་དོ་ཝ་་་གོས།དཀོན་པ་དག་གིས༔ འབྲོང་ངམ་གཡག་རོག་པོ་ཤི་མ་ཐག་གི་མཁྲིས་པ་དྲོད་མ་ཡལ་བའི་ནང་དུ་ཕོ་རིལ་འཁྱོར་བ་གང་བླུགས་ལ་སྐམ་པ་དང༔ བཅའ་ལྒ་པི་ལིང་གཉིས་འཁྱོར་བ་ཕྱེད་རེ༔ ཤིང་ཚ་ཐུན་གསུམ༔ ལྕེ་ཚའི་མེ་ཏོག་དང་ཛཱ་ཏི་ཐུན་རེ༔ གོ་བོའི་ཕོ་བའམ་ཤ༔ སྤྱང་ཀི་དང་བྱ་རྒོད་ཀྱི་མཁྲིས་པའམ་ཤ་གང་རྙེད༔ དེ་རྣམས་ཞིབ་པར་བཏུལ་བ་བུ་རམ་ཨ་རག་གམ་ཆང་བཟང་པོས་ཕུལ༔ བརྟེན་ན་ཚོ་དཔིང་དི་་་ལོ་གཅིག་གི།གྲོགས་བསྟེན༔ ཚུ་ཝ་་་ལུས།ཉེ་་་མེ།དཔུང་བཞིན་དུ་འགྲོ༔ ཕྱི་ལ་དྷྱུད་ཅུའི་ྨླ་ཝ་་་བྱུག་པའི་རྫས།ནི༔ གློ་བུར་དུ་རས་འབུད་པའམ༔ ཤིན་ཏུ་གྲང་བའི་གནས་སུ་འགྲོ་དགོས་པ་བྱུང་ན་ལྒ་པི་ཕོ་གསུམ་ཁྱོར་བ་གང་རེ༔ གཡེར་མ་ཁྱོར་ཕྱེད༔ རྡོ་སོལ་ངར་ལྡན་ཁྱོར་བ་ཕྱེད་མིན་ཙམ༔ ཤིང་ཚ་དང་བཙན་དུག་གཉིས་མཐེ་བོང་ཙམ་རེ་ཞིབ་པར་བཏུལ༔ སྣོད་གཡའ་མེད་ཀྱི་ནང་དུ་དབྱར་ཡིན་ན་ཞག་གཅིག༔ དགུན་ཡིན་ན་ཞག་གསུམ་གསུམ་དྲོ་བར་བསྙལ༔ དེ་ནས་རང་གི་ལུས་ཐམས་ཅད་དྲི་ཆུས་དག་པར་བཀྲུས་ཏེ༔ སྨན་ཆེན་བཞི་དང་ཕོ་བ་མིན་པ་ཆ་སྙོམས་བྱུག༔ དེ་རྣམས་ས་དང་མར་རྙིང་གིས་བཀུ་མཉེ་བྱས་ན༔ ལུས་གྲོག་་་དྲོད།ཉེ་་་མེ།བཞིན་དུ་འབར་ཏེ༔ ནངས་མ་རེ་ལ་་ཆུ།ཕུ་ཙ་ཝ་་་ཆུ་རས།གདུར་་དགུ།ྫྷྞོ་ཉ་དུ་ཝ་་་སྐམ་ནུས།པ་འབྱུང༔ ཡང་ལུས་ཀྱི་དམེ་ཙ་ཉ་་་གཉེར་མ།ཉེག་་་མེད།པར་འདོད་ན༔ རང་ལུས་དྲི་ཆུས་དག་པར་བཀྲུས་ལ༔ སྟར་ག་དང་ཆང་གི་ཉིང་ཁུས་བྱུག་གོ༔ ཝཏྲ་་་སྐྲ།ག་ཉ་ཙ་་་དཀར།ཉེག་་་མེད།པར་འདོད་ན༔ སྤྱིར་རླུང་གི་རྣལ་འབྱོར་ལ་བརྩོན་ཞིང་ཐིག་ལེ་མ་ཉམས་པའི་སྐྱེས་བུ་ལ་ཝཏྲ་་་སྐྲ།ག་ཏ་ཙ་་་དཀར།མི་འབྱུང་ཡང༔ ཁྱད་དུ་གཉེར་བ་དང་པོ་ཝཏྲ་་སྐྲ།བཞར་ལ་དག་པར་བཀྲུས་ཏེ༔ ཨ་རུ་ར་གསེར་མདོག་བཀོལ་བའི་ཆུ་ཡང་ཡང་བྱུག༔ དེ་སྐམ་པ་དང་མཚུར་ནག་ཆུས་ལན་གསུམ་བྱུག་ན་འགྲུབ་བོ༔ རྡོ་རྗེ་ཆུ་འཐུང་གི་སྐབས་སུ་རྡོ་རྗེ་མི་གནོད་པའི་ཐབས་ནི༔ གསང་ཐུར་ནང་དུ་རྒྱུས་པ་སྦང་བ་དྲང་བ་ལྷག་མ་ཕྱིར་ལྟེ་བ་ནས་དགྲམ་ནང་དུ་བཅུག་ཚར་བ་དང་རྒྱུས་པ་ཕྱིར་འཐེན་ནོ༔ མ་གྲུབ་ན་སྤོག་པ་ནི༔ ཐུར་མ་ནས་ཙིད་་་རིག།ཉ་་་མ།ལྟ་བུས་སྤུར་འཇིབ་པའམ༔ ཡང་ན་རང་གི་སྒྱུ་རིལ་གྱི་འབུད་པའི་སྦྱོར་བ་བྱས་ན་འགྲུབ་བོ༔ ཕོ་ཁྲིད་ཀྱི་སྐབས་སུ་ཚད་་་ལག།ཙའི་་་པའི།འདུ་བྱེད་ལ་བསླབ་པ་ནི༔ ལུས་ཙོག་པུ་པུས་འཁྱུད་དུ་འདུག་པ༔ ཕྱི་རྟ་མགྲིན་ནམ་ནང་སྟོང་པར༔ གསང་བ་དྷཱུ་ཏི་སྤྱི་བོ་ནས་གསང་བའི་བར་དུ་དྲང་ཤད་དེ་ཟུག་པ༔ ཡར་སྣེ་སྤྱི་བོར་ཁམས་བྱང་སེམས་ཀྱི་དཀྱིལ་འཁོར་དཀར་པོ༔ དངུལ་ཆུ་གཡའ་དང་བྲལ་བ་ལྟ་བུ་དཀར་ཆི་ལེ་བ༔ མར་སྣེ་གསང་གནས་སུ་ཁམས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དམར་པོ་མཚལ་ལྕོག་ལ་མ་ལྟ་བུ་ཆིལ་ལེ་བ༔ སྙིང་གར་རླུང་སེམས་ཀྱི་ངོ་བོ་ཧཱུྃ་ལྗང་གུ་གཡུ་དྲུག་དམར་གྱི་མདོག་འདྲ་བ་ཚོན་གང་དུ་བསམས་ལ༔ རླུང་འབྱིན་པའི་ཚེ་ཧཱུྃ་དེ་ཡར་སོང་ནས་སྤྱི་བོའི་དཀར་ཆ་ལ་ཕོག༔ ཧཱུྃ་གི་ཀླད་ཀོར་དེས་དཀར་ཆ་རང་དབང་མེད་པར་དྲང༔ རླུང་ནང་དུ་འཇུག་པའི་ཚེ་དམར་ན་རར་སོང༔ གསང་གནས་ཀྱི་དམར་ཆ་དང་འདྲེས་པར་བསམས་ལ༔ རླུང་ལྟེ་འོག་ཏུ་མནན་པའི་ཚེ་ངོ་ཐོག་ལྷན་གྱིས་འཇོག༔ ཡང་འབྱིན་པའི་ཚེ་ཧཱུྃ་གི་ཞབས་ཀྱུའི་དམར་ཆ་རང་དབང་མེད་པར་དྲངས༔ སྤྱི་བོའི་དཀར་ཆ་དང་འདྲེས་ཏེ་བདེ་བ་དཔག་ཏུ་མེད་པ་སྐྱེས་པ་ལ་སེམས་གཏད་ཅིང་ངོ་ཐོག་ཏུ་འཇོག་གོ༔ དེ་ཡང་དམིགས་པ་སྨད་དུ་གཏད་པའི་ཚེ་བདེ་བས་འཆོར་སྙམ་བྱེད་ཅིང༔ སྟོད་དུ་གཏད་པའི་ཚེ་སྨད་ཀྱི་བདེ་ཉམས་ཡལ་ནས་སྟོད་དུ་བདེ་ཁྲིལ་གྱིས་སོང་ན་འབྱོང་བ་ཡིན༔ དེ་ནས་རང་ཉིད་ལྷར་གསལ་བའི་ངོ་ཐོག་ཏུ་འཇོག་པའི་ངོས་ནས༔ ཚད་ཙའི་་་ལག་པའི།འདུ་བྱེད་ཀྱིས་རྡོ་རྗེ་དལ་བུས་གསོར༔ བདེ་བའི་ཐིག་ལེ་མགྲིན་པ་ཙམ་དུ་བབས་ནས་ཡིད་དགའ་རུམ་གྱིས་འབྱུང་བ་དང་ཀློད༔ བདེ་བ་ཡལ་ནས་ཅུང་ཟད་རེ་གསོར་བ་ལན་ལྔའི་མཚམས་སུ་འདྲེན་འགྲེམ་འཕྲུལ་འཁོར་གསུམ་གསུམ་བྱ་ལ་ཟླ་གཅིག་གམ་ཞག་བཅུ༔ དེ་ནས་སྙིང་ག་ཙམ་དུ་དབབ་ལ་ལན་གསུམ་གསུམ་གྱི་འདྲེན་འགྲེམ་འཕྲུལ་འཁོར་བཞི་བཞི་བྱ་བ་ཟླ་གཅིག་གམ་ཞག་བཅུ༔ དེ་ནས་ལྟེ་བ་ཙམ་དུ་བབ་པ་ལན་གཉིས་གཉིས་ཀྱི་མཚམས་སུ་འདྲེན་འགྲེམ་འཕྲུལ་འཁོར་ལྔ་ལྔ་བྱ་བ་ཟླ་བ་གཅིག་གམ་ཞག་བཅུ༔ དེ་ནས་གསང་གནས་མཚམས་སུ་བབ་པ་ལན་རེ་རེའི་མཚམས་སུ་འདྲེན་འགྲེམ་གྱི་འཕྲུལ་འཁོར་བདུན་བདུན་བྱ་བ་ཟླ་བ་གཅིག་གམ་ཞག་བཅུ༔ དེ་ནས་ནངས་པར་སྣོད་གཙང་མར་དྲི་ཆུ་བཞག་ལ་བལྟས་པས་བྱང་སེམས་ཡུངས་དཀར་གྱི་འབྲུ་མའམ་དར་སྐུད་ཙམ་དངོས་སུ་མ་མཐོང་ཡང་ཐུར་མས་བཏེགས་པས་བ་ཐག་གི་ཚུལ་དུ་བྱུང་ན་ཐིག་ལེ་མ་ཟིན་པ་ཡིན་པས་སྔར་བཞིན་བསྐྱར༔ འདི་ཉིད་ཉམས་ཁྲིད་དུ་སྐྱོང་བའི་རྣལ་འབྱོར་པ་ཇི་ལྟར་འདོད་པ་བཞིན་དུ་འགྲུབ་སྟེ་དཔེར་ན་ཐང་ཆེན་པོ་ཞིག་གི་མཐར་གཡང་ས་ཆེན་པོ་ཞིག་ཡོད་པ་རྟ་རྒྱུག་ན་ཐང་སྟོད་ནས་གཡང་སའི་བར་ས་མཚམས་བཞི་ལྔ་བྱས་ཏེ༔ མཐར་གཡང་སའི་ཁ་ནས་ཀྱང་ཟློག་ནུས་པ་དང་འདྲ་སྟེ་ཤིན་ཏུ་ཟབ་པའི་གདམས་པ་ཡིན་ནོ༔ དམར་ཆ་འདྲེན་པའི་གཡས་སུ་ཡུམ་གྱི་དབུ་རྩ་རྙེད་པ་ཞི་ཐབས་ནི་ཝྣཝ་་་སྔས།འཇོལ་་་འབོལ།མཐོ་དམན་རན་པའི་སྟེང་དུ་མུ་ཏྲ་གན་རྐྱལ་དུ་བསྙལ༔ ཉ་ཐ་ཚ་་་མཁལ།གཉིས་སུ་གྲུ་གུ་ཁུ་ཚུར་ཙམ་པ་གཉིས་བཞག་ནས་དར་ཐག་གིས་བསྡམ༔ སྲིན་ཞལ་དུ་ཕྱིང་དྲིལ་སྣུམ་ཚོས་རྡོ་རྗེ་མྱུག་གུ་ཙམ་ཞིག་གཞུག༔ དེ་ནས་མུ་དྲའི་བྱ་རོག་གདོང་པ་ཐབས་ཀྱི་གོང་མོས་དཀྲུགས་པའི་བྱ་གདོང་འོག་ནས་རྩ་སྣ་རྣོ་ཧྲུད་ཧྲུད་དུ་ལུད་ཡོང༔ དེ་སྲ་ཕུད་ཀྱི་བུ་གར་བཅུག་ནས་ཕྱིར་མ་ཤོར་བར་དལ་བུའི་སྒོ་ནས་རྡོ་རྗེ་པདྨར་འཇུག༔ དེ་ཡང་རྡོ་རྗེ་པདྨར་ཡར་རིམ་གྱིས་ཕུལ་བ་བཞིན་དུ་སྲིན་ལམ་གྱི་ཕྱིང་རིལ་མར་མར་འཐེན་པ་དུས་མཉམ་དུ་ཤེས་དགོས༔ དེ་མ་ཤེས་ན་ཕྱག་རྒྱ་ཚེའི་དུས་བྱེད་པ་ཡང་སྲིད་པས་ཤིན་ཏུ་གཟབ་དགོས་སོ༔ རྩ་རིང་ཐབས་ཝེ་ཙ་ཉོའི་་་སེན་མོའི།འདུ་བྱེད་ནི༔ མཐེབ་མཛུབ་གཉིས་ཀྱི་ཝེ་ཙ་ཉོ་རྩ་བ་ནས་བརྡར་ཞིང་འཇམ་པར་བྱས༔ དར་རམ་ཤ་ཤུན་གྱིས་གཡོགས་ལ་པདྨ་ཐ་་ཁ།ཆྱེཝ་་་ཕྱེས།ཏེ་རྩ་སྣ་ཅུང་ཟད་བྱུང་ཇ་་བ།དེ་ག་་་དལ།ཚ་ཇུའི་་་བུའི།ཇ་ཧོ་་་བཞོ།མཁས་པར་བྱས་ལ་སྔར་བཤད་པ་བཞིན་རྡོ་རྗེའི་ཇུ་་་བུ།གར་བཅུག༔ རྩ་སྣ་འདི་ད་ཚ་་་དལ།ཇུའི་་་བུའི།ཇ་ཧོ་ཐབས་མ་མཁས་ན༔ ད་ཨུན་ཝ་་་གཟུངས།མ་འཆི་ཉེན་ཡོད་པས་དེ་ལུགས་ཤེས་པར་མཛོད༔ ཕྱག་རྒྱ་བཞིའི་ངོ་འཛིན་ནི༔ པདྨ་པད་དི་ཕྱག་རྒྱ་མཆོག་ཡིན༔ ཝཱིག་ཏྱན་འཤིང༔ གྭནཝ་མ་ཡང་འདྲང༔ གླང་ཆེན་མས་ཀྱང་ཝཱིག་འཛིན་དྭངས་མ་འདྲང༔ དུང་པད་ཉ་ཝ་ཝཱིག་འཤིང་ལ་དྭངས་མ་འདྲང་དཀའ༔ རི་གྭ་ད་ཝ་ཉ་ཝ་ཝཱིག་འཤིང་ལ་དྭངས་མ་འདྲོངས་སོ༔ ག་ཉ་ཙ་པ་འདྲེན་དུས་རྩ་ཁ་འབྱེད་སྡོམ་གྱི་ྨླ་ཝ་ཞག་གཉིས་རེ་བརྟེན་ནས་གཞུང་དུ་བཤད་པ་ལྟར་འདྲངས་སོ༔ དེས་ཀྱང་མ་འདྲོང་ན༔ ལམ་ཐུར་སོར་དགུའི་མཚམས་སུ་དར་གྱིས་བཅིངས་ཏེ༔ མུ་དྲཱའི་པདྨ་དར་ལ་མ་ཐུག་བར་བསྣུན༔ གེ་ཙན་ཉིད་དྲི་འཛིན་གཡས་སམ་ཁའི་གྲད་དུ་འབེ་ཇ་ཚ༔ དང་པོ་ནས་ཉ་ཚ་དུ་ཆང་རག་བཟང་དྲུག༔ གཟུངས་མ་དེ་དང་མཉམ་དུ་ཚྭེ་ཝ་འདྲེས་པར་དཀྲུགས་ནས་མིད་དོ༔ དེ་དུས་དམིགས་པ་ནི་ཚེ་དཔག་མེད་ཡབ་ཡུམ་གྱི་སྦྱོར་མཚམས་ནས༔ བྱང་སེམས་དཀར་དམར་གྱི་རྒྱུན་བབ༔ རང་ལུས་ཐམས་ཅད་འཆི་མེད་ཚེའི་རྒྱུན་གྱིས་ཁེངས་པ་ལ་སེམས་གཏད་རྗེས་སུ་འགྲེམ་པའི་འཕྲུལ་འཁོར་ལ་ནན་ཏན་དུ་བྱས་ན་ཕན་ཡོན་གཞུང་དུ་བཤད་པ་དང་མཉམ་མོ༔ ཟབ་ཡིག་ལས༔ ཝཏྱེ་ཝྒྷོ་ཇཏད་པའི་ྨླཝ་སྦྱོར་ཞེས་པ༔ གནས་སྐབས་དགག་ན༔ རྒྱ་ཚྭ༔ ལན་ཚྭ༔ མཛེ་ཚྭ༔ བུལ་ཏོག༔ ཚྭ་ལ༔ སྟར་བུ༔ མཚུར་ནག༔ དེ་བདུན་ཞིབ་པར་བཏགས་ནས་སྦྲང་ད་དང་སྦྱར་ནས་རིལ་བུ་སྲན་མ་ཙམ་བྱ༔ ཁམས་འབབ་ཁར་ནོར་བུ་ཨེ་དབྱིངས་ནས་བཏོན་ལ༔ རིལ་བུ་རེ་རེ་མྱུ་གུའི་རྩེ་མོར་སྐྱོན་ནས་དབབ་ན་དོན་འགྲུབ་ངེས་སོ༔ ཡང་མཐར་ཐུག་གི་ཛཏད་ན༔ ས་སྙིང་བཏུལ་མ་ཞོ་གང༔ སྤྱིན་སྲན་མ་ཙམ་གཉིས་ཆུ་སྒོང་ཀོག་གང་ཙམ་ལ་སྐམ་པ་བསྣུར༔ དེ་ལ་ནས་ཆང་བཟང་པོ་སྒོང་ཀོག་བཞི་ཙམ་བླུག༔ གླ་རྩི་དངུལ་ཆུ་གཉིས་སྲན་མ་ཙམ་དུ་བཏབ་ལ༔ མཆིལ་མས་བཤིག་པ་བཏབ༔ དེ་ཕུད་ཚན་ནང་ལ་ཞག་གཅིག་བསྙལ་ནས་ཚགས་སུ་བྱས་ཏེ༔ རྡུལ་གྱི་མེ་ཏོག་ཆད་ནས་ཞག་བདུན་གྱི་བར་དུ་ནངས་པར་ལ་ལྟོ་སྟོང་ལ༔ བསྟེན་ན་གྲུབ་པར་ཐེ་ཚོམ་མེད༔ ཙིད་ཝ་ཙདྱུག་འབོད་ཅའི་སྐབས་སུ༔ པད་རཱག་མཚལ་མདོག་དྲི་མེད་འབབ་པ༔ ཁིད་ལེ་ཆུ་ཁྱེར་གྱི་རྣམ་པ་ཅུང་ཟད་འབབ་པའི་ཐོ་རེངས༔ ཙིད་ཉའི་ཛཞད་གཞལ་ཡས་ཁང་དུ་བསྐྱེད་པའི་དབུས་སུ༔ པདྨ་ཉི་ཟླའི་སྟེང་དུ་ཧྲཱིཿདཀར་ལ་དམར་བའི་མདངས་ཆགས་པ་གཅིག་བསམ༔ དེ་ལས་འོད་ཟེར་དཔག་ཏུ་མེད་པར་འཕྲོས༔ བར་དོའི་སེམས་ཅན་གྱི་དོན་མཛད་པའི་རིག་འཛིན་སྤྲུལ་སྐུ་ཞིག་ལ་ཕོག༔ དེའི་ཐུགས་ཀྱི་ངོ་བོ་ཐམས་ཅད་ཚུར་བསྡུས་ནས་རྒྱུས་པའི་རྩ་ལ་བརྒྱུད༔ རྡོ་རྗེའི་ལམ་ནས་པདྨའི་ས་བོན་ལ་ཐིབ་ཀྱིས་ཐིམ་པར་བསྒོམས་ལ༔ ཐིག་ལེ་ཆིལ་གྱིས་དབབ་ཏེ་མི་དམིགས་པའི་རྒྱས་གདབ༔ ཡུཀ་ལ་ཁ་ཟས་བཟང་པོ་བརྟེན༔ ཟླ་བ་སྟེང་མ་ཡ་ྷྩ་ཉལང་ཉ་བྱུང་ན་ཆགས་པ་ཡིན༔ བསྐྱར་དགོས་བྱུང་ན་ད་ཨུན་ཉའི་ྩྑེ་འོག་ཏུ་ཙནྡན་དཀར་དམར་ག་པུར་མཚལ་རྣམས་ཀྱིས་ཡི་གེ་ཧྲཱིཿགཅིག་བྲི༔ གསང་རྡོར་བ་བླ་སྦྲང་སྨྱོན་སྦྱར་ལ་བྱུག་སྟེ༔ གོང་གི་རྟེན་འབྲེལ་དམིགས་པ་དང་བཅས་སྙོམས་པར་འཇུག་གོ༔ ཐྱེའུ་ཇར་ཝ་པ་འཕེལ་བྱེད་ཀྱི་རྫས་ནི༔ ནམ་ཇར་ཝ་ཅའི་དུས་སུ་དྲི་བཟང་གིས་བདུག༔ སྨན་ཆབ་དང་བརྒྱུད་བཟང་གི་འོ་མ་དྲོན་མོས་ཁྲུས་བྱ༔ ཙནྡན་དཀར་དམར་ག་པུར་གུར་གུམ་ཛཱ་ཏི་གླ་རྩི་གྷི་ཝཾ་ཨ་རུ་ར་གསེར་མདོག༔ ཡབ་ཡུམ་གྱི་བདུད་རྩི་བྱིན་རླབས་རྟེན་གང་འཛོམ་ཞིབ་པར་བཏུལ་ལ༔ ཙཏད་ཉ་ཙམ་བྱིན་གོང་དུ་ལྕེ་ལ་བཞག༔ སླར་ཙཏད་ཉ་ཙ་དང་བསྲེ་ཞིང་ཞག་བདུན་དང་ཉེར་གཅིག་བར་དུ་བཏང༔ ཕྱི་ལ་ཡང་བྱུག་ཅིང་དཀར་ཕྱོགས་ཀྱི་རིམ་གྲོ་ལ་འབད་ན་ཕན་ཡོན་དཔག་ཏུ་མེད༔ ཐིག་ལེའི་དབྱེ་བ་ལ༔ མ་གཟུང་བཏང་ཡང༔ དཝ་ན་ཇ་ནས་ཡར་ལྡོག་པའི་ཁྲིད་ཚེ་སྲོག་འཛིན་ལུས་ཟུངས་བསྐྱེད་པའི་དྭངས་མ་སྟེ་ཕྱིར་འགྲོ་བ་རང་གནས་སུ་ལྡོག་གོ༔ བཟུང་ཡང་མི་འཛིན་པའི་ཁིཿཿད་ཚེ་ནི་ཕད་ཝ་ཅ་སྐྱེས་པའི་རྟགས་སུ་བ་ཡི་ཁ་ཆུ་འདྲ་བ་ཞིག་འབྱུང་སྟེ༔ ཟིན་པ་ལ་ཕན་ཡོན་དང་ཤོར་བ་ལ་ཉེས་དམིགས་གང་ཡང་མེད་དོ༔ བཟུང་ན་ཟིན་པའི་ཁིད་ཚེ་དྭངས་སྙིགས་གཉིས་ཡོད་དེ༔ སྙིགས་མ་ནི་ཧོ་ལྟར་སྐྱ་ལྷུག་གེ་བ་དེའི་གསེབ་ཏུ༔ གྭན་ཝ་ཉ་དཀར་ལ་འཚེར་བ་ཉུང་འབྲུ་ལྟ་བུ་དྲུག་ཡོད་པ་སྟེ༔ ཝརིག་ཅ་འབྱུང་བའི་ས་བོན་ཡིན་ལ༔ ཉོ་ཡི་དྭངས་ཉ་དང་འཕྲད་པས་ཝརིག་ཆགས་པར་བྱེད༔ སྙིགས་མ་ྫྷཏྱ་ྩྭུད་དེ་བ་དེ་ནི་ཇཞ་དེ་ནས་ཕྱིར་འབོར་ནས་འོང༔ གྭན་ཝ་ཉ་འཆོར་ན་ཉེས་དམིགས་ཆེ་བ་དེ་ཡི་ཕྱིར༔ གྭན་ཝ་ཉ་ཤོར་གྱིས་དོགས་ནས་སྙིགས་མ་ཡང་གཟུང་དགོས་པ་ཡིན་ལ༔ གྭན་ཝ་སྙིགས་དེ་ཡང་སོ་སོར་དབྱེ་ནུས་ན༔ སྙིགས་མ་གཏོང་བ་ལ་ནི་ཚུ་ཝ་ཏྱི་ཛ་ཆུང་བ་ཙམ་ལས་ཉེས་པ་ཆེ་བ་ནི་མེད་དོ༔ གྭན་ཝ་མ་གཟུང་ཐབས་ལ་སྙོམས་པར་འཇུག་པའི་ཚེ༔ རང་གི་སྨིན་མཚམས་སུ་གཡུང་དྲུང་དམར་པོའི་སྟེང་དུ་ཁིད་ཚེ་དཀར་ལ་འཚེར་བ་ཉུངས་དཀར་འབྲུམ་ལྟ་བུ་དྲུག༔ གཅིག་ཏུ་སྤུངས་པའི་ཚུལ་དུ་ངང་ཙེ་རེ་ཡོད་པ་ལ་སེམས་གཏད་པ་ལ༔ སྙིགས་ཉ་ཛོར་ཡང་གྭན་ཝ་ཉ་ཉི་མཉ་ཝ་པའི་གནད་ཡོད༔ ཙིད་ཉའི་ྖཀ་དྭ་གཉ་བྱེད་ཀྱི་ཙླ་ལ༔ ཁུག་ཆོས་སྤང་རྒྱན་ཤང་དྲིལ་དཀར་པོ་གསུམ་ཁ་མ་བྱེ་བ༔ བྱ་ཕོའི་ཨོག་ཞོལ༔ རྨ་བྱའི་མདོངས་སྒྲོ་རྣམས་ཞིབ་པར་བཏགས་ལ་འཐུང༔ མར་གསར་དང་སྦྱར་ནས་ྨཉག་ལའང་བྱུག༔ དབང་པོའི་བཛྲ་འཆེ་ཚ་ཁང་ཝ་དི༔ འབྲས་བུ་གསུམ་གྱི་ཐང་དུ་རྡོ་རྗེ་སྦངས་ནས་ཀ་ཙ་བྱུག་ཅིང་ཉི་མར་བསྲོ་ལ་རན་པར་མཉེ༔ སྒྲེང་བ་དང་འོག་ཏུ་མི་གཞིལ་བར་གཡས་གཡོན་སྟེང་རྣམས་སུ་འཁེངས༔ གཟིམས་པའི་ཚེ་རྒྱ་མཚོ་ལ་སྦྱར་ནས་བཞག༔ དེ་ནས་ཁྱི་དང་བོང་བུའི་རྡོ་རྗེ་སྐམ་པའི་ཕྱེ་མ༔ གཡེར་མ་དང་སྤོས་དཀར་ཐུན་རེ་བྱུག་སྟེ༔ འབྲུ་གསུམ་གྱི་སྙིང་པོ་བདུན་བདུན་མགྲོན་ཐལ་ཐུན་གཅིག་རྣམས་ཞིབ་པར་བཏགས་ལ༔ ཆང་རྒན་གྱི་ཉིང་ཁུར་སྦྱར་ནས་གར་སླ་ཞོ་ཙམ་བྱ་སྟེ༔ དབྱར་ཡིན་ན་ཞག་གསུམ་དགུན་ཡིན་ན་ཞག་ལྔ་དྲོ་སར་བསྙལ༔ དེ་ནས་དབང་ལག་གི་ཕྱེ་མ་བསྲེས་ཏེ་རི་བོང་རིལ་མ་ཙམ་བྱ༔ དེ་མོ་རིགས་ཀྱིས་མ་མཐོང་བར་ལས་སྦྱོར་དུས་སུ་རིལ་བུ་རེ་རེ་རང་གི་ཁར་སྦངས་ལ་རྡོ་རྗེ་མྱུག་གུ་ལ་བྱུག༔ བསྐམས་ཚར་ནས་ཙ་ཚི་ཅའི་བདེ་སྟོང་སྐྱེ་བའི་གྲོགས་སུ་འགྱུར་རོ༔ བདེ་ཤེས་ཆུང་ན་བདེ་བ་སྐྱེད་པའི་ཙྙ་ཝ་དི༔ ལྕམ་པའི་འབྲས་བུ་གཟེ་མ་གཡེར་གསུམ་གྱི་ཕྱེ་མ་རྡོ་རྗེའི་རྩེ་ཏོ་བསྐྱོན་ནས་སྦྱོར་ན་ཇ་གེ་ཇ་ཙཏྱཝ་ཝོ༔ ཙིད་མའི་གཉ་ཙ་ཕ་འདྲེན་ཆེ་ན་ལུས་ཟུངས་ཤོར་བས༔ ད་ཝོ་བའི་ཁར་ཝ་ཏྱི་ཙླ་ཝ་དི༔ ཉའི་ཀླད་པ༔ སྦྲུལ་གྱི་རྒྱུང་པ༔ རྒྱ་བྱིལ་དམར་པོའི་ཤ༔ ར་ཐུག་གི་འབྲས་བུ༔ བྱ་ཕོའི་ངང་སྒོང་རྣམས་ཝཏ་ཉ་ཅའི་ཆྱིཉ་གན༔ ཨ་རུ་ར་ཤ་ཆེན་དེའི་བུང་དང་མཉམ་པའི་ཀ་ར་མཉམ་སྦྱར་ནས༔ རིལ་བུ་ལུག་རིལ་ཙམ་བྱས་ནས་ཐོ་རེངས་བརྟེན་པས་ལུས་སྟོབས་ཙཏྱ་ཝ༔ དམར་ཆ་མ་འདྲོངས་པར་ཙླཝ་སྦྱོར་ལ་བརྟེན་ན་ནུབ་རེར་བསྡུ་ཤ་ཉེར་གཅིག་རེ་སྤྱོད་ཀྱང་བྷོ་དྷེ་ཤ་མི་ཞི་སྟེ༔ ད་ཨུན་ཉ་ཛ་གི་ཤས་ཆུང་བ་དག་ལ་བསྟེན་ན་བཟང་ལ༔ རྣལ་འབྱོར་པའང་ཁིད་ཚེ་འཆི་ཚ་ཇའི་རྫས་བརྟེན་དགོས་པ་བྱུང་ཚེ་ཕན་པའི་གདམས་པ་ཟབ་མོའོ༔ ཕྱིང་རིལ་གྱི་གདམས་པ་ནི༔ དང་པོ་སྙུག་སྦུབ་མཐོ་གང་བ་ཞིག་གི་ནང་དུ་ར་ཐུག་ལུག་ཐུག་གི་འབྲས་བུ༔ སྐྱེས་པ་ཡིད་འོང་གི་ཁུ་བ་རྣམས་བྱུག༔ དེ་ཕྱིང་པས་དྲིལ་ལ་ནོར་བུ་དང་བཅས་པ་དོད་པར་བྱ༔ དར་དང་གོས་ཆེན་གྱིས་འཇམ་པར་དྲིལ་ྖཞ་དྭ་ཙ་མི་གནོད་ཅིང་བདེ་བར་བྱས་ལ་གོང་གི་རྫས་དང་མར་བསྲེ་ལ་བླུག༔ དེ་ནས་ཕོ་ཁྲིད་སྐབས་ཀྱི་ཚད་ཙའི་འདུ་བྱེད་བཞིན་དམིགས་པ་འཕྲུལ་འཁོར་སོགས་འདྲ་ལ༔ ཕྱི་ཕོག་གམ་དང་ནང་སྟོང་ར་རྣམས་རིམ་པར་བསླབ་བོ༔ སྐྱེས་པའི་ཐིག་ལེ་བཙན་ཐབས་སུ་འཛིན་པར་འདོད་ན༔ གཙ་གཉ་ཙ་བོ་ཁ་གང་གི་དཀྱིལ་རྡོ་རྗེའི་མདུད་པ་བྱས་ལ་དྲག་སྔགས་ཀྱིས་བཏབ༔ རྡོ་རྗེ་བསྒྲེངས་པའི་འོག་གཉིས་རྩ་བོ་ཆེ་མདུད་པ་ནོན་པར་བྱས་ལ་དམ་དུ་བཅིང༔ ལས་སྦྱོར་ཚར་བ་དང་རྡོ་རྗེ་གསོར་ལ་ཁིད་ཚེ་ཕྱིར་དབྱུང་ངོ༔ དཀར་ཏྱི་སྐྱེ་སྒོ་ཇ་ཏད་ཅ་ཙ་འདོད་ན༔ གོང་དུ་བཤད་པའི་ས་སྙིང་ལ་སོགས་གསང་བའི་རྫས་བཞི་བྱ་ཐབས་བཅས་པ་ལག་ལེན་མ་འཛོལ་བར་བྱའོ༔ གཞན་ཡང་མན་ངག་ཉམས་ཀྱི་ལག་ལེན་ཐམས་ཅད་གནད་དུ་འགྲོ་ཞིང་ཞལ་ཤེས་ཐིངས་པའི་རྣལ་འབྱོར་མ་གཏོགས་ཐོས་ཆུང་སྒེར་བུ་ཅན་གྱི་གཡང་ས་ཆེན་པོ་ཡོད་པར་ཤེས་སོ༔ འདི་ནི་རླུང་སེམས་གནད་དུ་ཚུད་ཅིང་མན་ངག་གི་གཟུངས་ཐུབ་པ་རེ་རེ་ལས་གཅིག་རྒྱུད་མིན་པར་འབྱམས་སུ་སྤེལ་ན་མཁའ་འགྲོ་གཏེར་སྲུང་གི་བཀའ་ཆད་འོང་བས་ཤིན་ཏུ་གཅེས་པར་དགོས་སོ༔ ཨུ་ཡ༔ ཨག་ཐཾ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞལ་གདམས་སྙིང་གི་ཐིག་ལེ་འདི་ནི་གཏེར་སྟོན་འཇའ་ཚོན་སྙིང་པོས་གནས་ཆེན་རྡོ་རྗེ་ཡོངས་རྫོང་ནས་དངོས་གྲུབ་ཏུ་རྙེད་པ། སླར་ཤིང་མོ་གླང་གི་ཧོར་ཟླ་གསུམ་པའི་ཚེས་བཅུའི་ཉིན་པར་ལུང་ཟིན་གྱི་སློབ་མ་ཁྲོ་ཆུང་ནང་སོ་རྡོ་རྗེ་ནམ་མཁའ་དབང་ལྡན་གྱིས་ནན་ཆེར་བསྐུལ་ངོར། ཁྲོ་ཆེན་རྒྱལ་པོའི་ཕོ་བྲང་དྲུག་ཟུང་འབྲུག་མོ་རྣམ་པར་རྒྱལ་བའི་དབུ་རྩེར་ཤོག་སེར་ལས་ཞལ་བཤུས་གྲུབ་པ་དགེའོ། །བཀྲ་ཤིས་པར་གྱུར་ཅིག། །། ྈ རྩ་རླུང་མཁའ་འགྲོའི་གསང་མཛོད་ལས༔ ལེའུ་མ་འཆོལ་རྩིས་རྒྱ་བཞུགས༔ ྈྈྈྈ བདེ་ཆེན་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ནས༔ རྩ་རླུང་མཁའ་འགྲོ་རྡོ་རྗེ་གསང་མཛོད་ཀྱི༔ ལེའུ་མི་འཆོལ་ངེས་པའི་རྩིས་རྒྱ་འདི༔ སྐལ་མེད་དག་ལ་པིར་གྱི་ཁ་བཞིན་བསྡམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ཡང་ཡིད་ཆེས་ལུང་གི་ཆེ་བ་ཡིས༔ ཐེ་ཚོམ་རྟོག་པའི་དྲ་བ་བཀྲལ་བར་བྱེད༔ དབང་མཆོག་ཡེ་ཤེས་རང་ལ་ཤར་བ་ཡིས༔ སྐལ་ལྡན་སློབ་མ་སྨིན་ཅིང་གྲོལ་བར་བྱེད༔ ཕྱི་ལྟར་བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་གྱིས༔ རང་ལུས་ལྷ་སྐུ་ཕྱག་རྒྱ་འགྲུབ་པར་བྱེད༔ ནང་ལྟར་འབྱིན་འཇུག་རླུང་གི་ཉམས་ལེན་གྱིས༔ རང་ལུས་རྩ་ཁམས་དྭངས་མ་སྒྲུབ་པར་བྱེད༔ ཐུན་མོང་གཏུམ་མོའི་འཕྲུལ་འཁོར་ཉེར་ལྔ་ཡིས༔ དྲོད་འབར་བདེ་སྟོང་ཉམས་མྱོང་འཆར་བར་བྱེད༔ རྨི་ལམ་གདམས་པ་འོད་གསལ་ཁོར་ཡུག་གིས༔ འཁྲུལ་པའི་ས་བོན་མ་ལུས་བཅོམ་པར་བྱེད༔ འོད་གསལ་གདམས་པ་འཁྲུལ་པ་རང་དག་གིས༔ སྐུ་གསུམ་རྫོགས་པའི་སངས་རྒྱས་མྱུར་བར་བྱེད༔ སྒྱུ་ལུས་གདམས་པ་བདེན་མེད་རང་གྲོལ་གྱིས༔ འཁྲུལ་སྣང་རྫུན་ཕུགས་རྡིབ་ཅིང་ཆོད་པར་བྱེད༔ བར་དོའི་གདམས་པ་སྣང་བ་རང་གྲོལ་གྱིས༔ སྐུ་གསུམ་སངས་རྒྱས་གོ་འཕང་ཐོབ་པར་བྱེད༔ འཕོ་བའི་གདམས་པ་ཟབ་ལམ་རྣལ་འབྱོར་གྱིས༔ སྡིག་ཅན་བཙན་ཐབས་མངོན་སངས་རྒྱས་པར་བྱེད༔ གསང་བའི་ཐུར་མའི་གདམས་པ་ཟབ་མོ་ཡིས༔ ངོ་མཚར་གནད་ཀྱི་ལག་ལེན་ཐོབ་པར་བྱེད༔ དབང་པོ་རྡོ་རྗེ་ཆུ་འཐུང་སྦྱོར་བ་ཡིས༔ འོག་སྒོ་བདེ་བའི་ལམ་ལ་འཇུག་པ་འབྱེད༔ ཕོ་ཁྲིད་གདམས་པ་ཉི་མའི་བཅུད་སྡུད་ཀྱིས༔ དྭངས་མ་ཡེ་ཤེས་དབང་ལ་འབྱོར་པར་བྱེད༔ གསང་བ་པདྨ་རླུང་འབྱིན་གདམས་པ་ཡིས༔ ཚོམ་བྲལ་དགའ་བཞི་རྒྱས་པའི་ལམ་ཡང་བྱེད༔ མོ་ཁྲིད་གདམས་པ་ཟླ་བའི་མདངས་ལེན་གྱིས༔ དྭངས་མ་ཡེ་ཤེས་ལྔ་རུ་སྒྲུབ་པར་བྱེད༔ ཐུན་མོང་མིན་པའི་འཕྲུལ་འཁོར་རྣམ་གསུམ་གྱིས༔ རླུང་གི་ཡོན་ཏན་མ་ལུས་འབྱུང་བར་བྱེད༔ ཐབས་ཤེས་མཚན་ལྡན་འགུགས་པའི་ལྕགས་ཀྱུ་ཡིས༔ རང་དགོས་འདོད་པའི་རེ་བ་སྐོང་བར་བྱེད༔ གྲོང་འཇུག་གདམས་པ་འགྲོ་དོན་རྒྱུན་སྐྱོང་གིས༔ བདག་གཞན་དོན་གཉིས་མཐའ་རུ་ཕྱིན་པར་བྱེད༔ གེགས་སེལ་གདམས་པ་ཐར་པའི་སྲོག་གཟུང་གིས༔ བདེ་ཆེན་བདེ་བའི་ལམ་དུ་འཛུད་པར་བྱེད༔ རླུང་གི་ལས་ཚོགས་གཏེར་གྱི་ཕྲེང་བ་ཡིས༔ རྡོ་རྗེ་ཐེག་པའི་བསྟན་པ་མཛེས་པར་བྱེད༔ ཆུ་མིག་བསྒྲུབ་པའི་གྲུབ་རྟགས་སྟོན་པ་ཡིས༔ དབུ་འཕང་མཐོ་ཞིང་མཐུན་རྐྱེན་འཛོམ་པར་བྱེད༔ ཟབ་ཡིག་ཙིཏྟ་སྙིང་གི་རྒྱ་ཅན་གྱིས༔ གདམས་པ་མཛོད་ཀྱི་ཐ་རམ་བཀྲོལ་བར་བྱེད༔ ཞལ་གྱི་གདམས་པ་སྙིང་གི་ཐིག་ལེ་ཡིས༔ གནད་དོན་ཟབ་མོ་བདེ་བླག་རྟོགས་པར་བྱེད༔ རྡོ་རྗེ་རྣལ་འབྱོར་མ་ཡི་སྒྲུབ་ཐབས་ཀྱིས༔ མཆོག་ཐུན་དངོས་གྲུབ་གང་ཡང་ཐོབ་པར་བྱེད༔ ལེའུ་མི་འཆོལ་ངེས་པའི་རྩིས་རྒྱ་ཡིས༔ ཆོས་ཚན་ཚང་མིན་སྤྲོས་པ་ཆོད་པར་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མཁའ་འགྲོ་གསང་བའི་ཆོས་ཚན་ཉེར་ལྔ་འདི༔ འདི་བས་མང་ན་ལྷག་ལ་ཉུང་ན་ཆད༔ ཆད་ལྷག་གསལ་ཕྱིར་གསང་ཡེ་མཚོ་རྒྱལ་མས༔ མས་འཛེག་རྣལ་འབྱོར་མངོན་སངས་རྒྱས་ཕྱིར་དགེ༔ གུ་ཧྱ་རྒྱ༔ གསང་བདག་འཇའ་ཚོན་སྙིང་པོ་ཅན་གྱིས་དངོས་གྲུབ་ཏུ་རྙེད་པ་དགེའོ།། །། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་དགའ་དབང་འཁྱིལ་བ་འདི་ཡིན།མཆན།་་་ྈ ྈྈྈྈྈ གསང་བའི་མཁའ་འགྲོ་རྡོ་རྗེ་ཕག་མོ་ཆེ༔ གང་འདུལ་ཐབས་ཀྱི་རྣམ་རོལ་བསྒྱུར་བའི་གར༔ རྡོ་རྗེ་རྣལ་འབྱོར་ངེས་པའི་སྙིང་པོ་ཅན༔ དུས་ཀུན་འབྲལ་མེད་སྤྱི་བོའི་རྒྱན་མཆོད་ནས༔ དེ་ཡི་སྒྲུབ་ཐབས་དགའ་དབང་འཁྱིལ་བའི་གཏེར༔ ཕྱི་ཡི་ དཀྱིལ་འཁོར་ཉིད་ལ་མ་ལྟོས་པར༔ རྡོ་རྗེའི་ལུས་ལ་བརྟེན་ནས་སྒྲུབ་པ་ནི༔ སྙིང་གི་གུར་དུ་རོལ་དང་ཡོན་ཏན་མངོན༔ དང་པོ་རླུང་རོ་དགུ་ཕྲུགས་དག་པར་བསལ༔ བུམ་ཆེན་རླུང་གི་ནུུས་པ་སྐྱེས་པའི་ངོས༔ སྟོང་པའི་ངང་ལས་པདྨ་ཉི་མའི་སྟེང༔ རིག་པ་ཡི་དམ་གཉིས་མེད་ཡི་གེ་བཾ༔ དེ་ཉིད་འོད་ཞུ་ཡོངས་སུ་གྱུར་པ་ལས༔ བདག་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ༔ དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཅན༔ ཕྱག་གཡས་རྡོ་རྗེ་གྲི་གུག་ཐུར་དུ་འཕྱང༔ གཡོན་པས་ཐོད་ཁྲག་སྟེང་གི་ཕྱོགས་བཟུང་ནས༔ གནམ་ཞལ་གྱེན་དུ་ཕྱོགས་པའི་ཚུལ་གྱིས་གསོལ༔ ཕྱག་གཡོན་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག༔ ཌཱར་དྲིལ་རྩ་གསུམ་འཕན་བཅས་བཀལ་ཞིང་འཁྱུད༔ ཞབས་གཡས་བརྐྱངས་པས་དུས་མཚན་མ་དམར་མོ༔ གཡོན་པ་བསྐུམས་པས་འཇིགས་བྱེད་དམར་མོ་མནན༔ དབུ་སྐྲ་ནག་པོ་སིལ་བུར་གྱུར་པ་ལ༔ ཐོད་པ་སྐམ་པོ་ལྔ་ཡི་དབུ་རྒྱན་དང༔ རློན་པ་ཁྲག་འཛག་ལྔ་བཅུའི་དོ་ཤལ་བྱས༔ གཅེར་བུ་ཕྱག་རྒྱ་ལྔ་ཡིས་རབ་བརྒྱན་ཏེ༔ ཡེ་ཤེས་མེ་དཔུང་འབར་བའི་དབུས་སུ་བཞེངས༔ ཐུགས་ཀར་ཟླ་སྟེང་བཾ་ལ་སྔགས་ཀྱི་ཕྲེང༔ གཡོན་དུ་ཀྱི་ལེར་འཁོར་བའི་འོད་ཟེར་གྱིས༔ རང་ལུས་སྣང་ཁམས་མ་ལུས་ཉེར་གང་སྟེ༔ བདག་གཞན་ནད་གདོན་སྡིག་སྒྲིབ་ཀུན་བསྲེགས་ནས༔ རང་ལུས་འོད་ཀྱི་གོང་བུར་འདྲིལ་བར་གྱུར༔ དབྱིངས་ཀྱི་སེམས་དཔའ་སྤྱན་དྲངས་ནམ་མཁར་བྱོན༔ ཛཿཧཱུྃ་བཾ་ཧོཿས་རང་དང་གཉིས་མེད་བསྟིམ༔ དེ་ཡི་ངང་ལ་བསྙེན་སྔགས་འདི་ཉིད་བགྲང་ངོ༔ ཨཱོཾ་བཛྲ་ཡོ་གི་ནི་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ༔ དམ་བཅའ་ཇི་ཙམ་ཡོད་བཞིན་གོང་འཕེལ་བཟླ༔ ཐུན་མཚམས་སུ་ཡང་ཟླ་གདན་བཾ་ཡིག་བཅས༔ བདེ་བ་སྐྱེད་འདོད་གསང་བའི་གནས་སུ་དབབ༔ མི་རྟོག་པ་བསྐྱེད་ལྟེ་བར་ཕབ་བྱས་ན༔ ཁ་སྦྱོར་རླུང་གཟུང་སྔགས་འཁོར་སེམས་གཏད་ཅིང༔ ཡིད་ཀྱིས་ལན་བདུན་བཟླས་ལ་སྣོད་བཅུད་ཀུན༔ འོད་དུ་ཞུ་ནས་བདག་ལ་ཡོངས་སུ་ཐིམ༔ རང་ཉིད་འོད་ཞུ་སྙིང་གའི་ཟླ་གདན་བསྡུ༔ ཟླ་གདན་སྔགས་ཕྲེང་སྔགས་ཕྲེང་བཾ་ཡིག་ཐིམ༔ བཾ་ཡིག་མགོ་བོ་མགོ་བོ་ཟླ་ཚེས་དང༔ ཟླ་ཚེས་ཐིག་ལེ་ཐིག་ལེ་ནཱ་དར་བསྡུ༔ ནཱ་ད་འོད་གསལ་སྟོང་པའི་ངང་ལ་བཞག༔ སྐབས་སུ་ཐུགས་ཉིད་འགྲོ་བའི་དོན་བསྐུལ་ཏེ༔ ཅང་ཏེའུའི་སྒྲ་དང་གསལ་སྟོང་དགོངས་པ་ནི༔ ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་མཁའ་འགྲོ་རྒྱ་མཚོའི་གཙོ༔ སྐྱོད་ཅིག་སྐྱོད་ཅིག་རྡོ་རྗེ་རྣལ་འབྱོར་མ༔ དབྱིངས་ནས་མཁའ་ལ་འོད་ཟེར་འབུམ་སྤྲོས་ཤིང༔ ཀློང་འདིར་བསྟན་དང་འགྲོ་བའི་དོན་ཆེན་དུ༔ དམ་ལྡན་རྣལ་འབྱོར་བདག་གིས་སྤྱན་དྲང་ན༔ དམ་ཉམས་དགྲ་བོ་བསྒྲལ་བའི་མཐུ་ཕྱུངས་ལ༔ དམ་པའི་རྗེས་འབྲང་རི་ཁྲོད་དགོན་པ་སྐྱོངས༔ དམ་ལོག་གྲོང་འགྲིམ་སྲོག་ལ་ཧུར་ཐུམས་གྱིས༔ རླུང་སེམས་ཟུང་འཇུག་བྱེད་པའི་ཉམས་རྟོགས་སྤོར༔ ཕྱི་ནང་གསང་བའི་སློང་དང་གོལ་ས་ཆོད༔ སྒྲུབ་རྒྱུད་བསྟན་པ་རྒྱས་པའི་འཕྲིན་ལས་གང༔ ཐོགས་མེད་སྒྲུབས་ཤིག་རྗེ་བཙུན་རྣལ་འབྱོར་མ༔ ཞེས་བརྗོད་ཐུགས་རྗེ་སྟོབས་བསྐུལ་དུས་ཀུན་ཏུ༔ རང་དང་སྣང་བ་ཐམས་ཅད་རྗེ་བཙུན་མར༔ གྲགས་ཚད་ཐམས་ཅད་བཛྲ་ཡོ་གའི་སྒྲ༔ དྲན་རྟོག་ཐམས་ཅད་རྣལ་འབྱོར་མ་ཡི་ཐུགས༔ ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་རྡོ་རྗེ༔ དགའ་བ་གསུམ་གྱི་རང་བཞིན་འབྲལ་མེད་བྱ༔ སྐབས་སུ་དམ་རྫས་མཆོད་གཏོར་འབུལ་བ་ནི༔ རྣལ་འབྱོར་དགོངས་པས་ངར་བསྐྱེད་འདི་སྐད་དོ༔ ཧོ༔ དགོངས་སུ་གསོལ༔ སངས་རྒྱས་བསྟན་པའི་བྱ་ར༔ རིགས་འཛིན་སྔགས་ཀྱི་སྲུང་མ༔ དཔལ་ལྡན་བླ་མའི་བཀའ་སྐྱོང༔ རྣལ་འབྱོར་ཡོངས་ཀྱི་དགྲ་བླ༔ རི་ཁྲོད་འགྲིམ་པའི་རྒྱབ་རྟེན༔ དམ་ལོག་གྲོང་རྒྱུག་སྲོག་གཅོད༔ ལེགས་ཉེས་ཀྱི་སྟངས་འཛིན༔ དཀར་ནག་གཉིས་ཀྱི་ཤན་འབྱེད༔ ཁྲོ་བོའི་གཟུགས་ཅན༔ ཟ་བྱེད་གདོང་ཅན༔ ཡེ་ཤེས་ཀྱི་སྤྱན་ཅན༔ རྫུ་འཕྲུལ་གྱི་ཞབས་ཅན༔ ཐུགས་རྗེའི་སྟོབས་ཅན༔ སྤྲུལ་པའི་སྐུ་ཅན༔ ཤ་ཟན་གྱི་གཙོ་བོ༔ ཁྲག་འཐུང་གི་རྒྱལ་པོ༔ དམ་ལྡན་གྱི་གྲོགས་མཛད༔ དམ་ཉམས་ཀྱི་ཚེ་ལེན༔ མནའ་ཟན་གྱི་གཤེད་མ༔ ལྟ་ལོག་གི་དབུགས་ཕྲོག༔ བཀའ་སྡོད་དམ་ཅན་རྒྱ་མཚོ་ཁྱེད་རྣམས༔ སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག༔ དཀོན་མཆོག་གི་དབུ་འཕང་བསྟོད་ཅིག༔ དགེ་འདུན་གྱི་གྲྭ་འཁོར་སྐྱོངས་ཤིག༔ རྣལ་འབྱོར་གྱི་ཉམས་རྟོགས་སྤོར་ཅིག༔ ས་ལམ་གྱི་ཡོན་ཏན་སྐྱེད་ཅིག༔ རྐྱེན་ངན་གྱི་བར་ཆོད་སོལ་ཅིག༔ ཁྱད་པར་དུ་སངས་རྒྱས་ཀྱི་བསྟན་པ་བཤིག་པ༔ དཀོན་མཆོག་གི་དབུ་འཕང་སྨད་པ༔ དགེ་འདུན་གྱི་ཆོས་འཁོར་བཤིག་པ༔ བླ་མའི་སྐུ་དགྲར་གྱུར་པ༔ མི་མཐུན་པའི་འགལ་རྐྱེན་ཐམས་ཅད་དྲག་པོའི་ལས་ཀྱིས་ཚར་བཅད་དེ༔ ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད་ཅིག༔ ཡང་ཁྱད་དུ་རྣལ་འབྱོར་བདག་གི་ཚེ་འདི་བློས་བཏང༔ ཕྱི་མའི་དོན་ལ་གཉེར༔ དཀའ་བ་དང་དུ་བླངས༔ ལྗི་བ་ཕྲག་ཏུ་ཁུར༔ ལུས་སྲོག་འབེན་དུ་བཙུགས༔ དབེན་གནས་རི་ཁྲོད་འགྲིམ༔ བླ་མ་གཙུག་ཏུ་ཁུར༔ བྲག་ཕུག་ཞྭ་ལྟར་གོན༔ རི་ཡི་བུ་བྱེད༔ ན་བུན་གྱི་གོས་གྱོན༔ ཏིང་ངེ་འཛིན་གྱི་ཟས་བཟའ་བ་ལ༔ སྡང་བར་བྱེད་པའི་དགྲ༔ གནོད་པར་བྱེད་པའི་བགེགས༔ བར་དུ་གཅོད་པའི་རྐྱེན་ཐམས་ཅད་བཀའ་ཡི་གཏོར་མ་འདི་དང་མཉམ་པོར་བཞེས་ཤིག༔ དེ་སྐད་དམོད་བོར་དམ་རྫས་གཏོར་མ་འབུལ༔ གསང་བའི་མཁའ་འགྲོ་རྡོ་རྗེ་རྣལ་འབྱོར་མ༔ རླུང་སེམས་ཟུང་འཇུག་བུ་ལྟར་གདུང་བྱེད་ཅིང༔ འཕྲིན་ལས་གང་ཡང་ཐོགས་མེད་སྒྲུབ་པའི་དཔལ༔ དགའ་དབང་འཁྱིལ་བའི་གཏེར་ཆེན་འདི་སྤྱོད་ན༔ བསམ་པའི་དགེ་དོན་གང་ཡང་འབད་མེད་འབྱུང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསང་བདག་འཇའ་ཚོན་སྙིང་པོ་ཅན་གྱིས་གནས་ཆེན་རྡོ་རྗེ་ཡོངས་རྫོང་ནས་དངོས་གྲུབ་ཏུ་རྙེད་པ་བཀྲ་ཤིས།། །།
ནཱ་ག་རཀྴའི་ཁྱུང་ནག་མེའི་འཁོར་ལོའི་སྲུང་བའི་དཔེའུ་རིས་ (Volume 19, Text 3)
༄༅། །ནཱ་ག་རཀྴའི་ཁྱུང་ནག་མེའི་འཁོར་ལོའི་སྲུང་བའི་དཔེའུ་རིས། །
གསང་བདག་ཕྱག་རྡོར་གཏུམ་པོ་ལས༔ ཚེ་སྒྲུབ་འཆི་མེད་བཙན་རྫོང་ (Volume 34, Text 3)
༁ྃ༔ གསང་བདག་ཕྱག་རྡོར་གཏུམ་པོ་ལས༔ ཚེ་སྒྲུབ་འཆི་མེད་བཙན་རྫོང་བཞུགས༔ ྈྈྈྈྈྈྈྈྈྈྈ གཏུམ་པོ་རབ་གསང་ཚེ་ཡི་ལྷ་ཚོགས་སྐྱེ་འཆི་བྲལ༔ རབ་ཏུ་གུས་པས་ཕྱག་འཚལ་གང་ཟག་སྐལ་ལྡན་ལ༔ འཆི་མེད་ཚེ་ཡི་རིག་འཛིན་སྩོལ་མཛད་གསང་བའི་ལྷ༔ དུས་ངན་སྙིགས་མར་སྡེ་བརྒྱད་ཁ་ཕྱུར་དུས་མིན་འཆི༔ སྨན་པས་ངོས་འཛིན་མེད་པའི་ནད་རིགས་སྣ་ཚོགས་འོང༔ གདོན་རིགས་མ་ངེས་དུ་མས་སྐྱེ་འགྲོ་འདེབས་པར་བྱེད༔ འགྲོ་བ་འགའ་ཞིག་དུས་མིན་ཚེ་དུས་གུམ་པར་བྱེད༔ དེ་དུས་འཆི་མེད་བཙན་རྫོང་གསང་བའི་ཡང་གསང་འདི༔ པད་འབྱུང་ང་ཡིས་རྒྱུད་སྡེའི་བཅུད་བསྡུས་མངའ་བདག་དོན༔ མ་འོངས་འཕྲད་པར་སྨོན་ལམ་བཏབ་ནས་གསང་གཏེར་སྦས༔ འཕྲད་ནས་སྐལ་ལྡན་འགའ་ཞིག་འཆི་མེད་ལུས་ཐོབ་ཤོག༔ དབང་ཐོབ་དམ་ཚིག་གཙང་བའི་སྐལ་ལྡན་འགའ་ཟུང་ལ༔ གཅིག་རྒྱུད་གསང་བའི་བཟླས་ལུང་འདི་ཉིད་གཏད་པར་གྱིས༔ མང་དུ་སྤེལ་ན་གཏེར་སྟོན་རང་ལ་བར་ཆད་འོང༔ རང་ཉམས་ལོངས་ལ་དམ་ཚིག་མཐའ་རྒྱ་བསྒྲུབ་ལ་བརྩོན༔ མཁའ་འགྲོའི་ལུང་བསྟན་བྱུང་ན་དམ་ཚིག་ཅན་ལ་སྤེལ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ སྐྱབས་འགྲོ་སེམས་བསྐྱེད་སྤྱི་ལྟར་བྱས་ལ་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་རང་རྩལ་རིག་པའི་ངོ་བོ་འདི༔ ཧཱུྃ་མཐིང་མ་སྨུག་ནག་ལས་འོད་ཟེར་རབ་འཕྲོས་པས༔ རང་ལུས་མགོ་མཇུག་མེད་པར་ཐམས་ཅད་མེར་གྱིས་གང༔ རང་ཉིད་སྐད་ཅིག་གཏུམ་པོ་ཡབ་ཡུམ་སྐུ་རུ་གྱུར༔ པདྨ་ཉི་ཟླ་དྲེགས་བྱེད་རུ་ཏྲའི་གདན་སྟེང་དུ༔ གཏུམ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཞབས་ནི་ཕྱེད་སྐྱིལ་ཚུལ་དུ་འགྱིང་བག་གནོད་བྱེད་སྟེང༔ དབུ་སྐྲ་ཁམ་ནག་གྱེན་དུ་འབར་ཞིང་ཚྭ་ཚྭ་འཕྲོ༔ སྤྱན་གསུམ་དམར་འཁྲུག་ཞལ་གདང་ལྗགས་འདྲིལ་མཆེ་བ་གཙིགས༔ ཁྲོ་གཉེར་དཔྲལ་བསྡུས་སྨ་ར་སྨིན་མ་ཨག་ཚོམ་སེར༔ ཐོད་རློན་ལྔ་བཅུའི་དོ་ཤལ་ཡན་ལག་སྦྲུལ་གྱིས་བརྒྱན༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣོལ་ཐབས་ཡུམ་ལ་འཁྱུད༔ མི་མགོའི་དོ་ཤལ་སྟག་ལྤགས་རློན་པའི་ཤམ་ཐབས་དཀྲིས༔ མི་ལྤགས་གཡང་གཞི་སྐུར་གསོལ་གླང་ཀོས་སྟོད་གཡོག་བྱས༔ སྨིན་མཚམས་ཐལ་ཆེན་ཚོམ་བུ་རཀྟའི་ཐིག་ལེའི་བརྒྱན༔ ལྟོ་བར་ཞག་གི་ཟོ་རིས་སྐུ་ཁྲོས་སྒེག་ཅིང་དཔའ༔ གསང་ཡུམ་དབྱིངས་ཕྱུག་ལྗང་དམར་ཞལ་གཅིག་ཕྱག་གཉིས་མ༔ ཕྱག་གཡས་བྷནྡྷ་ཡབ་སྟོབ་གཡོན་པས་དྲིལ་འཛིན་འཁྱུད༔ ཞབས་གཉིས་ཡབ་འཁྲིལ་ཁྲོ་མོ་སྤྱན་གསུམ་རུས་རྒྱན་བརྒྱན༔ ཡབ་ཡུམ་མེ་དཔུང་འབར་ཀློང་རུ་ཏྲའི་སྟེང་དུ་གསལ༔ ཡབ་ཡུམ་གཉིས་ཀྱི་སྤྱི་བོའི་རྩ་འཁོར་རྩ་འདབ་སུམ་ཅུ་གཉིས༔ ཨོཾ་དཀར་རྣམ་སྣང་འཁོར་ལོ་དྲིལ་འཛིན་སངས་རྒྱས་སྦྱོར་ཡུམ་འཁྱུད༔ མགྲིན་པའི་རྩ་འཁོར་རྩ་འདབ་བཅུ་དྲུག་སྣང་མཐའ་ཡབ་ཡུམ་དམར༔ པདྨ་དྲིལ་འཛིན་པདྨའི་ཡུམ་བཅས་གྲི་ཐོད་འཛིན་ཅིང་འཁྱུད༔ སྙིང་གའི་རྩ་འཁོར་རྩ་འདབ་བརྒྱད་ལ་མི་བསྐྱོད་ཡབ་དང་ཡུམ༔ མཐིང་ནག་རྡོ་རྗེ་དྲིལ་འཛིན་རྡོ་རྗེའི་ཡུམ་བཅས་གྲི་ཐོད་འཛིན་ཅིང་འཁྱུད༔ ལྟེ་བའི་རྩ་འཁོར་རྩ་འདབ་དྲུག་ཅུར་རིན་འབྱུང་ཡབ་ཡུམ་སེར༔ རིན་ཆེན་དྲིལ་འཛིན་རཏྣའི་ཡུམ་བཅས་གྲི་ཐོད་འཛིན་ཅིང་འཁྱུད༔ གསང་བའི་རྩ་འཁོར་རྩ་འདབ་དྲུག་ལ་དོན་གྲུབ་ཡབ་ཡུམ་ལྗང༔ རྒྱ་གྲམ་དྲིལ་འཛིན་ཀརྨའི་ཡུམ་བཅས་གྲི་ཐོད་འཛིན་ཅིང་འཁྱུད༔ དེ་ལྟར་ཡབ་ཡུམ་གསལ་བའི་རྩ་འཁོར་རྩ་འདབ་ལྷ་ཚོགས་རྣམས༔ གསལ་བསྐྱེད་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུའི་ཞིང་དུ་འཕྲོས༔ ཐུགས་རྒྱུད་བསྐུལ་ནས་སྤྲིན་ལྟར་གཏིབ་རྣམས་གནས་ལྔའི་ལྷར་ཐིམ་བསྒོམ༔ ཧཱུྃ༔ ལྕང་ལོ་ཅན་དང་མངོན་དགའི་ཞིང༔ དཔལ་ལྡན་བདེ་ཆེན་ལས་རབ་རྫོགས༔ དག་པའི་ཞིང་ཁམས་སོ་སོ་ནས༔ སྤྱན་དྲངས་གནས་ལྔའི་ལྷ་ལ་ཐིམ༔ འཆི་མེད་དབང་བསྐུར་དམ་ཡེ་དབྱེར་མེད་འདྲེས༔ ཛཿཧཱུྃ་བཾ་ཧོ༔ ཆུ་ལྷག་ཡར་ལུད་མི་བསྐྱོད་དབུ་བརྒྱན་གྱུར༔ མ་ཡེངས་ངང་དུ་གསང་སྔགས་འབྲུ་འབུམ་བཟླས༔ ཡབ་ཀྱི་ཐུགས་ཀའི་མི་བསྐྱོད་ཡབ་ཡུམ་གྱི༔ ཐུགས་ཀའི་ཧཱུྃ་མ་གཉིས་ལས་སྔགས་ཕྲེང་ཐོན༔ མི་བསྐྱོད་ཞལ་ནས་མགྲིན་པའི་སྣང་མཐའ་ཡི༔ སྦྱོར་མཚམས་ཞུགས་ནས་ཞལ་ཐོན་སྤྱི་བོ་ཡི༔ རྣམ་སྣང་སྦྱོར་མཚམས་ནས་ཞུགས་ཞལ་ནས་ཐོན༔ ཡབ་ཀྱི་ཞལ་ནས་ཡུམ་ཞལ་ཞུགས་ཏེ་སྤྱི་བོ་ཡི༔ རྣམ་སྣང་ཞལ་ཞུགས་སྦྱོར་མཚམས་ནས་ཐོན་མགྲིན་པ་ཡི༔ སྣང་མཐའི་ཞལ་ཞུགས་སྦྱོར་མཚམས་ནས་ཐོན་སྙིང་ག་ཡི༔ མི་བསྐྱོད་ཞལ་ཞུགས་སྦྱོར་མཚམས་ནས་ཐོན་ལྟེ་བ་ཡི༔ རིན་འབྱུང་ཞལ་ཞུགས་སྦྱོར་མཚམས་ནས་ཐོན་གསང་བ་ཡི༔ དོན་གྲུབ་ཞལ་ཞུགས་སྦྱོར་མཚམས་ནས་ཐོན་ཡུམ་གྱི་བྷ་ག་ནས༔ ཡབ་ཀྱི་རྡོ་རྗེ་ནས་བརྒྱུད་གསང་བའི་དོན་གྲུབ་ཀྱི༔ སྦྱོར་མཚམས་ནས་ཞུགས་ཞལ་ཐོན་ལྟེ་བ་ཡི༔ རིན་འབྱུང་སྦྱོར་མཚམས་ནས་ཞུགས་སྙིང་གའི་མི་བསྐྱོད་པའི༔ སྦྱོར་མཚམས་ནས་ཞུགས་སྔགས་ཕྲེང་སྔོན་པོ་ནི༔ ཕར་ལ་མཆོད་ཅིང་ཚུར་ལ་དངོས་གྲུབ་རྣམས༔ སྩོལ་བར་བསྒོམ་ཞིང་བཟླས་པ་ཉིད་ལ་འབུང༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཉན་རང་དང༔ ཕྱི་ནང་སྣོད་བཅུད་སྐྱེ་འགྲོ་ཐམས་ཅད་ཀྱི༔ ཚེ་བསོད་རང་ལ་ཐིམ་བསྒོམ་སྔགས་འདི་བཟླས༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་མ་མ་ཨཱ་ཡུརྫྙཱ་ན་པུཎྱེ་པུཥྚིཾ་ཀུ་རུ་ཚེ་བྷྲཱུྃ༔ ཞེས་པ་མ་ཡེངས་རྩེ་གཅིག་འབད་པར་བྱ༔ ཐུན་མཚམས་དགེ་བ་བསྔོ་ཞིང་བསྐྱེད་རིམ་ནི༔ སྣོད་བཅུད་འོད་ཞུ་ཡབ་ཡུམ་གཉིས་ལ་ཐིམ༔ ཡབ་ཡུམ་འོད་ཞུ་གནས་ལྔའི་ལྷ་ལ་ཐིམ༔ གནས་ལྔའི་ལྷ་རྣམས་མི་བསྐྱོད་ཡབ་ཡུམ་ལ༔ ཐིམ་ཞིང་མི་བསྐྱོད་ཡབ་ཡུམ་ཧཱུྃ་མར་ཐིམ༔ ཧཱུྃ་མ་ཐིག་ལེ་ནཱ་ད་ཟླ་ཚེས་ལ༔ ཐིམ་ཞིང་ཡལ་ནས་རྫོགས་ཆེན་ངང་དུ་བཞག༔ སླར་ཡང་ཟུང་འཇུག་ཕྱག་རྡོར་སྐུ་རྐྱང་གྱུར༔ ཉམས་སུ་ལེན་པའི་གནས་མཆོག་ནི༔ ང་ཡི་གཏེར་གནས་ཁྱད་པར་འཕགས༔ བླ་མ་མཁའ་འགྲོས་དངོས་གྲུབ་སྟེར༔ མི་མེད་ལུང་སྟོང་དགེ་སྦྱོར་འཕེལ༔ རི་རྩེར་ཤེས་པ་དྭངས་ཤིང་གསལ༔ དུར་ཁྲོད་ངེས་འབྱུང་སྐྱོ་ཤས་སྐྱེ༔ ཤིན་ཏུ་དབེན་པས་ཉམས་རྟོགས་འཕེལ༔ དེ་ལྟར་དབེན་གནས་བརྟེན་པ་ལ༔ དགོས་ཆེད་གནས་སྐབས་མཐར་ཐུག་གཉིས༔ གནས་སྐབས་དགེ་སྦྱོར་ངང་གིས་འཕེལ༔ བར་ཆད་མི་འབྱུང་དགོས་ཆེད་ཡོད༔ མཐར་ཐུག་དབྱིངས་རིག་བརྟན་པ་ཐོབ༔ སངས་རྒྱས་མྱུར་ཐོབ་དགོས་ཆེད་ཡོད༔ གནས་བཙལ་བསྒྲུབ་ལ་མ་བརྩོན་ན༔ གོང་གི་ཡོན་ཏན་ཉིད་ལས་ལྡོག༔ གསང་སྤྱོད་ཐབས་ལམ་ཉིད་ལ་འབད༔ མཚན་ཉིད་སུམ་ལྡན་ཕྱག་རྒྱ་བསྟེན༔ དགོས་ཆེད་གནས་སྐབས་མཐར་ཐུག་གཉིས༔ གནས་སྐབས་ཉོན་མོངས་ལམ་དུ་ཁྱེར༔ ས་ལམ་ཡོན་ཏན་ཟླ་ལྟར་འཕེལ༔ མཐར་ཐུག་དགའ་བཞི་མཐར་ཕྱིན་ནས༔ ཚེ་འདིར་སྐུ་བཞི་ཐོབ་པའི་དགོས་ཆེད་ཡོད༔ མཚན་ཉིད་ལྡན་པ་མ་བསྟེན་ན༔ གོང་གི་ཡོན་ཏན་རྣམས་ལས་ལྡོག༔ ཅི་ཕྱིར་མཁའ་འགྲོའི་གསང་མཛོད་ལས༔ ཨེ་མ་ང་ཡི་པདྨ་འདི༔ བདེ་བ་ཐམས་ཅད་འབྱུང་བའི་གནས༔ ལམ་སྟེ་མཆོག་དགའ་བཞི་སྟེར་ནས༔ དེ་ཡི་མདུན་ན་བདག་འདུག་གོ༔ སངས་རྒྱས་མཉེས་པ་ལ་སོགས་པ༔ པདྨོ་བྱ་བ་ཅི་བཞིན་བྱ༔ བདེ་ཆེན་རྒྱལ་པོའི་རང་བཞིན་ཏེ༔ འདི་ཉིད་དུ་ནི་རྟག་ཏུ་བཞུགས༔ བླུན་པོ་གང་ཞིག་འདི་སྤངས་པ༔ དེ་ལ་མཆོག་གི་དངོས་གྲུབ་མེད༔ ཉོན་མོངས་འདོད་ཆགས་ལ་བརྟེན་ཚེ་སྒྲུབ་འདི༔ འཆི་མེད་ཚེ་ཡི་བཙན་རྫོང་ཨེ་མ་ཧོ༔ བདེ་ཆེན་དག་པའི་ཞིང་དུ་ཨེ་མ་ཧོ༔ བར་ཆད་བདུད་ཀྱིས་མི་ཚུགས་ཨེ་མ་ཧོ༔ མ་འོངས་རྩུབ་འགྱུར་དུས་ཀྱི་ཐ་མ་ལ༔ ངེས་མེད་འཆི་བདག་གློ་བུར་འབྱུང་བའི་དུས༔ མངའ་བདག་རྒྱལ་པོ་ཉིད་དང་འཕྲད་པར་ཤོག༔ འཕྲད་ནས་འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ འདི་ལ་གཏེར་སྟོན་ཉིད་ཀྱིས་ནན་ཏན་སྒྲུབས༔ གཞན་ལ་མ་སྦྱིན་རང་ལ་བར་ཆད་འོང༔ གཏད་ཀྱང་ཨོ་རྒྱན་མཁའ་འགྲོའི་ལུང་བསྟན་སྒུགས༔ སློབ་མ་དད་ལྡན་ཙམ་ལ་གཅིག་བརྒྱུད་སྤེལ༔ གདམས་སོ་གཏད་དོ་གཟའ་ཀླུ་བརྟན་མའི་ཚོགས༔ ཆོས་བདག་བུ་ལ་སྤྲོད་ཅིག་གཏེར་སྲུང་རྣམས༔ དུས་མིན་ལེན་ན་སྲོག་ཆོད་སྙིང་ཁྲག་ཐུངས༔ རཱ་ཧུ་ལ་ནཱ་ག་ཏིཥྛ་ལྷན༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏེར་སྟོན་ངག་གི་རྡོ་རྗེ་ཡིས༔ བྱ་ལོར་ཇ་པ་བྲག་ནས་གཏོན༔ སྔོན་ལས་འབྲེལ་བ་དགེ་སློང་རབ་རྒྱལ་གྱིས༔ ནན་གྱིས་དགོས་ཟེར་ཨོ་རྒྱན་མཁའ་འགྲོ་ལ༔ ཚོགས་འཁོར་བཤམས་ནས་དྲག་ཏུ་གསོལ་བ་བཏབ༔ དེ་ཚེ་ཉམས་སྣང་འཁྲུལ་སྣང་རྨི་ལམ་ན༔ ཨོ་རྒྱན་མཁའ་འགྲོ་ལྔ་ཡིས་བསྐོར་བ་གཅིག༔ བྱུང་ནས་དམ་ཚིག་གཅིག་པའི་སློབ་མ་སྐལ་ལྡན་ལ༔ སྟོན་ཅིག་རང་ཉིད་སྒྲུབ་བརྩོན་སྒྲུབ་པ་མཐར་ཐོན་གྱིས༔ ཚེ་ལ་འཕྲང་གསུམ་ཡོད་པས་སྒྲུབ་པ་ནར་མར་གྱིས༔ གཞན་དབང་མ་འགྲོ་རང་ཉམས་གང་ཤར་གྱིས༔ ཨོ་རྒྱན་ང་ཡིས་མི་བསླུ་འཇམ་དབྱངས་སྤྲུལ་པའི་སྐུ༔ གསུང་སྣང་བྱུང་ཞིང་རང་སྣང་རང་སེམས་འདི༔ འགྱུ་བ་ཤར་གྲོལ་ཀ་དག་ཡེ་དག་ཅིང༔ ཉིན་མཚན་འཁོར་ཡུག་དབྱེར་མེད་ཞག་གཅིག་བྱུང༔ ཆོས་སྐུ་ཨོ་རྒྱན་དངོས་སུ་མཇལ་བ་རེད༔ མ་ཉེས་རྫུན་རྒན་ཟེར་ཡང་ཞེ་བློ་བདེ༔ འོན་ཀྱང་ཉོན་མོངས་ལམ་དུ་ཁྱེར་བ་འདི༔ དགེ་སློང་སྡོམ་ལྡན་རྣམས་ཀྱིས་བྱར་མི་རུང༔ དངོས་སུ་མི་བསྟེན་ལྷ་ཡི་བསྐྱེད་རིམ་བྱ༔ རྩ་རླུང་ཐིག་གསུམ་འདྲེན་དང་བཟློག་མཁན་གྱིས༔ འདི་ཉིད་ཉམས་བླངས་མཁའ་སྤྱོད་གྲུབ་པ་འཐོབ༔ རྫོང་བརྒྱད་ཟླ་བྲལ་གནས་མཆོག་ན་བུན་རྫོང༔ དཔལ་རི་པདྨ་འོད་དང་དབྱེར་མེད་ཅིང༔ རྟ་ཕག་ཡབ་ཡུམ་འབུར་སྐུ་དོད་པའི་དྲུང༔ ཀླུ་བདུད་ནག་པོའི་གདེངས་ཀ་བསླང་བའི་སྟེང༔ དུས་མཐའི་གཏེར་སྟོན་ངག་གི་རྡོ་རྗེ་ཡིས༔ ཤོག་སེར་དྲི་མེད་ངོས་ལས་མེ་སྟག་ལོར༔ བཤུས་པའི་ཡི་གེ་པ་ནི་དར་རྒྱས་སོ༔ མངྒ་ལཾ༔ ༁ྃ༔ སྐལ་ལྡན་སྨིན་གྲོལ་ལམ་མཆོག་བསྐུར་བ་ནི༔ སྔོན་འགྲོ་བགེགས་གཏོར་མཚམས་གཅོད་སྲུང་འཁོར་བསྒོམ༔ སྐྱབས་འགྲོ་སེམས་བསྐྱེད་སྤྱི་གཞུང་ལྟར་དུ་བྱ༔ ཚེ་བུམ་ཚེ་གཏོར་ཚེ་ཆང་སྒྲུབ་རྫས་བཤམ༔ དེ་ནས་དམ་ཚིག་བསྲུང་བའི་མནའ་ཆུ་སྦྱིན༔ ཧཱུྃ༔ དམ་ཚིག་རྡོ་རྗེ་ཆེན་པོའི་ཆུ༔ རིགས་ལྡན་སློབ་མར་སྦྱིན་པར་བྱ༔ བསྲུང་ན་ཡོན་ཏན་སྣ་ཚོགས་འཐོབ༔ མ་བསྲུང་དམྱལ་བའི་གནས་སུ་སྐྱེལ༔ དེ་བས་དམ་ཚིག་བསྲུང་བར་གྱིས༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་མ་མ་ཨཱ་ཡུརྫྙཱ་ན་པུཎྱེ་པུཥྚིཾ་ཀུ་རུ་ཚེ་བྷྲཱུྃ༔ ཨི་དན་ན་ར་ཀན༔ ཅོད་པན་སྤྱི་བོར་བཏགས་བྱས་ལ༔ ཧཱུྃ༔ དར་ཚོན་ཅོད་པན་རྣམ་པར་དག༔ ཡེ་ཤེས་ལྔ་མཚོན་འཕུར་ལྕེ་ལྡན༔ ཡེ་ཤེས་སྤྱན་ལྡན་དབང་ཐོབ་ཤོག༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་མ་མ་ཨཱ་ཡུརྫྙཱ་ན་པུཎྱེ་པུཥྚཾ་ཀུ་རུ་ཚེ་བྷྲཱུྃ༔ ཙཀྵུ་པྲ་ཝེ་ཤ་ཡ་ཧཱུྃ་ཕཊ༔ བུམ་པ་སྤྱི་བོར་བཞག་ནས་ཀྱང༔ ཧཱུྃ༔ བུམ་པ་བཟང་པོ་གཞལ་ཡས་ཁང༔ འཆི་མེད་བདུད་རྩིའི་བཅུད་ཀྱིས་བཀང༔ ཀུན་བཟང་རིགས་ལྔ་རིགས་གསུམ་མགོན༔ གསང་བདག་ལྷ་ཚོགས་པད་འབྱུང་བཅས༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས༔ ཡེ་ཤེས་བདུད་རྩིས་དབང་བསྐུར་བས༔ འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་མ་མ་ཨཱ་ཡུརྫྙཱ་ན་པུཎྱེ་པུཥྚིཾ་ཀུ་རུ་ཚེ་བྷྲཱུྃ༔ ཐོད་པ་མགྲིན་པར་བཞག་པ་གཏད་པར་བྱ༔ ཧཱུྃ༔ ཐོད་པ་མ་ཆགས་རྟོག་བྲལ་ནང༔ འཆི་མེད་རིགས་ལྔ་ཡབ་ཡུམ་བཞུགས༔ ཐབས་ཤེས་རང་བྱུང་བདེ་བའི་བཅུད༔ བྱང་ཆུབ་སེམས་ཀྱི་བདུད་རྩིས་བཀང༔ སྐལ་ལྡན་བུ་ལ་སྦྱིན་པར་བྱ༔ འགག་མེད་རྡོ་རྗེའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་མ་མ་ཨཱ་ཡུརྫྙཱ་ན༴ ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་པ་ཐོགས་ལ༔ ཧཱུྃ༔ ཚེ་བུམ་རང་བཞིན་གཞལ་ཡས་ཁང༔ ནང་ན་རིགས་ལྔ་ཡབ་ཡུམ་བཞུགས༔ འོད་ཟེར་དཀར་དམར་སྣ་ཚོགས་འཕྲོས༔ ས་ཆུ་མེ་རླུང་ནམ་མཁའི་བཅུད༔ བསྡུས་ཤིང་བུམ་པའི་ནང་དུ་ཞུགས༔ བྱང་སེམས་བདུད་རྩིའི་ངོ་བོར་ཞུ༔ ཕྱིར་ལུད་སློབ་མའི་ལུས་ལ་ཐིམ༔ ནད་གདོན་སྡིག་སྒྲིབ་ཞི་གྱུར་ནས༔ འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ ཨོཾ་བཛྲ་ཙཎྜ་མ་ཧཱ༴ ཨ་བྷི་ཥིཉྩ་ཨོཾ༔ བུམ་པ་ཐོགས་ལ༔ ཧཱུྃ༔ ཚེ་བུམ་རང་བཞིན་གཞལ་ཡས་ཁང༔ ནང་ན་རིགས་ལྔ་ཡབ་ཡུམ་བཞུགས༔ འོད་ཟེར་དཀར་དམར་སྣ་ཚོགས་འཕྲོས༔ དྲི་ཟ་གཤིན་རྗེ་ཀླུ་གནོད་སྦྱིན༔ རྣམས་ཀྱིས་ཚེ་སྲོག་བརྐུས་དང་ཕྲོགས༔ བསྡུས་ཤིང་བུམ་པའི་ནང་དུ་ཞུགས༔ བྱང་སེམས་བདུད་རྩིའི་ངོ་བོར་ཞུ༔ ཕྱིར་ལུད་སློབ་མའི་ངག་ལ་ཐིམ༔ ངག་གི་སྒྲིབ་པ་དག་གྱུར་ནས༔ འགག་མེད་ཚངས་དབྱངས་དྲུག་ལྡན་ཤོག༔ ཨོཾ་བཛྲ་ཙཎྜ་མ་ཧཱ༴ ཨ་བྷི་ཥིཉྩ་ཧྲཱི༔ བུམ་པ་ཐོགས་ལ༔ ཧཱུྃ༔ ཚེ་བུམ་རང་བཞིན་གཞལ་ཡས་ཁང༔ ནང་ན་རིགས་ལྔ་ཡབ་ཡུམ་བཞུགས༔ འོད་ཟེར་དཀར་དམར་སྣ་ཚོགས་འཕྲོས༔ སྟེང་ཕྱོགས་ཚངས་པ་བརྒྱ་བྱིན་གྱིས༔ ཚེ་བླ་སྲོག་གསུམ་བརྐུས་ཕྲོགས་རྣམས༔ བསྡུས་ཤིང་བུམ་པའི་ནང་དུ་ཞུགས༔ བྱང་སེམས་བདུད་རྩིའི་ངོ་བོར་ཞུ༔ ཕྱིར་ལུད་སློབ་མའི་ཡིད་ལ་ཐིམ༔ ཡིད་ཀྱི་རྣམ་རྟོག་དག་གྱུར་ནས༔ ཆོས་དབྱིངས་དོན་དང་ལྡན་གྱུར་ཅིག༔ ཨོཾ་བཛྲ་ཙཎྜ༴ ཨ་བྷི་ཥིཉྩ་ཧཱུྃ༔ བུམ་པ་ཐོགས་ལ༔ ཧཱུྃ༔ ཚེ་བུམ་རང་བཞིན་གཞལ་ཡས་ཁང༔ ནང་ན་རིགས་ལྔ་ཡབ་ཡུམ་བཞུགས༔ འོད་ཟེར་དཀར་དམར་སྣ་ཚོགས་འཕྲོས༔ སྡེ་བརྒྱད་བྱད་ཟོར་རིག་སྔགས་ཀྱིས༔ ཚེ་སྲོག་བཅད་བཀུག་ཁྱེར་བ་སོགས༔ བསྡུས་ཤིང་བུམ་པའི་ནང་དུ་ཞུགས༔ བྱང་སེམས་བདུད་རྩིའི་ངོ་བོར་ཞུ༔ ཕྱིར་ལུད་སློབ་མའི་གསང་བར་ཐིམ༔ ཉོན་མོངས་སྡིག་སྒྲིབ་དག་ནས་ཀྱང༔ ཕྲིན་ལས་བཞི་འགྲུབ་དབང་ཐོབ་ཤོག༔ ཨོཾ་བཛྲ་ཙཎྜ༴ ཨ་བྷི་ཥིཉྩ་ཏྲཱཾ༔ སློབ་མར་མཚན་ལྡན་ཕྱག་རྒྱ་གཏད༔ སློབ་མ་གསང་བདག་ཡབ་ཡུམ་བསྐྱེད༔ མཁའ་གསང་བྱིན་རླབས་སྦྱོར་བ་བྱེད་དུ་འཇུག༔ ཧཱུྃ༔ མཚན་ལྡན་ཕྱག་རྒྱ་བདེ་བ་སྐྱེད་པའི་ཡུམ༔ སྐལ་ལྡན་ཁྱོད་ལ་གསང་ཡུམ་སྦྱིན་པར་བྱ༔ གཉིས་མེད་བདེ་བ་ཆེན་པོའི་ཏིང་འཛིན་གྱིས༔ ཐིག་ལེ་པདྨའི་ནང་དུ་མཉམ་གནས་པ༔ ཟག་མེད་ཡེ་ཤེས་རང་ངོ་ཤེས་པར་གྱིས༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་མ་མ་ཨཱ་ཡུརྫྙཱ་ན་པུཎྱེ་པུཥྚིཾ་ཀུ་རུ་ཚེ་བྷྲཱུྃ༔ མུ་དྲ་ཨ་བྷི་ཥིཉྩ་ཨཱ༔ ཀྱེ༔ ལྟོས་ཤིག་རང་གི་སེམས་ལ་ལྟོས༔ སྤྲོས་བྲལ་ཐིག་ལེ་ཉག་གཅིག་འདི༔ ཅིར་ཡང་མ་གྲུབ་ངོ་བོ་ཉིད་ཀྱིས་སྟོང༔ དེ་ནི་སྐྱེ་མེད་རིག་སྟོང་ཆོས་ཀྱི་སྐུ༔ ཅིར་ཡང་གསལ་བ་འགག་མེད་ལོངས་སྤྱོད་རྫོགས༔ གཉིས་མེད་རང་གྲོལ་ལྷུན་གྲུབ་སྤྲུལ་པའི་སྐུ༔ སྟོང་པའི་རོལ་པར་མ་འདས་ཆོས་དབྱིངས་མཁའ་ལ་ཁྱབ༔ སངས་རྒྱས་རང་གིས་རིག་པས་ཤེས་པར་གྱིས༔ གཡོ་མེད་དོན་ལ་མ་ཡེངས་མཉམ་པར་ཞོག༔ སྔགས་ཕྲེང་གཏད་ལ༔ ཧཱུྃ་ཧཱུྃ༔ ཁྱེད་རང་གསང་བདག་ཡབ་ཡུམ་དུ༔ གསལ་བའི་ལྗགས་སྟེང་གནམ་ལྕགས་ཀྱི༔ རྡོ་རྗེ་རྩེ་ལྔའི་ལྟེ་བ་རུ༔ སྔགས་ཕྲེང་སྔོན་པོའི་འོད་ཟེར་འཕྲོས༔ གཟུངས་སྔགས་སྙིང་པོའི་དྲག་སྔགས་ཐིམ༔ གསུང་དབྱངས་སྔགས་ཀྱི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ༴ མ་མ་ཨཱ་ཡུརྫྙཱ་ན་པུཎྱེ་པུཥྚིཾ་ཀུ་རུ་ཚེ་བྷྲཱུྃ༔ ས་བདག་ཀླུ་གཉན་རྣམས་ཀྱི་གཟུགས༔ སློབ་མའི་ཞབས་ཀྱི་འོག་ཏུ་བཏིང༔ ཧཱུྃ༔ ཟིལ་གནོན་བསྒྲད་པའི་ཞབས་དཀྱིལ་འདིར༔ ས་བདག་ཀླུ་གཉན་བསྣོལ་བའི་དབང༔ གདུག་པ་ཅན་རྣམས་ཐམས་ཅད་ཀུན༔ ཟིལ་གྱིས་གནོན་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ནཱ་ག་ར་ཙ་ས་མ་ཡ་ནན༔ ཨ་བྷི་ཥིཉྩ་ཨོཾ༔ དབུ་དགུ་ཕྱག་གཉིས་ཆུ་སྲིན་མགོ༔ ཞགས་པ་མདའ་གཞུ་ཐོད་ཁྲག་བསྣམས༔ སྦྲུལ་མཇུག་འཁྱིལ་བ་བརྒྱད་རྣམས་བཏིང༔ ཧཱུྃ༔ བྷི་ནུ་དམག་དཔོན་དྲང་སྲོང་དང༔ ལྗང་སྔོན་རཱ་ཙ་རོ་ཏྲི་དང༔ མིག་དམར་སེར་སྐྱ་ལ་སོགས་ཏེ༔ གཟའ་བརྒྱད་སློབ་མ་ཁྱོད་ལ་གཏད༔ འགྲོ་ཀུན་གཟའ་ནད་ལས་གྲོལ་ཤོག༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་མ་མ་ཨཱ་ཡུརྫྙཱ་ན་པུཎྱེ་པུཥྚིཾ་ཀུ་རུ་ཚེ་བྷྲཱུྃ༔ གཟའ་རཱ་ཧུ་ལ་ས་མ་ཡ་ནན་ཨ་བྷི་ཥིཉྩ་ཧྲཱི༔ ཀླུ་ཆེན་བརྒྱད་གཟུགས་ཞབས་སུ་བཏིང༔ ཧཱུྃ༔ མཐའ་ཡས་དང་ནི་འཇོག་པོ་དང༔ ནོར་རྒྱས་དང་ནི་དུང་སྐྱོང་དང༔ པདྨ་དང་ནི་ཆུ་ལྷ་དང༔ རིགས་ལྡན་དང་ནི་སྟོབས་ཀྱི་རྒྱུ༔ ཀླུ་གཉན་སློབ་མ་ཁྱོད་ལ་གཏད༔ འགྲོ་བ་ཀླུ་གདོན་ནད་ཀུན་ལས༔ ཁྱོད་ཀྱིས་གྲོལ་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་མ་མ་ཨཱ་ཡུརྫྙཱ་ན་པུཎྱེ་པུཥྚིཾ་ཀུ་རུ་ཚེ་བྷྲཱུྃ༔ ནཱ་ག་ར་ཙ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་ཆུང་ཉེར་བརྒྱད་གཏད་པར་བྱ༔ ཧཱུྃ༔ དཀྱིལ་འཁོར་ལྕགས་རིའི་ཕྱི་རོལ་ན༔ གཟའ་དང་རྒྱུ་སྐར་སྡེ་བརྒྱད་ཚོགས༔ སློབ་མ་ཁྱོད་ལ་གཏད་པར་བྱ༔ བྲན་དང་གཡོག་བཞིན་བྱེད་པར་ཤོག༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་མ་མ་ཨཱ་ཡུརྫྙཱ་ན་པུཎྱེ་པུཥྚིཾ་ཀུ་རུ་ཚེ་བྷྲཱུྃ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ཧ་ན་ཧ་ན་ཧཱུྃ་ཕཊ༔ སྒོ་མ་བཞིའི་སྐུ་གཏད་ལ༔ ཧཱུྃ༔ འབར་བའི་དཀྱིལ་འཁོར་སྒོ་ནང་ནས༔ སྒོ་མ་བཞི་ཡི་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ དབང་མཆོག་དུས་འདིར་ཐོབ་པར་ཤོག༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་མ་མ་ཨཱ་ཡུརྫྙཱ་ན་པུཎྱེ་པུཥྚིཾ་ཀུ་རུ་ཚེ་བྷྲཱུྃ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཚེ་གཏོར་གཏད་ལ༔ ཧཱུྃ༔ གཏོར་མ་བདུད་རྩིའི་ཕོ་བྲང་ནས༔ རྡོ་རྗེ་ཚེ་ཡི་ལྷ་ཚོགས་ཀྱིས༔ འཆི་མེད་ཚེ་ཡི་དབང་མཆོག་སྐུར༔ ནད་མེད་བདེ་བ་བསྩལ་དུ་གསོལ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་མ་མ་ཨཱ་ཡུརྫྙཱ་ན་པུཎྱེ་པུཥྚིཾ་ཀུ་རུ་ཚེ་བྷྲཱུྃ༔ རྒྱུད་སྡེ་ཀུན་གྱི་བཅུད་ཕྱུང་བ༔ ཚེ་སྒྲུབ་རྣམས་ཀྱི་སྙིང་པོ་འདི༔ མ་འོངས་དུས་ངན་ཤར་བའི་ཚེ༔ སྙིང་གི་བུ་དང་འཕྲད་པར་ཤོག༔ འཕྲད་ནས་འགྲོ་ཀུན་སྒྲོལ་བར་ཤོག༔ དམ་ལོག་བདུད་རིགས་དམ་ཉམས་ལ༔ མ་ཤོར་གཟའ་ཀླུས་ཐུབ་པར་སྲུངས༔ ས་མ་ཡ༔ སྐུ་རྒྱ༔ གསུང་རྒྱ༔ ཐུགས་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གསང་རྒྱ༔ མཁར་ཆེན་གཟའ་མཚོ་རྒྱལ་གྱིས་ཡི་གེར་བྲིས་ཏེ་གཏེར་དུ་སྦས་པའོ༔ རིག་འཛིན་ངག་གི་རྡོ་རྗེས་གནས་མཆོག་ཇ་པ་བྲག་ནས་གདན་དྲངས་པའོ། །མངྒ་ལཾ།། །།
རྡོར་སེམས་ཐུགས་ཀྱི་ཐིག་ལེ་ལས༔ སྒྲུབ་ཐབས་རྩ་བ་ཉི་ཟླའི་རྒྱ་ཅན་ (Volume 4, Text 3)
༁ྃ༔ རྡོར་སེམས་ཐུགས་ཀྱི་ཐིག་ལེ་ལས༔ སྒྲུབ་ཐབས་རྩ་བ་ཉི་ཟླའི་རྒྱ་ཅན་བཞུགས༔ ༔ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ནི༔ དཔག་མེད་ས་འོག་ཀུན་བཀང་ཡང༔ ཐུགས་ཀྱི་ཐིག་ལེ་འདིར་བཀོད་བྱ༔ བསྙེན་སྒྲུབ་ལས་གསུམ་སྔོན་འགྲོ་དང༔ རྒྱུན་གྱི་རྣལ་འབྱོར་རྣམ་པ་ལྔ༔ དང་པོ་ལ་ཡང་རྣམ་པ་གཉིས༔ ཐོག་མར་ལྷ་ཉིད་བསྙེན་པ་ནི༔ རོ་རས་ལ་ནི་ཧཱུྃ་དཀར་བྲི༔ མིག་སྦྲིད་བར་དུ་ཡང་ཡང་བལྟ༔ དེ་ཉིད་ཡིད་ལ་རྣམ་པར་བསྒོམ༔ རང་ཉིད་ཧཱུྃ་དུ་རྣམ་པར་སྦྱང༔ རིམ་བཞིན་ཕྱག་མཚན་ལྷ་ཡི་བར༔ དེ་དག་མ་འབྱོངས་བར་དུ་འོ༔ ཨཱོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ༔ ཆོས་ཀུན་སྟོང་ཉིད་དེ་བཞིན་ཉིད༔ ཨོཾ་ལས་གནས་ཁང་གཞལ་ཡས་ཁང༔ ཨཱཿལས་པདྨ་ཟླ་བ་དང༔ དབུས་སུ་སེང་གེ་བརྒྱད་ཀྱི་སྟེང༔ རིན་ཆེན་ཁྲི་སྟེང་པད་ཉི་ཟླར༔ ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན༔ ས་བོན་ཕྱག་མཚན་ཡོངས་གྱུར་ལས༔ ཁྱབ་བདག་བླ་མ་རྡོ་རྗེ་སེམས༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་པ༔ མཚན་དཔེས་རབ་སྤྲས་འཛུམ་མདངས་ཅན༔ གཡས་པས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པས་དྲིལ་བུ་ཡུམ་ལ་འཁྲིལ༔ ཟི་ལྡིར་སྟོད་གཡོགས་དར་དཔྱངས་དང༔ དར་གྱི་ཕུ་དུང་ཤམ་ཐབས་མཛེས༔ ཐོར་ཚུགས་རིན་ཆེན་རྩེ་བྲན་ཅན༔ སྙན་རྒྱན་ཕྱག་གདུབ་ཞབས་གདུབ་དང༔ མགུལ་རྒྱན་སེ་མོ་དོ་དོ་ཤལ༔ འོད་ཟེར་འབར་བས་བརྒྱན་པ་སྟེ༔ རུས་པའི་རྒྱན་དྲུག་སྐྱིལ་ཀྲུང་བཞུགས༔ དེ་ཡི་པང་དུ་སྙེམས་མ་ནི༔ དཀར་དམར་མདངས་ལྡན་ལང་ཚོ་རྒྱས༔ གཡས་པས་གྲི་གུག་ཡབ་མགུལ་འཁྱུད༔ གཡོན་པས་ཐོད་པ་བདུད་རྩི་སྟོབ༔ ཞབས་གཉིས་ཡབ་ཀྱི་རྐེད་པར་འཁྲིལ༔ དར་དང་རིན་ཆེན་རུས་པས་བརྒྱན༔ བདེ་ཆེན་ཟུང་འཇུག་སྦྱོར་བའི་གཟུགས༔ འོད་ཕུང་ཐིག་ལེའི་ཀློང་དུ་གསལ༔ རིགས་རྣམས་འདུས་པའི་བདག་ཉིད་ཅན༔ སྤྱི་མགྲིན་སྙིང་གར་ཉི་ཟླ་དང༔ པདྨའི་གདན་ལ་ཨོཾ་ཨཱཿཧཱུྃ༔ འོད་འཕྲོས་རྒྱལ་ཀུན་སྤྱན་དྲངས་ཏེ༔ ཐིམ་པས་གནས་གསུམ་བྱིན་གྱིས་བརླབ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་བའོ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ས་མཱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ཀྲྀ་ཏཱ་ནུཥྛཱ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ དུག་ལྔ་དག་སྟེ་ཕུང་པོ་ལྔ་གནས་འགྱུར་ནས་དེ་བཞིན་གཤེགས་པ་ལྔ་ཡི་བདག་ཉིད་དུ་གྱུར༔ ཐུགས་ཀར་པདྨ་ཟླ་སྟེང་ལ༔ ཧཱུྃ་དཀར་པོའི་མཐར་བཛྲ་དྷྲྀཀ྄༔ ཡུམ་གྱི་ཐུགས་ཀར་ཟླ་བ་ལ༔ མཱུྃ་གྱི་མཐར་དྷཱ་ཏྭཱི་ཤྭ་རི་སཏྭཾ༔ རྟོག་པ་གཞན་ལ་མི་འཕྲོ་བར༔ ཟླ་བ་སྐར་མ་བཞིན་དུ་བཀོད༔ གཉིས་པ་ཉེ་བར་བསྙེན་པ་ནི༔ དེ་ཉིད་འགལ་མེའི་འཁོར་ལོ་ལྟར༔ འཁོར་བ་ལ་ནི་རིག་པ་གཏད༔ སྤྱི་དོན་གཉིས་པ་སྒྲུབ་པ་ལ༔ ཤེལ་ལ་ཕྱག་རྒྱའི་གཟུགས་གསལ་བ༔ བྲིས་ཏེ་དམ་ཚིག་རྟེན་བྱས་ཏེ༔ བདག་ཉིད་རྣལ་འབྱོར་ཕྲིན་ལས་བཞིན༔ མངོན་རྟོགས་རྒྱས་པ་མཐར་ཆགས་བཏང༔ གཉིས་པ་སྒྲུབ་པ་ཆེན་པོ་ལ༔ མདུན་དུ་དཀྱིལ་འཁོར་ཚུལ་བཞིན་བྲི༔ ཐོད་པའི་ནང་དུ་དམ་ཚིག་སྐུ༔ དངོས་གྲུབ་རྫས་ཀྱིས་བཀང་སྟེ་བཤམ༔ སྨན་རཀ་གཏོར་མ་ཕྱི་ནང་གསང༔ མཱཾ་ས་རུ་དྷི་ཟླ་རྒྱས་དང༔ ཟླ་ཕྲོམ་ཛ་གད་ལ་སོགས་པ༔ དཀྱིལ་འཁོར་རྒྱན་གྱིས་རྣམ་པར་མཛེས༔ དམ་ཚིག་དཀྱིལ་འཁོར་རང་གསལ་གདབ༔ ཡེ་ཤེས་དཀྱིལ་འཁོར་མདུན་དུ་ཕྱེ༔ སྣང་སྲིད་དཀྱིལ་འཁོར་ཆེན་པོར་ལྟ༔ མཁའ་ཀུན་ཏིལ་གྱི་གང་བུ་བཞིན༔ གང་བའི་དཀྱིལ་འཁོར་ལྷ་ཚོགས་ཀྱིས༔ བུང་བ་ཚང་ཞིག་ལྟ་བུའི་སྒྲས༔ སྔགས་ཀྱིས་ཞིང་ཁམས་ཁྱབ་པར་གྱུར༔ སྔགས་ཕྲེང་བདེ་བའི་རང་བཞིན་གྱིས༔ ཞལ་ནས་བརྒྱུད་དེ་ཡུམ་ཞལ་བརྒྱུད༔ ཡུམ་གྱི་སྐུ་བརྒྱུད་གསང་བ་ནས༔ བྱང་སེམས་དམར་པོའི་རང་བཞིན་ཐོན༔ དངོས་གྲུབ་བསྡུ་བའི་ཚུལ་དུ་ཞུགས༔ རང་གི་རྡོ་རྗེའི་སྦུ་གུར་བརྒྱུད༔ ཐུགས་ཀར་ཐིམ་པས་བདེ་ཆེན་རྒྱས༔ བདེ་བ་མཆོག་གི་དངོས་གྲུབ་ཐོབ༔ རྡོ་རྗེ་སྲིན་པོའི་ནམ་ལངས་ཚེ༔ དཀྱིལ་འཁོར་མཉམ་སྦྱོར་དངོས་གྲུབ་བླང༔ དངོས་གྲུབ་རྫས་རྣམས་བཟའ་བཏུང་བྱ༔ སྤྱི་དོན་གསུམ་པ་ལས་སྦྱོར་བརྩམ༔ དེ་ཡང་གང་ལ་གང་འདོད་པ༔ ཁྱད་པར་ན་རག་དོང་སྤྲུགས་བྱ༔ གཞན་ཡང་མ་བསྒོམ་ཆོས་དྲུག་ལས༔ གང་ལ་གང་དགོས་བར་འདིར་བྱ༔ སྤྱི་དོན་བཞི་པ་སྔོན་འགྲོ་ནི༔ མཐུན་རྐྱེན་འཛོམ་པའི་གནས་དག་ཏུ༔ བསམ་གཏན་བདེ་བའི་སྟན་ལ་འདུག༔ འབྱོར་ན་སྐུ་གསུང་ཐུགས་ཀྱི་རྟེན༔ སྨན་རཀ་གཏོར་མ་ཕྱི་མཆོད་བཤམ༔ ངེས་འབྱུང་བསམ་པ་བརྟན་པོ་ཡིས༔ རླུང་གསུམ་འབུད་ཅིང་སྒྲིབ་པ་བསལ༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ནས༔ འཇུག་པར་བརྩམ་པ་སྔོན་འགྲོ་འོ༔ རྒྱུན་གྱི་རྣལ་འབྱོར་བྱེད་པ་ལ༔ སྐྱབས་འགྲོ་སེམས་བསྐྱེད་ཕྱག་རྒྱ་བསྒོམ༔ རང་རིག་བདེ་སྟོང་ཡབ་ཡུམ་ལ༔ ཡིད་ཆོས་ཀུན་བཟང་ཡབ་ཡུམ་ཆེ༔ དུག་ལྔ་རིགས་ལྔ་འབྱུང་ལྔ་ཡུམ༔ རྣམ་ཤེས་ཡུལ་རྣམས་སེམས་དཔའ་བརྒྱད༔ སེམས་མ་ལ་སོགས་ཡེ་ནས་གྲུབ༔ མུ་བཞི་གནས་དག་སྒོ་བ་བཞི༔ ཚད་མེད་བཞི་ལྡན་སྒོ་མ་བཞི༔ ཉོན་དྲུག་གནས་དག་ཐུབ་པ་དྲུག༔ ཐམས་ཅད་ཡེ་ནས་རང་ལ་རྫོགས༔ ལྟ་བྱེད་རྟོག་པ་རང་སར་གྲོལ༔ སྣང་གྲགས་ཡེ་ཤེས་འཁོར་ལོ་ལ༔ བཟའ་བཏུང་ཚོགས་ཀྱི་འཁོར་ལོར་བསམ༔ རྒྱུན་གྱི་རྣལ་འབྱོར་ཚུལ་བཞིན་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རྒྱུད་ནས་འབྲེལ་ཞིང་ལུང་དུ་བསྡེབས༔ དེ་དག་མན་ངག་གིས་བཀྲལ་ནས༔ སྒྲུབ་པའི་ཐབས་སུ་ཞིབ་པར་བཀོད༔ འཁྲུགས་པ་བློ་གྲོས་ལྡན་པས་དཔྱད༔ ཡང་ཟབ་སྙིང་གི་ཐིག་ལེ་འདི༔ ཨན་ཆུང་གནམ་རྫོང་བྲག་ལ་བྲིས༔ ཟངས་ཡག་ཟླ་གམ་འདྲ་བའི་འོག༔ མཚན་མ་འདྲ་བའི་བྲག་ཕུག་ཏུ༔ ཕྱག་རྒྱས་བཏབ་སྟེ་གཏེར་དུ་སྦས༔ ལོ་སྟོང་སུམ་བརྒྱ་ལོན་པ་ན༔ ལས་ཅན་ཞིག་དང་འཕྲད་པར་ཤོག༔ འཕྲད་ནས་འབྲེལ་ཚད་གྲོལ་བ་དང༔ བདག་གི་དགོངས་པ་རྫོགས་པར་ཤོག༔ མནྟྲ་གུ་ཧྱ༔ ཁོ་བོ་མཆོག་གྱུར་གླིང་པས་ཀརྨའི་དམ་ཅན་བྲག་ནས་སྤྱན་དྲངས་པའོ། །དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །།
བླ་མ་རྒྱལ་བ་འདུས་པ་དང་ཐུགས་ཀྱི་ནོར་བུའི་བླ་མའི་སྒོས་དབང་རྒྱུན་གཅིག་ཏུ་བཀོད་པ་ཟུང་འཇུག་ཐིག་ལེ་ (Volume 8, Text 3)
༄༅། །བླ་མ་རྒྱལ་བ་འདུས་པ་དང་ཐུགས་ཀྱི་ནོར་བུའི་བླ་མའི་སྒོས་དབང་རྒྱུན་གཅིག་ཏུ་བཀོད་པ་ཟུང་འཇུག་ཐིག་ལེ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་སརྦ་བུདྡྷ་སཾ་གྷཱ་ཡ། ཞིང་སྐུའི་བཀོད་པ་འབྱམས་ཀླས་ཀྱང་། །ངོ་བོ་འོད་མི་འགྱུར་བ་ཡི། ཁྱབ་བདག་བླ་མར་གུས་བཏུད་ནས། །སྨིན་བྱེད་གཏེར་ཁ་གཉིས་ལྡན་འགོད། །འདི་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ནི། དབེན་པའི་གནས་སུ་སྟེགས་བུ་ཁེབས་ལྡན་སྟེང་གཞུང་མཐུན་རས་བྲིས་ཀྱི་དཀྱིལ་འཁོར་ཡོད་ན་བཤམ། མ་འཛོམ་ན་མཎྜལ་དྲི་བཟང་ཆུ་དང་སིནྡྷུ་ར་མཚལ་གྱིས་ཆག་ཆག་གདབ་པ་ལ་པདྨ་འདབ་བཞི་བྲིས་པས་ཆོག །དེ་སྟེང་བུམ་པ་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་གཟུངས་རྡོར་དང་བཅས་པ། གཡས་སུ་གུ་རུའི་སྐུ་ཚབ་བྱིན་ལྡན། གཡོན་དུ་ཐོད་པ་མཚན་ལྡན་ཆང་དང་མངར་གསུམ་ཆོས་སྨན་སྦྱར་བས་བཀང་བའི་ཁར། མེ་ལོང་སིནྡྷུ་རས་བྱུགས་པར་ཆོས་འབྱུང་བསྣོལ་མའི་ལྟེ་བར་པད་འདབ་བཞི་ལ་གུ་རུའི་རྩ་སྔགས་དང་མཐའ་སྐོར་དབྱངས་གསལ་བྲིས་པས་བཀབ། གསུམ་ཀའང་ཁྲིའུ་ལ་བཀོད་ཅིང་དར་དམར་གྱི་གུར་ཕུབ། རྒྱབ་ཏུ་བླ་གཏོར་རྒྱན་ལྡན་སྐུ་ཙཀ་དང་གདུགས་ཀྱིས་སྤྲས་པའི་གཡས་གཡོན་སྨན་རཀ །མཐའ་སྐོར་དུ་ཆུ་གཉིས་ཉེར་སྤྱོད། ལས་བུམ། གཏེར་སྲུང་ཤ་ཟ་ཌཱ་ཀི་སོགས་ཀྱི་གཏོར་འབུལ། ལས་བྱང་ལ་མཁོ་བའི་ཚོགས་རྫས་དང་མཆོད་གཏོར། མིག་དར་མེ་ཏོག་སོགས་ཚོགས་པར་བྱའོ། །དེ་ནས་ཞིག་གླིང་ལུགས་ལྟར་ན་རྒྱལ་འདུས་བླ་མའི་རང་གཞུང་ཡོད་ཀྱང་ཅུང་ཟད་མང་བས་ཆོས་དབང་གསང་འདུས་དང་གོ་རིམ་ཕྲན་བུ་ཙམ་ལས་ཞུ་དག་ཕེར་བས། གསང་འདུས་སྨིན་ལུགས་ལས་གཞུང་ལྟ་བུ་བསྲང་ན་སྟབས་བདེ་བས་དབུ་ནས་བརྩམ་ཚོགས་རོལ་ལ་མ་ཐུག་གི་བར་བཏང་། སྨན་མཆོད་ཁཱ་ཧི་ཙམ་བསྒྱུར། ཆོས་གླིང་ལུགས་བྱེད་ན་བླ་སྒྲུབ་ཐུགས་ཀྱི་ནོར་བུའི་གཞུང་བསྲང་། ཚོགས་བསྒྲལ་བསྟབ་གྲུབ་ཀྱི་བར་བཏང་། གཉིས་ཀར་ཡང་བདག་མདུན་ཚིག་གཅིག་གིས་དཀྱིལ་འཁོར་སོ་སོར་བསྐྱེད། ཛཔ྄་བཟླས་གྲུབ་པ་དང་གཟུངས་ཐག་བླངས་ལ། བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་འཕྲོས་མདུན་གྱི་ལྷ་ལ་ཕོག༔ དེ་ལས་འོད་འཕྲོས་ཕྱོགས་བཅུ་ཡི༔ སངས་རྒྱས་བྱང་སེམས་ཚོགས་རྣམས་མཆོད༔ ཚུར་འདུས་ལྷ་ཡི་ཐུགས་ཀར་ཐིམ༔ ཐུགས་དམ་བསྐུལ་ནས་ཡབ་ཡུམ་རྣམས༔ སྦྱོར་མཚམས་བར་ནས་ཡེ་ཤེས་ཀྱི༔ བྱང་སེམས་དཀར་དམར་བདུད་རྩི་བབ༔ མེ་ལོང་ཐོད་པ་བཅས་གང་བའི༔ འོད་ཟེར་ཕྱོགས་བཅུར་འཕྲོ་བར་གྱུར༔ རྩ་བསྙེན་ཤམ་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཞེས་བརྒྱ་རྩ་ཙམ་བཟླ། ལས་བུམ་རྡོར་སེམས་སམ་འཁྱིལ་པ་བསྐྱེད་བཟླས་ཀྱིས་བྱིན་བརླབས། གཏེར་སྲུང་སོ་སོའི་གཏོར་འབུལ། རིག་པའི་མེ་ཏོག་དོར་བ་སོགས་སྤྱི་དང་མཐུན་ནོ། །གཉིས་པ་དངོས་གཞི་ལ། སློབ་མ་རྣམས་ལས་ཆུས་ཁྲུས་བྱ། བགེགས་གཏོར་བསྔོ་བ་དང་བཀའ་བསྒོ་མཚམས་གཅོད་སྤྱི་མཐུན་ནམ་ལས་བྱང་ལྟར་བྱ། མཎྜལ་བཀྱེ་བསྡུ། སེམས་བསྐྱེད་གསལ་འདེབས། ཆོས་བཤད་གང་འོས་དང་ཁྱད་པར། དེའང་པྲེ་ཏ་བོད་ཀྱི་རྒྱལ་ཁམས་སུ་སྐྱེས་པའི་ཤ་ཟ་གདོང་དམར་གྱི་འགྲོ་བ་མི་དང་མི་མ་ཡིན་པ་ལ་སངས་རྒྱས་ཀུན་ལས་ལྷག་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཨོ་རྒྱན་གྱི་སློབ་དཔོན་རིན་པོ་ཆེ་དེ་ཉིད། རྔ་ཡབ་སྲིན་པོའི་ཁ་གནོན་ཏུ་གཤེགས་པར་ཉེ་བའི་སྐབས་སུ་དཔལ་གཡོ་རུ་ཁྲ་འབྲུག་བྱམས་པ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་གསང་སྔགས་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྒྲུབ་ཆེན་མཛད་ཅིང་། ལྷ་སྲས་ཁུ་དབོན་སོགས་རྗེ་འབངས་འདུས་པ་ཕྱི་མ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས་སུ། བཻ་རོ་ནམ་སྙིང་ལྷ་སྲས་ཁུ་དབོན་སོགས་འདུས་པ་ཁྱད་པར་བ་ཉུང་ངུ་ལ་རྩ་གསུམ་ཟབ་མོ་ཀུན་འདུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཅིང་རྫོགས་པ་ཆེན་པོ་ལྟ་བ་པདྨ་གསང་ཐིག་གི་བཀའ་ལུང་བསྩལ། གསང་བའི་བདག་མོ་ཡེ་ཤེས་མཚོ་རྒྱལ་ལ་གཉེར་གཏད་པ་མཁའ་འགྲོ་ཆེན་མོས། ཁུ་དབོན་གྱི་དབང་སྐལ་དུ་གྱུར་པའི་ཆོས་རྟེན་དམ་རྫས་སོ་སོར་ཕྱེས་ནས་གཏེར་གནས་ཐ་དད་དུ་རྒྱས་བཏབ་པ། ཕྱིས་རིམ་པར་འདུལ་བའི་དུས་ལ་བབས་པའི་ཚེ་ལྷ་སྲས་འབྲིང་པོ་དམ་འཛིན་མུ་རུབ་བཙན་པོའི་སྐྱེ་མཐའ་ཨོ་རྒྱན་ཞིག་པོ་གླིང་པ་གར་གྱི་དབང་ཕྱུག་རྩལ་གྱིས་ཁྱུང་ཚང་བྲག་ནས་བླ་མ་རྒྱལ་བ་འདུས་པའི་ཆོས་སྐོར་རྣམས་སྤྱན་དྲངས་ཤིང་། རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ་ཉིད་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་བཞེས་པའི་བཅུ་གཉིས་པ་ཨོ་རྒྱན་ཆོས་རྗེ་གླིང་པ་ཛམ་གླིང་བདེ་བའི་རྡོ་རྗེས། སྤུ་རི་བྱ་རྒོད་ལྗོངས་མཁའ་འགྲོ་གསང་ལམ་བསྣོལ་བའི་དུར་ཁྲོད། རང་བྱུང་ཁྲུས་གྱི་རྫིང་བུའི་འགྲམ། མ་ཧཱ་གུ་རུའི་བཞུགས་ཁྲི་རང་བྱུང་རྡོའི་རྒྱལ་ཡོལ་ནས་ཟབ་ལམ་ཐུགས་ཀྱི་ནོར་བུའི་ཆོས་སྐོར་སྤྱན་དྲངས་པ་དེ་གཉིས་ཀྱི་བསྡེབས་སུ་བྱོན་པའི་བླ་མའི་དོན་དབང་ཕན་ཚུན་ཚིག་དོན་ཞུ་དག་ཕེར་ཞིང་བརྒྱུད་པའི་ཆུ་བོ་གཅིག་འདྲེས་སུ་གྱུར་པ་དེ་ཉིད་ཀྱི་དབང་གི་བྱ་བ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཨཱ་ཁཾ་བཱི་ར་ཧཱུྃ། གིས་གདོང་གཡོགས། ཨོཾ་ཨཱཿཧཱུྃ་གིས་ཅོད་པན་གཏད། ཕྱོགས་བཅུ་དུས་བཞིའི་རྩ་གསུམ་རྒྱལ་བ་རབ་འབྱམས་ཐམས་ཅད་རིག་འཛིན་བླ་མའི་དཀྱིལ་འཁོར་གྱི་རྣམ་པར་ནམ་མཁའ་གང་བར་བཞུགས་པ་ལ། བདག་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་བདེ་གཤེགས་སོགས་ལན་གསུམ། སྡུག་བསྔལ་གྱི་རྒྱ་མཚོར་རྟག་ཏུ་གཡེང་བའི་ཕ་མ་སེམས་ཅན་མཐའ་དག་རྩ་གསུམ་ཀུན་འདུས་མ་ཧཱ་གུ་རུའི་གོ་འཕང་ལ་འགོད་པར་སྨོན་པ་དང་། དེའི་ཕྱིར་དུ་ཟབ་མོའི་དཀྱིལ་འཁོར་འདིར་ཞུགས་ནས་ལམ་རིམ་པ་གཉིས་ལ་སློབ་ཅིང་འཇུག་པར་སེམས་བསྐྱེད་དེ་འདིའི་རྗེས་ཟློས། སེམས་བསྐྱེད་འགྲོ་བ་སོགས་གསུམ། ཚོགས་ཞིང་དེ་དག་གི་སྤྱན་སྔར་གསག་སྦྱོང་སྤེལ་གསུམ་གྱི་སྙིང་པོར་གྱུར་པ་ཡན་ལག་བཅུ་པ་ཚིག་དང་མཐུན་པའི་ཏིང་ངེ་འཛིན་གསལ་ཐོབ་ལ་འདིའི་རྗེས་ཟློས། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ སོགས། སློབ་དཔོན་སངས་རྒྱས་ཀུན་འདུས་མ་ཧཱ་གུ་རུ་དངོས་སུ་གསལ་བ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བླ་མ་ཡབ་ཡུམ་དགོངས་སུ་གསོལ༔ བདག་ནི་ལས་དང་སྐལ་བར་ལྡན༔ བདག་གཞན་ཐུགས་རྗེས་བསྐྱབ་པའི་ཕྱིར༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ གསུམ་ཞུས་པའི་ལན་དུ་བླ་མས། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ ཀུན་ནས་བར་ཆད་མ་མཆིས་སམ༔ འབྱོར་པ་ཀུན་དང་ལྡན་གྱུར་རམ༔ རྩ་གསུམ་དམ་ཚིག་བསྲུང་ནུས་སམ༔ འགྲོ་དོན་རྒྱ་ཆེན་བྱེད་ནུས་སམ༔ ཞེས་དྲིས་པའི་ལན་བཏབ་པ་འདིའི་རྗེས་ཟློས། བླ་མས་ཅི་ལྟར་གསུངས་པ་ཡི༔ ཚིག་དོན་རྣམས་དང་བདག་ཉིད་ལྡན༔ དམ་ཚིག་དུས་ལས་འདའ་རེ་ཀན༔ ཞེས་ཞུ། དུང་ཆུ་ནང་མཆོད་སྦྱར་བ་སྦྱིན་ལ། འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ འདས་ན་དམྱལ་བའི་གནས་སུ་ལྟུང༔ བསྲུངས་ན་དངོས་གྲུབ་ཐམས་ཅད་ཐོབ༔ དེ་ནས་དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་རྡོ་རྗེ་འཛིན་པ་ཡིས༔ བདག་ཅག་མ་རིག་སེམས་ཅན་ལ༔ རིག་པ་ཡེ་ཤེས་ཆེན་པོ་ཡིས༔ གང་སྨིན་རྒྱས་པར་མཛད་དུ་གསོལ༔ ལན་གསུམ། ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་གཅུན། ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་ཉིད་རྩེ་གཅིག་ཏུ་སྒོམས་ཤིག །སྟོང་པའི་ངང་ལས་པདྨ་ཟླ་བའི་གདན་གྱི་སྟེང་དུ་ཁྱེད་རང་སྐད་ཅིག་གིས་དཀྱིལ་འཁོར་གཙོ་མཆོག་རིགས་འདུས་བླ་མའི་སྐུར་གསལ་བའི་སྙིང་གར་གཡུང་དྲུང་དམར་པོ། དེའི་དབུས་སུ་ཕག་མོ་མཐིང་ནག །ཡན་ལག་བཞི་ལ་རིགས་བཞིའི་མཁའ་འགྲོ་གར་བྱེད་པ། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་གཡུང་དྲུང་གཡོན་སྐོར་དུ་ཀྱི་ལི་ལི་འཁོར་ཞིང་། སླར་ཡང་བདག་མདུན་ཐུགས་ཀའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དང་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ཁ་བ་བུ་ཡུག་འཚུབས་པ་ལྟར་སྤྱན་དྲངས་ཁྱེད་རང་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། འབེབ་པའི་རྫས་བདུག །ཅང་ཏེའུ་དྲིལ་བུ་སྒྲོག་ཅིང་སྤྲོ་ན་ལས་བྱང་གི་བྱིན་འབེབ་བམ་སྔོན་བསྐལ་མ་གྱེར། ཐོད་ཕྲེང་རྩལ་གྱི་སྔགས་ཤམ་དུ། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔བཏགས་པ་བརྗོད་ལ་བྱིན་དབབ། ཡེ་ཤེས་པའི་རྒྱུན་བྱང་ཆུབ་མ་ཐོབ་བར་བརྟན་པར་གྱུར། ཏིཥྛ་བཛྲ། ཞེས་རྒྱ་གྲམ་མགོར་བཞག །དེ་ནས་ཁྱེད་རང་དཀྱིལ་འཁོར་ཆེན་པོ་ལ་བསྐོར་བ་ལན་གསུམ་བྱས་ཏེ་ཤར་སྒོར་མེ་ཏོག་འབུལ་བའི་འདུན་པས་སྔགས་འདིའི་རྗེས་ཟློས་དང་བཅས་ཏེ་མེ་ཏོག་འདོར་བར་ཞུ། འགྲིམ་དཀྱིལ་བཀོད་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ས་པ་རི་བཱ་ར་པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་འདོར་དུ་གཞུག །གདོང་གཡོགས་བཀྲོལ་ལ། དུས་གསུམ་སངས་རྒྱས་བླ་མ་ཡི༔ ལམ་འདིར་བུ་ཁྱོད་ཞུགས་པ་ལེགས༔ ཁྱོད་ལ་བདག་གིས་དབང་བསྐུར་བས༔ དད་ཅིང་འདུན་པས་འདིར་འཇུག་ལ༔ མ་རིག་མིག་འབྱེད་ཐམས་ཅད་མཐོང༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ དགའ་དང་ལྡན་པས་འདུན་པར་གྱིས༔ ཁྱོད་ཀྱི་ཡི་དམ་ལྷ་འདི་ཡིན༔ ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་འཇའ་ཟེར་འོད་ཕུང་རབ་ཏུ་འབར་བའི་ཀློང་དུ་རྩ་གསུམ་ཡོངས་འདུས་རིག་འཛིན་བླ་མའི་ལྷ་ཚོགས་རྣམས་བཀྲ་ལམ་མེར་བཞུགས་པ་མངོན་སུམ་བཞིན་དུ་མཇལ་བའི་འདུན་པ་མཛོད་ཅིག །དེ་ལས་ཁྱེད་རང་གི་རིགས་ཀྱི་ལྷ་སྐལ་མེ་ཏོག་ཤར་དུ་བབས་ན་རྡོ་རྗེ་ཐོད་ཕྲེང་རྩལ༔ ལྷོ་རུ་རཏྣ་ཐོད་ཕྲེང་རྩལ༔ ནུབ་ཏུ་པདྨ་ཐོད་ཕྲེང་རྩལ༔ བྱང་དུ་ཀརྨ་ཐོད་ཕྲེང་རྩལ༔ དབུས་སུ་བབས་ན་བུདྡྷ་ཐོད་ཕྲེང་རྩལ་ཡིན་པས་གསང་བའི་མཚན་ཡང་དེ་བཞིན་དུ་མ་བརྗེད་པར་ཟུངས་ཤིག །ཅེས་གང་ལ་བབས་པའི་རིགས་དང་མཐུན་པར་མིང་བཏགས། དེ་རྣམས་ཀྱིས་དབང་གི་སྔོན་འགྲོ་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། དངོས་གཞིའི་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། དུས་གསུམ་བླ་མ་དགོངས་སུ་གསོལ༔ བདག་གིས་སངས་རྒྱས་ཐོབ་བྱའི་ཕྱིར༔ རྒྱལ་བ་ཀུན་འདུས་བླ་མ་ཡི༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ། དབང་དངོས་གཞི་ལ་སྐུ་གསུང་ཐུགས་ཡོངས་རྫོགས་མཐའ་རྟེན་དངོས་གྲུབ་ཀྱི་དབང་བཅས་རྣམ་པ་ལྔ་རིམ་པར་འབྱུང་བའི་ཐོག་མར་སྐུ་བུམ་པའི་དབང་བསྐུར་བ་ཡིན་པས་བསྒོམ་དོན་གསལ་འདེབས་འཚལ། བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ ཡེ་ཤེས་ལྔ་ལྡན་གསང་བའི་སྐུ༔ བུམ་པ་ཟླུམ་པོའི་ཕོ་བྲང་ན༔ བདེ་གཤེགས་བླ་མ་ཡབ་ཡུམ་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཛྙཱ་ན་དྷཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་པའི་སྔགས་ལན་གསུམ་བརྗོད། གུ་རུའི་སྐུ་ལས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས། སློབ་མའི་ལུས་ལ་ཞུགས་པས་ལུས་སྒྲིབ་དག་ནས་རྡོ་རྗེའི་སྐུར་གྱུར། བསྐྱེད་རིམ་སྐུའི་དབང་ཐོབ། འབྲས་བུ་བླ་མ་སྤྲུལ་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པར་མོས་ཤིག །གཉིས་པ་བནྡྷ་གསུང་གི་དབང་བསྐུར་བ་ཡིན་པས་བསྒོམ་དོན་གསལ་འདེབས་འཚལ། ཐོད་པ་བདུད་རྩི་བཅས་ཐོགས་ལ། ཧཱུྃ༔ ཐོད་པ་བནྡྷའི་ཕོ་བྲང་དུ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ཡབ་ཡུམ་གཉིས་མེད་མཉམ་སྦྱོར་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཛྙཱ་ན་དྷཱ་ཀི་ནཱི་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ སྔགས་ལན་གསུམ་བརྗོད་ལ་བནྡྷ་མགྲིན་པར་བཞག །བདུད་རྩི་སྦྱིན། གུ་རུའི་ལྗགས་ལས་བདུད་རྩི་བྱུང་སློབ་མའི་མགྲིན་པར་ཐིམ། ངག་སྒྲིབ་ཐམས་ཅད་དག །གསུང་གི་རྡོ་རྗེར་གྱུར། བཟླས་པ་གསུང་གི་དབང་ཐོབ། བླ་མ་ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པར་མོས་ཤིག །གསུམ་པ་མེ་ལོང་ཐུགས་ཀྱི་དབང་བསྐུར་བ་ཡིན་པས་བསྒོམ་དོན་གསལ་འདེབས་འཚལ། མེ་ལོང་ཐོགས་ལ། ཧཱུྃ༔ མེ་ལོང་ཆོས་དབྱིངས་ཕོ་བྲང་དུ༔ བླ་མ་རྗེ་བཙུན་ཡབ་ཡུམ་བཞུགས༔ ཉོན་མོངས་སྒྲིབ་པ་ཀུན་སྦྱང་ཕྱིར༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཛྙཱ་ན་དྷཱ་ཀི་ནཱི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྔགས་ལན་གསུམ་བརྗོད་ལ་མེ་ལོང་སྙིང་གར་བཞག །གུ་རུའི་ཐུགས་ཀྱི་བྱིན་རླབས་འཕོས། ཡིད་ཀྱི་སྒྲིབ་པ་བྱང་། རང་སེམས་བླ་མའི་ཐུགས་སུ་གྱུར། རྫོགས་པའི་རིམ་པའི་དབང་ཐོབ། འབྲས་བུ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པར་མོས་ཤིག །བཞི་པ་སྐུ་འབག་གསང་གསུམ་ཡོངས་རྫོགས་ཀྱི་དབང་བསྐུར་བ་ཡིན་པས་བསྒོམ་དོན་གསལ་འདེབས་འཚལ། སྐུ་ཚབ་ཐོགས་ལ། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ རྗེ་བཙུན་པདྨ་ཡབ་ཡུམ་གྱི༔ ཐུགས་རྗེས་གཟུང་འཛིན་སྒྲིབ་སྦྱང་ཕྱིར༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཛྙཱ་ན་དྷཱ་ཀི་ནཱི་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ལན་གསུམ་བརྗོད་ལ་སྤྱི་བོར་བཞག །གུ་རུའི་སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས། སློབ་མའི་སྒོ་གསུམ་ལ་ཐིམ་པས་བླ་མའི་སྐུ་གསུང་ཐུགས་ཀྱི་དབང་ཐོབ། སེམས་གཟུང་འཛིན་གྱི་དྲི་མ་སྦྱངས། སྐུ་ལྔ་ཡེ་ཤེས་ལྔ་ལྡན་དུ་བྱས། ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་བ་ཆེན་པོ་རྣམ་པ་ཀུན་མཁྱེན་གྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པར་མོས་ཤིག །དེ་ལྟར་ཡང་། ཡང་གསང་བླ་མ་དོན་གྱི་དབང་བསྐུར་བའོ། །ལྔ་པ་མཐའ་རྟེན་དངོས་གྲུབ་གཏོར་མའི་དབང་བསྐུར་བ་ནི། གཏོར་སྣོད་གཞལ་ཡས་ཁང་དུ་གཏོར་མ་བླ་མའི་ལྷ་ཚོགས་རྩ་གསུམ་རབ་འབྱམས་ཀྱི་འཁོར་དང་བཅས་པ་ཁྱེད་རང་གི་སྤྱི་བོར་སྤྱན་དྲངས་པ་ལ་བརྟེན། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་དང་བདུད་རྩིའི་རྣམ་པ་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་བླ་མའི་གསང་བ་གསུམ་དང་ཁྱེད་རང་གི་སྒོ་གསུམ་དབྱེར་མེད་དུ་གྱུར་པར་མོས་མཛོད། གཏོར་ཆེན་ཐོགས་ལ། ཧཱུྃ༔ རྗེ་བཙུན་པདྨ་ཡབ་ཡུམ་དང༔ འཁོར་ཚོགས་དཔའ་བོ་མཁའ་འགྲོ་རྣམས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དབྱིངས༔ ཕྲིན་ལས་རྣམ་བཞི་འགྲུབ་པའི་དཔལ༔ བུམ་བཟང་དཔག་བསམ་ནོར་བུའི་ཚུལ༔ སྐལ་ལྡན་འདི་ལ་བསྩལ་དུ་གསོལ༔ དུག་ལྔ་ཡེ་ཤེས་ལྔ་རུ་སྒྱུར༔ ཐོད་ཕྲེང་རིགས་ལྔའི་དབང་བསྐུར་སྩོལ༔ རྣམ་ཐར་བརྒྱད་དང་ལྡན་པའི་ཕྱིར༔ སྤྲུལ་པའི་མཚན་བརྒྱད་དབང་བསྐུར་རོ༔ ཐབས་དང་ཤེས་རབ་གཉིས་མེད་པའི༔ རྟ་མཆོག་རྒྱལ་པོའི་དབང་བསྐུར་རོ༔ ཐུགས་རྗེས་རྟག་ཏུ་སྐྱོང་མཛད་པའི༔ དཔའ་བོ་མཁའ་འགྲོའི་དབང་བསྐུར་རོ༔ ལས་བཞིའི་དངོས་གྲུབ་འབྱུང་བའི་ཕྱིར༔ མཁའ་འགྲོ་རིགས་བཞིའི་དབང་བསྐུར་རོ༔ སྤྲུལ་པས་བར་ཆད་སེལ་མཛད་པའི༔ གིང་ཆེན་སྡེ་བཞིའི་དབང་བསྐུར་རོ༔ དགྲ་བགེགས་ལོག་འདྲེན་ཚར་གཅོད་པའི༔ དམ་ཅན་སྲུང་མའི་དབང་བསྐུར་རོ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མའི་ལྷ་འོད་དུ་ཞུ་ནས་བདུད་རྩིའི་ཐིག་ལེར་འཁྱིལ་བ་དེ་ཉིད་ཞལ་དུ་མྱང་བས་མཆོག་ཐུན་མོང་གི་དངོས་གྲུབ་སྟན་ཐོག་གཅིག་ཏུ་ཐོབ་པར་མོས་ཤིག །སྒྲུབ་གཏོར་གྱི་ཆ་ཤས་དང་བདུད་རྩི་བསྲེས་ལ་སྦྱིན། ཤིས་བརྗོད་གང་འོས་བྱ་ཞིང་མེ་ཏོག་འཐོར། དེ་དག་གིས་གཏེར་ཁ་གཉིས་ཀྱི་བྱིན་རླབས་ཆུ་བོ་གཅིག་ཏུ་འདྲིལ་བ་བླ་མ་ཞི་བའི་དོན་དབང་སྙིང་པོར་བསྡུས་པ་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ནས་དམ་ཚིག་བསྒྲག་བཟུང་། གཏང་རག་སོགས་སྤྱི་ལྟར་བྱ། ཚོགས་ལ་རོལ་ཞིང་ལྷག་མ་བཏང་ནས་ཤིས་བརྗོད་ཀྱི་བར་ཕྲིན་ལས་རང་གཞུང་ལྟར་བཏང་བས་འགྲུབ་བོ། །རྡོ་རྗེ་སློབ་དཔོན་གསང་གསུམ་གྱི། །བྱིན་རླབས་བདུད་རྩིས་བདག་གཞན་གྱི། །སྒོ་གསུམ་རྒྱུད་སྨིན་ཕྱག་བྱའི་མཆོག །ཐུགས་ཀྱི་ཐིག་ལེར་བྱང་ཆུབ་ཤོག །གཏེར་ཁ་འདི་གཉིས་ལ་ཕྲིན་ལས་ཀྱི་ཁྱད་པར་ཙམ་ལས་དོན་དབང་ཚིག་དོན་ལ་ཁྱད་པར་མེད་པ་མ་ཟད་བྱིན་རླབས་ཆུ་བོ་གཅིག་འདྲེས་སུ་བཞུགས་པས། ཚིག་སྣ་ཅུང་ཟད་རྒྱས་པ་ཞིག་གླིང་གི་ལུགས་རྙིང་སོར་བཞག་སྟེ་བཀླག་ཆོག་ཏུ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཡོན་ཏན་ཐུགས་ཀྱི་གནས་མཆོག་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།
རྡོ་རྗེ་གཞོན་ནུ་ཐུགས་ཀྱི་ཐིག་ལེའི་སྒྲུབ་དཀྱིལ་ཁྲག་འཐུང་རྣམ་པར་རོལ་པའི་སྙིང་པོའི་ཞུན་མར་ཁྱེར་བདེ་ (Volume 32, Text 3)
༄༅། །རྡོ་རྗེ་གཞོན་ནུ་ཐུགས་ཀྱི་ཐིག་ལེའི་སྒྲུབ་དཀྱིལ་ཁྲག་འཐུང་རྣམ་པར་རོལ་པའི་སྙིང་པོའི་ཞུན་མར་ཁྱེར་བདེ་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་བཛྲ་མཎྜ་ལ་ཡ། ཀུན་རྟོག་སྲིད་པའི་འཁོར་ལོ་གཅོད་པའི་མཚོན། །བདེ་བ་དམ་པས་བརླན་པའི་བདུད་རྩི་ཅན། །བླ་མ་མཆོག་དང་དཀྱིལ་འཁོར་འཁོར་ལོ་ལ། །བཏུད་ནས་ཕྲིན་ལས་སྙིང་པོ་ཕྱུང་བར་བྱ། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཐུགས་ཀྱི་ཐིག་ལེ་དྲག་སྔགས་གྲི་གུག་འབར་བའི་རྒྱ་ཅན་གྱི་རྩ་བའི་སྒྲུབ་ཐབས་ཕྲིན་ལས་ཀྱི་བྱང་བུར་བསྡེབ་པ་ལ། སྦྱོར་བ་བསྙེན་སྒྲུབ། དབང་སྐུར། གཏོར་ཟློག་སོགས་གང་དང་འབྲེལ་བའི་དཀྱིལ་འཁོར་གཏོར་མཆོད་བཀོད་པའི་བྱེ་བྲག་འདུ་བྱས་ནས། ཆོ་གའི་དངོས་གཞི་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་བརྒྱུད་པའི་གསོལ་འདེབས་ནི། འགྱུར་མེད་དབྱིངས་ཀྱི་མགོན་པོ་ཀུན་ཏུ་བཟང་། །རང་བྱུང་འོད་ལྔའི་དྭངས་མ་ཧེ་རུ་ཀ །འབར་བའི་ཆོ་འཕྲུལ་དཔལ་ཆེན་ཀུ་མཱ་རར། །གསོལ་བ་འདེབས་སོ་ཕྲིན་ལས་ཡོངས་གྲུབ་ཤོག །ཐུགས་ཀྱི་རིག་འཛིན་སློབ་དཔོན་ཧཱུྃ་ཀཱ་ར། །ཕྲིན་ལས་གྲུབ་པ་པྲ་བྷ་ཧསྟིའི་མཚན། །རྡོ་རྗེའི་སྐུ་མཆོག་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་ཕྲིན་ལས་ཡོངས་གྲུབ་ཤོག །བདེ་ཆེན་མཆོག་གི་གཟུངས་མ་མཁར་ཆེན་བཟའ། །མི་བརྗེད་གཟུངས་ཐོབ་ཨཱརྱ་ས་ལེ་འོད། །ལས་ལྡན་ཆོས་བདག་རྒྱལ་སྲས་ལྷ་ཡི་རྗེ། །གསོལ་བ་འདེབས་སོ་ཕྲིན་ལས་ཡོངས་གྲུབ་ཤོག །དཔལ་ཆེན་ཕོ་བྲང་གནམ་ལྕགས་འབར་བའི་བྲག །མི་སྣང་རྒྱས་བཏབ་ངོ་མཚར་ཟབ་མོའི་ཆོས། །དུས་བབས་རྒྱ་བཀྲོལ་བདེ་བའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཕྲིན་ལས་ཡོངས་གྲུབ་ཤོག །མཐིང་ནག་ཨེ་དབྱིངས་འབར་བའི་དཀྱིལ་འཁོར་དུ། །དཔལ་ཆེན་ཡབ་ཡུམ་ཁྲོ་བཅུ་ཁྲ་ཕྱག་སོགས། །བདུད་འདུལ་ཁྲོ་བོའི་དཀྱིལ་འཁོར་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་ཕྲིན་ལས་ཡོངས་གྲུབ་ཤོག །སྲིད་པ་ཕུར་བུ་ལེགས་གྲུབ་དཀྱིལ་འཁོར་དུ། །རང་རིག་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱི། །གསལ་སྣང་བསྐྱེད་པའི་རིམ་པ་རྣམ་བཀྲ་བའི། །ང་རྒྱལ་བརྟན་པས་བགེགས་དཔུང་འཇོམས་པར་ཤོག །ཞི་བས་མི་ཐུལ་ཞིང་བཅུའི་དགྲ་དང་བགེགས། །མངོན་སྤྱོད་དྲག་པོའི་རོལ་པས་ཚར་བཅད་དེ། །ཚེ་ཁྲུས་དགོངས་པས་བསྒྲལ་འདྲེན་ཚད་མེད་ཀྱི། །ཡེ་ཤེས་ཐུགས་རྗེའི་ལྕགས་ཀྱུས་ཟིན་པར་ཤོག །ངོ་བོ་རང་བཞིན་ཀ་ནས་དག་པའི་ངང་། །ལྷུན་གྲུབ་སྣང་བའི་མདངས་རྩལ་དཔལ་ཆེན་པོར། །ཤར་བའི་ཕྲིན་ལས་བཞི་དང་ཕྱག་རྒྱ་ཆེས། །བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །སྐྱབས་སེམས་ནི། ཕྱོགས་བཅུའི་སྐྱབས་ཡུལ་ཐམས་ཅད་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་རྣམ་པར་རོལ་པར་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ན་མོ། དཔལ་ཆེན་ཁྲག་འཐུང་འབར་བའི་དཀྱིལ་འཁོར་ཆེ། །དུས་གསུམ་དཀོན་མཆོག་སྐྱབས་ཡུལ་ཀུན་འདུས་པར། །དུས་འདི་ནས་བཟུང་བླ་མེད་བྱང་ཆུབ་བར། །སྐྱབས་སུ་མཆི་འོ་བདག་རྒྱུད་བྱིན་གྱིས་རློབས། །ལན་གསུམ། ནམ་མཁའི་མཐའ་ཁྱབ་ཕ་མ་སེམས་ཅན་དང་། །ཉོན་མོངས་རང་གཟུགས་ཞིང་བཅུའི་དགྲ་དང་བགེགས། །སྙིང་རྗེས་བསྒྲལ་འདྲེན་གཞན་ཕན་བྱང་སེམས་བློས། །བདུད་འདུལ་ཁྲོ་བོའི་གོ་འཕང་ཐོབ་པར་བགྱིའོ། །ལན་གསུམ། སྐྱབས་ཡུལ་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་རྣམ་དག་འབུལ་བ་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདག་དང་མཐའ་ཡས་སེམས་ཅན་རྣམས། །དུས་གསུམ་བཞུགས་ལ་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་དགེ་བ་རྣམས། །བསྡུས་ནས་བྱང་ཆུབ་ཆེན་པོར་བསྔོ། །བགེགས་གཏོར། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་བཟའ་བཏུང་འདོད་ཡོན་གྱི་སྤྲིན་ཕུང་ཅིར་ཡང་འཆར་བ་ཟག་པ་མེད་པའི་བདུད་རྩིར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱ་ལན་གསུམ་གྱིས་བྱིན་གྱིས་བརླབས་ནས་བསྔོ་ཞིང་བཀའ་བསྒོ་བ་ནི། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལ་འདའ་མ་བྱེད། །བཛྲ་ཀཱི་ལའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། ཁྲོ་བོ་འབར་བའི་ཚོགས་རྣམས་ཀྱིས། །རྡུལ་ཕྲན་བཞིན་དུ་བཤིག་པར་བྱེད། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །འདི་རུ་མ་གནས་གཞན་དུ་དེངས། །ཧཱུྃ་བཞིའི་དྲག་སྔགས་སོགས་ཀྱིས་བགེགས་བསྐྲད་ལ། མཚམས་གཅོད་པ་ནི། ཧཱུྃ། ང་ནི་རང་བྱུང་ཁྲོ་བོའི་རྒྱལ། །སྐུ་གསུང་ཐུགས་ལས་འོད་འཕྲོས་པས། །སྟེང་འོག་ཕྱོགས་མཚམས་མ་ལུས་པ། །རྡོ་རྗེ་ཕྱག་མཚན་འབར་བས་ཁེངས། །གནོད་བྱེད་བགེགས་ཀྱི་ཚོགས་རྣམས་སྲུང་། །བཛྲ་རཀྵ་མཱཾ། ཧཱུྃ་ཀཱར་རྣམ་རྒྱལ་དབྱུག་སྔོན་ཅན། །གཤིན་རྗེ་མི་གཡོ་རྟ་མགྲིན་རྒྱལ། །གཞན་གྱིས་མི་ཐུབ་བདུད་རྩི་འཁྱིལ། ཁམས་གསུམ་རྣམ་རྒྱལ་སྟོབས་པོ་ཆེ། །གར་དགུའི་ཉམས་ལྡན་ཕུར་པ་འདྲིལ། ཁྲོ་བཅུ་ཁྲོ་ཆུང་སྤྲུལ་པ་འགྱེད། །སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་ནས། །བར་དུ་གཅོད་པའི་བགེགས་ཚོགས་རྣམས། །བསྲུང་ཞིང་མཚམས་གཅོད་ཕྲིན་ལས་མཛོད། །མ་ཧཱ་ཀྲོ་དྷ་བི་ཤྭ་ཙཀྲ་ཧཱུྃ་ཕཊ། བརྡ་སྒོ་དབྱེ་བ་ནི། ཧཱུྃ། སྣང་སྲིད་རྡོ་རྗེ་ཕུར་པའི་ལྷ། །ཐབས་ཀྱིས་འགྲོ་དོན་མཛད་པའི་ཕྱིར། །གསང་བ་ཐུགས་ཀྱི་དཀྱིལ་འཁོར་དུ། །རང་གསལ་འགག་མེད་སྒོ་དབྱེ་འོ། །བྷྲཱུྃ་པྲ་ཝེ་ཤ་ཡ་ཕཊ། བརྡ་ཕྱག་འཚལ་བ་ནི། ཧཱུྃ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་ཅིང་། །རང་ཞལ་མཐོང་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ དམ་བཅའ་བ་ནི། ཧཱུྃ། འདུ་འབྲལ་མེད་པའི་གཟུངས་ཐག་ལ། །རིག་སྲོག་རྡོ་རྗེ་ལུ་གུ་རྒྱུད། །ལྷ་དང་དབྱེར་མེད་མ་གྲུབ་བར། །ཇི་སྲིད་བར་དུ་མི་གཏང་ངོ་། །ས་མཱ་དྷི་ཧཱུྃ། བྱིན་དབབ་པ་ནི་སྤོས་དང་རོལ་མོ་བཅས་པས། ཧཱུྃ། མཁའ་དང་མཉམ་པའི་དཀྱིལ་འཁོར་ནས། །སྲིད་པ་ཕུར་བུ་བསྒྲུབ་པའི་ལྷ། །རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས། །དུས་ལས་མི་འདའ་ཐུགས་དམ་ཅན། །སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་འདིར། །སྐུ་གསུང་ཐུགས་ཀྱི་བྱིན་ཕོབ་ཅིག །དབང་སྐུར་བྱིན་རློབས་དངོས་གྲུབ་སྩོལ། །ས་མ་ཡ་ཧོཿ ས་མ་ཡ་སཏྭཾ། བདུད་རྩི། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་སྨན་སྣོད་གཞལ་ཡས་ཁང་དུ་བཅུད་རྫས་རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་ཤིང་ཞུ་བས་བྱང་ཆུབ་ཀྱི་སེམས་དམ་ཚིག་གི་བདུད་རྩི་དང་ཡེ་ཤེས་ཀྱི་བདུད་རྩི་གཉིས་སུ་མེད་པའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱཿ ལན་གསུམ། གཏོར་མ། སྟོང་པའི་ངང་ལས་གཏོར་གཞོང་པདྨའི་སྣོད་དུ་གཏོར་རྫས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ལན་གསུམ། རཀྟ། སྟོང་པའི་ངང་ལས་དམར་གྱི་དུང་ཆེན་དུ་ཆགས་མེད་རཀྟའི་རྒྱ་མཚོ་རྦ་རླབས་འཁྲུགས་པར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱཿ ལན་གསུམ། མཆོད་རྫས་རྣམས་བསང་སྦྱང་། རིན་པོ་ཆེའི་སྣོད་དུ་མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་སོགས་ཀུན་ཏུ་བཟང་པོའི་མཆོད་སྤྲིན། དུང་ཆེན་གྱི་སྣོད་དུ་དབང་པོའི་མེ་ཏོག །གསུར་ཆེན་གྱི་དུད་སྤྲིན། ཞུན་ཆེན་གྱི་སྒྲོན་མེ། བདུད་རྩི་ལྔའི་དྲི་ཆབ། མཱཾ་སའི་ཞལ་ཟས། ཐོད་རྔའི་རོལ་མོ་སོགས་རང་བྱུང་ནང་གི་དམ་རྫས་ནམ་མཁའི་མཐའ་ཀླས་པ་ཁྲག་འཐུང་ཁྲོ་བོའི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་དུ་ཁྱབ་པར་འཆར་བས་གང་བར་གྱུར། ཨོཾ་བཛྲ་པུཥྤེ་ནས། ཤབྡ་ཨཱཿཧཱུྃ། བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་པཱུ་ཛ་ཧོཿ ཞེས་བྱིན་གྱིས་བརླབ་བོ། །དངོས་གཞི་ལ་ཐོག་མར་དམ་ཚིག་འཁོར་ལོ་བསྐྱེད་པ་ནི། ཧཱུྃ། དང་པོ་དེ་བཞིན་ཉིད་ཀྱི་ངང་། ཁྲོ་བོ་རྡོ་རྗེ་ཞེ་སྡང་འཇོམས། །མཚོན་ཆ་སྔོན་པོ་འབར་བ་ནི། །སྲོག་གི་གོ་རུ་ལམ་གྱིས་ཤར། །དེ་ནས་ཀུན་ཏུ་སྣང་བྱེད་པ། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །རྒྱུ་ཡི་སྙིང་པོ་ཧཱུྃ་དུ་གསལ། །སྐྱེ་བ་མེད་པའི་ཀློང་ཡངས་སུ། །ནམ་མཁའ་མཐའ་དབུས་མེད་པར་བརྡལ། །རླུང་དཀྱིལ་རཀྟའི་རྒྱ་མཚོ་དང་། །གསེར་གྱི་ས་གཞི་རུས་པའི་རི། །བསྐལ་པའི་མེ་དཔུང་ཕྱོགས་བཅུར་འབར། །དེ་དབུས་ཆོས་ཀྱི་དབྱིངས་ཉིད་ལས། །ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་ནི། །མཐིང་ནག་གྲུ་གསུམ་ཨེ་ཡི་ཀློང་། །བྷནྡྷ་སྐམ་རློན་འབར་བ་བརྩེགས། །འཁོར་ལོ་རྩིབས་བཅུ་མུ་ཁྱུད་བཅས། །ཕྱོགས་བཞི་ཁྱམས་དང་སྒོ་རུ་གསལ། །གྲུ་ཆད་མུ་རན་འཁོར་ཡུག་བཅས། །དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར། །པདྨ་རྡོར་ར་མེ་འཁོར་དང་། །རྡོ་རྗེའི་བྲག་ཆེན་ར་བས་གཏམས། །ཨེ་ཁྲོམ་དབུས་སུ་མཐིང་ནག་ཧཱུྃ། །སྤྲོ་བསྡུས་བདག་ཉིད་དཔལ་ཆེན་པོ། །མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། །ཞབས་བཞི་གྱད་ཀྱི་འདོར་ཐབས་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་རྔམ། །སྤྱན་དགུ་སྡང་མིག་ཕྱོགས་བཅུར་གཟིགས། །ཞལ་གདངས་ལྗགས་འདྲིལ་ཀཱི་ལ་སྒྲོག །གཡས་གཉིས་རྩེ་དགུ་རྩེ་ལྔ་གདེངས། །གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་འཛིན། །མཐའ་གཉིས་རི་རབ་ཕུར་པ་འདྲིལ། །དུར་ཁྲོད་དཔལ་གྱི་ཆས་རྣམས་རྫོགས། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །མཐིང་ནག་རྡོ་རྗེ་དུང་དམར་སྟོབ། །སྟེང་འོག་ཕྱོགས་མཚམས་འཁོར་ལོའི་སྟེང་། །མཐིང་ནག་ཧཱུྃ་གི་འཕྲོ་འདུ་ལས། །རང་བྱུང་ཁྲོ་བོ་བཅུ་རུ་ཤར། །སྟེང་དུ་ཧཱུྃ་ཀཱར་སྒྲ་འབྱིན་མ། །སྤྲུལ་པ་ཕག་དང་རྨིགས་བུའི་མགོ །ཤར་ཕྱོགས་རྣམ་རྒྱལ་སྙེམས་མ་ནི། །སྤྲུལ་པ་སྟག་དང་བྱ་རྒོད་མགོ །ཤར་ལྷོར་དབྱུག་སྔོན་སྡེར་མོ་ནི། །སྤྲུལ་པ་གཡག་དང་བྱ་རོག་མགོ །ལྷོ་ཕྱོགས་གཤིན་རྗེ་དུར་ཁྲོད་བདག །སྤྲུལ་པ་ཤ་བ་འུག་པའི་མགོ །ལྷོ་ནུབ་མི་གཡོ་གཏུན་ཁུང་མ། །སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ །ནུབ་ཕྱོགས་རྟ་མགྲིན་རྡོ་རྗེ་གཏུམ། །སྤྲུལ་པ་བྱི་ལ་པུ་ཤུད་མགོ །ནུབ་བྱང་འདོད་རྒྱལ་མདའ་སྙེམས་མ། །སྤྲུལ་པ་ཅེ་སྤྱང་ཁྲ་ཡི་གདོང་། །བྱང་ཕྱོགས་བདུད་རྩི་རླུང་འབྱིན་མ། །སྤྲུལ་པ་སེང་གེ་ཕ་ཝང་མགོ །བྱང་ཤར་ཁམས་གསུམ་གསོད་བྱེད་མ། །སྤྲུལ་པ་དོམ་དང་སྲེ་མོང་མགོ །འོག་ཕྱོགས་སྟོབས་ཆེན་སྐུལ་བྱེད་མ། །སྤྲུལ་པ་དྲེད་དང་བྱི་ལའི་མགོ །ཉི་མ་དང་ནི་འོད་ཟེར་བཞིན། ཁྲོ་བཅུ་ཁྲ་ཐབས་རྫོགས་པར་གསལ། །དཀྱིལ་འཁོར་མུ་རན་འཁོར་ཡུག་ན། །སྲས་དང་སྤྲུལ་པ་བཀའ་སྡོད་བཅས། །བདག་ཉིད་ཤྭ་ན་ས་བདག་དང་། །བསྭེ་ལྕགས་དུང་གི་སྐྱེས་བུ་སོགས། །གཙོ་དང་འཁོར་དུ་རྫོགས་པར་གསལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཕཊ། ཧཱུྃ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ །ཆོས་ཀྱི་དབྱིངས་ཀྱི་ངང་ཉིད་ལས། །འབར་བའི་ཁྲོ་བོ་མི་བཟད་པའི། །སྐུ་ཡི་དབྱིངས་སུ་བདག་སྐྱེད་ཅིག །ཧཱུྃ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་ཅིང་། །དབང་དང་དངོས་གྲུབ་འདིར་སྩོལ་ཅིག །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧོཿ ཡེ་ཤེས་པ་སྤྱན་འདྲེན་པ་ནི། ཧཱུྃ། སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས། །འབར་བའི་ཆོ་འཕྲུལ་ཁྲོ་བོའི་སྐུར་སྟོན་པ། །ལྷ་མཆོག་རྡོ་རྗེ་གཞོན་ནུ་འཁོར་དང་བཅས། །ཆོས་ཀྱི་དབྱིངས་ནས་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ བཞུགས་སུ་གསོལ་བ་ནི། ཧཱུྃ། ཁྲོ་རྒྱལ་མ་ལུས་འཁོར་དང་བཅས་པ་རྣམས། །དམ་ཚིག་དང་ནི་ཡེ་ཤེས་གཉིས་མེད་པར། །ཆུ་ལ་ཆུ་བཞག་ཇི་བཞིན་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ཕྱག་འཚལ་བ་ནི། ཧཱུྃ། སྲིད་གསུམ་གདུག་པ་བསྒྲལ་བ་དང་། །ང་རྒྱལ་ཞེན་པ་གཞོམ་པའི་ཕྱིར། །རྡོ་རྗེ་ཕུར་པའི་ལྷ་ཚོགས་ལ། །གཅིག་ཏུ་གུས་པས་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཕྱི་ནང་གསང་མཆོད་ནི། ཧཱུྃ། འབར་བའི་དཀྱིལ་འཁོར་ཁྲོ་ཆེན་ལྷ་ཚོགས་ལ། །མེ་ཏོག་བདུག་སྤོས་མར་མེ་དྲི་ཞལ་ཟས། །གཟུགས་སྒྲ་དྲི་རོ་རེག་བྱ་འདོད་ཡོན་ཚོགས། །ཐབས་ཤེས་གཉིས་མེད་བྱང་ཆུབ་སེམས་ཀྱི་སྤྲིན། །བླ་མེད་གསང་བ་མཆོག་གི་མཆོད་པར་བཅས། །རྣལ་འབྱོར་བདག་གིས་གུས་པས་འབུལ་ལགས་ན། །བརྩེ་བས་བཞེས་ལ་དབང་དང་དངོས་གྲུབ་སྩོལ། །བཛྲ་པུཥྤེ་ནས། ཤབྡ་པཱུ་ཛ་ཧོཿ ཧཱུྃ། རང་བྱུང་གདོད་ནས་རྣམ་པར་དག་པའི་རྫས། །ཉོན་མོངས་དུག་ལྔ་འཇོམས་པའི་སྨན་ཆེན་པོ། །ཛ་གད་དཔའ་བོའི་ངར་ཆེན་མཉམ་སྦྱར་ཏེ། །རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལྷ་ལ་འབུལ། །སརྦ་པཉྩ་ཨ་མྲྀཏ་པཱུ་ཛ་ཧོཿ ཆོས་སྐུ་ཀུན་ཏུ་བཟང་པོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ལོངས་སྐུ་རྒྱལ་བ་རིགས་ལྔའི་ཞལ་དུ་ཨོཾ་ཨཱཿཧཱུྃ། སྤྲུལ་སྐུ་དཔལ་ཆེན་ཧེ་རུ་ཀའི་ཞལ་དུ༴ རིག་འཛིན་རྡོ་རྗེ་ཆོས་ཀྱི་ཞལ་དུ༴ སློབ་དཔོན་པྲ་བྷ་ཧསྟིའི་ཞལ་དུ༴ ཨོ་རྒྱན་པདྨ་འབྱུང་གནས་ཞལ་དུ༴ ཇོ་མོ་ཡེ་ཤེས་མཚོ་རྒྱལ་ཞལ་དུ༴ ངམ་འབྲེ་ཨཱརྱ་ས་ལེའི་ཞལ་དུ༴ རྒྱལ་སྲས་མཆོག་གྲུབ་རྒྱལ་པོའི་ཞལ་དུ༴ གཏེར་སྟོན་ཆོས་རྗེ་གླིང་པའི་ཞལ་དུ༴ བཀའ་བབས་ཆོས་བདག་སྐྱེས་བུའི་ཞལ་དུ༴ བདུད་འདུལ་ཁྲོ་བོའི་དཀྱིལ་འཁོར་ཞལ་དུ༴ བཀའ་སྲུང་གཏེར་སྲུང་རྒྱ་མཚོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། བདུད་རྩིའི་ཐིགས་པ་ལྕེ་ཐོག་ཏུ་མྱངས་ལ། ཨ་མྲྀཏ་སིདྡྷི་ཨོཾ་ཨཱཿཧཱུྃ། ཧཱུྃ། རྣམ་དག་བྷནྡྷ་འབར་བའི་སྣོད་མཆོག་ཏུ། །རུ་དྲའི་སྙིང་ཆེན་ཐོད་ཚིལ་ཤ་ཁྲག་སྤུངས། །འདོད་ཡོན་རྨད་བྱུང་བ་ལིཾ་ཆེན་པོ་འདི། །རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལྷ་ལ་འབུལ། །མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧི། རཀྟ་ཁྲག་མཆོད་བསྒྲལ་མཆོད་དང་སྦྲེལ་བ་ཕྱག་བཞེས་སུ་སྣང་བ་ལྟར་ན། ཧཱུྃ། མ་རྟོགས་འཁྲུལ་པའི་དགྲ་བགེགས་རྣམས། །གཉིས་མེད་རོལ་པའི་དམར་ཆེན་འདིར། །དཔལ་ཆེན་ཁྲོ་རྒྱལ་བདེན་པ་ཡིས། ཁུག་ཅིག་ཨཱ་ཀརྵ་ཡ་ཛཿ ཧཱུྃ། ང་ནི་དཔལ་ཆེན་ཧེ་རུ་ཀ །སྲས་འཁོར་སྤྲུལ་པ་བྱེ་བ་འབུམ། །བཀའ་སྡོད་རབ་འཇིགས་ཕོ་ཉར་འགྱེད། །གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ། །གཡོན་གྱི་ཕྱག་ན་ལྕགས་ཀྱུ་བསྣམས། །ལྕགས་ཀྱུས་ཟུངས་ལ་ཕུར་བུས་ཐོབས། །རྡུལ་ཕྲན་བཞིན་དུ་བཤིག་པར་མཛོད། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཀྱི་སྲོག་རྩ་ལ་ཡཾ་ཡཾ། སྙིང་རྩ་ལ་ཕྲིལ་ཕྲིལ། ཐུཾ་རི་ལི་ལི་རྦད་སོད། དཀྱུས་ཙམ་ལ་འདི་མི་དགོས་སོ། །ཧཱུྃ། སྐྲ་ཅན་བྷནྡྷར་གདུག་པའི་དགྲ་དང་བགེགས། །ཞེ་སྡང་རྡོ་རྗེ་མཚོན་གྱིས་ཕུག་པའི་ཁྲག །དམར་བསྐྱིལ་ལྦུ་ཕྲེང་འཁྲིགས་པའི་རཀྟ་འདི། །རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལྷ་ལ་འབུལ། །མ་ཧཱ་རཀྟ་པཱུ་ཛ་ཁཱ་ཧི། ཧཱུྃ། ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །ཡེ་ཤེས་རོལ་པའི་གསང་བ་རུ། །ཐབས་དང་ཤེས་རབ་སྦྱོར་བ་ལས། །འཁོར་ལོ་ལྔ་ཡི་དཀྱིལ་འཁོར་དུ། །ག་པུར་སིཧླའི་འཕྲོ་འདུ་གསལ། །བདེ་བ་ཆེན་པོའི་མཆོད་པ་བཞེས། །པདྨ་ཡོ་གི་ནཱི་ཨ་ཧོ་མ་ཧཱ་སུ་ཁ་ཧོཿ བསྟོད་པ་ནི། ཧཱུྃ། མཐིང་ནག་གྲུ་གསུམ་འབར་བའི་ལྟེ་བ་རུ། །མི་གནས་མི་འགྱུར་དཔལ་ཆེན་ཀུ་མཱ་ར། །མཐིང་ནག་ཞལ་གསུམ་ཕྱག་དྲུག་འཇིགས་པའི་ཚུལ། །འཁོར་ལོ་རྒྱས་འདེབས་ཤེས་རབ་ཡུམ་དང་སྦྱོར། །ཕྱག་དྲུག་ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས། །དུར་ཁྲོད་འབར་བའི་ཆས་ཀྱིས་སྐུ་ལ་བརྒྱན། །རྡོ་རྗེ་རིན་ཆེན་འབར་བའི་གཤོག་པ་གདེངས། །བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་བཞུགས། །གསང་བའི་ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ། །རྡོ་རྗེ་དུང་དམར་འཛིན་པས་མགུལ་ནས་འཁྱུད། །རྒྱན་རྣམས་ཀུན་གྱིས་སྐུ་ལ་རྫོགས་པར་བརྒྱན། །གཙོ་བོ་ཡབ་ཡུམ་གཉིས་ལ་ཕྱག་འཚལ་བསྟོད། །ཧཱུྃ། སྟེང་གི་ཕྱོགས་ནས་ཐོག་ཆེན་འབེབ་མཛད་པ། །ཧཱུྃ་ཀཱར་སྒྲ་འབྱིན་ཕག་དང་རྨིགས་བུའི་མགོ། །ཤར་གྱི་ཕྱོགས་ནས་དགྲ་བགེགས་གཟིར་མཛད་པ། །རྣམ་རྒྱལ་སྙེམས་མ་སྟག་དང་བྱ་རྒོད་མགོ །ཤར་ལྷོ་མཚམས་ནས་དགྲ་བགེགས་འཇོམས་མཛད་པ། །དབྱུག་སྔོན་སྡེར་མོ་གཡག་དང་བྱ་རོག་མགོ །ལྷོ་ཡི་ཕྱོགས་ནས་དགྲ་བགེགས་གསོད་མཛད་པ། །གཤིན་རྗེ་དུར་ཁྲོད་ཤ་བ་འུག་པའི་མགོ །ལྷོ་ནུབ་མཚམས་ནས་དགྲ་བགེགས་སྒྲོལ་མཛད་པ། །མི་གཡོ་གཏུན་ཁུང་གཟིག་དང་ཁྭ་ཏའི་མགོ །ནུབ་ཀྱི་ཕྱོགས་ནས་དགྲ་བགེགས་འཆིང་མཛད་པ། །རྟ་མགྲིན་གཏུམ་མོ་བྱི་ལ་པུ་ཤུད་མགོ །ནུབ་བྱང་མཚམས་ནས་དགྲ་བགེགས་འགུགས་བྱེད་པ། །འདོད་རྒྱལ་མདའ་སྙེམས་ཅེ་སྤྱང་ཁྲ་ཡི་མགོ །བྱང་གི་ཕྱོགས་ནས་དགྲ་བགེགས་གནོན་མཛད་པ། །བདུད་རྩི་རླུང་འབྱིན་སེང་གེ་ཕ་ཝཾ་མགོ །བྱང་ཤར་མཚམས་ནས་དགྲ་བགེགས་སྟོབ་མཛད་པ། ཁམས་གསུམ་གསོད་མ་དོམ་དང་སྲེ་མོང་མགོ །འོག་གི་ཕྱོགས་ནས་དགྲ་བགེགས་སྤོར་མཛད་པ། །སྟོབས་ཆེན་སྤྱོད་མ་དྲེད་དང་བྱི་ལའི་མགོ །ཀུན་ཀྱང་མཐིང་ནག་འབར་བ་ཆེན་པོ་ལ། །ཐབས་དང་ཤེས་རབ་ཡུམ་དང་གཉིས་མེད་འཁྲིལ། །ཕྱག་མཚན་སྣ་ཚོགས་མཚོན་ཆའི་འཁོར་ལོ་འཛིན། །དུར་ཁྲོད་འབར་བའི་ཆས་ཀྱིས་སྐུ་ལ་བརྒྱན། །མགོ་བརྙན་ཕྱག་མཚན་རྫུ་འཕྲུལ་སྟོབས་དང་ལྡན། ཁྲོ་བཅུ་ཁྲ་ཐབས་རྣམས་ལ་ཕྱག་འཚལ་བསྟོད། །ཧཱུྃ། ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །སྲིད་པར་འཁྱམས་པའི་སེམས་ཅན་ཐམས་ཅད་ཀུན། །དབྱེར་མེད་སྐུ་གསུང་ཐུགས་སུ་སྒྲོལ་མཛད་པའི། །སྲས་མཆོག་ཀཱི་ལ་ཡ་ལ་ཕྱག་འཚལ་བསྟོད། །ཛཔ྄་བཟླ་བའི་ཐོག་མར་ཛཔ྄་བསྐུལ་གསོལ་འདེབས་སྤྲོ་ན་དཀྱིལ་ཆོག་ལྟར་བྱ། དཀྱུས་ཙམ་ལ་མི་དགོས། ཛཔ྄་ཁང་དབྱེ་བ་ནི། ཧཱུྃ། ཐུགས་དམ་མཆོག་གི་དཀྱིལ་འཁོར་དུ། །གསང་བ་ཡེ་ཤེས་སྒོ་ཕྱེས་ཏེ། །དངོས་གྲུབ་ཆེན་པོ་འབྱུང་བའི་ཕྱིར། །བསྙེན་སྒྲུབ་ཛཔ྄་ཀྱིས་ཐུགས་དམ་བསྐུལ། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་པ་དཀྱིལ་འཁོར་གསུམ་ལྡན་གྱི་ངང་ནས། བདག་ཉིད་རྩ་བའི་དཀྱིལ་འཁོར་གྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ། དེ་མཐར་རྩ་བའི་སྔགས་ཀྱིས་བསྐོར་བ་སོགས་བསྙེན་སྒྲུབ་ཀྱི་མན་ངག་ལས་བྱུང་བའི་དམིགས་པ་རྣམས་གསལ་བཏབ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། གཞི་སྙིང་གཅིག་ཏུ་དྲིལ་བ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ་ཨ་ཙི་ཏེ། ཨ་པ་ར་ཙི་ཏེ། མཱ་ར་སེ་ན་པྲ་མར་ཏ་ན་ཡེ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ཁྲོ་བཅུའི་སྔགས་སྤྱི་ལྟར་དང་། སྲས་མཆོག་བཞི་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། བཛྲ་གྱི་གནས་སུ་རཏྣ་ པདྨ་ ཀརྨ་བཅུག་པ་སྟེ་འདིའང་དཀྱུས་ཙམ་དུ་མི་དགོས་ཤིང་། བཟླས་པའི་མཐར་སྟོང་ཚིགས་འབུལ་ལ་ཛཔ྄་ཁང་བསྡུའོ། །རྗེས་ཀྱི་ལས་རིམ་ལས། ཐོག་མར་ཚོགས་ཀྱི་མཆོད་པ་ནི། ཚོགས་རུ་དྲ་བསྒྲལ་པའི་ཙིཏྟ་ལྟ་བུ་དང་། བཟའ་བཏུང་གི་དངོས་པོ་ཕུན་སུམ་ཚོགས་པ་བཤམས་ལ་བདུད་རྩིས་བསངས་ཏེ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། སརྦ་དྲ་བྱཾ་ཤོ་དྷ་ནི་ཧཱུྃ་ཕཊ། བདག་ཉིད་དཔལ་ཆེན་ཐུགས་ལས་འོད་འཕྲོས་པས། །ཞལ་ཟས་ཚོགས་ཀྱི་ཉེས་པ་མ་ལུས་སྦྱངས། །རྣམ་དག་ཡེ་ཤེས་བདུད་རྩིར་བྱིན་བརླབས་ཏེ། །དཀྱིལ་འཁོར་ལྷ་ཚོགས་དགྱེས་པ་སྐོང་བྱེད་གྱུར། །ཚོགས་ཞིང་སྤྱན་དྲང་བ་ནི། ཧཱུྃ། སྲིད་པ་ཕུར་བུ་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཚོགས་དང་པོ་འབུལ་བ་ནི། ཧཱུྃ། དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །སྲས་མཆོག་ཀཱི་ལ་རིགས་བཞིར་བཅས། ཁྲོ་བཅུ་ཟ་གསོད་ཕོ་ཉའི་ཚོགས། །ཞལ་ཟས་ཚོགས་ཀྱི་མཆོད་པ་བཞེས། །དམ་ཚིག་ཆེན་པོའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཤྭ་ན་བདག་ཉིད་ས་བདག་མོ། །ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །ག་ཎ་ཙཀྲ་སརྦ་པཱུ་ཛ་ཁཱ་ཧི། བར་པ་བཤགས་པ་ནི། ཧཱུྃ། བསྒྲུབས་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས། །དམ་ཚིག་ཆེན་པོའི་དུས་ལ་བབ། །བདག་ཅག་མ་རིག་ལུས་ངག་ཡིད། །བག་མེད་ཉེས་པའི་སྐྱོན་གྱུར་ཏེ། །རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་། །སྲས་དང་ཁྲོ་བོ་ཁྲ་ཐབས་བཅས། །ཤྭ་ན་ས་བདག་བདག་ཉིད་མ། །སྐྱེས་བུ་གིང་དང་དགེ་བསྙེན་བཅས། ཁྱེད་རྣམས་ཐུགས་དང་ཅི་འགལ་བ། །ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས། །བར་འདིར་བསྐང་བ་བྱ་བ་ནི། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དང་། །རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལྷ། །སྲས་དང་ཁྲོ་བཅུ་ཁྲ་ཐབས་བཅས། །སྒོ་སྐྱོང་ཕུར་སྲུང་བཀའ་སྡོད་ཚོགས། །བདུད་དགྲ་འཇོམས་པའི་ལྷ་ཚོགས་ཀྱི། །ཐུགས་དམ་གཉན་པོ་བདག་གིས་བསྐང། །ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད། །ལྷ་རྫས་མེ་ཏོག་བདུག་སྤོས་སོགས། །ཕྱི་ཡི་མཆོད་པ་ཚར་དུ་དངར། །དབང་པོའི་མེ་ཏོག་གསུར་ཆེན་སོགས། །རང་བྱུང་ནང་མཆོད་བརྗིད་པར་བྲེས། །སྨན་རག་བདུད་རྩིའི་རྒྱ་མཚོར་བསྐྱིལ། །ཤ་རུས་བཤོས་བུ་ལྷུན་པོར་སྤུངས། །མཉམ་སྦྱོར་དགའ་བཞིའི་ཡེ་ཤེས་སྐྱེས། །དེ་ཡང་སྟོང་ཉིད་གཟོད་མའི་ཀློང་། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །གཞན་ཡང་ཐུགས་དམ་བསྐང་བ་ནི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །སྒྲུབ་པའི་དམ་རྫས་མ་ཚང་མེད། །སྲུང་ཟློག་བསད་གསུམ་ཕྲིན་ལས་ཀྱི། །དྲག་པོའི་ཐུན་རྫས་ཀུན་ཚོགས་པས། །ཐུགས་དམ་བསྐང་ངོ་དགྲ་བོའི་གཤེད། །མངོན་སྤྱོད་ཕྲིན་ལས་ཀུན་འགྲུབ་པས། །སྐོང་རྟེན་སྒྲུབ་རྦད་སྐུལ་བའི་རྫས། །མ་ཚང་མེད་པ་ཐམས་ཅད་ཀྱིས། །མཁའ་ལྟར་ཁྱབ་པའི་སྐུ་མངའ་བ། །རིག་འཛིན་བརྒྱུད་པའི་ཐུགས་དམ་བསྐང་། །དཔའ་བོ་བདུད་དགྲ་བདུད་འདུལ་བ། །རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐང་། །ཤེས་རབ་རང་བཞིན་མཁའ་འགྲོའི་གཙོ། །འཁོར་ལོ་ཡུམ་གྱི་ཐུགས་དམ་བསྐང་། །བདུད་ཀྱི་དཔུང་རྣམས་ཕམ་མཛད་པ། །ཕྱོགས་བཅུ་ཁྲོ་བོའི་ཐུགས་དམ་བསྐང་། །ཐབས་ཤེས་དབྱེར་མེད་ཟུང་འཇུག་སྐུ །ཕྲ་མེན་རྣམས་ཀྱི་ཐུགས་དམ་བསྐང་། །གཙོ་བོའི་བཀའ་སྡོད་དམ་ཚིག་ཅན། །ཕུར་སྲུང་རྣམས་ཀྱི་ཐུགས་དམ་བསྐང་། །ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནས། །གདུག་པ་མ་ལུས་ཀུན་འདུལ་ཕྱིར། །ཐུགས་རྗེ་ཁྲོས་ཏེ་འོངས་པའི་ལྷ། །རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་པའི། །ཐུགས་དམ་གཉན་པོ་བདག་གིས་བསྐང་། །ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད། །ཐ་མ་བསྟབ་པ་བྱ་བ་ནི། རྒྱས་བསྡུས་གཉིས་ལས་འདིར་བསྡུས་པ་སྟེ། ཚོགས་དེ་ཉིད་ལ་དགྲ་བགེགས་ཀྱི་རཱུ་པ་བྱས་པའམ་མོས་པས་རུང་སྟེ། འགུག་གཞུག་སྤྱི་ལྟར་དང་། ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་འགྱེད་པའི་དུས་ལ་བབ། །མཐུ་རྩལ་འབྱིན་པའི་དུས་ལ་བབ། །དགྲ་བགེགས་བསྒྲལ་བའི་དུས་ལ་བབ། །སྡང་བའི་དགྲ་དང་གནོད་པའི་བགེགས། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །བླ་སྲོག་རྣམ་པར་ཤེས་པ་ཀུན། །མ་ཤོར་མ་བཏང་ཁུག་ལ་ཤོག །བཏབ་པའི་དུས་ལས་མ་འདའ་བར། །ཞིང་བཅུ་ཚང་བའི་དགྲ་དང་བགེགས། །ཐམས་ཅད་མ་ལུས་མྱུར་དུ་ཁུག །ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས། །ཞགས་པ་ཅན་གྱིས་ཡན་ལག་སྡོམས། །ལྕགས་སྒྲོག་ཅན་གྱིས་དྲྭ་བར་ཆུགས། །དྲིལ་བུ་ཅན་གྱིས་སྨྱོ་རུ་ཆུགས། །ལས་ཀྱི་རླུང་གིས་རྒྱབ་ནས་ཕུལ། །བསྐལ་པའི་མུན་པས་མདུན་ནས་སུས། །སྐད་ཅིག་ཐང་ཅིག་ཡུད་ཙམ་ལ། །རང་དབང་མེད་པར་ཁུག་ལ་ཤོག །ཧཱུྃ། ང་ནི་དཔལ་ཆེན་ཧེ་རུ་ཀ །སྲས་འཁོར་སྤྲུལ་པ་བྱེ་བ་འབུམ། །བཀའ་སྡོད་རབ་འཇིགས་ཕོ་ཉར་འགྱེད། །གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ། །གཡོན་གྱི་ཕྱག་ན་ལྕགས་ཀྱུ་བསྣམས། །ལྕགས་ཀྱུས་ཟུངས་ལ་ཕུར་བུས་ཐོབས། །རྡུལ་ཕྲན་བཞིན་དུ་བཤིག་པར་མཛོད། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཀྱི་སྲོག་རྩ་ལ་ཡཾ་ཡཾ། སྙིང་རྩ་ལ་ཕྲིལ་ཕྲིལ་ཐུཾ་རིལ་རིལ་རྦད་སོད། ཅེས་པས་བསྒྲལ། བསྟབ་པ་ནི། ཧཱུྃ། ཕྱེས་ཤིག་ཁྲོ་རྒྱལ་ཞལ་ཕྱེས་ཤིག །གནམ་ས་ལྟ་བུའི་ཞལ་གདོངས་ཤིག །གངས་རི་ལྟ་བུའི་མཆེ་བ་གཙིགས། །གློག་སྟོང་འཁྱུགས་འདྲའི་ལྗགས་དམར་སྐྱོད། །མཉམ་ཉིད་ཡངས་པའི་ཞལ་དུ་བསྟབ། །འགག་མེད་རོལ་པའི་མགུལ་དུ་བསྟིམ། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། དགྲ་བགེགས་ཀྱི་མཱཾ་ས་ཙིཏྟ་རཀྟ་གོ་རོ་ཙ་ན་བ་སུ་ཏ་ཀིཾ་ནི་རི་ཏི་ཁཱ་ཧི། ཧཱུྃ། སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། །དགོད་དང་གཤེ་དང་འཇིགས་པར་སྟོན་པ་དང་། །སྙིང་རྗེ་རྔམས་དང་ཞི་བ་ལ་སོགས་པ། །སྐུ་ཡི་དངོས་པོ་ཤིན་ཏུ་བསྒྱུར་བ་ཡིས། །གར་བྱས་གྲུབ་པའི་རྣལ་འབྱོར་པས། །གར་གྱི་དབང་ཕྱུག་གཙོ་བོ་ཆེ། །ཟླ་བ་ལ་སོགས་སྙིང་པོ་ཅན། །མཱཾ་ས་ལ་སོགས་རོ་མཆོག་གསོལ། །མེ་ཏོག་སོགས་དང་ཙན་དན་དྲི། །བཟང་དགུ་འབུལ་ལོ་བཞེས་སུ་གསོལ། །མི་མོ་རྣམས་ཀྱི་རེག་བྱའི་མཆོག །བྱིན་གྱིས་རློབ་ཕྱིར་རྣལ་འབྱོར་པ། །སྒྲུབ་པའི་རྫས་འདི་ཐམས་ཅད་ལ། །ཧཱུྃ་དང་ཕཊ་ཀྱིས་ལྡན་པར་མཛོད། །ཅེས་བསྒྲལ་མཐར་སྦྱོར་བའི་མཆོད་པས་དགྱེས་པར་བྱའོ། །བརྡ་དང་བརྡའི་ལན་དང་བཅས་པས་ཚོགས་ལ་རོལ་ཞིང་། ལྷག་མ་གཏང་བ་ནི། བདུད་རྩིའི་ཁ་ཕྲུ་ལག་གཉིས་པདྨ་སྦུབ་པའི་ཕྱག་རྒྱས་བྲན་ཏེ། ཨོཾ་བཛྲ་ཨ་མྲྀཏ་ཨུཙྪིཥྚ་ཡ་ཧཱུྃ། ཞེས་པས་བདུད་རྩིར་སྤེལ་ལ། ཧཱུྃ། མཁའ་འགྲོ་གིང་དང་དབང་ཕྱུག་མ། །མ་བདུན་སྲིང་བཞི་འབར་མ་བརྒྱད། །ཕོ་ཉ་ལ་སོགས་ལྷག་སྡུད་ཚོགས། །དཔལ་གྱི་ཕམ་ཕབ་འདི་གསོལ་ལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བརྗོད་ལ་ལྷག་མ་ཕྱི་རོལ་དུ་དོར་རོ། །དེ་ནས་ཐུགས་དམ་བསྐུལ་བ་ལ་དང་པོ་རིག་འཛིན་བསྐུལ་བ་ནི། ཧཱུྃ། སྒྲུབ་པའི་རིག་འཛིན་རྒྱ་མཚོ་རྣམས། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་འགྱེད་པའི་དུས་ལ་བབ། །མཐུ་རྩལ་བསྟན་པའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །ཧཱུྃ། སྔོན་ཚེ་བསྐལ་པའི་དང་པོ་ལ། །འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །ཆོས་ཀྱི་དབྱིངས་ལས་རང་ཤར་པའི། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས། །བདུད་དཔུང་རུ་ཏྲ་བསྒྲལ་པའི་ཚེ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་ཕྲིན་ལས་མཛོད། །མེ་རི་འབར་བའི་རྩེ་མོ་རུ། །གསང་བདག་ཕྱག་ན་རྡོ་རྗེ་ཡིས། །གསང་སྔགས་རྒྱུད་སྡེ་བསྡུས་པའི་ཚེ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་ཕྲིན་ལས་མཛོད། །རྒྱ་གར་ཆོས་ཀྱི་ཡུལ་གླིང་དུ། །མུ་སྟེགས་ནག་པོས་དབང་བྱས་ཚེ། །སློབ་དཔོན་པྲ་བྷ་ཧསྟི་ཡིས། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་ཕྲིན་ལས་མཛོད། །ཡང་ལེ་ཤོད་ཀྱི་དབེན་རྩ་རུ། །ཡང་དག་སྒྲུབ་ལ་བར་ཆད་ཚེ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་ཕྲིན་ལས་མཛོད། །མོན་ཁ་ནེ་རིང་སེང་རྫོང་དུ། །ཇོ་མོ་ཡེ་ཤེས་མཚོ་རྒྱལ་གྱིས། །སྒྲུབ་ལ་བར་གཅོད་འབྱུང་པོ་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་ཕྲིན་ལས་མཛོད། །རྒྱ་བལ་བོད་ཀྱི་གནས་མང་པོར། །ས་ལེའི་སྐྱེ་རྒྱུད་སྔ་ཕྱི་རུ། །བར་དུ་གཅོད་པ་སྣ་ཚོགས་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་ཕྲིན་ལས་མཛོད། །རྒྱལ་སྲས་མཆོག་གྲུབ་རྒྱལ་པོ་ཡིས། །མ་འོངས་སྐྱེ་བརྒྱུད་བཅུ་གསུམ་བར། །བར་གཅོད་བདུད་དང་དམ་སྲི་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་ཕྲིན་ལས་མཛོད། ཁྱད་པར་སྐལ་ལྡན་ཆོས་བདག་གིས། །ཟབ་གཏེར་གསང་རྒྱ་བཀྲོལ་བའི་ཚེ། །གནམ་ལྕགས་འབར་བའི་རི་བོ་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་ཕྲིན་ལས་མཛོད། །ཧཱུྃ། གྲུབ་པའི་རིག་འཛིན་རྒྱ་མཚོ་རྣམས། །སྔོན་གྱི་རྟགས་བསྟན་མ་བསྙེལ་བར། །ད་ལྟ་ཕྲིན་ལས་རིག་འཛིན་རྣམས། །དཔལ་ཆེན་བསྙེན་ཅིང་སྒྲུབ་པའི་ཚེ། ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་བསྟན་པའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །བྱིན་གྱིས་རློབ་པའི་དུས་ལ་བབ། །ཕུར་བུ་སྒྲུབ་པའི་ཕྲིན་ལས་མཛོད། །དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་བསྐུལ་བ་ནི། ཧཱུྃ། རང་བཞིན་རྣམ་དག་ཆོས་དབྱིངས་དྲག་པོའི་ཞིང། །སྐྱེ་མེད་ངང་ལས་འགག་མེད་སྐུར་སྟོན་པ། ཁྲག་འཐུང་ཁྲོ་རྒྱལ་རྡོ་རྗེ་གཞོན་ནུའི་ཚོགས། །མངོན་སྤྱོད་ཕྲིན་ལས་རོལ་པའི་དུས་ལ་བབ། །ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྙིགས་མའི་གདུལ་བྱ་གདུག་པ་འདུལ་བའི་ཕྱིར། །འབར་བའི་སྐུར་བཞེངས་བྱང་ཆུབ་སྒྲུབ་པའི་བགེགས། །དྲག་པོས་ཚར་གཅོད་མཛད་པའི་དུས་ལ་བབ། །རིག་འཛིན་བདག་གིས་དད་པས་བསྐུལ་སྒྲུབ་ན། །འདོད་པའི་འབྲས་བུ་འགྲུབ་པར་མི་མཛད་དམ། །སྔོན་གྱི་ཐུགས་དམ་གཉན་པོ་དེངས་དགོངས་ལ། །མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད། །འདིར་བཀའ་སྲུང་གཏེར་སྲུང་གི་གཏོར་འབུལ་མཛད་པ་ཕྱག་ལེན་དུ་སྣང་བས་དེ་དག་མདོར་བསྡུ་ན། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་བྷནྡྷའི་སྣོད་དུ་ཧཱུྃ་ཡིག་ཞུ་བ་ལས་བྱུང་བའི་གཏོར་མ་ཤ་ཁྲག་གི་ཕུང་པོ་འདོད་ཡོན་གྱི་རོལ་མོ་ཅིར་ཡང་འཆར་བ་ཟག་པ་མེད་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། སྙིང་གའི་ས་བོན་གྱི་འོད་ཀྱིས་བཀའ་སྲུང་ཆོས་སྐྱོང་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ས་མ་ཡ་ཧཱུྃ། བཛྲ་ཀཱི་ལི་ཀཱི་ལ་ཡ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཨོཾ་བཛྲ་ཨརྒྷཾ་པཱདྱཾ་ནས། ཤབྡ་པཱུ་ཛ་ཨཱཿཧཱུྃ། ཧཱུྃ། བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡི། །བཀའ་ཡི་སྲུང་མར་དམ་བཅས་ཤིང་། །དཀྱིལ་འཁོར་སྐྱོང་བའི་གཡར་དམ་ཅན། །ཤྭ་ན་བཞི་དང་བདག་ཉིད་མ། །ས་བདག་ཆེན་མོ་མཆེད་བཞི་དང་། །བསྭེ་ལྕགས་དུང་གི་སྐྱེས་བུ་བཞི། །དམ་ཅན་སྲུང་མ་འཁོར་བཅས་རྣམས། །འདིར་གཤེགས་མཐུན་རྫས་མཆོད་གཏོར་བཞེས། །འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་སྤེལ། །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །གཏེར་སྲུང་གཏོར་མ། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ། ཁ་དོག་དྲི་རོ་ཕུན་སུམ་ཚོགས་པར་གྱུར་པར་མོས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་གཏེར་སྲུང་སྤུ་གྲི་མཆེད་གསུམ་འཁོར་དང་བཅས་པ་སྤྱན་དྲངས་ཨོཾ་བཛྲ་ས་མ་ཡ་ཛཿ ས་མ་ཡ་ཧཱུྃ། བདུད་ཏྲི་ས་མ་ཡ་ཤུ་ལ་ཙ་ཏྲི་ནཱ་ག་དུག་ཐུར་སརྦ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁཱ་ཧི། ལན་གསུམ། བདུད་རྒྱལ་དུག་གི་སྤུ་གྲི་དང་། །བཙན་རྒོད་ཟངས་ཀྱི་སྤུ་གྲི་དང་། །ཀླུ་བདུད་དུག་གི་སྤུ་གྲི་སྟེ། །གཏེར་སྲུང་སྤུ་གྲི་མཆེད་གསུམ་གྱིས། །དམ་རྫས་གཏོར་མ་འདི་བཞེས་ལ། །བཀའ་དང་བསྟན་པ་གཉན་པོ་སྲུངས། །རྣལ་འབྱོར་སྒྲུབ་པོ་འཁོར་བཅས་ཀྱི། །འགལ་རྐྱེན་བར་ཆད་ཐམས་ཅད་སོལ། །མཐུན་རྐྱེན་བསམ་པ་ལྷུན་གྲུབ་མཛོད། །ཅེས་འབུལ། ཆད་མདོ་ནི། ཧཱུྃ། སྔོན་ཚེ་ཆེ་མཆོག་ཧེ་རུ་ཀས། །གསང་ཆེན་རྒྱུད་སྡེ་བཤད་པའི་ཚེ། ཁས་བླངས་གཉན་གྱི་སྲུང་མ་རྣམས། །དམ་རྫས་གཏོར་མ་འདི་ལོངས་ལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བར་དུ་སློབ་དཔོན་ཆེན་པོ་ཡིས། །བོད་ཡུལ་ཆོས་ལ་བཀོད་པའི་ཚེ། ཁས་བླངས་གཉན་གྱི་སྲུང་མ་རྣམས། །དམ་རྫས་གཏོར་མ་འདི་ལོངས་ལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཐ་མར་རིག་འཛིན་ཆོས་རྗེ་ཡིས། །ཟབ་གཏེར་གསང་རྒྱ་བཀྲོལ་བའི་ཚེ། ཁས་བླངས་གཉན་གྱི་སྲུང་མ་རྣམས། །དམ་རྫས་གཏོར་མ་འདི་ལོངས་ལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ད་ལྟ་རྣལ་འབྱོར་བདག་ཅག་གིས། །ཕུར་པའི་དཀྱིལ་འཁོར་སྒྲུབ་པའི་ཚེ། ཁས་བླངས་གཉན་གྱི་སྲུང་མ་རྣམས། །དམ་རྫས་གཏོར་མ་འདི་ལོངས་ལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བརྟན་མ་བསྐྱང་བ་ནི། ཧཱུྃ། ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད། །བརྟན་མ་ཆེན་མོ་ཁྱེད་རྣམས་ཀྱང་། །སྔོན་ཚེ་ཁས་བླངས་དམ་བཅས་པའི། །གཡར་དམ་གཉན་པོ་རྗེས་དགོངས་ལ། །དམ་རྫས་བཀའ་ཡི་གཏོར་མ་ལོངས། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ལ་ལཱ་ལེ་ལཻ། ཏཾ་ཏཾ་ཏེ་ཏཻ། ཁ་རཀྨ། མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ། གཏོར་གཞོང་ཁ་སྦུབས་པའི་འོག་ཏུ་དམ་སྲི་མནན་པར་མོས་ལ། ཏྲི་ཡཾ་ཛཿཧཱུྃ་བཾ་ཧོཿ ཨོཾ་ཨཱཿཧཱུྃ། སཏྭཾ་བྷ་ཡ་ལཾ་ནན། ཞེས་བརྗོད། དངོས་གྲུབ་བསྐུལ་ཞིང་བླང་བ་ནི། ཧཱུྃ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །དེང་སང་སྐྱ་རེངས་དང་པོ་ལ། །དངོས་གྲུབ་བསྐུལ་ཕྱིར་གསོལ་གདབ་ན། །ལྷག་པའི་ལྷ་ཁྱོད་དགོངས་སུ་གསོལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཨོཾ་ཨཱཿཧཱུྃ་ཧྲཱིཿ ཧཱུྃ། ལྷག་པའི་ལྷ་མཆོག་རྡོ་རྗེ་ཕུར་པའི་ལྷ། །ཆོས་ཀྱི་དབྱིངས་ལ་རྩོལ་རྟོག་མི་མངའ་ཡང་། །དུས་ལས་མི་འདའ་ཐུགས་རྗེ་ཐུགས་དམ་གྱིས། །རང་བྱུང་དབང་དང་དངོས་གྲུབ་བསྩལ་དུ་གསོལ། །སརྦ་སིདྡྷི་ཕ་ལ་ཧོཿ གཏང་རག་གི་མཆོད་བསྟོད་ནི། ཧཱུྃ། འབར་བའི་དཀྱིལ་འཁོར་ཁྲོ་ཆེན་ལྷ་ཚོགས་ལ། །མེ་ཏོག་བདུག་སྤོས་མར་མེ་དྲི་ཞལ་ཟས། །གཟུགས་སྒྲ་དྲི་རོ་རེག་བྱ་འདོད་ཡོན་ཚོགས། །ཐབས་ཤེས་གཉིས་མེད་བྱང་ཆུབ་སེམས་ཀྱི་སྤྲིན། །བླ་མེད་གསང་བ་མཆོག་གི་མཆོད་པར་བཅས། །རྣལ་འབྱོར་བདག་གིས་གུས་པས་འབུལ་ལགས་ན། །བརྩེ་བས་བཞེས་ལ་དབང་དང་དངོས་གྲུབ་སྩོལ། །བཛྲ་པུཥྤེ་ནས། ཤབྡ་པཱུ་ཛ་ཧོཿ ཞེས་དང་མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོཿ ཞེས་སྔགས་ཙམ་གྱིས་མཆོད། ཧཱུྃ། སྲིད་གསུམ་གདུག་པ་བསྒྲལ་བ་དང་། །ང་རྒྱལ་ཞེན་པ་གཞོམ་པའི་ཕྱིར། །རྡོ་རྗེ་སྲིན་པོའི་ཚོགས་བཅས་ལ། །རྩེ་གཅིག་གུས་པས་ཕྱག་འཚལ་བསྟོད། །ཅེས་ཤྭ་ལོ་ཀ་གཅིག་གིས་བསྟོད། ཧཱུྃ། ཕྲིན་ལས་ཕུར་པའི་དཀྱིལ་འཁོར་འདིར། །བདག་རྨོངས་ནོངས་པ་ཅི་མཆིས་པ། །ཡེ་ཤེས་ལྷ་ལ་འཛིན་རྟོག་མེད། །འཁོར་དུ་གཏོགས་རྣམས་བཟོད་པར་གསོལ། །ཡི་གེ་བརྒྱ་པ་ལན་གསུམ་བརྗོད། རས་བྲིས་དང་འབྲེལ་བའི་མདུན་བསྐྱེད་ཡོད་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་བརྟན་བཞུགས་བྱ། བདག་ཉིད་རྩ་བའི་དཀྱིལ་འཁོར། དེ་ནས་ཕྱི་ནང་སྣོད་བཅུད་ཀུན། །དཀྱིལ་འཁོར་གཅིག་ཏུ་རྫོགས་པ་ཡང་། །མཐའ་ནས་བསྡུས་ཏེ་གཙོ་ལ་ཐིམ། །དེ་ཡང་ཐུགས་སྲོག་ཧཱུྃ་ཡིག་ལ། །ཧཱུྃ་ཡང་རིམ་བཞིན་གྱེན་རྫོགས་ངང་། །ཕྱག་རྒྱ་ཆེན་པོའི་ཀློང་དུ་བཞག །སླར་ཡང་མཁའ་ལ་ཆུ་འཛིན་བཞིན། །དཔལ་ཆེན་སྐུ་རུ་ལམ་གྱིས་གསལ། །ཞེས་ཏིང་ངེ་འཛིན་གྱི་འཇུག་ལྡང་བྱ། སྨོན་ལམ་ནི། ན་མོ། སྲིད་པ་ཕུར་བུའི་དཀྱིལ་འཁོར་དུ། །ཕུང་པོ་རྡོ་རྗེར་གཏམས་བྱས་པའི། །དུས་གསུམ་དགེ་བ་ཅི་བསགས་པས། །ཕྲིན་ལས་གང་བརྩམ་མྱུར་འགྲུབ་ཅིང་། །བླ་མེད་བྱང་ཆུབ་ཆེ་ཐོབ་ཤོག །ཤིས་པ་བརྗོད་པ་ནི། ཐུགས་རྗེ་ཆེན་པོས་བདག་རྒྱུད་བྱིན་གྱིས་རློབ། །རིག་འཛིན་བླ་མ་བརྒྱུད་པའི་བཀྲ་ཤིས་ཤོག །མཐུ་སྟོབས་ནུས་པས་དངོས་གྲུབ་ཆར་ལྟར་འབེབ། །ཕུར་པ་ཕྲིན་ལས་ལྷ་ཡི་བཀྲ་ཤིས་ཤོག །མངོན་སྤྱོད་རོལ་པས་དགྲ་བགེགས་ཐལ་བར་རློག །ཕུར་སྲུང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག །བུམ་པ་བཟང་དང་དཔག་བསམ་ནོར་བུ་བཞིན། །དགོས་འདོད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་བརྗོད། ཐུན་མཚམས་སྣང་སྟོང་ལྷའི་སྐུར་གསལ་བཏབ་ལ། ཧཱུྃ་ཧཱུྃ་བཛྲ་ཀཱ་བཱ་ཙི་ཧཱུྃ། ཞེས་པས་རྡོ་རྗེའི་གོ་ཁྲབ་ཞུ་ལུགས་སུ་གྱོན་པར་བསམ། བཛྲ་ཙཀྲ་ཏཱིག་ན་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་ཧཱུྃ་ཕཊ། ཞེས་མཚོན་ཆ་ལྔའི་གུར་དང་མེ་དཔུང་གི་ཀློང་ན་བཞུགས་པས་བར་ཆད་གང་གིས་ཀྱང་གླགས་མི་རྙེད་པར་བསམ་ལ་རྒྱུན་གྱི་སྤྱོད་ལམ་ལ་འཇུག་གོ །བཅོས་བསླད་བྱས་མིན་རང་གཞུང་གཙང་མར་བསྡེབས། །དོན་མེད་མ་ཡིན་རྒྱུན་དུ་ཁྱེར་བར་བདེ། །གནང་དང་སྐུལ་མ་མེད་ཀྱང་རང་གི་དོན། །བཛྲ་ཀཱི་ལའི་སྒྲ་ཙམ་རྟོགས་དེས་བྲིས། །འོན་ཀྱང་འགལ་འཁྲུལ་ནོངས་པའི་ཆ། །རྩ་བ་གསུམ་གྱིས་བཟོད་བཞེས་ལ། །བྱིན་རླབས་གཟི་བརྗིད་འབར་བ་དང་། །དངོས་གྲུབ་བསླུ་བ་མེད་འགྲུབ་ཤོག །ཅེས་པའང་སྒྲུབ་དཀྱིལ་ཆེན་མོ་ལས་རྩ་བའི་དགོངས་པ་ཉེར་མཁོ་རྣམས་ཕྱུངས། རཏྣའི་གཞུང་གི་སབ་ཁ་རྣམས་རྒྱས་དྲགས་པས་རང་གཞུང་རིགས་མཐུན་གཞན་ལས་བླངས་ཏེ། དཔལ་སྤུངས་ཡང་དབེན་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ལེགས་པར་བསྡེབས་པ་དགེ་ལེགས་འཕེལ།། །།
དཔལ་རྡོ་རྗེ་བདུད་རྩིའི་བརྒྱུད་འདེབས་ (Volume 30, Text 3)
ཆོས་སྐུའི་བདག་ཉིད་ཀུན་བཟང་ཧེ་རུ་ཀ །ལོངས་སྐུ་དཔལ་ལྡན་རྡོ་རྗེ་བདུད་རྩི་ཆེ། །སྤྲུལ་པའི་གར་མཛད་གསང་བའི་བདག་པོ་ལ། །གསོལ་བ་འདེབས་སོ་བདེ་ཆེན་བདུད་རྩིར་སྒྲུབས། །བདུད་རྩིའི་མཆོག་བརྙེས་སློབ་དཔོན་གསང་བ་རྩལ། །བདེ་བ་ཆེན་པོ་པདྨ་འབྱུང་གནས་དཔལ། །རིགས་ལྡན་མཁའ་འགྲོ་ཤཱཀྱ་དེ་བཱི་ལ། །གསོལ་བ་འདེབས་སོ་བདེ་ཆེན་བདུད་རྩིར་སྒྲུབས། །ཆོས་རྒྱལ་ཡབ་སྲས་གདམས་པའི་སྣོད་ཀྱི་མཆོག །ཡེ་ཤེས་སྤྱན་ལྡན་བཻ་རོ་གཉགས་ལོ་ཆེ། །གསང་ཆེན་བཀའ་རྣམས་སྡུད་མཛད་མཚོ་རྒྱལ་ལྕམ། །གསོལ་བ་འདེབས་སོ་བདེ་ཆེན་བདུད་རྩིར་སྒྲུབས། །སྦས་པའི་རྣལ་འབྱོར་ཤེལ་སྨན་ཡེ་ཤེས་བཟང་། །ཟབ་གཏེར་བཀའ་བབས་པདྨ་མདོ་སྔགས་གླིང་། །གདམས་པའི་རྒྱུན་འཛིན་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བདེ་ཆེན་བདུད་རྩིར་སྒྲུབས། །བརྒྱུད་གསུམ་རིག་འཛིན་ཞི་ཁྲོ་ཡི་དམ་ལྷ། །གནས་ཡུལ་མཁའ་འགྲོ་སྨུག་ནག་རལ་གཅིག་སོགས། །བཀའ་གཏེར་སྲུང་མ་རྩ་གསུམ་རབ་འབྱམས་ལ། །གསོལ་བ་འདེབས་སོ་བདེ་ཆེན་བདུད་རྩིར་སྒྲུབས། །བདེ་བ་ཆེན་པོ་བླ་མའི་བྱིན་ཞུགས་པས། །སྣང་གྲགས་རྟོག་ཚོགས་སྐུ་གསུང་ཐུགས་སུ་ཤར། །རིག་སྟོང་ཟུང་འཇུག་གནས་ལུག་རང་ཞལ་མཐོང་། །སྤང་ཐོབ་མེད་པར་ས་ལམ་མྱུར་རྫོགས་ཤོག །སྐུ་ཡི་ཕྱག་རྒྱས་སྣང་བ་ལྷ་སྐུར་ཤར། །གསུང་གི་ཕྱག་རྒྱས་རླུང་སེམས་དབང་དུ་བསྡུས། །ཐུགས་ཀྱི་ཕྱག་རྒྱས་བདེ་ཆེན་ཏིང་འཛིན་བརྟན། །ཡེ་ཤེས་ཕྱག་རྒྱ་ཆེན་པོ་མངོན་གྱུར་ཤོག །བདུད་རྩི་འཁྱིལ་པས་སྒྲིབ་པའི་དྲི་མ་སྦྱངས། །རྡོ་རྗེ་ཧཱུྃ་གིས་ནད་གདོན་མི་གཙང་བསྐྲད། །རིན་ཆེན་མཱ་ཀིས་གྲུབ་གཉིས་དབང་དུ་གྱུར། །རྡོ་རྗེ་བདུད་རྩིས་མཆོག་དངོས་མྱུར་འགྲུབ་ཤོག །ཅེས་པའང་རྡོ་རྗེའི་གསུང་གཞིར་བྱས་ཏེ་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།
བཻ་རོའི་བཀའ་སྲོལ་ཀུན་སྐྱོང་གླིང་པའི་རྡོར་སེམས་སྙིང་ཐིག་གཏེར་གཞུང་སྐོར་ (Volume 58, Text 3)
༄༅། །བཻ་རོའི་བཀའ་སྲོལ་ཀུན་སྐྱོང་གླིང་པའི་རྡོར་སེམས་སྙིང་ཐིག་གཏེར་གཞུང་སྐོར་བཞུགས་སོ། ། རྡོ་རྗེ་སེམས་དཔའི་སྙིང་ཐིག་ལས༔ རྩ་བའི་དོན་རྒྱུད་ཅེས་བྱ་བ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈ རྒྱ་གར་སྐད་དུ༔ བཛྲ་སཏྭ་ཙིཏྟ་ཏི་ལ་ཀ་ཡ་ན་སརྦ་ཧྲྀ་ད་ཡ་ཏནྟྲ་ནཱ་མ༔ བོད་སྐད་དུ༔ རྡོ་རྗེ་སེམས་དཔའི་སྙིང་གི་ཐིག་ལེ་ཐེག་པ་ཀུན་གྱི་ཡང་བཅུད་ཀྱི་རྒྱུད་ཅེས་བྱ་བ༔ གདོད་མའི་སངས་རྒྱས་ཇི་ལྟར་གནས་པ་དེ་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་བཤད་པའི་དུས་གཅིག་ན༔ བདེ་ཆེན་བརྡལ་བའི་ཞིང༔ མཁའ་དབྱིངས་དག་པའི་ཀློང༔ ཆོས་ཉིད་ཡངས་པ་ཆེན་པོའི་གནས་ན༔ ཡེ་ནས་རང་བཞིན་གྱིས་གནས་པའི་སངས་རྒྱས༔ བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་རྩལ་ལས༔ སྐུ་གསུམ་ལྷུན་གྱིས་གྲུབ་པའི་སྟོན་པ་རྡོ་རྗེ་སེམས་དཔའ་དེ་ཉིད༔ གླང་ཆེན་རབ་ཏུ་བརྟན་པའི་སྟེང་ན་བཞུགས་ཏེ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཁར་བསྣམས་པ༔ གཡོན་དངུལ་གྱི་དྲིལ་བུ་དཀུར་བརྟེན་པ༔ དབུ་ལ་རིགས་ལྔའི་སངས་རྒྱས་རྫོགས་པར་བཞུགས་པ༔ སྐུ་ལ་རྒྱན་རྣམས་ཀྱིས་བརྒྱན་པ༔ ཤེལ་གྱི་ཁ་དོག་འདྲ་སྟེ་དཀར་ལ་འཚེར་བ༔ མཚན་དང་དཔེ་བྱད་དུ་མས་སྤྲས་ཏེ༔ ཤིན་ཏུ་ལྷམ་མེ་ལྷང་ངེ་བལྟ་བས་ཆོག་མི་ཤེས་པ་ཞིག༔ ཆོས་ཀྱི་དབྱིངས་སྟོང་པ་ཆེན་པོའི་འབྱུང་གནས་ནས༔ ཞལ་ཕྱག་གི་རྣམ་པར་རང་བྱུང་དུ་ཤར་རོ༔ དེ་ཉིད་ཀྱི་ཐུགས་རྗེའི་རྩལ་ལས༔ ཉིད་ལས་མི་གཞན་པའི་འཁོར༔ རིན་ཆེན་སེམས་དཔའ་དང༔ པདྨ་སེམས་དཔའ་དང༔ ལས་ཀྱི་སེམས་དཔའ་དང༔ ཆོས་ཀྱི་སེམས་དཔའ་དང༔ སེམས་མ་དང༔ ཕྱག་ན་རྡོ་རྗེ་དང༔ དགའ་རབ་རྡོ་རྗེ་ཞེས་བྱ་བར་སྐུ་སྤྲུལ་ཏེ༔ ཆོས་ཀུན་རོ་གཅིག་པ༔ ཡེ་ཤེས་ཆེན་པོའི་དབྱིངས་ན་ཐབས་གཅིག་ཏུ་བཞུགས་སོ༔ དེ་ནས་སྟོན་པ་ཉིད་ཀྱིས༔ རྒྱུད་ཐམས་ཅད་ཀྱི་སྙིང་པོ༔ ལུང་ཐམས་ཅད་ཀྱི་རྩ་བ༔ མན་ངག་ཐམས་ཅད་ཀྱི་ཉིང་ཁུ༔ བསྟན་པ་ཐམས་ཅད་ཀྱི་ཡང་བཅུད༔ སྐུ་གསུམ་སྟོན་པའི་མེ་ལོང༔ ཕྱི་ནང་གསང་བ་གསུམ་གྱི་ཡང་ཞུན༔ གསང་བ་ལས་ཀྱང་ཆེས་གསང་བ༔ རྡོ་རྗེ་སེམས་དཔའ་མ་འཁྲུལ་པའི་དགོངས་པ༔ འཁོར་བ་དོང་སྤྲུགས་སུ་ངོ་སྤྲད་པ༔ མ་བསྒོམ་པར་སངས་རྒྱ་བ༔ ཆེ་བ་རང་ལ་གནས་པའི་རྒྱུད་འདི་རང་བྱུང་དུ་གསུངས་སོ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཞེས་བཀའ་བསྩལ་པ་ཙམ་གྱིས༔ འཁོར་རྣམས་ཆོས་ཉིད་ཀྱི་དོན་ལ་སྤྲོ་བ་སྐྱེས་ཏེ༔ མགྲིན་གཅིག་འདི་སྐད་ཅེས་གསོལ་ཏོ༔ ཨེ་མ་ཧོཿབཅོམ་ལྡན་རྡོ་རྗེ་སེམས༔ སྟོན་པ་ཉིད་ཀྱིས་གསུངས་པའི་སྒྲ༔ ངོ་མཚར་ཆེ་བའི་གསང་སྔགས་ཉིད༔ སྔོན་ཆད་བདག་གིས་མ་ཐོས་པས༔ འདི་དོན་དགོངས་པ་གསུང་དུ་གསོལ༔ དེ་སྐད་ཅེས་ནི་ཞུས་པ་དང༔ བརྗོད་དུ་མེད་པའི་མཁའ་ཀློང་ནས༔ སྟོན་པ་ཉིད་ཀྱིས་བཀའ་བསྩལ་པ༔ ཨེ་མ་ཧོཿསྤྲུལ་པའི་འཁོར་རྣམས་ཉོན༔ ཐེག་པ་མ་ལུས་ཀུན་འདུས་པའི༔ སྙིང་པོ་བཅུད་མཆོག་ངས་བཤད་ཀྱིས༔ མ་འཁྲུལ་གུས་པའི་སེམས་ཀྱིས་ཟུངས༔ གདོད་ནས་དག་པའི་སེམས་ཉིད་ལ༔ མ་འགགས་རྩལ་སྣང་ལམ་དུ་ཤར༔ ཡེ་གྲོལ་ཆེན་པོའི་འབྲས་བུ་ཐོབ༔ ཐེག་པ་ཀུན་གྱི་ཉིང་ཁུ་དེ༔ རང་ལ་གནས་པ་ངོ་མཚར་ཆེ༔ ཞེས་གསུངས་སོ༔ ཐེག་པ་ཀུན་གྱི་ཡང་བཅུད༔ སྙིང་གི་ཐིག་ལེ་ཞེས་བྱ་བ་ལས༔ གླེང་གཞིའི་ལེའུ་སྟེ་དང་པོ་འོ༔ ྈྈྈ ྈྈྈྈྈྈྈ དེ་ནས་སྤྲུལ་པའི་འཁོར་རྣམས་ཀྱིས༔ སྟོན་པ་ཉིད་ལ་ཡང་ཞུས་པ༔ ཀྱེ་ཀྱེ་རྡོ་རྗེ་སེམས་དཔའ་ཆེ༔ ཡེ་ནས་རང་ལ་གནས་པའི་དོན༔ གཞི་ལམ་འབྲས་བུ་ལྷུན་རྫོགས་པའི༔ ཐེག་པ་ཀུན་གྱི་ཉིང་ཁུ་དེ༔ བདག་ཅག་བློ་ལ་གསལ་བའི་ཕྱིར༔ འདི་དོན་ལེགས་པར་གསུང་དུ་གསོལ༔ ཞེས་ཞུས་པ་དང༔ སྟོན་པ་ཉིད་ཀྱིས་བཀའ་བསྩལ་པ༔ ཨེ་མ་ཧོཿསྤྲུལ་པའི་འཁོར་རྣམས་ཉོན༔ རང་ལ་གནས་པའི་ཆོས་ཉིད་དེ༔ ཁྱེད་རྣམས་བློ་ལ་མ་གསལ་ན༔ ངས་བཤད་འཁྲུལ་མེད་ཡིད་ལ་ཟུངས༔ བརྗོད་བྱའི་དབྱེ་བ་དཔག་མེད་ཀྱང༔ ཐེག་པ་རིམ་པ་ཀུན་དྲིལ་ནས༔ མདོ་དོན་ཟབ་མོ་གཅིག་ཏུ་སྡུད༔ གཞི་ཡི་གནས་ལུགས་བསམ་འདས་ཀྱང༔ ཀ་དག་བསམ་མེད་སྤྲོས་བྲལ་ཡིན༔ ལམ་གྱི་འཁྲུལ་ལུགས་བསམ་འདས་ཀྱང༔ ལུས་ངག་ཡིད་ཀྱི་སྡུག་བསྔལ་ལོ༔ ཐེག་པའི་དབྱེ་བ་བསམ་འདས་ཀྱང༔ འཇིག་རྟེན་འདས་དང་མ་འདས་སོ༔ གྲོལ་བྱེད་མན་ངག་བསམ་འདས་ཀྱང༔ སྨིན་གྲོལ་དབང་དང་གདམས་པ་འོ༔ ཐབས་ཀྱི་མན་ངག་བསམ་འདས་ཀྱང༔ བཏགས་གྲོལ་བར་དོའི་གདམས་པ་འོ༔ གྲོལ་བའི་འབྲས་བུ་བསམ་འདས་ཀྱང༔ ཡེ་རྫོགས་རེ་དོགས་བྲལ་བ་འོ༔ ཞེས་གསུངས་སོ༔ ཐེག་པ་ཀུན་གྱི་ཡང་བཅུད་སྙིང་གི་ཐིག་ལེ་ཞེས་བྱ་བ་ལས༔ གླེང་སློང་བའི་ལེའུ་སྟེ་གཉིས་པའོ༔ ྈྈྈྈྈྈྈྈྈ དེ་ནས་སྤྲུལ་པའི་འཁོར་རྣམས་ཀྱིས༔ སྟོན་པ་ཉིད་ལ་ཡང་ཞུས་པ༔ ཀྱེ་ཀྱེ་གནས་ལུགས་རྡོ་རྗེ་སེམས༔ རྒྱུད་ཆིངས་བདུན་གྱི་ཐོག་མ་རུ༔ གཞི་ཡི་གནས་ལུགས་གསུངས་པའི་དོན༔ སྐྱེ་མེད་ཀློང་ནས་བཀའ་སྩོལ་ཅིག༔ སྟོན་པས་ལན་དུ་བཀའ་བསྩལ་པ༔ ཀྱེ་ཧོཿགནས་ལུགས་འཁོར་རྣམས་ཉོན༔ ཐོག་མའི་གནས་ལུགས་ཀ་དག་ཉིད༔ བསམ་མེད་སྤྲོས་དང་བྲལ་བར་གནས༔ གསལ་སྟོང་ཡེ་ཁྱབ་ཆེན་པོ་འོ༔ རང་བཞིན་ཉིད་ནི་འདི་ལྟ་བུ༔ སུས་ཀྱང་བྱས་པ་མ་ཡིན་ནོ༔ ཡེ་ཉིད་ནས་ནི་རང་ལ་གནས༔ རང་བྱུང་ཡེ་ཤེས་སྟོང་གསལ་དེ༔ སྔར་འདས་ཕྱིས་འབྱུང་ད་ལྟ་མེད༔ ལས་དང་བག་ཆགས་མ་རིག་མེད༔ ཤེས་རབ་མེད་ཅིང་ཡིད་རྟོག་མེད༔ འཁོར་དང་མྱ་ངན་འདས་པ་མེད༔ རིག་པ་དང་ནི་ཡེ་ཤེས་མེད༔ རང་བྱུང་ཡེ་ཤེས་ཡིད་བྱེད་བྲལ༔ དབྱིངས་རིག་གཉིས་ལས་འདས་པ་འོ༔ རང་བྱུང་ཡེ་ཤེས་རྟོག་མེད་པ༔ དགེ་སྡིག་གཉིས་ལས་འདས་པ་འོ༔ རང་བྱུང་ཡེ་ཤེས་མ་གཡོས་པས༔ སྣང་བའི་རྟོག་པ་ཆོད་པ་འོ༔ རང་བྱུང་ཡེ་ཤེས་འདུ་འབྲལ་མེད༔ སྐུ་དང་ཡེ་ཤེས་དངོས་སུ་སྣང༔ རང་བྱུང་ཡེ་ཤེས་འཁྲུལ་པ་མེད༔ ཀ་དག་ཡེ་གྲོལ་ཆེན་པོ་འོ༔ ནམ་མཁའ་ལྟ་བུའི་ཆོས་ཉིད་ལ༔ གང་ཡང་གཉིས་སུ་མེད་དེ་བདེ༔ གཉིས་མེད་བདེ་ལ་བྱང་ཆུབ་སེམས༔ འདུ་འབྲལ་མེད་པའི་ཀློང་དཀྱིལ་ནས༔ འཕོ་འགྱུར་མེད་པའི་དོན་ཤར་ནས༔ སྐྱེ་ཤི་མེད་པར་མངོན་སངས་རྒྱས༔ འཁོར་འདས་ཐམས་ཅད་དེ་ཡི་ཀློང༔ བཟང་ངན་མེད་པར་ཡེ་སངས་རྒྱས༔ ཀ་དག་བསམ་མེད་ཀུན་གྱི་གཞི༔ ལྷུན་གྱིས་གྲུབ་པས་སྤང་བླང་མེད༔ སྤྲོས་དང་བྲལ་བས་ཕྱོགས་རིས་མེད༔ དེ་ཡི་ཀློང་ན་ཀུན་གསལ་བས༔ མ་འདྲེས་ཡེ་རྫོགས་དབྱིངས་ཀྱི་ངང༔ དུག་གསུམ་རྣམ་དག་སྐུ་གསུམ་ཀློང༔ ཉོན་མོངས་གཏན་སྤྲུགས་འཆིངས་གྲོལ་མེད༔ ཡུལ་མེད་གཅིག་ལ་ཀུན་ཤར་བས༔ ཆོས་ཉིད་ཟང་ཐལ་གཞི་རྩ་མེད༔ གཞི་རྩ་མེད་པའི་སེམས་ཉིད་ལ༔ རྩོལ་བ་མེད་པའི་ཡེ་ཤེས་ཤར༔ རང་ཤར་རང་གྲོལ་རྒྱུ་རྐྱེན་མེད༔ རྒྱུ་མེད་ཡེ་ནས་ཆོས་ཉིད་ཀློང༔ རྐྱེན་མེད་ཡེ་ནས་རོལ་པའི་ཀློང༔ འབྲས་བུ་མེད་དེ་རང་བྱུང་ཀློང༔ ཡེ་ནས་གནས་པའི་ཆོས་ཉིད་ལ༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱང༔ དེ་ཡི་དོན་ལ་དགོངས་པར་མཛད༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང༔ དེ་ཡི་དོན་ལ་ཉིང་གིས་འཁོར༔ ཐེག་པའི་རྣམ་གྲངས་དུ་མ་ཡང༔ དེ་ཡི་དོན་ལས་གཞན་མ་ཡིན༔ དེ་ལ་འཁོར་འདས་གཉིས་སུ་མེད༔ ཅེས་གསུངས་སོ༔ ཐེག་པ་ཀུན་གྱི་ཡང་བཅུད་སྙིང་གི་ཐིག་ལེ་ཞེས་བྱ་བ་ལས༔ ཐོག་མ་གཞིའི་གནས་ལུགས་ཀྱི་ལེའུ་སྟེ་གསུམ་པ་འོ༔ ྈྈྈྈྈྈྈྈ དེ་ནས་སྤྲུལ་པའི་འཁོར་རྣམས་ཀྱིས༔ སྟོན་པ་ཉིད་ལ་ཡང་ཞུས་པ༔ ཀྱེ་ཀྱེ་སྟོན་པ་རྡོ་རྗེ་སེམས༔ གཞི་ཡི་གནས་ལུགས་དེ་ལྟར་ན༔ ལམ་གྱི་འཁྲུལ་ལུགས་གསུང་དུ་གསོལ༔ སྟོན་པས་ལན་དུ་བཀའ་བསྩལ་པ༔ འཁྲུལ་མེད་རིག་རྩལ་འཁོར་རྣམས་ཉོན༔ གཞི་ལ་འཁྲུལ་པ་མི་གནས་ཀྱང༔ ཁམས་གསུམ་འཁོར་བའི་འཁྲུལ་སྣང་ནི༔ མ་རིག་གཉིས་འཛིན་རྟོག་པ་འོ༔ མ་རིག་པ་ཡིས་རྒྱུ་བྱས་ནས༔ རང་ངོ་རང་གིས་མ་ཤེས་པས༔ སྣོད་བཅུད་གཉིས་སུ་འཁྲུལ་པ་ནི༔ ཡེ་ཤེས་རླུང་གིས་རིག་པ་བཏེགས༔ རིག་པ་ཉིད་ཀྱང་ཡིད་དུ་འགྱུས༔ གཡོ་འགུལ་འགྱུ་བ་བག་ཙམ་ལས༔ ཕྲ་རགས་ཡིད་ཀྱི་རྟོག་པ་ཤར༔ ཡེ་གདངས་རླུང་ལྔ་གཡོས་པ་ཡིས༔ གཞི་ཡི་འོད་མདངས་ཁ་དོག་ལྔ༔ ནམ་མཁའ་སྟོང་པའི་ཀློང་དུ་ཤར༔ མ་འགགས་ཡིད་ཀྱི་འགྱུ་བ་དེས༔ ཁ་དོག་དེ་ལ་བརྟག་ཅིང་དཔྱད༔ གཉིས་འཛིན་རྟོག་པ་སྐད་ཅིག་ཤར༔ རང་སྣང་འོད་སྣང་གཉིས་སུ་ཡོད༔ འོད་ནི་ང་ལས་བྱུང་ངམ་ཅི༔ ང་ནི་འོད་ལས་བྱུང་ངམ་ཅི༔ རང་སྣང་རང་དུ་མ་ཤེས་པས༔ ལྷན་ཅིག་སྐྱེས་པའི་མ་རིག་པས༔ ཡུལ་དང་ཡུལ་ཅན་གཉིས་སུ་འཁྲུལ༔ རྐྱེན་ནི་གཉིས་འཛིན་རྟོག་པས་བྱས༔ ཐོ་ཡོར་མི་རུ་བཟུང་བ་འམ༔ ཐག་པ་སྦྲུལ་དུ་སྣང་བ་བཞིན༔ ཀུན་ཏུ་བརྟགས་པའི་མ་རིག་པ༔ རྒྱུ་ལ་མེད་ཀྱང་རྐྱེན་དེས་འཁྲུལ༔ སེམས་ལ་དྲན་བསམ་ཤར་བས་ན༔ ཡེ་ཤེས་ཉིད་ཀྱང་རྟོག་པས་བསྟུམས༔ རང་མདངས་འོད་ལྔའི་སྣང་བ་ལ༔ གཉིས་འཛིན་རྟོག་པ་ཨ་འཐས་པས༔ འབྱུང་བ་ལྔ་པོ་རིམ་གྱིས་བྱུང༔ དེ་ལས་སྣོད་ཀྱི་འཇིག་རྟེན་ཆགས༔ ཡེ་ཤེས་མ་རིག་ཡུལ་དུ་བཟུང༔ དེ་འཛིན་རླུང་སེམས་འདུས་པ་ཡིས༔ འབྱུང་བ་ལྔ་ཡི་སྦུབས་སུ་ཚུད༔ ཆང་ལ་ཕབས་རྩི་བཏབ་པ་ལྟར༔ དུད་རླངས་ལག་ངར་ཙམ་པ་ལངས༔ དྭངས་མ་འོད་སྐོར་གསུམ་དུ་བྱུང༔ གཟུགས་དང་གཟུགས་མེད་འདོད་ཁམས་ཀྱི༔ སེམས་ཅན་ཐམས་ཅད་དེ་ལས་ཆགས༔ དེ་ལྟར་འཇིག་རྟེན་གསུམ་པོ་ཡི༔ ཕུང་པོ་ཁམས་དང་སྐྱེ་མཆེད་རྫོགས༔ གཟུང་འཛིན་འཁོར་བ་ཉིད་དུ་གྲུབ༔ ཅེས་གསུངས་སོ༔ ཐེག་པ་ཀུན་གྱི་ཡང་བཅུད་སྙིང་གི་ཐིག་ལེ་ཞེས་བྱ་བ་ལས༔ ལམ་འཁྲུལ་ཚུལ་གྱི་ལེའུ་སྟེ་བཞི་པ་འོ༔ ྈྈྈྈྈྈྈྈྈ དེ་ནས་སྤྲུལ་པའི་འཁོར་རྣམས་ཀྱིས༔ སྟོན་པ་ཉིད་ལ་ཡང་ཞུས་པ༔ ཀྱེ་ཀྱེ་འགྱུར་མེད་རྡོ་རྗེ་སེམས༔ སེམས་ཅན་དེ་ལྟར་འཁྲུལ་པ་ན༔ འཁྲུལ་པའི་འབྲས་བུ་ཇི་ལྟ་བུ༔ འདུས་པའི་འཁོར་ལ་བཀའ་སྩོལ་ཅིག༔ ཞུས་པའི་ལན་དུ་བཀའ་བསྩལ་པ༔ མ་འགགས་རིག་པའི་འཁོར་རྣམས་ཉོན༔ རང་ངོ་མ་ཤེས་མ་རིག་པས༔ འཁྲུལ་པའི་འབྲས་བུ་འདི་ལྟ་སྟེ༔ ཡིད་ནི་རླུང་གི་རྟ་ལ་ཞོན༔ གཟུང་འཛིན་ཞགས་པ་ལག་ན་ཐོགས༔ མ་རིག་པ་ཡིས་མགོ་བསྟུམས་ནས༔ སྟོང་གསུམ་སེ་གོལ་གཅིག་ལ་འཁོར༔ སྐྱེ་བ་རྣམ་པ་བཞི་རུ་ལེན༔ ཁྱད་པར་མངལ་སྐྱེས་འདི་ལྟར་རོ༔ བར་དོའི་རྣམ་ཤེས་འཁྱམས་པོ་དང༔ ཕ་མའི་འདོད་སྲེད་འཛོམ་པ་ཡིས༔ མངལ་ལ་ཚུད་དེ་དྲན་པ་འགགས༔ འབྱུང་བ་བཞི་ཡི་ལུས་སུ་སོང༔ མེར་མེར་ནུར་ནུར་གོར་གོར་པོ༔ ཉ་འམ་རུ་སྦལ་སྦལ་པ་བཞི༔ ལྟེ་བ་ལས་ནི་ལུས་རྣམས་བསྐྱེད༔ ཟླ་དགུ་དེ་བཞིན་ངོ་བཅུ་ནས༔ ལུས་ཀུན་རྫོགས་ཏེ་མངལ་ནས་ཐོན༔ དེ་ལྟར་རིམ་བཞིན་སྐྱེ་དང་རྒས༔ ན་འཆིའི་སྡུག་བསྔལ་བསམ་མི་ཁྱབ༔ ཁམས་གསུམ་བཙོན་ར་དམ་པོར་ཚུད༔ མ་རིག་གཟུང་འཛིན་ལྕགས་སྒྲོག་འཆིང༔ འཁོར་བའི་འདམ་རྫབ་ནང་དུ་བྱིང༔ དུག་ལྔ་ལ་སོགས་གཤེད་མས་བསྐོར༔ རྣམ་སྨིན་ལས་ཀྱིས་རྐྱེན་བྱས་ནས༔ རླུང་གི་འཁོར་ལོ་ལྟ་བུར་འཁོར༔ རིགས་དྲུག་ལ་སོགས་གཟུགས་སུ་སྐྱེ༔ སྡུག་བསྔལ་མཚོན་གྱིས་རབ་ཏུ་གཟིར༔ དམྱལ་བའི་གནས་སུ་བཙོ་དང་སྲེག༔ བཀྲེས་ཤིང་སྐོམ་པ་ཡི་དྭགས་ཏེ༔ མ་རིག་བཀོལ་སྤྱོད་བྱོལ་སོང་ལ༔ མི་ལ་སྐྱེ་རྒ་ན་འཆི་དང༔ ལྷ་མ་ཡིན་ལ་འཐབ་ཅིང་རྩོད༔ ལྷ་ཡང་ལྟུང་བའི་སྡུག་བསྔལ་ཏེ༔ གང་དུ་འཁོར་ཡང་བདེ་སྐབས་མེད༔ དཔེར་ན་མྱུར་འགྲོའི་འཁོར་ལོ་བཞིན༔ རྒྱུན་ཆད་མེད་པར་ཡུན་རིང་འཁོར༔ ཅེས་གསུངས་སོ༔ ཐེག་པ་ཀུན་གྱི་ཡང་བཅུད་སྙིང་གི་ཐིག་ལེ་ཞེས་བྱ་བ་ལས༔ འཁྲུལ་པའི་འབྲས་བུ་བསྟན་པའི་ལེའུ་སྟེ་ལྔ་པ་འོ༔ ྈྈྈྈྈྈ དེ་ནས་སྤྲུལ་པའི་འཁོར་རྣམས་ཀྱིས༔ སྟོན་པ་ཉིད་ལ་ཡང་ཞུས་པ༔ འཇིག་རྟེན་འདས་དང་མ་འདས་པའི༔ ཐེག་པའི་རིམ་པ་ཡོད་གསུངས་པ༔ དེ་ཉིད་འཁོར་ལ་གསུང་དུ་གསོལ༔ དེ་སྐད་ཞུས་པས་སྟོན་པ་ཡིས༔ ཐེག་པའི་དབྱེ་བ་བཀའ་བསྩལ་པ༔ སྣ་ཚོགས་རང་མདངས་འཁོར་རྣམས་ཉོན༔ སྤྱིར་ན་ཐེག་པའི་རིམ་པ་ཡང༔ འཇིག་རྟེན་ལྷ་མིའི་ཐེག་པ་དང༔ འཇིག་རྟེན་ལས་འདས་ཐེག་པ་འོ༔ འཇིག་རྟེན་ལྷ་མིའི་ཐེག་པ་ནི༔ ལྷ་དང་མི་ཡི་ལུས་བླངས་ནས༔ ལས་དང་སྨོན་ལམ་འཕེན་པ་ཡིས༔ གནས་ལ་གར་འཇུག་ངེས་པ་མེད༔ འཇིག་རྟེན་འདས་པའི་ཐེག་པ་ནི༔ དབང་པོ་མཐོ་དམན་བྱེ་བྲག་གིས༔ རིམ་པ་དགུ་རུ་འབྱུང་བ་ཡང༔ དཔེར་ན་སྤོས་ཀྱི་གླང་པོ་ཉིད༔ དམུས་ལོང་རྣམས་ཀྱིས་བརྟགས་པ་ན༔ གླང་པོ་མ་ཡིན་སྣ་ཚོགས་མཐོང༔ དེ་བཞིན་ཐུན་མོང་ཐེག་པ་རྣམས༔ འདོད་པ་མི་གཅིག་སོ་སོར་ཞེན༔ འཇིག་རྟེན་ཚེ་འདིའི་བདེ་འབྲས་འདོད༔ ཉན་ཐོས་རང་རྒྱལ་དགྲ་བཅོམ་སྒྲུབ༔ བྱང་ཆུབ་སེམས་དཔས་ས་ལམ་སྦྱོང༔ ཀྲི་ཡ་ཨུ་པ་ཡོ་ག་གསུམ༔ བསྐྱེད་རྫོགས་བསྒོམས་ནས་སངས་རྒྱས་སྒྲུབ༔ མ་ཧཱ་ཨ་ནུ་གཉིས་པོ་ནི༔ དབྱིངས་དང་ཡེ་ཤེས་དབྱེར་མེད་སྒོམ༔ ངོ་བོ་གཅིག་ཀྱང་སྣ་ཚོགས་འབྱུང༔ འབྲས་བུ་མི་གཅིག་སངས་རྒྱས་འདོད༔ གཅིག་ཏུ་མ་རྟོགས་བླ་མེད་ཀྱི༔ འབྲས་བུ་མི་ཐོབ་ལམ་སྣ་ཙམ༔ མིག་དང་ལྡན་པའི་སྐྱེས་བུ་ཡིས༔ གླང་པོ་རྫོགས་པར་མཐོང་བ་བཞིན༔ ཨ་ཏི་བླ་མེད་ཐེག་པ་འདི༔ ཐམས་ཅད་ཀུན་གྱི་དོན་རྟོགས་པས༔ འབྲས་བུ་ཡོངས་རྫོགས་ཨ་ཏིར་གྲོལ༔ དེ་ཕྱིར་ཐེག་པ་ཐམས་ཅད་ཀྱི༔ ཡང་བཅུད་རྫོགས་ཆེན་འདི་ཉིད་དོ༔ སྙིང་གི་ཐིག་ལེ་འདི་ཉིད་ལ༔ ཐེག་ཀུན་མ་སྤང་རྒྱན་དུ་རྫོགས༔ འཁོར་འདས་ཆོས་ཉིད་ཀློང་དུ་ཐིམ༔ དེ་ཡི་ཕྱིར་ན་རྫོགས་པ་ཆེ༔ སྣང་བ་ཐམས་ཅད་དབྱིངས་ཀྱི་རྒྱན༔ ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ༔ དུས་གསུམ་རྒྱལ་བ་དེ་སྙེད་ཀྱི༔ ཕྱི་ནང་ཐེག་པ་ཇི་སྙེད་ཀྱང༔ ཐེག་མཆོག་འདི་ཡི་ཡོན་ཏན་ཏེ༔ འདིར་མ་འདུས་པའི་ཆོས་གཞན་མེད༔ ཨ་ཏིའི་ལྟ་བ་ཕྱོགས་རིས་མེད༔ བལྟས་ཀྱང་སྐྱོན་མེད་རང་བྱུང་ངང༔ མ་བལྟས་སྐྱོན་མེད་རང་སར་གྲོལ༔ གཉིས་མེད་རྟོགས་པའི་ལྟ་བ་འདི༔ ཕྱོགས་སུ་འཛིན་པའི་མདུད་པ་གྲོལ༔ ཨ་ཏིའི་སྒོམ་པ་དམིགས་གཏད་མེད༔ ཨ་ཏིའི་སྤྱོད་པ་བླང་དོར་མེད༔ ཨ་ཏིའི་འབྲས་བུ་སྤང་ཐོབ་མེད༔ ཨ་ཏིའི་ཕྲིན་ལས་བྱ་རྩོལ་མེད༔ ཨ་ཏིའི་དམ་ཚིག་བསྲུང་མཚམས་མེད༔ ཡེ་ནས་དེ་ཡི་ངོ་བོར་གནས༔ རྫོགས་པ་ཆེན་པོའི་རྣལ་འབྱོར་པ༔ ཐམས་ཅད་ངང་དུ་ཤེས་པ་ཡིས༔ གོལ་ས་ཆོད་པ་གཡང་ས་མེད༔ གཡང་ས་ཉིད་ཀྱང་ཆོས་ཉིད་ཀློང༔ འདི་ཉིད་ཐེག་པའི་ཡང་བཅུད་དོ༔ ཞེས་གསུངས་སོ༔ ཐེག་པ་ཀུན་གྱི་ཡང་བཅུད་སྙིང་གི་ཐིག་ལེ་ཞེས་བྱ་བ་ལས༔ ཐེག་པའི་དབྱེ་བ་བསྟན་པའི་ལེའུ་སྟེ་དྲུག་པ་འོ༔ ྈྈྈྈྈྈྈྈ དེ་ནས་སྤྲུལ་པའི་འཁོར་རྣམས་ཀྱིས༔ སྟོན་པ་ཉིད་ལ་ཡང་ཞུས་པ༔ ཐེག་པའི་རིམ་པ་དེ་ལྟར་ན༔ ཐེག་མཆོག་ཨ་ཏིའི་ཡང་བཅུད་ཀྱི༔ གྲོལ་བྱེད་སྨིན་གྲོལ་གདམས་པ་དེ༔ བདག་ཅག་ཉན་པར་སྤྲོ་ལགས་པས༔ འདུས་པའི་འཁོར་ལ་བཀའ་སྩོལ་ཅིག༔ སྟོན་པ་གསང་སྔགས་བདག་པོ་ཡིས༔ ཞུས་པའི་ལན་དུ་བཀའ་བསྩལ་པ༔ རིག་མདངས་འཁོར་རྣམས་ཚུར་ཉོན་ཅིག༔ སྨིན་བྱེད་དབང་གི་གདམས་པ་ལ༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ སྔོན་འགྲོ་བླ་མ་སློབ་མ་ཡི༔ བཅུད་དང་སྣོད་ལ་བརྟག་བྱ་སྟེ༔ དང་པོ་བླ་མའི་བཅུད་བརྟག་པ༔ མཚན་ཉིད་ལྡན་པའི་བླ་མ་ནི༔ ཡོན་ཏན་ཀུན་གྱི་འབྱུང་གནས་ཞིང༔ གསང་སྔགས་གསང་བའི་རྒྱུད་ལ་མཁས༔ ཕྱི་ནང་གསང་བའི་སྒྲུབ་པ་ཐེམས༔ ཐེག་མཆོག་ལྟ་བའི་དོན་ལ་མཁས༔ ལུས་ངག་ཡིད་ཀྱི་བྱ་བ་བཏང༔ གདམས་པའི་གནད་རྣམས་སྟོན་ཤེས་པས༔ ནོར་བུ་ལྟ་བུའི་བླ་མ་བཙལ༔ དེ་མ་ཡིན་པའི་བླ་མ་ནི༔ ནོར་ཤེས་ང་རྒྱལ་ཆེན་པོ་ཡི༔ རྨོངས་པའི་ཚིག་ཕྱིར་འབྲེང་བ་དང༔ གསང་སྔགས་ཐེག་ཆེན་དོན་མི་དགོངས༔ གཞན་གྱི་ཞེ་སྡང་ཁེངས་ཚིག་ཅན༔ ཐོས་ཆུང་ང་རྒྱལ་ཆེ་བ་སྤང༔ དེ་ནས་སློབ་མའི་སྣོད་བརྟག་པ༔ རིགས་རྒྱུད་མེད་ཅིང་ངང་རྒྱུད་ངན༔ ཤེས་རབ་ཆུང་ཞིང་སྐུར་བ་འདེབས༔ གསང་སྔགས་འཆོལ་བར་སྤྱོད་པ་དང༔ བཀའ་དྲིན་ཁྱད་གསོད་དམ་ཚིག་འཆལ༔ བླ་མ་གསང་ཞིང་རང་ཆེ་འབྱིན༔ སྣོད་མེད་པ་ལ་དབང་མི་བསྐུར༔ སྣོད་དང་ལྡན་པའི་སློབ་མ་ནི༔ དད་པ་བརྩོན་འགྲུས་ཤེས་རབ་ཆེ༔ དབང་པོ་གསལ་ཞིང་འཛིན་ཆགས་ཆུང༔ བླ་མ་ལ་གུས་གཏོང་ཕོད་ཆེ༔ དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན༔ རང་རིག་ལྷུན་དལ་རྟོག་པ་ཆུང༔ སྒོ་གསུམ་ཟོལ་ཟོག་མེད་པ་འོ༔ དེ་ནས་སྣོད་ལྡན་བུ་མཆོག་ནི༔ གསུམ་མམ་བདུན་ལས་མི་མང་བ༔ མཐོ་ཞིང་དྭངས་པའི་གནས་མཆོག་ཏུ༔ ཚོགས་གཏོར་མཐུན་རྐྱེན་ཚོགས་པར་བསགས༔ ཁྲུས་བྱས་སྐྱབས་འགྲོ་མཎྜལ་འབུལ༔ སྔོན་འགྲོའི་རིམ་པ་རྫོགས་ནས་ནི༔ དེ་ནས་དངོས་གཞིའི་རིམ་པ་བསྟན༔ སྤྲོས་བཅས་བུམ་དབང་ལུས་ལ་བསྐུར༔ བུམ་པ་མགོ་བོའི་ཐོག་ཏུ་བཞག༔ ཨོཾ༔ དཀོན་མཆོག་གསུམ་གྱི་དབང་བསྐུར་ནི༔ བུམ་པ་འདི་ལ་བརྟེན་ནས་མཛད༔ བསྐྱེད་རིམ་ལྷ་ཡི་དབང་ཐོབ་ཤོག༔ ཅེས་པས་དབང་བསྐུར་དབང་ཡོན་འབུལ༔ སྤྲོས་མེད་གསང་དབང་ངག་ལ་བསྐུར༔ བྷན་དྷ་བདུད་རྩི་ངག་ལ་བཞག༔ ཨཱ༔ རྩ་བ་གསུམ་གྱི་དབང་བསྐུར་ནི༔ བདུད་རྩི་འདི་ལ་བརྟེན་ནས་མཛད༔ བཟླས་བརྗོད་སྔགས་ཀྱི་དབང་ཐོབ་ཤོག༔ ཅེས་པས་དབང་བསྐུར་དབང་ཡོན་འབུལ༔ ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི༔ དབང་མཆོག་སེམས་ལ་བསྐུར་བར་བྱ༔ གཏོར་མ་རྒྱན་ལྡན་སྙིང་ཁར་བཞག༔ ཧཱུྃ༔ སྐུ་གསུམ་རྫོགས་པའི་དབང་བསྐུར་ནི༔ གཏོར་མ་འདི་ལ་བརྟེན་ནས་མཛད༔ སྟོང་གསལ་རྫོགས་པའི་དབང་ཐོབ་ཤོག༔ རབ་ཏུ་སྤྲོས་མེད་རྩལ་གྱི་དབང༔ བར་སྣང་དག་ལ་བསྐུར་བར་བྱ༔ རྨ་བྱའི་མདོངས་ཕོད་བསྟན་བྱས་ལ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ ཆོས་ཉིད་སྐུ་ཡི་རང་མདངས་ལས༔ ཁ་དོག་ལྔ་ལྡན་སྟོན་མཛད་པ༔ ཆོས་དབྱིངས་སྦུབས་སུ་སངས་རྒྱས་ཤོག༔ ཨོཾ་ཨཱཿཧཱུྃ༔ ཞེས་པས་དབང་བསྐུར་དབང་ཡོན་འབུལ༔ དེ་ཡིས་དབང་མཆོག་མ་ལུས་བསྩལ༔ གསང་སྔགས་འཆད་པའི་སྣོད་དུ་རུང༔ དགའ་སྟོན་བྱ་ཞིང་ཚོགས་འཁོར་བསྐོར༔ བླ་མ་ཡོན་གྱིས་མཉེས་པར་བྱ༔ རྗེས་ནི་ཉན་ཐོས་བྱང་སེམས་དང༔ གསང་སྔགས་དམ་ཚིག་མ་ཉམས་སྲུངས༔ ཁྱད་པར་དམ་ཚིག་སྐུ་གསུང་ཐུགས༔ སྲོག་ལ་བབ་ཀྱང་བསྲུང་བར་བྱ༔ དེ་ལྟར་དབང་མཆོག་མ་ཐོབ་ན༔ གསང་སྔགས་འགྲུབ་པར་ག་ལ་འགྱུར༔ དབང་རྣམས་རབ་ཏུ་ཐོབ་བྱས་ན༔ གསང་སྔགས་ཐམས་ཅད་མ་བསྒྲུབ་འགྲུབ༔ ཅེས་གསུངས་སོ༔ ཐེག་པ་ཀུན་གྱི་ཡང་བཅུད་སྙིང་གི་ཐིག་ལེ་ཞེས་བྱ་བ་ལས༔ སྨིན་བྱེད་དབང་བསྐུར་བའི་ལེའུ་སྟེ་བདུན་པ་འོ༔ ྈྈྈྈྈྈ དེ་ནས་སྤྲུལ་པའི་འཁོར་རྣམས་ཀྱིས༔ སྟོན་པ་ཉིད་ལ་ཡང་ཞུས་པ༔ ཀྱེ་ཀྱེ་སྟོན་པ་རྡོ་རྗེ་སེམས༔ སྨིན་བྱེད་དབང་བསྐུར་དེ་ལྟར་ན༔ གྲོལ་བྱེད་གདམས་པ་གསུང་དུ་གསོལ༔ ཞུས་པའི་ལན་དུ་བཀའ་བསྩལ་པ༔ འདུས་པའི་འཁོར་རྣམས་ལེགས་པར་ཉོན༔ གྲོལ་བར་བྱེད་པའི་གདམས་པ་ཡང༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ དང་པོ་སྔོན་དུ་འགྲོ་བ་ནི༔ འཁོར་བའི་ཉེས་དམིགས་མི་རྟག་བསྒོམ༔ རིགས་དྲུག་སྡུག་བསྔལ་ཡིད་ལ་བསམ༔ སྐྱབས་འགྲོ་སེམས་བསྐྱེད་ཚོགས་བསགས་ཤིང༔ ལུས་ནི་རྡོ་རྗེ་སྐྱིལ་ཀྲུང་བྱ༔ ལུས་པོ་ཆ་བསྲང་རྐང་ལག་མཐིལ༔ མཉམ་པར་སྦྱར་ལ་ཤིན་ཏུ་བསྒྲིམ༔ ལུས་ནི་འཁོར་འདས་རུ་ཤན་ཕྱེ༔ ངག་ལ་ཡི་གེ་བརྒྱ་པ་བཟླ༔ རྗེས་ལ་རིག་པ་ཧཱུྃ་དུ་བསྒྱུར༔ ལུས་དང་ཕྱི་ནང་སྣོད་བཅུད་ཀུན༔ ཟང་ཐལ་བྱ་ཞིང་ཧཱུྃ་སྒྲ་སྒྲོག༔ ངག་ནི་འཁོར་འདས་རུ་ཤན་ཕྱེད༔ སེམས་ནི་དང་པོ་བྱུང་ས་བརྟག༔ བར་དུ་གནས་ས་ཐ་མར་འགྲོ༔ ལེགས་པར་བརྟགས་ལ་མཉམ་པར་གཞག༔ དེ་ཡིས་སེམས་ཀྱི་རུ་ཤན་ཕྱེད༔ དེ་ནས་སོར་འཇུག་རིམ་པ་ནི༔ ལུས་ནི་བྱ་བྲལ་གང་བདེར་འདུག༔ ངག་ནི་བྱ་བྲལ་སྨྲ་བརྗོད་གཅོད༔ སེམས་ནི་བྱ་བྲལ་འཕྲོ་འདུ་སྤང༔ དམིགས་མེད་བར་སྣང་སྟོང་པ་ལ༔ དམིགས་གཏད་མེད་པར་ཧད་དེ་བཞག༔ ངང་དྭངས་ས་ལེ་སིང་ངེ་བ༔ སྨྲ་རུ་མེད་པའི་ཉམས་མྱོང་འཆར༔ དེ་དུས་སྐུ་གསུམ་ངོ་སྤྲོད་གདབ༔ དེ་ཡིས་མྱ་ངན་འདས་ལ་སྦྱོར༔ དངོས་གཞི་ཁྲེགས་ཆོད་ཐོད་རྒལ་གཉིས༔ ཁྲེགས་ཆོད་གཞི་ཡི་ཉམས་ལེན་དང༔ ཐོད་རྒལ་ལམ་གྱི་ཉམས་ལེན་ནོ༔ དང་པོ་གཞི་ཡི་ཉམས་ལེན་ནི༔ སྐྱབས་སོང་འགྲོ་ལ་ཕན་སེམས་བསྐྱེད༔ ཧཱུྃ་ལས་རང་རིག་རྡོ་རྗེ་སེམས༔ དཀར་གསལ་སྐྱིལ་ཀྲུང་རྡོར་དྲིལ་བསྣམས༔ རིན་ཆེན་རྒྱན་མཛེས་མཚན་དཔེར་ལྡན༔ ཡེ་ཡིན་གསལ་གདབ་གནས་གསུམ་དུ༔ འབྲུ་གསུམ་བསྒོམས་ལ་དེ་ཉིད་བཟླ༔ ཨོཾ་ཨཱཿཧཱུྃ༔ འབྲུ་གསུམ་སྔགས་ཀྱི་རྒྱལ་པོ་འདི༔ མ་བྱུང་མི་འབྱུང་འབྱུང་མི་འགྱུར༔ རྒྱལ་བ་ཀུན་གྱི་སྙིང་པོ་འོ༔ འདི་བཟླས་ཚེ་གཅིག་སངས་རྒྱས་ཡིན༔ བྱེ་བ་གཅིག་གི་བཟླས་པ་བྱ༔ རྫོགས་རིམ་སྟོང་གསལ་ངང་ལ་གཞག༔ ཁྲེགས་ཆོད་སེམས་ཀྱི་ངོ་བོ་སྟེ༔ སྐྱེ་འགག་གནས་གསུམ་གཞི་རྩ་བྲལ༔ རང་བྱུང་ཡེ་ཤེས་གདོད་ནས་དག༔ མཐའ་བྲལ་བློ་ཡི་ཡུལ་ལས་འདས༔ གཞི་ཡི་ངོ་བོ་སྟོང་པ་ཉིད༔ རང་བཞིན་འོད་དུ་གསལ་བ་ལ༔ ཐུགས་རྗེས་ཀུན་ལ་སྣང་བ་དེ༔ ཡེ་ཤེས་གསུམ་ལྡན་ངང་དུ་གནས༔ དེ་ལྟར་རྟོགས་པར་བྱེད་པའི་ཐབས༔ ལུས་ངག་ཡིད་ཀྱི་བྱ་རྩོལ་སྤང༔ བྱ་བ་བཏང་བས་བདེ་བ་རྙེད༔ རྣམ་སྣང་ཆོས་བདུན་ངང་དུ་ཀློད༔ སྣང་བ་དཀར་དམར་ཕྱི་ཡི་སེམས༔ རིག་པ་རྒྱུ་བྱེད་ནང་གི་སེམས༔ སྒོ་ལྔ་དབང་པོ་བར་གྱི་སེམས༔ གཉིས་འཛིན་རྟོག་པ་ལུང་མ་བསྟན༔ སྟོང་གསལ་འཛིན་མེད་སེམས་སུ་གཅིག༔ སེམས་ཉིད་སྔ་ཕྱི་བར་གསུམ་སྟོང༔ སྟོང་གསལ་རིག་པ་མ་འགགས་གསལ༔ སྣང་ཤེས་གཉིས་མེད་ཆོས་ཀྱི་སྐུ༔ ཚོགས་དྲུག་མ་འགགས་ལྷུག་པ་ལ༔ སྟོང་པ་རང་ཡན་ཀློད་ལ་གཞག༔ རྣལ་མ་སོ་མ་ལྷུག་པ་སྟེ༔ གྱི་ནར་གནས་པ་ཁོ་ན་འོ༔ ཞེས་གསུངས་སོ༔ ཐེག་པ་ཀུན་གྱི་སྙིང་གི་ཐིག་ལེ་ཞེས་བྱ་བ་ལས༔ ཁྲེགས་ཆོད་གཞིའི་གནས་ལུགས་བསྟན་པའི་ལེའུ་སྟེ་བརྒྱད་པ་འོ༔ ྈྈྈྈ ཡང་ནི་སྤྲུལ་པའི་འཁོར་རྣམས་ཀྱིས༔ སྟོན་པ་ཉིད་ལ་ཡང་ཞུས་པ༔ ཐོད་རྒལ་ལམ་གྱི་གདམས་པ་དེ༔ འདུས་པའི་འཁོར་ལ་བཀའ་སྩོལ་ཅིག༔ སྟོན་པ་ཉིད་ཀྱིས་བཀའ་བསྩལ་པ༔ ཁྲེགས་ཆོད་དོན་ལ་གཞི་བྱས་ནས༔ ཐོད་རྒལ་ལམ་དུ་བྱེད་པ་ལ༔ བྱ་བ་བྲལ་བ་གཞིར་བཞག་ནས༔ དགེ་སྡིག་བྱ་བ་ཀུན་སྤངས་ཏེ༔ ལུས་ནི་བདེ་བའི་སྟན་ལ་འདུག༔ དྲང་སྲོང་ཙོག་པུའི་འདུག་སྟངས་བྱ༔ ནམ་མཁའ་རྐྱེན་དང་བྲལ་བའི་དུས༔ མིག་གཉིས་ཐད་ཀའི་མཁའ་ལ་བལྟ༔ ངོ་བོ་སྟོང་པ་དམིགས་གཏད་བྲལ༔ རང་བཞིན་གསལ་དག་ཆོས་ཀྱི་དབྱིངས༔ ཐུགས་རྗེའི་མཁྱེན་པ་མ་འགགས་པ༔ རྣམ་པར་དག་པའི་ལུ་གུ་རྒྱུད༔ དབྱིངས་དང་འདུ་འབྲལ་མེད་པར་འཆར༔ དེ་ནི་ཆོས་སྐུ་སྟོང་པ་སྟེ༔ སྐྱེ་བ་མེད་པའི་རང་བཞིན་ཡིན༔ མ་འགགས་འོད་དུ་གསལ་བས་ན༔ འགག་པ་མེད་པའི་རིག་པ་ཡིན༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད༔ ཕྲ་ཞིང་རྟ་རྔའི་མདུད་པ་འདྲ༔ བར་བར་ཐིག་ལེ་ཡུངས་འབྲུ་ཙམ༔ དེ་ཡང་འགྲོ་འོང་དག་དང་བཅས༔ ལུ་གུ་རྒྱུད་ཀྱི་མཚན་ཉིད་ཡིན༔ རྣམ་པར་རྟོག་པ་ཀུན་དག་ནས༔ མ་འཁྲུལ་པ་ཡི་སངས་རྒྱས་སོ༔ དབྱིངས་ནི་ཁ་དོག་ལྔ་དང་ལྡན༔ གྱེན་འགྲེང་དང་ནི་རྩིབས་ཤར་དང༔ ཟ་འོག་གུར་ཁྱིམ་ལྟ་བུ་ལ༔ ཐིག་ལེ་ཐིག་ཕྲན་རྐྱང་པ་དང༔ འོད་ཀོར་མུ་ཁྱུད་ལྔ་ལྡན་ལ༔ ཉིས་འབྲེལ་སུམ་འབྲེལ་ལྔ་ལྡན་ནི༔ རྡོ་རྗེ་སེམས་དཔའི་ཕྱེད་སྐུ་དང༔ སྐུ་ལྔ་རིགས་ལྔ་ཚོམ་བུར་བཅས༔ བེམ་པོ་སྣང་བ་རང་འགག་སྟེ༔ ཡེ་ཤེས་ལྔ་ཡི་སྣང་བ་འཆར༔ བྱས་པ་མེད་དེ་རང་བྱུང་ཡིན༔ ཆོས་ཉིད་མངོན་སུམ་མཇལ་བ་ཡིན༔ ལས་དང་དགེ་སྡིག་ཟད་པ་ཡིན༔ དུག་ལྔ་ཡེ་ཤེས་རང་ལོག་ཡིན༔ འཁོར་བ་དག་དང་རྒྱབ་གྱེས་ཡིན༔ དབང་བཞི་ཐམས་ཅད་རྫོགས་པ་ཡིན༔ སངས་རྒྱས་སྟོང་དང་མཇལ་བ་ཡིན༔ མངོན་སུམ་འདི་དང་མ་བྲལ་ཅིག༔ ཆོས་ཉིད་ཡེ་ཤེས་ནམ་མཁའ་ལ༔ རིག་པ་ཡེ་ཤེས་མ་ཡེངས་པ༔ འཛིན་མེད་ངང་དུ་གཞག་པར་བྱ༔ འཁྲུལ་པ་དག་ནས་ཡེ་ཤེས་འཆར༔ བསམ་མེད་ཆོས་སྐུ་སྤྲོས་བྲལ་ཏེ༔ རང་སྣང་སྟོང་པའི་ཡུལ་དུ་གསལ༔ སངས་རྒྱས་སྟོང་གི་སྐུ་གཟུགས་ནི༔ རྟོག་པ་མེད་པའི་ངང་དུ་གསལ༔ འཛིན་མེད་དག་པ་ཆེན་པོ་ལ༔ རྡོ་རྗེ་སེམས་དཔའི་རིག་པ་ཤར༔ གསལ་སྟོང་རིག་པའི་ཡེ་ཤེས་ལ༔ མཚན་མ་མེད་པའི་ཆོས་ཉིད་གསལ༔ སྤང་ཐོབ་མེད་པའི་ལྟ་བ་ལ༔ རྟོགས་པ་མེད་པའི་རིག་པ་གསལ༔ ཞེ་འདོད་མེད་པའི་སྒོམ་པ་ལ༔ བཏང་སྙོམས་མེད་པའི་ཏིང་འཛིན་གསལ༔ བཅོས་བསླད་མེད་པའི་སྤྱོད་པ་ལ༔ བྱས་པ་མེད་པ་བྱུང་བ་གསལ༔ བསམ་དང་བྲལ་བའི་ཆོས་སྐུ་ལ༔ འགག་པ་མེད་པའི་ལོངས་སྐུར་གསལ༔ མཚན་མ་མེད་པའི་ཆོས་ཉིད་ལ༔ ཐམས་ཅད་འདྲེན་པའི་སྤྲུལ་སྐུར་གསལ༔ གཟུང་འཛིན་མེད་པའི་རིག་པ་ལ༔ ཕྱིར་མི་ལྡོག་པའི་སྐུ་གསུམ་རྫོགས༔ རྗེས་ནི་རྟགས་དང་ཚད་གཉིས་ཏེ༔ རྟགས་ནི་ཚོམ་བུ་ལྔ་ལྡན་ལ༔ རིགས་ལྔ་ཡབ་དང་ཡུམ་དུ་ལྡན༔ རང་གི་ལུས་ཀྱང་འོད་དུ་གསལ༔ ལུས་ནི་གླེན་པ་ལྟ་བུར་འགྲོ༔ ངག་ནི་ལྐུག་པ་སྨྲ་བསམ་བྲལ༔ ཚད་ནི་རྨི་ལམ་རྒྱུན་ཆད་དང༔ དམྱལ་བ་དག་ལ་ཉམ་མི་ང༔ འཁོར་བར་ལྷུང་གིས་དོགས་པ་མེད༔ མྱ་ངན་འདས་པ་མི་རེ་བ༔ སངས་རྒྱས་པ་ལ་བྲོད་པ་མེད༔ གནས་ལུགས་གདོད་མའི་གཞི་ལ་དག༔ ཅེས་གསུངས་སོ༔ ཐེག་པ་ཀུན་གྱི་ཡང་བཅུད་སྙིང་གི་ཐིག་ལེ་ཞེས་བྱ་བ་ལས༔ ལམ་ཐོད་རྒལ་བསྟན་པའི་ལེའུ་སྟེ་དགུ་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈ ྈྈྈྈྈྈྈྈ དེ་ནས་སྤྲུལ་པའི་འཁོར་རྣམས་ཀྱིས༔ སྟོན་པ་ཉིད་ལ་ཡང་ཞུས་པ༔ ཉམས་ལེན་གདམས་པ་དེ་ལྟར་ན༔ ཐབས་ཀྱིས་གྲོལ་བའི་གདམས་པ་རྣམས༔ འདུས་པའི་འཁོར་ལ་བཀའ་སྩོལ་ཅིག༔ སྟོན་པས་ལན་དུ་བཀའ་བསྩལ་པ༔ རང་རིག་འཁོར་རྣམས་ད་ཉོན་ཅིག༔ ཐབས་ཀྱི་མན་ངག་གཉིས་ཡིན་ཏེ༔ བཏགས་པས་གྲོལ་བའི་གདམས་པ་དང༔ ཐོས་པས་གྲོལ་བའི་གདམས་པའོ༔ བཏགས་གྲོལ་ཟབ་མོའི་ཨུ་པ་ནི༔ ཨོཾ་ཨཱཿཧཱུྃ༔ ཨེ་མ་ཀེ་རི་ཀེ་རི་ཀི༔ མས་ཏ་བྷ་ལི་བྷ་ལི༔ ས་མི་ཏ་སུ་རུ་སུ་རུ༔ ཀུན་དྷ་ལི་མ་སུ་མ་སུ༔ ཨེ་ཀི་ར་ལི་སུ་བྷི་ཏི༔ མེ་ཙ་ཀི་རི་བྷ་ལི་ཏ༔ ལྕེ་ས་མུན་ཏ་ཙརྱ་སུ་གྷ་ཡེ་བྷི༔ ཧེ་ས་ན༔ བྷྱ་གྷུ་ལི་ཀེ་ར་ཀེ་ར༔ ཧུ་ཀ་ན་ཧེ་རི་ནི༔ བྷ་ར་ལི་ཧ་ས་ན༔ སམ་བྷུ་ད་ར་ཏ་མེ་གྷ་ར་ཙ་བྷ་སཱུརྱ་བ་ཏ་ར་ཨ་བ་ཤ་བྷ་ན༔ རད་ན་བྷ་ཏི་ས་གུ་ཏི་ཡང་ཙ་གུ་ར་གུ་ར་ས་ག་ན་མཱ༔ ན་ར་ན་ར་ཨི་ཐ་ར་བྷུདྡྷ་བྷུད་ཚེ་ཤ་བ་ཀྱི་ལ་པ་རཾ་རི་ལ་ཁེ༔ ས་ཏ་ལ་སིརྣ་བྷེ་ས་ར་ས་ས་ལམ༔ ཨི་ཨཱི་མ་མཱ་ཨ་ཨཱ༔ ཨོཾ་ཨཱཿཧཱུྃ༔ ཨེ་མ་ཀཻ་རི་ཀེ་སྨས་ཏ་བྷ་ལི༔ ས་མི་ཏ་སུ་རུ་སུ་རུ༔ ཀུན་དྷ་ལི་ལི་མ་སུ་ཨེ་ཀ་རི་ལི་བྷ་ཡེ་ཙ་ཀ་བྷུད་ཏ་ལིད་ཏང་ལྕེ་ཡི༔ མུན་ཏ་ཙརྱ་སུ་བྷ་བྷི་ཏི་སན་བྷྱ་གྷུ་ཡཱེ༔ ཀེ་རི་དྷ་ཀ་ར་བྷ་ག་མ་ཏང་རི་བྷ་ཏ་མ་ཏང་རིང་བྷེ་ས་ན་ས་ར་ལི་ཧི་ས་ན་མ༔ ཁ་ར་སྟག་ཀེ་ལ༔ སེམས་བྷད་ཏ་ར་མེ་ཀ་ཏ༔ ཏ་བྷ་སུརྱ་གྷ་ར་ཨ༔ ན་ས་ཏ་ན་བྷི་བྷི༔ ཧི་སྟི་སི་གྷ༔ ར་ཡཾ་སྨིན་པ་གྷུ་ལི་ཏ༔ ཏད་ཡ་གུ་ར་གུ་ར༔ བ་གུ་ས་ག་ར་ལ༔ ཁ་ལ་ར་ན་ལི༔ ཨི་ཐ་ར་ས་ཏ་ལམ༔ ས་སྭ་རི་རི༔ ལི་ལི༔ ཨི་གྷི༔ ཕ་མ་ར་རཱ༔ ཨོཾ་ཨཱཿཧཱུྃ༔ ཐིག་ལེ་ཉི་ཤུ་རྩ་ལྔ༔ ཀརྨ་རག་གྷི་ཏི་ལི་ཧཾ༔ བྷེ་ག་རད་ན་སོ་གད་གླིང༔ བྷུ་ག་ར་ལ་བྷུ་ཏེ་ཏྲི༔ རཾ་པ་ཀ་ལ་ས་མི་ཁྱེད༔ ན་ཏ་ཕ་ཕ་ར་ར་སྨིན༔ ཁ་ཏ་ར་ཁེ་ས་དམིག་རླུང༔ ཨ་ག་ར་ན་བྷེ་ཙཀ་ཤ༔ ཡ་རིང་མི་ཏ་ཡ་གྷུ་ལི༔ ཡ་སིང་ར་རླུང་པ་ལ་ཡས༔ མ་མ་ཀོ་ལིང་ས་མནྟ༔ གྷ་རིང་མར་མ་བྷ་མིད་ཏེ༔ བྷུ་ག་ས་ཧ་བྷ་བྷ་ལ༔ ར་མི་སི་པི་ཁ་ཏ་པ༔ བྷི་གྷུ་མ་མ་པ་ཏང་ཀི༔ ས་མ་ཤི་ཁ་དྷོ་ར་པ༔ བཛྲ་སཏྭ་ཏྲོ་ཏོ་མེ༔ གྷ་ས་སུ་གྷར་རྣ་མ་ཡེ༔ དྷརྨ་པ་དཾ་ས་གུ་ལི༔ ར་མི་ས་ལ་ཁརྒྷད་ཚེ༔ རུ་པ་ས་མི་ལི་པ་གྷྲ༔ ད་ཏིག་པ་ལ་ཀི་ལ་ཡ༔ གྷ་ཙ་པ་ཏ་ས་ལི་ཏི༔ ཀརྨ་ཨེ་ར་ཨ་ནུ་པ༔ སང་ཏྲི་མ་མ་ཀརྨཱ་ལ༔ ང་ལ་ངེས་པ་ཀི་ལི་ས༔ ཨོཾ་བཛྲ་སཏྭ་ཨོཾ༔ ཨཱཿབཛྲ་སཏྭ་ཨཱ༔ ཧཱུྃ་བཛྲ་སཏྭ་ཧཱུྃ༔ ཨེ་མ་འདི་འཛིན་སྐལ་པ་ཆེ༔ འགྲོ་བ་གང་དང་འདི་འཕྲད་པ༔ དབང་པོ་དག་ལ་རྣོ་བརྟུལ་མེད༔ བསམ་མེད་བཏགས་ཆོག་ཁྱད་པར་ཆེ༔ ཤེས་རབ་དག་ལ་ཆེ་ཆུང་མེད༔ ཚིག་དང་བཤད་པས་གྲོལ་མི་དགོས༔ ན་སོ་དག་ལ་རྒན་གཞོན་མེད༔ ཉམས་ལེན་རྩོལ་བས་བསྒྲུབ་མི་དགོས༔ སྐྱེ་བ་དག་ལ་མཐོ་དམན་མེད༔ རེག་པ་བཏགས་གྲོལ་དོན་དང་ལྡན༔ བག་ཆགས་དག་ལ་སྲབ་མཐུག་མེད༔ སྦྱོང་བགྲོད་མེད་དེ་སངས་རྒྱས་སྲས༔ རྡོ་རྗེ་སེམས་དཔའ་དངོས་ཡིན་ཏེ༔ གཞན་དང་མི་འདྲ་ཁྱད་པར་ཆེ༔ བསླུ་བ་མེད་དོ་ས་མ་ཡ༔ ཅེས་གསུངས་ནས་ལྷན་ནེར་བཞུགས་སོ༔ ཐེག་པ་ཀུན་གྱི་ཡང་བཅུད་སྙིང་གི་ཐིག་ལེ་ཞེས་བྱ་བ་ལས༔ བཏགས་གྲོལ་བསྟན་པའི་ལེའུ་སྟེ་བཅུ་པ་འོ༔ ྈྈྈྈྈྈྈ དེ་ནས་སྤྲུལ་པའི་འཁོར་རྣམས་ཀྱིས༔ སྟོན་པ་ཉིད་ལ་ཡང་ཞུས་པ༔ བཏགས་གྲོལ་གདམས་པ་དེ་ལྟར་ན༔ ཐོས་པས་གྲོལ་བའི་གདམས་པ་དེ༔ འདུས་པའི་འཁོར་ལ་བཀའ་སྩོལ་ཅིག༔ དེ་ནས་སྟོན་པས་ལན་གསུངས་པ༔ སྤྲུལ་པའི་འཁོར་རྣམས་མ་ཡེངས་ཉོན༔ ངོ་སྤྲོད་ཐོས་པས་གྲོལ་བའི་གནད༔ བར་དོའི་གདམས་པ་བཤད་ཀྱིས་ཟུངས༔ དེ་ལ་གསུམ་སྟེ་དབྱེ་བ་དང༔ འཆར་ཚུལ་གནད་ཀྱི་ཉམས་ལེན་ནོ༔ དབྱེ་ན་སྐྱེ་གནས་འཆི་ཁ་དང༔ ཆོས་ཉིད་སྲིད་པའི་བར་དོ་འོ༔ དང་པོ་སྐྱེས་ནས་མ་ཤི་བར༔ སྐྱེ་གནས་བར་དོ་ཞེས་བྱ་སྟེ༔ ཕུང་པོ་ཁམས་དང་དབང་པོ་ལྔ༔ རྣམ་ཤེས་དག་གིས་བསྡུས་པའི་ཆོས༔ ད་ལྟ་གཏན་ལ་འབེབ་པ་སྟེ༔ ཉམས་ལེན་སྔར་གྱི་གདམས་པ་རྣམས༔ ཐོས་བསམ་སྒོམ་པས་སྒྲོ་འདོགས་གཅད༔ ཐི་བྱ་ཚང་དུ་འཇུག་པ་ལྟར༔ ཡིད་ཆེས་གདེང་དང་ལྡན་པར་བྱ༔ གཉིས་པ་འཆི་ཁའི་བར་དོ་ནི༔ ནད་ཀྱིས་བཏབ་ནས་མ་ཤིའི་བར༔ འཆི་ཁ་བར་དོ་སྡུག་བསྔལ་ཏེ༔ འཆར་ཚུལ་ནད་ཀྱིས་འབྱུང་བ་འཁྲུགས༔ འཛིན་ཆགས་ཞེན་པ་སྐྱེས་ན་ཡང༔ དབང་མེད་འཆི་བ་འདི་ལྟ་བུ༔ སྙམ་སྟེ་ཤིན་ཏུ་སྡུག་བསྔལ་བས༔ ཤེས་པ་གཅིག་ཏུ་མི་གནས་ཏེ༔ བན་བུན་ལང་ལོང་སྣང་བ་འཆར༔ དེ་དུས་འབྱུང་བ་རང་རང་ཐིམ༔ ས་ནི་སར་ཐིམ་ལུས་པོ་ལྗི༔ ཆུ་ནི་ཆུར་ཐིམ་སྣ་ཆུ་འཛག༔ མེ་ནི་མེར་ཐིམ་ཁ་སྣ་སྐམ༔ རླུང་ནི་རླུང་ཐིམ་དབུགས་མི་བདེ༔ འདི་དུས་ངེས་པར་འཆི་བས་ན༔ ཉམས་ལེན་བླ་མའི་གདམས་པ་རྣམས༔ གསལ་གདབ་གལ་ཏེ་མ་གསལ་ན༔ བླ་མ་འམ་ནི་རྡོ་རྗེ་སྤུན༔ དམ་ཚིག་གཅིག་པས་གསལ་ཡང་གདབ༔ ལུས་པོ་སེང་གེའི་ཉལ་ལུགས་བཅོས༔ མིག་ལ་རིག་པ་བཅུག་ནས་ནི༔ དབྱིངས་དང་རིག་པ་དབྱེར་མེད་གཞག༔ སྐད་ཅིག་དེ་ལ་གྲོལ་བར་འགྱུར༔ གསུམ་པ་ཆོས་ཉིད་བར་དོ་ནི༔ དབུགས་ཆད་བར་དོ་མ་ཤར་བར༔ ཆོས་ཉིད་བར་དོ་ཞེས་བྱ་སྟེ༔ ཕུང་པོ་གདོས་བཅས་དང་བྲལ་ནས༔ འཆར་ཚུལ་འོད་ཟེར་ཁ་དོག་ལྔ༔ ཕྱོགས་མཚམས་ཀུན་ཏུ་གསལ་བར་སྣང༔ མནན་ན་ནེམ་ལ་བཏེགས་ན་འཕར༔ ཡིད་འོང་གསལ་འཚེར་གཟི་བརྗིད་འཕྲོ༔ ཁ་དོག་ལྔ་ལྡན་སྣམ་བུ་ནི༔ རང་གི་སྙིང་ཁ་དག་ལ་འཆར༔ རིགས་ལྔ་ཡབ་ཡུམ་ཚོམ་བུར་བཅས༔ འཇིག་རྟེན་ཁམས་ཀྱང་ཁེངས་པར་འཆར༔ འོད་དང་ཟེར་དང་སྒྲ་རུ་སྒྲོག༔ གདམ་པའི་གནད་འདིས་མཐོང་སྣང་ཀུན༔ སྒྲ་དང་འོད་ཟེར་ལ་སོགས་པ༔ རང་དུ་ཡིད་ཆེས་ཐག་ཆོད་བྱ༔ དེ་དུས་མི་བརྗེད་གཟུངས་ཀྱང་འཆར༔ མངོན་ཤེས་དྲུག་དང་རྗེས་དྲན་དྲུག༔ སྐད་ཅིག་གཅིག་དང་གཉིས་པར་འཆར༔ དེ་ནས་འོད་སྣང་དེ་དག་ཀུན༔ རང་གི་སྙིང་གར་ཟུག་པ་ཡིན༔ ཉི་མ་ནུབ་པའི་ཟེར་བཞིན་དུ༔ གཟིགས་སྣང་ཀུན་ལས་འདས་པ་སྟེ༔ མ་པང་བུ་ཚུད་ལྟ་བུ་རུ༔ གདོད་མའི་གཞི་ལ་གྲོལ་བར་འགྱུར༔ བཞི་པ་སྲིད་པ་བར་དོ་ནི༔ ཆོས་ཉིད་བར་དོ་རང་ཐིམ་ནས༔ མངལ་དུ་ཚུད་པ་ཚུན་ཆད་དུ༔ ཆོས་ཉིད་བར་དོའི་འོད་སྣང་སྟེ༔ རང་ངོ་རང་གིས་མ་ཤེས་པར༔ སྒྲ་འོད་ཟེར་ལ་སྐྲག་པ་ཡིས༔ སྲིད་པ་བར་དོ་ཁ་འཁྱམས་པས༔ འཆར་ལུགས་སྔོན་བྱུང་སྲིད་པའི་གཟུགས༔ དབང་པོ་ཀུན་ཚང་ཐོགས་མེད་རྒྱུ༔ བྱ་སྒྲོ་རླུང་གིས་ཁྱེར་བ་བཞིན༔ ཕྱད་ཕྱོད་ཡད་ཡུད་འདུག་མི་ཚུགས༔ སྐྱབས་གནས་ཚོལ་ཞིང་ཀུན་ལ་འཇུག༔ ཚེ་འདིའི་ལས་དབང་རྗེས་འབྲངས་ནས༔ རིགས་དྲུག་མངལ་དུ་ཚུད་ནས་ནི༔ ཡང་ཡང་འཁོར་བ་ཉིད་དུ་འཁོར༔ དེ་དུས་གནད་ཀྱི་ཉམས་ལེན་ནི༔ ཕ་མ་ལ་སོགས་མཐོང་སྣང་ཀུན༔ བདེན་མེད་སྒྱུ་མ་ལྟ་བུར་བསྒོམ༔ ཡི་དམ་བསྐྱེད་རྫོགས་གསལ་ཡང་གདབ༔ འདུན་པ་མངོན་དགའ་ལ་སོགས་པ༔ སྤྲུལ་སྐུའི་ཞིང་དུ་འགྲོ་བར་བྱ༔ སྙམ་པའི་དྲན་པ་ཟིན་གྱུར་ན༔ སྤྲུལ་སྐུའི་ཞིང་དུ་སྐྱེ་བར་འགྱུར༔ ཞེས་གསུངས་སོ༔ ཐེག་པ་ཀུན་གྱི་ཡང་བཅུད་སྙིང་གི་ཐིག་ལེ་ཞེས་བྱ་བ་ལས༔ བར་དོ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པ་འོ༔ ྈྈ ྈྈྈྈྈྈྈྈ དེ་ནས་སྤྲུལ་པའི་འཁོར་རྣམས་ཀྱིས༔ སྟོན་པ་ཉིད་ལ་ཡང་ཞུས་པ༔ ཀྱེ་ཀྱེ་སྟོན་པ་རྡོ་རྗེ་སེམས༔ བར་དོའི་གདམས་པ་དེ་ལྟར་ན༔ གྲོལ་ལུགས་འབྲས་བུ་གསུང་དུ་གསོལ༔ ཡེ་གྲོལ་ཆེན་པོས་བཀའ་བསྩལ་པ༔ རིགས་མདངས་འཁོར་རྣམས་ཚུར་ཉོན་དང༔ སྟོང་གསལ་ཐིག་ལེ་འགག་མེད་དེ༔ སྐུ་གསུམ་འཛིན་པ་ཀ་དག་པས༔ རིག་པ་སྟོང་པ་ཉིད་དུ་གྲོལ༔ ཐམས་ཅད་ཡེ་གྲོལ་ཆེན་པོ་འོ༔ འབད་རྩོལ་མེད་པའི་གནད་ཀྱིས་གྲོལ༔ བསྐྱར་མི་དགོས་ཏེ་ཡེ་ནས་གྲོལ༔ གཉེན་པོ་མེད་དེ་རང་གིས་གྲོལ༔ མཐོང་བ་མེད་དེ་གཅེར་གྱིས་གྲོལ༔ བཅོས་མི་དགོས་ཏེ་རང་བཞིན་གྲོལ༔ རང་བཞིན་དག་སྟེ་ཡོངས་སུ་གྲོལ༔ གྲོལ་ལོ་ཞེས་པའང་ཐ་སྙད་དོ༔ ཡེ་གྲོལ་ཀ་ནས་དག་པ་སྟེ༔ འཕོ་འགྱུར་མེད་པ་རྡོ་རྗེ་སེམས༔ རང་ཞལ་རང་གིས་མཐོང་བ་ལ༔ སངས་རྒྱས་ཞེས་ནི་མིང་དུ་གྲུབ༔ གསལ་སྟོང་རྗེན་པ་སངས་རྒྱས་ཡིན༔ བྱ་བ་མེད་པའི་འཁྲུལ་པ་སངས༔ འོད་ལྔ་གསལ་བས་ཡེ་ཤེས་རྒྱས༔ རྟོག་པ་མེད་པས་དུག་ལྔ་སངས༔ དམིགས་གཏད་བྲལ་བས་སྐུ་གསུམ་རྒྱས༔ དེ་ཕྱིར་རང་རིག་སངས་རྒྱས་ཡིན༔ སངས་རྒྱས་ལོགས་ནས་བཙལ་དུ་མེད༔ ཡང་དག་རྫོགས་པའི་སངས་རྒྱས་ནི༔ ཕུང་པོ་ལྷག་མ་མེད་པ་སྟེ༔ སྒྲ་འོད་སྐུ་དང་གསུང་འཕེལ་བ༔ མངོན་པར་རྫོགས་པའི་སངས་རྒྱས་སོ༔ ཨེ་མ་སྤྲུལ་པའི་འཁོར་རྣམས་ཉོན༔ རྒྱུད་འདི་གཞན་ལས་ཁྱད་པར་འཕགས༔ འདི་ཉིད་བསྟེན་པའི་སྐྱེས་བུ་རྣམས༔ རབ་ནི་ཚེ་འདིར་ལྷག་མེད་འགྲུབ༔ འབྲིང་ནི་ཆོས་ཉིད་བར་དོར་གྲོལ༔ ཐ་མ་སྤྲུལ་པའི་ཞིང་ཁམས་སུ༔ དབུགས་དབྱུང་མངོན་པར་སངས་རྒྱས་སོ༔ དེས་ན་འདི་ཉིད་གཅེས་པར་ཟུངས༔ ཞེས་གསུངས་སོ༔ ཐེག་པ་ཀུན་གྱི་ཡང་བཅུད་སྙིང་གི་ཐིག་ལེ་ཞེས་བྱ་བ་ལས༔ གྲོལ་ལུགས་འབྲས་བུ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པ་འོ༔ ྈྈྈྈྈྈྈྈ དེ་ནས་སྤྲུལ་པའི་འཁོར་རྣམས་ཀྱིས༔ སྟོན་པ་ཉིད་ལ་ཡང་ཞུས་པ༔ ཀྱཻ༔ ཆེ་བའི་ཆེ་བདག་རྡོ་རྗེ་སེམས༔ གཞན་བས་ཁྱད་འཕགས་རྒྱུད་མཆོག་འདི༔ གཏད་པའི་ལས་ཅན་ཇི་ལྟ་བུ༔ ཞུས་པའི་ལན་དུ་བཀའ་བསྩལ་པ༔ ཀྱེ་མ་རང་རིག་རིག་རྩལ་འཁོར༔ ཐེག་པ་ཀུན་གྱི་བཅུད་བསྡུས་པའི༔ རྒྱུད་འདི་ཁྱད་པར་ལྔ་དང་ལྡན༔ རྒྱུད་འདི་མཐོང་བས་བསྙེན་སྒྲུབ་ཟིན༔ ཚིག་འདི་ཐོས་པས་རྟོགས་པ་འཆར༔ ལུང་འདི་སྣང་བས་གཏན་ལ་ཕེབས༔ དོན་འདི་བསྟན་པས་འཛིན་ཆགས་ཞིག༔ ཉམས་སུ་བླངས་པས་ལྷག་མེད་འགྲུབ༔ དེ་ཕྱིར་ཁྱད་འཕགས་གསང་རྒྱུད་འདི༔ ལྟ་སྒོམ་ཀུན་གྱི་མཐར་ཐུག་ཆེ༔ རྒྱུད་འདི་རིག་པ་ཙམ་གྱིས་ཀྱང༔ རྡོ་རྗེ་སེམས་དཔའ་ང་དང་མཉམ༔ འདི་ནི་བློ་ཆུང་ཤེས་རབ་དམན༔ བླ་མ་གསང་ཞིང་རང་ཆེ་འབྱིན༔ བཀའ་བསྩལ་གཅོག་ཅིང་དམ་མི་བསྲུང༔ སྣོད་ངན་ལག་ཏུ་ཤོར་ར་རེ༔ བློ་ཆེ་ཁོག་ཡངས་དད་པ་ཆེ༔ དམ་གཙང་བླ་མས་ཅི་གསུང་སྒྲུབ༔ གཏོང་ཕོད་ཆེ་ཞིང་སྒྲུབ་ལ་བརྩོན༔ སྣོད་ལྡན་བུ་ལ་འདི་སྟོན་ཅིག༔ ཅེས་གསུངས་ནས༔ དགའ་རབ་རྡོ་རྗེ་ལ་སོགས་པའི་འཁོར་རྣམས་རྗེས་སུ་ཡི་རང་སྟེ༔ སྟོན་པས་གསུངས་པ་ལ་མངོན་པར་བསྟོད་དོ༔ ཐེག་པ་ཀུན་གྱི་སྙིང་གི་ཐིག་ལེ་ཞེས་བྱ་བ་ལས༔ རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་བཅུ་གསུམ་པ་འོ༔ ཐེག་པ་ཀུན་གྱི་ཡང་བཅུད་སྙིང་གི་ཐིག་ལེ་ཞེས་བྱ་བའི་ལྟ་བའི་མཐར་ཐུག་ཉམས་ལེན་གནད་ཀྱི་གདམས་པ་རྫོགས་སོ༔ གཟའ་བདུད་ཆེན་པོས་བཀའ་འདི་ཐུབ་པར་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ དམ་རྒྱ༔ ྈྈྈྈྈྈྈྈྈྈྈྈྈྈ སྤྲུལ་པའི་གུ་རུ་ཀུན་སྐྱོང་གླིང་པས་མ་ཚོར་གཉན་གྱི་བྲག་ནས་གདན་དྲངས་པའོ།། །། ༄༅༔ རྡོ་རྗེ་སེམས་དཔའི་སྙིང་ཐིག་ལས༔ བསྟན་པའི་ཉིང་ཁུང་སྙིང་ཐིག་གི་ལོ་རྒྱུས་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ ྈྈྈྈ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ ྈྈྈ རྒྱ་རྒྱ་རྒྱ་རྒྱ༔ ྈྈྈ བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ འཁོར་འདས་མཐའ་གྲོལ་ཀློང་ལ་ཕྱག་འཚལ་ལོ༔ འབྱུང་བ་བཞི་འདུས་མི་ལུས་རིན་ཆེན་ལ༔ དུས་གསུམ་མ་འགགས་མཁྱེན་པ་ཀུན་གསལ་ཞིང༔ སྐུ་གསུམ་རང་ཆས་ས་ལེ་ཞལ་སྟོན་པ༔ སྔོན་ཆད་འཛམ་གླིང་ས་ལ་མ་གྲགས་པའི༔ རྡོ་རྗེ་སེམས་དཔའ་སྙིང་གི་ཐིག་ལེ་ཆེ༔ ཐེག་པ་ཀུན་གྱི་ཉིང་ཁུ་འདི་ཉིད་ཤར༔ དེ་ལ་དང་པོ་རྒྱལ་བ་དགོངས་པའི་བརྒྱུད་ཚུལ་བསྟན་པ་ནི༔ ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའི་ཀློང་ལས༔ ཡེ་ནས་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས༔ བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་ངོ་བོར་ཤར་ཏེ༔ དེ་ཉིད་ཀྱི་རང་བཞིན་ཐུགས་རྗེ་ལས་བྱུང་བ༔ ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བ༔ རྡོ་རྗེ་སེམས་དཔའ་ཞེས་བྱ་བ༔ སྐུ་མཚན་གྱི་མེ་ཏོག༔ དཔེ་བྱད་བཟང་པོའི་འབྲས་བུས་བརྒྱན་པ༔ སངས་རྒྱས་ཀྱི་ཡོན་ཏན་སྟོབས་དང་མི་འཇིགས་པ་བཞི་ལ་སོགས་པ་མངའ་བ༔ དབུ་ལ་རིགས་ལྔའི་སངས་རྒྱས་ཀྱིས་དབང་བསྐུར་བ༔ དར་དཀར་གྱི་སྟོད་གཡོགས༔ པ་ཏི་ཁྲ་བོའི་ཤམ་ཐབས་དང༔ རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ༔ ཤེལ་གྱི་ཁ་དོག་དང་འདྲ་སྟེ༔ དཀར་ལ་འཚེར་བ༔ གདན་ཡང་སྨོན་ལམ་སྟོབས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་བརྒྱད་གླང་པོ་ཆེ་བརྒྱད་དུ་སྤྲུལ་ནས༔ རིན་པོ་ཆེའི་ཁྲི་དང༔ པདྨ་ཉི་མའི་གདན་ལ༔ སེམས་དཔའི་སྐྱིལ་ཀྲུང་དུ་རྡོ་རྗེ་ཐུགས་ཀར་བཅང་ཞིང༔ དྲིལ་བུ་དཀུར་བརྟེན་ནས་བཞུགས་པ༔ སྐུ་བལྟ་བས་མི་ངོམས་པ༔ ཤིན་ཏུ་འཚེར་བ་ལྷང་ངེ་བ༔ གསལ་བ་ལྷན་ནེ་བ༔ ཞི་བ་ལྷམ་མེ་བ༔ དཔེར་ནམ་མཁའི་འཇའ་ཚོན་ནམ༔ མེ་ལོང་གི་གཟུགས་བརྙན་ལྟར༔ དངོས་པོ་མ་གྲུབ་པ་ཞིག༔ བདེ་ཆེན་མཁའ་དབྱིངས་རྣམ་པར་དག་པའི་ཀློང༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང༔ གསུང་དང༔ ཐུགས་དང༔ ཡོན་ཏན་དང༔ ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་འོག་མིན་གྱི་གནས༔ ཆོས་དབྱིངས་ཀྱི་མཁའ༔ དབྱིངས་ཉིད་ཀྱི་ཀློང༔ སེམས་ཉིད་ཀྱི་རྩལ༔ ཡེ་ཤེས་ཀྱི་སྒྲིབ་པ་མི་མངའ་བའི་གཞལ་ཡས་ཁང་དུ་ཤར་རོ༔ ཉིད་ལས་མངོན་པར་བྱུང་བའི་འཁོར་ནི༔ ཉིད་ཀྱི་རང་བཞིན་ཆོས་སྐུ་དང༔ ཉིད་ཀྱི་རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུ་དང༔ ཉིད་ཀྱི་རང་རྩལ་སྤྲུལ་པའི་སྐུ་དང༔ ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང༔ འདོད་ཁམས་དང༔ གཟུགས་ཁམས་དང༔ གཟུགས་མེད་ཁམས་དང༔ འདས་པ་དང༔ མ་འོངས་པ་དང༔ ད་ལྟར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང༔ འཇིག་རྟེན་པ་དང༔ འཇིག་རྟེན་ལས་འདས་པ་དང༔ མུ་སྟེགས་ལ་སོགས་དང༔ སེམས་དཔའ་དང༔ ཕྱག་ན་རྡོ་རྗེ་དང༔ ཁྱད་པར་དུ་སྤྲུལ་པ་དགའ་རབ་རྡོ་རྗེ་ཉིད་དང་བཅས་ཏེ༔ ཐམས་ཅད་ཐིག་ལེ་ཆེན་པོ་གཅིག་གི་ངང་དུ་བཞུགས་སོ༔ དེའི་དུས་སུ་ཆེ་བ་རང་ལ་གནས་པའི་རྒྱུད་འདི་ཉིད་གསུངས་ཏེ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཁྱད་པར་དུ་སྤྲུལ་པ་དགའ་རབ་རྡོ་རྗེ་ལ་ཚིག་གི་གདམས་པ་དང༔ དོན་གྱི་གདམས་པ་ཐམས་ཅད་དགོངས་པ་ཙམ་གྱིས༔ རང་བབས་སུ་བྱིན་གྱིས་བརླབས་ཏེ་སྣང་ནས༔ རྡོ་རྗེ་སེམས་དཔའ་ཉིད་ཀྱི་ཀློང་དུ་ཡལ་ལོ༔ ངོ་བོ་སྟོང་ཞིང་རང་བཞིན་གསལ་ཏེ༔ ཐུགས་རྗེས་ཀུན་ལ་སྣང་བར་ནུས་ཏེ༔ དཔེ་ནམ་མཁའི་འཇའ་ཚོན་ནམ༔ མེ་ལོང་གི་གཟུགས་བརྙན་ལྟར་རོ༔ ྈྈྈ ྈྈྈྈྈྈྈ གཉིས་པ་རིག་འཛིན་བརྡའི་བརྒྱུད་པ་ནི༔ སྟོན་པ་དགའ་རབ་རྡོ་རྗེ་ཞེས་བྱ་བ༔ ཀློང་དགུའི་བམ་པོ་ཉི་ཁྲི་ཆིག་སྟོང་ཐུགས་ལ་མངའ་བ༔ རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལ་མཁས་པ་དེ་ཉིད༔ རྒྱ་གར་བསིལ་བ་ཚལ་གྱི་དུར་ཁྲོད་བྱ་བ་དེར༔ མཁའ་འགྲོ་མ་ཉི་མའི་འོད་ཟེར་བྱ་བ་དང༔ རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་མ་འཇིག་རྟེན་བདེ་བའི་རོ་དང་ལྡན་པ་ཞེས་བྱ་བ་སོགས༔ ཤེས་རབ་ཀྱི་གདུལ་བྱ་མཁའ་འགྲོ་མ་གྲངས་ལས་འདས་པ་ལ༔ ལོ་བདུན་ཅུ་བར་དུ་ཆོས་གསུངས་པའི་དུས་སུ༔ ལྷོ་ནུབ་མཚམས་སུ་མཚོ་གླིང་ལས་འཁྲུངས་པའི༔ ཨུ་རྒྱན་པདྨ་བདག་ཉིད་ཀྱིས༔ དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་ཕྱིན་ཏེ༔ སྤྲུལ་པ་པོ་དགའ་རབ་རྡོ་རྗེ་ཉིད་ཀྱིས༔ རྫོགས་པ་ཆེན་པོ་འབུམ་ཕྲག་ཉི་ཤུ་རྩ་བཞི་ལས་བྱུང་བ༔ ལྟ་བ་ནམ་མཁའ་ཀློང་ཡངས་དང༔ བསྟན་པ་ཀུན་གྱི་ཡང་བཅུད་རྡོ་རྗེ་སེམས་དཔའི་སྙིང་ཐིག་འདི་ཉིད༔ ལྷུན་གྲུབ་ཆེན་པོའི་བརྡ་ཙམ་གྱིས་བསྟན་ཅིང༔ བདག་གིས་ཁོང་དུ་ཆུད་དེ༔ ཡིན་ལུགས་ཀྱི་སྟེང་དུ་མཛུབ་མོ་བཙུགས་ཏེ༔ ཚིག་དང་ཡི་གེ་དོན་གྱི་རྒྱུད་མ་ལུས་པ་བཀའ་བབས་ཏེ་གནང་ངོ༔ དེ་ནི་རིག་འཛིན་བརྡའི་བརྒྱུད་པའོ༔ ྈྈྈ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈྈྈྈྈྈ ྈྈྈྈྈྈྈ གསུམ་པ་གང་ཟག་སྙན་ཁུང་བརྒྱུད་པ་ནི༔ ཐམས་ཅད་མཁྱེན་པ་ཨོ་རྒྱན་པདྨ་ཞེས་བྱ་བ༔ སྐུ་ལ་སྐྱེ་ཤི་དང་བསྒྲེས་རྒུད་མི་མངའ་བ༔ ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་གཡོག་བྱེད་པ༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ་བ་དེ་ཉིད༔ རྒྱ་གར་དུ་པཎྜི་ཏ་ལྔ་བརྒྱའི་ཚོགས་དཔོན་ལ་བཞུགས་པའི་དུས་སུ༔ འཕགས་པ་འཇམ་དཔལ་གྱི་སྤྲུལ་པ༔ བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ བསམ་ཡས་གཙུག་ལག་ཁང་བཞེངས་པའི་ས་འདུལ་བའི་ཕྱིར་གདན་དྲངས༔ སྨོན་ལམ་དང་ཐུགས་རྗེས་བོད་དུ་བྱོན༔ སྤྱིར་བོད་ཡུལ་གྱི་སྒྲུབ་གནས་གངས་དང༔ བྲག་ཕུག་དང་གཙུག་ལག་ཁང་དང༔ དབེན་གནས་རྣམས་སུ་ལོ་བརྒྱ་དང་བཅུ་གཅིག་བཞུགས་ཏེ༔ ཁྱད་པར་དུ་མུ་ཏིག་ཤེལ་གྱི་སྤ་མ་གང་གི་ཕུག་པར་ལོ་གསུམ་བཞུགས་པའི་དུས་སུ༔ བོད་ཕྲུག་མཁས་པ་བཻ་རོ་ཙ་ནས་ཕྱིན་ཅི་མ་ལོག་པའི་གདམས་པ་རྣམས༔ སེམས་མཐིལ་ཐུག་པར་ཞུས་ཤིང༔ ཁྱད་པར་རྡོ་རྗེ་སེམས་དཔའི་ཉིང་ཁུ་ཡང་བཅུད་འདི་ཟབ་ཁྱད་དུ་གནང་ཞིང༔ ཚིག་དང་ཡི་གེ་དོན་གྱི་རྒྱུད་མ་ལུས་པ་བཀའ་བབས་སོ༔ ྈྈྈྈྈྈྈྈ རྒྱ་རྒྱ་རྒྱ་རྒྱ༔ ྈྈྈ སྤྱིར་རྫོགས་པ་ཆེན་པོ་ལ་ཕྱི་སྐོར་ནང་སྐོར་གསང་སྐོར༔ གསང་བ་བླ་ན་མེད་པའི་སྐོར་སོགས་མང་དུ་ཤེས་ཀྱང༔ འདི་ཉིད་ཡང་བཅུད་དམ་པའོ༔ བཻ་རོ་བདག་གིས་ཀྱང་སློབ་དཔོན་ལ་མཉེས་པའི་ཞབས་ཏོག་བགྱིས་པས་བཀའ་བབས་སོ༔ བདག་གིས་ལྡན་མ་རྩེ་མང་ཞེས་བྱ་བ༔ པཎྜི་ཏ་ཀུན་གྱི་ཡིག་མཁན་དེ་ཉིད་དང༔ ཨ་ཙརྻ་དྷརྨ་ཤཱི་ལ་་་ཡེ་ཤེས་སྣང་།གཉིས་ལ་སྤ་མ་གང་གི་ཕུག་པ་གོང་མར་དོན་རྒྱུད་ཕུ་ཐག་ཆོད་པར་གཏན་ལ་ཕབ་ཅིང༔ དཔེ་རྒྱུད་ནི་ཕྱི་མའི་དོན་དུ་སྦ་བར་བཀའ་བསྒྲགས་སོ༔ ྈྈྈྈྈྈྈ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལུང་བསྟན་གཏད་རྒྱའི་བརྒྱུད་པ་ནི༔ སློབ་དཔོན་པདྨས་གསུངས་ནས་ནི༔ ཡི་གེར་འདེབས་དུས་འདི་སྐད་གསུངས༔ ཨེ་མ་ཧོ༔ སློབ་དཔོན་བཻ་རོ་ཙ་ན་དང༔ ཡིག་མཁན་ལྡན་མ་རྩེ་མང་དང༔ རྟོགས་ལྡན་དྷརྨ་ཤཱི་ལ་གསོན༔ ཐེག་དགུ་ཡོངས་དྲིལ་ཨ་ཏི་ཡི༔ ལྟ་བའི་མཐར་ཐུག་རྫོགས་པ་ཆེ༔ རྡོ་རྗེ་སེམས་དཔའི་སྙིང་ཐིག་འདི༔ ད་ལྟ་སྤེལ་བའི་གནས་མེད་པས༔ ཕྱི་མའི་དུས་སུ་འགྲོ་དོན་ཆེ༔ དུས་ངན་སུམ་ཅུ་ཁ་རལ་ལ༔ ས་གཏེར་མི་ཐུབ་གཏེར་འདོན་མང༔ སངས་རྒྱས་བསྟན་པ་ནུབ་ཁ་ལ༔ གནམ་ལ་ཆར་མེད་ཚད་པ་རྒྱས༔ ས་ལ་ཞག་མེད་འཇག་སྐྱ་སྐྱེ༔ བར་དུ་ལྷ་འཁྲུག་གཟའ་སྐར་འཁྲུག༔ རྒྱལ་ཁྲིམས་འཁྲུགས་པས་གདན་ས་འཕོ༔ ཆོས་ཁྲིམས་ཞིག་པས་བུད་མེད་ལེན༔ དམག་འཁྲུག་དར་ཞིང་དམ་ཆོས་ནུབ༔ དགེ་སྤྱོད་མི་དར་སྡིག་སྤྱོད་དར༔ ཉི་ཟླ་དམར་ཞིང་རླུང་དམར་ཆེ༔ སྐར་མ་མི་སྡུག་བྱང་ནས་སྟོན༔ ཡུལ་ཁྲིམས་མེད་པར་དམེ་འཁྲུག་བྱེད༔ སྟོད་སྨད་བར་གསུམ་ཧོར་གྱིས་འདུལ༔ མཐའ་མི་ཐམས་ཅད་དབུས་སུ་སྡིགས༔ དབུས་པ་མཐའ་མོན་ལྷོ་ལ་བྲོས༔ གོས་སུ་ཤིང་དང་ལྕགས་ཞུ་གྱོན༔ ཟས་སུ་ཤ་དང་ཁྲག་ལ་སྤྱོད༔ ནོར་དུ་ས་རྡོ་གཉིས་པོ་བརྟེན༔ གཏམ་སྐད་ཟླ་རེ་ཞག་རེར་འགྱུར༔ ལྕགས་ཁྱི་ཕག་ལ་དམག་གིས་འཇོམས༔ དེ་དུས་བསྟན་མཇུག་སྐྱོང་བྱེད་པ༔ བཻ་རོ་ཁྱོད་ཀྱི་སྤྲུལ་པ་མཆོག༔ ཆུ་ཁམས་བྱ་འམ་ཁྱི་ལོ་པ༔ ཡབ་མེད་ཡུམ་བྲལ་སྔགས་འཆང་རིགས༔ ཨུ་རྒྱན་མིང་ཅན་ཤེས་རབ་ཅན༔ མ་ངེས་སྤྱོད་པས་འགྲོ་བ་འདུལ༔ གནས་མེད་རླུང་བཞིན་ཀུན་ཏུ་རྒྱུ༔ མོན་བལ་་་མྱ་ངན་ལྷོ་བུའི་ཕྱོགས་སུ་ལས།རྩེ་ལྔའི་ཕྱོགས་སུ་འདུས༔ ཐུགས་གཏེར་དགོངས་གཏེར་མང་ཞིག་འབྱེད༔ ཟབ་ཆོས་རྫོགས་ཆེན་བདག་པོར་འབྱུང༔ ཁ་འབྱམས་རྒྱུ་འབྲས་ཁྱད་མི་གསོད༔ ཇི་ལྟ་ཇི་སྙེད་མངོན་དུ་གྱུར༔ རྒྱུད་དག་སྐྱེས་བུ་དེ་ཡི་ཐུགས་ལ་ཐིམ༔ རྫོགས་པ་ཆེན་པོས་དབུས་གཙང་ཁྱབ་པར་བྱེད༔ བླ་མ་ཞི་དྲག་གྲུབ་པ་ཐོབ་པར་བྱེད༔ དེ་ནས་ཨོ་རྒྱན་དྲུང་དུ་འོང༔ དེ་ཡི་དོན་དུ་གཏེར་འདི་སྦེད༔ དེ་དང་སུ་འཕྲད་མཁའ་སྤྱོད་འགྲོ༔ ཁྲི་ཕྲག་གཅིག་ལ་འབྲེལ་བ་ཐོགས༔ སྟོང་ཕྲག་གཅིག་གིས་ལམ་སྣ་ཟིན༔ སྐྱེ་བ་མཐའ་ཆོད་བཅུ་དྲུག་འོང༔ དེས་ཀྱང་ཐུགས་ཀྱི་སྲས་བཞི་འམ༔ བརྒྱད་ལས་མི་མང་ཀུན་ལ་གསང༔ ས་མ་ཡ༔ ྈྈྈྈྈ ྈྈྈྈ ྈྈྈྈ དེ་ལ་འདུད་བྱེད་བུ་བཞི་ནི༔ ད་ལྟའི་ལྡན་མ་རྩེ་མང་ཁྱོད༔ རྒྱལ་རྒྱུད་སྐྱེ་བ་མང་བརྒྱུད་ནས༔ སྐྱེ་བའི་མཐའ་ཆོད་སྟོབས་པོ་ཆེ༔ མཚལ་ཐང་བྱེ་མ་ཅན་ཞེས་པར༔ སྡེ་སྐྱོང་བསྟན་པའི་སོ་ནམ་བྱེད༔ དགེ་བའི་མིང་ཅན་རྟ་ཁྱི་ལུག་་་སྟག་ལུག།གི་ལོ༔ ལུས་གཡོན་སྨེ་བའི་ག་ཤ་ཅན༔ ཆོས་མིན་བྱ་བ་མི་སེམས་འབྱུང༔ ས་རྟགས་ཐམས་ཅད་ཤར་བའི་དུས༔ བར་ཆད་ཀུན་ལ་འཛེམ་པར་བྱ༔ ཤོག་སེར་དམ་རྫས་མ་ལུས་ཀུན༔ དངོས་གྲུབ་ལོངས་ལ་གཏེར་དུ་སྦོས༔ ལོ་གསུམ་དབེན་སར་ཉམས་སུ་ལོངས༔ ས་མ་ཡ༔ གཏེར་རྒྱ༔ བཀའ་རྒྱ༔ ཟབ་རྒྱ༔ ཨེ་མ་བཻ་རོའི་སྤྲུལ་པ་དེ༔ རྗེ་འབངས་རྒྱ་མཚོས་བྱིན་བརླབས་པས༔ རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ༔ མིང་འདོགས་མཁན་བརྒྱུད་རྡོ་རྗེའི་མིང༔ དཔེ་སྤྱད་དངོས་བརྒྱུད་བྱིན་བརླབས་པའི༔ པདྨ་ཀུན་སྐྱོང་གླིང་པ་ཞེས་བྱ་བ༔ ཉམས་དངོས་ཁྲིད་བཏབ་སྙན་བརྒྱུད་ལ༔ བདུད་ཀྱི་བར་ཆད་མ་བྱུང་ན༔ སྤྲུལ་སྐུ་དང་འཕྲད་རྟོགས་གྲོལ་འགྲོ༔ ཆོས་འདིས་སྨིན་ཅིང་གྲོལ་བར་བྱེད༔ བྱང་ཕྱོགས་བསྟན་པ་དར་རྒྱས་འགྱུར༔ ལྷག་མེད་དག་ཀྱང་འགྲོ་བར་སྲིད༔ སྙིང་གི་ཐིག་ལེ་འགྲོ་དོན་ཆེ༔ ྈྈྈྈྈྈྈྈ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ཨེ་མ་ཧོ༔ རྟོགས་ལྡན་དྷརྨ་ཤཱི་ལ་ཁྱོད༔ སྐྱེ་བ་སུམ་ཅུར་འགྲོ་དོན་བྱེད༔ སྐྱེ་མཐའ་ཤེས་རབ་ཅན་གྱི་མིང༔ གཏེར་གནས་འདི་ནས་ལྷོ་ནུབ་ན༔ བྱང་ཁམས་ལྡན་པ་མི་ཡི་ཚོགས༔ དཀར་པོའི་ཆོས་ལ་འཕྲོ་སད་ནས༔ ཨོ་རྒྱན་སྤྲུལ་པ་ཤེས་དབང་ཁྱོད༔ རྣལ་འབྱོར་ལམ་རིམ་ལ་སོགས་པ༔ ཟབ་ཆོས་འགའ་ཡར་ཉམས་སུ་ལོངས༔ ཡུལ་ནི་ཡར་ཕྱོགས་ཟ་ཡི་འབྲོག༔ ཞང་རིགས་སྤྲེལ་སྦྲུལ་རྟོགས་པ་ཅན༔ མི་ཡི་ལོ་གྲངས་བརྒྱ་ཕྲག་སྡོད༔ རིགས་ལྔའི་རྟགས་ནི་གཡས་ན་འཆང༔ ཧེ་རུ་ཀ་ཡི་རྟགས་ལྔ་གཡོན་ན་འཆང༔ གྲིབ་གནོན་བུད་མེད་རྐྱེན་བྱས་ནས༔ དབང་པོ་འགྲིབ་བམ་སྐྱོན་ཅན་སོང༔ ལུས་ལ་ཤ་མཚན་ལྦ་སྨེས་བརྒྱན༔ ཨོ་རྒྱན་ང་ལ་སྙིང་ནས་མོས༔ བཻ་རོའི་སྤྲུལ་སྣང་དངོས་འཕྲལ་སད༔ སྤྲུལ་སྐུའི་འགྲོ་དོན་དེ་ཡིས་སྤེལ་བར་བྱེད༔ སྔོན་གྱི་དམ་ཚིག་འབྲལ་མི་ཕོད༔ འཁོར་བའི་སེམས་ཅན་མ་ཟད་བར༔ ཐུགས་ཀྱི་གཏེར་ལ་ལོངས་སྤྱོད་ཕྱིར༔ བརྒྱུད་པའི་བུ་བཞིས་དར་མདུང་འཛུགས༔ སངས་རྒྱས་་་འོད་གསལ།བྱང་ཆུབ་རིན་ཆེན་དཔལ༔ ཡོན་ཏན་་་བཀྲ་ཤིས།ཕ་ལ་པྲཛྙཱ་འབྱིན༔ ཀུན་དགའི་་་པདྨ།མིང་ཅན་བྱང་ཆུབ་སེམས༔ འབྲེལ་ཚད་དོན་ལྡན་མཁའ་སྤྱོད་དུ༔ མཁའ་འགྲོས་བསུ་ཞིང་འགྲོ་བར་བྱེད༔ དེ་དུས་དར་ཞིང་རྒྱས་པ་སྟེ༔ ྈྈྈྈ འཛོམ་ཡིག་བཞི་རུ་བུ་བརྒྱད་འབྱུང༔ ཉེ་བའི་བུ་མོ་གཅིག་ལ་སོགས༔ ཉེར་གཅིག་ལ་སོགས་གུས་པས་བསྟེན་པའི་དུས༔ དེ་ལ་ལྷག་མ་མེད་པར་གཏོད༔ དེ་ཡིས་འཛམ་གླིང་ཆོས་འདིས་ཁྱབ༔ འགྲོ་དོན་འབྱུང་བར་འུར་ཞིང་འགྱུར༔ ཅེས་ཤོག་སེར་རྣམས་བཻ་རོའི་ཕྱག་ཏུ་གཏད༔ ལྡན་མ་རྩེ་མང་དང༔ དྷརྨ་ཤཱི་ལའི་མགོ་ཐོག་ཏུ་བཞག་སྟེ༔ ལུང་བསྟན་གཏད་རྒྱ་དང་བཅས་ནས་བཀའ་གཏད་དོ༔ ྈྈྈྈྈྈྈྈྈ གཏད་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ཨེ་མ་ཧོ༔ བཻ་རོའི་སྙན་བརྒྱུད་ས་སྟེང་དཀོན་པའི་ཆོས༔ བདག་ནི་ལས་ཀྱི་འཕྲོ་སད་མི་རུ་སྐྱེས༔ ཆིག་བརྒྱུད་ཡང་ཡང་མྱོང་བ་སྙིང་པོའི་དོན༔ བོད་ཕྲུག་མཁས་པ་བཻ་རོ་ཙ་ན་ངས༔ གཅིག་གིས་གཅིག་གཏད་གཅིག་ལ་བཤད་པ་འདི༔ ཡི་གེ་མེད་ཀྱང་ཕྱི་རབས་དོན་ཉིད་དུ༔ སློབ་དཔོན་ཉིད་ལ་ཡང་ཡང་ནན་གྱིས་ཞུས༔ རྫོགས་པར་གཏན་ཕབ་འཛོམ་ཡིག་དག་དང་བཅས༔ ཨོ་རྒྱན་ལུང་བསྟན་མ་ཚོར་མཚོ་བྲག་ཏུ༔ ཆོས་འབྱུང་སྒྲོམ་བུ་རིན་ཆེན་ཁ་བད་ཅན༔ རིམ་པ་བདུན་དུ་རྒྱས་གདབ་ཚགས་དམ་སྦས༔ ཀླུ་དང་གཟའ་བདུད་རྡོ་རྗེ་འབར་བ་ཡིས༔ དུས་ལ་མ་བབས་བར་དུ་ཐུབ་པར་སྲུངས༔ མ་གཏང་ཐུབ་པར་སྲུངས་ཤིག་ས་མ་ཡ༔ དུས་ལ་བབས་ཚེ་སྐྱེས་བུའི་ལག་ཏུ་གཏོད༔ ལས་འཕྲོ་མེད་པས་རྔམས་ན་རྔམས་ཟས་གྱིས༔ ཟབ་ལ་རྒྱ་ཆེའི་ཆོས་མང་གི༔ ཟླ་གསུམ་སངས་རྒྱས་འདི་འདྲ་དཀོན༔ ཀ་དག་ཐེག་པའི་ཡང་རྩེ་མཆོག༔ བློན་འབངས་རྒྱལ་པོ་ལ་སོགས་པས༔ བདག་ཉིད་ཚ་བ་རོང་དུ་སྤྱུགས༔ སྙིང་སྐྲན་ཁོང་བཅུག་འདི་མ་བསྟན༔ སེམས་སྡེ་ཀློང་སྡེ་མན་ངག་སྡེ༔ བླ་མེད་ཐེག་པ་ལ་སོགས་པ༔ ཨ་ཏི་འབུམ་ཕྲག་དྲུག་ཅུ་ཤེས༔ སྐད་རིགས་ཡིག་རིགས་མི་གཅིག་པ༔ ཉི་ཤུ་རྩ་ལྔ་བསྡུས་ཆོག་ཤེས༔ མོ་སྨན་རྩིས་བོན་མཐའ་རྟེན་ནས༔ མདོ་སྔགས་ཡང་ཟབ་མང་པོ་བསྒྱུར༔ འདི་ཉིད་ལྡན་མ་རྩེ་མང་དང༔ དྷརྨ་མ་གཏོགས་མ་སྤེལ་ལོ༔ དུས་ངན་བཞི་བཅུ་ཁ་རལ་དུས༔ ཨུ་རྒྱན་བསྟན་པ་ནུབ་ཁའི་དུས༔ ཟོག་པོ་འཆོལ་བར་སྤྱོད་པའི་དུས༔ པདྨ་བདག་ལ་ཁ་འཕངས་ནས༔ ཆོས་མིན་བྱ་བས་བསླུ་བའི་དུས༔ དེ་དུས་པདྨས་བྱིན་བརླབས་པའི༔ སྤྲུལ་པ་གཅིག་དང་ཕྲད་པར་ཤོག༔ ྈྈྈྈྈྈྈ ྈྈྈྈྈ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ༈ ཨེ་མ་ཧོ༔ གཏེར་ཆོས་ཟབ་མོ་འདི་ཉིད་ནི༔ རྒྱལ་བ་དགོངས་པའི་བརྒྱུད་པ་ཚང༔ རིག་འཛིན་བརྡ་ཡི་བརྒྱུད་པ་ཚང༔ གང་ཟག་སྙན་བརྒྱུད་འདི་ལ་ཚང༔ ཐུགས་རྗེ་བྱིན་རླབས་བརྒྱུད་པ་ཚང༔ མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་ཚང༔ ལས་འཕྲོ་གཏེར་གྱི་བརྒྱུད་པ་ཚང༔ དགོངས་པས་བརྒྱུད་པས་དགོངས་བརྒྱུད་ཡིན༔ བརྡ་རུ་བརྒྱུད་པས་བརྡའ་བརྒྱུད་ཡིན༔ རྣ་བར་ཐོས་པས་སྙན་བརྒྱུད་ཡིན༔ ཐུགས་ལ་གསལ་བས་ཐུགས་གཏེར་ཡིན༔ ཞལ་ནས་ཕྱུང་པས་བཀའ་མ་ཡིན༔ གཅིག་གིས་གཅིག་ལ་ཐུགས་བཅུག་པས༔ བྱིན་རླབས་ཐུགས་རྗེའི་བརྒྱུད་པ་ཡིན༔ ཐོས་པས་ཐམས་ཅད་གྲོལ་བར་ངེས༔ དགོངས་ཚིག་གཅིག་ནས་གཅིག་ལ་གཏད༔ འདི་ཟབ་ཆོས་ཀུན་ཉིང་ཁུ་ཡིན༔ ཨོ་རྒྱན་བཻ་རོས་བཀའ་སྲུང་ལ༔ སྨོན་ལམ་བཏབ་ནས་བཀའ་ལུང་གཏད༔ སྨོན་ལམ་དབང་བསྐུར་བརྒྱུད་པ་ཚང༔ དགའ་རབ་རྡོ་རྗེས་ཨོ་རྒྱན་ཉིད་ལ་གཏད༔ ཨོ་རྒྱན་མཁན་པོ་པདྨ་འབྱུང་གནས་ཀྱིས༔ བཻ་རོ་རྗེ་འབངས་ཉི་ཤུ་རྩ་ལྔར་གཏད༔ རྗེ་འབངས་རྒྱ་མཚོ་བདག་རྣམས་ཀྱིས༔ བྱིན་རླབས་སྤྲུལ་པ་གཅིག་ལ་གཏད༔ བདག་གིས་མཁའ་འགྲོའི་སྲུང་མ་རྣམས་ལ་གཏད༔ སྲུང་མ་རྣམས་ཀྱིས་ལྔ་ལྡན་བུ་ཡི་མཆོག༔ ཐུགས་ཀྱི་གཏེར་བདག་རྡོ་རྗེའི་མིང་ཅན་དེ་ལ་གཏོད༔ དེས་ཀྱང་སྐྱེད་བྲག་འཁར་བའི་རྡོ་རྗེ་རཱ་ཧུ་ལ༔ མདའ་གང་པ་གཅིག་ཏུ་བཅུག་ནས༔ ཨོ་རྒྱན་གྱི་ལུང་བསྟན་ཕྱི་ནང་གསང་གསུམ་འདུག་པས༔ ཨོ་རྒྱན་པདྨ་བཻ་རོ་ཙ་ན་དང༔ རྗེ་འབངས་ཉི་ཤུ་རྩ་ལྔས་བྱིན་གྱིས་བརླབས་པ་ཡི༔ སྤྲུལ་པ་མཆོག་སྤྲུལ་གཅིག་དང་འཕྲད་པར་ཤོག༔ མིང་ཡང་པདྨ་རྒྱལ་པོར་མིང་བཏགས་ཤིང༔ གསང་མཚན་པདྨ་ཀུན་སྐྱོང་གླིང་པ་དང་འཕྲད་པར་ཤོག༔ གཏེར་སྟོན་དེ་ཡིས་ལུང་བསྟན་བུ་ལ་གཏོད༔ དེས་ཀྱང་གསང་ཞིང་གཏེར་སྲུང་མཁའ་འགྲོ་མཆོད༔ ཚོགས་འཁོར་བརྒྱ་རྩ་ཐོངས་ལ་སྤེལ༔ བརྒྱུད་པ་ཐམས་ཅད་རྫོགས་པ་ཡི༔ ཟབ་མོའི་དམ་ཆོས་འདི་ཉིད་དང༔ སུ་འཕྲད་གདོད་མར་གྲོལ་བར་ངེས༔ གཅིག་བརྒྱུད་ཡིན་པས་སྤེལ་མི་བྱ༔ གསང་ན་སླར་ཡང་དར་ཆ་ཆེ༔ ྈྈྈྈྈྈྈ ྈྈྈྈ སྨོན་ལམ་བཏབ་ཅིང་ལས་ཀྱི་ས་བོན་བཏབ་ཚུལ་གཏེར་གནས་དྲུང་དུ་འོང༔ ཨེ་མ་ཧོ༔ སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ༔ མཁའ་འགྲོའི་ཚོགས་འཁོར་བསྐོར་བའི་དུས༔ བདག་འདྲ་ཨ་ཙ་ར་ས་ལེ་ཡིས༔ གཏེར་གནས་དྲུང་དུ་སྨོན་ལམ་བཏབ༔ སློབ་དཔོན་ལོ་ཙཱའི་སྤྲུལ་པ་ཉིད༔ ཨོ་རྒྱན་ཐུགས་ཀྱི་བཀའ་བབས་ཏེ༔ ཟབ་ཆོས་གཏེར་འདི་སྤེལ་བའི་ཚེ༔ བུ་ཆེན་བཅུ་དྲུག་གཅིག་སྐྱེས་ནས༔ འཁོར་གྱི་ཐོག་མར་བཀའ་བབས་ཤིང༔ རང་ནོར་རང་ལོངས་སྤྱོད་པར་ཤོག༔ སེམས་ཅན་སྨིན་གྲོལ་འགོད་པར་ཤོག༔ དེ་བཞིན་བུ་ཆེན་བཅུ་དྲུག་གིས༔ ཆོས་བདག་རེ་རེར་སྨོན་ལམ་བཏབ༔ ྈྈྈྈྈྈྈ གཏེར་གནས་རེ་རེའི་དྲུང་དུ༔ བུ་ཆེན་རེ་རེས་སྨོན་ལམ་བཏབ་ཚུལ་འདི་རྣམས་སོ༔ ནམ་ཞིག་འདི་ལ་སྤྱོད་པའི་དུས༔ ཆོས་ཕྱིར་དཀའ་བ་སྤྱད་ནུས་པ༔ ཅི་ཡོད་ཆོས་ཕྱོགས་གཏོང་ནུས་པ༔ དམ་ཚིག་གཙང་ཞིང་སྙིང་རྗེ་ཆེ༔ འགྲོ་ཀུན་འདྲེན་པར་བདག་གྱུར་ཅིག༔ ྈྈྈྈྈྈྈྈྈ ཨེ་མ་ཟབ་ཆོས་སྙིང་གི་ཐིག་ལེ་འདི༔ རྒྱུད་ལས་གང་གསུངས་བུ་མཆོག་ནི༔ གསུམ་ལས་མང་ན་བཀའ་ཆད་འོང༔ ལོ་གསུམ་བརྟག་པ་གྱིས་ལ་སྤེལ༔ ལྔ་ལྡན་བུ་ཡི་དཔལ་དུ་ཤོག༔ དམ་ཉམས་ཁྲམ་པ་གཡོ་སྒྱུ་མཁན༔ ཁ་སྤྱང་དྲེད་པོ་གཡོ་སྒྱུ་མཁན༔ ཁ་ཡང་གཏིང་ཐུག་ཀླད་མེད་ལ༔ འདི་བྱིན་བསྟན་བླ་རིན་མེད་བཙོང༔ མཁའ་འགྲོ་རྣམས་ཀྱི་བཀའ་ཆད་འོང༔ གསེར་གྱི་མཎྜལ་བརྒྱ་འབུལ་དང༔ སྒྲུབ་པ་ལོ་ཟླར་འབུལ་བ་དང༔ ཚོགས་འཁོར་བརྒྱ་རྩ་མེད་པ་ལ༔ གསེར་ཆོས་ཡིན་པས་དམ་པར་བྱ༔ འདི་ཉིད་མཁའ་འགྲོའི་བཀའ་གཏད་དང༔ གཏེར་འབྱིན་ཆོས་བཀའ་འབྱེད་དུས་སུ༔ མཁའ་འགྲོ་རྣམས་ཀྱིས་ལུང་བསྟན་འོང༔ འདི་ཡི་ཆོས་བཀའ་ཞལ་ཕྱེ་བས༔ སངས་རྒྱས་བསྟན་པ་སུམ་ཅུར་བསྲིང༔ ཧོར་དམག་མུ་གེའི་ནད་ཡམས་ཞི༔ ས་ཕྱོགས་ཡུལ་སྡེ་ལོ་ཕྱུགས་ལེགས༔ བཀྲ་ཤིས་རྟགས་ནི་མང་དུ་འབྱུང༔ དང་པོར་འདུས་པའི་འཁོར་སློབ་ནི༔ ཁྱི་ཕག་ཡིན་ཡང་བདེ་ཆེན་ཞིང་དུ་འགྲོ༔ ྈྈྈ ྈྈ ས་རྟགས་ཐམས་ཅད་ཤར་བའི་དུས༔ བར་ཆད་ཀུན་ལ་འཛེམ་པར་བྱ༔ ཤོག་སེར་དམ་རྫས་མ་ལུས་ཀུན༔ དངོས་གྲུབ་ལོངས་ལ་གཏེར་དུ་སྦོས༔ ལོ་གསུམ་དབེན་སར་རང་ཉམས་ལོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དམ་རྒྱ༔ བཀའ་རྒྱ༔ ཨེ་མ་མངའ་བདག་བཻ་རོའི་སྤྲུལ་པ་དེ་ལ༔ རྒྱལ་བ་དགོངས་བརྒྱུད༔ རིག་འཛིན་བརྡ་བརྒྱུད༔ མིང་འདོགས་མཁན་བརྒྱུད་ཀུན་སྐྱོང་གླིང༔ ཉམས་དངོས་ཁྲིད་བཏབ་སྙན་བརྒྱུད་དང༔ མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་དང༔ ཚིག་བརྒྱུད་ཤོག་སེར་བརྒྱུད་པ་དང༔ བཀའ་བབས་བྱིན་རླབས་བརྒྱུད་པ་དང༔ ཉམས་ལེན་མཐར་ཐུག་བརྒྱུད་པ་དང༔ ཐམས་ཅད་དུས་མཉམ་གཅིག་ཏུ་སྦྱོར༔ འདི་ཉིད་རྟོགས་གྲོལ་དུས་གཅིག་འབྱུང༔ སྦས་པའི་གཏེར་ཁ་བརྒྱ་རྩ་འབྱེད༔ དགོངས་གཏེར་རྡོ་རྗེ་སེམས་དཔའི་རྒྱུད༔ བསྟན་པ་ཀུན་གྱི་ཡང་བཅུད་མཆོག༔ སྐལ་ལྡན་རེག་པ་དོན་དང་ལྡན༔ ཨོ་རྒྱན་ཐུགས་སྲས་དངོས་དང་སྤྲོད༔ ས་མ་ཡ་རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ བཀའ་རྒྱ༔ ལུང་རྒྱ༔ མེ་ལོང་ལྟ་བུའི་ལུང་བསྟན་མཆོག །ཕྱི་ནང་མ་བསྒྲིབས་ཀུན་ཏུ་གསལ། །རྗེས་འཇུག་ལུང་བསྟན་ངེས་ཤེས་འདྲོང་། །གསལ་བའི་ལྡེ་མིག་ངོ་མཚར་ཆེ། །སྤྲུལ་སྐུ་ཀུན་སྐྱོང་གླིང་པས་སྐྱེ་བྲག་ནས་གདན་དྲངས་པའོ། །ྀཨཚ།༄༅༔ རྡོ་རྗེ་སེམས་དཔའི་སྙིང་ཐིག་ལས༔ ཡེ་ཤེས་སྤྲོས་བཅས་དང་སྤྲོས་མེད་ཀྱི་དབང་བཞུགས་སོ༔ ྈྈྈྈྈ ྈྈྈྈ རྒྱ་གར་སྐད་དུ༔ བཛྲ་སཏྭ་ཏི་ལ་ཨ་བྷི་ཥིཉྩ་ནཱ་མ༔ བོད་སྐད་དུ༔ ཨ་ཏི་ཡང་རྩེ་ཐེག་པའི་ཡང་བཅུད་ཀྱི་དབང་ཞེས་བྱ་བ༔ བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ ཕྱོགས་སུ་མ་ལྷུང་བ༔ མ་བསྒོམ་པར་སངས་རྒྱ་བ༔ རྒྱུད་ཐམས་ཅད་ཀྱི་རྩ་བ༔ ལུང་ཐམས་ཅད་ཀྱི་མཛོད༔ མན་ངག་ཐམས་ཅད་ཀྱི་ཉིང་ཁུ༔ གསང་བ་ལས་ཀྱང་ཡང་གསང་བ༔ རྡོ་རྗེ་སེམས་དཔའ་མ་འཁྲུལ་པའི་དགོངས་པ༔ འཁོར་བ་དོང་སྤྲུགས་སུ་ངོ་སྤྲད་པ༔ བསྟན་པ་ཐམས་ཅད་ཀྱི་ཡང་བཅུད༔ ཕྱི་ནང་གསང་བ་གསུམ་གྱི་ཡང་བཅུད༔ སྐུ་གསུམ་སྟོན་པའི་མེ་ལོང༔ འདིའི་དབང་བསྐུར་བསྟན་པ་ནི༔ དབེན་གནས་དགའ་བའི་གནས་མཆོག་ཏུ༔ རྒྱུད་ནས་གསུངས་པ་ཇི་བཞིན་དུ༔ བླ་མ་མཚན་ཉིད་དང་ལྡན་པ་དང༔ སློབ་མ་དམ་ཚིག་དང་ལྡན་པ་ནི༔ གསུམ་མམ་ལྔའམ་བདུན་ལ་སོགས་པ་ལ༔ སྤྲོས་བཅས་དང་ནི་སྤྲོས་མེད་དང༔ ཤིན་ཏུ་སྤྲོས་མེད་རབ་ཏུ་སྤྲོས་མེད་དང༔ དབང་བཞི་རིམ་པར་བསྐུར་བར་བྱ༔ དེ་ལ་གསུམ་སྟེ༔ སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པའོ༔ དེ་ལ་སྔོན་དུ་འགྲོ་བ་ནི༔ རྒྱུད་ལས༔ གཏོར་ཚོགས་མཐུན་རྐྱེན་ཚོགས་པར་བསགས༔ ཁྲུས་བྱས་སྐྱབས་སོང་མཎྜལ་འབུལ༔ ཞེས་པས༔ མཎྜལ་པདྨ་འདབ་བརྒྱད་དཔེའུ་ཆུང་ལྟར་བཤམས་ལ༔ མུ་ཁྱུད་འཇའ་ཚོན་རིས་སུ་བསྐོར་བའི་དབུས་སུ༔ རིན་པོ་ཆེའི་བུམ་པའམ་རྫ་བུམ་ཚད་དང་ལྡན་པ༔ གུ་གུལ་གྱི་དུད་པས་བདུག་ཅིང་བགེགས་བསྐྲད༔ སྨན་ལྔ༔ འབྲུ་ལྔ༔ སྙིང་པོ་ལྔ༔ རིན་པོ་ཆེ་ལྔ་ལ་སོགས་བུམ་རྫས་ཀྱིས་བཀང་སྟེ༔ ཁ་རྒྱན་དང་མགུལ་ཆིངས་སྣ་ལྔས་བརྒྱན་པ་གཞག་པར་བྱའོ༔ དེའི་གཡས་སུ་ཀ་པཱ་ལ་མཚན་དང་ལྡན་པའི་ནང་དུ་ཆང་བཟང་པོས་བཀང་ལ༔ ཨ་མྲྀ་ཏ་དང་མངར་གསུམ་བཏབ་ལ་གཞག༔ གཡོན་དུ་རྩ་བ་གསུམ་གྱི་གཏོར་མ་རྒྱན་དང་ལྡན་པ་གཅིག་བཟང་དུ་བཤམ༔ མདུན་དུ་རྨ་བྱའི་མདོངས་ཕོད་བཙུགས༔ གཞན་ཡང་ཕྱི་ནང་གསང་བའི་མཆོད་པ༔ མཁའ་འགྲོ་ཆོས་སྐྱོང་མཉེས་པའི་གཏོར་ཚོགས་རྒྱན་གྱིས་མཛེས་པ་བཤམ༔ ཡོལ་བ་དང་བླ་བྲེས་ལ་སོགས་པ་ཕྱི་ནང་གི་བཀོད་པས་མཛེས་པར་བཤམ༔ དེ་ནས་བླ་མ་ཉིད་ཁྲི་མཐོན་པོའི་ཁར་བཞུགས་ཏེ༔ ཏིང་ངེ་འཛིན་དང་ལྡན་པས་ལས་བུམ་གྱི་ཆུས་སློབ་མ་རྣམས་ལ་ཁྲུས་དག་པར་བྱས་ལ༔ བགེགས་བསྐྲད༔ སྐྱབས་སུ་འགྲོ་བ་དང༔ སེམས་བསྐྱེད་པ༔ ཐུན་མོང་བ་རྣམས་བྱས་ལ༔ ཕྲིན་ལས་ཀྱི་གཞུང་བསྲང་སྟེ༔ ཚོགས་ལ་རོལ་བར་བྱའོ༔ དེ་ནས་སློབ་མ་རྣམས་ལངས་ལ་ལག་ཏུ་མེ་ཏོག་ཐོགས་ཏེ༔ ཐོག་མར་ཞུ་བ་འདི་ལྟར་དུ་འབུལ་བར་བྱའོ༔ ཀྱེ་ཧོ༔ བླ་མ་དཀོན་མཆོག་ཡི་དམ་ལྷ༔ ལས་ཀྱི་རྡོ་རྗེ་དམ་ཚིག་ཅན༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ དད་མོས་ལྡན་པའི་སློབ་མ་ལ༔ ཡང་དག་སྨིན་བྱེད་དབང་བསྐུར་བཞི་རྫོགས་ཞུ༔ གྲོལ་བྱེད་རིག་པའི་ཡེ་ཤེས་བསྟན་དུ་གསོལ༔ ཞེས་ལན་གསུམ་བརྗོད་ནས༔ བླ་མས་འདི་སྐད་དོ༔ ཧོ༔ བུ་རྣམས་ལེགས་པར་གུས་པས་ཉོན༔ དམ་ཚིག་སྡོམ་པ་ཀུན་ཐུབ་བམ༔ སྙིང་པོའི་དོན་ནི་སྒོམ་ནུས་སམ༔ ཡང་དག་དོན་ལ་འཇུག་ནུས་སམ༔ ཞེས་པས་ལན་གསུམ་གསུམ་དྲི་བར་བྱའོ༔ སློབ་མས་འདི་སྐད་བརྗོད་པར་བྱ༔ འདི་ནས་གཟུང་སྟེ་བྱང་ཆུབ་བར༔ བླ་མས་ཅི་གསུང་སྒྲུབ་ནུས་ཤིང༔ ཡང་དག་དོན་ལ་འཇུག་པ་དང༔ སྙིང་པོའི་དོན་ནི་སྒོམ་ནུས་ལགས༔ ཞེས་དམ་བཅའ༔ དེ་ནས་སྐྱབས་འགྲོ་སེམས་སྐྱེད་སྡོམ་པ་འབོགས༔ བླ་མའི་དྲུང་དུ་སློབ་མ་རྣམས་ཙོག་པུར་འདུག་སྟེ༔ མདུན་གྱི་ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང༔ བླ་མ་ཡི་དམ་མཁའ་འགྲོ་རྣམས་བཞུགས་པར་བསྒོམ་སྟེ༔ མོས་ཤིང་གུས་པས་འདི་སྐད་དོ༔ ཨོཾ་ཨཱཿཧཱུྃ༔ རྐང་གཉིས་གཙོ་བོ་སངས་རྒྱས་དང༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་ཞིང་གྱུར་དགེ་འདུན་ལ༔ བདག་དང་འགྲོ་དྲུག་སྐྱབས་སུ་མཆི༔ བྱིན་རླབས་འབྱུང་བའི་བླ་མ་རྗེ༔ དངོས་གྲུབ་འབྱུང་བའི་ཡི་དམ་ལྷ༔ བར་ཆད་སེལ་བའི་མཁའ་འགྲོ་མ༔ བདག་དང་འགྲོ་དྲུག་སྐྱབས་སུ་མཆི༔ ཁྱབ་བརྡལ་ཆེན་པོ་ཆོས་ཀྱི་སྐུ༔ གསལ་མདངས་ཆེན་པོ་ལོངས་སྤྱོད་རྫོགས༔ སྣ་ཚོགས་འཛིན་གྲོལ་སྤྲུལ་པའི་སྐུར༔ བདག་དང་འགྲོ་དྲུག་སྐྱབས་སུ་མཆི༔ ཧོ༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་དགོངས༔ འདི་ནས་བྱང་ཆུབ་མ་འཐོབ་བར༔ འགྲོ་དྲུག་མ་བུའི་འདུ་ཤེས་ཀྱིས༔ བྱང་ཆུབ་སྨོན་པའི་སེམས་བསྐྱེད་དོ༔ ཧོ༔ སྔོན་གྱི་རྒྱལ་བས་སྡོམ་བཟུང་ལྟར༔ དེང་ནས་འཁོར་བ་མ་སྟོངས་བར༔ མ་གྲོལ་སྒྲོལ་དང་མ་བསྒྲལ་བསྒྲལ༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ དེ་ནས་སྡོམ་པ་གཟུང་བ་ནི༔ ཧོ༔ དཀོན་མཆོག་གསུམ་བཟུང་མི་གཏང་ངོ༔ བླ་མ་ཡི་དམ་མི་སྤང་ངོ༔ སྐུ་གསུམ་ཉིད་དང་འབྲལ་མི་བྱ༔ རང་སེམས་གཙང་མར་དཔང་འཛུག་གོ༔ དེ་ནས་མཎྜལ་འབུལ་བ་ནི༔ མཎྜལ་གྱི་ཚོམ་བུ་རྣམས་བཀོད༔ སློབ་བུ་རྣམས་ཀྱིས་ཚིག་འདིས་འབུལ༔ ཨེ་མ་ཧོ༔ ཕྱི་ནང་སྣོད་བཅུད་འཇིག་རྟེན་ཞིང་ཁམས་སུ༔ དངོས་འབྱོར་ཡིད་སྤྲུལ་བླ་མེད་མཆོད་པའི་རྫས༔ རང་སྣང་དག་པས་བཤམས་པའི་མཎྜལ་འདི༔ སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་འབུལ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་འབུལ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ་འབུལ༔ བདག་སོགས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས༔ སྐུ་གསུམ་ལྷུན་གྲུབ་འབྲས་བུ་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ༔ ཞེས་ལན་གསུམ་འབུལ༔ བྱིན་དབབ་པ་ནི༔ རྡོ་རྗེ་སེམས་དཔའ་དང༔ ཨོ་རྒྱན་ཡབ་ཡུམ་གྱི་ལྷ་ཚོགས༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཁྲ་དཔུང་ངེ་འཐིབས་སེ་བཞུགས་པར་བསྒོམས་ལ༔ རོལ་མོའི་སྒྲ་དང་བཅས་ཏེ༔ རིག་པ་ནམ་མཁའི་དབྱིངས་སུ་འཕང་ཞིང༔ ཤེས་པ་གཟེངས་བསྟོད་ལ༔ སྤོས་དང་རོལ་མོ་དང༔ གླུ་གར་རུས་རྒྱན་ལ་སོགས་འཆམས་པར་བྱའོ༔ དེ་ནས་མནའ་ཆུ་བླུད་པ་ནི༔ ཧཱུྃ༔ དམ་ཚིག་བདུད་རྩིའི་ཆུ་འདི་ཉིད༔ ཁྱེད་ལ་སྦྱིན་གྱིས་ཐུབ་པར་སྲུངས༔ ཉམས་ན་དམྱལ་བའི་རྒྱུ་ཡིན་ཏེ༔ ཐུབ་ན་ཡོན་ཏན་བསམ་མི་ཁྱབ༔ དེས་ན་དམ་སྲུངས་ཆུ་འདི་འཐུངས༔ ས་མ་ཡ་ཨ་མྲྀཏ་ཧཱུྃ༔ སློབ་མས་ཁས་བླངས་པ༔ ཧོ༔ ཇི་ལྟར་ཁས་བླངས་དམ་བཅས་ལྟར༔ སྲོག་ཕྱིར་མི་གཏང་ན་ར་ཀན༔ བསྐལ་པ་ཞིག་ཀྱང་གཏང་རེ་ཤི༔ ཞེས་བརྗོད་དོ༔ གཉིས་པ་དབང་བསྐུར་བ་དངོས་གཞི་ལ༔ རྒྱུད་ལས༔ སྔོན་འགྲོའི་རིམ་པ་རྫོགས་ནས་ནི༔ དེ་ནས་དངོས་གཞིའི་རིམ་པ་བསྟན༔ སྤྲོས་བཅས་བུམ་དབང་ལུས་ལ་བསྐུར༔ ཞེས་པས༔ དབུས་ཀྱི་བུམ་པ་དེ་ཉིད༔ དཀོན་མཆོག་གསུམ་དུ་གསལ་བའི་མཛོད་སྤུ་ནས་འོད་ཟེར་བྱུང་སྟེ་སློབ་བུའི་ལུས་ལ་ཐིམ་པས༔ ལུས་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག༔ སྐུ་བུམ་དབང་ཐོབ་པའི་མོས་པ་བྱས་ལ༔ བུམ་པ་སྤྱི་བོར་བཞག་ནས༔ ཨོཾ༔ དཀོན་མཆོག་གསུམ་གྱི་དབང་བསྐུར་ནི༔ བུམ་པ་འདི་ལ་བརྟེན་ནས་མཛད༔ བུམ་པ་ཡེ་ཤེས་གཞལ་ཡས་ཁང༔ ཕྱི་ནང་མེད་པར་ཟང་ཐལ་སྐུ༔ དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱིས༔ ལུས་ཀྱི་སྡིག་པ་དག་གྱུར་ནས༔ བསྐྱེད་རིམ་ལྷ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་སཏྭ་ཨ་བྷི་ཥིཉྩ་ཨོཾ་ཨོཾ༔ ཞེས་བུམ་ཆུ་ཁར་བླུད༔ བུམ་པ་གནས་གསུམ་དུ་གཞག༔ དེས་ལྷའི་སྐུ་སྒོམ་པའི་སྐལ་བ་ལ་དབང༔ བསྐྱེད་པ་མ་ཧཱ་ཡོ་གའི་དབང་ཐོབ་པ་ཡིན་ནོ༔ དེ་ནས་བླ་མ་ཡོན་གྱིས་མཉེས་པར་བྱའོ༔ དེ་ནི་སྤྲོས་བཅས་བུམ་པའི་དབང་ངོ༔ ྈྈྈྈ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ྈྈྈྈྈྈྈ གཉིས་པ་སྤྲོས་མེད་ཀྱི་དབང་བསྐུར་ནི༔ རྒྱུད་ལས༔ སྤྲོས་མེད་གསང་དབང་ངག་ལ་བསྐུར༔ ཞེས་པས༔ གོང་ལྟར་ཚོགས་གཏོར་དང༔ ཞུ་བ་འབུལ་བ་དང༔ དམ་ཚིག་མནའ་ཆུ་བླུད་པ་ཡན་ཆད་སྔོན་དུ་སོང་ནས༔ དངོས་གཞི་བྷནྡྷ་བདུད་རྩིས་བཀང་པ་དེ་ཉིད༔ རྩ་བ་གསུམ་གྱི་ལྷ་ཚོགས་ཡབ་ཡུམ་སྡེ་དང་བཅས་པར་བསམ་ལ༔ མགྲིན་པར་བཞག་སྟེ༔ རྩ་བ་གསུམ་དུ་གསལ་བའི་ལྗགས་ལས་འོད་ཟེར་བྱང་སེམས་དཀར་དམར་གྱི་ཚུལ་དུ་བབས༔ ངག་ལ་ཐིམ་པས་ངག་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག༔ གསུང་གི་དབང་ཐམས་ཅད་ཐོབ་པར་མོས་པ་བྱས་ཏེ༔ ཨཱ༔ རྩ་བ་གསུམ་གྱི་དབང་བསྐུར་ནི༔ བདུད་རྩི་འདི་ལ་བརྟེན་ནས་མཛད༔ ཐོད་པ་ཡེ་ཤེས་གཞལ་ཡས་ཁང༔ ཕྱི་ནང་མེད་པ་ཟང་ཐལ་སྐུ༔ རྩ་བ་གསུམ་གྱི་བྱིན་གྱིས་བརླབས༔ ངག་གི་སྒྲིབ་པ་དག་གྱུར་ནས༔ བཟླས་བརྗོད་སྔགས་ཀྱི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་སཏྭ་ཨ་བྷི་ཥིཉྩ་ཨཱཿཨཱ༔ ཞེས་བདུད་རྩི་ལྕེ་ལ་གཞག༔ དེས་སྙིང་པོ་བཟླས་པའི་སྐལ་བ་དང་ལྡན༔ ལུང་ཨ་ནུ་ཡོ་གའི་དབང་ཐོབ་པ་ཡིན་ནོ༔ བླ་མ་ཡོན་གྱིས་མཉེས་པར་བྱས༔ དེ་ནི་སྤྲོས་མེད་གསང་བའི་དབང་ངོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ྈྈྈ ྈྈྈ ྈྈྈྈྈ གསུམ་པ་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི༔ རྒྱུད་ལས༔ ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི༔ དབང་མཆོག་སེམས་ལ་བསྐུར་བར་བྱ༔ ཞེས་པས༔ གཏོར་ཚོགས་འབུལ་བ༔ ཞུ་བ་འབུལ་བ༔ མནའ་ཆུ་བླུད་པ་ཡན་ཆད་ཀྱི་སྔོན་འགྲོ་རྣམས་སྤྲོས་བཅས་ཀྱི་སྐབས་ལྟར་བྱས་ལ༔ དངོས་གཞི་ནི༔ གཏོར་མ་རྒྱན་དང་ལྡན་པ་དེ་ཉིད༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་རྟགས་སུ་གསལ་བས༔ སྐུ་གསུམ་གྱི་ལྷ་ཚོགས་སྣང་ལ་རང་བཞིན་མེད་པའི་ཐུགས་ཀ་ནས་ཡེ་ཤེས་ལྔ་ལྡན་གྱི་འོད་ཟེར་བྱུང་སྟེ༔ རང་གི་སྙིང་ག་ལ་ཐིམ་པས་ཡིད་ཀྱི་སྒྲིབ་པ་ཐམས་ཅད་དག༔ ཐུགས་ཀྱི་དབང་ཐམས་ཅད་ཐོབ༔ ཡེ་ཤེས་རང་གསལ་དོན་ཐམས་ཅད་རྒྱུད་ལ་སྐྱེས་པར་བསམ༔ གཏོར་མ་སྙིང་ཁར་བཞག་སྟེ༔ ཧཱུྃ༔ སྐུ་གསུམ་རྫོགས་པའི་དབང་བསྐུར་ནི༔ གཏོར་མ་འདི་ལ་བརྟེན་ནས་མཛད༔ གཏོར་སྣོད་རྣམ་དག་ཆོས་ཀྱི་སྐུ༔ གཏོར་མ་འདོད་ཡོན་ལོངས་སྤྱོད་རྫོགས༔ སྣ་ཚོགས་རྒྱན་ལྡན་སྤྲུལ་པའི་སྐུ༔ སྐུ་གསུམ་ཡོངས་རྫོགས་བྱིན་བརླབས་པས༔ སེམས་ཀྱི་སྒྲིབ་པ་དག་གྱུར་ནས༔ སྟོང་གསལ་རྫོགས་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་སཏྭ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ ཞེས་གཏོར་མ་སྙིང་ཁར་ལན་གསུམ་གཏུགས༔ རྫོགས་རིམ་སྒོམ་པའི་སྐལ་བ་དང་ལྡན་ཞིང༔ རྫོགས་པ་ཆེན་པོ་ཨ་ཏིའི་དབང་ཐམས་ཅད་ཐོབ་པ་ཡིན་ནོ༔ བླ་མ་ཡོན་གྱིས་མཉེས་པར་བྱ༔ དེ་ནི་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈ ྈྈྈྈྈྈྈ བཞི་པ་རབ་ཏུ་སྤྲོས་མེད་རིག་པའི་རྩལ་དབང་ནི༔ རྒྱུད་ལས༔ རབ་ཏུ་སྤྲོས་མེད་རྩལ་གྱི་དབང༔ ཅིར་སྣང་དག་པར་བསྐུར་བར་བྱ༔ ཞེས་གསུངས་པས༔ གཏོར་ཚོགས་འབུལ་བ༔ ཞུ་བ་འབུལ་བ་དང་མནའ་ཆུ་བླུད་པ་ཡན་སྔོན་འགྲོ་རྣམས་སྤྲོས་བཅས་ཀྱི་སྐབས་ལྟར་བྱས་ལ༔ དངོས་གཞིར་རྨ་བྱའི་མདོངས་བསྟན་ཏེ༔ ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་སྐུ་ཡི་རང་མདངས་ལས༔ ཁ་དོག་སྣ་ཚོགས་སྟོན་མཛད་པ༔ ལུ་གུ་རྒྱུད་ཀྱི་ངོ་བོ་ཉིད༔ དེ་ཡི་རྟགས་སུ་རྨ་བྱ་འདི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཆོས་དབྱིངས་སྦུབས་སུ་སངས་རྒྱས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ནམ་མཁའ་དྭངས་པའི་ཕྱོགས་སུ་རྨ་བྱ་བསྟན་ནས༔ མིག་འབྲས་མ་ཡེངས་པར་དེར་འཛིན་མེད་པར་སལ་ལེ་ཞོག་ཅིག༔ ཅེས་བརྗོད༔ དེས་རྫོགས་པ་ཆེན་པོ་བླ་ན་མེད་པ་སྒོམ་པའི་སྐལ་བ་དང་ལྡན༔ རྫོགས་པ་ཆེན་པོ་བླ་ན་མེད་པའི་དབང་ཐམས་ཅད་ཐོབ་པ་ཡིན་ནོ༔ དེའང་རྒྱུད་ལས༔ དེ་ཡིས་དབང་མཆོག་མ་ལུས་ཐོབ༔ གསང་སྔགས་འཆང་བའི་སྣོད་དུ་རུང༔ དགའ་སྟོན་བྱ་ཞིང་ཚོགས་ཀྱི་འཁོར་ལོ་བསྐོར༔ ཞེས་གསུངས་སོ༔ བླ་མ་མཁའ་འགྲོ་ཆོས་སྐྱོང་མཉེས་པའི་ཚོགས་འཁོར་དང༔ དགའ་སྟོན་ཆེན་པོ་བྱ༔ བླ་མ་དེ་ལ་བཞེད་པ་མེད་ཀྱང༔ ཡོན་གྱིས་མཉེས་པར་བྱས་ཏེ༔ བུ་དང་བུ་མོ་ཆུང་མ་ནོར་བུ་ལ་སོགས་མཁོ་བའི་ཡོ་བྱད་ཀུན་གྱིས་མཉེས་པར་བྱ་སྟེ༔ དེ་ནི་རབ་ཏུ་སྤྲོས་མེད་རིག་པ་རྩལ་གྱི་དབང་ཞེས་བྱ་སྟེ༔ ཐེག་པ་ཡོངས་རྫོགས་ཀུན་གྱི་སྙིང་པོ་ཡིན་ནོ༔ ྈྈྈྈ ྈྈ གསུམ་པ་རྗེས་ཀྱི་རིམ་པ་ལ་ཡང༔ དབང་བརྟན་པའི་དམ་ཚིག༔ དབང་མ་འཐོབ་པའི་སྐྱོན༔ ཐོབ་པའི་ཡོན་ཏན་ནོ༔ དང་པོ་དབང་བརྟན་པའི་དམ་ཚིག་ནི༔ རྒྱུད་ལས༔ ཉན་ཐོས་བྱང་ཆུབ་སེམས་དཔའ་དང༔ གསང་སྔགས་དམ་ཚིག་མ་ཉམས་བསྲུང༔ ཁྱད་པར་དམ་ཚིག་སྐུ་གསུང་ཐུགས༔ སྲོག་ལ་བབ་ཀྱང་བསྲུང་བར་བྱ༔ ཞེས་པས༔ སྤྱིར་ན་ཉན་ཐོས་ཀྱི་འདུལ་ཁྲིམས༔ བྱང་ཆུབ་སེམས་དཔའི་བསླབ་པ༔ གསང་སྔགས་ཀྱི་དམ་ཚིག་རྣམས་གཞུང་བཞིན་དུ་མ་ཉམས་པར་བྱ་ཞིང༔ ཁྱད་པར་དུ་ཐེག་མཆོག་འདིའི་དམ་ཚིག་ཏུ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་བསྲུང་ན༔ དམ་ཚིག་བསྲུང་བྱ་ཐམས་ཅད་རྫོགས་པ་ཡིན་ལ༔ སྐུའི་དམ་ཚིག་ཏུ༔ རྡོ་རྗེ་སློབ་དཔོན་དང༔ སངས་རྒྱས་དང༔ བྱང་ཆུབ་སེམས་དཔའ་དང༔ ཡི་དམ་ཞི་ཁྲོ་མཆེད་ལྕམ་དང༔ སེམས་ཅན་ཐམས་ཅད་ལ་འཐབ་རྩོད་དང་རྐུ་འཕྲོག༔ རྡེག་བཙོག་གསོད་གཅོད༔ དག་སྣང་ལོག་པ་ལ་སོགས་པའི་མི་དགེ་བ་རྣམས་མི་བྱ་ཞིང༔ སྐུའི་རིགས་སུ་གྱུར་པ་ཐམས་ཅད་ལ་ཕྱག་འཚལ་ཞིང་མཆོད་པ་འབུལ་ལོ༔ སྣོད་བཅུད་ཐམས་ཅད་ལྷ་རུ་བསྒོམ༔ དེ་ནི་སྐུའི་དམ་ཚིག་ཡིན༔ བསྲུངས་པའི་ཡོན་ཏན་ནི༔ གནས་སྐབས་སུ་ལུས་ཀྱི་ནད་གདོན་ཞི༔ གཟི་བརྗིད་ཕུན་སུམ་ཚོགས༔ མཐར་ཐུག་བདེ་བར་གཤེགས་པའི་སྐུ་ཐོབ་པ་ལ་སོགས་ཡོན་ཏན་དཔག་ཏུ་མེད་པ་ཡོད་དོ༔ མ་བསྲུང་ན་ན་རག་དམྱལ་བར་སྐྱེས་ཏེ༔ ལུས་ལ་སྡུག་བསྔལ་སྣ་ཚོགས་འབྱུང་ངོ༔ གསུང་གི་དམ་ཚིག་ཏུ༔ རྡོ་རྗེ་སློབ་དཔོན་གྱིས་ཅི་གསུང་གི་བཀའ་ཉན་ཞིང༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ མཆེད་དང་ལྕམ་དྲལ་གང་ཟག་ཕལ་པ་རྣམས་ལ་ཡང་མི་སྨད་ཅིང༔ དད་པ་ཚུལ་བཞིན་བྱེད༔ བཟླས་བརྗོད་གང་འགྲུབ་བྱེད་ཅིང་འབྱུང་བ་ལྔ་ལ་སོགས་པའི་སྒྲ་སྐད་ཐམས་ཅད༔ ཆོས་དང་གསང་སྔགས་ཀྱི་རང་སྒྲར་བསམ་མོ༔ གསུང་གི་དམ་ཚིག་བསྲུང་ན༔ གནས་སྐབས་སུ་ངག་ལ་ནུས་པ་འབྱུང༔ བདེན་པའི་ཚིག་འགྲུབ༔ མཐར་ཐུག་བདེ་བར་གཤེགས་པའི་གསུང་ཐོབ་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་འབྱུང་ངོ༔ གསུང་གི་དམ་ཚིག་ཉམས་ན་འགྲོ་བ་རྣམས་ངག་ལ་མི་ཉན༔ ངག་གླེན་ལྐུགས་ལ་སོགས་པ་ལྟས་ངན་མི་མཐུན་པ་སྣ་ཚོགས་འབྱུང་ངོ༔ ཐུགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་སློབ་དཔོན་མཆེད་ལྕམ་དྲལ་དང༔ སེམས་ཅན་ཐམས་ཅད་ལ་བསམ་ངན་དང༔ བློ་ངན་ཐམས་ཅད་སྤངས་ལ༔ བསམ་པ་བཟང་པོས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད༔ མཐར་ཅི་བསམ་ཐམས་ཅད་ཆོས་དང་མཐུན་པ་ལ་སོགས་བྱའོ༔ ཐུགས་ཀྱི་དམ་ཚིག་བསྲུངས་པའི་ཡོན་ཏན་ནི༔ གནས་སྐབས་སུ་བསམ་པ་ཡིད་བཞིན་དུ་འགྲུབ༔ མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་རོ༔ ཐུགས་ཀྱི་དམ་ཚིག་ཉམས་ན༔ གནས་སྐབས་སུ་བསམ་ངན་དང་བློ་ངན་འཆར་ཞིང༔ སྙིང་རླུང་དང་སྨྱོ་འབོག་འོང་ངོ༔ མཐར་ཐུག་ཏིང་ངེ་འཛིན་ནུབ༔ ལྟ་བ་ལོག་པར་འགྱུར་ཏེ༔ ན་རག་གི་སྡུག་བསྔལ་མྱང་བར་འགྱུར་བས༔ དམ་ཚིག་མ་ཉམས་པར་བསྲུང་བ་གཅེས་སོ༔ དབང་མ་འཐོབ་པའི་སྐྱོན་ནི༔ རྒྱུད་ལས༔ དེ་ལྟར་དབང་མཆོག་མ་འཐོབ་ན༔ གསང་སྔགས་འགྲུབ་པར་ག་ལ་འགྱུར༔ ཅེས་གསུངས་པས༔ དབང་མ་འཐོབ་པ་ནི༔ དཔེར་ན༔ རྫ་སོ་མ་བཏང་བར་ཆུ་བླུགས་པ་དང་འདྲ་སྟེ༔ དེ་མ་ཐག་ཏུ་འཇིག་པར་འགྱུར་རོ༔ མཉན་པ་སྐྱ་བ་མེད་པ་དང་འདྲ་སྟེ༔ སྡུག་བསྔལ་གྱི་ཆུ་བོ་ལས་བརྒལ་མི་ནུས་སོ༔ བྲག་སྐམ་པོ་ལ་སོ་ནམ་བྱས་པ་དང་འདྲ་སྟེ༔ གསང་སྔགས་ཀྱི་འབྲས་བུ་སྨིན་པར་མི་འགྱུར་རོ༔ དབང་ཐོབ་པའི་ཡོན་ཏན་ནི༔ རྒྱུད་ལས༔ དབང་རྣམས་རབ་ཏུ་ཐོབ་བྱས་ན༔ གསང་སྔགས་ཐམས་ཅད་མ་བསྒྲུབ་འགྲུབ༔ ཅེས་པས༔ དབང་ཐོབ་པའི་སྐལ་ལྡན་དེ་ཉིད༔ ཚེ་འདིར་བསམ་པ་ཐམས་ཅད་འགྲུབ་ཅིང༔ གསང་སྔགས་ཀྱི་འབྲས་བུ་ཐམས་ཅད་མ་བསྒྲུབ་པར་འགྲུབ་པ་ཡིན་ནོ༔ བར་དོ་ལ་རང་ངོ་ཤེས་ནས་ཕྱི་མ་མངོན་པར་རྫོགས་པར་སངས་རྒྱ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཐེག་པ་ཀུན་གྱི་ཡང་བཅུད་ཀྱི༔ སྨིན་བྱེད་དབང་བསྐུར་རིམ་པ་ནི༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རྒྱུད་དོན་བླ་མའི་གསུང་རྣམས་ལ༔ བརྟེན་ནས་གསལ་བར་བཀོད་པ་འོ༔ འདི་ནི་གཞན་དང་མི་འདྲ་སྟེ༔ སྨིན་དང་གྲོལ་བ་དུས་གཅིག་འབྱུང༔ ཟབ་ཕྱིར་རིན་ཆེན་ས་ལ་སྦས༔ སྐལ་ལྡན་གཅིག་དང་འཕྲད་པར་ཤོག༔ ཐེག་པ་ཀུན་གྱི་ཡང་བཅུད༔ སྙིང་གི་ཐིག་ལེའི་རིམ་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ྈྈྈྈྈྈྈྈྈྈ སྤྲུལ་སྐུ་ཀུན་སྐྱོང་གླིང་པས་མ་ཚོར་གཉན་གྱི་གསང་ཕུག་ནས་གདན་དྲངས་པའི་གཏེར་མའོ།། ༄༅༔ རྡོ་རྗེ་སེམས་དཔའི་སྙིང་ཐིག་ལས༔ སྔོན་དུ་འགྲོ་བའི་ཁྲིད་མཆོག་འཁོར་བ་དོང་སྤྲུག་བཞུགས་སོ༔ བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ ཨེ་མ་ཧོ༔ ལས་དང་སྐལ་བར་ལྡན་པ་ཡི༔ སྐྱེས་བུས་དོན་ཆེན་ཐོབ་འདོད་ན༔ ལམ་མཆོག་འདི་ལ་འཇུག་པའི་ཕྱིར༔ སྔོན་འགྲོའི་གནད་རྣམས་ཉམས་སུ་ལོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལམ་མཆོག་ཐེག་པ་ཀུན་གྱི་ཡང་བཅུད༔ འདིར་འཇུག་པའི་སྐྱེས་བུ་རྣམས་ཀྱིས༔ སྔོན་དུ་འགྲོ་བའི་གདམས་པ་ལ༔ གོལ་ས་མེད་པའི་ལམ༔ འཆུགས་པ་མེད་པའི་གནད༔ ལོང་བའི་སྣ་ཁྲིད་དང་འདྲ་བ་འདི་ཉིད་ཉམས་སུ་ལེན་པ་གཅེས་སོ༔ རྒྱུད་ལས༔ འཁོར་བའི་ཉེས་དམིགས་མི་རྟག་བསྒོམ༔ རིགས་དྲུག་སྡུག་བསྔལ་ཡིད་ལ་བསམ༔ སྐྱབས་འགྲོ་སེམས་བསྐྱེད་ཚོགས་བསགས་ཤིང༔ ཞེས་གསུངས་པས༔ དང་པོ་བློ་ཆོས་སུ་འགྲོ་བར་བྱ༔ འཁོར་བའི་ཉེས་དམིགས་དང༔ མི་རྟག་པ་བསྒོམ་སྟེ༔ འཁོར་བ་འདི་ནི་རླུང་གི་འཁོར་ལོ་དང་འདྲ་སྟེ༔ ཐོན་པའི་དུས་མེད༔ ཁམས་གསུམ་རིགས་དྲུག་གི་ལུས་གང་བླངས་ཀྱང༔ བདེ་བའི་གོ་སྐབས་མེད༔ སྡུག་བསྔལ་གྱིས་རབ་ཏུ་གཟིར་ནས་ཉོན་མོངས་པར་གྱུར་ཏེ༔ དམྱལ་བའི་གནས་ནའང༔ ཚ་དམྱལ་བརྒྱད༔ གྲང་དམྱལ་བརྒྱད༔ ཉི་ཚེ་བ་དང༔ ཉེ་འཁོར་ལ་སོགས༔ བཙོ་བསྲེག་བཤའ་དང་གཏུབ༔ འཁྱག་པ་སྡུག་བསྔལ་ལ་སོགས་བསམ་གྱིས་མི་ཁྱབ༔ བྱོལ་སོང་ལའང་གསད་གཅད་བཀོལ་སྤྱོད་ལ་སོགས་ཉིང་ཤ་ཉིང་གིས་ཟ་བའི་སྡུག་བསྔལ་བསམ་གྱིས་མི་ཁྱབ༔ ཡི་དྭགས་ལའང་ཕྱི་ནང་གི་སྒྲིབ་པ་ཅན་ལ་སོགས་པ་བཀྲེས་སྐོམ་གྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ༔ ལྷ་མ་ཡིན་གྱི་གནས་ལའང་ཕྲག་དོག་དང་འཐབ་རྩོད་ཀྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ༔ ལྷའི་གནས་ནའང༔ འཆི་འཕོ་ལྟུང་བའི་སྡུག་བསྔལ་ལ་སོགས་པ་དཔག་ཏུ་མེད་པ་ཡོད་ཅིང༔ མིར་སྐྱེས་ཀྱང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་ཅིང༔ ད་རེས་དམ་པའི་ཆོས་མེད་ན་དཔེར་ན་མྱུར་འགྲོའི་འཁོར་ལོ་ལྟ་བུར་འཁོར་བར་འཁོར་ཏེ༔ བདེ་བའི་གོ་སྐབས་གཅིག་ཀྱང་མེད་པར་སྡུག་བསྔལ་གྱིས་གཟིར་བས་ཐར་པའི་སྐབས་མེད་པ་ཡིན་ནོ༔ དེ་ལྟར་ཡིན་པའང་རྒྱུད་ལས༔ རྣམ་སྨིན་ལས་ཀྱིས་རྐྱེན་བྱས་ནས༔ རླུང་གི་འཁོར་ལོ་ལྟ་བུར་འཁོར༔ རིགས་དྲུག་ལ་སོགས་གཟུགས་སུ་སྐྱེས༔ སྡུག་བསྔལ་མཚོན་གྱིས་རབ་ཏུ་གཟིར༔ དམྱལ་བའི་གནས་སུ་བཙོ་དང་སྲེག༔ བཀྲེས་ཤིང་སྐོམ་པ་ཡི་དྭགས་ཏེ༔ མ་རིག་བཀོལ་སྤྱོད་བྱོལ་སོང་ལ༔ མི་ལ་སྐྱེ་རྒ་ན་དང་འཆི༔ ལྷ་མ་ཡིན་ལ་འཐབ་ཅིང་རྩོད༔ ལྷ་ཡང་ལྟུང་བའི་སྡུག་བསྔལ་ཏེ༔ གང་དུ་འཁོར་ཡང་བདེ་བ་མེད༔ དཔེར་ན་མྱུར་འགྲོའི་འཁོར་ལོ་བཞིན༔ རྒྱུན་ཆད་མེད་པར་ཡུན་རིང་འཁོར༔ ཅེས་གསུངས་པས༔ འཁོར་བ་འདི་ན་བདེ་བའི་གོ་སྐབས་མེད་ཅིང༔ ཉེས་དམིགས་ཤིན་ཏུ་མང་བས༔ ཆོས་བྱེད་པར་རབ་ཏུ་གཅེས་སོ༔ ཆོས་དེ་ཡང་ད་ལྟ་ཉིད་དུ་མ་བྱས་ན༔ འཇིག་རྟེན་ཐམས་ཅད་མི་རྟག་པའི་རང་བཞིན་ཡིན་ཏེ༔ ཕྱི་ནམ་ཟླའི་འགྱུར་ལྡོག༔ ནང་ཕུང་པོའི་དར་གུད༔ ཉིན་མཚན་སྔ་ཕྱིའི་འགྱུར་ལྡོག་ལ་སོགས་མི་རྟག་པའི་མཚན་ཉིད་ཡིན་ཞིང༔ ཚེ་ཚད་ནི་ལྔ་བཅུ་ཁ་རལ་གྱི་དུས་སུ་སོང་ཞིང༔ དེ་ལའང་འཆི་རྐྱེན་བསམ་གྱིས་མི་ཁྱབ་ཅིང༔ ཚེའི་ཚད་ཀྱང་མི་ཐུབ་པའི་ནད་མཚོན་མུ་གེ་ལ་སོགས་པ་གློ་བུར་གྱི་འཆི་རྐྱེན་ཤིན་ཏུ་མང་བས་མི་རྟག་པར་གོ་དགོས༔ དེ་ལྟར་མི་རྟག་པར་གོ་ནས་དམ་པའི་ཆོས་ལ་འཇུག་དགོས་ཏེ༔ དེ་ལྟར་འཇུག་པ་ལའང་མི་རྟག་པར་བསྒོམ་པ་ནི༔ མི་མེད་པའི་གནས་སུ་རང་གཅིག་པུར་ཕྱིན་ལ༔ གོང་ལྟར་རིགས་དྲུག་གི་སྡུག་བསྔལ་བློ་ལ་བླང༔ རང་གིས་དྲན་ནས་ད་ལྟའི་བར་གྱི་མི་ཤི་བ་དང༔ དགེ་སྡིག་གི་ལས་བྱས་པ་རྣམས་རྡེའུ་འཐུ་ཞིང༔ མི་རྟག་པ་སོགས་བསམ་པ་རྣམས་ཞག་རེའི་བར་དུ་བྱའོ༔ མི་རྟག་པ་བསྒོམ་པ་འབའ་ཞིག་བྱའོ༔ དེས་འཁོར་བ་ལས་བློ་ལོག་ཆོས་ལ་འཇུག་པའི་དགོས་པ་ཡོད༔ དེ་ལྟར་འཁོར་བའི་འཇིགས་པ་ལས་སྐྱོབ་ཅིང༔ བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པ་ལ༔ སྐྱབས་དཀོན་མཆོག་གསུམ་ལས་ལྷག་པ་མེད༔ འདི་ཕྱིའི་རེ་ལྟོས་ཐམས་ཅད་དཀོན་མཆོག་གསུམ་ཁྱེད་མཁྱེན་སྙམ་པའི་བློས་ཉིན་མཚན་དུས་གསུམ་གསུམ་དུ༔ སྐྱབས་འགྲོ་ལ་འབད་པར་བྱ༔ དེས་ནང་པ་སངས་རྒྱས་པའི་གྲལ་དུ་ཚུད་པའི་དགོས་པ་ཡོད༔ བླ་ན་མེད་པའི་བྱང་ཆུབ་དེའང་རང་གཅིག་པུའི་དོན་མ་ཡིན་ལ༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྒྲུབ་སྙམ་པའི་སེམས་བསྐྱེད་པར་བྱ་སྟེ༔ དེས་ཐེག་པ་ཆེན་པོའི་གྲལ་དུ་ཚུད་པའི་དགོས་པ་ཡོད༔ དེའང་རང་གཞན་གྱི་དོན་ལ་ཚོགས་གཉིས་མ་རྫོགས་ན་སྒྲིབ་གཉིས་མི་དག་ཅིང༔ སངས་རྒྱས་ཀྱི་ཡོན་ཏན་ཐོབ་པར་དཀའ་བས་ཡན་ལག་བཅུ་པའི་སྒོ་ནས་ཚོགས་གསག་ཅིང༔ མཎྜལ་འབུལ་བ་ལ་འབད་པར་བྱའོ༔ དེས་ཚོགས་རླབས་པོ་ཆེ་རྫོགས་པའི་དགོས་པ་ཡོད༔ དེའང་རྒྱུད་ཀྱི་སྡིག་པ་རྣམས་དག་པར་བྱེད་པའི་ཕྱིར༔ ཡི་གེ་བརྒྱ་པ་བགྲང་ཞིང༔ བླ་མ་ལ་གསོལ་བ་གདབ་པར་བྱའོ༔ རང་གི་སྤྱི་བོར་པདྨ་ཉི་ཟླའི་སྟེང་དུ༔ བླ་མ་བརྒྱུད་པ་དང་བཅས་པ་རྣམས་བཞུགས་པར་བསྒོམ༔ ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་དག་པའི་གནས་མཆོག་ཏུ༔ ཆོས་སྐུ་ཀུན་ཏུ་བཟང་པོ་ལ༔ བརྒྱུད་འཛིན་བུ་སློབ་གསོལ་བ་འདེབས༔ སྟོང་ཉིད་རྟོགས་པར་བྱིན་གྱིས་རློབས༔ ལྔ་ལྡན་ཐིག་ལེའི་གནས་མཆོག་ཏུ༔ ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ༔ བརྒྱུད་འཛིན་བུ་སློབ་གསོལ་བ་འདེབས༔ འོད་གསལ་འཆར་བར་བྱིན་གྱིས་རློབས༔ ཐུགས་རྗེ་ཀུན་ཁྱབ་གནས་མཆོག་ཏུ༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ༔ བརྒྱུད་འཛིན་བུ་སློབ་གསོལ་བ་འདེབས༔ གཉིས་འཛིན་གྲོལ་བར་བྱིན་གྱིས་རློབས༔ རང་སྣང་དག་པའི་གནས་མཆོག་ཏུ༔ རིག་འཛིན་པདྨ་འབྱུང་གནས་ལ༔ བརྒྱུད་འཛིན་བུ་སློབ་གསོལ་བ་འདེབས༔ ལྷག་མེད་འགྲུབ་པར་བྱིན་གྱིས་རློབས༔ མཛད་པ་མཐར་ཕྱིན་གནས་མཆོག་ཏུ༔ མཁས་པ་བཻ་རོ་ཙ་ན་ལ༔ བརྒྱུད་འཛིན་བུ་སློབ་གསོལ་བ་འདེབས༔ གཞན་དོན་འགྲུབ་པར་བྱིན་གྱིས་རློབས༔ བསྒྲུབས་རྟགས་རང་སར་ཐོན་པའི་གནས་མཆོག་ཏུ༔ རྗེ་འབངས་ཉི་ཤུ་རྩ་ལྔ་ལ༔ བརྒྱུད་འཛིན་བུ་སློབ་གསོལ་བ་འདེབས༔ གྲུབ་རྟགས་རྫུ་འཕྲུལ་ཐོན་པར་བྱིན་གྱིས་རློབས༔ ཟབ་གཏེར་མཚོ་མོ་རྡོལ་བའི་གནས་མཆོག་ཏུ༔ གྷུ་རུ་པདྨ་རྒྱལ་པོ་ལ༔ བརྒྱུད་འཛིན་བུ་སློབ་གསོལ་བ་འདེབས༔ མངོན་སུམ་འདུ་འབྲལ་མེད་པར་བྱིན་གྱིས་རློབས༔ མ་ཚོར་རྡོ་རྗེའི་གནས་མཆོག་ཏུ༔ དམ་ཆོས་རྡོར་སེམས་སྙིང་ཐིག་ལ༔ བརྒྱུད་འཛིན་བུ་སློབ་གསོལ་བ་འདེབས༔ ཕུང་པོ་འོད་ལུས་འགྲུབ་པར་བྱིན་གྱིས་རློབས༔ སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ༔ དྲིན་ཅན་རྩ་བའི་བླ་མ་ལ༔ བརྒྱུད་འཛིན་བུ་སློབ་གསོལ་བ་འདེབས༔ རང་ངོ་ཤེས་པར་བྱིན་གྱིས་རློབས༔ བརྩེ་གདུང་འབྲལ་མེད་གཞལ་ཡས་སུ༔ རྡོ་རྗེ་མཆེད་དང་ལྕམ་དྲལ་ལ༔ བརྒྱུད་འཛིན་བུ་སློབ་གསོལ་བ་འདེབས༔ དམ་ཚིག་བསྲུང་བར་བྱིན་གྱིས་རློབས༔ ཙིཏྟ་དུང་ཁང་འབར་བའི་གནས་མཆོག་ཏུ༔ ཡི་དམ་ཞི་ཁྲོ་རང་གསལ་ལ༔ བརྒྱུད་འཛིན་བུ་སློབ་གསོལ་བ་འདེབས༔ དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས༔ ལེགས་ཉེས་སྟངས་འཛིན་གནས་མཆོག་ཏུ༔ ཆོས་བདག་མཁའ་འགྲོ་སྡེ་ལྔ་ལ༔ བརྒྱུད་འཛིན་བུ་སློབ་གསོལ་བ་འདེབས༔ རང་རྒྱུད་ཆོས་ལ་བཀོལ་བར་བྱིན་གྱིས་རློབས༔ བཀའ་དང་དམ་ཚིག་གཉན་གྱི་གནས་མཆོག་ཏུ༔ ཆོས་སྐྱོང་གཏེར་བདག་ཕོ་མོ་ལ༔ བརྒྱུད་འཛིན་བུ་སློབ་གསོལ་བ་འདེབས༔ སྒྲུབ་པའི་བར་ཆད་སེལ་བར་བྱིན་གྱིས་རློབས༔ ཞེས་དབྱངས་དང་བཅས་པས་གསོལ་བ་འདེབས༔ བྱིན་རླབས་འབྱུང་བའི་དགོས་པ་ཡོད༔ དེ་རྣམས་ཀྱིས་ཐེག་པ་སྤྱི་དང་མི་འགལ་ཞིང༔ བློ་ཆོས་སུ་འགྲོ་བའི་དགོས་པ་ཡོད༔ ༈ ཁྱད་པར་ལུས་ངག་ཡིད་གསུམ་གྱི་སྔོན་འགྲོ་ནི༔ དང་པོ་ལུས་ཀྱི་སྔོན་དུ་འགྲོ་བར་བྱེད་པ་སྟེ༔ རྒྱུད་ལས༔ ལུས་ནི་རྡོ་རྗེ་སྐྱིལ་ཀྲུང་བྱ༔ ལུས་པོ་ཆ་བསྲང་རྐང་ལག་མཐིལ༔ མཉམ་པར་སྦྱར་ལ་ཤིན་ཏུ་བསྒྲིམ༔ ལུས་ནི་འཁོར་འདས་རུ་ཤན་ཕྱེད༔ ཅེས་གསུངས་པས༔ ལུས་ཀྱི་འདུག་ཚུལ་རྡོ་རྗེ་སྐྱིལ་ཀྲུང་བྱ༔ རྒལ་ཚིགས་དྲང་པོར་བསྲངས་ལ༔ རྐང་མཐིལ་གཉིས་སྦྱར་ཏེ་ས་ལ་བཙུགས༔ ལག་མཐིལ་གཉིས་སྤྱི་བོར་སྦྱར་ཏེ་མགོ་ལ་མ་རེག་པར༔ ལུས་ཀྱི་སྟོད་སྨད་བར་གསུམ་གྲིམ་ཤ་དང་ལྡན་པར་བྱ་སྟེ༔ དེ་ལྟར་ཞག་གསུམ་བྱས་པས་ལུས་འཁོར་འདས་རུ་ཤན་ཕྱེད་པར་འགྱུར་ཏེ༔ ཕྱིན་ཆད་ལུས་འཁོར་བར་མི་ལྡོག་པའི་དགོས་པ་ཡོད༔ དེ་ནས་ངག་གི་སྔོན་དུ་འགྲོ་བ་བྱ་སྟེ༔ རྒྱུད་ལས༔ ངག་ནི་ཡི་གེ་བརྒྱ་པ་བརྗོད༔ རྗེས་ལ་རིག་པ་ཧཱུྃ་དུ་བསྒྱུར༔ ལུས་དང་ཕྱི་ནང་སྣོད་བཅུད་ཀུན༔ ཟང་ཐལ་བྱ་ཞིང་ཧཱུྃ་སྒྲ་སྒྲོགས༔ ངག་ནི་འཁོར་འདས་རུ་ཤན་ཕྱེད༔ ཅེས་གསུངས་པས༔ རང་ཉིད་རྡོ་རྗེ་སེམས་དཔར་བསྐྱེད་པའི་སྙིང་གར་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོ་ལ་ཡི་གེ་བརྒྱ་པས་བསྐོར་བ་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས༔ རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་ཕུལ༔ སྐུ་གསུང་ཐུགས་ཀྱི་བཅུད་རྣམས་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོར་བབས་ཏེ་རང་གི་སྤྱི་བོར་ཐིམ་པས༔ ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་ནས་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་སུ་གྱུར་པར་བསམ་ལ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ༔ ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ སརྦ་སིདྡྷིམྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏཱ་ཧྲྀ་ད་ཡ༔ བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་བཛྲ་སཏྭ་ཨཱ༔ ཞེས་པ་ཅི་ནུས་སམ༔ བརྒྱ་རྩ་རེ་བཟླས་པའི་རྗེས་ལ༔ རང་གི་རིག་པའི་ངོ་བོ་ཧཱུྃ་དུ་གྱུར་ཏེ༔ ཧཱུྃ་ཞེས་པའི་སྒྲ་དེ་རིང་པོ་དང་ལྡན་པས་ཕྱི་རོལ་གྱི་སྣང་བ་སྣོད་བཅུད་ཀུན་ལ་ཟང་ཐལ་དུ་བྱ་ཞིང༔ རྗེས་ཀྱི་ཤེས་པ་མ་བཅོས་པའི་ངང་དུ་བཞག་པ་ལ་ཞག་གཅིག༔ ཡང་གོང་བཞིན་ཡི་གེ་བརྒྱ་པ་བཟླས་པའི་རྗེས་ལ༔ ཧཱུྃ་ཞེས་པའི་སྒྲ་རིང་པོ་ལྡན་པས་ལུས་ཀྱི་ཕྱི་ནང་མགོ་མཇུག་ཐམས་ཅད་ཟང་ཐལ་བྱ་ཞིང༔ རྗེས་ཀྱི་ཤེས་པ་མ་བཅོས་པའི་ངང་ལ་བཞག་པ་ཞག་གཅིག་བྱས་པས་ངག་གི་འཁོར་འདས་རུ་ཤན་ཕྱེད་པར་འགྱུར་ཏེ༔ ཕྱིན་ཆད་ངག་འཁོར་བར་མི་ལྡོག་པའི་དགོས་པ་ཡོད༔ དེ་ནས་སེམས་ཀྱི་སྔོན་དུ་འགྲོ་བ་ནི༔ རྒྱུད་ལས༔ སེམས་ནི་དང་པོ་བྱུང་ས་དང༔ བར་དུ་གནས་དང་ཐ་མར་འགྲོ༔ ལེགས་པར་བརྟགས་ལ་མཉམ་པར་གཞག༔ དེས་ནི་སེམས་ཀྱི་རུ་ཤན་ཕྱེད༔ ཅེས་གསུངས་པས༔ སེམས་ཞེས་བྱ་བ་འཁོར་འདས་ཀུན་གྱི་རྩ་བ་འདི་ཉིད༔ དང་པོར་འབྱུང་ས་བརྟག་པར་བྱ་སྟེ༔ ཕྱི་ནང་སྣོད་བཅུད༔ འཁོར་འདས་བེམ་རིག་གང་ལས་བྱུང་ལེགས་པར་བརྟགས་པས༔ བྱུང་ས་མེད་པར་ཐག་ཆོད་པ་དང༔ བར་དུ་གནས་ས་གང་ན་གནས་ལེགས་པར་བརྟགས༔ ཕྱི་ནང་སྣོད་བཅུད་རྣམས་སུ་ངེས་པ་ཅན་འདིར་གནས་ཀྱི་ས་མ་རྙེད་པ་དང༔ ཐ་མ་འགྲོ་ས་བརྟག་གོ༔ ཕྱི་ནང་སྣོད་བཅུད་འཁོར་འདས་ལ་སོགས་ཕྱོགས་བཅུ་གང་དུ་འགྲོ་བ་བརྟགས་ཀྱང༔ འགྲོ་སའམ༔ འགྲོ་མཁན་མེད་པར་ཐག་མ་ཆོད་བར་དུ་གཅད་དོ༔ དེ་རྣམས་ཀྱི་རྗེས་ཀྱི་ཤེས་པ་མ་བཅོས་པར་ཀློད་ལ་བཞག་པས༔ སེམས་རུ་ཤན་ཕྱེད་པར་འགྱུར་རོ༔ དེ་ལྟར་འགྲོ་གནས་བྱུང་གསུམ་ལ་ཞག་གསུམ་དུ་བྱས་པས༔ ཕྱིན་ཆད་འཁོར་བར་མི་ལྡོག་པའི་དགོས་པ་ཡོད༔ དེ་ནས་ལུས་ངག་ཡིད་གསུམ་རང་སོར་གཞག་པ་གཅེས་སོ༔ དེ་ཡང་རྒྱུད་ལས༔ དེ་ནས་སོར་འཇུག་རིམ་པ་ནི༔ ལུས་ནི་བྱ་བྲལ་གང་བདེར་འདུག༔ ངག་ནི་བྱ་བྲལ་སྨྲ་བརྗོད་བྲལ༔ ཡིད་ནི་བྱ་བྲལ་འཕྲོ་འདུ་སྤང༔ ཞེས་གསུངས་པས༔ ལུས་ནི་བྱ་བྱེད་སྤངས་ལ་རྩོལ་བའི་འདུག་སྟངས་དང་བྲལ་ཏེ༔ གང་བདེར་འདུག་ལ་ལྷོད་ཀྱིས་ཀློད་པར་བྱའོ༔ ངག་ནི་སྨྲ་བརྗོད་ཀུན་རྒྱུན་བཅད་ལ༔ ལྐུགས་པ་ལྟ་བུར་ལྷོད་དེ་གཞག་གོ༔ ཡིད་ཀྱི་བྱ་བྱེད་བཟང་ངན་རྟོག་པའི་འཕྲོ་འདུ་ཐམས་ཅད་སྤངས་ལ༔ བློ་རྟོག་གི་འགྱུ་བ་མེད་པར་ལྷོད་དེ་བཞག་པ་ནི་གནད་ཡིན་ནོ༔ དེ་ལ་ཞག་གསུམ་བྱ་བ་ནི་ཤིན་ཏུ་གཅེས་སོ༔ དེ་ལྟར་སོར་ཆུད་པའི་ཉམས་མྱོང་ཤར་བ་དང༔ བླ་མས་ངོ་སྤྲོད་གདབ་པར་བྱ་སྟེ༔ རྒྱུད་ལས༔ མིག་གཉིས་བར་སྣང་སྟོང་པ་ལ༔ དམིགས་གཏད་མེད་པར་ཧད་དེ་བཞག༔ ངང་དྭངས་ས་ལེ་སིང་ངེ་བ༔ སྨྲ་རུ་མེད་པའི་ཉམས་མྱོང་འཆར༔ དེ་དུས་སྐུ་གསུམ་ངོ་སྤྲོད་གདབ༔ དེ་ཡིས་མྱ་ངན་འདས་ལ་སྦྱོར༔ ཞེས་གསུངས་པས༔ སློབ་བུ་གནས་དབེན་ཞིང་དྭངས་པའི་གནས་སུ་ལུས་ངག་ཡིད་གསུམ་ལ་ཕྱི་ནང་གི་འཁྲི་བ་མེད་པར་ཁྲིད་ལ༔ རྐང་པ་སྐྱིལ་ཀྲུང་ལག་པ་མཉམ་གཞག་ཏུ་བྱས་ཏེ་ལུས་ཀྱི་ཆ་བསྲངས་ལ༔ མ་བཅོས་པ་ལྷོད་དེ་བའི་ངང་ལ་མིག་གཉིས་མདུན་གྱི་བར་སྣང་སྟོང་པ་ལ་དམིགས་གཏད་མེད་པར་ཧྲིག་གེ་ཧད་དེ་བཞག་པས༔ དེ་ཉིད་ལས་མ་བཅོས་པའི་ངང་དྭངས་སིང་ངེ་བ༔ སྨྲ་རུ་མེད་པའི་ཉམས་མྱོང་འཆར་ཏེ༔ དེའང་སེམས་ལ་བྱུང་ས་མེད་པས་གཟུགས་དང་ཁ་དོག་མེད་པ༔ སྐྱེ་འཆི་དང་འཕོ་འགྱུར་མེད་པ༔ འདི་ལྟར་ཡིན་ཞེས་བསྟན་དུ་མེད་པའི་ཧད་དེ་ཧྲིག་གེ་བ་འདི་ཉིད་ཆོས་སྐུ་ཡིན་ནོ༔ གང་དུ་ཡང་གནས་ས་མ་རྙེད་པ་དེའི་ངང་དྭངས་སིང་ངེ་བ་འདི་ལྟར་བསྟན་དུ་མེད་ཅིང༔ མ་འགགས་པར་སིང་ངེ་བ་འདི་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ༔ སེམས་ལ་འགྲོ་བའི་ཡུལ་དང༔ འགྲོ་རྒྱུའི་དངོས་པོ་མ་རྙེད་དེ་དྭངས་སིང་ངེ་བ་འདི་ལ་མཁྱེན་རིག་མ་འགགས་པ་འདི་ཉིད་སྤྲུལ་སྐུ་ཡིན་ནོ༔ དེ་ལྟར་སྐུ་གསུམ་པོ་དེའང་གཞན་ནས་རྩོལ་བས་བཙལ་ཞིང་བསྒྲུབ་པའམ༔ ཕྱི་དུས་ལ་མི་རེ་བས་གདན་ཐོག་འདི་ཉིད་དུ་ངོ་སྤྲོད་པ་ཡིན་པས༔ དགའ་བར་སོམ་ཞིག་ཅེས་པས་སྤྲོ་བ་ཡང་བསྐྱེད་པར་བྱའོ༔ དེ་ལྟར་དུ་ངོ་སྤྲོད་པས་མྱ་ངན་ལས་འདས་པ་ལ་སྦྱོར་བའི་དགོས་པ་ཡོད༔ ཨེ་མ་འདི་ལྟར་ཐེག་པའི་བཅུད་མཆོག་གིས༔ འཆུགས་མེད་ལམ་དུ་འཇུག་པའི་གནད༔ སྔོན་དུ་འགྲོ་བས་གྲོལ་བ་འདི༔ གཞན་དང་མི་འདྲ་ཁྱད་འཕགས་ཆོས༔ སྤེལ་བར་ཕངས་པས་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ྈྈྈྈྈྈྈ ྈྈྈྈྈྈྈ གཏེར་སྟོན་ཆེན་པོ་ཀུན་སྐྱོང་གླིང་པས་མ་ཚོར་གཉན་གྱི་བྲག་ནས་གདན་དྲངས་པའོ།། ༄༅༔ ཁྲེགས་ཆོད་འཁོར་བ་དོང་སྤྲུག་དངོས་གཞི་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈ བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ ཨེ་མ་ཧོ༔ ལས་དང་སྐལ་བར་ལྡན་པ་ཡི༔ སྐྱེས་བུས་དོན་ཆེན་ཐོབ་འདོད་ན༔ ལམ་མཆོག་འདི་ལ་འཇུག་པའི་ཕྱིར༔ དངོས་གཞིའི་ལམ་རྣམས་ཉམས་སུ་ལོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལམ་མཆོག་ཐེག་པ་ཀུན་གྱི་ཡང་བཅུད་འདིར་འཇུག་པའི་སྐྱེས་བུ་རྣམས་ནི༔ དངོས་གཞིའི་ཉམས་ལེན་གནད་ཀྱི་གདམས་པ་ནི༔ དབང་པོ་རབ་འབྲིང་ཐ་མ་གསུམ་དང་སྦྱར་ཏེ༔ ཚེ་འདིར་གྲོལ་བར་བྱེད་པའི་གདམས་པ་འདི་ལ་གསུམ་ལས༔ དབང་པོ་ཐ་མ་སྒོམ་པས་སངས་རྒྱ་བ་བསྐྱེད་རྫོགས་ཀྱི་གདམས་པ་ནི་སྒྲུབ་ཐབས་སུ་ཤེས་སོ༔ དེའང་དབང་པོ་འབྲིང་རྟོགས་པས་གྲོལ་བ་ཁྲེགས་ཆོད་གཞིའི་ཉམས་ལེན་དང༔ དབང་པོ་རབ་མཐོང་བས་གྲོལ་བ་ཐོད་རྒལ་ལམ་གྱི་ཉམས་ལེན་གཉིས་ཏེ༔ རྒྱུད་ལས༔ དངོས་གཞི་ཁྲེགས་ཆོད་ཐོད་རྒལ་གཉིས༔ ཁྲེགས་ཆོད་གཞི་ཡི་ཉམས་ལེན་ནི༔ ཞེས་གསུངས་པས༔ དང་པོ་ཁྲེགས་ཆོད་གཞིའི་ཉམས་ལེན་ནི༔ ལུས་ངག་ཡིད་གསུམ་བྱ་བྱེད་རྩོལ་བ་སྤངས་ཏེ༔ བྱར་མེད་དགོས་མེད་འཛིན་མེད་དུ་སོར་འཇུག་གི་སྐབས་བཞིན་ལྷོད་དེ་བཞག་ལ༔ བླ་མས་ངོ་སྤྲད་པའི་དོན་སྐྱོང་བ་ཡིན༔ སྟོང་གསལ་འགག་མེད༔ སྐུ་གསུམ་དབྱེ་བ་མེད་པའི་ངང་དེ་ཉིད་ལས༔ ཕྱི་རོལ་ཚོགས་དྲུག་གི་སྣང་བ་དཀར་དམར་དུ་གསལ་བ་ཐམས་ཅད༔ སེམས་ཉིད་ཕྱིར་ཤར་བའི་རང་མདངས་ཡིན་ཞིང༔ གཞན་ནས་བྱུང་བ་མ་ཡིན་ཕྱིའི་སེམས་སུ་རིག་པར་བྱ་སྟེ༔ སྣང་བ་ལ་དགག་སྒྲུབ་མེད་པར༔ སྣང་ཐོག་ཏུ་ལྷོད་དེ་གཞག༔ རིག་པའི་འགྱུ་བྱེད༔ བཟང་ངན་གྱི་རྟོག་པ་དུག་ལྔ་ཆགས་སྡང་ཐམས་ཅད་སེམས་ཉིད་སྟོང་གསལ་དེའི་རྩལ་ལས་གཞན་ནས་བྱུང་བ་མ་ཡིན་ཞིང༔ དངོས་པོ་དང་མཚན་མར་མ་གྲུབ་སྟེ༔ ངོ་བོ་སྟོང་པ་ཉིད་ཁོ་ན་རང་དུ་འདུག་པས༔ ནང་གི་སེམས་སུ་རིག་པར་བྱ་སྟེ༔ རྟོག་པ་ལས་བྱུང་ཚོར་དང༔ བཟང་ངན་གྱི་རྩིས་གདབ་པ་མེད་པར༔ འགྱུ་བ་རང་གྲོལ་དུ་གཞག་གོ༔ དབང་པོ་སྒོ་ལྔ་ལ་སོགས་པ་རྐྱེན་གྱིས་ཚོར་བའི་རྣམ་པར་ཤེས་པ་གསལ་རིག་སྣ་ཚོགས་སུ་འཆར་བ་ཁོ་རང་མ་གཏོགས་པ༔ ཕྱི་རོལ་ནས་བྱུང་བ་དང༔ གཞན་གྱིས་བཅོས་པ་མ་ཡིན་པས༔ བར་གྱི་སེམས་སུ་རིག་པར་བྱས་ལ༔ གང་ལའང་ཞེན་པ་མེད་པར་ལྷོད་དེ་གཞག་གོ༔ གཞན་ཡང་རྟག་ཆད༔ ཆེ་ཆུང༔ ཡིན་མིན༔ བཟང་ངན༔ སྣོད་བཅུད་འཁོར་འདས་ལ་སོགས་གཉིས་འཛིན་གྱི་རྟོག་པ་ལུང་དུ་མ་བསྟན་པ་རྣམས༔ སྟོང་གསལ་འཛིན་མེད་ཁོ་རང་གི་རང་མདངས་དེ་ཉིད་ལས༔ ཕྱི་ནང་བར་གསུམ་ལ་སོགས་པའི་དབྱེ་བ་མེད་པས༔ སྐུ་གསུམ་ལྷུན་གྲུབ་ཐིག་ལེ་ཉག་གཅིག་ཏུ་གང་གིའང་འཛིན་རྟོག་མེད་པར་ལྷོད་དེ་གཞག་པ་གནད་ཡིན་ནོ༔ དེའང་རྒྱུད་ལས༔ དེ་ལྟར་རྟོགས་པར་བྱེད་པའི་ཐབས༔ ལུས་ངག་ཡིད་གསུམ་རྩོལ་བ་སྤང༔ བྱ་བ་བཏང་བས་བདེ་བ་རྙེད༔ རྣམ་སྣང་ཆོས་བདུན་ངང་དུ་ཀློད༔ སྣང་བ་དཀར་དམར་ཕྱི་ཡི་སེམས༔ རིག་པ་འགྱུ་བྱེད་ནང་གི་སེམས༔ སྒོ་ལྔའི་དབང་པོ་བར་གྱི་སེམས༔ གཉིས་འཛིན་རྟོག་པ་ལུང་མ་བསྟན༔ སྟོང་གསལ་འཛིན་མེད་སེམས་སུ་གཅིག༔ ཅེས་གསུངས་སོ༔ དེ་ལྟ་བུའི་སེམས་ཉིད་དེ་ཡང་སྔ་ཕྱི་ད་གསུམ་གྱིས་སྟོང་པ༔ བྱུང་གནས་འགྲོ་གསུམ་གྱིས་སྟོང་པ༔ གསལ་རིག་མ་འགགས་པ༔ ཕྱི་རོལ་ཡུལ་གྱི་སྣང་བ་དང༔ ནང་དྲན་པའི་ཤེས་བྱེད་གཉིས་སུ་མེད་པ་སྟོང་གསལ་ཆོས་ཀྱི་སྐུ་ཡིན་ཏེ༔ རྒྱུད་ལས༔ སེམས་ཉིད་སྔ་ཕྱི་ད་གསུམ་སྟོང༔ སྟོང་གསལ་རིག་པ་མ་འགགས་གསལ༔ སྣང་ཤེས་གཉིས་མེད་ཆོས་ཀྱི་སྐུ༔ ཞེས་གསུངས་སོ༔ དེ་ཉིད་ཀྱི་དོན་ལམ་དུ་ཁྱེར་བ་ལ་ཡང༔ གོང་དུ་བསྟན་པའི་ཕྱི་ནང་བར་གསུམ་གྱི་སེམས༔ གཉིས་འཛིན་གྱི་རྟོག་པ་མེད་པའི་ངང་དེ་ཉིད་ལས༔ ཚོགས་དྲུག་མ་འགགས་ལྷུག་པར་བཞག་ཅིང༔ དབང་པོ་རང་ཡན་ལྷོད་དེ་བཞག་སྟེ་མ་བཅོས་པ༔ རྣལ་མ༔ སོ་མ༔ ལྷུག་པ༔ གྱི་ནར༔ ཁོ་ན༔ སེམས་ལ་བཟོ་མི་བསྐུལ་བར་གཞག་པ་གནད་ཡིན་ནོ༔ དེ་ཡང༔ རྒྱུད་ལས༔ ཚོགས་དྲུག་མ་འགགས་ལྷུག་པ་ལ༔ དབང་པོ་རང་ཡན་ཀློད་ལ་གཞག༔ རྣལ་མ་སོ་མ་ལྷུག་པ་སྟེ༔ གྱི་ནར་གནས་པ་ཁོ་ན་འོ༔ ཞེས་གསུངས་སོ༔ དེའང་སངས་རྒྱས་སྒམ་ནས་བཟང་དུ་བཏང་བ་མ་ཡིན་ཞིང༔ སེམས་ཅན་སྒྲིན་པོས་ངན་དུ་བསླད་པ་མེད་པས་ཡེ་གདོད་མ་ནས་རང་བྱུང་གི་ཡེ་ཤེས་སྐྱེ་འགག་གནས་གསུམ་གྱི་གཞི་རྩ་དང་བྲལ་བ་མཐའ་བྲལ་བློའི་ཡུལ་ལས་འདས་པར་བཞག་པ་ཡིན་ནོ༔ རྒྱུད་ལས༔ སྐྱེ་འགག་གནས་གསུམ་གཞི་རྩ་བྲལ༔ རང་བྱུང་ཡེ་ཤེས་གདོད་ནས་དག༔ མཐའ་བྲལ་བློ་ཡི་ཡུལ་ལས་འདས༔ ཞེས་གསུངས་སོ༔ དེ་ལྟར་མཐའ་བྲལ་བློའི་ཡུལ་ལས་འདས་པ་དེའང༔ ཡེ་ཤེས་གསུམ་ལྡན་དུ་ཡོད་དེ༔ རྒྱུད་ལས༔ གཞི་འི་ངོ་བོ་སྟོང་པ་ཉིད༔ རང་བཞིན་འོད་དུ་གསལ་བ་ལ༔ ཐུགས་རྗེས་ཀུན་ཏུ་སྣང་བ་སྟེ༔ ཡེ་ཤེས་གསུམ་ལྡན་ཚུལ་དུ་གནས༔ ཞེས་གསུངས་པས༔ རྟོགས་ཏེ་སངས་རྒྱས་མ་བྱུང༔ མ་རྟོགས་ཏེ་སེམས་ཅན་མེད་པའི་སྔོན་རོལ་ནས༔ གདོད་མའི་གནས་ལུགས་ཐོག་མའི་གཞི་དེ༔ ངོ་བོ་སྟོང་ཉིད་སྐྱེ་འགག་གནས་གསུམ་དང་བྲལ་བ་རང་བཞིན་གྱིས་འོད་གསལ་བ༔ འགག་པ་མེད་པའི་ཐུགས་རྗེ་སྣ་ཚོགས་པར་ཀུན་ཏུ་སྣང་ཡང༔ སྟོང་གསལ་རྗེན་པ་ཉིད་དུ་སྣང་བ་ལས་ངན་དུ་སོང་བ་ནི་མེད་དེ༔ སྟོང་གསལ་འཛིན་མེད་སྐུ་གསུམ་ལྷུན་གྲུབ་ཡེ་ཤེས་གསུམ་ལྡན༔ རང་ཆས་ཉག་གཅིག་བྱེད་པ་མེད་པ་ཆེན་པོའི་ཚུལ་དུ་གནས་པ་ཡིན་ནོ༔ དེ་ཁོ་ན་ཉིད་སངས་རྒྱས་ཀྱི་དགོངས་པ་ལས་གཞན་ནས་བཙལ་དུ་མེད་དེ༔ ཡེ་གྲོལ་ཡིན་པས་འབད་བཅས་ཀྱི་རྩོལ་བ་མི་དགོས༔ རྟོགས་པ་ཙམ་གྱིས་སངས་རྒྱ་བ་ཡིན་ནོ༔ དེ་ལྟར་ཡེ་ནས་གནས་པའི་ཆོས་ཉིད་དེ་རྟོགས་པ་ཙམ་ལས་དུས་གསུམ་གྱི་སངས་རྒྱས་ཀྱང་གཞན་ན་མེད་དོ༔ དེའང་རྒྱུད་ལས༔ ཐམས་ཅད་ཡེ་གྲོལ་ཆེན་པོ་སྟེ༔ འབད་རྩོལ་མེད་དེ་གནད་ཀྱིས་གྲོལ༔ བསྐྱར་མི་དགོས་ཏེ་ཡེ་ནས་གྲོལ༔ ཞེས་དང༔ གཞན་ཡང་ཡེ་ནས་གནས་པའི་ཆོས་ཉིད་ཡིན༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱང༔ དེ་ཡི་དོན་ལ་དགོངས་པ་མཛད༔ ཅེས་གསུངས་པས༔ དེ་ཉིད་མ་གཏོགས་པའི་སངས་རྒྱས་ཁ་མིག་རྣ་བ་ཅན་ཐོབ་རྒྱུ་མེད་དེ༔ འཁོར་འདས་གཉིས་མེད་འཛིན་པ་ཡེ་ནས་དག་པ་དེ་ཉིད་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཡིན་ནོ༔ དེའང་རྒྱུད་ལས༔ དེ་ཡི་དོན་ལས་གཞན་མ་ཡིན༔ དེ་ལ་འཁོར་འདས་གཉིས་སུ་མེད༔ ཅེས་གསུངས་སོ༔ དེ་ནི་དབང་པོ་འབྲིང་རྟོགས་པས་གྲོལ་བ་ཁྲེགས་ཆོད་གཞིའི་ཉམས་ལེན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ པདྨ་ཀུན་སྐྱོང་གླིང་པའི་གཏེར་མའོ།། ༄༅༔ རྡོ་རྗེ་སེམས་དཔའི་སྙིང་ཐིག་ལས༔ ཁྲེགས་ཆོད་འཁོར་བ་དོང་སྤྲུག་གི་ཐོད་རྒལ་བཞུགས་སོ༔ ྈྈྈྈྈ ད་ནི་དབང་པོ་རབ་མཐོང་བས་གྲོལ་བ༔ ཐོད་རྒལ་གྱི་ཉམས་ལེན་བསྟན་པ་ནི༔ དེ་ནས་ལུས་ངག་ཡིད་གསུམ་ཕྱི་ནང་གི་བྱ་བ་དང་བྲལ༔ དགེ་སྡིག་བྱ་བྱེད་བསམ་མནོ་ཀུན་སྤངས་ཏེ༔ གོང་དུ་བསྟན་པའི་ཁྲེགས་ཆོད་ཀྱི་ལྟ་བའི་ངང་ནས་མ་གཡོས་པར༔ མཐོང་བ་ཙམ་གྱིས་གྲོལ་བའི་ཐོད་རྒལ་ལམ་དུ་བྱེད་པ་ནི༔ རྒྱུད་ལས༔ ཁྲེགས་ཆོད་དེ་ལ་གཞི་བྱས་ནས༔ ཐོད་རྒལ་ལམ་དུ་བྱེད་པ་ནི༔ བྱ་བ་བྲལ་བ་གཞིར་བཞག་ནས༔ དགེ་སྡིག་བྱ་བ་ཀུན་སྤང་སྟེ༔ ཞེས་གསུངས་པས༔ གནས་མཐོ་ཞིང་དྭངས་པར༔ སྟན་བདེ་བའི་སྟེང་དུ༔ ལུས་དྲང་སྲོང་ཙོག་པུའི་འདུག་སྟངས་བྱ་སྟེ༔ ཙོག་པུར་འདུག་ལ་རྐང་པའི་ལོང་བུ་གཉིས་གཤིབས༔ ལག་པའི་གྲུ་མོ་གཉིས་པུས་མོ་ལ་བཀལ་ལ༔ ལག་མཐིལ་གཉིས་ཀྱིས་འགྲམ་པ་གཡས་གཡོན་སྐྱོར་ལ༔ ནམ་མཁའ་དྭངས་པ་སྤྲིན་དང་ཁུ་རླངས་ལ་སོགས་བྲལ་བ་ལ༔ ཁ་ལྷོ་ཕྱོགས་སུ་བསྟན་ལ༔ མིག་གཉིས་ཐད་ཀའི་ནམ་མཁའ་ལ་མིག་འབྲས་མི་འགུལ་བར་རང་ལུགས་སུ་བལྟའོ༔ དེའང་རྒྱུད་ལས༔ ལུས་ནི་བདེ་བའི་སྟན་ལ་འདུག༔ དྲང་སྲོང་ཙོག་པུའི་འདུག་སྟངས་བྱ༔ ནམ་མཁའ་རྐྱེན་དང་བྲལ་བའི་དུས༔ མིག་གཉིས་ཐད་ཀའི་མཁའ་ལ་བལྟ༔ ཞེས་གསུངས་སོ༔ དེ་ལྟར་བལྟས་པས་དབང་པོའི་མངོན་སུམ་དུ༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཕྲ་ཞིང་རྟ་རྔའི་མདུད་པ་འདྲ་བ༔ བར་བར་ན་ཐིག་ལེ་ཡུངས་འབྲུ་ཙམ་པས་བརྒྱན་པ༔ འགྲོ་འོང་དང་བཅས་པ་འཆར་བ་སྟེ༔ མ་འཁྲུལ་པའི་སངས་རྒྱས་ཡིན་ནོ༔ རྒྱུད་ལས༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད༔ ཕྲ་ཞིང་རྟ་རྔའི་མདུད་པ་འདྲ༔ བར་བར་ཐིག་ལེ་ཡུངས་འབྲུ་ཙམ༔ དེ་ཡང་འགྲོ་འོང་དག་དང་བཅས༔ ཞེས་པ་དང༔ གཞན་ཡང་ལུ་གུ་རྒྱུད་ཀྱི་མཚན་ཉིད་ནི༔ རྣམ་པར་རྟོག་པ་ཀུན་དག་ནས༔ མ་འཁྲུལ་པ་ཡི་སངས་རྒྱས་སོ༔ ཞེས་གསུངས་སོ༔ དེ་ཉིད་ཀྱང་གདོད་མའི་གནས་ལུགས་ཡེ་ཤེས་གསུམ་ལྡན་དུ་བཞུགས་ཏེ༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ངོ་བོ་དེ་ཡང༔ སྟོང་པ་ངོས་གཟུང་དམིགས་གཏད་དང་བྲལ་བ༔ རང་བཞིན་གྱིས་གསལ་ལ་དྭངས་པ༔ ཐུགས་རྗེའི་མཁྱེན་པ་མ་འགགས་པར་གནས་སོ༔ དེ་ལྟར་ཡང་རྒྱུད་ལས༔ ངོ་བོ་སྟོང་པ་དམིགས་གཏད་བྲལ༔ རང་བཞིན་གསལ་དག་ཆོས་ཀྱི་དབྱིངས༔ ཐུགས་རྗེའི་མཁྱེན་པ་མ་འགགས་པ༔ རྣམ་པར་དག་པའི་ལུ་གུ་རྒྱུད༔ དབྱིངས་དང་འདུ་འབྲལ་མེད་པར་འཆར༔ ཞེས་པས༔ དབྱིངས་རྣམ་པར་དག་པ་ནམ་མཁའ་རྐྱེན་དང་བྲལ་བ་དང༔ རིག་པ་ལུ་གུ་རྒྱུད་ངོ་བོ་སྟོང་གསལ་ཐིག་ལེ་གསལ་བ་དེ་ཉིད་འདུ་འབྲལ་མེད་པར་འཆར་རོ༔ དེ་ཉིད་འདུ་འབྲལ་མེད་པར་ཉམས་སུ་བླངས་པས༔ ཡེ་ཤེས་ཁ་དོག་ལྔ་དང་ལྡན་པ༔ གྱེན་འགྲེང་དང༔ རྩིབས་ཤར་དང༔ ཟ་འོག་གི་གུར་ཁྱིམ་ལྟ་བུ་དང༔ ཐིག་ལེ་རྐྱང་པ་དང༔ གཉིས་འབྲེལ་དང༔ གསུམ་འབྲེལ་དང༔ ལྔ་ལྡན་གྱི་ཚོམ་བུ་དང༔ ཐིག་ལེ་དེ་ཉིད་ཀྱང་འོད་ལྔས་བསྐོར་བའི་ནང་དུ༔ རྡོ་རྗེ་སེམས་དཔའ་ཕྱེད་སྐུ་དང༔ སྐུ་ཡོངས་སུ་རྫོགས་པ་དང༔ རིགས་ལྔ་ཚོམ་བུ་དང་བཅས་པར་འཆར་ཏེ༔ བེམ་པོའི་སྣང་བ་ཐམས་ཅད་རང་འགགས་ནས་འདི་ལྟར་སྣང་བ་ཐམས་ཅད་དག་པའི་ཞིང་ཁམས༔ གདོད་མའི་གནས་ལུགས༔ ཡེ་ཤེས་ལྔའི་རྣམ་པར་འཆར་རོ༔ དེ་དག་ནི་སེམས་ཅན་གྱིས་བྱས་པའམ༔ སངས་རྒྱས་ཀྱིས་མཛད་པ་ལྟ་བུ་མ་ཡིན་ཏེ༔ རང་བྱུང་ལྷུན་གྲུབ་ཆེན་པོ་རང་ཤར་བ་ཡིན་ནོ༔ འདི་ཉིད་མཐོང་བ་ཙམ་གྱིས་ཆོས་ཉིད་མངོན་སུམ་དུ་མཇལ་བ་ཞེས་བྱ་བ་ཡིན་ཏེ༔ ལས་དང་དགེ་སྡིག་ཐམས་ཅད་ཟད་པ་ཡིན༔ དབང་བཞི་དུས་གཅིག་ཐོབ་པ་ཡིན༔ སངས་རྒྱས་ཐམས་ཅད་དང་མཇལ་བ་ཡིན༔ འཁོར་བ་དང་རྒྱབ་གྱེས་པ་ཡིན་པས་ཆོས་ཉིད་མངོན་སུམ་གྱི་གནད་འདི་དང་འབྲལ་བ་མེད་པར་ཉམས་སུ་ལོངས་ཤིག༔ དེ་ལྟར་མངོན་སུམ་སྣང་བ་གསལ་བ་དེའང༔ ཕྱི་ནམ་མཁའ་རྣམ་པར་དག་པའི་ཀློང་དུ༔ ནང་གི་དབྱིངས་འོད་དང་འོད་ཁྱིམ་དུ་གསལ་བ་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་སྐུ་དང་ཐིག་ལེའི་རྣམ་པ་དེ་ཉིད༔ ཡེ་གནས་ཀྱི་ཆོས་ཉིད་རིག་པའི་ཡེ་ཤེས་ཡིན་པས༔ དེ་ཉིད་ཀྱི་སྟེང་དུ་འཛིན་མེད་རང་སྣང་དུ་ཙེན་ནེ་བཞག་པས༔ འཁྲུལ་པ་རང་སར་དག་ནས༔ མ་དག་པའི་སྣང་བ་སངས་ཏེ༔ སྐུ་དང་ཡེ་ཤེས་གསལ་ལ་མ་འགགས་པར་སངས་རྒྱས་ནས་བསམ་མེད་ཆོས་སྐུ་སྤྲོས་དང་བྲལ༔ ཀ་དག་གི་ས་ལ་རང་ས་ཟིན་ནས་སངས་རྒྱས་པ་ཡིན༔ གནས་ལུགས་ཀྱི་དོན་དེ་ཉིད་ལས་འཁོར་བ་སྤངས་པ་དང༔ མྱང་འདས་ཐོབ་རྒྱུ་མེད་དོ༔ རྟོག་མེད་ཀྱི་རིག་པ་རང་གསལ་བློ་འཛིན་གྱི་ཞེ་འདོད་དང༔ དམིགས་གཏད་ཀྱི་སྒོམ་པ་མེད་དེ༔ བཏང་སྙོམས་མེད་པའི་སྒོམ་པ་གསལ༔ མཁས་པས་བློས་བཅོས་པ་དང༔ བླུན་པོས་བསླད་པ་མེད་དེ༔ སྤང་འཆོས་ཀྱིས་བྱས་པ་མེད་པའི་སྤྱོད་པར་གསལ་ལོ༔ དེ་ལྟར་ཡང་རྒྱུད་ལས༔ སྤང་ཐོབ་མེད་པའི་ལྟ་བ་ལ༔ རྟོག་པ་མེད་པའི་རིག་པ་གསལ༔ ཞེ་འདོད་མེད་པའི་སྒོམ་པ་ལ༔ བཏང་སྙོམས་མེད་པའི་ཏིང་འཛིན་གསལ༔ བཅོས་བསླད་མེད་པའི་སྤྱོད་པ་ལ༔ བྱས་པ་མེད་པའི་བྱུང་བ་གསལ༔ ཞེས་གསུངས་སོ༔ དེ་ལྟ་བུའི་ལྟ་སྒོམ་སྤྱོད་པ་དེའང༔ ཡེ་སངས་རྒྱས་པའི་གནས་ལུགས་ཀྱི་ངང་ལས་རོལ་པ་ཤར་བ་ཙམ་ལས༔ ཉམས་སུ་བླང་རྒྱུ་དང་བླང་བྱའི་དངོས་པོ་རྟོག་མེད་ཀྱི་དངོས་འཛིན་དང་བྲལ་བ་དེ་ཉིད་སངས་རྒྱས་ཆོས་ཀྱི་སྐུ་ཡིན་ཏེ༔ དེའི་རྩལ་འགག་པ་མེད་པའི་མདངས༔ ཕྱི་ནང་བར་གསུམ་གྱི་སེམས་ཉིད༔ རྟོག་མེད་རང་མདངས་ཆེན་མོ༔ འགག་པ་མེད་པར་ཤར་བ་ལ་ལོངས་སྐུ་ཞེས་བྱ་བ་སྟེ༔ དེ་ཉིད་ཀྱང་མཚན་མའི་སྤྱོད་ཡུལ་དང་བྲལ་བའི་ཆོས་ཉིད་མཁྱེན་གཉིས་མ་འགགས་པར་ཤར་ནས༔ འགྲོ་དོན་རྒྱ་ཆེན་པོ་མཛད་ཅིང༔ སེམས་ཅན་ཐམས་ཅད་འདྲེན་པའི་སྤྲུལ་པའི་སྐུ་ཡིན་ནོ༔ དེ་ལྟར་སྐུ་གསུམ་གྱི་དབྱེ་བ་ཚིག་གསུམ་དུ་བརྗོད་པ་དེའང་སྣང་སྟོང་འཁོར་འདས་བཟང་ངན་གཟུང་འཛིན་མེད་པའི་རིག་པ་ལ༔ ས་ལམ་ཐམས་ཅད་སྦྱོང་བགྲོད་མེད་པར་ཡོངས་སུ་རྫོགས་ཏེ༔ ཕྱིར་མི་ལྡོག་པའི་རིག་པ་ལ༔ སྐུ་གསུམ་ལྷུན་གྲུབ་ཐིག་ལེ་ཉག་གཅིག་ངང་དུ་རྫོགས་པ་ཡིན་ནོ༔ དེ་ལྟར་ཡང་རྒྱུད་ལས༔ བསམ་དང་བྲལ་བའི་ཆོས་སྐུ་ལ༔ འགག་པ་མེད་པའི་ལོངས་སྐུ་གསལ༔ མཚན་མ་མེད་པའི་ཆོས་དབྱིངས་ལས༔ ཐམས་ཅད་འདྲེན་པའི་སྤྲུལ་སྐུར་གསལ༔ གཟུང་འཛིན་མེད་པའི་རང་བཞིན་ལ༔ ཕྱིར་མི་ལྡོག་པའི་སྐུ་གསུམ་རྫོགས༔ ཞེས་གསུངས་པས༔ སྐུ་གསུམ་ཕྱིར་མི་ལྡོག་པའི་དོན་དེ་ཉིད་ལས༔ གཞན་ནས་འཐོབ་རྒྱུ་དང༔ འཐོབ་བྱའི་ཞེ་འདོད་གཏན་ནས་ཟད་པ་ནི༔ ཆོས་ཉིད་ཀ་དག་ཅེས་མིང་བཏགས་པ་ལས༔ གཞན་འཐོབ་རྒྱུའི་འབྲས་བུ་མེད་པར་ཡིད་ཆེས་ཏེ༔ གདོད་མའི་སར་གྲོལ་བའོ༔ དེ་ནི་དབང་པོ་རབ་མཐོང་བ་ཙམ་གྱིས་གྲོལ་བའི་གནད༔ ཐོད་རྒལ་ལམ་དུ་བྱེད་པའི་གདམས་པ༔ གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ༔ ཨེ་མ་ཧོ༔ འདི་ལྟར་ཐེག་མཆོག་ཡང་བཅུད་སྣོད༔ དབང་པོ་རིམ་གསུམ་གྲོལ་བའི་ཐབས༔ གཞན་ལས་ཁྱད་འཕགས་གདམ་པའི་བཅུད༔ མཐོང་བ་ཙམ་གྱིས་རྟོགས་པ་དང༔ རྟོགས་པ་ཙམ་གྱིས་གྲོལ་བ་ཡི༔ གདམས་པའི་བཅུད་མཆོག་ཟབ་མོ་འདི༔ ཞག་བདུན་བསྒོམས་པས་ཕྱིར་མི་ལྡོག༔ ལོ་བདུན་བསྒོམ་ན་ཕུང་པོ་ལྷག་མེད་འགྲུབ༔ གཞན་དང་མི་འདྲ་ཁྱད་པར་ཆེ༔ སྤེལ་བར་ཕངས་ནས་གཏེར་དུ་སྦས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ྈྈྈྈྈྈྈྈྈ སྤྲུལ་སྐུ་ཀུན་སྐྱོང་གླིང་པས་མ་ཚོར་རྡོ་རྗེའི་སྒྲུབ་ཕུག་ནས་སྤྱན་དྲངས་པའི་གཏེར་མའོ།།༄༅༔ རྡོ་རྗེ་སེམས་དཔའི་སྙིང་ཐིག་ལས༔ རྗེས་ཀྱི་རྟགས་ཚད་བཞུགས་སོ༔ ྈྈྈྈ ྈྈྈྈྈྈྈྈྈྈ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ ཨེ་མ་ཧོ༔ ལས་དང་སྐལ་བར་ལྡན་པ་ཡི༔ སྐྱེས་བུས་དོན་ཆེན་ཐོབ་འདོད་ན༔ ལམ་མཆོག་འདི་ལ་ཞུགས་པ་ཡི༔ རྗེས་ཀྱི་གདམས་པ་བསྟན་པར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལམ་མཆོག་ཐེག་པ་ཀུན་གྱི་ཡང་བཅུད་འདི་ཉམས་སུ་བླངས་པའི་སྐྱེས་བུ་ཀུན་གྱི་རྗེས་ཀྱི་རིམ་པ་སྟོན་པ་ལ༔ རྟགས་དང་ཚད་རྣམ་པ་གཉིས་ཏེ༔ དེ་ལའང་རྟགས་ཀྱི་རིམ་པ་ནི༔ གང་ཟག་དབང་པོ་རབ་འབྲིང་རྣམས་ཀྱིས་གཞི་ཁྲེགས་ཆོད་ཀྱི་སྟེང་ནས༔ ལམ་ཐོད་རྒལ་ཉམས་སུ་བླངས་པས༔ རིག་པའི་ངོ་བོ་དེ་ཡང་ལྕགས་ཐག་བརྐྱང་པ་ལྟ་བུ་ལ༔ ཚིགས་མཚམས་རྣམས་སུ་ཐིག་ལེས་བརྒྱན་པ་འཆར་ཏེ༔ གང་དུ་བལྟས་པའི་ཕྱོགས་སུ་རྒྱུག་པར་སྣང་བ་ལ༔ མིག་གི་དབང་པོས་དེ་ཉིད་ལ་མ་འགུལ་བར་གཟིར་བས༔ རིག་པ་ཉིད་ཀྱང་དལ་དུ་འགྲོ་ཞིང༔ དབྱིངས་ཀྱི་སྣང་བ་དེ་ཡང་ཁ་དོག་ལྔ་དང་ལྡན་པ༔ གྱེན་འགྲེང་དང་རྩིབས་ཤར་དང༔ ཟ་འོག་གི་གུར་ཁྱིམ་ལྟ་བུ༔ སྣམ་བུ་བརྐྱང་པ་ཙམ་འཆར་ཏེ༔ དེ་རྣམས་ཀྱི་ནང་དུ་ཐིག་ལེ་རྐྱང་པ་དང༔ གཉིས་འབྲེལ་དང༔ གསུམ་འབྲེལ་དུ་འཆར་ཏེ༔ དེ་ཉིད་འགུལ་བ་མེད་པར་བལྟས་པས༔ དུས་ནམ་ཞིག་ན༔ ཐིག་ལེ་ལྔ་ལྡན་གྱི་ཚོམ་བུ༔ འོད་ལྔའི་ར་བས་བསྐོར་བའི་ནང་དུ༔ རྡོ་རྗེ་སེམས་དཔའ་ཕྱེད་སྐུ་དང༔ སྐུ་རྒྱན་ཆས་མཛེས་ཤིང་རྫོགས་པ༔ རིགས་ལྔ་ཡབ་ཡུམ་ཚོམ་བུ་དང་བཅས་པ་གསལ་ལོ༔ དེ་ཉིད་ལ་བར་མ་ཆད་པར་བལྟས་པས༔ བེམ་པོའི་སྣང་བ་རྣམས་རང་འགགས་ཏེ༔ ཡེ་ཤེས་ལྔའི་སྣང་བ་འོད་ལྔའི་ཞིང་ཁམས་དབང་པོའི་མངོན་སུམ་དུ་འགྱུར་ཚད་དུ་འཆར་ཏེ༔ དེའི་ཚེ་རང་གི་ལུས་ཀྱང་འོད་དུ་གསལ་བས༔ མ་དག་འཁྲུལ་པའི་སྣང་བ་རང་དག་ནས༔ གསལ་བ་ཡེ་ཤེས་ཀྱི་སྣང་བ་ཅན་དུ་གསལ༔ ཡིད་དཔྱོད་བློའི་ཆོས་རྣམས་ཟད༔ དེའི་དུས་ན༔ ཉམས་སུ་མ་བླང་ཀྱང་འཁོར་འདས་རྒྱབ་གྱེས་པ་ཡིན་ནོ༔ ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་ཡིན་ནོ༔ དེ་སྐད་དུ་ཡང་རྒྱུད་ལས༔ རྟགས་ནི་ཚོམ་བུ་ལྔ་ལྡན་ལ༔ རིགས་ལྔ་ཡབ་དང་ཡུམ་དུ་ལྡན༔ རང་ལུས་ཉིད་ཀྱང་འོད་དུ་གསལ༔ ཞེས་གསུངས་སོ༔ དེ་ལྟར་ཉམས་སུ་བླངས་པའི་དུས༔ ལུས་ནི་གླེན་པ་ལྟ་བུར་སོང་སྟེ༔ བཅོས་མའི་ཚུལ་འཆོས་གྲོལ་བ་དང༔ ངག་ནི་ལྐུགས་པ་ལྟ་བུར་སོང་སྟེ༔ ངག་གི་སྨྲ་བ་རྒྱུན་ཆད་པ་དང༔ གཞན་གྱི་ལད་མོ་བཟློ་བ་མ་གཏོགས་པ༔ བརྗོད་པའི་གཏམ་གྱི་ངོས་གཟུང་དང་བྲལ་བར་འགྱུར་རོ༔ དེ་སྐད་དུ་ཡང་རྒྱུད་ལས༔ ལུས་ནི་གླེན་པ་ལྟ་བུར་གྲོལ༔ ངག་ནི་ལྐུགས་པ་སྨྲ་བརྗོད་བྲལ༔ ཅེས་གསུངས་སོ༔ དེ་ནས་ཚད་ཀྱི་རིམ་པ་ལ་ཡང༔ དེ་ལྟར་ཉམས་སུ་ལེན་པའི་སྐྱེས་བུ་རྣམས་ལ༔ རྨི་ལམ་ནའང་ཆོས་ཀྱི་བྱ་བ་བྱེད་པ་དང༔ རྨི་ལམ་རྨི་ལམ་དུ་ངོ་ཤེས་པ་དང༔ རྨི་ལམ་རྒྱུན་ཆད་པར་འགྱུར་རོ༔ སེམས་ཀྱི་གདེང་ཐག་ཆོད་པས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལ་ཉམ་མི་ང་བ་དང༔ ཁམས་གསུམ་རིགས་དྲུག་ཏུ་ལྷུང་གིས་དོགས་པ་མེད་པ་དང༔ རང་སེམས་སངས་རྒྱས་སུ་ཐག་ཆོད་པས༔ མྱ་ངན་ལས་འདའ་བར་མི་རེ་བ་དང༔ སངས་རྒྱས་ཀྱི་ཡོན་ཏན་ལ་བྲོད་པ་མི་སྐྱེ་བ་འབྱུང་ངོ༔ དེ་ལྟར་ཡང་རྒྱུད་ལས༔ ཚད་ནི་རྨི་ལམ་རྒྱུན་ཆད་དང༔ དམྱལ་བ་དག་ལ་ཉམ་མི་ང༔ འཁོར་བར་ལྷུང་གིས་དོགས་པ་མེད༔ མྱ་ངན་འདས་ལ་རེ་བ་མེད༔ སངས་རྒྱས་པ་ལ་བྲོད་པ་མེད༔ ཅེས་གསུངས་སོ༔ དེ་ལྟ་བུའི་གདེང་དང་ལྡན་པ་དེ་ཡང༔ ལམ་རྣམས་མཐར་ཕྱིན་ཏེ་གདོད་མའི་གནས་ལུགས༔ བློ་རྟོག་གི་བསམ་བརྗོད་ལས་འདས་པ༔ སྤྲོས་པའི་གཞི་དང་བྲལ་བ༔ ཀ་ནས་དག་པ་གདོད་མའི་ས་ལ་ཡང་དག་པར་སངས་རྒྱས་པའོ༔ དེ་ཡང་རྒྱུད་ལས༔ གདོད་མའི་གནས་ལུགས་གཞི་ལ་དག༔ ཅེས་གསུངས་སོ༔ རྫོགས་པ་ཆེན་པོ་བྱ་བྲལ་ལྷུན་གྱིས་གྲུབ་པའི་འབྲས་བུ་མངོན་དུ་བྱ་བ་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དེ་རྣམས་ཀྱིས་ཉམས་སུ་ལེན་པའི་རྟགས་ཚད་དང༔ མཐར་ཐུག་གི་འབྲས་བུ་བསྟན་པའོ༔ ཨེ་མ་ཧོ༔ འདི་ལྟར་ཐེག་པའི་ཡང་བཅུད་ཀྱི༔ ཉམས་ལེན་གནད་དུ་བསྣུན་པ་ཡི༔ རྟགས་ཚད་འབྲས་བུའི་འཆར་ཚུལ་རྣམས༔ ཚིག་ཉུང་དོན་དུ་འདྲིལ་བར་བཀོད༔ གཞན་དང་མི་འདྲ་ཁྱད་ཆེ་བས༔ སྤེལ་བར་ཕངས་ནས་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་སྟོན་ཆེན་པོ་ཀུན་སྐྱོང་གླིང་པས་གཙང་ཟབ་བུ་ལུང་གི་མདའ་མ་ཚོར་ཨུ་རྒྱན་ཕུག་ནས་གདན་དྲངས་པའོ།། ༄༅༔ རྡོར་སེམས་སྙིང་ཐིག་ལས༔ རྩ་བ་གསུམ་གྱི་སྒྲུབ་ཐབས་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ བདག་འདྲ་ཨུ་རྒྱན་པདྨ་ཡིས༔ རྩ་བ་གསུམ་གྱི་སྒྲུབ་ཐབས་འདི༔ རྒྱུད་ནས་ཕྱུང་སྟེ་གུད་དུ་སྦས༔ སྐལ་པ་ཅན་གྱིས་ཉམས་སུ་ལོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈ ཐེག་མཆོག་འདིར་ཞུགས་སྐལ་ལྡན་འཁོར་བ་བློས་བཏང་ནས་རི་ཁྲོད་ཀྱི་དབེན་གནས་འགྲིམ་ནུས་པ་གཅིག་གིས༔ རྩ་བ་གསུམ་རང་དང་གཉིས་མེད་དུ་བསྒྲུབ་པར་བྱ་སྟེ༔ སྔོན་འགྲོ་ནི༔ གནས་ཡིད་དུ་འོང་བར༔ གྲུབ་ཐོབ་ཀྱི་ཞབས་ཀྱིས་བཅགས་པ༔ མི་རྒོད་ལ་སོགས་པའི་འགལ་རྐྱེན་མེད་པར་དྭངས་ཤིང་མཐོ་བའི་ས་རུ༔ ཚེ་འདིའི་བྱ་བ་བཏང་ལ༔ སྟན་བདེ་བ་ལ་འདུག༔ མདུན་གྱི་ནམ་མཁའ་ལ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་བཞུགས་པར་གསལ་བཏབ་ལ༔ སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ནི༔ ཨོཾ་ཨཱཿཧཱུྃ༔ སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ༔ བདག་སོགས་སེམས་ཅན་སྐྱབས་སུ་མཆི༔ བླ་མ་ཡི་དམ་མཁའ་འགྲོ་གསུམ༔ བདག་སོགས་སེམས་ཅན་སྐྱབས་སུ་མཆི༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ༔ བདག་སོགས་སེམས་ཅན་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ༔ དཀོན་མཆོག་གསུམ་སོགས་དགོངས་སུ་གསོལ༔ དེང་གཟུང་བྱང་ཆུབ་མ་ཐོབ་བར༔ འགྲོ་དྲུག་མ་བུའི་འདུ་ཤེས་ཀྱིས༔ མ་གྲོལ་སྒྲོལ་དང་མ་བསྒྲལ་བསྒྲལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ སེམས་ཅན་ཐམས་ཅད་བདེ་གྱུར་ཅིག༔ སྡུག་བསྔལ་ཀུན་དང་བྲལ་གྱུར་ཅིག༔ བདེ་དང་བྲལ་བར་མ་གྱུར་ཅིག༔ ཉེ་རིང་ཆགས་སྡང་བྲལ་གྱུར་ཅིག༔ སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར༔ ཅེས་ལན་གསུམ་བརྗོད༔ ཨོཾ་ཨཱཿཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ༔ རང་བཞིན་གནས་ནས་འདིར་གཤེགས་ཤིག༔ སྤྱི་གཙུག་པདྨ་ཉི་ཟླའི་སྟེང༔ གཉིས་སུ་མེད་པར་བཞུགས་སུ་གསོལ༔ ལུས་ངག་ཡིད་གསུམ་གུས་པ་ཡིས༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་མཆོད་པ་རྣམས༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ༔ ལུས་ངག་ཡིད་གསུམ་སྡིག་པ་རྣམས༔ རབ་གནོང་འགྱོད་པས་བཤགས་པར་བགྱི༔ གསང་སྔགས་བླ་མེད་སྒྲུབ་པ་ལ༔ བདག་ནི་རྗེས་སུ་ཡི་རང་ངོ༔ ནམ་མཁའ་མཉམ་པའི་སེམས་ཅན་ལ༔ སྨིན་གྲོལ་ཆོས་འཁོར་བསྐོར་བར་སྐུལ༔ འཁོར་བ་དོང་ནས་མ་སྤྲུགས་བར༔ སེམས་ཅན་དོན་ལ་བཞུགས་སུ་གསོལ༔ དུས་གསུམ་བསགས་པའི་དགེ་བ་རྣམས༔ ཐམས་ཅད་མཁྱེན་པའི་ས་རུ་བསྔོ༔ བདག་སོགས་སེམས་ཅན་མ་ལུས་ཀུན༔ བླ་མེད་གོ་འཕང་མྱུར་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ ཕྱི་ནང་སྣོད་བཅུད་འཇིག་རྟེན་ཞིང་ཁམས་འདིར༔ དངོས་འབྱོར་ཡིད་སྤྲུལ་བླ་མེད་མཆོད་པའི་སྤྲིན༔ རང་སྣང་དག་པས་བཤམས་པའི་མཎྜལ་འདི༔ སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་འབུལ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་འབུལ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ་འབུལ༔ བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས༔ སྐུ་གསུམ་ལྷུན་གྲུབ་འབྲས་བུ་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ༔ རིག་པ་སྟོང་གསལ་འཇའ་འོད་ཞིང་ཁམས་སུ༔ ཧཱུྃ་ལས་རྡོར་སེམས་སྐུ་མདོག་དཀར་ལ་འཚེར༔ ཞལ་གཅིག་འཛུམ་མདངས་རིན་ཆེན་རྒྱན་གྱིས་མཛེས༔ བལྟ་བས་མི་ངོམས་རྡོ་རྗེ་དྲིལ་བུ་འཛིན༔ ཉི་ཟླ་པད་གདན་ཕྱེད་སྐྱིལ་འགྱིང་ཚུལ་བཞུགས༔ སྙིང་ནང་སངས་རྒྱས་སུམ་ཅུ་རྩ་དྲུག་དང༔ དུང་ཁང་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དང༔ རྩ་ནང་ཐུབ་དྲུག་དཔའ་བོ་མཁའ་འགྲོས་ཁེངས༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་མཉེན་ལྕུག་འཁྲིལ༔ གནས་གསུམ་ཐིག་ལེ་འབྲུ་གསུམ་དཀར་དམར་མཐིང༔ སྤྱི་གཙུག་ཨུ་རྒྱན་བཻ་རོ་བི་མ་ལ༔ རྩ་བརྒྱུད་རིག་འཛིན་བླ་མའི་ཚོགས་ཀྱིས་བསྐོར༔ ཆུ་ཟླ་འཇའ་ཚོན་སྣང་གསལ་ལྟ་བུར་བསྐྱེད༔ ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ ཞེས་སོགས་ཅི་ནུས་བཟླ༔ མཐར་རྡོར་སེམས་འོད་དུ་ཞུ་ནས་བདག་དང་སེམས་ཅན་ཐམས་ཅད་ལ་ཐིམ་པར་གྱུར༔ བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས༔ མི་དགེ་བཅུ་ལ་སྤྱད་པ་མཐོལ་ལོ་བཤགས༔ མཚམས་མེད་ལྔ་ལ་སྤྱད་པ་མཐོལ་ལོ་བཤགས༔ ཉེ་བ་ལྔ་ལ་སྤྱད་པ་མཐོལ་ལོ་བཤགས༔ ལྕི་བ་བཞི་ལ་སྤྱད་པ་མཐོལ་ལོ་བཤགས༔ ལོག་པ་བརྒྱད་ལ་སྤྱད་པ་མཐོལ་ལོ་བཤགས༔ ཁ་ན་མ་ཐོ་བགྱིས་པ་མཐོལ་ལོ་བཤགས༔ ཉན་ཐོས་ཀྱི་འདུལ་ཁྲིམས་ཉམས་པ་མཐོལ་ལོ་བཤགས༔ བྱང་ཆུབ་སེམས་ཀྱི་བསླབ་བྱ་ཉམས་པ་མཐོལ་ལོ་བཤགས༔ གསང་སྔགས་ཟབ་མོའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས༔ སྡིག་སྒྲིབ་ཉམས་ཆག་ཉེས་ལྟུང་དྲི་མའི་ཚོགས་དང་བཅས་པ་ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ༔ དངོས་གཞི་ནི༔ ཨོཾ་བཛྲ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་བརྗོད་པས་ཕྱི་ནང་གི་ཆོས་ཐམས་ཅད་གསལ་སྟོང་ངོས་གཟུང་དང་བྲལ་བའི་ངང་ལས༔ སྣ་ཚོགས་པདྨ་འདབ་མ་བཞི་པ་དང་ཉི་ཟླའི་སྟེང་དུ༔ རང་གི་རིག་པ་ཧཱུྃ་དཀར་པོ་ལས་ཡི་དམ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་མདངས་དྲི་མ་མེད་པ༔ རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ༔ ཞབས་སྐྱིལ་ཀྲུང༔ ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ༔ ཆེ་ཆུང་ཚད་མེད་མཚན་དང་དཔེ་བྱད་དུ་ལྡན་པ༔ བལྟ་བས་ཆོག་མི་ཤེས་པ༔ ཡེ་ནས་རང་གསལ་ཡིན་པ་དེ་གསལ་གདབ་བོ༔ དེ་ལྟར་གསལ་བའི་སྤྱི་གཙུག༔ མགྲིན་པ༔ སྙིང་ཁ་གསུམ་དུ༔ ཐིག་ལེ་དཀར་པོ་དམར་པོ་མཐིང་ཁ་གསུམ༔ ཡེ་ཤེས་ལྔའི་མུ་ཁྱུད་དང་ལྡན་པའི་ནང་དུ༔ ཨོཾ་ཨཱཿཧཱུྃ་གསུམ་གསལ་གདབ༔ དེའི་སྤྱི་བོའི་གཙུག་ཏུ་ཨོ་རྒྱན་བདག་ཉིད་ཆ་ལུགས་རྡོ་རྗེ་སེམས་དཔའ་དང་འདྲ་བ་ལ༔ སྐུ་མདོག་མཐིང་ག་གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན་པ༔ ཡུམ་ཡེ་ཤེས་མཚོ་རྒྱལ་དཀར་མོ་དང་གཉིས་སུ་མེད་པ་ཞིག་བསྐྱེད༔ ཕྱོགས་བཞིའི་པདྨ་འདབ་བཞི་ལ༔ ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར་མོ༔ ལྷོར་རིན་ཆེན་མཁའ་འགྲོ་སེར་མོ༔ ནུབ་ཏུ་པདྨ་མཁའ་འགྲོ་དམར་མོ༔ བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་གུ༔ གྲི་གུག་དང་ཐོད་ཁྲག་བསྣམས་པ༔ གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན་ཅིང༔ བདེ་བའི་གར་སྟབས་དང་ལྡན་པར་བསྒོམ༔ གཞན་ཡང་བརྒྱུད་པའི་བླ་མ་རྣམས་དང༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་དང་བཅས་པ་སྤྲིན་བཞིན་དུ་འཐིབས་པར་བསམ༔ དེ་ལྟ་བུའི་དཀྱིལ་འཁོར་གསལ་གདབ་ཙམ་མ་གཏོགས༔ ཡེ་ནས་རང་ཡིན་ཀྱང་གཉིས་འཛིན་གྱི་རྟོག་པ་བསལ་བའི་ཕྱིར༔ སྤྱན་དྲངས་ཤིང་ཕྱག་དང་མཆོད་བསྟོད་འབུལ༔ བཟླས་པ་བྱ་བ་ནི༔ ཐུགས་ཀའི་ཧཱུྃ་ལ་ཨོཾ་ཨཱཿཧཱུྃ་གུ་རུ་པདྨ་བཛྲ་སཏྭ་ཨ་ཧ་རི་ནི་ས་སིདྡྷི་ཧཱུྃ༔ ཞེས་པས་བསྐོར་བར་བསམ༔ ངག་ཏུ་བཟླས་པས༔ ཐུགས་ཀའི་སྔགས་ལས་འོད་ཟེར་འཕྲོས་ཏེ༔ བདེ་བར་གཤེགས་པ་ཐམས་ཅད་ལ་ཕོག༔ སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ༔ སེམས་ཅན་ཐམས་ཅད་ལ་ཕོག་སྡིག་སྒྲིབ་སྦྱངས༔ ཚུར་འདུས་ཡེ་ཤེས་ཀྱི་བདུད་རྩིས་ལུས་གང་བར་བསམ་ཞིང༔ གཟུགས་སུ་སྣང་བ་ཐམས་ཅད་ཡི་དམ་གྱི་ལྷ༔ སྒྲར་གྲགས་པ་ཐམས་ཅད་འབྲུ་གསུམ་གྱི་སྒྲ༔ དྲན་རྟོག་ཐམས་ཅད་ཆོས་དབྱིངས་ཀྱི་དགོངས་པ༔ དེ་ལས་མ་ཡེངས་པར་གསལ་སྟོང་གི་དོན་ལ་རྩེ་གཅིག་ཏུ་གནས་པར་བྱའོ༔ དེ་ལྟར་ཞག་བདུན་ནམ་ཉེར་གཅིག་ཏུ་བསྒྲུབས་པས༔ བྱིན་གྱིས་བརླབས་པའི་རྟགས༔ གསང་སྔགས་སྤྱི་དང་མཐུན་པར་འབྱུང་ཞིང༔ ཁྱད་པར་དུ་ལུས་ལ་བདེ་བ་འབར༔ ངག་ལ་ནུས་པ་འབྱུང༔ སེམས་ལ་རྟོགས་པ་འཆར༔ མ་དང་མཁའ་འགྲོ་འདུ༔ ཐིག་ལེ་འཕེལ་ཞིང་ཁམས་རྒྱས༔ སྐུ་གདུང་རིང་བསྲེལ་འཕེལ་བའི་ཕུང་པོ་ལྷག་མེད་དུ་སངས་རྒྱ་བར་འགྱུར་རོ༔ རྗེས་ནི་ཚོགས་ཀྱི་འཁོར་ལོས་རྩ་བ་གསུམ་མཉེས་པར་བྱ་ཞིང༔ རང་འདོད་མེད་པའི་འགྲོ་དོན་ལ་བརྩོན་པ་གཅེས་སོ༔ ཨེ་མ་རྩ་བ་གསུམ་གྱི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ རང་དང་གཉིས་མེད་སྒྲུབ་པའི་ཐབས༔ ཡང་ཟབ་བཅུད་ཀྱི་གདམས་པ་འདི༔ དེ་སྔ་འཇིག་རྟེན་སྤེལ་བ་མེད༔ འདི་དང་སུ་འཕྲད་སྐལ་པ་ཆེ༔ སྐྱེ་བ་ཟད་པའི་སྐྱེས་བུ་འོ༔ ད་ལྟ་སྤེལ་བའི་གནས་མེད་པས༔ མ་འོངས་དོན་དུ་གཏེར་དུ་སྦོས༔ ཕྱི་མ་ལས་འཕྲོ་ཅན་དང་འཕྲོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༅༔ རྡོར་སེམས་སྙིང་ཐིག་ལས༔ རྩ་བ་གསུམ་གྱི་ལས་བྱང་དོན་གྱི་གསལ་འདེབས་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ བསོད་ནམས་ཆེན་པོ་མྱུར་རྫོགས་ཤིང༔ བླ་མེད་བྱང་ཆུབ་འཐོབ་བྱའི་ཕྱིར༔ རྩ་བ་གསུམ་གྱི་ལས་བྱང་བསྟན༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་ཡིད་འོང་དབེན་པའི་གནས་མཆོག་ཏུ༔ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཀྲམ༔ རིན་པོ་ཆེའི་སྣོད་དམ༔ བྷནྡྷ་མཚན་ཉིད་དང་ལྡན་པར༔ རྒྱན་དང་ལྡན་པའི་གཏོར་མ་བཤམས་ལ༔ ཚོགས་དང་མཆོད་པའི་ཡོ་བྱད་བསགས་ཏེ༔ རང་བཞིན་ལྟ་བས་མཚམས་གཅད་པ་ནི༔ ཧཱུྃ༔ ང་ནི་ཡེ་ནས་རྡོ་རྗེ་སེམས༔ སྐུ་ཡི་སྤྲུལ་པས་ནམ་མཁའ་གང༔ གསུང་གིས་སྟོང་གསུམ་སྒྲ་སྒྲོག་ཅིང༔ ཐུགས་ཀྱི་འོད་ཟེར་གློག་སྟོང་འཁྱུག༔ ཡེ་ཤེས་མེ་ཡིས་ཕྱོགས་མཚམས་གང༔ སྣོད་བཅུད་ལྷ་དང་གཞལ་ཡས་ཁང༔ བགེགས་དང་བར་ཆད་ག་ལ་ཡོད༔ ཡེ་གྲོལ་ཆེན་པོར་མཚམས་བཅད་དོ༔ ཨོཾ་ཨཱཿཧཱུྃ༔ ཕཊ་ཕཊ་ཕཊ༔ གནས་ལུགས་ཀྱི་དོན་གསལ་བཏབ་སྟེ༔ ཚོགས་གཏོར་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་དངོས་འཛིན་རྣམ་རྟོག་གི་ཉེས་སྐྱོན་ཐམས་ཅད་བསལ༔ ཨོཾ་ཨཱཿཧཱུྃ་གསུམ་བརྗོད་པས༔ ཡེ་ཤེས་ལྔ་ལྡན་གྱི་བདུད་རྩི༔ དུག་ལྔ་བསྒྲལ་པའི་རཀྟ༔ འདོད་ཡོན་ལྔ་ལྡན་གྱི་གཏོར་མ༔ དངོས་གྲུབ་འབྱུང་བའི་ཚོགས་གཏོར་དུ་བྱིན་གྱིས་བརླབ་བོ༔ དེ་ནས་སྐྱབས་འགྲོ་སེམས་བསྐྱེད་དང༔ ཚོགས་གསག་པ་རྣམས་སྒྲུབ་ཐབས་ལྟར་བྱའོ༔ དེ་ནས་གཉིས་པ་རང་ཉིད་རྩ་བ་གསུམ་གྱི་དཀྱིལ་འཁོར་ཡེ་ནས་ཡིན་པ་དེ་གསལ་བཏབ་པ་ནི༔ ཧཱུྃ༔ སྟོང་གསལ་བྱ་རྫོགས་ཆེན་པོའི་ངང༔ སྟོང་ཉིད་སྙིང་རྗེས་ཀུན་ལ་ཁྱབ༔ འགག་མེད་རིག་པ་ཧཱུྃ་དུ་ཤར༔ ལྔ་ལྡན་ཡེ་ཤེས་གཞལ་ཡས་ཁང༔ པད་སྡོང་འདབ་བཞི་ཉི་ཟླའི་སྟེང༔ ཧཱུྃ་ལས་རང་ཉིད་རྡོ་རྗེ་སེམས༔ དཀར་གསལ་སྐྱིལ་ཀྲུང་རྡོར་དྲིལ་བསྣམས༔ རིན་ཆེན་རྒྱན་མཛེས་མཚན་དཔེར་ལྡན༔ སྤྱི་གཙུག་ཨོ་རྒྱན་ཡབ་ཡུམ་གསལ༔ འདབ་བཞིར་རིགས་བཞིའི་མཁའ་འགྲོ་བསྒོམ༔ ཡེ་རྫོགས་རྩ་གསུམ་ལྷ་ཚོགས་རྣམས༔ དམིགས་མེད་ཟང་ཐལ་ཀློང་དུ་བསྐྱེད༔ ཨོཾ་ཨཱཿཧཱུྃ༔ ཞེས་པས༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ དེ་ལྟར་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་རང་དང་གཉིས་སུ་མེད་ཀྱང་གཉིས་སྣང་གི་རྟོག་པ་བསལ་ཕྱིར་སྤྱན་དྲང་བ་ནི༔ ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨུ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ བཀའ་བབས་ལུང་གི་ཕོ་བྲང་ནས༔ བརྒྱུད་པའི་བླ་མ་གཤེགས་སུ་གསོལ༔ སྐུ་གསུམ་རིག་རྩལ་ཞིང་ཁམས་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ ཕྲིན་ལས་རྣམ་བཞིའི་གཞལ་ཡས་ནས༔ མཁའ་འགྲོ་རིགས་བཞི་གཤེགས་སུ་གསོལ༔ བཀའ་དང་དམ་ཚིག་གཞལ་ཡས་ནས༔ བཀའ་སྲུང་གཏེར་བདག་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད་པས༔ ནམ་མཁའ་ལ་རྩ་གསུམ་ལྷ་ཚོགས་འཐིབས་ཀྱིས་བྱོན་པར་བསམ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ཆོས་དབྱིངས་བརྡལ་བའི་དཀྱིལ་འཁོར་འདིར༔ འཁོར་བའི་སྐྱོན་བྲལ་པདྨའི་གདན༔ ཐབས་ཤེས་དབྱེར་མེད་ཉི་ཟླའི་སྟེང༔ ཡེ་ཤེས་རོལ་པའི་ལྷ་ཚོགས་རྣམས༔ བཞེངས་དང་བཞུགས་པ་མི་མངའ་ཡང༔ སེམས་ཅན་རྟོག་པ་སྦྱང་ཕྱིར་བཞུགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་བརྗོད་པས་ཆུ་ལ་ཆུ་ཐིམ་པ་ལྟ་བུར་གྱུར་ཏེ༔ ཡེ་ནས་གཉིས་མེད་ཀྱི་དོན་དྲན་པར་བྱའོ༔ དེ་ནས་ཕྱག་འཚལ་བ་ནི༔ ཧོ༔ སྐུ་གསུམ་ལྷུན་གྱིས་གྲུབ་པའི་སྐུ༔ བླ་མ་རྣམས་ལ་ཕྱག་འཚལ་ལོ༔ ཡེ་ནས་རང་བྱུང་རིག་པའི་སྐུ༔ ཡི་དམ་ལྷ་ལ་ཕྱག་འཚལ་ལོ༔ འགག་མེད་རིག་རྩལ་རོལ་པའི་སྐུ༔ མཁའ་འགྲོ་རྣམས་ལ་ཕྱག་འཚལ་ལོ༔ ཨོཾ་ཨཱཿཧཱུྃ་ནཱ་མོ༔ ཞེས་གཉིས་སུ་མེད་པར་ཕྱག་འཚལ་ལོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ རང་དང་གཉིས་སུ་མེད་པའི་ལྷ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ མེ་ཏོག་བདུག་སྤོས་མར་མེ་དང༔ དྲི་ཆབ་ཞལ་ཟས་སྒྲ་སྙན་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ རང་བྱུང་ནང་གི་མཆོད་པ་འབུལ༔ སྣང་སྟོང་གཉིས་མེད་བདེ་བ་ཆེ༔ གཉིས་མེད་གསང་བའི་མཆོད་པ་འབུལ༔ ཡེ་ཤེས་ལྔ་ལྡན་བདུད་རྩི་དང༔ དུག་ལྔ་བསྒྲལ་པའི་རཀྟ་དང༔ འདོད་ཡོན་ལྔ་ལྡན་གཏོར་མ་དང༔ དངོས་གྲུབ་འབྱུང་བའི་ཚོགས་མཆོད་རྣམས༔ རང་བཞིན་ལྷུན་གྲུབ་ཆེན་པོའི་རྩལ༔ རང་ལས་བྱུང་ཞིང་རང་ལ་མཆོད༔ རོལ་པ་ཆེན་པོའི་མཆོད་པ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ༔ མ་ཧཱ་པཉྩ༔ རཀྟ༔ བྷ་ལིཾ་ཏ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཞེས་པ་འཕྲུལ་དགའི་མཆོད་པ་བཞིན་དུ༔ རང་ལས་སྤྲུལ་ཞིང་རང་མཆོད་པ༔ གཉིས་སུ་མེད་པར་རོལ་ཏེ་དགྱེས་པར་བསམ་མོ༔ དེ་ནས་ཛཔ྄་བྱ་བ་ནི༔ རྩ་བ་གསུམ་གསལ་བའི་ངང་ལས༔ ཨོཾ་ཨཱཿཧཱུྃ༔ ཞེས་བྱེ་བ་གཅིག་བསྙེན་པ་བྱ་སྟེ༔ སྒྲུབ་ཐབས་ནས་འབྱུང་བ་བཞིན་རྩ་བ་གསུམ་གྱི་སྒྲུབ་པ་ལ་འཇུག་པར་བྱའོ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ ངོ་བོའི་སྐུ་ནི་མཐའ་དང་བྲལ༔ རང་བཞིན་གསུང་ནི་གྲགས་ལ་སྟོང༔ ཐུགས་རྗེའི་ཐུགས་ནི་སྨྲ་བསམ་བྲལ༔ སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ འགྱུར་མེད་སྐུ་གསུང་ཐུགས་དང་ལྡན༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཕྲིན་ལས་རྣམ་བཞིས་རེ་འདོད་སྐོང༔ བླ་མའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རང་བཞིན་ཅན༔ རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ༔ རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག༔ རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྐྱོན་མེད་རྣམ་དག་རྡོ་རྗེའི་སྐུ༔ འགག་མེད་རང་བཞིན་ཚངས་པའི་གསུང༔ ཆོས་དབྱིངས་ཡེ་ཤེས་མཁྱེན་པའི་ཐུགས༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་དོན་དང་མཐུན་པར་བསྟོད༔ ཨོཾ་ཨཱཿཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཡིས༔ སྐུ་ཡི་ཕྲིན་ལས་རབ་སྒྲུབས་ལ༔ འདོད་ཁམས་བདེ་བ་ཆེན་པོར་སྒྲོལ༔ སེམས་ཅན་འདོད་ཆགས་སྒྲོལ་བར་མཛོད༔ བླ་མ་ཡི་དམ་མཁའ་འགྲོ་ཡིས༔ གསུང་གི་ཕྲིན་ལས་རབ་སྒྲུབས་ལ༔ གཟུགས་ཁམས་ཡེ་ཤེས་ལྔ་རུ་སྒྲོལ༔ སེམས་ཅན་ཞེ་སྡང་སྒྲོལ་བར་མཛོད༔ བླ་མ་ཡི་དམ་མཁའ་འགྲོ་ཡིས༔ ཐུགས་ཀྱི་ཕྲིན་ལས་རབ་སྒྲུབས་ལ༔ གཟུགས་མེད་ཀ་དག་ཆེན་པོར་སྒྲོལ༔ སེམས་ཅན་གཏི་མུག་སྒྲོལ་བར་མཛོད༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ རང་སྣང་དགོངས་བརྒྱུད་དག་པར་བསྐུལ༔ དམ་རྫས་རྨད་བྱུང་གཏོར་མ་བཞེས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད༔ ཨོཾ་ཨཱཿཧཱུྃ༔ ཤཱནྟིཾ་པུཥྚིཾ་པཱ་ཤཾ་མཱ་ར་ཡ༔ ཨོཾ་ཨཱཿཧཱུྃ༔ ཞེས་བསྐུལ་ལ༔ བསྔོ་བ་བྱ་སྟེ༔ ཧོ༔ རྩ་བ་གསུམ་གྱི་དཀྱིལ་འཁོར་དུ༔ བདག་གཞན་སེམས་ཅན་ཐམས་ཅད་ཀྱིས༔ ཚོགས་གཉིས་བསགས་པའི་དགེ་བ་རྣམས༔ མཐར་ཕྱིན་ཡོངས་གྲོལ་ཆེན་པོར་བསྔོ༔ ཞེས་དམིགས་གཏད་དང་བྲལ་བར་རྗེན་ནེ་གཞག་གོ༔ ཨེ་མ་དོན་གྱི་གསལ་འདེབས་ལས་བྱང་འདི༔ ཚོགས་གསག་བར་ཆད་བསལ་བ་དང༔ རྩ་གསུམ་ཐུགས་དམ་བསྐང་བའི་ཕྱིར༔ བཻ་རོ་བདག་གིས་ཡི་གེར་བཀོད༔ ཕྱི་རབས་འདི་འཕྲད་སྐྱེས་བུ་ཡིས༔ ནངས་ནུབ་མེད་པར་འདི་ལ་འབུངས༔ དངོས་གྲུབ་རྣམ་གཉིས་འཐོབ་པར་འགྱུར༔ རྩ་བ་གསུམ་གྱི་གཏོར་ཚོགས་ཀྱི་རིམ་པ་དོན་གྱི་གསལ་འདེབས་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྩ་གསུམ་དྲིལ་སྒྲུབ་ཀྱི་སྒྲུབ་ཐབས་ལས་བྱང་ལ་ཤོག་སེར་ཞེང་སོར་བཞི་དཀྱུས་མཛུབ་གང་མཐོ་དོའི་ཕྱི་ནང་ཁེངས་ཀྱི་གདའ། སྤྲུལ་སྐུ་ཀུན་སྐྱོང་གླིང་པས་མ་ཚོར་རྡོ་རྗེ་སྐྱེ་བྲག་ནས་སྤྱན་དྲངས་པའོ།། ༄༅༔ རྡོ་རྗེ་སེམས་དཔའི་སྙིང་ཐིག་ལས༔ བཏགས་གྲོལ་རེག་པ་དོན་ལྡན་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈ ྈྈྈྈྈྈྈ རྡོ་རྗེ་སེམས་དཔའི་སྐུ་ལ་ཕྱག་འཚལ་ལོ༔ དུས་གསུམ་སངས་རྒྱས་ཀུན་གྱི་དགོངས་འདུས་པ༔ ཨུ་རྒྱན་མཁའ་འགྲོ་གསང་བའི་ཡི་གེ་སྟོང༔ རྡོ་རྗེ་སེམས་དཔའི་གསུང་ལས་རང་བྱུང་དུ༔ སྐལ་ལྡན་བཏགས་གྲོལ་ཡང་དག་གསང་བའི་དོན༔ ཟབ་མོ་གནད་ཀྱི་གདམས་པ་བསྟན་པར་བྱ༔ ཨེ་མ་སུ་ཀ༔ དེ་ཡི་དོན་གྱི་མན་ངག་བཀྲོལ་བ་ལ༔ གདམས་པའི་ཆེ་བ་དངོས་དང་ཡོན་ཏན་དང༔ རྟགས་དང་དམ་ཚིག་ལྔ་ཡིས་སེམས་ལ་ཕུར༔ ཨེ་མ༔ རང་བྱུང་དོན་གྱི་ཡི་གེ་འདི༔ སྐལ་ལྡན་འཆང་ན་དོན་དང་ལྡན༔ སརྦ་དྷརྨ་ཧྲྀ་ད་བྷི༔ གནད་ཀྱི་ཡི་གེ་ཆེ་བ་ནི༔ འགྲོ་བ་གང་དང་འདི་ཕྲད་པ༔ མངོན་པར་སངས་རྒྱས་ཐེ་ཚོམ་མེད༔ ྈྈྈྈྈ ཨེ་མ་ཀུན་བཟང་རྡོ་རྗེ་སེམས༔ གནད་ཀྱི་ཡི་གེ་དངོས་བསྟན་པ༔ ཆུ་དར་རིན་ཆེན་མཐིང་ཤོག་ལ༔ གང་བྱེད་ཡར་ངོའི་དུས་ཉིད་དུ༔ གསོལ་བཏབ་རིན་ཆེན་གསེར་ཆུ་ལ༔ བྱིན་རླབས་ཡི་གེ་ལེགས་པ་རུ༔ འབྲུ་བཀྲམ་མགོ་གཅིག་བསྟན་པ་རུ༔ མཎྜལ་གསེར་དང་གཡུས་བརྒྱན་པ༔ བླ་མ་མཉེས་པའི་ཡོན་དུ་ཕུལ༔ ཚོགས་གཏོར་མཁའ་འགྲོ་མཉེས་བྱས་ལ༔ བླ་མ་ལྷ་ལ་གསོལ་བ་འདེབས༔ རང་བྱུང་ཡི་གེ་ཧྲཱིཿཡིག་བསྒོམ༔ དར་སྣ་ལྔ་ཡི་དབུས་སུ་དྲིལ༔ བཀྲ་ཤིས་རང་བྱུང་ཡི་གེ་བཟླ༔ སློབ་མ་འམ་ནི་རང་ཉིད་ཀྱི༔ སྤྱི་གཙུག་གམ་ནི་སྙིང་ཁར་གཞག༔ དེ་ནི་རྡོ་རྗེ་སེམས་དཔའ་དངོས༔ ཙིཏྟར་ཕུར་ཅིག་ས་མ་ཡ༔ ྈྈྈྈྈྈྈྈྈྈ ཨེ་མ་སྐལ་ལྡན་དམ་ཚིག་ཅན༔ རང་བྱུང་གནད་ཀྱི་ཡི་གེ་འདི༔ འགྲོ་བ་གང་གིས་བཅངས་གྱུར་པ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྲས་ཀྱི་ཐུ་བོར་དབང་བསྐུར་ཏེ༔ སྐད་ཅིག་ཉིད་ལ་སངས་རྒྱས་འཐོབ༔ ལུས་ནི་རྒྱལ་བའི་སྐུ་རུ་འགྱུར༔ དཔག་མེད་ནམ་མཁའ་ཡངས་པ་རུ༔ སངས་རྒྱས་རྣམས་ལ་ཆོས་ཉན་དང༔ ནམ་མཁའ་མཉམ་པའི་སེམས་ཅན་གྱི༔ རེ་རེའི་མདུན་དུ་སྤྲུལ་སྐུ་རེ༔ སེམས་ཅན་འགྲོ་དོན་བྱེད་པ་འབྱུང༔ འདིར་ཡང་ལུས་ལ་བདེ་བ་འབར༔ མཚན་དཔེ་ཡོན་ཏན་འཆར་བ་དང༔ འབྱུང་པོ་གང་ཞིག་གནོད་མི་ནུས༔ ཀུན་གྱི་ཡིད་དུ་འོང་བར་འགྱུར༔ ངག་ནི་རྒྱལ་བའི་གསུང་དུ་འགྱུར༔ ཕྱོགས་བཅུའི་འཇིག་རྟེན་ཞིང་ཁམས་སུ༔ རང་རང་སོ་སོའི་སྐད་དུ་ནི༔ གང་སྨྲས་ཆོས་སུ་འགྲོ་བ་དང༔ གསང་སྔགས་ཐམས་ཅད་རྫོགས་པ་འབྱུང༔ འདིར་ཡང་ཤེས་རབ་ཕྱོགས་མེད་སྐྱེ༔ སྔར་མ་ཐོས་པའི་ཆོས་ཤེས་ཤིང༔ ངག་གི་ནུས་པ་འཆར་བ་དང༔ བདེ་བར་གཤེགས་པའི་གསུང་རབ་རྣམས༔ འཆད་ལ་ཐོགས་པ་མེད་པར་འགྱུར༔ ཡིད་ནི་རྒྱལ་བའི་ཐུགས་སུ་འགྱུར༔ ཆོས་ཉིད་དག་པའི་དཀྱིལ་འཁོར་དུ༔ སྨྲ་བསམ་བརྗོད་མེད་བློ་ལས་འདས༔ ཆོས་སྐུ་ནམ་མཁའི་ངང་ཉིད་དུ༔ ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ༔ འདིར་ཡང་ཉམས་མྱོང་མངོན་ཤེས་འཆར༔ ལྷག་མཐོང་རྟོགས་པའི་ཡེ་ཤེས་འཆར༔ ན་དགའ་འཆི་བྲོད་གདེང་དུ་ཚུད༔ འགྲོ་དོན་ཐམས་ཅད་འབྱུང་བ་དང༔ དཔའ་བོ་མཁའ་འགྲོ་དམ་ཅན་དང༔ འགྲོ་བ་ཀུན་གྱིས་མཆོད་པར་འགྱུར༔ དབུགས་བྲལ་སངས་རྒྱས་ཉིད་ཐོབ་སྟེ༔ དེ་ལྟར་ཕན་ཡོན་བསམ་ལས་འདས༔ རང་བྱུང་གནད་ཀྱི་ཡི་གེ་འདི༔ སེམས་ཅན་གང་ཞིག་འཆི་བའི་དུས༔ རྣ་བར་བཟླས་པ་ཙམ་གྱིས་ཀྱང༔ བར་དོའི་འཇིགས་པ་བྲལ་ནས་ཀྱང༔ འཇའ་དང་འོད་ཀྱི་རྟགས་འབྱུང་ཞིང༔ སྤྲུལ་པའི་སྐུ་རུ་སངས་རྒྱས་སོ༔ འདི་ནི་དུས་གསུམ་སངས་རྒྱས་དངོས༔ སྟོང་གསུམ་བྱེ་བ་ཕྲག་བརྒྱ་ནས༔ བཙལ་ཡང་རྙེད་པར་མི་འགྱུར་རོ༔ སྙིང་དང་འདྲ་འོ་སེམས་ལ་ཕུར༔ ྈྈྈྈྈྈྈྈ ྈྈྈ ཨེ་མ་སྐལ་ལྡན་སྙིང་གི་བུ༔ དེ་ལྟར་རང་བྱུང་ཡི་གེ་འདིས༔ བསླུས་པ་མེད་པའི་དོན་དང་ལྡན༔ ཕྱིར་མི་ལྡོག་པའི་རྟགས་སུ་ནི༔ རང་ལས་རང་བྱུང་ཡེ་ཤེས་འཆར༔ བྱིན་རླབས་ལུང་བསྟན་བྱེད་པ་འབྱུང༔ རྟགས་སུ་འཇའ་འོད་ས་གཡོས་འབྱུང༔ ཡི་དམ་ལྷ་ཡི་ཞལ་མཐོང་དང༔ དངོས་སུ་མཁའ་འགྲོས་གདན་འདྲེན་འབྱུང༔ སྤྲུལ་པའི་སྐུ་ཡི་ཞིང་དུ་འགྲོ༔ གཞན་ཡང་ཕྱི་རྟགས་འཇའ་འོད་དང༔ སྒྲ་དང་ས་གཡོས་མེ་ཏོག་འབབ༔ ཚེ་འཕོས་ཕུང་པོ་སྦྱང་དུས་སུ༔ ང་ཡི་སྐུ་ཡི་གདེང་ཐོབ་རྟགས༔ མེ་འོད་དཀར་གསལ་དག་པ་དང༔ སྒྲ་དང་འཇའ་ཚོན་སྣ་ལྔ་དང༔ སྐུ་གཟུགས་ལ་སོགས་བྱོན་པ་ཡིན༔ ང་ཡི་གསུང་གི་རྟགས་ཐོབ་རྟགས༔ མེ་འོད་དམར་སེར་གཡོན་དུ་འཁྱིལ༔ མེ་ཏོག་ཆར་པ་འབབ་པ་དང༔ ཡི་གེའི་ཚོགས་རྣམས་བྱོན་པ་ཡིན༔ ང་ཡི་ཐུགས་ཀྱི་རྟེན་ཐོབ་རྟགས༔ སེམས་ཅན་ཀུན་གྱི་ཙིཏྟ་ལ༔ མེ་འོད་དཀར་སེར་དམར་ལྗང་མཐིང་ཁ་ལྔ༔ བཅུད་དུ་དྲིལ་བའི་འོད་ཟེར་ལ༔ ཕྱི་རྟགས་འཇའ་ཚོན་དཀྱིལ་འཁོར་འོང༔ ནང་རྟགས་བདེ་གཤེགས་རིགས་ལྔའི་གདུང༔ རུས་པའི་རྟགས་སུ་ཤ་རཱི་རཾ༔ སྣུམ་ལ་འདྲིལ་ཞིང་ཁ་དོག་དཀར༔ རིག་པའི་དྭངས་མ་ཉིད་ལ་སྨིན༔ ཡང་དག་ཉིད་ཀྱི་གདུང་དུ་བཞག༔ སྐྱེ་མེད་ཆོས་སྐུ་ཐོབ་པ་ཡིན༔ རྒྱུངས་པའི་རྟེན་དུ་གསེར་རཱི་རམ༔ མདོག་ནི་སེར་ལ་གསལ་བ་དྭངས༔ ཆུ་སེར་དྭངས་མ་ཉིད་ལ་སྨིན༔ སྲ་མཁྲེགས་རིན་ཆེན་གདུང་དུ་བཞག༔ ཡོན་ཏན་ཐམས་ཅད་འཕེལ་བ་ཡིན༔ ཡན་ལག་རྟེན་དུ་ཉ་རཱི་རམ༔ མདོག་ནི་ལྗང་ལ་དྭངས་པ་སྟེ༔ ཤ་ཡི་དྭངས་མ་ཉིད་ལ་སྨིན༔ ཤིན་ཏུ་སྲ་བ་ལས་ཀྱི་གདུང༔ སྤྲུལ་པའི་སྐུ་ནི་ཐོབ་པ་ཡིན༔ ལྗགས་ཀྱི་རྟེན་དུ་ཆུ་རཱི་རམ༔ ཁ་དོག་དམར་ལ་སྣུམ་པ་དང༔ ཆུ་རྒྱུས་དྭངས་མ་ཉིད་ལ་སྨིན༔ བྱིན་རླབས་པདྨའི་གདུང་དུ་བཞག༔ ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་བོ༔ འབྱུང་འདུས་རྟེན་ལ་པཉྩ་རམ༔ མཐིང་ཁ་གསལ་ལ་འདྲིལ་བ་ནི༔ ཚིགས་པའི་དྭངས་མ་ཉིད་ལ་སྨིན༔ ཆེ་ཞིང་མཁྲེགས་པ་རྡོ་རྗེའི་གདུང༔ བདེ་གཤེགས་སྐུ་ལྔ་ཐོབ་པ་ཡིན༔ དེ་ལྟར་བདེ་གཤེགས་གདུང་ལྔ་དང༔ རིང་བསྲེལ་མིང་བཏགས་ཕྲ་མོ་དང༔ དེ་རྣམས་ངེས་པར་རྟགས་ཐོབ་རྟགས༔ རོ་སྲེག་ཙནྡན་རྒྱ་ཤུག་བྱ༔ སྟེང་འོག་དར་ཟབ་སླ་ང་བཏིང༔ ཏིལ་དང་མར་གྱི་མཆོད་པ་འབུལ༔ དུད་པའི་གཟུགས་ནི་མཛེས་པ་དང༔ དྲི་བཟང་ཁ་དོག་གསལ་བ་དང༔ ནམ་མཁའ་དྭངས་ཤིང་འོད་གསལ་བ༔ འདི་དུས་ཞིང་ཁམས་གཞན་དུ་འཕོ༔ འཇའ་དང་ས་གཡོས་ལ་སོགས་འབྱུང༔ དུད་པ་ཆད་པའི་རྗེས་ཉིད་ལས༔ གདུང་རྣམས་ལེགས་པར་བརྟག་པར་བྱ༔ གང་ཟག་རིགས་ཀྱི་བྱེད་པ་ཡིས༔ ལྔ་ཀ་འབྱུང་བ་དཀའ་བ་དེ༔ རིགས་གཅིག་ངེས་པར་འབྱུང་བར་འགྱུར༔ དེ་ལྟར་རྟགས་དང་མཐུན་པ་ཡིས༔ སངས་རྒྱས་ཉིད་དུ་ཐེ་ཚོམ་མེད༔ ྈྈྈྈྈྈྈྈྈྈྈྈ ཨེ་མ་ཉམས་ལེན་སྐྱེས་བུ་རྣམས༔ བཏགས་གྲོལ་གསང་བའི་དམ་ཚིག་ནི༔ བླ་མ་སྤྱི་བོའི་གཙུག་ཏུ་བསྒོམ༔ སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད༔ དམ་ཚིག་སྲོག་དང་བསྡོས་ལ་བསྲུང༔ གདམས་ངག་གཞན་ལ་སྤེལ་མི་བྱ༔ གསང་ཞིང་རང་གིས་ཉམས་སུ་བླང༔ དམ་མེད་དམ་ཚིག་སྤེལ་བ་ན༔ དཔའ་བོ་མཁའ་འགྲོའི་བཀའ་ཆད་ཡོང༔ རང་གི་བཀའ་སྲུང་རྒྱབ་ཀྱིས་ཕྱོགས༔ རྟགས་དང་ཡོན་ཏན་མི་འབྱུང་ཞིང༔ ལོག་ལྟ་ཅན་རྣམས་དམྱལ་བར་ལྟུང༔ དེ་བས་དམ་ལ་གནས་པར་བྱ༔ གལ་ཏེ་དོན་ལྡན་སྐྱེས་བུ་ཡིས༔ དད་ཅན་འགྲོ་བ་འགའ་རེ་ལ༔ གནང་དུས་གསེར་གཡུའི་མཎྜལ་དང༔ ཚོགས་འཁོར་མཁའ་འགྲོ་མཉེས་བྱས་ལ༔ བཀའ་རྒྱས་གདབ་ལ་སྦྱིན་པར་བྱ༔ སྙིང་ལ་ཆོངས་ལ་སེམས་ལ་ཕུར༔ ྈྈྈྈྈྈྈྈྈྈྈྈ རྒྱ་རྒྱ་རྒྱ༔ ཨེ་མ་ཧོ༔ རྡོ་རྗེ་སེམས་དཔའ་ཉིད་ཀྱི་གསུང༔ རེག་པ་དོན་ལྡན་སངས་རྒྱས་སྲས༔ མ་བཅོས་རང་ལ་ཡོད་པའི་གནད༔ རང་ཤར་ཆོས་ཉིད་དོན་གྱི་ཆོས༔ རང་བྱུང་རིག་པའི་ཏནྟྲ་མཆོག༔ སངས་རྒྱས་ཀུན་གྱི་སྲས་གཅིག་པོ༔ འདའ་ཀ་འཆི་བྲོད་བུདྡྷའི་སྐུ༔ རང་བྱུང་གནད་ཀྱི་ཡི་གེ་འདི༔ དགའ་རབ་རྡོ་རྗེའི་གསུང་བཞིན་དུ༔ པདྨ་འབྱུང་གནས་བདག་གིས་བྲིས༔ སུ་ལའང་མ་མཆིས་གཏེར་དུ་སྦས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ ྈྈྈྈྈྈ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ ཨོ་རྒྱན་གསུང་སྤྲུལ་ཀུན་སྐྱོང་གླིང་པས་མ་ཚོར་རྡོ་རྗེའི་བྲག་ཕུག་ནས་གདན་དྲངས་པའི་གཏེར་མའོ།། ༄༅༔ རྡོ་རྗེ་སེམས་དཔའི་སྙིང་ཐིག་ལས༔ བར་དོ་གནད་ཀྱི་གདམས་པ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈ ྈྈྈྈྈྈྈྈྈྈྈྈྈྈྈ བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ བར་དོ་གནད་ཀྱི་གདམས་པ་ཞེས་བྱ་བ༔ ཐོས་པས་གྲོལ་བའི་གདམས་པ་འདི་ལ༔ སྤྱི་དོན་རྣམ་པ་གསུམ་ཡིན་ཏེ༔ བར་དོའི་དབྱེ་བ་དང༔ བར་དོ་འཆར་ཚུལ་དང༔ གནད་ཀྱི་གདམས་པ་བསྟན་པ་དང་གསུམ་མོ༔ དེ་ཡང་རྒྱུད་ལས༔ དབྱེ་ན་སྐྱེ་གནས་འཆི་ཁ་དང༔ ཆོས་ཉིད་སྲིད་པའི་བར་དོ་འོ༔ ཞེས་གསུངས་པས༔ རང་བཞིན་སྐྱེ་གནས་ཀྱི་བར་དོ་དང༔ འཆི་ཁ་སྡུག་བསྔལ་གྱི་བར་དོ་དང༔ ཆོས་ཉིད་འོད་གསལ་གྱི་བར་དོ་དང༔ སྲིད་པ་ལས་ཀྱི་བར་དོ་དང་བཞིའི༔ དེ་བཞི་ཀ་ལའང་འཆར་ཚུལ་རེ་རེ་དང༔ གནད་ཀྱི་གདམས་པ་རེ་རེ་སྟེ༔ གཉིས་གཉིས་ཀྱིས་བསྟན་པའོ༔ དང་པོ་རང་བཞིན་སྐྱེ་གནས་ཀྱི་བར་དོ་ནི༔ མངལ་ལས་སྐྱེས་ནས་འཆི་ནད་ཀྱིས་བཏབ་པ་ཚུན་ཆད་ཡིན་ཏེ༔ དེའི་འཆར་ཚུལ་ནི༔ ལུས་གཅིག་གྲུབ་ཕན་ཆད་ཕུང་པོ་ལྔ་དང༔ ཁམས་ལྔ་དང༔ དབང་པོ་ལྔ་གྲུབ་སྟེ༔ ཕུང་པོ་ལྔ་ནི་རིགས་ལྔའི་ངོ་བོ་ཡིན་ལ༔ ཁམས་ལྔ་ནི་ཡུམ་ལྔའི་རང་བཞིན་ཡིན་ཅིང༔ དབང་པོ་ལྔ་ལ་སོགས་པ་ཐམས་ཅད་སེམས་དཔའ་དང༔ སེམས་མ་དང༔ མཆོད་པའི་ལྷ་མོ་རྣམས་ཡིན་ནོ༔ གདམས་པ་ནི༔ ཕྱི་རོལ་གྱི་སྣང་བ་རྣམས་རང་བཞིན་མེད་པ་རྨི་ལམ་སྒྱུ་མ་ལྟར་ཤེས་པས༔ སྣང་ལ་རང་བཞིན་མེད་པར་གྲོལ་བ་ཡིན་ཞིང༔ ཤེས་པས་བསྡུས་པའི་དྲན་རིག་ཐམས་ཅད༔ རང་སེམས་ངོས་གཟུང་དང་བྲལ་བ༔ འཛིན་མེད་རང་གྲོལ་དུ་ཉམས་སུ་བླངས་པས༔ སྐུ་གསུམ་དབྱེར་མེད་དུ་ཚེ་འདི་ཉིད་ལ་སངས་རྒྱ་བར་འགྱུར་རོ༔ རྒྱུད་ལས༔ ཐོས་བསམ་སྒོམ་པས་སྒྲོ་འདོགས་བཅད༔ ཐི་བྱ་ཚང་དུ་འཇུག་པ་ལྟར༔ ཡིད་ཆེས་གདེང་དང་ལྡན་པར་བྱ༔ ཞེས་གསུངས་པས༔ མཚན་ཉིད་ལྡན་པའི་བླ་མ་ལ་ཆོས་འདི་ཞུས་ལ༔ ཐོས་བསམ་སྒོམ་གསུམ་གྱིས་སྒྲོ་འདོགས་ལེགས་པར་བཅད་དོ༔ དཔེར་ན་ཐི་བྱ་དེ་ཚང་དུ་འཇུག་པ་ལ༔ མི་ལ་སོགས་པའི་གནོད་པ་སྐྱེལ་བའི་སྒྲོ་འདོགས་ལེགས་པར་བཅད༔ ཐེ་ཚོམ་མེད་པ་དང་ཚང་དུ་འཇུག་པ་ལྟར༔ འདིར་ཡང་ལྟ་སྒོམ་སྤྱོད་པའི་དོན་རྣམས་ལ༔ ཐེ་ཚོམ་དང་ཡིད་གཉིས་མེད་པར་ཐག་བཅད་ལ་ཉམས་སུ་བླང་སྟེ༔ ཡིད་ཆེས་པའི་གདེང་དང་ལྡན་པར་བྱའོ༔ གཉིས་པ་འཆི་ཁ་སྡུག་བསྔལ་གྱི་བར་དོ་ནི༔ འཆི་ནད་ཀྱིས་བཏབ་ནས་དབུགས་མ་ཆད་ཀྱི་བར་དེར་ཡིན༔ དེ་ཡང་ནད་ཀྱིས་ཟིན་པ་འབྱུང་བ་ལྔ་པོ་འཁྲུགས་ཏེ༔ ཤིན་ཏུ་ཟུག་གཟེར་གྱིས་གདུང་ཞིང༔ ཚེ་འདིའི་སྣང་བ་ལ་ཞེན་ཆགས་ཆེར་སོང་བ་དང༔ ཡང་འབྱུང་བའི་སྟོབས་ཟད་པས༔ འཆི་བར་ངོ་ཤེས་ནས་ཤིན་ཏུ་སྡུག་བསྔལ་ལོ༔ འཆར་ཚུལ་ནི་འབྱུང་བ་འཁྲུགས་པས༔ ཤེས་པ་གཅིག་ཏུ་མི་གནས་ཏེ༔ སྣང་བ་ཐམས་ཅད་བན་བུན་ལང་ལོང་འཆར༔ འབྱུང་བ་རྣམས་རང་རང་ལ་ཐིམ་པའི་རྟགས༔ ས་ས་ལ་ཐིམ་པས་ལུས་ཤིན་ཏུ་ལྗི༔ མགོ་ཡར་མི་ཐེག་སྟེ༔ ང་ཡར་སློངས་དང་ཟེར་བའོ༔ ཆུ་ཆུ་ལ་ཐིམ་པས་ཁ་ཆུ་དང་སྣ་ཆུ་འཛག་ཅིང༔ ལུས་ཀྱང་ཉལ་ཉོལ་དབང་པོས་ཟུངས་མི་ཐུབ་པར་འགྱུར་རོ༔ མེ་མེ་ལ་ཐིམ་པས༔ ཁ་སྣ་དང་ལྕེ་སྐམ་སྟེ༔ ལབ་ཟེར་བར་འདོད་ཀྱང་བརྡའ་མི་འབྱོར༔ ལུས་ཀྱི་མཐའ་ནས་འཁྱག༔ བཀྲག་དང་གཟི་མདངས་འཆོར་རོ༔ རླུང་རླུང་ལ་ཐིམ་པས༔ དབུགས་མི་བདེ་ཞིང་ཁ་སྣ་ནས་སྡུད༔ ཡང་ཡང་རྩེག་ཅིང་མཐར་ཧལ་ཅེས་ཆད་ནས་འཆིའོ༔ དེ་ལྟར་ཡང་རྒྱུད་ལས༔ དེ་དུས་འབྱུང་བ་རང་སར་ཐིམ༔ ས་ནི་སར་ཐིམ་ལུས་རྣམས་ལྗི༔ ཆུ་ནི་ཆུར་ཐིམ་སྣ་ཆུ་འཛག༔ མེ་ནི་མེར་ཐིམ་ཁ་སྣ་སྐམ༔ རླུང་ནི་རླུང་ཐིམ་དབུགས་མི་བདེ༔ འདི་དུས་ངེས་པར་འཆི་བས་ན༔ ཞེས་གསུངས་སོ༔ གདམས་པ་ནི༔ རྒྱུད་ལས༔ ཉམས་ལེན་བླ་མའི་གདམས་ངག་རྣམས༔ གསལ་གདབ་གལ་ཏེ་མ་གསལ་ན༔ བླ་མའམ་རྡོ་རྗེ་སྤུན་དང་ནི༔ དམ་ཚིག་གཅིག་པས་གསལ་ཡང་གདབ༔ ཅེས་གསུངས་པས༔ འདིའི་དུས་ནི་འཇིག་རྟེན་སྣང་ཞེན་དང༔ ཆགས་ཞེན་དང་འཁྲི་བ་ཐམས་ཅད་རྦད་ཀྱིས་གཅད༔ ཚེ་འདིའི་འཁྲུལ་གཏམ་དང༔ ཆགས་སྡང་དུག་ལྔ་ལ་སོགས་མེད་པར་བྱས་ཏེ༔ རང་གི་བླ་མ་དེ་བཞུགས་ན་གདམས་པ་ཞུ་ཞིང༔ མེད་ན་གྲོགས་དམ་ཚིག་གི་སེལ་མེད་པ་གཅིག་གིས༔ གདམས་པ་འདི་རྣམས་གསལ་གདབ་པར་བྱའོ༔ འདིའི་གནད་ནི༔ རྒྱུད་ལས༔ ཕུང་པོ་སེང་གེའི་ཉལ་ཐབས་བཅོས༔ མིག་ལ་རིག་པ་བཅུག་ནས་ཀྱང༔ དབྱིངས་ལ་ས་ལེ་ཧྲིག་གེ་གཞག༔ སྐད་ཅིག་དེ་ལ་གྲོལ་བར་འགྱུར༔ ཞེས་གསུངས་པས༔ ཚེ་འདིའི་ལོངས་སྤྱོད་ལ་མ་ཆགས་པར༔ དངོས་པོ་ཅི་ཡོད་སྤང་དག་དང༔ ཚོགས་འཁོར་བྱས་ལ༔ ནམ་མཁའ་མཐོང་བའི་སར་མལ་བཅོས་ཏེ༔ གཞོགས་གཡས་པ་ས་ལ་ཕབ༔ མགོ་བྱང་དུ་བསྟན༔ རིག་པ་མིག་ལ་བཅུག༔ མིག་བར་སྣང་ལ་གཏད་དེ༔ དབྱིངས་རིག་གཉིས་མེད་སྟོང་སང་གི་ངང་ལ་ས་ལེ་ཧྲིག་གེ་བཞག་པས༔ སྐད་ཅིག་དེ་ཉིད་ལ་ཡར་གྱི་ཟང་ཐལ་ལ་གྲོལ་བར་འགྱུར་རོ༔ ྈྈྈྈྈྈ གསུམ་པ་འོད་གསལ་ཆོས་ཉིད་བར་དོ་ནི༔ ནང་དབུགས་ཆད་ནས༔ འོད་གསལ་གྱི་སྣང་བ་འཆར་ཚུན་ཆད་ཡིན་ཏེ༔ རླུང་རྣམ་པར་ཤེས་པ་ལ་ཐིམ་པས༔ ནང་དབུགས་ཆད༔ རྣམ་པར་ཤེས་པ་ནམ་མཁའ་ལ་ཐིམ་ནས༔ རྣམ་ཤེས་རླུང་གི་རྟ་ལ་ཞོན་ཏེ༔ བར་སྣང་ལ་ཡལ་མ་ཐག་ཏུ༔ ཆོས་ཉིད་ཀྱི་བར་དོ་འཆར་བས༔ ནམ་མཁའ་འོད་གསལ་ལ་ཐིམ་ཞེས་ཟེར༔ ལུས་པོ་ས་རྡོ་ལྟར་མཁྲེགས་པོར་འགྲོ༔ འཆར་ཚུལ་ནི་རྒྱུད་ལས༔ འཆར་ཚུལ་འོད་གསལ་ཁ་དོག་ལྔ༔ ཕྱོགས་མཚམས་ཀུན་ཏུ་གསལ་བར་སྣང༔ མནན་ན་ནེམ་ལ་བཏེག་ན་འཕར༔ ཡིད་འོང་གསལ་འཚེར་གཟི་བརྗིད་འབར༔ ཁ་དོག་ལྔ་ལྡན་སྣམ་བུ་ནི༔ རང་གི་སྙིང་ག་དག་ལས་འཆར༔ དེ་ཡང་ཐིག་ལེ་ལྔ་ལྡན་ཞིང༔ རིགས་ལྔ་ཡབ་ཡུམ་ཚོམ་བུར་བཅས༔ འཇིག་རྟེན་ཁམས་ཀུན་ཁེངས་པར་འཆར༔ འོད་དང་ཟེར་དང་སྒྲ་རུ་སྒྲོག༔ ཅེས་གསུངས་པས༔ དེ་ལྟར་དབུགས་ཆད་མ་ཐག་ཏུ༔ འོད་གསལ་གྱི་བར་དོ་འཆར་ཏེ༔ སྔར་གྱི་བག་ཆགས་ཀྱི་ལུས་ཡོད་སྙམ་པ་ནི་འབྱུང་སྟེ༔ གདོས་བཅས་ཀྱི་ལུས་ནི་མི་སྣང༔ འོད་ཀྱི་ལུས་སུ་གསལ་ལོ༔ དེའི་དུས་ན་དབང་པོའི་སྤྱོད་ཡུལ་དུ་གྱུར་ཚད༔ འོད་ཟེར་ཁ་དོག་ལྔ་ཡི་དཀྱིལ་འཁོར་དུ་སྣང་སྟེ༔ ཕྱོགས་མཚམས་སྟེང་འོག་གང་ལ་བལྟས་ཀྱང༔ མནན་ན་ནེམ་སྙམ་པ༔ བཏེག་ན་འཕར་སྙམ་པ༔ ལྟེམ་ལྟེམ་མེར་མེར༔ ཕྱི་ནང་མེད་པར་ཟང་ཐལ༔ ནང་ནས་བལྟས་ན་ཕྱི་གསལ་བ༔ ཕྱི་ནས་བལྟས་ན་ནང་གསལ༔ ཤིན་ཏུ་ཡིད་འོང་བ༔ གསལ་འཚེར་གཟི་བརྗིད་ལྡན་ཞིང་འོད་ཟེར་འཕྲོ་བ༔ རྒྱ་ཆེ་ཞིང་ཁོང་ཡངས་པ་འཆར་རོ༔ དེའི་ཚེ་རང་གི་སྙིང་ག་ནས་འོད་ཟེར་ལྔ་སྒྲིལ་ཤིན་ཏུ་ཕྲ་བ་གཅིག་འོད་སྣང་དེ་དག་དང་འབྲེལ་བར་འཆར་ཏེ༔ དེའི་དུས་ན་འོད་མཐིང་ག་དང༔ དཀར་པོ་དང༔ སེར་པོ་དང༔ དམར་པོ་སྣམ་བུ་བརྐྱངས་པ་ལྟ་བུ་བརྩེགས་མར་འཆར་རོ༔ དེ་དག་གི་སྟེང་དུའང་ཐིག་ལེ་མེ་ལོང་ཁ་སྦུབས་པ་ཙམ་གསལ་ལ་འཚེར་བ་ལྔ་ལྡན་འཆར་རོ༔ དེ་ནི་རྡོ་རྗེ་སེམས་དཔའི་གསེང་ལམ་ཡིན་ལ༔ དེ་ཉིད་ལ་བལྟས་པས་རིགས་ལྔའི་ཚོམ་བུ་དང༔ ཡབ་དང༔ ཡུམ་དང༔ སེམས་དཔའ་དང༔ སེམས་མ་དཔག་ཏུ་མེད་པ་འོད་ལྔའི་མུ་ཁྱུད་དང་བཅས་པ༔ ཡབ་ཡུམ་གྱི་ཆ་འཛིན་པ༔ སྣང་བ་ཐམས་ཅད་སྐུ་དང་ཞིང་ཁམས་སུ་འཆར་ཏེ༔ རང་བཞིན་གྱིས་བསམ་གཏན་ལ་གནས་པར་འགྱུར་རོ༔ འདིའི་དུས་སུ་གདམས་པ་ནི༔ རྒྱུད་ལས༔ སྒྲ་དང་འོད་དང་ཟེར་ལ་སོགས༔ རང་དུ་ཡིད་ཆེས་ཐག་ཆོད་བྱ༔ ཞེས་གསུངས་པས༔ སྒྲ་དང་འོད་དང་ཟེར་དང་སྐུ་ལ་སོགས༔ སྒྲ་དང་འོད་དང་ཟེར་རང་སྣང་དུ་ཡིད་ཆེས་ཐག་ཆོད་པར་བྱས་ཏེ༔ མི་འགྱུར་བ་གསེར་གྱི་ཐུར་མའི་ཐབས་མཆོག་ཏུ་དྲན་པ་གལ་ཆེའོ༔ དེའི་ཚེ་རིགས་ཀྱི་བུ་དེ་ལ་མངོན་པར་ཤེས་པ་དྲུག་དང༔ རྗེས་སུ་དྲན་པ་དྲུག་ཀྱང་འཆར་ཏེ༔ དེ་ཡང་རྒྱུད་ལས༔ མངོན་ཤེས་དྲུག་དང་རྗེས་དྲན་དྲུག༔ སྐད་ཅིག་གཅིག་དང་གཉིས་པར་འཆར༔ ཞེས་གསུངས་པས༔ མངོན་པར་ཤེས་པ་དྲུག་ནི༔ སྔོན་གྱི་སྐྱེ་གནས་ཤེས་པ་དང༔ འཆི་འཕོ་གར་སྐྱེ་ཤེས་པ་དང༔ མིང་དོན་མངོན་པར་ཤེས་པ་དང༔ རིགས་དྲུག་གི་མཚན་ཉིད་ཤེས་པ་དང༔ ཆོས་ཐམས་ཅད་ཀྱི་རྒྱུད་ལུང་ཤེས་པ་དང༔ དག་པ་ཡེ་ཤེས་ཀྱི་ཞིང་ཁམས་འཆར་བར་ཤེས་པ་དང་དྲུག་འཆར༔ སྐད་ཅིག་མ་གཉིས་པ་ལ་རྗེས་སུ་དྲན་པ་དྲུག་འཆར་ཏེ༔ ཡི་དམ་གྱི་ལྷ་རྗེས་སུ་དྲན་པ་དང༔ ལྟ་བ་རྗེས་སུ་དྲན་པ་དང༔ ལམ་རྗེས་སུ་དྲན་པ་དང༔ སྐྱེ་གནས་རྗེས་སུ་དྲན་པ་དང༔ བསམ་གཏན་རྗེས་སུ་དྲན་པ་དང༔ བླ་མའི་གདམས་ངག་རྗེས་སུ་དྲན་པ་དང་དྲུག་འཆར་རོ༔ མི་བརྗེད་པའི་གཟུངས་རྒྱུད་ལ་སྐྱེས་ནས༔ སྔོན་གྱི་ཆོས་ཐམས་ཅད་རྒྱུད་ལ་སྐྱེས་ནས༔ སྔར་མ་མཐོང་བའི་ཆོས་ཐམས་ཅད་འཆར་བ༔ ཆོས་ཉིད་ཀྱི་བར་དོ་ཡིན་ཏེ༔ ཏིང་ངེ་འཛིན་ཡང་དག་རྒྱུད་ལ་སྐྱེས་སོ༔ དེ་སྐད་དུ་ཡང་རྒྱུད་ལས༔ དེ་དུས་མི་བརྗེད་གཟུངས་ཀྱང་འཆར༔ ཞེས་གསུངས༔ ཡང༔ དེ་ནས་འོད་སྣང་དེ་དག་ཀུན༔ རང་གི་སྙིང་ཁར་ཟུག་པ་ཡིས༔ ཉི་མ་ནུབ་པའི་ཟེར་བཞིན་དུ༔ གཟིགས་སྣང་ཀུན་ལས་འདས་པ་སྟེ༔ མ་པང་བུ་ཚུད་ལྟ་བུ་རུ༔ གདོད་མའི་གཞི་ལ་གྲོལ་བར་འགྱུར༔ ཞེས་གསུངས་པས༔ དེ་ནས་སྐད་ཅིག་མ་གསུམ་པ་ལ༔ སྐུ་དེ་དག་གི་ཐུགས་ཁ་ནས༔ འོད་ཟེར་ཚོན་སྐུད་བསྒྲིལ་པ་ལྟ་བུ་ཞིག་རང་ལ་ཟུག་པར་འཆར་སྟེ༔ དེའི་དུས་སུ་ཚོམ་བུའི་ལྷ་ཚོགས་རྣམས་རང་ལ་ཐིམ་པའི་སྣང་བ་འབྱུང་ངོ༔ དཔེར་ན་ཉི་མ་རྒས་པའི་དུས་སུ༔ ཟེར་འདུས་པ་བཞིན་དུ་སྐུ་རྣམས་རང་ལ་འདུས་ཏེ༔ རིགས་དྲུག་ལ་སོགས་མ་དག་འཁྲུལ་པའི་སྣང་བ་གཏན་ནས་མེད་དེ༔ གཟིགས་སྣང་ལས་འདས་པས༔ མ་པང་དུ་བུ་ཚུད་པ་ལྟར༔ སྟོང་གསལ་འཛིན་མེད་གདོད་མའི་གཞི་ལ་གྲོལ་བར་འགྱུར་རོ༔ དེའི་དུས་ན་ཆོས་ཐམས་ཅད་ཟད་དེ༔ ཀ་དག་གི་ཀློང་དུ་ཐིམ་པའོ༔ དེ་ལྟར་དབང་པོའི་བྱེ་བྲག་གིས༔ སྐད་ཅིག་གཅིག་མ་ཉི་ཤུ་རྩ་གཅིག་གིས༔ ཞག་ལྔའམ༔ ཉི་ཤུ་རྩ་གཅིག་གིས་ངེས་པར་གྲོལ་བར་འགྱུར་རོ༔ ྈྈྈྈྈྈ བཞི་པ་སྲིད་པ་ལས་ཀྱི་བར་དོ་ནི༔ ཆོས་ཉིད་ཀྱི་སྣང་བ་རྣམས་རྫོགས་ནས༔ མངལ་དུ་ཚུད་པ་ཚུན་ཆད་ཡིན་ནོ༔ ཆོས་ཉིད་ཀྱི་བར་དོ་ཡིན་ཡང་དེ་ཡང་རང་སྣང་རང་ངོ་རང་གིས་མ་ཤེས་པས༔ སྒྲ་འོད་ཟེར་གསུམ་ལ་དངངས་སྐྲག་སྐྱེས་ནས༔ སྲིད་པ་བར་དོར་འཁྱམས་པའོ༔ དེ་ཡང་རྒྱུད་ལས༔ རང་ངོ་རང་གིས་མ་ཤེས་པས༔ སྒྲ་འོད་ཟེར་ལ་སྐྲག་པ་ཡིས༔ སྲིད་པའི་བར་དོར་ཁ་འཁྱམ་མོ༔ ཞེས་གསུངས་སོ༔ འཆར་ལུགས་ནི༔ བར་དོར་ཡིད་ཀྱི་ལུས་ཅན་ནོ༔ དབང་པོ་རྣམས་ཚང་ཞིང་སྔ་མའི་ལུས་པོ་དེ་བཞིན་ཡོད་སྙམ་པ་ལས༔ ཤ་ཁྲག་གདོས་བཅས་ཀྱི་གཟུགས་མེད་པས་དངོས་པོ་གང་ལའང་ཐོགས་པ་མེད་པར་རྒྱུ་ཞིང༔ བྱ་སྒྲོ་རླུང་གིས་ཁྱེར་བ་ལྟར༔ འདིར་འགྲོའི་གཏད་སོ་མེད་དོ༔ ཕྱད་ཕྱོད་ཡད་ཡུད་བན་བུན་ལ༔ ཀུན་དུ་འགྲོ་ཞིང་འདུག་མི་ཚུགས་ཏེ༔ ཤི་བར་ངོ་ཤེས་ནས་ཤིན་ཏུ་ཡིད་སྐྱོ་ཞིང༔ སྔར་གྱི་ལས་ངན་བྱས་པ་རྣམས་ལ་བྲེད་ནས་ལུས་ཤིག་རྙེད་ན་ཅི་མ་རུང་སྙམ་ནས་སྐྱབས་གནས་འཚོལ་ཞིང༔ ཀུན་ལ་འཇུག་པར་བྱེད་དོ༔ དེ་ལྟར་ཡིན་པ་ཡང་རྒྱུད་ལས༔ འཆར་ལུགས་སྔོན་འབྱུང་སྲིད་པའི་གཟུགས༔ དབང་པོ་ཀུན་ཚང་ཐོགས་མེད་རྒྱུག༔ བྱ་སྒྲོ་རླུང་གིས་ཁྱེར་བ་བཞིན༔ ཕྱད་ཕྱོད་ཡད་ཡུད་འདུག་མི་ཚུགས༔ སྐྱབས་གནས་འཚོལ་ཞིང་ཀུན་ལ་འཇུག༔ ཅེས་གསུངས་སོ༔ དེའི་དུས་སུ་ཚེ་འདིའི་ལས་དགེ་སྡིག་གི་རྗེས་སུ་འབྲངས་ནས༔ དགེ་བ་སྤྱད་པ་རྣམས་མཐོ་རིས་གནས་གསུམ་དུ་སྐྱེ་ཞིང༔ སྡིག་པ་བྱས་པ་རྣམས་ངན་སོང་གནས་གསུམ་དུ་སྐྱེས་ཏེ༔ དཔེར་ན་ཟོ་ཆུའི་འཁོར་ལོ་བཞིན་དུ་ཡང་དང་ཡང་དུ་འཁོར་བར་འགྱུར་རོ༔ དེའི་དུས་སུ་གདམས་པའི་གནད་ནི༔ གོང་གི་རིགས་དྲུག་ཕ་མའི་སྣང་བ་འཆར་བའི་ཚེ༔ བདེན་མེད་སྒྱུ་མ་ལྟ་བུར་སྒོམ་ན་དེ་ཉིད་དུ་གྲོལ་ལ༔ དེ་ལྟར་སྒོམ་མ་ཤེས་ན༔ དཀོན་མཆོག་གསུམ་ལ་སྐྱབས་འགྲོ་མོས་གུས་དྲག་པོ་རྩེ་གཅིག་ཏུ་བྱས་ལ༔ དེའི་བྱིན་རླབས་ཀྱིས་དལ་འབྱོར་གྱི་མི་ལུས་གཙང་མ་ཐོབ་ནས་ཆོས་དང་འཕྲད་པར་འགྱུར་རོ༔ སྔར་ལྷའི་བསྐྱེད་རྫོགས་ཡོད་ན༔ དེ་ཉིད་དུ་གསལ་གདབ་པས་གྲོལ་ཞིང༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ལ་སོགས་པར་འགྲོ་བར་བྱའོ་སྙམ་པའི་དྲན་འདུན་དྲགས་པོས་ཟིན་ན༔ སྤྲུལ་པའི་སྐུའི་ཞིང་ཁམས་སུ་སྐྱེ་ངེས་སོ༔ དེ་ཡང་རྒྱུད་ལས༔ དེ་དུས་གནད་ཀྱི་ཉམས་ལེན་ནི༔ ཕ་མ་ལ་སོགས་མཐོང་སྣང་ཀུན༔ བདེན་མེད་སྒྱུ་མ་ལྟ་བུར་བསྒོམ༔ ཡི་དམ་བསྐྱེད་རྫོགས་གསལ་ཡང་གདབ༔ འདུན་པས་མངོན་དགའ་ལ་སོགས་པ༔ སྤྲུལ་སྐུའི་ཞིང་དུ་འགྲོ་བར་བྱ༔ སྙམ་པའི་དྲན་པས་ཟིན་གྱུར་ན༔ སྤྲུལ་སྐུའི་ཞིང་དུ་སྐྱེ་བར་འགྱུར༔ ཞེས་གསུངས་སོ༔ ཆོས་འདིའི་སྒོར་ཞུགས་པའི་སྐྱེས་བུ་རྣམས་ནི༔ དབང་གིས་རྒྱུད་སྨིན་པར་བྱས་ནས༔ གྲོལ་བྱེད་ཀྱི་གདམས་པ་ཉམས་སུ་བླངས་པས༔ དབང་པོ་རབ་རྣམས་ནི་ཟག་བཅས་ཀྱི་ཕུང་པོ་ལྷག་མ་མེད་པར་སངས་རྒྱ་ཞིང༔ དབང་པོ་འབྲིང་རྣམས་ནི་ཚེ་འདིར་གོམས་འདྲིས་ཐོབ་ཅིང༔ ཉམས་ལེན་གྱི་མཐར་མ་ཕྱིན་པར་བར་ཆད་དུ་གྱུར་ཏེ༔ ཚེ་འཕོས་པ་རྣམས་ནི༔ ཆོས་ཉིད་ཀྱི་བར་དོར་འོད་གསལ་གྱི་སྣང་བ་མཐོང་བས༔ རང་ལ་ཡིད་ཆེས་ཏེ་གྲོལ་བར་འགྱུར་རོ༔ དབང་པོ་ཐ་མ་རྣམས་ནི༔ ཉམས་སུ་བླང་ལོང་མ་བྱུང་ཡང༔ ཆོས་ངོ་སྤྲོད་ཐོབ་པས༔ ཆོས་ཉིད་ཀྱི་བདེན་པའི་བྱིན་རླབས་ཀྱིས་སྤྲུལ་པའི་སྐུའི་ཞིང་དུ་སྐྱེ་སྟེ༔ རིགས་ལྔའི་སངས་རྒྱས་ལ་ཆོས་ཐོབ་ནས༔ དེ་ཉིད་དུ་སངས་རྒྱ་བར་ངེས་སོ༔ དེ་ལྟར་ཡིན་པའང་རྒྱུད་ལས༔ འདི་ཉིད་བསྟན་པའི་སྐྱེས་བུ་རྣམས༔ རབ་ནི་ཚེ་འདིར་ལྷག་མེད་འགྲུབ༔ འབྲིང་ནི་ཆོས་ཉིད་བར་དོར་གྲོལ༔ ཐ་མ་སྤྲུལ་པའི་ཞིང་ཁམས་སུ༔ དབུགས་འབྱུང་ངེས་པར་སངས་རྒྱ་འོ༔ ཞེས་གསུངས་སོ༔ དེ་བས་ཆོས་འདི་ཉིད་ཐེག་པ་འོག་མ་བས་ཁྱད་པར་འཕགས་ཏེ༔ ཐེག་པ་ཀུན་གྱི་ཉིང་ཁུ་ཡིན༔ ཨེ་མ་ཧོ༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡི༔ ཐུགས་དགོངས་གསང་བ་བླ་མེད་གནད༔ གཞན་དང་མི་འདྲ་ཁྱད་པར་ཅན༔ ཐོས་པས་གྲོལ་བའི་གདམས་པ་འདི༔ དགའ་རབ་རྡོ་རྗེའི་ཐུགས་ནས་ཕྱུང༔ ཨོ་རྒྱན་པདྨ་ཉིད་ལ་གཏད༔ རིན་ཆེན་ས་ཡི་གཏེར་དུ་སྦས༔ ལས་ཅན་སྐྱེས་བུ་དེ་ལ་སྤྲོད༔ དེ་ཡིས་འགྲོ་བ་ཀུན་འདྲེན་འགྱུར༔ བར་དོ་གནད་ཀྱི་གདམས་པ་ཞེས་བྱ་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ མ་ཚོར་རྡོ་རྗེའི་སྐྱེ་བྲག་ནས་སྤྲུལ་སྐུ་ཀུན་སྐྱོང་གླིང་པས་གདན་དྲངས་པའི་གཏེར་མའོ།། ༄༅༔ རྡོར་སེམས་སྙིང་ཐིག་གི༔ བཀའ་སྲུང་སྲོག་གི་སྤུ་གྲི་བཞུགས་སོ༔ ྈྈྈྈ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རྡོ་རྗེ་སེམས་དཔའི་སྙིང་ཐིག་གི༔ བཀའ་སྲུང་གཟའ་ཡི་གསང་སྒྲུབ་བཤད༔ འདི་ལ་བསྙེན་སྒྲུབ་ལས་སྦྱོར་གསུམ༔ དང་པོ་བསྙེན་པ་བྱ་བ་ནི༔ ཚེས་གྲངས་བརྒྱད་དམ་དུས་བཟང་ལ༔ གཟའ་ཡི་བཤོས་བུ་གཅིག་ལ་བརྒྱད་ཀྱིས་བསྐོར༔ རང་གི་སྔགས་སྟོང་ངམ་ཉེར་གཅིག་བཟླ༔ དེ་ནས་རང་ཉིད་ཕྱག་ན་རྡོ་རྗེར་བསྒོམ༔ རཱ་ཧུ་ལ་ཡང་མདུན་དུ་བསྒོམ༔ འབོད་སྔགས་བཟླས་ཤིང་གཏོར་མ་འབུལ༔ མཆོད་བསྟོད་བྱའོ༔ ཨོཾ་ཀེ་ཏ་ཀེ་ཏ་ཧཱུྃ༔ ཞེས་པའོ༔ ཨོཾ་བཛྲ་ཙཎྜ་བརྒྱ་རྩ་བརྒྱད་བཟླ༔ ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་བྷ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཞེས་པས་འབུལ་ལོ༔ ནངས་ནུབ་དུས་བཞིར་བྱ༔ དེས་ནི་གདོན་མི་འབྱུང་ངོ༔ མྱུར་དུ་འགྲུབ་ཅིང་འཁུ་ལྡོག་མེད༔ དེ་ཡི་སྙིང་པོ་འདི་ཡིན་ནོ༔ ཧྲི་ཤག་རུ་རག་རཾ༔ ནཱ་ག་ཙིཏྟ་ཏྲཾ༔ མ་མ་ཡོ་ཟ་འགྲམ་ཧ་ཧི་ཡོ་གི་ཤེ་ལ་ཛ་ཛ༔ ཞེས་པས་གོང་བསྙེན་གང་འགྲུབ་བསྐྱལ༔ རཱ་ཧུ་ལ་འཁོར་ལྷ་སྲིན་སྡེ་བརྒྱད་དང་སྲིང་མོ་གདོང་མོ་བཞི་དང་བཅས་པ་རྣམས་སྤྱན་དྲངས་ལ་གཏོར་མ་ལ་བསྟིམ༔ དེ་ནི་བསྙེན་པའི་རིམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་སྒྲུབ་པའི་རིམ་པ་ནི༔ རྫའམ་བྲག་རི་ཁྲལ་ཁྲོལ་དུ༔ མཎྜལ་ནག་པོ་གྲུ་གསུམ་བྱས༔ ར་ཁྲག་རོ་སོལ་བསྲེས་བྱུགས་ལ༔ དགྲ་ཡི་ལིང་ག་དུ་ཡོད་རྣམས༔ མཎྜལ་སྟེང་དུ་གན་རྐྱལ་བསྙལ༔ སྟེང་དུ་གཟའ་བཤོས་ཟུར་གསུམ་གཅིག༔ ཐ་མ་བཤོས་བུ་བརྒྱད་ཀྱིས་བསྐོར༔ གཟའ་ཡི་ཙ་ཀ་ལི་ཡང་གཟུག༔ ར་ཤ་ར་ཁྲག་གཏོར་མར་བྲན༔ ཟན་གཏོར་དེ་ཡང་མདུན་དུ་བཤམ༔ དར་ནག་གི་གུར་ཡང་ཕུབ༔ དེ་ནས་ཁ་ནུབ་ཏུ་བསྟན་ལ༔ སྐྱབས་འགྲོ་སེམས་བསྐྱེད་བྱས་ནས་སུ༔ སྟོང་པའི་ངང་ལས་རང་ཉིད་ནི༔ ཡེ་ཤེས་ཀྱི་རཱ་ཧུ་ལ་དབུ་དགུ་ཕྱག་བཞི་སྦྲུལ་མཇུག་འཁྱིལ༔ སྐུ་མདོག་དུད་ཁ་མིག་གིས་གང༔ སངས་རྒྱས་རྣམས་ལས་དེ་འདྲ་བའི༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ༔ འཇིག་རྟེན་རཱ་ཧུ་ལ་ལ་བསྟིམ༔ ཙ་ཀ་ལི་དང་རྟག་གཏོར་རྣམས༔ སྟོང་པའི་ངང་ལས་འཇིག་རྟེན་པ༔ གཟའ་མཆོག་དུད་ཁ་དབུ་དགུ་ལས༔ གཡས་པ་གསུམ་ནི་དམར་ནག་པ༔ གཡོན་པ་གསུམ་ནི་ལྗང་ནག་པ༔ དབུས་མ་གསུམ་ནི་མཐིང་ནག་པ༔ སྤྱི་གཙུག་རོག་ཏི་ནག་པོའི་དབུ༔ ཕྱག་གཡས་དང་པོ་ཆུ་སྲིན་རྒྱལ་མཚན་བསྣམས༔ འོག་མ་གནམ་ལྕགས་དུག་མདའ་ནག་པོ་བསྣམས༔ ཕྱག་གཡོན་དང་པོ་སྦྲུལ་ནག་ཞགས་པ་བསྣམས༔ འོག་མ་ར་ཡི་གཞུ་མོ་བསྣམས༔ ཞབས་ནི་སྦྲུལ་གྱི་མཇུག་ཏུ་འཁྱིལ༔ དབུ་དགུ་དག་ལ་སྤྱན་གསུམ་གསུམ༔ སྐུ་ལ་སྤྱན་སྟོང་དམར་ལ་འཁྲུགས༔ ཤིན་ཏུ་འཇིགས་པའི་གཟུགས་སུ་བསྐྱེད༔ འཁོར་ནི་ལྷ་སྲིན་སྡེ་བརྒྱད་དང༔ གཟའ་དང་རྒྱུ་སྐར་གདོང་མོ་བཞི༔ ཐམས་ཅད་སྤྱན་དྲངས་སྐུ་ལ་བསྟིམ༔ མཆོད་པ་ཡིད་འོང་སྣ་ཚོགས་མཆོད༔ ཞག་གྲངས་བདུན་དུ་བསྙེན་སྔགས་བཟླ༔ མཇུག་ཏུ་རྦད་སྔགས་དུམ་རེ་བཏགས༔ རྟག་གཏོར་ཕུལ་ཞིང་ཕྲིན་ལས་བསྐུལ༔ དེ་ལ་རྟགས་ནི་འདི་ལྟར་འོང༔ རྒྱ་གར་ཨ་ཙ་ར་དང་མོན་ཕོ་མོ༔ ཁྱི་ནག་བྱ་ནག་མི་ནག་ལ་སོགས་པའོ༔ དེ་ནི་འབོད་པའི་རིམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྔགས་ནི༔ ཧྲི་ཤག་རུ་རཾ་ནཱ་ག་ཙིཏྟ་ཏྲཾ༔ མ་མ་ཡོ་ཟ་འགྲམ་ཧ་ཧི་ཡོ་གི་ཤེ་ལ་ཛ་ཛ༔ པྲའི་ཤག་པྲའི་ཤག༔ ཚལ་པ་ཚལ་པ༔ རུམ་རུམ་ཉིག་ཉིག་ཞུད་ཞུད་འདུར་འདུར་རྒྱུག་རྒྱུག༔ རཱ་ཧུ་ལ་དགྲའི་སྙིང་དང་ནང་རོལ་ལ་རྦད༔ ཤ་རུས་པགས་པ་ལ་རྦད༔ བླ་ཚེ་སྲོག་ལ་རྦད་རྦད༔ སྔགས་དྲུག་ཅུ་རྩ་བཞི་ཡོད༔ དགྲ་བོ་གསོད་ལ་གཅེས་པའོ༔ དེ་ལ་རྟགས་ནི་འདི་ལྟར་ཡོང༔ ཁྱི་འགྱེད་གཡུལ་འགྱེད་གོ་མཚོན་ཐོགས༔ འོད་དང་ཐུག་ཆོམ་མི་ནག་འོང༔ དེ་ནི་འབོད་རྦད་རིམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དམ་རྒྱ༔ ད་ནི་གསད་པའི་རིམ་པ་ནི༔ ཐོད་ངན་ནང་དུ་ལིངྒ་བྲུབ༔ ཉིན་མཚན་དུས་དྲུག་ཐུན་གྱིས་བྲབས༔ ཕྲིན་ལས་དམིགས་པ་དྲག་ཏུ་བསྒོམ༔ ཞག་པོ་བདུན་དུ་ཐང་ཆད་བཟླ༔ སྔགས་ནི་འབོད་རྦད་གསད་གསུམ་དྲིལ༔ དེ་ཡི་གསད་སྔགས་འདི་ཡིན་ནོ༔ ཧྲི་ཧི་ཧི་སར་ཧོད་ཏི་བྱེད་ཟོན་ཟོན༔ ཆེ་གེ་མོ་མཱ་ར་ཡ་རྦད༔ གསད་སྔགས་ཡིག་འབྲུ་བཅུ་བཞི་ཡོད༔ གོང་གི་འབོད་རྦད་གཉིས་ལ་འདོགས༔ གསུམ་ག་དྲིལ་ནས་གསད་པ་འོ༔ དེ་ལ་ནང་རྟགས་འདི་ལྟར་འོང༔ ལིངས་བྱེད་རི་དྭགས་བསད་པ་དང༔ སེམས་ཅན་བསད་དང་མགོ་བོ་བཅད༔ ནང་རོལ་གློ་སྙིང་ཁྱེར་བ་འབྱུང༔ དེ་ལྟར་དངོས་སམ་རྨི་ལམ་ཉམས༔ གང་རུང་རྟགས་བྱུང་ངེས་པར་གསོད༔ དེ་ནས་ལས་ཀྱི་མཇུག་སྡུད་པ༔ རྟག་གཏོར་སྐུ་དང་བཅས་པ་ནི༔ དགྲ་ཡི་ཕྱོགས་སམ་ཁྱིམ་ལ་བརྡེག༔ ལིང་ག་དུག་ཤིང་མེ་ལ་བསྲེག༔ གཟའ་མཆོག་འཁོར་བཅས་མེ་ལྷར་བསྐྱེད༔ དགྲ་བོ་ཞལ་དུ་གསོལ་བར་བསྒོམ༔ ཐལ་བ་སྲང་ལམ་བཞི་མདོར་གནན༔ དེ་ནི་ལས་མཇུག་སྡུད་པ་འོ༔ གཟའ་ཡི་གསང་སྒྲུབ་ཡང་དག་པའོ༔ ཞལ་གྱི་གདམས་པ་འདི་ལྟར་རོ༔ བསྙེན་ནས་འཕྲིན་ལས་གཏོར་མ་འབུལ༔ ཉ་སྟོང་བརྒྱད་དང་ཉི་ཤུ་དགུ༔ དུས་གཉན་དག་ལ་གཏད་པ་གཅེས༔ སྒྲུབ་པ་ཚེས་གྲངས་བརྒྱད་ལ་ཞུགས༔ ཉི་ཤུ་དགུ་ལ་ཚར་བར་བྱ༔ གནམ་གང་ཉི་མ་འདོམ་གང་ལ༔ གནན་སྲེག་འཕང་གསུམ་ཚང་བར་བྱ༔ སྲུང་བ་བླ་རྡོ་གང་ཡང་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དུས་གཉན་རྣམས་ལ་རྦད་པར་བྱ༔ མ་ལྟར་བྱམས་ཤིང་སྲིང་ལྟར་གདུང༔ འཁུ་ཟློག་མི་འབྱུང་དམ་ལ་འདོགས༔ བཙོག་གྲིབ་མཛེ་ཡུགས་མི་གཙང་བ་ལ་འཛེམ༔ གཟའ་ནད་ཅན་གྱི་བཅོས་མི་བྱ༔ སྒྲུབ་དུས་གྲིབ་ཤ་སྤང༔ གཟའི་འཕྲིན་ལས་བསྐུལ་བ་འདི་ལྟར་རོ༔ ཧཱུྃ༔ གཟའ་མཆོག་རྒྱལ་པོ་རཱ་ཧུ་ལ༔ འཇིགས་བྱེད་ཆེན་པོ་དྲག་ཤུལ་ཅན༔ ཕ་ནི་སྲིན་ལ་མ་ནི་ཀླུ༔ ཀླུ་སྲིན་འཚོགས་པའི་མཐུ་བོ་ཆེ༔ ལུས་པོ་གཅིག་ལ་མགོ་བོ་དགུ༔ མགོ་ལུས་མེད་པར་མིག་གིས་གང༔ སྐུ་ནི་འཇིགས་པའི་དུད་ཁ་ལ༔ གཡས་པས་ར་ཡི་མདའ་གཞུ་བསྣམས༔ གཡོན་པས་ཆུ་སྲིན་རྒྱལ་མཚན་བསྣམས༔ ལྷོ་ནུབ་མཚམས་ནས་སྐུ་བཞེངས་ཤིག༔ ཚེས་གྲངས་བཞི་ཡི་སྲོད་དག་ལ༔ ནུབ་ནས་ཤར་དུ་རྒྱུ་ཙ་ན༔ མ་མོ་ཡོངས་ཀྱི་དམག་དཔོན་བྱེད༔ རིམས་ནད་འབེབ་པའི་མཐུ་བོ་ཆེ༔ མ་མོའི་ཀིཾ་ཀང་དགྲ་ལ་བྷྱོ༔ ཚེས་གྲངས་བརྒྱད་ཀྱི་ཐོ་རངས་ཁར༔ ཤར་ལྷོ་ནུབ་བྱང་རྒྱུ་ཙ་ན༔ དགྲ་ལྷ་ཡོངས་ཀྱི་དམག་དཔོན་བྱེད༔ ཡམས་ནད་འབེབ་པའི་མཐུ་བོ་ཆེ༔ དགྲ་ལྷའི་ཀིཾ་ཀང་དགྲ་ལ་བྷྱོ༔ ཚེས་གྲངས་བཅུ་གཅིག་དུས་ཚོད་ནི༔ ནམ་གྱི་བྱིང་ནས་ཕྱེད་ཡོལ་ལ༔ བྱང་ནས་ལྷོ་རུ་རྒྱུ་ཙ་ན༔ གཤིན་རྗེ་ཡོངས་ཀྱི་དམག་དཔོན་བྱེད༔ བལ་ནད་འབེབ་པའི་མཐུ་བོ་ཆེ༔ གཤིན་རྗེའི་ཀིཾ་ཀང་དགྲ་ལ་བྷྱོ༔ ཚེས་གྲངས་བཅོ་ལྔའི་ཉིན་ཕྱེད་ལ༔ ལྷོ་ནུབ་བྱང་ཤར་རྒྱུ་ཙ་ན༔ སྲིན་པོ་ཡོངས་ཀྱི་དམག་དཔོན་བྱེད༔ གྲི་རྒོད་གཏོང་བའི་མཐུ་བོ་ཆེ༔ སྲིན་པོའི་ཀིཾ་ཀང་དགྲ་ལ་བྷྱོ༔ ཚེས་གྲངས་བཅོ་བརྒྱད་ནམ་ཕྱེད་ལ༔ ཤར་ནས་ནུབ་ཏུ་རྒྱུ་ཙ་ན༔ དམུ་རྣམས་ཡོངས་ཀྱི་དམག་དཔོན་བྱེད༔ བྱིང་ནད་འབེབ་པའི་མཐུ་བོ་ཆེ༔ དམུ་ཡི་ཀིཾ་ཀང་དགྲ་ལ་བྷྱོ༔ ཉི་ཤུ་གཉིས་ཀྱི་ཐོ་རེངས་ཁར༔ ནུབ་བྱང་ཤར་ལྷོར་རྒྱུ་ཙ་ན༔ བཙན་རྣམས་ཡོངས་ཀྱི་དམག་དཔོན་བྱེད༔ གཟེར་ནད་གཏོང་བའི་མཐུ་བོ་ཆེ༔ བཙན་གྱི་ཀིཾ་ཀང་དགྲ་ལ་བྷྱོ༔ ཉི་ཤུ་ལྔ་ཡི་སྐྱ་རེངས་ལ༔ ལྷོ་ནས་བྱང་དུ་རྒྱུ་ཙ་ན༔ ཀླུ་རྣམས་ཡོངས་ཀྱི་དམག་དཔོན་བྱེད༔ མཛེ་ནད་གཏོང་བའི་མཐུ་བོ་ཆེ༔ ཀླུ་ཡི་ཀིཾ་ཀང་དགྲ་ལ་བྷྱོ༔ ཉི་ཤུ་དགུ་ཡི་མྱུར་སྨད་ལ༔ བྱང་ཤར་ལྷོ་ནུབ་རྒྱུ་ཙ་ན༔ ལྷ་རྣམས་ཡོངས་ཀྱི་དམག་དཔོན་བྱེད༔ ལྷ་ནད་འབེབ་པའི་མཐུ་བོ་ཆེ༔ ལྷ་ཡི་ཀིཾ་ཀང་དགྲ་ལ་བྷྱོ༔ ཆོ་ཆོ་དེ་ནི་དགྲ་ལ་བྷྱོ༔ གཟའ་མཆོག་ཉི་མ་དགྲ་ལ་བྷྱོ༔ དམ་ཉམས་དགྲ་བོའི་དྲོད་ལ་རོལ༔ གཟའ་མཆོག་ཟླ་བ་དགྲ་ལ་བྷྱོ༔ དམ་ཉམས་དགྲ་བོའི་ཁྲག་ལ་རོལ༔ གཟའ་མཆོག་མིག་དམར་དགྲ་ལ་བྷྱོ༔ དམ་ཉམས་དགྲ་བོའི་སྙིང་ལ་རོལ༔ གཟའ་མཆོག་ལྷག་པ་དགྲ་ལ་བྷྱོ༔ དམ་ཉམས་དགྲ་བོའི་དབུགས་ལ་རོལ༔ གཟའ་མཆོག་ཕུར་བུ་དགྲ་ལ་བྷྱོ༔ དམ་ཉམས་དགྲ་བོའི་རྩ་ལ་རོལ༔ གཟའ་མཆོག་པ་སངས་དགྲ་ལ་བྷྱོ༔ དམ་ཉམས་དགྲ་བོའི་རུས་ལ་རོལ༔ གཟའ་མཆོག་སྤེན་པ་དགྲ་ལ་བྷྱོ༔ དམ་ཉམས་དགྲ་བོའི་ཤ་ལ་རོལ༔ ཁྱབ་འཇུག་ཆེན་པོ་དགྲ་ལ་བྷྱོ༔ ཆེ་གེ་མོའི་ཙིཏྟ་ལ་མཱ་ར་ཡ་རྦད་བྷྱོ༔ ཞེས་བསྐུལ་ནས་ཐལ་མོ་བརྡབ་པའི་བར་དུ་དགྲ་བོ་སྦྲང་མ་བཅར་པ་བཞིན་དུ་སོང་བར་བསམ་ལ༔ གཏོར་མ་དགྲ་ཡི་ཕྱོགས་སུ་ཟོར་དུ་འཕང་ངོ༔ ཁྱབ་འཇུག་གཟའི་ཕྲིན་བསྐུལ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏོར་མ་གཟས་པ་པོའི་ཤ་ཁྲག་ཏུ་བསམ་ལ༔ ཙ་ཀ་ལིའི་གཟུགས་རྣམས་ཐམས་ཅད་གཟའི་དམག་དཔུང་དུ་བསམ་ལ་འབུལ་ལོ༔ མཆོད་པའི་རིམ་པ་ནི་ཤ་ཁྲག་འབྲུ་ཆན༔ ཆང་ཕུད༔ སྲན་འཕོས་ལ་སོགས་པ་ཤིས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཟའི་ནད་ཅན་ལ་བྱིན་རླབས་བྱེད་ན༔ བུམ་པ་མགུལ་ཆིངས་ཁ་རྒྱན་ཅན་དུ༔ ཆུ་གཙང་མ་མུ་དང་བཅས་པ་བླུག་གོ༔ གཞལ་ཡས་ཁང་གི་ནང་དུ་ཕྱག་རྡོར་བསྐྱེད༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་སྟོང་ཕྲག་བཟླ༔ ཕྱག་ན་རྡོ་རྗེ་འོད་དུ་ཞུ་བ༔ ནད་པའི་མགོ་ཐོག་ཏུ་བཞག༔ ཧཱུྃ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ བྱེད་པ་སེམས་ཅན་ཀུན་དོན་བྱེད༔ ཕན་ཐོགས་སེམས་ཅན་ནད་གདོན་སེལ༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ རྐྱེན་ངན་བར་ཆད་སེལ་བར་ཤོག༔ ཨོཾ་ཞེས་རྩ་སྔགས་ཀྱི་མཇུག་ཏུ༔ དཔལ་ཕྱག་ན་རྡོ་རྗེས་ཁྲུས་གསོལ་བས༔ ནད་གདོན་བར་གཅོད༔ གཟའ་ནད༔ གཟའ་དུག་ཐམས་ཅད་ཞི་བར་གྱུར་ཅིག༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ཁོང་དུ་བཏང༔ ཁྲུས་བྱས༔ གཟའི་གཏོར་མ་མགོ་ལ་བཞག་ལ༔ ཡེ་ཤེས་པའི་གཟའ་ཡིས༔ འཇིག་རྟེན་པའི་གཟའ་ནད་ཐམས་ཅད་སེལ༔ ཁྲུས་ཆུས་བཀྲུས་པ་ལྟར་སངས་སངས་སོང་བར་བསྒོམ་མོ༔ སྔགས་འདི་བློ་ལ་ཡོད་པས་ཆོག༔ ཨོཾ་བཛྲ་ཀུན་ན་ར་ལ་ཀན་ཏེ་རཱ་ཧུ་ལ་སརྦ་དུག་ནན་ཕྱུངས་སྭཱ་ཧཱ༔ འདི་ཟབ་པས་ཕྱག་རྟེན་མེད་པར་མི་སྦྱིན་ནོ༔ འདིས་ཕན་གྱིན་བདོག་གོ༔ ཟབ་ཟབ་ཟབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཀུན་སྐྱོང་གླིང་པའི་གཏེར་མའོ།། ༄༅༔ རྡོ་རྗེ་སེམས་དཔའི་སྙིང་ཐིག་ལས༔ རྫི་བོའི་འཛོམ་ཡིག་བཞུགས་སོ༔ ྈྈྈྈྈྈྈ ཨེ་མ་ཧོ༔ བདག་འདྲ་ཨོ་རྒྱན་པདྨ་ཡི༔ གསང་སྔགས་རྡོ་རྗེ་ཐེག་པའི་བཅུད༔ གཞན་ལས་ཁྱད་པར་འཕགས་པའི་གནད༔ རྡོ་རྗེ་སེམས་དཔའི་སྙིང་གི་ཐིག༔ རྒྱུད་མཆོག་སྙིང་གི་ཐིག་ལེ་འདི༔ དགའ་རབ་རྡོ་རྗེས་བདག་ལ་གནང༔ སྨོན་ལམ་དབང་གིས་བོད་དུ་འོང༔ ཁྲི་སྲོང་ལྡེའུ་བཙན་བསམ་པ་གྲུབ༔ ཐེག་པ་མཐའ་དག་ཆོས་བསྒྱུར་ཀྱང༔ རྒྱལ་པོ་ལ་ཡང་འདི་མ་བསྟན༔ རྒྱུད་མཆོག་འདི་ཉིད་ལ་བརྟེན་ནས༔ སྤྲོས་མེད་མྱ་ངན་འདའ་དོན་དུ༔ སྤྲོས་པའི་ཚོགས་རྣམས་ཀུན་བསྡུས་ནས༔ ཉམས་ལེན་གནད་ཀྱི་གདམས་པ་ཙམ༔ འདི་ཉིད་བཻ་རོ་ཁྱོད་དང་ནི༔ རྗེ་འབངས་ཉི་ཤུ་ལྔ་ལ་གཏད༔ ད་ལྟ་སྤེལ་བའི་གནས་མེད་དོ༔ ཕྱི་མ་སྙིགས་མའི་ལྔ་བདོ་ལ༔ རྗེ་འབངས་རྒྱ་མཚོས་བྱིན་བརླབས་པའི༔ གནུབས་ཀྱི་བནྡྷེ་སངས་རྒྱས་ཀྱི༔ བྱིན་བརླབས་སྤྲུལ་པ་ཤེས་རབ་ཅན༔ སྦས་ཚུལ་འཁོར་བའི་ཆ་ལུགས་འཛིན༔ ཐ་མལ་ཚུལ་བཟུང་སྦས་ནས་སྡོད༔ ལོ་ཀའི་སྤྱོད་པ་སྣ་ཚོགས་བྱེད༔ དུག་གསུམ་སྐུ་གསུམ་བཙན་ཐབས་འཁྲུང༔ གཤིན་རྗེའི་ལས་རྣམས་ཐོགས་མེད་འགྲུབ༔ གཟའ་གདོང་ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ༔ སྦྱོར་སྒྲོལ་སྤྱོད་པ་སྣ་ཚོགས་བྱེད༔ བསམ་ཡས་མཆོད་རྟེན་དཀར་པོའི་གཏེར༔ མ་ཚོར་རྡོ་རྗེའི་སྐྱེ་བྲག་ཕུག༔ ལྷོ་བྲག་ཁོ་མཐིང་དུང་གི་གཞལ་ཡས་དང༔ ཕུང་པོ་རི་བོ་ཆེ་ཡི་གཤིན་རྗེ་ཚེ་བདག་སྐོར༔ གཏེར་ཁ་བརྒྱད་ཀྱི་སྐལ་པ་ཡོད༔ གསང་ནས་སྤྱད་ན་དངོས་གྲུབ་མྱུར༔ སྐལ་ལྡན་དེ་ཡི་དོན་དུ་སྦེད༔ ལས་ལྡན་སྐྱེས་བུ་དེ་ལ་ནི༔ སྐུ་སྲས་གསུམ་དང་ཐུགས་སྲས་བརྒྱད༔ མཚན་ལྡན་ཐུགས་སྲས་མཁའ་འགྲོའི་སྤྲུལ་པ་ལྔ༔ ལས་འབྲེལ་ཐོགས་པ་མང་རབས་ཡོད༔ པདྨ་རྒྱལ་པོ་དེ་ཉིད་ལ༔ རྫོགས་པ་ཆེན་པོའི་བཀའ་གཏེར་ཀུན་གྱི་བདག་པོ་བྱེད༔ རྫོགས་ཆེན་ཕ་རྒྱུད་མ་རྒྱུད་དང༔ སྙིང་ཐིག་བཅུ་གསུམ་ཉམས་སུ་ལེན༔ གསང་སྤྱོད་སྦྱོར་སྒྲོལ་སྦས་ན་ཟབ༔ འཛམ་གླིང་ཀུན་ཏུ་སྦས་ན་དར༔ དམ་མེད་བདུད་སྤྲུལ་སློབ་མ་ཡང༔ གོང་དང་འདྲ་མིན་འབྱུང་སྲིད་པས༔ ལོ་གསུམ་བར་དུ་བརྟག་པར་བྱ༔ སྐལ་ལྡན་རྣམས་ལ་ཆོས་བཀའ་གཏད༔ བཀའ་ལས་འདས་ཤིང་དམ་མེད་ན༔ དཔེ་རྒྱུད་གདམས་པ་མི་སྦྱིན་ནོ༔ དེ་ཕྱིར་ཆོས་ཀྱི་འཛོམ་ཡིག་བསྟན༔ རྫོགས་ཆེན་སྙིང་གི་ཐིག་ལེ་ལས༔ ཐེག་པ་ཀུན་གྱི་བཅུད་བསྡུས་པའི༔ སྙིང་ཐིག་དོན་རྒྱུད་དག་དང་གཅིག༔ ཁུངས་བཙུན་ཡིད་ཆེས་བསྐྱེད་པའི་ཕྱིར༔ ལོ་རྒྱུས་གཏད་རྒྱའི་སྐོར་དང་གཉིས༔ སྐལ་ལྡན་སྨིན་པར་བྱ་བའི་ཕྱིར༔ བཞི་རྫོགས་དབང་བསྐུར་དག་དང་གསུམ༔ འཆུགས་མེད་ལམ་ལ་གཟུད་པའི་ཕྱིར༔ ལམ་ཁྲིད་སྔོན་འགྲོའི་གནད་དང་བཞི༔ སྨིན་པ་གྲོལ་བར་བྱེད་པའི་ཕྱིར༔ ཉམས་ལེན་ཁྲིད་ཡིག་གནད་དང་ལྔ༔ གདམས་པའི་དྲོད་ཚད་བསྟན་པའི་ཕྱིར༔ ཉམས་ལེན་རྟགས་ཚད་དག་དང་དྲུག༔ རྩལ་སྦྱོང་བྱིན་རླབས་འཇུག་པའི་ཕྱིར༔ རྩ་གསུམ་དྲིལ་སྒྲུབ་དག་དང་བདུན༔ ཚོགས་གསག་བར་ཆད་བསལ་བའི་ཕྱིར༔ དོན་གྱི་ལས་བྱང་དག་དང་བརྒྱད༔ རེག་ཚད་ཐུགས་རྗེས་གཟུང་བའི་ཕྱིར༔ བཏགས་ནས་གྲོལ་བའི་གནད་དང་དགུ༔ ལེ་ལོ་ཅན་རྣམས་སྐྱོབ་པའི་ཕྱིར༔ བར་དོའི་གདམས་པའི་གནད་དང་བཅུ༔ ཆོས་བཀའ་འདི་ཡི་གཉེར་བཅོལ་ཕྱིར༔ བཀའ་སྲུང་དག་དང་བཅུ་གཅིག་སྟེ༔ ལྷག་ཆད་ཐེ་ཚོམ་བསལ་བའི་ཕྱིར༔ འཛོམ་ཡིག་དག་དང་བཅུ་གཉིས་ཏེ༔ དུས་དང་བཀའ་ཆོས་འདི་སྟོན་པའི༔ དུས་ཚོད་ལུང་བསྟན་དང་བཅུ་གསུམ་མོ༔ སྙིང་གི་ཐིག་ལེའི་ཆོས་བཀའ་རྫོགས༔ དེ་བས་མང་ངམ་ཉུང་བ་ན༔ ཨོ་རྒྱན་ང་ཡི་ཆོས་འདི་འཆལ༔ དེ་ཕྱིར་ཁ་བྱང་གཏེར་དུ་སྦེད༔ མི་འགྱུར་བུ་ཚོགས་མ་གཏོགས་པ༔ འཛོམ་ཡིག་བསྟན་པར་མི་བྱ་བསྡམ༔ གདམས་ངག་བསྟན་ནས་བླ་མ་གསང༔ རང་གི་ཆེ་བ་བརྗོད་པ་དང༔ དམ་ཚིག་ཡལ་བར་འདོར་བ་དང༔ ཉམས་སུ་མི་ལོན་བཤད་པར་རིངས༔ ཁ་གསག་རྒྱུད་ལ་མ་འབྱོར་བའི༔ སྣོད་ངན་རྣམས་ལ་སྤེལ་མི་བྱ༔ སྒྲུབ་བརྩོན་དམ་ཚིག་གཙང་བ་དང༔ གཏོང་ཕོད་ཆེ་ཞིང་ངང་རྒྱུད་བཟང༔ བླ་མ་གཙུག་གི་རྒྱན་དུ་ཁུར༔ ཆོས་འདི་སྟོན་པའི་སྣོད་མཆོག་འབྱུང༔ དེ་ལ་འཛོམ་ཡིག་གཏད་པར་བྱ༔ ཨེ་མ་ཧོ༔ དེ་ལྟར་སྣོད་ལྡན་སྐྱེས་བུ་ནི༔ ཆོས་བདག་ཇི་ལྟར་གཏད་རྒྱ་བཞིན༔ གཏེར་གནས་དྲུང་དུ་འོང་འགྱུར་ཞིང༔ གཞན་ཡང་ཆོས་འདི་དབང་བའི་བུ༔ རིགས་ལྡན་བུ་མཆོག་ལྡང་གི་རིགས༔ བྱ་སྤྲེལ་ལོ་པ་སྦྱངས་པ་ཅན༔ སྨན་ཞེས་གཞོན་ནུ་ཤཱཀྱ་འབྱུང༔ ང་ཡི་སྤྲུལ་སྐུ་ལྔ་མཇལ་ནས༔ ངེས་པར་མཁའ་སྤྱོད་གནས་སུ་འགྲོ༔ ཞང་རིགས་ཤཱཀྱ་མུ་ནིའི་རིགས༔ འཁོར་བའི་ཆ་འཛིན་སྐྱོན་མ་གོས༔ མང་དུ་ཤེས་ཀྱང་སྦས་པའི་ཚུལ༔ འབྲེལ་ཚད་དོན་ལྡན་རྫོགས་ཆེན་བདག༔ སྐྱེ་བ་མཐའ་ཚད་བུ་ཆེན་འབྱུང༔ ཀུན་དགའ་ཝ་དྲ་ཎ་བྱའི་ལོ༔ རྩེ་གཅིག་མོས་པས་མཇལ་བ་འབྱུང༔ སྙིང་གི་ཐིག་ལེའི་བུ་ཡིན་པས༔ དེས་ཀྱང་བྱང་ཕྱོགས་འགྲོ་དོན་སྤེལ༔ བྱ་ཁྱི་ལོ་པ་ཨོ་རྒྱན་དཔལ༔ མི་འགྱུར་དད་པས་ཆོས་ཉམས་ལེན༔ ལྷའམ་དཔལ་ལྡན་ལུག་ལོ་པ༔ འབྲེལ་ཚད་དོན་ལྡན་ཆོས་སྤྱོད་འབྱུང༔ གཞན་ཡང་ཉང་སྟོད་གནས་རྙིང་ལ་སོགས་ནས༔ བློ་གྲོས་པྲ་ཛྙཱ་ལ་སོགས་འབྱུང༔ ས་ཟེར་ནོན་ཅིང་སྤྲུལ་སྐུ་འབྱུང༔ ལས་ལྡན་སྤྲུལ་སྐུ་བརྒྱད་འཛོམ་ན༔ ས་སྟེང་ཐམས་ཅད་ཁྱབ་པར་འབྱུང༔ བསྟན་པ་ཀུན་གྱི་ཡང་བཅུད་འདི༔ ཚིག་ཉུང་དོན་རྒྱས་གནད་ཟབ་པས༔ སྤྲོ་དགའ་འགྲོ་བ་འདུལ་འདོད་ན༔ ཆོས་བདག་པདྨ་རྒྱལ་པོའི་མིང་ཅན་གྱིས༔ ཚིག་དོན་རྒྱས་པར་བཀྲོལ་བ་ན༔ འགྲོ་དོན་མཁའ་ལྟར་བསྟན་རྒྱས་འཕེལ༔ མི་གཉན་ཆོས་བཀའ་གནད་ཟབ་མང་མི་དགོས༔ འདི་ཉིད་རིན་ཆེན་ཁུ་བས་བྲིས༔ དབེན་པའི་རི་ལ་ཉམས་སུ་ལོངས༔ སངས་མ་རྒྱས་ན་ང་ཡིས་བསླུས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ ཨོ་རྒྱན་སྤྲུལ་པ་ཀུན་སྐྱོང་གླིང་པས་མ་ཚོར་རྡོ་རྗེའི་སྐྱེ་བྲག་ནས་སྤྱན་དྲངས་པའི་གཏེར་མའོ།། །།
ཚེ་སྒྲུབ་རྡོ་རྗེའི་ཕྲེང་བ་ལས༔ ཚེ་བདག་ཡབ་ཡུམ་སྲས་གསུམ་གྱི༔ གསང་སྒྲུབ་མན་ངག་སྒོམ་རིམ་ (Volume 21, Text 3)
༁ྃ༔ ཚེ་སྒྲུབ་རྡོ་རྗེའི་ཕྲེང་བ་ལས༔ ཚེ་བདག་ཡབ་ཡུམ་སྲས་གསུམ་གྱི༔ གསང་སྒྲུབ་མན་ངག་སྒོམ་རིམ་བཞུགས༔ ྈྈྈ ཚེ་བདག་རིག་འཛིན་རྣམས་ལ་འདུད༔ དོན་དམ་རང་རིག་གདོད་མའི་གཤིས༔ ངོ་བོ་རང་བཞིན་ཐུགས་རྗེ་ནི༔ ཚེ་བདག་ཡབ་ཡུམ་སྲས་གསུམ་སྟེ༔ སྤྲུལ་པ་ཕྱག་བརྙན་ཅིར་ཡང་འཆར༔ དེ་ཉིད་གསང་བ་ཨ་ཏིའི་ལུགས༔ བློ་ཆེན་རྣམས་ཀྱིས་སྤྱོད་ཡུལ་དུ༔ སྤྲོས་མེད་ཟབ་མོའི་རྣལ་འབྱོར་བསྟན༔ ས་མ་ཡ༔ རང་བཞིན་རྫོགས་པ་ཆེན་པོའི་ཀློང༔ བྱང་ཆུབ་དོན་གྱི་རྣལ་འབྱོར་པས༔ བློ་བྲལ་ཅོག་གཞག་ཆེན་པོའི་ངང༔ མ་བཅོས་རྒྱ་ཡན་ལྷུག་པར་གནས༔ ངོ་བོ་སྟོང་པ་ཚེ་དཔག་མེད༔ རང་བཞིན་གསལ་བ་ཙནྜ་ལཱི༔ ཐུགས་རྗེ་སྲས་མཆོག་དབྱེར་མེད་པར༔ རང་རིག་ཀློང་དུ་སྐྱབས་སུ་འགྲོ༔ འཁོར་བ་མ་སྤངས་དབྱིངས་སུ་དག༔ སངས་རྒྱས་མ་བཙལ་རང་ལ་རྫོགས༔ གདོད་ནས་མཉམ་པ་ཉིད་ཀྱི་ངང༔ རྩོལ་སྒྲུབ་བྲལ་བར་སེམས་བསྐྱེད་ནས༔ རང་བྱུང་རང་ཤར་བདེ་ཆེན་ཞིང༔ ལོངས་སྤྱོད་བཀོད་པ་ལྷུན་རྫོགས་དབུས༔ དྭངས་མ་འོད་ལྔའི་ཕོ་བྲང་དུ༔ དང་པོའི་སངས་རྒྱས་འོད་མི་འགྱུར༔ ཚེ་དཔག་མེད་མགོན་རཱ་གའི་མདངས༔ ཏིང་འཛིན་ཕྱག་རྒྱས་ཚེ་བུམ་ནི༔ འཆི་མེད་བདུད་རྩིས་བཅུད་བཀང་རྣམས༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ རྡོ་རྗེ་སྐྱིལ་ཀྲུང་པད་ཟླར་བཞུགས༔ རང་འོད་ལྷ་མོ་ཚེ་ཡི་བདག༔ དམར་གསལ་པད་ཕྲེང་རུས་པས་བརྒྱན༔ ཨུཏྤལ་ཚེ་བུམ་བསྣམས་པ་དང༔ ཁ་སྦྱོར་བདེ་བ་ཆེན་པོར་འཁྲིལ༔ གནས་ལྔར་འོད་ལྔའི་ཐིག་ལེའི་དབུས༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ག༔ ཧྲཱིཿསེར་ཁྲོཾ་ཡིག་ལྗང་གུ་རྣམས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ ཚེ་ལྷ་རིགས་ལྔའི་ངོ་བོ་ཉིད༔ གསལ་སྟོང་རང་བབ་ཆེན་པོ་རུ༔ མ་བསྐྱེད་ཡེ་ནས་རྫོགས་པར་བཞུགས༔ ཀ་དག་ཡེ་ཤེས་གསུམ་ལྡན་དབྱིངས༔ གཞི་སྣང་འོད་ཀྱི་སྦུབས་ནས་བཞེངས༔ འཆི་མེད་གཞོན་ནུ་བུམ་སྐུའི་ལྷ༔ ལྷུན་གྲུབ་འཇའ་ཟེར་ཀློང་དུ་གཤེགས༔ ཡེ་བབ་ལྷུན་འབྱམས་ཚོམ་བུར་བཅས༔ རིག་གདངས་འགྱུ་འཕྲིག་བྲལ་བར་བཞུགས༔ རང་བྱུང་རང་ཤར་རང་ལ་ཐིམ༔ སོར་བཞག་ལྟ་བ་མཇལ་བས་འདུད༔ གསལ་སྟོང་གྲགས་སྟོང་བདེ་སྟོང་ཆེ༔ སྣང་རིག་འདུ་འབྲལ་མེད་པར་མཆོད༔ རིག་པ་ཟང་ཐལ་འོད་ཀྱི་སྐུ༔ བཞུགས་ཚུལ་ཉེར་ལྔ་ལྡན་ལ་བསྟོད༔ རང་ལ་གནས་ཀྱང་གཞན་དུ་བཙལ༔ འཁྲུལ་སྒྲིབ་རང་གྲོལ་ཀློང་དུ་བཤགས༔ ཀུན་བཟང་དགོངས་པའི་རྩལ་རྫོགས་ནས༔ སྐྱེ་འཆི་མེད་པའི་སྐུ་ཐོབ་ཤོག༔ སྨྲ་བརྗོད་མཚན་མའི་གཡོ་རྩོལ་བཤིག༔ བརྗོད་བྲལ་བློ་འདས་ཆེན་པོའི་ངང༔ རང་བྱུང་གསང་སྔགས་རྡོ་རྗེའི་སྒྲ༔ གྲགས་སྟོང་རང་བབ་ཉིད་དུ་བཟླ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཁྲོཾ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ གདོད་གནས་ཐིག་ལེ་གསལ་གདབ་ཅིང༔ གཞོམ་མེད་སྔགས་ཀྱིས་རྩལ་བསྐྱེད་པས༔ རྡོ་རྗེའི་ཚེ་དང་ཡེ་ཤེས་འགྲུབ༔ བསྐྱེད་བཟླས་ཀུན་གྱི་མཐར་ཐུག་གོ༔ ས་མ་ཡ༔ སྤྱི་བོའི་ཨོཾ་ལས་འོད་དཀར་འཕྲོས༔ འཁོར་འདས་ཐམས་ཅད་ཨོཾ་དུ་གྱུར༔ མེར་མེར་ཤིག་ཤིག་རང་སྒྲ་འུར༔ འོད་ཞུ་ཐིག་ལེ་ཐིག་ཕྲན་དང༔ འཇའ་ཟེར་དཀར་པོ་ཏ་ལ་ལ༔ ཐམས་ཅད་འུབ་འདུས་སྤྱི་བོར་ཞུགས༔ ཐིག་ལེ་ཨོཾ་བཅས་འོད་དུ་འབར༔ མི་ཤིགས་སྐུ་ཡི་ཚེ་ཐོབ་བསམ༔ དེ་བཞིན་མགྲིན་པའི་ཨཱཿདམར་པོའི༔ འོད་ཟེར་སྤྲོ་བསྡུས་ཏིང་འཛིན་གྱིས༔ གཞོམ་མེད་གསུང་གི་ཚེ་བརྙེས་བསམ༔ སྙིང་གའི་ཧཱུྃ་སྔོན་འོད་སྤྲོ་བསྡུས༔ འགྱུར་མེད་ཐུགས་ཀྱི་ཚེ་དབང་ཐོབ༔ ལྟེ་གསང་འོད་ཟེར་སྤྲོ་བསྡུ་ཡིས༔ ཡོན་ཏན་ཕྲིན་ལས་མཐར་ཐུག་པ༔ རྟག་ཁྱབ་འོད་གསལ་སྙིང་པོ་ཡི༔ ཚེ་དང་ཡེ་ཤེས་བརྙེས་པར་བསམ༔ རང་རིག་དུས་གསུམ་མི་འགྱུར་བ༔ གདོད་ནས་མ་སྐྱེས་འཆི་བ་མེད༔ རྩ་བྲལ་ནམ་མཁའི་རང་བཞིན་ལ༔ གཟུང་འཛིན་འཆི་བདག་བྱུང་ཁུངས་སྟོང༔ བསྒོམ་བྱ་སྒོམ་བྱེད་ཀ་ནས་དག༔ བསྒྲུབ་བྱ་སྒྲུབ་བྱེད་དབྱིངས་སུ་འདྲེས༔ གཤིས་ལུགས་རིག་པ་ཟང་ཀ་མ༔ དྭངས་སངས་སྤྲོ་བསྡུ་བྲལ་བའི་ངང༔ སྒོ་གསུམ་ཅོག་གཞག་ཆེན་པོར་ཀློད༔ དབྱིངས་སྣང་འཇའ་འོད་གུར་ཁྱིམ་དུ༔ རྡོ་རྗེ་ལུག་རྒྱུད་ཨར་ལ་གཏད༔ ཐིག་ལེ་སྐུ་དང་ཚོམ་བུར་སྨིན༔ འཇའ་ལུས་འཆི་མེད་སྲོག་ཐོབ་ནས༔ ནམ་མཁའ་ཇི་སྲིད་གནས་ཀྱི་བར༔ རྟག་བརྟན་དོན་མཆོག་འགྲུབ་པའི་ལམ༔ འོད་གསལ་སྙིང་པོའི་རྣལ་འབྱོར་ཏེ༔ རྫོགས་རིམ་ཀུན་གྱི་མཐར་ཐུག་གོ༔ ས་མ་ཡ༔ དབང་རྣོན་སྐལ་ལྡན་སྒོ་གསུམ་ལ༔ སྨིན་གྲོལ་བྱིན་རླབས་གཅིག་ཅར་དུ༔ གཞུག་པར་འདོད་པའི་སློབ་དཔོན་གྱིས༔ དབེན་པའི་གནས་སུ་ཚེ་གཏོར་བཞེངས༔ དོན་གྱི་ཕྲིན་ལས་གཞུང་བསྲང་སྟེ༔ བསྒོམ་བཟླས་ཏིང་འཛིན་འཕྲོ་འདུ་གསལ༔ དགོངས་པའི་ངང་ལ་ཅི་ནུས་བཞག༔ དེ་ནས་ཉེ་བའི་བུ་རྣམས་བོས༔ ལྟ་བས་རང་བཞིན་མཚམས་བཅིངས་ལ༔ ལག་གཡོན་མཎྜལ་ཕུལ་ནས་སུ༔ ཁྱབ་བདག་འོད་མི་འགྱུར་བ་དངོས༔ མགོན་པོ་ཆེན་པོར་བདག་གསོལ་འདེབས༔ མཐར་ཐུག་སྙིང་པོ་ཚེ་ཡི་དབང༔ བསྩལ་ནས་ཤིན་ཏུ་སྨིན་པར་མཛོད༔ དེ་སྐད་གསོལ་བ་ལན་གསུམ་གདབ༔ སྐྱབས་འགྲོ་སེམས་བསྐྱེད་རྒྱུད་སྦྱངས་ནས༔ གདོད་ནས་གྲུབ་པའི་ལྷ་སྐུར་བསྐྱེད༔ ཨ་ཡིས་དབྱངས་དང་རོལ་མོས་བསྐུལ༔ དགོངས་པ་རྩལ་གྱི་བྱིན་ཆེན་དབབ༔ ཆོས་ཉིད་མཉམ་པར་བསྲེ་ཞིང་བརྟན༔ གཏོར་མ་ལྷར་གསལ་གནས་ལྔར་གཏུགས༔ ཨོཾ༔ སྐྱེ་འགག་མེད་པ་དབྱིངས་ཀྱི་སྣོད༔ རིག་པ་བཅུད་སྨིན་ཚེ་ཡི་ལྷ༔ ལྔ་ལྡན་ཡེ་ཤེས་ཐིག་ལེར་རྫོགས༔ རང་ཟེར་འོད་ཕུང་གསལ་ལ་འཚེར༔ འཇའ་ལུས་རྡོ་རྗེ་བུམ་པའི་དབང༔ སྤྲོས་བཅས་སྐལ་ལྡན་ལུས་ལ་བསྐུར༔ ཚེ་དཔག་མེད་དབྱིངས་བྱང་ཆུབ་ནས༔ སྐུ་ལྔ་ལྷུན་གྱིས་གྲུབ་པར་ཤོག༔ གཞོམ་མེད་རང་སྒྲ་གསང་བའི་དབང༔ སྤྲོས་མེད་བུ་ཡི་ངག་ལ་བསྐུར༔ ཙནྜ་ལཱི་ཡི་བདེ་ཀློང་ཆུབ༔ གསུང་ལྔ་རྒྱུན་མི་འཆད་སྒྲོག་ཤོག༔ ལྷན་སྐྱེས་བདེ་ཆེན་ཤེས་རབ་དབང༔ ཤིན་ཏུ་སྤྲོས་མེད་ཡིད་ལ་བསྐུར༔ སྤྱན་རས་གཟིགས་དང་དབྱེར་མེད་པ༔ ཡེ་ཤེས་ཐུགས་ལྔ་མངོན་གྱུར་ཤོག༔ གཞོན་ནུ་བུམ་སྐུ་བཞི་པའི་དབང༔ རབ་ཏུ་སྤྲོས་མེད་ཤེས་གཞིར་བསྐུར༔ རྟ་མཆོག་དཔལ་གྱི་གསང་བ་གྲུབ༔ ཡོན་ཏན་རྣམ་ལྔ་ལྷུན་རྫོགས་ཤོག༔ དོན་དམ་རིག་པ་རྩལ་གྱི་དབང༔ བསྐུར་ཐོབ་བྲལ་བའི་དབྱིངས་སུ་བསྐུར༔ སྤྱི་རྒྱ་རླབས་གཅོད་མཁའ་ལྡིང་དང༔ དབྱེར་མེད་ཕྲིན་ལས་ལྔ་འགྲུབ་ཤོག༔ སྔགས་དང་རྩ་ཡིག་དབྱངས་གསལ་བརྗོད༔ དགོངས་པའི་དྲོད་གཏད་བྱིན་རླབས་ཕོག༔ ཚེ་གཏོར་དངོས་གྲུབ་ཞལ་བསྲོར་སྦྱིན༔ ཤིས་བརྗོད་དབྱངས་བཅས་མེ་ཏོག་འཐོར༔ ཁས་བླངས་ཡོན་འབུལ་དགའ་སྟོན་སྤེལ༔ སྣོད་བཅུད་ནུས་ཡུལ་ཚོགས་པ་ན༔ ཚེ་ལ་དབང་ཐོབ་ཡེ་ཤེས་བརྙེས༔ མཆོག་ཐུན་གཅིག་ཅར་འགྲུབ་པའི་ཐབས༔ སྨིན་བྱེད་ཀུན་གྱི་མཐར་ཐུག་གོ༔ ས་མ་ཡ༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་ཡེ་རྒྱལ་ནམ་མཁའ་མཛོད་ནས་སྤྱན་དྲངས་པའི་ཚེ་སྒྲུབ་རྡོ་རྗེ་ཕྲེང་བ་བྱང་བུ་བརྒྱ་རྩ་བརྒྱད་པ་ལས། ཐོག་མ་རྩ་བའི་ལྷ་ཚེ་བདག་ཡབ་ཡུམ་སྲས་གསུམ་གྱི་རྩ་བ་ཙམ་གཏན་ལ་ཕབ་ནས་འཕྲོས་རྣམས་ཁོ་བོ་ལ་གཉེར་གཏད་གནང་ཡང་ཡུན་རིང་བཏང་སྙོམས་སུ་བཞག་པ། ཕྱིས་སུ་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་སྒྲུབ་པ་ལ་ཞུགས་སྐབས་ལྟས་ཀྱི་མཚན་མ་དགེ་བ་ལ་བརྟེན་ནས་ལེ་ཚན་གསུམ་པོ་འདི་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་བྲིས་པ་དགེ་ལེགས་འཕེལ།། །།
ཨོ་རྒྱན་གུ་རུ་རིན་པོ་ཆེའི་རྣམ་ཐར་བཀའི་ཐང་ཡིག་གི་དོན་བསྡུས་གསོལ་འདེབས་ངོ་མཚར་ཨུ་དུམྦ་རའི་ཕྲེང་མཛེས་ (Volume 1, Text 3)
༄༅། །ཨོ་རྒྱན་གུ་རུ་རིན་པོ་ཆེའི་རྣམ་ཐར་བཀའི་ཐང་ཡིག་གི་དོན་བསྡུས་གསོལ་འདེབས་ངོ་མཚར་ཨུ་དུམྦ་རའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དེ་བ་དྷཱ་ཀི་ནཱི་ཧཱུྃ། བདེ་ཆེན་ཞིང་བཞུགས་མགོན་པོ་འོད་མི་འགྱུར། །ཚེ་དང་ཡེ་ཤེས་སྣང་བ་མཐའ་ཡས་པ། །མཚན་ཙམ་ཐོས་པས་བྱང་ཆུབ་ལམ་སྣ་འདྲེན། །ཆོས་སྐུ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ངེས་པ་ལྔ་ལྡན་རྣམ་སྣང་རིགས་ལྔའི་རྒྱལ། །ཞིང་འདིར་ས་བཅུའི་དབང་ཕྱུག་ཚུལ་སྟོན་པ། །འཁོར་བ་དོང་ནས་སྤྲུགས་པའི་ཐུགས་རྗེ་ཅན། །ལོངས་སྐུ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ངོ་མཚར་དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །སྐྱེ་འཆི་མི་མངའ་ཟག་མེད་རྡོ་རྗེའི་སྐུ། །དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་མཛད། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །བདེན་པ་རང་བྱུང་སངས་རྒྱས་སྐུ་ལྔ་འཆང་། །སྣ་ཚོགས་ཐབས་ཀྱིས་སེམས་ཅན་བདེ་ལ་བཀོད། །གདུལ་བྱའི་བསམ་པ་ཡོངས་སུ་རྫོགས་མཛད་པའི། །སྐྱེ་ཤི་མི་མངའ་རྡོ་རྗེའི་སྐུ་ལ་འདུད། །ངོ་མཚར་ཁྱད་འཕགས་བདེ་ཅན་ཞིང་ཁམས་སུ། །འོད་དཔག་མེད་མགོན་ཐོད་ཕྲེང་རིགས་ལྔར་སྤྲུལ། །འཁོར་ལོའི་སྒྱུར་རྒྱལ་བཟང་པོ་མཆོག་ཉིད་ལ། །ཕན་བདེའི་དབུགས་འབྱིན་བསྩལ་ལ་ཕྱག་འཚལ་ལོ། །རིགས་དྲུག་དོན་མཛད་འགྲོ་འདུལ་གུ་རུ་དྲུག །རྣམ་འཕྲུལ་མཚན་བརྒྱད་དྲི་མེད་ཞིང་སོགས་སུ། །དྲི་མེད་སྨྲ་དང་པདྨ་སྐྱེ་བཟང་སོགས། །མདོ་སྔགས་སྟོན་པར་སྣང་ལ་ཕྱག་འཚལ་ལོ། ཁྱད་པར་གསང་སྔགས་བསྟན་པ་བསྐྱང་བའི་ཕྱིར། །རྡོ་རྗེ་འཆང་ཆེན་རིགས་ལྔར་སྐུར་བཞེངས་ཤིང་། །སྦྱོར་སྒྲོལ་སྤྱོད་པས་རཱུ་ཏྲ་བཏུལ་ནས་ཀྱང་། །བླ་མེད་ཐེག་པ་སྤེལ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ནུས་ལྡན་རྡོ་རྗེས་ཡུལ་སྲུང་སྲས། །སངས་རྒྱས་སྟོང་རྩར་དབང་བསྐུར་ལུང་བསྟན་ཅིང་། །གང་འདུལ་སྤྲུལ་པས་བསྟན་པ་གཉིས་ལྡན་གྱི། །བདུད་རྩིའི་ཆོས་ཆར་དབབ་ལ་ཕྱག་འཚལ་ལོ། །ཀུན་ཏུ་འཆང་བས་དབང་བཞིའི་ཆུ་བོ་ཕབ། །གཙུག་ཕུད་རིས་བཟང་སྲས་གྱུར་སྔགས་སྤྱོད་བསྐྱང་། །སྤྲིན་ལྡན་རྒྱལ་ཁམས་མདོ་སྔགས་བསྟན་པ་ཡིས། །ཡུན་དུ་འདུལ་བར་མཛད་ལ་ཕྱག་འཚལ་ལོ། །དམ་ཆོས་ཁུངས་བཙུན་འཕགས་ཡུལ་གླིང་ཆེན་དགུའི། །ནུབ་ཕྱོགས་གསང་སྔགས་འབྱུང་གནས་ཨོ་རྒྱན་ཡུལ། །རང་བྱུང་ཧེ་རུ་ཀ་ཡི་ལྷ་ཁང་དུ། །མཁའ་འགྲོའི་སྤྲིན་ཕུང་འཁྲིགས་ལ་ཕྱག་འཚལ་ལོ། །སྤྱན་མེད་འབྱོར་ལྡན་དཀོར་མཛོད་མཆོད་སྦྱིན་མཛད། །མཐའ་ཡས་སྤྲུལ་པས་གཟིགས་སྟངས་གསུམ་ལ་དགོངས། །དྲི་མེད་མདངས་ལྡན་དྷ་ན་ཀོ་ཤའི་མཚོར། །པདྨའི་སྦུབས་སུ་འཁྲུངས་ལ་ཕྱག་འཚལ་ལོ། །གཏོང་ལ་རབ་གོམས་ཨིནྡྲ་བྷཱུ་ཏི་ཡིས། །གཞན་དོན་རྒྱ་མཚོ་ཆེ་ནས་ནོར་བུ་བླངས། །ལམ་ནས་སྤྱན་དྲངས་གསེར་ཁྲིར་དབང་བསྐུར་ཞིང་། །པདྨ་རྒྱལ་པོར་མཚན་གསོལ་ཕྱག་འཚལ་ལོ། །ཡིད་བཞིན་སྤྲིན་ལས་འདོད་རྒུའི་ཆར་ཆེན་ཕབས། །ཌཱ་ཀིས་མཆོད་ཅིང་བདེ་གཤེགས་མཁའ་འགྲོ་ཡིས། །སྤྲུལ་པའི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུར། །མངའ་གསོལ་གུས་པས་བསྟོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཚུལ་དང་མཐུན་པར་འཇུག་པའི་ཕྱིར། །འོད་འཆང་མ་ཉིད་བཙུན་མོར་བཞེས་ནས་ཀྱང་། ཁོར་ཡུག་རི་བོའི་ཁོངས་ཀུན་སྡེ་བཞི་ཡི། །དཔལ་འབྱོར་ལྷག་པར་སྤེལ་ལ་ཕྱག་འཚལ་ལོ། །སྟོན་པ་རྡོ་རྗེ་སེམས་དཔས་ལུང་བསྟན་ལྟར། །རྒྱལ་སྲིད་སྤང་ཕྱིར་བརྟུལ་ཞུགས་སྤྱོད་པ་མཛད། །དེ་ལ་བརྟེན་ཏེ་ཁབ་ནས་མངོན་པར་ཕྱུངས། །དབེན་པའི་གནས་སུ་གཤེགས་ལ་ཕྱག་འཚལ་ལོ། །ལྔ་ལེན་ཡུལ་གྱི་བཀའ་སྐྱོང་བྲག་ཕུག་ཏུ། །རྡོར་དབྱིངས་ལྷ་ཚོགས་བསྒྲུབས་པས་ཞལ་གཟིགས་ཤིང་། །བསིལ་བའི་ཚལ་བྱོན་བདེ་བྱེད་བརྩེགས་པར་བཞུགས། །མཁའ་འགྲོ་རྣམས་ལ་ཆོས་བསྟན་ཕྱག་འཚལ་ལོ། །ག་འུ་ཤོད་བྱོན་སྦྱོར་སྒྲོལ་མངོན་སྤྱད་པས། །ཤོར་བ་གཞོན་ནུ་ཞེས་བྱར་རབ་གྲགས་ཤིང་། །གསལ་ལྡན་ཡུལ་དུ་དྲང་སྲོང་སྲིད་སྒྲུབ་ལས། །རྩིས་ཚུལ་རབ་འབྱམས་གསན་ལ་ཕྱག་འཚལ་ལོ། །པདྨ་ཅན་དུ་འཚོ་བྱེད་གཞོན་ནུའི་བུར། །གསོ་བ་རིག་པ་རྒྱ་མཚོའི་མཐའ་བཅད་ནས། །རཱ་ག་ལ་ཡུལ་ཀུན་གྱི་བཤེས་གཉེན་ལས། །སྒྲ་དང་ཡིག་རིགས་བཞེས་ལ་ཕྱག་འཚལ་ལོ། །གཞན་ཡང་བི་ཤྭ་ཀརྨ་ལ་སོགས་ལས། །བཟོ་ཡི་རིག་པ་ཛ་རྩི་ཡན་ཆད་ཀུན། །བསླབ་པའི་ཚུལ་བསྟན་མཁས་པའི་མཐར་སོན་པས། །ཤེས་བྱ་ཐམས་ཅད་གཟིགས་ལ་ཕྱག་འཚལ་ལོ། ཁྱད་པར་སློབ་དཔོན་པྲ་བྷ་ཧསྟི་ལས། །རྣལ་འབྱོར་རྒྱུད་སྡེ་ཀུན་གསན་དངོས་གྲུབ་བརྙེས། །ཀུན་དགའ་བོ་ལས་བསྟན་ལ་རབ་བྱུང་ཞིང་། །ཤཱཀྱ་སེང་གེ་མཚན་གསོལ་ཕྱག་འཚལ་ལོ། །སྟོན་པས་ལེགས་གསུང་མཚན་ཉིད་འཁོར་ལོ་གསུམ། །གསང་སྔགས་ཕྱི་རྒྱུད་སྡེ་གསུམ་ཀུན་སྦྱངས་ནས། །རྒྱལ་སྲས་སྤྱོད་མཆོག་རྒྱ་མཚོའི་ཕ་རོལ་སོན། །བྱང་སེམས་སུ་མི་ཏྲ་ལ་ཕྱག་འཚལ་ལོ། །མང་ཐོས་མཆོག་དེར་བསྟན་གཉིས་མདོ་དྲིས་ཤིང་། །བེ་ཏཱའི་ཡུལ་དུ་སྐུ་ལ་རྫོགས་པར་བཞུགས། །རྣལ་འབྱོར་སྤྱོད་པས་འགྲོ་འདུལ་ཕྲིན་ལས་རྒྱས། །ཉི་མ་འོད་ཟེར་གྲགས་ལ་ཕྱག་འཚལ་ལོ། །འོག་མིན་ཆེན་པོར་སྟོན་པ་ཀུན་བཟང་ལས། །རྫོགས་པ་ཆེན་པོ་སེམས་སྡེ་རབ་འབྱམས་གསན། །བླ་མེད་རྡོ་རྗེ་འཆང་དུ་མཚན་གསོལ་ནས། །ཆོས་སྐུའི་ཡེ་ཤེས་བརྙེས་ལ་ཕྱག་འཚལ་ལོ། ཁ་ཆེའི་ཡུལ་བྱོན་བདེ་ཆེན་བརྡལ་དུ་བཞུགས། །མཁའ་འགྲོའི་ཚོགས་ལ་ཆོས་ཀྱི་འཁོར་ལོ་བསྐོར། །བྱང་སེམས་སྤྱོད་པས་གཞན་ཕན་ཡོངས་སུ་སྤེལ། །བློ་ལྡན་མཆོག་སྲེད་གྲགས་ལ་ཕྱག་འཚལ་ལོ། །རྡོ་རྗེ་སེམས་དཔར་མ་ཧཱ་ཡོ་ག་ཡི། །ཏནྟྲ་ཀུན་གསན་ལོངས་སྐུའི་རྩལ་ཆེན་རྫོགས། །བལ་པོའི་ཡུལ་བྱོན་ལྷུན་གྲུབ་བརྩེགས་སུ་བཞུགས། །སེང་གེ་སྒྲ་སྒྲོགས་གྲགས་ལ་ཕྱག་འཚལ་ལོ། །བཀོད་པ་ལྷུན་གྲུབ་ཀུན་ཏུ་འཆང་བ་ལས། །སྤྱི་ཏིའི་རྒྱུད་གསན་རང་གི་མཚན་གསོལ་ནས། །ཟ་ཧོར་ཡུལ་བྱོན་ལངྐ་བརྩེགས་པར་བཞུགས། །པདྨ་སཾ་བྷར་གྲགས་ལ་ཕྱག་འཚལ་ལོ། །ངོ་མཚར་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལས། །འཇམ་དཔལ་བཤེས་གཉེན་ཆོས་གསན་སྐབས་སུ་གཤེགས། །རྫོགས་ཆེན་མན་ངག་རྒྱུད་དང་ཀློང་སྡེ་གསན། །བསྟན་པའི་བདག་པོར་གྱུར་ལ་ཕྱག་འཚལ་ལོ། །ཨུ་རྒྱན་ཡུལ་བྱོན་པདྨ་བརྩེགས་པར་བཞུགས། །རིགས་ལྡན་ཆེན་པོར་མདོ་དང་སྒྱུ་འཕྲུལ་གསན། །ལི་ཡུལ་དུར་ཁྲོད་ལོ་ཀ་བརྩེགས་པར་བྱོན། །རྡོ་རྗེ་གྲོ་ལོད་གྲགས་ལ་ཕྱག་འཚལ་ལོ། །མཁའ་སྤྱོད་གནས་སུ་ལས་ཀྱི་དབང་མོ་ཆེས། །ཟབ་མོའི་དབང་བསྐུར་སྤྲུལ་སྐུའི་མཐུ་བྱིན་བསྩལ། །སྟུག་པོ་བཀོད་པར་རྡོ་རྗེ་ཆོས་རབ་ལས། །དབང་བཞིའི་ཆུ་བོ་རྫོགས་ལ་ཕྱག་འཚལ་ལོ། ཁྱད་པར་གསེར་གླིང་དབེན་སྐྱོང་བྲག་ཕུག་ཏུ། །ཤྲཱི་སིང་ཧས་རིག་པའི་རྩལ་དབང་བསྐུར། །སཱ་ལའི་ཡུལ་བྱོན་གསང་ཆེན་རོལ་པར་བཞུགས། །ཐོད་ཕྲེང་རྩལ་དུ་གྲགས་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་ཀྱིས་ལུང་བསྟན་ནས། །རི་བོ་རྩེ་ལྔར་འཇམ་དཔལ་གཞོན་ནུ་ཆེར། །ཚངས་པར་སྤྲུལ་ནས་རྩིས་རྒྱུད་མཐའ་དག་གསན། །འཇིག་རྟེན་ཕན་བདེ་སྤེལ་ལ་ཕྱག་འཚལ་ལོ། །བཤན་པའི་གྲོང་བྱོན་རིགས་མཐུན་ཐབས་ཀྱིས་བཏུལ། །ཕུང་ལུང་ནག་པོར་དྲེགས་ཚོགས་ལས་ལ་བཀོལ། །བསྟན་པ་སྲུང་བའི་མཚོན་ཆ་མང་དུ་མཛད། །རྡོ་རྗེ་དྲག་པོ་རྩལ་ལ་ཕྱག་འཚལ་ལོ། །དྷ་ན་ཀོ་ཥར་མཁའ་འགྲོ་དབང་དུ་བསྡུས། །ཟ་ཧོར་ཡུལ་བྱོན་དབྱིངས་ཡུམ་མནྡ་རར། །ངེས་འབྱུང་མཐུ་བསྐྱེད་སྐྱེ་བདུན་རྫས་མཆོག་རྙེད། །ངོ་མཚར་དཔག་ཡས་སྣང་ལ་ཕྱག་འཚལ་ལོ། །ལྷ་ལྕམ་རབ་བྱུང་འདུན་པར་མཁའ་ནས་གཤེགས། །རྗེས་སུ་བཟུང་བས་རྒྱལ་བློན་ལོག་རྟོག་གིས། །མེར་བསྲེགས་མཚོར་བསྒྱུར་རྨད་བྱུང་རྫུ་འཕྲུལ་གྱིས། །ཤིན་ཏུ་དད་པར་མཛད་ལ་ཕྱག་འཚལ་ལོ། །རྒྱལ་སྲིད་ལྕམ་དང་སྐྱེ་བདུན་སྐུ་ཤ་ཕུལ། །ཡུལ་དེའི་མཐའ་དམག་དཔུང་ཆེན་ཐབས་ཀྱིས་བཟློག །བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་འཁོར་ལོ་བསྐོར། །རྗེ་འབངས་སྨིན་གྲོལ་མཛད་ལ་ཕྱག་འཚལ་ལོ། །བཀྲ་ཤིས་བྲག་ཕུག་མཱ་ར་ཏི་ཀ་རུ། །འཆི་མེད་མགོན་པོས་རྗེས་བཟུང་བྱིན་བརླབས་པས། །ཡབ་ཡུམ་གཉིས་མེད་རྡོ་རྗེའི་སྐུ་མཆོག་བརྙེས། །ཚེ་དབང་རིག་འཛིན་ཆེ་ལ་ཕྱག་འཚལ་ལོ། །གཡའ་རི་གོང་བཞུགས་མནྡྷེ་བཟང་མོ་ཡི། །སྐྱེ་བརྒྱུད་གསུངས་པས་ལུས་བྱིན་ཆོས་ལ་བཀོད། །མྱ་ངན་མེད་བཏུལ་ཆོས་རྒྱལ་ཆེན་པོར་བསྒྱུར། །དགེ་སློང་དབང་པོའི་སྡེ་ལ་ཕྱག་འཚལ་ལོ། །བེ་ཏའི་ཡུལ་བྱོན་གཙུག་དགུའི་དུར་ཁྲོད་བཞུགས། །ཀླུ་སྒྲུབ་རྗེས་བཟུང་ཤེར་ཕྱིན་སྤྱན་ཡང་དྲངས། །སིངྒ་ལར་བྱོན་བརྫུས་སྐྱེས་འཕགས་པ་ལྷ། །ལུང་བསྟན་སྨིན་གྲོལ་མཛད་ལ་ཕྱག་འཚལ་ལོ། །བྷངྒ་ལར་བྱོན་རཱ་ཛཿདྲེགས་ལྡན་བཏུལ། །རྒྱལ་པོའི་ཤུལ་བཟུང་ཆོས་ཀྱིས་རྒྱལ་སྲིད་བསྐྱང་། །ཐོགས་མེད་མཆེད་ཀྱིས་མངོན་པའི་སྡེ་སྣོད་སྤེལ། །བསྟན་པ་རྒྱས་པར་མཛད་ལ་ཕྱག་འཚལ་ལོ། །འབྲས་ལྡན་ཚོང་དུས་ཌོམྦིའི་མཚན་བཟུང་ནས། །སྐྱེ་བདུན་གྲུབ་བརྙེས་ཆང་འཚོང་བི་ནཱ་ས། །སྨིན་ཅིང་གྲོལ་མཛད་ཉི་མ་རྟོད་ལ་མནན། །རྒྱལ་པོར་ཕན་པ་བསྒྲུབས་ལ་ཕྱག་འཚལ་ལོ། །སླར་ཡང་ཨོ་རྒྱན་ཡུལ་བྱོན་བདུད་བློན་གྱིས། །མེར་བསྲེགས་ཆུར་བསྒྱུར་རྒྱལ་པོ་ལྷག་པར་དད། །ཚོམ་བུར་བཅས་ལ་བཀའ་འདུས་བཤད་སྒྲུབ་མཛད། །མཆོག་གི་དངོས་གྲུབ་བསྩལ་ལ་ཕྱག་འཚལ་ལོ། །རྔ་ཐུབ་ཡུལ་བྱོན་སཽ་ཁྱ་དེ་བར་གྲགས། །ཀཱ་ལ་སིདྡྷིའི་ཡུམ་བཅས་སྒྲུབ་པ་མཛད། །ཧཱུྃ་ཀར་རྗེས་བཟུང་གྲུབ་པའི་ས་ལ་བཀོད། །ཆོས་ཀྱི་སྣང་ཆེན་སྤེལ་ལ་ཕྱག་འཚལ་ལོ། ཁ་ཆེའི་ཡུལ་བྱོན་རྒྱལ་པོ་དྷརྨའི་རིགས། །ལྷ་ལྕམ་དྷརྨ་བོ་དྷི་བྱིན་བརླབས་པས། །ངོ་མཚར་སྤྲུལ་སྐུ་བི་མ་མི་ཏྲ་འཁྲུངས། །རྒྱལ་ཁམས་ཆོས་ལ་བཀོད་དེར་ཕྱག་འཚལ་ལོ། །ཟངས་གླིང་ཡུལ་བྱོན་མཁའ་འགྲོ་བདུད་འདུལ་མའི། །རིག་སྔགས་ཐོག་གིས་མུ་སྟེགས་ལྔ་བརྒྱ་བཅོམ། །གསེར་གླིང་རྒྱལ་བུ་ཁྱོ་ཤུགས་རྫུ་འཕྲུལ་གྱིས། །བཏུལ་ནས་ཐུབ་བསྟན་སྤེལ་ལ་ཕྱག་འཚལ་ལོ། །གཞན་ཡང་ཀ་མ་རཱུ་པ་ལི་ཡི་ཡུལ། །མ་རུ་འ་ཤ་བྲུ་ཤ་ཤམྦྷ་ལ། །ཞང་ཞུང་ཏ་ཟིག་ཐོ་གར་རུཀྨ་སོགས། །མཆོག་བསྟན་རྒྱས་པར་མཛད་ལ་ཕྱག་འཚལ་ལོ། །མུ་སྟེགས་རྒྱལ་པོ་ཀླུ་ཡི་ཁྱབ་འཇུག་གིས། །རྡོ་རྗེ་གདན་བཟུང་བདེ་མཆོག་དུས་སྙིང་སྤྲུལ། །མེ་ཡིས་ཚར་བཅད་སླར་ཡང་ཉམས་པ་གསོས། །བསྟན་པ་ལྷག་པར་སྤེལ་ལ་ཕྱག་འཚལ་ལོ། །དེ་ཚེ་གང་འདུལ་རྡོ་རྗེའི་མཚན་དང་ནི། །སྐུ་ཡི་བཀོད་པ་ཅིར་ཡང་སྣང་བ་སྟེ། །པདྨ་འགྲོ་མགོན་རྩལ་དང་དབང་ཕྱུག་མགོན། །གྲུབ་པའི་བློ་གྲོས་གྲགས་ལ་ཕྱག་འཚལ་ལོ། །པདྨ་ཆེ་མཆོག་རྩལ་དང་མཁའ་འགྲོའི་དབང་། །མགོན་པོ་བིརྺ་པ་དང་ནག་པོ་སྤྱོད། ཁྱེའུ་ཆུང་མཁའ་ལྡིང་རྩལ་དང་ས་ར་ཧ། །པདྨ་མངའ་བདག་རྩལ་ལ་ཕྱག་འཚལ་ལོ། །པདྨ་ཀུན་ཏུ་རྒྱུ་དང་ཆགས་མཆོག་རྩལ། །པདྨ་འགྲོ་བའི་སྐྱབས་དང་ཕྲིན་ལས་མགོན། །པདྨ་དོན་ཡོད་ཞགས་པ་གཟི་བརྗིད་འཕྲོ། །པདྨ་ཌོམྦི་བ་ལ་ཕྱག་འཚལ་ལོ། །རིགས་ལྡན་ཆེན་པོ་པདྨ་དཀར་པོ་དང་། །པདྨ་བཛྲ་པདྨ་ཐོད་ཕྲེང་སྟེ། །འདོད་རྒུར་སྒྱུར་བའི་འཕྲུལ་མཚན་ཉི་ཤུ་ཡིས། །ཟབ་གསང་ཆོས་ཆར་ཕབས་ལ་ཕྱག་འཚལ་ལོ། །ཡང་ལེ་ཤོད་བྱོན་ཤཱཀྱ་དེ་ཝཱི་དང་། །ལྷན་ཅིག་ཕྱག་ཆེན་མཆོག་གི་རིག་འཛིན་གྲུབ། །བར་ཆད་ཀུན་བཏུལ་གཏེར་རིགས་བཅོ་བརྒྱད་ཀྱི། །མཆོག་གསང་བགྲོ་བ་མཛད་ལ་ཕྱག་འཚལ་ལོ། །ཚ་བའི་ཤོད་དུ་ས་བདག་མཆེད་བཞི་བཏུལ། །གསང་བའི་བདག་པོས་ལུང་བསྟན་ཟབ་གཏེར་རྙེད། །རྡོ་རྗེ་གདན་དུ་ཉི་མ་སེང་གེས་བཏུད། །བསྟན་པའི་བདག་པོར་མངའ་གསོལ་ཕྱག་འཚལ་ལོ། ཁྱད་པར་སྔོན་གྱི་ཐུགས་བསྐྱེད་དུས་སྨིན་པས། །བོད་ཡུལ་འཇམ་དཔལ་ཁྲི་སྲོང་ལྡེའུ་བཙན་འཁྲུངས། །ནར་སོན་དམ་པའི་རིགས་མཆོག་ཡོངས་སུ་སད། །ཆོས་འཁོར་བཞེངས་པར་བཞེད་ལ་ཕྱག་འཚལ་ལོ། །བོད་འབངས་རྣམས་ལ་ལས་ཐབས་གདམ་ཀ་བསྐུར། །གཙུག་ལག་བཞེངས་གསོལ་མི་རྗེས་ས་དཔྱད་བཙལ། །ཟ་ཧོར་ཡུལ་ནས་མཁན་ཆེན་ཞི་བ་མཚོ། །སྤྱན་དྲངས་དགྱེས་བཞིན་མཇལ་ལ་ཕྱག་འཚལ་ལོ། །སླར་ཡང་མཁན་པོས་སྔོན་རབས་ལུང་བསྟན་ནས། །སློབ་དཔོན་སྤྱན་འདྲེན་ཕོ་ཉ་བསྐྱར་ཏེ་གཏང་། །བརྩེ་བས་ཞལ་བཞེས་རིམ་བྱོན་བོད་ཁམས་ཀྱི། །ལྷ་སྲིན་གདུག་པ་བཏུལ་ལ་ཕྱག་འཚལ་ལོ། །སྟོད་ལུང་མདར་བྱོན་གཞོང་པའི་ལྷ་ཆུ་བཏོན། །ཟུར་མཁར་ཆུའི་འགྲམ་ཆོས་རྒྱལ་འཁོར་བཅས་མཇལ། །ཕྱག་ལ་མ་འཆམས་རྡོ་རྗེའི་མགུར་བཞེངས་ཤིང་། །རྫུ་འཕྲུལ་མཐུ་ཡིས་དད་བསྐྱེད་ཕྱག་འཚལ་ལོ། །རྒྱལ་པོས་གུས་བཏུད་འགྱོད་བཤགས་མཆོད་རྟེན་བཞེངས། །བསམ་ཡས་མཐིལ་ཕེབས་གསེར་ཁྲིར་ཞབས་པད་བཀོད། །བསྙེན་བཀུར་ཆེར་མཛད་ས་གཞི་བྱིན་རླབས་གསོལ། །དགྱེས་པས་ཞལ་བཞེས་རྩལ་ལ་ཕྱག་འཚལ་ལོ། །ས་གནད་མེ་བཙའ་མང་བཞེངས་ཀླུ་གཏེར་བཅུག །ཧས་པོའི་རི་རྩེར་དྲེགས་ཚོགས་ལས་ལ་བཀོལ། །མཁའ་ལ་རྡོ་རྗེའི་གར་མཛད་གྲིབ་མའི་སར། །ལྕགས་རིའི་རྨང་བཏིང་མཛད་ལ་ཕྱག་འཚལ་ལོ། །རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླའི་ཚུལ། །ལྕགས་རིས་ལེགས་བསྐོར་ཇོ་མོ་གླིང་གསུམ་བཅས། །ཉིན་མཚན་མི་དང་མི་མིན་ཚོགས་ཀྱིས་བརྩིགས། །མིག་འཕྲུལ་ལྟ་བུར་གྲུབ་ལ་ཕྱག་འཚལ་ལོ། །བསམ་ཡས་མཆིམས་ཕུར་ཀླུ་འདུལ་དགོངས་པར་བཞུགས། །མངའ་བདག་རྗེ་དང་གྲོགས་སྦྲེལ་གསེར་མང་ཕུལ། །ལྷ་ཁང་ཅོང་དྲིལ་དགོངས་པའི་རྩལ་གྱིས་བཏགས། །དཀོར་སྲུང་གཉེར་གཏད་མཛད་ལ་ཕྱག་འཚལ་ལོ། །ལོ་ལྔའི་ཁོངས་འབྱོངས་མཁན་ཆེན་ཞི་འཚོ་དང་། ཁྱད་པར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། །སློབ་དཔོན་ཉིད་ཀྱིས་རབ་གནས་མེ་ཏོག་འཐོར། །ངོ་མཚར་བསམ་ཡས་བསྟན་ལ་ཕྱག་འཚལ་ལོ། །གཞན་ཡང་ར་ས་ཁྲ་འབྲུག་ལ་སོགས་པར། །རབ་གནས་བསྩལ་ཞིང་ཆོས་འཁོར་ཆེན་པོ་ཉིད། །འབྲེལ་ཚད་དོན་ལྡན་རབ་བསྔགས་བསྙེན་བཀུར་གདམས། །བསོད་ནམས་མཐའ་རྒྱས་སྤེལ་ལ་ཕྱག་འཚལ་ལོ། །སློབ་དཔོན་གཉིས་ཀྱིས་ཆོས་འཁོར་ལེགས་གྲུབ་པས། །སླར་ལ་རྒྱ་གར་འབྱོན་བཞེད་བཀའ་གནང་བར། །མངའ་བདག་གདུང་བས་གསོལ་བཏབ་བཞུགས་པར་ཞུས། །ཞལ་བཞེས་བཀའ་དྲིན་བསྐྱངས་ལ་ཕྱག་འཚལ་ལོ། །རྒྱལ་པོས་ལུགས་གཉིས་ཁྲིམས་ཀྱིས་གཞི་བཟུང་ཏེ། །བཻ་རོ་སྐ་ཅོག་རྣམ་གསུམ་ལུང་བསྟན་ལྟར། །སྤྱན་དྲངས་ལོ་ཙཱ་བསླབས་པས་མཁས་པར་མཁྱེན། །མདོ་སྔགས་ཐོག་མར་བསྒྱུར་ལ་ཕྱག་འཚལ་ལོ། །སླར་ཡང་ལོ་ཙཱ་བརྒྱ་དང་བརྒྱད་བསྡུས་ཏེ། །སད་མི་བདུན་དང་དགེ་སློང་མི་ལྔ་རྣམས། །རབ་ཏུ་བྱུང་ནས་ཐུབ་བསྟན་དང་པོར་སྤེལ། །བསྟན་པའི་གཞི་མ་བཙུགས་ལ་ཕྱག་འཚལ་ལོ། །དེ་རྣམས་རྒྱ་གར་ཆོས་འཚོལ་བཏང་བ་ལས། །བཻ་རོ་ཙ་ན་ལེགས་གྲུབ་སྔོན་ལ་བརྟོལ། །རྡོ་རྗེ་གདན་དུ་པཎ་ཆེན་ཉི་ཤུ་ལྔར། །ཆོས་ཀྱི་བདུད་རྩི་བཞེས་ལ་ཕྱག་འཚལ་ལོ། ཁྱད་པར་བཻ་རོས་ཤྲཱི་སིཾ་ཧ་ལས། །རྫོགས་ཆེན་སེམས་ཀློང་གཙོར་གྱུར་ཟབ་དོན་གསན། །རྐང་མགྱོགས་གྲུབ་ནས་བོད་དུ་འབྱོན་པར་ཆས། །རྟོགས་བརྗོད་མགུར་དུ་བཞེས་ལ་ཕྱག་འཚལ་ལོ། །ཙནྡན་གླིང་དུ་ས་བདག་རྗེས་སུ་བཟུང་། །གཅན་འཕྲང་བསྒྲལ་ནས་བལ་པོའི་ཡུལ་དུ་བྱོན། །བདེན་པའི་སྟོབས་བརྗོད་གངས་ཀྱི་འཇིགས་པ་བསལ། །བསམ་ཡས་མཐིལ་དུ་ཕེབས་ལ་ཕྱག་འཚལ་ལོ། །མངའ་བདག་རྒྱལ་པོས་མཆོད་གནས་མཆོག་ཏུ་བཀུར། །ཟབ་ཆོས་གསན་ཚེ་བདུད་བློན་ཕྲག་དོག་པས། །ཚར་གཅོད་ཞུས་པར་ཚབ་མ་ཆུ་ལ་བསྐུར། །སྙིང་རྗེས་སྨོན་ལམ་གྲུབ་ལ་ཕྱག་འཚལ་ལོ། །སླར་ཡང་གདུགས་ཁང་སྦས་ནས་ཆོས་གསན་པར། །བཙུན་མོ་བློན་པོས་འཕྲིགས་ཏེ་ནན་གསོལ་པས། །སྨོན་ལམ་དུས་བབས་ཚ་བའི་རོང་དུ་སྤྱུག །ཕྱོགས་དེར་ཐུབ་བསྟན་སྤེལ་ལ་ཕྱག་འཚལ་ལོ། །ནམ་མཁའི་སྙིང་པོ་ལ་སོགས་ལོ་ཙཱ་ལྔ། །འཕགས་པའི་ཡུལ་གཏང་སློབ་དཔོན་ཧཱུྃ་ཀར་ལས། །ཡང་དག་གྲུབ་པ་ཞི་ཁྲོའི་སྨིན་གྲོལ་གསན། །ཀུན་གྱིས་དངོས་གྲུབ་བརྙེས་ལ་ཕྱག་འཚལ་ལོ། །དཔལ་སེང་སྔོན་བྱོན་ལམ་དུ་རྐྱེན་གྱིས་གཤེགས། །མངའ་བདག་བསྙུན་ནས་ཆེད་དུ་སྤྱན་དྲངས་ཕེབས། །ནམ་མཁའི་སྙིང་པོས་བྱིན་བརླབས་བསྙུན་དྭངས་ཤིང་། །ངོ་མཚར་ཆོ་འཕྲུལ་བསྟན་ལ་ཕྱག་འཚལ་ལོ། །རྒྱལ་པོས་བསྙེན་བཀུར་ཟབ་ཆོས་གསན་པའི་ཚེ། །བཙུན་མོ་བདུད་བློན་རྣམས་ཀྱིས་བར་ཆད་བརྩམས། །ལྷོ་བྲག་མཁར་ཆུར་གཤེགས་ཤིང་སྒྲུབ་པ་མཛད། །དངོས་གྲུབ་མཆོག་བརྙེས་མཛད་ལ་ཕྱག་འཚལ་ལོ། །མངའ་བདག་ཆོས་ཕྱིར་ཐུགས་དགོངས་མི་འབྱེད་པས། །ཐབས་མཁས་ཚུལ་གྱིས་བསྟན་གཉིས་འཛུག་པར་བསྒྲགས། །སྐ་ཅོག་རྨ་གསུམ་པཎ་ཆེན་སྤྱན་དྲངས་གཏང་། །སེར་སྐྱའི་གྲོང་དུ་བརྟོལ་ལ་ཕྱག་འཚལ་ལོ། །པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་བི་མ་ལ། །རྒྱལ་པོར་བཀའ་བཀྲོལ་སྤྱན་དྲངས་མྱུར་དུ་ཕེབས། །རྫུ་འཕྲུལ་མཐུ་བསྟན་མངའ་བདག་རབ་དད་ནས། །མཆོད་ཡོན་དགྱེས་བཞིན་མཇལ་ལ་ཕྱག་འཚལ་ལོ། །གཞན་ཡང་སློབ་དཔོན་སངས་རྒྱས་གསང་བ་སོགས། །པཎ་ཆེན་བརྒྱ་རྩ་སྤྱན་དྲངས་བོན་སྟོན་བཀུག །ནུས་དང་རྩོད་པ་འགྲན་པས་ཕམ་མཛད་དེ། །ཆོས་དཀར་སྣང་ཆེན་རྒྱས་ལ་ཕྱག་འཚལ་ལོ། །བཻ་རོས་གཡུ་སྒྲ་ཆོས་ཕྱིར་ཞུ་གཏུགས་གཏང་། །ལོ་པཎ་རྒྱལ་བློན་ཡིད་ཆེས་ལོ་ཙཱ་ཆེ། །སྤྱན་དྲངས་རྟོགས་བརྗོད་གསུངས་པས་རབ་ཏུ་དད། །བསྔགས་པའི་མེ་ཏོག་འཐོར་ལ་ཕྱག་འཚལ་ལོ། །མཁན་སློབ་བི་མ་བཻ་རོ་གཙོར་གྱུར་པར། །རྒྱལ་པོས་དད་པས་བསྙེན་བཀུར་གསོལ་བཏབ་བཞིན། །སྡེ་སྣོད་རྒྱུད་སྡེ་དགོངས་འགྲེལ་དང་བཅས་པ། །བསྒྱུར་བཤད་འཆད་ཉན་མཛད་ལ་ཕྱག་འཚལ་ལོ། །གཞན་བྱུང་སྨན་བརྩམས་ཕན་བྱེད་ཀུན་ཀྱང་བསྒྱུར། །ཐུབ་བསྟན་ཡོངས་རྫོགས་གླེགས་བམ་ཕྲེང་བར་སྤེལ། །མཆོད་ཅིང་མངའ་གསོལ་རབ་གནས་མེ་ཏོག་འཐོར། །བཀྲ་ཤིས་དགེ་མཚན་སྤེལ་ལ་ཕྱག་འཚལ་ལོ། །ནམ་མཁའི་སྙིང་པོས་ཕྱག་ལ་མ་འཆམས་པར། །བློན་པོའི་ཚོགས་ཀྱིས་འཚེ་བར་བརྩམས་པ་ལ། །རྫུ་འཕྲུལ་མཐུ་བསྟན་གསང་སྔགས་ཆེ་བ་བཏོན། །བདུད་བློན་སྤ་བཀོང་མཛད་ལ་ཕྱག་འཚལ་ལོ། །རྒྱལ་པོས་ལོ་ཙཱའི་བཀའ་དྲིན་རྗེས་དྲན་ནས། །སྡེ་སྣོད་དུས་སྟོན་བཤད་དང་སྒྲུབ་སྡེ་བཙུགས། །བསྙེན་བཀུར་འབངས་ལ་ཆོས་ཀྱི་སྲོལ་ཆེན་གཏོད། །བསྟན་པ་མཐའ་རྒྱས་མཛད་ལ་ཕྱག་འཚལ་ལོ། །བསམ་ཡས་སྐུ་རྟེན་བཞུགས་བྱང་ཡི་གེར་བཏབ། །གསུང་རྟེན་མདོ་སྔགས་ཆོས་ཀྱི་འགྱུར་བྱང་བཀོད། །པཎ་ཆེན་རྣམས་ལ་བསྙེན་བཀུར་ཆེར་མཛད་ནས། །རང་གནས་དགྱེས་པར་གཤེགས་ལ་ཕྱག་འཚལ་ལོ། །མཁན་ཆེན་བྱང་ཆུབ་གླིང་དང་སློབ་དཔོན་ཆེ། །བསམ་ཡས་མཆིམས་ཕུར་ཐུགས་དམ་དགོངས་པར་བཞུགས། །ཟབ་ཆོས་བློས་ཁེལ་མང་གསུངས་པདྨ་གསལ། །གློ་བུར་གཤེགས་ལ་བྱིན་བརླབས་ཕྱག་འཚལ་ལོ། །མི་རྟག་གཏམ་དང་མ་འོངས་ལུང་བསྟན་ཅིང་། །ལྷ་ལྕམ་བྱུང་དང་འབྱུང་འགྱུར་སྐྱེས་རབས་བསྩལ། །གཏེར་ཆོས་གང་ཟག་མཚན་ཉིད་ཟབ་མོའི་གཏེར། །སྦས་ཚུལ་མདོར་བསྟན་གསུངས་ལ་ཕྱག་འཚལ་ལོ། །དེ་རྣམས་འདོན་པར་སངས་རྒྱས་བླ་མ་ནས། །བདེ་གླིང་བར་དུ་དུས་རྟགས་བཅས་པ་དང་། །ཞར་བྱུང་མང་དུ་འབྱུང་བར་ལུང་བསྟན་པས། །མངའ་བདག་དགྱེས་པ་བསྐྱེད་ལ་ཕྱག་འཚལ་ལོ། །གཏེར་འབྱིན་སྐྱེས་བུར་ཞལ་གདམས་སྙིང་གཏམ་བཞག །གཏེར་སྟོན་བརྟག་ཐབས་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་གཙོར་གྱུར་སྒྲུབ་གནས་ལུང་བསྟན་ཅིང་། །བསྟན་པའི་འཕེལ་འགྲིབ་གསུང་ལ་ཕྱག་འཚལ་ལོ། །མངའ་བདག་ང་དགུ་ལོན་ཚེ་སྐུ་གཤེགས་པར། །བཅུ་བཞིར་གསང་ཞིང་རྒྱལ་སྲིད་བསྐྱང་ཚུལ་མཛད། །རིམ་པར་ལྷ་སྲས་མུ་ནེ་མུ་ཏིག་བཙན། །རྒྱལ་སར་མངའ་གསོལ་མཛད་ལ་ཕྱག་འཚལ་ལོ། །དེ་ལྟར་ལུགས་གཉིས་བཀའ་དྲིན་བསམ་ཡས་མཐར། །སྲིན་ཡུལ་གཤེགས་དགོངས་ལྷ་སྲས་སྡུག་བསྔལ་བསལ། །བཀའ་འདུས་སྙིང་ཏིག་འབྱོན་བཞུགས་རྣམ་ཐར་གསུངས། །དབུགས་འབྱིན་ལྷག་པར་བསྩལ་ལ་ཕྱག་འཚལ་ལོ། །སླར་ཡང་ལྷ་སྲས་གདུང་བས་བཤོལ་བཏབ་ཀྱང་། །སྲིན་འདུལ་དུས་ལ་བབས་པས་མ་གནང་ཞིང་། །ཞལ་གདམས་སྤྱི་དང་ཁྱད་པར་ཞིབ་ཏུ་གསུངས། །འབྲལ་མེད་བྱིན་བརླབ་ཞལ་བཞེས་ཕྱག་འཚལ་ལོ། ཁྱད་པར་གཡོ་རུ་ཁྲ་འབྲུག་ཁྱམས་སྟོད་དུ། །ལྷ་སྲས་རྗེ་འབངས་ལོ་ཙཱ་ཉེར་གཅིག་སོགས། །འདུས་པ་ཕྱི་མར་བཀའ་འདུས་རྒྱ་མཚོ་ཡི། །ཆོས་འཁོར་ལྷག་པར་བསྐོར་ལ་ཕྱག་འཚལ་ལོ། །དེ་ཚེ་ལྷ་ལྕམ་མནྡ་ར་བ་ཉིད། །རྫུ་འཕྲུལ་མཐུས་བྱོན་གུ་རུའི་བརྡ་བསྟོད་དང་། །མཚན་བཟང་བསྔགས་ཤིང་སྐུ་ཚབ་ཡོན་ཏན་དང་། །ཕྱི་ནང་ཞལ་ཆེམས་བསྩལ་ལ་ཕྱག་འཚལ་ལོ། །ལྷ་སྲས་མཆོག་གྲུབ་རྒྱལ་པོར་རབ་བརྩེ་བས། །ཆོས་ཀྱི་རྒྱལ་པོར་མངའ་གསོལ་ལུང་བསྟན་ཅིང་། །སྐྱེ་བ་བདུན་པར་དབུག་དབྱུང་ཕན་ཡོན་བསྩལ། །ཐུགས་དགོངས་རྫོགས་པར་མཛད་ལ་ཕྱག་འཚལ་ལོ། །བཙན་ཐང་ལྷ་ཁང་རང་བྱུང་རྒྱལ་མོ་ལ། །ཟབ་ཁྲིད་གསུངས་ཤིང་ཤེལ་གྱི་བྲག་ཕུག་ཏུ། །མཚོ་རྒྱལ་བཀྲ་ཤིས་ཁྱེའུ་འདྲེན་ཞུས་པའི་ངོར། །ཞལ་གདམས་ལྷུག་པར་བསྩལ་ལ་ཕྱག་འཚལ་ལོ། །གནས་དེར་རྒྱལ་པོ་ཀླུ་དང་གཟའ་རྣམས་འདུས། །ཟིལ་མནན་མཚང་བྲུས་དམ་བཞག་སྲོག་སྙིང་བླངས། །བསྟན་པ་སྲུང་བར་གཉེར་གཏད་མ་འོངས་ཆེད། །མངོན་སྤྱོད་རབ་འབྱམས་བསྩལ་ལ་ཕྱག་འཚལ་ལོ། །ལྷ་སྲས་རྒྱལ་པོར་ཞལ་ཆེམས་ཞིབ་བསྩལ་མཐར། །མྱུར་དུ་སྲིན་ཡུལ་འབྱོན་པར་བཀའ་བསྩལ་པས། །དཔལ་གྱི་འབྱོར་པས་མཆོད་ཅིང་སྔ་འགྲོས་བཏང་། །ཟུང་མཁར་ཚལ་དུ་ཕེབས་ལ་ཕྱག་འཚལ་ལོ། །དེར་ནི་རྒྱལ་བློན་འབངས་བཅས་སྐྱེལ་མར་འདུས། །ཚོགས་ཆོས་གསུང་བར་གསོལ་བཏབ་རིགས་དྲུག་གི །སྡུག་བསྔལ་ལས་བརྩམས་ངེས་འབྱུང་ཆོས་ལ་བསྐུལ། །ལམ་ཟབ་སྙིང་པོ་བསྩལ་ལ་ཕྱག་འཚལ་ལོ། །ལྷ་ལྡན་གནས་བྱོན་ཇོ་ཤཱཀ་བརྟན་བཞུགས་མཛད། །རྒྱལ་བློན་རབ་བྱུང་སྔགས་སྨན་རྩིས་པ་དང་། །སྦྱིན་བདག་ཕོ་མོའི་ཚོགས་ཀྱི་ཞབས་སྐྱེལ་བཅས། །དཔལ་མོ་དཔལ་ཐང་ཕེབས་ལ་ཕྱག་འཚལ་ལོ། །འདུས་པར་ཐུགས་རྗེ་ཆེན་པོའི་བསྒོམ་ལུང་དང་། །སོ་སོའི་བློ་དང་འཚམས་པའི་ཞལ་གདམས་བསྩལ། །ཐུན་མོང་འཕྲལ་ཡུན་བསླབ་བྱ་རྒྱས་པར་གསུངས། །ཀུན་ཡིད་ཚིམ་པར་མཛད་ལ་ཕྱག་འཚལ་ལོ། །སླར་ཡང་གདུང་བས་བཤོལ་བཏབ་མ་གནང་སྟེ། །གུང་ཐང་ལ་ཁར་མཁའ་འགྲོའི་བསུ་བ་བཅས། །ནམ་མཁར་འཕགས་ཤིང་རྡོ་རྗེའི་མགུར་གླུ་གསུངས། །འབྲལ་མེད་ཞལ་བཞེས་གནང་ལ་ཕྱག་འཚལ་ལོ། །དཔའ་བོ་སྡེ་བཞིས་ཆིབས་ཀྱི་སྣ་དྲངས་ཏེ། །འཇའ་སྤྲིན་ལམ་ལས་གློག་ལྟར་མྱུར་བ་ཡིས། །སིངྒ་ལ་བརྒྱུད་ལྷོ་ནུབ་རྔ་ཡབ་གླིང། །སྲིན་པོ་འདུལ་བར་གཤེགས་ལ་ཕྱག་འཚལ་ལོ། །གང་དེར་མཐར་ལམ་ལྷུན་གྲུབ་རིག་འཛིན་ཆེ། །རཀྴ་ཐོད་ཕྲེང་རྩལ་གྱི་སྐུར་བཞེངས་ནས། །ཇི་སྲིད་འཁོར་བ་མ་སྟོངས་བར་ཉིད་དུ། །གཞན་དོན་མཁའ་ཁྱབ་སྣང་ལ་ཕྱག་འཚལ་ལོ། །བོད་ཁམས་དུས་གསུམ་ཀུན་ཏུ་བསྐྱངས་པ་དེར། །དབྱངས་ཅན་སྤྲུལ་པས་མོས་གུས་གདུང་དབྱངས་བཅས། །རྣམ་ཐར་རྒྱ་མཚོའི་བཀའ་བསྡུ་མཐར་ཕྱིན་ནས། །ཕྲིན་ལས་ལྷག་པར་སྤེལ་ལ་ཕྱག་འཚལ་ལོ། ༈ །སྐུ་གསུམ་ཚུལ་སྟོན་བསྟན་གཉིས་སྒྲོན་མེ་སྦར། །ཛམ་གླིང་སྤྱི་དང་གངས་ལྗོངས་འགྲོ་བའི་མགོན། །རྣམ་ཐར་ཕྲིན་ལས་ངོ་མཚར་བསམ་མི་ཁྱབ། །གུ་རུ་རིན་པོ་ཆེ་ལ་གུས་ཕྱག་འཚལ། །སྣོད་བཅུད་དཔལ་འབྱོར་དངོས་བཤམ་ཡིད་སྤྲུལ་དང་། །བདག་གཞན་ལོངས་སྤྱོད་སྒོ་གསུམ་དགེ་ཚོགས་བཅས། །ཀུན་བཟང་མཆོད་པའི་སྤྲིན་ཏུ་སྤྲོས་བྱས་ནས། །གུས་པས་འབུལ་ལོ་ཐུགས་རྗེས་བཞེས་སུ་གསོལ། །ཐོག་མེད་དུས་ནས་མ་རིག་འཁྲུལ་དབང་གིས། །ཐར་པར་སྒྲིབ་ཅིང་འཁོར་བའི་རྒྱུར་གྱུར་པ། །སྒོ་གསུམ་གྱིས་བསགས་ལས་ཉོན་སྒྲིབ་པའི་ཚོགས། །སྙིང་ནས་འགྱོད་པས་བཤགས་ཤིང་ཕྱིན་ཆད་སྡོམ། །སྲིད་ཞིའི་ཁམས་ན་རྣམ་དཀར་དགེ་བའི་ཚོགས། །བགྱིས་དང་བགྱིད་འགྱུར་ད་ལྟར་བགྱིད་རྣམས་དང་། །རྨད་བྱུང་བྱང་ཆུབ་སེམས་གཉིས་རབ་བསྐྱེད་ཅིང་། །རླབས་ཆེན་བྱང་ཆུབ་སྤྱོད་ལ་རྗེས་ཡི་རངས། །དབང་པོར་འཚམས་པའི་ཆོས་སྒོ་རབ་འབྱམས་དང་། ཁྱད་པར་རྩོལ་མེད་ངེས་པའི་ཐེག་པ་མཆོག །རྡོ་རྗེ་རྩེ་མོ་གྲོལ་བ་དྲུག་ལྡན་གྱི། །ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར་བར་བསྐུལ། །སྐྱེ་འཆི་མི་མངའ་རྡོ་རྗེའི་སྐུ་མཆོག་ཉིད། །ལོག་རྟོག་བློ་ཡིས་ནམ་ཡང་མི་སྒྲིབ་པར། །སྲིད་པ་ཇི་སྲིད་རྟག་བརྟན་ཆེར་བཞུགས་ཏེ། །འཁོར་བ་དོང་ནས་སྤྲུགས་པར་གསོལ་བ་འདེབས། །བདག་གཞན་འགྲོ་བས་དུས་གསུམ་བསགས་པ་ཡི། །ཟག་བཅས་ཟག་མེད་དགེ་ཚོགས་ཅི་མཆིས་པ། །གུ་རུ་པདྨའི་གོ་འཕང་མྱུར་ཐོབ་ནས། །རྣམ་ཐར་ཕྲིན་ལས་ཡོངས་རྫོགས་འགྲུབ་ཕྱིར་བསྔོ། །གུ་རུའི་རྣམ་ཐར་འབྲི་ཀློག་བཅངས་པ་ཡི། །ཕན་ཡོན་རྡོ་རྗེའི་བདེན་གསུང་ཅི་མཆིས་པ། །མོས་ལྡན་རྩེ་གཅིག་གསོལ་བ་འདེབས་རྣམས་ཀྱིས། །གེགས་མེད་མྱུར་དུ་ཐོབ་པར་བྱིན་གྱིས་རློབས། །ཞེས་པ་འདི་ནི་སྨིན་གླིང་ལོ་ཙཱ་བ་དྷརྨ་ཤྲཱིས་ཨོ་རྒྱན་རྣམ་ཐར་བཀའ་ཐང་ཞིང་བཀོད་མའི་ཞལ་བྱང་བཀོད་པ་ཉིད་གཞིར་བཞག །ཀུན་མཁྱེན་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པས་བཀའ་ཐང་ཤེལ་བྲག་མའི་དོན་ཡོངས་སུ་རྫོགས་པར་ཁ་བསྐངས་ཏེ་བཀླག་ཆོག་ཏུ་མཛད་པ་གཏེར་གཞུང་དང་མི་གཉིས་པའི་བྱིན་རླབས་དང་ལྡན་པ་ལ། སླར་ཡང་གོང་གི་ཕྱག་འཚལ་ཤློཽཀ་གསུམ་དང་གཤམ་གྱི་ཡན་ལག་བདུན་པའི་ཚིག་བཅད་རྣམས་རྗེ་བླ་མ་ཉིད་ཀྱི་བཀའ་ལྟར་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་འདི་ཉིད་རྣམ་ཐར་ལ་ཡིད་ཆེས་དད་གུས་དང་ལྡན་པས་དུས་དང་རྒྱུན་དུ་བཀླག་ཅིང་ཁ་བཏོན་བྱས་ན་ཐང་ཡིག་ཆེན་མོ་ལས་ཇི་སྐད་གསུངས་པའི་ཕན་ཡོན་རྣམས་འཐོབ་པར་འགྱུར་རོ། །དགེ་ལེགས་འཕེལ།། །།
གཡུ་ཐོག་སྙིང་ཐིག་གི་བཀའ་སྲུང་དམ་ཅན་སྡེ་དགུའི་རྒྱུན་གསོལ་ཉུང་ངུར་བསྡུས་པ་རྣལ་འབྱོར་རེ་སྐོང་ (Volume 29, Text 3)
༄༅། །གཡུ་ཐོག་སྙིང་ཐིག་གི་བཀའ་སྲུང་དམ་ཅན་སྡེ་དགུའི་རྒྱུན་གསོལ་ཉུང་ངུར་བསྡུས་པ་རྣལ་འབྱོར་རེ་སྐོང་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་གུ་ཎ་ནཱ་ཐཱ་ཡ། བྱིན་རླབས་བླ་སྒྲུབ་ཐུགས་རྗེའི་ཉི་འོད་ཡི་དམ་དུ་བགྱིད་པའི་རྣལ་འབྱོར་པས་བཀའ་སྲུང་གི་ཕྲིན་ལས་རྒྱས་པ་མི་ལྕོགས་པར་མདོར་བསྡུས་སུ་བྱ་བར་འདོད་ན། གཏོར་མཆོད་ཤ་ཁྲག་གིས་བརྒྱན་པ་བཤམ། རང་ཉིད་རྩ་བ་གསུམ་གྱི་ས་མཱ་ཏི་དང་ལྡན་པས། ཨོཾ་བརྗོད་པས་སྣོད་བཅུད་ཐམས་ཅད་སྟོང་པར་སྦྱངས། ཨཱཿབརྗོད་པས་ཐོད་པའི་སྣོད་སྟོང་གསུམ་དང་མཉམ་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཧཱུྃ་བརྗོད་པས་གཏོར་མ་ངོ་བོ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི། རྣམ་པ་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་ཤ་ཁྲག་གི་རྒྱ་མཚོ་ཆེན་པོ་འདོད་ཡོན་གྱི་སྤྲིན་ཕུང་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཨོཾ་སྭ་བྷཱ་ཝ་སོགས། མདུན་དུ་ཆོས་འབྱུང་དགྲ་བགེགས་པད་ཉིའི་སྟེང་། །མ་ཧཱ་ཀཱ་ལ་རྡོ་རྗེ་བདུད་འདུལ་ནི། །མཐིང་ནག་ཕྱག་གཡས་ནོར་བུའི་གྲི་གུག་ཕྱར། །གཡོན་པས་ཐོད་རློན་ཙིཏྟས་བཀང་བ་འཛིན། །རབ་ཁྲོས་འཇིགས་རུང་མི་མགོའི་ཕྲེང་བས་བརྒྱན། །དར་ནག་བེར་གསོལ་བེང་ཆེན་རྐེད་པར་བཙུགས། །རྟ་ནག་འཆིབ་ཅིང་མེ་ཕུང་དབུས་སུ་བཞུགས། །ཤར་དུ་ཨེ་ཀ་ཛཱ་ཊི་མཐིང་ནག་ཁྲོས། །གྲི་ཐོད་བསྣམས་ཤིང་དྲེའུ་རྟ་གྭ་པ་ཞོན། །ལྷོ་རུ་ཁྱབ་འཇུག་དུད་ཁ་སྦྲུལ་ཞགས་དང་། །མདའ་གཞུ་བསྣམས་ཤིང་ཆུ་སྲིན་མགོ་དགུ་ཞོན། །ནུབ་ཏུ་ཅེ་སྤྱང་གདོང་ཅན་གྲི་ཐོད་དང་། །དགྲ་ཟོར་མི་མགོ་ཕྱར་ཞིང་དུར་བྱ་འཆིབ། །བྱང་དུ་གནོད་སྦྱིན་ཤན་དམར་སྟག་གི་གདོང་། །ཟངས་གྲི་སྙིང་ཐོགས་འབྲུག་ཞོན་ཙིཏྟས་བརྒྱན། །ཤར་ལྷོར་སྲོག་གི་སྤུ་གྲི་མཐིང་ནག་ཁྲོས། །ལྕགས་ཀྱུ་སྤུ་གྲི་སྙིང་ཐོགས་སེང་ཆེན་ཞོན། །ལྷོ་ནུབ་སྲིན་དམར་སྤྱང་གདོང་རལ་གྲི་ཕྱར། །རྩེ་གསུམ་ཞགས་ཐོགས་རོ་ལངས་མགོ་དགུ་ཞོན། །ནུབ་བྱང་བདུད་མོ་དུད་མདོག་བྱ་རྒོད་མགོ །རྒྱུ་ཞགས་དགྲ་སཏྭ་སྙིང་བསྣམས་ལྕགས་སྤྱང་ཞོན། །བྱང་ཤར་སྲོག་བདག་དུག་མདོག་མདུང་དུག་རྐྱལ། །མགོ་རློན་ཕུར་ཐོགས་དྲེད་མོ་མགོ་དགུ་ཆིབས། །ཐམས་ཅད་ཉི་མ་འབུམ་གྱི་གཟི་ལྡན་ཅིང་། ཁྲོ་གཏུམ་འཇིགས་རུང་སྤྲུལ་པ་དཔག་མེད་འགྱེད། །བསྟན་དགྲ་བརླག་ཅིང་སྒྲུབ་པོའི་བཀའ་ཉན་གྱུར། །གནས་གསུམ་འབྲུ་གསུམ་མཚན་དང་རང་ཐུགས་ལས། །འོད་འཕྲོས་རང་རང་གནས་ནས་སྤྱན་དྲངས་གྱུར། །གསུར་ཆེན་དུད་པ་རོལ་མོའི་སྒྲ་དང་བཅས་ཏེ་འདི་སྐད་དོ། །ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་བཀའ་སྲུང་སྤྱན་འདྲེན་ནོ། །སྟོབས་ལྡན་སྡེ་དགུ་འཁོར་དང་བཅས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ས་མ་ཡ་ཛ་ཛཿ ཧཱུྃ། དུར་ཁྲོད་རབ་འཇིགས་གཞལ་ཡས་འདིར། །ཤ་ཁྲག་རྒྱ་མཚོར་འཁྱིལ་བའི་ཀློང་། །བསྟན་བཤིགས་མ་རུངས་བསྒྲལ་པའི་སྟེང་། །བཀའ་སྲུང་འཁོར་བཅས་བཞུགས་སུ་གསོལ། །ས་མ་ཡ་སཏྭཾ། ཧཱུྃ། སངས་རྒྱས་བསྟན་པ་སྲུང་བའི་མཐུ་རྩལ་ཅན། །འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་ལུགས་འཛིན། །དུས་ལས་མི་འདའ་དམ་ཉམས་སྙིང་འབྱིན་པའི། །དམ་ཅན་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ ཧཱུྃ། ཁྲག་ཆེན་མཆོད་ཡོན་དབང་ལྔའི་མེ་ཏོག་བཀྲམ། །གསུར་ཆེན་བདུག་པ་ཞུན་ཆེན་སྣང་གསལ་འབར། །དྲི་ཆུའི་བྱུག་པ་ཤ་རུས་ཞལ་ཟས་སྤུངས། །དྲག་པོའི་རོལ་མོ་མཐུན་པའི་དམ་ཚིག་རྫས། །སྨན་རག་གཏོར་ཚོགས་སྤྱན་གཟིགས་ལོངས་སྤྱོད་རྣམས། །གཟུགས་སྒྲ་དྲི་རོ་རེག་བྱ་བདེ་བའི་མཆོག །བཀའ་སྲུང་དྲག་པོ་འཁོར་དང་བཅས་ལ་འབུལ། །མངོན་སྤྱོད་དྲག་པོའི་ཕྲིན་ལས་མྱུར་དུ་སྒྲུབས། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ས་མ་ཡེ་ཨཱཿཧཱུྃ། མ་ཧཱ་སརྦ་པཉྩ་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དགྲ་བགེགས་ཀྱི་མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཤ་ཏྲཱུཾ་ཨི་དཾ་གྲྀཧྞ་སྭཱ་ཧཱ། སརྦ་པཱུ་ཛ་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་ཧོཿ ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་མ་ཧཱ་ཀཱ་ལ་ཡཀྵ་བཛྲ་ཙིཏྟ་ཧཱུྃ་ཕཊ། རཏྣ་སིདྡྷི་ཧཱུྃ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་གཙོ་བོ་ལ་ཕུལ། འཁོར་རྣམས་ལ། ཨི་དཾ་སོགས་གཏོར་སྔགས་སོ་སོར་སྦྱར་ཏེ། ཨོཾ་ཨེ་ཀ་ཙཱ་ཏི་མ་མ་རོ་རུ་བཾ་ཧཱུྃ་བྷྱོ༴ ཨོཾ་ཀེ་ཏ་ཀེ་ཏ་སྭཱ་ཧཱ། རཱ་ཧུ་ལ་ས་མ་ཡ་ཧཱུྃ༴ ཌཱ་ཀི་ནཱི་ཙིཏྟ་རཀྟ་ས་མ་ཡ་ཧྲཱིང་ཧྲཱིང་ཛཿ༴ ཡཀྴ་ཙིཏྟ་མ་ཧཱ་རུ་དྲ་མཱ་ར་ཡ་ཧཱུྃ་ཕཊ༴ བཛྲ་སཱ་དྷུ་ས་མ་ཡ་ཨ་མུ་ཀ་མཱ་ར་ཡ་ཧཱུྃ་ཕཊ༴ རཀྴ་རཀྟ་ས་མ་ཡ་དགྲ་བོའི་སྲོག་ལ་ཧུར་ཐུཾ་ཛཿ༴ དུནྟིང་ཙིཏྟ་ཀཱ་ལ་དགྲ་བོ་ཐུཾ་རིལ་མཱ་ར་ཡ་རྦད༴ ཏྲི་ཤཾ་རྦད་བྷྱོ་གིང་ཀ་ར་དགྲ་བོའི་སྲོག་ལ་ཧབ་ཧབ༴ དཔལ་མ་ཧཱ་ཀཱ་ལ་གནོད་སྦྱིན་ཆེན་པོ་རྡོ་རྗེ་བདུད་འདུལ་ལ་སོགས་པ་བཀའ་སྲུང་དམ་ཅན་སྡེ་དགུ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་པ་དམ་པ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། སོགས་ཕྲིན་ལས་སྤྱི་ལྟར་བཅོལ་ལ། བསྟོད་པ་ནི། ཧཱུྃ། ཆོས་སྐུ་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་། །གཟུགས་སྐུ་དྲག་པོའི་ཆ་ལུགས་སྣ་ཚོགས་ཀྱིས། །བསྟན་པ་སྲུང་ཞིང་དགྲ་བགེགས་ཚར་གཅོད་པའི། །ཆོས་སྐྱོང་དམ་ཅན་སྡེ་དགུའི་ཚོགས་ལ་བསྟོད། །ཧཱུྃ། ཀུན་འདུས་རྒྱལ་བ་བླ་མའི་སྤྱན་སྔ་རུ། ཁས་བླངས་དམ་བཅས་སྲོག་གི་སྙིང་པོ་ཕུལ། །སྒྲུབ་པོའི་སྐུ་དགྲ་སྒྲོལ་བར་མནའ་ཕུལ་བ། །དམ་ཅན་བཀའ་སྲུང་སྡེ་དགུ་འཁོར་དང་བཅས། །སྔོན་གྱི་དམ་ཚིག་གཉན་པོ་དྲན་མཛོད་ལ། །རང་རང་མཐུན་པའི་དམ་རྫས་མཆོད་པར་བཞེས། །བོས་པའི་དུས་སུ་མ་ཐོགས་མྱུར་དུ་བྱོན། །རྦད་ཚེ་མངགས་པའི་ལས་རྣམས་མྱུར་དུ་སྒྲུབས། །ཕྲིན་ལས་བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །རྒྱུན་གྱི་གཏོར་འབུལ་ལ་བཟླས་པ་མི་དགོས་ཀྱང་ཆེད་དུ་བསྙེན་པའི་སྐབས་ལྟ་བུར་བཟླས་པ་སྤྲོ་ན་སྐབས་འདིར་བྱ་སྟེ། རང་ཉིད་རྩ་བ་གསུམ་དུ་གསལ་བའི་ཐུགས་ཀའི་འོད་ཟེར་དམ་ཅན་རྣམས་ལ་ཕོག །ཐུགས་དམ་གྱི་རྒྱུད་བསྐུལ། སྔོན་གྱི་དམ་བཅའ་དྲན་ནས་ཅི་བསྒོ་བའི་ལས་རྣམས་བསྒྲུབ་པར་བསམ་ལ་གོང་དུ་སྨོས་པའི་སྔགས་རྣམས་གཙོ་འཁོར་གྱི་འགྲོས་སྦྱར་ལ་བཟླའོ། །སྙིང་ཐིག་ལས་བྱང་དང་གསོལ་ཁ་གཞན་གྱི་དཀྱུས་སུ་འཛུད་ན་འདི་ཀས་ཆོག་ཅིང་། འདི་ཉིད་སྒེར་དུ་བྱེད་ན་མཐར་ནོངས་བཤགས་གཤེགས་གསོལ་སོགས་སྤྱི་ལྟར་བྱའོ། །ཞེས་པའང་སྙིང་ཐིག་ལས་བྱང་གསར་བསྒྲིགས་དང་འབྲེལ་བར་དོན་གཉེར་ཅན་ལ་ཕན་འདོད་ཀྱི་བསམ་པས་གཞུང་ནས་བཏུ་བ་པོ་ནི་གསོ་རིག་ཐོས་པ་ལམ་བྱེད་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའོ། །དགེ་ལེགས་འཕེལ།། །།
གྷུ་རུ་རྡོ་རྗེ་གྲོ་ལོད་ལས༔ དྲག་པོ་ཧཱུྃ་སྒྲུབ་ཀྱི་གསོལ་འདེབས་ (Volume 13, Text 3)
གྷུ་རུ་རྡོ་རྗེ་གྲོ་ལོད་ལས༔ དྲག་པོ་ཧཱུྃ་སྒྲུབ་ཀྱི་གསོལ་འདེབས་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈ ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ གར་དབང་དྲུག་པ་རྡོ་རྗེ་འཆང་ཆེན་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ལ༔ གསོལ་བ་འདེབས་སོ་འཆི་མེད་ཚེ་དབང་སྐུར༔ ཧཱུྃ་ཧཱུྃ་ཧཱུྃ༔ མ་གཅིག་ཌཱ་ཀི་ཡེ་ཤེས་མཚོ་རྒྱལ་ལ༔ གསོལ་བ་འདེབས་སོ་སྣང་བ་དབང་དུ་སྡུས༔ གྲུབ་ཆེན་འབྲོག་བན་ལོ་ཙཱ་ལ༔ གསོལ་བ་འདེབས་སོ་སྐུ་ལྔ་ལྷུན་གྲུབ་སྩོལ༔ རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་ཡེ་ཤེས་ལྔ་ལྡན་སྩོལ༔ གར་གྱི་དབང་ཕྱུག་ཆོས་ཀྱི་རྒྱ་མཚོ་ལ༔ གསོལ་བ་འདེབས་སོ་ཆོས་སྐུ་མངོན་གྱུར་སྩོལ༔ རྒྱལ་བའི་སྲས་པོ་ནོར་བུའི་མཚན་ཅན་ལ༔ གསོལ་བ་འདེབས་སོ་སྐུ་གསུམ་ལྷུན་གྲུབ་སྩོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ དྲིན་ཆེན་རྩ་བའི་བླ་མ་ལ༔ གསོལ་བ་འདེབས་སོ་འཁོར་བའི་གཡང་ས་ཆོད༔ བདེར་གཤེགས་ཀུན་འདུས་རྡོ་རྗེ་གྲོ་ལོད་ལ༔ གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས༔ པདྨ་རྒྱལ་པོ་རྡོ་རྗེ་ཕག་མོ་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ མཁའ་འགྲོ་གིང་ཆེན་སྡེ་བཞི་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ རྒྱལ་ཆེན་སྡེ་བཞི་ནོར་ལྷ་རྒྱ་མཚོ་ལ༔ གསོལ་བ་འདེབས་སོ་དངོས་གྲུབ་ཆར་ལྟར་ཕོབ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཉེ་མགོན་སེང་གདོང་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་དགྲ་བགེགས་མ་ལུས་སྒྲོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ དྲེགས་པ་མིང་སྲིང་ལྷ་སྲིན་སྡེ་བརྒྱད་ལ༔ གསོལ་བ་འདེབས་སོ་བྱང་ཆུབ་སྒྲུབ་པའི་བར་ཆད་སོལ༔ བཀའ་ཉན་ལས་བྱེད་གནས་སྲུང་གཏེར་བདག་ལ༔ གསོལ་བ་འདེབས་སོ་ཕྲིན་ལས་རྣམ་བཞི་སྒྲུབས༔ ཧཱུྃ་ཧཱུྃ་ཧཱུྃ༔ རིག་པ་ཧཱུྃ་གི་འཕྲོ་འདུ་ཡིས༔ ཧཱུྃ་སྤང་ཐོབ་མི་དམིགས་འཛིན་བྲལ་ཞིང༔ གང་ཤར་རྡོ་རྗེ་གྲོ་ལོད་ཆོས་ཉིད་རོལ་པའི་ཀློང༔ ཧཱུྃ་ཧཱུྃ་ཧཱུྃ༔ དབུགས་དབྱུང་དབུགས་རྔུབ་དག་གི་འཕྲོ་འདུ་རྣམས༔ ཧཱུྃ་ཆོས་ཉིད་རང་སྒྲ་ཆེན་པོའི་རང་སྒྲར་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ དྲག་པོའི་ཧཱུྃ་སྒྲུབ་གསོལ་འདེབས་འདི༔ བུད་མེད་མཚོ་རྒྱལ་ཡུམ་གྱིས་ཡི་གེར་བཀོད༔ མ་འོངས་ལས་ཅན་བུ་དང་འཕྲད་པར་ཤོག༔ ས་མ་ཡ། རྒྱ་རྒྱ་རྒྱ༔ བདག་འདྲ་རིག་འཛིན་བདུད་འདུལ་རྡོ་རྗེ་རྩལ་གྱིས་ཚ་བ་སྒྲོ་བྲག་གྷུ་རུའི་གསང་ཕུག་ནས། ཁྱི་ལོ་དབང་ཆེན་ཟླ་བའི་ཚེས་བཅུ་ལ། །མ་འགག་རྫུ་འཕྲུལ་ངང་ནས་གསང་གཏེར་བཏོན།། །།
དཔལ་ལྡན་མགོན་པོ་ལེགས་ལྡན་ནག་པོའི་དབང་ཆོག་དྲག་པོ་སྔགས་ཀྱི་རྗེས་གནང་དང་བཅས་པ་བདེ་གསལ་དོན་ལྡན་ (Volume 37, Text 3)
༄༅། །དཔལ་ལྡན་མགོན་པོ་ལེགས་ལྡན་ནག་པོའི་དབང་ཆོག་དྲག་པོ་སྔགས་ཀྱི་རྗེས་གནང་དང་བཅས་པ་བདེ་གསལ་དོན་ལྡན་ཞེས་བྱ་བ་བཞུགས་སོ། །དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་དབང་ལུང་གི་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ། ། དཀོན་མཆོག་གསུམ་གྱི་ངོ་བོ་ཆོས་ཀྱི་རྗེ། །སྐུ་ལྔ་རབ་རྫོགས་དྲུག་པ་རྡོ་རྗེ་འཆང་། །གཉིས་སུ་མེད་པའི་ཞབས་ལ་གུས་བཏུད་ནས། །བཀའ་སྡོད་ལེགས་ལྡན་ནག་པོའི་དབང་ཆོག་བྲི། །གཞུང་དང་མཐུན་པའི་གནས་ཉིད་དུ། །ཚད་དང་ལྡན་པའི་བླ་མ་དང་། །སྣོད་དང་ལྡན་པའི་སློབ་མ་ཡིས། །དགོས་པའི་ཡོ་བྱད་ཚོགས་པ་དང་། ཁྲག་འཐུང་རྣལ་འབྱོར་ལྡན་བྱས་ནས། །ཐོག་མར་ས་ལྷའི་རྣལ་འབྱོར་བརྩམ། །ལས་ཀྱི་ལྷ་བསྐྱེད་མཆོག་གཏོར་བརླབ། །ཨོཾ་བིགྷྣཱནྟ་ཀྲིཏ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། རཾ་ཡཾ་ཁཾ། ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སུརྻཱ། ཙཎྜ། པདྨ། དྷཱུ། པུ། ཨ། གན། ནཻ། ཤ །སྤྲོ་བསྡུ། བཛྲ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱཱ། ཤབྡ་ཨཱཿཧཱུྃ། ཨོཾ་ཨཱཿཧཱུྃ། སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱཿནཾ་ཨ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། མཎྜལ་བསང་སྦྱང་། ལྷ་མོ་གསེར་མདོག་རྒྱན་ལྡན་བུམ་འཛིན་ཕག་ལ་བཞུགས། ལཾ་སརྦ་སཾ། ལཾ་ཀ་ལ་ཀྵ། སྤྲོ་བསྡུ། ལཾ་པྲ་ཏི་བྷྱེ་སྭཱ་ཧཱ། དབང་བསྐུར་བྱིན་རླབས་སྤྱན་དྲངས་བསྟིམ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་མ་ཧཱ་ཨ་དརྴ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱདྨ་ཀོ྅་ཧཾ། ྎ ཨོཾ་བཛྲ་ས་མ་ཡ་ཛཿ དད་པ་དང་ནི་དམ་ཚིག་གི །ཚུར་གཤེགས་ས་ཡི་ལྷ་མོ་ཆེ། །མཆོད་ཡོན་བཞེས་ནས་འདི་ཉིད་དུ། །མཆོད་པས་བདག་ལ་དགྱེས་པར་མཛོད། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན། མ་ཧཱ་ཀ་རུ་ཎཱི་ཀཱ་དྲི་ཤྱ་ཧཱོཿ ས་མ་ཡ་ཧོཿ ས་མ་ཡ་སཏྭཾ། ཛ་ཧཱུྃ་བཾ་ཧོཿ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། ཀུན་བཟང་ཕྱི་མཆོད་ཕུད་གཏོར་ནི། །བདེ་བར་གཤེགས་པ་ལྷ་མོ་ཆེ། །དེ་སོགས་ཚིག་དང་མཛོད་ཀྱི་སྔགས། །རྩ་སྔགས་མཆོད་སྔགས་བཏགས་པས་དབུལ། །དེ་ནས་བཟླས་དང་བསྟོད་པ་བྱ། །ལཾ་པྲ་ཏི་བྷྱེ་སྭཱ་ཧཱ། ས་ཡི་ལྷ་མོ་བརྟན་མ་གཟི་འབར་མ། །སྐུ་གསེར་ཕྱག་ན་གསེར་གྱི་བུམ་པ་བསྣམས། །འཇའ་ཚོན་མདོག་ལྡན་ཕག་གི་ཁྲི་ལ་བཞུགས། །དེ་ལ་ཕྱག་འཚལ་བསྙེན་བསྐུར་མཆོད་ཅིང་བསྟོད། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་ལས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ས་འདིར་དཀྱིལ་འཁོར་བྲི་བར་བྱ། །རིག་པ་འཛིན་པས་དེ་ལྟར་མཛོད། །གཏོར་མའི་ཕ་འབབ་ཕྱོགས་གཉིས་ལ། །བྱིན་ལ་གྲོགས་བཅོལ་བསྐྲད་པར་བྱ། །ལྷ་མོ་དགྱེས་ནས་ས་ལ་ཐིམ། །ལག་པ་རྡོ་རྗེ་དང་བཅས་པ། །ས་ལ་གཟུག་ཅིང་སྔགས་འདི་བརྗོད། །ཨོཾ་བཛྲ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ། ༈ དེ་ནས་ལྷ་ཡི་སྟ་གོན་ནི། །མཎྜལ་བདུད་རྩིས་བྱུགས་པར་བྱ། །ཨོཾ་ཨཱཿཧཱུྃ་མ་ཧཱ་མཎྜ་ལ་སིདྡྷི་ཀུ་རུ་ཧཱུྃ། དུར་ཁྲོད་སྐྲ་ཡིིས་ཆ་དབྱེ་ཞིང་། །སློབ་དཔོན་བདག་བསྐྱེད་གསལ་བཏབ་ལ། །མཎྜལ་བྷྲཱུྃ་ལས་དུར་ཁྲོད་ཁང་། །བསྐྱེད་ཅིང་ཁྲག་གི་ཐིག་ལེ་ལས། །སོ་སོའི་གནས་སུ་རྩ་སྔགས་ནི། །གདན་ལ་ལྷ་རྣམས་བསྐྱེད་པར་བྱ། །བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་བྷྲཱུྃ། སརྦ་དུཥྚཱཾ་ནྲྀ་ཏྲི་ཏི་ར་བཾ་ཏི་ར་བཾ། ཀོ་ཀ་ཐང་དམར་རྒྱ་མཚོའི་དབུས། །མ་ལ་ཡ་ཡི་རི་རྩེ་རུ། །ཕོ་བྲང་ལྟེ་བ་གྲུ་གསུམ་ལྔ། །མུ་ཁྱུད་ཁྲག་ཁྱམས་སྒོ་བཞིར་ལྡན། །ཕྱི་རོལ་འོབས་མཁར་བརྒྱད་དང་བཅས། །རབ་ཏུ་འཇིགས་པ་བསྐྱེད་དབུས་སུ། །དགྲ་བགེགས་རོ་ཡི་གདན་སྟེང་དུ། །ཨོཾ་མ་ཧཱ་ཀཱ་ལ་ཀྲོ་དྷ་ཧཱུྃ། རཀྴ་ཀྲོ་དྷཱི་ཤྭ་རཱི་ཏྲགྨོ་ཧེ། ཤར་ལ་སོགས་པའི་མཁར་བཞི་རུ། །ཀྲོ་དྷ་ཛྭ་ལ། ཡཀྵ་ཛྭ་ལ། རཀྴ་ཛྭ་ལ། ཙིཏྟ་ཛྭ་ལ་ས་མ་ཡ། ཁྲོ་བོ་གནོད་སྦྱིན་སྲིན་པོ་དང་། །མ་མོར་བཅས་པ་འཁོར་བཅས་བསྐྱེད། །བཙོན་ཁང་རྣམས་ལ་མ་མོ་དང་། །བར་ཁྱམས་དབང་མོ་སྒོ་བཞིར་སྒོ །གྲུ་བཞིར་གྲུ་འདེགས་བཞི་དག་རྣམས། །འོབས་མཁར་རྣམས་སུ་འབུ་ཆེན་དང་། །མཐར་བྱ་གཅན་ཟན་ལ་སོགས་པ། །ཆོ་ག་བཞིན་དུ་བསྐྱེད་བྱས་ལ། །བསླབ་སྐུར་དྲངས་བསྟིམས་ཐིམ་པ་ལ། །ཕྱི་ནང་མཆོད་བཟླས་བསྟོད་པ་ནི། །ཧཱུྃ། ལྷ་ཡི་དེད་དཔོན་ཚོགས་ཀྱི་བདག །ལེགས་ལྡན་ནག་པོ་མཐུ་བོ་ཆེ། །དུར་ཁྲོད་བདག་པོ་སྒྲོལ་བའི་གིང་། ཁྲོ་བོའི་རྒྱལ་པོ་ཁྱོད་ལ་བསྟོད། །ཧཱུྃ། དྲག་པོ་སྐུ་ལྔ་རྒྱལ་བའི་བཀའ་སྡོད་མཆོག །ཡེ་ཤེས་ལྔ་ལྡན་རྒྱལ་བ་རིགས་ལྔའི་འཁོར། །ཕྲིན་ལས་བདུད་འདུལ་དགྲ་བགེགས་ཀུན་གྱི་གཤེད། །ལེགས་ལྡན་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །དེ་ནས་འདོད་དོན་གསོལ་བ་གདབ་པ་ནི། །ལེགས་ལྡན་འཁོར་བཅས་དགོས་སུ་གསོལ། ཁྱེད་ལ་མཆོད་པ་བྱ་བ་དང་། །སློབ་མ་རྗེས་སུ་གཟུང་བྱའི་ཕྱིར། །བདག་ནི་དཀྱིལ་འཁོར་བགྱིད་པར་འཚལ། །སྟ་གོན་ལ་ནི་གནས་པར་མཛོད། །དེ་བཞིན་བགྱི་འོ་དེ་བཞིན་མཛོད། ༈ །དེ་ནས་བུམ་བརྟགས་བུམ་པ་གཉིས། །རྒྱན་ལྡན་བསང་སྦྱང་གོང་དང་མཚུངས། །བྷྲཱུྃ་བྷྲཱུྃ། སྤྲོ་བསྡུ། བྷྲཱུྃ་བི་ཤྭ༴ རྣམ་རྒྱལ་བུམ་པའི་གཞལ་ཡས་སུ། །འཁོར་བཅས་བསྐྱེད་པ་སྒྲུབ་ཐབས་བཞིན། །ལས་བུམ་གདན་གསུམ་ཆོག་གསུམ་གྱིས། །བདུད་རྩི་འཁྱིལ་པར་བསྐྱེད་པ་ནི། །ལྗགས་གུ་རྒྱ་གྲམ་དྲིལ་བུ་ཅན། །བརླབ་ཅིང་དབང་བསྐུར་མཆོད་པའི་བར། །གོང་བཞིན་བྱས་ལ་བཟླས་པ་ནི། །མགོན་པོའི་བསྙེན་བསྒྲུབ་བཞི་སྔགས་ལ། །དབང་སྔགས་བཏགས་པ་བཟླ་བྱ་ཞིང་། །ལས་བུམ་གོང་ལ་ཁྲུས་སྔགས་སྦྲེལ། །མགོན་པོར་གོང་བཞིན་བསྟོད་བྱས་ལ། །སེམས་དཔའ་ལྗང་གུ་སྣ་ཚོགས་ཕྲིན་ལས་བདག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསམ་མི་ཁྱབ། །ཡེ་ཤེས་བདུད་རྩིས་སྲིད་གསུམ་འོད་ཕུང་འཁྱིལ། ཁྲོ་རྒྱལ་བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། །མཉེས་ཞུ་བྱིན་ལྡན་ཆུ་རུ་བསམ། ༈ །དེ་ནས་སློབ་མའི་སྟ་གོན་ནི། །སློབ་མ་ཁྲུས་བྱས་མཎྜལ་ཕུལ། །གྲལ་ལ་རིམ་པར་འཁོད་པ་ཡིས། །གསོལ་བ་འདི་སྐད་གདབ་པར་བྱ། །ཧོཿ རང་བཞིན་འདུ་འབྲལ་མེད་པའི་ལྷ། །ཕྱག་རྒྱ་ཆེན་པོའི་ཚོགས་མཆོག་ཏུ། །བདག་ཀྱང་མཉམ་པར་སྨྲ་བའི་ཕྱིར། །བྱི་རླབས་རབ་ཏུ་བཞུགས་སུ་གསོལ། །དེ་འདོད་སློབ་བུས་སེམས་གཉིས་བསྐྱེད། །བདག་དང་མཐའ་ཡས་སེམས་ཅན་རྣམས། །ཞེས་པས་ཀུན་རྫོབ་སེམས་བསྐྱེད་ཅིང་། །ཨེ་མ་ཚར་ལྔས་མཆོག་སེམས་བསྐྱེད། །སེམས་གཉིས་ལྡན་ལ་གསང་དོན་སྦྱིན། །ཨེ་མ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིར་སོ་སོར་འཛིན། །སུས་ཀྱང་མ་བཅིངས་བཅིང་མེད་དེ། །བཅིང་བར་བྱ་བ་ཡོད་མ་ཡིན། །རྣམ་རྟོག་བདག་ཏུ་འཛིན་པ་ཡི། །ནན་གྱིས་མཁའ་ལ་མདུད་པ་འདོར། །བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། ཁྱོད་ལ་རབ་ཏུ་བསྟན་པར་བྱ། །ཅེས་པའི་བར་གྱི་དོན་བཤད་དོ། །དེ་ནས་སློབ་མས་གསོལ་གདབ་པ། ཧེ་རུ་ཀ་དཔལ་ཁྱེད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དེ། །དེ་ཡི་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོར་སྐྱབས་སོང་ཞིང་། །ཐེག་ཆེན་ཁང་པར་འཇུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །དེ་ནས་རྡོ་རྗེ་སློབ་མ་ཡི། །ཚེ་སྦ་བགེགས་བསྐྲད་སྒྲིབ་པ་ཕྲལ། །ལྷར་བསྐྱེད་གོ་བགོ་ལུས་སྲུང་བྱ། །ཨཱ་ཡུརྫྙཱ་ན་བྷིནྡྷུ་བྷྲཱུྃ། བི་ཤྭ་བཛྲ་སྔགས་ཀྱི་བསྐྲད། །ལག་སོར་བརླབས་ཕྲལ་བདེ་སྟོབས་སྦྱངས། །རྩ་བའི་སྔགས་ཀྱིས་མགོན་པོར་བསྐྱེད། །གོ་བགོ་ལུས་བསྲུང་བཀའ་ནན་བཅིང་། །དེ་ནས་སྲུང་སྐུད་གསུམ་སྒྲིལ་ལ། །བདུད་རྩི་འཁྱིལ་པའི་སྔགས་ཀྱིས་གདབ། །དཔུང་པར་བཅིངས་པས་ལུས་དག་བྱ། །མཎྜལ་རིགས་ལྔའི་རབ་གནས་ལྡན། །སོ་ཤིང་དོར་སྟེ་ལྟས་བརྟག་གོ །ཨོཾ་བཛྲ་ཛི་ཧ་སཾ་བྷ་ར་དྷ་ནི་ཧཱུྃ། ཙནྡན་ནམ་ནི་དྲི་ཆུ་ལ། །སྔགས་བཏབ་ཁྲུས་བཤལ་ཁོང་དུ་བཏུང་། །ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨ་སརྦ་པཱ་པཾ་ནི་ཙ་སྱ་སཾ་ཤོ་དྷ་ནི་སརྦ་བི་ཀལྤན་ཨ་པ་ན་ཡེ་སྭཱ་ཧཱ། དྷི་དང་ཧ་ཡིས་བསྔགས་པ་ཡི། །ཀུ་ཤ་སྔོན་པོ་གཉིས་བྱིན་ལ། །སྔས་དང་སྟན་བྱ་རྨི་ལམ་བརྟག །འདྲི་ཞིང་ངན་ན་བཟློག་པར་བྱ། །དེ་ནས་གེགས་བརྒྱད་བཤད་ཀྱང་རུང། ༈ །དེ་ནས་ཐིག་མཚོན་བྱིན་བརླབས་ཏེ། །ལེགས་ལྡན་དཀྱིལ་འཁོར་གཞུང་བཞིན་བྲི། །ལས་གཞུང་བསྲང་ལ་བསྒྲུབ་ཅིང་མཆོད། །དེ་ནས་དཀྱིལ་འཁོར་འཇུག་པ་ནི། །སློབ་མ་ཁྲུས་བྱས་མཎྜལ་ཕུལ། །དེ་ནས་གསོལ་བ་གདབ་པ་ནི། དཔལ་མགོན་ལེགས་ལྡན་ནག་པོ་ཡི། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ། །བདག་ཅག་འཇུག་པར་འཚལ་ལགས་ཀྱིས། །དཔའ་བོས་ཐུགས་རྗེས་གཟུང་དུ་གསོལ། །ལན་གསུམ་བླ་མས་ལན་གདབ་པ། །ལེགས་ལྡན་ནག་པོའི་དཀྱིལ་འཁོར་དུ། །འཇུག་པར་འདོད་པའི་བུ་ཁྱོད་ཉོན། །ལས་དང་བསམ་པ་ཐམས་ཅད་འགྲུབ། །བླ་མེད་ཐེག་ཆེན་འབྲས་བུ་ཐོབ། །གནས་སྐབས་བསྟན་པ་བསྲུང་བྱའི་ཕྱིར། །ཞུམ་མེད་དཀྱིལ་འཁོར་འཇུག་ནུས་སམ། །སློབ་མས་ནུས་ཞེས་ཁས་བླངས་ལ། །བུ་ཁྱོད་སུ་ཡིན་ཅི་ལ་དགའ། །བདག་ནི་ལས་མཆོག་སྐལ་བར་ལྡན། །བདེ་མཆོག་དགའ་ཚལ་དཀྱིལ་འཁོར་འདིར། །སངས་རྒྱས་མཛད་དཀའ་སྤྱད་ནས་ནི། །འགྲོ་བ་ཐམས་ཅད་བསྒྲལ་བར་མོས། །ཨ་ཁཾ་བཱི་ར་ཧཱུྃ། བི་ཤྭ་བཛྲ་བརྗོད། ཧ་ལ་ཧ་ལ་རཾ། ཀྲོ་ཏ་ཀྲོ་ཏ་ཡཾ། ཏིཀྞ་ཏིཀྞ་ཁཾ། ཏ་ཀེཾ་ཏ་ཀེཾ་ཕཊ། ཨོཾ་ཨཱཿཧཱུྃ། སྡོམ་པ་རིམ་པར་བླང་བ་ནི། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་ནས་བྱང་ཆུབ་ཆེན་པོར་བསྔོ། །བདག་དང་མཐའ་ཡས་སེམས་ཅན་རྣམས། །སོགས་དང་ཨེ་མ་ཚར་ལྔ་བརྗོད། །དམ་ཚིག་ཁས་སུ་བླང་བ་ནི། །ཀྱཻ། རྡོ་རྗེ་ཆོས་དབྱིངས་ཀུན་གྱི་གཙོ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། །བདེ་བ་མཆོག་གི་དམ་པ་སྟེ། །སེམས་ཅན་དོན་དང་འཕྲིན་ལས་སྒྲུབ། །སངས་རྒྱས་ཡོན་ཏན་འབྱུང་བའི་ཕྱིར། །དམ་ཚིག་དམ་པ་བསྲུང་བར་བགྱི། །ཆོས་ཀུན་རང་བཞིན་དག་པས་ན། །བདག་ཀྱང་རང་བཞིན་རྣམ་པར་དག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཐུགས་དམ་དབྱིངས་མཆོག་དཀྱིལ་འཁོར་འདིར། །སེམས་ཅན་འབྱམས་ཀླས་མ་ལུས་རྣམས། །མཆོག་ཉིད་བསྒྲུབ་པར་བགྱིས་པས་ན། །སྐུ་ཡི་དབྱིག་ཏུ་བདག་སྐྱེད་ཅིག །སླར་ཡང་ལྡོག་པར་མི་བགྱིད་དོ། །བཅོམ་ལྡན་ཐམས་ཅད་མཆོག་ནི་བདག་ལགས་ཏེ། །མཆོག་ཉིད་བསྒྲུབ་ཕྱིར་རྡོ་རྗེ་བླང་བར་བགྱི། །རྡོ་རྗེ་རྒྱལ་པོར་ཁྱོད་བཞུགས་པས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ། །རྡོ་རྗེ་དམ་ཚིག་མཆོག་ཉིད་ནི། །ཕུན་སུམ་ཚོགས་པར་བསྒྲུབ་ལགས་པས། །བདག་ལ་དུས་འདིར་བསྩལ་དུ་གསོལ། །ལན་གསུམ་བླ་མས་བཀའ་བསྒོ་བ་ནི། །འདི་ནི་རྒྱལ་བ་ཀུན་གྱི་ཐུགས། །སངས་རྒྱས་ཀུན་གྱི་དམ་ཚིག་ཡིན། །ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས། །རྟག་ཏུ་འབྲལ་བར་མ་བྱེད་ཅིག །དེ་ལྟར་ཁྱོད་ཀྱིས་རྟག་ཏུ་སྤྱོད། །ཙནྡན་ཆུ་དང་བདུད་རྩི་སྦྱིན། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །སངས་རྒྱས་ཀུན་ཁྲོས་ཁྲག་ཆེན་པོ། །སྙིང་ནས་དྲངས་ཏེ་འཐུང་བར་བྱེད། །ཨོཾ་ཡཀྴ་ཀྲོ་དྷ་ས་མ་ཡ་ཧཱུྃ། དེ་ལྟ་བས་ན་བུ་ཁྱོད་ཀྱིས། །དམ་ཚིག་འདི་ནི་བསྲུང་བར་གྱིས། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །པཉྩ་ཨ་མྲྀཏ་ཨུ་ཙིཏྟ་ཨ་མྲྀཏ་ཋ་ཋ་ཧཱུྃ། དེ་རིང་ཕན་ཆད་བུ་ཁྱོད་ཀྱི། །ཕྱག་ན་རྡོ་རྗེ་ང་ཡིན་གྱིས། །ང་ཡིས་ཇི་ལྟར་བསྒོ་བ་བཞིན། ཁྱོད་ཀྱིས་དེ་ལྟར་བྱ་དགོས་སོ། །ས་མ་ཡ་ཧཱུྃ། ཧཱུྃ། སྔོན་ཚེ་གོང་ནས་བསྙེན་པའི་ལྷ། །བདག་གི་ཉེ་གནས་གང་ལགས་པ། །ལས་འཕྲོ་ཐུགས་རྗེ་ལྡན་པའི་ལྷ། །གང་ཡིན་དེ་ལ་འབབ་གྱུར་ཅིག །པྲ་ཏཱིཙྪ་ཧོ། པྲ་ཏི་གྲིཧྞ་སྭ་མི་མཾ་སཏྭ་མ་ཧཱ་བ་ལ། རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ་འོ། །དེ་བཞིན་གཤེགས་པ་ཐམས་ཅད་དང། །དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་ཧེ་རུ་ཀ་བདག་ལ་དབབ་ཏུ་གསོལ། ཨོཾ་བཛྲ་ས་མ་ཡ་ཛཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨཱེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སཏྭཾ། པྲ་བེ་ཤ་ཡ་ཕཊ། ཨ་བེ་ཤ་ཡ་ཨ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །ཐུར་མས་ལིང་ཏོག་བསལ་པ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཨོཾ་མུཾ་ཧཱུྃ། ཨོཾ་ནི་ཡེ་ཤེས་ལྷུན་གྱིས་གྲུབ། །མུཾ་ནི་ཡེ་ནས་རང་སངས་རྒྱས། །ཧཱུྃ་ནི་རྩ་བ་བྱང་ཆུབ་སེམས། །དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་པ། །ཧ་ཞེས་མཐོང་བ་ཡོངས་སུ་དག །མ་འདྲེས་ཡོངས་རྫོགས་མཐོང་བར་བྱེད། །ཕོ་བྲང་དབུས་ན་ཐོད་མཁར་ལྔ། །དཀྱིལ་ན་སྒྲོལ་གིང་ཡབ་ཡུམ་སྟེ། ཁྲོ་བོ་གནོད་སྦྱིན་སྲིན་པོ་དང་། །མ་མོ་རིམ་པར་ཕྱོགས་བཞིར་གནས། །བཙོན་ཁང་སྲིན་མོ་བཅུ་དྲུག་དང་། །དེ་མཐའ་ཐོད་པའི་ཕྲེང་བས་བསྐོར། །གྲུ་ཆད་བཞི་ལ་གྲུ་འདེགས་བཞི། །བར་ཁྱམས་ཁྲག་མཚོར་དབང་མོ་དང་། །སྒོ་བཞིར་སྒོ་མ་ཆེན་མོ་བཞི། །དེ་དག་མཐའ་ན་འོབས་མཁར་བརྒྱད། །ཀུན་གྱི་ཕྱི་ན་ཤ་ཟ་དང་། །གནོད་སྦྱིན་འདྲེ་སྲིན་རོ་ལངས་དང་། །བྱ་གཅན་ལྕེ་སྤྱང་མང་པོས་བསྐོར། །ཤ་ཁྲག་རུས་པ་རི་དང་མཚོ། །དུར་ཁྲོད་གནས་ཆེན་འཇིགས་པར་བསྟན། ༈ །མཎྜལ་ཕུལ་ལ་དབང་ཉིད་ཞུ། །དབྱིངས་ནི་ཡེ་ཤེས་གཙོ་མཆོག་ཡིན། །རྡོ་རྗེ་དམ་པ་མཆོག་འཛིན་པ། ཁྱོད་ནི་དམ་ཚིག་གཙོ་ལགས་ཀྱིས། །དབང་ཕྱུག་རྒྱལ་པོར་དབང་སྐུར་ཅིག །རིན་པོ་ཆེ་ཡི་དབང་འདི་ནི། །སངས་རྒྱས་ཀུན་གྱིས་ཕྱག་བྱས་པ། །གསང་གསུམ་གནས་ལས་བྱུང་བ་ཡི། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །དབང་རྫས་ལྔ་དང་སློབ་མ་ལ། །རིགས་ལྔའི་རབ་གནས་ཚུལ་བཞིན་བྱ། །དོན་ལྔའི་རྟོག་པ་སོ་སོར་བསྐྱེད། །མཁའ་དབྱིངས་རྣམ་དག་བུམ་པ་ན། །དཔལ་ལྡན་མགོན་པོའི་དཀྱིལ་འཁོར་བཞུགས། །གཉིས་མེད་བྱང་ཆུབ་སེམས་རྟགས་ཆུས། །བྱིན་རླབས་མཐུ་ཡི་དབང་ཐོབ་ཤོག །ཨོཾ་བྷཱུར་ཀུར་མ་ཧཱ་ཀཱ་ལ་ཀྲོ་དྷ་ཧཱུྃ། རཀྴ་ཀྲོ་དྷཱི་ཤྭ་རཱི་ཏྲག་མོ་ཧེ། ཀྲོ་དྷ་ཡཀྵ་རཀྴ་ཙིཏྟ་ཛྭ་ལ་ས་མ་ཡ། ཧ་ཧེ་ཕཊ་བྷྱོཿ རུ་ལུ་རུ་ལུ་ཨ་བྷི་ཥིཉྩ་ཧཱུྃ། བཛྲ་ཀཱ་ལ་ཤ །བུདྡྷ་ཀཱ་ལ་ཤ །རཏྣ་ཀཱ་ལ་ཤ །པདྨ་ཀཱ་ལ་ཤ །ཀརྨ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཡེ་ཤེས་རིན་ཆེན་དབུ་རྒྱན་མཆོག །གཟི་བརྗིད་ཕུང་པོ་བླ་ན་མེད། །སངས་རྒྱས་རིན་ཆེན་ལས་བྱུང་བའི། །དབུ་རྒྱན་མཆོག་གིས་དབང་བསྐུར་རོ། །ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ། ཆོས་ཀུན་རྡོ་རྗེའི་མཚན་ཉིད་དེ། །རྡོ་རྗེ་ལ་ཡང་མཚན་ཉིད་མེད། །རྡོ་རྗེ་ལྟ་བུའི་རྣལ་འབྱོར་པས། །ཆོས་ཀུན་རྡོ་རྗེ་ལྟ་བུར་ལྟོས། །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། འདི་ནི་སངས་རྒྱས་གསུངས་དབྱངས་ཉིད། །ཡེ་ཤེས་སེམས་དཔའི་དམ་ཚིག་རྣམས། །རྡོ་རྗེ་སེམས་དཔའི་དཀའ་ཐུབ་དམ། །རྟག་ཏུ་ཁྱོད་ཀྱིས་བཅང་བར་གྱིས། །ཨོཾ་བཛྲ་གྷཎྜེ་ཨ་བྷི་ཥིཉྩ་ཧཱུྃ། ཡང་དག་བླ་མེད་དཀྱིལ་འཁོར་དུ། །མཚན་དྲངས་རྡོ་རྗེའི་མིང་བཏགས་པ། །སྔགས་འཆང་མིང་གི་དབང་བསྐུར་བས། །རིག་འཛིན་ཞིང་དུ་གྲགས་གྱུར་ཅིག །བཛྲ་ནཱ་མ་ཨ་བྷི་ཥིཉྩ་ཧཱུྃ། ༈ གཉིས་པ་གསང་བའི་དབང་བསྐུར་བ། །མཎྜལ་ཕུལ་ལ་གསོལ་བ་གདབ། སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །ལེགས་ལྡན་ནག་པོའི་དཀྱིལ་འཁོར་དུ། །གསང་བ་མཆོག་གི་དབང་བསྐུར་བ། །དེ་འདིར་བདག་ལ་བསྩལ་དུ་གསོལ། །དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་པའི། །ཡབ་ཡུམ་གཉིས་མེད་བདེ་བའི་དོན། །བྱང་ཆུབ་སེམས་ཀྱི་ཐིག་ལེ་འདིས། །བདེ་ཆེན་རྒྱལ་པོར་དབང་བསྐུར་རོ། །ཨ་ཧོ་མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཨཿ གསུམ་པ་མཎྜལ་ཕུལ་ལ་འདི་སྐད་ཞུ། ཁྱོད་ནི་དམ་ཚིག་ཀུན་གྱི་གཙོ། །རྡོ་རྗེ་སེམས་དཔའ་སྐྱེད་མཛད་མ། །སེམས་ཅན་དོན་སྒྲུབ་ཕྲིན་ལས་ཀྱི། །ཐུགས་རྗེས་མཉམ་སྦྱོར་གྲུབ་པར་མཛོད། །ཉེ་གནས་ཀྲོ་དྷཱི་ཤྭ་རཱི་མ། །མཚན་ལྡན་སྒེག་ཅིང་མཛེས་པ་མོ། །ལྷན་ཅིག་སྐྱེས་དགའ་སྐྱེད་པའི་ཕྱིར། །ལྷ་མོ་འདི་དང་རོལ་པར་གྱིས། །མཎྜལ་ཕུལ་ནས་འདི་སྐད་ཞུ། །དེ་བཞིན་གཤེགས་པ་དགྱེས་པ་བསྐྱེད། །རྡོ་རྗེ་ཆོས་དབྱིངས་ཀུན་གྱི་གཙོ། །མི་གནས་ཆགས་པ་ཆེན་པོ་ལས། །མ་ལུས་འབྱུང་གནས་བདག་ལ་སྩོལ། །གསང་བ་གསང་ཆེན་རབ་གསང་བ། །རང་གི་སེམས་ཀྱི་མེ་ལོང་ལྟོས། །མཐོང་བས་དེ་བཞིན་ཉིད་དུ་འགྱུར། །གཞན་མིན་རང་བྱུང་དེ་ཁོ་ན་འོ། ༈ །དེ་ནས་དྲག་པོའི་རྗེས་གནང་ནི། །ལྕགས་ཁང་དམིགས་རྟེན་བྱས་པའི་མཐར། །དྲག་པོའི་རྫས་རྣམས་དགྲམ་པར་བྱ། །མགོན་པོ་འཁོར་བཅས་བསྐྱེད་བསྟིམ་བསྐུལ། །ཡོན་ཏན་བརྗོད་ལ་སྦྱིན་པར་བྱ། །བསྙེན་སྒྲུབ་རིམ་པའི་སྔགས་བརྗོད་ཅིང་། །མན་ངག་ཐམས་ཅད་རྫོགས་པར་སྦྱིན། ༈ །སངས་རྒྱས་ཀུན་གྱི་རལ་གྲི་ཆེ། །ལས་ཀྱི་གྲི་གུག་འབར་བ་འདི། །དགྲ་བགེགས་གདུག་པ་བསྒྲལ་བའི་ཕྱིར། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །བཛྲ་ཁངྒ་ཨ་བྷི་ཥིཉྩ་ཧཱུྃ། ཏི་རའི་བིང་ཆེན་གསལ་ཤིང་འདི། །སྲིད་གསུམ་དབང་དུ་བསྡུ་བ་དང་། །གདུག་པ་རྡུལ་དུ་བརླག་བྱའི་ཕྱིར། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ཏི་ར་དྷ་ཀ་ཛྭ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་འབར་བའི་རྡོ་རྗེ་འདི། །དུག་ལྔ་དབྱིངས་སུ་བསྒྲལ་བ་དང་། །སྡིག་ཅན་ལྔ་ཕུང་བཤིག་པའི་ཕྱིར། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །བཛྲ་ཨ་བྷི་ཥིཉྩ་ཧཱུྃ། དྲག་པོ་གནམ་ལྕགས་ཕུར་བུ་འདི། །དབྱིངས་ནས་ཡེ་ཤེས་ཤར་བ་དང་། །ཞིང་བཅུ་གནས་སུ་བསྒྲལ་བའི་ཕྱིར། དེ་རིང༴ བཛྲ་ཀཱི་ལ་ཡ་ཨ་བྷི༴ ཐོད་རློན་གདུག་པའི་ཁྲག་གིས་བཀང་། །འཁོར་བ་དོང་ནས་སྤྲུགས་པ་དང་། །དམ་ཉམས་སྙིང་ཁྲག་འཐུང་བའི་ཕྱིར། །དེ་རིང༴ ཀ་པཱ་ལ་རཀྟ་ཨ་བྷི༴ མདུང་རྣོན་གཡང་གཞིའི་རུ་མཚོན་འདི། །བདུད་ཀྱི་གཡུལ་ལས་རྒྱལ་བ་དང་། །རྦད་དབྲལ་སྙིང་གཟེར་གདབ་པའི་ཕྱིར། །དེ་རིང༴ བཛྲ་ཤཱུ་ལ་ཨ་བྷི༴ དུག་སྦྲུལ་འབར་བའི་ཞགས་པ་འདི། །འཁོར་བའི་གནས་ནས་དྲང་བ་དང་། །བླ་སྲོག་ཡར་བ་བསྡམ་པའི་ཕྱིར། །དེ་རིང༴ ནཱ་ག་པཱ་ཤ་ཨ་བྷི༴ ཆོས་སྐུ་ཡོན་ཏན་མཆོག་མངའ་བའི། །ཕྱག་མཚན་དྲག་པོ་ཙ་མ་ར། །དམ་ཅན་གནས་ནས་འབོད་པའི་ཕྱིར། །དེ་རིང༴ བཛྲ་ཙ་མ་ར་ཨ་བྷི༴ ལེགས་ལྡན་ཁྲོ་རྒྱལ་ཐུགས་ཀ་ནས། །ཙར་ཤ་པ་ནི་མཚོན་ཆ་མཆོག །ཡུངས་དཀར་རྒྱལ་པོ་ཤ་རཱི་རམ། །དེ་རིང༴ བཛྲ་པེ་ཏ་ལི་རཀྴ་ཨ་བྷི༴ གུ་གུལ་སྦྱར་བའི་རྫས་མཆོག་འདིས། །དགྲ་བོ་ལྷ་དང་དབྱེ་བ་དང་། །བགེགས་རྣམས་མྱོས་དང་བསྐྲད་པའི་ཕྱིར། །དེ་རིང༴ མ་གུ་ཏ་ལ་པྲ་ཏ་ལ་ཨ་བྷི༴ རི་རབ་གླིང་བཞི་རྒྱ་གྲམ་འདིས། །རྟོག་པའི་ཟུག་རྔུ་གཞིལ་བ་དང་། །གདུག་པ་ཅན་རྣམས་མནན་པའི་ཕྱིར། །དེ་རིང༴ བྷི་ཤྭ་བཛྲ་སུཾ་ཨེ་བཾ་མཱ་ཡཱ་ཨ་བྷི༴ ཡེ་ཤེས་འབར་བའི་མེ་ཕུང་འདིས། །ཉོན་མོངས་འཁོར་བའི་བག་ཆགས་དང་། །དགྲ་བགེགས་ཐམས་ཅད་བསྲེག་པའི་ཕྱིར། །དེ་རིང༴ བཛྲ་ཛྭ་ལ་རཾ་ཨ་བྷི༴ ཐབས་ཤེས་ཆགས་སྡང་མདའ་གཞུ་དང་། །དྲག་པོའི་ཐུན་དང་རྫས་འདི་ཡིས། །དགྲ་བགེགས་རྡུལ་དུ་བརླག་བྱའི་ཕྱིར། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །བཛྲ་ཏཱིྑྜྷ་ཁཏྒ་ཨ་བྷི་ཥིཉྩ་ཧཱུྃ། དེ་ནས་ཞབས་ལ་སྤྱི་བོས་གཏུག །ཡོན་མཆོག་དབུལ་ཞིང་གཏང་རག་གཏང་། །ཚོགས་ཀྱི་མཆོད་པས་མཉེས་པར་བྱ། །ལྷག་བརྟན་གཤེགས་བསྡུ་ལུས་སྲུང་བསྔོ། །ཛ་གད་རྫས་ཀྱི་བཀྲ་ཤིས་གསོལ། །དཔལ་ལྡན་མགོན་པོ་ལེགས་ལྡན་ནག་པོའི་དབང་དང་དྲག་པོ་སྔགས་ཀྱི་རྗེས་གནང་བླ་མ་གོང་མའི་ཡི་གེ་ཕྱག་བཞེས་ཅུང་ཟད་ཉོག་སེ་བར་མངོན་ནས། དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོ་དང་། དུག་གི་སྤུ་གྲིའི་རྒྱུད་དང་། རྒྱ་གཞུང་དང་ཡང་མཐུན་ཕྱིར་གསལ་བར་གཙང་ཤོད་ས་མ་ཏཱི་དྷྭ་ཛས་བསྡེབས་པ། བདེ་གསལ་དོན་དང་ལྡན་པ་ཞེས་བྱ་བ་འདིས་འགྲོ་བ་མང་པོའི་དོན་བྱེད་པར་གྱུར་ཅིག །ནོངས་པ་ཅི་མཆིས་བཟོད་པར་མཛད་དུ་གསོལ། །བཀྲ་ཤིས་པར་གྱུར་ཅིག །བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་། ལོངས་སྐུ་རིགས་ལྔ། གསང་བདག་ཕྱག་ན་རྡོ་རྗེ། རྒྱལ་པོ་ཛཿ ཀུ་ཀུ་རཱ་ཛ། རོ་ལངས་བདེ་བ། རྡོ་རྗེ་བཞད་པ། དྷརྨ་བོ་དྷི། བ་སུ་དྷཱ་ར། གནུབས་སངས་རྒྱས་ཡེ་ཤེས། གནུབས་ཡོན་ཏན་རྒྱ་མཚོ། མྱང་ཆེན་ཤེར་མཆོག །ཉང་ཡེ་ཤེས་འབྱུང་གནས། ཟུར་པོ་ཆེ་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས་པ། གླན་སྟོན་ཤཱཀྱ་བཟང་པོ། འདར་ནག་པ་བསོད་ནམས་གྲགས་པ། འདར་ནག་ཀུན་དགའ། ཇོ་བཙུན་ཤེས་རབ་འབར། ཧོར་ནག་དབང་སྒྲོན། མཁས་བཙུན་ཆོས་སྐྱོང་འོད། འདར་ནག་ཤཱཀྱ་བྱང་ཆུབ། འདར་ནག་ཀུན་དགའ་འོད། བར་སྟོན་བློ་གྲོས་རྒྱལ་མཚན། སྣར་སྟོན་ཤཱཀྱ་ཤྲཱི། སྣར་སྟོན་བུདྡྷ་དྷྭ་ཛ། ཤཱཀྱ་རམ་པ། རྡོ་རྗེ་ཆོས་རྒྱལ་བཟང་པོ། སྤང་སྟོན་ཆོས་ཀྱི་རྒྱལ་མཚན། འཇམ་དབྱངས་བསོད་ནམས་རྒྱལ་མཚན། དེ་གཉིས་ཀ་ལས་ཟུར་ཚོ་སྟོད་པ་སློབ་དཔོན་ཆེན་པོ་བདེ་ལེགས་རྒྱལ་མཚན། དེས་སེ་སྟོན་རིན་ཆེན་རྒྱལ་མཚན། དེས་གནུབས་སྟོན་རཏྣ་ཤྲཱི་བྷ་དྲ། དེས་དཔལ་ཧེ་རུ་ཀའི་ངོ་བོ་ཟུར་དབང་རྒྱ་ཧོར་རྡོ་རྗེ། དེས་གཙང་བསང་སྟོན་གྱི་སའི་ཐིག་ལེ་གསལ་བ་གོང་གི་འདུ་ཁང་གི་སྟེང་དུ། ཐེག་པ་མཆོག་གི་རྣལ་འབྱོར་པ་སློབ་དཔོན་པདྨ་དབང་རྒྱལ་རྡོ་རྗེ། གྲགས་པ་རྒྱལ་མཚན། མཁྱེན་རབ་དབང་ཕྱུག་དབོན་པོ་རྣམས་ལ་སྒྱུ་འཕྲུལ་ཞི་ཁྲོ་དོང་སྤྲུགས་ལེགས་ལྡན་དང་བཅས་པའི་དབང་རྫོགས་པར་དགྱེས་བཞིན་བཀའ་བསྩལ་པ། བསྟན་པ་དར་རྒྱས་འགྲོ་བ་སྨིན་གྲོལ་ཤོག །ལྷ་བཙུན་གཏེར་བཏོན་གྱི་དཔེ་འོ།། ༈ །།འདི་ནི་གཙང་ཤོད་པ་རྡོ་རྗེ་རྒྱལ་མཚན་གྱི་ཆོག་ཁྲིགས་སུ་གྲགས་པ་སྟེ་ཡིག་ཆ་འདི་དབང་གི་རྩ་ཐོ་དང་རྩ་ཚིག་ཙམ་ལས་མི་འདུག་ཅིང་། རྡོར་བྲག་རིག་འཛིན་ཆེན་པོ་པདྨ་ཕྲིན་ལས་ཀྱི་གསུང་མདོ་དབང་ཆེན་མོ་དཀྱིལ་འཁོར་རྒྱ་མཚོའི་འཇུག་ངོགས་ཀྱི་མཐའ་རྟེན་བཀའ་སྲུང་གི་དབང་དང་རྗེས་གནང་གི་སྐབས། ཚུལ་འདི་མཚམས་སྦྱོར་གྱིས་ལེགས་པར་སྤྲོས་པར་སྣང་བས་དེའི་དབང་ལུང་གི་རྒྱུན་ཡང་མ་ཆད་པར་བཞུགས་ཤིང་། ཚུལ་འདིའི་དབང་བསྐུར་བྱ་བར་མོས་ན་དེ་ལ་ལྟོས་གལ་ཆེ་ཡང་སྤྱི་དང་བྱེ་བྲག་གི་མདོར་ལེན་ཅུང་ཟད་དམིགས་ཕྱེད་དགོས་པ་ཡོད། དཔེ་འདི་སྔོན་ཆད་ཚུར་ཕུའི་དཀར་ཆག་ཏུ་མཚན་བྱང་ཙམ་འཁོད་པ། ད་ཆར་དཔེ་འཚོལ་དག་ཞུས་གང་ཤེས་ནན་གཏན་གྱིས་སྐབས་འདིར་དཀྱུས་སུ་བཞུགས་གསོལ་ཞུས་པའི་ལོ་རྒྱུས་སུ་ཞུ་དག་ཐ་མ་པ་པད་བཀོད་སྒམ་སྤྲུལ་པས་ཞུའོ། །མངྒ་ལཾ། དགེའོ།། །།
རོལ་རྡོར་རིགས་འདུས་རྡོར་སེམས་འགྲེས་བྱང་ (Volume 27, Text 3)
རོལ་རྡོར་རིགས་འདུས་རྡོར་སེམས་འགྲེས་བྱང་རིམ་གསུམ་ཡིན། མི་ཕྱེད་དད་པས་སྐྱབས་སུ་མཆི༔ གདུང་ཤུགས་དྲག་པོས་འོ་དོད་འབོད༔ བར་དོ་འཇིགས་པའི་འཕྲང་ལམ་ནས༔ དམིགས་ཡུལ་ཚེ་འདས་བསྐྱབ་ཏུ་གསོལ༔ ༈ ཐུགས་རྗེ་མ་ཆུང་བསྐྱབ་ཏུ་གསོལ༔ འཇིགས་པའི་འཕྲང་ལམ་བསྒྲལ་དུ་གསོལ༔ རང་ངོ་ཤེས་པར་བྱིན་གྱིས་རློབས༔ ༈ དད་མོས་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ ལམ་མྱུར་ཟབ་མོ་འཕོ་བ་འབྱོང་བ་དང༔ ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས༔ མ་ཤེས་དབང་གིས་འཁོར་བར་འཁྱམས་པ་ཡིས༔ སྡུག་བསྔལ་ཐར་མེད་མྱ་ངན་གཡང་སར་ལྷུངས༔ ཞེན་ཆགས་ཐེར་ཟུག་ལུས་ངན་ཕུང་པོས་འཆིང༔ མི་གཙང་འདམ་རྫབ་ཉོན་མོངས་གནས་ཁང་ནས༔ རང་རིག་བརྗོད་མེད་སྟོང་གསལ་ངོ་བོ་འདི༔ མི་ལྡོག་དག་པ་བདེ་ཆེན་ཞིང་ཁམས་སུ༔ སྣང་མཐའ་ཡས་པའི་ཐུགས་ཀར་འཕོ་བར་ཤོག༔ ཅེས་འགྲེས་བྱང་ངོ༔
གཤིན་རྗེ་དྲེགས་པ་འཇོམས་བྱེད་ལས༔ འཇམ་དཔལ་ཞི་སྒྲུབ་ (Volume 17, Text 3)
ྈ གཤིན་རྗེ་དྲེགས་པ་འཇོམས་བྱེད་ལས༔ འཇམ་དཔལ་ཞི་སྒྲུབ་བཞུགས་སོ༔ ྈྈྈྈྈྈྈྈ སྟོབས་བཅུ་མངའ་བ་རྫོགས་སངས་རྒྱས༔ འཇམ་དཔལ་ཡེ་ཤེས་སེམས་དཔར་འདུད༔ ཁམས་གསུམ་སེམས་ཅན་མ་ལུས་ཀུན༔ འཁོར་བའི་དུཿཁ་ལས་ཐར་ཕྱིར༔ ཡེ་ཤེས་ལྷ་ཡི་དཀྱིལ་འཁོར་དུ༔ཞི་བར་བསྙེན་ཅིང་ཁྲོ་བོར་སྒྲུབ༔ དང་པོ་ཞི་བར་བསྙེན་པ་ནི༔ འཇིག་རྟེན་གཡེང་བ་སྤངས་པའི་སར༔ བརྩོན་འགྲུས་ལྡན་པའི་རྣལ་འབྱོར་གྱིས༔ བགེགས་དང་ཡུལ་བདག་ཚིམས་པར་བྱས༔ མཚམས་བཅད་བདེ་བའི་སྟན་ལ་འདུག༔ ལས་ཀྱི་རིམ་པ་འདི་ལ་འཇུག༔ ཨེ་མ༔ བདག་གིས་དལ་འབྱོར་རིན་ཆེན་འདི༔ ཨུ་དུམ་ཝཱ་རའི་མེ་ཏོག་ལྟར༔ ཕྱིས་ནས་ཡང་ཡང་རྙེད་དཀའ་བས༔ ད་རེས་བླ་མེད་དོན་ཡོད་བྱ༔ ཕུན་ཚོགས་རིན་ཆེན་ལུས་འདི་ཡང༔ མི་རྟག་རྩྭ་ཁའི་ཟིལ་པ་ལྟར༔ ནམ་འཆི་ངེས་པའི་གདིང་མེད་པས༔ བརྩོན་འགྲུས་དྲག་པོས་བྱང་ཆུབ་བསྒྲུབ༔ མཐའ་མེད་འཁོར་བའི་རྒྱ་མཚོ་ཆེ༔ སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུག༔ ཐར་དཀའ་གཏིང་མཐའ་མེད་འདི་ལས༔ ཐར་ཕྱིར་དམ་པའི་སྤྱད་པ་སྤྱོད༔ རང་གི་སྤྱི་བོར་པད་ཉིའི་སྟེང༔ སངས་རྒྱས་ཀུན་འདུས་བླ་མ་དང༔ དཀོན་མཆོག་སྐྱབས་གནས་མ་ལུས་པ༔ སྤྲིན་ཕུང་གཏིབས་པ་ལྟ་བུར་བསམ༔ ན་མོ༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔ དེང་ནས་བྱང་ཆུབ་སྙིང་པོའི་བར༔ བསླུ་མེད་སྐྱབས་གནས་ཐམས་ཅད་ལ༔ སྒོ་གསུམ་དང་བས་སྐྱབས་སུ་མཆི༔ རང་རིག་རང་ངོ་མ་ཤེས་པས༔ མ་རིག་འཁྲུལ་པའི་སེམས་ཅན་ཀུན༔ བདེ་ཆེན་ས་ལ་དགོད་བྱའི་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ སྤྲོས་པ་ཀུན་ཞི་ཆོས་དབྱིངས་ཀྱི༔ རང་མདངས་ཟུང་འཇུག་བདེ་བའི་སྐུ༔ འཕགས་མཆོག་འཇམ་དཔལ་དབྱངས་ཉིད་ལ༔ བདག་ནི་དད་པས་ཕྱག་འཚལ་ཞིང༔ དཔག་ཡས་མཆོད་པ་རྒྱ་མཚོས་མཆོད༔ ཉེས་བཤགས་དགེ་ལ་རྗེས་ཡི་རང༔ བླ་མེད་ཆོས་འཁོར་བསྐོར་བ་དང༔ མྱ་ངན་མི་འདར་གསོལ་བ་འདེབས༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ མཆོག་དང་ཐུན་མོང་སིདྡྷི་སྩོལ༔ གདུང་བའི་ཤུགས་ཀྱིས་གསོལ་བ་འདེབས༔ ཚོགས་ཞིང་རང་དང་གཉིས་མེད་བསྲེ༔ དེ་ལྟར་སྔོན་འགྲོ་མཐར་ཕྱིན་ནས༔ རང་བཞིན་དག་པའི་སྔགས་འདི་བརྗོད༔ ཨོཾ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ སྣང་སྲིད་འཁོར་འདས་ཐམས་ཅད་ཀུན༔ སྣང་ཙམ་ཉིད་ན་ངོ་བོས་སྟོང༔ རང་བཞིན་ཆུ་ཟླ་ལྟ་བུ་ལ༔ ངོ་བོ་སྟོང་པ་ཉིད་དུ་གནས༔ དེ་ཡི་ངང་ལས་ཀུན་སྣང་བའི༔ སྙིང་རྗེ་ཆེན་པོ་ཁྱབ་པར་བརྡལ༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་ལས༔ རང་བྱུང་རིག་པ་ཡི་གེ་དྷཱི༔ དྷཱིཿལས་འོད་འཕྲོས་དོན་གཉིས་བྱས༔ དེ་ལས་མི་འཇིགས་སེང་གེའི་ཁྲི༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་ཉིད་འཕགས་མཆོག་འཇམ་དཔལ་དབྱངས༔ གུར་གུམ་མདངས་ལྡན་གཞོན་ནུའི་ཚུལ༔ ཕྱག་གཉིས་རལ་གྲི་ཨུཏྤལ་སྟེང༔ སྟོང་ཕྲག་བརྒྱ་པའི་གླེགས་བམ་བསྣམས༔ ཟུར་ཕུད་ལྔ་པ་མཚན་དཔེ་དང༔ ལོངས་སྤྱོད་རྫོགས་པའི་རྒྱན་གྱིས་མཛེས༔ རྒྱལ་བ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ འོད་ཟེར་ཀློང་ན་གསལ་བ་ཡི༔ ཐུགས་ཀར་སེམས་དཔའ་ཚོན་གང་གི༔ ནང་དུ་ཟླ་སྟེང་དྷཱིཿཡིག་ལ༔ གསང་སྔགས་ཕྲེང་བས་འཁོར་བར་བསམ༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ༔ དབང་བསྐུར་རྒྱས་གདབ་བྱིན་གྱིས་བརླབས༔ ཡེངས་མེད་བཟླས་པ་འདི་ལ་འབད༔ ཨཱོཾ་ཨ་ར་པ་ཙ་ན་དྷཱི༔ ཐུན་མཐར་ཡེ་ཤེས་ལྷ་ལ་བསྟོད༔ ཆོས་དབྱིངས་ཡེ་ཤེས་རང་བཞིན་ལས༔ ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ནས༔ འགྲོ་བའི་ཉོན་མོངས་འཇོམས་མཛད་པའི༔ འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ༔ ཁྱོད་མཚན་ཐོས་དང་དྲན་པས་ཀྱང༔ ཉོན་མོངས་རྟོག་པ་ཀུན་ཞི་ནས༔ ཡེ་ཤེས་སྣང་བ་རྒྱས་པ་དང༔ ཆོས་དབྱིངས་ཆེན་པོར་བྱང་ཆུབ་ཤོག༔ དེ་ལྟར་བསྐྱེད་རིམ་ལ་འབད་ནས༔ རྫོགས་རིམ་སྙིང་པོའི་དོན་ལ་བསླབ༔ དེ་ལྟར་བསྐྱེད་པའི་ལྷ་དེ་ཀུན༔ ངོ་བོ་རང་གི་རིག་པ་སྟེ༔ དེ་ལས་འགག་མེད་མདངས་སུ་ཤར༔ གང་ཤར་ཆོས་ཉིད་རོལ་པ་ལ༔ སྤང་བླང་དགག་བསྒྲུབ་རེ་དོགས་མེད༔ ཇི་ལྟར་མཚོ་ཡི་རླབས་བཞིན་དུ༔ ངང་ལས་ཤར་ཞིང་ངང་དུ་གྲོལ༔ སྐྱེ་མེད་བསམ་ཡུལ་ཀུན་ལས་འདས༔ འདི་ཡིན་བཟའ་གཏད་ཕྱོགས་རིས་བྲལ༔ ཐམས་ཅད་རང་གྲོལ་གཉུག་མའི་ངང༔ འགྱུར་མེད་དོན་གྱི་ཆོས་སྐུ་འོ༔ རྗེས་ནི་ཤིས་བརྗོད་སྨོན་ལམ་བྱ༔ དགེ་བ་བྱང་ཆུབ་མཆོག་ཏུ་བསྔོ༔ འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞི་བར་བསྙེན་པའི་མན་ངག་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་གྱིས་ཡར་ཀླུངས་ཤེལ་ཕུག་གི་བྱང་འདབ་རྒྱལ་མཚན་འདྲ་བའི་བྲག་གི་ངོས་ནས་སྤྱན་དྲངས་པའོ།། །།
ཟབ་མོ་གསང་བ་ཡོངས་འདུས་ཀྱི་དབང་རྒྱས་པ་རྡོ་རྗེ་སྙིང་པོ་ལས་མཚོ་རྒྱལ་དབང་ཁོལ་དུ་ཕྱུང་པ་ནོར་བུའི་ལྡེ་མིག་ (Volume 36, Text 3)
༄༅། །ཟབ་མོ་གསང་བ་ཡོངས་འདུས་ཀྱི་དབང་རྒྱས་པ་རྡོ་རྗེ་སྙིང་པོ་ལས་མཚོ་རྒྱལ་དབང་ཁོལ་དུ་ཕྱུང་པ་ནོར་བུའི་ལྡེ་མིག་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡཻ། རྡོ་རྗེ་བཙུན་མོ་ཤེར་ཕྱིན་ཡུམ། །གསང་འཛིན་ཌཱ་ཀིའི་སྒྱུ་འཕྲུལ་ལས། །བོད་འབངས་གཏན་བདེར་འགོད་པའི་མ། །བཀའ་དྲིན་བསམ་ཡས་ཞབས་ལ་འདུད། །ངོ་མཚར་རིམ་གཉིས་ནོར་བུའི་སྒྲོམ། །འབྱེད་བྱེད་དབང་གི་ལྡེ་མིག་འཕྲུལ། །མོས་པ་ལྷུར་བླངས་བཀོད་པ་ལ། །གནང་བ་སྩོལ་ཅིང་བྱིན་གྱིས་རློབས། །ཟབ་མོ་གསང་བ་ཡོངས་འདུས་ཀྱི་སྒྲུབ་ཐབས་སོ་སོའི་སྒེར་དབང་བྱར་རུང་བ་དཀྱིལ་འཁོར་བྲི་སྐབས་ཤུགས་ཀྱིས་བསྟན་པར་སྣང་བས། འདིར་ཤིན་ཏུ་ཟབ་འདྲིལ་རྨད་དུ་བྱུང་བ་ལ་མེད་དུ་མི་རུང་བ་མཁའ་སྤྱོད་སྤྲུལ་སྐུ་སྙིང་ཐིག་གི་སྒེར་དབང་ཁོལ་ཕྱུང་དུ་བཀོད་པ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དབང་རྟེན་དཀྱིལ་འཁོར་སྒྲུབ་པ། དབང་བསྐུར་རྗེས་རིམ་དང་བཅས་པའོ། །དང་པོ་ནི། གུ་རུའི་བྱིན་གྱིས་བརླབས་པའི་གནས་དང་མཁའ་འགྲོ་འདུ་བའི་དུས་ཁྱད་པར་ཅན་ལ་རྟེན་བཀྲམ་པའི་མདུན་དུ་སྟེགས་བུར་ཞི་དཀྱིལ་སྤྱི་འགྲེའི་ནང་པངྨ་འདབ་བརྒྱད་ལྟེ་བ་དང་དགུ་སྒོ་བཞི་བཅས་པ་ལ་སོ་སོའི་ལྷ་མཚན་བཀོད་པའམ། མ་འཛོམ་ན་མཎྜལ་དྲིས་བྱུགས་པའི་སྟེང་མེ་ཏོག་གི་ཚོམ་བུ་གཙོ་འཁོར་དགུ །དེ་རྒྱབ་ཕྱོགས་བཞིར་བཞི་བཀོད་པའི་དབུས་སུ་ཁྲིའུར་གཏོར་མ་རྒྱན་ལྡན་དམ་གཟུགས་མ་རང་ལུགས་ལྟར་གྲུབ་ན་ལེགས་ཀྱང་མི་འགྲུབ་ན་གཏོར་ཟླུམ་པད་འདབ་བཞི་ལྡན་ཕྱོགས་བཞིར་ཟླུམ་གཏོར་དཀར་པོ་བཞི། མཚམས་བཞིར་ཟུར་གསུམ་དམར་པོ་བཞི། དེ་རྒྱབ་མཐེབ་ཀྱུ་བཞིས་བསྐོར་བ་རྒྱན་སྤྲོས་ཅན་སྐུ་ཙཀ་དར་གདུགས་དང་བཅས་པ་བཀོད། ཤར་དུ་རྣམ་བུམ། ལྷོར་དབུ་རྒྱན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། དབུས་སུ་རྡོར་དྲིལ་ལྷན་ཅིག་བཅིངས་པ་དང་ཅོད་པན། གསང་ཐོད་བདུད་རྩི། རིག་ཙཀ །ཤེལ་རྡོ། མེ་ལོང་། རྨ་བྱའི་མདོངས། མཚམས་བཞིར་ཤེལ་ཕྲེང་། སྦ་ལྕག་ཚིགས་གསུམ་དར་སྣ་བཏགས་པ། ཌཱ་དྲིལ། རྐང་གླིང་རྣམས་བཀོད། མདུན་ངོས་སུ་སྨན་གཏོར་རཀྟ། ཕྱི་མཆོད་བསྐོར་བཤམ་མམ་ཕྲེང་ཚར་ཅི་བདེ་བྱ། གཞན་ཡང་ལས་བུམ། བདུད་རྩིའི་དམ་ཆུ། བདུད་རྩི་རིལ་བུ། སིནྡྷུ་ར། ཅོད་པན། སོ་ཤིང་། སྲུང་སྐུད་སྔོན་དམར་སུམ་བསྒྲིལ་མདུད་སྔགས་བཏབ་པ། ཀུ་ཤ །སྔོན་གཏོར། ཚོགས་ཀྱི་ཡོ་བྱད་རྗེས་འབྲེལ་དང་བཅས་པ་འདུ་བྱའོ། །གཉིས་པ་སྒྲུབ་པ་ནི། ཚིག་བདུན་དང་། སྔོན་གཏོར་སྤྱི་འགྲེ་བཏང་ལ། ཚོགས་མཆོད་ལས་བྱང་རིན་ཆེན་སྙེ་མ་ལྟར་མཚམས་གཅད་ནས་མཐར་ཆགས་སུ་གཏང་། འདི་ཉིད་ཕྱི་སྒྲུབ་ཁོ་ན་དངོས་བསྟན་དུ་མཛད་ནས། མངོན་རྟོགས་ལས། རང་མདུན་སོགས་གསུངས་ཀྱང་ནང་སྒྲུབ་བདག་བསྐྱེད། གསང་སྒྲུབ་ལུས་དཀྱིལ་ཟུར་གསལ་ལྟར་ཡིན་པས། སྐབས་འདིར། རང་སེམས་ཨ་མ་སོགས་ཀྱིས་བདག་མདུན་དབྱེར་མེད་དུ་གསལ་བཏབ་ལ་བསྟོད་པ་ཡན་སོང་བ་དང་། མདུན་རྟེན་གྱི་གོ་སར་ཛཔ྄་ཁང་དབྱེ། གཙོ་འཁོར་རྣམས་ཀྱི་ཐུགས་ཀར་སོ་སོའི་ས་བོན་གསལ་བཏབ། དེ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་མཛད། སྣང་སྲིད་དཀྱིལ་འཁོར་གསུམ་གྱི་རོལ་པར་མོས་ལ་གཙོ་འཁོར་སྦྲེལ་བའི་སྙིང་པོ་ཅི་ནུས་བཟླ། བུམ་པར་ཡང་གསལ་བཏབ་སྤྱི་མཐུན་བཅས་བཟླས་པ་བྱ། མཐར་སྟོང་ཚིགས་མཆོད་བསྟོད། བུམ་ལྷ་འོད་ཞུ། ལས་བུམ་དུ་རྡོར་སེམས་བསྐྱེད་བཟླས། བཀའ་གཏེར་སྲུང་མའི་གཏོར་འབུལ་རྣམས་བྱས་ལ། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཀྱི་བར་དུ་གཏང། ཏིང་ངེ་འཛིན་གྱི་དབང་ལེན་ནམ་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །གསུམ་པ་དབང་དངོས་ལ་གསུམ། སྟ་གོན། འཇུག་པ། དབང་བཞི་བསྐུར་བའོ། །དང་པོ་ནི། སློབ་མ་རྣམས་ཁ་བཤལ། རང་གྲལ་དུ་འཁོད་པ་ལ་བགེགས་གཏོར་བཏང་ཞིང་མཚམས་བཅད་ལ་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། དེའང་འབྲས་བུ་ལམ་བྱེད་ཀྱིས་ཁྱད་པར་དུ་འཕགས་པའི་གསང་སྔགས་བླ་ན་མེད་པ་ནང་རྒྱུད་སྡེ་གསུམ་ལས་མཆོག་གི་དངོས་གྲུབ་ཀྱི་ཉེར་ལེན་ཟབ་ཅིང་བདེ་མྱུར་གྱིས་ཁྱད་པར་དུ་བྱས་པའི་མ་རྒྱུད་ཤེས་རབ་གཙོ་བོར་སྒྲུབ་པའི་སྐོར་ལས་སྐབས་སུ་བབས་པ། ཆོས་སྐུ་རྡོ་རྗེ་བཙུན་མོ་ཤེས་རབ་ཕར་ཕྱིན། ལོངས་སྐུ་དབྱིངས་ཕྱུག་རྡོ་རྗེ་རྣལ་འབྱོར་མ་ཉིད་གདུལ་བྱའི་དོན་དུ་སྤྲུལ་པའི་སྐུར་བསྟན་པ་མཁའ་སྤྱོད་མཁའ་འགྲོའི་ཚོགས་རྗེ་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་འདི་ཉིད་ཐབས་དང་ཤེས་རབ་ཀྱི་སྣང་ཆའི་རྣམ་པ་ཙམ་ལས་དོན་དུ་གུ་རུ་རིན་པོ་ཆེ་ཉིད་དང་ཡང་ཐ་དད་མེད་པའི་དགོངས་པ་མཉམ་པ་ལ། རྣམ་པ་རྣལ་འབྱོར་དབང་མོའི་གཟུགས་ཀྱིས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་ཟབ་གསང་བཀའི་སྡུད་པ་པོ་མཛད་ཅིང་། གཏེར་ཁ་བྱེ་བ་ཕྲག་བརྒྱ་སྦས་པའི་གཉེར་མཛད་པ་སོགས་བོད་ཁམས་ལ་གུ་རུ་ཉིད་དང་རྣམ་དབྱེར་མེད་པའི་བཀའ་དྲིན་ཆེན་པོས་ཁྱབ་པ་ཡིན་ལ། དེ་ཉིད་ཀྱི་སྒྲུབ་ཐབས་གཏེར་ཁ་རྣམས་སུ་རྒྱས་བསྡུས་ཅི་རིགས་པ་བྱོན་ཀྱང་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་སྒེར་རྒྱུད་ཀྱི་ཁུངས་ལ་བརྟེན་ཅིང་སྨིན་གྲོལ་ལས་ཚོགས་དང་བཅས་པ་ཁ་ཚང་དོན་འདྲིལ་ལ་བརྒྱུད་པའི་ཟམ་མ་ཆད་པ། ཞག་བདུན་བསྒོམས་པས་མཁའ་སྤྱོད་དུ་སྐྱེལ་བར་བྱེད་པའི་ཟབ་གསང་ངོ་མཚར་རྨད་དུ་བྱུང་བ་འདི་ནི། ཕྱིས་བྱོན་གཏེར་སྟོན་ཐམས་ཅད་ཀྱི་རྒྱལ་པོ་ཨཱརྱ་ས་ལེའི་སྐྱེ་མཐའ་ཨོ་རྒྱན་བསམ་གཏན་གླིང་པའམ། སྟག་ཤམ་ནུས་ལྡན་རྡོ་རྗེས་མདོ་ཁམས་གཙང་གཤིས་རྡོ་རྗེ་གྲོ་ལོད་ནས་ཁ་བྱང་ཁྲོམ་གཏེར་དང་། དངོས་གཞི་གསང་གཏེར་དུ་སྤྱན་དྲངས་ནས་ལོ་བརྒྱད་གསང་རྒྱས་བཏབ། མཁའ་འགྲོའི་བསྐུལ་བྱང་དང་བསྟུན་ཏེ་གཏན་ལ་ཕབ་པ་ཟབ་མོ་རྡོ་རྗེ་གསང་བ་ཡོངས་འདུས་ཞེས་བླ་མ་གྲོ་ལོད་ཞི་དྲག །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ནོར་ལྷ་ཛཾ་ལ་དམར་པོ། ཆོས་སྐྱོང་དཔལ་མགོན་སྟག་ཞོན་བཅས་པའི་ཆོས་སྐོར་བཞུགས་པ་ལས། འདིར་དབང་རྒྱས་པ་རྡོ་རྗེ་སྙིང་པོ་ལས་མཁའ་འགྲོའི་སྒེར་དབང་ཁོལ་དུ་ཕྱུང་པའི་སྨིན་བྱེད་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས། ཐོག་མར་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་མ་བླ་མ་རྡོ་རྗེ་འཛིན༔ འཁོར་འདས་མགོན་པོ་པདྨ་འབྱུང༔ འཁོར་བ་མེ་མདག་དོང་ནང་དུ༔ ཚིག་ཅིང་བསྲེགས་པའི་བདག་སོགས་ལ༔ སྐྱོབ་མཛད་མགོན་པོ་བརྩེ་བས་དགོངས༔ བདག་སོགས་འཁོར་བའི་དོང་ནས་དྲོངས༔ བདེ་ཆེན་ཆོས་ལ་འགོད་པར་མཛོད༔ ལན་གསུམ། ཞེས་གསོལ་བ་བཏབ་པས་སྐལ་པའི་སྣོད་དང་ལྡན་པར་རིགས་ནས་གསང་བའི་དཀྱིལ་འཁོར་གཉན་པོ་འདིར་བཅུག་ཕྱིན་ཆད་སྐལ་མེད་དང་ཚོགས་འདྲེས་པར་མི་རུང་བས་མི་ནོར་བའི་མཚན་མ་རྟགས་ཀྱི་རྒྱ་དང་རིགས་ཀྱི་ཅོད་པན་བྱིན་པར་མོས་ཤིག །དཔྲལ་བར་སིནྡྷུ་རའི་ཐིག་ལེ་བཏབ་ལ། ཧོ༔ དཔའ་བོ་མཁའ་འགྲོའི་རྟགས་ཀྱི་རྒྱ༔ སིནྡྷུ་པདྨ་བདེ་ཆེན་ཁྲག༔ མ་ནོར་ངོས་བཟུང་པདྨའི་བུ༔ བུད་མེད་རྣམས་ལ། མ་ནོར་ངོས་བཟུང་མཁའ་འགྲོའི་མཚན༔ ཞེས་བྱ། ཅོད་པན་སྤྱི་བོར་བཞག་ལ། ཧོ༔ གསང་སྔགས་བླ་མེད་རྡོ་རྗེ་ཅན༔ སྐལ་ཅན་རིགས་ཀྱི་བུ་ཁྱོད་ལ༔ རིགས་བདག་པད་འབྱུང་སྤྱི་བོར་བཞུགས༔ བུད་མེད་ལ། སྐལ་ལྡན་རིགས་ཀྱི་བུ་མོ་ལ༔ རིགས་བདག་མཚོ་རྒྱལ་སྤྱི་བོར་བཞུགས༔ ཞེས་བསྒྱུར། ཐེག་པ་མཆོག་འདིར་ལམ་ཞུགས་གང༔ མི་ནོར་བརྡ་ཡི་རྟགས་འདི་ཆོངས༔ སོ་ཤིང་གཏད། ར་བ་འགྲིམ་ལ། དྲི་བཟང་པོའི་སོ་ཤིང་སོར་བཅུ་གཉིས་པས་སོ་ལ་དྲུད་པས་ཤ་ཟོས་པ་ལ་སོགས་པའི་སྡིག་པ་ཐམས་ཅད་སྐྱུག་པའི་ཚུལ་གྱིས་དག་པར་མོས་ལ་དཀྱིལ་འཁོར་དུ་འདོར་བཞིན་པས་འདིའི་རྗེས་ཟློས། ཧོ༔ རྡོ་རྗེ་འབར་བའི་སོ་ཤིང་འདི༔ ཤ་ཟན་སོ་ཡི་དྲི་མ་འཁྲུད༔ ཤ་ཟོས་སྡིག་པ་དག་གྱུར་ནས༔ རྡོ་རྗེ་འཛིན་པའི་ས་ཐོབ་ཤོག༔ སྐུད་པ་ལ་མཁའ་འགྲོའི་སྔགས་བཏབ་ལ། སྲུང་བའི་རྡོ་རྗེའི་མདུད་པ་མགུལ་དུ་བཏགས་པས་བར་ཆད་ཐམས་ཅད་ལས་སྲུང་བར་བྱེད་པའི་རྡོ་རྗེའི་གོ་ཆ་བགོས་པར་མོས་ཤིག །ཧོ༔ སྲུངས་ཤིག་སྲུངས་ཤིག་རྡོ་རྗེའི་གོ༔ ཡེ་ཤེས་མཁའ་འགྲོའི་ཕོ་བྲང་ཆེ༔ རྡོ་རྗེ་སློབ་མར་བཅིངས་པ་ཡིས༔ རྡོ་རྗེ་སྲུང་བའི་གུར་དུ་ཚུད༔ སྲོག་དང་ཚེ་དང་བསོད་ནམས་བླ༔ དབང་ཐང་རྡོ་རྗེའི་མཁར་ཁང་དུ༔ གསང་སྔགས་རྡོ་རྗེའི་མེ་ཕུང་འབར༔ འབར་བའི་མཚམས་ཆོད་སྲུང་བའི་གུར༔ བཛྲ་རཀྵ་རཀྵ༔ ཀུ་ཤའི་གདན་རྒྱ་གྲམ་གཏད་ལ། བཀྲ་ཤིས་པའི་རྩའི་གདིང་བ་བྱིན་པས་གདན་འདིར་གཡོ་བ་མེད་པར་བྱང་ཆུབ་མངོན་དུ་བྱེད་པའི་རྟེན་འབྲེལ་འགྲིགས་པར་མོས་ཤིག །ཧོ༔ སྔོན་ཚེ་སྐྱོབ་པ་སངས་རྒྱས་ཀྱིས༔ རྩྭ་འཚོང་བཀྲ་ཤིས་རྩྭ་བསླངས་ནས༔ བདུད་སྡེའི་དཔུང་ཀུན་གཞོམ་པ་ལྟར༔ དེ་རིང་བུ་ལ་ངས་རྩྭ་གཏད༔ ཁྱོད་ཀྱིས་གདན་འདིར་གཡོ་མེད་བཞིན༔ བྱང་ཆུབ་དམ་པ་ཐོབ་པར་གྱིས༔ དེ་ཉིད་གདན་དུ་བྱས་པའི་སྟེང་དུ་རྣམ་སྣང་གི་ཆོས་བདུན་དང་ལྡན་པའི་ལུས་གནད་གཡོ་མེད་ཆོས་ཤིག །ཅེས་དར་གཅིག་འཇོག །གཉིས་པ་ཐེག་པ་འོག་མ་རིམ་འཇུག་དང་མཐུན་པར་རྒྱུད་སྦྱོང་བའི་ཆོ་ག་རྣམས་བསྒྲུབ་པ་ལ། ཐོག་མར་སྡིག་སྒྲིབ་སྦྱོང་བའི་སླད་དུ་ཀྲི་ཡའི་ཁྲུས་ཀྱི་དམིགས་པ་འདི་ལྟར་མཛོད། ལས་བུམ་ཐོགས་ལ། ཧོ༔ གསང་སྔགས་ཀྲི་ཡ་རྡོ་རྗེའི་ཆུ༔ རེག་མྱང་ཙམ་ནས་དག་པར་གྱུར༔ ལུས་ཕུང་ཤེལ་བུམ་ལྟ་བུར་སྒོམས༔ ཧཱུྃ་ལས་རྡོ་རྗེ་སེམས་དཔའ་དཀར༔ བདུད་རྩིའི་རྒྱུན་བབས་ཉམས་ཆག་དག༔ ཅེས་ཁྲུས་བྱ་ཞིང་ཐམས་ཅད་ལ་ཡིག་བརྒྱ་ལན་གསུམ་བཟླར་གཞུག །གཉིས་པ་སོ་ཐར་གྱི་རྩ་བ་སྐྱབས་འགྲོ་འབོགས་པ་ལ། ཁྱེད་རང་རྣམས་ཀྱི་མདུན་དུ་སློབ་དཔོན་དང་ཐ་དད་མེད་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གསེར་མདོག་སྤྲུལ་སྐུའི་ཆ་ལུགས་འོད་འདོམ་གང་འཕྲོ་བ་ཞིག་བཞུགས་པར་མོས་ལ་རྩྭའི་གདན་ལ་པུས་བཙུགས་ཐལ་མོ་སྙིང་གར་སྦྱར་ཏེ་འདིའི་རྗེས་ཟློས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ་ལོ༔ བདག་རྡོ་རྗེ་ཆེ་གེ་མོ་དུས་དེང་ནས་གཟུང་སྟེ་བྱང་ཆུབ་ཀྱི་བར་དུ་སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ༔ སྔོན་གྱི་དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་སྲོག་གཅོད་པ་སོགས་མི་དགེ་བ་རྣམས་ལས་སླར་ལོག་པ་དེ་བཞིན་དུ༔ བདག་རིག་པ་འཛིན་པས་དེང་ནས་གཟུང་སྟེ་བྱང་ཆུབ་ཀྱི་བར་དུ༔ སྲོག་གཅོད་པ་སོགས་མི་དགེ་བ་རྣམས་ངེས་པར་སྤང་བར་བགྱིའོ༔ ལན་གསུམ། གསུམ་པ་བྱང་སེམས་ཀྱི་བསླབ་བྱ་བླང་བ་ལ། མདུན་དུ་སློབ་དཔོན་དང་གཉིས་སུ་མེད་པའི་སྤྱན་རས་གཟིགས་དུང་མདོག་ལོངས་སྤྱོད་རྫོགས་པའི་ཆས་སྙིང་རྗེས་གཟིགས་པ་ཞིག་བཞུགས་པར་མོས་ལ་རྩྭའི་གདན་དུ་སེམས་སྐྱིལ་གྱིས་ཐལ་མོ་སྤྱི་བོར་སྦྱོར་ལ་འདིའི་རྗེས་ཟློས། བླ་མ་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ བདག་རྡོ་རྗེ་ཆེ་གེ་མོ་དུས་དེང་ནས་གཟུང་སྟེ་བྱང་ཆུབ་རིན་པོ་ཆེ་མ་ཐོབ་ཀྱི་བར་དུ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་སྐྱབས་སུ་མཆིའོ༔ སྔོན་གྱི་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས་སྤྱད་པ་སྤྱོད་ཅིང་སེམས་ཅན་གྱི་དོན་མཛད་པ་དེ་བཞིན་དུ༔ བདག་རིག་པ་འཛིན་པས་ཀྱང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་ནས་བྱང་ཆུབ་སྤྱད་པ་སྤྱོད་ཅིང་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ༔ ལན་གསུམ། བཞི་པ་རིག་འཛིན་སྔགས་ཀྱི་སྡོམ་པ་བླང་བའི་སླད་དུ། མདུན་དུ་བླ་མ་དང་གཉིས་སུ་མེད་པའི་པདྨ་རྡོ་རྗེ་འཆང་ཡབ་ཡུམ་མཐིང་སྔོན་ཆོས་སྐུའི་རང་བཞིན་ཅན་ཞིག་བཞུགས་པར་མོས་ལ། རྩྭའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་འཁོད། ལག་གཉིས་རྡོར་དྲིལ་སྙིང་གར་བསྣོལ་ལ་འདིའི་རྗེས་ཟློས། སྐུ་གསུམ་བླ་མ་བདག་ལ་དགོངས༔ བདག་ཉིད་རྡོ་རྗེ་ཆེ་གེ་མོས༔ དེང་ནས་གདོད་མར་སངས་རྒྱས་བར༔ ཁྱབ་བདལ་ཆོས་ཀྱི་སྐུ་ལ་སྐྱབས༔ གསལ་དག་ལོངས་སྤྱོད་རྫོགས་ལ་སྐྱབས༔ སྣ་ཚོགས་སྤྲུལ་པའི་སྐུ་ལ་སྐྱབས༔ སྐུ་གསུམ་དག་པའི་སྤྱན་སྔ་རུ༔ དེང་ནས་དམ་བཅའ་བརྟན་པོར་གཟུང༔ རྡོ་རྗེ་རིན་ཆེན་པདྨ་ལས༔ དེ་བཞིན་རིགས་ཀྱི་དམ་ཚིག་ཏུ༔ དཀྱིལ་འཁོར་མཆོད་ཅིང་སྦྱིན་པ་གཏོང༔ མཚན་ལྡན་ཡུམ་སྦྱོར་སྡུག་བསྔལ་བསྒྲལ༔ དབྱིངས་རིག་མི་འབྲལ་རང་རིག་བསྒོམ༔ རྩ་བ་གསུམ་དང་ཡན་ལག་གི༔ དམ་ཚིག་ཉི་ཤུ་བཅས་པ་བསྲུང༔ འགྲོ་བའི་དོན་དུ་བརྩོན་པར་བྱ༔ ལན་གསུམ། དེས་ཐུན་མོང་དང་མཐུན་པའི་འཇུག་སྒོའི་དབང་རྣམས་གྲུབ་པ་ལགས། གསུམ་པ་དངོས་གཞི་ཐུན་མིན་བླ་མེད་ཀྱི་དབང་རྣམས་བསྐུར་བའི་ཐོག་མར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བླ་མ་རྡོ་རྗེ་སློབ་དཔོན་ཆེ༔ རྡོ་རྗེ་གསང་བདག་པདྨ་འབྱུང༔ བླ་མ་མཁའ་འགྲོའི་དཀྱིལ་འཁོར་དུ༔ བསྐྱེད་རྫོགས་བླ་ན་མེད་པ་ཡི༔ དབང་བསྐུར་མཆོག་དེ་བདག་ལ་སྩོལ༔ ལན་གསུམ། ཐོག་མར་དབང་གི་གཞི་བཅའ་བ་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ཏེ་དམིགས་པ་འདི་རྩེ་གཅིག་ཏུ་གསལ་ཐོབ། ཧོ༔ བུ་རྣམས་མ་ཡེངས་པར་འདི་བཞིན་དུ་སྒོམས་ཤིག༔ ཁྱེད་རང་རྣམས་སྡོད་མལ་ཨོ་རྒྱན་གྱི་གནས༔ སྣང་ལ་རང་བཞིན་མ་གྲུབ་པར་འོད་ཀྱི་རང་བཞིན༔ གནམ་ས་ཆོས་འབྱུང་འབར་བའི་དབུས་སུ༔ གདན་པདྨ་དམར་པོ་དང་ཟླ་བ་དཀར་པོའི་སྟེང་དུ༔ རང་ལུས་ཨ་མ་མཚོ་རྒྱལ་བཅུ་དྲུག་ལོན་པའི་ལང་ཚོ་དར་ལ་སྒེག་པ༔ དཀར་ལ་དམར་བའི་མདངས༔ དབུ་སྐྲ་གྲོལ་ཅིང་གཅེར་མོ་ནུ་མ་འབུར་ལ་བྷ་ག་རྒྱས་པ༔ ཕྱེད་སྐྱིལ་གར་གྱིས་བདེ་སྟོང་ཨ་ཧཾ་གི་སྒྲ་སྒྲོག་ཅིང༔ ཕྱག་གཉིས་ཐོད་པ་དང་ཌཱ་རུ་འཁྲོལ་ཅིང་ཞལ་འཛུམ་པར་གསལ་བའི་ལྟེ་བར་ཐིག་ལེ་དམར་པོ་དགའ་བ་འཁྱིལ་བ༔ ཁུག་བཞི་ལ་ཧ་རི་ནི་ས༔ དབུས་སུ་མ་ཡིག་མེའི་མདོག་ཅན་གསལ༔ སྤྱི་བོར་གུ་རུ་པདྨ་དེ་ལ་རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་ཐམས་ཅད་ཀྱིས་བསྐོར་བར་གསལ་ནས་མོས་གུས་དྲག་ཏུ་སྐྱེད་ལ་འདི་ལྷན་ཅིག་དབྱངས་སུ་གྱེར་བ་ཞུ། ཨ་མ་བྱིན་རླབས་འོད་ཕུང་གཏིབས༔ ཞེས་ཚར་མང་དུ་བྱ། དེ་ལྟར་གསོལ་བ་བཏབ་པས་དགའ་བ་འཁྱིལ་བའི་ཡིག་འབྲུ་ལས་མེ་འབར་ནས་འོད་ཟེར་ཡར་འཕྲོས་པས་གུ་རུ་ལ་ཕོག༔ གུ་རུའི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས་ནས་ཚུར་འདུས་པས་འཁོར་དང་བཅས་པ་གུ་རུ་ལ་འདུས༔ གུ་རུ་ཨ་དཀར་པོར་གྱུར་ནས་མཚོ་རྒྱལ་གྱི་སྤྱི་བོར་ཨ་ལས་བདུད་རྩིའི་ཆུ་རྒྱུན་བབས་ནས་མཚོ་རྒྱལ་སྐུ་གང་བདེ་བ་རྒྱས་པས་དགའ་བ་འཁྱིལ་བ་འུར་སྒྲ་བཅས་ནས་གཡས་སྐོར་དུ་སྒ་ར་ར་འཁོར་བ་ལ་ཤེས་པ་གཏོད་ཅིག །བྱས་ལ་འབེབ་པའི་རྫས་བརྟུལ་ཅིང་ཌཱ་དྲིལ་རིང་དུ་བྱ། ཡེ་ཤེས་པ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་རྡོ་རྗེ་མགོར་བཞག །དེ་ནས་དབང་བསྐུར་དངོས་གཞི་ཕྱི་ནང་གསང་བ་ཡང་གསང་བླ་ན་མེད་པ་ལྔར་ཡོད་པ་ལས་དང་པོ་ཕྱི་ཐུན་མོང་རིག་པའི་དབང་ལྔ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ རྡོ་རྗེ་ཁྱེད་ནི་ཡེ་ཤེས་ཆེ༔ དྲི་མེད་བདུད་རྩི་དེ་རིང་རྙེད༔ བཀའ་དྲིན་ཆེན་པོ་བླ་མ་མཆོག༔ དཀྱིལ་འཁོར་གཙོ་བོ་ཀྱཻ་རྡོ་རྗེ༔ རྡོ་རྗེ་རྣལ་འབྱོར་བདག་ཉིད་མ༔ བཀའ་དྲིན་ཆེན་པོས་རྗེས་སུ་ཟུངས༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ལན་གསུམ། བླ་མས། ཧོ༔ བུ་རྣམས་མ་ཡེངས་ལེགས་པར་ཉོན༔ གསང་སྔགས་ཐེག་པ་ཆེན་པོ་འདི༔ བསྐལ་པ་བརྒྱར་ཡང་འབྱུང་བར་དཀའ༔ ཨུ་དུམ་ཝ་རའི་མེ་ཏོག་ལྟར༔ འབྱུང་འགྱུར་དེ་ལ་ཡུན་མི་གནས༔ ཁྱེད་རྣམས་བསོད་ནམས་སྐལ་བ་ལྡན༔ དེ་ཕྱིར་དམ་ཚིག་སྲོག་ལྟར་སྲུངས༔ རྡོ་རྗེ་མགོར་བཞག་ལ། ཧོ༔ དེང་ནས་བརྩམ་སྟེ་བུ་ཁྱོད་ཀྱི༔ ཧེ་རུ་ཀ་དཔལ་ང་ཡིན་པས༔ ང་ཡིས་བསྒོ་བའི་བཀའ་འདི་ལ༔ ཁྱོད་ཀྱིས་བཅག་པར་མི་རུང་ངོ༔ ཇི་ལྟར་བསྒོས་པའི་སྐུའི་དམ་ཚིག་ལུས་ཀྱིས་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཧོ༔ དེང་ནས་ཁྱོད་ཞབས་པདྨོ་ལ༔ རྟག་ཏུ་གུས་བཏུད་ལུས་འབུལ་ཏེ༔ བྲན་གྱི་བྱ་བ་བདག་བསྒྲུབ་ན༔ ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ༔ སྐུ་ཡི་དམ་ཚིག་མ་ལུས་པ༔ ལུས་སྲོག་ཞིག་ཀྱང་མི་འདའ་བསྲུང༔ ས་མ་ཡ་བཛྲ་ཙིཏྟ་ཧཱུྃ༔ ལན་གསུམ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་པ་རྣམས་དང་ལྷན་ཅིག་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་བདེ་གཤེགས་རིགས་ལྔའི་རང་བཞིན་ཅན་གྱི་རིག་པའི་དབང་ལྔ་རིམ་པར་སྩོལ་བར་མོས་ཤིག །རྣམ་བུམ་གྱིས་དབང་བསྐུར་ཁྲུས་བྱས་ལ། ཧཱུྃ༔ མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ༔ རྡོ་རྗེ་དྲི་མེད་དག་པའི་ཆུས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྣམ་ཤེས་ཕུང་པོ་གནས་གྱུར་ནས༔ མི་བསྐྱོད་རྡོ་རྗེའི་སྐུ་ཐོབ་ཤོག༔ ཧཱུྃ་བཛྲ་སཏྭ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཆུའི་དབང་བསྐུར་པས་དཔྲལ་བར་མི་བསྐྱོད་རྡོ་རྗེས་བརྒྱན་པར་སྒོམས་ཤིག །དབུ་རྒྱན་ཐོགས་ལ། ཧཱུྃ༔ རིན་ཆེན་འབྱུང་ལྡན་བཅོམ་ལྡན་འདས༔ ང་རྒྱལ་ཉོན་མོངས་རྣམ་པར་དག༔ དབུ་རྒྱན་ཅོད་པན་རིན་པོ་ཆེས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཚོར་བའི་ཕུང་པོ་གནས་གྱུར་ནས༔ རིན་ཆེན་འབྱུང་ལྡན་སྐུ་ཐོབ་ཤོག༔ ཏྲཱཾ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ དབུ་རྒྱན་གྱི་དབང་བསྐུར་པས་རྣ་ལྟག་གཡས་སུ་རིན་ཆེན་འབྱུང་ལྡན་གྱིས་བརྒྱན་པར་སྒོམས་ཤིག །རྡོ་རྗེ་ཐོགས་ལ། ཧཱུྃ༔ སྣང་བ་མཐའ་ཡས་བཅོམ་ལྡན་འདས༔ འདོད་ཆགས་ཉོན་མོངས་རྣམ་པར་དག༔ རྡོ་རྗེ་མི་ཤིགས་པདྨ་བདེས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འདུ་ཤེས་ཕུང་པོ་གནས་གྱུར་ནས༔ སྣང་བ་མཐའ་ཡས་སྐུ་ཐོབ་ཤོག༔ ཧྲཱིཿཔདྨ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེས་དབང་བསྐུར་པས་ལྟག་པར་སྣང་བ་མཐའ་ཡས་ཀྱིས་བརྒྱན་པར་སྒོམས་ཤིག །དྲིལ་བུ་ཐོགས་ལ། ཧཱུྃ༔ དོན་ཡོད་གྲུབ་པ་བཅོམ་ལྡན་འདས༔ ཕྲག་དོག་ཉོན་མོངས་རྣམ་པར་དག༔ དྲིལ་བུ་ཆོས་སྒྲ་བླ་ན་མེད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འདུ་བྱེད་ཕུང་པོ་གནས་གྱུར་ནས༔ དོན་ཡོད་གྲུབ་པའི་སྐུ་ཐོབ་ཤོག༔ ཨཱཿཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དྲིལ་བུས་དབང་བསྐུར་པས་རྣ་ལྟག་གཡོན་དུ་དོན་ཡོད་གྲུབ་པས་བརྒྱན་པར་སྒོམས་ཤིག །རྡོར་དྲིལ་ཟུང་འཇུག་གཏད་ལ། ཧཱུྃ༔ རྣམ་པར་སྣང་མཛད་བཅོམ་ལྡན་འདས༔ གཏི་མུག་ཉོན་མོངས་རྣམ་པར་དག༔ རྡོ་རྗེ་དྲིལ་བུ་ཐབས་ཤེས་མཆོག༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ གཟུགས་ཀྱི་ཕུང་པོ་གནས་གྱུར་ནས༔ རྣམ་པར་སྣང་མཛད་སྐུ་ཐོབ་ཤོག༔ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ༔ གསང་མཚན་མིང་བྱང་ཅོད་པན་སྦྱིན། སློབ་དཔོན་གྱིས་གཡས་སྐྱབས་སྦྱིན། གཡོན་ཆོས་གོས་ཀྱི་གྲྭ་རི་དྭགས་རྣ་བ་ལྟ་བུར་བྱས་ལ། ཧོ༔ རྡོ་རྗེ་གསུམ་གྱི་གསང་བའི་མིང༔ གསང་སྔགས་ཐེག་པ་ཆེན་པོ་མཆོག༔ གྲལ་ལ་མི་ནོར་པདྨའི་ལྕམ༔ གསང་སྔགས་གྲལ་གྱི་རིགས་བདག་འདི༔ མིང་བཏགས་བདུད་ལས་རྣམ་པར་རྒྱལ༔ མིང་གཞི་རྣམ་དག་འཁོར་འདས་དག༔ བུ་ཁྱོད་བདེ་ཆེན་ས་ལ་འོ༔ རྡོ་རྗེས་མཚན་པའི་མིང་སོ་སོར༔ མ་བརྗེད་རིགས་བདག་ལ་བསྒོམ་མོ༔ མིང་གིས་དབང་བསྐུར་ཅིང་ལུང་བསྟན་པས་དབུ་གཙུག་ཏུ་རྣམ་པར་སྣང་མཛད་ཀྱིས་བརྒྱན་པར་སྒོམས་ཤིག །ནམ་མཁའི་དབང་ལྷ་རྣམས་ཀྱང་ཁྱེད་རང་ལ་ཐིམ་པར་མོས། ཤིས་པ་བརྗོད། དེ་རྣམས་ཀྱིས་ཕྱི་ཕན་པའི་དབང་བསྐུར་པ་ཐོབ། གསང་སྔགས་སྤྱི་དང་མ་ཧཱ་ཡན་ཆད་ཀྱི་ཆོས་ལ་སྤྱོད་དུ་རུང་། རྩ་བ་སྐུའི་དམ་ཚིག་དང་ཡན་ལག་ཤེས་པར་བྱ་བ་ལྔ་པོ་བསྲུང། ལུས་ཀྱི་སྒྲིབ་པ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། ས་དྲུག་པ་ཐོབ། འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་སོ། །གཉིས་པ་ནང་རྡོ་རྗེ་སློབ་དཔོན་གྱི་དབང་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་འདེབས་རྗེས་ཟློས། ཧོ༔ གསང་སྔགས་བླ་མེད་དཀྱིལ་འཁོར་འདིར༔ བླ་མ་མཆོག་གི་བཀའ་དྲིན་གྱིས༔ ཐུན་མོང་རིག་པའི་དབང་བསྐུར་ཐོབ༔ ད་དུང་ཐུན་མིན་བླ་མེད་དབང༔ གཙོ་བོས་བདག་ལ་བཀའ་དྲིན་སྩོལ༔ གསུམ། བདུད་རྩིའི་དམ་ཆུ་སྦྱིན་ལ། ཧོ༔ འདི་ནི་རྡོ་རྗེའི་རང་བཞིན་ཆུ༔ དམ་འདི་ཐུབ་པར་གྱུར་པ་གང༔ ཡེ་ཤེས་སེམས་དཔར་གྱུར་ནས་ནི༔ སེམས་དང་གཉིས་མེད་ལྷང་ངེར་བཞུགས༔ མྱུར་དུ་སངས་རྒྱས་ཐོབ་པར་འགྱུར༔ ཉམས་ན་ལྕགས་སྡིག་མགོ་དགུར་འགྱུར༔ སྙིང་ཁྲག་འཐུངས་ནས་མྱོས་སུ་གཞུག༔ མཐར་ནི་རྡོ་རྗེ་དམྱལ་བར་འགྱུར༔ དེ་བས་དམ་ཚིག་ཐུབ་པར་སྲུངས༔ དེ་ལྟར་བཀའ་བསྒོས་པ་ལས་མི་འདའ་བར་གསུང་གི་དམ་ཚིག་ངག་གིས་བསྲུང་སྙམ་པས་འདིའི་རྗེས་ཟློས། ཧོ༔ དེང་ནས་བདག་གི་ངག་འདི་ནི༔ རྡོ་རྗེ་སློབ་དཔོན་ཁྱོད་ལ་འབུལ༔ གསང་བའི་དམ་སྲུང་དམ་ཆུ་འཐུང༔ དམ་ཚིག་འདི་ལས་འདའ་རེ་ཀན༔ ས་མ་ཡ་ཝཱ་ཀ་ན་ར་ཀན་ཧཱུྃ༔ ཁྱད་པར་གྱི་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨ་མ་མཚོ་རྒྱལ་བདག་ལ་བསྩལ་ལགས་ཀྱིས༔ བདག་ལ་གནང་བར་མཛད་དུ་གསོལ༔ གསུམ། ནང་བྱེ་བྲག་གི་དབང་རྣམས་བསྐུར་བའི་ཐོག་མར་གཏོར་མ་འདི་ཉིད་མཁའ་སྤྱོད་བདེ་བ་ཆེན་པོའི་ཕོ་བྲང་དུ་རྒྱལ་ཡུམ་མཚོ་རྒྱལ་རིགས་ལྔའི་མཁའ་འགྲོ་ཞི་ཁྲོའི་འཁོར་དང་བཅས་པ་སྤྱི་བོར་བྱོན་ནས་བྱིན་གྱིས་བརླབས་པས་ཡེ་ཤེས་མཁའ་འགྲོའི་སྐུའི་དབང་དང་བྱིན་རླབས་མ་ལུས་པ་རྒྱུད་ལ་ཐོབ་པར་མོས་ཤིག །གཏོར་མ་སྤྱི་བོར་བཞག་ལ། ཧཱུྃ༔ གསང་སྔགས་ཚེ་ཡི་ཕོ་བྲང་གཏོར་མ་འདི༔ གསང་སྔགས་ཨ་མ་མཁའ་འགྲོའི་ཕོ་བྲང་ཡིན༔ བདེ་ཆེན་དཀར་མོ་སེར་མོ་དོན་གྲུབ་མ༔ དམར་མོ་སྒྲ་སྒྲོག་ལྗང་མོ་མཐར་ཕྱིན་མ༔ མཚོ་རྒྱལ་མཁའ་འགྲོ་ཡེ་ཤེས་ཐུགས་རྗེ་ཅན༔ བདུད་འདུལ་སྡེ་བཞི་སིཾ་ཧ་ཕྲ་མེན་བཞི༔ མཁའ་འགྲོ་ཡོངས་རྫོགས་སྐུ་ཡི་དབང་བསྐུར་བས༔ ཨ་མ་ཁྱོད་དང་སྐལ་པ་མཉམ་གྱུར་ཅིག༔ ཨ་མ་ཧ་རི་ནི་ས་ཨ་ཀ་ས་མ་ར་ཙ་ཨ་བྷི་ཥིཉྩ་ཨོཾ༔ དེས་སྐུའི་དབང་ཐོབ། སྐུ་ཕྱག་རྒྱ་བསྒོམ་པ་ལ་དབང་། ཡེ་ཤེས་མཁའ་འགྲོའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་སོ། །གཉིས་པ་སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་མོ་དབྱེར་མེད་པའི་ཞལ་ནས་སྔགས་ཀྱི་ཕྲེང་བ་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས་པས་ཡེ་ཤེས་མཁའ་འགྲོའི་གསུང་གི་དབང་དང་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པར་མོས་ལ་འདིའི་རྗེས་ཟློས། ཕྲེང་བ་སྦྲེལ་ལ། དྲིལ་སྔགས་ལན་གསུམ། རྣམ་བུམ་དང་ཕྲེང་བ་མགྲིན་པར་བཞག་ཅིང་བུམ་ཆུ་སྦྱིན་ལ། ཧཱུྃ༔ བཀྲ་ཤིས་བུམ་པ་བདེར་གཤེགས་གསུང་གི་བཅུད༔ ཐིག་ལེ་ལུག་རྒྱུད་གསང་སྔགས་ཕྲེང་བའི་ཚུལ༔ བུ་ལ་སྦྱིན་པས་མཁའ་འགྲོའི་གསུང་དབང་ཐོབ༔ རླུང་སེམས་རང་དབང་ཐོབ་ཅིང་རྩ་ལས་རུང༔ སྔགས་ཀྱི་ནུས་པ་མ་ལུས་འགྲུབ་གྱུར་ཅིག༔ རྩ་སྔགས་ཤམ་དུ་ཨ་བྷི་ཥིཉྩ་ཨཱ༔ དེས་གསུང་གི་དབང་ཐོབ། གསུང་གསང་སྔགས་བཟླ་བ་ལ་དབང་། ཡེ་ཤེས་མཁའ་འགྲོའི་གསུང་འགྲུབ་པའི་སྐལ་པ་ཅན་དུ་བྱས་སོ། །གསུམ་པ་མཁའ་འགྲོའི་བླ་རྟེན་སྦ་ལྕག་གཅིག་པུར་སྐྱེས་པ་སེམས་ཉིད་སྐྱེ་མེད། ཚིགས་པ་གསུམ་སྐུ་གསུམ་མཁའ་འགྲོའི་རང་བཞིན་མཚོན་པ་སྙིང་གར་བཞག་སྟེ་བརྡ་དོན་སྤྲད་པས་ཡེ་ཤེས་མཁའ་འགྲོའི་ཐུགས་ཀྱི་དབང་དང་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པར་མོས། སྦ་ལྕག་སྙིང་གར་གཏད་ལ། ཧཱུྃ༔ མཁའ་འགྲོའི་བླ་གནས་གསང་སྔགས་རྡོ་རྗེའི་གུར༔ སྐུ་གསུང་ཌཱ་ཀི་གྲངས་མེད་འདུས་པའི་རྫོང༔ སེམས་ཉིད་སྐྱེ་མེད་མཚོན་པའི་དབང་བསྐུར་བས༔ རང་སེམས་མཁའ་ལ་འགྲོ་བའི་རྟོག་པ་འདི༔ རང་དབང་ཐོབ་ནས་རྫོགས་པའི་སངས་རྒྱས་ཤོག༔ སྔགས་ཤམ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐུགས་ཀྱི་དབང་ཐོབ། ཐུགས་ཏིང་ངེ་འཛིན་བསྒོམ་པ་ལ་དབང་། ཡེ་ཤེས་མཁའ་འགྲོའི་ཐུགས་དང་གཉིས་སུ་མེད་པར་འགྱུར་བའི་སྐལ་པ་ཅན་དུ་བྱས་སོ། །བཞི་པ་ཐབས་ཐོད་པའི་ཅང་ཏེའུ་དང་ཤེས་རབ་དྲིལ་བུ་ཟུང་འཇུག་ཏུ་བཅང་བའི་རྗེས་གནང་བྱིན་པས་ཡེ་ཤེས་མཁའ་འགྲོའི་ཡོན་ཏན་གྱི་དབང་དང་བྱིན་རླབས་མ་ལུས་པ་ཐོབ་པར་མོས། ཌཱ་དྲིལ་གཏད་ལ། ཧཱུྃ༔ མཁའ་འགྲོའི་བརྡ་སྐད་དྷཱ་རུ་གསང་སྔགས་སྒྲ༔ གསུང་དབྱངས་དྲུག་ལྡན་དྲིལ་བུ་རྟེན་མཆོག་གསུམ༔ འབྲལ་མེད་འཆང་ཞིང་མཁའ་འགྲོ་རྒྱུན་དུ་མཆོད༔ ཨ་མའི་ཡོན་ཏན་བུ་ལ་རྫོགས་གྱུར་ཅིག༔ སྔགས་ཤམ་ཨ་བྷི་ཥིཉྩ་སྭཱ༔ དེས་ཡོན་ཏན་གྱི་དབང་ཐོབ། དངོས་གྲུབ་རྣམ་པ་གཉིས་བསྒྲུབ་པ་ལ་དབང་བ་ཡིན་པས། མཆོད་ཚོགས་གཏོར་མ་མ་ཆག་པར་རྩ་བ་གསུམ་ལ་ཕུལ་ཅིག །ལྔ་པ་ཁྱེད་རང་རྣམས་ཀྱི་རིག་པ་རང་བྱུང་ནམ་མཁའ་ལྟ་བུ་ཀུན་ལ་ཁྱབ་ཅིང་འདུས་མ་བྱས་པ། ངོ་བོ་སྟོང་པ། རྣམ་པ་གསལ་བ། གཉིས་ཀ་གཤིས་ཀྱིས་ཟུང་དུ་འཇུག་པ་འདི་ཉིད་ཆོས་ཐམས་ཅད་ཀྱི་གནས་ལུགས་སུ་ངོ་ཤེས་པར་གྱིས་ལ། རྣམ་རྟོག་གང་སྐྱེས་ཀྱང་ཕཊ་བརྗོད་པས་ཐད་ཀར་བཅད། རྐང་གླིང་ལན་དགུ་བུས་པས་ཡེ་ཤེས་མཁའ་འགྲོའི་ཕྲིན་ལས་ཀྱི་དབང་དང་བྱིན་རླབས་ཐམས་ཅད་ཐོབ་པར་མོས་ཤིག །ཕཊ་སྒྲ་མང་དུ་སྒྲོགས། རྐང་དུང་ལན་དགུ་འབུད་དུ་གཞུག་ལ། ཧཱུྃ༔ རྟོག་པ་དུག་གསུམ་རྩ་བ་གཞི་རྩ་བྲལ༔ རྣམ་རྟོག་སྒོ་ལྔའི་གཟུང་འཛིན་རང་སར་སྟོང༔ གཉིས་འཛིན་ཆགས་སྡང་ཚོགས་དྲུག་སྒྱུ་མ་འདྲ༔ བདུད་བཞི་བདུད་དཔུང་རང་གྲོལ་རང་སར་སངས༔ རིག་སྟོང་ཆོས་སྐུ་བྱར་མེད་ལྷུག་པའི་ངང༔ ཡུམ་ཆེན་ཕར་ཕྱིན་ཨ་མས་བྱིན་གྱིས་རློབས༔ འཁྲུལ་སྣང་ཞི་ཞིང་རྣམ་རྟོག་ཆོད་པ་དང༔ རང་རིག་དབང་འབྱོར་གཅོད་ཡུལ་འགྲུབ་གྱུར་ཅིག༔ སྔགས་མཐར། ཀརྨ་ཨ་བྷི་ཥིཉྩ་ཧཱ༔ དེས་ཕྲིན་ལས་ཀྱི་དབང་ཐོབ། བརྟུལ་ཞུགས་ཕྱོགས་མེད་དུ་སྤྱོད་པ་ལ་དབང་བ་ཡིན་པས། ཡུམ་དོན་གཅོད་ཡུལ་གྱི་ཕྲིན་ལས་ཐོགས་པ་མེད་པར་བསྒྲུབ་པར་གྱིས་ཤིག །ཡེ་ཤེས་མཁའ་འགྲོ་འདི་ལ་བསྩལ་ལགས་ཀྱིས༔ འདི་ལ་འགོ་བར་མཛད་དུ་གསོལ༔ ཞེས་དང་མེ་ཏོག་འཐོར་ལ་ཤིས་པ་བརྗོད། དེ་རྣམས་ཀྱིས་ནང་ནུས་པ་འཇུག་པའི་དབང་ཐོབ། མཁའ་འགྲོ་བྱེ་བྲག་གི་ཆོས་རྣམས་སྤྱོད་པ་ལ་དབང་། བསྒྲུབ་པར་བྱ་བའི་དམ་ཚིག་ལྔ་པོ་བསྲུང་། ས་བདུན་པ་ཐོབ་པ་དང་སྐལ་པ་མཉམ། འབྲས་བུ་ཡེ་ཤེས་མཁའ་འགྲོའི་མི་ཟད་རྒྱན་འཁོར་ལྔ་འགྲུབ་པའི་སྐལ་པ་ཅན་དུ་བྱས་སོ། །གསུམ་པ་ཐུན་མོང་མ་ཡིན་པ་གསང་བ་བྱང་ཆུབ་སེམས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་འདེབས་རྗེས་ཟློས། ཨེ་མ་ཧོ༔ བླ་མ་ཆེན་པོ་ཧེ་རུ་ཀ༔ དགའ་ཆེན་ཁྱོད་ནི་བླ་མེད་གཙོ༔ བདག་ཅག་རྗེས་སུ་བཟུང་བའི་ཕྱིར༔ དམ་རྫས་རོལ་པའི་བྱང་ཆུབ་སེམས༔ དེ་རིང་བདག་ལ་བསྩལ་དུ་གསོལ༔ འཁོར་བའི་གཅོང་སྙིང་དག་པར་མཛོད༔ ལན་གསུམ། དམ་རྫས་བདུད་རྩི་རིལ་བུ་སྦྱིན། རྡོ་རྗེ་སྙིང་གར་བཞག་ལ། ཧོ༔ དེ་རིང་ང་ཡིས་ཡེ་ཤེས་སེམས༔ དེ་ནི་ཁྱོད་ཀྱི་སྙིང་ལ་ཞུགས༔ དམ་ལ་གནས་ན་ཡེ་ཤེས་ཀྱི༔ བདེ་ཆེན་ས་ལ་ངེས་པར་བསྐྱལ༔ གལ་ཏེ་དམ་ལས་འགལ་གྱུར་ན༔ དེ་མ་ཐག་ཏུ་སྙིང་འགས་ནས༔ རྡོ་རྗེ་དམྱལ་བའི་གནས་སུ་འཚོད༔ དེ་བས་དམ་ལོངས་དམ་ཚིག་སྲུངས༔ ཇི་ལྟར་བསྒོས་པ་ལས་མི་འདའ་བར་ཐུགས་ཀྱི་དམ་ཚིག་ཡིད་ཀྱིས་བསྲུང་སྙམ་པས་འདིའི་རྗེས་ཟློས། ཧོ༔ དེང་ནས་བརྩམ་སྟེ་སངས་རྒྱས་བར༔ ལུས་དང་སྲོག་ལ་མི་ལྟོས་པའི༔ དམ་ཚིག་ཡིད་ཀྱིས་རྟག་པར་བསྲུང༔ བསྐལ་པ་ཞིག་ཀྱང་འདའ་རེ་ཀན༔ ས་མ་ཡ་ཙིཏྟ་ཐཾ་ཐཱ༔ ཡེ་ཤེས་པའི་བྱིན་རླབས་ཁྱད་པར་བ་དབབ་པ་ཡིན་པས་དམིགས་པ་འདི་ལྟར་མཛོད། ཧོ༔ ཁྱེད་རང་རྣམས་ལུས་ཕུང་རྣམ་པར་དག་པ༔ ཨ་མ་མཚོ་རྒྱལ་དཀར་ལ་དམར་བའི་མདངས་ལྡན་པ༔ གཅེར་མོ་རིན་ཆེན་རྒྱན་ལྡན་དབུ་སྐྲ་གྲོལ་བ་བཅུ་དྲུག་ལོན་པའི་ལང་ཚོ་དང་ལྡན་ཅིང༔ ཕྱག་གཉིས་གྲི་ཐོད་འཁྱུད་པའི་ཕྱག་རྒྱ་ཅན་མ༔ ཞབས་ཕྱེད་སྐྱིལ་དུ་བཞུགས་པའི་ལུས་ཀྱི་ནང་རྩ་གསུམ་འཁོར་ལོ་ལྔ་དང་ལྡན་པའི་འཁོར་ལོ་ལྔའི་ལྟེ་བར་མཚོ་རྒྱལ་རིགས་ལྔ་དཀར་དམར་མཐིང་སེར་ལྗང་གུ༔ ཕྱག་གཡས་རང་རྟགས་རིགས་ལྔས་མཚན་པའི་གྲི་གུག་དང་གཡོན་བདུད་རྩིའི་ཐོད་ཞལ་བསྣམས་པ་ལ་ཡབ་གུ་རུ་རིགས་ལྔ་གཡས་རང་རྟགས་དང་གཡོན་དྲིལ་བུ་བསྣམས་པས་འཁྱུད་པ༔ རྩ་འདབ་རྣམས་སུ་རང་འདྲའི་མཁའ་འགྲོ་ཡབ་ཡུམ༔ ཐམས་ཅད་ཀྱང་སྐུ་གཅེར་བུ་རིན་པོ་ཆེས་བརྒྱན་ཅིང་འཁྲིལ་སྦྱོར་བདེ་སྟོང་དུ་ཁྲིགས་སེ་ཡོད་པར་སྒོམས་ཤིག༔ སྤོས་དང་སློབ་དཔོན་གྱིས་ཌཱ་དྲིལ་བྱ་ཞིང་། ཨ་མ་གསལ་བ་འོད་ཕུང་གཏིབས༔ ཞེས་བརྗོད་ལ་བྱིན་དབབ། བླ་མ་གུ་རུ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་སེམས་དཀར་དམར་གྱི་རྒྱུན་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་བསྐྱིལ་པ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོས་དབང་བསྐུར་ཅིང་མགྲིན་པར་བྱིན་པར་མོས་ཤིག །དམ་རྫས་མགོར་བཞག་ཅིང་ཁར་སྦྱིན་ལ། ཧོ༔ དུས་གསུམ་བདེ་གཤེགས་རྒྱ་མཚོས་རོལ་པ་ཡི༔ དམ་རྫས་ཆོས་སྨན་མཆོག་གྲུབ་སངས་རྒྱས་ཕབས༔ སྐལ་ལྡན་སྣོད་ལྡན་ཆན་ལ་རྩི་བླུགས་པས༔ སྔར་སངས་རྒྱས་ལྟར་ཁྱོད་ཀྱང་སངས་རྒྱས་ནས༔ གསང་སྔགས་སྙིང་པོའི་དོན་ཀུན་འགྲུབ་གྱུར་ཅིག༔ གུ་རུ་ཨ་མ་ཧ་རི་ནི་ས་ཨ་ཧོཿསུ་ཁ་ཤུ་ཀྲང་པཱུ་ཙ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ངག་ལ་སྦྱིན་པའི་བདུད་རྩི་དེ་ལུས་ཀྱི་རྩ་འཁོར་ལ་ཁྱབ་པར་སི་ལི་ལི་བབས་པས༔ བསྒོམས་པའི་ལྷ་ཚོགས་ཐམས་ཅད་བདེ་མེ་རེ་རེ་ལ་ཤེས་པ་གཏད་ནས༔ ཉམས་གང་སྐྱེས་དེ་ཡེ་ཤེས་སུ་ངོས་བཟུང་ནས་རྗེས་ཤེས་སུ་བསྒོམ་པར་མཛོད་དང་ཚེ་གཅིག་ལ་ཐེག་པ་ཆེན་པོའི་རྣལ་འབྱོར་དུ་འགྱུར་བ་གདོན་མི་ཟའོ༔ དེས་ཟབ་མོ་གསང་བའི་དབང་བསྐུར་པ་ཐོབ། རྩ་བ་གསུང་གི་དམ་ཚིག་དང་ཡན་ལག་དང་དུ་བླང་བ་ལྔ་པོ་བསྲུང་། ངག་གི་སྒྲིབ་པ་དག །ལམ་རང་ལུས་ཐབས་ལྡན་བསྒོམ་པ་ལ་དབང་། ས་བརྒྱད་པ་ཐོབ། འབྲས་བུ་ལོངས་སྐུ་འཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །བཞི་པ་ཡང་གསང་རྣལ་འབྱོར་མའི་དཀྱིལ་འཁོར་དུ་ཐུག་འཕྲད་གཅེར་གྲོལ་གྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་འདེབས་རྗེས་ཟློས། ཧོ༔ བདེ་ཆེན་དཔའ་བོ་ཧེ་རུ་ཀ༔ དཀྱིལ་འཁོར་བདག་པོ་བཅོམ་ལྡན་འདས༔ བདག་སོགས་འགྲོ་ལ་དགོངས་སུ་གསོལ༔ སྔོན་ཚེ་རྡོ་རྗེ་འཆང་ཆེན་པོས༔ རྡོ་རྗེ་སེམས་དཔར་དབང་བསྐུར་ལྟར༔ དེང་ཚེ་གསང་སྔགས་སྡོང་པོ་ཁྱོད༔ བདག་ཅག་ཉོན་མོངས་གདུང་པ་ལ༔ གསང་སྔགས་རྡོ་རྗེའི་དངོས་གྲུབ་སྩོལ༔ ཡོངས་སུ་སྨིན་པར་མཛད་དུ་གསོལ༔ གསུམ། བླ་མས་དམ་བཅའ་ལེན་པ་ནི༔ ཧོ༔ གསང་སྔགས་རྡོ་རྗེ་ཐེག་པ་འདི༔ ཕུང་འཚེངས་བྱེད་པ་སྨན་དུག་འདྲ༔ དུག་ཉིད་སྨན་གྱུར་འཚེངས་ན་ཡང༔ སྨན་གྱིས་མ་ནོན་ལོག་ན་ཕུང༔ དེ་ཕྱིར་དམ་ཚིག་ཐུབ་ན་སྦྱིན༔ དམ་བཅའ་ཁས་བླང་བ་འདིའི་རྗེས་ཟློས། ཨེ་མ་ཧོ༔ དེང་ནས་བརྩམ་སྟེ་བྱང་ཆུབ་བར༔ དམ་ཚིག་བསྒོ་བའི་བཀའ་འདི་ལས༔ ལུས་སྲོག་ཞིག་ཀྱང་མི་འདའ་ཞིང༔ བསྐལ་པ་ཞིག་ཀྱང་འདའ་རེ་ཀན༔ དེ་ནས་ཐུན་མིན་དམ་ཚིག་འབོགས་པ་འདིའི་རྗེས་ཟློས་མཛོད་བྱས་ལ། རྡོ་རྗེ་མགོར་བཞག །བདུད་རྩིའི་དམ་ཆུ་སྦྱིན། ཕྲེང་བ་སྦྲེལ་ལ། ཨེ་མ་ཧོ༔ རྩ་བ་སྐུ་གསུང་ཐུགས་གསུམ་ནས༔ ཤེས་བྱ་ལྔ་དང་བསྒྲུབ་བྱ་ལྔ༔ སྤྱད་བྱ་ལྔ་དང་དང་བླང་ལྔ༔ མི་སྤོང་ལྔ་སོགས་ཉི་ཤུ་ལྔ༔ དམ་ཚིག་འདི་ལས་འདའ་རེ་ཀན༔ གཙོ་བོར་བླ་མའི་བཀའ་འདི་ལ༔ ནམ་ཡང་མི་སྤང་དང་དུ་བླང༔ ཙིཏྟ་ས་མ་ཡ་ན་ར་ཀན༔ གསུམ། མཚན་ཉིད་དང་ལྡན་པའི་རིག་མ་བྱིན་པར་མོས་ཤིག །རིག་ཙཀ་གཏད་ལ། ཀྱེ་མ་གསང་སྔགས་ཐེག་པ་ཆེན་པོ་ལ༔ རྒྱལ་བའི་ཡུམ་འདི་རྒྱལ་བའི་དཀྱིལ་འཁོར་ཡིན༔ རྒྱལ་བའི་དཀྱིལ་འཁོར་འདི་ལ་རེག་མྱོང་ཚོར་བ་ཙམ༔ བདེ་ཆེན་སྐྱེད་ཅིང་ཉོན་མོངས་འདོད་ཆགས་འཇོམས༔ འདི་ལ་མཆོད་པས་ཚེ་འདིར་སངས་རྒྱས་འགྲུབ༔ ཡེ་ཤེས་མཚོ་རྒྱལ་འདི་ལ་རྟག་ཏུ་མཆོད༔ ཅེས་གཏད་པས་དེ་ལྟར་བགྱིའོ་སྙམ་དུ་ཁས་བླང་བ་འདིའི་རྗེས་ཟློས། ཀྱེ་ཧོཿཁྱོད་ཞབས་བཀའ་དྲིན་གྱིས༔ དྲི་མེད་བདུད་རྩི་དེ་རིང་བརྙེས༔ གསང་སྔགས་ཡུམ་ལ་རྟག་ཏུ་གུས༔ རྒྱལ་ཡུམ་དཀྱིལ་འཁོར་མཆོད་ལ་བརྩོན༔ སྙིང་པོ་མཆོག་གི་ལམ་ལ་ཞུགས༔ བླ་མས་བསླབ་བྱ་བསྟན་པ། ཧོ༔ བུ་ཁྱོད་འདི་ནས་གཟུང་སྟེ་སྙིང་པོའི་བར༔ ཡུམ་ལ་རྟག་ཏུ་གུས་ཤིང་བརྙས་པ་སྤང༔ རིམ་གྲོས་བཀུར་ནས་རྟག་ཏུ་མཆོད་ལ་བརྩོན༔ གཉིས་ཀས་དམ་ཚིག་ལུས་ཀྱི་སྲོག་ལས་ཀྱང༔ གཅེས་པར་གྱིས་ཤིག་ཉམས་ན་ཉེས་དམིགས་ཆེ༔ དེ་ལྟར་གཏད་པའི་དབང་རྟེན་རིག་མ་སྟོང་པའི་ངང་ལས༔ མ་ཧ་རི་ནི་ས་ཡོངས་སུ་གྱུར་པ་ལས༔ བུད་མེད་དེ་ཉིད་རྡོ་རྗེ་མཚོ་རྒྱལ་དཀར་མོ་བཅུ་དྲུག་ལོན་པའི་ལང་ཚོ་དར་ལ་བབས་པ༔ ནུ་མ་འབུར་ཅིང་བྷ་ག་རྒྱས་པ༔ གཅེར་མོ་སྐྲ་གྲོལ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་རྩ་འཁོར་ལྔ་ལ་རིགས་ལྔའི་མཚོ་རྒྱལ་ལ་རྩ་འདབ་ཀྱི་གྲངས་དང་མཉམ་པའི་མཁའ་འགྲོས་བསྐོར་བ༔ ཁྱེད་རང་རྣམས་སྟོང་པའི་ངང་ལས༔ ཨ་ར་ཙ་ཧྲི་ཡ་ཡོངས་སུ་གྱུར་པ་ལས༔ གུ་རུ་པདྨ་འབྱུང་གནས་དམར་པོ་བཅོ་བརྒྱད་ལོན་པའི་དཔའ་བོ་སྒེག་པའི་མདངས་དང་ལྡན་པ༔ གཅེར་བུ་དབུ་སྐྲ་བསིལ་བ༔ རྒྱན་གྱིས་སྤྲས་ཤིང་ཡིད་དུ་འོང་བའི་རྩ་འཁོར་ལྔ་ལ་གུ་རུ་རིགས་ལྔ་རྩ་འདབ་ཀྱི་གྲངས་དང་མཉམ་པའི་དཔའ་བོས་བསྐོར་བ༔ ཡུམ་གྱི་བྷ་ག་པདྨ་འདབ་བཞི་ལ་ཧ་རི་ནི་ས༔ དབུས་ཀྱི་ཟེའུ་འབྲུར་མ་ཡིག༔ ཡབ་ཀྱི་རྡོ་རྗེ་རྩེ་ལྔའི་རྭ་ལྔའི་དབུས་མར་ཨཿ རྭ་བཞི་ལ་ར་ཙ་ཧྲི་ཡས་མཚན་པ༔ དམ་ཡེ་གཉིས་སུ་མེད་པར་མོས་ཤིག༔ དེ་ནས་ཡབ་ཡུམ་འཁྲིལ་ཅིང་སྙོམས་པར་ཞུགས་པས་གནས་ལྔར་བསྒོམས་པའི་བླ་མ་ཡབ་ཡུམ་ཡང་ཕན་ཚུན་སྙོམས་པར་ཞུགས༔ ཁྱད་པར་པདྨ་དང་རྡོ་རྗེའི་ཡི་གེ་ལྔ་དང་སྦྱར་བས་དགའ་བ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ལ་ཕྱིན་ཆད་གཞུང་ལས་ཇི་སྐད་གསུངས་པའི་ཟབ་ལམ་ཉམས་སུ་ལོན་པར་གྱིས་ཤིག༔ དེས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པ་ཐོབ། རྩ་བ་ཐུགས་ཀྱི་དམ་ཚིག་དང་ཡན་ལག་མི་སྤང་བ་དང་སྤྱད་བྱ་ལྔ་པོ་བསྲུང་། ཡིད་ཀྱི་སྒྲིབ་པ་དག །ས་དགུ་པ་དང་བཅུ་པ་ནོན། ལམ་གཞན་ལུས་ཕོ་ཉ་བསྟེན་པ་ལ་དབང་། འབྲས་བུ་ཆོས་སྐུ་འཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །ལྔ་པ་ཨ་ཏི་བློ་འདས་བླ་མེད་རྫོགས་པ་ཆེན་པོའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་འདེབས་རྗེས་ཟློས། ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ བདེ་ཆེན་རྡོ་རྗེ་འོད་དཔག་མེད༔ ཀུན་ཏུ་བཟང་པོ་ཀུན་བདག་ཉིད༔ བློ་ཆེན་མྱ་ངན་འདའ་དོན་དུ༔ དེ་རིང་བཞི་པའི་དབང་བསྐུར་སྩོལ༔ ལན་གསུམ། བླ་མས་ཁྱབ་བདལ་བདེ་བ་ཆེན་པོའི་དམ་འབོག་པ་ནི། བུ་རྣམས་ལེགས་འོང་སྐལ་པ་ཆེ༔ རྩོལ་མེད་ཐེག་པ་ཆེན་པོ་འདི༔ དམ་ཚིག་ཅན་ལ་བསྔགས་པའི་ཆོས༔ དམ་མེད་གསང་བར་རྒྱལ་བས་གསུངས༔ དེ་བས་དམ་ཚིག་ཐུབ་པར་སྲུངས༔ ལག་པ་ལུ་གུ་རྒྱུད་དུ་སྦྲེལ་ནས་དམ་བཅའ་བ་འདིའི་རྗེས་ཟློས། ཀྱེ་མ་ཧོ༔ ཁྱབ་བདལ་ཆེན་པོའི་དམ་ཚིག་གང༔ སྒོ་གསུམ་བྱ་བ་དགུ་ཕྲུག་དང༔ མི་འགུལ་གསུམ་ལ་གཞི་བཅས་ནས༔ མི་གཡོ་གསུམ་ལ་གནས་པར་བྱ༔ སྡོད་པ་གསུམ་གྱི་ཚད་བཟུང་ནས༔ རྟགས་ཚད་ལམ་གྱི་མེལ་ཚེ་ཡིས༔ གདིང་བཞི་མཐའ་རུ་བསྐྱལ་བར་བྱ༔ ཆོས་ཟད་བར་དུ་དམ་བཅའ་འོ༔ གསུམ། དེ་ལ་དང་པོ་ཀ་དག་ཕྱག་རྒྱ་ཆེན་པོ་གཞི་ཁྲེགས་ཆོད་ཀྱི་དབང་བསྐུར་བ་ཡིན་པས། ཁྱེད་རང་རྣམས་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་གྱིས་ཤིག །ཅེས་བྱས་ལ་བླ་མས། ཕཊ་གསུམ་བརྗོད། འོ་ཕཊ་སྔ་མའི་སྒྲ་དེ་གང་ནས་བྱུང༔ གང་དུ་ཐལ༔ བར་མའི་སྒྲ་དེ་སོགས་གོང་ལྟར༔ ཐ་མའི་སྒྲ་དེ་སོགས༔ ཕཊ་ཀྱི་ངོ་བོ་དེ་སྟོང་སང་ངེ་བ་ལ༔ འདི་བྱུང་འདིར་གནས་མེད་པར་རྟོགས་ན་རྟོགས་པ་ཡིན༔ ཡ་བྲལ་དང་དཔྱད་པ་ནི་མིན་ནོ༔ འོ་བུ་རྣམས་ཕཊ་བྱུང་བའི་ཡུལ་མེད་པ་སྟོང་པ་དེ་ཆོས་སྐུ་བློ་འདས༔ ཕཊ་བརྗོད་པའི་ངོ་བོ་སྟོང་པ་ལ་ངར་ལྷང་ངེ་འདུག་པ་དེ་ལོངས་སྐུ་གསལ་སྟོང༔ དེའི་ཀློང་ནས་ཉམས་སུ་མྱོང་མཁན་དྲན་པ་ཕྲའུ་འདུག་པ་ནི་སྤྲུལ་སྐུ་སོ་སོར་རྟོག་པའི་ཡེ་ཤེས་ཡིན༔ དེ་ཉམས་སུ་ལེན་དུས་འགྱུ་བ་སྤྲུལ་སྐུ་ལ་བལྟས་པས་སྟོང་པ་ཆེན་པོའི་སྐུར་འགྱུར༔ སྟོང་པའི་ངང་ནས་ལོངས་སྐུ་བདེ་ཆེན་ལ་ལོངས་སྤྱོད་པ་བདེ་གསལ་མི་རྟོག་པའི་ཉམས་ཡིན་ནོ༔ འདི་བཞིན་འབྲལ་མེད་དུ་ཉམས་སུ་ལོངས་ཤིག༔ དེ་བརྟན་པར་བྱ་བའི་ཕྱིར་མེ་ལོང་གི་དབང་བསྐུར་བར་མོས་ཤིག །མེ་ལོང་སྙིང་གར་བཞག་ལ། ཧཱུྃ༔ ངོ་བོ་སྟོང་པ་མེ་ལོང་སྒྲིབ་གཉིས་བྲལ༔ རང་བཞིན་གསལ་བ་སྣ་ཚོགས་གཟུགས་སྐུར་ཤར༔ ཐུགས་རྗེ་འཛིན་བྲལ་ཤར་གྲོལ་འཁྲུལ་མེད་འདི༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྣལ་འབྱོར་རིམ་བཞིན་བསྒོམ་མེད་བྱ་བྲལ་གྱུར༔ སྟོང་ཉིད་ཕྱག་རྒྱ་ཆེན་པོའི་དབང་ཐོབ་ཤོག༔ དེ་ནས་འོད་གསལ་ལྷུན་གྲུབ་ཐོད་རྒལ་གྱི་དབང་གིས་ངོ་སྤྲད་པ་ལ། ཁྱེད་རང་རྣམས་ཆོས་སྐུའི་འདུག་སྟངས་སེང་གེ་ལྟ་བུའི་ངང་ལྟ་སྟངས་ནམ་མཁར་གཏད་པས་འོད་དང་ཐིག་ལེ་འཇའ་ཚོན་སོགས་མཚན་མ་གང་མཐོང་བ་དེ་རང་གི་རིག་པར་ངོ་ཤེས་པར་གྱིས་ཤིག །ཧོ༔ བུ་རྣམས་གཞི་ཙིཏྟ་ཤའི་སྒྲོན་མ་ལ་གདོད་མའི་མགོན་པོ་བཞུགས་པ་དེ༔ ལམ་དཀར་འཇམ་རྩའི་སྒྲོན་མར་བརྒྱུད་ནས༔ སྒོ་རྒྱང་ཞགས་ཆུའི་སྒྲོན་མ་ལ་དོན་ནས༔ དབྱིངས་རྣམ་པར་དག་པའི་སྒྲོན་མའི་ཀློང་རུམ་དུ༔ ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་འཇའ་འམ་རྨ་བྱའི་མདོངས་འདྲ་བའི་སྟེང་དུ༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་འགྲོ་འོང་དང་བཅས་པ་འདིའོ༔ འདི་མཐོང་བ་ཙམ་གྱིས་ངན་སོང་དུ་རྡོག་པས་ཕུལ་ཀྱང་མི་འགྲོ་བས༔ ཉམས་སུ་བླངས་པས་ཚེ་གཅིག་ལ་ཟག་མེད་འོད་ཕུང་དུ་གྲོལ་བས་གོ་བར་གྱིས་ཤིག༔ དེ་ལ་མཐའ་རྟེན་བཞིའི་རྒྱབ་བྱས་ནས༔ ཤེས་རབ་རང་བྱུང་གི་སྒྲོན་མས་བླང་དོར་མེད་པར་གང་ཤར་ལ་མི་གཡོ་མི་འགུལ་གསུམ་གྱིས་ཉམས་སུ་ལོངས་ཤིག༔ ཅེས་བྱ། དེང་ནས་ལོངས་སྐུའི་བཞུགས་སྟངས་ལ་བརྟེན་ནས་ཉི་ཟླ་དང་། སྤྲུལ་སྐུའི་བཞུགས་སྟངས་ལ་བརྟེན་ནས་མེ་ཤེལ་སོགས་དང་སྦྱར་ཏེ་ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་བ་ལ་ཡིད་ཆེས་པར་བྱ་དགོས་སོ། །རྫས་དང་བརྡའི་དབང་གིས་ཡེ་ཤེས་དེ་ཉིད་བརྟན་པར་བྱས་པར་མོས་ཤིག །ཤེལ་རྡོ་རྨ་བྱའི་སྒྲོ་ཐོགས་ལ། ཧོ༔ རིག་པ་རང་གསལ་རྡོ་རྗེ་སེམས་དཔའ་མཆོག༔ ངོ་བོ་སྟོང་པ་རང་བཞིན་ཁ་དོག་ལྔ༔ ཐུགས་རྗེ་མཚན་བྲལ་གཞི་ཡི་འཆར་གཞི་ལ༔ ཐིག་ལེ་སྟོང་སྒྲོན་རྨ་བྱའི་མདོངས་འདྲ་བ༔ མངོན་སུམ་མཐོང་ནས་གོང་འཕེལ་ཚད་ཕེབས་ཤིང༔ ཆོས་ཟད་གདོད་མའི་དབྱིངས་སུ་སངས་རྒྱས་ནས༔ གདོས་བཅས་འཇའ་ལུས་ཡལ་བའི་དབང་ཐོབ་ཤོག༔ ཅེས་མགོར་བཞག །དེས་ཚིག་དབང་རིན་པོ་ཆེ་ཐོབ། དམ་ཚིག་བསྲུང་མཚམས་དང་བྲལ་བས་མི་བསྲུང་བའི་སྲུང་བ་ཆེན་པོ་བསྲུང་། ཤེས་བྱའི་སྒྲིབ་པ་དག །ལམ་ཨ་ཏི་ཡོ་ག་བསྒོམ་པ་ལ་དབང་། ས་བཅུ་གཅིག་པ་ནོན། འབྲས་བུ་ངོ་བོ་ཉིད་མངོན་པར་བྱང་ཆུབ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་རྟེན་སྙིང་དང་ཤིས་པ་བརྗོད་ལ་མེ་ཏོག་འཐོར་ཅིང་རོལ་མོའི་སྒྲ་བསྒྲག །མཚམས་སྦྱོར་སྤྱི་མཐུན་བཅས་དམ་ཚིག་བསྒྲག་གཟུང་། གཏང་རག་མཎྜལ་ཕྱིན་ཆད་དབང་གི་རྗེས་རྣམས་ཚང་བ་དང་། སློབ་དཔོན་གྱིས་ཚོགས་ལ་རོལ་ཅིང་ལྷག་མ་གཏང་། བསྐུལ་བ་གཏོར་སྐྱོང་རྟ་བྲོ། དཀྱིལ་འཁོར་ལ་གཏང་རག་མཆོད་བསྟོད། ནོངས་བཤགས། དཀྱིལ་འཁོར་རྟེན་ཡོད་མེད་དང་བསྟུན་པའི་བརྟན་བཞུགས་གཤེགས་གསོལ་བཀྲ་ཤིས་བསྔོ་སྨོན་བདག་བསྐྱེད་བསྡུ་ལྡང་གི་བར་ཡང་ལས་བྱང་ལྟར་ཚང་བར་བྱས་པས་འགྲུབ་བོ། །ཆོས་སྡེ་འདིའི་སྒྲུབ་ཐབས་སྐོར་བཞི་ཟབ་འདྲིལ་ངོ་མཚར་ཤ་སྟག་ཏུ་སྣང་ཡང་ལྷག་པར་མཁའ་འགྲོའི་སྐོར་འདི་གཏེར་ཁ་གཞན་ལ་མེད་པའི་ཁྱད་ཆོས་ཅན་ཁྲིད་དང་ཉམས་ལེན་གྱི་རྒྱུན་བཅས་བར་མ་ཆད་པར་བཞུགས་པར་སྣང་བས་དབང་རྒྱས་པ་ལས་ཁོལ་འདོན་དུ་བྱས་ཤིང་། ཟབ་དབང་སྐོར་ནི་དེང་སང་གཟུགས་བརྙན་གྱིའང་གཟུགས་བརྙན་ཙམ་གྱིས་དབང་གོ་གཅད་སྐབས་དོན་གྱི་གནད་ཚང་ཕྱིན་ཚིག་རིས་འདི་ཙམ་གྱིས་ཆོག་པར་སྣང་ངོ་། །གཟུ་ལུམ་རས་ཆོད་དབང་གྱུར་ན། །གུ་རུ་ཡབ་ཡུམ་སྤྱན་སྔར་བཤགས། །དགེ་བས་འབྲེལ་བཅས་འགྲོ་བ་ཀུན། །རྡོ་རྗེ་བཙུན་མོས་རྗེས་གཟུང་ཤོག །ལྷན་སྐྱེས་མཛེས་མ་མཚོ་རྒྱལ་མས། །ལག་པའི་མཁྲིག་མ་ནས་བཟུང་སྟེ། །མཁའ་སྤྱོད་པདྨ་འོད་ཞིང་དུ། ཁྲིད་ནས་བདེ་ཆེན་མཆོག་སྩོལ་ཤོག །འདིའང་སྐལ་བཟང་རྣམས་མཁའ་སྤྱོད་ཀྱི་གནམ་འཕང་གཅོད་པའི་གྲོགས་སུ། པདྨའི་རྡོ་རྗེའི་གསུང་དྲི་མེད་རིས་སུ་མ་ཆད་པ་ཁོག་པའི་སྙིང་ལྟར་བཙའ་བའི་བློ་ལྷན་སྐྱེས་སུ་མངའ་བ། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་མདོ་ཁམས་གནས་ཆེན་ཉེར་ལྔའི་ནང་ཚན་ཡོན་ཏན་གནས་ལྔ་གཅིག་འདུས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།
པདྨ་གར་དབང་སྐྱབས་སེམས་ལྡེབ་ (Volume 25, Text 3)
རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་ཐུགས་རྗེ་ཆེན་པོ་པདྨ་གར་དབང་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྐྱབས་ཡུལ་གསལ་ལ། ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་རྣམས༔ བླ་མ་ཡི་དམ་སྤྱན་རས་གཟིགས༔ སྟོན་པ་སངས་རྒྱས་དམ་པའི་ཆོས༔ རྒྱལ་སྲས་བྱང་སེམས་དགེ་འདུན་དང༔ མཁའ་འགྲོ་དམ་ཅན་ཚོགས་བཅས་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སྐྱབས་ཡུལ་དཔང་པོའི་ཚུལ་དུ་བྱ༔ ཧོ༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས༔ བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར༔ སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར༔ མགོན་པོའི་གོ་འཕང་ཐོབ་པར་བྱ༔ ལུས་ནི་རྡུལ་སྙེད་མཆོད་པའི་ཚོགས་རྣམས་སྤྲོས༔ ཧཱུྃ༔ བླ་མ་སྤྱན་རས་གཟིགས་དབང་ཕྱུག༔ རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་ལ༔ དད་གསུམ་ལུས་ཀྱིས་ཕྱག་འཚལ་ལོ༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད༔ ཐོག་མེད་ནས་བསགས་སྡིག་སྒྲིབ་བཤགས༔ བསོད་ནམས་དགེ་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བཞིན་དུ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་བ་སེམས་ཅན་ཡོངས་ལ་བསྔོ༔ ཐམས་ཅད་སངས་རྒྱས་ཐོབ་པར་ཤོག༔ དེ་ནས་འཇུག་པའི་སེམས་བསྐྱེད་ནི༔ སེམས་ཅན་སྡུག་བསྔལ་བདག་ལ་སྨིན༔ བདག་གི་བསོད་ནམས་འགྲོ་བས་ཐོབ༔ ཀུན་ཀྱང་བདེ་ལས་མི་འབྲལ་ཞིང༔ ཆོས་ཀུན་བཏང་སྙོམས་རྟོགས་པར་ཤོག༔ ཚོགས་ཞིང་ཐམས་ཅད་འོད་ཞུ་རང་ལ་ཐིམ༔ འཁོར་བའི་སྡུག་བསྔལ་འཇིགས་ལས་ཐར་བར་བསམ༔ ཞེས་པའང་ཐུགས་རྗེ་ཆེན་པོའི་ཆོས་སྤྱོད་ལམ་རིམ་ལས་ཕྱུངས་པ་དགེའོ།། །།
གུ་རུ་ཆོས་དབང་གི་ཟབ་གཏེར་ལས་བྱོན་པའི་མ་ནིང་གི་རྒྱུན་གཏོར་སོགས་ (Volume 6, Text 3)
གུ་རུ་ཆོས་དབང་གི་ཟབ་གཏེར་ལས་བྱོན་པའི་མ་ནིང་གི་རྒྱུན་གཏོར་སོགས་བཞུགས་སོ། །ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་ལྷ་ཆེན་པོ༔ མ་ཧཱ་ཀཱ་ལ་མཐུ་བོ་ཆེ༔ གསང་བའི་ཁྲོ་རྒྱལ་སྟོབས་པོ་ཆེ༔ འཆོལ་བའི་ཁྲོ་རྒྱལ་དགྲ་བགེགས་གཤེད༔ མ་ནིང་ནག་པོ་ཀུན་གྱི་རྗེ༔ འོག་མིན་གནས་མཆོག་དམ་པ་དང༔ གསང་ཆེན་ལྷུན་གྲུབ་གཙུག་ལག་ཁང༔ དུར་ཁྲོད་རབ་འཇིགས་གཞལ་ཡས་ནས༔ མཆོད་ཕྱིར་སྤྱན་འདྲེན་གཤེགས་སུ་གསོལ༔ ལྷ་ཆེན་དཔལ་འབར་གཤེགས་སུ་གསོལ༔ ལེགས་ལྡན་ནག་པོ་གཤེགས་སུ་གསོལ༔ ཚོགས་བདག་ནག་པོ་གཤེགས༴ བྷ་ག་ནག་པོ་གཤེགས༴ སྲོག་བདུད་ཆེན་པོ་གཤེགས༴ ཛཾ་ལྷ་ནག་པོ་གཤེགས༴ ནག་པོ་ཚེ་བདུད་གཤེགས༴ བྱ་རྒོད་ཐང་ནག་གཤེགས༴ ནག་པོ་ཐོད་ཕྲེང་གཤེགས༴ མཁའ་ལྡིང་ནག་པོ་གཤེགས༴ ཊཱ་ཀི་ནག་པོ་གཤེགས༴ ཀླུ་བདུད་ནག་པོ་གཤེགས༴ གཟའ་བདུད་ནག་པོ་གཤེགས༴ ཤ་གིང་ནག་པོ་གཤེགས༴ ཡབ་རྗེ་ནག་པོ་གཤེགས༴ དགྲ་གཤེད་ནག་པོ་གཤེགས༴ བགེགས་ཀྱི་གཉེན་པོ་གཤེགས༴ བདག་གི་གྲོགས་པོ་གཤེགས༴ དམ་ཅན་ཆེན་པོ་གཤེགས༴ ཆོས་སྐྱོང་ཆེན་པོ་གཤེགས༴ འགྲོ་བ་ཀུན་བཟང་གཤེགས༴ བདུད་ཀྱི་དམག་ཚོགས་གཤེགས་སུ་གསོལ༔ ཧཱུྃ༔ ཡེ་ཤེས་མགོན་པོ་འཁོར་དང་བཅས༔ བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་ས་མ་ཡ་ཛ་ཛ༔ ཞེས་སྤྱན་དྲངས་ལ། དེ་ནས་བཞུགས་སུ་གསོལ་བ་ནི། ཧཱུྃ༔ དུར་ཁྲོད་རབ་འཇིགས་གཞལ་ཡས་དམ་པ་འདིར༔ དྲེགས་པ་རུ་དྲ་བསྣོལ་བའི་གདན་སྟེང་དུ༔ ཉི་ཟླ་པདྨ་བརྩེགས་པའི་གདན་ལ་ནི༔ མ་ནིང་འཁོར་བཅས་དགྱེས་ཤིང་བརྟན་པར་བཞུགས༔ ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི། ཧཱུྃ༔ དུག་གསུམ་རྩད་གཅོད་སྐུ་གསུམ་ལྷུན་གྲུབ་པ༔ ཕྱི་ནང་གསང་གསུམ་དགྲ་བགེགས་ཐལ་བར་རློག༔ དུས་གསུམ་སངས་རྒྱས་བསྟན་པ་བསྲུང་མཛད་པའི༔ མ་ནིང་མཆེད་གསུམ་སྐུ་ལ་ཕྱག་འཚལ་བསྟོད༔ ཨ་ཏི་པཱུ་ཧོ༔ ཅེས་ཕྱག་བྱ། དེ་ནས་མཆོད་པ་འབུལ་བ་ནི། ཧཱུྃ༔ ཁྱེད་ལ་མཆོད་པ་དམ་པ་འབུལ་བ་ནི༔ ཐོད་ཆེན་བྷནྡྷ་རློན་པའི་སྣོད་ནང་དུ༔ བདུད་རྩི་སྨན་གྱི་མཆོད་པ་བྲེངས་སེ་བྲེང༔ རཀྟ་དམར་གྱི་ཨརྒྷཾ་ཆི་ལི་ལི༔ བ་ལིཾ་གཏོར་མའི་མཆོད་པ་རོངས་སེ་རོང༔ ཤ་ཆེན་གསུར་དུད་ངད་པ་ཆི་ལི་ལི༔ བྷནྡྷ་རུས་པའི་ཚོགས་ཀྱང་ཁྲོ་ལོ་ལོ༔ ཞུན་ཆེན་མར་མེ་སྣང་གསལ་ཏ་ལ་ལ༔ འབྲུ་བཅུད་ཛ་གད་གསེར་སྐྱེམས་སྦྲེངས་སེ་སྦྲེང༔ ཞལ་ཟས་ཚོགས་ཀྱི་ལོངས་སྤྱོད་སྤུངས་སེ་སྤུང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་ལྔ་ཡི་མཆོད་པ་དམ་པ་འདིས༔ དཔལ་མགོན་མ་ནིང་ནག་པོའི་ཐུགས་དམ་བསྐང༔ ལྷ་ཆེན་དཔལ་འབར་མཆེད་ཀྱི༴ ཡེ་ཤེས་མགོན་པོ་མཆེད་ཀྱི་ཐུགས༴ སྐུ་ཡི་མགོན་པོ་སྟག་ཞོན༴ གསུང་གི་མགོན་པོ་བིང་འཛིན༴ ཐུགས་ཀྱི་མགོན་པོ་གྲི་གུག༴ ཡོན་ཏན་མགོན་པོ་སེང་ཞོན༴ ཕྲིན་ལས་མགོན་པོ་ཏྲག་ཤད་ཐུགས༴ དཔལ་ལྡན་རེ་མ་ཏི་ཡི༴ འཁོར་དང་བཅས་པའི་ཐུགས་དམ་སྐོང་གྱུར་ཅིག༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ༔ རཱུ་པ་ཏྲི་ཡཾ་ཛ༔ རཀྴ་དུ་བིང་ནི་ཛཿ རུ་རུ་ཀྵ་ཏྲ་ཧ་ན་སིངྷ་རཾ་ཏྲག་ཤད་ཛ༔ ཏྲག་རཱ་ཛ་བྷྲཱུྃ་ཛ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་པས་མཆོད་པ་ཕུལ་ནས་བསྟོད་པ་བྱ་བ་ནི། ཧཱུྃ༔ འཇིག་རྟེན་འདས་པའི་དུས་ན་སྔོན་བྱུང་བ༔ ཆེ་མཆོག་ཧེ་རུ་ཀ་དཔལ་སྐུ་གསུམ་རྫོགས༔ སྲིད་རྩའི་བདག་འཛིན་རུ་དྲ་སྡེ་གསུམ་འདུལ༔ རྩལ་ཆེན་ཕྲིན་ལས་རྫོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དཔལ་ཆེན་དངོས་སྤྲུལ་ནག་པོ་ཆེན་པོའི་སྐུ༔ འཆོལ་བའི་ཁྲོ་རྒྱལ་མ་ནིང་དགྲ་བགེགས་གཤེད༔ ལྷ་ཆེན་དཔལ་འབར་ཆོས་སྐྱོང་ཡོངས་ཀྱི་རྗེ༔ དམག་དཔོན་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དུར་ཁྲོད་ཐོད་མཁར་མེ་རླུང་འཚུབ་དཀྱིལ་ན༔ རྣལ་འབྱོར་དཔལ་མགོན་ཁྱོད་ཀྱི་ཆ་ལུགས་ནི༔ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ སྐུ་གསུམ་ལྡན་ཕྱིར་སྤྱན་གསུམ་གྱེན་ཐུར་གཟིགས༔ རབ་འཇིགས་ཁྲོ་གཉེར་གསུམ་ལྡན་གཏུམ་ལ་རྔམ༔ ཞལ་གདང་མཆེ་གཙིགས་དྲག་པོའི་རྐན་སྒྲ་རྡེབ༔ རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ སྦྲུལ་ནག་རལ་པ་ནག་པོས་ས་གཞི་ཁྱབ༔ གཡས་པ་རུ་མཚོན་གཡོན་པ་སྙིང་ཞགས་བསྣམས༔ ཙནྡན་བིང་ཆེན་སྐེད་བཙུག་ལྷ་དམག་འགྱེད༔ ཐོད་པ་སྐམ་རློན་སྙིང་ཕྲེང་སྦྲུལ་ཆུན་སྤྲས༔ དར་ནག་བེར་གསོལ་གསེར་སྐེད་མི་ལྤགས་བཅིངས༔ ལས་ལ་ཆས་ཚེ་སྲོག་བདུད་ཆ་ལུགས་འཛིན༔ སྲིད་གསུམ་གཟིགས་ཕྱིར་སྤྱན་གསུམ་བྲང་ལ་ཤར༔ དམག་དཔོན་བཞི་འགྱེད་སྤྱན་བཞིས་ལྷུ་ཚིགས་བརྒྱན༔ སྟག་རལ་གཟིག་ཤུབ་བཏགས་ནས་རྟ་ནག་ཞོན༔ བདུད་མདས་དགྲ་སྙིང་གཟིར་འདེབས་གླིང་བཞིར་རྒྱུག༔ སྤྱན་ནས་ཁྲག་འཛག་མེ་ཡི་ཁ་རླངས་འབར༔ ཁ་ཊྭཱཾ་གྲི་གུག་ལྕགས་པར་ཐོགས་ནས་ནི༔ སྣང་སྲིད་ཕོ་རྒྱུད་ཐམས་ཅད་ལས་ལ་འགྱེད༔ ཅི་བཅོལ་ལས་རྣམས་སྐད་ཅིག་ཡུད་ལ་སྒྲུབ༔ རྟག་ཏུ་གྲོགས་མཛད་མགོན་པོ་ནག་པོ་ཆེ༔ མ་བསྐུལ་པར་ཡང་གནག་པའི་དགྲ་བགེགས་སྒྲོལ༔ ལྟག་ན་སྤྱན་གཅིག་མ་ཚོགས་དབང་དུ་སྡུད༔ གར་བསྐུལ་ས་རུ་མི་རོའི་ཚར་མ་ཚིར༔ བཟློག་པས་མི་ཟློག་སྔགས་ཟློག་མཁན་གྱི་གཤེད༔ སྡེ་བརྒྱད་བྲན་སྐུལ་སྟག་ཤམ་མིག་བརྒྱད་བརྒྱན༔ གཙུག་ལག་ཁང་སྲུང་དཀོར་རྐུན་རྩད་ནས་གཅོད༔ དྲེགས་པ་ཀུན་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ༈ མཁའ་རིའི་གསོལ་ཁ་ནི། ཇོ་ཆེན་མཆེད་བཞི་འཁོར་བཅས་གནས་འདིར་གཤེགས༔ ཕྱི་ནང་གསང་བ་མཆོག་གི་མཆོད་པ་དང༔ དཔག་ཡས་རྫུ་འཕྲུལ་མངའ་ལ་ཡོངས་སུ་བསྟོད༔ བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད༔ ཅེས་པའམ་ཡང་ན་ཨོཾ་ཨཱཿཧཱུྃ༔ལན་གསུམ་གྱིས་བྱིན་གྱིས་བརླབས་ཏེ། གཞན་ཡང་དགེ་བསྙེན་ཆེན་པོ་ཤེའུ་མཁའ་རི། ལྕམ་ཤེལ་སྨན་གྱི་མཐུ་བོ་ཆེ། གཅུང་པོ་ཁུ་རེང་སོགས་དང་གནམ་སྐས་ཅན་གྱི་ཇོ་བོ་ཀླུ་བདུད་མགོ་དགུ །ཀླུ་མོ་བྱང་ཆུབ་སྨན། དགེ་བསྙེན་སྨྱོན་ཁ་སོགས་གཏེར་ཁག་གཏེར་སྲུང་རྣམས་ལ་འབུལ་ལོ། དམ་ཆོས་བསྒྲུབ་པ་ལ་བར་གཅོད་མི་འབྱུང་ཞིང་ཕྲིན་ལས་ཐམས་ཅད་སྒྲུབས་ཤིག །ཅེས་བསྔོས་པས་འཐུས་པར་ཁྱབ་བདག་སྨན་ལུང་པས་གསུངས། ༈ ཆོས་དབང་རིན་པོ་ཆེའི་གཏེར་སྲུང་སྤྱི་གསོལ་གསུང་རྒྱུན་མ་དགེ །དགེ་བསྙེན་ཤེའུ་མཁའ་རི་དང་། །ཇོ་བོ་ཀླུ་བདུད་མགོ་དགུ་དང་། །སྨྱོན་ཁ་ནག་པོ་ཏི་པ་ཙ། །གཏེར་སྲུང་ཚོགས་རྣམས་གནས་འདིར་བྱོན། །མཉེས་མཆོད་འདོད་ཡོན་གཏོར་མའི་ཚོགས། །མཐུན་པའི་དམ་རྫས་ཚོགས་ཀྱིས་མཆོད། །ཉམས་ཆག་འགལ་འཁྲུལ་ཅི་མཆིས་བཤགས། །ཐུགས་དམ་བསྐང་ལ་དངོས་གྲུབ་སྩོལ། དེ་བ་ནཱ་ག་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་དང་། པཉྩ་རཀྟ་བ་ལིནྟ་ཁཱ་ཧི། དགེ་ལེགས་འཕེལ།། །།
ཀློང་གསལ་རྡོ་རྗེ་སྙིང་པོ་ལས། སིཾ་ཧ་དམར་མོའི་ཕྲིན་ལས་དང་སྲུང་ཟློག་ལས་ཀྱི་རིམ་པ་རྡོ་རྗེའི་ཐོག་མཚོན་ (Volume 33, Text 3)
༄༅། །ཀློང་གསལ་རྡོ་རྗེ་སྙིང་པོ་ལས། སིཾ་ཧ་དམར་མོའི་ཕྲིན་ལས་དང་སྲུང་ཟློག་ལས་ཀྱི་རིམ་པ་རྡོ་རྗེའི་ཐོག་མཚོན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། ཕྱི་ནང་རིགས་སྔགས་བྲག་རི་འབུམ། །འཇོམས་མཛད་གནམ་ལྕགས་རྡོ་རྗེའི་མཚོན། །དབྱིངས་ཕྱུག་ཁྲོས་མས་བརྩེར་དགོངས་ལ། །འདིར་བཀོད་བྱིན་རླབས་གནང་བ་སྩོལ། །སྲུང་ཟློག་ཟབ་མོ་ཀུན་གྱི་གནད་འདྲིལ་འདི་ནི་གཞུང་ལས། མ་འོངས་འགྲོ་རྣམས་བདག་འཛིན་དུག་ལྔའི་སྟོབས༔ རླངས་པ་མ་རུངས་ལྷ་འདྲེའི་ཟུག་རྔུ་དང༔ མི་རུང་མཐའ་དག་འཇོམས་མཛད་དྲག་རྩལ་ཅན༔ སིཾ་ཧ་མུ་ཁའི་རིག་སྔགས་བཅུད་འདི་ལོངས༔ ཞེས་གསུངས་ཏེ་གཞུང་ཉུང་ལ་འདྲིལ་བས་ཉམས་ལེན་ཁྱེར་བདེ་ཞིང་གློ་བུར་རྐྱེན་ངན་ཟློག་པ་ལ་ཤིན་ཏུ་ཟབ་པ་སྟེ། དེའི་སྲུང་ཟློག་ལས་སྦྱོར་ཐུན་མོང་མ་ཡིན་པའི་རིམ་པ་ནི་གཞུང་ཐེམ་མེད་ལྟར་བྱ་དགོས་ལ། འདིར་ཐུན་མོང་ཙམ་བསྟན་པ་ལ་གཉིས། རྩ་བའི་ཕྲིན་ལས། སྲུང་ཟློག་ལས་རིམ་མོ། །དང་པོ་ནི། མཆོད་གཏོར་སྤྱི་མཐུན་འདུ་བྱ། བསྙེན་སྒྲུབ་སོགས་ཀྱི་ཐོག་མར་དཀར་གཏོར་གཏང་། སྐྱབས་འགྲོ་ནི། ན་མོ་ ཕྱོགས་བཅུའི་སངས་རྒྱས་དཀོན་མཆོག་གསུམ༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་དམ་ཅན་རྒྱ་མཚོ་ལ༔ བདག་ནི་གུས་པས་སྐྱབས་སུ་མཆིའོ༔ སེམས་བསྐྱེད་ནི། ཧྲཱི༔ མ་གྱུར་འགྲོ་བ་ཀུན་དོན་དུ༔ བླ་མེད་སྔགས་ཀྱི་སྒོར་ཞུགས་ནས༔ ཕྲིན་ལས་རྣམ་བཞི་གང་འདུལ་གྱིས༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ བགེགས་གཏོར་བྱིན་བརླབ་བསྔོ་བ་སྤྱི་མཐུན་བྱས་ལ་བཀའ་བསྒོ་བ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་དབང་ཆེན་ཁྲོས་པའི་སྐུ༔ ཁམས་གསུམ་འདི་ན་སུ་ཡང་རུང༔ གསང་སྔགས་བལྟ་བར་མི་དབང་བའི༔ ལོག་པར་ལྟ་བ་ཕྱིར་དེངས་ཤིག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ སུམྦྷ་ནི་སོགས་བརྗོད། དེ་ནས་མཚམས་གཅད་པ་ནི། ཧཱུྃ༔ ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ༔ ཐབས་ཤེས་ཉི་ཟླའི་གྭ་འུ་དང༔ ཕྱི་རོལ་མཚོན་ཆ་མེ་རིའི་གུར༔ སྲུང་བའི་ཚོགས་ཁང་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ བརྡ་ཕྱག་འཚལ་བ་ནི། བདག་གི་ཡི་དམ་རྩ་གསུམ་ལྷ༔ སྔོན་ཆད་མ་རིག་རྨོངས་པས་བསྒྲིབས༔ ད་ནི་རང་ངོ་རང་ཞལ་མཇལ༔ འབྲལ་མེད་དོན་གྱི་ལྷར་ཕྱག་འཚལ༔ ཨ་ཏི་པཱུ་ཧོ༔ དེ་ནས་བཤགས་པ་ནི། སྔོན་ཆད་མ་རིག་ཉེས་པ་གང༔ ཡི་དམ་ལྷ་ལ་མཐོལ་ཞིང་བཤགས༔ ད་ནི་རྩ་གསུམ་ཡི་དམ་ལྷ༔ སྲོག་གི་ཕྱིར་ཡང་མི་གཏང་གཟུང༔ བཛྲ་ས་མ་ཡ་ཧཱུྃ༔ དེ་ནས་བྱིན་འབེབ་པ་ནི། ཧཱུྃ་ཧྲཱི༔ རྗེ་བཙུན་པདྨ་རིག་འཛིན་རྒྱ་མཚོས་བསྐོར༔ དཔའ་བོ་དབང་ཆེན་ཞི་ཁྲོའི་ལྷ་ཚོགས་བཅས༔ རྡོ་རྗེ་རྣལ་འབྱོར་མ་རྒྱུད་མཁའ་འགྲོའི་ཚོགས༔ གནས་འདིར་བདག་ལ་བྱིན་ཆེན་དབབ་ཏུ་གསོལ༔ ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨ་ཨཱ༔ མཆོད་པ་བྱིན་བརླབ་ནི། ཧྲཱི༔ མི་གཙང་གཉིས་འཛིན་རང་དག་གི༔ ཀ་དག་རང་བྱུང་མཆོད་སྤྲིན་སྤེལ༔ ཨོཾ་ཨཱཿཧཱུྃ༔ དམ་ཚིག་པ་བསྐྱེད་པ་ནི། ཧཱུྃ༔ ཀློང་ཡངས་ནམ་མཁའི་ཁྱོན་གྱི་གཞལ་ཡས་ཁང༔ མི་ཟད་རྒྱན་གྱི་མཚན་ཉིད་རྫོགས་པའི་དབུས༔ པད་ཉིའི་སྟེང་དུ་རང་ཉིད་མཁའ་འགྲོ་མ༔ སིཾ་ཧ་མུ་ཁ་ཞལ་གཅིག་ཕྱག་གཉིས་དམར༔ འཇིགས་ཤིང་རྔམ་པ་རུས་པའི་རྒྱན་དྲུག་གསོལ༔ ཕྱག་གཉིས་ཉི་མ་ཟླ་བའི་དཀྱིལ་འཁོར་རྡེབ༔ སྐུ་སྨད་གནམ་ལྕགས་ཕུར་པ་རྣོ་ངར་ལྡན༔ གནོད་བྱེད་དགྲ་བགེགས་སྙིང་གར་ཟུག་པར་བསྒོམ༔ ཡེ་ཤེས་པ་སྤྱན་འདྲེན་པ་ནི། བྷྱོ༔ ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུར་སྤྲུལ་མ༔ ཨོ་རྒྱན་ཡུལ་དང་དུར་ཁྲོད་ཉུལ་མཛད་ཅིང༔ དམ་ལྡན་ཚུལ་བཞིན་སྲུང་ཞིང་གྲོགས་མཛད་མ༔ རང་བཞིན་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ བཞུགས་གསོལ་ནི༔ བྷྱོ༔ སྔགས་ཀྱི་གསང་ཆེན་དུར་ཁྲོད་ནས༔ རབ་འཇིགས་དྲག་སྔགས་སྒྲོག་པའི་ཀློང༔ མ་མོ་ཀུན་གྱི་མཐུ་མོ་ཆེ༔ དྲག་ཤུལ་ཆེན་མོ་བཞུགས་པར་འཚལ༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ གསང་ཆེན་མཁའ་ཀློང་ཡུམ་གྱི་ཀློང༔ མི་སྲུན་རྔམ་པའི་ཆ་ལུགས་ཅན༔ རིག་སྔགས་ཟློག་ལ་ཕྱག་འཚལ་ལོ༔ མཐུ་རྩལ་ཕྱུང་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ མཆོད་འབུལ་ནི༔ བྷྱོ༔ རབ་ཁྲོས་སྔགས་ཀྱི་གཙོ་མོ་ལ༔ གསང་ཆེན་མཆོད་པ་འབུལ་བ་ནི༔ རཀྟའི་ཁྲག་ལྦུ་འཁྲིགས་པ་ལ༔ ཞིང་ཆེན་ལྷུ་དུམ་ཉི་ལི་ལི༔ དགྲ་བགེགས་བླ་ཚེ་སྲོག་གསུམ་བཞེས༔ ཟས་སྐལ་ལྷག་མ་མེད་པར་བཞེས༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ བསྟོད་པ་ནི༔ བྷྱོ༔ ཆོས་དབྱིངས་ཌཱ་ཀི་དུར་ཁྲོད་གནས་ཀུན་ཉུལ༔ དམ་ལྡན་སྲུང་ཞིང་དམ་ཉམས་སྲོག་ལེན་མ༔ རིགས་སྔགས་རྦོད་གཏོང་ཆོ་འཕྲུལ་ཟློག་མཛད་མ༔ དྲག་རྩལ་རིག་སྔགས་གཙོ་ལ་ཕྱག་འཚལ་བསྟོད༔ བཟླས་པ་ནི། ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དམར་པོའི་མཐར་སྔགས་ཕྲེང་དམར་པོ་གཡོན་དུ་འཁོར་བ་ལས་འོད་ཟེར་འཕྲོས། རྩ་གསུམ་རྒྱལ་བ་རབ་འབྱམས་མཆོད་ཅིང་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་རང་ལ་ཐིམ་པས་ནུས་སྟོབས་བསྐྱེད། བྱད་མ་རྦོད་གཏོང་ཐམས་ཅད་ཚར་བཅད། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། སྣོད་བཅུད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་གྱུར་པར་མོས་ལ། ཨ་ཀ་ས་མ་ར་ཙ་ཤ་རྦད༔ ཅེས་རྒྱུན་ཁྱེར་རྩ་བའི་ཉེ་སྙིང་འབུམ་ཕྲག་བརྒྱད་དམ་རྟགས་མ་ཐོན་བར་དུ་བཟླ། ཨ་ཀ་ས་མ་ར་ཙ་ཤ་ད་ར་ས་མ་ར་ཡ་ཕཊ༔ ཅེས་སྒྲུབ་པའི་སྔགས་འབུམ་ཕྲག་བཅུ་བཞི་ལ་སོགས་པ་བཟླ། བསྙེན་སྒྲུབ་གྱི་གྲངས་ཐེམས་ནས་ལས་སྦྱོར་ནི། ཐུགས་ཀར་རཾ་ལས་ཉི་མའི་སྟེང༔ ཧཱུྃ་ཡིག་དམར་ནག་མཐའ་སྐོར་དུ༔ བསྐོར་ཞིང་འཁོར་བའི་འཕྲོ་འདུ་ཡིས༔ རང་འདྲའི་ཁྲོ་མོ་གྲངས་མེད་འཕྲོས༔ གནོད་བྱེད་ཕྱེ་མར་བརླག་པར་གྱུར༔ ཅེས་དམིགས་ལ་ཡི་གེ་བཅུ་བཞི་པའི་ཤམ་དུ། ཤྲཱི་ཀཱ་ལ་རུ་ཊ་མཱ་ར་ཡ་ཕཊ༔ ཅེས་བཏགས་པ་བསྙེན་སྒྲུབ་ཀྱི་བཅུ་ཆ་བཟླ། ཟློག་སྔགས་ནི། ཕཊཿཡཿརཿམཿསཿརཿདཿཤཿཙཿརཿམཿསཿཀཿཨ༔ ཞེས་པ་སྟེ་རྒྱུན་ཁྱེར་ལ་དགོང་མོའི་ཆ་ལྟ་བུར་ཉེར་གཅིག་གམ་བརྒྱ་ལས་མི་མང་བར་བཟླས་པའི་མཇུག་ཏུ་བདེན་སྟོབས་ཐལ་རྡེབ་སྤྱི་མཐུན་དང་། བསྙེན་སྒྲུབ་སྐབས་སོགས་བཟླས་པའི་མཐར་ཁ་སྐོང་སྟོང་ཚིགས་སྤྱི་ལྟར་བྱ། ཚོགས་མཆོད་ནི། ཚོགས་རྫས་བཤམས་ལ་བྱིན་བརླབ་པ་ནི། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། གསུམ། ཧཱུྃ༔ ཚོགས་ཀྱི་དངོས་པོ་ཤ་སྣ་སྙིང་སྣ་སྟོང༔ ཚོགས་ཀྱི་རྣམ་པ་ཤ་ལྔ་བདུད་རྩི་ལྔ༔ ཚོགས་ཀྱི་རང་བཞིན་རིགས་ལྔ་ཡེ་ཤེས་རྒྱུན༔ ཚོགས་ཀྱི་ཐུགས་རྗེ་ཨཱ་ལི་ཀཱ་ལིའི་ཟེར༔ གང་ལ་རེག་རྣམས་ཐར་པའི་དངོས་གྲུབ་ཐོབ༔ བརྟུལ་ཞུགས་མཆོག་གི་འདོད་ཡོན་རི་ལྟར་སྤུངས༔ ཨོཾ་ཨཱཿཧཱུྃ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ སྤྱན་འདྲེན་པ་ནི། ཧྲཱི༔ ཀློང་གྲོལ་བདེ་བའི་ཤར་ཆ་འགག་མེད་ལྷ༔ བདག་རྒྱུད་དབྱེར་མེད་སྒྲོལ་ཕྱིར་སྤྱན་འདྲེན་ནོ༔ སྐྱེ་འགག་གཉིས་མེད་རང་གྲོལ་སྐུ་གསུམ་གྱི༔ ངོ་བོའི་ཀློང་ལས་བྱིན་རློབས་དབང་བསྐུར་སྩོལ༔ ཨོཾ་ཨཱཿཧཱུྃ་ས་མ་ཡ་ཛ་ཛ༔ མཆོད་པ་ནི། ཧཱུྃ་ཧྲཱི༔ སྔགས་ཀྱི་བཅུད་ལེན་ཟག་མེད་བདེ་བའི་ཚོགས༔ མཆོག་གི་ལོངས་སྤྱོད་རྩ་གསུམ་དགྱེས་ཕྱིར་འབུལ༔ མ་རིག་ལོག་སྤྱོད་འཁྲུལ་པའི་བྱ་བ་གང༔ དམ་བསྐང་མཐོལ་བཤགས་ཚངས་པའི་དངོས་གྲུབ་སྩོལ༔ བསྒྲལ་བའི་ལས། ཧཱུྃ་ཧཱུྃ་ཧཱུྃ༔ དབང་ཆེན་རབ་ཁྲོས་སྐུ་ལས་མཚོན་ཆའི་ཆར༔ དགྲ་བགེགས་ལུས་ལ་ཐོབས་ཤིག་ཚལ་པར་འགེམས༔ དྲེག་བྱེད་སྙིང་ལ་གཟིར་ཅིག་དུམ་བུ་བརྒྱ༔ རྣམ་ཤེས་མར་མེ་སོད་ཅིག་མཱ་ར་ཡ༔ མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ་ཧཱུྃ་ཕཊ༔ བསྟབ་པ་ནི། ཧཱུྃ་ཧྲཱི༔ བསྟན་དགྲ་བསྒྲལ་པའི་བམ་གྱི་ཚོགས༔ ཤ་ཁྲག་དམར་གྱི་དོན་སྙིང་འདི༔ དྲག་མོ་དགྱེས་པ་བསྐང་བའི་ཕྱིར༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ མ་ཧཱ་མཱཾ་ས་རཀྟ་ཙིཏྟ་བ་སུ་ཏ་གོ་རོ་ཙ་ན་ལ་ཁཱ་ཧི༔ དེ་ནས་ཚོགས་རྫས་ནང་གི་སྦྱིན་སྲེག་ཏུ་རོལ་ལ་ལྷག་མ་ནི། ཧཱུྃ༔ དང་པོ་ཕུད་ཀྱིས་དཀྱིལ་འཁོར་ལྷ་རྣམས་མཆོད༔ བར་དུ་ཚོགས་ཀྱིས་འདུས་པ་རྒྱ་མཚོ་བསྐངས༔ ཐ་མ་ལྷག་ལ་དབང་བ་འདིར་གཤེགས་ཤིག༔ བྷྱོ་བྷྱོ༔ དཔལ་གྱི་བཀའ་ཉན་རོལ་པའི་ལྷག་སྡུད་མ༔ ཤར་ལྷོ་ནུབ་བྱང་དུར་ཁྲོད་ཉུལ་བྱེད་པའི༔ དབང་ཕྱུག་གིང་དང་ལང་ཀ་འབར་མའི་ཚོགས༔ ཟས་སུ་ཉམས་པའི་ཤ་དང་ཁྲག་ལ་ཟ༔ ལས་སུ་དགྲ་བགེགས་གསོད་དང་གཅོད་ལ་དགའ༔ ལྷག་གཏོར་བཞེས་ལ་གང་བཅོལ་ཕྲིན་ལས་མཛོད༔ བསྐུལ་པ་ནི༔ བྷྱོ༔ རབ་འཇིགས་དུར་ཁྲོད་འབར་བའི་གཞལ་ཡས་སུ༔ ཌཱ་ཀི་སིཾ་ཧ་མུ་ཁ་སྐུ་བཞེངས་ཤིག༔ སྐུ་མདོག་དམར་ནག་དུས་མཐའི་མེ་ལྟར་འབར༔ ཕྱག་གཉིས་ཉི་ཟླ་ཟུང་གཅིག་ཆ་ལང་རྡེབ༔ མི་མཐུན་ཕྱོགས་རྣམས་རྡུལ་ཕྲན་བཞིན་དུ་བརླག༔ སྐུ་སྨད་ཟུར་གསུམ་ཕུར་པའི་དབལ་དང་ལྡན༔ གནམ་ལྕགས་རྡོ་རྗེ་འབར་བའི་ཚྭ་ཚྭ་འཕྲོ༔ དགྲ་བགེགས་བན་བོན་བྱད་མ་རྡུལ་དུ་རློག༔ བཀའ་ཉན་མཁའ་འགྲོ་འབུམ་སྡེ་ཕོ་ཉར་བཅས༔ ཤ་ཁྲག་དམར་གྱི་མཆོད་གཏོར་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་དྲག་པོའི་ཕྲིན་ལས་མཛོད༔ མི་མཐུན་འགལ་རྐྱེན་མཐའ་དག་ཟློག་ཅིང་སོད༔ ཆད་མདོ་ནི། ཧཱུྃ༔ སྔོན་ཚེ་བར་དང་བསྐལ་པ་ཐ་མའི་དུས༔ ཀུན་བཟང་སྣང་མཐའ་པདྨ་ཐོད་ཕྲེང་གིས༔ གསང་ཆེན་རྒྱུད་སྡེའི་དགོངས་པ་བཀྲལ་པའི་ཚེ༔ བཀའ་སྲུང་སོ་སོས་ཁས་བླངས་དམ་བཅས་བཞིན༔ ཕྲིན་ལས་སྒྲུབས་ཤིག་བཀའ་ཡི་སྲུང་མ་རྣམས༔ བཀའ་དང་དམ་ལ་མ་འདའ་ས་མ་ཡ༔ བརྟན་སྐྱོང་ནི། ཧཱུྃ༔ སྔོན་ཚེ་སློབ་དཔོན་པདྨ་ཡི༔ དམ་ལ་གནས་པ་བརྟན་མའི་ཚོགས༔ བདུད་མོ་གནོད་སྦྱིན་སྨན་མོ་བཞི༔ འཁོར་དང་བཅས་པས་འདོད་ཡོན་བཞེས༔ བཀའ་བཞིན་སྒྲུབས་ཤིག་ཕྲིན་ལས་མཛོད༔ མནན་པ་ནི། ཧཱུྃ་ཧཱུྃ༔ བླ་མའི་བྱིན་རླབས་ཡི་དམ་མཐུ་སྟོབས་ཀྱིས༔ བཀའ་འདས་དམ་ལོག་མགོ་སྐོར་རྗེས་བསྙགས་ཀུན༔ གཏོར་གཞོང་རི་རབ་ཆེན་པོའི་འོག་ཏུ་བསྟིམས༔ སྟེང་དུ་ཁྲོ་རྒྱལ་དྲག་པོའི་བྲོ་ཡིས་བརྡུང༔ བསྐལ་པའི་བར་དུ་ལྡང་བའི་གོ་སྐབས་མེད༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ འདིར་མདུན་དཀྱིལ་སོགས་དང་འབྲེལ་ན་གཏང་རག་མཆོད་བསྟོད་བྱ། བསྙེན་སྒྲུབ་ཀྱི་མཇུག་ལྟ་བུར་དངོས་གྲུབ་བསྐུལ་བ་ནི། ཧྲཱི༔ ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་ཅན་དགོངས༔ རང་སྣང་ལྷ་རུ་ཤར་བའི་དཀྱིལ་འཁོར་དང༔ རང་གྲོལ་བརྟན་པ་ཐོབ་པའི་རྒྱལ་པོ་དང༔ ཆོག་ཤེས་ནོར་དང་ཚོགས་དྲུག་རང་གྲོལ་འཁོར༔ བདག་འཛིན་དགྲ་བགེགས་མེད་པའི་དངོས་གྲུབ་སྩོལ༔ གང་ཤར་རང་གྲོལ་ཆོས་ཀྱི་རྒྱལ་པོར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ནོངས་བཤགས་བཟོད་གསོལ་ནི། ཡིག་བརྒྱ་དང་། མ་རྙེད་ཡོངས་སུ་སོགས་བརྗོད། མདུན་རྟེན་འབྲེལ་ན་གཤེགས་བསྟིམ་གང་འོས་བྱ། བདག་བསྐྱེད་བསྡུ་ལྡང་ནི། ཧྲཱི༔ གང་ཤར་ཡེ་ཤེས་དམ་ཚིག་རང་གྲོལ་གྱི༔ རྩོལ་བྲལ་འཁོར་ཡུག་རོལ་པའི་ཀློང་ཡངས་ལས༔ གནས་ལུགས་ཡིན་ལུགས་འདྲེས་ཀྱང་སྙིང་རྗེའི་མདངས༔ སླར་ཡང་ཕྲིན་ལས་རྣམ་བཞིར་སྤྱོད་པ་འོ༔ སྨོན་ལམ་ནི། ཧྲཱི༔ སེམས་བསྐྱེད་དག་པའི་བསྙེན་སྒྲུབ་ཏིང་འཛིན་གྱི༔ འབྲས་བུ་མཁའ་མཉམ་ཐར་བདེའི་ས་བོན་མཆོག༔ ཀུན་ཀྱང་རྡོ་རྗེ་ཐེག་པའི་ཆོས་སྤྱོད་ནས༔ དབྱེར་མེད་རང་གྲོལ་ཀུན་ཏུ་བཟང་པོར་ཤོག༔ ཤིས་བརྗོད་ནི། ཧྲཱི༔ དུས་གསུམ་ཕྱོགས་བཅུའི་སངས་རྒྱས་མཛད་པ་དང༔ ཕྲིན་ལས་ནུས་མཐུ་བདེན་པའི་བྱིན་རླབས་ཀྱིས༔ བཀྲ་ཤིས་མི་ཟད་ནམ་མཁའི་ཆུ་རྒྱུན་གྱིས༔ ཁམས་གསུམ་སེམས་ཅན་ཀུན་ལ་བདེ་ལེགས་སྩོལ༔ ཅེས་སོགས་བརྗོད་དོ།། །།གཉིས་པ་འདིའི་བསྙེན་སྒྲུབ་ལེགས་པར་སོང་བའི་རྣལ་འབྱོར་པས་རང་གཞན་གྱི་དོན་དུ་སྲུང་ཟློག་གི་ལས་སྦྱོར་བརྩམ་པར་འདོད་ན། གོང་གཏོར་མཆོད་ཚོགས་ལེགས་པར་བཤམས་པའི་མདུན་དུ་ལྕགས་སྣོད་དུ་གཙོ་མོ་ལ་དམར་གཏོར་ཕུར་རྩེ་གྱེན་བསྟན་ལྟ་བུ་ཁྲུ་གང་ལས་མི་ཆུང་བ་སྐུ་ཙཀ་མེ་ལོང་དར་གདུགས་མཐིང་ནག་གིས་བརྒྱན་པ། དེ་རྒྱབ་སེང་གདོང་རིགས་བཞི་ལ་གཏོར་དབྱིབས་དེ་མཚུངས་གཙོ་བོའི་ཕྱེད་ཆ་བཞི་ཕྱོགས་བཞིར་བཀོད། དེ་རྒྱབ་དབང་ཕྱུག་ཉེར་བརྒྱད་ལ་ཀོང་བུ་ཟུར་གསུམ་དུ་དམར་གཏོར་བཞག་པ་ཉེར་བརྒྱད་ཕྱོགས་བཞིར་བདུན་བདུན། དེ་རྒྱབ་མཐེབ་ཀྱུ་ཅི་མང་བཞག །གཙོ་འཁོར་ཀུན་ལ་འཚེ་ཡུངས་གཟུག་ཅིང་མེ་རི་ཤ་ཁྲག་གིས་བརྒྱན། ཉིན་རྫོགས་ལྟ་བུ་ལ་གོང་གཏོར་ཟུར་དུ་མི་དགོས་ཤིང་། ཟློག་གཏོར་མདུན་མཆོད་གཏོར་བཤམས་པས་ཆོག །ཟློག་དཀྱིལ་ཟུར་དུ་བྱེད་ན་འདི་ལའང་སྨན་རཀ་ཕྱི་མཆོད་བཤམ་དགོས་སོ། །དེ་ནས་གོང་བཤད་ཕྲིན་ལས་ཀྱི་དབུ་ནས་བརྩམ། བདག་བསྐྱེད་ཀྱི་ཕྲིན་ལས་གཏང་། བསྙེན་སྒྲུབ་ཀྱི་བཟླས་པ་ཅི་འགྲུབ་བྱ། དེ་ནས་སྲུང་དམིགས་ནི། རང་སེང་གདོང་མར་བསྐྱེད་པའི་རིམ་པར་གནས་པ་ལས་བྱུང་བའི་ཐུགས་ཀའི་ཧཱུྃ་ཡིག་གི་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ རྡོ་རྗེའི་ས་གཞི་ར་བ་གུར་བླ་བྲེ་མེ་དཔུང་རང་བཞིན་གྱི་གུར་ཁང་སྲུང་བའི་རང་བཞིན་མི་ཆོད་པ༔ མི་ཤིགས་པ༔ བརྟན་པ་སྲ་བའི་བདག་ཉིད་ཅན་དེ་ཉིད༔ ར་བ་གུར་བླ་བྲེ་རྡོ་རྗེའི་ལྟེ་བར་ཧཱུྃ་ཡིག་གི་མཚན་པ་ལས་བྱུང་བའི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ཏིལ་གྱི་གང་བུ་རྒྱས་པ་ལྟ་བུའི་སྐུར་གྱུར་པའི་ཞལ་ནས་གསང་སྔགས་ཀྱི་སྒྲ་དི་རི་རི་སྒྲོག་པར་བསམ་ལ་རྩ་སྙིང་འབྲུ་བརྒྱད་དང་། སྒྲུབ་སྔགས་ཡི་གེ་བཅུ་བཞི་པ། ཁྱད་པར། ཨོཾ་བཛྲ་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་བསྲུང་བྱའི་ལུས་ངག་ཡིད་གསུམ་སྲུངས་ཤིག་རཀྵ་རཀྵ་སྭཱ་ཧཱ༔ ཞེས་པ་ཅི་འགྲུབ་བཟླ། དེ་ནས་ཟློག་པའི་ཕྲིན་ལས་ནི། མདུན་གྱི་གཏོར་མ་མི་དམིགས་པའི་ངང་ལས༔ མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཞིང་གཡང་གཟིག་ཤམ་ཐོད་ཕྲེང་གིས་བརྒྱན་པའི་ཕྱོགས་བཞི་རུ་སེང་གདོང་མ་བཞི་རིགས་ཀྱི་མདོག་དང་མཐུན་པ༔ ཀུན་ཀྱང་ཕྱག་གཉིས་ཀྱིས་ཉི་ཟླ་རྡེབ་པའི་བར་དུ་བྱད་མ་དགྲ་བགེགས་ཐམས་ཅད་སྒོང་ལྤགས་བཅར་བ་ལྟར་ཕྱེ་མ་རྡུལ་ཕྲན་བཞིན་དུ་བརླགས་པར་གྱུར༔ དེའི་ཕྱི་རོལ་དུ་དབང་མོ་ཉེར་བརྒྱད་ཀྱིས་ཕྱག་ན་ཟློག་པའི་ཁྲག་ཟོར་འཕངས་པས་དགྲ་བོའི་སྐྱེ་རྒྱུད་བཅད་པར་གྱུར༔ དེའི་ཕྱི་རོལ་དུ་བཀའི་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱིས་གཙོ་མོའི་མཐུ་རྩལ་མ་བཟོད་པས༔ ཕོ་ཉ་འབངས་ཀྱི་ཕྱག་ན་ཞིང་གི་དུལ་མོ་བརྡབས་པས་དགྲ་བགེགས་རྟེན་དང་ཕྲལ་བར་གྱུར༔ ཅེས་གསལ་བཏབ་ལ། བྷྱོ༔ ཆོས་ཀྱི་དབྱིངས་ལས་སོགས་སྤྱན་འདྲེན་ནས་བསྟོད་པའི་བར་གོང་གི་ལས་བྱང་ལྟར་གཏང་། ཐུགས་ཀར་རཾ་ལས་སོགས་སྔགས་དམིགས་དང་ལྡན་པས། ཡི་གེ་བཅུ་བཞི་མའམ་ཤམ་བུ་ཅན་བརྒྱ་རྩ་སོགས་བཟླ། དེ་ནས་སྤྲོ་ན་བཀའ་སྲུང་གཏོར་འབུལ་བྱ། ཚོགས་བྱིན་རླབས། སྤྱན་འདྲེན། མཆོད་བཤགས་གྲུབ་ནས་ལས་བྱང་ལྟར། བྷྱོ༔ རབ་འཇིགས་དུར་ཁྲོད་སོགས་ཀྱི་བསྐུལ་གཏང་། ཟན་ལིང་ཧོམ་ཁུང་དུ་བཞག་པ་དང་། ཕུར་བུ་གྲི་གུག་སོགས་མདུན་དུ་བཀོད་ལ། མདུན་དུ་གནམ་ལྕགས་ལས་གྲུབ་པའི་གྲུ་གསུམ་ཁ་དོག་ལ་གཏིང་ཟབ་པ༔ འཆི་བདག་ལས་ཀྱི་གཤིན་རྗེའི་བཤན་ཁང༔ ཤན་པའི་གྲོང་ཁྱེར༔ དུག་ལྔའི་མུན་པ་འཁྲིགས་ཤིང༔ ཐོག་དང་མཚོན་ཆའི་ཆར་འབབས་པའི་ནང་དུ༔ ནྲྀ་ཏྲི་ལས་དགྲ་བགེགས་གང་ཡིན་པ་མགོན་སྐྱབས་དང་བྲལ་བར་གྱུར༔ ན་མོ་ དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༔ སངས་རྒྱས་ཀྱི་བཀའ་བདེན་པ༴ ཆོས་ཀྱི་བཀའ་བདེན་པ༴ དགེ་འདུན་གྱི་བཀའ་བདེན་པ༴ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྲུང་མ༔ ཁྱད་པར་དུ་དྲག་མོ་སེང་གེའི་གདོང་པ་ཅན་འཁོར་དང་བཅས་པའི་བདེན་པ་དང༔ ལྷ་སྔགས་ཏིང་འཛིན་རྟེན་འབྲེལ་བསླུ་བ་མེད་པའི་བདེན་པས༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གྱི་དགྲ༔ གཟུགས་མེད་ཀྱི་བགེགས༔ ཕ་རོལ་གྱི་བྱད་མ་ལ་སོགས་པ་ཐམས་ཅད་སྐད་ཅིག་རང་དབང་མེད་པར་གཟུགས་ལིངྒ་འདི་ལ་ཁུག་ཅིག༔ དགྲ་བགེགས་ནྲྀ་ཏྲི་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷཎྜེ་ཧོ༔ ནྲྀ་ཏྲི་ཛཿཛ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་ལན་གསུམ་གྱིས་འགུགས་བཅིང་བསྡམ་མྱོས་བྱ། གནད་ནས་བསྐུལ་བ་ནི༔ བྷྱོ༔ དུར་ཁྲོད་འབར་བའི་གཞལ་ཡས་ནས༔ ཞེ་སྡང་འབར་བའི་མི་བཟད་མ༔ མུ་སྟེགས་དྲག་མོ་རྔམ་པ་མོ༔ དྲག་ཏུ་བསྐུལ་ལོ་མྱུར་དུ་བྱོན༔ ང་རྒྱལ་རྒྱས་པའི་མཐུ་མོ་ཆེ༔ མི་བསྲུན་དུར་ཁྲོད་གནས་ཉུལ་མ༔ ཉམས་པ་བསྒྲལ་བའི་ཤན་པ་མོ༔ གནད་ནས་བསྐུལ་ལོ་ཕྲིན་ལས་མཛོད༔ ཁམས་གསུམ་ཁྲག་ཏུ་གསོལ་བ་མོ༔ རུ་དྲའི་སྲོག་ལ་ཟ་བ་མོ༔ དགྲ་བགེགས་བདུན་རྒྱུད་གཅོད་པ་མོ༔ མྱུར་དུ་ཕྲིན་ལས་དུས་ལ་བབ༔ དེ་ནས་བསད་པའི་ཕྲིན་ལས་བཅོལ་བ་ནི། ཧོ༔ མཆོག་གསུམ་བླ་མ་ཡི་དམ་ལྷ༔ མཁའ་འགྲོ་དམ་ཅན་དགོངས་སུ་གསོལ༔ དམ་ཉམས་དགྲ་བོ་ལས་ངན་འདིས༔ དཀོན་མཆོག་གསུམ་དང་འཁོར་འདས་ཀྱི༔ རྒྱུ་འབྲས་བདེན་པ་ཁྱད་དུ་གསོད༔ རྡོ་རྗེ་སློབ་དཔོན་སྐུ་དགྲ་ཡིན༔ ཐེག་ཆེན་བསྟན་པའི་རུ་ཏྲ་འདི༔ བསྒྲལ་བའི་ཞིང་དུ་འདི་གྱུར་པས༔ སིཾ་ཧ་མུ་ཁའི་དུས་ལ་བབ༔ དགྲ་བགེགས་གསོད་པའི་དུས་ལ་བབ༔ རྫོང་འཕྲང་སྲོག་གི་གནད་དང་ཚེ་ཁྲུས་ཀྱི་དགོངས་པ་ལྡན་པས་ཕུར་བུ་ཐོགས་ལ། བྷྱོ་བྷྱོ་བྷྱོ༔ བྷྱོ༔ ལས་ཀྱི་ཕོ་ཉའི་མཁའ་འགྲོ་མ༔ ཤ་ཟ་སེང་གེའི་གདོང་པ་ཅན༔ བྲན་དང་བཅས་པའི་དུས་ལ་བབ༔ རྣོ་ངར་རེག་གཅོད་ཕུར་བུ་ཡིས༔ གཟས་པོའི་བདུན་རྒྱུད་ཐལ་བར་རློགས༔ དགྲ་བགེགས་མཱ་ར་ཡ་ནཱ་ཤ་ཡ་བྷཱནྡྷ་ཡ་སཏྭཾ་བྷ་ཡ་ཕཊ༔ ཅེས་ཕུར་བུས་བཏབ་ཅིང་གྲི་གུག་གིས་དུམ་བུར་གཏུབས། བསྟབ་པ་ནི༔ ཧཱུྃ༔ ཕྱེས་ཤིག་ཕྱེས་ཤིག་ཞལ་ཕྱེས་ཤིག༔ བདེ་གཤེགས་རྒྱ་མཚོ་ཞལ་ཕྱེས་ཤིག༔ སིཾ་ཧ་མུ་ཁ་ཞལ་ཕྱེས་ཤིག༔ ཡོངས་ལ་གནོད་པའི་དགྲ་བགེགས་ཀྱི༔ ཤ་ཁྲག་རུས་པ་ཞལ་དུ་བསྟབ༔ བདུན་རྒྱུད་ལྷག་མ་མེད་པར་བཞེས༔ ཧཱུྃ༔ དགྲ་བགེགས་གསོད་པའི་བརྟུལ་ཞུགས་ཀྱིས༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི༔ ཞིང་བཅུ་བསྒྲལ་པའི་དམ་ཚིག་གི༔ མཆོད་པ་ཆེན་པོ་བླ་མེད་ཀྱིས༔ བདེ་གཤེགས་རྒྱ་མཚོའི་ཐུགས་དམ་བསྐང༔ མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད༔ ལིང་རོ་ཤ་ཁྲག་གི་སྐྱེམས་དང་བཅས་ཟློག་གཏོར་དུ་ཕུལ། ཚོགས་ལ་རོལ་ཅིང་ལྷག་མ་བཏང། དེ་ནས་ཟློག་པའི་ཕྲིན་ལས་བཅོལ་བ་ནི༔ བྷྱོ༔ ཆོས་ཉིད་འགྱུར་བ་མེད་པ་ཡིས༔ མ་རྟོགས་དགྲ་བགེགས་ཟློག་ཏུ་གསོལ༔ དྲག་མོའི་སྐུར་བཞེངས་གདུག་པ་འདུལ༔ ལོག་རྟོག་དགྲ་བགེགས་ཟློག་ཏུ་གསོལ༔ སྔགས་བདག་རྔམས་ཆེན་རྫུ་འཕྲུལ་ཅན༔ བོད་ཁམས་དགྲ་བགེགས་མཐའ་དམག་ཟློག༔ དྲག་སྔགས་མཐུ་རྩལ་རྒྱས་པ་མོ༔ གསང་སྔགས་བསྟན་པའི་རུ་དྲ་ཟློག༔ རྡོ་རྗེ་ཐེག་པའི་དམ་ཚིག་ཅན༔ རྡོ་རྗེ་སློབ་དཔོན་སྐུ་དགྲ་ཟློག༔ སྔགས་ཀྱི་གཟེར་ཁ་འཕེན་པ་མོ༔ རྣལ་འབྱོར་བདག་གི་བར་ཆད་ཟློག༔ མཐུ་རྩལ་སེང་གེའི་ང་རོ་ཅན༔ དགྲ་བགེགས་མཐའ་དག་ཟློག་ཏུ་གསོལ༔ རྒྱལ་བའི་ཞིང་ཁམས་གནས་ཉུལ་མ༔ ཡེ་ཤེས་ལྷ་ཡི་བཀའ་ཆད་ཟློག༔ དང་པོའི་ཐ་ཚིག་འབྲེལ་བ་མོ༔ མུ་སྟེགས་ངན་སྔགས་མཐའ་དག་ཟློག༔ ལས་སུ་བསྔགས་པའི་ཕོ་ཉ་མོ༔ བོན་གྱི་ཟོར་ཁ་མཐའ་དག་ཟློག༔ བདེན་སྟོབས་ཐལ་མོ་རྡེབ་པ་མོ༔ དགེ་སློང་འབུམ་གྱི་འབུམ་བསྐོར་ཟློག༔ སྐྱེ་ཤི་རྩད་ནས་གཅོད་པ་མོ༔ དུས་མ་ཡིན་པའི་འཆི་བ་ཟློག༔ དམར་ཆེན་རྔམས་པའི་མི་བཟད་མ༔ དལ་ཡམས་མཐའ་དག་ཟློག་ཏུ་གསོལ༔ ཟློག་བྱེད་ནག་མོ་མཐུ་མོ་ཆེ༔ འགལ་རྐྱེན་བར་ཆད་མཐའ་དག་ཟློག༔ ཐུན་ཟོར་དྲག་པོའི་ལས་མཁན་མ༔ བྱད་ཁ་ཟོར་ཁ་ཐུན་ཁ་ཟློག༔ ཐུན་དང་ཟོར་གྱི་ལས་མཁན་མོ༔ དགྲ་བགེགས་མཐའ་དག་ཟློག་ཏུ་གསོལ༔ ཡེ་ཤེས་འཇིག་རྟེན་ཀུན་གྱི་བདག༔ སྔོན་ལས་འཕྲལ་རྐྱེན་གདུག་པ་ཟློག༔ མི་སྲུན་རྔམས་པར་བཞེངས་པ་མོ༔ དགྲ་བགེགས་ནད་གདོན་མཐའ་དག་ཟློག༔ བྷྱོ་བྷྱོ་ཟློག་ཟློག༔ བྷྱོ༔ དྲག་སྔགས་དམོད་པའི་ང་རོ་ཅན༔ བདེན་པ་ཆེན་པོའི་མཐུ་སྟོབས་ཀྱིས༔ བར་ཆད་དགྲ་བགེགས་མཐའ་དག་ཟློག༔ གསང་སྔགས་དམོད་པའི་གད་རྒྱངས་ཅན༔ བདེན་པ་ཆེན་པོའི་མཐུ་སྟོབས་ཀྱིས༔ བར་ཆད་དགྲ་བགེགས་མཐའ་དག་ཟློག༔ རིག་སྔགས་ནུས་པའི་མཚོན་ཆ་ཅན༔ བདེན་པ་ཆེན་པོའི་མཐུ་སྟོབས་ཀྱིས༔ བར་ཆད་དགྲ་བགེགས་མཐའ་དག་ཟློག༔ གཟུངས་སྔགས་ཐོག་གི་ཁ་ཕྲུ་ཅན༔ བདེན་པ་ཆེན་པོའི་མཐུ་སྟོབས་ཀྱིས༔ བར་ཆད་དགྲ་བགེགས་མཐའ་དག་ཟློག༔ རྡོ་རྗེ་མི་ཕྱེད་པ་ཡི་ཚིག༔ བདེན་པ་ཆེན་པོའི་མཐུ་སྟོབས་ཀྱིས༔ བར་ཆད་དགྲ་བགེགས་ཟློག་ཏུ་གསོལ༔ ཨོཾ་ཏྲི་ཀཱ་དྷི༔ ཏྲི་མུ་དྷི༔ ཏྲི་ལ་ཀ་པ་ཏཱ་ནི༔ ཏྲི་མཱ་ར་ཎ༔ རྦད་ཁ་བྱད་སྟེམས་མཱ་ར་ཡ་ཧཱུྃ་ཕཊ༔ ཕཊཿཡཿརཿམཿསཿརཿདཿཤཿཙཿརཿམཿསཿཀཿཨ༔ ཕཊ་ཕཊ༔ བྷྱོ་བྷྱོ་ཟློག་ཟློག་ཟློག༔ ཧ་ཧ༔ ཧི་ཧི༔ ཧཱུྃ་ཧཱུྃ༔ ཕཊ་ཕཊ༔ ཟློག་ཟློག༔ བྷྱོ༔ ཡེ་ཤེས་རོལ་པའི་མཐུ་རྩལ་བླ་ན་མེད༔ ཡེ་ཤེས་རྔམ་པའི་གཟི་བརྗིད་གོང་ན་མེད༔ ཡེ་ཤེས་རྩལ་གྱི་ལས་ལ་ཐོགས་པ་མེད༔ ཡེ་ཤེས་འབར་བའི་དམིགས་པས་ཤོར་བ་མེད༔ བསྐུལ་ལོ་བསྐུལ་ལོ་ཟློག་པའི་ལས་ལ་བསྐུལ༔ མཛོད་ཅིག་མཛོད་ཅིག་ཟློག་པའི་ཕྲིན་ལས་མཛོད༔ དགྲ་བགེགས་བསམ་སྦྱོར་ངན་པ་ཟློག༔ མཚེ་ཟོར་ཡུངས་ཟོར་འཕེན་པ་ཟློག༔ འབྱུང་པོའི་ཐོད་ཟོར་འཕེན་པ་ཟློག༔ གཤིན་རྗེའི་འཁོར་ལོ་བསྐོར་བ་ཟློག༔ བདུད་ཀྱི་ཁྲམ་ཁ་འདེབས་པ་ཟློག༔ མ་མོའི་ཁྲག་ཟོར་འཕེན་པ་ཟློག༔ ཀླུ་ཡི་བྱད་དུ་བཅུག་པ་ཟློག༔ ཐེའུ་རང་ཚེ་ལ་རྐུ་བ་ཟློག༔ མུ་སྟེགས་བར་ཆད་བྱེད་པ་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག༔ ལྟས་ངན་ཆོ་འཕྲུལ་ངན་པ་ཟློག༔ མོ་ངན་རྨི་ལམ་ངན་པ་ཟློག༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་ཟློག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་ཟློག༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཚར་གྲངས་དགོས་ན་ཟློག་ཕྲིན་འདི་ཉིད་བསྐྱར་ལ་བར་རྣམས་སུ་ལིང་རོ་སོགས་འབུལ། མཐར་མདུན་བསྐྱེད་བསྐྱེད་ཆོག་སྐབས་ཀྱི་དམིགས་པ་གསལ་བཏབ་ལ་ཡི་གེ་བཅུ་བཞི་མ་མཇུག་ལྡོག་ཉིད་བརྒྱ་རྩ་ཙམ་བཟླས་ལ་ཐལ་རྡེབ་ལན་དགུ་བྱ། ཞག་གྲངས་བྱེད་ན་འདི་མཚམས་སྲུང་མའི་གཏོར་འབུལ་དང་། ལས་བྱང་ཆད་མདོ་ཕྱིན་ཆད་མཐར་དབྱུང་། གཏོར་ཟློག་བོར་ཉིན་ཟློག་སྔགས་གྲུབ་པ་དང་། གཏོར་མའི་ཡེ་ཤེས་པ་མདུན་མཁར་བཞུགས། དམ་ཚིག་པ་ལས་བྱེད་སྤྲུལ་པའི་དམག་ཚོགས་དགྲ་ཡུལ་དུ་ཆས་ཏེ་གཏོར་མ་ནད་དུག་མཚོན་གྱི་ཆར་པས་དགྲ་བགེགས་ཁ་ཕུང་རྗེས་མེད་དུ་བརླག་པར་བསམ་ལ། གསེར་སྐྱེམས་སྤྱི་འགྲོ་གཏང་། གཏོར་སྐྱོང་དང་ཆད་མདོའི་རྗེས་སུ་ཟོར་དུ་འཕང་བ་ནི། བྷྱོ༔ ཟློག་བྱེད་དམར་གྱི་གཏོར་མ་འདི༔ ཐུན་དང་མཚོན་གྱི་ཐོག་ཆེན་ལ༔ དྲག་པོ་སྔགས་ཀྱི་དབལ་དང་ལྡན༔ རྣོ་དབལ་ངར་ལྡན་རེག་གཅོད་ཀྱིས༔ བསམ་ཞིང་དམོད་པ་ཐོགས་མེད་གཅོད༔ རིག་སྔགས་དྲག་པོའི་ཐོག་མཚོན་འདིས༔ གཟས་པོའི་དགྲ་བགེགས་ཐལ་བར་རློག༔ བྷྱོ༔ སངས་རྒྱས་ཕྲིན་ལས་རྨད་བྱུང་བའི༔ གང་འདུལ་ཁྲོ་རྒྱལ་རྔམས་པ་མོ༔ ཐུན་སྔགས་ཟོར་གྱི་ཚྭ་ཚྭ་འཕྲོ༔ མ་རུངས་དུག་ཐུན་བསམ་ཆོད་ཀྱི༔ ཟོར་གྱིས་དགྲ་བགེགས་རྡུལ་དུ་རློགས༔ དགྲ་བགེགས་བདུན་རྒྱུད་རྩད་ནས་ཆོད༔ དགྲ་བགེགས་སྐྱེ་རྒྱུད་དྲུང་ནས་ཕྱུངས༔ ལྷག་མ་རྡུལ་ཙམ་མེད་པར་མཛོད༔ བྷྱོ་བྷྱོ་བྷྱོ༔ ཟློག་ཟློག་ཟློག༔ ཅེས་མཁའ་འགྲོ་རྒྱུ་ཕྱོགས་དང་གདོང་མ་ཐུག་ཅིང་ཐེབས་ཡོད་པའི་ས་འམ་བྱད་དགྲ་དངོས་ཀྱི་ཕྱོགས་སུ་འཕང་། དམ་ཚིག་པ་རང་ལ་བསྟིམ། ཐལ་རྡེབ་རྗེས་གཅོད་སྲུང་འཁོར་སྤྱི་ལྟར་ལ། གཏོར་གཞོང་བཤལ་བའི་ཆུས་གཏོར་མ་བྲན་ཅིང་བརླབས་ལ་བརྟན་མ་བསྐྱང་། གཏོར་གཞོང་སྦུབས་པའི་འོག་ཏུ་སྒབ་འདྲེ་བཀུག་ལ་གཏོར་མནན་བྱ། ཡེ་ཤེས་པ་ལ་གཏང་རག་མཆོད་བསྟོད་ཕུལ་ནས་སྤྲོ་ན་དངོས་གྲུབ་བླང་། ནོངས་བཤགས་དང་རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་སུ་གསོལ། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་ལས་བྱང་ལྟར་བྱའོ། །འདི་ལ་ཀཿཐོག་པའི་ཕྱག་བཞེས་སུ་ཡེ་འབར་སོགས་ཡི་དམ་གཞན་གྱི་ཞར་བྱུང་གཏང་བ་གཙོ་ཆེ་བའི་དབང་དུ་མཛད་པས་གཏེར་གཞུང་ཁ་སྐོང་མེད་པ་གུང་བསྡེབས་ཙམ་ལས་འདི་ཉིད་རང་རྐང་ཚུགས་པའི་ཆོག་ཁྲིགས་མ་བཞུགས་སྟབས། བསྙེན་སྒྲུབ་དང་ཟློག་པ་སྒེར་ཐུབ་ལ་ལག་ལེན་འདེབས་དཀའ་བས་ཀློང་གསལ་རྡོར་སྙིང་གི་ལས་བྱང་ཆེ་ཆུང་གིས་ཁོག་ཕུབ་སྟེ་རང་གཞུང་རྐང་ཐུབ་ཏུ་བགྱིས་པའོ། །འདོན་སྒོམ་ཏིང་འཛིན་བྱ་སླ་ཞིང་། །རྣོ་མྱུར་བྱིན་རླབས་ཆེར་གྲགས་པ། །འདིར་བརྟེན་གསང་ཆེན་བསྟན་འཛིན་རྣམས། །བདུད་བགེགས་གཡུལ་ལས་རྣམ་རྒྱལ་ཤོག །ཅེས་པ་འདིའང་རང་གཞན་ལ་ཁྱེར་བདེ་ཞིང་ཟབ་པའི་ཉམས་མྱོང་དང་ལྡན་པས་ཉེ་བར་མཁོ་བ་དང་། རིན་པོ་ཆེ་གཏེར་གྱི་མཛོད་གདམས་ཟབ་བཅུད་ཀྱིས་གཏམས་པའི་ཆ་རྐྱེན་དུ་པདྨ་གར་དབང་འཆི་མེད་བསྟན་གཉིས་གླིང་པ་རྩལ་གྱིས་ཤྲཱི་དེ་བཱི་ཀོ་ཊིའི་དབེན་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ།། །།
གསང་ཐིག་སྙིང་པོའི་སྐོར་ལས༔ མ་མོ་སྔགས་ཀྱི་སྲུང་མའི་ལས་རིམ་ (Volume 11, Text 3)
༁ྃ༔ ༔གསང་ཐིག་སྙིང་པོའི་སྐོར་ལས༔ མ་མོ་སྔགས་ཀྱི་སྲུང་མའི་ལས་རིམ་བཞུགས་སོ༔ ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ སྔགས་ཀྱི་བསྟན་པ་གཉན་བསྲུང་ཕྱིར༔ དབྱིངས་ཀྱི་མ་མོའི་ཕྲིན་ལས་བསྟན༔ ནལ་གྱི་ཐོད་པ་ཚལ་བུ་ལ༔ བྱ་མོ་ནག་མོའི་སྙིང་ཁྲག་གིས༔ འཁོར་ལོ་རྩིབས་བཞི་མུ་ཁྱུད་ཅན༔ ལྟེ་བར་ཨེ་དབུས་ཐུགས་སྲོག་བྷྱོ༔ རྩིབས་བཞི་མདུན་ནས་གཡས་སྐོར་དུ༔ ཏྲཀ་རཀྴ་ཙིཏྟ་ཧྲིང་ཛ༔ རཀྨོ་དུཥྚཾ་ཙིཏྟ་ཧྲིང་ཛ༔ རུ་ལུ་རུ་ལུ་ཙིཏྟ་ཧྲིང་ཛ༔ མ་མ་ཌཱ་ཀི་ནཱི་སརྦ་ཙིཏྟ་ཧྲིང་ཛ༔ མུ་ཁྱུད་དག་ལ་འདོད་གསོལ་མཐར༔ མ་མ་སརྦ་ཀརྨ་ས་མ་ཡ་ཀུ་རུ་ཧོ༔ ཞེས་བྲི་བྱ་ནག་ལྤགས་པས་དྲིལ༔ དེ་ཡི་ཙིཏྟར་གཞུག་པར་བྱ༔ དུར་ཁྲོད་ས་ཡི་མཎྜལ་གྱི༔ དབུས་སུ་བླ་རྟེན་སྐུ་བཅས་བྲི༔ གཞན་ཡང་མཐུན་རྫས་མཆོད་གཏོར་བཤམས༔ རང་ཉིད་ལྷ་ཡི་ང་རྒྱལ་བསྐྱེད༔ ཧཱུྃ༔ མཁའ་དབྱིངས་བདེ་ཆེན་དག་པའི་ཞིང༔ ལྷུན་གྲུབ་དུར་ཁྲོད་འབར་བའི་ཀློང༔ མེ་རླུང་ཁྲག་མཚོ་རོ་གདན་དབུས༔ བྷྱོཿལས་དབྱིངས་ཀྱི་མཁའ་འགྲོ་མ༔ ནམ་མཁའི་མདོག་ཅན་འཇིགས་པའི་གཟུགས༔ སྤྱན་གཅིག་འཁོར་འདས་དུས་ཀུན་གཟིགས༔ ཚེམས་གཅིག་ཉམས་པའི་སྲོག་ལ་གཟིར༔ རལ་གཅིག་མི་མངོན་དབྱིངས་སུ་འབར༔ སྲིད་ཞིར་མི་གནས་བརྐྱང་བསྐུམ་བགྲད༔ གཡས་གཡོན་ཞིང་དབྱུག་དགྲ་སྙིང་བསྣམས༔ སྦྲུལ་ལྔ་རིན་ཆེན་རུས་རྒྱན་སྤྲས༔ བ་སྤུའི་རྩེ་ནས་མེ་དཔུང་འབར༔ མེ་འབར་ཀློང་ནས་ལྕགས་སྤྱང་འགྱེད༔ སྡིག་ཅན་ཤ་ཁྲག་དམར་གཡོས་བྱེད༔ ཡེ་ཤེས་ལས་དང་འཇིག་རྟེན་གྱི༔ མཁའ་འགྲོ་ཤུགས་འགྲོ་དྲེགས་པའི་ཚོགས༔ འབུམ་ཕྲག་གྲངས་མེད་འཁོར་དང་བཅས༔ སྣང་སྟོང་རིག་རྩལ་རོལ་པར་བསྐྱེད༔ ཐུགས་ལས་འོད་འཕྲོས་ཡེ་ཤེས་པ༔ འཁོར་བཅས་གནས་འདིར་ས་མཱ་ཛ༔ བྷྱོ༔ མ་སྐྱེས་ཀུན་བཟང་དབྱིངས་ཉིད་ལས༔ བདེ་ཆེན་རོལ་པ་ཁྲོས་པའི་ཡུམ༔ སྔགས་བདག་མཁའ་འགྲོའི་ཚོགས་དང་བཅས༔ བསྟན་པ་སྲུང་ཕྱིར་གནས་འདིར་གཤེགས༔ བཛྲ་ས་མཱ་ཛ༔ དམ་ཚིག་སྤྲུལ་པའི་ངོ་བོ་ཉིད༔ གདོད་ནས་ཡེ་ཤེས་འཁོར་ལོར་རྫོགས༔ གཉིས་མེད་བདེ་ཆེན་རོལ་པར་བཞུགས༔ རྡོ་རྗེའི་དམ་ཚིག་རྗེས་དགོངས་ཤིག༔ དབྱིངས་རིག་གཉིས་མེད་བརྡ་ཕྱག་འཚལ༔ ཕྱི་ནང་ཉེར་སྤྱོད་འདོད་ཡོན་ལྔ༔ གསང་བའི་དམ་རྫས་དབང་ལྔའི་མདངས༔ ཚིལ་ཆེན་སྤོས་དང་ཞུན་ཆེན་མེ༔ ཁྲག་ཞག་དྲི་མཆོག་ཤ་ཆེན་བཤོས༔ རྐང་གླིང་ཐོད་རྔ་རོལ་མོའི་སྒྲ༔ དུག་གསུམ་བསྒྲལ་པའི་ཤ་ཁྲག་རུས༔ ཁྱད་པར་ཐབས་མཆོག་ཨ་མྲྀ་ཏ༔ ཤེས་རབ་བདེ་བའི་དམར་ཆེན་རྒྱུན༔ གཉིས་མེད་རོལ་པ་བ་ལིཾ་ཏ༔ སྦྱོར་དང་སྒྲོལ་བའི་པཱུ་ཛ་ཆེ༔ རྟེན་རྫས་སྒྲུབ་རྫས་སྐོང་བའི་རྫས༔ དངོས་བཤམས་ཡིད་ཀྱིས་སྤྲུལ་པ་ལས༔ བྱུང་བའི་མཁའ་འགྲོ་དགྱེས་མཆོད་སྤྲིན༔ མ་ཚང་མེད་པ་འདོད་རྒུའི་གཏེར༔ རབ་འབྱམས་ནམ་མཁའ་གང་བ་འབུལ༔ དགྱེས་མཆོད་བཞེས་ལ་དངོས་གྲུབ་སྩོལ༔ འགལ་འཁྲུལ་ནོངས་པ་དབྱིངས་སུ་བསྐང༔ དམ་ཚིག་བཞིན་དུ་བདག་སྲུང་ཞིང༔ ནད་གདོན་འཇིགས་བརྒྱད་ཞི་བ་དང༔ ཚེ་དཔལ་ལོངས་སྤྱོད་སྙན་གྲགས་སྤེལ༔ མོས་པ་ཐམས་ཅད་འདུ་བ་དང༔ གནོད་པའི་དགྲ་བགེགས་མེད་པར་མཛོད༔ ཁྱད་པར་ཟབ་གསང་བསྟན་པ་སྲུངས༔ དེ་འཛིན་སྐྱེས་བུའི་སྐུ་ཚེ་སྲིངས༔ བསྟན་ལ་གནོད་པའི་སྡིག་ཅན་གང༔ མངོན་སྤྱོད་ལས་ཀྱིས་མྱུར་དུ་སྒྲོལ༔ མདོར་ན་ཇི་ལྟར་འདོད་པ་བཞིན༔ ཕྲིན་ལས་ཐོགས་པ་མེད་པར་སྒྲུབས༔ བྷྱོ༔ གསང་བ་ཡུམ་གྱི་བྷ་གའི་ཀློང༔ མཚན་མའི་སྐྱོན་བྲལ་སྐུ་གསུང་ཐུགས༔ རྟག་པ་འགྱུར་མེད་བདེ་ཆེན་རྒྱན༔ རྒྱན་གྱི་རྒྱལ་མོའི་གཙོ་ལ་བསྟོད༔ སྣང་སྲིད་དབྱིངས་རྫོགས་གཙོ་མོའི་མཁའ༔ མཁའ་དབྱིངས་དག་པའི་ཆོ་འཕྲུལ་ལས༔ འདས་དང་མ་འདས་སྤྲུལ་པའི་གཟུགས༔ སྣ་ཚོགས་རྫུ་འཕྲུལ་ཅན་ལ་བསྟོད༔ ཐུགས་ཀར་མི་འགྱུར་སྲོག་ཡིག་མཐར༔ འབུམ་ཕྲག་ཌཱ་ཀིའི་སྲོག་སྙིང་འཁོར༔ བདག་ཉིད་ཐུགས་ཀའི་འོད་ཀྱིས་བསྐུལ༔ གང་བཅོལ་ལས་ཀུན་མྱུར་སྒྲུབ་བསམ༔ ཨོཾ་ཏྲག་རཀྴ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ བསྙེན་སྒྲུབ་དྲིལ་སྔགས་ཅི་ནུས་བཟླ༔ ཕྲིན་ལས་ཤམ་བུ་གང་འདོད་བསྒྱུར༔ རྒྱུན་དུ་མཆོད་ཅིང་དམ་ཚིག་བཟུང༔ དེས་ནི་བྲན་བཞིན་ཐེ་ཚོམ་མེད༔ ས་མ་ཡ༔ མ་མོའི་ཐུགས་དམ་བསྐང་བའི་ཕྱིར༔ མཐུན་རྫས་མཆོད་གཏོར་བཟང་དུ་བཤམ༔ སྔགས་རྒྱ་ཏིང་ངེ་འཛིན་གྱིས་བརླབས༔ ཧཱུྃ་བྷྱོ༔ མ་སྐྱེས་ཀུན་བཟང་དབྱིངས་ཀྱི་ཡུམ༔ བདེ་ཆེན་རོལ་པ་ཌཱ་ཀིའི་གཙོ༔ དཔལ་ལྡན་མཁའ་འགྲོ་སྤྲུལ་འཁོར་བཅས༔ དགྱེས་བསྐང་ཕྲིན་ལས་འགྲུབ་པར་མཛོད༔ འཁོར་འདས་དབྱིངས་ཀྱི་ཐིག་ལེར་འཁྱིལ༔ མ་སྐྱེས་འགག་པ་མེད་པ་སྟེ༔ འདི་ཡང་དགྱེས་པའི་དམ་ཚིག་ཆེ༔ གཉིས་མེད་ངང་དུ་ཐུགས་དམ་བསྐང༔ མཁའ་ཀློང་བདེ་བའི་ཆོ་འཕྲུལ་ལས༔ ཐམས་ཅད་ཚིམས་བྱེད་འདོད་རྒུའི་གཏེར༔ སྣང་སྲིད་མཆོད་པའི་བྱེ་བྲག་གིས༔ མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང༔ ཕྱི་མཆོད་ཉེར་སྤྱོད་རྣམ་ལྔ་དང༔ གླིང་བཞི་རི་རབ་ལྷ་མིའི་ནོར༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་གིས༔ མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང༔ ནང་མཆོད་འདོད་པའི་ཡོན་ཏན་ལྔ༔ ཕུད་དང་སྤྱན་གཟིགས་ལོངས་སྤྱོད་ཚོགས༔ རྨད་བྱུང་དགྱེས་པའི་མཆོད་སྤྲིན་གྱིས༔ མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང༔ ཁྱད་པར་དྲག་པོའི་འདོད་ཡོན་ཆེ༔ ཤ་ཁྲག་རུས་པའི་ཕུང་པོ་དང༔ མཐུན་པའི་དམ་རྫས་སྣ་ཚོགས་ཀྱིས༔ མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང༔ གསང་བ་སྨན་གཏོར་རཀྟ་དང༔ སྦྱོར་སྒྲོལ་བརྟུལ་ཞུགས་མཆོག་ཆེན་པོ༔ སྲོག་འཁོར་བླ་རྡོ་བཅས་པ་ཡིས༔ མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང༔ ཡང་གསང་བདེ་ཆེན་མཉམ་པའི་དབྱིངས༔ བསྐང་བྱ་སྐོང་བྱེད་མཚན་མ་བྲལ༔ རང་རིག་གདོད་ནས་རྣམ་དག་པས༔ མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང༔ མདོར་ན་དགྱེས་རྒུའི་འདོད་ཡོན་ཚོགས༔ མཆོད་རྫས་རྟེན་སྐོང་སྒྲུབ་པའི་རྫས༔ ཕྱི་ནང་གསང་བའི་མཆོད་སྤྲིན་གྱིས༔ མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང༔ ཁྱེད་རྣམས་ཐུགས་དམ་གཉན་བསྐངས་ནས༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱིས༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ སྡོམ་དང་བསླབ་པ་དམ་ཚིག་ལས༔ ཚོར་དང་མ་ཚོར་ཉམས་པ་དང༔ སྒོ་གསུམ་བག་མེད་ལས་དབང་གིས༔ མཁའ་འགྲོ་འཁྲུགས་པའི་ལས་བགྱིས་པ༔ ཐམས་ཅད་མ་ལུས་བཤགས་ཤིང་སྡོམ༔ འགྱོད་བཤགས་དང་དུ་བཞེས་ནས་ཀྱང༔ ཕྲིན་ལས་ཐམས་ཅད་འགྲུབ་པ་དང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ མ་གཡེལ་མ་འདའ་མཁའ་འགྲོའི་ཚོགས༔ དམ་སྐོངས་རྐྱེན་ཟློག་བསམ་པ་སྒྲུབས༔ བསྟན་པ་སྲུང་ཞིང་སྐྱོང་བ་དང༔ འཇིག་རྟེན་ཀུན་ཏུ་བདེ་ལེགས་སྤེལ༔ མི་མཐུན་ཕྱོགས་རྣམས་ཞི་བ་དང༔ མཐུན་རྐྱེན་ལེགས་ཚོགས་རྒྱས་པར་སྤེལ༔ གཞི་བྱེས་དུས་ཀུན་རྟག་སྲུང་ཞིང༔ བཅོལ་པའི་ལས་འདི་གྲུབ་པར་མཛོད༔ དེ་ལྟར་བཤགས་སྐོང་རྒྱུན་དུ་འབད༔ མ་མོ་འཁྲུགས་པ་ཞི་བ་དང༔ འདོད་པའི་ཕྲིན་ལས་འགྲུབ་པར་འགྱུར༔ ས་མ་ཡ༔ སྐལ་པ་ལྡན་པའི་སློབ་མ་ལ༔ སྔགས་བདག་སྲོག་གི་སྙིང་པོ་གཏད༔ རྟེན་གཏོར་ལྷར་གསལ་བསྙེན་པ་བྱ༔ སློབ་མ་ཁྲུས་བྱ་བགེགས་མཚམས་བཅད༔ མཎྜལ་ཕུལ་ནས་གསོལ་གདབ་པ༔ ཧེ་རུ་ཀ་དཔལ་གཙོ་ལ་འདུད༔ སྔགས་ཀྱི་བསྟན་པ་གཉན་བསྲུང་ཕྱིར༔ བདག་ལ་སྔགས་བདག་མཁའ་འགྲོ་མའི༔ སྲོག་གི་རྗེས་གནང་བཀའ་དྲིན་སྩོལ༔ དེ་ནས་སློབ་མའི་རྒྱུད་སྦྱངས་ལ༔ ཁྱད་པར་དམ་ཚིག་ཁས་བླངས་ནི༔ ཧོ༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ བདག་གིས་འགྲོ་བ་ཀུན་དོན་དུ༔ ཕྱི་ནང་གསང་བའི་དམ་བཟུང་ཞིང༔ དབྱིངས་ཀྱི་མ་མོའི་དོན་རྟོགས་པས༔ འཁོར་འདས་མཉམ་པ་ཆེན་པོར་སྦྱོར༔ ཡེ་ཤེས་མ་མོའི་ཕྱག་རྒྱ་ཆེ༔ སྣང་སྲིད་མ་མོའི་ཕྱག་རྒྱ་ཆེས༔ སྣང་སྲིད་བདེ་ཆེན་དྲྭ་བར་སྡོམ༔ སྲིད་པའི་མ་སྲིང་རྒྱ་མཚོ་ལ༔ རྟག་ཏུ་མཆོད་ཅིང་དམ་ཚིག་སྲུང༔ མངོན་སྤྱོད་ཕྲིན་ལས་རྨད་པོ་ཆེས༔ ལས་ཀྱི་མ་མོའི་སྲོག་ཀྱང་བཟུང༔ བསམ་དང་སྤྱོད་ཡུལ་དག་པ་ཡིས༔ མ་མོ་ཚུལ་བཞིན་བསྒྲུབ་པར་བགྱི༔ བཛྲ་ས་མ་ཡ་ཧཱུྃ༔ དམ་ཚིག་བདུད་རྩིས་ཆུ་ནན་བྱ༔ དེ་ནས་སློབ་མ་སྐད་ཅིག་གིས༔ པདྨ་དབང་ཆེན་ཧེ་རུ་ཀ༔ བསྐལ་པའི་མེ་འབར་ལྟ་བུར་བསྐྱེད༔ ཡེ་ཤེས་དགུག་བསྟིམ་བརྟན་པར་བྱ༔ གཏོར་མ་སྔགས་སྲུང་གསལ་བ་ཉིད༔ རིམ་པར་གཏད་ཅིང་དབང་བསྐུར་ནི༔ ཧཱུྃ༔ དུར་ཁྲོད་འབར་བའི་གཞལ་ཡས་དང༔ མི་མངོན་ཆོས་དབྱིངས་དག་པ་ན༔ འབར་བའི་བདག་མོ་དམ་ཚིག་ཅན༔ གཙོ་དང་འཁོར་གྱི་ཚུལ་དུ་བཞུགས༔ ཧེ་རུ་ཀ་ཡི་བཀའ་བཞིན་དུ༔ བསྟན་སྲུང་ལས་ལ་མངགས་པའི་ཕྱིར༔ སྐུ་ཡི་མཐུ་རྩལ་ནུས་པའི་སྲོག༔ དམ་ལྡན་བུ་ལ་གཏད་པར་བྱ༔ སྡོང་གྲོགས་ཕྲིན་ལས་མ་གཡེལ་ཞིག༔ དམ་ཚིག་འདས་ན་རང་གཤེད་ཕོབ༔ གསུང་གི་མཐུ་རྩལ་ནུས་པའི་སྲོག༔ དམ་ལྡན་བུ་ལ་གཏད་པར་བྱ༔ སྡོང་གྲོགས་ཕྲིན་ལས་མ་གཡེལ་ཞིག༔ དམ་ཚིག་འདས་ན་རང་གཤེད་ཕོབ༔ ཐུགས་ཀྱི་མཐུ་རྩལ་ནུས་པའི་སྲོག༔ དམ་ལྡན་བུ་ལ་གཏད་པར་བྱ༔ སྡོང་གྲོགས་ཕྲིན་ལས་མ་གཡེལ་ཞིག༔ དམ་ཚིག་འདས་ན་རང་གཤེད་ཕོབ༔ མཁའ་འགྲོའི་དབང་བསྐུར་སྲོག་ཡིན་ཏེ༔ སྲོག་གི་རྩ་བ་འདའ་དཀའི་དམ༔ ཚུལ་བཞིན་འཛིན་པའི་སྐལ་ལྡན་ལ༔ ལུས་དང་གྲིབ་བཞིན་འགྲོག་པ་དང༔ འདོད་དོན་ཕྲིན་ལས་མྱུར་འགྲུབ་མཛོད༔ མ་མ་ཨེ་ཀ་ཛཱ་ཊི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཀཱ་ཡ་ས་མ་ཡ་བཛྲ་རཀྵནྟུ་ཨོཾ༔ ཝཱ་ཀ་ས་མ་ཡ་བཛྲ་རཀྵནྟུ་ཨཱ༔ ཙིཏྟ་ས་མ་ཡ་བཛྲ་རཀྵནྟུ་ཧཱུྃ༔ མཐར་ནི་གཏོར་མ་ལྷར་གསལ་བ༔ བྷྱོ་ཡིག་མཐིང་ནག་རྣམ་པར་གྱུར༔ སློབ་མའི་སྙིང་གར་བསྟིམ་པར་བྱ༔ དེས་ནི་སྲོག་ལ་དབང་ཐོབ་འགྱུར༔ རྗེས་ཀྱི་རིམ་པ་སྤྱི་ལྟར་བྱ༔ སློབ་མས་དམ་སྲུང་རྒྱུན་དུ་མཆོད༔ མ་མོ་འགོ་ཞིང་བཀའ་ཉན་འགྱུར༔ ས་མ་ཡ༔ ཉམས་པའི་དགྲ་བགེགས་བསྒྲལ་བའི་ཕྱིར༔ མ་མོའི་ལས་ཀྱི་སྦྱོར་བ་ནི༔ རཱུ་པ་བྱད་གཞུག་མཛེ་ཐོད་བྲུབ༔ ཕུང་སའི་བྲུབ་ཁུང་ནག་པོར་གཞུག༔ ཤ་ཁྲག་དམར་གྱིས་མཁའ་འགྲོ་མཆོད༔ དྲག་པོའི་ལས་ལ་འདི་ལྟར་བསྐུལ༔ བྷྱོ༔ ཁམས་གསུམ་དབྱིངས་ཀྱི་མཁའ་འགྲོའི་དལ༔ དབྱིངས་ལ་སྐྱེ་བ་མེད་མོད་ཀྱང༔ བདག་རྟོག་ཉམས་པ་ཀུན་གྱི་གཤེད༔ ཁྲོས་པའི་རྒྱལ་མོ་དབྱིངས་ནས་བཞེངས༔ ཡེ་ཤེས་འཇིག་རྟེན་མཁའ་འགྲོའི་འཁོར༔ སྣང་སྲིད་དྲེགས་པའི་སྡེ་དཔུང་བཅས༔ ཀུན་ཀྱང་མངོན་སྤྱོད་ལས་ལ་བཞེངས༔ དམ་ཚིག་ཉམས་པའི་གཤེད་མ་མཛོད༔ ཉེས་བྱས་སྡང་བའི་དགྲ་བོ་འདིས༔ རྣལ་འབྱོར་བདག་ལ་ལྷ་མེད་ཟེར༔ སྲུང་མར་དམ་དང་མཐུ་མེད་ཟེར༔ བསྟན་པ་བཤིག་ཅིང་སྐུ་དགྲ་བྱས༔ དེ་བས་སྡིག་ཅན་གླང་སྙིང་འདི༔ ལོ་ཟླ་ཞག་ཏུ་མ་བཞག་པར༔ འགོ་བའི་ལྷ་སྲུང་བདུད་དུ་ཕོབ༔ གནམ་གྱི་འཇུ་ཐག་རྩད་ནས་ཆོད༔ ས་ཡི་རྟེན་ཕུར་དྲུངས་ནས་ཕྱུངས༔ བདུན་རྒྱུད་རིགས་ཀྱང་བརླག་པར་མཛོད༔ གནད་ནས་བསྐུལ་ལོ་རྩལ་མ་ཆུང༔ མངོན་སྤྱོད་ལས་ཀྱི་རྟགས་ཕྱུངས་ཤིག༔ དུས་ལ་བབ་པོ་ས་མ་ཡ༔ ཞེས་བསྐུལ་རྦད་སྔགས་དྲག་ཏུ་བཟླ༔ མ་མ་ཏྲག་རཀྴ་ཐུན་བྷྱོ༔ རུ་ལུ་རུ་ལུ་མ་མ་ཐུན་བྷྱོ༔ སྲོག་ལ་མུག་ཙིཏྟ་བཾ་རིལ་མཱ་ར་ཡ་རྦད་བྷྱོ༔ ཁུག་རྟགས་གསལ་ན་བསད་པ་ནི༔ ཁྲག་དང་དུག་ཐུན་མཚོན་གྱིས་གཟིར༔ བསྐུལ་ཞིང་སྤུ་གྲིའི་སྔགས་འདི་བཟླ༔ ཏྲག་རཀྴ་རཀྨོ་ཛ་བྷྱོ༔ ཆེ་གེ་མོ་མཱ་ར་ཡ་ཛ༔ ནྲྀ་ཏྲི་མཱ་ར་ཡ་མྱོག་ཐུཾ་སོད༔ ཁྲག་ཏུ་མུག༔ ཙིཏྟ་རྦུད༔ མཱ་ར་ཡ་སོད་སོད༔ རྟགས་རྫོགས་ཚེ་ན་ལིངྒ་བསྲེག༔ ཐལ་བ་རྒྱ་གྲམ་ངོམ་ཟབ་དང༔ རབས་ཆད་ཕུང་བའི་ས་རུ་མནན༔ ཐུབ་ཆོད་མན་ངག་གཅིག་ཆོག་ཡིན༔ ས་མ་ཡ༔ དབྱིངས་ཀྱི་མ་མོའི་ཕྲིན་ལས་འདི༔ ཕྱི་རབས་སྔགས་ཀྱི་རྣལ་འབྱོར་པའི༔ བསྟན་པ་བསྲུང་ཕྱིར་པདྨས་བཀོད༔ ལས་ཅན་བུ་དང་འཕྲད་པར་ཤོག༔ འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པའི་ཟབ་གཏེར་ཡང་དག་པའོ།། །། ༈ གསང་ཐིག་ཡབ་བཀའ་དང་ཡུམ་བཀའ་སྔགས་སྲུང་མ་བཅས་གཏེར་གཞུང་འདི་དག་འཇམ་མགོན་བླ་མ་རིན་པོ་ཆེ་དང་། རིགས་བདག་བླ་མ་རྣམས་ཀྱི་དགོངས་རྫོགས་ཕྱིར་དུ་ཁ་བསྐངས་ཏེ་སྤར་གསར་དུ་བསྒྲུབས་པ་ཡིན་པས་དབང་ལུང་སོགས་ལ་ཞིབ་ཅ་བྱ་དགོས་པ་ཡོད་དོ། །ཞེས་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་ཁོ་བོས་ཆེད་དུ་གདམས་པའོ།། །།
སྨན་མཆོད་ཅུང་ཟད་ (Volume 67, Text 3)
སྨན་མཆོད་ཅུང་ཟད་སྤྲོ་ན། གདོད་མའི་མགོན་པོ་ཀུན་བཟང་འོད་མི་འགྱུར། །རང་རྩལ་རིགས་ལྔ་ལོངས་སྤྱོད་རྫོགས་པའི་སྤྲིན། །མི་འགྱུར་རྒྱལ་བ་དགོངས་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། རིགས་གསུམ་སེམས་དཔའ་རིགས་ཅན་དྲྭ་མ་ལྔ། །རྒྱལ་པོ་ཛཿདང་དགའ་རབ་ཤྲཱི་སིཾ་སོགས། །མ་འགགས་རིག་འཛིན་བརྡ་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། རྣམ་སྣང་ལོ་ཙཱ་རྨ་གཉགས་གནུབས་ཆེན་སོགས། །བཀའ་བབ་རིག་འཛིན་གྲུབ་པའི་འཁོར་ལོས་སྒྱུར། །ཐུགས་རྗེ་གང་ཟག་སྙན་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། བཀའ་བབ་ལུང་ཐོབ་སྨོན་ལམ་དབང་བསྐུར་བརྙེས། །མཁའ་འགྲོས་གཏད་རྒྱ་མ་འཕྱུགས་དུས་སུ་སོན། །ཟབ་གཏེར་སྙིང་པོ་དོན་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། དཀྱིལ་འཁོར་དབང་ཕྱུག་ཁྱབ་བདག་ཐོད་ཕྲེང་རྩལ། །ཚོམ་བུ་དགུ་སོགས་ཡི་དམ་ཞི་ཁྲོའི་ཚོགས། །མཁའ་འགྲོ་དམ་ཅན་གཏེར་སྲུང་རྒྱ་མཚོ་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། སྣང་སྲིད་རྣམ་དག་གདོད་ནས་འཕོ་འགྱུར་བྲལ། །རྟེན་འབྲེལ་སྣང་ཆ་མ་འགགས་རྩ་བ་གསུམ། །གང་འདུལ་ཅིར་ཡང་འཆར་བའི་འཁོར་ལོ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་ཕུལ་ལ། ཨོཾ་ཨཱཿཧཱུྃ་གིས་དངོས་གྲུབ་བླང་ངོ་། །ཞེས་པའང་རྩ་གསུམ་དགོངས་འདུས་བླ་སྒྲུབ་ཀྱི་ཆོ་གའི་ཡན་ལག་ཏུ་ཛྙཱ་ནས་སོ།། །།
རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ཡང་ཟབ་བསྡུས་པའི་སྙིང་པོ་ལས། བླ་མ་བརྒྱུད་པའི་གསོལ་འདེབས་ (Volume 56, Text 3)
རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ཡང་ཟབ་བསྡུས་པའི་སྙིང་པོ་ལས། བླ་མ་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །ཨཱོྃ་ཨཱཿཧཱུྃ། ཆོས་སྐུ་སྟོང་ཉིད་མཐའ་བྲལ་ཞིང་ཁམས་སུ། །རྒྱལ་བའི་སྤྱི་མེས་ཀུན་བཟང་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་མཁྱེན་བརྩེའི་སྤྱན་གྱིས་གཟིགས། །རང་བྱུང་རང་རིག་ཆོས་ཉིད་སྙིང་པོའི་དོན། །ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །ལྷུན་གྲུབ་རང་གསལ་འོད་ལྔའི་ཕོ་བྲང་དུ། །ཞི་ཁྲོ་རབ་འབྱམས་རིགས་ལྔའི་སངས་རྒྱས་ལ། །གསོལ་བ༴ རང་བྱུང་རང་གསལ་འོད་གསལ་སྙིང་པོའི་དོན། །ད་ལྟ་ཉིད་དུ་རྟོགས་པར་བྱིན༴ དྲི་མེད་དགའ་ལྡན་བརྩེགས་པའི་ཞིང་ཁམས་སུ། །རིགས་དྲུག་རྒྱལ་བ་རྡོ་རྗེ་འཆང་ཆེན་ལ། །གསོལ་བ༴ འཁོར་འདས་གཞི་གྲོལ་སེམས་ཉིད་ཆོས་སྐུའི་ཀློང་། །ད་ལྟ་ཉིད་དུ་རྟོགས་པར་བྱིན༴ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །ཡེ་ཤེས་སྒྱུ་མ་རྡོ་རྗེ་སེམས་དཔའ་ལ། །གསོལ་བ༴ ལྷུན་གྲུབ་ཆོས་དབྱིངས་འོད་གསལ་ཆེན་པོའི་གནས། །ད་ལྟ་ཉིད་དུ་བགྲོད་པར་བྱིན༴ དུར་ཁྲོད་ཆེན་པོ་མེ་རི་འབར་བ་རུ། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ། །གསོལ་བ༴ ཚེ་གཅིག་ལུས་གཅིག་སྒྲུབ་པའི་སངས་རྒྱས་ལམ། །ད་ལྟ་ཉིད་དུ་ཕྱིན་པར་བྱིན༴ འཕགས་ཡུལ་ཞིང་ཁམས་རི་བོ་སྣང་བྱེད་དུ། །རྡོར་སེམས་སྤྲུལ་པ་དགའ་རབ་རྡོ་རྗེ་ལ། །གསོལ་བ༴ གདོས་བཅས་ཕུང་པོ་མི་སྣང་འོད་ལུས་སུ། །ད་ལྟ་ཉིད་དུ་གྲོལ་བར་བྱིན༴ རབ་རྔམ་དུར་ཁྲོད་སོ་ས་གླིང་ཆེན་དུ། །འཇམ་དབྱངས་སྤྲུལ་པ་མཉྫུ་མི་ཏྲ་ལ། །གསོལ་བ་འདེབས་སོ་མཁྱེན་བརྩེའི་སྤྱན་གྱིས་གཟིགས། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ཆེན་པོ་ལས། །ད་ལྟ་ཉིད་དུ་གྲོལ་བར་བྱིན༴ རྒྱ་ནག་དུར་ཁྲོད་ཆེན་པོ་བསིལ་བྱེད་དུ། །སྤྱན་རས་གཟིགས་སྤྲུལ་དཔལ་གྱི་སེང་གེ་ལ། །གསོལ་བ༴ མྱང་འདས་ལམ་སྟོན་གསུང་རབ་རྒྱ་མཚོའི་གླིང་། །ད་ལྟ་ཉིད་དུ་བགྲོད་པར་བྱིན༴ གནས་མཆོག་དམ་པ་བྷ་སིང་དུར་ཁྲོད་དུ། །མཆོག་གི་དངོས་གྲུབ་བརྙེས་པའི་ཡེ་ཤེས་མདོ། །གསོལ་བ༴ མཆོག་དང་ཐུན་མོང་དངོས་གྲུབ་ཡེ་ཤེས་གཏེར། །ད་ལྟ་ཉིད་དུ་བརྙེས་པར་བྱིན༴ རྒྱ་ནག་རི་བོ་རྩེ་ལྔའི་ཕོ་བྲང་དུ། །གནས་ལྔའི་པཎ་ཆེན་བྱེ་མ་མུ་ཏྲ་ལ། །གསོལ་བ༴ ཆོས་ཉིད་མངོན་སུམ་སྣང་བ་རྣམ་པ་བཞི། །ད་ལྟ་ཉིད་དུ་འབྱོང་བར་བྱིན༴ ཟུར་མཁར་རྡོ་ཡི་མཆོད་རྟེན་ཡང་དབེན་དུ། །ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ཡབ་སྲས་ལ། །གསོལ་བ༴ འཕགས་ནོར་བདུན་ལྡན་ཆོས་ཀྱི་རྒྱལ་སྲིད་མཆོག །ད་ལྟ་ཉིད་དུ་ཟིན་པར་བྱིན༴ གཙིགས་ཀྱི་ཁང་བུ་ཞྭ་ཡི་ལྷ་ཁང་དུ། །ཉང་གི་བན་དེ་ཏིང་འཛིན་བཟང་པོ་ལ། །གསོལ་བ༴ ཉིན་མཚན་འཁོར་ཡུག་འོད་གསལ་ཆེན་པོའི་ངང་། །ད་ལྟ་ཉིད་དུ་འབྱོང་བར་བྱིན༴ རྒྱལ་བས་ལུང་བསྟན་སྣང་རྩེའི་འདུན་ས་རུ། །རྫོགས་ཆེན་བཀའ་བབས་འོད་གསལ་སྒྱུ་མ་ལ། །གསོལ་བ༴ ས་ལམ་རྟགས་རྫོགས་ཚེ་གཅིག་སངས་རྒྱས་སར། །ད་ལྟ་ཉིད་དུ་བགྲོད་པར་བྱིན༴ སྤྱི་གཙུག་བདེ་ཆེན་དག་པའི་ཞིང་ཁམས་སུ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ༴ གདོད་ནས་རང་བྱུང་རང་སེམས་ཆོས་སྐུའི་ཞལ། །ད་ལྟ་ཉིད་དུ་མཐོང་བར་བྱིན༴ རང་ལུས་དག་པ་རྒྱལ་བའི་ཕོ་བྲང་དུ། །ཡི་དམ་ཞི་ཁྲོ་སྒྲུབ་པ་བཀའ་བརྒྱད་ལ། །གསོལ་བ༴ བསྐྱེད་རྫོགས་མཐར་ཕྱིན་རྡོ་རྗེ་གསུམ་གྱི་དོན། །ད་ལྟ་ཉིད་དུ་འགྲུབ་པར་བྱིན༴ གསང་བའི་དོན་བསྡུས་མྱུར་ལམ་ཕོ་བྲང་དུ། །དམ་ཆོས་སྙིང་ཏིག་ཡང་ཟབ་བསྡུས་པ་ལ། །གསོལ་བ༴ བརྒྱད་ཁྲི་བཞི་སྟོང་ཐེག་དགུའི་དགོངས་དོན་རྣམས། །ད་ལྟ་ཉིད་དུ་རྟོགས་པར་བྱིན༴ སྙིང་ཉེ་ལས་མྱུར་རྩལ་ཆེན་ཕོ་བྲང་དུ། །ཞྭ་ཡི་མགོན་པོ་སྐྱེས་བུ་དམ་ཅན་ལ། །གསོལ་བ༴ དགྲ་བགེགས་ནད་གདོན་བར་ཆད་ཉེར་འཚེའི་ཚོགས། །ད་ལྟ་ཉིད་དུ་ཞི་བར་བྱིན༴ དམ་ཚིག་གཙང་ལྡན་སྤྲུལ་སྐུའི་ཞིང་ཁམས་སུ། །འདུས་པའི་མཆེད་ལྕམ་རྡོ་རྗེ་སྤུན་རྣམས་ལ། །གསོལ་བ༴ དག་སྣང་ངེས་འབྱུང་སྐྱོ་ཤས་སྙིང་རུས་རེ། །ད་ལྟ་ཉིད་དུ་སྐྱེ་བར་བྱིན༴ གཞན་ཡང་ཕྱོགས་བཅུའི་རིག་འཛིན་རྒྱལ་སྲས་དང་། །ཉན་རང་འཕགས་ཚོགས་ལམ་ཞུགས་གང་ཟག་དང་། །མདོ་སྔགས་ཉམས་ལེན་ཆོས་མཛད་ཐམས་ཅད་ལ། །སྙིང་ནས་གསོལ་བ་སྐྱོ་དུབ་མེད་པར་འདེབས། །ཐུགས་རྗེས་གཟིགས་ཤིང་བྱིན༴ ཀྱི་ཧུད་བདག་འདྲ་སྡུག་བསྔལ་ཡུན་རིང་མནར། །ཐུགས་རྗེ་ཅན་ཁྱོད་བརྩེ་བས་ཕྱག་རྐྱོང་འཚལ། །སྡུག་བསྔལ་ཟུག་རྔུ་བཟོད་དཀའ་འདི་ཉིད་ལས། །ད་ལྟ་ཉིད་དུ་དྲང་བར་མཛད་པ་དང་། །ཐུགས་རྗེའི་ཞལ་ཆབ་ཉིད་ཀྱིས་བསིལ་བར་མཛོད། །བསྐྱེད་རྫོགས་དབང་ལུང་གདམས་ཁྲིད་ཟབ་གནད་རྣམས། །འཇུག་ཚུལ་མ་ནོར་ཚུལ་བཞིན་ཉམས་བླངས་ནས། །འགྲུབ་ཅིང་རྟགས་ཐོན་དེ་ཉིད་དོན་རིག་སྟེ། །འབད་ཅིང་བརྩོན་འགྲུས་ཉིན་མཚན་དབྱེར་མེད་པར། །དོན་གཉིས་ལྷུན་རྫོགས་དགོངས་དོན་རིག་པར་ཤོག །ཁྱད་པར་འོད་གསལ་གསང་བ་སྙིང་ཏིག་གིས། །བགྲོད་ལམ་ཉེ་བའི་ལུས་སེམས་ངག་ཡིད་གནད། །མི་འགུལ་གསུམ་བཅས་སྣང་བ་བཞི་པོ་ཡི། །ལམ་རྟགས་མཐར་ཕྱིན་འོད་ཕུང་ཆེན་པོའི་ཀློང་། །ཚེ་འདི་ཉིད་ལ་བགྲོད་པར་བྱིན་གྱིས་རློབས། །རང་བཞིན་རྣམ་པར་དག་པའི་དགེ་བ་འདིས། །མ་གྱུར་ཁམས་གསུམ་སེམས་ཅན་མ་ལུས་པ། །འདོད་ཆགས་ཞེ་སྡང་དུག་གསུམ་ལས་དབང་གིས། །རིགས་དྲུག་སྡུག་བསྔལ་ཉམ་ཐག་གཟིར་བ་རྣམས། །སྒྲིབ་གཉིས་སྦྱངས་ནས་ཚེ་གཅིག་སངས་རྒྱས་ཤོག །ཅེས་པ་འདི་རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ཡང་གསང་བསྡུས་པའི་བླ་མ་བརྒྱུད་པ་རྣམས་ལ་གསོལ་བ་འདེབས་པའི་རིམ་པ། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་འོད་གསལ་སྒྱུ་མ་གཏེར་བཞད་རྩལ་གྱིས་རང་ཉིད་གུས་པའི་སྒོ་ནས་སྦྱར་བ་དགེ་ལེགས་འཕེལ། ཡི་གེ་པ་ནི་འོད་གསལ་ཚུལ་ཁྲིམས་ཀྱིས་བགྱིས་པའོ། །དྷ་ཐིམ།། །།
རྩ་གསུམ་འོད་གསལ་སྙིང་ཏིག་ལས། ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བ་གསང་འདུས་ཐོད་ཕྲེང་རྩལ་གྱི་རྒྱུན་གྱི་རྣལ་འབྱོར་ (Volume 63, Text 3)
རྩ་གསུམ་འོད་གསལ་སྙིང་ཏིག་ལས། ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བ་གསང་འདུས་ཐོད་ཕྲེང་རྩལ་གྱི་རྒྱུན་གྱི་རྣལ་འབྱོར་བཞུགས། །བླ་མ་རྩ་གསུམ་ལ་བཏུད་ནས། །དེ་ཡི་རྒྱུན་གྱི་རྣལ་འབྱོར་ཉིད། །ཉམས་སུ་ལེན་ལ་སྦྱོར་བའི་ཆོས། །སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ནི། ན་མོ༔ བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ དེང་ནས་གཟུང་སྟེ་བྱང་ཆུབ་སྙིང་པོའི་བར༔ རབ་འབྱམས་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ལྷར༔ མི་ཕྱེད་གུས་པ་ཆེན་པོས་སྐྱབས་སུ་མཆི༔ ཧོ༔ མར་གྱུར་ཁམས་གསུམ་རིགས་དྲུག་སེམས་ཅན་ཀུན༔ རྣམ་གྲོལ་སྐུ་བཞིའི་གོ་འཕང་ལ་འགོད་ཕྱིར༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས༔ པདྨ་ཐོད་ཕྲེང་ལྷ་ཚོགས་བསྒྲུབ་པར་བགྱི༔ ལན་གསུམ། དངོས་གཞི་བསྐྱེད་པའི་རྣལ་འབྱོར་ནི། ཧཱུྃ༔ ཀ་དག་དེ་བཞིན་ཉིད་དབྱིངས་ཡེ་ཤེས་ལས༔ ལྷུན་གྲུབ་ཀུན་སྣང་སྙིང་རྗེའི་རང་རྩལ་ནི༔ ཟུང་འཇུག་རྒྱུ་ཡི་ཏིང་འཛིན་ཧཱུྃ་མཐིང་ག༔ དེ་ལས་འོད་འཕྲོས་བརྟན་གཡོའི་དངོས་པོ་ཀུན༔ འོད་གསལ་སྟོང་པ་ཉིད་ཀྱི་དབྱིངས་སུ་ཐིམ༔ སྐད་ཅིག་དྲན་རྫོགས་ཕྱི་སྣོད་པདྨ་འོད༔ ཤིན་ཏུ་ཉམས་དགའ་ངོ་མཚར་བཀོད་པས་མཛེས༔ དེ་དབུས་ཐར་པ་ཆེན་པོའི་གཞལ་ཡས་དབུས༔ ལྟེ་བར་རིན་ཆེན་པདྨ་ཉི་ཟླའི་སྟེང༔ རྡོ་རྗེ་ཧཱུྃ་ཡིག་མཉམ་སྦྱོར་འཕྲོ་འདུ་ལས༔ བདག་ཉིད་ལྷུན་གྲུབ་རིག་འཛིན་ཐོད་ཕྲེང་རྩལ༔ ཆེ་བའི་ཆེ་མཆོག་ཆོས་སྐུ་གསང་བ་འདུས༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་བསྣམས༔ ཁྲོ་ཆགས་སྒེག་པའི་ཉམས་ལྡན་སྤྱན་གསུམ་འབར༔ གཅེར་བུ་དར་དང་རིན་ཆེན་རུས་པས་བརྒྱན༔ ཐབས་ཤེས་ཞབས་གཉིས་བརྐྱང་བསྐུམ་གར་གྱིས་རོལ༔ ཡུམ་མཆོག་དགའ་བཞིའི་བདེ་སྟེར་མནྡཱ་ར༔ དམར་མོ་གྲི་གུག་ཐོད་འཛིན་ཡབ་ལ་འཁྲིལ༔ རིན་ཆེན་རུས་རྒྱན་དར་སྣའི་ཅོད་པན་འཕུར༔ ཡིད་འོང་བཅུ་དྲུག་བདེ་བའི་ལང་ཚོས་སྒེག༔ རལ་པའི་སྐྲ་གསེབ་རྩ་བརྒྱུད་བླ་མ་དང་། །སྐུ་ཡི་གནས་བརྒྱད་ཡི་དམ་སྒྲུབ་སྡེ་བརྒྱད། །རྩ་ཁམས་ཉེར་བཞིའི་དཔའ་བོ་མཁའ་འགྲོ་མ། །ཕྱོགས་མཚམས་ཐོད་ཕྲེང་སྡེ་ལྔ་མཚན་བརྒྱད་དང་། །སྒོ་བ་རྩ་གསུམ་ཆོས་སྐྱོང་དང་བཅས་པ། །དམ་ཡེ་གཉིས་མེད་ལྷུན་གྲུབ་ཆེན་པོ་གསལ། །ཞེས་གཙོ་བོ་ཡབ་ཡུམ་གྱི་གསལ་སྣང་དང་ལུས་དཀྱིལ་མོས་བསྐྱེད་ཀྱིས་གསལ་ལེགས་པར་བཏབ་ལ་སེམས་གཟུང་། བཟླས་པ་ནི། སྙིང་དབུས་ཡེ་ཤེས་སེམས་དཔའ་ཡི༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང༔ རྡོ་རྗེའི་རྩེ་ལྔའི་ལྟེ་བར་ཧཱུྃ༔ མཐའ་སྐོར་སྔགས་ཕྲེང་གཡས་སུ་འཁོར༔ དེ་ལས་འོད་འཕྲོས་རྒྱལ་བ་ཀུན༔ པདྨ་ཐོད་ཕྲེང་རྣམ་རོལ་དུ༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་བྱོན༔ བདག་ཉིད་ལ་ཐིམ་བྱིན་རླབས་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཐུན་མཚམས་ཚིག་བདུན་གསོལ་འདེབས་ཀྱིས༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དེ་བ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ གསང་གསུམ་བྱིན་རླབས་ཡང་ཡང་བསྡུ༔ འདི་ཉིད་ཕྱོགས་དུས་བདེ་གཤེགས་ཀྱི༔ གསུང་གི་གསང་བ་ཀུན་གྱི་བཅུད༔ རྟག་ཏུ་གཡེལ་མེད་ཉམས་བླངས་པས༔ ཚེ་འདིར་མཆོག་གི་བཙན་ས་ཟིན༔ འབུམ་ཕྲག་བཅུ་གཉིས་བཟླས་གྱུར་ཀྱང༔ རིག་འཛིན་ཌཱ་ཀི་སྤྲིན་བཞིན་འདུ༔ གནས་སྐབས་ཕྲིན་ལས་རྣམ་བཞི་འགྲུབ༔ ཚེ་འདིའི་སྣང་བ་ནུབ་མ་ཐག༔ རྔ་ཡབ་པདྨ་འོད་དུ་འགྲོ༔ ཟུང་འཇུག་འཆི་མེད་རྡོ་རྗེའི་སྐུར༔ དབུགས་འབྱིན་འདི་ལ་ཐེ་ཚོམ་མེད༔ ས་མ་ཡ༔ ཁྱད་པར་ནང་ལྟར་སྒྲུབ་པ་ནི༔ ཐུགས་སྲོག་ལས་བྱུང་ཡི་གེའི་སྤྲིན༔ ཡབ་ཡུམ་གནས་བཞིའི་པདྨོར་སོན༔ བདེ་སྟོང་དགའ་བཞི་དབྱེར་མེད་པའི༔ རྣམ་ཀུན་མཆོག་ལྡན་རང་ཞལ་བལྟ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དེ་བ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ སླར་ཡང་འོད་ཟེར་འཕྲོ་འདུ་ཡིས༔ གང་འདུལ་ཕྲིན་ལས་ལྷུན་གྱིས་གྲུབ༔ འགྲོ་ཀུན་ཆོས་ཉིད་གཅིག་གི་ངང༔ སྒྱུ་འཕྲུལ་དྲྭ་བའི་དབང་ཐོབ་གྱུར༔ ཤཱནྟིཾ་པུཥྚིཾ་ཝཱ་ཤང་མཱ་ར་ཡ་ཕཊ྄༔ སྣོད་བཅུད་དཀྱིལ་འཁོར་འཁོར་ལོར་ཤར༔ སྲོག་རྩོལ་རྡོ་རྗེའི་སྔགས་སུ་རྫོགས༔ དྲན་རྟོག་རང་གྲོལ་གཉུག་མའི་ངང༔ གཞོམ་མེད་ཧཱུྃ་ལྔའི་སྣང་གླུ་ལེན༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཐུན་མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཟླས་ལ། བསྡུ་ལྡང་ནི། ཧོ༔ སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་ལྷ༔ ཟུང་འཇུག་མཚན་མ་མེད་པའི་དབྱིངས་སུ་ཐིམ༔ སླར་ཡང་སྣང་གྲགས་རིག་པ་ལྷ་དང་སྔགས། །ཡེ་ཤེས་ཆེན་པོའི་དགོངས་པར་རྟག་ཏུ་སྤྱོད། །བསྔོ་སྨོན་ཤིས་བརྗོད་ནི། ཧོ༔ ཕུང་ཁམས་འཇའ་ལུས་རྡོ་རྗེའི་སྐུར་སྨིན་ཞིང༔ སྲོག་རྩོལ་འོད་གསལ་དབུ་མའི་ཀློང་དུ་རྫོགས༔ རིག་སྟོང་བརྗོད་བྲལ་གདོད་མའི་གཞི་དབྱིངས་སུ༔ རབ་འབྱམས་རྩ་གསུམ་མངོན་གྱུར་བཀྲ་ཤིས་ཤོག །ཅེས་པའང་དུས་གསུམ་ཀུན་མཁྱེན་བླ་མའི་ཕྲིན་ལས་ཀྱིས་ཕ་རན་སེའི་རྒྱལ་ཁབ་ཏུ་རྩ་གསུམ་འོད་གསལ་སྙིང་ཏིག་གི་སྒྲུབ་སྡེ་ཐེག་མཆོག་འོད་གསལ་གླིང་གསར་ཚུགས་སྐབས། ཚུལ་འདིའི་སྨིན་གྲོལ་འབོགས་པའི་ཚེ་དད་ལྡན་རྣམས་ལ་ཉེར་མཁོའི་དབང་གིས་རྒྱལ་ཁམས་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བསམ་གཏན་གྱི་ཁང་བུ་བཀྲ་ཤིས་དཔལ་འབར་གླིང་དུ་བྲིས་པ། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་གསང་གསུམ་རྡོ་རྗེའི་དབྱིངས་སུ་མངོན་པར་བྱང་ཆུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །།
སྣང་སྲིད་ཞི་བ་དཀར་པོའི་ཆོ་ག་མི་མཐུན་ཞི་བའི་སྨན་མཆོག་ (Volume 48, Text 3)
༁ོཾ༁ཧཱུྃ༔ སྣང་སྲིད་ཞི་བ་དཀར་པོའི་ཆོ་ག་མི་མཐུན་ཞི་བའི་སྨན་མཆོག་བཞུགས་སོ༔ ྈྈྈྈྈྈྈྈ སྣང་སྲིད་ཞི་བ་དཀར་པོ་ནི༔ སྟེགས་བུ་གཙང་ཞིང་ཡིད་འོང་བར༔ ཟླུམ་སྐོར་འདབ་བརྒྱད་དབུས་སུ་ཨཱ༔ ཁ་ཁྱེར་རྡོ་རྗེ་དཀར་པོས་བརྒྱན༔ དེ་ཕྱིན་གྲུ་བཞི་ཕྱོགས་མདོག་ཚོན༔ མུ་རན་དམར་པོ་གྲུ་བཞི་ལ༔ ཟླ་བ་ལ་གནས་རྡོ་རྗེ་ཕྱེད༔ དབུས་སུ་བལ་བུ་ཤུག་པ་དང༔ མཁན་ཤུག་སུར་དཀར་ལ་སོགས་པའི༔ དྲག་པོ་མིན་པའི་ཤིང་སྣ་ཚོགས༔ ཕྱུར་བུར་སྤུངས་ལ་དུད་པ་བྱ༔ ཡང་ན་ཤུག་པ་ཁོ་ནས་ཆོག༔ གཞན་ཡང་ཤུག་པའི་བྱང་བུ་ནི༔ སོར་བཅུར་སྔགས་འདི་བྲིས་པ་བཤམ༔ བདག་ཅག་འཁོར་དང་བཅས་པའི་ནད་གདོན་སོགས་གང་འདོད་སྦྱར་ལ༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ བརྒྱའམ་སྟོང་སོགས་སྐབས་དང་བསྟུན༔ མར་གྱི་འབྲང་འབྲང་འོ་ཞོ་མར༔ ཀ་ར་བུ་རམ་སྦྲང་རྩི་དང༔ ཕྱེ་མར་འབྲུ་སྣ་ཇ་ཆང་ཕུད༔ དར་སྣ་སྟག་གཟིག་རས་མོ་དང༔ རིན་ཆེན་མང་པོའི་ཕྱེ་མ་རྣམས༔ གཞི་མ་དཀར་གཙང་སྟེང་དུ་བཤམ༔ རང་མདུན་མཆོག་གསུམ་ཞི་ཁྲོའི་ལྷ༔ སྐྱབས་གནས་རྣམ་པ་ཐམས་ཅད་བསམ༔ སྒོ་གསུམ་གུས་པས་འདི་སྐད་བརྗོད༔ ཧོ༔ ཕྱོགས་དུས་བདེ་གཤེགས་བྱང་ཆུབ་སེམས༔ རྩ་གསུམ་རྒྱལ་བ་ཞི་ཁྲོ་ལ༔ བདག་དང་མ་གྱུར་འགྲོ་ཀུན་གྱིས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ དུག་ལྔ་ལས་བྱུང་གདུག་པའི་སེམས༔ རབ་ཞི་སྙིང་རྗེ་ཆེན་པོ་ཡིས༔ འཕགས་པ་མཆོད་དང་རིགས་དྲུག་ལ༔ སྦྱིན་པ་གཏང་ཕྱིར་སེམས་བསྐྱེད་དོ༔ སྣང་སྲིད་སྟོང་པའི་ངང་ལས་ཧྲཱི༔ ཡོངས་གྱུར་རང་ཉིད་ཐུགས་རྗེ་ཆེ༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་ཀྱིས༔ མཆོད་སྦྱིན་པད་དཀར་འཛིན་པའི་སྐུ༔ ཞི་འཛུམ་དར་དང་རིན་ཆེན་བརྒྱན༔ སེམས་དཔའི་སྐྱིལ་ཀྲུང་པད་ཟླར་བསམ༔ སྤྱི་མགྲིན་ཐུགས་ཀའི་འབྲུ་གསུམ་འོད༔ འོད་འཕྲོས་རང་འདྲའི་ཡེ་ཤེས་སེམས༔ སྤྱན་དྲངས་རང་དང་གཉིས་མེད་ཐིམ༔ རིགས་ལྔས་དབང་བསྐུར་སྣང་མཐའ་ཡིས༔ དབུར་བརྒྱན་དེ་ལ་མཆོད་པའི་ཚོགས༔ རབ་འབུལ་གུས་བསྟོད་ནོངས་པ་བཤགས༔ ཡོ་བྱད་རྣམས་ལ་བསང་ཆུ་གཏོར༔ ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ སྟོང་པའི་ངང་ལས་དངུལ་སྣོད་ཡངས༔ རྒྱ་ཆེར་འབྲུ་གསུམ་འོད་ཞུ་ལས༔ ཞི་རྫས་འདོད་དགུའི་དཔལ་འབྱོར་ལྡན༔ ཀུན་བཟང་མཆོད་སྤྲིན་ལས་ལྷག་གྱུར༔ རཾ་ཡཾ་ཁཾ་ཨོཾ་ཨཱཿཧཱུྃ་བྷྲཱུྃ་ཁཾ་སྭཱ་ཧཱ༔ དཀྱིལ་འཁོར་བསང་ཆུས་བྲན་བྱས་ནས༔ ཨོཾ་སྭ་བྷཱ་ཝ་སོགས༔ སྟོང་གྱུར་དངུལ་ལམ་དུང་ལས་གྲུབ༔ ཞི་ཐབ་དཀར་ཟླུམ་རྒྱ་ཁྱོན་རྫོགས༔ མཚན་ལྡན་རྡོ་རྗེའི་ཕྲེང་བསྐོར་དབུས༔ ར་སྐྱེས་སྟེང་དུ་རཾ་ཡིག་ལས༔ བྱུང་བའི་མེ་ལྷ་དཀར་པོ་ནི༔ བགྲང་ཕྲེང་སྤྱི་བླུགས་ཐོགས་པས་བརྒྱན༔ དུང་ལྟར་དཀར་བའི་ཆ་ལུགས་གསལ༔ གནས་གསུམ་འོད་ཀྱིས་ཤར་ལྷོ་ནས༔ མེ་ལྷ་དྲང་སྲོང་འཁོར་དང་བཅས༔ སྤྱན་དྲངས་ཐབ་དབུས་པད་ཉི་དང༔ ར་སྐྱེས་ཁྲིར་བཞུགས་གཉིས་མེད་ཐིམ༔ ཨགྣི་རཱ་ཛ་ས་མཱ་ཛ༔ མེ་དར་གཡབ་ཅིང་འདི་སྐད་དོ༔ ཨོཾ༔ འབྱུང་བ་མེ་ལས་བྱུང་བའི་ལྷ༔ དྲང་སྲོང་ཀུན་གྱི་དེད་དཔོན་ཆེ༔ ཤར་ལྷོ་སྐྱོང་བའི་འཇིག་རྟེན་མགོན༔ འདིར་གཤེགས་དམ་ཡེ་དབྱེར་མེད་བཞུགས༔ ཛཿཧཱུྃ་བཾ་ཧོཿཨགྣི་རཱ་ཛ་ཏིཥྛ་ལྷན༔ ཨོཾ༔ དྲང་སྲོང་མེ་ལྷ་འཁོར་བཅས་ལ༔ ཕྱི་ནང་གསང་བ་དེ་ཁོ་ན༔ མཆོད་རྫས་རྣམ་པ་སྣ་ཚོགས་འབུལ༔ མི་མཐུན་ཞི་བའི་ཕྲིན་ལས་མཛོད༔ ཨོཾ་ཨགྣེ་རཱ་ཛ་ས་པ་རི་ཝཱ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་སྭཱ་ཧཱ༔ བྱང་བུ་ཐོགས་ལ༔ ཨོཾ༔ དྲང་སྲོང་མེ་ལྷ་འཁོར་བཅས་ལ༔ ཞི་ཤུག་བྱང་བུའི་འདོད་གསོལ་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གདུག་སེམས་ཞི་བར་མཛོད༔ ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ སརྦ་དུཥྚཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འབྲང་འབྲང་ཐོགས་ལ༔ ཨོཾ༔ དྲང་སྲོང་མེ་ལྷ་འཁོར་བཅས་ལ༔ རིན་ཆེན་མར་གྱི་འབྲང་འབྲང་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གདུག་སེམས་ཞི་བར་མཛོད༔ ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ སརྦ་དུཥྚཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འོ་ཞོ་དཀར་གསུམ་ཐོགས་ལ༔ ཨོཾ༔ དྲང་སྲོང་མེ་ལྷ་འཁོར་བཅས་ལ༔ ཞོ་དང་འོ་མ་དཀར་གསུམ་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གདུག་སེམས་ཞི་བར་མཛོད༔ ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ སརྦ་དུཥྚཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མངར་གསུམ་ཐོགས་ལ༔ ཨོཾ༔ དྲང་སྲོང་མེ་ལྷ་འཁོར་བཅས་ལ༔ ཀ་ར་བུ་རམ་སྦྲང་རྩི་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གདུག་སེམས་ཞི་བར་མཛོད༔ ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ སརྦ་དུཥྚཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཕྱེ་མར་ཐོགས་ལ༔ ཨོཾ༔ དྲང་སྲོང་མེ་ལྷ་འཁོར་བཅས་ལ༔ ཕྱེ་མར་རོ་མཆོག་བརྒྱ་ལྡན་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གདུག་སེམས་ཞི་བར་མཛོད༔ ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ སརྦ་དུཥྚཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འབྲུ་སྣ་ཚོགས་ཐོགས་ལ༔ ཨོཾ༔ དྲང་སྲོང་མེ་ལྷ་འཁོར་བཅས་ལ༔ ནས་འབྲས་གྲོ་སོགས་འབྲུ་སྣ་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གདུག་སེམས་ཞི་བར་མཛོད༔ ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ སརྦ་དུཥྚཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཇ་ཆང་ཐོགས་ལ༔ ཨོཾ༔ དྲང་སྲོང་མེ་ལྷ་འཁོར་བཅས་ལ༔ ཇ་དང་ཆང་དང་ཕུད་སྐྱེམས་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གདུག་སེམས་ཞི་བར་མཛོད༔ ཨོཾ་ཨགྣ་ཡེ་སྭ་ཧཱ༔ སརྦ་དུཥྚཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དར་སྣ་སྟག་གཟིག་རས་མོ་ཐོགས༔ ཨོཾ༔ དྲང་སྲོང་མེ་ལྷ་འཁོར་བཅས་ལ༔ དར་སྣ་སྟག་གཟིག་རས་མོ་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གདུག་སེམས་ཞི་བར་མཛོད༔ ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ སརྦ་དུཥྚཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རིན་ཆེན་སྣ་ཚོགས་ཐོགས་ལ༔ ཨོཾ༔ དྲང་སྲོང་མེ་ལྷ་འཁོར་བཅས་ལ༔ རིན་ཆེན་རྣམ་པ་སྣ་ཚོགས་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གདུག་སེམས་ཞི་བར་མཛོད༔ ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ སརྦ་དུཥྚཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དེ་རྣམས་ཐབ་ཁུང་ནང་དུ་འབུལ༔ གྲངས་ནི་བརྒྱ་སོགས་སྐབས་དང་བསྟུན༔ དེ་ནས་བསྟོད་པ་བྱ་བ་ནི༔ ཨོཾ༔ ཚངས་དབང་མགོན་སྲས་དྲང་སྲོང་རྗེ༔ ཨགྣི་རཱ་ཛ་ཆ་ལུགས་དཀར༔ བགྲང་ཕྲེང་སྤྱི་བླུགས་ཐོགས་ནས་སུ༔ ར་སྐྱེས་ཞོན་པ་ཁྱོད་ལ་བསྟོད༔ དེ་ནས་མགྲོན་རིགས་བསྐྱེད་པ་ནི༔ མེ་ལྷའི་ལྟོ་བར་རིན་ཆེན་སྣ་ཚོགས་ཁྲི༔ ཡངས་ཤིང་རྒྱ་ཆེར་སེང་ཆེན་པད་ཟླའི་སྟེང༔ སངས་རྒྱས་ཀུན་འདུས་པདྨའི་དབུས་ནས་འཁྲུངས༔ གུ་རུ་ཤཱཀྱ་སེང་གེ་གསེར་གྱི་མདོག༔ རྡོ་རྗེ་ས་གནོན་མཉམ་གཞག་ལྷུང་བཟེད་བསྣམས༔ སྤྲུལ་སྐུའི་ཆ་ལུགས་ཆོས་གོས་ཤམ་ཐབས་མཛེས༔ དཀོན་མཆོག་སྲི་ཞུའི་མགྲོན་གྱིས་ཡོངས་བསྐོར་ཞིང༔ འཇའ་འོད་ཟེར་ཐག་ཐིག་ལེའི་ཀློང་དུ་གསལ༔ གཡས་སུ་འཇམ་དཔལ་དམར་སེར་རལ་གྲི་འཛིན༔ སེམས་དཔའི་ཆ་ལུགས་དར་དང་རིན་ཆེན་སྤྲས༔ མགོན་པོ་ཡོན་ཏན་མགྲོན་གྱིས་ཡོངས་བསྐོར་ཞིང༔ མཆོད་རྫས་སྤྲིན་ལྟར་འཁྲིགས་པའི་དབུས་སུ་གསལ༔ གཡོན་དུ་དབང་ཕྱུག་དཀར་པོ་ཕྱག་བཞི་པ༔ ཐལ་སྦྱར་ཕྲེང་བ་པད་འཛིན་ལོངས་སྐུའི་ཆས༔ རིགས་དྲུག་སྙིང་རྗེའི་མགྲོན་གྱིས་ཡོངས་བསྐོར་ཞིང༔ ཐུགས་རྗེའི་བསིལ་ཟེར་འཕྲོ་བའི་དབུས་སུ་གསལ༔ རྒྱབ་ཏུ་གཏུམ་པོ་མཐིང་ནག་རྡོ་རྗེ་འཛིན༔ ཁྲོ་གཏུམ་དཔའ་ཆས་ཡོངས་རྫོགས་འདོར་སྟབས་བཞེངས༔ བགེགས་རིགས་ལན་ཆགས་མགྲོན་གྱིས་ཡོངས་བསྐོར་ཞིང༔ མེ་དུད་ཟེར་གསུམ་འཁྲིགས་པའི་དབུས་སུ་གསལ༔ ཕྱི་སྐོར་གཞི་བདག་ཕོ་མོ་སྤྲིན་ལྟར་འཁྲིགས༔ ཆ་ལུགས་དཀར་པོ་ཞི་བའི་སེམས་དང་ལྡན༔ སྐྱབས་མཆོག་རྣམས་ལ་གུས་པའི་ཚུལ་གྱིས་ནི༔ ཕྱག་འཚལ་གསོལ་བ་འདེབས་ཤིང་གནས་པར་གྱུར༔ ལྷ་ཚོགས་དེ་དག་གནས་གསུམ་ཨོཾ་ཨཱཿཧཱུྃ༔ འོད་འཕྲོས་རང་བཞིན་གནས་མཆོག་དམ་པ་ནས༔ མགྲོན་རིགས་བཞི་པོ་ཆར་སྤྲིན་རླུང་སྐྱོད་ལྟར༔ སྐད་ཅིག་སྤྱན་དྲངས་སོ་སོར་གཉིས་མེད་ཐིམ༔ དེ་ནས་རོལ་མོ་དང་བཅས་ཤིང༔ མེ་དར་གཡབ་ཅིང་འདི་སྐད་དོ༔ ཨོཾ༔ འགྲོ་འདུལ་སྤྲུལ་སྐུའི་ཞིང་ཁམས་ནས༔ གུ་རུ་ཤཱཀྱ་སེང་གེ་དང༔ མཆོག་གསུམ་ལ་སོགས་སྲི་ཞུའི་མགྲོན༔ མ་ལུས་ཇི་སྙེད་གཤེགས་སུ་གསོལ༔ བཀའ་དང་དམ་ཚིག་གཞལ་ཡས་ནས༔ འཇམ་དཔལ་དང་ནི་ཡེ་ཤེས་ལས༔ གྲུབ་པའི་མགོན་པོ་ཡོན་ཏན་མགྲོན༔ མ་ལུས་ཇི་སྙེད་གཤེགས་སུ་གསོལ༔ ཐུགས་རྗེ་ཆེན་པོའི་གཞལ་ཡས་ནས༔ འཇིག་རྟེན་དབང་ཕྱུག་འགྲོ་བ་དྲུག༔ ཕྱི་རྒྱུད་འཇིག་རྟེན་སྙིང་རྗེའི་མགྲོན༔ མ་ལུས་ཇི་སྙེད་གཤེགས་སུ་གསོལ༔ མཐུ་སྟོབས་ཆེན་པོའི་ཕོ་བྲང་ནས༔ རྡོ་རྗེ་འཛིན་དང་བགེགས་ཀྱི་རྒྱལ༔ ལན་ཆགས་མགྲོན་དུ་གྱུར་པ་རྣམས༔ སྐད་ཅིག་ཉིད་ལ་གཤེགས་སུ་གསོལ༔ སྟོང་གསུམ་སྟོང་ཆེན་ཡུལ་ལྗོངས་ནས༔ སྣང་ཞིང་སྲིད་པའི་གཞི་བདག་སོགས༔ དད་དང་དམ་ཚིག་དབང་གིས་ནི༔ ཞི་བའི་གནས་འདིར་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོཿགཉིས་མེད་ཐིམ༔ པད་ཟླར་རང་རང་མཛེས་གདན་ལ༔ གཉིས་མེད་རང་བཞིན་བརྟན་པར་བཞུགས༔ ཕྱག་འཚལ་ཞི་མཆོད་སྣ་ཚོགས་འབུལ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཨོཾ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་ཞི་བའི་རྫས༔ ཤཱཀ་སེང་འཇམ་དཔལ་ཐུགས་རྗེ་ཆེ༔ རྡོ་རྗེ་གཏུམ་པོའི་ལྷ་ཚོགས་མཆོད༔ དཀར་མངར་འདོད་པའི་ཡོན་ཏན་ལྔ༔ དཀོན་མཆོག་སྲི་ཞུའི་མགྲོན་ཀུན་མཆོད༔ སྨན་གཏོར་རཀྟ་གསང་མཆོད་ཚོགས༔ མགོན་པོ་ཡོན་ཏན་མགྲོན་རྣམས་མཆོད༔ ཟས་གོས་མལ་ཆ་ཡོ་བྱད་དཀོར༔ རིགས་དྲུག་སྙིང་རྗེའི་མགྲོན་རྣམས་མཆོད༔ ཤ་ཁྲག་ལྔ་བཅང་གླུད་རིགས་ཀྱིས༔ བགེགས་རིགས་ལན་ཆགས་མགྲོན་རྣམས་མཆོད༔ དྲི་གསུར་ཇ་ཆང་སྐྱེམས་ཕུད་ཀྱིས༔ སྟོང་གསུམ་གཞི་བདག་མ་ལུས་མཆོད༔ མཆོད་དོ་འབུལ་ལོ་དགྱེས་པར་བཞེས༔ མི་མཐུན་ཞི་བའི་ཕྲིན་ལས་མཛོད༔ དེ་ནས་བསྟོད་པ་བྱ་བ་ནི༔ ཨོཾ༔ ཕྱོགས་བཅུའི་སངས་རྒྱས་ཐུགས་རྗེའི་གར༔ པདྨའི་དབུས་འཁྲུངས་སྤྲུལ་པའི་སྐུ༔ སྙིགས་མའི་འགྲོ་བ་འདུལ་མཛད་པ༔ ཤཱཀྱ་སེང་གེ་ཁྱོད་ལ་བསྟོད༔ སངས་རྒྱས་ཀུན་གྱི་སྐུ་སྤྲུལ་ལས༔ མཁྱེན་རབ་བདག་པོ་འཇམ་པའི་དབྱངས༔ རྨོངས་པའི་མ་རིག་མུན་པ་སེལ༔ གུར་གུམ་མདོག་འཛིན་ཁྱོད་ལ་བསྟོད༔ སངས་རྒྱས་ཀུན་གྱི་གསུང་སྤྲུལ་པ༔ ཐུགས་རྗེའི་དབང་ཕྱུག་སྤྱན་རས་གཟིགས༔ རིགས་དྲུག་འཁོར་བ་དོང་ནས་སྤྲུག༔ གངས་རིའི་མདོག་འཛིན་ཁྱོད་ལ་བསྟོད༔ སངས་རྒྱས་ཀུན་གྱི་ཐུགས་སྤྲུལ་པ༔ མཐུ་སྟོབས་མངའ་བདག་རྡོ་རྗེ་འཛིན༔ ལོག་པར་འདྲེན་པ་མཐར་བྱེད་པ༔ ནམ་མཁའི་མདོག་འཛིན་ཁྱོད་ལ་བསྟོད༔ བརྩེ་གདུང་ཐུགས་རྗེ་རྒྱུན་ཆད་མེད༔ འགྲོ་བ་མཐའ་དག་འདུལ་མཛད་པ༔ མཆོག་གསུམ་རྒྱལ་བ་ཞི་ཁྲོའི་ཚོགས༔ སྲི་ཞུའི་མགྲོན་དུ་གྱུར་རྣམས་བསྟོད༔ བཀའ་དང་དམ་ཚིག་སྲོག་ལྟར་གཅེས༔ སངས་རྒྱས་བསྟན་པ་ཐབས་ཀྱིས་སྲུང༔ ཡེ་ཤེས་དང་ནི་ལས་ལས་གྲུབ༔ ཡོན་ཏན་མགྲོན་དུ་གྱུར་རྣམས་བསྟོད༔ རྟོགས་ན་མ་ལུས་སངས་རྒྱས་ཉིད༔ མ་རྟོགས་རིགས་དྲུག་སོ་སོར་སྣང༔ མཐར་ཐུག་སངས་རྒྱས་ས་ལ་འགོད༔ སྙིང་རྗེའི་མགྲོན་དུ་གྱུར་རྣམས་བསྟོད༔ དྲག་ཤུལ་ལྡན་རྣམས་ཀུན་ཏུ་རྒྱུ༔ རང་རིགས་རྟོགས་ན་ཡེ་ཤེས་ཏེ༔ མ་རྟོགས་དུག་ལྔ་བདག་འཛིན་པ༔ ལན་ཆགས་མགྲོན་དུ་གྱུར་རྣམས་བསྟོད༔ ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ༔ འབྱུང་བ་ལྔ་ལ་གནས་བཅས་ཤིང༔ རྒྱལ་བའི་བསྟན་པ་ཐབས་ཀྱིས་བསྲུང༔ འཇིག་རྟེན་མགྲོན་དུ་གྱུར་རྣམས་བསྟོད༔ དེ་ནས་བསྲེག་རྫས་འབུལ་བ་ནི༔ ཐོག་མར་ཤིང་བྱང་ཐོགས་ལ༔ ཨོཾ༔ དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ལ༔ ཞི་ཤུག་བྱང་བུའི་འདོད་གསོལ་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ ན་མོ་རཏྣ་ཏྲ་ཡཱ་ཡ་ས་མ་ཡ་ཧཱུྃ༔ སརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འབྲང་འབྲང་ཐོགས་ལ༔ ཨོཾ༔ དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ལ༔ རིན་ཆེན་མར་གྱི་འབྲང་འབྲང་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ ན་མོ་རཏྣ་ཏྲ་ཡཱ་ཡ་ས་མ་ཡ་ཧཱུྃ༔ སརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དཀར་གསུམ་ཐོགས་ལ༔ ཨོཾ༔ དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ལ༔ ཞོ་དང་འོ་མ་དཀར་གསུམ་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ ན་མོ་རཏྣ་ཏྲ་ཡཱ་ཡ་ས་མ་ཡ་ཧཱུྃ༔ སརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མངར་གསུམ་ཐོགས་ལ༔ ཨོཾ༔ དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ལ༔ ཀ་ར་བུ་རམ་སྦྲང་རྩི་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ ན་མོ་རཏྣ་ཏྲ་ཡཱ་ཡ་ས་མ་ཡ་ཧཱུྃ༔ སརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཕྱེ་མར་ཐོགས་ལ༔ ཨོཾ༔ དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ལ༔ ཕྱེ་མར་རོ་མཆོག་བརྒྱ་ལྡན་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ ན་མོ་རཏྣ་ཏྲ་ཡཱ་ཡ་ས་མ་ཡ་ཧཱུྃ༔ སརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འབྲུ་སྣ་ཐོགས་ལ༔ ཨོཾ༔ དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ལ༔ ནས་འབྲས་གྲོ་སོགས་འབྲུ་སྣ་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ ན་མོ་རཏྣ་ཏྲ་ཡཱ་ཡ་ས་མ་ཡ་ཧཱུྃ༔ སརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཇ་ཆང་ཐོགས་ལ༔ ཨོཾ༔ དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ལ༔ ཇ་དང་ཆང་སོགས་ཕུད་སྐྱེམས་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ ན་མོ་རཏྣ་ཏྲ་ཡཱ་ཡ་ས་མ་ཡ་ཧཱུྃ༔ སརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དར་སྣ་སྟག་གཟིག་རས་མོ་ཐོགས་ལ༔ ཨོཾ༔ དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ལ༔ དར་སྣ་སྟག་གཟིག་རས་མོ་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ ན་མོ་རཏྣ་ཏྲ་ཡཱ་ཡ་ས་མ་ཡ་ཧཱུྃ༔ སརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རིན་ཆེན་ཕྱེ་མར་ཐོགས་ལ༔ ཨོཾ༔ དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ལ༔ རིན་ཆེན་རྣམ་པ་སྣ་ཚོགས་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ ན་མོ་རཏྣ་ཏྲ་ཡཱ་ཡ་ས་མ་ཡ་ཧཱུྃ༔ སརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བརྒྱའམ་གང་འགྲུབ་ཐབ་ལ་འབུལ༔ ༈ ཡང་ཤིང་བྱང་ཐོགས་ལ༔ ཨོཾ༔ མགོན་པོ་ཡོན་ཏན་མགྲོན་རྣམས་ལ༔ ཞི་ཤུག་བྱང་བུའི་འདོད་གསོལ་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ ན་མོ་གུ་ཎ་ནཱ་ཐ་ས་མ་ཡ་ཧཱུྃ་སརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འབྲང་འབྲང་ཐོགས་ལ༔ ཨོཾ༔ མགོན་པོ་ཡོན་ཏན་མགྲོན་རྣམས་ལ༔ རིན་ཆེན་མར་གྱི་འབྲང་འབྲང་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ ན་མོ་གུ་ཎ་ནཱ་ཐ་ས་མ་ཡ་ཧཱུྃ་སརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དཀར་གསུམ་ཐོགས་ལ༔ ཨོཾ༔ མགོན་པོ་ཡོན་ཏན་མགྲོན་རྣམས་ལ༔ ཞོ་དང་འོ་མ་དཀར་གསུམ་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ ན་མོ་གུ་ཎ་ནཱ་ཐ་ས་མ་ཡ་ཧཱུྃ་སརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མངར་གསུམ་ཐོགས་ལ༔ ཨོཾ༔ མགོན་པོ་ཡོན་ཏན་མགྲོན་རྣམས་ལ༔ ཀ་ར་བུ་རམ་སྦྲང་རྩི་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ ན་མོ་གུ་ཎ་ནཱ་ཐ་ས་མ་ཡ་ཧཱུྃ་སརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཕྱེ་མར་ཐོགས་ལ༔ ཨོཾ༔ མགོན་པོ་ཡོན་ཏན་མགྲོན་རྣམས་ལ༔ ཕྱེ་མར་རོ་མཆོག་བརྒྱ་ལྡན་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ ན་མོ་གུ་ཎ་ནཱ་ཐ་ས་མ་ཡ་ཧཱུྃ་སརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འབྲུ་སྣ་ཐོགས་ལ༔ ཨོཾ༔ མགོན་པོ་ཡོན་ཏན་མགྲོན་རྣམས་ལ༔ ནས་འབྲས་གྲོ་སོགས་འབྲུ་སྣ་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ ན་མོ་གུ་ཎ་ནཱ་ཐ་ས་མ་ཡ་ཧཱུྃ་སརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཇ་ཆང་ཐོགས་ལ༔ ཨོཾ༔ མགོན་པོ་ཡོན་ཏན་མགྲོན་རྣམས་ལ༔ ཇ་དང་ཆང་དང་ཕུད་སྐྱེམས་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ ན་མོ་གུ་ཎ་ནཱ་ཐ་ས་མ་ཡ་ཧཱུྃ་སརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དར་སྣ་སྟག་གཟིག་རས་མོ་ཐོགས་ལ༔ ཨོཾ༔ མགོན་པོ་ཡོན་ཏན་མགྲོན་རྣམས་ལ༔ དར་སྣ་སྟག་གཟིག་རས་མོ་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ ན་མོ་གུ་ཎ་ནཱ་ཐ་ས་མ་ཡ་ཧཱུྃ་སརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རིན་ཆེན་ཕྱེ་མ་ཐོགས་ལ༔ ཨོཾ༔ མགོན་པོ་ཡོན་ཏན་མགྲོན་རྣམས་ལ༔ རིན་ཆེན་རྣམ་པ་སྣ་ཚོགས་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ ན་མོ་གུ་ཎ་ནཱ་ཐ་ས་མ་ཡ་ཧཱུྃ་སརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བརྒྱའམ་གང་འགྲུབ་འབུལ༔ ༈ ཡང་ཤིང་བྱང་ཐོགས་ལ༔ ཨོཾ༔ རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ༔ ཞི་ཤུག་བྱང་བུའི་འདོད་གསོལ་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ ན་མོ་མ་ཧཱ་ཀཱ་རུ་ཎི་ཀ་ས་མ་ཡ་ཧཱུྃ་ཨ་ནྲྀ་ཏྲི་ཏི་པུ་རུ་ཛཿསརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འབྲང་འབྲང་ཐོགས་ལ༔ ཨོཾ༔ རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ༔ རིན་ཆེན་མར་གྱི་འབྲང་འབྲང་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ ན་མོ་མ་ཧཱ་ཀཱ་རུ་ཎི་ཀ་ས་མ་ཡ་ཧཱུྃ་ཨ་ནྲྀ་ཏྲི་ཏི་པུ་རུ་ཛཿསརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དཀར་གསུམ་ཐོགས་ལ༔ ཨོཾ༔ རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ༔ ཞོ་དང་འོ་མ་དཀར་གསུམ་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ ན་མོ་མ་ཧཱ་ཀཱ་རུ་ཎི་ཀ་ས་མ་ཡ་ཧཱུྃ་ཨ་ནྲྀ་ཏྲི་ཏི་པུ་རུ་ཛཿསརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མངར་གསུམ་ཐོགས་ལ༔ ཨོཾ༔ རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ༔ ཀ་ར་བུ་རམ་སྦྲང་རྩི་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ ན་མོ་མ་ཧཱ་ཀཱ་རུ་ཎི་ཀ་ས་མ་ཡ་ཧཱུྃ་ཨ་ནྲྀ་ཏྲི་ཏི་པུ་རུ་ཛཿསརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཕྱེ་མར་ཐོགས་ལ༔ ཨོཾ༔ རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ༔ ཕྱེ་མར་རོ་མཆོག་བརྒྱ་ལྡན་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ ན་མོ་མ་ཧཱ་ཀཱ་རུ་ཎི་ཀ་ས་མ་ཡ་ཧཱུྃ་ཨ་ནྲྀ་ཏྲི་ཏི་པུ་རུ་ཛཿསརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འབྲུ་སྣ་ཐོགས་ལ༔ ཨོཾ༔ རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ༔ ནས་འབྲས་གྲོ་སོགས་འབྲུ་སྣ་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ ན་མོ་མ་ཧཱ་ཀཱ་རུ་ཎི་ཀ་ས་མ་ཡ་ཧཱུྃ་ཨ་ནྲྀ་ཏྲི་ཏི་པུ་རུ་ཛཿསརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཇ་ཆང་ཐོགས་ལ༔ ཨོཾ༔ རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ༔ ཇ་དང་ཆང་དང་ཕུད་སྐྱེམས་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ ན་མོ་མ་ཧཱ་ཀཱ་རུ་ཎི་ཀ་ས་མ་ཡ་ཧཱུྃ་ཨ་ནྲྀ་ཏྲི་ཏི་པུ་རུ་ཛཿསརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དར་སྣ་སྟག་གཟིག་རས་མོ་ཐོགས་ལ༔ ཨོཾ༔ རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ༔ དར་སྣ་སྟག་གཟིག་རས་མོ་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ ན་མོ་མ་ཧཱ་ཀཱ་རུ་ཎི་ཀ་ས་མ་ཡ་ཧཱུྃ་ཨ་ནྲྀ་ཏྲི་ཏི་པུ་རུ་ཛཿསརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རིན་ཆེན་ཕྱེ་མ་ཐོགས་ལ༔ ཨོཾ༔ རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ༔ རིན་ཆེན་རྣམ་པ་སྣ་ཚོགས་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ ན་མོ་མ་ཧཱ་ཀཱ་རུ་ཎི་ཀ་ས་མ་ཡ་ཧཱུྃ་ཨ་ནྲྀ་ཏྲི་ཏི་པུ་རུ་ཛཿསརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བརྒྱའམ་གང་འགྲུབ་འབུལ༔ ༈ ཡང་ཤིང་བྱང་ཐོགས་ལ༔ ཨོཾ༔ བགེགས་རིགས་ལན་ཆགས་མགྲོན་རྣམས་ལ༔ ཞི་ཤུག་བྱང་བུའི་འདོད་གསོལ་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ མ་ཧཱ་ཀཱ་རུ་རུ་དྲ་ཧཱུྃ་ཕཊ་སརྦ་བིགྷྣཱཾ་བཾ་ཛཿསརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འབྲང་འབྲང་ཐོགས་ལ༔ ཨོཾ༔ བགེགས་རིགས་ལན་ཆགས་མགྲོན་རྣམས་ལ༔ རིན་ཆེན་མར་གྱི་འབྲང་འབྲང་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ མ་ཧཱ་ཀཱ་རུ་རུ་དྲ་ཧཱུྃ་ཕཊ་སརྦ་བིགྷྣཱཾ་བཾ་ཛཿསརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དཀར་གསུམ་ཐོགས་ལ༔ ཨོཾ༔ བགེགས་རིགས་ལན་ཆགས་མགྲོན་རྣམས་ལ༔ ཞོ་དང་འོ་མ་དཀར་གསུམ་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ མ་ཧཱ་ཀཱ་རུ་རུ་དྲ་ཧཱུྃ་ཕཊ་སརྦ་བིགྷྣཱཾ་བཾ་ཛཿསརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མངར་གསུམ་ཐོགས་ལ༔ ཨོཾ༔ བགེགས་རིགས་ལན་ཆགས་མགྲོན་རྣམས་ལ༔ ཀ་ར་བུ་རམ་སྦྲང་རྩི་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ མ་ཧཱ་ཀཱ་རུ་རུ་དྲ་ཧཱུྃ་ཕཊ་སརྦ་བིགྷྣཱཾ་བཾ་ཛཿསརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཕྱེ་མར་ཐོགས་ལ༔ ཨོཾ༔ བགེགས་རིགས་ལན་ཆགས་མགྲོན་རྣམས་ལ༔ ཕྱེ་མར་རོ་མཆོག་བརྒྱ་ལྡན་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ མ་ཧཱ་ཀཱ་རུ་རུ་དྲ་ཧཱུྃ་ཕཊ་སརྦ་བིགྷྣཱཾ་བཾ་ཛཿསརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འབྲུ་སྣ་ཐོགས་ལ༔ ཨོཾ༔ བགེགས་རིགས་ལན་ཆགས་མགྲོན་རྣམས་ལ༔ ནས་འབྲས་གྲོ་སོགས་འབྲུ་སྣ་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ མ་ཧཱ་ཀཱ་རུ་རུ་དྲ་ཧཱུྃ་ཕཊ་སརྦ་བིགྷྣཱཾ་བཾ་ཛཿསརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཇ་ཆང་ཐོགས་ལ༔ ཨོཾ༔ བགེགས་རིགས་ལན་ཆགས་མགྲོན་རྣམས་ལ༔ ཇ་དང་ཆང་སོགས་ཕུད་སྐྱེམས་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ མ་ཧཱ་ཀཱ་རུ་རུ་དྲ་ཧཱུྃ་ཕཊ་སརྦ་བིགྷྣཱཾ་བཾ་ཛཿསརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དར་སྣ་སྟག་གཟིག་རས་མོ་ཐོགས་ལ༔ ཨོཾ༔ བགེགས་རིགས་ལན་ཆགས་མགྲོན་རྣམས་ལ༔ དར་སྣ་སྟག་གཟིག་རས་མོ་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ མ་ཧཱ་ཀཱ་རུ་རུ་དྲ་ཧཱུྃ་ཕཊ་སརྦ་བིགྷྣཱཾ་བཾ་ཛཿསརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རིན་ཆེན་ཕྱེ་མ་ཐོགས་ལ༔ ཨོཾ༔ བགེགས་རིགས་ལན་ཆགས་མགྲོན་རྣམས་ལ༔ རིན་ཆེན་རྣམ་པ་སྣ་ཚོགས་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ མ་ཧཱ་ཀཱ་རུ་རུ་དྲ་ཧཱུྃ་ཕཊ་སརྦ་བིགྷྣཱཾ་བཾ་ཛཿསརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བརྒྱའམ་གང་འགྲུབ་འབུལ༔ ༈ ཡང་ཤིང་བྱང་ཐོགས་ལ༔ ཨོཾ༔ སྟོང་གསུམ་གཞི་བདག་མགྲོན་རྣམས་ལ༔ ཞི་ཤུག་བྱང་བུའི་འདོད་གསོལ་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ བྷཱུ་མི་པ་ཏི་ས་མ་ཡ་ཛཿསརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འབྲང་འབྲང་འབུལ་ལ༔ ཨོཾ༔ སྟོང་གསུམ་གཞི་བདག་མགྲོན་རྣམས་ལ༔ རིན་ཆེན་མར་གྱི་འབྲང་འབྲང་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ བྷཱུ་མི་པ་ཏི་ས་མ་ཡ་ཛཿསརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དཀར་གསུམ་ཐོགས་ལ༔ ཨོཾ༔ སྟོང་གསུམ་གཞི་བདག་མགྲོན་རྣམས་ལ༔ ཞོ་དང་འོ་མ་དཀར་གསུམ་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ བྷཱུ་མི་པ་ཏི་ས་མ་ཡ་ཛཿསརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མངར་གསུམ་ཐོགས་ལ༔ ཨོཾ༔ སྟོང་གསུམ་གཞི་བདག་མགྲོན་རྣམས་ལ༔ ཀ་ར་བུ་རམ་སྦྲང་རྩི་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ བྷཱུ་མི་པ་ཏི་ས་མ་ཡ་ཛཿསརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཕྱེ་མར་ཐོགས་ལ༔ ཨོཾ༔ སྟོང་གསུམ་གཞི་བདག་མགྲོན་རྣམས་ལ༔ ཕྱེ་མར་རོ་མཆོག་བརྒྱ་ལྡན་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ བྷཱུ་མི་པ་ཏི་ས་མ་ཡ་ཛཿསརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འབྲུ་སྣ་ཐོགས་ལ༔ ཨོཾ༔ སྟོང་གསུམ་གཞི་བདག་མགྲོན་རྣམས་ལ༔ ནས་འབྲས་གྲོ་སོགས་འབྲུ་སྣ་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ བྷཱུ་མི་པ་ཏི་ས་མ་ཡ་ཛཿསརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཇ་ཆང་ཐོགས་ལ༔ ཨོཾ༔ སྟོང་གསུམ་གཞི་བདག་མགྲོན་རྣམས་ལ༔ ཇ་དང་ཆང་སོགས་ཕུད་སྐྱེམས་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ བྷཱུ་མི་པ་ཏི་ས་མ་ཡ་ཛཿསརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དར་སྣ་སྟག་གཟིག་རས་མོ་ཐོགས་ལ༔ ཨོཾ༔ སྟོང་གསུམ་གཞི་བདག་མགྲོན་རྣམས་ལ༔ དར་སྣ་སྟག་གཟིག་རས་མོ་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ བྷཱུ་མི་པ་ཏི་ས་མ་ཡ་ཛཿསརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རིན་ཆེན་ཕྱེ་མ་ཐོགས་ལ༔ ཨོཾ༔ སྟོང་གསུམ་གཞི་བདག་མགྲོན་རྣམས་ལ༔ རིན་ཆེན་རྣམ་པ་སྣ་ཚོགས་འབུལ༔ བཞེས་ནས་མི་མཐུན་ནད་རིམས་བགེགས༔ ཕྲག་དོག་གནོད་སེམས་ཞི་བར་མཛོད༔ བྷཱུ་མི་པ་ཏི་ས་མ་ཡ་ཛཿསརྦ་དུཥྚཾ་ཨནྟ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་པས་བསྲེག་རྫས་བརྒྱ་སོགས་འབུལ༔ འདི་སྐབས་གོང་གི་བསྟོད་པ་བྱ༔ བསང་དུད་བྱས་ལ༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ ལྷ་སྲིན་སྡེ་བརྒྱད་ཕྱོགས་སྐྱོང་བཅུ༔ བརྟན་མ་བཅུ་གཉིས་འཁོར་དང་བཅས༔ འདིར་གཤེགས་དམ་རྫས་སྣ་ཚོགས་དང༔ དྲི་གསུར་བསང་གི་དུད་པ་འབུལ༔ བཞེས་ནས་བདག་ཅག་འཁོར་བཅས་ཀྱི༔ ནད་མུག་མཚོན་གསུམ་ཞི་བར་མཛོད༔ ཡུལ་ཁམས་བདེ་ཞིང་སྐྱིད་གྱུར་ཅིག༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ ཐང་ལྷ་སྤོམ་ར་རྡོ་ཏི་དང༔ ཛུ་འབོ་རྩེ་མོ་གཞོན་ནུའི་ཚོགས༔ འདིར་གཤེགས་ཞི་རྫས་སྣ་ཚོགས་དང༔ དྲི་གསུར་བསང་གི་དུད་པ་འབུལ༔ བཞེས་ནས་བདག་ཅག་འཁོར་བཅས་ཀྱི༔ ནད་མུག་མཚོན་གསུམ་ཞི་བར་མཛོད༔ ཡུལ་ཁམས་བདེ་ཞིང་སྐྱིད་གྱུར་ཅིག༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ སྨྲྀ་ཏི་སེང་ནག་དགྲ་འདུལ་དང༔ རག་ནག་སེང་ཕྲམ་འཕྲང་ཉལ་ཚོགས༔ འདིར་གཤེགས་ཞི་རྫས་སྣ་ཚོགས་དང༔ དྲི་གསུར་བསང་གི་དུད་པ་འབུལ༔ བཞེས་ནས་བདག་ཅག་འཁོར་བཅས་ཀྱི༔ ནད་མུག་མཚོན་གསུམ་ཞི་བར་མཛོད༔ ཡུལ་ཁམས་བདེ་ཞིང་སྐྱིད་གྱུར་ཅིག༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ ཁྱུང་རྒོད་ལེགས་པ་དབང་ཆེན་དང༔ གཞི་འཛིན་རྩེ་རྒོད་དབང་ཕྱུག་ཚོགས༔ འདིར་གཤེགས་ཞི་རྫས་སྣ་ཚོགས་དང༔ དྲི་གསུར་བསང་གི་དུད་པ་འབུལ༔ བཞེས་ནས་བདག་ཅག་འཁོར་བཅས་ཀྱི༔ ནད་མུག་མཚོན་གསུམ་ཞི་བར་མཛོད༔ ཡུལ་ཁམས་བདེ་ཞིང་སྐྱིད་གྱུར་ཅིག༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ མགོན་པོ་ལྕང་ཕུག་རྫོང་ཕྲམ་དང༔ ལྷ་རྒོད་གུང་རྒྱལ་འཕྱོ་བའི་ཚོགས༔ འདིར་གཤེགས་ཞི་རྫས་སྣ་ཚོགས་དང༔ དྲི་གསུར་བསང་གི་དུད་པ་འབུལ༔ བཞེས་ནས་བདག་ཅག་འཁོར་བཅས་ཀྱི༔ ནད་མུག་མཚོན་གསུམ་ཞི་བར་མཛོད༔ ཡུལ་ཁམས་བདེ་ཞིང་སྐྱིད་གྱུར་ཅིག༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ གྷནྡྷེ་ཁྱུང་བཙུན་ཨེ་ཛ་རི༔ དཔལ་རི་དེ་ལོ་དྷྭ་ཛའི་ཚོགས༔ འདིར་གཤེགས་ཞི་རྫས་སྣ་ཚོགས་དང༔ དྲི་གསུར་བསང་གི་དུད་པ་འབུལ༔ བཞེས་ནས་བདག་ཅག་འཁོར་བཅས་ཀྱི༔ ནད་མུག་མཚོན་གསུམ་ཞི་བར་མཛོད༔ ཡུལ་ཁམས་བདེ་ཞིང་སྐྱིད་གྱུར་ཅིག༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ དགྲ་འདུལ་དུང་རི་མ་ཡོ་དང༔ མི་མགོན་སྡང་ར་ལྷ་རྩེའི་ཚོགས༔ འདིར་གཤེགས་ཞི་རྫས་སྣ་ཚོགས་དང༔ དྲི་གསུར་བསང་གི་དུད་པ་འབུལ༔ བཞེས་ནས་བདག་ཅག་འཁོར་བཅས་ཀྱི༔ ནད་མུག་མཚོན་གསུམ་ཞི་བར་མཛོད༔ ཡུལ་ཁམས་བདེ་ཞིང་སྐྱིད་གྱུར་ཅིག༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ གེར་མཛོ་དཔལ་བརྩེགས་འཕན་ཕྱུག་དང༔ དིལ་ར་འབར་བ་སེ་བོའི་ཚོགས༔ འདིར་གཤེགས་ཞི་རྫས་སྣ་ཚོགས་དང༔ དྲི་གསུར་བསང་གི་དུད་པ་འབུལ༔ བཞེས་ནས་བདག་ཅག་འཁོར་བཅས་ཀྱི༔ ནད་མུག་མཚོན་གསུམ་ཞི་བར་མཛོད༔ ཡུལ་ཁམས་བདེ་ཞིང་སྐྱིད་གྱུར་ཅིག༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ ནམ་མཁའ་ས་གཞི་རི་བྲག་ཆུ༔ ལ་ཕྲང་ཤིང་ལ་གནས་པ་ཡི༔ ལྷ་ཀླུ་གཉན་བཙན་ས་བདག་བདུད༔ སྨན་མོ་ལ་སོགས་གཞི་བདག་དང༔ སྣང་ཞིང་སྲིད་པའི་ལྷ་འདྲེའི་ཚོགས༔ སྟོང་གསུམ་ལ་གནས་ཐམས་ཅད་ཀུན༔ འདིར་གཤེགས་ཞི་རྫས་སྣ་ཚོགས་དང༔ དྲི་གསུར་བསང་གི་དུད་པ་འབུལ༔ བཞེས་ནས་བདག་ཅག་འཁོར་བཅས་ཀྱི༔ ནད་མུག་མཚོན་གསུམ་ཞི་བར་མཛོད༔ ཡུལ་ཁམས་བདེ་ཞིང་སྐྱིད་གྱུར་ཅིག༔ དེ་ནས་བཤགས་པ་བྱ་བ་ནི༔ ཧོ༔ དགོངས་ཤིག་དཀོན་མཆོག་སྲི་ཞུའི་མགྲོན༔ བསླབ་གསུམ་དོར་ནས་དུག་ལྔ་སྤྱོད༔ མཚམས་མེད་ལྔ་པོ་བྱས་སོ་ཅོག༔ མཐོལ་ལོ་བཤགས་སོ་ཚངས་པ་སྩོལ༔ ཧོ༔ དགོངས་ཤིག་མགོན་པོ་ཡོན་ཏན་མགྲོན༔ བསྐྱེད་རྫོགས་དོན་འགལ་བསྐང་མཆོད་གཡེལ༔ ཏ་ན་གྷ་ན་ཚད་མ་ཕྱིན༔ ཁ་ན་མ་ཐོ་བསྒྲུབས་སོ་ཅོག༔ མཐོལ་ལོ་བཤགས་སོ་ཚངས་པ་སྩོལ༔ ཧོ༔ དགོངས་ཤིག་རིགས་དྲུག་སྙིང་རྗེའི་མགྲོན༔ ང་བདག་ཁོང་ཁྲོས་གནོད་སེམས་བསགས༔ བསད་གཏུབས་བརྡུངས་བརྡེགས་རྐུས་ཕྲོགས་བཅོམ༔ སྡིག་པའི་རྣམ་སྨིན་བསགས་སོ་ཅོག༔ མཐོལ་ལོ་བཤགས་སོ་ཚངས་པ་སྩོལ༔ ཧོ༔ དགོངས་ཤིག་བགེགས་རིགས་ལན་ཆགས་མགྲོན༔ ཕན་སེམས་མེད་པར་འདྲེ་ངན་བརྡུངས༔ སྔོན་གྱི་བུ་ལོན་ཤ་མཁོན་སྒྲིབ༔ རང་སེམས་འདྲེ་རུ་བཟུང་ངོ་ཅོག༔ མཐོལ་ལོ་བཤགས་སོ་ཚངས་པ་སྩོལ༔ ཧོ༔ དགོངས་ཤིག་སྟོང་གསུམ་གཞི་བདག་མགྲོན༔ ཐབ་གཞོབ་མཁོན་གསུམ་མི་རུང་སྤྱོད༔ ས་ཆུ་ཤིང་རྡོ་ཕྲུ་རློག་བཅད༔ ཐུགས་ལ་ཅི་འགལ་བྱས་སོ་ཅོག༔ མཐོལ་ལོ་བཤགས་སོ་ཚངས་པ་སྩོལ༔ དེ་ནས་ཕྲིན་ལས་བཅོལ་བ་ནི༔ ཀྱཻ༔ མགྲོན་ལྔ་མཉེས་ཤིང་ཚིམས་གྱུར་ནས༔ མི་མཐུན་ཞི་ཞིང་འབྱོར་དྲུག་རྒྱས༔ འགྲོ་བ་དབང་སྡུད་དགྲ་བགེགས་བརླག༔ ཅི་བསམ་ཐོགས་མེད་འགྲུབ་པར་མཛོད༔ གཡང་ལེན་ནི༔ ཀྱཻ༔ བླ་མའི་བྱིན་རླབས་ཡི་དམ་དངོས་གྲུབ་དང༔ མཁའ་འགྲོའི་རྟེན་འབྲེལ་ཆོས་སྐྱོང་དྲག་རྩལ་སྟོབས༔ ནོར་ལྷའི་དཀོར་ནོར་ལྷ་མིའི་འབྱོར་པ་དྲུག༔ ཡུལ་ལྷའི་བདེ་སྐྱིད་ཕྱྭ་དང་གཡང་དུ་ལེན༔ ཧུ་ཡེ་ཧུ་ལྡན་ཕྱྭ་ཡེ་ཕྱྭ་བརྟན་ནོ༔ གཡང་རི་རབ་བརྟན་གཡང་གི་ལྗོན་པ་རྒྱས༔ གཡང་མཚོ་གཏན་འཁྱིལ་གཡང་གི་ར་བས་བསྐོར༔ གཡང་སྲོག་མི་འགྱུར་རྡོ་རྗེ་རྟག་བརྟན་ཤོག༔ འདིའི་སྐབས་སུ་གཤེགས་གསོལ་བཀྲ་ཤིས་བསྔོ་སྨོན་སོགས་གཞན་ནས་ཁ་བསྐང་བྱའོ། །ཞེས་སྣང་སྲིད་ཞི་བ་དཀར་པོའི་ཆོ་ག་འདི་ནི་ཁོ་བོ་རིག་པ་འཛིན་པའི་རྣལ་འབྱོར་པ་ལ་ལི་ཏ་བཛྲ་གྱིས་གཏེར་གནས་རྡོ་རྗེ་ཅོང་ཕུག་ནས་གཏེར་ཞལ་ཕྱེ་དུས། དབྱུང་རྔུབ་རླུང་གི་གྲངས་ཐེམ་ནམ་མཁའི་ནོར་བུ་དང་ཤར་གྱི་ཐིག་ལེ་ཟུང་གི་སྤྲོ་བསྡུས་སྦྱོར་བས་ཀུན་བྱེད་རྒྱལ་པོ་བདེ་བས་མྱོས་པའི་ཟློས་གར་ལས། ལྷ་ལམ་ཡངས་པའི་ངོས་སུ་ཁ་ན་མ་ཐོ་བ་ལས་འདས་པའི་ཟུར་མིག་ལྟ་བའི་གཟུགས་ཅན་དག་གི་གཡོ་བྱེད་ཟུང་གི་ལམ་དུ་ལེ་བརྒན་དམར་པོ་ལ་འཁུ་བའི་སྲབ་མཉེན་འཇམ་པའི་ཚད་ནི་ཤེས་བུའི་ལུས་དང་མཉམ་པར་ངག་ཚིག་རིས་སུ་གནས་པའི་འཕྲུལ་ལ། ཁོ་བོའི་འདྲེན་བྱེད་ཟུང་གི་ལྕགས་ཀྱུས་ཤིན་ཏུ་ཟིན་ཞིང་རོ་འཛིན་གྱི་བྱེད་ལས་དག་གི་བཅིངས་པས་ཀུན་རྒྱུའི་དབུས་སུ་འཆིངས་པའི་དབང་གིས་གནས་དེ་ཉིད་དུ་ཉི་སྒྲོལ་བྱེད་ཅེས་པ་ཤིང་ཕོ་སྤྲེལ་གྱི་ལོ་ཧོར་ཟླ་བཅུ་གཉིས་པའི་ཉེར་གཉིས་ལ་སམ་བྷོ་ཏྲ་ཡི་ངོས་སུ་བྲིས་པ་སླར་ཡི་གེར་གཏན་ལ་ཕབ་པའི་དགེ་བས་འགྲོ་བའི་ནད་རིགས་ཞི་བའི་རྒྱུར་གྱུར་ཅིག། །། འདི་སྐབས་སུ་ཐོག་མའི་ཀུན་བཟང་མན་དང་འཇག་མའི་སྲིན་བུ་ཡན་ཆད་སངས་རྒྱས་ཀྱི་རྒྱུར་ཤེས་པར་གྱིས་མིན་པ་རེ་དོགས་རེ་བ་དག་གི་རྟོགས་པས་མཉམ་ཉིད་ཡེ་ཤེས་དང་བྲལ་ནས། སངས་རྒྱས་རིན་ཆེན་འབྱུང་ལྡན་གྱི་ཐུགས་དང་འགལ་བ་མ་བྱེད། རྒོལ་བ་བྱུང་ན་ཁོ་བོས་ལན་ཡོད་དོ། །ཞེས་གཏེར་སྟོན་པའི་ཐ་ཚིག་གོ །འདི་ཡི་ཞི་ཆོག་འདི་ལ་འབད་ན་སྣང་སྲིད་ཞི་བའི་བདེ་ལེགས་ཕུན་སུམ་ཚོགས་པར་ཐེ་ཚོམ་མེད་པས་ཀུན་གྱི་དབྱིངས་ལ་ཞོག་ཅིག །དགེའོ།། །། ༈ ཤིང་བྱང་འདོད་གསོལ་ནི། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་རྩ་གསུམ་དམ་ཅན་སྲུང་མའི་ཐུགས་དང་འགལ་ཞིང་སྣང་སྲིད་སྡེ་བརྒྱད་ཡུལ་གཞི་གནས་བདག་ལྷ་ཀླུ་འབྱུང་པོ་ཀུན་ལ་ཕོག་ཐུག་འགྲམས་འཁྲུགས་ཤོར་བ་དང་། ལོ་ཉེས་བཙའ་སད་མུ་གེ་ནད་མཚོན་གོད་ཁ་མཐའ་ཡི་དམག་དཔུང་སོགས། མདོར་ན་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་སྤྱིར་བཏང་གིས་མཚོན་གང་འདོད་བསྒྱུར་བར་བྱའོ།།
སྒྲོལ་མ་འཇིགས་པ་ཀུན་སྐྱོབ་དང་འབྲེལ་བའི་མཆོད་སྦྱིན་མདོས་ཀྱི་ཆོ་ག་ཉེས་པ་ཀུན་སྐྱོབ་ (Volume 35, Text 3)
༄༅། །སྒྲོལ་མ་འཇིགས་པ་ཀུན་སྐྱོབ་དང་འབྲེལ་བའི་མཆོད་སྦྱིན་མདོས་ཀྱི་ཆོ་ག་ཉེས་པ་ཀུན་སྐྱོབ་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨཱརྻ་ཏཱ་ར་ཡེ། དྲན་པ་ཙམ་གྱིས་འཕྲལ་ཡུན་འཇིགས་ལས་སྐྱོབ། །གསོལ་བཏབ་ཐུན་མོང་མཆོག་གི་དངོས་གྲུབ་འཇོ། །སྲས་བཅས་རྒྱལ་ཀུན་སྐྱེད་མཛད་ལྷག་པའི་ལྷ། །དབྱེར་མེད་བླ་མར་འདུད་དོ་བྱིན་རླབས་སྩོལ། །སྣ་ཚོགས་ནོར་བུའི་རྒྱལ་པོ་བཞིན། །ཕྲིན་ལས་གང་འདོད་བདེ་བླག་ཏུ། །སྒྲུབ་བྱེད་ཐབས་མཆོག་ངོ་མཚར་དབྱིག །རང་གཞན་ཕན་བདེའི་བཙས་སུ་སྦྱིན། །རྒྱལ་ཁམས་སྤྱི་དང་སོ་སོའི་སྒོས་ཀྱི་རིམ་གྲོ་ལ་ཤིན་ཏུ་ཟབ་ཅིང་ཇི་ལྟར་འདོད་པའི་ཕྲིན་ལས་མྱུར་དུ་འགྲུབ་པར་བྱེད་པ་མཆོད་སྦྱིན་ཀུན་ཚང་མདོས་ཆོག་ཁྱད་པར་འཕགས་པ་འདི་ཉིད་ལག་ཏུ་བླང་བའི་རིམ་པ་ལ་གསུམ། སྦྱོར་བ་བཅའ་གཞི་གཤོམ་བཀོད། དངོས་གཞི་ལས་རིམ་བཅུ་དྲུག །རྗེས་མདོས་གཏང་ཞིང་ཆོ་གའི་མཇུག་བསྡུ་བའོ། །དང་པོ་ནི། སྒྲོལ་མའི་སྐུ་རྟེན་སོགས་བཀྲམ་པའི་མདུན་དུ་ཤིང་སྟེགས་གྲུ་བཞི་རྒྱ་ཆེ་བའི་སྟེང་དུ། ས་སྤྱིན་བཟང་པོར་རིན་པོ་ཆེའི་ཕྱེ་མ་བསྲེས་པ་ལས་བང་རིམ་བཞི་ལྡན་གྱི་རི་རབ་ཁ་གཡེལ་རྒྱ་ཡངས་པ། ཕྱོགས་བཞི་ན་ཤར་གླིང་ཟླུམ་པོ། ལྷོ་གླིང་སོག་ཁ། ནུབ་གླིང་ཟླ་གམ། བྱང་གླིང་གྲུ་བཞི། རི་རབ་གླིང་བཅས་ཤར་དཀར་སོགས་སྔོ་དམར་སེར་བའི་ཕྱོགས་མདོག །མཐར་ལྕགས་རི་མུ་ཁྱུད་ནག་པོས་བསྐོར། རི་རབ་ཀྱི་སྟེང་དུ་འགྲུབ་ན་དཀྱིལ་འཁོར་སྒོ་རྫོགས་བཞེངས། དེའང་རྡུལ་ཚོན་ལྕོགས་དཀའ་བས་བྲིས་དཀྱིལ་ལ་ཚོན་སྤུང་བཀོད། དེ་དག་ཀྱང་མི་འགྲུབ་ན་གདན་དང་ལྷ་མཚན་ཙམ་གྱིས་ཆོག་པར་གསུངས་པས་ཟླུམ་སྐོར་རམ་མཎྜལ་བཞག་པའི་དབུས་སུ་སྣ་ཚོགས་པདྨ་འདབ་བརྒྱད། དེ་རྒྱབ་ཉེར་གཅིག །དེ་རྒྱབ་བརྒྱ་རྩས་བསྐོར་བའི་དབུས་དང་པད་འདབ་རྣམས་ལ་ཚོན་སྤུང་ལྗང་གུར་བཀོད། སྟེང་དུ་གདུགས་ཕུབ། གཡས་གཡོན་དུ་རྒྱལ་མཚན་དང་བ་དན་རེ་རེའམ་འཛོམ་ན་ཕྱོགས་མཚམས་རྣམས་སུ་བཞི་རེ་ཙམ་འཕྱར། མཐར་ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཤམ། བང་རིམ་དང་པོར་སྒྲོལ་མ་སོགས་སྲི་ཞུའི་མགྲོན་ལ་ཕྱོགས་བཞིར་ཅོག་ཟླུམ་བཞི། མཚམས་རྣམས་སུ་ཟླུམ་གཏོར་ཆུང་ངུ་ཅི་མང་། གཉིས་པར་ཡོན་ཏན་མགྲོན་ལ་དཀར་གཏོར་དང་དམར་གཏོར་སྤེལ་མ། གསུམ་པར་བགེགས་ལ་ཆངས་བུ། བཞི་པར་རིགས་དྲུག་ལ་རིལ་བུ་རྣམས་གྲངས་ཅི་མང་བར་མཚམས་མེད་པར་གཏམས། གླིང་བཞིའི་ནམ་མཁར་ཁྲིའུ་དབུས་དཀྱིལ་ལས་ཅུང་དམའ་བ་བཞིའི་སྟེང་སྟེགས་རེ་རེའི་ཁར་མཎྜལ་ཚོམ་བུ་བདུན་མ་རེ་རེ་བཀོད་པའི་མཐར་ཆུ་གཉིས་ཉེར་སྤྱོད་དེ་མཚུངས་བསྐོར། དེ་རྣམས་ཀྱི་མདུན་ཕྱོགས་འོག་གི་གླིང་བཞིར་གསེར་གྱི་མི་ཆུང་གཡུའི་རྟ་ལ་ཞོན་པ་དར་གོས་དང་རིན་པོ་ཆེའི་རྒྱན་ལྡན་མདའ་གཞུ་འགེངས་པ་བཞི་ཐམས་ཅད་ཁ་ཤར་བསྟན་དུ་བཀོད། བཞི་ཀ་ལ་མི་ཆུང་རྟ་ཆུང་རང་འདྲ་ཉི་ཤུ་རྩ་དྲུག་རེའི་ཁ་སོ་སོའི་གཙོ་བོ་ལ་བསྟན། གཙོ་བོ་བཞི་ལ་ནམ་མཁའ་དང་རྒྱང་བུ་ཕྱོགས་མདོག །མདའ་འཕང་ཤིང་རིས་སོགས་གཟུག །རྒྱས་པར་འཛོམ་ན་འཁོར་རྣམས་ལའང་ནམ་ལྗང་སོགས་དགོས་པར་གསུངས། བང་རིམ་དང་བར་མཚམས་རྣམས་སུ་འདབ་ཆགས་གཅན་གཟན་རི་དྭགས་གཡུང་དྭགས་ཆུ་གནས་སོགས་སྲོག་ཆགས་སྣ་ཚོགས་པའི་གཟུགས་གོ་མཚོན་སོགས་སྤར་ལ་བཏབ་པ་རྣམས་དང་། དར་ཟབ་རིན་ཆེན་འབྲུ་སྣ་སྨན་སྣ་དཀར་མངར་ཟས་སྣ་སོགས་དཀོར་ཆ་སྣ་ཚོགས་ཀྱིས་ཕྱུར་བུར་གཏམས། ལྕགས་རི་ལའང་ནམ་རྒྱང་མདའ་འཕང་ཤིང་རིས་རྩང་ཐུར་གྲངས་གང་མང་སྤེལ་མར་གཟུག །དེའི་མདུན་དུ་སྟེགས་ཡངས་པ་ལ་ཉེར་སྤྱོད་བརྒྱ་རྩ་ནས་བདུན་གྱི་བར་མཆོད་པ་ཅི་འབྱོར་དང་། དཀར་སྐྱེམས། མངར་སྐྱེམས། ཆང་སྐྱེམས། ཁྲག་སྐྱེམས་རྣམས་བཤམ། སྐུ་གླུད་རྒྱན་ལྡན་དཀོར་ཆ་གང་འཛོམ་སྤྱི་མཐུན་ཡང་འཇོག །ལོགས་གང་བདེར་བདག་བསྐྱེད་མཆོད་པ། འབྲང་རྒྱས་ཞལ་དཀར། ཕྱེ་མར། ཚེ་རིལ། ཚེ་ཆང་། སྔོན་གཏོར་དང་འཐོར་ནས་སོགས་མཁོ་བའི་ཡོ་བྱད་རྣམས་ཀྱང་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་ལའང་སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་ནི། བརྒྱུད་འདེབས། དཀར་བགེགས་གཏོར་མ་བསྔོ་བ་ནས་བདག་བསྐྱེད་བཟླས་པའི་བར་ལས་བྱང་ལྟར་ལ། མཐར་མཆོད་བསྟོད་འདོད་གསོལ་བྱ། ཡིག་བརྒྱ་བརྗོད། དེ་ནས་མདུན་གྱི་མཆོད་གཏོར་ལ་དམིགས་ཏེ་ལས་བྱང་ལྟར་བྱིན་བརླབ། མདོས་རྫས་རྣམས་སྔགས་དྲུག་ཕྱག་རྒྱ་དྲུག་གིས་གླིང་བཞི་རི་རབ་འདོད་ཡོན་དང་བཅས་པ་ཀུན་ཏུ་བཟང་པོའི་མཆོད་སྦྱིན་གྱི་གཏེར་ཆེན་པོར་བྱིན་གྱིས་བརླབ་པར་གསུངས་པ་ལྟར་བྱ་སྟེ། བདག་ཉིད་བཅོམ་ལྡན་ཤཱཀྱ་ཐུབ། །ཕྱག་རྒྱའི་ཡི་གེ་ཨ་དཀར་ལས། །འོད་འཕྲོས་གཏོར་རྫས་དངོས་འཛིན་གྱི། །དྲི་མ་སྦྱངས་ནས་སྟོང་པར་གྱུར། །ཐལ་མོ་ཁོང་སྟོང་སྦྱར་ལ། ཨོཾ་སྭཱ་བྷཱ་བ་ཤུདྡྷཿསརྦ་དྷརྨཱ་སྭཱ་བྷཱ་བ་ཤུདྡྷོ྅་ཧཾ༔ ལན་གསུམ་རེ་རེ་བཞིན་ཕྱག་རྒྱ་བཀྲོལ་ནས་སེ་གོལ་གཏོག་པ་ཕྱི་མ་རྣམས་ལའང་འགྲེ །ཆོས་ཉིད་རྣམ་དག་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་ཀྱི། །འབགས་བཙོག་ཉམས་གྲིབ་ཉེས་སྐྱོན་དང་། །མཚན་འཛིན་དྲི་མ་དག་གྱུར་ཅིག །བདག་ཉིད་བཅོམ་ལྡན་རྣམ་སྣང་མཛད། །ཕྱག་རྒྱའི་ཡི་གེ་ཁཾ་སྔོན་ལས། །འོད་འཕྲོས་གཏོར་རྫས་ཟད་མེད་མཛོད། །ནམ་མཁའི་ཁམས་ཀུན་ཁྱབ་པར་གྱུར། །ཐལ་མོ་སྦུབ་སྟོང་དུ་སྦྱར་བའི་ཚིགས་བར་པ་རྣམས་བཅག་པ་རིན་ཆེན་སྒྲོམ་བུའི་ཕྱག་རྒྱ་སྨིན་མཚམས་སུ་བསྐོར་ཞིང་། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་རྣམས། །བསྐལ་པའི་བར་དུ་ཟད་མི་ཤེས། །རྒྱ་ཆེ་ནམ་མཁའ་གང་གྱུར་ཅིག །བདག་ཉིད་བཅོམ་ལྡན་བདུད་རྩི་འཁྱིལ། །ཕྱག་རྒྱའི་ཡི་གེ་ཧྲཱིཿདམར་ལས། །འོད་འཕྲོས་གཏོར་རྫས་ཡེ་ཤེས་ཀྱི། །བདུད་རྩི་ཆེན་པོའི་རང་བཞིན་གྱུར། །མཐེ་བོང་བསྣོལ། སོར་མོ་གཞན་རྣམས་གཤོག་པ་ལྟར་གདེངས་པ་ཁའི་ཐད་དུ་བཞག་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། བདུད་རྩི་ཐབས་སྦྱོར་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་རྣམས། །བདུད་རྩི་ཡེ་ཤེས་ལྔ་ཡི་དངོས། །འཆི་གསོས་དུག་ལྔའི་སྨན་གྱུར་ཅིག །བདག་ཉིད་བཅོམ་ལྡན་རིན་ཆེན་འབྱུང། །ཕྱག་རྒྱའི་ཡི་གེ་ཏྲཱཾ་སེར་ལས། །འོད་འཕྲོས་གཏོར་རྫས་འདོད་ཡོན་ལྔ། །སོ་སོའི་མོས་པ་ཇི་བཞིན་གྱུར། །ལག་པ་གཉིས་མཛུབ་མོ་བསྒྲེངས་པའི་ཁུ་ཚུར་གཡོན་སྙིང་གར་བཞག །གཡས་བརྐྱངས་ཏེ་རྫས་ལ་གཏོད་པའི་ཚུལ་བྱས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། རྒྱ་ཆེན་ཤུགས་ལྡན་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་རྣམས། །དབང་པོའི་སྤྱོད་ཡུལ་ཚིམ་བྱེད་པའི། །འདོད་ཡོན་སྣ་ཚོགས་ཆར་འབེབ་ཤོག །བདག་ཉིད་བཅོམ་ལྡན་དོན་ཡོད་གྲུབ། །ཕྱག་རྒྱའི་ཡི་གེ་ཧཱ་ལྗང་ལས། །འོད་འཕྲོས་མཆོག་དམན་སྐལ་པ་བཞིན། །འཐབ་རྩོད་མེད་པར་ཐོབ་པར་གྱུར། །ལག་གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཅང་། གཡོན་པ་མཆོད་སྦྱིན་གྱི་ཕྱག་རྒྱས་སྣོད་འདེགས་པའི་ཚུལ་བྱས་ལ།་་་འདི་གོ་ལྡོག་པའང་སྣང་། ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ས་མནྟ་སྥ་ར་ཎ་རསྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་ཧཱུྃ། ཡེ་ཤེས་སྐར་མདའི་ཕྱག་རྒྱ་སྔགས། །ཏིང་འཛིན་ལྡན་པས་མགྲོན་རྣམས་ཀུན། །ཕམ་རྒྱལ་འཁྲུག་རྩོད་མེད་པར་ཐོབ། །དགྱེས་ཤིང་རེ་བ་གང་གྱུར་ཅིག །བདག་ཉིད་བཅོམ་ལྡན་རྡོ་རྗེ་འཛིན། །ཕྱག་རྒྱའི་ཡི་གེ་ཛཿདམར་ལས། །འོད་འཕྲོས་མགྲོན་རྣམས་དབང་དུ་འདུས། །ཕྲིན་ལས་གང་འདོད་སྒྲུབ་པར་གྱུར། །ལག་གཉིས་སོར་མོ་ནང་དུ་བསྣོལ་པའི་ཁུ་ཚུར་ངོས་མཐེ་བོང་གཉིས་གཤིབས་ཏེ་བརྐྱང་བ་སྤྱི་བོར་བསྐོར་ཏེ། ན་མཿས་མནྟ་བུདྡྷ་ནཾ་གྲ་ཧེ་ཤྭ་རི་པྲ་བྷ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ། དབང་བསྒྱུར་འཁོར་ལོའི་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་མགྲོན་རིགས་ཀུན། །བདག་གི་དབང་འདུས་གང་བཅོལ་ལས། །སྒྲུབ་པའི་སྡོངས་གྲོགས་མཛད་གྱུར་ཅིག །མཐར། ན་མོ། བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །ལན་ཆགས་མགྲོན་རྣམས་བརྔན་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ནི་མ་ལུས་པར། །ཐོགས་པ་མེད་པ་འབྱུང་གྱུར་ཅིག །ཅེས་བདེན་པའི་སྟོབས་ཀྱིས་ཀྱང་བྱིན་གྱིས་བརླབ་བོ། །དེ་ནས་མདུན་དཀྱིལ་ཨ་མྲྀཏས་བསང། སྭཱ་བྷཱ་བས་སྦྱང་། མདུན་གྱི་དཀྱིལ་འཁོར་མི་དམིགས་སྟོང་པའི་ངང་། །སྟོང་ཉིད་རང་གདངས་རྡོ་རྗེའི་སྲུང་འཁོར་དབུས༔ རིན་ཆེན་གཞལ་མེད་སོགས་ཀྱིས་བསྐྱེད་ཆོག་ནས་བསྟོད་པའི་བར་ལས་བྱང་ལྟར་བཏང་། མདུན་བསྐྱེད་ཀྱི་ཐུགས་ཀར་སོགས་བཟླས་དམིགས་གསལ་བཏབ་ལ་བཟླས་པ་ཅི་ནུས་མཐར་མཆོད་བསྟོད་འབུལ། ཕྱག་འཚལ་ཉེར་གཅིག་སྒྲུབ་པ་པོའི་གྲངས་བསྡོམས་པའི་བརྒྱ་རྩ་འགྲོ་ངེས་མཐར། ཀྱི་ཧུད་འཕགས་མ་བྱམས་ལྡན་ཐུགས་རྗེ་ཅན༔ རྒྱལ་བའི་ཡུམ་ཁྱོད་གནས་མཆོག་གང་ན་བཞུགས༔ སྐྱབས་མེད་བདག་ལ་དགོས་པའི་དུས་བྱུང་ངོ༔ ཐོག་མེད་དུས་ནས་ད་ལྟར་ཐུག་གི་བར༔ རིགས་དྲུག་འཁོར་བའི་གཡང་ས་དོང་རིང་འདིར༔ སྐྱེ་བ་གྲངས་མེད་ཤ་ཁྲག་ལུས་བླངས་ཀྱང༔ བྱས་པའི་ལས་ལ་དོན་མེད་ཆུད་རེ་ཟོས༔ སྐྱེ་བ་ལན་གཅིག་ཙམ་ཞིག་ཐར་པའི་ལམ༔ སྒྲུབ་པའི་འབྲེལ་ཡང་བདག་གིས་མ་ཞོགས་སམ༔ འཕགས་མའི་ཐུགས་རྗེས་བདག་ཉིད་གཏང་སྲིད་དམ༔ ཐུགས་རྗེས་ཟུངས་དང་འཕགས་མ་རྒྱལ་བའི་ཡུམ༔ བདག་ཉིད་མ་རིག་ལས་ངན་སྡིག་སྒྲིབ་ཅན༔ མགོན་མེད་བདག་ནི་མ་ཡིས་མ་གཟིགས་སམ༔ དུངས་པའི་ང་རོས་འོ་དོད་བོས་ལགས་ན༔ མ་ཁྱེད་བརྩེ་བའི་ཐུགས་རྗེས་མི་འཛིན་ནམ༔ རིགས་དྲུག་འཁོར་བའི་དོང་དུ་ལྷུང་ལགས་ན༔ འཕགས་མས་ཐུགས་རྗེའི་ཞགས་པས་མི་འདྲེན་ནམ༔ མ་རིག་མུན་པའི་ཡུལ་དུ་གཏན་འཁྱམས་ན༔ འཕགས་མས་ཐུགས་རྗེའི་སྒྲོན་མེ་མི་སྤོར་རམ༔ ལས་ཀྱི་ཡུལ་དུ་དབང་མེད་འཁྱམས་ལགས་ན༔ མ་གཅིག་ཐུགས་རྗེའི་ལྕགས་ཀྱུས་མི་འཛིན་ནམ༔ དགེ་བའི་མྱུ་གུ་ལོ་ཐོག་སྐམ་ལགས་ན༔ འཕགས་མས་ཐུགས་རྗེའི་ཆར་རྒྱུན་མི་འབེབས་སམ༔ ཞེ་སྡང་དུག་ལྔའི་མེ་ཆེན་འབར་ལགས་ན༔ མ་ཁྱེད་ཐུགས་རྗེའི་ཆུ་ཡིས་མི་བརླན་ནམ༔ དུག་གསུམ་འཁྲུལ་པའི་ནད་ཀྱིས་གདུངས་ལགས་ན༔ མ་ཁྱེད་ཐུགས་རྗེའི་སྨན་གྱིས་མི་གསོ་འམ༔ དུས་འདིར་མ་ཁྱེད་ཐུགས་རྗེས་མ་བཟུང་ན༔ དེང་ནས་ཕྱིན་ཆད་ངེས་པའི་གནས་མེད་དོ༔ ཀྱེ་མ་ཀྱི་ཧུད་འཕགས་མ་ཐུགས་རྗེ་ཅན༔ བདག་ལ་རེ་ལྟོས་སྐྱབས་གནས་གཞན་ན་མེད༔ སྐྱིད་སྡུག་རེ་ལྟོས་གཅིག་གྱུར་ཁྱེད་ཤེས་ན༔ ཐུགས་རྗེའི་དཔའ་ཚན་སྐྱེད་ཅིག་རྗེ་བཙུན་མ༔ འཁོར་བའི་གནས་སུ་ཡུན་རིང་གཏན་འཁྱམས་ནས༔ ནམ་ཞིག་ལས་ཟད་འབྲས་བུ་ཐོབ་པའི་ཚེ༔ འཕགས་མའི་ཐུགས་རྗེའི་ཅི་འཚལ་དོན་མ་མཆིས༔ ལས་དབང་བཙན་ཞེས་བདག་ཉིད་བོར་གྱུར་ན༔ ཐུགས་རྗེ་ཆེ་ཞེས་སྐྱབས་གནས་སུ་ལ་བྱེད༔ འཕགས་མ་ཁྱེད་ལ་ཐུགས་རྗེའི་སྟོབས་མངའ་ཞིང༔ སྔོན་འབྲེལ་གསོལ་བཏབ་བདེན་པ་མི་བསླུ་ན༔ ཐུགས་ལ་ལེ་ལོ་བཏང་སྙོམས་མ་མཛད་པར༔ སྐད་ཅིག་ཉིད་ལ་ཐར་པར་འདྲེན་དུ་གསོལ༔ ཚེ་འདིར་མི་མཐུན་རྐྱེན་ངན་བར་གཅོད་དང༔ རྒྱལ་པོ་མེ་ཆུ་ལྕགས་སྒྲོག་དུག་དང་མཚོན༔ རིམས་ནད་སྣ་ཚོགས་ཆོམ་རྐུན་དུས་མིན་འཆི༔ དགྲ་དང་བགེགས་སོགས་རྨི་ལམ་མཚན་ལྟས་ངན༔ ཆག་ཆེ་ཉམ་ང་འཇིགས་པ་བརྒྱད་ལ་སོགས༔ མ་ལུས་ཞི་ཞིང་ཟློག་པར་མཛད་དུ་གསོལ༔ ཚེ་དབང་ལོངས་སྤྱོད་དཔལ་འབྱོར་ཕྲིན་ལས་རྣམས༔ གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛོད༔ ཁམས་གསུམ་སྲིད་གསུམ་སྣང་སྲིད་ཐམས་ཅད་ཀྱི༔ སྣང་བ་དབང་དུ་འདུ་བར་མཛད་དུ་གསོལ༔ བདུད་དང་དགྲ་བགེགས་འབྱུང་པོའི་ཚོགས་རྣམས་ཀུན༔ ཚར་གཅོད་དྲག་པོའི་ཕྲིན་ལས་མཛད་དུ་གསོལ༔ བདག་ནི་རྩེ་གཅིག་ཟོལ་ཟོག་མེད་པ་ཡིས༔ ཁ་ཙམ་མ་ཡིན་སྙིང་ནས་གསོལ་བཏབ་པས༔ འགྲོ་འདུག་ལས་བྱེད་གང་གི་ཕྱོགས་དག་ཏུའང༔ བུ་གཅིག་མ་བཞིན་བརྩེ་བས་བསྐྱང་དུ་གསོལ༔ འདི་དང་ཕྱི་མ་བར་དོའི་གནས་སྐབས་སུ༔ འབྲལ་མེད་རྟག་ཏུ་ཐུགས་རྗེས་གཟུང་དུ་གསོལ༔ བདག་གི་རྒྱུད་ལ་མི་རྟག་བྱམས་སྙིང་རྗེ༔ དད་དང་བརྩོན་འགྲུས་ངེས་འབྱུང་སྐྱོ་ཤས་དང༔ ཟབ་མོའི་དོན་དང་སྟོང་ཉིད་ལྟ་བའི་མཆོག༔ རྟག་ཏུ་ཉམས་ལེན་སྐྱོ་ངལ་མེད་པ་དང༔ ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་པར་ཤོག༔ ཅེས་འདོད་གསོལ་རཏྣའི་གཏེར་གཞུང་ལྟར་བརྗོད་དོ། །གཉིས་པ་དངོས་གཞིའི་ལས་རིམ་ལ་བཞི། མཎྜལ། གཏོར་འབུལ། མདོས་ཆོག །སྦྱིན་སྲེག་རྣམས་སོ། །དེ་རེ་རེ་ལའང་ནང་གསེས་བཞི་བཞིར་དབྱེར་ཡོད་པ་ལས། དང་པོ་མཎྜལ་ཆ་བཞིའི་ཐོག་མ་དཀོན་མཆོག་སྤྱིར་འབུལ་བ་ལ་གསུམ། ཚོགས་ཞིང་སྤྱན་དྲང་བ། ཕྱག་མཆོད་འབུལ་བ། མཇུག་འདོད་དོན་ལ་གསོལ་བ་གདབ་པའོ། །དང་པོ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་འཕགས་པའི་ཚོགས་ཐམས་ཅད་མཆོད་པའི་ཡུལ་དུ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་པས་སྤྱན་དྲང་། པདྨ་ཀ་མ་ལཱ་ཡ་སཏྭཾ། གྱིས་གདན་ཕུལ་བས། སྤྱན་དྲངས་པའི་ཚོགས་ཞིང་རྣམས་མདུན་གྱི་ནམ་མཁར་མཆོད་པའི་སྤྲིན་ཕུང་རྒྱ་མཚོའི་དབུས་སུ་པདྨ་དང་ཟླ་བའི་གདན་ལ་མངོན་སུམ་བཞིན་དུ་བཞུགས་པར་བསམ་མོ། །གཉིས་པ་ཕྱག་མཆོད་འབུལ་བ་ནི། དཀོན་མཆོག་ཡོན་ཏན་རྗེས་སུ་དྲན་ནས་ཐལ་མོ་སྦྱར་ཏེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་སོགས་བརྗོད་ཅིང་དང་འདོད་ཡིད་ཆེས་ཀྱི་དད་པས་སྐྱབས་སུ་གསོལ་བ་སྔོན་དུ་འགྲོ་བས། ཨོཾ་ན་མོ་མཉྫུ་ཤྲཱི་ཡེ་སྭཱ་ཧཱ། ན་མཿསུ་ཤྲཱི་ཡེ་སྭཱ་ཧཱ། ན་མཿཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། ཞེས་ཕྱག་འཚལ་བའི་སྔགས་དང་བཅས་ཏེ་ཕྱག་འཚལ་རྒྱས་པ་གཞན་ནས་འབྱུང་བ་ལྟར་རམ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཞེས་ལན་གསུམ་གྱིས་ཕྱག་འཚལ། ཨོཾ་ན་མོ་བྷ་ག་ཝ་ཏེ། རཏྣ་ཀེ་ཏུ་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་རཏྣེ་རཏྣེ། མ་ཧཱ་རཏྣེ། རཏྣ་བི་ཛ་ཡེ་སྭཱ་ཧཱ། ཞེས་བཟླས་པས་ཕྱག་བསྐོར་གང་བྱས་ཀྱང་འབུམ་དུ་འགྱུར་བར་གསུངས་སོ། །དེ་ནས། ཇི་སྙེད་སུ་དག་སོགས་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་དང་། སྤྲོ་ཞིང་ནུས་ན་སྤྱོད་འཇུག་གི་མཆོད་ཕྲེང་སོགས་ཀྱང་བྱའོ། །མཎྜལ་འབུལ་བ་ནི་ཚོམ་བུ་སོ་བདུན་མ་སྤྱི་ལྟར་རམ། ཨོཾ་ཨཱཿཧཱུྃ༔ བདག་དང་མཐའ་ཡས་སེམས་ཅན་གྱི༔ ལུས་དང་ལོངས་སྤྱོད་དགེ་ཚོགས་ཀུན༔ གླིང་བཞི་རི་རབ་ཉི་ཟླར་བཅས༔ ལྷ་མིའི་ལོངས་སྤྱོད་བསམ་མི་ཁྱབ༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་ཆེ༔ རྒྱུན་མི་འཆད་པར་སྤྲུལ་བྱས་ཏེ༔ དཀོན་མཆོག་རིན་ཆེན་རྩ་བ་གསུམ༔ ཆོས་སྲུང་ནོར་ལྷ་རྒྱ་མཚོ་ལ༔ གུས་པས་རྟག་ཏུ་འབུལ་བར་བགྱི༔ བསོད་ནམས་ཚོགས་ཆེན་རབ་རྫོགས་ནས༔ ཡེ་ཤེས་སྣང་བ་རྒྱས་པར་ཤོག༔ ཨོཾ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཞེས་དང་། བསྡུ་ན། ཨོཾ་ཨཱཿཧཱུྃ༔ ཁམས་གསུམ་སྣོད་བཅུད་དཔལ་འབྱོར་དང༔ བདག་ལུས་ལོངས་སྤྱོད་དགེ་ཚོགས་ཀུན༔ ཐུགས་རྗེའི་བདག་ཉིད་རྣམས་ལ་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜ་ལ་པཱུ་ཛ་ཧོ༔ ཞེས་འབུལ་ཞིང་མེ་ཏོག་འཐོར་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་པུཥྤེ་ཀེ་ཏུ་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཥྤེ་པུཥྤེ་མ་ཧཱ་པུཥྤེ། སུ་པཥྤེ་པུཥྤེ་ཨུྞབྷ་བེ། པུཥྤེ་སཾ་བྷ་ཝེ། པུཥྤེ་ཨ་བ་ཀ་རི་ཎི་སྭཱ་ཧཱ། ཞེས་ལན་བདུན་བརྗོད། གསུམ་པ་ནི། ཐལ་སྦྱར་མེ་ཏོག་འཐོར་བ་དང་བཅས་ཏེ། ཞལ་གདམས་སྙིང་བྱང་ལས་སོ།་་་ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་དང༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྲུང་ནོར་ལྷ་གཏེར་གྱི་བདག༔ ཡེ་ཤེས་གཅིག་གི་ངོ་བོ་ལས༔ རང་བཞིན་མ་འགགས་ཅིར་ཡང་སྟོན༔ ཐུགས་རྗེ་ཕྲིན་ལས་རྨད་པོ་ཆེས༔ འགྲོ་ཀུན་སྐྱབས་དང་མགོན་གྱུར་པ༔ མཁྱེན་བརྩེའི་བདག་ཉིད་ཁྱེད་རྣམས་ལ༔ ཕྱག་འཚལ་སྙིང་ནས་སྐྱབས་སུ་མཆི༔ ལུས་དང་ལོངས་སྤྱོད་མཆོད་པར་འབུལ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ རྟག་ཏུ་ཐུགས་རྗེས་བསྐྱབ་མཛད་གསོལ༔ ནད་དང་གནོད་པ་ཞི་བ་དང༔ ཚེ་དང་བསོད་ནམས་འཕེལ་བ་དང༔ བསམ་པའི་དོན་རྣམས་མ་ལུས་ཀུན༔ ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས༔ ཞེས་པ་ཙམ་མམ། སྤྲོ་ཞིང་ནུས་ན་མཆོག་གླིང་གཏེར་བྱོན། ཕྱོགས་བཅུ་དུས་བཞི་སོགས་འདོད་གསོལ་སྨོན་ལམ་གཞན་ཡང་ཅི་རིགས་སྦྱར་ཆོག་གོ །མཎྜལ་གཞན་གསུམ་རྗེ་བཙུན་མ་ལ་བསྙེན་སྒྲུབ་ལས་སྦྱོར་གྱི་ཚུལ་དང་མཐུན་པར་འབུལ་བའི་དང་པོ་ནི། ལས་བྱང་ལྟར་མཆོད་པ་བྱིན་བརླབ། ཧོ༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་ལ༔ སོགས་ཀྱིས་མཆོད། ན་མཿསརྦ་བུདྡྷ་བོ་དྷི་སཏྭ་བྷྱཿ ཨོཾ་སརྦ་བིྞཔཱུར་པཱུ་ར་སུ་ར་སུ་ར་ཨཱ་བརྟེ་བྷྱ་སྭཱ་ཧཱཿ ཞེས་མཆོད་པ་འབྱུང་བའི་སྔགས་ཀྱང་བརྗོད། ཨོཾ༔ ཐུགས་རྗེའི་མངའ་བདག་སོགས་ཀྱིས་བསྟོད། བདག་ཅག་འཁོར་དང་བཅས་རྣམས་ཀྱི༔ འཇིགས་པ་བརྒྱད་དང་བཅུ་དྲུག་སོགས༔ མི་མཐུན་ཕྱོགས་ཀུན་ཞི་བ་དང༔ རྟག་ཏུ་ཐུགས་རྗེས་བསྐྱང་མཛད་གསོལ༔ ཞེས་གསོལ་བ་གདབ། དེ་ནས་ཕྱག་མཆོད་བཟླས་པས་ཐུགས་རྒྱུད་བསྐུལ་བ་ལས། ཕྱག་འཚལ་བ་ནི། རང་གི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་སེམས་ཅན་ཐམས་ཅད་དང་ལྷན་ཅིག་ཏུ་རྡོ་རྗེའི་སྔགས་རྒྱུད་ཀྱི་བསྟོད་ཚིག་ནམ་མཁའ་ཁྱབ་པའི་སྒྲ་དབྱངས་ཟབ་མོ་དང་བཅས་ཕྱག་འཚལ་བའི་ལས་ལ་འཇུག་པར་བསམ་ལ། ཕྱག་འཚལ་ཉེར་གཅིག་གི་བསྟོད་པ་ཚར་གཉིས་ཕྱག་འཚལ་བའི་སྔགས་དང་བཅས་ཏེ་བྱ། ཕན་ཡོན་རྗེས་སུ་དྲན་བཞིན་པས། ལྷ་མོ་ལ་གུས་སོགས་ཚར་གཅིག་བརྗོད་དོ། །མཎྜལ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ༔ བདག་དང་མཐའ་ཡས་སེམས་ཅན་གྱི༔ ལུས་དང་ལོངས་སྤྱོད་དགེ་ཚོགས་ཀུན༔ གླིང་བཞི་རི་རབ་ཉི་ཟླར་བཅས༔ ལྷ་མིའི་ལོངས་སྤྱོད་བསམ་མི་ཁྱབ༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་ཆེ༔ རྒྱུན་མི་འཆད་པར་སྤྲུལ་བྱས་ཏེ༔ དཀོན་མཆོག་རིན་ཆེན་རྩ་བ་གསུམ༔ ཆོས་སྲུང་ནོར་ལྷ་རྒྱ་མཚོ་དང༔ དབྱེར་མེད་བླ་མ་རྗེ་བཙུན་མ། །འཁོར་དང་བཅས་པ་ཐམས་ཅད་ལ། །གུས་པས་རྟག་ཏུ་འབུལ་བར་བགྱི༔ བསོད་ནམས་ཚོགས་ཆེན་རབ་རྫོགས་ནས༔ ཡེ་ཤེས་སྣང་བ་རྒྱས་པར་ཤོག༔ ཨོཾ་གུ་རུ་ཨཱརྱ་ཏཱ་ར་ས་པ་རི་ཝཱ་ར་སརྦ་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཞེས་དང་གོང་དུ་སྨྲོས་པའི་མཎྜལ་བསྡུས་པ་མེ་ཏོག་འབུལ་བའི་སྔགས་དང་བཅས་ཏེ་ཕུལ། བཟླས་པ་བྱ་བ་ནི། མདུན་བསྐྱེད་ཐུགས་ཀར་པད་ཟླའི་སྟེང་དུ་སོགས་དང་སྤྲོ་བསྡུའི་དམིགས་པ་བཅས་ཡིག་བཅུ་བརྒྱ་ཕྲག་གཉིས་བཟླ། ལས་སྦྱོར་ནི། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། གཙོ་འཁོར་ཐམས་ཅད་ལས་རང་འདྲ་བའི་སྐུ་དང་འོད་ཟེར་ནམ་མཁའ་ཁྱབ་པར་འཕྲོས་པས་ཅི་འདོད་པའི་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་བསམ་ལ་ལས་བཞི་ཆ་སྙོམ་པའམ། དམིགས་བསལ་ལས་གང་སྒྲུབ་པ་དེ་བརྒྱ་རྩ་གཅིག་བཟླ། རིམ་གྲོ་སྤྱི་ཙམ་དུ་ཞི་བ་གཙོར་བཏོན། དེའང་ཞི་བ་ལ། ཡིག་བཅུའི་མཐར། རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སརྦ་ཨརྠ་སཱ་དྷ་ན་ཧཱུྃ་ཤཱནྟིཾ་ཀུ་རུ་པྲཱ་ཤ་མ་ན་ཡ་ཧཱུྃ་ཧཱུྃ་ཧཱུྃ༔ དེ་བཞིན་དུ་རྒྱས་པ་ལ། རཏྣ་སཾ་བྷ་བ་ཏྲཱཾ་མ་ཧཱ་ཨཱ་ཡུ་པུཎྱེ་ཛྙཱ་ན་སུ་ཁཾ་བྷྲཱུྃ་པུཥྚིཾ་ཀུ་རུ་ཨོཾ་ཨོཾ་ཨོཾ༔ དབང་ལ། པདྨ་ཨ་པ་རི་མི་ཏ་ཧྲཱིཿཛཿསརྦ་ལོ་ཀ་ཝ་ཤཾ་མ་ན་ཡ་ཛ་ཛ་ཛ༔ དྲག་པོ་ལ། ཀརྨ་ཀྲོ་དྷ་ཕཊ་སརྦ་ཤ་ཏྲཱུན་མཱ་ར་ཡ་ཕཊ་ཕཊ་ཕཊ༔ ཅེས་བཏགས་པ་བཟླས་མཐར། འདོད་དོན་གསོལ་བའི་ཐོག་མར། རྗེ་བཙུན་འཕགས་མ་སྒྲོལ་མ་དང་། སོགས་དཔལ་མོས་མཛད་པའི་ཡན་ལག་བདུན་པ་འབུལ། འདོད་གསོལ་གཏེར་གསར་ལུགས་གོང་དུ་སྨྲོས་པ་ཁོ་ན་བསྐྱར་བའམ། ཡོངས་གྲགས། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །སོགས་བརྗོད་ཅིང་མེ་ཏོག་འཐོར། གཉིས་པ་ནི། མཆོད་པ་བྱིན་བརླབ་ནས་བཟུང་འདོད་གསོལ་བར་ཚར་གཅིག་བསྐྱར་བ་ལ། ཕྱག་འཚལ་ཉེར་གཅིག་གི་བསྟོད་པ་ཚར་གསུམ། རྩ་སྔགས་སུམ་བརྒྱ། ལས་སྔགས་བརྒྱ་དང་ལྔ་བཅུ་བཟླ། གསུམ་པའང་དེ་ལྟར་ལ། ཕྱག་འཚལ་ཉེར་གཅིག་ཚར་བདུན། རྩ་སྔགས་བདུན་བརྒྱ། ལས་སྔགས་སུམ་བརྒྱ་དང་ལྔ་བཅུ་བཟླ་བའི་ཁྱད་པར་ལས་གཞན་འདྲ། དེ་རྣམས་བསྡོམས་པས་མཎྜལ་ཆ་བཞི་གྲུབ་བོ། ༈ །གཉིས་པ་གཏོར་མ་ཆ་བཞིའི་དང་པོ་སྲི་ཞུའི་མགྲོན་ལ་འབུལ་བ་ནི། ཨ་མྲྀཏས་བསང་། སྭཱ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་གཏོར་མ་འདོད་རྒུའི་རང་བཞིན་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་དང་ནམ་མཁའ་མཛོད་ཀྱི་རྒྱས་བརླབ། མདུན་བསྐྱེད་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་ཤིན་ཏུ་དགྱེས་པར་གྱུར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཨི་དཾ་བ་ལིཾ་ཏ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་བདུན་གྱིས་ཕུལ་ལ། ཨོཾ༔ དུས་གསུམ་སངས་རྒྱས་ཀུན་གྱི་ཡུམ༔ ཕྲིན་ལས་མངའ་བདག་ཐུགས་རྗེའི་གཏེར༔ འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ༔ འཇིགས་པ་བརྒྱད་སྐྱོབ་ལྷ་མོ་དང༔ རྣམ་འཕྲུལ་ཉི་ཤུ་རྩ་གཅིག་དང༔ མཚན་མཆོག་བརྒྱ་རྩ་བརྒྱད་ལ་སོགས༔ སངས་རྒྱས་བྱང་སེམས་ཡི་དམ་ལྷ༔ དཔའ་བོ་མཁའ་འགྲོ་ཆོས་སྲུང་བཅས༔ འཁོར་དང་བཅས་པ་ཐམས་ཅད་ཀུན༔ ཏིང་འཛིན་སྔགས་རྒྱས་བྱིན་བརླབས་པའི༔ ཞལ་ཟས་གཏོར་མ་འདི་བཞེས་ལ༔ བདག་ཅག་རྣལ་འབྱོར་འཁོར་དང་བཅས༔ ནད་གདོན་འཇིགས་པ་ཀུན་ལས་སྐྱོབས༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྤེལ༔ ཞི་སོགས་ཕྲིན་ལས་རབ་འབྱམས་དང༔ མཆོག་གི་དངོས་གྲུབ་འགྲུབ་པར་མཛོད༔ ཅེས་འདོད་དོན་གསོལ། གཉིས་པ་དཔལ་མགོན་ཡོན་ཏན་མགྲོན་ལ་གཏོང་བ་ནི། བྱིན་རླབས་གོང་ལྟར་བྱ། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ལོ་ཀ་པཱ་ལ་མ་ཧཱ་བྷཱུ་ཏ་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿས་མགྲོན་འགུགས། སྔགས་དེ་ལ། ས་པ་རི་བཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནམ་མཁའ་མཛོད་སྔགས་རྒྱ་བཅས་ལན་བདུན་གྱིས་འབུལ། ཕྲིན་ལས་བཅོལ་བ་ནི། ཨོཾ༔ མཆོད་སྦྱིན་གཏོར་མ་དམ་པ་འདི༔ ངོ་བོ་ཞལ་ཟས་བཟང་རྒུས་བརྒྱན༔ རྣམ་པ་འདོད་པ་ཅིར་ཡང་འབྱུང༔ མཁའ་ཁྱབ་ཏིང་ངེ་འཛིན་གྱིས་སྤྲུལ༔ སྔགས་དང་ཕྱག་རྒྱའི་དཔུང་བསྐྱེད་ནས༔ དཔལ་མགོན་བདུན་ཅུ་རྩ་ལྔ་སོགས༔ རྡོ་རྗེའི་ཆོས་སྐྱོང་སྲུང་མ་དང༔ དབང་པོ་གཤིན་རྗེ་ཆུ་ཡི་ལྷ༔ གནོད་སྦྱིན་དབང་ལྡན་མེ་ལྷ་སྲིན༔ རླུང་ལྷ་ཚངས་པ་གཟའ་སྐར་ཚོགས༔ ས་བདག་ལ་སོགས་ཕྱོགས་སྐྱོང་བ༔ གཞན་ཡང་འབྱུང་པོ་མཐུ་བོ་ཆེ༔ རྫུ་འཕྲུལ་སྟོབས་དང་དཔལ་ལྡན་པ༔ གཡོག་དང་འཁོར་དུ་བཅས་རྣམས་ཀུན༔ འདོད་རྒུའི་མཆོད་གཏོར་འདི་བཞེས་ལ༔ སྲུང་དང་ཞི་དང་རྒྱས་པ་དང༔ དབང་དང་མངོན་སྤྱོད་ལ་སོགས་པའི༔ ལས་རྣམས་མྱུར་དུ་འགྲུབ་པ་དང༔ དགེ་བའི་སྟོངས་གྲོགས་མཛད་དུ་གསོལ༔ སྔགས་མཐར་གཙྪས་གཤེགས། གསུམ་པ་བགེགས་རིགས་ལན་ཆགས་ལ་བསྔོ་བ་ནི། བྱིན་རླབས་གོང་ལྟར། ཨོཾ་སརྦ་བིགྷྣཱན་ཨ་ཀརྵ་ཛས་མགྲོན་འགུགས། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་སོགས་ནམ་མཛོད་སྔགས་རྒྱས་བསྔོ། ཨོཾ༔ མཆོད་སྦྱིན་གཏོར་མ་དམ་པ་འདི༔ ངོ་བོ་ཞལ་ཟས་བཟང་རྒུས་བརྒྱན༔ རྣམ་པ་འདོད་པ་ཅིར་ཡང་འབྱུང༔ མཁའ་ཁྱབ་ཏིང་ངེ་འཛིན་གྱིས་སྤྲུལ༔ སྔགས་དང་ཕྱག་རྒྱའི་དཔུང་བསྐྱེད་ནས༔ ས་གསུམ་ཁྱབ་པར་རྒྱུ་བ་ཡི༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་དང༔ བྱིས་པའི་གདོན་ཆེན་བཅོ་ལྔ་དང༔ གཙོ་བོའི་གདོན་ཆེན་བཅོ་བརྒྱད་དང༔ ཕལ་པའི་གདོན་ཕྲན་གྲངས་མེད་དང༔ ཁྱད་པར་ཤ་མཁོན་ལན་ཆགས་པས༔ གནོད་ཅིང་འཚེ་བའི་བསམ་སྦྱོར་ཅན༔ གདུག་པ་ཅན་རྣམས་ཐམས་ཅད་ལ༔ ཉེ་རིང་ཕམ་རྒྱལ་མེད་པར་བསྔོ༔ བསྔོས་པ་བཞིན་དུ་ཐོབ་གྱུར་ནས༔ དགའ་མགུ་ཡི་རང་རེ་བ་སྐོང༔ བུ་ལོན་བྱང་ཞིང་ལན་ཆགས་དག༔ ཀུན་ཀྱང་བྱང་ཆུབ་སེམས་ལྡན་ནས༔ ཐར་པའི་ས་བོན་ཐེབ་པར་ཤོག༔ ཆོས་རྣམས་ཐམས་ཅད་སོགས་ཤློ་ཀ་གཉིས་ཀྱིས་ཆོས་སྦྱིན་བྱ། སརྦ་བིགྷྣཱན་གཙྪས་གཤེགས། གང་དག་གདུག་སེམས་འཆང་བ་རྣམས༔ འདི་རུ་མ་འཚེ་གཞན་དུ་དེངས༔ གང་དག་མི་འགྲོ་འདུག་གྱུར་ན༔ ཐལ་བའི་རྡུལ་བཞིན་བརླག་པར་འགྱུར༔ སུམྦྷ་ནི་སོགས་ཀྱིས་བསྐྲད། བཞི་པ་རིགས་དྲུག་སྙིང་རྗེའི་མགྲོན་ལ་སྦྱིན་པ་ནི། བྱིན་རླབས་གོང་ལྟར། ཁམས་གསུམ་རིགས་དྲུག་ཐམས་ཅད་ལ་གཏོར་མ་ཁྱབ་པར་བསྔོས་པས་རང་རང་གི་གནས་སུ་ཆར་ཆེན་པོ་བབས་པས་ཚིམས་པར་བསམ་ལ། ཨ་ཀཱ་རོ་ཉེར་གཅིག་གིས་བསྔོ། ཨོཾ༔ མཆོད་སྦྱིན་གཏོར་མ་དམ་པ་འདི༔ ངོ་བོ་ཞལ་ཟས་བཟང་རྒུས་བརྒྱན༔ རྣམ་པ་འདོད་པ་ཅིར་ཡང་འབྱུང༔ མཁའ་ཁྱབ་ཏིང་ངེ་འཛིན་གྱིས་སྤྲུལ༔ སྔགས་དང་ཕྱག་རྒྱའི་དཔུང་བསྐྱེད་ནས༔ དམྱལ་བ་ཡི་དྭགས་བྱོལ་སོང་དང༔ མི་དང་ལྷ་མིན་ལྷ་ཡི་རིགས༔ དྲི་ཟ་བར་དོའི་ཡིད་ལུས་སོགས༔ ཁམས་གསུམ་ཀུན་ལ་ཁྱབ་པར་བསྔོ༔ བསྔོས་པ་བཞིན་དུ་ཐོབ་གྱུར་ནས༔ དགའ་མགུ་ཚིམས་ཤིང་བསམ་པ་འགྲུབ༔ མཐར་ཐུག་བྱང་ཆུབ་སྐལ་ལྡན་ཤོག༔ ཅེས་དང་། ཆོས་རྣམས་ཐམས་ཅད་སོགས་ཆོས་སྦྱིན་ཤྭ་ལོ་ཀ་གཉིས། ན་མོ། བདག་གི་བསམ་པའི་སྟོབས་སོགས་བདེན་སྟོབས། སྦྱིན་པ་རྒྱ་ཆེན་སོགས་དང་། འབྱུང་པོ་གང་དག་སོགས་ཀྱིས་ཤིས་བརྗོད་ཀྱང་བྱའོ། ༈ །གསུམ་པ་མདོས་འབུལ་བའི་ཐོག་མར་གླེང་གཞི་དང་བཅས་པའི་སྙན་བརྣན་པ་ནི། རྔ་རོལ་གྱེར་དབྱངས་དང་བཅས་ཏེ། ཀྱེ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ལྷ་དང་ལྷ་མིན་གཡུལ་བཤམས་ཚེ༔ ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས༔ རྗེ་བཙུན་སྒྲོལ་མར་སྐྱབས་གསོལ་ནས༔ རྣམ་བཞིའི་མདོས་ཀྱི་མཆོད་སྦྱིན་བཏང༔ ལྷ་མིན་གདུག་པའི་གཡུལ་བཟློག་ཅིང༔ ལྷ་དམག་དཀར་པོ་དབུགས་རབ་ཕྱུང༔ བར་དུ་རྒྱ་གར་ཟ་ཧོར་ཡུལ༔ རྒྱལ་པོ་སིཾ་ཧ་བྷ་དྲ་ལ༔ སྡེ་བརྒྱད་གདུག་པས་སྐབས་བཙལ་ནས༔ སྣོད་བཅུད་ཐམས་ཅད་ཉམ་ཐག་ཚེ༔ སློབ་དཔོན་དགའ་རབ་རྡོ་རྗེ་ཡིས༔ རྗེ་བཙུན་སྒྲོལ་མར་སྐྱབས་གསོལ་ནས༔ རྣམ་བཞིའི་མདོས་ཀྱི་མཆོད་སྦྱིན་བཏང༔ འབྱུང་པོ་ཁྲོས་པའི་གཡུལ་ངོ་བཟློག༔ ཟ་ཧོར་བདེ་སྐྱིད་ལྡན་པར་བྱས༔ དེ་རྗེས་བོད་ཡུལ་བསམ་ཡས་སུ༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ༔ མཐའ་བཞིའི་དམག་གི་སོ་ཁ་ལངས༔ ནད་མཚོན་མུ་གེས་མནར་བའི་ཚེ༔ སློབ་དཔོན་པདྨས་བྱིན་བརླབས་ཏེ༔ སྔགས་མཁན་ཨ་ཙར་ས་ལེ་ཡིས༔ རྗེ་བཙུན་སྒྲོལ་མར་སྐྱབས་གསོལ་ནས༔ རྣམ་བཞིའི་མདོས་ཀྱི་མཆོད་སྦྱིན་བཏང༔ ཕས་རྒོལ་གཡུལ་ངོ་ཅིག་ཅར་བཟློག༔ བོད་ཁམས་མངའ་རིས་བདེ་ལ་བཀོད༔ སྔོན་བྱུང་སྲིད་པ་དེ་བཞིན་དུ༔ དེ་རིང་བདག་ཅག་ཡོན་མཆོད་ཀྱིས༔ ནད་མུག་མཚོན་འཁྲུག་ཞི་བ་དང༔ ཚེ་བསོད་དཔལ་འབྱོར་རྒྱས་པ་དང༔ མཐའ་དམག་དུས་འཁྲུག་ཟློག་པ་དང༔ གདོན་བགེགས་གདུག་པ་ཚར་གཅད་ཕྱིར༔ རྗེ་བཙུན་སྒྲོལ་མར་སྐྱབས་གསོལ་ནས༔ རྣམ་བཞིའི་མདོས་ཀྱི་མཆོད་སྦྱིན་བཤམས༔ མོས་ཤིང་གདུང་བས་སྤྱན་འདྲེན་ན༔ དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ཀུན༔ ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ༔ མགོན་པོ་ཡོན་ཏན་མགྲོན་རྣམས་ཀུན༔ དམ་ཚིག་དབང་གིས་གནས་འདིར་བྱོན༔ བགེགས་རིགས་ལན་ཆགས་མགྲོན་རྣམས་ཀུན༔ ཞི་ཞིང་གུས་པའི་ཚུལ་གྱིས་འདུས༔ རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ཀུན༔ དགའ་ཞིང་སྤྲོ་བས་འདིར་འདུས་ཤིག༔ རང་རང་དགྱེས་པའི་གདན་ལ་བཞུགས༔ མཆོད་སྦྱིན་མདོས་ཀྱི་ལོངས་སྤྱོད་བཞེས༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ས་མ་ཡ་སརྦ་ཨཱ་ཀརྵཱ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་སཏྭཾ༔ ཞེས་གསོལ་བས་མགྲོན་རིགས་མཆོག་དམན་ཐམས་ཅད་སྤྲིན་གཏིབས་པ་བཞིན་བྱོན་ནས་མདུན་བསྐྱེད་རྗེ་བཙུན་མའི་མཐའ་སྐོར་དུ་མངོན་སུམ་བཞིན་དུ་བཞུགས་པར་གྱུར། དེ་ནས་མདོས་འབུལ་བ་དངོས་ལ་ཆ་བཞིར་ཡོད་པའི་དང་པོ་དཀོན་མཆོག་སྲི་ཞུའི་མགྲོན་ལ། ནམ་མཁའ་མཛོད་རྒྱ་བཅས་ཏེ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ལན་གསུམ་གྱིས་ཕུལ་ལ་འདོད་གསོལ་ནི། ཨོཾ༔ བདག་གི་ལྷག་པའི་བསམ་པ་དང༔ སངས་རྒྱས་བྱང་སེམས་སྦྱིན་སྟོབས་དང༔ ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས༔ དངོས་བཤམས་ཡིད་ལས་བྱུང་བ་ཡི༔ རི་རབ་གླིང་བཞི་བྱེ་བ་བརྒྱ༔ ཉི་ཟླ་ནོར་བུ་རིན་ཆེན་ཚོགས༔ དར་ཟབ་དཀོར་ཆ་བསམ་མི་ཁྱབ༔ ནམ་མཁའ་གང་བའི་མདོས་མཆོད་འདི༔ རྗེ་བཙུན་འཕགས་མ་སྒྲོལ་མ་དང༔ འཇིགས་པ་བརྒྱད་སྐྱོབ་ཐུགས་རྗེའི་ཡུམ༔ རྣམ་འཕྲུལ་ལྷ་མོ་ཉི་ཤུ་གཅིག༔ མཚན་བརྒྱ་བརྒྱད་ཀྱི་སྒྲོལ་མའི་ཚོགས༔ མགྲོན་གྱི་གཙོ་བོར་བཞུགས་པ་ཡི༔ བླ་མ་སངས་རྒྱས་ཡི་དམ་ལྷ༔ དམ་ཆོས་འཕགས་པའི་དགེ་འདུན་སྡེ༔ གནས་གསུམ་དཔའ་བོ་མཁའ་འགྲོར་བཅས༔ དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ལ༔ གུས་པའི་བློ་ཡིས་འབུལ་ལགས་ན༔ ཐུགས་རྗེའི་དབང་གིས་བཞེས་ནས་ཀྱང༔ བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི༔ ནད་གདོན་སྡིག་སྒྲིབ་ཞི་བ་དང༔ ཚེ་བསོད་ཡེ་ཤེས་རྒྱས་པར་མཛོད༔ ཐུགས་རྗེ་ཆེན་པོས་བྱིན་བརླབས་ནས༔ ཉིད་དང་དབྱེར་མེད་མཛད་དུ་གསོལ༔ ཆ་གཉིས་པ་མགོན་པོ་ཡོན་ཏན་གྱི་མགྲོན་ཆོས་སྐྱོང་ལ། ཨོཾ་ཤྲཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ན་མཿསརྦ་སོགས་དང་། ཕྱོགས་སྐྱོང་དང་འབྱུང་པོ་ལ། ཨོཾ་ལོ་ཀ་པཱ་ལ་མ་ཧཱ་བྷཱུ་ཏ་ས་པ་རི་བཱ་ར་ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་རེས་ཕུལ་ལ་འདོད་གསོལ་ནི། ཨོཾ༔ བདག་གི་ལྷག་པའི་བསམ་པ་དང༔ སངས་རྒྱས་བྱང་སེམས་སྦྱིན་སྟོབས་དང༔ ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས༔ དངོས་བཤམས་ཡིད་ལས་བྱུང་བ་ཡི༔ རི་རབ་གླིང་བཞི་བྱེ་བ་བརྒྱ༔ ཉི་ཟླ་ནོར་བུ་རིན་ཆེན་ཚོགས༔ དར་ཟབ་དཀོར་ཆ་བསམ་མི་ཁྱབ༔ ནམ་མཁའ་གང་བའི་མདོས་མཆོད་འདི༔ དཔལ་ལྡན་མ་ཧཱ་ཀཱ་ལ་དང༔ ལྷ་མོ་ནག་མོ་རེ་མ་ཏཱི༔ གཙང་རིས་དཔལ་མགོན་བདུན་ཅུའི་ཚོགས༔ དཀར་ཕྱོགས་སྐྱོང་བའི་འབྱུང་པོའི་སྡེ༔ མཐུ་དང་རྫུ་འཕྲུལ་སྟོབས་ཀྱི་བདག༔ མགོན་པོ་ཡོན་ཏན་མགྲོན་རྣམས་ལ༔ མོས་པའི་དབང་གིས་འབུལ་ལགས་ན༔ དམ་ཚིག་དབང་གིས་བཞེས་ནས་ཀྱང༔ བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི༔ འགལ་རྐྱེན་བར་ཆད་ཐམས་ཅད་སོལ༔ ནད་གདོན་གནོད་པ་ཞི་བར་མཛོད༔ ཚེ་བསོད་དཔལ་འབྱོར་སྙན་གྲགས་སྤེལ༔ མི་ནོར་ཟས་གསུམ་དབང་དུ་སྡུས༔ དགྲ་བགེགས་འབྱུང་པོ་ཆམ་ལ་ཕོབ༔ སྣོད་བཅུད་ཀུན་ལ་འཚེ་བ་ཡི༔ བཙའ་སད་སེར་བའི་གནོད་པ་ཟློག༔ ས་ཆུ་མེ་རླུང་གཡོ་འཁྲུགས་ཟློག༔ མི་ཕྱུགས་ནད་དལ་གོད་ཀ་ཟློག༔ བྱད་ཕུར་རྦོད་གཏོང་འཐབ་རྩོད་ཟློག༔ ཐན་དང་ལྟས་ངན་སྐེག་སྲི་ཟློག༔ དུས་མིན་འཆི་རྐྱེན་བར་ཆད་ཟློག༔ ཚེ་རིང་ནད་མེད་ཡུན་རིང་བདེ༔ བསམ་པ་སྒྲུབས་ལ་རེ་བ་སྐོངས༔ སངས་རྒྱས་བསྟན་པ་དར་བ་དང༔ སེམས་ཅན་བདེ་བའི་ཕྲིན་ལས་མཛོད༔ ཆ་གསུམ་པ་བགེགས་རིགས་ལན་ཆགས་ཀྱི་མགྲོན་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ ཞེས་ཁ་འབར་མའི་སྔགས་དང་ཕྱག་རྒྱ་ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ བདག་གི་ལྷག་པའི་བསམ་པ་དང༔ སངས་རྒྱས་བྱང་སེམས་སྦྱིན་སྟོབས་དང༔ ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས༔ དངོས་བཤམས་ཡིད་ལས་བྱུང་བ་ཡི༔ སྲིད་པ་མདོས་ཀྱི་ཡོ་བྱད་ནི༔ གླིང་བཞི་རི་རབ་བཀོད་རེ་ལེགས༔ ཉི་ཟླ་ནོར་བུ་མདངས་རེ་གསལ༔ གཡུ་ཡི་རྟ་མཆོག་འགྲོས་རེ་ལེགས༔ གསེར་གྱི་སྐྱེས་བུ་དཔའ་རྩལ་ལྡན༔ ནམ་རྒྱང་མདའ་འཕང་ཤིང་རིས་དང༔ འདབ་ཆགས་རི་དྭགས་གཡུང་དྭགས་ཁྱུ༔ གསེར་དངུལ་དར་ཟབ་རིན་པོ་ཆེ༔ བཟའ་བཏུང་སྐྱེམས་ཕུད་རོ་བཅུད་སོགས༔ འཇིག་རྟེན་དཀོར་ཆ་བསམ་མི་ཁྱབ༔ གཏན་པ་མེད་པའི་ལོངས་སྤྱོད་འདི༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་དང༔ བྱིས་པའི་གདོན་ཆེན་བཅོ་ལྔ་དང༔ གཙོ་བོའི་གདོན་ཆེན་བཅོ་བརྒྱད་དང༔ ཕལ་པའི་གདོན་ཕྲན་བྱེ་བ་དང༔ ལོ་ཟླ་ཞག་དུས་ལ་གནས་པའི༔ ས་བདག་གདུག་པའི་བསམ་སྦྱོར་ཅན༔ མདོར་ན་སྣང་ཞིང་སྲིད་པ་ཡི༔ སྡེ་བརྒྱད་བགེགས་དང་ལན་ཆགས་ཚོགས༔ ཁམས་གསུམ་རྒྱུ་བ་ཀུན་ལ་བསྔོ༔ བསྔོས་པ་བཞིན་དུ་ཐོབ་ནས་ཀྱང༔ ཚེ་རབས་སྔོན་ནས་འབྲེལ་པ་ཡི༔ བུ་ལོན་ལན་ཆགས་བྱང་བར་མཛོད༔ བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ གནོད་ཅིང་འཚེ་བའི་བསམ་སྦྱོར་སྤོངས༔ འགལ་རྐྱེན་བར་དུ་གཅོད་པ་ཡི༔ ཟ་ལམ་དགྲ་དང་བགེགས་ལ་སྟོན༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཆ་བཞི་པ་རིགས་དྲུག་སྙིང་རྗེའི་མགྲོན་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨ་དྱཱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་པའི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ། ཀྱེ༔ བདག་གི་ལྷག་པའི་བསམ་པ་དང༔ སངས་རྒྱས་བྱང་སེམས་སྦྱིན་སྟོབས་དང༔ ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས༔ དངོས་བཤམས་ཡིད་ལས་བྱུང་བ་ཡི༔ གཏན་པ་མེད་པའི་མདོས་སྦྱིན་ནི༔ གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད༔ རི་རབ་ལྕགས་རི་མུ་ཁྱུད་ཚུན༔ བཟའ་བཏུང་གོས་རྒྱན་ནོར་སྣའི་དབྱིག༔ ཡུལ་མཁར་ཕ་མ་བུ་ཚ་དང༔ རྟ་ཕྱུགས་རྐང་ཕྲན་བཞོན་པའི་ཁྱུ༔ མདོར་ན་གང་ལ་ཅི་འདོད་པའི༔ མཁོ་རྒུའི་ལོངས་སྤྱོད་ཐམས་ཅད་ཀུན༔ རི་ལྟར་སྤུངས་ཤིང་མཚོ་ལྟར་བསྐྱིལ༔ ཟད་མེད་ཕྱུར་བུར་གཏམས་པ་འདི༔ སྲིད་པའི་རྩེ་ནས་མནར་མེད་ཡན༔ ལས་ཀྱི་སྒྱུ་མས་འཁོར་བ་ཡི༔ སྙིང་རྗེའི་ཡུལ་གྱུར་རིགས་དྲུག་འགྲོ༔ བར་དོ་ཡིད་ཀྱི་ལུས་ཅན་སོགས༔ མཁའ་ཁྱབ་ཕ་མ་ཀུན་ལ་བསྔོ༔ བསྔོས་པ་བཞིན་དུ་ཐོབ་ནས་ཀྱང༔ ཅི་འདོད་ལོངས་སྤྱོད་འབྱུང་བར་ཤོག༔ ཡིད་ལ་བསམ་རྒུ་འགྲུབ་པར་ཤོག༔ སྡིག་སྒྲིབ་སྡུག་བསྔལ་བྲལ་བར་ཤོག༔ བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག༔ བདག་ཅག་དཔོན་སློབ་ཡོན་མཆོད་ལ༔ མཉེན་གཤིན་བྱམས་བརྩེའི་སེམས་ལྡན་པས༔ རང་རང་ཇི་ལྟར་ནུས་པ་ཡི༔ ཕན་པའི་སྡོངས་གྲོགས་རྒྱ་ཆེར་མཛོད༔ ཀུན་ཀྱང་ཆོས་བཞིན་སྤྱོད་པའི་མཐུས༔ ཐར་པའི་གོ་འཕང་མྱུར་ཐོབ་ཤོག༔ ཅེས་སྨྲང་གྱེར། སླར་འབྲུ་སྣ་ཟན་ཆད་སོགས་རྫས་སྣ་ཚོགས་ཀྱིས་མདོས་ཁ་གསོས་ལ། སྔགས་དྲུག་ཕྱག་དྲུག་སྔགས་རྒྱ་རྐྱང་པ་ཙམ་གྱིས་བྱིན་བརླབ། སྲི་ཞུ་ནས་བརྩམ་མདོས་ཆ་བཞི་སྔ་མ་ལྟར་གཏང་། ཚུལ་དེ་ལྟ་བུས་རབ་སྟོང་རྩ། འབྲིང་བརྒྱ་རྩ། ཐ་མའང་ཉེར་གཅིག་གམ། ནད་པ་སོགས་ཀྱི་དོན་དུ་བྱེད་ན་ལོ་གྲངས་ལས་མི་ཉུང་བ་བསྐྱར། ལོངས་སྐབས་དང་བསྟུན་ལ་ཐོག་མཐའ་བར་གསུམ་གྱི་མཇུག་གམ་ཐམས་ཅད་ཀྱི་མཇུག་ཏུ་འཕྱང་བཅུ་གྱེར་དགོས་ཏེ། དེ་ལ་སྲོག་ཆགས་ཀྱི་འཕྱང་ནི། ཧཱུྃ། སྣང་སྲིད་ལྷ་འདྲེ་སྲོག་གི་བདག །འཇིག་རྟེན་དྲེགས་པའི་ཐུགས་དང་ནི། །མཐུན་པའི་སྲོག་ཆགས་རྣམས་ཀྱིས་བསྐང་། །རྟ་དང་གླང་པོ་མ་ཧེ་དང་། །བྱ་ཁྱི་ར་ལུག་མཛོ་དང་རྟོལ། །འབྲི་གཡག་བོང་བུ་ཕག་པ་དང་། །ཤ་བ་རྣ་བ་དགོ་བ་དང་། །རྐྱང་རྩོད་གླ་བ་རི་བོང་གཉན། །སྟག་གཟིག་དོམ་དྲེད་འཕར་བ་གུང་། །གཡི་སྲམ་སྤྱང་ཀི་ལ་སོགས་གཅན། །བྱ་ཁྱུང་མཁའ་ལྡིང་གནམ་རྟ་འབྲུག །རྨ་བྱ་ནེ་ཙོ་ཤང་ཤང་རྒོད། །བྱ་རོག་གོང་མོ་སྐྱུང་ཀ་བཞད། །ངང་པ་ཁྲུང་ཁྲུང་བྱི་འུ་སྦྲང་། །མཐུན་པའི་སྲོག་ཆགས་འདི་རྣམས་ཀྱི། ཁ་དོག་རྣམ་ལྔ་གསལ་བ་ལ། །ཡན་ལག་འགྲོས་མཁས་ཁྲིགས་སེ་ཁྲིག །དབང་པོ་ལྔ་ལ་འདོད་ཡོན་འཕྲོ། །ཕོ་མོ་མི་ཡི་གླུད་དུ་འབུལ། །ནོར་དང་ཕྱུགས་ཀྱི་གླུད་དུ་འབུལ། །སྣང་སྲིད་ལྷ་འདྲེའི་ཐུགས་དམ་བསྐང་། །བདག་དང་རྒྱུ་སྦྱོར་འཁོར་བཅས་ཀྱི། །ཆག་ཆེ་ཉམ་ང་བཟློག་ཏུ་གསོལ། །རྒྱལ་མཚན་གྱི་འཕྱང་ནི། ཧཱུྃ། དར་ཟབ་རྒྱལ་མཚན་དཔའ་བརྗིད་ལྡན། །ལྷ་སྲིན་སྐུ་དང་གཉིས་སུ་མེད། །རྒྱུ་སྦྱོར་ལུས་ཀྱི་གླུད་དུ་འབུལ། །ནད་དང་གནོད་པ་བཟློག་ཏུ་གསོལ། །རྒྱང་བུའི་འཕྱང་ནི། ཧཱུྃ། རྒྱང་ཞེས་བྱ་བ་འདོད་དགུ་འབྱུང་། །བུ་ནི་ཡིད་དུ་འོང་བ་སྟེ། །སྙན་པའི་སྒྲ་སྐད་སི་ལི་ལི། །ལྷ་སྲིན་གསུང་དང་གཉིས་སུ་མེད། །རྒྱུ་སྦྱོར་ངག་གི་གླུད་དུ་འབུལ། །འཁོར་བཅས་ཐུགས་དམ་གཉན་པོ་བསྐང་། །རྒྱུ་སྦྱོར་ནད་གདོན་བཟློག་ཏུ་གསོལ། །ནམ་མཁའི་འཕྱང་ནི། ཧཱུྃ། ནམ་ཞེས་བྱ་བ་ཡངས་པ་ལ། །མཁའ་ཞེས་བྱ་བ་ཅིར་ཡང་སྣང་། །ནམ་མཁའ་འཇའ་རིས་འོད་ཟེར་འཕྲོ། །ལྷ་སྲིན་ཐུགས་དང་གཉིས་སུ་མེད། །བདག་དང་རྒྱུ་སྦྱོར་འཁོར་བཅས་ཀྱི། །རྣམ་ཤེས་ཡིད་ཀྱི་གླུད་དུ་འབུལ། །སྣང་སྲིད་ལྷ་འདྲེའི་ཐུགས་དམ་བསྐང་། །རྒྱུ་སྦྱོར་ཆག་ཆེ་ཉམ་ང་ཟློག །རྩང་གི་འཕྱང་ནི། ཧཱུྃ། དྲག་པོའི་ཤིང་གི་རྩང་རྣོན་ནི། །སྣང་སྲིད་ལྷ་སྲིན་སྲོག་སྙིང་བཀོད། །ཐམས་ཅད་གསོད་ཅིང་འཇོམས་བྱེད་པ། །རྣལ་འབྱོར་སྲོག་གི་གླུད་དུ་འབུལ། ཁྱེད་རྣམས་ཐུགས་དམ་གཉན་པོ་བསྐང་། །རྒྱུ་སྦྱོར་ཆག་ཆེ་བཟློག་ཏུ་གསོལ། །ཤིང་རིས་ཀྱི་འཕྱང་ནི། བྷྱོ། དགོས་འདོད་འབྱུང་བ་དཔག་བསམ་ཤིང་། །སྲིད་པ་སྤྱི་དང་མཐུན་པར་བྲིས། །དྲེགས་པའི་སྐུ་གསུང་ཐུགས་སུ་ཤར། །བདག་ཅག་རྒྱུ་སྦྱོར་འཁོར་བཅས་ཀྱི། །ཡུལ་མཁར་ཞིང་གི་གླུད་དུ་འབུལ། །དྲེགས་པ་ལྷ་སྲིན་ཐུགས་དམ་བསྐང་། །རྒྱུ་སྦྱོར་ཆག་ཆེ་ཉམ་ང་ཟློག །ཕོ་གདོང་གི་འཕྱང་ནི། བྷྱོ། གསེར་གྱི་ཕོ་ཤིང་སྟག་པ་ལ། །སྤྱན་ཁྲོ་སྨ་ར་དབུ་སྐྲ་སེར། །སྐྱེས་པ་ཕོ་ཡི་བླ་ཐང་ཟེར། །སྐྱེས་པ་ཕོ་ཡི་གླུད་དུ་འབུལ། །ལྷ་སྲིན་ཕོ་རྒྱུད་ཐུགས་དམ་བསྐང་། །རྒྱུ་སྦྱོར་ཕོ་ཡི་ཆག་ཆེ་ཟློག །མོ་གདོང་གི་འཕྱང་ནི། བྷྱོ། གཡུ་ཡི་མོ་ཤིང་གླང་མ་ལ། །བཞིན་ལེགས་འཛུམ་ཞལ་མོ་ཡི་རིགས། །ཟ་མ་མོ་ཡི་བླ་ཐང་ཟེར། །ཟ་མ་མོ་ཡི་གླུད་དུ་འབུལ། །ལྷ་སྲིན་མོ་རྒྱུད་ཐུགས་དམ་བསྐང་། །རྒྱུ་སྦྱོར་མོ་ཡི་ཆག་ཆེ་ཟློག །མདའ་ཡི་འཕྱང་ནི། བྷྱོ། མོན་ཡུལ་ལྷོ་སྨྱུག་ལྡེམ་པ་ལ། །བྱ་རྒྱལ་རྒོད་ཀྱི་སྒྲོ་ཡིས་བརྒྱན། ཁ་དོག་མཛེས་པའི་དཀྲིས་ཀྱིས་བཅིངས། །སྐྱེས་པ་ཕོ་ཡི་གླུད་དུ་འབུལ། །དྲེགས་པའི་སྐུ་གསུང་ཐུགས་དམ་བསྐང་། །ཕོ་གདོན་ཆག་ཆེ་ཉམ་ང་ཟློག །འཕང་གི་འཕྱང་ནི། བྷྱོ། གསོམ་ཤིང་དག་ལས་འཕང་བྱས་ནས། །རིན་ཆེན་འཕང་ལོ་མཛེས་པས་བརྒྱན། །དཀྲིས་སྣལ་འབྱུང་ལྔའི་འོད་ཟེར་འཕྲོ། །ཟ་མ་མོ་ཡི་གླུད་དུ་འབུལ། །དྲེགས་པ་མོ་རྒྱུད་སྐུ་གསུང་ཐུགས། །མོ་རྒྱུད་ཐུགས་དམ་གཉན་པོ་བསྐང་། །མོ་གདོན་ཆག་ཆེ་ཉམ་ང་ཟློག །ཅེས་སོ། ༈ །དེ་ནས་བཞི་པ་རྣོ་ལ་ངར་བཏགས་པ་དང་མཚུངས་པ་མེ་མཆོད་འབུལ་བ་ལའང་བཞི། དང་པོ་དཀྱིལ་འཁོར་གྱི་ཤར་དུ་ཞི་བའི་སྲེག་བླུག་འབུལ་བ་ནི། སྒྲུབ་པ་པོ་མདུན་དཀྱིལ་གྱི་ཤར་དུ་ཁ་ཕྱོགས་ནས་འཁོད་པའི་མདུན་དུ་ཞི་བའི་ཐབ་ཁུང་དཀར་ཟླུམ་ལྟེ་བར་པདྨ་འདབ་བཞིའི་དབུས་དང་ཕྱོགས་བཞིར་ཚོམ་བུ་དཀར་པོ་རེ་རེ་དགོད། མཆུ་དང་ཁ་ཁྱེར་སོར་བཞི་པ་རེ། ཕྱི་མ་ལ་རྡོ་རྗེའི་ཕྲེང་བ་དང་། ཕྱིའི་གྲ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་ལ་ཚེར་མ་དང་སྲོག་ཆགས་མེད་པའི་ཤིང་ཟླུམ་པོར་བརྩིག །སློབ་དཔོན་གྱི་གཡོན་ཕྱོགས་སུ་ཆུ་གཉིས་ཉེར་སྤྱོད་ཚར་གཉིས། ཟླུམ་གཏོར་དཀར་པོ་ཆེ་ཆུང་གཉིས། རིལ་བུ་དང་ལན་ཆགས། གཡས་ཕྱོགས་སུ་བ་ལུ་སོགས་ཀྱི་ཡམ་ཤིང་། མར་ཁུ། ཏིལ་དང་ཡུངས་དཀར། རིན་པོ་ཆེ་དང་མེ་ཏོག་དཀར་པོ། འབྲུ་རིགས་དཀར་པོ་དང་དཀར་གསུམ་སོགས་ཆབས་ཅིག་ཏུ་བསྲེས་པའི་རྫས་སྤུང་རྣམས་བཞག །མདུན་དུ་བསང་ཆུ། དགང་བླུག །རྡོར་དྲིལ་སོགས་འདུ་བྱས་ལ། འཁྱིལ་པའི་སྔགས་ཉེར་གཅིག་ཙམ་གྱིས་བསང་ཆུ་བྱིན་བརླབས། དེ་ནས་ཐབ་དང་ཡོ་བྱད་རྣམས་ལ་བསང་ཆུ་འཐོར། བསང་སྦྱང་། སྟོང་པའི་ངང་ལས་མཆོད་སྲེག་རྫས༔ བདུད་རྩིའི་རང་བཞིན་འདོད་ཡོན་གཏེར༔ ལྷ་ཚོགས་དགྱེས་པ་སྐོང་བ་དང༔ ལས་རྣམས་འགྲུབ་པའི་ནུས་ལྡན་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་མང་དུ་བརྗོད༔ བཛྲ་སྥ་ར་ཎ་ཁཾ་གིས་རྒྱ་ཆེར་སྤེལ༔ ལས་མཐུན་གྱི་མེ་སྦར་ལ༔ ཨོཾ་བཛྲ་ཛྙཱ་ན་ཛྭ་ལ་རཾ་སྥ་ར་ཎ་ཕཊ༔ རླུང་གཡབ་ཅིང༔ ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད༔ བསང་ཆུ་བྲན༔ མཚན་ཉིད་ཡོངས་རྫོགས་ཞི་བའི་ཐབ༔ ཡེ་ཤེས་མེ་ཕུང་ཆེར་འབར་དབུས༔ མེ་ལྷ་དྲང་སྲོང་འཁོར་དང་བཅས༔ སྐད་ཅིག་ཉིད་དུ་གསལ་བར་གྱུར༔ ཅེས་མེ་ལྷ་དམ་ཚིག་པ་ཞི་བའི་ངང་ཚུལ་ཅན་དུ་གསལ་གདབ༔ དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡོབ་ཅིང༔ ཨོཾ་ཨགྣི་དེ་བ་ཛྙཱ་ན་སཏྭ་ས་པ་རི་ཝཱ་ར་ས་མ་ཡ་ཨེ་ཧྱེ་ཧི༔ ཞེས་པས་ཡེ་ཤེས་པ་སྤྱན་དྲངས༔ ཨོཾ་ཨགྣི་དེ་བ་ཛྙཱ་ན་ས་པ་རི་ཝཱ་ར་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ དམ་ཚིག་ཡེ་ཤེས་དབྱེར་མེད་དུ་གྱུར༔ པདྨ་ཀ་མ་ལཱ་ཡ་སཏྭཾ་གྱིས་གདན་དབུལ༔ དགང་བླུག་བཟུང་ལ༔ ཨོཾ༔ གཟར་བུ་གཉིས་ཀྱི་ཁ་ལ་རཾ༔ ལྷ་ཚོགས་ལྗགས་སྟེང་ཧཱུྃ་གིས་མཚན༔ བདུད་རྩིའི་རྒྱུན་འབབས་མཉེས་ཤིང་ཚིམ༔ ཞི་བའི་ལས་ཀུན་བསྒྲུབ་པར་གྱུར༔ ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ ལན་བདུན་གྱིས་མར་ཁུས་དགང་གཟར་བཀང་སྟེ་འབུལ་བ་དང་ལྷན་ཅིག །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནད་གདོན་བར་ཆད་འཇིགས་བརྒྱད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་སྤེལ་ཚིག་སྦྱར། སླར་དེ་འདྲ་ཚར་གཉིས་ཏེ་བདུན་ཕྲག་གསུམ་ཕུལ། དེ་ནས་མཆོད་རྫས་རིམ་བཞིན་འབུལ་ལ། ཨོཾ་ཨགྣི་དེ་བ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ སོགས་ཤབྡའི་བར་དུ་འགྲེས་སྦྱར་བས་མཆོད། ཨོཾ༔ གཟི་བརྗིད་འབར་བ་མེ་ཡི་ལྷ༔ མཐུ་སྟོབས་རྫུ་འཕྲུལ་ཐོགས་པ་མེད༔ ལས་རྣམས་ཐམས་ཅད་རབ་སྒྲུབ་མཛད༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད༔ ཨོཾ་མ་ཧཱ་ཏེ་ཛཱ་ཡ་སྭཱ་ཧཱ༔ས་ཡམ་ཤིང་ཉེར་གཅིག་ཕུལ་བའི་མཐར་འདོད་གསོལ་གོང་སྨྲོས་སྦྱར། དེས་འགྲེས་ཏེ། ཨོཾ་མ་ཧཱ་ཨགྣ་ཡེ་སྭཱ་ཧཱས་མར་ཁུ༔ ཨོཾ་ཨགྣི་དེ་བ་ཤཱནྟིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ས་ཞི་བའི་རྫས་སྤུང་གྲངས་གོང་མཚུངས་ཕུལ་ལ་སྤེལ་ཚིག་སྦྱར། སླར་མཆོད་ཅིང་བསྟོད་ལ༔ དྲང་སྲོང་ཆེན་པོས་འབར་བའི་མེ༔ ཡེ་ཤེས་མེ་རུ་བྱིན་བརླབས་ཤིང༔ བསྲེག་རྫས་ལྷ་ལ་སྟོབ་པ་དང༔ དངོས་གྲུབ་ཕྲིན་ལས་བསྩལ་དུ་གསོལ༔ ཞེས་དང༔ ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས་མེ་ལྷ་འབར་བའི་རྣམ་པར་འཁྱིལ་བའི་ཀློང་དུ་ཞི་བའི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ལྷ་གནས་རྣམས་སུ་གདན་དང་བཅས་པ་སྐད་ཅིག་གིས་བཀྲ་ལམ་གྱིས་གསལ་བར་བསམ་ལ༔ མདུན་བསྐྱེད་ཀྱི་ཐུགས་ཀ་ནས་རྗེ་བཙུན་མའི་ལྷ་ཚོགས་ཡེ་ཤེས་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་སོ་སོའི་གདན་ལ་བཞུགས་པའི་མཐའ་སྐོར་དུ་དཀོན་མཆོག་སྲི་ཞུ་དང་མགོན་པོ་ཡོན་ཏན་གྱི་མགྲོན་ཐམས་ཅད་ཀྱང་དགྱེས་བཞིན་དུ་བཞུགས་ཤིང༔ དེ་ཐམས་ཅད་ཀྱང་འོད་ཟེར་དཀར་པོ་སྤྲོ་བ་དང་བསྡུ་བའི་སྒོ་ནས་ཞི་བའི་ལས་རབ་འབྱམས་མཛད་པར་གྱུར༔ ཅེས་གསལ་བཏབ་ལ། ལས་བྱང་ལྟར་སྤྱན་འདྲེན་དང་བཞུགས་གསོལ་བྱ། དགང་བླུག་བཟུང་ལ། ཨོཾ༔ གཟར་བུ་གཉིས་ཀྱི་སོགས་མེ་ལྷའི་སྐབས་ལྟར་ལ། ཡི་གེ་བཅུ་པ་སྤེལ་ཚིག་དང་བཅས་པས་བྱོན་སྐྱེམས་དགང་བླུག་ཉེར་གཅིག་ཕུལ། ལས་བྱང་ལྟར་མཆོད་ཅིང་མཆོད་སྔགས་སོ་སོར་ཕྲལ། བསྟོད་པ་བྱ། ཡམ་ཤིང་དང་མར་ཁུ་བརྒྱ་རྩ་རེ་ཕུལ་ལ་སྤེལ་ཚིག་སྦྱར། རྫས་སྤུང་རྣམས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་གུ་རུ་ཏྲི་རཏྣ་དེ་བ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཤཱནྟིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ ཞེས་བརྒྱ་རྩ་སོགས་ཅི་མང་ཕུལ་ལ་བར་མཚམས་སུ་སྤེལ་ཚིག་སྦྱར། རྫས་ཐེམས་པ་ན་སྔགས་ཙམ་གྱིས་མཆོད་ཅིང་། བསྟོད། གཤེགས་སྐྱེམས་མར་ཁུ་དགང་བླུག་ཉེར་གཅིག་འབུལ། ལས་བྱང་ལྟར་གཏོར་མ་བྱིན་བརླབས་ལ་སྔགས་ཀྱིས་འབུལ་ཅིང་འདོད་དོན་གསོལ། མ་རྙེད་ཡོངས་སུ་སོགས་དང་ཡིག་བརྒྱ་བརྗོད་ལ་ནོངས་པ་བཤགས། བཛྲ་མུཿས་ཐབ་ཀྱི་ལྷ་རྣམས་མདུན་བསྐྱེད་ཀྱི་ཐུགས་ཀར་གཤེགས་པར་གྱུར༔ དེ་ནས་ཞི་བའི་སྐབས་སུ་མཚམས་འདིར་མགྲོན་འོག་མ་གཉིས་ལའང་བསྲེག་རྫས་ཀྱི་ལྷག་མ་སྦྱིན་པར་བྱ་སྟེ༔ ཐབ་ཀྱི་མཐའ་སྐོར་དུ་བི་ནཱ་ཡ་ཀ་ཆེན་པོས་གཙོ་བྱས་པའི་བགེགས་རིགས་ལན་ཆགས་ཀྱི་མགྲོན་རྣམས་གུས་ཤིང་དུལ་བའི་ཚུལ་གྱིས་སྐད་ཅིག་གིས་འཁོད་པར་བསམ་ལ༔ ཡམ་ཤིང་དང༔ མར་ཁུ་ལྷག་མ་གོང་ལྟར་སྦྱིན༔ ཞི་བའི་རྫས་ཀྱི་ལྷག་མ་རྣམས༔ ཨོཾ་སརྦ་བིགྷྣཱན་ཤཱནྟིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ ཞེས་ཉེར་གཅིག་སོགས་ཀྱིས་སྦྱིན༔ མཚམས་རྣམས་སུ༔ བགེགས་ཀྱི་རྒྱལ་པོ་བི་ནཱ་ཡ་ཀས་གཙོར་བྱས་པའི་བགེགས་རིགས་ལན་ཆགས་ཀྱི་མགྲོན་རྣམས་ཀྱིས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད་ཅིག༔ ཅེས་སྤེལ༔ བགེགས་རིགས་ལན་ཆགས་རྣམས་ཀྱི་རྒྱུད་ལ་ཕན་པ་དང་བདེ་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག༔ ཅེས་སྨོན་ལམ་གདབ༔ རིལ་བུ་འབྲུ་གསུམ་གྱིས་བརླབ། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བསྔོ། ཆོས་རྣམས་ཐམས་ཅད་སོགས་ཤྭ་ལོ་ཀ་གཉིས་ཀྱིས་ཆོས་སྦྱིན་བྱ། སརྦ་བིགྷྣཱན་གཙྪས་གཤེགས༔ སླར་ཡང་ཐབ་ཀྱི་མཐའ་སྐོར་དུ་རིགས་དྲུག་བར་དོ་དང་བཅས་པའི་སྙིང་རྗེའི་མགྲོན་དུ་གྱུར་པ་ཐམས་ཅད་ཞི་ཞིང་དང་བའི་ཚུལ་གྱིས་འཁོད་པར་གྱུར༔ ཡམ་ཤིང་དང་མར་ཁུ་གོང་མཚུངས། ཨོཾ་སརྦ་ག་ཏི་ཤཱནྟིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ ཞེས་པས་ཞི་རྫས་སྦྱིན༔ རིགས་དྲུག་བར་དོ་བཅས་པའི་སྙིང་རྗེའི་མགྲོན་དུ་གྱུར་པ་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་སྡུག་བསྔལ་ཐམས་ཅད་ཞི་ཞིང༔ ཕན་པ་དང༔ བདེ་བ་དང༔ བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་སྐལ་པ་དང་ལྡན་པར་གྱུར་ཅིག༔ ཅེས་སྨོན་ལམ་གདབ༔ ཆངས་བུ་འབྲུ་གསུམ་གྱིས་བྱིན་བརླབ། ཨ་ཀཱ་རོས་བསྔོ། ཆོས་ཀྱི་སྦྱིན་པའང་བྱས་ལ། སརྦ་ག་ཏི་གཙྪཿས་རང་རང་གི་གནས་སུ་དགའ་བཞིན་དེངས་པར་བསམ་མོ༔ མགྲོན་འོག་མ་ལ་སྦྱིན་པ་འདི་རྒྱས་པ་སོགས་སྦྱིན་སྲེག་གཞན་གསུམ་ལ་མི་དགོས་སོ༔ མར་ཁུ་དགང་བླུག་གང་བླུག་ལ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས་མེ་ལྷ་འབར་བ་ལས་ཞལ་ཕྱག་གི་རྣམ་པར་བཞེངས་པར་བསམ་ལ༔ བསྲེག་རྫས་ཡམ་ཤིང་། མར་ཁུ། རྫས་སྤུང་རྣམས་བདུན་རེ་ཙམ་གཏོང་རག་ཏུ་འབུལ། མཆོད་བསྟོད་གོང་གསལ་མེ་ལྷའི་སྐབས་སུ་འབྱུང་བ་ལྟར་དང་། གཤེགས་སྐྱེམས་དགང་བླུག་ཉེར་གཅིག་དེ་ལྟར་ཕུལ། གཏོར་མ་ཨོཾ་ཨཱཿཧཱུྃ་གིས་བརླབ༔ ཨོཾ་ཨགྣི་དེ་བ་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་ཀྱིས་ཕུལ་ལ༔ ཡེ་ཤེས་མེ་ལྷ་འཁོར་བཅས་ཀྱིས༔ ཁ་དོག་དྲི་རོ་ནུས་བཅུད་ལྡན༔ འདོད་ཡོན་གཏོར་མ་འདི་བཞེས་ལ༔ ཞི་བའི་ཕྲིན་ལས་མཐར་ཕྱིན་མཛོད༔ ཅེས་འདོད་དོན་གསོལ། མ་རྙེད་སོགས་དང་ཡིག་བརྒྱས་ནོངས་པ་བཤགས། བཛྲ་མུཿས་ཡེ་ཤེས་པ་གཤེགས༔ དམ་ཚིག་པ་འབར་བའི་རྣམ་པར་བསམ་ལ་བཀྲ་ཤིས་ཅི་རིགས་བརྗོད་དོ༔ འདི་སྦྱིན་སྲེག་གི་རྫས་དང་སྔགས་གྲངས་གཞུང་གི་དགོངས་པ་ལྟར་བཀོད་པ་ཡིན་པས་འབྱོར་པས་ལྕོགས་ཤིང་དཔོན་སློབ་མང་ན་སྤྱི་འགྲོ་ནས་བརྩིས་ཀྱང་རུང་བས་དེ་ལྟར་གལ་ཆེ། འབྱོར་པ་དམན་པ་དང་མི་གྲངས་ཉུང་དུས་ཉིན་ཆོག་ཙམ་ལ་ཚར་དཀའ་ན་མེ་ལྷ་ལ་བདུན་རེ། སྲེག་ལྷ་ལ་ཉེར་གཅིག་རེ་ཙམ་བྱེད་པ་ལས་ཐབས་མ་མཆིས་སོ། །མན་ཆད་སྦྱིན་སྲེག་གསུམ་པོ་ལ་ཞི་བའི་སྦྱིན་སྲེག་ཉིད་སོར་བཞག །ཁ་ལྟ་ཕྱོགས། ཐབ་ཀྱི་དབྱིབས། ཁ་དོག །འདོན་ཚིག་ཕྲན་བུ་ཁ་བསྒྱུར་བས་འགྲུབ་སྟེ། གཉིས་པ་རྒྱས་པ་ལ། སྒྲུབ་པ་པོ་དཀྱིལ་འཁོར་ལྷོ་རུ་ཁ་ཕྱོགས་ནས་འཁོད་པའི་མདུན་དུ་ཐབ་ཁུང་གྲུ་བཞི་སེར་པོ། པདྨ་སོགས་གོང་ལྟར་ལ་ཚོམ་བུ་སེར་པོ། ནོར་བུའི་ཕྲེང་བ་དང་གྲྭ་བཞིར་རིན་ཆེན་འབར་བས་མཚན་པ་ལ་ཤིང་གྲུ་བཞིར་བརྩིག །གཏོར་མ་གྲུ་བཞི་སེར་པོ་གཉིས། རིལ་བུ་དང་ལན་ཆགས་འདི་ཕྱིན་ཆད་ལ་མི་དགོས། ཡམ་ཤིང་འབྲས་བུ་ཅན་གྱི་ཤིང་། བསྲེག་རྫས་རིན་ཆེན་འབྲུ་སྨན་མེ་ཏོག་རྣམས་སེར་པོའི་རིགས་དང་ཕྱེ་ཕུར་བསྲེས་པ། གཞན་སྔར་བཞིན་བཤམ། མཆོད་བསྲེག་རྫས་བྱིན་རླབས་ནས་བཟུང་སྤྱི་ཁོག་ཞི་བ་ལྟར་ལ། ཐབ་བསྐྱེད་སྐབས། མཚན་ཉིད་ཡོངས་རྫོགས་རྒྱས་པའི་ཐབ༔ ཅེས་དང་། དགང་བླུག་ལ། རྒྱས་པའི་ལས་ཀུན་བསྒྲུབ་པར་གྱུར༔ ཅེས་དང་། སྤེལ་ཚིག་ལ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་སྟོབས་འབྱོར་སྙན་གྲགས་འཁོར་སློབ་རིགས་རྒྱུད་ལ་སོགས་པའི་འཁོར་འདས་ཀྱི་ལེགས་ཚོགས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་དང་། ཨོཾ་ཨགྣི་དེ་བ་པུཥྚིཾ་ཀུ་རུ་ཀུ་རུ་ཨོཾ༔ ཞེས་པས་རྫས་སྤུང་ཕུལ། སྲེག་ལྷའི་སྐབས། རྒྱས་པའི་གཞལ་མེད་ཁང་དང༔ འོད་ཟེར་སེར་པོ་སྤྲོ་བ་དང་བསྡུ་བའི་སྒོ་ནས་རྒྱས་པའི་ལས་རབ་འབྱམས་མཛད་པར་བསམ་པ་དང༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་གུ་རུ་ཏྲི་རཏྣ་དེ་བ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་པུཥྚིཾ་ཀུ་རུ་ཀུ་རུ་ཨོཾ༔ ཞེས་པས་བསྲེག་རྫས་འབུལ་བ་དང་། རྒྱས་པའི་ཕྲིན་ལས་མཐར་ཕྱིན་མཛོད༔ ཅེས་སོགས་ཁ་བསྒྱུར་ལ་སྦྱོར་དངོས་རྗེས་གསུམ་ཚང་བར་བསྒྲུབ་བོ༔ གསུམ་པ་དབང་ལ། སྒྲུབ་པ་པོ་དཀྱིལ་འཁོར་ནུབ་ཏུ་ཁ་ཕྱོགས་ནས་འཁོད་པའི་མདུན་དུ་ཐབ་ཁུང་ཟླ་གམ་དམར་པོ། པདྨ་ལ་ཚོམ་བུ་དམར་པོ། པདྨའི་ཕྲེང་བ་དང་ཟུར་བཞིར་ལྕགས་ཀྱུས་མཚན་པ་ལ་ཤིང་དམར་ཟླ་གམ་དུ་བརྩིག །གཏོར་མ་ཟླ་གམ་དམར་པོ་གཉིས། ཡམ་ཤིང་མདོག་དང་འབྲས་བུ་དམར་ཞིང་སྐྱུར་བ། བསྲེག་རྫས་ལྕགས་ཀྱུ་ཅན་གྱི་མེ་ཏོག་དང་རིན་ཆེན་འབྲུ་དར་དམར་པོའི་རིགས། ལན་ཚྭ་དང་ཙནྡན་དམར་པོ། ཁབ་ལེན་རྡོ་སོགས་ཆང་གིས་སྦགས་པ་བཤམ། གཞན་སྔར་ལྟར་ལ། དབང་གི་ཐབ་དང༔ དབང་གི་ལས་ཞེས་དང༔ དབང་གི་གཞལ་མེད་ཁང་དང༔ རྗེས་སུ་ཆགས་པའི་འོད་ཟེར་དམར་པོ་སྤྲོ་བ་དང་བསྡུ་བའི་སྒོ་ནས་དབང་གི་ལས་རབ་འབྱམས་མཛད་པར་བསམ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་ཁམས་གསུམ་སྣོད་བཅུད་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཝ་ཤཾ་ཀུ་རུ་ཧོ༔ ཞེས་དང༔ ཝ་ཤཾ་ཀུ་རུ་ཀུ་རུ་ཧོ༔ ཞེས་སོགས་ཁ་བསྒྱུར་བས་གྲུབ། བཞི་པ་དྲག་པོ་ལ། སྒྲུབ་པ་པོ་དཀྱིལ་འཁོར་བྱང་དུ་ཁ་བལྟས་ནས་འཁོད་པའི་མདུན་དུ་ཐབ་ཁུང་གྲུ་གསུམ་ནག་པོ། པདྨ་ལ་ཚོམ་བུ་ནག་པོ། གྲི་གུག་ཕྲེང་བ་དང་གྲྭ་བཞིར་རལ་གྲིས་མཚན་པ་ལ་དྲག་ཤིང་གྲུ་གསུམ་དུ་བརྩིག །གཏོར་མ་གྲུ་གསུམ་ནག་པོ་གཉིས། ཡམ་ཤིང་སྐྱེར་པ་སོགས་ཚེར་མ་ཅན་གྱི་ཤིང་། བསྲེག་རྫས་འབྲུ་ནག་དུག་སྣ་ཡུངས་དཀར་ནག་ཚ་བ་གསུམ་ཟངས་ལྕགས་ཕྱེ་མ་ཤ་ཁྲག་སོགས་ཁྲག་གིས་སྦགས་པ་བཤམ། ཆོ་ག་སོགས་སྔར་ལྟར་ལ། དྲག་པོའི་ཐབ་དང༔ དྲག་པོའི་ལས་སོགས་ཁ་བསྒྱུར༔ དྲག་པོའི་གཞལ་མེད་ཁང་དང༔ འོད་ཟེར་ནག་པོ་ཚ་ཞིང་རྩུབ་པ་སྤྲོ་བ་དང་བསྡུ་བའི་སྒོ་ནས་དྲག་པོའི་ལས་རབ་འབྱམས་མཛད་པར་བསམ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་འབྱུང་པོ་གདུག་པ་ཅན་ཐམས་ཅད་མཱ་ར་ཡ་ཕཊ༔ ཅེས་དང༔ མཱ་ར་ཡ་ཀུ་རུ་ཀུ་རུ་ཕཊ༔ ཅེས་སྤེལ་ཚིག་དང་རྫས་སྔགས་བསྒྱུར་བ་ཙམ་ལས་གཞན་ཐམས་ཅད་གོང་ལྟར་བྱ། རྗེས་སུ་ཞི་རྒྱས་དབང་གསུམ་གྱི་མེ་རང་ཞིར་འཇོག༔ ལོང་མེད་ན་ལས་མཐུན་གྱི་ཆབ་ཀྱིས་བཏུལ༔ དྲག་པོའི་མེ་དུག་ཁྲག་གི་ཆུས་ཅིག་ཅར་དུ་གཞིལ༔ ཞི་བའི་ཐལ་བ་གནས་ཁང་དང་ཞིང་ས་ཕྱུགས་ལྷས་སོགས་སུ་འཐོར་བའམ༔ ཆུ་ཀླུང་དུ་སྦྱང༔ རྒྱས་པ་མཛོད་ཕུག་སོགས་སུ་སྦ༔ དབང་རི་རྩེ་མཐོན་པོར་རླུང་ལ་བསྐུར༔ དྲག་པོ་གནམ་ས་ཟུར་གསུམ་པའམ་ལམ་གྱི་བཞི་མདོར་མནན་ནོ༔ དེས་ལས་མཐར་ཕྱིན་པར་འགྱུར་ཅེས་གསུངས་སོ། །དེ་དག་གིས་དངོས་གཞིའི་ལས་རིམ་བཅུ་དྲུག་གྲུབ་བོ། །གསུམ་པ་རྗེས་ཀྱི་ལས་རིམ་མདོས་གཏང་ཞིང་ཆོ་གའི་མཇུག་བསྡུས་བ་ལ་གཉིས། མདུན་བསྐྱེད་དང་བདག་བསྐྱེད་ཀྱི་རྗེས་རིམ་མོ། །དང་པོ་ནི། མདུན་དཀྱིལ་གྱི་ལྷ་ཚོགས་ལ་ལས་བྱང་ལྟར་མཆོད་ཅིང་བསྟོད། དངོས་གྲུབ་བླང་བ་ནི། ཐལ་མོ་སྦྱར་ལ། ཨོཾ༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་རྣམས༔ མཚན་དཔེ་སྐུ་ཡི་སྒོ་ཕྱེས་ལ༔ རྣལ་འབྱོར་བདག་ཅག་ཡོན་མཆོད་ལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩོལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཨཱ༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་རྣམས༔ ཚངས་དབྱངས་གསུང་གི་སྒོ་ཕྱེས་ལ༔ རྣལ་འབྱོར་བདག་ཅག་ཡོན་མཆོད་ལ༔ ནུས་པ་སྔགས་ཀྱི་དངོས་གྲུབ་སྩོལ༔ ཝཱ་ཀ་སིདྡྷི་ཨཱ༔ ཧཱུྃ༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་རྣམས༔ མཁྱེན་བརྩེ་ཐུགས་ཀྱི་སྒོ་ཕྱེས་ལ༔ རྣལ་འབྱོར་བདག་ཅག་ཡོན་མཆོད་ལ༔ འོད་གསལ་སྙིང་པོའི་དངོས་གྲུབ་སྩོལ༔ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་བརྗོད་པས་མདུན་བསྐྱེད་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ རང་དང་ཡོན་བདག་གི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་གྱི་ནད་གདོན་སྡིག་སྒྲིབ་གདོན་བགེགས་བར་ཆད་ཐམས་ཅད་ཞི༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་གྱུར༔ ཅེས་མོས་ལ་འབྲང་རྒྱས་ཕྱེ་མར་སྐྱེམས་ཕུད་སོགས་དངོས་གྲུབ་ཀྱི་རྫས་རོལ། མ་རྙེད་ཡོངས་སུ་མ་ཚང་ལྟ་བུ་ཚིགས་བཅད་ཅི་རིགས་དང་ཡིག་བརྒྱ་བརྗོད་ལ་ནོངས་པ་བཤགས། ཨོཾ་བཛྲ་ཨུཏྟིཥྛས་ཡེ་ཤེས་པ་རྟེན་དང་བརྟེན་པར་བཅས་པ་ནམ་མཁར་བཏེག༔ དམ་ཚིག་པ་རང་ལ་བསྟིམ༔ ཨ་ཀཱ་རོའི་སྔགས་བརྗོད་ཅིང་རྡུལ་ཚོན་དབྱི་ཞིང་མདོས་ཀྱི་གཞིར་གདབ་བོ། །དེ་ནས་མདོས་ཀྱི་སྒོ་དབྱེ་བ་ནི། བྷྱོ༔ སྣང་སྲིད་ཡོངས་རྫོགས་མདོས་བཏང་གིས༔ རྒྱལ་བ་ཞི་ཁྲོའི་དཔུང་སྐྱེད་ཅིག༔ སྟེང་ཕྱོགས་ཟླ་གམ་གནམ་སྒོ་ཕྱེས༔ ཡེ་ཤེས་མདོས་ལམ་སྟེང་དུ་བསྟན༔ སྣང་སྲིད་ཡོངས་རྫོགས་ལྷ་རྣམས་གཤེགས༔ འཁྲུལ་འཁོར་མདོས་བསལ་ཕྱིར་མ་ལྡོག༔ ཤར་སྒོ་སྐྱོང་བས་ཤར་སྒོ་ཕྱེས༔ ཕོ་ཉའི་ཚོགས་ཀྱིས་མདོས་སྐྱོལ་ཅིག༔ མི་ལྡོག་ཕྲིན་ལས་འགྲུབ་པར་མཛོད༔ ལྷོ་སྒོ་སྐྱོང་བས་ལྷོ་སྒོ་ཕྱེས༔ ཕོ་ཉའི་ཚོགས་ཀྱིས་མདོས་སྐྱོལ་ཅིག༔ མི་ལྡོག་ཕྲིན་ལས་འགྲུབ་པར་མཛོད༔ ནུབ་སྒོ་སྐྱོང་བས་ནུབ་སྒོ་ཕྱེས༔ ཕོ་ཉའི་ཚོགས་ཀྱིས་མདོས་སྐྱོལ་ཅིག༔ མི་ལྡོག་ཕྲིན་ལས་འགྲུབ་པར་མཛོད༔ བྱང་སྒོ་སྐྱོང་བས་བྱང་སྒོ་ཕྱེས༔ ཕོ་ཉའི་ཚོགས་ཀྱིས་མདོས་སྐྱོལ་ཅིག༔ མི་ལྡོག་ཕྲིན་ལས་འགྲུབ་པར་མཛོད༔ འདི་སྐབས་ཕྱོགས་བཞི་ནས་རྩང་ཐུར་རེ་ལེན་སྲོལ་ཡང་འདུག །དེ་ནས་སྐུ་གླུད་ལ་ཆབ་བྲན། སྔགས་དྲུག་ཕྱག་དྲུག་གིས་བྱིན་བརླབས་ནས་གླུད་འཕྱང་ནི། ཧཱུྃ༔ ངར་གླུད་སྨྲ་ཤེས་འགྲོ་མཁས་འདི༔ འབྱུང་བ་རིན་ཆེན་ལྔ་ལས་གྲུབ༔ མི་བས་གླུད་བཟང་མདངས་ཡ་ལེ༔ བཟའ་བས་ཁ་བྲོ་ངར་ཐིབས་སེ༔ རྒྱུ་ནི་རིན་ཆེན་སྣ་ལྔ་ལས༔ རྐྱེན་ནི་སྔགས་དང་ཕྱག་རྒྱས་བསྒྱུར༔ སྐུ་གསུང་ཐུགས་ལ་མར་མེ་གསུམ༔ དབང་པོ་ལྔ་ལ་རིན་ཆེན་ལྔ༔ རྣམ་ཤེས་བརྒྱད་ལ་འབྲུ་སྣ་བརྒྱད༔ སྣང་སྲིད་ལྷ་འདྲེའི་སྤྱན་ལམ་དུ༔ རེས་འགའ་སྐྱེས་པ་བརྒྱ་རུ་བརྫུ༔ བྲོ་བརྡུང་གར་བྱེད་ཁྱུགས་སེ་ཁྱུག༔ སྐྱེས་པ་ཕོ་ཡི་གླུད་དུ་འབུལ༔ སྐྱེས་པ་ཕོ་རྒྱུད་ཆག་ཆེ་ཟློག༔ རེས་འགའ་མོ་བཙུན་བརྒྱ་རུ་སྤྲུལ༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ ཟ་མ་མོ་ཡི་གླུད་དུ་འབུལ༔ མོ་རྒྱུད་རྣམས་ཀྱི་ཆག་ཆེ་ཟློག༔ རེས་འགའ་ཁྱེའུ་ཟུར་ཕུད་ཅན༔ རྩེ་བྲོ་རྒོད་མདངས་ཡ་ལ་ལ༔ བྱིས་པ་ཆུང་གི་གླུད་དུ་འབུལ༔ བྱིས་པ་ཆུང་གི་ཆག་ཆེ་ཟློག༔ གླུད་འདི་སྣང་སྲིད་ལྷ་འདྲེས་བཞེས༔ མི་འདི་སྔགས་འཆང་བདག་ལ་ཞུ༔ ཆག་ཆེ་ཉམ་ང་བཟློག་ཏུ་གསོལ༔ ཞེས་བསྔོས་ལ་ཁ་ཕྱིར་བསྒྱུར། དེ་ནས་མདོས་ཀྱི་ལམ་བསྟན་པ་ནི། བྷྱོ༔ ད་ནི་མདོས་ཀྱི་ལམ་བསྟན་འཚལ༔ མདོས་ཀྱི་ལམ་བསྟན་དགུང་ལ་བསྟན༔ དགུ་ཚིགས་སྐྱ་མོ་དགུང་གི་ལམ༔ ལམ་དེར་ཞུགས་ལ་སླར་མ་ལྡོག༔ ད་ནི་མདོས་ཀྱི་ལམ་བསྟན་འཚལ༔ མདོས་ལམ་ཆུ་བོའི་གཞུང་ལ་བསྟན༔ གཞུང་ཆེན་དེ་ལ་རྒྱུན་ཆད་མེད༔ ལམ་དེར་ཞུགས་ལ་སླར་མ་ལྡོག༔ ད་ནི་མདོས་ཀྱི་ལམ་བསྟན་འཚལ༔ མདོས་ལམ་ས་གཞིའི་ལམ་ལ་བསྟན༔ ལམ་དེར་ཞུགས་ལ་སླར་མ་ལྡོག༔ མདོས་ལམ་ཆོས་ཀྱི་དབྱིངས་སུ་བསྟན༔ དབྱིངས་ཆེན་དེ་ལ་སྐྱེ་འགག་མེད༔ ལམ་དེར་ཞུགས་ལ་སླར་མ་ལྡོག༔ ཧཱུྃ༔ སྲིད་པའི་མདོས་བདག་ཕོ་མོ་རྣམས༔ ལམ་བསྟན་སྟེང་འོག་ཕྱོགས་མཚམས་བསྟན༔ སྟེང་འོག་ཕྱོགས་མཚམས་ལམ་བསྟན་ན༔ དྲི་ཟ་མེ་ལྷ་གྲུལ་བུམ་དང༔ སྲིན་པོ་ཆུ་ལྷ་རླུང་གི་ལྷ༔ གནོད་སྦྱིན་དབང་ལྡན་ཚངས་པ་དང༔ ས་བདག་ཕོ་མོས་འབོད་ལྷངས་ལྷང༔ སྲིད་པའི་མདོས་ཆེན་ཁྱོད་སོང་ལ༔ བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ གནོད་པའི་རྐྱེན་དབང་མ་གཏང་ཞིག༔ ཆག་ཆེ་ཉམ་ང་བསྒྱུར་དུ་གསོལ༔ ཟོར་དུ་བསྐུལ་བ་ནི༔ ཧཱུྃ༔ མི་མངོན་དབྱིངས་ན་བཞུགས་པ་ཡི༔ རྗེ་བཙུན་འཕགས་མ་སྒྲོལ་མ་སོགས༔ རྩ་གསུམ་རྒྱལ་བ་རབ་འབྱམས་རྣམས༔ ཐུགས་རྗེ་ཐུགས་དམ་མ་གཡེལ་བར༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ འགལ་རྐྱེན་བར་ཆད་བཟློག་པའི་ཕྱིར༔ མདོས་ཟོར་རྫས་ཀྱི་ནུས་པ་སྐྱེད༔ ཁྲོ་རྒྱལ་འབར་བའི་ལྷ་ཚོགས་དང༔ ཆོས་སྐྱོང་སྲུང་མ་མཐུ་རྩལ་ཅན༔ ཕོ་ཉ་ལས་མཁན་སྡེ་བརྒྱད་དཔུང༔ འབྱུང་པོ་གདུག་པའི་ཚོགས་རྣམས་ཀུན༔ མདོས་ཀྱི་ཟོར་སྣ་དགྲ་ལ་སྒྱུར༔ དྲག་པོའི་མཐུ་རྩལ་བགེགས་ལ་སྟོན༔ ཟློག་སྒྱུར་བཅོལ་བའི་ཕྲིན་ལས་མཛོད༔ བྷྱོ་བྷྱོ༔ མདོས་ཟོར་སྲིད་པ་རུ་ལོག་མཚོན༔ གདུག་ཅན་རྡོ་རྗེའི་ཆར་ཆེན་པོས༔ དེ་རིང་བདག་ཅག་ཡོན་མཆོད་ལ༔ རྒྱལ་པོའི་ཆད་པ་བྱུང་བ་ཟློག༔ སྡེ་བརྒྱད་གདུག་པའི་ཆོ་འཕྲུལ་ཟློག༔ མི་ནད་ཕྱུགས་ནད་དལ་ཡམས་ཟློག༔ བྱད་ཕུར་རྦོད་གཏོང་འཚེ་བ་ཟློག༔ རྨི་ལྟས་པྲ་རྟགས་ངན་པ་ཟློག༔ འཇིགས་པ་ཆེན་པོ་བཅུ་དྲུག་ཟློག༔ བར་ཆད་བདུད་བཞིའི་སྒྱུ་ཐབས་ཟློག༔ དམག་འཁྲུག་གྱོད་དང་བྱུར་ཁ་ཟློག༔ མི་ཁ་སྨྲ་མཆུ་གླེང་བ་ཟློག༔ བཙའ་སད་ཐོག་དང་སེར་བ་ཟློག༔ འབྱུང་བཞི་འཁྲུགས་པའི་ཡོ་ལང་ཟློག༔ མཐའ་བཞིའི་དམག་གིས་འཚེ་བ་ཟློག༔ སྲི་ཀེག་དུས་མིན་འཆི་བ་ཟློག༔ མདོར་ན་མི་མཐུན་བར་ཆད་ཀུན༔ བཟློག་གོ་སྲིད་པའི་མདོས་ཀྱིས་ཟློག༔ བསྒྱུར་རོ་རྐྱེན་ངན་དགྲ་ལ་སྒྱུར༔ དགྲ་དཔུང་ཐལ་བའི་རྡུལ་བཞིན་རློགས༔ བགེགས་དཔུང་སྡེར་བཅས་རྩད་ནས་ཆོད༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཅེས་དང་། དྲག་སྔགས་སོ་ལྔ་དང་། ཤཱ་ས་ནའི་མཐར། བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག་མཱ་ར་ཡ་རྦད༔ ཅེས་ཚར་ཉེར་གཅིག་ཙམ་ལས་མི་ཉུང་བ་བཟླས་ལ་ཐལ་མོ་བརྡབ། དེ་ལྟར་ཟོར་ཟློག་ཚར་གྲངས་གང་འགྲུབ་བསྐྱར་བའི་མཐར། རུ་མཚོན་དང་རོལ་མོ་སོགས་ཀྱི་སྣ་དྲངས་ལ་འདྲེ་ལྔ་བདུད་གཅོད་དང་ཐེབས་ཀྱི་ཕྱོགས་སམ་ཡས་ལམ་ལྟ་བུ་འཕང་བའི་སར་ཁྱེར། དེར་སླེབས་པ་དང་གསེར་སྐྱེམས་ཨ་ཀཱ་རོའི་སྔགས་ཀྱིས་བྱིན་བརླབ། སྡེ་བརྒྱད་ཆ་སྙོམས་ཀྱིས་ཕུལ། དེ་ནས་མདོས་གཞི་བཏེགས་ལ། གོང་གསལ་ཟོར་བསྐུལ་ཉིད་ཟློག་གདངས་བཅས་ཚར་གཅིག་གྱེར་ནས་རོལ་ཆེན་འོག་དྲག་སྔགས་ཤམ་བཅས་བཟླ་བཞིན་མེའམ་ཆུ་ཆེན་ལ་གཤེགས། དེའི་ཚེ། དཀོན་མཆོག་སྲི་ཞུ་དང་མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ལས་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་སྤྲོས་པས་རྟིང་མནན་ཏེ་བགེགས་རིགས་འབྱུང་པོའི་ཚོགས་རྣམས་མདོས་ཟོར་མཚོན་ཆའི་ཆར་དུ་བབས་པ་དང་བཅས་དགྲ་བགེགས་ཀྱི་སྟེང་དུ་བརྒྱུགས་ནས་ལྷག་མེད་དུ་བཅོམ་པར་དམིགས། སླར་སྒོ་དྲུང་དུ་སླེབས་པ་དང་ལས་བྱང་ལྟར་མཚམས་བཅད་ལ་སྲུང་འཁོར་བརྟན་པོ་བསྒོམ། ནང་དུ་ལོག་ལ་ཚེ་འགུགས་པ་ནི། མདའ་དར་གཡབ་ལ། ཧྲཱི༔ འོད་གསལ་ཆོས་སྐུའི་ཕོ་བྲང་ནས༔ ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་སྐུ༔ རྗེ་བཙུན་འཕགས་མ་ཚེ་ཡི་བདག༔ རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ སྒྲུབ་ལ་ཚེ་དབང་མཆོག་སྩོལ་ཕྱིར༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བླ་ཚེ་ཆད་ཉམས་ཡར་པ་དང༔ ཕྱི་སྣོད་འབྱུང་བ་བཞི་ཡི་བཅུད༔ ནང་བཅུད་འགྲོ་བའི་ཚེ་བསོད་དཔལ༔ གསང་བ་རྒྱལ་བ་སྲས་བཅས་ཀྱི༔ མཁྱེན་བརྩེ་ནུས་པའི་ཡོན་ཏན་ཀུན༔ འོད་ཟེར་བདུད་རྩིའི་རྣམ་པར་སྡུས༔ བདག་དང་སྒྲུབ་པའི་རྫས་ལ་སྟིམས༔ རྒས་མེད་ལང་ཚོའི་དངོས་གྲུབ་སྩོལ༔ ནད་མེད་བདེ་བའི་དངོས་གྲུབ་སྩོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ༔ ཡིག་བཅུའི་མཐར། ཨོཾ་ཚེ་བྷྲཱུྃ༔ གཡུ་བྷྲཱུྃ༔ གཡུ་ཚེ་བྷྲཱུྃ༔ ཨཱོཾ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུྃ༔ ཞེས་བཏགས་པ་ཅི་འགྲུབ་བཟླས་ལ་ཚེ་རིལ་ཚེ་ཆང་རོལ་ཅིང་ཡོན་བདག་ལའང་སྦྱིན། སྔར་ནམ་མཁར་བཏེགས་པའི་ལྷ་ལ་གཏང་རག་མཆོད་བསྟོད་དང་ནོངས་བཤགས་བྱ། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་དབྱིངས་སུ་གཤེགས། མཆོད་སྦྱིན་གནས་འདིར་གང་ལྷགས་པའི། །འབྱུང་པོ་ས་འོག་རྒྱུ་བ་དང་། །གང་ཡང་ས་སྟེང་འཁོད་པ་དང་། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། །སརྦ་བྷཱུཏ་གཙྪ། ཞེས་པས་འཇིག་རྟེན་པ་རྣམས་ཀྱང་རང་གནས་སུ་བཏང་ངོ་། །གཉིས་པ་བདག་བསྐྱེད་ལ་དམིགས་ཏེ། མཆོད་བསྟོད་དང་འདོད་དོན་གསོལ། ནོངས་བཤགས། བསྡུ་ལྡང་། བསྔོ་སྨོན། ཤིས་བརྗོད་ཀྱི་བར་ལས་བྱང་ལྟར་བྱ་ཞིང་། གཞན་ཡང་ཞལ་ནས་གསུངས་པ་སོགས་ཀྱི་བཀྲ་ཤིས་རྒྱས་པར་བརྗོད་དོ། །དེའི་ཕན་ཡོན་སྤྱིར་ནི་གཞུང་ལས། དེ་ལྟར་རྣམ་བཞིའི་མགྲོན་ལ་མཆོད་སྦྱིན་ཕུལ་བས་ཚོགས་རྫོགས༔ སྒྲིབ་པ་བྱང༔ དམ་ཚིག་ཉམས་ཆག་འདག༔ འགལ་རྐྱེན་ཐམས་ཅད་ཞི་ཞིང༔ སྣོད་བཅུད་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་འཕེལ་བ་སོགས་ཕན་ཡོན་དཔག་ཏུ་མེད༔ ཁྱད་པར་མདོས་ཀྱི་ཡོན་ཏན་ནི༔ འདིས་ནི་ནད་གདོན་བར་ཆད་དང༔ རྐྱེན་ངན་ཆག་ཆེ་ཉམ་ང་དང༔ འཇིགས་པ་ཆེན་པོ་ཐམས་ཅད་ཞི༔ འབྱོར་པ་དྲུག་གི་ལེགས་ཚོགས་རྒྱས༔ ཆར་ཆུ་བུ་ནོར་རིགས་རྒྱུད་འཕེལ༔ རྟ་ཕྱུགས་རྐང་བྲན་བཞོན་ཆུ་མོད༔ སད་སེར་བཙའ་ཐན་དལ་ཡམས་གཅོད༔ ཡིད་མཐུན་ཐམས་ཅད་དབང་དུ་འདུ༔ བྱད་ཕུར་སྡེ་བརྒྱད་ཆོ་འཕྲུལ་ཟློག༔ ཕྱི་ནང་གཡུལ་འཁྲུག་ངང་གིས་ཞི༔ མ་རུངས་ལོགས་འདྲེན་ཚར་གཅོད་འགྱུར༔ མདོར་ན་ཕྲིན་ལས་གང་བརྩམས་པ༔ སྲིད་པ་མདོས་ཀྱི་ཆོ་གས་འགྲུབ༔ ཡིད་བཞིན་ནོར་བུ་མཆོག་དང་མཚུངས༔ ཞེས་སོགས་རྒྱ་ཆེར་གསུངས་པ་ལ་ཐེ་ཚོམ་མེད་པའི་ངེས་པ་བརྟན་པོས་ཤེས་ལྡན་རྣམས་ཀྱིས་ལག་ཏུ་བླང་བར་བྱའོ། །འགྱུར་རྙིང་གཞུང་བཟང་ཀུན་ལ་གྲགས་མོད་ཀྱི། །བློ་རྟོག་དུ་མས་བཅོས་པའི་ལུགས་སྲོལ་མང་། །འདིར་ནི་བསླད་མེད་རྡོ་རྗེའི་གསུང་གི་དོན། །བླ་མའི་ཞལ་ལུང་རང་བཟོའི་རྙོགས་པས་དབེན། །སྒྲོལ་མ་ལས་ལྷག་ཕྲིན་ལས་སྒྲུབ་པའི་ལྷ། །མ་མཆིས་མྱུར་མ་དཔའ་མོའི་མཚན་དོན་མཐུན། །དེ་བས་རྒྱུ་མཚན་ཤེས་ནས་བཀའ་སྲོལ་འདིས། །དོན་གཉིས་མཛད་བཟང་མཁའ་ཁྱབ་སྒྲུབ་བྱེད་ཤོག །ཅེས་རང་གཞན་ཕན་བདེ་སྒྲུབ་པའི་ལྷག་བསམ་བཟང་པོས་གཏེར་གཞུང་གཞིར་བཞག གཏེར་ཆེན་བླ་མ་ཉིད་ལ་བཀའ་སློབ་ཞིབ་མོར་ཞུས་པའི་ཞལ་ལུང་གིས་བརྒྱན་ཏེ་ཡིད་ཆེས་ཁུངས་བཙུན་གྱི་ལག་ལེན་བལྟས་ཆོག་ཏུ། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བཀོད་པ་དགེ་ལེགས་འཕེལ།། །།
རྫོགས་པ་ཆེན་པོ་ཆིག་ཆོད་ཀུན་གྲོལ་ལས། སྔོན་འགྲོ་དངོས་གཞི་རྗེས་ཀྱི་ཁྲིད་རིམ་མདོར་བསྡུས་པ་འཆིང་བ་ཀུན་འགྲོལ་ (Volume 57, Text 3)
༄༅། །རྫོགས་པ་ཆེན་པོ་ཆིག་ཆོད་ཀུན་གྲོལ་ལས། སྔོན་འགྲོ་དངོས་གཞི་རྗེས་ཀྱི་ཁྲིད་རིམ་མདོར་བསྡུས་པ་འཆིང་བ་ཀུན་འགྲོལ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ས་མནྟ་བྷ་དྲ་ཡ། འཁྲུལ་གཞི་ཀ་དག་གཏིང་གསལ་ཆོས་སྐུར་གྲོལ། །འཁྲུལ་སྣང་འོད་གསལ་ཐིག་ལེ་ཆེན་པོར་ཤར། །སྲིད་ཞིའི་སྤྱི་དཔལ་བླ་མ་གདོད་མའི་མགོན། །དད་བརྒྱས་བསྙེན་ལ་གསང་གསུམ་བྱིན་རླབས་སྩོལ། །ཐེག་རིམ་ཀུན་གྱི་མཐར་ཐུག་ཅིང་། །ལམ་ཟབ་ཀུན་གྱི་རྩེར་སོན་པ། །ཨ་ཏི་གཅིག་ཆོད་ཀུན་གྲོལ་གྱི། ཁྲིད་ཚུལ་ཟབ་བཏུས་སྙིང་པོ་དགོད། །དེ་ལ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་བཅུད། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། ཆོས་ཐམས་ཅད་ཀྱི་སྙིང་པོ། ཨ་ཏི་ཡང་གསང་ཆིག་ཆོད་གནད་ཀྱི་མན་ངག །དབང་པོ་རྣོ་བརྟུལ་དང་ལས་འཕྲོ་བཟང་ངན་མེད་པར་ཐོས་པ་ཙམ་གྱིས་གྲོལ་བར་བྱེད་པའི་ཁྲིད་རིམ་འདི་ལ་འཇུག་པ་ན། གཞུང་ནས་ཇི་སྐད་བཤད་པའི་བླ་སློབ་མཚན་ཉིད་དང་ལྡན་པ་གནས་དུས་གྲོགས་ཀྱི་མཐུན་རྐྱེན་འཛོམ་པའི་ཚེ། ཐོག་མར་བཤད་ལུགས་དྲུག་གིས་སྤྱི་དོན་གཏན་ལ་ཕབ། ཁྲིད་དངོས་ལ་དབང་པོ་རབ་བརྡ་ཙམ་གྱིས་གྲོལ་བ། འབྲིང་སྒོམ་པས་གྲོལ་བ། ཐ་མ་ཚིག་ཁྲིད་ཀྱིས་གྲོལ་བ་གསུམ་ལས། དང་པོ་ནི། ཐུན་མོང་མ་ཡིན་པའི་དབང་རིམ་བཞི་བསྐུར་བའི་བརྡ་ཁྲིད་ལ་བརྟེན་པའོ། །གཉིས་པ་འབྲིང་སྒོམ་པས་གྲོལ་བ་ནི། དབང་དུས་སུ་ངོ་འཕྲོད་པ་དེ་ཉིད་རྟོགས་གོམས་ཀྱི་སྦྱོར་བས་མཐར་དབྱུང་བའོ། །གསུམ་པ་ཐ་མ་ཚིག་ཁྲིད་ཀྱིས་གྲོལ་བ་ནི་འདིར་འཆད་པར་བྱ་བ་སྟེ། འདི་ལ་གསུམ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པའོ། །དང་པོ་ལ་བཞི། མི་རྟག་པ་རྒྱུད་ལ་བསྐྱེད་པས་བློ་ཆོས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པས་ཆོས་ལམ་དུ་འགྲོ་བ་དང་། བླ་མ་ལ་གསོལ་བ་བཏབ་པས་ལམ་འཁྲུལ་པ་སེལ་བ་དང་། འཁོར་འདས་རུ་ཤན་དབྱེ་བས་འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱེད་པའོ། །དང་པོ་ནི། གཞུང་རྩ་བར། རང་གཞན་ཐམས་ཅད་འཁོར་བའི་རྒྱ་མཚོ་ཆེན་པོ་འདིར༔ སྐྱེ་བ་དཔག་ཏུ་མེད་པ་གཅིག་བླངས་ཀྱང༔ ཉོན་མོངས་སྡུག་བསྔལ་འཁྲུལ་པའི་མཐའ་ལ་སྤྱོད་པ་ལས་དོན་མ་བྱུང་བར་འདུག་སྟེ༔ ད་རེས་མི་ལུས་བྲེང་ཙམ་ཐོབ་དུས་འདིར༔ ཆོས་མ་བྱས་ན་ཕྱིས་མི་ལུས་འདི་ཐོབ་པར་དཀའ་བས༔ དེས་ན་ད་རེས་མི་ལུས་ཐོབ་དུས་འདིར་ཆོས་ཁོ་ན་བྱེད་དགོས༔ དེ་མྱུར་དུ་མ་བྱས་ན་འཆི་བ་ནམ་འོང་ཆ་མི་འདུག་སྟེ་རྟག་མི་ཐུབ༔ སེམས་ཅན་སྔ་ཕྱི་མ་ཤི་བ་མེད་པས་འཆི་ངེས་པར་འདུག༔ དེ་ནམ་འོང་ན་འཆི་རྐྱེན་མང་བས་མྱུར་དུ་འོང༔ བྱུང་ཙ་ན་ཆོས་མིན་པ་ཅིས་ཀྱང་ཕན་པར་མི་འདུག་སྙམ་དུ་སྐྱོ་ཤས་ཡང་ཡང་བསྐྱེད་ནས༔ ཚེ་འདི་ལ་ཞེན་པ་བཙན་ཐབས་སུ་ལོག་ན༔ བློ་ཆོས་སུ་འགྲོ་བའི་དད་པ་སྐྱེ་བ་ཡིན་ནོ༔ ཞེས་པ་སྟེ་འཆི་བ་མི་རྟག་པ་གཤའ་མ་རྒྱུད་ལ་སྐྱེས་ན་ཚེ་འདི་ལ་བློ་ལོག །འཁོར་བ་ལ་ངེས་འབྱུང་བཅོས་མིན་དུ་སྐྱེ་བས་དེ་ཙམ་གྱིས་དོན་འགྲུབ་པ་ཡིན་ཡང་། ལས་དང་པོ་པ་ལ་ཁྲིད་ཚུལ་འདི་ཁོ་ན་སྟོན་པ་སོགས་དགོས་པ་ཡོད་ཅིང་སྤྲོ་ན། དང་པོ་འཆི་བ་སྒོམ་པའི་རྟེན་དལ་བརྒྱད་འབྱོར་བཅུ་ལྡན་པའི་མི་ལུས་རིན་པོ་ཆེ་རྙེད་དཀའ་བ་དང་། ཤི་བའི་འོག་ཏུ་ལས་རྗེས་སུ་འབྲང་ཞིང་དགེ་སྡིག་གི་འབྲས་བུ་ལ་ལོངས་སྤྱོད་པས་རྒྱུ་འབྲས་མི་བསླུ་བ་དང་། ཁམས་གསུམ་གྱི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་ཁོ་ན་ཡིན་པའི་ཚུལ་རྣམས་བཤད། དད་པ་རྣམ་གསུམ་རྒྱུད་ལ་བསྐྱེད་ནས་ཐར་པ་དོན་དུ་གཉེར་བའི་འདུན་པ་ཕྱིན་ཅི་མ་ལོག་པ་སྐྱེས་པ་ན། ཐར་པའི་འཇུག་སྒོ་སྐྱབས་སུ་འགྲོ་བའི་ཚུལ་ཡང་རྫོགས་ཆེན་ཁྲིད་རིམ་གཞན་དང་མཐུན་པར་འཆད་དུ་རུང་མོད། ཁྲིད་ཚུལ་འདི་ཉིད་ཟབ་གནད་སྙིང་པོ་བསྡུས་པའི་དབང་གིས་ཐུན་མིན་གྱི་སྔོན་འགྲོ་བཞིར་གྲགས་པ་ཐམས་ཅད་ས་བཅད་གསུམ་པའི་ནང་དུ་སྡུད་པར་མཛད་པ་ཉིད་ཟབ་ཅིང་བྱིན་རླབས་ཆེ་བས་དེ་ཀས་ཆོག་གོ །གཉིས་པ་བྱང་ཆུབ་ཏུ་སེམས་བསྐྱེད་པས་ཆོས་ལམ་དུ་འགྲོ་བ་ནི། རིགས་དྲུག་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས༔ བདག་གི་ཕ་མ་མ་བྱས་པ་གཅིག་ཀྱང་མེད༔ དྲིན་ཅན་ཕ་མ་འགྲོ་དྲུག་སེམས་ཅན་འདི་རྣམས༔ འདོད་པ་རང་རེས་བདེ་བ་ཐོབ་པར་འདོད་ཀྱང༔ ལོག་པ་དང་འཁྲུལ་པའི་ཀློང་དུ་སོང་སྟེ༔ སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས་སྙིང་རེ་རྗེ༔ འདི་རྣམས་སྡུག་བསྔལ་ལས་གྲོལ་ཞིང༔ བདེ་བ་ཐོབ་པར་བྱ༔ དེའི་ཆེད་དུ་དམ་ཆོས་རྫོགས་པ་ཆེན་པོ་ཉམས་སུ་བླངས་ལ༔ སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་དགོད་པར་བྱའོ་སྙམ་དུ་ཡང་ཡང་སེམས་བསྐྱེད་བྱས་པས༔ རང་འདོད་ཀྱི་ཞེན་པ་ཆོད་ནས་གཞན་ཕན་བྱང་ཆུབ་ཀྱི་ལམ་དུ་འགྲོ་བ་ཡིན་ནོ༔ གསུམ་པ་བླ་མ་ལ་གསོལ་བ་བཏབ་པས་ལམ་འཁྲུལ་པ་སེལ་བ་ནི། རང་གཞན་གནས་སྐབས་མཐར་ཐུག་གི་བདེ་ལེགས་ཐམས་ཅད༔ བླ་མའི་བྱིན་རླབས་ལ་བརྟེན་ནས་འབྱུང་སྟེ༔ བྱིན་རླབས་མོས་གུས་ལ་བརྟེན་ནས་འབྱུང་བས༔ ལུས་ངག་ཡིད་གསུམ་གྱི་མོས་གུས་བྱས་པས༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་འབྱུང་བའི་ཕྱིར༔ ལུས་ཀྱིས་ཕྱག་བསྐོར་དང་ཞབས་ཏོག་བསྙེན་བཀུར་ཅི་མཉེས་བསྒྲུབ། ངག་གིས་ཡོན་ཏན་བསྔགས་པ་དང་གསོལ་འདེབས་བརྗོད། ཡིད་ཀྱིས་སངས་རྒྱས་དངོས་སུ་བསམ་ལ་ཅི་མཛད་ལེགས་པར་བལྟ། ཅི་གསུང་ཚད་མར་འཛིན། རེ་ས་བླ་མ་ལས་གཞན་མེད་པས་བླ་མ་མཁྱེན་སྙམ་པ་བྱས་ལ། རང་གི་སྤྱི་གཙུག་ཉི་ཟླ་པདྨའི་གདན་ལ་རྩ་བའི་བླ་མ་སྐུ་དངོས་ཀྱི་རྣམ་པ་ཅན་འོད་ཕུང་གི་དབུས་ན་བཞུགས་པའམ། གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའི་རྣམ་པ་ཅན་དུ་གསལ་བའི་དབུ་གཙུག་ནས་ཡར་ལ་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པར་གསལ་བཏབ། མོས་གུས་དྲག་པོས་ངག་ཏུ། བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད༔ བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི༔ སེམས་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས༔ ཆོས་སྐུ་ཀུན་ཏུ་བཟང་པོའི་སྐུ་ལ་སྐྱབས་སུ་མཆི༔ སེམས་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས༔ ལོངས་སྐུ་གསང་བདག་རྡོ་རྗེ་འཆང་གི་སྐུ་ལ་སྐྱབས་སུ་མཆི༔ སེམས་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས༔ སྤྲུལ་སྐུ་རྡོ་རྗེ་སེམས་དཔའི་སྐུ་ལ་སྐྱབས༴ སེམས་སྨིན་ཅིང་གྲོལ་བར་བྱིན༴ རིག་འཛིན་དགའ་རབ་རྡོ་རྗེའི་སྐུ་ལ་སྐྱབས༴ སེམས་སྨིན་ཅིང་གྲོལ་བར་བྱིན༴ གུ་རུ་ཤྲཱི་སིཾ་ཧའི་སྐུ་ལ་སྐྱབས༴ སེམས་སྨིན་ཅིང་གྲོལ་བར་བྱིན༴ ཨོ་རྒྱན་པདྨ་འབྱུང་གནས་སྐུ་ལ་སྐྱབས༴ སེམས་སྨིན་ཅིང་གྲོལ་བར་བྱིན༴ ཆོས་རྒྱལ་རིན་ཆེན་གླིང་པའི་སྐུ་ལ་སྐྱབས༴ སེམས་སྨིན་ཅིང་གྲོལ་བར་བྱིན༴ གྲུབ་ཆེན་ནམ་མཁའི་མཚན་ཅན་སྐུ་ལ་སྐྱབས༴ སེམས་སྨིན་ཅིང་གྲོལ་བར་བྱིན༴ དྲིན་ཆེན་རྩ་བའི་བླ་མའི་སྐུ་ལ་སྐྱབས་སུ་མཆི༔ སེམས་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས༔ ཞེས་པས་གདོང་མཆི་མས་དག་པར་གསོལ་བ་གདབ༔ རྗེས་ལ་བླ་མ་བརྒྱུད་པ་དང་བཅས་པ་ཐམས་ཅད་རང་གི་སྤྱི་གཙུག་ཏུ་ཐིམ་ནས༔ རང་གི་ལུས་ངག་ཡིད་གསུམ་ལ་བླ་མའི་སྐུ་གསུང་ཐུགས་ཀྱིས་དབྱེར་མེད་དུ་བྱིན་གྱིས་བརླབས་པའི་ངང་དུ་སེམས་ལྷོད་དེ་བཞག་པས༔ བྱང་ཆུབ་ཀྱི་ཡེ་ཤེས་རྩོལ་མེད་དུ་འཆར་བ་ཡིན་ནོ༔ བཞི་པ་འཁོར་འདས་རུ་ཤན་དབྱེ་བས་འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱེད་པ་ལ་གཉིས། རྒྱུད་ཀྱི་དགོངས་པ་ལྟར། སྒྲིམ་པ་འཁོར་བའི་རུ་ཤན་དབྱེ་བ་དང་། ཀློད་པ་མྱང་འདས་ཀྱི་རུ་ཤན་དབྱེ་བའོ། །དང་པོ་ནི། དབེན་པའི་གནས་སུ་སྒོ་གསུམ་གྱི་རུ་ཤན་དབྱེ་བ་གསུམ་ལས་ལུས་ཀྱིས་ཕྱག་དང་བསྐོར་བ་ཅི་ནུས་སུ་བྱ། དེས་ལུས་སྒྲིབ་འདག །དེ་ནས་གདན་འབོལ་བར་རྐང་མཐིལ་གཉིས་སྤྲད་པའི་རྐང་རྩེ་སར་བཙུགས། པུས་མོ་ཕྱིར་བསྐྱེད། ལག་པ་སྤྱི་གཙུག་ཏུ་ཐལ་མོ་སྦྱར། མགོ་ལ་མ་རེག་པར་གྲུ་མོ་ཕྱིར་བརྒྱང་། ལུས་ཀྱི་ཆ་བསྲངས་པ་རྡོ་རྗེའི་འདུག་སྟངས་བྱ། དེས་ལུས་ཀྱི་བར་ཆད་བཟློག །མཐར་ལུས་གནད་དུས་གཅིག་ལ་ཤག་གིས་དགྲོལ། དེས་ལུས་ཞིག་པ་སྙམ་བྱེད། ཕྱིས་འཁོར་བའི་ལུས་ལ་མི་འཇུག་གོ །ངག་གིས་མདོ་དང་གཟུངས་སྔགས་འདོན་པ་དང་གསོལ་འདེབས་མང་པོ་བྱ། དེས་ངག་སྒྲིབ་འདག །དེ་ནས་ལུས་བསྲངས་ཏེ་ཧཱུྃ་རིང་པོ་བརྗོད་ཅིང་རླུང་ནང་དུ་དྲང་། སྟེང་འོག་རླུང་གཉིས་ཕོ་བར་ཁ་སྦྱོར་དུ་གཟུང་། རེས་ངག་ཏུ་ཧཱུྃ་རྒྱུན་མི་འཆད་པར་བགྲང་། དེས་ངག་གི་བར་ཆད་བཟློག །ངག་འགྲོལ་ཁར་ཧཱུྃ་སྒྲ་ཆེ་ལ་རིང་བར་བསྒྲགས་པས་ངག་འདར་བ་སྙམ་བྱེད། ཕྱིས་འཁོར་བའི་ངག་རྒྱུན་ཆད་དོ། །ཡིད་ཀྱིས་ལྷ་སྒོམ་པ་དང་ཞིང་ཁམས་བསམ་པ་མང་པོ་བྱ། དེས་ཡིད་སྒྲིབ་འདག །དེ་ནས་ཅིར་ཡང་མི་རྟོག་པའི་ངང་དུ་སེམས་རྩེ་གཅིག་བཟུང་ལ་མ་ཡེངས་པ་བྱ། དམིགས་པ་འཇོག་ཁར་ས་རྡོ་རི་བྲག་ཐམས་ཅད་ཟང་ཐལ་ལེ་སོང་བར་བསམ། དེས་ཡིད་འཁོར་བར་མི་འཁྱམ་མོ། །དེ་རྣམས་ཀྱིས་འཁོར་བའི་ལུས་ངག་ཡིད་གསུམ་ལ་སྡུག་བསྔལ་དུ་ཤེས་ནས་རུ་ཤན་ཕྱེད་དེ་ཞེན་པ་རང་ལོག་ཏུ་འགྲོ་འོ། །གཉིས་པ་ཀློད་པ་མྱང་འདས་ཀྱི་རུ་ཤན་དབྱེ་བ་ནི། ལུས་ཕྱི་ནང་གི་བྱ་བྱེད་ཐམས་ཅད་སྤངས་ལ༔ བྱར་མེད་རྩོལ་བྲལ་གྱི་ངང་དུ༔ རྐང་པ་སྐྱིལ་ཀྲུང༔ ལག་པ་མཉམ་གཞག༔ ལུས་ཆ་བསྲངས་ལ་རང་སར་ཀློད་ལ་བཞག༔ དེས་ལུས་འཛིན་པ་མེད་པར་གྲོལ་ནས་འགྲོ༔ ངག་ཕྱི་ནང་གི་སྨྲ་བརྗོད་ཐམས་ཅད་སྤངས་ལ༔ བརྗོད་མེད་ཀྱི་རླུང་རང་སར་ལྷན་ནེ་བཞག་པས༔ ངག་འཛིན་མེད་དུ་གྲོལ་འགྲོ༔ སེམས་ཕྱི་ནང་གི་བསམ་མནོ་ཐམས་ཅད་སྤངས་ལ༔ ཅིར་ཡང་མི་རྟོག་པའི་ངང༔ རེ་དོགས་མེད་པར་ས་ལེ་སིང་ངེ་ཡེ་རེ༔ མ་བཅོས་མ་བསྒྱུར་སོ་མ་རང་གར་ལྷུག་པ༔ འཛིན་མེད་དུ་ལྷོད་དེ་བཞག་གོ༔ དེས་ཡིད་འཛིན་མེད་དུ་གྲོལ་འགྲོ་བ་ཡིན་ནོ༔ དེ་ལྟར་གང་ཟག་གི་བློའི་ནུས་སྟོབས་དང་སྦྱར་ནས་ཞག་ཅི་རིགས་པར་བསྒོམ། རྣམ་རྟོག་རང་ག་མ་སྐྱེས་པ་ན་ཕཊ་ཅེས་བརྗོད་ལ། ཤིགས་ཀྱིས་བཤིག་ལ་ལྷོད་ཀྱིས་ཀློད་ལ་བཞག་པས། ལུས་ངག་ཡིད་གསུམ་སྟོང་སངས་ལ་འགྲོ་བ་ཡིན་ནོ༔ དེས་མྱ་ངན་ལས་འདས་པ་བདེ་བའི་རུ་ཤན་ཕྱེད་ནས༔ ཆོས་ལ་ངེས་ཤེས༔ བླ་མ་ལ་མོས་གུས༔ སེམས་ཅན་ལ་སྙིང་རྗེ་སྐྱེ༔ རང་སེམས་ལ་གོ་བ་རྙེད་ནས་འཁྲུལ་པ་ཡེ་ཤེས་སུ་འཆར་བ་ཡིན་ནོ༔ སྔོན་འགྲོའི་ཆོས་འདི་རྣམས་ལོང་བའི་སྣ་ཁྲིད་དང་འདྲ་བ་ཡིན་པས་སྲོལ་དུ་ཚུད་ངེས་པར་བྱས་ནས་དངོས་གཞི་ལ་ཞུགས་པས་འཆུག་མེད་གཏན་ལ་ཕེབ་པར་འགྱུར་རོ།། །།གཉིས་པ་དངོས་གཞི་ལ་གཉིས། གང་ཟག་མཆོག་དམན་ཐམས་ཅད་གྲོལ་བའི་ཐབས་ཚིག་ཁྲིད་གནད་ཀྱི་སྒྲོན་མེ་མུན་པ་ལ་མར་མེ་བཏེགས་པ་ལྟ་བུ་དང་། དབང་པོ་འབྲིང་ཡན་ཆད་རྩོལ་མེད་དུ་འཚང་རྒྱ་བའི་ཐབས་གསང་ཆེན་གནད་ཀྱི་དོན་ཁྲིད་ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུའོ། །དང་པོ་ལ་བཞི། ཐོག་མར་ལྟ་བས་ཕུ་ཐག་བཀྲུས་པས་སྣང་སེམས་ཆིག་ཆོད་སྤྲུལ་སྐུར་ངོ་སྤྲད་པ་དང་། དེ་སྒོམ་པས་གཏན་ལ་ཕབ་པས་སེམས་སྟོང་པ་ཆིག་ཆོད་ལོངས་སྐུར་ངོ་སྤྲད་པ་དང་། དེ་སྤྱོད་པས་རྩལ་སྦྱངས་པས་སྟོང་པ་རང་གྲོལ་ཆིག་ཆོད་ཆོས་སྐུར་ངོ་སྤྲད་པ་དང་། དེ་འབྲས་བུ་ལྷུན་གྲུབ་ཆིག་ཆོད་སངས་རྒྱས་སུ་ངོ་སྤྲད་པའོ། །དང་པོ་ལ་གཉིས། སྣང་བ་སེམས་སུ་གཏན་ལ་དབབ་པ་དང་། ཡིན་ལུགས་རང་ཐོག་ཏུ་ངོ་སྤྲད་པའོ། །དང་པོ་ནི། སྣང་བ་འདི་ཐམས་ཅད་སེམས་སུ་ངོ་མ་ཤེས་ན་མི་ཚེར་དགེ་བ་ལ་འབུངས་ཀྱང་སངས་རྒྱས་མི་ཐོབ་ཅིང་འཁོར་བར་འཁྱམས་དགོས་པས་འཁྲུལ་སྣང་སེམས་སུ་ཐག་གཅོད་པ་ནི། དབེན་པར་སྟན་བདེ་བ་ལ་རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་གཞག །རྒལ་ཚིགས་བསྲང་། མིག་ནམ་མཁའི་དབྱིངས་སུ་མ་ཡེངས་པར་གཏད། ལུས་བྱར་མེད་ཀྱི་ངང་དུ་ཀློད། ངག་སྨྲ་བརྗོད་མེད་པར་བཞག །སེམས་ཀྱི་རེ་དོགས་བསམ་མནོ་ཅིའང་མི་བྱ། འདས་པའི་རྣམ་རྟོག་འགགས། མ་འོངས་པ་མ་སྐྱེས། ད་ལྟ་རྟོག་མེད་ནམ་མཁའི་ངང་དུ་ས་ལེ་སིང་ངེ་དུས་གསུམ་མཉམ་པ་ཉིད་དུ་གནས་པ་ནི་དབྱིངས་སུ་གནས་པའི་ཞི་གནས་སྟོང་པ་བྱ་བ་སྒོམ་གྱི་གཞི་ཡིན་པས་ཐོག་མར་སེམས་ཀྱི་གནས་ཆ་ཟིན་པའི་རྟགས་མ་བྱུང་བར་དེ་ཀ་བསྒོམ། དེ་ནས་གནས་པ་དེ་ཀའི་ངང་ལས་སེམས་ཀྱི་འཆར་སྒོ་མ་འགགས་པས་དུས་གསུམ་གྱི་རྟོག་པ་གང་རུང་ཞིག་ཤར་བ་ན་དེ་ལ་སྐྱོན་དུ་མི་བལྟ་བར་རྣམ་རྟོག་དེ་རང་གི་སེམས་སུ་འདུག་གམ། ལོགས་སུ་གྲུབ་ནས་བྱུང་། དེ་སེམས་མ་ཡིན་ན་སེམས་རྟོག་མེད་དུ་གནས་དུས་ཀྱང་རྣམ་རྟོག་གཞན་ནས་འོང་དགོས་པ་ལ་མི་འབྱུང་། སེམས་ཡིན་པས་ནམ་ཡེངས་ན་རྟོག་མེད་དེ་རྟོག་པར་ཐོལ་གྱིས་ཤར། ཤར་བ་དེ་ཀ་ལ་བལྟས་པས་དེ་རང་སེམས་ལས་ཤར་བར་ཤེས། ཡང་རྣམ་རྟོག་ངོ་ཤེས་ཙམ་ནས་དེའི་རྗེས་སུ་མ་འབྲང་བར་ངོ་བོའི་སྟེང་དུ་བཞག་པས་རང་ཞི་ལ་སོང་ནས་སེམས་སུ་ཤེས་པར་འགྱུར། དེ་བཞིན་འཆར་རྒྱུའི་ཡུལ་སྣང་། འཆར་མཁན་དྲན་བྱེད་ཀྱི་རྟོག་པ་ཐམས་ཅད་ལ་བལྟས་པས། ཕྱི་སྣོད་ཀྱི་འཇིག་རྟེན། ནང་བཅུད་ཀྱི་སེམས་ཅན། རང་གི་སྒོ་ལྔའི་རྣམ་ཤེས་སོགས་བདག་གཞན་གྱི་སྣང་བ་གང་ཤར་ཐམས་ཅད་རང་སེམས་ཀྱིས་བྱས་ཤིང་སེམས་འཁྲུལ་པའི་འཆར་ཚུལ་ཙམ་ལས་གཞན་དུ་མེད་པར་རྟོགས་ནས་མཉམ་བཞག་གི་ཐོག་ཏུ་ལྷན་གྱིས་ཞི་བར་འགྱུར། དེས་ཀྱང་ཐག་མ་ཆོད་ན་རྟོག་པས་རྟོག་པ་འཇོམས་པ་བྱ་བ། རྣམ་རྟོག་གང་ཆེ་ཞིང་འདུལ་དཀའ་བ་དེ་དེ་བས་ཀྱང་ཆེ་བ་ཞིག་ཏུ་བསྒོམས་པས་གཞན་དེ་ཟིལ་གྱིས་ནོན་ནས་མེད་པར་འགྲོ། དེའང་གཞན་དུ་སོང་བ་མིན། རང་སེམས་གྲོལ་བ་ཡིན་པས་རྣམ་རྟོག་ཐམས་ཅད་ཀྱི་བྱུང་ས་བྱེད་མཁན་རང་སེམས་ཡིན་པར་ཐག་ཆོད་ནས་འོང་ངོ་། །ཆེར་སྒོམ་པ་དེའང་རང་སེམས་ཀྱིས་འཕྲལ་ལ་བཅོས་པ་ཡིན་པས་ངོ་བོ་བལྟས་པས་འཕྲལ་དུ་གྲོལ་ལོ། །སྣང་བ་གཞི་མེད་རྩ་བྲལ་རང་སེམས་སུ་ཐག་ཁྲིག་གེར་མ་ཆོད་བར་དུ་གནས་ལུགས་སྐྱོང་ཞིང་རྩད་གཅད། ཕུ་ཐག་ལན་གཅིག་ཆོད་ནས་རྣམ་རྟོག་ཇི་ཙམ་ཤར་ཡང་གཟིངས་ལས་འཕུར་བའི་བྱ་རོག་གཟིངས་ཐོག་ཏུ་ལོག་པ་ལྟར་སེམས་ལས་ལོགས་ན་མེད་པས་སེམས་ཐོག་ཏུ་ལོག །རྣམ་རྟོག་རང་གཟུགས་སུ་ཤར་ཡང་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་བརྟག་དཔྱད་བྱ་མི་དགོས་པར་རང་སེམས་སུ་ངོ་ཤེས་པས་སྣང་བ་སེམས་སུ་ངོ་འཕྲོད་པ་ཡིན། རྣམ་རྟོག་རང་སེམས་སུ་མ་ཤེས་ན༔ བཀག་པས་མི་ཁོག༔ སྤང་པས་མི་སྤང༔ བཟུང་བས་མི་ཟིན༔ བསྐལ་པར་བསྒོམས་ཀྱང་སངས་རྒྱས་མི་འཐོབ་བོ༔ འཁོར་འདས་གཉིས་ཀུན་གཞི་མཉམ་པོ་ལ་འགྱུ་བ་སྐད་ཅིག་མའི་སྣང་བ་སེམས་སུ་རིག་མ་རིག་ལས་བྱུང་སྟེ་སྣང་བ་སེམས་ལས་གཞན་དུ་མཐོང་བས་འཁྲུལ། སྙེམས་མེད་རང་སེམས་སུ་ཤེས་པས་རིག་པའི་ཡེ་ཤེས་ཏེ་སྣང་སེམས་ཆོས་ཉིད་དུ་རྟོགས་པའོ། །གཉིས་པ་ཡིན་ལུགས་རང་ཐོག་ཏུ་ངོ་སྤྲད་པ་ནི། རྒྱུད་ལས༔ རྣམ་རྟོག་སེམས་ཀྱི་རང་གཟུགས་ཏེ༔ སེམས་ལས་མ་གཏོགས་སྣང་སྲིད་གང་ཡང་མེད༔ ཅེས་གསུངས་པས༔ རང་སེམས་སྐྱེ་མེད་སྟོང་པའི་འཆར་ཚུལ་མ་འགགས་པས་སྣང་སྲིད་ཐམས་ཅད་ཤར༔ རང་ལ་རང་གིས་བདག་ཏུ་བཟུང་པས་དུག་ལྔའི་སྣང་བ་ཤར༔ དེ་ལ་ཆགས་སྡང་བྱས་པའི་མདངས་ཀྱིས་འབྱུང་བ་ལྔའི་ལུས་གྲུབ༔ དེ་ལ་ཨ་འཐས་པ་ལས་སྙིང་དྭངས་མ་ལྔ་ལས་གྲུབ་པའི་རྩ་སྒོ་ཁ་དོག་ལྔ་བྱུང༔ དེ་ལ་བརྟེན་ནས་རིག་པའི་ངོ་བོ་གཅིག་ལས་མེད་ཀྱང་རྩ་དེའི་མདངས་ཀྱིས༔ སྒོ་ལྔའི་རྣམ་རྟོག་གཟུགས་སྒྲ་དྲི་རོ་རེག་བྱ་བྱུང༔ དེའི་འདོད་པའི་མདངས་ཕར་འཕྲོས་ནས་སྣང་བ་གཡོས་པས་སེམས་ཅན་རྣམས་བྱུང༔ དེ་ལ་ཨ་འཐས་ཀྱིས་བེམ་པོ་དགག་སྒྲུབ་ཅན་གྱི་སྣང་བ་མཆེད་པ་བྱུང༔ དེ་རྣམས་རང་སེམས་ཡིན་པར་མ་རིག་ལོགས་ན་གྲུབ་འདུག་པར་བཟུང་པས༔ གཟུང་བའི་ཡུལ་བྱ་བ་ཡིན་ཏེ་འཁོར་བར་འཁྱམས་པ་ཡིན༔ རྒྱུད་ལས༔ སེམས་ལས་མ་གཏོགས་སྣང་བ་གང་ཡང་མེད༔ ཅེས་པས༔ དེ་ཐམས་ཅད་སྣང་བ་རང་སེམས་ཀྱི་ཡུལ་ཡིན་པར་ངོ་སྤྲད་དོ༔ དེ་ནས་སྣང་བ་ཐམས་ཅད་སེམས་སུ་འདུག་པ་ལ༔ ཐམས་ཅད་ཀྱི་མཁན་པོ་སེམས་དེ༔ གང་ལྟ་བུ་གཅིག་འདུག༔ རང་གིས་རང་ལ་བལྟས་ཏེ༔ དང་པོ་བྱུང་ས༔ བར་དུ་གཟུགས་ཁ་དོག་གནས་ས༔ མཐར་འགྲོ་ས་འདུག་གམ་བལྟས་པས༔ གང་ཡང་མཐོང་བ་དང་རྙེད་པ་མེད༔ ཡོད་ནས་མ་མཐོང་བ་མ་ཡིན་ཏེ༔ སེམས་སྐྱེ་མེད་ཡིན་པས༔ གཞི་མེད་རྩ་བྲལ་འདི་ལས་བྱུང་ས་མི་རྙེད༔ གནས་མེད་ཡིན་པས་གཟུགས་ཁ་དོག་ཕྱོགས་བཅུ་གང་དུ་ཡང་མ་གྲུབ༔ འགག་མེད་ཡིན་པས་གང་མེད་པར་འགྲོ་རྒྱུ་མེད༔ སྐྱེ་འགག་གནས་གསུམ་དང་བྲལ་བ་དཔེ་ནམ་མཁའ་ལྟ་བུར་ངོ་སྤྲད༔ དེ་ལྟར་སྣང་སེམས་སྐྱེ་འགག་གནས་གསུམ་དང་བྲལ་བའི་ངོ་བོ་རྟོགས་པས༔ ལྟ་བའི་ཕུ་ཐག་ཆོད་པ་ཡིན༔ དེ་ཉིད་སྤྲུལ་སྐུར་ངོ་སྤྲད་པ་ནི༔ རང་སེམས་གཅིག་ལ་སྣང་བ་མི་འདྲ་བ་དྲུག་ཏུ་ཤར༔ ཤར་ཙམ་ཉིད་ན་སེམས་སུ་འདུས༔ ཡང་དེ་ལས་སངས་རྒྱས་ཤཱཀ་ཐུབ་ལྟ་བུ་རང་གིས་གང་འདོད་པའི་རྟོག་པ་གཅིག་ཡིད་ལ་བྱས་པས་དེ་མ་ཐག་དེར་འཆར་བ་ནི་ལམ་སྣང་གི་སྐུ་བྱ་བ་ཡིན་ཏེ༔ རང་སྣང་སེམས་སུ་རྟོགས་ནས༔ སྐྱེ་བ་དང་འཇུག་པ་ལ་རང་དབང་ཐོབ་པ་ཡིན༔ དེ་ལ་རྩལ་སྦྱངས་པས་མཐར་ཐུག་སངས་རྒྱས་སྤྲུལ་སྐུ་གང་ལ་གང་འདུལ་དུ་འབྱུང་བ་ཡིན་ནོ༔ གཉིས་པ་དེ་སྒོམ་པས་ཉམས་སུ་བླང་ནས་སེམས་སྟོང་པ་ཆིག་ཆོད་ལོངས་སྐུར་ངོ་སྤྲད་པ་ལའང་གཉིས། སྟོང་པར་གཏན་ལ་དབབ་པ་དང་། ཡིན་ལུགས་གཅིག་ཐོག་ཏུ་ངོ་སྤྲད་པའོ། །དང་པོ་ནི། སྣང་བ་སེམས་སུ་རིག་ཀྱང་སེམས་སྟོང་པར་མ་རྟོགས་ན། མཚན་མར་འཐས་ནས་གྲོལ་དུ་མི་བཏུབ་པས་དེ་ཉིད་སྟོང་པར་གཏན་ལ་དབབ་པ་ནི། དབེན་པར་ལུས་གནད་ལྟ་སྟངས་མཉམ་གཞག་གོང་བཞིན་བྱས་ལ། ལྟ་བས་སྣང་བ་སེམས་སུ་རྟོགས་པའི་སྐྱེ་འགག་གནས་གསུམ་དང་བྲལ་བའི་ངང་དེ་ལ་འཇོག་པ་ལས༔ བློས་བྱས་ཡིད་ཀྱིས་བསྒོམ་རྒྱུ་ཅི་ཡང་མེད་དེ༔ སྣང་བ་ཙམ་མ་ཡིན་པའི་སྙེམས་བྱེད་མེད་པར་དེ་ཀའི་ངང་ལ་མ་ཡེངས་པར་བྱས་པས༔ སྣང་བ་ཐམས་ཅད་འཛིན་མེད་དུ་བུན་སོང་ནས༔ རང་སེམས་ས་ལེ༔ སིང་ངེ༔ ཡེ་རེ་འོང༔ ཡང་སྐབས་སུ་ནམ་མཁའ་ལ་སྤྲིན་ལྡང་བ་ལྟར་སྣང་བ་མ་འགགས་པར་ཐོལ་གྱིས་ཤར་བ་ན་དེ་ཀའི་སྟེང་དུ་བཞག་པས་རང་སར་གྲོལ་འགྲོ། རང་རྒྱུད་ཀྱི་སྣང་བ་འཆར་ནས་མི་གྲོལ་ན། སྣང་བ་ཨར་ལ་གནོན་པ་ཞེས་བྱ་སྟེ༔ གང་ཤར་དེའི་སྟེང་དུ་མ་ཡེངས་པ་རྩེ་གཅིག་ཏུ་གཏད་པས༔ སྨིག་རྒྱུའི་སྟེང་དུ་ཕྱིན་པ་ཙམ་གྱིས་མེད་པར་འགྲོ་བ་བཞིན༔ རྣམ་རྟོག་ལ་བལྟས་པ་ཙམ་གྱིས་རང་བཞིན་མེད་པར་སྟོང་པར་འགྲོ་བ་ཡིན༔ དེ་བཞིན་རྣམ་རྟོག་ཐམས་ཅད་ལ་གཏད་པས་རང་བཞིན་མེད་པར་གྲོལ་འགྲོ་བ་ཡིན༔ དེ་ཕྱིར་མ་བཅོས་ངང་ལ་བཞག་པ་ཙམ་གྱིས་ཆབ་རོམ་ཆུར་ཞུ་བ་བཞིན༔ རང་བཞིན་སེམས་ལ་དངོས་པོར་མ་གྲུབ་པས་སྟོང་པར་གྲོལ་འགྲོ་བ་ཡིན་ནོ༔ སྣང་བ་གྲུབ་ནས་ཡོད་པར་བཟུང་ན་རྟག་ལྟ། མེད་པར་བཟུང་ན་ཆད་ལྟ་ལོག་པར་ཤོར་བ་སྟེ་སྣང་བ་སེམས། སེམས་སྟོང་པ། སྟོང་པ་མ་ཡིན་ན་སྣ་ཚོགས་སུ་འཆར་དུ་མི་བཏུབ༔ སྟོང་པའི་རྩལ་ཅིར་ཡང་འཆར་བར་ཤེས་ནས་གཟུང་འཛིན་གྱི་སྣང་བ་ཐམས་ཅད་སྟོང་པ་ཉིད་དུ་གྲོལ་ན། གཞི་མེད་རྩ་བྲལ་ཕྱོགས་མེད་དུ་ཤར་ནས་རྟེན་མེད་བར་སྣང་གི་འཇའ་ཚོན་བཞིན་དུ་རང་གྲོལ་ལ་འགྲོ༔ སྣང་བ་སྟོང་པར་ཤེས་ཀྱང་འཆར་རྒྱུ་མེད་འགྲོ་བ་མ་ཡིན༔ ཤར་ཡང་རང་བཞིན་སྟོང་པར་ཤེས་པ་དེ་སྟོང་ཉིད་རྟོགས་པའི་ཡེ་ཤེས་བྱ་བ་ཡིན༔ དེ་ལྟར་སྟོང་ཉིད་ཀྱི་དོན་གཅིག་རྟོགས་ནས་རྣམ་རྟོག་ཇི་ལྟར་ཤར་ཡང༔ ནགས་ལ་མེ་མཆེད་དུས་རླུང་གྲོགས་སུ་སོང་བ་བཞིན༔ སླར་སྟོང་ཉིད་ཀྱི་རྩལ་ཐོན་ཅིང་ངེས་ཤེས་སྐྱེ་བའི་གྲོགས་སུ་སོང་ནས༔ ཉམས་འབར་བའི་གསལ་འདེབས་སུ་འགྲོ་བ་ཡིན་ནོ༔ གཉིས་པ་ཡིན་ལུགས་གཅིག་ཐོག་ཏུ་ངོ་སྤྲད་པ་ནི། རྒྱུད་ལས༔ སྣ་ཚོགས་ཤར་ཡང་སེམས་ཉིད་སྟོང་པར་གྲོལ༔ ཅེས་གསུངས་པས༔ ཕྱི་རོལ་དུ་སྣང་བ་སྣ་ཚོགས་བྱུང་ཡང་སེམས་ལས་བྱུང་བ་མ་གཏོགས་པ་ལོགས་ནས་གྲུབ་པ་མི་འདུག་པས་སྟོང་པ་ཡིན༔ བར་དུ་རང་གི་ལུས་ལ་ཡང་དོན་དམ་པར་གྲུབ་པ་མི་འདུག་པས་སྟོང་པ་ཡིན༔ ནང་གི་འཛིན་བྱེད་ཀྱི་ཤེས་པ་ཡང་འདི་ཡིན་གྲུབ་པ་མི་འདུག་པས་སྟོང་པ་ཡིན༔ དེས་ན་ཐམས་ཅད་ལ་བརྟགས་ན་དངོས་པོ་མི་འདུག་པས་སྟོང་པ་ཉིད་དུ་ངོ་སྤྲད་དོ༔ དེ་ལྟར་ཐམས་ཅད་སྟོང་པ་ཡིན་ཞེས་དངོས་པོ་མེད་པ་ལས༔ ཆད་ལྟའི་སྟོང་པ་ཧད་པོ་མ་ཡིན་ཏེ༔ རང་བཞིན་གསལ་བ་གོ་མ་འགགས་པར་ཡོད་པས༔ སེམས་ནི་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བ༔ གསལ་སྟོང་ནམ་མཁའ་ལྟ་བུར་ངོ་སྤྲད་དོ༔ དེ་ལྟར་སྣང་བ་ཐམས་ཅད་རང་བཞིན་མེད་པར་རྟོགས་ཙ་ན༔ སྒོམ་པ་གཏན་ལ་ཕེབས་པ་ཡིན་ནོ༔ དེ་ཉིད་ལོངས་སྐུར་ངོ་སྤྲད་པ་ནི༔ རང་སྣང་ཇི་ལྟར་ཤར་ཡང་དངོས་པོ་མེད་པར་ཡེ་ནས་སྟོང་པ་ཡིན་པར་ཤེས༔ སྟོང་པ་ཡིན་བཞིན་དུ་འགག་མེད་དུ་ལོངས་སྤྱོད་དུ་ཡོད་པས་རྩལ་སྣང་གི་ལོངས་སྐུ་ཡིན༔ དེའི་རྩལ་རྫོགས་ནས་མཐར་ཐུག་ཟག་པ་མེད་པའི་ལོངས་སྤྱོད་རྫོགས་པའི་སྐུར་འཚང་རྒྱ་བ་ཡིན་ནོ༔ གསུམ་པ་སྣང་སྟོང་ཟུང་འཇུག་ཏུ་ངོ་སྤྲོད་པ་ལའང་གཉིས། སྤྱོད་པས་རྩལ་སྦྱོང་བ་དང་། ཆོས་སྐུར་ངོ་སྤྲད་པའོ། །དང་པོ་ནི། སེམས་སྣང་སྟོང་གཉིས་མེད་དུ་མ་གྲོལ་ན་སྟོང་པར་ཤེས་ནས་བསྒོམས་ཀྱང་སྟོང་ཉིད་ལ་ཞེན། ཉན་ཐོས་ཀྱིས་སྣང་བ་བཀག་ནས་སྟོང་པར་བསྒོམས་པས་ཕྱོགས་རེའི་གཟུང་འཛིན་ཅན་སོང་བ་ལྟར་སྟོང་པ་ཉིད་གཟུགས་ཅན་དུ་སོང་ནས་གཉིས་མེད་ཆོས་སྐུར་མི་གྲོལ་བས། སྟོང་པ་ཉིད་ལ་སྟོང་ཉིད་ཡིན་སྙམ་གྱི་འཛིན་ཞེན་མི་བྱེད་པར་སྣང་སྟོང་ཟུང་འཇུག་གི་ངང་དུ་རྩལ་སྦྱངས་པས། ས་ལ་ཉིན་མཚན་གྱི་དཀར་ནག་བྱུང་ཡང་ནམ་མཁའ་ལ་ཉི་འོད་མུན་པ་རྣམས་དབྱེར་མེད་པ་བཞིན་དུ་སེམས་ཀྱི་སྟོང་འཛིན་དེ་ཁྲོལ་གྱིས་ཞིག་པས་སྣང་བ་དང་སྟོང་པ་གཉིས་སྐད་ཅིག་ཀྱང་དབྱེར་མེད་དུ་རྟོགས། དབྱིངས་རིག་གཉིས་མེད་ལྷན་ཅིག་སྐྱེས་པར་གྲོལ། རྒྱ་མཚོ་ལ་ཁ་བ་བབས་པ་བཞིན་རྣམ་རྟོག་སྐྱེས་གྲོལ་དུས་མཉམ། ཆུ་ནང་གི་ཟླ་བ་ལ་སྣང་སྟོང་གཉིས་སུ་ཕྱེ་རྒྱུ་མེད་པ་ལྟར་སྣང་སྟོང་སོ་སོར་མིང་དུ་བཏགས་པ་ཙམ་ལས་དོན་ལ་གཉིས་མེད་གཅིག་པུ་རང་ཤར་རང་གྲོལ་ཆེན་པོར་ངོ་འཕྲོད་པར་བྱ། དེའང་བཅོས་ནས་གསར་དུ་གྲོལ་བ་མ་ཡིན་ཏེ། སྣང་དུས་ཉིད་ནས་རང་བཞིན་གྱིས་སྟོང་པས་སྣང་བ་རང་སར་གྲོལ། སྟོང་དུས་ཉིད་ནས་རང་བཞིན་གྱིས་སྣང་བས་སྟོང་པ་རང་སར་གྲོལ། ཐམས་ཅད་མ་བཅོས་རང་བྱུང་རང་གྲོལ་ཆེན་པོའི་ཡེ་ཤེས་ཆོས་ཀྱི་སྐུར་ངོ་ཤེས་པར་བྱས་ལ། སྔར་བསྒོམས་པས་གཏན་ལ་ཕབ་པའི་ཉམས་རྟོགས་དེའི་ངང་དུ་ཤུགས་འབྱུང་གི་སྤྱོད་པ་བསྐྱང་བ་ལས་སྤྱོད་རྒྱུ་ལོགས་སུ་མེད་པས་རང་ལ་ངང་གིས་གྲོལ་བ་ཞེས་བྱའོ། །སྣང་སྟོང་རང་བཞིན་གཅིག་གི་ངང་དུ་མ་གྲོལ་ན་ཆོས་གང་བསྒོམས་ཀྱང་སངས་རྒྱས་མི་འཐོབ་སྟེ་ཡོན་པོའི་ལམ་དུ་གོལ། ཉན་ཐོས་དང་ཐེག་ཆེན་གྱི་ཁྱད་པར་ཡང་སྣང་སེམས་འདྲེས་མ་འདྲེས་ཀྱིས་འབྱེད་པར་གསུངས། དེ་ལྟར་བསྒོམས་ཀྱང་སྔར་ཞེན་གྱི་བག་ཆགས་ཚན་ཆེ་བས་སྐབས་སུ་སྣང་བ་རང་ག་མའི་འཛིན་རྟོག་བྱུང་ན་བྱར་མེད་ལ་བཞག་པས་སྦྲུལ་གྱི་མདུད་པ་བཞིན་རང་གྲོལ་ལ་འགྲོ། གལ་ཏེ་མ་གྲོལ་ནས་མཚན་འཛིན་རྟོག་པ་འདུག་ན་མཚང་ཡུལ་ནས་འདོན་པའི་ལོག་གནོན་ཞེས་བྱ་བ། བཟང་པོ་ལ་ངན་པའམ། ཞེ་སྡང་ལ་འདོད་ཆགས་ལྟ་བུ་ཡུལ་ཤར་བ་དེ་ལས་གོ་ལྡོག་པ་ཞིག་ཡིད་ལ་བྱས་པས་སེམས་ཀྱི་ངོ་བོ་གཅིག་ལས་མེད་པའི་ཕྱིར་སྔར་གྱི་སྣང་བ་དེ་གཏད་མེད་ལ་འགྲོ། སེམས་གཉིས་ཡོད་ན་རྟོག་པ་གཉིས་མཉམ་པོར་ཡོད་དགོས་པ་ལ། དགའ་བ་བསམ་ན་མི་དགའ་བ་མེད། མི་དགའ་བ་བསམ་ན་དགའ་བའི་རྟོག་པ་ནུབ་འགྲོ་བ་བཞིན་སྣང་བ་དང་དེ་སྟོང་པར་ལྟ་བའི་གཉིས་འཛིན་བཅོས་མའི་སྒོམ་ལ་མ་ཞེན་པར། སྣང་སྟོང་གཉིས་པོ་རང་སེམས་ཀྱི་ངོ་བོ་གཅིག་ལས་མེད་པར་ཐག་ཆོད་ནས་རང་ཤར་རང་གྲོལ་དུ་སོང་ཙ་ན་སྟོང་པ་རང་གྲོལ་ཆིག་ཆོད་དུ་གྲོལ་བ་ཡིན་པར་གསུངས་སོ། །གཉིས་པ་ཆོས་སྐུར་ངོ་སྤྲད་པ་ནི། སྣང་བའི་འཛིན་པ་མེད་པའི་སྟོང་པ་ཉིད༔ སྟོང་པའི་ཞེན་པ་མེད་པས་རིག་ཅིང་གསལ༔ དབྱིངས་རིག་གཉིས་སུ་མེད་པར་ཤེས་པ་ནི་ལམ་གྱི་མཆོག་ཡིན༔ ཤེས་བྱ་དེའི་འཛིན་པ་དག་ཙམ་ན༔ མཐར་ཐུག་ཆོས་ཉིད་མཉམ་པ་ཉིད་ཆོས་སྐུ་འགྱུར་བ་མེད་པར་སངས་རྒྱས་ནས༔ མཁྱེན་པའི་ཡེ་ཤེས་རྩོལ་རྟོག་མེད་པར་འབྱུང་བ་ཡིན་ནོ༔ བཞི་པ་དེ་ཉིད་འབྲས་བུ་ལྷུན་གྲུབ་ཆིག་ཆོད་སངས་རྒྱས་སུ་ངོ་སྤྲད་པ་ནི། སྣང་སྟོང་གཉིས་མེད་རང་གྲོལ་དུ་སོང་ཡང༔ འབྲས་བུ་མ་བཅོས་རང་བྱུང་ལྷུན་གྱིས་གྲུབ་པར་མ་སྐྱོལ་ན༔ ཡེ་ཤེས་ལྔ་ལ་སོགས་པའང་ཉམས་སྣང་ཙམ་ཡིན་པས། སྔར་རྟོགས་གོམས་གདིང་དུ་གྱུར་པ་དེ་ཉིད་ལ་རྩལ་སྦྱངས་པ་ལས། བསྒྲུབ་བྱ་སྒྲུབ་བྱེད་གཞན་མེད་པས་རྩལ་སྦྱོང་མཐར་ཕྱིན་པ་ན། འཛིན་བྱ་འཛིན་བྱེད་གཉིས་འཛིན་བློ་ལས་འདས་ཤིང༔ གཅིག་ཏུའང་མ་གྲུབ༔ ཤེས་བྱ་བག་ལ་ཉལ་གྱི་སྒྲིབ་པ་ཕྲ་མོའི་འཛིན་པ་ཡང་རང་དག་ཏུ་ཟད་ནས༔ འཛིན་མེད་མ་བཅོས་ལྷུན་གྲུབ་ཏུ་དབྱིངས་རིག་གཉིས་མེད་ཆོས་ཉིད་མ་བུ་གཅིག་ཏུ་འདྲེས་ཏེ༔ མཉམ་བཞག་གནས་པའི་སྟོང་ཞེན་མ་གྲུབ༔ རྗེས་ཤེས་འགྱུ་བྱེད་ཀྱི་རྟོག་པ་མི་འཆར༔ ཡོད་པའི་མཚན་མ་མི་དམིགས༔ མེད་པའི་རང་བཞིན་མི་གསལ༔ ཡོད་མིན་མེད་མིན་མ་ཡིན༔ ཡོད་མེད་ཀྱི་བློ་ལས་འདས་པ་ཕྱོགས་སུ་མ་ལྷུང་རྒྱ་གང་དུ་ཡང་མ་ཆད་པ༔ གསལ་འགྲིབ་འགྱུར་ལྡོག་མེད་པས་གང་ལྟར་བྱས་ཀྱང་དེ་ཉིད་མིན་པ་བྱེད་མི་ཤེས་པ༔ བསྒོམ་དུ་མེད་པ་ལ་འབྲལ་དུ་མེད་པ༔ རིན་ཆེན་གསེར་གླིང་དུ་ཕྱིན་པ་ལྟར༔ ཐམས་ཅད་དེ་ཀའི་རང་བཞིན་གསལ་ལ་འཛིན་མེད་ངང་དྭངས་ཆེན་པོར་རིག་པའི་ངོ་བོ་གཅེར་བུར་ཁྲེས་ཀྱིས་སོང་བ་ནི་འབྲས་བུ་ལྷུན་གྲུབ་ཏུ་ལ་ཟློས་པ་ཡིན་ནོ༔ དེ་ཉིད་དབྱར་གྱི་ན་བུན་སངས་དགུན་གྱི་རླུང་མ་ལངས་པ་བཞིན༔ ཀུན་རྫོབ་སྣང་བ་གཟུང་འཛིན་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སངས་ནས་འཁོར་བའི་དོགས་པ་མེད༔ དོན་དམ་ཆོས་ཉིད་བསྒོམ་བྱ་སྒོམ་བྱེད་ཤེས་བྱའི་སྒྲིབ་པ་རང་གྲོལ་ལ་སངས་ནས་སངས་རྒྱས་ལ་རེ་བ་མེད༔ གཉིས་འཛིན་གཉིས་མེད་ཀྱི་སྣང་བ་དེར་འཛིན་གང་ཡང་མེད་པའི་རང་གསལ་རྟོག་མེད་ཆིག་ཆོད་དུ་ཐམས་ཅད་ཀུན་ཏུ་ས་ལེ་མཁྱེན་པའི་ཡོན་ཏན་རང་བཞིན་རྒྱས་པ་ནི༔ རང་བྱུང་ལྷུན་གྲུབ་ཀྱི་ཡེ་ཤེས་ཐམས་ཅད་མཁྱེན་པའི་སངས་རྒྱས་ཞེས་བྱ་བ༔ ད་ལྟ་ཆོས་སྐུ་མངོན་དུ་གྱུར་པ་ཡིན་ནོ༔ འདི་ཀའི་དོན་སྐྱོང་ན་ད་ལྟ་མངོན་པར་རྫོགས་པར་སངས་རྒྱ་བ་ཡིན་ནོ༔ དེའི་ངང་ལ་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས༔ རྒྱུན་དུ་རྩོལ་རྟོག་མེད་པར་ཡོད་པས༔ གདུལ་བྱ་དག་པ་ལ་ལོངས་སྐུ༔ མ་དག་པ་ལ་སྤྲུལ་སྐུ༔ ངེས་མེད་གང་ལ་གང་འདུལ་གྱི་རོལ་པ་ཤུགས་ཀྱིས་འབྱུང་ངོ༔ དེ་དག་ཐམས་ཅད་ཀྱང་མདོར་དྲིལ་ན། ལུང་ལས། སྣང་བ་རང་ཤར་སེམས་སུ་བསྟན༔ སེམས་ཉིད་རང་གྲོལ་ཆོས་ཀྱི་སྐུ༔ ཆོས་སྐུ་མ་བཅོས་ལྷུན་གྱིས་གྲུབ༔ ལྷུན་གྲུབ་རྫོགས་པའི་སངས་རྒྱས་ཡིན༔ ཞེས་གསུངས་པའི་དོན་ཏོ།། །།རྩ་བའི་གཉིས་པ་དབང་འབྲིང་ཡན་ཆད་རྩོལ་མེད་དུ་འཚང་རྒྱ་བ་གསང་ཆེན་གནད་ཀྱི་དོན་ཁྲིད་ལ་བཞི། ལྟ་བ་གོ་ཡུལ་དུ་མ་ཤོར་བ་རིག་པ་མངོན་སུམ་གྱི་གནད་ཀྱིས་ངོ་རང་ཐོག་ཏུ་སྤྲད་པ། སྒོམ་པ་སེམས་འཛིན་དུ་མ་ཤོར་བ་མངོན་སུམ་ཉམས་མྱོང་གི་གནད་ཀྱིས་ཐག་གཅིག་ཐོག་ཏུ་གཅད་པའི་མན་ངག་ངོ་སྤྲོད་པ། སྤྱོད་པ་སྤང་བླང་དུ་མ་ཤོར་བ་ཉམས་མྱོང་ཚད་ལ་ཕེབས་པའི་གནད་ཀྱིས་རྩལ་གྲོལ་ཐོག་ཏུ་སྦྱོང་བའི་ངོ་སྤྲོད་པ། འབྲས་བུ་རེ་དོགས་སུ་མ་ཤོར་བ་ཚད་ཟད་སར་སྐྱོལ་བའི་གནད་ཀྱིས་སྐུ་གསུམ་ལྷུན་གྲུབ་ཏུ་ངོ་སྤྲད་པའོ། །དང་པོ་ནི། ལུས་ཀྱི་འདུག་སྟངས་སྟན་བདེ་བའི་སྟེང་དུ༔ རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བྱ༔ རྒལ་པ་བསྲངས་ལ༔ ལག་པ་མཉམ་གཞག་ཕྱག་རྒྱ་བྱ༔ གཉུག་མའི་གནས་ལུགས་རྟོགས་ཕྱིར་ལུས་མ་ཡོ་དྲང་པོར་བྱའོ༔ ངག་གི་རླུང་རོ་ཕྱིར་བསལ་ནས་ནང་དུའང་མི་གཟུང༔ ཕྱིར་ཡང་མི་སྨྲ༔ དབུགས་རང་ལུགས་སུ་དལ་བར་བྱ༔ བརྗོད་མེད་ཀྱི་དོན་རྟོགས་ཕྱིར་ངག་མི་སྨྲ་བར་བྱའོ༔ ཡིད་ཀྱི་གནད་དུ་ཆོས་སྐུའི་གཟིགས་སྟངས་མིག་སྟེང་གི་དབྱིངས་ལ་བལྟའོ༔ ཆོས་ཉིད་མངོན་སུམ་རིག་ཕྱིར་སེམས་མ་ཡེངས་པར་བལྟའོ༔ བལྟ་རྒྱུའི་དམིགས་པ་ཅི་ཡང་མེད་དེ་དེ་ཉིད་རང་ལ་བལྟ་བ་ཡིན་ནོ༔ བལྟས་པས་ལྟ་རུ་མེད་པའི་ལྟ་བ་མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད་དུ་རིག་སྟེ༔ ཕྱིའི་འབྱུང་བ་ཐམས་ཅད་ནམ་མཁའ་ལས་བྱུང་བས༔ འབྱུང་ལྔ་རང་སར་དག་པའི་ཡེ་དྭངས་ཀྱི་ནམ་མཁའ་མཐོང་བ་ཕྱིའི་སེམས་སུ་རིག༔ ནང་ཉོན་མོངས་པ་དུག་ལྔ་ཐམས་ཅད་རང་གི་སེམས་ལས་བྱུང་བས༔ དུག་ལྔ་སེམས་ལ་རང་སར་དག་པའི་རང་དྭངས༔ ཡིད་འཛིན་མེད་རང་གི་སེམས་སུ་རིག༔ སྣང་བའི་འཆར་སྒོ་ཐམས་ཅད་སྒོ་ལྔའི་རྩ་ནང་གི་ཁ་དོག་ལས་བྱུང་བས༔ སྣང་བ་ཐམས་ཅད་སྟོང་པའི་ནང་དུ་དག་པའི་ངང་དྭངས་བར་གྱི་སེམས་སུ་རིག༔ དེ་ལྟར་མིང་གསུམ་དུ་བཏགས་ཀྱང༔ དོན་ལ་ཕྱི་ནང་མེད་པར་དབྱེར་མེད་གཅིག་ཏུ་འདྲེས་ནས༔ ཟང་ཐལ་དུ་གསལ་བའི་སིང་ངེ་ཡེ་རེ་བ་འདི་ཉིད་མིན་པ༔ གཞན་གྱིས་བར་དུ་ཆོད་པ་ཅི་ཡང་མི་འདུག་པས༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་མིང་དུ་བཏགས་སོ༔ ཆོས་ཉིད་མངོན་སུམ་དུ་མཐོང་བས་འདི་ཉིད་གཏན་ལ་ཕེབས་ནས༔ རང་རིག་པ་ལ་དབང་བསྒྱུར་དུ་ཡོད་པས་སྤྲུལ་སྐུར་འཚང་རྒྱའོ༔ སེམས་ཅན་རྣམས་ཀྱིས་ཕྱིའི་སྣང་བ་སེམས་སུ་མ་ཤེས་གཞན་དུ་གཟུང་། བར་ལུས་ཕུང་བདག་གི་བར་བཟུང་ནས་སྒོ་ལྔའི་རྣམ་ཤེས་སོ་སོར་བལྟས། ནང་ང་དང་བདག་ཏུ་འཛིན་པའི་སེམས་རང་རྒྱུད་པར་བརྟགས་ཏེ་དེ་རྣམས་གཅིག་ཏུ་མ་རྟོགས་པ་སོ་སོར་འཁྲུལ་ནས་འཁོར་བར་འཁྱམས། འདིར་དེ་རྣམས་གཅིག་ཏུ་རྟོགས་ནས་ཕྱི་འབྱུང་བ་ལྔའི་སྣང་བ་ཆུ་ལས་ཆུ་རླབས་ལྟ་བུ། ནང་དུག་ལྔ་ཉི་མ་ལས་ཟེར་ལྟ་བུ། བར་སྒོ་ལྔའི་སྣང་བ་ཁང་སྟོང་གི་སྤྲེའུ་ལྟ་བུ་ཐམས་ཅད་སེམས་ལས་ཤར་ཅིང་སེམས་སུ་གཅིག་པར་ངོ་སྤྲད། དེ་རྣམས་སེམས་མིན་ན་རིག་པ་ནམ་མཁར་གཏད་མེད་དུ་བཞག་པའི་སྐབས་སུའང་འབྱུང་ལྔ་སོགས་འཆར་དགོས་པ་ལ་སེམས་ཡིན་པའི་གནད་ཀྱིས་རང་སར་དག་ནས་མི་འཆར། ཕྱི་ནང་བར་གསུམ་མིང་ཙམ་ལས་དོན་ལ་དབྱེར་མེད་གཅིག་ཏུ་རིག །སེམས་མིན་པའི་ཆོས་གང་ཡང་མེད་པར་ཐམས་ཅད་སེམས་ཀྱི་ཆོས་ཉིད་གཅིག་ཏུ་རིག་ཅིང་། རིག་པའི་ངོ་བོ་དེ་ལྟར་མངོན་སུམ་དུ་ལྷག་གེར་མཐོང་ནས་ཡིད་དཔྱོད་ཚིག་གི་གོ་ཡུལ་དུ་མ་ལུས་པར་གཏན་ལ་ཕེབས་པ་ནི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ། དེ་ཉིད་ཀྱི་དོན་ལས་མ་ཡེངས་པར་བལྟ་རུ་མེད་པའི་དོན་ལ་བལྟ་བ་ནི་མཐའ་བྲལ་གྱི་ལྟ་བ་ཞེས་བྱའོ། །གཉིས་པ་སྒོམ་པ་སེམས་འཛིན་དུ་མ་ཤོར་བ་མངོན་སུམ་ཉམས་མྱོང་གི་གནད་ཀྱིས་ཐག་གཅིག་ཐོག་ཏུ་གཅད་པའི་མན་ངག་ངོ་སྤྲོད་པ་ནི། ལུས་ངག་གི་གནད་དང་འདུག་སྟངས་གོང་དང་འདྲ་བ་ལ། ཡིད་ཀྱི་ལྟ་སྟངས་ལོངས་སྐུའི་གཟིགས་སྟངས་མིག་ཐད་ཀའི་ནམ་མཁར་མ་ཡེངས་པར་བལྟ༔ དེ་ལ་བལྟ་རུ་ཅི་ཡང་མེད་དེ་སྔར་ཐམས་ཅད་སེམས་སུ་རིག་ནས་རིག་པ་མངོན་སུམ་དུ་གསལ་བའི་དོན་ལ་མ་ཡེངས་པར་བྱེད་པ་ལ་སྒོམ་པ་ཞེས་མིང་དུ་བཏགས་པ་ལས༔ གཞན་དམིགས་འཛིན་གྱི་སྒོམ་རྒྱུ་ཅི་ཡང་མེད༔ དེ་ཀའི་ངང་དུ་བཞག་པས༔ རིག་པ་མངོན་སུམ་གྱི་འཆར་ཚུལ་ཐམས་ཅད་མངོན་ཞེན་མེད་པར་སྟོང་པ་ཉིད་དུ་གྲོལ་འགྲོ༔ དངོས་མེད་སྟོང་པའི་རང་རྩལ་མ་འགགས་པར་འཆར་བས་ཉམས་སྣང་ཐོག་མ་མངོན་སུམ་གྱི་བག་ཆགས་ཀྱི་སྣང་བ་སྒྱུ་མ་ལྟ་བུ་འཆར༔ དེ་ནས་གོང་ནས་གོང་དུ་འཕར་ཏེ༔ དབྱིངས་རིག་པའི་མདངས་ཀྱི་འཇའ་འོད་དང་འོད་ཁྱིམ་གྱི་རྣམ་པ་ལྟ་བུར་འཆར༔ ཐིག་ལེ་དང་ཐིག་ཕྲན་ཆུང་ངུ་དང༔ ཐིག་ལེ་སྦྲེལ་མ་རྩིབས་ཤར་གྱེན་དུ་འགྲེང་བའི་རྣམ་པ་ལྟ་བུ་བུན་བུན་པ་འཆར༔ ཐིག་ལེ་གསལ་བའི་ནང་དུ་སྐུའི་རྣམ་པ་འོད་ཀོར་ཅན་ལམ་ལམ་པ་འཆར༔ ཤར་ཡང་དངོས་འཛིན་མེད་པར་རང་གིས་ཉམས་སུ་མྱོང་བས༔ མངོན་སུམ་གྱི་རིག་པ་དངོས་པོ་མ་ཡིན་སྟོང་པར་རྟོགས་པ་བྱ་བ་ཡིན་ནོ༔ དེ་ཉིད་གཏན་ལ་ཕེབས་ནས༔ རང་རིག་དངོས་པོར་མེད་པ་ལ་འཆར་སྒོ་ཡོད་པས་ལོངས་སྐུར་སངས་རྒྱ་བ་ཡིན་ནོ༔ གཞན་དག་གིས་རྟོག་པའི་འཆར་ཚུལ་རང་གི་སེམས་སུ་རིག་ཀྱང་སྟོང་པར་མ་ཤེས་འཆར་སྒོ་ཐ་དད་དུ་ཡོད་པར་བལྟས་པས་དངོས་མཚན་དུ་སོང་ནས་རྟག་ལྟར་གོལ། འདིར་ཇི་ལྟར་ཤར་ཡང་དངོས་འཛིན་མེད་པར་ཤེས་པས༔ སྔར་གྱི་བག་ཆགས་ཀྱི་སྣང་བའི་ཉམས་ཤར་ཡང༔ ཆུ་ནང་གི་ཟླ་བ་བཞིན་དུ་སྣང་བ་ཙམ་ལས་དངོས་པོར་མ་གྲུབ་སྟོང་པར་ངོ་སྤྲད་དོ༔ སྟོང་པ་མིན་ན་ཉམས་སྣང་འཆར་དུ་མི་བཏུབ་སྟེ༔ སྟོང་པ་ཡིན་པས་གང་ཡང་འཆར་དུ་བཏུབ་པས་རང་སེམས་སྟོང་པར་ངོ་སྤྲད༔ དུས་གསུམ་གྱི་སྣང་བ་ཐམས་ཅད་ཀྱང་འཆར་སྒོ་མ་འགགས་དངོས་མེད་སྟོང་པ་ཡིན་པར་ངོ་སྤྲད་དོ༔ དེ་ལྟར་ཐམས་ཅད་སེམས་སུ་རིག༔ སེམས་ལས་ཤར༔ རིག་པ་འཆར་རམ་གནས་སམ་གང་བྱེད་ཀྱང་དངོས་པོར་མ་གྲུབ་སྟོང་པར་ངོ་སྤྲད་དོ༔ སྟོང་ཉིད་མིང་དུ་བཏགས་པ་ཙམ་ལས་དོན་ལ་འཛིན་པ་མེད་པའི་ཡེ་ཤེས་ལ་ཟེར་བ་ཡིན༔ ཐམས་ཅད་རང་སེམས་སྟོང་པ་གཅིག་ཏུ་ཐག་ཆོད་པས༔ སྣང་བ་ཇི་ལྟར་ཤར་ཡང༔ སྟོང་པ་ལས་དངོས་པོ་མེད་པར་ཤེས་ནས༔ རྣམ་རྟོག་མཚན་མའི་དབང་དུ་མི་འགྲོ་བ་ཡིན་ནོ༔ དེ་ལྟར་གཏན་ལ་ཕེབས་ནས་སྟོང་པ་ཉིད་ལ་སྒོམ་དུ་མེད་པའི་ངང་ལ་བཞག་པ་ནི༔ དམིགས་མེད་ཀྱི་སྒོམ་ཞེས་བྱ་སྟེ༔ དམིགས་གཏད་མཚན་མ་མེད་པའི་ངང་སྒོམ་དེ༔ བསྒོམ་དུ་མེད་པའི་འོད་གསལ་འཛིན་མེད་དོ༔ ཞེས་གསུངས་པའི་དོན་ནོ༔ གསུམ་པ་སྤྱོད་པ་སྤང་བླང་དུ་མ་ཤོར་བ་ཉམས་མྱོང་ཚད་ལ་ཕེབས་པའི་གནད་ཀྱིས་རྩལ་གྲོལ་ཐོག་ཏུ་སྦྱོང་བའི་ངོ་སྤྲོད་པ་ནི། ལུས་ངག་གི་གནད་སྔར་དང་འདྲ་བ་ལ༔ ཡིད་ཀྱི་ལྟ་སྟངས་སྤྲུལ་སྐུའི་གཟིགས་སྟངས་མིག་འོག་གི་ནམ་མཁའ་ལ་བལྟ༔ དེ་ལ་བལྟ་རྒྱུ་བསྒོམ་རྒྱུ་ཅི་ཡང་མེད་དེ༔ སྔར་སེམས་ཉིད་སྟོང་པར་ཉམས་སུ་མྱོང་བའི་དོན་དེ་ཀ་སྐྱོང་བ་ལ༔ སྤྱོད་པ་ཞེས་མིང་དུ་བཏགས་པ་ཡིན༔ གཞན་ལོགས་ནས་སྤྱོད་རྒྱུ་ཅི་ཡང་མེད་པ་དེ་ཀའི་ངང་ལ་བཞག་པས༔ འཆར་ཚུལ་ཉམས་ཀྱི་འཕེལ་ཚོ་ཡང་རང་བཞིན་མེད་པར་སྟོང་པ་ཉིད་དུ་གྲོལ་ནས༔ ཉམས་ཀྱི་འཛིན་པ་མེད་པར་ཤར་གྲོལ་དུས་གཅིག་ཏུ་སྟོང་གསལ་ཆེན་པོ་ཕྱོགས་ཆ་མཚན་མའི་བག་ཆགས་མེད་པར༔ སྣང་སྟོང་གཉིས་ཀྱི་འཛིན་པ་རྩོལ་མེད་རང་སར་གྲོལ་ནས་ཇི་ལྟར་བྱས་ཀྱང་སྟོང་གསལ་གྱི་ངང་ལ་རང་ཤར་རང་གྲོལ་དུ་འགྲོ་བ་ནི༔ ཉམས་དང་སྟོང་པའི་ཞེན་པ་མེད་པས༔ མངོན་སུམ་སྟོང་པར་ཉམས་སུ་མྱོང་བའི་མྱང་བྱ་མྱོང་བྱེད་ཀྱི་འཛིན་པ་མེད་པར་རང་གྲོལ་དུ་ཚད་ལ་ཕེབས་པ་བྱ་བ་ཡིན་ནོ༔ འདི་ཉིད་གཏན་ལ་ཕེབས་ན༔ རང་བྱུང་ཕྱོགས་མེད་ཤར་ནས་རྟེན་མེད་དུ་རང་གྲོལ་བས་གསལ་འགྲིབ་མེད་པ་གཉིས་མེད་ཆོས་སྐུར་འཚང་རྒྱ་བ་ཡིན་ནོ༔ མ་རྟོགས་པ་རྣམས་ཀྱིས་སྣང་ཉམས་སྟོང་ཉིད་དུ་རྟོགས་ཀྱང་སྟོང་པ་ལ་སྟོང་པར་བཟུང་བའི་ཞེན་འཛིན་ཕྱོགས་ཆའི་ཆད་ལྟར་གོལ་བ་ཡིན། འདིར་སྣང་སྟོང་གཉིས་ཀ་འཛིན་མེད་སྦྲུལ་མདུད་བཞིན་བཅོས་མིན་རང་ཤར་རང་གྲོལ་དུ་ངོ་ཤེས་པས་འཕགས། དེ་ཉིད་བྱས་པས་གྲོལ་བ་དང་ཤར་བས་སྣང་བ་དང་བལྟས་པས་གསལ་བ་མ་ཡིན། རང་གྲོལ་རང་ཤར་རང་གསལ་གཉིས་སུ་མེད་པར་ངོ་སྤྲད་པ་ཡིན། འཕྲལ་ལ་སྟོང་པར་སོང་བ་མ་ཡིན། གདོད་མ་ནས་ངོ་བོ་ཡེ་སྟོང་། སྣང་སྟོང་གཉིས་ཀྱང་མིང་ཙམ་ལས་དོན་ལ་གཉིས་མེད་ཡིན། གཉིས་སུ་ཡོད་ན་སྣང་བ་སྟོང་པར་མི་འགྲོ། སྟོང་པ་སྣང་བར་མི་འཆར་བས་དབྱིངས་རིག་གཉིས་སུ་མེད་པ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་ངོ་སྤྲད། མདོར་ན་ཐམས་ཅད་སེམས་ལས་ཤར་བས་སེམས་སུ་རིག །རིག་པའི་ངོ་བོ་སྟོང་པར་རྟོགས། གྲོལ་ཅེས་མིང་དུ་བཏགས་པ་ཙམ་ལས་འཛིན་མེད་རང་གསལ་ཡེ་ནས་རང་གྲོལ་རྩོལ་མེད་ཡིན། དེ་ཀའི་ངང་སྐྱོང་བ་ལ་སྤྱད་དུ་མེད་པའི་སྤྱོད་པ་ཤུགས་འབྱུང་ཞེས་བྱ་བ་ཡིན་ནོ། །བཞི་པ་འབྲས་བུ་རེ་དོགས་སུ་མ་ཤོར་བ་ཚད་ཟད་སར་སྐྱོལ་བའི་གནད་ཀྱིས་སྐུ་གསུམ་ལྷུན་གྲུབ་ཏུ་ངོ་སྤྲད་པ་ནི། ལུས་ངག་གི་གནད་སྔར་དང་འདྲ་བ་ལ༔ ཡིད་ཀྱི་གནད་བདེ་བ་ཆེན་པོའི་གཟིགས་སྟངས་གང་བདེས་ནམ་མཁའ་ལ་བལྟ༔ དེ་ལ་མཚན་མའི་ལྟ་སྒོམ་སྤྱོད་རྒྱུ་ཅི་ཡང་མེད༔ ཤུགས་འབྱུང་རང་གྲོལ་གྱི་དོན་དེ་ཀའི་ངང་དུ་དབྱིངས་རིག་གཉིས་མེད་དུ་རྩལ་སྦྱངས་པས༔ སྣང་སྟོང་སེམས་གསུམ་དབྱེར་མེད་གཅིག་ཏུ་འདྲེས་ནས༔ གཟུང་བའི་ཡུལ་སྣང་། འཛིན་བྱེད་ཀྱི་ཤེས་པ་གཉིས་ཀ་ཟད་ནས། གཉིས་འཛིན་ཕྲ་མོ་བག་ལ་ཉལ་གྱི་ཤེས་པ་ཙམ་ཡང་མེད་པར༔ རང་དག་ལ་སོང་ནས་ཅིར་ཡང་མི་རྟོག་པའི་མཉམ་པ་ཉིད༔ གསལ་འགྲིབ་མེད་པར་ངང་གིས་གསལ་བར་འགྱུར་བ་ནི༔ ཆོས་ཉིད་ཟད་སར་སྐྱོལ་བའི་དོན་ཡིན་ནོ༔ དེ་ཉིད་ལ་གསལ་ཆ་ཕྱོགས་མེད་དུ་མ་འགགས་ཀྱང༔ འཛིན་ཆ་ཏིལ་འབྲུ་ཙམ་གཅིག་ཀྱང་མེད་པས་རིག་པའི་ཡེ་ཤེས་ཡིན་ལ༔ དེ་ཉིད་ངོ་བོ་ཅིར་ཡང་མ་གྲུབ་པས་དབྱིངས་ཡིན༔ དེ་ལ་མིང་ཙམ་དུ་དབྱིངས་རིག་གཉིས་སུ་བཏགས་ཀྱང༔ རང་བཞིན་དབྱེར་མེད་གཅིག་ཡིན་པས༔ འབྲས་བུ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཅེས་བྱའོ༔ རྩོལ་སྒྲུབ་ལས་འདས་པ་སྟོང་གསལ་འཛིན་མེད་ཀྱི་ངོ་བོ་ཟང་ཐལ་འདི་ཀ༔ རྒྱུ་ཡིས་མ་བསྐྱེད་ལྷུན་གྲུབ་ཡིན༔ རྐྱེན་གྱིས་མ་བཅོས་རང་བྱུང་ཡིན༔ རྟོག་མེད་གསལ་བས་ཡེ་ཤེས་ཡིན༔ ཀུན་ལ་ཁྱབ་པས་ཆེན་པོ་ཡིན༔ དེའི་ངང་ལ་ཡོན་ཏན་ཐམས་ཅད་རྫོགས་པས་རྫོགས་པའི་སངས་རྒྱས་ལྷུན་གྱིས་གྲུབ་པ་ཞེས་བྱ་བ་ཡང་དག་པའི་དོན་ནོ༔ དེ་ལྟར་མ་རྟོགས་པ་རྣམས་ཀྱིས༔ དབྱིངས་རིག་སྣང་སྟོང་མིང་དུ་བཏགས་པ་ཙམ་ལ་གཉིས་སུ་བཟུང་བས༔ གྲོལ་བྱ་དང་གྲོལ་བྱེད་གཉིས་འཛིན་གྱི་བློ་མ་དག་པ༔ སྣང་བ་སྟོང་པར་ཤེས་ཀྱང་ཤེས་བྱའི་འཛིན་པས༔ ད་རུང་ལམ་གྱི་ཡེ་ཤེས་ལ་གནས་པ་ཙམ་ལས༔ ལྷུན་གྲུབ་ཏུ་སངས་མ་རྒྱས་པ་ཡིན་ནོ༔ འདིར་སྣང་བར་འཆར་རྒྱུ་མེད་སྟོང་པར་དག༔ སྟོང་པའི་ཞེན་རྒྱུ་མེད་རང་བཞིན་གསལ༔ གསལ་སྟོང་གཉིས་སུ་མ་ཕྱེད་གཅིག་ཏུ་མ་གྲུབ་པའི་མཐའ་བྲལ་བསམ་བརྗོད་བློ་ཡི་ཡུལ་ལས་འདས་པ༔ རང་གསལ་གྱི་ངོ་བོ་ཡིན་པ་ལ་གང་དུ་ཡང་མི་གནས་པའི་མྱ་ངན་ལས་འདས་པ༔ སངས་རྒྱས་ཀྱི་དགོངས་པ་ལྷུན་གྱིས་གྲུབ་པ་བྱ་བ༔ འབྲས་བུ་རེ་དོགས་ཀྱི་གཡང་ས་ཆོད་ནས་ད་ལྟར་སངས་རྒྱས་མངོན་སུམ་དུ་གྱུར་པ་སྟེ༔ རྟོག་འཛིན་ཕྲ་མོ་ཙམ་ཡང་མེད་པར་མི་གཡོ་ལྷུན་གྲུབ་སྟོང་པ་ཆོས་སྐུ༔ གསལ་ཆ་མི་འགགས་པས་མཁྱེན་པའི་ཡེ་ཤེས་ཀྱི་རང་རྩལ་ཐུགས་རྗེས་ཀུན་ལ་ཁྱབ་ཅིང་གཟུགས་སྐུས་འགྲོ་བའི་དོན་འབྱུང་བ༔ དེ་ཀའི་ངང་ལ་ངང་གིས་རྩལ་སྦྱོང་བ་ལས་གཞན་ཅིར་ཡང་བྱར་མེད་པས་རྫོགས་པ་ཆེན་པོ་བྱར་མེད་ལྷུན་གྲུབ་ཅེས་བྱའོ༔ ཁྲིད་རིམ་འདིའི་ཡན་ལག་བརྡ་དོན་གསང་བ་སྙིང་ཐིག་གི་ངོ་སྤྲོད་དང་། ཐུན་མོང་ལམ་གྱི་ཆ་རྐྱེན་དུག་ལྔ་རང་གྲོལ་གྱི་ལམ་ཁྱེར། ཉམས་སུ་བླངས་པའི་རྟགས་ཚད་རྣམས་ནི་གཞུང་དུ་ཤེས་པར་བྱའོ།། །།གསུམ་པ་རྗེས་ཀྱི་མན་ངག་མཐར་ཐུག་ཏུ་ལ་ཟློ་བའི་ཚུལ་ལ་བཞི། གང་ཟག་དབང་པོ་རབ། འབྲིང་། ཐ་མ། ཡང་མཐའི་རིམ་པའོ། །དང་པོ་གང་ཟག་དབང་པོ་དང་བརྩོན་འགྲུས་རབ་ཏུ་གྱུར་པ་རྣམས། མི་ཆེན་པོ་རང་གིས་རང་སྐྱོང་བ་དང་འདྲ་བར༔ རང་གིས་རྟོགས་ཤིང་བླ་མས་ངོ་སྤྲད་པའི་དོན༔ རང་སེམས་ཆོས་སྐུར་མངོན་སུམ་དུ་རྟོགས་པ་དེའི་ངང་ཟང་ཐལ་ངེས་མེད་གང་བདེར་སྐྱོང་བ་ལས༔ གཞན་ཅིའང་བྱར་མེད་དེ་ཟླ་བ་གསུམ་གྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་གསུངས་སོ། །གཉིས་པ་གང་ཟག་དབང་པོ་དང་བརྩོན་འགྲུས་འབྲིང་རྣམས། བྱིས་པ་མི་ཡིན་ཡང་རྩལ་རིམ་གྱིས་རྫོགས་དགོས་པ་དང་འདྲ་བར༔ བལྟ་རུ་མེད་པའི་ལྟ་བ་ཕྱོགས་མེད་དུ་རྟོགས༔ སྒོམ་དུ་མེད་པའི་གསལ་སྟོང་འཛིན་མེད་ཉམས་སུ་མྱོང༔ སྤྱད་དུ་མེད་པའི་སྤྱོད་པ་ཤུགས་འབྱུང་རང་གྲོལ་གྱི་ངང་དུ་མ་ཡེངས་བྱར་མེད་ལྷུག་པར་ཉལ། ཞི་གནས་ལ་མི་ཞེན། ལྷག་མཐོང་གོ་ཡུལ་དུ་མ་ཤོར་བར་རྩལ་སྦྱངས་པས་ལོ་གསུམ་ན་འཚང་རྒྱ་བར་གསུངས་སོ། །གསུམ་པ་གང་ཟག་དབང་པོ་དང་བརྩོན་འགྲུས་ཐ་མ་ཅན་རྣམས། བུ་ཆུང་མི་ཡིན་ཡང་ཆེན་པོར་འགྲོ་བ་ལ་ཕ་མས་ལེགས་པར་བསྐྱང་དགོས་པ་ལྟར༔ གནས་དབེན་པ་བརྟེན་ནས་རང་སེམས་སངས་རྒྱས་སུ་ཤེས་པ་དེ་ཉིད་བལྟ་རུ་མེད་ཀྱང་བལྟ་བའི་ཉུལ་མ་བྱ། སྒོམ་དུ་མེད་ཀྱང་དམིགས་མེད་ཀྱི་ངང་དུ་མ་ཡེངས་པ་བྱ། སྤྱོད་པར་སྤང་བླང་མེད་ཀྱང་ཆོས་དང་མི་འགལ་བར་བྱ། འབྲས་བུ་ལྷུན་གྲུབ་ཡིན་ཀྱང་སྙོམ་ལས་ལེ་ལོའི་དབང་དུ་མ་ཤོར་བ་བྱས་པས་ལོ་བདུན་ན་འཚང་རྒྱ་བར་གསུངས་སོ། །བཞི་པ་གང་ཟག་དབང་པོ་དང་བརྩོན་འགྲུས་ཡང་མཐའ་ཅན་རྣམས། ལྟ་སྒོམ་གྱི་དོན་མཐོང་ཞིང་གོ་བ་ལ་བརྟེན་ནས་འབྲས་བུ་ལ་རེ་དོགས་མེད་པའི་ངང་ནས་མི་དགེ་བ་སྤང་། དགེ་བ་ཅི་ནུས་བསྒྲུབ། དམ་ཚིག་དང་སྡོམ་པ་ཉེས་ལྟུང་མེད་པར་བསྲུང་། བླ་མ་དང་རང་སེམས་གཉིས་སུ་མེད་པའི་ངང་ནས་མོས་གུས་དང་གསོལ་འདེབས་དང་ཞབས་ཏོག་བྱ༔ བདག་དང་སེམས་ཅན་གཉིས་སུ་མ་གྲུབ་པའི་ངང་ནས་མ་རྟོགས་འཁྲུལ་པའི་འགྲོ་བ་ལ་གང་ཕན་བྱ༔ རང་འདོད་ཀྱི་འདུན་པ་མེད་པའི་ངང་ནས་འགྲོ་བའི་དོན་དུ་བསྔོ་བ་སྨོན་ལམ་བྱ༔ དེ་རྣམས་ཐམས་ཅད་བདེན་མེད་སྒྱུ་མ་ཙམ་དུ་ཤེས་པའི་ཤེས་རབ་ཀྱིས༔ དོན་རང་སེམས་ཆོས་ཉིད་ཡིན་པའི་དྲན་པས་ཟིན་པའི་ངང་ནས་གཏད་མེད་དུ་བསྐྱངས་པས༔ ཚེ་གཅིག་ལ་སངས་རྒྱས་ཏེ་སྲིད་པ་བར་དོར་མི་འཁྲུལ་བ་ཡིན་ནོ༔ ལེ་ལོ་ཅན་གཅིག་ཡིན་ཡང་ཆོས་འདི་ཐོས་པ་དང་བཅངས་པ་ཙམ་ལ་བརྟེན་ནས་མོས་གུས་བྱས་པས༔ འཆི་ཁར་རང་གར་འདོད་པའི་སར་འདུན་པ་གཏད་པས༔ བར་དོ་མེད་པར་སྐྱེ་བ་གང་ལ་འཇུག་པར་རང་དབང་ཐོབ་ནས་ལས་ཀྱི་འཕྲོ་མཐུད་ནས་ཕྱི་མར་འཚང་རྒྱ་བ་ལ་ཐེ་ཚོམ་མེད་པ་ནི་རྫོགས་པ་ཆེན་པོའི་ཆོས་འདི་ཉིད་ཀྱི་ཆེ་བའི་ཡོན་ཏན་ཡིན་པར་གསུངས་སོ། །ཨ་ཏི་གྲོལ་བ་བཞི་ལྡན་ཡང་ཟབ་བཅུད། །རྩོལ་མེད་སངས་རྒྱས་སྒྲུབ་ལ་ཉེ་བའི་ལམ། །ཀུན་བཟང་ཐུགས་ཀྱི་བསྟན་འདིར་རབ་སྣང་བས། །དབུལ་པོས་ནོར་བུ་རྙེད་ལྟར་གཅེས་པར་ཟུངས། །འདིར་འབྲེལ་དགེ་བས་བདག་གཞན་ཡིད་ཅན་ཀུན། །གཏད་མེད་རྒྱ་ཡན་དགོངས་པའི་བཙན་ས་ཟིན། །ཟག་བཅས་དབྱིངས་ཐིམ་ཟག་མེད་འཇའ་སྐུར་ཤར། །ཆོས་སྐུའི་ཀློང་ནས་གཟུགས་སྐུས་དོན་མཛད་ཤོག །ཅེས་པ་འདི་ཉིད་བཀའ་བབས་བདུན་གྱི་མངའ་བདག་འཁོར་ལོའི་དབང་ཕྱུག་རྗེ་བླ་མ་༧པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞལ་སྔ་ནས་རྗེས་སུ་གནང་བ་ཆེད་དུ་བསྩལ་ཅིང་། བསྟན་འགྲོའི་དཔལ་མགོན་ཛ་ཀ་མཆོག་གི་སྤྲུལ་པའི་སྐུ་དང་དགེ་མང་མཆོག་སྤྲུལ་རིན་པོ་ཆེ་རྣམ་པ་གཉིས་ནས་ཀྱང་གསུང་བསྐུལ་གནང་བ་ལྟར། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་གཏེར་གཞུང་ཉིད་སོར་བཞག་ལ། ཁ་གསལ་ཕྲན་བུ་དང་ཚིག་སྣ་ཅུང་ཟད་བསྡུས་ཏེ་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བཀོད་པ་དགེ་ལེགས་འཕེལ།། །།
རིན་ཆེན་གཏེར་མཛོད་ཞལ་སྐོང་ཞུས་པ་རྣམས་ཀྱི་བརྒྱུད་ཡིག་ཡིད་ཆེས་དད་པའི་གསོས་སྨན་ (Volume 2, Text 3)
༄༅། །རིན་ཆེན་གཏེར་མཛོད་ཞལ་སྐོང་ཞུས་པ་རྣམས་ཀྱི་བརྒྱུད་ཡིག་ཡིད་ཆེས་དད་པའི་གསོས་སྨན་ཞེས་བྱ་བ་བཞུགས་སོ། ། སྟོན་འཁོར་དགོངས་ཀློང་དབྱེར་མེད་ཆོས་སྐུའི་མཁར། །སྨིན་པ་རྒྱ་མཚོ་བརྡ་བརྒྱུད་རྒྱུ་སྐར་ཟླའི། །སྙན་བརྒྱུད་སྣང་བས་སྨིན་གྲོལ་ཀུ་མུ་ད། །བཞད་མཛད་བླ་མ་ལྷར་བཅས་རྒྱལ་གྱུར་ཅིག །རྒྱལ་བསྟན་རྩ་བ་དམ་ཆོས་རིན་ཆེན་ལ། །ཐོས་པའི་མཛོད་བསགས་བསམ་པས་སྙིང་པོ་བླངས། །བསྒོམས་པས་རྒྱུད་གྲོལ་བསྟན་ལ་ཞབས་ཏོག་གིས། །གཞན་ཕན་སྒྲུབ་པ་དམ་པའི་རྣམ་ཐར་ལགས། །དེ་ལྟར་ཚུལ་བཞིན་སྤྱོད་པའི་ནུས་ཕྲ་ཡང་། །དད་པ་ཁོ་ནའི་ཉེ་བར་ལེན་པ་དང་། །ལྷག་པའི་བསམ་པས་རྒྱལ་བསྟན་ཞབས་ཏོག་ཏུ། །རློམས་པས་རྒྱུ་མཚན་གནད་ནས་དཀྲོལ་ཕྱིར་བརྩམ། །དེ་ཡང་བོད་ཡུལ་བསྟན་པ་སྔ་དར་གསང་སྔགས་རྙིང་མ་ལ་གྲགས་ཆེ་ཞིང་། གསར་མའི་མཁས་གྲུབ་རྣམས་ལའང་བཀའ་བབས་ཅི་རིགས་བཞུགས་པའི་ཟབ་གཏེར་ཆོས་ཀྱི་རྩ་བ་ཐམས་ཅད་ཚང་ཞིང་། བརྒྱུད་པ་ཁུངས་བཙུན་པ་རིན་ཆེན་གཏེར་མཛོད་ཆེན་མོ་འདི་ཉིད་ཡིན་ལ། སྤྱིར་གུ་རུ་རིན་པོ་ཆེ་ནི་སངས་རྒྱས་ཀུན་གྱི་གསུང་རྡོ་རྗེ་མཆོག་གི་རྡོ་རྗེ་སློབ་དཔོན་གྱི་སྐུར་བཞེངས་པ། རིག་པ་རྩལ་གྱི་དབང་ཐོབ་པས་གསང་སྔགས་ཀྱི་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་བཀའ་བབས་པས། ཡེ་ཤེས་ཀློང་དགུའི་སྤྱི་དཔལ་བརྒྱད་དང་དབྱེར་མེད་པ་བཀའ་བབས་རིག་འཛིན་བརྒྱད་ཀྱིས་ཀྱང་ཞབས་ལ་བཏུད་པས། ཁྱབ་བདག་ཧེ་རུ་ཀ་དངོས་དང་དབྱེར་མེད་ཅིང་དབང་གི་ཆུ་བོ་ཆེན་པོ་བཞི་གཅིག་ཏུ་འཁྱིལ་བའི་བཀའ་བབས་ཁྱད་པར་ཅན་བརྙེས་ཤིང་། དེ་ཡི་ཐུགས་སྲས་ཟབ་མོ་གཏེར་བརྒྱུད་ལ་སྤྱོད་པ་རྣམས་ཀྱང་བརྒྱུད་པའི་ཁྱད་པར་དྲུག་དང་ལྡན་པ་ཤ་སྟག་སྟེ། དེ་ཡང་ལས་ཅན་རྗེ་འབངས་རྣམས་ལ་དུས་མཐར་ས་རྟགས་དུས་རྟགས་དང་བཅས་ཏེ་འདི་དང་འདི་ལྟར་འགྱུར་ཞེས་ལུང་བསྟན་པ་བཀའ་བབས་ལུང་བསྟན། ད་ལྟ་གུ་རུ་རིན་པོ་ཆེ་དངོས་ལས་ཐོབ་པའི་དབང་དང་གདམས་ངག་རྣམས་དུས་ཚོད་གང་ལ་ཇི་ལྟར་འཚམས་པ་དེ་བཞིན་མ་འོངས་ཕྱི་མའི་དུས་དེར་ཡང་ཁྱེད་ཀྱི་སྙིང་ལ་བབས་པར་གྱུར་ཅིག་ཅེས་གུ་རུ་རིན་པོ་ཆེས་དུས་གསུམ་གཟིགས་པའི་དགོངས་པ་གཏད་པའི་སྨོན་ལམ་གྱི་དབང་བསྐུར་ཞིང་རྗེ་འབངས་སོ་སོས་ཀྱང་གུ་རུའི་དགོངས་པ་བཞིན་འགྲུབ་པའི་སྨོན་ལམ་གཅིག་ཏུ་ཐེབས་པར་བཏབ་པ་སྨོན་ལམ་དབང་་་་བསྐུར། དུས་དེ་ཡོལ་བ་མེད་པར་ཤོག་སེར་སོགས་ཡེ་ཤེས་རྒྱུད་འཕོས་ཆེད་དུ་རྙེད་ཅིང་ཆོས་དེ་སྐལ་ལྡན་གྱི་སློབ་མ་ལ་གཏད་པས་གཏེར་སྟོན་རང་གིས་དངོས་གྲུབ་ཐོབ་ཅིང་བརྒྱུད་འཛིན་རྒྱས་པ། སྐལ་མེད་ལ་གསང་སྒོ་མི་རལ་བ། ཆོས་བྱིན་ཆེ་བ་སོགས་སུ་བྱ་རའི་ཆེད་མ་མོ་མཁའ་འགྲོ་ལ་གཏད་པ་མཁའ་འགྲོ་གཏད་རྒྱ་སྟེ། གཏེར་གྱི་སྒོས་བརྒྱུད་གསུམ་དང་། གཏེར་ཐོན་པའི་ཚེ་གཏེར་སྟོན་གྱི་རྒྱུད་ལ་གུ་རུ་རིན་པོ་ཆེའི་འོད་གསལ་གྱི་དགོངས་པ་ཐོད་རྒལ་དུ་སྙིང་ལ་བབས་པ་དགོངས་བརྒྱུད། བརྡ་ཡི་གཏེར་ཡིག་རྙེད་ཅིང་གུ་རུ་ལས་ཕྱི་མའི་དུས་སུ་སློབ་མ་ལ་བརྡ་དབང་བསྐུར་ཅིག་ཅེས་གནང་བ་ཐོབ་པའི་བརྡ་ཡི་དོན་སད་པ་བརྡ་བརྒྱུད། ཤོག་སེར་ལ་ངག་དང་སྒྲ་མེད་ཀྱང་དེ་ལས་ཚིག་དོན་ཡོངས་རྫོགས་བརྡ་འཕྲོད་ཅིང་ཞལ་ཤེས་དང་ཕྱག་བཞེས་མཁྱེན་པ་སྙན་བརྒྱུད་རྫོགས་པ་སྟེ་བརྒྱུད་པ་དྲུག་ལྡན་དུ་གྱུར་པའི་གུ་རུའི་ཞལ་སྐྱིན་དུ་བཞུགས་པའི་གཏེར་སྟོན་གྲུབ་ཐོབ་ཀུན་གྱི་ཐོག་མ་་་་་་རྒྱལ་སྲས་ལྷ་རྗེའི་རྣམ་འཕྲུལ་གྱི་དང་པོ་འགྲོ་འདུལ་སངས་རྒྱས་བླ་མ་ནས། དེང་གི་ཆར་གཏེར་སྟོན་རྒྱལ་པོ་ལྔའི་ཡ་གྱལ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་གནས་གཏེར་བརྒྱ་རྩའི་སྒོ་འབྱེད་མཆོག་གྱུར་བདེ་ཆེན་གླིང་པ། མཛོད་ལྔའི་ཤིང་རྟ་ཆེན་མོ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་གསུམ་ལ། ཟབ་གཏེར་དབང་བའི་རིག་འཛིན་སྔ་རྗེས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་། རང་རང་ལ་དབང་བའི་གཏེར་ཁ་རྣམས་ཀྱི་བྱིན་རླབས་དང་བཅས་ཆོས་ཀྱི་མཛོད་གཏད། ཌཱ་ཀི་ཆོས་སྲུང་གིས་གླེགས་བམ་དངོས་སུ་ཕུལ། གུ་རུ་རིན་པོ་ཆེ་དང་ཆོས་བདག་མཁའ་འགྲོ་རྣམས་ཀྱིས་གསང་བ་རྒྱ་མཚོ་སྡུད་པའི་བྱེད་པ་པོར་བཀས་ལུང་བསྟན། མདོ་རྒྱུད་ཐམས་ཅད་ནས་བསྟན་པའི་བྱ་བ་མཛད་པ་པོར་ལུང་གིས་ཆེད་དུ་བསྔགས་པ་ལྟར་སྔོན་གྱི་སྨོན་ལམ་དུས་སུ་བབས་པས་བསྟན་པ་ཡོངས་རྫོགས་ཀྱི་ཆོས་སྐུའི་མཆོད་སྡོང་ཆེན་པོ་མཛོད་ཆེན་ལྔ་དང་རྒྱུད་སྡེ་དང་སྒྲུབ་ཐབས་ཀུན་བཏུས་རྣམས་བསྐྲུན་པར་མཛད་པ་ལས། སྐབས་སུ་བབས་པ་རིན་ཆེན་གཏེར་མཛོད་ཆེན་མོར་རབ་འབྱམས་རྩ་གསུམ་ཆོས་སྐྱོང་དང་བཅས་པའི་སྒྲུབ་ཐབས། དབང་བཀའ། བསྐྱེད་རྫོགས་དང་བཅས་པ་ཡོངས་སུ་རྫོགས་པ། མཆོག་དང་ཐུན་མོང་གི་ལས་དང་དངོས་གྲུབ་མཐའ་དག་སྒྲུབ་བྱེད་ཚང་ལ་མ་ནོར་བ། བརྒྱུད་ཐག་ཉེ་ཞིང་དམ་ཉམས་དང་རྟོག་གེས་བསྲེ་བསླད་མ་ཞུགས་པ་འདི་འཕགས་ཡུལ་དུ་འཕྲུལ་སྤར་འདེབས་པའི་རྣམ་དཀར་བགྱི་བའི་ཚེ། འཇམ་མགོན་ཐམས་ཅད་མཁྱེན་གཟིགས་རྣམ་གཉིས་ཀྱི་ཆོས་ཚན་གྱི་ཐོར་གསལ་རུང་མཛད་བཟང་རྟེན་འབྲེལ་འཕྲོ་ཅན་དུ་གྱུར་པའི་ཞལ་སྐོང་ཞུ་འོས་གཙོ་བོ། མཆོག་གླིང་ཟབ་གཏེར་སྙིང་ཐིག་སྐོར་བདུན་ལས། ལོ་ཆེན་བཻ་རོའི་སྙིང་ཐིག་རྫོགས་ཆེན་སྡེ་གསུམ་ནི། གཏེར་གནས་སྨད་ཤོད་ཛམ་ནང་པདྨ་ཤེལ་ཕུག་ནས་སྤྱན་དྲངས་ཏེ་གཏན་ལ་ཕབ་རིམ་བཞིན། རྩ་བའི་ཆོས་བདག་ཀུན་མཁྱེན་བླ་མ་མཁྱེན་བརྩེའི་དབང་པོ་དང་ལྷན་ཅིག་གསང་བའི་བདག་པོ་གཡུ་སྒྲའི་རྣམ་འཕྲུལ་གཏེར་སྲས་རིག་འཛིན་ཚེ་དབང་ནོར་བུའི་གསན། དེས་གཏེར་ཆེན་བླ་མའི་ཐུགས་ཀྱི་གདན་ས་སྨིན་གྲོལ་ནོར་བུའི་གླིང་ནས་གཏེར་ཆེན་མཆོག་སྤྲུལ་རྣམ་གཉིས། གཏེར་སྲས་མཆོག་སྤྲུལ་སྐུ་མཆེད་ལྔ་ལ་སྨིན་གྲོལ་ཟབ་རྒྱས་སུ་བསྩལ། དེ་ནས་གཏེར་ཆེན་གདན་ས་རྟེན་མཆོག་འགྱུར་མེད་གླིང་ནས་གཏེར་སྤྲུལ་རིན་པོ་ཆེ་འགྱུར་མེད་པདྨ་ཐེག་མཆོག་བསྟན་འཕེལ་ལས། བདག་གི་སྐྱབས་གཅིག་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་ཀུན་བཟང་འོད་གསལ་སྙིང་པོ་རྩལ་གྱིས་གསན་ཏེ་ཤྲཱི་ནཱ་ལེནྡྲ་གཉིས་པ་བཀའ་གཏེར་ཆོས་ཀྱི་གསང་མཛོད། མཁས་གྲུབ་རྒྱ་མཚོའི་མདུན་ས། རྫོང་སར་བཀྲ་ཤིས་ལྷ་རྩེའི་གཟིམ་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ནང་། ཀཿཐོག་སི་ཏུའི་མཆོག་སྤྲུལ་སོགས་བདག་ཅག་རྣམས་ལ་སྨིན་གྲོལ་ཞིབ་རྒྱས་སུ་བསྩལ་ཞིང། གུས་ལ་རྗེ་བླ་མས་མཛད་པའི་དབང་ཆོག་བཀླག་ཆོག་ཏུ་བསྒྲིག་པ་དང་། ཁྲིད་ཡིག་འབྲི་དགོས་པའི་བཀས་དབུགས་དབྱུང་ཐོབ་པ་དང་། རྩ་གསུམ་འོད་གསལ་སྙིང་ཐིག་འདི་ཀུན་མཁྱེན་འཇིགས་མེད་གླིང་པ་ལ་ཡེ་ཤེས་མཁའ་འགྲོས་ཤོག་སེར་ཤོག་དྲིལ་ལྔ་གནང་བའི་ཀློང་ཆེན་སྙིང་ཐིག་གི་ཕབ་འཕྲོ་ཡིན་པར་གསུངས་ཤིང་། འཇམ་མགོན་རིན་པོ་ཆེ་སྐུ་ཚེའི་སྨད་ཙམ་དུ་བཀའ་རྒྱ་དཀྲོལ་ནས་གཏན་ལ་ཕབ་སྟེ་ཐམས་ཅད་མཁྱེན་གཟིགས་འཇམ་པའི་རྡོ་རྗེ་བློ་གྲོས་མཐའ་ཡས་ལ་གནང་བ་ལས། ཐུགས་སྲས་མཁས་གྲུབ་ཀྱི་དབང་ཕྱུག་ཀཿཐོག་སི་ཏུ་པཎྚི་ཏ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ་དང་། མཁས་དབང་བླ་མ་བཀྲ་ཤིས་ཆོས་འཕེལ་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་འཁོར་ལོའི་མགོན་པོ་འཇམ་མགོན་ཆོས་ཀྱི་བློ་གྲོས་ཀྱིས་གསན་པ་ལས། ཟུར་མང་གཏེར་ཆེན་རོལ་རྡོར་སྐུ་ཕྲེང་ལྔ་པ་དང་བདག་ཅག་བཅས་རྗེས་སུ་བཟུང་ཞིང་། འདི་ལ་གཏེར་གཞུང་རྡོ་རྗེའི་ཚིག་རྐང་ལས་མེད་པས་འདི་དག་ཆོག་ཁྲིགས་གྱིས་ཞེས་ཆེད་དུ་བཀའ་གནང་བ་དང་། ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོའི་སྐོར་དབང་ཆོག་ཙམ་ལས་གཞན་མི་འདུག་གསུངས་ཤིང་། འཇིགས་བྲལ་གྱི་སློབ་དཔོན་མདོ་སྔགས་གླིང་པའི་ཞལ་སྔ་ནས། མཁན་ཆེན་ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེ་ལས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་གསན་ནས་གུས་ལ་གནང་ཞིང་མཚམས་སྦྱོར་བྲིས་ཤིག་ཅེས་བཀའི་གནང་བ་བསྩལ་པ་རྣམས་གལ་ཆེ་ཤོས་དང་། གཞན་ཡང་འཇམ་མགོན་གཏེར་བྱོན་གུ་རུའི་རྣམ་ཐར་རྡོ་རྗེ་རྒྱན་ཕྲེང། བཻ་རོའི་རྣམ་ཐར་པདྨའི་དགའ་ཚལ་གཉིས་ཀྱི་བརྒྱུད་པ། འཇམ་མགོན་གུ་ཎ། བཀྲ་ཤིས་ཆོས་འཕེལ། རྗེ་དྷརྨ་མ་ཏི། དེ་ལས་སོ། །ལས་འཕྲོ་གཏེར་བརྒྱུད་ཀྱི་རྣམ་བཤད་ཉུང་གསལ་ངོ་མཚར་རྒྱ་མཚོ། རྡོ་གྲུབ་གསུམ་པ་འཇིགས་མེད་བསྟན་པའི་ཉིི་མ། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། རྡོ་གྲུབ་བཞི་པ་ཐུབ་བསྟན་ཕྲིན་ལས་དཔལ་འབར་ལས་བདག་གིས་ཐོབ་བོ། །རྩ་གསུམ་དྲིལ་སྒྲུབ་ཟིན་བྲིས། མཁྱེན་བརྩེ། མི་ཕམ། དྷརྨ་སཱ་ར། གཏེར་སྟོན་དྲི་མེད་པདྨ་གླིང་པ། མཉན་སྤྲུལ་དགུ་པ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མ་ལས་ཐོབ་བོ། །བྱང་གཏེར་ལེའུ་བདུན་མའི་གསོལ་འདེབས་ཀྱི་རྟེན་བསྐྱེད་འཇམ་མགོན་གུ་ཎའི་གསུང་། གུ་ཎ། ཟུར་མང་དྲུང་ཆོས་ཀྱི་ཉིན་བྱེད། བཀའ་འགྱུར་བླ་མ་ཀརྨ་ལྷུན་གྲུབ་ལས་བདག་གིས་ཐོབ་བོ། །མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་ཕྱི་སྒྲུབ་བླ་མ་མཆོད་ཆོག་དབང་། མཆོག་གླིང་། མཁྱེན་བརྩེ། གནས་དགོན་མཆོག་སྤྲུལ་གཉིས་པ་པདྨ་ཐེག་མཆོག་བསྟན་འཕེལ། འཇམ་མགོན་དྷརྨ་མ་ཏི། དེ་ལས་སོ། །གསང་ཐིག་སྔགས་སྲུང་མའི་དབང་རྒྱུན། གུ་ཎ། མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར། མཆོག་སྤྲུལ་པདྨ་ཐུགས་རྗེའི་དབང་ཕྱུག །དྷརྨ་མ་ཏི། དེ་ལས་སོ། །མཁྱེན་བརྩེའི་གཏེར་བྱོན་ཁྲི་སྲོང་བླ་སྒྲུབ་ཡེ་ཤེས་སྣང་བ་རྒྱས་པ་དང་། དབང་ཆོག་བདུད་རྩིའི་སྤྲིན་ཆེན་གྱི་བརྒྱུད་པ། མཁྱེན་བརྩེ། དྷརྨ་སཱ་ར། དྷརྨ་མ་ཏི། དེ་ལས་སོ། །ཡང་ན་མཁྱེན་བརྩེ། སེམས་དཔའ་ཆེན་པོ་བློ་གྲོས་བཟང་པོ། ཤེས་རབ་འོད་ཟེར། དྷརྨ་མ་ཏི། དེ་ལས་སོ། །དཔལ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་རྣམ་བཤད། མི་ཕམ། དྷརྨ་སཱ་ར། དྷརྨ་མ་ཏི། དེ་ལས་སོ། །ཡང་ན་མི་ཕམ། ཉེ་གནས་བླ་མ་འོད་གསལ། དེ་ལས་སོ། །བསམ་གཏན་བདེ་ཆེན་གླིང་པའི་ཡང་གསང་བཀའ་བརྒྱད་དྲེགས་འདུལ་དོན་དབང་། ཆོས་རྒྱལ་ཡན་བདེ་འདུས་ལྟར་ལ། དེ་ཕྱིན་གུ་རུ་རིན་པོ་ཆེ། གཏེར་སྟོན་བསམ་གཏན་བདེ་ཆེན་གླིང་པ། པདྨ་འོད་གསལ་མདོ་སྔགས་གླིང་པ། འཇམ་མགོན་བླ་མ་ཆོས་ཀྱི་བློ་གྲོས་མཆོག་གི་ཞལ་སྔ་ནས་བདག་དིལ་མཁྱེན་མངྒ་ལས་བཀའ་དྲིན་ཐོབ་པ་སྟེ་དབང་རྒྱུན་རིང་བརྒྱུད་མི་བཞུགས་ཀྱང་། ཀུན་མཁྱེན་དྷརྨ་མ་ཏིས་ཉེ་བརྒྱུད་དུ་གཏན་ལ་ཕབ་པའོ། །སྙན་བརྒྱུད་གཤིན་རྗེའི་བརྒྱུད་འདེབས་མཆོག་གླིང་གསུང་། སྙན་བརྒྱུད་གཤིན་རྗེའི་སྐབས་ལྟར་རོ། །འཇམ་མགོན་གཏེར་བྱོན་གསང་ཐིག་ཚེ་རྟ་ཟུང་འབྲེལ་ཕྲིན་ལས་ཕྱི་ནང་གསང་བའི་སྒྲུབ་ཐབས་ལུས་དཀྱིལ་མངོན་རྟོགས་ཚེ་དབང་བཅས་གཏེར་གཞུང་དང་ཚེ་དབང་རིན་ཆེན་གཏེར་བུམ་བཅས་ཀྱི་བརྒྱུད་པ། གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། པདྨ་ཐུགས་རྗེའི་དབང་ཕྱུག །དྷརྨ་མ་ཏི། ཡང་ན་བླ་མ་བཀྲ་ཤིས་ཆོས་འཕེལ། ཞེ་ཆེན་ཀོང་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས། ཙ་འདྲ་མཆོག་སྤྲུལ་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར། དྷརྨ་མ་ཏི། དེ་ལས་སོ། །འཇམ་མགོན་གཏེར་བྱོན་དཔལ་ཡང་དག་ཧེ་རུ་ཀའི་གསང་བ་ཐུགས་ཀྱི་ཏནྟྲ་གཏེར་གཞུང་དང་། དབང་ཆོག་བདེ་ཆེན་སྙིང་པོ་བཅས་ཀྱི་བརྒྱུད་པ་གོང་གི་ཚེ་རྟ་ཟུང་འབྲེལ་དང་འདྲའོ། །མཁྱེན་བརྩེའི་སྙན་བརྒྱུད་ཕུར་པའི་གནད་ཏིག་གི་ལས་བྱང་ཕྲིན་ལས་རྣམ་རོལ། དེའི་ཟུར་འདེབས། སྐོང་བ། གཏོར་ཟློག །ལས་བཞིའི་སྦྱིན་སྲེག་མདོར་བསྡུས། མནན་པ་རྡོ་རྗེའི་རི་རབ་བཅས། དྷརྨ་མ་ཏི། དེ་ལས་སོ། །འཕགས་མའིསྙིང་ཐིག་བསྙེན་ཡིག་ཟིན་བྲིས་ཟླ་ཟེར་བདུད་རྩིའི་ཐིག་ལེ། གུ་ཎ། དྷརྨ་སཱ་ར། དྷརྨ་མ་ཏི། ཡང་ན་དྷརྨ་སཱ་ར་ལས། ཡབ་རྗེ། དྷརྨ་མ་ཏི། དེ་ལས་སོ། །རྒྱུད་སྡེ་བཞི་འབྲེལ་སྒྲོལ་མའི་དོན་དབང་། མཁྱེན་བརྩེ། ཀཿཐོག་སི་ཏུ། རྗེ་དྷརྨ་མ་ཏིའམ། ཡང་ན་མཁྱེན་བརྩེ། སྨད་ཤོད་བླ་མ་བྱང་ཆུབ་བསྟན་འཕེལ། དྷརྨ་མ་ཏི། དེ་ལས་སོ། །ཀུན་མཁྱེན་རྒྱལ་དབང་ལྔ་པའི་རྟ་མགྲིན་གཉེན་པོ་ལྷ་བཞིའི་སྒྲུབ་ཐབས། དབང་བཅས། དྭངས་མ་བཅུད་འདྲེན་སྐབས་ལྟར་རོ། །ཚེ་ལྷ་རྣམ་གསུམ་མཆོད་ཆོག་དང་བླ་རྣལ་མཁྱེན་བརྩེ། གུ་ཎ། ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེས་བདག་ལའོ། །ཡང་མཁྱེན་ཀོང་གཉིས་ལས་བློ་གཏེར་དབང་པོ། དྷརྨ་མ་ཏི། དེ་ལས་སོ། །མཆོག་གླིང་བླ་མ་ནོར་ལྷའི་བསྐང་བ་མཁན་རཏྣའི་གསུང་། མཁན་རཏྣ། ཟུར་མང་རོལ་རྡོར་ལྔ་པ་ལས་བདག་གིས་ཐོབ། ནོར་རྒྱུན་མ། མཁྱེན་བརྩེའི་དབང་པོ། དཀོན་མཆོག་དཔལ་སྒྲོན། སྤྲུལ་སྐུ་བསམ་གཏན་རྒྱ་མཚོ། དྷརྨ་མ་ཏི། དེ་ལས་སོ། །ཆར་འབེབས་མན་ངག་རྡོ་རྗེ་མཆོག་རབ་རྩལ་གྱི་གསུང་། མཛད་པ་པོ་ལས་རྗེ་དྷརྨ་མ་ཏིས་གསན་པ་ལས་ཐོབ། ཆར་བསང་འདོད་རྒུའི་ཆར་འབེབས་མི་ཕམ་གསུང་། མི་ཕམ་རིན་པོ་ཆེ། བླ་མ་འོད་གསལ་དང་། ཞེ་ཆེན་རྒྱལ་ཚབ་གཉིས་ཆར་ལས་རྒད་པོས་ཐོབ། རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་གསུང་སྐོར། རྒྱལ་དབང་མཁའ་ཁྱབ་རྡོ་རྗེ། བླ་བྲོ་ནོར་བུ་སྤྲུལ་སྐུ་ཀརྨ་ཚུལ་ཁྲིམས་འགྱུར་མེད་ལས་ནོད་པའོ། །སྤྱིར་ཕྲན་ལ་མཁྱེན་བརྩེའི་སྤྲུལ་སྐུའི་མཚན་ཡོད་པ་ཙམ་གྱིས་རིག་འཛིན་རྩལ་འཆང་རྣམ་གསུམ་གྱི་རྣམ་ཐར་ལ་སྤྱི་བརྟོལ་གྱིས་རྐང་པ་འཇོག་པའི་ཡོན་ཏན་མེད་པ་རང་རྒྱུས་རང་ལ་ཡོད་ཅིང་ན་ཚོད་སྨིན་པའི་རྒད་པོར་གྱུར་པ་དང་སེམས་ཞུམ་ཡང་། ཁམས་བོད་ནས་ཕེབས་པའི་རྡོ་རྗེ་སློབ་དཔོན་གྱི་ཡོན་ཏན་དང་ལྡན་པ་གསེར་རེའི་ཕྲེང་བ་ལྟ་བུ་རྣམས་ལས། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ཙམ་ལས་གཏེར་མཛོད་ཀྱི་ཆོས་སྦྱིན་གནང་མཁན་ད་ལྟ་སུ་ཡང་མ་བྱུང་བས། མཆོག་ཕལ་དུ་མས་བསྐུལ་བའི་རྐྱེན་གྱིས་རྒྱ་གར་ཁོ་ན་ལ་གཏེར་མཛོད་ལན་གསུམ་ཁྲོམ་ཆོས་བྱེད་དགོས་བྱུང་སྐབས། འཕགས་པའི་ས་ལ་བཞུགས་པའི་སྐྱེས་ཆེན་དུ་མས་ཆོས་ཀྱི་མཆོད་སྤྲིན་བཞེས་པས་སེངྒེའི་དབུ་ལ་ཁྱིའི་ལག་པ་བཞག་དགོས་བྱུང་བར། ཁོ་བོའི་དབང་བསྐུར་ལ་བཤད་རིན་ཆོག་པ་བརྒྱུད་པ་ཁུངས་བཙུན་པ་ཙམ་འདུག་པ་འདི་རང་ནས་རྫུན་དང་ཟོལ་ཟོག་གི་གཏམ་མིན་པ་ནི་སྐལ་མཉམ་གྱི་རྡོ་རྗེའི་མཆེད་པོ་རྣམས་ཀྱིས་མཁྱེན་གསལ་ལྟར་ཡིན་ལ། དབང་ཞུ་ཡུལ་བླ་མ་མཚན་ཉིད་དང་ལྡན་པ་ཡིན་ཡང་བརྒྱུད་པ་གང་ལ་ཐུག་པ་ཤེས་དགོས་པ་དམ་པ་སྔ་མ་དག་གི་རྣམ་ཐར་ལ་གཟིགས་པས་གསལ་ལ། བརྒྱུད་པ་གོང་སྨོས་དེ་དག་ཕྲན་མ་གཏོགས་གཞན་ལ་མེད་ཅེས་ཞུ་བའང་མིན་ཏེ། ཁམས་བོད་ནས་གཏེར་མཛོད་གསན་པ་ཀུན་ལ་ཡོད་པས་དགོངས་བཞེས་ཞིབ་གནང་མཛད་ན་བཀའ་དྲིན་ཆེ་ཞེས་འཕྲོས་དོན་དུ་ཞུས་པའོ། །བསྟན་འགྲོའི་ཞབས་ཏོག་རློམས་པས་གཏེར་གྱི་མཛོད། །དཔེ་རྒྱུན་སྤེལ་ལ་ཉེར་མཁོའི་བརྒྱུད་ཡིག་ཀྱང་། །རྒན་པོས་དྲང་པོར་གསོལ་བས་གཟུར་གནས་ཀུན། །དགྱེས་སྙམ་འབད་པས་བྲིས་པའི་རྣམ་དཀར་སྤྲིན། །མཚོ་སྐྱེས་བླ་མའི་གསང་གསུམ་ཀུན་གསལ་ལམ། །མཛེས་པར་བྲེས་དང་དེ་ཡི་ཐུགས་བསྐྱེད་དང་། །ཕྲིན་ལས་ཆར་གྱིས་བསྟན་འགྲོའི་དགེ་ལེགས་ཀྱི། །དབྱར་སྐྱེས་ལང་ཚོ་མཛེས་པ་ཉིད་གྱུར་ཅིག །ཅེས་པའང་རྒྱུ་མཚན་ལྷུག་པར་གསོལ་བའི་ཡི་གེ་འདིའང་དུས་མཐར་རྡོར་དྲིལ་དང་བུམ་པ་ཐོགས་ཀྱང་རྒྱུད་ཀྱི་དངོས་པོ་ཕྱི་ནང་གསང་བའི་དེ་ཉིད་ཀྱིས་ཤིན་ཏུ་དབུལ་བའི་མུ་ཏོ་བ་བཀྲ་ཤིས་དཔལ་འབྱོར་གྱིས་བལ་ཡུལ་མཆོད་རྟེན་ཆེན་མོར་གནས་པའི་སྐབས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། །།
ལས་མགོན་དྲེགས་པ་ཡོངས་ཀྱི་རྗེ་བཙན་འཁོར་འདས་ཀྱི་ཞིང་སྐྱོང་གཟི་ལྡན་ལེགས་གྲུབ་རྡོ་རྗེའི་ལམ་ཁྱེར་ལས་ཀྱི་བྱང་བུ་ (Volume 39, Text 3)
༄༅། །ལས་མགོན་དྲེགས་པ་ཡོངས་ཀྱི་རྗེ་བཙན་འཁོར་འདས་ཀྱི་ཞིང་སྐྱོང་གཟི་ལྡན་ལེགས་གྲུབ་རྡོ་རྗེའི་ལམ་ཁྱེར་ལས་ཀྱི་བྱང་བུ་བཞུགས་སོ། ། ཤྲཱི་ཧེ་རུ་ཀ་ལ་ན་མོ༔ ལས་མགོན་དྲེགས་པ་ཡོངས་ཀྱི་རྗེ་བཙན། འཁོར་འདས་ཀྱི་ཞིང་སྐྱོང་ལེགས་གྲུབ་རྡོ་རྗེའི་ལམ་ཁྱེར་ལས་ཀྱི་བྱང་བུ་ནི། ཧོ་དགོངས་སུ་གསོལ་ལོ༔ ཧོ་དགོངས་སུ་གསོལ་ལོ༔ ཧོ་དགོངས་སུ་གསོལ་ལོ༔ བདུད་མགོན་ནག་པོ་ཆེན་པོ་སེང་གེའི་གདོང་པ་ཅན༔ ཞིང་སྐྱོང་ཆེན་པོ་ག་ཡ་དྷ་ར༔ ཀུན་དགའ་གཞོན་ནུ༔ ལེགས་གྲུབ་རྡོ་རྗེ༔ ཀྵེ་ཏྲ་པཱ་ལ༔ ལྷོ་བཙན་ནག་པོ༔ ཡུམ་མཆོག་བདུད་མོ་ཁྲག་རལ་མ༔ དཔལ་འབར་སི་ན་ར་མ༔ ལས་མཁན་བམ་རོ་ཕོ་མོ༔ མ་སྲིང་དྲེགས་པ་སྡེ་བརྒྱད༔ ཁྱེད་རྣམས་སྔོན་ཚེ་ཀུན་བཟང་ཡབ་ཡུམ༔ རིག་འཛིན་པདྨ༔ ཧཱུྃ་ཀཱ་ར༔ རིག་འཛིན་བདུད་འདུལ་རྡོ་རྗེ་འདུས་པ་རྩལ་རྣམས་ཀྱི་སྤྱན་སྔར་ཁས་བླངས་དམ་གྱིས་བཅས་པ་བཞིན་དུ༔ རྒྱལ་བའི་ཞིང་ཁམས་རྣམ་དག༔ དུར་ཁྲོད་ཆེན་པོའི་གནས་བརྒྱད༔ སྦས་ཡུལ་པདྨ་བཀོད༔ ཙ་རི་ཀོ་ཊ་ཡཿ བན་རི་པདྨ་འོད་ནས༔ མཆོད་ཅིང་སྒྲུབ་པའི་གནས་འདིར་སྐད་ཅིག་མྱུར་བ་ཉིད་དུ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ ཧཱུྃ་བྷྱོ༔ དུར་ཁྲོད་ཆེན་པོ་མཁའ་སྤྱོད་ཙ་རི་ནས༔ ཆེ་མཆོག་ཀུན་གྱི་ཕྲིན་ལས་གཅིག་བསྡུས་པ༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་ཡབ་ཡུམ་དང༔ བཀའ་ཉན་ལས་བྱེད་དྲེགས་པ་སྡེ་བརྒྱད་ཚོགས༔ སྔོན་གྱི་དམ་བཅའ་གཉན་པོ་མ་གཡེལ་བར༔ མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ༔ ཧཱུྃ་བྷྱོ༔ སྔོན་ཚེ་པདྨ་དབང་དང་པད་འབྱུང་སྤྱན་སྔ་རུ༔ སེང་གདོང་ཁྱོད་ཀྱིས་ཅི་ལྟར་ཁས་བླངས་བཞིན༔ ཕྲིན་ལས་དྲག་པོའི་ལས་ལ་སྤྱན་འདྲེན་ནོ༔ གསང་སྔགས་བསྟན་པ་གཉན་པོ་བསྲུང་བའི་ཕྱིར༔ མ་ཐོགས་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ་བྷྱོ༔ སྡེ་བརྒྱད་ཡོངས་ཀྱི་དམག་དཔོན་མཛད་ཙ་ན༔ དུར་ཁྲོད་བསིལ་བའི་ཚལ་ནས་གཤེགས་སུ་གསོལ༔ སེང་གདོང་སྤྲུལ་པ་གྲངས་མེད་འགྱེད་ཙ་ན༔ གངས་དཀར་ཏི་སེའི་གནས་ནས་གཤེགས༴ སྒྲུབ་བརྒྱུད་བསྟན་པ་ཕྱོགས་བཅུར་སྤེལ་ཙ་ན༔ འབྲོག་ཆེན་ལ་ཕྱིའི་གནས་ནས་གཤེགས༴ མ་མོ་མཁའ་འགྲོའི་གཙོ་བོ་མཛད་ཙ་ན༔ རྣམ་དག་ཨོ་རྒྱན་གནས་ནས་གཤེགས༴ ཟབ་གཏེར་བཀའ་སྲུང་སྲུང་མ་མཛད་ཙ་ན༔ བན་རི་པདྨ་འོད་ནས་གཤེགས་སུ་གསོལ༔ གསང་སྔགས་བསྟན་པ་ཕྱོགས་བཅུར་སྤེལ་ཙ་ན༔ རྣམ་དག་མཁའ་སྤྱོད་གནས་ནས་གཤེགས༴ རྣལ་འབྱོར་དགྲ་བླ་ཆེན་པོ་མཛད་ཙ་ན༔ དེ་ཝཱི་ཀོ་ཊིའི་གནས་ནས་གཤེགས༴ བསྟན་པའི་རུ་ཏྲ་མ་ལུས་བསྒྲལ་ཙ་ན༔ མཐུ་སྟོབས་དྲག་པོའི་གནས་ནས་གཤེགས་སུ་གསོལ༔ ཧཱུྃ་བྷྱོ༔ བདུད་མགོན་སེང་གདོང་ཡབ་ཡུམ་དང༔ དྲེགས་པ་སྡེ་བརྒྱད་དམག་ཚོགས་རྣམས༔ སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ གསང་སྔགས་བསྟན་པ་སྤེལ་ཕྱིར་གཤེགས༴ རྣལ་འབྱོར་དགྲ་བླ་མཛད་ཕྱིར་གཤེགས༴ ལོག་འདྲེན་བྱད་མ་འདུལ་ཕྱིར་གཤེགས༴ ས་བདག་ཀླུ་གཉན་འདུལ་ཕྱིར་གཤེགས༴ རྒྱལ་འགོང་དམ་སྲི་འདུལ་ཕྱིར་གཤེགས༴ དགྲ་བགེགས་ཇིང་དུར་བཟློག་ཕྱིར་གཤེགས༴ མི་ནད་ཕྱུགས་ནད་བཟློག་ཕྱིར་གཤེགས༴ ནད་མུག་མཚོན་འཁྲུག་བཟློག་ཕྱིར་གཤེགས༴ མི་མཐུན་རྐྱེན་ངན་བཟློག་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་བྷྱོ༔ དུར་ཁྲོད་རབ་འཇིགས་འབར་བའི་གཞལ་ཡས་སུ༔ གྲུ་གསུམ་མཐིང་ནག་ཨེ་ཡི་ཀློང་དཀྱིལ་དུ༔ ཞིང་བཅུའི་དགྲ་བགེགས་བྱད་མ་བསྣོལ་བའི་སྟེང༔ བདུད་མགོན་སེང་གདོང་ཡབ་ཡུམ་འཁོར་དང་བཅས༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་བྷྱོ༔ ཆོས་སྐུ་སྐྱེ་མེད་ཀུན་བཟང་ཧེ་རུ་ཀ༔ ལོངས་སྐུ་འགག་མེད་དཔལ་ཆེན་སེང་གེའི་སྒྲ༔ སྤྲུལ་སྐུ་བདུད་མགོན་སེང་གེའི་གདོང་པ་ཅན༔ མཐུ་སྟོབས་རྫུ་འཕྲུལ་ནུས་པའི་ཤུགས་འཆང་བ༔ ཞིང་སྐྱོང་གཟི་ལྡན་ཡབ་ཡུམ་འཁོར་བཅས་ལ༔ གཉིས་མེད་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཧཱུྃ་བྷྱོ༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་ཡབ་ཡུམ་འཁོར་བཅས་ལ༔ དམ་རྫས་དགྱེས་མཆོད་སྣ་ཚོགས་འབུལ་བ་ནི༔ ཤ་ཁྲག་ལ་སོགས་བ་ལིཾ་མཆོད་པ་འབུལ༔ ཐུགས་དམ་དབང་གིས་དགྲ་བགེགས་མ་ལུས་སྒྲོལ༔ དབང་པོ་ལྔ་སོགས་ཀེང་རུས་མཆོད་པ་འབུལ༔ རྫུ་འཕྲུལ་སྟོབས་ཀྱིས་བར་ཆད་ཐམས་ཅད་ཟློག༔ ཀླད་ཁྲག་ལ་སོགས་བདུད་རྩིའི་མཆོད་པ་འབུལ༔ སྤྲུལ་པའི་སྟོབས་ཀྱིས་མི་མཐུན་འགལ་རྐྱེན་ཟློག༔ སྙིང་ཁྲག་ལ་སོགས་ནང་རོལ་གསང་མཆོད་འབུལ༔ བཞད་པའི་ཚུལ་གྱིས་སངས་རྒྱས་བསྟན་པ་སྲུངས༔ ག་ཎ་ལ་སོགས་ལོངས་སྤྱོད་མཆོད་པ་འབུལ༔ འདོད་པའི་དངོས་གྲུབ་མ་ལུས་བདག་ལ་སྩོལ༔ མི་མཐུན་རྐྱེན་ངན་བར་ཆད་ཟློག་ཏུ་གསོལ༔ ཨོཾ་ཏྲི་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ཧཱུྃ་ཕཊ༔ ཏྲི་ཧྲིང་ཛ༔ དྷཱ་ཀི་ནཱི་ཏྲི་སི་ན་ར་མ་ཧཱུྃ་ཕཊ༔ ཏྲི་ཧྲིཾ་ཛ༔ ཙ་ན་ཕཊ༔ སིཾ་ཧ་བྷྱོ༔ དྷྲི་ཏྲི༔ ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི༔ བཛྲ་ཀྵེ་ཏྲ་པཱ་ལ༔ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱཿ ཨི་དཾ་བ་ལིཾ་ཏ་གྲྀཧྞ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ བྷུཉྫ་ཧོཿ རཀྟ་ཨརྒྷཾ་པི་པ་ཏོ་ཨ་ཏི་ཀྲ་མ་ས་མ་ཡེ་སྭཱ་ཧཱཿ སརྦ་པཉྩ་ཨ་མྲྀཏ་ཁཱ་ཧིཿ མ་ཧཱ་བཛྲ་པདྨ་ཡོ་གི་ནི་ཨ་ཧོ་སུ་ཁ་ཧོཿ དམ་ལྡན་རྣལ་འབྱོར་བདག་དང་བདག་གི་རྩ་བའི་བླ་མ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་འདྲེ་བྱུར་ལྟས་ངན་བྱད་ཁ་རྦོད་གཏོང་ཁ་མཆུ་མི་ཁ་དམག་ཇག་ཆོམ་རྐུན་མཚོན་དུག་སྦྱོར་ངན་ཤོམ་པ་དང་། བྲན་སློབ་སྙིང་རིང་དམ་ཚིག་ངོས་ལྐོག་དངོས་ཤག་ལྐོག་ལབ་མགོ་བསྐོར་གསང་འཁྱལ་མནའ་ཟན་བྲང་རྐུན་འགྲོ་འགོ་དུད་མཇུག་ངོ་ལོག་རྒྱབ་བསྟན་བཀའ་འདས་ཁྲིམས་འགལ་བྱེད་པའི། ཚེ་བླ་སྲོག་དབུགས་དྲོད་མདངས་ཐམས་ཅད་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ མ་ཧཱ་མཱཾ་ས་ལ་ཁཱ་ཧིཿ མ་ཧཱ་ཙིཏྟ་ལ་ཁཱ་ཧིཿ མ་ཧཱ་རཀྟ་ལ་ཁཱ་ཧིཿ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧིཿ མ་ཧཱ་བ་སུ་ཏ་ལ་ཁཱ་ཧིཿ མ་ཧཱ་ཀིན་ནི་རི་ཏི་ལ་ཁཱ་ཧིཿ མ་ཏྲཾ་རུ་ཏྲ་པྲ་བྷན་ཙཀྲ་ཧཱུྃ་ཕཊཿ ཨེ་སྥ་ར་ཎ་ཕཊཿ སརྦ་མ་མི་ཀ་ཡི་སརྦ་ཨ་དྷི་སིདྡྷི་ཡེ་སྭཱ་ཧཱཿ ཧཱུྃ་བྷྱོ༔ དུར་ཁྲོད་བདག་པོ་ཞིང་སྐྱོང་སེང་གེའི་གདོང༔ དེ་ཡི་ཡུམ་ཆེན་སྲིན་མོ་སེང་གདོང་མ༔ བཀྲ་ཤིས་དཔལ་འབར་ནོར་གྱི་དངོས་གྲུབ་སྟེར༔ སྟོབས་ཆེན་ཡིད་འགུགས་ལྷ་མོ་དབྱིངས་ཕྱུག་མ༔ དུར་ཁྲོད་བདག་མོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ བཀྲ་ཤིས་ཆེན་མོ་མཐུ་སྟོབས་རྣོ་ལ་མྱུར༔ ཟློག་པས་མི་བཟློག་སྔགས་ཟློག་དགྲ་བོའི་གཤེད༔ རྦོད་གཏོང་ཕར་བརླག་ནུས་པ་རང་གཤེད་འབེབ༔ བདུད་མགོན་སེང་གདོང་སྐུ་ལ་ཕྱག་འཚལ་བསྟོད༔ དྲེགས་པ་འདུལ་ཞིང་དགྲ་བགེགས་ཀུན་གྱི་གཤེད༔ ལྟས་ངན་ཆོ་འཕྲུལ་རྒྱུག་པའི་ཞོར་ལ་འབེབ༔ དམ་ཉམས་ཚེ་སྲོག་གློ་བུར་སྡུད་མཛད་པ༔ དྲག་པོ་སྒྲོལ་བྱེད་གསུང་ལ་ཕྱག་འཚལ་བསྟོད༔ ནང་དུ་ཞི་ཞིང་བཀྲ་ཤིས་བུ་ནོར་སྤེལ༔ ཕྱི་རུ་ཁྲོས་པས་རྩུབ་འགྱུར་འཇིག་རྟེན་གཡོ༔ བ་དན་ཕྱར་བས་སངས་རྒྱས་བསྟན་པ་སྲུང༔ གཡུ་རལ་བསིགས་པས་སེང་ཆུང་སྐར་ལྟར་འཁྲུགས༔ ཞིང་སྐྱོང་དཔལ་འབར་ཐུགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ སྤྱན་དམར་གློག་འཁྱུག་སྲིད་གསུམ་འོད་ཀྱིས་གང༔ ལྗགས་དམར་བརྡབས་པས་ས་གཞི་གཡོ་ཞིང་འཁྲུགས༔ དམར་གཏོར་གདེངས་པས་ནད་ཡམས་ཆར་བཞིན་འབེབ༔ བདུད་རྟ་བརྒྱུགས་པས་ལྷ་སྲིན་བརྒྱལ་ཞིང་འབོག༔ དམག་དཔོན་སེང་གདོང་དགྲ་འདུལ་སྐུ་ལ་བསྟོད༔ ཧཱུྃ་བྷྱོ༔ བསྟན་པ་བསྲུང་ཞིང་བཀའ་ཡི་བྱ་ར་མཛད༔ རྣལ་འབྱོར་མགོ་འདོན་སྔགས་འཆང་ཚེ་སྲོག་སྲིང༔ ནང་དུ་ཞི་བས་ཡིད་བཞིན་ལྷ་མོ་འདུ༔ ཕྱི་རུ་ཁྲོས་པས་ཕྲ་མེན་སེར་ལྟར་འཁྲུགས༔ དམ་ཉམས་དྲུག་ཁྲི་ཉིན་བཞིན་གསོད་པར་བྱེད༔ གུང་གཉིས་རྒྱུག་པས་དཀོར་རྐུན་རྩད་ནས་གཅོད༔ རྣོ་མྱུར་སེང་གདོང་སྐུ་ལ་ཕྱག་འཚལ་བསྟོད༔ ཟློག་པས་མི་བཟློག་གཞན་གྱིས་མི་ཆུན་ཞིང༔ བཀའ་སྲུང་བདུད་ཚོགས་དགྲ་ལ་རང་གཤེད་འབེབ༔ བདག་ལ་བྱམས་ཤིང་ནང་དུ་དངོས་གྲུབ་སྟེར༔ བཀྲ་ཤིས་སྙིང་ཉེ་གྲོགས་ལྟར་རྟག་ཏུ་སྲུང༔ གསུང་སྒྲོག་གཅིག་ཐོས་ལས་ནི་ཚར་གསུམ་བསྒྲུབ༔ བུ་ལྟར་སྲུང་ཞིང་ཁྱོ་ལྟར་སྐྱོང་བའི་ལྷ༔ དྷཱ་ཀི་སེང་གདོང་གསུང་ལ་ཕྱག་འཚལ་བསྟོད༔ གསང་སྔགས་བཀའ་སྲུང་རྣལ་འབྱོར་དགྲ་བླ་ཆེ༔ བདུད་ཀྱི་གཡུལ་འཇོམས་མ་རུངས་དགྲ་བགེགས་སྒྲོལ༔ རྫུ་འཕྲུལ་མཐུ་ཡིས་ལྷ་སྲིན་དབང་སྡུད་ཅིང༔ སངས་རྒྱས་བསྟན་པ་སྲུང་བའི་ལས་ལ་བརྩོན༔ སྲིན་མོའི་གཟུགས་ཀྱིས་དགྲ་ལ་ནད་ཡམས་འབེབ༔ དཔལ་འབར་སེང་གདོང་ཐུགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ ཡབ་ཡུམ་གཉིས་ཀྱི་བཀའ་ཉན་མཐུ་རྩལ་ཅན༔ བམ་རོ་ཕོ་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ བཀའ་ཡི་ལས་བྱེད་ཤན་པ་སྡེ་བརྒྱད་ཚོགས༔ དྲེགས་པ་ལྕམ་དྲལ་རྣམས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ དམ་ཉམས་དགྲ་ལ་ལྟས་ངན་སྣ་ཚོགས་གཏོང༔ སྐྱེས་བུ་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ དམ་ཉམས་དགྲ་བགེགས་མ་ལུས་ཁྲམ་ལ་འདེབས༔ གཤིན་རྗེ་ཆོས་རྒྱལ་སྐུ་ལ་ཕྱག་འཚལ་བསྟོད༔ དམ་ཉམས་དགྲ་ལ་མཛེ་ནད་ཆར་བཞིན་འབེབ༔ ཀླུ་བདུད་མགོ་དགུའི་སྐུ་ལ་ཕྱག་འཚལ་བསྟོད༔ དམ་ཉམས་དགྲ་བགེགས་མ་ལུས་ཞགས་པས་འཆིང༔ བདུད་རྗེ་ནག་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ དམ་ཉམས་དགྲ་ལ་ཡེ་འདྲོག་སྣ་ཚོགས་གཏོང༔ བཙན་འགོང་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ དམ་ཉམས་དགྲ་ལ་འཇའ་འཁྱིལ་ལྟས་ངན་གཏོང༔ ལྷ་བདུད་དཀར་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ དམ་ཉམས་དགྲ་བགེགས་དམོད་པའི་མཚོན་ཆས་ཕུང༔ སྲིན་པོ་དྷར་དྷིའི་སྐུ་ལ་ཕྱག་འཚལ་བསྟོད༔ དམ་ཉམས་དགྲ་ལ་ཁྲག་ནད་ཆར་བཞིན་འབེབ༔ རྡོ་རྗེ་བ་ལམ་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ གཞན་ཡང་ལས་མཁན་དྲེགས་པའི་དམག་ཚོགས་ནི༔ གཙོ་བོའི་བཀའ་བཞིན་རང་གི་ལས་བྱེད་པ༔ བསྟན་པའི་དགྲ་བགེགས་ཐལ་བ་རྡུལ་བཞིན་རློག༔ བཀའ་ཉན་ལས་བྱེད་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་གསང་བདག་སིཾ་ཧ་གྷཎྜེ་རྒྱལ་བའི་བསྟན་སྲུང་དུ་སྐུར་སྣང་བའི་ཞིང་སྐྱོང་ཆེན་པོ་འདི་ཉིད་སྙིང་ཉེ་མཐུ་མྱུར་ཚན་ཆེ་བཀྲ་ཤིས་འཁུ་ལྡོག་ཉུང་སྟེ། འདིའི་སྒྲུབ་ཐབས་གསར་མ་འགའ་ཞིག་དང་རྙིང་མའི་གཏེར་ཁ་མང་པོ་ཡོད་ཀྱང་། འདི་ནི་ཁྲག་འཐུང་ནུས་ལྡན་བདུད་འདུལ་རྡོ་རྗེའི་གཏེར་བྱུང་ལྟར་ཏེ། སྒྲུབ་ཐབས་མང་ལྷ་ངོ་བོ་གཅིག་པས་འདིར་མ་འདུས་པ་མེད་ཅིང་ལྷག་ཏུ་ཟབ་མྱུར་འདི་རང་ཆེ་བས་བརྩོན་འཚལ་ཞིང་། ཁྱད་པར་རང་རེའི་ཆོས་བརྒྱུད་ལ་འགོ་བའི་ལྷ་མཆོག་གོ །ཞེས་གཏེར་གཞུང་ལས་བྱང་ནས་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུས་ཁྱེར་བདེ་ཁོལ་དུ་ཕྱུང་ཞིང་གཏོར་འབུལ་ཁཱ་ཧི་སྦྱར་བར་མཛད་པའོ། །དགེའོ། །དགེའོ། །དགེའོ།། །།
རིག་འཛིན་ཆེན་པོ་སངས་རྒྱས་གླིང་པའི་གཏེར་བྱོན་ཐུབ་དབང་གནས་བརྟན་བཅུ་དྲུག་གི་མཆོད་པའི་ཆོ་ག་སྙིང་པོར་དྲིལ་བ་ཕན་བདེའི་འབྱུང་གནས་ (Volume 52, Text 3)
༄༅། །རིག་འཛིན་ཆེན་པོ་སངས་རྒྱས་གླིང་པའི་གཏེར་བྱོན་ཐུབ་དབང་གནས་བརྟན་བཅུ་དྲུག་གི་མཆོད་པའི་ཆོ་ག་སྙིང་པོར་དྲིལ་བ་ཕན་བདེའི་འབྱུང་གནས་ཞེས་བྱ་བ་བཞུགས་སོ། ། ཨཱོྃ་སྭསྟི། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་སངས་རྒྱས་གླིང་པས་བསམ་ཡས་མཆིམས་ཕུའི་ལམ་ཁ་བྲག་སྣ་སེང་གེའི་གདོང་འདྲ་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་རྒྱལ་པོ་བཀའ་འབུམ་གྱི་ཆ་ལག །ཐུབ་དབང་གནས་བརྟན་བཅུ་དྲུག་གི་ཆོ་ག་ཉམས་སུ་བླང་བའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ། ལེགས་བཤམ་སྐྱབས་སེམས་བདག་བསྐྱེད་དང་། །གནས་ཡོ་བྱིན་གྱིས་བརླབ་པའོ། །ཞེས་ལྔ་ལས། དང་པོ་བཤམ་བཀོད་ནི། གནས་དབེན་ཞིང་ཡིད་དང་མཐུན་པར་ཕྱགས་དར་ལེགས་པར་བྱ། གོང་དུ་དཀོན་མཆོག་གསུམ་གྱི་རྟེན་སྤྱི་དང་། ཁྱད་པར་ཐུབ་དབང་གནས་བརྟན་འཁོར་དང་བཅས་པའི་སྣང་བརྙན་བྲིས་འབུར་གང་རིགས་དགྲམ། དེའི་སྤྱན་སྔར་སྟེགས་བུའི་ཁར་རབ་རིན་པོ་ཆེའི་ཁང་བཟང་བཀོད་པས་མཛེས་པའི་དབུས་སུ་ཐུབ་པའི་དབང་པོ། གནས་བརྟན་བཅུ་དྲུག །དྷརྨ་ཏཱ། རྒྱལ་ཆེན་བཞི་དང་བཅས་པའི་སྐུ་སོ་སོའི་གདན་ལ་ལྷ་གནས་མ་འཆོལ་བར་བཞུགས་སུ་གསོལ། འབྲིང་མཎྜ་ལར་གཙོ་འཁོར་རྣམས་ཀྱི་སྐུ་བྲིས་འབུར་གང་རིགས་བཀོད། དེ་ཙམ་མ་འབྱོར་ན་ལྷ་གནས་སོ་སོར་གདན་མཚོན་བྱེད་མེ་ཏོག་གི་ཚོམ་བུ་བཀོད་པའམ། རྟེན་མེད་ན་ནམ་མཁར་གསལ་བཏབ་ཀྱང་རུང་། གང་ལྟར་ཡང་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་སྤྱི་དང་། ཁྱད་པར་སྤོས་དང་མར་མེ་ཞལ་ཟས་རྣམས་བརྒྱ་རྩ་སོགས་ཅི་འབྱོར་དང་། ཉེ་ལོགས་གང་བདེར་བླ་མ་དང་དཀོན་མཆོག་སྤྱི། གནས་བརྟན། ཆོས་སྐྱོང་དཔལ་མགོན་རྣམས་ལ་གཏོར་ཟླུམ་དཀར་པོ་རེ་རེ། གཞི་བདག་ལ་དཀར་གཏོར། རིགས་དྲུག་ལ་བསིལ་གཏོར། བགེགས་ལ་ཆངས་བུའི་གཏོར་མ་བཅས་ཕྲེང་ཚར་དུ་བཤམ། སྒྲུབ་པ་པོ་རྣམས་ཁྲུས་དང་གཙང་སྦྲ་ལ་གནས་ཤིང་། གྲུབ་ན་ཐེག་པ་ཆེན་པོའི་གསོ་སྦྱོང་བླང་། གྲལ་དུ་ལེགས་པར་འཁོད་པའི་མདུན་རོལ་མོའི་བྱེ་བྲག་དང་འཐོར་ནས་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱའོ། །གཉིས་པ་སྐྱབས་འགྲོ་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པའི་དད་པས་ཐལ་མོ་སྦྱར་ཏེ། དགོངས་འདུས་མཆོད་ཕྲེང་ལས་སོ།་་་ན་མོ༔ རྐང་གཉིས་གཙོ་བོ་སངས་རྒྱས་གཙོ་ལ་ཕྱག་འཚལ་སྐྱབས་སུ་མཆི༔ འདོད་ཆགས་བྲལ་བ་དམ་པའི་ཆོས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ ཚོགས་མཆོག་འཕགས་པའི་དགེ་འདུན་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ དུས་གསུམ་བདེ་གཤེགས་རྒྱལ་སྲས་ཚོགས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ ཞེས་པའི་སྐྱབས་འགྲོ་ཅི་ནུས་བྱ། གསུམ་པ་སེམས་སྐྱེད་ནི། ཕྱོགས་བཅུའི་རྒྱལ་སྲས་བདག་ལ་དགོངས་སུ་གསོལ༔ ཇི་ལྟར་སྔོན་གྱི་འཕགས་པས་ཐུགས་བསྐྱེད་ལྟར༔ དེ་བཞིན་བདག་ཀྱང་བྱང་ཆུབ་སེམས་བསྐྱེད་ཅིང༔ འགྲོ་བ་རྣམས་ཀྱི་དོན་རབ་བརྩོན་པར་བྱ༔ ཞེས་ལན་གསུམ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། བཞི་པ་བདག་སྐྱེད་ནི། ཐུགས་རྗེ་ཆེན་པོའི་བདག་བསྐྱེད་གང་རུང་རྒྱས་པར་སྒོམ་པའམ། བསྡུ་ན། རང་ཉིད་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར་པར་བསམ། ལྔ་པ་གནས་ཡོ་བྱིན་རླབས་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང༔ སངས་རྒྱས་བྱང་སེམས་བྱིན་རླབས་དང༔ ཚོགས་གཉིས་རྫོགས་པའི་མངའ་ཐང་དང༔ ཆོས་དབྱིངས་རྣམ་དག་བདེན་སྟོབས་ཀྱིས༔ སྣོད་བཅུད་ཐམས་ཅད་བདེ་ཅན་ཞིང༔ བཀོད་པ་ཕུན་སུམ་ཚོགས་པའི་གཞིར༔ རིན་ཆེན་ལས་གྲུབ་ཁང་བཟང་དབུས༔ སེང་ཁྲི་པདྨ་ཟླ་བའི་གདན༔ ཤར་དུ་ལྷག་གཅིག་དང་བཅས་པའི༔ མཐའ་སྐོར་པད་ཟླའི་གདན་བཅུ་དྲུག༔ སྒོ་བཞིར་ཟླ་བའི་གདན་དང་བཅས༔ ཕྱི་ནང་དངོས་བཤམས་གཟུངས་རིག་དང༔ མོས་པའི་སྟོབས་ཀྱིས་རབ་སྤྲུལ་པའི༔ མཆོད་སྤྲིན་རྒྱ་མཚོས་ཡོངས་གང་བར༔ འཕགས་པ་འཁོར་བཅས་གདན་འཛོམས་ནས༔ དགྱེས་བཞིན་བྱིན་བརླབས་སྤྱོད་གྱུར་ཅིག༔ ཅེས་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ཨཱོྃ་ན་མོ་བྷ་ག་བ་ཏེ་བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨཱོྃ་བཛྲེ་བཛྲེ་མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བརླབ་བོ། །གཉིས་པ་དངོས་གཞི་ལ། གཞུང་ལས། མཎྜལ་རིན་པོ་ཆེའི་གཞལ་ཡས་ཁང་དུ་བྱོན་ཏེ༔ དབུས་ཀྱི་ལྟེ་བ་ལ་ཞེས་སོགས་གསུངས་པས་མདོ་ཆོག་སྤྱིའི་འགྲོས་ལྟར། དང་པོར་སྤྱན་དྲངས་པའི་རྗེས་སུ་ཞལ་ཕྱག་གསལ་གདབ་པ་སོགས་བྱ་བ་ཡིན་པས། སྤྱན་དྲངས་གསལ་གདབ་བཞུགས་སུ་གསོལ། །ཕྱག་མཆོད་འདོད་དོན་གསོལ་བ་འོ། །ཞེས་ལྔ་ལས། དང་པོ་སྤྱན་དྲང་བ་ནི། འདུན་པ་རྩེ་གཅིག་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཞེས་དང་། གཏེར་གཞུང་རྩ་བར།་་་སྔོན་ཚེ་བཅོམ་ལྡན་ཤཱཀྱ་ཐུབ༔ ཤཱཀྱ་སེང་གེ་རྒྱལ་བའི་སྲས༔ འཇིག་རྟེན་འདི་ན་ཡོངས་བཞུགས་ཤིང༔ མྱ་ངན་འདའ་ཚུལ་བསྟན་པའི་ཚེ༔ བདེ་གཤེགས་ཆོས་ཀྱི་རྒྱལ་པོའི་སྲས༔ འཕགས་པ་ཡང་དག་ཤེས་རབ་ཀྱིས༔ ཉོན་མོངས་བུད་ཤིང་བསྲེགས་པར་མཛད༔ ཁམས་གསུམ་འཁོར་བའི་དགྲ་བཅོམ་ནས༔ བྱ་བ་བྱས་ཤིང་བྱེད་པ་བྱས༔ ཁུར་བོར་བདག་དོན་རྗེས་སུ་བརྙེས༔ སྲིད་པའི་སྦྱོར་བ་ཡོངས་སུ་ཟད༔ ཡང་དག་ཤེས་རབ་རྣམ་པར་གྲོལ༔ ཉོན་མོངས་བག་ཆགས་རྣམ་པར་བཅོམ༔ ཟབ་མོའི་དོན་ལ་མཁས་པ་པོ༔ དམིགས་མེད་ཆོས་ཀྱིས་ངེས་པར་འབྱུང༔ སྤྱོད་ལམ་མཛེས་པས་རྣམ་པར་བརྒྱན༔ བདེ་གཤེགས་བཀའ་ལ་རབ་གནས་པའི༔ དགྲ་བཅོམ་བཅུ་དྲུག་བཞུགས་པ་ནི༔ ཀོའུ་ཌི་ནྱ་དང་ཤཱ་རིའི་བུ༔ མོང་གལ་བུ་དང་འོད་སྲུངས་དང༔ ཀུན་དགའ་བོ་དང་སྒྲ་གཅན་འཛིན༔ ཉེ་བར་འཁོར་དང་མ་འགགས་པ༔ རབ་འབྱོར་དང་ནི་རྟ་ཐུལ་དང༔ བྷཱ་ར་དྷྭ་ཛ་བསོད་སྙོམས་ལེན༔ གྱད་བུ་ནོར་དང་ལེགས་འོང་དང༔ ནག་པོ་དང་ནི་འཆར་ཀ་དང༔ གང་པོ་དང་ནི་ཀཱ་ཏྱཱའི་བུ༔ དགྲ་བཅོམ་བྱེ་བ་མང་པོ་དག༔ དེང་གི་དུས་འདིར་གཤེགས་སུ་གསོལ༔ བཅོམ་ལྡན་མྱ་ངན་འདས་སླད་ན༔ དམ་པ་ཆོས་ཀྱི་གཉེར་གཏད་ཅིང༔ འཇིག་རྟེན་ཁམས་འདི་སྲུང་མཛད་པ༔ འཁོར་བཞི་ཡོངས་སུ་སྐྱོང་མཛད་པའི༔ སེམས་ཅན་དོན་ལ་ཕན་བརྩོན་པ༔ གནས་བརྟན་ཆེན་པོ་བཅུ་དྲུག་རྣམས༔ དགྲ་བཅོམ་བརྒྱ་སྟོང་མཆོག་ཚོགས་དང༔ འཛམ་བུ་དང་ནི་གླིང་བཞི་དང༔ ཡུལ་རྣམས་སོ་སོར་བཞུགས་པ་རྣམས༔ གནས་བརྟན་ཆེན་པོར་མཚན་གྲགས་པ༔ པྲི་ཡང་ཀུ་ཡི་གླིང་ཕྲན་ནས༔ ཉན་ཐོས་ཆེན་པོ་སྒྲ་གཅན་འཛིན༔ དགྲ་བཅོམ་སྟོང་དང་ཆིག་བརྒྱ་ཡི༔ འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ བྱ་རྒོད་ཕུང་པོའི་རི་ནས་ཀྱང༔ ཉན་ཐོས་ཆེན་པོ་ལམ་ཕྲན་བསྟན༔ དགྲ་བཅོམ་སྟོང་དང་དྲུག་བརྒྱ་ཡི༔ འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ ཤར་གྱི་ལུས་འཕགས་གླིང་ཆེན་ནས༔ བྷཱ་ར་དྷྭ་ཛ་བསོད་སྙོམས་ལེན༔ དགྲ་བཅོམ་སྟོང་གི་འཁོར་རྣམས་དང༔ དེང་གི་དུས་འདིར་གཤེགས་སུ་གསོལ༔ སུམ་ཅུ་རྩ་གསུམ་ལྷ་གནས་ནས༔ ཉན་ཐོས་ཆེན་པོ་ལམ་བསྟན་ཡང༔ དགྲ་བཅོམ་དགུ་བརྒྱའི་འཁོར་ཚོགས་བཅས༔ དེང་གི་དུས་འདིར་གཤེགས་སུ་གསོལ༔ རི་ཡི་རྒྱལ་པོ་ངོས་ཡངས་ནས༔ ཉན་ཐོས་ཆེན་པོ་ཀླུའི་སྡེ་ཡང༔ དགྲ་བཅོམ་སྟོང་དང་ཉིས་བརྒྱ་ཡི༔ འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ རི་ཡི་རྒྱལ་པོ་བྷི་ཧུ་ནས༔ ཉན་ཐོས་ཆེན་པོ་སྦེད་བྱེད་ཀྱང༔ དགྲ་བཅོམ་སྟོང་དང་བཞི་བརྒྱ་ཡི༔ འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ གངས་ཀྱི་རི་བོ་ཆེན་པོ་ནས༔ ཉན་ཐོས་ཆེན་པོ་མི་ཕྱེད་པ༔ དགྲ་བཅོམ་སྟོང་གི་འཁོར་ཚོགས་བཅས༔ དེང་གི་དུས་འདིར་གཤེགས་སུ་གསོལ༔ གངས་རི་ཆེན་པོ་ཏི་སེ་ནས༔ ཉན་ཐོས་ཆེན་པོ་ཡན་ལག་འབྱུང༔ དགྲ་བཅོམ་སྟོང་དང་སུམ་བརྒྱ་ཡི༔ འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ དྲང་སྲོང་རི་ངོགས་ཤེལ་ནགས་ནས༔ ཉན་ཐོས་ཆེན་པོ་མི་ཕམ་པ༔ དགྲ་བཅོམ་མང་པོའི་འཁོར་ཚོགས་བཅས༔ དེང་གི་དུས་འདིར་གཤེགས་སུ་གསོལ༔ ལོ་མ་བདུན་པའི་རི་ཕུག་ནས༔ ཉན་ཐོས་ཆེན་པོ་ནགས་ན་གནས༔ དགྲ་བཅོམ་སྟོང་དང་བཞི་བརྒྱ་ཡི༔ འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ ཟངས་ཀྱི་གླིང་ཞེས་བྱ་བ་ནས༔ ཉན་ཐོས་ཆེན་པོ་དུས་ལྡན་ཡང༔ དགྲ་བཅོམ་སྟོང་དང་ཆིག་བརྒྱ་ཡི༔ འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ སིངྒ་ལ་ཡི་གླིང་ཕྲན་ནས༔ དགྲ་བཅོམ་རྡོ་རྗེ་མོ་ཡི་བུ༔ ཉན་ཐོས་སྟོང་གི་འཁོར་ཚོགས་བཅས༔ དེང་གི་དུས་འདིར་གཤེགས་སུ་གསོལ༔ ཆུ་བོ་ཡ་མུ་ནཱ་གླིང་ནས༔ ཉན་ཐོས་ཆེན་པོ་བཟང་པོ་ཡང༔ དགྲ་བཅོམ་སྟོང་དང་ཉིས་བརྒྱ་ཡི༔ འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ ཁ་ཆེའི་ཡུལ་གྱི་ས་མཚམས་ནས༔ ཉན་ཐོས་ཆེན་པོ་གསེར་བེ་འུ༔ དགྲ་བཅོམ་ལྔ་བརྒྱའི་འཁོར་ཚོགས་བཅས༔ དེང་གི་དུས་འདིར་གཤེགས་སུ་གསོལ༔ ནུབ་ཀྱི་བ་ལང་སྤྱོད་པ་ནས༔ བྷཱ་ར་དྷྭ་ཛ་གསེར་ཅན་ཡང༔ དགྲ་བཅོམ་བདུན་བརྒྱའི་འཁོར་ཚོགས་བཅས༔ དེང་གི་དུས་འདིར་གཤེགས་སུ་གསོལ༔ སྒྲ་མི་སྙན་གྱི་གླིང་ནས་ཀྱང༔ གནས་བརྟན་ཆེན་པོ་བཀྐུ་ལ༔ དགྲ་བཅོམ་དགུ་བརྒྱའི་འཁོར་ཚོགས་བཅས༔ དེང་གི་དུས་འདིར་གཤེགས་སུ་གསོལ༔ དེ་དག་ལ་སོགས་གཞན་དག་ཀྱང༔ ཤིང་ཆེན་སཱ་ལའི་དྲུང་དག་ནས༔ ལུ་མའི་གནས་དང་རྒྱལ་པོའི་ཁབ༔ ནཻ་རཉྫཱ་ནཱ་བདུད་འདུལ་བ༔ ཝ་རཱ་ཎ་སཱི་ཡངས་པ་ཅན༔ མཉན་ཡོད་ལྷ་ཡི་གྲོང་ཁྱེར་དང༔ མཆོད་རྟེན་བརྒྱད་ཀྱི་གནས་རྣམས་དང༔ སུམ་ཅུ་རྩ་གསུམ་གནས་རྣམས་ན༔ བཞུགས་དང་གྲགས་པ་ཐམས་ཅད་དང༔ གཞན་ཡང་འཛམ་གླིང་ལྷོ་ཕྱོགས་ཀྱི༔ མཚོ་ཡི་འགྲམ་དང་མ་ལ་ཡའི༔ ནགས་དང་རི་ཁྲོད་ས་རྣམས་དང༔ ཆུ་བོ་ན་ར་མ་ཏིའི་འགྲམ༔ རི་བོ་བྷིནྡྷུ་ཡོངས་འདུའི་གནས༔ གཞན་ཡང་མེ་ཏོག་འབྲས་ལྡན་པའི༔ ཤིང་དང་སྤང་དང་ནེའུ་སེང་དང༔ བྱ་དང་རི་དྭགས་གནས་པ་དང༔ ཉམས་དགའ་བ་ཡི་སར་བཞུགས་དང༔ རྒྱ་མཚོ་ཆེན་པོའི་འགྲམ་ལོགས་ན༔ ཀླུ་ཆེན་ལུས་ལ་འཁྲིལ་མཛད་ཅིང༔ ཡང་དག་འཇོག་པའི་ཏིང་འཛིན་གནས༔ སྦྲུལ་མགོ་གདེངས་པས་གདུགས་ལྟར་བསྐྱབས༔ དོན་རྣམས་མཛད་ཅིང་བཞུགས་པ་དང༔ གཞན་ཡང་རྒྱལ་བས་ཞབས་བཅགས་པར༔ བཞུགས་པར་གྱུར་པའི་དགྲ་བཅོམ་རྣམས༔ ཏིང་འཛིན་རྫུ་འཕྲུལ་རྐང་པར་ལྡན༔ སྐུ་ཚེ་རིང་བའི་ཚུལ་སྟོན་ཅིང༔ གནས་བརྟན་ཆེན་པོར་མཚན་གྲགས་པ༔ ཉན་ཐོས་ཆེན་པོ་སྦྱིན་བྱེད་དང༔ སྐྱེས་པ་དང་ནི་རྟོག་བྱེད་དང༔ ཀླུ་སྲུང་བུ་དང་གྲགས་ལྡན་དང༔ དགྲ་བཅོམ་བྱེ་བ་མང་པོ་ཡི༔ འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ སྟོང་ཆེན་ཁམས་དང་གླིང་ཕྲན་གཞན་རྣམས་དང༔ འཛམ་བུའི་རི་ཁྲོད་ནགས་ཚལ་ཆུ་བོའི་རྒྱུན༔ ལྟ་ང་ལྟེང་ཀ་དྲི་ཞིམ་དང་ལྡན་པ༔ དེ་ན་འཕགས་པའི་ཚོགས་རྣམས་རབ་བཞུགས་ཏེ༔ ༈ གནས་བརྟན་ཆེན་པོ་དགྲ་བཅོམ་ཡོན་ཏན་ལྡན༔ ཚེ་ཡི་འདུ་བྱེད་ལྷག་མའི་སྐུ་ལ་གནས༔ སེམས་ཅན་དོན་ཕྱིར་བརྩེ་བས་དེང་དགོངས་ཏེ༔ བསོད་ནམས་གསོག་པའི་མཆོད་པ་གང་བཤམས་པར༔ བརྩེ་ཕྱིར་བྱམས་ལྡན་ཐུགས་རྗེས་གཤེགས་སུ་གསོལ༔ ཞེས་པའི་བར་ཚང་བ་ལན་གསུམ་མམ། རྒྱས་པ་ཚར་གཅིག་དང་། གནས་བརྟན་ཆེན་པོ་མན་ཚིག་རྐང་ལྔ་ལན་གཉིས་བཅས་བརྗོད་པས་སྙན་གསན་དབབ། རྩ་བ།་་་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་དང༔ ཤེས་རབ་མེ་འབར་ཉོན་མོངས་མཚོ་སྐེམ་ཞིང༔ རྣམ་གྲོལ་བསོད་ནམས་ཞིང་དུ་བཀའ་སྡོད་པའི༔ ཕྱོགས་བཅུའི་ཉན་ཐོས་དགེ་འདུན་བཞུགས་སོ་འཚལ༔ ཡོན་སྦྱོར་མཆོད་པའི་གནས་སུ་སྤྱན་འདྲེན་གྱིས༔ འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ༔ འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ་ཡིས༔ སངས་རྒྱས་བསྟན་པ་གང་གི་ཕྱག་ཏུ་བཞག༔ གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་པ༔ ཆོས་སྐྱོང་དགྲ་བཅོམ་ཆེན་པོ་བཞུགས་སོ་འཚལ༔ དམ་ཆོས་སྤེལ་བའི་སླད་དུ་སྤྱན་འདྲེན་གྱིས༔ འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ༔ ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན༔ ཡན་ལག་འབྱུང་དང་མི་ཕམ་ནགས་ན་གནས༔ དུས་ལྡན་རྡོ་རྗེ་མོའི་བུ་བཟང་པོ་དང༔ གསེར་བེའུ་བྷཱ་ར་དྷྭ་ཛ་གསེར་ཅན་དང༔ འཕགས་པ་བཀྐུ་ལ་དང་སྒྲ་གཅན་འཛིན༔ ལམ་ཕྲན་བྷཱ་ར་དྷྭ་ཛ་བསོད་སྙོམས་ལེན༔ ལམ་བསྟན་ཀླུའི་སྡེ་སྦེད་བྱེད་མི་ཕྱེད་པ༔ འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ༔ སྤངས་དང་ཡེ་ཤེས་ཕུན་ཚོགས་སངས་རྒྱས་ཀྱང༔ གདུལ་བྱའི་དབང་གིས་ཉན་ཐོས་སྐུར་འཛིན་པ༔ ཁྱད་པར་ཅན་གྱི་ཕྲིན་ལས་ཆོས་སྐྱོང་བའི༔ གནས་བརྟན་བཅུ་དྲུག་འདིར་གཤེགས་གདན་ལ་བཞུགས༔ བདེ་གཤེགས་བཀའ་ལུང་གཙོར་མཛད་བསྟན་པ་སྲུང༔ རང་དོན་དོར་ནས་འཁོར་བའི་ནགས་ཚལ་དུ༔ གཞན་དོན་ལྷུར་མཛད་གནས་བརྟན་བཅུ་དྲུག་པོ༔ དམ་བཅས་ཐུགས་རྗེའི་དབང་གིས་གནས་འདིར་གཤེགས༔ དགེ་བསྙེན་སྐྱབས་གསོལ་བདེན་པའི་ཚིག་ཉན་པ༔ དཀོན་མཆོག་གསུམ་གྱི་ཞབས་འབྲེང་མཆིས་སོ་འཚལ༔ བསོད་ནམས་རིན་ཆེན་གླིང་དུ་སྤྱན་འདྲེན་གྱིས༔ འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ༔ ཞེས་པས་སྤྱན་དྲངས་པ་རྟེན་ཡོད་ན་རྟེན་དང་དབྱེར་མེད་དུ་བསམ་ལ། གཉིས་པ་གསལ་གདབ་པ་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ་འཁོར་དང་བཅས་པ་རྫུ་འཕྲུལ་གྱི་བཀོད་པ་སྣ་ཚོགས་པས་སྐད་ཅིག་ཉིད་ལ་བྱོན་ཏེ་རིན་པོ་ཆེའི་གཞལ་མེད་ཁང་དུ་བཞུགས་པ་ནི། དབུས་ཀྱི་ལྟེ་བ་ལ། སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ། རྩ་བ།་་་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐུབ་པ་ཆེན་པོ༔ སྐུ་མདོག་གསེར་བཙོ་མ་ལྟ་བུ༔ གཡས་ས་གནོན༔ གཡོན་པ་མཉམ་གཞག༔ ཞབས་སྐྱིལ་ཀྲུང་དུ་བཞུགས་པ༔ ན་བཟའ་ཆོས་གོས་སྣམ་སྦྱར་དམར་པོ་གསོལ་བ༔ ཞལ་འཛུམ་བག་དང་ལྡན་པ༔ མཚན་དང་དཔེ་བྱད་ཀྱིས་བརྒྱན་པ༔ སྐུ་བལྟ་བས་ཆོག་མི་ཤེས་པ༔ དབུའི་གཙུག་ཏོར་ལྟར་མི་མངོན་པ༔ འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ༔ འོད་དེས་གང་ལ་རེག་པ་ཐམས་ཅད་བྱང་ཆུབ་ཆེན་པོར་འགྱུར་བ༔ སྐུ་དེ་གང་གིས་མཐོང་བ་དང༔ རེག་པ་དང༔ ཡིད་ལ་བྱས་པ་དང༔ མཚན་ཐོས་པ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ༔ ཡོན་ཏན་བསམ་གྱིས་མི་ཁྱབ་པའི་ཕུང་པོར་གྱུར་པ་དེ་བཞུགས་པ་འོ༔ ཤར་ཕྱོགས་ཀྱི་པད་འདབ་་་དཀར་པོ།བཞི་ལ༔ གནས་བརྟན་ཆེན་པོ་སྒྲ་གཅན་འཛིན༔ ཕྱག་ན་རིན་པོ་ཆེའི་པྲོག་ཞུ་བསྣམས་པ༔ གནས་བརྟན་ཆེན་པོ་ལམ་ཕྲན་བསྟན༔ ཕྱག་གཉིས་མཉམ་པར་བཞག་པ༔ གནས་བརྟན་ཆེན་པོ་བྷཱ་ར་དྷྭ་ཛ་བསོད་སྙོམས་ལེན༔ ཕྱག་གཡས་གླེགས་བམ་འཛིན་པ༔ གཡོན་མཉམ་གཞག་གི་སྟེང་དུ་ལྷུང་བཟེད་བསྣམས་པ༔ གནས་བརྟན་ཆེན་པོ་ལམ་བསྟན༔ ཕྱག་གཡས་གླེགས་བམ༔ གཡོན་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ་འོ༔ ལྷོ་ཕྱོགས་ཀྱི་པད་འདབ་་་སེར་པོ།བཞི་ལ༔ གནས་བརྟན་ཆེན་པོ་ཀླུ་ཡི་སྡེ༔ ཕྱག་གཡས་བུམ་པ༔ གཡོན་འཁར་གསིལ་བསྣམས་པ༔ གནས་བརྟན་ཆེན་པོ་སྦེད་བྱེད༔ ཕྱག་ན་གླེགས་བམ་བསྣམས་པ༔ གནས་བརྟན་ཆེན་པོ་མི་ཕྱེད་པ༔ ཕྱག་ཐལ་མོ་སྦྱར་བའི་བར་དུ་བྱང་ཆུབ་ཆེན་པོའི་མཆོད་རྟེན་བསྣམས་པ༔ གནས་བརྟན་ཆེན་པོ་ཡན་ལག་འབྱུང༔ ཕྱག་ཐལ་མོ་སྦྱར་བའི་བར་ན་སྤོས་ཕོར་བསྣམས་པ༔ མཆན་ཁུང་གཡོན་ན་རྔ་ཡབ་བསྣམས་པ་འོ༔ ནུབ་ཕྱོགས་ཀྱི་པད་འདབ་་་དམར་པོ།བཞི་ལ༔ གནས་བརྟན་ཆེན་པོ་མི་ཕམ་པ༔ ཕྱག་གཉིས་མཉམ་པར་བཞག་པ༔ གནས་བརྟན་ཆེན་པོ་ནགས་ན་གནས་པ༔ ཕྱག་གཡས་ཞི་བའི་སྡིགས་མཛུབ་མཛད་པ༔ གཡོན་རྔ་ཡབ་བསྣམས་པ༔ གནས་བརྟན་ཆེན་པོ་དུས་ལྡན༔ ཕྱག་ན་གསེར་གྱི་རྣ་ཀོར་བསྣམས་པ༔ གནས་བརྟན་ཆེན་པོ་རྡོ་རྗེ་མོ་ཡི་བུ༔ ཕྱག་གཉིས་སྡིགས་མཛུབ་དང་རྔ་ཡབ་བསྣམས་པ་འོ༔ བྱང་གི་པད་འདབ་་་ལྗང་ཁུ།བཞི་ལ༔ གནས་བརྟན་ཆེན་པོ་བཟང་པོ༔ ཕྱག་གཡས་ཆོས་འཆད༔ གཡོན་མཉམ་གཞག་མཛད་པ༔ གནས་བརྟན་ཆེན་པོ་གསེར་བེའུ༔ ཕྱག་ན་རིན་པོ་ཆེའི་ཞགས་པ་བསྣམས་པ༔ གནས་བརྟན་ཆེན་པོ་བྷཱ་ར་དྷྭ་ཛ་གསེར་ཅན༔ ཕྱག་གཉིས་མཉམ་གཞག༔ གནས་བརྟན་ཆེན་པོ་བཀྐུ་ལ༔ ཕྱག་ན་ནེའུ་ལེ་བསྣམས་པ་འོ༔ དེ་ཐམས་ཅད་ཀྱང་ན་བཟའ་ཆོས་གོས་རྣམ་གསུམ་གསོལ་བ༔ པདྨ་དང་ཟླ་བའི་གདན་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། རང་རང་གི་འཁོར་དགྲ་བཅོམ་པའི་ཚོགས་དང་བཅས་པ་དབང་པོ་དུལ་བའི་སྤྱོད་ལམ་གྱིས་མཛེས་པ། སྒོ་བཞིའི་ཤར་སྒོར་ཡུལ་འཁོར་སྲུང་དཀར་པོ་པི་ཝཾ་འཛིན་པ། ལྷོ་སྒོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་པ། ནུབ་སྒོར་སྤྱན་མི་བཟང་དམར་པོ་སྦྲུལ་ཞགས་འཛིན་པ། བྱང་སྒོར་རྣམ་ཐོས་སྲས་སེར་པོ་རྒྱལ་མཚན་འཛིན་པ། ཐམས་ཅད་ཀྱང་ལྷའི་གོས་དང་གོ་ཆས་བརྗིད་ཅིང་། ཟླ་བའི་གདན་ལ་རྒྱལ་པོ་རོལ་པའི་སྟབས་ཀྱིས་འགྱིང་བ། བསྟན་པ་སྲུང་བའི་ལས་ལ་བརྩོན་པའི་རྣམ་པ་ཅན་ནོ། །ཤར་སྒོའི་ནང་དུ་པད་ཟླའི་གདན་ལ། འཕགས་པའི་དགེ་བསྙེན་ཆེན་པོ་དྷརྨ་ཏཱ་ལའི་ཕྱག་ན་རྔ་ཡབ་དང་བུམ་པ་བསྣམས་པ༔ རལ་པའི་ཐོད་བཅིངས་པ༔ སྡེ་སྣོད་ཀྱི་གླེགས་བམ་མང་པོ་ཁུར་བ༔ མདུན་གྱི་ནམ་མཁའ་ལ་སངས་རྒྱས་སྣང་བ་མཐའ་ཡས་བཞུགས་པ༔ དར་གྱི་ན་བཟའ་ལྷབ་ལྷུབ་ཏུ་ཡོད་པ་པུས་མོར་བརྫེས་པ༔ པུས་མོ་གཡས་པ་ལས་སྟག་གི་ཚོགས་སྤྲུལ་པ༔ དགེ་བསྙེན་གྱི་ཚོགས་དང་བཅས་པ༔ གཞན་ཡང་མདུན་གྱི་ནམ་མཁར་བླ་མ་དགེ་བའི་བཤེས་གཉེན་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་དགྲ་བཅོམ་པའི་ཚོགས་དཔག་ཏུ་མེད་པ་དང་བཅས་ཏེ་མངོན་སུམ་དུ་བཞུགས་པར་གྱུར། ཅེས་གསལ་བཏབ། གསུམ་པ་བཞུགས་སུ་གསོལ་བ་ནི། ཐོག་མར་ཁྲུས་ཀྱི་ཡོ་བྱད་རྣམས་བསྟར་ལ། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཅེས་སྙན་གསན་དབབ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་དྲི་མ་མི་མངའ་ཡང་། །བདག་གཞན་སྒོ་གསུམ་སྒྲིབ་སྦྱོང་ཕྱིར། །གཙང་མ་ཆབ་ཀྱིས་སྐུ་ཁྲུས་གསོལ། །ཞེས་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱི་འོ། །ཞེས་སྐུ་ཕྱི། དྲི་མེད་མཚན་ལ་སྒྲིབ་བསལ་མི་མངའ་ཡང་། །དད་པས་ངུར་སྨྲིག་རྒྱལ་མཚན་ཕུལ་བ་ཡིས། །ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་རྣམས། །སངས་རྒྱས་བརྟུལ་ཞུགས་མཆོག་ལ་སྤྱོད་པར་ཤོག །ཅེས་ན་བཟའ་ཕུལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཞེས་བཞུགས་གསོལ་བྱའོ། །བཞི་པ་ཕྱག་མཆོད་ལ་གཉིས། སྤྱི་དང་། བྱེ་བྲག་གོ །དང་པོ་ནི། ཇི་སྙེད་སུ་དག་སོགས་ནས། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷང་ངེ་བ། །མགོན་པོ་མཆོག་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །མཚན་དཔེའི་དཔལ་འབར་ཆོས་གོས་རྣམ་གསུམ་གསོལ། །ས་གནོན་མཉམ་གཞག་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །འོད་ཟེར་དྲྭ་བས་འགྲོ་བའི་མུན་སེལ་བ། །ཐུབ་དབང་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །རྩ་བ།་་་ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན༔ མྱ་ངན་མི་འདའ་མངོན་སུམ་ཀུན་ཡུལ་དུ༔ ལྷ་མིའི་བསོད་ནམས་དཔལ་ཞིང་འཚོ་གཞེས་པ༔ རྒྱལ་ཚབ་དགྲ་བཅོམ་བཅུ་དྲུག་ཞབས་ལ་འདུད༔ ཏི་སེའི་གངས་ལ་དགྲ་བཅོམ་ཡན་ལག་འབྱུང༔ དྲང་སྲོང་རི་ངོགས་ཤེལ་ནགས་མི་ཕམ་པ༔ ལོ་མ་བདུན་རིར་བཙུན་པ་ནགས་ན་གནས༔ ཟངས་གླིང་དབུས་ན་རྒྱལ་སྲས་དུས་ལྡན་བཞུགས༔ སིངྒ་ལ་ན་རྡོ་རྗེ་མོ་ཡི་བུ༔ ཆུ་བོ་ཡ་མུ་ནཱའི་གླིང་བཟང་པོ་བཞུགས༔ ཁ་ཆེའི་ཡུལ་ན་ཐུབ་པ་གསེར་བེ་འུ༔ ནུབ་གླིང་བྷཱ་ར་དྷྭ་ཛ་གསེར་ཅན་བཞུགས༔ སྒྲ་མི་སྙན་ན་འཕགས་ཆེན་བཀྐུ་ལ༔ པྲི་ཡངྐུ་ན་གནས་བརྟན་སྒྲ་གཅན་འཛིན༔ བྱ་རྒོད་ཕུང་པོར་དགེ་སྦྱོང་ལམ་ཕྲན་བསྟན༔ ཤར་གླིང་བྷཱ་ར་དྷྭ་ཛ་བསོད་སྙོམས་ལེན༔ སུམ་ཅུ་རྩ་གསུམ་འཕགས་པ་ལམ་བསྟན་བཞུགས༔ ངོས་ཡངས་རི་ལ་སྡོམ་བརྩོན་ཀླུ་ཡི་སྡེ༔ རི་རྒྱལ་བྷི་ཧུ་ལ་ན་སྦེད་བྱེད་བཞུགས༔ གངས་རིའི་རྒྱལ་པོ་ལ་ནི་མི་ཕྱེད་པ༔ འཕགས་ཆེན་གནས་བརྟན་རྒྱལ་པོ་བཅུ་དྲུག་པོ༔ རེ་རེ་ཞིང་ཡང་དགྲ་བཅོམ་དུ་མས་བསྐོར༔ ཉན་ཐོས་ཚུལ་འཛིན་རྒྱལ་སྲས་ཕྲིན་ལས་སྐྱོང༔ ཆོས་གསུང་འགྲོ་དོན་མཛད་པས་ལེགས་སྐྱོབ་མཛད༔ མཁའ་ལྟར་ཁྱབ་པའི་ཐུབ་དབང་འཕགས་ཚོགས་ལ། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ཏེ། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །རྩ་བ།་་་འཕགས་པའི་ཚོགས་དེ་རྣམས་ཀྱི་སྤྱན་སྔར་མཆོད་པའི་བྱེ་བྲག་ཡོན་ཆབ་དང༔ མེ་ཏོག་དང༔ བདུག་སྤོས་དང༔ མར་མེ་དང༔ དྲི་ཆབ་དང༔ ཞལ་ཟས་དང༔ སིལ་སྙན་དང༔ གདུགས་དང་བ་དན་ལ་སོགས་ཏེ་མཆོད་པའི་བྱེ་བྲག་དངོས་སུ་བཤམས་པ་དང༔ ཡིད་ཀྱིས་རྣམ་པར་སྤྲུལ་པའི་ཚོགས་དང༔ གཞན་ཡང་བཀོད་པའི་ཁྱད་པར་ཡིད་དུ་འོང་ཞིང་འོས་པ་རྣམས་ཀྱིས་ཉེ་བར་མཆོད་པར་བགྱི་འོ༔ མེ་ཏོག་དམ་པ་སོགས་ནས། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །ཞེས་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་བ་ཏེ་བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་རོལ་མོ་དང་བཅས་པས་མཆོད་དོ། འདོད་ཆགས་ཞེ་སྡང་སོགས་ནས། བྱང་ཆུབ་ཕྱིར་བསྔོ་འོ། །ཞེས་པའི་བར་གྱི་ཡན་ལག་ལྷག་མ་རྣམས་ཀྱང་བྱའོ། །གཉིས་པ་བྱེ་བྲག་ཏུ་བྱ་བ་ནི། རྩ་བ།་་་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ༔ མཆོད་དོ༔ སྐྱབས་སུ་མཆི་འོ༔ བྱིན་གྱིས་བརླབ་ཏུ་གསོལ༔ ༈ སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དམ་པའི་ཆོས་སྐྱོང་ཞིང་ལྷ་མི་རྣམས་ཀྱི་བསོད་ནམས་ཀྱི་དཔལ་ཞིང་དུ༔ དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བཀའ་བསྒོས་ཏེ༔ མྱ་ངན་ལས་མི་འདའ་བར་འཇིག་རྟེན་ན་མངོན་སུམ་དུ་བཞུགས་ཤིང༔ བཀའ་ལུང་གི་རྗེས་སུ་སྒྲུབ་པར་འཕགས་པའི་ཚིག་ངེས་པས་ཞལ་གྱིས་བཞེས་པ༔ ༼༡ པྲི་ཡངྐུ་ཡི་གླིང་ན༔ འཕགས་པའི་གནས་བརྟན་ཆེན་པོ་སྒྲ་གཅན་འཛིན༔ འཁོར་དགྲ་བཅོམ་པ་སྟོང་དང་ཆིག་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ༔ མཆོད་དོ༔ སྐྱབས་སུ་མཆི་འོ༔ བྱིན་གྱིས་བརླབ་ཏུ་གསོལ༔ དེ་བཞིན་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱི་སོགས་ནས། ཞལ་གྱིས་བཞེས་པ༔ ཞེས་པའི་བར་རེ་རེ་བཞིན་དུ་མགོར་སྦྱར་བས། ༼༢ བྱ་རྒོད་ཕུང་པོའི་རི་ལ༔ འཕགས་པའི་གནས་བརྟན་ཆེན་པོ་ལམ་ཕྲན་བསྟན༔ འཁོར་དགྲ་བཅོམ་པ་སྟོང་དང་དྲུག་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ༔ མཆོད་དོ༔ སྐྱབས་སུ་མཆི་འོ༔ བྱིན་གྱིས་བརླབ་ཏུ་གསོལ༔ ༼༣ ཤར་གྱི་ལུས་འཕགས་གླིང་ན༔ འཕགས་པའི་གནས་བརྟན་ཆེན་པོ་བྷཱ་ར་དྷྭ་ཛ་བསོད་སྙོམས་ལེན༔ འཁོར་དགྲ་བཅོམ་པ་སྟོང་གིས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ༔ མཆོད་དོ༔ སྐྱབས་སུ་མཆི་འོ༔ བྱིན་གྱིས་བརླབ་ཏུ་གསོལ༔ ༼༤ ལྷའི་གནས་སུམ་ཅུ་རྩ་གསུམ་ན༔ འཕགས་པའི་གནས་བརྟན་ཆེན་པོ་ལམ་ཆེན་བསྟན༔ འཁོར་དགྲ་བཅོམ་པ་དགུ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ༔ མཆོད་དོ༔ སྐྱབས་སུ་མཆི་འོ༔ བྱིན་གྱིས་བརླབ་ཏུ་གསོལ༔ ༼༥ རི་ཡི་རྒྱལ་པོ་ངོས་ཡངས་ལ༔ འཕགས་པའི་གནས་བརྟན་ཆེན་པོ་ཀླུ་ཡི་སྡེ༔ འཁོར་དགྲ་བཅོམ་པ་སྟོང་དང་གཉིས་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ༔ མཆོད་དོ༔ སྐྱབས་སུ་མཆིའོ༔ བྱིན་གྱིས་བརླབ་ཏུ་གསོལ༔ ༼༦ རི་ཡི་རྒྱལ་པོ་བྷི་ཧུ་ལ་ན༔ འཕགས་པའི་གནས་བརྟན་ཆེན་པོ་སྦེད་བྱེད༔ འཁོར་དགྲ་བཅོམ་པ་སྟོང་དང་བཞི་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ༔ མཆོད་དོ༔ སྐྱབས་སུ་མཆི་འོ༔ བྱིན་གྱིས་བརླབ་ཏུ་གསོལ༔ ༼༧ གངས་རིའི་རྒྱལ་པོ་ལ༔ འཕགས་པའི་གནས་བརྟན་ཆེན་པོ་མི་ཕྱེད་པ༔ འཁོར་དགྲ་བཅོམ་པ་སྟོང་གིས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ༔ མཆོད་དོ༔ སྐྱབས་སུ་མཆི་འོ༔ བྱིན་གྱིས་བརླབ་ཏུ་གསོལ༔ ༼༨ གངས་རི་ཆེན་པོ་ཏི་སེ་ལ༔ འཕགས་པའི་གནས་བརྟན་ཆེན་པོ་ཡན་ལག་འབྱུང༔ འཁོར་དགྲ་བཅོམ་པ་སྟོང་དང་སུམ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ༔ མཆོད་དོ༔ སྐྱབས་སུ་མཆི་འོ༔ བྱིན་གྱིས་བརླབ་ཏུ་གསོལ༔ ༼༩ དྲང་སྲོང་རིའི་ངོགས་ཤེལ་ནགས་ན༔ འཕགས་པའི་གནས་བརྟན་ཆེན་པོ་མི་ཕམ་པ༔ འཁོར་དགྲ་བཅོམ་པ་མང་པོས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ༔ མཆོད་དོ༔ སྐྱབས་སུ་མཆི་འོ༔ བྱིན་གྱིས་བརླབ་ཏུ་གསོལ༔ ༼༡༠ རི་ནགས་ཀྱི་ངོགས་ལོ་མ་བདུན་པ་ཞེས་བྱ་བའི་རི་ཕུག་ན༔ འཕགས་པའི་གནས་བརྟན་ཆེན་པོ་ནགས་ན་གནས༔ འཁོར་དགྲ་བཅོམ་པ་སྟོང་དང་བཞི་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ༔ མཆོད་དོ༔ སྐྱབས་སུ་མཆི་འོ༔ བྱིན་གྱིས་བརླབ་ཏུ་གསོལ༔ ༼༡༡ ཟངས་གླིང་ན༔ འཕགས་པའི་གནས་བརྟན་ཆེན་པོ་དུས་ལྡན༔ འཁོར་དགྲ་བཅོམ་པ་སྟོང་དང་ཆིག་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ༔ མཆོད་དོ༔ སྐྱབས་སུ་མཆི་འོ༔ བྱིན་གྱིས་བརླབ་ཏུ་གསོལ༔ ༼༡༢ སིངྒ་ལའི་གླིང་ན༔ འཕགས་པའི་གནས་བརྟན་ཆེན་པོ་རྡོ་རྗེ་མོ་ཡི་བུ༔ འཁོར་དགྲ་བཅོམ་པ་སྟོང་གིས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ༔ མཆོད་དོ༔ སྐྱབས་སུ་མཆི་འོ༔ བྱིན་གྱིས་བརླབ་ཏུ་གསོལ༔ ༼༡༣ ཆུ་བོ་ཡ་མུ་ནཱའི་གླིང་ན༔ འཕགས་པའི་གནས་བརྟན་ཆེན་པོ་བཟང་པོ༔ འཁོར་དགྲ་བཅོམ་པ་སྟོང་དང་ཉིས་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ༔ མཆོད་དོ༔ སྐྱབས་སུ་མཆི་འོ༔ བྱིན་གྱིས་བརླབ་ཏུ་གསོལ༔ ༼༡༤ ཁ་ཆེའི་ཡུལ་ན༔ འཕགས་པའི་གནས་བརྟན་ཆེན་པོ་གསེར་བེའུ༔ འཁོར་དགྲ་བཅོམ་པ་ལྔ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ༔ མཆོད་དོ༔ སྐྱབས་སུ་མཆི་འོ༔ བྱིན་གྱིས་བརླབ་ཏུ་གསོལ༔ ༼༡༥ ནུབ་ཀྱི་བ་གླང་སྤྱོད་ན༔ འཕགས་པའི་གནས་བརྟན་ཆེན་པོ་བྷཱ་ར་དྷྭ་ཛ་གསེར་ཅན༔ འཁོར་དགྲ་བཅོམ་པ་བདུན་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ༔ མཆོད་དོ༔ སྐྱབས་སུ་མཆི་འོ༔ བྱིན་གྱིས་བརླབ་ཏུ་གསོལ༔ ༼༡༦ བྱང་གི་སྒྲ་མི་སྙན་ན༔ འཕགས་པའི་གནས་བརྟན་ཆེན་པོ་བཀྐུ་ལ༔ འཁོར་དགྲ་བཅོམ་པ་དགུ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ༔ མཆོད་དོ༔ སྐྱབས་སུ་མཆི་འོ༔ བྱིན་གྱིས་བརླབ་ཏུ་གསོལ༔ འཕགས་པའི་དགེ་བསྙེན་ཆེན་པོ་དྷརྨ་ཏཱ་ལ་ཕྱག་འཚལ་ལོ༔ མཆོད་དོ༔ སྐྱབས་སུ་མཆི་འོ༔ བྱིན་གྱིས་བརླབ་ཏུ་གསོལ༔ སྟོན་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་ཏེ་འཇིག་རྟེན་སྐྱོང་བའི་ཚུལ་བཟུང་བ་རྒྱལ་པོ་ཆེན་པོ་སྡེ་བཞི་ལ་སོགས་པ་ཆོས་སྲུང་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་ཕྱག་འཚལ་ལོ༔ མཆོད་དོ༔ སྐྱབས་སུ་མཆི་འོ༔ བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་སོ་སོར་ཕྱག་མཆོད་ཕུལ་བའི་མཐར། ཐུན་མོང་དུ། འཕགས་པའི་ཚོགས་དེ་རྣམས་ཀྱི་སྤྱན་སྔར་སོགས་ནས། བྱང་ཆུབ་ཕྱིར་བསྔོ་འོ། །ཞེས་པའི་བར་གོང་དུ་སྨྲོས་པ་ལྟར་ཡན་ལག་བདུན་པ་ཚང་བར་བྱའོ། །དེ་ནས་ཐུན་མོང་དུ་མཎྜལ་འབུལ་བ་ནི། ཨཱོྃ་ཨཱཿཧཱུྃ། དགོངས་འདུས་མཎྜལ་ལས་སོ།་་་བདེ་གཤེགས་སྤྲུལ་སྐུའི་ཞིང་ཁམས་ཡངས་ཤིང་རྒྱ་ཆེ་དཔག་ཏུ་མེད་པ་ན༔ བཞུགས་པའི་རྒྱལ་བ་རྒྱ་མཚོ་ཐུབ་དབང་གསེར་མདོག་ཅན་དང་དེ་ཡི་སྲས༔ སྤྲུལ་པ་ཡང་སྤྲུལ་གྲངས་འདས་སེམས་དཔའ་ཆེ་དང་གནས་བརྟན་འཕགས་པའི་ཚོགས༔ རྒྱལ་ཆེན་བཞི་སོགས་གཙང་རིས་དཔལ་མགོན་དཀར་ཕྱོགས་སྐྱོང་བ་བཅས་རྣམས་ལ༔ རིན་ཆེན་འབྲུ་ཡི་ཚོགས་ཀྱིས་དངོས་སུ་འབྱོར་བཤམས་ཡིད་ཀྱིས་སྤྲུལ་ནས་ནི༔ གདལ་བ་ཆེན་པོ་གསེར་གྱི་ས་གཞི་སྤོས་ཆུའི་རྫིང་བུ་བཅས་པ་ཡི༔ རྒྱ་ཆེན་གནས་སུ་སྣ་ཚོགས་རིན་ཆེན་ལས་གྲུབ་རི་བོ་ཆེན་པོ་དང༔ གླིང་དང་གླིང་ཕྲན་ཉི་ཟླ་ལྷ་མིའི་ཕོ་བྲང་ལྕགས་རི་མུ་ཁྱུད་བཅས༔ དེ་དག་རྣམས་སུ་མཛེས་ཤིང་བཀོད་པའི་ཁྱད་པར་འཕགས་པ་ཇི་སྙེད་པ༔ དེ་སྙེད་རྣམས་ནི་བསོད་ནམས་ཡེ་ཤེས་ཚོགས་དང་དེ་འབྲས་ཐོབ་བྱའི་ཕྱིར༔ རྡུལ་གཅིག་སྟེང་ན་རྡུལ་སྙེད་ལུས་སུ་སྤྲུལ་ནས་གུས་པར་འབུལ་ལགས་ན༔ ཐུགས་རྗེས་བཞེས་ནས་འདོད་པའི་དོན་རྣམས་མྱུར་དུ་འགྲུབ་པར་མཛད་དུ་གསོལ༔ ཨཱོྃ་ཨཱཿཧཱུྃ༔ བྷ་ག་ཝཱན་ཤྲཱི་ཤཱཀྱ་མུ་ནི་མ་ཧཱ་སྡྱཱ་བི་རཿས་པ་རི་ཝཱ་ར་བྷྱཿམཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཞེས་ཇི་ལྟར་ནུས་པ་དང་། ས་གཞི་སྤོས་ཆུས་སོགས་བསྡུས་པའང་ཕུལ་ཏེ་གྲངས་གསོག་གོ །ལྔ་པ་འདོད་དོན་གསོལ་བ་ནི། མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱར་ཞིང་མདུན་པ་རྩེ་གཅིག་པས། རྩ་བ།་་་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་ཐོས་དང༔ གནས་བརྟན་ཆེན་པོ་བཅུ་དྲུག་ལ་སོགས་པ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ བདག་ཅག་ལ་སོགས་པའི་འགྲོ་བ་དཔག་ཏུ་མེད་པས་ལྷག་པའི་བསམ་པ་རྣམ་པར་དག་ཅིང༔ བསམ་སྦྱོར་དད་ཅིང་གུས་པའི་སྒོ་ནས༔ ཁྱེད་རྣམས་ལ་ཕྱག་འཚལ་ཞིང་གསོལ་བ་བཏབ་པ་དང༔ མཆོད་པ་ཕུལ་པ་ལ་སོགས་པའི་དགེ་བའི་རྩ་བ་འདི་དག་གི་མཐུ་དང་ནུས་པ་ལ་བརྟེན་ནས༔ སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་མེད་དུ་དར་ཞིང་རྒྱས་པར་མཛད་དུ་གསོལ༔ དགོངས་འདུས་བུམ་སྒྲུབ་ལས་སོ།་་་བསྟན་པ་འཛིན་སྐྱོང་སྤེལ་བར་མཛད་པའི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་དང་མཛད་པ་ཕྲིན་ལས་ལ་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་གང་ཡང་མི་འབྱུང་ཞིང༔ སྐུ་ཚེ་དང་ཕྲིན་ལས་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ༔ དེ་དག་གི་ཐུགས་རྗེ་དང་ནུས་པ་ལ་བརྟེན་ནས་སེམས་ཅན་རྣམས་ཀྱི་ལས་དང་ཉོན་མོངས་པ་ལ་སོགས་པའི་ཉེས་ལྟུང་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་མཛད་དུ་གསོལ༔ སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་དཔག་ཏུ་མེད་པ་འབྱུང་བར་མཛད་དུ་གསོལ༔ ཡུལ་རིས་དང་རྒྱལ་ཁམས་སུ་ཡང་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཞི་ནས་བཀྲ་ཤིས་དང་བདེ་ལེགས་དཔལ་འབྱོར་ཕུན་སུམ་ཚོགས་པ་དང་ལྡན་པར་མཛད་དུ་གསོལ༔ བྱེ་བྲག་ཏུ་ཡང་བདག་དང་སྦྱིན་པའི་བདག་པོ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ༔ ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་དགེ་ལེགས་ཀྱི་ཡོན་ཏན་ལྡན་འབྲས་ཐམས་ཅད་སྨིན་ནས་དར་ཞིང་རྒྱས་པར་མཛད་དུ་གསོལ༔ ཕ་རོལ་མི་དང་མི་མ་ཡིན་པའི་གནོད་གདུག་བསམ་སྦྱོར་ངན་པས་འཚེ་བར་བྱེད་པ་ཐམས་ཅད་ལས་བསྲུང་ཞིང་བསྐྱབ་པར་མཛད་དུ་གསོལ༔ ཁྱད་པར་དུ་ཡང་བདག་ཅག་གིས་ཇི་ལྟར་གསོལ་ཞིང་བསམ་པའི་དོན་ཐམས་ཅད་ཆོས་དང་ལྡན་པར་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ༔ ཞེས་སྤྱིར་འདོད་པའི་དོན་ལ་གསོལ་བ་གདབ་པ་དང་། ཁྱད་པར་ཇོ་ཤཱཀ་རྣམ་གཉིས་དངོས་སམ། རང་རང་གི་གཙུག་ལག་ཁང་སོགས་སུ་བཞུགས་པའི་ཐུབ་དབང་གཙོར་གྱུར་སྐུ་གསུང་ཐུགས་རྟེན་རྣམས་ལ་དམིགས་ཏེ། རྩ་བ།་་་ལྷ་དང་མི་ཐམས་ཅད་ཀྱི་འདྲེན་པའི་གཙུག་རྒྱན་དམ་པར་གྱུར་པ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ༔ ཤཱཀྱའི་རྒྱལ་པོའི་གདུང་འཚོབ་ཏུ་གྱུར་པ་འདི་ཉིད༔ འགྲོ་བ་ཐམས་ཅད་ཀྱི་དཔལ་དང་མགོན་དང་སྐྱབས་གནས་དམ་པར་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་འབྱུང་བའི་གནོད་པས་མི་ཚུགས་པར༔ གནས་འདི་ཉིད་དུ་བརྟན་པར་བཞུགས་པར་མཛད་དུ་གསོལ༔ བཞུགས་ནས་ཀྱང༔ འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས༔ ཕྱག་འཚལ་བ་དང༔ མཆོད་པ་འབུལ་བ་དང༔ གསོལ་བ་གདབ་པའི་དམིགས་ཡུལ་དུ་གྱུར་ཅིང་འདྲེན་པ་དམ་པ་མཛད་དུ་གསོལ༔ གཞན་ཡང་དེ་དག་དང༔ སྐུ་དང༔ གསུང་དང༔ ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྟེན་མཆོག་ཁྱད་པར་ཅན་རྣམས་ཀྱང༔ འགྲོ་བ་ཐམས་ཅད་ཀྱི་དཔལ་དང༔ མགོན་དང༔ སྐྱབས་གནས་དམ་པར༔ ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ༔ འབྱུང་བའི་གནོད་པས་མི་ཚུགས་པར༔ གནས་འདི་ཉིད་དུ་བརྟན་པར་བཞུགས་པར་མཛད་དུ་གསོལ༔ བཞུགས་ནས་ཀྱང༔ འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས་ཕྱག་འཚལ་བ་དང༔ མཆོད་པ་འབུལ་བ་དང༔ གསོལ་བ་གདབ་པའི་དམིགས་ཡུལ་དུ་གྱུར་ཅིང་འདྲེན་པ་དམ་པ་མཛད་དུ་གསོལ༔ དེ་དག་ཐམས་ཅད་ཀྱི་མཐུ་དང༔ སྟོབས་དང༔ ནུས་པ་དང༔ བསོད་ནམས་ཀྱི་དཔལ་ལ་བརྟེན་ནས༔ འབྱུང་བ་མེ་དང་ཆུའི་གནོད་པ་དང༔ འཚེ་བ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག༔ ཅེས་འདུན་པ་དྲགས་པོ་དང་ལྡན་པས་བརྟན་བཞུགས་བྱ་ཞིང་མེ་ཏོག་འཐོར། གཞུང་དུ་མ་གསུངས་ཀྱང་ཞར་བྱུང་གཟུངས་བཟླ་བར་སྤྲོ་ན། ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་སྦྱངས། ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་རྒྱས་ཤིང་རྒྱུད་བྱིན་གྱིས་བརླབས་པར་གྱུར། ཅེས་བརྗོད་ཅིང་བསམ་ལ། ཨཱོྃ་ན་མོ་བྷ་ག་ཝ་ཏེ་ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨཱོྃ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་དང་། བརྟན་བཞུགས་ཀྱི་སྔགས། ཨཱོྃ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ྄། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿཡེ་སྭཱ་ཧཱ། ཞེས་པའང་བཟླ་འོ། །ཡང་མཆོད་ཆོག་གི་དཀྱུས་སུ་མི་དགོས་ཀྱང་། སྐབས་འགའ་ཞིག་ཏུ་རང་གཞན་ལ་ཕན་གདགས་པའི་སླད་གཟུངས་བུམ་བསྒྲུབ་པར་སྤྲོ་ན། སྦྱོར་བའི་སྐབས་རང་གི་མདུན་སོགས་གང་བདེར་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པ་བཤམ། དངོས་གཞིའི་བཟླས་པའི་མཇུག་ཏུ། སླར་ཡང་སྟོན་པ་འཁོར་དང་བཅས་པའི་སྐུའི་ཆ་ཐམས་ཅད་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང་། བུམ་པའི་གཟུངས་ཆབ་ལ་ཐིམ་པས་རེག་པ་ཙམ་གྱིས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་། དཔལ་དང་བདེ་ལེགས་ཐམས་ཅད་སྐྱེད་པའི་ནུས་པ་དང་ལྡན་པར་གྱུར། ཅེས་བརྗོད་ཅིང་བསམ་ལ་གཟུངས་གཉིས་ཇི་ལྟར་རིག་པ་བཟླ། རྗེས་དེ་ལྟར་བྱིན་གྱིས་བརླབས་པའི་ཆུས་སྐུ་གསུང་ཐུགས་ཀྱི་རྟེན་དང་། གཙུག་ལག་ཁང་། གནས་ཁང་། ཡུལ་གྲུ་སོགས་ལ་ཁྲུས་གསོལ་བ་དང་། རང་གཞན་གྱི་ཁོང་དུ་བཏུང་བ་དང་ཁྲུས་བགྱིས་པས་མི་མཐུན་པའི་ཕྱོགས་ཞི་ཞིང་ཕན་བདེའི་དགེ་མཚན་རྒྱས་པར་འགྱུར་ལ། སེམས་ཅན་གང་དག་ཤི་བའི་རུས་བུ་དང་དུར་ཁྲོད་སོགས་ལ་གཏོར་བས་སྡིག་སྒྲིབ་དག་ཅིང་མཐོ་རིས་དང་ཐར་པའི་གོ་འཕང་ཐོབ་པ་སོགས་ཕན་ཡོན་དཔག་ཏུ་མེད་པར་གསུངས་སོ། །གསུམ་པ་རྗེས་ལ། གཏང་རག་འབུལ་ཞིང་ནོངས་པ་བཤགས། །བརྟན་བཞུགས་བསྔོ་སྨོན་ཤིས་པ་བརྗོད། །ཅེས་ལྔ་ལས། དང་པོ་ལ་གཉིས། གཏོར་མ་འབུལ་བ་དང་། ཕྱག་མཆོད་བྱ་བའོ། །དང་པོ་ནི། གཏོར་མ་རྣམས་ལ་ཆབ་གཙང་མ་བྲན། དཀོན་མཆོག་གསུམ་གྱི་བདེན་པ་དང་། །སངས་རྒྱས་བྱང་སེམས་བྱིན་རླབས་དང་། །ཚོགས་གཉིས་རྫོགས་པའི་མངའ་ཐང་དང་། །ཆོས་དབྱིངས་རྣམ་དག་བདེན་སྟོབས་ཀྱིས། །མཁའ་ཁྱབ་མགྲོན་རྣམས་མཉེས་བྱེད་པའི། །མཆོད་གཏོར་བདུད་རྩིའི་རྒྱ་མཚོ་ཆེ། །འདོད་པའི་ཡོན་ཏན་ལྔ་ལྡན་པ། །མི་ཟད་ནམ་མཁའི་མཛོད་གྱུར་ཅིག །ཅེས་པས་བརླབས་ལ། གཏོར་མ་དང་པོ། ཨཱོྃ་གུ་རུ་ཤཱཀྱ་མུ་ནི་ཏྲི་རཏྣ་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨཱོྃ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཞེས་ལན་བདུན་ནམ་གསུམ་གྱིས་ཕུལ། ཨཱོྃ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད། གཏོར་མ་བདུད་རྩིའི་རྒྱ་མཚོ་འདི། །བླ་མ་དཀོན་མཆོག་གསུམ་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་ཀྱང་། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་འདོད་དོན་གསོལ། དེ་བཞིན་དུ་གཉིས་པ། ཨཱོྃ་མ་ཧཱ་སྡྱཱ་བི་ར་ས་པ་རི་ཝཱ་ར་ན་མཿསརྦ་སོགས་གསུམ་དང་། ཨཱོྃ་བཛྲ་ཨརྒྷཾ་སོགས། གཏོར་མ་བདུད་རྩིའི་རྒྱ་མཚོ་འདི། །འཕགས་ཚོགས་འཁོར་དང་བཅས་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་ཀྱང་། །ཕན་བདེའི་ཕྲིན་ལས་མཛད་དུ་གསོལ། །གསུམ་པ། ཨཱོྃ་དྷརྨ་པཱ་ལ་ཤྲཱི་ནཱ་ཐ་ས་པ་རི་ཝཱ་ར་སོགས་གསུམ་དང་། ཨཱོྃ་བཛྲ་ཨརྒྷཾ་སོགས། གཏོར་མ་བདུད་རྩིའི་རྒྱ་མཚོ་འདི། །ཆོས་སྐྱོང་དཔལ་མགོན་ཚོགས་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་ཀྱང་། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་སྒྲུབས། །བཞི་པ། ཨཱོྃ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ན་མཿསརྦ་སོགས་གསུམ་དང་། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ཞེས་མཚན་བཞི་བརྗོད། གཏོར་མ་བདུད་རྩིའི་རྒྱ་མཚོ་འདི། །གནས་བདག་གཞི་བདག་ཚོགས་ལ་འབུལ། །ནད་གདོན་ཉེར་འཚེ་ཞི་བ་དང་། །དམ་ཆོས་སྒྲུབ་པའི་སྟོངས་གྲོགས་མཛོད། །ལྔ་པ་ནི། ཨཱོྃ་སརྦ་ག་ཏེ་ཥཊྐུ་ལ་ན་མཿསརྦ་སོགས་ལན་གསུམ་དང་། མཚན་བཞི། གཏོར་མ་བདུད་རྩིའི་རྒྱ་མཚོ་འདི། །རིགས་དྲུག་སྙིང་རྗེའི་མགྲོན་ལ་སྦྱིན། །སོ་སོའི་སྡུག་བསྔལ་ཀུན་བྲལ་ནས། །ཕན་བདེའི་དཔལ་གྱིས་འཚོ་བར་ཤོག །དྲུག་པ། ཨཱོྃ་སརྦ་བིགྷྣཱན་ན་མཿསརྦ་སོགས་ལན་གསུམ་དང་། མཚན་བཞི། གཏོར་མ་བདུད་རྩིའི་རྒྱ་མཚོ་འདི། །བགེགས་རིགས་ལན་ཆགས་མགྲོན་ལ་བསྔོ། །གནོད་འཚེའི་བསམ་སྦྱོར་ཀུན་ཞི་ནས། །བྱང་ཆུབ་སེམས་དང་ལྡན་པར་ཤོག །ཅེས་བསྔོ། བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད་དོ། །གཉིས་པ་ཕྱག་མཆོད་བྱ་བ་ནི། མཆོད་པ་ཞལ་གསོས་ལ། ན་མོ་རཏྣ་སོགས་མཆོད་པའི་སྤྲིན་གྱི་གཟུངས་བརྗོད་པས་རྒྱས་པར་སྤེལ། ཇི་སྙེད་སུ་དག་སོགས་ནས། བྱང་ཆུབ་ཕྱིར་བསྔོ་འོ། །ཞེས་པའི་བར་ཡན་ལག་བདུན་པ་ཚང་བར་བྱས་རྗེས་ཐལ་མོ་སྦྱར་ཏེ། ཐུབ་དབང་གནས་བརྟན་དགྲ་བཅོམ་དང་། །འཇིག་རྟེན་སྐྱོང་རྣམས་དགོངས་སུ་གསོལ། །དགོངས་འདུས་གཟུངས་སྒྲུབ་ལས་སོ།་་་བདག་ཅག་ལྷག་བསམ་དག་པའི་མཐུས༔ འགྲོ་བ་རྣམས་ཀྱི་དོན་སླད་དུ༔ རྒྱལ་སྲས་འཁོར་བཅས་མཆོད་སོགས་པ༔ ལུས་ངག་ཡིད་ཀྱིས་བགྱིས་པ་ཡི༔ དགེ་བའི་རྩ་བ་འདི་དག་གི༔ མཐུ་དང་ནུས་པ་བྱིན་རླབས་ཀྱིས༔ སངས་རྒྱས་བསྟན་པ་དར་བ་དང༔ འགྲོ་རྣམས་བདེ་ཞིང་སྐྱིད་པ་དང༔ ཡུལ་རིས་རྒྱལ་ཁམས་བདེ་བ་དང༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ མི་མཐུན་ཕྱོགས་རྣམས་ཞི་ནས་ནི༔ ལུས་ངག་ཡིད་གསུམ་བདེ་བ་དང༔ བསམ་དོན་ཆོས་བཞིན་འགྲུབ་མཛད་གསོལ༔ ཁྱད་པར་རྒྱལ་བའི་གསང་གསུམ་རྟེན༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ འགྲོ་ཀུན་དཔལ་མགོན་སྐྱབས་གནས་སུ༔ མི་འགྱུར་བརྟན་པར་བཞུགས་སུ་གསོལ༔ བཞུགས་ནས་སེམས་ཅན་ཐམས་ཅད་ཀྱི༔ ཕྱག་མཆོད་འབུལ་བའི་ཡུལ་གྱུར་ནས༔ སྲིད་དང་ཞི་བའི་དགེ་མཚན་དང༔ ལེགས་ཚོགས་རྒྱས་པའི་བཀྲ་ཤིས་སྩོལ༔ ཅེས་སྤྱི་དང་ཁྱད་པར་གྱི་འདོད་པའི་དོན་ལ་གསོལ་བ་གདབ་བོ། །གཉིས་པ་ནོངས་བཤགས་ནི། ཐལ་མོ་སྦྱར་བས་བཏུད་དེ། དགོངས་འདུས་ལས་བྱང་ཚངས་སྒྲ་ལས་སོ།་་་བདག་ཅག་མ་རིག་ལུས་ངག་ཡིད་གསུམ་གྱིས༔ མ་འབྱོར་པ་དང་ཉམས་པ་ཅི་མཆིས་པ༔ ཐུབ་དབང་འཕགས་ཚོགས་འཁོར་བཅས་སྤྱན་སྔ་རུ༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་རབ་ཏུ་བཤགས༔ ཞེས་བཟོད་པར་གསོལ། གསུམ་པ་བརྟན་བཞུགས་ནི། དགོངས་འདུས་རབ་གནས་ལས་སོ།་་་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ ཇི་སྲིད་ནམ་མཁའི་མཐའ་ཀླས་པར་གྱུར་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པ་མ་ཐོབ་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ༔ བྱེ་བྲག་ཏུ་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ལའང་ཇི་སྲིད་འབྱུང་བ་ཆེན་པོ་བཞིའི་གནོད་པས་ཞིག་པར་མ་གྱུར་གྱི་བར་དུ་སེམས་ཅན་གྱི་དོན་ལ་དགོངས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བརྟན་པར་བཞུགས་སུ་གསོལ༔ བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་དམ་པ་མཛད་དུ་གསོལ༔ ཨཱོྃ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ། ཞེས་དང་། ཡེ་དྷརྨཱ་བརྗོད་ཅིང་མེ་ཏོག་འཐོར་བས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་མཁྱེན་པ་དང༔ ཐུགས་རྗེའི་བྱིན་རླབས་ཐམས་ཅད་འོད་ཀྱི་ཚུལ་དུ་འུབས་ཀྱིས་འདུས་ཏེ་རྟེན་དེ་ལ་ཐིམ་པས༔ རྟེན་དེ་སྟོན་པ་དངོས་སུ་བཞུགས་པ་དང་འདྲ་བར་གྱུར་ཏེ༔ འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་ལ་བཞུགས་པར་གྱུར་པར་བསམ་མོ། །རྟེན་མེད་ན། ཚངས་སྒྲ་ལས་སོ།་་་ཡེ་ཤེས་ལྷ་ཚོགས་གནས་འདིར་བྱོན་པ་ལེགས༔ བདག་སོགས་འགྲོ་རྣམས་བསོད་ནམས་སྐལ་བར་ལྡན༔ དམིགས་མེད་སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༔ སླར་ཡང་ཐུགས་རྗེས་འབྱོན་པར་མཛད་དུ་གསོལ༔ ཞེས་གཤེགས་སུ་གསོལ། འཇིག་རྟེན་པ་རྣམས་རང་གནས་སུ་སོང་བར་བསམ། བཞི་པ་བསྔོ་སྨོན་ནི། དགོངས་འདུས་ལས་བྱང་མེ་ཏོག་ཕྲེང་མཛེས་ལས་སོ།་་་ཆོས་ཀྱི་དབྱིངས་ཀྱི་ངང་ལས་རྒྱུན་བྱུང་བ༔ དམིགས་བཅས་དམིགས་མེད་ཟུང་འཇུག་དགེ་བའི་ལས༔ འདིས་མཚོན་བདག་གཞན་བྱ་བྱེད་ཡི་རངས་སོགས༔ བླ་མེད་ཐེག་པ་ཆེན་པོར་བསྔོ་བར་བགྱི༔ བདག་དང་མཐའ་ཡས་འགྲོ་བ་མ་ལུས་ཀུན༔ དགེ་བའི་རྩ་བ་འདི་ལ་བརྟེན་ནས་ནི༔ ཚེ་རབས་ལས་ཀྱི་སྡིག་སྒྲིབ་ཡོངས་བྱང་ནས༔ ཟབ་ཡངས་ཆོས་མཛོད་ཀློང་དུ་གྲོལ་བར་ཤོག༔ དགོངས་འདུས་ཕྱག་འཚལ་ལས་སོ།་་་ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང༔ སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་དང༔ ཉིན་མཚན་རྟག་ཏུ་ཆོས་ལ་སྤྱོད་པ་དང༔ རང་གཞན་དོན་འབྲས་ལྷུན་གྱིས་གྲུབ་པར་ཤོག༔ ཅེས་དང་། སྤྲོ་ཞིང་ནུས་ན་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་རྒྱ་ཆེར་གདབ་བོ། །ལྔ་པ་ཤིས་བརྗོད་ནི། ཡེ་དྷརྨཱ་སོགས་དང་། སློབ་དཔོན་རིན་པོ་ཆེ་དྷ་ན་ཀོ་ཥའི་རྒྱ་མཚོར་པདྨའི་སྦུབས་ལས་སྐུ་འཁྲུངས་པའི་ཚེ་ཕྱོགས་བཅུའི་སངས་རྒྱས་ཀྱིས་ཤིས་པ་བརྗོད་པ། ཨཱོྃ༔ ཕུན་སུམ་ཚོགས་པ་ཕྱི་ཡི་ཡིད་བཞིན་རྒྱ་མཚོ་འདྲ༔ ཕྱོགས་གྱུར་ཀུན་ནས་གང་ལ་ཅི་འཚམ་སྟོབས་འབེབས་ཤིང༔ ཐམས་ཅད་མཁྱེན་པ་འགྲོ་བའི་རེ་བ་སྐོང་མཛད་པའི༔ སངས་རྒྱས་པདྨའི་འདབ་འདྲ་རྒྱས་པའི་བཀྲ་ཤིས་ཤོག༔ མི་མཇེད་འཇིག་རྟེན་གསེར་གྱི་ས་གཞི་བརྡལ་བ་ལ༔ གླིང་བཞི་རི་རབ་ལྕགས་རི་མུ་ཁྱུད་དཔལ་མངའ་བ༔ བསྟན་གཉིས་ཉི་ཟླ་ཟུང་ཅིག་བསྐོར་བ་བྱེད་པ་ཡིས༔ འགྲོ་ཀུན་མ་རིག་མུན་པ་སེལ་བའི་བཀྲ་ཤིས་ཤོག༔ འཁོར་ལོས་སྒྱུར་རྒྱལ་འཇིག་རྟེན་བདེ་བའི་སྟོབས་མངའ་ཞིང༔ སེམས་ཅན་ཐམས་ཅད་དགའ་བར་བགྱིད་པའི་འོད་འཕྲོ་བས༔ སྐལ་པ་བཟང་པོ་གཟུགས་བཟང་བ་དང་སྤོབས་པར་ལྡན༔ ཆོས་ཀུན་དར་བས་སྐྱེ་རྒུ་ཞི་བའི་བཀྲ་ཤིས་ཤོག༔ ཚེ་རིང་འབྱོར་ལྡན་ལོངས་སྤྱོད་བསོད་ནམས་དགེ་ལེགས་དཔལ༔ དགེ་འདུན་ཤེས་གསུམ་ལྡན་པ་བསྟན་པའི་གངས་ཆེན་མཚོ༔ ཕྱོགས་བཅུ་ཀུན་ནས་མཆོག་དང་ཐུན་མོང་གཉིས་འདུ་བ༔ འཇིག་རྟེན་གསུམ་གྲགས་ལྷ་མིས་མཆོད་པའི་བཀྲ་ཤིས་ཤོག༔ ཅེས་དང་། གཞན་ཡང་། གནས་འདིར་ཉིན་མོ་བདེ་ལེགས་སོགས་བརྗོད་ཅིང་མེ་ཏོག་གི་ཆར་དབབ་པས་དགེ་ལེགས་སུ་བྱའོ།། ༈ །།སྐབས་འགའ་ཞིག་ཏུ་རྒྱས་པར་སྤྲོ་ན། བྱེ་བྲག་གི་ཕྱག་མཆོད་སྐབས། ཐུབ་དབང་། གནས་བརྟན། དྷརྨ་ཏཱ། རྒྱལ་ཆེན་བཅས་སོ་སོའི་ཕྱག་མཆོད་རེ་རེ་བཞིན་གྱི་མཐར། འཕགས་པའི་ཚོགས་དེ་རྣམས་ཀྱི་སྤྱན་སྔར་སོགས་ནས། བྱང་ཆུབ་ཕྱིར་བསྔོ་འོ། །ཞེས་པའི་བར་ཡན་ལག་བདུན་པ་ཚང་བ་དང་། མཎྜལ་ཕུལ་ཞིང་། དེ་ལས་ཀྱང་སྤྲོ་ན། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སྟོན་པ་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་འཁོར་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ བདག་ཅག་ལ་སོགས་པའི་འགྲོ་བ་སོགས་ནས། ཞི་བར་གྱུར་ཅིག༔ ཅེས་པའི་བར་དང་། དེ་བཞིན་དུ། འཕགས་པའི་གནས་བརྟན་ཆེན་པོ་ སྒྲ་གཅན་འཛིན་ འཁོར་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ ཞེས་སོགས་སོ་སོའི་ཕྱག་མཆོད་ཀྱི་མཐར་མཚན་རེ་རེ་ནས་སྨྲོས་ཤིང་འདོད་པའི་དོན་ལ་གསོལ་བ་གདབ་པ་རྣམས་བྱ་ཞིང་། རྗེས་ཆོག་གི་ཕྱག་མཆོད་ཀྱི་རྗེས་སུའང་གོང་ལྟར་ཐུན་མོང་དུ་གསོལ་འདེབས་རྒྱས་པར་བྱའོ།། ༈ །།ཡང་ཅུང་ཟད་བསྡུས་པ་ལ་མོས་ན། སྤྱན་འདྲེན་གྱི་སྐབས་སུ། མ་ལུས་སེམས་ཅན་སོགས་ཤློཀ་གསུམ་གྱི་མཐར། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་དང༔ ཞེས་སོགས་སྦྲེལ་ལ་སྙན་གསན་དབབ་པ་བཞག་པས་ཀྱང་རུང་ངོ་། །དེ་ལྟར་དུས་དང་རྒྱུན་དུ་བརྩོན་པའི་ཕན་ཡོན་ཡང་། སྤྱིར་དཀོན་མཆོག་གསུམ་གྱི་རྟེན་ཡུན་རིང་དུ་གནས་པ་དང་། དམ་པའི་ཆོས་ཀྱི་བཤད་སྒྲུབ་དར་བ་དང་། འཕགས་པའི་དགེ་འདུན་གྱི་སྡེ་འཕེལ་བ་དང་། རང་རང་གི་ཚུལ་ཁྲིམས་དག་ཅིང་ཐོས་བསམ་སྒོམ་སྒྲུབ་འཕེལ་བ་དང་། ནད་གདོན་སོགས་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང་། ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་རྒྱས་པ་དང་། འགྲོ་བ་རྣམས་དད་ཅིང་འདུན་པ་དང་། འཇིག་རྟེན་ཀུན་ཏུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་སོགས་མདོར་ན་ཆོས་དང་མཐུན་པའི་བསམ་སྦྱོར་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་ཞིང་། ཁྱད་པར་གཞུང་ལས། དེ་ལྟར་དུས་ཐམས་ཅད་དུ་བརྩོན་འགྲུས་དང་ལྡན་པས་བྱས་ན༔ ཆུ་བོ་ཆེན་པོའི་གནོད་པ་ཟློག་སྟེ༔ ར་སའི་གཙུག་ལག་ཁང་ལ་སོགས་པའི་རྟེན་རྣམས་ཀྱང༔ འགྲོ་བ་སེམས་ཅན་གྱི་དོན་དུ་ཡུན་དུ་བཞུགས་པར་འགྱུར་རོ༔ ཞེས་ཇི་སྐད་གསུངས་པ་ལྟར། གངས་ཅན་ཕན་བདེའི་རྩ་ལག་ཇོ་ཤཱཀ་རིན་པོ་ཆེ་རྣམ་གཉིས་དང་། ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་ལ་སོགས་པ་རྟེན་ཁྱད་པར་ཅན་རྣམས་ལ་ཚུལ་འདི་ལྟ་བུའི་སྒོ་ནས་བརྟན་བཞུགས་འབུལ་ན། འབྱུང་བ་ཆེན་པོའི་གནོད་པ་ཐམས་ཅད་ཞི་ཞིང་ཡུན་རིང་དུ་བཞུགས་པ་ལ་བརྟེན་ནས་བོད་ཁམས་བསྟན་འགྲོའི་ལེགས་ཚོགས་ཐམས་ཅད་རྒྱས་པར་འགྱུར་བ་ནི་ངེས་པའོ། །ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གཏེར་གཞུང་རྩ་བ་སོར་བཞག་ལ། རིགས་མཐུན་རྡོ་རྗེའི་གསུང་གི་མཚམས་སྦྱོར་ཅི་རིགས་པ་དང་བཅས་ཏེ་བཀླག་པས་གྲུབ་པར་བསྡེབས་པའི་དགེ་བས་བསྟན་པ་དང་སེམས་ཅན་གྱི་དོན་མཐའ་ཡས་པ་འབྱུང་བའི་རྒྱུར་གྱུར་ཅིག །སརྦ་དཱ་ཤྲཱི་ཡོ་བྷ་བ་ཏུ།། །།
བདེ་གཤེགས་ཡོངས་འདུས་ལས༔ སྙིང་པོ་དོན་གྱི་གནས་གསལ་ཞེས་མི་འགྱུར་རྡོ་རྗེའི་ལམ་གྱི་ཆིངས་ (Volume 16, Text 3)
༁ྃ༔ བདེ་གཤེགས་ཡོངས་འདུས་ལས༔ སྙིང་པོ་དོན་གྱི་གནས་གསལ་ཞེས་མི་འགྱུར་རྡོ་རྗེའི་ལམ་གྱི་ཆིངས་བཞུགས་སོ༔ ༔ བདེ་གཤེགས་ཡོངས་འདུས་ལས༔ སྙིང་པོ་དོན་གྱི་གནས་གསལ་ཞེས་མི་འགྱུར་རྡོ་རྗེའི་ལམ་གྱི་ཆིངས་ནི༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ྈྈྈྈ ཟབ་མོ་ཡེ་ཤེས་མཆོག་གི་ལམ༔ བདེ་གཤེགས་ཡོངས་འདུས་བཀའ་ཡི་ལུང༔ འགྱུར་མེད་རྡོ་རྗེའི་གསང་ལམ་འདིར༔ ཞུགས་ཤིག་འབྲས་བུའི་ས་ལ་རེག༔ རིག་པའི་རྩལ་དང་བཟླས་པ་རླུང༔ མྱོང་བ་རྩོམ་པའི་རྟོག་པ་ནི༔ མ་རྩོལ་ཡེངས་མེད་རོལ་པ་ཆེ༔ ལམ་འདིར་འགྲོ་བའི་གྲོགས་སུ་བསྟན༔ ཐོག་མར་བླ་མ་ལྷག་པའི་ལྷ་མཆོག་ལ༔ འཇུག་པའི་གསོལ་བ་འདེབས་པ་ནི༔ ཧཱུྃ༔ བདེ་གཤེགས་ཡོངས་འདུས་བླ་མ་ལ༔ སྐྱབས་མཆི་གསང་ཆེན་དངོས་གྲུབ་སྩོལ༔ སེམས་བསྐྱེད་པ་ནི༔ གསང་ཆེན་ཡེ་ཤེས་ཟབ་བཅུད་ཀྱིས༔ འགྲོ་རྣམས་གཏན་བདེའི་གོ་འཕང་བསྒྲུབ༔ འགྲོ་རྣམས་རླུང་སེམས་སྣང་སྟོང་ལ༔ བདེ་གཤེགས་སྙིང་པོ་དབྱེར་མེད་བསྲེ༔ མཚམས་བཅད་པ་ནི༔ ཧཱུྃ༔ རང་སྣང་སྐད་ཅིག་དྲན་རྫོགས་ཧེ་རུ་ཀ༔ མཉམ་ཉིད་ཡེ་ཤེས་རྒྱན་དང་ཆ་ལུགས་རྫོགས༔ གཟུང་འཛིན་གཉིས་འཛིན་གདོན་བགེགས་རང་ངོར་དེངས༔ སྐལ་མེད་བར་ཆད་མ་འདའ་རང་སར་དེངས༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མཉམ་ཉིད་ཁྲོ་རྒྱལ་མི་གཡོ་རང་གྲོལ་རྩལ༔ ཧཱུྃ་དང་ཁྲོ་ཆུང་མཚོན་ཆ་མེ་རིའི་གུར༔ གསང་སྔགས་ལྷ་ཡི་རང་རྩལ་ཡེ་ཤེས་ལྷ༔ ལྷུན་གྲུབ་འདུས་མ་བྱས་པའི་རྟེན་དུ་གྱུར༔ ཨ་ཨ་ཨ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿབཛྲ་རཀྵ་ཧཱུྃ༔ བརྡ་སྒོ་དབྱེ་ཞིང་བརྡ་ཕྱག་འཚལ་བ་ནི༔ ཧཱུྃ་ཧཱུྃ༔ རང་གྲོལ་མི་གཡོ་མཉམ་ཉིད་ཡེ་ཤེས་ཀྱི༔ རང་མདངས་བདེ་གཤེགས་ཞི་ཁྲོའི་རོལ་པར་ཤར༔ རང་སྣང་ལྷ་ལ་རང་རིག་ཕྱག་བྱ་བའི༔ ཅིར་སྣང་ཆོས་ཉིད་རོལ་པའི་ཀློང་དུ་བལྟ༔ བྱིན་དབབ་པ་ནི༔ ཧཱུྃ༔ ཆོས་དབྱིངས་དག་པ་རང་གྲོལ་ལྷུན་གྲུབ་ལ༔ ཕྱོགས་བཅུའི་བདེ་གཤེགས་རྒྱ་མཚོ་སྤྲིན་བཞིན་འདུས༔ མཉམ་པ་ཉིད་ལ་ཐུགས་རྗེ་མཉམ་རོལ་པའི༔ བདེ་གཤེགས་ཞི་ཁྲོས་རྣལ་འབྱོར་བྱིན་གྱིས་རློབས༔ བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཕེཾ་ཕེཾ་ཛཿཛ༔ མཆོད་པ་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ གཙང་སྦྱར་ཕྱི་ནང་གསང་བའི་མཆོད་པའི་ཚོགས༔ རཾ་ཡཾ་ཁཾ་གིས་མེ་རླུང་འབྱུང་བས་སྦྱངས༔ ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་སྤེལ་ཅིང་བསྒྱུར༔ རྣམ་ལྔའི་འདོད་ཡོན་མཆོད་ཚོགས་སྤྲིན་ལྟར་འཁྲིགས༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃཿ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ༔ ཨོཾ་བཛྲ་ནཻ་ཝིདྱ་ཨཱཿཧཱུྃ༔ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ༔ ཨོཾ་བཛྲ་རཱུ་པ་ཨཱཿཧཱུྃ༔ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ༔ ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ༔ ཨོཾ་བཛྲ་རཱ་སྱ་ཨཱཿཧཱུྃ༔ ཨོཾ་བཛྲ་སྤརྴེ་ཨཱཿཧཱུྃ༔ ཨོཾ་བཛྲ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨཱཿཧཱུྃ༔ ཨོཾ༔ བདུད་རྩིའི་སྨན་ལ་རིགས་ལྔའི་བཅུད་སྩོལ་ཅིག༔ ཨཱ༔ འཁོར་བའི་ཁྲག་ལ་གཱིརྟཱིའི་དམར་ཆེན་སྩོལ༔ ཧཱུྃ༔ ཤ་ལྔ་གཏོར་མ་བདུད་རྩིའི་ངོ་བོར་གྱུར༔ ཨཱ༔ བྱང་ཆུབ་མཆོད་པ་ཀུན་བཟང་ཡངས་པ་ཆེ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་བོ་དྷི་ཙིཏྟ་ཧཱུྃ་ཧྲཱིཿཋཱ༔ ཏིང་འཛིན་རྣམ་གསུམ་ནི༔ ཨོཾ༔ ཀ་ནས་དག་པའི་དགོངས་པ་ཆོས་ཀྱི་སྐུ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ༔ ཨཱ༔ ལྷུན་གྱིས་གྲུབ་པའི་རང་མདངས་ལོངས་སྤྱོད་རྫོགས༔ ཧཱུྃ༔ གང་འདུལ་སྤྲུལ་སྐུ་རྒྱུ་ཡི་སེམས་དཔར་སྣང༔ ཨོཾ་བོ་དྷི་ཙིཏྟ་ཛྙཱ་ན་སཏྭ་ཀྲོ་ཏ་ཧཱུྃ༔ ཧཱུྃ༔ སེམས་དཔའ་མཐིང་ག་རྡོ་རྗེ་དྲིལ་བུ་འཛིན༔ རྒྱན་མེད་གང་འདུལ་ཐུགས་རྗེའི་མཁྱེན་བརྩེར་ཆགས༔ ཨོཾ་བཛྲ་ཧེ་རུ་ཀ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ༔ བཛྲ་ཧེ་རུ་ཀོ་བྷ་ཝ་སཏྭ་ཨཱ༔ ཡེ་ཤེས་འདུ་འཕྲོའི་གདན་སྟེང་འཁོར་ལོའི་དབུས༔ ཐུགས་རྗེའི་རིག་མདངས་ཧཱུྃ་ལས་ཧཱུྃ་མཛད་ལ༔ ཁྲོ་བཅུ་མི་གཡོ་འཁོར་ལོ་རྟག་ཏུ་འཁོར༔ བྱང་ཆུབ་བར་གྱི་སྲུང་ཟློག་དམ་ཚིག་ཟུངས༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣོད་སྦྱང་བ་ནི༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ་འཕྲོས་པས༔ ནམ་མཁའི་དབུས་སུ་རླུང་སྟེང་རཀྟའི་མཚོ༔ ཞིང་ཆེན་ས་གཞི་ཀིཾ་རུས་རི་རབ་མེ༔ དག་པ་ཡུམ་ལྔའི་མཁའ་ཀློང་རྣམ་པར་དག༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེེ་བྷནྡྷ་ཛྙཱ་ན་ཙཀྲ་མཎྜ་ལ་ཨེ་བྷྲཱུྃ༔ སྐམ་རློན་རྩིག་པ་ཐོད་ཚལ་དྲྭ་བ་དང༔ ཞིང་གི་རེ་ལྡེ་ཞིང་ལྤགས་སྒོ་ཁེབས་སོགས༔ དུར་ཁྲོད་གཞལ་ཡས་ཕོ་བྲང་གླིང་དགུར་ལྡན༔ མ་འདྲེས་ལྷུན་གྲུབ་མཚན་ཉིད་ཡོན་ཏན་རྫོགས༔ གདན་བསྐྱེད་པ་ནི༔ བསམ་ཞིང་སྤྲུལ་པའི་བྱོལ་སོང་ལྷ་ཆེན་གདན༔ སྟེང་དུ་དབྱངས་གསལ་ཉི་ཟླའི་མཚན་དཔེའི་མདངས༔ རྡོ་རྗེ་བྷནྡྷ་ཨ་ཧཾ་གཉིས་མེད་ཀྱི༔ གཉིས་མེད་ལྷུན་མཉམ་ཡེ་ཤེས་ལྔ་རྫོགས་ཀྱི༔ རང་བཞིན་པད་ཉིའི་སྟེང་དུ་དཔལ་ཆེན་པོ༔ ཆེ་མཆོག་ཧེ་རུ་མཐིང་ནག་ནམ་མཁའི་མདངས༔ ས་ལམ་གཟི་མདངས་རྔམ་པའི་ཉེར་གཅིག་དབུ༔ ཕྱག་རྒྱ་ཞེ་གཉིས་བདེ་གཤེགས་དཀྱིལ་འཁོར་རྫོགས༔ གཉིས་མེད་དགྱེས་མཛད་གནམ་ཞལ་བདེ་བར་རོལ༔ ཡོན་ཏན་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཐབས་ཤེས་གསང་བ་གཉིས་མེད་དཀྱིལ་འཁོར་དུ༔ ཟླ་བ་ཨོཾ་དང་ཉི་མ་མུཾ་འཕྲོ་འདུ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ རཱ་ག་ཡ་ཧོ༔ རཱ་ག་ཡ་མི༔ ཨ་ལ་ལ་ཧོ༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ་ཧཱུྃ༔ ཧཱུྃ༔ བདེ་གཤེགས་འདུས་པའི་བྱང་སེམས་ཐིག་ལེའི་ཆ༔ ས་བོན་སྙིང་པོ་བརྒྱད་གྱུར་འཕྲོས་པ་ལས༔ ཤར་དུ་ཁྲག་འཐུང་ཡབ་ཡུམ་རིགས་མདངས་འཁོར༔ ལྷོ་ཕྱོགས་གཤིན་རྗེ་ཡབ་ཡུམ་རིགས་མདངས་འཁོར༔ ནུབ་ཏུ་དབང་ཆེན་ཡབ་ཡུམ་རིགས་མདངས་འཁོར༔ བྱང་དུ་ཕུར་པ་ཡབ་ཡུམ་རིགས་མདངས་འཁོར༔ ཤར་ལྷོ་བླ་མེད་ཡབ་ཡུམ་རིགས་མདངས་འཁོར༔ ལྷོ་ནུབ་རིག་འཛིན་ཡབ་ཡུམ་རིགས་མདངས་འཁོར༔ ནུབ་བྱང་དྲེགས་པ་ཡབ་ཡུམ་རིགས་མདངས་འཁོར༔ བྱང་ཤར་དྲག་སྔགས་ཡབ་ཡུམ་རིགས་མདངས་འཁོར༔ ཕྱི་རིམ་དཔལ་གྱི་བཀའ་སྡོད་འཁོར་བཅས་གསལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེར་གསལ་བ་ལ༔ ཡེ་ཤེས་རྣམ་པ་ལྔ་ཡིས་བྱིན་གྱིས་བརླབས༔ ཧཱུྃ༔ བདེ་གཤེགས་ཐམས་ཅད་འདུས་པའི་དམ་ཚིག་ལས༔ སྣང་སྟོང་གཉིས་མེད་ཆུ་ཟླ་འཇའ་ཚོན་ལྟར༔ གང་ཤར་ཡི་དམ་རོལ་པ་ཡེངས་མེད་ཀྱི༔ མཐར་ཐུག་ཀུན་མཁྱེན་ལྷ་དང་དབྱེར་མེད་གྱུར༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ སྤྱན་དྲང་བ་ནི༔ ཧཱུྃ༔ རྒྱལ་བའི་ཞིང་མཆོག་གསང་ཆེན་ལྷུན་གྲུབ་ནས༔ རྒྱལ་བའི་མཐུ་སྟོབས་ཀུན་འདུས་དཔལ་ཆེན་པོ༔ གང་འདུལ་ཕྱོགས་བཅུའི་བདེ་གཤེགས་ཞི་ཁྲོའི་ཚོགས༔ མཛད་པ་ལྷུན་གྲུབ་འབར་བའི་སྐུར་བཞེངས་ལ༔ ཕྲིན་ལས་འགྲོ་བའི་དོན་དུ་གཤེགས་སུ་གསོལ༔ ཧཱུྃ༔ བདེ་གཤེགས་ཀུན་གྱི་དཔལ་ཆེན་ཆེ་བའི་མཆོག༔ གཤིན་རྗེ་དབང་ཆེན་ཁྲག་འཐུང་སྐུ་གསུང་ཐུགས༔ བདུད་རྩི་ཡོན་ཏན་ཕྲིན་ལས་ཕུར་པ་དང༔ རིག་རྩལ་དྲེགས་པ་དྲག་སྔགས་བཀའ་སྡོད་འཁོར༔ མཛད་པ་ལྷུན་གྲུབ་དབྱེར་མེད་འདིར་གཤེགས་ཤིག༔ བཛྲ་ས་མ་ཡ་ཛ་ཛ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ རྒྱལ་བའི་ཐུགས་རྗེ་གནས་ཡུལ་ཀུན་ཁྱབ་ལ༔ འགྲོ་འོང་གཤེགས་བཞུགས་གཉིས་མེད་ཀློང་ཡངས་ཀྱང༔ རྗེས་འཇུག་འདོད་པའི་གསོལ་བ་འདེབས་པ་ལ༔ བརྩེ་བས་རྗེས་འཇུག་སྐྱོང་ཕྱིར་ཐུགས་རྗེས་བཞུགས༔ བཛྲ་ས་མ་ཡ་པ་ཤ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ བདེ་གཤེགས་ཡོངས་ལ་སྒོ་གསུམ་ཕྱག་འཚལ་ལོ༔ ཐོག་མེད་ད་དུས་མ་རིག་ཉེས་སྒྲིབ་བཤགས༔ བྱིན་རླབས་གསང་ཆེན་དཀྱིལ་འཁོར་འཇུག་པའི་བཅུད༔ དཔལ་ཆེན་ཧེ་རུ་ཀ་དང་དབྱེར་མེད་མཛོད༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨ་ལ་ལ་ཧོ༔ མཆོད་འབུལ་ནི༔ ཧཱུྃ༔ བདག་གིས་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཕྱིར༔ དངོས་འབྱོར་ཡིད་སྤྲུལ་ཏིང་འཛིན་རོལ་པས་མཆོད༔ ཕྱོགས་བཅུའི་བདེ་གཤེགས་རྒྱ་མཚོ་དགྱེས་པའི་མདངས༔ བྱིན་རླབས་ཐུགས་རྗེས་བདག་རྒྱུད་བྱིན་གྱིས་རློབས༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་བཛྲ་པུཥྤེ༴ ཨོཾ་བཛྲ་དྷཱུ་པེ༴ ཨོཾ་བཛྲ་ཨཱ་ལོ་ཀེ༴ ཨོཾ་བཛྲ་གནྡྷེ༴ ཨོཾ་བཛྲ་ནཻ་ཝིདྱ༴ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་ཨཱཿབཛྲ་རཱུ་པ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཨོཾ་ཨཱཿབཛྲ་ཤབྡ༴ ཨོཾ་ཨཱཿབཛྲ་གནྡྷེ༴ ཨོཾ་ཨཱཿབཛྲ་རཱ་སྱ༴ ཨོཾ་ཨཱཿབཛྲ་སྤརྴེ༴ ནང་མཆོད་ཀྱི་དང་པོ་སྨན་འབུལ་བ་ནི༔ ཡེ་ཤེས་པ་མངོན་དུ་གསལ་བཏབ་ལ༔ ཧཱུྃ༔ བདེ་གཤེགས་ཡོངས་འདུས་ཁྲོ་བོའི་ལྷ་ཚོགས་ལ༔ འགྲོ་ཀུན་ཉོན་སྒྲིབ་སྦྱོང་ཕྱིར་སྨན་འབུལ་བས༔ ཉོན་མོངས་ཐུགས་རྗེའི་སྨན་གྱིས་འཚོ་མཛད་ཅིང༔ ཡེ་ཤེས་རྣམ་ལྔས་སྒྲིབ་པ་རང་གྲོལ་མཛོད༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ལ་ཁཱ་ཧི༔ དངོས་གྲུབ་ཀྱི་བཅུད་བླང་བ་ནི༔ ཧཱུྃ༔ རྒྱུ་རྐྱེན་སྒྲུབ་པའི་གསང་ཆེན་དམ་པའི་རྫས༔ བདེ་གཤེགས་རྟེན་དང་བྱིན་གྱིས་བརླབས་པའི་བཅུད༔ ཉོན་མོངས་འཁོར་བ་སྒྲོལ་ཕྱིར་བཅུད་བླངས་པར༔ བདེ་གཤེགས་རྒྱ་མཚོའི་རང་བཞིན་བྱིན་གྱིས་བརླབས༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཧཱུྃ༔ རཀྟ་འབུལ་བ་ནི༔ ཧཱུྃ༔ བདེ་གཤེགས་ཡོངས་འདུས་ཞི་ཁྲོའི་ལྷ་ཚོགས་ལ༔ འགྲོ་ཀུན་བདག་འཛིན་བསྒྲལ་ཕྱིར་རཀྟ་འབུལ༔ འགྲོ་རྣམས་མ་རིག་བསྒྲལ་ནས་རིག་པའི་བཅུད༔ བདག་འཛིན་རང་གྲོལ་མཉམ་ཉིད་མི་གཡོ་ཤོག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ལ་ཁཱ་ཧི༔ གཏོར་མ་འབུལ་བ་ནི༔ ཧཱུྃ༔ བདེ་གཤེགས་ཡོངས་འདུས་ཞི་ཁྲོའི་ལྷ་ཚོགས་ལ༔ འགྲོ་འདུལ་བསོད་ནམས་ཐོབ་ཕྱིར་གཏོར་མ་འབུལ༔ རང་དོན་ཆོས་སྐུ་གཞན་དོན་གཟུགས་སྐུའི་གཏེར༔ འགྲོ་ཀུན་ཞི་བར་བསྐྱལ་བའི་སྟོབས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི༔ དོན་སྙིང་ལྔ་སོགས་འབུལ་བ་ནི༔ ཧཱུྃ༔ བདེ་གཤེགས་ཡོངས་འདུས་ཞི་ཁྲོའི་ལྷ་ཚོགས་ལ༔ འགྲོ་ཀུན་རྟོག་ཚོགས་སྦྱང་ཕྱིར་དོན་སྙིང་འབུལ༔ ང་རྒྱལ་ཕྲག་དོག་ཆོས་ཉིད་དག་པའི་ཀློང༔ མི་གཡོ་མཉམ་ཉིད་ཡེ་ཤེས་རང་གྲོལ་ཤོག༔ མ་ཧཱ་མཱཾ་ས་མ་ཧཱ་རཀྟ་མ་ཧཱ་ཙིཏྟ་མ་ཧཱ་གོ་རོ་ཙ་ན་མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ བྱང་ཆུབ་སེམས་ཀྱི་མཆོད་པ་ནི༔ ཧཱུྃ༔ བདེ་གཤེགས་ཡོངས་འདུས་ཞི་ཁྲོའི་ལྷ་ཚོགས་ལ༔ འགྲོ་ཀུན་གནས་ལུགས་རྟོགས་ཕྱིར་བྱང་སེམས་འབུལ༔ མཉམ་ཉིད་ཀུན་བཟང་དགོངས་པ་མངོན་གྱུར་ནས༔ ཀུན་མཁྱེན་ཡེ་ཤེས་གོ་འཕང་མྱུར་ཐོབ་ཤོག༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཙ་ཧོ༔ བསྟོད་པ་ནི༔ ཧཱུྃ༔ བདེ་གཤེགས་གསང་ཆེན་རིགས་རྣམས་ཀུན་འདུས་པའི༔ ཆེ་བའི་ཆེ་མཆོག་དཔལ་ཆེན་རྔམ་པའི་སྐུ༔ ཞི་བ་རྡོ་རྗེ་དབྱིངས་ཀྱི་ཕྱག་རྒྱ་ལྡན༔ རིགས་བཞི་ཁྲག་འཐུང་དབུས་ན་འགྱིང་ལ་བསྟོད༔ ཧཱུྃ༔ མཐུ་སྟོབས་འབར་བ་གར་དགུའི་ཉམས་ལྡན་གྱིས༔ བཞི་བཅུ་རྩ་གཉིས་ཞི་བའི་དཀྱིལ་འཁོར་འཛིན༔ ལྷ་བརྒྱད་ཀླུ་བརྒྱད་གདན་ལ་གཡས་གཡོན་རོལ༔ ཞི་ཁྲོ་རིགས་འདུས་ལྷ་ལ་ཕྱག་འཚལ་བསྟོད༔ འཛབ་དབྱངས་ནི༔ ཧཱུྃ༔ སྒོ་གསུམ་ལྷ་སྔགས་ཏིང་འཛིན་མི་གཡོ་བར༔ བདེ་གཤེགས་ཡོངས་འདུས་ཞི་ཁྲོ་ཟབ་མོའི་ལམ༔ བསྐྱེད་རྫོགས་ནུས་པ་གསང་སྔགས་བཅུད་འབྱིན་པའི༔ དམ་ཚིག་བདེ་བ་ཆེན་པོའི་ཀློང་དུ་འཇུག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཨོཾ་པདྨཱནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨོཾ་བཛྲ་གུ་རུ་སརྦ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཨོཾ་བཛྲ་སརྦ་དུཥྚཱན་ཨེ་ཛ་བྷྱོ་ཧཱུྃ་ཕཊ༔ ཁྲོཾ་ག་རུ་ཌ་ཧཱུྃ་ཕཊ༔ སརྦ་ཌཱ་ཀི་ནཱི་སིདྡྷི་ས་མ་ཡ་ཧྲཱིཾ་ཧཱུྃ་ཕཊ༔ གྲངས་དང་ཚད་དང་རྟགས་དང་སྦྱར༔ དུས་སུ་རྣལ་འབྱོར་རོལ་པའི་དགའ་སྟོན་བྱ་བ་ནི༔ རྫས་བྱིན་གྱིས་བརླབ་པ་ནི༔ རཾ་ཡཾ་ཁཾ༔ ཡེ་ཤེས་རོལ་པའི་དག་བྱེད་འབྱུང་བས་སྦྱངས༔ ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་མདངས་ཀྱིས་བྱིན་རླབས་སྤེལ་ཞིང་བསྒྱུར༔ གསང་ཆེན་སྔགས་ཀྱི་ལོངས་སྤྱོད་རྫས་སུ་གྱུར༔ ཞི་ཁྲོ་ཡབ་ཡུམ་སྲས་འཁོར་མ་ལུས་ཀུན༔ གང་ལ་དགྱེས་པ་དེ་བཞིན་ལྷུན་གྱིས་གྲུབ༔ ཚོགས་ཀྱི་སྤྱན་འདྲེན་ནི༔ ཧཱུྃ༔ འདུས་མ་ཡེ་བྱས་འོག་མིན་ཆོས་ཀྱི་དབྱིངས༔ དག་པ་ལྷུན་གྲུབ་ཞིང་གི་སྟོན་པའི་ཚོགས༔ དགོངས་པ་ལྷུན་གྲུབ་མཁའ་ཀློང་དབྱེར་མེད་ཀྱི༔ མཁྱེན་བརྩེ་མཛད་ཕྲིན་དགའ་སྟོན་ཚོགས་ལ་གཟིགས༔ ཚོགས་ཕུད་འབུལ་བ་ནི༔ འཁོར་བའི་རང་རྒྱུད་བསྒྲལ་བའི་འདོད་ཡོན་ཚོགས༔ དུ་མ་རོ་གཅིག་ཟག་མེད་ཡེ་ཤེས་བཅུད༔ བདེ་གཤེགས་ཡོངས་འདུས་ཞི་ཁྲོའི་ལྷ་ལ་འབུལ༔ བཞེས་ནས་གསང་ཆེན་ཡེ་ཤེས་བདག་ལ་སྩོལ༔ ག་ཎ་ཙཀྲ་ལ་ཁཱ་ཧི༔ གཉིས་པ་བཤགས་པ་ནི༔ ཚིག་གིས་གསལ་གདབ་པ་ནི༔ ཧཱུྃ༔ གསང་ཆེན་ཡེ་ཤེས་བཅུད་ཆེན་འདི་བཞེས་ལ༔ གསང་འོས་གསང་བ་འཆལ་བ་མཐོལ་ཞིང་བཤགས༔ དུས་གསུམ་སྒྲིབ་པའི་ཉམས་པ་སོར་ཆུད་ནས༔ དྲི་མེད་ཆོས་སྐུའི་དགོངས་པ་མངོན་གྱུར་མཛོད༔ བསྒྲལ་ལས་དགུག་གཞུག་དང༔ ཧཱུྃ༔ བདེ་གཤེགས་ལྷ་ཚོགས་ཐུགས་རྗེ་དྲག་པོར་བཞེངས༔ མི་སྲུན་རྔམས་པས་མཚོན་ཆའི་ཆར་ཕོབ་ཅིག༔ དགྲ་བགེགས་ལོག་ལྟའི་བསམ་སྦྱོར་རྟེན་དང་ཕྲོལ༔ རུ་དྲ་བགེགས་ཀྱི་ཆོས་མིན་གཞོམ་དུ་གསོལ༔ བསྟབ་པ་ནི༔ ཧཱུྃ༔ རྔམས་བརྗིད་རོལ་པ་ཞི་ཁྲོའི་ཞལ་གདངས་པའི༔ ཀློང་དུ་ལོག་སྤྱོད་དགྲ་བགེགས་ཁ་ཁ་ཁཱ་ཧི༔ མཐར་ཐུག་བར་དུ་བར་ཆད་མེད་པར་མཛོད༔ མི་མཐུན་དུག་ལྔ་དབྱིངས་སུ་དག་པར་གྱིས༔ རྡོ་རྗེ་སློབ་དཔོན་ལ་དྲངས་ཏེ༔ ཧོ༔ ལས་བཞིའི་སྟོན་པ་རྡོ་རྗེ་རྒྱལ་པོ་དགོངས༔ ཕྲིན་ལས་བཞི་ཡི་ཟག་མེད་ཚོགས་ལ་རོལ༔ ཞེས་དྲངས་ཏེ་སློབ་དཔོན་གྱིས༔ ཧོ༔ ཤེས་ཉོན་ཞི་ཞིང་ཡོན་ཏན་ཞིང་ཁམས་རྒྱས༔ འཁོར་འདས་དབང་དང་དྲག་པོའི་ཕྲིན་ལས་སྤྱོད༔ རྒྱལ་ཚབ་ལ༔ ཧོ༔ སློབ་དཔོན་གཉེར་འཛིན་རྒྱལ་ཚབ་གཉིས་པ་དགོངས༔ ཕྲིན་ལས་བཞི་ཡི་ཟག་མེད་ཚོགས་ལ་རོལ༔ ཞེས་དྲངས་ཏེ༔ ཡང༔ ཧྲཱི༔ གསང་ཆེན་བཅུད་ཀྱི་དམ་རྫས་ཡོན་ཏན་གྱི༔ གང་ལ་གང་འདུལ་དེ་བཞིན་ལོངས་སྤྱོད་དོ༔ འདུས་པ་རྒྱ་མཚོ་ལ་སློབ་དཔོན་གྱིས༔ ཧོ༔ གསང་སྔགས་རྫས་ཀྱི་ཡོན་ཏན་འདོད་རྒུའི་གཏེར༔ སྤྱོད་ཅིག་བྱང་ཆུབ་སེམས་ཀྱིས་འགྲོ་དོན་གྱིས༔ ཕུད་ལྷག་རིམ་གསུམ་ནི༔ ཧཱུྃ༔ དང་པོ་ཕུད་ཀྱིས་ཞི་ཁྲོའི་ལྷ་ཚོགས་མཆོད༔ བར་དུ་ཚོགས་ཀྱིས་མ་མོ་མཁའ་འགྲོ་བསྐང༔ ཐ་མ་ལྷག་མས་བཀའ་སྡོད་ཆོས་སྐྱོང་གསོལ༔ གཙོ་དང་སྲས་འཁོར་ཁྱད་པར་མཆོད་པ་ཆེ༔ རྒྱུ་འབྲས་ཐིག་ལེ་ཉག་གཅིག་ཆོས་ཉིད་བསྲེ༔ ཨོཾ་ཨ་མྲྀཏ་ས་མ་ཡ་ཨཱ་བེ་ཤ་ཡ་ཨཱ༔ ལྷག་མ་ནི༔ བྷྱོ༔ དཔལ་གྱི་བཀའ་ཉན་རོལ་པའི་ལྷག་སྡུད་པའི༔ དབང་མོ་ཉེར་བརྒྱད་གིང་ཆེན་བཅོ་བརྒྱད་དང༔ མཁའ་འགྲོ་སོ་གཉིས་མ་བདུན་སྲིང་མོ་བཞི༔ འབར་མ་ཞིང་སྐྱོང་ཕོ་ཉ་དྲུག་ཅུ་བཞི༔ དུར་ཁྲོད་བདག་མོ་མཁའ་འགྲོ་ཤུགས་འགྲོའི་ཚོགས༔ ཞིང་ཆེན་གོན་ཞིང་གནས་ཡུལ་དུར་ཁྲོད་ཉུལ༔ བྷནྡྷ་བདུད་རྩི་དམར་ཆེེན་ཤ་ཁྲག་རོལ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ སྔོན་ཚེ་དཔལ་ཆེན་སློབ་དཔོན་བཀའ་བཞིན་དུ༔ ད་ལྟ་རྣལ་འབྱོར་བརྒྱུད་འཛིན་སྡོངས་གྲོགས་མཛོད༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་བི་ཤྭ་ལོ་ཀ་སརྦ་ས་མ་ཡ་ཌཱ་ཀི་ནཱི༔ ཡཀྴ་རཀྴ་བྷཱུ་ཏ་པྲེ་ཏ་སརྦ་མ་ཧཱ་པཱུ་ཛ་ཁཱ་ཧི་ཁཱ་ཧི༔ ཞེས་འབུལ༔ དེ་ནས་སྔོན་གྱི་ཆད་དོན་གྱི་ཐ་ཚིག་ནི༔ བྷྱོ༔ སྔོན་ཚེ་བར་དང་བསྐལ་པའི་ཐ་མ་ལ༔ ཀུན་བཟང་ཧེ་རུ་ཀ་དང་པདྨ་ཡི༔ རིམ་བཞིན་སྤྱན་སྔར་ཁས་བླངས་དམ་བཅས་པའི༔ ཕྱི་ནང་དྲེགས་པ་བཀའ་སྲུང་ཐམས་ཅད་ཀྱིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཕྲིན་ལས་སྒྲུབས་ཤིག་ཕྱི་ནང་དྲེགས་པའི་ཚོགས༔ བཀའ་དང་དམ་ལ་མ་འདའ་ཆོས་སྐྱོང་རྣམས༔ བྷྱོ༔ རྩོད་དུས་ལྔ་བརྒྱ་ཐ་མའི་སྙིགས་དུས་འདིར༔ བཅོམ་ལྡན་དཔལ་ཆེན་པདྨ་ཐོད་ཕྲེང་གིས༔ གདུལ་དཀའ་འདུལ་བྱེད་ཀློང་གསལ་སྙིང་པོ་ལ༔ དབང་བསྐུར་ལུང་བསྟན་མཐུ་རྩལ་བྱིན་པའི་ཚེ༔ ཁས་བླངས་དམ་བཅས་དྲེགས་པ་བཀའ་སྲུང་གིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཕྲིན་ལས་སྒྲུབས་ཤིག་ཕྱི་ནང་དྲེགས་པའི་ཚོགས༔ བཀའ་དང་དམ་ལ་མ་འདའ་ས་མ་ཡ༔ བརྟན་སྐྱོང་ནི༔ བྷྱོ༔ སྔོན་ཚེ་སློབ་དཔོན་པདྨའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་སྒྲུབ་མཆོག་གྲོགས་ཀྱི་གཉེན༔ བདུད་མོ་བཞི་དང་གནོད་སྦྱིན་སྨན་མོ་བཞི༔ བོད་ཁམས་སྐྱོང་བའི་སྐྱོང་མ་འཁོར་དང་བཅས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཕྲིན་ལས་སྒྲུབས་ཤིག་མ་མོ་བརྟན་མའི་ཚོགས༔ བཀའ་དང་དམ་ཚིག་ཇི་བཞིན་དགྲ་བགེགས་སྒྲོལ༔ བསམ་དོན་ལྷུན་གྲུབ་བྱ་བ་མཐར་ཕྱིན་མཛོད༔ ལ་ལཱ༔ ལེ་ལཻ༔ ཏ་ཏཱ༔ ཏེ་ཏཻ༔ མ་མཱ༔ ཟོར་འཕེན་ནི༔ ཧོ༔ ཕྱོགས་བཅུའི་ལྷ་ཀླུས་ཟོར་ཐུན་ལམ་ཕྱེ་འཚལ༔ ལྷ་སྲིན་སྡེ་བརྒྱད་གྲོགས་མཛོད་ཟོར་དང་ཆས༔ དྲག་པོའི་ཟོར་གྱི་ཐུན་ལམ་འདི་བཅུ་ཚང༔ དཔལ་ཆེན་བཀའ་བཞིན་དུས་ལས་མ་འདའ་ཞིག༔ ཧཱུྃ་ཧཱུྃ༔ ཞེས་འཕངས་ལ་མནན་པ་ནི༔ མིང་དང་ཆ་མཐུན་བག་ཉལ་རྗེས་སྙོགས་ཤིང༔ མགོ་བསྐོར་བག་ཉལ་དགྲ་བགེགས་མནན་པར་སཏྭཾ༔ སེམས་བསྐྱེད་བར་དུ་ལྡང་བའི་གནས་མིན་ནོ༔ ས་མ་ཡ་ཧཱུྃ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ ཚེ་འགུགས་ནི༔ ཧྲཱིཿཧཱུྃ༔ ཕྲིན་ལས་རྣམ་བཞི་སྒྲུབ་པའི་རང་མདངས་སྙིང༔ མི་ཤིགས་སྐྱེ་འཆི་གཉིས་མེད་ཚེ་ཡི་ལྷ༔ ལྷ་དང་དྲང་སྲོང་གྲུབ་པ་ཚེ་ཡི་བཅུད༔ ལྷ་ཀླུ་མངའ་ཐང་འབྱུང་བའི་བཅུད་ཀྱིས་རྒྱས༔ ཧྲཱིཿཧྲཱིཿཧྲཱི༔ བཀྲ་ཤིས་ནི༔ ཧཱུྃ༔ ཞི་ཁྲོ་ཁྲག་འཐུང་རིགས་འདུས་མཐུ་རྩལ་གྱིས༔ ནུས་པ་མི་ཟད་གཏེར་གྱི་བཀྲ་ཤིས་ཆར༔ སྒྲུབ་མཆོག་བཀྲ་ཤིས་དཔལ་ལ་སྤྱོད་བཞིན་དུ༔ ཁམས་གསུམ་སེམས་ཅན་ཀུན་ལ་བདེ་ལེགས་སྩོལ༔ བསྔོ་བ་དང་སྨོན་ལམ་ནི༔ བསྐྱེད་རྫོགས་འབྲས་བུའི་དགེ་བས་འགྲོ་བ་ཀུན༔ སྔོན་ལས་འཕྲལ་རྐྱེན་སྡུག་བསྔལ་མི་འབྱུང་ཞིང༔ དགའ་བདེ་ཡེ་ཤེས་དཔལ་ལ་རོལ་པའི་ཚེ༔ ཞིང་རྣམས་ཀུན་ཏུ་ཆོས་འཁོར་བསྐོར་གྱུར་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཕྱི་རབས་སྐལ་ལྡན་གངས་ཁྲོད་དུ༔ བསྐྱེད་རྫོགས་སྙིང་པོར་ལམ་བྱ་ཞིང༔ འབྲས་བུ་ཡེ་ཤེས་བཅུད་བླངས་པའི༔ གོ་འཕང་ཚུལ་འདིར་བསྒྲུབ་པར་རིགས༔ ཞིང་ལ་ནས་བཏབ་ནས་སྨིན་བཞིན༔ ལྷ་འདིའི་ས་བོན་དེ་བཞིན་ནོ༔ དཀྱིལ་འཁོར་གཅིག་ལ་རྒྱུད་དགུ་ཡི༔ ནུས་པ་འབྱིན་པའི་གནད་དམ་ཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དཔལ་མགོན་དྲེགས་པའི་ཚོགས་ཀྱིས་བཀའ་འདི་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཞེས་རོལ་པ་བདེ་ཆེན་ཁང་ནས་སྤྱན་དྲངས་པའི་རིན་པོ་ཆེའི་ཤོག་སེར་ལས། ཁོལ་རི་གསང་སྔགས་སྒྲུབ་ཁང་རྩེར་ཀློང་གསལ་སྙིང་པོས་ཞལ་བཤུས་པའི་ཡི་གེ་པ་ནི་སྐལ་ལྡན་པདྨ་ཀུན་བཟང་སྟོབས་ཆེན་གྱིས་བརྩོན་པའོ།། །།
དྲང་སྲོང་གི་ནད་པ་གསོ་ཐབས་ལས་གཞུང་བདུད་རྩིའི་བུམ་བཟང་ (Volume 47, Text 3)
༄༅། །དྲང་སྲོང་གི་ནད་པ་གསོ་ཐབས་ལས་གཞུང་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས། ། ན་མོ་བཛྲ་པཱ་ཎ་ཡེ། རྡོ་རྗེ་འཛིན་པ་ཆེན་པོ་གསང་བའི་བདག །དྲེགས་པ་རབ་འཇོམས་རྡོ་རྗེ་ཁྲོ་བོའི་རྒྱལ། །དྲང་སྲོང་ཆེན་པོ་གཟའ་མཆོག་གདུག་པ་ཅན། །འདུལ་མཛད་ལག་ན་རྡོ་རྗེ་ལ་ཕྱག་འཚལ། །འགྲོ་བའི་དུག་གསུམ་ལས་ལ་རབ་སྣང་བའི། ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ་ཞེས་པ། །དྲག་རྩལ་འབར་བའི་ནད་ཀྱིས་བཏབ་པ་གང་། །གསོ་ཐབས་བདུད་རྩི་ལྟ་བུ་འདིར་བཤད་དོ། །འདི་ལ་རྒྱུ་ཚུལ་ནད་བརྟག་གསོ་བའི་ཐབས། །ཐ་མ་མི་ལྡོག་བསྲུང་བ་རྣམ་པ་བཞི། །དང་པོ་ཀིང་ཀང་གཟའ་བདུད་འདི་ཉིད་ནི། །ཛ་ཡི་དྲང་སྲོང་བུ་ཕོ་ཚངས་སྤྱོད་ཅན། །སྐྱེ་བོའི་དབྱེན་གྱིས་རྒྱལ་པོའི་ཆད་པ་ཕོག །སྨོན་ལམ་ལོག་པས་ཁྱབ་འཇུག་ཆེན་པོར་གྱུར། །སྙིགས་མའི་དུས་འདིར་ཀུན་གྱི་སྲོག་ལེན་བྱེད། །སྲིད་པའི་ལྷ་སྲིན་སྡེ་བརྒྱད་རྣམས་དང་བསྡོང་། ཁྱབ་ནི་གླིང་བཞི་ཀུན་ལ་ཁྱབ་པར་རྒྱུ། །ནད་རིམས་འཁྲུག་པ་གྲི་རྒོད་ཆར་དུ་འབེབ། །སྔོན་ཚེ་རྡོ་རྗེ་འཆང་དང་གཤིན་རྗེ་གཤེད། །རབ་ཁྲོས་གཏུམ་པོ་འདི་ཉིད་བསྒྲལ་པ་ལས། །ཚལ་པར་གཏུབས་ཏེ་དེས་ཀྱང་འགྲོ་ལ་འཚེ། །རྣམ་ཤེས་ཚོགས་བརྒྱད་ཤར་གྱི་གླིང་དུ་རྒྱུ། །ཡུལ་བརྒྱད་བྱང་གླིང་ཉོན་མོངས་བརྒྱད་པོ་ནུབ། །ལུས་ཀྱི་དུམ་བུ་བརྒྱད་ནི་གླིང་འདིར་རྒྱུ། །དེ་ལ་ཕྱི་ནང་གསང་བ་རྣམ་པ་གསུམ། །ཕྱི་ལྟར་རྒྱུ་བ་དུས་གཉན་བརྒྱད་པོ་སྟེ། །ཚེས་བཞིའི་སྲོད་ལ་དཔུང་གཡོན་མ་མོར་སྤྲུལ། །ནུབ་ནས་དྲང་པོར་ཤར་དུ་རྒྱུ་བ་ཡིན། །བརྒྱད་ཀྱི་ཉི་དྲོས་ལག་གཡས་དགྲ་ལྷ་སྟེ། །ཤར་ལྷོ་མཚམས་ནས་ནུབ་བྱང་མཚམས་སུ་རྒྱུ། །བཅུ་གཅིག་ནམ་ཕྱེད་ཆུ་སོ་བདུད་དུ་སྤྲུལ། །བྱང་ནས་ལྷོ་ཡི་ཕྱོགས་སུ་དྲང་སྲོང་འཇུག །བཅོ་ལྔའི་ཉིན་ཕྱེད་མགོ་བོ་སྲིན་པོར་སྤྲུལ། །ལྷོ་ནུབ་ནས་ནི་བྱང་ཤར་མཚམས་སུ་རྒྱུ། །བཅོ་བརྒྱད་ནམ་ཕྱེད་ཡོལ་ལ་མཇུག་མ་ནི། །དམུ་རུ་སྤྲུལ་ཏེ་ཤར་ནས་ནུབ་ཏུ་རྒྱུ། །ཉེར་གཉིས་ཉིན་ཕྱེད་ལག་གཡོན་ཀླུ་བཙན་དུ། །སྤྲུལ་ནས་ནུབ་བྱང་མཚམས་ནས་ཤར་ལྷོར་འགྲོ །ཉེར་ལྔའི་སྐྱ་རེངས་དཔུང་གཡས་གཤིན་རྗེར་སྤྲུལ། །ལྷོ་ནས་བྱང་གི་ཕྱོགས་སུ་རྔམས་པར་རྒྱུ། །ཉེར་དགུའི་ཉི་མ་དམར་ཐག་ཆོད་པའི་དུས། །མིག་སྙིང་མཆེ་བ་བགེགས་དང་བསྡོངས་ནས་ནི། །བྱང་ཤར་མཚམས་ནས་ལྷོ་ནུབ་མྱུར་བར་རྒྱུ། །དུས་དེར་སྐད་ཅིག་ཙམ་གྱིས་ཕྱིན་པར་བྱེད། །ཉིན་མོའི་རྒྱུ་བ་བཞིས་ནི་མཚམས་བཞི་འཇོམས། །མཚན་མོའི་རྒྱུ་བས་ཕྱོགས་བཞི་འཇོམས་པའི་ཕྱིར། །གཉན་པོ་དུས་བརྒྱད་ཅེས་ནི་རབ་ཏུ་བརྗོད། ༧ །ནང་ལྟར་ཚེས་ལྔའི་ཕྱི་དྲོ་ཤར་ནས་ནུབ། །དགུ་ཡི་སྐྱ་རེངས་ནུབ་བྱང་ནས་ཤར་ལྷོ། །བཅུ་གཉིས་ནམ་གུང་ལྷོ་ནུབ་བྱང་ཤར་འཇུག །བཅུ་དྲུག་ཉིན་ཕྱེད་བྱང་ནས་ལྷོ་རུ་རྒྱུ། །བཅུ་དགུ་ས་འཚུབ་ལྷོ་ནུབ་ནས་བྱང་ཤར། །ཉེར་གསུམ་ཉི་ཤར་ཤར་ནས་ནུབ་ཕྱོགས་རྒྱུ། །ཉེར་དྲུག་ནམ་ཕྱེད་ནུབ་ནས་ཤར་དུ་རྒྱུ། །གནམ་སྟོང་ཐོ་རེངས་ཤར་ནས་ནུབ་ཏུ་རྒྱུ། ༧ །གསང་བར་ཟླ་བ་གང་ཡང་རུང་བ་ཡི། །རྟ་དང་བྱི་བ་སྟག་དང་སྤྲེ་འུའི་ཉིར། །སྟོབས་བསྐྱེད་རྒྱུ་སྟེ་འདི་དུས་དྲག་ལས་ཤིས། །ཕྱི་ནང་གསང་བའི་རྒྱུ་དུས་འདི་རྣམས་སུ། །གླུད་གཏོར་བསྲུང་བ་གཟུངས་ཆོག་འབད་པར་བྱ། །འོང་ཕྱོགས་རྒྱབ་བསྟན་འགྲོ་བའི་ཕྱོགས་ཁ་བསྟན། །དེ་ལས་གོ་ལོག་གདོང་ཐུག་དུག་གིས་འཆི། །གཞན་ཡང་ཐོད་རྒལ་རྒྱུ་དང་ཕོ་ཉ་དང་། །སྣ་འདྲེན་ལྟར་རྒྱུ་ར་བ་བཞི་འབྲིང་བཞི། །ཐ་ཆུང་བཞི་ལ་རྒྱུ་དང་བསྙེན་སྒྲུབ་དུས། །དབབ་གསད་རྦད་དུས་ལ་སོགས་སྤྲོས་པ་དག །ཚུལ་འདི་ཉེ་བར་མཁོ་བ་མ་ཡིན་ཡང་། །འཛེམ་བག་བྱ་བའི་དུས་འདིར་བསྡུས་ཏེ་བསྟན། །དྲང་སྲོང་ལ་ནི་མཐོང་རེག་ཁ་རླངས་དུག །འཚེ་བའི་དུག་དང་བསམ་ངན་སྦྱོར་བའི་དུག །མང་དུ་ཡོད་ཕྱིར་འདི་ཉིད་རྒྱུ་བའི་ཚེ། །སྐྱེ་བོ་གང་དག་གདོང་ཐུག་གྱུར་པ་ལ། ཁྱབ་འཇུག་གདུག་པའི་ནད་ཀྱིས་ཟིན་པར་འགྱུར།། ༈ །།གཉིས་པ།་་་འདི་ལ་བརྟག་པ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་ཡིན་མིན་བརྟག་དང་གསོ་དཀའ་སླ། །གཉན་དང་མི་གཉན་བརྟག་པ་རྣམ་པ་གསུམ། །དང་པོ་གཟའ་ནད་ཡིན་མིན་བརྟག་པ་ནི། ཁ་ཡོ་མིག་དམར་སྐད་འགགས་དྲི་མི་ཞིམ། །ངག་ལྐུགས་ཡང་ན་འཆལ་ལམ་ལུས་པོ་སྦྲིད། །ཡན་ལག་རྩ་གཤལ་གཉན་ཅིང་ཞ་བ་འམ། །ཡང་ན་རེངས་སམ་དྲན་མེད་ཤེས་པ་སྟོར། །འདི་རྣམས་བྱུང་ན་གཟའ་ཡིས་བཏབ་པ་ཡིན། །ནད་པའི་ལུས་ལ་གླ་རྩིའི་ཆུ་བྱུགས་པས། །སླར་ལ་ན་རུ་སོང་ན་གཟའ་ནད་ཡིན། །ནད་པའི་དྲི་ཆུ་ལུས་ཀྱི་སྟོད་དུ་བྱུག །རླངས་པ་སྔོ་དམར་བྱུང་ནའང་དྲང་སྲོང་གདོན། །རྣ་བའི་རྒྱབ་ཀྱི་རྩ་རིས་གསལ་བ་དང་། །མིག་གི་རྩ་རིས་སྔོ་འམ་དམར་བ་དང་། །མིག་སྤྲིན་སྟེང་དུ་ཐིག་ལེ་ནག་པོ་ཤར། །སེན་མོ་ལ་ནི་མེ་རིས་དམར་པོ་འམ། །ཡང་ན་ནག་པོའི་རི་མོ་བྱུང་ན་ཡིན། ཁྱད་པར་གུ་གུལ་དཀར་དང་ཙནྡན་དཀར། །གི་ཝང་བསྲེས་པའི་དུད་པ་སྣར་བདུག་པས། །སྔངས་སམ་སྦྲིད་ཅིང་ཧར་ལང་བྱེད་པ་དང་། །འདར་རམ་སྟོང་སྐྱུགས་བྱེད་ན་གཟའ་ནད་ཡིན། །སྲན་མ་དཀར་དང་སྦང་སྐམ་ལྷྭམ་འབོག་གི །དུད་པས་རྒོད་དམ་ངུ་འམ་ཡང་ན་གཟེར། །ནད་པའི་སྐྲ་སེན་གཉིས་དང་ལ་ཆ་དང་། །སོག་མའི་དུད་པ་བདུག་པས་འདར་སྔངས་བྱེད། །འདི་དག་དྲང་སྲོང་ནད་དུ་ངེས་པར་བྱ། །ཤིན་ཏུ་ཟབ་པའི་བརྟག་ཚུལ་ནད་པ་ཡི། །སྐྲ་མཚམས་རྣ་བའི་རྒྱབ་ཏུ་ས་དཀར་་་གྱིས་སྐེ་ལ་བསྐོར་ནས།བྱུག །ལུས་ལ་ག་ཤའི་རིས་དང་བྲང་དབུས་སུ།་་་བསྣོལ་མ་བྱ། གྲུ་གསུམ་རིས་བྲིས་མདུན་དུ་ཤིང་སྣའི་མེ།་་་ཚོགས་ཚད་བསགས་པ། སྤར་བའི་ཐལ་སོལ་ལམ་གྱི་བཞི་མདོར་བསྐྱལ།་་ལ་མནན། ནངས་པར་འབྱུང་བའི་་་མེ་ཆུ་ས་ལྕགས་ཤིང་གང་ཡིན་པ་དེའི།ནད་བརྟགས་གསལ་བར་མཐོང་། ༧ །གཉིས་པ་གསོ་བ་དཀའ་སླ་བརྟག་པ་ནི། །ཅིག་ཅར་བྱི་འུ་ལ་ནི་རྡོ་ཕོག་ལྟར། །འཆི་བ་ལ་ནི་བཅོས་སུ་ཅི་ཞིག་ཡོད། །རིམ་གྱིས་ཕོག་པའི་གཟའ་ནད་ལུས་པོ་སྨྱོགས། །དྲན་ཉམས་ཤེད་ཆུང་ཉོལ་ཉོལ་ཡང་ན་འདར། །སྐྱིགས་བུ་མང་འབྱིན་ཕྱེད་ཞ་གསོ་བ་དཀའ། །འོན་ཀྱང་སྨན་དཔྱད་རིམ་གྲོ་ཆེར་བསྐྱེད་སོས། །རེངས་དང་ཟུག་གཟེར་ཡོད་དང་དྲན་པ་གསལ། །ཤེད་ཆེ་ལྟོ་ཞིམ་སྨན་ངོ་ལེན་པ་རྣམས། །བཅོས་ན་མྱུར་དུ་འཚོ་བས་དང་དུ་བླང་། ༧ །གསུམ་པ་སྐྱེས་པའི་གཡོན་ཕྱོགས་ཕོག་ན་གཉན། །བུད་མེད་གཡས་ལ་དང་པོར་ཕོག་ན་གཉན། །ཤེས་པ་འཕྱོ་ཞིང་ངག་ལྐུགས་ཟག་པ་འགགས། །ཡང་ན་མི་ཐུབ་པ་རྣམས་གཉན་པ་སྟེ། །དེ་ལས་གཞན་པ་མི་གཉན་འཚོ་བར་ནུས། ༧ །བྱེ་བྲག་མེ་གཟའ་མདོག་དམར་སྐོམ་དད་ཆེ། །མགོ་ན་སྲོང་རྡོ་འབྱུང་ཞིང་ཟུག་གཟེར་ཆེ། །མེ་རིས་དང་ནི་ཐིག་ལེ་དམར་པོ་འབྱུང་། །སྙིང་མི་དགའ་ཞིང་བཞིན་འགྱུར་འཚིག་པ་ཟ། །ངག་ལྐུགས་སྐྲ་ལ་གཞོབ་ཀྱི་དྲི་མ་འབྱུང་། ༧ །ཆུ་གཟའ་དབང་པོ་མི་གསལ་རྐང་ལག་བཤལ། །མདོག་སྔོ་མཁལ་རྐེད་ན་ཞིང་ལུས་དྲོད་ཆུང་། ཁ་སྣའི་ཆུ་འཛག་མིག་དང་སེན་རིས་སྔོ། །ཟུག་ཆུང་ཁ་ལྐུགས་རླུང་ལྡང་མྱུར་བ་འོ། ༧ །ས་གཟའ་མདོག་སེར་ལུས་ཀྱི་ཚིགས་བཞི་ན། །མིག་སེར་ཆུ་སྒྲིམ་ཤེད་ཆུང་གྲོད་པ་ཆེ། ༧ །ཤིང་གཟའ་གསུས་པ་སྦོས་ཤིང་གྲང་རྔུལ་བྱེད། །རྩ་རྒྱུས་གཟེར་བཤལ་ཡན་ལག་རེངས་ཤིང་སྦྲིད། །ཞ་འཁུམ་མགོ་བོ་འཁོར་ཞིང་དང་ཁ་ཞན། །གཡལ་མང་ཁྱད་པར་མཚན་མ་ན་བར་བྱེད། ༧ །ལྕགས་གཟའ་རྡོ་ལྟར་རེངས་དང་ཕོ་མཆིན་ན། །དྲོད་མེད་གྲང་རྔུལ་ལྡང་ཞིང་ཤ་ལྤགས་འཁྲིགས། ༧ །ཤིང་མེ་ས་ལྕགས་ཆུ་དང་ལྔ་ཡི་གཟའ། །ཀུན་ཀྱང་མེ་ཆུ་གཉིས་ལ་མ་འདུས་མེད། །དེ་ཡང་ནད་པའི་རྣ་ལྟག་རུས་འབུར་ནི། །མཐེ་བོས་མཉེས་པའི་ཤུལ་དུ་དམར་ཐིག་མེ། །སྔོ་ཐིག་ཆུ་ཡིན་དཀར་ན་རང་བཞིན་པའོ།། ༈ །།གསུམ་པ།་་་དེ་ལྟར་དྲང་སྲོང་ནད་ཀྱིས་གཟིར་བའི་སྐྱེ་བོ་དག །འཚོ་ཐབས་རྩ་བ་ཡན་ལག་རྣམ་པ་གཉིས། །རྩ་བའི་བཅོས་ལ་སྨན་དཔྱད་ཆོ་ག་དང་། །སྔགས་དང་ཟས་སྤྱོད་རྣམ་པ་ལྔ་རུ་བསྟན། །སྨན་ལ་བྱུག་བདུག་ཁོང་སྨན་རྣམ་པ་གསུམ། །རེ་རེ་ལ་ཡང་ཞི་དྲག་གཉིས་གཉིས་ལས། ༧ །ཞི་བྱུག་སྤང་སྤོས་གླ་རྩི་སྤྱང་ཀིའི་བྲུན། །ཆུ་དག་ནག་པོ་ཆ་མཉམ་ཞིབ་བཏགས་ལ། །ཚ་ན་ཆུ་ལ་གྲང་ན་མར་སྦྱར་བྱུག །ཡང་ན་ཐང་ཆུ་ཐང་ཤིང་པྲི་ཡང་ཀུ །བྱི་བྲུན་ཕྱུགས་ཀྱི་རྭ་རྩེ་རུ་རྟ་དང་། །སྨྱུག་ཤུན་ལ་ཆ་ར་ཡི་ཆུ་སྦྱར་བཀུ། །འདི་ཡིས་གཟའ་ནད་ཞི་འཇོམས་ཐེ་ཚོམ་མེད། །ཨོཾ་སུ་བྷི་ར་ད་ན་ཡེ་སྭཱ་ཧཱ། སྔགས་འདི་ཐང་ཆུའི་སྦྱོར་སྡེ་དག་ལ་བཏབ། །བྱུགས་པས་གཉན་རིམས་བརྗེད་བྱེད་ཀྱིས་ཕོག་དང་། །སྨྱོ་བྱེད་གདོན་གྱིས་བཏབ་པའང་གྲོལ་བར་ནུས། ༧ །དྲག་བྱུགས་ཡུགས་སའི་མངལ་ཁྲག་ཡང་ན་སྤུ། །ཕ་བོང་དྲེག་པ་མུ་ཟི་ནག་པོ་དང་། །གཡེར་མར་ར་ཐུག་ལུག་ཐུག་གཉིས་ཀྱིས་སྦྲེ། །སྨིགས་བུའི་ཐལ་བ་་་སྦུབ་སྲེག་བྱས་པ།བདུན་གྱི་སྦྱོར་བས་བྱུག །ཡང་ན་གྲིར་ཤིའི་སྙིང་ཁྲག་ནལ་བུའི་ཤ །ཡུགས་སའི་དོར་རྟ་བསྲེགས་པའི་གཞོབ་བཏགས་ལ། །རྩི་མར་ལ་སྦྱར་ལན་གསུམ་བར་དུ་བྱུག ༧ །དུད་སྦྱོར་ཞི་བར་ཛཱ་ཏི་ཤིང་ཀུན་དང་། །ཆུ་དག་གླ་རྩི་ཙནྡན་གུ་གུལ་ནག །ལི་ཤི་ཐར་ནུ་བརྒྱད་ཀྱི་དུད་པས་བདུག །ཡང་ན་གུ་གུལ་དཀར་པོ་ནས་ཚིག་དང་། །སྦང་སྐམ་གསུམ་བསྡེབས་དུད་མེད་མེ་ལ་བསྲེག །ལྐུགས་ན་སྲན་ཕྱེའི་དུད་པས་ཁ་ལ་བདུག །དྲང་སྲོང་དུག་ཀུན་ཞི་བྱེད་བདུད་རྩི་ཡིན། ༧ །དྲག་པོའི་བདུག་རྫས་ལ་ཆ་འབའ་ཆ་དང་། ཁྱི་ལུད་སྤྱང་བྲུན་སྲན་མ་སྦང་སྐམ་དང་། །མུ་ཟི་ནག་དང་ལྷྭམ་སྐྲད་བརྒྱད་པོ་སྦྱར། །བགེགས་ཀུན་བྱེར་ཞིང་རིང་པོར་འབྲོས་པར་བྱེད། ༧ །ཞི་སྨན་སྤྱི་དང་བྱེ་བྲག་ཁྱད་པར་གསུམ། །སྤྱི་ལ་བཙོན་དུ་འཛིན་དང་ཕྱེ་མ་གཉིས། །བཙོན་འཛིན་གུ་གུལ་དཀར་པོ་མཐེབ་ཚིགས་ཙམ། །ཆུ་རུ་བཏུལ་ནས་ནངས་སྔ་ནད་པས་བཏུང་། །ཆུ་གཟའ་འཁུ་འཁྲིག་འགྱུར་ལྡོག་བྱེད་མི་ནུས། །གུལ་ནག་ཆུ་སྦྱང་བཏང་བས་མེ་གཟའི་གཤེད། །ཕྱེ་མའི་སྦྱོར་བ་གི་ཝང་གུ་གུལ་ནག །གསེར་མདོག་གླ་རྩི་རུ་རྟ་ཙནྡན་གཉིས། །བདུན་པོ་ཐུན་རེ་ཆ་མཉམ་དེ་ཡི་སྟེང་། །ཛཱ་ཏི་གུར་གུམ་ལི་ཤི་སུག་སྨེལ་དང་། །ཅུ་གང་ཀ་ཀོ་ལ་རྣམས་ཐུན་གཉིས་རེ། །ཞིབ་བཏགས་ཐོ་རངས་ཆུ་གྲང་ཕུལ་ལ་གཏང་། །སྦྱོར་བ་འདི་ནི་གསོ་བྱེད་གཙོ་བོ་སྟེ། །ཀི་ཀང་ཁྱབ་འཇུག་གཉེན་པོ་མཆོག་ཡིན་ནོ། ༧ །བྱེ་བྲག་ཤིང་གཟའ་ཕོག་ལ་ལྕགས་ཕྱེ་དང་། །ཅུ་གང་གཉིས་ཀྱི་སྦྱོར་བས་ནད་ལས་གྲོལ། །མེ་ལ་གླ་རྩི་གུ་གུལ་གུར་གུམ་གསུམ། །ལྕགས་ལ་ཛཱ་ཏི་ཙནྡན་སྤོས་དཀར་གསུམ། །ས་ལ་རུ་རྟ་ལི་ཤི་ཏིག་ཏ་གསུམ། །ཆུ་ལ་སུག་སྨེལ་གི་ཝང་རྒྱམ་ཚ་་་དཔེ་འགར་རྒྱ་ཚ་ཡོད།གསུམ། །སྦྱོར་བས་སོ་སོའི་ནད་ལས་གྲོལ་བར་འགྱུར། །ཕྱེ་མའི་སྦྱོར་སྟེང་ག་པུར་བསྣན་པ་ཡིས། །མེ་གཟའི་ནད་ལ་ཕན་པའི་བདུད་རྩི་ཡིན། ༧ ཁྱད་པར་ཟབ་མོའི་སྦྱོར་བ་གླ་གུལ་གཉིས།་་་དཔེ་འགར་གུ་གུལ་གཉིས་ཡོད། བཙན་དུག་ཤིང་ཀུན་བཞི་པོ་ཆ་མཉམ་ལ། །དྲི་ཆུ་ལ་སྦྱངས་རིལ་བུ་ཡུངས་འབྲུ་ཙམ། །བཅུ་གསུམ་ཆུ་བསྐོལ་ཕུལ་ལ་ཉིན་གུང་གཏང་། །དེས་ནི་གཟའ་ནད་སེལ་བར་ཐེ་ཚོམ་མེད། །ཞི་སྨན་རང་སྲོག་བརྟན་ཞིང་ནད་གསོ་མྱུར། །ལྷ་སྲུང་མི་ཁྲོ་ཤིན་ཏུ་ཤིས་པས་ན། །ཞི་བཅོས་གཙོ་བོར་ཉམས་སུ་བླང་བར་གཅེས། ༧ །དྲག་སྦྱོར་ཕག་ནག་ར་རོག་རྟ་ནག་ཁྲག །ཁྱི་ནག་ལུག་ནག་ཁྲག་དང་སྐྱུང་ཀའི་ཁྲག །གྲི་ཁྲག་གཙོད་ཁྲག་ཡུགས་སའི་མངལ་ཁྲག་དགུ། །མི་ཤ་རྟ་ཤ་བྱ་རྒོད་སྤྱང་ཀིའི་ཤ །མཛེ་ཤ་སྲེ་མོང་ཤ་དང་སྲིན་བྱའི་ཤ །ཁྱི་ཤ་ཏེ་ལོ་གྲུམ་པའི་ཤ་དང་བཅུ། །ཐུན་རེ་ཆ་མཉམ་དེ་སྐྱོབས་བཟང་པོ་དྲུག །གི་ཝང་གླ་རྩི་ག་པུར་ཐུན་གཉིས་གཉིས། །མུ་ཟི་ནག་དང་གྲུབ་ཐོབ་དྲི་ཆེན་རྣམས། །སྦྱར་བའི་རིལ་བུ་གོང་ལྟར་གཏང་བར་བྱ། །སུམ་ཅུའི་སྦྱོར་བས་གདོན་ཀུན་འཇོམས་པར་བྱེད། །འོན་ཀྱང་དྲག་སྦྱོར་དྲག་ལས་ཡིན་པས་ན། །རང་སྲོག་ལ་འོངས་འཁུ་ལྡོག་ཆེ་ཞིང་རྩུབ། །དེ་ཕྱིར་དྲག་པོའི་སྦྱོར་བ་དག་ལ་འཛེམ། ༧ །དཔྱད་ལ་མེ་གཟའ་ཡིན་ན་ནད་པའི་མཐར། །རྫ་སྣོད་གསར་པ་ཆུ་གཙང་བཀང་བ་ལ། །རིན་ཆེན་བརྡར་བས་བསྐོར་ལ་ཞག་བདུན་བཞག།་་་སྟེ་བརྗེ་རུང་བྱ། ནད་པ་ཆུར་སྐྱུར་སྙིང་གར་ཆུ་མདའ་རྡེག །སྣ་རྩེ་གཏར་ཞིང་གོས་ནག་གྱོན་དུ་གཞུག །ཆུ་གཟའ་ཡིན་ན་ས་སེར་སྣོད་དུ་བླུག །ནད་པའི་མཐའ་སྐོར་བདུན་བདུན་ཞག་བཞག་བརྗེ། །སྤྱི་བོར་ཟན་དྲོན་སྣུམ་གྱིས་བྱུག་བྱ་ཞིང་། །མཇུག་ཆུང་མེར་བསྲེག་གོས་སེར་གྱོན་པས་འཚོ། །དཔྱད་གཞན་སྨན་དང་མཐུན་པར་སྔ་ནས་བྱ། །ནད་གཞན་འདྲེས་སོགས་ནད་གཞུག་བཤལ་གྱིས་སྦྱོང་། །གཏར་བསྲེག་དུགས་རྣམས་ཕྱི་ནས་འཕྲོད་དང་སྦྱར། ༧ །ཆོ་ག་གཏོར་མ་བྱད་འགྲོལ་གཟུངས་རྟེན་འབྲེལ། །གཏོར་མ་རྒྱུ་བའི་དུས་གཉན་བརྒྱད་ལ་གཏང་། །མཆོད་སྦྱིན་དྲི་མེད་ལག་ལེན་སྙིང་པོ་བྱ། །དེ་ཡི་ལྷན་ཐབས་གཟའ་འཕྱོང་གླུད་འཕྱོང་གྱེར། །འཁུ་ལྡོག་ཆུང་ཞིང་ཕན་སྟོབས་ཆེ་བ་ཡིན། ༧ །བྱད་འགྲོལ་གཏོར་མ་དང་འབྲེལ་ཆོ་ག་དངོས། །རྣམ་གྲོལ་ཐུགས་རྗེའི་ཟླ་བའི་ནང་དུ་གསལ། ༧ །གཟུངས་ཀྱི་ཆོ་ག་བྱད་འགྲོལ་དང་འབྲེལ་བ། །ངོ་མཚར་བདུད་རྩིའི་ཆར་རྒྱུན་ནང་དུ་ལྟོས། ༧ །རྟེན་འབྲེལ་ནད་པའི་ལུས་དང་དེ་ལས་གཞན། །དང་པོ་ལུས་ལ་རྟེན་འབྲེལ་བྱ་བ་ནི། །བལ་ཚོན་སྣ་ལྔའི་ག་ཤ་ལུས་ལ་བཀོན། །མགྲིན་པར་ཨོཾ་དཀར་བྲི་་་ཡི་གེ་གཟབ་མ་བྱ།ཞིང་ལག་པ་གཡས། །མཚལ་གྱིས་རམ་བྲི་ལག་གཡོན་ཡམ་ལྗང་ཁུ། །རྐང་གཡོན་བ་བླས་ལམ་བྲི་རྐང་པ་གཡས། །རམས་ཀྱིས་ཁམ་བྲི་དེ་ཡིས་ཕན་པར་འགྱུར།་་་རྟེན་འབྲེལ་སྙིང་པོ་ཡང་བཟླ། ༧ དེ་ལས་གཞན་པར་བྱེ་བྲག་ཁྱད་པར་གཉིས། །བྱེ་བྲག་ཤིང་གཟའ་ལ་ནི་སྟ་རེ་དང་། །རལ་གྲི་སོག་ལེས་འབྲེག་པའི་ཚུལ་དུ་བྱ། །མེ་ལ་ཆུས་བསྣུན་ཆུ་བྱུང་བྲོས་ཞེས་སྨྲ། །ས་ལ་རམས་དང་བ་བླ་བསྲེས་པ་ཡིས། །ནད་པའི་ལུས་ལ་ལྗོན་ཤིང་རི་མོ་བྲི། །སྤེན་ཕྱགས་སྦྱང་མས་འཕྱག་ཅིང་སྦུད་པས་འབུད། །གཉའ་ཤིང་རྡེག་ཚུལ་ཉེར་གཅིག་བར་དུ་བྱ། །ལྕགས་ལ་ཐ་མ་མེས་བསྐོར་སོལ་བ་གདིང་། །བཙག་དང་མཚལ་གྱིས་ལུས་བྱུག་གོས་དམར་བཀོན། །སྤྱི་བོར་ཟན་གྱི་ཀོང་བུར་མར་མེ་སྦར། །ཆུ་ལ་ས་ཡི་སྟེང་བྱིབས་འོག་ཏུ་གདིང་། །ཤིང་དགྲ་ལྕགས་ལ་ལྕགས་དགྲ་མེ་ཡིན་ཏེ། །མེ་དགྲ་ཆུ་ལ་ཆུ་ཡི་དགྲ་ནི་ས། །ས་དགྲ་ཤིང་ཕྱིར་གཤེད་ཀྱི་རྟེན་འབྲེལ་ལོ། ༧ ཁྱད་པར་རྟེན་འབྲེལ་གཟའ་ཡི་འགྱུ་ལམ་དགག །ཁང་པའི་ཕྱོགས་བཞིར་མཐོ་བརྩེགས་རྒྱལ་ཆེན་བཞིར། །མངའ་གསོལ་གཟའ་དང་སྡེ་བརྒྱད་སྲུངས་ཞེས་བསྒོ། །ནད་པའི་འགྲམ་དུ་ལྷ་རྡོ་དཀར་པོ་བཞག །སྔས་སུ་མས་སྒྱེད་ཁ་བསྟན་བཞག་པར་བྱ། །ནད་པའི་སྟེང་དུ་དབྱུག་པ་རིང་པོ་ལ། །སྲང་དང་གཙགས་བུ་མིག་མང་བཏགས་ནས་ནི། ཁྲོལ་མའི་ནང་དེར་སྐུ་གསུང་ཐུགས་རྟེན་དང་། །མདའ་དང་ཁྲབ་བྱང་རྨ་བྱའི་སྒྲོ་མེ་ལོང་། །འགྲོན་བུ་སྦྲུམ་མ་དུང་དང་གཡུ་རྣམས་བཞག །བལ་ཚོན་སྣ་ལྔའི་དྲ་བས་སྦྲེལ་བར་བྱ། ཁང་པའི་རྟེན་འབྲེལ་ཤིན་ཏུ་ཟབ་པ་ཡིན། ༧ །སྔགས་ཀྱིས་གསོ་ཐབས་སློབ་དཔོན་ནད་པ་གཉིས། །མཆོད་སྦྱིན་དྲི་མེད་ཀྱི་བདག་བསྐྱེད་ལྟར།་་་ཕྱག་ན་རྡོ་རྗེར་བསྐྱེད་ཅིང་གསང་སྔགས་བཟླ། །རྡོ་རྗེ་རྣམ་པར་འཇོམས་པའི་ཡང་སྙིང་དང་། །ཨོཾ་གཟའ་ཁ་ཏྲ་རུ་ཏྲ་ཡ་ཧཱུྃ་ཕཊ། མང་བཟླས་སྐྱེར་པའི།་་་ཚེར་མ་་་མགོ་ལིང་།ལ་བཏབ་ནད་པར་བྲབ། །གཟའ་གཤེད་སྔགས་འདི་ཤིན་ཏུ་ཟབ་པ་ཡིན། །གཞན་ཡང་དུག་འབྱིན་སྔགས་འདི་མང་དུ་བཟླ། །ཨོཾ་རཱ་ཧུ་ལ་ཧ་ཁྲམ་ཤིག་དུག་ཕྱུངས་ཤད་དྲིར་ཕྱུངས་སྭཱ་ཧཱ། ཨོཾ་ཕུད་ཕུད། ཉིལ་ཉིལ། ཕྱུངས་ཕྱུངས། ཤིག་ཤིག་སྭཱ་ཧཱ། སྔགས་ཀྱི་གསོ་ཐབས་བསླུ་མེད་ཟབ་པའི་ཕུལ། ༧ །ཟས་ནི་མར་གསར་བཏབ་པའི་སྐྱོ་ཚ་དང་། །རྩམ་པ་གཏོང་ཞིང་རུལ་སུངས་མེད་པའི་ཤ །ཡུན་དུ་བརྟེན་པས་ལུས་ཟུངས་འཚོ་བར་བྱེད། །ཆང་དང་དཀར་བག་ཤ་རུལ་ར་ཕག་ཤ །མངར་དང་སྐྱུར་བའི་ཟས་སྐོམ་ཤིན་ཏུ་འཛེམ། །སྤྱོད་ལམ་འགྲུལ་སྲུང་དབེན་པར་བརྟེན་པ་བྱ། །རྟ་ལ་མི་ཞོན་ཆུ་བོ་ཆེ་མི་བརྒལ། །མྱ་ངན་ཁྱིམ་དུ་མི་འགྲོ་དམར་ལ་འཛེམ། །མཛེ་ཅན་ཡུགས་ས་ལ་སོགས་གྲིབ་ལ་འཛེམས། །གྱེན་དུ་མི་འཛེག་མཛོ་རྟ་སྒལ་རོ་ཅན། །འབྲས་ནད་ཅན་རྣམས་ཁྱིམ་དུ་མི་གཞུག་གོ ༧ །དེ་ལྟར་བཅོས་ཐབས་ལྔ་ཡིས་ནད་པ་ལ། །སྙིང་རྗེའི་སེམས་ཀྱིས་བརྩོན་འགྲུས་བསྐྱེད་ལ་གསོ། །དེས་ནི་འཕྲལ་དུ་ནད་ཞི་སླད་མར་ནི། །གསོ་བར་བྱེད་པོའང་དགེ་བ་ཉིད་དུ་འགྱུར། ཁེ་དྲག་ནོར་ལ་སྲེད་པའི་བཅོས་མཁན་གང་། །རེ་ཞིག་ནད་པ་གསོ་བར་ནུས་སྲིད་ཀྱང་། ཁྱབ་འཇུག་ཁྲོས་ལྡོག་སྲོག་གི་གཤེད་མར་འོང་། །དེས་ན་གཞན་ཕན་བསམ་པ་མན་ངག་ཡིན།། ༧ །།ཡན་ལག་བཅོས་ལ་ནད་བབས་བཅོས་པ་དང་། ཁ་འཐོར་དུམ་ཁྲིགས་བསྡོང་ཟླ་བཅོས་ཐབས་གསུམ། །བབས་བཅོས་གློ་བར་བབས་ན་གློ་གསར་འབུད། །ལུད་པ་མང་ན་ཅུ་གང་རྒུན་འབྲུམ་དང་། །གུར་གུམ་ཤིང་མངར་སྲོ་ལོ་དཀར་པོ་ལྔ། །ཆ་མཉམ་སྦྱོར་བ་ཆུ་སྐོལ་ཕུལ་ལ་གཏང་། །མཆིན་བབས་མིག་འགྲིབ་དབུགས་ཐུང་མཆིན་པ་ན། །གུར་གུམ་ལི་ཤི་དོམ་མཁྲིས་པྲི་ཡང་ཀུ། །ཏིག་ཏ་བྲག་ཞུན་དྲུག་གིས་སེལ་བར་བྱེད། །མཁལ་མར་བབས་ན་མཁལ་མ་གཟེར་འཁྱུག་བྱེད། །མཁལ་མ་ཞོ་ཤ་ལྕམ་འབྲུ་བྲེ་ག་གཏང་། །ཕོར་བབས་ཕོ་བ་མི་བདེ་ཟས་མི་འཇུ། །སུག་སྨེལ་མ་ནུ་འུ་སུ་དབྱི་མོང་དཀར། །བཞི་སྦྱར་བཏང་བས་ནད་ལས་གྲོལ་བར་བྱེད། །སྙིང་བབས་སྙིང་མི་དགའ་ཞིང་ངུ་སྙིང་འདོད། །ཛཱ་ཏི་གུ་གུལ་དཀར་པོ་ཙནྡན་དཀར། །ཤ་ཆེན་སྙིང་ཞོ་ཤ་རྣམས་བུར་དཀར་སྦྱར། །རན་པར་བཏང་བས་སྙིང་རླུང་སེལ་བ་ཡིན། །ཡང་ན་གངས་ཐིགས་ཤ་ཆེན་སྙིང་ཞོ་ཤ །སྤོས་དཀར་ཙནྡན་དཀར་པོ་ལྔ་ཡིས་སེལ། །མཚེར་པའི་ནད་ལ་སུག་སྨེལ་ལི་ཤི་དང་། །གླ་གོར་ཞོ་ཤ་བཏང་བས་འཚོ་བར་འགྱུར། །དེ་དག་ཕྱེ་མའམ་རིལ་བུ་ཅི་རིགས་བྱ། ༧ ཁ་འཐོར་དུམ་དུམ་ཁྲིགས་ཀྱི་གདམས་པ་ནི། །རྒྱུ་ལོང་ན་ཞིང་སྦོ་འཁྲོག་ཀ་ཀོ་ལ། །བཙོད་ཀྱི་ཐང་གིས་སེལ་བར་བྱེད་པ་ཡིན། །མགོ་ན་རུ་རྟ་དུར་བྱིད་མར་དཀར་བྱུག །མིག་རྩ་དམར་ན་ག་པུར་ཅུ་གང་དང་། །གུར་གུམ་སྦྱར་བའི་ཆུ་ནི་མིག་ལ་བྱུག །ཡན་ལག་རེངས་ན་ཨ་རུ་ཐར་ནུ་བྱུག །ཡང་ན་པི་པི་ལིང་དང་ཕག་ཚིལ་སྦྱར། །ཡང་ན་མར་རྙིང་རི་ཤོའི་རྩ་བ་སྦྱར། །གང་ནའི་སར་བྱུག་རུས་པ་གཟེར་བ་ཞི། །ཡང་ན་ར་དུག་བྱང་པ་ཞུ་མཁན་དང་། །རུ་རྟ་ཆ་མཉམ་ཆུར་བཏབ་ཚོད་ལུམས་བྱ། །ཚ་བའི་སྐྱིགས་བུ་འབྱིན་ལ་བསིལ་གསུམ་མམ། །ག་པུར་བཟང་པོ་དྲུག་གི་ཕྱེ་མ་གཏང་། །གྲང་སྐྱིགས་ཛཱ་ཏི་རྒོ་རུའི་་་དཔེ་འགར་སྒོག་རུས་ཡོད།བསྐོལ་ཐང་གཏང་། ཁྲག་ཏུ་སྐྱུག་ན་དོམ་གྱི་མཁྲིས་པ་དང་། །ནཱ་ག་གེ་སར་ཕྱེ་མ་བཏང་བས་ཕན། །སྐྱུག་པ་ཙམ་ལ་རིག་སྔགས་དྲག་པོ་བཟླ། །ཡང་ན་སྲན་ཕྱེའི་དུད་པ་བདུག་པས་ཕན། །གབ་པ་གཏིང་སློང་སྤོས་དཀར་གླ་རྩི་གཉིས། །ཆ་མཉམ་རྩི་བཞིན་བཏགས་ལ་ཆུར་སྦྱར་གཏང་། །གང་གནོད་ཟས་བསྟེན་ལྷང་འགྱུར་གཞུང་བཞིན་བཅོས། །བྱེར་ན་ནད་རྟགས་མི་གསལ་ཆོལ་བར་སྟོན། །སྤྱང་བྲུན་ཁྱི་ལུད་གུ་གུལ་ལ་ཆ་བཞི། །ཆ་མཉམ་སྦྱར་བའི་དུད་པས་གསལ་པོར་འགྱུར། །ཟུག་གཟེར་དྲག་པོ་ལ་ནི་གུར་གུམ་དང་། །གི་ཧང་ཙནྡན་དཀར་དམར་གླ་རྩི་དང་། །ནཱ་ག་གེ་སར་དོམ་མཁྲིས་བདུན་ཆ་མཉམ། །ཆུ་གྲང་སྦྱར་ནས་བཏང་བས་འཕྲལ་ཟུག་འཇོམས། །ལྐུགས་འབྱེད་འགྲོན་བུ་དུང་དང་དབྱི་མོང་དཀར། །རླིད་པ་་་དཔེ་འགར་རླིག་པ་ཡོད།བསྲེགས་ཐལ་སྟེང་དུ་གླ་རྩི་བཏབ། ཁྱེ་འུ་ཞོ་འཐུང་ཆུས་འཕུལ་ཁོང་དུ་གཏང་། །སླ་ང་ཆུས་བཀང་ནང་དུ་འགྲོན་བུ་ལ། །ཟན་གྱི་ཕུབ་བསྐྱོན་མདའ་ཆུང་རྒྱབ་པས་ཕྱེད། །ཡང་ན་སྲབ་བསྐྱོན་སྒ་རྟོད་ལྕག་གིས་བྲབ། །དེ་རྣམས་ཀྱིས་ནི་ལྐུགས་པ་ཁ་འབྱེད་འགྱུར། ཁ་འཁྱོག་མིག་སླེ་བྱུང་ན་སྲོང་ཐབས་ནི། །མེ་ཡིས་འཁྱོགས་ན་སླ་ངར་ཆུ་གྲང་བླུག །ག་པུར་བཟང་པོ་དྲུག་གམ་བསིལ་གསུམ་བཏབ། །ནད་པ་ཁ་བུབ་འཐུང་དུ་བཅུག་པས་སངས། །ཆུ་ཡིས་འཁྱོགས་ན་སླ་ངར་ཆུ་དྲོན་བླུག །དྲོད་སྨན་རིལ་འཇོང་གཉིས་སྒ་དང་།་་་ཚ་བ་གསུམ་པོ་བཏབ་ལ་གོང་ལྟར་འཐུང་། །ཡང་ན་ཙནྡན་དམར་པོ་་་དཔེ་འགར་དཀར་པོ་ཡོད།དུང་འགྲོན་བུ། །བསྲེགས་ཐལ་ཕྱེ་མ་འགམས་པས་གཉིས་ཀར་ཕན། །དེས་མི་ཕན་ན་ས་གདོན་ཡིན་པས་སྤང་། ༧ །གཟའ་ཡི་བསྡོང་ཟླ་སྡེ་བརྒྱད་ནད་ཕོག་པ། །དེ་ལ་ཆིག་རྒྱུག་སྨན་གྱིས་བཅོས་པ་ནི། །མ་མོས་གཡོན་གཟེར་ཁྱད་པར་སྲོད་ལ་ན། །མཆིན་ནད་ཡིན་པས་གུར་གུམ་ཆིག་རྒྱུག་གཏང་། །དགྲ་ལྷས་གཡས་པ་ན་ཞིང་སྔ་དྲོ་ལྡང་། །མཚེར་ནད་ཡིན་པས་ལི་ཤི་བཏང་བས་ཕན། །བདུད་ཀྱིས་དྲི་ཆུ་འགགས་ཤིང་ནམ་འཇིངས་ན། །ཕོ་ནད་ཡིན་པས་སེ་འབྲུའི་ཆིག་ཐང་གཏང་། །སྲིན་པོས་མགོ་བོ་འཐོམས་ཤིང་ཉིན་ཕྱེད་ན། །ཚད་པའི་ནད་ཡིན་གི་ཧང་ཆིག་ཤུར་གཏང་། །དམུ་ཡིས་མཇུག་ཐུང་ན་ཞིང་ནམ་ཕྱེད་ལྡང་། །གློ་བའི་ནད་ཡིན་ཅུ་གང་བཏང་བས་ཕན། །བཙན་གྱིས་ལག་གཡོན་ན་ཞིང་ཉིན་ཕྱེད་ལྡང་། །མཁལ་མའི་ནད་ཡིན་ཀ་ཀོ་ལ་ཐང་གཏང་། །གཤིན་རྗེས་དཔུང་པ་གཡས་གཟེར་ཐོ་རངས་ན། །སྙིང་རླུང་ནད་ཡིན་ཛཱ་ཏི་བཏང་བས་ཕན། །བགེགས་ཀྱིས་ཁ་མིག་ཡོ་ཞིང་སྙིང་མི་དགའ། །ཉི་མྱུར་ལྡང་ཞིང་སུག་སྨེལ་ཆིག་ཐང་གཏང་། །བསྡོང་ཟླའི་ནད་རྟགས་དེ་ལྟར་སྟོན་པའི་ཕྱིར། །སོ་སོའི་སྨན་གྱིས་ཞི་ཟློག་བྱེད་པར་ནུས།། ༈ །།བཞི་པ།་་་ཐ་མ་མི་ལྡོག་བསྲུང་བའི་གདམས་པ་ལ། །རྫས་དང་ཏིང་འཛིན་སྔགས་དང་འཁོར་ལོས་བསྲུང་། །རང་ཕྱིར་མི་འབྲེང་རྟེན་འབྲེལ་བྱ་བ་ལྔ། །རྫས་ནི་ཆུ་དག་ཛཱ་ཏི་སྤྲུ་བ་དང་། །མུ་ཟི་སྒོག་སྐྱ་རྟ་བོན་ཤི་སྐྲ་དང་། །གྲིར་ཤིའི་སེན་མོ་ལུས་ལ་བཅངས་པས་ཐུབ། །ཡང་ན་བདེར་གཤེགས་རིང་བསྲེལ་སྟག་གི་ཤ །སྦྲུལ་ཤ་གྲིར་ཤིའི་སེན་མོ་རྨ་བྱའི་མདོངས། །དུང་གི་ཤོ་དང་ཛཱ་ཏི་བཅངས་པས་ཐུབ། །ཡང་ན་མ་བཏབ་འབྲུ་་་འདྲེ་མོ་ཡུངས་དཀར།དང་མེ་མེད་དུད།་་་ཕ་བ་དགོ་ཐུལ། མ་བསད་ཤ་་་ལུག་གི་རླིག་པ།དང་གཟའ་་་ནད་ཀྱི་ཤི་བའི།རུས་་་པ།འགྲོན་བུ་སྦྲུམ། །དཀར་པོ་ཀློ་རྣམས་ཀྱི་ཕྲེང་བར་བརྒྱུས་པ་ཞིག་འོང་།་་་འཇག་འབྲུ་མེ་ལོང་དུང་ཤོ་ཁྲབ་བྱང་་་མིག་དགུ་པ།རྣམས། །སྔགས་ཀྱིས་རབ་གནས་བྱས་ཏེ་ལུས་ལ་བཏག །འདིས་ནི་གཟའ་གདོན་ཐུབ་པར་ཐེ་ཚོམ་མེད། །ཡང་ན་གླ་རྩི་ཤིང་ཀུན་གུ་གུལ་ནག །སླེ་ཏྲེས་སྒོག་སྐྱ་ཡུངས་དཀར་མི་ཡི་ཤ །མི་སྐྲ་མི་རུས་རྒྱ་ཁྲག་པུ་ཤུད་སྒྲོ། །ཐིག་ལེ་དཀར་དམར་རྣམས་བསྲེས་ཕྱེ་མ་བྱ། །ཐུམ་པོ་ལུས་འཆང་བུ་གར་དྲི་མྱངས་པས། །གདོན་ཀུན་དཔག་ཚད་བརྒྱད་ཁྲིར་བྱེར་ཞིང་འབྲོས། །སླར་ལ་མི་ལྡོག་བསྲུང་བ་མཆོག་ཏུ་བྱེད། ༧ །ཏིང་འཛིན་རྟ་མགྲིན་གཤིན་རྗེ་གཤེད་པོ་འམ། །ཡང་ན་ཕྱག་ན་རྡོ་རྗེ་བསྒོམ་པར་བྱ། ༧ །སྔགས་ནི་ཡི་དམ་དེ་དག་སྙིང་པོ་དང་། །འདིར་ཡང་བཤད་པའི་རིམ་པ་ཅི་ནུས་བཟླ། །ཨོཾ་གཏུམ་པོ་ལེ་གཏུམ་པོ་ལེ་མ་ཧཱ་གཏུམ་པོ་ལེ་སུ་སུ་མེ་མེ་ཤིག་ཤིག །གཟའ་ཁ་ཏྲ་རུ་ཏྲ་མ་མ་རཀྵ་རཀྵ་ཧཱུྃ་སྭཱ་ཧཱ། ཞེས་དང་བློ་ལ་ཡོད་པས་བསྲུང་ཐུབ་པ། །ཤོ་ས་ན་ཙ་ཏྲི་དུ་ཕཊ། ཅེས་བཟླ་གཟའ་ཡི་གཟུངས་ནི་ཅི་ནུས་འདོན། ༧ འཁོར་ལོ་པདྨ་འདབ་བརྒྱད་མུ་ཁྱུད་ཅན། །ཕྱི་ལ་མེ་རི་གཡོན་འཁོར་བྲིས་པ་ཡི། །ལྟེ་བར་ཨ་དང་གཏུམ་པོ་གཟའ་སྔགས་ལ། །གང་བསྲུང་མིང་གི་ཤམ་བུ་ཡོད་པ་བྲི། །འདབ་མ་བརྒྱད་ལ་ཡ་མ་པྲེ་དུ་ཏི། །ཤ་ན་ལ་རྣམས་འབྲུ་རེ་དབུ་ཅན་བྲི། །མུ་ཁྱུད་ཨཱ་དི་ཀཱ་དི་རྟེན་འབྲེལ་སྙིང་། །ཤཱཀ་ཐུབ་རིགས་གསུམ་མགོན་པོའི་སྔགས་བྲིས་ཏེ། །ཡི་གེ་དབུ་རྣམས་ཕྱི་ལ་བསྟན་པར་བྱ། །བགེགས་བསྐྲད་ཡེ་ཤེས་འཁོར་ལོ་བཀུག་ཅིང་བསྟིམ། །བྲིས་པའི་སྔགས་ཀྱིས་རབ་ཏུ་གནས་བྱས་ཏེ། །མི་ལག་མ་བརྒྱུད་གང་བསྲུང་མགུལ་དུ་འདོགས། །གཞན་ནས་འབྱུང་ལྟར་འཁོར་ལོའང་ཅི་མང་བཏགས། །དེས་ནི་གདུག་པའི་དུག་རླངས་སྲུང་བའི་མཆོག ༧ །སྔགས་པའི་ཕྱིར་འབྲེང་བསྲུང་བའི་རྟེན་འབྲེལ་ནི། །སྤྱིར་དུ་ཡི་དམ་བསྒོམ་ཞིང་གསང་སྔགས་བཟླ། །གདོན་ལ་སྙིང་རྗེ་བསྒོམ་ཞིང་སྨོན་ལམ་གདབ། ཁྱད་པར་ལུག་མགོ་ཁ་བགྲད་དབྱུག་རྩེར་བསྐྱོན། །གདོན་ཕྱོགས་ཁ་བསྟན་བཞག་པས་ཕྱིར་འབྲེང་ཐུབ། །ཡུགས་སའི་གོས་གཤམ་མེར་བསྲེགས་ཐལ་བ་དང་། །དགེ་སློང་ཆུ་སྦྱར་རང་གི་ལུས་ལ་བྱུག །ཤིན་ཏུ་ཟབ་སྟེ་ཐུབ་པར་ངེས་པ་ཡིན། ༈ །དེ་ལྟར་རྒྱུ་བརྟག་གསོ་སྲུང་རྣམ་པ་བཞི། །ཉེ་བར་བསྟན་པས་རང་གཞན་བདེ་བར་འཚོ། །འོན་ཀྱང་ཁྱབ་འཇུག་བསྟེན་ན་ཅུང་མི་ཤིས། ཁྱད་པར་བསྐྲད་སོགས་བྱས་ན་སྲོག་ལ་རྒོལ། །ཞི་བཅོས་ཙམ་ལ་བརྟེན་ན་སྐྱོན་མེད་དེ། །སྙིང་རྗེའི་སེམས་ཀྱིས་ཕན་འདོག་ཅི་ནུས་བྱ། །དེ་ལྟར་དྲང་སྲོང་ནད་གསོ་བདུད་རྩིའི་བུམ། །ཀླུ་སྒྲུབ་བི་མ་ལ་དང་པདྨ་འབྱུང་། །དམ་པ་ལས་འོངས་ཟབ་དོན་གབ་སྦས་རྣམས། །མངོན་ཕྱུང་ལག་ལེན་གསལ་བར་བསྟན་པ་སྟེ། །ངག་དབང་བློ་གྲོས་པདྨའི་མཚན་ཅན་ལས། །ལེགས་འོངས་མན་ངག་བདུད་རྩི་མཆོག་འཐུང་བ། །གང་དེ་ཁྱབ་འཇུག་འཆི་བདག་ལས་གྲོལ་ནས། །ལུས་ངག་སེམས་རྣམས་བདེ་ཞིང་སིམ་བྱེད་ཡིན། །འདི་དགེ་སྤྲིན་གཞོན་དག་བྱེད་ཆུ་རིས་ཅན། །དེ་ཡིས་དྲང་སྲོང་ཉིན་བྱེད་ཀྱིས་གདུངས་པའི། །སྐྱེ་བོ་རྣམས་ཀྱི་ངལ་བ་རབ་བསལ་ནས། །བདེ་བར་འཚོ་ལྡན་བསིལ་གནས་ཐོབ་གྱུར་ཅིག །མཐར་ཐུག་དྲང་སྲོང་ཆེན་པོ་རྡོ་རྗེ་འཛིན། །ཀུན་རྟོག་སྦྱིན་སྐྱེས་དགྲ་ལས་རྣམ་རྒྱལ་ཞིང་། །མཚན་དཔེའི་མིག་བཀྲ་བདེ་ཆེན་མེ་འོད་འཕྲོ། །ཐུགས་རྗེའི་སྦྲུལ་ཞགས་ཆེ་འཛིན་ཐོབ་པར་ཤོག །ཅེས་བྱ་ཁྱུང་པ་ངག་དབང་པདྨ་རྣམ་རྒྱལ་གྱིས་ལེགས་པར་སྦྱར་བའོ།། །། ༄༅། །གཟའི་ནད་གསོ་ཐབས་ལས། གཏོར་ཆོག་མཆོད་སྦྱིན་དྲི་མེད་ལག་ལེན་སྙིང་པོ་བཞུགས། ན་མོ་ཤྲཱི་གུ་རུ་ཡ། སངས་རྒྱས་ཀུན་གྱི་གསང་བ་འཛིན། །སྡེ་བརྒྱད་དྲེགས་པ་འདུལ་མཛད་པ། །ལག་ན་རྡོ་རྗེར་གུས་བཏུད་ནས། །གཟའ་ཡི་གཏོར་ཆོག་བྲི་བྱ་འོ། །དེ་ལ་འགྲོ་བ་གང་ཞིག་དྲང་སྲོང་གི་གནོད་པ་དང་དུག་གིས་ནོན་ནས་མྱ་ངན་གྱིས་ཉམ་ཐག་པར་གྱུར་པ་ན་དེ་ཉེ་བར་ཞི་བའི་ཆོ་ག་གཏོར་མའི་རིམ་པ་འདི་ལྟར་བྱ་སྟེ། འདི་ལ་གསུམ། སྔོན་འགྲོ་དང་དངོས་གཞི་རྗེས་སོ། །དང་པོ་ལ། ཇི་ལྟར་བཤམ་པ་དང་བདག་བསྐྱེད་གཉིས་ལས། དང་པོ་ནི། སྣོད་གཙང་མའི་ནང་དུ་གཟའ་བརྒྱད་ཀྱི་གཏོར་མ་བཤོས་བུ་ཟུར་གསུམ་ཆེ་བ་གཅིག་ལ་བཤོས་ཕྲན་བརྒྱད་ཀྱིས་བསྐོར་བ་ལ་ཤ་ཁྲག་གིས་བརྒྱན། དེའི་མཐར་གླུད་བཅུ། ཆངས་བུ་བཅུ། དཀར་གཏོར་བཅུ་རྣམས་ཀྱིས་བསྐོར་བ་དང་། འབྲུ་སྣ་དར་སྣ། ཀླུ་སྨན། དཀར་གསུམ། མངར་གསུམ། ཆང་ཕུད་ཀྱིས་བྲན་པ་བཤམ་མོ།་་་འོག་གི་གཟུགས་འགྲོས་རྣམས་ཀྱང་། །གཉིས་པ་བདག་སྐྱེད་ནི། སྔགས་པ་བདེ་བའི་སྟན་ལ་འདུག་སྟེ། ཧཱུྃ། བླ་མ་རྗེ་བཙུན་དམ་པ་དང་། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །ཡི་དམ་ལྷ་དང་མཁའ་འགྲོ་ལ། །བདག་དང་འགྲོ་ཀུན་སྐྱབས་སུ་མཆི། །ལན་གསུམ། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་གྱུར་ཅིག །བདེ་དང་བྲལ་བར་མ་གྱུར་ཅིག །ཉེ་རིང་ཆགས་སྡང་བྲལ་གྱུར་ཅིག །ཅེས་ཅི་མང་གིས་སེམས་བསྐྱེད། རྒྱས་པར་སྤྲོ་ན་ཡན་ལག་བདུན་པ་བྱ། དེ་ནས། ཨོཾ་སྭཱ་བྷཱ་ཝ་ཤུདྡྷ་སོགས། ཆོས་ཀུན་མི་དམིགས་སྟོང་པའི་ངང་། །ཆུ་ལ་ཆུ་བུར་རྡོལ་བ་ལྟར། །པད་ཉི་དྲེགས་པའི་གདན་སྟེང་དུ། །རང་ཉིད་ཕྱག་ན་རྡོ་རྗེ་འཛིན། །མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་གནམ་ལྕགས་རྡོ་རྗེ་འཕྱར། །གཡོན་པས་སྡིགས་མཛུབ་ཁྱུང་སྤྲུལ་འགྱེད། །དུར་ཁྲོད་འབར་བའི་རྒྱན་གྱིས་བརྒྱན། །གཡས་བསྐུམ་གཡོན་བརྐྱང་དོར་སྟབས་ཚུལ། །རབ་འཕྲོས་མེ་དཔུང་དབུས་ན་བཞུགས། །དེ་ཡི་སྤྱི་མགྲིན་སྙིང་ག་རུ། །ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསལ། །དེ་ལས་འོད་འཕྲོས་ཡེ་ཤེས་པ། །སྤྱན་དྲངས་བདག་དང་གཉིས་མེད་གྱུར། །ཛཿཧཱུྃ་བཾ་ཧོཿ ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསང་བའི་མཛོད་ཆེན་འཛིན་པའི་དཔལ། །གདུག་པ་མ་ལུས་འདུལ་མཛད་པ། །སྦྲུལ་སྟག་རིན་ཆེན་རྒྱན་གྱིས་བརྒྱན། །ཆེ་ལ་བརྗིད་པའི་འཇིགས་གཟུགས་ཅན། །རྡོ་རྗེ་ཁྱུང་ཆེན་ཕྱག་ན་བསྣམས། །ཡེ་ཤེས་མེ་འབར་ཀློང་ན་བཞུགས། །པད་ཉི་དྲེགས་པའི་གདན་ལ་འགྱིང་། །གཏུམ་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །གོས་སྔོན་ཅན་ལ་ཕྱག༴ རྡོ་རྗེ་འཛིན་ལ་ཕྱག༴ གསང་བའི་བདག་ལ་ཕྱག༴ སྐུ་གསུང་ཐུགས་ལ་ཕྱག༴ བརྩེ་བ་ཆེན་པོས་རྗེས་བཟུང་ནས། །གཟའ་དང་ས་བདག་ཀླུ་གཉན་གྱིས། །འཚེ་བར་བྱེད་ལས་བསྐྱབ་ཏུ་གསོལ། །བསམ་པའི་དུག་དང་རེག་པའི་དུག །མཐོང་བའི་དུག་དང་ཁ་རླངས་དུག །སྦྱོར་བ་ངན་པའི་དུག་རྣམས་ཀུན། །ཞི་ཞིང་ཟློག་པར་མཛད་དུ་གསོལ། །ཞེས་བརྗོད། སྙིང་གར་ཉི་སྟེང་རྡོ་རྗེ་སྔོན། །འགྲེང་ཐབས་ལྟེ་བར་ཧཱུྃ་མཐིང་མཐར། །སྔགས་ཀྱི་ཕྲེང་བས་བསྐོར་བར་བསམ། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་ཅི་འགྲུབ་བཟླ་འོ། །གཉིས་པ་དངོས་གཞི་ལ། སྡོམ་ནི། གཏོར་མ་བྱིན་རླབས་གཟའ་རྣམས་བསྐྱེད། །སྤྱན་དྲང་གཏོར་འབུལ་དུག་དབྱུང་གཤེགས། །དང་པོ་ནི། ཧཱུྃ། གཏོར་སྣོད་མི་དམིགས་དག་པ་ལས། །གཏོར་མ་ཅི་འདོད་བདུད་རྩིའི་རྒྱུ། །མི་ཟད་རིན་ཆེན་གཏེར་གྱི་མཆོག །ལྷུན་འགྲུབ་འབད་མེད་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབ། རྒྱས་པར་སྤྲོ་ན། སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་རླབས་བྱའོ། །གཉིས་པ་གཟའ་རྣམས་སྐྱེད་པ་ནི། རང་ཉིད་གསང་བདག་ཆེན་པོའི་མདུན། །དྲང་སྲོང་ཆེན་པོ་དུད་ཁ་ལ། །མགོ་དགུ་མགོ་ལུས་མིག་གིས་གང་། །སྤྱི་བོར་བྱ་རོག་ཏོང་སྒྲ་སྒྲོག །གཡས་པས་རལ་གྲི་རྒྱལ་མཚན་འཛིན། །གཡོན་པ་སྦྲུལ་ཞགས་མདའ་གཞུ་ཐོགས། །རང་འཁོར་སྡེ་བརྒྱད་ཚོགས་དང་ནི། །མཆེད་བཅས་མེ་དཔུང་དབུས་ན་གསལ། །འཁོར་གྱི་གཟའ་ཆེན་བརྒྱད་པོ་ནི། །ཤར་ནས་རིམ་པ་བཞིན་དུ་བསྐྱེད། །པ་སངས་དཀར་པོ་ཀུ་མུད་འཛིན། །ལྷོ།་་་ཕུར་བུ་སྔོན་པོ་པོ་ཏི་འཛིན། །ནུབ།་་་ཟླ་བ་རབ་དཀར་ཀུ་མུ་ཏ། །བྱང་།་་་ལག་པ་སེར་པོ་ཨུཏྤལ་འཛིན། །ཤར་ལྷོ།་་་མིག་དམར་ལེ་བརྒན་བུམ་སྒྲོན་འཛིན། །ལྷོ་ནུབ།་་་སྒྲ་གཅན་དུད་ཁ་གྲི་པད་འཛིན། །ནུབ་བྱང་།་་་ཉི་མ་དམར་སེར་པདྨ་དབྱུག །བྱང་ཤར།་་་སྤེན་ནག་དབྱུག་ཏོ་དགྲ་སཏྭ་འཛིན། །ཐམས་ཅད་དྲང་སྲོང་གཟུགས་ཅན་ལ། །རིན་ཆེན་རྒྱན་སྤྲས་ཞི་ཚུལ་ལྡན། །བཀའ་ཉན་གུས་བསྟོད་འཁོད་པར་གྱུར།་་་བཀའ་སྲུང་འཇིག་རྟེན་པ་རྣམས་ཐམས་ཅད་སྐད་ཅིག་གིས་ལམ་གྱིས་བསྐྱེད་པས་ཆོག་པ་སློབ་དཔོན་པདྨའི་གསུང་། རང་གི་སྙིང་ཁའི་འོད་ཟེར་གྱིས། །གཟའ་རྣམས་གནས་ནས་སྤྱན་དྲངས་གྱུར། །གསུམ་པ་སྤྱན་དྲང་བ་ནི། ཧཱུྃ། ཞི་བའི་ངང་ལས་མ་གཡོས་ཀྱང་། །ཧེ་རུ་ཀ་དཔལ་ཐུགས་སྤྲུལ་ནི། འཇིག་རྟེན་དྲེགས་པའི་གཙོ་བོ་མཛད། །བསྟན་པ་བསྲུང་ཕྱིར་འཇིགས་ཚུལ་སྟོན། །གཟའ་བདུད་ཆེན་པོ་རཱ་ཧུ་ལ། །སྤྲུལ་པའི་གཟའ་བརྒྱད་འཁོར་དང་བཅས། །དམ་ཚིག་དམ་པ་རྗེས་དགོངས་ལ། །མཆོད་པའི་གནས་འདིར་མྱུར་གཤེགས་ཤིག །རིན་ཆེན་སྙིང་པོ་ཤཱཀྱ་ཐུབ། །རྡོ་རྗེ་འཆང་དང་གཤིན་རྗེའི་གཤེད། །ཕྱག་ན་རྡོ་རྗེ་རྟ་མགྲིན་རྒྱལ། །བཀའ་ལས་མ་འདའ་གནས་འདིར་བྱོན། །རཱ་ཧུ་ལ་པ་ཤ་མི་ཀི །མ་ར་ཙ་ཤ །རཀྴ་ནཱ་ག །ས་མ་ཡ་ཛ་ཛཿ ཞེས་སྤྱན་དྲངས་པ་དམ་ཚིག་པ་དང་གཉིས་མེད་དུ་འཁོད་པར་བསམ། བཞི་པ་གཏོར་འབུལ་ནི། ཨོཾ་ཨཱཿཧཱུྃ། རཱ་ཧུ་ལ་གཟའ་ཁ་ཏྲ་རུ་ཏྲ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་ནམ་ཉེར་གཅིག་གིས་ཕུལ་ལ་དགྱེས་པས་བཞེས་པར་བསམ་ཞིང་། ཧཱུྃ། དྲང་སྲོང་གཟའ་བརྒྱད་འཁོར་བཅས་ལ། །མཆོད་སྦྱིན་གཏོར་མ་འདི་འབུལ་གྱིས། །དགྱེས་པའི་ཚུལ་གྱིས་བཞེས་ནས་ཀྱང་། །གནོད་པའི་བསམ་པ་ཞི་བར་མཛོད། །ཧཱུྃ། གཟའ་བདུད་ཆེན་པོ་རཱ་ཧུ་ལ། །འཇིགས་བྱེད་ཆེན་པོ་དྲག་རྩལ་ཅན། །ཕ་ནི་སྲིན་ལ་མ་ནི་ཀླུ། །ཀླུ་སྲིན་ཚོགས་པའི་མཐུ་བོ་ཆེ། །ལུས་པོ་གཅིག་ལ་མགོ་བོ་དགུ །མགོ་ལུས་མེད་པར་མིག་གིས་གང་། །སྐུ་ནི་འཇིགས་པའི་དུད་ཁ་ལ། །གཡས་པས་རལ་གྲི་རྒྱལ་མཚན་ཏེ། །གཡོན་པས་སྦྲུལ་ཞགས་མདའ་གཞུ་འཛིན། །རང་འཁོར་སྡེ་བརྒྱད་ཚོགས་དང་ནི། །མཆེད་བཅས་འདིར་གཤེགས་མཆོད་གཏོར་བཞེས། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །གནོད་ཅིང་གདུག་པ་མ་མཛད་ཅིག །ཕྱག་ན་རྡོ་རྗེའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །གནོད་པའི་བསམ་པ་རབ་ཞི་ནས། །ཕན་བདེ་བྱང་ཆུབ་སེམས་ལྡན་པས། །རང་གི་གནས་སུ་བདེ་བར་དེངས། །སྔོན་ཆད་གནོད་པ་བྱས་གྱུར་ཀྱང་། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །མནན་པ་ཁྱོགས་ལ་དུག་རྣམས་ཕྱུངས། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །གལ་ཏེ་གནོད་པ་བྱས་གྱུར་ན། །སྔོན་གྱི་དམ་ལས་འགལ་འགྱུར་ཞིང་། །ཕྱག་ན་རྡོ་རྗེ་ཐུགས་ཁྲོས་ནས། །སྐད་ཅིག་ཉིད་ལ་བརླག་པར་འགྱུར། །དེ་བས་དམ་ལ་མ་འདའ་བར། །འདོད་ཡོན་རྒྱན་མཆོད་འདི་བཞེས་ལ། །རང་གི་གནས་སུ་ད་གཤེགས་ཤིག །ཧྲི་ཤག་རུ་རག་རཾ་ནཱ་གེ་ཙི་ཏ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧེ་ཡོ་ག་ཤ་ལ་ཛཿཛཿ བ་ལི་ཏ་ས་མ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ། རཱ་ཙ་ཧཱ་ཀ །ས་མ་ཡ། གཟའ་བདུད་ཆེན་པོ་རཱ་ཧུ་ལ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་དམ་ཚིག་རྫས་ཀྱི་མཆོད་སྦྱིན་གྱི་གཏོར་མ་འདི་སྣོམས་ལ། གནོད་གདུག་གི་སེམས་ཞི་ཞིང་། ཕན་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་མཛོད་ལ། རང་གི་གནས་སུ་གཤེགས་ཤིག །ཅེས་བརྗོད་དོ། །བསྡུ་ན་འདི་ཡན་བྱས་པས་ཆོག །ལྔ་པ་དུག་དབྱུང་ནི། རྒྱས་པར་སྤྲོ་ན། གོང་གི་གཏོར་མའི་མཐར། སྟག་གི་གཟུགས་དང་། སྦྲུལ་དང་། སྤྲེའུ་གདོང་དམར། ཕག་རྒོད། འབྲུག་སྔོན། ལུག་དཀར། ཁྱི། གླང་གི་གཟུགས་རྣམས་བཤམ། བྱིན་རླབས་བྱས་ལ་འདི་སྐད་དོ། །ཧཱུྃ། ང་ནི་ཕྱག་ན་རྡོ་རྗེ་ཡིན། །ང་ནི་ཁྲོ་རྒྱལ་གཤིན་རྗེའི་གཤེད། །ལྷ་སྲིན་སྡེ་བརྒྱད་ང་ཡི་བྲན། །ང་ལས་ཆེ་བཙན་སུ་ཡང་མེད། །གཟའ་རྣམས་ང་ཡི་བཀའ་ལ་ཉོན། །ཧཱུྃ། གཟའ་བདུད་ཆེན་པོ་ཁྱོད་ཀྱི་ཡབ། །རི་རབ་ཆེན་པོའི་རྩེ་མོ་ན། །སྲིན་པོ་ཡཀྴ་མེ་དབལ་བཞུགས། །སྐུ་མདོག་སྨུག་ནག་འཇིགས་པ་ལ། །སྐུ་ལ་རེག་པའི་དུག་ཆེན་ཡོད། །སེམས་ཅད་ཀུན་ལ་གནོད་པར་བྱེད། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །རེག་པའི་དུག་རྣམས་ད་ཕྱུངས་ཤིག །ཧཱུྃ། གཟའ་བདུད་ཆེན་པོ་ཁྱོད་ཀྱི་ཡུམ། །རྒྱ་མཚོ་ཆེན་པོའི་གཏིང་རུམ་ན། །ཀླུ་མོ་རྡོ་རྗེ་གློག་འགྱུ་མ། །སྐུ་མདོག་དམར་མོ་འཇིགས་ཚུལ་སྟོན། །སྐུ་ལ་མཐོང་བའི་དུག་ཡོད་པས། །སེམས་ཅན་ཀུན་ལ་གནོད་པར་བྱེད། །དཀར་མངར་གཏོར་མ་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །མཐོང་བའི་དུག་རྣམས་ད་ཕྱུངས་ཤིག །ཧཱུྃ། གཟའ་བདུད་ཆེན་པོ་ཡབ་ཡུམ་གྱི། །སྐུ་ལས་སྤྲུལ་པའི་ཞེ་སྡང་གཟའ། །ཤར་ཕྱོགས་རུས་པའི་ཞིང་ཁམས་ཀྱི། །དམུ་བདུད་རོལ་པའི་དཀྱིལ་འཁོར་ན། །གཟའ་ཆེན་བྷི་ནུ་རཱ་ཛ་ནི། །སྐུ་མདོག་སྨུག་ནག་འཇིགས་པ་ལ། །འཁོར་དུ་དམུ་བདུད་བརྒྱད་ཀྱིས་བསྐོར། །སྐུ་ལ་ཞེ་སྡང་དུག་ཡོད་པས། །སེམས་ཅན་ཀུན་ཀྱང་རེངས་པར་བྱེད། །སྟག་ཆེན་དར་མ་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །ཞེ་སྡང་དུག་རྣམས་ད་ཕྱུངས་ཤིག །ཨོཾ་པྲ་མ་དུས་མེ་ས་མ་ཡེ་སྭཱ་ཧཱ༔ ཧཱུྃ། ལྷོ་ཕྱོགས་དྲོད་ཀྱི་ཞིང་ཁམས་ཀྱི། །གཤིན་རྗེ་རོལ་པའི་དཀྱིལ་འཁོར་ན། །གཟའ་ཆེན་ཁྱབ་འཇུག་ཆེན་པོ་ནི། །སྐུ་མདོག་སེར་ནག་འཇིགས་པ་ལ། །འཁོར་དུ་གཤིན་རྗེ་བརྒྱད་ཀྱིས་བསྐོར། །སྐུ་ལ་ང་རྒྱལ་དུག་ཡོད་པས། །སེམས་ཅན་ཀུན་ཀྱང་བརྒྱལ་བར་བྱེད། །སྦྲུལ་ཆེན་འཁྱིལ་པ་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །ང་རྒྱལ་དུག་རྣམས་ད་ཕྱུངས་ཤིག །ཨོཾ་བི་ཤོ་ནཱ་ག་ས་མ་ཡེ་སྭཱ་ཧཱ༔ ཧཱུྃ། ནུབ་ཕྱོགས་ཁྲག་གི་ཞིང་ཁམས་ཀྱི། །མ་མོ་རོལ་པའི་དཀྱིལ་འཁོར་ན། །གཟའ་ཆེན་ལྗང་སྔོན་དྲག་པོ་ནི། །སྐུ་མདོག་དམར་ནག་འཇིགས་པ་ལ། །འཁོར་དུ་མ་མོ་བརྒྱད་ཀྱིས་བསྐོར། །སྐུ་ལ་འདོད་ཆགས་དུག་ཡོད་པས། །སེམས་ཅན་ཀུན་ཀྱང་འཁུམས་པར་བྱེད། །སྤྲེའུ་གདོང་དམར་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །འདོད་ཆགས་དུག་རྣམས་ད་ཕྱུངས་ཤིག །ཨོཾ་ཛ་ཧ་པྲ་མ་ས་མ་ཡེ་སྭཱ་ཧཱ༔ ཧཱུྃ། བྱང་ཕྱོགས་དབུགས་ཀྱི་ཞིང་ཁམས་ཀྱི། །བདུད་པོ་རོལ་པའི་དཀྱིལ་འཁོར་ན། །གཟའ་བདུད་ཆེན་པོ་ཙ་ར་ཀ །སྐུ་མདོག་མཐིང་ནག་འཇིགས་པ་ལ། །འཁོར་དུ་བདུད་པོ་བརྒྱད་ཀྱིས་བསྐོར། །སྐུ་ལ་ཕྲག་དོག་དུག་ཡོད་པས། །སེམས་ཅན་ཀུན་ཀྱང་འཁྲུག་པར་བྱེད། །ཕག་རྒོད་དར་མ་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །ཕྲག་དོག་དུག་རྣམས་ད་ཕྱུངས་ཤིག །ཨོཾ་ཙཛྙཱ་ལ་ས་མ་ཡེ་སྭཱ་ཧཱ༔ ཧཱུྃ། རི་རབ་ལྷུན་པོའི་ཤར་ལྷོ་ཡི། །དགེ་བསྙེན་རོལ་པའི་དཀྱིལ་འཁོར་ན། །གཟའ་བདུད་དྲང་སྲོང་ཆེན་པོ་ནི། །སྐུ་མདོག་དཀར་སེར་འཇིགས་པ་ལ། །འཁོར་དུ་དགྲ་ལྷ་བརྒྱད་ཀྱིས་བསྐོར། །སྐུ་ལ་གཏི་མུག་དུག་ཡོད་པས། །སེམས་ཅན་ཀུན་ཀྱང་རྨུགས་པར་བྱེད། །གཡུ་འབྲུག་སྔོན་མོ་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །གཏི་མུག་དུག་རྣམས་ད་ཕྱུངས་ཤིག །ཨོཾ་བི་ཤོ་ཛ་ཡ་ས་མ་ཡེ་སྭཱ་ཧཱ༔ ཧཱུྃ། རི་རབ་ལྷུན་པོའི་ལྷོ་ནུབ་ཀྱི། །སྲིན་པོ་རོལ་པའི་དཀྱིལ་འཁོར་ན། །གཟའ་བདུད་བི་ཏྲི་པ་ཏྲ་ནི། །སྐུ་མདོག་སྨུག་ནག་འཇིགས་པ་ལ། །འཁོར་དུ་སྲིན་པོ་བརྒྱད་ཀྱིས་བསྐོར། །སྐུ་ལ་མཐོང་བའི་དུག་ཡོད་པས། །སེམས་ཅན་ཀུན་ཀྱང་རེངས་པར་བྱེད། །གཟའ་ལུག་དཀར་པོ་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །མཐོང་བའི་དུག་རྣམས་ད་ཕྱུངས་ཤིག །ཨོཾ་ཛ་ལི་ཨེར་མི་ས་མ་ཡེ་སྭཱ་ཧཱ༔ ཧཱུྃ། རི་རབ་ལྷུན་པོའི་ནུབ་བྱང་གི །ཀླུ་བཙན་རོལ་པའི་དཀྱིལ་འཁོར་ན། །གཟའ་བདུད་དུ་བ་མཇུག་རིང་ནི། །སྐུ་མདོག་ལྗང་ནག་འཇིགས་པ་ལ། །འཁོར་དུ་ཀླུ་བཙན་བརྒྱད་ཀྱིས་བསྐོར། །སྐུ་ལ་བལྟས་པའི་དུག་ཡོད་པས། །སེམས་ཅན་ཀུན་ཀྱང་འཆིང་ཞིང་སྡོམ། །ཀུ་ཀུ་ར་ཙ་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །བལྟས་པའི་དུག་རྣམས་ད་ཕྱུངས་ཤིག །ཨོཾ་ནཱ་ག་དུ་ལི་ས་མ་ཡེ་སྭཱ་ཧཱ༔ ཧཱུྃ། རི་རབ་ལྷུན་པོའི་བྱང་ཤར་གྱི། །བགེགས་རྣམས་རོལ་པའི་དཀྱིལ་འཁོར་ན། །གཟའ་བདུད་ཆེན་པོ་སྒྲ་གཅན་འཛིན། །སྐུ་མདོག་དུད་ཁ་འཇིགས་པ་ལ། །འཁོར་དུ་བགེགས་རིགས་བརྒྱད་ཀྱིས་བསྐོར། །སྐུ་ལ་ཁ་རླངས་དུག་ཡོད་པས། །སེམས་ཅན་ཀུན་ཀྱང་མྱོས་པར་བྱེད། །གླང་ཆེན་རུ་རིང་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། ཁ་རླངས་དུག་རྣམས་ད་ཕྱུངས་ཤིག །ཨོཾ་ཙཀྲ་དུག་ནན་ཕྱུངས་ས་མ་ཡེ་སྭཱ་ཧཱ༔ ཧཱུྃ། མིག་དམར་མནའ་ཟོས་གཤེད་མའི་དུག །གླུད་དང་གཏོར་མ་འདི་བཞེས་ལ། །རྩ་ཡི་དུག་རྣམས་ད་ཕྱུངས་ཤིག །ཟླ་བ་ལྷག་པ་ཆུ་ཡི་གཟའ། །གླུད་དང་གཏོར་མ་འདི་བཞེས་ལ། །ཆུ་ཡི་དུག་རྣམས་ད་ཕྱུངས་ཤིག །ཉི་མ་དམག་དཔོན་མེ་ཡི་གཟའ། །གླུད་དང་གཏོར་མ་འདི་བཞེས་ལ། །མེ་ཡི་དུག་རྣམས་ད་ཕྱུངས་ཤིག །པ་ཝ་སངས་ནི་ལྕགས་ཀྱི་གཟའ། །གླུད་དང་གཏོར་མ་འདི་བཞེས་ལ། །རུས་པའི་དུག་རྣམས་ད་ཕྱུངས་ཤིག །ཕུར་བུ་ཤིང་གི་གཟའ་ཡིན་ཏེ། །གླུད་དང་གཏོར་མ་འདི་བཞེས་ལ། །རྩ་རྒྱུས་དུག་རྣམས་ད་ཕྱུངས་ཤིག །སྤེན་པ་ས་ཡི་གཟའ་ཡིན་ཏེ། །གླུད་དང་གཏོར་མ་འདི་བཞེས་ལ། །ཤ་ཡི་དུག་རྣམས་ད་ཕྱུངས་ཤིག །གཏི་མུག་དུག་རྣམས་ད་ཕྱུངས་ཤིག །ཞེ་སྡང་དུག་རྣམས་ད༴ ང་རྒྱལ་དུག་རྣམས་ད༴ འདོད་ཆགས་དུག་རྣམས་ད༴ ཕྲག་དོག་དུག་རྣམས་ད༴ དུག་རྣམས་ཐམས་ཅད་ད་ཕྱུངས་ཤིག །རྒྱུ་སྦྱོར་ཡོན་གྱི་བདག་པོ་རྣམས། །འཁོར་བཅས་དུག་ལས་གྲོལ་བར་མཛོད། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །མནན་པ་ཐེགས་ལ་བསྡམས་པ་གློད། །ནད་རྣམས་མ་ལུས་ཞི་བར་མཛོད། །བཀྲ་ཤིས་ཕུན་སུམ་ཚོགས་པར་མཛོད། །ཅེས་བརྗོད་དོ། །དྲུག་པ་གཤེགས་གསོལ་ནི། གླུད་གཏོར་ནད་པའི་མགོ་ལ་བསྐོར་ནས་ཕྱིར་བཏང་ཞིང་རོལ་མོ་སྒྲོག་ལ། གཤེགས་གསོལ་འདི་སྐད་དོ། །ཧཱུྃ། ཕྱོགས་ཕྱོགས་དེ་ནི་ཕ་གི་ན། །ཉི་མ་ཤར་ཕྱོགས་ཕ་གི་ན། །རྡོ་རྗེ་གུར་གྱི་གཞལ་ཡས་ཁང་། །གཟའ་ཡི་བཞུགས་ས་དེ་ན་ཡོད། །གཟའ་ཡི་གནས་ས་དེ་ན་ཡོད། །གཟའ་གཤེགས་དེ་ནི་ཤར་ར་ར། །གཟའ་བཞུད་དེ་ནི་སིལ་ལི་ལི། །གཟའ་གཤེགས་དེ་རུ་གཤེགས་པར་འཚལ། །ཕྱོགས་ཕྱོགས་དེ་ནི་ཕ་གི་ན། །ཉི་མ་ལྷོ་ཕྱོགས་ཕ་གི་ན། །རིན་ཆེན་གསེར་གྱི་གཞལ་ཡས་ཁང་། །གཟའ་ཡི་བཞུགས་ས་དེ་ན་ཡོད། །གཟའ་ཡི་གནས་ས་དེ་ན་ཡོད། །གཟའ་གཤེགས་དེ་ནི་ཤར་ར་ར། །གཟའ་བཞུད་དེ་ནི་སིལ་ལི་ལི། །གཟའ་གཤེགས་དེ་རུ་གཤེགས་པར་འཚལ། །ཕྱོགས་ཕྱོགས་དེ་ནི་ཕ་གི་ན། །ཉི་མ་ནུབ་ཕྱོགས་ཕ་གི་ན། །པདྨ་འབར་བའི་གཞལ་ཡས་ཁང་། །གཟའ་ཡི་བཞུགས་ས་དེ་ན་ཡོད། །གཟའ་ཡི་གནས་ས་དེ་ན་ཡོད། །གཟའ་གཤེགས་དེ་ནི་ཤར་ར་ར། །གཟའ་བཞུད་དེ་ནི་སིལ་ལི་ལི། །གཟའ་གཤེགས་དེ་རུ་གཤེགས་པར་འཚལ། །ཕྱོགས་ཕྱོགས་དེ་ནི་ཕ་གི་ན། །ཉི་མ་བྱང་ཕྱོགས་ཕ་གི་ན། །འཇའ་ཚོན་འབར་བའི་གཞལ་ཡས་ཁང་། །གཟའ་ཡི་བཞུགས་ས་དེ་ན་ཡོད། །གཟའ་ཡི་གནས་ས་དེ་ན་ཡོད། །གཟའ་གཤེགས་དེ་ནི་ཤར་ར་ར། །གཟའ་བཞུད་དེ་ནི་སིལ་ལི་ལི། །གཟའ་གཤེགས་དེ་རུ་གཤེགས་པར་འཚལ། །ཕྱོགས་ཕྱོགས་དེ་ནི་ཕ་གི་ན། །ཉི་མ་སྟེང་ཕྱོགས་ཕ་གི་ན། །སྣ་ཚོགས་འབར་བའི་གཞལ་ཡས་ཁང་། །གཟའ་ཡི་གཞུགས་ས་དེ་ན་ཡོད། །གཟའ་ཡི་གནས་ས་དེ་ན་ཡོད། །གཟའ་གཤེགས་དེ་ནི་ཤར་ར་ར། །གཟའ་བཞུད་དེ་ནི་སིལ་ལི་ལི། །གཟའ་གཤེགས་དེ་རུ་གཤེགས་པར་འཚལ། །རང་རང་གནས་སུ་འགྲོ་རེ་རན། །ད་ལྟ་ཉིད་དུ་གཤེགས་སུ་གསོལ། །རཱ་ཧུ་ལ་ས་པ་རི་ཝཱ་ར་གཙྪ། གྷ་གྷ། གྷ་ཏ་ཡ་གཙྪ། ཞེས་བརྗོད་པས། གཏོར་མས་ཚིམས་ནས་རང་གནས་སུ་སོང་བར་བསམ། གཏོར་མ་གཟའ་ཡི་འགྱུ་ཕྱོགས་སུ་གཏོང་ངོ་། །གསུམ་པ་རྗེས་ཀྱི་རིམ་པ་ནི། རང་ཉིད་ཕྱག་རྡོར་གྱི་ཐུགས་ཀར་བསྲུང་བྱ་ཡོད་པར་བསམ་ལ། སྲུང་སྔགས་འདི་བཟླ་འོ། །ཨོཾ་གཏུམ་པོ་ལེ། གཏུམ་པོ་ལེ། མ་ཧཱ་གཏུམ་པོ་ལེ། སུ་སུ། མེ་མེ། ཤིག་ཤིག །གཟའ་ཁ་ཏྲ་རུ་ཏྲ་རཀྵ་རཱ་ཧུ་ལ། ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་རཀྵ་དུ། ཨ་དྷི་ཏིཥྛ་ཧཱུྃ་སྭཱ་ཧཱ། ཞེས་སོ། །ནད་པ་ལ་བཀྲ་ཤིས་བརྗོད། ཆོས་ཐམས་ཅད་རང་བཞིན་གྱིས་མི་དམིགས་པ་དག་པ་ཆེན་པོའི་ངང་དུ་བཞག་གོ །དེ་ལས་ལངས་ཏེ་བསྔོ་བ་སྨོན་ལམ་བྱའོ། །དེས་གནོད་པ་སྔར་བྱས་ཞི། ཕྱིས་མི་བྱེད་པ་ཡིན་ནོ། །ཚུལ་འདི་སློབ་དཔོན་པད་མས་མཛད་པའི་དྲང་སྲོང་གི་བཅོས་ཐབས་རིགས་འགའ་ལས་བཏུས་ཏེ་ཤིན་ཏུ་རྒྱས་བསྡུས་འཚམ་པར་སྦྱར་པ་ཡིན་ནོ། །འདིར་སྨྲས་པ། དྲང་སྲོང་ཁྲོས་པའི་དུག་རླངས་མུན་ནག་གིས། །འགྲོ་མང་ཀུན་དགའི་གཞི་ལ་ཁེབས་པ་ན། །ལང་ཚོ་དཔལ་གཟིས་གང་བའི་སྐྱེ་བོ་ཀུན། །ཉམ་ཐག་སྡུག་བསྔལ་ཁང་བུར་ཞུགས་པར་གྱུར། །དེ་འདྲའི་འགྲོ་ལ་མཆོད་སྦྱིན་དྲི་མེད་འོད། །ཕན་བདེའི་སྣང་བྱེད་ཤར་བས་སྡུག་བསྔལ་མུན། །མ་ལུས་སེལ་འདི་ཁོ་བོའི་བློ་མཚོ་ལས། །བྱུང་མོད་ཀུན་གྱི་དཔལ་འདི་ཆེས་ངོ་མཚར། །ཚུལ་འདི་བྱ་ཁྱུང་དགོན་པ་བ། །ངག་དབང་པདྨ་ཞེས་པས་སྦྱར། །དགེ་བས་འགྲོ་ཀུན་དྲང་སྲོང་གི །ནད་ལས་གྲོལ་ནས་བདེ་ལྡན་ཤོག །ཤུབྷཾ།། །། ༄༅། །གཟའི་ནད་གསོ་ཐབས་ལས། གཟའ་འཕྱོང་གླུད་འཕྱོང་བཞུགས། བཛྲ་པཱ་ཎི་ན་མོ། ལག་ན་རྡོ་རྗེ་འཛིན་བཏུད་ནས། །ལྷན་ཐབས་འཕྱོང་གཉིས་བྲི་བར་བྱ། །དེ་ལ་དང་པོ་གཟའ་ཆོ་འབྲང་ནས་འདོན་པ་ནི། ཧཱུྃ། གཟའ་བདུད་ཆེན་པོ་རཱ་ཧུ་ལ། །དྲང་སྲོང་ཆེན་པོ་ཚུར་ཉོན་དང་། །དེ་ཙམ་ཆོ་འབྲང་མ་སྨྲོས་ན། །མི་ཤེས་སྙམ་ནས་དམ་ལ་འདའ། ཁྱོད་ཀྱི་ཆོ་དང་འབྲང་སྨྲོས་པ། །སྔོན་གྱི་བསྐལ་པ་དང་པོ་ལ། །ཡབ་ནི་ཛ་ཡི་དྲང་སྲོང་དང་། །ཡུམ་ནི་འཕྲུལ་མོ་ཕོ་སྡིག་གཉིས། །ཚེ་སྟོད་བུ་དང་སྲས་མེད་པས། །དཔྱིད་ཟླ་ར་བའི་ཚེས་བརྒྱད་ནུབ། །ཡབ་ཡུམ་གཉིས་ལ་རྨི་ལམ་རྨིས། །དྲང་སྲོང་ཛ་ཡི་རྨི་ལམ་དུ། །རིན་ཆེན་ཤེལ་བྲག་དཀར་པོ་ལ། །མེ་ཤེལ་གསེར་གྱི་ཉི་མ་ཤར། །ཤར་མ་ཐག་ཏུ་རྒས་པ་རྨིས། །འཕྲུལ་མོ་ཡུམ་གྱི་རྨི་ལམ་ན། །མོ་ཡི་ལྟོ་བའི་དཀྱིལ་འཁོར་ནས། །སྐར་མདའ་ཙམ་གྱི་འོད་ཤར་ནས། །ཕྱོགས་མཚམས་ཀུན་ཏུ་འཕྲོས་པ་རྨིས། །སང་ཉིན་རྨི་ལམ་འཆད་རེས་བྱས། །རྨིས་ལྟས་བཤད་པས་སེམས་མ་བདེ། །རིག་པ་ཅན་ཞིག་སྤྱན་དྲངས་ནས། །ལྟས་ཀྱི་བཟང་ངན་དྲིས་པ་ལས། །རིན་ཆེན་ཤེལ་བྲག་དཀར་པོ་ལ། །མེ་ཤེལ་གསེར་ཉི་ཤར་བ་དེ། ཁྱེ་འུ་བཙའ་བའི་སྔ་ལྟས་དང་། །དམ་ཆོས་ཚུལ་བཞིན་བྱེད་པ་ཡིན། །ཤར་མ་ཐག་ཏུ་རྒས་པ་དེ། །སྐུ་ཚེ་ཐུང་བའི་སྔ་ལྟས་ཡིན། །ཡུམ་གྱི་ལྟོ་ལས་འོད་འཕྲོས་པ། །ཚེ་འདིར་རང་དོན་བྱེད་པ་ཡིན། །ཕྱོགས་མཚམས་ཀུན་ལ་ཁྱབ་པ་དེ། །སྐྱེ་འགྲོ་ཀུན་ལ་གནོད་པའི་རྟགས། །ཞེས་བཤད་དེ་ནས་སྲས་བཙས་ཏེ། །དགུང་ལོ་བཅུ་ཕྲག་དང་པོ་ལ། །རབ་བྱུང་དེ་ནས་བསྙེན་པར་རྫོགས། །རྒྱ་གར་ཤར་ཕྱོགས་ནོར་བཟང་དེར། །བླག་ཤ་ལྗོན་པའི་ཤིང་གསེབ་ཏུ། །ཏིང་འཛིན་རྩེ་གཅིག་བཞུགས་པའི་དུས། །རཏྣ་སིདྡྷིའི་གྲོང་ཁྱེར་ན། །རྒྱལ་པོ་རཏྣ་སིདྡྷི་ལ། །བཀུར་བར་འོས་པའི་བླ་མཆོད་མེད། །དུས་དང་བསྐལ་པ་དེ་ཙམ་ན། །གཡོག་མོ་པྲ་ཛྙཱ་ཀུ་ལུ་དེ། །སིདྡྷིའི་ཆུ་མིག་སྔོ་འཇམ་ལ། །ནངས་པར་ཆུ་ལེན་ཕྱིན་པ་ན། ཁ་བ་ས་སྐྱ་བབས་པའི་ཚེ། །ལྗོན་པའི་གསེབ་ན་མི་ཡི་རྗེས། །མེ་ཏོག་རེ་རེ་སྐྱེས་པ་མཐོང་། །པདྨ་དེ་ཡི་རྗེས་བཅད་པས། །བླག་ཤའི་ཤིང་གི་བསིལ་གྲིབ་ལ། །བལྟ་བས་ཆོག་མི་ཤེས་པ་ཡི། །སྤྲུལ་པའི་སྐུ་ཞིག་བཞུགས་མཐོང་མོད། །གཡོག་མོས་ཕྱག་འཚལ་ཞུ་ཕུལ་བ། །རྒྱལ་པོ་རཏྣ་སིདྡྷི་ལ། །བཀུར་བར་འོས་པའི་བླ་མཆོད་མེད། །རྒྱལ་པོའི་མཆོད་གནས་འབྱོན་པར་ཞུས། །དགེ་སློང་དེ་ཡི་ཞལ་ན་རེ། །བློ་ངན་བུད་མེད་ཅི་ཟེར་ན། །སྐྱེ་བ་ངན་པས་མོ་ལུས་བླངས། །བསགས་པ་ཆུང་བས་ང་དང་འཕྲད། །ད་ལྟ་རང་གི་ཁྱིམ་དུ་སོང་། །མི་ཡི་དྲུང་དུ་མ་བཤད་ཅིག །བཤད་ན་བར་ཆོད་རྐྱེན་དུ་འགྱུར། །དེ་སྐད་གསུངས་པས་འབངས་མོས་སོང་། །འབངས་མོས་རྒྱལ་པོའི་དྲུང་དུ་ཕྱིན། །རྗེ་གཅིག་ང་ལ་ཚུར་གསོན་དང་། ཁྱེད་ཀྱི་བཙུན་མོ་གསུམ་པོ་ལས། །ལྷག་པ་ང་ལ་མཛད་པ་ན། ཁྱེད་ཀྱི་བླ་མཆོད་དམ་པ་ནི། །དེ་རིང་ང་ཡིས་མཐོང་ལགས་སོ། །ཞུས་པས་རྒྱལ་པོས་འདི་སྐད་གསུངས། །བུད་མེད་གཏམ་ལ་གཟུང་དུ་མེད། །རྫུན་མེད་ཁྱོད་ཀྱིས་མཐོང་སྲིད་ན། །ལམ་སྣ་གྱིས་ལ་ང་ལ་སྟོན། །བདེན་ན་ཁྱོད་ལ་བཙུན་མོ་བྱེད། །དེ་ནས་རྒྱལ་པོ་འཁོར་བཅས་བྱོན། །བླག་ཤའི་ནགས་གསེབ་བཞུགས་པ་མཐོང་། །རྒྱལ་པོས་ཞུ་བ་འདི་སྐད་ཕུལ། །མི་ཡི་སེང་གེ་འགྲོ་བའི་མགོན། །རྒྱལ་པོ་ང་ཡིས་ལམ་སྣ་དྲོངས། །འགྲོ་དྲུག་ཐུགས་རྗེས་གཟུང་བ་དང་། །སྐྱེ་འགྲོའི་དཔལ་མགོན་མཛད་པའི་ཕྱིར། །བླ་མཆོད་དམ་པར་གཤེགས་སུ་གསོལ། །དགེ་སློང་དེ་ཡི་ཞལ་ན་རེ། །དམ་ཆོས་ཚུལ་བཞིན་བསྒྲུབ་པ་ལགས། །རྒྱལ་པོའི་ངོ་སྲུང་ང་མི་བྱེད། །རྒྱལ་པོའི་ཞལ་ནས་འདི་སྐད་གསུངས། །རྒྱ་གར་ཡུལ་གྱི་ཤར་ཕྱོགས་ན། །ང་ཡི་དབང་དུ་མི་འདུ་མེད། །བླ་མཆོད་བྱེད་པར་མི་གནང་ན། །བཀའ་ཡི་ཆད་པ་བྱེད་དོ་ཟེར། །དགེ་སློང་དེ་ཡི་ཐུགས་དགོངས་ལ། །ང་ནི་འཆི་ལ་མི་འཚེར་ཏེ། །རྒྱལ་པོ་མནར་མེད་འགྲོ་བར་འདུག །རྒྱུ་རྐྱེན་ང་ལས་བྱུང་བ་ཡིས། །ལན་གཅིག་ཉེས་པ་ང་ལ་ཕོག །བླ་མཆོད་བྱེད་པར་ཁས་བླངས་ཞུས། །དགེ་སློང་རྒྱལ་པོས་ཡར་གདན་དྲངས། །ཕོ་བྲང་བཞུགས་ནས་བླ་མཆོད་མཛད། །དེ་དུས་བྲན་མོའི་བཙུན་མོ་དེ། །དབང་ཆེ་སྨྲ་བ་མི་མཁས་པས། །བློན་པོ་རྣམས་ཀྱིས་བླ་མཆོད་དང་། །མཛའ་འོ་ཞེས་པའི་ཕྲ་མ་བྱས། །རྒྱལ་པོའི་ཞལ་ནས་འདི་སྐད་གསུངས། །དང་པོ་བྲན་མོས་རྙེད་པ་ཡིན། །ད་ཡང་དེ་ཀུན་བདེན་སྲིད་པས། །གལ་ཏེ་གཏམ་དེ་བདེན་གྱུར་ན། །བླ་མཆོད་ཙནྡན་མེ་ལ་སྲེགས། །དེ་སྐད་རྒྱལ་པོས་བཀའ་གནང་ནས། །དགེ་སློང་མེ་ཡི་འགྲམ་དུ་བྱོན། །ང་ཚིག་གསུམ་སྨྲ་རུ་ཆུག་ཅིག་གསུང་། །སྣང་སྲིད་ལྷ་འདྲེ་དཔང་པོ་མཛོད། །ངས་བཙུན་མོའི་ལུས་ལ་རེག་པ་ན། །དམྱལ་ཁམས་བཅོ་བརྒྱད་འགྲིམ་པ་དང་། །མཚམས་མེད་སྡུག་བསྔལ་མྱོང་བར་ཤོག །ངས་བཙུན་མོའི་ལུས་ལ་མ་རེག་ན། །སྐྱེ་བ་འདི་ཡི་ཕྱི་མ་ལ། །གནོད་སྦྱིན་གདུག་པའི་ལུས་བླངས་ནས། །རྒྱལ་པོ་འཁོར་དང་བཅས་པ་རྣམས། །ཞག་བདུན་ཚུན་ལ་ཟ་བར་ཤོག །དེ་ནས་རང་བཞིན་འདས་འོག་ཏུ། །ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ། །སྟེང་འོག་བར་ལ་དབང་བྱེད་ཤོག །ད་ལྟ་བསྐལ་པའི་དང་པོ་ལ། །རྒྱལ་པོ་ཁྲིམས་ལོག་བྱེད་པ་དང་། །བཙུན་པ་འདུལ་ཁྲིམས་ཉམས་པ་དང་། །བུད་མེད་སྤྱོད་པ་འཆོལ་བ་དང་། །དེ་རྣམས་བདུད་དུ་འབབ་པར་ཤོག །བསྐལ་པ་དུས་ཀྱི་སྙིགས་མ་ལ། །ས་འོག་ས་སྟེང་ཐམས་ཅད་ཀྱི། །མཐོ་བ་སྲིད་པའི་རྩེ་མོ་ནས། །འཇག་མའི་སྲིན་བུ་ཡན་ཆད་ཀྱི། །སྲོག་ལེན་དབུགས་ལ་སླེབ་པར་ཤོག །ངས་ནི་ཚུལ་ཁྲིམས་མ་ཉམས་སོ། །བཙུན་མོས་ནོངས་པ་མ་ཤོར་རོ། །རྒྱལ་པོ་གདུག་པ་ཆེས་པ་དང་། །བློན་པོ་བསམ་པ་ངན་པས་ལན། ཁྱེད་ཀྱི་བཙུན་མོ་བཞི་པོ་ནི། །ང་ཡི་ཕྱི་བཞིན་འབྲངས་ནས་ཀྱང་། །དུས་དང་གནས་སྐབས་ཐམས་ཅད་དུ། །ང་ཡི་བཀའ་ཉན་བྱེད་པར་ཤོག །དེ་སྐད་བརྗོད་ནས་མེ་ལ་མཆོངས། །འདུ་བྱེད་ཚེ་ཡི་དུས་བྱས་སོ། །དེ་ནས་བཙུན་མོ་བཞི་པོ་ཡང་། །སྨྱོ་ནས་འདི་སྐད་ཟེར་བའི་ཚིག །རྒྱལ་པོའི་ཐུགས་སུ་གདོན་གསོལ་ནས། །བླ་མཆོད་དེ་འདྲ་མེད་པར་བྱས། །མི་ཡི་དྲུང་དུ་ཅི་སྐད་ཟེར། །གསོན་པོར་སྡོད་དུ་མི་རིགས་ཞེས། །བཙུན་མོ་བཞི་པོ་མེ་ལ་མཆོངས། །དེ་ཚེ་རི་རབ་ལྷོ་ཕྱོགས་ན། །འོད་མོ་མཚོ་ཡི་གཏིང་ཤེད་ན། །ཀླུ་མོ་སྦལ་མགོ་ཁྲག་མིག་དེས། །རི་རབ་རྩེ་ལ་ཡར་བལྟས་པས། །སྲིན་པོ་ཡཀྴ་གློག་ཕྲེང་མཐོང་། །སྲིན་པོས་མཚོ་ལ་མར་བལྟས་པས། །ཀླུ་མོ་མཛེས་སྡུག་ཅན་དེ་མཐོང་། །གཏན་གྱི་གྲོགས་སུ་མ་ཕན་ཡང་། །སྲོད་གཅིག་མཛའ་རུ་ཡོད་ན་སྙམ། །དེ་གཉིས་གཅིག་སེམས་གཅིག་ལ་ཆགས། །དངོས་སུ་འཁྲིག་པ་མ་སྤྱད་ཀྱང་། །སྲིན་པོས་མཆིལ་མ་གཅིག་དོར་བ། །རྒྱ་མཚོའི་ནང་དུ་ལྷུང་བ་ལས། །ཀླུ་མོས་ཆགས་སེམས་ཀྱིས་འཐུངས་པས། །ཟླ་བ་དགུ་ན་ལྕགས་གྲོད་སྐྱེས། །གསང་བདག་ཕྱག་ན་རྡོ་རྗེ་ཡིས། །གསེར་གྱི་རྡོ་རྗེ་རྩེ་དགུ་བརྒྱབ། །གྲོད་པ་བརྟོལ་པའི་ནང་ཤེད་ན། །ཀླུ་སྲིན་གཉིས་ལས་སྐྱེས་པའི་བུ། །སྐུ་སྟོད་མི་ཡི་གཟུགས་ལ་དམར། །སྐུ་སྨད་སྦྲུལ་གྱི་གཟུགས་ལ་སྔོ། །སྤྱི་གཙུག་བྱ་རོག་མགོ་བོ་ཅན། །ལུས་ལ་མིག་གིས་གང་བ་བྱུང་། །ལོག་པའི་སྨོན་ལམ་མཐུ་བཙན་པས། །གནོད་སྦྱིན་གདུག་པའི་ལུས་སུ་གྱུར། །སྔོན་དུས་ཙནྡན་མེར་བསྲེགས་པས། །ད་ལྟ་ཁྱོད་ཀྱིས་ཕོག་ཙ་ན། །མེ་རིས་ཆུ་བུར་འོང་བ་ལགས། །བཙུན་མོས་མེ་ལ་ལྕེབས་པའི་དུས། །བྲན་གཡོག་རྣམས་ཀྱིས་ཆུ་བརྒྱབས་པས། །ད་ལྟ་ཁྱོད་ཀྱིས་ཕོག་ཙ་ན། །ཆུ་མདའ་རྡེག་པ་དེ་ཙུག་ལགས། །བཅོམ་ལྡན་རྡོ་རྗེ་འཛིན་པ་ཡིས། ཁྱོད་ཀྱི་མགྲིན་པ་རྡོ་རྗེས་ཕུག །ལྕེ་རྩ་བཅད་པས་སྨྲ་མ་ཤེས། །ད་ལྟ་ཁྱོད་ཀྱིས་ཕོག་ཙ་ན། །ལྐུགས་དང་དིག་པ་དེ་ཙུག་ལགས། །འཇམ་དཔལ་གཤིན་རྗེའི་གཤེད་ཁྲོས་ནས། །འཁོར་ལོ་འབར་བས་ཁྱོད་ལ་བསྣུན། །ལུས་ནི་དུམ་བུ་བརྒྱད་དུ་སོང་། །འཆི་མེད་བདུད་རྩི་མྱོང་བའི་མཐུས། །ལུས་སྲོག་བྲལ་བར་མ་གྱུར་ཏེ། །དུམ་བུ་བརྒྱད་པོ་གཟུགས་བརྒྱད་གྱུར། །ད་ལྟ་ཁྱོད་ཀྱིས་ཕོག་ཙ་ན། །ལུས་ཚིགས་ན་བ་དེ་ཙུག་ལགས། །རྟ་མགྲིན་རྒྱལ་པོ་རབ་ཁྲོས་ནས། །རྡོ་རྗེ་བེ་ཅོན་མགོ་ལ་བརྒྱབ། །མགོ་ནི་ཚལ་པ་དགུ་རུ་བཏང་། །ད་ལྟ་ཁྱོད་ཀྱིས་ཕོག་ཙ་ན། །མགོ་བོ་ན་བ་དེ་ཙུག་ལགས། །རིགས་གསུམ་མགོན་པོས་དེད་པའི་དུས། །ཞད་ནས་དྲི་ཆུ་ཐང་ལ་ཤོར། །ད་ལྟ་ཁྱོད་ཀྱིས་ཕོག་ཙ་ན། །དྲི་ཆུ་ཤོར་བ་དེ་ཙུག་ལགས། །དང་པོ་ཡུལ་ལ་སྐྱེས་པའི་དུས། །ཧི་ལི་ཀ་ཞེས་བྱ་བར་གྲགས། །པྲ་ཛྙཱ་ཀུ་ལུས་མཐོང་བའི་ཚེ། །དགེ་སློང་ཆེན་པོ་བྱ་བར་གྲགས། །རྒྱལ་པོའི་བླ་མཆོད་མཛད་པའི་དུས། །བྱང་ཆུབ་སེམས་དཔའ་བྱ་བ་ཡིན། །མ་ཉེས་སྐུར་པ་བྱུང་དུས་སུ། །ཙ་ར་ཀ་ཞེས་བྱ་བར་གྲགས། །གྲོད་པའི་ནང་ནས་དོན་པའི་དུས། །མཐོ་བ་ཚངས་རིས་མན་ཆད་ནས། །འཇག་མའི་སྲིན་བུ་ཡན་ཆད་དུ། །ཡོངས་ལ་ཁྱབ་ཅིང་སྲོག་ལ་འཇུག ཁྱབ་འཇུག་ཆེན་པོ་བྱ་བར་གྲགས། །ལྕགས་ཀྱི་དྲ་བར་བཅུག་པའི་དུས། །ལྗང་སྔོན་དྲག་པོ་བྱ་བར་གྲགས། །རྒྱ་མཚོའི་ཀླུ་བྲན་བསད་པའི་དུས། །དུ་བ་མཇུག་རིང་བྱ་བར་གྲགས། །ཉི་ཟླ་གྱུར་མིད་བྱས་པའི་དུས། །གཟའ་བདུད་ཆེན་པོ་བྱ་བ་ཡིན། །རིགས་གསུམ་མགོན་ལ་སྲོག་སྙིང་ཕུལ། ཁྱོད་ལ་གསང་བའི་མཚན་བཏགས་པ། །རཱ་ཧུ་ལ་ཞེས་བྱ་བ་ཡིན། ཁྱབ་འཇུག་ཆེན་པོ་ཁྱོད་ཀྱིས་ནི། །སྤྲུལ་པ་མི་བསྟན་དགུ་བསྟན་ཀྱང་། །རིགས་གསུམ་མགོན་གྱིས་ལེགས་པར་བཏུལ། །ད་ནི་ཁྱེད་ཤེས་སྐྱབས་སུ་སོང་། །རང་རྟགས་སྲོག་གི་སྙིང་པོ་ཕུལ། །རྣལ་འབྱོར་པ་ཡི་བཀའ་བཞིན་སྒྲུབ། །བསྟན་པ་བསྲུང་བར་ཞལ་གྱིས་བཞེས། །དམ་ཚིག་དེ་ལས་མ་འདའ་བར། །ཕྱག་ན་རྡོ་རྗེའི་བཀའ་བྱུང་གིས། །རྟ་མགྲིན་རྒྱལ་པོའི་བཀའ་བྱུང་གིས། །གཤིན་རྗེ་མཐར་བྱེད་བཀའ་བྱུང་གིས། །རྒྱུ་སྦྱོར་ཡོན་བདག་ནད་གདོན་དང་། །བར་ཆད་ཐམས་ཅད་ཞི་བར་མཛོད། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །ཅེས་བརྗོད་ལ་གཟའ་རྣམས་ལ་མཐུན་པའི་རྫས་མཆོད་འབུལ་ལོ། ༈ །གཉིས་པ་གླུད་ཀྱི་འཕྱོང་གྱེར་བ་ནི། ཧཱུྃ། ང་ནི་ཕྱག་ན་རྡོ་རྗེ་ཡིན། །ང་ནི་རྟ་མཆོག་ཧེ་རུ་ཀ །ང་ནི་གཤིན་རྗེའི་གཤེད་པོ་ཡིན། །དང་པོ་རིགས་གསུམ་ཁྲོ་བོའི་བཀའ། །བར་དུ་པདྨ་འབྱུང་གནས་བཀའ། །ད་ལྟ་རྣལ་འབྱོར་བདག་གི་བཀའ། །བཀའ་དང་དམ་ལས་མ་འདའ་བར། །དྲང་སྲོང་ཆེན་པོ་ཚུར་ཉོན་ཅིག །གཟའ་བདུད་འཁོར་བཅས་ཚུར་ཉོན་ཅིག །ཁྱོད་དང་རྒྱུ་སྦྱོར་ཡོན་བདག་གཉིས། །མཁོན་བསྡུམ་འགྲས་པ་སྦྱང་བ་དང་། །ནད་དང་གནོད་པ་ཞི་བའི་ཕྱིར། །གླུད་བཟང་ཡོན་ཏན་ཕུང་པོ་འདི། ཁྱོད་ལ་འབུལ་ལོ་བཞེས་སུ་གསོལ། །འབྲུ་མཆོག་ངར་གྱི་མི་བོ་ཆེ། །ལུང་ཏང་མིག་གིས་སྐྱེ་འགྲོ་མཐོང་། །འགྲོན་བུའི་སོ་ཞོ་དཀར་ལ་བཞད། །ལེ་བརྒན་ལྗགས་ཀྱིས་བདེན་ཚིག་སྨྲ། །དབང་པོ་ལག་པས་འདུ་བྱེད་མཁྱེན། །ཞོ་ཤའི་སྙིང་གིས་དུས་གསུམ་དྲན། །ཟེར་མོའི་སྐྲ་ལོ་འཕང་བཟང་ལེགས། །རྐང་པ་གཡས་པ་ཐབས་ཆེན་ལྕགས། །རྐང་པ་གཡོན་པ་ཤེས་རབ་ཟངས། །ལག་པ་གཡས་པ་རིན་ཆེན་གསེར། །ལག་པ་གཡོན་པ་མཚོ་རོ་གཡུ། །སྟག་དོང་གཡས་ལ་གཟིག་ཤུབ་གཡོན། །བསོ་སྒྲ་ཆེན་པོ་དི་རི་རི། །སྐྱེས་པ་དམག་ལ་ཆས་པ་འདྲ། །ལུས་ལ་གསེར་གཡུ་དངུལ་གྱིས་བརྒྱན། །བཙད་པོ་ལྷ་གཅིག་རྫོངས་པ་འདྲ། །ཟང་ཟིང་མང་པོའི་ནོར་དང་བཅས། །ཚོང་བཙུན་ལམ་དུ་ཞུགས་པ་འདྲ། །ཡིད་འོང་མཛེས་པའི་ངར་གླུད་འདི། །དྲང་སྲོང་ཁྱོད་ཀྱི་ཕྱག་ཏུ་འབུལ། །ནད་དང་གནོད་པ་ཞི་བ་དང་། །བགེགས་དང་བར་ཆད་ཟློག་པར་མཛོད། །དྲང་སྲོང་རང་གི་ཡུལ་དུ་བྱོན། །བར་སྣང་སྟོང་པའི་ངང་ལ་གཤེགས། །ཞི་བའི་སེམས་དང་ལྡན་པ་དང་། །བྱམས་པའི་སེམས་ལ་གནས་པར་མཛོད། །བྷྲཱུྃ་ཨཱཾ་ཛཾ་ཁཾ་ཧཱུྃ། མི་ལས་གླུད་དགའ་བས། །གླུད་བཟང་འབུལ་གྱིས་བཞེས། །ཕྱིན་ཆད་སྦྱིན་བདག་ལ། །གནོད་འཚེ་མ་མཛད་ཅིག །གཟའ་ར་རྒྱ་བོ་འདི། །རྭ་གཉིས་གནམ་ལ་སྙེག །རྨིག་བཞིས་ས་ཆེན་ནོན། །སྤུ་རྒོད་ཞོལ་དུ་འཁྱིལ། །སྐད་སྙན་སྒྲོག་དང་བཅས། །ཕ་ཡི་ནོར་དུ་འབུལ། །ནད་ཀུན་ཞི་བར་མཛོད། །དུག་ཀུན་ཕྱིར་ཕྱུངས་ཤིག །གཟའ་ལུག་དཀར་པོ་འདི། །གངས་ཀྱི་རི་ལ་འགྲན། །རྭ་དཀར་འཁྱིལ་བ་གཉིས། །སྤྲིན་གྱིས་འཁྱུད་པ་འདྲ། །འགྲོ་མཛེས་ཡིད་དུ་འོང་། །མ་ཡི་ནོར་དུ་འབུལ། །ཀླུ་ཡི་གནོད་པ་ཀུན། །ཞི་དང་གྲོལ་བར་མཛོད། །སྔོ་དམར་དར་དཔྱང་གིས། །བརྒྱན་པའི་མདའ་བོ་ཆེ། །དཀར་གསུམ་མངར་གསུམ་མཚོ། །རྩི་སྨན་སྣ་ཚོགས་བཅས། །གཟའ་བདུད་མིང་སྲིང་དང་། །ལྷ་སྲིན་སྡེ་བརྒྱད་ལ། །མཆོད་པའི་རྫས་སུ་འབུལ། །དགྱེས་པ་སྐོང་བར་མཛོད། །སྲིད་པའི་ཞགས་པ་ཁྲོལ། །སྡང་བའི་མཚོན་འདེབས་བཤོལ། །རྨོངས་པའི་དུག་དབལ་ཕྱུངས། །བདེ་ལེགས་ཕུན་ཚོགས་མཛོད། །ཅེས་གླུད་རབས་གྱེར་རོ། །མཆོད་སྦྱིན་ལྷན་ཐབས་འཕྱོང་གི་ལེ་འུ། །སྔོན་གྱི་སྨྲེང་ཡིག་ཁུངས་མ་ལ་བརྟེན། །ངག་དབང་པདྨས་བཀོད་པའི་དགེ་བ། །འོད་དཀར་འགྲོ་བའི་གཉེན་དུ་གྱུར་ཅིག། །། ༄༅། །གཟའི་ནད་གསོ་ཐབས་ལས། རྣམ་གྲོལ་ཐུགས་རྗེའི་ཟླ་བ་ཞེས་བྱའི་བྱད་འགྲོལ་བཞུགས་སོ། །ན་མོ་བཛྲ་པཱ་ཎི་ཡེ། བཅོམ་ལྡན་སྲིད་ཞིའི་འཆིང་བ་ཀུན། །རྣམ་གྲོལ་ཐུགས་རྗེ་ཅན་བཏུད་ནས། ཁྱབ་འཇུག་དུག་གི་ཞགས་པ་ཡིས། །བཅིངས་པ་འགྲོལ་བྱེད་ཆོ་ག་བྲི། །དེ་ལ་སློབ་དཔོན་ནུས་པ་ཅན་ཐུགས་རྗེ་དང་ལྡན་པས། དྲང་སྲོང་དུག་གིས་སྦགས་པའི་ནད་པ་གང་ལ་བྱད་འགྲོལ་བྱ་བར་འདོད་པས། དུས་གཉན་བརྒྱད་ལ་སོགས་པར་ནད་པའི་མདུན་དུ་གདན་ནག་པོའི་སྟེང་དུ་རོ་བསྲེགས་པའི་རྡོ་དམར་པོའི་སྒྱེད་བུ་གསུམ་གྱི་སྟེང་དུ། ཟངས་དམར་གྱི་སྣོད་ཆེ་བ་གཅིག་གི་ནང་དུ། ཆུ་སྣ་དགུས་ནད་པའི་ལུས་བཀྲུས་པའི་ཆུས་བཀང་ལ་དེའི་དབུས་སུ་རི་རབ་བང་རིམ་བཞི་པའི་སྟེང་དུ་བག་ཟན་ལ་རཱ་ཧུ་ལ་མགོ་དགུ་པའི་གཟུགས་བྱས་ལ་ཚོན་གྱིས་བྱུག །ཟངས་ཀྱི་ཁ་ཁྱེར་ལ་མར་མེ་བརྒྱད་དང་དབུས་སུ་གཅིག་སྟེ་དགུ་བཀོད། ཕྱོགས་མཚམས་བརྒྱད་དུ་གཟའ་བརྒྱད་ཀྱི་གཟུགས་འབུར་དུ་དོད་དམ་བྲིས་པ་གང་རིགས་བཀོད། ཡང་དབུས་སུ་ངར་གླུད་ཆེ་བ་གཅིག་ལ་ལུང་ཏང་གི་མིག །འགྲོན་བུའི་སོ། ཟེར་སྦབ་ཀྱི་སྐྲ་སོགས་གླུད་རབས་ཀྱི་རྫས་དང་། ནད་པའི་སྐྲ་སེན་གོས་དུམ་གྱིས་བརྒྱན་ཅིང་དར་ཟབ་ཀྱི་གོས་བཀོན། ཕྲག་པ་གཡས་གཡོན་དུ་ཕོ་ཤིང་མོ་ཤིང་ལ་ནད་པའི་ལོ་གྲངས་ཀྱི་ཉག་ག་བྱས་ལ་གཟུག །གཞན་གཟའ་གཟུགས་རེའི་མདུན་གླུད་རེ་བཤམས། གཟའ་ར་གཟའ་ལུག་གསོན་པོ་འམ་གཟུགས་བྱས་པ་དང་། མདའ་དར་སྔོ་དམར། ཆང་ཕུད་འོ་མ། རྩི་སྨན་ཁྲག་སྣ་སོགས་མཆོད་རྫས་རྣམས་བཀྲམ་མོ། །དེ་ནས་གཟའ་དགུ་ལ་སོ་སོའི་མདོག་དང་མཐུན་པའི་ཚོན་སྐུད་བཏགས་ལ་དབུས་ཀྱི་དེ། ནད་པའི་མགོ་དང་ལུས་ལ་དཀྲི། ཕྱོགས་ཀྱི་ཚོན་སྐུད་བཞི་ནད་པའི་མཐེ་བོང་བཞི་དང་། མཚམས་ཀྱི་ཚོན་སྐུད་སྲིན་མཛུབ་བཞི་ལ་བཏགས། མི་ཕྱུགས་མང་དུ་བསད་པའི་རལ་གྲི་གཅིག་དང་། རྨ་བྱའི་མདོངས། ཀུ་ཤའི་ཆུན་པོ་རྣམས་སྟ་གོན་བྱའོ། །དེ་ནས་སྐྱབས་སེམས་སྔོན་དུ་འགྲོ་བས། རང་ཕྱག་རྡོར་གྱི་སྐུར་བསྐྱེད་ལ་བཟླས་པ་བྱ། གཏོར་གླུད་རྣམས་ཀྱང་ཏིང་འཛིན་སྔགས་རྒྱས་བྱིན་བརླབ། ཁྱད་པར་འབྲུ་གསུམ་མང་དུ་བཟླ་འོ། །དེ་ནས་མདུན་གྱི་གཟུགས་རྣམས་སྟོང་པའི་ངང་ལས་རྒྱ་མཚོ་ཆེན་པོའི་དབུས་རི་བོ་མཆོག་རབ་ཀྱི་སྟེང་དུ་གཟའ་རྣམས་བསྐྱེད་པ་ནི། རང་ཉིད་གསང་བདག་ཆེན་པོའི་མདུན། །སོགས་ཀྱིས་འཁོར་བཅས་དངོས་སུ་བསྐྱེད་ལ། གཟའ་རྣམས་སྤྱན་དྲང་བ་དང་། གཏོར་མ་འབུལ་བ་ནས་དུག་ཕྱུང་བ་ཡན་རྫོགས་པར་བྱས་ལ། སྐབས་དེར་གཟའི་བྱད་འགྲོལ་བ་ནི། སྐྱེས་དར་མ་གཅིག་གིས་རལ་གྲི་བཟུང་ནས་བྱད་ཐག་རིམ་པར་གཅོད་ཅིང་སློབ་དཔོན་གྱིས་འདི་སྐད་བརྗོད། ཧཱུྃ། གཟའ་བདུད་ཆེན་པོ་རཱ་ཧུ་ལ། །དྲང་སྲོང་ཆེན་པོ་ཚུར་ཉོན་དང་། །སོགས་གཟའི་འཕྱོང་གི་ཆོ་འབྲང་གི་རྗེས་སུ། ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་སྭཱ་ཧཱ། པ་ཤ་མི་ཀི་ཛྭ་ལ་ཏི་ཚུ་ལུ་ཚུ་ལུ་སྭཱ་ཧཱ། ལན་གསུམ་བྱ། ཧཱུྃ། དབུས་ཕྱོགས་གཟའ་བདུད་རཱ་ཧུ་ལ། །སྐུ་མདོག་དུད་ཁ་འོད་ཟེར་འཕྲོ། །ངར་གླུད་དམ་པ་འདི་བཞེས་ལ། །དུག་རྣམས་ཐམས་ཅད་ཕྱིར་ཕྱུངས་ཤིག །བྱད་རྣམས་ཐམས་ཅད་ད་ཁྲོལ་ཅིག །བྱད་ཐག་ཐམས་ཅད་ད་ཆོད་ཅིག །དུག་རྣམས་རྒྱ་མཚོའི་ནང་དུ་སོང་། །རཱ་ཧུ་ལ་གྲ་ཧེ་ཁྲམ་ཤིག་དུག་ཕྱུངས་ཤད་དྲིར་ཕྱུངས་སྭཱ་ཧཱ། ཞེས་བཟླ་འོ། །དབུས་ཀྱི་བྱད་ཐག་བཅད་ལ་ཟངས་ནང་གི་ཆུར་དོར། དེ་བཞིན་དུ། ཧཱུྃ། ཤར་ཕྱོགས་གཟའ་ཆེན་པ་བ་སངས། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །ངར་གླུད་དམ་པ་འདི་བཞེས་ལ། །དུག་རྣམས་ཐམས་ཅད་ཕྱིར་ཕྱུངས་ཤིག །བྱད་རྣམས་ཐམས་ཅད་ད་ཁྲོལ་ཅིག །བྱད་ཐག་ཐམས་ཅད་ད་ཆོད་ཅིག །དུག་རྣམས་རྒྱ་མཚོའི་ནང་དུ་སོང་། །ཕེར་ཤམ་ཕཊ། གཟའ་པ་བ་སངས་ཀྱི་དུག་ཐམས་ཅད་རྒྱ་མཚོའི་ནང་དུ་སོང་ཞིག །བཅིངས་པ་ཐམས་ཅད་ཁྲོལ་ཅིག །ཅེས་ཚོན་སྐུད་བཅད་ལ་ཆུར་དོར་རོ། །ཧཱུྃ། ལྷོ་ཕྱོགས་གཟའ་ཆེན་ཕུར་བུ་ནི། །སྐུ་མདོག་སྔོན་པོ་འོད་ཟེར་འཕྲོ། །ངར་གླུད་དམ་པ་འདི་བཞེས་ལ། །དུག་རྣམས་ཐམས་ཅད་ཕྱིར་ཕྱུངས་ཤིག །བྱད་རྣམས་ཐམས་ཅད་ད་ཁྲོལ་ཅིག །བྱད་ཐག་ཐམས་ཅད་ད་ཆོད་ཅིག །དུག་རྣམས་རྒྱ་མཚོའི་ནང་དུ་སོང་། །ཐེར་ཤམ་ཕཊ། གཟའ་ཕུར་བུའི་དུག་ཐམས་ཅད་རྒྱ་མཚོའི་ནང་དུ་སོང་ཞིག །བཅིངས་པ་ཐམས་ཅད་ཁྲོལ་ཅིག །ཧཱུྃ། ནུབ་ཕྱོགས་གཟའ་ཆེན་ཟླ་བ་ནི། །སྐུ་མདོག་དཀར་པོ་འོད་ཟེར་འཕྲོ། །ངར་གླུད་དམ་པ་འདི་བཞེས་ལ། །དུག་རྣམས་ཐམས་ཅད་ཕྱིར་ཕྱུངས་ཤིག །བྱད་རྣམས་ཐམས་ཅད་ད་ཁྲོལ་ཅིག །བྱད་ཐག་ཐམས་ཅད་ད་ཆོད་ཅིག །དུག་རྣམས་རྒྱ་མཚོའི་ནང་དུ་སོང་། །དུར་ཤམ་ཕཊ། གཟའ་ཟླ་བའི་དུག་ཐམས་ཅད་རྒྱ་མཚོའི་ནང་དུ་སོང་ཞིག །བཅིངས་པ་ཐམས་ཅད་ཁྲོལ་ཅིག །ཧཱུྃ། བྱང་ཕྱོགས་གཟའ་ཆེན་ལག་པ་ནི། །སྐུ་མདོག་སེར་ལ་འོད་ཟེར་འཕྲོ། །ངར་གླུད་དམ་པ་འདི་བཞེས་ལ། །དུག་རྣམས་ཐམས་ཅད་ཕྱིར་ཕྱུངས་ཤིག །བྱད་རྣམས་ཐམས་ཅད་ད་ཁྲོལ་ཅིག །བྱད་ཐག་ཐམས་ཅད་ད་ཆོད་ཅིག །དུག་རྣམས་རྒྱ་མཚོའི་ནང་དུ་སོང་། །ཕེ་ཤམ་ཕཊ། གཟའ་ལག་པའི་དུག་ཐམས་ཅད་རྒྱ་མཚོའི་ནང་དུ་སོང་ཞིག །བཅིངས་པ་ཐམས་ཅད་ཁྲོལ་ཅིག །ཧཱུྃ། ཤར་ལྷོ་གཟའ་ཆེན་མིག་དམར་ནི། །སྐུ་མདོག་དམར་སེར་འོད་ཟེར་འཕྲོ། །ངར་གླུད་དམ་པ་འདི་བཞེས་ལ། །དུག་རྣམས་ཐམས་ཅད་ཕྱིར་ཕྱུངས་ཤིག །བྱད་རྣམས་ཐམས་ཅད་ད་ཁྲོལ་ཅིག །བྱད་ཐག་ཐམས་ཅད་ད་ཆོད་ཅིག །དུག་རྣམས་རྒྱ་མཚོའི་ནང་དུ་སོང་། །སེ་ཤམ་ཕཊ། གཟའ་མིག་དམར་གྱི་དུག་ཐམས་ཅད་རྒྱ་མཚོའི་ནང་དུ་སོང་ཞིག །བཅིངས་པ་ཐམས་ཅད་ཁྲོལ་ཅིག །ཧཱུྃ། ལྷོ་ནུབ་གཟའ་ཆེན་རཱ་ཧུ་ལ། །སྐུ་མདོག་དུད་ཁ་འོད་ཟེར་འཕྲོ། །ངར་གླུད་དམ་པ་འདི་བཞེས་ལ། །དུག་རྣམས་ཐམས་ཅད་ཕྱིར་ཕྱུངས་ཤིག །བྱད་རྣམས་ཐམས་ཅད་ད་ཁྲོལ་ཅིག །བྱད་ཐག་ཐམས་ཅད་ད་ཆོད་ཅིག །དུག་རྣམས་རྒྱ་མཚོའི་ནང་དུ་སོང་། །ཙ་ཤམ་ཕཊ། གཟའ་སྒྲ་གཅན་གྱི་དུག་ཐམས་ཅད་རྒྱ་མཚོའི་ནང་དུ་སོང་ཞིག །བཅིངས་པ་ཐམས་ཅད་ཁྲོལ་ཅིག །ཧཱུྃ། ནུབ་བྱང་གཟའ་ཆེན་ཉི་མ་ནི། །སྐུ་མདོག་དམར་སེར་འོད་ཟེར་འཕྲོ། །ངར་གླུད་དམ་པ་འདི་བཞེས་ལ། །དུག་རྣམས་ཐམས་ཅད་ཕྱིར་ཕྱུངས་ཤིག །བྱད་རྣམས་ཐམས་ཅད་ད་ཁྲོལ་ཅིག །བྱད་ཐག་ཐམས་ཅད་ད་ཆོད་ཅིག །དུག་རྣམས་རྒྱ་མཚོའི་ནང་དུ་སོང་། །ཡཀ་ཤམ་ཕཊ། གཟའ་ཉི་མའི་དུག་ཐམས་ཅད་རྒྱ་མཚོའི་ནང་དུ་སོང་ཞིག །བཅིངས་པ་ཐམས་ཅད་ཁྲོལ་ཅིག །ཧཱུྃ། བྱང་ཤར་གཟའ་ཆེན་སྤེན་པ་ནི། །སྐུ་མདོག་ནག་པོ་འོད་ཟེར་འཕྲོ། །ངར་གླུད་དམ་པ་འདི་བཞེས་ལ། །དུག་རྣམས་ཐམས་ཅད་ཕྱིར་ཕྱུངས་ཤིག །བྱད་རྣམས་ཐམས་ཅད་ད་ཁྲོལ་ཅིག །བྱད་ཐག་ཐམས་ཅད་ད་ཆོད་ཅིག །དུག་རྣམས་རྒྱ་མཚོའི་ནང་དུ་སོང་། །ཤར་ཤམ་ཕཊ། གཟའ་སྤེན་པའི་དུག་ཐམས་ཅད་རྒྱ་མཚོའི་ནང་དུ་སོང་ཞིག །བཅིངས་པ་ཐམས་ཅད་ཁྲོལ་ཅིག །ཅེས་ཚོན་སྐུད་བཅད་ཅིང་ཆུར་དོར་རོ། །དེ་ནས་རྨ་བྱའི་མདོངས་དང་ཀུ་ཤའི་ཆུན་པོས་བྱབ་ཅིང་། ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་སྭཱ་ཧཱ། པ་ཤ་མི་ཀི་ཛྭ་ལ་ཏི་ཚུ་ལུ་ཚུ་ལུ་སྭཱ་ཧཱ། ཨེ་ཡཾ་བཾ་ལཾ་རཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། ཁྱབ་འཇུག་ཆེན་པོ་རཱ་ཧུ་ལའི་དུག་སྤྲིན་ནག་པོ་གང་དེ། གསང་སྔགས་བདེན་པའི་འཐོར་རླུང་གིས་རྣམ་པར་གཏོར་ནས་མེད་པར་གྱུར་ཅིག །མཐོང་བ་དང་། རེག་པ་དང་། ཁ་རླངས་དང་། འཚེ་བའི་དུག་རྣམས་ཕྱིར་སོང་ཞིག །ཅེས་བརྗོད། སླར་ཡང་། ཨོཾ་བཛྲ་ཡཀྴ་གྷནྡྷེ་ཧུ་ལུ་ཧུ་ལུ་སྭཱ་ཧཱ། ཡབ་སྲིན་པོ་ཡཀྴ་ཛྭ་ལའི་དུག་ཐམས་ཅད་ཞི་བར་གྱུར་ཅིག །མཐོང་བ་དང་། རེག་པ་དང་། ཁ་རླངས་དང་། འཚེ་བའི་དུག་རྣམས་ཕྱིར་སོང་ཞིག །ཨོཾ་བཛྲ་ནཱ་ག་རཱ་ཧུ་ལ་མུ་ལུ་མུ་ལུ་སྭཱ་ཧཱ། ཡུམ་ཀླུ་མོ་སྦལ་མགོ་ཁྲག་མིག་མའི་དུག་ཐམས་ཅད་ཞི་བར་གྱུར་ཅིག །མཐོང་བ་དང་། རེག་པ་དང་། ཁ་རླངས་དང་། འཚེ་བའི་དུག་རྣམས་ཕྱིར་སོང་ཞིག །ཨོཾ་བཛྲ་རཀ་མོ་རཀ་མོ། མ་མ་་་སྟག་སྲིན། མུ་མུ་་་བམ་སྲིན། མེ་མེ་་་ཀོང་སྲིན། མི་མི་་་འབྲོག་སྲིན།སྭཱ་ཧཱ། སྲིན་མོ་གདོང་མོ་བཞིའི་དུག་ཐམས་ཅད་ཞི་བར་གྱུར་ཅིག །མཐོང་བ་དང་། རེག་པ་དང་། ཁ་རླངས་དང་། འཚེ་བའི་དུག་རྣམས་ཕྱིར་སོང་ཞིག །ཞེས་བྱབ་ཅིང་གླུད་ཀྱི་སྟེང་དུ་དོར་རོ། །གཞན་ཡང་གཟའ་ཆེན་པོ་བརྒྱད་ཀྱི་དུག་ཐམས་ཅད་ཞི་བར་གྱུར་ཅིག །མཐོང་བ་དང་། རེག་པ་དང་། ཁ་རླངས་དང་། འཚེ་བའི་དུག་རྣམས་ཕྱིར་སོང་ཞིག །ཀླུ་ཆེན་པོ་བརྒྱད་ཀྱི་དུག་ཐམས་ཅད་ཞི་བར་གྱུར་ཅིག །མཐོང་བ་དང་། རེག་པ་དང་། ཁ་རླངས་དང་། འཚེ་བའི་དུག་རྣམས་ཕྱིར་སོང་ཞིག །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་དུག་ཐམས་ཅད་ཞི་བར་གྱུར་ཅིག །མཐོང་བ་དང་། རེག་པ་དང་། ཁ་རླངས་དང་། འཚེ་བའི་དུག་རྣམས་ཕྱིར་སོང་ཞིག །སྡོང་ཟླ་ལྷ་སྲིན་སྡེ་བརྒྱད་ཀྱི་དུག་ཐམས་ཅད་ཞི་བར་གྱུར་ཅིག །མཐོང་བ་དང་། རེག་པ་དང་། ཁ་རླངས་དང་། འཚེ་བའི་དུག་རྣམས་ཕྱིར་སོང་ཞིག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་དུག་ཐམས་ཅད་ཞི་བར་གྱུར་ཅིག །མཐོང་བ་དང་། རེག་པ་དང་། ཁ་རླངས་དང་། འཚེ་བའི་དུག་རྣམས་ཕྱིར་སོང་ཞིག །ཅེས་བརྗོད་ཅིང་བྱབ་བོ། །དེ་ནས་གཟུངས་དང་འབྲེལ་ན་ཁྲུས་བྱ། དེ་རྗེས། ཧཱུྃ། ང་ནི་ཕྱག་ན་རྡོ་རྗེ་ཡིན། །སོགས་གླུད་རབས་གཏང་། ཨ་ཀཱ་རོ་དང་ནམ་མཛོད་སྔགས་རྒྱས། འོ་མ། རྩི་སྨན། ཆང་ཕུད། ཁྲག་སྣ། ར་ལུག །དར་སྣ་སོགས་སྤྱན་གཟིགས་རྣམས་རིམ་པར་བསྔོ་ཞིང་གཟའ་གཟུགས་ལ་འབུལ་བར་བྱའོ། །དེ་ནས་སྐྱས་གདབ་ཀྱི་སྨྲེང་ནི། གཟུགས་གླུད་གཏོར་མར་ཕུད་ཀྱིས་བྲན་ལ་ཁ་ཕྱིར་བསྟན་ལ་འདི་སྐད་དོ། །ཧཱུྃ། གཟའ་ཆེན་ཁྱབ་འཇུག་ཚུར་གསོན་དང་། །ཛ་ཡི་དྲང་སྲོང་ཚུར་གསོན་དང་། །ཙ་ར་ཀ་ཁྱོད་ཚུར་གསོན་དང་། །ད་ནི་འཁོར་བཅས་སྐྱས་གདབ་འཚལ། །མི་ཡུལ་ངན་ཐབས་དུག་མཚོན་ནད། །རིག་སྔགས་སྦྱོར་བ་སྣ་ཚོགས་འབྱུང་། །ཡུན་དུ་བཞུགས་ན་ཉམས་གྲིབ་འཇུག །རང་གི་ནུས་སྟོབས་ཉམས་ཤིང་བརླག །དྲང་སྲོང་རང་གི་ཡུལ་ན་བཙུན། །འཇའ་ཚོན་ནམ་མཁའི་དཀྱིལ་ན་བཀྲ། །རྒྱལ་པོ་རང་གི་ཡུལ་ན་ཆེ། །རང་གི་ཡུལ་དུ་གཤེགས་རེ་རན། །ཉི་མ་ལྷོ་ནུབ་ཕ་གི་ན། །ཡབ་ནི་སྲིན་མོ་ཡཀྴ་དེ། །ཐོད་པ་དགུ་བརྩེགས་མཁར་ནང་ན། །སྐུ་ལ་མི་ལྤགས་གཡང་གཞི་གསོལ། །ཐོད་པ་སྐམ་རློན་དོ་ཤལ་བྱས། །གཡས་ན་ཞིང་གི་གཡབ་མོ་རྡེབ། །གཡོན་ན་ཙིཏྟ་ཞལ་དུ་གསོལ། ཁ་ནས་འོ་དོད་བུ་ལ་འབོད། །མི་ཡུལ་གདུག་རྩུབ་ངན་སེམས་ཆེ། །སྲིན་པོ་རུ་ཐུར་ཡོང་རེ་རན། །མི་ཡུལ་ཡུན་རིང་མ་སྡོད་གསུངས། །ཕ་ཡི་བཀའ་ལས་མ་འདའ་བར། །ལྷོ་ནུབ་མཚམས་སུ་གཤེགས་སུ་གསོལ། །རི་བོ་མཆོག་རབ་ལྷོ་ཕྱོགས་ན། །མཚོ་མོ་འོད་ལྡན་ནང་ཤེད་ན། །ཀླུ་མོ་སྦལ་མགོ་ཁྲག་མིག་དེ། །རུས་སྦལ་དཀར་པོའི་ཁྲི་ལ་བཞུགས། །ཆུ་དར་སྨུག་པོའི་གོ་ཟུ་གྱོན། །ཕྱག་གཉིས་སྦྲུལ་ཞགས་ཐོད་ཁྲག་འཛིན། །ཞལ་ནས་བུ་ལ་འོ་དོད་འབོད། །མི་ཡུལ་འཁོན་བཙོག་ཉམས་གྲིབ་མང་། །ཀླུ་ནི་མི་གཙང་གྲིབ་ལ་འཛེམ། །རིངས་པར་གནས་སུ་ཤོག་ཅིག་ལོ། །མ་ཡི་བཀའ་ལས་མ་འདའ་བར། །རྒྱ་མཚོའི་གཏིང་དུ་གཤེགས་རེ་རན། །དྲང་སྲོང་ཆེན་པོ་ད་རུང་ཉོན། །མི་ཞེས་བྱ་བའི་ལས་ངན་འདི། །གཟུགས་ནི་མི་སྡུག་ཡི་དྭགས་འདྲ། །ནང་ནི་མི་གཙང་རྫས་ཀྱིས་གང་། །བུ་ག་རྣམས་ནས་ངན་སྐྱུགས་འཛག །དྲི་མི་ཞིམ་ལ་ཡིད་མི་འོང་། །འདི་ལ་ཞེན་ཆགས་མ་མཛད་པར། །མི་བས་ཆེས་བཟང་གླུད་བཞེས་ལ། །རང་གི་གནས་སུ་བདེ་བར་གཤེགས། །དམ་རྫས་བ་ལིང་རི་བོ་དང་། །མཛེས་ལྡན་པདྨ་གེ་སར་ཚལ། །དྲི་བསུངས་སྤོས་ཀྱི་སྤྲིན་ལྡིང་དང་། །བྱུག་སྤོས་སིམ་བདེའི་མཆོག་སྦྱིན་མཁན། །དཀར་གསུམ་མངར་གསུམ་སྨན་གྱི་མཚོ། །འོད་ཟེར་སྟོང་འབར་སྒྲོན་མེ་ཆེ། །ཤ་ཁྲག་དམར་གྱི་བཟའ་བཏུང་དང་། །སྲོག་གླུད་གཟའ་ར་གཟའ་ལུག་རྣམས། །གཟའ་བདུད་འཁོར་དང་བཅས་ལ་འབུལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་དང་། །དྲང་སྲོང་ཤ་མཁོན་ཅི་མཆིས་པ། །དེ་རིང་ཉིད་དུ་འཇལ་སྡུམ་བྱེད། །ཕུལ་བའི་གླུད་འདི་མི་ལེན་ན། །ང་ཡིས་མ་ཉེས་ཁྱོད་ལ་སྡིགས། །རིགས་གསུམ་ཁྲོ་བོའི་བཀའ་བཞིན་དུ། །གླུད་གཏོར་ཁྱེར་ལ་སྐྱས་ཐོབས་ཤིག །གལ་ཏེ་བདེ་གཤེགས་བཀའ་འདས་ན། ཁྲོ་བོ་ཡཀྴ་འབར་ཆེན་གྱིས། ཁྱོད་ཀྱི་སྙིང་ཁྲག་ཁོང་ནས་འདྲེན། །དྲག་པོ་འཁོར་ལོའི་རྩིབས་ཀྱིས་གཅོད། །རྡོ་རྗེ་བེ་ཅོན་དྲག་བསྣུན་ཅིང་། །རྡུལ་དུ་བརླག་པར་གདོན་མི་ཟ། །དེ་བས་དམ་ལ་མ་འདའ་བར། །མཐུན་རྫས་གླུད་གཏོར་འདི་བཞེས་ལ། །མི་འདི་ཐོངས་ལ་ནད་འདི་ཁྲོལ། །གདུག་པའི་དུག་མདའ་ཕྱིར་ཕྱུངས་ལ། ཁྱབ་འཇུག་ཆེན་པོ་གནས་སུ་གཤེགས། །དྲང་སྲོང་ཆེན་པོ་གནས་སུ་གཤེགས། །ཕ་ཡི་ཡུལ་དུ་ད་གཤེགས་ཤིག །མ་ཡི་ཡུལ་དུ་ད་གཤེགས་ཤིག །གཟའ་བརྒྱད་རང་གནས་ད་གཤེགས་ཤིག །ཕྱག་མཉན་སྡེ་བརྒྱད་ད་གཤེགས་ཤིག །གཟའ་བདུད་འཁོར་བཅས་སྐྱས་ཐོབས་ཤིག །ད་ལྟ་ཉིད་དུ་གཤེགས་སུ་གསོལ། །ཞེས་གྱེར་ལ་ཡས་གླུད་བཏང་ཞིང་། ཧཱུྃ། ཕྱོགས་ཕྱོགས་དེ་ནི་ཕ་གི་ན། །སོགས་ཀྱིས་གཤེགས་ལ། གཏོར་ཡས་རྣམས་ནད་པའི་འདྲེ་ལྔ་བདུད་གཅོད་གནས་པའི་ཕྱོགས་སམ། འགྱུ་དུས་དང་བསྟུན་ལ་ཐག་རིང་བསྐྱལ། རང་ཉིད་ལྷའི་ཐུགས་ཀའི་འོད་ཟེར་གྱིས། །སངས་རྒྱས་བྱང་སེམས་ཁྲོ་བོ་ཁྲོ་མོ་ཐམས་ཅད་ཕྱག་རྡོར་ཁྱུང་བཅས་ཀྱི་རྣམ་པར་བཀུག་ནས། ནད་པའི་ལུས་ལ་ཆར་བཞིན་བབ་ཅིང་ཐིམ་པས་ནད་གདོན་བར་ཆད་ཐམས་ཅད་རླངས་པ་སྔོ་དམར་གྱི་ཚུལ་དུ་ཕྱིར་ཐོན་པར་བསམ་ལ། གཏུམ་པོའི་སྔགས་མང་དུ་བཟླས་ལ་གདབ། ནད་པ་ལ་སྲུང་བ་འདོགས། སྲུང་འཁོར་བསྒོམ། ཤིས་པ་བརྗོད། མི་དམིགས་པས་རྒྱས་གདབ་པ་རྣམས་བྱའོ།། ཁྱབ་འཇུག་དུག་གི་མུན་ཞགས་ཀྱིས་བཅིངས་པ། །རྒྱལ་མཆོག་ཐུགས་རྗེའི་འོད་དཀར་རལ་གྲི་ཡིས། །ཅིག་ཅར་བཅད་ལས་ནད་གདོན་རྣམ་གྲོལ་བའི། །ཟླ་བ་སླར་ཡང་འཆར་རོ་དགའ་བར་བྱོས། །ཚུལ་འདི་ངག་དབང་བློ་གྲོས་རྩལ། །ལས་ཐོན་མན་ངག་གཟུགས་བརྙན་བཀྲ། །དགེ་འདིས་མཚན་དཔེས་བརྒྱན་པའི་སྐུ །འགྲོ་བ་ཀུན་གྱིས་ཐོབ་གྱུར་ཅིག །འདི་ཡང་བྱ་ཁྱུང་པས་སྔོན་གྱི་སློབ་དཔོན་པདྨ་སོགས་ཀྱིས་མཛད་པའི་མན་ངག་ལ་བརྟེན་ནས་བཀོད་པའོ།། །། ༄༅། །གཟའི་ནད་གསོ་ཐབས་ལས། གཟུངས་ཆོག་ངོ་མཚར་བདུད་རྩིའི་ཆར་རྒྱུན་བཞུགས། གུ་རུ་བཛྲ་པཱ་ཎི་ཡེ་ན་མ། མཁའ་ལྟར་རྣམ་དག་སྐུ་མངའ་བ། །བཅོམ་ལྡན་རྡོ་རྗེ་འཛིན་ཁྲོས་དེར། །ལན་གཅིག་མིན་པར་ཕྱག་བཙལ་ནས། །གཟུངས་ཆོག་བདུད་རྩིའི་ཆར་རྒྱུན་བྲི། །དེ་ལ་སྤྱིར་རྣམ་རྒྱལ་དྲི་མེད་གདུགས་དཀར། བཅིངས་པ་རྒྱལ་བྱེད་སོགས་གཟུངས་མང་པོ་དང་། བྱེ་བྲག་རྣམ་འཇོམས་དང་རྨ་བྱ་ཆེན་མོའི་བྱབ་ཁྲུས་སོགས་བྱ་ཞིང་། ཁྱད་པར་གཟའ་ཡུམ་དབྱིངས་ཀྱི་དབང་ཕྱུག་མའི་བུམ་ཆོག་བྱ་བ་ནི་གདན་གཙང་མའི་སྟེང་དུ། པདྨ་འདབ་བརྒྱད་བྲིས་པའི་ལྟེ་བར་རིན་པོ་ཆེའམ་རྫ་ཤིང་གང་འབྱོར་གྱི་བུམ་པ་བཤམ། ནང་དུ་གཙང་ཆབ་ལ་སོགས་ཆུ་གཙང་དང་བ་དམར་མོའི་འོ་མ་བསྲེས་པས་སུམ་གཉིས་དགང་། ཙནྡན་དཀར་པོ། དེ་ཝ་དཱ་རུ། རྒྱ་ཤུག །རུ་རྟ། བཙོད། ཏིལ་དཀར་པོ། གི་ཧང་། གུར་ཀུམ། ཅུ་གང་། ག་པུར། གུ་གུལ། རྨ་བྱའི་མདོངས། ཧ་ས་དེ་བ་རྣམས་ཀྱི་ཕྱེ་མ་མང་དུ་བཏབ། དར་དམར་པོའི་མགུལ་ཆིངས་བྱ། རྨ་བྱའི་སྒྲོ་དང་ཀུ་ཤའི་ཁ་རྒྱན་གཟུག །མཐར་དམར་གཏོར་གཅིག་དང་མཆོད་པ་ཅི་འབྱོར་བཤམ་མོ། །དེ་ནས་རིམ་གྲོ་པ་ཁྲུས་བྱས་སྟན་བདེ་བ་ལ་འདུག་སྟེ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། ཕྱག་ན་རྡོ་རྗེར་བསྐྱེད་པའམ། ཡང་ན་འོག་ལྟར་དབྱིངས་ཕྱུག་མར་བསྐྱེད་ལ། ཡེ་ཤེས་དགུག་བསྟིམ་མཆོད་བསྟོད་བཟླས་པ་བཅས་བྱའོ། །དེ་ལྟ་བུའི་ངང་ནས་བུམ་བསྐྱེད་ནི། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་པདྨ་ཟླ་བའི་སྟེང་། །བྷྲཱུྃ་ཞུ་ལས་བྱུང་རིན་ཆེན་བུམ་པ་ནི། །མཚན་ཉིད་ལྡན་པ་ཡངས་ཤིང་རྒྱ་ཆེའི་ནང་། །བཾ་ལས་བདུད་རྩི་འཁྱིལ་དབུས་པདྨ་དཀར། །དེ་ཡི་ཟེའུ་འབྲུ་ཟླ་གདན་གྱིས་མཚན་སྟེང་། །ཨེ་ཡིག་དམར་པོའི་འོད་ཀྱིས་དོན་གཉིས་བྱས། །འདུས་པ་ལས་བྱུང་དབྱིངས་ཕྱུག་མུ་ཁ་ལེ། །སྲིད་གསུམ་རྒྱལ་མོ་ཞལ་གཅིག་ཕྱག་གཉིས་མ། །གཅེར་བུ་པདྨ་རཱ་གའི་མདངས་འོད་འཕྲོ། །མཐོན་མཐིང་སྐྲ་བཅིངས་ལྷག་མ་ཐུར་དུ་གྲོལ། །ཞལ་གདངས་མཆེ་གཙིགས་སྤྱན་གསུམ་དམར་ལ་ཁྲོ། །རལ་གྲི་ཨུཏྤལ་སྔོ་སངས་གཡས་ཀྱིས་འཕྱར། །སྡིགས་མཛུབ་འབར་བའི་མེ་ལྕེ་གཡོན་པས་སྤྲོ། །ནུ་འབུར་ལང་ཚོ་རབ་རྒྱས་སྒེག་ལྡེམ་མ། །རིན་ཆེན་རྩེ་བྲན་དོ་ཤལ་སོགས་ཀྱིས་བརྒྱན། །ཤིན་ཏུ་དམར་བའི་འོད་ཀློང་ཡངས་པའི་དབུས། །ཕྱེད་སྐྱིལ་གྱིས་བཞུགས་བྷ་ག་བདེ་ཡངས་བགྲད། །དེ་ནང་ཁྱབ་འཇུག་མགོ་དགུ་དུད་སྤྲིན་མདོག །རལ་པའི་གསེབ་ན་བྱ་རོག་ཏོང་སྒྲ་སྒྲོག །རོ་སྟོད་སྲིན་ལ་རོ་སྨད་སྦྲུལ་སྔོན་འཁྱིལ། །གཡས་ན་ཆུ་སྲིན་ཞགས་པ་གཡོན་མདའ་གཞུ། །མིག་སྟོང་དམར་ལྡན་བཀའ་ཉན་གུས་ཚུལ་བཞུགས། །ལྷ་མོའི་ཐུགས་ཀར་ཟླ་སྟེང་ཨེ་ཡིག་དམར། །དེ་མཐར་སྔགས་ཕྲེང་དམར་པོ་གཡས་སྐོར་ཚུལ། །ཧཱུྃ་ཁྲི་མ་ཁྲི་ཨ་པུ་སྭཱ་ཧཱ། དེའི་ཕྱི་རོལ་གཟའ་དང་སྡེ་བརྒྱད་སྔགས། །གཟའ་ཁ་ཏྲ་རུ་ཏྲ་ཨ་ཡ་མ་པྲེ་དུ་ཏི་ཤ་ན་ལ་སྭཱ་ཧཱ། སྔགས་ཕྲེང་འོད་ཀྱིས་ཡེ་ཤེས་ལྷ་མོ་ནི། །འཁོར་བཅས་རང་བཞིན་གནས་ནས་སྤྱན་དྲངས་བསམ། ཨེ། དཔལ་ལྡན་ལྷ་མོ་སྲིད་གསུམ་དབང་ཕྱུག་མ། །དྲེགས་པ་ཕོ་མོ་ཐམས་ཅད་འདུལ་མཛད་མ། །དྲན་པས་ནད་གདོན་ཞི་མཛད་བདེ་སྟེར་མ། །འགྲོ་ལ་བརྩེ་བས་ཚུར་བྱོན་བརྟན་པར་བཞུགས། །ཨོཾ་མ་ཧཱ་དྷཱ་ཏུ་ཨཱི་ཤྭ་རཱི་མུ་ཁ་ལེ་ས་མ་ཡེ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སྔགས་མཐར་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱི་མཆོད་པས་མཆོད་ལ། གཏོར་མ་བདུད་རྩིར་བྱིན་བརླབས་ཏེ་ལྷ་མོ་དང་གཟའ་གཉིས་ལ་མང་དུ་འབུལ། དེ་ནས་བསྟོད་པ་ནི། ཐུགས་རྗེ་གཟི་འོད་འབར་བས་ས་གསུམ་གྱི། །ཉེས་ཚོགས་མུན་ནག་སྟུག་པོ་ཅིག་ཅར་འཇོམས། །འཕྲལ་དང་ཡུན་གྱི་བདེ་མཆོག་པད་དཀར་ཚལ། །རབ་ཏུ་རྒྱས་བྱེད་མ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། གཟུངས་བཟླ་བ་ནི། སྔགས་བཟླས་འོད་ཀྱིས་ལྷ་མོའི་ཐུགས་ཀའི་སྔགས། །སྒྲར་བཅས་གཡས་སུ་འཁོར་ཞིང་ལྷ་མོ་དང་། །རཱ་ཧུའི་ཞལ་ནས་སྔགས་ཀྱི་སྒྲ་སྒྲོག་ཅིང་། །ལྷ་མོའི་སྐུ་ལས་བདུད་རྩིའི་རྒྱུན་བབ་པ། །རཱ་ཧུ་ལར་ཕོག་བདེ་བའི་ཉམས་ཀྱིས་རྒྱས། །ཆུ་རྒྱུན་བུམ་པའི་ནང་སོང་མེར་གྱིས་གང་། །ནད་གདོན་དུག་ཀུན་ཞི་བྱེད་ནུས་ལྡན་གྱུར། །སྔགས་གཉིས་ལྷ་མོའི་སྔགས་ནི་བྱིན་ཆེར་བཟླ། །སྐབས་སུ་སྦྲེལ་ཏེ་ཞག་ལྔ་བདུན་ལ་སོགས། །ཆ་ཆེན་ཆ་ཆུང་དཔུང་ཆེར་བཟླ་བར་བྱ། ཁྲུས་བྱས་ཉི་ཤར་བུམ་ཆུ་ཁོལ་སོགས་ཀྱི། །བཟང་རྟགས་བྱུང་ནས་ཁྲུས་གསོལ་བྱ་བ་ནི། །ལྷ་མོ་ལ་མཆོད་བསྟོད་དེ་འོད་དུ་ཞུ། །བུམ་ཆུར་གྱུར་བསམ་ནད་པའི་སྤྱི་བོ་ནས། །ཆུ་བླུག་འཐུང་ཁྲུས་བྱ་ཞིང་ཚིག་འདི་བརྗོད། །ལྷ་མོ་ནག་མོའི་གཙུག་ཏོར་ཟླ་གསང་ལས་གསུངས།་་་ཨེ། སྲིད་པ་ཀུན་གྱི་ཡུམ་གཅིག་མ། །འགྲོ་བ་ཀུན་ལ་སྨན་པ་མཛད། །ལེགས་ཉེས་ཀུན་གྱི་སྟངས་འཛིན་ཅིང་། །དམ་ཚིག་ཀུན་གྱི་རྗེས་གཅོད་མ། །མུ་ཁ་ལེ་ནི་དབྱིངས་ཀྱི་མཆོག །སེམས་ཅན་ཀུན་ལ་བདེ་སྟེར་མ། །བདུད་རྩི་བཅུད་ཀྱི་ནང་བཞུགས་ཤིང་། །ཞལ་ནས་འབྱུང་བ་ལྔ་འཆར་མ། ཁྱོད་ཀྱི་བདེན་པའི་བྱིན་རླབས་མཐུས། །ཕྱྭ་བདུད་གཟའ་དང་རོ་ལངས་དང་། །ཤ་ཟ་སྨྱོ་བྱེད་བརྗེད་བྱེད་ཚོགས། །འབྱུང་པོའི་གདོན་གྱིས་བཏབ་པ་རྣམས། །ཐམས་ཅད་ཞི་དང་གྲོལ་བར་མཛོད། །མཐོང་བའི་དུག་དང་རེག་པའི་དུག །ཁ་རླངས་དུག་དང་བསམ་ངན་དུག །ཀུན་ཀྱང་བྱང་ཞིང་དག་གྱུར་ནས། །ལུས་སེམས་བཅིངས་པ་ལས་ཐར་ཤོག །ཟླ་ཉི་གཟའ་ལས་གྲོལ་བ་ལྟར། །རྣམ་གྲོལ་བདེ་ལེགས་ཕུན་ཚོགས་ཤོག །པྲ་མ་རཱ་ཛ་ཡེ་བྷྱཿཕཊ། པྲ་མ་ཀཱ་ལ་ཡ་ཕྱ་ཧཱུྃ་དྲུཾ། དེ་བ་དཏྟེ་བཛྲ་ཧཱུྃ་དྲུཾ། ནད་གདོན་ཐམས་ཅད་ཞི་བ་དང་། ཕྱིར་འཐོན་ཞིང་བསྲུང་བ་དང་རབ་ཏུ་བསྲུང་བར་གྱིས་ཤིག །ཅེས་བརྗོད་ཁྲུས་བྱ་ཞིང་གོང་གི་སྔགས་ཀྱང་མང་དུ་བཟླ་འོ། །དེ་ལྟར་ཉིན་རེའི་དུས་གཉན་ལ། །ནད་པ་ཉེ་འཁོར་བཅས་བཀྲུས་པས། །གཟའ་དང་གདོང་ཐུག་བྱུང་བའང་འཚོ། །བསྐྱར་ནས་འབྱུང་མིན་བསྲུང་བར་ངེས། །རང་བསྲུང་རང་ཉིད་ལྷ་མོར་བསྒོམ།་་་བུམ་པ་བཅའ་མི་འཚལ། ཞག་རེར་སྔགས་སྦྲེལ་ཉེར་གཅིག་བཟླ། །ནད་གདོན་བགེགས་ཀུན་བསྲུང་བའི་མཆོག །དེ་ཕྱིར་འདི་ལ་བརྩོན་པར་མཛོད། །གནམ་ཐོག་འབར་བ་དྲག་ལྷུང་བ། །གདེངས་ཅན་གྱིས་ནི་ཐུབ་མིན་ལྟར། །དབྱིངས་ཡུམ་བདེན་པའི་གཟུངས་ཀྱི་མཐུ། །ཕྱྭ་བདུད་རཱ་ཧུས་བཟོད་མ་ལགས། །ཚུལ་འདི་ངག་དབང་པདྨ་ཡིས། །གཟུངས་དང་བླ་མའི་མན་ངག་ལ། །བརྟེན་ནས་གབ་སྦས་མེད་པར་བཀོད། །དགེ་བས་འགྲོ་ལ་ཕན་ཐོགས་ཤོག། །། ༄༅། །དྲང་སྲོང་གཟའི་ནད་གསོ་ལས། གུད་དུ་སྦས་པའི་མན་ངག་བཞུགས། ཞི་ཉིད་ཁྲོ་ལས་དྲག་པོ་དང་། ཁྱབ་འཇུག་ལ་སོགས་མགོ་དམད་དེ། །འགྲོ་སེམས་དཀར་པོའི་སྣང་བ་ཡིས། །སིམས་མཛད་རྡོ་རྗེ་འཛིན་ལ་བཏུད། །འདིར་དྲང་སྲོང་གི་ནད་གསོ་བའི་མན་ངག་ལས། གུད་དུ་སྦས་པ་ནི། བརྟག་པའི་སྐབས་སུ་སྤྱི་བྱེ་བྲག་ཁྱད་པར་གསུམ་ལས། དང་པོ་ནི། ཕྱི་ཡུལ་ལ་ཕོག་ན་ཁ་མིག་ སླེ། བར་ཆུ་རྒྱུས་ལ་ཕོག་ན་གཞོགས་བཤལ། གསང་བ་དོན་ལ་ཕོག་པ་ནི། མཆིན་པ་ལ་ཕོག་ན་མིག་མི་གསལ། སྙིང་ལ་ཕོག་ན་འདར་སྔངས་བྱེད། གློ་བ་ལ་ཕོག་ན་མགོ་ན། མཁལ་མ་ལ་ཕོག་ན་ཡན་ལག་བརྐྱང་བསྐུམ་མི་ཤེས། སྣོད་ཀྱི་ཕོ་བ་ལ་ཕོག་ན་སྐྱུགས། རྒྱུ་ལོང་ལ་ཕོག་ན་དྲི་ཆེན་འཆོར་རོ། །འདི་ནི་ཕོག་མ་ཐག་གི་བརྟག་པ་སྟེ་བབ་རྟགས་དང་མི་འདྲ་འོ། །རྟགས་འདི་ལ་སོ་སོའི་ཁ་འཛིན་གྱི་སྨན་གཅེས་སོ། །བྱེ་བྲག་འཁོར་ལོ་ལྔ་ལ་ཕོག་པའི་རྟགས་ནི། ནམ་མཁའི་འཁོར་ལོ་ལ་ཕོག་ན་བཅོས་ལོང་མེད་དོ། །རླུང་གི་འཁོར་ལོ་ལ་ཕོག་ན་སེམས་འཕྱོ། མིག་ཧྲིག་ཧྲིག་མང་། རྒྱང་གླུ་ལེན། གླལ་མང་བ་འོ། །ཆུའི་འཁོར་ལོ་ལ་ཕོག་ན་ཆུ་སྒོ་མི་ཐུབ། ངུ་འབོད་བྱེད། ས་ཡི་འཁོར་ལོ་ལ་ཕོག་ན་རྟགས་སུ་ལུས་ལ་ནུས་སྟོབས་མེད་པར་མྱོས་འགྲོ། མེའི་འཁོར་ལོ་ལ་ཕོག་པའི་རྟགས་སུ་ལུས་ཚ་བ་དང་ཁ་མིག་འཁྱོག་པོར་འགྲོ་འོ། །དེ་རྣམས་ལ་འབྱུང་བ་གཤེད་ཀྱི་རྟེན་འབྲེལ་གྱིས་བཅོས་པར་བྱའོ། ཁྱད་པར་དུ་བརྟག་པ་ནི། གཞུང་དུ་ཤིང་མེ་ས་ལྕགས་ཆུ་སོགས་ཀྱིས་བརྟགས་ཚུལ་བཤད་ཀྱང་། ཆ་ཤས་ཆེ་ཆུང་གིས་ཕྱེ་བར་ཟད་མོད། དོན་ལ་མེ་ཆུ་གཉིས་ལ་མ་འདུས་པ་མེད་པས། དེ་ཡི་བརྟགས་ཚུལ་ཟབ་ཁྱད་ཅན་ནི། གུ་གུལ་ནག་དང་ཤུ་དག་ནག །གླ་རྩི་ལྡོང་རོས་བཞི་བཏུལ་ཆུས། །ནད་པའི་ལུས་ལ་བྱུགས་པ་ཡིས། །རླངས་པ་ཕྱུར་ན་མེ་གཟའ་སྟེ། ཁོང་འདར་གྲང་འབྲུམ་ཤར་ན་ཆུ། །ྀཨཚ། སྨན་བཅོས་ཀྱི་སྐབས་སུ་ངག་ལྐུགས་ན། གུ་གུལ། མུ་ཟི། ཟི་ར། ཤུ་དག་སྟེ། ནག་པོ་བཞི་དང་སྲན་མ་དང་། སྦང་སྐམ་གྱི་ཕྱེ་བསྲེས་པའི་དུད་པ་ཞག་འགའ་ཡར་བཏང་བས་སྨྲ་ཤེས་སོ། །ཟས་ནི་བྱ་ཕ་ཝང་དང་ཅོ་གའི་ཤ་དང་སྒོ་ང་བརྟེན་ནོ། །ཆུ་བསྡམས་ན་ལྕམ་འབྲུ། སུཀྨེལ། ཐལ་དཀར་རྡོ་རྗེ། ཤུག་པ་ཚེར་མ་ཅན་རྣམས་ཀྱི་ཐང་བཏང་བས་ཕན། དྲི་ཆེན་བསྡམས་ན། ཤོག་ཤིང་དང་དུར་བྱིད་ཀྱི་ཐང་གཏང་ངོ་། །དྲི་ཆེན་དྲི་ཆུ་འབྱམས་ན་དྲོད་སྨན་ཧྲིལ་འཇོང་གི་ཐང་གཏང་། འབྲས་ཕྱེའམ། ཁྲེའམ། རམ་བུའི་ཚོགས་དགུ་གཏང་ངོ་། །བུད་མེད་ཟླ་མཚན་འབྱམས་ན། དོམ་མཁྲིས། རྒྱ་སྐྱེགས། གུར་གུམ། འབྲི་མོག །འུ་སུ། བྲག་ཞུན་རྣམས་ཀྱི་ཐང་ཕྱེ་ཅི་རིགས་གཏང་ངོ་། ༈ །ཡང་ཁྱིམ་མི་ཉེ་འཁོར་སོགས་བསྲུང་བའི་དུད་རྫས་ལ། སྤང་སྤོས་ཡུངས་དཀར་ཤུ་དག་གསུམ་བསྲེས་པའི་དུད་པ་སྐབས་སུ་གཏང་ངོ་། །ཡང་། འབའ་ཆ་གུ་གུལ་དཀར་ནག་གཉིས་སྦང་སྐམ་གསུམ་བཏུལ་བ་ཚ་ན་ཆུ་དང་གྲང་ན་མར་དཀར་སྦྱར་ལ། ཡན་ལག་ཞ་རེངས་དང་སྲོང་ངོར་བྱུགས་པས་ཤིན་ཏུ་ཕན་ནོ། །ནང་གཞུག་བཤལ་གྱིས་སྦྱང་ཞེས་ལ། དུག་རོ་འབྱིན་པ་ལ་རྩ་ལྟོའི་བཤལ་ཤིན་ཏུ་ཕན་ཏེ། སྨན་གཞུང་དང་བསྟུན་ཞིང་། གུ་གུལ་ནག་པོ་དང་། རྨ་བྱའི་མདོངས་སྨན་དུ་བསྲེ་བ་གནད་ཆེ། །གཏར་སྲེག་དུགས་རྣམས་ཕྱིས་ནས་འཕྲོད་དང་སྦྱར། །ཞེས་པ་ལ། སྤྱིར་སྟེང་གདོན་ལ་གཏར་བསྲེག་འདི་ཉེན་ཆེ་བས་འཛེམ་ཞིང་། ཁྱད་པར་སྔས་ན་ཕྱིས་བཅོས་སུ་མི་བཏུབ་པས་ནད་མཇུག་ཏུ་བྱ་བ་ཤིས་སོ། །དེ་ལ་མེ་གཟའ་ལ་བསྲེག་ཏུ་མི་རུང་བས་གཏར་ཁ་བཤད། ཆུ་གཟའ་ལ་གཏར་དུ་མི་རུང་བས་བསྲེག་པའི་དཔྱད་བྱའོ། །དུགས་ལུམས་ནི་གཉིས་ཀར་རུང་ངོ་། །གཏར་བ་ནི་ཚད་པ་ཆེས་ནས་སྟོད་གཟེར་ན་རྩེའུ་ཆུང་གཏར། མགོ་ཐེམ་ཞིང་ན་ན་མཚོག་སྲང་བྱེད། སྣ་རྩེ་ལ་ཁྲག་ཅུང་ཟད་འདོན། གློ་ལུ་ཁྲག་ཚིག་བྱུང་ན་གཏར། གཞོགས་གཡོན་བྱེད་ཅིང་ན་བ་ལ་རུ་ཐུང་གཏར། བསྲེག་ནི། སྤྱིར་རླུང་རྒོད་ལངས་ན་ཚིགས་པ་དང་པོ་བསྲེག །སྐྱུགས་ན་བཅུ་གཉིས་པ་བསྲེག །འདིས་ཤ་ལྤགས་ལ་མི་བྱེར་བ་ཡང་བྱེད། མགོ་ན་བ་དང་བྱིང་ན་སྤྱི་གཙུག་བསྲེག །ཁ་མིག་ཡོ་བ་ལ་རྣ་བའི་གཞུང་རྩ་བསྲེག །ཁ་ལྐུགས་པ་ལ་རྟིང་པའི་གྲ་མཚམས་སུ་བསྲེག །རྩ་ཆུ་ལུག་ན་འཇུག་གུ་ཐུང་བསྲེག །གློ་སྙིང་མི་བདེ་བ་དང་། སྙིང་འཕར། ཡིད་འཕྱོ། སྙིང་རླུང་དུ་འགྲོ་ཙ་ན་ཕོ་ཡི་གཡོན། མོའི་གཡས་ཀྱི་ནུ་མའི་དབུས་ནས་གྱེན་དུ་ཚོན་གང་འཇལ་སར་བསྲེག །དེས་མ་ཐུབ་ན་ཐུར་དུ་ཚོན་གང་འཇལ་སར་བསྲེག་གོ །ཡན་ལག་གི་རྩ་བཤལ་བ་ལ་སྤྱིར་ནི་རྐང་ལག་གི་མཐེ་བོང་སྟེང་གི་སྤུ་སྐྱེ་སར་ཚུག་བྱས་པས་ཕན་ལ། བྱེ་བྲག་ནད་མིག་གསལ་དུ་བྱུང་ཞིང་མནན་ན་ཁུང་བུ་དོད་པ་སྙམ་བྱེད་པའི་སར་མེ་བཙའ་འགྲོ་སྟེ། དེ་ཡང་ཧོར་གྱི་མེ་བཙའ་འམ། ཚན་རྡོ་བྱས་པས་ཕན། གནད་ཤེས་པར་བྱའོ། ༈ །དུགས་ལུམས་ནི། ཡན་ལག་ཞ་རེངས་དང་། འཁུམ་པ་དང་། རྩ་རྒྱུད་དང་ལྤགས་པ་ཀོ་བ་ཐམས་ཅད་བདུད་རྩི་ལྔ་ཡི་ལུམས་མང་དུ་བྱ། ཡང་ན་ཨ་བྱག །གུར་གུམ་རྩ་ལོ་མེ་ཏོག་དང་བཅས་པའི་ཆོད་ལུམས་བྱ། ཡང་ན། རི་ཤོ །སྤྱང་ཚེར། རེ་ལྕག་པ། མཁན་པའི་ལུམས་བྱའོ། །སྟེང་གདོན་གྱི་ནད་ལ་སྐྲངས་པོ་ཕར་སྤོ་ཚུར་སྤོ་བྱེད་པ་མང་དུ་འབྱུང་སྟེ། དེ་ལ་གཉན་ལྷོག་དང་མ་ནོར་བར་བྱུག་ལུམས་གང་རིགས་རན་པར་བྱས་པས་ཡར་ཞིར་འགྱུར་ངེས་སོ། །མདོར་ན་སྨན་དཔྱད་དང་། གསང་སྔགས་ཀྱི་ནུས་པ་ཟུང་འབྲེལ་གྱི་སྒོ་ནས་གསོ་བར་བྱེད་པ་གནད་ཡིན་ནོ། །ངོ་མཚར་བདུད་རྩི་ཟླ་བའི་འོད། །འགྲོ་བའི་གདུང་སེལ་སྨན་གྱི་མཆོག །ཟླུམ་བཅོས་གསང་སྨན་ཟུར་དུ་གབ། །སློབ་དཔོན་མཉེས་བྱས་ཤེས་པར་བྱོས། །ཞེས་བྱ་ཁྱུང་པ་ངག་གི་དབང་པོས་ལེགས་པར་བཀོད་པ་དགེ་ལེགས་སུ་གྱུར་ཅིག །མི་བསྐྱོད་པའི་དཔེའོ། །ྀཨཚ། གཞུང་ལས་མན་ངག་ཟུར་དུ་གབ་པའི་རིམ་པ་ནི་འདི་ཁོ་ནའོ།། །། ༄༅། །གཟའི་ནད་གསོ་ལས། ཟླུམ་བཅོས་གསང་སྨན་བཞུགས། ན་མོ་བཛྲ་པཱ་ཎི་ཡེ། གདུག་པའི་ཁྱབ་འཇུག་མི་བཟད་ལྕེ། །རབ་འབར་འཇོམས་མཛད་ཁྲོ་བོའི་རྒྱལ། །རིགས་གསུམ་བདུད་རྩི་ལ་བཏུད་ནས། །ཟླུམ་བཅོས་གསང་སྨན་གབ་པ་བསྟན། །དེ་ལ་གཟའ་ནད་གང་ཡིན་ཡང་། །ཕོག་ནས་རིང་དུ་མ་ལོན་ཞིང་། །སྔ་ནས་སྨན་དཔྱད་མ་བྱས་པ། །དེ་ལ་ཟླུམ་བཅོས་འདི་ལྟར་བྱ། །ཐོག་མ་བཙོན་འཛིན་གུ་གུལ་ཐང་། །དེ་ནས་དངོས་གཞིའི་སྨན་སྦྱོར་བ། །ཤ་་་ཨ་རུ།རུས་་་རུ་རྟ།རྩ་་་ཁ་ཆེ།ཁྲག་་་གླ་རྩི།ཆུ་རྒྱུས་་་བོང་དམར།ལྤགས།་་་སུག་པ་ལས། སོ་སོའི་དུག་འབྱིན་རིམ་པ་བཞིན། །ཤིང་ནག་་་ཨར་ནག།དྲི་ཅན་་་ཤིང་ཀུན།ཆུ་ཡི་རུས།་་་མུ་ཏིག །རི་དྭགས་ལྟེ་བ།་་་དྲི་ཆུའི་འབྲུམ་བུ་་་དཔེ་འགར་ཆུ་ནང་གི་འབུ་སྐྱོག་ཁོག་པ་ཡོད།གླང་པོའི་རྩི།་་་གིའུ་ཝང་། ཤུ་དག་ནག་དང་གུ་གུལ་དྲུག །ཆ་མཉམ་ཞིབ་བཏགས་ལོ་བརྒྱད་ཆུས། །སྦྱངས་ལ་རིལ་བུ་སྲན་མ་ཙམ། །ནངས་ནུབ་དཀར་ནག་སོ་མཚམས་སུ། །གསུམ་གསུམ་ཐེངས་རེ་ཆུ་བསྐོལ་གྱིས། །རྟ་བྱས་བཏང་ལ་དེ་མ་ཐག །གུ་གུལ་དུད་པ་དྲི་ཐོན་བདུག །ཚད་པ་ཆེ་ན་སྔ་མའི་སྟེང་། །བསིལ་གསུམ་་་ག་པུར་ཅུ་གང་གུ་གུལ་ཏེ།སྨན་གྱི་ཁ་ཚར་བཏབ། །སྨན་དང་འགྲོགས་ཏེ་གཏར་བསྲེག་དང་། །བྱུག་དུག་ལ་སོགས་བྱ་བ་མིན། །དེས་ནི་མྱུར་དུ་འཚོ་བར་འགྱུར། །ཕྱིས་ནས་བྱུག་སོགས་བྱེད་དུ་རུང་། །བཅོས་ཐབས་མང་ཡང་འདི་འདྲ་བའི། །མན་ངག་གཞན་དུ་ཡོད་མ་ཡིན། །གསང་སྨན་རྣལ་འབྱོར་པའི།་་་ཤུ་ཏྲ་པདྨ་ཅན་གྱི།་་་རཀྟ་གཙང་། །ཀུན་ལ་ཁ་ཚར་བཏབ་པ་མཆོག །ཡང་ན་གང་ནའི་ཕྱོགས་དག་གི །རྐང་མཐིལ་དྲེག་པ་ཁྲུས་པའི་ཆུས། །སྨན་རྟ་བྱས་པས་རྣོ་ནུས་འབྱིན། །གསང་སྨན་རྣམ་གྲངས་མང་བཤད་ཀྱང་། །ཞལ་གདམས་སྨན་མཆོག་འདི་ཁོ་ན། །དེ་ལྟར་བཅོས་པས་བདེ་གྱུར་ཚེ།་་་དུག་ཐོན་པའི་རྟགས་སུ་མིག་དང་རྣ་བ་ཡན་ལག་ཞ་བ་སོར་ཆུད་པར་གྱུར། གཞན་རྣམས་ནི་ངང་གིས་སོས་པར་འགྱུར་ཞེས་གསུངས། སླར་ལྡོག་མི་འགྱུར་བསྲུང་བའི་མཆོག །ཟབ་ལས་ཆེས་ཟབ་ཡང་ཟབ་འདི། །གསང་སྔགས་རྒྱ་སྣག་གིས་ཕྲེང་གཅིག །བྲིས་ལ་མཇུག་ནས་ཡར་དྲིལ་ཏེ། །མཛེ་ཕོའི་སོ་དང་ཁྱི་ནག་སོ། །དེ་གསུམ་དར་ནག་གིས་བསྟུམ་ལ། །སྟོང་ཕྲག་སྔགས་ཀྱིས་ངར་བླུད་ནས། །ལུས་ལ་བཅངས་པས་ཐུབ་པར་ངེས། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཧ་ཏྲི་རུ་ཏྲ་ཁརྡྷ་སཱ་མཱ་ཡཱ། ཏི་པ་ས་ཏི་གཟའ་ཁ་ཏྲ་རུ་ཏྲ་ཙིཏྟ་ཧྲིང་ཧྲིང་། མ་མ་རཀྵ་རཀྵ།་་་རྟེན་འབྲེལ་སྙིང་པོ་སོགས་ཀྱང་བཟླ་འོ། །བསྲུང་བ་ལུས་ལ་ཐོགས་ཆོག་ཡིན། །དེ་ལྟར་ཁྱབ་འཇུག་དུག་སྦལ་ལྕེས། །ཟིན་པའི་སྐྱེ་བོ་བདེ་བྱེད་རྩི། །གདམས་པ་མ་བུ་རྣམ་པ་བདུན། །འཛོམ་ན་འདི་དོན་བདེ་བླག་འགྲུབ། །དེ་ཡང་བདུད་རྩིའི་བུམ་པ་བཟང་། །མཆོད་སྦྱིན་དྲི་མེད་གཟའ་གླུད་འཕྱོང་། །རྣམ་གྲོལ་ཟླ་བ་བདུད་རྩིའི་ཆར། །གུད་དུ་སྦས་པའི་མན་ངག་དང་། །ཟླུམ་བཅོས་གསང་བ་འདི་དང་བདུན། །ངག་དབང་ལྷག་བསམ་དག་པའི་སྤྲིན། །ལས་ཐོན་ངོ་མཚར་ཆུ་གཙང་སྟེ། །དྲང་སྲོང་དུག་གིས་སྦགས་གྱུར་པའི། །འགྲོ་གང་དྲི་མ་སེལ་བྱེད་ཡིན། །འདི་བཀོད་དགེ་བས་འགྲོ་བ་ཀུན། །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཅེས་བྱ་ཁྱུང་པ་པདྨ་བཛྲས་ལེགས་པར་སྦྱར་བའོ། །ཤུ་བྷ་མསྟུ་སརྦ་ཛ་ག་ཏམ། སྔགས་འཆང་མི་བསྐྱོད་པའི་དཔེའོ།། །།
བླ་མའི་སྲོག་འཁོར་དར་དཀར་པོ་ལ་བྱིན་རླབས་ཅན་གྱི་རྫས་ཀྱིས་བྲི་བ་ (Volume 7, Text 3)
བླ་མའི་སྲོག་འཁོར་དར་དཀར་པོ་ལ་བྱིན་རླབས་ཅན་གྱི་རྫས་ཀྱིས་བྲི་བ་ནི༔ ལྟེ་བར་བླ་མ་རྡོ་རྗེ་འཆང་གི་ཆ་ལུགས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཏེ་འཛིན་པ༔ ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན་གྱི་ཐུགས་ཀར་ཨཱོཾ༔ དེ་རྒྱབ་མུ་ཁྱུད་ལ༔ དབུའི་སྟེང་ནས་སྔགས་མགོ་ཕྱིར་བསྟན་ལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཙིཏྟ་ཧྲིང་ཧྲིང་ཛཿཛ༔ ཅེས་པ་བྲི༔ དེ་རྒྱབ་པདྨ་འདབ་བརྒྱད་ཀྱི་དབུའི་སྟེང་ནས་རིམ་པར༔ ཨཱོཾ་མ་ཧཱ་གུ་རུ་ཙིཏྟ་ཧྲིང༔ ཞེས་བྲི༔ དེ་རྒྱབ་མུ་ཁྱུད་ལ༔ ཨཱོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་སིདྡྷི་ཧཱུྃ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ ཞེས་བྲི༔ དེ་རྒྱབ་མུ་ཁྱུད་ལ༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཛྙཱ་ན་སིདྡྷི༔ དྷརྨཱ་སིདྡྷི༔ ཨ་ཀྲ་སིདྡྷི༔ ཨཱ་ཡུཿསིདྡྷི༔ པུཎྱེ་སིདྡྷི༔ བ་སུ་སིདྡྷི༔ ཁེ་དྷ་སིདྡྷི༔ སརྦ་སིདྡྷི་ཕ་ལ་ཨཾ་ཀུ་ཤ་ཛཿཝ་ཤཾ་ཀུ་རུ་ཧཱུྃ་སྭཱ་ཧཱ༔ དེ་རྒྱབ་མུ་ཁྱུད་ལ༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྙ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་བ་དཏ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ༔ ཞེས་པ་བྲིའོ༔ ཡི་དམ་སྲོག་འཁོར་དར་དམར་པོ་ལ་རིན་པོ་ཆེའི་ཁུ་བས་བྲི་བ་ནི༔ དབུས་སུ་རྟ་མགྲིན་གྲི་གུག་ཐོད་ཁྲག་ཅན་གྱི་ཐུགས་ཀར་ཨཱཿབྲི༔ དེ་རྒྱབ་མུ་ཁྱུད་ལ༔ དབུ་ཡི་སྟེང་ནས་འགོ་བཟུང་སྟེ༔ ཨཱོཾ་བཛྲ་མ་ཧཱ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཕཊ་སྭཱ་ཧཱ༔ ཙིཏྟ་ཧྲིང་ཧྲིང་ཛཿཛ༔ ཞེས་བྲི༔ དེ་རྒྱབ་མུ་ཁྱུད་ལ་འཁོར་ལོ་རྩིབས་བརྒྱད་ཀྱི་སྟེང་ནས་རིམ་པར༔ ཨཱོཾ་ཧ་ཡ་གྲཱི་ཝ་ཙིཏྟ་ཧྲིང་ཧྲིང༔ ཞེས་པ་བྲི༔ དེ་རྒྱབ་མུ་ཁྱུད་ལ༔ ཨཱོཾ་བཛྲ་མ་ཧཱ་ཀྲོ་ཏ་ཧ་ཡ་གྲཱི་ཝ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ ཞེས་བྲི༔ དེ་རྒྱབ་མུ་ཁྱུད་ལ༔ ཨཱོཾ་དྷེ་ཝ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ༔ ར་ཙ་ཧྲི་ཡ༔ ཛྙཱ་ན་སིདྡྷི༔ ཞེས་སོགས་བླ་མའི་སྲོག་འཁོར་དང་འདྲ༔ དེ་རྒྱབ་མུ་ཁྱུད་ལ༔ ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་རྣམས་བྲིའོ༔ མཁའ་འགྲོའི་སྲོག་འཁོར་དར་མཐིང་ནག་ལ་པདྨ་རཀྟ་དང་སིནྡྷུ་རས་བྲི་བ་ནི༔ རྡོ་རྗེ་ཕག་མོ་སྤྱི་ལྟར་ལྟེ་བར་བྲི་ཐུགས་ཀར་ཧཱུྃ་བྲི༔ ཕྱིའི་མུ་ཁྱུད་ལ༔ དབུའི་སྟེང་ནས༔ ཨཱོཾ་བཛྲ་བྷཱ་རཱ་ཧཱི༔ ཀྲོ་ཏཱི་ཀཱ་ལཱི་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཕཊ༔ ཙིཏྟ་ཧྲིང་ཧྲིང་ཛཿཛ༔ ཞེས་བྲི༔ དེ་རྒྱབ་མུ་ཁྱུད་འདབ་བརྒྱད་ལ༔ ཨཱོཾ་བཛྲ་བྷཱ་ར་ཧཱི་ཙིཏྟ་ཧྲིང༔ ཞེས་འབྲུ་རེ་བྲི༔ དེ་རྒྱབ་མུ་ཁྱུད་ལ༔ ཨཱོཾ་བཛྲ་བཻ་རོ་ཙ་ནཱི་ཡཻ༔ བཛྲ་བྷཱ་རཱ་ཧཱི༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ ཞེས་བྲི༔ དཔེ་ལ་ལར། དེ་རྒྱབ་གསུམ་ག་ལ་མུ་ཁྱུད་གཉིས་འགྲིགས་ཕྲ་མོ་རེ་འདུག །ཅེས་པའང་སྣང་། མཆན། དེ་རྒྱབ་མུ་ཁྱུད་ལ༔ ཨོཾ་སརྦ་དྷཱ་ཀི་ནཱི༔ བཛྲ་བྷཱ་རཱ་ཧཱི་ཀྲོ་ཏཱི་ཀཱ་ལཱི་ཧ་རི་ནི་ས༔ ཛྙཱ་ན་སིདྡྷི༔ དྷརྨཱ་སིདྡྷི་སོགས་གོང་ལྟར་བྲི༔ དེ་རྒྱབ་མུ་ཁྱུད་ལ་ཨཱ་ལི་ཀཱ་ལི་ཡེ་དྷརྨཱ་རྣམས་བྲིའོ༔ ཐམས་ཅད་ལྷའི་དབུ་སྟེང་ནས་འགོ་བརྩམ་སྟེ་སྔགས་མགོ་ཕྱིར་བསྟན་ལ་གཡས་སྐོར་དུ་བྲིའོ༔ མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་གྱི་ལྟེ་བར་པདྨ་འདབ་བཞི༔ དེའི་རྒྱབ་ཏུ་པདྨ་འདབ་བརྒྱད༔ དེ་རྒྱབ་འཁོར་ལོ་རྩིབས་དྲུག་རྩིབས་མཆན་ལ་དགའ་བ་འཁྱིལ་པ་རེ་རེ༔ དེ་རྒྱབ་མུ་ཁྱུད་ཡངས་པ་གཅིག་ལ༔མེ་ལོང་གི་རི་མོ༔ སྒྲུབ་པའི་མཎྜལ་ཕོ་བྲང་པད་མ་འདབ་བཞི༔ དེ་རྒྱབ་འདབ་མ་བརྒྱད་དུ་སྣང༔ མངྒ་ལཾ༔
རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ གཏེར་གྱི་བྱུང་ཁུངས་སྦས་ཚུལ་གསང་བའི་ལོ་རྒྱུས་དང༔ གསང་བའི་རྣམ་ཐར་ཁྲིད་གཞུང་ཆེན་མོ (Volume 55, Text 3)
༄༅༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ གཏེར་གྱི་བྱུང་ཁུངས་སྦས་ཚུལ་གསང་བའི་ལོ་རྒྱུས་དང༔ གསང་བའི་རྣམ་ཐར་ཁྲིད་གཞུང་ཆེན་མོ་བཞུགས་སོ༔ ཨོ་རྒྱན་དཔའ་བོའི་སྐད་དུ༔ དྷ་ར་ཙིཏྟ༔ དཔའ་མོ་མཁའ་འགྲོའི་སྐད་དུ༔ ན་མོ་གུ་རུ་དྷེ་བ་ཌཱ་ཀི་ནཱི༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ རྫོགས་པ་ཆེན་པོ་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་བྱུང་ཁུངས་དང་ལོ་རྒྱུས་འདི་ལྟར་ལགས་སོ༔ ཨོ་རྒྱན་གྱི་དུར་ཁྲོད་སོ་སའི་གླིང་ན༔ ཡུམ་རྡོ་རྗེ་ཕག་མོ་ལ་མཁའ་འགྲོ་འབུམ་གྱིས་བསྐོར་ནས་ཚོགས་འཁོར་མཛད་ཅིང་བཞུགས་པའི་དུས་སུ༔ ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཞེས་བྱ་བ་དེ༔ མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས༔ དཔལ་བསམ་ཡས་དབུ་རྩེ་རིམ་གསུམ་ལ་རབ་གནས་བྱེད་པ་དང༔ ལྷ་སྲིན་གདུག་པ་ཅན་འདུལ་བ་དང༔ བོད་མུན་པའི་མི་རྣམས་ལ་ཆོས་སྟོན་པ་ལ་གདན་དྲངས་པའི་དུས་སུ༔ སློབ་དཔོན་དང་རྒྱལ་པོ་གཉིས་ཀྱིས་བསམ་ཡས་མཆིམས་ཕུའི་དུར་ཁྲོད་དུ༔ སྐྱོ་སངས་ལ་བྱོན་ནས་བཞུགས་པ་ལ༔ བུ་མོ་ན་ཆུང་མ་ལོ་བཅུ་དྲུག་ཙམ་ལོན་པ༔ མཁའ་འགྲོའི་རྟགས་ཚང་བ༔ ཡེ་ཤེས་མཚོ་རྒྱལ་ཟེར་བ༔ ལུང་ནས་ཟིན་པ་གཅིག་སློབ་དཔོན་མཇལ་དུ་བྱུང་བས༔ སློབ་དཔོན་གྱི་ཐུགས་དགོངས་ལ༔ བདག་ལ་ཌཱ་ཀི་མའི་ལུང་བསྟན་བྱུང་བའི་བུ་མོ་དེ་འདི་ཡིན་པར་འདུག༔ བདག་གི་ཕྱག་རྒྱ་མོར་བྱའོ་སྙམ་པའི་དགོངས་པ་བྱུང་སྟེ༔ སློབ་དཔོན་གྱིས་མཚོ་རྒྱལ་ལ་སྙན་བརྒྱུད་ཀྱི་གདམས་པ་ཐམས་ཅད་གནང་ནས༔ ལུང་འདི་ལྟར་བསྟན་ནོ༔ བུ་མོ་ཁྱོད་ཀྱིས་རྨི་ལམ་ཟུངས་ལ༔ ཨོ་རྒྱན་གྱི་དུར་ཁྲོད་ཆེན་པོ་སོ་སའི་གླིང་ཞེས་བྱ་བ་ན༔ ཡུམ་རྡོ་རྗེ་ཕག་མོ་ཞེས་བྱ་བ་བདེ་གཤེགས་ཐམས་ཅད་ཀྱི་ཡུམ༔ མཁའ་འགྲོ་ཐམས་ཅད་ཀྱི་གཙོ་མོ༔ ཌཱ་ཀི་མ་སྟོང་གིས་བསྐོར་ནས་བཞུགས་པས༔ དེ་ལ་གསང་སྔགས་མ་རྒྱུད་ཀྱི་བཀའ་ལུང་ཐམས་ཅད་ཞུས་ཤིག༔ ཉམ་ང་བ་དང༔ ཐེ་ཚོམ་མ་བྱེད་ཅིག་གསུངས༔ དེ་ནས་མཚོ་རྒྱལ་གྱིས་རྨི་ལམ་གྱི་ངང་ནས་བྱོན་པས༔ ཡུམ་རྡོ་རྗེ་ཕག་མོ་དེ་གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ན༔ རྟོག་མེད་རོའི་གདན་ལ་བཞུགས་ཏེ༔ མ་རྒྱུད་ཡོངས་རྫོགས་ཀྱི་དབང་མཛད་པའི་དུས་སུ༔ ཌཱ་ཀི་ཡེ་ཤེས་མཚོ་རྒྱལ་གྱིས་ཡུམ་ཆེན་མོ་སྐུ་ཁམས་བཟང་ངམ་བྱས་ནས་དྲི་བ་མཛད་པའི་དུས་སུ༔ གཙོ་མོ་དང་མཁའ་འགྲོ་ཡོངས་རྫོགས་ཀྱི་ཞལ་ནས་ཌཱ་ཀི་མ་ཁྱོད་བཀའ་དང་གདམས་པ་ཞུ་བ་ལ་ཡོང་བ་ཡིན་ནམ་གསུངས་པ་དང༔ དེ་བཞིན་ལགས་ཞུས་པས༔ གཙོ་མོའི་ཞལ་ནས༔ ཁྱོད་ནི་ངའི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡིན་པས་མ་རྒྱུད་ཡོངས་རྫོགས་ཀྱི་གདམས་པ་གནང་བ་ཡིན་ཞིང༔ ཁྱད་པར་དུ་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་གདམས་པ་འདི་སྐལ་ལྡན་མ་རིགས་ཀྱི་ཌཱ་ཀི་ཁྱོད་ཀྱིས་ཆོངས་ཤིག༔ མཁའ་འགྲོའི་སྙིང་ཁྲག་ཐང་ལ་ཕོ་བ་ལྟ་བུ་ཡིན་པས༔ ཁྱོད་ཀྱིས་ཟུངས་ཤིག༔ ཅེས་གསུངས་ནས་གདམས་པ་གནང་བའོ༔ དེ་ནས་ཡེ་ཤེས་ཌཱ་ཀི་མས་ཞུས་པ༔ གཙོ་མོ་གསན་པར་ཞུ༔ ངེད་བོད་ཁ་བ་ཅན་གྱི་མི་རྣམས་ནི་ཚེ་ཐུང་ལ་ལོག་ལྟ་ཆེ་བ༔ སྙིང་རུས་ཆུང་ལ་བློ་རྟུལ་བ༔ ཡིད་འཇོག་ཆུང་ལ་བསམ་པ་ངན་པ༔ དེ་ལྟ་བུའི་དམུས་ལོང་རྣམས་ལ༔ གོ་སླ་ཞིང་འགྲུབ་ཐག་ཉེ་བ༔ མ་བསྒོམ་པར་སངས་རྒྱ་བའི་ཆོས་ཤིག་ཞུ་ཞུས་པས༔ རྡོ་རྗེ་ཕག་མོ་མཁའ་འགྲོ་ཡོངས་རྫོགས་ཀྱི་ཞལ་ནས༔ མཁའ་འགྲོ་ཐམས་ཅད་ཀྱི་ཡང་གསང༔ གསང་བ་ལམ་ཁྱེར་བྱ་བ༔ དོན་དམ་པར་མཁའ་འགྲོ་ཐམས་ཅད་ཀྱི་ཙིཏྟ་དམར་མོ་ཐང་ལ་ཕོ་བ་ལྟ་བུའི་གདམས་པ་འདི་ཌཱ་ཀི་མ་ཁྱོད་ལ་གནང་བར་རིགས་པས༔ རྒྱལ་པོ་རྒྱལ་སྲིད་མ་སྤང་བར་སངས་རྒྱ་བའི་ཆོས་ཡིན་ནོ༔ བཙུན་མོ་ཡོ་ལང་མ་སྤང་བར་སངས་རྒྱ་བའི་ཆོས་ཡིན་ནོ༔ སྐྱེས་པ་སྟག་དོང་མ་སྤང་བར་སངས་རྒྱ་བའི་ཆོས་ཡིན་ནོ༔ བུད་མེད་ཁྱིམ་ཐབས་མ་སྤང་བར་སངས་རྒྱ་བའི་ཆོས་ཡིན་ནོ༔ བཙུན་པ་འདུལ་ཁྲིམས་མ་བསྲུང་བར་སངས་རྒྱ་བའི་ཆོས་ཡིན་ནོ༔ སྔགས་པས་དམ་ཚིག་མ་བསྲུང་བར་སངས་རྒྱ་བའི་ཆོས་ཡིན་ནོ༔ གཙོ་བོའི་གྲོས་འདུན་མ་སྤང་བར་སངས་རྒྱ་བའི་ཆོས་ཡིན་ནོ༔ སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱ་བའི་ཆོས་ཡིན་ནོ༔ སྨན་ཤར་འབྲས་ཅག་མ་སྤང་བར་སངས་རྒྱ་བའི་ཆོས་ཡིན་ནོ༔ བྱིས་པ་རྩེད་མོ་མ་སྤང་བར་སངས་རྒྱ་བའི་ཆོས་ཡིན་པས༔ གདམས་པ་འདི་ཨོ་རྒྱན་གྱི་ལུང་དང་མཐུན་པའི་ཆོས་ཡིན་ཅིང༔ ད་ལྟ་བསྐལ་པ་བཟང་པོའི་དུས་ཚོད་འདིར༔ ཨོ་རྒྱན་གྱི་བཀའ་མ་དང་རྫོགས་པ་ཆེན་པོ་ཕ་རྒྱུད་ཀྱི་གདམས་པས་ཆོག༔ སྒོམ་ལོང་ནི་ཡོད༔ མཁའ་འགྲོའི་ཡང་གསང་འདི་ནི་བསྐལ་པ་དུས་ཀྱི་སྙིགས་མ༔ ལོ་ལྔ་བཅུ་ཁ་རལ་གྱི་དུས་སུ༔ བཤད་གྲྭ་དང་སྒོམ་གྲྭ་ནུབ༔ ཆོས་ལུང་མ་བསྟན་དང༔ རྒྱལ་ཁམས་ཟོག་པོས་གང༔ སྔར་གྱི་གདམས་ངག་བཀའ་མ་ཀུན་ལ༔ གང་ཟག་ལ་ལས་མང་དུ་བཏང༔ ལ་ལས་ཉུང་དུ་བཏང༔ གདམས་པ་ལ་ཆད་ལྷག་མང་པོ་བཅོས་པས༔ བཀའ་བརྒྱུད་གོང་མ་རྣམས་དང༔ དཔའ་བོ་མཁའ་འགྲོ་རྣམས་མ་མཉེས་པས༔ བྱིན་རླབས་མི་འབྱུང་ངོ༔ དེའི་དུས་སུ་ལག་པ་གཡས་གཡོན་འཐབ༔ ཐམས་ཅད་སྡུག་བསྔལ་དང་ཁོང་ཁྲོས་ངན་སོང་གསུམ་དུ་ལྟུང་བའི་ས་བོན་བྱེད༔ དེ་དུས་གདམས་པ་མཐོང་གྲོལ༔ ཐོས་གྲོལ༔ གོ་གྲོལ༔ བཤད་གྲོལ་འདི་དགོས་པ་ཡིན་ཏེ༔ ཌཱ་ཀི་མཚོ་རྒྱལ་ཁྱོད་ཀྱིས་གཞན་ལ་མ་སྤེལ་བར་སྒྲགས་ཡང་རྫོང་ཤེལ་གྱི་འོད་གསལ་ཕུག་གི་ཤར་ལོགས༔ ཕ་བོང་སྦལ་པ་འདྲ་བའི་འོག་ཏུ་འདོམ་གང་བརྐོས་ལ༔ ཤོག་དྲིལ་ཟངས་ཀྱི་གྭའུའི་ནང་དུ་བཅུག་ལ༔ ལ་ཆ་དང་སྤྲ་ཚིལ་གྱིས་དམ་དུ་བྱ༔ དེ་ནས་མདའ་གང་ཙམ་དུ་དངུལ་གྱི་གྭའུར་གསང་ཁྲིད་སྦ༔ དེ་ནས་ཡང་ཁྲུ་གང་ཙམ་དུ་ལྕགས་ཀྱི་གྭའུར་གསང་མཛོད་སྦའོ༔ དེ་ནས་ལུང་ནས་ཟིན་པའི་གནས་བསམ་ཡས་དབུ་རྩེའི་ཤར་ཕྱོགས༔ བཀྲ་ཤིས་འོན་ཞེས་བྱ་བའི་ཕོ་བྲང་ན༔ ཡབ་ནི་རྒྱལ་པོའི་རིགས༔ ཡུམ་ནི་བཙུན་མོའི་རིགས༔ དེ་ལ་བུ་མོ་མཁའ་འགྲོའི་སྐུ་གསུང་ཐུགས་ཀྱི་རྟགས་ཚང་བ༔ མའི་མངལ་ན་ཡོད་ཙ་ན་ཉི་ཟླ་ཤར་བ་དང༔ ཨོ་རྒྱན་དང་ཞིང་ཁམས་ཀུན་ལ་ཕྱིན་པ་རྨིས་པ་གཅིག་འབྱུང༔ བུ་མོ་དེ་སྐྱེས་པ་དང༔ འཇིག་རྟེན་པའི་འདོད་པ་དང༔ ཉོན་མོངས་པའི་སྣང་བ་མེད་པ༔ ལོ་ལྔ་ནས་ཡི་གེ་འབྲི་ཀློག་ཐོགས་པ་མེད་པ༔ ཆོས་དང་སེམས་ཅན་གྱི་དོན་བྱ་དགོས་སྙམ་པ་ཞིག་འབྱུང་ངོ༔ དེ་ནི་ཡེ་ཤེས་མཁའ་འགྲོའི་རྟགས་ཚང་བ༔ སྐུ་གསུང་ཐུགས་ཀྱི་སྨེ་བ་ཡོད་པ༔ རྡོ་རྗེ་ཕག་མོའི་སྐུའི་སྤྲུལ་པ༔ རྣལ་འབྱོར་མའི་གསུང་གི་སྤྲུལ་པ༔ ཌཱ་ཀི་ཡེ་ཤེས་མཚོ་རྒྱལ་ཁྱོད་ཀྱི་ཐུགས་ཀྱི་སྤྲུལ་པ་ཡིན་པས༔ དེའི་མིང་ནི་ལྷ་སྐྱིད་དཔལ་འཛོམ་ཟེར༔ ཆོས་མིང་ནི་ཀུན་དགའ་འབུམ་ཞེས་སུ་གྲགས༔ གདམས་པ་འདི་ནི་མོའི་ཆོས་སྐལ་ཡིན་ཏེ༔ མོས་ཀྱང་ལུང་ནས་ཟིན་པ་གཅིག་ཡོང་བས་དེ་ལ་སྤེལ་ཏེ༔ དེ་ཡང་སྐལ་ལྡན་ལས་འཕྲོ་ཅན༔ ཨོ་རྒྱན་གྱི་སྤྲུལ་པ་མངའ་བདག་ཉང་གི་སྐུའི་སྤྲུལ་པ་དུང་མཚོ་རས་པ་ཞེས་སུ་གྲགས་པ༔ ཨོ་རྒྱན་གྱི་གནས་སྲིན་པོ་རྫོང་ཞེས་བྱ་བ༔ བདེ་མཆོག་དང་ཁོ་མོའི་གཟིགས་སྣང་ཡོད་པ་གཅིག་སྒོ་ཕྱེ་བ༔ སྦས་པའི་རྣལ་འབྱོར་པ་གཅིག་ཡོད་པས༔ དེ་ལ་ཌཱ་ཀི་མས་ལུང་སྟོན་ཅིང༔ དེ་ལ་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཁྱོད་ཀྱིས་ཁོའི་ཆོས་སྐལ་དུ་བྱིན་ཅིག༔ དེས་ཀྱང་མིང་ཉི་མ་ལ་གྲས་པ༔ རྣལ་འབྱོར་པ་ལུས་སྒེག་པ༔ གསུས་ཁྱིམ་ལྡིར་བ༔ མིག་རྩ་དམར་ལ་ཤ་མདོག་སྨུག་པ༔ མཁུར་ཚོས་གཡོན་ལ་སྨེ་བ་ཡོད་པ༔ བརླ་ཤ་ལ་སྟག་ཤམ་གྱི་བརྡ་ཡོད་པ༔ མ་དང་མཁའ་འགྲོས་བྱིན་གྱིས་བརླབས་པ༔ གསང་སྔགས་ཀྱི་སྣོད་དུ་རུང་བ་གཅིག་ཡོང་བས་དེ་ལ་བྱིན༔ དེས་སྐལ་ཅན་སྣོད་ལྡན་ཡོངས་ལ་སྤེལ་དུ་ཆུགས༔ དེས་ན་ཌཱ་ཀི་མཚོ་རྒྱལ་ཁྱོད་ཀྱིས་བཀའ་རྒྱ་དང་སྨོན་ལམ་ཐོབས་ལ་གཏེར་དུ་སྦོས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་བདག་སྤྱང་ཞོན་སྤུན་གསུམ་དང་ཌཱ་ཀི་རྣམས་ཀྱིས་མཛོད༔ སྐལ་ལྡན་ལས་ཅན་རིམ་པ་གསུམ་དང་འཕྲད་པར་ཤོག༔ དེས་ཀྱང་ལས་ཅན་ཡོངས་ལ་སྤེལ་བར་ཤོག༔ ཅེས་གསུངས་སོ༔ དེ་ནས་ཌཱ་ཀི་མཚོ་རྒྱལ་གྱིས་རྡོ་རྗེ་ཕག་མོའི་བཀའ་བཞིན་དུ་གཏེར་དུ་སྦས་སོ༔ ཟབ་རྒྱ༔ གཏེར་རྒྱ༔ གབ་རྒྱ༔ སྦས་རྒྱ༔ གཉན་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྫོགས་པ་ཆེན་པོ་མཁའ་འགྲོ་གསང་བ་ལམ་ཁྱེར་ལས་བྱུང་ཁུངས་ལོ་རྒྱུས་ཀྱི་གདམས་པ་ཆོས་ཐུན་དང་པོ་འོ༔ སྒྲགས་ཡང་རྫོང་ཤེལ་གྱི་འོད་གསལ་ཕུག་ནས་གཏེར་སྟོན་མ་ཀུན་དགའ་འབུམ་གྱིས་གཏེར་ནས་སྤྱན་དྲངས་པའི་ཤོག་སེར་གྱི་ཡང་ཚ་ལས་ཞལ་བཤུས་སོ།། ༄༅༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་ཁྲིད་ཡིག་བཞུགས་སོ༔ ན་མོ་གུ་རུ་དྷེ་བ་ཌཱ་ཀི་ནཱི༔ དམ་ཚིག་དང་ལྡན་པའི་བླ་མ་ཡིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ སྐྱབས་འགྲོའི་རིམ་པ་འདི་ལྟར་སྟོན༔ ཚོགས་འཁོར་དང་མཆོད་པ་བཤམས་ནས་ནི༔ རྡོ་རྗེ་སློབ་དཔོན་གྱིས་སྣོད་ལྡན་སློབ་མ་ལ་བགེགས་བསྐྲད༔ མེ་གཅོད་བྱས་ནས་རྡོ་རྗེ་ཕག་མོ་མཁའ་འགྲོ་ཡོངས་རྫོགས་ཀྱི་ཕྲིན་ལས་གཞུང་བསྲང༔ བསྐྱེད་རིམ་ལ་སོགས་པའི་དམིགས་པ་ཕོག་ལ༔ རོལ་མོའི་སྒྲ་སྒྲོག་ཅིང་གཏོར་དབང་བྱ༔ དེ་ནས་སྐྱབས་འགྲོའི་བསླབ་བྱ་འདི་ལྟར་བཤད༔ ཐུན་མོང་གི་བསླབ་བྱ་རྣམ་པ་དྲུག་ནི༔ སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་སྤང༔ ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་དང་སྲོག་གཅོད་སྤང༔ དགེ་འདུན་ལ་སྐྱབས་སུ་སོང་ནས་མི་མུ་སྟེགས་ཅན་ལོག་པའི་ལམ་དུ་ཞུགས་པ་སྤོང་བའོ༔ འོ་ན་སངས་རྒྱས་ལ་སྐྱབས་སུ་སོང་ན་དེ་བཞིན་གཤེགས་པའི་སྐུ་གདུང་དང༔ སངས་རྒྱས་ཀྱི་སྐུ་རིས་སུ་བྲིས་པའམ༔ ལུགས་སུ་བླུགས་པའམ༔ འབུར་དུ་དོད་པའམ༔ ལམ་པོ་ཆེ་ན་སཱཙྪ་རྡོག་པོ་གཅིག་འདུག་ནའང་དེ་བཞིན་གཤེགས་པའི་སྐུ་ཡིན་པས༔ དད་པ་དང་མོས་པ་བྱེད་དགོས༔ ཆོས་ལ་སྐྱབས་སུ་སོང་ན༔ བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཙམ་ལ་དད་པ་དང་མོས་པ་བྱེད༔ ལམ་གཞུང་ན་སཱཙྪ་རྡོག་པོ་གཅིག་འདུག་ཀྱང་འགོམ་ཡུག་མི་འགྲོ་བ་དང༔ ཆར་ཐིགས་མི་ཡོང་སར་འཇོག༔ རང་གི་ཁྱིམ་ན་བཀའ་ཤེས་རབ་སྙིང་པོ་ཙམ་ཞིག་ལས་མེད་ཀྱང༔ ཉ་སྟོང་བརྒྱད་གསུམ་ལ་མཆོད་པ་འབུལ༔ མོས་པ་བྱེད་དོ༔ དགེ་འདུན་ལ་སྐྱབས་སུ་སོང་ནས་གོས་སེར་མོ་དཀྲིས་པ་ཙམ་ལ་བཅོམ་ལྡན་འདས་ཀྱི་སྤྲུལ་པ་ཡིན་སྙམ་པའི་དད་པ་དང་མོས་པ་བྱེད༔ ཟས་འབྲེལ་འདོགས༔ བསྔོ་བ་དང་སྨོན་ལམ་ཞུ༔ སེར་མོའི་ན་བཟའ་ལ་འགོང་ཡུག་མི་གཏོང༔ མཐོང་བ་ཙམ་གྱིས་དད་པ་བྱེད་དོ༔ དེ་རྣམས་ནི་ཐུན་མོང་གི་བསླབ་བྱ་རྣམ་པ་དྲུག་གོ༔ ད་ཁྱད་པར་གྱི་བསླབ་བྱ་རྣམ་པ་ལྔ་ནི༔ རང་ཅི་ཟ་ཅི་འཐུང་གི་སྒོ་ནས་དཀོན་མཆོག་མཆོད་པ་དང་གཅིག༔ བྱ་དགའ་དང་ཀྱལ་ཀའི་ཆེད་དུ་དཀོན་མཆོག་མི་སྤང་བ་དང་གཉིས༔ དོན་གལ་པོ་ཆེ་ཡི་དུས་སུ་སྐྱབས་གཞན་ནས་མི་འཚོལ་བ་དང་གསུམ༔ དུས་རྒྱུན་དུ་མཆོད་པ་ལ་བརྩོན་ཞིང་མ་ཡེངས་པའི་ངང་ནས་ལུས་ལ་ན་ཚ་བྱུང་ན་ཡིད་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་ཕྱག་འཚལ་བ་སོགས་ལ་འབད་པར་བྱ་བ་དང་བཞི༔ རང་གར་འགྲོའི་ལྷ་ལ་ཕྱག་འཚལ་བ་དང་ལྔའོ༔ རང་ས་ཕྱོགས་གར་འགྲོ་ཡང༔ བླ་མའི་རྣལ་འབྱོར་བསྒོམ་པ་དང༔ རིགས་ལྔ་ལ་སོགས་པའི་ཡི་དམ་རྣམས་སྤྱི་བོར་སྒོམ་བཞིན་དུ་ཕྱིན་པས༔ ལྷ་འདྲེ་གདུག་པ་ཅན་རྣམས་ཀྱི་གནོད་པ་དང༔ མི་རྒོད་ཇག་པ་རྣམས་ཀྱི་འཇིགས་པ་མི་ཡོང་ངོ༔ དེ་ལ་ཁྱད་པར་གྱི་བསླབ་བྱ་རྣམ་པ་ལྔ་ཟེར་བ་ཡིན༔ ད་གཉིས་པ་ཐུན་གྱི་བསླབ་བྱ་རྣམ་པ་གསུམ་ནི༔ སངས་རྒྱས་ལ་གུས་པ་སྒྲུབ་ཅིང་མི་གུས་པ་སྤང༔ ཆོས་ལ་གུས་པ་སྒྲུབ་ཅིང་མི་གུས་པ་སྤང༔ དགེ་འདུན་ལ་གུས་པ་སྒྲུབ་ཅིང་མི་གུས་པ་སྤང༔ དེ་རྣམས་སྐྱབས་འགྲོའི་བསླབ་བྱའོ༔ ལར་སྐྱབས་འགྲོའི་བསླབ་བྱ་རང་རྒྱུ་འབྲས་ལ་འཛེམ་པར་ཞུའོ༔ རྒྱུ་འབྲས་ལ་མ་འཛེམ་པའི་ཆོས་ཀྱིས་སངས་རྒྱས་པ་མེད་དོ༔ ད་རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་སྐྱབས་འགྲོའི་གདམས་པ་ལག་ལེན་འདི་ལྟར་རོ༔ དམ་ཚིག་དང་ལྡན་པའི་བླ་མ་ཡིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ སྐྱབས་འགྲོ་འདི་ལྟར་བསླབ་པར་བྱའོ༔ དེ་ཡང་བདག་གཅིག་པུའི་དོན་དུ་མ་ཡིན༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱ་ཞིང༔ བཀའ་བརྒྱུད་ཐམས་ཅད་ནམ་མཁར་བཞུགས་པར་བསམ་ལ༔ ཁམས་གསུམ་འགྲོ་བ་རིགས་དྲུག་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད༔ སྣང་སྟོང་གི་བླ་མ་སངས་རྒྱས་མཁའ་འགྲོ་ལ་སྐྱབས་སུ་མཆི་འོ༔ ཁམས་གསུམ་འགྲོ་བ་རིགས་དྲུག་ཞེས་སོགས་འགྲེ་འོ། །རིག་སྟོང་གི་བླ་མ་རྡོ་རྗེ་མཁའ་འགྲོ་ལ༴ ཁམས༴ བདེ་སྟོང་གི་བླ་མ་རིན་ཆེན་མཁའ་འགྲོ་ལ༴ ཁམས༴ གསལ་སྟོང་གི་བླ་མ་པདྨ་མཁའ་འགྲོ་ལ༴ ཁམས༴ གྲགས་སྟོང་གི་བླ་མ་ལས་ཀྱི་མཁའ་འགྲོ་ལ༴ ཁམས༴ ཆོས་སྐུའི་བླ་མ་རྡོ་རྗེ་ཕག་མོ་ལ༴ ལོངས་སྐུའི་བླ་མ་རྡོ་རྗེ་རྣལ་འབྱོར་མ་ལ༴ སྤྲུལ་སྐུའི་བླ་མ་ཡེ་ཤེས་མཚོ་རྒྱལ་ལ༴ སྐུ་གསུམ་གྱི་བླ་མ་དྲིན་ཅན་མ་ཀུན་དགའ་འབུམ་ལ༴ བཀའ་བརྒྱུད་ཀྱི་བླ་མ་དུང་མཚོ་རས་པ་ལ༴ དོན་བརྒྱུད་ཀྱི་བླ་མ་བྱ་བཏང་རང་གྲོལ་ལ༴ སྒྲུབ་བརྒྱུད་ཀྱི་བླ་མ་སཱུརྱ་ཙནྡྲ་ལ༴ མཁས་གྲུབ་ཀྱི་བླ་མ་སངས་རྒྱས་འོད་ཟེར་ལ༴ ཁམས་གསུམ་འགྲོ་བ་རིགས་དྲུག་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད༔ རྩ་བའི་བླ་མ་བཀའ་དྲིན་ཅན་ལ་སྐྱབས་སུ་མཆི་འོ༔ དེ་རྣམས་ནི་སྐྱབས་འགྲོའི་གདམས་པ་འོ༔ དམ་ཚིག་དང་ལྡན་པའི་བླ་མ་ཡིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ སེམས་བསྐྱེད་ཀྱི་གདམས་པ་འདི་ལྟར་སྟོན༔ དེ་ཡང་སེམས་བསྐྱེད་ཀྱི་བསླབ་བྱ་ནི༔ དང་པོ་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི༔ སྤྲུལ་པའི་གཅེས་ཕྲུག་ཕོ་མོ་དང༔ ཕ་མ་རྒན་འཁོགས་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ༔ ལུས་ཀྱི་འགྲོ་འོང་མ་ཡིན་ཏེ་སེམས་སངས་རྒྱས་སུ་སྨོན་པའོ༔ གཉིས་པ་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི༔ སངས་རྒྱས་བསྟན་པའི་སྒོར་ཞུགས་པའི་སེར་མོ་བ་རྣམས་དང༔ ཡར་བླ་མ་སློབ་དཔོན་རྣམས་ལ་ཞབས་ཏོག་བྱེད༔ མར་ངན་ལོང་རྣམས་ལ་སྦྱིན་པ་གཏོང༔ གསང་སྔགས་ཀྱི་ཁྲིད་དབང་ཟབ་མོ་ཞུ་བ་དང༔ ཡི་དམ་ལྷའི་བསྐྱེད་རྫོགས་བསྒོམ་པ་དང༔ སངས་རྒྱས་ཀྱི་གསུང་ལ་འབྲི་ཀློག་བྱེད་པ་དང༔ མདོར་ན་དཀར་པོ་དགེ་བའི་བྱ་བ་ལ་འབད་པ་ཐམས་ཅད་སངས་རྒྱས་ལ་འཇུག་པ༔ ཆོས་ལ་འཇུག་པ༔ དགེ་འདུན་ལ་འཇུག་པའོ༔ དེ་ནི་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ༔ ད་དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི༔ སྐྱེས་བུ་ལས་འཕྲོ་ཅན་གཞོན་ནུ་ལ་རབ་ཏུ་བྱུང་བ༔ ཉན་ཐོས་ཀྱི་འདུལ་ཁྲིམས་དང་ལྡན་པ༔ གསང་སྔགས་ཀྱི་དམ་ཚིག་དང་ལྡན་པ༔ ཆོས་ཉིད་ཀྱི་དོན་མཐོང་བས་བདག་གཞན་ཐམས་ཅད་ཀྱི་དོན་འགྲུབ་པ་དེ༔ དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ༔ ད་སེམས་བསྐྱེད་དང་སྙིང་རྗེ་དབྱེར་མེད་པས༔ བདག་གཅིག་པོའི་དོན་དུ་བྱ་བ་མ་ཡིན་ཏེ༔ ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ༔ བདག་གི་ཕ་མ་བྱས་པ་མེད༔ མ་མ་བྱས་པ་མེད༔ དགྲ་ཡང་གཉེན་དུ་མ་གྱུར་པ་གཅིག་ཀྱང་མེད་པས་ཐམས་ཅད་སྙིང་རེ་རྗེ༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་པར་བྱ་སྙམ་དུ་བསམ་མོ༔ དེའི་ངང་ནས་སེམས་བསྐྱེད་ལག་ལེན་ངག་ཏུ་འདི་ལྟར་བརྗོད་དོ༔ ན་མོ༔ བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ་གྱུར་ཀྱང༔ མ་རིག་འཁྲུལ་པའི་དབང་གིས་འཁོར་བར་འཁྱམས་པའི་ཚེ༔ རྒྱལ་སྲས་རྣམས་དང་འཕགས་པའི་ཚོགས་རྣམས་ཀྱིས༔ འགྲོ་བ་སེམས་ཅན་རྣམས་ཀྱི་དོན་ཕྱིར་དུ༔ བྱང་ཆུབ་མཆོག་ཏུ་ཐུགས་ནི་བསྐྱེད་པ་ལྟར༔ བདག་ཀྱང་བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་པར་བགྱིའོ༔ ཞེས་བརྗོད་དོ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ སྐྱབས་འགྲོ་སེམས་བསྐྱེད་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་གཉིས་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ སྒྲགས་ཡང་རྫོང་ཤེལ་གྱི་འོད་གསལ་ཕུག་ནས་སློབ་དཔོན་མ་ཀུན་དགའ་འབུམ་གྱིས་གཏེར་ནས་སྤྱན་དྲངས་པའི་ཤོག་སེར་ཡང་ཚ་ལས་ཞལ་བཤུས་སོ།། ༄༅༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ སྤྱན་འདྲེན་དང་ཕྱག་འཚལ་གྱི་རིམ་པ་རྣམས་བཞུགས་སོ༔ ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི༔ དམ་ཚིག་དང་ལྡན་པའི་བླ་མ་ཡིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ མ་རྒྱུད་གསང་སྔགས་ལམ་ཁྱེར་གྱི༔ སྤྱན་འདྲེན་དམིགས་པ་འདི་ལྟར་ཕོག༔ ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་དུ་བསྐྱེད༔ ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་དང༔ མིག་གི་ཡུལ་དུ་གཟུགས་མཐོང་ཚད༔ རྣ་བས་སྒྲ་ཐོས་ཚད་ཐམས་ཅད་བླ་མ་ཡི་དམ་མཁའ་འགྲོ་རྣམས་སུ་བསྒོམ༔ དེ་ནས་སྤྱན་འདྲེན་བྱས་པ་ཙམ་གྱིས་ནམ་མཁའི་དབྱིངས་སུ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་སྤྲིན་ཕུང་འཐིབས་པ་བཞིན་བྱོན་པར་བསམ་ལ་ངག་ཏུ་འདི་ལྟར་བརྗོད་དོ༔ སྣང་བ་ཆོས་སྐུའི་གཞལ་ཡས་ནས༔ བཀའ་བརྒྱུད་བླ་མ་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བདེ་ཆེན་ལོངས་སྐུའི་གཞལ་ཡས་ནས༔ ཡི་དམ་ལྷ་ཚོགས་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྣ་ཚོགས་སྤྲུལ་སྐུའི་གཞལ་ཡས་ནས༔ དཔའ་བོ་མཁའ་འགྲོ་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དེ་ནི་སྤྱན་འདྲེན་གྱི་གདམས་པའོ༔ དམ་ཚིག་དང་ལྡན་པའི་བླ་མ་ཡིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ ཕྱག་འཚལ་དམིགས་པ་འདི་ལྟར་ཕོག༔ ཕྱག་འཚལ་བ་ལ་དད་པ་དང་མོས་གུས་དགོས་ཏེ༔ དེ་ལ་དད་པ་རབ་ལ་བྱིན་རླབས་རབ༔ དད་པ་འབྲིང་ལ་བྱིན་རླབས་འབྲིང༔ དད་པ་ཐ་མ་ལ་བྱིན་རླབས་ཀྱང་ཐ་མའོ༔ དད་པ་ཡེ་ནས་མེད་ན་བྱིན་རླབས་ཀྱང་ཡེ་ནས་མི་ཡོང་ངོ༔ དེ་ལ་དད་པ་གལ་ཆེ་སྟེ༔ དད་པ་ལ་ཡང་སྤང་བྱ་བཞི༔ བླང་བྱ་གསུམ་སྟེ༔ དེ་ཡང་སྤང་བྱ་རྣམ་པ་བཞི་ནི༔ འབར་སྔ་ལ་ཡལ་སྐྱེན་པའི་སྒྲོན་མེ་ལྟ་བུའི་དད་པ་དེ་སྤང་ངོ༔ ཕྱི་དཀར་ལ་ནང་ནག་པ་སྣག་བུམ་ལྟ་བུའི་དད་པ་དེ་སྤང་ངོ༔ མདུན་དྲོས་ལ་རྒྱབ་མ་དྲོས་པ་སྒྱེད་རྡོ་ལྟ་བུའི་དད་པ་དེ་སྤང་ངོ༔ འཐིབ་སྔ་ལ་མུད་ཕྱི་བ་ན་བུན་ལྟ་བུའི་དད་པ་དེ་སྤང་ངོ༔ ད་ནི་དད་པའི་བླང་བྱ་གསུམ་ནི༔ དུང་བའི་དད་པ་སྐོམ་པ་ཆུ་དང་འཕྲད་པ་ལྟ་བུ༔ མོས་པའི་དད་པ་བུ་ཚས་ཕ་མ་ལ་གྲོས་འདྲི་བ་ལྟ་བུ༔ ཡིད་ཆེས་པའི་དད་པ་སྨན་པས་ནད་པ་ལ་སྨན་བཏང་བ་ལྟ་བུའོ༔ དེས་ན་བླ་མ་དང་ཡི་དམ་མཁའ་འགྲོའི་ཚོགས་ལ་ལུས་ངག་ཡིད་གསུམ་དད་པ་དང་མོས་པའི་སྒོ་ནས༔ ཕྱག་འཚལ་ཞིང་ངག་ཏུ་འདི་ལྟར་བརྗོད་དོ༔ གཏི་མུག་སྣང་སྟོང་དུ་ཁྱེར་མཛད་པའི༔ སངས་རྒྱས་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་ལོ༔ ཞེ་སྡང་རིག་སྟོང་དུ་ཁྱེར་མཛད་པའི༔ རྡོ་རྗེ་མཁའ་འགྲོའི་སྐུ་ལ༴ ང་རྒྱལ་བདེ་སྟོང་དུ་ཁྱེར་མཛད་པའི༔ རིན་ཆེན་མཁའ་འགྲོའི་སྐུ་ལ་ཕྱག༴ འདོད་ཆགས་གསལ་སྟོང་དུ་ཁྱེར་མཛད་པའི༔ པདྨ་མཁའ་འགྲོའི་སྐུ་ལ༴ ཕྲག་དོག་གྲགས་སྟོང་དུ་ཁྱེར༴ ལས་ཀྱི་མཁའ་འགྲོའི་སྐུ༴ དུག་ལྔ་ཡེ་ཤེས་སུ་ཁྱེར༴ རྡོ་རྗེ་ཕག་མོའི་སྐུ༴ རྣམ་རྟོག་ཆོས་སྐུར་ཁྱེར༴ རྡོ་རྗེ་རྣལ་འབྱོར་མའི་སྐུ༴ སྒྱུ་ལུས་ཚོགས་འཁོར་དུ་ཁྱེར༴ ཡེ་ཤེས་མཚོ་རྒྱལ་སྐུ༴ རྨི་ལམ་འོད་གསལ་དུ་ཁྱེར༴ ཀུན་དགའ་འབུམ་གྱི་སྐུ༴ སེམས་ཉིད་མཁའ་སྤྱོད་དུ་འཕོ་མཛད་པའི༔ དུང་མཚོ་རས་པའི་སྐུ༴ བར་དོ་ལམ་དུ་ཁྱེར༴ བྱ་བཏང་རང་གྲོལ་སྐུ༴ བླ་མའི་རྣམ་ཐར་སྐྱོང་མཛད་པའི༔ སཱུརྱ་ཙནྡྲའི་སྐུ༴ བཤད་སྒྲུབ་བསྟན་པ་སྐྱོང་མཛད་པའི༔ སངས་རྒྱས་འོད་ཟེར་སྐུ༴ སེམས་ཉིད་སངས་རྒྱས་སུ་ངོ་སྤྲོད་པའི༔ རྩ་བའི་བླ་མའི་སྐུ་ལ༴ མཆོག་དང་ཐུན་མོང་དངོས་གྲུབ་སྟེར་མཛད་པའི༔ གཏེར་བདག་ཌཱ་ཀིའི་སྐུ་ལ་ཕྱག་འཚལ་ལོ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ སྤྱན་འདྲེན་ཕྱག་འཚལ་གྱི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་གསུམ་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ སྒྲགས་ཡང་རྫོང་ཤེལ་ཕུག་ནས་སློབ་དཔོན་མ་ཀུན་དགའ་འབུམ་གྱིས་གཏེར་ནས་སྤྱན་དྲངས་པའོ། །ཤོག་སེར་ཡང་ཚའོ།། ༄༅༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ མཎྜལ་དང་ཡིག་བརྒྱའི་ཁྲིད་ཡིག་བཞུགས་སོ༔ ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི༔ དམ་ཚིག་དང་ལྡན་པའི་བླ་མ་ཡིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ མ་རྒྱུད་གསང་བ་ལམ་ཁྱེར་གྱི༔ མཎྜལ་གྱི་དམིགས་པ་འདི་ལྟར་ཕོག༔ དམིགས་པའི་རྟེན་དུ་མདུན་གྱི་ནམ་མཁའ་ལ༔ བཀའ་བརྒྱུད་ཀྱི་བླ་མ་དང༔ ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་སྤྲིན་ཕུང་འཐིབས་པ་བཞིན་དུ་བསམ་ལ༔ ཆོས་ཟབ་མོ་ཞུ་བའི་ཕྱིར་དང༔ ལོངས་སྤྱོད་ཀྱི་ཚོགས་གཉིས་རྫོགས་པའི་ཕྱིར༔ དམིགས་པ་རྒྱ་ཆེ་ལ་དཔངས་མཐོ་བ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བར་བསམ་ལ༔ སྤྲུལ་སྐུའི་མཎྜལ་ཚོམ་བུ་བཅོ་ལྔ་བཀོད་ལ༔ གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱ༔ རྒྱལ་སྲིད་སྣ་བདུན༔ བཀྲ་ཤིས་རྫས་བརྒྱད༔ འདོད་ཡོན་ལྔའི་ཕུང་པོ་བསམ་གྱིས་མི་ཁྱབ་པར་དམིགས་ལ༔ དེ་ནས་ངག་ཏུ་འདི་ལྟར་བརྗོད་དོ༔ ཨོཾ་ཨཱཿཧཱུྃ༔ རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན༔ རྒྱལ་བའི་འབྱོར་ཚོགས་དཔག་མེད་དང་ལྡན་པ༔ དཔག་ཡས་ནམ་མཁའི་རྒྱན་གྱུར་འདི་ཕུལ་བས༔ རང་བྱུང་སྤྲུལ་སྐུའི་ཞིང་ལ་སྤྱོད་པར་ཤོག༔ ལན་གསུམ་འབུལ༔ དེ་ནས་ལོངས་སྐུའི་མཎྜལ་ལ་ཚོམ་བུ་དགུ་བཀོད་ལ༔ ལོངས་སྐུའི་ཞིང་ཁམས་སྟུག་པོ་བཀོད༔ རྒྱ་ནམ་མཁའ་དང་མཉམ་པ༔ གཞལ་ཡས་ཁང་ཆེན་པོ་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ༔ མཆོད་པའི་ལྷ་མོ་བཅུ་དྲུག་དང་ལྡན་པ༔ མཆོད་པའི་སྤྲིན་ཕུང་དང་བཅས་པ༔ འཁོར་བ་མ་སྟོངས་ཀྱི་བར་དུ་རྟག་པར་རྒྱུན་མི་ཆད་པར་དམིགས་ལ༔ ངག་ཏུ་འདི་ལྟར་བརྗོད་དོ༔ ཨོཾ་ཨཱཿཧཱུྃ༔ འོག་མིན་བདེ་ཆེན་རིན་ཆེན་གཞལ་ཡས་ཁང༔ སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་བྲེ་ཅན༔ ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས༔ ལྷུན་གྲུབ་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ ལན་གསུམ་ཕུལ༔ དེ་ནས་ཆོས་སྐུའི་མཎྜལ་ལ༔ ཚོམ་བུ་ལྔ་བཀོད་ལ༔ དུག་གསུམ་གྱི་འཁྲུལ་པ་ཐམས་ཅད་སྤངས་ཏེ༔ མ་བཅོས་འཛིན་མེད་ཀྱི་ངང་ནས་རྟོག་མེད་དུ་འབུལ་བར་བྱའོ༔ ངག་ཏུ་འདི་ལྟར་བརྗོད་དོ༔ ཨོཾ་ཨཱཿཧཱུྃ༔ འོད་གསལ་ལྷུན་གྲུབ་ཡེ་ཤེས་རིགས་ལྔའི་ཞིང༔ སྐུ་དང་ཐིག་ལེས་ཡེ་ནས་བརྒྱན་པ་འདི༔ རང་སྣང་དག་པས་ལེགས་པར་ཕུལ་བ་ཡིས༔ ཀུན་བཟང་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ ལན་གསུམ་འབུལ་ལོ༔ དེ་རྣམས་ནི་མཎྜལ་གྱི་ལག་ལེན་ཡིན་ནོ༔ མཎྜལ་ཕུལ་བའི་རྟགས་ལ་འདི་ལྟར་འོང་ངོ༔ རྨི་ལམ་དུ་རོལ་མོ་སྣ་ཚོགས་སྒྲོག་པ་དང༔ རིན་པོ་ཆེ་སྣ་ཚོགས་བཏུས་པ་དང༔ ཞིང་ཁམས་སྣ་ཚོགས་སུ་ཕྱིན་པ་རྨིས་པའོ༔ ཚེ་རྟིང་ལ་ཡང་གཟུགས་བཟང་བ༔ དབྱངས་སྙན་པ༔ ལོངས་སྤྱོད་ཕུན་སུམ་ཚོགས་པ་འོང་ངོ༔ ད་ནི་སྡིག་སྒྲིབ་སྦྱོང་བའི་ཕྱིར་ཡི་གེ་བརྒྱ་པའི་སྒོམ་བཟླས་འདི་ལྟར་བྱའོ༔ རང་ཐ་མལ་པའི་སྤྱི་བོར་ཟླ་བའི་གདན་གྱི་སྟེང་དུ༔ རྡོ་རྗེ་དཀར་པོ་རྩེ་ལྔ་པ༔ ལྟེ་བ་ལ་ཧཱུྃ་གིས་མཚན་པ་གཅིག་བསྒོམ༔ དེ་ལས་འོད་འཕྲོས༔ འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡས་པ་གསེར་གྱི་རྡོ་རྗེ་ཐུགས་ཀར་བསྣམས་པ༔ གཡོན་པ་དངུལ་གྱི་དྲིལ་བུ་དཀུ་ལ་བརྟེན་པ༔ ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་དུ་བཞུགས་པ༔ ཞབས་ཀྱི་མཐེ་བོང་རང་གི་སྤྱི་བོ་ཚངས་བུག་ལ་རེག་པ༔ དེའི་ཐུགས་ཀྱི་དཀྱིལ་ན་གསེར་གྱི་རྡོ་རྗེ་རྩེ་ལྔ་པ༔ ལྟེ་བ་ལ་ཧཱུྃ་གིས་མཚན་པ༔ དེའི་མཐའ་མ་ལ་ཡི་གེ་བརྒྱ་པའི་སྔགས་ཀྱིས་བསྐོར་བ༔ དེ་ལས་འོད་ཟེར་འཕྲོས༔ འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས༔ ཚུར་འདུས༔ རྡོ་རྗེ་སེམས་དཔའི་ཞལ་དུ་ཐིམ༔ སྐུ་ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང༔ ཞབས་ཀྱི་མཐེ་བོང་ནས་མར་ཐོན་ཏེ༔ རང་གི་སྤྱི་བོ་ཚངས་པའི་བུ་གར་བབས་པས༔ ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དག༔ འོག་སྒོ་གཉིས་དང་སེན་མོའི་རྩེ་དང༔ བ་སྤུའི་བུ་ག་རྣམས་ནས་རྣག་ཁྲག་ལྟ་བུ་དང༔ སོལ་ནག་གི་ཁུ་བ་ལྟར་ནག་འདུ་རུ་རུ་སོང་ནས༔ དབང་ཆེན་གསེར་གྱི་ས་གཞིའི་སྟེང་ན་མར་སོང་བར་བསྒོམ་ཞིང༔ ཡི་གེ་བརྒྱ་པ་ཅི་མང་དུ་བཟླ་འོ༔ ཐུན་འཇོག་ཁར་རྡོ་རྗེ་སེམས་དཔའི་ཞལ་ནས༔ རིགས་ཀྱི་བུ་ཁྱོད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་པ་ཡིན་ཨང་གསུངས་ནས༔ རྡོ་རྗེ་སེམས་དཔའི་ཐུགས་ཀར་རང་ཐིམ་པར་བསམ༔ རང་དང་རྡོ་རྗེ་སེམས་དཔའ་གཉིས་སུ་མེད་པའི་ངང་ནས༔ རིག་པ་སྟོང་གསལ་དབྱེར་མེད་ཀྱི་ངང་ལ་མཉམ་པར་གཞག་གོ༔ རང་རྡོ་རྗེ་སེམས་དཔར་བསྒོམས་པའི་འཁོར་ལོ་ལྔ་ལ་མཁའ་འགྲོ་རྣམས་བསྒོམ་མོ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ མཎྜལ་ཡིག་བརྒྱའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་བཞི་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ སྒྲགས་ཡང་རྫོང་ཤེལ་ཕུག་ནས་སློབ་དཔོན་མ་ཀུན་དགའ་འབུམ་གྱིས་གཏེར་ནས་སྤྱན་དྲངས་པའི་ཤོག་སེར་ཡང་ཚ་ལས་ཞལ་བཤུས་པའོ།། ༄༅༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ བཤགས་པ་དང་བཟོད་གསོལ་གྱི་ཁྲིད་ཡིག་བཞུགས་སོ༔ ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི༔ དམ་ཚིག་དང་ལྡན་པའི་བླ་མ་ཡིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ མ་རྒྱུད་གསང་བ་ལམ་ཁྱེར་གྱི༔ བཤགས་པའི་དམིགས་པ་འབོགས་པ་ནི༔ མདུན་གྱི་ནམ་མཁའ་ལ་བཀའ་བརྒྱུད་བླ་མ༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཐམས་ཅད་སྤྲིན་ཕུང་འཐིབས་པ་བཞིན་དུ་བཞུགས་པར་བསམ་ལ༔ རང་སྔར་བྱས་པའི་སྡིག་པ་ལ་དུག་ཟོས་པ་བཞིན་དུ་འགྱོད་པ་དང༔ ཕྱིས་སྲོག་ལ་བབས་ཀྱང་མི་བྱེད་སྙམ་པའི་དམ་བཅའ་བྱས་ལ༔ ངག་ཏུ་འདི་ལྟར་བརྗོད་དོ༔ དཀོན་མཆོག་འཕགས་པའི་ཚོགས་རྣམས་བདག་ལ་དགོངས་སུ་གསོལ༔ བདག་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས༔ ཐ་མ་ད་ལྟ་ཡན་ཆད་དུ༔ མི་དགེ་སྡིག་པའི་ལས་རྣམས་ཅི་བགྱིས་པ༔ དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས༔ སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་རྣམས་བདག་ལ་དགོངས་སུ་གསོལ༔ བདག་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས༔ ཐ་མ་ད་ལྟ་ཡན་ཆད་དུ༔ མི་དགེ་སྡིག་པའི་ལས་རྣམས་ཅི་བགྱིས་པ༔ དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས༔ དཔའ་བོ་མཁའ་འགྲོའི་ཚོགས་རྣམས་བདག་ལ་དགོངས་སུ་གསོལ༔ བདག་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས༔ ཐ་མ་ད་ལྟ་ཡན་ཆད་དུ༔ མི་དགེ་སྡིག་པའི་ལས་རྣམས་ཅི་བགྱིས་པ༔ དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས༔ དེ་ནི་བཤགས་པའི་གདམས་པའོ༔ ད་ནི་བཟོད་གསོལ་གྱི་དམིགས་པ་གོང་བཞིན་བསམ་ལ༔ བདག་གིས་བླ་མ་ལ་སྐུར་པ་བཏབ་པའམ༔ ལོག་ལྟ་བྱས་པའམ༔ གསང་སྔགས་ཀྱི་དམ་ཚིག་ཉམས་པའམ༔ མཁའ་འགྲོ་དང་གཏེར་བདག་རྣམས་ལ་ཚོགས་གཏོར་ཆག་པ་དང༔ གསང་སྔགས་ཀྱི་ཆོས་སྣོད་མེད་རྣམས་ལ་བསྟན་པ་དང༔ གཞན་ཡང་མཁའ་འགྲོའི་བཀའ་ལས་འགལ་པ་རྣམས་ལ་བཟོད་པར་གསོལ་བ་ནི༔ ལུས་ངག་ཡིད་གསུམ་དད་པའི་སྒོ་ནས་ངག་ཏུ་འདི་ལྟར་བརྗོད་པར་བྱའོ༔ རིགས་ལྔའི་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ རང་སེམས་སྐྱེ་མེད་ཆོས་སྐུ་ཡིན་པ་ལ༔ ཡེ་ཤེས་མཁའ་འགྲོ་ལྔ་དང་ཞལ་མ་མཇལ༔ རང་སེམས་མཁའ་འགྲོར་མ་རྟོགས་སྒྲིབ་པས་བསྒྲིབས༔ རིགས་ལྔ་མཁའ་འགྲོའི་སྐུ་གསུང་ཐུགས་དང་ཅི་འགལ་པ༔ མཐོལ་ལོ་བཤགས་སོ་བཟོད་པར་མཛད་དུ་གསོལ༔ སྐུ་གསུམ་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ ཆོས་རྣམས་གཉིས་མེད་ཁྱབ་བརྡལ་ཆེན་པོ་སྟེ༔ རང་རིག་རང་གསལ་ལྷུན་གྲུབ་ཡིན་པ་ལ༔ བདག་འཛིན་ཕྱོགས་རིས་བྱས་པས་དོན་མ་གྲུབ༔ སྐུ་གསུམ་མཁའ་འགྲོའི་སྐུ་གསུང་ཐུགས་དང་ཅི་འགལ་པ༔ མཐོལ་ལོ་བཤགས་སོ་བཟོད་པར་མཛད་དུ་གསོལ༔ བཀའ་བརྒྱུད་བླ་མ་གསན་ཅིང་དགོངས་སུ་གསོལ༔ སྟོང་ཉིད་དོན་བསྟན་རང་གྲོལ་ངོ་སྤྲད་ཀྱང༔ བདེ་གསལ་མི་རྟོག་འཆར་བའི་དུས་མ་བྱུང༔ བཀའ་བརྒྱུད་བླ་མའི་སྐུ་གསུང་ཐུགས་དང་ཅི་འགལ་པ༔ མཐོལ་ལོ་བཤགས་སོ་བཟོད་པར་མཛད་དུ་གསོལ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ བཤགས་པ་བཟོད་གསོལ་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་ལྔ་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ སྒྲགས་ཡང་རྫོང་ཤེལ་ཕུག་ནས་སློབ་དཔོན་མ་ཀུན་དགའ་འབུམ་གྱིས་གཏེར་ནས་བཏོན་པའི་ཤོག་སེར་ཡང་ཚ་ལས་བཤུས་སོ།། ༄༅༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ བླ་མའི་རྣལ་འབྱོར་གྱི་ཁྲིད་ཡིག་བཞུགས་སོ༔ ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི༔ དམ་ཚིག་དང་ལྡན་པའི་བླ་མ་ཡིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ མ་རྒྱུད་གསང་བ་ལམ་ཁྱེར་གྱི༔ བླ་མའི་རྣལ་འབྱོར་འདི་ལྟར་ཕོག༔ སློབ་མས་མཎྜལ་ཕུལ༔ བཤགས་པ་བཟོད་གསོལ་བྱས་ལ༔ དེ་ནས་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་བྱ༔ སྡུག་བསྔལ་དང་བྲལ་བར་བྱ༔ མྱུར་དུ་སངས་རྒྱས་འཐོབ་པར་བྱ༔ དེའི་ཕྱིར་དུ་གསོལ་བ་གདབ་སྙམ་དུ་བསམ་མོ༔ དེ་ཡང་བླ་མ་ནི་རབ་ཆོས་བཅུ་དང་་་ས་བཅུ་ནོན་པའོ།ལྡན་པ་གཅིག་བསྟེན་ནོ༔ འབྲིང་ཆོས་དྲུག་དང་་་ཕ་རོལ་ཏུ་ཕྱིན་པ་དྲུག།ལྡན་པ་གཅིག་བསྟེན༔ ཐ་མ་ཆོས་བཞི་དང་་་ཚད་མེད་པ་བཞི།ལྡན་པ་གཅིག་བསྟེན་ནོ༔ བླ་མ་བསྟེན་པ་ལ་ཡོན་ཏན་ཅི་ཡོད་ན༔ ཚེ་འདི་ལ་ཡང་གློ་བུར་ཡེ་འདྲོག་དང༔ ནད་གདོན་གྱིས་མི་ཚུགས་པའི་ཡོན་ཏན་ཡོད་དོ༔ ཚེ་རྟིང་མ་འཁོར་བ་ངན་སོང་དུ་མི་ལྟུང་བར༔ བླ་མའི་ཐུགས་རྗེའི་ལྕགས་ཀྱུས་གཟུང་ནས༔ འདུ་འབྲལ་མེད་པར་མཁའ་སྤྱོད་ཐར་པ་ཆེན་པོར་འགྲོ་བའི་ཡོན་ཏན་ཡོད་དོ༔ བླ་མ་ལ་ཞབས་ཏོག་དང་འབུལ་བ་ནི༔ རབ་སྒྲུབ་པའི་ཞབས་ཏོག༔ འབྲིང་ལུས་ངག་གི་ཞབས་ཏོག༔ ཐ་མ་ཟང་ཟིང་ནོར་རྫས་ཀྱི་ཞབས་ཏོག་བྱའོ༔ ད་བླ་མ་ལ་དབང་ཇི་ལྟར་ཞུ་ན༔ བུམ་པ་མགོ་ཐོག་ཏུ་འཇོག་པ་ཕྱིའི་དབང་ཞུ༔ ལུས་བསྐྱེད་རིམ་བསྒོམ་པ་ནང་གི་དབང་ཞུ༔ ངག་སྔགས་སུ་འདྲེན་པ་གསང་བའི་དབང་ཞུ༔ སེམས་ཉིད་སྟོང་གསལ་དུ་འཆར་བ་དོན་གྱི་དབང་ཞུ་སྙམ་པ་བྱེད༔ ཨ་ཏི་བཀོད་པའི་རྒྱུད་ལས༔ དྲིན་དང་ལྡན་པའི་བླ་མ་དེ༔ སྤྱི་བོའི་གཙུག་གམ་སྙིང་གི་དཀྱིལ༔ ཡན་ལག་མཐིལ་དུ་སུས་སྒོམ་པ༔ དུས་གསུམ་སངས་རྒྱས་སྒོམ་དང་མཚུངས༔ ཞེས་དང༔ བསྐལ་པ་སྟོང་གི་སངས་རྒྱས་ཀྱང༔ བླ་མ་དག་ལ་བསྟེན་ནས་བྱུང༔ བླ་མ་མེད་པའི་གོང་རོལ་ན༔ སངས་རྒྱས་བྱ་བའི་མིང་ཡང་མེད༔ བསྐལ་པ་སྟོང་གི་སངས་རྒྱས་བས༔ བླ་མའི་བ་སྤུ་གཅིག་མཆོད་བསོད་ནམས་ཆེ༔ གསུངས༔ གསང་སྔགས་ཀྱི་ཆོས་ཟབ་མོ་ཞུ་བ་ལ༔ བླ་མ་ལ་འདུ་ཤེས་བཞི་བསྒོམ་དགོས༔ བླ་མ་ལ་སྨན་པའི་འདུ་ཤེས་བསྒོམ༔ རང་ལ་ནད་པའི་འདུ་ཤེས་བསྒོམ༔ ཆོས་ལ་སྨན་གྱི་འདུ་ཤེས་བསྒོམ༔ བླ་མས་སེམས་ཉིད་སྟོང་གསལ་དུ་ངོ་སྤྲད་ཙམ་ན༔ འཁོར་བ་སྡུག་བསྔལ་གྱི་ནད་དྲག་པའི་འདུ་ཤེས་བསྒོམས་ལ༔ དེའི་ངང་ནས་རང་ཉིད་སྟན་བདེ་བ་ལ་འདུག༔ ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས་ལ༔ མདུན་གྱི་ནམ་མཁའི་དབྱིངས་སུ༔ བཅོམ་ལྡན་འདས་ཁྲོས་མ་ནག་མོ་སྐུ་མདོག་མཐིང་ནག་བཻ་ཌཱུརྱའི་མདོག༔ འོད་ཟེར་དང་ལྡན་པ༔ དབུ་ལ་ཐོད་པ་སྐམ་པོ་ལྔས་བརྒྱན་པ༔ རློན་པ་ལྔ་བཅུའི་དོ་ཤལ་བྱས་པ༔ ཞལ་གདངས་པ༔ མཆེ་བ་གཙིགས་པ༔ སྤྱན་གསུམ་ཡོད་པ༔ དཔྲལ་བའི་མཛོད་སྤུར་ཁྲོ་གཉེར་གསུམ་ཡོད་པ༔ སྤྱི་གཙུག་ཏུ་ཕག་ཞལ་ངུར་བས་ཁམས་གསུམ་དབང་དུ་སྡུད་པ༔ རལ་པ་དམར་ནག་སྤྲིན་ལྟར་འཐིབས་པ༔ སྐུ་སྟོད་ལ་གླང་ཆེན་ཀོ་རློན་གྱོན་པ༔ མི་ལྤགས་ཀྱི་གཡང་གཞི་གསོལ་བ༔ སྐུ་སྨད་ལ་སྟག་གི་ཤམ་ཐབས་གསོལ་བ༔ རཀྟའི་ཐིག་ལེས་བརྒྱན་པ༔ རུས་པའི་རྒྱན་དྲུག་གསོལ་བ༔ ཕྱག་གཡས་གྲི་གུག་བསྣམས་པ༔ གཡོན་ན་ཐོད་ཁྲག་བསྣམས་པ༔ ཞབས་གཡས་བསྐུམ་པའི་རྟིང་པ་བྷ་ག་ལ་གཏད་པ༔ གཡོན་བརྐྱང་པས་མི་རོའི་སྙིང་གར་མནན་པའི་གཡོན་པའི་མཆན་ཁུང་ན་ཁ་ཊྭཱཾ་ག་བཅུག་པ༔ བསྐལ་པའི་མེ་འབར་བའི་དཀྱིལ་ན་བཞུགས་པར་བསྒོམ༔ དེའི་ཐུགས་ཀའི་ཧཱུྃ་མཐིང་ག་གཅིག་ལས་འོད་ཟེར་ཕར་འཕྲོས་པས༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ལ་ཕོག༔ དེ་རྣམས་ཚུར་འདུས་ཕག་མོ་ལ་ཐིམ༔ ཕག་མོའི་ཐུགས་ཀ་ནས་ཡང་འོད་ཟེར་འཕྲོས་པས༔ སངས་རྒྱས་མཁའ་འགྲོ་ལ་སོགས་པ་མཁའ་འགྲོ་སྡེ་ལྔ་ལ་ཕོག༔ གསང་བ་བརྒྱུད་པའི་བླ་མ་རྣམས་མུ་ཏིག་ལྟར་ལ་བརྒྱུས་པ་ལྟར༔ རིམ་པ་བཞིན་རྩ་བའི་བླ་མ་ལ་ཐུག་བར་སྤྱན་དྲངས༔ རྩ་བའི་བླ་མ་ཡང་ཐ་མལ་པ་མ་ཡིན་པར་རྡོ་རྗེ་ཕག་མོའི་ངོ་བོར་བསམ་སྟེ༔ དེ་ནས་རང་གི་སྤྱི་བོར་ཉི་མ་དང་ཟླ་བ་པདྨ་འདབ་མ་བརྒྱད་ཀྱི་སྟེང་ན་བཞུགས་པར་བསམ་ལ༔ དེ་ནས་བླ་མའི་ཐུགས་རྗེའི་ལྕགས་ཀྱུའི་འོད་ཟེར་ཧཱུྃ་མཐིང་ག་གཅིག་སྤྱི་བོ་ནས་མར་ལ་ཞུགས་ནས༔ རང་གི་སྙིང་གར་སེམས་ཉིད་ཀྱི་ངོ་བོ་ཨ་དཀར་པོ་དེ་ལ་བཟུང་ནས་མཁའ་སྤྱོད་དུ་ཁྲིད་པར་བསམ་ལ༔ བླ་མ་དང་རང་གཉིས་འདུ་འབྲལ་མེད་པར་བསམ་ལ༔ བཀའ་བརྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་འུར་དིར་གྱིས་འདེབས་པར་བྱའོ༔ གསོལ་བ་བཏབ་པའི་བྱིན་རླབས་ཀྱིས་རྟོགས་པ་གསུམ་ཡོང་སྟེ༔ ངག་ལ་བྱིན་རླབས་ཞུགས་པ་ལ་སང་ཀྲྀ་ཏའི་སྐད་དང༔ ཨོ་རྒྱན་གྱི་སྐད་ཡོང་ངོ༔ ལུས་ལ་བྱིན་རླབས་ཞུགས་པ་ལ༔ ལུས་འཁྲབ་པ་དང༔ འདར་བ་དང༔ འཕྲིག་པ་ལ་སོགས་པ་ཡོང་ངོ༔ སེམས་ལ་བྱིན་རླབས་ཞུགས་པ་ལ་བདེ་གསལ་མི་རྟོག་པའི་ཉམས་བཟང་པོ་ཡོང་ངོ༔ འཕྲོ་གཅོད་པའི་དུས་སུ༔ བླ་མ་རིམ་པ་བཞིན་དུ་གཅིག་ལ་གཅིག་ཐིམ་སྟེ༔ རྩ་བའི་བླ་མ་ལ་ཐིམ༔ རྩ་བའི་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ༔ རང་དང་བླ་མ་གཉིས་སུ་མེད་པར་རིག་པ་སྟོང་གསལ་གྱི་ངང་ལ་གཞག་གོ༔ གསོལ་འདེབས་ངག་ཏུ་འདི་ལྟར་བརྗོད་དོ༔ སྣང་སྟོང་གི་བླ་མ་སངས་རྒྱས་མཁའ་འགྲོ༔ ཆོས་དབྱིངས་ཡེ་ཤེས་ཀྱི་མཁའ་འགྲོ་ལ་གསོལ་བ་འདེབས༔ སྣང་སྟོང་དབྱེར་མེད་དུ་རྟོགས་པར་བྱིན་གྱིས་རློབས༔ བླ་མ་མཁྱེན་པས་གཟིགས་ལ་ཐུགས་རྗེས་ཟུངས༔ རིག་སྟོང་གི་བླ་མ་རྡོ་རྗེ་མཁའ་འགྲོ༔ མེ་ལོང་ཡེ་ཤེས་ཀྱི་མཁའ་འགྲོ་ལ་གསོལ༴ རིག་སྟོང་དབྱེར་མེད་དུ་རྟོགས་པར་བྱིན༴ བླ་མ་མཁྱེན་པས༴ བདེ་སྟོང་གི་བླ་མ་རིན་ཆེན་མཁའ་འགྲོ༔ མཉམ་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་ལ་གསོལ༴ བདེ་སྟོང་དབྱེར་མེད་དུ་རྟོགས་པར་བྱིན༴ བླ་མ་མཁྱེན་པས༴ གསལ་སྟོང་གི་བླ་མ་པདྨ་མཁའ་འགྲོ༔ སོར་རྟོག་ཡེ་ཤེས་ཀྱི་མཁའ་འགྲོ་ལ་གསོལ༴ གསལ་སྟོང་དབྱེར་མེད་དུ་རྟོགས་པར་བྱིན༴ བླ་མ༴ གྲགས་སྟོང་གི་བླ་མ་ལས་ཀྱི་མཁའ་འགྲོ༔ བྱ་གྲུབ་ཡེ་ཤེས་ཀྱི་མཁའ་འགྲོ་ལ་གསོལ༴ གྲགས་སྟོང་དབྱེར་མེད་དུ་རྟོགས་པར་བྱིན༴ བླ་མ༴ ཆོས་སྐུའི་བླ་མ་རྡོ་རྗེ་ཕག་མོ༔ ཆོས་ཀྱི་སྐུ་ཡི་མཁའ་འགྲོ་ལ་གསོལ༴ ཆོས་སྐུ་སྐྱེ་མེད་རྟོགས་པར་བྱིན༴ བླ་མ༴ ལོངས་སྐུ་ཡི་བླ་མ་རྡོ་རྗེ་རྣལ་འབྱོར་མ༔ ལོངས་སྤྱོད་རྫོགས་སྐུ་ཡི་མཁའ་འགྲོ་ལ་གསོལ༴ ལོངས་སྐུ་འགག་མེད་དུ་གྲོལ་བར་བྱིན༴ བླ་མ༴ སྤྲུལ་སྐུ་ཡི་བླ་མ་ཡེ་ཤེས་མཚོ་རྒྱལ༔ སྤྲུལ་པ་སྐུ་ཡི་མཁའ་འགྲོ་ལ་གསོལ༴ འགྲོ་དོན་ཕྱོགས་མེད་དུ་འབྱོང་བར་བྱིན༴ བླ་མ༴ སྐུ་གསུམ་གྱི་བླ་མ་བདག་མེད་མ༔ དྲིན་ཅན་མ་ཀུན་དགའ་འབུམ་གྱི་སྐུ་ལ་གསོལ༴ མཁའ་འགྲོའི་ལུང་བསྟན་འབྱུང་བར་བྱིན༴ བླ་མ༴ བཀའ་བརྒྱུད་ཀྱི་བླ་མ་དུང་མཚོ་རས་པ༔ རྗེ་མི་བསྐྱོད་རྒྱལ་པོའི་སྐུ་ལ་གསོལ༴ བླ་མའི་རྣམ་ཐར་འབྱོང་བར་བྱིན༴ བླ་མ༴ དོན་བརྒྱུད་ཀྱི་བླ་མ་བྱིན་རླབས་ཅན༔ བྱ་བཏང་རང་གྲོལ་གྱི་སྐུ་ལ་གསོལ༴ དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན༴ བླ་མ༴ སྒྲུབ་བརྒྱུད་ཀྱི་བླ་མ་ཐུགས་རྗེ་ཅན༔ སཱུརྱ་ཙནྡྲའི་སྐུ་ལ་གསོལ༴ སྒྲུབ་པ་མཐའ་རུ་ཕྱིན་པར་བྱིན༴ བླ་མ༴ མཁས་གྲུབ་ཀྱི་བླ་མ་འགྲོ་དོན་ཅན༔ སངས་རྒྱས་འོད་ཟེར་གྱི་སྐུ་ལ་གསོལ༴ འགྲོ་རྣམས་སྨིན་གྲོལ་ལ་འགོད་པར་བྱིན༴ བླ་མ༴ བརྒྱུད་པའི་བླ་མ་འབྲེལ་ཚད་དོན་ལྡན༔ བུདྡྷ་བཱིརྱའི་སྐུ་ལ་གསོལ༴ ཕ་རྗེས་བུ་ཡིས་ཟིན་པར་བྱིན༴ བླ་མ༴ རྩ་བའི་བླ་མ་བཀའ་དྲིན་ཅན༔ དྲན་ཆོག་རྒྱལ་པོའི་སྐུ་ལ་གསོལ༴ སྐུ་གསུམ་རང་ངོ་ཤེས་པར་བྱིན༴ བླ་མ༴ ཡི་དམ་གྱི་ངོ་བོ་དངོས་གྲུབ་ཀྱི་བདག་ཉིད༔ ཞི་ཁྲོ་རབ་འབྱམས་ཀྱི་སྐུ་ལ་གསོལ༴ ལྷུན་གྲུབ་རང་ངོ་ཤེས་པར་བྱིན༴ བླ་མ༴ བཀའ་སྲུང་གི་ངོ་བོ་མཐུ་སྟོབས་ཅན༔ དམ་ཅན་རྒྱ་མཚོའི་སྐུ་ལ་གསོལ༴ རྐྱེན་ངན་བར་ཆད་ཞི་བར་བྱིན༴ བླ་མ༴ མཆེད་ལྕམ་གྱི་ངོ་བོ་དམ་ཚིག་ཅན༔ རྡོ་རྗེ་སྤུན་གྱི་སྐུ་ལ་གསོལ༴ དག་སྣང་ཕྱོགས་མེད་འབྱོང་བར་བྱིན་གྱིས་རློབས༔ བླ་མ་མཁྱེན་པས་གཟིགས་ལ་ཐུགས་རྗེས་ཟུངས༔ ངོ་བོ་ཀ་དག་རྟོགས་པར་བྱིན་གྱིས་རློབས༔ དུག་ལྔ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་རློབས༔ རྣམ་རྟོག་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས༔ རྐྱེན་ངན་གྲོགས་སུ་འཆར་བར་བྱིན་གྱིས་རློབས༔ སྣང་བ་ལམ་དུ་ལོང་བར་བྱིན་གྱིས་རློབས༔ འོད་གསལ་ངོ་བོ་མཐོང་བར་བྱིན་གྱིས་རློབས༔ སྒྱུ་ལུས་འཇའ་འོད་དུ་ཡལ་བར་བྱིན་གྱིས་རློབས༔ བར་དོའི་གསོལ་འདེབས་ནི༔ ཨེ་མ༔ བདག་ལ་སྐྱེ་གནས་བར་དོ་ཤར་དུས་འདིར༔ ཚེ་ལ་ལོང་མེད་ལེ་ལོ་སྤངས་བྱས་ནས༔ ཐོས་བསམ་སྒོམ་གསུམ་མ་ཡེངས་ལམ་ལ་འཇུག༔ མི་ལུས་ལན་གཅིག་ཐོབ་པའི་དུས་ཚོད་འདིར༔ དལ་འབྱོར་ལུས་ཀྱི་སྙིང་པོ་ལེན་དགོས་པས༔ ཉོན་མོངས་འཁོར་བའི་དབང་དུ་མ་གཏང་ཞིག༔ ཨེ་མ་བདག་ལ་རྨི་ལམ་བར་དོ་འཆར་དུས་འདིར༔ གཏི་མུག་རོ་ཉལ་བག་མེད་སྤངས་བྱས་ནས༔ གང་ཤར་རང་སྣང་རིག་པའི་ངོ་ཤེས་ཀྱིས༔ རྨི་ལམ་གཟུང་ལ་སྤྲུལ་སྒྱུར་འོད་གསལ་སྦྱོང༔ དུད་འགྲོ་བཞིན་དུ་ཉལ་བར་མ་བྱེད་པར༔ ཉིན་མོའི་ལས་དང་འདྲ་བའི་ཉམས་ལེན་ཆོས་ལ་འབུང༔ ཨེ་མ་བདག་ལ་བསམ་གཏན་བར་དོ་ཤར་དུས་འདིར༔ རྣམ་གཡེང་འཁྲུལ་པའི་ཚོགས་རྣམས་སྤངས་བྱས་ནས༔ ཡེངས་མེད་འཛིན་མེད་མཐའ་བྲལ་ངང་ལ་ཞོག༔ བསྐྱེད་རྫོགས་གཉིས་ལ་བརྟན་པ་འཐོབ་པར་བྱ༔ བྱ་བ་སྤངས་ནས་རྩེ་གཅིག་སྒོམ་དུས་འདིར༔ མ་རིག་འཁྲུལ་པའི་དབང་དུ་མ་གཏང་ཞིག༔ ཨེ་མ་བདག་ལ་འཆི་ཁའི་བར་དོ་འཆར་དུས་འདིར༔ ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ནས༔ གདམས་ངག་གསལ་བའི་ངང་ལ་མ་ཡེངས་འཇུག༔ རང་སེམས་སྐྱེ་མེད་ནམ་མཁའི་དབྱིངས་སུ་འཕང༔ འདུས་བྱས་ཤ་ཁྲག་ལུས་དང་བྲལ་ལ་ཁད༔ མི་རྟག་སྒྱུ་མ་ཡིན་པར་ཤེས་པར་བྱ༔ ཨེ་མ་བདག་ལ་ཆོས་ཉིད་བར་དོ་ཤར་དུས་འདིར༔ ཀུན་ལ་སྔངས་སྐྲག་འཇིགས་སྣང་སྤངས་བྱས་ནས༔ བར་དོའི་སྣང་ཚུལ་ཡིན་པར་ཤེས་པར་བྱ༔ དོན་ཆེན་འགགས་ལ་ཐུག་པའི་དུས་གཅིག་འོང༔ རིག་པའི་རང་མདངས་སྒྲ་འོད་ཟེར་གསུམ་འཆར༔ རང་སྣང་ཞི་ཁྲོའི་ཚོགས་ལ་མ་འཇིགས་ཤིག༔ ཨེ་མ་བདག་ལ་སྲིད་པ་བར་དོ་འཆར་དུས་འདིར༔ འདུན་པ་རྩེ་གཅིག་སེམས་ལ་བཟུང་བྱས་ནས༔ བཟང་པོ་ལས་ཀྱི་འཕྲོ་ལ་ནན་གྱིས་མཐུད༔ མངལ་སྒོ་དགག་ནས་རུ་ལོག་དྲན་པར་བྱ༔ སྙིང་རུས་དག་སྣང་དགོས་པའི་དུས་ཚོད་ཡིན༔ ལོག་ལྟ་སྤོང་ལ་བླ་མ་ཡབ་ཡུམ་བསྒོམ༔ ཤི་བ་འོང་སྙམ་མེད་པའི་བློ་རིང་པོ༔ དོན་མེད་ཚེ་འདིའི་བྱ་བ་སྒྲུབ་སྒྲུབ་ནས༔ ད་རེས་སྟོང་ལོག་བྱས་ན་འདུན་མ་འཁྲུལ༔ དགོས་ངོ་ཤེས་པ་དམ་པའི་ཆོས་ཡིན་པས༔ ཚེ་འདིའི་བྱ་བ་བློ་ཡིས་བཏང་ནས་ཀྱང༔ ད་ལྟ་ཉིད་དུ་ལྷ་ཆོས་མི་སྒྲུབ་བམ༔ དྲིན་ཅན་བླ་མའི་ཞལ་ནས་འདི་སྐད་གསུངས༔ བླ་མའི་གདམས་ངག་སེམས་ལ་མ་བཞག་ན༔ རང་གིས་རང་ཉིད་བསླུས་པར་མི་འགྱུར་རམ༔ ཨེ་མ་བདག་ནི་མ་རིག་འཁྲུལ་པའི་དབང་གིས་འཁོར་བར་འཁྱམས་པའི་ཚེ༔ སྟོང་ཉིད་སྙིང་རྗེ་ཐུགས་རྗེའི་རྒྱུན་བཟུང་ནས༔ དྲིན་ཅན་རྩ་བའི་བླ་མས་ལམ་སྣ་དྲོངས༔ ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོལ༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨེ་མ་བདག་ནི་གཏི་མུག་དབང་གིས་འཁོར་བར་འཁྱམས་པའི་ཚེ༔ ཆོས་དབྱིངས་ཡེ་ཤེས་གསལ་བའི་དོན་རྟོགས་ནས༔ བཅོམ་ལྡན་རྣམ་པར་སྣང་མཛད་ཀྱིས་ལམ་སྣ་དྲོངས༔ ཡུམ་མཆོག་སངས་རྒྱས་མཁའ་འགྲོས་རྒྱབ་ནས་སྐྱོལ༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨེ་མ་བདག་ནི་ཞེ་སྡང་དབང་གིས་འཁོར་བར་འཁྱམས་པའི་ཚེ༔ མེ་ལོང་ཡེ་ཤེས་གསལ་བའི་དོན་རྟོགས་ནས༔ བཅོམ་ལྡན་རྡོ་རྗེ་སེམས་དཔས་ལམ་སྣ་དྲོངས༔ ཡུམ་མཆོག་རྡོ་རྗེ་མཁའ་འགྲོས་རྒྱབ་ནས་སྐྱོལ༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨེ་མ་བདག་ནི་ང་རྒྱལ་དབང་གིས་འཁོར་བར་འཁྱམས་པའི་ཚེ༔ མཉམ་ཉིད་ཡེ་ཤེས་གསལ་བའི་དོན་རྟོགས་ནས༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན་ལམ་སྣ་དྲོངས༔ ཡུམ་མཆོག་རིན་ཆེན་མཁའ་འགྲོས་རྒྱབ་ནས་སྐྱོལ༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨེ་མ་བདག་ནི་འདོད་ཆགས་དབང་གིས་འཁོར་བར་འཁྱམས་པའི་ཚེ༔ སོར་རྟོག་ཡེ་ཤེས་གསལ་བའི་དོན་རྟོགས་ནས༔ བཅོམ་ལྡན་སྣང་བ་མཐའ་ཡས་ལམ་སྣ་དྲོངས༔ ཡུམ་མཆོག་པདྨ་མཁའ་འགྲོས་རྒྱབ་ནས་སྐྱོལ༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨེ་མ་བདག་ནི་ཕྲག་དོག་དབང་གིས་འཁོར་བར་འཁྱམས་པའི་ཚེ༔ བྱ་གྲུབ་ཡེ་ཤེས་གསལ་བའི་དོན་རྟོགས་ནས༔ བཅོམ་ལྡན་དོན་ཡོད་གྲུབ་པས་ལམ་སྣ་དྲོངས༔ ཡུམ་མཆོག་ལས་ཀྱི་མཁའ་འགྲོས་རྒྱབ་ནས་སྐྱོལ༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨེ་མ་བདག་ནི་བག་ཆགས་ངན་པའི་དབང་གིས་འཁོར་བར་འཁྱམས་པའི་ཚེ༔ སྔངས་སྐྲག་འཇིགས་སྣང་སྤངས་པའི་དོན་རྟོགས་ནས༔ བཅོམ་ལྡན་ཞི་ཁྲོའི་ཚོགས་ཀྱིས་ལམ་སྣ་དྲོངས༔ ཡུམ་མཆོག་དཔའ་མོའི་ཚོགས་ཀྱིས་རྒྱབ་ནས་སྐྱོལ༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨེ་མ་བདག་ལ་ནམ་མཁའི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང༔ སངས་རྒྱས་མཐིང་ཁའི་ཞིང་ཁམས་མཐོང་བར་ཤོག༔ ཨེ་མ་བདག་ལ་ཆུ་ཡི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང༔ སངས་རྒྱས་དཀར་པོའི་ཞིང་ཁམས་མཐོང་བར་ཤོག༔ ཨེ་མ་བདག་ལ་ས་ཡི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང༔ སངས་རྒྱས་སེར་པོའི་ཞིང་ཁམས་མཐོང་བར་ཤོག༔ ཨེ་མ་བདག་ལ་མེ་ཡི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང༔ སངས་རྒྱས་དམར་པོའི་ཞིང་ཁམས་མཐོང་བར་ཤོག༔ ཨེ་མ་བདག་ལ་རླུང་གི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང༔ སངས་རྒྱས་ལྗང་གུའི་ཞིང་ཁམས་མཐོང་བར་ཤོག༔ ཨེ་མ་བདག་ལ་འཇའ་ཚོན་ཁམས་རྣམས་དགྲ་རུ་མི་ལྡང་ཞིང༔ སངས་རྒྱས་སྣ་ཚོགས་ཀྱི་ཞིང་ཁམས་མཐོང་བར་ཤོག༔ སྒྲ་རྣམས་ཐམས་ཅད་རང་སྒྲ་ཡིན༔ གཟུགས་རྣམས་ཐམས་ཅད་རང་གཟུགས་ཡིན༔ འོད་རྣམས་ཐམས་ཅད་རང་འོད་ཡིན༔ ཟེར་རྣམས་ཐམས་ཅད་རང་ཟེར་ཡིན༔ སྣང་བ་ཐམས་ཅད་བདེན་མེད་ཡིན༔ ཆོས་ཉིད་མངོན་སུམ་མཐོང་བར་བྱིན་གྱིས་རློབས༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ བླ་མའི་རྣལ་འབྱོར་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་དྲུག་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ སྒྲགས་ཡང་རྫོང་ཤེལ་གྱི་འོད་གསལ་ཕུག་ནས་གཏེར་སྟོན་མ་ཀུན་དགའ་འབུམ་གྱིས་སྤྱན་དྲངས་པའི་ཤོག་སེར་གྱི་ཡང་ཚ་ལས་ཞལ་བཤུས་པའོ།། ༄༅༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ འཆི་བ་མི་རྟག་པ་སྒོམ་པའི་ཁྲིད་ཡིག་བཞུགས་སོ༔ ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི༔ དམ་ཚིག་དང་ལྡན་པའི་བླ་མ་ཡིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ མ་རྒྱུད་གསང་བ་ལམ་ཁྱེར་གྱི༔ འཆི་བ་མི་རྟག་པའི་གདམས་པ་འདི་ལྟར་ཕོག༔ མདུན་དུ་མི་རྟག་པའི་བརྡ་རྟེན་བཞག་ལ༔ ངག་ཏུ་འདི་ལྟར་བརྗོད་དོ༔ སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་བྱ༔ སྡུག་བསྔལ་དང་བྲལ་བར་བྱའོ༔ དེའི་ཆེད་དུ་འཆི་བ་མི་རྟག་པ་བསྒོམ་དགོས་པ་ཡིན་ཏེ༔ དེ་ཡང་ས་སྟེང་འདིར༔ སྔར་སྐྱེས་པ་རྣམས་ཀྱང་འཆི༔ ད་ལྟ་ས་སྟེང་ན་བསྡད་པ་རྣམས་ཀྱང་འཆི་བར་ཐག་ཆོད༔ དེ་ཡང་བརྩིགས་པའི་མཐའ་མ་ནི་འཇིག༔ བསགས་པའི་ཐ་མ་ནི་འཛད༔ འགྲོགས་པའི་ཐ་མ་ནི་འབྲལ༔ སྐྱེས་པའི་ཐ་མ་ནི་འཆི་བར་ཐག་ཆོད༔ དཔེར་ན་ཕྱི་སྣང་བའི་ཡུལ་འདི་ཀུན་ཡང་མི་རྟག༔ མིག་གིས་གཟུགས་མཐོང་ཚད༔ རྣ་བས་སྒྲ་ཐོས་ཚད༔ ས་གཞི་རི་རབ༔ རྩི་ཤིང་ནགས་ཚལ༔ བྲག་རྡོ༔ ཆུ་ལ་སོགས་པ་འདི་ཀུན་ཡང་སྣང་བའི་ཡུལ་དུ་མཐོང་ཙམ་མིན་པ་མི་རྟག༔ ནང་འཛིན་པའི་དབུགས་དང་ལུས་ཀྱང་མི་རྟག༔ ལུས་འདི་དཔེར་ན་བར་སྣང་གི་འཇའ་ཚོན་དང་འདྲ་སྟེ་མི་རྟག་འཇིག་པར་སྣང༔ སོས་ཀའི་མེ་ཏོག་དང་འདྲ་སྟེ་མི་རྟག༔ ཉི་མ་ནུབ་པའི་གྲིབ་སོ་དང་འདྲ་སྟེ་མི་རྟག༔ རྩྭ་ཐོག་གི་ཟིལ་པ་དང་འདྲ་སྟེ་མི་རྟག༔ བོང་བུའི་འགྲེ་ལོག་དང་འདྲ་སྟེ་མི་རྟག༔ ཉལ་སྟེགས་ཁར་ངལ་གསོ་བ་འདྲ་སྟེ་མི་རྟག༔ དགུན་གྱི་འཁྱགས་པ་དང་འདྲ་སྟེ་མི་རྟག༔ སེན་མོའི་ཁར་རྡུལ་ཆགས་པ་དང་འདྲ་སྟེ་མི་རྟག༔ དཔེར་ན་རང་གི་ཕ་མ་རྒན་རྒོན༔ གཉེན་ཉེ་བ༔ ཟླ་བོ་གྲོང་པ༔ ཁྱིམ་མཚེས་རྣམས་ཀྱང་མི་རྟག༔ ལུས་ལ་གནས་པ་མེད་པས་ནམ་འཆི་ཆ་མེད༔ ཚེ་ལ་སྲིང་བ་མེད་པས་ནམ་འཆི་ཆ་མེད༔ དབུགས་ལ་གཟུང་བ་མེད་པས་ནམ་འཆི་ཆ་མེད༔ རྩ་རྟ་རྔ་ཙམ་ཆད་པ་ལ་བརྟེན་ནས་ཀྱང་འཆི༔ རྨ་ཁབ་མིག་ཙམ་བྱུང་བ་ལ་བརྟེན་ནས་འཆི༔ ཐོར་པ་སྲན་འབྲུ་ཙམ་ལ་བརྟེན་ནས་འཆི་བར་གདའ་འོ༔ ལོ་གཅིག་སོང་འཆི་བ་ལ་ཐག་ཇེ་ཉེ༔ ཟླ་བ་གཅིག་སོང༔ ཞག་གཅིག་སོང༔ ཟ་མ་གཅིག་སོང་འཆི་བ་ལ་ཐག་ཇེ་ཉེར་སོང་བས༔ ཁ་ཅིག་མའི་མངལ་དུ་འཆི༔ ཁ་ཅིག་སྐྱེས་མ་ཁད་ལ་འཆི༔ ཁ་ཅིག་གཞོན་པ་ལ་འཆི༔ ཁ་ཅིག་དར་ལ་བབ་པ་ལ་འཆི༔ ཁ་ཅིག་རྒས་ཤིང་འཁོགས་ནས་འཆི་བར་འདུག་པས༔ དུས་དེར་དམ་པའི་ཆོས་མིན་པ་ཅིས་ཀྱང་ཕན་པ་མེད་པས༔ འཆི་བ་མི་རྟག་པ་སྒོམ་པར་ཞུ༔ འདི་ནི་མདོར་བསྡུས་ཙམ་ཡིན་ལ༔ མདོ་རྒྱུད་ཐམས་ཅད་ནས་ལུང་རྒྱས་པར་བཤད་ལ༔ འཆི་བ་མི་རྟག་པ་ཡང་དག་པར་སྒོམ་དུ་བཅུག་གོ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ འཆི་བ་མི་རྟག་པ་སྒོམ་པའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་བདུན་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ དེ་རྣམས་སྔོན་འགྲོ་ཡིན་ནོ༔ དྲིན་ཅན་མ་ཀུན་དགའ་འབུམ་གྱིས་སྒྲགས་ཡང་རྫོང་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ཡང་ཚའོ།། ༄༅༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ མཁའ་འགྲོའི་བརྡ་ཁྲིད་མི་རྟག་སྒྱུ་མའི་དཔེ་བརྒྱད་ཀྱི་ངོ་སྤྲོད་བཞུགས་སོ༔ ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི༔ དམ་ཚིག་དང་ལྡན་པའི་བླ་མ་ཡིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ མ་རྒྱུད་གསང་བ་ལམ་ཁྱེར་གྱི༔ མཁའ་འགྲོའི་བརྡ་ཁྲིད་འདི་ལྟར་ཕོག༔ ཚོགས་ཀྱི་འཁོར་ལོ་བཤམས་ནས༔ བླ་མས་ཕྱི་སྣང་བ་མི་རྟག་པ་སྒྱུ་མའི་དཔེ་བརྒྱད་ཀྱི་ངོ་སྤྲོད་འདི་ལྟར་བྱའོ༔ ཐང་ཆེན་པོ་གཅིག་ལ་མེ་ཏོག་སྐྱེས་ཡོད་པ་ལ༔ ཆར་ཞོད་ཆེན་པོ་བྱུང་ཙ་ན་མེ་ཏོག་དེ་ཡལ་ག་ལོ་འདབ་རྒྱས་ནས་གནམ་ལ་སླེབས་པ་ལྟ་བུར་སོང་ངོ༔ ཐན་པ་བྱུང་ཙ་ན་མེ་ཏོག་དེ་སྐམ་ནས་འགྲོའོ༔ དེ་མི་རྟག་སྒྱུ་མའི་དཔེ་ཡིན་ཏེ༔ འདིའི་དོན་ཁྱེར་ཤོག་བྱས་ལ་སློབ་མ་བསྒོམ་དུ་བཅུག༔ བླ་མས་ངོ་སྤྲད་དོ༔ ཐུན་དང་པོའོ༔ ཡང་ཆབ་དཀར་དང་ཆབ་ནག་གཉིས་ལ་ཁ་བ་སྙོམ་པར་བབ་པ་ལས༔ ཆབ་དཀར་གྱི་ཁ་བ་དེ་ཞུ༔ ཆབ་ནག་གི་ཁ་བ་དེ་མ་ཞུ་བར༔ ཁ་བ་བརྩེགས་པས་གངས་རིར་སོང༔ གངས་དེའི་རྩ་བ་ན་མཚོ་ཆེན་པོ་གཅིག་ཡོད་པ་ལ༔ ནམ་ཟླ་སོས་ཀ་ཉི་མ་དྲོན་པོ་བྱུང་ཙ་ན་གངས་དེ་ཞུ་ནས་མཚོ་ནང་དུ་ལྷུང་ངོ༔ དེ་མི་རྟག་སྒྱུ་མའི་དཔེ་ཡིན་ཏེ༔ དེའི་དོན་གང་ཡིན་སྒོམས་བྱས་ལ་ངོ་སྤྲད་དོ༔ ཐུན་གཉིས་པའོ༔ ཡང་ཤར་གྱི་རི་གཉིས་ཀྱི་ཕྲག་ནས་ནངས་ཞོག་སྔ་མོར་ཉི་མ་རྩེ་ཤར་བ་དང༔ ནམ་མཁའ་ལ་སྤྲིན་པ་བྱེའུ་ཙམ་མེད་པར་ནམ་མཁའ་གཡའ་དག་ལ་ཉི་མ་རྒས་འགྲོ་བ་ཡང་ཡོད༔ ཡང་རིགས་གཅིག་ཉི་མ་ཤར་ནས་སྤྲིན་གྱིས་ཆོད་དེ༔ ཉི་མ་མ་མཐོང་བ་ལ་རྒས་འགྲོ་བ་ཡོད༔ རིགས་གཅིག་སྔ་དྲོ་ཉི་མ་དྲོན་པོ་བྱས་པས༔ ཕྱི་དྲོ་སྤྲིན་གྱིས་ཆོད་ནས་ནམ་མཁར་ཉི་མའི་སྙིང་པོ་མ་མཐོང་བ་ཡང་ཡོད༔ ཡང་རིགས་གཅིག་སྔ་དྲོ་སྤྲིན་གྱིས་ཆོད་ནས་ཕྱི་དྲོ་སྤྲིན་པ་མཐའ་ཡས་ནས་ནམ་མཁའ་གཡའ་དག་ལ་རྒས་འགྲོ་བ་ཡང་ཡོད༔ དེ་མི་རྟག་སྒྱུ་མའི་དཔེ་ཡིན་ཏེ༔ དེའི་དོན་གང་ཡིན་བསྒོམ་དུ་བཅུག་ལ་བླ་མས་ངོ་སྤྲད་དོ༔ ཐུན་གསུམ་པའོ༔ ཡང་བྲག་རི་མཐོན་པོ་གཅིག་གི་རྩ་བ་ན་མཚོ་ཆེན་པོ་གཅིག་ཡོད༔ བྲག་དེའི་རྐེད་པ་ན་སྦྲང་མའི་སྦྲང་རྩི་ཡོད་པ་ལ༔ མི་གཅིག་གིས་རྩ་ཕུང་པོ་གཅིག་ལ་རྐང་རྟེན་བྱས་ནས༔ སྦྲང་རྩི་ཟ་ཞིང་བསྡད་ཡོད་པ་ལ༔ བྲག་རི་དེའི་སྟེང་ན་མི་མང་པོ་འགྲོ་ཞིང་འདུག་པ་ལ༔ མི་དེ་ཀུན་གྱིས་ཞགས་པ་རིང་པོ་གཅིག་མར་ལ་བཏང་ནས༔ མི་དེ་ལ་ཞགས་པ་འདི་ལ་འཇུས་ལ་ཡར་ཤོག་འཐེན་ནོ་བྱས་པས༔ ཁོ་སྦྲང་རྩི་དེ་ལ་ཆགས་ནས་མིག་ཀྱང་བལྟ་མ་ཕོད༔ དེ་ནས་བྱི་བ་དཀར་པོ་གཅིག་ཕར་ངོས་ནས་བྱུང་སྟེ་རྩྭ་ཉག་མ་རེ་བཏོག་འགྲོ༔ བྱི་བ་ནག་པོ་གཅིག་ཚུར་ངོས་ནས་བྱུང་ནས་རྩྭ་ཉག་མ་རེ་བཏོག་འགྲོ༔ ཉི་མ་ཡང་དགོང་མོར་སོང༔ སྦྲང་རྩི་དེ་ཡང་ཟད༔ རྐང་རྟེན་གྱི་རྩྭ་དེ་ཡང་ཟད༔ ལུས་ནི་འདར་ཞིང་འཕྲིག༔ སྔར་གྱི་མི་དེ་ཀུན་ད་བྱུང་ན་དགའ་བ་ལ་འཐེན་དུ་འཇུག་པ་ཡིན་པ་ལ༔ ད་ནི་མཚོ་མ་གིར་ལྷུང་བ་འདྲ་སྙམ་ནས་མཚོ་ནང་དེར་ལྷུང་ངོ༔ དེ་མི་རྟག་སྒྱུ་མའི་དཔེ་ཡིན་ཏེ༔ དེའི་དོན་གང་ཡིན་བསྒོམ་དུ་བཅུག་ལ་བླ་མས་ངོ་སྤྲད་དོ༔ ཐུན་བཞི་པའོ༔ ཡང་བྲག་རི་གཟར་མོ་གཅིག་གི་རྩེ་ནས་མར་ལ་ཆུ་བབ་སོང་བས༔ བྲག་རི་ཟི་མ་མ་ཕོག་པར༔ བྲག་དེའི་གཤམ་ན་མཚོ་ཆེན་པོ་གཅིག་ཡོད་པ་ལ༔ ཆུ་དེ་མཚོ་ནང་མར་སོང་བས༔ བྲག་དེའི་རྩེ་མོ་ནས་རྔ་རྡུང༔ དུང་འབུད༔ དྲིལ་བུ་དཀྲོལ་བྱེད་ཅིང་རྒྱ་མཚོའི་ཆུ་དེ་རིའི་རྩེ་མོ་ལ་འདྲེན་པ་ཡིན་ཟེར༔ དེ་མི་རྟག་སྒྱུ་མའི་དཔེ་ཡིན་ཏེ༔ དེའི་དོན་གང་ཡིན་བསྒོམ་དུ་བཅུག་ལ་བླ་མས་ངོ་སྤྲད་དོ༔ ཐུན་ལྔ་པའོ༔ ཡང་དོ་ནུབ་བྱེ་མའི་རི་ལ་ཆར་པ་བབ་པས་ཐིམ་ནས་འགྲོ༔ སང་ཉི་མ་དྲོན་མོ་བྱུང་ན་བྱེ་མའི་དཀྱིལ་ནས་ཆར་པའི་རླངས་པ་ནམ་མཁའི་དབྱིངས་ལ་འགྲོའོ༔ དེ་ནི་མི་རྟག་སྒྱུ་མའི་དཔེ་ཡིན་ཏེ༔ དེའི་དོན་བསྒོམ་དུ་བཅུག་ལ་བླ་མས་ངོ་སྤྲད་དོ༔ ཐུན་དྲུག་པའོ༔ ཡང་རྫ་རི་གཅིག་བརྩེགས༔ གཉིས་བརྩེགས༔ གསུམ་བརྩེགས༔ དེ་ལ་རྡོ་ཁུར་གྲངས་ག་ཙམ་ཡོད་བལྟའོ༔ ཆུ་བྲན་ཐམས་ཅད་རྒྱ་མཚོའི་ནང་དུ་འགྲོ༔ དེ་ལ་ཆུ་ཁུར་གྲངས་ག་ཙམ་ཡོད་བལྟའོ༔ དེ་མི་རྟག་སྒྱུ་མའི་དཔེ་ཡིན་ཏེ༔ དེའི་དོན་བསྒོམ་དུ་བཅུག་ལ་བླ་མས་ངོ་སྤྲད་དོ༔ ཐུན་བདུན་པའོ༔ ཡང་ཐང་ཆེན་པོ་གཅིག་ས་ཕྱོགས་བཞི་ནས་ཆུ་ཆེན་པོ་བཞི་འབབ་ཅིང༔ ཆུས་མཐའ་འཁོར་ནས་ཡོད་པའོ༔ ཐང་དེའི་དཀྱིལ་ན་མི་གཅིག་བསྡད་ཡོད་པ་ལ༔ མི་དཀར་པོ་གཅིག་གོང་ནས་བྱུང་ནས་ཁྱོད་ངའི་ཕྱི་ལ་འགྲོ་ཟེར་ནས་ཡར་ལ་ཁྲིད༔ མི་ནག་པོ་གཅིག་འོག་ནས་བྱུང་ནས༔ འོད་མིག་སྤར་མོ་གང་གཏད་ནས༔ ཁྱོད་ཀྱིས་འདིའི་གཉེར་གྱིས༔ ངའི་ཕྱི་ན་མར་ལ་འགྲོ་ཟེར་ནས་ཁྲིད་པར་འདུག༔ དེ་གཉིས་ཀྱི་ཡར་འཐེན་མར་འཐེན་བར་ལ༔ ཐང་ཆེན་པོ་དེ་ཆུ་བཞི་པོ་དེས་བདས་སོང་ངོ༔ དེ་མི་རྟག་སྒྱུ་མའི་དཔེ་ཡིན་ཏེ༔ དེའི་དོན་གང་ཡིན་བསྒོམ་དུ་བཅུག་ལ་བླ་མས་ངོ་སྤྲད་དོ༔ ཐུན་བརྒྱད་པའོ༔ ཡང་མི་གཅིག་ཆུ་ཆེན་པོ་གཅིག་གི་ཕ་རོལ་ན་ལུས་ནས༔ དེ་ལ་མི་ཤ་ཆགས་པ་དང༔ ཇག་པ་དང་འཕྲང་ཁ་མང་པོ་ཡོད་པས༔ འཇིགས་སྣང་ཆེན་པོ་ཡོད་པ་ལ༔ ཆུ་དེ་ལས་ཐར་བའི་ཐབས་ཤིག་བྱས་དྲག་བསམ་ནས་ཡོད་དོ༔ ད་ཆུ་ཆེན་པོ་ལ་བརྒལ་བ་ལ༔ ཀོ་བ་གཅིག་དགོས༔ ཞུགས་མཁན་གཅིག་དགོས༔ མཉན་པ་གཅིག་དགོས༔ སྐྱ་བ་གཅིག་དགོས༔ དེ་མི་རྟག་སྒྱུ་མའི་དཔེ་ཡིན་ཏེ༔ དེའི་དོན་གང་ཡིན་བསྒོམ་དུ་བཅུག་ལ་བླ་མས་ངོ་སྤྲད་དོ༔ ལག་ལེན་བླ་མའི་ཞལ་ལས་ཤེས༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ ཕྱི་མཁའ་འགྲོའི་བརྡ་ཁྲིད་ཕྱིའི་སྣང་བ་ལ་མི་རྟག་སྒྱུ་མའི་དཔེ་བརྒྱད་ཀྱི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་བརྒྱད་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ སྒྲགས་ཡང་རྫོང་ཤེལ་གྱི་འོད་གསལ་ཕུག་ནས་དྲིན་ཅན་ཀུན་དགའ་འབུམ་གྱིས་གཏེར་ནས་སྤྱན་དྲངས་པའི་ཤོག་སེར་གྱི་ཡང་ཚ་ལས་ཞལ་བཤུས་པའོ།། ༄༅༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ ཕྱི་འབྱུང་བའི་ཁྲིད་བཞུགས་སོ༔ ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི༔ དམ་ཚིག་དང་ལྡན་པའི་བླ་མ་ཡིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ མ་རྒྱུད་གསང་བ་ལམ་ཁྱེར་གྱི༔ ཕྱི་འབྱུང་བའི་ཁྲིད་འདི་ལྟར་བཤད་དོ༔ དང་པོ་ནམ་མཁའ་འདི་གང་ནས་བྱུང་འདྲི༔ སྟོང་པ་རང་གི་ངང་ལས་བྱུང་ཟེར་ན་ངོ་འཕྲོད་པའོ༔ ཆུ་འདི་གང་ལས་བྱུང་འདྲི༔ ཆུ་འདི་གྲང་དྲགས་པའི་ངང་ལས་བྱུང་ཟེར་ན་ངོ་འཕྲོད་པའོ༔ ས་འདི་གང་ནས་བྱུང་འདྲི༔ ཉི་རྡུལ་ཙམ་ལ་བརྟེན་པ་མ་གཏོགས་གཞན་གང་ལས་ཀྱང་མ་བྱུང་ཟེར་ན་ངོ་འཕྲོད་པའོ༔ ཡང་མེ་འདི་གང་ནས་བྱུང་འདྲི༔ མེ་འབྱུང་བ་ཐམས་ཅད་འདུས་པ་ལས་དྲོད་ཚོར་མི་ཚོར་ཙམ་ཞིག་ལས་བྱུང་བ་འདྲ་ཟེར་ན་ངོ་འཕྲོད་པའོ༔ ཡང་རླུང་འདི་གང་ནས་བྱུང་ལྟོས་ཤིག་ཅེས་ཚོལ་དུ་གཏོང༔ ནམ་མཁའ་སྟོང་པའི་གྲགས་པ་ལ་བརྟེན་ནས་བྱུང་ཟེར་ན་ངོ་འཕྲོད་པའོ༔ དེ་ཡན་ཆད་ཕྱི་འབྱུང་བའི་ཁྲིད་དོ༔ ད་འཇའ་ཁྲིད་ལ༔ འཇའ་ཚོན་མཐིང་ག་འདི་ག་ནས་བྱུང་ཞེས་འབྱུང་བ་ལྔ་ལ་ངོ་སྤྲད་དོ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ ཕྱི་འབྱུང་བ་ལྔའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་དགུ་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ སྒྲགས་ཡང་རྫོང་ནས་དྲིན་ཅན་མ་ཀུན་དགའ་འབུམ་གྱིས་གཏེར་ནས་སྤྱན་དྲངས་པའི་ཤོག་སེར་གྱི་ཡང་ཚ་ལས་ཞལ་བཤུས་པའོ།། ༄༅༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ ལུས་སེམས་དབྱེར་མེད་ཡེ་ཤེས་ལྔར་ངོ་སྤྲོད་པའི་ཁྲིད་ཡིག་བཞུགས་སོ༔ ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི༔ དམ་ཚིག་དང་ལྡན་པའི་བླ་མ་ཡིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ རྫོགས་ཆེན་གསང་བ་ལམ་ཁྱེར་གྱི༔ ལུས་སེམས་དབྱེར་མེད་ཡེ་ཤེས་ལྔར་ངོ་སྤྲོད་པའི་གདམས་པ་བསྟན་པ་ནི༔ དང་པོ་ཚོགས་གཏོར་བཤམ་དུ་བཅུག་ལ༔ དེ་ནས་སྔོན་འགྲོ་ཆོས་ཐུན་རྣམས་རིམ་གྱིས་བྱེད་དུ་བཅུག༔ དེ་ནས་བླ་མས་གདམས་པ་འདི་ལྟར་ངོ་སྤྲད་དེ༔ ཕྱི་སྲིད་པ་ཆགས་པའི་ཡབ་ཡུམ་གང་ཡིན་ཚོལ་དུ་བཅུག་ལ༔ རྙེད་བྱུང་ན་རབ༔ མ་བྱུང་ན་བླ་མས་སྟེང་འོག་གཉིས་སུ་ངོ་སྤྲད་དོ༔ ནང་རིག་བཅས་ཀྱི་ཡབ་ཡུམ་གང་ཡིན་འཚོལ་དུ་བཅུག༔ སྣང་སྟོང་དབྱེར་མེད་དུ་ངོ་སྤྲད་དོ༔ ད་ལུས་ཀྱིས་སེམས་བཙལ་ལམ༔ སེམས་ཀྱིས་ལུས་བཙལ༔ ལུས་སེམས་གཉིས་གང་སྔ༔ ལུས་གང་ནས་བྱུང༔ སེམས་གང་ནས་བྱུང༔ ལུས་སེམས་གཉིས་ཐ་དད་ཡིན་ནམ་དབྱེར་མེད་ཡིན་དྲིའོ༔ ཐ་དད་ཡིན་ཟེར་ན་ཡིན་ལུགས་གང་ཚུགས་ཡིན་ཐག་བཅད༔ དབྱེར་མེད་ཡིན་ཟེར་ན་ཡིན་ལུགས་ཐག་ལེགས་པར་བཅད་དོ༔ མཁའ་འགྲོ་གསང་བ་ལྔ་ལ་ཕྱག་འཚལ་ལོ༔ དེ་ནས་བླ་མས་དབྱེར་མེད་མངོན་བྱང་ལྔར་ངོ་འདི་ལྟར་སྤྲད་དོ༔ དེ་ལ་ཕྱིའི་མངོན་བྱང་ལྔ༔ ནང་གི་མངོན་བྱང་ལྔ༔ གསང་བའི་མངོན་བྱང་ལྔའོ༔ དེ་ལ་ཕྱིའི་མངོན་བྱང་ལྔ་ནི་འབྱུང་བ་ལྔའོ༔ ནང་གི་མངོན་བྱང་ལྔ་ནི་དུག་ལྔའོ༔ གསང་བའི་མངོན་པར་བྱང་ཆུབ་པ་ལྔ་ནི་ཡེ་ཤེས་ལྔའོ༔ ད་དེ་ལ་བརྟེན་ནས་ལུས་སེམས་གྲུབ་པ་ཡིན་ཏེ༔ ད་ནི་དྭངས་མ་ལྔའི་ངོ་སྤྲོད་འདི་ལྟར་རོ༔ འབྱུང་བ་ནམ་མཁའི་དྭངས་མ་ནི་སེམས་རིག་གསལ་ལ་དྭངས་པ་འདི་ཡིན་ནོ༔ འབྱུང་བ་ཆུའི་དྭངས་མ་ནི་ཁྲག་དང་ཆུ་སེར་རླན་རྣམས་ཡིན་ནོ༔ འབྱུང་བ་སའི་དྭངས་མ་ནི་ཤ་དང་རུས་པ་ལྤགས་པ་རྣམས་ཡིན་ནོ༔ འབྱུང་བ་མེའི་དྭངས་མ་ནི་དྲོད་དང་མདངས་རྣམས་ཡིན་ནོ༔ འབྱུང་བ་རླུང་གི་དྭངས་མ་ནི་དབུགས་དང་འགྱུ་བ་ཡིན་ནོ༔ དེ་ལ་དྭངས་མ་ལྔ་ཡང་ཟེར༔ ཡེ་ཤེས་མཁའ་འགྲོ་ལྔ་ལ་བཟོད་པར་གསོལ༔ ད་ནི་རྣམ་དག་དབྱེར་མེད་ལྔའི་ངོ་སྤྲོད་ནི༔ ནམ་མཁའི་ཁམས་རྣམ་པར་དག་པས་གཟུགས་རྣམ་པར་དག་པ༔ གཟུགས་རྣམ་པར་དག་པས་གཏི་མུག་རྣམ་པར་དག་པ༔ གཏི་མུག་རྣམ་པར་དག་པས་ངོ་བོ་ཀ་ནས་དག་པའོ༔ དེ་སྟོང་པ་ལྔའི་ནང་ནས་སྣང་སྟོང་དབྱེར་མེད་ཡིན༔ སྐུ་ལྔའི་ནང་ནས་ཕྱི་ལྟར་ཡབ་རྣམ་པར་སྣང་མཛད་དང༔ ཡུམ་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་དབྱེར་མེད་ཡིན༔ ཡེ་ཤེས་ལྔའི་ནང་ནས་ཆོས་དབྱིངས་ཡེ་ཤེས་ཡིན༔ འོད་ལྔའི་ནང་ནས་མཐིང་ག་ཡིན༔ ཕྲིན་ལས་ལྔའི་ནང་ནས་འགྱུར་མེད་ཡིན༔ ཞིང་ཁམས་ལྔའི་ནང་ནས་ཆོས་འབྱུང་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ ཆུའི་ཁམས་རྣམ་པར་དག་པས་རྣམ་ཤེས་རྣམ་པར་དག་པ༔ རྣམ་ཤེས་རྣམ་པར་དག་པས་ཞེ་སྡང་རྣམ་པར་དག་པ༔ ཞེ་སྡང་རྣམ་པར་དག་པས་མ་བཅོས་ལྷུན་གྱིས་གྲུབ་པའོ༔ དེ་སྟོང་པ་ལྔའི་ནང་ནས་རིག་སྟོང་དབྱེར་མེད་ཡིན༔ སྐུ་ལྔའི་ནང་ནས་ཕྱི་ལྟར་ཡབ་རྡོ་རྗེ་སེམས་དཔའ་དང༔ ཡུམ་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དབྱེར་མེད་ཡིན༔ ཡེ་ཤེས་ལྔའི་ནང་ནས་མེ་ལོང་ཡེ་ཤེས་ཡིན༔ འོད་ལྔའི་ནང་ནས་དཀར་པོ་ཡིན༔ ཕྲིན་ལས་ལྔའི་ནང་ནས་ཞི་བའི་ལས་གྲུབ་པ་ཡིན༔ ཞིང་ཁམས་ལྔའི་ནང་ནས་མངོན་པར་དགའ་བ་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ སའི་ཁམས་རྣམ་པར་དག་པས་ཚོར་བ་རྣམ་པར་དག་པ༔ ཚོར་བ་རྣམ་པར་དག་པས་ང་རྒྱལ་རྣམ་པར་དག་པ༔ ང་རྒྱལ་རྣམ་པར་དག་པས་འགག་མེད་མཐའ་བྲལ་ལོ༔ དེ་སྟོང་པ་ལྔའི་ནང་ནས་བདེ་སྟོང་དབྱེར་མེད་ཡིན༔ སྐུ་ལྔའི་ནང་ནས་ཕྱི་ལྟར་དུ་ཡབ་རིན་ཆེན་འབྱུང་ལྡན་དང༔ ཡུམ་རིན་ཆེན་མཁའ་འགྲོ་ཡབ་ཡུམ་དབྱེར་མེད་ཡིན༔ ཡེ་ཤེས་ལྔའི་ནང་ནས་མཉམ་ཉིད་ཡེ་ཤེས་ཡིན༔ འོད་ལྔའི་ནང་ནས་སེར་པོ་ཡིན༔ ཕྲིན་ལས་ལྔའི་ནང་ནས་རྒྱས་པའི་ཕྲིན་ལས་གྲུབ་པ་ཡིན༔ ཞིང་ཁམས་ལྔའི་ནང་ནས་དཔལ་དང་ལྡན་པ་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ མེའི་ཁམས་རྣམ་པར་དག་པས་འདུ་ཤེས་རྣམ་པར་དག་པ༔ འདུ་ཤེས་རྣམ་པར་དག་པས་འདོད་ཆགས་རྣམ་པར་དག་པ༔ འདོད་ཆགས་རྣམ་པར་དག་པས་བདེ་གསལ་མི་རྟོག་པའོ༔ དེ་སྟོང་པ་ལྔའི་ནང་ནས་གསལ་སྟོང་དབྱེར་མེད་ཡིན༔ སྐུ་ལྔའི་ནང་ནས་ཕྱི་ལྟར་དུ་ཡབ་སྣང་བ་མཐའ་ཡས་དང༔ ཡུམ་པདྨ་མཁའ་འགྲོ་ཡབ་ཡུམ་དབྱེར་མེད་ཡིན༔ ཡེ་ཤེས་ལྔའི་ནང་ནས་སོར་རྟོག་ཡེ་ཤེས་ཡིན༔ འོད་ལྔའི་ནང་ནས་དམར་པོ་ཡིན༔ ཕྲིན་ལས་ལྔའི་ནང་ནས་དབང་གི་ཕྲིན་ལས་གྲུབ་པ་ཡིན༔ ཞིང་ཁམས་ལྔའི་ནང་ནས་བདེ་བ་ཅན་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ རླུང་གི་ཁམས་རྣམ་པར་དག་པས་འདུ་བྱེད་རྣམ་པར་དག་པ༔ འདུ་བྱེད་རྣམ་པར་དག་པས་ཕྲག་དོག་རྣམ་པར་དག་པ༔ ཕྲག་དོག་རྣམ་པར་དག་པས་དྲི་མེད་རང་གསལ་ལོ༔ དེ་སྟོང་པ་ལྔའི་ནང་ནས་གྲགས་སྟོང་དབྱེར་མེད་ཡིན༔ སྐུ་ལྔའི་ནང་ནས་ཕྱི་ལྟར་ཡབ་དོན་ཡོད་གྲུབ་པ་དང༔ ཡུམ་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་དབྱེར་མེད་ཡིན༔ ཡེ་ཤེས་ལྔའི་ནང་ནས་བྱ་བ་གྲུབ་པའི་ཡེ་ཤེས་ཡིན༔ འོད་ལྔའི་ནང་ནས་ལྗང་གུ་ཡིན༔ ཕྲིན་ལས་ལྔའི་ནང་ནས་དྲག་པོའི་ཕྲིན་ལས་གྲུབ་པའོ༔ ཞིང་ཁམས་ལྔའི་ནང་ནས་ལས་རབ་བརྩེགས་པ་ཡིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གཏི་མུག་རྡོ་རྗེ་མཐིང་ག་སྟེ༔ རྟོགས་ན་རྡོ་རྗེ་ཕག་མོ་ལ༔ མ་རྟོགས་འདོད་ཁམས་ལྷ་རུ་གོལ༔ ཞེ་སྡང་རྡོ་རྗེ་དཀར་པོ་སྟེ༔ རྟོགས་ན་བདེ་ཆེན་དཀར་མོ་ལ༔ མ་རྟོགས་མནར་མེད་དམྱལ་བར་ལྟུང༔ ང་རྒྱལ་རྡོ་རྗེ་སེར་པོ་སྟེ༔ རྟོགས་ན་སེར་མོ་དོན་གྲུབ་ལ༔ མ་རྟོགས་མ་རིག་དུད་འགྲོར་ལྟུང༔ འདོད་ཆགས་རྡོ་རྗེ་དམར་པོ་སྟེ༔ རྟོགས་ན་དམར་མོ་སྒྲ་སྒྲོག་ལ༔ མ་རྟོགས་ཉོན་མོངས་ཡི་དྭགས་ལྟུང༔ ཕྲག་དོག་རྡོ་རྗེ་ལྗང་གུ་སྟེ༔ རྟོགས་ན་སྣ་ཚོགས་མཐར་ཕྱིན་ལ༔ མ་རྟོགས་ཁོང་ཁྲོས་ལྷ་མིན་ལྟུང༔ དེ་ཕྱི་འབྱུང་བ་ལྔ་ལ་བརྟེན་པ་དང༔ ནང་དུག་ལྔ་ལ་བརྟེན་པ་དང༔ གསང་བ་ཡེ་ཤེས་ལྔ་ལ་བརྟེན་ནས༔ ལུས་སེམས་དབྱེར་མེད་ཆོས་སྐུར་ངོ་སྤྲོད་པའོ༔ ད་ནི་རང་གི་འབྱུང་བཞིའི་ལུས་ལ་བརྟེན་ནས༔ དུག་ལྔ་ཡེ་ཤེས་སུ་བསྒྱུར་བ་འདི་ལྟར་རོ༔ ཕ་ལས་ཐོབ་པའི་ཟླ་བ་དཀར་བ་ཆུ་ཡི་ཁམས་དང་གཅིག༔ མ་ལས་ཐོབ་པའི་ཉི་མ་དམར་བ་མེ་ཡི་ཁམས་དང་གཉིས༔ མའི་མངལ་དྲི་མ་མེད་པ་གཙང་བ་དག་པ་སའི་ཁམས་དང་གསུམ༔ བར་དོའི་རྣམ་པར་ཤེས་པ་སེམས་རླུང་གི་ཁམས་དང་བཞི༔ དེ་རྣམས་གཅིག་ཏུ་དྲིལ་བས་ལུས་ཡོངས་སུ་རྫོགས་པ་ནམ་མཁའི་ཁམས་དང་ལྔའོ༔ དེ་ལ་སྐུ་ལྔ་ནི༔ ཟླ་བ་དཀར་ཆ་སྤྲུལ་པའི་སྐུ་དང་གཅིག༔ ཉི་མ་དམར་ཆ་ལོངས་སྤྱོད་རྫོགས་པའི་སྐུ་དང་གཉིས༔ མའི་མངལ་དྲི་མ་མེད་པ་ཡོན་ཏན་གྱི་སྐུ་དང་གསུམ༔ བར་དོའི་རྣམ་པར་ཤེས་པའི་སེམས་ཉིད་ཕྲིན་ལས་ཀྱི་སྐུ་དང་བཞི༔ ལུས་ཡོངས་སུ་རྫོགས་པ་ཆོས་ཀྱི་སྐུ་དང་ལྔའོ༔ དེ་ལ་བརྟེན་པའི་ཡེ་ཤེས་ལྔ་ནི༔ ཟླ་བ་དཀར་བ་མེ་ལོང་ཡེ་ཤེས༔ ཉི་མ་དམར་ཆ་སོ་སོར་རྟོག་པའི་ཡེ་ཤེས༔ མའི་མངལ་དྲི་མ་མེད་པ་དེ་མཉམ་པ་ཉིད་ཀྱི་ཡེ་ཤེས༔ བར་དོའི་རྣམ་པར་ཤེས་པའི་སེམས་ཉིད་དེ་བྱ་བ་གྲུབ་པའི་ཡེ་ཤེས༔ ལུས་ཡོངས་སུ་རྫོགས་པ་དེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ༔ ནང་འབྱུང་བཞི་ལུས་ལ་བརྟེན་ནས་ལུས་སེམས་དབྱེར་མེད་དུག་ལྔ་ཡེ་ཤེས་སུ་གྱུར་པ་ཡང་དེ་ཡིན་ནོ༔ ལར་དེ་ལ་བརྟེན་ནས་ལུས་སེམས་དབྱེར་མེད་དུ་ཐག་ལེགས་པར་བཅད་པ་གལ་ཆེའོ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ ལུས་སེམས་དབྱེར་མེད་དུ་ངོ་སྤྲད་པའི་ཆོས་ཐུན་བཅུ་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ སྒྲགས་ཡང་རྫོང་ཤེལ་ཕུག་ནས་སློབ་དཔོན་མ་ཀུན་དགའ་འབུམ་གྱིས་གཏེར་ནས་སྤྱན་དྲངས་པའི་ཤོག་སེར་ཡང་ཚ་ལས་ཞལ་བཤུས་པའོ། །དེ་རྣམས་ནི་དབང་པོ་རབ་ལ་དགོས་པ༔ དབྱེར་མེད་ཀ་དག་གི་ངོ་སྤྲོད་ཡིན་ནོ༔ ༈ འདི་ནས་དབང་པོ་འབྲིང་ལ་དགོས་པ་སེམས་ཙམ་ལུགས་སུ་སྟོན་པའོ།།་་་་༄༅༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ སེམས་ཉིད་གདར་ཤ་གཅོད་པ་སེམས་ཙམ་དབུ་མའི་ཁྲིད་རིམ་བཞུགས་སོ༔ ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི༔ དམ་ཚིག་དང་ལྡན་པའི་བླ་མ་ཡིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ མཁའ་འགྲོ་གསང་བ་ལམ་ཁྱེར་གྱིས༔ དབང་པོ་འབྲིང་ལ་སེམས་ཙམ་པའི་ངོ་སྤྲོད་འདི་ལྟར་བྱའོ༔ དེ་ལ་བླ་མས་དྲི་བ་བྱ་བ་ནི༔ སེམས་དང་རིག་པ་གང་སྔ་དྲིའོ༔ དབྱེར་མེད་དུ་ངོ་སྤྲད་དོ༔ ཡང་བླ་མས༔ དཔེར་ན་འབྱུང་བ་ས་རྡོ༔ རྩི་ཤིང༔ ཆུ་རྣམས་ལ་ཡང་བྱུང་ས་ཡོད༔ སྨན་དང་རིན་པོ་ཆེ༔ མི་དང་སེམས་ཅན་ཐམས་ཅད་ལ་བྱུང་ས་ཡོད༔ དེ་བཞིན་དུ་རང་གི་སེམས་ཉིད་འདི་ལ་ཡང༔ ཤར་ལྷོ༔ ནུབ༔ བྱང༔ སྟེང་འོག༔ རིའི་ཁོང་གསེང༔ བྲག་གསེང་ལ་སོགས་པ་གང་ནས་བྱུང་ལེགས་པར་རྩད་གཅོད་དུ་བཅུག་གོ༔ དེ་ནས་བླ་མས་ངོ་འདི་ལྟར་སྤྲད་དོ༔ དང་པོ་སེམས་ལ་བྱུང་ས་མེད་དེ་གསལ་སྟོང་དབྱེར་མེད་ཀྱི་ངང་ལས་བྱུང་ངོ༔ བྱུང་ས་མེད་པའི་སྟོང་པ་བྱང་ཆད་མ་ཡིན་ནོ༔ ཡང་བླ་མས་འདི་ལྟར་དྲི་བར་བྱའོ༔ དཔེར་ན་ཕྱིའི་འབྱུང་བ་དང་འཇའ་ཚོན་ལ་ཡང་ཁ་དོག་ཡོད༔ རྩི་ཤིང་ནགས་ཚལ༔ ལོ་ཐོག༔ གོས་དར༔ གོས་ཆས་རྣམས་ལ་ཡང་ཁ་དོག་ཡོད༔ དེ་བཞིན་དུ་རི་དང་ས་གཞི་མཁར་ཁང་རིན་པོ་ཆེ་རྣམས་ལ་ཡང་ཁ་དོག་དང་བཟོ་རེ་ཡོད་དོ༔ དཔེ་དེ་བཞིན་དུ༔ རང་གི་སེམས་ཉིད་འདི་ལ་ཡང༔ ཁ་དོག་དང་བཟོ་ཨི་འདུག་ལེགས་པར་ཐག་བཅད་དོ༔ དེ་ནས་ཀུན་རྫོབ་ཏུ་ཁ་དོག་དང་བཟོ་ཡོད་པར་ངོ་སྤྲད༔ ཡང་དག་པའི་སྒོ་ནས་ཁ་དོག་དང་བཟོ་གང་ཡང་མ་གྲུབ༔ འོ་ན་སྟོང་པ་བྱང་ཆད་ཀྱང་མ་ཡིན་པ༔ རིག་པ་སྟོང་གསལ་དབྱེར་མེད་ཆོས་ཉིད་དུ་ངོ་སྤྲད་དོ༔ ཡང་བླ་མས་འདི་ལྟར་དྲིའོ༔ དཔེར་ན་རྩི་ཤིང་ནགས་ཚལ༔ རི་རྡོ་ཆུ༔ མཁར་ཁ་ལྔ༔ མི་རྣམས་ལ་ཡང་རིང་ཐུང་སྦོམ་ཕྲ་ཆེ་ཆུང་ཡོད༔ དེ་བཞིན་དུ་རང་གི་སེམས་ཉིད་འདི་ལ་ཡང༔ རིང་ཐུང་སྦོམ་ཕྲ༔ ཆེ་ཆུང་ཨེ་འདུག་ལེགས་པར་ཐག་བཅད་དོ༔ འོ་ན་ཀུན་རྫོབ་ཀྱི་སྒོ་ནས་རིང་ཐུང༔ སྦོམ་ཕྲ༔ ཆེ་ཆུང་ཡོད་ནའང༔ དོན་དམ་པར་སྟོང་ཉིད་དབྱེར་མེད་དུ་ངོ་སྤྲད་དོ༔ ཡང་བླ་མས་འདི་ལྟར་དྲི་བར་བྱ༔ དཔེར་ན་ནམ་མཁའི་བྱ་ས་གཞིའི་འབུ་སྲིན༔ གྲོག་སྦུར༔ ཆུ་ནང་གི་སེམས་ཅན༔ ལུང་སྟོང་གི་རི་དྭགས༔ བ་གླང་དང་ར་ལུག༔ དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་སྡོད་ས་རེ་དང་ཉལ་ས་རེ་ཡོད༔ དཔེ་དེ་བཞིན་དུ་རང་གི་སེམས་ཉིད་འདི་གང་དུ་གནས་ཐག་ལེགས་པར་བཅད༔ གར་ཡང་མ་གནས་ཟེར་ན༔ ལུས་ལ་མཚོན་ལ་སོགས་པ་བཙུགས་པས༔ ལུས་ལ་གནས་ཟེར་ན༔ ལུས་ཀྱི་གར་གནས་དྲི༔ ལུས་ཀྱི་སྙིང་ལ་གནས་ལས་ཆེ༔ གཞན་ལུས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་ཡན་ལ་མ་ཁྱབ་པ་མེད་ཟེར་ན༔ ཀུན་རྫོབ་ཀྱི་སྒོ་ནས་ལུས་ལ་གནས་ཟེར་ན་ཡང་ཡིན༔ ཡང་དག་པའི་སྒོ་ནས༔ གནས་པ་མེད་པའི་སྟོང་པ་བྱང་ཆད་ཅིག་མ་ཡིན་ཏེ༔ གཞན་གནས་པ་མེད་དོ༔ རིག་པ་སྟོང་གསལ་དབྱེར་མེད་ཅིག་ཡིན་ནོ༔ ལུས་ལ་མི་གནས་པའི་འཁོལ་རྩེ་གཉིས་ཡོད་པ་ཞལ་ལས་ཤེས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ ད་ནི་དབང་པོ་ཚོགས་དྲུག་གི་ཁྲིད་ལ༔ བླ་མས་སློབ་མ་ལ་འདི་ལྟར་དྲིའོ༔ རྣ་བས་སྒྲ་ཐོས་པ་འདི་རྣ་བས་ཐོས་སམ་སེམས་ཀྱིས་ཐོས་དྲིའོ༔ སེམས་ཀྱིས་ཐོས་ཟེར་ན་འོན་པ་ལ་ཡང་སེམས་ཡོད་དེ་ཐོས༔ རྣ་བས་ཐོས་ཟེར་ན་ལྡེར་སོ་ལ་ཡང་རྣ་བ་ཡོད་དེ་ཐོས་སམ་དྲི༔ འདུས་བྱས་དང་འདུས་མ་བྱས་གཉིས་ཀྱི་རྟེན་འབྲེལ་འཛོམ་པས་ཐོས་ཟེར་ན་ངོ་འཕྲོད་པའོ༔ ཡང་མིག་གིས་གཟུགས་མཐོང་པ་འདི་མིག་གིས་མཐོང་ངམ་སེམས་ཀྱིས་མཐོང་དྲི༔ སེམས་ཀྱིས་མཐོང་ཟེར་ན༔ ལོང་བ་ལ་ཡང་སེམས་ཡོད་དེ་མཐོང༔ མིག་གིས་མཐོང་ཟེར་ན་ལྡེར་སོ་ལ་ཡང་མིག་ཡོད་དེ་མཐོང་ངམ་དྲི༔ འོ་ན་ཀུན་རྫོབ་དང་དོན་དམ་རྟེན་འབྲེལ་འཛོམ་པས་མཐོང་ཟེར་ན་ངོ་འཕྲོད་པའོ༔ ཡང་སྣས་དྲི་ཚོར་བ་འདི་སྣས་ཚོར་རམ་སེམས་ཀྱིས་ཚོར་དྲི༔ སྣ་ཡིས་ཚོར་ཟེར་ན་རོ་ལ་ཡང་སྣ་ཡོད་དེ་ཚོར་རམ༔ སེམས་ཀྱིས་ཚོར་ཟེར་ན་རང་གི་སྣ་བཀག་ན་ཚོར་རམ་དྲིའོ༔ ཐབས་ཤེས་ཀྱི་རྟེན་འབྲེལ་འཛོམ་པས་ཚོར་ཟེར་ན་ངོ་འཕྲོད་པའོ༔ ཡང་ལྕེས་རོ་མྱང་བ་འདི༔ ལྕེ་ཡིས་མྱོང་ངམ༔ སེམས་ཀྱིས་མྱོང༔ ལྕེ་ཡིས་མྱོང་ཟེར་ན་རོ་ལའང་ལྕེ་ཡོད་དེ་མྱོང་ངམ༔ སེམས་ཀྱིས་མྱོང་ཟེར་ན་རང་གཉིད་དུ་སོང་དུས་སུ་ལྕེ་ཐོག་ཏུ་ཟས་ཞོག་དང་མྱོང་ངམ༔ ཞེས་དྲིའོ༔ ཀུན་རྫོབ་དང་དོན་དམ་གྱི་རྟེན་འབྲེལ་འཛོམ་པས་མྱོང་ཟེར་ན་ངོ་འཕྲོད་པའོ༔ ལུས་ཀྱི་རེག་བྱ་འཇམ་རྩུབ་འདི༔ ལུས་ཀྱིས་ཚོར་རམ་སེམས་ཀྱིས་ཚོར་དྲི༔ ལུས་ཀྱིས་ཚོར་ཟེར་ན་རོ་ལ་ཡང་ལུས་ཡོད་དེ་ཚོར་རམ༔ སེམས་ཀྱིས་ཚོར་ཟེར་ན་རྣམ་ཤེས་འཁྱམས་པོས་ཀྱང་ཚོར༔ བེམ་རིག་མ་བྲལ་གྱི་བར་དུ་ལུས་སེམས་དབྱེར་མེད་ཀྱིས་ཚོར་ཟེར་ན་ངོ་འཕྲོད་པའོ༔ ད་ལུས་སེམས་ཀྱི་འཆར་སྒོ་འདི་སེམས་ལ་འཆར་རམ་ལུས་ལ་འཆར༔ ལུས་ལ་འཆར་ན་རོ་ལ་ཡང་འཆར་དགོས་པ་འདུག༔ སེམས་ལ་འཆར་ན་དེ་ལ་ཁྱབ་པ་ཨེ་གྲུབ༔ རིག་པ་སྟོང་གསལ་ཆོས་ཉིད་དུ་ཤེས་ན་ཁྱབ་པ་གྲུབ༔ རྣ་བས་སྒྲ་ཐོས་པ་འདི་ལ་བསྟོད་སྒྲ་བཏང་བ་དང༔ སྨད་སྒྲ་བཏང་བ་གཉིས་ལ་ཁྱད་པར་ཨེ་འདུག༔ ད་ལྟའི་སྣང་ཚུལ་ལ་ཁྱད་པར་འདུག་སྟེ་དོན་དམ་ཆོས་ཉིད་ལ་ཁྱད་པར་མི་འདུག་ཟེར་ན་ངོ་འཕྲོད་པའོ༔ མིག་གིས་གཟུགས་མཐོང་བ་ལ་མཛེ་ཕོ་དང་སྐྱེ་གཟུགས་ལེགས་པ་གཉིས་ལ་ཁྱད་པར་ཨེ་འདུག༔ ཀུན་རྫོབ་མ་གོ་བའི་དུས་ན་ཁྱད་པར་འདུག་སྟེ༔ དོན་དམ་སེམས་ཉིད་སྤྲོས་དང་བྲལ་བའི་དུས་ན་ཁྱད་པར་མི་འདུག་ཟེར་ན་ངོ་འཕྲོད་པའོ༔ སྣས་དྲི་ཞིམ་པ་དང་མི་ཞིམ་པ་ཚོར་བ་ལ་ཁྱད་པར་ཨེ་འདུག༔ ཀུན་རྫོབ་མ་གོ་བའི་དུས་ན་ཁྱད་པར་འདུག་སྟེ༔ དོན་དམ་སྤྲོས་དང་བྲལ་བའི་དུས་ན་ཁྱད་པར་མི་འདུག་ཟེར་ན་ངོ་འཕྲོད་པའོ༔ ལྕེའི་ཡུལ་དུ་རོ་ཞིམ་མི་ཞིམ་གཉིས་ལ་ཁྱད་པར་ཨེ་འདུག༔ ཀུན་རྫོབ་འཁྲུལ་པའི་ངོས་ནས་ཁྱད་པར་འདུག་སྟེ༔ དོན་དམ་སེམས་ཉིད་སྤྲོས་བྲལ་གྱི་ངང་ནས་ཁྱད་པར་མི་འདུག་ཟེར་ན་ངོ་འཕྲོད་པའོ༔ ལུས་འདི་ལ་གོས་ལེགས་པ་དང་མ་ལེགས་པ་གོན་པ་གཉིས་ལ་ཁྱད་པར་ཨེ་འདུག༔ ཀུན་རྫོབ་མ་གོ་བའི་དུས་ན་ཁྱད་པར་འདུག་སྟེ༔ སེམས་ཉིད་སྟོང་གསལ་སྤྲོས་པ་དང་བྲལ་བ་ལ་ཁྱད་པར་མི་འདུག་ཟེར་ན་ངོ་འཕྲོད་པའོ༔ དེ་རྣམས་ནི་དབང་པོ་ཚོགས་དྲུག་གི་ཁྲིད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ ད་ནི་འཛིན་པ་རང་གྲོལ་གྱི་ཁྲིད་ལ༔ དང་པོ་སྲིད་པ་མ་ཆགས་པའི་དུས་སུ༔ ལྷ་དང་འདྲེ་དང༔ མི་གསུམ་གང་ནས་བྱུང་ལྟོས༔ ལྷ་འདྲེ་དང་མི་གང་སྔ་ལྟོས༔ ལྷ་འདྲེ་མི་གསུམ་པོ་འདི་དུས་མཉམ་དུ་བྱུང་ཟེར་ན་ངོ་འཕྲོད་པའོ༔ དེ་ལ་ལྷ་ཁྲིད་འདྲེ་ཁྲིད་ཟེར་བ་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ ད་རྩལ་སྦྱོང་ལས་ཀྱི་ཁྲིད་ལ༔ ལས་ཀ་ལ་སོགས་པའི་བྱ་བ་འདི་ཀུན་ལུས་ཀྱིས་བྱ་བ་བྱེད་དམ་སེམས་ཀྱིས་བྱེད་དྲི༔ སེམས་ཀྱིས་བྱེད་ཟེར་ན་ལུས་ཉལ་སར་སྡོད་ལ༔ ལས་སྣ་ཚོགས་སེམས་ཀྱིས་བྱེད་དུ་ཆུགས་དང༔ འོ་ན་ལུས་ཀྱིས་བྱེད་ཟེར་ན༔ བྱིས་པ་སྐྱེས་མ་ཁད་དང༔ རོ་ལ་ཡང་ལུས་ཡོད་དེ་ལས་བྱེད་དམ༔ ལུས་སེམས་དབྱེར་མེད་ཀྱིས་བྱེད་ཟེར་ན་ངོ་འཕྲོད་པའོ༔ ན་བ་འདི་ལུས་ནའམ་སེམས་ན༔ ལུས་སེམས་དབྱེར་མེད་དུ་ན་ཟེར་ན་ངོ་འཕྲོད་པའོ༔ འཆི་བ་འདི་ལུས་འཆིའམ་སེམས་འཆི་དྲི༔ སེམས་ཉིད་སྟོང་གསལ་དབྱེར་མེད་འདི་ལ་འཆི་རྒྱུ་མེད༔ སྒྱུ་ལུས་གོག་པོ་འདི་ཡང་ན་མེ་ལ་སྲེག༔ ཡང་ན་ཆུ་ལ་སྐྱུར༔ ཡང་ན་འབུ་སྲིན་གྱིས་ཟ་བས་ལུས་འདི་འཆི་བ་ཡིན་ཟེར་ན་ངོ་འཕྲོད་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ ཡང་དཔེར་ན་ནམ་མཁའི་བྱ༔ ས་སྟེང་གི་འབུ་སྲིན༔ ལུང་སྟོང་གི་རི་དྭགས༔ དུད་འགྲོ་བ་གླང༔ ར་ལུག་མཛོ་རྟ་ལ་སོགས་པ་ལ་ཡང་འགྲོ་ས་རེ་ཡོད༔ དཔེ་དེ་བཞིན་དུ་རང་གི་སེམས་ཉིད་སྟོང་གསལ་འདི་ཡང་བེམ་རིག་བྲལ་བའི་དུས་ན་གང་དུ་འགྲོ་དྲི༔ དགེ་སྡིག་གཉིས་ཀྱི་རྗེས་སུ་འགྲོ་ཟེར་ན་ངོ་འཕྲོད་པའོ༔ དེ་རྣམས་ནི་སེམས་ཉིད་གདར་ཤ་བཅད་པའོ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ སེམས་ཉིད་གདར་ཤ་གཅོད་པའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་བཅུ་གཅིག་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ སྒྲགས་ཡང་རྫོང་ཤེལ་གྱི་འོད་གསལ་ཕུག་ནས་སློབ་དཔོན་མ་ཀུན་དགའ་འབུམ་གྱིས་སྤྱན་དྲངས་པའི་ཤོག་སེར་ཡང་ཚ་ལས་ཞལ་བཤུས་པའོ།། ༄༅༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ དུག་ལྔ་ཡེ་ཤེས་སུ་ངོ་སྤྲོད་པའི་ཁྲིད་ཡིག་བཞུགས་སོ༔ ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི༔ མཚན་ཉིད་དང་ལྡན་པའི་བླ་མ་ཡིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ རྫོགས་ཆེན་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི༔ དུག་ལྔ་ཡེ་ཤེས་སུ་ངོ་སྤྲོད་པ་འདི་ལྟར་རོ༔ གཏི་མུག་འདི་རང་གི་ཕར་ཕྱིན་ནས་བཙལ་བ་ཡིན་ནམ༔ གཏི་མུག་གིས་ཚུར་ཡོང་ནས་རང་བཙལ་བ་ཡིན༔ གཏི་མུག་ལ་གཟུགས་ཅི་འདུག༔ ཁ་དོག་ཅི་འདུག༔ དངོས་པོ་ཅི་འདུག་ཐག་ལེགས་པར་བཅད་དོ༔ དཔེར་ན༔ སྤྲིན་དང་ན་བུན་ཆར་པ་གསུམ༔ བྱུང་ཡང་ནམ་མཁའ་རང་ནས་བྱུང༔ ཐིམ་ཡང་ནམ་མཁའ་རང་ལ་ཐིམ༔ དཔེ་དེ་བཞིན་དུ༔ གཏི་མུག་བྱུང་ཡང་རང་གི་སེམས་ཉིད་རང་ལས་བྱུང༔ ཐིམ་ཡང་རང་གི་སེམས་ཉིད་རང་ལ་ཐིམ༔ མ་གོ་བར་དུ་གཏི་མུག་ཡིན༔ གོ་ན་ཆོས་དབྱིངས་ཡེ་ཤེས་ཡིན༔ དེ་བཞིན་དུ་ཞེ་སྡང༔ ང་རྒྱལ༔ འདོད་ཆགས༔ ཕྲག་དོག་རྣམས་ཀྱང༔ ཐག་ལེགས་པར་བཅད་ལ༔ མ་གོ་བར་དུ་དུག་ལྔ་ཡིན་ཏེ༔ གོ་ན་ཡེ་ཤེས་ལྔ་ཡིན་པས་དེ་གོ་བར་གྱིས་ཤིག༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་དུག་ལྔ་ཡེ་ཤེས་སུ་ངོ་སྤྲོད་པའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་བཅུ་གཉིས་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ སྒྲགས་ཡང་རྫོང་ཤེལ་ཕུག་ནས་སློབ་དཔོན་མ་ཀུན་དགའ་འབུམ་གྱིས་གཏེར་ནས་བཏོན་པའི་ཤོག་སེར་ཡང་ཚ་ལས་བཤུས་པའོ།། ༄༅༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ རྣམ་རྟོག་ཆོས་སྐུར་ངོ་སྤྲོད་པའི་ཁྲིད་ཡིག་བཞུགས་སོ༔ ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི༔ མཚན་ཉིད་དང་ལྡན་པའི་བླ་མ་ཡིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ རྫོགས་ཆེན་གསང་བ་ལམ་ཁྱེར་གྱི༔ རྣམ་རྟོག་ཆོས་སྐུར་ངོ་སྤྲོད་འདི་ལྟར་བྱའོ༔ སེམས་ཉིད་ཀྱི་ངོ་བོ་འདི་ལ༔ དགའ་བ་དང༔ མི་དགའ་བ༔ སྐྱིད་པ་དང་སྡུག་པ༔ སྐྱུག་ལོག་པ་དང་མི་ལོག་པ༔ བཟང་རྟོག་དང་ངན་རྟོག་དང༔ ལེགས་པ་དང་ཉེས་པ༔ ཞིམ་པ་དང་མི་ཞིམ་པ༔ ལྷ་དང་འདྲེ་ལ་སོགས་པ་མདོར་ན་སྣང་བ་ལ་གང་ཤར་གྱི་རྣམ་རྟོག་དེ་ཐམས་ཅད་ཆོས་ཉིད་ཀྱི་རོལ་པ་ཡིན་ཅིང༔ ཆོས་ཉིད་ཀྱི་ངང་དུ་ཁྱེར་ཤེས་དགོས་པ་ཡིན༔ དེ་ཡང་དཔེར་ན་ཁ་བ་རྡོ་ཚན་གྱི་སྟེང་དུ་འབབས་པའམ༔ འོ་མ་སྦོས་པ་ལ་ཆུ་བཏབ་པའམ༔ ལྕགས་ཚན་མོ་སཏྭ་གྲིས་གསེས་པའམ༔ མེ་འབར་བ་ལ་ཆུ་བཏབ་པ་བཞིན་དུ༔ རྣམ་པར་རྟོག་པ་གང་ཤར་བ་ཐམས་ཅད་ཆོས་ཉིད་རིག་པ་སྟོང་གསལ་གྱི་ངང་དུ་ཁྲོལ་ཁྲོལ་འགྲོ་བ་ཞིག་དགོས་པ་ཡིན༔ རྣམ་རྟོག་བྱ་བའི་ངན་པ་གཅིག་ལོགས་ན་མེད༔ རིག་པ་སྟོང་གསལ་གྱི་ཆོ་འཕྲུལ་ཡིན་པས༔ སྣང་བ་ལ་གང་ཤར་ཐམས་ཅད་ཆོས་སྐུའི་རོལ་པར་ཐག་ཆོད་ཅིག༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་རྣམ་རྟོག་ཆོས་སྐུར་ངོ་སྤྲོད་པའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་བཅུ་གསུམ་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ སྒྲགས་ཡང་རྫོང་ཤེལ་ཕུག་ནས་སློབ་དཔོན་མ་ཀུན་དགའ་འབུམ་གྱིས་གཏེར་ནས་བཏོན་པའི་ཤོག་སེར་གྱི་ཡང་ཚ་ལས་བཤུས་པའོ།། ༄༅༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ མཁན་པོ་རྩད་གཅོད་ཀྱི་ཁྲིད་ཡིག་བཞུགས་སོ༔ ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི༔ དམ་ཚིག་དང་ལྡན་པའི་བླ་མ་ཡིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ རྫོགས་ཆེན་གསང་བ་ལམ་ཁྱེར་གྱི༔ མཁན་པོ་རྩད་གཅོད་ཀྱི་དམིགས་པ་འདི་ལྟར་ཕོག་གོ༔ གཞི་སྐྱབས་འགྲོ་སེམས་བསྐྱེད༔ སྤྱན་འདྲེན་ཕྱག་འཚལ༔ ཡིག་བརྒྱ་མཎྜལ༔ བཤགས་པ་བཟོད་གསོལ༔ བླ་མའི་རྣལ་འབྱོར་སྒོམ་པ་དང༔ འཆི་བ་མི་རྟག་པ་སྒོམ་པ་དང༔ ཕྱི་སྣང་བ་སྒྱུ་མར་ངོ་སྤྲོད་པ་དང༔ ནང་སེམས་ཉིད་གདར་ཤ་འདི་ཙམ་ཞིག་གཅོད་དགོས་པའི་མཁན་པོ་དེ་གང་ཡིན༔ རྒྱུ་དེ་གང་ཡིན༔ རྐྱེན་དེ་གང་ཡིན༔ ཐག་ལེགས་པར་བཅད་དོ༔ དེའི་རྒྱུ་མ་གོ་མ་རིག་པས་ལན་པ་ཡིན༔ དཔེར་ན༔ ཀུན་ཏུ་བཟང་པོ་རང་རིག་རང་ལ་ཤར་བས་གཞི་ཐོག་ནས་གྲོལ་བ་ཡིན༔ ཁོང་ལ་བླ་མ་དང་སློབ་དཔོན་གྱི་ངོ་སྤྲོད་མཁན་མེད༔ རང་རིག་རང་ལ་ཤར་ནས་རང་སར་གྲོལ་བ་ཡིན་ནོ༔ རང་རེ་རྣམས་མ་གོ་མ་རིག་པས༔ བླ་མས་ངོ་སྤྲོད་དགོས་བྱུང་བ་ཡིན༔ ད་སེམས་ཉིད་རིག་པ་སྟོང་གསལ་དབྱེར་མེད་དུ་ངོ་འཕྲོད་ཙ་ན་རང་རིག་རང་ལ་ཤར་བ་ཡིན་ནོ༔ འོ་ན་རང་རིག་རང་ལ་ཤར་མཁན་དེ་གང་ཡིན་ཟེར་ན༔ སེམས་ཉིད་རིག་པ་སྟོང་གསལ་དབྱེར་མེད༔ མ་བཅོས་ལྷུན་གྲུབ༔ ངོ་བོ་ཀ་དག༔ ཆོས་ཉིད་མཐའ་བྲལ༔ ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་ཡིན༔ འོ་ན་ཡིད་བཞིན་གྱི་ནོར་བུ་ཟེར་བའི་དོན་དེ་གང་ཡིན༔ སེམས་ཆོས་ཉིད་མ་བཅོས་པ༔ ལྷུན་གྲུབ༔ ངོ་བོ༔ ཀ་དག་ཏུ་རྟོགས་ཙ་ན༔ མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དེ་ལས་འབྱུང་བས་ན༔ ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཟེར་བ་ཡིན༔ འོ་ན་ཡིད་བཞིན་གྱི་ནོར་བུ་དེ་ལེགས་པར་ཉ་ར་བྱ་དགོས་པ་ཡིན་ཏེ༔ དེ་ལ་འབྲལ་མེད་ཀྱི་དཀོན་གཉེར་གཅིག་ཡོད༔ དེ་གང་ཡིན་འཚོལ་དུ་བཅུག༔ ཆོས་ཉིད་ཀྱི་དྲན་པ་ཡིན་པར་ངོ་སྤྲད༔ འོ་ན་ནོར་བུ་དེ་ལ་ཆར་པ་དང༔ སད་སེར་བྱུང་ན་ནོར་བུ་དེ་ལ་ཆུད་ཟོས་ཡོང་བས་དེ་ལ་ན་བཟའ་བཟང་པོ་གཅིག་དགོས་པས༔ དེ་གང་ཡིན་འཚོལ་དུ་བཅུག༔་་་བླ་མའི་མན་ངག །ཆར་པ་དང་སད་སེར་དེ་གང་ཡིན་ལྟར་བཅུག་གོ༔་་་ཉོན་མོངས་རྣམ་རྟོག་ཡིན། རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་རིག་པ་སྟོང་གསལ༔ ངོ་བོ་ཀ་དག༔ མ་བཅོས་ལྷུན་གྲུབ༔ ཡིད་བཞིན་ནོར་བུར་ངོ་སྤྲད་པ་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་བཅུ་བཞི་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ལག་ལེན་བླ་མའི་ཞལ་ལ་དྲིས༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ དྲིན་ཅན་མ་ཀུན་དགའ་འབུམ་གྱིས་སྒྲགས་ཡང་རྫོང་ནས་གདན་དྲངས་པའོ། ། ༄༅༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ གཞི་ཁྲེགས་ཆོད་གནས་འགྱུ་དབྱེར་མེད་ཀྱི་ཁྲིད་ཡིག་བཞུགས་སོ༔ ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི༔ དམ་ཚིག་དང་ལྡན་པའི་བླ་མ་ཡིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ རྫོགས་ཆེན་གསང་བ་ལམ་ཁྱེར་གྱི༔ གཞི་གནས་ལུགས་ཁྲེགས་ཆོད་ཀྱི་དམིགས་པ་འབོགས་པ་ནི༔ སློབ་མ་རྣམས་ཀྱིས་མཁའ་འགྲོའི་ཚོགས་ལ་ཚོགས་གཏོར་བཤམ༔ གཏེར་བདག་རྣམས་ལ་དམར་གཏོར་ཕུལ་ལ༔ ཁྲིད་ཀྱི་སྔོན་འགྲོ་རྣམས་རིམ་པ་བཞིན་བྱ༔ དེ་ནས་བླ་མས་དམིགས་པ་འདི་ལྟར་ཕོག་གོ༔ ལུས་རྣམ་སྣང་གི་ཆོས་བདུན་བྱས་ལ༔ སེམས་སྐྱེ་མེད་ཆོས་ཉིད་རིག་པ་སྟོང་གསལ་ཀ་དག་ལྷུན་གྲུབ་ཀྱི་ངོ་བོ་འདི༔ སྔར་འདས་པའི་རྗེས་མ་སྙེག༔ མ་འོངས་པའི་མདུན་མ་བསུ༔ ད་ལྟའི་ཤེས་པ་ལ་གཟོ་མ་བྱེད༔ ལུས་སེམས་འཇོག་པ་བཞིའི་ངང་ནས་གནས་པར་བྱའོ༔ འཇོག་པ་བཞི་ནི༔ ལུས་ནི་དུར་ཁྲོད་ཀྱི་རོ་བཞིན་དུ་གཅེས་འཛིན་དང་ཕྲག་ཕྲིག་མེད་པའི་ངང་ལ་འཇོག༔ ངག་ནི་རང་འཐག་ཆུ་བཅད་པ་བཞིན་ལྷན་ནེ་བའི་ངང་ལ་འཇོག༔ མིག་ནི་ལྷ་ཁང་ནང་གི་ལྡེར་སོ་བཞིན་ཚུམ་མེད་པར་བལྟ་སྟངས་གཅིག་གི་ངང་ལ་འཇོག༔ སེམས་ནི་རྒྱ་མཚོ་རླབས་དང་བྲལ་བ་བཞིན་དུ༔ ཡིད་ཀྱི་རྣམ་རྟོག་གི་སྤྲོས་པ་ཐམས་ཅད་ཁྲིག་གིས་བཅད་ནས༔ རིག་པ་ཆོས་ཉིད་སྟོང་གསལ་མ་བཅོས་ལྷུན་གྲུབ་ངང་ལ་ལྷན་ནེ་བཞག་གོ༔ ཡིད་ལ་ཅི་ཡང་མི་འགྱུ་བར་བཞག༔ ཕྱིའི་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་རྣམས་ཀྱང་བདེན་པར་མ་གྲུབ༔ ནང་གི་ལུས་ཀྱང་བདེན་པར་མ་གྲུབ༔ སེམས་ཉིད་སྟོང་གསལ་འདི་ཡང་བདེན་པར་མ་གྲུབ༔ བདེན་པར་མ་གྲུབ་བཞིན་དུ་ཅིར་ཡང་གསལ་བས༔ རིག་པ་སྟོང་གསལ་གྱི་ངང་ལ་གནས་པ་དེ་ལ་གཞི་ཁྲེགས་ཆོད་ཅེས་ཀྱང་ཟེར༔ དེ་ཡང་གནས་པའི་ངང་ནས་འགྱུ་བ་ཨེ་འདུག༔ འགྱུ་བའི་ངང་ནས་གནས་པ་ཨེ་འདུག༔ དེ་ཡང་གནས་པའི་ངང་ནས་འགྱུ་བ་ཡོད་དེ༔ འགྱུ་བ་རྩད་གཅོད་པ་ལ་རྣམ་པ་བཞི་ལས༔ དེ་ཡང་བྱི་ལས་བྱི་བ་སྒུག་པ་བཞིན༔ འགྱུ་བའི་ངོ་བོ་ལ་གཅེར་གྱིས་བལྟའོ༔ བྲམ་ཟེས་སྐུད་པ་འཁལ་བ་བཞིན༔ རག་པ་གྲིམ་ལྷོད་བྱེད་ཅིང་འགྱུ་བའི་ངོ་བོ་ལ་བལྟའོ༔ སོ་ཁང་ནང་ནས་སོ་པས་བྱ་ར་བྱེད་པ་བཞིན་དུ༔ རིག་པ་མ་ཡེངས་པའི་ངང་ནས་འགྱུ་བ་ལ་བལྟའོ༔ མདའ་མཁན་ནས་མདའ་སྲོང་བ་བཞིན་དུ༔ རིག་པ་རྩེ་གཅིག་གི་ངང་ནས་འགྱུ་བ་ལ་བལྟའོ༔ ད་གནས་འགྱུ་འདྲེས་པ་ནི༔ སེམས་ཉིད་སྟོང་གསལ་གྱི་ངང་ལ་ལྷན་ནེར་བཞག་པ་དེ་གནས་པ་ཡིན༔ དེའི་ངང་ནས་རྣམ་རྟོག་གཅིག་ཐོལ་གྱིས་འགྱུས་འོང༔ དེ་ལ་གཅེར་གྱིས་བལྟས་པས་ཆོས་ཉིད་ཀྱི་ངང་དུ་ལྷན་གྱིས་འགྲོའོ༔ དེ་ནི་གནས་འགྱུ་ཆོས་ཉིད་ཀྱི་ངང་དུ་འདྲེས་ཟེར་བ་ཡིན་ནོ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ གཞི་ཁྲེགས་ཆོད་གནས་འགྱུ་དབྱེར་མེད་ཆོས་ཉིད་ཀྱི་ངང་དུ་འདྲེས་པའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་བཅོ་ལྔ་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ སློབ་དཔོན་མ་ཀུན་དགའ་འབུམ་གྱིས་སྒྲགས་ཡང་རྫོང་ཤེལ་གྱི་འོད་གསལ་ཕུག་ནས་གཏེར་ནས་སྤྱན་དྲངས་པའི་ཤོག་སེར་གྱི་ཡང་ཚ་ལས་ཞལ་བཤུས་པའོ།། ༄༅༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ ལམ་ཐོད་རྒལ་ལྷག་མཐོང་གི་ཁྲིད་ཡིག་བཞུགས་སོ༔ ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི༔ དམ་ཚིག་དང་ལྡན་པའི་བླ་མ་ཡིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ རྫོགས་ཆེན་གསང་བ་ལམ་ཁྱེར་གྱི༔ ཐོད་རྒལ་ལྷག་མཐོང་གི་ངོ་སྤྲོད་འདི་ལྟར་བྱའོ༔ སེམས་ཉིད་རིག་པ་སྟོང་གསལ་དབྱེར་མེད་འདི༔ བྱ་ནམ་མཁའ་ལ་འཕུར་པ་བཞིན༔ རིག་པ་བྱར་མེད་རྟོག་མེད་ཀྱི་ངང་ལ་བཞག༔ ཆུ་ལ་རལ་གྲི་བརྒྱབ་པ་བཞིན་དུ༔ རྣམ་རྟོག་རྦད་གཅོད་ཀྱི་ངང་ལ་བཞག༔ སེང་གེ་གནམ་ལ་འཕྱོང་བ་བཞིན་དུ༔ རྣམ་རྟོག་ཐོག་རྫིས་ཀྱི་ངང་ལ་བཞག༔ ཤིང་སྡོང་རྩ་བ་ནས་གཅོད་པ་བཞིན་དུ༔ རིག་པ་གཞི་མེད་རྩ་བྲལ་གྱི་ངང་ལ་བཞག༔ དངུལ་དཀར་མེ་ལོང་ཕྱིས་པ་བཞིན་དུ༔ རིག་པ་གང་ཤར་རང་གྲོལ་གྱི་ངང་ལ་བཞག༔ ནམ་མཁའ་གཡའ་དག་པ་བཞིན་དུ༔ རིག་པ་སྟོང་ཉིད་མཐའ་བྲལ་གྱི་ངང་ལ་བཞག༔ སྣང་བ་ལ་ཅི་ཤར་ཅི་འགྱུས་ཀྱང༔ སྟོང་གསལ་བློ་བྲལ་ཆོས་སྐུའི་ངང་ལ་བཞག༔ རིག་པ་མ་འགགས་པའི་རང་རྩལ་ཇི་ལྟར་སྣང་ཡང༔ ཆོས་སྐུའི་རོལ་པ་མིན་པ་གཅིག་ཀྱང་མེད་དོ༔ བསྒོམ་རྒྱུ་སྐད་ཅིག་ཀྱང་མེད་དོ༔ སྣང་བ་ལ་གང་ཤར་ཐམས་ཅད་ཆོས་སྐུར་ཐག་ཆོད་ཅིག༔ ཡང་དག་པ་ལ་བསྒོམས་པས་བཟང་དུ་མ་སོང༔ མ་བསྒོམ་པས་ངན་དུ་མ་སོང༔ བཟང་ངན་གྱི་མཐའ་ཐམས་ཅད་དང་བྲལ་བ༔ དེ་བཞིན་དུ༔ སྐྱིད་སྡུག་དང༔ ལེགས་ཉེས་དང༔ མཐོ་དམན་དང༔ དགའ་ལོང་དང༔ གཅེས་འཛིན་དང༔ ངོས་ལྐོག་དང༔ ཆོས་བརྒྱད་དང༔ དགེ་སྡིག་དང༔ སྲུང་སྡོམ་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བ༔ རིག་པ་སྟོང་གསལ་འཛིན་མེད་རང་གྲོལ་འདི་ཡིན་ནོ༔ ཡང་དག་པ་ལ་རྟོགས་ན༔ སངས་རྒྱས་སྒྲུབ་ཏུ་མེད༔ སེམས་ཅན་སྤང་དུ་མེད༔ དགེ་བ་སྒྲུབ་ཏུ་མེད༔ སྡིག་པ་སྤང་དུ་མེད༔ རིག་པ་སྟོང་གསལ་ལྷུན་གྲུབ་ཆོས་སྐུ་འདི་ཡིན་ནོ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ ཐོད་རྒལ་ལྷག་མཐོང་རང་གྲོལ་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་བཅུ་དྲུག་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ སློབ་དཔོན་མ་ཀུན་དགའ་འབུམ་གྱིས་སྒྲགས་ཡང་རྫོང་ནས་གཏེར་བཏོན་པའི་ཤོག་སེར་ཡང་ཚ་ལས་བཤུས་སོ།། ༄༅༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ ཆོས་སྐུ་མངོན་སུམ་དུ་ངོ་སྤྲོད་པའི་ཁྲིད་ཡིག་བཞུགས་སོ༔ ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི༔ དམ་ཚིག་དང་ལྡན་པའི་བླ་མ་ཡིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ མ་རྒྱུད་གསང་བ་ལམ་ཁྱེར་གྱི༔ ཆོས་སྐུའི་ངོ་སྤྲོད་འདི་ལྟར་ཕོག༔ སློབ་མ་རྣམས་ཀྱིས་མཁའ་འགྲོ་ལ་ཚོགས་འཁོར་བཤམས་ལ༔ སྔོན་འགྲོ་གཞུང་བཞིན་བྱས་ལ༔ དེ་ནས་ནམ་མཁའ་གཡའ་དག་པའི་དུས༔ ལུས་རྡོ་རྗེ་སྐྱིལ་ཀྲུང་བྱས་ལ་ཁ་ནུབ་ཏུ་བསྟན༔ ལག་པ་གཉིས་ཁུ་ཚུར་བཅངས་ལ་བརླ་ཁུག་གཉིས་སུ་མནན༔ རྐེད་པ་དྲང་པོར་བསྲངས་པས་ལུས་འཁྲང༔ ལུས་འཁྲང་པས་རྩ་འཁྲང༔ རྩ་འཁྲང་པས་རླུང་འཁྲང༔ རླུང་འཁྲང་པས་བདེ་གསལ་མི་རྟོག་པའི་ཉམས་བཟང་པོ་འབྱུང༔ དཔུང་པ་རྒོད་གཤོག་བཞིན་དུ་བརྒྱངས་པས༔ རྩ་བཞི་ཀ་བ་བཙུགས༔ མིག་ཁྲོ་བོའི་སྤྱན་བཞིན་དུ་ནམ་མཁའི་དབྱིངས་སུ་ཧྲིག་གེ་བལྟ་སྟངས་ལ་བཞག༔ དེ་ལ་ཉམས་ཀྱི་མཐོང་སྣང་རྣམ་པ་གསུམ་འབྱུང་སྟེ༔ དབང་པོ་རབ་ལ་བཀའ་རྒྱུད་ཀྱི་ཕོ་ཁྲོམ་དང༔ ཡི་དམ་དང༔ མཁའ་འགྲོའི་སྐུ་དངོས་སུ་ཆོས་ཉིད་ངང་ལ་མཐོང་ངོ༔ དབང་པོ་འབྲིང་གིས་ནམ་མཁའི་དབྱིངས་སུ་ཞི་ཁྲོ་དང༔ རིགས་ལྔའི་ཕོ་བྲང་དངོས་སུ་མཐོང་ངོ༔ དབང་པོ་ཐ་མས་ཀྱང༔ དྲྭ་བ་དང༔ དྲྭ་ཕྱེད་དང༔ རྡོ་རྗེ་དྲིལ་བུ་དང༔ དབུ་རྒྱན་དང༔ མཆོད་རྟེན་དང༔ ཐིག་ལེ་དང༔ ལུ་གུ་རྒྱུད་ལ་སོགས་པ་མཐོང་ངོ༔ དེ་རྣམས་མཐོང་བ་ལ་ཡོན་ཏན་ཅི་ཡོད་ན༔ བེམ་རིག་བྲལ་བའི་ཚེ་ན༔ བར་དོ་མེད་པར་རིག་པ་སྟོང་གསལ་ཆོས་ཉིད་ཀྱི་ངང་ལ༔ ནམ་མཁའ་གཡའ་དག་པ་དང་བཅས་ནས༔ ཐོད་པ་མི་འགེབས་པར་ཆོས་སྐུའི་ཞིང་ཁམས་ལ་སངས་རྒྱའོ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ ཆོས་སྐུ་མངོན་སུམ་དུ་ངོ་སྤྲོད་པའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་བཅུ་བདུན་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ དྲིན་ཆེན་མ་ཀུན་དགའ་འབུམ་གྱིས་སྒྲགས་ཀྱི་ཤེལ་ཕུག་ནས་གདན་དྲངས་པའི་ཤོག་སེར་གྱི་ཡང་ཚ་ལས་ཞལ་བཤུས་པ་ལགས་སོ།། ༄༅༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ ལོངས་སྐུ་འགག་མེད་དུ་ངོ་སྤྲོད་པའི་ཁྲིད་ཡིག་བཞུགས་སོ༔ ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི༔ དམ་ཚིག་དང་ལྡན་པའི་བླ་མ་ཡིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ རྫོགས་ཆེན་གསང་བ་ལམ་ཁྱེར་གྱི༔ ལོངས་སྐུའི་ངོ་སྤྲོད་འདི་ལྟར་བྱའོ༔ བླ་མས་ཁྲི་སྟན་མཐོན་པོའི་ཁར༔ སྐུ་ལ་རུས་པའི་རྒྱན་དྲུག་གསོལ༔ དབུ་ལ་རིགས་ལྔ་གསོལ༔ ཕྱག་གཉིས་སུ་ཌཱ་དྲིལ་བསྣམས༔ ལོངས་སྤྱོད་རྫོགས་པའི་ཆ་ལུགས་མཛད༔ དེའི་སྤྱི་བོར་ཡེ་ཤེས་མཁའ་འགྲོ་རྣམས་མུ་ཏིག་སྟར་ལ་བརྒྱུས་པ་བཞིན་བསམ༔ བླ་མའི་ཐུགས་ཀའི་ཐད་དུ་ཕག་མོའི་བྲིས་སྐུ་མཁའ་འགྲོས་བསྐོར་བ་གཅིག་བཞག་ལ༔ དེ་ནས་ནམ་མཁའ་གཡའ་དག་པ་ལ་ཉི་མ་རྩེ་ཤར་བའི་དུས༔ སློབ་མའི་ཚོགས་ཀྱིས་སྔོན་འགྲོ་མཎྜལ་ལ་སོགས་པ་ཕུལ་ནས༔ ལས་ཀྱི་སློབ་དཔོན་གཅིག་གིས་མན་ཤེལ་གཡའ་དག་པ་གཅིག་ལ་བལྟར་བཅུག་གོ༔ དེ་ནས་བླ་མའི་སྐུ་དང༔ ཡི་དམ་གྱི་སྐུ་གཅིག་ལ་གཅིག་བརྩེགས་པ༔ མུ་ཏིག་སྟར་ལ་བརྒྱུས་པ་ལྟ་བུ༔ མཁའ་སྤྱོད་བདེ་ཆེན་གྱི་གནས་སུ་དྭངས་སེང་མཐོང་ཡོང་ངོ༔ དེ་ནས་བླ་མས་ངོ་སྤྲོད་འདི་ལྟར་བྱའོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན་ཅིག༔ མན་ཤེལ་འདི་སུས་ཀྱང་བཅོས་པ་མེད་པ་བཞིན་དུ༔ ལོངས་སྐུ་རིག་པ་སྟོང་གསལ་རང་བཞིན་ལྷུན་གྲུབ་ཏུ་ཤེས་པར་གྱིས་ཤིག༔ མན་ཤེལ་ཕྱི་ནང་མེད་པར་དག་པ་ཟང་ཐལ་ལེ་བ་བཞིན་དུ༔ ལོངས་སྤྱོད་རྫོགས་པའི་སྐུ་དེ་ཡང༔ རིག་པ་སྟོང་གསལ་ཕྱི་ནང་མེད་པར་དག་པ་ཟང་ཐལ་ལེ་བར་ཤེས་པར་གྱིས་ཤིག༔ མན་ཤེལ་ཕྱི་ནང་མེད་པའི་ནང་ནས་འོད་ལྔ་ཕྱིར་ཤར་བ་བཞིན་དུ༔ ལོངས་སྐུའི་ཀློང་ནས་རིག་པ་སྟོང་གསལ་གཟུགས་སྐུ་གཉིས་ཕྱིར་འགྱེད་ནུས་པར་ཤེས་པར་གྱིས་ཤིག༔ མན་ཤེལ་ལ་མདུན་རྒྱབ་མེད་པ་བཞིན་དུ༔ ལོངས་སྐུའི་རིག་པ་སྟོང་གསལ་ལ་མདུན་རྒྱབ་མེད་པ༔ ངོ་བོ་ཀ་དག་ཏུ་ཤེས་པར་མཛོད་ཅིག༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ ལོངས་སྐུ་འགག་མེད་དུ་ངོ་སྤྲད་པའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་བཅོ་བརྒྱད་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ སློབ་དཔོན་མ་ཀུན་དགའ་འབུམ་གྱིས་སྒྲགས་ཡང་རྫོང་ཤེལ་གྱི་འོད་གསལ་ཕུག་ནས་གཏེར་ནས་སྤྱན་དྲངས་པའི་ཤོག་སེར་ཡང་ཚ་ལས་ཞལ་བཤུས་པ་ལགས་སོ།། ༄༅༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ སྤྲུལ་སྐུ་རིག་པ་སྟོང་གསལ་ཡི་དམ་གྱི་ཞིང་ཁམས་སུ་ངོ་སྤྲོད་པའི་ཁྲིད་ཡིག་བཞུགས་སོ༔ ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི༔ དམ་ཚིག་དང་ལྡན་པའི་བླ་མ་ཡིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ མཁའ་འགྲོ་གསང་བ་ལམ་ཁྱེར་གྱི༔ སྤྲུལ་སྐུའི་ངོ་སྤྲོད་འདི་ལྟར་བྱའོ༔ ནམ་མཁའ་དྭངས་པ་ལ་ཉི་མ་རྩེ་ཤར་བ་དང༔ སློབ་མའི་ཚོགས་རྣམས་གྲལ་ལ་བཀོད་ལ༔ ཉི་མ་ལ་ཁ་བསྟན་ཏེ༔ ལུས་ཕྱེད་སྙེས་བྱ༔ མིག་ལ་དར་བཀབ་ནས་ཉི་མའི་དཀྱིལ་འཁོར་ལ་རྩེ་གཅིག་མ་ཡེངས་པར་བལྟར་བཅུག་གོ༔ དེ་ནས་བླ་མས་ངོ་སྤྲོད་འདི་ལྟར་བྱའོ༔ ཉི་མའི་དཀྱིལ་འཁོར་གྱི་དབུས་ན༔ རྡོ་རྗེ་སེམས་དཔའི་སྐུ་ཡོད་པས༔ དེ་མཐོང་ན་སྐད་ཅིག་གཅིག་ལ་སྤྲུལ་པའི་སྐུ་ཐོབ་བོ༔ གཞན་ཡང་འཇའ་ཚོན་ལྔ་ནི༔ རིགས་ལྔའི་ཞིང་ཁམས་སུ་ངོ་སྤྲད་ལ༔ དེ་རྣམས་སུ་སྤྲུལ་པའི་སྐུར་སངས་རྒྱས་ནས༔ འགྲོ་བའི་དོན་ཆེན་པོ་མཛད་ནས༔ མཐར་ཐུག་ཆོས་སྐུའི་ཞིང་ཁམས་སུ་སངས་རྒྱའོ༔ གཞན་ཡང་ཐིག་ལེ་དང༔ ལུ་གུ་རྒྱུད་དང༔ དྲྭ་བ་དང༔ དྲྭ་ཕྱེད་དང༔ པ་ཏྲ་དང༔ པདྨ་དང༔ སྦ་ཕུབ་ལྟར་བསྐོར་བ་དང༔ མེ་ཏོག་གི་ཆུན་བུ་མཐོང་བ་ནི༔ སངས་རྒྱས་སུམ་སྟོང་གི་ཞལ་མཐོང་བས༔ བར་དོ་མེད་པར་སྤྲུལ་པའི་སྐུར་སངས་རྒྱའོ༔ གཞན་ཡང་མཆོད་རྟེན་དང༔ རྡོ་རྗེ་དང༔ དྲིལ་བུ་དང༔ གདུགས་དང༔ རྒྱལ་མཚན་དང༔ བ་དན་དང༔ ཕྱེ་མ་ཕུར་མ་དང༔ ཞལ་ཟས་ལ་སོགས་པ་མཐོང་བ་ནི༔ དེ་བཞིན་གཤེགས་པའི་ཞིང་ཁམས་ཁྲི་སྟོང་མཐོང་བས༔ བར་དོ་མེད་པར་སྤྲུལ་པ་སྐུའི་ཞིང་ཁམས་སུ་སངས་རྒྱས་པའོ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ སྤྲུལ་སྐུ་རིག་པ་སྟོང་གསལ་དབྱེར་མེད་ཡི་དམ་གྱི་ཞིང་ཁམས་སུ་ངོ་སྤྲད་པའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་བཅུ་དགུ་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ སྒྲགས་ཡང་རྫོང་ནས་སློབ་དཔོན་མ་ཀུན་དགའ་འབུམ་གྱིས་གཏེར་ནས་བཏོན་པའི་ཤོག་སེར་ཡང་ཚ་ལས་བཤུས་པའོ།། ༄༅༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ སྒྱུ་ལུས་ཚོགས་འཁོར་དུ་ངོ་སྤྲོད་པའི་ཁྲིད་ཡིག་བཞུགས་སོ༔ ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི༔ དམ་ཚིག་དང་ལྡན་པའི་བླ་མ་ཡིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ མཁའ་འགྲོ་གསང་བ་ལམ་ཁྱེར་གྱི༔ སྒྱུ་ལུས་ཚོགས་འཁོར་གྱི་གདམས་པ་འདི་ལྟར་སྟོན༔ སློབ་མ་རྣམས་ཀྱིས་མཁའ་འགྲོ་ལ་ཚོགས་འཁོར་བཤམས༔ གཏེར་བདག་ལ་དམར་གཏོར་ཕུལ༔ དེ་ནས་ཐམས་ཅད་ལུས་སེམས་དཔའི་སྐྱིལ་ཀྲུང་དུ་འདུག་སྟེ༔ བཀའ་བརྒྱུད་ཀྱི་བླ་མ་རྣམས་དང༔ ཡི་དམ་ལྷ་ཚོགས༔ མཁའ་འགྲོ་རྒྱ་མཚོ༔ ཆོས་སྐྱོང་སྲུང་མ་རྣམས་སྤྱན་དྲངས༔ སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད༔ གཞི་བདག་ལྷ་འདྲེ་གནོད་བྱེད༔ འབྱུང་པོ་དྲི་ཟ༔ ཡི་དྭགས༔ ཁྱད་པར་དུ་བདག་ལ་སྡང་བར་བྱེད་པའི་དགྲ༔ གནོད་པར་བྱེད་པའི་བགེགས༔ སྒྲུབ་པ་ས་ལམ་ཚེ་སྲོག་ལ་བར་དུ་གཅོད་པར་བྱེད་པའི་གདོན་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༔ ཕྱོགས་བཅུའི་ལྷ་འདྲེ་ཐམས་ཅད་སྙིང་རྗེའི་སྟོབས་ཀྱིས་མགྲོན་ལ་གདན་དྲངས་ནས༔ དེ་ནས་བྱང་ཆུབ་མཆོག་ཏུ་སེམས་སྐྱེད་ཡང་དག་པར་མཛད༔ དེ་ནས་མདུན་གྱི་ནམ་མཁའི་དབྱིངས་མཁའ་སྤྱོད་ཀྱི་གནས་ན༔ བཀའ་བརྒྱུད་ཀྱི་བླ་མ་ཡི་དམ་ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་སྤྲིན་ཕུང་འཐིབས་པ་བཞིན་བཞུགས་པར་བསམ༔ རང་གི་སྒྱུ་ལུས་འདི་ལ་གཅེས་འཛིན་མི་བྱེད་པར༔ རང་གི་སེམས་རིག་པ་སྟོང་གསལ་འདི་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གཅིག་དུ་གྱུར་ཏེ༔ སྙིང་ཁ་ཆོས་ཀྱི་ཕོ་བྲང་ན་གནས་པ་ལ༔ རྩ་དབུ་མ་ནི་ལུག་གི་རྒྱུ་མ་ཕུས་བཏབ་པ་བཞིན་དྭངས་སང་ངེ་ཡོད༔ དེའི་ནང་ནས་རིག་པ་དེ་ཡར་ཞུགས་ནས་རླུང་རོ་ཕྱུང་ནས་རྔུབས་པས༔ སྤྱི་བོ་ཚངས་བུག་ཁ་ཕྱེ་ནས༔ རིག་པའི་ངོ་བོ་གསེར་གྱི་རྡོ་རྗེ་དེ་ཐེ་ཚོམ་མེད་པར་ནམ་མཁའི་དབྱིངས་སུ་རྒྱངས་ཀྱིས༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་ཀར་སོང་སྟེ་རིག་པ་མ་བཅོས་ལྷུག་པའི་ངང་ལ་བཞག༔ རང་གི་མདུན་དུ་མི་མགོའི་སྒྱེད་པུ་རི་ཙམ་པ་གསུམ་བཙུགས་ལ༔ དེ་ནས་རང་གི་སྨིན་མཚམས་ནས་ལས་ཀྱི་ཌཱ་ཀི་མ་གཅིག་གིས༔ གྲི་གུག་གིས་ཐོད་པ་རྦད་ཀྱིས་བཅད་པར་བསམ་ལ༔ དེ་སྒྱེད་པུའི་སྟེང་དུ་རྫ་མ་བཙུགས་པ་ལྟར་བཞག་ལ༔ དེའི་ནང་བདུད་རྩིས་མེར་ཁེངས་པར་བསམ་ལ༔ ལས་ཀྱི་ཌཱ་ཀི་མ་གཞོན་པ་གཅིག་གིས༔ ལག་བདེ་བྱས་ནས༔ བཀའ་བརྒྱུད་ཀྱི་བླ་མ་རྒྱ་མཚོ༔ ཡི་དམ་རྒྱ་མཚོ༔ ཡེ་ཤེས་མཁའ་འགྲོ་རྒྱ་མཚོ་རྣམས་ལ་ལེགས་པར་འབུལ་བར་བསམ༔ ཡང་ཌཱ་ཀི་མ་གཅིག་གིས་གྲི་གུག་གིས་བྲང་གཤགས་ནས༔ ལྤགས་པ་དེ་ཕྱལ་གྱིས་བཏིང་བར་བསམ༔ དེ་ནས་རང་གི་གློ་སྙིང༔ ནང་རོལ༔ དབང་པོ་ལྔ༔ ཤ་ལྔ་རྣམས་ཆོས་སྐྱོང་རྒྱ་མཚོ་རྣམས་དང༔ ཌཱ་ཀི་རྒྱ་མཚོ༔ བཀའ་སྲུང་རྒྱ་མཚོ༔ གཏེར་བདག་རྒྱ་མཚོ་རྣམས་ལ་འབུལ་བར་བསམ༔ ཡན་ལག་བཞི༔ ཁོག་སྟོད་ཁོག་སྨད༔ ལུས་ཀྱི་ཤ་ཐམས་ཅད་དཀར་གསུམ་དང༔ མངར་གསུམ་དང༔ རྟ་དང་གླང་པོ༔ གོས་དར་ལ་སོགས་པ༔ མིག་གི་ཡུལ་དུ་གཟུགས་སྡུག་པ༔ རྣ་བར་སྒྲ་སྙན་པ༔ སྣར་དྲི་ཞིམ་པ༔ ལྕེའི་སྟེང་དུ་རོ་མངར་བ༔ འདོད་པའི་ཡོན་ཏན་ལྔས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཁེངས་པར་བྱིན་གྱིས་བརླབས་ནས༔ གཞི་བདག་ལྷ་མ་སྲིན་སྡེ་བརྒྱད༔ བགེགས་རིག་སྟོང་ཕྲག་བརྒྱད་ཅུ༔ འབྱུང་པོ་དྲི་ཟ༔ གཤིན་རྗེ༔ ཀླུ་བདུད༔ གནོད་སྦྱིན༔ ཡི་དྭགས༔ ཁས་ཉེན་ཞིང་དབང་ཆུང་བ་རྣམས་ལ་ཚོགས་འཁོར་དུ་བྱིན་གྱིས་བརླབས་ནས་བསྔོ་འོ༔ ཐམས་ཅད་ངོམ་ཞིང་ཚིམ་པའི་སྐལ་བ་དང་ལྡན་པར་བསམ་ལ༔ དེ་ནས་ལས་ཀྱི་ཌཱ་ཀི་མ་གཅིག་གིས༔ ལྤགས་པ་དེ་སྤྲུག་པ་གཅིག་བྱས་ནས༔ མཁའ་སྤྱོད་ཀྱི་གནས་སུ་བྱོན་པར་བསམ༔ ད་དུང་ཤུལ་དུ་ལྷག་མ་ཟ་ཚད་ཡོད་པར་བསམ༔ ངན་སྤྲང་སྟོན་མོ་ལ་འདུ་བ་ལྟ་བུ༔ སྦྲང་མ་རྩི་ལ་འདུ་བ་ལྟ་བུ༔ འབུ་ཤ་ལ་འདུ་བ་ལྟ་བུ་འདུག་ན༔ འཛད་མེད་དུ་བསམ་སྟེ༔ ཤར་དུ་བདུད་རྩིའི་ཕུང་པོ་རི་བོ་ཙམ༔ ལྷོར་རུས་པའི་ཕུང་པོ་རི་བོ་ཙམ༔ ནུབ་ཏུ་ཤའི་ཕུང་པོ་རི་བོ་ཙམ༔ བྱང་དུ་ཁྲག་གི་རྒྱ་མཚོ་ཆེན་པོར་བསམ་ལ༔ དེ་ལས་འཛད་པ་མེད་པར་ཡོད་པར་བསམ༔ དེ་ལྟར་བྱས་པས༔ རང་རེ་རྣམས་ལ་ཚེ་འདི་ལ་ཡང་གློ་བུར་གྱི་ནད་དང༔ གནོད་པ་མི་ཡོང༔ ལྷ་འདྲེ་རྣམས་ཀྱིས་ཀྱང༔ ཁོས་བཀས་གང་ལྕོགས་ཀྱི་གྲོགས་དང༔ ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་སྐྱེད་པར་བྱེད་ཅིང་ཕྲིན་ལས་སྒྲུབ་པའོ༔ གཏིང་མ་ནི་བར་དོ་མེད་པར་བླ་མ་ཡི་དམ་མཁའ་འགྲོའི་ཞིང་ཁམས་མཁའ་སྤྱོད་ཐར་པ་ཆེན་པོར་ཐེ་ཚོམ་མེད་པར་ཐལ་ལེ་འགྲོའོ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས་སྒྱུ་ལུས་ཚོགས་འཁོར་དུ་ངོ་སྤྲོད་པའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་ཉི་ཤུ་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ཁ་ཐཾ༔ སྒྲགས་ཡང་རྫོང་ཤེལ་གྱི་བྲག་ཕུག་ནས་སློབ་དཔོན་མ་ཀུན་དགའ་འབུམ་གྱིས་གཏེར་ནས་སྤྱན་དྲངས་པའི་ཤོག་སེར་ཡང་ཚ་ལས་བཤུས་སོ། ། ༄༅༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ རྨི་ལམ་འོད་གསལ་གྱི་ཁྲིད་ཡིག་བཞུགས་སོ༔ ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི༔ དམ་ཚིག་དང་ལྡན་པའི་བླ་མ་ཡིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ མ་རྒྱུད་གསང་བ་ལམ་ཁྱེར་གྱི༔ རྨི་ལམ་འོད་གསལ་གྱི་གདམས་པ་འདི་ལྟར་སྟོན༔ རང་ལུས་འདོམ་གང་གྲུ་བཞི་ལ༔ སྙིང་ག་ཆོས་ཀྱི་ཕོ་བྲང་གི་དབུས་སུ༔ པདྨ་འདབ་མ་བཞི་པ་གཅིག་བསམ༔ འདབ་མ་དེ་ཡང་དབུས་མཐིང་ག༔ ཤར་དཀར་པོ༔ ལྷོ་སེར་པོ༔ ནུབ་དམར་པོ༔ བྱང་ལྗང་གུ༔ དེའི་དབུས་སུ་རང་གི་སེམས་ཉིད་ཀྱི་ངོ་བོ་དེ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གཅིག་བསམ༔ རྡོ་རྗེ་དེའི་དབུས་སུ་ཨ་མཐིང་ག་གཅིག་བསམ༔ ཤར་གྱི་འདབ་མ་ལ་ཧ་དཀར་པོ༔ ལྷོའི་འདབ་མ་ལ་རི་སེར་པོ༔ ནུབ་ཀྱི་འདབ་མ་ལ་ནི་དམར་པོ༔ བྱང་གི་འདབ་མ་ལ་ས་ལྗང་གུ་གཅིག་བསམ༔ རང་ཉིད་སྐྱབས་འགྲོ་སེམས་བསྐྱེད་རིམ་བཞིན་བྱ༔ བསྐྱེད་རིམ་དང་རྫོགས་རིམ་ལེགས་པར་བསྒོམས་ལ༔ ཉལ་བའི་དུས་སུ་གཞོག་གཡས་པ་འོག་ཏུ་བཅུག་ལ༔ མགོ་བྱང་དུ་བསྟན༔ ཁ་ནུབ་ཏུ་བསྟན༔ ལག་པ་གཡས་པ་ལྡན་པའི་འོག་ཏུ་བཅུག༔ སྲིན་ལག་གིས་རྩེ་ཆུང་གི་འཕར་རྩ་གནན༔ ལུས་སེང་གེའི་ཉལ་ཐབས་ཀྱིས་ཉལ་ལ༔ ལག་པ་གཡོན་པ་དཔྱི་མགོའི་སྟེང་དུ་བཞག༔ རང་ལུས་རྡོ་རྗེ་ཕག་མོར་བསྒོམ༔ སྤྱི་བོར་ཨོ་རྒྱན་བསྒོམ༔ འཁོར་ལོ་ལྔ་ལ་མཁའ་འགྲོ་སྡེ་ལྔ་བསྒོམས་ལ༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྨི་ལམ་འོད་གསལ་སྦྱང་སྙམ་པའི་འདུན་པ་ཆེར་བཏང་ལ༔ ངག་ཏུ་ཡང་རྨི་ལམ་འོད་གསལ་འབྱོང་བར་བྱིན་གྱིས་རློབས༔ འོད་གསལ་ཏིང་ངེ་འཛིན་དུ་འཆར་བར་བྱིན་གྱིས་རློབས༔ ཚེ་འདིར་རྡོ་རྗེ་ཕག་མོའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས༔ བྱས་ལ༔ དམིགས་པ་དང་པོར་དབུས་ཀྱི་ཨ་མཐིང་ག་ལ་གཏད༔ དེ་ནས་གཉའ་མ་གཉིད་ལ་ཤར་གྱི་ཧ་ལ་རིག་པ་གཏད༔ གཉིད་དུ་ཟིམ་འགྲོ་ཙ་ན་ལྷོའི་རི་ལ་རིག་པ་གཏད༔ དེ་ནས་གཉིད་དུ་ཆར་འགྲོ་ཙ་ན་ནུབ་ཀྱི་ནི་ལ་རིག་པ་གཏད༔ གཉིད་དུ་འཐུམས་འགྲོ་ཙ་ན་བྱང་གི་ས་ལ་རིག་པ་གཏད་ལ༔ རིག་པ་སྟོང་གསལ་གྱི་ངང་ལ་ལྷན་ནེ་བཞག་པས༔ དང་པོ་རྨི་ལམ་ངོ་ཤེས་པ་འབྱུང༔ དེ་ནས་རྨི་ལམ་ཟིན༔ དེ་ནས་འོད་གསལ་དུ་འཆར༔ དང་པོ་སྙིང་པདྨ་འདབ་མ་བཞི་ལ༔ དཀྱིལ་འཁོར་གྱི་ཁ་དོག་བཞིན་འཆར༔ དབུས་མཐིང་ག༔ ཤར་དཀར་པོ༔ ལྷོ་སེར་པོ༔ ནུབ་དམར་པོ༔ བྱང་ལྗང་གུ༔ དེ་བཞིན་དུ་བྱང་ཁོག་ཐམས་ཅད་ཁྲ་ཡལ་གྱིས་འཆར༔ དེ་ནས་ཡང་སྦྱངས་པས༔ རང་གི་ཉལ་ཟླ་ལ་སོགས་པ་ཁྲ་ཡལ་གྱིས་མཐོང༔ དེ་ནས་གནས་ཁང་ལ་སོགས་པ་ཁྲ་ཡལ་གྱིས་མཐོང༔ དེ་ནས་རྟོག་པ་ཐོར་སོང་ནས་ས་གཞི་རི་རབ་གླིང་བཞི་ལ་སོགས་པ་ཁྲ་ཡལ་གྱིས་མཐོང༔ དེ་ནས་མ་ཡེངས་པར་སྦྱངས་ན་རིགས་ལྔའི་ཞིང་ཁམས་ཐམས་ཅད་འོད་གསལ་ངང་ལ་ཁྲ་ཡལ་གྱིས་མཐོང་བའོ༔ དེ་ལྟར་རྟོགས་པའི་རྣལ་འབྱོར་པས་བར་དོ་བགྲོད་ནས་མཁའ་སྤྱོད་བདེ་ཆེན་གྱི་ཞིང་ཁམས་སུ་འགྲོ་བར་ཐེ་ཚོམ་མེད་དོ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས་རྨི་ལམ་འོད་གསལ་དུ་ཁྱེར་བའི་ཆོས་ཐུན་ཉེར་གཅིག་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ སྒྲགས་ཡང་རྫོང་ནས་སློབ་དཔོན་མ་ཀུན་དགའ་འབུམ་གྱིས་གཏེར་ནས་བཏོན་པའི་ཤོག་སེར་ཡང་ཚ་ལས་བཤུས་སོ།། ༄༅༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ སེམས་ཉིད་མཁའ་སྤྱོད་འཕོ་བའི་ཁྲིད་ཡིག་བཞུགས་སོ༔ ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི༔ དམ་ཚིག་དང་ལྡན་པའི་བླ་མ་ཡིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ མ་རྒྱུད་གསང་བ་ལམ་ཁྱེར་ལས༔ སེམས་ཉིད་མཁའ་སྤྱོད་དུ་འཕོ་བའི་གདམས་པ་འདི་ལྟར་བསྟན་ནོ༔ དེ་ལ་དམིགས་པ་ནི༔ བཀའ་བརྒྱུད་ཀྱི་བླ་མ་རྣམས་དང༔ ཡི་དམ༔ ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་མདུན་གྱི་ནམ་མཁའི་དབྱིངས་སུ་བཞུགས་པར་བསམ་ལ༔ རང་ཉིད་སྟན་བདེ་བ་ལ་སེམས་དཔའི་སྐྱིལ་ཀྲུང་བྱ༔ ལུས་གནད་དྲང་པོར་བསྲང༔ ལག་པ་གཉིས་པུས་མོ་གཉིས་ཀྱི་ཁར་བཀབ༔ རོ་སྟོད་རྒྱངས་ལ༔ རྩ་གསུམ་དང་འཁོར་ལོ་ལྔ་གསལ་གདབ༔ དེ་ཡང་རྩ་གསུམ་ནི༔ དབུ་མ་མཐིང་ག་ཆོས་སྐུ༔ རྐྱང་མ་དཀར་མོ་སྤྲུལ་སྐུ༔ རོ་མ་དམར་མོ་ལོངས་སྐུའོ༔ འཁོར་ལོ་ལྔ་ནི༔ གསང་གནས་རྡོ་རྗེ་མཁའ་འགྲོའི་ཕོ་བྲང་དཀར་མོ༔ ལྟེ་བར་རིན་ཆེན་མཁའ་འགྲོའི་ཕོ་བྲང་སེར་མོ༔ སྙིང་གར་པདྨ་མཁའ་འགྲོའི་ཕོ་བྲང་དམར་མོ༔ མགྲིན་པར་ལས་ཀྱི་མཁའ་འགྲོའི་ཕོ་བྲང་ལྗང་གུ༔ སྤྱི་བོར་སངས་རྒྱས་མཁའ་འགྲོའི་ཕོ་བྲང་མཐིང་ག་གསལ་གདབ་བོ༔ དེ་ནས་རང་གི་སེམས་ཉིད་རིག་པ་སྟོང་གསལ་གྱི་ངོ་བོ་འདི༔ གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གཅིག་ཏུ་གྱུར་ཏེ༔ གསེར་གྱི་རྡོ་རྗེ་དེ་ཡང༔ ཡེ་ཤེས་མཁའ་འགྲོ་ལྔ་ཡིན་པར་བསམ་མོ༔ རང་གི་རིག་པ་སྟོང་གསལ་དེ་དང༔ ཡེ་ཤེས་མཁའ་འགྲོ་རྣམས་དབྱེར་མེད་པར་བསམ༔ དེ་ནས་རྩ་གསུམ་འདུས་པའི་མདོ་དབུ་མའི་ཡར་རྩེ་ན༔ སེམས་ཉིད་ཀྱི་ངོ་བོ་གསེར་གྱི་རྡོ་རྗེ་དེ་ཡོད་པར་བསམ་ལ༔ དབུ་མ་དེ་ལུག་གི་རྒྱུ་མ་ཕུས་བཏབ་པ་བཞིན་དྭངས་སང་ངེ་བསམ་ལ༔ རོ་རྐྱང་གཉིས་ནས་རླུང་རྔུབས་ཏེ༔ འོག་སྒོ་བསྡམས་ལ༔ རླུང་གིས་ཡར་ཕུལ༔ ཨིག་གིས་ཡར་འདྲེན་པ་དབུགས་ཐེངས་རེ་ལ་དྲག་པོ་བརྒྱ་བརྒྱ་ཙམ་བྱ༔ སངས་རྒྱས་མཁའ་འགྲོའི་ཕོ་བྲང་ལ་ཐུག་ཐུག་བཏང༔ ཚངས་བུག་ཧཾ་གིས་བཀག་པར་བསམ༔ དེས་འཕོ་བ་འབྱོངས་པའི་རྟགས་ལ༔ སྤྱི་བོ་སྐྲངས་པ་དང༔ ན་བ་དང༔ ཁྲག་དང༔ ཆུ་སེར་ཐོན་པ་དང༔ རྡོལ་ལ་ཁད་པ་དང༔ ཟ་བ་དང༔ གཡའ་བ་དང༔ མགོ་འཁོར་བྱེད་པ་དང༔ མིག་ཕུགས་ན་བ་དང༔ མགོ་གས་ལ་ཁད་པ་དང༔ སྐྱུག་མེར་པ་དང༔ དེ་རྣམས་བྱུང་ན་འཕོ་བ་འབྱོངས་པའི་རྟགས་ཡིན་པས༔ ཟླ་བ་རེ་ལ་ཐུན་རེ་ཙམ་མ་བརྗེད་པར་བསྒོམ༔ དྲན་པས་ཆོག་པའི་འཕོ་བ་ཡིན༔ དེ་ནས་ལུས་ལ་ནད་དམ་པོས་བཟུང༔ ཁ་རྗེ་ཟ་ཐང་གུད༔ ཚེ་འདིའི་འདུག་སྐལ་རྫོགས༔ གཏིང་མའི་སར་འགྲོ་དགོས་པས༔ ལུས་ཀྱི་འབྱུང་བའི་རྟགས་རྣམས་རྫོགས་བེམ་རིག་བྲལ་བའི་དུས་སུ༔ ཀུན་ལ་ཆགས་སེམས་དང་ཞེན་འཛིན༔ ང་རྒྱལ༔ ཁེ་གྲགས༔ ཚེ་འདིའི་འདུན་མ༔ བུ་བུུ་མོ༔ གྲོགས་བཟའ་ཟླ༔ གཉེན་ཉེ་འབྲེལ༔ རྒྱུ་ནོར་རྫས་ཐམས་ཅད་སྤངས་ནས༔ བླ་མའི་མན་ངག་མ་ཡེངས་པར་སེམས་ལ་བཞག་ལ༔ འཕོ་བ་སྐད་ཅིག་རྫོགས་སངས་རྒྱས་པ་འདི་བསྒོམ་དགོས་ཏེ༔ དེ་ཡང་སེམས་ཉིད་ཀྱི་ངོ་བོ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་དེ༔ སུམ་མདོ་ན་ཡོད་པ་ལ༔ སྔར་བཞིན་དུ་འོག་སྒོ་བསྡམས་ནས་རླུང་གིས་ཡར་ཕུལ༔ ཧིག་གིས་ཡར་འདྲེན༔ ཡར་བྱུང་བས་གསང་གནས་སུ་རྡོ་རྗེ་མཁའ་འགྲོའི་ཚོགས་ཀྱིས་ཡར་བཏེག༔ ཡར་ལྟེ་བར་སླེབ༔ རིན་ཆེན་མཁའ་འགྲོའི་ཚོགས་ཀྱིས་ཡར་བཏེག༔ སྙིང་གར་སླེབ༔ པདྨ་མཁའ་འགྲོའི་ཚོགས་ཀྱིས་ཡར་བཏེག༔ མགྲིན་པར་སླེབ༔ ལས་ཀྱི་མཁའ་འགྲོའི་ཚོགས་ཀྱིས་ཡར་བཏེག༔ སྤྱི་བོར་སླེབ༔ སངས་རྒྱས་མཁའ་འགྲོའི་ཚོགས་དང་དབྱེར་མེད་དུ་འདྲེས་ནས༔ ཚངས་བུག་གི་ཧཾ་དེ་གསལ་ནས༔ རྩལ་པོ་ཆེས་མདའ་འཕང་བ་ལྟ་བུ༔ བྱང་བལྟ་བུག་པ་ལ་ཉི་མའི་ཟེར་བྱུང་བ་ལྟ་བུ༔ རྒྱ་མཐོངས་ཁ་ཕྱེ་བ་ལྟ་བུ་མཁའ་འགྲོའི་ཚོགས་དང་བཅས་པ་དབྱེར་མེད་དུ༔ རོལ་མོའི་སྒྲ་དང་བཅས་ཏེ་དགའ་བ་དང་སྤྲོ་བའི་ངང་ནས་དབང་པོ་རབ་རིག་པ་སྤྲོས་བྲལ་གྱི་ངང་ལ་ཆོས་སྐུའི་ཞིང་ཁམས་སྟུག་པོ་བཀོད་པར་རྒྱངས་ཀྱིས་འཕོའོ༔ དབང་པོ་འབྲིང་རིག་པ་འགག་མེད་ཀྱི་ངང་ལ་ལོངས་སྐུའི་ཞིང་ཁམས་མཁའ་སྤྱོད་དུ་རྒྱངས་ཀྱིས་འཕོའོ༔ དབང་པོ་ཐ་མ་རིག་པ་འཛིན་མེད་ཀྱི་ངང་ལ་སྤྲུལ་སྐུའི་ཞིང་ཁམས་བདེ་ཆེན་དུ་རྒྱངས་ཀྱིས་འཕོའོ༔ དབང་པོ་རབ་འབྲིང་ཐ་མ་གསུམ་ཀ་སྐད་ཅིག་ཡུད་ཙམ་ལ་སངས་རྒྱས་ཀྱི་ཞིང་ཁམས་སུ་བགྲོད་པའི་གདམས་པའོ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ སེམས་ཉིད་རིག་པ་སྟོང་གསལ་མཁའ་སྤྱོད་དུ་འཕོ་བའི་ཁྲིད་ཀྱི་ཞལ་གདམས་ཏེ་ཆོས་ཐུན་ཉེར་གཉིས་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གཏེར་སྟོན་མ་ཀུན་དགའ་འབུམ་གྱིས་སྒྲགས་ཡང་རྫོང་ཤེལ་གྱི་འོད་གསལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ཡང་ཚ་ལས་ཞལ་བཤུས་པ་ལགས་སོ།། ༄༅༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ བར་དོ་ངོ་སྤྲོད་པའི་ཁྲིད་ཡིག་བཞུགས་སོ༔ ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི༔ དམ་ཚིག་དང་ལྡན་པའི་བླ་མ་ཡིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ མ་རྒྱུད་གསང་བ་ལམ་ཁྱེར་གྱི༔ བར་དོའི་ངོ་སྤྲོད་འདི་ལྟར་བྱའོ༔ གློ་དཀར་གྱི་ཉི་མ་དང༔ འོད་གསལ་མའི་ངོ་སྤྲོད་བླ་མའི་ཞལ་ལས་ཤེས༔ དེ་ནས་ངོ་སྤྲོད་ཀྱི་ཆོས་ཐུན་འདི་ལྟར་ཕོག་གོ༔ ཨེ་མ་སྐྱེ་གནས་བར་དོ་ལ་སྙིང་རུས་ཆུང་བས༔ རྨི་ལམ་བར་དོར་རང་སྣང་འཁྲུལ༔ བསམ་གཏན་བར་དོར་གོམས་ཤུགས་ཆུང་བས༔ འཆི་ཁའི་བར་དོར་དོན་མ་རྟོགས༔ ཆོས་ཉིད་བར་དོ་ལ་བརྟན་པ་མ་ཐོབ་པས༔ སྲིད་པའི་བར་དོར་ཡིད་ཀྱི་ལུས་འདི་རྨི་ལམ་ལྟ་བུ་ཞིག་འབྱུང་སྟེ༔ རང་གི་སྔར་གྱི་ལུས་འདི་ཡོད་པ་སྙམ་བྱེད༔ ལུས་དངོས་པོ་མེད་ཀྱང་དབང་པོ་ཀུན་ཚང་བས༔ ས་རྡོ་རི་བྲག་བར་སྣང་ལ་ཐོགས་པ་མེད་པར་འགྲོ་སྟེ༔ གང་བསམ་པའི་གནས་དེར་ཐལ་གྱིས་སླེབ་བོ༔ ལས་དགེ་བ་བྱས་པས་མཐོ་རིས་སུ་སྐྱེ༔ སྡིག་པ་བྱས་པས་ངན་སོང་དུ་སྐྱེ༔ རིགས་དྲུག་གར་སྐྱེ་བ་དེར་འོད་སྣ་རེས་ཁྲིད་དོ༔ འོད་ནག་པོས་དམྱལ་བར་སྐྱེ༔ འོད་དམར་པོས་ཡི་དྭགས་སུ་སྐྱེ༔ འོད་སྔོན་པོས་དུད་འགྲོ༔ འོད་སེར་པོས་མི༔ འོད་ལྗང་གུས་ལྷ་མ་ཡིན༔ འོད་དཀར་པོས་ལྷར་སྐྱེ༔ འོད་དེ་རྣམས་གང་ལ་འདམ་ན་སེར་པོ་ལ་འདམ་མོ༔ དེའི་དུས་སུ་བར་དོའི་སྣང་བ་ཤར་རྒྱུ་ནི་ཡོད་དོ༔ ཤུལ་གྱི་ཉེ་འབྲེལ་རྣམས་ཀྱིས་རང་ལ་ངུ་འབོད་བྱས་པས་རང་ཤི་དོགས་པ་ནི་མ་བཅུག༔ ཁྱེད་རྣམས་དེ་ཙུག་མ་བྱེད༔ ང་མ་ཤི་བ་ཡོད་བྱས་པས༔ རང་ལུས་མེད་པས་ཁོང་རྣམས་ཀྱིས་མ་མཐོང་བར་རང་ལ་ཁྲོས་པ་འདྲའོ༔ ཁོང་རྣམས་ང་ལ་གཏམ་མི་སྨྲ་བ་ཅི་ཡིན་སྙམ༔ དེར་རང་ཡང་ཤི་བ་ཡིན་ནམ་སྙམས་ནས་ཆུ་དང་མེ་ལོང་གི་ནང་དུ་བལྟས་པས༔ བྱད་གཟུགས་མ་བྱུང་བ་དང་ཤི་བར་ངོ་ཤེས་ཏེ༔ དེར་བླ་མའི་ངོ་སྤྲོད་དྲན་ནས༔ ད་ནི་ཉེ་འབྲེལ་དང་ནོར་རྫས་ཐམས་ཅད་ལ་མ་ཆགས་པར་བྱའོ༔ ཡི་དམ་ལྷ་ལ་ཡང་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པར་བྱའོ༔ སྙམས་ནས་རིག་པ་སྟོང་གསལ་གྱི་ངང་ལ་བཞག་གོ༔ དེར་ཡེ་ཤེས་ཀྱི་སྣང་བ་ཤར་ནས་ཡར་གྱི་ཟང་ཐལ་ལ་སངས་རྒྱའོ༔ དབང་པོ་ཐ་མའི་རབ་སྲིད་པ་བར་དོ་ལ་གྲོལ་བའོ༔ དབང་པོ་ཐ་མའི་འབྲིང་ནི་དེའི་དུས་སུ་དྲན་པ་བདུན་འགྱུར་གྱིས་གསལ་ཏེ༔ སྐྱབས་འགྲོ་ལ་སོགས་པ་མི་དྲན་མི་སྲིད༔ ག་རེ་ངས་བླ་མའི་གདམས་ངག་ཀྱང་མ་དྲན་པར་འདུག༔ འོད་གསལ་གྱི་དཀྱིལ་འཁོར་ཀྱང་ངོ་མ་ཤེས་པར་འདུག་སྙམས་ནས༔ བླ་མ་མཁའ་འགྲོ་སྡེ་ལྔ་དང༔ རྡོ་རྗེ་སེམས་དཔའ་ལ་སྐྱབས་སུ་འགྲོ་བ་བྱས་པས༔ ཡང་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས༔ ཡུམ་མཁའ་འགྲོ་སྡེ་ལྔ་དང༔ རྡོ་རྗེ་སེམས་དཔའི་ཞལ་མངོན་སུམ་དུ་མཐོང་ནས༔ ཡུམ་མཁའ་འགྲོ་སྡེ་ལྔ་དང༔ རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་རང་གི་སྙིང་གར་འོད་ཀྱི་ཟེར་ཁ་དོག་རྣམ་པ་ལྔར་ཟང་ཐལ་སྦྲེལ་ནས༔ རྡོ་རྗེ་སེམས་དཔའ་མཁའ་འགྲོ་སྡེ་ལྔའི་ཞལ་ནས༔ ཀྱེ་རིགས་ཀྱི་བུ༔ བླ་མའི་གདམས་ངག་དང་འོད་གསལ་གྱི་སྣང་བ་གཉིས་ངོ་ཤེས་པར་གྱིས་ཤིག༔ ཅེས་གསུང་པ་འབྱུང་ངོ༔ དེར་རྡོ་རྗེ་སེམས་དཔའ་དང༔ མཁའ་འགྲོ་སྡེ་ལྔའི་ཐུགས་ཀར་རང་གི་ཤེས་པ་གཏད་པས༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ༔ མེ་ཏོག་པདྨའི་སྡོང་པོ་ལ་བརྫུས་ཏེ་སྐྱེས་ནས༔ ལོ་ལྔ་བརྒྱར་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་ནས་བར་དོ་མེད་པར་ཡར་གྱི་ཟང་ཐལ་ལ་སངས་རྒྱའོ༔ དེ་བཞིན་དུ་ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་སུ་རིན་ཆེན་འབྱུང་ལྡན་ཡབ་ཡུམ་བཞུགས་པ་དེར་སངས་རྒྱའོ༔ ནུབ་ཕྱོགས་པདྨ་བརྩེགས་པ་ན་སྣང་བ་མཐའ་ཡས་ཡབ་ཡུམ་བཞུགས་པ་དེར་སངས་རྒྱའོ༔ བྱང་ཕྱོགས་ལས་རབ་རྫོགས་པ་ན་དོན་ཡོད་གྲུབ་པ་ཡབ་ཡུམ་བཞུགས་པ་དེར་སངས་རྒྱའོ༔ དབུས་ཕྱོགས་ཆོས་དབྱིངས་ཀྱི་ཞིང་ཁམས་ན་རྣམ་པར་སྣང་མཛད་ཡབ་ཡུམ་བཞུགས་པ་དེར་སངས་རྒྱའོ༔ ལར་རང་གང་མོས་པའི་ཞིང་ཁམས་དེར་རིག་པ་སྟོང་གསལ་གྱི་ངང་ལ་སངས་རྒྱའོ༔ མོས་པ་བྱས་པས་སྐྱེ་བར་ཐེ་ཚོམ་མེད་དོ༔ དབང་པོ་ཐ་མའི་ཐ་མ་ཞིག་སྐྱེ་བ་གཅིག་ལེན་དགོས་པར་བཤད་དེ༔ ཕ་མ་དད་པ་ཅན་གྱི་བུ་ཚའམ༔ བླ་མ་བརྒྱུད་པ་ཅན་གྱི་སྲས་པོའམ༔ ཆོས་པའི་རིགས་སུ་སྐྱེས་ཏེ༔ ལོ་བཅོ་ལྔའམ༔ ཉི་ཤུ་གཉིས་སམ༔ སུམ་ཅུ་རྩ་གཉིས་ལ་ཆོས་འདི་དང་འཕྲད་ནས༔ ལོ་ལྔ་བཅུ་རྩ་ལྔའམ༔ དྲུག་ཅུ་རྩ་གཉིས་སམ༔ བདུན་ཅུ་རྩ་བདུན་ལ་བར་དོ་མེད་པར་ཡར་གྱི་ཟང་ཐལ་ལ་སངས་རྒྱའོ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ བར་དོ་ངོ་སྤྲོད་པའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་ཉེར་གསུམ་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ སྒྲགས་ཡང་རྫོང་ནས་སློབ་དཔོན་མ་ཀུན་དགའ་འབུམ་གྱིས་གཏེར་ནས་སྤྱན་དྲངས་པའི་ཤོག་སེར་ཡང་ཚ་ལས་ཞལ་བཤུས་པ་ལགས་སོ།། ༄༅༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ འོད་གསལ་སྒྲོན་མ་ལྔའི་ཁྲིད་ཡིག་བཞུགས་སོ༔ ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི༔ དམ་ཚིག་དང་ལྡན་པའི་བླ་མ་ཡིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ མཁའ་འགྲོ་གསང་བ་ལམ་ཁྱེར་གྱི༔ འོད་གསལ་སྒྲོན་མ་ལྔའི་ངོ་སྤྲོད་བྱ་བ་ནི༔ དཔལ་རྡོ་རྗེ་སེམས་དཔའ་དང༔ ཡེ་ཤེས་མཁའ་འགྲོ་སྡེ་ལྔས་གསུངས་པའི་འོད་གསལ་སྒྲོན་མ་རྣམ་པ་ལྔ་ནི༔ དེ་ལ་གནས་པ་གཞིའི་སྒྲོན་མ་དང་གཅིག༔ གཞི་རིག་པའི་སྒྲོན་མ་དང་གཉིས༔ འགྱུ་བ་ལམ་གྱི་སྒྲོན་མ་དང་གསུམ༔ རྒྱང་ཞགས་ཆུའི་སྒྲོན་མ་དང་བཞི༔ ནམ་མཁའ་མདངས་ཀྱི་སྒྲོན་མ་དང་ལྔའོ༔ དེ་ལ་གནས་པ་གཞིའི་སྒྲོན་མ་ལ༔ བྱང་ཁོག་ཀུན་དགའ་ར་བ་ན༔ ཙིཏྟ་རིན་པོ་ཆེའི་ཆོས་ལ༔ ལྷའི་སྙིང་རྩེ་གྱེན་ལ་བསྟན་པ་ནི༔ ལྷ་མངོན་པར་ཤེས་པ་དང་ལྡན་པའི་རྟགས་སོ༔ མིའི་སྙིང་རྩེ་འཕྲེད་ལ་བསྟན་པ་ནི༔ མི་ཤེས་རབ་རྒྱས་པའི་རྟགས་སོ༔ བྱོལ་སོང་ཙིཏྟ་རྩེ་ཐུར་དུ་བསྟན་པ་ནི༔ བྱོལ་སོང་དུད་འགྲོ་བླུན་ཞིང་རྨོངས་པའི་རྟགས་སོ༔ སྙིང་ཟུར་གསུམ་དུ་འདུག་པ་ནི༔ སྐུ་གསུམ་དུ་བཞུགས་པའི་རྟགས་སོ༔ རྩ་ཆེན་པོ་བཞིས་བརྒྱངས་པ་ནི༔ སྲོག་ཏུ་གྱུར་པའི་རླུང་ཡན་ལག་བཞི་དང་ལྡན་པའི་རྟགས་སོ༔ སྙིང་རྩ་བ་དཀར་ལ་རྩེ་མོ་སྨུག་པོར་འདུག་པ་ནི༔ རིག་པ་སྟོང་གསལ་དབྱེར་མེད་དུ་གནས་པའི་རྟགས་སོ༔ སྙིང་འཕར་ཞིང་ལྡེག་པར་འདུག་པ་ནི༔ རིག་པ་རླུང་དང་དབྱེར་མེད་དུ་བཞུགས་པའི་རྟགས་སོ༔ སྙིང་གཞན་བས་གཉན་པར་འདུག་པ་ནི༔ རིག་པ་སྟོང་གསལ་ཡེ་ཤེས་སུ་བཞུགས་པའི་རྟགས་སོ༔ འབྱུང་བ་ཁྲག་མེད་སྟོང་པར་སྣང་བ་ནི༔ ཆོས་རྣམས་སྟོང་པ་ཉིད་དུ་བཞུགས་པའི་རྟགས་སོ༔ ད་གཞི་རིག་པའི་སྒྲོན་མ་ལ་གསུམ་སྟེ༔ གནས་ལུགས་དང་གཅིག༔ འཁྲུལ་ལུགས་དང་གཉིས༔ གྲོལ་ལུགས་དང་གསུམ་མོ༔ དེ་ལ་གནས་ལུགས་ནི༔ རིགས་ལྔ་ཁ་དོག་ལྔ་ལ་ངོ་སྤྲད་པ་བཞིན་དུ་རྟོགས་པ་རྣམས་ལ་རང་བྱུང་དུ་གནས་སོ༔ དེ་ངོ་མ་ཤེས་པ་རྣམས་ལ་སྲོག་ཏུ་གྱུར་པའི་རླུང་བཞི་ཡི་རྗེས་སུ་འབྲངས་ནས༔ འོད་མཐིང་ཁ་རིག་པའི་མདངས་སུ་ངོ་མ་ཤེས་པས་གཏི་མུག་དུད་འགྲོར་འཁྲུལ༔ འོད་དཀར་པོ་རིག་པའི་མདངས་སུ་ངོ་མ་ཤེས་པས༔ ཞེ་སྡང་དམྱལ་བར་འཁྲུལ༔ འོད་སེར་པོ་རིག་པའི་མདངས་སུ་ངོ་མ་ཤེས་པས་ང་རྒྱལ་མིར་འཁྲུལ༔ འོད་དམར་པོ་རིག་པའི་མདངས་སུ་ངོ་མ་ཤེས་པས༔ འདོད་ཆགས་ཡི་དྭགས་སུ་འཁྲུལ༔ འོད་ལྗང་གུ་རིག་པའི་མདངས་སུ་ངོ་མ་ཤེས་པས༔ ཕྲག་དོག་ལྷ་མ་ཡིན་དུ་འཁྲུལ༔ འོད་སྣ་ཚོགས་རིག་པའི་མདངས་སུ་ངོ་མ་ཤེས་པས༔ ཁོང་ཁྲོ་ལྷར་འཁྲུལ༔ ད་བླ་མའི་གདམས་ངག་ཉམས་སུ་བླངས་ནས༔ གྲོལ་ལུགས་ནི་འདི་ལྟར་རོ༔ འོད་མཐིང་ག་རིག་པའི་མདངས་སུ་ངོ་ཤེས་པས༔ གཏི་མུག་ཆོས་དབྱིངས་ཡེ་ཤེས་སུ་ཤར་ནས༔ དུད་འགྲོའི་མཚན་མ་རང་སར་དག༔ འོད་དཀར་པོ་རིག་པའི་མདངས་སུ་ངོ་ཤེས་པས༔ ཞེ་སྡང་མེ་ལོང་ཡེ་ཤེས་སུ་ཤར་ནས༔ དམྱལ་བའི་མཚན་མ་རང་སར་དག༔ འོད་སེར་པོ་རིག་པའི་མདངས་སུ་ངོ་ཤེས་པས༔ ང་རྒྱལ་མཉམ་ཉིད་ཡེ་ཤེས་སུ་ཤར་ནས༔ མིའི་མཚན་མ་རང་སར་དག༔ འོད་དམར་པོ་རིག་པའི་མདངས་སུ་ངོ་ཤེས་པས༔ འདོད་ཆགས་སོར་རྟོག་ཡེ་ཤེས་སུ་ཤར་ནས༔ ཡི་དྭགས་ཀྱི་མཚན་མ་རང་སར་དག་གོ༔ འོད་ལྗང་གུ་རིག་པའི་མདངས་སུ་ངོ་ཤེས་པས༔ ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་ཤར་ནས༔ ལྷ་མ་ཡིན་གྱི་མཚན་མ་རང་སར་དག་གོ༔ འོད་སྣ་ཚོགས་རིག་པའི་མདངས་སུ་ངོ་ཤེས་པས༔ ཁོང་ཁྲོ་དག་རིག་པའི་ཡེ་ཤེས་སུ་ཤར་ནས༔ ལྷའི་མཚན་མ་རང་སར་དག་གོ༔ ད་འགྱུ་བ་ལམ་གྱི་སྒྲོན་མ་ནི༔ སྙིང་ཙིཏྟའི་ནང་ནས་རྩ་གྲོ་སོག་གི་བུག་པ་ལྟ་བུ་གཅིག་མགྲིན་པའི་ཨོ་སྟོང་ནང་གི་རྒྱུས་པ་ལ་ཞུགས་ནས༔ ཀླད་པ་དུང་ཁང་གི་ཞབས་ནས་ཚུར་ཙང་ཕུག་ལ་གནས་སོ༔ རྩ་དེའི་ནང་ནས་ཡར་རླུང་དང་ཁྲག་གང་ཡང་མི་རྒྱུའོ༔ དེ་ལ་རིག་པ་སྟོང་གསལ་ཡེ་ཤེས་ཀྱི་རང་འོད་ཚོན་སྐུད་སྒྲིལ་བ་ལྟ་བུ༔ གསལ་ལ་དྭངས་པ་གཅིག་འགྱུའོ༔ དེ་ཡེ་ཤེས་ཀྱི་སྣང་བ་ཡིན་ནོ༔ ད་རྒྱང་ཞགས་ཆུའི་སྒྲོན་མ་ནི༔ ནམ་མཁའི་དཀྱིལ་ན་ཟླ་བ་གནས་པ་ལ༔ འོད་རྒྱ་མཚོའི་ནང་དུ་ཤར་བ་བཞིན་དུ༔ འདིར་ཡང་དབྱིངས་གསང་བ་ཡེ་ཤེས་ཀྱི་ངོ་སྤྲོད་བྱས་པས༔ ཆོས་ཉིད་འོད་གསལ་དུ་གནས་ཏེ༔ དེ་ཡང་རྒྱ་མཚོ་མདངས་ཀྱི་སྒྲོན་མ་བཞིན༔ འོད་གསལ་ཐམས་ཅད་མིག་ལ་ཤར་བའོ༔ ད་ནམ་མཁའ་མདངས་ཀྱི་སྒྲོན་མ་ནི༔ བེམ་རིག་བྲལ་བའི་ཚེ་ན་བར་དོའི་སྣང་བ་ལ༔ སྒྲ་འོད་ཟེར་གསུམ་གྱི་སྣང་བ་ཅི་ཤར་ཡང༔ རང་བྱུང་རིག་པ་སྟོང་གསལ་ལྷུན་གྲུབ་ཀྱི་མདངས་སུ་ངོ་སྤྲད་དོ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ སྒྲོན་མ་ལྔའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་ཉེར་བཞི་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ སྒྲགས་ཡང་རྫོང་ཤེལ་གྱི་འོད་གསལ་ཕུག་ནས་སློབ་དཔོན་མ་ཀུན་དགའ་འབུམ་གྱིས་གཏེར་ནས་བཏོན་པའི་ཤོག་སེར་གྱི་ཡང་ཚ་ལས་བཤུས་སོ།། ༄༅༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ སྒྲོན་མ་དྲུག་གི་ཁྲིད་ཡིག་བཞུགས་སོ༔ ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི༔ དམ་ཚིག་དང་ལྡན་པའི་བླ་མ་ཡིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ མ་རྒྱུད་གསང་བ་ལམ་ཁྱེར་གྱི༔ སྒྲོན་མ་དྲུག་གི་གདམས་པ་འདི་ལྟར་སྟོན༔ ཀུན་ཏུ་བཟང་མོ་ཡེ་ཤེས་མཁའ་འགྲོ་ལྔ་ལ་ཕྱག་འཚལ་ལོ༔ དེ་ལ་གནས་པ་གཞིའི་སྒྲོན་མ་ནི༔ ཐིག་ལེ་གཏམ་པའི་ཚུལ་དུ་གནས་ཏེ༔ དཔེ་ཅི་དང་འདྲ་ན༔ འོ་མ་ལ་མར་གྱིས་ཁྱབ་པ་ལྟར་གནས་སོ༔ ཙིཏྟ་ཤའི་སྒྲོན་མ་ནི༔ ཐིག་ལེ་སྤུངས་པའི་ཚུལ་དུ་གནས་ཏེ༔ དཔེ་ཅི་དང་འདྲ་ན༔ འོད་ཁང་ནང་དུ་མར་མེ་བཅུག་པ་ལྟར་གནས་སོ༔ དཀར་འཇམ་རྩའི་སྒྲོན་མ་ནི༔ ཐིག་ལེ་ཞུར་དུ་ཤར་བ་སྟེ༔ དཔེ་ཅི་དང་འདྲ་ན༔ རྒྱ་སྐར་གྱི་བུག་པའི་ནང་ནས་ཉི་མ་ཤར་བ་ལྟར་གནས་སོ༔ རྒྱང་ཞགས་ཆུའི་སྒྲོན་མ་ནི༔ ཐིག་ལེ་མདངས་སུ་ཤར་བ་སྟེ༔ དཔེ་ཅི་དང་འདྲ་ན༔ ཤར་གྱི་ལ་ཁ་ནས་ཉི་མ་ཤར་བ་ལྟར་གནས་སོ༔ བར་དོ་དུས་ཀྱི་སྒྲོན་མ་ནི༔ ཐིག་ལེ་མངོན་དུ་གྱུར་པ་སྟེ༔ དཔེ་ཅི་དང་འདྲ་ན༔ སྔར་འདྲིས་ཀྱི་མི་དང་ཕྱིས་འཕྲད་པ་ལྟར་གནས་སོ༔ མཐར་ཐུག་འབྲས་བུའི་སྒྲོན་མ་ནི༔ ཐིག་ལེ་བཅུད་དུ་སྨིན་པ་སྟེ༔ དཔེ་ཅི་དང་འདྲ་ན༔ སྟོན་གྱི་ལོ་ཏོག་སྨིན་པ་ལྟར་གནས་སོ༔ ད་སྒྲོན་མ་དྲུག་གི་འགྲེལ་པ་ནི་འདི་ལྟར་རོ༔ གནས་པ་གཞིའི་སྒྲོན་མའི་འགྲེལ་པ་ནི༔ འོ་མ་བཞོས་མ་ཐག་དེ་ལ་མར་གྱིས་ཁ་གཏིང་མེད་པར་ཁྱབ་པ་བཞིན་དུ༔ ཐོག་མའི་གཞི་དེས་ཀྱང་ཡ་གི་རྒྱལ་བའི་དགོངས་པ་མན་ཆད་ནས༔ མ་གི་ན་རཀ་དམྱལ་བ་ཡན་ཆད༔ འཇག་མའི་སྲིན་བུ་ཚུན་ཆད་དུ་སྙོམས་སྐད་དུ་ཁྱབ་བོ༔ དེ་ལྟར་ལུང་ཡང༔ བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ༔ ཅེས་གསུངས་སོ༔ ད་ཙིཏྟ་ཤའི་སྒྲོན་མའི་འགྲེལ་པ་ནི༔ འོད་ཁང་ནང་གི་མར་མེ་དེ༔ ཕྱི་ན་མི་གསལ་ནང་ན་གསལ༔ ནང་ན་སལ་ལེ་སིང་ངེ༔ ཡེ་རེ་གནས་པ་བཞིན་དུ་སྐུ་དང་རིག་པ་སྟོང་གསལ་ཡེ་ཤེས་ཀྱི་རང་མདངས་དེ་ཡང་སྙིང་ཙིཏྟའི་ནང་ན་ཚོམ་བུར་ཤིག་གེ་གནས་སོ༔ ཕྱི་ན་མི་གསལ་ནང་ན་གསལ་ལ་རྟོག་པ་མེད་པ༔ སྣང་ལ་རང་བཞིན་མེད་པ༔ སལ་ལེ༔ སིང་ངེ༔ ལྷམ་མེ༔ ལྷང་ངེ༔ ལྷན་ནེ་གནས་སོ༔ ད་དཀར་འཇམ་རྩའི་སྒྲོན་མའི་འགྲེལ་པ་ནི༔ ཁང་པའི་ཤར་ལོགས་ཀྱི་བུག་པ་ནས་ཉི་མའི་ཟེར་ཁང་པའི་ནང་དུ་སྐྱ་ཁུར་གྱིས་སླེབས་པ་བཞིན་དུ༔ རིག་པ་སྟོང་གསལ་ཡེ་ཤེས་དེ༔ སྙིང་གི་ནང་དུ་གནས་ཏེ༔ འགྲོ་བའི་ལམ་རྩ་དར་དཀར་གྱི་སྐུད་པ་ཙམ་གྱི་ནང་ནས་ཡར་ལ་ཟང་ཐལ་གྱི་འཆར་བ་ཡིན་ནོ༔ ད་རྒྱང་ཞགས་ཆུའི་སྒྲོན་མའི་འགྲེལ་པ་ནི༔ ཤར་གྱི་ལ་ཁ་ནས་ཉི་མ་ཤར་བས༔ ནུབ་ཀྱི་རི་ལ་ཟང་ཐལ་གྱིས་འཆར་པ་བཞིན་དུ༔ རིག་པ་སྟོང་གསལ་ཡེ་ཤེས་དེ༔ གནས་པ་སྙིང་གི་ནང་དུ་གནས་པ་ལ༔ ལམ་རྩ་དར་དཀར་གྱི་སྐུད་པ་ཙམ་ལ་ཞུགས་ཏེ༔ སྒོ་རྒྱང་ཞགས་ཆུའི་སྒྲོན་མ་ལ་ཐོན་ནས༔ རིག་པ་སྟོང་གསལ་ཡེ་ཤེས་ལྷུག་པར་ཟང་ཐལ་གྱིས་འཆར༔ སྣང་བ་ཐམས་ཅད་འོད་ཀྱི་རང་བཞིན༔ སྐུ་དང་ཡེ་ཤེས༔ འོད་ཀྱི་ཁ་དོག་ལྔ་དང༔ ཐིག་ལེ་དང་ཐིག་ཕྲན་དུ་བཅས་པ་སལ་ལེ་སིང་ངེ་འཆར་བ་ཡིན༔ དེ་ཡེ་ཤེས་དངོས་ཡིན་ཏེ༔ ད་ལྟའི་ཤེས་པས་མ་བསླད་པ་རིག་པ་སྟོང་གསལ་འདི་ཡིན་ནོ༔ ཆོས་ཉིད་དག་པའི་ཡེ་ཤེས་ཀྱང་ཟེར༔ དཔེར་ན་ཞོགས་པ་ལྟ་བུའི་ཉི་མ་ལ་དྲོད་མ་ཐོགས་ན་མདངས་མི་ཡོང་སྟེ༔ ཉི་མ་ཤར་བས་ཐམས་ཅད་དྲོས་པ་བཞིན༔ ཡེ་ཤེས་ཉམས་ལ་ཡོད་དེ་ངོ་མ་ཤེས་པའོ༔ ཉམས་སུ་བླངས་པས་གྲོལ་བའོ༔ ད་བར་དོ་དུས་ཀྱི་སྒྲོན་མའི་འགྲེལ་པ་ནི༔ དཔེར་ན་སྔར་འདྲིས་ཀྱི་མི་དང་ཕྱིས་ཁྲོམ་ཆེན་པོའི་ཁྲོད་དུ་འཕྲད་ཀྱང་ངོ་ཤེས་པ་ཡིན༔ དེ་བཞིན་དུ་ད་ལྟ་ངོ་སྤྲད་པས༔ ཕྱི་མ་ཆོས་ཉིད་བར་དོ་ལ་རང་སྣང་ལ་དཀྱིལ་འཁོར་ཤར་བའི་དུས་སུ༔ ཞི་ཁྲོའི་ལྷ་ཚོགས་རྣམས་དང༔ ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་ངོ་མི་ཤེས་མི་སྲིད་དོ༔ རང་སར་གྲོལ་བའོ༔ ད་མཐར་ཐུག་འབྲས་བུའི་སྒྲོན་མའི་འགྲེལ་པ་ནི༔ དཔེར་ན་མྱུ་གུ་སྔོན་པོ་འབྲས་བུར་རྩལ་རྫོགས་པ་བཞིན་དུ༔ འདིར་ཡང་རང་ངོ་ཤེས་པས་སངས་རྒྱས་པ་ཡིན་ནོ༔ ནས་རྡོས་བཏགས་པས་ཕྱེར་སོང་ནས༔ ནས་སུ་མི་ཟློག་པ་བཞིན་དུ༔ འདིར་ཡང་ད་ལྟ་བླ་མས་ངོ་སྤྲད་པས༔ ངོ་ཤེས་ཡིད་ཆེས་ཏེ༔ ཕྱིས་ཆོས་ཉིད་ཀྱི་བར་དོར་རང་སྣང་གི་དཀྱིལ་འཁོར་ངོ་ཤེས་པས༔ འཁོར་བར་ཕྱིར་མི་ལྡོག་ཅིང༔ རིག་པ་གསལ་སྟོང་ལྷུན་གྲུབ་ཀྱི་ངང་ལ་སངས་རྒྱས་པ་འདི་ལས་ལྷག་པའི་ངོ་སྤྲོད་དང༔ སངས་རྒྱས་ལོགས་ན་མེད་དོ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ སྒྲོན་མ་དྲུག་གི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་ཉེར་ལྔ་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ སློབ་དཔོན་མ་ཀུན་དགའ་འབུམ་གྱིས་སྒྲགས་ཡང་རྫོང་ཤེལ་གྱི་འོད་གསལ་ཕུག་ནས་གཏེར་ནས་བཏོན་པའི་ཤོག་སེར་ཡང་ཚ་ལས་བཤུས་སོ།། ༄༅༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ མཁའ་འགྲོའི་གསང་ཚིག་སྒོམ་དོན་ཁྲིད་ཀྱི་ཞལ་གདམས་བཞུགས་སོ༔ ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི༔ དམ་ཚིག་དང་ལྡན་པའི་བླ་མ་ཡིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ མ་རྒྱུད་གསང་བ་ལམ་ཁྱེར་གྱི༔ མཁའ་འགྲོའི་གསང་ཚིག་དོན་གྱི་ངོ་སྤྲོད་འདི་ལྟར་སྟོན༔ དེ་ལ་གདམས་པ་ཚིག་གཅིག༔ དགོངས་པ་ཐུན་གཅིག༔ དུས་སྐད་ཅིག༔ སངས་རྒྱས་ཉག་གཅིག་གོ༔ དེ་ལ༔ གདམས་པ་ཚིག་གཅིག་ནི་དོན་ངོ་ཤེས་པས་ཆོག༔ དགོངས་པ་ཐུན་གཅིག་ནི་འཆི་ཁར་དྲན་པས་ཆོག༔ དུས་སྐད་ཅིག་ནི་ཆོས་ཉིད་བར་དོར་རང་ངོ་ཤེས་པས་ཆོག༔ སངས་རྒྱས་ཉག་གཅིག་ནི་རང་རིག་སྟོང་གསལ་ལྷུན་གྲུབ་ངོ་ཤེས་པས་ཆོག་གོ༔ ལིང་གིས་སྐྱུར་བ་སྒྱུ་ལུས་ཀྱི་ཕུང་པོ༔ ཐིབས་ཀྱིས་འགག་པ་འགྱུ་བྱེད་ཀྱི་སེམས༔ ཏལ་གྱིས་འཆར་བ་རང་སྣང་གི་དཀྱིལ་འཁོར༔ ཧྲིག་གིས་རིག་པ་རང་བྱུང་གི་ཡེ་ཤེས་སོ༔ དེ་ཡང༔ སྒྱུ་ལུས་གཡར་པོ་ཡིན་པས་གཏོད་པ་ཡིན༔ སེམས་འཁྲུལ་པ་ཡིན་པས་འགག་པ་ཡིན༔ ཡེ་ཤེས་རང་ལ་ཡོད་པས་འཆར་བ་ཡིན༔ འབྲས་བུ་རང་ངོ་ཤེས་པས་གྲོལ་བ་ཡིན་ནོ༔ གཞི་ཡེ་སངས་རྒྱས་པས་སྐུ་གསུམ་རང་ལ་གནས་པ༔ ལམ་མངོན་སངས་རྒྱས་པས་གདམས་ངག་ཉམས་སུ་མྱོང་བ༔ འབྲས་བུ་རྫོགས་སངས་རྒྱས་པས་རང་ངོ་རང་གིས་ཤེས་པའོ༔ གཞིའི་སྐུ་གསུམ་རང་ལ་གནས་པའོ༔ ལམ་གདམས་ངག་གིས་ངོ་སྤྲད་པས་གྲོལ་བའོ༔ འབྲས་བུ་རང་ངོ་ཤེས་ཏེ་སངས་རྒྱས་པའོ༔ གཞི་རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས༔ ལམ་རྟོགས་པ་མངོན་གྱུར་གྱི་སངས་རྒྱས༔ འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་སོ༔ གཞིའི་སྐུ་གསུམ་ལྷུན་གྲུབ༔ ལམ་གྱི་སྐུ་གསུམ་རང་ཤར༔ འབྲས་བུའི་སྐུ་གསུམ་རང་གྲོལ་ལོ༔ གཅིག་ཏུ་དྲིལ་ན༔ གཞི་ཡེ་སངས་རྒྱས་པ་རང་བཞིན་འགྱུར་མེད་ལྷུན་གྱིས་གྲུབ་པའོ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ མཁའ་འགྲོའི་གསང་ཚིག་སྒོམ་དོན་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་ཉེར་དྲུག་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ སློབ་དཔོན་མ་ཀུན་དགའ་འབུམ་གྱིས་སྒྲགས་ཡང་རྫོང་ཤེལ་གྱི་འོད་གསལ་ཕུག་ནས་གཏེར་ནས་སྤྱན་དྲངས་པའི་ཤོག་སེར་གྱི་ཡང་ཚ་ལས་ཞལ་བཤུས་པའོ། ། ༄༅༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ མཁའ་འགྲོའི་གསང་ཚིག་ཚིག་རྐང་སུམ་ཅུའི་ཁྲིད་ཡིག་བཞུགས་སོ༔ ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི༔ དམ་ཚིག་དང་ལྡན་པའི་བླ་མ་ཡིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ མ་རྒྱུད་གསང་བ་ལམ་ཁྱེར་གྱི༔ མཁའ་འགྲོའི་གསང་ཚིག་ཁྱད་པར་ལྔ་ནི་འདི་ལྟར་སྟོན༔ དེ་ལ༔ སྟོང་ཉིད་ཁ་ལྟར་གོལ་ཙ་ན༔ གཙོ་བོ་ལྔའི་སྐྱོན་འཛིན་ཡོད་པའི་ཁྱད་པར་དང་གཅིག༔ ཉམས་ལེན་ལ་ཕྱི་བཤོལ་བྱུང་ཙ་ན༔ གཅེས་པ་བཞིའི་སྐུལ་མཁན་ཡོད་པའི་ཁྱད་པར་དང་གཉིས༔ ཡིན་མིན་གྱི་ཐེ་ཚོམ་བྱུང་ཙ་ན༔ མཐའ་ཚིག་བཞི་ལ་འདྲི་ས་ཡོད་པའི་ཁྱད་པར་དང་གསུམ༔ རྡོ་རྗེའི་ཚིག་བཞི་ཁྲོལ་ཙ་ན༔ སེམས་ལ་ངོ་སྤྲོད་ཐོབ་པའི་ཁྱད་པར་དང་བཞི༔ མཉམ་རྗེས་འགྱུར་ཁྱད་རྟོགས་ཙ་ན༔ ཆོས་ཉིད་ཟད་སར་འཁྱོལ་བའི་ཁྱད་པར་དང་ལྔའོ༔ ད་ཁྱད་པར་ལྔའི་འགྲོལ་འདི་ལ༔ གཙོ་བོ་ལྔ་ཞེས་བྱ་བ་ཡོད་དེ༔ དེ་གང་ཡིན་ན༔ བསྒོམ་མེད་གོ་བ་རྙེད་ནས་ཀྱང༔ ཡེངས་མེད་དྲན་པ་གཙོ་བོ་ཡིན༔ རང་སེམས་བླ་མར་གོ་ནས་ཀྱང༔ མོས་གུས་དུང་སེམས་གཙོ་བོ་ཡིན༔ བྱར་མེད་ལྷུག་པོ་གོ་ནས་ཀྱང༔ བྱ་བ་ཆོས་སྤྱོད་གཙོ་བོ་ཡིན༔ འགག་མེད་མཐའ་བྲལ་གོ་ནས་ཀྱང༔ ངོ་བོ་ཀ་དག་ལ་གནས་པ་གཙོ་བོ་ཡིན༔ བཟང་ངན་གཉིས་མེད་རྟོགས་ནས་ཀྱང༔ རྒྱུ་འབྲས་ལ་འཛེམ་པ་གཙོ་བོ་ཡིན༔ དེ་རྣམས་ནི་གཙོ་བོ་ལྔའོ༔ ད་གཅེས་པ་བཞི་ལ་ནི༔ ཚེ་འདིར་སངས་རྒྱས་འདོད་པ་ལ༔ ལོང་མེད་ཀྱི་བརྩོན་འགྲུས་གཅེས་པ་ཡིན༔ ངོ་བོ་རྒྱུན་དུ་བསྲིང་བ་ལ༔ ཉམས་ལེན་ལྔ་པ་གཅེས་པ་ཡིན༔ ཚོགས་དྲུག་བླ་མར་འཆར་བ་ལ༔ རིག་པ་གཅེར་ལྟ་གཅེར་འཇོག་གཅེས་པ་ཡིན༔ རྐྱེན་ངན་གྲོགས་སུ་འཆར་བ་ལ༔ དྲག་པོའི་ཉམས་ལེན་གཅེས་པ་ཡིན༔ དེ་ནི་གཅེས་པ་བཞིའོ༔ ད་ཉམས་ལེན་ལྔ་པ་ནི༔ ཐོག་མར་སེམས་བསྐྱེད་བླ་མ་བསྒོམ༔ སེམས་ལ་སྒོམ་དང་སྐྱེ་འཆི་མེད༔ བཟང་ངན་རྣམ་རྟོག་བྱུང་ཙ་ན༔ བྱུང་ས་ལྟོས་ལ་ཕཊ་ཅིག་རྒྱོབ༔ རིག་པ་འཛིན་མེད་ངང་ལ་ཞོག༔ མཉམ་རྗེས་མཚམས་སུ་བསྔོ་བ་བྱ༔ དེ་ནི་ཉམས་ལེན་ལྔ་པ་འོ༔ ད་ཡིན་མིན་ཐེ་ཚོམ་གྱི་འགྲོལ་ནི༔ སྒོམ་མེད་གང་ཡིན་མ་ཤེས་ན༔ སྒོམ་པའི་མཁན་པོ་རྩད་བཅད་པས༔ འགྱུ་བའི་རྣམ་རྟོག་རང་སར་ཡལ༔ མཉམ་བཞག་གང་ཡིན་མ་ཤེས་ན༔ བྱུང་གནས་འགྲོ་གསུམ་མེད་པ་ཡིས༔ རིག་པ་རང་སར་འཇོག་པ་ཡིན༔ བློ་འདས་གང་ཡིན་མ་ཤེས་ན༔ བློ་བེམ་རིག་གཉིས་ཀྱི་རྩ་བ་ཆོད༔ རྣམ་རྟོག་རྩ་བ་ཀུན་ཡང་གཅོད༔ རྩད་གཅོད་ཀྱི་རྩ་བ་གཅོད་པ་ནི༔ ཟབ་པ་ནམ་མཁའ་སྟོང་པ་འདྲའོ༔ དེ་ནི་ཡིན་མིན་གྱི་ཐེ་ཚོམ་བཞིའི་འགྲོལ་ཡིན་ནོ༔ རྡོ་རྗེའི་ཚིག་རྐང་བཞི་ནི༔ སྐྱེ་མེད་དུ་ཐག་ཆོད༔ ཡེངས་མེད་དུ་རྒྱུན་གཟུང༔ འགག་མེད་དུ་རྩལ་སྦྱོང༔ བློ་འདས་སུ་ལ་བཟླ་འོ༔ དེ་ནི་རྡོ་རྗེའི་ཚིག་བཞི་ཡིན་ནོ༔ མཁའ་འགྲོའི་གསང་ཚིག་ཐག་ཆོད་གསུམ་ནི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་པའི་ཡེ་ཤེས་དང༔ མ་རིག་སེམས་ཅན་གྱི་འཁྲུལ་པའི་རང་འདོད་གཉིས༔ གཞི་སྟོང་ཉིད་ཀྱི་ངང་ལ་གཅིག་པར་ཐག་བཅད་དོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྣང་སྟོང་རྟོགས་པའི་བདེ་བ་དང༔ སེམས་ཅན་ཐམས་ཅད་ཀྱི་མ་གོ་བའི་འདོད་པ་གཉིས༔ ལམ་འགག་མེད་ཀྱི་རྩལ་ལ་གཅིག་པར་ཐག་ཆོད༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྣང་སྟོང་དབྱེར་མེད་ཟང་ཐལ་དང༔ སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་རྗེས་མེད་གཉིས༔ འབྲས་བུ་གཏད་མེད་ཀྱི་ངང་དུ་གཅིག་པར་ཐག་གཅོད་དོ༔ དེ་ནི་ཐག་གཅོད་གསུམ་པའོ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ མཁའ་འགྲོའི་གསང་ཚིག་ཉམས་ལེན་ཚིག་རྐང་སུམ་ཅུའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་ཉེར་བདུན་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ སློབ་དཔོན་མ་ཀུན་དགའ་འབུམ་གྱིས་སྒྲགས་ཡང་རྫོང་ཤེལ་ཕུག་ནས་གཏེར་ནས་བཏོན་པའི་ཤོག་སེར་ཡང་ཚ་ལས་བཤུས་སོ།། ༄༅༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ མཁའ་འགྲོའི་གསང་དབང་ཁྲིད་ཀྱི་ཞལ་གདམས་བཞུགས་སོ༔ ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི༔ དམ་ཚིག་དང་ལྡན་པའི་བླ་མ་ཡིས༔ སྣོད་དང་ལྡན་པའི་སློབ་མ་ལ༔ མ་རྒྱུད་གསང་བ་ལམ་ཁྱེར་གྱི༔ ཁྲིད་ཐོན་ནས་གསང་དབང་བསྐུར་བ་ནི༔ དཀྱིལ་འཁོར་བཅའ་གཞི་སྤྱི་དང་མཐུན་པ་ལ༔ ཕག་མོའི་ཕྲིན་ལས་གཞུང་བསྲང༔ མཁའ་འགྲོ་ཡོངས་རྫོགས་ཀྱི་བསྟོད་བསྐུལ་ལ་སོགས་པ་བྱེད༔ དཀྱིལ་འཁོར་དབུས་མཐིང༔ ཤར་དཀར༔ ལྷོ་སེར༔ ནུབ་དམར༔ བྱང་ལྗང༔ དེ་བཞིན་དུ༔ དབུས་ཆོས་འབྱུང་གྲུ་གསུམ་གྱི་སྟེང་དུ་སྣ་ཚོགས་ཀྱི་བུམ་པ་བཞག༔ ཤར་པདྨ་དཀར་པོའི་སྟེང་དུ་དུང་གི་བུམ་པ༔ ལྷོར་གསེར་གྱི་བུམ་པ༔ ནུབ་ཏུ་ཟངས་ཀྱི་བུམ་པ༔ བྱང་དུ་གཡུའི་བུམ་པ་བཞག་གོ༔ དེ་ནས་བསྐྱེད་རིམ་ནི༔ རྡོ་རྗེ་ཕག་མོ་དང༔ མཁའ་འགྲོ་སྡེ་ལྔ་བདག་ཏུ་བསྐྱེད༔ དེ་ནས་རྡོ་རྗེ་སློབ་དཔོན་ལ༔ ལས་ཀྱི་ཡུམ་གཙང་མ་གཅིག་བྱས་ནས༔ མདུན་བསྐྱེད་ནི་དཀྱིལ་འཁོར་གྱི་སྟེང་དུ་བུམ་པ་བཞག༔ བུམ་པའི་ནང་དུ་བདུད་རྩིས་བཀང༔ བུམ་པའི་སྟེང་དུ་ཡེ་ཤེས་ཀྱི་བླ་མ་ཡབ་ཡུམ་གཉིས་མེད་དུ་བསྐྱེད་ལ༔ ཡབ་ཡུམ་གཉིས་མེད་བདེ་སྟོང་གི་སྦྱོར་བ་མཛད་པས༔ བྱང་སེམས་བབས་པས་ཟག་མེད་ཀྱི་བདུད་རྩིར་གྱུར་པར་བསམ༔ དེ་ནས་མེ་གཅོད་དང་བགེགས་སྐྲོད་བྱས་ནས༔ རྡོ་རྗེ་སློབ་དཔོན་ཡབ་ཡུམ་ཁྲི་ལ་བཞུགས་ནས༔ སློབ་མའི་ཚོགས་རྣམས་ལ་དམ་ཚིག་བཀག་ལ་དམིགས་པ་ཕོག༔ དེ་ནས་དབང་བསྐུར་བ་ནི༔ གང་ཟག་དབང་པོ་རབ་ཀྱིས་ཡབ་ཡུམ་བདེ་བ་བསྐྱེད་པའི་དུས་སུ༔ བྱང་སེམས་དཀར་དམར་གྱི་དབང་ཐོབ་ན་གསང་བའི་དབང་ཡིན་པས་ཐོད་པ་མི་འགེབ་པར་ཆོས་སྐུའི་ཞིང་ཁམས་ལ་འགྲོ༔ གང་ཟག་དབང་པོ་འབྲིང་ལ་བདུད་རྩིའི་དབང་བསྐུར་བས༔ ལོངས་སྐུའི་ཞིང་ཁམས་ལ་འགྲོའོ༔ ནང་གི་དབང་ཡིན་ནོ༔ གང་ཟག་དབང་པོ་ཐ་མ་ལ་བུམ་པའི་དབང་བསྐུར༔ སྤྲུལ་སྐུའི་ཞིང་ཁམས་ལ་འགྲོའོ༔ ཕྱིའི་དབང་ཡིན་ནོ༔ འདིར་ཕྱི་ནང་གཉིས་ཀྱི་དབང་བསྐུར་བར་བྱའོ༔ ད་དངོས་གཞི་དབང་བསྐུར་བ་ནི༔ ཡབ་ཡུམ་གཉིས་ཀྱི་སྣ་ཚོགས་བུམ་པ་སློབ་མའི་སྤྱི་བོར་བཞག་ལ༔ ངག་ཏུ་འདི་སྐད་བརྗོད་དོ༔ ཆོས་དབྱིངས་ཡེ་ཤེས་དཀྱིལ་འཁོར་དུ༔ གཏི་མུག་རང་སར་དག་པ་ཡིས༔ སྣང་སྟོང་དབྱེར་མེད་ལྷུན་གྲུབ་པའི༔ འགྱུར་མེད་ལྷུན་གྲུབ་དབང་ཐོབ་ཤོག༔ ཨ་ཧ་རི་ནི་ས་བརྗོད༔ ཤར་དུ་དུང་གི་བུམ་པ་སྤྱི་བོར་བཞག་ལ༔ མེ་ལོང་ཡེ་ཤེས་དཀྱིལ་འཁོར་དུ༔ ཞེ་སྡང་རང་སར་དག་པ་ཡིས༔ རིག་སྟོང་དབྱེར་མེད་ལྷུན་གྲུབ་པའི༔ ཆོས་སྐུ་ཞི་བའི་དབང་ཐོབ་ཤོག༔ ཨ་ཧ་རི་ནི་ས༔ ལྷོར་གསེར་གྱི་བུམ་པ་སློབ་མའི་སྤྱི་བོར་བཞག་ལ༔ མཉམ་ཉིད་ཡེ་ཤེས་དཀྱིལ་འཁོར་དུ༔ ང་རྒྱལ་རང་སར་དག་པ་ཡིས༔ བདེ་སྟོང་དབྱེར་མེད་ལྷུན་གྲུབ་པའི༔ ལོངས་སྐུ་རྒྱས་པའི་དབང་ཐོབ་ཤོག༔ ཨ་ཧ་རི་ནི་ས༔ ནུབ་ཏུ་ཟངས་ཀྱི་བུམ་པ་སྤྱི་བོར་བཞག་ལ༔ སོར་རྟོག་ཡེ་ཤེས་དཀྱིལ་འཁོར་དུ༔ འདོད་ཆགས་རང་སར་དག་པ་ཡིས༔ གསལ་སྟོང་དབྱེར་མེད་ལྷུན་གྲུབ་པའི༔ སྤྲུལ་སྐུ་དབང་གི་དབང་ཐོབ་ཤོག༔ ཨ་ཧ་རི་ནི་ས༔ བྱང་དུ་གཡུའི་བུམ་པ་སྤྱི་བོར་བཞག་ལ༔ བྱ་གྲུབ་ཡེ་ཤེས་དཀྱིལ་འཁོར་དུ༔ ཕྲག་དོག་རྣམ་པར་དག་པ་ཡིས༔ གྲགས་སྟོང་དབྱེར་མེད་ལྷུན་གྲུབ་པའི༔ སྐུ་གསུམ་དྲག་པོའི་དབང་ཐོབ་ཤོག༔ ཨ་ཧ་རི་ནི་ས༔ ཤོག་དྲིལ་ལྔའི་དབང་དང༔ སྐུ་ལྔའི་དབང་བླ་མའི་ཞལ་ལས་ཤེས༔ དེ་ནས་མེ་ཏོག་ཅོད་པན་སྐྱུར༔ གསང་མཚན་བཏགས༔ དཀྱིལ་འཁོར་ལྷ་ངོ་སྤྲད༔ གཏོར་མ་འཕང༔ བཀྲ་ཤིས་བརྗོད༔ བསྔོ་བ་དང་སྨོན་ལམ་གྱིས་རྒྱས་འདེབས༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ མཁའ་འགྲོའི་གསང་དབང་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་ཉེར་བརྒྱད་པའོ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་ཁྲིད་ཡིག་རྫོགས་སོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ སྒྲགས་ཡང་རྫོང་ཤེལ་གྱི་འོད་གསལ་ཕུག་ནས་དྲིན་ཅན་མ་ཀུན་དགའ་འབུམ་གྱིས་གཏེར་ནས་སྤྱན་དྲངས་པའི་ཤོག་སེར་གྱི་ཡང་ཚ་ལས་ཞལ་བཤུས་པའོ། །ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཆོས་འདིའི་རྒྱབ་ཆོས་ལ་ཤོག་དྲིལ་ལྔ་དང༔ ཨོ་རྒྱན་དང་མཚོ་རྒྱལ་གྱི་རྣམ་ཐར༔ ཕག་མོ་མངོན་བྱུང༔ གསང་སྔགས་མ་རྒྱུད་གང་ཤེས་བཤད་པར་བྱའོ༔ ཆོས་འདི་ལ་བློ་བཟོ་དང༔ འཕྲི་བསྣན་མ་བྱེད་ཅིག༔ དད་པ་དང་མོས་གུས་ཅན་ལ་ཡེ་ཤེས་མཁའ་འགྲོ་རྣམས་དང་མངོན་སུམ་དུ་མཇལ་བར་ཐེ་ཚོམ་མེད་དོ༔ ཁྲིད་ཐོབ་ནས་བླ་མ་གསང་བ་དང༔ དམ་ཉམས་ལོག་ལྟ་ཅན་སྐུར་པ་འདེབས་པ་རྣམས་ལ་བྱིན་ན༔ གཏེར་བདག་སྤྱང་ཞོན་སྤུན་གསུམ་དང༔ ཌཱ་ཀི་རྣམས་ཀྱིས་སྲོག་ཆོད༔ སྙིང་ཁྲག་ཐུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གནས་ཆེན་ཁྱུང་རྫོང་གངས་རར་གྲུབ་ཐོབ་དུང་མཚོ་རས་པ་ལ། བྱ་བཏང་ཉི་མ་རང་གྲོལ་གྱིས་ཞུས་ཤིང་། ཤོག་སེར་ལས་ཀྱང་དེ་དུས་ཕབ་པའོ།། །།
ཚེ་བདག་ལྕགས་འདྲའི་བརྒྱུད་འདེབས་ (Volume 17, Text 4)
ཚེ་བདག་ལྕགས་འདྲའི་བརྒྱུད་འདེབས་ནི། ཀུན་བཟང་འཇམ་དཔལ་འཇམ་དཔལ་བཤེས་གཉེན་དང་། །ཨོ་རྒྱན་གཙུག་ལག་དཔལ་དགེ་བལ་པོའི་རྒྱལ། །གནུབས་ཆེན་གནུབས་ཀྱི་རིགས་བྱོན་དྲུག་་་ཡོན་ཏན་རྒྱ་མཚོ། ཡེ་ཤེས་རྒྱ་མཚོ། པདྨ་དབང་རྒྱལ། ལྷ་རྗེ་འཇམ་དཔལ། རྒྱ་གར་རྡོ་རྗེ། ཆོས་ཀྱི་ཡེ་ཤེས།་་་རྣམས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། ཁྲོ་འབར་དར་རྒྱས་ཡང་དག་རྡོ་རྗེ་དང་། །ཕུག་པ་ཤེར་རྒྱལ་་་རྔོག་སྟོན་་་འབུམ་ལེགས་གྲོ་སྟོན་་་བསོད་འབུམ་་་བློ་གྲོས་རྒྱལ། །ཕག་སྟོན་་་ཤཱཀ་མགོན་་་སྦུག་སྟོན་ཆོས་ཀྱི་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །སྤང་སྟོན་་་བདེ་ལེགས་རྒྱལ་མཚན་་སེ་སྟོན་་་རིན་ཆེན་རྒྱལ་མཚན་་་སྤྱན་ཚབ་་་མགོན་པོ་ཟླ་བ་་་ནུབ་དགོན་པ་་་བྱམས་པ་ཆོས་རྒྱལ་མཚན། །བྱང་བདག་ཡབ་སྲས་་་ཟུར་ཆེན་་་ཆོས་དབྱིངས་རང་གྲོལ་དང་། །གོང་ས་ལྔ་པ་་་ཟིལ་གནོན་བཞད་པ་་་སྨིན་གླིང་གཏེར་ཆེན་་་འགྱུར་མེད་རྡོ་རྗེ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །རྒྱལ་སྲས་་་པད་འགྱུར་རིན་རྣམ་་་ཁྲི་རིན་རྣམ་་་གསུང་སྤྲུལ་་་བདེ་ཆེན་རྡོ་རྗེ་་་པད་དབང་་་ཁྲི་པདྨ་དབང་རྒྱལ་་་དང་། ཁྲི་ཆེན་་་སངས་རྒྱས་ཀུན་དགའ་ཡིད་དབང་་་ཁྲི་ཡིད་བཞིན་དབང་རྒྱལ་་་བློ་མཐའ་ཡས་་་ཀོང་སྤྲུལ་རིན་པོ་ཆེ། །ཟིལ་གནོན་དགྱེས་རྩལ་་་མི་ཕམ་རྒྱ་མཚོ་་་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཟིལ་གནོན་རྩ་བའི་ལྷ་དང་རྒྱན་གྱི་ལྷ། །སྤྲུལ་པ་རྣམ་གསུམ་གཤེད་བཞི་མོན་བདུད་དང་། །འཆི་བདག་བཅུ་གཉིས་སྒོ་སྐྱོང་དཀྱིལ་འཁོར་ལྷར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཚེ་བདག་གི་བརྒྱུད་འདེབས་དང་། ༈ སྨན་མཆོད་ལྷན་ཐབས་སུ། གོང་གི་གསོལ་བ་འདེབས་སོ་ཞེས་པའི་མལ་དུ། སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་སྒྱུར་རོ། །འགྱུར་མེད་རྡོ་རྗེས་བྲིས་པའོ། །གོང་གི་གཏེར་ཆེན་མན་ཆོས་ཀྱི་བློ་གྲོས་པས་ཞལ་བསྐང་ཞུས་པའོ།། །།
རྗེ་བཙུན་ཁྲོས་མའི་སྒྲུབ་མཆོད་ཆ་ལག་དང་བཅས་པ་མཁའ་སྤྱོད་པདྨ་འོད་དུ་བགྲོད་བྱེད་མཆོག་གི་མྱུར་ལམ་ (Volume 36, Text 4)
༄༅། །རྗེ་བཙུན་ཁྲོས་མའི་སྒྲུབ་མཆོད་ཆ་ལག་དང་བཅས་པ་མཁའ་སྤྱོད་པདྨ་འོད་དུ་བགྲོད་བྱེད་མཆོག་གི་མྱུར་ལམ་བཞུགས། ། རྗེ་བཙུན་ཁྲོས་མའི་དཀྱིལ་འཁོར་སྒྲུབ་མཆོད་ཆ་ལག་དང་བཅས་པའི་རིམ་པ་གསལ་བར་ཕྱེ་བ། མཁའ་སྤྱོད་པདྨ་འོད་དུ་བགྲོད་བྱེད་མཆོག་གི་མྱུར་ལམ་ཞེས་བྱ་བ། ཕྱི་ནང་གཞན་གསུམ་རྣལ་འབྱོར་མ་དཔལ་ཀུན། །རང་རིག་བདེ་སྟོང་དོན་གྱི་ཁྲོས་མ་ལས། །གཞན་དུ་མི་འཚོལ་རྟོགས་པ་དོན་གྱི་ཕྱག །བཀའ་དྲིན་དྲན་ནོ་རྒྱལ་མཆོག་འཇིག་རྟེན་དབང་། །བྱིན་གྱིས་རློབས་ཤིག་ཕ་རྒོད་ནུས་ལྡན་པ། །གང་གི་སྒྲུབ་མཆོད་མཆོག་གི་མྱུར་ལམ་ལ། །བརྟེན་ཏེ་མཁའ་སྤྱོད་རྔ་ཡབ་དཔལ་གྱི་རིར། །བགྲོད་བྱེད་དོན་དུ་གཉེར་བའི་སྙིང་པོ་དགོད། །འདི་ལ་དོན་ཚན་བཞི་སྟེ། རྩ་བའི་སྒྲུབ་པ་དང་། དུས་བཟང་པོ་རྣམས་སུ་བྱ་བའི་ཆོ་ག །དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བ། ཡན་ལག་ཏུ་མེ་མཆོད་བྱ་བའི་རིམ་པ་རྣམས་སོ། །དང་པོ་ནི། རྩ་བའི་སྒྲུབ་པ་ལས། དང་པོ་གང་དུ་བྱ་བའི་གནས༔ ཡུལ་ཆེན་ཉེར་བཞི་གནས་སོ་གཉིས༔ དཔའ་བོ་མཁའ་འགྲོ་འདུ་བའི་ས༔ ཞེས་སོགས་ནས། དུར་ཁྲོད་དབེན་པའི་ས་མཐའ་རུ༔ ཌཱ་ཀིའི་དངོས་གྲུབ་བསྒྲུབ་པའི་གནས༔ ཞེས་གསུངས་པའི་གནས་དེ་རྣམས་སུ་གཞིའི་བདག་པོ་ལ་གཏོར་མ་དཀར་དམར་གཉིས་བཤམ། བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་ཕུན་སུམ་ཚོགས་པའི་དངོས་པོར་གྱུར་པར་བསམ། ཨོཾ་ཨཱཿཧཱུྃ། དཀར་གཏོར། སྡྱཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་ཞེས་སོགས་ལན་གསུམ་གྱིས་བསྔོ། གང་དག་འདིར་གནས་ལྷ་དང་ཀླུ༔ གནོད་སྦྱིན་སྲིན་པོའམ་གཞན་དག་ལ༔ དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི༔ བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ༔ དམར་གཏོར། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ཀྱིས་བསྔོས་ལ། ཧཱུྃ༔ ང་ནི་དཔལ་ཆེན་རྟ་མགྲིན་རྒྱལ༔ རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྐུ༔ ལུས་ངག་སེམས་ལས་བྱུང་བ་ཡི༔ བགེགས་ཀྱི་ཚོགས་རྣམས་གཞན་དུ་དེངས༔ གལ་ཏེ་བསྒོ་བ་འདས་གྱུར་ན༔ འབར་བའི་དཔལ་ཆེན་ཐུགས་ཁྲོས་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་ནི༔ བརླག་པར་འགྱུར་བར་གདོན་མི་ཟ༔ ཧཱུྃ་བཞིའི་སྔགས་དང་སྤོས་ཐུན་ཚམ་རྔམ་དྲག་པོས་བགེགས་བསྐྲད། དཀྱིལ་འཁོར་འདུ་བྱ་བ་ནི། རྩ་སྒྲུབ་ལས། ཚོང་འདུས་དང་ནི་སྨད་འཚོང་དང༔ ཕོ་མོ་ཉལ་པོ་བྱས་པའི་སར༔ སྟེགས་བུ་སྐྱེ་གནས་དབྱིབས་སུ་བརྩིག༔ ཅེས་གསུངས་པ་བཞིན་ནོ། །ལག་ལེན་བདེ་ཁྱད་ཤིང་སྟེགས་མདའ་གང་གྲུ་བཞི་པ་བདུད་རྩི་ལྔ་དང་ཅུ་གང་སིནྡྷུ་ར་ཆང་དང་སྦྱར་བས་ཆག་ཆག་འདེབས། དེའི་ཁར་རྡུལ་ཚོན་དམར་པོ་ཤས་ཆེ་བའི་ཆོས་འབྱུང་བསྣོལ་མ་ཕྱི་སྐོར་དུ་ཁྱམས་དང་པད་ཕྲེང་དུར་ཁྲོད་ཡོངས་རྫོགས་སམ་མཚོན་བྱེད་ཐོད་རྭ་རྡོར་རྭ་མེ་ཕྲེང་རྣམས་ཀྱིས་བསྐོར་བ། ཆོས་འབྱུང་གི་ཟུར་དྲུག་ཏུ་དགའ་འཁྱིལ་དཀར་པོ་རེ་རེ། ལྟེ་བར་རྡོ་རྗེ་གྲི་གུག་ཧཱུྃ་ཡིག་མཐིང་ནག་གིས་མཚན་པའི་རྣམ་པར་བྲི་ཞིང་འདི་ནི་འདོད་ཁམས་རྣམ་དག་སྐུ་དཀྱིལ་ལམ་སྤྲུལ་སྐུའི་དཀྱིལ་འཁོར་རོ། །དེའི་དབུས་སུ་མཉྫིའི་ཁར་ཐོད་པ་དུམ་བུ་གཅིག་པའི་ནང་དུ་ཆོས་འབྱུང་བསྣོལ་མ་དགའ་འཁྱིལ་ཕྱག་མཚན་ས་བོན་དང་བཅས་པ་བྲི། རླན་གྱིས་མི་འཇིག་པར་བྱས་པའི་ནང་ཆང་དང་བདུད་རྩི་སྦྱར་བས་བཀང་། མི་རྐང་གསུམ་བསྣོལ་ཆོས་འབྱུང་དུ་བྱས་པའི་ཁ་དར་དམར་པོས་བཀབ། འདི་གཟུགས་ཁམས་རྣམ་དག་གསུང་དཀྱིལ་ལམ་ལོངས་སྐུའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་མེ་ལོང་བདུད་རྩིས་བརླན་ཞིང་གསེང་རས་ཀྱིས་ཁྱབ་པར་བརྡལ་བར་ཐོད་ནང་གི་དཀྱིལ་འཁོར་ཇི་ལྟ་བ་བྲི་ཞིང་སྨྱུག་མའི་སྒྲོམ་ལ་བརྟེན་པའི་དར་དམ་གྱི་གུར་ཕུབ། འདི་གཟུགས་མེད་གནས་དག་ཐུགས་དཀྱིལ་ལམ་ཆོས་སྐུའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་གྱི་མཐའ་སྐོར་དུ་གཏོར་མ་དམར་པོ་ཟླ་གམ་གྱི་དབྱིབས་ཅན་ཤ་ཆང་གིས་བྲན་པ། བདུད་རྩི་སྨན་མཆོད། རཀྟ་དམར་ཆེན། བྱང་ཆུབ་ཀྱི་སེམས་མཚོན་པའི་འོ་མཚོ། གཞན་ཡང་ཉེར་སྤྱོད་ལ་དམ་ཚིག་རྡོ་རྗེ་དྲིལ་བུ་ཐོད་རྔ་རྐང་གླིང་ཧསྟ་གསུར་ཆེན་སོགས་ཐུན་མོང་དང་ཁྱད་པར་གྱི་མཆོད་པ་མཁའ་འགྲོ་མཉེས་པའི་དམ་རྫས་སོགས་མཐོང་བ་བརྒྱུད་པའི་ལག་ལེན་བཞིན་དུ་བཤམ་པར་བྱའོ། །དེ་ནས་དངོས་གཞིའི་ཉམས་ལེན་གྱི་ཐོག་མར་སྐྱབས་སུ་འགྲོ་བ་ནི། བརྒྱུད་པའི་རྩ་བ་བླ་མ་རིན་པོ་ཆེ། །དངོས་གྲུབ་ཀུན་འབྱུང་ཡི་དམ་དཀྱིལ་འཁོར་ལྷ། །བདག་རྒྱུད་བྱིན་རློབ་དཔའ་བོ་མཁའ་འགྲོ་ལ། །ཀུན་ནས་སྒོ་གསུམ་གུས་པས་སྐྱབས་སུ་མཆི། །ལན་གསུམ། སེམས་བསྐྱེད་པ་ནི། བདག་གཞན་དབྱེར་མེད་དོན་ཀུན་བསྒྲུབ་བྱའི་ཕྱིར། །བླ་མ་ཡི་དམ་མཁའ་འགྲོ་ཀུན་བསྒྲུབས་ནས། །བླ་མེད་བྱང་ཆུབ་སྙིང་པོ་འཐོབ་བྱའི་ཕྱིར། །གཞན་ཕན་བྱང་ཆུབ་སེམས་མཆོག་བསྐྱེད་པར་བྱའོ། །ལན་གསུམ། ཡན་ལག་བདུན་པ་ནི། བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་ལྷ། །འདིར་གཤེགས་པདྨ་ཉི་ཟླའི་གདན་ལ་བཞུགས། །གུས་པས་ཕྱག་འཚལ་ཕྱི་ནང་གསང་མཆོད་འབུལ། །སྡིག་པ་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །བླ་མེད་གསང་ཆེན་ཆོས་ཀྱི་འཁོར་ལོ་སྐོར། །དགེ་ཚོགས་ཀུན་ཏུ་བཟང་པོའི་རྒྱུར་བསྔོ་འོ། །མཚམས་གཅད་པ་ནི། བདག་ཉིད་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཁྲོ་མོ་ཕྲ་མེན་མ་སྨད་ཕུར་ཞབས་ཅན་རྡོ་རྗེའི་ལྕགས་ཀྱུ་དང་ཕུར་པ་ཐོགས་པ་རིམ་པར་སྤྲོས་པས་ཕྱོགས་བཅུའི་བགེགས་དང་ལོག་འདྲེན་ཐམས་ཅད་བཀུག །གཟིར་ཞིང་མནན། སེམས་འོད་གསལ་དུ་ཐིམ་པར་གྱུར་པར་མོས་ལ། ཧཱུྃ༔ རབ་འཇིགས་ཕྲ་མེན་ཁྲོ་མོའི་སྐུ༔ བཛྲ་སིཾ་ཧ་སེང་གེའི་གདོང༔ བཛྲ་བྱཱ་གྷྲི་སྟག་གདོང་མ༔ མཐིང་ནག་མཚོན་ཆའི་མེ་འོད་འཕྲོ༔ གཏི་མུག་དབང་སྒྱུར་ལས་མཁན་མ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ སྟེང་འོག་དགྲ་བགེགས་ཚར་ཆོད་ཅིག༔ རབ་འཇིགས་ཕྲ་མེན་ཁྲོ་མོའི་སྐུ༔ བཛྲ་ག་སྱ་བྱ་རོག་གདོང༔ སྔོ་ནག་མཚོན་ཆའི་མེ་འོད་འཕྲོ༔ ཞེ་སྡང་དབང་སྒྱུར་ལས་མཁན་མ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ ཤར་ཕྱོགས་དགྲ་བགེགས་ཚར་ཆོད་ཅིག༔ རབ་འཇིགས་ཕྲ་མེན་ཁྲོ་མོའི་སྐུ༔ སུ་ཀ་ར་སྱ་ཕག་གདོང་མ༔ སེར་ནག་མཚོན་ཆ་མེ་འོད་འཕྲོ༔ ང་རྒྱལ་དབང་སྒྱུར་ལས་མཁན་མ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ ལྷོ་ཕྱོགས་དགྲ་བགེགས་ཚར་ཆོད་ཅིག༔ རབ་འཇིགས་ཕྲ་མེན་ཁྲོ་མོའི་སྐུ༔ ཤྭ་ན་མུ་ཁ་ཁྱི་གདོང་མ༔ དམར་ནག་མཚོན་ཆ་མེ་འོད་འཕྲོ༔ འདོད་ཆགས་དབང་སྒྱུར་ལས་མཁན་མ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ ནུབ་ཕྱོགས་དགྲ་བགེགས་ཚར་ཆོད་ཅིག༔ རབ་འཇིགས་ཕྲ་མེན་ཁྲོ་མོའི་སྐུ༔ ཧུ་ལུ་མུ་ཁ་འུག་གདོང་མ༔ ལྗང་ནག་མཚོན་ཆ་མེ་འོད་འཕྲོ༔ ཕྲག་དོག་དབང་སྒྱུར་ལས་མཁན་མ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ བྱང་ཕྱོགས་དགྲ་བགེགས་ཚར་ཆོད་ཅིག༔ གནས་དང་ཡོ་བྱད་རྣམས་སྤྱིར་བྱིན་གྱིས་བརླབ་པ་ནི། ཧཱུྃ༔ དུར་ཁྲོད་ཞིང་མཆོག་མཁའ་སྤྱོད་འོག་མིན་གནས༔ མཆོད་པའི་རྫས་ཀུན་ཡེ་ཤེས་ལྔ་ཡི་དངོས༔ འདོད་ཡོན་དྲུག་ལྡན་ཚོགས་ཀྱིས་འཇིག་རྟེན་གང༔ ཐབས་ཤེས་གཉིས་མེད་བྱང་ཆུབ་སེམས་ཀྱི་སྤྲིན༔ ཕྱི་ནང་གསང་གསུམ་སྣོད་བཅུད་བདེ་བ་ཆེ༔ ཨོཾ་ཨཱཿཧཱུྃ་ཧོཿསརྦ་པཱུ་ཙ་ས་མ་ཡ་ཧཱུྃ༔ ཁྱད་པར་བདུད་རྩི་དང་གཏོར་མ་བྱིན་གྱིས་བརླབ་པ་ནི། ཡཾ་ལས་རླུང་དང་རཾ་ལས་མེ༔ ཀཾ་གསུམ་ཐོད་པའི་སྒྱེད་བུའི་སྟེང༔ ཨ་ལས་ཐོད་ནང་ཤ་ལྔ་དང༔ བདུད་རྩི་ལྔ་སྟེང་ས་བོན་མཚན༔ རང་གི་ཤངས་བུག་གཡས་པ་ནས༔ ཧཱུྃ་ཞེས་བརྗོད་པས་རླུང་གིས་བསྐུལ༔ ཐོད་བཅུད་དྲོས་ཏེ་ཞུ་བ་ལས༔ མ་དག་ཉེས་སྐྱོན་ཕྱི་རོལ་ལུད༔ བདུད་རྩི་དྭངས་མའི་སྟེང་ཕྱོགས་སུ༔ འབྲུ་གསུམ་བརྩེགས་ལས་འོད་འཕྲོས་པས༔ ཕྱོགས་བཅུའི་ཞིང་གི་བདུད་རྩི་བཀུག༔ མཉམ་ཉིད་ཐོད་པའི་རྫས་དང་འདྲེས༔ ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར༔ ཧ་ཧོ་ཧྲཱིཿཡིས་སྦྱངས་རྟོགས་སྦར༔ བསྐྱེད་རིམ་ནི། རྩ་སྒྲུབ་ལས། བདག་དང་མཎྜལ་བཅས་པ་ཀུན༔ དབྱེར་མེད་ཟུང་འཇུག་ངང་དུ་བསྒྲུབ༔ ཅེས་གསུངས་པས་རྣལ་འབྱོར་པ་བློ་རབ་ཀྱིས་བདག་མདུན་དབྱེར་མེད་དང་། ལས་དང་པོ་པས་གཙོ་བོར་བདག་བསྐྱེད་དང་མདུན་གྱི་དཀྱིལ་འཁོར་བཞིན་དང་མེ་ལོང་ལྟར་སོ་སོར་བསྐྱེད་ཅིང་གྱེར་ཚིག་ནི་གཅིག་གིས་བྱ་བ་ཡིན་ནོ། །རང་བཞིན་སྟོང་པའི་ངང་ཉིད་ལས༔ ཨེ་ལས་ཆོས་ཀྱི་འབྱུང་གནས་ནི༔ མཐའ་དབུས་མེད་པར་ཡངས་པ་ལ༔ བདེ་སྟོང་ཕྱི་དཀར་ནང་དམར་དྭངས༔ ཕྱི་རོལ་བར་ཁྱམས་པདྨ་དང༔ དུར་ཁྲོད་རྡོར་རྭ་མེ་དཔུང་འབར༔ དེ་དབུས་པདྨ་ཉི་མ་དང༔ དབུགས་བྲལ་ལྟེ་བར་རང་རིག་ཧཱུྃ༔ མཐིང་ནག་འབར་བའི་འཕྲོ་འདུ་ལས༔ ཕྱི་ལྟར་རྒྱལ་ཡུམ་མཚོ་རྒྱལ་མ༔ ནང་ལྟར་རྡོ་རྗེ་ཕག་མོ་སྟེ༔ གསང་བ་བདུད་འདུལ་དྲག་མོ་རྩལ༔ མཐིང་ནག་མཁའ་དབྱིངས་གང་བའི་སྐུ༔ ཁྲོས་པས་མཆེ་བས་མ་མཆུ་མནན༔ དགྱེས་པའི་ཚུལ་གྱིས་ཡིད་ཙམ་འཛུམ༔ སྤྱན་གསུམ་དམར་འཁྲུག་ཕྱོགས་བཅུར་གཟིགས༔ དབྱིངས་ནས་དྲག་པོར་ཁྲོས་པའི་ཚེ༔ སེང་ཞལ་ང་རོས་སྲིད་གསུམ་འཁྲུག༔ ཕྱག་གཡས་གྲི་གུག་མཁའ་ལ་འཕྱར༔ གཡོན་པས་ཐོད་བཅུད་ཞལ་དུ་གསོལ༔ རྡོ་རྗེ་ཁ་ཊྭཱཾ་དར་དཔྱང་བཅས༔ ཐབས་མཆོག་ཧེ་རུ་ཀ་དཔལ་ནི༔ སྦས་པའི་ཚུལ་གྱིས་གྲུ་མོར་བཅུག༔ དབུ་སྐྲ་གྱེན་བརྫེས་སྐྲ་མཚམས་པ༔ རྡོ་རྗེས་སྦྲེལ་བའི་ཐོད་སྐམ་ལྔ༔ རུས་པའི་ཕྱག་རྒྱ་ལྔ་དང་ནི༔ མེ་ལོང་དྲིལ་བུ་གཡེར་ཁ་སྤྲས༔ སྣ་ཚོགས་དར་དང་ཅོད་པན་འཕུར༔ རཏྣའི་སྙན་ཆ་གདུ་བུས་སྤྲས༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང༔ གཡས་བསྐུམ་གཡོན་བརྐྱང་གར་གྱིས་རོལ༔ སྐུ་གསུམ་རྩ་གསུམ་འཁོར་ལོ་ལྔ༔ དྭངས་གསལ་སྒྲིབ་མེད་གསལ་ལེ་བའི༔ སྤྱི་བོ་བདེ་ཆེན་འཁོར་ལོ་ན༔ བདེ་གཤེགས་རིགས་ཀྱི་ཌཱ་ཀི་མ༔ ཡབ་ཡུམ་དཀར་གསལ་སོ་གཉིས་བཞུགས༔ མགྲིན་པ་ལོངས་སྤྱོད་འཁོར་ལོ་ན༔ རིན་ཆེན་རིགས་ཀྱི་ཌཱ་ཀི་མ༔ ཡབ་ཡུམ་སེར་གསལ་བཅུ་དྲུག་བཞུགས༔ སྙིང་ག་ཆོས་ཀྱི་འཁོར་ལོ་ན༔ རྡོ་རྗེ་རིགས་ཀྱི་ཌཱ་ཀི་མ༔ ཡབ་ཡུམ་མཐིང་གསལ་བརྒྱད་དུ་བཞུགས༔ ལྟེ་བ་སྤྲུལ་པའི་འཁོར་ལོ་ན༔ པདྨ་རིགས་ཀྱི་ཌཱ་ཀི་མ༔ ཡབ་ཡུམ་དམར་གསལ་དྲུག་ཅུ་བཞི༔ གསང་གནས་བདེ་མཆོག་འཁོར་ལོ་ན༔ ལས་ཀྱི་རིགས་ཀྱི་ཌཱ་ཀི་མ༔ ལྗང་གསལ་སུམ་ཅུ་རྩ་གཉིས་བཞུགས༔ བ་སྤུ་བྱེ་བ་ས་ཡ་དང༔ ཁོར་ཡུག་དུར་ཁྲོད་ལ་སོགས་པ༔ གནས་དང་ཡུལ་གྱི་ཌཱ་ཀི་མ༔ ཡེ་ཤེས་ལས་དང་འཇིག་རྟེན་པའི༔ དཔའ་བོ་མཁའ་འགྲོ་བྱེ་བ་འབུམ༔ རིགས་དང་སྐུ་མདོག་ཕྱག་མཚན་དང༔ རྣམ་འགྱུར་མ་ངེས་ཚུལ་དུ་བཞུགས༔ ཀུན་གྱི་གནས་གསུམ་འབྲུ་གསུམ་ལས༔ འོད་འཕྲོས་ཆོས་ཉིད་མཁའ་ཀློང་དང༔ ཉེར་བཞི་སུམ་ཅུ་རྩ་གཉིས་སོགས༔ རང་བཞིན་གནས་ཡུལ་དུར་ཁྲོད་ནས༔ དཔའ་བོ་མཁའ་འགྲོ་བྱེ་བ་འབུམ༔ འཁོར་དང་བཅས་པ་བྱོན་པར་གྱུར༔ གསུར་ཆེན་སྦྱར། ཧསྟ་གཡབ་ཅིང་ཐོད་རྔ་རྐང་གླིང་སོགས་རོལ་མོ་དབྱངས་བཅས་པས། ཧཱུྃ༔ རང་བཞིན་རྣམ་དག་དབྱིངས་ཉིད་ལས༔ བཀའ་བརྒྱུད་བླ་མ་གཤེགས་སུ་གསོལ༔ ཡེ་ཤེས་ལྔ་ཡི་དཀྱིལ་འཁོར་ནས༔ ཞི་ཁྲོ་རྒྱ་མཚོ་གཤེགས་སུ་གསོལ༔ སྣང་སྟོང་ཐིག་ལེའི་གཞལ་ཡས་ནས༔ དཔའ་བོ་མཁའ་འགྲོ་གཤེགས་སུ་གསོལ༔ བདེ་སྟོང་མཁའ་སྤྱོད་ཕོ་བྲང་ནས༔ ཡུམ་ཆེན་མཚོ་རྒྱལ་གཤེགས༴ ནུབ་ཕྱོགས་ཨོ་རྒྱན་ཕོ་བྲང་ནས༔ གསང་བ་ཡེ་ཤེས་གཤེགས༴ བསིལ་བ་ཚལ་གྱི་དུར་ཁྲོད་ནས༔ བདུད་འདུལ་དྲག་མོ་གཤེགས༴ རྩེ་མོ་རྣམ་བཀོད་བདེ་བའི་ཞིང༔ སུམ་ཅུ་རྩ་གཉིས་རྩ་འདབ་ནས༔ བདེ་གཤེགས་ཌཱ་ཀི་གཤེགས༴ མྱོང་བྱེད་རྣམ་དག་གཞལ་ཡས་ཀྱི༔ བཅུ་དྲུག་བཀོད་པའི་རྩ་འདབ་ནས༔ རིན་ཆེན་ཌཱ་ཀི་གཤེགས༴ དྲན་པ་རྣམ་བཀོད་ཆོས་ཀྱི་དབྱིངས༔ རྩ་འདབ་བཞི་གཉིས་བརྒྱད་པོ་ནས༔ རྡོ་རྗེ་ཌཱ་ཀི་གཤེགས༴ ལྟེ་བ་སྤྲུལ་པ་གནས་ཀྱི་ཞིང༔ དྲུག་ཅུ་རྩ་བཞིའི་རྩ་འདབ་ནས༔ པདྨ་ཌཱ་ཀི་གཤེགས༴ གསང་གནས་བདེ་མཆོག་འཁོར་ལོ་ནས༔ སུམ་ཅུ་རྩ་གཉིས་དྲ་བ་ནས༔ ལས་ཀྱི་ཌཱ་ཀི་གཤེགས༴ བ་སྤུ་བྱེ་བ་ས་ཡ་དང༔ གནས་མཆོག་ཉེར་བཞི་སོ་གཉིས་ཡུལ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ ཡེ་ཤེས་ལས་དང་འཇིག་རྟེན་པའི༔ དཔའ་བོ་མཁའ་འགྲོ་བྱེ་བ་འབུམ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་བཾ་ཧ་རི་ནི་ས་ཨཱ་བེ་ཤ་ཡ་ཕེཾ་ཕེཾ་ཧྲཱིཾ་ཧྲཱིཾ་ས་མ་ཡ་ཛ༔ ཞེས་བརྗོད་པས་ཡེ་ཤེས་ལས་གྲུབ་པའི་མཁའ་འགྲོ་མ་ཐམས་ཅད་སྤྲིན་འཐིབས་པ་བཞིན་དུ་བྱོན་ཏེ་བདག་མདུན་ལ་གཉིས་སུ་མེད་པར་ཐིམ་པར་བསྒོམ། ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་བཛྲ༔ མཆོད་པ་ནི། ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ༔ གུ་རུ་དེ་བ་ཌཱ་ཀི་ནཱི་བཾ་ཧ་རི་ནི་ས་ས་པ་རི་བཱ་ར་ཨརྒྷཾ༔ པཱ་དྱཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་བིདྱ༔ ཤབྡ་པཱུ་ཙ་ཧོ༔ སྨན་རག་གཏོར་གསུམ་འབུལ་བ་ནི། ཡེ་ཤེས་མཁའ་འགྲོའི་ལྗགས་དབྱིབས་རྡོ་རྗེས་མཚན༔ འཇིག་རྟེན་པ་རྣམས་མཚོན་ཆས་མཚན་པ་ཡིས༔ སྨན་རཀ་གཏོར་མའི་བཅུད་དྲངས་གསོལ་བས་དགྱེས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་བར་གྱུར༔ ཅེེས་དང་། གུ་རུ་དེ་བ་ཌཱ་ཀི་ནཱི༔ བུདྡྷ་ཌཱ་ཀི་ནཱི༔ རཏྣ་ཌཱ་ཀི་ནཱི༔ བཛྲ་ཌཱ་ཀི་ནཱ༔ པདྨ་ཌཱ་ཀི་ནཱི༔ ཀརྨ་ཌཱ་ཀི་ནཱི༔ ཛྙཱ་ན་ཌཱ་ཀི་ནཱི༔ ས་མ་ཡ་ཌཱ་ཀི་ནཱི༔ ལོ་ཀ་ཌཱ་ཀི་ནཱི༔ བི་ཤྭ་ཌཱ་ཀི་ནཱི་ཁ་ཁ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་རཀྟ་སརྦ་པཉྩ་པཱུ་ཙ་ཧོ༔ ལན་བདུན་གྱིས་ཕུལ། བསྟོད་པ་ནི། ཧཱུྃ༔ མ་སྐྱེས་རྫོགས་པ་ཆོས་ཀྱི་དབྱིངས་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ༔ འགྲོ་བའི་དོན་མཛད་ཡེ་ཤེས་མཁའ་འགྲོ་མ༔ ཆགས་པའི་ཚུལ་གྱིས་ཁྲོ་མོའི་སྐུར་སྟོན་མ༔ ཕྱག་གཡས་གྲི་གུག་གཡོན་པ་ཐོད་བཅུད་རོལ༔ ཁ་ཊྭཱཾ་རྩེ་གསུམ་དུག་གསུམ་རྩད་ནས་གཅོད༔ གཡས་བསྐུམ་གཡོན་བརྐྱང་ཐབས་ཤེས་དབྱེར་མེད་ངང༔ པདྨ་ཉི་ཟླ་ཏི་རའི་ཁྲི་ལ་བཞུགས༔ ཡེ་ཤེས་ཌཱ་ཀིའི་སྐུ་ལ་ཕྱག་འཚལ་བསྟོད༔ བདེར་གཤེགས་རིགས་ཀྱི་ཌཱ་ཀི་ནཱི༔ ནམ་མཁའ་ལྟ་བུར་ཁྱབ་པའི་སྐུ༔ སྐྱེ་འཆི་མེད་པའི་སྐུ་ལ་བསྟོད༔ རིན་ཆེན་རིགས་ཀྱི་ཌཱ་ཀི་ནཱི༔ མི་ཟད་རིན་ཆེན་གཏེར་དང་ལྡན༔ དགོས་འདོད་ཀུན་འབྱུང་སྐུ་ལ་བསྟོད༔ རྡོ་རྗེ་རིགས་ཀྱི་ཌཱ་ཀི་ནཱི༔ ཐུགས་རྗེ་ཆེན་པོས་འགྲོ་དོན་མཛད༔ མཁའ་ལྟར་མཉམ་ཉིད་སྐུ་ལ་བསྟོད༔ པདྨ་རིགས་ཀྱི་ཌཱ་ཀི་ནཱི༔ ཆགས་པ་ལ་སོགས་སྐྱོན་དང་བྲལ༔ ཆགས་མེད་ཡེ་ཤེས་སྐུ་ལ་བསྟོད༔ ཐམས་ཅད་ལས་ཀྱི་ཌཱ་ཀི་ནཱི༔ ཕྲིན་ལས་ཐམས་ཅད་རྫོགས་མཛད་པའི༔ བྱ་གྲུབ་ཡེ་ཤེས་སྐུ་ལ་བསྟོད༔ ཡེ་ཤེས་དབྱིངས་ཀྱི་ཌཱ་ཀི་ནཱི༔ ནམ་མཁའ་ལྟ་བུར་ཀུན་ལ་ཁྱབ༔ ཚད་མེད་ཡེ་ཤེས་སྐུ་ལ་བསྟོད༔ དམ་ཚིག་རིགས་ཀྱི་ཌཱ་ཀི་ནཱི༔ རྣམ་དག་ཉེས་པའི་སྐྱོན་དང་བྲལ༔ ཡེ་བསྲུངས་ཆེན་པོའི་སྐུ་ལ་བསྟོད༔ འཇིག་རྟེན་རིགས་ཀྱི་ཌཱ་ཀི་ནཱི༔ ལོ་ཀའི་སྤྱོད་པ་སྣ་ཚོགས་ཅན༔ ཐོགས་མེད་རྫུ་འཕྲུལ་སྐུ་ལ་བསྟོད༔ ཐམས་ཅད་རིགས་ཀྱི་ཌཱ་ཀི་ནཱི༔ བར་ཆད་ཀུན་སེལ་མཐུན་རྐྱེན་སྒྲུབ༔ སྣ་ཚོགས་ཕྲིན་ལས་སྐུ་ལ་བསྟོད༔ བཟླས་པ་བྱ་བ་ནི། མཁའ་འགྲོ་སྡེ་ལྔའི་ཐུགས་ཀ་རུ༔ ཧ་རི་ནི་ས་བཾ་ཡིག་མཐར༔ སྔགས་ཀྱི་ཕྲེང་བ་རང་མདོག་གསལ༔ གཡོན་དུ་འཁོར་ལས་འོད་ཟེར་འཕྲོས༔ རྒྱལ་བ་རབ་འབྱམས་མཉེས་པར་བྱས༔ བྱིན་རླབས་འོད་ཟེར་རང་ལ་ཐིམ༔ སླར་ཡང་འོད་འཕྲོས་ཡེ་ཤེས་དང༔ དམ་ཚིག་ལས་ཀྱི་ཌཱ་ཀིའི་ཚོགས༔ ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་བཞིན༔ བདག་ཐིམ་དབང་དུ་གྱུར་པ་ཡིས༔ མཆོག་ཐུན་དངོས་གྲུབ་སྩོལ་བར་གྱུར༔ ཅེས་མོས། དེ་ཡང་སྤྱི་བོར་བུདྡྷ་མཁའ་འགྲོའི་ཐུགས་ཀར་བཾ་ཡིག་དཀར་གསལ། མགྲིན་པ་རཏྣ་མཁའ་འགྲོའི་ཐུགས་ཀར་རི་ཡིག་སེར་པོ། སྙིང་གར་རྡོ་རྗེ་མཁའ་འགྲོའི་ཐུགས་ཀར་ཧ་ཡིག་མཐིང་ག །ལྟེ་བར་པདྨ་མཁའ་འགྲོའི་ཐུགས་ཀར་ནི་ཡིག་དམར་པོ། གསང་གནས་སུ་ཀརྨ་མཁའ་འགྲོའི་ཐུགས་ཀར་ས་ཡིག་ལྗང་གུ་དེ་རྣམས་སོ་སོའི་མཐའ་མར། ཨོཾ་བཛྲ་བཻ་རོ་ཙ་ནི་བཾ་ཧ་རི་ནི་ས་ཧཱུྃ་ཕཊ༔ ཞེས་པ་རྩ་བའི་སྙིང་པོ་འདི་ཉིད་ས་བོན་སོ་སོའི་ཁ་དོག་དང་མཐུན་པ་གཡོན་སྐོར་དུ་ཀྱི་ལི་ལི་འཁོར་བ་དེ་ལས་གོང་གི་འོད་ཟེར་སྤྲོ་བསྡུའི་དམིགས་པ་དང་བཅས་པས་བཟླ་ཞིང་། གྲངས་བསྙེན་གྱི་ཚད་ནི་རྩ་སྒྲུབ་ལས། སུམ་འབུམ་བཞི་ཁྲི་བཞི་འགྱུར་བཟླ༔ ཞེས་སོ། །འདིའི་ཚད་ཐེམས་ནས་སྤྱི་བོར་བུདྡྷ་མཁའ་འགྲོའི་ས་བོན་མཐར། ཨོཾ་བུདྡྷ་ཌཱ་ཀི་ནཱི་ཧཱུྃ་ཕཊ༔ དེ་བཞིན་དུ་རིན་ཆེན་མཁའ་འགྲོར། ཨོཾ་རཏྣ་ཌཱ་ཀི་ནཱི་ཧཱུྃ་ཕཊ༔ རྡོ་རྗེ་མཁའ་འགྲོར། ཨོཾ་བཛྲ་ཌཱ་ཀི་ནཱི་ཧཱུྃ་ཕཊ༔ པདྨ་མཁའ་འགྲོར། ཨོཾ་པདྨ་ཌཱ་ཀི་ནཱི་ཧཱུྃ་ཕཊ༔ ཀརྨ་མཁའ་འགྲོར། ཨོཾ་ཀརྨ་ཌཱ་ཀི་ནཱི་ཧཱུྃ་ཕཊ༔ རྣམས་སོ་སོའི་ས་བོན་གྱི་མདོག་མཚུངས་གཡོན་སྐོར་དུ་འཁོར་བ་དེ་ལས་འོད་ཟེར་སྤྲོ་བསྡུ་སོགས་གོང་དང་འདྲ་བ་ལས་ཁྱད་པར་དུ་བུདྡྷ་མཁའ་འགྲོས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ། རིན་ཆེན་མཁའ་འགྲོས་ཚེ་བསོད་རྒྱས་པ། རྡོ་རྗེ་མཁའ་འགྲོས་ནད་གདོན་སྡིག་སྒྲིབ་ཞི་བ། པདྨ་མཁའ་འགྲོས་ཁམས་གསུམ་སྲིད་བཅུད་དབང་དུ་སྡུད་པ། ཀརྨ་མཁའ་འགྲོས་དགྲ་བགེགས་དམ་སྲི་བརླག་པར་བྱས་པ་སོགས་སོ་སོའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་བསྒྲུབས་པར་མོས་ལ། ཐོ་རངས་ཉི་ཤར་ཉིན་གུང་དགོང་མོ་སྲོད་སོགས་དུས་གནད་དང་སྦྱར་ནས་བཟླ་ཞིང་། ཡང་བུདྡྷ་མཁའ་འགྲོའི་ཐུགས་སྲོག་གི་ཐ་མར་ཡེ་ཤེས་མཁའ་འགྲོའི་སྙིང་པོ། ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་ཧཱུྃ་ཕཊ༔ དེ་བཞིན་དུ། རྡོ་རྗེ་མཁའ་འགྲོའི་ས་བོན་གྱི་མཐར་དམ་ཚིག་མཁའ་འགྲོའི་སྙིང་པོ། ཨོཾ་ས་མ་ཡ་ཌཱ་ཀི་ནཱི་ཧཱུྃ་ཕཊ༔ ཀརྨ་མཁའ་འགྲོའི་ཐུགས་ཀར་འཇིག་རྟེན་དང་ཤ་ཟ་སྣ་ཚོགས་མཁའ་འགྲོའི་སྙིང་པོ། ཨོཾ་ལོ་ཀ་ཌཱ་ཀི་ནཱི་ཧཱུྃ་ཕཊ༔ དང་། ཨོཾ་བི་ཤྭ་ཌཱ་ཀི་ནཱི་ཧཱུྃ་ཕཊ༔ སོ་སོའི་ས་བོན་གྱི་མདོག་མཚུངས་གཡོན་དུ་འཁོར་ཞིང་འོད་ཟེར་སྤྲོ་བསྡུས་རང་རང་གི་དངོས་གྲུབ་ཐོབ་པར་མོས་ལ་བཟླ། གོང་འོག་འདི་གཉིས་ཀྱི་བསྙེན་གྲངས་ཀྱི་ཚད་ནི་རྩ་སྒྲུབ་ལས། ཁྲི་ཕྲག་རེ་སོགས་སྐབས་དང་བསྟུན༔ ཞེས་གསུངས། ཐུན་མཚམས་སུ་དངོས་གྲུབ་སྡུད་པའི་སྔགས་ནི། བཾ་ཧ་རི་ནི་ས་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧྲཱིཾ་ཧྲཱིཾ་ཛཿཛ༔ ས་མ་ཡ་སྡུས་སྡུས༔ ཇི་ལྟར་རིགས་པ་བཟླ། དྲག་ལས་ཀྱི་སྐབས་སུ་ཡིག་འབྲུ་བཅུ་བཞི་པོ་ལུས་ལ་བཀོད་དེ། སྤྱི་བོར་ཨཿཀཿ མགྲིན་པར་སཿམཿ སྙིང་གར་རཿཙཿ ལྟེ་བར་ཤཿདཿ གསང་གནས་སུ་རཿསཿ བརླ་གཉིས་ལ་མཿརཿཡཿཕཊཿལྕགས་བསྲེགས་ཀྱི་མདོག་ལྟ་བུ་དེ་རྣམས་མེ་རླུང་མཚོན་ཆ་འཁྲུགས་ཏེ་མཆེད། རྣམ་རྟོག་གི་རང་གཟུགས་བྱད་མ་མཁན་ལྷ་དང་བཅས་པ་གཞོབ་རྒོད་ཐུལ་ཐུལ་བརླག་པར་བསམ། ཞི་དྲག་སྔགས་བཟླ། དེ་ལྟར་བསྙེན་པའི་རྟགས་ནི་རྩ་སྒྲུབ་ལས། མཁའ་འགྲོས་བྱིན་བརླབས་འདུས་པའི་རྟགས༔ གང་ཟག་རབ་འབྲིང་ཐ་མའི་བློས༔ ཇི་སྲིད་དངོས་གྲུབ་མ་ཐོབ་བར༔ དེ་སྲིད་དུ་ནི་བསྙེན་པར་བྱ༔ ཞེས་གསུངས་ཤིང་། མཐོང་ཚུལ་ནི་གཞུང་གཞན་ལས། དེ་ནི་ལུས་ངག་ཡིད་གསུམ་ལ༔ འབར་བ་གསུམ་གྱི་དངོས་གྲུབ་འབྱུང༔ ཞེས་གསུངས་པ་ལ་སོགས་རྣམས་ཡིན་ནོ། ༈ །རྩ་བའི་གཉིས་པ་ཐུན་མཚམས་དང་། ཡར་མར་གྱི་ཚེས་བཅུ་ལ་སོགས་པ་དུས་གཉན་རྣམས་སུ་ཚོགས་གཏོར་བྱ་བའི་རིམ་པ་ནི། དཀྱིལ་འཁོར་གྱི་སྣམ་ལོགས་སུ་དར་རས་ལ་ཆོས་འབྱུང་བསྣོལ་མ་དམར་པོ་བྲིས་པའི་ཁར་མ་ད་ན་སོགས་བཏུང་བའི་བྱེ་བྲག་དང་། དགའ་འཁྱིལ་དཀར་པོ་བྲིས་པའི་ཁར་བཱ་ལ་སོགས་བཟའ་བའི་རྫས་རྣམས་བཀོད། སྨན་གྱིས་བསང་གཏོར་བྱས། ཡཾ་ལས་རླུང་དང་རཾ་ལས་མེ༔ ཞེས་སོགས་ནས། ཧ་ཧོ་ཧྲཱིཿཡིས་སྦྱངས་རྟོགས་སྦར༔ ཞེས་པའི་བར་གོང་བཞིན་བྱིན་གྱིས་བརླབས། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ཚོགས་ཀྱི་མགྲོན་དུ་སྤྱན་དྲངས་པར་གྱུར་པར་མོས་ལ་སྤོས་དུད་སྦྱར། རོལ་མོ་དབྱངས་དང་བཅས་པས། ཧཱུྃ༔ བཞེངས་ཤིག་རྩ་གསུམ་ཞི་དང་ཁྲོ༔ དཔའ་བོ་ཌཱ་ཀི་སྤྲུལ་འཁོར་བཅས༔ རང་བཞིན་གནས་ནས་སྐུ་སྐྱོད་ལ༔ འཁོར་ལོའི་འདུ་བར་གཤེགས་སུ་གསོལ༔ བཞེངས་ཤིག་ཡེ་ཤེས་ཌཱ་ཀི་ནཱི༔ རྡོ་རྗེ་རིན་ཆེན་པདྨ་ལས༔ སངས་རྒྱས་རིགས་ཀྱི་མཁའ་འགྲོ་ལྔ༔ མཐིང་སེར་དམར་ལྗང་སྨུག་ནག་མདོག༔ རིན་ཆེན་རྒྱན་ཆ་སི་ལི་ལི༔ རུས་པའི་དྲྭ་ཕྱེད་ཁྲོ་ལོ་ལོ༔ གསེར་གྱི་ཅོད་པན་ལྡེམས་སེ་ལྡེམ༔ དར་དཔྱང་ལྷབ་ལྷུབ་པུ་རུ་རུ༔ རང་རང་གནས་ནས་སྐུ་སྐྱོད་ལ༔ འཁོར་ལོའི་འདུ་བར་གཤེགས་སུ་གསོལ༔ བཞེངས་ཤིག་མཁའ་འགྲོ་རྒྱ་མཚོ་རྣམས༔ ཡེ་ཤེས་ལས་དང་དམ་ཚིག་པ༔ འཇིག་རྟེན་མཁའ་འགྲོ་བཀའ་སྡོད་བཅས༔ རྒྱན་དང་ཆ་ལུགས་རྣམ་འགྱུར་སོགས༔ གཅིག་ཏུ་མ་ངེས་དུ་མར་འཕྲུལ༔ གནས་ཡུལ་དུར་ཁྲོད་བརྒྱད་སོགས་ནས༔ འཁོར་ལོའི་འདུ་བར་གཤེགས་སུ་གསོལ༔ ཕྱི་རོལ་ཚོགས་ཁང་འཇིག་རྟེན་འདི༔ བདེ་ཆེན་རོལ་པ་ཆེན་པོའི་ཞིང༔ བདག་ལུས་ཕུང་ཁམས་ལྷའི་ངོ་བོ༔ བཟའ་བཏུང་ཡེ་ཤེས་བདུད་རྩི་ཡི༔ མཆོད་པའི་དངོས་པོར་བྱིན་གྱིས་རློབས༔ གུ་རུ་དེ་བ་དྷཱ་ཀི་ནཱི་བཾ་ཧ་རི་ནི་ས་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་བཛྲ་ས་མཱ་ཛ༔ ཞེས་པས་སྤྱན་དྲང་། ཚོགས་ཕུད་རིམ་པ་གསུམ་དུ་ཕྱེས་པའི་དང་པོ་དཀྱིལ་འཁོར་གྱི་དྲུང་དུ་ཕུལ་ནས། ཨོཾ་ཨཱཿཧཱུྃ༔ ཚོགས་མཆོད་འོད་ཕུང་འབར་བ་འདི༔ རྩ་གསུམ་བདེ་གཤེགས་ཞི་དང་ཁྲོ༔ དཔའ་བོ་མཁའ་འགྲོ་རྒྱ་མཚོར་འབུལ༔ ཉམས་ཆག་འགལ་འཁྲུལ་མཐོལ་ཞིང་བཤགས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གུ་རུ་དེ་བ་ཌཱ་ཀི་ནི་བཾ་ཧ་རི་ནི་ས་ག་ཎ་ཙཀྲ་པཱུ་ཙ་ཁཱ་ཧི༔ ཚོགས་ཕུད་གཉིས་པ་ཆ་གསུམ་དུ་བྱས་པ་དང་། གཏོར་མ་དམར་པོ་ཤ་ཆང་བཙོང་སྒོག་ལ་དུ་སོགས་ཀྱིས་བྲན་པ་གསུམ་བཤམ། ཨ་ཀཱ་རོ་སོགས་ཀྱིས་ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབ། ཕྱི་ནང་གནས་ཡུལ་གྱི་དཔའ་བོ་མཁའ་འགྲོ་རྣམས་ལ་འབུལ་ཞིང་ཐུགས་དམ་བསྐུལ་བའི་རིམ་པ་ནི། ཧཱུྃ༔ ཆོས་དབྱིངས་སྤྲོས་བྲལ་མཁའ་དབྱིངས་ལས༔ རང་བྱུང་ཡེ་ཤེས་མཁའ་འགྲོའི་སྐུ༔ སྤྲུལ་པ་བསམ་ཡས་སྟོན་པའི་མ༔ གསང་བ་ཡེ་ཤེས་རྣལ་འབྱོར་མ༔ ཚོགས་མཆོད་གཏོར་མ་འདི་བཞེས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རྩེ་མོ་རྣམ་བཀོད་བདེ་བའི་ཞིང༔ སུམ་ཅུ་རྩ་གཉིས་ཕོ་བྲང་ནས༔ བདེར་གཤེགས་ཌཱ་ཀི་ཡབ་ཡུམ་ནི༔ གཙོ་འཁོར་སུམ་ཅུ་རྩ་གཉིས་རྣམས༔ གཏི་མུག་འཇོམས་ཕྱིར་དུང་དམར་དཀྲུགས༔ སྤྱན་གསུམ་སྡང་མིག་དགྲ་ལ་གཟིགས༔ ཞལ་ནས་དྲག་སྔགས་བགེགས་ལ་འབོད༔ ཤངས་ནས་ནད་ཀྱི་འཚུབས་མ་འཐོར༔ ཚོགས་མཆོད་གཏོར་མ་འདི་བཞེས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ སྔགས་ཀྱི་བསྟན་པ་བསྲུང་དུ་གསོལ༔ མྱོང་བྱེད་རོ་འདུས་ལོངས་སྤྱོད་ཞིང༔ བཅུ་དྲུག་བཀོད་པའི་གཞལ་ཡས་ནས༔ རིན་ཆེན་ཌཱ་ཀི་ཡབ་ཡུམ་རྣམས༔ གཙོ་འཁོར་བརྒྱད་གཉིས་བཅུ་དྲུག་སྟེ༔ ང་རྒྱལ་འཇོམས་ཕྱིར་དུང་དམར་དཀྲུགས༔ སྤྱན་གསུམ་སྡང་མིག་དགྲ་ལ་གཟིགས༔ ཞལ་ནས་དྲག་སྔགས་བགེགས་ལ་འབོད༔ ཤངས་ནས་ནད་ཀྱི་འཚུབས་མ་འཐོར༔ ཚོགས་མཆོད་གཏོར་མ་འདི་བཞེས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ སྔགས་ཀྱི་བསྟན་པ་བསྲུང་དུ་གསོལ༔ དྲན་པ་རྣམ་བཀོད་ཆོས་དབྱིངས་ཞིང༔ རྩ་འདབ་བརྒྱད་ཀྱི་འཁོར་ལོ་ནས༔ རྡོ་རྗེ་ཌཱ་ཀི་ཡབ་ཡུམ་རྣམས༔ གཙོ་དང་འཁོར་དུ་བཅས་པ་བརྒྱད༔ ཞེ་སྡང་འཇོམས་ཕྱིར་དུང་དམར་དཀྲུགས༔ སྤྱན་གསུམ་སྡང་མིག་དགྲ་ལ་གཟིགས༔ ཞལ་ནས་དྲག་སྔགས་བགེགས་ལ་འབོད༔ ཤངས་ནས་ནད་ཀྱི་འཚུབས་མ་འཐོར༔ ཚོགས་མཆོད་གཏོར་མ་འདི་བཞེས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ སྔགས་ཀྱི་བསྟན་པ་བསྲུང་དུ་གསོལ༔ འདུ་བྱེད་སྤྲུལ་པའི་འཁོར་ལོ་ན༔ དྲུག་ཅུ་རྩ་བཞིའི་གཞལ་ཡས་ནས༔ པདྨ་ཌཱ་ཀི་ཡབ་ཡུམ་རྣམས༔ གཙོ་འཁོར་དྲུག་ཅུ་རྩ་བཞི་སྟེ༔ འདོད་ཆགས་འཇོམས་ཕྱིར་དུང་དམར་དཀྲུགས༔ སྤྱན་གསུམ་སྡང་མིག་དགྲ་ལ་གཟིགས༔ ཞལ་ནས་དྲག་སྔགས་བགེགས་ལ་འབོད༔ ཤངས་ནས་ནད་ཀྱི་འཚུབས་མ་འཐོར༔ ཚོགས་མཆོད་གཏོར་མ་འདི་བཞེས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ སྔགས་ཀྱི་བསྟན་པ་བསྲུང་དུ་གསོལ༔ གསང་གནས་བདེ་མཆོག་འཁོར་ལོ་ཡི༔ སུམ་ཅུ་རྩ་གཉིས་གཞལ་ཡས་ནས༔ ལས་ཀྱི་ཌཱ་ཀི་ཡབ་ཡུམ་རྣམས༔ གཙོ་འཁོར་སུམ་ཅུ་རྩ་གཉིས་པོ༔ ཕྲག་དོག་འཇོམས་ཕྱིར་དུང་དམར་དཀྲུགས༔ སྤྱན་གསུམ་སྡང་མིག་དགྲ་ལ་གཟིགས༔ ཞལ་ནས་དྲག་སྔགས་བགེགས་ལ་འབོད༔ ཤངས་ནས་ནད་ཀྱི་འཚུབས་མ་འཐོར༔ ཚོགས་མཆོད་གཏོར་མ་འདི་བཞེས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ སྔགས་ཀྱི་བསྟན་པ་བསྲུང་དུ་གསོལ༔ བཀོད་པ་ལུས་ཀྱི་ཞིང་ཁམས་ན༔ བ་སྤུ་བྱེ་བ་ས་ཡ་ནས༔ དཔའ་བོ་མཁའ་འགྲོ་བྱེ་བ་འབུམ༔ དུག་ལྔ་འཇོམས་ཕྱིར་དུང་དམར་དཀྲུགས༔ སྤྱན་གསུམ་སྡང་མིག་དགྲ་ལ་གཟིགས༔ ཞལ་ནས་དྲག་སྔགས་བགེགས་ལ་འབོད༔ ཤངས་ནས་ནད་ཀྱི་འཚུབས་མ་འཐོར༔ ཚོགས་མཆོད་གཏོར་མ་འདི་བཞེས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ སྔགས་ཀྱི་བསྟན་པ་བསྲུང་དུ་གསོལ༔ ཞེས་པ་ནང་ལུས་ཀྱི་འཁོར་ལོའི་ཡེ་ཤེས་ཀྱི་ཌཱ་ཀི་རྣམས་བསྐུལ་བའོ། །ཧཱུྃ༔ ཡུལ་གྱི་མིང་ནི་རྒྱ་གར་ཡུལ༔ གླིང་གི་མཆོག་གྱུར་ཨོ་རྒྱན་གླིང༔ གསང་ཆེན་ལྷུན་གྲུབ་དུར་ཁྲོད་ནི༔ ཤིན་ཏུ་འཇིགས་ཤིང་སྐྱི་གཡའ་བ༔ རུས་པ་རྣག་ཁྲག་མཚོན་ཆའི་ཚལ༔ ཌཱ་ཀི་དྲག་པོར་ཁྲོས་པའི་གནས༔ དེ་ལྟ་བུ་ཡི་གནས་མཆོག་ན༔ རྒྱལ་བའི་ཡུམ་མཆོག་མཚོ་རྒྱལ་མ༔ ཁྲོས་མ་ནག་མོ་བདུད་འདུལ་བཞུགས༔ མ་ཡི་སྐུ་མདོག་མཐིང་ནག་འབར་བ་ལས༔ ཆོས་ཉིད་འགྱུར་བ་མེད་པའི་ཌཱ་ཀི་འབུམ༔ ཐོད་སྐམ་རིགས་ལྔས་དབུ་ལ་བརྒྱན་པ་ལས༔ རིགས་ལྔས་འགྲོ་དོན་མཛད་པའི་ཌཱ་ཀི་འབུམ༔ དབུ་སྐྲ་ལྕང་ལོ་གྱེན་ཐུར་བསྐྱོད་པ་ལས༔ སེམས་ཅན་ཐུགས་རྗེས་འདྲེན་པའི་ཌཱ་ཀི་འབུམ༔ སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས་པ་ལས༔ སྲིད་བཅུད་དབང་དུ་སྡུད་པའི་ཌཱ་ཀི་འབུམ༔ སེང་ཞལ་ང་རོ་འབྲུག་སྟོང་ལྡིར་བ་ལས༔ མུ་སྟེགས་རྦོད་གཏོང་ཟློག་པའི་ཌཱ་ཀི་འབུམ༔ གཡུ་རལ་སེང་ཕྲུག་སྐར་ལྟར་འགྱེད་པ་ལས༔ ཕོ་ཉ་ལས་ལ་མྱུར་བའི་ཌཱ་ཀི་འབུམ༔ ཤངས་ནས་དུག་རླུང་དམར་ནག་འཚུབས་པ་ལས༔ དྲག་པོའི་ཕྲིན་ལས་མཛད་པའི་ཌཱ་ཀི་འབུམ༔ རྣོ་དབལ་ཚེམས་ཀྱི་མཆེ་བ་གཙིགས་པ་ལས༔ དགྲ་བགེགས་ཟས་སུ་ཟ་བའི་ཌཱ་ཀི་འབུམ༔ ཞལ་གདངས་ལྗགས་འདྲིལ་སྐན་སྒྲ་སྒྲོག་པ་ལས༔ ཁྲག་ནད་ཐོག་སེར་འབེབ་པའི་ཌཱ་ཀི་འབུམ༔ རྡོ་རྗེ་གྲི་གུག་གཡས་སུ་གདེངས་པ་ལས༔ དགྲ་སྲོག་སྐྱེ་རྒྱུད་གཅོད་པའི་ཌཱ་ཀི་འབུམ༔ གཡོན་པ་ཐོད་བཅུད་ཞལ་དུ་གསོལ་བ་ལས༔ བདེ་སྟོང་དབྱིངས་སུ་རོལ་པའི་ཌཱ་ཀི་འབུམ༔ ཁ་ཊྭཱཾ་རྩེ་གསུམ་མཆན་དུ་བཅུག་པ་ལས༔ དུག་གསུམ་རྩད་ནས་གཅོད་པའི་ཌཱ་ཀི་འབུམ༔ ཐོད་པ་སྐམ་རློན་རྙིད་པས་བརྒྱན་པ་ལས༔ སྐུ་གསུམ་རང་བཞིན་བཞུགས་པའི་ཌཱ་ཀི་འབུམ༔ གསེར་གྱི་ཌཱ་དྲིལ་རྔེ་ཆུང་འཁྲོལ་བ་ལས༔ སྙན་བརྒྱུད་གདམས་པ་འཆད་པའི་ཌཱ་ཀི་འབུམ༔ དར་སྣ་ལྔ་ཡི་དར་ལྕེ་འཕུར་བ་ལས༔ ཉོན་མོངས་དུག་ལྔ་འཇོམས་པའི་ཌཱ་ཀི་འབུམ༔ ཡུ་བ་བྱང་སེམས་དྲིལ་ཤིང་དྲང་བ་ལས༔ ལྷ་མིན་གཡུལ་ངོ་ཟློག་པའི་ཌཱ་ཀི་འབུམ༔ སྟག་གི་པགས་པའི་ཤམ་ཐབས་གསོལ་བ་ལས༔ ཞེ་སྡང་རྟོག་ཚོགས་སྒྲོལ་བའི་ཌཱ་ཀི་འབུམ༔ ཞིང་གླང་པགས་པས་སྐུ་སྟོད་གཡོགས་པ་ལས༔ འདོད་དང་གཏི་མུག་དག་པའི་ཌཱ་ཀི་འབུམ༔ རྡོ་རྗེ་རྩེ་ལྔས་སྐྲ་མཚམས་བཅིངས་པ་ལས༔ སྐུ་ལྔ་མ་འདྲེས་རྫོགས་པའི་ཌཱ་ཀི་འབུམ༔ རུས་པའི་རྒྱན་དྲུག་དྲྭ་ཕྱེད་འཁྲོལ་བ་ལས༔ ཕ་རོལ་ཕྱིན་དྲུག་རྫོགས་པའི་ཌཱ་ཀི་འབུམ༔ མེ་ལོང་དྲིལ་བུ་གཡེར་ཁའི་སིལ་སིལ་ལས༔ ཆོས་ཉིད་རང་སྒྲ་སྒྲོག་པའི་ཌཱ་ཀི་འབུམ༔ དར་གྱི་ལྷབ་ལྷུབ་ཟི་ལྡིར་ཅོད་པན་ལས༔ སྒྲུབ་མཆོག་རྗེས་སུ་འཛིན་པའི་ཌཱ་ཀི་འབུམ༔ ཐོད་རློན་ལྔ་བཅུས་དོ་ཤལ་བྱས་པ་ལས༔ སེམས་བྱུང་ལྔ་བཅུ་དག་པའི་ཌཱ་ཀི་འབུམ༔ སྐུ་ལ་ཡེ་ཤེས་མེ་ཆེན་འབར་བ་ལས༔ འཁོར་བའི་བག་ཆགས་སྲེག་པའི་ཌཱ་ཀི་འབུམ༔ ཉི་ཟླ་པདྨའི་གདན་ལ་བཞུགས་པ་ལས༔ དྲི་མེད་རང་འོད་གསལ་བའི་ཌཱ་ཀི་འབུམ༔ དུར་ཁྲོད་རྒྱན་གྱིས་ཡོངས་སུ་བརྒྱན་པ་ལས༔ ཆེ་བཙན་འགྲན་ཟླ་མེད་པའི་ཌཱ་ཀི་འབུམ༔ ཞབས་གཉིས་བརྐྱང་བསྐུམ་གཉིས་མེད་རོལ་པ་ལས༔ བདེ་སྟོང་ཟུང་དུ་འཇུག་པའི་ཌཱ་ཀི་འབུམ༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ དོ་ནུབ་རྣལ་འབྱོར་ལྡང་བའི་དགྲ་བགེགས་སྒྲོལ༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་མཛོད༔ ཅེས་པ་སྐུའི་རྒྱན་དང་རྣམ་འགྱུར་གྱི་ཌཱ་ཀི་བྱེ་བ་འབུམ་ཕྲག་བསྐུལ་བའོ། །ཧཱུྃ༔ གནས་མཆོག་ཉེར་བཞི་སོ་གཉིས་ཡུལ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་དང༔ ལངྐ་གདོང་དམར་རྒྱ་ནག་ན༔ བཞུགས་པའི་དཔའ་བོ་ཌཱ་ཀི་ནི༔ ཡེ་ཤེས་ལས་དང་འཇིག་རྟེན་པ༔ ཞིང་སྐྱེས་སྔགས་སྐྱེས་ལས་ལས་སྐྱེས༔ དཔའ་བོ་མཁའ་འགྲོ་ཤུགས་འགྲོའི་ཚོགས༔ འདི་འདྲ་གཅིག་ཏུ་མ་ངེས་ཏེ༔ ལ་ལ་ཡེ་ཤེས་ཌཱ་ཀིའི་ཚུལ༔ མཛེས་པའི་ཞལ་ལ་འཛུམ་པའི་མདངས༔ དཀར་སེར་དམར་ལྗང་མཐིང་འོད་ཅན༔ ཆུ་སྐྱེས་རྒྱས་འདྲའི་ཞལ་གྱི་སྒོ༔ རང་གི་དཔའ་བོའི་ཞལ་ལ་སྡུད༔ རྐེད་པ་མཉེན་ལྕུག་འཁྲིལ་ལྡེམ་ཅན༔ རང་གི་དཔའ་བོའི་ཕྱག་གིས་འཁྱུད༔ སེར་མོ་གསེར་གདུབ་ཕྲ་ཚོམ་ཅན༔ བརྡ་དང་བརྡ་ཡི་ལན་ལ་མཁས༔ རྐང་པ་རྡོ་རྗེ་སྒེག་འགྲོས་ཅན༔ མཁའ་ལ་ཐོགས་མེད་བུན་ནེ་བུན༔ བདུད་རྩི་མཆོད་གཏོར་འདི་བཞེས་ལ༔ རྣལ་འབྱོར་ཅན་ལ་བདེ་སྟོང་གི༔ རྟོགས་པའི་ཡེ་ཤེས་བསྐྱེད་དུ་གསོལ༔ མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ༔ ལ་ལ་བུད་མེད་རྒན་མོའི་གཟུགས༔ ཤིན་ཏུ་མི་སྡུག་བཤུག་སྒྲ་འདེབས༔ ལག་པ་བེར་ཀ་ས་ལ་བཙུགས༔ རྐང་པ་ས་ལ་འཁྱོར་ཞིང་འགྲོ༔ ལུས་ལ་མི་སྡུག་དྲི་འཕྲོ་ཞིང༔ ཤིན་ཏུ་རྩུབ་པའི་རེག་བྱ་ཅན༔ ཞལ་ནས་འོ་དོད་འབྲུག་ལྟར་སྒྲོག༔ རཀྟའི་མཆོད་གཏོར་འདི་བཞེས་ལ༔ འགལ་རྐྱེན་བར་ཆད་ཐམས་ཅད་ཟློག༔ དགྲ་བགེགས་ཐམས་ཅད་ཞི་བར་མཛོད༔ ལ་ལ་བུད་མེད་ཐ་མལ་གཟུགས༔ འཇིག་རྟེན་སྤྱད་པ་སྤྱོད་པར་བྱེད༔ ཁྱོད་ནི་མི་སྤྱོད་གང་ཡང་མེད༔ ལ་ལ་དཀའ་ཐུབ་བྲམ་ཟེ་མོ༔ ལ་ལ་མྱོས་བྱེད་ཆང་འཚོང་མ༔ ལ་ལ་དག་བྱེད་ཁྲུས་མཁན་མ༔ ལ་ལ་སྒྱུར་བྱེད་ཚོས་མཁན་མ༔ ལ་ལ་སྦྱོར་བྱེད་སྨད་འཚོང་མ༔ ལ་ལ་གསོད་བྱེད་བཤན་པ་མོ༔ དེ་ལ་སོགས་ཏེ་དུ་མ་རུ༔ སེམས་ཅན་མོས་པ་སྣ་ཚོགས་ལ༔ སྤྱོད་པ་སྣ་ཚོགས་སྐུར་བསྟན་ཏེ༔ རི་རབ་ལྷོ་ཕྱོགས་འཛམ་བུའི་གླིང༔ ཡུལ་གྲུ་ཉི་ཤུ་རྩ་བཞི་དང༔ གནས་མཆོག་སུམ་ཅུ་རྩ་གཉིས་དང༔ གཞན་ཡང་རང་བཞིན་གནས་རྣམས་སུ༔ སེམས་ཅན་དོན་ལ་བཞུགས་པ་རྣམས༔ ཚོགས་མཆོད་གཏོར་མ་འདི་བཞེས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མི་མཐུན་གནོད་པའི་ཕྱོགས་ལས་སྲུངས༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ སྔགས་ཀྱི་བསྟན་པ་བསྲུང་དུ་གསོལ༔ ཞེས་པས་ཕྱི་རོལ་གནས་ཡུལ་གྱི་ཌཱ་ཀི་རྣམས་བསྐུལ་ལོ། །བར་འདིར་རྣལ་འབྱོར་པ་རྣམས་ལ་ལས་ཀྱི་རྡོ་རྗེ་ལྟ་བུས་ཐབས་ཤེས་ཀྱི་རྫས་རྣམས་ལག་པ་པདྨའི་གར་གྱིས་སྟོབ་པ་དང་། ལེན་པ་པོས་ཀྱང་རྡོ་རྗེའི་གར་གྱིས་བླངས་ཏེ་བདེ་སྟོང་གཉིས་མེད་ཟུང་དུ་འཇུག་པ་སྦྱོར་བའི་ཚུལ་གྱིས་འདོད་ཡོན་ལ་ཚིམས་པ་དྲུག་ལྡན་དུ་ལོངས་སྤྱད་པར་བྱའོ། །སྤྲོ་ན་རྡོ་རྗེའི་གླུ་དབྱངས་བྱ་སྟེ། འགྲོ་བ་ཀུན་ནི་མཆོག་ཏུ་དགའ་བའི་རང་བཞིན་ཏེ༔ རྣལ་འབྱོར་མ་ནི་འཁོར་ལོའི་རང་བཞིན་དུ་གནས་ཀྱི༔ ས་གསུམ་མ་ལུས་འགྲོ་བ་སངས་རྒྱས་ཀྱི་རང་བཞིན༔ སྙིང་རྗེས་གཞོན་ནུ་མ་དང་ལྷན་ཅིག་རོལ་པར་བྱའོ༔ གང་གིས་དོན་དམ་པ་ནི་མ་བསྒོམས་པར༔ དེ་ཡིས་སངས་རྒྱས་ཉིད་ནི་ཐོབ་པ་མ་ཡིན་ནོ༔ ནང་དང་ཕྱི་ནི་དབྱེ་བ་མེད་པར་ཤེས་པར་གྱིས༔ འཇིག་རྟེན་ཐམས་ཅད་བསྒྲལ་བར་ནུས་པ་འོ༔ ཞེས་པའི་ཤོ་ལོ་ཀ་གཉིས་སོ་སོའི་མཐར། ཨ་རེ་གཏི་མུག་ཤུགས་ཀྱིས་མི་ཤེས་སོ༔ ལྷན་སྐྱེས་མཛེས་མས་བླངས་ནས་བདེ་བ་ཆེ་ལ་མནོས༔ ཞེས་དྲུག་འགྱུར་དུ་བླང་ངོ་། །དེ་ནས་ཕུད་ལྷག་དང་གོང་གི་གཏོར་སྣོད་རྣམས་རཀྟས་བཤལ་བའི་དམར་ཆོལ། རྣལ་འབྱོར་པ་རྣམས་ཀྱིས་ཚོགས་ལ་རོལ་པའི་ལྷག་མའི་སྣེ་བསྡུས་པ་དང་། དམར་གཏོར་ཤ་ཁྲག་གིས་བརྒྱན་པ་རྣམས་ལ་རྡོ་རྗེ་སློབ་དཔོན་གྱི་ཞལ་ཕྲུའམ་བདུད་རྩི་སྨན་གྱིས་བྲན་ལ། ཨ་ཀཱ་རོས་བྱིན་གྱིས་བརླབ། བཤུག་གླུ་རོལ་མོའི་སྒྲ་གདུང་བའི་དབྱངས་དང་བཅས་པས། ཧཱུྃ༔ རྡོ་རྗེ་ཕག་མོའི་བཀའ་འཁོར་ནས༔ ཕུད་ལྷག་བཤལ་ཆུ་ལ་དབང་བའི༔ དཔའ་བོ་མཁའ་འགྲོ་བྱེ་བ་འབུམ༔ ཀུན་ཀྱང་མི་བཟད་འདི་འདྲ་སྟེ༔ ཀེཾ་རུས་འཇིགས་པའི་བུད་མེད་ནི༔ ཞལ་གཅིག་ཕྱག་བཞི་བོང་བུ་འཆིབ༔ གཡས་གཉིས་རལ་གྲི་བྷཉྫ་ར། །གཡོན་གཉིས་ཤཀྟི་རྩེ་གསུམ་བསྣམས།་་་ཚིག་གསུམ་པོ་འདི་གཏེར་ལ་ཁ་བསྐངས་པ་སྟེ་འདི་སྐབས་ལྷག་ལེན་གྱི་གཙོ་མོ་འདི་དཔལ་ལྡན་ལྷ་མོ་དུད་སོལ་ཅན་ཡིན་པར་གསར་རྙིང་དགོངས་པ་མཐུན་ནོ། །ཉི་ཟླ་ལྟ་བུའི་མིག་དང་ལྡན༔ ཡན་ལག་རུས་པའི་འཁོར་ལོ་ཅན༔ ཆུ་སྲིན་གདུག་པའི་གཡང་གཞི་ལ༔ དུག་སྦྲུལ་ནག་པོའི་རྐེད་ཆིངས་བཅིངས༔ ལ་ལ་མི་ལུས་ཅེ་སྤྱང་གདོང༔ ཁྲོས་པས་རྒྱ་མཚོ་ཧུབ་ཀྱིས་འདེབས༔ ལ་ལ་འཇིགས་པ་དུར་བྱའི་གདོང༔ ལ་ལ་བུ་ཆུང་བྱ་རོག་གདོང༔ འདོད་རྒུར་སྒྱུར་བའི་གཟུགས་ཅན་མ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་རྣམས༔ ཕུད་ལྷག་ཚོགས་མཆོད་འདི་བཞེས་ལ༔ བདག་ཅག་རྣལ་འབྱོར་དཔོན་སློབ་ཀྱི༔ མི་མཐུན་གནོད་པའི་ཕྱོགས་ལས་སྲུངས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དྲག་པོའི་ཕྲིན་ལས་བསྒྲུབ་པ་དང༔ སྔགས་ཀྱི་བསྟན་པ་བསྲུང་དུ་གསོལ༔ ས་མ་ཡ་ཌཱ་ཀི་ནཱི༔ ལོ་ཀ་ཌཱ་ཀི་ནཱི༔ བི་ཤྭ་ཌཱ་ཀི་ནཱི༔ ཤྲཱི་ཡེ་དེ་བཱི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཧྲིཾ་ཧྲིཾ་ཛཿཛཿཨུཙྪིཥྚ་བྷ་ལིཾ་ཏ་རཀྟ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་བརྗོད་ལྷག་མ་རྒྱང་རིང་དུ་དོར། གཞོན་ནུ་མ་ཡི་དཀྱིལ་འཁོར་དུ༔ ཚོགས་ཀྱི་མཆོད་པ་བསྔོས་པའི་མཐུས༔ བདག་དང་འགྲོ་བ་མ་ལུས་པ༔ རྣལ་འབྱོར་མ་ཡིས་རྗེས་འཛིན་ཤོག༔ ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༔ དེས་གསུངས་ཚིག་ཀྱང་མཆོག་ཏུ་ཚད་མ་སྟེ༔ བདེན་པ་དེ་ཡིས་ལྷ་མོ་མཆོག་དེ་རྣམས༔ བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག༔ ཅེས་པས་དགེ་བ་བསྔོའོ། ༈ །རྩ་བའི་གསུམ་པ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བའི་རིམ་པ་ནི། དཀྱིལ་འཁོར་གྱི་མདུན་དུ་དབང་བུམ་དམར་པོ་མགུལ་ཆིངས་དང་ལྷ་མཚན་འབྲས་བུ་ཆགས་པའི་ཤིང་དམར་པོས་ཁ་བརྒྱན་པ་ནང་དུ་བདུད་རྩིའི་ཆུས་བཀང་པ་གཟུངས་རྡོར་མེ་ཏོག་དམར་པོའི་ཕྲེང་བ་ཅན་བཏགས་པ་བཞག །གོང་གི་སྒྲུབ་མཆོད་ཀྱི་སྐབས་བུམ་ནང་དུ་ཡང་ལྷ་ཚོགས་བསྐྱེད་བསྟིམ་མཆོད་བསྟོད་སོགས་པ་ལྷན་ཅིག་ཏུ་བྱ་ཞིང་། བཟླས་པའི་མཇུག་ཏུ་བུམ་པ་ལ་དམིགས་ཏེ་རྩ་སྔགས་ལ། ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ་གི་ཤམ་བུ་བཏགས་པ་ཅི་འགྲུབ་བཟླ་ཞིང་། དམིགས་པ། རང་གི་ཐུགས་ཀ་ནས་རྩ་སྔགས་ཀྱི་ཕྲེང་བ་ཤམ་བུ་ཅན་གཟུངས་ཐག་ལ་བརྒྱུད་དེ་སོང་བ་བུམ་ལྷའི་གཙོ་བོ་དང་། མཁའ་འགྲོ་སྡེ་ལྔའི་རྒྱུད་བསྐུལ་ཐུགས་སྲོག་སྔགས་ཕྲེང་སྐུའི་ཆ་ཐམས་ཅད་ལས་བདུད་རྩིའི་རྒྱུན་བབས་ཏེ་བུམ་པ་གང་བར་མོས། མཐར་དུང་ཆོས་བདུད་རྩི་ལྔའི་ཆུ་དང་མེ་ཏོག་དམར་པོ་བདུན་ལ། ཨོཾ་ཨཱཿཧཱུྃ༔ བཟླས་པས་མཆོད་ཡོན་ཕུལ་ནས་བུམ་ལྷ་བདུད་རྩིའི་ཆུ་དང་དབྱེར་མེད་དུ་ཞུ་བར་བལྟའོ། །རང་ངམ་སློབ་མ་ཡིག་བརྒྱ་བཟླས་པའི་དྲི་བཟང་གི་ཆུས་ཁྲུས་བྱ། ཨཱ་ཁཾ་བཱི་ར་ཧཱུྃ་གིས་གདོང་གཡོགས་བཅིང་། ཨོཾ་ཨཱཿཧཱུྃ་གིས་མེ་ཏོག་ཕྲེང་བ་གཟུང་། གསོལ་བ་གདབ་པ་ནི། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་མཆོག་གི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ལན་གསུམ། བུ་ཁྱོད་སུ་ཡིན་ཅི་ལ་དགའ། །སྐལ་བཟང་བདག་ནི་བདེ་ཆེན་མཆོག་ལའོ། །དེ་ཡིས་ཁྱོད་ལ་ཅི་ཞིག་བྱ། །སངས་རྒྱས་མཆོག་གི་རྣལ་འབྱོར་རོ། །ཞེས་པས་དྲི་ལན་བྱ། ཛཿཧཱུྃ་བཾ་ཧོ༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ རྣལ་འབྱོར་མ་ཡི་གྲོང་དུ་ཞུགས་ཏེ་དཔའ་བོ་དང་རྣལ་འབྱོར་མ་ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟ་བུ་མཐོང་བར་གྱུར་པར་མོས་ལ་ཐལ་མོ་སྙིང་མགྲིན་སྤྱི་བོ་རྣམས་སུ་རེག་སྟེ། ཨོཾ་ན་མ་སྟེ་ཧཱུྃ༔ ཨོཾ་ན་མོ་མི་ཧཱུྃ། ཨོཾ་ན་མོ་ན་མ་ཡེ་ཧཱུྃ་གིས་ཕྱག་བྱ། ཁྱོད་ཉིད་རྣལ་འབྱོར་གྲོང་ཞུགས་ནས༔ རྣལ་འབྱོར་མ་ཡི་ཡེ་ཤེས་ནི༔ གང་ཡིན་ཁྱོད་ལ་སྦྱིན་བྱེད་ན༔ དེ་བདག་རྡོ་རྗེ་སློབ་དཔོན་གྱི༔ དམ་ཚིག་གང་ཡིན་ཁྱོད་ཀྱིས་སྲུངས༔ བཛྲ་ས་མ་ཡ་ཧཱུྃ་གིས་དམ་ཚིག་རྡོ་རྗེ་སྙིང་གར་རེག །ཨ་མྲྀཏ་ཨུ་ད་ཀ་ཋ༔ དམ་ཆུ་ལྕེ་ཐོག་མྱང་། རང་ཉིད་སྐད་ཅིག་གིས་རྣལ་འབྱོར་མ་སྟོང་ར་རྩ་གསུམ་འཁོར་ལོ་ལྔ་འོད་ཀྱི་རང་བཞིན་ཅན་དུ་གསལ་བའི་ལྟེ་བར་གཡུང་དྲུང་དམར་པོ་གྲྭ་བཞི་ལ་ཧ་རི་ནི་ས་ལྟེ་བར་བཾ་ཡིག་གིས་མཚན་པ། རྐང་པའི་འོག་ཏུ་ཡཾ་ལས་རླུང་། སུམ་མདོར་རཾ་ལས་མེ། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་རླུང་གཡོས་མེ་སྦར། ལྟེ་བའི་གཡུང་དྲུང་གཡོན་དུ་འཁོར་བ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་རྡོ་ཚན་ལ་ཁ་བ་བབས་པ་ལྟར་སིབ་སིབ་ཐིམ་པས་བདེ་བ་ཆེན་པོའི་ངང་དུ་གྱུར། མན་ངག་ལས་བྱུང་བ་བཞིན་དུ་ཡེ་ཤེས་འབེབ་སྦྱོར་གྱི་རྫས་བསྲེག་ཅིང་རོལ་མོ་མྱུར་དལ་སྤེལ་མའི་སྦྱོར་བས། བཾ་ཧ་རི་ནི་ས་ཨཱ་བེ་ཤ་ཡ་ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ས་མ་ཡ་ཧཱུྃ། ཞེས་པས་ཡེ་ཤེས་པ་དབབ་ཅིང་རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་བཞག་ལ། ཏིཥྛ་བཛྲ་བརྗོད་པས་དེ་ཉིད་བརྟན་པར་བྱའོ། །རྣལ་འབྱོར་མ་ཡི་དཀྱིལ་འཁོར་དུ༔ རིགས་ཀྱི་མེ་ཏོག་འདི་དོར་བས༔ བསོད་ནམས་ཇི་ལྟར་དེ་བཞིན་ཤོག༔ ཨོཾ་པུཥྤེ་པྲ་ཏཱིཙྪ་ཧཱུྃ༔ མེ་ཏོག་དོར་ལ་གང་དུ་བབས་པའི་ལྷ་དེའི་རིགས་སུ་ངེས་པར་བྱས་ནས་མེ་ཏོག་མགོ་བོར་བཅིངས་ནས། སེམས་མ་སྟོབས་ཆེན་ཁྱོད་ཀྱིས་ནི༔ བདག་ནི་རབ་ཏུ་གཟུང་བར་མཛོད༔ གསེར་ཐུར་གྱིས་མིག་དབྱེ་ཚུལ་དང་བཅས་ཏེ། ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ གདོང་གཡོགས་བཀྲོལ། རྣལ་འབྱོར་མ་ཡི་ཕྱི་དང་ནང་དང་སྙིང་པོའི་དཀྱིལ་འཁོར་རྣམས་མཐོང་བར་གྱུར། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་དབང་སྟེགས་ལ་འཁོད་པར་གྱུར་པར་མོས་ལ། དཔའ་བོ་དཔའ་མོ་དབང་ལྷ་མོ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ རྣལ་འབྱོར་མ་ཡི་དཀྱིལ་འཁོར་དུ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ རྡོ་རྗེ་མི་ཕྱེད་གསུམ་གྱི་དབང༔ དེ་རིང་བདག་ལ་བསྩལ་དུ་གསོལ༔ ལན་གསུམ། བྲིས་པའི་དཀྱིལ་འཁོར་པའི་ལྷ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུལ་ཉི་ཤུ་རྩ་བཞི་དང་གནས་སུམ་ཅུ་རྩ་གཉིས་ཀྱི་དཔའ་བོ་དང་། དཔའ་མོ་རྣམས་ཀྱིས་བཀྲ་ཤིས་ཀྱི་གླུ་གར་དང་མཆོད་པས་མཆོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་ཅིང་རྣལ་འབྱོར་གྱི་དབང་མོས་རིགས་ལྔའི་རང་བཞིན་གྱི་བུམ་པ་དམར་པོ་བདུད་རྩིས་གང་བས་སྤྱི་བོ་ནས་དབང་བསྐུར་བར་གྱུར། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆུ༔ ཁམས་གསུམ་པས་ནི་ཕྱག་བྱས་པ༔ སངས་རྒྱས་ཀུན་གྱི་གསང་གསུམ་གྱི༔ གནས་ལས་བྱུང་བ་སྦྱིན་པར་བྱ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུ་ད་ཀ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ བུམ་པ་སྤྱི་བོར་བཞག་ཅིང་རྡོ་རྗེ་དང་བཅས་པའི་ཁ་རྒྱན་གྱི་ཡལ་འདབ་ཀྱིས་བུམ་ཆུ་སྤྱི་བོར་བླུག །དེ་ལྟར་དབང་བསྐུར་པས་བདུད་རྩིས་འཁོར་ལོ་ལྔ་པོ་རྣམས་རིམ་པར་གང་། བདེ་བ་ཆེན་པོ་མྱོང་། ཆུ་ལྷག་མ་གྱེན་དུ་འཁྱིལ་བར་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། བྲིས་པའི་མཚན་མ་སྤྲུལ་པའི་སྐུའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་སྨིན་པར་བྱས། བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་། སྐུ་རྡོ་རྗེ་མངོན་པར་བྱང་ཆུབ་པ་ལྔ་ལྡན་སྤྲུལ་སྐུ་འགྲུབ་པའི་སྐལ་པ་ཅན་དུ་གྱུར། ཅེས་རྟོགས་པ་བསྐྱེད། དཀྱིལ་འཁོར་གྱི་གཙོ་མོ་དང་རྡོ་རྗེ་སློབ་དཔོན་སྙོམས་པར་ཞུགས་པའི་བདེ་བ་ཆེན་པོའི་སྒྲས་ཕྱོགས་བཅུའི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་རྗེས་སུ་ཆགས་པའི་མེས་བདེ་བའི་ངོ་བོར་འོད་དུ་ཞུ་བས། རྡོ་རྗེ་སློབ་དཔོན་ཧེ་རུ་ཀ་ཡབ་ཡུམ་གྱི་གསང་བའི་གནས་ནས་སྐུའི་གནས་ཡུལ་ནས་བྱུང་བའི་བྱང་སེམས་དང་ལྷན་ཅིག་ཐོད་པའི་ནང་དུ་བསྐྱིལ་བ། ངོ་བོ་བདེ་བ་ཆེན་པོ་ཐབས་ཤེས་ཤུ་ཀྲ་དང་སི་ལ། རྣམ་པ་ཨཱ་ལི་ཀཱ་ལི་ཡི་གེའི་ཕྲེང་བ་རང་གི་ལྕེ་ཨ་ཡིག་ལས་བྱུང་བའི་ཟླ་བའི་སྟེང་དུ་གནས་པ་བྱང་སེམས་སུ་ཞུ་བ་སྟོང་ར་རྩ་གསུམ་འཁོར་ལོ་ལྔ་ཁྱབ་མཉམ་དུ་གང་བས་རྩ་ཐིག་རླུང་གསུམ་ལས་རུང་དུ་སྨིན་ཏེ་གསང་བའི་དབང་ཐོབ་པར་གྱུར། འདས་པའི་རྡོ་རྗེ་ཅན་སོགས་པས༔ ཇི་ལྟར་སངས་རྒྱས་སྲས་དབང་བསྐུར༔ དེ་བཞིན་བྱང་ཆུབ་སེམས་བཟང་པོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ རྩ་སྔགས་བཟླས་པས་དཀྱིལ་འཁོར་གྱི་ཐོད་པའི་བདུད་རྩི་མྱང་ཞིང་། ཨ་ཧོ་མ་ཧཱ་སུ་ཁ༔ ཞེས་བརྗོད། ཀུན་རྫོབ་བྱང་ཆུབ་སེམས་ཐོད་པ་བདུད་རྩི་ལོངས་སྐུའི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་སྨིན་པར་བྱས། རྫོགས་རིམ་རྩ་ཐིག་རླུང་གསུམ་གསང་སྔགས་ཟབ་མོ་བསྙེན་པ་ལ་དབང་། གསུང་རྡོ་རྗེ་བདེན་དོན་བཅུ་གཉིས་ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་གྱུར། ཅེས་རྟོགས་པ་བསྐྱེད། མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་ལས་འོད་ཟེར་འཕྲོས་ལྟེ་བའི་ཨ་ཤད་ལ་ཕོག །ཙཎྜ་ལཱི་ཉི་མའི་དཀྱིལ་འཁོར་གྱེན་དུ་འབར་བའི་རྩེ་མོའི་ཐབས་བདེ་བ་ཆེན་པོའི་ཧཾ་ཡིག་ལ་ཕོག །བདུད་རྩི་བ་མོ་ལྟ་བུར་འཛག་པས་རིམ་པ་བཞིན་སྤྱི་མགྲིན་སྙིང་ལྟེ་རྣམས་སུ་དགའ་བ་མཆོག་དགའ་དགའ་བྲལ་ཟག་མེད་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ་ལུགས་འབྱུང་གི་བདེ་བ་ཆེན་པོ་ཉམས་སུ་མྱོང་བར་བྱས། སླར་ཡང་ལུས་ཀྱི་གནད་དང་རླུང་བཅིངས་པས། བྱང་ཆུབ་སེམས་མས་ཡར་སྤྱན་དྲངས་པས་ལུགས་ལས་ལྡོག་པའི་དགའ་བ་རྣམས་ཉམས་སུ་མྱོང་སྟེ་ཐིག་རླུང་སེམས་གསུམ་གཙུག་ཏོར་དུ་བརྟན་པར་བྱས་པས་འཛག་པ་དང་བྲལ་བའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་གྱུར་པར་མོས་ལ། མེ་ལོང་གི་དཀྱིལ་འཁོར་ནས་སིནྡྷུ་ར་ལྟེ་བར་བྱུག་ཅིང་རྩ་སྔགས་བཟླ། དེ་ལྟར་སིནྡྷུ་ར་རྡོ་རྗེ་ཡེ་ཤེས་ཆོས་སྐུའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སེམས་སྨིན་པར་བྱས། ཕོ་ཉ་ཞུ་བདེ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་གསེང་ལམ་བསྒོམ་པ་ལ་དབང་། ཐུགས་རྡོ་རྗེ་དགའ་བ་བཅུ་དྲུག་རྣམ་པར་དག་པ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་གྱུར། ཅེས་རྟོགས་པ་བསྐྱེད། དབང་དུས་སུ་སྐྱེས་པའི་ཞུ་བདེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དོན་དམ་པའི་བདེ་བ་ཆེན་པོ། ཇི་ལྟར་ཉི་མ་དང་མར་མེ་ནོར་བུའི་འོད་ལྟར་དག་ཅིང་གསལ་བའི་ཡེ་ཤེས་དྲི་མ་མེད་པའི་སྙིང་པོ་ཀུན་ཏུ་རྟོག་པའི་རླུང་གིས་མི་བསྐྱོད་པ་དེ་ནི། རྣལ་འབྱོར་མའི་ཡེ་ཤེས་ཀྱི་ངོ་བོ་འཁོར་འདས་ཀྱི་ཆོས་ཐམས་ཅད་འབྱུང་བའི་གནས་ཏེ་དེ་ཡང་རང་གི་སེམས་ཉིད་ལས་གུད་ན་གཞན་དུ་མེད་དེ། དེ་ལྟར་རྟོགས་ཤིང་ཤེས་པར་བྱོས་ཤིག །དེ་ལྟར་དོན་དམ་བྱང་ཆུབ་ཀྱི་སེམས་མཚན་མ་མེད་པ་ཤིན་ཏུ་སྤྲོས་མེད་ཆོས་ཐམས་ཅད་འབྱུང་བའི་དཀྱིལ་འཁོར་དུ་ནམ་མཁའི་རྡོ་རྗེ་དེ་བཞིན་ཉིད་ཀྱི་དབང་ཐོབ། སྒོ་གསུམ་སྨིན་པར་བྱས། ཕྱག་རྒྱ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་ལ་དབང་། སོ་སོ་རང་རིག་ཡེ་ཤེས་ཀྱི་སྤྱོད་ཡུལ་དུས་གསུམ་རྒྱལ་བའི་ཡུམ་ཆེན་མོ་རྣམ་པར་ཐར་པ་སྒོ་གསུམ་གྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་གྱུར། ཅེས་རྟོགས་པ་བསྐྱེད། མཐའ་རྟེན་ནི་རྩ་སྔགས་ལན་གསུམ་བཟླས་པས་རུས་པའི་ཕྱག་རྒྱ་ལྔ་དང་ཅང་ཏེའུ་ཐོད་པ་ཁ་ཊྭཱཾ་ག་རྣམས་གཏད། དངོས་གྲུབ་ཀྱི་བམ་རོ་ཤ་ལྔ་བདུད་རྩི་ལྔ་སོགས་བཟའ་བཏུང་གི་དམ་ཚིག་རྣམས་སྦྱིན་ལ། དེང་ནས་བརྩམ་སྟེ་བུ་ཁྱོད་ཀྱིས༔ ཐ་མལ་ཞེན་པ་ལེགས་ལྡོག་སྟེ༔ རྣལ་འབྱོར་མ་ཡི་འཁོར་ལོས་བསྒྱུར༔ ཕྱག་རྒྱ་ལྔ་ཡི་རྒྱན་དང་བཅས༔ ཐབས་ཀྱི་གཟུགས་ཀྱི་ཅང་ཏེའུ༔ ཤེས་རབ་དེ་ནི་རང་བྱུང་སྒྲ༔ རྡོ་རྗེ་ཁ་ཊྭཱཾ་རྡོ་རྗེ་བཅས༔ གནས་མཆོག་ཉི་ཤུ་རྩ་བཞི་དང༔ ཡུལ་ཆེན་སུམ་ཅུ་རྩ་གཉིས་སུ༔ མཁའ་འགྲོ་རྣམས་དང་སྐལ་མཉམ་པར༔ པད་སྣོད་བདུད་རྩིའི་བཟའ་བཏུང་དང༔ སྐྱེ་བདུན་བམ་ཆེན་གསང་བའི་རྫས༔ འཁོར་ལོའི་འདུ་བར་རྣམ་སྤྱོད་པས༔ ཕྱི་དང་ནང་དང་གསང་བ་ཡི༔ འཛིན་རྟོག་ཐམས་ཅད་རབ་སྤོངས་ལ༔ ནང་གི་དེ་ཉིད་དང་ལྡན་པས༔ བརྟུལ་ཞུགས་སྤྱོད་པས་རྒྱུ་བར་གྱིས༔ གསད་དང་གསོད་དང་རེངས་པ་དང༔ དབང་བསྒྱུར་ནུས་པའི་རྫུ་འཕྲུལ་གྱིས༔ རང་གི་རྟོགས་པ་སླར་སྤོར་ཞིང༔ སྐལ་ལྡན་རྗེས་སུ་འཛིན་པ་དང༔ འབྱུང་པོ་གདུག་པ་ཅན་རྣམས་སྒྲོལ༔ གཞན་ཡང་ཕྱོགས་ལས་རྣམ་རྒྱལ་བའི༔ དཔའ་མོ་བརྟུལ་ཞུགས་འདི་ལ་ནི༔ མི་བྱ་ཅུང་ཟད་ཡོད་མིན་གྱིས༔ མི་འཇིགས་པ་ཡི་སྤྱོད་པ་སྤྱད༔ ཅེས་དང་། རྣལ་འབྱོར་མ་ཡི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར༔ ཕྱི་དང་ནང་གསང་དེ་ཉིད་ཀྱི་ནི་དམ་ཚིག་རྣམས༔ ཁྱོད་ཀྱིས་དེང་ནས་འཚོ་བའི་སྲོག་བཞིན་རྣམ་གཟུང་ལ༔ རྣལ་འབྱོར་མ་ཡི་གོ་འཕང་མཆོག་ལ་བློ་ཆེན་གཞན་ཡང་སྦྱོར་བར་གྱིས༔ ཞེས་བསྒོ་བར་མོས། གཙོ་བོས་ཇི་ལྟར་བཀའ་བསྩལ་པ༔ དེ་བཞིན་དུ་ནི་བདག་གིས་བགྱི༔ ཞེས་པས་ཁས་བླང་། གཏང་རག་གི་མཎྜལ་ཀྱང་འབུལ་ལོ། །ཆོ་གའི་རྗེས་བསྡུ་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ལ་སྔགས་ཙམ་གྱིས་མཆོད། ཧཱུྃ༔ སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་ཅིར་ཡང་སྟོན་མཛད་པའི༔ འགྲོ་བ་ཀུན་སྐྱོབ་ཡེ་ཤེས་མཁའ་འགྲོ་མ༔ དུག་ལྔ་འཇོམས་མཛད་ཕག་མོ་ཁྱོད་ལ་བསྟོད༔ འདོད་པའི་དོན་གསོལ་ཞིང་སྨོན་ལམ་གདབ་པ་ནི། ཕྱི་ལྟར་མཚོན་བྱེད་གཟུགས་སྐུའི་རྣལ་འབྱོར་མ། །ནང་དུ་བདེ་ཆེན་འབར་བྱེད་ཙཎྜ་ལཱི། །གསང་བ་བདེ་སྟོང་ལྷན་ཅིག་སྐྱེས་མའི་ངང་། །གཞན་དུ་མཁའ་སྤྱོད་རྡོ་རྗེ་བཙུན་མོ་དགོངས། །བདག་ནི་དེང་ནས་ཚེ་རབས་ཐམས་ཅད་དུ། །དྲུག་ལྡན་རྡོ་རྗེའི་ལུས་ཐོབ་མཚན་ལྡན་གྱི། །མཆོག་གི་རྡོ་རྗེ་སློབ་དཔོན་དང་མཇལ་ཏེ། །དབང་བཞིས་རྒྱུད་སྨིན་དམ་ཚིག་ལ་གནས་ཤོག །མི་རྟག་ངེས་འབྱུང་ནང་ནས་འཆར་བ་ཡིས། །ཆོས་བརྒྱད་ཚེ་འདིའི་སྙེམས་ཐག་ཆོད་པ་དང། །སྲིད་ལ་ཞེན་ལོག་འགྲོ་ལ་སྙིང་རྗེར་ལྡན། །དུར་ཁྲོད་རི་ཆེན་གཉན་ཁྲོད་འགྲིམ་པར་ཤོག །བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །རྒྱལ་ཀུན་འདུས་གཟུགས་ཡིན་ལ་ཡིན་ཤེས་ཀྱིས། །ལམ་ཟབ་མོས་གུས་སྙིང་ནས་གསོལ་འདེབས་ཤོག །ཕུང་ཁམས་སྣང་སྲིད་དཀྱིལ་འཁོར་འཁོར་ལོར་རྟོགས། །ཐིག་རླུང་སེམས་གསུམ་ཡེ་ཤེས་ཆེན་པོར་གྲོལ། །འདོད་ཁམས་བདེ་བ་ཟག་མེད་ངང་དུ་རྫོགས། །བྱིན་རླབས་འཕོ་བས་བདག་རྒྱུད་སྨིན་པར་ཤོག །ཚེ་འདིར་བླ་མ་ལྷ་ཡི་བྱིན་རླབས་དང་། །ཡང་ཟབ་གདམས་པར་རྩེ་གཅིག་གནད་བསྣུན་མཐུས། །འཆི་ཁ་འོད་གསལ་ཆོས་སྐུའི་རྗེས་ཐོབ་དེར། །མཁའ་སྤྱོད་རྣལ་འབྱོར་མ་དང་མཇལ་བར་ཤོག །གལ་ཏེ་བརྩོན་འགྲུས་གོམས་ཤུགས་ཆུང་བ་ཡིས། །འཆི་ཁའི་བར་དོ་ཟིན་པར་མ་གྱུར་ན། །སྲིད་པ་བར་དོར་གདམས་ངག་དྲན་པ་དང་། །མཁའ་སྤྱོད་རྡོ་རྗེ་བཙུན་མོས་འདྲེན་པར་ཤོག །དུས་དེར་ལྷག་པའི་ལྷ་ཁྱོད་ཐུགས་མ་གཡེལ། །བྱམས་པའི་ཞལ་བཟང་བདག་ལ་མངོན་སུམ་སྟོན། །བརྩེ་བའི་ཕྱག་གིས་བདག་གི་ལག་ནས་དྲོངས། །འོག་མིན་རྔ་ཡབ་དཔལ་རིར་བདེ་བར་སྐྱོལ། །སྐྱབས་གསུམ་ཀུན་འདུས་རིག་འཛིན་ནུས་ལྡན་རྗེ། །ཡེ་ཤེས་རྡོ་རྗེ་འཆང་དབང་ཐོད་ཕྲེང་རྩལ། །དབྱེར་མེད་ཞལ་དཀྱིལ་སྒྲིབ་མེད་ལེགས་མཐོང་སྟེ། །རྡོ་རྗེའི་གསུང་གི་སྣང་བ་ཐོབ་པར་ཤོག །རིག་འཛིན་འདུས་པའི་ཚོགས་དང་སྐལ་མཉམ་ཞིང་། །གསང་ཆེན་ཆོས་ཀྱི་རྒྱ་མཚོར་ལོངས་སྤྱོད་པས། །བསྐྱེད་རྫོགས་ལམ་གྱི་ལྷག་མ་ཀུན་བགྲོད་དེ། །སྐུ་དང་ཞིང་ཁམས་འདུ་འབྲལ་མེད་པར་ཤོག །རང་གཞན་ཆོས་སྐུའི་རྒྱལ་ས་དེར་ཟིན་ནས། །གཞན་དོན་གཟུགས་སྐུ་གཉིས་ཀྱི་འདུ་བྱེད་ཀྱིས། ཁམས་གསུམ་འགྲོ་བའི་དོན་ཀུན་གྲུབ་པ་དང་། །ཀུན་ཏུ་བཟང་པོའི་སྨོན་ལམ་བདག་འགྲུབ་ཤོག །བཟོད་གསོལ་ནི། གང་དག་ཉེས་པ་བྱས་དང་བྱེད་འགྱུར་བ། །རྗེ་བཙུན་ཁྲོས་མ་འོད་གསལ་ཆེན་མོའི་ངང་། །བཟོད་པར་མཛོད་ལ་མཆོག་ཐུན་དངོས་གྲུབ་གང་། །ཐོགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཡིག་བརྒྱ་བཟླ། སེ་གོལ་གཏོག་ཅིང་། བཛྲ་མུཾཿགྱིས་ཡེ་ཤེས་པ་དབྱིངས་སུ་གཤེགས། དམ་ཚིག་གི་དཀྱིལ་འཁོར་མས་ནས་རིམ་པ་བཞིན་དུ་བསྡུས་ཏེ་བདག་ཉིད་ལ་བསྡུ་ཞིང་། བདག་ཉིད་ལྷར་གསལ་བ་ཡང་ཐུགས་སྲོག་ས་བོན་ལ་བསྡུ། དེ་ཉིད་རིལ་འཛིན་ནམ་རྗེས་གཞིག་གི་ངང་ནས་འོད་གསལ་དུ་བཅུག་སྟེ་མཉམ་པར་འཇོག །ཐུན་མཚམས་མཁའ་འགྲོའི་ང་རྒྱལ་གྱིས་སྤྱོད་ལམ་ལ་འཇུག་ཅིང་ཤིས་པ་བརྗོད་པས་མཐའ་བརྒྱན་ནོ། ༈ །རྩ་བའི་བཞི་པ་ཆོ་གའི་ལག་ལེན་དམ་ཚིག་ཉམས་ཆག་སྐོང་བ་དང་མཆོག་དང་ཕྲིན་ལས་བཞི་ལྷུན་གྱིས་གྲུབ་ཕྱིར་མེ་མཆོད་བྱ་བའི་རིམ་པ་ནི། སྔོན་འགྲོ་གཙང་མའི་གནས་སུ་བཀྲ་ཤིས་པའི་ས་ལ་སྟེགས་བུ་གྲུ་བཞི་ཁོད་སྙོམས་པར་བཅགས་ལ་བདུད་རྩི་ལྔས་ཆག་ཆག་བཏབ། ཕྲིན་ལས་རྣམ་བཞི་འདུས་པའི་རྡུལ་ཚོན་གྱིས་དཀྱིལ་འཁོར་པདྨ་འདབ་བཞི་ཕྱོགས་མདོག་ལྟེ་མཐིང་མུ་ཁྱུད་ཁ་ཁྱེར་མཚོན་བྱེད་དང་བཅས་པ་བྲིས་པའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ། ལྟེ་བར་རྡོ་རྗེ་གྲི་གུག་ཧཱུྃ་ཡིག་མཐིང་གས་མཚན་པ། གླང་མ་བལ་དཀར་སོགས་དྲི་ལྡན་གྱི་ཤིང་ཟླུམ་པོར་བརྩིགས་པའམ་དགོན་པའི་བ་ལང་གི་ལྕི་བ་སྲོག་ཆགས་མེད་པས་ཟླུམ་པོར་བརྩིགས་ཏེ་དཀར་རྩིས་ཁ་དོག་བསྒྱུར་ཡང་རུང་། སྨན་རག་གཏོར་གསུམ་ཆུ་གཉིས་ཉེར་སྤྱོད་རྡོ་རྗེ་དྲིལ་བུ་ཐོད་རྔ་རྐང་གླིང་མེ་ཏོག་སྣོད་བསང་ཆུ་སོགས་མཁོ་བའི་ཡོ་བྱད་མཐའ་དག་དང་། ཁྱད་པར་བསྲེག་རྫས་མཁའ་འགྲོའི་གཞུང་གཞན་ལས། རྫས་ནི་ཕྱེ་མར་རཏྣ་དང་། །འབྲུ་སྣ་དར་ཟབ་གོས་ལ་སོགས། །ཟས་སྣ་ཐམས་ཅད་བསྲེག་པར་བྱ། །གསེར་དངུལ་ཟངས་ལྕགས་གཡུ་དང་ནི། །དུང་དང་མགྲོན་བུ་ལ་སོགས་པ། །ཞེས་གསུངས། འོག་ནས་འབྱུང་བའི་རྫས་རྣམས་ལས་ཡམ་ཤིང་དང་མར་ཁུ་འབྲུའི་རིགས་རྣམས་དངོས་བསྟན་དང་། དེ་ཕྱིན་གྱི་རྫས་སོ་སོ་མ་ཚང་བར་བག་ཟན་གཙང་མ་རིལ་བུ་དྲིལ་བ་ལག་ལེན་གཙང་འདུག་པ་ལྟར་བཤམ་མོ། །དངོས་གཞི་ནི། བདག་བསྐྱེད་བཟླས་པའི་བར་དུ་སྒྲུབ་ཐབས་བཞིན་དུ་བྱས། མེ་མཆོད་དངོས་ལ་བབ་པ་ན་བསང་ཆུས་མཆོད་སྲེག་གི་རྫས་རྣམས་ལ་འཐོར་ཞིང་། ཧཱུྃ༔ དུར་ཁྲོད་ཞིང་མཆོག་མཁའ་སྤྱོད་འོག་མིན་གནས༔ མཆོད་པའི་རྫས་ཀུན་ཡེ་ཤེས་ལྔ་ཡི་དངོས༔ འདོད་ཡོན་དྲུག་ལྡན་ཚོགས་ཀྱིས་འཇིག་རྟེན་གང༔ ཐབས་ཤེས་གཉིས་མེད་བྱང་ཆུབ་སེམས་ཀྱི་སྤྲིན༔ ཕྱི་ནང་གསང་གསུམ་སྣོད་བཅུད་བདེ་བ་ཆེ༔ ཨོཾ་ཨཱཿཧཱུྃ་ཧོཿསརྦ་པཱུ་ཙ་ས་མ་ཡ་ཧཱུྃ༔ ཞེས་མང་དུ་བཟླས་པས་བྱིན་གྱིས་བརླབ། དུ་བ་མེད་པའི་མེ་ཐབ་ཏུ་སྦར་ལ། ཨོཾ་ཨགྣེ་ཛྭ་ལ་རཾ། ཞེས་བརྗོད་ཅིང་ཞུན་མར་གྱིས་གསོ། །ཧཱུྃ་བཞིའི་སྔགས་དང་བསང་ཆུ་གཏོར་བས་བགེགས་བསྐྲད། སྭ་བྷཱ་བའི་སྔགས་ཀྱིས་སྟོང་པར་སྦྱང་། པཾ་ལས་པདྨ་རཾ་ལས་ཉི་མའི་སྟེང་། །ཧཱུྃ་ལས་ལས་བཞིའི་ཐབ་ཁུང་སྣ་ཚོགས་མདོག །ནང་དུ་ལྷ་རྫས་ལས་བྱུང་བུད་ཤིང་གང་། །མེ་འབར་དབུས་སུ་པད་ཉི་ཏི་རའི་སྟེང། །མེ་ལྷ་འཇིག་རྟེན་ཡེ་ཤེས་གཉིས་མེད་པ། །རྡོ་རྗེ་ཕག་མོ་རྗེ་བཙུན་ཁྲོས་མའི་སྐུ །མཐིང་གསལ་ཞལ་གཅིག་ཕྱག་གཉིས་ཁྲོ་འཛུམ་སྒེག །ཕྱག་གཡས་རྡོ་རྗེ་གྲི་གུག་མཁའ་ལ་ཕྱར། །གཡོན་པས་ཐོད་པ་ཁྲག་བཀང་ཐུགས་ཀར་འཛིན། ཁ་ཊྭཱཾ་མཆན་བཅུག་རུས་པའི་ཕྱག་རྒྱ་ལྔ། །མེ་ལོང་དྲིལ་བུ་གཡེར་ཁའི་སིལ་སིལ་སྒྲོག །ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་འཕྱང་། །རལ་པ་ཁམ་ནག་གྱེན་འཁྱིལ་ཐུར་དུ་གྲོལ། །རྣ་ལྟག་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོག །གཡས་བསྐུམ་གཡོན་བརྐྱང་ཏི་རའི་སྙིང་ག་མནན། །བདུད་དཔུང་སྲེག་མཛད་སྐུ་ལས་མེ་དཔུང་འབར། །འབུམ་ཕྲག་མཁའ་འགྲོའི་འཁོར་ཚོགས་མང་པོས་བསྐོར། །སྣང་སྟོང་འཇའ་འོད་ལྟ་བུའི་སྐུ་ཡི་དབུས། །རྩ་གསུམ་འཁོར་ལོ་ལྔ་རུ་གསལ་བ་ཡི། །སྤྱི་བོ་བདེ་ཆེན་འཁོར་ལོའི་རྩ་འདབ་ཏུ། །མཆོག་དངོས་སྩོལ་མཛད་བུདྡྷ་མཁའ་འགྲོ་མ། །མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་འདབ་ཏུ། །ཚེ་བསོད་རྒྱས་མཛད་རིན་ཆེན་མཁའ་འགྲོ་མ། །སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་ཏུ། །སྡིག་སྒྲིབ་ཞི་མཛད་རྡོ་རྗེ་མཁའ་འགྲོ་མ། །ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབ་ཏུ། ཁམས་གསུམ་དབང་སྡུད་པདྨ་མཁའ་འགྲོ་མ། །གསང་གནས་བདེ་མཆོག་འཁོར་ལོའི་རྩ་འདབ་ཏུ། །དགྲ་བགེགས་སྒྲོལ་མཛད་ཀརྨ་མཁའ་འགྲོ་མ། །ཀུན་ཀྱང་དཀར་སེར་མཐིང་དམར་ལྗང་བའི་མདོག །ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཁ་ཊྭཱཾ་འཛིན། །གཅེར་བུ་གར་སྟབས་ཡེ་ཤེས་མེ་ཀློང་བཞུགས། །དེ་ལྟར་གསལ་བའི་ལྷ་ཚོགས་ཐམས་ཅད་ཀྱི། །གནས་གསུམ་འབྲུ་གསུམ་མཚན་ལས་འོད་འཕྲོས་པས། །མཁའ་སྤྱོད་ཨོ་རྒྱན་དག་པའི་གཞལ་ཡས་ནས། །ཡེ་ཤེས་ལྷ་ཚོགས་བཛྲ་ས་མཱ་ཛཿ སྤྱན་འདྲེན་མཆོད་པ་རྣམས་སྒྲུབ་ཐབས་བཞིན་དུ་བྱས། དེ་ནས་བསྲེག་རྫས་འབུལ་བ་ནི། རྫས་ནི་ཨོཾ་ཨཱཿཧཱུྃ་ལས་ཟག་མེད་ཀྱི། །ཡེ་ཤེས་བདུད་རྩི་ཆེན་པོར་གནས་བསྒྱུར་པ། །ལྷ་ཚོགས་རྣམས་ལ་འཕུལ་བས་རབ་དགྱེས་ཏེ། །ཞི་རྒྱས་དབང་དྲག་མཆོག་དངོས་གྲུབ་པར་གྱུར། །ཅེས་བརྗོད་ནས་ཐོག་མར་གཙོ་མོ་དང་། སྤྱི་བོར་བུདྡྷ་མཁའ་འགྲོ་གཙོ་བོར་བྱས་པ་ལ་དམིགས་ཏེ། ཨོཾ་བཛྲ་བཻ་རོ་ཙ་ནི་ཡཻ་བཾ་ཧ་རི་ནི་ས་ཧཱུྃ་ཕཊ༔ ཛྭ་ལ་རཾ་སརྦ་སིདྡྷི་ཧཱུྃ་ཧཱུྃ། ལན་བདུན་ནམ་བཅུ་གཉིས་ཉེར་གཅིག་ལ་སོགས་པས་མཚོན་ཏེ་ཡམ་ཤིང་ཕུལ་བའི་མཐར་འདོད་གསོལ་ནི། རྣལ་འབྱོར་པ་བདག་ཅག་དཔོན་སློབ་ལ་མཁའ་འགྲོའི་བཀའ་ཆད་ལ་བརྟེན་པའི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་བྱང་ཞིང་དག་པ་དང་། ཁྱད་པར་དུ་ཡང་། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། མ་ཧཱ་མུ་དྲ་སིདྡྷི་མྨེ་པྲ་ཡཙྪ་སྭཱ་ཧཱ། དེས་རིགས་འགྲེ་བས་ཁྱད་པར་གྱི་རྣམ་དབྱེ་རྣམས་ཤེས་པར་བྱས་པས་སྔགས་དང་སྤེལ་ཚིག་དེ་ཉིད་ཀྱིས་མར་ཁུ་ཕུལ། གཙོ་འཁོར་ཐམས་ཅད་དང་སྙིང་གའི་རྡོ་རྗེ་མཁའ་འགྲོ་ལ་ཁྱད་པར་དུ་དམིགས་ཏེ། ཏིལ་འབུལ་སྔགས་སྤེལ་ཚིག་གོང་དང་འདྲ་བ་ལས། ཁྱད་པར་དུ་ཡང་། སྡིག་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། སྤོས་སྣ་ཚོགས་འབུལ་ཞིང་། དམ་ཚིག་དང་སྡོམ་པ་ཉམས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཀུ་ཤ་ཕུལ་ལ། མི་གཙང་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། སྨན་སྣ་ཚོགས་ཕུལ་ལ། བཞི་བརྒྱ་རྩ་བཞིའི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། གྲོ་ཕུལ་ལ། རིམས་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། གཙོ་འཁོར་ཐམས་ཅད་དང་མགྲིན་པའི་རཏྣ་མཁའ་འགྲོ་ལ་ཁྱད་པར་དུ་དམིགས་ཏེ་དཱུརྦ་ཕུལ་ལ། ཚེ་འཕེལ་བར་གྱུར་ཅིག་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཕྱེ་མར་ཕུལ་ལ། འབྱོར་པ་རྒྱས་པར་གྱུར་ཅིག་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། མ་ད་ན་ཕུལ་ལ། ཉམས་རྟོགས་ཐམས་ཅད་རྒྱས་པར་གྱུར་ཅིག་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། འབྲས་ཕུལ་ལ། བསོད་ནམས་ཐམས་ཅད་རྒྱས་པར་གྱུར་ཅིག་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། སོ་བ་ཕུལ་ལ། འབྲུ་ནོར་ཐམས་ཅད་རྒྱས་པར་གྱུར་ཅིག་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། འོ་ཐུག་ཕུལ་ལ། ལོངས་སྤྱོད་ཐམས་ཅད་རྒྱས་པར་གྱུར་ཅིག་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། གཙོ་འཁོར་ཐམས་ཅད་དང་ལྟེ་བའི་པདྨ་མཁའ་འགྲོ་ལ་ཁྱད་པར་དུ་དམིགས་ཏེ་མངར་གསུམ་ཕུལ་ལ། མོས་པ་རྣམ་བཞིས་ཁམས་གསུམ་དབང་དུ་སྡུས་ཤིག་བཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། མེ་ཏོག་སྣ་ཚོགས་ཕུལ་ལ། ལུས་མདངས་དང་ལྡན་པ་དང་ཁམས་གསུམ་དབང་དུ་གྱུར་ཅིག་བཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། དར་ཟབ་སྣ་ཚོགས་ཕུལ་ལ། ལུས་ཀྱི་ཁ་དོག་གསལ་བ་དང་ཁམས་གསུམ་དབང་དུ་གྱུར་ཅིག་བཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། བུ་རམ་དང་སྦྱར་བའི་ཟས་སྣ་ཚོགས་ཕུལ་ལ། བདེ་བ་དང་འབར་བ་དང་ཁམས་གསུམ་དབང་དུ་གྱུར་ཅིག་བཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། སྲན་མ་དང་རིན་པོ་ཆེ་སྣ་ཚོགས་ཕུལ་ལ། ལུས་སྟོབས་དང་ལྡན་པར་གྱུར་ཅིག་བཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ནས་ཕུལ་ལ། ལུས་ཤུགས་དང་ལྡན་པ་དང་ཁམས་གསུམ་དབང་དུ་གྱུར་ཅིག་བཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ཤིང་ཐོག་སྣ་ཚོགས་ཕུལ་ལ། རིགས་བརྒྱུད་ཡུན་དུ་འཕེལ་བ་དང་ཁམས་གསུམ་དབང་དུ་གྱུར་ཅིག་བཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། གཙོ་འཁོར་ཐམས་ཅད་དང་གསང་གནས་ཀྱི་ཀརྨ་མཁའ་འགྲོར་ཁྱད་པར་དུ་དམིགས་ཏེ་ཡུངས་དཀར་ཕུལ་ལ། བགེགས་ཐམས་ཅད་ཚར་ཆོད་ཅིག་མཱ་ར་ཡ་ཕཊཿ ཤ་ཁྲག་ཚིལ་གསུམ་ཕུལ་ལ། ཡིད་ལ་བརྣགས་པའི་དགྲ་བོ་ཐམས་ཅད་སྒྲོལ་ཅིག་མཱ་ར་ཡ་ཕཊཿ རྨ་བྱའི་མདོངས་ཕུལ་ལ། ཀླུ་བདུད་གདུག་པ་ཅན་གྱི་གནོད་པ་ཐམས་ཅད་ཟློག་ཅིག་མཱ་ར་ཡ་ཕཊཿ ལན་ཚྭ་ཕུལ་ལ། ཕ་རོལ་བྱད་མ་མཁན་གྱིས་བསམ་སྦྱོར་ངན་པ་ཐམས་ཅད་ཟློག་ཅིག་མཱ་ར་ཡ་ཕཊཿ དེ་ལྟ་བུའི་བསྲེག་རྫས་འབུལ་ཚུལ་སྤྱིར་བཏང་དམིགས་བསལ་གྱི་འབུལ་ལུགས་སྣ་ཚོགས་འདུག་ནའང་གཞུང་གཞན་གྱི་མཁའ་འགྲོའི་མེ་མཆོད་ལས། རྩ་བའི་ཕག་མོར་འགྱུར་བ་མེད། །ཕྲིན་ལས་ཕག་མོ་བསྒྱུར་ཞིང་བསྒོམ། །ཞེས་པའི་ཚིག་གིས་ཟིན་པ་དང་རིགས་པའི་མདའ་ཡིས་འདི་ལྟར་སྦྱར་བ་ཡིན་ལ་ཁུངས་མེད་རང་བཟོའི་རྟོག་བཏགས་ནི་མ་ཡིན་ནོ། །དེ་ལྟ་བུའི་ཚུལ་གྱིས་ཚད་གྲངས་ཇི་ལྟར་གསོག་དགོས་པ་རྣམས་གྲུབ་ནས་ལས་གཞུང་བཞིན་དུ་བསྟོད་པའང་བྱ། བཟོད་གསོལ་ཡི་གེ་བརྒྱ་པས་ལྷག་ཆད་བསྐངས་ནས། ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་རང་ལ་བསྡུ་བ་སོགས་ཆོ་ག་བཞིན་དུ་བྱས་ལ། མེ་རང་ཞིའམ་ལོང་མེད་ན་ཆུ་གཙང་ངམ་འོ་མ་སོགས་ཀྱིས་གཞིལ། ཐལ་བ་ཕན་བྱེད་ཀྱི་རྫས་སམ་ཆུ་ཀླུང་ཆེན་པོར་དོར། དེ་ཉིད་རྩ་བའི་སྒྲུབ་གཞུང་གི་ཁ་སྐོང་དུ་ཚིག་གིས་ཀྱང་ཟིན་ཏེ། ཚོགས་བརྒྱ་མེ་མཆོད་བརྒྱ་སྟོང་དང༔ ཞེས་བསྟན་པས་སོ། །དེ་ལྟར་བགྱིས་པའི་ཕན་ཡོན་ཀྱང་རང་གཏེར་ལས། གང་ཞིག་རྣལ་འབྱོར་ལྡན་གང་གིས༔ ཟབ་མོའི་ཆོ་ག་འདིར་བརྩོན་ན༔ ཌཱ་ཀིའི་ཐུགས་དམ་གཉན་སྐོང་ཞིང༔ དམ་ཚིག་ཉམས་ཆག་སོར་ཆུད་དེ༔ མཆོག་ཐུན་དངོས་གྲུབ་མྱུར་དུ་ཐོབ༔ ཅེས་གསུངས་སོ། །སྨྲས་པ། བར་ཆད་སེལ་དང་མཆོག་དངོས་སྩོལ་མཛད་པའི། །ཞི་ཁྲོ་ལྷ་ཡི་འཁོར་ལོ་རབ་འབྱམས་མོད། །འཆི་ཁ་བར་དོ་མངོན་སུམ་ཞལ་བསྟན་ནས། །མཁའ་སྤྱོད་པདྨ་འོད་དུ་བདེར་འཁྲིད་པའི། །ལྷ་མཆོག་རྡོ་རྗེ་བཙུན་མོ་ལས་གཞན་གང་། །དེ་ཕྱིར་སྒྲུབ་མཆོད་དབང་སོགས་ཉེར་མཁོའི་ཁྲིགས། །ཤོག་སེར་ཚིག་དང་མཁའ་འགྲོའི་སྙན་བརྒྱུད་ཀྱི། །ཞལ་ལུང་དྲོད་རླངས་མ་ཡལ་ཁྲིགས་སུ་བསྡེབས། །སྙིགས་དུས་དམ་སེལ་བར་ཆད་བསྲེ་ལྷད་ཀྱིས། །སྔགས་ཀྱི་གདམས་པ་རྙོག་བཅས་བ་ཚྭའི་མཚོར། །ཚེ་གཅིག་བྱང་ཆུབ་ཡན་ལག་བརྒྱད་ལྡན་གྱི། །བདུད་རྩིར་མོས་པའི་འཁྲུལ་པ་དེ་བོར་ལ། །ལྔ་ལྡན་བརྒྱུད་པ་ཏི་སེ་ལས་འོངས་ཤིང་། །ཌཱ་ཀིའི་བྱིན་རླབས་རི་ཥིས་ཉེར་བསྟེན་ལས། །ལག་ལེན་དཔྱད་གསུམ་ཀེ་ཏ་ཀས་བགྲུངས་འདི། །སྐལ་བཟང་ངང་མོ་གཞོན་ནུ་ཀུན་དགར་མཛོད། །འདིར་འབད་ལེགས་བྱས་གསར་པའི་སྤྲིན་སྔོན་གྱིས། །སྲིད་ཞིའི་ལྷ་ལམ་འཁོར་ལོ་ཀུན་ཁེབས་པས། །སྙིགས་དུས་སྟོན་གྱི་མཐར་ཡང་བསྟན་དང་འགྲོའི། །ཕན་བདེའི་ས་མོས་མ་རྙིང་དཔལ་གྱུར་ཅིག །ཅེས་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་སྒྲུབ་མཆོད་ཆ་ལག་དང་བཅས་པ་འདི་སྤྱིར་རྣལ་འབྱོར་པ་རྣམས་ལ་དངོས་གྲུབ་སྟེར་བའི་ཡི་དམ་གྱི་ལྷ་ངེས་པར་དགོས་པར་མ་ཟད་ཚེ་འདི་ཉིད་དང་འཆི་ཁ་འོད་གསལ་གྱི་རྗེས་ཐོག་ཏུ་རྡོ་རྗེ་བཙུན་མོས་ལུང་སྟོན་པ་ཞིག་དཀའ་རུང་། རྫོགས་པ་ཆེན་པོའི་གྲོལ་ལུགས་ཐ་མར་སྲིད་པ་བར་དོ་ལ་བླ་མའི་གདམས་པས་བར་དོ་ངོས་ཟིན་ཞིང་སྐབས་དེར་རིག་འཛིན་རྒྱལ་བའི་ཐུགས་རྗེ་དང་ཡི་དམ་ཌཱ་ཀིས་སྡོངས་གྲོགས་བྱས་ཏེ། མཁའ་སྤྱོད་པདྨ་འོད་སོགས་དག་པའི་ཞིང་དུ་ལམ་གྱི་ལྷག་མ་བགྲོད་པར་གསུངས་པ་བཞིན་རང་ཉིད་ཀྱི་སྙིང་པོའི་ཡི་དམ་མཚོ་རྒྱལ་གྱི་ངོ་བོ་རྡོ་རྗེ་བཙུན་མོ་ཉིད་ལས་གཞན་དུ་མ་གྱུར་པ་དང་། ཉེ་ལམ་སྙིགས་དུས་འདིར་ཕྱག་རྫོགས་ཀྱི་རྣལ་འབྱོར་ལ་མངའ་དབང་འབྱོར་ངེས་པ་ཀརྨ་དགེ་འཕེལ་རོ་གཅིག་རྟོགས་པའི་བོགས་འདོན་དང་ལྷུན་གྲུབ་རིག་པ་ཚད་ཕེབས་ཀྱི་གཟིགས་མོར། ཙ་གོང་ཌཱ་ཀིའི་གནས་དང་ཏི་སྒྲོ་མཁའ་འགྲོའི་ཚོགས་ཁང་སོགས་སུ་གསང་སྤྱོད་དུ་རྒྱུ་སྐབས་ཉམས་ལེན་དུ་དམིགས་པས་མཚམས་སྦྱར་ཞིང་བསྐུལ་བ་ལ་བརྟེན་ཏེ་དྷརྨ་སྭཱ་མཱིས་ཆོས་སྡིངས་རྒྱལ་བའི་རི་ཁྲོད་དུ་སྟོན་པ་མངོན་པར་བྱང་ཆུབ་པ་སོགས་ཀྱི་དུས་ཆེན་བཅོ་ལྔ། ཕྱི་རོལ་དུ་ཟླ་འོད་ལ་སྒྲ་གཅན་ཞུགས་པས་ནང་དུ་ཨི་ཌ་དྷཱུ་ཏིར་ཞུགས་ཤིང་ངེས་དོན་ཟུང་འཇུག་གི་སྐུ་འགྲུབ་པའི་དུས་བཟང་པོར་ལེགས་པར་སྦྱར་བའི་ཡི་གེ་པ་ནི་རྭ་སྟོན་སྟོབས་ལྡན་རྡོ་རྗེས་བགྱིས་པའོ།། །།
སྤྱན་རས་གཟིགས་ཀྱི་ནང་སྒྲུབ་མངོན་རྟོགས་ཕྲིན་ལས་ (Volume 25, Text 4)
༁ྃ༔ སྤྱན་རས་གཟིགས་ཀྱི་ནང་སྒྲུབ་མངོན་རྟོགས་ཕྲིན་ལས་ཞེས་བྱ་བ་བཞུགས་སོ༔ བཀྲ་ཤིས༔ ན་མོ་པདྨ་དྷཱ་ར་གུ་རུ་དྷཱེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་འདི༔ རྒྱལ་བའི་སྤྱི་སྒྲུབ་ཡིན་པའི་ཕྱིར༔ རྒྱུད་ལུང་མན་ངག་དོན་བསྡུས་ནས༔ སྙིང་པོ་དོན་གསལ་གདམས་པ་བསྟན༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས༔ དང་པོ་དཀྱིལ་འཁོར་རྟེན་མཆོད་བཤམ༔ ངེས་འབྱུང་བློ་དང་ཐར་འདོད་པས༔ དོན་གཉེར་མཆོག་དང་ཐུན་མོང་དམིགས༔ མོས་གུས་བླ་མའི་རྣལ་འབྱོར་བསྒོམ༔ སྐྱབས་འགྲོ་སེམས་བསྐྱེད་ཚོགས་བསགས་ཤིང༔ ཚད་མེད་བཞི་པོས་རྒྱུད་སྦྱང་བྱ༔ གཉིས་པ་བགེགས་ལ་བཀའ་བསྒོ་ནི༔ ཧཱུྃ༔ རང་རིག་རང་གསལ་དཀྱིལ་འཁོར་འདིར༔ གཉིས་འཛིན་འཁྲུལ་པའི་བགེགས་རིགས་རྣམས༔ མཐའ་བྲལ་ཀློང་དུ་ཕྱིར་དེངས་ཤིག༔ རྡོ་རྗེ་གསུམ་གྱིས་རྡུལ་དུ་རློག༔ དྲག་སྔགས་བརྗོད་ཅིང་ཐུན་ཀྱང་འཕང༔ གསུམ་པ་སྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ ཡེ་ནས་དག་པའི་དཀྱིལ་འཁོར་དུ༔ སྐུ་གསུང་ཐུགས་ཀྱི་འཕྲོ་འདུ་གསལ༔ རྡོ་རྗེའི་གུར་ཁང་ལྷུན་གྱིས་གྲུབ༔ ཡེ་ཤེས་ལྔ་ཡིས་མཚམས་བཅད་དོ༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ བཞི་པ་བརྡ་སྒོ་དབྱེ་བ་ནི༔ ཧཱུྃ༔ སྣང་སྲིད་ཡེ་ནས་དཀྱིལ་འཁོར་ལྷ༔ ཕུང་ཁམས་སྐྱེ་མཆེད་མ་ལུས་པ༔ བདེ་གཤེགས་རྒྱལ་བའི་གྲོང་ཁྱེར་མཆོག༔ རང་རིག་རང་གསལ་སྒོ་དབྱེ་འོ༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ དེ་ཉིད་ཕྱག་དང་བཤགས་བྱའི་གནས༔ ཧཱུྃ༔ གདོད་ནས་དག་པའི་ཡེ་ཤེས་ནི༔ འཁོར་འདས་ཀུན་ལ་ཁྱབ་ཅིང་གསལ༔ མ་བཅོས་སྙིང་པོ་སྐུ་གསུང་ཐུགས༔ རང་རིག་རང་གསལ་ཕྱག་བགྱི་འོ༔ ཨ་ལ་ལ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ༔ གདོད་ནས་ཆོས་སྐུར་དག་པ་ལ༔ མ་རིག་འཁྲུལ་པའི་སྒྲོ་བཏགས་ནས༔ ཉམས་ཆག་འགལ་འཁྲུལ་ཅི་བསགས་པ༔ རང་རིག་ལྷ་ལ་མཐོལ་ཞིང་བཤགས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ས་མ་ཡ་ཤུདྡྷེ་ཨཱ༔ ཡེ་ཤེས་དེ་ལས་མི་འདའ་བའི༔ ཧཱུྃ༔ ཁམས་གསུམ་ཡེ་ནས་སངས་རྒྱས་ཤིང༔ འགྲོ་དྲུག་ཐམས་ཅད་བདེ་གཤེགས་སྲས༔ སྣང་སྲིད་བྱང་ཆུབ་སེམས་ཀྱི་དབྱིངས༔ དཀྱིལ་འཁོར་དེ་ལས་མི་འདའ་འོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བོ་དྷི་ཙིཏྟ་ཧཱུྃ༔ ལྔ་པ་བྱིན་ཆེན་འབེབ་པ་ནི༔ ཧཱུྃ༔ རང་བཞིན་ཆོས་ཀྱི་དབྱིངས་ཉིད་ལས༔ མ་གཡོས་ཡེ་ཤེས་ལོངས་སྤྱོད་རྫོགས༔ ཐུགས་རྗེ་གང་འདུལ་སྤྲུལ་པའི་སྐུ༔ རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཆོས་སྐྱོང་སྲུང་མ་ལ་སོགས་པའི༔ རང་རྩལ་རིག་པའི་ལྷ་ཚོགས་རྣམས༔ དམ་ཚིག་གནས་མཆོག་དམ་པ་འདིར༔ བྱིན་ཆེན་བྱིན་ཕོབས་བཅོམ་ལྡན་འདས༔ སྣོད་བཅུད་དག་པར་བྱིན་གྱིས་རློབས༔ རྟགས་དང་མཚན་མ་བཟང་པོ་སྟོན༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ ཡེ་ཤེས་གར་དགུ་ལམས་སེ་ལམ༔ གསུང་དབྱངས་སྙིང་པོ་འུ་རུ་རུ༔ ཐུགས་རྗེའི་དགོངས་པ་ཤ་ར་ར༔ སྣང་སྟོང་འོད་ཟེར་ལམས་སེ་ལམ༔ གྲགས་སྟོང་རོལ་མོ་དི་རི་རི༔ གནས་མཆོག་འདི་རུ་བྱིན་ཕོབས་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨཱ༔ དྲུག་པ་མཆོད་རྫས་བྱིན་རླབས་ནི༔ ཧཱུྃ༔ རང་རིག་ཞི་ལྷག་ཟུང་འཇུག་གི༔ རཾ་ཡཾ་ཁཾ་གིས་དངོས་འཛིན་སྦྱང༔ ཆོས་ཀྱི་དབྱིངས་ཀྱི་བྷནྡྷ་རུ༔ ཕུང་ཁམས་སྐྱེ་མཆེད་དུག་ལྔ་རྣམས༔ རྣམ་དག་ཤ་ལྔ་བདུད་རྩི་ལྔ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿས་མཚན་པའི༔ ཡེ་ཤེས་ལྔ་ཡི་བདུད་རྩིར་གྱུར༔ མཁའ་དབྱིངས་ཡུམ་གྱི་བྷནྡྷ་རུ༔ བདེ་བ་ཆེན་པོའི་རཀྟ་འཁྱིལ༔ ཕྱི་སྣོད་གཏོར་གཞོང་གཞལ་ཡས་ཁང༔ ནང་བཅུད་འདོད་ཡོན་ཕུང་པོར་འབར༔ སྐུ་གསུང་ཐུགས་ཀྱི་རང་བཞིན་ཉིད༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས༔ དབྱིངས་ཡེ་ཟུང་འཇུག་རོལ་པའི་རྩལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་སརྦ་པཱུ་ཛ་ཧཱུྃ༔ ཨོཾ་གུ་ཧྱ་སརྦ་པཱུ་ཛ་ཨཱཿཧཱུྃ༔ བདུན་པ་རང་རིག་གསལ་གདབ་ནི༔ ཧཱུྃ༔ ཡེ་ནས་སྒོ་གསུམ་ལྷ་ཡི་དཀྱིལ་འཁོར་ལ༔ སྐུ་གསུང་ཐུགས་མཆོག་གདོད་ནས་ལྷུན་གྱིས་གྲུབ༔ སྣོད་བཅུད་དབྱིངས་ཡེ་ཟུང་འཇུག་བྱང་ཆུབ་སེམས༔ གཉིས་བསྡུས་ཆོས་རྣམས་རང་གི་དབྱིངས་སུ་རྫོགས༔ ཕུང་ཁམས་སྐྱེ་མཆེད་སྐུ་གསུམ་ངང་དུ་གནས༔ རང་རིག་རང་གསལ་ཆེན་པོ་གསལ་གདབ་བོ༔ ཛྙཱ་ན་མཎྜ་ལ་ཧཱུྃ༔ སྤྱི་དོན་གསུམ་པ་དངོས་གཞི་ལ༔ དང་པོ་བསྐྱེད་རིམ་བསྒོམ་པ་ནི༔ ཧཱུྃ༔ ཆོས་ཀུན་ཡེ་ནས་དམིགས་སུ་མེད༔ རང་རིག་འོད་གསལ་ཀུན་ལ་ཁྱབ༔ སོ་སོར་རྟོག་པའི་ཡི་གེ་ཧྲཱི༔ སྐུ་གསུང་ཐུགས་ཀྱི་འཕྲོ་འདུ་ཡིས༔ སྣོད་བཅུད་ཐམས་ཅད་དག་པར་སྦྱངས༔ དྭངས་མ་ཨེ་ཡཾ་ར་སུཾ་ཀེཾ༔ རྡོ་རྗེའི་སྲུང་འཁོར་ཆེན་པོའི་དབུས༔ མཁའ་ལ་རླུང་བརྟེན་རཀྟའི་མཚོ༔ ཞིང་ཆེན་ས་གཞི་ཀེང་རུས་རི༔ འབར་བ་ཡུམ་ལྔའི་ཀློང་དཀྱིལ་དུ༔ མཁའ་དབྱིངས་བདེ་ཆེན་པདྨ་ལ༔ བྷྲཱུྃ་ལས་ཡེ་ཤེས་ལྔ་ལས་གྲུབ༔ ཕོ་བྲང་མཉམ་ཡངས་འོད་དུ་འབར༔ ཕྱི་ནང་རྣམ་ཐར་བརྒྱད་ཀྱི་སྒོ༔ ཡེ་ཤེས་རང་རྩལ་རྒྱན་གྱིས་བརྒྱན༔ གྲུ་ཆད་འཁོར་ལོ་བརྡལ་བའི་སྟེང༔ མི་འཇིགས་སྟོབས་ཤུགས་དབང་པོ་དང༔ ཕྲིན་ལས་བཞི་ཡི་ཁྲི་རྐང་མཛེས༔ རེ་སྐོང་འགྲོ་འདུལ་ཐབས་ཤེས་གདན༔ རང་རིག་ཧྲཱིཿལས་འཕྲོ་འདུས་ཐིམ༔ རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས༔ དབྱིངས་ལས་ཆགས་མེད་དགའ་བ་བཞི༔ མི་འགྱུར་འགྲོ་འདྲེན་འགྲོ་དོན་མཛད༔ མཉམ་ཉིད་མི་ཕྱེད་དབྱིངས་ཕྱུག་མ༔ གསང་བ་ཡེ་ཤེས་གཉིས་མེད་རོལ༔ དབྱིངས་ལས་སོ་སོར་རྟོག་པའི་རྩལ༔ ཕྱག་རྒྱ་བརྡ་རྟགས་བསམ་མི་ཁྱབ༔ ཐབས་ཤེས་ཟུང་འཇུག་མི་འཇིགས་ཁྲིར༔ རིགས་ཀྱི་རྒྱལ་པོ་ཚེ་དཔག་མེད༔ བཅུད་ལྡན་བུམ་པ་པདྨས་བརྒྱན༔ པདྨ་དབྱིངས་ཕྱུག་གཉིས་མེད་འཁྲིལ༔ ཐབས་ཤེས་ནོར་འཛིན་གསང་འཛིན་གཉིས༔ རང་འདྲ་པདྨའི་ཕྲེང་བ་འཛིན༔ མི་བསྐྱོད་སྤྱན་མ་རྡོ་རྗེ་དཀར༔ རིན་འབྱུང་མཱ་ཀཱི་རིན་ཆེན་སེར༔ སྣང་མཛད་གོས་དཀར་འཁོར་ལོ་དམར༔ དོན་གྲུབ་སྒྲོལ་མ་རྒྱ་གྲམ་ལྗང༔ ཁམས་ལྔ་རྣམ་དག་ཡེ་ཤེས་ལྔ༔ མཐའ་བཞི་གཅོད་པའི་མཚམས་བཞི་ལ༔ ས་སྙིང་ལཱ་སྱེ་དྲི་མེད་དཀར༔ ཡེ་ཤེས་མྱུ་གུ་མེ་ལོང་འཛིན༔ ནམ་སྙིང་མཱ་ལེ་ཡོན་ཏན་སེར༔ རེ་སྐོང་རིན་ཆེན་ཕྲེང་བ་བསྣམས༔ སྤྱན་གཟིགས་གཱིརྟི་ཆགས་མེད་དམར༔ པདྨ་པི་ཝཾ་དབང་སྡུད་མཛད༔ ཕྱག་རྡོར་ནཱིརྟི་བསྡུ་བཞི་ལྗང༔ རྡོ་རྗེ་གར་བསྒྱུར་ལས་སྣ་ཚོགས༔ ཚད་མེད་བཞི་ཡི་གྲུ་ཆད་ལ༔ བྱམས་པ་དྷཱུ་པེ་སྐྱོན་བྲལ་དཀར༔ ལྗོན་ཤིང་མེ་ཏོག་དགོས་འདོད་ཆར༔ སྒྲིབ་སེལ་པུཥྤེ་གསུང་མཆོག་སེར༔ གླེགས་བམ་མེ་ཏོག་བརྡ་ཆོས་སྟོན༔ ཀུན་བཟང་ཨཱ་ལོ་བདེ་ཆེན་དམར༔ སྙེ་མ་སྣང་གསལ་འབྲས་བུ་སྟེ༔ འཇམ་དཔལ་གནྡྷེ་ཤེས་རབ་ལྗང༔ ཨུཏྤལ་དྲི་ཆབ་ཡོན་ཏན་རྒྱས༔ རྣམ་ཤེས་ཡུལ་དང་དབང་པོ་དུས༔ བཅུ་དྲུག་རྣམ་དག་ཡེ་ཤེས་ཆེ༔ བྱ་བྱེད་ཆ་ལུགས་མ་མཆིས་ཀྱང༔ ཆོས་ཉིད་མདངས་ལྡན་ཏིང་འཛིན་རྒྱ༔ ཡོན་ཏན་བཞི་ལྡན་ཁྲི་ལ་བཞུགས༔ ཡབ་ཡུམ་དེ་གཉིས་རོལ་པ་ཡི༔ རྒྱལ་སྲས་ཉེར་བརྒྱད་འཁྲིལ་སྦྱོར་རོལ༔ ཀུན་ཀྱང་ཤེས་རབ་དྲིལ་བུ་འཛིན༔ ལོངས་སྤྱོད་ལྷུན་གྱིས་གྲུབ་པ་ཡི༔ ཐོར་ཚུགས་དབུ་རྒྱན་སྙན་ཆ་དང༔ མགུལ་རྒྱན་སེ་མོ་དོ་དོ་ཤལ༔ སྐེ་རགས་གདུ་བུ་རྣམས་ཀྱིས་མཛེས༔ ཅོད་པན་དར་དཔྱང་སྟོད་གཡོགས་དང༔ དར་གྱི་ཕུ་དུང་ཤམ་ཐབས་གསོལ༔ རུས་པའི་རྒྱན་དྲུག་གཡེར་ཁ་འཁྲོལ༔ སྣང་བ་བཞི་ཡི་བར་ཁྱམས་ལ༔ བརྒྱ་བྱིན་དྲི་མེད་ཆོས་ཀྱི་སྒྲ༔ ཤཱཀ་ཐུབ་ཡོན་ཏན་ལྷུང་བཟེད་འཛིན༔ ཁ་འབར་ཆགས་མེད་དགོས་འདོད་སྣོད༔ སེང་གེ་འགྱུར་མེད་ཆོས་ཀྱི་སྒྲ༔ ཐགས་བཟང་སྣ་ཚོགས་འཁྲུལ་འཇོམས་གོ༔ ཆོས་རྒྱལ་མི་འགྱུར་མེ་ཆུ་འཛིན༔ ཆགས་མེད་སྤྲུལ་སྐུས་འགྲོ་དོན་མཛད༔ འཁྲུལ་པ་དྲུག་དག་ཡེ་ཤེས་ཆེ༔ རྣམ་ཐར་བཞི་ཡི་ཕོ་བྲང་སྒོར༔ སྟོབས་ཆེན་གཤིན་རྗེ་པདྨ་དབང༔ བདུད་རྩི་ཐབ་སྦྱོར་མཐིང་ནག་དམར༔ ལྗང་ནག་རྡོ་རྗེ་བེ་ཅོན་དང༔ ཐོད་དབྱུག་རྒྱ་གྲམ་དབྱུག་པ་ཕྱར༔ འཁོར་བ་ཁྲག་རོལ་ཁྲོ་བོའི་ཆས༔ འགུགས་འཆིང་སྡོམ་མྱོས་ཁྲོ་མོས་འཁྲིལ༔ རིགས་ཀྱི་མདོག་ཅན་ཕྱག་རྒྱ་འདེབས༔ ཕྲིན་ལས་བཞི་ཡི་བར་ཁྱམས་ལ༔ བསྐལ་བཟང་སངས་རྒྱས་སེམས་དཔའི་ཚོགས༔ རིགས་ཀྱི་ཁ་དོག་ཕྱག་མཚན་འཛིན༔ སྒོ་བཞིར་རྡོ་རྗེ་རིན་པོ་ཆེ༔ པདྨ་ལས་ཀྱི་མཁའ་འགྲོ་མ༔ རང་འདྲའི་དཔའ་བོ་ཡབ་དང་འཁྲིལ༔ རིགས་ཀྱི་ཕྱག་མཚན་གྲི་ཐོད་འཛིན༔ ཕྱི་ནང་སྟེང་འོག་ཐམས་ཅད་དུ༔ བླ་མ་ཡི་དམ་མཁའ་འགྲོ་མ༔ ཆོས་སྲུང་དམ་ཅན་སྤྲིན་ལྟར་གཏིབས༔ འདོད་ཡོན་མཆོད་སྤྲིན་བསམ་མི་ཁྱབ༔ ངོ་བོ་གཅིག་ལ་ཡེ་ཤེས་ཀྱི༔ རྣམ་རོལ་བསམ་མི་ཁྱབ་པར་སྟོན༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གཉིས་པ་དབང་བསྐུར་བྱིན་རླབས་ནི༔ སྒོ་གསུམ་ཡེ་ནས་སྐུ་གསུང་ཐུགས༔ ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས༔ ཡེ་ནས་དག་པའི་ཡེ་ཤེས་ལྔ༔ དབང་བསྐུར་བྱིན་རླབས་རྨད་ཀྱི་ཆོས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ གསུམ་པ་ཡེ་ཤེས་སྤྱན་འདྲེན་ནི༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བཛྲ་ས་མཱ་ཛ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ནས༔ མ་འདྲེས་ལོངས་སྤྱོད་རྫོགས་སྐུའི་གནས༔ རྒྱལ་བ་སྐུ་གསུམ་སྐུ་ལྔའི་བདག༔ སྤྱན་རས་གཟིགས་དབང་གཤེགས་སུ་གསོལ༔ འཁོར་གྱི་རྒྱལ་སྲས་རྩ་བ་གསུམ༔ སྤྲུལ་པའི་ཕྱག་བརྙན་བཀའ་སྡོད་བཅས༔ རང་བཞིན་དབྱིངས་ནས་སྤྱན་འདྲེན་ན༔ རང་རྩལ་རོལ་པས་གཤེགས་སུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོཿས་གཉིས་མེད་བསྟིམ༔ བཞི་པ་དབྱེར་མེད་བཞུགས་གསོལ་ནི༔ དཀྱིལ་འཁོར་གསུམ་གྱི་དབྱིངས་ཉིད་དུ༔ བྱང་ཆུབ་སེམས་དང་རོ་གཅིག་པར༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས༔ དབྱེར་མེད་བརྟན་པར་བཞུགས་སུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ས་མ་ཡ་ཏིཥྛ་ལྷན༔ ལྔ་པ་གསོལ་འདེབས་ཕྱག་འཚལ་ནི༔ ཧཱུྃ༔ ཐོག་མ་ཐ་མ་མེད་པ་ཡི༔ གདོད་ནས་རྣམ་དག་གཉུག་མའི་ལྷ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ༔ ཡེ་གྲོལ་ངང་དུ་ཕྱག་འཚལ་ལོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ དྲུག་པ་མཆོད་ཅིང་བསྟོད་པ་ནི༔ ཧཱུྃ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ༔ འདོད་ཡོན་མ་སྤངས་རང་སར་དག༔ མཆོད་ཡོན་ཞབས་བསིལ་མེ་ཏོག་དང༔ བདུག་སྤོས་སྣང་གསལ་དྲི་བཟང་ཆབ༔ ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི༔ རོ་དང་རེག་བྱ་རྒྱལ་སྲིད་བདུན༔ བཀྲ་ཤིས་རྫས་རྟགས་ལ་སོགས་པའི༔ ཀུན་བཟང་མཆོད་སྤྲིན་ཆེན་པོས་མཆོད༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སརྦ་པཱུ་ཛ་ཧོ༔ ཧཱུྃ༔ དུག་ལྔ་ཡེ་ཤེས་ལྔ་རུ་དག༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀཏ༔ རྨད་བྱུང་ཛ་གད་དཔའ་བོའི་བཅུད༔ ཐུགས་རྗེའི་ལྷ་ཚོགས་རྣམས་ལ་འབུལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མཚན་དོན་སྦྱར་ཞིང་དངོས་གྲུབ་རྣམས༔ ཨོཾ་ཨཱཿཧཱུྃ་གིས་བླང་བར་བྱ༔ ཧཱུྃ༔ ཁམས་གསུམ་འཁོར་བ་གནས་དག་པའི༔ བདེ་བ་ཆེན་པོའི་བཅུད་བསྡུས་ནས༔ དམར་ཆེན་རཀྟའི་མཆོད་པ་འདི༔ ཐུགས་རྗེའི་ལྷ་ཚོགས་རྣམས་ལ་འབུལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མ་ཧཱ་རཀྟ་ཁཱ་ཧི༔ ཧཱུྃ༔ སྣང་བ་སྣོད་ཀྱི་གཏོར་གཞོང་དུ༔ སྲིད་པ་བཅུད་ཀྱི་གཏོར་མ་བཤམས༔ འདོད་ཡོན་མཆོད་སྤྲིན་བསམ་མི་ཁྱབ༔ ཐུགས་རྗེའི་ལྷ་ཚོགས་རྣམས་ལ་འབུལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ ཐབས་ཤེས་འདུ་འབྲལ་མེད་པ་ཡི༔ ལྷན་སྐྱེས་བདེ་ཆེན་བྱང་ཆུབ་སེམས༔ མཐའ་ཡས་ནམ་མཁའི་ཁམས་ཁྱབ་པའི༔ དོན་གཉིས་མཐར་ཕྱིན་མཆོད་པ་འབུལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ ཧཱུྃ༔ ཡང་དག་རྟོགས་པའི་ངང་ཉིད་ལས༔ མ་རིག་གཉིས་འཛིན་བདུད་ཀྱི་ཚོགས༔ གཉིས་མེད་ཡེ་ཤེས་ཆེན་པོའི་ཀློང༔ ཡོངས་གྲོལ་མཆོད་པ་ཆེན་པོ་འབུལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མ་ཏྲཾ་རུ་ཏྲ་མཱ་ར་ཡ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ ཧཱུྃ༔ དབྱིངས་རིག་ཟུང་འཇུག་བྱང་ཆུབ་སེམས༔ རང་རིག་ཡེ་ཤེས་བདེ་བ་ཆེ༔ ཐབས་ཤེས་ཟུང་འཇུག་སྐུ་རུ་སྣང༔ སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ མཁའ་དབྱིངས་ཀློང་དུ་ཀུན་ཀྱང་རྫོགས༔ གསང་བ་ཡེ་ཤེས་རོལ་པ་ཡི༔ ཐབས་ཤེས་གསང་འཛིན་རིག་སྔགས་འཛིན༔ ཡབ་ཡུམ་སྲས་ལ་ཕྱག་འཚལ་བསྟོད༔ ཁམས་ལྔའི་ཀློང་དུ་ཡེ་ཤེས་ལྔ༔ རྒྱལ་བ་ཡབ་ལྔ་རིགས་ཀྱི་ཡུམ༔ ཡུལ་དབང་ཤེས་དུས་གནས་དག་པའི༔ སེམས་དཔའ་ལྕམ་དྲལ་རྣམས་ལ་བསྟོད༔ བྱ་བྱེད་གནས་དག་བདེ་སྟོང་ཆེ༔ དཀྱིལ་འཁོར་ཐམས་ཅད་འབྱུང་བའི་གནས༔ ཡེ་ནས་རྣམ་དག་དེ་བཞིན་གཤེགས༔ ཀུན་བཟང་ཡབ་ཡུམ་གཉིས་ལ་བསྟོད༔ མ་འགགས་ཐུགས་རྗེའི་རོལ་རྩལ་ལས༔ ཕ་རོལ་ཕྱིན་པ་དྲུག་གི་སྐུ༔ ཕྱོགས་བཅུའི་འཇིག་རྟེན་དྲུག་གི་མགོན༔ ཐུབ་པ་དྲུག་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་ཆེན་པོའི་སྤྲུལ་པ་ནི༔ སྔོན་ཚེ་ཐུགས་བསྐྱེད་སྨོན་ལམ་གྱིས༔ བསྐལ་བཟང་འདི་ལ་འགྲོ་དོན་མཛད༔ སངས་རྒྱས་བྱང་སེམས་རྣམས་ལ་བསྟོད༔ ཚད་མེད་བཞི་ལས་སྐུ་སྤྲུལ་ཏེ༔ རྔམ་བརྗིད་ཚུལ་གྱིས་གདུག་པ་འདུལ༔ ཕྱག་བརྙན་སྤྲུལ་པ་བསམ་མི་ཁྱབ༔ སྒོ་བ་ཡབ་ཡུམ་རྣམས་ལ་བསྟོད༔ མ་འགགས་ཐུགས་རྗེའི་རོལ་རྩལ་ལས༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ བཀའ་སྡོད་ཆོས་སྐྱོང་སྲུང་མར་བཅས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་བསྟོད༔ དེ་ལྟར་རྡོ་རྗེའི་གླུས་བསྟོད་ནས༔ བདུན་པ་ཛཔ྄་ཀྱི་རིམ་པ་ལ༔ ཆོས་རྣམས་དཀྱིལ་འཁོར་ཆེན་པོ་རུ༔ ཡེ་ནས་གནས་པར་རྟོགས་པ་ལ༔ ལོགས་སུ་དབྱེ་བ་མི་འཚལ་ཀྱང༔ ཀུན་རྫོབ་ཙམ་དུ་ཡེ་ཤེས་པ༔ མདུན་གྱི་ནམ་མཁར་བཞུགས་པར་བསམ༔ བྷྲཱུྃ་བི་ཤྭ་མཎྜ་ལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཕཊ་ཛ༔ ཞེས་དབྱེ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ་ཧྲཱི༔ ཡེ་ནས་ཆོས་རྣམས་ཡེ་ཤེས་གཞལ་ཡས་ཁང༔ ཕུང་ཁམས་སྐྱེ་མཆེད་ལྷ་རུ་གདོད་ནས་དག༔ དབྱིངས་དང་ཡེ་ཤེས་མཐའ་ཡས་མཁའ་ཀློང་དུ༔ གཉིས་སུ་མེད་ཀྱང་སྣོད་བཅུད་རེ་རེ་བཞིན༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ ནམ་མཁའི་མཐའ་ཀླས་རྡུལ་སྙེད་ཞིང་གི་ཁྱོན༔ ཆེ་བའི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་དང་མཉམ༔ ཕྲ་བ་སྐྲ་རྩེའི་ཁྱོན་ལའང་བྱེ་བ་བརྒྱ༔ ཀློང་ཡངས་ལྷུན་རྫོགས་ཞིང་ཁམས་ཕོ་བྲང་ལ༔ ཐུགས་རྗེའི་ལྷ་ཚོགས་སྐུ་ནི་མཚན་དཔེ་རྫོགས༔ གསུང་དབྱངས་ཆོས་ཀྱི་བརྡ་སྐད་འབུམ་ཕྲག་གྲགས༔ ཐུགས་ནི་འགྱུར་མེད་འོད་གསལ་ཟང་ཐལ་ལེ༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ་པར་བྱ༔ མ་འགྲུབ་བར་དུ་དགོངས་པ་མི་གཏང་བས༔ སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ་པ་དང༔ བསྙེན་སྒྲུབ་མཐར་ཕྱིན་དབྱེར་མེད་མཛད་དུ་གསོལ༔ དེ་ནས་ཛཔ྄་ཀྱི་དམིགས་པ་ནི༔ གཙོ་བོའི་ཐུགས་ཀར་པདྨ་ཟླ་བའི་སྟེང༔ ཧྲཱིཿཡིག་དམར་པོའི་མཐའ་མར་ཡིག་དྲུག་བསྐོར༔ བྱང་ཆུབ་སེམས་ཀྱི་འཕྲོ་འདུ་བསམ་མི་ཁྱབ༔ ཡེ་ཤེས་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ༔ རྒྱལ་བ་མཆོད་ཅིང་བྱིན་རླབས་ཐམས་ཅད་བསྡུས༔ འགྲོ་བའི་སྒྲིབ་སྦྱངས་བདེ་ཆེན་ས་ལ་བཀོད༔ སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུ༔ གྲགས་པ་ཐམས་ཅད་ཡི་གེ་དྲུག་པའི་སྒྲ༔ རང་རིག་འོད་གསལ་མ་བཅོས་ངང་ལ་གནས༔ དེ་ལྟར་བསྒོམས་ལ་རྡོ་རྗེའི་སྒྲ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ རྒྱལ་བའི་སྤྱི་སྔགས་ཡི་གེ་བདུན༔ རྒྱུན་ཆད་མེད་པར་བཟླས་བྱས་ཤིང༔ མ་ཡེངས་མི་སྒོམ་ཏིང་འཛིན་གྱི༔ དྲོད་རྟགས་མ་བྱུང་བར་དུ་བསྒྲུབ༔ སྟོང་ཚིགས་མཆོད་བསྟོད་བཤགས་པ་ནི༔ ཧཱུྃ༔ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད༔ བག་མེད་ཉམས་ཆག་འགལ་འཁྲུལ་བཤགས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ རོལ་མོ་བསྒྲགས་ཤིང་གཟི་བྱིན་བསྐྱེད༔ དེ་ནི་དངོས་གཞིའི་ལས་རིམ་མོ༔ གསུམ་པ་རྗེས་ཀྱི་ལས་རིམ་ནི༔ དང་པོ་ཚོགས་ཀྱི་འཁོར་ལོ་ལ༔ དཀྱིལ་འཁོར་དྲུང་དུ་ཞིང་ལྤགས་བཀྲམ༔ ཚེ་གལ་མཱཾ་ས་ཁུར་བ་དང༔ ཟླ་རྒྱས་ཟླ་ཕྲོམ་ཤིང་ཏོག་རིགས༔ བཟའ་བཅའ་བཏུང་བའི་རིགས་རྣམས་བཤམ༔ དེ་ལ་བསང་ཆུ་འཐོར་བྱས་ནས༔ ཧཱུྃ༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས༔ ཆོས་ཀྱི་དབྱིངས་ཀྱི་བྷཉྫ་རུ༔ ཡེ་ཤེས་ལྔ་ཡི་རྫས་མཆོག་རྣམས༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿརྣམས་ཀྱིས༔ འཁོར་འདས་བདུད་རྩིའི་བཅུད་བསྡུས་ཐིམ༔ བདེ་བ་ཆེན་པོའི་སྤྲིན་དུ་གྱུར༔ བྷྲཱུྃ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ག་ཎ་ཙཀྲ་ཧཱུྃ་ཧྲཱིཿཋཱ༔ ཧཱུྃ་ཧྲཱི༔ འོག་མིན་ཆོས་དབྱིངས་མཐའ་བྲལ་ཞིང་ཁམས་ནས༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དབྱིངས་ནས་བཞེངས༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཅས༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བཛྲ་ས་མཱ་ཛ༔ ཚོགས་མཆོད་རིམ་པ་གསུམ་དུ་སྤྲོ༔ དང་པོ་ལྷ་ལ་འབུལ་བ་ནི༔ ཧཱུྃ༔ བླ་མེད་མཆོག་གི་མཆོད་སྤྲིན་ནི༔ ཡེ་ཤེས་ལྔ་ལྡན་བདེ་བའི་རྒྱུན༔ རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་ལ༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མ་ཧཱ་ག་ཎ་ཙཀྲ་ཀཱ་མ་གུ་ཎ་པཱུ་ཛ་ཧོ༔ བར་པས་བསྐང་ཞིང་བཤགས་པ་ནི༔ ཧཱུྃ༔ བདག་ཅག་མ་རིག་ལུས་ངག་སེམས༔ ཐོག་མེད་མ་རིག་འཁྲུལ་པ་ཡིས༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ས་མ་ཡ་ཤུདྡྷེ་ཨཱ༔ དེ་ནས་ཐ་མ་བསྒྲལ་བ་ནི༔ བདེན་སྟོབས་བརྗོད་ཅིང་དམིགས་བྱ་བཀུག༔ ཧཱུྃ༔ དབང་ཆེན་རྔམ་པའི་དཀྱིལ་འཁོར་འདིར༔ ཁྲོ་བོ་ཁྲོ་མོ་སྤྲིན་ལྟར་གཏིབས༔ བཀའ་སྡོད་ཕོ་ཉ་ལས་ལ་འགྱེད༔ མཚོན་ཆ་མང་པོ་སྐར་ལྟར་འཁྲུགས༔ གཉིས་འཛིན་འཁྲུལ་པའི་གདོན་བགེགས་རྣམས༔ དུག་གསུམ་སྲིད་པའི་ཧོམ་དུ་བཙུད༔ ཡེ་ཤེས་རྣོ་དབལ་མཚོན་ཆས་བསྒྲལ༔ ལས་ཉོན་བག་ཆགས་རྒྱུན་བཅད་དེ༔ རྣམ་ཤེས་ཡེ་ཤེས་ཀློང་དུ་བསྒྲལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཕཊ༔ གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་རྦད༔ ཅེས་བསྒྲལ་དེ་ནས་བསྟབ་པ་ནི༔ ཧཱུྃ༔ ཉོན་མོངས་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ དུག་གསུམ་ཡེ་ཤེས་ལྔ་ཡི་བདུད་རྩིར་སྦར༔ སྐུ་གསུང་ཐུགས་ཀྱི་ཞལ་གྱི་ཧོམ་དུ་བསྟབ༔ འཁོར་བ་ཆོས་ཀྱི་དབྱིངས་སུ་བསྒྲལ་བར་མཛོད༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཕཊ༔ མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི༔ དེ་ནས་བརྡ་ཡི་འབུལ་ལེན་གྱིས༔ ཕྱི་ནང་གསང་བའི་ཚོགས་འཁོར་བྱ༔ ཉམས་བསྐྱང་གླུ་གར་འཆད་ཅིང་ཉན༔ དགའ་སྟོན་སྨིན་གྲོལ་ལ་སོགས་བྱ༔ དེ་ནས་ལྷག་མ་ཐམས་ཅད་བསྡུས༔ ཞིང་ལྤགས་ཆོས་འབྱུང་བྲིས་པར་བཀོད༔ ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་རྒྱུ༔ ཐུགས་རྗེའི་ལྷ་ཚོགས་ཕུད་ལ་དགྱེས༔ བར་དུ་ལོངས་སུ་མི་སྤྱོད་རྒྱུ༔ རྣལ་འབྱོར་ཕོ་མོ་བདེ་ཆེན་བསྐྱེད༔ ཐ་མ་ལྷག་མས་མི་མཆོད་རྒྱུ༔ མ་མོ་མཁའ་འགྲོ་ལྷག་ལ་དགྱེས༔ ཐ་མ་གཅིག་ཏུ་མི་བསྲེ་རྒྱུ༔ གཉིས་མེད་ཆོས་སྐུ་གཅིག་ལས་བྱུང༔ ལྷག་མ་ཁ་ཆུས་མི་གདབ་རྒྱུ༔ ཁྱེད་དང་བདག་གཉིས་དམ་ཚིག་གཅིག༔ གསང་བའི་དཀྱིལ་འཁོར་ཆེན་པོ་འདིར༔ འདུས་ལ་ལས་རྣམས་ཀུན་བྱོས་ཤིག༔ རིམ་བཞིན་ཕུད་ལྷག་བསྲེ་བ་དང༔ ཞལ་ཆབ་ཨོཾ་ཨཱཿཧཱུྃ་གིས་བྲན༔ ཞིང་གཡབ་བཤུགས་གླུ་ཐོད་རྔས་བསྐུལ༔ ཧཱུྃ༔ ཡེ་ཤེས་རང་རྩལ་རོལ་པ་ལས༔ དཔལ་གྱི་བཀའ་ཉན་རྫུ་འཕྲུལ་ཅན༔ མ་མོ་མཁའ་འགྲོ་གིང་ལངྐ༔ ས་བདག་བརྟན་མ་དྲེགས་པའི་ཚོགས༔ སྨན་རཀ་བདུད་རྩིའི་མཆོད་པ་བཞེས༔ ལྷག་མའི་གཏོར་མ་འདི་ལོངས་ལ༔ སྔོན་ཚེ་པདྨ་དབང་ཆེན་གྱི༔ སྤྱན་སྔར་ཁས་བླངས་དམ་བཅས་ལྟར༔ ཕྱི་ནང་གསང་བའི་བར་ཆད་སོལ༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཕྱི་ཁྱམས་ལ་འབུལ་སྨོན་ལམ་བཏབ༔ གཉིས་པ་བརྟན་མ་སྐྱོང་བ་ནི༔ རཾ་ཡཾ་ཁཾ་གིས་འབག་བཙོག་སྦྱང༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ༔ མགྲོན་རྣམས་ཨཱ་རལླི་ཛཿས་བཀུག༔ ཧཱུྃ༔ སྔོན་ཚེ་བར་དང་ཐ་མ་མ་ངེས་པ༔ དུས་བཞི་མཉམ་པ་ཉིད་ལ་སོགས་པ་ཡི༔ འོག་མིན་འཐུག་པོ་བཀོད་དང་བདེ་བ་ཅན༔ པོ་ཏ་ལ་དང་སྒྲུབ་པའི་དབེན་གནས་སུ༔ ཆོས་སྐུ་ཀུན་བཟང་ལོངས་སྐུ་སྣང་མཐའ་ཡས༔ སྤྱན་རས་གཟིགས་དང་སྤྲུལ་སྐུ་པད་འབྱུང་གིས༔ རྒྱུད་ལུང་མན་ངག་གསུང་དང་གཏེར་དུ་སྦས༔ དགོངས་བརྡ་སྙན་བརྒྱུད་གཏེར་ནས་བཏོན་པའི་ཚེ༔ རང་རྩལ་འཁོར་དང་དམ་ཅན་སྲུང་མ་ཡིས༔ སོ་སོའི་གཟུགས་བསྟན་རང་རྟགས་སྲོག་སྙིང་ཕུལ༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ དམ་རྫས་བདུད་རྩིའི་གཏོར་མ་འདི་བཞེས་ལ༔ བར་ཆད་དགྲ་བགེགས་ཐམས་ཅད་བསྒྲལ་བ་དང༔ མཐུ་ཆེན་ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ སླར་ཡང་བཤལ་ཆུའི་བདུད་རྩིས་མཆོད༔ ཧཱུྃ༔ སློབ་དཔོན་པདྨ་འབྱུང་གནས་དང༔ སློབ་མ་རླངས་ཆེན་དཔལ་སེང་གིས༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ དམ་ལ་བཞག་ཅིང་དབང་བསྐུར་བའི༔ བརྟན་མ་བཅུ་གཉིས་འཁོར་དང་བཅས༔ དམ་རྫས་བདུད་རྩི་འདི་གསོལ་ལ༔ བོད་ཁམས་ཆོས་བཞིན་སྐྱོང་བ་དང༔ ཐུགས་རྗེ་ཆེན་པོའི་ཕྲིན་ལས་སྤེལ༔ ཟབ་གཏེར་བསྟན་པ་སྲུང་བ་དང༔ མཐོང་ཐོས་དྲན་རེག་གྲོལ་བར་མཛོད༔ ཨོཾ་པདྨ་དྷཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ གསུམ་པ་རོལ་པའི་བྲོ་བརྡུང་ནི༔ ཧཱུྃ༔ པདྨ་རོལ་པའི་དུར་ཁྲོད་དུ༔ དབང་ཆེན་རྔམ་པའི་བྲོ་བརྡུངས་པས༔ དཔལ་གྱི་རྟ་སྐད་ཙེ་རེ་རེ༔ རོལ་པའི་རྟ་བྲོ་ཆེམས་སེ་ཆེམ༔ བདུད་དང་དམ་སྲི་རྡུལ་དུ་རློག༔ ཕུང་པོ་ཁམས་དང་སྐྱེ་མཆེད་ལ༔ སྐུ་གསུང་ཐུགས་ཀྱི་བྲོ་བརྡུངས་པས༔ དུག་གསུམ་སྐུ་གསུམ་དབྱིངས་སུ་དག༔ གཉིས་འཛིན་རུ་དྲའི་སེམས་ཉིད་ལ༔ ཐབས་དང་ཤེས་རབ་བྲོ་བརྡུངས་པས༔ གཉིས་མེད་བདེ་ཆེན་ཀློང་དུ་བསྒྲལ༔ བག་ལ་ཉལ་བའི་ཞེན་པ་ལ༔ རང་རིག་རང་གསལ་བྲོ་བརྡུངས་པས༔ ཐམས་ཅད་ཀ་དག་ཀློང་དུ་ཐིམ༔ ཧཱུྃ་བྷྲཱུྃ་ཧྲཱིཿཕཊ༔ སཏྭམྦྷ་ཡ་ལཾ་ནན༔ བཞི་པ་དངོས་གྲུབ་ལེན་པ་ནི༔ ཧཱུྃ༔ ཐུགས་རྗེའི་ལྷ་ཚོགས་བསྙེན་སྒྲུབ་མཐའ་རུ་ཕྱིན༔ རྡོ་རྗེ་སྲིན་པོའི་ནམ་ཡང་ལངས་ལ་ཁད༔ མི་འགྱུར་བདེ་ཆེན་པདྨའི་མཁའ་ཀློང་ལས༔ བྱང་ཆུབ་སེམས་ཀྱི་ཉི་མ་འོད་གསལ་བའི༔ འཕགས་མཆོག་ཐུགས་རྗེས་བརྩེ་བས་ཉེར་དགོངས་ནས༔ མཚན་དཔེའི་སྐུ་དང་འགྲོ་བ་སྒྲོལ་བའི་ཕྱིར༔ བདེ་ཆེན་ཐུགས་མཆོག་ཡོན་ཏན་བསམ་མི་ཁྱབ༔ ཕྲིན་ལས་འགྲོ་བ་སྒྲོལ་བའི་དངོས་གྲུབ་སྩོལ༔ འཆི་མེད་ཚེ་དང་འཛད་མེད་འབྱོར་པའི་དཔལ༔ དབང་བཅུ་སྤྱན་ལྔ་རྒྱལ་སྲས་རིགས་ཀྱི་མཆོག༔ འདོད་པའི་དངོས་གྲུབ་ཐམས་ཅད་བསྩལ་དུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཧྲཱི༔ ལྔ་པ་དཀྱིལ་འཁོར་བསྡུ་བ་ནི༔ ཧཱུྃ༔ དམ་ཚིག་ཡེ་ཤེས་གཉིས་མེད་ལྷུན་གྱིས་གྲུབ༔ སྐུ་གསུང་ཐུགས་མཆོག་ནམ་མཁའི་མཐའ་ཀླས་ཤིང༔ ངོ་བོ་དབྱེར་མེད་རོ་གཅིག་དབྱིངས་སུ་ཐིམ༔ རྣམ་པ་མ་འགགས་སྣ་ཚོགས་ཅིར་ཡང་གསལ༔ ཡེ་ནས་ལྷུན་གྲུབ་སྐུ་གསུམ་ངང་ལ་གནས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དྲུག་པ་སྨོན་ལམ་གདབ་པ་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་འདུས་མ་བྱས་པ་ཡི༔ རང་རིག་ཡེ་ཤེས་རྩལ་ཆེན་རྫོགས་པའི་མཐུས༔ མཁའ་མཉམ་སེམས་ཅན་སྐུ་གསུང་ཐུགས་ཀྱི་ངང༔ བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལྷུན་གྲུབ་ཤོག༔ བདུན་པ་བཀྲ་ཤིས་བརྗོད་པ་ནི༔ ཧཱུྃ༔ འཁོར་འདས་ཀུན་ཁྱབ་རང་དང་གཉིས་སུ་མེད༔ རིག་འཛིན་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ ཆོས་རྣམས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཆེ༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ མཁའ་དབྱིངས་རྣམ་དག་བདེ་བ་ཆེན་པོའི་ངང༔ ཡུམ་མཆོག་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག༔ མཐའ་བྲལ་ཆོས་སྐུ་བཟང་ངན་བླང་དོར་བྲལ༔ རྣམ་པ་ཀུན་ཏུ་དགེ་བའི་བཀྲ་ཤིས་ཤོག༔ དེ་ནས་རྒྱུན་གྱི་སྤྱོད་ལམ་བྱ༔ དེ་ནི་རྗེས་ཀྱི་རིམ་པ་འོ༔ དེ་ལྟར་རྒྱལ་བ་སྤྱི་སྒྲུབ་འདི༔ སངས་རྒྱས་ཐོབ་པར་འདོད་པ་ལ༔ མེད་དུ་མི་རུང་ཐབས་ཀྱི་མཆོག༔ ཟབ་ལ་དྲིལ་བ་འདི་བསྟན་པས༔ འགྲོ་ཕན་རྒྱ་ཆེན་འབྱུང་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁོ་བོ་མཆོག་གྱུར་གླིང་པས་འབུམ་རྫོང་དུ་ཁྲོམ་གཏེར་ནས་སྤྱན་དྲངས་པའི་ཤོག་སེར་ལས་ལེགས་པར་གཏན་ལ་ཕབ་པའོ།། །།
བླ་མའི་ཐུགས་སྒྲུབ་གསང་བ་འདུས་པའི་སྨིན་བྱེད་དབང་བསྐུར་གྱི་ཡི་གེ་རྣམ་དག་བདུད་རྩིའི་ཆུ་རྒྱུན་ (Volume 6, Text 4)
༄༅། །བླ་མའི་ཐུགས་སྒྲུབ་གསང་བ་འདུས་པའི་སྨིན་བྱེད་དབང་བསྐུར་གྱི་ཡི་གེ་རྣམ་དག་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨཱ་ཀྵོ་བྷྱ་བཛྲ་དྷ་རཱ་ཡ། གདོད་ནས་གཞི་ཐོག་རང་གྲོལ་ཕྱིར་སྣང་རྩལ། །ཕྱོགས་དུས་རྒྱལ་བའི་གསང་བ་འདུས་པའི་སྐུ །མི་བསྐྱོད་རིགས་བརྒྱའི་བདག་པོར་བཞེངས་པ་གང་། །སྙིང་པོའི་མཐར་ཡང་གཙུག་གི་རྒྱན་དུ་མཆོད། །ཆོས་འདི་རིག་འཛིན་ཀུན་གྱི་མགྲིན་རྒྱན་ཕྱིར། །སྔ་ཕྱིའི་ཡིག་ཆ་ཁུངས་ལྡན་མང་ན་ཡང་། །ཧ་ཅང་མ་སྤྲོས་གཞུང་དོན་མ་ཚང་མེད། །རྒྱས་བསྡུས་སྐྱོན་བྲལ་རང་བློར་འཚམ་འདི་འོ། །གཏེར་སྟོན་གྲུབ་བརྒྱའི་སྤྱི་མེས་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་ཀུན་གྱི་ཡང་བཅུད་བླ་མའི་ཐུགས་སྒྲུབ་གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚུལ་རྩ་བ་དབང་གི་སྒྲོམ་དང་ཟུར་བཀོལ་དབང་གི་གལ་བྱང་རིག་འཛིན་བརྒྱུད་པའི་ཞལ་རྒྱུན་སོགས་གུང་སྤྲོས་པའི་ཕྱག་ལེན་སྙིང་པོར་དྲིལ་བ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་ལས་རིམ་མོ། །དང་པོ་ལ་གསུམ། རྟེན་མཆོད་བཤམ་པ། བསྙེན་སྒྲུབ་བྱ་བ། སློབ་མ་ལྷག་པར་གནས་པའོ། །དང་པོ་ནི། རྡོ་རྗེ་སློབ་དཔོན་བསྙེན་སྒྲུབ་མཐར་ཕྱིན་པ་དང་སྐལ་ལྡན་སློབ་མ་སྣོད་བཅུད་ཀྱི་རྟེན་འབྲེལ་ཚོགས་པ་ན་ཁྱད་པར་གྱི་དུས་ཆེན་ཡར་ངོའི་ཚེས་བཅུ་ལྟ་བུའི་དུས་བཟང་པོར། གུ་རུའི་བྱིན་གྱིས་བརླབས་པའི་གནས་སམ་དབེན་ལ་ཉམས་དགའ་བར་གུ་རུའི་སྐུ་གསུང་ཐུགས་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་གཙང་མར་དཀར་གཏོར་དང་གསེར་སྐྱེམས་བཤམ། བདག་ཉིད་ལྷའི་ང་རྒྱལ་དང་ལྡན་པས་གཞི་གནས་ཀྱི་བདག་པོ་ལ་གཏོར་མ་སྤྱི་ལྟར་འབུལ། དཀྱིལ་འཁོར་གྱི་གཞི་ལ་བདུད་རྩི་ལྔས་བྱུག་ཅིང་། ཧཱུྃ༔ བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་དུ༔ བདུད་རྩི་རྣམ་ལྔའི་ཆག་ཆག་གདབ༔ འབྱུང་དང་འབྱུང་འགྱུར་དཀྱིལ་འཁོར་མཆོག༔ ཡེ་ཤེས་ལྔ་རྫོགས་གཞལ་ཡས་གསལ༔ ཨོཾ་སརྦ་པཉྩ་གུ་ཡ་ཛྙཱ་ན་མཎྜ་ལ་ཏྲཱཾ༔ ཞེས་ཁྱེམ་མེད་པར་བྱས་ལ། བདག་དང་སློབ་མ་གཙོ་བོ་ཡབ་ཡུམ་དུ་གསལ་བའི་མཁའ་གསང་ལས་སྤྲོས་པའི་བྱང་ཆུབ་སེམས་ཀྱིས་ཐིག་གདབ་པ་དང་ཚོན་གྱི་ཚོགས་དཀྱིལ་འཁོར་རྒྱས་པ་ལས་བྱང་ལེའུ་གསུམ་མ་དང་ཕྱིས་མཛད་དཀྱིལ་འཁོར་རྣམ་དག་གི་དགོངས་དོན་སྒོ་རྫོགས་ཅན་ནམ། བསྡུས་པ་གཞུང་གི་དངོས་བསྟན་ཕོ་བྲང་གནམ་བབས་མར་གྲགས་པ་མུ་ཁྱུད་རིམ་པ་བཞིའི་ལྟེ་བ་མཐིང་ག་ཟེའུ་འབྲུ་ལྗང་གུ །ནང་གི་པད་འདབ་བཞི་ཕྱོགས་མདོག །དེ་རྒྱབ་གཞི་དམར་སེར་ལ་རིན་ཆེན་ཟུར་བརྒྱད་མཐིང་ག །ཕྱི་སྐོར་པད་འདབ་བཅུ་དྲུག་མཛེས་ཚོན་རྡོར་ར་མེ་རི་དང་བཅས་པ་བྲི་བའམ་རས་བྲིས་བཏིང་། གང་ཡང་མ་འཛོམ་ན་མཎྜལ་བདུད་རྩིས་བྱུགས་པ་ལ་འབྲུའི་ཚོམ་བུ་ལྷ་གྲངས་བཀོད་པས་ཀྱང་རུང་ངོ་། །དེ་སྟེང་སྒྲུབ་དུས་ལྟར་ན་ཐོད་སྐུ་སོགས་དགོས་ཀྱང་འདིར་དབང་དུས་ཁོ་ནའི་ལུགས་སུ་ཁྲིའུའི་ཁར་བུམ་པ་སོ་ལྔའི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་གཟུངས་ཐག་དང་ལྡན་པའི་ཁར་རམ་མདུན་དུ་ལྷ་ཙཀ་ཚང་མ། གཡས་གཡོན་དུ་གསང་དབང་རྫས་ཐོད་པ་མཚན་ལྡན་དུ་ཆང་ལ་མངར་གསུམ་དང་ཆོས་སྨན་སྦྱར་བ། ལས་རྒྱའི་ཙཀླི །ཤེལ་རྡོ་མེ་ལོང་། མདུན་ངོས་སུ་གཏོར་མ་རིན་ཆེན་འབར་བ་ཤ་མར་ཟས་སྣ་སྤོད་ཀྱིས་བྲན་པའི་གཡས་གཡོན་དུ་སྨན་རཀ །མཐའ་སྐོར་དུ་ཆུ་གཉིས་ཉེར་སྤྱོད་ཀྱིས་བསྐོར་བ། རྒྱན་གྱི་བཀོད་པ་ཅི་མཛེས་བྱ། གཞན་ཡང་ལས་བུམ། སོ་ཤིང་། དུང་ཆུ། ཀུ་ཤ །སྲུང་སྐུད་ཁ་དོག་ལྔ་བསྒྲིགས། མིག་དར་མེ་ཏོག་སོགས་མཁོ་བའི་ཡོ་བྱད་རྣམས་དང་། གཏོར་ཚོགས་ཇི་ལྟར་དགོས་པ་རྣམས་ལྷག་ཆད་མེད་པར་བྱའོ། །གཉིས་པ་ནི། དངོས་སྟ་ཉིན་གཉིས་པའི་དབང་དུ་བྱས་ན། ལས་བྱང་ཆོག་སྒྲིག་ལུགས་སྲོལ་གང་ལ་བརྟེན་ཀྱང་ཆོག་མོད། ཁྱེར་བདེ་དོན་ཚང་དབང་གིས་སྨིན་ལུགས་སྙིང་པོ་རབ་གསལ་ལྟར་ན། མཚམས་གཅོད་ནས་བརྩམ་ཚོགས་མཆོད་ཀྱི་བར་དུ་བཏང་། དགོངས་པའི་ཏིང་ངེ་འཛིན་གསལ་བཏབ་ནས་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་ཅི་འགྲུབ་བྱ། ཁྱད་པར་བསྙེན་པའི་སྐབས་སུ་མོས་གུས་ཀྱིས་ཐུགས་རྒྱུད་བསྐུལ། སྐུ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་འབུལ། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱང་། ཚུར་འདུས་བདག་དང་སློབ་མ་རྣམས་ལ་ཐིམ་པས་ཉམས་ཆག་རྣམ་སྨིན་ཤེས་བྱའི་སྒྲིབ་པ་བྱང་བར་བསམ། བཟླས་པ་གྲུབ་ནས་རྣམ་བུམ་ལ་དམིགས་ཏེ། ཧྲཱིཿ བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང་། །པདྨ་རིན་ཆེན་འབར་བ་སྤེལ། །འཇའ་ཚོན་བྲེས་པ་ལྟ་བུའི་ནང་། །བླ་མ་རྩ་གསུམ་ལྷ་ཚོགས་གསལ། །རང་གི་ཐུགས་ཀའི་འོད་ཟེར་ནི། །གཟུངས་ཐག་ལ་འཁྲིལ་བུམ་ནང་སོང་། །ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། །སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས། །རིགས་ལྔ་ཡབ་ཡུམ་ཐུགས་རྒྱུད་བསྐུལ། །སྦྱོར་མཚམས་སྐུ་གསུང་ཐུགས་ཡེ་ཤེས། །གཉིས་མེད་བྱང་ཆུབ་སེམས་རྒྱུན་བྱུང་། །བུམ་ནང་ལྷར་ཞུགས་དེ་རྣམས་ཀྱང་། །མཉམ་སྦྱོར་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་པ་གང་བར་གྱུར། ཅེས་མོས་ལ་གཟུངས་ཐག་འཇུས་ཏེ་རྩ་སྔགས་ཐོད་ཕྲེང་རྩལ་གྱི་ཤམ་བུར། ཀཱ་ཡ་ཝཱ་ཀ་ཙིཏྟ་བ་ཤང་ཀུ་རུ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བརྒྱ་རྩ་བརྒྱད་བཟླ། སྐུ་གསུང་ཐུགས་ཀྱི་སྐོང་བ་བྱས་ལ་དགོངས་པ་བསྐྱང་། ཨོཾ་ཨཱཿཧཱུྃ་གིས་དུང་ཞལ་གྱི་ཆུ་མཆོད་ཡོན་དུ་ཕུལ་བས་ལྷ་རྣམས་བདེ་བ་ཆེན་པོས་འོད་དུ་ཞུ་ནས་བདུད་རྩི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གྱུར། ཅེས་མོས། ལས་བུམ་བྷྲཱུྃ་ལས་གཞལ་ཡས་ཁང་དུ་གསལ་བའི་དབུས་སུ་པད་ཟླའི་གདན་ལ་ཧཱུྃ་ལས་དཔལ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་ལ་ཡི་གེ་བརྒྱ་པས་བསྐོར་བ་ལས་དག་བྱེད་བདུད་རྩིའི་རྒྱུན་བབས་བུམ་པ་ཡོངས་སུ་གང་བར་གྱུར། ཅེས་གསལ་བཏབ་ལ་ཡིག་བརྒྱ་ཉེར་གཅིག་ལས་མི་ཉུང་བ་བཟླས་ལ་བྱིན་བརླབས། ལྷ་འོད་དུ་ཞུ་ནས་རང་ལ་ཐིམ་པར་མོས། དཀྱིལ་འཁོར་གྱི་བཅས་རྣམས་ཡོལ་བས་བསྒྲིབ་བོ། །གསུམ་པ་སློབ་མ་ལྷག་གནས་ལ་བརྒྱད། ཁྲུས་དང་བགེགས་བསྐྲད། ཡོན་འབུལ་གསོལ་གདབ། སེམས་བསྐྱེད་སྡོམ་བཟུང། སོ་ཤིང་། ཁྱོར་ཆུ། ཀུ་ཤ །སྲུང་སྐུད་སྦྱིན་པ། ཆོས་བཤད་པའོ། །དང་པོ་ནི། སློབ་མ་རྣམས་ལས་བུམ་གྱི་ཆུས་སྒོའི་ཕྱི་རོལ་དུ་ཁྲུས་བྱ། བགེགས་གཏོར་བཏང་ལ་བཀའ་བསྒོ །གུ་གུལ་དུད་པ་དང་ཡུངས་ཐུན་བྲབས་ལ་ནང་དུ་ཞུགས་ཏེ་མཚམས་བཅད། ཕྱག་བཅས་གྲལ་དུ་འཁོད་དོ། །གཉིས་པ་ནི། མེ་ཏོག་བཀྱེ་བསྡུ་བྱས་ལ། འོ། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐུ་བཞིའི་དབང་ཕྱུག་ཁྱབ་བདག་བླ་མ་གསང་བ་འདུས་པའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་གུ་རུའི་ཐུགས་སྒྲུབ་ཀུན་གྱི་རྒྱལ་པོ་གསང་འདུས་བླ་མའི་དཀྱིལ་འཁོར་དུ་དབང་བསྐུར་ཟབ་མོ་གསན་ལ་ལམ་རིམ་པ་གཉིས་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་ནས་གསན་པར་འཚལ། དེའང་བདག་ཅག་རྣམས་ཀྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཚད་མེད་པ་མངའ་བ་དེ་ཉིད་ཀྱིས་གདུལ་བྱ་རྣམས་ཀྱི་དབང་པོ་དང་མཐུན་པར་གནས་སྐབས་ཐེག་པ་གསུམ་དང་མཐར་ཐུག་མི་གནས་པའི་མྱང་འདས་ཆེན་པོ་ལ་འགོད་པའི་སླད་དུ་ཆོས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་བསྟན་པ་ཐམས་ཅད་ཀྱི་མཆོག་གམ་ཕུལ་དུ་གྱུར་པ་ནི་གསང་ཆེན་འོད་གསལ་རྡོ་རྗེ་ཐེག་པ་ཚེ་གཅིག་གིས་འཚང་རྒྱ་བའི་ལམ་ཚང་ལ་མ་ནོར་བ་བསྟན་པ་འདི་ཉིད་ཡིན་ལ། འདི་ལའང་དབང་པོ་རིམ་གྱིས་པ་སྦྱོར་བའི་བརྩོན་འགྲུས་དང་ལྡན་པ་རྣམས་འཇུག་པའི་ཆེད་དུ་ཡི་དམ་ལྷའི་དཀྱིལ་འཁོར་དུ་དབང་བསྐུར་ནས་རིམ་གཉིས་ཉམས་སུ་ལེན་པ་དང། དབང་རྣོན་གཅིག་ཅར་བ་སྔོན་སྦྱངས་ལས་འཕྲོ་སད་པ་རྣམས་འཇུག་པའི་ཆེད་དུ་བླ་མ་ཐུགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ནས་རིམ་གཉིས་ཉམས་སུ་ལེན་པ་གཉིས་སུ་གསུངས་པ་ལས་མཆོག་ཏུ་གྱུར་པ་ནི་ཕྱི་མ་ཉིད་ཡིན་ཏེ། དགོངས་པ་འདུས་པའི་རྒྱུད་ལས། བསྐལ་པ་སྟོང་གི་སངས་རྒྱས་ལས། །བླ་མ་གཉན་པར་ཤེས་པར་བྱ། །ཅི་ཕྱིར་ཞེ་ན་བསྐལ་པ་ཡི། །སངས་རྒྱས་མ་ལུས་ཐམས་ཅད་ཀུན། །བླ་མ་དག་ལ་བསྟེན་ནས་འབྱུང། །ཞེས་དང་། རྒྱུད་གཞན་ལས། དཀྱིལ་འཁོར་མ་ལུས་ཐམས་ཅད་ཀྱང་། །བླ་མའི་དཀྱིལ་འཁོར་ཉིད་དུ་འདུས། །བླ་མ་མཆོག་གིས་བྱིན་བརླབས་ན། །རྒྱལ་བ་ཀུན་གྱིས་བྱིན་བརླབས་ཏེ། །དཀྱིལ་འཁོར་ཀུན་གྱི་དབང་བསྐུར་འགྱུར། །ཅེས་སོགས་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཡིན་པའི་ལུང་མཐའ་ཡས་པ་གསང་སྔགས་གསར་རྙིང་གཉིས་ཀ་ལས་འབྱུང་ཞིང་། དེ་ཉིད་སྒྲུབ་པའི་ཚུལ་ཡང་ཇི་སྙེད་ཅིག་མཆིས་པ་ལས་ཁྱད་པར་དུ་གྱུར་པ། ཕྱོགས་དུས་རྒྱལ་བ་རབ་འབྱམས་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པ་ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་ཞེས་བྱ་བ། གདོད་ནས་ཐོག་མའི་མགོན་པོ་དང་རྣམ་དབྱེར་མེད་པར་བཞུགས་ཤིང་སྐུ་དང་ཞིང་ཁམས་རྒྱ་མཚོའི་སྤྲིན་ཆེན་མངོན་པར་བཀོད་དེ་འཁོར་བ་མ་སྟོང་གི་བར་དུ་འགྲོ་བའི་དོན་རྟག་ཁྱབ་ལྷུན་གྲུབ་ཏུ་མཛད་ཅིང་། དེ་ལས་ཀྱང་མི་མཇེད་འཇིག་རྟེན་འདི་ཉིད་འདུལ་བའི་ཕྱིར་དུ་བདེ་བ་ཅན་གྱི་ཞིང་ཁམས་ནས་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་ལས་སྤྲུལ་པའི་ཚུལ་གྱིས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་གླིང་བཞི་བྱེ་བ་ཕྲག་བརྒྱར་གཅིག་ཅར་དུ་བསྟན། ཁྱད་པར་འཛམ་གླིང་འདི་ཉིད་ཀྱི་ཨོ་རྒྱན་རྒྱ་གར་བོད་ཡུལ་འགྲོ་ལྡིང་གཙོ་བོར་གྱུར་པའི་ཡུལ་ཁམས་དང་གླིང་ཕྲན་རྣམས་སུ་དངོས་དང་བརྒྱུད་ནས་འདུལ་བ་བཞིའི་ཆོ་འཕྲུལ་རྒྱུན་ཆད་མེད་པས་སངས་རྒྱས་ཀྱི་ཕྲིན་ལས་ཆེན་པོ་མཛད་ཅིང་། རྡོ་རྗེའི་སྐུས་བསྐལ་པ་ཇི་སྲིད་བར་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོར་བཞུགས་ཏེ་ཟབ་གསང་ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར། བོད་ཡུལ་མུན་པའི་གླིང་དུ་འཇམ་མགོན་ཁྲི་ལྡེས་དམ་པ་ཆོས་ཀྱི་སྒྲོན་མེ་སྤོར་བའི་སྟོངས་དང་གྲོགས་སུ་ཕྱག་ཕེབ་སྟེ་རྒྱལ་བའི་བསྟན་པ་ཉིན་མོར་མཛད་པའི་སྐབས་སུ། ལས་ཅན་རྗེ་འབངས་རྣམས་ཀྱིས་གསོལ་བ་བཏབ་པ་ལ་བརྟེན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོས་སྒོ་ཟབ་ཅིང་རྒྱ་ཆེན་བསམ་ལས་འདས་པ་བསྩལ་ནས་མ་འོངས་གདུལ་བྱའི་དོན་ལ་དགོངས་ནས་བོད་ཡུལ་མཐའ་དབུས་རྣམས་སུ་གཏེར་ཁ་བྱེ་བ་ཕྲག་བརྒྱ། དེ་དག་གི་གཙོ་བོ་ཐུགས་དམ་སྙིང་པོའི་གཏེར་བརྒྱ་དང་བཅོ་ལྔ། བཅུད་འདུས་ཐུགས་གཏེར་ཆེན་པོ་ལྔ་ལ་སོགས་པ་སྦས་ཏེ། བཀའ་གཙིགས་ལས། ཨོ་རྒྱན་མཁན་པོ་པདྨ་འབྱུང་གནས་ངས༔ རི་མཐོ་ས་གཙང་གངས་ཅན་བོད་ཡུལ་འདིར༔ བསམ་གྱིས་མི་ཁྱབ་ཆོས་བསྒྱུར་གཏེར་དུ་སྦས༔ ཕྱི་རབས་ལས་ཅན་སྙིང་གི་བུ་དོན་དུ༔ ང་ཡི་ཐུགས་དམ་ཟབ་མོ་སྙིང་པོའི་གཏེར༔ བརྒྱ་དང་ཉེར་ལྔ་སྦས་པ་དེ་ཡི་བཅུད༔ ཐུགས་གཏེར་ལྔར་འདུས་ལྔ་ལས་ཁྱད་འཕགས་སྐོར༔ གནམ་སྐས་བྲག་གི་ཐུགས་གཏེར་འདི་ཁོ་ན༔ ཨོ་རྒྱན་ང་ཡི་ཐུགས་སྒྲུབ་ཡི་དམ་སྐོར༔ མ་ལུས་འདིར་མཆིས་ངོ་མཚར་རྨད་ཀྱི་ཆོས༔ ཞེས་གསུངས་པའི་ནང་ནས་ཁྱད་པར་དུ་གྱུར་པའི་ཐུགས་གཏེར་འདོན་པ་པོའང་། ཇི་སྐད་དུ། ཐུགས་གཏེར་གཅིག་ནི་ལྷོ་བྲག་གནམ་སྐས་བྲག་ལ་སྦས༔ ཁྱད་པར་བླ་མའི་སྒྲུབ་སྐོར་ཡིན༔ མངའ་བདག་གསུང་གི་སྤྲུལ་པས་འདོན་པར་འགྱུར༔ ཞེས་སོགས་ལུང་དུ་མ་ནས་བསྟན་པ་མངའ་བདག་ཚངས་པ་ལྷའི་མེ་ཏོག་མངོན་པར་རྫོགས་པར་སངས་རྒྱས་པའི་གསུང་གི་རྣམ་རོལ་གུ་རུ་རིན་པོ་ཆེ་སྤང་སྟོན་ཆོས་ཀྱི་དབང་ཕྱུག་གིས་ཟབ་མོའི་གཏེར་ཁ་བཅོ་བརྒྱད་སྤྱན་དྲངས་པ་རྣམས་ཀྱི་གཙོ་བོ། ལྷོ་བྲག་གནམ་སྐས་ཅན་ནས་ཁྲོ་ཆུའི་ཀླུ་བདུད་ཀྱི་གཟུགས་ཁྲུ་གང་པ་ཞིག་གི་སྐུ་སྟོད་ནས་དམ་ཆོས་བདུད་རྩིའི་སྐོར། རྐེད་པ་ནས་ཁྱད་འཕགས་སྒྲུབ་ཐབས་ཀྱི་སྐོར། སྐུ་སྨད་ནས་ཕན་གནོད་ལས་ཚོགས་ཀྱི་སྐོར་བརྒྱ་རྩ་བརྒྱད་དེ། ཁྱད་པར་དུ། ཡང་གཏེར་ཟབ་ཕྱིར་ཀླུ་བདུད་དབུ་ལ་གཏམ༔ ཞེས་ཀླུ་བདུད་དབུའི་ནང་ནས་ཡང་གཏེར་ཁྱད་འཕགས་སྐོར་གསུམ། དེ་དག་གི་ཐེམས་སུ་མ་བསྟན་པའི་ཐེམས་མེད། གཉན་གཏེར་གྭའུ་ནག་པོའི་སྐོར་བཅས་ཆོས་སྡེ་བསམ་ལས་འདས་པ་བྱོན་ཅིང་། སྤྱིར་ཐུགས་གཏེར་ཆེན་པོ་ལྔ་ལ་ཁྱད་པར་གྱི་ཆོས་རེ་རེ་བཞུགས་པའི་ཐུགས་གཏེར་འདིའི་ཁྱད་ཆོས་ནི་བླ་མའི་སྒྲུབ་ཐབས་ཡིན་པར་གསུངས་པའི་བླ་སྒྲུབ་ཀྱི་སྐོར་ལའང་སྐུ་སྐེད་ཁྱད་འཕགས་སྒྲུབ་ཐབས་ཀྱི་ནང་ཚན་བླ་མ་སྐུ་གསུམ་གྱི་སྐོར་དང་། བླ་མ་གསང་བ་ཡོངས་རྫོགས་ཀྱི་སྐོར་མང་དུ་བཞུགས་ནའང། ཇི་སྐད་དུ། བླ་མའི་སྒྲུབ་ཐབས་མོས་གུས་ཆོས་མང་གི༔ རང་དང་དབྱེར་མེད་སྒྲུབ་ཐབས་འདི་ན་མཆིས༔ དེ་གང་ཞེ་ན་གསང་བ་འདུས་པའི་སྐོར༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ ཞེས་བསྔགས་པར་མཛད་པའི་བླ་སྒྲུབ་གསང་བ་འདུས་པའི་སྐོར་ནི་ཡང་གཏེར་ཡིན་པས་ཀྱང་ཁྱད་པར་དུ་འཕགས་ཏེ། ཐུགས་གཏེར་སྦས་པ་ལྔ་ཡོད་ཀྱང༔ ཡང་གཏེར་སྦས་པ་གཅིག་ལས་མེད༔ ཅེས་ཐུགས་གཏེར་ལྔ་ལའང་ཡང་གཏེར་འདི་ཁོ་ན་ཡིན་པར་གསུངས་པའི་བླ་སྒྲུབ་ཀུན་གྱི་ཡང་སྙིང་འདི་ལའང་། བཀའ་གཙིགས་ལས། བླ་མའི་སྐོར་ལ་སྒྲུབ་ཐབས་རྩ་བ་ལྔ༔ གསང་བ་བླ་མེད་མཆོག་གི་སྒྲུབ་པ་དང༔ ཁྱད་པར་གསོལ་འདེབས་ཚིག་བདུན་སྒྲུབ་པ་དང༔ པདྨ་ཐོད་ཕྲེང་གསང་མཚན་སྒྲུབ་པ་དང༔ པདྨ་བཅུད་བསྡུས་ཐབས་ལམ་སྒྲུབ་པ་དང༔ ཐུགས་སྒྲུབ་མཐར་ཐུག་གསང་འདུས་སྒྲུབ་སྐོར་རོ༔ ཞེས་གསུངས་པའི་བླ་སྒྲུབ་སྐོར་ལྔའི་རྩ་བར་གྱུར་པ་ཐུགས་སྒྲུབ་གསང་བ་འདུས་པའི་སྨིན་གྲོལ་ཕྱག་ལེན་དང་བཅས་པ་སྲས་སློབ་བརྒྱུད་པའི་བཀའ་སྲོལ་མང་དུ་གྱེས་ཏེ་གངས་ཅན་འཛིན་མའི་ལྗོངས་ཐམས་ཅད་ཕྲིན་ལས་ཀྱིས་ཁྱབ་པ་ལས། འདིར་ལྷོ་བྱང་བརྒྱུད་པའི་ཆུ་བོ་གཅིག་འདྲེས་ཀྱི་སྨིན་བྱེད་བསྒྲུབ་པར་བགྱི་བ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་སྔོན་དུ་སོང་གྲུབ། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སྔོན་འགྲོ་སྟ་གོན་གྱི་རིམ་པ་དང་། དངོས་གཞིའི་དབང་བསྐུར་བ་གཉིས་སུ་ཡོད་པ་ལས་ཐོག་མར་སློབ་མ་ལྷག་པར་གནས་པའི་ཆོས་རྣམས་ཞུ་བའི་ཡོན་དུ་ཞིང་ཁམས་འབུལ་འཚལ། ཅེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག །སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་པའི་སྤྱན་སྔར་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བླ་མ་སངས་རྒྱས་ཀུན་བདག་དཔལ༔ བདག་ལ་བརྩེ་བར་དགོངས་ནས་ཀྱང༔ བླ་མེད་གནས་སུ་བསྒྲལ་བའི་ཕྱིར༔ དཀྱིལ་འཁོར་དམ་པ་བསྟན་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་གནང་བ་སྦྱིན་ཞིང་མོས་པ་དྲི་བ་ཡིན་པས་གསན་འཚལ། ཀྱེ་ཧོཿདད་ལྡན་བུ་ཁྱོད་ཉོན༔ ཡང་དག་དོན་གྱི་སྙིང་པོ་འདི༔ མཐོང་ཐོས་ལན་གཅིག་དྲན་པས་ཀྱང༔ ངེས་པར་བྱང་ཆུབ་སར་བགྲོད་ཅིང༔ ཐེ་ཚོམ་ཡིད་གཉིས་སྐྱེས་གྱུར་ན༔ རྡོ་རྗེ་དམྱལ་བར་ལྟུང་བར་བྱེད༔ ལེགས་ཉེས་ཆེ་བས་བསམ་པར་གྱིས༔ དོན་དམ་བློ་ངེས་མ་ཐུབ་ན༔ ཡང་གསང་དཀྱིལ་འཁོར་བསྟན་པར་བྱ༔ གསང་བའི་དམ་ཚིག་ཚུལ་བཞིན་དུ་བསྲུང་སྙམ་པས་ནན་ཏན་གྱིས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཀྱིལ་འཁོར་གཙོ་བོ་རྡོ་རྗེ་འཆང༔ པདྨ་རྒྱལ་པོ་དགོངས་སུ་གསོལ༔ བདག་ཅག་ལས་ལྡན་ཐེག་ཆེན་རིགས༔ གསང་བ་མཆོག་ཏུ་བློ་ངེས་ཤིང༔ ལུས་དང་སྲོག་ལ་མི་ལྟ་བར༔ དམ་ཚིག་བཀའ་བསྩལ་ཚུལ་བཞིན་བསྒྲུབ༔ ངེས་པར་གནང་ཞིང་བསྩལ་དུ་གསོལ༔ ལན་གསུམ་བརྗོད། གསུམ་པ་ནི། བླ་མ་དང་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་དཀྱིལ་འཁོར་ནམ་མཁའ་གང་བར་བཞུགས་པའི་སྤྱན་སྔར། དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་གུས་པ་ཆེན་པོས་སྐྱབས་སུ་མཆི་ཞིང་སྨོན་འཇུག་དོན་དམ་པའི་བདག་ཉིད་ཅན་གྱི་སེམས་བསྐྱེད་པ་དང་། སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་དང་སྡོམ་པ་རྣམས་ཚུལ་བཞིན་བླངས་ནས་བསྲུང་སྙམ་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་སངས་རྒྱས་འཁོར་དང་བཅས༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ བླ་མ་དཀོན་མཆོག་རྣམ་གསུམ་ལ༔ བྱང་ཆུབ་མ་ཐོབ་བར་དུ་ནི༔ སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་ཐོབ་བྱ་སྙམ༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་ཅིང༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ འཇུག་པའི་བྱང་ཆུབ་སེམས་བསྐྱེད་དེ༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ལན་གསུམ། བཞི་པ་ནི། ཤིང་འབྲས་བུ་ཅན་ནམ་དྲི་ལྡན་གྱི་སོ་ཤིང་སོར་བཅུ་གཉིས་པ་གས་ཆག་མེད་ཅིང་རྩེ་མོ་སོར་གཉིས་ཟླུམ་པོ་ལ་མེ་ཏོག་དམར་པོས་བརྒྱན་ཅིང་སྨད་དབལ་ལྡན་དྲིའི་ཆུས་བརླན་པ་དང་། མཎྜལ་བ་བྱུང་དང་དྲིའི་ཆུས་བྱུགས་ཤིང་ཚོམ་བུ་ལྔ་བཀོད་པ་འདུ་བྱས་ལ། ལས་ཆུས་བསང་། མཚན་ཉིད་དང་ལྡན་པའི་སློབ་མ་རྣམས་ཀྱི་དངོས་གྲུབ་ཀྱི་ལྟས་བརྟགས་པའི་ནུས་ལྡན་དུ་གྱུར། ཅེས་མོས། སོ་ཤིང་འདི་ལག་པ་ཐལ་མོ་སྦྱར་མཐེ་བོང་ཕྱིར་བརྐྱང་བའི་བར་དུ་བཟུང་སྟེ། རྩེ་མོས་སོའི་དྲི་མ་བྲུད་པས་སྡིག་སྒྲིབ་ཐམས་ཅད་ཕྱིར་སྐྱུགས་པར་བསྒོམས་ལ་མཎྜལ་གྱི་དབུས་སུ་རྩེ་མོ་གྱེན་དུ་བསྟན་ཏེ་དྲང་པོར་འདོར་བ་དང་ལྷན་ཅིག་འདིའི་རྗེས་ཟློས། བླ་མས་གནང་བའི་སོ་ཤིང་འདི༔ མཎྜལ་དབུས་སུ་བདག་འདོར་ན༔ སྔོན་ཚེ་ཉིད་ནས་བསྙེན་པའི་ལྷ༔ གང་ཡིན་སྐལ་ལྡན་དེར་འབབ་ཤོག༔ ཨོཾ་བཛྲ་ཧ་ས་ཧ༔ ཞེས་མཎྜལ་དུ་འདོར་དུ་གཞུག །དེ་ལྟར་དོར་བས་མཎྜལ་གྱི་ཕྱོགས་བཞི་དབུས་ལྔ་གང་དུ་བབས་པའི་རིགས་སོ་སོའི་ལྷ་འགྲུབ། རྩེ་མོ་སྟེང་དུ་འགྲེང་ན་མཆོག་གི་དངོས་གྲུབ། ཕྱོགས་བཞིར་ཕྲིན་ལས་བཞི། མཚམས་སུ་དངོས་གྲུབ་ཕྲན་ཚེགས་འགྲུབ་པ་ཡིན་ནོ། །ཞེས་ལུང་བསྟན། ལྔ་པ་ནི། ཁྱོར་ཆུ་ལན་གསུམ་ཁོང་དུ་བཏུང་ཞིག་ལྷག་མ་རྒྱབ་ཏུ་དོར་བས་སྒོ་གསུམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་དག་པར་མོས་ཤིག །ཨོཾ་ཧྲཱིཿབི་ཤུདྡྷེ་དྷརྨ༔ སརྦ་པཱ་པཾ་ནིཤྩེ་སྱ་བི་ཤོ་དྷ་ཡ་སརྦ་བི་ཀ་ཝཱན་ཨ་པཱ་ན་ཧཱུྃ། ཞེས་པས་དུང་ཆུ་ལན་གསུམ་སྦྱིན། དྲུག་པ་ནི། དངོས་གྲུབ་ཀྱི་ལྟས་རྨི་ལམ་བརྟག་པ་ལ་གདོན་གྲིབ་བར་ཆད་སྲུང་ཞིང་དག་པར་བྱེད་པའི་ཕྱིར་དུ་ཀུ་ཤའི་ཆུན་པོ་སྔས་དང་ཆེ་བ་སྟན་གྱི་དོན་དུ་ཟུངས་ཤིག །ཧཱུྃ༔ སྔོན་ཚེ་རྒྱལ་བ་རྒྱལ་མཆོག་གིས༔ རྩྭ་ཡི་སྟེང་ན་གནས་པ་བཞིན༔ དོ་ནུབ་རིགས་ཀྱི་བུ་ཁྱོད་ཀྱིས༔ བདག་ཉིད་ཉལ་བའི་སྔས་སྟན་གྱིས༔ ཞེས་ཀུ་ཤའི་ཕོན་པོ་གཉིས་ལག་གཡས་གཡོན་དུ་གཏད། བདུན་པ་ནི། སྲུང་སྐུད་ཁ་དོག་ལྔ་ལྡན་སུམ་བསྒྲིལ་ལུས་ཚད་མདུད་པ་གསུམ་ལྡན་འོག་གི་སྔགས་ཀྱིས་བཏབ་ལ། ཁམས་འགྱུ་བ་ལ་ཞུགས་ནས་གེགས་དང་བར་ཆད་སྲུང་བའི་དོན་དུ་སྔགས་མདུད་འདི་ཉིད་ཕོའི་དཔུང་པ་གཡོན་དང་མོའི་གཡས་སུ་འཆིང་མཛོད། ཧཱུྃ༔ ཡེ་ཤེས་ལྔ་ལྡན་སྲད་བུ་འདི༔ སྐུ་གསུང་ཐུགས་ཀྱི་མདུད་པར་ལྡན༔ གཡོན་གྱི་དཔུང་པར་བཅིངས་པ་ཡིས༔ སྒོ་གསུམ་བར་གཅོད་བགེགས་བསྲུང་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དེ་བ་ཌཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་རཀྵ་རཀྵ་སྭཱ་ཧཱ༔ ཞེས་སྦྱིན་ལ་མདུད་པའི་སྟེང་ནང་མཆོད་ཀྱིས་རེག་ཅིང་རྒྱ་གྲམ་གདབ། བརྒྱད་པ་ནི། ཟབ་མོའི་སྒོར་ཞུགས་ནས་ཕྱིར་མི་ལྡོག་པའི་ཕྱིར་ཆོས་བཤད་པ་འདི་ལ་གསན་ནས་དོན་ཐུགས་ལ་བཞག་པར་ཞུ། ཨུ་དུམྦ་རའི་མེ་ཏོག་བཞིན༔ སངས་རྒྱས་འཇིག་རྟེན་འབྱུང་བ་དག༔ བརྒྱ་ལམ་ན་ནི་རེས་འགའ་ལས༔ གཞན་གྱི་ཚེ་ནི་མི་འབྱུང་ལྟར༔ དེ་བཞིན་གསང་སྔགས་ཟབ་མོའི་ཆོས༔ ཚེ་འདི་ཉིད་ལ་འཚང་རྒྱ་བ༔ ལས་ཅན་སྐལ་ལྡན་མ་ཡིན་པ༔ སྐལ་མེད་རྣམས་ཀྱི་སྤྱོད་ཡུལ་མིན༔ སྤྲོ་བ་སྐྱེད་ལ་གུས་པར་གྱིས༔ ཞེས་དང་། དེ་དག་གིས་སྟ་གོན་གྱི་རིམ་པ་རྣམས་གྲུབ་པ་ལགས་སོ། །ཞེས་བརྗོད་ལ་བསྔོ་བ་བྱས་ཏེ་སློབ་མ་རྣམས་རང་གནས་སུ་བཏང་། སློབ་དཔོན་གྱིས་སྔར་གྱི་ལས་བྱང་འཕྲོས་མཆོད་བསྟོད་ཚོགས་ལ་རོལ་བ་ནས་བཀྲ་ཤིས་ཀྱི་བར་ཚང་བར་གཏང་ངོ་། །གཉིས་པ་དངོས་གཞི་ལ་གཉིས། དཀྱིལ་འཁོར་སྒྲུབ་མཆོད། དབང་དངོས་སོ། །དང་པོ་ནི། ཉིན་གཉིས་པར་མཆོད་པ་ཁ་གསོ། ཚོགས་གཏོར་གསར་དུ་བཤམས་ལ་ཕྲིན་ལས་ཀྱི་གཞུང་བསྲང་། བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་པའི་འཕྲོས་སུ་སྟ་གོན་སྐབས་ལྟར་བུམ་པའི་བསྐྱེད་བཟླས་བྱ། དེ་ནས་གསང་དབང་ཐོད་པ་ལ་དམིགས་ཏེ། བནྡྷ་རང་བྱུང་གི་གཞལ་ཡས་ཁང་དུ་དབང་ཆེན་རྟ་མགྲིན་ཡབ་ཡུམ། དེའི་སྤྱི་བོར་བླ་མ་གསང་འདུས་ཡབ་ཡུམ་རྣམས་གསལ་བ་ལ་བཟླས་པའི་རྐྱེན་གྱིས་ཐུགས་རྒྱུད་བསྐུལ། སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་གྱི་རྒྱུན་བབས་པས་ཐོད་པ་གང་བར་གྱུར། ཅེས་དམིགས་ལ་སྒྲུབ་སྔགས་ཤམ་བུར། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཧྱ་སིདྡྷི་ཨ་བྷི་ཥིཉྩ་ཨཱ༔ ཞེས་བཏགས་པ་ཅི་འགྲུབ་བཟླ། སྐུ་གསུང་ཐུགས་སྐོང་། དགོངས་པ་བསྐྱང་བ་རྣམས་དང་བུམ་ལྷ་འོད་ཞུ་རྣམས་བྱས་ལ། རྩ་སྔགས་ལ་དངོས་གྲུབ་ལེན་པའི་ཤམ་བུ་བཏགས་པ་ཅུང་ཟད་བཟླ། མཆོད་བསྟོད་བསྐུལ་བའི་བར་དུ་སོང་ནས་ལས་བྱང་གཤམ་གྱི་དངོས་གྲུབ་ལེན་ཆོག་བརྗོད་ལ་ཏིང་ངེ་འཛིན་གྱི་དབང་བླང་། སྤྲོ་ན་སྒྲུབ་རྫས་རྣམས་སྤྱི་བོར་གཏུགས་པ་དང་བུམ་ཆུ་བདུད་རྩི་མྱང་། སློབ་མ་གཞུག་པར་གསོལ་བ་གདབ་བོ། །གཉིས་པ་ལ་གཉིས། དཀྱིལ་འཁོར་དུ་འཇུག་པའི་ཆོས། ཞུགས་ནས་མངོན་པར་དབང་བསྐུར་བའོ། །དང་པོ་ནི། ཁྲུས་དང་བགེགས་བསྐྲད་མཚམས་བཅད་རྣམས་སྔོན་དུ་བཏང་། སློབ་མ་རྣམས་གྲལ་དུ་འཁོད་པ་ལ་ཆོས་བཤད་ཅི་རིགས་ཀྱིས་མཚམས་སྦྱར་ནས། བླ་མའི་ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱའི་མཆོག་དང་ཕུལ་དུ་གྱུར་པ་གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་སྔོན་འགྲོ་འཇུག་པའི་ཆོས་དང་དངོས་གཞི་དབང་བསྐུར་བ་གཉིས་སུ་ཡོད་པ་ལས་ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། མཚམས་སྦྱོར་སྤྱི་མཐུན་དང་། ཨོཾ་ཙཀྵུ་རྦནྡྷ་སོགས་ཀྱིས་མིག་དར། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་སྤྲད། བླ་མ་དང་དཀྱིལ་འཁོར་གཙོ་བོ་དབྱེར་མེད་པ་ལ་མི་ཕྱེད་གུས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སློབ་དཔོན་བདག་ལ་དགོངས་སུ་གསོལ༔ སྔོན་ཆད་ལམ་ལོག་འཁོར་བར་འཁྱམས༔ སྲིད་པའི་མཚོ་ལས་བསྒྲལ་སླད་དུ༔ བླ་མས་དཀྱིལ་འཁོར་བསྟན་དུ་གསོལ༔ ལན་གསུམ། བླ་མ་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་བཞུགས་པ་ལ་བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བློ་གཏད་ལིང་བསྐྱུར་གྱིས་སྐྱབས་སུ་འགྲོ་བར་མོས་ལ་འདིའི་རྗེས་ཟློས། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་བ་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། འཁོར་བའི་རྒྱ་མཚོར་བྱིང་བའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ལ་འགོད་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་བླ་མའི་དཀྱིལ་འཁོར་དུ་ཞུགས་ནས་སྒྲུབ་པ་མཐར་དབྱུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའ་འོ༔ ལན་གསུམ། དེ་ནས་ཚོགས་གསག་འགྲུབ་ན་སྒྲུབ་གཞུང་ནས་འབྱུང་བའི་ཀུ་སཱ་ལིའི་ཚོགས་གསག་གི་དམིགས་པ་སྤོད། དཀྱུས་ཙམ་དུ། རྒྱུད་རྣམ་པར་དག་པའི་སླད་དུ་བླ་མ་དཀྱིལ་འཁོར་བའི་སྤྱན་སྔར་ཚོགས་གསག་ཡན་ལག་བཅུ་པ་ཚུལ་བཞིན་བྱ་བའི་འདུན་པས་ཚིག་དོན་མཐུན་པའི་ཏིང་ངེ་འཛིན་གསལ་ཐོབ་ལ་འདིའི་རྗེས་ཟློས། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ ལྷུན་གྱིས་གྲུབ་པར་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ དེ་ནས་རིགས་ཀྱི་ལྷ་སྐལ་བརྟག་པའི་ཕྱིར་མེ་ཏོག་འབུལ་བའི་ཐོག་མར་དཀྱིལ་འཁོར་གྱི་སྒོ་དབྱེ་བར་གསོལ་བ་འདེབས་པར་མོས་ལ་འདིའི་རྗེས་ཟློས། ཧོ༔ ཡེ་ཤེས་བདག་ཉིད་སྒོ་བཞི་ནི༔ སྔོན་ཆད་མ་རིག་རྟོག་པས་བཅད༔ ཚད་མེད་བཞི་ཡི་རང་བཞིན་དང༔ ཡེ་ཤེས་ཐུགས་རྗེའི་བྱིན་རླབས་ཀྱིས༔ རང་གསལ་ཡེ་ཤེས་སྒོ་ཕྱེ་ཞིག༔ བྷྲཱུྃ་ཛྙཱ་ན་པྲ་བེ་ཤ་ཡ་ཕཊ༔ ཅེས་གསོལ་བ་བཏབ་པས་སྒོ་སྲུང་དཔའ་བོ་མཁའ་འགྲོས་དཀྱིལ་འཁོར་གྱི་སྒོ་ཤག་གིས་ཕྱེས་པར་མོས་ཤིག །དེ་ནས་སྔར་བྱིན་པའི་མེ་ཏོག་དེ་ཉིད་ཁྱེད་རང་དང་ཚེ་རབས་སྔོན་ནས་འབྲེལ་བའི་རིགས་ཀྱི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་པས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། ཧཱུྃ༔ བསྐལ་པ་གོང་ནས་ལས་ཀྱི་འཕྲོ་ལྡན་པའི༔ ཡི་དམ་རྒྱལ་བའི་གཙོ་མཆོག་ཐོད་ཕྲེང་རྩལ༔ ལྷ་མཆོག་ཁྱེད་ལ་རིག་པའི་མེ་ཏོག་དབུལ༔ གཉིས་མེད་ངང་དུ་ཐུགས་རྗེས་བཟུང་དུ་གསོལ༔ པྲ་ཏཱིཙྪ་ཧོ༔ཞེས་དཀྱིལ་འཁོར་ལ་དངོས་སུ་དོར་བའམ། ཕྱག་རྒྱའི་དཀྱིལ་འཁོར་དུ་འདོར་དུ་གཞུག །དབུས་སུ་བབས་ན་བུདྡྷ་གུ་རུ། ཤར་བཛྲ། ལྷོར་རཏྣ། ནུབ་པདྨ། བྱང་ཀརྨ་གུ་རུ་རྩལ་ཞེས་གདགས། སླར་མེ་ཏོག་དེ་ཉིད་སྔགས་ཀྱི་ཕྲེང་བར་བྱས་ཏེ་ཁྱེད་རང་གི་སྤྱི་བོར་བཅིངས་པའི་མོས་པ་གྱིས། ཧཱུྃ༔ རྩ་བ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་ཕུལ་བའི་བྱིན་རླབས་ཀྱིས༔ སྐུ་གསུང་ཐུགས་སུ་རབ་ཏུ་བསྟིམས་ནས་ཀྱང༔ དངོས་གྲུབ་རྣམ་གསུམ་ཁྱོད་ལ་སྦྱིན་པར་བྱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ་ཞེས་མེ་ཏོག་དང་ལྷ་གཉིས་སུ་མེད་པར་ཐིམ་པར་གྱུར། དེ་ནས་བསྐྱེད་རིམ་འབོག་པ་ཡིན་པས་དམིགས་པ་འདི་ལྟར་མཛོད། ཁྱེད་རང་རྣམས་སྐད་ཅིག་གིས་བླ་མ་གསང་བ་འདུས་པ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་ཐུགས་ཀར་བསྣམས་ཤིང་གཡོན་དྲིལ་བུ་དཀུར་བརྟེན་ཏེ་ཡུམ་ལ་འཁྱུད་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་དར་དང་རུས་པ་རིན་པོ་ཆེས་བརྒྱན་པའི་སྐུར་གྱུར། དྲིའི་ཐིག་ལེ་འགོད་བཞིན་པས་ཨོཾ་ཨཱཿཧཱུྃ། དཔྲལ་བར་འཁོར་ལོའི་ལྟེ་བར་ཨོཾ་དཀར་པོས་མཚན་པ། མགྲིན་པར་པདྨའི་དབུས་སུ་ཨཱཿདམར་པོ། ཐུགས་ཀར་རྡོ་རྗེ་རྒྱ་གྲམ་གྱི་དབུས་སུ་ཧཱུྃ་སྔོན་པོས་མཚན་པ་བསྐྱེད། ཡང་མས་རིམ་གྱིས་རེག་ཅིང་ཧཱུྃ་ཨཱཿཨོཾ། སླར་ཡས་ཀྱིས་ཨོཾ་ཨཱཿཧཱུྃ། དེ་ཡང་དང་པོས་གསལ་གདབ། གཉིས་པས་བྱིན་གྱིས་བརླབས། གསུམ་པས་བརྟན་པར་བྱས་པར་མོས་ཤིག །དབང་གི་གཞི་འགོད་པའི་ཕྱིར་ཡེ་ཤེས་པ་དབབ་པ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་རྡོ་རྗེ་འཛིན་པ་ཡིས༔ བདག་ཅག་མ་རིག་སེམས་ཅན་ལ༔ རིག་པ་ཡེ་ཤེས་ཆེན་པོ་ཡིས༔ ཡོངས་སུ་གང་བར་མཛད་དུ་གསོལ༔ ཡོངས་སུ་གྲོལ་བར་མཛད་དུ་གསོལ༔ ཡོངས་སུ་རྒྱས་པར་མཛད་དུ་གསོལ༔ གསུམ། ཁྱེད་རང་རྣམས་ལུས་གནད་དྲང་པོར་བསྲང་། ངག་གནད་རླུང་ཁ་སྦྱོར་དུ་འཆིངས། སེམས་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་རྩེ་གཅིག་ཏུ་མཛད་འཚལ། ཁྱེད་རང་བླ་མ་རྡོ་རྗེ་འཆང་ཡབ་ཡུམ་དྭངས་གསལ་འོད་ཀྱི་སྐུ་ཅན་ཏུ་གསལ་བའི་ཐུགས་ཀར་གཡུང་དྲུང་དམར་པོའི་ལྟེ་བར་ཟླ་བ་ལ་ཡཾ་དང་ཡན་ལག་བཞི་ལ་ཧ་རི་ནི་སས་མཚན་པར་གྱུར། སློབ་དཔོན་གྱིས་ཡཾ་ཞེས་བརྗོད་པས་སྙིང་གའི་ཡཾ་བསྐུལ་ཏེ་རླུང་གཡོས། གཡུང་དྲུང་གཡོན་བསྐོར་དུ་དྲག་ཏུ་འཁོར། ཕྱོགས་བཅུའི་རྩ་གསུམ་རྒྱལ་བའི་ལྷ་ཚོགས་རྣམས་དང་ཁྱད་པར་པདྨ་འོད་ཀྱི་ཕོ་བྲང་ནས་ཡེ་ཤེས་པའི་ལྷ་ཚོགས་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་འོད་ཟེར་གྱི་གཟི་བརྗིད་ཅན་ཆར་ཆེན་བབ་པ་ལྟར་བྱོན་ནས་ཁྱེད་རང་གི་སྒོ་གསུམ་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབ་པའི་མོས་པ་མཛོད། བྱས་ལ། འབེབས་པའི་སྤོས་སྦྱོར་བདུག །དབྱངས་རོལ་གྱིས་གཟི་བྱིན་བསྐྱེད་ལ། སྔོན་བསྐལ་མ་ཙམ་མམ། སྤྲོ་ན་བདེ་ཆེན་འབར་བ་ཡན་གྱི་སྤྱན་འདྲེན་ཚང་བར་བརྗོད། ཐོད་ཕྲེང་རྩལ་ལས་སྔགས་བཅས་པ་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་ཡ་གྲཱི་བ་བཛྲ་བྷ་རཱ་ཧཱི༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ གུ་རུ་སརྦ་ཌཱ་ཀི་ནཱི་ཙིཏྟ་ཧྲིཾ་ཧྲིཾ་ཛ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ར་རཱ་ཙ་ལེ་ཙ་ལེ་ཧཱུྃ་ཨ་ཛྷེཾ་ཨཱ་བེ་ཤ་ཡ་ཨཱ༔ ཞེས་དྲག་ཏུ་བརྗོད། དེ་ལྟར་དབབ་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྒོ་གསུམ་ལ་བརྟན་པར་བྱས་པའི་མོས་པ་མཛོད། མེ་ཏོག་དང་རྡོ་རྗེ་རྒྱ་གྲམ་དུ་མགོར་བཞག་ལ། ཏིཥྛ་བཛྲ་བརྗོད། སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་བྱུང་ནས་ཁྱེད་རང་རྣམས་ཀྱི་མ་རིག་པའི་སྒྲིབ་གཡོགས་དང་མིག་དར་ལྷན་ཅིག་བསལ་བར་མོས་ཤིག །ལེགས་འོང་བུ་ཁྱོད་སྐལ་བ་བཟང༔ མ་རིག་ལིང་ཏོག་ང་ཡིས་བསལ༔ རྩ་བ་གསུམ་གྱི་དཀྱིལ་འཁོར་ལྟོས༔ དམ་ཚིག་རྩེ་གཅིག་ཐུབ་པར་སྲུངས༔ ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད་མིག་དར་བསལ། དེ་ལྟར་གློ་བུར་གྱི་སྒྲིབ་པ་བསལ་ནས་རྣམ་དག་ཡེ་ཤེས་ཀྱི་མིག་ཐོབ་པས་བླ་མ་གསང་བ་འདུས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བར་མོས་ལ་དད་གུས་དང་སྤྲོ་བ་རྒྱ་ཆེན་པོ་བསྐྱེད་པ་དང་། གཟུགས་བརྙན་དཔེའི་དཀྱིལ་འཁོར་འདིས་མཚོན་བྱེད་དུ་བྱས་ནས་མཚོན་བྱ་དོན་དམ་རང་རིག་བླ་མ་ཆོས་སྐུའི་དཀྱིལ་འཁོར་ཇི་བཞིན་དུ་མཐོང་ཞིང་རྟོགས་གོམས་ཀྱི་སྦྱོར་བ་ལ་བརྩོན་པར་མཛོད་ཅིག༔ ལྟོས་ཤིག་ལྟོས་ཤིག་ད་ལྟོས་ཤིག༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ད་ནི་དད་པ་རབ་ཏུ་སྐྱེད༔ ཁྱོད་ནི་རྣལ་འབྱོར་རིགས་སུ་འཁྲུངས༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་རློབས༔ དངོས་གྲུབ་བུ་ཁྱོད་སྐལ་བཟང་འགྱུར༔ རྡོ་རྗེའི་དམ་ཚིག་གི་ཆུ་སྦྱིན་པ་འདི་ཉིད་ལ་གནས་ནས་དམ་ཚིག་བསྲུང་ན་མགོན་སྐྱོབ་བྱེད་པའི་ཡེ་ཤེས་སེམས་དཔར་འགྱུར་ལ། ཉམས་ན་ཡཀྴ་གནོད་སྦྱིན་དུ་འགྱུར་ནས་སྙིང་ཁྲག་གཞིབ་པར་འགྱུར་བའི་དོན་གོ་བར་གྱིས་ཤིག །དམ་ཆུ་བདུད་རྩི་སྦྱིན་ལ། ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་ཚིག་བསྲུང་ན་དངོས་གྲུབ་སྟེར༔ ཡེ་ཤེས་སེམས་དཔར་འདི་གྱུར་ནས༔ སྒྲིབ་གཉིས་བྱང་སྟེ་སངས་རྒྱས་ཐོབ༔ དམ་ཚིག་ཉམས་ན་ན་རཀ་གནས༔ ལྕགས་ཀྱི་སྡིག་པ་མགོ་དགུ་པས༔ སྙིང་ཁྲག་གཞིབ་སྟེ་དམྱལ་བར་ལྟུང༔ མཆོག་ཏུ་དམ་ཚིག་གཙང་བར་གཅེས༔ ཇི་སྐད་བསྒོས་པའི་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་བསྲུང་སྙམ་པས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ཨི་དཾ་ས་མ་ཡ་ན་ར་ཀན༔ སྐབས་འདིར་སྤྲོ་ན་རྣལ་འབྱོར་སྲོག་ཤིང་དམ་ཚིག་གི་སྒྲོམ་བརྗོད་ལ་དོན་བཤད། དེ་རྣམས་ཀྱིས་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་རྣམས་གྲུབ་པ་ལགས། གཉིས་པ་ནི། དངོས་གཞིའི་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། འཁོར་བ་འདམ་རྫབ་རྒྱ་མཚོ་རུ༔ བྱིང་བ་སྐྱབས་མེད་བདག་ལ་སྐྱོབ༔ དབང་བཞིའི་རིམ་པ་རྫོགས་པར་སྐུར༔ མཆོག་གི་ཐུགས་རྗེས་བསྐྱབ་ཏུ་གསོལ༔ ལན་གསུམ། དབང་བསྐུར་དངོས་གཞི་བསྒྲུབ་པ་ལ་བུམ་གསང་ཤེར་ཡེ་ཚིག་དབང་དང་རྣམ་པ་བཞིར་ཡོད་པ་ལས། དང་པོ་བུམ་པའི་དབང་བསྐུར་བ་ཡིན་པས་འདུན་པ་འདི་བཞིན་དུ་མཛོད་ཅིག །བུམ་པ་འདི་ཉིད་ཕྱི་བུམ་པའི་རྣམ་པ་ལ་ནང་མཚན་ཉིད་ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་གི་ནང་དུ་བླ་མ་གསང་བ་འདུས་པའི་ལྷ་ཚོགས་དངོས་སུ་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་ལུས་ཀྱི་ནང་ཐམས་ཅད་གང་། དུག་ལྔ་དང་ཕུང་ལྔའི་སྒྲིབ་པ་དག །རིག་པ་ཡེ་ཤེས་ཀྱི་དབང་ལྔ་ཐོབ། ཕྱི་ནང་གསང་བའི་དབང་བསྐུར་ཡོངས་སུ་རྫོགས་པ་ཐོབ་པའི་མོས་པ་མཛོད་ཅིག །རྣམ་བུམ་སྤྱི་བོར་བཞག་ལ། ཧཱུྃ༔ བུམ་པ་སྤྲོས་བྲལ་ཆོས་སྐུ་ལ༔ བདེ་ཆེན་འཁོར་ལོའི་གཞལ་ཡས་ཁང༔ གསལ་ལ་མ་འདྲེས་གཟུགས་སྐུ་བདེ་བ་ཆེ༔ ངོ་བོ་སྤྲུལ་པའི་ཆུ་རྒྱུན་འོད་ཟེར་འཕྲོ༔ མ་རིག་དུག་ལྔ་འཛིན་པའི་རྣམ་རྟོག་འཁྲུད༔ དེ་ཉིད་ཕྱི་ནང་གསང་གསུམ་དབང་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛ༔ ཀཱ་ཡ་ཨ་བྷི་ཥིཉྩ་བི་ཤུདྡྷེ་ཨོཾ༔ བུམ་ཆུ་སྦྱིན། བུམ་པའི་དབང་བསྐུར་པས་ཁྱེད་རང་རྣམས་ཀྱི་གདོས་བཅས་ཀྱི་འཛིན་པ་རྣམ་པར་དག་ནས་རྟ་ཕག་ཡབ་ཡུམ་གྱི་སྐུར་གྱུར་པའི་དབུ་གཙུག་ཏུ་བླ་མ་རྡོ་རྗེ་འཆང་ཡབ་ཡུམ། རིག་རྩལ་སྤྲུལ་པའི་འཁོར་ཚོགས་དང་བཅས་པ་དུ་མར་སྣང་ཡང་རོ་གཅིག་པའི་རང་བཞིན་དུ་ལམ་གྱིས་གསལ་བར་མོས་ཤིག །དེ་ཉིད་བརྟན་པའི་སླད་དུ་བུམ་དབང་གི་རྗེས་འབྲེལ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་གཙོ་འཁོར་སོ་སོ་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །གཙོ་བོའི་ཙཀླི་སྤྱི་བོར་བཞག་ལ། ཧཱུྃ༔ ཆོས་སྐུ་ཡེ་ནས་རྣམ་དག་ངོ་བོ་ལས༔ དབྱེར་མེད་དག་པ་ལོངས་སྐུའི་ཕྱག་རྒྱར་གསལ༔ རྒྱལ་བའི་སྤྱི་གཟུགས་རྡོ་རྗེ་འཆང་ཆེན་སྐུ༔ རྣམ་འཕྲུལ་དག་པ་པདྨ་ཐོད་ཕྲེང་ཞེས༔ སྐུ་གསུམ་ཡོངས་སུ་རྫོགས་པའི་བདེ་བ་ཆེ༔ འཛིན་རྟོག་དག་ཕྱིར་ཕྱག་རྒྱས་དབང་བསྐུར་རོ༔ རྩ་སྔགས་བརྗོད། ཐོད་ཕྲེང་རྩལ་རིགས་ལྔའི་ཙཀླི་རིམ་པར་ཐོགས་ལ། ཧཱུྃ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ འགྲོ་དོན་ལྷུན་གྱིས་གྲུབ་པའི་བདག་ཉིད་དཔལ༔ སྤྲུལ་སྐུ་འགྲོ་དོན་རྫོགས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ༔ ནད་གདོན་ཞི་བྱེད་ངོ་བོར་དབང་བསྐུར་ལྷུན་གྲུབ་ཤོག༔ བར་མཚམས་རྩ་སྔགས་བརྗོད་པ་འགྲེ །ཧཱུྃ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ འགྲོ་དོན་ལྷུན་གྱིས་གྲུབ་པའི་བདག་ཉིད་དཔལ༔ སྤྲུལ་སྐུ་ཕྲིན་ལས་རྫོགས་མཛད་རཏྣ་ཐོད་ཕྲེང་རྩལ༔ ཚེ་བསོད་རྒྱས་པའི་ངོ་བོར་དབང་བསྐུར་ལྷུན་གྲུབ་ཤོག༔ ཧཱུྃ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ འགྲོ་དོན་ལྷུན་གྱིས་གྲུབ་པའི་བདག་ཉིད་དཔལ༔ སྤྲུལ་སྐུ་འགྲོ་དོན་རྫོགས་མཛད་པདྨ་ཐོད་ཕྲེང་རྩལ༔ ཁམས་གསུམ་དབང་སྡུད་ངོ་བོར་དབང་བསྐུར་ལྷུན་གྲུབ་ཤོག༔ ཧཱུྃ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ འགྲོ་དོན་ལྷུན་གྱིས་གྲུབ་པའི་བདག་ཉིད་དཔལ༔ སྤྲུལ་སྐུ་ཕྲིན་ལས་རྫོགས་མཛད་ཀརྨ་ཐོད་ཕྲེང་རྩལ༔ དགྲ་བགེགས་ཚར་གཅོད་ངོ་བོར་དབང་བསྐུར་ལྷུན་གྲུབ་ཤོག༔ ཧཱུྃ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ འགྲོ་དོན་ལྷུན་གྱིས་གྲུབ་པའི་བདག་ཉིད་དཔལ༔ སྤྲུལ་སྐུ་ཕྲིན་ལས་རྫོགས་མཛད་བུདྡྷ་ཐོད་ཕྲེང་རྩལ༔ ཐམས་ཅད་ལྷུན་གྲུབ་ངོ་བོར་དབང་བསྐུར་ལྷུན་གྲུབ་ཤོག༔ མཚན་བརྒྱད་ཙཀླི་ཐོགས་ལ། ཧཱུྃ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ འགྲོ་དོན་ལྷུན་གྱིས་གྲུབ་པའི་བདག་ཉིད་དཔལ༔ སྤྲུལ་སྐུ་ཕྲིན་ལས་རྫོགས་མཛད་པདྨ་འབྱུང་གནས་སྐུ༔ མཆོག་དངོས་གྲུབ་པའི་ངོ་བོར་དབང་བསྐུར་ལྷུན་གྲུབ་ཤོག༔ ཧཱུྃ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ འགྲོ་དོན་ལྷུན་གྱིས་གྲུབ་པའི་བདག་ཉིད་དཔལ༔ སྤྲུལ་སྐུ་ཕྲིན་ལས་རྫོགས་མཛད་པདྨ་སཾ་བྷ་བ༔ ཡོན་ཏན་རབ་རྫོགས་ངོ་བོར་དབང་བསྐུར་ལྷུན་གྲུབ་ཤོག༔ ཧཱུྃ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ འགྲོ་དོན་ལྷུན་གྱིས་གྲུབ་པའི་བདག་ཉིད་དཔལ༔ སྤྲུལ་སྐུ་ཕྲིན་ལས་རྫོགས་མཛད་བློ་ལྡན་མཆོག་སྲེད་སྐུ༔ ཤེས་རབ་བློ་ལྡན་ངོ་བོར་དབང་བསྐུར་ལྷུན་གྲུབ་ཤོག༔ ཧཱུྃ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ འགྲོ་དོན་ལྷུན་གྱིས་གྲུབ་པའི་བདག་ཉིད་དཔལ༔ སྤྲུལ་སྐུ་ཕྲིན་ལས་རྫོགས་མཛད་པདྨ་རྒྱལ་པོའི་སྐུ༔ འགྲོ་རྣམས་དབང་སྡུད་ངོ་བོར་དབང་བསྐུར་ལྷུན་གྲུབ་ཤོག༔ ཧཱུྃ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ འགྲོ་དོན་ལྷུན་གྱིས་གྲུབ་པའི་བདག་ཉིད་དཔལ༔ སྤྲུལ་སྐུ་ཕྲིན་ལས་རྫོགས་མཛད་ཉི་མ་འོད་ཟེར་སྐུ༔ རྨོངས་པའི་མུན་སེལ་ངོ་བོར་དབང་བསྐུར་ལྷུན་གྲུབ་ཤོག༔ ཧཱུྃ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ འགྲོ་དོན་ལྷུན་གྱིས་གྲུབ་པའི་བདག་ཉིད་དཔལ༔ སྤྲུལ་སྐུ་ཕྲིན་ལས་རྫོགས་མཛད་ཤཱཀྱ་སེང་གེའི་སྐུ༔ བདུད་བཞི་འདུལ་མཛད་ངོ་བོར་དབང་བསྐུར་ལྷུན་གྲུབ་ཤོག༔ ཧཱུྃ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ འགྲོ་དོན་ལྷུན་གྱིས་གྲུབ་པའི་བདག་ཉིད་དཔལ༔ སྤྲུལ་སྐུ་ཕྲིན་ལས་རྫོགས་མཛད་སེང་གེ་སྒྲ་སྒྲོག་སྐུ༔ དམ་སྲི་འདུལ་མཛད་ངོ་བོར་དབང་བསྐུར་ལྷུན་གྲུབ་ཤོག༔ ཧཱུྃ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ འགྲོ་དོན་ལྷུན་གྱིས་གྲུབ་པའི་བདག་ཉིད་དཔལ༔ སྤྲུལ་སྐུ་ཕྲིན་ལས་རྫོགས་མཛད་རྡོ་རྗེ་གྲོ་ལོད་སྐུ༔ དགྲ་བགེགས་ཚར་གཅོད་ངོ་བོར་དབང་བསྐུར་ལྷུན་གྲུབ་ཤོག༔ དེ་ནས་རྟ་མགྲིན་གྱི་ཙཀླི་ཐོགས་ལ། ཧཱུྃ༔ བྱ་བྱེད་ཡིད་ཆོས་དག་པའི་ངང་ཉིད་ལས༔ འཁོར་འདས་གཉིས་མེད་མཚོན་པ་ཡབ་ཡུམ་སྟེ༔ ཐབས་ཤེས་འགྲོ་འདུལ་དཔའ་བོ་རྟ་མགྲིན་དང༔ རྡོ་རྗེ་ཕག་མོར་དབང་བསྐུར་དེ་ཉིད་དོན༔ སྐལ་ལྡན་ཁྱོད་ལ་མངོན་དུ་རྫོགས་པར་ཤོག༔ ཧྲཱིཿཧ་ཡ་གྲཱི་བ་མ་ཧཱ་བཛྲ་བྷཱ་རཱ་ཧཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ མཁའ་འགྲོ་གིང་བཞིའི་ཙཀླི་ཐོགས་ལ། ཧཱུྃ༔ མེ་ལོང་ཡེ་ཤེས་གསལ་བའི་ངང་ཉིད་ལས༔ ཐབས་ཤེས་འགྲོ་འདུལ་ཡིད་བཞིན་རེ་སྐོང་ལ༔ རྡོ་རྗེ་གིང་ཆེན་རྡོ་རྗེ་མཁའ་འགྲོར་སྣང༔ ཞེ་སྡང་ཡུལ་འཛིན་དག་པར་དབང་བསྐུར་བས༔ ཕྲིན་ལས་ལྷུན་གྲུབ་ཡེ་ཤེས་དོན་རྟོགས་ཤོག༔ ར་བཛྲ་གིང་ཀ་ར་ཧ་བཛྲ་ཌཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མཉམ་ཉིད་ཡེ་ཤེས་གསལ་བའི་ངང་ཉིད་ལས༔ ཐབས་ཤེས་འགྲོ་འདུལ་ཡིད་བཞིན་རེ་སྐོང་ལ༔ རིན་ཆེན་གིང་ཆེན་རིན་ཆེན་མཁའ་འགྲོར་སྣང༔ ང་རྒྱལ་ཡུལ་འཛིན་དག་པར་དབང་བསྐུར་བས༔ ཕྲིན་ལས་ལྷུན་གྲུབ་ཡེ་ཤེས་དོན་རྟོགས་ཤོག༔ ཙ་རཏྣ་གིང་ཀ་ར་རི་རཏྣ་ཌཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སོར་རྟོག་ཡེ་ཤེས་གསལ་བའི་ངང་ཉིད་ལས༔ ཐབས་ཤེས་འགྲོ་འདུལ་ཡིད་བཞིན་རེ་སྐོང་ལ༔ པདྨ་གིང་ཆེན་པདྨ་མཁའ་འགྲོར་སྣང༔ འདོད་ཆགས་ཡུལ་འཛིན་དག་པར་དབང་བསྐུར་བས༔ ཕྲིན་ལས་ལྷུན་གྲུབ་ཡེ་ཤེས་དོན་རྟོགས་ཤོག༔ ཧྲི་པདྨ་གིང་ཀ་ར་ནི་པདྨ་ཌཱ་ཀི་ནཱི་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བྱ་གྲུབ་ཡེ་ཤེས་གསལ་བའི་ངང་ཉིད་ལས༔ ཐབས་ཤེས་འགྲོ་འདུལ་ཡིད་བཞིན་རེ་སྐོང་ལ༔ ཀརྨ་གིང་ཆེན་ཀརྨ་མཁའ་འགྲོར་སྣང༔ ཕྲག་དོག་ཡུལ་འཛིན་དག་པར་དབང་བསྐུར་བས༔ ཕྲིན་ལས་ལྷུན་གྲུབ་ཡེ་ཤེས་དོན་རྟོགས་ཤོག༔ ཡ་ཀརྨ་གིང་ཀ་ར་ས་ཀརྨ་ཌཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ལྷ་དབང་རིམ་པར་བསྐུར་ལ་དབང་དོན་ངོ་སྤྲད་ཅིང་རྟོགས་པ་བརྗོད་པ་ནི། བུམ་པས་བསྐུར་བ་ཕྱི་ཡི་དབང༔ ལྷ་ཚོགས་བསྟིམ་པ་ནང་གི་དབང༔ རང་ལུས་བདུད་རྩིས་ཡོངས་གང་ནས༔ དགའ་བ་བསྐྱེད་པ་གསང་བའི་དབང༔ གསུམ་པོས་བུམ་པའི་དབང་ཐོབ་པས༔ བསྐྱེད་རིམ་ལྷ་དབང་ལུས་སྒྲིབ་དག༔ སྐུ་ཡི་དངོས་གྲུབ་ཐོབ་འབྲས་བུ༔ སྤྲུལ་སྐུ་མངོན་དུ་བྱེད་པར་འགྱུར༔ ཅེས་བརྗོད། སྤྲོ་ན་ཟིན་ཏིག་གནད་བརྒྱད་ཀྱི་དང་པོ་སྣང་བ་སྐུའི་ལམ་ཁྱེར་བཤད་དོ། །གཉིས་པ་གསང་བའི་དབང་བསྐུར་བ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། རང་བྱུང་པདྨ་བྷཉྫའི་གཞལ་ཡས་ཁང་དུ་ལྷ་ཚོགས་ཡབ་ཡུམ་སྙོམས་པར་ཞུགས་པའི་དཀར་དམར་ལྷག་པའི་བྱང་ཆུབ་སེམས་ཀྱི་རྒྱུན་ཐོད་པའི་བདུད་རྩི་དང་དབྱེར་མེད་དུ་གྱུར་པ་དེ་ཉིད་ཁྱེད་རང་རྣམས་ཀྱི་མགྲིན་པར་བཏུང་བས་རྩ་ཁམས་བྱིན་གྱིས་བརླབས། བདེ་གསལ་མི་རྟོག་པའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ཤིག །བནྡྷའི་བདུད་རྩི་སྦྱིན་ལ། ཧཱུྃ༔ བྷཉྫ་ཡེ་ཤེས་གཞལ་ཡས་ཁང་ཆེན་དུ༔ བདུད་རྩི་གཉིས་མེད་བྱང་སེམས་ཆུ་ཡིས་གཏམས༔ གསང་བ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས༔ དབྱིངས་དང་ཡེ་ཤེས་གཉིས་མེད་དབང་ཐོབ་ཤོག༔ རྩ་སྔགས་ཤམ་བུར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ བདུད་རྩིས་ཁུར་བ་བཀང་ནས་མ་མིད་པ་ལ་ཕཊ་གྱིས་ཤིག །ཅེས་བྱ། དེ་ལྟར་བྱས་པས་སྨྲ་འདོད་པ་ལ་སྨྲར་མི་བཏུབ་པ་བཞིན་གསང་དབང་གི་དོན་སྨྲ་བསམ་བརྗོད་མེད་དུ་ཤེས་པར་གྱིས་ཤིག །དེའི་རྗེས་འབྲེལ་དུ་སྙིང་པོའི་ལུང་འབོག་ཅིང་གསང་མཚན་གདགས་པ་ཡིན་པས་དམིགས་པ་འདི་ལྟར་མཛོད། སློབ་དཔོན་གྱི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་ཐོན་ཞལ་གྱི་སྒོ་ནས་བྱུང་སྟེ་ཁྱེད་རང་རྣམས་ཀྱི་ཁར་ཞུགས་སྙིང་གའི་ས་བོན་ལ་ཐིམ་པས་གསུང་གསང་སྔགས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་པར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས། ཞེས་བྱས་ལ་བསྙེན་སྒྲུབ་ལས་སྔགས་རྣམས་ལན་གསུམ་གསུམ་རྗེས་ཟློས་བྱར་གཞུག །སྔར་མེ་ཏོག་ཕོག་པའི་གསང་མཚན་སྦྱར་ལ། ཀྱེ་དཔལ་ཆེགེ་མོ་ཞེས་བྱ་བའི་གསང་མཚན་གྱི་དབང་བསྐུར་པས་ཁམས་གསུམ་མཆོག་གི་རྒྱལ་བའི་ཞིང་དུ་ཆོས་ཀྱི་གྲགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་མེ་ཏོག་སྤྱི་བོར་བཞག་ལ། ངོ་སྤྲོད་རྟོགས་བརྗོད་ནི། ཐོད་པ་ཕྱི་སྟེ་འཐུངས་པ་ནང༔ རྟོག་པ་འགག་ནས་མཆོག་དགའ་ཡི༔ དགའ་བ་སྐྱེས་པ་གསང་བ་སྟེ༔ གསུམ་པོས་གསང་བའི་དབང་ཐོབ་པས༔ རྩ་རླུང་ཐིག་ལེ་བསྒོམ་པ་དང༔ བཟླས་བརྗོད་ལ་དབང་ངག་སྒྲིབ་དག༔ གསུང་གི་དངོས་གྲུབ་ཐོབ་འབྲས་བུ༔ ལོངས་སྐུ་མངོན་དུ་བྱེད་པར་འགྱུར༔ ཅེས་བརྗོད། སྤྲོ་ན་ཟིན་ཏིག་ལས་སྒྲ་གྲགས་གསུང་གི་ལམ་ཁྱེར་བཤད་དོ། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཡིན་པས་དམིགས་པ་འདི་ལྟར་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་རིག་མ་གཞོན་མཛེས་ནུ་མ་དང་བྷ་ག་རྒྱས་པ་རྡོ་རྗེ་རྣལ་འབྱོར་མའི་ངོ་བོ་ཞིག་སྤྲོས་ཏེ་ཕྱག་གཡོན་གྱིས་བཟུང་ནས་ཁྱེད་རང་རྣམས་ཀྱི་ལག་གཡས་སུ་གཏད་པར་མོས་ཤིག །རིག་ཙག་གཏད་ལ། ཨེ་མ༔ སྣ་ཚོགས་གཟུགས་ཅན་ཡིད་འོང་མ༔ ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ༔ ཁྱེར་ལ་རྟག་ཏུ་མཆོད་པར་གྱིས༔ འགྲོ་བ་གསུམ་པོ་འདི་ཡི་བདག༔ རྩ་སྔགས་ཤམ་བུར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་གཏད་པའི་ཕྱག་རྒྱ་མ་དང་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་ཡས་བབ་ཐབས་ཀྱི་དགའ་བ་བཅུ་དྲུག་དང་མས་བརྟན་ཤེས་རབ་ཀྱི་དགའ་བ་བཅུ་དྲུག་ལུགས་འབྱུང་དང་ལུགས་ལྡོག་གི་རིམ་པས་ཉམས་སུ་མྱོང་། མཐར་ཟག་མེད་ལྷན་ཅིག་སྐྱེས་པའི་བདེ་བ་མངོན་དུ་གྱུར་པར་མོས་ལ་དེའི་རང་ངོར་ལྟོས་ལ་མ་བཅོས་པར་ཞོག་ཅིག །ཧོ༔ བདེ་ལ་ངོས་བཟུང་སྟོང་ལ་སྦྱོངས༔ གཉིས་མེད་ངང་དུ་གནས་བྱ་ཞིང༔ ཟག་མེད་མ་བཅོས་རང་བྱུང་ཞོག༔ སྐུ་གསུམ་རང་གྲོལ་ངོ་མཚར་ཆེ༔ ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ ཞེས་བརྗོད། ངོ་སྤྲོད་རྟོགས་བརྗོད་ནི། ཕྱག་རྒྱ་མ་དང་བརྡ་སྤྲད་དེ༔ བདེ་བ་གཡོ་བ་ཕྱི་ཡི་དབང༔ འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས༔ རེག་བྱ་མྱོང་བ་ནང་གི་དབང༔ བདེ་བ་རྫོགས་ནས་དགའ་བྲལ་གྱི༔ དགའ་བ་སྐྱེས་པ་གསང་བ་སྟེ༔ གསུམ་པོས་ཤེས་རབ་ཡེ་ཤེས་ཐོབ༔ ཆགས་ལམ་སྒོམ་དང་ཏིང་ངེ་འཛིན༔ འཕྲོ་འདུ་ལ་དབང་ཡིད་སྒྲིབ་དག༔ ཐུགས་ཀྱི་དངོས་གྲུབ་ཐོབ་འབྲས་བུ༔ ཆོས་སྐུ་མངོན་དུ་བྱེད་པར་འགྱུར༔ ཞེས་སོ། །བཞི་པ་ཚིག་དབང་རིན་པོ་ཆེ་བསྐུར་བ་ཡིན་པས། ཁྱེད་རང་རྣམས་ལུས་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་བཅའ། ཡིད་དང་ཡེ་ཤེས་གསང་བའི་ལམ་མིག་འབྲས་ཀྱི་དཀྱིལ་དུ་གཏད་ལ་མི་ཡེངས་མི་སྒོམ་འཛིན་མེད་རྟོག་བྲལ་མ་བཅོས་རང་བབས་ཀྱི་ངང་དུ་མཉམ་པར་འཇོག་པར་ཞུ། ཤེལ་རྡོ་མེ་ལོང་སྙིང་གར་བཞག་ལ། ཧཱུྃ༔ གསལ་སྟོང་དབྱེར་མེད་རང་བྱུང་ཡེ་ཤེས་ལ༔ ཚིག་དང་ཡི་གེས་མི་མཚོན་རང་གི་སེམས༔ སྤྲོས་མེད་ཡེ་ནས་མ་བཅོས་ཆོས་ཀྱི་སྐུ༔ རང་སེམས་ལྷུན་གྲུབ་སྤྲོས་བྲལ་རྟོགས་པར་ཤོག །རྩ་སྔགས་མཐར། བོ་དྷི་ཙིཏྟ་ཛྙཱ་ན་པཉྩ་ཨ་བྷི་ཥིཉྩ་ཨ༔ སྔགས་ལན་གསུམ་བརྗོད། དེའི་དོན་ནི་རང་རིག་བྱང་ཆུབ་ཀྱི་སེམས་འདིའི་མཚན་ཉིད་སྨྲ་བསམ་བརྗོད་བྲལ་བློའི་ཡུལ་ལས་འདས་པ། སྐྱེ་འགག་གནས་གསུམ་སོགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་ཤེས་ནས་དེའི་རང་ངོ་ལ་མཉམ་པར་གཞག་པས། ཕྱིའི་སྣང་བ་ཐམས་ཅད་སྣང་སྟོང་དབྱེར་མེད། ནང་གི་རིག་པ་ཐམས་ཅད་རིག་སྟོང་དབྱེར་མེད། སྣང་རིག་འཕྲད་པའི་ཚོར་བ་ཐམས་ཅད་བདེ་སྟོང་དབྱེར་མེད། མདོར་ན་འཁོར་འདས་རོ་མཉམ་གདོད་མའི་ཟུང་འཇུག་སྐུ་ལྔ་ཡེ་ཤེས་ལྔར་ལྷུན་གྱིས་གྲུབ་པར་ངོ་ཤེས་པར་མཛོད་ཅིག །ངོ་སྤྲོད་རྟོགས་བརྗོད་ནི། ཚིག་བཤད་བརྗོད་པ་ཕྱི་ཡི་དབང༔ དེ་དོན་གོ་བ་ནང་གི་དབང༔ ཉམས་མྱོང་ལྷན་ཅིག་སྐྱེས་པ་ཡི༔ དགའ་བ་སྐྱེས་པ་གསང་བའི་དབང༔ གསུམ་པོས་རིག་པའི་རྩལ་དབང་ཐོབ༔ རྫོགས་པ་ཆེན་པོ་སྒོམ་ལ་དབང༔ སྒྲིབ་གསུམ་བག་ཆགས་བཅས་པ་དག༔ དངོས་གྲུབ་ཀུན་ཐོབ་འབྲས་བུ་ནི༔ བདེ་བ་ཆེན་པོའི་སྐུ་འཐོབ་འགྱུར༔ ཅེས་བརྗོད་ལ་སྤྲོ་ན་ཟིན་ཏིག་ལས་ཐུགས་ཀྱི་ལམ་ཁྱེར་བཤད་དོ། །སྐབས་འདིར་མཐའ་རྟེན་གཏོར་དབང་གནད་ཀྱི་ཤོག་གཅིག་མ་གཞན་ནས་འབྱུང་བ་ལྟར་སྦྱོར་བ་ཕྱག་ལེན་ནོ། །མཐར། ཁྱེད་རང་སེང་གེའི་ཁྲི་ལ་འཁོད། སྟེང་ནས་གདུགས་དཀར་པོ་ཕུབ། གཡས་གཡོན་དུ་རྒྱལ་མཚན་དང་བ་དན་བསྒྲེངས་ཏེ་བརྒྱུད་པ་གཏད་པའི་མོས་པ་མཛོད། ཅེས་སྒྲུབ་ཐབས་ཀྱི་པུསྟི་གཏད་ལ། ཀྱེ༔ དུས་འདི་ཕྱིན་ཆད་རྒྱལ་བའི་སྲས༔ ཁྱོད་ཡིན་འགྲོ་བ་འདུལ་ལ་བརྩོན༔ དེང་ཕྱིན་ཆད་རྡོ་རྗེ་སློབ་དཔོན་དུ་ཡང་མངའ་གསོལ་བ་ཡིན་པས་ཆོས་འདིའི་བདག་པོ་བྱས་ཏེ་རྟོགས་པས་བདག་གྲོལ་ནས་ཐུགས་རྗེས་གཞན་རྒྱུད་སྨིན་པའི་ཕྲིན་ལས་རབ་འབྱམས་ལ་དབང་སྒྱུར་བར་མཛོད་ཅིག །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཡེ་དྷརྨཱ་སོགས་རྟེན་འབྲེལ་སྙིང་པོ་བཟླ་བཞིན་མེ་ཏོག་འཐོར་ཞིང་སྨོན་ལམ་གདབ་པ་ནི། རྡོ་རྗེའི་སློབ་བུ་འདི་རྣམས་དུས་འདི་ནས་བཟུང་སྟེ་འཁོར་བ་མ་སྟོངས་བར་དུ་སེམས་ཅན་འཁོར་བ་ལས་སྒྲོལ་བའི་དེད་དཔོན་གུ་རུ་པདྨ་ཐོད་ཕྲེང་དང་ཡི་དམ་སྤྱན་རས་གཟིགས་ཞི་ཁྲོ་ཟུང་འཇུག་ལྟ་བུར་གྱུར་ཅིག །སྒྲུབ་པའི་གྲོགས་བྱེད་མཁའ་འགྲོའི་ཚོགས་རྣམས་ཀྱིས་རྟག་ཏུ་བསྲུང་ཞིང་ཕྲིན་ལས་སྒྲུབ་པར་གྱུར་ཅིག །དེ་ལྟར་གྱུར་ནས་ཀྱང་ཟང་ཟིང་ཉོན་མོངས་དྲི་མས་མ་གོས་པར་དམ་ཆོས་ཕྱོགས་རིས་མེད་པ་སྟོན་པར་གྱུར་ཅིག །དེ་ལྟར་དམ་པ་ཆོས་ཀྱི་རྔ་བརྡུང་། ཆོས་ཀྱི་དུང་བུས། ཆོས་ཀྱི་བ་དན་དཀར་པོ་བསྒྲེངས་ཏེ་དམ་པ་ཆོས་ཀྱི་རྒྱལ་མཚན་ཚུགས་པར་གྱུར་ཅིག །ཅེས་བརྗོད། ཞལ་ནས་གསུངས་པའི་ཚིགས་སུ་བཅད་པས་ཐོག་དྲངས་བཀྲ་ཤིས་རྒྱས་པར་བརྗོད་ཅིང་མེ་ཏོག་འཐོར་བ་དང་རོལ་མོའི་སྒྲ་བསྒྲག་གོ །དེ་ལྟར་ན་དེ་དག་རྣམས་ཀྱིས་བླ་མའི་ཐུགས་སྒྲུབ་གསང་བ་འདུས་པའི་རྩ་བའི་དབང་ཆེན་བརྒྱུད་པའི་ཕྱག་བཞེས་ལས་ཇི་ལྟར་འབྱུང་བ་བཞིན་ལེགས་པར་ཕུལ་གྲུབ་པ་ཡིན་པས་རྡོ་རྗེ་ཐེག་པའི་རྩ་བ་དང་ཡན་ལག་གིས་བསྡུས་པའི་ས་མ་ཡ་འབུམ་སྡེ་སྤྱི་དང་། ཁྱད་པར་ཡབ་ཀྱི་དབང་རྟགས་སུ་སྐུ་འབག་དང་རྡོ་རྗེ་རྩེ་ལྔ་པ། ཡུམ་གྱི་དབང་རྟགས་སུ་མེ་ལོང་དང་ཀ་པཱ་ལ་མཚན་ལྡན། ཡབ་ཡུམ་གཉིས་སུ་མེད་པའི་དབང་རྟགས་སུ་ཚེས་བཅུའི་མཆོད་པ་མ་ཆག་པར་བགྱིད་སྙམས་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་གསུམ། དབང་བསྐུར་རྫོགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ། གཞན་ཡང་རྩ་བའི་གཞུང་ལས། འདི་ལྟར་དབང་བཞི་རྫོགས་པའི་བུ༔ རྒྱལ་བུ་རྒྱལ་སར་ཕྱུང་དང་འདྲ༔ བུ་དང་ཆུང་མ་ནོར་གྱི་དབྱིག༔ རབ་ཏུ་གཅེས་དང་ཡིད་འཐད་དབུལ༔ ཞེས་གསུངས་པ་ལྟར་ཁྱེད་རང་རྣམས་ཀྱི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་བློས་བླངས་ཏེ་ལྟོས་མེད་དུ་འབུལ་བའི་མོས་པས་འདིའི་རྗེས་ཟློས། དེང་ནས་བརྩམ་སྟེ་སོགས་གསུམ། མཚམས་སྦྱོར་སྤྱི་མཐུན་བྱས་ལ་དགེ་བ་བསྔོ་ཞིང་སློབ་མ་རྣམས་གྱེས་སོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། ཚོགས་ལ་རོལ་ཞིང་རྡོ་རྗེའི་གླུ་བླང་བ་དང་རྒྱུད་བཀླག་པ་སོགས་ཀྱང་ནུས་ན་བྱ། ལྷག་མ་གཏང་། སྤྲོ་ན་ལྷན་ཐབས་ཡོན་ཏན་ཀུན་འབྱུང་དུ་གསུངས་པ་ལྟར་གྲལ་མཆོད་ཡོན་ཏན་ཀུན་འབྱུང་བྱ། ཆོས་སྲུང་གཏེར་བདག་གཏོར་འབུལ་དང་། བླ་མ་ཡོངས་རྫོགས་ཀྱི་ལས་ལྡེ་ལས་འབྱུང་བའི་ཆད་ཐོ་བརྟན་སྐྱོང་གཞུང་གི་རྟ་བྲོ། ཉམས་ཆག་བསྐང་ཞིང་དཀྱིལ་འཁོར་བསྡུ་བ། བསྔོ་སྨོན་ཤིས་བརྗོད་ཀྱི་བར་ཡང་ལས་བྱང་བསྒྲིགས་མ་གང་ལ་བརྟེན་པ་དེ་ལས་ཇི་སྐད་བཤད་པ་རྣམས་ལྷག་ཆད་མེད་པར་བྱའོ། །གནའ་དུས་ཤིང་རྟའི་སྲོལ་འབྱེད་གྱུར་པ་དང་། །ཚིག་ཉུང་དོན་ཟབ་ངོ་མཚར་རྨད་བྱུང་བས། །ཕྲིན་ལས་གངས་ཅན་ཙམ་དུ་ཁྱབ་ཅིང་རྟག །སྨིན་བྱེད་སྲོལ་ཡང་པོད་དུ་བཞུགས་མོད་ཀྱི། །ཧ་ཅང་རྒྱས་དང་བསྡུས་པའི་མཐའ་སྤངས་ནས། །རང་བློར་འཚམ་པའི་ལེགས་བཤད་བདུད་རྩིའི་བཅུད། །དམ་པའི་གཞུང་བཟང་ཀླུང་རྒྱུན་དག་ལས་ཕྱུང་། །སྐལ་མཉམ་སྐྱེ་བོར་དགྱེས་པའི་སྐྱེས་སུ་འབུལ། །རྣམ་དཀར་འབྲས་བུས་སྲིད་པ་རྩད་ཆོད་ནས། །མཚོ་སྐྱེས་རྡོ་རྗེ་འཆང་གི་དགོངས་ཀློང་དང་། །དབྱེར་མེད་བྱང་ཆུབ་གང་འདུལ་ཕྲིན་ལས་ཀྱིས། །འགྲོ་རྣམས་ཡེ་ཤེས་བླ་མའི་སར་སྒྲོལ་ཤོག །ཅེས་པའི་གཞུང་འདི་ལ་རྗེ་ཁྲ་ཚང་པ་ཆེན་པོ་དང་ཆོས་རྒྱལ་གཏེར་བདག་གླིང་པའི་གསུང་སོགས་བཀླག་ཆོག་ཏུ་བཞུགས་ཀྱང་དཀྱུས་སུ་ཕྱག་ལེན་བདེ་ཞིང་རྣམ་པར་གསལ་བ་གཙོར་བཟུང་ནས། སངས་རྒྱས་གཉིས་པ་པདྨ་འབྱུང་གནས་རིགས་བདག་ཏུ་བྱེད་པའི་སྔགས་རིག་འཛིན་པ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་ཤྲཱི་དེ་བཱི་ཀོ་ཊིའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
ཀློང་གསལ་རྡོ་རྗེ་སྙིང་པོ་ལས། ཡན་ལག་གི་སྒྲུབ་སྐོར་བདུད་འདུལ་སིཾ་ཧ་དམར་མོའི་བཀའ་གཏད་མཚམས་སྦྱོར་གྱིས་བརྒྱན་པ་རྡོ་རྗེའི་ཞུན་ཐིགས་ (Volume 33, Text 4)
༄༅། །ཀློང་གསལ་རྡོ་རྗེ་སྙིང་པོ་ལས། ཡན་ལག་གི་སྒྲུབ་སྐོར་བདུད་འདུལ་སིཾ་ཧ་དམར་མོའི་བཀའ་གཏད་མཚམས་སྦྱོར་གྱིས་བརྒྱན་པ་རྡོ་རྗེའི་ཞུན་ཐིགས་ཞེས་བྱ་བ་བཞུགས་སོ། ། མ་རུངས་བདུད་འདུལ་དྲག་མོའི་སྐུར། །ཐུགས་རྗེས་ཆོས་ཀྱི་དབྱིངས་ནས་བཞེངས། །དེ་ལ་སྐྱབས་མཆི་བྱང་ཆུབ་བར། །བདུད་དང་དེ་ཡི་ལས་ཟློག་མཛོད། །སེང་གདོང་དམར་མོའི་སྲུང་ཟློག་ཕྲིན་ལས་ཡང་ཟབ་ཏུ་ཕྱུང་པ་འདིའི་བཀའ་གཏད་སྒྲུབ་པ་ལ་མཎྜལ་ཚོམ་བུ་གཅིག་མའི་ཁར་ཟངས་ལྕགས་སྣོད་དུ་དམར་གཏོར་ཟུར་གསུམ་མེ་རི་སྐུ་ཙཀ་དར་གདུགས་དམར་པོས་བརྒྱན་པ་དང་། གཡས་གཡོན་དུ་ཧཱུྃ་ཡིག་དམར་པོ་ལ་ཉེ་སྙིང་གིས་བསྐོར་བ་དང་། རྡོ་རྗེ་གྲི་གུག་ཐོད་ཁྲག་རྩེ་གསུམ་གྱི་ཙཀ་ལི་བཞག །སྨན་རག་གཏོར་གསུམ་དང་ཕྱི་མཆོད་བཤམ། ཕྲིན་ལས་ལ་མཁོ་བའི་གཏོར་ཚོགས་འདུ་བྱས་ལ། རྡོ་རྗེ་སྙིང་པོའི་རྩ་གསུམ་སྤྱིའི་ལས་བྱང་དུ་བླ་མའི་སྒྲུབ་ཐབས་བཙུད་པས་བདག་བསྐྱེད་དང་། མདུན་བསྐྱེད་སིཾ་ཧ་དམར་མོའི་རང་གཞུང་བསྲང་བ་དངོས་དོན་ཡིན་ཡང་། སྐབས་འདིར་ལག་ལེན་བདེ་ཞིང་རྩ་གསུམ་ངོ་བོ་ཐ་དད་མེད་པས་དོན་ལ་མི་འགལ་བའི་ཕྱིར། འདི་ཉིད་ཀྱི་ཕྲིན་ལས་ཟུར་དུ་གསལ་བ་ལྟར་བདག་མདུན་གཉིས་ཚིག་རིས་གཅིག་གིས་ཐ་དད་དུ་བསྐྱེད་ལ་བསྙེན་སྒྲུབ་ཀྱི་བཟླས་པ་ཅི་འགྲུབ་དང་། ཚོགས་བསྒྲལ་བསྟབ་ཀྱི་བར་དུ་བྱས་ལ་སློབ་མ་གཞུག་པར་གནང་བ་ཞུ། དེ་ནས་འཁྱིལ་པའི་སྔགས་ཀྱིས་བྱིན་བརླབས་པའི་ལས་ཆུས་དམ་ཚིག་ལྡན་པའི་སློབ་མ་ལ་ཁྲུས་བྱ། བགེགས་བསྐྲད་ཅིང་མཚམས་གཅད། སེམས་བསྐྱེད་གསལ་བཏབ་ལ། དེའང་ཡེ་ཤེས་དང་ལས་དང་འཇིག་རྟེན་པའི་རིག་སྔགས་ཐམས་ཅད་ཀྱི་ནུས་སྟོབས་གཅིག་ཏུ་དྲིལ་བ། ཕྱི་ནང་གི་བྱད་དགྲ་གླང་སྙིང་བདུད་བགེགས་གདུག་པ་ཅན་མཐའ་དག་འཇོམས་པའི་གཤེད་མ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་སུས་ཀྱང་ཟློག་མེད་བསྐལ་པའི་མེ་ཆེན་བདུད་འདུལ་དྲག་མོ། སེང་གེའི་གདོང་པ་ཅན་གྱི་རིག་སྔགས་དང་འབྲེལ་བའི་སྒྲུབ་ཐབས་མན་ངག་གི་བཀའ་སྲོལ་རྒྱས་བསྡུས་ཅི་རིགས་པ་མཆིས་པ་ལས། འདིར་གུ་རུ་པདྨའི་ཐུགས་ཀྱི་འོད་ཟེར་ལས་སྤྲུལ་པ་ལང་གྲོ་ལོ་ཙཱ་བའི་ཡང་སྲིད་སྤྲུལ་པའི་གཏེར་ཆེན་ཀློང་གསལ་སྙིང་པོས་ཁེ་མི་འགྱུར་རྡོ་རྗེའི་གསང་སྒྲོམ་ནས་སྤྱན་དྲངས་པའི། ཀློང་གསལ་རྡོ་རྗེ་སྙིང་པོ་བླ་མེད་ཐེག་མཆོག་དགོངས་པ་ཡོངས་འདུས་ཀྱི་སྐོར་ལ་རྩ་བ་རྩ་གསུམ་སྤྱི་དང་བྱེ་བྲག་གི་སྒྲུབ་པ་དང་། ཡན་ལག་ལས་བཞི་ཇི་ལྟར་མཁོ་བའི་སྒྲུབ་ཐབས་གཉིས་སུ་བཞུགས་ཤིང་། ཕྱི་མ་རྣམས་ཀྱང་ཐུན་མོང་ལས་ཚོགས་ཙམ་མ་ཡིན་པར་གནས་སྐབས་སོ་སོའི་ནུས་པ་འབྱིན་ཅིང་མཐར་ཐུག་ལྷ་དེ་དང་དེའི་མཆོག་ལ་སྦྱོར་བའི་ཟབ་གནད་དང་འབྲེལ་བ་འབའ་ཞིག་པ་ལས། འདིར་སྐབས་སུ་བབས་པ་གཏེར་གཞུང་ལས། མ་འོངས་འགྲོ་རྣམས་བདག་འཛིན་དུག་ལྔའི་སྟོབས༔ རླངས་པ་མ་རུངས་ལྷ་འདྲེའི་ཟུག་རྔུ་དང༔ མི་རུང་མཐའ་དག་ཟློག་མཛད་དྲག་རྩལ་ཅན༔ སིཾ་ཧ་མུ་ཁའི་རིག་སྔགས་བཅུད་འདི་ལོངས༔ ཞེས་བསྔགས་པ་དོན་དང་ལྡན་པ་སྙིགས་དུས་ནག་ཕྱོགས་མི་དང་མི་མ་ཡིན་གྱིས་བྱད་ཕུར་རྦོད་གཏོང་གི་སྦྱོར་བ་གློ་བུར་རྐྱེན་ངན་བར་གཅོད་ཟློག་པ་ལ་ཆེས་ཟབ་ཅིང་མྱུར་བ་དྲག་མོ་སེང་གདོང་དམར་མོའི་བཀའ་གཏད་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་གཞུག །ཐལ་མོ་མེ་ཏོག་གིས་བརྒྱན་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་རྒྱལ་བའི་རྒྱལ་ཚབ་དགོངས༔ དུས་མཐའི་མ་རུངས་ཟུག་རྔུའི་ཚོགས༔ ཐུགས་རྗེའི་དབང་གིས་བསྐྱབ་པར་འཚལ༔ འགལ་རྐྱེན་བར་ཆད་ལས་སྒྲོལ་ཅིག༔ ལན་གསུམ། སློབ་དཔོན་གྱིས། ཚུལ་དང་ལྡན་པའི་དམ་ཚིག་དང༔ གནད་དང་ལྡན་པའི་རིམ་གཉིས་དང༔ རྟགས་དང་ལྡན་པའི་སྒྲུབ་པ་པོ༔ དོན་གྱི་སྲུང་མ་སེང་གདོང་མའི༔ ཇི་བཞིན་ཚུལ་ལ་མཁས་པ་འོ༔ ཞེས་གནང་བ་སྦྱིན། སྐབས་འདིར་སྤྱི་མཚུངས་རྒྱུད་སྦྱོང་སྤྲོ་ན། རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་ཡེ་ཤེས་མཁའ་འགྲོ་སེང་གདོང་མ་ལ་རྩ་གསུམ་ཆོས་སྐྱོང་གི་ཚོགས་དུ་མས་བསྐོར་ཏེ་བཞུགས་པའི་སྤྱན་སྔར། རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བྱ་བའི་མོས་པས་སོ་སོའི་སྒོམ་དོན་གསལ་འདེབས་བཞིན་དུ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དེ་ནས་དངོས་གཞི་སེང་གདོང་དྲག་མོའི་གསང་གསུམ་ཕྲིན་ལས་དང་བཅས་པའི་བཀའ་གཏད་པ་ལ། སློབ་དཔོན་དང་ཁྱེད་རང་གཉིས་ཀ་གཉེན་པོ་སྟོབས་ཀྱི་ལྷ་རྩ་གསུམ་ཡོངས་འདུས་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་གསལ་སྣང་དང་མ་བྲལ་བའི་ང་རྒྱལ་བརྟན་པོར་སྐྱེད་ཅིག །སློབ་དཔོན་གུ་རུ་པདྨ་འབྱུང༔ བརྒྱུད་རིམ་ཐུགས་རྗེ་འཇུག་པར་བསྒོམ༔ སློབ་མ་སློབ་དཔོན་པདྨ་འབྱུང༔ ཁྲོ་འཛུམ་གཟི་བརྗིད་ལྡན་པ་ཡིས༔ སྣང་སྲིད་ཟིལ་གྱིས་གནོན་པར་སྒོམས༔ གཏོར་མ་སྐུ་གཟུགས་ཅན་ཐོགས་ལ། དེ་ལ་ཐོག་མར་སྐུའི་བཀའ་གཏད་པའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། གཏོར་མ་སྐུ་གཟུགས་དང་བཅས་པ་ཡེ་ཤེས་མཁའ་འགྲོ་སེང་གདོང་མར་དངོས་སུ་གསལ་བ་ཁྱེད་རང་ལ་གཏད་པས། བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཐུགས་རྗེས་དགོངས་ནས་ལུས་དང་གྲིབ་མ་ལྟར་འགྲོགས་ཤིང་སྲུང་སྐྱོབ་མཛད་པའི་གཡར་དམ་བཞེས་པར་མོས་ཤིག །ཧཱུྃ༔ དུས་གསུམ་རྒྱལ་བའི་ཡུམ་མཆོག་སེང་གདོང་མ༔ དྲག་མོ་རབ་འབར་མི་སྲུན་བརྗིད་པའི་སྐུར༔ མཐུ་སྟོབས་ཡོངས་རྫོགས་དོན་གྱི་གསང་ཆེན་མ༔ སྐལ་ལྡན་བརྒྱུད་འཛིན་འདི་དང་མ་བྲལ་ཅིག༔ ལུས་དང་གྲིབ་མ་འགྲོགས་བཞིན་སྟོངས་གྲོགས་གྱིས༔ རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་གཏོར་མ་སྤྱི་བོར་བཞག་ཅིང་ལག་ཏུ་གཏད། གཉིས་པ་གསུང་གི་བཀའ་གཏད་པ་ལ་དམིགས་པ་འདི་ལྟར་དུ་མཛོད། ཧཱུྃ་ཡིག་དམར་པོ་སྔགས་ཕྲེང་གིས་བསྐོར་བ་མཁའ་འགྲོའི་ཞལ་ནས་བྱུང་ཁྱེད་རང་གི་ཞལ་དང་མགྲིན་པར་བརྒྱུད་ཐུགས་ཀའི་ས་བོན་ལ་ཐིམ་པས་གསུང་རིག་སྔགས་ཀྱི་ནུས་པ་ཡོངས་རྫོགས་ཐོབ་པར་མོས་ཤིག །ཙཀླི་མགྲིན་པར་གཏུགས་ཤིང་ལག་ཏུ་གཏད་ལ། ཧཱུྃ༔ རྒྱལ་བའི་ཡུམ་གྱུར་མཆོག་གི་གསང་ཆེན་མའི༔ ཡེ་ཤེས་སྙིང་པོ་ཉེ་བའི་སྙིང་པོ་ཡི༔ དྲག་རྩལ་ཡོངས་རྫོགས་དམ་ལྡན་བུ་ལ་སྦྱིན༔ རྟག་ཏུ་སྲུང་སྐྱོབ་ཕྲིན་ལས་མ་ཆུང་ཞིག༔ རྩ་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ གསུམ་པ་ཐུགས་ཀྱི་བཀའ་གཏད་པ་ནི། རང་སེམས་ངོ་བོ་སྟོང་པའི་ནམ་མཁ༵འ་ལ། རིག་རྩལ་ཐོགས་མེད་ཀུན་ཏུ་འགྲོ༵་བ། གདོད་ནས་དབྱེར་མེད་ཟུང་འཇུག་ཡེ་ཤེས་ཌཱ་ཀཱིའི་རང་བཞིན་དུ་ཤེས་པས་མཁའ་འགྲོ་མའི་སྟོང་སྲོག་གཅིག་ཅར་དུ་འཕྲོག་པ་ཐོབ་པ་ཡིན་པས་དོན་ཤེས་པར་གྱིས་ལ་མཉམ་པར་ཞོག་ཅིག །རྡོ་རྗེ་སྙིང་ཁར་བཞག་ལ། ཧཱུྃ༔ དམ་ཚིག་མཆོག་གི་གཙོ་མོ་འདི༔ བསྟེན་རྣམས་དམ་ཚིག་ཚུལ་ཇི་བཞིན༔ ཏིང་འཛིན་མཆོག་ཏུ་མ་ཡེངས་པའི༔ དོན་གྱི་དྲག་མོའི་སྐུར་ཟུངས་ཤིག༔ རྩ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པ་ཕྲིན་ལས་སྒྲུབ་པའི་བཀའ་གཏད་པ་ལ་དམིགས་པ་འདི་ལྟར་དུ་མཛོད། རྡོ་རྗེའི་གྲི་གུག་དང་ཐོད་པ་དམར་ཆེན་གྱིས་གཏམས་པ། རྩེ་གསུམ་འབར་བའི་ཕྱག་མཚན་རྣམས་ཀྱིས་མངའ་གསོལ་བས་བདུད་འདུལ་སེང་གདོང་དྲག་མོ་དང་དབྱེར་མེད་པའི་མཐུ་སྟོབས་ཕྲིན་ལས་ཐོགས་མེད་དུ་གྲུབ་པར་མོས་ཤིག །གྲི་ཐོད་ལག་གཡས་གཡོན། རྩེ་གསུམ་མཆན་དུ་གཏད་ལ། ཧཱུྃ༔ མ་རྟོགས་འཁོར་བ་བསྒྲལ་མཛད་པས༔ ཐུགས་རྗེ་རྔམས་པའི་ཁྲག་ཆེན་རོལ༔ ལོག་རྟོག་དྲུང་ནས་འབྱིན་མཛད་པའི༔ མཐུ་སྟོབས་ཕྲིན་ལས་ཡོངས་རྫོགས་རྣམས༔ མ་ལུས་ཁྱོད་ཀྱིས་ཐོབ་པར་ཤོག༔ རྩ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཤིས་བརྗོད་གང་འོས་བྱ། དེས་ཀློང་གསལ་རྡོ་རྗེ་སྙིང་པོའི་ཡན་ལག་ལས་བཞི་སྒྲུབ་པའི་ཐབས་ཀྱི་བྱེ་བྲག་དྲག་པོ་མངོན་སྤྱོད་དང་རྗེས་སུ་འབྲེལ་བ། བདུད་འདུལ་སིཾ་ཧ་དམར་མོའི་བཀའ་གཏད་ཟབ་མོ་ལེགས་པར་གྲུབ་པ་ཡིན་པས་ཁྱད་པར་གྱི་དམ་ཚིག་བསྙེན་སྒྲུབ་ཕྲིན་ལས་ལ་འབད་པ་སོགས། སྤྱི་དང་བྱེ་བྲག་གི་ཡལ་གམ་གཉན་པོ་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ་གྱིས་མཚོན་དབང་གི་རྗེས་སྤྱི་ལྟར་དང་། སློབ་དཔོན་གྱིས་ཚོགས་ལ་རོལ་པ་ནས་བཀྲ་ཤིས་བརྗོད་པའི་བར་ཡང་ལས་བྱང་དཀྱུས་ལྟར་བྱའོ། །རྡོ་རྗེ་སྙིང་པོའི་མན་ངག་བཅུད། །སྲུང་ཟློག་སྙིང་པོའི་རྣོ་མཚོན་འདི། །སྙིང་པོའི་བསྟན་པ་འཛིན་ཀུན་དང་། །འཕྲད་ནས་བར་ཆད་གཡུལ་འཇོམས་ཤོག །ཅེས་པའང་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་གཏེར་གཞུང་རྡོ་རྗེའི་གཞུང་མཛེས་པའི་རྒྱན་དུ་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
གསང་ཐིག་སྙིང་པོ་སྐོར་བདུན་ལས། ཚེས་བཅུའི་བླ་སྒྲུབ་ཀྱི་ལས་བྱང་བཀླག་ཆོག་ཏུ་བཀོད་པ་ཀུན་ཁྱབ་ཐིག་ལེ (Volume 11, Text 4)
༄༅། །གསང་ཐིག་སྙིང་པོ་སྐོར་བདུན་ལས། ཚེས་བཅུའི་བླ་སྒྲུབ་ཀྱི་ལས་བྱང་བཀླག་ཆོག་ཏུ་བཀོད་པ་ཀུན་ཁྱབ་ཐིག་ལེ་ཞེས་བྱ་བ་བཞུགས་སོ། ། རིགས་ཀུན་ཁྱབ་བདག་མཁའ་མཉམ་གྱི། །འགྲོ་མགོན་མ་ཧཱ་གུ་རུ་ལ། །མི་ཕྱེད་གུས་པས་རབ་བཏུད་དེ། །ངོ་མཚར་ཕྲིན་ལས་ཁྱེར་བདེ་དགོད། །གུ་རུའི་ཐུགས་སྒྲུབ་མཐའ་ཡས་པ་རྣམས་ཀྱི་ནང་ནས་མཛད་པའི་གཙོ་བོ་བཅུ་གཉིས་དང་རྗེས་སུ་འབྲེལ་བའི་ཕྲིན་ལས་རྨད་དུ་བྱུང་བ་འདི་ཉིད་ཉམས་སུ་ལེན་པའི་ཚུལ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ་གཉིས། སྦྱོར་བའི་ཆོས་དང་། ཆོ་གའི་སྔོན་འགྲོའོ། །དང་པོ་ནི། སྒྲུབ་པ་ཆེན་པོ་དང་དབང་བསྐུར་གྱི་སྐབས་སུ་གཞུང་ལས་སོ་སོར་བཤད་པ་ལྟར་བྱ་དགོས་ཤིང་། འདིར་ཚེས་བཅུའི་ཚོགས་མཆོད་སོགས་དཀྱུས་ཙམ་ལ། གུ་རུ་རིན་པོ་ཆེའི་སྐུ་ཚབ་བམ་ཞལ་ཐང་གཙོ་བོར་གྱུར་པའི་སྐུ་གསུང་ཐུགས་རྟེན་གང་འཛོམ་ལེགས་པར་བཀྲམ་པའི་སྤྱན་སྔར་སྟེགས་བུ་ཁེབས་ལྡན་གྱི་དབུས་སུ། ཚེས་བཅུ་སོ་སོའི་གཏོར་མ་གཏེར་རྙིང་ལས་འབྱུང་བ་ལྟར་གྲུབ་ན་ལེགས་ཀྱང་། མི་ལྕོགས་ན་སྤྱི་གཏོར་རིན་ཆེན་ཟུར་བརྒྱད་མ་རྒྱན་སྤྲོས་བཅས་ཚད་ལྡན་བཞེངས་པ་དབུས་སུ་བཀོད་པའི་གཡས་གཡོན་དུ་སྨན་རག །མདུན་དུ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། གཞན་ཡང་། སྔོན་གཏོར། ཚོགས་ཀྱི་ཡོ་བྱད། སྲུང་མའི་གཏོར་འབུལ། ཆད་བརྟན་རྣམས་དང་། ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་ལ། ཐོག་མར་ཕྱག་བཞེས་ལྟར་ཚིག་བདུན་གསོལ་འདེབས་སྔོན་དུ་འགྲོ་བས་བརྒྱུད་འདེབས་ནི། རིགས་ཀུན་ཁྱབ་བདག་མགོན་པོ་འོད་དཔག་མེད། །ཐུགས་རྗེའི་མངའ་བདག་འཇིག་རྟེན་དབང་ཕྱུག་ཞབས། །རབ་འབྱམས་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང་། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ཡེ་ཤེས་མཚོ་རྒྱལ་ལོ་ཆེན་བཻ་རོ་རྗེ། །མངའ་བདག་ཡབ་སྲས་འཇམ་དཔལ་ཆོས་བཤེས་གཉེན། །ཟབ་གཏེར་གསང་འཛིན་བརྒྱུད་པར་བཅས་པ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །བརྒྱུད་གསུམ་བླ་མ་ཡི་དམ་ཞི་ཁྲོའི་ལྷ། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་གཏེར་སྲུང་བཅས། །སྐུ་བཞི་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །གཞི་རྒྱུད་ལེགས་སྨིན་དམ་ཚིག་རྣམ་པར་དག །ལམ་རྒྱུད་གསང་གསུམ་རྣལ་འབྱོར་མཐའ་རུ་ཕྱིན། །འབྲས་རྒྱུད་སྐུ་བཞི་དབྱེར་མེད་བདེ་བ་ཆེ། །ཀུན་བཟང་པདྨའི་གོ་འཕང་མྱུར་འགྲུབ་ཤོག །དེ་ནས་རྩ་གཞུང་ས་བཅད་ཀྱིས་བསྡུས་པའི་དང་པོ་སྐྱབས་སུ་འགྲོ་བ་ནི། བླ་མ་རིག་འཛིན་རྩ་གསུམ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ལྷ་ཚོགས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་བསྐྱེད་པ་ནི། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའ་འོ༔ ལན་གསུམ། གསུམ་པ་ཚོགས་གསག་ནི། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་བསྒྲུབས་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ལན་གསུམ། ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར༔ འདིར་རྒྱས་པར་སྤྲོ་ན་གཏེར་གཞུང་ཁྲིད་ཀྱི་སྐབས་སུ་འབྱུང་བའི་རྡོར་སེམས་སྒོམ་བཟླས། མཎྜལ། བླ་མའི་རྣལ་འབྱོར་རྣམས་སྦྱོར་གྲུབ་ན་ལེགས་ཤིང་དཀྱུས་ཙམ་ལ་མི་དགོས། བཞི་པ་བགེགས་གཏོར་བསྔོ་ཞིང་བཀའ་བསྒོ་བ་ནི། རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་རང་སྣང་གི་ཡུམ་དང་བཅས་པའི་སྐུར་གྱུར། བགེགས་གཏོར་བྲན་ལ། རཾ་ཡཾ་ཁཾཿ སྟོང་པའི་ངང་ལས་རང་རང་གི་ཡིད་དང་མཐུན་པའི་སྣོད་རྣམས་སུ་ཁཾ་ལས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་སོ་སོའི་སྤྱོད་ཡུལ་བཞིན་དུ་འཆར་བར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་རྒྱ་དང་བཅས་པས་བྱིན་བརླབ། སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿ ཞེས་མགྲོན་དགུག །སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནམ་མཁའ་མཛོད་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཧཱུྃ་ཧཱུྃ་ཨུ་ཙ་ཊ་ཡ་ཕཊ༔ ཅེས་དང་གུ་གུལ་ཡུངས་ཐུན་རོལ་མོའི་ཚམ་རྔམ་བཅས་པས་བགེགས་བསྐྲད་ལ་གཏོར་མ་ཕྱི་རོལ་དུ་དོར། ལྔ་པ་སྲུང་མཚམས་བཅད་པ་ནི། ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ བཛྲ་ཀྲོ་དྷ་རཀྵ་རཀྵ་ཕཊ༔ དྲུག་པ་བྱིན་དབབ་པ་ནི། དྲི་བཟང་པོའི་སྤོས་བཏུལ། དབྱངས་རོལ་མོས་གུས་ཏིང་འཛིན་གྱིས་གཟི་བྱིན་བསྐྱེད་ལ། ཧཱུྃ་ཧྲཱི༔ སྐུ་གསུམ་ཞིང་ཁམས་རབ་འབྱམས་ནས༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ གནས་འདིར་ཐུགས་རྗེས་བརྩེར་དགོངས་ལ༔ དབང་སྐུར་བྱིན་ཕོབ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བདག་གནས་ཡོ་བྱད་ཐམས་ཅད་ལ་བྱིན་དབབ་བོ། །བདུན་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ༔ ཡེ་ཤེས་རིག་རྩལ་མེ་རླུང་ཆུས༔ མཆོད་རྫས་དངོས་འཛིན་བསྲེགས་གཏོར་བཀྲུས༔ གནས་ཡུལ་དག་པའི་ཞིང་གི་དབུས༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་གྱུར༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་མ་ཧཱ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ཞེས་ཕྱི་ནང་གི་མཆོད་པ་དང་། ཨོཾ་ཨཱཿཧཱུྃ་མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋ༔ ཞེས་ལན་གསུམ་གྱིས་སྨན་རག་གཏོར་མ་བྱིན་བརླབ་ཅིང་ཏིང་འཛིན་སྤྱི་མཐུན་བྱའོ། །གཉིས་པ་དངོས་གཞིའི་ལས་རིམ་བདུན་ལས། དང་པོ་དམ་ཚིག་པ་བསྐྱེད་པ་ནི། ཨ༔ སྐྱེ་མེད་སྤྲོས་བྲལ་དེ་བཞིན་ཉིད༔ བདེན་གཉིས་དབྱེར་མེད་འོད་གསལ་ངང༔ ཀུན་སྣང་སྙིང་རྗེ་སྒྱུ་མའི་ཚུལ༔ དམིགས་མེད་མཁའ་ཁྱབ་ཀུན་ཏུ་གདལ༔ སྟོང་དང་སྙིང་རྗེ་ཟུང་འཇུག་རྩལ༔ ཐམས་ཅད་སྐྱེད་བྱེད་རྒྱུ་ཡི་ཧཱུྃ༔ མཁའ་ལ་འཇའ་ཚོན་བཞིན་དུ་ཤར༔ དེ་ལས་འབར་བའི་འོད་ཟེར་གྱིས༔ སྣོད་བཅུད་གཟུང་འཛིན་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ འབྱུང་ལྔ་ཡུམ་གྱི་མཁའ་ཀློང་བརྩེགས༔ རིན་ཆེན་རི་དབང་ལྷུན་མཐོར་འཕགས༔ དེ་སྟེང་རྡོ་རྗེའི་སྲུང་འཁོར་དབུས༔ རང་བྱུང་ལྷུན་གྲུབ་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་རྟ་བབས་བཞི༔ རྩིགས་པ་འདོད་སྣམས་ཕ་གུ་དང༔ དྲྭ་བ་དྲྭ་ཕྱེད་ཤར་བུས་བརྒྱན༔ དབུས་ཕྱུར་རྡོ་རྗེ་ནོར་བུའི་ཏོག༔ ཕྱི་གསལ་ནང་གསལ་འོད་ལྔའི་ཀློང༔ པདྨ་འདབ་བརྒྱད་ལྟེ་བ་རུ༔ སེང་ཁྲི་པདྨ་ཉི་ཟླའི་གདན༔ དེ་སྟེང་ཧཱུྃ་ཡིག་ཡོངས་གྱུར་ལས༔ བདེ་ཆེན་ངོ་བོ་ཉིད་ཀྱི་སྐུ༔ རིགས་ཀུན་ཁྱབ་བདག་པདྨ་འབྱུང༔ དཀར་དམར་མདངས་ལྡན་ཞི་འཛུམ་སྒེག༔ ཕྱག་གཉིས་མཉམ་གཞག་ཕྱག་རྒྱའི་སྟེང༔ བདེ་སྟོང་བདུད་རྩིའི་ཐོད་ཞལ་བསྣམས༔ གསང་གོས་ཕོད་ཀ་ཆོས་གོས་དང༔ ཟ་འོག་བེར་ཆེན་མཛེས་པར་བཀླུབས༔ དབུ་ལ་པདྨའི་སྙན་ཞུས་བརྗིད༔ སྤྱན་ཟླུམ་ལྟ་སྟངས་ཧྲིག་གེར་གཟིགས༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གིས༔ ཡེ་ཤེས་འོད་ལྔའི་ཀློང་ན་རོལ༔ ཐུགས་ཀར་ཆུ་སྐྱེས་ཉི་ཟླའི་སྟེང༔ ཆོས་སྐུ་མི་འགྱུར་གསང་བ་འདུས༔ མཐིང་གསལ་རྡོ་རྗེ་དྲིལ་བུའི་རྒྱས༔ རང་འོད་མཚོ་རྒྱལ་དཀར་མོ་འཁྲིལ༔ གཉིས་ཀ་དར་དང་རིན་ཆེན་དང༔ རུས་པ་མེ་ཏོག་ཕྲེང་བས་བརྒྱན༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ སྙོམས་འཇུག་མཆོག་གི་བདེ་བས་རོལ༔ ཕྱི་འཁོར་པདྨ་འདབ་བརྒྱད་ལ༔ ལོངས་སྤྱོད་ཡོངས་རྫོགས་ཡེ་ཤེས་སྐུ༔ ཤར་དུ་བུདྡྷ་ཐོད་ཕྲེང་རྩལ༔ དཀར་གསལ་འཁོར་ལོ་དྲིལ་བུ་བསྣམས༔ ལྷོ་རུ་རཏྣ་ཐོད་ཕྲེང་རྩལ༔ གསེར་མདངས་རིན་ཆེན་དྲིལ་བུ་འཛིན༔ ནུབ་ཏུ་པདྨ་ཐོད་ཕྲེང་རྩལ༔ དམར་གསལ་པདྨ་དྲིལ་བུ་བསྣམས༔ བྱང་དུ་ཀརྨ་ཐོད་ཕྲེང་རྩལ༔ ལྗང་ནག་རྒྱ་གྲམ་དྲིལ་བུ་འཛིན༔ ཀུན་ཀྱང་དར་དང་རིན་ཆེན་དང༔ རུས་པའི་རྒྱན་ལྡན་སྐྱིལ་ཀྲུང་གིས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་འོད་རིག་མའི་བདེ་བས་དགྱེས༔ ཤར་ལྷོར་འགྲོ་འདུལ་ཐུགས་རྗེའི་རྩལ༔ སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ་དཀར༔ རྡོ་རྗེ་ཐོད་འཛིན་ཕྱེད་སྐྱིལ་བཞུགས༔ ལྷོ་ནུབ་རྒྱལ་སྲས་ཐོར་ཚུགས་ཅན༔ པདྨའི་རྒྱལ་པོ་དམར་མདངས་བརྗིད༔ ཡིད་བཞིན་ནོར་བུ་གསེར་འཁོར་བསྣམས༔ ནུབ་བྱང་ཤཱནྟ་རཀྵི་ཏ༔ དམར་སྨུག་ཁ་ཊྭཱཾ་ཐོད་ཁྲག་རོལ༔ ཁྲོ་ཆགས་རིག་འཛིན་བརྟུལ་ཞུགས་སྤྱོད༔ བྱང་ཤར་ཤཱཀ་སེང་བློ་ལྡན་མཆོག༔ གསེར་མདོག་སྤྲུལ་སྐུའི་ཆ་བྱད་ཅན༔ ས་གནོན་མཉམ་གཞག་མཚན་དཔེས་བརྒྱན༔ དེ་ཕྱིར་རིན་ཆེན་ཟུར་བརྒྱད་ལ༔ ཤར་དུ་འཆི་མེད་པདྨ་འབྱུང༔ དཀར་དམར་རྡོ་རྗེ་ཚེ་བུམ་འཛིན༔ མནྡཱ་ར་བ་ཡུམ་དང་སྦྱོར༔ ལྷོ་རུ་པདྨ་བཛྲ་རྩལ༔ དམར་སྨུག་ཁྲོ་འཛུམ་རྗེས་ཆགས་ཉམས༔ རིགས་ཀྱི་ཡུམ་འཁྱུད་རྡོར་དྲིལ་བསྣམས༔ ནུབ་ཏུ་སེང་གེ་སྒྲ་སྒྲོག་མཐིང༔ རྡོ་རྗེ་གསོར་ཞིང་སྡིགས་མཛུབ་སྒྲེང༔ དུར་ཁྲོད་རོལ་པའི་ཆས་ཀྱིས་བརྗིད༔ བྱང་དུ་གུ་རུ་མཁའ་ལྡིང་མཐིང༔ སྡིགས་མཛུབ་དང་བཅས་རྡོར་དྲིལ་ཕྱར༔ རིན་ཆེན་རུས་རྒྱན་གར་ཐབས་སྒྱུར༔ ཤར་ལྷོར་བདེ་ཆེན་ཉི་མ་འོད༔ གསེར་མདངས་གཟི་བརྗིད་དཔལ་དུ་འབར༔ ཁ་ཊྭཱཾ་ཉི་ཟེར་ཐོད་ཆང་རོལ༔ ལྷོ་ནུབ་རྡོ་རྗེ་ཐོད་ཕྲེང་རྩལ༔ དཀར་དམར་མདངས་ལྡན་རྡོར་དྲིལ་བསྣམས༔ ཕྱག་རྒྱ་ཆེན་པོའི་ཡེ་ཤེས་གྲུབ༔ ནུབ་བྱང་པདྨ་སཾ་བྷ་ཝ༔ དཀར་དམར་རྡོ་རྗེ་ཐོད་པ་འཛིན༔ དགེ་སློང་བྱང་ཆུབ་སེམས་དཔའི་ཚུལ༔ བྱང་ཤར་ལྷུན་གྲུབ་གྲོ་བོ་ལོད༔ རྡོ་རྗེ་གསོར་ཞིང་ཕུར་བུ་འདྲིལ༔ ཁྲོ་བོ་འཆོལ་བའི་ཆ་བྱད་འཆང༔ ཀུན་ཀྱང་རང་རང་ཞི་ཁྲོའི་ཉམས༔ རྒྱན་དང་ཆ་ལུགས་རྣམ་འགྱུར་རྫོགས༔ གང་འདུལ་མ་འགག་རོལ་པའི་གར༔ འཇའ་འོད་མེ་ཕུང་ཀློང་དུ་གསལ༔ སྒོ་བཞིར་དཔའ་བོ་རིགས་བཞི་ནི༔ དཀར་སེར་དམར་ལྗང་ཞི་ཁྲོའི་ཉམས༔ རང་རྟགས་ཕྱག་རྒྱས་ཡུམ་དང་སྦྱོར༔ ཞིང་རྐྱང་གདན་ལ་གར་ཐབས་འགྱིང༔ གཞན་ཡང་བདག་སྐྱོབ་བླ་མ་ལྷ༔ མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས༔ ཉི་མ་དང་ནི་འོད་ཟེར་བཞིན༔ སྟེང་འོག་ཕྱོགས་མཚམས་ཁྱབ་པར་བརྡལ༔ རིག་རྩལ་རོལ་པ་ཆུ་ཟླའི་གཟུགས༔ བདེ་ཆེན་གཟི་བྱིན་དཔལ་འབར་བསམ༔ གནས་གསུམ་ཡི་གེ་གསུམ་གྱིས་མཚན༔ རྡོ་རྗེ་གསུམ་གྱི་ཕྱག་རྒྱས་བཏབ༔ ཡེ་ཤེས་དབང་བསྐུར་ཅོད་པན་འཆང༔ སྒྲིབ་དག་ནུས་རྩལ་ཡོངས་སུ་སྨིན༔ བདེ་སྟོང་རོལ་པའི་འོད་ཟེར་གྱིས༔ མཁའ་ཁྱབ་དཀྱིལ་འཁོར་སྤྱན་དྲངས་གྱུར༔ གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་ནི། གདུང་བའི་ཤུགས་བསྐྱེད། དབྱངས་རོལ་དང་ཁྱད་པར་ཐོད་རྔས་བསྐུལ་ལ། ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ རང་བྱུང་ལྷུན་གྲུབ་གཞལ་ཡས་འདིར༔ རིག་པ་རང་སྣང་དམ་ཚིག་པར༔ དབྱིངས་ནས་སྤྱན་དྲངས་ཡེ་ཤེས་ལྷ༔ གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོཿས་མ་ཡ་ཏིཥྛ་ལྷན༔ བཞི་པ་ཕྱག་འཚལ་བ་ནི། ན་མོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབ་པའི༔ རིག་འཛིན་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ལྔ་པ་མཆོད་པ་འབུལ་བ་ནི། རྒྱུན་གྱི་ཕྲིན་ལས་དཀྱུས་ལ་གཏེར་གཞུང་དངོས་བསྟན་འདི་ཙམ་གྱིས་འཐུས་ཏེ། ཨོཾ་ཨཱཿཧཱུྃ༔ བླ་མ་སྐུ་བཞིའི་ལྷ་ཚོགས་ལ༔ དངོས་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ ལྷ་རྫས་ཕྱི་ཡི་མཆོད་པ་འབུལ༔ རང་བྱུང་ནང་གི་མཆོད་པ་འབུལ༔ ཟུང་འཇུག་གསང་བའི་མཆོད་པ་འབུལ༔ བདུད་རྩི་སྨན་གྱི་མཆོད་པ་འབུལ༔ ཆགས་བྲལ་རཀྟའི་མཆོད་པ་འབུལ༔ འདོད་འབྱུང་དཔལ་གྱི་གཏོར་མ་སོགས༔ ལོངས་སྤྱོད་རྣམ་པ་ཐམས་ཅད་པས༔ དགྱེས་མཆོད་དམ་ཚིག་ཉམས་ཆག་བསྐང༔ མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བིདྱཱ་དྷཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ པཉྩ་ཀཱ་མ་གུ་ཎ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་སོ། །སྒྲུབ་མཆོད་སོགས་ཆོ་ག་རྒྱས་པའི་སྐབས་ཅུང་ཟད་སྤྲོ་ན། ཕྱི་མཆོད་ནི། ཨོཾ་ཨཱཿཧཱུྃ༔ བླ་མ་སྐུ་བཞིའི་ལྷ་ཚོགས་ལ༔ དངོས་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ ལྷ་རྫས་ཕྱི་ཡི་མཆོད་པ་འབུལ༔ དགྱེས་མཆོད་དམ་ཚིག་ཉམས་ཆག་བསྐང༔ མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བིདྱཱ་དྷཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ནང་མཆོད་ནི། ཨོཾ་ཨཱཿཧཱུྃ༔ བླ་མ་སྐུ་བཞིའི་ལྷ་ཚོགས་ལ༔ དངོས་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ རང་བྱུང་ནང་གི་མཆོད་པ་འབུལ༔ དགྱེས་མཆོད་དམ་ཚིག་ཉམས་ཆག་བསྐང༔ མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བིདྱཱ་དྷཱ་ར་ས་པ་རི་ཝཱ་ར་པཉྩ་ཀཱ་མ་གུ་ཎ་པཱུ་ཛཿཧོ༔ གསང་མཆོད་ནི། ཨོཾ་ཨཱཿཧཱུྃ༔ བླ་མ་སྐུ་བཞིའི་ལྷ་ཚོགས་ལ༔ དངོས་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཟུང་འཇུག་གསང་བའི་མཆོད་པ་འབུལ༔ དགྱེས་མཆོད་དམ་ཚིག་ཉམས་ཆག་བསྐང༔ མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བིདྱཱ་དྷཱ་ར་ས་པ་རི་ཝཱ་ར་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ སྨན་མཆོད་ནི། ཨོཾ་ཨཱཿཧཱུྃ༔ བླ་མ་སྐུ་བཞིའི་ལྷ་ཚོགས་ལ༔ དངོས་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ བདུད་རྩི་སྨན་གྱི་མཆོད་པ་འབུལ༔ དགྱེས་མཆོད་དམ་ཚིག་ཉམས་ཆག་བསྐང༔ མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བིདྱཱ་དྷཱ་ར་ས་པ་རི་ཝཱ་ར་མ་ཧཱ་ཨ་མྲྀཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ རིགས་ཀུན་ཁྱབ་བདག་མགོན་པོ་འོད་དཔག་མེད། །ཐུགས་རྗེའི་མངའ་བདག་འཇིག་རྟེན་དབང་ཕྱུག་ཞབས། །རབ་འབྱམས་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང་། །སྨན་མཆོད་འབུལ་ལོ་དངོས་གྲུབ་རྣམ་གཉིས་སྩོལ། །ཡེ་ཤེས་མཚོ་རྒྱལ་ལོ་ཆེན་བཻ་རོ་རྗེ། །མངའ་བདག་ཡབ་སྲས་འཇམ་དཔལ་ཆོས་བཤེས་གཉེན། །ཟབ་གཏེར་གསང་འཛིན་བརྒྱུད་པར་བཅས་པ་ལ། །སྨན་མཆོད་འབུལ་ལོ་དངོས་གྲུབ་རྣམ་གཉིས་སྩོལ། །བརྒྱུད་གསུམ་བླ་མ་ཡི་དམ་ཞི་ཁྲོའི་ལྷ། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་གཏེར་སྲུང་བཅས། །སྐུ་བཞི་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་ལ། །སྨན་མཆོད་འབུལ་ལོ་དངོས་གྲུབ་རྣམ་གཉིས་སྩོལ། །ཅེས་འབུལ། ཨོཾ་ཨཱཿཧཱུྃཿ གིས་ལྷག་མ་དངོས་གྲུབ་བླང་། རཀྟ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ༔ བླ་མ་སྐུ་བཞིའི་ལྷ་ཚོགས་ལ༔ དངོས་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཆགས་བྲལ་རཀྟའི་མཆོད་པ་འབུལ༔ དགྱེས་མཆོད་དམ་ཚིག་ཉམས་ཆག་བསྐང༔ མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བིདྱཱ་དྷཱ་ར་ས་པ་རི་ཝཱ་ར་མ་ཧཱ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གཏོར་མ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ༔ བླ་མ་སྐུ་བཞིའི་ལྷ་ཚོགས་ལ༔ དངོས་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ འདོད་འབྱུང་དཔལ་གྱི་གཏོར་མ་སོགས༔ ལོངས་སྤྱོད་རྣམ་པ་ཐམས་ཅད་པས༔ དགྱེས་མཆོད་དམ་ཚིག་ཉམས་ཆག་བསྐང༔ མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བིདྱཱ་དྷཱ་ར་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དྲུག་པ་བསྟོད་པ་བྱ་བ་ནི། ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ དབྱེར་མེད་བདེ་བ་ཆེ་ལ་ཕྱག་འཚལ་བསྟོད༔ དཀྱུས་སུ་དེ་ཙམ་གྱིས་ཆོག །ཅུང་ཟད་སྤྲོ་ན། ཆོས་ཀུན་སྙིང་པོ་འོད་གསལ་བྱང་ཆུབ་སེམས། །ཡེ་ནས་ལྷུན་རྫོགས་ཡོན་ཏན་གཏིང་དཔག་མེད། །དཀྱིལ་འཁོར་དབང་ཕྱུག་ལྷན་སྐྱེས་བདེ་བ་ཆེ། །གུ་རུ་ཡིད་བཞིན་ནོར་བུར་ཕྱག་འཚལ་བསྟོད། །འཁོར་འདས་ཀུན་གྱི་གནས་ལུགས་དེ་བཞིན་ཉིད། །མ་བཅོས་རང་བྱུང་སྤྲོས་པའི་མཐའ་ལས་འདས། །རིགས་ཀུན་ཁྱབ་བདག་བླ་མ་ཆོས་ཀྱི་སྐུ །རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད། །དབྱིངས་ཀྱི་ངང་ལས་ཡེ་ཤེས་རང་ཤར་བ། །སྐུ་དང་ཞིང་ཁམས་བསམ་ཡས་ལྷུན་གྱིས་གྲུབ། ཁ་སྦྱོར་བདུན་ལྡན་བླ་མ་ལོངས་སྤྱོད་རྫོགས། །རིགས་བཞི་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད། །རིག་རྩལ་རོལ་པ་ཐུགས་རྗེའི་ཆོ་འཕྲུལ་ནི། །གང་འདུལ་དེར་སྣང་ཅིར་ཡང་སྤྲུལ་པའི་སྐུ །མཚན་མཆོག་བཅུ་གཉིས་མཁའ་འགྲོ་རིགས་བཞི་སོགས། །ཡོངས་རྫོགས་དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་སྦྲེལ། བདུན་པ་ཛཔ྄་བཟླ་བ་ལ་གསུམ་ལས། དང་པོ་བསྙེན་པ་ནི། གཙོ་མཆོག་རྡོ་རྗེ་ཐོད་ཕྲེང་གི༔ ཐུགས་ཀར་ཉི་ཟླ་ཁ་སྦྱོར་དབུས༔ ཧཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ གསལ་ཞིང་འབར་བའི་འོད་ཟེར་གྱིས༔ རབ་འབྱམས་རྩ་གསུམ་རྒྱལ་བ་ཡི༔ ཡེ་ཤེས་དངོས་གྲུབ་བདག་ལ་ཐིམ༔ བླ་མ་སྐུ་བཞིའི་ལྷ་ཚོགས་དང༔ དབྱེར་མེད་ཆེན་པོར་བྱིན་བརླབས་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བཟླ། གྲངས་ཀྱི་ཚད་འབུམ་ཕྲག་བཅུ་གཉིས་སོ། །གཉིས་པ་སྒྲུབ་པ་ནི། སླར་ཡང་དཀྱིལ་འཁོར་ལྷ་ཚོགས་ལས༔ ཐུགས་རྗེའི་འོད་ཟེར་ཀུན་ཏུ་འཕྲོས༔ ཁམས་གསུམ་ཐ་མལ་སྣང་ཞེན་སྦྱངས༔ ཏིང་འཛིན་དགོངས་པའི་བྱིན་རླབས་ཀྱིས༔ ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ༔ ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་ཆེ༔ དཔེར་ན་ཆུ་ཟླ་འཇའ་ཚོན་ལྟར༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླ་སྟེ་གྲངས་ཚད་འབུམ་ཕྲག་བཞིའོ། །གསུམ་པ་ལས་སྦྱོར་ནི། ཐོད་ཕྲེང་རིགས་ལྔའི་ཐུགས་ཀ་ནས༔ ལས་མཐུན་འོད་ཟེར་མཁའ་ཁྱབ་འཕྲོས༔ གང་འདུལ་ཞི་རྒྱས་དབང་དྲག་གི༔ ཕྲིན་ལས་ལྷུན་གྱིས་གྲུབ་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཤཱནྟིཾ་པུཥྚིཾ་བཱ་ཤཾ་མཱ་ར་ཡ་རྦད༔ བཟླས་པའི་ཚད་ནི་ཁྲི་ཕྲག་བཞིའོ། །ཚེ་སྒྲུབ་སྦྱོར་བར་སྤྲོ་ན་སྐབས་འདིར་བྱ་སྟེ། ཧྲཱི༔ ཐུགས་ཀར་རྡོ་རྗེ་ཐོད་ཕྲེང་གི༔ ཐུགས་དབུས་ཉི་ཟླ་ཁ་སྦྱོར་དཀྱིལ༔ རླུང་སེམས་དབྱེར་མེད་སྲོག་གི་ཧྲཱི༔ དམར་གསལ་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་འོད་འཕྲོས་འཁོར་འདས་ཁྱབ༔ བདག་གི་བླ་ཚེ་ཆད་ཉམས་དང༔ བརྟན་གཡོ་སྲིད་ཞིའི་དྭངས་བཅུད་ཀུན༔ འཆི་མེད་བདུད་རྩིར་སྤྱན་དྲངས་ནས༔ ཐུགས་སྲོག་ཧྲཱིཿཡིག་གསོས་བཏབ་པས༔ བླ་ཚེ་དབང་ཐང་ཉམས་པ་གསོས༔ རྟག་པ་དམ་པའི་ཚེ་དང་ནི༔ རྡོ་རྗེ་ཡེ་ཤེས་འགྲུབ་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཞེས་ཅི་ནུས་བཟླ། ཐུན་མཐར་ཚེ་འགུགས་པ་ནི། སྤོས་བསྲེག་མདའ་དར་གཡབ་ལ། ཧྲཱི༔ ངོ་བོ་འོད་གསལ་ཕོ་བྲང་ནས༔ ཆོས་སྐུ་མི་འགྱུར་གསང་བ་འདུས༔ རིག་རྩལ་འཁོར་བཅས་དབྱིངས་ནས་བཞེངས༔ ཡེ་ཤེས་ཆེན་པོའི་ཚེ་བཅུད་ཁུག༔ རང་བཞིན་བདེ་སྟོང་ཕོ་བྲང་ནས༔ ལོངས་སྤྱོད་ཡོངས་རྫོགས་ཐོད་ཕྲེང་རྩལ༔ རིགས་བཞི་འཁོར་བཅས་དབྱིངས་ནས་བཞེངས༔ རྒྱུན་གྱིས་རྟག་པའི་ཚེ་བཅུད་ཁུག༔ ཐུགས་རྗེ་འགྲོ་འདུལ་ཕོ་བྲང་ནས༔ སྤྲུལ་པའི་རིག་འཛིན་ཐུགས་དམ་བསྐུལ༔ ཕོ་ཉ་མགྱོགས་མའི་ཚོགས་བཅས་ཀྱིས༔ བརྟན་གཡོ་འཁོར་འདས་ཚེ་བཅུད་ཁུག༔ དབྱེར་མེད་གཉུག་མའི་ཕོ་བྲང་ནས༔ བདེ་ཆེན་ངོ་བོ་ཉིད་ཀྱི་སྐུ༔ རིགས་མདངས་འཁོར་བཅས་དབྱིངས་ནས་བཞེངས༔ རྡོ་རྗེ་གསུམ་གྱི་ཚེ་བཅུད་ཁུག༔ བླ་ཚེ་ཆད་ཉམས་ཡར་བ་དང༔ ཕྱི་སྣོད་ནང་བཅུད་སྲིད་ཞིའི་ཚེ༔ རྣལ་འབྱོར་ལུས་ངག་ཡིད་ལ་སྟིམས༔ རྩ་རླུང་ཐིག་ལེའི་བར་ཆད་སོལ༔ རྒས་མེད་ལང་ཚོའི་གཟི་བྱིན་འབར༔ ནད་མེད་བདེ་བའི་ཉམས་རྟོགས་སྤོར༔ འཆི་མེད་ཚེ་དབང་རིག་འཛིན་གྱི༔ དངོས་གྲུབ་དམ་པ་བསྩལ་དུ་གསོལ༔ ཅེས་གདུང་ཤུགས་དང་བཅས་པས་བསྐུལ། སྔགས་བརྗོད་ལ་རོལ་མོ་འཁྲོལ། རྒྱས་གདབ་པ་ནི། ཧྲཱི༔ འཁོར་དང་མྱ་ངན་འདས་པའི་བཅུད༔ མི་ཤིགས་སྲོག་གི་ཐིག་ལེར་ཐིམ༔ རྡོ་རྗེའི་གོ་ཁྲབ་འོད་འབར་བས༔ འགྱུར་མེད་རྟག་པའི་རྒྱས་གདབ་བོ༔ བཛྲ་ཨཱ་ཡུ་ཥེ་ཛྙཱ་ན་རཀྵཱ་ཧཾ༔ ཞེས་དང་སྤྲོ་ན་རྟེན་སྙིང་བརྗོད། གཞུང་ལས། ཐུན་མཐར་རྣམ་ཐར་རྗེས་དྲན་བློས༔ གདུང་བས་གསོལ་བཏབ་ཐུགས་དམ་བསྐུལ༔ ཞེས་གསུངས་པ་ལྟར་གུ་རུའི་གསོལ་འདེབས་སྤྱི་དང་ཁྱད་པར་ཚེས་བཅུའི་མཚན་དང་སྦྱར་བའི་གསོལ་འདེབས་ངེས་པར་བྱའོ། །ཐུན་མཚམས་ཀྱི་བྱ་བ་ཁྱད་པར་དུ་གྱུར་པ་ཚོགས་མཆོད་ནི། ཤ་ལྔ་དང་མ་ད་ན་གཙོ་བོར་གྱུར་པའི་དམ་ཚིག་གི་རྫས་བཤམ། བསང་ཆུ་དང་བདུད་རྩིས་བྲན་ཏེ་བྱིན་རླབས་པ་ནི༔ རཾ་ཡཾ་ཁཾ༔ རིག་རྩལ་རོལ་པ་མེ་རླུང་ཆུས༔ ཚོགས་ཀྱི་དངོས་འཛིན་བག་ཆགས་སྦྱངས༔ འབྲུ་གསུམ་འོད་ཀྱི་འཕྲོ་འདུས་ལས༔ སྣོད་བཅུད་དམ་ཚིག་རྫས་སུ་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ། ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ ཆོས་སྐུའི་ངང་ལས་ལོངས་སྤྱོད་རྫོགས༔ སྤྲུལ་པའི་རྣམ་རོལ་ཅིར་ཡང་སྣང༔ རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས༔ བཛྲ་ས་མ་ཡ་ཛ༔ ཚོགས་དང་པོ་མཆོད་པ་ནི། ཧཱུྃ༔ བླ་མེད་མཆོག་གི་དམ་ཚིག་ནི༔ འདོད་པའི་ཡོན་ཏན་བསམ་མི་ཁྱབ༔ རྨད་བྱུང་ཚོགས་ཀྱི་མཆོད་པ་འདིས༔ རྩ་གསུམ་ལྷ་ཚོགས་མཉེས་གྱུར་ཅིག༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ བར་པ་བཤགས་པ་ནི། ཧོ༔ བདག་ཅག་ཚེ་རབས་ཐོག་མེད་ནས༔ མི་ཤེས་ཉོན་མོངས་བག་མེད་པས༔ བསགས་པའི་སྡིག་ལྟུང་ཉམས་ཆག་ཀུན༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ཡི་གེ་བརྒྱ་པ་བརྗོད། ཐ་མ་བསྒྲལ་བསྟབ་ནི། དམིགས་རྟེན་མདུན་དུ་བཞག་ལ། ན་མོཿ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། རིག་འཛིན་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཧཱུྃ༔ བདག་ཉིད་པདྨ་ཁྲག་འཐུང་གི༔ ཐུགས་ལས་སྤྲུལ་པའི་ཕོ་ཉ་ཡིས༔ དགྲ་བགེགས་དགུག་བསྒྲལ་ཞལ་དུ་བསྟབས༔ ཡེ་ཤེས་གཟི་བྱིན་བསྐྱེད་དུ་གསོལ༔ སརྦ་དུཥྚན་མཱ་ར་ཡ་རྦད༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ སྐབས་འདིར་སྤྲོ་ན་སྐོང་གི་ཆོ་ག་བྱ་བར་གསུངས་པས་ལོངས་སྐབས་དང་བསྟུན། གཞན་ནས་འབྱུང་བའི་རྒྱས་བསྡུས་ཇི་ལྟར་འོས་པ་སྦྱར། དཀྱུས་ཙམ་དུ་སྐོང་རྫས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་བརླབས་ལ། དབྱངས་རོལ་བཅས་པས། ཧཱུྃ་ཧྲཱིཿ རང་བྱུང་ལྷུན་གྲུབ་འོག་མིན་བདེ་བ་ཆེ། །པདྨ་འོད་སོགས་རབ་འབྱམས་ཞིང་ཁམས་ནས། །གདོད་མའི་སངས་རྒྱས་བླ་མ་སྐུ་བཞིའི་ལྷ། །དབྱིངས་ལ་གཤེགས་བཞུགས་སྤྲོས་པ་མི་མངའ་ཡང་། །དད་མོས་གདུང་བས་བསྐུལ་ཞིང་གསོལ་འདེབས་ན། །གདུལ་བྱའི་ཡུལ་ལ་འཇུག་པའི་ཐུགས་རྗེ་ཡིས། །མངོན་སུམ་འདིར་གཤེགས་དགྱེས་པར་བཞུགས་ནས་ཀྱང་། །མཆོད་བཞེས་དམ་སྐོང་དབང་དང་བྱིན་རླབས་སྩོལ། །རང་བྱུང་སྤྲུལ་པའི་ཞིང་དང་གཞལ་མེད་ཁང་། །ཀུན་བཟང་རྣམ་འཕྲུལ་བཀོད་པ་བསམ་མི་ཁྱབ། །ལྷ་རྫས་ཉེར་སྤྱོད་རྒྱལ་སྲིད་བཀྲ་ཤིས་རྟགས། །རྡོ་རྗེའི་འདོད་ཡོན་རྨད་བྱུང་དམ་ཚིག་རྫས། ཁྱད་པར་མཆོད་ཚོགས་མདངས་ཆེན་སྣང་སྲིད་གཟུགས། །ཐབས་ཤེས་གླུ་གར་སྦྱོར་སྒྲོལ་བརྟུལ་ཞུགས་མཆོག །འོད་གསལ་ཕྱག་རྒྱ་ཆོས་དབྱིངས་བྱང་ཆུབ་སེམས། །སྣང་སྲིད་གཞིར་བཞེངས་ཡེ་ཤེས་རོལ་པའི་རྩལ། །ཆོས་དབྱིངས་ཀུན་ཁྱབ་རང་བྱུང་མཆོད་སྤྲིན་གྱིས། ཁྱབ་བདག་བདེ་བ་ཆེན་པོའི་ཐུགས་དམ་བསྐང་། །སྐུ་བཞིའི་གོ་འཕང་མཐར་ཕྱིན་དངོས་གྲུབ་སྩོལ། །ཆོས་སྐུ་གསང་འདུས་ཡབ་ཡུམ་ཐུགས་དམ་བསྐང་། །ཀ་དག་ལྟ་བ་རྩལ་རྫོགས་དངོས་གྲུབ་སྩོལ། །ལོངས་སྐུ་ཐོད་ཕྲེང་རིགས་བཞིའི་ཐུགས་དམ་བསྐང་། །ལྷུན་གྲུབ་སྒོམ་པ་ཚད་ཕེབས་དངོས་གྲུབ་སྩོལ། །སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེའི་ཐུགས་དམ་བསྐང་། །ཞི་རྒྱས་ལས་འགྲུབ་ཞལ་མཐོང་དངོས་གྲུབ་སྩོལ། །རྒྱལ་སྲས་པདྨ་རྒྱལ་པོའི་ཐུགས་དམ་བསྐང་། །སྟོབས་འབྱོར་བདེ་ལྡན་རྗེས་འཛིན་དངོས་གྲུབ་སྩོལ། །ཤཱནྟ་རཀྵི་ཏ་ཡི་ཐུགས་དམ་བསྐང་། །ཉེས་བྲལ་ལེགས་ཚོགས་དབང་འདུས་དངོས་གྲུབ་སྩོལ། །ཤཱཀ་སེང་བློ་ལྡན་མཆོག་སྲེད་ཐུགས་དམ་བསྐང་། །གདུག་པ་ཀུན་སེལ་སྙན་གྲགས་དངོས་གྲུབ་སྩོལ། །ཚེ་དབང་ཤཱཀྱ་འོད་ཀྱི་ཐུགས་དམ་བསྐང་། །དོན་གྲུབ་བདེ་ལེགས་འཕེལ་བའི་དངོས་གྲུབ་སྩོལ། །བདེ་ཆེན་པདྨ་བཛྲའི་ཐུགས་དམ་བསྐང་། །དྲེགས་ཚོགས་ཅི་བཅོལ་སྒྲུབ་པའི་དངོས་གྲུབ་སྩོལ། །བདུད་འདུལ་སེང་གེ་སྒྲ་སྒྲོག་ཐུགས་དམ་བསྐང་། །བདུད་བཞིའི་གཡུལ་ལས་རྒྱལ་བའི་དངོས་གྲུབ་སྩོལ། །མཐུ་ཆེན་གུ་རུ་མཁའ་ལྡིང་ཐུགས་དམ་བསྐང་། །བསམ་འགྲུབ་ཏིང་འཛིན་མཆོག་བརྙེས་དངོས་གྲུབ་སྩོལ། །རྣལ་འབྱོར་ཉི་མ་འོད་ཟེར་ཐུགས་དམ་བསྐང་། །བར་ཆད་ཀུན་ལས་སྐྱོབ་པའི་དངོས་གྲུབ་སྩོལ། །རྡོ་རྗེ་ཐོད་ཕྲེང་རྩལ་གྱི་ཐུགས་དམ་བསྐང་། །ནད་གདོན་རྐྱེན་ངན་ཟློག་པའི་དངོས་གྲུབ་སྩོལ། །རྗེ་བཙུན་པདྨ་སཾ་བྷའི་ཐུགས་དམ་བསྐང་། །ཉམས་ཆག་རྟོག་སྒྲིབ་བྱང་བའི་དངོས་གྲུབ་སྩོལ། ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཐུགས་དམ་བསྐང་། །དོན་གཉིས་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ། །དབྱིངས་ཀྱི་ཡུམ་ཆེན་རྣམས་ཀྱི་ཐུགས་དམ་བསྐང་། །བདེ་སྟོང་འདུ་འབྲལ་མེད་པའི་དངོས་གྲུབ་སྩོལ། །སྒོ་སྲུང་དཔའ་བོ་ཡབ་ཡུམ་ཐུགས་དམ་བསྐང་། །རྣམ་བཞིའི་ཕྲིན་ལས་མཐར་ཕྱིན་དངོས་གྲུབ་སྩོལ། །རྩ་བརྒྱུད་རིག་འཛིན་བླ་མའི་ཐུགས་དམ་བསྐང་། །རྒྱུད་བཞི་སྨིན་ཅིང་གྲོལ་བའི་དངོས་གྲུབ་སྩོལ། །ཡི་དམ་རྒྱལ་བ་ཞི་ཁྲོའི་ཐུགས་དམ་བསྐང་། །ཐུན་མོང་མཆོག་དང་རིགས་ཀྱི་དངོས་གྲུབ་སྩོལ། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང་། །འབར་བ་གསུམ་དང་འདུ་བའི་དངོས་གྲུབ་སྩོལ། །ཆོས་སྐྱོང་དམ་ཅན་གཏེར་སྲུང་ཐུགས་དམ་བསྐང་། །ཕྲིན་ལས་ཐོགས་པ་མེད་པའི་དངོས་གྲུབ་སྩོལ། །དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་གསང་མཆོད་དང་། །སྔགས་རྒྱ་ཏིང་འཛིན་དད་མོས་དམ་ཚིག་གིས། །བླ་མ་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་རྣམས། །ཐུགས་དམ་གཉན་པོ་ཆོས་ཀྱི་དབྱིངས་སུ་བསྐང་། །གདོད་ནས་མཉམ་པ་ཆེན་པོར་མ་རྟོགས་ཏེ། །གཉིས་འཛིན་འཁྲུལ་པས་རྟོག་སྒྲིབ་ཉམས་ཆག་བསགས། །བཀའ་དང་གཞུང་ལས་འགལ་བའི་ནོངས་པ་ཀུན། །སྙིང་ནས་བཤགས་སོ་དག་ཅིང་ཚངས་པར་སྩོལ། །ལས་དང་དངོས་གྲུབ་བསམ་པ་བཞིན་དུ་འགྲུབ། །རིག་འཛིན་རྣམ་བཞིའི་གོ་འཕང་མཐའ་རུ་ཕྱིན། །སྐུ་བཞི་དབྱེར་མེད་ཟུང་འཇུག་གདོད་མའི་མགོན། ཁྱབ་བརྡལ་ཐིག་ལེ་ཆེན་པོར་བྱང་ཆུབ་མཛོད། །ཅེས་པ་ཙམ་དང་བཤགས་པའི་ཚིག་གཞན་ཡང་སྤྲོ་ན་བརྗོད་དོ། །དེ་ནས་བརྡའི་འབུལ་ལེན་བཅས་ཚོགས་རྫས་ལ་ལོངས་སྤྱོད། ནང་དང་གསང་བའི་ཚོགས་ཀྱི་འཁོར་ལོའི་ཏིང་འཛིན་བརྟུལ་ཞུགས་གཞུང་གི་དགོངས་པ་ལྟར་རྣལ་འབྱོར་པའི་ནུས་སྟོབས་དང་སྦྱར་ལ། ཀུན་ཀྱང་རིག་སྟོང་གི་དབྱིངས་སུ་ལ་བཟླ། ལྷག་མ་བསྡུས་ལ་དམ་ཚིག་གི་ཁ་ཆུའམ་བྱིན་གྱིས་བརླབས་པའི་བདུད་རྩིས་བྲན་ལ། ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ལན་གསུམ་གྱིས་བརླབ། ཕེཾ་ཕེཾ༔ ཡེ་ཤེས་རོལ་པའི་ལྷག་སྡུད་དང༔ ལས་ལས་གྲུབ་པའི་ཕོ་ཉའི་ཚོགས༔ དཔལ་གྱི་ཕམ་ཕབ་འདི་ལོངས་ལ༔ འཁོར་སྲུངས་རྐྱེན་ཟློག་ཕྲིན་ལས་སྒྲུབས༔ ཨོཾ་ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ སྨོན་ལམ་ནི། བླ་མ་སྐུ་བཞིའི་དཀྱིལ་འཁོར་དུ༔ དམ་ཚིག་མཆོད་པའི་ཏིང་འཛིན་གྱིས༔ བསོད་ནམས་ཚོགས་ཆེན་རབ་རྫོགས་ནས༔ ཡེ་ཤེས་སྣང་བ་རྒྱས་པར་ཤོག༔ ཚོགས་མཆོད་ཀྱི་རྗེས་འབྲེལ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ ཆོས་སྐུ་ཀུན་བཟང་རྡོ་རྗེ་འཆང༔ ལོངས་སྐུ་ཐོད་ཕྲེང་རིགས་བཞིར་བཞེངས༔ སྤྲུལ་པའི་རྣམ་རོལ་ཅིར་ཡང་སྟོན༔ དབྱེར་མེད་བདེ་བ་ཆེན་པོར་རྫོགས༔ རབ་འབྱམས་བླ་མ་ཡི་དམ་ལྷ༔ གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་དགོངས༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ ནད་གདོན་སྡིག་སྒྲིབ་ཞི་བ་དང༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྤེལ༔ ཁམས་གསུམ་དབང་སྡུས་དགྲ་བགེགས་སྒྲོལ༔ རྩ་རླུང་ཐིག་ལེའི་བར་ཆད་སོལ༔ འོད་གསལ་ཐིག་ལེ་ཆེན་པོའི་ཀློང༔ མཆོག་དངོས་གྲུབ་པའི་ཕྲིན་ལས་མཛོད༔ ཆད་མདོའི་གཏོར་མ་འབུལ་བ་ནི། གཏོར་མ་དང་སྨན་རཀ་ཕུད་སྐྱེམས་ནང་མཆོད་ཀྱིས་བྲན་པ་བཏེགས་ལ། ཧཱུྃ་བྷྱོ༔ བརྒྱུད་གསུམ་རིག་འཛིན་བླ་མ་ཡི༔ སྤྱན་སྔར་ཁས་བླངས་དམ་ཅན་ཚོགས༔ འདོད་ཡོན་རྒྱ་མཚོའི་གཏོར་མ་དང༔ སྨན་རག་ཕུད་ཀྱི་མཆོད་པ་བཞེས༔ སྔོན་ཚེ་ཞལ་བཞེས་དགྱེས་དགོངས་ལ༔ བསྟན་པ་སྲུངས་ཤིང་རྣལ་འབྱོར་སྐྱོངས༔ འཁོར་སྲུངས་རྐྱེན་ཟློག་བར་ཆད་སོལ༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཤྲཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བརྟན་མ་བསྐྱང་བ་ནི། གཏོར་གཞོང་བཤལ་ཆུས་བཀང་བ་བདུད་རྩིས་བྲན་ལ། ཧཱུྃ༔ ཚོགས་དང་བཀའ་ཡི་བདག་ཉིད་ཆེ༔ བོད་ཁམས་སྐྱོང་བའི་བརྟན་མའི་ཚོགས༔ འདིར་གཤེགས་བཤལ་ཆུའི་བདུད་རྩི་བཞེས༔ བོད་ཁམས་བདེ་བའི་ཕྲིན་ལས་སྒྲུབས༔ མ་མ་དྷཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ ཞེས་ནམ་མཁར་མཆོད། བྲོ་བརྡུང་བ་ནི། གཏོར་སྣོད་སྦུབས་ལ། ཨེ་ནྲི་ཏྲི་སརྦ་ཤ་ཏྲུན་བིགྷྣཱན་ཛཿཧཱུྃ་བཾ་ཧོཿ ཞེས་བཀུག་གཞུག་བཅིངས་མནན་བྱས། རྡོ་རྗེའི་རྒྱས་བཏབ་ལ། ཧཱུྃ༔ ཁམས་གསུམ་ཨེ་ཡི་དཀྱིལ་འཁོར་དུ༔ གཟུང་འཛིན་འཁྲུལ་པའི་དགྲ་བགེགས་མནན༔ རྣམ་ཐར་ཕྱག་རྒྱས་ཡོངས་བཏབ་པས༔ ནམ་ཡང་ལྡང་བའི་སྐབས་མེད་དོ༔ ཨོཾ་ཨཱཿཧཱུྃ་སཏྭཾ་བྷ་ཡ་ནན༔ གསུམ་པ་རྗེས་ཀྱི་ལས་རིམ་ལའང་བདུན་ལས། དང་པོ་གཏོར་རག་འབུལ་བ་ནི། གོང་གསལ་ཚིགས་བཅད་དང་བཅས་པའི་སྔགས་ཙམ་གྱིས་མཆོད། ཧྲཱི༔ མ་བཅོས་སྤྲོས་བྲལ་སོགས་ཤློ་ཀ་གཅིག་གིས་བསྟོད། གཉིས་པ་དངོས་གྲུབ་བླང་བ་ནི། ཨོཾ་ཨཱཿཧཱུྃ། སྐུ་བཞི་དབྱེར་མེད་དཀྱིལ་འཁོར་ནས༔ རིག་འཛིན་རོལ་པའི་ལྷ་ཚོགས་རྣམས༔ བསྙེན་སྒྲུབ་དམ་ཚིག་རྗེས་དགོངས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ས་མ་ཡ་ཧཱུྃ༔ ཞེས་བསྐུལ་ཞིང་སྐུ་བརྙན་སོགས་སྒྲུབ་རྫས་ཡོད་ན་ལྷར་གསལ་བ་གནས་གསུམ་དུ་བཞག །དངོས་གྲུབ་ཀྱི་རྫས་ལ་ལོངས་སྤྱོད། དཀྱུས་ཙམ་ལ་བདུད་རྩི་བཀྱེ། གསུམ་པ་ནོངས་བཤགས་ནི། ཧོ༔ བླ་མ་རིག་འཛིན་དཀྱིལ་འཁོར་དུ༔ ཏིང་འཛིན་མ་གསལ་བཟླས་བརྗོད་གཡེལ༔ ལྷག་ཆད་འགལ་འཁྲུལ་ཉམས་ཆག་ཀུན༔ སྙིང་ནས་བཤགས་སོ་ཚངས་པར་སྩོལ༔ ཅེས་དང་ཡིག་བརྒྱ་བརྗོད། ཚོགས་མགྲོན་སོགས་རྟེན་ཡོད་ན་བརྟན་བཞུགས་སྤྱི་མཐུན་བྱ། མེད་ན་གཤེགས་སུ་གསོལ། བཞི་པ་བདག་བསྐྱེད་འོད་གསལ་དུ་བསྡུ་བ་ནི། ཨ༔ རིག་རྩལ་ལྷར་སྣང་སྒྱུ་མའི་སྐུ༔ འོད་གསལ་དབྱིངས་ཀྱི་ཐིག་ལེར་ཐིམ༔ བསམ་གྱིས་མི་ཁྱབ་རྫོགས་པ་ཆེ༔ མ་བཅོས་གཉུག་མའི་ངང་དུ་བཞག༔ ཨ་ཨ་ཨ༔ ལྔ་པ་ཟུང་འཇུག་གི་སྐུར་ལྡང་བ་ནི། ཨོཾ་ཨཱཿཧཱུྃ༔ སླར་ཡང་མཁའ་ལས་འཇའ་ཚོན་ལྟར༔ སྣང་བ་ལྷ་ལ་གྲགས་པ་སྔགས༔ དྲན་རྟོག་ཆོས་སྐུའི་རོལ་པར་ཤར༔ རྒྱུན་དུ་འགྲོ་བའི་དོན་ལ་སྤྱོད༔ བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ༔ དྲུག་པ་བསྔོ་སྨོན་གྱི་རྒྱས་གདབ་པ་ནི། ཧོ༔ བསྒོམས་བཟླས་མཆོད་པའི་བསོད་ནམས་ཚོགས༔ དུས་གསུམ་བསགས་པའི་ལེགས་བྱས་ཀུན༔ བྱང་ཆུབ་སྙིང་པོར་རོ་གཅིག་པས༔ རང་གཞན་དོན་ཀུན་ལྷུན་གྲུབ་ཤོག༔ བདུན་པ་བཀྲ་ཤིས་ནི། ཧོ༔ བླ་མ་སྐུ་བཞིའི་ལྷ་ཚོགས་ཀྱིས༔ བྱིན་གྱིས་རློབ་པའི་བཀྲ་ཤིས་ཤོག༔ ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱིས༔ དངོས་གྲུབ་སྩོལ་བའི་བཀྲ་ཤིས་ཤོག༔ དཔའ་བོ་མཁའ་འགྲོ་དམ་ཅན་གྱིས༔ བཀའ་བཞིན་སྒྲུབ་པའི་བཀྲ་ཤིས་ཤོག༔ མཆོག་དང་ཐུན་མོང་ཕྲིན་ལས་ཀྱིས༔ རྟག་ཏུ་དཔལ་གནས་བཀྲ་ཤིས་ཤོག༔ ཅེས་བརྗོད་ཅིང་མེ་ཏོག་འཐོར། རོལ་མོ་འཁྲོལ་ལ་དགེ་ལེགས་ཀྱི་སྣང་བ་རྒྱས་པར་བྱའོ། །ཨོ་རྒྱན་སངས་རྒྱས་གཉིས་པའི་དུས་ཆེན་ཚེས་བཅུའི་མཆོད་པ་ལ་བརྩོན་པའི་ཕན་ཡོན་སྤྱིར་ཟབ་གཏེར་རྣམས་སུ་རྒྱ་ཆེར་གསུངས་ཤིང་། ཁྱད་པར་ཟླ་བ་བཅུ་གཉིས་སོ་སོའི་སྐུའི་བཀོད་པ་དང་མཚན་གྱི་ཁྱད་པར་དང་མཐུན་པའི་སྒྲུབ་ཐབས། དེ་དག་མཆོད་པའི་ཕན་ཡོན་ཁྱད་པར་བཅས་རྩོད་བྲལ་གྱི་གཏེར་ཁ་སྔ་རྗེས་གཉིས་སུ་བྱོན་པའི་དོན་བཅུད་སྙིང་པོར་དྲིལ་བ་འདི་ཉིད་ཀྱིས་ཚེས་བཅུའི་དུས་མཆོད་མ་ཆགས་པར་གཏང་ན་དགོས་པ་ཁྱད་པར་དུ་ཆེ་བའང་། གཏེར་གཞུང་ལས། འབྲིང་གིས་ཚོགས་སུ་སྒྲུབ་པ་འམ༔ ཚེས་བཅུའི་དུས་མཆོད་རྒྱུན་བཟུང་ན༔ ཡུལ་ཕྱོགས་དགེ་ཞིང་བྱིན་ཆེན་ཕེབས༔ སྣོད་དང་བཅུད་ཀྱི་རྒུད་པ་ཞི༔ ཚེ་རིང་ནད་མེད་བསམ་རྒུ་འགྲུབ༔ ཚེ་འཕོས་རྔ་ཡབ་དཔལ་གྱི་རིར༔ རིག་འཛིན་འདུས་པའི་ཚོམ་བུར་སྦྱོར༔ དེ་ཕྱིར་འདི་ལ་བརྩོན་པར་གྱིས༔ ཞེས་བསླུ་མེད་རྡོ་རྗེའི་གསུང་ལ་སྐལ་ལྡན་རྣམས་ཀྱིས་ངེས་ཤེས་མཛད་འཚལ་ལོ། །འདིས་ཀྱང་གནས་སྐབས་གངས་ཅན་ལྗོངས། །མཐའ་དབུས་དགེ་ལེགས་དཔལ་གྱིས་ཁྱབ། །མཐར་ཐུག་པདྨ་འོད་ཀྱི་ཀློང་། །འགྲོ་ཀུན་ཕྱམ་གཅིག་བྱང་ཆུབ་ཤོག །ཅེས་པའང་གདོད་མའི་མགོན་པོ་བདེ་བ་ཆེན་པོ་དང་དབྱེར་མེད་པ་ཀུན་མཁྱེན་བླ་མ་རིན་པོ་ཆེས་རྗེས་གནང་དམིགས་སུ་བསྩལ་པ་ལྟར། བྱས་བསགས་ཀྱི་དཀར་པོ་རྣམ་པར་འཕེལ་བའི་རྒྱུ་དང་། ཨོ་རྒྱན་སངས་རྒྱས་གཉིས་པའི་གདུལ་བྱ་ཡུལ་ལ་འཇུག་པའི་ཐུགས་རྗེའི་རྐྱེན་ཉེ་བར་དམིགས་པའི་རྟེན་འབྲེལ་ལས་རྨད་དུ་བྱུང་བའི་ཟབ་ཆོས་འདི་ཉིད་རང་གི་སྐལ་པའི་དཔྱིད་དུ་ཐོབ་པ། ཨོ་རྒྱན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྩ་བའི་གཏེར་གཞུང་ལ་ཁ་འཕང་དོན་ཐོབ་ཀྱི་ཁ་འགེངས་འོས་རིགས་རྣམ་གསལ་བཀླག་ཆོག་མར་རྗེ་བཙུན་བླ་མའི་གསང་བ་གསུམ་གྱི་ཡེ་ཤེས་སྣང་བ་ཆེན་པོས་བྱིན་གྱིས་བརླབས་པའི་གཞལ་མེད་ཁང་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་བྲིས་པ་དགེ་ལེགས་འཕེལ། །སརྦ་དཱ་མངྒ་ལཾ།། །།
རྩ་གསུམ་སྤྱིའི་སྐོང་བསྡུས་ (Volume 67, Text 4)
རྩ་གསུམ་སྤྱིའི་སྐོང་བསྡུས་བཞུགས། ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ་གནས་ལུགས་མངོན་གྱུར་པའི། །རྒྱལ་བ་དགོངས་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ཏིང་འཛིན་མཆོག་བརྙེས་བརྡ་ཡི་བརྒྱུད་པ་སྟེ། །རིག་འཛིན་བརྡ་བརྒྱུད་བླ་མའི་ཐུགས༴ བཀའ་ལུང་ལྷག་ཆད་མེད་པར་སྟོན་མཛད་པའི། །སྙན་ཁུངས་བརྒྱུད་པའི་བླ་མའི་ཐུགས༴ བཀའ་ལུང་མན་ངག་གཏེར་སྦས་བྱ་ར་མཛད། །མཁའ་འགྲོ་གཏད་རྒྱ་བརྒྱུད་པའི་ཐུགས༴ མ་འོངས་ལས་ཅན་ལུང་བསྟན་དགོངས་པ་གཏད། །སྨོན་ལམ་དབང་བསྐུར་བརྒྱུད་པའི་ཐུགས༴ བཀའ་བབས་ལུང་བརྒྱུད་འགྲོ་ཀུན་སྨིན་གྲོལ་མཛད། །ཤོག་སེར་ཚིག་བརྒྱུད་བླ་མའི་ཐུགས༴ རྒྱལ་བའི་བྱིན་རླབས་མཐུ་ཡིས་ཕྲིན་ལས་མཛད། །དམ་རྫས་མྱོང་གྲོལ་བརྒྱུད་པའི་ཐུགས༴ ཐུགས་རྗེ་བརྩེ་བས་འགྲོ་ཀུན་འདྲེན་མཛད་པ། །ཐུགས་རྗེ་བྱིན་རླབས་བརྒྱུད་པའི་ཐུགས༴ ལྟ་སྒོམ་མཁྱེན་པ་མཆོག་ལ་མངའ་བརྙེས་པའི། །སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས༴ རང་འབྱུང་གདོད་མའི་སངས་རྒྱས་རྒྱལ་ཀུན་ཡབ། །ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཐུགས༴ ཆོས་སྐུ་ཡེ་ཤེས་ལྔ་ཡི་རང་བཞིན་ཉིད། །ཞི་ཁྲོ་ལོངས་སྤྱོད་རྫོགས་སྐུའི་ཐུགས༴ རང་སྣང་མ་འགགས་གཞན་སྣང་དེར་སྟོན་པའི། །སྤྲུལ་སྐུ་པདྨ་འབྱུང་གནས་ཐུགས༴ ཡེ་ཤེས་ཆེ་བརྙེས་ནུས་མཐུ་དཔག་ཏུ་མེད། །རྒྱ་བོད་གྲུབ་ཆེན་ཡོངས་ཀྱི་ཐུགས༴ གུ་རུའི་རྒྱན་འཁོར་ལྔ་ལྔའི་ཡེ་ཤེས་འཕྲུལ། །རྗེ་འབངས་ཉེར་ལྔའི་ཚོགས་ཀྱི་ཐུགས༴ དཔག་མེད་ངོ་མཚར་གྱིས་བརྒྱན་སྤྲུལ་པའི་སྐུ། །གཏེར་ཆེན་བརྒྱ་དང་རྩ་བརྒྱད་ཐུགས༴ འབྲེལ་ཚད་དོན་ལྡན་ཐར་པའི་ལམ་མཁན་མཆོག༔ གཏེར་ཕྲན་སྟོང་དང་རྩ་གཉིས་ཐུགས༴ འགྲོ་ཀུན་སྨིན་གྲོལ་ལམ་ལ་བཀོད་མཛད་པའི། །དྲིན་ཅན་རྩ་བརྒྱུད་བླ་མའི་ཐུགས༴ ཤེས་བྱ་ཐམས་ཅད་རྣམ་པ་ཀུན་མཁྱེན་པའི། །དུས་གསུམ་སངས་རྒྱས་རྣམས་ཀྱི་ཐུགས༴ འགྲོ་ཀུན་ཞི་བདེའི་གནས་སུ་འདྲེན་མཛད་པའི། །གསུང་རབ་དམ་ཆོས་རྣམས་ཀྱི་ཐུགས༴ ས་དང་ལམ་ལ་གནས་ནས་གདུལ་ཞིང་སྐྱོང་། །འཕགས་པའི་དགེ་འདུན་རྣམས་ཀྱི་ཐུགས༴ ཧཱུྃ་ཧྲཱིཿ བླ་མེད་སྙིང་གི་དགོངས་པའི་ད་ལ་རུ། །ཨ་ཏི་ཞི་ཁྲོའི་ལྷ་ཚོགས་ཐུགས་དམ་བསྐང་། །སངས་རྒྱས་དགོངས་པ་འདུས་པའི་དཀྱིལ་འཁོར་ནས། །ཚོགས་ཆེན་འདུས་པའི་ལྷ་ཚོགས་ཐུགས༴ བཅོམ་ལྡན་གསང་བ་གཉན་པོའི་ཕོ་བྲང་ནས། །སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་ཐུགས༴ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། །བཞི་བཅུ་རྩ་གཉིས་རྒྱལ་བའི་ཐུགས༴ ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས། །ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་ཐུགས༴ བདེ་གཤེགས་འདུས་པ་རྩ་བའི་དཀྱིལ་འཁོར་ནས། །སྒྲུབ་ཆེན་བཀའ་བརྒྱད་ཡོངས་ཀྱི་ཐུགས༴ སྐུ་མཆོག་འགྱུར་བ་མེད་པའི་དཀྱིལ་འཁོར་ནས། །འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐུགས༴ གསུང་མཆོག་འགག་པ་མེད་པའི་དཀྱིལ་འཁོར་ནས། །པདྨ་གསུང་གི་ལྷ་ཚོགས་ཐུགས༴ ཐུགས་མཆོག་འཁྲུལ་པ་མེད་པའི་དཀྱིལ་འཁོར་ནས། །ཡང་དག་ཐུགས་ཀྱི་ལྷ་ཚོགས་ཐུགས༴ ཡོན་ཏན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། །བདུད་རྩི་སྨན་གྱི་ལྷ་ཚོགས་ཐུགས༴ ཕྲིན་ལས་དྲག་པོ་སྒྲོལ་བའི་དཀྱིལ་འཁོར་ནས། །སྒྲོལ་བྱེད་ཕུར་པའི་ལྷ་ཚོགས་ཐུགས༴ ཤ་ཁྲག་རྒྱ་མཚོ་འཁྱིལ་བའི་དཀྱིལ་འཁོར་ནས། །མ་མོ་རྦོད་གཏོང་ལྷ་ཚོགས་ཐུགས༴ ཐུགས་རྗེ་གདུང་འཚོབ་སྐུ་ཡི་དཀྱིལ་འཁོར་ནས། །རིག་འཛིན་སློབ་དཔོན་ལྷ་ཚོགས་ཐུགས༴ དམ་རྫས་རྫ་ལྷར་སྤུངས་པའི་དཀྱིལ་འཁོར་ནས། །འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཐུགས༴ དྲག་སྔགས་རོལ་པའི་དུར་ཁྲོད་ཆེན་པོ་ནས། །དམོད་པ་དྲག་སྔགས་ལྷ་ཚོགས་ཐུགས༴ དཔལ་གྱི་སྤྱན་སྔར་རང་རྟགས་སྲོག་སྙིང་ཕུལ། །དཔལ་གྱི་བཀའ་སྡོད་ལྷ་ཚོགས་ཐུགས༴ ཧཱུྃ་ཧྲཱིཿ མི་འགྱུར་བདེ་བ་ཆེན་པོའི་ཕོ་བྲང་ནས། །འཆི་མེད་ཚེ་ཡི་ལྷ་ཚོགས་ཐུགས་དམ་བསྐང་། །ཐུགས་རྗེ་རྒྱུན་ཆད་མེད་པའི་ཕོ་བྲང་ནས། །འཇིག་རྟེན་དབང་ཕྱུག་ལྷ་ཚོགས་ཐུགས༴ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རྒྱལ་དབང་པདྨ་འོད་འབར་ཐུགས༴ མི་སྲུན་དྲེགས་པ་ཚར་གཅོད་དཀྱིལ་འཁོར་ནས། །རྡོ་རྗེ་དྲག་རྩལ་ལྷ་ཚོགས་ཐུགས༴ བདེ་གཤེགས་སྟོབས་འདུས་མ་རུང་འགོང་པོའི་གཤེད། །རྡོ་རྗེ་གྲོ་ལོད་ལྷ་ཚོགས་ཐུགས༴ རྩ་གསུམ་དཀྱིལ་འཁོར་ཡོངས་ཀྱི་གཙོ་བོ་མཆོག །བླ་མ་དགོངས་འདུས་ལྷ་ཚོགས་ཐུགས༴ དབང་ཆེན་རྟ་མཆོག་རོལ་པའི་དཀྱིལ་འཁོར་ནས། །ཡི་དམ་དགོངས་འདུས་ལྷ་ཚོགས་ཐུགས༴ ཟླ་གམ་དམར་པོ་དབང་གི་ཕོ་བྲང་ནས། །མཁའ་འགྲོ་དགོངས་འདུས་ལྷ་ཚོགས་ཐུགས༴ གནམ་ལྕགས་མེ་རླུང་འཚུབས་མའི་དཀྱིལ་འཁོར་ནས། །ཆོས་སྐྱོང་དགོངས་འདུས་འཁོར་བཅས་ཐུགས༴ དཔལ་མཆོག་དང་པོ་ཆོས་དབྱིངས་དཀྱིལ་འཁོར་ནས། །དུས་ཀྱི་འཁོར་ལོའི་ལྷ་ཚོགས་ཐུགས༴ རྣམ་དག་བདེ་བ་ཆེན་པོའི་ཕོ་བྲང་ནས། །བདེ་དགྱེས་མ་ཧཱ་མ་ཡའི་ཐུགས༴ ཟབ་གསལ་སྒྱུ་འཕྲུལ་ཆེན་པོའི་ད་ལ་ནས། །མི་བསྐྱོད་གསང་འདུས་ལྷ་ཚོགས་ཐུགས༴ དུར་ཁྲོད་རྩུབ་འགྱུར་ཚལ་གྱི་ཕོ་བྲང་ནས། །རྡོ་རྗེ་ཕག་མོའི་ལྷ་ཚོགས་ཐུགས༴ ཨོ་རྒྱན་མཁའ་སྤྱོད་དག་པའི་གྲོང་ཁྱེར་ནས། །གསང་བ་ཡེ་ཤེས་ལྷ་ཚོགས་ཐུགས༴ གསང་ཆེན་རོལ་པའི་ཞིང་ཁམས་ཆེན་པོ་ནས། །བདུད་འདུལ་སེང་གདོང་ལྷ་ཚོགས་ཐུགས༴ བདེ་ཆེན་འབར་བ་དབང་གི་ད་ལ་ནས། །ཀུ་རུ་ཀུལླེའི་ལྷ་ཚོགས་ཐུགས༴ གསང་བའི་གཉེར་འཛིན་དངོས་གྲུབ་གཏེར་འབྱིན་མཛོད། །མཐིང་འོད་འབར་མའི་ལྷ་ཚོགས་ཐུགས༴ སྒྲུབ་པ་པོ་ལ་མ་ཡིས་བུ་ལྟར་བརྩེ། །གནས་གསུམ་མཁའ་འགྲོའི་ལྷ་ཚོགས་ཐུགས༴ སྐུ་བཞིའི་འབྲས་བུ་མྱུར་དུ་སྟེར་མཛད་པ། །གསང་སྔགས་རྒྱུད་སྡེ་བཞི་ཡི་ཐུགས༴ རྒྱལ་བའི་སྒྱུ་འཕྲུལ་འགྲོ་ལ་གང་འདུལ་སྟོན། །ཐེག་པ་རིམ་དགུའི་ལྷ་ཚོགས་ཐུགས༴ ཧཱུྃ་བྷྱོ། རྒྱུད་ལུང་མན་ངག་སྲུང་བའི་མངའ་བདག་ཆེ། །རྒྱུད་མགོན་ལེགས་ལྡན་འཁོར་བཅས་ཐུགས་དམ་བསྐང་། །འོག་མིན་དུར་ཁྲོད་མེ་རི་འབར་བ་ནས། །དཔལ་མགོན་མ་ནིང་འཁོར་བཅས་ཐུགས༴ ཟློག་པས་མི་བཟློག་སྔགས་ཟློག་མཁན་གྱི་གཤེད། །དཔལ་མགོན་སྡེ་ལྔ་འཁོར་བཅས་ཐུགས༴ དུར་ཁྲོད་རོ་མྱག་ཚལ་གྱི་ཕོ་བྲང་ནས། །དཔལ་མགོན་ཕྱག་བཞི་འཁོར་བཅས་ཐུགས༴ དུར་ཁྲོད་ཚང་ཚིང་འཁྲིགས་པའི་ཕོ་བྲང་ནས། །དཔལ་མགོན་ཕྱག་དྲུག་འཁོར་བཅས་ཐུགས༴ རྒྱལ་བའི་བསྟན་སྲུང་ཕྲིན་ལས་ཡོངས་ཀྱི་བདག །གུར་མགོན་བེར་ནག་འཁོར་བཅས་ཐུགས༴ ཡེ་ཤེས་མགོན་པོ་ཀུན་གྱི་ཕྲིན་ལས་བདག །དུར་ཁྲོད་མགོན་པོ་འཁོར་བཅས་ཐུགས༴ ཨ་ཏི་ཡང་གསང་བསྟན་སྲུང་མཐུ་མོ་ཆེ། །ཡུམ་ཆེན་ཨེ་ཀ་ཛཱ་ཊིའི་ཐུགས༴ འདོད་པའི་ཁམས་ལ་དབང་སྒྱུར་མངའ་བདག་མོ། །རང་བྱུང་རྒྱལ་མོ་འཁོར་བཅས་ཐུགས༴ རྫོགས་ཆེན་ཀློང་སྡེའི་སྲུང་མ་ཛོ་ཀིའི་གྲོགས། །འབར་མ་མེ་གདོང་འཁོར་བཅས་ཐུགས༴ རྫོགས་ཆེན་སྙིང་ཐིག་བཀའ་ཡི་གཉེར་འཛིན་མ། །ཤན་པ་སྲོག་སྒྲུབ་ནག་མོའི་ཐུགས༴ བཀྲ་ཤིས་སྙིང་ཉེ་མཐུ་རྩལ་ཆེས་ཆེ་བ། །ཞིང་སྐྱོང་གཟི་ལྡན་འཁོར་བཅས་ཐུགས༴ སྲིད་གསུམ་དབང་སྒྱུར་ལེགས་ལྡན་ལྷ་ཡི་ལྷ། །ལྷ་ཆེན་དབང་ཕྱུག་འཁོར་བཅས་ཐུགས༴ གུ་རུའི་བརྒྱུད་འཛིན་སྐྱོང་མཛད་མཐུ་སྟོབས་བདག །གནོད་སྦྱིན་ཤན་པ་དམར་ནག་ཐུགས༴ ལྷ་སྲིན་སྡེ་བརྒྱད་སྡེ་དཔོན་དྲག་ཤུལ་ཅན། །གཟའ་བདུད་རཱ་ཧུ་ལ་ཡི་ཐུགས༴ སྙིང་ཐིག་གཏེར་སྲུང་བོད་ཀྱི་གཞི་བདག་མཆོག །དམ་ཅན་རྡོ་རྗེ་ལེགས་པའི་ཐུགས༴ དུར་ཁྲོད་ཀུན་ཉུལ་གསང་བའི་མ་མོ་ཆེ། །དཀོར་སྲུང་ངན་ནེ་མ་ཡི་ཐུགས༴ གུ་རུའི་དགོངས་འདུས་རྗེས་འབྲང་རྣལ་འབྱོར་སྐྱོང་། །ཤ་ཟ་ཁ་མོ་ཆེ་ཡི་ཐུགས༴ བཻ། བྱང་ཕྱོགས་རིན་ཆེན་གཏེར་གྱི་གཞལ་ཡས་ནས། །རྒྱལ་ཆེན་རྣམ་སྲས་འཁོར་བཅས་ཐུགས་དམ་བསྐང་། །དངོས་གྲུབ་རྣམ་གཉིས་ཆར་ལྟར་འབེབ་མཛད་པ། །ནོར་བདག་ཛམ་ལྷ་འཁོར་བཅས་ཐུགས༴ སྒྲུབ་པོའི་བཀའ་སྡོད་ལོངས་སྤྱོད་དབྱིག་གི་བདག །ཨ་པར་ཛི་ཏ་འཁོར་བཅས་ཐུགས༴ བཀྲ་ཤིས་ལོངས་སྤྱོད་གཏེར་གྱི་བདག་མོ་ཆེ། །ཚེ་རིང་མཆེད་ལྔ་འཁོར་བཅས་ཐུགས༴ བོད་ཡུལ་ཞིང་སྐྱོང་རྫོགས་ཆེན་བསྟན་སྲུང་ཆེ། །རྡོ་རྗེ་གཡུ་སྒྲོན་མ་ཡི་ཐུགས༴ གཙུག་ལག་ཆོས་འཁོར་སྐྱོང་ཞིང་དཀོར་ནོར་སྲུང་། །རྒྱལ་པོ་པེ་ཧར་འཁོར་བཅས་ཐུགས༴ ཕྲིན་ལས་མྱུར་མགྱོགས་ཟབ་གསང་གཏེར་གྱི་བདག །བཙན་རྒོད་འབར་བ་སྤུན་བདུན་ཐུགས༴ བཀའ་ཡི་ཕོ་ཉ་དྲག་རྩལ་སྟོབས་ཀྱི་བདག །མཐུ་ཆེན་ཕུར་སྲུང་ལྕམ་དྲལ་ཐུགས༴ འཇིག་རྟེན་ཁམས་འདིར་མཐུ་དང་ལྡན་པའི་བདག །དྲེགས་པའི་སྡེ་དཔོན་སུམ་ཅུའི་ཐུགས༴ པདྨའི་བཀའ་སྡོད་མཐུ་སྟོབས་རྫུ་འཕྲུལ་ཅན། །དགེ་བསྙེན་ཉི་ཤུ་རྩ་གཅིག་ཐུགས༴ གཏོར་ལེན་རྣལ་འབྱོར་སྐྱོང་བར་ཞལ་བཞེས་པའི། །བོད་སྐྱོང་བསྟན་མ་བཅུ་གཉིས་ཐུགས༴ ཧཱུྃ་བྷྱོ། སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པའི། །གཙང་རིགས་མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །རྒྱལ་བས་དྲེགས་པའི་གཙོ་བོར་དབང་བསྐུར་བ། །འཇིག་རྟེན་སྡེ་དཔོན་རྣམས་ཀྱི་ཐུགས༴ རང་སྔགས་དམོད་པས་དམ་ཉམས་ཕྱེ་མར་བརླག །དམོད་པའི་མཐུ་ལྡན་རྣམས་ཀྱི་ཐུགས༴ གསང་སྔགས་རྒྱུད་སྡེ་རྒྱ་མཚོའི་བྱ་ར་མཛད། །སྔགས་བདག་སྔགས་སྲུང་རྣམས་ཀྱི་ཐུགས༴ ཨོ་རྒྱན་ཆེན་པོས་བཀའ་ཡི་གཉེར་དུ་བསྐོས། །གཏེར་བདག་གཏེར་སྲུང་རྣམས་ཀྱི་ཐུགས༴ པདྨའི་སྦས་ཡུལ་རྣལ་འབྱོར་གཉེར་གཏད་པའི། །གནས་བདག་གནས་སྲུང་རྣམས་ཀྱི་ཐུགས༴ གཞི་བྱེས་སྒྲུབ་གནས་བར་ཆད་ཀུན་སེལ་བའི། །གཞི་བདག་གཞི་སྲུང་རྣམས་ཀྱི་ཐུགས༴ གོང་མས་བསྟེན་ཅིང་སྒྲུབ་པའི་གྲོགས་མཛད་པ། །རིགས་ཆོས་རྒྱུད་སྲུང་གཉན་པོའི་ཐུགས༴ མཆོད་ཡུལ་གོང་མ་རྣམས་ཀྱི་ཐུགས༴ སྦྱིན་ཡུལ་འོག་མ་རྣམས་ཀྱི་ཐུགས༴ རིགས་དྲུག་ཕ་མ་རྣམས་ཀྱི་ཐུགས༴ ལན་ཆགས་མགྲོན་གྱུར་རྣམས་ཀྱི་ཐུགས༴ བསྐང་ངོ་བསྐལ་པའི་བར་དུ་ཐུགས༴ བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱི་བསྐང་། །སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱི་སྦྱོར། །སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱི་སྒྲོལ། །ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས༴ ཧཱུྃ་ཧྲཱིཿ ཐུགས་དམ་གཉན་པོ་སྐོང་བའི་དམ་རྫས་ནི། །རྨད་བྱུང་བརྗིད་ལྡན་གཏོར་མས་ཐུགས་དམ་བསྐང་། །འཆི་མེད་བདུད་རྩི་སྨན་གྱིས་ཐུགས༴ ཨརྒྷཾ་རཀྟ་དམར་གྱིས་ཐུགས༴ དྲི་མེད་ཞུན་མར་མདངས་ཀྱིས་ཐུགས༴ རྣལ་འབྱོར་ལོངས་སྤྱོད་ཚོགས་ཀྱིས་ཐུགས༴ མཚན་ལྡན་དམ་རྫས་བཅུད་ཀྱིས་ཐུགས༴ བཀྲག་གསལ་དཀྱིལ་འཁོར་ཞལ་གྱིས་ཐུགས༴ ཛཔ྄་དང་གར་སྟབས་དབྱངས་ཀྱིས་ཐུགས༴ ལྟ་སྒོམ་ཏིང་འཛིན་རྟོགས་པས་ཐུགས༴ བསྐང་ངོ་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །བསྐང་ངོ་རྩ་གསུམ་གསང་བའི་ལྷ་ཚོགས་རྣམས། །དངོས་པོ་ཆོས་ཉིད་ཀློང་དུ་ཐུགས༴ སྣང་བ་ཤེས་རབ་ཀློང་དུ་ཐུགས༴ གཟུང་འཛིན་རང་གྲོལ་ཀློང་དུ་ཐུགས༴ དུག་ལྔ་བདེ་ཆེན་ཀློང་དུ་ཐུགས༴ གཉིས་མེད་དོན་རྟོགས་སྤང་བླང་མེད་པ་ཡི། །སྣང་སྲིད་གཞིར་བཞེངས་ཆེན་པོས་ཐུགས་དམ་བསྐང་། །ཐམས་ཅད་ཐུགས་དམ་གཉན་པོ་དེས་བསྐངས་ལ། །གཡར་དམ་སོར་ཆུད་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་ཨོ་རྒྱན་རྡོ་རྗེ་གླིང་པའི་གཏེར་བྱོན་རྩ་གསུམ་སྤྱིའི་སྐོང་བ་འདི་ལ་གོང་མ་རིམ་བྱོན་གྱིས་ཞལ་སྐོང་ལུགས་སྲོལ་མང་ཙམ་མཐོང་བ་ལས། འདིར་སྐབས་སུ་བབས་པའི་ཚིག་ཕྲེང་ཅི་རིགས་དང་བཅས་རྩ་གསུམ་ལས་བྱང་གང་ལའང་སྦྱར་ཆོག་པའི་དབང་དུ་བྱས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ངག་ཁྲིགས་སུ་བསྡེབས་པ་དགེ། །།
རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ཡང་ཟབ་བསྡུས་པའི་སྙིང་པོའི་མདུན་བསྐྱེད་དཀྱིལ་འཁོར་སྒྲུབ་པའི་ཆོག་སྒྲིག་རྫོགས་ཆེན་པ་འོད་གསལ་སྒྱུ་མས་མཛད་པ་ (Volume 56, Text 4)
༄༅། །རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ཡང་ཟབ་བསྡུས་པའི་སྙིང་པོའི་མདུན་བསྐྱེད་དཀྱིལ་འཁོར་སྒྲུབ་པའི་ཆོག་སྒྲིག་རྫོགས་ཆེན་པ་འོད་གསལ་སྒྱུ་མས་མཛད་པའོ།། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་དང་རྒྱལ་བ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། །འདིར་རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ཡང་ཟབ་བསྡུས་པའི་སྙིང་པོའི་དཀྱིལ་འཁོར་སྒྲུབ་པའི་ལས་བྱང་གི་རིམ་པ། གཏེར་དཔེའི་གཞུང་ལས་གང་ཟག་ཁྱེར་བདེ་བའི་ཕྱིར་འགྲིག་ཆགས་སུ་བསྒྲིག་པ་ལ་ཡི་དམ་རྩ་བ་གསུམ་གྱི་ལྷ་ཚོགས་ལ་བཟོད་པར་གསོལ་ཞིང་བྱིན་གྱིས་བརླབ་ཏུ་གསོལ། དེ་ཡང་གཞུང་ལས། དབང་ཆོག་ལྟར་དཀྱིལ་འཁོར་སྒྲུབ་རྫས་སོགས་གཞུང་བཞིན་བཤམ༔ ཞེས་གསུངས་པས། དེ་ཡང་གནས་དབེན་པར་དཀྱིལ་འཁོར་མདའ་གང་དཔངས་མཐོ་ཞིང་འཇམ་པ་མཐར་ཐོན་པ། ས་ཆོག་ཐིག་ཆོག་སོགས་སྤྱི་དང་མཐུན་པར་བྱས་ལ། དཀྱིལ་འཁོར་བྲི་བ་ནི། སྒོ་བཞི་གྲུ་བཞི་རྒྱན་མཚན་ཉིད་ཡོངས་སུ་རྫོགས་པ། ཁོར་ཡུག་དང་པོ་སྣ་ཚོགས་པདྨ། གཉིས་པ་འོད་ཀྱི་ཕྲེང་བ། གསུམ་པ་རཀྟའི་རྒྱ་མཚོ། བཞི་པ་དུར་ཁྲོད། ལྔ་པ་རྡོ་རྗེའི་ར་བ། དྲུག་པ་མེ་རི་ཆེ་ཆུང་སྤྱི་དང་མཐུན། དབུས་སུ་པདྨ་འདབ་བརྒྱད། ལྟེ་བ་མཐིང་ག །ཤར་མཐིང་། ལྷོ་སེར། ནུབ་དམར། བྱང་ལྗང་། མཚམས་བཞིར་མཛེས་ཚོན་དུ་བྲི། དེའི་སྟེང་དུ་རིན་པོ་ཆེའི་བུམ་པའི་ནང་དུ། བུམ་རྫས་ཁྱེའུ་ཕོ་མོ་བཀྲ་ཤིས་པས་བླངས་པའི་ཆུ་དང་། རིན་ཆེན་སྨན་འབྲུ་ལ་སོགས་པའི་བུམ་རྫས་ཉེར་ལྔ་ཁ་རྒྱན་མགུལ་ཆིངས་ཕྱི་ནང་གིས་བརྒྱན། ཁྲིའམ་མན་འཛིལ་སྟེང་དུ་བཞག །འབྲས་བུ་ཅན་གྱི་ཤིང་དང་། ཀུ་ཤ་རྨ་བྱའི་སྒྲོ་སོགས་ཀྱིས་བརྒྱན། རྒྱལ་བ་རིགས་དྲུག་དང་ཆེ་མཆོག་ལ་སོགས་པ་བཀའ་བརྒྱད་གཙོ་དགུའི་སྐུ་གཟུགས། མཚན་ལྡན་ཐོད་པའི་ནང་དུ་ཆང་བཟང་པོ་ལ་བདུད་རྩི་རིལ་བུ་བཏབ་ལ་བཤམ། དེའི་སྟེང་མེ་ལོང་གཡའ་དག་པ་དང་མན་ཤེལ་ཟུར་དྲུག་པ་བཞག །དར་དམར་གྱིས་ཁ་བཅད། རྡོར་དྲིལ། སྨན་རཀ་གཏོར་གསུམ། ཕྱི་ནང་མཆོད་པ། ལས་ཀྱི་བུམ་པ་སོགས་བཤམ། མདའ། གྲི། མེ་ལོང་། རྨ་བྱའི་སྒྲོ་ཆུན། དར་སྣ་དེ་རྣམས་བཞི་རེ། ཚོན་སྐུད་ཀྱི་དྲྭ་བ་དང་བཅས་པའི་རྒྱན་ལེགས་པར་བཀོད་དོ། །དང་པོ་བགེགས་གཏོར་བྱིན་གྱིས་བརླབས་ལ་བཀའ་བསྒོ་བ་ནི། ཧཱུྃ༔ རྣམ་དག་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་འདིར༔ འདུ་བའི་ལྷ་ཚོགས་མ་གཏོགས་བགེགས་ཀྱི་ཚོགས༔ གནས་འདིར་མ་འདུག་རང་གནས་བདེ་བར་སོང༔ གལ་ཏེ་མི་འགྲོ་གནས་འདིར་འདུག་གྱུར་ན༔ བདག་ཉིད་དཔལ་ཆེན་ཆེ་མཆོག་ཁྲོས་ནས་ནི༔ མཚོན་ཆ་མེ་འོད་ཐོག་སེར་ལྟར་ཕབ་ནས༔ མིང་ཙམ་མེད་པར་ཐལ་བའི་རྡུལ་དུ་རློག༔ ཨཱོྃ་སུམྦྷ་ནི་སོགས་ཀྱི་སྔགས་ཀྱིས་བསྐྲད༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་གུར་ཁང་སྲ་ཞིང་མཁྲེགས་པར་བསམ་མོ༔ གཉིས་པ་སྐྱབས་འགྲོ་སེམས་བསྐྱེད་ནི། མདུན་གྱི་ནམ་མཁའི་གནས་སུ་རྩ་གསུམ་ཞི་ཁྲོའི་ལྷ་ཚོགས་བཞུགས་པར་མོས་ལ། ཧོ། བླ་མ་མཆོག་དང་ཕྱོགས་བཅུའི་སངས་རྒྱས་དང་། །བདེ་གཤེགས་ཞི་ཁྲོ་བཀའ་བརྒྱད་ལྷ་ཡི་ཚོགས། །དཀོན་མཆོག་གསུམ་དང་མཁའ་འགྲོ་ཆོས་སྐྱོང་ལ། །བདག་ནི་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ཕྱི་ནང་གསང་བའི་མཆོད་པ་དམ་པས་མཆོད། །ལུས་ངག་ཡིད་གསུམ་སྡིག་པ་ཅི་བགྱིས་པ། །གནོང་ཞིང་འགྱོད་པའི་སྒོ་ནས་མཐོལ་ལོ་བཤགས། །འགྲོ་བའི་དགེ་ཚོགས་རྣམས་ལ་ཡི་རང་ངོ་། །སངས་རྒྱས་བྱང་ཆུབ་ཐམས་ཅད་ཡིད་ཀྱིས་གཟུང་། །རང་གཞན་དོན་དུ་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །གསུམ་པ་མཆོད་རྫས་ཕྱི་ནང་གསང་གསུམ་སྨན་གཏོར་རཀྟ་སོགས་སྤྱི་ལྟར་བྱིན་གྱིས་བརླབས་ལ། ཡེ་ཤེས་སྐུ་མཆོག་དང་ཡི་གེ་བརྒྱ་པ་ལ་སོགས་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་ལ། བཞི་པ་རང་ཉིད་རྡོ་རྗེ་སེམས་དཔར་གསལ་བའི་མདུན་གྱི་སྒྲུབ་རྫས་དང་བཅས་པ་ཤཱུནྱ་ཏཱའི་སྔགས་ཀྱིས་སྟོང་པར་སྦྱངས་ལ། དཀྱིལ་འཁོར་སྒྲུབ་རྫས་བྷྲཱུྃ་ལས། ཐར་པ་ཆེན་པོའི་གཞལ་ཡས་ཁང་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ། རྒྱན་མཚན་ཉིད་ཡོངས་སུ་རྫོགས་པ། ཕྱི་གསལ་ནང་གསལ་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་རང་སྣང་གི་ཕོ་བྲང་ཐིག་ལེ་འཇའ་ཚོན་སྣ་ལྔ་འཁྲིགས་པའི་དབུས་སུ། པད་ཟླའི་གདན་ལ་ཡི་གེ་ཧཱུྃ་མཐིང་ག་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། སངས་རྒྱས་སྤྱི་མེས་རྒྱལ་བ་ཀུན་ཏུ་བཟང་པོ་མཐིང་གསལ། ཞལ་གཅིག་ཕྱག་གཉིས་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པ། ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་ཅན། ལོངས་སྤྱོད་རྫོགས་པའི་རྒྱན་གྱིས་སྤྲས་པ། ཡུམ་ཀུན་ཏུ་བཟང་མོ་མཐིང་གསལ་དང་མཉམ་པར་སྦྱོར་བ་འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོ་བར་བཞུགས་པའི་འཁོར་དུ། རྣམ་སྣང་། མི་བསྐྱོད་པ། རིན་ཆེན་འབྱུང་ལྡན། འོད་དཔག་མེད། དོན་ཡོད་གྲུབ་པ་སོགས་རྒྱལ་བ་རིགས་ལྔ། སྐུ་མདོག་མཐིང་དཀར་སེར་དམར་ལྗང་འོད་དུ་འཕྲོ་བ་རང་རང་གི་མདོག་དང་མཚུངས་པའི་ཡུམ་ལ་འཁྲིལ་བ། ཕྱག་གཡས་ན་འཁོར་ལོ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། རྒྱ་གྲམ་འཛིན་ཅིང་། གཡོན་དེ་དག་གིས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། ལོངས་སྤྱོད་རྫོགས་པའི་རྒྱན་གྱིས་སྤྲས་པ། གཙོ་བོ་ལ་འདུད་པའི་ཚུལ་དུ་བཞུགས་པ་འོ། །དེའི་ཕྱི་རོལ་དུ་སེམས་དཔའ་བརྒྱད་སེམས་མ་བརྒྱད། སྤྲུལ་སྐུ་ཐུབ་པ་དྲུག །སྒོ་བ་བཞི་དང་བཅས་པ་རྣམས་སྐུ་མདོག་ཕྱག་མཚན་ཆས་རྒྱན་སོགས་རང་རང་གི་ལུགས་བཞིན་རྫོགས་པ། འོད་དང་འོད་ཟེར་འཕྲོ་བའི་དབུས་ན་བཞུགས་པ་འོ། །དེའི་སྟེང་གི་ནམ་མཁར་ཀིཾ་ལས་མེ་རི་འབར་བའི་ཕོ་བྲང་ཐོད་པ་བརྩིགས་པའི་གཞལ་ཡས་ཁང་། རབ་ཏུ་འཇིགས་པའི་དབུས་སུ། པདྨ་ཉི་ཟླའི་གདན་གྱི་སྟེང་དུ་ཧཱུྃ་དགུའི་འཕྲོ་འདུ་ལས། དབུས་སུ་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་སྨུག་ནག་ཞལ་གསུམ་ཕྱག་དྲུག་གཡས་གསུམ་རྡོ་རྗེ་རྩེ་གསུམ་རྩེ་ལྔ་རྩེ་དགུ་གདེངས་པ་འཛིན་པ། གཡོན་གསུམ་སྐམ་རློན་རྙིད་པའི་བྷནྡྷ་རཀྟས་བཀང་པ་འཛིན་པ། ཞབས་བཞི་འདོར་སྟབས་ཀྱིས་བགྲད་པ། ཡུམ་གནམ་ཞལ་ཀྲོ་ཏཱི་ཤྭ་རཱི་སྐུ་མདོག་མཐིང་གསལ་དང་སྦྱོར་ཞིང་། ཡབ་ཡུམ་གཉིས་ཀ་དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན་ཅིང་འོད་ཟེར་མེ་རིའི་ཀློང་ན་བཞུགས་པ་འོ། །དེའི་ཤར་དུ་དཔལ་ཆེན་ཡང་དག་མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོ་རྗེས་དུང་ཁྲག་དཀྲུགས་པ། ལྷོ་རུ་འཇམ་དཔལ་གཤིན་རྗེ་གཤེད་སེར་ནག་ཞལ་གཅིག་ཕྱག་གཉིས་པ་བེ་ཅོན་དང་འཁོར་ལོ་ཕྱག་ན་བསྣམས་པ། ནུབ་ཏུ་དཔལ་ཆེན་པདྨ་གསུང་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེས་དུང་ཁྲག་དཀྲུགས་པ། བྱང་དུ་དཔལ་ཆེན་ཕུར་པ་ཕྲིན་ལས་སྐུ་མདོག་ལྗང་ནག་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་ཕུར་པ་འཛིན་པ། ཤར་ལྷོར་བླ་མེད་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དྲིལ་བུ་འཛིན་པ། ལྷོ་ནུབ་ཏུ་རིག་འཛིན་རྡོ་རྗེ་ཆོས་རབ་སྐུ་མདོག་མཐིང་གསལ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ནུབ་བྱང་དུ་དྲེགས་པ་ཀུན་འདུལ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་རྩེ་དགུ་དང་བྷན་དམར་ཁྲག་བཀང་བསྣམས་པ། བྱང་ཤར་དུ་སྟོབས་ལྡན་ཀཱ་ལ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དུང་ཁྲག་དཀྲུགས་ཤིང་། དེ་རྣམས་ཐམས་ཅད་ཀྱང་ཞབས་རྣམས་བརྐྱང་བསྐུམ་གར་ཐབས་ཀྱིས་རོལ་ཅིང་། རང་རང་གི་ཡུམ་དང་སྦྱོར་བ། དུར་ཁྲོད་ཀྱི་ཆས་བརྒྱད་སྐུ་ལ་གསོལ་ཅིང་གར་དགུའི་ཉམས་དང་ལྡན་པ་གསལ་ལ་འཚེར་བ། རང་རང་གི་སྲས་འཁོར་སྒོ་བའི་ཚོགས་ཀྱིས་བསྐོར་ཏེ་ཡེ་ཤེས་ཀྱི་མེ་དཔུང་གི་དབུས་ན་བཞུགས་པ་འོ། །དེའི་སྟེང་གི་ནམ་མཁར་འཇའ་ཚོན་སྣ་ལྔ་ཐིག་ལེའི་ཀློང་དུ། རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་ལ་སོགས་རྩ་བརྒྱུད་བླ་མའི་ཚོགས་རྣམས་མུ་ཏིག་རྩར་ལ་བརྒྱུས་པ་ལྟར། ཞལ་འཛུམ་མུལ་མུལ་མདངས་ཡལ་ཡལ་བྱིན་ཐིབ་ཐིབ་བཞུགས་པ། ཕྱི་རོལ་དུ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་གཏེར་བདག་གཏེར་སྲུང་ཚོགས་རྣམས་ཐམས་ཅད་ཏིལ་གྱི་གའུ་ཁ་བྱེ་བ་ལྟར་བཞུགས་པར་བསམ་ལ། དེ་རྣམས་ཀྱི་གནས་གསུམ་གྱི་སྐུ་གསུང་ཐུགས་ཀྱི་ས་བོན་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་དང་འོག་མིན་གྱི་ཞིང་ཁམས་ནས་ཡེ་ཤེས་པ་སྤྱན་དྲང་བ་ནི། གདུང་བའི་སེམས་ཀྱིས་རོལ་མོ་སྒྲོག་ཅིང་། ལྔ་པ་སྤྱན་དྲང་བ་ནི། ཧཱུྃ༔ མ་གཡེལ་མ་གཡེལ་རིག་འཛིན་ཚོགས༔ མ་གཡེལ་མ་གཡེལ་ཡི་དམ་ལྷ༔ མ་གཡེལ་མ་གཡེལ་མཁའ་འགྲོའི་ཚོགས༔ མ་གཡེལ་མ་གཡེལ་སྲུང་མའི་ཚོགས༔ རྒྱལ་པོའི་ཕོ་བྲང་དག་ནི་ག་ན་ཡོད་པ་ན༔ བཙན་པོའི་འཁོར་གཡོག་ཚོགས་ཀྱང་དེ་ན་རབ་ཏུ་འདུ༔ བསྟན་པའི་སྙིང་པོ་ག་ན་ཡོད་པ་ན༔ དམ་ཅན་རྒྱ་མཚོའི་ཚོགས་ཀྱང་དེ་ན་རབ་ཏུ་འདུ༔ ཉི་མའི་སྙིང་པོ་ག་ན་ཤར་བ་ན༔ འོད་ཟེར་དམར་པོ་འཕྲོ་ཞིང་འདུ་བ་ལྟར༔ བྱང་ཆུབ་སེམས་ཀྱི་དགོངས་པ་ག་ན་གནས་པ་ན༔ ཞི་ཁྲོ་རབ་འབྱམས་ཚོགས་ཀྱང་དེ་ན་རབ་ཏུ་འདུ༔ ནམ་མཁའ་སྟོང་པར་ལྷོ་སྤྲིན་འདུ་བ་བཞིན༔ མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་ཀྱང་དེ་ན་རབ་ཏུ་འདུ༔ རྒྱ་མཚོ་ཆེན་པོར་ཆུ་བྲན་འདུ་བ་བཞིན༔ མ་སྲིང་དམ་ཅན་རྒྱ་མཚོའི་ཚོགས་ཀྱང་དེ་ན་རབ་ཏུ་འདུ༔ རྣམ་པར་སྨིན་པའི་རིག་འཛིན་མ་གཡེལ་ཅིག༔ ལྷུན་གྱིས་གྲུབ་པའི་རིག་འཛིན་མ་གཡེལ་ཅིག༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་མ་གཡེལ་ཅིག༔ ཚེ་ལ་དབང་བའི་རིག་འཛིན་མ་གཡེལ་ཅིག༔ ཧཱུྃ༔ ཆོས་དབྱིངས་བདེ་ཆེན་ཕོ་བྲང་ནས༔ རྩ་བའི་བླ་མ་རྡོ་རྗེ་འཆང༔ འཁོར་དུ་བརྒྱུད་པའི་བླ་མས་བསྐོར༔ གདུགས་དང་རྒྱལ་མཚན་ཐིབས་སེ་ཐིབ༔ རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ༔ རོལ་མོ་མང་པོ་ཏི་རི་རི༔ འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ༔ གསང་བའི་དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས༔ བཤམས་པའི་མཆོད་རྫས་འདི་ལ་བྱིན་གྱིས་རློབས༔ བདག་ཅག་མཆེད་ལྕམ་རྣམས་ལ་བྱིན་གྱིས་རློབས༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ བདེ་གཤེགས་ཀུན་བཟང་ཡབ་ཡུམ་ལ༔ ཞི་བའི་ལྷ་ཚོགས་རྣམས་ཀྱིས་བསྐོར༔ གདུགས་དང་རྒྱལ་མཚན་ཐིབས་སེ་ཐིབ༔ རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ༔ རོལ་མོ་མང་པོ་ཏི་རི་རི༔ འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ༔ གསང་བའི་དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས༔ བཤམས་པའི་མཆོད་རྫས་འདི་ལ་བྱིན་གྱིས་རློབས༔ བདག་ཅག་མཆེད་ལྕམ་རྣམས་ལ་བྱིན་གྱིས་རློབས༔ ཧཱུྃ༔ མེ་རི་འབར་བའི་ཕོ་བྲང་ནས༔ བཅོམ་ལྡན་དཔལ་ཆེན་ཡབ་ཡུམ་ལ༔ ཁྲོ་བོ་ཁྲོ་མོའི་ཚོགས་ཀྱིས་བསྐོར༔ གདུགས་དང་རྒྱལ་མཚན་ཐིབས་སེ་ཐིབ༔ རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ༔ རོལ་མོ་མང་པོ་ཏི་རི་རི༔ འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ༔ གསང་བའི་དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས༔ བཤམས་པའི་མཆོད་རྫས་འདི་ལ་བྱིན་གྱིས་རློབས༔ བདག་ཅག་མཆེད་ལྕམ་རྣམས་ལ་བྱིན་གྱིས་རློབས༔ ཧཱུྃ༔ རང་བྱུང་དུར་ཁྲོད་སོ་སོ་ནས༔ མ་དང་ཡེ་ཤེས་མཁའ་འགྲོ་མར༔ འཁོར་དུ་དཔའ་བོ་དཔའ་མོས་བསྐོར༔ གདུགས་དང་རྒྱལ་མཚན་ཐིབས་སེ་ཐིབ༔ རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ༔ རོལ་མོ་མང་པོ་ཏི་རི་རི༔ འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ༔ གསང་བའི་དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས༔ བཤམས་པའི་མཆོད་རྫས་འདི་ལ་བྱིན་གྱིས་རློབས༔ བདག་ཅག་མཆེད་ལྕམ་རྣམས་ལ་བྱིན་གྱིས་རློབས༔ ཧཱུྃ༔ བསྟན་པའི་སྙིང་པོའི་བཀའ་འཁོར་ནས༔ བཀའ་སྲུང་དམ་ཅན་རྒྱ་མཚོ་ལ༔ འཁོར་དུ་དྲེགས་པ་ཕོ་མོས་བསྐོར༔ གདུགས་དང་རྒྱལ་མཚན་ཐིབས་སེ་ཐིབ༔ རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ༔ རོལ་མོ་མང་པོ་ཏི་རི་རི༔ འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ༔ གསང་བའི་དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས༔ བཤམས་པའི་མཆོད་རྫས་འདི་ལ་བྱིན་གྱིས་རློབས༔ བདག་ཅག་མཆེད་ལྕམ་རྣམས་ལ་བྱིན་གྱིས་རློབས༔ གྷུ་རུ་ཤཱནྟིཾ་ཀྲོ་ཏ་དྷེ་ཝཱ་དྷཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡཱ། ཨེ་ཨཱ་རལླི་ཧྲཱིང་ཧྲཱིང་ཛཿ ཞེས་སྤྱན་དྲངས་ལ། དཀྱིལ་འཁོར་གྱི་ལྷ་དང་གཉིས་སུ་མེད་པར་བསྟིམ། སླར་ཡང་ཐུགས་ལས་འོད་ཟེར་འཕྲོས༔ རིགས་ལྔའི་ལྷ་ཚོགས་སྤྱན་དྲངས་ལ༔ བུམ་པས་དབང་བསྐུར་ཆུ་རྒྱུན་བབས༔ སྐུ་གང་སྒྲིབ་དག་ལུད་པ་ལས༔ རྒྱལ་བ་རིགས་ལྔས་དབུ་བརྒྱན་བསམ༔ ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ གུ་རུ་བྷུདྡྷ་ཤཱནྟིཾ་ཀྲོ་དྷ་དྷེ་ཝ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་པདྨ་ཀ་མ་ལཱ་ཡ་སཏྭཾ། ཨ་ཏི་པཱུ་ཧོ། པྲ་ཏི་ཛ་ཧོ། དྲུག་པ་མཆོད་པ་འབུལ་བ་ནི། ཧཱུྃ༔ ཕྱི་ཡི་མཆོད་པ་རིན་པོ་ཆེ༔ སྣང་སྲིད་ཐམས་ཅད་མཆོད་པར་འབུལ༔ སྐྱེ་འགག་མེད་པར་བཞེས་སུ་གསོལ༔ ནང་གི་མཆོད་པ་འབུལ་བ་ནི༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ རྒྱུན་ཆད་མེད་པར་བཞེས་སུ་གསོལ༔ གསང་བའི་མཆོད་པ་འབུལ་བ་ནི༔ དུག་ལྔ་ཁོང་ཁྲོ་མཆོད་པར་འབུལ༔ འགྲོ་འོང་མེད་པར་བཞེས་སུ་གསོལ༔ ཡང་གསང་མཆོད་པ་འབུལ་བ་ནི༔ ཏིང་འཛིན་དགོངས་པ་མཆོད་པར་འབུལ༔ འཕེལ་འགྲིབ་མེད་པར་བཞེས་སུ་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ གྷུ་རུ་བྷུདྡྷ་ཤཱནྟིཾ་ཀྲོ་ཏ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར། ཨརྒྷཾ་སོགས་ནས་ཤབྡ་པཱུ་ཙ་ཧོ༔ མ་ཧཱ་པཉྩ་པཱུ་ཙ་ཧོ༔ མ་ཧཱ་བྷོ་དྷི་ཙིཏྟ་པཱུ་ཙ་ཧོ༔ པཉྩ་ཨ་མྲྀཏ༔ རཀྟ་བྷ་ལིཾ་ཏ༔ སརྦ་པཱུ་ཙ་ཁཱ་ཧི༔ བདུན་པ་བསྟོད་པ་བྱ་བ་ནི། ཧཱུྃ། རང་རིག་སྟོང་གསལ་ཆོས་ཀྱི་སྐུ། །ཀ་དག་འོད་ལྔའི་ཀློང་ཉིད་དུ། །སྐུ་ལྔར་སྨིན་མཛད་འགྲོ་བའི་མགོན། །རྩ་བརྒྱུད་བླ་མའི་ཚོགས་ལ་བསྟོད། །ཨཱོྃ༔ ངོ་བོའི་སྐུ་ནི་མཐའ་དང་བྲལ༔ རང་བཞིན་སྐུ་ནི་གསལ་ལ་དག༔ ཐུགས་རྗེའི་སྐུ་ནི་ཀུན་ལ་ཁྱབ༔ རྒྱལ་བ་ཞི་ཁྲོའི་སྐུ་ལ་བསྟོད༔ ཨཱ༔ ངོ་བོའི་གསུང་ནི་བརྗོད་ལས་འདས༔ རང་བཞིན་གསུང་ནི་གྲགས་ལ་སྟོང༔ ཐུགས་རྗེའི་གསུང་ནི་ཡིག་འབྲུར་གསལ༔ རྒྱལ་བ་ཞི་ཁྲོའི་གསུང་ལ་བསྟོད༔ ཧཱུྃ༔ ངོ་བོའི་ཐུགས་ནི་ཀ་ནས་དག༔ རང་བཞིན་ཐུགས་ནི་བསམ་བརྗོད་བྲལ༔ ཐུགས་རྗེའི་ཐུགས་ནི་ཀུན་ལ་བརྩེ༔ རྒྱལ་བ་ཞི་ཁྲོའི་ཐུགས་ལ་བསྟོད༔ ཧཱུྃ། ཀུན་བཟང་རིགས་ལྔ་སེམས་དཔའ་བརྒྱད། །ཡབ་ཡུམ་སྒོ་བ་རྣམ་པ་བཞི། །སྤྲུལ་སྐུ་ཐུབ་པ་དྲུག་ལ་སོགས། །ཐབས་ཤེས་ཟུང་འཇུག་འགྲོ་དྲུག་སྒྲོལ། །ཞི་བའི་ལྷ་ལ་ཕྱག་འཚལ་བསྟོད། །དུག་ལྔ་དུག་གསུམ་སྒྲོལ་བའི་ཕྱིར། །ཐུགས་རྗེ་བྱམས་པའི་ངང་ཉིད་ལས། །ལོག་རྟོག་འདུལ་ཕྱིར་ཧེ་རུ་ཀ །ཡབ་ཡུམ་སྲས་འཁོར་བཅས་ལ་བསྟོད། །རྒྱལ་བའི་སྤྱན་སྔར་ཁས་བླངས་ཤིང་། །བསྟན་སྲུང་བསྟན་འཛིན་སྐྱོང་བྱེད་པ། །མ་སྲིང་ལྕམ་དྲལ་ཚུལ་འཛིན་པ། །མཁའ་འགྲོ་ཆོས་སྐྱོང་ཚོགས་ལ་བསྟོད། །བརྒྱད་པ་བཟླས་པ་བྱ་བ་ནི། སྒྲུབ་གཞུང་ལས། དེ་ལྟར་ཞི་ཁྲོའི་ལྷ་ཚོགས་ཀྱི༔ ཐུགས་སྲོག་ཧཱུྃ་ཡིག་མཐའ་སྐོར་དུ༔ གསང་སྔགས་འདི་ཉིད་ཧཱུྃ་ཡིག་གི༔ ཚུལ་དུ་གཡས་སྐོར་འཁོར་བ་བསྒོམ༔ ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨཱ༔ ཨཱོྃ་ཧཱུྃ་སྭཱ་ཨཱཾ་ཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ བྷོ་དྷི་སཏྭ་མུ་ནི་ཛཿཧཱུྃ་བཾ་ཧོ༔ ཨཱོྃ་བཛྲ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཀྲོ་ཏ་བཛྲ་ཡ་མཱནྟ་ཀ་པདྨཱནྟཀྲིཏ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཙཎྜ་དུཥྚཱན་ཀྲོ་ཏཱི་ཤྭ་རཱི་ཀརྨ་རཾ་རཾ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ ཅེས་བཟླས་བྱེ་བ་གཅིག་གིས་འགྲུབ༔ ཡང་ན་རང་ཉིད་རྡོར་སེམས་སུ༔ བསྒོམས་པའི་ཙིཏྟ་དུང་ཁང་གི༔ རྒྱལ་བ་ཞི་ཁྲོའི་གནས་གསུམ་དུ༔ དཀར་དམར་མཐིང་གའི་ཐིག་ལེའི་ནང༔ ཨཱོྃ་དང་ཨཱཿདང་ཧཱུྃ་བསྒོམས་བགྲང༔ བསྙེན་པ་བསྐྱལ་ཞིང་ཐིག་ལེ་བལྟ༔ ཡང་ན་རྡོར་སེམས་ཞི་ཁྲོའི་ལྷ༔ ཝལ་གྱིས་བསམས་ལ་གྲགས་སྟོང་ངང༔ གསང་སྔགས་འདི་ཉིད་བཟླ་བར་བྱ༔ ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ༔ ཀྲོ་ཏཱི་ཤྭ་རཱི་ཧེ་རུ་ཀ་སརྦ་ཧཱུྃ་ཕཊ༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མཱ་ར་ཡ་ཕཊ༔ ཅི་ལྟར་འདོད་པའི་ཤམ་བུ་གདགས༔ ཕྲིན་ལས་གང་འདོད་འགྲུབ་པར་འགྱུར༔ ཅེས་གསུངས་པས་བརྒྱ་སྟོང་ཉེར་གཅིག་བདུན་ལ་སོགས་པ་སྐབས་དང་བསྟུན་ལ་བཟླ། དགུ་པ་ཚོགས་འཁོར་བྱ་བ་ནི། རིན་པོ་ཆེའི་སྣོད་དུ་འབྱོར་ཚོགས་བཟའ་བཏུང་ལ་སོགས་པ་བཤམ། ཆུ་ཆང་དང་ཨ་མྲྀཏས་བྲན། ཨཱོྃ་བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། ཨཱོྃ་ལས་རིན་པོ་ཆེའི་སྣོད་དུ་མཆོད་རྫས་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་དུ་བསམས་ལ། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། ཨཱོྃ་ཨཱཿཧཱུྃ། ཏྲཱཾ་ཧྲཱིཿཨཱཿཡི་འཕྲོ་འདུས་བདུད་རྩིར་བྱིན་བརླབས་ལ། ཚོགས་ཕུད་སྤྲོ་ལ། ཧཱུྃ། བླ་མ་དུས་གསུམ་སངས་རྒྱས་དང་། །ཡི་དམ་རྒྱལ་བ་ཞི་ཁྲོའི་ཚོགས། །མཁའ་འགྲོ་ཆོས་སྐྱོང་འཁོར་བཅས་ལ། །ཚོགས་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །ཨཱོྃ་ཨཱཿཧཱུྃ༔ གྷུ་རུ་བྷུདྡྷ་ཤཱནྟིཾ་ཀྲོ་ཏ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་གྷ་ཎ་ཙཀྲ་པཱུ་ཙ་ཧོ། སྤྲོས་པ་ལ་དགའ་ན། གསང་སྔགས་སྤྱི་གཞུང་གི་ཚོགས་ལས་ནས་ཁ་བསྐང་བར་བྱའོ། །བཅུ་པ་བསྐུལ་པ་བྱ་བ་ནི། ཧྲཱིཿ བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས། །རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་རྣམས། །དངོས་གྲུབ་རྣམ་གཉིས་འཐོབ་བྱའི་ཕྱིར། །ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་ཤིག །ཨཱོྃ༔ སངས་རྒྱས་མ་ལུས་ཐམས་ཅད་ཀྱི༔ སྐུ་ཡི་ཕྲིན་ལས་རབ་བསྐུལ་བས༔ འདོད་ཁམས་བདེ་བ་ཆེན་པོར་སྒྲོལ༔ སེམས་ཅན་ཞེ་སྡང་བརླག་པར་མཛོད༔ ཨཱ༔ སངས་རྒྱས་མ་ལུས་ཐམས་ཅད་ཀྱི༔ གསུང་གི་ཕྲིན་ལས་རབ་བསྐུལ་བས༔ གཟུགས་ཁམས་ཡེ་ཤེས་ལྔ་རུ་སྒྲོལ༔ སེམས་ཅན་འདོད་ཆགས་བརླག་པར་མཛོད༔ ཧཱུྃ༔ སངས་རྒྱས་མ་ལུས་ཐམས་ཅད་ཀྱི༔ ཐུགས་ཀྱི་ཕྲིན་ལས་རབ་བསྐུལ་བས༔ གཟུགས་མེད་ཀ་དག་ཆེན་པོར་སྒྲོལ༔ སེམས་ཅན་གཏི་མུག་བརླག་པར་མཛོད༔ ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཀྲོ་ཏཱི་ཤྭ་རཱི་ཧེ་རུ་ཀ་སརྦ་ཧཱུྃ་ཕཊ༔ བཅུ་གཅིག་པ་དཀྱིལ་འཁོར་གྱི་ལྷ་ལ་མཆོད་བསྟོད་འབུལ་བ་ནི། རྩ་སྔགས་ཀྱི་ཤམ་དུ་མཆོད་པ་ཅི་རིགས་པས་མཆོད་ཅིང་བསྟོད་པས་བསྟོད། ཨཱོྃ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་སོགས་བརྗོད་ལ། ཡེ་ཤེས་པ་བཛྲ་མུཿས་གཤེགས་ལ། དམ་ཚིག་པ་བསྡུ་བ་ནི་སྒྲུབ་གཞུང་ལས། རང་ཉིད་རྡོར་སེམས་ཞི་ཁྲོའི་ལྷར༔ གསལ་བའི་སྐུ་ལས་འོད་ཟེར་ལྔ༔ འཕྲོས་ཏེ་རང་གི་ལུས་ནང་གང༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ ཡེ་ཤེས་ལྔ་ཡི་དོན་རྟོགས་ནས༔ རང་ལུས་འོད་ཕུང་ཆེན་པོར་བསམ༔ ཡང་འཕྲོས་སྣོད་བཅུད་རྣམས་ལ་ཕོག༔ དབྱིངས་ཐིག་འོད་ཕུང་ངང་དུ་བསམ༔ འོད་ཕུང་ཚུར་འདུས་བདག་ལ་ཐིམ༔ བདག་ཉིད་ཁྲོ་བོའི་ལྷ་ལ་ཐིམ༔ ཁྲོ་བོའི་ལྷ་ཚོགས་ཞི་བར་ཐིམ༔ ཞི་བའི་ལྷ་འཁོར་ཡུམ་ལ་ཐིམ༔ ཡུམ་ཡང་གཙོ་བོ་ཉིད་ལ་ཐིམ༔ གཙོ་བོ་ཐུགས་སྲོག་ཧཱུྃ་ལ་ཐིམ༔ ཧཱུྃ་ཡང་ཐིག་ལེ་ནཱ་དར་ཐིམ༔ ནཱ་ད་ཆོས་ཉིད་སྟོང་པའི་ངང༔ གསལ་སྟོང་མཐའ་དབུས་མེད་པར་བཞག༔ སྣང་སྟོང་ཟང་ཐལ་རྗེན་པར་བསྐྱང༔ བཅུ་གཉིས་པ་རྗེས་སྤྱོད་ལྷར་ལྡང་། བསྔོ་བ་སྨོན་ལམ་བཀྲ་ཤིས་བརྗོད་པ་སོགས་སྤྱི་འགྲོ་བཞིན་བྱའོ། །རྒྱལ་བ་ཞི་ཁྲོ་རབ་འབྱམས་མདུན་བསྐྱེད་ད་ལ་བསྒྲུབ་པའི་ཆོ་ག་འདི་ཉིད་གསང་བ་སྙིང་ཏིག་ཡང་ཟབ་བསྡུས་པའི་སྙིང་པོའི་གཞུང་ཁ་འཐོར་བས་གསལ་པོར་མི་འདུག་པས། མདུན་བསྐྱེད་དཀྱིལ་འཁོར་སྒྲུབ་པའི་ཡིག་ཆ་དང་སྒྲུབ་པའི་གཞུང་ལས་བསྡུས་ཏེ་མ་ཚང་པ་རྣམས་ཁ་བསྐངས་ནས་གང་ཟག་ཕྱིས་འབྱུང་ལམ་དུ་འཇུག་པ་རྣམས་ཀྱི་དོན་དུ། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་འོད་གསལ་སྒྱུ་མས་སྐྱེས་བདག་ཅེས་བྱ་ལྕགས་མོ་ལུག་གི་ལོ་ནག་པ་ཟླ་བའི་ཚེས་བཅུ་བདུན་ལ་ཡི་གེར་བཀོད་པའི་དགེ་བས། འགྲོ་ཀུན་འོད་གསལ་རྡོ་རྗེ་སྙིང་པོའི་མྱུར་ལམ་བགྲོད་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་གྱི་གོ་འཕང་ཐོབ་པར་གྱུར་ཅིག །འདི་ལ་འགལ་འཁྲུལ་ཉེས་ཚོགས་མཆིས་པ་རྣམས་རྩ་བ་གསུམ་གྱི་ལྷ་ཚོགས་ལ་བཟོད་པར་གསོལ། ཞེས་པའི་ཡི་གེ་པ་ནི་ཁྲོ་བོ་དཔལ་གྱིས་བགྱིས་པའོ། །མངྒ་ལཾ། །བྷ་ཝནྟུ།། །།
རྩ་གསུམ་འོད་གསལ་སྙིང་ཏིག་ལས། ནང་སྒྲུབ་པདྨའི་དྲྭ་བ་ཐུགས་རྗེ་ཆེན་པོའི་རྒྱུན་ཁྱེར་ (Volume 63, Text 4)
རྩ་གསུམ་འོད་གསལ་སྙིང་ཏིག་ལས། ནང་སྒྲུབ་པདྨའི་དྲྭ་བ་ཐུགས་རྗེ་ཆེན་པོའི་རྒྱུན་ཁྱེར་བཞུགས། །ན་མོ་གུ་རུ་མ་ཧཱ་ཀཱ་རུ་ཎཱི་ཀ་ཡེ། ནང་སྒྲུབ་པདྨའི་དྲྭ་བའི་རྒྱུན་ཁྱེར་སྙིང་པོ་ནི། པདྨ་ཧེ་རུ་ཀཿཡི་དགོངས་པ་ཡིས༔ དབང་གི་ལྷ་མོ་ནཱ་གརྫུ་ན་དང༔ པདྨ་འབྱུང་གནས་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ གསུང་གི་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཞེས་ཚིག་རྐང་དྲུག་གི་གསོལ་འདེབས་སྔོན་དུ་འགྲོ་བས། བླ་མ་དང་གཉིས་སུ་མེད་པའི་འཕགས་མཆོག་སྙིང་རྗེའི་གཏེར་ཆེན་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། ཧྲཱི༔ བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ སྐུ་གསུམ་འཕགས་པའི་ལྷ་ལ་སྐྱབས་སུ་མཆི༔ མཐའ་ཀླས་སྲིད་པའི་ཁམས་རྣམས་བསྒྲལ་བའི་ཕྱིར༔ པདྨ་དྲྭ་བའི་གོ་འཕང་བསྒྲུབ་པར་བགྱི༔ ལན་གསུམ་གྱི་མཐར། ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། དངོས་གཞི་ལྷ་བསྐྱེད་ནི། ཧྲཱི༔ གཞི་དབྱིངས་ཀ་དག་འོད་གསལ་ཆོས་སྐུའི་ངང༔ གཞི་སྣང་རིག་པ་ལྷུན་གྲུབ་ལོངས་སྐུའི་སྤྲིན༔ ཟུང་འཇུག་སྤྲུལ་པའི་རྒྱུ་མཆོག་ཧྲཱིཿདམར་པོ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་དྲན་རྫོགས་སུ༔ ཕྱི་སྣོད་དག་པ་རབ་འབྱམས་རྡོ་རྗེའི་གྲོང༔ རང་སྣང་རྣམ་དག་ཡིད་འོང་པོ་ཏ་ལར༔ མཚན་ཉིད་ཀུན་རྫོགས་ངོ་མཚར་གཞལ་ཡས་དབུས༔ རང་རིག་བདེ་གཤེགས་ཡོངས་འདུས་སྙིང་རྗེའི་ལྷ༔ སྐུ་མདོག་དམར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་པདྨའི་ཕྲེང་བ་ཐུགས་ཀར་འདྲེན༔ གཡོན་པས་མཉམ་གཞག་བདུད་རྩིའི་ཚེ་བུམ་བསྣམས༔ པང་དུ་གསང་བ་ཡེ་ཤེས་ཌཱ་ཀི་མ༔ ཨུཏྤལ་ཐོད་འཛིན་ཡབ་ཀྱི་མགུལ་ནས་འཁྲིལ༔ དབང་མདོག་བཅུ་དྲུག་བདེ་བའི་ལང་ཚོས་མཛེས༔ གཉིས་ཀ་དར་དང་རིན་ཆེན་རུས་པས་བརྒྱན༔ ཁྲོ་འཛུམ་ཆགས་ཉམས་མཚན་དཔེའི་འོད་ཕུང་འབར༔ ཞབས་གཉིས་རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ ཐབས་ཤེས་ཟུང་འཇུག་པད་ཉི་ཟླ་སྟེང་རོལ༔ སྤྱི་བོར་རིགས་བདག་ཆོས་སྐུ་སྣང་མཐའ་ཡས། །དམར་པོ་མཉམ་གཞག་བདུད་རྩིའི་ལྷུང་བཟེད་བསྣམས༔ དེ་ལྟར་གསལ་བའི་རྡོ་རྗེ་ལུས་ཀྱི་དཀྱིལ༔ གནས་ལྔར་དབང་ཆེན་རིགས་ལྔ་ཡབ་ཡུམ་རོལ། །ཐུགས་དབུས་སུམ་ཅུ་རྩ་དྲུག་ཞི་བའི་ལྷ། །བདེ་ཆེན་འཁོར་ལོར་ཁྲོ་བོའི་ཚོམ་བུ་བཞུགས། །ཕྱི་རོལ་ཐུབ་དྲུག་བསྐལ་བཟང་སངས་རྒྱས་སྟོང་། །ཌཱ་ཀི་སྡེ་བཞི་སྲས་བཅས་རྒྱལ་བའི་ཚོགས། །ཉི་དང་ཟེར་བཞིན་དམ་ཡེ་གཉིས་མེད་གསལ། །ཞེས་ལྷ་སྐུའི་གསལ་སྣང་ལ་སེམས་རྩེ་གཅིག་ཏུ་གཟུང་། བཟླས་པ་ནི། སྙིང་དབུས་དབང་ཆེན་ཡབ་ཡུམ་གྱི༔ ཐུགས་ཀར་པད་ཉི་ཟླ་བའི་སྟེང༔ ཧྲཱིཿམཐར་སྔགས་ཕྲེང་གཡས་སུ་འཁོར༔ འོད་ཀྱིས་རྒྱལ་མཆོད་བྱིན་རླབས་བསྡུས། །རང་ཐིམས་སྒྲིབ་སྦྱངས་དབང་བཞི་ཐོབ། །སླར་འཕྲོས་འགྲོ་བའི་ལས་ཉོན་སྦྱངས༔ སྣོད་བཅུད་འཕགས་པའི་སྐུ་གསུང་ཐུགས། །པདྨ་དྲྭ་བའི་ཀློང་དུ་རྫོགས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་ཡི་གེ་བདུན་པ་གཙོ་བོར་བཟླ། ཐུགས་སྲོག་ལས་བྱུང་ཧྲཱིཿཡིག་ཕྲེང༔ ཡུམ་གྱི་ཞལ་དང་མཁའ་གསང་བརྒྱུད། །སྙིང་ཁའི་ཆུ་སྐྱེས་ལ་ཆགས་པས༔ རྣམ་པ་ཀུན་གྱི་མཆོག་ལྡན་པའི༔ ཟག་མེད་བདེ་བས་ཚིམས་པར་བསམ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿསརྦ་ཏ་ཐཱ་ག་ཏ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲཱྀ་བ་ཌཱ་ཀི་ནཱི་ཧ་རི་ནི་ས་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ གཙོ་འཁོར་ཡོངས་རྫོགས་ཀྱི་སྔགས་ཀྱང་ཅུང་ཟད་བཟླ། བདེ་གཤེགས་ཡོངས་རྫོགས་སྲོག་སྙིང་ནི༔ འབྱུང་འཇུག་གནས་པའི་རླུང་ལ་སྦྱར༔ གྲགས་སྟོང་རྡོ་རྗེའི་སྔགས་ཀྱི་སྒྲ༔ དུས་གསུམ་དུས་མེད་གཅིག་ཏུ་བཟླ༔ ཧྲཱིཿཧྲཱིཿཧྲཱི༔ ངག་བཟླས་དང་རྡོར་བཟླས་གང་རུང་བྱ། ཐུན་མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཟླས་མཐར། དམ་ཚིག་འོད་གསལ་འཁོར་ལོར་བསྡུ། །རྗེས་ཐོབ་སྒྱུ་མའི་ལྷ་སྐུར་ལྡང་། །དགེ་བ་འདི་ཡིས་མྱུར་དུ་བདག །ཐུགས་རྗེ་ཆེན་པོ་འགྲུབ་གྱུར་སོགས་བསྔོ་སྨོན་བྱའོ། །ཞེས་པའང་དད་བློ་ཡངས་ཤིང་སྒྲུབ་ལ་བརྩོན་པ་ཌེན་མཀ་པ་བཀྲ་ཤིས་ཆོས་འཕེལ་གྱིས་རྒྱུན་གྱི་ཉམས་ལེན་དུ་བསྐུལ་ངོར། འཁོས་ཆུང་མ་ཎི་བ་པདྨ་དྲི་མེད་བཀྲ་ཤིས་དཔལ་འབྱོར་གྱིས་གཏེར་གཞུང་ནས་བཏུས་ཏེ་བྲིས་པ་འདིས་ཀྱང་རང་རིག་ཐུགས་རྗེ་ཆེན་པོའི་རང་ཞལ་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག། །།
སྣང་སྲིད་ཞི་བ་དཀར་པོའི་མགྲོན་ལྔའི་གཤེགས་གསོལ་སོགས་ (Volume 48, Text 4)
སྣང་སྲིད་ཞི་བ་དཀར་པོའི་མགྲོན་ལྔའི་གཤེགས་གསོལ་སོགས་ནི། ཨོཾ་ཨཱཿཧཱུྃ། ཕྱི་ནང་གསང་བ་ཁྱད་པར་འཕགས་པའི་ཚོགས། །རབ་འབྱམས་ཀུན་ཁྱབ་མཐའ་དང་མཉམ་པ་འདི། །འཇིག་རྟེན་འདས་དང་མ་འདས་མགྲོན་རྣམས་ལ། །གུས་པས་འབུལ་བཞེས་ཕྲིན་ལས་ཀུན་འགྲུབ་མཛོད། །དེ་རྣམས་མཆོད་པའི་མགྲོན་རྣམས་རང་རང་གི །གནས་སུ་གཤེགས་ཏེ་སླར་ཡང་འགྲོ་དོན་དུ། །སྤྱན་འདྲེན་དུས་སུ་དབྱིངས་ནས་སྐུར་བཞེངས་ཏེ། །འབྱོན་ཅིང་ཕྲིན་ལས་སྣ་ཚོགས་ཡོངས་འགྲུབ་མཛོད། །མགྲོན་ཚན་ལྔ་པོ་མཆོད་ཅིང་བསྙེན་བཀུར་མཐུས། །ཚེ་འདིའི་འགལ་རྐྱེན་བར་ཆད་མ་ལུས་ཞི། །མཐུན་རྐྱེན་ཚེ་བསོད་དགེ་ལེགས་རབ་འཕེལ་ནས། །ཕྱི་མ་གཏན་བདེ་བླ་མེད་ཐོབ་པར་ཤོག །སྟོབས་བཅུ་མངའ་བ་ཀུན་དང་དེས་གསུང་ཆོས། །ཉན་རང་བྱང་སེམས་ལྷ་ཚོགས་མ་ལུས་ཀྱི། །བདེན་སྟོབས་ནུས་པས་བཀྲ་ཤིས་དགེ་ལེགས་ནི། །ཡར་ངོའི་ཟླ་ལྟར་གོང་ནས་གོང་འཕེལ་ཤོག །རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ལྷ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བདེན་པ་ཡིས། །བཀྲ་ཤིས་དགེ་ལེགས་ཕུན་སུམ་ཚོགས་པ་རྣམས། །ཡར་ངོའི་ཟླ་ལྟར་གོང་ནས་གོང་འཕེལ་ཤོག །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་རྡོ་རྗེ་གསུམ། །རྟེན་འབྲེལ་རྒྱུ་རྐྱེན་བསླུ་མེད་བདེན་པའི་མཐུས། །ཇི་ལྟར་བསམ་པའི་དོན་ལྟར་འགྲུབ་པ་ཡི། །བཀྲ་ཤིས་དགེ་ལེགས་ཉི་ཟླ་ལྟར་གསལ་བ། །ནུབ་མེད་བསྟན་འགྲོའི་མཁའ་ལ་རྟག་འཆར་བ། །མྱུར་བ་ཉིད་དུ་འགྲུབ་པ་ཉིད་གྱུར་ཅིག །ཅེས་དང་བཀྲ་ཤིས་གཞན་ཡང་བྱའོ། །ཞེས་པ་དགེ་སློང་ཀརྨ་མགོན་པོས་བསྐུལ་བ་ལྟར་རོལ་པ་རྡོ་རྗེས་བྲིས།
བླ་མ་དགོངས་པ་འདུས་པ་ལས༔ མཁའ་འགྲོའི་རྒྱབ་ཆོས་འཕྲིན་ལས་ཚོགས་མཆོད་བསྡུས་པ་པདྨོའི་ཟེའུ་འབྲུ་ (Volume 35, Text 4)
༁ྃ༔ བླ་མ་དགོངས་པ་འདུས་པ་ལས༔ མཁའ་འགྲོའི་རྒྱབ་ཆོས་འཕྲིན་ལས་ཚོགས་མཆོད་བསྡུས་པ་པདྨོའི་ཟེའུ་འབྲུ་ཞེས་བྱ་བ་བཞུགས་སོ༔ ྈྈྈྈྈྈ ན་མོ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ཧཱུྃ༔ ཡུམ་ཆེན་ཕག་མོ་མཁའ་འགྲོའི་དཀྱིལ་འཁོར་གཙོ༔ སངས་རྒྱས་མཁའ་འགྲོ་ལ་སོགས་འཁོར་གྱི་ཚོགས༔ སྤྲུལ་དང་ཡང་སྤྲུལ་བཅས་ལ་ཕྱག་འཚལ་ནས༔ དེ་ཡི་བསྡུས་དོན་རྐང་གྲངས་ཉེར་གཅིག་བཀོད༔ བཀོད་པའི་བྱེ་བྲག་ཆོས་སྤྱོད་རིམ་པ་དང༔ བདག་བསྐྱེད་ལྷ་ཡི་རྣལ་འབྱོར་གསལ་བ་དང༔ བགེགས་གཏོར་གཏང་ཞིང་མཚམས་གཅད་སྲུང་འཁོར་བསྒོམ༔ སྨན་རཀ་མཆོད་གཏོར་བསང་སྦྱང་བྱིན་གྱིས་བརླབ༔ དེ་བཞིན་ཉིད་སོགས་ཏིང་འཛིན་རྣམ་གསུམ་གསལ༔ མདུན་དུ་གཞལ་ཡས་ཁང་དང་ལྷ་ཚོགས་བསྐྱེད༔ ཡེ་ཤེས་ལྷ་རྣམས་སྤྱན་དྲང་བཞུགས་སུ་གསོལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ཞིང༔ དེ་དག་ལྷ་ལ་ཕྱི་ནང་གསང་མཆོད་དང༔ དེ་བཞིན་སྨན་དང་རཀྟ་གཏོར་མ་གསུམ༔ རོལ་མོ་དབྱངས་དང་བཅས་པས་བསྟོད་པ་བྱ༔ ཚོགས་བཤམས་ཚོགས་ཀྱི་ལས་རིམ་ལྷག་མར་བཅས༔ ཛཔ྄་བསྙེན་ལ་སོགས་ལས་ལ་སྦྱོར་ཚུལ་དང༔ རིག་པའི་ངར་བསྐྱེད་བརྟུལ་ཤུགས་འཕྲིན་ལས་བཅོལ༔ སྒོ་དབྱེ་ལམ་བསྟན་ལ་སོགས་ཟོར་གྱི་ལས༔ གསེར་སྐྱེམས་བཏང་ཞིང་ཐ་ཚིག་ཆད་མདོ་གྱེར༔ གཏོར་མ་འབུལ་ལ་བཤལ་ཆུས་བརྟན་མ་སྐྱོང༔ གཏོར་གཞོང་དགྲ་བགེགས་མནན་ཅིང་གཏོར་བྲོ་བརྡུང༔ ནང་ལོག་ཤིས་པ་བརྗོད་ཅིང་མེ་ཏོག་དོར༔ དཀྱིལ་འཁོར་ལྷ་ཚོགས་རྫས་བཀྲམ་ཡོ་བྱད་བསྡུ༔ བསྔོ་བས་རྒྱས་གདབ་དམིགས་མེད་ངང་ལ་བཞག༔ དེ་ལྟར་རིམ་པ་ཉི་ཤུ་རྩ་གཅིག་གོ༔ ས་མ་ཡཱ༔ སྤྱི་དོན་དང་པོ་གར་བདེའི་ས་ཕྱོགས་སུ༔ ཕྱག་བརྡར་ལ་སོགས་སྐྱང་ནུལ་ཆག་ཆག་གདབ༔ དཀྱིལ་འཁོར་བྲིའམ་འབྲུ་ཚོམ་སྐབས་དང་བསྟུན༔ སྐུ་གསུང་ཐུགས་རྟེན་གཏོར་མཆོད་གང་འབྱོར་དང༔ ཁྱད་པར་ཡེ་ཤེས་མཁའ་འགྲོའི་གཏོར་ཆེན་གཅིག༔ དེ་བཞིན་འཇིག་རྟེན་མཁའ་འགྲོའི་གཏོར་མ་གཅིག༔ གཞན་ཡང་སྤྱི་དང་མཐུན་པའི་གཏོར་མ་ལ༔ གང་ལ་གང་འོས་ཤ་མར་དར་སྣས་བརྒྱན༔ བག་དྲོ་གཟི་བརྗིད་ལྡན་པར་བཤམ་བྱ་ཞིང༔ སྨན་དང་རཀ་ཏ་སྤྱན་གཟིགས་བཅས་པ་རྣམས༔ བཀོད་པའི་རྣམ་འགྱུར་ཡིད་དང་མཐུན་པར་བྱ༔ དེ་ལྟར་གྲུབ་ནས་སློབ་དཔོན་གདན་ལ་བསྡད༔ ཆོས་རྣམས་སྒྱུ་མ་ལྟ་བུའི་ངང་ཉིད་ནས༔ དད་པའི་ཤུགས་བསྐྱེད་བྱམས་དང་སྙིང་རྗེ་བསྒོམ༔ ན་མོ༔ བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས༔ ཡི་དམ་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ༔ ཡེ་ཤེས་ལས་ལས་གྲུབ་པའི་མཁའ་འགྲོའི་ཚོགས༔ རྒྱལ་བ་འཁོར་དང་བཅས་ལ་སྐྱབས་སུ་མཆི༔ འཁོར་བའི་འཇིགས་པ་ཆེ་ལས་སྐྱོབ་མཛད་པའི༔ སྟོན་པ་སངས་རྒྱས་བསྟན་པ་དམ་པའི་ཆོས༔ ཚོགས་ཀྱི་ཞིང་གྱུར་འཕགས་པའི་དགེ་འདུན་ཏེ༔ དཀོན་མཆོག་གསུམ་གྱི་ཐུགས་རྗེས་བསྐྱབ་ཏུ་གསོལ༔ བདག་གིས་དུས་འདི་ནས་ནི་བཟུང་ནས་ཀྱང༔ ཇི་སྲིད་འགྲོ་རྣམས་སངས་རྒྱས་མ་ཐོབ་བར༔ དེ་སྲིད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ ལུས་ངག་ཡིད་གསུམ་དགེ་ལ་བཀོལ་བར་བྱ༔ ཧྲཱི༔ དཀྱིལ་འཁོར་གསུམ་གཙོ་མཁའ་འགྲོའི་ཚོགས་རྣམས་ལ༔ གུས་པས་ཕྱག་འཚལ་ཕྱི་ནང་གསང་མཆོད་འབུལ༔ སྡིག་པ་བཤགས་ཤིང་དགེ་ལ་རྗེས་ཡི་རང༔ བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔ དགེ་རྩ་ཐེག་མཆོག་བྱང་ཆུབ་ཆེན་པོར་བསྔོ༔ ཧྲཱི༔ གཙོ་མོ་ཡུམ་ཆེན་འགྲན་ཟླ་མེད་པའི་སྐུ༔ རྡོ་རྗེ་ཕག་མོ་གསང་བ་དགྱེས་སྡེ་མོ༔ སྣང་སྲིད་འཁོར་འདས་ཡོངས་ཀྱི་དཔལ་འབར་མ༔ རྟོག་བྲལ་འགྲོ་བ་སྐྱོབ་ལ་སྐྱབས་སུ་མཆི༔ ཞི་རྒྱས་དབང་སོགས་ལས་རྣམས་སྒྲུབ་མཛད་ཅིང༔ བསྟན་པའི་བྱ་ར་ལེགས་ཉེས་སྟངས་འཛིན་མ༔ སྤྲུལ་པ་འགྱེད་ཅིང་གར་ཡང་ཐོགས་མེད་ཅིང༔ མ་སྲིང་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ ཁྱེད་ལ་རེ་ཞིང་ལྟོས་པས་མགོན་བཙལ་ནས༔ བདག་གི་ལས་རྣམས་མ་ལུས་བསྒྲུབ་བྱའི་ཕྱིར༔ ཐུགས་རྗེ་ཐུགས་དམ་ཕྲིན་ལས་གནད་ནས་བསྐུལ༔ ལས་ཀྱི་འབྲས་བུ་མྱུར་དུ་མཆིས་པར་མཛོད༔ ཨོཾ་བཛྲ་བྷ་ར་ཧི༔ ཧྲཱི་མ་ཌཱ་ཀི་ནཱི༔ ཧ་རི་ནི་ས༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ སྤྱི་དོན་གཉིས་པ་བདག་ཉིད་ལྷར་བསྐྱེད་པ༔ སྟོང་ཉིད་ངང་ལས་མེ་དཔུང་འབར་བའི་ཀློང༔ རྟོག་མེད་རོ་གདན་པདྨ་ཉི་ཟླའི་སྟེང༔ བདག་ཉིད་ཁྲོ་རྒྱལ་དབང་ཆེན་འབར་བའི་སྐུ༔ དམར་ནག་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ ཞལ་གདངས་མཆེ་གཙིགས་སྤྱན་གསུམ་སྡང་མིག་བསྒྲད༔ རལ་པ་སྤྱིར་བཅིང་རྟ་མགོ་ལྗང་ཞུར་མཚེར༔ རྔོག་མ་ལེ་བརྒན་འབར་ཞིང་ཚྭ་ཚྭ་འཕྲོ༔ གླང་ཆེན་སྟོད་གཡོགས་སྟག་གི་ཤམ་ཐབས་དཀྲིས༔ ཐོད་སྐམ་རིན་ཆེན་སྣ་ལྔའི་རྩེ་བྲན་ཅན༔ ཐོད་རློན་ལྔ་བཅུ་སྦྲུལ་ནག་ག་ཤལ་དཀྲིས༔ ཞག་དང་རཀྟའི་ཐིག་ལེ་ཐལ་ཆེན་སྤྲས༔ སྣ་ཚོགས་དར་དང་རིན་ཆེན་རྒྱན་རྣམས་མཛེས༔ ཞབས་གཉིས་འདོར་ཐབས་སྲིན་པོ་ཁྲོས་པའི་ཚུལ༔ རྔམ་པའི་སྐུ་ལ་བརྗིད་པའི་རྣམ་འགྱུར་ཅན༔ གར་དགུའི་ཉམས་ལྡན་སྟོབས་ཆེན་ཁྲོ་བོའི་རྒྱལ༔ དེ་ཡི་ཐུགས་ཀར་མཆོང་གུར་སྨུག་པོའི་དབུས༔ རྗེ་བཙུན་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ༔ དཀར་དམར་མདངས་ལྡན་སྤྲུལ་སྐུའི་ཆ་ལུགས་ཅན༔ ཟབ་བེར་ཆོས་གོས་པད་ཞུ་རིན་ཆེན་མཛེས༔ རྡོ་རྗེ་ཐོད་པ་བདུད་རྩི་ཕྱག་ན་བསྣམས༔ སྣང་སྲིད་ཟིལ་གྱིས་གནོན་པའི་ཚུལ་དུ་བསྐྱེད༔ བདག་ཉིད་རྟ་མགྲིན་ཡབ་ལ་འཁྲིལ་བའི་ཡུམ༔ ཕག་མོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ༔ གཡས་པས་གྲི་གུག་ཡབ་ཀྱི་མགུལ་ནས་འཁྱུད༔ གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ་པའི་ཚུལ༔ སྤྱི་གཙུག་ཕག་ཞལ་མཐིང་ག་ངུར་སྒྲ་སྒྲོག༔ གཅེར་བུ་དར་དང་རིན་ཆེན་རུས་པས་བརྒྱན༔ རབ་ཏུ་ཁྲོ་ཞིང་བཞད་པའི་རྣམ་འགྱུར་སོགས༔ ཡབ་ཡུམ་གཉིས་མེད་གར་དགུའི་ཉམས་དང་ལྡན༔ ཡབ་ཀྱི་གནས་ལྔར་དཔའ་བོ་སྡེ་ལྔ་པོ༔ སྤྱི་བོར་སངས་རྒྱས་དཔའ་བོ་སྐུ་མདོག་དཀར༔ གཡས་གཡོན་འཁོར་ལོ་གྲི་གུག་ཐོད་ཁྲག་འཛིན༔ འཁོར་དུ་དངོས་འདྲ་སུམ་བརྒྱ་དྲུག་ཅུས་བསྐོར༔ མགྲིན་པར་པདྨ་དཔའ་བོ་སྐུ་མདོག་དམར༔ ཕྱག་ན་པདྨ་གྲི་གུག་ཐོད་པ་འཛིན༔ འཁོར་དུ་དངོས་ཉིད་འདྲ་བ་བཅུ་དྲུག་བསྐོར༔ ཐུགས་ཀར་རྡོ་རྗེ་དཔའ་བོ་སྐུ་མདོག་མཐིང༔ རྡོ་རྗེ་གྲི་གུག་ཐོད་པ་ཕྱག་ན་བསྣམས༔ འཁོར་དུ་དངོས་འདྲ་སུམ་ཅུ་རྩ་གཉིས་བསྐོར༔ ལྟེ་བར་རིན་ཆེན་དཔའ་བོ་སྐུ་མདོག་སེར༔ རིན་ཆེན་གྲི་གུག་ཐོད་པ་ཕྱག་ན་བསྣམས༔ འཁོར་དུ་དངོས་འདྲ་དྲུག་ཅུ་རྩ་བཞིས་བསྐོར༔ གསང་བར་ལས་ཀྱི་དཔའ་བོ་སྐུ་མདོག་ལྗང༔ རྒྱ་གྲམ་གྲི་གུག་ཐོད་པ་ཕྱག་ན་བསྣམས༔ འཁོར་དུ་དངོས་འདྲ་ཉེར་བརྒྱད་དག་གིས་བསྐོར༔ ཀུན་ཀྱང་རྒྱན་དང་ཆ་ལུགས་ཡབ་དང་མཐུན༔ ཡུམ་གྱི་སྤྱི་བོར་སངས་རྒྱས་མཁའ་འགྲོ་དཀར༔ འཁོར་ལོ་གྲི་གུག་ཐོད་པ་ཕྱག་ན་བསྣམས༔ མགྲིན་པར་པདྨ་མཁའ་འགྲོ་སྐུ་མདོག་དམར༔ པདྨ་གྲི་གུག་ཐོད་པ་ཕྱག་ན་བསྣམས༔ ཐུགས་ཀར་རྡོ་རྗེ་མཁའ་འགྲོ་སྐུ་མདོག་མཐིང༔ རྡོ་རྗེ་གྲི་གུག་ཐོད་པ་ཕྱག་ན་བསྣམས༔ ལྟེ་བར་རིན་ཆེན་མཁའ་འགྲོ་སྐུ་མདོག་སེར༔ རིན་ཆེན་གྲི་གུག་ཐོད་པ་ཕྱག་ན་བསྣམས༔ གསང་བར་ལས་ཀྱི་མཁའ་འགྲོ་སྐུ་མདོག་ལྗང༔ རྒྱ་གྲམ་གྲི་གུག་ཐོད་པ་ཕྱག་ན་བསྣམས༔ ཀུན་ཀྱང་ཆ་ལུགས་ཡུམ་དང་མཐུན་པ་ལ༔ རང་འདྲའི་འཁོར་གྱིས་སོ་སོར་བསྐོར་བ་ནི༔ དཔའ་བོ་སྡེ་ལྔའི་གྲངས་འཁོར་མཉམ་པས་བསྐོར༔ གཞན་ཡང་ཕྱི་འཁོར་ལུས་ཀྱི་བཀོད་པ་ལ༔ དཔའ་བོ་དཔའ་མོའི་འཁོར་ཚོགས་མང་པོས་བསྐོར༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་གསལ༔ སྤྱི་དོན་གསུམ་པ་བགེགས་ཀྱི་གཏོར་མ་བཤམ༔ བདུད་རྩིར་བྱིན་བརླབ་གང་ལ་གང་མཁོར་སྦྱིན༔ བདེན་པའི་སྟོབས་བརྗོད་རང་རང་གནས་སུ་བསྐྲད༔ ཁྲོ་བོ་ཁྲོ་མོའི་དྲག་ཤུལ་སྟོབས་ཀྱིས་གཟིར༔ ཧྲཱི༔ ཉོན་ཅིག་བགེགས་དང་འབྱུང་པོ་དམ་སྲིའི་ཚོགས༔ དབང་ཆེན་ཁྲོ་བོ་ཁྲོ་མོའི་བཀའ་བྱུང་གིས༔ བཤམས་པའི་མཆོད་སྦྱིན་གཏོར་མ་འདི་ཁྱེར་ལ༔ སྐད་ཅིག་ཙམ་ལ་རང་རང་གནས་སུ་དེངས༔ གལ་ཏེ་མི་འགྲོ་འདི་རུ་གནོད་བྱེད་ན༔ ཁྲོ་བོ་ཁྲོ་མོ་རབ་ཏུ་ཁྲོས་པའི་ངར༔ སྤྲུལ་པ་ཡང་སྤྲུལ་ཕོ་ཉའི་ཚོགས་རྣམས་ཀྱིས༔ ལུས་ངག་ཡིད་གསུམ་རྣམ་པར་ཉམས་བྱེད་ཅིང༔ རྡུལ་ཕྲན་བཞིན་དུ་ཐལ་བར་བརླག་ནས་ཀྱང༔ རྡོ་རྗེ་དམྱལ་བའི་གནས་སུ་སྲེག་པར་བྱེད༔ དེ་བས་བཀའ་གསང་དམ་ལས་མ་འདའ་བར༔ བདེན་པའི་ཚིག་འདི་ཉོན་ལ་ད་སོང་ཞིག༔ ཨོཾ་ཧྲཱིཿཔདྨཱན་ཏ་ཀྲྀཏ་བཛྲ་མ་ཧཱ་ཀྲོ་ཏ་ཧྱ་གྲཱི་ཝ་བཛྲ་བྷ་ར་ཧི་ཧྲཱིཿམ༔ ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ་ཕཊ྄༔ སརྦ་བིགྷྣཱན་གྷ་གྷ༔ གྷཱ་ཏཱ་ཡ་གྷཱ་ཏཱ་ཡ་གྷཙྪ༔ ཧྲཱི༔ གདོད་ནས་རྣམ་པར་དག་པའི་གཞལ་ཡས་འདིར༔ ཡེ་ཤེས་ལྷ་ཡི་ཕོ་བྲང་ལྷུན་གྱིས་གྲུབ༔ བགེགས་དང་ལོག་འདྲེན་འབྱུང་པོ་མིང་ཡང་མེད༔ མཚམས་ཀྱི་དཀྱིལ་འཁོར་ཡེ་ནས་ངང་གིས་གསལ༔ ཕྱི་ནང་དཔའ་བོ་མཁའ་འགྲོའི་རོལ་པ་ལས༔ སྣང་ཞིང་སྲིད་པའི་ཆོས་རྣམས་མ་ལུས་ཀུན༔ འདུ་འཕྲོའི་རླབས་ཀྱིས་ཆོ་འཕྲུལ་སྣ་ཚོགས་ཀྱང༔ འགྲོ་དོན་རྩོལ་མེད་ཀ་དག་ཀློང་དུ་ཐིམ༔ ཨོཾ་ཨཱཿཧཱུྃ་ཧོ༔ མ་མ་ཀཱ་ཡ་ཝཱ་ཀ་ཙིཏྟ་དྷརྨྨ་དྷཱ་ཏུ་ཛྙཱ་ན་བཛྲ༔ རཀྵཾ༔ རཀྵཾ༔ རཀྵཾ༔ ཀུ་རུ་ཧཱུྃ་ཕཊ྄༔ ཅེས་པས་བགེགས་དང་ལོག་འདྲེན་ཀུན་བྱེར་ནས༔ འགྱུར་མེད་ཆོས་དབྱིངས་གུར་ཁང་བརྟན་པར་བསམ༔ སྤྱི་དོན་བཞི་པ་སྨན་རཀ་གཏོར་མཆོད་ལ༔ རྡོ་རྗེ་སྡིག་མཛུབ་བཅས་པས་བསང་ཆུ་གཏོར༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ྄༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ཅེས་པའི་སྔགས་དང་བཅས་ཏེ་བསང་སྦྱང་གཟིར༔ བདུད་རྩིའི་སྣོད་ནི་མཚན་ལྡན་ཀ་པཱ་ལར༔ དེ་བཞིན་རཀྟའི་སྣོད་ཀྱང་ཀ་པཱ་ལ༔ ནང་དུ་སོ་སོར་རྫས་བླུགས་གཡས་གཡོན་བཤམ༔ བདུད་རྩིའི་འོག་ཏུ་ཡཾ་ལས་རླུང་གི་དལ༔ དེ་སྟེང་རཾ་ལས་མེ་ཡི་དཀྱིལ་འཁོར་སྟེ༔ དེ་ཡི་སྟེང་དུ་ཀིཾ་ལས་ཐོད་པ་ཡི༔ སྒྱེད་པུ་གསུམ་གྱི་སྟེང་དུ་ཀ་པཱ་ལ༔ ཕྱི་དཀར་ནང་དམར་ཡངས་ཤིང་རྒྱ་ཆེ་བའི༔ ནང་དུ་བཅུད་ཀྱི་ངོ་བོར་གྱུར་པ་ནི༔ ཧྲཱིཿམཿརཿཙཿཧྲིཿཡཿཧཿརིཿནིཿས༔ དེ་དག་བཅུ་ལས་དཔའ་བོ་ཡབ་ལྔ་དང༔ དཔའ་མོ་ཡུམ་ལྔ་སྙོམས་འཇུག་མཛད་པ་ཡི༔ སྦྱོར་མཚམས་བར་ནས་བདུད་རྩི་ཞམ་ཆུ་འབེབ༔ དཀར་དམར་འདྲེས་པས་ཐོད་པ་མེར་གྱིས་གང༔ ཤ་ལྔ་བདུད་རྩི་ལྔ་ཡི་ངོ་བོར་གྱུར༔ འོག་གི་རླུང་གཡོས་མེ་སྤར་ཐོད་པ་དྲོས༔ རྫས་ཁོལ་རླངས་པའི་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཡེ་ཤེས་བདུད་རྩི་བཀུག་ཅིང་ནང་དུ་བསྟིམ༔ ལྷ་དང་དམ་ཚིག་ཡེ་ཤེས་བདུད་རྩིའི་ཚོགས༔ གཉིས་སུ་མེད་པར་འདྲེས་ཤིང་དཀར་དམར་འཁྱིལ༔ ལྷ་ལ་ཕོག་ན་དགྱེས་པ་སྐོང་བའི་རྫས༔ མཆེད་ལ་ཕོག་ན་དངོས་གྲུབ་འབྱུང་བའི་བཅུད༔ དགྲ་ལ་ཕོག་ན་སྲོག་རྩ་གཅོད་པའི་མཚོན༔ བགེགས་ལ་ཕོག་ན་རྡུལ་དུ་བརླག་པའི་ཐུན༔ གང་ལ་ཕོག་ཀྱང་དོན་འགྲུབ་བདུད་རྩིར་དམིགས༔ ཨོཾ་ཨཱཿཧཱུྃཿཧྲཱིཿམཿཧཿརིཿནིཿསཿརཿཙཿཧྲིཿཡཿསརྦ་པཉྩ་ཨཿམྲྀཏ་ཧཱུྃ་ཧྲཱིཿཐཱ༔ ཞེས་པས་ཛཔ྄་སྔགས་བརྗོད་ཅིང་བྱིན་གྱིས་བརླབ༔ རཀྟ་བྱིན་བརླབ་བྷནྡྷ་འཁོར་ཡུག་ནང༔ མཁའ་འགྲོ་དམར་མོ་ལག་གཉིས་གྲི་ཐོད་འཛིན༔ གཅེར་བུ་བྷ་གའི་ཀློང་ནས་རཀྟའི་རྒྱུན༔ བབས་པའི་ལྦུ་བ་རི་རབ་ཙམ་དུ་གྱུར༔ མཁའ་འགྲོ་དང་བཅས་འོད་དུ་ཞུ་ནས་ཀྱང༔ འཁྲིགས་པའི་བ་གམ་འཇའ་འོད་སྔོ་དམར་འཁྱིལ༔ ལྷ་ཡི་དགྱེས་སྐོང་མཆེད་ལ་དངོས་གྲུབ་འབེབ༔ དགྲ་བགེགས་ལོག་འདྲེན་བདུན་རྒྱུད་རྩད་ནས་གཅོད༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གྷུ་ཧྱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཐཱ༔ ཞེས་པས་ཛཔ྄་དང་བཅས་ཏེ་བྱིན་གྱིས་བརླབ༔ ཡོན་ཆབ་མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སྒྲ་སྙན་ལ་སོགས་ཕྱི་མཆོད་རྫས༔ གཟུགས་སྒྲ་དྲི་རོ་རེག་བྱ་ནང་མཆོད་རྫས༔ ཁྲག་ཞག་དབང་པོ་གསུར་ཆེན་ཞུན་གྱི་མེ༔ མཁྲིས་པའི་གྷནྡྷེ་ཤ་ཆེན་ཐོད་རྔའི་སྒྲ༔ བྱང་སེམས་དཀར་དམར་དུག་ལྔ་ལ་སོགས་པའི༔ གསང་མཆོད་ལ་སོགས་རྒྱ་ཆེར་དམིགས་ནས་ཀྱང༔ ཀུན་ཀྱང་ཕལ་པ་མ་ཡིན་མཆོད་ཆེན་པོར༔ ལྷ་རྣམས་མཆོད་རྫས་མཆེད་ཀྱི་ཚོགས་སྤེལ་རྫས༔ དངོས་སུ་འབྱོར་བཤམ་མ་འབྱོར་ཡིད་ཀྱིས་སྤྲུལ༔ ཨོཾ་ཨཱཿཧཱུྃ༔ ཨརྒྷཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གྷནྡྷེ༔ ནཻ་ཝིདྱ༔ ཤབྡ༔ ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་བཛྲ་རཱུ་པ༔ བཛྲ་ཤབྡ༔ བཛྲ་གྷནྡྷེ༔ བཛྲ་ར་ས༔ བཛྲ་སྤརྴེ༔ ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་རཀྟ༔ མ་ཧཱ་ཨ་དྷྱ་ད་ན༔ མ་ཧཱ་དྷཱུ་པེ༔ མ་ཧཱ་དྷྲ་བ་སཾ་ཨཱ་ལོ་ཀེཿ མ་ཧཱ་ཙུ་ལུ་ཏྲཿགྷནྡྷེ༔ མ་ཧཱ་མཱཾ་ས༔ མ་ཧཱ་ཤབྡ་ཨཱཿཧཱུྃ་སྭཱ་ཧཱཿ ཨོཾ་ཨཱཿཧཱུྃ༔ གྷུ་ཧྱ་ན་ཏ་རཀྵ་མ་མ་ཀི་རི་ལི༔ ཧ་ལ་པཉྩ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་པ་རྣམས་ཀྱིས་མཆོད་རྫས་བྱིན་གྱིས་བརླབ༔ སྤྱི་དོན་ལྔ་པ་སྟོང་ཉིད་སྙིང་རྗེའི་རྩལ༔ རང་རིག་ཧྲཱིཿགསལ་ཏིང་འཛིན་རྣམ་གསུམ་ནི༔ ཨོཾ༔ སེམས་ཉིད་རྣམ་དག་གདོད་ནས་སྤྲོས་བྲལ་བའི༔ མཐའ་ལས་འདས་ཤིང་གཉིས་སྣང་མཚན་མ་མེད༔ བག་ཆགས་སྤྲིན་དཔུང་ཡངས་པའི་ཀློང་དུ་ཐིམ༔ བཟང་མོའི་དབྱིངས་སུ་སྣང་སྲིད་འཁོར་འདས་རྫོགས༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་སྭ་བྷཱ་ཝ་ཧཱུྃ༔ ཨཱ༔ འཁོར་འདས་རྩ་བ་བྱང་ཆུབ་སེམས་ཉིད་དེ༔ གཟུང་དང་འཛིན་པའི་མཚན་མ་མི་མངའ་ཡང༔ རང་བཞིན་གསལ་བའི་གདངས་ལས་ཅིར་ཡང་འཆར༔ ཐུགས་རྗེའི་རྩལ་འཕྲོ་ཆོ་འཕྲུལ་སྣ་ཚོགས་འགྱེད༔ དྷརྨྨ་དྷཱ་ཏུ་བཛྲ་ཛྙཱ་ན་ཧཱུྃ༔ ཧཱུྃ༔ ནམ་མཁའི་མཐའ་ཀླས་སྐྱེ་འགྲོ་འདྲེན་སླད་དུ༔ བྱམས་དང་སྙིང་རྗེས་གང་ལ་གང་འདུལ་གྱི༔ རྒྱུ་ཡི་ས་བོན་ཡི་གེའི་འཕྲོ་འདུ་ལས༔ གར་གྱི་རོལ་པ་སྟངས་སྟབས་ཅིར་ཡང་སྟོན༔ ཧྲཱིཿམཿཧཿརིཿནིཿསཿརཿཙཿཧྲིཿཡཿཕཊ༔ ཨོཾ་ཨཱཿཧཱུྃ༔ ངོ་བོ་སྟོང་ཉིད་ཏིང་འཛིན་གདོད་ནས་དག༔ རང་བཞིན་ཀུན་སྣང་ཏིང་འཛིན་ལྷང་ངེར་གསལ༔ ཐུགས་རྗེ་སྒྱུ་རྩལ་ཏིང་འཛིན་ཡོངས་ལ་ཁྱབ༔ མ་རྟོགས་ལོག་རྟོག་འཁྲུལ་པའི་བག་ཆགས་སྦྱང༔ ཨོཾ་བཛྲ་ཙིཏྟ་ཧཱུྃ༔ ཞེས་པས་ཏིང་འཛིན་རྣམ་གསུམ་གསལ་བར་བྱ༔ སྤྱི་དོན་དྲུག་པ་གཞལ་ཡས་ཁང་དང་ལྷ༔ མདུན་དུ་མངོན་སུམ་ལྷང་ངེར་བསྐྱེད་པ་ནི༔ གྱེར་ཚིག་རྗེས་མཐུན་དམིགས་པ་བསྒོམ་བྱ་ཞིང༔ ཧྲཱི༔ ཨེ་ལས་ཆོས་དབྱིངས་མཐའ་དབུས་མེད་པའི་ཀློང༔ རང་བཞིན་འོད་ལྔ་འཁྲིག་པའི་ཕོ་བྲང་དུ༔ མེ་རླུང་འཁྲུག་ཅིང་མཚོན་ཆ་གཟིང་པའི་ནང༔ ཟླ་གམ་དབང་ཆེན་འབར་བའི་གཞལ་ཡས་ཁང༔ འབྱུང་བ་རིམ་པ་ལྔ་བརྩེགས་ཁྲི་སྟེངས་སུ༔ བྷྲཱུྃ་ལས་འོད་འཕྲོས་འདུས་ཤིང་སྤུངས་ནས་ཀྱང༔ མ་བརྩེགས་དཀྱིལ་འཁོར་ལྷུན་གྱིས་གྲུབ་པའི་མཁར༔ སྣང་ལ་རང་བཞིན་མ་གྲུབ་ཕྱི་ནང་གསལ༔ གྲུ་བཞི་སྒོ་བཞི་རྟ་བབ་བང་རིམ་བཅས༔ ཉ་ཆེན་ཕན་གདུགས་ཙིཏྟའི་ཕྲེང་བས་བརྒྱན༔ ཐོད་པའི་དྲྭ་བ་ཐོད་ཚལ་དྲྭ་ཕྱེད་འཕྱང༔ ཞིང་གི་བླ་བྲེས་ནང་རོལ་ཕོ་ལོང་འཕྱོ༔ ཕྱི་བལྟས་ཕོ་བྲང་རིན་ཆེན་གཞལ་མེད་ཁང༔ ནང་བལྟས་ཁྲག་གི་ཞམ་ཆུ་འཁྲུགས་པའི་ཀློང༔ རབ་ཏུ་འཇིགས་པའི་དུར་ཁྲོད་ཆེན་པོའི་དབུས༔ ཕྱག་ན་རྡོ་རྗེ་ཡ་ང་སྐྱི་ཟའི་གནས༔ བདེ་གཤེགས་ཐུགས་ཀྱི་འོད་ཟེར་ལས་གྲུབ་པའི༔ དམར་ནག་འཁྱིལ་བ་ཆོས་འབྱུང་བརྩེགས་པའི་སྟེང༔ ཉི་ཟླ་པདྨ་བམ་ཆེན་བརྩེགས་པའི་ཁྲི༔ ཕྱག་རྒྱ་དགའ་བ་འཁྱིལ་བའི་གདན་སྟེང་དུ༔ ཨོ་རྒྱན་ཡུལ་གྱི་གཙོ་མཆོག་རྣལ་འབྱོར་མ༔ ཧཱུྃ་སྐྱེས་ལས་བྱུང་རྡོ་རྗེ་ཕག་མོའི་སྐུ༔ འཕྲོ་ཞིང་འདུས་པ་ཧྲཱིཿལས་འབྱུང་བའི་མ༔ རྡོ་རྗེ་རྣལ་འབྱོར་གར་གྱི་དབང་མོ་ཆེ༔ ཨེཿདང་བཾ་ཡིག་ལས་སྤྲུལ་མཁའ་འགྲོ་མ༔ མང་པོར་བསྟན་ཀྱང་ངོ་བོ་ཉིད་ཀྱི་སྐུ༔ ཨེ་ཀའི་ཀློང་ནས་གསལ་བའི་འཕྲུལ་མོ་ཆེ༔ གདུལ་བྱའི་ཡུལ་དུ་སྣང་ཚུལ་མ་འགགས་ཀྱང༔ དུས་འདིར་བདག་གི་མོས་བློའི་བསྐྱེད་ཚུལ་དུ༔ ཐུགས་ཀྱི་ཡུམ་ཆེན་རྡོ་རྗེ་ཕག་མོའི་སྐུ༔ མཐིང་ནག་ཞལ་གཅིག་རབ་ཏུ་ཁྲོས་པའི་ཚུལ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་རྣམ་བཞི་གཙིགས༔ སྤྱན་གསུམ་བསྒྲད་ཅིང་སྨིན་མཚམས་ཁྲོ་གཉེར་བསྡུས༔ དབུ་སྐྲ་ནག་པོ་སྤྱི་བོར་བཅིངས་པའི་དབུས༔ ཞལ་གཉིས་རྟོག་མེད་ཕག་ཞལ་གཡས་སུ་གཟིགས༔ ངུར་སྒྲ་སྒྲོག་ཅིང་སྣང་སྲིད་ཆམ་ལ་འབེབ༔ རལ་པའི་ལྷག་མ་ཐུར་དུ་སྤྲིན་ལྟར་གཏིབས༔ ཕྱག་གཉིས་གཡས་པས་རྡོ་རྗེ་གྲི་གུག་ཕྱར༔ གཡོན་པས་ཐོད་པ་ཁྲག་བཀང་ཐུགས་ཀར་བསྐྱིལ༔ གཅེར་བུ་དར་དང་རིན་ཆེན་རུས་པས་བརྒྱན༔ མེ་ལོང་དྲིལ་བུ་གཡེར་ཁ་འཕྱང་ཞིང་འཁྲོལ༔ ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་སྟངས་སྟབས་ཚུལ༔ ཡབ་སྦས་ཁ་ཊྭཱཾ་གྲུ་མོ་གཡོན་དུ་བཅང༔ བཅུ་དྲུག་ལང་ཚོ་ནུ་མ་བྷ་ག་རྒྱས༔ བདེ་ཉམས་གར་སྟབས་མེ་དཔུང་ཀློང་དུ་འགྱིངས༔ སྐུ་ཆེ་ཡན་ལག་རགས་ཤིང་གཟི་བརྗིད་འབར༔ ཐུགས་ཀྱི་ཀློང་ནས་སངས་རྒྱས་མཁའ་འགྲོའི་སྐུ༔ དཀར་གསལ་འཁོར་ལོ་གྲི་གུག་ཐོད་ཁྲག་འཛིན༔ མི་ཟད་རྒྱན་གྱི་སྤྲུལ་པ་མང་པོས་བསྐོར༔ གདན་གྱི་པདྨ་ཤར་ཕྱོགས་འདབ་སྟེང་དུ༔ རྡོ་རྗེ་མཁའ་འགྲོ་མཐིང་ནག་གྲི་ཐོད་ཕྱར༔ ལྷོ་ཕྱོགས་འདབ་སྟེང་རིན་ཆེན་མཁའ་འགྲོ་མ༔ གསེར་མདོག་རིན་ཆེན་གྲི་གུག་ཐོད་ཁྲག་འཛིན༔ ནུབ་ཕྱོགས་འདབ་སྟེང་པདྨ་མཁའ་འགྲོ་མ༔ དམར་མོ་པདྨ་གྲི་གུག་ཐོད་ཁྲག་འཛིན༔ བྱང་ཕྱོགས་འདབ་སྟེང་ལས་ཀྱི་མཁའ་འགྲོ་མ༔ ལྗང་གུ་རྒྱ་གྲམ་གྲི་གུག་ཐོད་ཁྲག་འཛིན༔ ཀུན་ཀྱང་རང་འདྲའི་མཁའ་འགྲོ་མང་པོས་བསྐོར༔ སྣ་ཚོགས་དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ དཔའ་བོ་ཡབ་རྣམས་སྦས་ཚུལ་ཁ་ཊྭཱཾ་ག༔ མཆན་ཁུང་གཡོན་དུ་བཅངས་ནས་གྱེན་དུ་བསླངས༔ ཀུན་ཀྱང་གཞོན་ཚུལ་ནུ་མ་བྷ་ག་རྒྱས༔ ལང་ཚོ་ལྡན་ཅིང་ཕྱེད་སྐྱིལ་གར་སྟབས་ཅན༔ ཨོ་རྒྱན་དུར་ཁྲོད་མཁའ་འགྲོའི་ཚོགས་དང་བཅས༔ བདག་ཅག་མོས་བློའི་མདུན་དུ་མངོན་སུམ་སྣང༔ གཞན་ཡང་འཁོར་དུ་དཔའ་བོ་མཁའ་འགྲོའི་ཚོགས༔ ས་དང་བར་སྣང་ཐམས་ཅད་གཡོ་ཞིང་གང༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ཀྱང༔ སྤྲིན་གྱི་ཕུང་པོ་གཏིབས་པ་བཞིན་དུ་གསལ༔ བཀའ་དང་བསྟན་སྐྱོང་དམ་ཅན་ཆོས་སྐྱོང་རྣམས༔ རྣམ་འཕྲུལ་བཀའ་ཉན་གུས་སྡོད་ཚུལ་དུ་བཞུགས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ བཛྲ་བྷ་ར་ཧི༔ ཧྲཱིཿམ་ཌཱ་ཀི་ནཱི་ཧ་རི་ནི་ས་ར་ཙ་ཧྲི་ཡ་བཛྲ་ཡཀྴ་ས་མ་ཡ་ཧཱུྃ་ཕཊ༔ བདག་བསྐྱེད་གསལ་ཞིང་དེ་ལྟར་མདུན་བསྐྱེད་བསྒོམ༔ སྤྱི་དོན་བདུན་པ་གསུར་ཆེན་དུད་པ་གཏང༔ རྐང་གླིང་ཐོད་རྔ་ལ་སོགས་རོལ་མོ་བསྒྲག༔ དཀྱིལ་འཁོར་བསྐོར་ཞིང་ཆས་ལྡན་འཆམ་སྟབས་བསྒྱུར༔ དད་པའི་ཤུགས་བསྐྱེད་དམིགས་པས་མྱུར་བཀུག་ཅིང༔ གདུང་བའི་དབྱངས་ཀྱིས་སྤྱན་དྲང་འདི་སྐད་དོ༔ ཧྲཱི༔ ནུབ་ཕྱོགས་ཨོ་རྒྱན་ཡུལ་གྱི་ཕོ་བྲང་དུ༔ རབ་འཇིགས་དུར་ཁྲོད་འབར་བའི་ཀློང་རུམ་ནས༔ ཡེ་ཤེས་རང་འོད་འཁྲུགས་པའི་གཞལ་ཡས་སུ༔ དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་མ༔ རིགས་ཀྱི་མཁའ་འགྲོ་མང་པོའི་ཚོགས་དང་བཅས༔ ཐུགས་རྗེས་ཐུགས་དམ་དབྱིངས་ནས་སྐུ་བསྐྱོད་འཚལ༔ དད་པ་དང་ནི་དམ་ཚིག་དབང་གིས་ནི༔ ཁྱེད་ལ་གདུང་བ་དྲག་པོས་གསོལ་འདེབས་ཀྱིས༔ མ་ཐོགས་མྱུར་དུ་གནས་འདིར་སྤྱན་འདྲེན་ནོ༔ བརྩེ་བར་དགོངས་ནས་མྱུར་དུ་གཤེགས་སུ་གསོལ༔ ཨོཾ་བཛྲ་བྷ་ར་ཧི་ཧྲཱིཿམ་ཌཱ་ཀི་ནཱི་ཧ་རི་ནི་ས༔ ར་ཙ་ཧྲི་ཡ༔ ས་པ་རི་ཝཱ་ར་ས་མ་ཡ་ཧྲིང་ཧྲིང་ཛཿཧཱུྃ་བཾ་ཧོ༔ ཧྲཱི༔ བདེ་མཆོག་བདེ་སྤྱོད་ཡེ་ཤེས་མཁའ་འགྲོ་མ༔ སྤྲུལ་དང་ཡང་སྤྲུལ་འཁོར་དང་བཅས་པ་རྣམས༔ སྐུ་ཡི་རྣམ་འགྱུར་གར་སྟབས་གློག་ལྟར་འཁྱུག༔ གསུང་གི་ང་རོ་སྔགས་སྒྲ་འབྲུག་ལྟར་སྒྲོག༔ ཐུགས་རྗེ་བརྩེ་བས་མཉམ་ཉིད་དབྱིངས་ནས་དགོངས༔ སྐུ་གསུང་ཐུགས་མཆོག་རོལ་ཅིང་གནས་འདིར་བྱོན༔ ཡེ་ཤེས་མཁའ་འགྲོ་འཁོར་བཅས་གཤེགས་ཙམ་ན༔ ས་དང་བར་སྣང་ཐམས་ཅད་གཡོ་ཞིང་འདར༔ སྣང་སྲིད་འཁོར་འདས་མ་ལུས་ཆམ་ལ་འབེབ༔ དགྲ་བགེགས་ལོག་འདྲེན་འབྱུང་པོ་སྐྲག་ཅིང་བྲོས༔ སྔགས་དང་རོལ་མོའི་སྒྲ་དབྱངས་དི་རི་རི༔ ན་བཟའ་དར་གྱི་ཅོད་པན་པུ་རུ་རུ༔ རིན་ཆེན་རུས་པའི་རྒྱན་ཆ་ཁྲ་ལ་ལ༔ རྣམ་འཕྲུལ་ཕྱག་རྒྱ་གར་སྟབས་ཁྱུགས་སེ་ཁྱུག༔ དཔའ་བོ་མཁའ་འགྲོའི་ཁྲོམ་ཚོགས་མེ་རེ་རེ༔ དྲི་བཟང་སྤོས་ཀྱི་ངད་པ་ཆི་ལི་ལི༔ བྱིན་རླབས་དབང་གི་ཆུ་རྒྱུན་ཤ་ར་ར༔ ཧཱུྃ་དང་ཕཊཿཀྱི་འབྲུག་སྒྲ་ཆེམས་སེ་ཆེམ༔ དངོས་གྲུབ་བཅུད་ཀྱི་ཆར་འབེབ་ལྷུབས་སེ་ལྷུབ༔ ཕོ་བྲང་གཞལ་ཡས་འདི་ལ་བྱིན་ཅིག་ཕོབ༔ སྣང་གསལ་ཞུན་མར་འདི་ལ་མདངས་ཞིག་གསོལ༔ ཐུགས་རྗེ་དགོངས་པའི་དཀྱིལ་འཁོར་ཞལ་ཕྱེ་འཚལ༔ དམ་རྫས་བདུད་རྩི་འདི་ལ་བཅུད་ཅིག་ཕོབ༔ སྒྲུབ་མཆོག་མོས་པའི་བུ་ལ་བྱིན་གྱིས་རློབས༔ ཤར་ཕྱོགས་མཐིང་གསལ་དག་པའི་ཕོ་བྲང་ནས༔ རྡོ་རྗེ་མཁའ་འགྲོ་དུང་གི་ཐོར་ཚུགས་ཅན༔ ཞི་བའི་ཕྲིན་ལས་མ་ལུས་བསྒྲུབ་བྱའི་ཕྱིར༔ དམ་ཚིག་དབང་གིས་སྤྱན་འདྲེན་གཤེགས་སུ་གསོལ༔ ལྷོ་ཕྱོགས་གསེར་འོད་བལྟམས་པའི་ཕོ་བྲང་ནས༔ རིན་ཆེན་མཁའ་འགྲོ་གསེར་གྱི་ལན་ཕྲན་ཅན༔ རྒྱས་པའི་ཕྲིན་ལས་མ་ལུས་བསྒྲུབ་བྱའི་ཕྱིར༔ དམ་ཚིག་དབང་གིས་སྤྱན་འདྲེན་གཤེགས་སུ་གསོལ༔ ནུབ་ཕྱོགས་ཟླ་གམ་དམར་པོའི་ཕོ་བྲང་ནས༔ པདྨ་མཁའ་འགྲོ་ལེ་བརྒན་ཅོད་པན་ཅན༔ དབང་གི་འཕྲིན་ལས་མ་ལུས་བསྒྲུབ་བྱའི་ཕྱིར༔ དམ་ཚིག་དབང་གིས་སྤྱན་འདྲེན་གཤེགས་སུ་གསོལ༔ བྱང་ཕྱོགས་ལྗང་ནག་འཁྲུགས་པའི་ཕོ་བྲང་ནས༔ ལས་ཀྱི་མཁའ་འགྲོ་མི་བཟད་ཁྲག་འཐུང་མ༔ མངོན་སྤྱོད་འཕྲིན་ལས་མ་ལུས་བསྒྲུབ་བྱའི་ཕྱིར༔ དམ་ཚིག་དབང་གིས་སྤྱན་འདྲེན་གཤེགས་སུ་གསོལ༔ དབུས་ཕྱོགས་ཀློང་ཡངས་ཐུགས་ཀྱི་ཕོ་བྲང་ནས༔ སངས་རྒྱས་མཁའ་འགྲོ་ཡོངས་ཀྱི་དགྱེས་སྡེ་མོ༔ སྣ་ཚོགས་འཕྲིན་ལས་མ་ལུས་བསྒྲུབ་བྱའི་ཕྱིར༔ དམ་ཚིག་དབང་གིས་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱི་ནང་གནས་དང་ཡུལ་དང་དུར་ཁྲོད་ནས༔ སྤྲུལ་པའི་འཁོར་ཚོགས་དཔའ་བོ་དཔའ་མོ་དང༔ ཡེ་ཤེས་ལས་ལས་གྲུབ་པ་མ་ལུས་ཀུན༔ དམ་ཚིག་དབང་གིས་སྤྱན་འདྲེན་གཤེགས་སུ་གསོལ༔ ཌཱ་ཀི་ནཱི་ས་མ་ཡ་ཨོཾ་ཨེ་ཨཱ་རལླི་ཕེཾ་ཕེཾ་ཛཿཧཱུྃ་བཾ་ཧོ༔ ཞེས་པས་མཁའ་འགྲོ་གཙོ་འཁོར་བཅས་པ་རྣམས༔ བརྩེ་བར་དགོངས་ནས་མངོན་སུམ་བྱོན་བསམ་ཞིང༔ ཧྲཱི༔ ཐབས་ཤེས་ཉི་ཟླ་མ་ཆགས་པདྨའི་ཁྲི༔ རྟོག་མེད་རོ་གདན་དགའ་བ་འཁྱིལ་བའི་སྟེང༔ ཡེ་ཤེས་འོད་ལྔ་འཁྲུགས་པའི་གཞལ་ཡས་སུ༔ གཙོ་མོ་ཡུམ་ཆེན་དགྱེས་པར་བཞུགས་སུ་གསོལ༔ ཐུགས་རྗེ་ཐུགས་དམ་ཐུགས་ཀྱི་ཀློང་རུམ་དུ༔ མ་འགགས་རང་རྩལ་རྫོགས་པའི་ཁྲི་སྟེང་ན༔ ཐིག་ལེ་ཀུན་གསལ་སྒྲོན་མའི་གདན་སྟེང་དུ༔ སངས་རྒྱས་མཁའ་འགྲོ་དགྱེས་པར་བཞུགས་སུ་གསོལ༔ བདུད་བཞི་ཟིལ་གནོན་ཕྱོགས་བཞིའི་པད་འདབ་སྟེང༔ ཆགས་མེད་དཀར་སེར་དམར་ལྗང་ཟེའུ་འབྲུ་ལ༔ རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས༔ འཁོར་བཅས་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཌཱ་ཀི་ནཱི་པདྨ་ཀ་མ་ལཱ་ཡ་སཏྭཾ༔ གཞན་ཡང་བདག་དང་འགྲོ་ལ་བརྩེར་དགོངས་ནས༔ རྫུ་འཕྲུལ་སྟོབས་ཀྱིས་གནས་འདིར་བྱོན་པ་རྣམས༔ རང་རང་དགྱེས་ཤིང་བཞུགས་པའི་གདན་སྟེང་དུ༔ དམ་ཚིག་ཡེ་ཤེས་དབྱེར་མེད་བཞུགས་སུ་གསོལ༔ པདྨ་ཀ་མ་ལཱ་ཡ་སཏྭཾ་སྭཱ་ཧཱ༔ ཞེས་པས་སྤྱན་དྲངས་ཡེ་ཤེས་སེམས་དཔའ་དང༔ མདུན་དུ་བསྐྱེད་པའི་དམ་ཚིག་སེམས་དཔའ་རྣམས༔ གཉིས་མེད་བཤམས་པའི་གདན་ལ་བཞུགས་པར་བསམ༔ སྤྱི་དོན་བརྒྱད་པ་ལག་གཉིས་ཐལ་སྦྱར་ཞིང༔ ཧྲཱི༔ ཟག་མེད་བདེ་ཆེན་ཡེ་ཤེས་མཁའ་འགྲོ་མ༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་རྣམས་དང༔ བླ་མ་ཡི་དམ་ཞི་ཁྲོའི་ཚོགས་ཀྱིས་བསྐོར༔ དེ་དག་འཁོར་དང་བཅས་ལ་ཕྱག་འཚལ་ལོ༔ བདེ་ཆེན་དཀར་མོ་སྐུ་ལ་འཁྲིལ་བའི་ཡུམ༔ ཆགས་པ་དམར་མོ་གསུང་ལས་སྤྲུལ་པའི་ཡུམ༔ འགྱུར་མེད་རྡོ་རྗེ་ཐུགས་ལས་སྤྲུལ་པའི་ཡུམ༔ དགོས་འདོད་རེ་སྐོང་ཡོན་ཏན་ལས་སྤྲུལ་ཡུམ༔ དགྲ་བགེགས་ཚར་གཅོད་འཕྲིན་ལས་སྤྲུལ་པའི་ཡུམ༔ མཁའ་འགྲོ་ཡུམ་ལྔའི་ཚོགས་ལ་ཕྱག་འཚལ་ལོ༔ དཀྱིལ་འཁོར་མུ་རན་སྐྱོང་ཞིང་བསྟན་པ་སྲུང༔ སྤྲུལ་དང་ཡང་སྤྲུལ་ཡེ་ཤེས་ལས་ལས་གྲུབ༔ འཁོར་དང་ཡང་སྤྲུལ་དྲེགས་པ་ཕོ་མོའི་ཚོགས༔ བཀའ་སྲུང་དམ་ཅན་ཚོགས་ལ་ཕྱག་འཚལ་ལོ༔ གཞན་ཡང་ཕྱག་བྱར་འོས་དང་སྐྱབས་གནས་མཆོག༔ ཕྱོགས་བཅུ་དུས་གསུམ་ཀུན་ན་བཞུགས་པ་ཡི༔ རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ སརྦ་དྷརྨྨཱ་གྷུ་རུ་དྷེ་ཝ་ཌཱ་ཀི་ནཱི་ན་མོ་ཧཱུྃ༔ ཨ་ལ་ལ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛཿཧོ༔ ཞེས་པ་རྣམས་ཀྱིས་ལན་གསུམ་བརྐྱང་ཕྱག་བྱ༔ སྤྱི་དོན་དགུ་པ་ཕྱི་ནང་གསང་མཆོད་རྣམས༔ དངོས་སུ་འབྱོར་བཤམ་ཡིད་ཀྱིས་རྣམ་སྤྲུལ་ཞིང༔ མཆོད་པའི་ལྷ་མོ་རྣམས་ཀྱིས་འབུལ་དམིགས་ནས༔ ཧྲཱི༔ ཡོན་ཆབ་མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སྒྲ་སྙན་ལ་སོགས་ཡིད་འོང་རྣམས༔ ཕྱི་ཡི་མཆོད་པ་དམ་པ་བླ་ན་མེད༔ མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ་འབུལ༔ རང་སྣང་དག་པའི་མཆོད་པ་འདི་བཞེས་ལ༔ བདག་གཞན་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཨོཾ་བཛྲ་བྷ་ར་ཧི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ ཨརྒྷཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གྷནྡྷེཿ ནཻ་ཝིདྱ༔ ཤབྡ༔ པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་སྭཱ་ཧཱ༔ ཧྲཱི༔ གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི༔ དབང་པོ་ལྔ་ཡི་ལོངས་སྤྱོད་འདོད་དགུར་ལྡན༔ རང་བྱུང་ནང་མཆོད་རྒྱལ་བ་རྣམས་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་མཛོད་ལ༔ ཞི་རྒྱས་དབང་དང་དྲག་པོ་ལ་སོགས་པའི༔ འཕྲིན་ལས་གང་ཡང་ཐོགས་མེད་འགྲུབ་གྱུར་ཅིག༔ བསོད་ནམས་ཡེ་ཤེས་ཚོགས་ཆེན་རབ་འཕེལ་ནས༔ བདག་གཞན་དོན་གཉིས་འབྲས་བུ་མཆིས་པར་མཛོད༔ ཨོཾ་བཛྲ་རཱུ་པ༔ བཛྲ་ཤབྡ༔ བཛྲ་གྷནྡྷེ༔ བཛྲ་ར་ས༔ བཛྲ་སྤར་ཤེ༔ པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་སྭཱ་ཧཱ༔ ཧྲཱི༔ ཁྲག་ཞག་ཨརྒྷཾ་དབང་པོའི་མེ་ཏོག་དང༔ གསུར་ཆེན་བདུག་སྤོས་ཞུན་ཆེན་སྣང་གསལ་མེ༔ རྡོ་རྗེ་དྲི་ཆུ་མཁྲིས་པའི་གྷནྡྷེ་སྦྱར༔ རྡོ་རྗེ་དྲི་ཆེན་མཱཾ་ས་ཞལ་ཟས་མཆོག༔ རྐང་གླིང་ཐོད་རྔ་ལ་སོགས་མཆོད་ཆེན་པོར༔ བྱང་སེམས་དཀར་དམར་ག་པུར་དམར་ཆེན་ཟིལ༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཆེ༔ ཕྲག་དོག་ལ་སོགས་ཉོན་མོངས་མཆོད་པའི་རྫས༔ གསང་བའི་མཆོད་པ་དམ་པ་འབུལ་ལགས་ན༔ མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བཞེས་ནས་ཀྱང༔ ཉོན་མོངས་ཡེ་ཤེས་ཆེན་པོར་དབང་བསྒྱུར་ཞིང༔ བདེ་སྟོང་ཟག་མེད་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་སརྦ་ཌཱ་ཀི་ནཱི་བཛྲ་མ་ཧཱ་གྷུ་ཧྱ་པཱུ་ཛ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་པ་རྣམས་ཀྱིས་ཕྱི་ནང་གསང་མཆོད་འབུལ༔ སྤྱི་དོན་བཅུ་པ་སྨན་མཆོད་སྦྲེང་བ་ནི༔ ཧྲཱི༔ བྷནྡྷ་འཁོར་ཡུག་ཡངས་པའི་སྣོད་ནང་དུ༔ གདོད་ནས་རྣམ་དག་བདུད་རྩིའི་བཅུད་ཀྱིས་གང༔ ལྷ་སྔགས་ཏིང་འཛིན་ཡིག་འབྲུས་བྱིན་གྱིས་བརླབས༔ མེ་རླུང་སྦྱོར་བས་བཀུག་བསྟིམས་བསྲེ་བསྣན་བྱས༔ ཡེ་ཤེས་ལྷ་རྣམས་དགྱེས་པ་སྐོང་བྱེད་ཅིང༔ གང་ལ་འབྲེལ་རྣམས་དོན་ཆེན་སྒྲུབ་བྱེད་འདི༔ སྐུ་གསུམ་ཡེ་ཤེས་མཁའ་འགྲོའི་ཚོགས་ལ་འབུལ༔ གཙོ་མོ་ཡུམ་ཆེན་ཐུགས་དམ་བསྐང་གྱུར་ཅིག༔ འཕྲིན་ལས་འགྲོ་འདུལ་མཁའ་འགྲོའི་ཚོགས་ལ་འབུལ༔ མཁའ་འགྲོ་སྡེ་ལྔའི་ཐུགས་དམ་བསྐང་གྱུར་ཅིག༔ འཁོར་དང་སྤྲུལ་པ་མ་སྲིང་ཚོགས་ལ་འབུལ༔ དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག༔ ཕྱི་ནང་སྣང་སྲིད་མཁའ་འགྲོ་ཡོངས་ལ་འབུལ༔ ཡེ་ཤེས་ལས་ལས་གྲུབ་རྣམས་ཚིམ་གྱུར་ཅིག༔ གཞན་ཡང་མཆོད་པར་འོས་པ་ཐམས་ཅད་ལ༔ དམ་རྫས་བདུད་རྩི་མཆོག་གི་མཆོད་པར་འབུལ༔ འཁོར་འདས་མགྲོན་རྣམས་ཐུགས་དམ་བསྐང་གྱུར་ཅིག༔ མཆོག་དང་ཐུན་མོང་དོན་རྣམས་མྱུར་འགྲུབ་མཛོད༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བཛྲ་བྷ་ར་ཧི་ཧྲཱིཿམ་ཌཱ་ཀི་ནཱི༔ ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཞེས་པས་འབུལ་དང་གཞན་ཡང་རྐང་ཐོན་དུ༔ རྒྱས་པར་འབུལ་ཞིང་ཁཱ་ཧི་ཤམ་ཅན་བཏག༔ དེ་ནས་རཀྟ་འབུལ་ཞིང་སྦྲེང་བ་ནི༔ ཧྲཱི༔ བྷནྡྷ་འབར་བ་ལྕང་ལོར་བཅས་པ་རུ༔ གྷིརྟཱི་དམར་མོ་གཞོན་ཚུལ་བྷ་ག་རྒྱས༔ གསང་བའི་གནས་ནས་རཀྟའི་རྦ་ཀློང་འཕྱོ༔ ཡེ་ཤེས་རྒྱུན་འཛག་ཉོན་མོངས་དབྱིངས་སུ་བསྒྲལ༔ སྐལ་ལྡན་སྨིན་ཅིང་སྐལ་མེད་མྱོས་པར་བྱེད༔ རྨད་དུ་བྱུང་བའི་དམར་ཆེན་རྒྱ་མཚོ་འདི༔ ཡེ་ཤེས་ལྷ་ལ་འབུལ་གྱིས་མཆོད་པར་བཞེས༔ གཙོ་མོ་མི་བཟད་རྡོ་རྗེ་ཕག་མོ་དང༔ སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི༔ སྤྲུལ་དང་ཡང་སྤྲུལ་མཁའ་འགྲོ་སྡེ་ལྔའི་ཚོགས༔ འཁོར་དང་བཅས་པ་རྣམས་ལ་འབུལ་ལགས་ན༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་ནས་ཀྱང༔ བླ་མེད་མཆོག་གི་དངོས་གྲུབ་ཆེན་པོ་དང༔ ཐུན་མོང་ཡིད་བཞིན་དངོས་གྲུབ་དེང་སྩོལ་ཅིག༔ ཨོཾ་བཛྲ་བྷ་ར་ཧི་ཧྲཱིཿམ་ཌཱ་ཀི་ནཱི༔ ཧ་རི་ནི་ས་ར་ཙ་ཧྲི་ཡ༔ མ་ཧཱ་རཀྟ་གུ་ཧྱ་པཱུ་ཛ་ཧོ༔ ཞེས་པས་རཀྟ་དམར་གྱི་མཆོད་པ་འབུལ༔ དེ་ལྟར་འབུལ་ནས་སྨན་རག་གཏོར་མར་སྦྲེང༔ མཆེད་ལྕམ་རྣམས་ཀྱང་དངོས་གྲུབ་འདི་ལྟར་བླང༔ ཧྲཱི༔ བདུད་རྩི་སྨན་དང་རཀྟ་དངོས་གྲུབ་རྫས༔ ཡེ་ཤེས་ལྷ་རྣམས་དགྱེས་པ་བསྐངས་ནས་ཀྱང༔ བདག་ཅག་བུ་ལ་ཐུགས་རྗེས་བརྩེར་དགོངས་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ དེ་ནས་གཏོར་མ་འབུལ་བའི་རིམ་པ་ནི༔ ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུའི་སྟེང༔ རཾ་ལས་མེ་ཡི་དཀྱིལ་འཁོར་གྲུ་གསུམ་འབར༔ དེ་སྟེང་ཀཾ་ལས་ཐོད་པའི་སྒྱེད་པུ་གསུམ༔ ལྟག་པ་ནང་བསྟན་སྟེང་དུ་ཀ་པཱ་ལ༔ ཨཱཿལས་བསྐྱེད་པ་ཡངས་ཤིང་རྒྱ་ཆེ་བ༔ ཕྱི་དཀར་ནང་དམར་དཔྲལ་བ་རང་ལ་བསྟན༔ ནང་དུ་དབུས་སུ་ན་ལས་མི་ཡི་ཤ༔ དེ་བཞིན་ཤར་ལྷོ་ནུབ་བྱང་རྣམ་པ་བཞིར༔ གྷོ་ལས་རྟ་ཤ་ཀུ་ལས་ཁྱི་ཡི་ཤ༔ དྷ་ལས་བ་གླང་ཧ་ལས་གླང་ཆེན་ཤ༔ དེ་དག་རྣམས་ཀྱང་དབུགས་ཆད་དྲོད་མ་ཡལ༔ དབུས་སུ་མུ་ལས་དྲི་ཆུ་ནམ་མཁའི་མདོག༔ ཤར་དུ་བྷི་ལས་དྲི་ཆེན་ཤེལ་ལྟ་བུ༔ ལྷོ་རུ་ར་ལས་རཀྟ་གསེར་གྱི་མདོག༔ ནུབ་ཏུ་ཤུ་ལས་བྱང་སེམས་དཀར་དམར་འཁྱིལ༔ བྱང་དུ་མ་ལས་ཀླད་པ་དུང་ལྟ་བུ༔ ཕྱོགས་བཞིར་བདུད་རྩི་རྣམས་ཀྱང་རླངས་མ་ཡལ༔ མཚམས་སུ་ཤ་རྣམས་གསལ་ཞེས་རྒྱུད་ལས་གསུངས༔ སྟེང་ནས་ཟླ་བའི་དཀྱིལ་འཁོར་ཁ་ཆོད་བྱས༔ དེ་དབུས་ཁ་ཊྭཱཾ་མགོ་བོ་ཐུར་ཕྱོགས་པའི༔ རྩེ་མོ་བར་སྐེད་རྟིང་པ་རྣམ་གསུམ་དུ༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་གྱིས་སྤྲས༔ རང་གི་སྣ་བུག་གཡོན་པ་རླུང་ལས་གྲུབ༔ ཧཱུྃ་གི་དབྱིབས་ཅན་འཕྲོས་པས་རླུང་ལ་ཕོག༔ རབ་ཏུ་གཡོས་ཤིང་མེ་སྦར་ཐོད་པ་དྲོས༔ རྫས་ཁོལ་ཉེས་པའི་སྐྱོན་རྣམས་ལྦུ་བར་ལུད༔ རླངས་པ་འོད་ཟེར་ཚུལ་དུ་ཡར་འཕྲོས་པས༔ སངས་རྒྱས་བྱང་ཆུབ་སེམས་དཔའི་ཐུགས་ཀ་ནས༔ ཡེ་ཤེས་བདུད་རྩི་ནང་དུ་བཀུག་ནས་ཀྱང༔ ཁ་ཊྭཱཾ་གིས་དཀྲུགས་གཉིས་སུ་མེད་པར་འདྲེས༔ སླར་ཡང་ཁ་ཊྭཱཾ་འོད་དུ་ཞུ་བསམ་ཞིང༔ ངག་ཏུ་ཨོཾ་ཨཱཿཧཱུྃ་བརྗོད་བྱིན་བརླབ་ཅིང༔ ཡེ་ཤེས་བདུད་རྩི་རོ་བཅུད་ནུས་པར་ལྡན༔ རྒྱ་ཆེ་གཏིང་ཟབ་ཆོས་ཀྱི་དབྱིངས་དང་མཉམ༔ ཕེཾ་གྱི་སྒྲ་སྒྲོག་གཏོར་སྟེང་གཏོར་མགྲོན་བཀུག༔ རང་སྔགས་ཁཱ་ཧི་གཤམ་ཅན་བདུན་སོགས་ཀྱི༔ ཚིག་དང་བཅས་པས་རྐང་ཐོན་འབུལ་བ་ཡིས༔ ལྗགས་ཀྱི་འོད་ཟེར་ཕྱག་མཚན་སྦུ་གུའི་ཚུལ༔ རིམ་པར་ཀུན་གྱིས་གསོལ་ཞིང་དགྱེས་པར་དམིགས༔ ཧྲཱི༔ བྷན་དྷ་གཏོར་གཞོང་ཡངས་པའི་སྣོད་ཆེན་དུ༔ ཤ་ལྔ་བདུད་རྩི་ལྔ་སྦྱོར་གཏོར་མར་བཤམས༔ ཏིང་འཛིན་མེ་རླུང་སྦྱོར་བས་བསྲེགས་སྦྱངས་ཤིང༔ ཡེ་ཤེས་བདུད་རྩི་བཀུག་ཅིང་གཉིས་མེད་བསྲེས༔ བྱིན་བརླབས་བཅུད་དང་ལྡན་པའི་གཏོར་ཆེན་པོར༔ ཡེ་ཤེས་ལྔ་ཡི་འོད་ཟེར་ཕྱོགས་བཅུར་འཕྲོ༔ འདོད་པའི་ཡོན་ཏན་རྣམས་ཀྱིས་རབ་སྤྲས་པས༔ གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས༔ བླ་མེད་ཆོས་ཀྱི་ལོངས་སྤྱོད་མཁོ་དགུར་ལྡན༔ རྒྱན་མཛེས་བཀོད་ལེགས་ཡིད་འོང་གཏོར་མ་འདི༔ བྱིན་རླབས་རྩ་བརྒྱུད་བླ་མའི་ཚོགས་ལ་འབུལ༔ ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་ལྷ་ལ་འབུལ༔ བར་ཆད་བགེགས་འཇོམས་ཆོས་སྐྱོང་རྣམས་ལ་འབུལ༔ ཐུགས་དམ་གཉན་པོ་བསྐང་ཕྱིར་བཞེས་སུ་གསོལ༔ ཧྲཱི༔ སྐུ་ཡི་མཁའ་འགྲོ་ཨོཾ་སྐྱེས་དཀར་མོའི་སྐུ༔ གསུང་གི་མཁའ་འགྲོ་བཾ་སྐྱེས་དམར་མོའི་སྐུ༔ ཐུགས་ཀྱི་མཁའ་འགྲོ་ཧྲཱིཿསྐྱེས་ནག་མོའི་སྐུ༔ དེ་ལ་སོགས་ཏེ་མཁའ་འགྲོ་ཡོངས་ཀྱི་གཙོ༔ རྒྱལ་བའི་ཡུམ་མཆོག་རྣམས་ལ་གཏོར་མ་འབུལ༔ ཐུགས་དམ་གཉན་པོ་བསྐང་ཕྱིར་བཞེས་སུ་གསོལ༔ ཧྲཱི༔ ཡོངས་ལ་མངའ་མཛད་སངས་རྒྱས་མཁའ་འགྲོ་ལ༔ དཀར་མོ་སྐུ་ཡི་མཁའ་འགྲོ་མང་པོས་བསྐོར༔ ཞི་བའི་ལས་མཛད་རྡོ་རྗེ་མཁའ་འགྲོ་ལ༔ སྔོན་མོ་ཐུགས་ཀྱི་མཁའ་འགྲོ་མང་པོས་བསྐོར༔ རྒྱས་པའི་ལས་མཛད་རིན་ཆེན་མཁའ་འགྲོ་ལ༔ སེར་མོ་ཡོན་ཏན་མཁའ་འགྲོ་མང་པོས་བསྐོར༔ དབང་གི་ལས་མཛད་པདྨ་མཁའ་འགྲོ་ལ༔ དམར་མོ་གསུང་གི་མཁའ་འགྲོ་མང་པོས་བསྐོར༔ དྲག་པོའི་ལས་མཛད་ཀརྨ་ཌཱ་ཀི་ལ༔ ལྗང་མོ་ཕྲིན་ལས་མཁའ་འགྲོ་མང་པོས་བསྐོར༔ དེ་དག་འཁོར་དང་བཅས་ལ་གཏོར་མཆོད་འབུལ༔ ཐུགས་དམ་གཉན་པོ་བསྐང་ཕྱིར་བཞེས་སུ་གསོལ༔ ཧྲཱི༔ གཞན་ཡང་འཇིག་རྟེན་འདས་དང་མ་འདས་པའི༔ གནས་དང་ཡུལ་དང་ཉེ་བའི་གནས་ལ་སོགས༔ ཕྱི་ནང་སྣང་སྲིད་ཡོངས་ལ་དབང་བྱེད་ཅིང༔ ས་འོག་ས་སྟེང་ས་བླར་རྒྱུ་བ་ཡི༔ མ་མོ་མཁའ་འགྲོ་འཁོར་དང་བཅས་རྣམས་ལ༔ སོ་སོར་ཚིམ་པར་བྱེད་པའི་གཏོར་མ་འབུལ༔ ཐུགས་དམ་གཉན་པོ་བསྐང་ཕྱིར་བཞེས་སུ་གསོལ༔ ཧྲཱི༔ བཀའ་སྲུང་དྲེགས་པ་ལྷ་སྲིན་སྡེ་བརྒྱད་དང༔ དབང་ཕྱུག་མ་མོ་བརྟན་མ་བཅུ་གཉིས་དང༔ དཀྱིལ་འཁོར་ཕྱི་ཡི་མུ་རན་སྐྱོང་བྱེད་ཅིང༔ དམ་ཉམས་དགྲ་བགེགས་ཐལ་བར་བརླག་བྱེད་པའི༔ ཕོ་ཉ་ལས་མཁན་དམ་ཅན་རྒྱ་མཚོ་ལ༔ དམ་རྫས་ཤ་ཁྲག་དམར་གྱི་གཏོར་མ་འབུལ༔ ཐུགས་དམ་གཉན་པོ་བསྐང་ཕྱིར་བཞེས་སུ་གསོལ༔ ཧྲཱི༔ ཀུན་བཟང་རྩ་བརྒྱུད་བླ་མ་མན་ཆད་ནས༔ ཐ་ཚིག་འབྲེལ་པའི་སློབ་དཔོན་ཡན་ཆད་ཀྱི༔ དུས་གསུམ་བདེ་གཤེགས་བླ་མ་ཐམས་ཅད་ལ༔ ཞལ་ཟས་བདུད་རྩི་འདོད་ཡོན་མཆོད་གཏོར་འབུལ༔ ཐུགས་དམ་གཉན་པོ་བསྐང་ཕྱིར་བཞེས་སུ་གསོལ༔ ཧྲཱི༔ ཡེ་ཤེས་དབྱིངས་ཀྱི་སྐུ་ལྔ་མན་ཆད་དང༔ འབར་བ་ཞབས་ཀྱི་གདན་ཁྲི་ཡན་ཆོད་ཀྱི༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་ཐམས་ཅད་ལ༔ ཞལ་ཟས་བདུད་རྩི་འདོད་ཡོན་མཆོད་གཏོར་འབུལ༔ ཐུགས་དམ་གཉན་པོ་བསྐང་ཕྱིར་བཞེས་སུ་གསོལ༔ ཧྲཱི༔ ཡུམ་མཆོག་ཀུན་ཏུ་བཟང་མོ་མན་ཆད་ནས༔ དུར་ཁྲོད་གྲོང་རྒྱུ་འདྲེ་མོ་ཡན་ཆད་ཀྱི༔ སྣང་སྲིད་མ་མོ་མཁའ་འགྲོ་ཐམས་ཅད་ལ༔ ཞལ་ཟས་བདུད་རྩི་འདོད་ཡོན་མཆོད་གཏོར་འབུལ༔ ཐུགས་དམ་གཉན་པོ་བསྐང་ཕྱིར་བཞེས་སུ་གསོལ༔ ལྷ་ཚོགས་རྣམས་ཀྱི་དགྱེས་པ་བསྐངས་ནས་ཀྱང༔ བདག་ཅག་རྣལ་འབྱོར་འཁོར་དང་བཅས་པ་ཡི༔ ནད་གདོན་སྡིག་སྒྲིབ་བར་ཆད་ཞི་བ་དང༔ ཚེ་དབང་ལོངས་སྤྱོད་དཔལ་འབྱོར་རྒྱས་པ་དང༔ ལྷ་འདྲེ་མི་གསུམ་དབང་དུ་འདུས་པ་དང༔ གནོད་བྱེད་དགྲ་བགེགས་ཐམས་ཅད་ཐུལ་ལ་སོགས༔ འཕྲིན་ལས་མ་ལུས་མྱུར་དུ་འགྲུབ་པ་དང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ མ་ཧཱ་མཱཾ་ས་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་ཙིཏྟ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་དྷི་ལིཾ་ཏ་ཁཱ་ཧི༔ མ་ཧཱ་གྷ་ཎ་ཙཀྲ་ཁཱ་ཧི༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ དེ་ལྟར་སྨན་རག་གཏོར་མ་ཕུལ་བ་ཡིས༔ ལྷ་རྣམས་དགྱེས་ཤིང་ཅི་འདོད་སྩོལ་བར་དམིགས༔ སྤྱི་དོན་བཅུ་གཅིག་བསྟོད་པ་འདི་ལྟར་བྱ༔ ཧྲཱི༔ ཆོས་དབྱིངས་སྐྱེ་འགག་མེད་པའི་ཕོ་བྲང་ནས༔ རྟོག་པའི་དྲྭ་བ་འཆིངས་གཅོད་མཁའ་འགྲོ་མ༔ རྒྱལ་བའི་ཡུམ་མཆོག་གཙོ་མོ་ཆེན་མོའི་སྐུ༔ རྡོ་རྗེ་ཕག་མོ་ཁྱེད་ལ་ཕྱག་འཚལ་བསྟོད༔ སྐྱེ་བའི་ཆོ་འཕྲུལ་ལོངས་སྤྱོད་རྫོགས་པའི་སྐུ༔ མཚན་དང་དཔེ་བྱད་དུ་མས་རབ་སྤྲས་ཤིང༔ འགྲོ་རྣམས་བདེ་ཆེན་གནས་སུ་སྤོར་མཛད་མ༔ ཐུགས་རྗེ་ཡོངས་ཁྱབ་མ་ལ་ཕྱག་འཚལ་བསྟོད༔ འགྱུར་མེད་དོན་སྟོན་སྐུ་མདོག་མཐིང་ནག་འབར༔ སྤྲུལ་བསྒྱུར་སྣ་ཚོགས་བརྡ་སྟོན་གར་སྟབས་འཁྱུག༔ སྣང་སྲིད་ཟིལ་གནོན་འགྱིང་བག་སྟོབས་ཤུགས་ཅན༔ གཟི་བརྗིད་འོད་སྟོང་འཕྲོ་ལ་ཕྱག་འཚལ་བསྟོད༔ ཞལ་གཅིག་ཕྱག་གཉིས་ཐབས་ཤེས་འགྲོ་བ་འདུལ༔ ལོག་འདྲེན་ཚར་གཅོད་ཕྱག་གཡས་གྲི་གུག་གདེངས༔ ཉོན་མོངས་དྲུངས་འབྱིན་ཕྱག་གཡོན་ཐོད་ཁྲག་འཛིན༔ མ་རུངས་སྐྲག་པར་མཛད་ལ་ཕྱག་འཚལ་བསྟོད༔ དུས་གསུམ་ས་ལེར་རྣམ་གཟིགས་སྤྱན་གསུམ་བསྒྲད༔ ལོག་རྟོག་འཐོར་འབྱིན་ཤངས་ནས་རླུང་ནག་འཚུབས༔ དྲག་སྔགས་སྒྲ་འབྱིན་ཞལ་གདངས་ལྗགས་འདྲིལ་ཞིང༔ མཆེ་གཙིགས་རྒོལ་བ་འཇོམས་ལ་ཕྱག༴ ཆོས་དབྱིངས་དོན་རྟོགས་དབུ་སྐྲ་གཙུག་ཏུ་འཁྱིལ༔ འགྲོ་བའི་དོན་བརྩོན་སྐྲ་ཕྱེད་ཐུར་དུ་འཕྱང༔ སེ་ཡན་འབར་བའི་གནམ་ལྕགས་སྤུ་གྲི་གཟིངས༔ མི་ཕྱེད་རྣམ་གྲོལ་མ་ལ་ཕྱག༴ སྐུ་ལྔ་ཐོད་སྐམ་རིན་ཆེན་དབུ་ལ་སྤྲས༔ རྟོག་མེད་ཕག་ཞལ་སྤྱི་གཙུག་ངུར་སྒྲ་སྒྲོག༔ སྙན་གཡས་འདོད་འབྱུང་གསེར་གྱི་འཁོར་ལོ་འཕྱང༔ ཉི་ཁྲི་དགུ་འབུམ་ཆོས་སྟོན་མ་ལ་བསྟོད༔ དགོས་འདོད་རེ་སྐོང་རིན་ཆེན་རྒྱན་གྱིས་སྤྲས༔ ཕ་རོལ་ཕྱིན་དྲུག་རུས་པའི་རྒྱན་དྲུག་རྫོགས༔ སྣང་སྟོང་ཆོས་སྒྲ་མེ་ལོང་དྲིལ་བུ་འཁྲོལ༔ རྣམ་ཐར་རྒྱས་མཛད་དར་འཕྱང་མཛེས་ལ་བསྟོད༔ ཟིལ་གནོན་གླང་ཆེན་ཀོ་རློན་སྟོད་ཁེབས་བྱས༔ མི་འཇིགས་སྟག་གི་པགས་པས་སྐུ་སྨད་དཀྲིས༔ འདུལ་ཐབས་ཞིང་གི་གཡང་གཞིའི་སྐེད་འཆིང་ཅན༔ དུར་ཁྲོད་བདག་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ འདུ་བྱེད་ལྔ་བཅུ་ཐོད་རློན་ཁྲག་འཛག་འཕྱང༔ ཉོན་མོངས་སྲེག་མཛད་མེ་དཔུང་ཀློང་ན་བཞུགས༔ རབ་འཇིགས་རཀྟ་ཐལ་ཆེན་ཞག་གིས་བྱུགས༔ དུར་ཁྲོད་ཆས་ལྡན་མ་ལ་ཕྱག༴ སྐུ་ཡི་རྣམ་པ་ངོ་མཚར་རབ་ཏུ་ཁྲོས༔ འཇིགས་པའི་གཟུགས་ཅན་སྣང་སྲིད་ཟིལ་གྱིས་གནོན༔ གར་གྱི་ཉམས་དགུས་སྟོབས་ཆེན་གདུག་པ་འདུལ༔ སྣང་སྟོང་ཆ་ལུགས་རྫོགས་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ ཧ་ཧ་ཧི་ཧིའི་བཞད་པའི་གད་རྒྱངས་ཀྱིས༔ གནམ་ས་ཐམས་ཅད་རབ་ཏུ་གཡོ་ཞིང་འདར༔ ཧཱུྃ་ཧཱུྃ་ཕཊཿཕཊཿཕེཾ་གྱི་སྒྲ་སྒྲོག་པས༔ ལྷ་འདྲེ་མི་གསུམ་སྐྲག་པར་མཛད་ལ་བསྟོད༔ ཞལ་ནས་ཧ་རི་ནི་སའི་སྒྲ་དང་ནི༔ ར་ཙ་ཧྲི་ཡ་དྲག་ཏུ་སྒྲོག་མཛད་ནས༔ མ་མོ་མཁའ་འགྲོ་དཔའ་བོ་དཔའ་མོ་རྣམས༔ བྲན་དུ་ཁོལ་བར་མཛད་ལ་ཕྱག་འཚལ་བསྟོད༔ དུས་རྣམས་ཀུན་ཏུ་ཆོས་ཉིད་སྟོང་པའི་སྒྲ༔ གྲགས་སྟོང་ངང་ནས་འགྲོ་ལ་ཆོས་ཆར་འབེབ༔ སྨིན་གྲོལ་དོན་སྟོན་དངོས་གྲུབ་རྣམ་གཉིས་སྩོལ༔ འགྲོ་དོན་རྫོགས་མཛད་མ་ལ་ཕྱག༴ གསུང་གི་ང་རོ་འབྲུག་སྟོང་ལྟ་བུར་ལྡིར༔ དྲག་སྔགས་ཐོག་སེར་དགྲ་དང་བགེགས་ལ་འབེབ༔ བརྡ་དོན་སྟོན་པའི་ཐབས་ཀྱིས་འགྲོ་བ་རྣམས༔ ཐར་པའི་གནས་སུ་འདྲེན་ལ་ཕྱག༴ ཧྲཱི༔ ཐུགས་རྗེ་ཡེ་ཤེས་སྟོབས་ལྡན་བརྩེ་བ་ཅན༔ ཁ་ཊྭཱཾ་ག་འཁྱུད་དཔའ་བོ་ཡབ་དང་འཁྲིལ༔ ཡེ་ཤེས་འོད་ཀྱིས་མི་ཤེས་མུན་རུམ་སེལ༔ ཐབས་ཤེས་བྱང་སེམས་ཅན་ལ་ཕྱག༴ མཁའ་ལྟར་ཡངས་པ་བཅོམ་ལྡན་འདས་མའི་ཐུགས༔ ཡོངས་ལ་སྙོམས་མཛད་ཉི་ཟླ་ལྟ་བུའི་འོད༔ ཉེ་རིང་མེད་པར་དྲང་ཤན་མཛད་པ་མོ༔ ཡིད་བཞིན་ཀུན་མཁྱེན་མ་ལ་ཕྱག༴ ཆོས་དབྱིངས་དོན་རྟོགས་རབ་ཏུ་འགྱིང་བའི་ཚུལ༔ པདྨ་ཉི་ཟླ་རོ་ཡི་གདན་ལ་གནས༔ རྟོག་བྲལ་མཁའ་ལ་སྤྱོད་ཅིང་ཀུན་ཏུ་རྒྱུ༔ འཁོར་འདས་སྤྱི་དཔལ་ཁྱེད་ལ་ཕྱག༴ སྟོང་པར་གནས་ཤིང་བདེ་གསལ་ངང་དུ་སྦྱོར༔ དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཐུགས༔ ཟག་པ་མེད་པའི་འབྲས་བུ་མངོན་དུ་འབྱིན༔ རེ་བ་སྐོང་མཛད་མ་ལ་ཕྱག༴ རྣམ་ཐར་ཆ་ལུགས་ཡོངས་རྫོགས་རྔམ་པའི་སྐུ༔ མ་ནོར་ཆོས་རྣམས་སྟོན་མཛད་འགག་མེད་གསུང༔ མཁྱེན་བརྩེ་ཡེ་ཤེས་རྒྱས་པའི་འཁྲུལ་མེད་ཐུགས༔ སྐུ་གསུང་ཐུགས་མཆོག་མ་ལ་ཕྱག༴ ཧྲཱི༔ སྟོང་ཉིད་སྙིང་རྗེའི་བདག་ཉིད་རྣལ་འབྱོར་མ༔ མཁའ་འགྲོ་ཡོངས་ཀྱི་གཙོ་མཆོག་དཔལ་འབར་མ༔ སེམས་ཅན་རྣམས་ཀྱི་སྐྱབས་གནས་མགོན་གཅིག་པུ༔ རྗེ་བཙུན་ཁྲོས་མའི་སྐུ་ལ་ཕྱག༴ ཧྲཱི༔ ཉོན་མོངས་གཏི་མུག་གནས་སུ་འཇོམས་མཛད་ཅིང༔ ཆོས་དབྱིངས་ཡེ་ཤེས་མངོན་དུ་གྱུར་པ་མོ༔ འཕྲིན་ལས་སྣ་ཚོགས་ཡོངས་ལ་མངའ་མཛད་མ༔ སངས་རྒྱས་མཁའ་འགྲོའི་སྐུ་ལ་ཕྱག༴ ཞེ་སྡང་མེ་དཔུང་འབར་བ་འཇོམས་བྱེད་ཅིང༔ མེ་ལོང་ཡེ་ཤེས་གསལ་བར་སྟོན་པ་མོ༔ ཞི་བའི་འཕྲིན་ལས་ཡོངས་ལ་མངའ་མཛད་མ༔ རྡོ་རྗེ་མཁའ་འགྲོའི་སྐུ་ལ་ཕྱག༴ ང་རྒྱལ་རི་བོ་རྨིང་ནས་སྒྱེལ་མཛད་ཅིང༔ མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་གྱུར་མ༔ རྒྱས་པའི་འཕྲིན་ལས་མ་ལུས་སྒྲུབ་པ་མོ༔ རིན་ཆེན་མཁའ་འགྲོའི་སྐུ་ལ་ཕྱག༴ འདོད་ཆགས་རྒྱ་མཚོ་གཏིང་ནས་སྐེམ་བྱེད་ཅིང༔ སོ་སོར་རྟོག་པའི་ཡེ་ཤེས་དཔལ་འབར་མ༔ ཐམས་ཅད་དབང་དུ་སྡུད་པའི་འཕྲུལ་མོ་ཆེ༔ པདྨ་མཁའ་འགྲོ་མ་ལ་ཕྱག༴ ཉོན་མོངས་ཕྲག་དོག་རླུང་ཆེན་སྙིལ་མཛད་ཅིང༔ བྱ་བ་གྲུབ་པའི་ཡེ་ཤེས་དོན་སྟོན་མ༔ མངོན་སྤྱོད་ལས་མཛད་གནོད་བྱེད་དགྲ་བགེགས་འདུལ༔ ལས་ཀྱི་མཁའ་འགྲོའི་སྐུ་ལ་ཕྱག༴ ཧྲཱི༔ གཞན་ཡང་དབང་ཕྱུག་ཡེ་ཤེས་མཁའ་འགྲོ་དང༔ ལས་ལས་གྲུབ་པ་འཇིག་རྟེན་མཁའ་འགྲོ་མ༔ ཀུན་ཀྱང་རྣམ་འགྱུར་ཆ་ལུགས་མ་ངེས་ཤིང༔ སྣ་ཚོགས་སྤྲུལ་བསྒྱུར་མཛད་ལ་ཕྱག་འཚལ་བསྟོད༔ ཅེས་པས་དེ་ལྟར་བསྟོད་པའི་རིམ་པ་འོ༔ སྤྱི་དོན་བཅུ་གཉིས་ཚོགས་ཀྱི་ལས་རིམ་ནི༔ ཚོགས་བཤམ་དགོངས་གསོལ་བསང་སྦྱང་བྱིན་གྱིས་རློབ༔ སྤྱན་འདྲེན་ཚོགས་འབུལ་སྐོང་གསོལ་ཉམས་ཆག་བཤགས༔ བསྒྲལ་བའི་ལས་བྱ་ཚོགས་རོལ་ལྷག་མ་སྟེ༔ དེ་ལྟར་བཅུ་གཅིག་དང་པོ་བཤམ་པ་ནི༔ གདན་གཙང་སྟེང་དུ་འདོད་ཡོན་ཡོ་བྱད་ལོངས་སྤྱོད་རྫས༔ ཤ་ཆང་མར་ཐུད་བཤོས་ཟན་ལ་སོགས་པ༔ བཟའ་དང་བཅའ་བ་བཏུང་བའི་བྱེ་བྲག་དང༔ སྣ་ཚོགས་ཟས་སྣ་ཤིང་ཐོག་དུ་མ་དང༔ གཡོས་ཀྱི་རྣམ་པ་དང་ནི་ཁུར་བ་སོགས༔ གང་འབྱོར་དངོས་བཤམ་མ་འབྱོར་ཡིད་ཀྱིས་སྤྲུལ༔ རི་སྒོག་ཀླུང་སྒོག་ཤ་མོང་སྤོད་དང་བཅས༔ མདོར་ན་ཡིད་འོང་སྐོང་རྫས་འབྱོར་ཚོགས་རྣམས༔ སྤྱན་གཟིགས་ལ་སོགས་ཤིན་ཏུ་མཛེས་པར་བཀྲམ༔ གཉིས་པ་དགོངས་གསོལ་ལས་ཀྱི་སློབ་དཔོན་ནི༔ གང་འཐད་གཅིག་གིས་ཕྱག་འཚལ་འདི་སྐད་ཞུ༔ ཀྱེ་ཧོ༔ འདུས་པའི་ཚོགས་རྣམས་གསན་ཅིང་དགོངས་སུ་གསོལ༔ ཆོས་དབྱིངས་རྣམ་པར་དག་པའི་ཀློང་ཡངས་ནས༔ འགྲོ་བ་འདུལ་མཛད་ཀུན་བཟང་བླ་མ་རྗེ༔ ཡི་དམ་ཞི་ཁྲོ་རྟ་མགྲིན་ཡབ་ཡུམ་དང༔ ཡེ་ཤེས་དང་ནི་ལས་ལས་གྲུབ་པ་ཡི༔ མ་ཚོགས་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ འདིར་བཤམས་འདོད་ཡོན་ཚོགས་ཀྱི་ཡོ་བྱད་ནི༔ དངོས་འབྱོར་ཡིད་སྤྲུལ་རྒྱན་དུ་བཀྲམ་པ་ལ༔ བསང་སྦྱང་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཞེས་པས་ཞུ་ཞིང་གསུམ་པ་བསང་སྦྱང་ནི༔ བཤམས་པའི་རྫས་ལ་མེ་རླུང་ཆུས་བསང་ལ༔ རྡོ་རྗེ་དང་བཅས་བདུད་རྩི་འཐོར་བས་སྦྱང༔ ཧྲཱི༔ རྡོ་རྗེ་ལྟ་བུའི་ཡེ་ཤེས་ཏིང་འཛིན་གྱིས༔ འཁོར་འདས་ཆོས་རྣམས་སྒྱུ་མར་རིག་པའི་ཕྱིར༔ བསྲེག་སྦྱང་བཀྲུས་པས་མ་དག་གང་ཡང་མེད༔ དེ་ཕྱིར་འདིར་བཤམས་ཚོགས་ཀྱི་ཡོ་བྱད་ཀྱིས༔ དངོས་དང་དངོས་མིན་བག་ཆགས་མ་ལུས་ཀུན༔ རཾ་ལས་མེ་བྱུང་ཉོན་མོངས་བག་ཆགས་བསྲེགས༔ ཡཾ་ལས་རླུང་བྱུང་དངོས་འཛིན་ཞེན་སྣང་གཏོར༔ ཁཾ་ལས་ཆུ་བྱུང་གཉིས་འཛིན་རྣམ་རྟོག་བཀྲུས༔ རཾ་ཡཾ་ཁཾ་གིས་བསྲེག་ཅིང་གཏོར་དང་བཀྲུས༔ དག་ཅིང་གཙང་ལ་རྙོག་པ་མེད་པར་བྱས༔ རཾ་སྥ་ར་ཎ་ཕཊ྄༔ སཾ་ཧ་ར་ཎ་ཧཱུྃ༔ ཡཾ་སྥ་ར་ཎ་ཕཊ྄༔ སཾ་ཧ་ར་ཎ་ཧཱུྃ༔ ཁཾ་སྥ་ར་ཎ་ཕཊ྄༔ སཾ་ཧ་ར་ཎ་ཧཱུྃ༔ ཨོཾ་བཛྲ་ཡཀྵ་ཧཱུྃ༔ ཡཀྵ་ཧཱུྃ༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ཨོཾ་སརྦ་དྲ་བྱཾ་ཤོ་དྷ་ནི་ཤོ་དྷ་ནི་ཧཱུྃ་ཕཊ྄༔ དེ་ནས་བཞི་པ་བྱིན་གྱིས་བརླབ་པ་ནི༔ བཞུ་བཏུལ་བྱིན་རླབས་གཏོར་མ་ལྟར་བྱ་ཞིང༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨོཾ་ལས་འདོད་པའི་ཡོན་ཏན་རྣམ་པ་ལྔ༔ ཧཱུྃ་གིས་ཟག་མེད་ཡེ་ཤེས་བདུད་རྩིར་བསྒྱུར༔ ཏྲཱཾ་ལས་འཛད་མེད་ལོངས་སྤྱོད་ཕུན་སུམ་ཚོགས༔ ཧྲཱིཿཡིས་མགྲོན་རྣམས་རང་བཞིན་གནས་ནས་བཀུག༔ ཨཱཿཡིས་སོ་སོར་ཅི་འདོད་དགྱེས་པར་བསྐངས༔ ཨོཾ་ཨཱཿཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཡེ་ཤེས་རྣམ་པ་ལྔ་ཡི་རང་བཞིན་ལས༔ ཞལ་ཟས་བྱིན་རླབས་དངོས་པོ་ཡི་གེ་ལྔ༔ སྒྲ་དང་བཅས་པས་ཚོགས་རྣམས་འོད་དུ་ཞུ༔ ཡེ་ཤེས་འོད་ཕུང་འབར་བའི་བྱིན་རླབས་ཀྱིས༔ རྒྱལ་བ་རྣམས་ཀྱི་དགྱེས་པ་བསྐངས་གྱུར་ནས༔ མ་ཚོགས་མཁའ་འགྲོ་ཐམས་ཅད་ཚིམས་གྱུར་ཅིག༔ ལྔ་པ་སྤྱན་འདྲེན་སྤོས་བསྲེག་རོལ་མོ་བསྒྲག༔ ཧྲཱི༔ དུས་གསུམ་བདེ་བར་གཤེགས་པ་བཅོམ་ལྡན་འདས༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བྱིན་རླབས་རྩ་བ་བརྒྱུད་པའི་བླ་མ་རྣམས༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དངོས་གྲུབ་སྩོལ་མཛད་ཡི་དམ་ལྷ་ཚོགས་རྣམས༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ འཕྲིན་ལས་ཡོངས་སྒྲུབ་མ་མོ་མཁའ་འགྲོའི་ཚོགས༔ ཞལ་ཟས་ཚོགས་ལ་སྤྱན༴ ཕོ་རྒྱུད་ཡོངས་ཀྱི་ཆེ་བཙན་རྟ་མགྲིན་དབང༔ ཞལ་ཟས་ཚོགས་ལ་སྤྱན༴ མོ་རྒྱུད་ཡོངས་ཀྱི་ཆེ་བཙན་ཕག་མོའི་སྐུ༔ ཞལ་ཟས་ཚོགས་ལ་སྤྱན༴ སྤྲུལ་པའི་འཁོར་ཚོགས་མཁའ་འགྲོ་སྡེ་ལྔ་པོ༔ ཞལ་ཟས་ཚོགས་ལ་སྤྱན༴ དམ་ཚིག་མཁའ་འགྲོ་ཤ་ཟའི་མཁའ་འགྲོ་མ༔ འཇིག་རྟེན་མཁའ་འགྲོ་ལ་སོགས་མ་སྲིང་ཚོགས༔ མཁའ་འགྲོ་རྒྱ་མཚོ་སྤྲུལ་པ་ཡང་སྤྲུལ་བཅས༔ ཞལ་ཟས་ཚོགས་ལ་སྤྱན༴ ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་ཀྱང༔ ཞལ་ཟས་ཚོགས་ལ་སྤྱན༴ འཇིག་རྟེན་སྣང་སྲིང་ལྷ་འདྲེ་མ་ལུས་ཀུན༔ ཞལ་ཟས་ཚོགས་ལ་སྤྱན༴ རིགས་དྲུག་ཕ་མར་གྱུར་པ་ཐམས་ཅད་ཀྱང༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨེ་ཨཱ་རལླི་ཧྲིང་ཧྲིང་ཕེཾ་ཕེཾ༔ ཛཿཧཱུྃ་བཾ་ཧོ༔ ཞེས་པས་ཚོགས་རྣམས་བཏེག་ཅིང་དཀྱིལ་འཁོར་བསྐོར༔ དྲུག་པ་ཚོགས་འབུལ་ཚོགས་ཕུད་གཏོར་མར་བྲན༔ ཧྲཱི༔ སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ངོ་བོ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ལ༔ འདོད་ཡོན་ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ ཟག་མེད་ཡེ་ཤེས་བདུད་རྩིའི་ཆར་འབེབས་ཤིང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཧྲཱི༔ ནུབ་ཕྱོགས་བདེ་ཆེན་ཨོ་རྒྱན་ཕོ་བྲང་ནས༔ གཙོ་མོ་ཡུམ་ཆེན་རྡོ་རྗེ་ཕག་མོ་ལ༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་སྡེ་ལྔ་དང༔ སྣང་སྲིད་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་ལ༔ བླ་མེད་ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ འཕྲིན་ལས་རྣམ་བཞིའི་དོན་རྣམས་སྒྲུབ་པ་དང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཧྲཱི༔ ཆོས་སྐྱོང་སྲུང་མ་སྣང་སྲིད་ལྷ་འདྲེ་དང༔ རིགས་དྲུག་ཕ་མ་ལ་སོགས་ཐམས་ཅད་ལ༔ འདོད་ཡོན་རོལ་པ་ཚོགས་ཀྱི་མཆོད་པ་འབུལ༔ ཐམས་ཅད་ཚིམས་ནས་བདག་གི་འདོད་པའི་དོན༔ མྱུར་དུ་རྩོལ་མེད་ལྷུན་གྱིས་གྲུབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ གྷ་ཎ་ཙཀྲ་པཱུ་ཙ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ཁཱ་ཧི༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ བདུན་པ་ལྷ་ལ་སྐོང་གསོལ་བྱ་བ་ནི༔ ཞུན་ཆེན་མེ་སྦར་རྐང་གླིང་ཐོད་རྔ་སྒྲོག༔ ཤ་ཆེན་དུད་པ་བཏང་ལ་འདི་སྐད་བསྐང༔ ཧྲཱི༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་བ་ནི༔ འདོད་ཡོན་ཚོགས་གཏོར་མཆོད་པས་ཐུགས་དམ་བསྐང༔ ཕྱོགས་བཅུ་དུས་གསུམ་བླ་མ་ཡི་དམ་ལྷ༔ ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཞལ་ཟས་ཚོགས་གཏོར་མཆོད་པས་ཐུགས་དམ་བསྐང༔ ལྟ་སྤྱོད་ཏིང་འཛིན་ཆོ་གས་ཐུགས༴ ཛ་གད་བདུད་རྩི་རཀྟས་ཐུགས༴ སྒྲུབ་དང་དམ་ཚིག་གླུ་གར་ཕྱག་རྒྱ་དང༔ སྐོང་བའི་རྫས་མཆོག་རྣམས་ཀྱིས་ཐུགས་དམ་བསྐང༔ ཧྲཱི༔ ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དབང་ཆེན་དང༔ སྐུ་ལས་སྤྲུལ་པའི་དཔའ་བོ་རྒྱ་མཚོ་རྣམས༔ ཞལ་ཟས་ཚོགས་གཏོར་མཆོད་པས་ཐུགས༴ ལྟ་སྤྱོད་ཏིང་འཛིན་ཆོ་གས་ཐུགས༴ ཛ་གད་བདུད་རྩི་རཀྟས་ཐུགས༴ སྒྲུབ་དང་དམ་ཚིག་གླུ་གར་ཕྱག་རྒྱ་དང༔ སྐོང་བའི་རྫས་མཆོག་རྣམས་ཀྱིས་ཐུགས༴ ཧྲཱི༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་ཕག་མོ་དང༔ སྐུ་ལས་སྤྲུལ་པའི་མཁའ་འགྲོ་རྒྱ་མཚོ་རྣམས༔ ཞལ་ཟས་ཚོགས་གཏོར་མཆོད་པས་ཐུགས༴ ལྟ་སྤྱོད་ཏིང་འཛིན་ཆོ་གས་ཐུགས༴ ཛ་གད་བདུད་རྩི་རཀྟས་ཐུགས༴ སྒྲུབ་དང་དམ་ཚིག་གླུ་གར་ཕྱག་རྒྱ་དང༔ སྐོང་བའི་རྫས་མཆོག་རྣམས་ཀྱིས་ཐུགས༴ ཧྲཱི༔ སངས་རྒྱས་མཁའ་འགྲོ་རྡོ་རྗེ་མཁའ་འགྲོ་དང༔ རིན་ཆེན་མཁའ་འགྲོ་པདྨ་མཁའ་འགྲོ་དང༔ ལས་ཀྱི་མཁའ་འགྲོ་ཡབ་ཡུམ་འཁོར་བཅས་རྣམས༔ ཞལ་ཟས་ཚོགས་ཀྱི་མཆོད་པས་ཐུགས༴ ལྟ་སྤྱོད་ཏིང་འཛིན་ཆོ་གས་ཐུགས༴ ཛ་གད་བདུད་རྩི་རཀྟས་ཐུགས༴ སྒྲུབ་དང་དམ་ཚིག་གླུ་གར་ཕྱག་རྒྱ་དང༔ སྐོང་བའི་རྫས་མཆོག་རྣམས་ཀྱིས་ཐུགས༴ ཧྲཱི༔ ཆོས་སྐྱོང་སྲུང་མ་སྣང་སྲིད་ལྷ་སྲིན་དང༔ ཕ་མ་ལ་སོགས་རིགས་དྲུག་མགྲོན་རྣམས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་ཐུགས༴ ལྟ་སྤྱོད་ཏིང་འཛིན་ཆོ་གས་ཐུགས༴ ཛ་གད་བདུད་རྩི་རཀྟས་ཐུགས༴ སྒྲུབ་དང་དམ་ཚིག་གླུ་གར་ཕྱག་རྒྱ་དང༔ སྐོང་བའི་རྫས་མཆོག་རྣམས་ཀྱིས་ཐུགས་དམ་བསྐང༔ ཐུགས་དམ་བསྐངས་ནས་སྨིན་ཅིང་གྲོལ་བ་དང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ བརྒྱད་པ་འདི་ལྟར་ཉམས་ཆག་བཤགས་པར་བྱ༔ ཧྲཱི༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ བླ་མ་རྣམས་ཀྱི་ཐུགས་དང་ཅི་འགལ་བ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་མཐོལ་ཞིང་བཤགས༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ ཡི་དམ་ལྷ་ཚོགས་ཐུགས་དང་ཅི་འགལ་བ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་མཐོལ་ཞིང་བཤགས༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ རྟ་མགྲིན་དབང་གི་ཐུགས་དང་ཅི་འགལ་བ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་མཐོལ་ཞིང་བཤགས༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ རྡོ་རྗེ་ཕག་མོའི་ཐུགས་དང་ཅི་འགལ་བ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་མཐོལ་ཞིང་བཤགས༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ ཆོས་སྐུ་མཁའ་འགྲོའི་ཐུགས་དང་ཅི་འགལ་བ༔ ལོངས་སྐུ་མཁའ་འགྲོའི་ཐུགས་དང་ཅི་འགལ་བ༔ སྤྲུལ་སྐུ་མཁའ་འགྲོའི་ཐུགས་དང་ཅི་འགལ་བ༔ ཡེ་ཤེས་མཁའ་འགྲོའི་ཐུགས་དང་ཅི་འགལ་བ༔ འཇིག་རྟེན་མཁའ་འགྲོའི་ཐུགས་དང་ཅི་འགལ་བ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་མཐོལ་ཞིང་བཤགས༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ སྡེ་ལྔ་ཡབ་ཡུམ་ཐུགས་དང་ཅི་འགལ་བ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་མཐོལ་ཞིང་བཤགས༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ ཆོས་སྐྱོང་སྲུང་མ་ལྷ་སྲིན་སྡེ་བརྒྱད་དང༔ རིགས་དྲུག་ཕ་མའི་ཐུགས་དང་ཅི་འགལ་བ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་མཐོལ་ཞིང་བཤགས༔ མཐོལ་བཤགས་བཟོད་པ་དང་དུ་ཡར་བཞེས་ལ༔ སྒྲིབ་མེད་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ༔ གྷ་ཎ་ཙཀྲ་སིདྡྷི་ས་མ་ཡ་ཨ་ཨཱ༔ ཨཱོྃ་་་ཡེ་ཤེས་ལྔ་མཚོན།བཛྲ་སཏྭཱ་་་རྡོ་རྗེ་སེམས་དཔའ།ས་མ་ཡ༔་་་དམ་ཚིག་ཅན། མ་ནུ་པཱ་ལཱ་ཡ༔་་་རྗེས་སུ་སྐྱོོབ་པར། བཛྲ་སཏྭཱ་་་རྡོ་རྗེ་སེམས་དཔའི།ཏྭེ་ནོ་པ་ཏིཥྛ༔་་་རང་བཞིན་ཅན། དྲྀ་ཌྷོ་མེ་བྷ་ཝ༔་་་བཞུགས་ཤིང་བརྟན་པར་བདག་གྱུར་ཅིག །སུ་ཏོཥྱོ་མེ་བྷ་ཝ༔་་་གོ་སླ་བར་བདག་གྱུར་ཅིག །སུ་པོཥྱོ་མེ་བྷ་ཝ༔་་་ཤིན་ཏུ་ཚིམ་པར་བདག་གྱུར་ཅིག །ཨ་ནུ་རཀྟོ་མེ་བྷ་ཝ༔་་་རྗེས་སུ་ཆགས་པར་བདག་གྱུར་ཅིག །སརྦ་སིདྡྷི་མྨེ་པྲ་ཡཙྪ༔་་་དངོས་གྲུབ་ཐམས་ཅད་བདག་ལ་སྩོལ་ཅིག །སརྦ་ཀརྨཱ་སུ་ཙ་མེ༔་་་ལས་ཐམས་ཅད་ལ་བདག་གི །ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ༔་་་སེམས་ཀྱི་དཔལ་མཛོད་ཅིག །ཧ་ཧ་ཧ་ཧ་ཧོ༔་་་དངོས་གྲུབ་ཐམས་ཅད་དགུག་ཏུ་གསོལ། བྷ་ག་བཱན༔་་་བཅོན་ལྡན་འདས། སརྦ་ཏ་ཐཱ་ག་ཏ༔་་་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། ཧྲྀ་ད་ཡ༔་་་སྙིང་པོ། བཛྲ་མཱ་མེ་མུཉྩ་་་རྡོ་རྗེ་བདག་ལ་སྩོལ་ཅིག།བཛྲཱི་བྷ་ཝ༔་་་རྡོ་རྗེ་ཅན་དུ་གྱུར་ཅིག །མ་ཧཱ་ས་མ་ཡ་་་ཆེན་པོའི་དམ་ཚིག།སཏྭ་ཨཱ༔་་་སེམས་དཔའི་སྙིང་པོ། ཞེས་སོགས་རྣམས་ཀྱིས་ཉམས་ཆག་བཤགས་པར་བྱའོ༔ དགུ་པ་བསྒྲལ་ལས་དགྲ་བགེགས་རཱུ་པ་ནི༔ བྲིས་སམ་ཟན་ལ་བྱས་ཏེ་མིང་བྱང་བཏབ༔ མདུན་དུ་བཞག་ཅིང་འགུག་པའི་དམིགས་པ་དང༔ ལྕགས་ཀྱུ་ཕྱག་རྒྱ་བཅས་ཏེ་བདེན་སྟོབས་བརྗོད༔ སརྦ་ཤ་ཏྲཱུཾ་ཨ་མུ་ཀ་ནྲྀཿཏྲིཿཨཾ་གྷུ་ཤ་ཛ༔ ཞེས་པས་དམིགས་བྱའི་རྣམ་ཤེས་བཀུག་པ་ལ༔ བཛྲ་པཱ་ཤ་ཧཱུྃ༔ ཞེས་ཞགས་པས་བཅིང༔ དེ་བཞིན་བཛྲ་སྥོ་ཊ་བཾ༔ ཞེས་པས་ལྕགས་སྒྲོག་ཕྱག་རྒྱས་ལུས་ངག་ཡིད་གསུམ་བསྡམ༔ བཛྲ་གྷཎྜེ་ཧོ༔ ཞེས་དྲིལ་བུའི་ཕྱག་རྒྱས་གཟུགས་དང་རྣམ་ཤེས་དབྱེར་མེད་འདྲེས༔ དེ་ནས་ངག་གིས་འདི་ལྟར་གཟིར་བར་བྱ༔ ཨོཾ་བཛྲ་བྷ་ར་ཧི་ཧྲཱིཿམ་ཌཱ་ཀི་ནཱི་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ ཧྱ་གྷྲཱི་ཝ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ ཧཱུྃ༔ ང་ནི་ཁྲོ་རྒྱལ་་་རྟ་མགྲིན་ཡབ་ཡུམ་དང་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་སྟོད་ཁྲོ་བོ་ཁྲོ་མོའི་ཆ་ལུགས་ལ། སྐུ་སྨད་ལྕགས་ཀྱི་ཕུར་པ་མགར་གྱི་སོལ་མེ་ནས་ཕྱུང་མ་འཕྲལ་ལྟ་བུ། དམར་ང་རེ་བ་ཚྭ་ཚྭ་འཕྲོ་བས་དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་གཟིར་ཞིང་རྩད་ནས་བཅད་པར་བསམ། དབང་ཆེན་ཡབ་ཡུམ་སྟེ༔ འཁོར་དུ་དཔའ་བོ་མཁའ་འགྲོ་མང་པོས་བསྐོར༔ ཀུན་ཀྱང་མི་བཟད་འཇིགས་པའི་སྐུར་བསྟན་ཅིང༔ སྐུ་ལ་དམར་ནག་མེ་ཡི་ཚྭ་ཚྭ་འཕྲོ༔ ཁྲོ་བོ་ཁྲོ་མོའི་གཟུགས་ཀྱིས་གནམ་ས་གང༔ སྐུ་སྟོད་ཞལ་གཅིག་ཕྱག་ནི་གཉིས་པ་ན༔ གྲི་གུག་ཐོད་ཁྲག་དཀྲུག་ཅིང་ཞལ་དུ་གསོལ༔ སྐུ་སྨད་ཡེ་ཤེས་ལྔ་ལྡན་ཕུར་པ་སྟེ༔ ཟུར་གསུམ་ནམ་མཁའི་དབྱིངས་ནས་བསྒྲིལ་ཞིང་འདེབས༔ དྲག་པོར་གྱུར་པའི་ཕུར་པ་ཚྭ་ཚྭ་འཕྲོ༔ བཏབ་པ་ཙམ་གྱིས་ལྷ་ཡང་བརླག་པར་འགྱུར༔ གནོད་བྱེད་དགྲ་དང་བགེགས་ལ་སྨྲོས་ཅི་དགོས༔ གཟས་པ་ཙམ་གྱིས་མ་རུངས་རྡུལ་དུ་རློག༔ ཧཱུྃ༔ ང་ནི་དབང་ཆེན་འབར་བའི་རྟ་མགྲིན་རྒྱལ༔ རྡོ་རྗེ་ཕག་མོ་འཁོར་བཅས་ཡབ་ཡུམ་རྣམས༔ སྐུ་ལ་གནམ་ལྕགས་ཕུར་པའི་ཚྭ་ཚྭ་འཕྲོ༔ རྩེ་མོ་རྒྱ་མདུད་དབྱིངས་ནས་འབྲུག་སྟོང་ལྡིར༔ སྐེད་པ་ཆངས་གཟུང་མཚམས་ནས་གློག་སྟོང་འཁྱུག༔ རྩ་བ་ཆུ་སྲིན་ཁ་ནས་ཚྭ་ཚྭ་འཕྲོ༔ རྣོ་བའི་མཚོན་ཆ་འོད་ཟེར་སྐར་ལྟར་འཁྲུགས༔ གནོད་བྱེད་དགྲ་བགེགས་སྟེང་དུ་མཱ་ར་ཡ༔ སརྦ་ཤ་ཏྲཱུཾ་ཨ་མུ་ཀ་ནྲྀཿཏྲིཿམཱ་ར་ཡ་ཛ་ཛ༔ གནོད་བྱེད་དགྲ་བགེགས་ཆེ་གེ་མོ་ཧ་ས་ཡཱ་ར་ཧྲི་ཏ་ཡ་ན་ཧཱུྃ་ཕཊ༔ དགྲ་བགེགས་ཆེ་གེ་མོ་འགོ་བའི་ལྷ་དང་ཕྱེས་ཤིག༔ སྐྱོབ་པའི་གྲོགས་དང་ཕྲོལ་ཅིག༔ ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ༔ གནོད་བྱེད་དགྲ་བགེགས་འདི་ཡི་རྣམ་པར་ཤེས་པ་གཟུགས་དང་ལིང་ག་ལ་ཕོབ་ཅིག༔ ཤི་ཏྲཾ་ཨ་པ་ན་ཡ་ཧཱུྃ་ཕཊ༔ དགྲ་བགེགས་ཆེ་གེ་མོ་འདི་དག་གི་ལུས་ངག་ཡིད་གསུམ་བྱད་དུ་ཆུག་ལ་མྱོས་པར་གྱིས་ཤིག༔ ཛ་ལ་པ་ཡ་ཛ་ལ་པ་ཡ་ཧཱུྃ་ཕཊ྄༔ དགྲ་བགེགས་ཆེ་གེ་མོ་འདི་ཡི་རྣམ་པར་ཤེས་པ་སྨྱོ་རུ་ཆུག་ཅིག༔ ཏ་ཐ་ཡ་ཏ་ཐ་ཡ་ཧཱུྃ་ཕཊ༔ དགྲ་བགེགས་ཆེ་གེ་མོ་འདིའི་ལུས་ངག་ཡིད་གསུམ་རྡུལ་ཕྲན་བཞིན་དུ་ཕྱེ་མར་རྡུངས་ཤིག༔ བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ྄༔ དགྲ་བགེགས་ཆེ་གེ་མོ་འདི་དག་གི་གཟུགས་ཀྱི་ཕུང་པོ་ཞལ་དུ་སྟོབས་ཤིག༔ ཅེས་པ་རྣམས་ཀྱིས་བསྒྲལ་ཞིང་དགྲ་བགེགས་ཀྱི་རཱུ་པ་དུམ་བུར་གཏུབས་ལ་གཏོར་མར་བྲན༔ དེ་ཡང་བསྟབ་པའི་ཚུལ་གྱིས་དམིགས་ལ་འབུལ༔ ཧྲཱི༔ དགྲ་བགེགས་སྒྲོལ་མཛད་མཁའ་འགྲོ་ཡབ་ཡུམ་ཚོགས༔ འཁོར་དང་བཅས་པ་ཐམས་ཅད་ཞལ་ཕྱེས་ཤིག༔ དགྲ་བགེགས་བསྒྲལ་པའི་གཟུགས་ཕུང་ཞལ་དུ་བསྟབ༔ དགྲ་བགེགས་བསྒྲལ་པའི་ཤ་ནི་ཟན་བས་ཞིམ༔ ཤ་ཡི་རང་བཞིན་ཉོན་མོངས་གཏི་མུག་ཆེ༔ གཏི་མུག་མཆོད་པ་བླ་མེད་འདི་བཞེས་ལ༔ ཡེ་ཤེས་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ དགྲ་བགེགས་བསྒྲལ་པའི་ཁྲག་ནི་ཆང་བས་ཞིམ༔ ཁྲག་གི་རང་བཞིན་ཉོན་མོངས་འདོད་ཆགས་ཆེ༔ འདོད་ཆགས་མཆོད་པ་བླ་མེད་འདི་བཞེས་ལ༔ ཡེ་ཤེས་གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ དགྲ་བགེགས་བསྒྲལ་པའི་རུས་པ་མར་བས་ཞིམ༔ རུས་པའི་རང་བཞིན་ཉོན་མོངས་ཞེ་སྡང་ཆེ༔ ཞེ་སྡང་མཆོད་པ་བླ་མེད་འདི་བཞེས་ལ༔ ཡེ་ཤེས་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་འདི༔ མཁའ་འགྲོ་ཡབ་ཡུམ་འཁོར་བཅས་ཞལ་དུ་བསྟབ༔ གསོལ་ལོ་བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ མཆོད་དོ་བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཆོས་སྐྱོང་སྲུང་མ་འཁོར་བཅས་ཞལ་དུ་བསྟབ༔ ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ཞལ་དུ་བསྟབ༔ མཆོད་རྫས་ཉོན་མོངས་དགྲ་བགེགས་ཞལ་དུ་བསྟབ༔ གསོལ་ལོ་བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ མཆོད་དོ་བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ དགྲ་བགེགས་སྒྲོལ་ལ་རྐྱེན་ངན་བར་ཆད་ཟློག༔ གནོད་བྱེད་དགྲ་བགེགས་སརྦ་ཤ་ཏྲཱུཾ་ཨ་མུ་ཀ་མཱ་ར་ཡ༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ མ་ཧཱ་མཱཾ་ས་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་ཙིཏྟ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ཁཱ་ཧི༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཅུ་པ་མཆེད་ལྕམ་ཚོགས་ལ་རོལ་པ་ནི༔ ཚིག་འདིས་ཕུད་ཀྱིས་ཐོག་མར་སློབ་དཔོན་མཆོད༔ དེ་ནས་རིམ་བཞིན་མཆེད་ལྕམ་རྣམས་ལ་དྲང༔ ཀྱེ་ཧོཿགཟིགས་ཤིག་མཛེས་ལྡན་དམ་པའི་ཆོས༔ འདི་ལ་རྣམ་རྟོག་ཐེ་ཚོམ་བྱར་མི་རུང༔ གལ་ཏེ་བྱས་ན་དངོས་གྲུབ་བར་ཆད་རྒྱུ༔ དེ་བས་བྲམ་ཟེ་ཁྱི་དང་གདོལ་པ་སོགས༔ གཙང་སྨེ་མེད་པར་རང་བཞིན་གཅིག་ཏུ་རོལ༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་འགྱུར༔ མ་ཧཱ་གྷ་ཎ་གྷུ་ཧྱ་པཱུ་ཛཿཧོ༔ ལེན་པ་པོས་ཀྱང་སྤྲོ་བའི་ཚུལ་གྱིས་ནི༔ ཕྱག་རྒྱ་པད་ཀོར་དང་བཅས་འདི་སྐད་བླང༔ ཨེ་མ་ཧོ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ཀྱིས༔ བྱིན་གྱིས་བརླབས་པའི་དངོས་གྲུབ་བཅུད་ཆེན་པོར༔ བདག་ཅག་དགའ་ཞིང་གུས་པས་བླངས་བྱས་ནས༔ དུ་མ་རོ་གཅིག་ངང་དུ་བླང་བར་བྱ༔ བྱིན་རླབས་མཆོག་དང་ཐུན་མོང་དངོས་གྲུབ་རྣམས༔ གཡེལ་བ་མེད་པར་དེང་འདིར་བསྩལ་དུ་གསོལ༔ གྷ་ཎ་གུ་ཧྱ་ཨ་ཧོ༔ མ་ཧཱ་སུ་ཁ་སིདྡྷི་ཨ་ལ་ལ་ཧོ༔ ཞེས་པས་བླང་ཞིང་ཐ་མལ་ཚུལ་མ་ཡིན༔ དཀྱིལ་འཁོར་གསུམ་ལྡན་ངང་ནས་ལོངས་སྤྱོད་དོ༔ རིམ་པ་བཅུ་གཅིག་ཐ་མ་ལྷག་གཏོར་ནི༔ མཆེད་ལྕམ་ཚོགས་ལ་རོལ་པའི་ལྷག་མ་རྣམས༔ སློབ་དཔོན་མདུན་དུ་སྤུངས་ལ་ཞལ་ཆབ་བྲན༔ བདུད་རྩིར་བྱིན་བརླབ་ལྷག་ལ་དབང་བ་ཡི༔ མགྲོན་ཚོགས་རྣམས་ལ་བསྔོས་ཏེ་དགྱེས་ནས་ཀྱང༔ འཕྲིན་ལས་གང་བཅོལ་ཐོགས་མེད་བསྒྲུབས་བསམ་ལ༔ ཧྲཱི༔ ནུབ་ཕྱོགས་ཨོ་རྒྱན་བདེ་ཆེན་གཞལ་ཡས་ནས༔ སྐྱེ་བའི་ཆོ་འཕྲུལ་མ་མོ་མཁའ་འགྲོའི་ཚོགས༔ འདིར་གཤེགས་རྒྱན་གྱི་ཚོགས་གཏོར་མཆོད་པ་བཞེས༔ ཐུགས་དམ་རྒྱུད་བསྐུལ་དངོས་གྲུབ་བསྩལ་དུ་གསོལ༔ དང་པོ་ཕུད་ཀྱིས་ལྷ་ཚོགས་མི་མཆོད་དུ༔ དགོངས་འདུས་དཀྱིལ་འཁོར་ལྷ་ཚོགས་བཀའ་གསང་གཉན༔ དེ་ཕྱིར་བླ་མ་ཡི་དམ་ཕུད་ཀྱི་བདག༔ ཐུགས་དམ་གཉན་པོ་བསྐང་ཕྱིར་བཞེས་སུ་གསོལ༔ བར་དུ་ལྷག་མས་སྲུང་མ་མི་མཆོད་དུ༔ དུས་གསུམ་དུས་དྲུག་རྒྱུ་བའི་ཉུལ་ལེ་དང༔ མ་མོ་མཁའ་འགྲོའི་ཚོགས་རྣམས་ལྷག་ལ་དགྱེས༔ ལྷག་ལ་དགྱེས་རྣམས་ལྷག་མའི་གཏོར་མ་ལོངས༔ ཐ་མ་གཉིས་མེད་གཅིག་ཏུ་མི་བསྲེ་རུ༔ ཆོས་ཉིད་དབྱིངས་སུ་ཡེ་ནས་རྒྱུ་འབྲས་གཅིག༔ མཐའ་དབུས་ཐོག་མཐའ་མེད་པའི་ངང་ཉིད་ནས༔ འཁོར་འདས་ཕྱམ་བརྡལ་དུ་མ་རོ་གཅིག་གོ༔ ཧྲཱི༔ དཔལ་གྱི་བཀའ་ཉན་རོལ་པའི་ལྷག་སྡུད་མ༔ ཡེ་ཤེས་གྲུབ་ཀྱང་ལས་ཀྱི་མཁའ་འགྲོའི་ཚོགས༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་ལུགས་ཅན༔ མཁའ་འགྲོ་གིང་དང་ཤུགས་འགྲོ་ལ་སོགས་པ༔ དཀྱིལ་འཁོར་མུ་རན་སྐྱོང་ཞིང་བསྟན་པ་སྐྱོང༔ ཀུན་ཀྱང་གནས་བཟང་དུར་ཁྲོད་རབ་འཇིགས་འཛིན༔ གོས་བཟང་རོ་རས་ཞིང་ཆེན་གཡང་གཞི་གྱོན༔ སྐྱོག་བཟང་བྷཉྫ་ཁྲག་བཀང་ལག་ན་ཐོགས༔ ཟས་བཟང་གཏོར་མ་ཤ་ཆེན་ལྷག་མ་ཟ༔ སྐྱེམས་བཟང་བདུད་རྩི་རཀྟ་སུ་ར་འཐུང༔ དམ་ཚིག་སྲུང་ཞིང་ཐོགས་མེད་མཁའ་ལ་འགྲོ༔ དམ་ཚིག་ཅན་གྱི་གྲོགས་མཛད་དངོས་གྲུབ་སྟེར༔ དམ་ཉམས་རྣམས་ཀྱི་སྲོག་གཅོད་བཀའ་ཆད་འབེབ༔ འདིར་གཤེགས་ལྷག་གཏོར་བདུད་རྩི་འདི་བཞེས་ལ༔ སྔོན་ཚེ་དབང་ཆེན་འབར་བའི་བཀའ་ལུང་བཞིན༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ གནོད་བྱེད་དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ སརྦ་ཌཱ་ཀི་ནཱི་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ ཨུ་ཙིཥྚ་བ་ལིཾ་ཏ་བྷྱོ༔ བ་ལིཾ་ཏ་བྷཀྵ་སི་སྭཱ་ཧཱ༔ དེ་ལྟར་ལྷག་མར་བཅས་ཏེ་ཚོགས་ལས་འགྲུབ༔ སྤྱི་དོན་བཅུ་གསུམ་ཛཔ྄་ཀྱི་བསྙེན་པ་དང༔ ཁ་བསྒྱུར་རིམ་པ་ལས་ལ་སྦྱར་ཚུལ་ནི༔ ཞི་རྒྱས་དབང་དྲག་ལས་ནི་གང་བྱེད་རྣམས༔ སྐབས་འདིར་སོ་སོའི་གཞུང་ནས་འབྱུང་རྣམས་བྱ༔ ࿊ ཕྱི་སྒྲུབ་ལུས་དཀྱིལ་ལས་འབྱུང་བའི་མན་ངག་རྩ་བའི་བསྙེན་པ་ནི༔ ཨཱོཾ་བཛྲ་བྷ་ར་ཧི༔ ཧྲཱིཿམ་དྷཱ་ཀི་ནཱི་ཧ་རི་ནི་ས༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ ࿊ ཐུགས་སྒྲུབ་ལས། ཨཱོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ མཆན། སྤྱི་དོན་བཅུ་བཞི་ཕྲིན་ལས་བསྐུལ་བ་ནི༔ རྣལ་འབྱོར་ཆས་ཀྱིས་བརྒྱན་ཅིང་གཟི་བརྗིད་བསྐྱེད༔ གཏོར་མར་སྨན་རཀ་སྦྲེང་ཞིང་རོལ་མོ་བསྒྲག༔ དཔའ་རྩལ་དབྱུང་ལ་རིག་པའི་ངར་དང་བཅས༔ གྱེར་གྱི་ཚིག་དང་མཐུན་པའི་དམིགས་པ་བསྒོམ༔ འཆམ་སྟབས་དང་བཅས་འདི་སྐད་དྲག་ཏུ་བསྐུལ༔ བྷྱོ༔ མི་མངོན་དབྱིངས་ན་བཞུགས་པའི་མཁའ་འགྲོའི་ཚོགས༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་འགྲོ་བ་སེམས་ཅན་དོན་ལ་བསྐུལ༔ མཛོད་ཅིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་ལས་མཁན་དམག་ཏུ་སྦྲན༔ གནོད་བྱེད་གདུག་པའི་དགྲ་བགེགས་རྡུལ་དུ་རློགས༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཐོད་པ་དགུ་བརྩེགས་ཆོས་འབྱུང་གཞལ་ཡས་ནས༔ ཆོས་སྐུ་ཡེ་ཤེས་མཁའ་འགྲོ་སྐུ་བཞེངས་ཤིག༔ ལོངས་སྐུ་བདེ་ཆེན་མཁའ་འགྲོ་སྐུ་བཞེངས་ཤིག༔ སྤྲུལ་སྐུ་སྣ་ཚོགས་མཁའ་འགྲོ་སྐུ་བཞེངས་ཤིག༔ དགྲ་བགེགས་བདུད་འདུལ་མཁའ་འགྲོ་སྐུ་བཞེངས་ཤིག༔ སྟངས་འཛིན་དམ་ཚིག་མཁའ་འགྲོ་སྐུ་བཞེངས་ཤིག༔ དཀར་མོ་སྐུ་ཡི་སྤྲུལ་པ་ཉི་ཁྲི་འབུམ༔ དམར་མོ་གསུང་གི་སྤྲུལ་པ་ཉི་ཁྲི་འབུམ༔ སྔོན་མོ་ཐུགས་ཀྱི་སྤྲུལ་པ་ཉི་ཁྲི་འབུམ༔ སེར་མོ་ཡོན་ཏན་སྤྲུལ་པ་ཉི་ཁྲི་འབུམ༔ ལྗང་མོ་ཕྲིན་ལས་སྤྲུལ་པ་ཉི་ཁྲི་འབུམ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་སྐུ་བཞེངས་ཤིག༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་སྐུ་བཞེངས་ཤིག༔ འཇིག་རྟེན་ལས་ཀྱི་མཁའ་འགྲོ་སྐུ་བཞེངས་ཤིག༔ དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་ལས་མཁན་དམག་ཏུ་སྦྲན༔ གནོད་བྱེད་གདུག་པའི་དགྲ་བགེགས་རྡུལ་དུ་རློགས༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ ཧྲཱི༔ ཀུན་རྫོབ་དོན་དམ་བློ་འདས་ཆོས་ཀྱི་དབྱིངས༔ ལོངས་སྤྱོད་རྫོགས་སྐུ་མཚན་དང་དཔེ་བྱད་འབར༔ སྤྲུལ་པ་སྐུ་ཡི་མ་མོ་མཁའ་འགྲོ་འབུམ༔ མཁའ་འགྲོའི་གཙོ་མཆོག་དབང་ཆེན་རྟ་མགྲིན་ནི༔ སྐུ་མདོག་དམར་འོད་རབ་ཏུ་འབར་བ་ལས༔ སྲིད་གསུམ་དབང་དུ་སྡུད་པའི་དཔའ་བོ་འབུམ༔ སྤྱི་གཙུག་རྟ་མགོ་ལྗང་ཞུར་འཚེར་བ་ལས༔ རྫུ་འཕྲུལ་མྱུར་མགྱོགས་ལྡན་པའི་དཔའ་བོ་འབུམ༔ ཁྲོ་ཞལ་དམར་པོ་ཅུང་ཟད་བཞད་པ་ལས༔ བདེ་ཆེན་ལས་ལ་ཁོལ་བའི་དཔའ་བོ་འབུམ༔ མཆེ་བ་ཟླ་ཚེས་དཀར་པོ་གཙིགས་པ་ལས༔ འཁོར་བ་རྩད་ནས་གཅོད་པའི་དཔའ་བོ་འབུམ༔ རྟ་ཞལ་སྤྱན་གསུམ་གྱེན་དུ་གཟིགས་པ་ལས༔ སྐུ་གསུམ་ལྷུན་གྱིས་གྲུབ་པའི་དཔའ་བོ་འབུམ༔ ཁྲོ་ཞལ་སྤྱན་གསུམ་ཐུར་དུ་གཟིགས་པ་ལས༔ ཁམས་གསུམ་ཟིལ་གྱིས་གནོན་པའི་དཔའ་བོ་འབུམ༔ ཕྱག་གཡས་ཟངས་ཀྱི་གྲི་གུག་བསྣམས་པ་ལས༔ རྣམ་རྟོག་དྲ་བ་གཅོད་པའི་དཔའ་བོ་འབུམ༔ ཕྱག་གཡོན་ཐོད་པ་ཁྲག་བཀང་བསྣམས་པ་ལས༔ བདེ་བ་ལམ་དུ་སློང་བའི་དཔའ་བོ་འབུམ༔ ཁ་ཊྭཱཾ་རྩེ་གསུམ་རབ་ཏུ་འབར་བ་ལས༔ དུག་གསུམ་རྩད་ནས་གཅོད་པའི་དཔའ་བོ་འབུམ༔ ཐོད་པ་ཚར་གསུམ་རབ་ཏུ་བརྒྱན་པ་ལས༔ དུར་ཁྲོད་མཁའ་འགྲོ་འདུལ་བའི་དཔའ་བོ་འབུམ༔ ཌཱ་མ་རུ་ཡི་སྒྲ་ཆེན་འཁྲོལ་བ་ལས༔ སྙན་བརྒྱུད་གདམས་པ་འཛིན་པའི་དཔའ་བོ་འབུམ༔ ཐོད་པ་སྐམ་པོས་དབུ་རྒྱན་བྱས་པ་ལས༔ སངས་རྒྱས་རབས་བདུན་ལྡན་པའི་དཔའ་བོ་འབུམ༔ རིན་ཆེན་སྣ་ལྔས་དབུ་ལ་བརྒྱན་པ་ལས༔ རིགས་ལྔ་མཁའ་ལ་འཕྱོ་བའི་དཔའ་བོ་འབུམ༔ གཡུང་དྲུང་དམར་པོ་གྱེན་དུ་འཁྱིལ་བ་ལས༔ ཉོན་མོངས་བག་ཆགས་སྲེག་པའི་དཔའ་བོ་འབུམ༔ དགའ་བའི་འཁོར་ལོ་རབ་ཏུ་བསྐོར་བ་ལས༔ བདེ་སྟོང་གཉིས་མེད་རྟོགས་པའི་དཔའ་བོ་འབུམ༔ ཕྱག་གཉིས་གསེར་གྱི་གདུ་བུ་འཁྲོལ་བ་ལས༔ སྲོག་གཅོད་ཉོན་མོངས་སྤོང་བའི་དཔའ་བོ་འབུམ༔ དཔུང་པའི་རྒྱན་ཆ་རབ་ཏུ་མཛེས་པ་ལས༔ ཉོན་མོངས་གཉེན་པོས་འདུལ་བའི་དཔའ་བོ་འབུམ༔ སྙན་ཆ་གསེར་གྱི་འཁོར་ལོས་སྤྲས་པ་ལས༔ དམ་ཚིག་ཚུལ་བཞིན་སྲུང་བའི་དཔའ་བོ་འབུམ༔ དབུ་སྐྲ་རལ་པ་སེ་ཡན་འཕྱོ་བ་ལས༔ འགྲོ་རྣམས་བདེ་ལ་བཀོད་པའི་དཔའ་བོ་འབུམ༔ རུས་པའི་རྒྱན་ཆས་རབ་ཏུ་མཛེས་པ་ལས༔ འདོད་ཡོན་གནས་སུ་དག་པའི་དཔའ་བོ་འབུམ༔ གསེར་གྱི་དྲིལ་ཆུང་གཡེར་ཁ་འཁྲོལ་བ་ལས༔ སྟོང་གསུམ་ཆོས་སྒྲ་སྒྲོག་པའི་དཔའ་བོ་འབུམ༔ མི་མགོ་ལྔ་བཅུས་དོ་ཤལ་བྱས་པ་ལས༔ འཁོར་བ་དབྱིངས་སུ་འདྲེན་པའི་དཔའ་བོ་འབུམ༔ ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་བསྒྲད་པ་ལས༔ འཁོར་བའི་འདམ་ནས་སྒྲོལ་བའི་དཔའ་བོ་འབུམ༔ དྲེགས་པ་ཕོ་མོ་ཞབས་ཀྱིས་མནན་པ་ལས༔ གདུག་པ་དབྱིངས་སུ་སྒྲོལ་བའི་དཔའ་བོ་འབུམ༔ རོ་ཡི་སྟེང་ན་བརྗིད་པར་བཞུགས་པ་ལས༔ དུར་ཁྲོད་ཤ་ལ་རོལ་པའི་དཔའ་བོ་འབུམ༔ བསྐལ་པའི་མེ་དཔུང་ཀློང་ན་བཞུགས་པ་ལས༔ ཐ་དད་རྟོག་པ་སྒྲོལ་བའི་དཔའ་བོ་འབུམ༔ སྤྱི་གཙུག་བདེ་ཆེན་འཁོར་ལོ་འབར་བ་ལས༔ ལྟ་བ་ཉམས་སུ་ལེན་པའི་དཔའ་བོ་འབུམ༔ མགྲིན་པ་ལོངས་སྤྱོད་འཁོར་ལོ་འབར་བ་ལས༔ མ་བསྒོམ་བྱིན་གྱིས་རློབ་པའི་དཔའ་བོ་འབུམ༔ སྙིང་ཁ་ཆོས་ཀྱི་འཁོར་ལོ་འབར་བ་ལས༔ སྤྱོད་པ་སྣ་ཚོགས་བསྒྱུར་བའི་དཔའ་བོ་འབུམ༔ ལྟེ་བ་སྤྲུལ་པའི་འཁོར་ལོ་འབར་བ་ལས༔ འབྲས་བུ་དགོས་འདོད་འབྱུང་བའི་དཔའ་བོ་འབུམ༔ གསང་གནས་བདེ་སྤྱོད་འཁོར་ལོ་འབར་བ་ལས༔ གཉིས་མཉམ་མཁའ་ལ་རོལ་པའི་དཔའ་བོ་འབུམ༔ དཔའ་བོ་ཐམས་ཅད་སྐུ་ལས་སྤྲུལ་མཛད་པའི༔ དབང་ཆེན་རྟ་མགྲིན་ལྷ་ཚོགས་སྐུ་བཞེངས་ཤིག༔ དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་ལས་མཁན་དམག་ཏུ་སྦྲན༔ གནོད་བྱེད་གདུག་པའི་དགྲ་བགེགས་རྡུལ་དུ་རློགས༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ བྷྱོ་ཧྲཱི༔ རི་རྒྱལ་ལྷུན་པོ་བརྩེགས་པའི་ལྷོ་ཕྱོགས་སུ༔ ཕོ་བྲང་རྡོ་རྗེ་གདན་གྱི་བྱང་ཕྱོགས་ནས༔ ཨུ་རྒྱན་ཡུལ་གྱི་རང་བྱུང་དུར་ཁྲོད་ནས༔ རི་བོ་ཐམས་ཅད་ཀིང་ཆེན་རུས་པའི་རི༔ རྩི་ཤིང་ནགས་ཚལ་ཐམས་ཅད་མདའ་དང་མདུང༔ འབབ་པའི་ཆུ་ཀླུང་ཐམས་ཅད་ཁྲག་དང་ཞག༔ སྒྲ་སྐད་ཐམས་ཅད་མ་མོ་མཁའ་འགྲོའི་སྐད༔ ཁྲོ་བོ་ཁྲོ་མོ་རྒྱུ་བར་མི་ནུས་ཤིང༔ སྟོབས་ཆེན་རྣམས་ཀྱང་རབ་ཏུ་འཇིགས་པའི་ས༔ ཕྱོགས་བཅུ་དུས་གསུམ་མཁའ་འགྲོ་བཞུགས་པའི་གནས༔ དེ་ལྟ་བུ་ཡི་ཕོ་བྲང་དུར་ཁྲོད་ནས༔ ཁམས་གསུམ་སྲིད་པ་གསུམ་གྱི་གཙོ་མོ་སྟེ༔ དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ༔ དཔའ་མོ་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ༔ རྣལ་འབྱོར་དབང་ཕྱུག་ཆེན་མོ་དེ་ན་བཞུགས༔ ཁྲོ་མོ་རྡོ་རྗེ་ཕག་མོ་དེ་ན་བཞུགས༔ སྐུ་མདོག་མཐིང་ནག་རབ་ཏུ་འབར་བ་ལས༔ བདེ་ཆེན་ལས་ལ་ཁོལ་བའི་མཁའ་འགྲོ་འབུམ༔ ཞབས་གཉིས་བརྐྱང་བསྐུམ་ཚུལ་དུ་བཞུགས་པ་ལས༔ བདུད་བཞི་ཐལ་བར་བརླག་པའི་མཁའ་འགྲོ་འབུམ༔ ཀུན་རྫོབ་རང་བཞིན་ཁྲོ་ཞལ་ནག་མོ་ལས༔ སྣང་སྲིད་ཟིལ་གྱིས་གནོན་པའི་མཁའ་འགྲོ་འབུམ༔ དོན་དམ་རང་བཞིན་ཕག་ཞལ་ནག་མོ་ལས༔ བརྒྱལ་ནད་སྨྱོ་འབོག་གཏོང་བའི་མཁའ་འགྲོ་འབུམ༔ སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས་པ་ལས༔ རྣལ་འབྱོར་བར་ཆད་སེལ་བའི་མཁའ་འགྲོ་འབུམ༔ ཞལ་གཅིག་རབ་གདངས་མཆེ་བ་གཙིགས་པ་ལས༔ སྐྱེ་ཤི་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ༔ དབུ་སྐྲ་ནག་པོ་གྱེན་ཐུར་གཟིངས་པ་ལས༔ སེམས་ཅན་བདེ་ལ་འགོད་པའི་མཁའ་འགྲོ་འབུམ༔ ཕྱག་གཡས་རྡོ་རྗེ་གྲི་གུག་ཕྱར་བ་ལས༔ སྲོག་གཅོད་ཚེ་ལེན་བྱེད་པའི་མཁའ་འགྲོ་འབུམ༔ ཕྱག་གཡོན་བྷནྡྷ་ཁྲག་བཀང་བསྣམས་པ་ལས༔ ཁྲག་ནད་རྒྱུ་གཟེར་གཏོང་བའི་མཁའ་འགྲོ་འབུམ༔ ཁ་ཊྭཱཾ་རྩེ་གསུམ་རབ་ཏུ་འབར་བ་ལས༔ གནས་ལུགས་སྟོང་ཉིད་རྟོགས་པའི་མཁའ་འགྲོ་འབུམ༔ ཡུ་བ་ཐོད་སྐམ་རྩེ་གསུམ་སྤྲས་པ་ལས༔ དུག་གསུམ་དབྱིངས་སུ་སྡུད་པའི་མཁའ་འགྲོ་འབུམ༔ དར་སྣ་ལྔ་ཡི་རྒྱལ་མཚན་ཕྱར་བ་ལས༔ བདུད་ཀྱི་རུ་མཚོན་སྙོལ་བའི་མཁའ་འགྲོ་འབུམ༔ གསེར་གྱི་དྲིལ་ཆུང་སྒྲ་སྙན་འཁྲོལ་བ་ལས༔ སྙན་བརྒྱུད་གདམས་པ་སྤེལ་བའི་མཁའ་འགྲོ་འབུམ༔ རྡོ་རྗེ་ཕྱེད་པས་སྟེང་ཁེབས་བྱས་པ་ལས༔ དགྲ་བགེགས་གཡུལ་ངོ་ཟློག་པའི་མཁའ་འགྲོ་འབུམ༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ་ལས༔ རིགས་ལྔས་འགྲོ་དོན་མཛད་པའི་མཁའ་འགྲོ་འབུམ༔ གླང་ཆེན་ཀོ་རློན་སྟོད་ཁེབས་བྱས་པ་ལས༔ དཔའ་གཏུམ་ཉམས་དང་ལྡན་པའི་མཁའ་འགྲོ་འབུམ༔ སྐུ་སྨད་སྟག་གི་ཤམ་ཐབས་དཀྲིས་པ་ལས༔ སྡེ་བརྒྱད་ཟིལ་གྱིས་གནོན་པའི་མཁའ་འགྲོ་འབུམ༔ ཞིང་ལྤགས་རློན་པས་རྐེད་ཆིངས་བྱས་པ་ལས༔ ལོག་རྟོག་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ༔ མི་མགོ་ལྔ་བཅུས་དོ་ཤལ་བྱས་པ་ལས༔ དགྲ་བགེགས་རྡུལ་དུ་རློག་པའི་མཁའ་འགྲོ་འབུམ༔ རུས་པའི་རྒྱན་གྱིས་རབ་ཏུ་བརྒྱན་པ་ལས༔ རྟོག་མེད་ཉམས་དང་ལྡན་པའི་མཁའ་འགྲོ་འབུམ༔ ཞལ་ལ་རཀྟའི་ཐིག་ལེས་བརྒྱན་པ་ལས༔ འདོད་ཆགས་གནས་སུ་དག་པའི་མཁའ་འགྲོ་འབུམ༔ མཁུར་ཚོས་ཞག་གི་ཟོ་རིས་གསལ་བ་ལས༔ ཞེ་སྡང་ལོག་རྟོག་འཇོམས་པའི་མཁའ་འགྲོ་འབུམ༔ རྩིབ་ལོགས་ཐལ་ཆེན་ཚོམ་བུས་བྱུགས་པ་ལས༔ ང་རྒྱལ་དབྱིངས་སུ་སྒྲོལ་བའི་མཁའ་འགྲོ་འབུམ༔ དུས་མཚན་དམར་མོ་ཞབས་ཀྱིས་མནན་པ་ལས༔ བདུད་དང་མུ་སྟེགས་འདུལ་བའི་མཁའ་འགྲོ་འབུམ༔ མི་རོའི་གདན་ལ་རབ་ཏུ་གནས་པ་ལས༔ དུར་ཁྲོད་ཤ་ལ་རོལ་པའི་མཁའ་འགྲོ་འབུམ༔ སྤྱི་བོ་བདེ་ཆེན་འདུས་པའི་འཁོར་ལོ་ནས༔ དཀར་མོ་སྐུ་ཡི་སྤྲུལ་པ་མཁའ་འགྲོ་འབུམ༔ མགྲིན་པ་རོ་རྣམས་འདུས་པའི་འཁོར་ལོ་ནས༔ དམར་མོ་གསུང་གི་སྤྲུལ་པ་མཁའ་འགྲོ་འབུམ༔ དྲན་པ་རྣམ་པར་བཀོད་པའི་འཁོར་ལོ་ནས༔ སྔོན་མོ་ཐུགས་ཀྱི་སྤྲུལ་པ་མཁའ་འགྲོ་འབུམ༔ ལྟེ་བ་སྐྱེད་བྱེད་སྤྲུལ་པའི་འཁོར་ལོ་ནས༔ སེར་མོ་ཡོན་ཏན་སྤྲུལ་པ་མཁའ་འགྲོ་འབུམ༔ གསང་གནས་མྱོང་བྱེད་བདེ་བའི་འཁོར་ལོ་ནས༔ ལྗང་ནག་ཕྲིན་ལས་སྤྲུལ་པ་མཁའ་འགྲོ་འབུམ༔ སྐུ་མདོག་མཐིང་ནག་ཐུགས་ཀྱི་བེའུ་ནས༔ ཡང་དག་བདེ་ཆེན་རྟོགས་པའི་མཁའ་འགྲོ་འབུམ༔ ཆོས་འབྱུང་དགའ་བ་དམར་པོ་འཁྱིལ་བ་ལས༔ སྣང་བ་དབང་དུ་སྡུད་པའི་མཁའ་འགྲོ་འབུམ༔ བསྐལ་པའི་མེ་དཔུང་ཀློང་དུ་བཞུགས་པ་ལས༔ ཉོན་མོངས་དུག་ལྔ་སྲེག་པའི་མཁའ་འགྲོ་འབུམ༔ དེ་ལ་སོགས་ཏེ་འབུམ་ཕྲག་མཁའ་འགྲོ་ཡི༔ མཁའ་འགྲོ་མང་པོ་སྐུ་ལས་སྤྲུལ་མཛད་ཅིང༔ ཉོན་མོངས་དགྲ་བགེགས་གདུག་པ་མ་ལུས་འདུལ༔ མཁའ་འགྲོ་གནམ་ཞལ་རྡོ་རྗེ་མཁའ་འགྲོ་མ༔ ཡུམ་ཆེན་ཕག་མོ་འཁོར་བཅས་སྐུ་བཞེངས་ཤིག༔ དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་ལས་མཁན་དམག་ཏུ་སྦྲན༔ གནོད་བྱེད་གདུག་པའི་དགྲ་བགེགས་རྡུལ་དུ་རློགས༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ ཧྲཱི༔ གནས་དང་ཡུལ་དང་དུར་ཁྲོད་ལ་སོགས་པ༔ ས་འོག་ས་སྟེང་ས་བླར་རྒྱུ་བ་ཡི༔ དཔའ་བོ་མཁའ་འགྲོ་གིང་དང་ཤུགས་འགྲོ་དང༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཕོ་ཉར་བཅས༔ སྤྲུལ་དང་ཡང་སྤྲུལ་འཁོར་དང་ཡང་འཁོར་ཏེ༔ བསྟན་སྲུང་དམ་ཅན་རྒྱ་མཚོ་སྐུ་བཞེངས་ཤིག༔ དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་ལས་མཁན་དམག་ཏུ་སྦྲན༔ གནོད་བྱེད་གདུག་པའི་དགྲ་བགེགས་རྡུལ་དུ་རློགས༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ སྤྱི་དོན་བཅོ་ལྔ་གཏོར་མ་ཟོར་དུ་བཏེག༔ དུས་བཞིའི་འགྱུ་སྟབས་བསྟུན་ཅིང་གར་དམིགས་སུ༔ ནད་ཡམས་དུག་དང་མཚོན་ཆའི་ཆར་དབབ་ནས༔ གནོད་བྱེད་དགྲ་བགེགས་རྡུལ་དུ་བརླག་བསམ་ཞིང༔ བྷྱོ༔ ཕྱོགས་བཅུ་དུས་གསུམ་བདེ་གཤེགས་བཅོམ་ལྡན་འདས༔ བླ་མ་ཡི་དམ་མཁའ་འགྲོ་བཅས་རྣམས་དང༔ སྔགས་འཆང་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱིས༔ བསྒྲུབས་ཤིང་འབད་པ་དྲག་པོའི་གཏོར་ཟོར་འདི༔ སྡང་དགྲ་གནོད་བྱེད་དགྲ་བགེགས་སྟེང་དུ་འཕེན༔ ཕྱོགས་མཚམས་སྟེང་འོག་གནས་པའི་ལྷ་སྲིན་ཚོགས༔ མ་ཡོ་མ་འདུར་གཟུ་དང་དཔང་མཛོད་ལ༔ སྒོ་ཕྱེས་འཕྲང་སོལ་རུ་ང་ཕྲག་མ་དོག༔ དགྲ་བགེགས་སྟེང་དུ་ཟོར་གྱི་ལམ་སྣ་དྲོངས༔ དམ་རྫས་གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ སྡང་བའི་དགྲ་དང་གནོད་པར་བྱེད་པའི་བགེགས༔ ཟ་བའི་འདྲེ་དང་ཕུང་བའི་སྲི་རྣམས་ཀུན༔ སྐད་ཅིག་ཙམ་གྱིས་ཐལ་བ་རྡུལ་དུ་རློགས༔ བྷྱོ༔ དྲག་ཅིང་རྩུབ་པའི་གཏོར་ཟོར་གཉན་པོ་འདི༔ སྡང་དགྲ་གནོད་བྱེད་བགེགས་ཀྱི་སྟེང་དུ་རྒྱོབ༔ བྷྱོ་བྷྱོ་སྡང་བར་བྱེད་པའི་དགྲ་ལ་བྷྱོ༔ བྷྱོ་བྷྱོ་གནོད་པར་བྱེད་པའི་བགེགས་ལ་བྷྱོ༔ བྷྱོ་བྷྱོ་ཟ་བར་བྱེད་པའི་འདྲེ་ལ་བྷྱོ༔ བྷྱོ་བྷྱོ་ཕུང་བར་བྱེད་པའི་སྲི་ལ་བྷྱོ༔ དམ་ཉམས་དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ བདུན་རྒྱུད་མ་ལུས་རྩད་ནས་ཆོད་ལ་ཤོག༔ རྣོ་བའི་རུ་མཚོན་དགྲ་བགེགས་སྟེང་དུ་ཕོབ༔ དྲག་པོའི་ལས་འདི་མྱུར་དུ་འགྲུབ་པར་མཛོད༔ ཅེས་པས་སྲུང་མའི་གཏོར་མ་ཟོར་དུ་འཕང༔ གཏོར་རྩེ་རླུང་ལྷས་མ་ལོག་ཐེབས་པའི་རྟགས༔ བྷྱོཿགདབ་དུད་མོ་བཏུལ་ཞིང་དམོད་མོ་དྲང༔ དགྲ་བགེགས་ཐམས་ཅད་རྗེས་མེད་བཏང་བར་དམིགས༔ སྤྱི་དོན་བཅུ་དྲུག་ཐ་ཚིག་ཆད་མདོ་ནི༔ བྷྱོ༔ འདས་དུས་སྔོན་ནས་ད་ལྟའི་བར་དག་ཏུ༔ རྒྱལ་བའི་བཀའ་བཞིན་ལུང་གི་ཕོ་ཉ་མོ༔ ཐ་ཚིག་འཛིན་པ་མ་མོ་མཁའ་འགྲོའི་ཚོགས༔ རྣལ་འབྱོར་དྲོད་ཉུལ་བཀའ་ཡི་བྱ་ར་བ༔ རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས༔ དེ་བཞིན་རིགས་སོགས་མ་སྲིང་རྒྱ་མཚོ་རྣམས༔ སོ་སོས་ལས་ཀྱི་གཉེར་ལེན་བྱས་པའི་ཚེ༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་བ་དང༔ དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད་པ་དང༔ དམ་ཚིག་ཅན་གྱི་སྟོངས་གྲོགས་བགྱིད་པ་དང༔ དམ་ཉམས་རྣམས་ལ་བཀའ་ཆད་འབེབ་པ་དང༔ གནོད་བྱེད་དགྲ་བགེགས་འབྱུང་པོ་འདུལ་བ་དང༔ ཞི་རྒྱས་དབང་དྲག་ལས་རྣམས་བགྱིད་པ་དང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ དངོས་གྲུབ་རྣམ་གཉིས་སྤེལ་བར་མ་ཆད་དམ༔ ཕྱི་ནང་བར་ཆད་ཟློག་པར་མ་ཆད་དམ༔ ཁས་བླངས་བཞིན་དུ་དམ་ལས་མ་འདའ་བར༔ དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག༔ བདུད་རྩི་སྨན་གྱི་མཆོད་པ་འདི་བཞེས་ཤིག༔ རཀྟ་དམར་གྱི་ཨརྒྷཾ་འདི་བཞེས་ཤིག༔ ཕྱི་ནང་གསང་བའི་མཆོད་གཏོར་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ ཁས་བླངས་བཞིན་དུ་བདག་གིས་ཁྱེད་མཆོད་པས༔ གཉེར་གཏད་བཞིན་དུ་ལས་རྣམས་མྱུར་དུ་སྒྲུབས༔ གཉིས་ཀ་སྔོན་གྱི་དམ་བཅས་དེ་བཞིན་དུ༔ ཁྱེད་ཀྱང་མ་འགལ་བདག་ཀྱང་མི་འགལ་ཞིང༔ གཉིས་ཀ་བཀའ་དང་དམ་ལས་མི་འདའ་བར༔ བླ་མེད་དོན་གྱི་འབྲས་བུ་མྱུར་ཐོབ་ཤོག༔ སྤྱི་དོན་བཅུ་བདུན་བརྟན་མ་འདི་ལྟར་བསྐྱང༔ བྷྱོ༔ ཕྱི་ཡི་བསྟན་སྐྱོང་རྒྱུ་སྐར་ཉི་ཤུ་བརྒྱད༔ ནང་གི་བསྟན་སྐྱོང་དབང་ཕྱུག་ཉི་ཤུ་བརྒྱད༔ གསང་བའི་བསྟན་སྐྱོང་མཁའ་འགྲོ་སྡེ་ལྔའི་ཚོགས༔ བོད་ཁམས་བསྟན་སྐྱོང་བརྟན་མ་བཅུ་གཉིས་ཏེ༔ གངས་རི་གཡའ་རྩེ་ལུ་མ་སྐྱེད་མོས་ཚལ༔ གནས་དང་དུར་ཁྲོད་ཆུ་གླིང་བས་མཐའ་དང༔ ནགས་ཆེན་གྲོག་མཁར་མཆོད་རྟེན་གཙུག་ལག་ཁང༔ ས་འོག་ས་སྟེང་ས་བླ་ལ་སོགས་པའི༔ ཕྱི་ནང་དབེན་ཁང་སྒྲུབ་གནས་ལ་སོགས་པའི༔ བསྟན་སྐྱོང་མ་ལུས་འཁོར་དང་བཅས་པ་རྣམས༔ འདིར་གཤེགས་བཀའ་ཡི་གཏོར་མ་འདི་ལོངས་ལ༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་བ་དང༔ དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད་པ་དང༔ སྒྲུབ་པ་པོ་ཡི་སྡོངས་གྲོགས་བགྱིད་པ་དང༔ ཡོན་གྱི་བདག་པོའི་བར་ཆད་བཟློག་པ་དང༔ གནོད་བྱེད་དགྲ་བགེགས་མ་ལུས་སྒྲོལ་ལ་སོགས༔ བཅོལ་པའི་ལས་རྣམས་མྱུར་དུ་འགྲུབ་པར་མཛོད༔ ཅེས་བརྗོད་པ་ཙམ་གྱིས་གཏོར་ལེན་ཡང་འདུས་ནས༔ གཏོར་མ་བླང་ཞིང་ཕྲིན་ལས་སྒྲུབ་པར་བསམ་ཞིང༔ སྤྱི་དོན་བཅོ་བརྒྱད་གཏོར་གཞོང་མནན་པ་ན༔ སྒྲུབ་ཁང་སྒོ་གདོང་འགྱུ་སྲང་བཞི་མདོ་སོགས༔ གང་དམིགས་ས་རུ་གཏོར་གཞོང་སྦུབ་པའི་འོག༔ དངོས་སམ་དམིགས་པས་དགྲ་བགེགས་རཱུ་པ་མནན༔ གཏོར་གཞོང་རི་རབ་འོག་ཏུ་དགུག་གཞུག་དང༔ ལྷ་དབྱེ་ལ་སོགས་ཐུན་གྱིས་བྲབ་བྱས་ནས༔ འཆམ་སྟབས་བྲོ་རྡུང་རོལ་ཚུལ་འདི་སྐད་དོ༔ ཧཱུྃ་ཧཱུྃ༔ གནོད་བྱེད་དགྲ་བགེགས་འབྱུང་པོ་དམ་སྲི་རྣམས༔ མནན་ནོ་རི་རབ་ཆེན་པོའི་འོག་ཏུ་མནན༔ བྱིང་ངོ་རྒྱ་མཚོ་ཆེན་པོའི་གཏིང་དུ་བྱིང༔ བརྫང་ངོ་ཆུ་སྲིན་གདུག་པའི་གྲེ་བར་བརྫང༔ བསྡམ་མོ་འཁོར་ལོ་འབར་བའི་ཕྱག་རྒྱས་བསྡམ༔ གཉེར་རོ་ཕོ་ཉ་ལས་མཁན་རྣམས་ལ་གཉེར༔ གཏད་དོ་འཆི་བདག་གཤིན་རྗེའི་ལག་ཏུ་གཏད༔ བསྐྱུར་རོ་མནར་མེད་དམྱལ་བའི་གནས་སུ་བསྐྱུར༔ ནམ་ཞིག་བྱང་ཆུབ་མཆོག་སེམས་མ་སྐྱེས་བར༔ མནན་པ་ཡིན་གྱིས་ལྡང་བར་མ་བྱེད་ཅིག༔ བཅིངས་པ་ཡིན་པས་གྲོལ་བར་མ་བྱེད་ཅིག༔ སརྦ་ཤ་ཏྲཱུཾ་ཨ་མུ་ཀ༔ ཨོཾ་ལཾ༔ ཧཱུྃ་ལཾ༔ སཏྭཾ་བྷ་ཡ༔ ན་ཤ་ཡ༔ བྷན་དྷ་ཡ༔ མཱ་ར་ཡ་ཧཱུྃ་ཕཊ྄༔ ཧཱུྃ༔ ཁྲོ་བོ་ཁྲོ་མོའི་བྲོ་རྡུང་ཆེམས་སེ་ཆེམ༔ དྲག་པོ་སྔགས་ཀྱི་སྒྲ་སྐད་དི་རི་རི༔ མ་མོ་མཁའ་འགྲོས་གར་བྱེད་ཤིགས་སེ་ཤིག༔ ཕོ་ཉ་ལས་མཁན་རྒྱུག་དང་པྲེངས་སེ་པྲེང༔ དགྲ་བགེགས་ཤ་ཁྲག་དུམ་བུ་ཐ་ར་ར༔ མཆེད་ལྕམ་རོལ་པའི་འཆམ་སྟབས་ལམས་སེ་ལམ༔ མནན་ཅིང་གཟིར་བའི་ལས་ཀྱིས་དོན་ཆེན་འགྲུབ༔ གནོད་བྱེད་དགྲ་བགེགས་སྦྱོར་བ་རྒྱུན་བཅད་དོ༔ ཞེས་པས་མནན་ཅིང་གཏོར་གཞོང་བཤལ་ཆུ་དང༔ འབྱུང་བ་མེ་ཆུས་སྟེང་ནས་གཡོགས་ལ་བཞག༔ སྤྱི་དོན་བཅུ་དགུ་ཤིས་པ་བརྗོད་པ་ནི༔ འདུས་པ་མཆེད་ལྕམ་དཔོན་སློབ་ཐམས་ཅད་ཀྱིས༔ རྟེན་འབྲེལ་སྙིང་པོ་བརྗོད་ཅིང་མེ་ཏོག་འཐོར༔ དགྱེས་པའི་འཛུམ་མདངས་བསྐྱེད་ལ་འདི་སྐད་དོ༔ ཧྲཱི༔ གདོད་ནས་རྣམ་དག་རང་བཞིན་གཅིག་པ་ལ༔ ཡེ་ཤེས་དབྱིངས་ཀྱི་དཀྱིལ་འཁོར་མངོན་དུ་གསལ༔ མ་བསྐྱེད་ལྷུན་གྱིས་གྲུབ་པའི་མཁའ་འགྲོ་མ༔ ཆོས་སྐུ་རྡོ་རྗེ་ཕག་མོའི་བཀྲ་ཤིས་ཤོག༔ རང་བྱུང་མ་འགགས་ཅིར་ཡང་སྣང་བ་ལ༔ སྣ་ཚོགས་རོལ་པའི་ཕོ་ཉ་འདུ་ཞིང་འཕྲོ༔ གར་གྱི་དབང་ཕྱུག་མཚན་དང་དཔེ་བྱད་འབར༔ ལོངས་སྐུ་རྟ་མགྲིན་དྲག་པོའི་བཀྲ་ཤིས་ཤོག༔ ཞི་རྒྱས་དབང་དང་དྲག་ཤུལ་ཕོ་བྲང་ནས༔ ལས་རྣམས་མ་ལུས་སྒྲུབ་བྱེད་མྱུར་མགྱོགས་ཅན༔ དཀར་སེར་དམར་ལྗང་རབ་ཏུ་འཁྲུགས་བྱེད་མ༔ སྤྲུལ་སྐུ་མཁའ་འགྲོ་སྡེ་ལྔའི་བཀྲ་ཤིས་ཤོག༔ ཕྱམ་བརྡལ་ཉག་གཅིག་དོན་གྱི་ཕོ་བྲང་ནས༔ ཐུགས་རྗེའི་རྩལ་འཕྲོ་འཁོར་བའི་སེམས་ཅན་རྣམས༔ ཐབས་ཀྱི་ཆོ་འཕྲུལ་འགྱེད་ཅིང་སྒྲོལ་བྱེད་མ༔ ཡེ་ཤེས་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག༔ ཀུན་རྫོབ་རྒྱུ་ཡི་སྣང་སྲིད་ཕོ་བྲང་ནས༔ ལེགས་ཉེས་སྟངས་འཛིན་བཀའ་ཡི་བྱ་ར་བ༔ ཤན་འབྱེད་ལས་ཀྱི་དྲོད་འཛིན་གཉེར་མོ་ཆེ༔ ལས་བྱེད་འཇིག་རྟེན་མཁའ་འགྲོའི་བཀྲ་ཤིས་ཤོག༔ དམ་ཅན་རྒྱ་མཚོའི་ཚོགས་ཀྱི་བཀྲ་ཤིས་ཤོག༔ ཕོ་ཉ་ལས་མཁན་རྣམས་ཀྱི་བཀྲ་ཤིས་ཤོག༔ དྲེགས་པ་སྡེ་བརྒྱད་རྣམས་ཀྱི་བཀྲ་ཤིས་ཤོག༔ སྣང་སྲིད་ལྷ་འདྲེ་རྣམས་ཀྱི་བཀྲ་ཤིས་ཤོག༔ ནད་གདོན་སྡིག་སྒྲིབ་ཞི་བའི་བཀྲ་ཤིས་ཤོག༔ ཚེ་དང་ལོངས་སྤྱོད་རྒྱས་པའི་བཀྲ་ཤིས་ཤོག༔ སྣང་སྲིད་དབང་དུ་འདུ་བའི་བཀྲ་ཤིས་ཤོག༔ བར་ཆད་དགྲ་བགེགས་འདུལ་བའི་བཀྲ་ཤིས་ཤོག༔ ཅི་བསམ་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག༔ དེ་ནས་ཞར་ལ་དངོས་གྲུབ་བླང་བ་ནི༔ དངོས་གྲུབ་རྫས་རྣམས་ལག་ཏུ་ཐོགས་བྱས་ལ༔ ཧྲཱི༔ བླ་མ་རྣམས་དང་ཡི་དམ་དཀྱིལ་འཁོར་ལྷ༔ རྟ་མགྲིན་དབང་ཆེན་རྡོ་རྗེ་ཕག་མོ་དང༔ དཔའ་བོ་དཔའ་མོ་མཁའ་འགྲོའི་ཚོགས་རྣམས་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལས༔ རྨད་བྱུང་ཡིད་བཞིན་དངོས་གྲུབ་རྫས་ཆེན་པོ༔ གཡེལ་བ་མེད་པར་མྱུར་དུ་དེང་སྩོལ་ཅིག༔ བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཐུན་མོང་ཡིད་བཞིན་དངོས་གྲུབ་བསྩལ་དུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ འཛད་མེད་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ༔ འཕྲིན་ལས་མྱུར་མགྱོགས་དངོས་གྲུབ་བསྩལ་དུ་གསོལ༔ བསམ་འགྲུབ་ཡིད་བཞིན་དངོས་གྲུབ་བསྩལ་དུ་གསོལ༔ སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ ཞེས་པས་དངོས་གྲུབ་རོལ་སོགས་བཅང་བར་བྱ༔ སྤྱི་དོན་ཉི་ཤུ་ཆོ་ག་བསྒྲུབས་ནས་ཀྱང༔ ཡི་གེ་བརྒྱ་པ་ལ་སོགས་སྤྱི་བཤགས་ཀྱིས༔ ལྷག་ཆད་ཁ་སྐོང་ཉེས་པ་བཟོད་གསོལ་བྱ༔ བཛྲ་མུ༔ཡིས་ཡེ་ཤེས་རང་གནས་གཤེགས༔ དམ་ཚིག་སེམས་དཔའ་རང་གི་སྙིང་གར་བསྡུ༔ རྫས་ཀྱི་དཀྱིལ་འཁོར་ལ་སོགས་ཡོ་བྱད་རྣམས༔ སོ་སོར་བསྡུ་ཞིང་གང་ལ་གང་འོས་ཀྱི༔ བྱ་བར་འཇུག་དང་དེ་ལས་གཞན་རྣམས་སྤྱད༔ ཐ་མ་སྤྱི་དོན་ཉེར་གཅིག་བསྔོ་བ་བྱེད་ཚུལ་ནི༔ ན་མོ༔ ཡེ་ཤེས་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ འདི་ལྟར་ལྷ་མཆོད་བསྙེན་བསྒྲུབས་བགྱིས་པ་ཡི༔ དགེ་བའི་རྩ་བར་གྱུར་པ་ཅི་མཆིས་པ༔ བདག་གཞན་བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོ༔ ཞེས་སོགས་བསྔོ་བས་རྒྱས་གདབ་བྱས་ནས་ཀྱང༔ སྣང་སྲིད་འཁོར་འདས་ཆོས་རྣམས་སྤྲོས་མེད་དབྱིངས༔ མ་སྐྱེས་མི་འགགས་ཁྱབ་བརྡལ་ཆེན་པོའི་ངང༔ དུ་མ་རོ་གཅིག་ཆུ་ལ་ཆུ་བཞག་བཞིན༔ རྣལ་འབྱོར་རྒྱལ་པོས་དེ་ལྟར་བལྟ་བར་བྱ༔ མཁའ་འགྲོ་མ་ཐམས་ཅད་སྤྱི་དྲིལ་བའི་ཕྲིན་ལས་ཚོགས་མཆོད་བསྡུས་ཏེ་བཀོད་པ༔ ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ད་ལྟ་མངའ་བདག་ཡབ་སྲས་ཀྱི་དོན་དུ་མཛད་ཅིང༔ མ་འོངས་རྗེས་འཇུག་རྣམས་ཀྱི་དོན་དུ༔ རིན་པོ་ཆེའི་གསང་གཏེར་དུ་སྦས་པའོ༔ སྐལ་ལྡན་ལས་ཅན་གསུང་གི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ཁཐཾ༔ བདག་འདྲ་རྣལ་འབྱོར་གར་གྱི་དབང་ཕྱུག་རྩལ་གྱིས། པུ་རི་ཕུག་མོ་ཆེ་ནས་བཏོན་པའོ། །ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་བཀྲ་ཤིས་པར་གྱུར་ཅིག། །།
ཕྱག་རྒྱ་ཆེན་པོ་མ་རིག་གི་མུན་པ་སེལ་བ་རིན་པོ་ཆེའི་སྒྲོན་མེ་ (Volume 57, Text 4)
༄༅༔ ཕྱག་རྒྱ་ཆེན་པོ་མ་རིག་གི་མུན་པ་སེལ་བ་རིན་པོ་ཆེའི་སྒྲོན་མེ་བཞུགས་སོ༔ ྈྈྈྈྈྈ རྒྱ་གར་སྐད་དུ༔ མ་ཧཱ་མུ་དྲཱ་བྷི་མ་ཏྲིག་རཏྣ་སྱ་དྭཱི་པེ་ནཱ་མ༔ བོད་སྐད་དུ༔ ཕྱག་རྒྱ་ཆེན་པོ་མ་རིག་མུན་པ་སེལ་བ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ༔ དུས་གསུམ་སངས་རྒྱས་ཀྱི་དགོངས་བཅུད༔ མཁའ་འགྲོའི་སྙིང་གི་གསང་གཏམ༔ བསྒོམ་ལོང་མེད་པར་སངས་རྒྱ་བའི་ཆོས་འདི་ལ༔ གང་ཟག་གི་བབས་བལྟ་བ་དང༔ དེ་ལ་གདབ་པའི་གདམས་ངག་གཉིས་སོ༔ དང་པོ་ནི་སེམས་ཅན་ཐམས་ཅད་ལུས་འབྱུང་བ་བཞི་ལས་གྲུབ་པས༔ དེའང་ལུས་ལ་འབྱུང་བ་བཞི་པོ་ཤས་ཆེ་ཆུང་འོང༔ དེ་ལ་བློ་རིག་རེ་འོངས་པས༔ སྣོད་ཀྱིས་བཅུད་བསྒྱུར་བར་བྱ་བ་ཡིན་ཏེ༔ རང་བཞིན་ངོ་བོ་ལ་འགྱུར་བ་མེད་ཀྱང་གནས་སྐབས་བློ་ཐ་དད་ནི༔ དཔེ་ཤེལ་སྒོང་དྭངས་པ་ལ་ཁ་དོག་དང་རིགས་གང་བསྟན་པ་དེ་འོང་བ་དང་འདྲ་བས༔ སྤྱིའི་བབ་དང་དབང་པོའི་མཐོ་དམན་གྱི་རིམ་པ་དང་བསྟུན་པའི་གདམས་ངག་འདེབས་ལུགས་བླ་མའི་ཞལ་ལས་ཤེས་པར་བྱའོ༔ གཉིས་པ་དངོས་གཞི་གནད་ཀྱི་གདམས་ངག་འདི་ལ་སྤྱི་དོན་དྲུག་གིས་བསྟན་ནོ༔ དེ་ལ་དང་པོ་མ་བཅོས་གནས་ལུགས་ཀྱི་ཞི་གནས་ཀྱི་གཞི་གཏན་ལ་དབབ༔ གཉིས་པ་གེགས་སེལ་བོགས་འདོན་གྱི་ཉམས་དང་དྲོད་རྟགས་བསྟན༔ གསུམ་པ་མཁན་པོ་རྩད་གཅོད་ཀྱིས་རིག་པ་ཆོས་ཉིད་གཅེར་བུར་བསྟན༔ བཞི་པ་གཉིས་མེད་རང་གྲོལ་གྱི་ལྷག་མཐོང་དུ་ངོ་སྤྲད། ལྔ་པ་གོལ་སྒྲིབ་ཀྱི་མཐའ་ཆོད་པས་བྱར་མེད་བློ་འདས་སུ་བསྟན༔ དྲུག་པ་རང་བྱུང་ལྷུན་གྲུབ་ཀྱི་སྒོམ་མེད་ཟད་སར་སྐྱེལ་བའོ༔ དང་པོ་མ་བཅོས་གནས་ལུགས་ཀྱི་ཞི་གནས་གཏན་ལ་དབབ་པ་ནི༔ ལུས་མ་བཅོས་པར་ཕྱི་ནང་གི་བྱ་བ་ཐམས་ཅད་བཏང་ལ༔ བསམ་གཏན་གྱི་ཆོས་ལྔའི་སྟེང་དུ་རང་ལུགས་སུ་ལྷོད་དེ་གཞག༔ ངག་མ་བཅོས་པར་སྨྲ་བརྗོད་དང་བྲལ་བའི་ངང་དུ་ལྷན་ནེ་གཞག༔ སེམས་མ་བཅོས་པར་གནས་ལུགས་སྤྲོས་པ་དང་བྲལ་བའི་ངང་དུ་ཁྲེས་སེ་གཞག་གོ༔ དེ་ལྟར་ལུས་ངག་ཡིད་གསུམ་ཆ་ཆ་ནས་རང་བབས་སུ་མ་བཅོས་སེམས་ལ་མ་ཡེངས་པའི་བློ་འཇོག་པ་ཙམ་ལས༔ ཅི་ཡང་མི་བསམ༔ མི་བསྒོམ༔ མི་དཔྱོད༔ ཡིད་ལ་མི་བྱེད༔ ཤེས་པ་ཡུལ་གང་ལ་ཡང་མི་འཕྲོ་བར་བཅོས་བསླད་ཐམས་ཅད་དང་བྲལ་བར་ལྷུགས་སེ་གཞག་གོ༔ དེ་ལྟར་བཞག་པའི་དུས་སུ་རྣམ་རྟོག་གཅིག་འཕྲོ་ན༔ ཕཊཿཅེས་པས་ཤིགས་ཀྱིས་བཤིག་ལ་སྔར་བཞིན་དུ་ལྷོད་དེ་གཞག༔ དེ་བཞིན་དུ་ཁམས་དང་བསྟུན་ཞིང་རྒྱུན་ཆད་མེད་པའི་ཚུལ་གྱིས་ཉམས་སུ་བླངས་པས༔ དངོས་རྒྱུའི་རྟོག་པ་རགས་པ་འགགས་ན༔ ཚོར་བའི་ཟུག་གཟེར་ཞི་སྟེ༔ བདེ་གསལ་མི་རྟོག་པའི་ངང་དུ་ལྷོད་དེ་གནས་པ་ནི༔ ཞི་གནས་ཀྱི་གཞི་རྟེན་ལ་ཕེབས་པ་སྟེ༔ ཆོས་ཉིད་དོན་དམ་པ་རྒྱུད་ལ་སྐྱེ་བ་ཡིན་ནོ༔ ྈྈྈྈྈ གཉིས་པ་གེགས་སེལ་བོགས་འདོན་གྱི་ཉམས་དང་དྲོད་རྟགས་བསྟན་པ་ནི༔ དེ་ལྟར་ཉམས་སུ་བླངས་པས༔ སྒོམ་གྱི་གེགས་བྱིང་རྒོད་ལ་སོགས་པ་བྱུང་ན༔ དེ་བསལ་ཞིང་བོགས་འདོན་པ་ནི༔ དང་པོ་གང་ཟག་རྒྱུ་ས་དང་མཁྲིས་པ་ཤས་ཆེ་བ་ལས་བྱིང་བ་འབྱུང་སྟེ༔ གཉིད་ཡུར་ཤེས་པ་ནི་འཐིབས་ནས་སེམས་རྨུགས་པས་ཏིང་ངེ་འཛིན་མི་གསལ་བའོ༔ དེ་བསལ་བའི་ཐབས་ལ༔ ཟས་གོས་སྐྱ་ཞིང་ཡང་བ་དང༔ གནས་འོད་དཀར་བསིལ་སར་བསྡད༔ ལུས་སེང་བ་དང་གཅེར་བུ་བྱ༔ ངག་ཏུ་ཕཊ་དམ་བླ་མ་ལ་གསོལ་བ་གདབ་ལ༔ རིག་པ་ཧུར་བཏོན་ལ་སླར་བྱིང་མཁན་དེ་ཉིད་ལ་གཏད་པས༔ དེའི་རང་བཞིན་སྐྱེ་མེད་ཡིན་པས༔ དེ་ལ་གཏད་པ་ཙམ་གྱི་རང་སར་ཞི་འགྲོ༔ དམ་ཚིག་ཏུ་ཉི་ཚན་དང་མུན་ནག་དུ་མི་བསྒོམ་མོ༔ དེའི་བོགས་འདོན་ནི༔ སྟེང་ལྷའི་ལྟ་སྟངས་མིག་བཙུམ་པ་མ་ཡིན༔ བགྲད་པ་ཡང་མ་ཡིན་པར་ཐད་ཀར་བྱས་ལ༔ སྟེང་གི་ནམ་མཁའ་ལ་བལྟས་ལ༔ ཤེས་པ་གསལ་སིང་ངེ་བའི་ངང་ལ་མ་བཅོས་པར་ལྷོད་དེ་བཞག་པས་གསལ་ལ་ངར་དང་བཅས་པའི་ངང་ནས་ཉམས་རྟགས་འཆར་རོ༔ གཉིས་པ་གང་ཟག་རྒྱུ་རླུང་དང་གྲང་བ་ཤས་ཆེ་བ་ལས་རྒོད་པ་འབྱུང་སྟེ༔ སེམས་མི་གནས་ཤིང་རིག་པ་བསམ་དོན་ལ་ཤོར་ནས༔ རྟོག་པ་རགས་པ་གཅིག་རྟིང་ལ་གཅིག་སྐྱེས་ནས༔ གཞི་ལ་མི་ཆགས་པར་ཏིང་ངེ་འཛིན་རྣལ་དུ་མི་ཕེབ་པའོ༔ དེ་སེལ་བ་ལ་ཟས་གོས་དྲོ་ལ་སྣུམ་པ་དང༔ གནས་དྲོ་ཞིང་དབེན་པར་བསྡད་ལ༔ ལུས་ངག་སོས་དལ་རིག་པ་འཕང་སྨད་ལ༔ སེམས་རྣལ་དུ་དབབ་ལ༔ སླར་རྒོད་མཁན་དེ་ཉིད་ལ་གཏད་པས༔ དེའི་རང་བཞིན་སྐྱེ་མེད་ཡིན་པས༔ དེ་ལ་གཏད་པ་ཙམ་གྱིས་ཞི་འགྲོའོ༔ དམ་ཚིག་ཏུ་སེར་བུ་གཡེར་སར་མི་བསྒོམ་མོ༔ དེའི་བོགས་འདོན་ནི༔ འོག་ཀླུའི་ལྟ་སྟངས་བྱས་ཏེ༔ དམ་ཚིག་གོང་བཞིན་ལ་མདུན་གྱི་ས་ལ་ཕབ་ལ༔ ཤེས་པ་ལྷོད་དྲགས་ན་གཞི་ལ་ལུས་འགྲོ་བས་སིང་ངེ་ཡེ་རེ་བའི་ངང་དུ་མ་བཅོས་པར་བཞག་པས༔ གསལ་ལ་མི་རྟོག་པའི་ཉམས་རྟགས་འཆར་རོ༔ གསུམ་པ་གང་ཟག་རྒྱུ་ཆུ་དང་བད་ཀན་ཤས་ཆེ་བ་ལས༔ ལྟེང་པ་འབྱུང་སྟེ་རིག་པ་གཞི་ལ་གློད་དེ་མ་སློང་བར་ལྟེང་ངེ་ཞེན་ན༔ རྣོ་ངར་མེད་པའི་ཏིང་ངེ་འཛིན་ལ་བོགས་མེད་པའོ༔ དེ་སེལ་བ་ལ་ཟས་གོས་ཡང་ཞིང་བསིལ་དྲོད་སྙོམས་པ་དང༔ གནས་བསིལ་དྲོད་རན་པར་བསྡད་ལ༔ རིག་པ་ཕཊ་ཅེས་གཟེངས་བསྟོད་ལ་དགོངས་པ་གསལ་གདབ༔ སླར་ལྟེང་མཁན་དེ་ཉིད་ལ་གཏད་པས་དེའི་རང་བཞིན་སྐྱེ་མེད་ཡིན་པས༔ དེ་ལ་གཏད་པ་ཙམ་གྱིས་རང་སར་ཞི་འགྲོའོ༔ དམ་ཚིག་ཏུ་སྨག་དང་གྲིབ་མ་ལ་མི་བསྒོམ་མོ༔ དེའི་བོགས་འདོན་ལ་བར་མིའི་ལྟ་སྟངས་མིག་གོང་བཞིན་བྱས་ལ། མདུན་གྱི་བར་སྣང་ལ་ཤེས་པ་མ་བཅོས་པར་བདེ་ལྷང་ངེའི་ངང་དུ་བཞག་པས་བདེ་གསལ་མདངས་དང་ལྡན་པའི་ཉམས་རྟགས་འཆར་རོ༔ དེ་ལྟ་བུའི་གསུམ་པོ་དེ་གང་བདེ་ལ་མཉམ་པར་བཞག་ཅིང༔ སྐབས་སུ་གུ་ཡངས་ནམ་མཁའི་ལྟ་སྟངས་བྱས་ནས་བསྒོམས་པས༔ རྗེས་ལ་འགྱུ་བ་གཅིག་ཐལ་བྱུང་ན་དེ་ཉིད་མ་སྤང་པར༔ བག་ཆགས་སྙུགས་བསྲིངས་པས་འདས་པའི་རྗེས་མི་གཅོད༔ འདོད་པ་འཕེལ་དྲགས་པས་མ་འོངས་པའི་སྔུན་མི་བསུ༔ འཁྲུལ་པ་འདྲིས་སླ་བས་ད་ལྟར་བ་ལ་བཟོ་མ་བཅོས་པར་སྤྲོས་མེད་བློ་འདས་ཀྱི་ངང་དུ་ལྷོད་དེ་བཞག་པས་འགྱུ་བ་རང་སར་དག་འགྲོའོ༔ དེ་ལྟར་ནན་གྱིས་བསྒོམས་པས༔ གང་ཟག་རྩལ་ཆེ་བ་རྣམས་ཀྱིས་འགྱུ་བ་མཐའ་ཆོད་དེ་མཉམ་རྗེས་གཉིས་མེད་དུ་ཤེས་པས༔ གནས་སྐབས་སུ་སེམས་ཀྱི་གོ་བ་རྙེད་པའང་ཡོད༔ དེའང་རྩལ་ཆུང་བ་རྣམས་ཀྱིས་ཀྱང་འཁོར་བའི་ཆོས་ལ་ཞེན་པ་ལོག་ཅིང༔ བླ་མ་སངས་རྒྱས་སུ་མཐོང་བའམ༔ སྒོམ་གཏོང་སྙིང་མི་འདོད་པའི་ཉམས་སྐྱེའོ༔ རྟགས་ནི་ཕྱི་ལུས་ཡོད་དུ་མི་ཚོར་བ་དང༔ ནང་དབུགས་འགྱུ་བ་མི་དྲན་པ་དང༔ གསང་བ་བདེ་གསལ་མི་རྟོག་པའི་ཉམས་བཟང་པོ་སྐྱེས་ནས་རྟོགས་པའི་ཡོན་ཏན་ཁད་ཀྱིས་འཆར་བར་འགྱུར་རོ༔ ྈྈྈྈྈ གསུམ་པ་མཁན་པོ་རྩད་གཅོད་ཀྱི་རིག་པ་ཆོས་ཉིད་གཅེར་བུར་བསྟན་པ་ནི༔ མཉམ་གཞག་མ་བཅོས་པའི་ངང་དེ་ཉིད་ནས་རྗེས་ཀྱི་འགྱུ་བ་ངོས་བཟུང་སྟེ༔ དེའང་ཞི་གནས་ཀྱི་ཉམས་འཐུག་པོ་ལ་ཞེན་ནས༔ རྗེས་ཀྱི་འགྱུ་བ་མ་བྱུང་ན་ཆོས་ཉིད་ངོས་མི་ཟིན་པས༔ རྣམ་རྟོག་འགྱུ་རུ་ཡེ་མི་གཞུག་ཅིང༔ འགྱུས་ན་སྒོམ་མི་ཡོང་ངོ་བྱས་ན༔ དེའི་རྟེན་འབྲེལ་གྱིས་འགྱུ་བ་ཟིང་གིས་ཡོང༔ དེས་ན་བག་ཆགས་ཀྱི་རྣམ་རྟོག་ཕྲ་རགས་སྦོམ་གསུམ་གྱི་འགྱུ་བ་གང་སྐྱེས་པ་དེ་ལ་སྐྱོན་དུ་མི་གཟུང་ཞིང་མི་སྤང་བར་རྣམ་རྟོག་གང་སྐྱེས་དེ་རང་ལ་གཅེར་གྱིས་བལྟ་བ་དང༔ གཟུགས་ཁ་དོག་འགྲོ་ས་གནས་ས་ཡོང་ས་འདུག་གམ་བལྟས་པས་ཁོ་གང་ལྟར་ཤར་ཡང་ངོ་བོ་སྟོང་པས་རང་བཞིན་མ་གྲུབ་སྟེ༔ འདི་འདྲ་ཞེས་བསྟན་དུ་མེད་པར༔ མཁའ་ལ་སྤྲིན་དེངས་པ་བཞིན་དུ་རང་ལས་ཤར་ཞིང་རང་ལ་ཐིམ་ནས༔ མཉམ་གཞག་གི་སྟེང་ནས་གཉིས་མེད་ལྷན་ནེ་ཕེབ་འོང༔ འོ་ན་མཉམ་གཞག་གི་ངོ་བོ་ཆོས་སྐུ་སྐྱེ་བ་མེད་པར་གནས་པ་དེ་དང༔ རྗེས་ཤེས་རྣམ་རྟོག་སྣ་ཚོགས་སུ་ཤར་བའི་ངོ་བོ་རང་བཞིན་མེད་པ་དེ་དང་གཉིས་གཅིག་པར་འདུག་གམ༔ ཐ་དད་དུ་འདུག་བལྟས་པས་དེ་གཉིས་རང་བཞིན་གཅིག་པའི་དོན་གྱི་གཉིས་མེད་དུ་ཐག་ཆོད་འོང༔ འོ་ན་རྣམ་རྟོག་གཅིག་པོ་དེ་ཆོས་སྐུར་འདུག་གམ་ཀུན་ཆོས་སྐུར་འདུག་བལྟས་པས༔ དགའ་མི་དགའ་གཉིས་འཛིན་གྱི་རྟོག་པ་རྣམས་ཆེད་དུ་འགྱུ་རུ་བཅུག་ལ༔ གང་ཤར་བ་དེ་ཉིད་རྩད་གདར་བཅད་པས་མཐའ་ཆོད་དེ་དོན་གཅིག་པོ་དེ་ལས་མ་འདས་པས༔ ཚྭ་གཅིག་གི་རོས་ཀུན་གྱི་ངོ་ཤེས་པ་བཞིན་དུ༔ གཅིག་ངོ་བོས་སྟོང་པས་ཀུན་ངོ་བོ་ཟང་ཐལ༔ རྣམ་རྟོག་ཐམས་ཅད་སྐྱེས་གྲོལ་དུས་མཉམ་ལ་སོང་སྟེ༔ ཆུ་ནང་དུ་ཟླ་བ་ཤར་བཞིན་དུ་འཛིན་མེད་རང་གྲོལ་ལ་སོང་ནས་སེམས་གཉིས་མེད་མཐའ་བྲལ་ཆོས་ཀྱི་སྐུ་ཉག་གཅིག་དུ་ཐག་ཆོད་དོ༔ ཨ་ཁ་སྒོམ་བྱ་བ་རྣམ་རྟོག་འདིར་འདུག་པ་ལ་དེ་སྔ་ངོ་མ་ཤེས་སྙམ་པའི་ངེས་ཤེས་སྐྱེའོ༔ དེ་ཙམ་ན་འགྱུ་བ་རང་སངས་ལ་སོང་བ་ཞེས་བྱ༔ དྲན་རྟོག་ཡེ་ཤེས་སུ་ཤར་བ་ཞེས་བྱ༔ རྣམ་རྟོག་སྒོམ་དུ་ཤར་བ་ཞེས་བྱ༔ རིག་པ་གཅེར་བུར་མཐོང་བ་ཞེས་བྱ་བ་ཡིན་ནོ༔ དེ་ལྟར་གང་ཟག་གི་བློ་རིགས་དང་བསྟུན་ཞིང་ནན་གྱི་བསྒོམས་པས༔ རབ་རྩལ་ཆེ་བ་རྣམས་ལ་དེ་ལྟར་འཆར་བ་ཡིན་ནོ༔ དེའང་རྩལ་ཆུང་བ་རྣམས་ཀྱིས་མཉམ་གཞག་གི་ངང་ནས་འགྱུ་བྱེད་ཀྱི་རྟོག་པ་དེ་ཉིད་རང་བཞིན་མེད་པ༔ སྟོང་པ་ཆོས་ཀྱི་སྐུ་ཡིན་ནོ་སྙམ་པ་ཙམ་ལས༔ དགག་སྒྲུབ་བློའི་འཛིན་པ་ལས་མ་གྲོལ་ན་ནང་གི་འཛིན་བྱེད་ཀྱི་མཁན་པོ་དེ་ཆེད་དུ་རྩད་གཅད་པ་ནི༔ དེ་ཉིད་ལ་བལྟས་པས་རྟོག་པར་འདུག༔ རྟོག་པ་ལ་བལྟས་པས་སེམས་སུ་འདུག༔ སེམས་ཁོ་རང་ལ་ཁོ་རང་གི་ཁ་ནང་དུ་ལོག་ལ་ཅེར་གྱིས་བལྟ༔ སེམས་འདི་དང་པོ་གང་ནས་བྱུང༔ བར་དུ་གང་དུ་གནས༔ ཐ་མ་གར་འགྲོ༔ དབྱིབས་ཁ་དོག་ངོ་བོ་ཅི་འདྲ་འདུག༔ རང་གི་སྤྱི་གཙུག་མན་ཆད་རྐང་མཐིལ་ཡན་ཆད་ནས༔ ཕྱི་རོལ་ས་རྡོ་རི་བྲག་ལ་སོགས་པ་ཕྱི་ནང་བར་གསུམ་དུ་བལྟས་ཤིང༔ ཐབས་སྣ་ཚོགས་ཀྱི་སྒོ་ནས་རྩད་བཅད་པས༔ སེམས་དངོས་པོ་དང་མཚན་མ་འདི་འདྲ་ཞེས་པ་རྡུལ་ཙམ་ཡང་མ་གྲུབ་སྟེ༔ སྐྱེ་བ་མེད་པའི་དོན་གྱིས་དང་པོ་འདི་ལས་བྱུང་མི་རྙེད༔ ཡུལ་མེད་པའི་གནད་ཀྱིས་བར་དུ་འདི་ན་གནས་མེད༔ འགག་པ་མེད་པའི་གནས་ཀྱིས་ཐ་མར་འགྲོ་ས་མི་འདུག་སྟེ༔ བསལ་བརྗོད་བློའི་ཡུལ་དུ་མ་གྱུར་པ༔ རྒྱུ་གང་གིས་ཀྱང་མ་སྐྱེས་པ༔ རྐྱེན་གང་གིས་ཀྱང་མི་འཇིག་པ༔ སེམས་གཉུག་མའི་ངོ་བོ་ཉིད་ཀྱིས་སྟོང་པ༔ ཁ་དོག་དང་དབྱིབས་སུ་མ་གྲུབ་པས་ཡོད་མེད་ཀྱི་ཕྱོགས་སུ་མ་ལྷུང་ཞིང༔ སྐྱེ་འགག་གནས་གསུམ་དང་བྲལ་བ༔ མཐའ་བྲལ་ནམ་མཁའི་དཀྱིལ་ལྟ་བུར་རིག་པའི་ངོ་བོ་རྗེན་ཡེར་གྱི་རྟོགས་པས་ཚོགས་དྲུག་གི་སྣང་བ་སྣ་ཚོགས་ཐམས་ཅད་ཀྱང་སེམས་ཀྱི་ཆོ་འཕྲུལ་དུ་ཤེས་སྟེ༔ སྔར་འདྲིས་ཀྱི་མི་དང་འཕྲད་པ་བཞིན་དུ་སྣང་སྲིད་འཁོར་འདས་ཐམས་ཅད་རང་སེམས་ཆོས་ཀྱི་སྐུ་རུ་ཐག་རྦད་ཀྱིས་ཆོད་ནས༔ འཁོར་བར་འཁྱམས་མཁན་མི་འདུག་པ་ལ་མ་རྟོགས་པའི་སེམས་ཅན་རྣམས་སྙིང་རེ་རྗེ་སྙམ་པའི་ངེས་ཤེས་དང་སྙིང་རྗེ་སྐྱེ༔ བླ་མ་ལ་སངས་རྒྱས་སུ་མཐོང་སྟེ༔ མཁན་པོ་རྩད་ཆོད་པས་རིག་པ་གཅེར་བུ་ཆོས་ཀྱི་སྐུ་རུ་མཐོང་བ་ཞེས་བྱ་སྟེ༔ དེ་ཉིད་ལ་སྒོམ་དུ་མེད་ཀྱང་མ་ཡེངས་ཙམ་དུ་སྐྱོང་བ་ཡིན་ནོ༔ ྈྈྈྈྈ བཞི་པ་གཉིས་མེད་རང་གྲོལ་གྱི་ལྷག་མཐོང་དུ་ངོ་སྤྲད་པ་ནི༔ གང་གིས་དབང་པོ་མཐོ་དམན་དང་བསྟུན་ཞིང༔ ལུང་དང་རྟོགས་པའི་ངོ་སྤྲོད་བླ་མའི་ཞལ་ལས་ཤེས་སོ༔ དབང་པོ་རབ་ཀྱིས་སྐད་ཅིག་རྟོགས་གྲོལ་དུས་གཅིག་ལ་སོང་ནས༔ སྣང་སེམས་གཉིས་མེད་དུ་ཤེས་པས༔ ཀུན་རྫོབ་ལ་འཕྲིགས་ཚུད་ནས་མྱོང་ཐོག་ཏུ་འཁོར་འདས་གཉིས་མེད་ཐག་ཆོད་པའོ༔ འབྲིང་གིས་འཛིན་བྱའི་བེམ་པོ་ཕྱིར་མ་ལུས༔ འཛིན་བྱེད་ཀྱི་རིག་པ་ནང་དུ་མ་ཞེན༔ བེམ་རིག་གཉིས་མེད་དུ་ཉམས་སུ་བླངས་པས་སྣང་སྟོང་དབྱེར་མེད་དུ་རང་སར་གྲོལ་ཏེ༔ སྟོང་པའི་ངང་ལས་སྣང༔ སྣང་བའི་ངོ་བོ་སྟོང༔ དེ་ལྟར་གཉིས་སུ་མེད་པའི་དོན་གྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་ཐག་ཆོད་པ་འོང་བའོ༔ ཐ་མས་ཀུན་རྫོབ་ལ་འཕྲིགས་ཚུད་པས༔ གློ་བུར་གྱི་འཁྲུལ་རྟོག་ཆོད་ཀྱང་སྔར་ཞེན་གྱི་བག་ཆགས་ལ་བརྟེན་ནས༔ སྐབས་སུ་རང་གིས་ཆེད་དུ་མ་ཚོར་བའི་རྟོག་པ་ཕྲའུ་གཅིག་གིས་སྣང་བ་དང་སེམས་གཉིས་སུ་འཛིན་པའི་བློ་གཅིག་ཤར་ནས་ཐེ་ཚོམ་མ་ཆོད་པ་ལ་རང་ཤར་གཉིས་མེད་ལམ་ལྷོང་དུ་མཉམ་གཞག་གི་སྟེང་ནས་རྗེས་ཤེས་ལ་ངོ་སྤྲད་པ་ནི༔ དང་པོ་ཕྱི་ནས་འཆར་རྒྱུའི་སྣང་བ་འདུག་གམ༔ ནང་ན་གཉིས་སུ་འབྱེད་མཁན་གྱི་རིག་པ་འདུག་གམ༔ གཉིས་སུ་གནས་ས་འགྲོ་ས་བྱུང་ས་དངོས་པོ་དང་མཚན་མ་འདུག་གམ་བལྟས་པས༔ གཉིས་མེད་ལས་མ་འདས་པས་བྱུང་ས་གནས་ས་འགྲོ་ས་དངོས་པོ་མཚན་མ་དང་མཁན་པོ་གང་ཡང་མ་གྲུབ་སྟེ༔ སྣང་བ་ནི་སེམས་ཀྱི་འོད་ཟེར་འཆར་ཚུལ་གྱིས་སྣང་བ་མ་འགགས་ཙམ་ཡིན་ཏེ༔ དེ་ཡིན་པ་ཡང་སྣ་ཚོགས་སུ་སྣང་བའི་དུས་ན་ཡང་དངོས་པོ་མེད་དེ་རང་བཞིན་སྟོང་པར་འདུག༔ སྟོང་པའི་དུས་ན་ཡང་དྲན་རྟོག་མ་འགགས་སྣ་ཚོགས་སུ་འཆར་བར་འདུག་པས༔ སྣང་སྟོང་ཐ་མི་དད་དེ་ཆུ་དང་རླབས་སམ༔ ཉི་མ་དང་འོད་ཟེར༔ ཙནྡན་དང་དྲི་ལྟ་བུར་ངོ་བོ་གཅིག་ལས་དབྱེར་མེད་པའོ༔ དེ་ཉིད་གཞི་མེད་རྩ་བྲལ་དུ་རྟོགས་པས༔ གཟུང་འཛིན་གྱི་སྒྲོག་རང་གྲོལ་ལ་སོང་ནས་ཕྱི་རོལ་སྣང་བ་གང་ལྟར་ཤར་ཡང་རང་བཞིན་མེད་པ་ཆུ་ཟླ་ལྟ་བུར་ཟང་ཐལ་དུ་ཤེས་པས༔ སྣ་ཚོགས་འགྱུ་བ་ངོ་བོ་ཉིད་ཀྱི་སྟོང་སྟེ༔ ངོ་བོ་ཡོད་མེད་བློ་ལ་འདས་ཤིང་རིག་སྟོང་སྐྱེ་འགག་མེད་པ་མཐའ་བྲལ་ཆོས་ཀྱི་སྐུར་ངོ་སྤྲད་དོ༔ དེའང་རྒྱས་པར་བསྟན་ན༔ ཐབ་ཀྱི་མེ་བསད་པས་རྒྱ་མཐོངས་ཀྱི་དུད་པ་ཆད་པ་བཞིན་དུ༔ སེམས་ཉིད་སྐྱེ་མེད་དུ་རྩད་ཆོད་པས་སེམས་བྱུང་འགྱུ་བྱེད་ཀྱི་སྣང་བ་མ་སྤང་རང་སར་གྲོལ་ཏེ༔ ཅི་ལྟར་ཤར་ཡང་གཟུགས་སྣང་སྟོང༔ སྒྲ་གྲགས་སྟོང༔ དྲི་ཚོར་སྟོང༔ རོ་མྱོང་སྟོང༔ རེག་བདེ་སྟོང་དུ་དུས་མཉམ་པའོ༔ དེ་ལྟར་ཐམས་ཅད་སེམས་ལས་བྱུང༔ སེམས་ཆོས་ཀྱི་སྐུར་རྟོགས་པས་དཔེ་ཆུ་ལ་རླབས་ཇི་ལྟར་བྱུང་ཡང་ཆུ་ལས་སྐད་ཅིག་ཀྱང་མ་འདས་པའོ༔ དེ་བཞིན་དུ་འཆར་ཚུལ་གྱི་སྣང་བ་ཇི་ལྟར་ཡང༔ སེམས་ཆོས་ཀྱི་སྐུ་ལས་སྐད་ཅིག་ཀྱང་སྣང་བ་དེ་ཉིད་ལོགས་སུ་མ་འདས་པ་ཡིན༔ སེམས་ལ་འཆར་ཚུལ་མ་འགགས་པ་ནི་དཔེར་ན་ནམ་མཁའ་ལས་གཡོས་པ་མེད་ཀྱང་འཇའ་ཚོན་གྱི་གཟུགས་བརྙན་སྣ་ཚོགས་སུ་ཤར་ཡང་ནམ་མཁའ་ལས་མ་འདས་ཏེ༔ བྱུང་ས་གནས་ས་ཐིམ་ས་ཐམས་ཅད་ནམ་མཁའ་ལས་བྱུང་སྟེ༔ ནམ་མཁའ་ལས་སྐད་ཅིག་ཀྱང་གཡོས་པ་མེད་དོ༔ དེ་བཞིན་དུ་སེམས་ཆོས་ཀྱི་སྐུ་ལས་གཡོས་པ་མེད་ཀྱང་སྣང་བའི་འཆར་ཚུལ་ངེས་མེད་འཁོར་འདས་སྣ་ཚོགས་སུ་འཆར་ཏེ༔ འཆར་ཚུལ་བྱེ་བ་ཐེར་འབུམ་ཤར་ཡང༔ བྱུང་ཡང་སེམས་ལས་བྱུང༔ གནས་ཀྱང་སེམས་ལ་གནས༔ ཐ་མར་ཡང་སེམས་ལ་ཐིམ་སྟེ༔ སེམས་ཀྱི་ངོ་བོ་སྐད་ཅིག་ཀྱང་གཡོས་པ་མེད་དོ༔ སེམས་ལ་ཇི་ལྟར་ཤར་ཡང་སྣང་ལ་རང་བཞིན་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུ་ཡིན༔ སྐྱེས་གྲོལ་དུས་མཉམ་པ་ཆུ་ལ་རི་མོ་བྲིས་པ་ལྟ་བུ་ཡིན༔ ཤར་བ་ཐམས་ཅད་སེམས་ལས་མ་གཏོགས་པ་གཞན་མེད་པ་གསེར་ལ་བཟོ་ཇི་ལྟར་བྱས་ཀྱང་དེ་ཉིད་ལས་མ་འདས་པ་ལྟ་བུ་ཡིན༔ རྣམ་རྟོག་ཅི་ལྟར་ཤར་ཡང་སེམས་ཉིད་དུ་ཞི་བ་མཚོ་ལ་ཁ་བ་བབས་པ་ལྟ་བུ་ཡིན༔ རྣམ་རྟོག་ཅི་ཙམ་ཤར་ཡང་གོས་པ་རྡུལ་ཙམ་མེད་པ་ཤེལ་དང་མེ་ལོང་ལྟ་བུ་ཡིན༔ དྲན་སྟོང་དུས་མཉམ་པ་མེ་དང་ཚ་བ་ལྟ་བུ་སྟེ་དེ་ལྟར་སྣང་གྲགས་ཐམས་ཅད་ཐབས་ཀྱི་ཆ༔ རང་བཞིན་མེད་པ་ཤེས་རབ་སྟེ་གཉིས་སུ་མེད་པས་སེམས་ཆོས་ཀྱི་སྐུ་ཁྱབ་བརྡལ་ཆེན་པོ་ཡིན་ནོ༔ དེ་ཉིད་གདོད་མ་ནས་མ་སྐྱེས་ཤིང་ངོ་བོ་ཉིད་ཀྱིས་དག་པས༔ ཉོན་མོངས་པ་རྣམ་རྟོག་སྤང་བྱ་གཉེན་པོས་སྤང་མ་དགོས༔ མི་རྟོག་པ་དང་ཡོན་ཏན་བསྒྲུབ་མ་དགོས་པར་ཡིན་ལུགས་ཀྱི་ཤེས་པ་མ་སྤང་རྣམ་དག་ཏུ་གྲོལ་བས༔ འཁོར་བ་དང་མྱང་འདས༔ རྣམ་རྟོག་དང་ཆོས་སྐུ༔ ཉོན་མོངས་དང་ཡེ་ཤེས༔ སེམས་ཅན་དང་སངས་རྒྱས་ཐམས་ཅད་མིང་ཅིར་བཏགས་ཀྱང་དོན་སེམས་ཉིད་གཅིག་པུ་ལས་མ་འདས་པས༔ དེ་རྣམས་རང་བཞིན་ལ་བཟང་ངན་མེད༔ དུས་ལ་སྔ་ཕྱི་མེད༔ འདུག་ས་ལ་ཐ་དད་མེད་དེ༔ དུས་གསུམ་མཉམ་ཉིད་རོ་གཅིག་གཉིས་སུ་མེད་པ་གདོད་མ་ནས་རྣམ་པར་དག་པ་སྟོང་པ་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བློ་ལས་འདས་པའི་དོན་དེ་ཉིད་ལ་ལྷག་མཐོང་ཞེས་བྱ་སྟེ༔ མཁྱེན་པའི་ཡོན་ཏན་མ་ལུས་འཆར་བའོ༔ དེ་ལྟར་ཁམས་རང་བཞིན་གྱི་རྣམ་པར་དག་པ་བདེ་བར་གཤེགས་པའི་སྙིང་པོ་སྟེ༔ ཡ་གི་དུས་གསུམ་སངས་རྒྱས༔ མ་གི་འཇག་མའི་སྲིན་བུ་ཡན་ཆད་ལ་ཆེ་ཆུང་དང་བཟང་ངན་མེད་པར་དུས་གསུམ་མཉམ་པ་ཉིད་དུ་ལྷུན་གྲུབ་རྒྱུན་ཆད་མེད་པར་གནས་ཀྱང༔ དེ་ལྟར་མ་རྟོགས་པ་རྣམས་ཀྱང་སྣང་བ་སྣ་ཚོགས་དེ་ཁོ་ན་ཉིད་ལ་སོ་སོར་ཞེན་པས༔ གཟུང་འཛིན་གྱི་མ་རིག་པས་འཁོར་བར་འཁྱམས་པ་ཡིན་ཏེ༔ འཁོར་འདས་གཉིས་ཀྱི་བར་ན་སྔར་འདྲེས་གང་ཡང་མེད་དོ༔ དུས་སྐད་ཅིག་མའི་རིག་མ་རིག་ལས་བྱུང་བའོ༔ ྈྈྈྈྈ ལྔ་པ་གོལ་སྒྲིབ་ཀྱི་མཐའ་ཆོད་པས་བྱར་མེད་བློ་འདས་སུ་བསྟན་པ་ནི༔ ཚོགས་དྲུག་གིས་སྣང་བ་སྒོམ་དུ་ཤེས་ཀྱང་སྙེམས་ཞེན་གྱི་མཐའ་མ་ཆོད་ན་གོལ་སའམ་གྲིབ་མར་འགྲོ་བས༔ དགེ་མི་དགེ་ལུང་མ་བསྟན་གསུམ་གྱིས་བསམ་མནོ་གཏང་དུ་བཅུག་པས་དགེ་སྡིག་དང་འཛིན་པའི་ཆ་ཕྲ་མོ་ཞིག་འདུག་ན༔ ད་རུང་མཐའ་མ་ཆོད་པ་ཡིན་པས༔ གང་གི་ཉམས་ལེན་ལ་ནན་ཏན་བྱ་ཞིང་ཐད་ཀའི་གེགས་བསལ་ལོ༔ དགེ་མི་དགེ་དང་འཁོར་འདས་བཟང་ངན་ལ་སོགས་པ་གཉིས་འཛིན་གྱི་མཚན་མ་ཟད་ནས་གང་གི་ཡང་རྩིས་གདབ་མེད་ཅིང༔ རེ་དོགས་གང་ཡང་མེད་པར་འཛིན་བྱེད་བློ་འདས་ནམ་མཁའི་དཀྱིལ་བཞིན་དུ༔ གནས་སྐབས་དང་མཐར་ཐུག་གཉིས་སུ་མེད་པར་ཐག་ཆོད་འདུག་ན༔ ཟོ་ལ་མི་འཇོག་པར་དུག་རང་དུ་དབྱུང་བ་མིན་པར་ཐད་ཀར་འཕྲོས་སུ་གཞུག༔ མཉམ་གཞག་གི་ཐད་ཀ་ན་ཡེངས་ཆ་མེད་དེ༔ དེ་ལྟར་བྱས་པའི་རྗེས་ལ་ཡང༔ ངོ་བོ་ཡེ་ཐོག་ན་ཡང་ལྷོད་དེ་འདུག་ན་གོལ་སྒྲིབ་ཀྱི་མཐའ་ཆོད་པས༔ ཕྲ་མོ་ཙམ་གྱི་འཛིན་རྟོག་ཀྱང་མེད་ཅིང་བྱར་མེད་བློ་འདས་སུ་སྐྱོང་བ་ཡིན་ནོ༔ དེའང་མཐའ་ཆོད་ཚུལ་ནི༔ མ་བཅོས་རང་གསལ་གྱི་ངོ་བོ་རྗེན་ནེ་ཡེ་རེ་བ་འདི་ཉིད་ངོ་བོ་གསལ་ཞིང་འགག་མེད་དུ་ཤར་བས་མེད་པར་འཛིན་པའི་བློ་ལས་འདས་ཏེ་ཆད་པའི་གོལ་ས་ཆོད༔ ཇི་ལྟར་ཤར་ཡང་གཞན་མ་གྲུབ་པས་ཡོད་པར་འཛིན་པའི་བློ་ལས་འདས་ཏེ་རྟག་པའི་གོལ་ས་ཆོད༔ མ་བཅོས་ཁྱབ་བརྡལ་ཕྱོགས་སུ་མ་ལྷུང་བས་ཡོད་མེད་ཀྱི་བློ་ལས་འདས་པས༔ གཉིས་མེད་ཉམས་མྱོང་གི་ཞེན་པའི་གོལ་ས་ཆོད་དོ༔ དེ་ལྟ་བུའི་སེམས་ཉིད་མཐའ་བྲལ་དེ་ལ་སྡིག་པས་གནོད་མ་བསྐྱལ༔ སྣང་སྲིད་སེམས་ཀྱི་རོལ་པར་ཤེས་པས༔ ཉོན་མོངས་ཤེས་སྒྲིབ་རང་སར་དག་སྟེ༔ མར་འཁོར་བ་ལ་དོགས་པའི་དྲི་མ་དང་བྲལ༔ འཁོར་བ་རང་སེམས་ཆོས་སྐུ་ཡིན༔ དེ་ལ་དགེ་བས་ཕན་མ་བཏགས༔ རང་སེམས་གདོད་མ་ནས་ཆོས་ཀྱི་སྐུ༔ ཅིས་ཀྱང་བསྒྱུར་དུ་མེད་པ་ཡེ་ནས་ཡིན་པའི་དོན་མངོན་དུ་གྱུར་པ་ལས་ལོགས་ནས་ཡང་སངས་རྒྱས་བཟང་པོ་གཅིག་ལ་རེ་བའི་དྲི་མ་དང་བྲལ་ཏེ༔ སྣང་སྲིད་འཁོར་འདས་ཐམས་ཅད་རང་གི་སེམས་གསལ་སྟོང་ནམ་མཁའ་ལྟ་བུ་འདི་ལ༔ ཡེངས་མ་ཡེངས་དང་བསྒོམས་མ་བསྒོམ་མེད་པར་དུས་རྒྱུན་ཆད་མེད་པས༔ མ་བཅོས་ལྷུན་གྲུབ་ཏུ་གནས་པས༔ མེད་པར་བྱེད་ཀྱང་བྱེད་མ་ཤེས་ཏེ་བྲལ་ཕྲད་གང་གི་ཡང་རྩིས་གདབ་མེད་དེ༔ བྱར་མེད་བློ་ལས་འདས་པས་སྐྱེ་མེད་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཡིན་ནོ༔ ྈྈྈྈྈྈྈ དྲུག་པ་རང་བྱུང་ལྷུན་གྲུབ་ཀྱི་སྒོམ་མེད་ཟད་སར་སྐྱེལ་བ་ནི༔ རང་སེམས་ཆོས་ཀྱི་སྐུ་སྐྱེ་བ་མེད་པའི་ཡེ་ཤེས་ཡིན་ནོ༔ ཀུན་ལ་ཁྱབ་ཅིང་གཟུགས་ཅན་མ་ཡིན་པ༔ ཕྱོགས་རིས་མེད་ཅིང་འདུ་འབྲལ་མེད་པ༔ འགག་པ་མེད་ཅིང་འཕེལ་འགྲིབ་མེད་པ༔ དབྱིངས་རྣམ་པར་དག་པ་ནམ་མཁའི་དཀྱིལ་ལྟ་བུ༔ རྒྱུ་རྐྱེན་ལས་མ་བྱུང༔ གསལ་ལ་གོ་མ་འགགས་པ༔ འཁོར་འདས་ཀུན་གྱི་རྩ་བ་ཐ་མལ་གྱི་ཤེས་པ་འདི་ཉིད༔ རྒྱུ་སེམས་ཅན་ལམ་རྣལ་འབྱོར་འབྲས་བུ་སངས་རྒྱས་ཀྱི་དུས་དང་གསུམ་ཡང་བཟང་ངན་དང་སྔ་ཕྱི་ཐ་དད་མེད་དེ༔ ད་ལྟ་ཡང་གྲ་མ་ཆག་ཟུར་མ་ཉམས་པ་འདི་ཀ་ལས༔ སེམས་ཅན་བླུན་ནས་ངན་དུ་བསླད་པ་མེད༔ སངས་རྒྱས་མཁས་ནས་བཟང་དུ་བཅོས་པ་མེད། བསྒོམས་པས་བཟང་དུ་འགྲོ་བ་དང་མ་བསྒོམ་པས་ངན་དུ་འགྲོ་རྒྱུ་མེད༔ འདི་གློ་བུར་དུ་བྱུང་བ་མ་ཡིན། རང་བཞིན་གདོད་མ་ནས་ལྷུན་གྲུབ་རང་ཆས་སུ་དུས་གསུམ་དུས་མེད་དུ་ཡོད་པས་ཡོད་པར་བསྒྲུབ་ཏུ་མེད༔ མེད་པར་གཏང་དུ་མེད༔ ངོ་བོ་གཟུང་དུ་མེད་ཅིང་རང་བཞིན་རྒྱུན་ཆད་མེད་པ༔ ཚིག་གི་བརྗོད་དུ་མེད་ཅིང་བློ་ཡིས་བསྒོམ་དུ་མེད་པ༔ དོན་དམ་བློའི་ཡུལ་ལས་འདས་པས་འཁོར་བ་ཡེ་དག་ཏུ་བློ་ཟད་ཆོས་ཟད་དུ་སོང་ནས༔ འཛིན་རྟོག་ཕྲ་མོའི་ཉམས་གྲིབ་ཀྱང་ཟད་ནས༔ བསྒོམ་བྱ་སྒོམ་བྱེད་ཀྱི་བློ་དང་བྲལ་བའི་ཡུལ་མེད་རང་གསལ་གྱི་རིག་པ༔ གཞི་མེད་རྩ་བྲལ་དུ་མངོན་དུ་གྱུར་པས༔ མཉམ་གཞག་གི་གནས་པ་མེད་ལ༔ རྗེས་ཀྱི་འགྱུ་བ་ཟད་ནས་རྟེན་མེད་གཅེར་བུར་ལྷིང་བ་ངོ་བོ་མཐའ་བྲལ་དུ་ཁྲེས་སེ་བ་འདི་ཉིད་ལ་སྒོམ་དུ་མེད་པས་ཆོས་ཉིད་ཟད་སར་བསྐྱལ་བ་སྟེ༔ ཆོས་སྐུ་ཞེས་བྱ་བ་དེ་ཉིད་ལ་ཟེར་བ་ཡིན༔ དེ་ཙམ་ན་གཟུགས་སྐུ་གཉིས་འབད་མེད་ལྷུན་གྲུབ་ཏུ་ལོངས་སྐུ་སྣང་ལ་རང་བཞིན་མེད་པ་གདུལ་བྱ་དག་པའི་སྣང་བ་ལ་འཆར་ཞིང་། སྤྲུལ་སྐུ་གང་ལ་གང་འདུལ་དུ་མ་དག་པའི་གདུལ་བྱ་ལ་འབྱུང་སྟེ༔ སེམས་ཅན་གྱི་དོན་རྩོལ་མེད་དུ་འགྲུབ་པའོ༔ དེ་རྣམས་དབྱེར་མེད་བདེ་བ་ཆེན་པོའི་སྐུ་ཡིན་ཏེ༔ དེ་ལ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཞེས་མིང་དུ་བཏགས་ཏེ༔ ཁ་མིག་རྣ་བ་ཅན་དུ་གྲུབ་པ་མེད་དེ༔ གདུལ་བྱའི་སྣང་བ་ལ་འཆར་ལུགས་ཙམ་ཡིན་པའོ༔ ཕྱག་རྒྱ་ཆེན་པོ་རྟོགས་པའི་སྒྲོན་མེ་ཡིས༔ སྣང་སྲིད་འཁོར་འདས་ཡེ་དག་ཏུ༔ མུན་པ་རང་སར་གྲོལ་བ་འདི༔ གཞན་དང་མི་འདྲ་ཁྱད་པར་འཕགས༔ དུས་གསུམ་སངས་རྒྱས་གྲོས་བྱས་ཀྱང༔ དོན་འདི་ལས་ལྷག་པ་ཡོད་རེ་ཀན༔ ྈྈྈྈ དུས་གསུམ་སངས་རྒྱས་ཀྱིས་གསུངས་པའི་ཆོས་ནམ་མཁའི་སྐར་མ་ཙམ་ལས༔ དགོངས་པ་གཅིག་ཏུ་དྲིལ་བ་ཉི་མ་དང་ཟླ་བ་ལྟ་བུའི་ཕྱག་རྒྱ་ཆེན་པོ་མ་རིག་པའི་མུན་པ་སེལ་བའི་རིན་པོ་ཆེའི་སྒྲོན་མེ་ཞེས་བྱ་བའོ༔ ཨོ་རྒྱན་པདྨའི་ཐུགས་བཅུད་རྫོགས་སོ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ཙིཏྟ་ས་མ་ཡཱ༔ ྀཨཚ༔ ཨེ་མ་ཧོ། མེ་བསྒོམ་རིན་རྒྱལ་བདག་ཉིད་ཀྱིས། །ཨོ་རྒྱན་དགོངས་པའི་ཟབ་གཏེར་འདི། །ཆོས་འབྱུང་སེང་མགོའི་ནང་ནས་བཏོན། །མ་ཡིག་ཤོག་སེར་དངོས་ལས་བཤུས། །འདི་ཡི་དགེ་བས་འགྲོ་བ་ཀུན། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཤོག །དགེའོ། །ཨོ་རྒྱན་མཐའ་ཡས་གདམས་པ་འདི། །ལུང་མ་ཐོབ་པ་ལ་དཔེ་མི་བསྟན་ནོ། །བསྟན་ན་མཁའ་འགྲོའི་བཀའ་ཆད་ཡོང་ངོ་། །དད་ཅན་མོས་གུས་ཅན་ལ་ལུང་ཐོབས་ཤིག །ཡིད་ལ་གཟུང་བ་ཙམ་གྱིས་གྲོལ་བར་འགྱུར་རོ། །འདིའི་བདག་པོ་བྱས་པ་ཙམ་གྱི་སངས་རྒྱ་བར་འགྱུར་རོ། །སྐལ་ལྡན་སེམས་ལ་ཆོངས་ཤིག །ས་མ་ཡ། ཤོག་སེར་ལ་ཞུས་དག་ལན་བདུན་བྱས་སོ། །གུ་ཧྱ། རིན་པོ་ཆེ་མེ་སྒོམ་གྱིས་བདག་ལ་གནང་བའོ།། །།
རིན་ཆེན་གཏེར་མཛོད་ཆེན་པོའི་སྨིན་གྲོལ་དཀྱུས་གཅིག་ཏུ་འབོག་པའི་སྐབས་ཀྱི་ལག་ལེན་ཕྱོགས་མཚོན་དང་། བཅས་བཤམ་བྱ་བའི་ཚུལ་མཐོང་བས་གོ་འབྱེད (Volume 2, Text 4)
༄༅། །རིན་ཆེན་གཏེར་མཛོད་ཆེན་པོའི་སྨིན་གྲོལ་དཀྱུས་གཅིག་ཏུ་འབོག་པའི་སྐབས་ཀྱི་ལག་ལེན་ཕྱོགས་མཚོན་དང་། བཅས་བཤམ་བྱ་བའི་ཚུལ་མཐོང་བས་གོ་འབྱེད་ཅེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ཡེ། བྱིན་རླབས་རྫོགས་ལྡན་ནོར་བུའི་སྤྲིན་ཆེན་འཁྲིགས། །དངོས་གྲུབ་བདུད་རྩིའི་ཆར་རྒྱུན་འཛད་མེད་འཇོ། །ཕྲིན་ལས་རིན་ཆེན་སྙེ་མ་འདོད་རྒུར་སྦྱིན། །རྩ་གསུམ་ཆོས་སྐྱོང་བཅས་པས་དགེ་ལེགས་སྩོལ། །རཏྣ་གྲམ་བུར་སྤུངས་པའི་གཏེར་མཛོད་ཆེའི། །སྨིན་གྲོལ་སྒོ་འཕར་གཏན་པ་མེད་དབྱེའི་ཚེ། །ལྡེའུ་མིག་འཕྲུལ་དང་སྒྲོན་མེའི་སྣང་བྱེད་བཞིན། །ལག་ལེན་ཁྲིགས་ཆགས་ཕྱོགས་མཚོན་དགོད་པར་སྤྲོ། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་མཚོ་སྐྱེས་རྡོ་རྗེས་སངས་རྒྱས་ཀྱི་ཆོ་འཕྲུལ་ཆེན་པོས་དཔལ་གྱི་མགུར་ནས་ཆོས་ཀྱི་རྔ་བོ་ཆེ་གདུལ་བྱའི་ཁམས་དབང་སྐལ་པ་དང་མཐུན་པར་བསམ་ཡས་བརྗོད་ལས་འདས་པར་བསྒྲགས་པར་མཛད་པའི། ཟབ་དོན་གྱི་སྙིང་པོ་འགའ་ཞིག་ཕྱིས་འབྱུང་བོད་འབངས་ལ་ཐུགས་བརྩེས་དགོངས་ཏེ་མཁའ་འགྲོ་གཏད་རྒྱས་བཏབ་པ་རྣམས་སྨོན་ལམ་གྱི་མཐུ་སད་པའི་གཏེར་སྟོན་སྤྲུལ་་་་་་པའི་སྐྱེས་མཆོག་རྣམས་ཀྱིས་གནས་དུས་དང་འཚམས་པར་བསྟན་འགྲོའི་དགེ་ལེགས་སྤེལ་བའི་བཙས་སུ་སྣང་བར་མཛད་པ་ཇི་སྙེད་ཅིག་མཆིས་པ་ལས། རང་ཉིད་ཀྱི་སྐལ་པ་བཟང་པོའི་དཔྱིད་དུ་འོངས་པ་རྣམས་ཀྱི་སྨིན་གྲོལ་རྩ་བའི་སྐོར་བསྟན་པའི་སྲི་ཞུ་དང་མོས་ལྡན་རེ་རེ་ཙམ་ལའང་ཕན་ཐོགས་པར་རེ་བའི་ལྷག་བསམ་བཟང་པོས་ཕྱོགས་གཅིག་ཏུ་བསྡུས་པ་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་སྨིན་གྲོལ་དཀྱུས་གཅིག་ཏུ་འབོགས་པའི་སྐབས་ཀྱི་ཕྱག་ལེན་མདོར་བསྡུས་འགོད་པ་ལ་གསུམ། སྤྱིར་ཇི་ལྟར་བྱ་བའི་ལག་ལེན། ཉེར་མཁོའི་ཡོ་བྱད་སྟ་གོན། བྱེ་བྲག་དབང་རྣམས་ཀྱི་གཤོམ་བཀོད་བསྟན་པའོ། །དང་པོ་ནི། འདི་ཉིད་ཀྱི་སྨིན་གྲོལ་བགྱིད་པར་བརྩམ་པ་ན། སློབ་དཔོན་གྱིས་རང་གི་རྩ་བའི་ཡི་དམ་མམ་དཀྱིལ་འཁོར་སྤྱིའི་ཁྱབ་བདག་རྡོ་རྗེ་སེམས་དཔའ་ལྟ་བུའི་བསྙེན་པ་ཁ་གསོ་ཞག་བདུན་གྱིས་ཉུང་མཐར་བྱས་ཏེ་གནང་བ་སྩོལ་བའི་གསོལ་བ་གདབ། ཞུ་བ་པོའི་སློབ་མ་དད་པ་དམ་ཚིག་ཐུབ་ངེས་ཉམས་ལེན་དང་འཆད་སྤེལ་ནུས་པ་བདུན་ནམ་བཅུ་གསུམ་ལས་མི་མང་བ་ཁྲིགས་བཅད་དགོས་ཏེ། ཞི་ཁྲོ་རྩ་གསུམ་གུ་རུ་ཞི་བ་ཐུགས་རྗེ་ཆེན་པོ་སོགས་ཁྱབ་གདལ་དུ་བསྐུར་ཆོག་ཀྱང་ཞུ་མཁན་ཧ་ཅང་མང་ན་ལྕོགས་ཐབས་མེད་པ་དང་། ཟབ་གཉན་ཆེ་བའི་རིགས་ཕལ་མོ་ཆེ་མང་པོ་ལ་བསྐུར་མི་རུང་བ་འགའ་ཞིག་བརྒྱུད་འཛིན་གཅིག་གམ་གསུམ་ལས་མི་སྤེལ་བར་གསུངས་པས་དབྱེ་བསལ་ཐོག་མ་ནས་ཕྱེད་པ་གལ་ཆེའོ། །དེ་ནས་དབང་ཁྲིད་མ་ཚུགས་པའི་སྔ་རོལ་དུ། རྩ་བ་གསུམ་ལ་ཚོགས་སྐོང་དང་མཎྜལ། ཆོས་སྲུང་ལ་སྐོང་གསོལ། སྡེ་བརྒྱད་ལ་མདོས་གླུད། ཡུལ་ལྷར་བསང་བརྔན། མགྲོན་བཞིར་ཕུད་མཆོད་སྤྱི་གསོལ། ཆུ་གཏོར། གསུང་རབ་ཀློག་འདོན། སྡིག་སྒྲིབ་ཉམས་ཆག་སྦྱོང་བ་ཡིག་བརྒྱའི་བསྒོམ་བཟླས། དོང་སྤྲུགས་ཆོ་ག །ཕྱག་བསྐོར། སཱཙྪ་གྲངས་མང་སོགས་གནང་བ་ཞུ་ཞིང་བར་ཆད་མི་འབྱུང་བར། དོན་གཉིས་འགྲུབ་པའི་རྟེན་འབྲེལ་གྱི་དགེ་བའི་དཔུང་བསྐྱེད་དཔོན་སློབ་ཐུན་མོང་ནས་ཅི་འགྲུབ་ཏུ་བྱས་པས་གནས་སྐབས་བར་ཆད་མི་འབྱུང་བ་དང་ཕྱིན་ཆད་བཀྲ་ཤིས་པའི་རྟེན་འབྲེལ་དུ་འགྱུར་རོ། །ལག་ལེན་དངོས་ལ་རྒྱས་པ་སྒྲུབ་ཆེན་གྱི་ཁོང་དུ་བཏང་བ་དང་། བསྡུས་པ་སྒྲུབ་ཆེན་མི་སྤེལ་བའི་ལུགས་གཉིས་བླ་སློབ་འཁོས་དང་ལོངས་སྐབས་ཀྱིས་གང་ལྕོགས་བྱ་ཆོག་ཅིང་། གཉིས་ཀའང་གཟའ་སྐར་དུས་ཚེས་བཟང་པོ་ཞིག་ལ་དབུ་བཙུགས་ཏེ་རྩ་བའི་རྒྱུ་དབང་བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་ཆེན་ཞིག་ངེས་པར་སྔོན་དུ་འགྲོ་དགོས་པས། དང་པོ་ལྟར་ན། འབྲེལ་དང་དགོས་པའི་གནད་ཤིན་ཏུ་ཆེ་བའི་དབང་གིས་རིགས་ཀུན་ཁྱབ་བདག་དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་བཀའ་གཏེར་ཟུང་འཇུག་སྨིན་ལུགས་ཉིད་ཀྱིས་ཁོག་དབུབ་དགོས་པས། དེའི་སྒྲུབ་ཁོག་རྣམ་གྲོལ་སྙེ་མ་ནས་ཇི་ལྟར་འབྱུང་བ་བཞིན། ཉིན་དང་པོའི་སྔ་དྲོ་ས་ཆོག་ནས་མཚམས་གཅོད་རྗེས་འབྲེལ་བཅས། ཕྱི་དྲོ་ལྷ་སྟ་གོན་དང་རྒྱན་བཀོད་འཕྲོས་སུ་སྒྲུབ་ཐབས་འདོད་འཇོ་བུམ་བཟང་གི་དབུ་ནས་འབྱུང་བའི་བླ་མ་གསང་འདུས་ཟླུམ་པོ་བཞི་དབང་དང་གཏོར་དབང་བཅས་བཤམ་སྒྲུབ་བསྐུར་བ་བཅས་གྲུབ་པར་བྱ། བྱིན་རླབས་འདི་ལྟ་བུ་དང་རྗེས་གནང་སྲོག་གཏད་སོགས་དཀྱིལ་འཁོར་ཆེན་པོའི་དབང་བཞི་ཡོངས་རྫོགས་སྔོན་དུ་མ་སོང་བ་ལ་སྦྱིན་བྱར་མིན་ཀྱང་འདི་ནི་ཆོས་སྒོ་འབྱེད་པ་བྱིན་རླབས་བླ་མའི་གཏོར་དབང་ཞེས་ཆེད་དུ་བསྔགས་པ་སོགས་དམིགས་སུ་བསལ་བའི་དགོས་པ་དང་ལྡན་པས་སོ། །ཉིན་གཉིས་པར་རྡོར་སེམས་སྒྲུབ་མཆོད་རྒྱས་པ་ཛབ་བཟླས་ཉུ་ལེ་སྐྲོད་ཅིང་བྱིན་དབབ་པས་མཚོན་སྒྲུབ་ཆེན་གྱི་ཆིངས་ཇི་ལྟ་བར་བྱ། དགོང་མོར་ཉང་གཏེར་བཀའ་བརྒྱད་བདག་བསྐྱེད་ཕྱག་རྒྱ་རྐྱང་སྒྲུབ་ཙམ་བྱས་ལ་སྟ་གོན་ཆས་བསྒྲིག །སློབ་མ་རྣམས་འཚོགས། ཁྲུས་བགེགས་གཏོར་སྲུང་འཁོར། ལོ་རྒྱུས་མཚམས་སྦྱར་ལོ་ཆེན་དབང་བཤད་འཁྱོགས་མཚམས་ཅན་ནས་བཀའ་བརྒྱད་ཀྱི་བཤད་པ་བརྗོད་ལ་མཎྜལ་འབུལ། མདོ་བྱང་ཆེན་མོ་ལྟར་བཀའ་བརྒྱད་ཀྱི་སྟ་གོན་ཡོངས་རྫོགས་གྲུབ་པར་བྱ། འདི་ཕྱིན་ཆད་ཡུན་རིང་བས་བསྙེན་རྒྱུན་འཁྱོལ་དཀའ་ཡང་རྡོར་སེམས་སྒྲུབ་མཆོད་མ་ཆག་པ་དགོས་མོད། བླ་མས་ལོངས་ཁྱབ་མེད་ཅིང་མི་ལྕོགས་ན་གཞན་པའི་བླ་གྲྭ་ཁ་ཤས་ལ་ཉིན་རེ་བཞིན་གོང་ལྟར་བསྒྲུབ་བཅོལ། འདི་ནས་བརྩམ་མཇུག་མ་གྲུབ་ཀྱི་བར་དངོས་རོལ་རྗེས་འབྲང་གཏེར་སྲུང་རྣམས་ཀྱི་གཏོར་འབུལ་ཉིན་རེ་ཚར་རེ་འདོན་མཁན་ཟུར་དུ་ཡོད་ན་ལེགས། དངོས་རོལ་ཚང་མ་མ་གྲུབ་ན་དམ་ཅན་སྤྱི་གཏོར་ཁོངས་སུ་མངོན་རྟོགས་གང་ལྕོགས་རེ་མོས་བཙུད། སྒྲུབ་གཞི་ཡོད་པའི་གནས་དེར་གོ་ཡུལ་དོགས་ན་ཁང་པ་གཞན་དུ་མཆོད་གཏོར་རྒྱས་བསྡུས་གང་ལྕོགས་ལ་བརྟེན་ནས་འདོན་ཆོག་གོ །དགོང་མོ་ནས་བཀའ་བརྒྱད་དབང་ཆས་བཤམ་ལ། ཉིན་གསུམ་པར་ལས་བྱང་བདེ་རོལ་གྱིས་བསྒྲུབས་ལ་མདོ་བྱང་ཆེན་མོའི་དབང་རྫོགས་པར་བསྐུར། རྗེས་ཆོག་གྲུབ་ནས་དེའི་ཆས་བསྡུས་ལ་ཀར་གླིང་ཞི་ཁྲོའི་དབང་ཆས་བཤམ། ཉིན་བཞི་པར་དེའི་དབང་བསྐུར་བ་ནས་བརྩམ་གྲངས་གང་ཐོན་བྱ་བ་ལས་སྤར་བཀབ་མེད། རཏྣའི་ཚེ་སྒྲུབ་གསང་བ་འདུས་པའི་དབང་རྗེས་སུ་བཞག །དབང་ཁྲིད་ཡོངས་རྫོགས་གྲུབ་པའི་ཉིན་རྡོར་སེམས་ཆོ་ག་རྒྱས་པར་བཏང་ཞིང་སྒྲུབ་པའི་དངོས་གྲུབ་བླང་བའི་ཚེ་སློབ་དཔོན་གཞན་གྱིས་མཆོག་གི་སྦྱིན་སྲེག་བྱ་ཞིང་། དེ་ནས་དབང་དང་ཁྲིད་བཅས་རྫོགས་པར་བྱ། གཏོར་མ་བཏང་བ་སོགས་རྗེས་རིམ་རྣམས་བྱ། ཕྱིར་ཉིན་སྔ་བར་ཚེ་གསང་དབང་ཆས་བཤམ་ནས་ལས་བྱང་གིས་བསྒྲུབས་ལ་ཚེ་དབང་རྒྱས་བསྡུས་རྣམས་ཀྱིས་མཐར་དགེ་བྱས་ཏེ་དེའི་རྗེས་ཆོག་དང་། སྒྲུབ་པའི་ཐོ་འགྲོལ་སོགས་སྒྲུབ་ཁོག་ལས་འབྱུང་བ་ལྟར་མཐའ་རྒྱས་སུ་བྱ་བ་ཡིན་ནོ། །གཉིས་པ་སྤྲོས་འབྱོར་ལོངས་ཁོམས་མེད་པ་དག་གིས་སྒྲུབ་ཆེན་དང་མི་སྦྲེལ་བར་ཅི་བདེར་བསྐུར་ན། ཐོག་མར་བཀའ་བརྒྱད་བདེ་འདུས་ཀྱི་དབང་ཆེན་དངོས་སྟ་ཕྱེས་ཏེ་ཉིན་གཉིས་ལ་རྫོགས་པ་བསྐུར། འདིའང་སྒྲུབ་ཆེན་གྱི་ཁོག་དབུབ་སྦྱར་ནས་ཞག་བདུན་ལྔ་གསུམ་གྱིས་མཐའ་རྟེན་པ་སྔོན་ཏུ་གྲུབ་ན་མཆོག་ཏུ་འགྱུར། དེ་ནས་སྨིན་ལུགས་རྡོར་སེམས་ཀྱིས་དབུ་བཟུང་། མཇུག་དགོངས་འདུས་པུསྟི་ལུང་དབང་གྲུབ་ཀྱི་བར་ཉིན་རེ་བཞིན་དབང་རྒྱས་བསྡུས་དང་བསྟུན་པའི་གང་འགྲོ་རིམ་སྒྲུབ་རིམ་བསྐུར་བྱ། དེའང་ཞི་ཁྲོ་སྒྱུ་འཕྲུལ། རྩ་གསུམ། བླ་མ་ཕྱི་སྒྲུབ་སྐོར་པོད་གཞུང་ཐར་ཆགས་ལས་བསྣོན་འཕྲི་མེད་ཅིང་། བླ་མ་ནང་སྒྲུབ་ཆོས་དབང་གསང་འདུས་དབང་ཆེན་རྗེས་སུ་འདོད་བུམ་ལས་འབྱུང་བའི་ཟླུམ་པོ་བཞི་དང་གཏོར་དབང་བསྐུར་བས་མཚོན་དཀར་ཆགས་ལྟར་མ་བུ་ཕན་ཚུན་མཉམ་སྦྲགས་ཀྱིས་རྫོགས་པར་བྱ་དགོས་ཏེ་འདི་ཉིད་འདོད་བུམ་གྱི་རྒྱབ་ཆོས་ལྟ་བུ་ཡིན་པས་སོ། །ཚེ་སྒྲུབ་གསང་འདུས་དབང་རྗེས་སུ་བཞག་ནས་གོང་སྨོས་ལྟར་མཐར་དགེ་བྱེད་པ་ལེགས་སོ། །དེ་ལྟར་ལག་ལེན་རྒྱས་བསྡུས་གང་བྱེད་ཀྱང་། ཞི་ཁྲོ །བླ་མ་ཞི་བ། དྲག་པོ། འཇམ་དཔལ་སོགས་སྡེ་ཚན་རེ་རེའི་མགོར་དངོས་སྟ་ཕྲལ་ནས་ཞག་གིས་བར་བཅད་མ་བཅད་གང་ཡང་རུང་བ་ལ་དཔུང་སྐུད་ཀུ་ཤ་དངོས་སུ་སྦྱིན་པ་སོགས་ཕྱག་ལེན་རྒྱས་པའི་ཕྱོགས་གྲུབ་ན་ལེགས་ཤིང་། མི་འགྲུབ་ན་དཔུང་སྐུད་ཀུ་ཤ་རྣམས་དངོས་སུ་མི་སྦྱིན་ནས་འགྲིམས་པ་སྨིན་གླིང་སོགས་ཀྱི་ཕྱག་ལེན་ཡིན་ཞིང་དངོས་སྟ་ཞག་གིས་བར་མ་བཅད་ན་དེ་དག་དངོས་སུ་སྦྱིན་པ་ལ་དགོས་པ་ཆེར་མེད་པས་དབང་རྒྱུན་ཙམ་ལ་ཁྱད་པར་མེད་པར་གོ །སྡེ་ཚན་སོ་སོའི་དབུར་འབྱུང་བའི་གཙོ་ཆེ་བ་རེའི་སྒྲུབ་མཆོད་ཚོགས་སྐོང་ཡང་རྒྱས་པར་གྲུབ་ན་གལ་ཆེ་ཞིང་སྒྲུབ་བསྐུར་རེ་རེ་བཞིན་ལས་ཐབས་མེད་པ་སྨོས་མ་དགོས། དབང་སྒྲུབ་ཐམས་ཅད་ལའང་བསྙེན་བཟླས་བརྒྱ་རྩ་ལས་མི་ཉུང་བ་དང་། བུམ་བཟླས་ཟུར་དུ་དགོས་རིགས་ལའང་དེ་ལྟར་བྱ། གཏེར་སྲུང་སྒོས་མཆོད་ཡོད་རིགས་སོ་སོའི་ཐད་ཀར་སྦྱར། དམིགས་བསལ་མེད་པ་ལ་དགོང་མོར་ལས་བྱང་རྗེས་མ་དང་འབྲེལ་བར་དམ་ཅན་སྤྱི་གཏོར་གཏེར་གཞི་བཅས་ཚར་རེ་མ་བཏང་ཐབས་མེད་པས་དེ་ཀས་འཐུས་པར་བྱེད། བདག་འཇུག་རེ་རེ་བཞིན་མི་ལྕོགས་པས་ཏིང་འཛིན་དབང་ལེན་སོགས་དམིགས་བསལ་བཤད་པ་རྣམས་དེ་ཀས་འཐུས་ཤིང་། སྤྱི་ལ་རིག་པའི་མེ་ཏོག་དོར། གང་ལའང་སློང་མ་གཞུག་པར་གནང་བ་ཞུ་བ་མ་ཆད་པ་གལ་ཆེ། དབང་ཕྲན། རྗེས་གནང་། སྲོག་གཏད་སོགས་ཟོར་ཡངས་པའི་རིགས་རྣམས་གསུམ་བདུན་ལྔ་སོགས་དུས་གཅིག་ལ་བསྒྲུབ་བསྐུར་མཉམ་དུ་བྱེད་པ་རྙིང་མ་སྤྱིའི་ལུགས་ཡིན་ལ་དོན་དང་མི་འགལ་ཞིང་སླ་བས་དེ་ལྟར་བཤམ་སྒྲུབ་སོགས་བྱ། ཆོས་སྐྱོང་སྲོག་གཏད་རྣམས་ཤིན་ཏུ་གཉན་པས་དམ་ལྡན་གཏོར་འབུལ་སོགས་མ་ཆག་པ་བྱེད་མཁན་མ་གཏོགས་ཁྱབ་བརྡལ་དུ་སྤེལ་མི་རུང་། སྤྱིར་དྲག་སྔགས་མངོན་སྤྱོད་སྐོར་རྣམས་དང་། རྒྱུད་བཅུ་བདུན་གྱི་དབང་། ཁྲོས་མའི་གསང་རྒྱུད་སོགས་ནི་རིག་འཛིན་བརྒྱུད་པ་བར་མ་ཆད་པ་རྣམས་ཀྱིས་བརྒྱུད་འཛིན་དམ་ལྡན་གཅིག་གམ་གསུམ་ལས་མི་སྤེལ་བ་ཕྱག་ལེན་གྱི་མཐའ་ཅན་ཡིན་པས་དབང་ལུང་ཕལ་ཆེར་གྲུབ་པའི་སྐབས་སམ་ཡོངས་རྫོགས་གྲུབ་པའི་རྗེས་སུ་དེ་ལྟར་སྤེལ་མཁས་སུ་བྱའོ། ཁྲིད་ཐམས་ཅད་སོ་སོའི་དབང་བསྐུར་གྲུབ་པའི་རྗེས་སུ་བཤད་དགོས་པས་རྡོར་སེམས་དང་ཀར་གླིང་ཞི་ཁྲོ་ལྟ་བུའི་དབང་གྲུབ་རྗེས་མཚམས་སྦྱོར་བཅས་མཎྜལ་ཕུལ་ལ་ཁྲིད་ཡིག་ཉིད་དལ་བུས་གོ་བརྡ་འཕྲོད་པར་བཀླག་ནས་དགེ་བསྔོ་སོགས་བྱ། འདི་ཕྱིན་ཆད་ཀྱི་ཁྲིད་རྒྱུན་ཡོད་ཚད་ལ་དེས་འགྲེ །འདི་ལ་བཤད་ཁྲིད་དམ་ཁྲིད་ལུང་སྒྲགས་མ་ཟེར། བཤད་མི་ཤེས་མཁན་ནས་ཉབ་ཉོབ་མང་པོ་བཤད་ན་དོན་འབྲས་མེད་ཅིང་ཉི་མ་འཕུལ། བཤད་ཤེས་མཁན་ཡིན་ཡང་དོན་རྩ་ཁྲིད་ཡིག་ནང་མ་འདུས་པ་མེད་ཅིང་རྣམ་གྲངས་མང་པོ་རྫོགས་ཐབས་མེད་པས་འདི་ཡིས་གོ་ཆོད་པར་བྱེད། སྤྱིར་ཁ་བཤད་དཔེ་ཀློག་གང་བྱེད་ཀྱང་སྒོམ་དོན་ཡིད་ལ་ངེས་ཤིང་གོ་བརྡ་འཕྲོད་པ་ཁྲིད་ཀྱི་མཚན་ཉིད། ཚིག་དོན་རེ་རེ་བཞིན་ཡིད་ལ་ཟིན་མི་དགོས་པར་སྒྲ་ཐོས་ཀྱི་ཤེས་འཇུག་བར་མ་ཆད་པ་ཙམ་ལུང་གི་མཚན་ཉིད་ཡིན་པ་ཆོས་སྤྱན་ལྡན་པའི་བླ་མ་དག་བཞེད་པས་དེ་དག་གི་གནད་ཀྱང་ཤེས་པར་བྱ་དགོས་སོ། །ལས་བྱང་བསྒྲིགས་མ་མེད་རིགས་ལ་སྐྱབས་སེམས་བགེགས་གཏོར་གྱིས་མཚོན་པའི་སྔོན་རྗེས་ཡན་ལག་སྦྱོར་འོས་རྣམས་ལས་བྱང་བདེ་རོལ་ལྟ་བུ་སྤྱིར་སྨིན་ལུགས་ཤིག་དང་བསྟུན་ན་ཟོར་ཡངསབས་ལེགས་ཤིང་། བྱེ་བྲག་གཏེར་ཁ་ལྷོ་བྱང་དབུས་གསུམ། ཁམས་ལུགས་ཐ་དད་པ་རྣམས་སོ་སོའི་རང་ལུགས་དང་བསྟུན་ཤེས་ན་མཆོག་ཏུ་འགྱུར་ཏེ། དཔེར་ན་མཆོག་གླིང་ཟབ་བདུན་གྱི་རིགས་ལ་ས་བཅད་སྡེ་ཚན་གསང་སྔགས་སྤྱི་ཆིངས་ཀྱི་སྐོར་ལ་ཡོད་པའི་སྔོན་འགྲོ་དང་མཇུག་གི་སྤྱི་ཆིངས་སྦྱོར་དགོས་པས་མཚོན་ནོ། །བཀླག་ལུང་ནི་དབང་གི་བར་བར་དུ་གྲུབ་ནའང་ལེགས་ཤིང་མི་ལྕོགས་ན་དབང་རྣམས་གྲུབ་ཟིན་པའི་རྗེས་སུ་དཀྱུས་གཅིག་ཏུ་བཀླག་པས་ཆོག་གོ ༈ །གཉིས་པ་འདིའི་སྐབས་སུ་ཉེ་བར་མཁོ་བའི་ཡོ་བྱད་སྔ་ཚགས་སུ་བྱ་དགོས་པ་ནི། དཀྱིལ་འཁོར་སྒོ་རྫོགས་ཡོད་པ་རྣམས་དང་པདྨ་ཆོས་འབྱུང་སོགས་མཎྜལ་རིགས་ཀྱི་རས་བྲིས། ཙཀ་ལི་ཚང་བ་བཅས་མེད་ཐབས་མེད་པས་དེ་དག་ཚོགས་པ་གཞིར་བྱས། རྒྱུད་དང་གཞུང་པོད་ཀྱི་གླེགས་བམ་སོ་སོ་ལ་མཁོ་བ་འཛོམ་ན་རབ། མ་འཛོམ་ན་རྒྱུད་གསང་སྙིང་ཙམ་དང་སོ་སོའི་སྒྲུབ་ཐབས་ཀྱི་ཡི་གེ་དར་གྱིས་དྲིལ་བ། བཏགས་གྲོལ་འཁོར་ལོ་དང་གླེགས་བམ། མཐོང་གྲོལ་ཀློང་སྙིང་རིག་འཛིན་སྲོག་འཁོར། ཚེ་འཁོར་དང་སྲུང་འཁོར་སྤྱི་འགྲོ །གདུགས་དཀར་འཁོར་ལོ། ཆོས་སྐྱོང་རྣམས་དང་རྣམ་སྲས་ཛམ་དམར་སོགས་ཀྱི་སྲོག་འཁོར་བླ་རྡོ། སྡེ་བརྒྱད་བླ་རྡོ་སོ་སོ་ཡོད་དགོས་ཀྱང་མ་འཛོམ་ན། མགོན་པོ་སྤྱི་ལ་གྲི་སྙིང་བསྲེས་པའི་སྙིང་གཟུགས་ཚོན་བཏང་བའི་ནང་དུ་སྒྲུབ་ཁང་བྱང་ངོས་ནས་རྡོ་ནག་གྲུ་གསུམ་ལག་པ་མ་རེག་པ་གྲི་ལྕགས་གྲི་གུག་གམ་གྲི་རྩེས་བླངས་པ་ལ་ཧཱུྃ་བྲིས་པ་དང་། བཀའ་རྒྱ་མར་བཀོད་པའི་མགོན་པོ་སྤྱིའི་སྲོག་འཁོར་བཅས་དར་མཐིང་ནག་གིས་དྲིལ་ནས་གྲི་ལྕགས་གའུ་ཟུར་གསུམ་དུ་བཙུད་པ། ལྷ་མོ་སྤྱི་ལ་མཚོ་རྡེལ་སྔོན་པོ་ལག་པས་མ་རེག་ཅིང་གནམ་གྱིས་མ་མཐོང་བར་བླངས་པ་ལ་བྷྱོ་བྲིས་པ་དང་མ་མོ་སྤྱིའི་སྲོག་འཁོར་དར་གྱིས་བཏུམས་པ། ཆོས་སྐྱོང་སྡེ་བརྒྱད་སྤྱི་ལ་ཕ་ཝཾ་ལོང་བུར་མཚལ་གྱིས་ཏྲི་བྲིས་པ་རྣམས་དང་། རྫས་ཆའི་རིགས། བྱང་གཏེར་ཐུགས་སྒྲུབ་ཀྱི་གཏུམ་མོའི་མེ་དབང་དང་སྐུ་གསུམ་རིགས་འདུས་ཀྱི་ཚ་རྫས་གྲང་རྫས། ཐུགས་ཆེན་རྒྱལ་པོ་ལུགས་ཀྱི་བདུད་རྩི་རིལ་བུ། དྲག་ཁྲོས་དང་ཁྱུང་གསང་བ་ཡང་ཁོལ་རྫས་རྒོད། བདུད་རྩི་བུམ་པའི་རྫས་ཐུམ་དང་རྡོ་རྗེ་ཁྲབ་རིང་འཁོར་ལོ། གཟའ་ཡུམ་བུམ་རྫས། ཁྱུང་ལྔ་ཚད་སྦྱར། འཇམ་དབྱངས་དང་ཕག་དཀར་ཤེས་རབ་རིལ་བུ། དབྱངས་ཅན་མའི་བཞི་མཉམ་སོགས་སོ་སོའི་གཞུང་མཐུན་བསྡུ། དམིགས་བསལ་སྐུ་བརྙན་དགོས་པ་འགའ་རེ་དང་ཛམ་དམར་སྐུ། སངས་གླིང་ཐུགས་ཆེན་རྒྱལ་པོ་ལུགས་ཀྱི་རྟ་ཞལ་ནང་གཞུག་ཅན། མྱང་གྲོལ་རིལ་བུས་བཀང་བའི་བུམ་པ་དབུ་རྒྱན་བཅིངས་པ། ཡང་དག་ཐོད་སྐུ། སྨན་གྱི་ཕོ་བྲང་ཚུལ་བཞིན་བཅས་པ། ཕུར་ཁྲོམ་རྒྱས་བསྡུས་གང་འཛོམ། གཡུ་ཐོག་སྙིང་ཐིག་གི་སྨན་ཁྲོལ་བུ། རྒྱུད་བཞི། གཏར་སྲེག་ཆས། ལྷ་སྨན་དང་དྲང་སྲོང་བཀའ་གཏད་ཆས། ལྕགས་ཕུར་ཁྲོ་ཞལ་ཅན། སེང་ལྡེང་ཕུར་པ་རེ་ཟུང་། སྦ་ལྕགས་ཚིགས་གསུམ། ལྕགས་རྡོར། དུག་ཁྲག །རྭ་སྲུང་། ཚེ་བདག་རྭ་ཟོར། འུར་རྡོ། ཁྲོ་ཆུའི་སྲོག་འཁོར་དང་སྐྱེས་ཕུར། བཙན་དུག །མཆོད་རྟེན་ནམ་སཱཙྪ་དཀར་ནག་རྣམས་དང་། བུམ་རྫས་དྲི་བཟང་དང་ཉེར་ལྔ་སོ་ལྔ་ཕྱོགས་བསྡུས་བྱས་པ་སྣེ་གཉིས། ཞི་ཁྲོ་སོགས་ལ་མཁོ་བའི་སྙིང་པོ་ལྔ། སྨན་ལྔ། རིན་ཆེན་ལྔ། དྲི་ལྔ། འབྲུ་ལྔ་སོ་སོར་བྱས་པ། བྱང་སེམས་དཀར་དམར། ཤ་ལྔ། བདུད་རྩི་ལྔ་སོ་སོའི་རིལ་བུ། སིནྡྷུར། ལི་ཁྲི། ཆོས་སྨན། རྩ་བརྒྱད་སྟོང་སྦྱར་དང། རཀྟ་སོ་ལྔ། གཏོར་མའི་སྤོད་སྨན། བཟང་དྲུག་སོགས་སྨན་སྣ། ཚེ་རྫས་ཕུར་མ། བྱིན་འབེབས་སྦྱར་སྤོས། མ་མགོན་སོགས་སྤོས་སྦྱོར། བ་བྱུང་ལྔ་སོགས་གཙོ་བོར་སློབ་དཔོན་ཉིད་ཀྱིས་སྔ་ནས་ཚགས་སུ་ཚུད་པར་བྱ་དགོས་ཤིང་། སྟ་གོན་རྫས་སོ་ཤིང་དེ་དོར་བའི་གདན་རས་བྲིས་པདྨ་འདབ་བརྒྱད་དང་། ཀུ་ཤ །དཔུང་སྐུད་ཁ་དོག་སོ་སོ་ལས་འབྱུང་བ་ལྟར་རམ། ཐོག་མར་བཀའ་བརྒྱད་བདེ་འདུས་སྟ་གོན་ལ་ཀུ་ཤ་དང་དཔུང་སྐུད་ལུས་ཚད་སུམ་བསྒྲིལ་ཁ་དོག་སྔོན་པོ་སློབ་མའི་གྲངས་མཉམ། གཞན་རྣམས་ཀྱི་སྐབས་སུ་འགྲིམ་རྒྱུའི་ཀུ་ཤའི་ཆུན་ཆེན་པོ་རྒྱ་གྲམ་དུ་བཅིངས་པ་དང་། དཔུང་སྐུད་ཁ་དོག་ལྔ་པ་གོང་གསལ་ཚད་ལྡན་རྡོ་རྗེའི་མདུད་པ་གསུམ་བཏབ་པ་རེ་རེ། མིག་དར་དང་ཅོད་པན་ཁ་དོག་ལྔ་པ་སློབ་མའི་གྲངས་མཉམ། དེ་དོར་བའི་གཞི་རས་ལ་ཕྱོགས་བཞི་དབུས་ལྔར་ཕྱག་རྒྱ་ལྔ་བྲིས་པ། མིག་ཐུར། ཕྱག་ཤིང་། བུམ་པ་ཁ་རྒྱན་མགུལ་ཆིངས་ལྡན་པ་བཅུ་ལས་མི་ཉུང་བ། གཟུངས་རྡོར། དུང་ཆོས་གཉིས་གསུམ། དབུ་རྒྱན། རྡོ་རྗེ། དྲིལ་བུ། རྡོར་དྲིལ་ལྷན་ཅིག་བཅིངས་པ། མེ་ལོང་ཁ་ཤས། ཤེལ་རྡོ་སྟེགས་ཅན་ཆེ་ཆུང་གཉིས་གསུམ། བནྡྷ་མཚན་ལྡན་ཁ་ཤས་དང་མོ་ཐོད་གཅིག་ཙམ། དར་ཁ་དོག་སྣ་ཚོགས་གང་འཛོམ། དབང་ཕྲེང་དུང་ངམ་ཤེལ། པད་རཱག །རཀྴའམ་ཐོད་ཕྲེང་། གདབ་ཕུར་ཆེ་ཆུང་། གྲི་གུག །ལྕགས་ཧོམ། བྱ་འུག་སྒྲོ་ཐོ་བ་སྒྲོལ་གྲི་གཏུན་ཁུང་སོགས་བསྒྲལ་ཆས་ཚང་བ། ཐོད་ངན་དུ་ཐུན་རྫས་སྣ་ཚོགས། ཟློག་འཁོར་སྤྱི་འགྲོ །འཚེ་ཡུངས་རྩང་སོགས་ཟོར་ཆས། དུར་རྡོ་རྒྱ་གྲམ་ཕུང་རེ་བྱད་ཐག་ཐོད་ངན་མནན་ཆས། རྗེས་གནང་ལ་མཁོ་བའི་གདུགས་དང་ཕྱག་ཤིང་འཁོར་ལོ། མེ་དབང་ལ་རས་གོས་སྒོམ་ཐག་ཨང་རག་རྣམས་ཀྱང་གལ་ཆེ་སྐབས་དངོས་འཛོམ་ན་ལེགས། བྱང་གཏེར་དུག་སྲུང་རྡོ་རྗེ་ཕ་ལམ། མངའ་དབང་རིན་ཆེན་འབར་བ། འཇོམས་བྱེད་རྩལ་ཆེན་སོགས་ཁྱད་པར་བ་རྣམས་ཀྱི་དགོས་བྱའང་སོ་སོའི་སྐབས་སུ་བཤད་པ་ལྟར་སྔ་ཚགས་སུ་ཚུད་པ་བྱ། གཡབ་དར་དམར་ནག་གཉིས། དགང་གཟར་བླུགས་དང་སྦྱིན་སྲེག་ཆས་རྫས་ཆེན་བཅུ་གཅིག་སོགས། རྡུལ་ཚོན་སྣ་ལྔ། གུལ་གུལ། ཡུངས་ཀར། ཏིལ་ནག །སྒྲུབ་ཆེན་དང་སྦྲེལ་ན་དེའི་ཆས་སྒབ་སྐོར་རལ་གྲི་བཞི་མདའ་བཞི་ཕུར་བུ་བཅུ་བཞི་སྟེགས་བཅས་རྒྱལ་ཐོ་སོགས་དང་། མི་སྦྲེལ་ཡང་དཀྱིལ་འཁོར་གྱི་རྒྱན་རྒྱལ་མཚན་བཞི་དར་འཕན་བཞི་སོགས་བཀོད་ན་ལེགས་པས་གང་འཛོམ། སྨན་རཀ་དང་ཞི་མཆོད་དྲག་མཆོད་སྣོད་སྒྲོན་ཐུར་བཅས། ཆང་ཕུད། ཡོལ་བ། ཚེ་མདའ། དབང་སྐབས་ཉེར་མཁོའི་སྨན་རག་གཏོར་གསུམ་ཆུང་ངུ་སྣོད་གཅིག་ཏུ་བཞག་པ། ཕྱི་མཆོད་རྣམ་བདུན་གཅིག་ཏུ་བསྒྲིགས་པ། སྟེགས་ཁེབས་ཆེ་ཆུང་། ཌཱ་དྲིལ་རྐང་གླིང་། རོལ་ཆས་སོགས་མདོར་ན་འོག་ཏུ་དགོས་པ་རྣམས་ཐད་ཀར་སླེབ་དུས་མ་ཤོལ་བར་ཞིབ་པར་བསྒྲིག །དགོས་ཆས་འདང་ངེས་ཀྱི་མཆོད་ཕྱེ་གཙང་མ། མར། མཆོད་འབྲུ་བུང་མང་། མར་མེ་སྟོང་མཆོད་ལས་མི་ཉུང་བ། སྤོས་རེང་ངམ་སྤོས་ཕྱེ་དྲི་ལྡན། དཀར་གསུམ། མངར་གསུམ། ཟས་སྣ། གོས་སྣ། ཆང་ཕུད། གཏོར་ཤ་གཙང་མ་རྣམས་ཀྱང་ཚོགས་པར་བྱའོ། ༈ །གསུམ་པ་བྱེ་བྲག་སོ་སོའི་གཤོམ་བཀོད་བཤད་པ་ལའང་། ཐོག་མར་དབང་བསྐུར་ཚུགས་ཉེ་བའི་ཉིན་སྔ་མ་རྣམས་སུ་བཀའ་བརྒྱད་རྡོར་སེམས་ཀྱིས་མཚོན་པའི་གཏོར་མ་འོག་ཏུ་དགོས་པ་རྣམས་ལས་ཐོག་མར་མཁོ་བ་རྣམས་དང་། སྤྱི་འགྲེ་ཆོག་པ། བླ་གཏོར་རམ་ཞི་གཏོར། དཔལ་གཏོར་རིགས་གཉིས། ཟུར་གསུམ་དམར་པོ་རྒྱན་ལྡན་སོགས་ལྔ་བདུན་རེ་ཙམ། ཚེ་འབྲང་ཤིང་ལོ་དང་ཉི་ཟླའི་ཁ་རྒྱན་ཅན་ཁ་ཤས་རྣམས་མར་ཟན་གྱིས་བཅོས་ཏེ་ཚོན་དང་རྒྱན་སྤྲོས་སྤུས་ལེགས་བྱ། རྩ་གསུམ་སྤྱི་དང་ཁྱད་པར་ཆོས་སྲུང་གཏེར་སྲུང་རྣམས་རེ་རེ་བཞིན་འཕྲལ་འཕྲལ་གཤོམ་པ་མ་ལྕོགས་ན། བླ་མ་ཡི་དམ་མཁའ་འགྲོ །ཆོས་སྐྱོང་དངོས་གྲུབ་རོལ་མཚོ་རྗེས་འབྲང་དང་བཅས་པའི་གཏོར་མ་ལེགས་པར་བཞེངས། ལས་བྱང་ལ་དགོས་པའི་མཆོད་གཏོར་རིགས་ཚང་བར་བཅའོ། །དངོས་གཞི་ཚུགས་པའི་ཐོག་མར་གནས་ཁང་ཕྱགས་དར་བྱ། རྩ་བ་གསུམ་གྱི་སྐུ་གསུང་ཐུགས་ཀྱི་རྟེན་བྱིན་རླབས་ཅན་རྣམས་དང་། ཆོས་སྐྱོང་གི་རྟེན་སོགས་བཀྲམ། བླ་བྲེ་དར་འཕན་སོགས་རྒྱན་གྱི་བཀོད་པས་མཛེས་པར་བྱ། སྒྲུབ་ཆེན་དང་སྦྲེལ་ན་སྔོན་འགྲོ་ས་ཆོག་ཕྱི་ནང་མཚམས་གཅོད་ནས་བཟུང་། རྗེས་ཀྱི་བྱ་བ་རྣམས་གྲུབ་ཀྱི་བར་ལག་ལེན་དེའི་ལུགས་བྱ་དགོས་ཀྱང་འདིར་ཡི་གེས་འཇིགས་པས་མ་སྤྲོས་ལ། སྐབས་དེར་ནི་དཀྱིལ་འཁོར་ལྡིང་ཁྲི་བརྩེགས་མར་བྱས་པའི་འོག་ཏུ་རྡོར་སེམས་དཀྱིལ་འཁོར་རྒྱུན་བཞག་གི་མཐའ་སྐོར་དུ་ཕྱི་ནང་མཆོད་པ་བརྒྱ་རྩ་སོགས་བསྒྲིག །སྟེང་མར་སྐབས་སོ་སོའི་དཀྱིལ་འཁོར་དབང་རྫས་རྣམས་རེས་མོས་སུ་བཤམ། སྒབ་བསྐོར་སོགས་ཀྱི་ཆས་རྣམས་སྤྱི་ལྟར་བྱ་བ་ཡིན་ནོ། །སྒྲུབ་ཆེན་དང་མ་འབྲེལ་ན་སྟེགས་བུ་རྒྱ་ཆེ་བ་ཁེབས་བཟང་པོས་བཀབ་ཅིང་། དབང་མང་པོ་སྦྲེལ་སྐབས་དཀྱིལ་འཁོར་དང་དབང་རྫས་རྣམས་ཤོང་ངེས་པའི་ཟུར་བཞིར་རྒྱལ་མཚན། ལོགས་བཞིར་འཕན་གཟུག །སྟེང་དུ་བླ་བྲེ་དར་དཔྱངས་ཀྱིས་མཛེས་པར་བརྒྱན། དེ་སྟེང་དཀྱིལ་འཁོར་གང་ཡིན་བཀྲམ་པའི་དབུས་སུ་བུམ་གཏོར་བརྩེགས་མར་འགོད་དགོས་པའི་རིགས་ལ་འཕྲུལ་སྟེགས་རིམ་པ་གཉིས་པ་བླང་བཞག་བདེ་བ་དང་། བུམ་གཏོར་གང་རུང་འཇོག་དགོས་པ་སྤྱི་དང་སྐུ་ཚབ་བཞུགས་གདན་སོགས་རྐང་གསུམ་འཇོག་དགོས་པས་དེའང་གྲངས་ཀ་མང་དུ་བསྡོགས། གལ་ཏེ་དཀྱིལ་འཁོར་རས་བྲིས་མི་འཛོམས་པའི་དབང་བྱིན་རླབས་ཆུང་ངུའི་རིགས་ལ་མཎྜལ་སྟེང་ཚོམ་བུ་ལྷ་གྲངས་བཀོད་ཀྱང་ཆོག་མོད། ཚོམ་བུའང་ཚོན་གྱིས་ཁ་བསྒྱུར་བའི་འབྲས་ལ་མར་གྱི་སྙིང་པོ་བྱས་ཏེ་ལྷ་མདོག་དང་མཚུངས་པའི་ཆེ་ཆུང་མང་པོ་གྲུབ་ན་ལེགས། བུམ་པ་ལ་གསར་མའི་ལུགས་སུ་གོས་བཟང་པོ་དང་སྲད་བུ་སོགས་ཀྱིས་དཀྲི་བ་ལས་དམིགས་སུ་མ་གསུངས་ཀྱང་། རྙིང་མ་གཏེར་མའི་ཕྱོགས་ཕལ་མོ་ཆེར་མགུལ་ཆིངས་དམིགས་བསལ་དུ་བཤད་ཅིང་ད་ལྟ་ཕྱག་ལེན་དུའང་མཛད་པས། དམིགས་སུ་མ་བཤད་པ་རྣམས་ལའང་མགུལ་ཆིངས་ལྷ་གཙོ་བོའི་སྐུ་མདོག་དང་མཐུན་པར་བཅིངས། བུམ་རྫས་ཀྱང་སྤྱི་ཁྱབ་ཐམས་ཅད་བླ་མེད་ཁོ་ན་ཡིན་པས་སོ་ལྔ་འབའ་ཞིག་དང་དྲི་བཟང་གི་ཆུ་སྦྱར། ཚེ་དབང་ཕལ་ཆེར་དང་། འཇམ་དབྱངས་ལྟ་བུ་དམིགས་བསལ་ཅན་ལ་ཉེར་ལྔ་འདེབས། བྱིན་རླབས་ཀྱི་རིགས་སོགས་ཀྱི་ཐོད་པའི་བདུད་རྩི་ཆང་དང་བདུད་རྩི་ཆོས་སྨན་སྦྱར། རིག་ཙཀ་ཡོད་པའི་དབང་བཞིའི་རིགས་རྣམས་ལ་དེ་སྟེང་མངར་གསུམ་རོ་བྲོ་ངེས་པར་བྱ། ཚེ་དབང་གི་རིགས་ལ་ཚེ་རིལ་ཚེ་ཆང་མངར་གསུམ་དང་སྦྱར་ཞིང་། ཡོད་ན་ཚེ་རྫས་ཕུར་མའང་འདེབས། དབང་གི་བགེགས་བསྐྲད་ལ་གུ་གུལ། བྱིན་འབེབས་ལ་འཛོམ་ན་འབེབས་རྫས། མེད་ན་སྦྱར་སྤོས་དྲི་ཞིམ་པ་བདུག་པ་སོགས་མ་ཆད་པར་བྱའོ། །མིག་དར་མེ་ཏོག་སོགས་ཀྱང་བླང་བཞག་བདེ་བར་བྱས་ཏེ་ནམ་དགོས་ཀྱི་སྐབས་མཎྜལ་མེ་ཏོག་བཀྲམ་སྡུད་དང་ལྷན་ཅིག་གཏད་ཆོག་པར་བྱ། བཀའ་བརྒྱད་ལྟ་བུའི་དབང་ཆེན་མཚམས་སྦྱར་ཡོད་རིགས་ལ་དེ་དག་བླ་མས་བརྡ་སྤྲད་པ་དང་མཉམ་དུ་འགྱེད་དགོས། སྤྱིར་འདི་དག་གི་སྐབས་སུ་ལས་རྡོར་བསླབ་ཤེས་གོ་བ་ཕྱག་ལེན་ཞིབ་པ་ཞིག་གིས་བཤམ་བཀོད་རྣམས་སྔ་མ་གྲུབ་བསྟུན་དེའི་ཆས་རྣམས་བསྡུ་ཞིང་། ཕྱི་མ་རྣམས་འཕྲལ་འཕྲལ་མི་ཤོལ་བ་བསྒྲིག་ཐུབ་པ་དགོས། མཆོད་གཡོག་ལག་བདེ་ཞིག་གིས་ཉིན་རེའི་མཆོད་གཏོར་དཀར་བགེགས། ཆོས་སྲུང་རྒྱུན་འབུལ་གཏེར་གཞི། ལས་བྱང་རེ་རེ་བཞིན་གཏོར་གསོས་ཐེབས་ཀྱུ། ཞལ་ཟས། ཚོགས། ཆད་བརྟན་སོགས་སྤྱི་དང་། བྱེ་བྲག་གང་དགོས་རྣམས་བཅའ་འོ། །ལག་ལེན་རྒྱས་བསྡུས་གཉིས་ཀ་ལའང་གནས་ཁང་གོ་ཡུལ་ཡངས་ན་སྒྲུབ་དཀྱིལ་དང་བར་མཚམས་བྱེ་བའི་རྒྱབ་ཕྱོགས་སུ་སྟེགས་བུ་རིམ་པ་གསུམ་པའི་བསྟར་དང་པོ་ལ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཕོ་མོ་ནོར་ལྷ་ཕྱི་རྒྱུད་བཅས་ཀྱི་གཏོར་མ་བདུན་ཚར། གཡས་གཡོན་དུ་སྨན་རཀ་ཕབ་ལྡན། གཉིས་པར་དངོས་རོལ་རྗེས་འབྲང་ཆད་བརྟན་རྒྱུན་བཞག་བཅས། གསུམ་པར་ཞི་མཆོད་དྲག་མཆོད་མཇུག་སྤྲོད་དུ་བཤམས་པའི་བར་དུ་མཉྫི་ལ་ཆོས་སྐྱོང་གཏོར་སྤུངས་རྒྱུན་འབུལ་བཀོད། འདི་དག་ནི་མཆོད་གཏོར་སྤྱི་ཁྱབ་པ་ཡིན་པས་གཏོར་འབུལ་ནམ་བྱེད་ལ་ཐེབས་ཀྱུ་སོགས་ཀྱིས་གསོ་བ་དང། མཆོད་པ་ཉིན་རེ་བཞིན་བརྗེ། ལས་བྱང་སྔ་ཕྱིའི་བར་མཚམས་ལྟ་བུ་ལ་ཁ་གསོ། གོ་ཡུལ་གྱིས་འདི་ལྟར་མ་ཤོང་ནའང་དཀྱིལ་འཁོར་སྒེ་མཆོད་དང་གཏོར་མ་བཤམ་དགོས་པས་དེ་ཀས་འཐུས་སོ། ༈ །དེ་ནས་དབང་བསྐུར་སོ་སོ་དང་འབྲེལ་བའི་གཤོམ་བཀོད་ལག་ལེན་དངོས་ཀྱི་དང་པོ། བཀའ་བརྒྱད་བདེ་འདུས་ཀྱི་དབང་ཆེན་ལའང་སྒྲུབ་དབང་ལུགས་སུ་བྱེད་ན་ལག་ལེན་སྤྱི་ལྟར་བྱ། མགྱོགས་དབང་བྱེད་ན། སྟ་གོན་རྫས་བཞི་སོ་ཤིང་གི་ར་བ་བཅས་ཅོག་སྟེགས་ལྟ་བུར་བཀོད། སྟེགས་བུར་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའི་དབུས་སུ་མཉྫིའི་སྟེང་རྣམ་རྒྱལ་བུམ་པ་མགུལ་ཆིངས་དམར་སྨུག་ཅན། དྲི་བཟང་ཆུ་དང་སོ་ལྔས་བཀང་བ་ཁ་རྒྱན་གཟུངས་རྡོར་བཅས་པ། ཤར་དུ་རྡོར་དྲིལ་ལྷན་ཅིག་བཅིངས་པ་དང་འཁོར་ལོ། ལྷོར་དབུ་རྒྱན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ་རྣམས་དར་ཆིངས་ཕྱོགས་མདོག །ཙཀ་ལི་ཚང་བ་ཚན་དུ་བཅད་པ། བུམ་དབང་། ཕྱི་ནང་རྫས་དབང་རྣམས་མདུན། ཞི་ལྷ་ཁ་རྒྱན་གསེབ་བམ་དབུས། དཔལ་དགུ་སོ་སོའི་རང་གནས། བཀའ་སྡོད་བྱང་ཤར་དུ་དགོད། གསང་དབང་ཐོད་ཆང་། ནུས་དབང་ཆས། རིག་ཙཀ །ཤེལ་རྡོ་རྣམས་དང་། ཞི་དྲག་མཆོད་པ། ཟླ་གམ། ཛ་གད། ཚེ་བུམ་རྣམས་ཀྱང་ཕྱག་ལེན་ལྟར་དགོད་ཅིང་། རྒྱབ་ཕྱོགས་སྟེགས་བུ་ཟུར་པར་མཆོད་བཤམ་མེད་ན་དཀྱིལ་འཁོར་ཉིད་ཀྱི་མདུན་རྒྱབ་གང་བདེར་སྨན་རཀ་གཏོར་གསུམ་བཤམ་དགོས་པས། འདིར་དཔལ་གཏོར་གཙོ་འཁོར་དགུ་པ་བཤམ། སྤྱིར་འདི་ཕྱིན་ཆད་ཀྱི་དཀྱིལ་འཁོར་ཐམས་ཅད་ལ་སོ་སོའི་མཆོད་གཏོར་དང་། བྱང་ཤར་མཚམས་འཛིན་མེ་ཏོག །ཤར་དུ་མཆོད་ཡོན་ནས་བརྩམས་ཏེ་མཆོད་པ་རྣམས་བདུན་བསྐོར་བཤམ་དང་། དམིགས་བསལ་མ་བཤད་པ་ལའང་ཕྲེང་ཚར་གྱི་སྒོས་མཆོད་རེ་ཆད་དུ་མི་རུང་བ་ནི་ཐམས་ཅད་ལ་ཤེས་པར་བྱ། སློབ་དཔོན་མདུན་དུ་ལས་བུམ། གཡབ་དར། ཌཱ་དྲིལ། ནང་མཆོད། གདབ་ཕུར། མེ་ཏོག་གི་སྣོད། ཐུན་ཟེ་རྣམས་འཇོག་གོ ༈ །།དེ་ནས་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་དཔལ་རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལ། རས་བྲིས་སམ་མཎྜལ་ལ་ཚོམ་བུ་གཅིག་པའི་སྟེང་ཁྲིའུར་བུམ་པ། ཐོད་པའི་བདུད་རྩི། སིནྡྷུ་རའི་མེ་ལོང་ལ་ཆོས་འབྱུང་ལྟེ་བར་མཱུཾ་ཡིག་བྲིས་པ་དང་ཤེལ་རྡོ་སྟེགས་ལྡན་རྣམས་བརྩེགས་མར་འཇོག ༈ །ཀར་གླིང་ཞི་ཁྲོ་ལ། གླུད་ཟན་སློབ་མའི་གྲངས་མཉམ། སྟ་གོན་རྫས་བཞི། དཀྱིལ་ཐང་སྟེང་གཙོ་བུམ་སྨན་ལྔ་མཐིང་། ཤར་བུམ་འབྲུ་ལྔ་དཀར། ལྷོ་བུམ་རིན་ཆེན་ལྔ་སེར། ནུབ་བུམ་དྲི་ལྔ་དམར། བྱང་བུམ་སྙིང་པོ་ལྔ་བཏབ་ཅིང་མགུལ་ཆིངས་ལྗང་གུ་ཅན། དབུ་རྒྱན་སོགས་རིག་དབང་། རྣམ་སྣང་སྐུ། ཕྱག་མཚན་ལྔ་སོ་སོར་ཕྲལ་བ་དང་གཅིག་བསྡུས། ཐུབ་དྲུག་ཕྱག་མཚན། ལྷ་ཙཀ་ཚང་བ། གསང་ཐོད། རིག་ཙཀ མེ་ལོང་ཤེལ་རྡོ། རྒྱལ་སྲིད་རྟགས་བརྒྱད་སོ་སོར་ཕྲལ་བ། དབུས་སུ་རྐང་གསུམ་མཐོ་བའི་ཁར་གཏོར་མ་ཟླུམ་པོ་པད་འདབ་བརྒྱད་ཀྱིས་བསྐོར་བའི་རྩེར་རྡོ་རྗེ་ཕྱེད་པ། གཡས་གཡོན་ཉི་ཟླས་བརྒྱན་པ་ལ་གཙོ་བོའི་ཙཀ་ལི་བཙུགས་ཤིང་དར་གདུགས་ཕུབ་པ་བཀོད། འདི་རིགས་གཏོར་དབང་མཐར་དངོས་གྲུབ་ཏུ་སྦྱིན་དགོས་པའི་རིགས་ལ་གཏོར་སྣོད་ཆེ་ན་ཤ་དང་ཟན་དུམ་སོགས་ཟས་སྣས་བསྐོར་ཅིང་། མ་ཤོང་ན་ཟས་སྣ་སྣོད་གཞན་དུ་བླུགས་པ་དང་ལྷན་ཅིག་ཐོད་པའི་བདུད་རྩི་རེའང་བཞག་གོ ༈ །གྲོལ་ཏིག་ཞི་ཁྲོ་ལ། དཀྱིལ་འཁོར་སྟེང་བུམ་པ་གསང་ཐོད་མེ་ལོང་སིནྡྷུ་རའི་ཐིག་ལེ་ཅན་ཤེལ་རྡོ་རྣམས་བརྩེགས་ནས་བཀོད། ཞི་ཁྲོའི་ལྷ་ཙཀ་སྔ་མ་ལྟར་བཀོད། ༈ གནམ་ཆོས་ཞི་ཁྲོ་ལ་མཎྜལ་ཚོམ་བུ་གཅིག་སྟེང་རྣམ་བུམ། མདུན་རྒྱབ་གང་བདེར་ལུགས་འདིའི་ལྷ་བརྒྱ་གཏོར་གཅིག་གམ་དཔལ་གཏོར་སྤྱི་འགྲེ། སྐུ་ཙཀ་ཕྱོགས་སྦམ། འབྲས་སྙེ། དུང་། ཞིང་དབྱུག་ཐོད་ཕྲེང་རྣམས་ཀྱི་ཙཀ་ལི་དགོད། སྤྲོ་ན་རྫས་རྟགས་བཅས། ཕྱིན་ཆད་གཟུངས་དབང་ཐམས་ཅད་འདིས་འགྲེ ༈ །བདེ་གླིང་བཀའ་འདུས་ཞི་ཁྲོ་ལ། སྟ་གོན་རྫས་བཞི། དཀྱིལ་འཁོར་སྟེང་བུམ་པ་ལྔ་དང་རིག་དབང་ཆས། གཏོར་མ་སོགས་ཀར་གླིང་ཞི་ཁྲོ་ལྟར་ལ། ཙཀ་ལི་ཚང་བ། ལྷོར་གསང་ཐོད། ནུབ་རིག་ཙཀ་ཕག་མོའི་གཟུགས། བྱང་དུ་ཤེལ་རྡོ་མེ་ལོང་རྨ་བྱའི་མདོངས་རྣམས་བཀོད། ༈ གྲུབ་ཐོབ་ཐུགས་ཐིག་གི་སྒྲུབ་ཐབས་སྐོར་ལྔ་ལ། དཀྱིལ་འཁོར་རས་བྲིས་སམ་མཎྜལ་ལ་ཚོམ་བུ་ལྷ་གྲངས་བཀོད་པ་འོག་མ་རྣམས་ལའང་འགྲེ །བླ་མ་ཞི་བ་ལ་དཀྱིལ་འཁོར་དབུས་རྐང་གསུམ་སྟེང་རྣམ་བུམ་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་བཅས། ཁ་རྒྱན་གསེབ་བམ་མདུན་དུ་གུ་རུ་ཟ་ཧོར་མའི་སྐུ་ཙཀ །གཡས་གཡོན་མདུན་རྒྱབ་རྣམས་སུ་དབུ་རྒྱན། རྡོ་རྗེ། དྲིལ་བུ། རྒྱུད་ཀྱི་གླེགས་བམ། མེ་ལོང་། ཆོས་གོས་རྣམ་གསུམ། རིན་ཆེན་རུས་རྒྱན་ཕྱོགས་བསྡུས་ཀྱི་ཙཀ་ལི། གསང་ཐོད་བདུད་རྩི། རིག་ཙཀ །རྒྱབ་ཕྱོགས་སུ་བླ་མའི་གཏོར་ཆེན། སློབ་མར་བཀྱེ་རྒྱུའི་དངོས་གྲུབ་རྫས། མདུན་དུ་ཚེ་འབྲང་། ཚེ་རིལ། ཚེ་ཆང་། རྫས་རྟགས་དང་རྒྱལ་སྲིད་ཙཀ་ལི། སྟེགས་ཟུར་པ་ལྟ་བུ་གང་བདེར་སྒོ་འབྱེད་ཁྲུས་བུམ། མར་མེ། ཆུ་བུམ། རྡོ་རྗེ། ལྷུང་བཟེད་ཆོས་གོས་གླེགས་བམ་ཕྱོགས་བསྡུས། རྟེན་འབྲེལ་བཅུ་གཉིས་གཟུགས་རིས་རྣམས་བཀོད། ཏིལ་སྦྱོང་སོགས་ཉེར་མཁོ་རྣམས་ཀྱང་བསྡོགས། ༈ གུར་དྲག་ལ། དཀྱིལ་འཁོར་དབུས་སུ་བུམ་པ་ཆིངས་དམར། གུར་དྲག་གཙོ་བོའི་སྐུ །སྔགས་བྱང་། ཕྱག་མཚན་རྡོ་རྗེའམ་མེ་ལོང་། རྒྱབ་ངོས་སུ་དཔལ་གཏོར་དར་གདུགས་ཅན། ལས་ཕུར་རྣམས་བཀོད། ལྕགས་ཧོམ། ལིང་ག །བསྒྲལ་ཆས་རྣམས་འདུ་བྱ། ༈ ཐུགས་རྗེ་ཆེན་པོ་ལ། དཀྱིལ་འཁོར་དབུས་བུམ་པ་ཆིངས་དཀར། འགྲོ་འདུལ་ཕྱག་བཞི་པ་ཡུམ་ཅན་སྐུ་ཙཀ །ཤེལ་ཕྲེང་སྔགས་བྱང་། ཕྱག་མཚན་ཕྲེང་བ་པད་དཀར། མདུན་ངོས་མྱོང་གྲོལ་རིལ་བུམ། རྒྱབ་ཏུ་ཞི་གཏོར་དར་གདུགས་ཀྱིས་སྤྲས་པ་བཀོད། ༈ རྟ་མགྲིན་ལ། དཀྱིལ་འཁོར་དབུས་རྣམ་བུམ་བཅུད་ལྡན་ཆིངས་དམར་ཅན། རྟ་མགྲིན་གཙོ་བོའི་སྐུ །སྔགས་བྱང་དང་རཀྴའི་ཕྲེང་བ། ཕྱག་མཚན་རྡོ་རྗེ་ཁ་ཊྭཱཾ་རལ་གྲི་སྡིགས་མཛུབ་མདུང་ཐུང་རྒྱུ་ཞགས་ཕྱོགས་གཅིག་བྲིས་པ། རྒྱབ་ཏུ་དཔལ་གཏོར་རྟ་ཞལ་ཅན། གདབ་ཕུར། ལྕགས་ཧོམ་ལིང་ག །བསྒྲལ་ཆས། མེ་ཧོམ། གཏོར་ཟོར་སོགས་འདུ་བྱ། ༈ ཕག་མོ་ལ། དཀྱིལ་འཁོར་དབུས་ཁྲིའུ་ལ་ཐོད་པ་མཚན་ལྡན་བདུད་རྩིས་བཀང་བའི་ཁ་སིནྡྷུ་རའི་མེ་ལོང་ལ་ཆོས་འབྱུང་བཾ་ཡིག་སྔགས་བྱང་གིས་བསྐོར་བས་བཅད་ལ། དར་དམར་གྱིས་བཀབ་པའི་སྟེང་ཤེལ་རྡོ་བཞག །གཙོ་མོའི་སྐུ །སྔགས་བྱང་ཐོད་ཕུར། མེ་ལོང་། གཡས་སུ་བནྡྷ་ཁ་སྦྱོར་བདུད་རྩི་རིལ་བུས་བཀང་བ་ཆས་ལྡན། གཡོན་དུ་སྨན་གཏོར་རཀྟ་མར་མེ་རྣམས་སྣོད་གཅིག་ཏུ་བཞག་པ་རྣམས་བཀོད། ༈ གཏེར་གསར་སྒྱུ་འཕྲུལ་ཞི་བ་ལ། སྟ་གོན་རྫས་བཞི། དཀྱིལ་འཁོར་སྟེང་བུམ་པ། དབུ་རྒྱན། དར་དམར་མཐིང་སྦྲེལ་བའི་ཅོད་པན། ཙཀ་ལི་ཚང་བ། རྒྱུད་ཀྱི་གླེགས་བམ་དར་གྱིས་དྲིལ་བ། གསང་ཐོད། རིག་ཙཀ་བཅས། ༈ སྒྱུ་འཕྲུལ་ཁྲོ་བོ་ལ། དཀྱིལ་འཁོར་སྟེང་བུམ་པ། ཙཀ་ལི། གླེགས་བམ། གསང་ཐོད། རིག་ཙཀ་བཅས། ༈ དོང་སྤྲུགས་ལ། དཀྱིལ་འཁོར་སྟེང་གཙོ་བུམ། དབུས་སུ་བཏགས་གྲོལ་གླེགས་བམ་དང་ཙཀ་ལི་ཚང་བ། སློབ་མའི་གྲངས་མཉམ་དཔལ་གཏོར་སྣོད་བཅས། བྱང་ཤར་དུ་ཁྲུས་བུམ་མགུལ་ཆིངས་དཀར་པོ་ཅན་བཤམ། ༈ སྒྱུ་འཕྲུལ་ཚེ་དཀྱིལ་རྒྱས་པ་ལ། དཀྱིལ་འཁོར་སྟེང་བུམ་པ་ཕྱོགས་བཞི་དབུས་ལྔར་དཀར་མཐིང་སེར་དམར་ལྗང་གུའི་མགུལ་ཆིངས་དང་བཅུད་སྨན་ལྔ་སོགས་ཀར་གླིང་ལྟར། དབུས་མདུན་ལྷ་ཙཀ་ཚང་བ། རྒྱབ་ངོས་ཁྲིའུར་ཚེ་འབྲང་། གཡས་སུ་ཐོད་པའི་ནང་མར་གྱི་རིལ་བུ་ལྷ་གྲངས་དང་བདུད་རྩིས་བཀང་བ། གཡོན་དུ་མར་མེ་གསལ་བ། མདུན་དུ་ཚེ་ཆང་མངར་གསུམ་སྦྱར་བ། དབུས་སུ་ཚེ་མདའ་རྒྱན་ལྡན། མཚམས་བཞིར་མདའ་དར་དཀར་སྔོ་དམར་ལྗང་བཞི། ཚེ་ནས་བཅས་བཀོད། ༈ སངས་རྒྱས་མཉམ་སྦྱོར་ལ། དཀྱིལ་འཁོར་རམ་དུམཎྜལ་ཚོམ་བུ་དབུས་སུ་གཅིག །དེ་རྒྱབ་ཕྱོགས་བཞིར་བཞི་རིམ་གཉིས་བཀོད་པའི་སྟེང་རྣམ་བུམ། མདུན་སོགས་སུ་རིགས་དྲུག་གི་སྐུ་ཙཀ་གསང་ཐོད། རིག་ཙཀ །ཕུར་བུ་གྲི་སྣ་ཚོགས་རྡོ་རྗེ་རྣམས་བཀོད། ཕྱོགས་བཞིར་བཞི་བསྣོལ་ཆ་བཞི། ཤར་དུ་ལྷག་པོ་ཆ་གཉིས་བཤམ་མོ།། ༈ །།དེ་ནས་རྩ་གསུམ་སྤྱིའི་སྐོར་ལ། ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་ལ་སྟེགས་བུར་མེ་ཏོག་སིལ་མ་བཀྲམ་པའི་དབུས་སུ་བླ་གཏོར་དམར་ཟླུམ་རྒྱན་ལྡན་དར་གདུགས་བཅས་པ། མདུན་དུ་ཚེ་འབྲང་། གཡས་གཡོན་ཚེ་རིལ་ཆང་བཅས། ༈ ཀར་ལུགས་རྩ་གསུམ་དྲིལ་སྒྲུབ་ལ། གཞི་སྟེང་འབྲས་གྱི་གཡུང་དྲུང་གཡས་བསྐོར་བྲིས་པའི་དབུས་སུ་ཆང་དང་དཀར་མངར་བསྲེས་པའི་ཟན་གྱིས་པདྨ་འདབ་བརྒྱད་སྟེང་ཟླ་གམ་བཅད་ཁ་མདུན་བསྟན་ཐོག་ཚེ་བུམ་ཉི་ཟླ་ནོར་བུས་བརྒྱན་ཅིང་ཚེ་རིལ་གྱིས་བསྐོར་བ་ལ་སྐུ་ཙཀ་བཙུགས། དེའི་གཡས་སུ་ཚེ་རིལ། གཡོན་དུ་ཐོད་པའི་ནང་ཚེ་ཆང་། མདུན་རྒྱབ་གང་བདེར་བུམ་པ་ཆིངས་དམར། འཁོར་ལོ། པདྨ། རྡོ་རྗེའི་ཙཀ་ལི་སོ་སོ་བ། རི་རབ་ལ་ཕུར་ཆུང་བཏབ་པ། སིནྡྷུར། ཚེ་མདའ་བཅས་བཤམ་འདི་སྐབས་སློབ་མ་རྣམས་ཀྱི་གདན་རེ་རེ་བཞིན་ནས་འབྲས་ཀྱི་གཡུ་དྲུང་བྲི་པའམ། མ་ལྕོགས་ན་ཚོམ་བུ་རེ་དགོད། ༈ རད་གླིང་རྩ་གསུམ་འབྲས་བུའི་དོན་ཁྲིད་ལ། གཞི་སྟེང་དབུས་གཡས་གཡོན་མདུན་དང་བཞིར་མཎྜལ་རེ་ལ་ཚོམ་བུ་རེ་བཀོད་པའི་དབུས་སུ་བུམ་པ་མགུལ་ཆིངས་དམར་པོ་ཁ་རྒྱན་གཟུངས་རྡོར་བཅས་པའི་སྟེང་དུ་ཁྲིའུ་ལ་གཏོར་མ་རིན་ཆེན་འབར་བ་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ། གཞན་གསུམ་ལ་རྐང་གསུམ་བཞག་པའི་གཡས་ཀྱི་སྟེང་དུ་བུམ་པ་མགུལ་ཆིངས་དཀར་པོ། གཡོན་དུ་སིནྡྷུ་རའི་མེ་ལོང་ཆོས་འབྱུང་བསྣོལ་མའི་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་ཧྲཱིཿམ། འདབ་བཞིར་མདུན་ནས་གཡས་བསྐོར་གྱིས། ར་ཧ། ཙ་རི། ཧྲི་ནི། ཡ་ས་བྲིས་པ། མདུན་དུ་ཐོད་ཆང་ཆོས་སྨན་མངར་གསུམ་ཅན་བཀོད། ༈ འཇམ་དབྱངས་བླ་མའི་རྩ་གསུམ་དྲིལ་སྒྲུབ་ལ་མཎྜལ་པདྨ་འདབ་བརྒྱད་དབུས་ཚོམ་བུ་གཅིག་པའི་སྟེང་། བླ་མའི་གཏོར་མ་རྒྱན་ལྡན། གཡས་སུ་ཐོད་ཆང་། གཡོན་དུ་མེ་ལོང་། ཤེལ་རྡོ། མདུན་དུ་མདའ་གཞུ་བཅས་བཀོད། ༈ དགོངས་པ་ཡང་ཟབ་ཀྱི་རྩ་གསུམ་གཏོར་དབང་ལ། མཎྜལ་ཚོམ་བུ་དགུ་པའི་ཁར་མཉྫི་ལ་གཏོར་མ་རིན་ཆེན་འབར་བ་རྒྱན་ལྡན་བཀོད། ༈ ཞིག་གླིང་ཐུགས་དམ་ཟབ་པ་སྐོར་བདུན་ལ། དཀྱིལ་འཁོར་དབུས་སུ་རྐང་གསུམ་སྟེང་བུམ་པ་ཆིངས་དཀར་ཁ་རྒྱན་གསེབ་སྐུ་རྟེན་ཙཀ་ལིས་བརྒྱན་པ། མདུན་རྒྱབ་གང་བདེར་ཐོད་ཆང་ཁར་མེ་ལོང་ལ་ལི་ཁྲིའི་ཆོས་འབྱུང་པདྨ་འདབ་དྲུག་དབུས་སུ་ཧྲཱིཿ ཤར་ནས་གཡས་བསྐོར་དུ། ཧཱུྃ། ཧྲཱིཿ ཧྲཱིཿ ཧཱུྃ། ཛཾ། ཧཱུྃ། རྣམས་དང་མཐའ་སྐོར་དབྱངས་གསལ་བྲིས་པ་བཞག་པ་དར་དམར་གྱིས་ཁ་བཀབ་པ་དང་ལྷན་ཅིག་རིག་ཙཀ་དང་མེ་ལོང་དྭངས་པའང་བཀོད། རྒྱབ་ཏུ་དཔལ་གཏོར་དར་གདུགས་ཅན་བཅས། སྒེར་དབང་བདུན་པོ་ཆབ་ཅིག་བསྐུར་ན། མཎྜལ་ལ་ལྷ་མདོག་དང་མཚུངས་པའི་ཚོམ་བུ་བཀོད་པ་བདུན་དབུས་དང་མཐའ་སྐོར་དུ་བཞག་པའི་སྟེང་རྐང་གསུམ་ཁར་དབུས་བླ་གཏོར། མདུན་གཡོན་དཀར་ཟླུམ། མདུན་གཡས་ཚེ་བུམ། གཡས་སུ་དཀར་ཟླུམ། རྒྱབ་གཡས་དཔལ་བཤོས་དམར་པོ། རྒྱབ་གཡོན་ཛཾ་བཤོས། མདུན་དུ་དམར་གཏོར། ཐེབ་ནས་བདུན་དང་སོ་སོའི་སྐུ་ཙཀ་དབང་ཕྲེང་རིགས་བདུན་རྣམས་བཤམ། ༈ བྱང་པའི་མ་རྒྱུད་སྙིང་པོ་དོན་གསུམ་ལ། རས་བྲིས་སམ་མཎྜལ་ལ་དབུས་སུ་འབྲུ་ཚོམ་གཅིག །དེ་རྒྱབ་བཞི་རིམ་གཉིས་བཀོད་པའི་སྟེང་ཨེ་ཁྲོམ་ལ་ལྕགས་ཕུར་དར་ནག་ཅོད་པན་ཅན་གྱི་མདུན་ཕྱོགས་སུ་མཁའ་འགྲོའི་ཐོད་སྐུ་དང་ཕྲེང་དམར། དེ་སྟེང་ཁྲིའུར་བླ་མའི་གཏོར་མ་སྐུ་ཙཀ་དང་བཅས་པ་གཡས་གཡོན་དུ་ཐོད་ཆང་ཧཱུྃ་ཡིག །མེ་ལོང་། གདབ་ཕུར། གུ་གུལ། ཡུངས་ཀར། རཀྟ་ལྕགས་ཧོམ་ལིང་ག་བཅས་བཞག ༈ །ཆོས་གླིང་རྩ་གསུམ་དྲིལ་སྒྲུབ་ལ། དཀྱིལ་འཁོར་དབུས་སྟེགས་ལ་བུམ་པ་ཆིངས་དམར། ལྷ་ཙཀ་ཆ་ཚང་། མདུན་ངོས་ཚེ་འབྲང་རྟ་མགོས་མཚན་པ། སྔགས་བྱང་། དབང་ཕྲེང་དམར་པོ། ཤེལ་རྡོའམ་ཤེལ་གྱི་མེ་ལོང་གཟུགས་བརྙན་འཆར་བ། ཚེ་རིལ་ཚེ་ཆང་གོང་མཚུངས། ཚེ་མདའ། འདི་ཉིད་སྒེར་དུ་བྱེད་སྐབས་ཚེ་གལ་སོགས་དབང་ཆོག་ཏུ་གསལ་བ་ལྟར་བཤམ་བཀོད་བྱ་དགོས་ཀྱང་དཀྱུས་གཅིག་ཏུ་བསྐུར་ཚེ་སྤྱིར་བཤམས་པ་རྣམས་ཀྱིས་འཐུས་པ་འདི་རིགས་གཞན་ལའང་ཤེས་དགོས་སོ། ༈ །རྩ་གསུམ་ཟབ་མོ་ཀུན་འདུས་ལ། མེ་ཏོག་སིལ་མ་བཀྲམ། ཁྲིའུ་ལ་དཔལ་གཏོར་རྒྱན་ལྡན། བཟའ་བཏུང་བཅས་དགོད། ༈ རྩ་གསུམ་སྤྱི་འདུས་ལ། རས་བྲིས་སམ་འབྲུ་ཚོམ་གཙོ་བོ་གསུམ། དེ་རྒྱབ་སྒོ་བ་བཞི་བཅས་བཀོད་པའི་སྟེང་དུ་ཁྲིའུར་རྣམ་བུམ། མདུན་དུ་ལྷ་ཙཀ་བཞི། གཡས་སུ་གསང་ཐོད། གཡོན་དུ་ཤེལ་རྡོ་མེ་ལོང་དབང་ཕྲེང་། རྒྱབ་ཏུ་ཚེ་འབྲང་། ཚེ་རིལ་ཆང་མདའ་དར་བཅས་བཀོད། ༈ ཟབ་བདུན་རྩ་གསུམ་ལ། དཀྱིལ་འཁོར་སྟེང་མཉྫི་ལ་བུམ་པ་ཆིངས་དམར་ལྡན་པའི་ཁར་ཐོད་པའི་བདུད་རྩི་སིནྡྷུ་རའི་མེ་ལོང་ལ་ཆོས་འབྱུང་ལ་ཨོཾ་གསུམ་མའི་སྔགས་བྲིས་པ་དར་དམར་གྱིས་བཀབ་པའི་སྟེང་གུ་རུའི་སྐུ་ཚབ་རྣམས་བརྩེགས་མར་བཀོད། རྒྱབ་ཕྱོགས་སུ་བླ་གཏོར། མདུན་དུ་ཚེ་བུམ། གཡས་གཡོན་དུ་ཚེ་རིལ་ཚེ་ཆང་། ཤེལ་རྡོ་མདའ་དར་རྣམས་བཀོད་དོ།། ༈ །།དེ་ནས་བླ་མ་ཞི་བའི་སྐོར་ལ་ཐོག་མར། ཆོས་དབང་གསང་འདུས་ལ། སྟ་གོན་རྫས་བཞི། དཀྱིལ་འཁོར་སྟེང་བུམ་པ་ཆིངས་སྔོན་པོ། མདུན་དུ་ལྷ་ཙཀ་ཚང་བ་དང་པདྨ་འདབ་བཞིའི་སྟེང་གཏོར་མ་རིན་ཆེན་ཟུར་བརྒྱད་སྐུ་རྟེན་གྱིས་བརྒྱན་ཅིང་ཟས་སྣ་ཐོད་པའི་བདུད་རྩི་བཅས་ཀྱིས་གཏོར་དབང་ཞར་བྱུང་ཚང་། གཡས་གཡོན་དུ་གསང་ཐོད་རིག་ཙཀ །རྒྱབ་ཏུ་སྒྲུབ་ཐབས་གླེགས་བམ་བཅས་བཀོད། ༈ རྒྱ་ལོ་ཙཱའི་བླ་མ་བསྟན་གཉིས་སྐོར་གསུམ་རྩ་དབང་ལ། དཀྱིལ་འཁོར་རས་བྲིས་དབུས་རྣམ་བུམ། དེའི་དོན་དབང་ལ། རས་བྲིས་སམ་ཚོམ་བུ་ལྷ་གྲངས་སྟེང་རྣམ་བུམ། གཡས་གཡོན་དུ་གསང་ཐོད། རིག་ཙཀ །ཤེལ་རྡོ། མདུན་རྒྱབ་གང་བདེར་ཚེ་འབྲང་། ཚེ་རིལ་ཆང་། མདའ་དར། དབང་ཕྲེང་བཀོད། ༈ དྲི་མེད་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལ། དཀྱིལ་འཁོར་དབུས་སུ་བུམ་པ་ཆིངས་སྔོན་ཅན། མདུན་དུ་ལྷ་ཙཀ་བརྒྱད། གཡས་གཡོན་དུ་བླ་མའི་སྐུ་འབག་དང་གཏོར་མ་རིན་ཆེན་ཟུར་བརྒྱད། གསང་ཐོད། རིག་ཙཀ དབང་ཕྲེང་། མེ་ལོང་རྡོ་རྗེ། ཚེ་འབྲང་། རིལ་ཆང་བཅས་བཀོད། ༈ བླ་མ་ལོངས་སྐུ་རྫོགས་ཆེན་ལ། དཀྱིལ་འཁོར་སྟེང་ཁྲིའུར་བུམ་པ་ཉེར་ལྔའི་རྫས་ལྡན་ཆིངས་དམར་བཅིངས་པའི་ཁར་མེ་ལོང་ལ་བསྙེན་སྔགས་མཚལ་བྲིས་ཀྱིས་བཀབ། དེ་སྟེང་ཚེ་འབྲང་བུམ་གཟུགས་པད་འདབ་བཞི་དང་རིལ་བུས་བསྐོར་བ་ཉི་ཟླའི་རྒྱན་ལྡན་བཞག །གཡས་གཡོན་རྒྱབ་ཏུ་ཚེ་རིལ་ཚེ་ཆང་མདའ་དར་རྣམས་སོ། ༈ །རྫོགས་ཆེན་ཚེ་དབང་བུ་སྟོན་གོང་ཁུག་མ་ལ། རས་བྲིས་སམ་མཎྜལ་ཚོམ་བུ་དགུ་པའི་ཁར་རྐང་གསུམ་སྟེང་ཚེ་བུམ་རྡོ་རྗེ་ཉི་ཟླ་ནོར་བུ་ནཱ་དའི་མཚན་མས་བརྒྱན་ཅིང་ཚེ་རིལ་གྱིས་བསྐོར་བ། གཡས་སུ་བུམ་པ་ཆིངས་དམར། གཡོན་དུ་ཚེ་ཆང་། རྒྱབ་ཏུ་ཚེ་མདའ་རྣམས་བཀོད། ༈ བྱང་གཏེར་ལོངས་སྐུ་འཆི་མེད་འོད་སྣང་ལ། དཀྱིལ་འཁོར་རས་བྲིས་སམ། ཚོམ་བུ་གཙོ་འཁོར་དགུ །དེ་རྒྱབ་བཞི་བཀོད་པའི་དབུས་མཉྫི་ལ་བུམ་པ་བཅུད་ལྡན་མགུལ་ཆིངས་དཀར་པོ་ལ། བཅུད་ལེན་རིལ་བུ་སློབ་མའི་གྲངས་མཉམ་དར་དམར་གྱིས་བསྟུམས་ལ་མགུལ་དུ་བཏགས་པའི་ཁར་མེ་ལོང་ལ་ཚེ་བསྙེན་མཚལ་གྱིས་བྲིས་པས་བཀབ། དེ་སྟེང་ཚེ་གཏོར་གཞུང་གསལ་བཞག་ལ་དར་དམར་གྱི་གུར་ཕུབ། གཡས་སུ་ཚེ་རིལ། གཡོན་དུ་ཐོད་པའི་བདུད་རྩི། རྒྱབ་ཏུ་ཚེ་མདའ། མཚམས་སུ་མེ་ལོང་ལི་ཁྲིའི་ཚོམ་བུ་ཅན། སྙིང་པོ་ལྔ། འབྲུ་ལྔ་བྲིས་པའི་ཙཀ་ལི། རྫས་བརྒྱད། རྒྱལ་སྲིད་རྣམས་བཀོད། ༈ རཏྣའི་ཚེ་སྒྲུབ་གསང་འདུས་དབང་ཆེན་ལ། སྟ་གོན་རྫས། དཀྱིལ་འཁོར་དབུས་རྣམ་བུམ་ཁར་གཏོར་མ་གཡང་ཞགས་འཁྱིལ་བ། རིགས་ལྔའི་ཕྱག་རྒྱ་སོ་སོ་བ། གོ་ཁྲབ། གསེར་ཚྭ་ཏིལ་དཀར་མར་སྦྲང་སྟེ་སྙིང་པོ་ལྔ་དངོས་སམ་རི་མོར་བྲིས་པ། རྟགས་བརྒྱད་སོ་སོ་བ། རིལ་ཆང་མདའ། དབང་གོང་མའི་ཆས། དཀྱིལ་འཁོར་མདུན་རྒྱབ་གང་བདེར་ཐོད་ཆང་མངར་གསུམ་ཆོས་སྨན་བཏབ་པའི་ཁར་མེ་ལོང་སིནྡྷུ་ར་བརྡལ་བ་ལ་ཆོས་འབྱུང་བསྣོལ་མའི་དབུས་སུ་ཧྲཱིཿམ། མཐའ་སྐོར་ཧ་རི་ནི་ས་བྲིས་པས་བཀབ་ལ་དར་དམར་གྱིས་གཡོགས་པའི་སྟེང་ཤེལ་རྡོ་བཞག ༈ །དོན་དབང་ལ། དཀྱིལ་འཁོར་བུམ་གཏོར་སྔར་ལྟར། རིལ་ཆང་མདའ་བཅས། ༈ ཟླུམ་པོ་བཞི་དབང་ལ། ཕོ་བྲང་གནམ་བབ་མའི་རས་བྲིས་སྟེང་བུམ་པ་ཐོད་ཆང་མེ་ལོང་སིནྡྷུ་རའི་ཐིག་ལེ་ལྷ་གྲངས་དང་བཅས་རྩ་སྔགས་བྲིས་པ་རྣམས་བརྩེགས་མར་བཞག་ལ་དར་དམར་གྱིས་བཀབ་པའི་སྟེང་གུ་རུའི་སྐུ་ཚབ་བརྟན་པོར་བཞུགས་སུ་གསོལ། ༈ ཉང་གཏེར་བླ་མ་ཡོངས་རྫོགས་གཏོར་དབང་ལ། རས་བྲིས་སམ་འབྲུ་ཚོམ་པདྨ་རིས་ཀྱི་ཁར་མཉྫི་ལ་དཔལ་གཏོར་རིན་ཆེན་འབར་བ་པད་འདབ་བརྒྱད་རིལ་བུ་དང་བཅས་པ་སྐུ་ཙཀ་དར་གདུགས་ཅན། མདུན་དུ་ཐོད་པའི་བདུད་རྩི་དང་དབང་ཕྲེང་བཞག ༈ །སྟག་ལུང་ཐུགས་སྒྲུབ་བདེ་འདུས་ལ། རས་བྲིས་སམ་མཎྜལ་ཚོམ་བུ་དགུ་པའི་སྟེང་རྐང་གསུམ་ལ་རྣམ་བུམ་མགུལ་ཆིངས་དཀར་པོ་ཅན། རྒྱབ་ངོས་སུ་བླ་མའི་གཏོར་ཆེན་མདུན་དུ་ཚེ་གཏོར་བུམ་གཟུགས་གཡས་གཡོན་དུ་ཚེ་རིལ་ཚེ་ཆང་བཅས་བཀོད། ༈ བྱང་གླིང་ཀུན་བཟང་ཐུགས་གཏེར་གྱི་བླ་སྒྲུབ་རྩ་དབང་ལ། སྟ་གོན་རྫས་བཞི། ཏིལ་སྦྱོང་། དཀྱིལ་འཁོར་རས་བྲིས་སམ་ཚོམ་བུ་དབུས་སུ་གཅིག །དེ་རྒྱབ་བརྒྱད་རིམ་བཞི། དེ་རྒྱབ་ཕྱོགས་བཞིར་བཞི་བཀོད་པའི་དབུས་སུ་རྣམ་བུམ་ཆིངས་སྔོན། དབུ་རྒྱན། རྡོ་རྗེ། དྲིལ་བུ། རྡོར་དྲིལ། སློབ་དཔོན་དབང་ཆས་དུང་འཁོར་ལོ་སོགས་མདོར་བསྡུས། གསང་ཐོད། མེ་ལོང་སིནྡྷུ་རའི་ཐིག་ལེ་ཅན། ཁ་ཊྭཱཾ་ཌཱར་དྲིལ་བཅས་བཀོད། ༈ དོན་དབང་ལ། ཚོམ་བུའི་སྟེང་བླ་གཏོར། གཡས་གཡོན་དུ་ཐོད་པའི་བདུད་རྩི། སིནྡྷུ་རའི་མེ་ལོང་བཅས། སྤུ་གྲི་མཆེད་གསུམ་དམར་གཏོར་གསུམ་དར་གདུགས་ཅན། དམ་ཅན་གཏོར་མ་མཁར་ཐབས་ཅན་སྤྱི་འགྲོ་བཀོད། ༈ བྱང་གཏེར་རིག་འཛིན་གདུང་སྒྲུབ་ལ། དཀྱིལ་འཁོར་རས་བྲིས་སམ་དབང་ཆོག་ཏུ་བཤད་པའི་མཎྜལ་ཉིས་བརྩེགས་ཀྱི་ཚོམ་བུའི་སྟེང་འཕྲུལ་སྟེགས་ལ་ཟངས་བུམ་མགུལ་ཆིངས་ཅན་གྱི་ཁར་ཐོད་ཆང་སིནྡྷུ་རའི་མེ་ལོང་ཧྲཱིཿམཐར་བཛྲ་གུ་རུ་བྲིས་པ་རྣམས་བརྩེགས་པའི་ཁར་གུ་རུའི་སྐུ་ཚབ་བཞུགས། རྒྱབ་ངོས་སུ་ནང་སྒྲུབ་ཀྱི་གཏོར་མ་འབྲིང་བསྡུས་གང་རུང་དབང་ཆོག་ཏུ་གསལ་བ་ལྟར་རམ་མ་གྲུབ་ན་རིན་ཆེན་ཟུར་བརྒྱད་སྤྱི་འགྲེ་བཟའ་བཏུང་བཅས་བཀོད། ༈ ཡང་གཏེར་བླ་མ་བདེ་མཆོག་འཁོར་ལོ་ལ་དཀྱིལ་འཁོར་རས་བྲིས་སམ་མཎྜལ་ལ་ཚོམ་བུ་དམར་པོ་གཅིག་བཀོད་པའི་ཁར་མཉྫིའི་སྟེང་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་དང་བཅས་པ་བཀོད། མདུན་དུ་གཙོ་འཁོར་ལྷ་ཙཀ་བདུན། དབང་ཕྲེང་དམར་པོ། མེ་ལོང་། རྒྱབ་ཏུ་གསང་དབང་ཐོད་ཆང་དང་རིག་ཙཀ །གཡས་སུ་སྨན་གྱི་ཕོ་བྲང་ཆས་ལྡན། གཡོན་དུ་ཚེ་འབྲང་དང་ཐོད་སྣོད་དུ་ཚེ་ཆང་། ཚེ་རིལ་རྣམས་བཀོད། ༈ བླ་མ་དགོངས་འདུས་དོན་དབང་ལ། སྟ་གོན་རྫས་བཞི། སློབ་མ་མཆོད་པ། དཀྱིལ་འཁོར་དབུས་ཁྲིའུ་ལ་རྣམ་རྒྱལ་བུམ་པ་ཆིངས་དམར། ལྷ་ཙཀ །རིགས་ལྔའི་སྐུ་རྟེན། རྒྱབ་མདུན་གང་བདེར་ཁྲིའུ་ལ་བཏགས་གྲོལ་དཀར་པོ་གཅིག་ཐུབ་གླེགས་བམ་རབ་གནས་ཅན་དར་གྱིས་བཀླུབས་པ། ཕྱོགས་བཞིར་རིག་དབང་ཆས་བཞི། མཚམས་རྣམས་སུ་ཕྱག་མཚན་དང་ཞི་ཁྲོའི་ཆས་ཙཀ །པུ་སྟི། ཕྲེང་དམར། དུང་། ཕྱག་ཤིང་། ཐོད་ཌཱར། ཆང་དང་ཟས་སྣ། གསང་ཐོད། རིག་ཙཀ །འཇའ་ཤེལ། རྒྱབ་ངོས་སུ་བྱིན་རླབས་གཏོར་མའི་བརྡ་དབང་ནས་བཤད་པའི་གཏོར་ཆེན། བཟའ་བཏུང་བཅས། བྱང་ཤར་དུ་ལྕགས་སྣོད་ནང་དྲེགས་པའི་སྤྱི་གཏོར་རྒྱན་ལྡན་ཐེབས་ཀྱུ་མང་པོས་བསྐོར་བ་དང་གྲི་གུག་ཐོད་ཁྲག །འཛོམ་ན་སྲོག་འཁོར། མ་འཛོམ་ན་དུག་ཤོག་གྲུ་བཞི་ལ་སྡེ་བརྒྱད་ས་བོན་བྲིས་པ་རྣམས་བཞག ༈ །རྡོར་གླིང་བླ་མ་བཀའ་འདུས་ལ། སོ་ཤིང་། སྲུང་སྐུད་སྣ་ལྔ། ཀུ་ཤ་རྣམས་བསྡོགས། དཀྱིལ་འཁོར་སྒོ་རྫོགས་སམ་བླ་མའི་ཕོ་བྲང་གནམ་འབབ་མའི་མཎྜལ་གྱི་དབུས་སུ་རྣམ་རྒྱལ་བུམ་པའི་ཁ་རྒྱན་ལ་ཐོད་ཕྲེང་རྩལ་དང་རྟ་ཕག་ཡབ་ཡུམ་སྐུ་ཙཀ་གིས་བརྒྱན་པ་དང་། དེ་མཉམ་ཐོད་ཕྲེང་སྡེ་ལྔ་དང་མཁའ་འགྲོ་རིགས་ལྔ་ཡབ་ཡུམ་ཕྱོགས་བསྡུས་ཀྱི་ཙཀླི་བཞག །དེ་སྟེང་འཕྲུལ་སྟེགས་ལ་བྷན་དྷ་མཚན་བཟང་དུམ་གཅིག་པ་འབྲུ་སྨན་གྱིས་བཀང་བའི་ནང་དུ་གསང་འདུས་ཡབ་ཡུམ་གྱི་སྐུ་བཞག །དེ་སྟེང་མཉྫི་ལ་གཏོར་མ་རིན་ཆེན་ཟུར་བརྒྱད་དར་གདུགས་ཀྱིས་སྤྲས་པ་བཀོད། ཤར་དུ་དཔལ་གཏོར་གུ་རུ་ཟ་ཧོར་མའི་སྐུ །ལྷོར་ཐོད་པའི་སྣོད་དུ་དཔལ་གཏོར་དང་། བློ་ལྡན་མཆོག་སྲེད། ནུབ་ཏུ་རྨ་བྱའི་སྒྲོ །མར་མེ། ཉི་མ་འོད་ཟེར། བྱང་དུ་ཀ་པཱ་ལ་ཆང་གིས་བཀང་བ། མེ་ལོང་དང་། སེང་གེ་སྒྲ་སྒྲོག །ཤར་ལྷོར་ཐོད་ཆང་དང་པདྨ་སམྦྷ། ལྷོ་ནུབ་ཏུ་མེ་ལོང་དང་པདྨ་རྒྱལ་པོ། ནུབ་བྱང་དུ་རྡོར་དྲིལ་དང་ཤཱཀྱ་སེང་གེ །བྱང་ཤར་དུ་སེང་ལྡེང་ཕུར་པ། ཨོ་རྒྱན་དང་། རྡོ་རྗེ་གྲོ་ལོད་རྣམས་ཀྱི་སྐུ་ཙཀ །མདུན་དུ་མེ་ལོང་། གཏོར་མ་ལ་སྐུ་ཙཀ་དར་གདུགས་ཅན་དང་། ཕུར་པ། རལ་གྲི་རྣམས་བཞག །གཞན་གང་བདེར་གསང་རྫས་ཐོད་ཆང་། རིག་ཙཀ །ཆོས་བཀའ་འདི་ཉིད་ཀྱི་གླེགས་བམ་དང་ཅོད་པན། མར་མེ། བུར་ཆང་། པདྨ་འདབ་དྲུག་སྟེང་མཆོད་རྟེན་བང་རིམ་དགུ་པ། རྒྱལ་སྲིད་དང་རྟགས་བརྒྱད་སོ་སོར་བྲིས་པ་རྣམས་ཀྱང་བཀོད། ཤར་དུ་ཆུ་གཉིས་ཉེར་སྤྱོད། ལྷོར་དྲག་མཆོད། ནུབ་ཏུ་སྨན་གཏོར་རཀྟ། བྱང་དུ་ཚོགས་ཀྱི་ཡོ་བྱད་རྣམས་བཤམ། ༈ དོན་དབང་ལ། དཀྱིལ་འཁོར་དབུས་ཁྲིའུའི་སྟེང་རྣམ་བུམ་མགུལ་ཆིངས་བཅུད་དང་ལྡན་པའི་ཁར་ཐོད་པར་བདུད་རྩི་ཨ་མྲྀཏས་བཀང་བ་བཞག་ལ་མེ་ལོང་སིནྡྷུ་རའི་ཐིག་ལེ་ལྔ་ཚོམ་གྱིས་བརྒྱན་པས་བཀབ། དེ་སྟེང་ཤེལ་རྡོ་དང་གུ་རུའི་སྐུ་ཚབ་བཞུགས་སུ་གསོལ། མདུན་རྒྱབ་གང་བདེར་གཏོར་མ་རིན་ཆེན་ཟུར་བརྒྱད་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ་བཀོད། ༈ རཏ་གླིང་ཐུགས་སྒྲུབ་ཡང་སྙིང་འདུས་པ་ལ། སྟ་གོན་རྫས་བཞི། སློབ་མ་མཆོད་པ། དཀྱིལ་འཁོར་སྟེང་རྣམ་བུམ་དང་ལྷ་ཙཀ །དེ་ཁར་ལྡིང་ཁྲི་མཐོ་བ་ལ་བླ་གཏོར་རིན་ཆེན་འབར་བ་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ། གཡས་སུ་ཐོད་ཆང་ལ་མེ་ལོང་སིནྡྷུརའི་ཐིག་ལེ་ཅན་གྱིས་བཀབ་པ། གཡོན་དུ་རྩ་གསུམ་སྐུའམ་ཡོད་ན་སྐུ་གསུམ་སྒྲུབ་པའི་སྐུ་འབག་དང་དབང་ཕྲེང་ཤེལ་རྡོ། རྒྱབ་ཏུ་གསང་ཐོད་མེ་ལོང་ཆང་དང་སིནྡྷུརས་བྱུགས་པ་ལ་ཆོས་འབྱུང་བསྣོལ་མའི་ནང་དུ་དཔའ་བོ་ཡབ་ཡུམ་གྱི་ས་བོན་བཅུ། མཐའ་སྐོར་དུ། ཨོཾ་ཨཱཿརྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་བརྒྱུད་གང་ཟག་སྙན་བརྒྱུད་ལས་འཕྲོ་གཏེར་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག་ཧཱུྃ། ཞེས་བྲིས་པ་དང་དར་དམར་གྱིས་བཀབ། མདུན་ནམ་ཕྱོགས་བཞིར་རྡོ་རྗེ། གྲི་གུག་ཁ་ཊྭཱཾ། རྡོར་དྲིལ། དབུ་རྒྱན། རྒྱ་གྲམ་མམ་རལ་གྲི །མཐའ་སྐོར་དུ་རྗེས་གནང་ཆས། འཁོར་ལོ། དུང་། དྲིལ་བུ། པུསྟི། རྡོ་རྗེ། དགངས་བླུག །མཆོད་གཏོར། ཕུར་པ་རྣམས་དང་། མེ་ལོང་། ཤེལ་རྡོ་བཅས་བཀོད། ༈ པད་གླིང་བླ་མ་ནོར་རྒྱམ་རབ་འབྱམས་བཀའ་དབང་ལ། མཎྜལ་དཀྱིལ་འཁོར་པདྨ་འདབ་བཞི་ཕྱོགས་མདོག་ཅན། ལྟེ་བ་མཐིང་གའི་དབུས་སུ་མཉྫིའི་སྟེང་ཐོད་པ་མཚན་ལྡན་ནམ། རིན་པོ་ཆེའི་སྣོད་དུ་བླ་མའི་གཏོར་མ་རིན་ཆེན་འབར་བ་བདུད་རྩི་ལྔ་དང་སྙིང་པོ་ལྔ་སྦྱར་བ་རྒྱན་ལྡན་བཞག ༈ །མངའ་པཎ་རིག་འཛིན་ཡོངས་འདུས་ལས་སྤྲོས་བྲལ་བདེ་ཆེན་ལ། རས་བྲིས་སམ་མཎྜལ་ཚོམ་བུ་དགུ་པའི་སྟེང་རྐང་གསུམ་ལ་བུམ་པ་ཆིངས་དམར་ཐོད་ཆང་སིནྡྷུ་རའི་མེ་ལོང་ལ་ཆོས་འབྱུང་བསྣོལ་མའི་དབུས་སུ་ཐིག་ལེ་དགུ །དེ་རྒྱབ་བརྒྱད་ཀྱིས་བསྐོར་བའི་མཐའ་སྐོར་དུ་ཐོད་ཕྲེང་རྩལ་གྱི་སྔགས་བྲིས་པ་རྣམས་བརྩེགས་པའི་སྟེང་བླ་མ་རྡོ་རྗེ་འཆང་གི་སྐུ་བཞག །མདུན་དུ་གཏོར་ཆེན་གཞུང་གསལ་བཀོད། ༈ བསྟན་པ་རྨད་བྱུང་ལ། རས་བྲིས་སམ་ཚོམ་བུ་དགུ་པའི་མཎྜལ་སྟེང་རྣམ་བུམ། ཤར་དུ་ཞི་བ། རིགས་ལྔ། རིགས་བཞི། དཔལ་དགུ་མཁའ་འགྲོ་ཁྱུང་དང་བཅས་པའི་ཙཀ་ལི། ལྷོར་དབུ་རྒྱན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། རྒྱབ་ཏུ་གསང་ཐོད་སྟེང་མེ་ལོང་དང་ཤེལ་རྡོ། རིག་ཙཀ་བཅས། ཞི་ཁྲོའི་ཆས། སྨན་རག་གཏོར་གསུམ་ཕྱོགས་བསྡུས། དབང་ཕྲེང་། ལྕགས་ཕུར་དར་ནག་གི་ཅོད་པན་ཅན། སྟ་གོན་རྫས་བཞི་དང་མཆོད་པ། འབྲུ་ལྔའི་ཙཀ་ལི་བཅས། ༈ ཉི་མ་ལྷོ་ནུབ་མ་ལ། རས་བྲིས་སམ་མཎྜལ་འབྲུ་ཚོམ་བརྒྱད་རིམ་གཉིས་དབུས་སུ་གཅིག་དང་བཅས་པའི་ཁར་བུམ་ཐོད་མེ་ལོང་སྐུ་འབག་བརྩེགས་མ་གོང་ལྟར་དང་། ཐོད་ཆང་། རྡོ་རྗེ་བཅས། ༈ སིནྡྷུ་རྒྱ་མཚོ་ཆེ་བ་ལ། མཎྜལ་ཚོམ་བུ་གཅིག་པའི་སྟེང་རྐང་གསུམ་ལ་རྣམ་བུམ་ཁར་ཐོད་པའི་བདུད་རྩི་དར་དམར་གྱིས་བཀབ་པ། མདུན་རྒྱབ་གང་བདེར་བླ་གཏོར་བཞག ༈ །ནུབ་ཕྱོགས་བདེ་ཆེན་ལ། རས་བྲིས་སམ་ཚོམ་བུ་ལྷ་གྲངས་སྟེང་མཉྫི་ལ་སྒྲུབ་གཏོར་རྒྱན་ལྡན། མདུན་དུ་རྣམ་བུམ་ཁར་སིནྡྷུ་རའི་མེ་ལོང་ཆོས་འབྱུང་བསྣོལ་མའི་ནང་ཐིག་ལེ་ལྔ་ཚོམ་ཧཱུྃ་གིས་མཚན་པའི་མཐར། བཛྲ་གུ་རུ་སོགས་ཀྱིས་བསྐོར་བའི་སྟེང་གུ་རུའི་སྐུ་འབག་བཞུགས། རྒྱབ་ཏུ་སྣོད་གཅིག་ཏུ་ལས་བཞིའི་འབྲང་རྒྱས་དཀར་སེར་དམར་ལྗང་བཞི་དར་གདུགས་ཟས་སྣས་བརྒྱན་པ། སྣོད་གཅིག་ཏུ་རྡོར་དྲིལ་ཐོད་པ་ཌཱ་རུ་རྣམས་བཞག ༈ །བསམ་པ་ལྷུན་གྲུབ་ལ། རས་བྲིས་སམ་ཚོམ་བུ་ལྔ་པའི་སྟེང་དུ་སྟེགས་ལ་རང་གཞུང་བླ་གཏོར་རྒྱན་ལྡན། ལྷ་དབང་བཅུ་གསུམ་གྱི་ཙཀ་ལི་བཀོད། ༈ ཞིག་གླིང་པདྨ་བཛྲ་ལ། དཀྱིལ་འཁོར་དབུས་ཁྲིའུར་རྣམ་བུམ་ཉེར་ལྔའི་བཅུད་དང་མགུལ་ཆིངས་དམར་པོ་ཁ་རྒྱན་གཟུངས་རྡོར་དང་ལྡན་པ་བཀོད། གཡས་སུ་བླ་གཏོར་རིན་ཆེན་འབར་བ། གཡོན་དུ་སིནྡྷུརའི་མེ་ལོང་ལ་འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་པའི་ལྟེ་བར་མ་ཧཱུྃ་མཱུཾ། ཤར་དུ་ཨོཾ་ལཱཾ། ལྷོར་ཏྲཱཾ་མཱཾ། ནུབ་ཏུ་ཧྲཱིཿཔཱཾ། བྱང་དུ་ཧཱ་ཏཱཾ། ཞེས་བྲིས་པའི་སྟེང་དུ་ཤེལ་རྡོ་བཞག །བུམ་པའི་ཁ་རྒྱན་ནམ་མདུན་དུ་གཙོ་འཁོར་ཉི་ཤུའི་ལྷ་ཙག་ཚང་བ། གཞན་ཡང་ཆས་དབང་ནོར་བུའི་གཙུག་ཏོར། གསེར་གྱི་སྙན་ཆ། རིན་ཆེན་མགུལ་རྒྱན། རྡོ་རྗེ། བདུད་རྩིའི་ཐོད་པ། ཁ་ཊྭཱཾ། སྲོག་ཞུ། པདྨའི་དོ་ཤལ། དཔུང་རྒྱན། ཕྱག་གདུབ། སྟོད་གཡོགས། སྨད་དཀྲིས། ཆོས་གོས། དབྱངས་གསལ་ཡིག་འབྲུ་བཅས་ཀྱི་ཙཀ་ལི། རྡོར་དྲིལ་རྣམས་བཀོད། ༈ ཞིག་གླིང་ཆོས་གླིང་གཉིས་འདུས་བླ་མའི་སྒོས་དབང་ལ། དཀྱིལ་འཁོར་རམ་པདྨ་འདབ་བཞིའི་སྟེང་རྣམ་བུམ། རྒྱབ་ཏུ་བླ་མའི་གཏོར་ཆེན་གཡས་སུ་གུ་རུའི་སྐུ་ཚབ་བྱིན་ཅན་གཡོན་དུ་ཐོད་པའི་བདུད་རྩི་ལ་སིནྡྷུརའི་མེ་ལོང་ཆོས་འབྱུང་བསྣོལ་མའི་ལྟེ་བར་པདྨ་འདབ་བཞི་ལ་གུ་རུའི་རྩ་སྔགས་དང་མཐའ་སྐོར་དབྱངས་གསལ་བྲིས་པས་བཀབ། དར་དམར་གྱི་གུར་ཕུབ། ༈ གྲོལ་ཏིག་ལམ་རྒྱས་པའི་དབང་ཆེན་ལ། སྟ་གོན་རྫས་བཞི་དང་མཆོད་པ་ཏྲཱཾ་ཧྲཱིཿཧཱུྃ་ཧཱ་ཨོཾ་རྣམས་ཀྱི་ཙཀ་ལི། དཀྱིལ་འཁོར་རས་བྲིས་སྟེང་ཁྲི་ལ་རྣམ་བུམ་ཁ་རྒྱན་གཟུངས་རྡོར་དང་བཅས་པ། ལྷ་ཙཀ་ཚང་བ། གཡས་སུ་ལམ་རྒྱས་པའི་དབང་སྒྲུབ་གཏོར་མ་ཀུན་བཟང་རྡོ་རྗེ་ཐོད་ཕྲེང་གི་ཙཀ་ལིས་བརྒྱན་པ་དང་དབུ་རྒྱན། གཡོན་དུ་གསང་ཐོད་དར་དམར་བརྒྱད་ལྟེབས་ཀྱིས་བཀབ་པའི་ཁར་སིནྡྷུརའི་མེ་ལོང་ཆོས་འབྱུང་བསྣོལ་མའི་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་བཾ། འདབ་བཞིར་ཧ་རི་ནི་ས་བྲིས་པའི་སྟེང་དྲིལ་བུ་དང་རིག་ཙཀ །རིག་དབང་དྲིལ་བུ། རྒྱབ་ཏུ་མེ་ལོང་ཤེལ་རྡོ་ཨོ་རྒྱན་ཡབ་ཡུམ་སྐུ་འབག་བཅས་ལ་དར་དམར་བརྒྱད་ལྟེབས་ཀྱི་གུར་ཕུབ་པ་དང་རྡོ་རྗེ། མདུན་དུ་རྡོར་དྲིལ་དང་ལྕགས་ཕུར། ཤར་ལྷོར་ཁྲུས་བུམ། བྱང་ཤར་ཁྲུས་བུམ། གཞན་ཡང་དུར་ཁྲོད་ཆས། སྨན་རཀ་གཏོར་མ། བགྲང་ཕྲེང་། ཕྱག་ཤིང་། དུང་དཀར། འཁོར་ལོ། སྒྲུབ་གཞུང་པུསྟི། མཆོད་པ་རྣམ་ལྔ་བཅས་བཀོད། ༈ ལམ་འབྲིང་པོའི་དབང་ལ། རས་བྲིས་སམ་ཚོམ་བུ་གཅིག་གི་ཁར་རྐང་གསུམ་སྟེང་རྣམ་བུམ་གསང་ཐོད་མེ་ལོང་སིནྡྷུ་རའི་ཐིག་ལེ་ཅན་གུ་རུའི་སྐུ་འབག་རྣམས་བརྩེགས། རྒྱབ་མདུན་གང་བདེ་ན་བླ་གཏོར་པདྨ་འདབ་བརྒྱད་ཟེའུ་འབྲུ་དང་བཅས་པའི་སྟེང་དུ་ནོར་བུ་བཞི་སྒྲོམ་མེ་རི་དང་བཅས་པའི་མཐར་པད་ཆུང་བརྒྱད་ཀྱིས་བསྐོར་བ་རྒྱན་སྤྲོས་ཅན་བཞག ༈ །ལམ་བསྡུས་པ་རིགས་བསྡུས་བརྡ་དབང་ལྔ་པ་ལ། ཚོམ་བུ་གཅིག་པའི་མཎྜལ་སྟེང་རྣམ་བུམ། གཡས་སུ་བླ་གཏོར་པད་འདབ་བརྒྱད་པ་རྒྱན་ལྡན། གཡོན་དུ་གསང་ཐོད་མེ་ལོང་གིས་བཀབ་པ། རྒྱབ་ཏུ་ཤེལ་རྡོ་དང་གུ་རུའི་སྐུ་རྣམས་བཀོད། ༈ བྱང་པའི་སྐུ་གསུམ་རིགས་འདུས། དཀྱིལ་འཁོར་དབུས་སྟེགས་ལ་རྣམ་བུམ་གྱི་ཁར། མར་ཟན་ལ་ཀ་ར་སྒ་ཕོོ་ལན་ཚྭ་ཚ་གྲང་གི་རྫས་རྣམས་དང་ཆོས་སྨན་བསྲེས་པས་ཚེ་གཏོར་རྡོ་རྗེ་རྩེ་ལྔ་དམར་པོ་ལྟོ་བ་ཕྱེད་མན་ཆད་རིལ་བུའི་ཕྲེང་བས་བསྐོར་བ་ཉི་ཟླའི་རྒྱན་ཅན་ལྷ་ཙཀ་དང་བཅས་པ་བཞག །དེ་ལ་ཚ་རྫས་ནི་ཛ་སུག་ཀོ་གསུམ་བྲག་ཞུན་པདྨ་རཀྟ། གྲང་རྫས་ཅུ་གུ་ལི་གསུམ་ཅོང་ཞི་བྱང་སེམས་དཀར་པོ་ག་པུར་རྣམས་ཕྱེ་མ་བྱས་པའོ། །གཡས་སུ་མེ་ལོང་ལ་མཚལ་དང་ཆོས་སྨན་སྦྱར་བས། འདི་ལྟར་བྲིས་པ་བཞག །གཡོན་དུ་གོང་སྨོས་ཚེ་འབྲང་གི་རྒྱུ་དང་ཚ་རྫས་བསྲེས་པས་འོག་ཉི་མ། གྲང་རྫས་བསྲེས་པས་སྟེང་ཟླ་བ་སྟེ་ཉི་ཟླ་ཁ་སྦྱོར་དཀར་དམར་མདོག་ལྡན་རྒྱན་སྤྲོས་གང་མཛེས་ཅན། མདུན་དུ་ཐོད་ཆང་ཆོས་སྨན་མངར་གསུམ་བཏབ་པའི་ཁ་དར་དམར་གྱིས་བཀབ་པའི་སྟེང་རྡོ་རྗེ་རྩེ་ལྔ་པ། རྒྱབ་ཏུ་ཚེ་ཆང་། ཚེ་མདའ་རྒོད་སྒྲོ་མ་ཉམས་པ་དར་དམར་བླ་གཡུས་བརྒྱན་པ། གཞན་ཡང་པདྨ་ རྟ་ཞལ་ཅན། མར་ཟན་གྱི་རྟ་མགོ །སློབ་མའི་གྲངས་མཉམ་མར་མེ་གསལ་བ་རེ་བཅས་འདུ་བྱ། ༈ དཀོན་མཆོག་སྤྱི་འདུས་ལ། རས་བྲིས་སམ་ཚོམ་བུ་གཅིག་པའི་སྟེང་ཁྲིའུར་རྣམ་བུམ། གཡས་སུ་གསང་ཐོད། གཡོན་དུ་ཁ་ཊྭཱཾ། རྒྱབ་ཏུ་ཐོད་པའི་ནང་རྡོ་རྗེ་བཅུག་པ་དང་ཤེལ་རྡོ། མདུན་དུ་གཞུང་པོད་དང་གཏེར་སྲུང་མཁའ་འགྲོའི་དམར་གཏོར་རྣམས་བཀོད། ༈ དེའི་ཚེ་དབང་། མཎྜལ་སྟེང་རྣམ་བུམ། མདུན་དུ་ཚེ་འབྲང་། གཡས་གཡོན་ཚེ་རིལ་ཆང་། རྒྱབ་ཏུ་ཚེ་མདའ། ༈ པདྨ་འོད་འབར་ལ། རས་བྲིས་སམ་མཎྜལ་སིནྡྷུ་རས་ཆག་ཆག་བཏབ་པ་ལ་ཚོམ་བུ་གཅིག་བཀོད་པའི་སྟེང་ཁྲིའུར་རྣམ་བུམ་སྐུ་འབག་ཙཀ་ལི་བཅས་གཡས་སུ་གཏོར་ཆེན་ནོར་བུ་འབར་བ། གཡོན་དུ་ཐོད་པའི་བདུད་རྩི། རྒྱབ་ཏུ་སྒྲུབ་སྐོར་གླེགས་བམ། ཁ་ཊྭཱཾ། ཤེལ་རྡོ་ཐོད་པར་བཅུག་པ། སྲུང་མའི་དམར་གཏོར་ཐེབས་ཀྱུས་བསྐོར་བ་རྒྱན་ལྡན་རྣམས་བཀོད། ༈ རིག་འཛིན་སྲོག་སྒྲུབ་ལ། སྟ་གོན་རྫས་བཞི། རས་བྲིས་དཀྱིལ་འཁོར་གྱི་ཕྱོགས་བཞི་དབུས་རྔ་རྐང་གསུམ་རེའི་སྟེང་དུ་བུམ་པ་དབུས་སྔོ། ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་གུའི་མགུལ་ཆིངས་དང་ཁ་རྒྱན་ལ་སོ་སོའི་སྐུ་ཙག་བཙུགས་པ། དབུས་བུམ་སྟེང་དུང་ཆོས་གཟུངས་རྡོར། གཡས་སུ་གསང་ཐོད་སྟེང་སིནྡྷུ་རའི་མེ་ལོང་ཆོས་འབྱུང་ལྟེ་བར་ཧྲཱིཿམ། ཕྱོགས་བཞིར་ཧ་རི་ནི་ས་བྲིས་པ་དར་དམར་གྱིས་བཀབ། གཡོན་དུ་རིག་ཙཀ །མེ་ལོང་། ཤེལ་རྡོ། རྨ་བྱའི་མདོངས། ཧྲཱིཿཡིག །མདུན་དུ་ཚེ་འབྲང་། དེའི་གཡས་གཡོན་དུ་ཚེ་རིལ་ཆང་། རྒྱབ་ཏུ་ཚེ་མདའ། གཞན་ཡང་དཔའ་བོ་སྡེ་བཞི་དང་། རྒྱས་གདབ་ཙཀ་ལི། བཀྲ་ཤིས་རྫས་རྟགས། རྒྱལ་སྲིད་ཕྱོགས་བསྡུས་ཀྱི་ཙཀ་ལི། ལི་ཁྲི་བཅས་བཞག ༈ རྒྱ་ཅན་དྭངས་མ་བཅུད་འདྲེན་ལ། མཎྜལ་པདྨ་འདབ་བརྒྱད་དབུས་སུ་བུམ་པ་ཉེར་ལྔ་ཆོས་སྨན་བཅུད་ལེན་རྫས་དང་ཆུ་གཙང་སྦྱར་བས་བཀང་བའི་ཁ་རྒྱན་གསེབ་ཏུ་གཙོ་བོའི་སྐུ་ཙག་གིས་བརྒྱན་པ་བཀོད། མདུན་དུ་ཐོད་ཕྲེང་རིགས་ལྔའི་ཙཀ་ལི་དང་ཚེ་རིལ། གཡས་སུ་ཐོད་པར་ཚེ་ཆང་། རྒྱབ་ཏུ་དྲིལ་བུའམ་རིག་ཙཀ །གཡོན་དུ་འཇའ་ཤེལ་མེ་ལོང་རྨ་བྱའི་སྒྲོ་མདོངས། སྣ་བདུན་དང་རྫས་བརྒྱད་སོ་སོ་བ། ལས་བཞིའི་འབྲང་རྒྱས་བཅས་བཞག ༈ །གནམ་ཆོས་པད་འབྱུང་ཞི་བ་ལ། མཎྜལ་ཚོམ་བུ་གཅིག་སྟེང་རང་ལུགས་སམ་སྤྱི་འགྲེའི་བླ་གཏོར། གཡས་གཡོན་དུ་རྣམ་བུམ་ཆིངས་སྔོན། པུསྟི། ཐིག་ལེ་སེར་པོ། མཚོ་རྒྱལ་སྐུ་ཙཀ་བཅས་བཀོད། ༈ རིག་འཛིན་ཐུགས་ཐིག་ལ། རས་བྲིས་དབུས་སྟེགས་ཀྱི་ཁར་རྣམ་བུམ། གཡས་སུ་གཏོར་ཆེན་ཟུར་བརྒྱད་འཁོར་ལོའི་གདན་ཅན་བཟའ་བཏུང། གཡོན་དུ་གསང་ཐོད་ཁར་སིནྡྷུ་རའི་མེ་ལོང་ཆོས་འབྱུང་བསྣོལ་མ་མཱུཾ་ཡིག་དགའ་འཁྱིལ་བྲིས་པས་བཀབ། མདུན་གྱི་གཡས་ངོས་སུ་རིགས་ལྔའི་ཕྱག་རྒྱ། ཕུར་པ། བཟའ་བཏུང་། གཡོན་ངོས་སུ་སྐུ་འབག །མེ་ལོང་ཤེལ་རྡོ་རྨ་བྱའི་མདོངས་རྣམས་དང་། དབང་ཕྲེང་བཅས། ༈ བླ་མ་ཡིད་བཞིན་ནོར་བུའི་རྩ་དབང་དང་གཏོར་དབང་ལ། རས་བྲིས་སྟེགས་བཅས་ཁར་རྣམས་བུམ་སྟེང་ཐོད་པའི་བདུད་རྩི་མེ་ལོང་དྲི་མེད་ཀྱིས་བཀབ་པའི་ཐོག་གམ་གང་བདེར་གུ་རུའི་སྐུ་འབག་བཞུགས། རྒྱབ་ངོས་སུ་སྨན་སྤོད་བཏབ་པའི་ཟན་ལ་འོག་གཞི་ཟླུམ་པོ་གཉིས་བརྩེགས་སྟེང་རིན་ཆེན་ཟུར་བརྒྱད་དེ་སྟེང་པདྨ་ཁ་སྤྲོད། དེ་སྟེང་ཟླ་གདན་ལ་བླ་གཏོར་ནོར་གཟུགས་ཕྱོགས་བཞིར་པདྨ་དང་བར་མཚམས་ནོར་བུའི་རྒྱན་ལྡན་བཞག ༈ །ཆོས་གླིང་ཟབ་ལམ་ཐུགས་ནོར་གྱི་རྩ་དབང་ལ། སྟ་གོན་རྫས་བཞི། རས་བྲིས་དབུས་ཁྲིའུར་རྣམ་བུམ། མདུན་དུ་ལྷ་ཙཀ་བཅུ་དྲུག་དང་སྔགས་བྱང་། གཡས་སོགས་ལ་དབུ་རྒྱན་དར་དཔྱངས། རྡོར་དྲིལ། ནུབ་ཏུ་མཎྜལ་སྟེང་ཁྲི་འུར་ཐོད་ཆང་བྱང་སེམས་མངར་གསུམ་སྦྱར་བས་བཀང་བའི་ཁར། སིནྡྷུ་རའི་མེ་ལོང་ཆོས་འབྱུང་བསྣོལ་མ་མུ་ཁྱུད་གཉིས་ལྡན་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་ཧྲཱིཿམ། འདབ་བཞིར། ར་ཧ། ཙ་རི། ཧྲི་ནི། ཡ་ས། ཞེས་གཡས་བསྐོར་དང་། རྒྱབ་ཀྱི་མུ་ཁྱུད་ལ་དབྱངས་གསལ་བྲིས་པས་བཀབ་པའི་སྟེང་ཤེལ་རྡོ་བཞག །མདུན་དུ་གཏེར་སྲུང་གཏོར་མ་བཀོད། སྦྱོང་ཆས་ཡུངས་ཀར། ཁམ་ཕོ་དཀར་པོ། དཱུར་བའི་སྤིར། བ་ལྕིའི་ཆངས་བུ། སེང་རས་ཚལ་པ་རྣམས་དང་། རྗེས་གནང་ཆས་འཁོར་ལོ། དུང་། པུསྟི་སོགས་ཀྱང་བསྡོགས། ༈ རྒྱལ་བ་ཀུན་འདུས་ལ། རས་བྲིས་སྟེགས་བཅས་ཁར་རྣམ་བུམ། རིག་དབང་བཞི། འཁོར་ལོ། རྒྱ་གྲམ། སྐུ་གསུམ་མམ་གུ་རུའི་སྐུ་ཙཀ །ཤེལ་ཕྲེང་། མེ་ལོང་། གསང་ཐོད། རིག་ཙཀ་མདུན་ངོས་བླ་གཏོར་དྲིལ་གཟུགས་རི་མོ་ཟླུམ་པོ་བརྩེགས་པ་རྒྱན་ལྡན་བཤམ། ༈ གུ་རུ་སྤྲོས་མེད་དོན་སྒྲུབ་ལ། མཎྜལ་ཚོམ་བུ་གཅིག་པའི་སྟེང་རྣམ་བུམ་སྐུ་ཙཀ་བཙུགས་པ། གཡས་སུ་ཐོད་ཆང་དང་བགྲང་ཕྲེང་། གཡོན་དུ་མེ་ལོང་སིནྡྷུ་རའི་ཐིག་ལེ་ཅན་དང་ཤེལ་རྡོ། མདུན་དུ་རིགས་ལྔའི་ཕྱག་མཚན་རྣམས་སོ། ༈ །དག་སྣང་སྲིན་ཡུལ་མ་ལ། བུམ་ཐོད་རིག་ཙཀ་ཤེལ་རྡོ་བཅས་སོ། ༈ །དགོངས་གཏེར་བསམ་པ་ལྷུན་གྲུབ་ལ། རས་བྲིས་སམ་མཎྜལ་ཚོམ་བུ་བཅུ་གསུམ་མའི་སྟེང་རྣམ་བུམ། དེ་སྟེང་འཕྲུལ་སྟེགས་ལ་བླ་གཏོར་རྒྱན་ལྡན། ཤར་དུ་ལྷ་ཙཀ །ལྷོར་དབུ་རྒྱན་དང་རིན་ཆེན་ཕྲེང་བ། ནུབ་ཏུ་རྡོ་རྗེ་དང་མེ་ཏོག་ཕྲེང་བ། བྱང་དུ་དྲིལ་བུ། མཚམས་བཞིར་ཤེལ་ཕྲེང་། གསང་ཐོད། རིག་ཙཀ །ཤེལ་རྡོ་མེ་ལོང་། དབུས་སུ་འཁོར་ལོ་རྣམས་བཀོད། ༈ ཀློང་སྙིང་རིག་འཛིན་འདུས་པ་ལ། དཀྱིལ་འཁོར་རས་བྲིས་སམ་ཚོམ་བུ་གཙོ་འཁོར་དགུ་པའི་སྟེང་བུམ་པ་གཡས་གཡོན་རྒྱབ་ཏུ་གསང་ཐོད། རིག་ཙཀ །ཤེལ་རྡོ་མེ་ལོང་། གཞུང་པོད་རྣམས་བཀོད། ༈ སྙན་བརྒྱུད་ཡིད་བཞིན་ནོར་བུ་ལ། དཀྱིལ་འཁོར་རས་བྲིས་སམ་མཎྜལ་སྟེང་ཚོམ་བུ་གཅིག་བཀོད་པའི་སྟེང་དཔལ་གཏོར་རིན་ཆེན་འབར་བ་བླ་མའི་སྐུ་ཙཀ་དར་གདུགས་དམར་པོ་དབུབ་པ་བཞག ༈ །ཨོ་རྒྱན་རྗེ་འབངས་ཉེར་ལྔ་ལ། མཎྜལ་ལ་ཚོམ་བུ་གཙོ་བོ་གཅིག་ལ་འཁོར་ཉེར་ལྔས་བསྐོར་བའི་སྟེང་རྣམ་བུམ། མདུན་དུ་སྐུ་ཙཀ་ཚང་བ། གཡས་གཡོན་དུ་ཐོད་ཆང་དང་ཁ་ཊྭཱཾ། རྒྱབ་ཏུ་ཤེལ་རྡོ་མེ་ལོང་རྣམས་བཀོད། ༈ གཏེར་གསར་བླ་མ་དགོངས་འདུས་སྙིང་པོ་ལ། རས་བྲིས་སམ་ཚོམ་བུའི་ཁར་རྣམ་བུམ། གཡས་གསང་ཐོད། གཡོན་རིག་ཙཀ །རྒྱབ་ངོས་གུ་རུའི་སྐུ་འབག་དང་ཤེལ་རྡོ། རྨ་བྱའི་མདོངས། མདུན་དུ་བླ་གཏོར་བཅས། ༈ བདུད་འདུལ་རྒྱལ་པོ་ལ། མཎྜལ་ཚོམ་བུ་གཅིག་པའི་ཁར་སྟེགས་ལ་གུ་རུའི་སྐུ་ཚབ། མདུན་ངོས་བླ་མའི་གཏོར་ཆེན་བཤམ། ༈ བླ་སྒྲུབ་ཐུགས་ཀྱི་ཡང་སྙིང་ལ་རས་བྲིས་སམ་ཚོམ་བུ་ལྷ་གྲངས་སྟེང་སྟེགས་ལ་རྣམ་བུམ། གཡས་སུ་གསང་ཐོད། གཡོན་དུ་མེ་ལོང་ལ་ལི་ཁྲི་བྱུགས་ཤིང་རྡོ་རྗེ་པདྨ་བྲིས་པ། རྒྱབ་ཏུ་གུ་རུའི་སྐུ་འབག་དང་ཤེལ་རྡོ། །མདུན་དུ་བླ་མའི་གཏོར་ཆེན་རྣམས་བཤམ། ༈ ཕྱི་སྒྲུབ་བར་ཆད་ཀུན་སེལ་དབང་རྒྱས་པ་གཞན་དུ་ཤེས། འབྲིང་བསྡུས་ལ། རས་བྲིས་སམ་ཚོམ་བུ་ལྷ་གྲངས་མཉྫིའི་ཁར་རྣམ་བུམ་དང་ཐོད་པའི་བདུད་རྩི་མེ་ལོང་སིནྡྷུ་རའི་ཐིག་ལེ་ཧྲཱིཿཡིིག་བྲིས་པ་བརྩེགས་མར་བཀོད། གཡས་སུ་གཏོར་མ་རིན་ཆེན་ཟུར་བརྒྱད་མ། གཡོན་དུ་གུ་རུའི་སྐུ་ཚབ། དབུས་སོགས་སུ་ལྷ་ཙཀ་ཚང་བ། དབང་ཕྲེང་། མེ་ལོང་། མཐའ་རྟེན་ཚེ་དབང་བསྐུར་ན་ཚེ་བུམ་ཚེ་རིལ་ཆང་མདའ་དར་བཅས། ༈ ནང་སྒྲུབ་ཡིད་བཞིན་ནོར་བུའམ་བསམ་ལྷུན་དབང་རྒྱས་པ་ལ། རས་བྲིས་སྟེགས་ཁར་རྣམ་བུམ། ཐོད་ཆང་མེ་ལོང་སིནྡྷུ་རའི་ཐིག་ལེ་ལྔ་ཚོམ་བཾ་ཧ་རི་ནི་སས་མཚན་པ་གུ་རུའི་སྐུ་འབག་རྣམས་བརྩེགས། ལྷ་ཙཀ །སྔགས་བྱང་ཚང་མ། མེ་ལོང་། ལྷ་གནས་ཐད་ཀར་དངོས་གྲུབ་ཀྱི་རྫས་བཅུ་གསུམ་དངོས་སམ་ཙཀ་ལི། རྒྱབ་ངོས་སུ་བླ་མའི་གཏོར་ཆེན་གོང་མཚུངས་རིག་ཙཀ །མཐའ་རྟེན་ཚེ་དབང་བསྐུར་ན་དེའི་ཆས་གོང་མཚུངས་རྣམས་བཀོད། ༈ རྩ་དབང་འབྲིང་པོ་ལ་དངོས་གྲུབ་རྫས་བཅུ་གསུམ་དང་རིག་ཙཀ་མི་དགོས་གཞན་དབང་ཆེན་དང་འདྲ། གཏོར་ཆེན་མདུན་དུ་བཀོད། ༈ གཏོར་དབང་ལ། མཎྜལ་སྟེང་གཏོར་ཆེན་ཁོ་ན་བཞག ༈ །ཚེ་དབང་ཟུང་འབྲེལ་དུ་བྱེད་ན། མཎྜལ་ལ་དེའི་ཆས་རྣམས་བསྒྲིག ༈ །གསང་སྒྲུབ་མཚོ་སྐྱེས་རྡོ་རྗེ་ལ། རས་བྲིས་སམ་མཎྜལ་ཚོམ་བུ་གཅིག་པའི་སྟེང་རྣམ་བུམ། གཡས་སུ་གསང་ཐོད། གཡོན་དུ་མེ་ལོང་དྭངས་པ་དང་རྟ་ཕག་ཡབ་ཡུམ་གྱི་ཙཀ་ལི། རྒྱབ་ཏུ་བླ་གཏོར་རྣམས་བཀོད། ༈ རྩ་གསུམ་རིག་འཛིན་མཆོག་སྒྲུབ་དོན་དབང་ལ། དཀྱིལ་འཁོར་དབུས་སུ་ཁྲིའུའི་ཁར་གུ་རུའི་སྐུ་ཚབ་དང་ཤེལ་རྡོ། དེ་མདུན་གུ་རུའི་སྐུ་ཆས། བྱང་དུ་བུམ་པ་བཅུད་ལྡན་དང་ཆོས་གོས་སོགས། ཤར་དུ་རྡོར་སེམས་སྐུ་སྔགས་བྱང་ཕྱག་མཚན་རྣམས་དང་དར་དང་རིན་ཆེན་རུས་རྒྱན། ལྷོ་རུ་གླེགས་བམ་དང་དཔལ་ཆས། ནུབ་ཏུ་ཐོད་པའི་བདུད་རྩི་དང་རིག་ཙཀ །ཚེ་དབང་ཆས་མདུན་རྒྱབ་གང་བདེར། ཚེ་འབྲང་དང་གཡས་གཡོན་དུ་ཚེ་རིལ་ཆང་། བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་ཙཀ་ལི་བཅས་བཀོད། ༈ གསང་ཐིག་བླ་སྒྲུབ་ལ། དཀྱིལ་འཁོར་རས་བྲིས་སམ་ལྷ་གྲངས་ཚོམ་བུའི་དབུས་སུ་ཁྲིའུ་ལ་བུམ་པ་བཅུད་ལྡན་མགུལ་ཆིངས་དཀར་པོ་ཅན་གྱི་ཁར་ཐོད་པའི་བདུད་རྩི། དེ་སྟེང་མེ་ལོང་ལ་སིནྡྷུ་རའི་ཐིག་ལེ་ལྔ་ཚོམ་ལ་ཧཱུྃ་ཨོཾ་སྭཱཿཨཱཿཧཱ། བྲིས་པས་བཀབ་པའི་སྟེང་དུ་གུ་རུའི་སྐུ་ཚབ་བཞུགས། རྒྱབ་ཏུ་བླ་མའི་གཏོར་ཆེན་རྒྱན་ལྡན། མདུན་དུ་ཚེ་འབྲང་ཚེ་རིལ་ཚེ་ཆང་བཅས། དངོས་གྲུབ་སྦྱིན་རྒྱུའི་བཟའ་བཏུང་ཀྱང་བཀོད། ༈ ࿋་་་་རྟགས་འདི་འདྲའི་བར་དུ་བཅུག་པའི་ལག་ལེན་རྣམས་དཔལ་སྤུངས་པར་མར་མེད་ཅིང་རྗེས་སུ་ཆད་འཛུད་བྱས་པ་དཀྱུས་སུ་བཅུག་པ་དང་། ད་དུང་མ་ཚང་བ་མང་པོ་འདུག་ཀྱང་། དབང་ཆོག་སོ་སོའི་དབུར་བཅས་བཤམ་གང་དགོས་གསལ་བས་དོ་གལ་མ་བྱས་སོ། །མཆན། ࿋ གསང་ཐིག་ཡུམ་བཀའི་བཅས་བཤམ། དཀྱིལ་འཁོར་གཞུང་མཐུན་ཡོད་ན་དང་མེད་ན་མེ་ཏོག་གི་ཚོམ་བུ་ལྷ་གྲངས་བཀོད་པའི་ཁར། ཐོད་བཟང་ནང་ཨ་མྲྀཏས་སྦྱལ་བ། མེ་ལོང་སིནྡྷུ་ར་བརྡལ་པ་ལ་ཆོས་འབྱུང་བསྣོལ་མ་པདྨ་འདབ་བཞི་ཅན་གྱི་ལྟེ་བར་བཾ་ཡིག་ལ་སྒྲུབ་སྔགས་ཀྱིས་བསྐོར། འདབ་བཞིར་ཧ་རི་ནི་ས་གཡས་བསྐོར་དུ་བཀོད་པ་དར་དམར་གྱིས་བཀབ་པའི་སྟེང་ཤེལ་རྡོ་བཞག །མདུན་སོགས་གང་བདེར་གཙོ་མོའི་སྐུ་ཙཀ །དབང་ཕྲེང་། ཕྱག་མཚན་གྲི་ཐོད། དར་གོས་རིན་ཆེན་པད་ཕྲེང་། རུས་པའི་ཕྱག་རྒྱ་ལྔ་རྣམས་ཀྱི་ཙཀླི །རྒྱབ་ངོས་སུ་མཁའ་འགྲོའི་གཏོར་མ་རྒྱན་ལྡན་སྐུ་ཙཀ་དར་གདུགས་ཀྱིས་སྤྲས་པ། མདུན་དུ་ཚེ་འབྲང་དང་ཚེ་རིལ་ཆང་། གཞན་ཡང་ཆོས་དྲུག་གི་བྱིན་རླབས་ཆས། དཔལ་འབར། མེ་ལོང་གསལ་བ་དང་ལྷ་སྐུ །དྭངས་པའི་ཤེལ། གཟུགས་བརྙན་སྣ་ཚོགས་བྲིས་པ། མདའ་གཞུ། མར་མེ་རྣམས་དང་། བྱིན་འབེབས་བརྒྱད་ལ་མཁོ་བའི། སིནྡྷུ་ར། བདུད་རྩི། མར་མེ། གཞུང་གསལ་བདུག་སྤོས། མེ་ཏོག་དཀར་དམར་མཐིང་གསུམ་འབྲུ་ལ་ཚོན་གྱིས་བསྒྱུར་བ། བདུད་རྩི་ལྔ་དང་མངར་གསུམ་ཟན་ལ་བསྲེས་པའི་ཏིང་ལོ་དམར་པོ་སློབ་མའི་གྲངས་མཉམ། བྱང་སེམས་དཀར་དམར་དང་མངར་གསུམ་སྦྱར་བའི་ཆང་། བླ་མའི་གཏོར་མ་སྐུ་འབག་གིས་བརྒྱན་པ། གཏོར་དབང་སྐབས། སིནྡྷུ་རའི་ཐིག་ལེ། ཚེ་དབང་ལ། ཚེ་འབྲང་། ཚེ་རིལ་ཆང། ཚེ་མདའ་བཅས་འདུ་བྱའོ། ࿋ ༈ །ཚིག་བདུན་བླ་སྒྲུབ་སོ་སོར། མཎྜལ་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་ཁྲིའུ་ལ་རྣམ་རྒྱལ་བུམ་པ། མདུན་དུ་སོ་སོའི་སྐུ་ཙཀ །རྒྱབ་ཏུ་བླ་གཏོར་དང་ཁྲོ་བོའི་རིགས་ལ་དཔལ་གཏོར། གཡས་གཡོན་དུ་ཞི་དྲག་ལས་མཐུན་གྱི་ཕྲེང་བ་དང་ཤེལ་རྡོ། མཆོག་དབང་དགོས་རིགས་ལ་ཐོད་པའི་བདུད་རྩི་དང་རིག་ཙཀ །དངོས་གྲུབ་ཀྱི་རྫས་བཅས་བཀོད། ༈ ཡུམ་བཀའ་བདེ་ཆེན་རྒྱལ་མོ་ལ། དཀྱིལ་འཁོར་རམ་ཚོམ་བུའི་དབུས་སུ་རྐང་གསུམ་སྟེང་རྣམ་བུམ་ཁར་ཐོད་པའི་བདུད་རྩི། དེ་སྟེང་སིནྡྷུ་རའི་མེ་ལོང་ལ་ཆོས་འབྱུང་དབུས་སུ་ཧྲཱིཿཡིག་མཐར་སྙིང་པོས་བསྐོར་བ་བཞག་ལ་དར་དམར་གྱིས་བཀབ། སྐུ་ཙཀ །སྔགས་བྱང་། ཤེལ་རྡོ། མར་མེ། གྲི་ཐོད་ཁ་ཊྭཱཾ་རུས་རྒྱན་རྣམས་ཀྱི་ཙཀ་ལི། སྒྲུབ་གཏོར་ཟླ་གམ་རྒྱན་ལྡན་དར་གདུགས་བཅས་གང་འོས་སུ་བཀོད། མདུན་དུ་བཀའ་སྲུང་བདེ་ཆེན་རྒྱལ་མོ་མཆེད་གསུམ་གྱི་གཏོར་མ་སྐུ་ཙཀ་དར་གདུགས་ཀྱིས་སྤྲས་པའང་བཞག་གོ ༈ །སྒམ་པོའི་གསང་ལམ་བླ་སྒྲུབ་ལ། སྟེགས་བུའི་དབུས་སུ་རྐང་གསུམ་སྟེང་སིནྡྷུ་རས་བྱུགས་པའི་མེ་ལོང་ཆེ་ལེགས་ངོས་སུ་ཆོས་འབྱུང་བསྣོལ་བའི་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་བཾ། ཆོས་འབྱུང་གི་མཐར་ཨོཾ་གསུམ་མའི་སྔགས་ཀྱིས་བསྐོར་བ་བཞག །གཡས་སུ་བུམ་པ་ཆིངས་དམར་རྒྱན་ལྡན། གཡོན་དུ་ཀ་པཱ་ལ་ཆང་དང་བདུད་རྩི་རིལ་བུས་བཀང་པ་བཞག །རྐང་གླིང་སོགས་འདུ་བྱ། ༈ གནམ་ཆོས་ཌོམྦི་པ། བིརྺ་པ། ཕ་དམ་པ། མི་ཏྲ་ཛོ་ཀི །རད་གླིང་ལྔ་ལ། གཟུངས་དབང་སྤྱི་འགྲེ་བཤམ། རྫས་དབང་ཙཀ་ལི་གཅིག་གིས་ཆོག ༈ །དག་སྣང་པཀྴིའི་བླ་སྒྲུབ་ལ། དཀྱིལ་འཁོར་པདྨ་འདབ་བརྒྱད་སྟེང་རྐང་གསུམ་ཁར་དཔལ་གཏོར་དམར་པོ་བརྗིད་ལྡན་ལ་ཟུར་གསུམ་བདུན་གྱིས་བསྐོར་བ་དར་གདུགས་ཅན། མདུན་རྒྱབ་གང་བདེར་རྣམ་བུམ། ཧཱུྃ་དཀར་དམར་མཐིང་གསུམ། རྡོ་རྗེ་དང་ཕུར་བུ། མེ་ལོང་། རྒྱལ་མཚན། ཐིག་ལེ། གཙོ་འཁོར་སྐུ་གཟུགས། དར་དཔྱངས། མེ་ཏོག །རྒྱ་གྲམ་རྣམས་ཀྱི་ཙཀ་ལི་བཀོད། ༈ བླ་སྒྲུབ་ཐིག་ལེའི་རྒྱ་ཅན་ལ། མཎྜལ་ཚོམ་བུ་ལྔ་པའི་ཁར་ཁྲི་འུར་བྷནྡྷ་དུམ་གསུམ་ཆོས་སྨན་འབྲུ་ཡིས་བཀང་པའི་ནང་རིག་འཛིན་འདུས་པའི་སྲོག་འཁོར་བཅུག་པ་ལ་དར་གུར་ཕུབ། གཡས་སུ་རྣམ་བུམ། མདུན་དུ་བླ་མའི་སྐུ་བརྙན། གཡོན་དུ་གསང་ཐོད་རིག་ཙཀ །ཌཱ་རུ་ཁ་ཊྭཱཾ་རུས་རྒྱན་རྣམས་ཀྱི་ཙཀ་ལི། རྒྱབ་ཏུ་ཤེལ་རྡོ་དང་སྙིང་ཏིག་ཆེན་མོ་མ་བུ་གང་རུང་གི་གླེགས་བམ་རྣམས་བཞག ༈ །གྲུབ་ཐོབ་ཐུགས་ཏིག་ལ། མཎྜལ་ཚོམ་བུ་གཅིག་པའི་སྟེང་རྣམ་བུམ། མདུན་སོགས་སུ་གྲུབ་ཆེན་ཐང་རྒྱལ་སྐུའམ་ཙཀ་ལི། ཨཱ་ལི་ཀཱ་ལིའི་སྔགས་བྱང་གསང་ཐོད། མཁའ་འགྲོ་སྡེ་ལྔ་དང་རིག་ཙཀ །ཤེལ་རྡོ་འཇའ་རིས། ཁ་ཊྭཱཾ་ཅང་ཏེའུ་ཐོད་པ། རྒྱབ་ཕྱོགས་བླ་གཏོར་རྒྱན་ལྡན་བཀོད། ཚེ་དབང་ལ། བུམ་པ། ཐོད་ཆང་། ཚེ་རིལ། ཤེལ་རྡོ་མེ་ལོང་བཅས་ཕལ་ཆེར་སྔ་མས་འཐུས་པར་བྱས་ཀྱང་ཆོག ༈ །སྐུ་གསུམ་རིགས་འདུས་ཟབ་ཏིག་ལ། མཎྜལ་ཚོམ་བུའི་སྟེང་རྐང་གསུམ་ལ་བླ་གཏོར་རྒྱན་ལྡན་དར་གདུགས་བཅས་དགོད་དོ།། ༈ །།དེ་ནས་བླ་མ་དྲག་པོའི་སྐོར་ལས། ཐོག་མར་དྲག་དམར་འོ་བྲན་ལུགས་ལ། རས་བྲིས་སྟེགས་ཁར་རྣམ་བུམ་ཐོད་ཆང་སིནྡྷུ་རའི་མེ་ལོང་ལ་ཆོས་འབྱུང་ནང་ཨརྩིག་སོགས་བྲིས་པ་དར་དམར་གྱིས་བཀབ་པའི་སྟེང་གུ་རུའི་སྐུ་འབག་བཞུགས། ཤར་དུ་རྡོ་རྗེ། ལྷོར་ཐོད་ཆང་། ནུབ་ཏུ་དྲིལ་བུ། བྱང་དུ་སེང་ཕུར། དབུས་སུ་རྡོ་རྗེ་དང་ལྕགས་སྡིག །མདུན་དུ་དཔལ་གཏོར་རྣམས་བཞག ༈ །ཉང་གི་གུར་དྲག་བདེ་གཤེགས་འདུས་པ་ལ། རས་བྲིས་སྟེང་མཉྫི་ལ་རྣམ་རྒྱལ་བུམ་པའི་ཁར་བྷནྡྷ་བཅུད་ལྡན། དེ་སྟེང་མེ་ལོང་ལ་སིནྡྷུ་རའི་དཀྱིལ་འཁོར་ཆོས་འབྱུང་བསྣོལ་མའི་ནང་པདྨ་འདབ་བཞིའི་དབུས་དང་ཕྱོགས་བཞིར་ཨོཾ་ཧཱུྃ་སྭཱ་ཨཾ་ཧཱ། མཐར་ཐོད་ཕྲེང་སྡེ་ལྔའི་སྔགས་གཡས་བསྐོར་དུ་བཀོད་པ་བཞག་ལ་དར་དམར་གྱི་གུར་ཕུབ། མདུན་ཕྱོགས་སུ་ཐོད་ཕྲེང་སྡེ་ལྔ་དང་གོ་ཆ་ལྷ་ལྔའི་དབང་ཙཀ །རྒྱབ་ཏུ་གཏོར་མ་རིན་ཆེན་འབར་བ། སྡེ་བརྒྱད་སྲོག་གཏད་བྱེད་ན་དེའི་འོག་ཏུ་ཐོད་པ་མཚན་ངན་དུ་སྡེ་བརྒྱད་བླ་རྡོ་རྣམས་བཞག །ཤར་དུ་བུམ་པ་བཅུད་ལྡན། ལྷོར་ཚོགས་རྫས་བཟའ་བཏུང་། ནུབ་ཏུ་དཔལ་གཏོར་ཟླ་གམ་ཉི་ཟླ་ནོར་བུས་བརྒྱན་ཅིང་ཤ་ཆང་ཆོས་སྨན་བཏབ་པ། བྱང་དུ་ལྕགས་ཕུར་ཅོད་པན་ཅན། གཞན་ཡང་ཞི་ཆས། གུ་རུའི་སྐུ་ཆས། རྡོ་རྗེ། ལྕགས་སྡིག །རུས་པའི་རྒྱན་དྲུག །གླང་ཀོ །མི་ལྤགས། སྟག་ཤམ། ཐོད་ཕྲེང་། སྦྲུལ་ཆུན། ཁྲག་ཐིག །ཐལ་ཚོམ་རྣམས་སོ། །ཐོད་རྔ་རྐང་གླིང་ཐོད་སྐུ་ཁ་ཊྭཱཾ་རྣམས་སྣོད་གཅིག་ཏུ་བཞག་པ། ༈ འདོད་བུམ་གྱི་དྲག་པོ་བདེ་འདུས་ལ། རས་བྲིས་སྟེང་སྟེགས་ལ་རྣམ་བུམ། གཡས་གཡོན་དུ་གསང་ཐོད། རྡོར་དྲིལ། གོ་ཆ་ལྷ་བཞིའི་སྐུ་དང་དེ་དག་གི་རྟེན་རྫས་པུསྟི། ཕུར་བུ། རྡོ་རྗེ། ལས་བུམ། ཁྱུང་ལྔ། ཚེ་གཏོར་རམ་སྣང་མཐའི་སྐུ །ཐོད་རྔ་ཐོད་ཁྲག །རྒྱབ་ཏུ་དཔལ་གཏོར་རྒྱན་ལྡན་རྣམས་བཀོད། ༈ པད་གླིང་དྲག་དམར་ལ། དཀྱིལ་འཁོར་བརྗེ་བ་མ་གཏོགས་འདྲ། སྲུང་སྐུད་སློབ་མའི་གྲངས་མཉམ་བསྡོག ༈ །འབྲིང་པོ་མེའི་སྤུ་གྲི་ལ། རས་བྲིས་སྟེང་རྣམ་བུམ་ཐོད་པའི་བདུད་རྩི་མེ་ལོང་དྲི་མེད་གུ་རུའི་སྐུ་འབག་རྣམས་བརྩེགས། དེ་རྒྱབ་ཕྱོགས་བཞིར་རྡོ་རྗེ། བདུད་རྩིའི་ཐོད་པ། དྲིལ་བུ། ཕུར་པ། མདུན་དུ་དཔལ་གཏོར་རྣམས་བཞག ༈ །བསྡུས་པ་ལུ་གུ་རྒྱུད་ལ། རས་བྲིས་སམ་ཚོམ་བུ་ལྷ་གྲངས་ཁར་གཏོར་མ་རིན་ཆེན་འབར་བ་སྐུ་ཙཀ་གིས་བརྒྱན་པ། གཡས་སུ་ཐོད་ཆང་གཡོན་དུ་རྡོ་རྗེ་བཅས་བཀོད། ༈ གུ་རུ་དར་ནག་བེར་ཆེན་ལ། རས་བྲིས་སྟེང་དཔལ་གཏོར་རྒྱན་ལྡན་སྐུ་རྟེན་གྱིས་མཚན་པ་བཞག ༈ །བྱང་གླིང་གུར་དྲག་ལ། མཎྜལ་ཚོམ་བུ་གཅིག་པའི་སྟེང་གནམ་ལྕགས་རྡོ་རྗེ་དང་དྲིལ་བུ། གཡས་སུ་གསང་ཐོད། གཡོན་དུ་ཕག་མོའི་སྐུ་ཙཀ །མདུན་དུ་ཐོད་སྐམ་དབུ་རྒྱན། ཁྲག་ཞག་ཐལ་གསུམ། རུས་རྒྱན། ཟབ་བེར། གླང་ཞིང་སྟག་ལྤགས། མགོ་ཕྲེང་། མེ་ཕུང་། པདྨ་ཉི་ཟླ། དྲེགས་པའི་གདན་བཅས། ༈ བྱང་གཏེར་ཐུགས་སྒྲུབ་དྲག་པོ་རྩལ་གྱི་དབང་རྒྱས་པ་ལ། སྟ་གོན་རྫས་བཞི་མཆོད་པ་བཅས། རས་བྲིས་སྟེང་ཁྲིའུ་ལ་རྣམ་བུམ་དང་བླ་མའི་གཏོར་ཆེན། ལྷ་ཙཀ་རྣམས། དབུས་སུ་གནམ་ལྕགས་རྡོ་རྗེ་རྩེ་དགུ་དང་དྲིལ་བུ། ཤར་དུ་རྡོར་དྲིལ། ཤར་ལྷོ་རྡོ་རྗེ་བེ་ཅོན། ལྷོར་འཁོར་ལོ་བེ་ཅོན། ལྷོ་ནུབ་བདུད་རྩིའི་གའུ། ནུབ་ཏུ་པདྨ་རྔེའུ་ཆུང་། ནུབ་བྱང་དུ་ཐོད་པ་བུམ་རིལ། བྱང་དུ་ལྕགས་ཕུར། བྱང་ཤར་སྙིང་ཕྲེང་རྣམས་བཀོད། མགྱོགས་དབང་སྐབས་སུ་འདིའི་ཙཀ་ལི་ཕྱོགས་སྤོམ་བཞག་ཀྱང་རུང་། རིགས་ལྔའི་དབུ་རྒྱན། རྡོར་དྲིལ། ཐོད་ཕྲེང་། གླང་སྟག་ཞིང་གསུམ། སྦྲུལ་ཆུན། ཁྲག་ཞག་ཐལ་གསུམ། གོ་ཁྲབ། མེ་དཔུང་། རུས་རྒྱན་རྣམས་སོ་སོ། ཤར་དུ་ཐོད་པའི་བདུད་རྩི་དང་མར་མེ། ལྷོར་མེ་ལོང་སིན་དྷུ་རའི་ཐིག་ལེ་བཀོད་པ་དང་རིག་ཙཀ་སྨན་ཐོད། ནུབ་ཏུ་ཚེ་འབྲང་དང་རཀྟ། བྱང་དུ་ཤེལ་རྡོ་མེ་ལོང་མཆོད་ཡོན། རྗེས་གནང་ཆས། རྡོར་དྲིལ། རྒྱལ་མཚན། དུང་དཀར། རྔ་ཆེན། མར་མེ་གསུམ། གཏུམ་མོའི་མེ་དབང་རྫས་བྱང་སེམས་དཀར་དམར། སུག་སྨེལ། ཚ་བ་གསུམ། ཚྭ་སྣ་གསུམ་རྣམས་ཀྱི་རིལ་བུའང་ཐོད་ཆང་དང་ལྷན་ཅིག་བཞག་གོ སློབ་མ་མཆོད་པ་སོགས་འདུ་བྱའོ། ༈ །སྨིན་ལམ་འབྲིང་པོ་ལ། རས་བྲིས་སམ་མཎྜལ་སྟེང་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པའི་ཁར་རྣམ་བུམ་ཆིངས་སྔོན་པོ་ཅན་གྱི་ཁ་རྒྱན་གསེབ་ཏུ་གཙོ་དགུའི་ཙཀ་ལི། མདུན་དུ་གསང་ཐོད་མེ་ལོང་སིནྡྷུ་རའི་ཐིག་ལེ་ལྔ་ཚོམ་ཅན་གྱིས་བཀབ་པ་དང་རིག་ཙཀ །རྡོར་དྲིལ། རྒྱལ་མཚན་དུང་དཀར་རྔ་ཆེན་རྣམས་ཕྱོགས་བསྡུས། རྒྱབ་ཏུ་གཏོར་ཆེན་དང་བཟའ་བཏུང་འགྱེད་རྒྱུ་བཞག ༈ །བསྡུས་པ་བྱིན་རླབས་ཐུགས་རྗེའི་དབང་བསྐུར་ལ་རས་བྲིས་སམ་ཚོམ་བུ་གཅིག་པའི་སྟེང་དཔལ་གཏོར་ལས་བཞི་ལྷུན་གྲུབ་ལ་བྲིས་སྐུ་བཙུགས་པ་དང་། ཧཱུྃ་ཡིག་སྔོན་པོ། ཧཱུྃ་ཁ་དོག་ལྔ། མེ་ལོང་ཐིག་ལེ་ལྔ་ཚོམ་ཅན། བཟའ་བཏུང་བཅས་བཀོད། ༈ དག་སྣང་ཚེ་གུར་སྦྲགས་མ་ལ། དཀྱིལ་འཁོར་དབུས་རྣམ་བུམ་བཅུད་ལྡན། དེ་སྟེང་ཁྲིའུར་དཔལ་གཏོར་རྒྱན་ལྡན། ཚེ་དཔག་མེད་དང་ཁྲོས་ནག་སྐུ །གཡས་གཡོན་དུ་ཀ་པཱ་ལ་བདུད་རྩིས་གང་བ། ཚེ་རིལ། ཤར་དུ་རྒྱ་གྲམ། ལྷོར་བུམ་པ། ནུབ་ཏུ་མེ་ཏོག །བྱང་དུ་ཉི་ཟླ། མདུན་དུ་ཚེ་འབྲང་། རྒྱབ་ཏུ་མདའ་དར་རྣམས་བཀོད། ༈ རྡོར་གླིང་གུར་དྲག་དབང་བཞི་སྙན་བརྒྱུད་མ་ལ། རས་བྲིས་སྟེང་ཁྲིའུར་དཔལ་གཏོར་སྐུ་ཙཀ་རྒྱན་ལྡན། གཡས་སུ་རྣམ་བུམ། གཡོན་དུ་གསང་ཐོད་དར་དམར་མེ་ལོང་གིས་བཀབ་པ་དང་ཕག་མོའི་ཙཀ་ལི་དྲིལ་བུ། རྒྱབ་ཏུ་གུ་རུའི་སྐུ །མདུན་དུ་ལྷ་ཙཀ་རྣམས་དང་ཚེ་འབྲང་སྣང་མཐའི་ཙཀ་ལི། དུར་ཁྲོད་ཆས་སྦྲུལ་གླང་ཞིང་སྟག་ཐོད་ཕྲེང་ཐོད་རྒྱན་ཐལ་ཁྲག་ཞག་ཟོ་རིས་ཅན། སྲུང་སྐུད་དམར་པོ་སློབ་མའི་གྲངས་མཉམ་བཅས། ༈ གུར་དྲག་མེ་རླུང་འཁྱིལ་བའི་དབང་རྒྱས་པ་རྡོ་རྗེའི་ཕྲེང་བ་ལ། སྟ་གོན་རྫས་བཞི། དཀྱིལ་འཁོར་རས་བྲིས་སྟེང་ཁྲིའུར་རྣམ་རྒྱལ་བུམ་པའི་ཁར་ཐོད་ཆང་མེ་ལོང་སིནྡྷུ་ར་བརྡལ་པ་ལ་ཆོས་འབྱུང་བསྣོལ་མའི་དབུས་སུ་ཧྲཱིཿམ། མཐའ་བསྐོར་ཧ་རི་ནི་ས་ར་ཙ་ཧྲི་ཡ་བྲིས་པ་རྣམས་བརྩེགས་ལ་དར་དམར་གྱིས་བཀབ་པའི་སྟེང་ཤེལ་རྡོ་བཞག །རྒྱབ་ཏུ་དཔལ་གཏོར་རྒྱན་ལྡན་གྱི་གཡས་གཡོན་དུ་ཚེ་འབྲང་ཚེ་རིལ་ཆང་། དབུས་སོགས་སུ་གཙོ་བོའི་སྐུ་སོགས་ལྷ་ཙཀ་རྣམས་དང་། རྡོ་རྗེ་གྲི་གུག་རལ་གྲི །བནྡྷ་ཁ་ཊྭཱཾ། ལྕགས་སྡིག །ཐོད་སྐམ་དབུ་རྒྱན། ཁྲག་ཞག་ཐལ་གསུམ། གླང་ཀོ །གོ་ཁྲབ། ཞིང་ལྤགས། སྦྲུལ་ཆུན་ཐོད་ཕྲེང་། རུས་རྒྱན། སྟག་ཤམ་གཟིག་ཤམ། སྒྲུབ་ཡིག །ཕྲེང་དམར། མེ་ལོང་དང་ཨ་དཀར་རྣམས་བཀོད། ༈ དོན་དབང་ནོར་བུ་ལུགས་ལ། རས་བྲིས་སམ་ཚོམ་བུ་ལྷ་གྲངས་སྟེང་ཁྲིའུར་དཔལ་གཏོར་བང་རིམ་སུམ་བརྩེགས་སྟེང་རིན་ཆེན་འབར་བ་རྒྱན་ལྡན་སྐུ་ཙཀ་དར་གདུགས་ཅན་བཀོད། གཙོ་བོའི་ཕྱག་མཚན་དྲུག་འཛོམ་ན་དང་གོང་གསལ་ལྷ་ཙཀ །མ་འཛོམ་ན་གཙོ་བོའི་སྐུ །ཧཱུྃ་ཡིག་བཅུ། བནྡྷའི་བདུད་རྩི། སྒྲུབ་ཡིག །ཕྲེང་དམར། གཏེར་སྲུང་དམར་གཏོར། ༈ གཏོར་དབང་ཁ་རྐྱང་། རས་བྲིས་སམ་ཚོམ་བུ་ལྔ་པའི་ཁར་གཏོར་མ་དོན་དབང་ལྟར་བཤམས། ༈ པད་དཀར་དྲག་པོ་ཀཱི་ལ་ཡར། མཎྜལ་ཚོམ་བུ་གཅིག་པའི་སྟེང་ཁྲིའུར་དཔལ་གཏོར་རྒྱན་ལྡན་སྐུ་ཙཀ་དར་གདུགས་བཙུགས་པ། གཡས་སུ་ཀ་པཱ་ལ་བདུད་རྩིས་བཀང་བ། གཡོན་དུ་གསེར་གྱི་རྡོ་རྗེ་རྩེ་དགུ །རྒྱབ་ཏུ་བུམ་པ་རྒྱན་ལྡན་ལ་ཐོད་ཕྲེང་སྡེ་ལྔའི་ཙཀ་ལི་ཡོད་ན་བཙུགས། མདུན་དུ་ཕུར་པ་ཅོད་པན་ཅན། སྡེ་བརྒྱད་གཏོར་མ་ཧོམ་ཁུང་ལིང་ག་བཅས་བཤམ། ༈ རིག་འཛིན་ལེགས་ལྡན་རྡོ་རྗེའི་དྲག་པོ་དབུ་དགུའི་དོན་དབང་ལ། དཀྱིལ་འཁོར་མཎྜལ་ཚོམ་བུ་གཙོ་འཁོར་དགུ་བཀོད་པའི་སྟེང་དུ་དཔལ་གཏོར་སྐུ་ཙཀ་དར་གདུགས་ཅན། གཡས་གཡོན་དུ་ལྕགས་རྡོར་རྩེ་དགུ་དང་ཐོད་ཆང་། ཕྱག་མཚན་རྡོ་རྗེ་ཐོད་ཁྲག་དང་དུར་ཁྲོད་ཆས་ཙཀ་བཅས་བཀོད། ༈ མི་འགྱུར་ལས་གླིང་པདྨ་གཏུམ་པོ་ལ། ཚོམ་བུ་གཅིག་སྟེང་བུམ་པ་ཆིངས་དམར་ཁ་རྒྱན་སྐུ་ཙཀ་གིས་བརྒྱན་པ། མདུན་དུ་དཔལ་གཏོར། གཡས་སུ་མེ་ལོང་ལ་བསྙེན་སྔགས་མཚལ་བྲིས་ཅན། གཡོན་དུ་རྡོ་རྗེ། རྒྱབ་ཏུ་ལྕགས་ཀྱུ་ཕུར་པ་རྣམས་བཤམ། བསྒྲལ་དབང་བྱེད་ན་ལིང་ག་གདབ་ཕུར་སོགས་ཀྱང་བསྡོགས། ༈ དགོངས་ཟབ་གྲོ་ལོད་ལ། མཎྜལ་ཚོམ་བུ་གཅིག་པར་གཏོར་མ་རྡོ་རྗེའི་དབྱིབས་ཅན་སྐུ་ཙཀ་དར་གདུགས་ཅན། ཧཱུྃ་ཡིག་དང་རྡོ་རྗེ། ཕུར་བུ་བཅས། ༈ ཞིག་གླིང་གནམ་ལྕགས་མེ་འཁོར་ལ། དཀྱིལ་འཁོར་རྒྱས་པའམ་པདྨ་འདབ་བརྒྱད་སྟེང་རྣམ་བུམ། གཡས་སུ་དཔལ་གཏོར། གཡོན་དུ་ཐོད་ཆང་ཁར་སིནྡྷུ་རའི་མེ་ལོང་རིགས་ལྔ་ཡབ་ཡུམ་བཅུའི་ས་བོན་བྲིས་པའི་སྟེང་ཤེལ་རྡོ་བཞག ༈ །ཀརྨ་གུ་རུའི་སྲོག་གཏད་ལ། གཞི་སྟེང་ལྕགས་སྣོད་དུ་ཟན་གྱི་ཆོས་འབྱུང་དཀར་པོའི་སྟེང་བདུད་བཞི་དཀར་སེར་དམར་ནག་གཉིས་རེ་ཁ་སྤྲོད་བྱས་པ་བཞི་བརྩེགས་ལ་སེང་ལྡེང་ཕུར་པ་ཅོད་པན་ཅན་བཙུགས། དེ་སྟེང་ཁྲིར་དབང་གཏོར་གདན་ཟུར་གསུམ་རྩག་མཐོའི་སྟེང་གཏོར་མ་ཟུར་གསུམ་ནག་པོ་སྐུ་རྟེན་དར་གདུགས་ཅན་བཞག །གཡས་སུ་རྒྱ་གྲམ། གཡོན་དུ་སེང་ཕུར། མདུན་དུ་ཟོར་གཏོར་སྲིད་མེས་ཀྱི་གཟུགས་ཅན་མེ་རིས་བརྒྱན་པ་བཀོད། ༈ འཇའ་ཚོན་གུར་དྲག་གཏོར་དབང་ལ། ཚོམ་བུ་གཅིག་སྟེང་དཔལ་གཏོར་བཤམ། ༈ འཇའ་ཚོན་གྲོ་ལོད། ཚོམ་བུ་གཅིག་སྟེང་རྣམ་བུམ། དཔལ་གཏོར། གཡས་གཡོན་རཀྴའི་ཕྲེང་བ། རྒྱ་གྲམ། རྡོ་རྗེ་ཕུར་བུ། སྤྲོ་ན་ཧཱུྃ་ཁ་དོག་ལྔའི་ཙཀ་ལི་བཅས་བཀོད། ༈ བདུད་འདུལ་གྲོ་ལོད་ལ། རས་བྲིས་སམ་ཚོམ་བུ་ལྷ་གྲངས་སྟེང་ཁྲིའུར་དཔལ་གཏོར། གཡས་སུ་རྣམ་བུམ། གཡོན་དུ་བནྡྷ། མདུན་དུ་ལྷ་ཙཀ །ཕྱག་མཚན། རྡོ་རྗེ། ཕུར་པ། ལྕགས་སྡིག་ཧཱུྃ་དམར་དང་། སྣ་ཚོགས་རྡོ་རྗེ་འཇའ་འོད་ཅན། ཧཱུྃ་ཁ་དོག་ལྔ། ཧཱུྃ་དམར་ཉེར་གཅིག་གི་ཙཀླི་རྣམས་བཀོད། ༈ རྒྱ་ཅན་གྲོ་ལོད་གནམ་ལྕགས་མེ་འཁོར་ལ། དཀྱིལ་འཁོར་དབུས་མཉྫིའི་ཁར་སྒྲུབ་གཏོར་དར་གྱི་ཅོད་པན་ཅན། མདུན་དུ་རྣམ་བུམ་དང་མིང་དབང་། གཡས་སུ་དབུ་རྒྱན། རྒྱབ་ཏུ་རྡོ་རྗེ་དང་དྲིལ་བུ། གཡོན་དུ་གསང་ཐོད། རིག་ཙཀ་གམ་དྲིལ་བུ། འཇའ་ཤེལ། ཁྲོ་བོ་གཙོ་འཁོར་ལྔ། སྒོ་མ་བཞི། རྡོ་རྗེ་ཆོས། རིག་འཛིན་བརྒྱད། གུ་རུ་མཚན་བརྒྱད། བཀའ་བབས་དགུ་རྣམས་ཀྱི་སྐུ་ཙཀ །སྔགས་བྱང་གསེར་བྲིས། ཕྱག་མཚན། ཆོས་གོས། དུར་ཁྲོད་ཆས་རྣམས་ཀྱི་ཙཀ་ལི་རྣམས་ཅི་བདེར་བཀོད། སྨད་ལས་དབང་ཆས། དགང་བླུགས། མེ་ཕུང་། ལིང་ག་ཐོད་པ་གླང་རུ་བྱད་ཐག་ཐུན་རྫས་རོ་གཡམ་རྣམས་སྣོད་གཅིག་ཏུ་བཞག་པ་དང་། མདའ་རྡོ་ཀོང་བུ་ཁྲག་ཟོར་རྣམས་ཕྱོགས་བསྡུས་བྱས་པའང་བསྡོག ༈ །རྒྱ་ཅན་ཡང་གསང་ཀརྨ་དྲག་པོ་ལ། བྲུབ་ཁུང་དངོས་སམ། རྡུལ་ཚོན་གྱིས་བྲུབ་ཁུང་མཐིང་ནག་ཁ་ཁྱེར་མེ་རི་དང་བཅས་པ་བྲིས་པའི་ཁར་པད་སྣོད་དུ་ཟན་གྱི་ཆོས་འབྱུང་སྟེང་བདུད་བཞིའི་གཟུགས་ལ་ལྕགས་ཕུར་དར་གྱི་ཅོད་པན་ཅན་བཏབ། དེ་སྟེང་མཉྫིའི་སྟེང་གཏོར་ནག་མེ་རི་སོགས་རྒྱན་སྤྲོས་སྐུ་ཙཀ་དར་ནག་གི་གདུགས་ཕུབ་པ་བཀོད། མདུན་དུ་རྣམ་རྒྱལ་བུམ་པ། གཡས་གཡོན་དུ་རལ་གྲི་དང་ལྕགས་ཕུར། གསང་རྫས་ཐོད་པ། རིག་ཙཀ་དྲིལ་བུ་གང་རུང་བཞག །ཕྲེང་བ། མེ་ལོང་། དེ་ལས་སྟེགས་དམའ་བར་ཟོར་གཏོར་ཟུར་གསུམ་ནག་པོ་རྒྱན་མེད། རྩེར་དབང་ཕྱུག་ལིང་ག་དང་རྐེད་པར་བྷ་གས་བརྒྱན་པ་བཤམ། ༈ གནམ་ཆོས་གུར་དྲག་ཕུར་མཇུག་ལ། ཚོམ་བུའི་སྟེང་བུམ་པ། མདུན་དུ་ལྷ་བརྒྱ་གཏོར་གཅིག་སྐུ་ཙཀ །རྡོ་རྗེ་རལ་གྲི་སྡིག་པ་ཁ་ཊྭཱཾ་འབྲས་སྙེ་དུང་དཀར་ཞིང་དབྱུག་ཐོད་ཕྲེང་། མར་མེ་བཅས་བཞག ༈ །སྨིན་གླིང་དྲག་དམར་ལ། རས་བྲིས་དབུས་རྣམ་བུམ་ཁ་རྒྱན་གུ་རུའི་སྐུ་ཙཀ་ཅན། གཡས་སུ་དཔལ་གཏོར། གཡོན་དུ་གསང་ཐོད། ལྷ་ཙཀ །སྔགས་བྱང་རཀྴའི་ཕྲེང་བ། རྡོ་རྗེ་ཕུར་བུ་ལྕགས་སྡིག །དྲེགས་པའི་སྲོག་དབང་བསྐུར་ན་ཐོད་ངན་དུ་སྡེ་བརྒྱད་ཀྱི་གཟུགས་དང་གདབ་ཕུར་ཀྱང་འདུ་བྱ། ༈ ཀློང་གསལ་ཡེ་འབར་དབང་ཆེན་ལ། སྟ་གོན་རྫས་བཞི། དཀྱིལ་འཁོར་རས་བྲིས་སམ་འབྲུ་ཚོམ་ལྷ་གྲངས་སྟེང་རྐང་གསུམ་ཁར་རྣམ་བུམ་མགུལ་ཆིངས་དམར་པོ་ཅན་གྱི་ཁར་ཐོད་ཆང་། དེ་སྟེང་མེ་ལོང་སིནྡྷུ་ར་བརྡལ་པ་ལ་ཧཱུྃ་མཐར་སྙིང་པོས་བསྐོར་བ་བྲིས་པའི་སྟེང་ཤེལ་རྡོ་བཞག་ལ་དར་དམར་གྱི་གུར་ཕུབ། མདུན་དུ་ལྷ་ཙཀ་ཡོངས་རྫོགས། ཐོད་པ་ཆོས་སྨན་གྱིས་བཀང་པ། རྡོར་དྲིལ། གཡས་སུ་དབུ་རྒྱན། རྒྱབ་ཏུ་རྡོ་རྗེ། གཡོན་དུ་དྲིལ་བུ། མཚམས་རྣམས་སུ་ཕྱག་མཚན་དྲུག་པོ་དང་དུར་ཁྲོད་ཆས་ཙཀ །རྒྱབ་ངོས་སུ་དཔལ་གཏོར་བརྗིད་ལྡན། ཚེ་དབང་སྦྲེལ་ན་ཚེ་རིལ་ཆང་། རྗེས་གནང་སྦྲེལ་ན་ཕྲེང་བ་མེ་ལོང་གླེགས་བམ། དྲེགས་པའི་སྲོག་དབང་བྱེད་ན་གསོལ་ཁའི་གཏོར་མ། བླ་རྡོའམ་སྲོག་ཡིག་བརྒྱད་སོ་སོར་བྲིས་པའི་ཙཀ་ལི་ཐོད་ངན་དུ་བཅུག་པ་གཞི་མདུན་ལྟ་བུར་ཞིང་ལྤགས་ཁར་འཁོར་ལོ་རྩིབས་བརྒྱད་སྟེང་རྐང་གསུམ་ལ་བཞག །རྩིབས་བརྒྱད་ལ་དམར་གཏོར་རེ་རེ་བཀོད། ཕུར་པ་རལ་གྲི་རྣམས་དང་། སྲུང་སྐུད་དམར་པོ་སློབ་མའི་གྲངས་མཉམ་ཡང་བསྡོག་གོ ༈ །ཡེ་ཤེས་རབ་འབར་དོན་དབང་ལ། རས་བྲིས་སམ་ཚོམ་བུ་ལྔ་སྟེང་རྣམ་བུམ། གཡས་སུ་སྒྲུབ་གཏོར་ཟུར་གསུམ་བསྣོལ་མའི་སྟེང་དཔལ་གཏོར་ཟུར་གསུམ་རྒྱན་ལྡན། གཡོན་དུ་ཐོད་ཆང་མེ་ལོང་ཤེལ་རྡོ་རྣམས་བརྩེགས་པ། རྡོ་རྗེ་ཕུར་སྡིག །གཙོ་བོའི་སྐུ། དུར་ཁྲོད་ཆས་རྣམས་བཀོད། ༈ ཡེ་འབར་རྗེས་གནང་ཁོལ་འདོན་སྐབས། མཎྜལ་ལ་ཚོམ་བུ་བཀོད་པའི་ཁར་རྣམ་བུམ། གཡས་གཡོན་དུ་རཀྴའམ་ཐོད་ཕྲེང་། མེ་ལོང་། སྒྲུབ་ཐབས་ཀྱི་གླེགས་བམ་རྣམས་བཞག ༈ །སྟག་ཤམ་རྡོ་རྗེ་དྲག་རྩལ་དབང་ཆེན་ལ། དཀྱིལ་འཁོར་རས་བྲིས་སམ་ཚོམ་བུ་ལྷ་གྲངས་སྟེང་མཉྫི་ལ་བུམ་པ་མགུལ་ཆིངས་སྔོན་པོ་ཁ་རྒྱན་གསེབ་གཙོ་བོའི་སྐུ་ཙཀ་ཅན། མདུན་ཕྱོགས་ཐོད་ཕྲེང་སྡེ་ལྔ་སོགས་ལྷ་ཙཀ་ཚང་བ། གཡས་སུ་ཐོད་ཆང་དང་བླ་མ་ཞི་བའི་ཙཀ་ལི། རྒྱབ་ཏུ་དཔལ་གཏོར་བརྗིད་ལྡན་རྡོ་རྗེ་ཉི་ཟླ་མེ་རིས་མཚན་པ། གཡོན་དུ་ཚེ་འབྲང་ཚེ་རིལ། བར་མཚམས་དུར་ཁྲོད་ཆས་ཙཀ །ཐོད་པའམ་རཀྴའི་ཕྲེང་བ། ཁྱུང་ལྔ་ཆུར་སྦྱར་བ། སྡེ་བརྒྱད་དང་གཟའི་སྲོག་དབང་བསྐུར་ན་དེ་དག་གི་ཆས་རྣམས་ཀྱང་བཀོད། ༈ རྩལ་དབང་ལ། མཎྜལ་ལྷ་གྲངས་ཚོམ་བུ་ཅན་གྱི་སྟེང་དུ་རྣམ་བུམ། ཤར་དུ་ཐོད་པའི་བདུད་རྩི། ལྷོར་ཕྱག་མཚན་དྲུག་གི་ཙཀ་ལི། ནུབ་ཏུ་དཔལ་གཏོར་རྒྱན་ལྡན། བྱང་དུ་གཙོ་བོའི་སྐུ་ཙཀ་བཅས་བཀོད། ༈ གཏེར་ཁ་གཉིས་འདུས་དྲག་པོ་མེའི་འཁོར་ལོ་ལ། དཀྱིལ་འཁོར་རམ་ཚོམ་བུ་གཙོ་འཁོར་ལྔ་བཀོད་པའི་སྟེང་དུ་རྣམ་བུམ། མདུན་དུ་དྲག་པོའི་སྐུ་ཙཀ །གཡས་གཡོན་དུ་ཐོད་པའི་བདུད་རྩི་དང་མེ་ལོང་གསལ་བ། དེ་རྒྱབ་ཤར་དུ་རྡོ་རྗེ། ལྷོར་ཐོད་ཆང་། ནུབ་ཏུ་དྲིལ་བུ། བྱང་དུ་ཕུར་པ་དར་གྱི་ཅོད་པན་ཅན་རྣམས་བཞག་གོ ༈ །ཆོས་གླིང་གྲོ་ལོད་ལ། རས་བྲིས་སམ་ཚོམ་བུ་ལྷ་གྲངས་དབུས་ཁྲིའུ་ལ་བུམ་པ་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་གསེབ་ཏུ་ཐོད་ཕྲེང་རྩལ་གྱི་སྐུ་རྟེན་བཀོད་པ། རྒྱབ་ཏུ་སིནྡྷུ་རའི་མཎྜལ་ཆོས་འབྱུང་བསྣོལ་མ་ཟུར་དྲུག་དགའ་འཁྱིལ་བྲིས་པའི་ཁར་མཉྫི་ལ་གསང་ཐོད་དར་དམར་གྱིས་བཀབ་པ་དང་རིག་ཙཀ །མདུན་དུ་དཔལ་གཏོར་རྒྱན་ལྡན་དྲག་པོའི་སྐུ་འབག་དར་འཕན་གྱིས་བརྒྱན་པ། ཧཱུྃ་ཁ་དོག་ལྔ་སོ་སོ། རྡོ་རྗེ་ཕུར་པ་ལྕགས་སྡིག་ཁྱུང་དང་། དུར་ཁྲོད་ཆས་བརྒྱད་ཙཀ་ལི་ཕྱོགས་བསྡུས་བཅས་བཀོད། སྡེ་བརྒྱད་སྲོག་དབང་བྱེད་ན་དེའི་ཆས་རྣམས་ཀྱང་འདུ་བྱ། ༈ བདེ་གླིང་གྲོ་ལོད་གཤོམ་གོང་གི་འཇའ་ཚོན་ལུགས་དང་འདྲ། ༈ རོལ་རྡོར་ཁྲོ་རོལ་ཕུར་བུའི་སྒེར་དབང་ལ་ལྔ་ཚོམ་སྟེང་དཔལ་གཏོར་ཟུར་གསུམ་སྐུ་ཙཀ་དར་གདུགས་ཅན། གཡས་སུ་རྣམ་བུམ། གཡོན་དུ་རྡོ་རྗེ་རྩེ་དགུ་ཐོད་ཁྲག །མདུན་དུ་སྣ་ཚོགས་རྡོ་རྗེ་དང་། ཐོ་བ་མེ་ཕུང་ལྕགས་སྡིག་ཕུར་པ་བཞིའི་ཙཀ་ལི་ཕྱོགས་བསྡུས་བགྲང་ཕྲེང་བཅས། ༈ གུ་རུ་དྲག་ཁྲོས་ལ། རས་བྲིས་སམ། ཚོམ་བུ་གཙོ་འཁོར་དགུའི་སྟེང་བུམ་པ་རྫས་རྒོད་ཆུ་དང་སྦྱར་བས་བཀང་པ་རྒྱན་ལྡན་བཞག །གཡས་སུ་རཀྴའི་ཕྲེང་བ། གཡོན་དུ་གནམ་ལྕགས་རྡོ་རྗེ། མདུན་དུ་ལྷ་ཙཀ་ཚང་བ། རྒྱབ་ཏུ་དཔལ་གཏོར། གཞན་ཡང་ཐོད་རྒྱན། སྦྲུལ་ཆུན། ཐོད་ཕྲེང་། རུས་རྒྱན། གླང་ཞིང་སྟག་གསུམ། རྡོ་རྗེ། ཐོད་ཁྲག །ཁ་ཊྭཱཾ། ལྕགས་སྡིག་རྣམས་དང་། ཆོས་སྐྱོང་དམར་གཏོར་གཙོ་འཁོར་དགུ་ལ་མ་ནིང་སྐུ་ཙཀ་དར་གདུགས་ཅན། དཀར་གཏོར་སྨན་ལེབ་བུ་ཁུར་དམར་གཏོར་ཟུར་གསུམ་ཕྱོགས་གཅིག་བཤམས་པ་བཅས། ༈ རྩ་གསུམ་པདྨ་ཁྲག་འཐུང་ལ། མཎྜལ་ཚོམ་བུ་གཅིག་པར་ཐོད་སྣོད་དམ་ཟངས་ལྕགས་སྣོད་དུ་དཔལ་གཏོར་མེ་རི་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ་བཀོད། ༈ གཏེར་གསར་བླ་མ་བཀའ་བརྒྱད་ལ། དཀྱིལ་འཁོར་སྟེང་བུམ་པ་དགུ་སྐུ་རྟེན་དང་བཅས་པ། བྱང་ཤར་དུ་བཀའ་སྡོད་བུམ་པ། རིག་དབང་བཞིའི་ཆས། སྔགས་བྱང་། ཐོད་རྒྱན་གཉིས། སྦྲུལ་ཆུན། རུས་པ་རིན་ཆེན་རྒྱན། གཤོག་པ། གླང་ཞིང་སྟག་ལྤགས། གོས་བེར། གོ་ཁྲབ། ཐལ་རཀ་ཞག་གསུམ། མེ་ཕུང་། ཁྲི་རྐང་རྣམས་སོ་སོ་དང་། གླེགས་བམ་དུང་ཕྱག་མཚན་འཁོར་ལོ་གདུགས་རྒྱལ་མཚན་སོགས། སྨན་རག་གཏོར་གསུམ། རྭ་སྲུང་། ཟློག་གཏོར་འཁོར་ལོ་བཅས། བྲུབ་ཁུང་ལིང་ག །ཕུར་པ་རལ་གྲི་ཧོམ་གཟར། མེ་ཧོམ་གྲུ་གསུམ། ཀོང་ཟོར་དམར་གཏོར་སོགས་ཟོར་ཆས། བཀྲ་ཤིས་ཞལ་ཟས་བཟའ་བཏུང་རྣམས་དང་། གསང་ཐོད། རིག་ཙཀ །ཤེལ་རྡོ། ཚེ་འབྲང་ཚེ་རིལ་བཅས་བཀོད། ༈ ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་གྲོ་ལོད་ལ། མཎྜལ་ཚོམ་བུ་དམར་པོའི་སྟེང་དཔལ་གཏོར་སྐུ་ཙཀ་དར་གདུགས་དམར་པོས་བརྒྱན་པ། སྐུ་ཙཀ་སྔགས་བྱང་ཕྱག་མཚན་རྡོ་རྗེ་ལྕགས་ཕུར་བཅས། ༈ ཆོས་རྡོར་དྲག་མཐིང་ལ། རས་བྲིས་སམ་ཚོམ་བུ་ལྷ་གྲངས་རྣམ་བུམ། རིག་དབང་ཆས་བཞི། ལྷ་ཙཀ་ཚང་མ། དུར་ཁྲོད་ཆས། གཡས་གཡོན་དུ་དབང་གཏོར་དང་། ཁྲོ་བཅུའི་དམར་གཏོར། རྒྱབ་ཏུ་ཐོད་ཆང་མེ་ལོང་ལི་ཁྲིའི་ཐིག་ལེ་ཅན་ཤེལ་རྡོ་རྣམས་བརྩེགས་པ། མདུན་དུ་སྒྲུབ་ཡིག་སྔགས་བྱང་རཀྴའི་ཕྲེང་བ། རྡོ་རྗེ་ཕུར་སྡིག །བསྒྲལ་དབང་ཆས་ཧོམ་ཁུང་ཟན་ལིང་དང་ཤོག་ལིང་། གདབ་ཕུར་རལ་གྲི །མེ་ཧོམ་ཆུང་ངུའང་འདུ་བྱ། ༈ གཏོར་དབང་ལ། ཚོམ་བུ་ལྔ་སྟེང་དཔལ་གཏོར་དང་། གཡས་གཡོན་སྨན་རཀ་བཅས་བཀོད། ༈ །གྲོ་ལོད་གདུགས་པ་ཀུན་འདུལ་ལ། མཎྜལ་དཀྱིལ་འཁོར་དབུས་སུ་ཞུན་ཆེན་གྱི་མར་མེ། གཡས་གཡོན་དུ་རྣམ་བུམ་དང་དཔལ་གཏོར་སྐུ་རྟེན་དར་གདུགས་ཅན། མདུན་དུ་ཞི་དྲག་གི་སྐུ་ཙཀ །དུར་ཁྲོད་ཆས་བརྒྱད། རྡོ་རྗེ་རྩེ་དགུ་ཕུར་པ་ལྕགས་སྡིག་བཅས་པའི་ཙཀ་ལི་བཀོད་དོ།། ༈ །།དེ་ནས་སྒྲུབ་ཆེན་བཀའ་བརྒྱད་སྤྱིའི་སྐོར་ལས། ཉང་ལུགས་པདྨ་ཤེལ་ཕུག་མ་ལ། རས་བྲིས་སམ་ཚོམ་བུ་གཙོ་འཁོར་དགུ །དེ་སྟེང་མཉྫི་ལ་རྣམ་བུམ་མགུལ་ཆིངས་སྨུག་ནག་གམ་མཐིང་ནག་གཟུངས་རྡོར་སོ་ལྔའི་བཅུད་ལྡན་ཁ་རྒྱན་ལ་ཞི་ཁྲོའི་གཙོ་སྐུ་རྣམས་བཀོད། མདུན་དུ་ལྷ་ཙཀ་རྣམས། ཤར་དུ་དཔལ་གཏོར་དང་སྨན་རཀ །ལྷོར་དབུ་རྒྱན། ནུབ་ཏུ་རྡོར་དྲིལ། བྱང་དུ་གསང་དབང་ཐོད་ཆང་མེ་ལོང་གིས་བཀབ་པའི་ཁར་ཤེལ་རྡོ་བཞག་པ་དང་རིག་ཙཀ །རྡོ་རྗེ་རྩེ་དགུ། ཐོད་ཁྲག །ཐལ་རཀ་ཞག་གསུམ། གླང་ཞིང་སྟག་ཤམ། ཐོད་སྦྲུལ་རྣམས་སོ་སོ། ལས་བཞིའི་གཟུགས་སམ་གཏོར་མ། བྲུབ་ཁུང་ཉའོ། ལས་ཕུར་བཅས་བཀོད། འོག་གི་བཀའ་བརྒྱད་རིགས་ལ་སྤྱི་ཁོག་འདིས་འགྲེ་དགོས་པ་ཤེས་པར་བྱའོ། ༈ ࿋ རྣལ་འབྱོར་རྒྱུན་དབང་ལ། སྟེགས་བུར་དཀྱིལ་འཁོར་བཀྲམ་པའི་ཁར་བུམ་པ་ཆས་ལྡན་སོ་ལྔའི་རྫས་སྦྱར་གྱིས་བཀང་པ། མདུན་དུ་འཇམ་དཔལ། སྤྱན་གཟིགས། རྡོར་སེམས། རྡོར་འཆང་བཅས་ཞི་བ་རིགས་བཞི་ཙཀླི་གཅིག་ལ་བྲིས་པ། དཔལ་དགུ། ཁྱུང་དཀར་ནག་བཅས་སོ་སོ་དང་། ཤར་དུ་དཔལ་གཏོར་སྨན་རཀ །ལྷོར་དབུ་རྒྱན་རིགས་ལྔ། ནུབ་ཏུ་རྡོ་རྗེ་དང་དྲིལ་བུ། བྱང་དུ་ཐོད་པར་བུར་ཆང་བདུད་རྩི་སྦྱར་བ་མེ་ལོང་གིས་བཀབ་པའི་ཁར་མན་ཤེལ་བཞག །རིག་ཙཀ་གང་བདེར། གཞན་ཡང་དུར་ཁྲོད་ཆས། བྲུབ་ཁུང་། ལིངྒ་། ཕུར་བུ་བཅས། ࿋ ༈ ࿋ བདེ་འདུས་ཞི་བའི་བཅས་བཤམ། དཀྱིལ་འཁོར་གཞུང་མཐུན་བཀྲམ་པའམ་ཚོམ་བུ་ལྷ་གྲངས་བཀོད། སྟ་གོན་ཆས། རྣམ་བུམ་དང་ལས་བུམ། ཀུ་ཤ །སོ་ཤིང་། དཔུང་སྐུད་བཅས་དང་། དངོས་གཞིའི་སྐབས། དབང་རྫས། རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྫས་བརྒྱད་སོ་སོ་བ། མེ་ལོང་། རྐང་འོག་འཁོར་ལོ། དུང་། རྒྱ་གྲམ། དབུ་རྒྱན། མེ་ཏོག་ཕྲེང་བ། དར་གྱི་ཅོད་པན། རིགས་ལྔའི་ཕྱག་རྒྱ། སྣ་ཚོགས་རྡོ་རྗེ། གསེར་འཁོར། རྡོ་རྗེ། དྲིལ་བུ་བཅས། ࿋ ༈ གསང་རྫོགས་མགྱོགས་དབང་ལ། དཀྱིལ་འཁོར་སྟེང་རྣམ་བུམ་སོགས་སྔར་དང་འདྲ་བ་ལས་དབུ་རྒྱན་ཟུར་པའམ་དེའི་ཙཀ་ལི། སྨན་རཀ་གཏོར་གསུམ་སྣོད་གཅིག་ཏུ་བཞག་པ། དུར་ཁྲོད་ཆས་ཕྱོགས་འདུས་ཀྱི་ཙཀ་ལི་དང་། སྔགས་བྱང་། ཕྲེང་བ། ཚོགས་རྫས་བཟའ་བཏུང་། ཐིག་ལེ་བྱེད་པའི་བདུད་རྩིའི་ཐོད་པའང་འདུ་བྱ། ༈ བྱང་གཏེར་རང་ཤར་ལ། སྟ་གོན་རྫས་བཞི་མཆོད་པ་བཅས། རས་བྲིས་སྟེང་ལྡིང་ཁྲི་རིམ་པ་གཉིས་པའི་སྟེང་གཙོ་བུམ་ཁར་ལྷ་ཙཀ་རྣམས། འོག་མར་ཐོད་སྐུ། གསང་ཐོད་མེ་ལོང་སིནྡྷུ་རའི་ཐིག་ལེ་ཅན་དར་གྱིས་བཀབ་པའི་སྟེང་ཤེལ་རྡོ། དབུ་རྒྱན། རྡོར་དྲིལ་རིག་ཙཀ །དབུས་སུ་ལྕགས་ཕུར་ཅོད་པན་ཅན། ལོགས་གང་བདེར་སྣོད་གཅིག་ཏུ། རྒྱུད་ཀྱི་གླེགས་བམ་རིན་ཆེན་ཕྲེང་བ། དུང་དང་ཕྱག་ཤིང་། རྒྱ་གྲམ། གདུགས། རྒྱལ་མཚན་རྡོར་དྲིལ་རྣམས་དང་། རིགས་ལྔའི་ཕྱག་མཚན། ཞི་བའི་ཆས། ཕྱག་མཚན་རྣམས་གཡས་གཡོན་ཚོ་གཉིས་སུ་བྱས་པ། ཁ་ཊྭཱཾ་བནྡྷ། ཐོད་ཕྲེང་དང་གོས་གསུམ་ལ་གཅིག །ཁྲག་ཐལ་ཞག་གསུམ་ལ་གཅིག །གོ་ཁྲབ་མེ་ཕུང་རུས་རྒྱན་གཅིག །གཟིག་ཤམ། གཙུག་ཏོར། རུས་རྒྱན། ཐོད་ཕྲེང་། ཨ་དཀར། མར་མེ། བྲུབ་ཁུང་ཉའོ། ཞི་དྲག་སྦྱོང་ཆས་ཏིལ་ནག་སོགས་འདུ་བྱ། ༈ ཨོ་རྒྱན་གླིང་པའི་བཀའ་འདུས་དོན་དབང་ལ། རས་བྲིས་སྟེང་དབུས་འབྲུ་ལྔ། ཤར་སྨན་ལྔ། ལྷོར་རིན་ཆེན་ལྔ། ནུབ་དྲི་ལྔ། བྱང་སྙིང་པོ་ལྔ་རྣམས་ཀྱི་བུམ་པ་སྣོད་གཅིག་ཏུ་བཞག་པ། མདུན་དུ་ཞི་བ་རྡོར་འཆང་དང་། གཙོ་བོ་ཉེར་གཅིག་གི་ཙཀ་ལི། བགྲང་ཕྲེང། གཡས་སུ་ཤ་ལྔ་བདུད་རྩི་ལྔ་སོ་སོར་སྦྱར་བའི་ཐོད་པ་ལྔ་སྣོད་གཅིག་ཏུ་བཞག་པ། གཡོན་དུ་རིག་མའི་གཟུགས་དཀར་སེར་དམར་ལྗང་མཐིང་ལྔ། འཇའ་ཤེལ། རྒྱབ་ཕྱོགས་སུ་དཔལ་གཏོར་རྒྱན་ལྡན་བཞག །བསྡུ་ན་བུམ་ཐོད་རིག་ཙཀ་རྣམས་གཅིག་ལ་བསྡུ་ཞིང་ལྷ་དབང་མ་སྦྱར་ཡང་ཆོག ༈ །བཀའ་བརྒྱད་ཐུགས་ཀྱི་མེ་ལོང་གི་མགྱོགས་དབང་། དཀྱིལ་འཁོར་བུམ་པ་དབུ་རྒྱན་རྡོར་དྲིལ་གསང་ཐོད་མེ་ལོང་ཤེལ་རྡོ་རིག་ཙཀ །སྨན་རཀ་གཏོར་གསུམ། དུར་ཁྲོད་ཆས་ཕྱོགས་བསྡུས། ཞི་བ་རིགས་བཞི། དཔལ་དགུ་ཁྱུང་ཙཀ །གདབ་ཕུར་ལིང་ག་རྣམས་ཏེ་གསང་རྫོགས་དང་ཕྱོགས་འདྲའོ། ༈ །བཀའ་བརྒྱད་དངོས་གྲུབ་སྙིང་པོ་དེ་དང་འདྲ་བ་ལས་རིགས་བཞིའི་ཙཀ་ལི་མི་དགོས། ༈ ཀློང་གསལ་བཀའ་བརྒྱད་བདེ་གཤེགས་ཡོངས་འདུས་ཀྱི་ཁྲུས་དབང་ལ། ཁྲུས་བུམ། རྡོར་སེམས་དབང་ལ་རྣམ་བུམ་ཐོད་ཆང་མེ་ལོང་ཤེལ་རྡོ་བརྩེགས་པ། དོན་དབང་ལ། རས་བྲིས་སམ་དགུ་ཚོམ་སྟེང་ཁྲིའུ་ལ་རྣམ་བུམ། རིག་དབང་བཞིའི་ཆས། བནྡྷའི་བདུད་རྩིའི་ནང་བུམ་པ་སོ་ལྔའི་རྫས་ལྡན། དཔལ་དགུ་ཁྱུང་བཅས་ཀྱི་ཙཀ་ལི། དཔལ་ཆས་ཕྱོགས་བསྡུས། གསང་ཐོད། སིནྡྷུ་རའི་མེ་ལོང་ལ་ཧཱུྃ་དགུ་བྲིས་པ། རྡོ་རྗེའི་ལྟེ་བ་ཧཱུྃ་གིས་མཚན་པ་དགུ་བསྒྲིགས། དགང་གཟར་བླུགས་དང་མེ་ཕུང་། ཕུར་པ། ཤེལ་རྡོ། རྨ་བྱའི་མདོངས། རྗེས་གནང་ཆས་བུམ་པ། རྒྱལ་མཚན། གཎྜི། དུང་དཀར། ཕྱག་ཤིང་། རྡོར་དྲིལ། སྒྲུབ་ཡིག །དགང་གཟར་བླུགས་ཕུར་པ་རྣམས་དང་། ཧོམ་ཁུང་ཉའོ། གདབ་ཕུར། སྣ་བདུན། རྫས་བརྒྱད་ཕྱོགས་བསྡུས་བཅས། ༈ གནམ་ཆོས་དགོངས་གཏེར་བཀའ་བརྒྱད་ལུས་དཀྱིལ་དབང་ལ། མཎྜལ་ཚོམ་བུ་དགུ་པའི་ཁར་དཔལ་གཏོར་གཙོ་འཁོར་དགུ་པའམ་ལྷ་བརྒྱ་གཏོར་གཅིག །གཡས་སུ་རྣམ་བུམ། རྒྱབ་ཏུ་ཐོད་ཆང་། གཡོན་དུ་ཕུར་པ་སྟེགས་བཅས། མདུན་དུ་ཐོད་རྒྱན། གླང་ཀོ་སྦྲུལ་ཆུན། ཞིང་ལྤགས་སྟག་ཤམ། ཁྲག །ཞག །ཐལ། གོ་ཁྲབ། མེ་དཔུང་རུས་རྒྱན་དང་གཟིག་ཤམ་རྣམས་ཀྱི་ཙཀ་ལི་སོ་སོ་བ་བཀོད། ༈ བདེ་གླིང་བཀའ་འདུས་འཇའ་ཚོན་དངོས་གྲུབ་སྙིང་པོ་དང་འདྲ། ༈ གྲུབ་ཐོབ་བཀའ་བརྒྱད་ཀྱི་དབང་ལ། སྟ་གོན་རྫས་བཞི། དཀྱིལ་འཁོར་རས་བྲིས་དབུས་མཉྫིའི་ཁར་རྣམ་བུམ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་མཐིང་ག་ཁ་རྒྱན་ལྡན་པ། རྡོར་སེམས་དཔལ་དགུ་བྱ་ཁྱུང་དཔལ་མགོན་མ་ནིང་བཅས་ཀྱི་ཙཀ་ལི་བཅུ་གཉིས་ཁ་རྒྱན་གསེབ་ཏུ་བཀོད་པ་ཡིན་ཀྱང་མི་བདེ་ན་མདུན་དུ་བཞག །དབུ་རྒྱན། རྡོ་རྗེ། དྲིལ་བུ། མིང་དབང་རྡོར་དྲིལ། སྔགས་བྱང་། གནམ་ལྕགས་རྡོ་རྗེ་རྣམས་དང་། གཡས་ཕྱོགས་སུ་སྨན་གྱི་ཕོ་བྲང་གཡོན་ཕྱོགས་སུ་སྒྲུབ་ཕུར་མདུན་ངོས་སུ་ཐོད་པའི་ནང་ཟན་ཀོང་སྡོང་བུ་དགུ་བཙུགས་པའི་མར་མེ། དེའི་གཡས་སུ་ཁྲུས་ཀྱི་བུམ་པ་ཉེར་ལྔའི་བཅུད་ལྡན་ཆིངས་དཀར་ཁ་རྒྱན་དང་བཅས་པ། གཡོན་དུ་བམ་ཕྱག་ལེན་ལྟར་བཅས་པ། གང་བདེར་ནུས་དབང་ཆས་པུསྟི། ཕྲེང་བ། དུང་དཀར། ཕྱག་ཤིང་། ཁྲི་གདུགས་སོགས་ཀྱི་ཙཀ་ལི་སོ་སོ་བ། བཟའ་བཏུང་འགྱེད་བདེ། རྒྱབ་མདུན་གང་བདེར་ཟངས་ལྕགས་སྣོད་དུ་དམར་གཏོར་གཉིས་ལ་འཁོར་གཏོར་ཆུང་ངམ་ཐེབ་ཀྱུ་སུམ་ཅུ་དང་བཅོ་བརྒྱད་ཀྱིས་བསྐོར་བ་ལ་འཛོམ་ན་དྲེགས་པའི་སྡེ་དཔོན་དང་དྲེགས་པ་བཅོ་བརྒྱད་ཀྱི་གཙོ་བོའི་ཙཀ་ལི་ཙམ་བཙུགས་པ་ལ་དར་གདུགས་དང་ཤ་ཁྲག་གིས་བརྒྱན་པ་དང་། སྲུང་བའི་འཁོར་ལོ་ལས་ཕུར་ཐུན་རྫས་རི་རབ་མེ་ཧོམ་ཟོར་གཏོར་རྣམས་ཕྱོགས་བསྡུས། ཚེ་འབྲང། ཚེ་རིལ་ཆང་། གསང་ཐོད་བདུད་རྩི་རིག་ཙཀ །ཤེལ་རྡོ་རྣམས་བཀོད་ལེགས་སུ་བཀྲམ། ལྕགས་ཧོམ། ལིང་ག །རལ་གྲི་སོགས་ཉེར་མཁོ་རྣམས་ཚོགས་པར་བྱ། ༈ གཏེར་གསར་བཀའ་འདུས་རྩ་སྒྲུབ་ལ། རས་བྲིས་སམ་དགུ་ཚོམ་སྟེང་། འོག་ཏུ་གསང་ཐོད། སྟེང་དུ་རྣམ་བུམ་བརྩེགས་མར་བཞག་པའི་མདུན་དབུས་སྨན་གྱི་ཕོ་བྲང་། ཤར་དུ་མར་མེ། ལྷོར་བམ་ཆེན། ནུབ་ཏུ་རྟ་ཞལ། བྱང་དུ་ཕུར་པ། ཤར་ལྷོར་མདོས་རཀ །ལྷོ་ནུབ་ཏུ་བླ་གཏོར་རྒྱན་ལྡན། ནུབ་བྱང་དུ་དམར་གཏོར་གྲུ་གསུམ། བྱང་ཤར་དུ་ཀོང་ཟོར་ཟུར་གསུམ་ཚེ་ཡུངས་ཀྱིས་བརྒྱན་པ་རྣམས་བཀའ་བརྒྱད་སྤྱིའི་རྟེན་དང་ཕྱོགས་མཚུངས་སུ་བཀོད། མདུན་རྒྱབ་གང་བདེར་ཚེ་འབྲང་ཡང་བཞག་གོ ༈ །བཀའ་བརྒྱད་བདེ་གཤེགས་ཀུན་འདུས་བསྐྱེད་རྫོགས་འབྲིང་པོའི་དབང་ལ། རས་བྲིས་སམ་དགུ་ཚོམ་སྟེང་རྣམ་བུམ་སོགས་རིག་པའི་དབང་ལྔའི་ཆས། ཐིག་ལེ་རྒྱབ་སྤྱད་ཆོས་སྨན་བྱང་སེམས་དཀར་དམར་དང་སྦྱར་བའི་བདུད་རྩི། རྒྱབ་ཏུ་གསང་ཐོད། ཤ་ལྔ་བདུད་རྩི་ལྔ་ཡོད་པའི་ཐོད་པ་གཉིས་སམ་ཙཀ་ལི་གཉིས། གཡོན་དུ་པདྨ་དམར་པོའི་ཟེའུ་འབྲུ་ལ་རྡོ་རྗེ་དཀར་པོ་ཕྱེད་ནུབ་བྲིས་པའི་ཙཀ་ལི་དང་། དཔལ་ཆས་བཅུ། དུར་ཁྲོད་ཆས་བརྒྱད་ཕྱོགས་བསྡུས་ཙཀ་ལི་གཉིས། གཡས་སུ་མེ་ལོང་ཤེལ་རྡོ་རྨ་བྱའི་མདོངས། འཇའ་ཚོན་ཐིག་ཕྲན་ཡོད་པ། མེ་ཏོག་ཕྲེང་བ་འཇའ་འོད་གྱེན་འགྲེང་རྩིབས་ཤར་ཐིག་ལེ་ཕྱག་མཚན་ཡིག་འབྲུ་ལྔ་སོགས་ཡོད་པ། འཇའ་ཚོན་གྱིས་བསྐོར་བའི་ཐིག་ལེ་དགུ་ལ་དཔལ་ཆེན་དགུ་མཚོན་བྱེད་ཡོད་པ། ཀུན་བཟང་རྒྱན་མེད་གཅེར་བུ་བཅས་ཙཀ་ལི་བཞི། མདུན་དུ་ཚེ་འབྲང་རིལ་ཆང་བཅས། ༈ ཡི་དམ་བཀའ་འདུས་སྙིང་པོ། རས་བྲིས་སམ་ཚོམ་བུ་ཇི་ལྟར་འོས་པའི་སྟེང་རྣམ་བུམ་དབུ་རྒྱན་རྡོར་དྲིལ། གསང་ཐོད་རིག་ཙཀ །ཚེ་འབྲང་ཚོགས་རྫས་སོགས་ལྷན་ཅིག་བཞག་པ། ༈ །།དེ་ནས་བཀའ་བརྒྱད་བྱེ་བྲག་གི་སྐོར་ལས། འཇམ་དཔལ་ཞི་སྒྲུབ་ཀྱི་ཐོག་མར་འཇམ་དཔལ་རྫོགས་ཆེན་ལ། འཇའ་ཚོན་ཐིག་ལེ་ལྔ་སྦྲགས་ཀྱི་དཀྱིལ་འཁོར་སྟེང་ཁྲིའུར་དཔལ་གཏོར་ཟུར་བཞི་ལོགས་བརྒྱད་དམར་པོ་ལ་ཨ་དཀར་ལྔས་མཚན་ཅིང་པདྨས་བསྐོར་བ་རྒྱན་སྤྲོས་ཅན་རིགས་ལྔ་གཅིག་འདུས་ཀྱི་ཙཀ་ལི་གཟུག །ཤར་དུ་བུམ་པ་གཉིས། ཕྱོགས་གསུམ་ལ་རེ་རེ་བཅས་ཕྱོགས་མདོག་ཚན་ལྔ། དབུ་རྒྱན། རྡོར་དྲིལ། མན་ཤེལ། རིགས་ལྔའི་ཙཀ་ལི་སོ་སོ་བ་རྣམས་ཕྱོགས་སྤྱི་ལྟར་བཀོད། ཨ་ཡིག་དཀར་པོ་བཅས་སོ། ༈ །འཇམ་དཀར་མུན་སེལ་སྒྲོན་མེ་ལ། རས་བྲིས་སམ་ཚོམ་བུ་ལྔ་པའི་དབུས་སུ་ཁྲིའུ་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་དང་མཚན་བརྗོད་ཀྱི་གླེགས་བམ། ཤར་དུ་རྣམ་བུམ་མགུལ་ཆིངས་དཀར་པོ་ཅན་མཐའ་བསྐོར་དུ། དབུ་རྒྱན་རྡོ་རྗེ་དྲིལ་བུ་འཁོར་ལོ་དང་། ནཱ་མ་ཞེས་བྲིས་པ། ཤེལ་ཕྲེང་། གདུགས། རལ་གྲི་མདའ་གཞུ། དུང་འཁོར་ལོ། སྒྲུབ་དཔེ་རྣམས་བཀོད། ༈ དམར་པོ་ལོངས་སྤྱོད་ཚེ་འཕེལ་ལ། རས་བྲིས་སམ་འབྲུ་ཚོམ་དགུ་པའི་ཁར་ཁྲིའུ་ལ། ཆང་། མར། སྦྲང་། བུ་རམ། སྤྲི་སྟེ་བཅུད་ལྔ་བསྲེས་པའི་ཟན་ལ་ཚེ་གཏོར་རིན་ཆེན་འབར་བའི་དབྱིབས་ཅན་རྒྱན་ལྡན་ཟས་སྣས་བསྐོར་བ་དར་གདུགས་བཅས་བཤམ། ཤར་དུ་གསེར་གྱི་རྡོ་རྗེ། ལྷོར་མདའ་དར་དམར་པོ། ནུབ་ཏུ་བུམ་པ་བཅུད་ལྔ་དང་བཟང་དྲུག་སྦྱར་བའི་ཆུས་བཀང་པ། བྱང་དུ་ཐོད་ཆང་བཅས། ༈ བདུད་འདུལ་ལུགས་ཀྱི་འཇམ་དབྱངས་དཀར་པོ་ལ། ཚོམ་བུ་ལྔའི་ཁར་རྣམ་བུམ་དཀར་པོ། རིག་དབང་ཆས། རིགས་ལྔའི་ཕྱག་མཚན་སོ་སོ་བ། གཡས་སུ་དཔལ་གཏོར། མདུན་དུ་སྐུ །གཡོན་དུ་སྒྲུབ་ཡིག་ཕྲེང་བ། ཕྱག་མཚན་པུསྟི་བཅས། ༈ ནང་སྒྲུབ་དམར་སེར་ལ། དེ་དང་འདྲ་བ་ལས་བུམ་པའི་མགུལ་ཆིངས་དམར་སེར། སྐུ་དང་ཕྱག་མཚན་རལ་པོད། ༈ གསང་སྒྲུབ་ཕྱག་བཞི་པ་ལྷ་དགུ་ལ། རས་བྲིས་སྟེང་ཁྲིའུར་གསང་སྒྲུབ་སྐུ་རྟེན་ཤར་དུ་རྣམ་བུམ་སོགས་རིག་དབང་ཆས་ཀྱིས་བསྐོར་བ། གཡས་སུ་དཔལ་གཏོར། གཡོན་དུ་སྒྲུབ་ཡིག་ཕྲེང་བ། ཕྱག་མཚན་རལ་པོད་མདའ་གཞུ། གཞན་ཡང་མཚན་བརྗོད་གླེགས་བམ། གདུགས། དུང་དཀར། འཁོར་ལོ་བཅས་བཀོད། ༈ ཡང་གསང་ཡབ་ཡུམ་ཞལ་སྦྱོར་ལ། ཚོམ་བུ་གཅིག་གི་སྟེང་སྐུ་རྟེན་བརྗེ་བ་ལས་གཞན་གསང་སྒྲུབ་དང་འདྲ། ཕྱག་མཚན་གཞུང་གསལ་འཛོམ་ན་ལེགས། རྗེས་གནང་ཆས་བསྡུ་ན་མི་དགོས། ༈ ཟབ་གསང་ཟུང་འཇུག་སྒྲུབ་པ་ལ་བཤད་མ་ཐག་པ་ལྟར་ལ། སྐུ་རྟེན་དང་ཕྱག་མཚན་རལ་པོད་ཁོ་ནའོ། ༈ །དབྱངས་ཅན་དམར་མོ་ལ། ཕྱི་སྒྲུབ་དང་འདྲ་བ་ལས་བུམ་པ་དམར། སྐུ་རྟེན་དང་ཕྱག་མཚན། ཨུཏྤལ་ནོར་བུ་མེ་ལོང་ངོ་། ༈ །འཇམ་དཔལ་ཁྲོ་བོའི་སྐོར་ལས། ཚེ་བདག་པད་གནུབས་ཟུང་འབྲེལ་ལ། སྟ་གོན་རྫས་བཞི། དཀྱིལ་འཁོར་ཚད་ལྡན་དབུས་སུ་ཐོད་སྣོད་ལ་ཕྱེ་མར་བུ་རམ་ཤ་ཆེན་བསྲེས་པའི་བམ་ཆེན། དེ་སྟེང་ལྡིང་ཁྲི་ལ་རྣམ་རྒྱལ་བུམ་པའི་མདུན་དུ་སྒྲུབ་གཏོར་ལྕགས་མཁར་ཟུར་དྲུག་མ། ནུབ་ཏུ་ཚེ་བུམ་ཁྱད་པར་བ། ལྷོར་བཀྲ་ཤིས་ཀྱི་བུམ་པ་ཞེས་ཀ་པཱ་ལ་ཆང་འོ་མ་མངར་གསུམ་ཆོས་སྨན་སྦྱར་བས་བཀང་པ། མདུན་དུ་སྨན་རཀ །བུམ་པའི་མཐར་ལྷ་ཙཀ་ཚང་མ། གཞན་ཡང་འཁོར་ལོ་རྡོ་རྗེ་རལ་གྲི་གསུམ། བེ་ཅོན་གཏུན་ཤིང་སྡིགས་མཛུབ་སྟེ་ཕྱག་མཚན་དྲུག་གི་ཙཀ་ལི་གཉིས། དུར་ཁྲོད་ཆས་སོགས་གཅིག་བསྡུས། རཀྴའི་ཕྲེང་བ། རིག་ཙཀ །ཤེལ་རྡོ་མེ་ལོང་གཙོ་སྐུ་འགྱིང་ལོག་ཏུ་བྲིས་པ། དྲིལ་བུ། རལ་གྲི །ལྕགས་སྣོད་ལྟ་བུར་དུག་སྣ་ཁྲག་ཡུངས་ཀར་མདའ་གྲི་གུ་གུལ་ཕུར་པ་རྣམས་བཞག་པ། མཆོད་རྟེན་མཚན་ཉིད་ལྡན་པ། ཟོར་ཀོང་ཟོར་རྫས་ཅན། མདའ་གཞུ། འུར་རྡོ། རྭ་ཟོར། སློབ་དཔོན་དབང་རྫས་རྡོར་དྲིལ་གླེགས་བམ་དུང་གཎྜི་གདུགས་རྒྱལ་མཚན་རྣམས་དང་། སྤྲོ་ན་སྔགས་ཆས་ཞྭ་ཕོད་སོགས་འདུ་བྱ། འདིའི་བཅའ་གཞི་ཞིབ་པར་དབང་བསྒྲིགས་སུ་གསལ་བ་དང་མཐོང་བརྒྱུད་ལས་རྟོགས་དགོས་སོ། ༈ །རྣོན་པོ་ནང་གཅོད་ལ་མཎྜལ། ཚོམ་བུ་གསུམ་པའི་ཁར་གཏོར་མ་བྲ་གཟུགས་ཁྲོམ་རིས་ཅན་འཁོར་བཞི་པ་སྐུ་ཙཀ་དར་གདུགས་ཅན་བཀོད། རཀྴའི་ཕྲེང་བ་བཞག ༈ །དྲེགས་འཇོམས་ལ། རས་བྲིས་སྟེགས་ཁར་རྣམ་བུམ་སྐུ་ཙཀ་གཟུངས་རྡོར་བཅས། གཡས་སུ་སྒྲུབ་གཏོར་ལྕགས་གསར་མ་དར་གུར་ཅན། གཡོན་དུ་གསང་ཐོད་མེ་ལོང་ཐུགས་ཐིག་དང་འདྲ། མདུན་དབུས་ལྷ་ཙཀ་རྣམས། གཞན་ཡང་སྔགས་བྱང་། ཕྲེང་བ། ཤེལ་རྡོ། རལ་གྲི་འཁོར་ལོ་གྲི་གུག་ཐོད་ཁྲག་བེ་ཅོན་སྡིགས་མཛུབ་རྣམས་ཙཀ་ལི་སོ་སོ། གདབ་ཕུར་རལ་གྲི་ཧོམ་དང་ཉའོ་རྣམས་བཀོད། ༈ སྙན་བརྒྱུད་གཤིན་རྗེའི་ཐུགས་ཏིག་ལ། རས་བྲིས་སམ་མཎྜལ་ཚོམ་བུ་མཐིང་ནག་གཅིག་བཀོད་པའི་སྟེང་ཐོད་པའི་སྣོད་དུ་བམ་ལག་ལེན་ལྟར་བཅོས་པ། གཡས་སུ་རྣམ་བུམ་ཆིངས་སྔོན་ཅན། མདུན་དུ་ཞི་ཁྲོ་གཉིས་ཀྱི་སྐུ་ཙཀ །དུར་ཁྲོད་ཆས། ཕྱག་མཚན་དྲུག་པོ་གཡས་གཡོན་སོ་སོར་བྱས་པ། སྔགས་བྱང་བཅས་ཙཀ་ལི་དྲུག །ཐོད་ཕྲེང་། གཡོན་དུ་མཆོད་རྟེན། རྒྱབ་ཏུ་གསང་ཐོད་རིག་ཙཀ་ཤེལ་རྡོ། ཚེ་འབྲང་ཚེ་རིལ་འགྱེད་བདེས་བསྐོར་པ། མདུན་ངོས་དྲེགས་པའི་དམར་གཏོར་ཐེབས་ཀྱུས་བསྐོར་བ་རྣམས་བཀོད། ༈ གཏེར་གསར་ཟབ་བདུན་ཚེ་བདག་ལ། རས་བྲིས་དབུས་རྣམ་བུམ་མགུལ་ཆིངས་སྔོན་པོ་ཅན། རིག་དབང་ཆས། ལྷ་ཙཀ་ཉེར་བཞི་ཚང་བ། སྐྱེར་པའི་ཁྲོམ་ཤིང་བཅུ་གཉིས། སོ་གཉིས། བཞི། བདུན་བརྒྱ་ཉི་ཤུ་མཚོན་བྱེད་བཅས་ཚོ་བཞི། དཔལ་དང་དུར་ཁྲོད་ཆས་ཕྱོགས་བསྡུས། འཁོར་ལོ་རྡོ་རྗེ་རལ་གྲི་བེ་ཅོན་གཏུན་ཤིང་དགྲ་སཏྭ་རྣམས་དང་། སྔགས་བྱང་། གསང་ཐོད། རིག་ཙཀ །ཚེ་འབྲང་། ཟློག་གཏོར་འཁོར་ལོ་ཅན། མཚོན་ཆ། མནན་ཆས། མེ་ཧོམ། ཟོར་ཀོང་། འཁོར་ལོ་རྣམས་ཀྱི་དཔེའུ་རིས་སམ་བྲི་ཡིག་བཅས་བཞག ༈ །འཆར་ཀ་གནམ་སྐས་མའི་ཟོར་དབང་ལ། རས་བྲིས་སྟེང་འཕྲུལ་སྟེགས་ལ་བུམ་པ། ཐོད་ཁྲག །བདུད་རྩི། དཔལ་གཏོར་རྣམས་བརྩེགས་མར་འགོད་དགོས་ཀྱང་། འབྱོར་པས་མ་བདེ་ན་བུམ་གཏོར་བརྩེགས། སྨན་རག་གཡས་གཡོན་དུ་བཞག །གཏོར་མ་རྒྱས་པ་ལྕོགས་དཀའ་བས་དམར་གཏོར་ཟུར་གསུམ་འཁོར་དྲུག་དང་ཐེབས་ཀྱུ་མང་པོས་བསྐོར་བ་དར་གདུགས་དབུབ། མདུན་དུ་ལས་གཏོར་སྲིན་ཞལ་ཅན། ཟོར་རྫས་མདའ་གཞུ་འུར་རྡོ་གླང་རུར་ཁྲག་སྣ་བླུགས་པ་རྣམས་སྣོད་གཅིག །ཀོང་ཟོར་ཚོན་དྲུ་སོགས་རྒྱས་ན་བཀའ་བརྒྱད་ཁྲོ་རོལ་ལྟར་བྱས་པ་གཅིག །ཟོར་ཀོང་དཀྱུས་མ་གཅིག །བསྡུ་ན་ཟོར་ཀོང་གཅིག་ལ་ཁྲོམ་ཤིང་མཚོན་ཆ་དུག་སྣ་སོགས་གང་འཛོམ་དང་དཀྱུས་མ་གཅིག་རྣམས་བཤམ། ༈ འཇམ་ནག་གྲིབ་འཇོམས་རྡོ་རྗེ་ཕ་ལམ་ལ། རས་བྲིས་སམ་འབྲུ་ནག་ཚོམ་བུ་གཙོ་འཁོར་ལྔ་པའི་སྟེང་ཁྲིའུ་ལ་རྣམ་བུམ་ཆིངས་ནག་པོ། ཤར་དུ་སྐུ་རྟེན། ལྷོར་བེ་ཅོན། ནུབ་ཏུ་ཐོད་ཁྲག །བྱང་དུ་ཕུར་པ། མཚམས་བཞིར་སྒྲུབ་དཔེ། ཐུན་ཐོད། རཀྴའི་ཕྲེང་བ། དམར་གཏོར་གྲུ་གསུམ་ཁྲག་གིས་བྱུགས་པ་རྣམས་དང་། སྣ་ཚོགས་རྡོ་རྗེ་དང་དྲིལ་བུ། ཧོམ་ཁུང་ཡང་བཞག ༈ འཇིགས་བྱེད་མེའི་སྤུ་གྲི་ལ། འབྲུ་ནག་ཚོམ་བུ་ལྔའི་ཁར་རྣམ་བུམ། རྒྱབ་ཏུ་གཏོར་མ་གྲུ་གསུམ་ནག་པོ་གཙོ་འཁོར་ལྔ་པ་དར་གདུགས་ཅན། མདུན་དུ་གསང་ཐོད་མེ་ལོང་གིས་བཀབ་པ་དང་སྐུ་ཙཀ །མཆོད་གཏོར་གཡས་གཡོན་དུ་གྲི་གུག་བནྡྷ། རལ་གྲི་དང་བེ་ཅོན། འཁོར་ལོ་སཏྭ་རེ། དུར་ཁྲོད་ཆས་ཕྱོགས་བསྡུས་བཅས། ལས་གཤིན་བཀའ་གཏད་བྱེད་ན། གཏོར་མ་གྲུ་གསུམ་ཁྲོམ་ཅན་མེ་རིའི་རྒྱན་ལྡན་དང་ཐོད་དབྱུག་བཅས་བཀོད། ༈ ཀིང་ནག་ཕ་རོལ་རྒོལ་འཇོམས་ལ། དཀྱིལ་འཁོར་བུམ་པ་སྔ་མ་ལྟར། རྒྱབ་ཏུ་དཔལ་གཏོར་འཁོར་བཞི་ཅན་དང་སྨན་རཀ །མདུན་དུ་ལྷ་ཙཀ །གཡས་སུ་དབུ་རྒྱན་རྡོར་དྲིལ་དཔལ་གྱི་ཆས་ཕྱག་མཚན་བཅུ་དགུ །སྒྲུབ་ཐབས་གླེགས་བམ། རྒྱབ་ཏུ་གསང་ཐོད་རིག་ཙཀ་མེ་ལོང་ཤེལ་རྡོ་མར་མེ། གཡོན་དུ་ཧོམ་ཁུང་ལིང་ག་གདབ་ཕུར་རལ་གྲི་ཕྱག་རྒྱ་བཞི། ཐུན་རྫས། མནན་ཐོད། ཕུང་རེ། ཚོན་སྐུད། སཱཙྪ་རི་རབ་དང་བཅས་པ། དམར་གཏོར་ཉུངས་ཀར་གྱིས་བརྒྱན་པ། གཏོར་ཆུང་ཤ་ཁྲག་གིས་བརྒྱན་པ་སློབ་མའི་གྲངས་མཉམ་རྣམས། དཀྱིལ་འཁོར་གྱི་ཕྱོགས་བཞིར་གཤིན་རྗེ་མ་མོ་བདུད་བཙན་བཞིའི་གཏོར་མ་འཛོམ་ན་སྐུ་ཙཀ་བཙུགས་པ་རྣམས་བཀོད། ༈ གཏོར་དབང་། ཚོམ་བུ་ལྔ་སྟེང་དཔལ་གཏོར་སྔ་མ་ལྟར་དང་ཕྱོགས་བཞི་ལ་ལས་གཏོར་བཞི། མདུན་དུ་དམར་གཏོར་ཐེབས་ཀྱུ་མང་པོས་བསྐོར་བ་བཤམ། ༈ ཁྲོ་ཆུའི་དུག་དབང་ལ། ཆོས་འབྱུང་བསྣོལ་མའམ་འབྲུ་ནག་ཚོམ་བུ་བདུན་སྟེང་ཁྲིའུ་ལ་ཐོད་པའམ་ལྕགས་སྣོད་དུ་གྲུ་གསུམ་བསྣོལ་མའི་གདན་དབུས་གཏོར་མ་ཟུར་གསུམ་ཁྲམ་རིས་ཅན་ཟུར་དྲུག་ལ་དམར་གཏོར་དྲུག །གཙོ་འཁོར་བདུན་ལ་རྩང་བདུན་དང་ཤ་ཁྲག་མེ་རིས་བརྒྱན་པའི་རྒྱབ་ངོས་སྐུ་ཙཀ་དང་། སྲོག་འཁོར་ལྟེ་བར་སྨན་ཆེན་ཡུངས་ཀར་འབྲུ་ཙམ་སློབ་མའི་གྲངས་མཉམ་བཅུག་ཅིང་། དར་ནག་གིས་དྲིལ་བ་གཟུག་པ་བཀོད། ཤར་དུ་རཀྴའི་ཕྲེང་བ། ལྷོར་རྡོ་རྗེ། ནུབ་ཏུ་སྐྱེར་པའི་ཕུར་ཆུང་སློབ་མའི་གྲངས་མཉམ། བྱང་དུ་དུག་ཁྲག་ཐོད་སྣོད་དུ་སྦྱར་བ། མདུན་དུ་སྲུང་སྐུད་ནག་པོ་སློབ་མའི་གྲངས། སྒྲུབ་དཔེ། བྲུབ་ཁུང་ཉའོ། རལ་གྲི །མནན་ཆས། མེ་ཧོམ། ཟོར་གཏོར་རྣམས་བཀོད། ༈ གཏོར་དབང་གི་དཀྱིལ་འཁོར་དང་གཏོར་མ་སྔར་ལྟར་བཀོད་དོ། ༈ །ཐུགས་མཆོག་རྡོ་རྗེའི་ནཱ་ག་རཀྴ་ལ། ཚོམ་བུ་གཅིག་པའི་ཁར་གཏོར་མ་གྲུ་གསུམ་དམར་ནག་ཉ་སྦྲུལ་སྦལ་ཤས་བརྒྱན་པ་ལ་སྐུ་ཙཀ་དར་གདུགས་བརྒྱན། མདུན་དུ་འབུལ་གཏོར་དཀར་གཏོར་ཆ་ལྔ་བཤམ། ༈ ཐུགས་རྡོར་ནཱ་ག་རཀྴ་ལ། དྲག་དཀྱིལ་གཞུང་མཐུན་རས་བྲིས་བཀྲམ་པའམ། འབྲུ་ནག་གི་ཚོམ་བུ་གཙོ་འཁོར་བཅུ་གཅིག་བཀོད། དེ་དབུས་ཁྲིའུའི་ཁར་རིན་པོ་ཆེའི་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་མཐིང་ནག་གཟུངས་རྡོར་བཅས་པའི་ཁར། རིགས་བདག་གཙོ་བོ། གནས་ལྷ་ལྔ་དང་བཅས་པའི་སྐུ་ཙཀ་བཀོད། མདུན་དུ་ལས་བུམ། གཡས་སུ་རྟེན་གཏོར། རྒྱབ་ཏུ་ཟོར་གཏོར། གཡོན་དུ་ཕྱག་མཚན། གྲི་གུག་སྦྲུལ་ཞགས་དང་འཁོར་ལོ་ནད་རྐྱལ་དབྱུག་པ་རྡོ་རྗེ་ལྕགས་སྡིག་མེ་ཕུང་རྣམས་ཕྱོགས་བསྡུས་ཀྱི་ཙཀ་ལི་གཉིས། བར་མཚམས་སུ་ཧ་ལའི་སྨན་ཆེན་དུམ་ཆུང་ངུ་། སྨན་རག་གཏོར་གསུམ་དངོས་སམ་བྲིས་པ། སྤོས་དཀར་ཁུ་བ། བཙག་བུ་སྤྲ་མེ། དུར་ཁྲོད་དཔལ་ཆས། གཞུང་མཐུན་སྲུང་འཁོར་རྣམས་བཀོད། འོག་ཏུ་སྒྲོལ་ལིང་ལས་ཕུར་བཙུགས་པ། མནན་པའི་རི་རབ། མེ་ཧོམ་རྣམས་ཀྱང་འདུ་བྱའོ།། ༈ །།དེ་ནས་པདྨ་གསུང་གི་ཞི་སྒྲུབ་ཀྱི་དང་པོ་ཚེ་སྒྲུབ་ཀྱི་སྐོར་ལས། ལུང་ལུགས་ཚེ་སྒྲུབ་ལ། རས་བྲིས་སྟེང་རྐང་གསུམ་ལ་བུམ་པ་སྙིང་པོ་ལྔའི་བཅུད་ཀྱིས་བཀང་བའི་ཁར་ཚེ་འབྲང་རྒྱ་གྲམ་ཉི་ཟླས་མཚན་པ། རྒྱབ་ཏུ་ཚེ་མདའ་མེ་ལོང་། གཡས་གཡོན་ཚེ་རིལ་ཚེ་ཆང་། ཞབས་བསིལ་བཞི་བསྣོལ་གྱིས་མཐའ་བསྐོར། ༈ ཉང་གཏེར་མཚོ་སྐྱེས་རྡོ་རྗེ་ལ། རས་བྲིས་ཀྱི་དཀྱིལ་འཁོར་རམ་མ་འཛོམ་ན་མཎྜལ་ལ་འབྲུ་དཀར་གྱི་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་སུ་མཉྫི་ལ་རིན་པོ་ཆེའི་བུམ་པ་ཆས་བཅུད་ལྡན་པའི་ཁར་ཐོད་པ་བདུད་རྩིས་གང་བར་གཞུང་གསལ་ཚེ་རྫས་སུམ་ཅུའི་རིལ་བུ་བཏབ་པའི་ཁར། མེ་ལོང་ལ་སིནྡྷུ་རས་ཆོས་འབྱུང་ཉིས་བརྩེགས་ཀྱི་དབུས་སུ་ཧྲཱིཿལ་རྩ་སྔགས་དང་བཛྲ་གུ་རུས་བསྐོར་བ་དང་ཆོས་འབྱུང་གི་ཟུར་དྲུག་ལ་གཡུང་དྲུང་རེ་བྲིས་པས་བཀབ་པའི་སྟེང་དུ་དར་དམར་པོའི་གུར་ཕུབ་པ་ལ་གཟུངས་ཐག་རྡོ་རྗེ་བཏགས་པ་དང་། དེའི་གཡས་སུ་ཚེ་རྒྱས་རིན་པོ་ཆེ་ཟུར་བརྒྱད་པའི་རྣམ་པ་ཅན་རིལ་བུས་བསྐོར་བ་དང་། གཡོན་དུ་དཔལ་གཏོར་རིན་པོ་ཆེ་འབར་བའི་རྣམ་པ་ཅན་པདྨ་འདབ་བཞིས་བསྐོར་བ་རྣམས་བཀོད། དབང་བསྐུར་བའི་འཁོར་ལོ་གཞུང་གསལ་བྲིས་ནས་བལྟེབ་ཆིངས་གཡོགས་བཅས་བྱས་པ་འཛོམ་ན་སློབ་མའི་གྲངས་དང་མཉམ་པ་དབུས་ཀྱི་བུམ་པ་ལ་བརྟེན་ཏེ་དགོད། གཞན་ཡང་ཚེ་རིལ་ཚེ་ཆང་། ཚེ་མདའ། བཀྲ་ཤིས་རྫས་བརྒྱད་རྣམས་ཀྱང་དགོད། ༈ བྱང་གཏེར་ལྕགས་སྡོང་མ་ལ། པདྨ་འདབ་བརྒྱད་སྔོན་པོའི་ཁར་བུམ་པ་ཉེར་ལྔའི་བཅུད་ལྡན་སྐུ་རྟེན་གྱིས་བརྒྱན་པ་བཞག །འདི་ཕྱིན་གྱི་ཚེ་དབང་ཕལ་མོ་ཆེར་ཚེ་རིལ་ཚེ་ཆང་མདའ་དར་གསུམ་དགོས་པ་འདྲ་ཞིང་བཤམ་ལུགས་སྔ་མས་འགྲེ །སྣོད་གཅིག་ཏུ་ལི་ཁྲིའང་བཞག ༈ །ལྕགས་སྡོང་ལྷ་མང་གི་དབང་ལ། པད་སྔོན་ལྟེ་བར་བུམ་པ་སྔ་མ་ལྟར་ལ་ཚེ་བུམ་ངུམ་གཟུགས་རྒྱན་ལྡན་དེའི་ཁར་བཞག །རིལ་ཆང་མདའ་དར། ཟླུམ་གཏོར་ཆེ་ཆུང་གཉིས་བཤམ། ༈ རང་ཤར་ཚེ་ལྷ་ཡོངས་རྫོགས་ལ། དཀྱིལ་འཁོར་རས་བྲིས་སམ་ཚོམ་བུ་ལྔའི་ཁར་བུམ་པ། མདུན་དུ་ཚེ་འབྲང་རྫས་བཀྱེ་ཆོག་པ། ཚེ་རིལ་དང་། རྒྱལ་སྲིད་རྫས་བརྒྱད་སོ་སོ་བ་བཤམ། ༈ སངས་གླིང་ཉི་ཟླ་ཁ་སྦྱོར་ལ། རས་བྲིས་སམ་འབྲུ་ཚོམ་ལྷ་གྲངས་སྟེང་རྣམ་བུམ་ཁར་ཐོད་པའི་བདུད་རྩི་ལ་སིནྡྷུ་རའི་མེ་ལོང་ཆོས་འབྱུང་བསྣོལ་མ་པདྨ་འདབ་བཞིའི་དབུས་དང་འདབ་མར་ཧྲཱིཿལྔ་བྲིས་པ་དར་དམར་གྱིས་བཀབ་པ། ཚེ་རྒྱས་པདྨ་འདབ་བརྒྱད་སྟེང་རིན་ཆེན་ཟུར་བརྒྱད་རྩེ་རྒྱལ་ཉི་ཟླ་ནོར་བུས་བརྒྱན་ཅིང་རིལ་བུས་བསྐོར་བ། འདི་ཐོད་པའི་སྟེང་དུ་བཀོད་དགོས་ཀྱང་མི་བདེ་ན་གཡོན་དུ་བཞག །ཚེ་གཏོར་པད་སྡོང་སྟེང་ནོར་གཟུགས་རྒྱན་ལྡན་ཟས་སྣས་བསྐོར་བ་གཡས་སུ་བཀོད། མདུན་དུ་སྐུ་ཙཀ །ཚེ་མདའ་རྒྱབ། འབྲུ་སྣ་ལྔའི་ཚེ་ཆང་། ཚེ་ཤ་དཀར་མོ་ལག་གཡས་མ་འཛོམ་ན་ཟན་གྱིས་བཅོས་པ་དང་ཤ་ལྔའི་རིལ་བུ་མདུན་གཡས་གཡོན་དུ་བཀོད། བཀྲ་ཤིས་རྫས་བརྒྱད་ཀྱང་སོ་སོར་བཤམ་མོ། ༈ །རྡོར་གླིང་ཞི་ཁྲོའི་ཚེ་སྒྲུབ་འོད་ཟེར་དྲྭ་བ་ལ། དཀྱིལ་འཁོར་སྟེང་ཚེ་འབྲང་ཕྱག་མཚན་ལྔ་དང་རིགས་ལྔའི་ས་བོན་གྱིས་བརྒྱན་པ་ལྔ་དབུས་དང་མཚམས་བཞིར་བཀོད། དཀར་པོ་ལ་སོགས་པའི་བུམ་པ་ལྔ་ཁ་རྒྱན་ལ་རིགས་ལྔའི་སྐུ་ཙཀ་གིས་བརྒྱན་པ་རྣམས་དབུས་དང་ཕྱོགས་བཞིར་བཞག །རིགས་ལྔའི་ཕྱག་རྒྱ་སོ་སོ་བ། སྒོ་བཞིར་འབྲང་རྒྱས་ཞལ་དཀར་བཞི་དང་མདའ་དར་ཕྱོགས་མདོག །མཚམས་བཞིར་རལ་གྲི་བཞི་གཟུག །བཀྲ་ཤིས་རྟགས་བརྒྱད། རིལ་ཆང་མདའ་དང་བཅས་བཀོད། ༈ རཏྣའི་ཚེ་ཁྲིད་རྡོར་ཕྲེང་ལ། རས་བྲིས་སྟེང་རྣམ་བུམ་ཉེར་ལྔའི་རྫས་ལྡན་ཁར་མེ་ལོང་དབུས་སུ་ཧྲཱིཿམཐའ་སྐོར་དུ་བསྙེན་སྔགས་མཚལ་གྱིས་བྲིས་པས་བཀབ་པའི་སྟེང་གཟུངས་རྡོར་བཞག །དེ་སྟེང་ཁྲིའུར་ཚེ་འབྲང་སྐུ་ཙཀ་རྨ་བྱས་བརྒྱན་པ། ཕྱོགས་རྣམས་སུ་རིག་དབང་ཆས་བཞི། རིལ་ཆང་མདའ་སོགས་བཀོད། སྦྱིན་སྲེག་ཐབ་རྫས་རྣམས་དབང་བསྒྲིགས་སུ་གསལ་བ་ལྟར་འདུ་བྱའོ། ༈ །པད་གླིང་རྡོར་ཕྲེང་དབང་གསུང་རྒྱུན་མ་ལ། རས་བྲིས་སྟེང་བུམ་པ་ཉེར་ལྔའི་རྫས་ལྡན་ཁར་ཐོད་ཆང་མེ་ལོང་གིས་བཀབ་པ། ཤར་དུ་ཚེ་འབྲང་རྡོ་རྗེས་མཚན་པ། རིལ་ཆང་མདའ་བཅས། ༈ འཆི་མེད་དཔལ་སྟེར་ལ། ཚོམ་བུ་གཅིག་སྟེང་ཚེ་བུམ་རྟ་མགོས་མཚན་པ། ཚེ་རིལ་ཚེ་ཆང་། ཟླུམ་གཏོར་གཉིས་བཅས། ༈ བདུད་རྩི་བུམ་ཆུང་ལ། མཎྜལ་ཚོམ་བུ་གཅིག་པའི་སྟེང་རྣམ་བུམ་ཆས་བཅུད་ལྡན་པ། མདུན་དུ་ཚེ་འབྲང་། གཡས་སུ་ཚེ་རིལ། རྒྱབ་ཏུ་ཚེ་མདའ། གཡོན་དུ་ཚེ་ཆང་བཞག ༈ །ཚེ་དབང་མདའ་འཕེལ་མ་ལ། རས་བྲིས་སམ་ཚོམ་བུ་ལྷ་གྲངས་སྟེང་རྣམ་བུམ། མདུན་དུ་ཚེ་འབྲང་། རིལ་ཆང་མདའ་དར། རྒྱལ་སྲིད་རྟགས་བརྒྱད་སོ་སོར་བཅས། ༈ ཚེ་སྒྲུབ་ཡེ་ཤེས་འོད་མཆོག་ལ། རས་བྲིས་སམ་ཚོམ་བུ་ལྷ་གྲངས་བཀོད་པའི་སྟེང་ཁྲིའུ་ལ་ཉེར་ལྔའི་བཅུད་ལྡན་ཆིངས་དམར་ཁ་རྒྱན་གསེབ་ཏུ་སྐུ་ཙཀ་གིས་བརྒྱན་པ་བཞག །དེའི་མདུན་དུ་ཚེ་འབྲང་རིན་ཆེན་འབར་བའི་བུམ་དབྱིབས་ཅན། གཡས་སུ་ཟ་མ་ཏོག་ཏུ་བདུད་རྩི་ལྔ་ཅོང་ཞི་བྲག་ཞུན་ཨ་བར་སྐྱུར་གསུམ་བཟང་དྲུག །ཤུག་པ་བ་ལུ་མཚེ་མཁན་འོམ་བུ་དཀར་གསུམ་མངར་གསུམ་བཅས་ཀྱི་རིལ་བུའམ་འབྱོར་ན་དེ་རྣམས་ཀྱི་སྨན་མར་རིལ་བུ། གཡོན་དུ་ཐོད་ཆང་མངར་གསུམ་དང་བདུད་རྩི་བཏབ་པ། མདུན་དུ་ཚེ་མདའ་ཚེ་འཁོར་རམ་མ་འབྱོར་ན་སྔགས་བྱང་གཡུ་བཅས་བཏགས་པ་དང་། ཚེ་རིལ་ཚེ་ཆང་བཅས། རྒྱབ་ཏུ་ཕུར་བུ། ལས་བཞིའི་འབྲང་རྒྱས་དཀར་སེར་དམར་ནག་ནོར་བུའམ་ཞལ་དཀར་དུ་གྲགས་པ་བཞི། བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་བཅས་བཤམ། ༈ འབྲི་གུང་ཡང་ཟབ་ཚེ་སྒྲུབ་ཕྱི་ནང་གསང་གསུམ་ལྷན་ཅིག་ཏུ་བསྐུར་བ་ལ། མཎྜལ་ཚོམ་བུ་གཅིག་པའི་སྟེང་ཚེ་བུམ། རིལ་ཆང་མདའ་དར། ཕྱོགས་བཞི་དབུས་ལྔར་བུམ་པ་ལྔའི་ཁར་ཐོད་པའི་བདུད་རྩི་རྣམས་བཀོད། ༈ ཞིག་གླིང་ཚེ་སྒྲུབ་རྒྱལ་བ་འདུས་པ་ལ། སྟ་གོན་རྫས་བཞི། དཀྱིལ་འཁོར་རས་བྲིས་སམ་ཚོམ་བུ་ལྷ་གྲངས་སྟེང་རྣམ་བུམ་ཆིངས་དམར། དེའི་སྟེང་ངམ་མདུན་གང་བདེར་ཚེ་འབྲང་དང་ལྷ་ཙཀ་ཚང་བ། རྒྱབ་ཏུ་གསང་ཐོད་སྟེང་སིནྡྷུ་རའི་མེ་ལོང་ལ་ཆོས་འབྱུང་བསྣོལ་མའི་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་ཧྲཱིཿམ། འདབ་བཞིར། ཧ་རི་ནི་ས། མཐའ་སྐོར་དབྱངས་གསལ་བྲིས་པ་བཞག་པའི་སྟེང་དར་དམར་གྱིས་བཀབ་ལ་ཤེལ་རྡོ་བཀོད། རིག་ཙཀ་བཅས་སོ། ༈ །གྲོལ་ཏིག་སྐུ་གསུམ་འདུས་པ་ལ། རས་བྲིས་སམ་ཚོམ་བུ་གཅིག་པའི་སྟེང་རྣམ་བུམ། མདུན་དུ་ཚེ་བུམ། གཡས་སུ་ཚེ་རིལ། རྒྱབ་ཏུ་ཚེ་མདའ་དང་ཡེ་ཤེས་སེམས་དཔའི་ཙཀ་ལི་ཤེལ་རྡོ་བཅས། གཡོན་དུ་ཐོད་ཆང་དར་དམར་གྱིས་བཀབ་པའི་སྟེང་རིག་ཙཀ་དང་། པད་ཕྲེང་བཅས་བཀོད། ༈ ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་ལ། རས་བྲིས་སྟེང་བུམ་པ་དབུས་དམར། ཤར་སྔོ། ལྷོ་སེར། ནུབ་དཀར། བྱང་ལྗང་ཁ་རྒྱན་ལ་རིགས་ལྔའི་སྐུ་རྟེན་ཅན། མདུན་དུ་ཡུམ་ལྔ་སོགས་ལྷ་ཙཀ་ཚང་བ་དང་ཚེ་འབྲང་། རྒྱབ་ཏུ་ཐོད་ཆང་ཁར་མེ་ལོང་དྲི་མེད། ཚེ་རིལ་ཆང་མདའ་དར། ཟས་སྣ། གོས་སྣ། རྟགས་བརྒྱད་ཕྱོགས་བསྡུས་བཅས། ༈ བདུད་འདུལ་ཚ་བ་དམར་ཐག་ལ། དཀྱིལ་འཁོར་རམ་ཚོམ་བུ་གཙོ་འཁོར་ལྔ། དེ་རྒྱབ་བརྒྱད། དེ་རྒྱབ་བཞི་བཀོད་པའི་དབུས་སུ་བུམ་པ་ཆིངས་དཀར། ཕྱོགས་བཞིར་བུམ་པ་མཐིང་སེར་དམར་ལྗང་བཞི། སྐུ་ཙཀ་ཉེར་གཅིག །གཡས་སུ་ཚེ་གཏོར་པད་སྟེང་བུམ་གཟུགས་རྡོ་རྗེ་ཉི་ཟླས་མཚན་པ། གཡོན་དུ་ཐོད་ཆང་སིནྡྷུ་རའི་མེ་ལོང་དབུས་དང་ཕྱོགས་མཚམས་སུ་ཧྲཱིཿདགུ་བྲིས་པས་བཀབ་པ། མདུན་དུ་ཚེ་གཏོར་རྡོ་རྗེའི་དབྱིབས་ཉི་ཟླའི་རྒྱན་ཅན། མདའ་དར། ཚེ་རིལ་ཆང་། རིག་ཙཀ །བཀའ་སྲུང་གཏོར་མ་གྲུ་བཞི་སེར་པོ་བཤོས་ཕྲན་ཐེབས་ཀྱུས་བསྐོར་བ་རྣམས་བཀོད། ༈ འཆི་མེད་ཡང་སྙིང་ལ། རས་བྲིས་འདབ་བརྒྱད་ཚོམ་བུ་ལྷ་གྲངས་གང་རུང་དབུས་སུ་རྣམ་བུམ་ཉེར་ལྔའི་རྫས་ལྡན། མདུན་དུ་ཚེ་འབྲང་། རིལ་ཆང་མདའ་དར་བཅས། ༈ ཚེ་སྒྲུབ་ཡེ་ཤེས་རྒྱ་མདུད་ལ། དཀྱིལ་འཁོར་རམ་ཚོམ་བུ་དམར་པོ་གཅིག་སྟེང་བུམ་པ་ཆིངས་དམར་ཁ་རྒྱན་མེ་ལོང་མན་ཤེལ་བཅས་པ། ཤར་དུ་ཐོད་ཆང་མེ་ལོང་སིནྡྷུ་ར་བྱུགས་པས་བཀབ་པ། ལྷོར་ཚེ་རིལ། ནུབ་ཏུ་ཚེ་མདའ། བྱང་དུ་ཚེ་ཆང་། མཚམས་སུ་སྣང་མཐའི་སྐུ་ཙཀ །ཤེལ་རྡོ། དབུ་རྒྱན། ཞི་ཆས། སློབ་དཔོན་མངའ་གསོལ་གྱི་ཆས་རྣམས་སམ། བསྡུ་ན་རྡོར་དྲིལ་ཙམ་འཇོག ༈ །ཀློང་གསལ་ཡང་གསང་བླ་མེད་ལ། དཀྱིལ་འཁོར་རམ་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་སུ་རྣམ་བུམ་ཆིངས་དམར་ཅན། གཡས་གཡོན་སོགས་སུ་ཐོད་པའི་བདུད་རྩི། དཔལ་གཏོར། ཚེ་རིལ་ཆང་། མདའ་དང་། དུརྦའི་ཕོན་པོ། རྫས་རྟགས་རྒྱལ་སྲིད་བཅས། ༈ ནམ་སྙིང་ཚེ་སྒྲུབ་ལ། རས་བྲིས་སམ་དགུ་ཚོམ་སྟེང་ཁྲིའུར་དཔལ་གཏོར་རྒྱན་ལྡན། མདུན་རྒྱབ་གང་བདེར་རྣམ་བུམ་སྐུ་ཙཀ །སྒྲུབ་ཡིག །ཚེ་རིལ་ཆང་བཅས། ༈ སྟག་ཤམ་གསང་དྲིལ་ཟུང་འཇུག་ལ། དཀྱིལ་འཁོར་རམ་ཚོམ་བུ་གཙོ་འཁོར་དགུའི་སྟེང་དུ་རྣམ་བུམ་ཆིངས་དམར་ཅན། ཤར་བུམ་དཀར། ལྷོ་བུམ་སེར། ནུབ་བུམ་མཐིང་། བྱང་བུམ་ལྗང་གུ་རྣམས་ཁ་རྒྱན་ལ་རིགས་ལྔའི་ལྷ་ཙཀ་བཙུགས་པ། གཡས་སུ་ཚེ་གཏོར་དང་རིལ་བུ། གཡོན་དུ་ཚེ་ཆང་དང་ཚེ་མདའ། མདུན་དུ་ཕྲེང་བ། མེ་ལོང་། རྡོ་རྗེ་རྣམས་བཀོད། ༈ ཚེ་སྒྲུབ་ཡེ་ཤེས་སྲོག་ཏིག་ལ། དཀྱིལ་འཁོར་རམ་མཎྜལ་ཚོམ་བུ་དམར་པོ་གཅིག་བཀོད་པའི་ཁར་མཉྫི་ལ་བུམ་པ་ཉེར་ལྔའི་བཅུད་དང་ཆས་ལྡན། མདུན་དུ་ཚེ་འབྲང་། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། རྒྱབ་ཏུ་མདའ་དར་བཅས་བཀོད། ༈ བདེ་གླིང་རྡོ་རྗེ་རྒྱ་མདུད་ལ། ཚོམ་བུ་ལྔ་པའི་ཁར་རྣམ་བུམ་ཉེར་ལྔའི་རྫས་ལྡན། ཤར་དུ་རྡོ་རྗེ་མེ་ལོང་། ལྷོར་ཚེ་རིལ། ནུབ་ཏུ་ཚེ་ཆང་། གསང་ཐོད། སྔགས་བྱང་། ཚེ་ཆང་། བྱང་དུ་མདའ་དར། རྟགས་བརྒྱད་བཅས། ༈ ལྕགས་ཀྱི་བང་མཛོད་ལ། རས་བྲིས་སམ་ཚོམ་བུ་ལྷ་གྲངས་སྟེང་རྐང་གསུམ་ཁར་ཚེ་འབྲང། གཡས་སུ་རྣམ་བུམ། གཡོན་དུ་ཐོད་ཆང་མེ་ལོང་ལྕགས་ཀྱི་རྡོ་རྗེ་རྣམས་བརྩེགས། རིལ་ཆང་མདའ་དར་ཚེ་ནས་བཅས། ༈ ཏའུ་རོག་རྗེ་གླིང་པའི་ཚེ་སྒྲུབ་གསང་བ་རྨད་བྱུང་ལ། ཞི་དཀྱིལ་ལམ་མཎྜལ་པདྨ་འདབ་བརྒྱད་ལྟེ་བར་སྐུའམ་ཚེ་བུམ་བྲིས་པའི་དབུས་སུ་མཉྫིའི་ཁར་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་བཅས། མདུན་དུ་དཔལ་གཏོར་རྟ་མགྲིན་གྱི་སྐུ་ཙཀ་བཙུགས་པ། བུམ་པའི་གཡས་གཡོན་དུ་ཚེ་རིལ། ཚེ་ཆང་དང་། གཏོར་མའི་གཡས་གཡོན་དུ་ཕྲེང་བ། རྡོ་རྗེ་བཞག ༈ ཚེ་སྒྲུབ་འཆི་མེད་ཐུགས་ཐིག་ལ། དཀྱིལ་འཁོར་རས་བྲིས་སམ་མཎྜལ་ལ་འབྲུ་དཀར་ཀྱི་ཚོམ་བུ་དབུས་དང་མདུན་དུ་ཆེ་ཆུང་གཉིས། ཕྱོགས་བཞིར་བཞི། དེ་རྒྱབ་བཞི་རིམ་གཉིས་བཅས་བཀོད་པའི་དབུས་སུ་རིན་པོ་ཆེའི་སྣོད་དུ་སྒྲུབ་གཏོར་པད་སྤུངས་རྒྱན་ལྡན། གཡས་གཡོན་ཚེ་རིལ་ཚེ་ཆང་། མདུན་དུ་ཤེལ་རྡོ། རྒྱབ་ཏུ་མདའ་དར་བཀོད། ༈ ཟླ་བའི་འོད་ཟེར་གྱི་ཚེ་སྒྲུབ་རྡོ་རྗེ་སྙིང་པོ་ལ། དཀྱིལ་འཁོར་གཞུང་མཐུན་མཉྫིའི་ཁར་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་བཅས་པ། མདུན་དུ་ཐོད་པ་ལ་ཨ་མྲྀཏས་བཀང་བའི་ཁར་སིནྡྷུ་རའི་མེ་ལོང་ལ་ཆོས་འབྱུང་བསྣོལ་མའི་དབུས་སུ་གཡུང་དྲུང་ལྟེ་བར་བཾ། ལོགས་བཞིར་ཧ་རི་ནི་ས། དེ་རྒྱབ་འོད་ལྔས་བསྐོར་བ་བྲིས་པ་དར་དམར་གྱིས་བཀབ་པའི་སྟེང་ཤེལ་རྡོ་བཞག །གཡས་གཡོན་དུ་ཚེ་རིལ། ཚེ་ཆང། མདའ་དར་རྣམས་དང་། འགྲུབ་ན་རྒྱབ་ཏུ་ཚེ་གཏོར་གཞུང་གསལ་ཡང་དགོད། ༈ དཔའ་བོའི་ཚེ་སྒྲུབ་འཆི་མེད་བདུད་རྩི་ལ། འོད་ལྔའི་དཀྱིལ་འཁོར་རམ་ལྔ་ཚོམ་ཁར་དབུས་སུ་བུམ་པ། མདུན་དུ་ཚེ་འབྲང་། ཤར་དུ་རྡོ་རྗེ། ལྷོར་ཚེ་རིལ། ནུབ་ཏུ་ཚེ་ཆང་། བྱང་དུ་ཚེ་མདའ་རྣམས་བཀོད། ༈ གཏེར་གསར་བླ་མ་ཆོས་སྐུ་ལ། རས་བྲིས་སམ་ལྷ་གྲངས་ཚོམ་བུའི་སྟེང་རྣམ་བུམ་དང་། དེ་སྟེང་ཁྲིའུ་ལ་ཚེ་འབྲང་། མདུན་དུ་གཙོ་བོ་དང་རིགས་ལྔ་སོ་སོ། སྒེག་སོགས་བརྒྱད་གཅིག་བསྡུས་བྱས་པ་དང་ཡུམ་ལྔའི་ཕྱག་རྒྱའི་ཙཀ་ལི། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། མདའ་དར་བཅས། ༈ གཏེར་གསར་ཚེ་དཀར་ལ། རས་བྲིས་འཕྲུལ་སྟེགས་སྟེང་བུམ་པ་དབུས་དཀར་སོགས་ཕྱོགས་མདོག་ལྔ། ཡང་བུམ་པ་ཆིངས་སྔོན་ཅན་སོགས་རིག་པའི་དབང་ལྔའི་ཆས། ལྷ་ཙཀ་ཚང་བ། སྔགས་བྱང་ཕྲེང་དམར། གསང་ཐོད་སིནྡྷུ་རའི་མེ་ལོང་ལ་མུྃ་བྲིས་པས་བཀབ་པ། ཤེལ་རྡོ་མེ་ལོང་། གདུགས་དུང་དཀར་འཁོར་ལོ་ཕྱག་ཤིང་སོགས། རིལ་ཆང་མདའ་དར་བཅས་སོ། ༈ །ཚེ་སྒྲུབ་རྡོར་ཕྲེང་རྩ་དབང་ཕྱི་སྒྲུབ་ལ། དཀྱིལ་འཁོར་རམ་མཎྜལ་ཚོམ་བུ་གཙོ་འཁོར་ལྔ་པའི་སྟེང་རྣམ་བུམ། མདུན་དུ་ཚེ་འབྲང་། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། རྒྱབ་ཏུ་ཚེ་མདའ་གཟུག ༈ །ནང་སྒྲུབ་ལ། མཎྜལ་ཟླ་གམ་དམར་པོའི་སྟེང་དུ་བུམ་པ་ཐོད་ཆང་སིནྡྷུ་རའི་མེ་ལོང་ཨཱཾཿཡིག་བྲིས་པ་རྣམས་བརྩེགས་ཤིང་དར་དམར་གྱིས་བཀབ་པའི་སྟེང་ཤེལ་རྡོ་བཞག །ཚེ་རིལ་མདའ་དར་བཅས། ༈ གསང་སྒྲུབ་ལ། ཚེ་གཏོར་རྒྱན་ཅན་འཇོག་གོ ༈ །དེ་ནས་འོད་དཔག་མེད་ཀྱི་སྐོར་ལ། ཀཿདམ་པའི་གསུང་རྡོ་རྗེ་ལ། ཚོམ་བུའི་ཁར་རྣམ་བུམ། མཐའ་སྐོར་དུ་སྐུ་ཙཀ །མེ་ལོང་སིནྡྷུ་རས་ཧྲཱིཿབྲིས་པ་ཤེལ་རྡོ། པདྨ་ལྷུང་བཟེད་ཀྱི་ཙཀ་ལི་རྣམས་བཀོད། ༈ གནམ་ཆོས་ཞིང་དབང་ལ། མཎྜལ་ཚོམ་བུ་གཙོ་འཁོར་གསུམ་པའི་ཁར་གཏོར་མ་གཙོ་འཁོར་གསུམ་པའམ། ལྷ་བརྒྱ་གཏོར་གཅིག་དང་སྐུ་ཙཀ །མདུན་རྒྱབ་གང་བདེར་རྣམ་བུམ། རྡོ་རྗེ་ལྷུང་བཟེད་ཀྱི་ཙཀ་ལི། ཚེ་དབང་བྱེད་ན་ཚེ་རིལ་ཆང་མདའ་དར་། རྟགས་བརྒྱད་སྣ་བདུན་གྱི་ཙཀ་ལི་སོ་སོ་བ་བཅས། ༈ ཡི་དམ་དགོངས་འདུས་ཀྱི་འོད་དཔག་མེད་ཡེ་ཤེས་སེམས་དཔའི་རྩ་དབང་ལ། རས་བྲིས་སྟེང་བུམ་ལྔ་དབུས་དཀར་སོགས་ཕྱོགས་མདོག །ཚེ་འབྲང་ལྔ་འཁོར་ལོ་སོགས་རིགས་ལྔའི་རྟགས་ཀྱིས་བརྒྱན་པ། དབུས་སུ་ལྷ་ཙཀ །མདུན་དུ་ཤེལ་རྡོ་མེ་ལོང་། རིལ་ཆང་མདའ་དར། ཕྱོགས་བཞིར་མདའ་དར་དཀར་སེར་དམར་ལྗང་། མཚམས་བཞིར་རལ་གྲི་བཞི། རྟགས་བརྒྱད། སྣ་བདུན་བཅས། ༈ ནང་སྒྲུབ་ཚེ་དབང་ལ། རས་བྲིས་སམ་དགུ་ཚོམ་ཁར་རྣམ་བུམ་དང་ཚེ་འབྲང་བརྩེགས། མདུན་དུ་འོད་ཟེར་དཔག་མེད་ཀྱི་སྐུ་དང་མེ་ལོང་། མོ་ཐོད་རཀྟ་དང་ཕོ་ཐོད་བདུད་རྩིས་བཀང་བ་མེ་ལོང་ཤེལ་རྡོ་རྣམས་བརྩེགས་མར་བཤམ། རྡོ་རྗེའང་བཞག ༈ །ཀླུ་སྒྲུབ་ལུགས་ཀྱི་རྗེས་གནང་ལ། ཚོམ་བུའི་སྟེང་བུམ་པ། མདུན་དུ་དབང་གཏོར། གཙོ་བོའི་སྐུ་ཙཀ་དང་ཕྱག་མཚན། གཡས་སུ་དར་དང་རིན་ཆེན་རྒྱན། གཡོན་དུ་བགྲང་ཕྲེང་དང་ཕྲེང་བཞིའི་ཙཀ་ལི་བཅས་བཞག ༈ གཏེར་གསར་ཐུགས་སྒྲུབ་ཞིང་སྦྱོང་དབང་ལ། ཚོམ་བུ་གཅིག་པའི་ཁར་རྣམ་བུམ། གཡས་སུ་བགྲང་ཕྲེང་། གཡོན་དུ་མེ་ལོང་། བཀྲ་ཤིས་རྫས་རྟགས་སྣ་བདུན་རྣམས་ཙཀ་ལི་ཕྱོགས་བསྡུས་ཅན་བཞག་གོ ༈ དེ་ནས་ཐུགས་རྗེ་ཆེན་པོའི་སྐོར་ལས། ཐོག་མར་རྒྱལ་པོ་ལུགས་ཀྱི་རྩ་དབང་ལ། རས་བྲིས་དབུས་ཁྲིའུར་བུམ་པ་ཆིངས་དཀར་ལྡན་པའི་ཁ་རྒྱན་གསེབ་ཏུ་སེང་ཕུར་རྟ་སྔགས་བྲིས་པ་བཙུགས་པའི་མདུན་ངོས་སུ་དུང་ཆུ་གཟུངས་རྡོར་བཀོད། ཤར་དུ་ཅོད་པན་དམར་པོ། ལྷོར་དབུ་རྒྱན། ནུབ་ཏུ་ཐོད་པའི་བདུད་རྩིའི་ཁར་སིནྡྷུ་རའི་མེ་ལོང་པདྨ་འདབ་དྲུག་གི་ལྟེ་བར་ཨོཾ་ཨཱཿཧཱུྃ་ཧྲཱིཿབརྩེགས་མར་དང་འདབ་དྲུག་ལ་ཡིག་དྲུག་བྲིས་པས་བཀབ་པའི་སྟེང་གཞུང་གསལ་བདུད་རྩི་རིལ་བུ་སློབ་མའི་གྲངས་མཉམ་དར་དཀར་གྱིས་དྲིལ་བ། བྱང་དུ་རྡོར་དྲིལ། ཤར་ལྷོར་སྐུ་རྟེན། ལྷོ་ནུབ་ཤེལ་ཕྲེང་དང་སྔགས་བྱང་། ནུབ་བྱང་སྦ་དཀར་ཚིགས་གསུམ། བྱང་ཤར་མེ་ལོང་། ཤར་སྒོར་ལས་བུམ་སེང་ཕུར་ཧྲཱིཿས་མཚན་པ་རྣམས་དང། རྗེས་གནང་ཆས་གདན་ཁྲི་པདྨ་གདུགས་སྒྲུབ་ཡིག་སྤྱི་བླུགས་དུང་དཀར་རྣམས་བཀོད། ༈ ཉང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ལ། སྟ་གོན་རྫས་བཞི། ཁྲུས་དབང་ལ་མཎྜལ་མེ་ཏོག་གི་ཚོམ་བུ་བཀོད་པའི་ཁར་བུམ་པ་དྲི་ཆབ་ཉེར་ལྔའི་རྫས་དང་ཆུ་ཤེལ་གྱི་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་རིགས་ལྔའི་ཕྱག་མཚན་དང་བཅས་པ་བཀོད། བཀྲ་ཤིས་རྟགས་བརྒྱད། རྒྱལ་པོ་སོགས་རིན་ཆེན་བརྒྱད་ཀྱི་ཙཀ་ལིའང་བཞག །དངོས་བཞི་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའི་དབུས་སུ་ཁྲིའུ་ལ་རྣམ་བུམ་ཉེར་ལྔའི་རྫས་དང་ཆིངས་དཀར་ཅན་བཞག །དེའི་ཁར་ཐོད་པ་མཚན་ལྡན་ཆང་དང་ཨ་མྲྀཏས་བཀང་བའི་སྟེང་མེ་ལོང་ལ་མཚལ་ལམ་སིནྡྷུ་རས་ཡིག་དྲུག་བྲིས་པས་བཀབ། ནང་དབང་རྫས། དབུ་རྒྱན། ཅོད་པན། རྡོ་རྗེ། དྲིལ་བུ། ཤེལ་ཕྲེང་། སྦ་ལྕགས་ཚིགས་གསུམ། ཁྱད་པར་རྫས། ལྷ་ཙཀ་ཉེར་གཉིས། དངུལ་གྱིས་བྲིས་པའི་ཡིག་དྲུག །པུསྟི། ཁྲི་གདུགས་ཙཀླི་རྣམས་ཅི་བདེར་བཀོད། ཕྲིན་ལས་བཞིའི་དབང་རྫས་ཤར་དུ་དངུལ་བུམ་ནང་དྲི་སྨན་རིན་པོ་ཆེ་ཆུ་སྣ་འོ་མས་བཀང་བ་ཆུ་ཤེལ་དང་བཅས་པ། མགུལ་ཆིངས་དཀར་པོ་ཁ་རྒྱན་མེ་ལོང་ལྡན་པ། ལྷོར་ཚོགས་གཏོར། དཀར་གསུམ། མངར་གསུམ་ཁུར་བ། ཤ་བཙོས་བསྲེགས་རློན་པ་དང་བཅས་པ། ནུབ་ཏུ་ཟངས་གཞོང་དུ་དབང་གཏོར་ཟླ་གམ་དམར་པོ་རྒྱ་སྐྱེག་དང་སིནྡྷུ་རས་བྱུགས་ཤིང་ཆང་དང་སྨན་སྣ་བཅས་པ། བྱང་དུ་ཟངས་སམ་སེང་ལྡེང་ཕུར་པ་རྟ་ཞལ་ཅན། མདུན་ངོས་སུ་ཚེ་བུམ་མགུལ་ཆིངས་དམར་པོ་དྲི་ཆབ་དང་སོ་ལྔས་བཀང་བའི་ཁར་ཚེའི་འབྲང་རྒྱས་བཞག་པ་དང་ཚེ་རིལ་ཚེ་ཆང། རྒྱབ་ཏུ་སྨན་གྱི་ཕོ་བྲང་རྣམས་ཀྱང་དེ་དག་གི་དབང་བསྐུར་ཆེད་དུ་བཀོད། ལས་བྱང་ནས་བཤད་པའི་ལས་བཞིའི་འབུལ་གཏོར་སོགས་ཚོགས་པར་བྱའོ། ༈ །འདོད་བུམ་ནང་འགྲོ་འདུལ་དབང་ལ། དཀྱིལ་འཁོར་བུམ་པ། དབུ་རྒྱན་ཐོད་ཆང་། མེ་ལོང་། རིལ་བུ། སྐུ་སྔགས་བྱང་། ཆོས་དབྱུག །རྗེས་གནང་ཆས་ཙཀ་ལི་མཚོན་བྱེད་བཅས་སྔ་མ་དང་འདྲ། ༈ ཕྱག་སྟོང་སྤྱན་སྟོང་གི་བཤམ་བཀོད་ཀྱང་དེ་ཁོ་ན་ལྟར་ལ་སྐུ་གཟུགས་བརྗེ། ༈ རྒྱལ་བ་རྒྱ་མཚོ་ལ། སིནྡྷུ་རའི་མཎྜལ་གཞུང་གསལ་སྟེང་རྣམ་བུམ་ཐོད་ཆང་མེ་ལོང་ཆོས་འབྱུང་དབུས་པདྨ་འདབ་བཞིའི་ལྟེ་བར་ཧྲཱིཿལ་སྙིང་པོས་བསྐོར་བ་རྡོ་རྗེ་རྣམས་བརྩེགས་ཏེ་བཞག ༈ རྒྱལ་རྒྱམ་ལྷ་ལྔའི་གཏོར་དབང་ལ། ཐོད་པའམ་རིན་པོ་ཆེའི་སྣོད་དུ་དབུས་དང་རྒྱབ་ཏུ་བླ་མ། གཡས་སུ་ཡི་དམ། གཡོན་དུ་མཁའ་འགྲོ །རྒྱབ་ཏུ་ཆོས་སྐྱོང་ཕོ་རྒྱུད་གཏོར་མ་བཅས་རྒྱན་སྤྲོས་ཅན་ཁྲིའུར་བཀོད། ༈ ཡང་སྙིང་འདུས་པ་ལ། རས་བྲིས་སྟེང་རྣམ་བུམ། གཡས་སུ་གཏོར་ཆེན། གཡོན་དུ་ཐོད་ཆང་། མདུན་དུ་ལྷ་ཙཀ་དང་ཡི་གེ་འབྲུ་བདུན་སྔགས་བྱང་། མར་མེ། མེ་ལོང་། རྒྱབ་ཏུ་རིལ་བུ་བུམ་པ་བཅས་བཤམ། ༈ ཉི་མ་སེང་གེའི་པདྨ་རྒྱལ་པོ་ལ། སྟ་གོན་རྫས་བཞི། དཀྱིལ་འཁོར་རས་བྲིས་སྟེང་རྣམ་བུམ་ཆིངས་དམར་ཅན་གྱི་ཁར་ཐོད་ཆང་སིནྡྷུ་རའི་མེ་ལོང་ལ་ཡིག་བདུན་བྲིས་པས་བཀབ། དེའི་སྟེང་འཕྲུལ་སྟེགས་ལ་བླ་མའི་གཏོར་ཆེན། མདུན་སོགས་སུ་མྱང་གྲོལ་རིལ་བུམ། དབུ་རྒྱན། རྡོར་དྲིལ། མིང་དབང་། ལྷ་ཙཀ་ཚང་བ། ཕྲེང་དམར། མེ་ལོང་། རྒྱ་གྲམ་བཅས་བཀོད། ༈ དོན་དབང་ལ། དཀྱིལ་འཁོར་དབུས་བུམ་པ། གཡས་གཡོན་དུ་རིལ་བུམ་དང་། བླ་གཏོར། མདུན་དུ་ཐོད་ཆང་དང་མེ་ལོང་བཞག །རྩ་དབང་དང་སྦྲེལ་སྐབས་བཤམ་བཀོད་ཟུར་དུ་མི་དགོས། ༈ དེའི་ཚེ་དབང་ལ། དཀྱིལ་འཁོར་རམ་ཚོམ་བུ་དམར་པོ་ལྷ་གྲངས་ཀྱི་དབུས་སུ་རྣམ་བུམ་ཆིངས་དམར་ཚེ་རྫས་ཀྱི་བཅུད་ལྡན། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། མདུན་དུ་ཚེ་འབྲང་། རྒྱབ་ཏུ་ཚེ་མདའ་བཀོད་ལ་གཟུངས་ཐག་གིས་སྦྲེལ། ༈ པདྨ་ཀཱི་ལ་ཡའི་བྱིན་རླབས་ལ། གྲུ་གསུམ་མཐིང་ནག་དབུས་སུ་ཕུར་སྟེགས་ལ་ཕུར་པ་ཁྲོ་ཞལ་རྟ་གདོང་ཅན་ཉུངས་ཀར་དང་ཅོད་པན་ནག་པོ་བཏགས་པ་བཙུགས། མདུན་དུ་དཔལ་གཏོར་དང་། རཀྴའི་ཕྲེང་བ་བཅས་བཞག ༈ བྱང་གླིང་ཐུགས་ཆེན་ལྷ་དྲུག་ལ། མཎྜལ་པདྨ་འདབ་བརྒྱད་སྟེང་བུམ་པ་ཆིངས་དཀར། དབུས་སུ་འགྲོ་འདུལ་ཕྱག་བཞི་པའི་སྐུ། ཡིག་དྲུག །མེ་ལོང་། གཡས་སུ་པདྨའི་གྲི་གུག་དང་པད་དབྱུག །གཡོན་དུ་ཌཱ་རུ། ཐོད་ཁྲག །མདུན་དུ་རྡོ་རྗེ་ཁ་ཊྭཱཾ་ཐོད་པ་གླིང་བཞི་པ། རྒྱབ་ཏུ་གཏེར་བུམ་བཅས་བཀོད། ༈ བྱང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ལ། རས་བྲིས་དབུས་རྣམ་བུམ། ཕྱོགས་བཞིར་རིགས་དབང་ཆས། མདུན་རྒྱབ་གང་བདེར་བླ་གཏོར་ཨོ་རྒྱན་སྐུ་ཙཀ་བཙུགས་པ། ལྷ་ཙཀ །སྔགས་བྱང་། རྡོར་དྲིལ་དུང་གླེགས་བམ། སྣ་བདུན་དང་རྫས་བརྒྱད་ཕྱོགས་བསྡུས་བཅས། ༈ དོན་ཟབ་དགོངས་བསྒྲིལ་ལ། རས་བྲིས་སམ་ལྷ་གྲངས་ཚོམ་བུའི་སྟེང་གི་ཁྲིའུར་གཞུང་པོད་དམ་རྒྱུད་ཀྱི་གླེགས་བམ། མཐོང་གྲོལ་འཁོར་ལོས་བཀབ་པ། དེ་སྟེང་འཕྲུལ་སྟེགས་ལ་ཐུགས་རྗེ་ཆེན་པོའི་སྐུ་དང་། རྒྱབ་ཕྱོགས་མཆོད་རྟེན། མདུན་ཕྱོགས་རྣམ་རྒྱལ་བུམ་པ་རྣམས་བཀོད། དེའི་མཐའ་སྐོར་རམ་སྟེགས་ཟུར་པར་ཐེག་དགུའི་དབང་རྫས་སྣོད་སོ་སོར་བསྒྲིག་དགོས་པ། ཆོས་གོས་ལྷུང་བཟེད་གསེག་ཤང་། སྲུང་སྐུད་དམར་པོ་སློབ་མའི་གྲངས་མཉམ། ཤིང་ཏོག་དང་རུས་པའི་ཕྲེང་བ་སོ་ཤིང་། དུང་པུསྟི་རྩྭ་ཀུ་ཤའི་ཆུན་པོ་བསྣོལ་མ། མིག་དར་ཅོད་པན་རྡོར་དྲིལ་རིགས་ལྔའི་ཕྱག་མཚན། རྡོ་རྗེ་དང་ཕྲེང་བ། གསེར་ཐུར་དང་མེ་ལོང་། གསང་ཐོད་དང་མེ་ལོང་རིག་ཙཀ །རིན་ཆེན་སྨན་འབྲུའི་མཎྜལ་འདུ་བྱ། ༈ ཡང་གཏེར་རྒྱལ་བ་རྒྱ་མཚོ་ལ། སྟ་གོན་རྫས་བཞི། དཀྱིལ་འཁོར་རས་བྲིས་སམ་འབྲུ་ཚོམ་ལྷ་གྲངས་དབུས་སུ་ཁྲིའུའི་ཁར་ཐོད་པ་མཚན་ལྡན་མྱང་གྲོལ་རིལ་བུས་ཕྱུར་བུར་བཀང་བ་དར་དམར་གྱིས་བཀབ་པའི་སྟེང་། སིནྡྷུ་རའི་མེ་ལོང་སྔགས་བྱང་བྲིས་པ་བཞག །མདུན་སོགས་ཕྱོགས་མཚམས་རྣམས་སུ་རྣམ་བུམ། དབུ་རྒྱན། རྡོར་དྲིལ། གཙོ་འཁོར་རྣམས་ཀྱི་ལྷ་ཙཀ་དགུ །སྔགས་བྱང་ཕྲེང་དམར། མེ་ལོང་། དར་དང་རིན་པོ་ཆེའི་རྒྱན། སྣ་ཚོགས་རྡོ་རྗེ། གླེགས་བམ། ཕྲིན་ལས་བཞིའི་འབྲང་རྒྱས་སྣོད་གཅིག་བསྡུས། གསང་ཐོད། རིག་ཙཀ་རྣམས་བཀོད། རིལ་བུ་དང་བྱང་སེམས་དཀར་དམར་སིནྡྷུ་ར་རྣམས་སྦྱར་བའི་ཐིག་ལེ་བཀོད་རྒྱུ་དང་། མགུལ་ལ་བཏགས་རྒྱུ་མྱང་གྲོལ་ཐུམ་བུ་སློབ་མའི་གྲངས་མཉམ་སོགས་བསྡོག་གོ ༈ །སངས་གླིང་ནོར་བུ་སྐོར་གསུམ་ལས་ཕྱི་རྒྱལ་པོ་ལུགས་ལ། མཎྜལ་ཡིག་བདུན་བྲིས་པའི་ཁར་འཕགས་པའི་སྐུ་བརྙན་དང་རྒྱལ་པོ་ལུགས་ཀྱི་གླེགས་བམ་བཀོད། བྱང་ཤར་དུ་རྟ་ནག་ཐོད་པའམ་དེའི་ཐོད་རུས་བསྲེས་པའི་ཟན་ལ་རྟ་མགོ་བཅོས་པའི་ནང་དུ་དར་ཟབ་འབྲུ་སྨན་རིན་པོ་ཆེ་རྣམས་དང། མཐིང་ཤོག་ལ་གསེར་རམ་མཚལ་གྱིས་རྟ་སྔགས་བྲིས་པ་གཞུག་ལ་དར་སྣས་བརྒྱན་ཅིང་དར་ནག་གིས་བཀབ་པ་འབྲུའི་སྣོད་དུ་བཞག །མཆོད་གཏོར་དཀར་དམར་བཤམ། ༈ ནང་ནོར་བུ་ལུགས་ལ། སྟ་གོན་རྫས་བཞི། རས་བྲིས་ཁར་རྣམ་རྒྱལ་བུམ་པ། མདུན་དུ་གཙོ་བོའི་སྐུ །ཡིག་དྲུག །ཕྲེང་བ། པད་དཀར་བཞིའི་ཙཀ་ལི་བཀོད། ༈ གསང་བ་ཡང་གསང་བླ་མེད་ལ། རས་བྲིས་སམ་ཚོམ་བུ་ལྔ་པའི་ཁར་ཁྲིའུར་རྣམ་རྒྱལ་བུམ་པ་ཐོད་ཆང་སིནྡྷུ་རའི་མེ་ལོང་ཆོས་འབྱུང་བསྣོལ་མའི་ནང་པདྨ་འདབ་བཞིའི་ལྟེ་བར་ཧྲཱིཿདང་འདབ་མར་ཧ་རི་ནི་ས་བྲིས་པ་བཞག་ལ་དར་དམར་གྱིས་བཀབ། ཤར་དུ་རྡོ་རྗེ། ལྷོར་དབུ་རྒྱན། ནུབ་ཏུ་གླེགས་བམ། བྱང་དུ་དྲིལ་བུ་རྣམས་བཀོད། ༈ རྡོ་གླིང་བདེ་གཤེགས་ཀུན་འདུས་ལ། དཀྱིལ་འཁོར་དབུས་རྣམ་བུམ་ལ་གཙོ་བོའི་སྐུས་བརྒྱན་པ། རྒྱབ་ཏུ་དབུ་རྒྱན་དང་ཨོ་རྒྱན་སྐུ། གཡས་སུ་སེང་ཕུར་དང་རྟ་མགྲིན། གཡོན་དུ་ཐོད་ཆང་དང་གསང་ཡེ། མདུན་དུ་རལ་གྲི །ཡིག་བཅུའི་སྔགས་བྱང་སོ་སོ་བ། གཙོ་བུམ་རྒྱབ་ངོས་ཁྲིའུ་ལ་གཏོར་ཆེན་གོང་གི་ལྷ་ལྔ་ལྟར། ཐོད་པ་ལྔ་ལ་དབུས་སུ་སྦྲང་། ཤར་སོགས་ལ་འོ་མ། ཆང་། བུར་ཆང་། འོ་མ་ཁྲག་སྦྱར་བླུགས་པ། རྡོར་དྲིལ། མེ་ལོང་རྨ་བྱའི་མདོངས་མར་མེ་ཐོད་ཆང་ཤེལ་རྡོ་བཅས་ལྔ་ཚོམ་དུ་བཀོད། དེའི་ཚེ་དབང་ལ། ཚེ་བུམ། ཚེ་འབྲང་། ཚེ་རིལ་ཆང་རྣམས་བཞག ༈ །ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབ་ལ། རས་བྲིས་ཀྱི་དཀྱིལ་འཁོར་དབུས་ཁྲིའུ་ལ་རྣམ་བུམ་ཆས་བཅུད་ལྡན་པ་དང་ལྷན་ཅིག་ཏུ་ཐུགས་རྗེ་ཆེན་པོ་དཀར་དམར་གྱི་སྐུ་ཙཀ །ཡིག་བདུན་སོ་སོར་བྲིས་པའི་ཙཀ་ལིའང་བཀོད། མདུན་དུ་ཞི་གཏོར་སྐུ་ཙཀ་གིས་བརྒྱན་པ་དང་། གཡས་གཡོན་དུ་ཐོད་པའི་བདུད་རྩི། མར་མེ། དབུ་རྒྱན། ཕྲེང་བ། མེ་ལོང་ལ་མཚལ་གྱིས་ཡིག་བདུན་བྲིས་པ། ཤེལ་རྡོ། མེ་ལོང་། རས་དཀར་གྲུ་བཞི་ལ་མེ་ཏོག་གི་ཚོམ་བུ་ལྔ་བཀོད་པ། གདུགས། རྡོར་དྲིལ། རྒྱུད་དམ་སྒྲུབ་ཐབས་ཀྱི་གླེགས་བམ། མེ་ལོང་རྣམས་བཀོད། ༈ རད་གླིང་ཐུགས་རྗེ་གསང་འདུས་དབང་ཆེན་སྟོང་དབང་དང་བཅས་པ་ལ། སྟ་གོན་རྫས་བཞི། དཀྱིལ་འཁོར་རས་བྲིས་དབུས་རྐང་གསུམ་ལ་རྣམ་བུམ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་གཟུངས་རྡོར་ལྡན་པ་བཞག །དབུ་རྒྱན། ཕྲེང་བ་སོགས་ཞི་ཆས་བདུན། རིགས་ལྔའི་ཕྱག་མཚན། དྲིལ་བུ་དང་མེ་ཏོག་ཕྲེང་བ། རིགས་ལྔ་ཡབ་ཡུམ། སྐུ་བཞི། སེམས་དཔའ་སེམས་མ་བཅུ་དྲུག །ཐུབ་པ་དྲུག །སངས་རྒྱས་སྟོང་བཅས་ལྷ་ཙཀ་ཡོངས་རྫོགས། གཞུང་པོད་ཕྲེང་བས་དྲིལ་བ། ཤེལ་རྡོ་མེ་ལོང་། འབྲུ་གསུམ་མཚན་པའི་ཕྱག་རྒྱ་གསུམ་རྣམས་མདུན་སོགས་སུ་བཞག །བཟའ་བཅའ་སྣ་ཚོགས་པའི་ཚོགས་རྫས་སྣོད་གཅིག་ཏུ་བཞག་པ། རྫས་བརྒྱད། ཚེ་འབྲང་རྣམས་ཀྱང་ཅི་བདེར་བཀོད། མྱང་གྲོལ་བུམ་དབང་སྦྲེལ་ན་མདུན་དུ་སྐྱེ་བདུན་རིལ་བུས་བཀང་བའི་བུམ་པ་རིགས་ལྔས་ཁ་བརྒྱན་པ། གཡས་ཕྱོགས་སུ་གསང་དབང་དཀྱིལ་འཁོར་མཎྜལ་ལ་སིནྡྷུ་ར་བྱུགས་ཤིང་ཆོས་འབྱུང་བྲིས་པའི་དབུས་སུ་ཀ་པཱ་ལ་ཆོས་སྨན་ཆང་སྦྱར་གྱིས་བཀང་བ་དར་དམར་གྱིས་ཁ་བཀབ་པའི་སྟེང་དུ་མེ་ལོང་ལ་སིནྡྷུ་ར་ཆང་སྦྱར་བྱུགས་པ་ལ་ཆོས་འབྱུང་དབུས་སུ་ཧྲཱིཿམ། ཕྱོགས་བཞིར་ཧ་རི་ནི་ས་བཞག །གཡོན་ཕྱོགས་སུ་དབང་བཞི་པའི་དཀྱིལ་འཁོར་འཇའ་རིས་མུ་ཁྱུད་ལྔ་ལྡན་གྱི་དབུས་སུ་བནྡྷ་བདུད་རྩིས་བཀང་བའི་ཁ་མེ་ལོང་གིས་བཀབ་ལ་ཤེལ་རྡོ་དང་རྨ་བྱའི་སྒྲོ་ཐིག་བཞག །གཏོར་དབང་ཆས་དབང་གཏོར་གཞུང་གསལ་རྒྱན་ལྡན་དང་། ཐོད་པའི་བདུད་རྩི་མེ་ལོང་གིས་བཀབ་པའི་སྟེང་མན་ཤེལ་བཀོད། ༈ རྣལ་འབྱོར་རྒྱུན་དབང་ཡང་བསྐུར་ན། རས་བྲིས་སམ་ཚོམ་བུ་ལྷ་གྲངས་སྟེང་རྣམ་བུམ་ཆིངས་དམར་ཅན་གྱི་ཁར་གཏོར་མ་རི་རབ་བཞི་བརྩེགས་དེ་སྟེང་ཟླུམ་པོ། དེ་སྟེང་པདྨ་འདབ་བརྒྱད་ཁར་བུམ་པ་པད་སྤུངས་ནོར་བུས་བརྒྱན་པ་བཞག །གཡས་གཡོན་དུ་དབུ་རྒྱན། ལྷ་ཙཀ་ཚང་བ། ཞི་ཆས། རིགས་ལྔ་ཡབ་ཡུམ་དང་རྡོ་རྗེ་གསུམ་གྱི་ཕྱག་རྒྱ་གླེགས་བམ། ཕྲེང་བ། ཚེ་གཏོར། ཐོད་པའི་བདུད་རྩི། རིག་ཙཀ །ཤེལ་རྡོ་མེ་ལོང་། ཚོགས་རྫས་བཟའ་བཏུང་། རྫས་བརྒྱད་རྣམས་དང་། རིལ་བུའི་དབང་བསྐུར་ན་དེའི་བུམ་པའང་བཀོད། ༈ པད་གླིང་ཐུགས་ཆེན་མུན་སེལ་སྒྲོན་མེ་ལ། རས་བྲིས་ཀྱི་དཀྱིལ་འཁོར་རམ་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་སུ་མཉྫི་ལ་རྣམ་རྒྱལ་བུམ་པ་དྲི་བཟང་ཆུ་དང་སོ་ལྔ་སྦྱར་བའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་གྱིས་སྤྲས་པ། མདུན་དུ་དབང་རྟེན་མར་མེ། ཡི་གེ་འབྲུ་བདུན་སོ་སོར་ཕྲལ་བའི་ཙཀ་ལི། གཡས་སུ་དཔལ་གཏོར་རྒྱན་ལྡན་དར་གདུགས་ཅན། གཡོན་དུ་ཐོད་ཆང་དང་མེ་ལོང་གསལ་བ་རྣམས་བཀོད། ༈ གསུང་རྒྱུན་ཁྲོམ་ཤོག་མ་ལ། དཀྱིལ་འཁོར་རས་བྲིས་ཚོམ་བུ་གང་འཛོམ་གྱི་དབུས་སུ་རྣམ་རྒྱལ་བུམ་པ་བཅུད་ལྡན་མགུལ་ཆིངས་ཁ་རྒྱན་དང་བཅས་པ། མདུན་དུ་ལྷ་ཙཀ་བཅུ་གཉིས། ཨོཾ་ཨཱཿཧཱུྃ་ཧྲཱིཿདང་ཡི་གེ་འབྲུ་བདུན་སོ་སོར་བྲིས་པའི་ཙཀ་ལི། གཡས་སུ་དབང་གཏོར། གཡོན་དུ་ཐོད་པ་བདུད་རྩིས་བཀང་བ་བཞག ༈ །འགྲོ་འདུལ་ལས་འཕྲོ་གླིང་པའི་ཐུགས་ཆེན་དོན་གསལ་སྒྲོན་མེ་ལ་དབང་གི་རྣམ་གྲངས་བདུན་ལས། དང་པོ་ཁྲུས་དབང་ལ། སྟེགས་བུའི་དབུས་སུ་རྣམ་བུམ་མགུལ་ཆིངས་དཀར་པོ་དང་ལས་བུམ་དམར་པོ་ཅན། ཉེར་ལྔའི་བཅུད་ལྡན་ཁ་རྒྱན་གྱིས་སྤྲས་པ་བཞག །གཉིས་པ་བགེགས་སྦྱོང་སྟ་གོན་དབང་ལ། དཀྱིལ་འཁོར་གཞུང་གསལ་གྱི་དབུས་དང་ཕྱོགས་བཞིར་དཔལ་གཏོར་ལྔ་ལ་བུདྡྷ་སོགས་རྟ་མགྲིན་རིགས་ལྔའི་ཙཀ་ལི་བཙུགས་པ་དང་། ཤར་དུ་དབང་བུམ། བྱང་དུ་ཁྲུས་བུམ་བཀོད། ཕྱི་མཆོད་བསྐོར་བཤམ། དཔུང་སྐུད་ཚོན་སྣ་ལྔ་བསྒྲིམ་མམ་གང་འབྱོར། ཀུ་ཤའི་ཆུན་པོ། ལྕགས་སྣོད་དུ་མེ་ཐབ་གྲུ་གསུམ་མཐིང་ནག་མེ་རིས་བསྐོར་བའི་སྟེང་དུ་སྐྱེར་པ་སོགས་དྲག་ཤིང་གྲུ་གསུམ་དུ་བརྩེགས་པ། མཆོད་རྫས་སྨན་རཀ་གཏོར་མ། མེ་རྫས་དུག་ཁྲག་མུ་ཟི་གུ་གུལ་ནག་པོ་རྟ་སྦང་སྦང་ཕྱེ་རྣམས་མར་ནག་གམ་ཨ་རག་གིས་ངར་བཏགས་པ་དང་། སྤྱི་མཐུན་ཉེར་མཁོའི་ཡོ་བྱད་འདུ་བྱ། གསུམ་པ་བུམ་དབང་ལ། དཀྱིལ་འཁོར་གཞུང་གསལ་དབུས་ཁྲིའུའི་སྟེང་རྣམ་རྒྱལ་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་ཅན་གྱི་ཁར་འོད་དཔག་མེད་དང་སྤྱན་རས་གཟིགས་རིགས་ལྔའི་ཙཀ་ལི་བཀོད། ཤར་དུ་རྡོར་དྲིལ། ལྷོར་དབང་གཏོར། ནུབ་ཏུ་ཐོད་ཁྲག །བྱང་དུ་སྨན་ཐོད། པད་འདབ་བརྒྱད་ལ་ཞལ་ཟས་བརྒྱད་བཀོད་པ་ལ་ཤར་དུ་ལྷ་དབང་སོགས་ཐུབ་དྲུག་ཙཀ་ལི་གཡས་བསྐོར་དུ་བཙུགས། བྱང་དང་བྱང་ཤར་གཉིས་ལ་མི་དགོས། སྒོ་བཞིར་དཔལ་གཏོར་བཞི་ལ་རྣམ་རྒྱལ། གཤིན་རྗེ། རྟ་མགྲིན། འཁྱིལ་བ་བཞིའི་ཙཀ་ལི་བཙུགས། རྒྱལ་སྲིད་དང་རྟགས་བརྒྱད་སོ་སོ་བ། འདིའི་རྒྱལ་སྲིད་ལ་འཁོར་ལོའི་ཚབ་ཏུ་རྒྱལ་པོ་རིན་ཆེན་ཕྱག་ན་གསེར་འཁོར་བསྣམས་པ་དགོས། འདི་མཚུངས་རྡོར་གླིང་སོགས་གཏེར་རྙིང་གཞན་ལའང་སྣང་བས་དཀྱུས་འགྲེས་ཁྱད་གསོད་མི་རུང་བ་འདྲ། བྱང་དུ་དམ་ཆུ། ཤར་དུ་ཁྲུས་བུམ་བཅས་བཤམ། བཞི་པ་གསང་དབང་ལ། དཀྱིལ་འཁོར་དབུས་མཉྫིའི་སྟེང་རྣམ་བུམ་དུ་སོ་ལྔའི་རྫས་ལ་ཡིག་བདུན་བཟླས་པས་བྱིན་གྱིས་བརླབས་པའི་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་ལྡན་པ་དང་། ཨོཾ་དཀར་པོ་ལ་ཡིག་དྲུག་གིས་བསྐོར་བའི་གསུང་དཀྱིལ་བཀོད། དེ་རྒྱབ་འདབ་བཞིའི་ཤར་ནས་བརྩམ་ཧཱུྃ་སྔོན་པོ། ཏྲཱཾ་སེར་པོ། ཧྲཱིཿདམར་པོ། ཨཱཿལྗང་གུ་བཞི་ལ་རེ་རེ་བཞིན་ཡིག་དྲུག་གིས་བསྐོར་བའི་གསུང་དཀྱིལ་བཞི་བཀོད། ཡིག་དྲུག་ཀྱང་ཨོཾ་དཀར་པོ་སོགས་ཐུབ་དྲུག་སོ་སོའི་སྐུ་མདོག་ལྟར་བྲི་བར་གསུངས་པ་གྲུབ་ན་ལེགས། དེ་རྒྱབ་འདབ་བརྒྱད་ལ་ཕྱོགས་བཞིར་བུམ་པ་མཐིང་སེར་དམར་ལྗང་གི་དར་ཆིངས་ཅན་བྱང་སེམས་དཀར་པོ་དང་། དཀར་གསུམ་བཅུད་ལྡན། མཚམས་བཞིར་ཐོད་པ་མཚན་ལྡན་བཞི་ཆང་དང་བྱང་སེམས་དམར་པོ་མངར་གསུམ་སྦྱར་བས་བཀང་བ་བཞག །ལྔ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ། དཀྱིལ་འཁོར་གཞུང་མཐུན་བྲིས་པའི་ཟླ་གམ་དཀར་པོ་ལ། ཕོ་ཐོད་ནང་འཁོར་ལོ་རྩིབས་བཞིའི་དབུས་དང་རྩིབས་ལ་རིགས་ལྔའི་ས་བོན་བྲིས་པའི་ནང་དུ་བྱང་སེམས་དཀར་པོ་དང་དཀར་གསུམ་བྱུགས་ལ་དར་དཀར་གྱིས་བཀབ་པ་བཞག །ཟླ་གམ་དམར་པོར་མོ་ཐོད་ནང་པདྨ་འདབ་བཞིའི་དབུས་དང་འདབ་ལྔར་ཡུམ་ལྔའི་ས་བོན་བྲིས་པའི་ནང་དུ་བྱང་སེམས་དམར་པོ་དང་མངར་གསུམ་བླུགས་ལ་དར་དམར་གྱིས་བཀབ་པ་བཞག །དེ་རྒྱབ་འདབ་བཞིའི་ཤར་དུ་རྣམ་བུམ། ལྷོར་དབུ་རྒྱན། ནུབ་ཏུ་དབང་གཏོར། བྱང་དུ་རྡོར་དྲིལ་དང་ཁྲུས་བུམ། གཞན་ཡང་དཔའ་བོ་དང་རིག་མའི་ཙཀ་ལི་འདུ་བྱ། དྲུག་པ་ཚིག་དབང་རིན་པོ་ཆེ་ལ། དཀྱིལ་འཁོར་དབུས་དང་ཕྱོགས་བཞིར་མཆོད་རྟེན་དཀར་མཐིང་སེར་དམར་ལྗང་གུ་ལྔ་དང་མེ་ལོང་རེ་རེ་བཞག །བདུན་པ་རིག་པ་རྩལ་དབང་ལ། དཀྱིལ་འཁོར་དབུས་སུ་སྤྱན་རས་གཟིགས་ཀྱི་སྐུ་རིན་པོ་ཆེ་ལས་གྲུབ་པ་བཞག །མཐར་དར་ཁ་དོག་ལྔ་སོ་སོར་བཏིང་བའི་སྟེང་དུ་ཁ་དོག་སྣ་ཚོགས་པའི་སྣོད་རྣམས་སུ་ཆུ་ལ་ཚོན་གྱིས་ཁ་དོག་བསྒྱུར་བ་ལྟ་བུའི་བཅུད་ཀྱང་དེ་མཚུངས་བླུགས་པ་དང་། ཤེལ་རྡོ་མེ་ལོང་བཀོད། ༈ མངའ་རིས་གྲུབ་ཆེན་གྱི་ཡིག་དྲུག་གསོལ་འདེབས་ཀྱི་རིག་གཏད་ལ། མཎྜལ་པདྨ་འདབ་མ་དྲུག་པའི་སྟེང་ཁྲིའུར་འགྲོ་འདུལ་སྐུ་བརྙན། འདབ་དྲུག་ལ་མ་ཎི་འབྲུ་དྲུག་གི་ཙཀ་ལི། གཡས་སུ་བུམ་པ་ཆིངས་དཀར། གཡོན་དུ་ཤེལ་ཕྲེང་དང་པད་དཀར་ཙཀ་ལི་བཀོད། ༈ ལེགས་ལྡན་རྗེའི་འཁོར་བ་དབྱིངས་སྒྲོལ་ལ། སོ་ཤིང་སོགས་རྫས་བཞི། དཀྱིལ་འཁོར་རས་བྲིས་སམ་ལྷ་གྲངས་ཚོམ་བུའི་སྟེང་རྣམ་བུམ་ཆིངས་དམར། དབུས་མདུན་ཅོད་པན་དམར་པོ། གཙོ་འཁོར་བཅོ་ལྔའི་ལྷ་ཙཀ །ཕྱོགས་གཞན་དུ་དབུ་རྒྱན། རྡོར་དྲིལ། གསང་ཐོད། རིག་ཙཀ །ཤེལ་རྡོ་མེ་ལོང་། གདུགས་རྒྱལ་མཚན་གླེགས་བམ་རྣམས་དངོས་སམ་ཙཀ་ལི་སོ་སོ་བཞག །སློབ་མ་མཆོད་པ་ཉེར་སྤྱོད་ལྔའང་བསྡོག ༈ །ཞིག་གླིང་འཁོར་བ་ལས་སྒྲོལ་དབང་ཆེན་ལ། ཞི་བའི་ཐབ་དང་སྲེག་རྫས་ཏིལ་ཡུངས། སྟ་གོན་རྫས་བཞི་བསྡོག །དཀྱིལ་འཁོར་རས་བྲིས་དབུས་ཁྲིའུ་ལ་རྣམ་བུམ་ཉེར་ལྔའི་བཅུད་དང་མགུལ་ཆིངས་དཀར་པོ་ཁ་རྒྱན་གཟུངས་རྡོར་ལྡན་པ་བཞག །རྒྱབ་ངོས་སུ་སྒྲུབ་གཏོར་དོན་དབང་གི་སྐབས་སུ་བཤད་པ་ལྟར་རམ་བླ་གཏོར་དམར་པོ་པད་འདབ་ཅན་རྒྱན་ལྡན་བཞག་ཀྱང་འཐུས། བཏགས་གྲོལ་འཁོར་ལོ་དར་སྣས་བཀླུབས་པ་ཁྲིའུ་ལ་བཀོད། མདུན་དུ་སངས་རྒྱས་སྟོང་རྩ། སྤྱན་རས་གཟིགས་ལྔ། ནོར་འཛིན་གསང་འཛིན། སྒྲོལ་མ་སྔོ་དཀར། སེམས་དཔའ་བརྒྱད། སེམས་མ་བརྒྱད། ཐུབ་པ་དྲུག །ཁྲོ་བོ་བཞི་བཅས་ལྷ་ཙཀ་ཚང་བ། དབུ་རྒྱན། ཞི་ཆས། ཕྱག་མཚན་རྣམས་བཀོད། སྨན་རཀ་གཏོར་གསུམ། གཡས་སུ་གསང་དབང་ཐོད་པ་བདུད་རྩིས་བཀང་བའི་ཁར་སིནྡྷུ་རའི་ཐིག་ལེ་ཅན་གྱི་མེ་ལོང་དང་ཤེལ་རྡོ་བཞག །གཡོན་དུ་རྗེས་གནང་ཆས། རྫས་བརྒྱད། རྒྱལ་སྲིད་སོ་སོ་བ། འཁོར་ལོ། །དུང་། པུསྟི། རྡོ་རྗེ། དགང་བླུགས། མཆོད་གཏོར། གདབ་ཕུར། མེ་ལོང་གསལ་བ། ཕྲེང་བ་རིག་ཙཀ་རྣམས་བཞག །རྒྱབ་ངོས་སམ་སྟེགས་བུ་ཟུར་པར་ཐེག་པ་རིམ་དགུའི་དབང་རྫས། ཆོས་གོས་རྣམ་གསུམ་མཁར་གསིལ་ལྷུང་བཟེད། ཐོད་པ་བུམ་རིལ་གདུགས་པུསྟི་དང་བཅས་གསུམ། བུམ་པ། ཕྲེང་བ། རྡོར་དྲིལ་གསུམ། རུས་རྒྱན་གྲི་ཐོད་ཁ་ཊྭཱཾ་ཀ །བྱང་སེམས་དཀར་དམར། མན་ཤེལ་བཅས་གསུམ་སྟེ། གསུམ་ཚན་གསུམ་ཕྱོགས་བཀོད་ལེན་བདེ་བྱ། བཀའ་སྲུང་དྲེགས་པའི་རྗེས་གནང་གི་ཆས་དཀྱིལ་འཁོར་མཐའ་སྐོར་གྱི་ཤར་དུ་ཆོས་འབྱུང་དཀར་པོ་མེ་རིས་བསྐོར་བའི་སྟེང་དུ་དཔལ་ལྷའི་གཏོར་མ་འབྲང་རྒྱས་དཀར་པོ། ལྷོར་སེར་པོའི་སྟེང་དུ་ཤན་པའི་གཏོར་མ་གྲུ་གསུམ་ར་མགོས་མཚན་པ། ནུབ་ཏུ་དམར་པོའི་སྟེང་དུ་སྲིན་པོའི་གཏོར་མ་གྲུ་གསུམ་ར་ཤས་བརྒྱན་པ། བྱང་དུ་ལྗང་གུའི་སྟེང་དུ་མཱ་ར་སྙིང་ཟན་གྱི་གཏོར་མ་གྲུ་གསུམ་ཙིཏྟས་བརྒྱན་པ། བྱང་ཤར་མཐིང་ནག་གི་སྟེང་དུ་གཟའ་གདོང་གཏོར་མ་གྲུ་གསུམ་མིག་གིས་བརྒྱན་པ། ཤར་ལྷོར་ལྗང་གུའི་སྟེང་དུ་ཀླུ་གཏོར་སྦྲུལ་གྱིས་བརྒྱན་པ། ཆོས་འབྱུང་ཐམས་ཅད་མེ་རིས་བསྐོར་བ་འགྲེ །ནུབ་གཡོན་དུ་པདྨ་དཀར་པོ་འདབ་བཞིའི་སྟེང་དུ་ཐང་ལྷའི་གཏོར་མ་གངས་རིའི་གཟུགས་ཅན། འཛོམ་ན་སོ་སོའི་སྐུ་ཙཀ་བཙུགས་པ་བཀོད། ༈ དོན་དབང་ལ། སྟེགས་བུར་གཏོར་མ་རི་རབ་སྟེང་ཟླུམ་བསྐོར། དེ་སྟེང་པདྨ་འདབ་བརྒྱད། དེ་སྟེང་བུམ་པ་པདྨས་བསྐོར་བའི་ཁར་རིན་པོ་ཆེས་བརྒྱན་པ། རི་རབ་མཐའ་སྐོར་པདྨ་ཕྱི་ནང་སྦྲགས་མ་ཡོད་རྒྱན་སྤྲོས་ཅན་བཤམ། མདུན་དུ་ཐོད་ཆང་ཁར་མེ་ལོང་དང་ཤེལ་རྡོ་བཞག ༈ ཡོངས་རྫོགས་གཏད་རྒྱའི་དབང་ལ། དཀྱིལ་འཁོར་དབུས་སུ་མཉྫིའི་ཁར་རྣམ་བུམ། ཁ་རྒྱན་ལ་རབ་གཙོ་འཁོར་ཡོངས་འཛུགས་དང་། མ་འཛོམ་ན་བླ་མ་དང་འཕགས་པའི་སྐུ་ཙཀ་བཞུགས། གཡས་སུ་བླ་མའི་གཏོར་མ་རིན་ཆེན་ཟུར་དྲུག་དང་། འཕགས་པའི་གཏོར་མ་པད་ཕྲེང་བུམ་དབྱིབས། དཔལ་མགོན་གཏོར་མ་དཔལ་གཏོར་ལ་བཤོས་བུ་བརྒྱད་ཀྱིས་བསྐོར་བ་སྐུ་ཙག་གིས་བརྒྱན་པ། གཡོན་དུ་ཐོད་ཆང་དམ་རྫས་སྦྱར་བའི་ཁར་མེ་ལོང་ལ་སིནྡྷུ་རའི་དཀྱིལ་འཁོར་པདྨ་འདབ་བརྒྱད། དབུས་སུ་ཧྲཱིཿམ། མཐའ་སྐོར་དུ་རྩ་སྔགས་དང་དབྱངས་གསལ་གྱིས་བསྐོར་བས་བཀབ་ལ་དར་དམར་གྱིས་གཡོགས་པའི་སྟེང་ཤེལ་རྡོ་བཞག །མདུན་དུ་སྒྲུབ་དཔེ་ཕྲེང་བ་རྡོར་དྲིལ་རྣམས་རིན་པོ་ཆེའི་སྣོད་འབྲུས་གང་བའི་ནང་དུ་བཞག །རྒྱབ་ཏུ་བཀའ་སྲུང་བྱེ་བྲག་པའི་གཏོར་མ་གོང་སྨྲོས་སྐུ་ཙག་གིས་བརྒྱན་པ་རྣམས་སྣོད་གཅིག་ཏུ་བཞག་གོ ༈ །གྲོལ་ཏིག་པདྨའི་དབང་ཕྱུག་ལ། ཚོམ་བུ་གཅིག་གི་ཁར་བུམ་ཐོད་མེ་ལོང་ཤེལ་རྡོ་རྣམས་བརྩེགས། ༈ འཇའ་ཚོན་ངན་སོང་རང་གྲོལ་བཤམ་བཀོད་གོང་གསལ་རྒྱལ་པོ་ལུགས་ཀྱི་རྩ་དབང་དང་འདྲ་བ་ལས་ལྷ་དབང་རྒྱས་པ་བྱེད་ན་ཙཀ་ལི་ཚང་བ་དགོས། ༈ བདུད་འདུལ་ནམ་མཁའ་རྒྱལ་པོ་ལ། སྟ་གོན་རྫས་བཞི། སྔོན་འགྲོ་ཐེག་དགུའི་དབང་ཆས་ཟུར་དུ་བཤམ། དཀྱིལ་འཁོར་དབུས་ཁྲིའུ་ལ་རྣམ་བུམ་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་གསེབ་གཙོ་འཁོར་ཡོངས་རྫོགས་སམ་གཙོ་བོའི་སྐུ་ཙམ་བཞུགས། ཤར་དུ་མེ་ལོང་སྟེང་སིནྡྷུ་རའི་རིལ་བུ། ལྷོར་བནྡྷའི་བདུད་རྩི། ནུབ་ཏུ་དབང་གཏོར་རྒྱན་ལྡན། བྱང་དུ་ལས་བུམ་སེང་ཕུར་ཧྲཱིཿདམར་ཁ་རྒྱན་ཅན། དབུས་སུ་ལྷ་ཙཀ་བཅུ་གཅིག །ཤེལ་རྡོ། སྦ་དཀར་ཚིགས་གསུམ། ཤེལ་ཕྲེང་། ཡིག་བཅུ། བཀྲ་ཤིས་རྫས་རྟགས། རྒྱལ་སྲིད་རྣམས་ཀྱང་གང་བདེར་བཞག་གོ ༈ །རྒྱ་ཅན་འཇིག་རྟེན་དབང་ཕྱུག་ལ། དཀྱིལ་འཁོར་རས་བྲིས་སམ་མཎྜལ་ལ་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་སུ་མཉྫིའི་སྟེང་དུ་རྣམ་བུམ་བཅུད་ལྡན་གཟུངས་རྡོར་ལྷ་ཙཀ་གཙོ་འཁོར་དགུ་དང་བཅས་པ། ཤར་དུ་སྨན་གཏོར་རཀྟ། ལྷོར་རིགས་ལྔ་དར་དཔྱངས་དང་བཅས་པ། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། ཤར་ལྷོར་ཆོས་དབྱུག །ལྷོ་ནུབ་ཏུ་རྐང་འོག་གི་འཁོར་ལོ་དང་དུང་། ནུབ་ཏུ་དབང་སྟེགས་གདུགས་དང་བཅས་པ། བྱང་དུ་པུསྟི་དང་རྡོར་དྲིལ། བྱང་ཤར་དུ་གསང་རྫས་ཀྱི་སྣོད་བདུད་རྩིའི་ཐོད་པ་བཅས་བཤམ་མོ། ༈ །གནམ་ཆོས་རྒྱལ་རྒྱམ་ལྷ་ལྔ་ལ། ཚོམ་བུ་གཙོ་འཁོར་ལྔ་པའི་སྟེང་རྣམ་བུམ། རྒྱབ་ཏུ་དཔལ་གཏོར། གཡས་གཡོན་དུ་ཤེལ་ཕྲེང་དང་རྡོ་རྗེ། ཙཀ་ལི་ཕྲེང་བ་དང་པད་དམར། ཕྲེང་བ་མེ་ཏོག་ནོར་བུ་པད་དམར་རལ་གྲི་ཕྱོགས་བསྡུས་བཅས་བཀོད། ༈ གར་དབང་ཟླ་རྒྱལ་གྱི་རྩ་གསུམ་སྙིང་ཐིག་ལ། དཀྱིལ་འཁོར་རས་བྲིས་སམ་མཎྜལ་ལ་མེ་ཏོག་གི་ཚོམ་བུ་གཙོ་འཁོར་ལྔ་བཀོད་པའི་དབུས་སུ་མཉྫིའི་ཁར་རྣམ་རྒྱལ་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་གཟུངས་ཐག་དང་བཅས་པ། མདུན་དུ་གུ་རུའི་སྐུ་ཙཀ་དང་དབུ་རྒྱན། གཡས་སུ་རྟ་མགྲིན་སྐུ་དང་ཕུར་པ། གཡོན་དུ་གསང་ཡེའི་སྐུ་དང་ཐོད་ཆང་། རྒྱབ་ཏུ་གཏོར་མ་ཟུར་གསུམ་གྲི་གུག་དང་རལ་གྲི །མཚམས་སོགས་སུ་ཡིག་དྲུག་སོ་སོར་བྲིས་པའི་ཙཀ་ལི། ཤེར་དབང་ཆས་བུམ་པར་ཆང་དང་བུར་སྦྲང་སྦྱར་བ། སྣོད་གཅིག་ཏུ་ཐོད་པར་བུར་ཆང་སྦྱར་བ་དང་འོ་མ་མེ་ལོང་བཅས། སྣོད་གཅིག་ཏུ་མེ་ལོང་དཀར་མངར་སྐྱུར་དང་ཁྲག་རྣམས་སྣོད་ཆུང་སོ་སོར་བླུགས་པ། ཚིག་དབང་ཆས་ཐོད་ཆང་མེ་ལོང་ཤེལ་རྡོ་སྒྲོ་མདོངས་རྣམས་བཀོད། ༈ ཚེ་དབང་ལ། རྣམ་བུམ་སྔ་མས་འཐུས། དེ་སྟེང་ཁྲིའུ་ལ་ཚེ་འབྲང་བླ་མའི་སྐུ་ཙཀ་གིས་བརྒྱན་པ། གཡས་སུ་བྱེ་རུའི་སྡོང་པོ་གསེར་གཡུ་བཅས། མ་འཛོམ་ན་བྲིས་པའི་ཙཀ་ལི། གཡོན་དུ་མདའ་དར། རྒྱབ་ཏུ་དཔལ་གཏོར། མདུན་དུ་ཚེ་ཆང་བཅས་བཤམ། ༈ སྨིན་གླིང་བདེ་གཤེགས་ཀུན་འདུས་ལ། སྟ་གོན་རྫས་བཞི་སློབ་མ་མཆོད་པ་ཉེར་སྤྱོད་བཞི། རས་བྲིས་དབུས་སུ་རྣམ་བུམ། རིག་དབང་ཆས་བཞི། ལྷ་ཙཀ །སྔགས་བྱང་། ཕྲེང་དམར། མདུན་དུ་ཐོད་ཆང་། ལི་ཁྲི་མེ་ལོང་ཆོས་འབྱུང་གཉིས་བརྩེགས་ལྟེ་བར་ཧྲཱིཿམཐར་སྔགས་ཕྲེང་ཟུར་དྲུག་དགའ་འཁྱིལ་དང་བཅས་པའི་ཁར་ཤེལ་རྡོ་བཞག་པ་དར་དམར་གྱིས་བཀབ། རྒྱབ་ཏུ་གཏོར་མ་བང་རིམ་བཞི་སྟེང་དཔལ་གཏོར་པད་འདབ་བཞི་པ་མཚམས་བཞིར་མཐེབ་རིལ་ལྔ་བརྩེག་ཅན་རྒྱན་སྤྲོས་སྐུ་ཙཀ་དར་གདུགས་ཅན། བཀའ་སྲུང་གཏོར་མ་དཀར་དམར་བཅས་བཤམ། ༈ ནང་སྒྲུབ་གར་ཚེ་ལ། རས་བྲིས་དབུས་རྣམ་བུམ་ཁར་ཐོད་ཆང་དར་དམར་གྱིས་བཀབ་པའི་སྟེང་མེ་ལོང་གཟུངས་རྡོར་བཞག །ཚེ་རིལ་ཆང་མདའ་དར་བཅས། ༈ ཀློང་གསལ་ཡང་གསང་བླ་མེད་ལ། སྟ་གོན་རྫས་བཞི། དཀྱིལ་འཁོར་སྟེང་རྣམ་བུམ་ཆིངས་དམར། རྒྱབ་ཏུ་དབང་གཏོར། མདུན་སོགས་སུ་ལྷ་ཙཀ་ཚང་བ། དབུ་རྒྱན། རྡོར་དྲིལ། གསང་ཐོད། རིག་ཙཀ །མེ་ལོང་ཤེལ་རྡོ། མཐའ་རྟེན་བཅས་བཀོད། ༈ སྟག་ཤམ་མི་ཏྲ་སྙིང་ཐིག་ལ། སྟ་གོན་རྫས་སོ་ཤིང་སྲུང་སྐུད་དམར་པོ་ཀུ་ཤ །དཀྱིལ་འཁོར་རས་བྲིས་སམ་ལྷ་གྲངས་ཀྱི་འབྲུ་ཚོམ་བཀོད་པའི་དབུས་སུ་ཁྲིའུར་རྣམ་བུམ་མགུལ་ཆིངས་དཀར་པོ་ཉེར་ལྔའི་རྫས་ལྡན་འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན་པའི་གསེབ། པད་དཀར་གྱིས་མཚན་པ། མདུན་ངོས་སུ་ལྷ་ཙཀ་གཙོ་འཁོར་བཅུ་དྲུག །གཡས་སུ་ཡིག་དྲུག་གསེར་བྲིས་ཀྱི་སྔགས་བྱང་། གཡོན་དུ་ཤེལ་ཕྲེང་དང་པད་དཀར། རྒྱབ་ཏུ་རིགས་ལྔའི་སྐུ་དང་ས་བོན་སོ་སོར་ཕྲལ་བ། རིགས་ལྔའི་ས་བོན་ཕྱོགས་བསྡུས་འཇའ་འོད་ཀྱིས་བསྐོར་བ་དང་ཤེལ་རྡོ་རྨ་བྱའི་སྒྲོ །བར་མཚམས་སོགས་གང་བདེར་གླེགས་བམ། བཟླས་ཕྲེང་། ཕྱི་ནང་གི་མཆོད་པ་རྣམས་སྣོད་གཅིག །མཆོད་རྫས། བུམ་ཙཀ །དགང་བླུགས། རྟགས་བརྒྱད། རྒྱལ་སྲིད། ཁྲི་བེར་དབང་ཞྭ་རྣམས་ཕྱོགས་བསྡུས་ཙཀ་ལི། དུང་། རྡོར་དྲིལ་རྣམས་ལྷན་ཅིག་བཀོད། ༈ ཆོས་གླིང་ཡིད་བཞིན་འོད་མཆོག་སའི་སྙིང་པོ་ལ། སྟ་གོན་རྫས་བཞི་མཆོད་པ་རྣམ་ལྔ། རས་བྲིས་དབུས་རྣམ་བུམ་ཁར་ཐོད་ཆང་དང་སིནྡྷུ་རའི་མེ་ལོང་པདྨ་འདབ་བཞིའི་ལྟེ་བར་ཧྲཱིཿམ། འདབ་བཞིར་ར་ཧ། ཙ་རི། ཧྲི་ནི། ཡ་ས་བྲིས་པ་བརྩེགས་ལ་དར་དཀར་དམར་གྱིས་བཀབ། ཤར་དུ་མེ་ཏོག་ཕྲེང་བ་དང་ལྷ་ཙཀ་རྣམས། ལྷོར་དབུ་རྒྱན། ནུབ་ཏུ་རྡོར་དྲིལ་དང་རིག་ཙཀ །བྱང་དུ་གཏོར་མ་ཞིང་བཀོད་མ། མཚམས་སུ་ཡིག་བཅུའི་སྔགས་བྱང་ཕྲེང་བ། དུང་པུསྟི་སོགས་བཞག ༈ །གཏེར་གསར་པདྨ་སྒྱུ་འཕྲུལ་དྲྭ་བའི་དབང་བཞི་རྡོ་རྗེ་སྤྱི་བླུགས་ལ། རས་བྲིས་དབུས་རྣམ་བུམ། གཡས་སུ་དཔལ་གཏོར། གཡོན་དུ་ཐོད་ཆང་རིག་ཙཀ་ཤེལ་རྡོ་རྨ་བྱའི་མདོངས་བཅས། ༈ ཕྱིའི་སྨིན་བྱེད་ལ། པདྨ་འདབ་བརྒྱད་དབུས་བུམ་པ་ཉེར་ལྔའི་རྫས་ལྡན་ཁ་རྒྱན་གསེབ་ཕྱི་སྒྲུབ་ཀྱི་སྐུ་ཙཀ་དང་མཐོང་གྲོལ་འཁོར་ལོས་བརྒྱན། ཕྱོགས་བཞིར་སྤོས། མེ་ཏོག །མར་མེ། དྲི་ཆབ་སྟེ་བཞི་བསྣོལ་བཤམ། ༈ ནང་གི་སྨིན་བྱེད་ལ་ལྔ་ཚོམ་དབུས་བུམ་པ་སོ་ལྔའི་རྫས་ལྡན་ཁ་རྒྱན་ནང་སྒྲུབ་ཀྱི་སྐུ་སོགས་སྔ་མ་དང་འདྲ། ༈ གཙུག་ཏོར་དྲི་མེད་ལ། རས་བྲིས་སམ་ལྔ་ཚོམ་སྟེང་རྣམ་བུམ། ཕྱོགས་བཞིར་རིག་དབང་ཆས་དང་། ཁྲི་གདུགས་པུསྟི། རྫས་བརྒྱད་རྟགས་བརྒྱད་སོགས་ཕྱོགས་བསྡུས་བཅས། ༈ ཡིད་བཞིན་འཁོར་ལོ་ལ། འདབ་བརྒྱད་དམ་ལྔ་ཚོམ་དབུས་རྣམ་བུམ། སྐུ་ཙཀ་ལྔ། སྔགས་བྱང་རྣམས་དང་ཤེལ་ཕྲེང་། ཕྱག་མཚན་ལྔ་མེ་ལོང་བཅས། ༈ དེའི་བུམ་ལྔའི་དབང་ལ། དབུས་དང་ཕྱོགས་བཞིར་མཎྜལ་ཚོམ་བུ་གཅིག་པའམ་པདྨ་འདབ་བཞི་རེ་རེ་བཀོད་པའི་སྟེང་དུ་དབུས་སུ་ཆོས་བུམ། ཤར་དུ་མཐུན་བུམ། ལྷོར་སྨན་བུམ། ནུབ་ཏུ་ཚེ་བུམ། བྱང་དུ་ནོར་བུམ་རྣམས་གཞུང་གསལ་བཅུད་དང་སྦྱར་བའི་ཚད་ལྡན། སྐུ་ཙཀ་སྔགས་བྱང་། མེ་ལོང་། སོ་སོའི་མདུན་འབུལ་གཏོར་བཅས། ༈ དཔལ་མོ་ལུགས་བཅུ་གཅིག་ཞལ་གྱི་རྗེས་གནང་ལ་། མཎྜལ་བ་བྱུང་དང་དྲིས་བྱུགས་པར་ཚོམ་བུ་གཅིག་བཀོད་པའི་ཁར་བུམ་པ་འཇོག་གོ། ༈ །།དྲག་པོ་རྟ་མགྲིན་གྱི་སྐོར་ལས། རྟ་མགྲིན་ཡང་གསང་ཁྲོས་པའི་དབང་ཆེན་ལ། དཀྱིལ་འཁོར་རས་བྲིས་མེད་ན་མཎྜལ་ཁྲག་དང་བདུད་རྩི་བྱུགས་པ་ལ་ཚོམ་བུ་གཙོ་འཁོར་དགུ་བཀོད་པའི་སྟེང་ཁྲིའུར་རྣམ་བུམ་ཆས་ལྡན། མདུན་ཕྱོགས་སུ་གུ་རུ་རིན་པོ་ཆེ་དང་ལྷ་དགུའི་ཙཀ་ལི། ཞུན་ཆེན་མར་མེ་འབྲི་མོག་གིས་ཁ་བསྒྱུར་བ། དཔལ་གཏོར་སྙིང་གཟུགས་གཙོ་འཁོར་དགུ་པ་སྐུ་ཙག་དར་གདུགས་སོགས་ཀྱིས་བརྒྱན་པའི་གཡས་གཡོན་སྨན་རཀ །རྒྱབ་ཏུ་མངར་གསུམ་སྦྱར་བའི་མཆོད་ཡོན། ཐལ་ཞག་རཀྟ། ཞིང་གླང་སྟག་ཤམ་ཐོད་སྦྲུལ་རྣམས་སོ་སོ་བ། གསང་ཐོད་རིག་ཙཀ །མེ་ལོང་རྣམས་དང་། ཚེ་དབང་ལ་རྒྱབ་ངོས་འདབ་བརྒྱད་དབུས་བུམ་པ་སྙིང་པོ་ལྔ་དང་ཆང་གིས་བཀང་བའི་ཁར་ཚེ་འབྲང་སྒོང་གཟུགས་སྟོད་དཀར་སྨད་དམར་རྒྱ་གྲམ་གཡུང་དྲུང་གིས་བཀབ་ཅིང་རྡོ་རྗེ་ཕྱེད་པའི་ཏོག་ཅན་གྱི་མཐར་ཚེ་རིལ་གྱིས་བསྐོར་བ་དང་། ཚེ་མདའ་བཀོད། བཀའ་སྲུང་བཀའ་གཏད་བྱེད་ན་དེའི་གཏོར་མ་དབང་བསྒྲིགས་སུ་གསལ་བ་ལྟར་བཀོད། ལི་ཁྲིའམ་སིནྡྷུ་རའང་བསྡོག ༈ །དེའི་གཏོར་དབང་ལ། མཉྫིའི་སྟེང་དཔལ་གཏོར་པད་འདབ་བཞི་པ་མཚམས་མཐེབ་རིལ་དང་རྟ་མགོས་མཚན་པ་སྐུ་རྟེན་དར་གདུགས་བཅས་བཀོད། ༈ རྟ་མགྲིན་གསང་སྒྲུབ་ལ། རས་བྲིས་སམ་ཚོམ་བུ་དམར་པོ་གཅིག་གི་སྟེང་དཔལ་གཏོར་རྟ་དབུ་ཅན་སྔ་མ་ལྟར་བཀོད། ༈ ཉང་གཏེར་བདེ་གཤེགས་ཆིག་དྲིལ་ལ། རས་བྲིས་སམ་ཚོམ་བུ་དམར་པོ་གཅིག་བཀོད་པའི་སྟེང་སེང་ལྡེང་ཕུར་པ་ཅོད་པན་དམར་པོ་ཅན་ཕུར་སྟེགས་ལ་གཟུག །གཡས་སུ་བུམ་པ་རྩ་སྔགས་བཟླས་པའི་ཉུངས་ཀར་བླུགས་པ། གཡོན་དུ་དཔལ་གཏོར་རྟ་ཞལ་དར་གདུགས་དམར་པོ་ཅན། རྟ་མགོ །དུར་ཁྲོད་ཆས་བརྒྱད། སྔགས་བྱང་། གཞུང་པོད། ཕྲེང་དམར་བཅས། ༈ གྲུ་གུ་ཡང་དབང་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་ལ། དཀྱིལ་འཁོར་སྟེང་ཕུར་བུ་རྟ་ཞལ་ཅན་ཡུངས་དཀར་དང་ཅོད་པན་གདགས་པ་ཕུར་སྟེགས་ལ་གཟུག །དེ་སྟེང་འཕྲུལ་སྟེགས་ལ་བུམ་པ་ཆིངས་དམར་ཁ་རྒྱན་ལ་གཙོ་བོ་ཡབ་ཡུམ་དང་ཁྱུང་ཙཀ་བཅས་པ། དེ་སྟེང་ཐོད་པའི་བདུད་རྩི་དར་དམར་གྱི་ཁེབས་ལྡན། མདུན་སོགས་སུ་ལྷ་ཙཀ་ཆ་ཚང་། རིགས་ལྔའི་དབུ་རྒྱན། རིག་ཙཀ །བུདྡྷ་ཧེ་རུ་ཀ །འབྲུ་གསུམ་དཀར་དམར་མཐིང་གསུམ། མེ་ལོང་། ཤེལ་རྡོ་མེ་ཕུང་། དུར་ཁྲོད་ཆས་སོ་སོ་བ། རྫས་རྒོད་དོང་བུ། རྡོར་དྲིལ། ཐོད་རྔ། རྐང་གླིང་། སྨན་རག་གཏོར་གསུམ། གཞུང་པོད་བཅས། ༈ དྲེགས་པ་བཅོ་བརྒྱད་རྗེས་གནང་ལ། དཀྱིལ་འཁོར་དབུས་སུ་སྟེགས་བུར་དཔལ་ཆེན་པོའི་སྐུ་དང་བུམ་པ། ཤར་དུ་དཔལ་གཏོར། ལྷོར་རྭ་སྲུང་། ནུབ་ཏུ་མཐིང་ཤོག་ལ་སྔགས་བྱང་ལི་ཁྲིས་བྲིས་པ། བྱང་དུ་ཕུར་པ་ཁྲོ་ཞལ་ཅན། རིགས་ལྔའི་དབུ་རྒྱན་དང་མེ་ཏོག་ཕྲེང་བ། དྲེགས་པ་བཅོ་བརྒྱད་ཀྱི་སྐུ་ཙཀ །གཏོར་ཆུང་ཟུར་གསུམ་དེ་གྲངས། དྲེགས་པའི་གཏོར་ཆེན་ཀྱང་གཞི་མདུན་བཀོད། ༈ བྱང་གཏེར་དྲེགས་པ་དབང་སྡུད་ལ། རས་བྲིས་སམ་ཚོམ་བུ་དམར་པོ་གཅིག་བཀོད་པའི་ཁར་དཔལ་གཏོར་སྐུ་རྟེན་དར་གདུགས་དམར་པོ་ཅན་བཀོད་པའི་ཤར་དུ་རྣམ་བུམ། ལྷོར་གསང་ཐོད། ནུབ་ཏུ་མེ་ལོང་། བྱང་དུ་ཐང་ལྷའི་གཏོར་འབུལ་བཤམ། ༈ རྟ་མགྲིན་གསང་བ་འདུས་པའི་དབང་ཆེན་ལ། སྟ་གོན་རྫས་བཞི། རས་བྲིས་སུ་རྣམ་བུམ། གཡས་སུ་དཔལ་གཏོར་རྟ་ཞལ་ཅན་དང་དབུ་རྒྱན། མདུན་དུ་ཕུར་པ་རྟ་ཞལ་ཅན་དང་དར་གྱི་ཅོད་པན། རྒྱབ་ཏུ་གསང་ཐོད་སིནྡྷུ་རའི་མེ་ལོང་ཆོས་འབྱུང་མ་ཧ་རི་ནི་ས་ལྔ་ཚོམ་དུ་བཀོད་པ་ལ་དར་དམར་གྱིས་བཀབ་པ་དང་རིག་ཙཀ །གཡོན་དུ་ཚེ་བུམ་ཟས་སྣ་གདབ་ཕུར། མཚམས་སུ་ཐོད་པ་ཚར་གསུམ། ཐལ་རཀ་ཞག་གསུམ། གླང་ཞིང་སྟག་ལྤགས། སྦྲུལ་ཆུན། གྲི་ཐོད། རལ་གྲི་ཁ་ཊྭཱཾ། དྲིལ་བུ་ལྕགས་སྒྲོག་གཟིག་ཤམ། རུས་རྒྱན། ཕྲེང་དམར་རྣམས་དང་། ཧོམ་ཁུང་ཉའོ་རྣམས་འདུ་བྱ། ༈ དེའི་གཏོར་དབང་ལ། ལྷ་གྲངས་ཚོམ་བུར་ཁྲིའུ་ལ་རི་རབ་སྟེང་ཟླུམ་པོ་པད་བསྐོར་ཅན། དེ་སྟེང་དཔལ་གཏོར་ངོས་གསུམ་རིན་པོ་ཆེ་དང་ཟུར་གསུམ་པདྨས་མཚན་ཅིང་། པད་འདབ་བརྒྱད་པ་ལ་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པའི་གཡས་གཡོན་དུ་སྒྲུབ་ཡིག །ཐོད་ཆང་། ཕྱག་མཚན་གོང་གསལ། སིནྡྷུ་ར་དང་བཅས་པ་བཀོད། ༈ མངའ་བདག་མོལ་མི་འཁྱིལ་གྱི་རྟ་མགྲིན་དཔའ་གཅིག་ལ། མཎྜལ་ཚོམ་བུ་དམར་པོ་གཅིག་གི་སྟེང་སེང་ལྡེང་དབྱུག་ཏོ་ཐོད་སྐམ་རྡོ་རྗེས་མཚན་པ་གཟུངས་ལྡན། གཡས་གཡོན་དུ་མེ་ཞགས་དང་མེ་ལོང་། དཔལ་འབར་དམར་པོ་རྩེ་གསུམ་ཅན་བཅས། ༈ རྟ་མགྲིན་སྙིང་པོ་དོན་སྦྱོར་དབང་ཆེན་ལ། སྟ་གོན་རྫས་བཞི། དཀྱིལ་འཁོར་རས་བྲིས་སྟེང་རྣམ་བུམ། དབུ་རྒྱན། རྡོར་དྲིལ། མིང་དབང་། ལྷ་ཙཀ་ཚང་བ། སྔགས་བྱང་། ཕྲེང་དམར། གསང་ཐོད། རིག་ཙཀ །ཤེལ་རྡོ་མེ་ལོང་རྣམས་སྤྱི་ལྟར་བཀོད། ༈ སྙིང་པོ་དོན་སྦྱོར་གཏོར་དབང་ལ། རས་བྲིས་སམ་ཚོམ་བུ་དམར་པོ་ལྷ་གྲངས་སྟེང་དབང་གཞུང་གསལ་ལྟར་རམ་དཔལ་གཏོར་རྟ་ཞལ་ཅན་སྐུ་ཙཀ་དར་གདུགས་རྒྱན་ཅན་ཟས་སྣས་བསྐོར་བ་བཤམ། ༈ གྲོལ་ཏིག་དྲེགས་པ་ཀུན་འདུལ་བསྙེན་དབང་ལ། ཚོམ་བུ་དམར་པོ་གཅིག་གི་སྟེང་རྣམ་བུམ། རྒྱབ་ཏུ་དཔལ་གཏོར་སྐུ་རྟེན་བཅས། མདུན་དུ་ཕུར་བུ། བགྲང་ཕྲེང་། ཅོད་པན་གདབ་ཕུར་ལིངྒ་བཅས། ༈ གསང་བ་གཅིག་གྲུབ་ལ། ཚོམ་བུའི་སྟེང་བུམ་ཐོད་མེ་ལོང་སུམ་བརྩེགས། དཔལ་གཏོར་གང་བདེར་བཞག ༈ །རྟ་ཕག་ཡིད་བཞིན་ནོར་བུ་ལ། རས་བྲིས་སམ་ཚོམ་བུ་དམར་པོ་ལྔ་ཚོམ་སྟེང་རྣམ་བུམ། མདུན་དུ་གསང་ཐོད་དར་དམར་བཀབ་པ། གཡས་སུ་རྡོར་དྲིལ་བགྲང་ཕྲེང་། རྒྱབ་ཏུ་དཔལ་གཏོར། གཡོན་དུ་ཌཱ་རུ་ཐོད་ཁྲག་བཅས། ༈ གནམ་ཆོས་རྟ་མགྲིན་བར་ཆད་ཀུན་སེལ་ལ། མཎྜལ་ཚོམ་བུ་གཅིག་སྟེང་བུམ་པ་སོགས་གཟུངས་དབང་ཆས་བཤམ། ༈ ཡི་དམ་དགོངས་འདུས་རྩ་བའི་དབང་ཆོག་ལ། སྟ་གོན་རྫས་མཆོད་པ་བཅས། རས་བྲིས་དབུས་སུ་རྣམ་བུམ། རིག་པའི་དབང་ཆས་བཞི། ལྷ་ཙཀ་ཚང་བ། སྔགས་བྱང་། ཕྱག་མཚན་རིགས་རྟགས་ལྔ་ཕྱག་རྒྱ་བཞི་བྷན་ཕུར་ཁ་ཊྭཱཾ་བཾ་དབྱུག་ཁྱུང་ཁྲ་ཅང་ཏེའུ་རྣམས། དུར་ཁྲོད་ཆས་བརྒྱད་དར་དཔྱངས་བཅས་ཕྱོགས་བསྡུས། གླེགས་བམ་དུང་རྡོར་དྲིལ་ཕྲེང་བ་བུམ་པ་གཏོར་མཆོད་སོགས། རྒྱབ་ཏུ་གསང་ཐོད་དར་གྱིས་བཀབ་པ་དང་རིག་ཙཀ །གཡས་སུ་བཏགས་གྲོལ་གླེགས་བམ་དར་གྱིས་དྲིལ་བ། གཡོན་དུ་ཤེལ་རྡོ་མེ་ལོང་། རྨ་བྱའི་མདོངས། མདུན་དུ་སྲུང་མའི་གཏོར་མ་དར་གདུགས་ཅན། ཌཱ་རུ་རྐང་གླིང་རྣམས་བཀོད། ༈ རྩ་གསུམ་སྤྱིའི་རྗེས་གནང་ལ། ཚོམ་བུ་གཅིག་པའམ་ལྷ་གྲངས་སྟེང་རྣམ་བུམ། མདུན་དུ་ཞི་དྲག་གང་བྱེད་ཀྱི་དབང་གཏོར། གཙོ་བོའི་སྐུ་ཙཀ་དང་ཕྱག་མཚན། གཡས་སུ་ཞི་དྲག་གང་ཡིན་རྒྱན་ཆས། རྒྱབ་ཏུ་དབང་ཕྲེང་དང་སྔགས་བྱང་། གཡོན་དུ་ཕྲིན་ལས་བཞིའི་ཙཀ་ལི་རྣམས་བཞག་གོ ༈ །གཏེར་གསར་ཟབ་བདུན་རྟ་མགྲིན་ཡང་ཕྱུང་དམར་པོ་ལ། རས་བྲིས་སྟེང་བུམ་ཐོད་སིནྡྷུ་རའི་དཀྱིལ་འཁོར་ཤེལ་རྡོ་རྣམས་བརྩེགས། ༈ གཏེར་གསར་ཟབ་བདུན་དབང་ཟབ་རྟ་མགྲིན་ལ། རས་བྲིས་དབུས་རྣམ་བུམ། གཡས་གཡོན་དུ་ཅོད་པན་རྡོར་དྲིལ། དར་དཔྱངས་དཀར་དམར་སྦྲེལ་བ། སློབ་དཔོན་མངའ་གསོལ་ཆས། གསང་ཐོད། རིག་ཙཀ །ཤེལ་རྡོ་བཅས་བཀོད། ༈ དེའི་གཏོར་དབང་ལ། དཔལ་གཏོར་རྒྱན་ལྡན། སྐུ་རྟེན་དར་གདུགས་བཅས་བཀོད་དོ།། ༈ །།ཤིན་ཏུ་དྲག་པོར་ཁྲོས་པ་ལས་ཀྱི་ལྷ་རྟ་མགྲིན་ནག་པོའི་སྐོར་ལས། བྱང་སེམས་ཟླ་རྒྱལ་ལུགས་ཀྱི་རྟ་ནག་རྗེས་གནང་ལ། མཎྜལ་ཚོམ་བུ་གཅིག་པའི་སྟེང་དུ་དཔལ་གཏོར་དར་གདུགས་མཐིང་ནག་ཅན། མདུན་སོགས་སུ་སྐུ་ཙཀ །གཞུང་པོད། རྡོ་རྗེ། སེང་ལྡེང་ཕུར་བུ་རྣམས་བཤམ། ༈ ཉང་གཏེར་རྟ་མགྲིན་ཡང་ཕྱུང་ནག་པོ་ལ། མཎྜལ་གྲུ་གསུམ་མེ་རི་ཚོམ་བུ་ནག་པོ་ཅན་གྱི་སྟེང་དུ་བུམ་པ་དང་དཔལ་གཏོར་ནག་པོ་རྟ་ཞལ་ཅན་བརྩེགས་ཏེ་བཞག །དར་ནག་སྐུ་སྔགས་བྱང་དང་རཀྴའི་ཕྲེང་བ། རལ་གྲི་ལྕགས་ཀྱུ། དུར་ཁྲོད་ཆས། ཕུར་བུ་རྣམས་བཀོད། ༈ དེའི་གཏོར་དབང་ལ། མཎྜལ་གོང་སྨོས་སྟེང་གཏོར་མ་གོང་ལྟར་སྐུ་རྟེན་བཙུགས་པ་བཀོད། ༈ ཆོས་དབང་རྟ་ནག་ལ། མཎྜལ་དབང་གཏོར་སྐུ་རྟེན་སྔ་མ་ལྟར་ལ། གཡས་གཡོན་དུ་སྔགས་བྱང་དང་ཕུར་པ་སྒྲུབ་ཡིག་བཅས། ༈ རཏྣའི་རྟ་ནག་ལ། རས་བྲིས་སམ་འབྲུ་ནག་ལྔ་ཚོམ་ཁར་བུམ་གཏོར་སྔ་མ་ལྟར། སྐུ་གཟུགས། སྔགས་བྱང་། རལ་གྲི་ལྕགས་ཀྱུ་ཞགས་པ། གླང་ཞིང་སྟག་ཤམ་ཐོད་སྦྲུལ་སོ་སོ་བ་བཀོད། ༈ ཞིག་གླིང་ཡང་གསང་ཐུགས་སྒྲུབ་ལ། རས་བྲིས་དབུས་རྣམ་བུམ། རྒྱབ་ཏུ་དཔལ་གཏོར་རྟ་ཞལ་ཅན། གཡས་གཡོན་དུ་དཔལ་དང་དུར་ཁྲོད་ཆས་ཕྱོགས་བསྡུས། རཀྴའི་ཕྲེང་བ། རྟ་ཞལ། དབུ་རྒྱན། རལ་གྲི །ལྕགས་ཀྱུ། རྡོར་དྲིལ། དར་ནག་བེར། སྣང་བ་མཐའ་ཡས་སྐུ། ཅོད་པན། ཐོད་ཆང་ཁར་སིནྡྷུ་རའི་མེ་ལོང་ལ་ཆོས་འབྱུང་ཧྲཱིཿས་མཚན་གྱིས་བཀབ་པ་བཅས་སོ།། ༈ །།དེ་ནས་ཡང་དག་ཐུགས་ཀྱི་སྒྲུབ་པའི་ཞི་བ་རྡོར་སེམས་ཀྱི་སྐོར་ལས། རོལ་རྡོར་རིགས་འདུས་རྡོར་སེམས་ལ། མཎྜལ་ཚོམ་བུ་གཅིག་པའི་སྟེང་རྣམ་བུམ་སྐུ་ཙཀ་གིས་བརྒྱན་པ། གཡས་སུ་ཐོད་ཆང་དང་བགྲང་ཕྲེང་། གཡོན་དུ་མེ་ལོང་ལ་སིནྡྷུ་རའི་ཐིག་ལེ་བྱས་པ་དང་ཤེལ་རྡོ། མདུན་དུ་རིགས་ལྔའི་ཕྱག་མཚན་བཅས། ༈ གཏེར་གསར་རྡོར་སེམས་ཐུགས་ཀྱི་སྙིང་པོ་ལ། རས་བྲིས་སམ་ཚོམ་བུ་ལྔ་པའི་དབུས་སུ་རྣམ་བུམ་དང་སྐུ་ཙཀ །རིག་པའི་དབང་ཆས་བཞི། ཤེལ་ཕྲེང་། རྡོ་རྗེ་གསང་ཐོད། རིག་ཙཀ །ཤེལ་རྡོ་བཅས། ༈ གསང་ཐིག་ཕྱག་རྒྱ་གཅིག་པ་ལ། པདྨ་འདབ་བརྒྱད་སྟེང་བུམ་པ་རྫས་ལྡན་བཞག ༈ །ཁྲོ་བོ་བཛྲ་ཧེ་རུ་ཀ་ལ། ཆོས་དབང་ཡང་དག་སྙིང་པོ་ལ། རས་བྲིས་སམ་དགུ་ཚོམ་ཁར་ཐོད་སྐུ་མར་མེར་སྔ་ལྟར། ཐོད་པར་བདུད་རྩི་བཅས། ༈ བྱང་གླིང་ཞི་ཁྲོ་ཕུར་གསུམ་ལ། སྟ་གོན་རྫས་བཞི། མཆོད་པ་བཞི་བསྣོལ། དཀྱིལ་འཁོར་རམ་ཚོམ་བུ་དབུས་དང་མདུན་དུ་ཆེ་ཆུང་གཉིས་བཀོད་པའི་སྟེང་མཉྫིའི་ཁར་འབྲུ་སྣོད་དུ་ཡང་དག་ཐོད་སྐུ། དེའི་གཡས་གཡོན་དུ་རུ་ལུའི་སྔགས་བྱང་། མར་མེ་རྣམས་བཀོད། དེ་སྟེང་འཕྲུལ་སྟེགས་ལ་རྣམ་བུམ་སོ་ལྔའི་བཅུད་ལྡན་ཆིངས་སྔོན་ཁ་རྒྱན་བཅས། མཐའ་སྐོར་དུ། ཞི་བའི་ཕན་དབང་ཆས་ལ། ཀུན་བཟང་ཡབ་ཡུམ། ཞི་ལྷ་ཚང་བའམ་རིགས་ལྔ་ཡབ་ཡུམ། དཔའ་བོ་འབྲུ་ལྔ། དབུ་རྒྱན། རྣམ་བུམ། རིན་ཆེན་ཕྲེང་བ། དར་དམར་མཐིང་གི་ཅོད་པན། རྡོ་རྗེའི་གོ་ཁྲབ་རྒྱལ་མཚན། གདུགས། བཟའ་བཅའ་བཏུང་བ་རྣམས་དང་། ནུས་དབང་ཆས་གླེགས་བམ། ཕྲེང་བ། རྒྱ་གྲམ། དུང་ཕྱག་ཤིང་། འཁོར་ལོ། རིགས་ལྔའི་ཕྱག་མཚན་ཕྱོགས་བསྡུས། ཁྲོ་དབང་ཆས་ཐོད་སྐམ་དབུ་རྒྱན། རྡོར་དྲིལ། ཁ་ཊྭཱཾ་རྔེའུ་ཆུང་། ཐོད་ཁྲག །རྒྱུ་ཞགས། ཁྱུང་། ཁྲག་ཞག་ཐལ་གསུམ། ཐོད་པ་ཚར་གསུམ། སྦྲུལ་ཆུན། གླང་ཞིང་སྟག་ལྤགས། རྡོ་རྗེའི་གཤོག་པ། རལ་མཐིང་། མེ་ཕུང་། ཁྲག་འཐུང་རིགས་ལྔ། ཐོད་པ་བདུད་རྩི་ལྔས་བཀང་བ། མདུན་དུ་སྲས་མཆོག་ཕུར་བུ། ཉུངས་གུལ་རཀྟ། ཕྲེང་བ་དང་འདོད་ཡོན་ལྔ། ལྕགས་ཀྱུ་ཞགས་པ་རལ་གྲི་མནན་སྲེག་འཕང་གསུམ་ཆས། རིགས་ལྔའི་ཕྱག་མཚན་དྲིལ་བུ་བཅས་ཕྱོགས་བསྡུས། རྒྱབ་སོགས་སུ་གསང་ཐོད། རིག་ཙཀ་མགོན་པོ་དང་ལྷ་མོའི་གཏོར་མ་དར་གདུགས་མཐིང་ནག་ཅན་བཀོད། ༈ དེའི་ཆ་ལག་ཚེ་སྒྲུབ་སྨན་མར་གྱི་དབང་ལ། དཀྱིལ་འཁོར་ཅི་རིགས་དབུས་བུམ་པའི་ཁར་ཐོད་པ་བཅུད་ལེན་སྨན་མར་རིལ་བུས་བཀང་བ་ཁ་རྡོ་རྗེ་རྒྱ་གྲམ་གྱིས་བཅད་པ་བཞག་གོ ༈ །ཆོས་གླིང་ཡང་དག་བདེ་ཆེན་སྙིང་པོ་ལ། རས་བྲིས་སམ་དགུ་ཚོམ་ཁར་རྣམ་བུམ། རིག་པའི་དབང་ཆས་བཞི། གསང་ཐོད་རིག་ཙཀ་ཤེལ་རྡོ་རྣམས་བཀོད། ༈ སྙན་བརྒྱུད་ཡང་དག་ཟབ་ཏིག་ལ། མཎྜལ་ཚོམ་བུ་གཅིག་པ་ཐོད་སྐུ། གཡས་བུམ་པ། གཡོན་ཐོད་ཆང་རིག་ཙཀ །མདུན་དུ་མར་མེ་དང་སྨན་གྱི་ཕོ་བྲང་། ཤེལ་རྡོ། རྒྱབ་ཏུ་ཚེ་འབྲང་རིལ་ཆང་བཅས་བཤམ། ༈ ࿋ མཁྱེན་བརྩེའི་ཡང་ཕུར་སྦྲགས་མར་སྟེགས་བུའི་ཁར་སྒྲུབ་ཕུར། དེ་སྟེང་རྣམ་བུམ་མགུལ་ཆིངས་མཐིང་ག །མདུན་དུ་དཔལ་གཏོར་གཡས་གཡོན་དུ་གསང་ཐོད། རིག་ཙཀ ཚེ་འབྲང་། ཚེ་རིལ་ཆང་། མདའ་དར། བསྒྲལ་དབང་ཆས། ལས་ཕུར། དབྱེ་རྫས། བྱ་འུག་སྒྲོ །ཡུངས་ཀར། བྱད་ཐག །དུག་ཁྲག །སྒྲོལ་གྲི །ཐོ་བ། ཧོམ་གཟར། ལྕགས་ཧོམ་དུ་ལིངྒ་། གསེར་སྐྱེམས་ཆས། གཏོར་ཟོར་མཚེ་ཡུངས་ཀྱིས་བརྒྱན་པ་རྣམས་ཅི་བདེར་བཞག ࿋ ༈ །གཏེར་གསར་ཟབ་བདུན་ཡང་དག་ལ། རས་བྲིས་དབུས་སུ་རྣམ་བུམ་ཆང་དང་སོ་ལྔས་བཀང་བའི་ཁར་ཐོད་ཆང་མེ་ལོང་སིནྡྷུ་ར་བརྡལ་པ་ལ་རྩ་སྔགས་བྲིས་པས་བཀབ་པའི་སྟེང་ཁྲིའུ་ལ་ཐོད་སྐུ་དགུའི་མདུན་ཐོད་པའི་མར་མེ་དགུ་ཟན་ལས་བཅོས་ཤིང་འབྲི་མོག་གིས་ཁ་བསྒྱུར་པ་བཞག །ཐོད་སྐུ་དགུ་མ་འཛོམ་ན་གཙོ་བོ་ཐོད་སྐུ་དང་འཁོར་རྣམས་ཀྱི་ཙཀ་ལི་བཀོད། མདུན་དུ་དཔལ་གཏོར། དཔལ་དང་དུར་ཁྲོད་ཆས་ཕྱོགས་བསྡུས་རྣམས་བཀོད། ༈ དེའི་ཚེ་དབང་ལ། རས་བྲིས་སམ་ཚོམ་བུ་དམར་པོ་གཙོ་འཁོར་དགུ་བཀོད་པའི་མཎྜལ་གྱི་སྟེང་ཁྲིའུར་རྣམ་བུམ་ཆིངས་དམར་ཉེར་ལྔའི་བཅུད་ལྡན། གཡས་སུ་ཚེ་འབྲང་ཚེ་རིལ་འགྱེད་བདེ་ཅན། གཡོན་དུ་ཚེ་ཆང་། མདའ་དར་དམར་པོ་བཅས་བཀོད། ༈ ࿋ ཟངས་བྱང་མ་ཟླ་གམ་ལྔ་བཅུ་རྩ་བརྒྱད་ལ། དཀྱིལ་འཁོར་གཞུང་མཐུན་བཀྲམ་པའི་ཁར་བུམ་པ་ཆས་ལྡན། གསང་ཐོད་མེ་ལོང་སིནྡྷུ་རའི་སྔགས་བྱང་། ཐོད་པར་མར་མེ་ལྷ་གྲངས་སམ་སྡོང་བུ་ལྔ་བཙུགས་པ། ཐོད་སྐུ །འཁོར་རྣམས་ཀྱི་ལྷ་ཙཀ་སུམ་ཅུ་སོ་བདུན། སྔགས་བྱང་ངམ་སྔགས་ཕྲེང་རྡོར་དྲིལ། དབུ་རྒྱན། རྡོ་རྗེ། དྲིལ་བུ། མིང་དབང་། དཔལ་དང་དུར་ཁྲོད་ཆས་སོ་སོ་བ། རིན་ཆེན་ཁྲི །སྨན་རཀ་གཏོར་གསུམ། མིག་དར། མེ་ཏོག་དོར་ར། གསེར་ཐུར། སློབ་མ་མཆོད་པ་བཅས་འདུ་བྱའོ། ࿋ ༈ །གསང་ཐིག་ཡང་དག་ལ། ཁྲིའུར་ཐོད་སྣོད་དུ་དཔལ་གཏོར་ཀྱུ་གུ་བརྒྱད་པ་རྒྱན་ལྡན། ༈ ࿋ ཐུགས་སྒྲུབ་ཡང་དག་ལ། རས་བྲིས་སམ་ཚོམ་བུ་གཅིག་པའི་ཁར་བུམ་པ་བཅུད་ལྡན་དུ་ཐོད་སྐུ་དང་མེ་ལོང་། ལྷོར་གསང་ཐོད། ནུབ་ཏུ་རིག་ཙཀ་དང་སྔགས་བྱང། བྱང་དུ་ཤེལ་རྡོ་དང་བྷནྡྷའི་ནང་མར་མེ་གཅིག་བྱས་པ། ཚེ་རིལ་ཆང་བཅས་སོ། ࿋ ༈ ࿋ འཇམ་མགོན་གསང་ཐིག་ཡང་དག་ལ། དཀྱིལ་འཁོར་གཞུང་མཐུན་ནམ་མ་འབྱོར་ན་ཚོམ་བུ་གཅིག་པའི་ཁར་གཞུང་གསལ་ཐོད་སྐུ །མདུན་དུ་བུམ་པ་སོ་ལྔའི་བཅུད་ལྡན་དར་མཐིང་གའི་མགུལ་ཆིངས། གཡས་སུ་བདུད་རྩི་བཏབ་པའི་གསང་ཐོད། གཡོན་དུ་རིག་ཙཀ །སྨན་གཏོར་རཀྟ། སྲུང་མའི་གཏོར་འབུལ་བཅས།། ࿋ ༈ །།ཐུགས་རིག་ཕྱག་རྡོར་སྐོར་ལ། ཆོས་དབང་གཏུམ་པོ་མེ་ལྕེ་ཕྲེང་བ་ལ། རས་བྲིས་སམ་ཚོམ་བུ་གཅིག་གི་སྟེང་བུམ་པ་མདུན་དུ་སྐུ་རྟེན་དང་དཔལ་གཏོར། གཡས་སུ་ཐོད་ཆང་། གཡོན་དུ་རྡོ་རྗེ། རྒྱབ་ཏུ་དར་གྱི་ཅོད་པན་ཁ་དོག་ལྔ་པ་རྣམས་དང་། སྲུང་སྐུད་སྔོན་པོ་སློབ་མའི་གྲངས་མཉམ་བཀོད། ༈ དབུ་རུ་སྟོན་ཤཱཀ་ཀྱི་རྡོ་རྗེ་མེ་འབར་ལ། མཎྜལ་ཚོམ་བུ་སྔོ་ནག་གཅིག་པའི་སྟེང་རྣམ་བུམ། མདུན་དུ་གཙོ་འཁོར་བཞིའི་ཙཀ་ལི། གཡས་སུ་རཀྴའི་ཕྲེང་བ། གཡོན་དུ་དཔལ་གཏོར་དར་གདུགས་བཅས། ༈ ལས་འབྲེལ་དྲེགས་འདུལ་ལ། སྟ་གོན་རྫས་བཞི་མཆོད་པ་བཅས། རས་བྲིས་དབུས་རྣམ་བུམ་སྐུ་ཙཀ་ཅན། མདུན་དུ་དབང་གཏོར་སྙིང་གཟུགས་དམར་པོ་པད་འདབ་བཞི་པ་རྒྱན་སྤྲོས་དར་ནག་གུར་ཅན། ལྷ་ཙཀ་ཚང་བ། མཐའ་སྐོར་དུ། དབུ་རྒྱན། མེ་ཕུང་། ཐོད་ཕྲེང་།སྦྲུལ། གླང་ཞིང་སྟག་ཤམ། ཐོད་རྒྱན་རྣམས་སོ་སོ། བྱུག་པ་གསུམ་གཅིག་བསྡུས། རྡོར་དྲིལ། གླེགས་བམ། རིག་ཙཀ་བཅས། ༈ དྲེགས་འདུལ་ནང་སྒྲུབ་བྱིན་རླབས་ལ། རས་བྲིས་སམ་མཎྜལ་ཚོམ་བུ་ལྔ་པའི་སྟེང་དུ་བུམ་པ་ཉེར་ལྔའི་བཅུད་དང་ཆས་ལྡན་བཤམ། གླུད་གཏོར་བསྒྲུབ་བྱའི་ཆངས་བུ་བཅས་པའང་བསྡོག ༈ །གཏོར་དབང་ལ། ཚོམ་བུ་ལྔ་སྟེང་དཔལ་གཏོར་སྐུ་རྟེན་དར་མཐིང་གི་གདུགས་ཅན་བཀོད། ༈ བྱང་གླིང་གཏུམ་པོ་དྲག་པོ་ལ། རས་བྲིས་སམ་ཚོམ་བུ་ལྷ་གྲངས་ཁར་དཔལ་གཏོར་སྐུ་ཙཀ་དར་གདུགས་ཅན། སྐུ་རྟེན་དར་སྔོན་དང་དུར་ཁྲོད་ཆས། རྡོར་དྲིལ། སྔགས་བྱང་། ལྕགས་རྡོར་རྩེ་ལྔ་བཅས་བཤམ། ༈ གྲྭ་མངོན་ཁང་བརྩེགས་ལ། རས་བྲིས་སམ་ཚོམ་བུ་གཅིག་པའི་སྟེང་དུ་དཔལ་གཏོར་སྐུ་རྟེན་དར་གདུགས་ཅན། མདུན་དུ་བུམ་པ། རཀྴའི་ཕྲེང་བ་བཅས། ༈ སངས་གླིང་ཕྱག་རྡོར་ཁྱུང་གསང་བ་ཡང་ཁྲོས་ལ། སྟ་གོན་རྫས་བཞི། རས་བྲིས་སམ་ཚོམ་བུ་ལྔ་པའི་ཁར་རྣམ་བུམ་ལྷ་མཚན་གསེར་གྱི་རྡོ་རྗེས་སྤྲས་པའི་ནང་དུ། བཙན་དུག་མུ་ཟི་གུ་གུལ་བདུད་རྩི་གླ་རྩི་ལྡོང་རོས་སྒོག་སྐྱ་བུལ་ཏོག་བརྒྱད་ཆུ་གཙང་འོ་མར་སྦྱར་བས་བཀང་། མདུན་དུ་དམར་གཏོར་གཙོ་འཁོར་ལྔ་པ། སྐུ་ཙཀ །སྣོད་གཅིག་ཏུ་ལྕགས་རྡོར། ཁྱུང་ཙཀ །སྦྲུལ་ཆུན། སྔགས་བྱང་། སྒྲུབ་དཔེ་རྣམས་དང་། བཟའ་བཏུང་སྣ་ཚོགས་བཅས། ༈ རཏྣའི་གཏུམ་པོ་ལ། རས་བྲིས་དབུས་རྣམ་བུམ། གཡས་སུ་ཐོད་ཆང་། རྒྱབ་ཏུ་དཔལ་གཏོར་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ། གཡོན་དུ་སྒྲུབ་དཔེ། མདུན་དུ་རྡོར་དྲིལ། རལ་གྲི་མེ་ཕུང་། འཁོར་ལོ་སྦྲུལ་ཞགས། གསང་བདག་ཁྱུང་གི་སྐུ་ཙཀ །ཁྲོ་བཅུའི་སྐུའམ་ཕྱག་མཚན་བཅས་བཀོད། ༈ པད་གླིང་གཏུམ་པོ་དྲེགས་འདུལ་ལ། དཀྱིལ་འཁོར་རམ་ཚོམ་བུ་གཙོ་བོ་གཅིག་ལ་འཁོར་བཅུ་དེ་རྒྱབ་བཞིས་བསྐོར་བའི་སྟེང་དུ་རྣམ་བུམ། མདུན་རྒྱབ་གཉིས་སུ་ཐོད་ཆང་དང་དཔལ་གཏོར། རྡོ་རྗེ་ཅོད་པན། སྲུང་སྐུད་སྔོན་པོ་སློབ་མའི་གྲངས། ཕྲེང་བ་བཅས། ༈ ཕྱག་རྡོར་སྟོབས་པོ་ཆེ་ལ། རས་བྲིས་སམ་ཚོམ་བུ་གཅིག་པའི་དབུས་སུ་རྣམ་བུམ། མདུན་དུ་སེང་ཕུར་ཁྲོ་ཞལ་ཅན། གཡས་སུ་ཐོད་སྐུའམ་སྐུ་རྟེན། གཡོན་དུ་དཔལ་གཏོར། རྒྱབ་ཏུ་ཅོད་པན། རྡོར་དྲིལ། རལ་གྲི་མེ་དཔུང་། འཁོར་ལོ་སྦྲུལ་ཞགས། གཙོ་སྐུ་བྱ་ཁྱུང་རིགས་ལྔ། ཧཱུྃ་བཅུ། ཐུན་རྫས་རྫས་བརྒྱད་ཕྱོགས་བསྡུས་བཅས་སོ། ༈ །གཏུམ་པོ་སེང་སྒྲོག་ལ། མཎྜལ་ལ་ཚོམ་བུ་མཐིང་ནག་གཅིག་བཀོད་པའི་སྟེང་མཉྫི་ལ་རྣམ་བུམ་མགུལ་ཆིངས་མཐིང་ནག་བཅུད་ལྡན་བཀོད། གཡས་གཡོན་ཐོད་པའི་བདུད་རྩི། རྡོ་རྗེ། རྒྱབ་མདུན་གང་བདེར་དབང་གཏོར་རྒྱན་ལྡན་བཀོད། ༈ ཟུར་མཁར་ཕྱག་རྡོར་དྲག་སྔགས་ཀུན་འདུས་ལ། དཀྱིལ་འཁོར་གྱི་དབུས་སུ་མཉྫི་ལ་རྣམ་རྒྱལ་བུམ་པ་བཅུད་ལྡན་ཁ་རྒྱན་སྐུ་ཙཀ་གིས་བརྒྱན་པ་བཀོད། དེ་མདུན་ཧཱུྃ་ཡིག་བཅུའི་ཙཀ་ལི། དུར་ཁྲོད་ཆས། རྒྱབ་ཏུ་དཔལ་གཏོར་དར་གདུགས་བཅས། གཡས་གཡོན་དུ་གསང་ཐོད། རིག་ཙཀ །ཤེལ་རྡོ། མདུན་དུ་བཀའ་སྲུང་སྲོག་དབང་ཆས་རྣམ་སྲས་གཏོར་མ། གནམ་ལྕགས་རྡོ་རྗེ། རྒྱལ་མཚན་དང་ནེའུ་ལེའི་ཙཀ་ལི། སྲོག་སྔགས་འབྲུ་བཞི་གསེར་བྲིས། རྫས་བརྒྱད་དང་རྒྱལ་སྲིད་སོ་སོ་བའི་ཙཀ་ལི་བཀོད་དོ།། ༈ །།དེ་ནས་བདུད་རྩི་ཡོན་ཏན་སྒྲུབ་པའི་སྐོར་ལས། ཐོག་མར་གཡུ་ཐོག་སྙིང་ཐིག་ལ། རས་བྲིས་སམ་པདྨ་འདབ་བཞིའི་དབུས་སུ་རྣམ་བུམ། མདུན་དུ་ཐོད་ཆང་ཁར་མེ་ལོང་བཀོད་པའི་སྟེང་དུ་ག་པུར་ཤིང་ཀུན་ཨ་རུ་ར་བཟང་དྲུག་རྣམས་བཞག་པ་དང་ལྷ་ཙཀ་ཚང་མ། གཡས་སུ་དབུ་རྒྱན་དང་། དྲང་སྲོང་དབང་གཏོར་དཀར་ཟླུམ་འདབ་བཞི་རྒྱན་ལྡན་སྐུ་ཙཀ་བཙུགས་པ། རྒྱབ་ཏུ་རྒྱུད་བཞི་ཆ་ལག་དང་བཅས་པའི་གླེགས་བམ། གསང་ཐོད། རིག་ཙཀ །མེ་ལོང་ཤེལ་རྡོ། བུ་རམ་ཆོས་སྨན་སྦྱར་བའི་ཆང་། པདྨ་འདབ་དྲུག་སྟེང་ཤེལ་གྱི་མཆོད་རྟེན་བང་རིམ་དགུ་པ་དང་རྡོར་དྲིལ་རྣམས། གཡོན་དུ་གཏར་སྲེག་གི་ཆས་རྣམས་དང་བཀའ་སྲུང་གཏོར་མ་དམར་གཏོར་ཟུར་གསུམ་གཙོ་འཁོར་དགུ་པ་སྐུ་ཙཀ་དར་གདུགས་ཅན། མཚམས་རྣམས་སུ་དར་དང་རིན་ཆེན་རྒྱན་ཚང་མ་གཅིག་བསྡུས་སྨན་རཀ་གཏོར་གསུམ་ཌཱ་རུ་གཅིག་བསྡུས། རིགས་ལྔའི་ཕྱག་མཚན་དང་གྲི་ཐོད། འཁོར་ལོ་པདྨ་རྡོ་རྗེ་འབྲུ་གསུམ་གྱིས་མཚན་པ་རྣམས་བཀོད། ༈ དོན་དབང་ལ་འབྲུ་ཚོམ་ལྔའི་སྟེང་དཔལ་གཏོར། གཡས་གཡོན་དུ་དཀར་གཏོར་དམར་གཏོར་བཅས། ༈ ཚེ་དབང་ལ། ཚོམ་བུའི་སྟེང་བུམ་པ་དང་གཏོར་མ་སྙིང་གཟུགས་སམ་ནོར་བུའི་དབྱིབས་ཅན་རྒྱན་ལྡན། ཚེ་རིལ་ཆང་། ཕྱག་མཚན་ལྔ་བཅས། ༈ ལྷ་སྨན་རྗེས་གནང་ལ། པད་དཀར་འདབ་བཞིའི་དབུས་བུམ་པ་འོ་མ་དང་ཉེར་ལྔའི་རྫས་ལྡན་ཤུག་པས་ཁ་བརྒྱན་པ། དེ་སྟེང་ཁྲིའུར་ཟླུམ་གཏོར་འདབ་བཞི་འཁོར་ཟླུམ་གཏོར་བཞིས་བསྐོར་བ་ཉི་ཟླ་ནོར་རྒྱན་སྐུ་ཙཀ་བཙུགས་པའི་གཡས་སུ་མདའ་དར་མེ་ལོང་ཅན། གཡོན་དུ་སྦ་གླིང་སྨྱུག་གླིང་བཞག །ཕྱེ་མར། གསེར་སྐྱེམས། སྤོས་དཀར། བསང་ཤུག་བསྡོག ༈ །དྲང་སྲོང་སེར་སྐྱའི་བཀའ་གཏད་ལ། མཎྜལ་སྔོན་པོའི་སྟེང་བུམ་པ་སྔར་ལྟར། གཡས་སུ་སྣོད་གཙང་མར་བཟང་དྲུག །ཚ་བ་གསུམ། ཨ་རུ་ར། རྡོ་རྗེ་དཀར་དམར་ནག་གསུམ། བཙག་བུ། སྤྲ་བ། གཡོན་དུ་སྐྱེས་པ་གྲིར་ཤི་བ་དང་། རྟ། བ་གླང་རྣམས་ཀྱི་སྲེ་ལོང་། ཕོ་རོག་དང་འུག་པའི་མིག །མེ་ལོང་དྭངས་པ་རྣམས་སྨན་པ་མཁས་པའི་སྐྲས་དྲིལ་ཏེ་བཞག །འདི་རྣམས་དངོས་མ་འཛོམ་ཡང་གཟུགས་བརྙན་འབྲི་དགོས་པར་བཤད། མདུན་དུ་དཀར་གཏོར་འདབ་བཞི་ཉི་ཟླ་ནོར་རྒྱན་སྐུ་ཙཀ་ཅན་དང་སྒྲུབ་ཡིག་བཞག །འདི་རྣམས་ཤིན་ཏུ་གཙང་སྦྲ་དགོས། གཡུ་ཐོག་སྙིང་ཐིག་སྐོར་སྟབས་གཅིག་ཏུ་བྱེད་ན། དབང་ཆེན་བཅས་ཚང་མ། སྟེགས་མདུན་རྒྱབ་གང་བདེར་དཔལ་གཏོར། ཚེ་གཏོར། ཚེ་རིལ། མདུན་གཡས་ལྷ་སྨན། གཡོན་དུ་དྲང་སྲོང་གི་ཆས་རྣམས་བཤམས་པས་འཐུས། ༈ སྨན་བླ་ལོངས་སྐུའི་གཏོར་དབང་གི་བཤམ་བཀོད་གོང་གི་དོན་དབང་དང་འདྲ། ༈ གཏེར་གསར་བི་མ་ལ་ལ། པདྨ་འདབ་བརྒྱད་ཨས་མཚན་རྡོ་ར་མེ་རི་ཅན་གྱི་སྟེང་དུ་རྣམ་བུམ་ཨ་དཀར་གྱིས་བརྒྱན་པ། མདུན་དུ་གསང་ཐོད་མེ་ལོང་འཇའ་རིས་ཤེལ་རྡོ་རྣམས་བརྩེགས་པ་དང་། བླ་མ་ཆེ་མཆོག་གནམ་ཞལ་མ་གསུམ་གྱི་སྐུ་ཙཀ་སོ་སོ་བ། གཡས་སུ་ཕོ་མོའི་ཐོད་པ་ཁ་སྦྱོར་ཆོས་སྨན་གྱིས་བཀང་ཞིང་དར་སྣས་དྲིལ་བ། ཚོན་སྐུད་ཀྱིས་རྒྱ་གྲམ་དུ་བཅིངས་པའི་གཡས་གཡོན་རྡོར་དྲིལ་དང་དབུ་རྒྱན་གྱིས་བརྒྱན་པ། ནུབ་ཏུ་ཚེ་རིལ་ཆང་མདའ་དར། བྷནྡྷ་བཅུད་ལེན་རིལ་བུ་གཞུང་གསལ་ལམ་མེད་ན་ཚེ་རྫས་བསྲེགས་པའི་རིལ་བུས་བཀང་སྟེ་དར་གྱིས་བཀབ་པ། བྱང་དུ་མཁའ་འགྲོའི་གཏོར་མ་སྐུ་ཙཀ་མདའ་དར་མཐིང་ག་མེ་ལོང་གིས་བརྒྱན་པ། སྲུང་ཟློག་བསད་གསུམ་ཞལ་ཤེས་ལྟར་བསྐུར་བའི་ཡུལ་ལ། རྭ་སྲུང་། ཟོར་གཏོར། གྲི་གུག་ལིང་ག་བཅས་པའང་བཞག ༈ །བདུད་རྩི་བུམ་པ་ལ། མཉྫིའི་སྟེང་ཀ་པཱ་ལར་སྨན་སྣ་བསྲེས་པའི་ཕྱེ་མ་ཨ་རུ་ར་ཟུར་བརྒྱད་པའི་དབྱིབས་ལོ་མ་ལས་ཐོན་པའི་རྩེར་གསང་བདག་གི་ཙཀ་ལི་བཙུགས། སྲུང་སྨན་ཆེན་མོའམ་མ་འཛོམ་ན་ཡུང་བ། ཤུ་དག །སྨན་ཆེན་གསུམ་གྱི་ཕྱེ་མ་ཐུམ་པོ་ནག་པོ་སློབ་མའི་གྲངས་མཉམ། རྡོ་རྗེ་ཁྲབ་རིང་གི་སྲུང་འཁོར་ཆིངས་ལྡན། ཚོགས་ཀྱི་ཡོ་བྱད། བཀའ་སྲུང་གཏོར་འབུལ་དཀར་དམར་བཅས། ༈ ར་མོ་ཤེལ་སྨན་གྱི་ཡང་གཏེར་རྡོ་རྗེ་བདུད་རྩིའི་བླ་མའི་གཏོར་དབང་ལ། མཎྜལ་ཚོམ་བུ་དཀར་པོ་གཅིག་བཀོད་པའི་སྟེང་མཉྫིའི་ཁར་བླ་གཏོར་རིན་ཆེན་འབར་བ་སྐུ་ཙཀ་དར་གདུགས་བཅས་བཀོད། ༈ རྡོ་རྗེ་བདུད་རྩིའི་དབང་ལ། སྟ་གོན་རྫས་བཞི། དཀྱིལ་འཁོར་བཀྲམ་པའི་དབུས་སུ་རྣམ་བུམ་ཆིངས་ལྗང་ཅན་གྱི་ཁར་ཐོད་པ་བདུད་རྩིས་བཀང་བ་ལ་སིནྡྷུ་རའི་མེ་ལོང་དགའ་འཁྱིལ་བཾ་ཡིག་གིས་མཚན་པས་བཀབ་ལ་དར་གུར་དབུབ། མདུན་སོགས་སུ་དབུ་རྒྱན། རྡོ་རྗེ་དྲིལ་བུ། རྡོར་དྲིལ། ཐོད་ཆང་རྣམས་དང་། ཤར་དུ་ཁྲུས་བུམ། ལྷོར་བདུག་པ། ནུབ་ཏུ་མ་ད་ན་བཏབ་པའི་ཆང་། བྱང་དུ་ཐོད་པར་བདུད་རྩི་རིལ་བུ་བཅས་སྔར་ནས་སོ་སོའི་སྒྲུབ་ཐེམས་ཅན་བཀོད། སིནྡྷུ་ར་དང་ཞུན་མར་དགང་བླུགས་དུང་དཀར་དྲིལ་བུ་གླེགས་བམ་རྣམས་ཀྱང་བསྡོག ༈ ࿋ །རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་སྐབས་ལས་སྦྱོར་གྲོལ་བ་དྲུག་གི་རྗེས་གནང་གི་རྫས། ལྡིང་ཁྲི་བར་པ་ལྟ་བུར་དབུས་བདུད་རྩི་རིལ་བུའི་སྙིང་པོ་ཅན་གྱི་མཐོང་གྲོལ་གཏེར་བུམ། ཐོས་གྲོལ་དུང་ལ་བདུད་རྩི་དང་གི་ཝཾ་དྲི་བཟང་སྦྱར་བས་བྱུགས་པ། ཚོར་གྲོལ་རིལ་བུ་དང་སྤོས་སྦྱོར་དྲི་ཞིམ་སྦྱར་བའི་ཕྱེ་མ། མྱོང་གྲོལ་ཐོད་སྣོད་དུ་རིལ་བུ་བླུགས་པ། རེག་གྲོལ་བདུད་རྩི་དང་ག་པུར་དྲི་བཟང་རྣམས་སྦྱར་བའི་ཕྱེ་མ་དང་ཐུམ་བུ་བཏགས་ཆོག །ཁྱབ་གྲོལ་ཀླུ་སྨན་བདུད་རྩི་འོ་མ་རྣམས་དངུལ་སྣོད་དུ་ལྷན་ཅིག་སྦྱར་བ་བཅས། ࿋ ༈ གཏེར་བདག་སྔགས་སྲུང་མའི་སྲོག་གཏད་ལ། ཆོས་འབྱུང་འཁོར་ལོ་མཐིང་ནག་རྩིབས་བཞི་པ་མེ་རི་ཁྲག་མཚོས་བསྐོར་བའི་ལྟེ་བར་ཐིག་ལེ་མཐིང་ནག་རྩིབས་བཞི་དཀར་སེར་དམར་ལྗང་བཀོད་པའི་ཚོམ་བུ་གཙོ་འཁོར་ལྔ་པའི་སྟེང་དུ་རྟེན་གཏོར་སྐུ་གཟུགས་དར་གདུགས་ཀྱིས་སྤྲས་པ་དང་སྔགས་བྱང་བཀོད། ༈ རཏྣའི་ཐུགས་སྒྲུབ་སྨན་དབང་ལ། མཎྜལ་ཚོམ་བུ་ལྔ་པའི་དབུས་སུ་གོང་བཤད་ལྟ་བུའི་སྨན་གྱི་ཕོ་བྲང། རིགས་ལྔའི་ཙཀ་ལི་སོ་སོ་བ་བཅས། ༈ ལེགས་ལྡན་རྗེའི་ཚེ་སྒྲུབ་བདུད་རྩི་འཁྱིལ་བ་ལ། རས་བྲིས་ཁར་བུམ་པ་ལྔ་དབུས་དཀར་སོགས་ཕྱོགས་མདོག་རིགས་ལྔའི་ཕྱག་མཚན་སོ་སོར་བཞག །གསང་ཐོད་ལྔའམ་གཅིག །རིག་ཙཀ་མེ་ལོང་བཅས། ཤེལ་རྡོ་མར་མེ་མེ་ལོང་སྒྲོ་མདོངས་བཞི། མདུན་རྒྱབ་གང་བདེར་ཚེ་འབྲང་། རིལ་ཆང་མདའ་དར་རྟགས་བརྒྱད་ཙཀ་ལི་གཅིག་བསྡུས་རྣམས་བཤམ། ༈ ࿋ སྙན་བརྒྱུད་བདུད་རྩི་མཆོག་ཏིག་ལ། སྟེགས་བུར་རས་བྲིས་སམ་ཚོམ་བུ་མཐིང་ནག་གཙོ་འཁོར་དགུ་པའི་ཁྲིའུའི་ཁར། ཐོད་པ་མཚན་ལྡན་ཨ་མྲིཏས་བཀང་བ། གཡས་སུ་སྨན་གྱི་ཕོ་བྲང་། གཡོན་དུ་མར་མེ། མདུན་དུ་སྐུ་ཙཀ །སྔགས་བྱང་དང་ཕྲེང་བ། དུར་ཁྲོད་ཆས་བརྒྱད། དཀྱིལ་འཁོར། ཙཀླི། ཤ་ལྔ། བདུད་རྩི་ལྔ། རྩ་བརྒྱད་སྟོང་སྦྱར་སྨན་ཕྱེ་རྣམས་ཐོད་པ་སོ་སོར་བཞག་པ། བཏགས་བཙག་སྦོལ་ཞིང་གཞལ་བའི་ཡོ་བྱད་ཕབ་བཅས། རྒྱབ་ཏུ་སྙིང་པོ་ལྔ་ཆང་གིས་སྦྲུལ་པའི་ཚེ་འབྲང་ནང་དུ་བཟླ་བྱའི་སྔགས་ཀྱི་ཤོག་དྲིལ་བཅུག་པའི་གཡས་གཡོན་དུ་ཚེ་རིལ་ཆང་བཅས་བཀོད། ࿋ ༈ འཇའ་ལུས་འོད་ཕུང་རང་གྲོལ་ལ། རས་བྲིས་དབུས་ཁྲིའུར་རྣམ་བུམ་ཆིངས་དམར་ཁ་རྒྱན་གསེབ་ཕག་མོའི་སྐུ་ཙཀ་མེ་ལོང་ཤེལ་བཅས། གཡོན་དུ་གསང་ཐོད་དར་དམར་གྱིས་བཀབ་པ། གཡས་སུ་དཔལ་གཏོར་གཡུང་དྲུང་རིས་ཀྱིས་བརྒྱན་པ། རྒྱབ་ཏུ་དཔལ་འབར་རིང་པོ་དཀར་སེར་དམར་ལྗང་མཐིང་ལྔ། མདུན་དུ་ཏིང་ལོ་རེ་རེ་ལ་སྡོང་བུ་གསུམ་རེ་ཡོད་པ་གསུམ། རུས་རྒྱན། རས་གོས། སྒོམ་ཐག་ཨང་རག་རྣམས་འབྲུ་གསུམ་དང་རཾ་བྲིས་པ་འཛོམ་ན་སློབ་མའི་གྲངས་མཉམ་བསྡོག །སློབ་མ་རྣམས་ཀྱི་གདན་ལ་གཡུང་དྲུང་རཾ་མཚན་བཏིང་ངོ་།། ༈ །།དེ་ནས་ཕུར་པ་ཕྲིན་ལས་སྒྲུབ་པའི་སྐོར་ལས། ཆོས་དབང་སྤུ་གྲི་ལ། དཀྱིལ་འཁོར་རས་བྲིས་ཁར་འཛོམ་ན་ཕུར་པ་གཙོ་འཁོར་བཞི་བཅུ་རྩ་དྲུག་ལྷ་གནས་སོ་སོར་ཨེ་ཁྲོམ་ལ་བཀོད། མ་འཛོམ་ན་དབུས་སུ་ཨེ་ཁྲོམ་ལ་གཙོ་ཕུར་གཞུང་མཐུན་ཚད་ལྡན་དང་གཙོ་བོའི་སྐུ་ཙཀ་བཀོད། ཁྲོ་བོ་བཅུ། སྲས་ཉེར་གཅིག །དམ་ཅན་བཅུ་དྲུག་རྣམས་ལ་ཕྱོགས་བསྡོམས་ཙཀ་ལི་གསུམ། ལས་བཞི་སོ་སོར་བཅས་ཕུར་ཙཀ་བདུན་ནམ། ཡང་ན་ཁྲོ་བཅུ་སྲས་མཆོག་རྣམས་ལ་ལྷ་ཙཀ་ཡོད་ནའང་འཐུས་ཤིང་། དེ་སྟེང་ལྡིང་ཁྲི་ལ་རྣམ་བུམ། རྒྱབ་ཏུ་དཔལ་གཏོར་གཡས་གཡོན་དུ་རྒྱུད་ཀྱི་གླེགས་བམ། གསང་ཐོད། རྡོར་སེམས་སྐུ་ཙཀ་སྔགས་བྱང་། དཀྱིལ་འཁོར་གྱི་གཡས་སུ་དབུ་རྒྱན་དང་ཐོད་སྐམ་ལྔའི་ཅོད་པན། གཡོན་དུ་ཚེ་འབྲང་དང་དངོས་གྲུབ་ཀྱི་རྫས། གཞན་ཡང་ཐལ་རཀ་ཞག་གསུམ། ཐོད་སྦྲུལ་གཉིས། ཞིང་གླང་སྟག་ལྤགས། མེ་ཕུང་རྣམས་སོ་སོ་བ། གདབ་ཕུར་ཆེ་ཆུང་། ཐོ་བ། བྲུབ་ཁུང་ཉའོ་རྣམས་འདུ་བྱ། ༈ བྱང་གཏེར་ཕུར་པ་སྤུ་གྲི་ལ། སྟ་གོན་རྫས་བཞི། དཀྱིལ་འཁོར་སྟེང་དབུས་སུ་གཙོ་ཕུར་ཞལ་མདུན་བསྟན། རྩིབས་བཅུ་ལ་ཁྲོ་བཅུའི་ཕུར་པ་ནང་བསྟན། སྒོ་བཞིར་སྒོ་ཕུར་བཞི་ཕྱིར་བསྟན་བྱིན་རླབས་བཅས་ཨེ་ཁྲོམ་ལ་བཀོད་པའི་དབུས་འཕྲུལ་སྟེགས་ལ་རྣམ་བུམ་ཆིངས་སྔོན་ཅན་བཀོད། མཐའ་སྐོར་རྣམས་སུ། ཡུངས་ཀར། བདུད་རྩི། དབུ་རྒྱན། དར་དཔྱང་། རྡོར་དྲིལ། གླེགས་བམ། སྟོད་གཡོགས། སྨད་གཡོགས། གླང་ཀོ་སྟག་ཤམ། སྦྲུལ་ཆུན། མི་ལྤགས། ཐོད་ཕྲེང་ཚར་གསུམ། ཁྲག་ཞག་ཐལ་བ་རྣམས་སོ་སོ་བ། འདོད་ཡོན་ལྔ། ཚོགས་སམ་ཚེ་བུམ། གསང་དབང་ཐོད་པ། ཕན་དབང་ཆས་དབུ་རྒྱན། གདུགས། ཧཱུྃ་ཡིག །རྡོར་དྲིལ། ཡེ་ཤེས་སེམས་དཔའི་སྐུ །དར་དམར་ཅོད་པན། མེ་ཏོག་ཕྲེང་བ། གོ་ཆ། བཟའ་བཏུང་རྣམས་དངོས་སམ་ཙཀ་ལི་ཚང་བ། རིག་ཙཀ །ནུབ་ཕྱོགས་སུ་གཏོར་ཆེན་རྣམས་བཀོད། བསྒྲལ་དབང་ཆས། སྲས་མཆོག །མགྱོགས་ཕུར། གདབ་ཕུར་རྣམས་སློབ་དཔོན་མདུན་དང་། ལྕགས་ཧོམ་ལིངྒ་། ཕྱག་རྒྱ་བཞི། བྱ་འུག་སྒྲོ །སྐམ་རློན་ཐུན་སོགས་ཀྱང་གང་བདེར་བཞག་གོ ༈ །སངས་གླིང་ཕུར་པ་ཐུགས་ཀྱི་ཉིང་ཁུའི་རྩ་དབང་ལ། སྟ་གོན་རྫས་བཞི། ཞི་ཐབ། ཏིལ་ཡུངས་སོགས་སྲེག་རྫས་མདོར་བསྡུས། དཀྱིལ་འཁོར་རས་བྲིས་དབུས། གཙོ་བོ་སྲས་མཆོག་ཕུར་བུ། ཕྱོགས་བཞིར། བུདྡྷ། རཏྣ། པདྨ། ཀརྨ་ཀཱི་ལའི་ཕུར་པ་བཞི་ཨེ་ཁྲོམ་ལ་བཀོད། དེ་སྟེང་འཕྲུལ་སྟེགས་ལ་རྣམ་བུམ་སོ་ལྔའི་བཅུད་ལྡན་ཆིངས་སྔོན་ཁ་རྒྱན་དང་བཅས་པ་བཞག །དེ་མདུན་གཙོ་བོ། ཀཱི་ལ་རིགས་བཞི། ཁྲོ་བཅུ་ཡབ་ཡུམ། ཟ་བྱེད་གསོད་བྱེད་བཅས་སྐུ་ཙཀ་སོ་ལྔ། ཁྲོ་བཅུ་ཁྲ་ཐབས་ཕྱོགས་བསྡུས་དང་། སྲས་མཆོག་ཉེར་གཅིག་དམ་ཅན་བཅུ་གཉིས་ཕྱོགས་བསྡུས་ཀྱི་སྡོམ་ཕུར་རམ་ཙཀ་ལི་བཀོད། ཆུ་དབང་བུམ་པ། དབུ་རྒྱན། རྡོ་རྗེ། དྲིལ་བུ། མིང་དབང་རྣམས་ཀྱང་ཕྱོགས་བཞིར་བཞག །སློབ་དཔོན་དབང་ཆས་གདུགས། རཀྟ། ཞག །ཐལ་ཆེན། ཞིང་གཡང་། ཐོད་ཕྲེང་། སྟག་ཤམ། གསུར་དུད་དང་མི་རྐང་གླིང་བུ་རྣམས་ཕྱོགས་གཅིག་ཏུ་བཞག །ལས་བཞིའི་ཕྲེང་བ། རྡོ་རྗེ་རྩེ་ལྔ། རྩེ་དགུ། བང་གླང་ཀོ །སྟག་ཤམ། སྦྲུལ་ཆུན། ཐོད་ཕྲེང་། ཞིང་ལྤགས། ཞག །རཀྟ། ཐལ་ཆེན། མེ་ཕུང་རྣམས་གོ་རིམ་ལྟར་དང་། ཕྱག་མཚན་རྡོ་རྗེ་རྩེ་དགུ། རྩེ་ལྔ། མེ་ཕུང་ཁ་ཊྭཱཾ། ཕུར་པ་རྣམས་སོ་སོའི་ཙཀ་ལི། རཀྴའམ་ཐོད་ཕྲེང་། ཆོས་བཤད་འཁོར་ལོ་དུང་དྲིལ་བུ་པུསྟི། གསང་ཐོད། རིག་ཙཀ་རྣམས་ཅི་བདེར་བཀོད། གཞན་དོན་རྗེས་གནང་ལ། འཁོར་ལོ། རལ་གྲི །དུང་། གླེགས་བམ། རྒྱལ་མཚན། མངོན་སྤྱོད་རྗེས་གནང་རྔ། ལས་ཕུར། མདའ་གཞུ། དུར་ཁྲོད་ཆས་བརྒྱད། ལས་བཞིའི་གཟུགས། ཤ་ལྔ། བདུད་རྩི་ལྔ། ཚོགས་རྫས། མར་མེ་བཅས་སྣོད་གཅིག་ཏུ་ལེན་བདེར་བཞག ༈ །དོན་དབང་ལ། སྟ་གོན་རྫས། རས་བྲིས་སམ་ལྷ་གྲངས་ཚོམ་བུའི་ཁར་རྣམ་བུམ། དེ་སྟེང་ཐོད་པ་འབྲུས་བཀང་བར་གཙོ་ཕུར་དང་གཙོ་བོ་ཡབ་ཡུམ་སྐུ་ཙཀ །ཤར་དུ་རྡོ་རྗེ། ལྷོར་སྐྱེར་ཕུར་ཅོད་པན་ཅན། ནུབ་ཏུ་པུསྟི་དང་ཕྲེང་བ། བྱང་དུ་དྲིལ་བུ། འཛོམ་ན་མཚམས་བཞིར་ཕུར་པ་དར་གྱི་ཅོད་པན་ཅན་རེ་རེ། རིགས་ལྔའི་ཙཀ་ལི། སྣོད་གཅིག་ཏུ་གསང་དབང་རྫས་ཆང་སྨན་མངར་གསུམ་སྦྱར་བ། རིག་ཙཀ །མཚམས་ཕུར་གཅིག །སྦྱོང་ཆས་ཏིལ་ནག་རྩྭ་ཆུན། ལྕི་བའི་ཆངས་བུ། ཁམ་ཕོར། སེང་རས་དཀར་པོ་རྣམས་འདུ་བྱ། ༈ རཏྣའི་ཕུར་པ་ཡང་གསང་བླ་མེད་ཀྱི་རྩ་དབང་མཚོན་ཆ་འཁོར་ལོ་ཞལ་སྤྲོད་དང་བཅས་པ་ལ། སྟ་གོན་རྫས་བཞི། མིག་དར་མེ་ཏོག །འཛོམ་ན་ཕུར་ཆུང་སློབ་མའི་གྲངས་མཉམ། དཀྱིལ་འཁོར་དབུས་སུ་ལྡིང་ཁྲི་ལ་རྣམ་བུམ་སོ་ལྔའི་བཅུད་ལྡན་ཆིངས་སྔོན་ཁ་རྒྱན་རིགས་ལྔའི་སྲོག་ཞུས་བརྒྱན་པ་བཀོད། ཕུར་ཁྲོམ་ཡོད་ན་གཙོ་བོ། སྲས་བཞི། ཁྲོ་བཅུ་ཁྲ་ཐབས། ཕྲིན་ལས་བཞི། སྒོ་མ་བཞི། དམ་ཅན་བཅུ་གཉིས། གིང་བཞི། དགེ་བསྙེན་ཉེར་གཅིག །དབང་ཕྱུག་ཉེར་བརྒྱད་རྩང་ཕུར་རྣམས་ལྷ་གནས་སོ་སོར་ཨེ་ཁྲོམ་དང་ཐོད་གདན་ལ་བཀྲམ། མེད་ན་གཙོ་ཕུར་ཚད་ལྡན་དར་ནག་གི་ཅོད་པན་དང་བཅས་པ་དཀྱིལ་འཁོར་དབུས་སུ་ཨེ་ཁྲོམ་ལ་བཙུགས། གཞན་རྣམས་གྲངས་ཚང་ཙཀ་ལི་ལ་ཚོ་བརྒྱད་དུ་བྱས་ནས་བྲིས་པའམ་ཕུར་པ་བརྒྱད་ཙམ་བཀོད། མདུན་ཕྱོགས་སུ་གཙོ་བོ། ཁྲོ་བཅུ། ཁྲ་ཐབས་ཉི་ཤུ་སོ་སོར་བྲིས་པའི་ཙཀ་ལི། རྡོ་རྗེ། ཕུར་པ། ཁ་ཊྭཱཾ། མེ་ཕུང་། ཐལ་རག་ཞག་གསུམ། དྲིལ་བུ། ཐོད་ཁྲག །ཡེ་ཤེས་སེམས་དཔའ་རྣམས་ཀྱི་ཙཀ་ལི། སྔགས་བྱང་གསེར་བྲིས། རྒྱབ་ཏུ་དཔལ་གཏོར་སྐུ་ཙཀ་དར་གདུགས་དང་བཅས་པ། རྒྱུད་དམ་སྒྲུབ་པོད། གཡས་གཡོན་གང་བདེར་ཐོད་པའི་བདུད་རྩི། བྱང་སེམས་དཀར་དམར་ཙན་དན་ག་པུར་བུ་རམ་རྣམས་སྦྱར་བའི་རིལ་བུ་ཕྱེ་མ་གང་བདེ། རིག་ཙཀ །རྔ་དུང་རོལ་མོ། ཚེ་འབྲང་། བཟའ་བཏུང་ཚོགས་རྫས་རྣམས་བཞག །ལས་བུམ། གདབ་ཕུར། ཐོ་བ། ཐུན་རྫས། ལྕགས་ཧོམ་ལིངྒ་རྣམས་འདུ་བྱ། ༈ དོན་དབང་ལ། སྟ་གོན་རྫས། རས་བྲིས་སམ་ལྔ་ཚོམ་ཁར་རྣམ་བུམ། དེ་སྟེང་ཨེ་ཁྲོམ་ལ་གཙོ་ཕུར། གཡས་སུ་དཔལ་གཏོར། གཡོན་དུ་གསང་ཐོད་མེ་ལོང་ཆོས་འབྱུང་བྲིས་པས་བཀབ། རྡོ་རྗེ་རྩེ་དགུ་རྩེ་ལྔ། མེ་ཕུང་ཁ་ཊྭཱཾ། ཐོད་ཕྲེང་། སྦྲུལ་ཆུན། གླང་ཀོ་སྟག་ཤམ། ཐལ་རཀ་ཞག་གསུམ་གཟིག་ཤམ་རྒྱན་དྲུག་དྲིལ་བུ་བཅས་པའི་ཙཀ་ལི་སོ་སོར་ཕྱོགས་བསྡུས། མདུན་དུ་ཚེ་འབྲང་ཟས་སྣ། སྲས་ཕུར། ལྕགས་ཧོམ་ཉའོ་རྣམས་བཀོད། ༈ ࿋ པད་གླིང་ཕུར་པ་སྲོག་གི་སྤུ་གྲི་ལ། དཀྱིལ་འཁོར་རམ་ཚོམ་བུ་མཐིང་ནག་དབུས་སུ་གཙོ་བོ། དེ་ཕྱིར་རིམ་བཞིན་སྲས་མཆོག་ཉེར་གཅིག །ཁྲོ་བཅུ། དབང་ཕྱུག་ཉེར་བརྒྱད་མ་མོ་བཅུ་གཉིས་སྒོ་བཞི་བཅས་དང་དེ་མཐར་གྲངས་མེད། དེ་སྟེང་འཕྲུལ་སྟེགས་ལ་བུམ་པ་མགུལ་ཆིངས་མཐིང་ནག་གིས་སྤྲས་པ། མདུན་དུ་གཙོ་བོ། ཁྲོ་བཅུ། སྲས་མཆོག་ཉེར་གཅིག །སྒོ་བཞི་མངགས་ཕུར་བཅས་ཀྱི་ཕུར་པ། དབུ་རྒྱན། ཅོད་པན། གཞུང་པོད། གསང་ཐོད། ཡེ་ཤེས་སེམས་དཔའི་སྐུ་དང་སྔགས་བྱང་། དུར་ཁྲོད་ཆས། དཔལ་གཏོར། ཞལ་ཟས་སྣ་ཚོགས། གདབ་ལས་ལ། བྲུབ་ཁུང་། ལིངྒ་། ཐོ་བ། དམ་ཅན་མ་མོ་བཅུ་གཉིས། གདབ་ཕུར་བཅས། ࿋ ༈ ཆོས་གླིང་ཐུགས་ཀྱི་ཐིག་ལེ་ལ། སྟ་གོན་རྫས་བཞི་མཆོད་པ་བཅས། རས་བྲིས་དབུས་དང་མདུན་རྒྱབ་ཏུ་ཨེ་ཁྲོམ་རེ་ལ་ཕུར་པ་གཙོ་འཁོར་གསུམ། དེ་སྟེང་ལྡིང་ཁྲིའི་ཁར་རྣམ་བུམ། ཤར་དུ་གཙོ་བོ་ཁྲོ་བཅུ་དང་བཅས་པའི་སྐུ་ཙཀ་དང་ཕྱག་མཚན་མིང་དབང་རྡོར་དྲིལ་བཅིངས་པ། ལྷོར་མེ་ཏོག་ཕྲེང་བ་དང་དབུ་རྒྱན་དར་དཔྱངས། ནུབ་ཏུ་རྡོ་རྗེ་དང་གསང་ཐོད་བར་མེ་ལོང་ལ་ལི་ཁྲིའི་དཀྱིལ་འཁོར་ཆོས་འབྱུང་བསྣོལ་མ་མཱུཾ་དང་དགའ་འཁྱིལ་དྲུག་གིས་མཚན་པས་བཀབ་པའི་སྟེང་སྔགས་བྱང་ཤེལ་རྡོ། བྱང་དུ་དྲིལ་བུ་དང་དཔལ་གཏོར་འཁོར་ལོའི་གདན་དང་སྐུ་ཙཀ་དར་གདུགས་ཅན། ཉེ་ཕྱོགས་གང་བདེར་དུར་ཁྲོད་དཔལ་ཆས་ཕྱོགས་བསྡུས། བསྒྲལ་དབང་གི་ཆས་ལྕགས་ཧོམ་ཟན་ལིང་དང་ཤོག་ལིང་། བྱ་འུག་སྒྲོ །གུ་གུལ། ཐུན་རྫས། རལ་གྲི། པུ་རི་མཆོད་རྟེན་དཀར་ནག་གམ་སཱཙྪ་གཉིས། དམར་གཏོར་མཚེ་ཡུངས་ཀྱིས་བརྒྱན་པ། དགང་གཟར་བླུགས། དྲག་ཤིང་གི་ཧོམ་གྲུ་གསུམ། དམར་གཏོར། མནན་ཆས་ཕུང་རེ་བྱད་ཐག་ཐོད་ངན་དུར་རྡོ་བཅས་བཀོད། ༈ སྟག་ཚང་ཕུར་པ་སྟོད་ལས་རྩ་དབང་ལ། རས་བྲིས་སམ་ཚོམ་བུའི་ཁར་རྣམ་བུམ་ཁ་རྒྱན་གསེབ་ཀུན་བཟང་ཡབ་ཡུམ་གྱི་ཙཀ་ལི་ཙན། མདུན་དུ་གསང་ཐོད་དར་དམར་གྱིས་བཀབ་པའི་སྟེང་མེ་ལོང་ཤེལ་རྡོ་བརྩེགས་པ་དང་ཁ་ཊྭཱཾ། གཡས་བསྐོར་དུ་དབུ་རྒྱན། རྡོ་རྗེ། དྲིལ་བུ། དབུས་སུ་གཙོ་ཕུར་དང་གཙོ་སྐུ། ཧཱུྃ་ཡིག་བཅུ། སྒོ་བ་བཞིའི་ས་བོན་ནམ་ཕྱག་མཚན་གང་འཛོམ། རྒྱབ་ཏུ་དཔལ་གཏོར། གཞན་ཡང་དུར་ཁྲོད་ཆས་བརྒྱད་ཕྱོགས་བསྡུས། བྲུབ་ཁུང་ཉའོ། གདབ་ཕུར་རྣམས་བཀོད། སྨད་ལས་ཆེ་མཆོག་དང་སྦྲེལ་སྐབས་གཙོ་བོ་དང་ཁྲོ་བཅུའི་སྐུ་ཙཀ་ལྷག་པོར་བཀོད། ༈ བདུད་འདུལ་ཕུར་པ་གནམ་ལྕགས་སྤུ་གྲི་ལ་དབང་རྫས་མང་བས་རྩ་དཀྱིལ་དང་རྫས་དཀྱིལ་སོ་སོར་བྱེད་པའི་ལུགས་ཉིད་སྟབས་བདེ་བས་དེ་ལྟར་ན། དཀྱིལ་འཁོར་རས་བྲིས་དབུས་སུ་མཉྫིའི་ཁར་བུམ་པ་མགུལ་ཆིངས་མཐིང་ག་ཅན། ཤར་དུ་དཀར་པོ། ལྷོར་སེར་པོ། ནུབ་ཏུ་དམར་པོ། བྱང་དུ་ལྗང་གུ་ཅན། བུམ་པ་ལྔ་ཀ་སོ་ལྔའི་བཅུད་དང་ཁ་རྒྱན་ལྡན་པ། དེ་རེ་རེའི་མདུན་དྲུང་དུ་བྷནྡྷ་ཨ་མྲྀཏས་བཀང་བ་རེ་རེ། དེ་དག་དང་མཉམ་དུ་དབུས་སུ་འཁོར་ལོ། ཤར་དུ་རྡོ་རྗེ། ལྷོར་པདྨ། ནུབ་ཏུ་དཔལ་བེའུ། བྱང་དུ་རྒྱ་གྲམ་གྱི་ཙཀ་ལི་བཀོད། གཙོ་བོ། ཀཱི་ལ་ཡ་བཞི། ཁྲོ་བཅུ། ཟ་གསོད་ཉི་ཤུ་སྟེ་ལྷ་ཙཀ་སོ་ལྔ་ལྷ་གནས་སོ་སོའི་དབུས་སུ་སྤོམ་པ་དང་གཙོ་བོའི་ཕྱག་མཚན་བཞག །ལྷོར་གསང་ཐོད། སྒྲུབ་པོད། རྡོ་རྗེ། ཁ་ཊྭཱཾ། ནུབ་ཏུ་སྔགས་བྱང་། རཀྴའམ་ཐོད་ཕྲེང་། དཔལ་ཆས། རིག་ཙཀ །བྱང་དུ་དཔལ་གཏོར་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ། གང་བདེར་དབུ་རྒྱན་སྒྲུབ་པོད་ཚེ་གཏོར་གཡང་རྫས་རྣམས་བཀོད། བྱང་ངོས་སྟེགས་བུར་དཀྱིལ་འཁོར་ཨེ་ཁྲོམ་དབུས་ཀྱི་གྲུ་གསུམ་ལ་གཙོ་ཕུར། དེའི་དྲུང་ལས་ཕུར། ཟླ་གམ་གསུམ་ལ་སྲས་མཆོག་ཉེར་གཅིག་བདུན་རེ། དེ་རྒྱབ་དྲག་འཁོར་རྩིབས་བརྒྱད་ཀྱི་ཕྱོགས་བཞིར་ཀྲོ་དྷ་བཞི། མཚམས་བཞིར་ཀཱི་ལ་ཡ་བཞི། དེ་རྒྱབ་རྩིབས་བཅུའི་དབུས་སུ་ཁྲོ་བཅུ། གཡས་གཡོན་དུ་ཟ་གསོད། དེ་རྒྱབ་ཕྱོགས་བཞིར་སྒོ་མ་བཞི་བཅས་ཀྱི་ཕུར་པ་བཀོད། དེ་རྒྱབ་རིམ་བཞིན་ཕུར་སྲུང་བཅུ་གཉིས། དགེ་བསྙེན་ཉེར་གཅིག །གིང་བཞི། དབང་ཕྱུག་ཉེར་བརྒྱད་རྣམས་ཕུར་པ་དངོས་སམ་རྩང་ཕུར་གྲངས་དེ་མཚུངས་བཀོད། དེའི་མཐར་ཡང་སྨན་རཀ་གཏོར་མ་དང་དྲག་མཆོད་ཀྱིས་བསྐོར། གལ་སྲིད་ཕུར་ཁྲོམ་མ་འཛོམ་ན་རྩ་དཀྱིལ་གྱི་དབུས་སུ་གཙོ་ཕུར་དང་ལས་ཕུར་དངོས་སུ་བཀོད། གཞན་རྣམས་ཚན་བསྡུས་པའི་རེ་རེ་ཙམ་མམ་ཙཀ་ལི་ལ་རི་མོ་གྲངས་ཚང་བྲིས་པ་བཞག །ཀཿཐོག་ཕྱག་བཞེས་ལྟར་བསྒྲལ་དབང་སྦྱོར་ན། རྫས་དཀྱིལ་གྱི་བྱང་དུ། དགྲ་ལིང་། གདབ་ཕུར། བྱ་འུག་སྒྲོ །ལྕགས་ཀྱུ་སོགས་མཚོན་ཆས། ཐུན་ཆས། དབྱེ་རྫས། གུ་གུལ། གསེར་སྐྱེམས། འོ་མཚོ། ཁྲག་མཚོ་རྣམས་ཀྱང་འདུ་བྱའོ། ༈ སྙན་བརྒྱུད་ཕུར་པའི་གནད་ཏིག་ལ། རས་བྲིས་སམ་ཚོམ་བུའི་དབུས་སུ་གཙོ་ཕུར་དང་རྣམ་བུམ་བརྩེགས་པའམ་མདུན་རྒྱབ་ཏུ་བཞག །སྐུ་ཙཀ །སྔགས་བྱང་། དུར་ཁྲོད་དཔལ་ཆས་གཅིག་བསྡུས། གསང་ཐོད་རིག་ཙཀ་གདབ་ཕུར་ཚེ་འབྲང་བྲུབ་ཁུང་ཉའོ་རྣམས་སྤྱི་ལྟར་བཀོད། ༈ གཏེར་གསར་ཟབ་བདུན་ཕུར་པའི་སྟོད་ལས་ལ། རས་བྲིས་སྟེང་ཡོད་ན་ཕུར་ཁྲོམ་དང་། མེད་ན་དབུས་སུ་ཨེ་ཁྲོམ་གཙོ་ཕུར། ཁྲོ་བཅུ་ལ་གཅིག །སྲས་མཆོག་ལ་གཅིག །སྒོ་མ་ལ་གཅིག་བཅས་གསུམ་གཡས་གཡོན་མདུན་དུ་བཀོད་པའི་སྟེང་དུ་ཁྲིའུ་ལ་རྣམ་བུམ། མཐའ་སྐོར་དུ་རིག་དབང་ཆས་བཞི། རཀྴའམ་ཐོད་ཕྲེང་། གསང་ཐོད། རིག་ཙཀ་རྣམས་བཀོད། སྨད་ལས་དཀྱིལ་འཁོར་ཞལ་བསྒྱུར་དགོས་པས། དབང་ཆས་སྔ་མ་རྣམས་བསྡུས། དཀྱིལ་འཁོར་སྔ་མའི་སྟེང་དུ་ཨེ་ཁྲོམ་དཀྱིལ་འཁོར་བཅས་པར་ཕུར་པ་སྔ་མ་རྣམས་སླར་བཀོད་པའི་མཉམ་དུ་གཙོ་བོ་ཁྲོ་བཅུའི་ཙཀ་ལི། རཀ་ཕྲེང་། དབུས་མདུན་སྲས་ཕུར། ཕྱོགས་བཞིར་ཕྲིན་ལས་བཞིའི་ཕུར་པ་སོ་སོ་བ། མདུན་དུ་ཐུན་ཕུར། རྒྱབ་ཏུ་ཚེ་འབྲང་། རིལ་ཆང་བཅས། དཔལ་དང་དུར་ཁྲོད་ཆས་ཕྱོགས་བསྡུས། སྨན་རག་གཏོར་གསུམ་ཕྱོགས་བསྡུས། བྱུག་བདུག་བྲབ་གསུམ། ཧོམ་ཁུང་ལིངྒ། རལ་གྲི་ཐོ་བ་སོགས་བསྒྲལ་ཆས། སྣོད་གཅིག་ཏུ་ཐུན་རྫས། ཟོར་གསུམ། ཕུར་ཆུང་གཉིས། གཏོར་ཟོར་རྣམས་བཞག་པ། མེ་ཧོམ་དགང་བླུགས། མནན་ཆས། ཞལ་ཟས་བཟའ་བཏུང་བཅས་འདུ་བྱ། ༈ གཏེར་གསར་གསང་ཐིག་གཏོར་དབང་ལ། བྷནྡྷའི་ནང་དཔལ་གཏོར་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ་བཀོད་དོ།། ༈ །།དེ་ནས་མ་མོ་རྦོད་གཏོང་གི་སྐོར་ལ། སྤྲུལ་སྐུ་ར་ཤག་ཆེན་པོའི་མ་མོ་སྒང་ཤར་ལ། སྟ་གོན་རྫས་བཞི་དང་མཆོད་པ་ལྔ། རས་བྲིས་ཀྱི་དཀྱིལ་འཁོར་སྟེང་ཕྱོགས་བཞི་དབུས་ལྔར་ཐོད་པ་ཆང་གིས་བཀང་བ་ལྔའི་ནང་དུ་བདུད་རྩི་ལྔའི་རིལ་བུ་སོ་སོ་ཡོད་ན་དབང་གཞུང་ལྟར་སོ་སོར་བཏབ། མེད་ན་ཐམས་ཅད་ལ་ཆོས་སྨན་བཏབ་པ་བཀོད། མདུན་དུ་གཙོ་འཁོར་བདུན་ཅུ་རྩ་དྲུག་གི་ལྷ་ཙཀ་ཚང་བ། ཕྱག་མཚན། ཐོད་པའི་བདུད་རྩི། ཤ་ཆེན། ཐོད་རྔ། མདའ་གཞུ། ཕུར་པ། རལ་གྲི་མཚོན་ཆའི་འཁོར་ལོ་རྣམས་དངོས་སམ་ཕྱོགས་བསྡུས་ཀྱི་ཙཀ་ལི། གཡས་སུ་དབུ་རྒྱན་ཅོད་པན། རྒྱབ་ཏུ་རྡོ་རྗེ་རྩེ་དགུ །གཡོན་དུ་དྲིལ་བུ། བར་མཚམས་སུ་གསང་ཐོད་མངར་གསུམ་སྨན་སྦྱར། རིག་ཙཀ །དུར་ཁྲོད་ཆས་ཙཀ །རྗེས་གནང་མེ་ལོང་། རལ་གྲི་ནས་འཁོར་ལོའི་བར་ཕྱག་མཚན་ལྔ། རྐང་གླིང་བཅས་བཞག་གོ ༈ །གཏེར་གསར་ཟབ་བདུན་མངོན་རྫོགས་རྒྱལ་པོ་ལ། རས་བྲིས་ཀྱི་དབུས་སུ་རྣམ་བུམ་སོགས་རིག་པའི་དབང་ལྔའི་ཆས། ཐོད་ཆུ། ལྷ་ཙཀ །དར་དཔྱངས་སྔོ་དམར། རཀྴའི་ཕྲེང་བ། སྔགས་བྱང་། རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་བཞི་པོ་སོ་སོ་བ། མདུན་དུ་རི་རབ་བང་རིམ་བཅུ་གསུམ་པའི་སྟེང་དུ་དཔལ་གཏོར་ལ། གཡས་སུ་སྨན། གཡོན་དུ་རཀྟ། མདུན་དུ་ཁྲག་ཀོང་། རྒྱབ་ཏུ་མར་མེ་འདོད་ཡོན་སྤར་བཏབ་གང་འགྲུབ་ཀྱིས་བསྐོར་ཞིང་ནམ་མཁའ་བཙུགས་པ། རྒྱབ་ཏུ་གསང་ཐོད་རིག་ཙཀ་ཤེལ། གཞན་ཡང་བྱོལ་སོང་ཁྲི་གདན་ནས་དཔལ་དང་དུར་ཁྲོད་ཆས་གཞལ་ཡས་རྣམས་བཅས་ཙཀ་ལི་བཅུ་དགུ །ཤ་སོགས་བཟའ་བ། ཁྲག་ཆང་བཏུང་བ། རལ་གྲི་སོགས་མཚོན་ཆ་རྣམས་བཀོད། ༈ བོ་དོང་ལུགས་ཀྱི་སེང་གདོང་སྙན་བརྒྱུད་བཀའ་བཅུའི་ཐོག་མ་རིགས་ལྔའི་རྗེས་གནང་ལ། མཎྜལ་གཞུང་མཐུན་ནམ་ཚོམ་བུ་ཁ་དོག་ལྔ་པའི་སྟེང་ཁྲིའུ་ལ་དམར་གཏོར་ཟུར་གསུམ་གཙོ་འཁོར་ལྔ་པ་དར་གདུགས་ཅན། གཡས་སུ་བུམ་པ། གཡོན་དུ་འབུལ་གཏོར། ༈ འཕྲོས་སྙན་བརྒྱུད་བཀའ་དགུ་རྣམས་ལ། མཎྜལ་གཞུང་མཐུན་ནམ། ཚོམ་བུའམ་ཚོན་ཕུང་ལྷ་མདོག་དང་མཚུངས་པར་བཀོད་པའི་སྟེང་དུ་མཉྫིའི་ཁར་གཏོར་མ་ཟུར་གསུམ་མཐེབ་ཀྱུས་བསྐོར་བ་ལྷའི་མདོག་དང་མཚུངས་པ་དར་གདུགས་ཅན་རེ་བཀོད། ཡོད་ན་སྐུ་ཙཀ་བཙུགས་པའི་མདུན་དུ་བུམ་པ་དང་འབུལ་གཏོར་རེ་བཞག །རྗེས་མ་ཚེ་སྒྲུབ་གཉིས་ལ། གཡས་གཡོན་དུ་ཚེ་རིལ་ཆང་བཤམ། དེ་ལ་ལྷ་མདོག་ནི་རིམ་བཞིན། མཐིང་ནག །དམར་ནག །དམར་པོ། ནག་པོ། མཐིང་ནག་གསུམ། དམར་པོ། སེར་པོ་རྣམས་སོ། ༈ །འཇའ་ཚོན་སེང་གདོང་ལ། ཚོམ་བུ་མཐིང་ག་གཅིག་གི་ཁར་དམར་གཏོར་ཟུར་གསུམ་མཐེབ་ཀྱུ་བཞིས་བསྐོར་བ་དར་གདུགས་ཅན། གཡས་སུ་རྣམ་བུམ། གཡོན་དུ་གསང་ཐོད་ཁ་ཊྭཱཾ་ཤེལ་རྡོ། མདུན་དུ་སེང་གདོང་རིགས་ལྔའི་ཙཀ་ལི་བཅས། ༈ ཀློང་གསལ་སི་ཧཾ་དམར་མོ་ལ། འབྲུ་ཚོམ་དམར་པོ་གཅིག་གི་ཁར་གཏོར་མ་གོང་མཚུངས། སྔགས་བྱང་། རྡོ་རྗེ། གྲི་ཐོད་ཁ་ཊྭཱཾ་བཅས། ༈ གཏོར་དབང་རྨི་ལམ་མ་ལ། ཚོམ་བུ་གཏོར་མ་སྔར་ལྟར་བཀོད་པའོ། ༈ །བདུད་འདུལ་དྲག་མོ་ལ། རས་བྲིས་དབུས་སུ་རྣམ་བུམ་ཁར་མོ་ཐོད་མཚན་ལྡན་ནང་ཆོས་སྨན་ཆང་སྦྱར། དེ་སྟེང་སིནྡྷཱུ་རའི་མེ་ལོང་ལ་ཆོས་འབྱུང་བསྣོལ་མ་དགའ་འཁྱིལ་དྲུག་བཅས་པའི་ལྟེ་བར་པདྨ་འདབ་བཞི་ལ་བཾ་ཧ་རི་ནི་ས་བྲིས་པ་བཞག་ལ་དར་དམར་གྱིས་བཀབ། དེ་སྟེང་ཁྲིའུ་ལ་དབང་གཏོར་འདབ་བརྒྱད་གྱེན་ལངས་དབུས་རྡོ་རྗེ་ཕྱེད་པ་ལྟ་བུ་པདྨའི་ལན་ཚར་ཅན་འཁོར་ནོར་བུ་འདྲ་བའི་བཤོས་ཕྲན་བཞིས་བསྐོར་བ་སྐུ་ཙཀ་དར་གདུགས་ཅན་བཤམ། མདུན་སོགས་སུ་ཕྱག་མཚན་གྲི་ཐོད་ཁ་ཊྭཱཾ། ཐོད་སྐམ་དབུ་རྒྱན། དར་གྱི་ཅོད་པན། གླང་ཞིང་སྟག་ལྤགས་ཐོད་ཕྲེང་། རུས་རྒྱན། རྩེ་གསུམ། རོ་གདན་རྣམས་དང་། ལྷ་ཙཀ་ཡོངས་རྫོགས། སྔགས་བྱང་། གླེགས་བམ། རཀྴའམ་ཐོད་ཕྲེང་། སྲུང་ཟློག་བསད་གསུམ་རྗེས་གནང་སྦྱར་ན། རྡོ་རྗེ། འཁོར་ལོ། ཕུར་པ། གྲི་ཐོད་རྣམས་གཞུང་མཐུན་ཅན་བཞག ༈ །དེའི་དོན་དབང་ལ། རས་བྲིས་སམ་ཚོམ་བུ་ལྷ་གྲངས་སྟེང་བུམ་ཐོད་མེ་ལོང་གཏོར་མ་བཞི་པོ་སྔར་ལྟར་བཤམ། འདི་སྐབས་གཏོར་མ་རྒྱབ་མདུན་གང་བདེར་བཤམས་ཀྱང་རུང་ངོ་། ༈ །རོལ་རྡོར་བྲག་གཏེར་སེང་གདོང་མའི་རྗེས་གནང་ལ། ཚོམ་བུ་ལྷ་གྲངས་དབུས་སུ་བུམ་པ་ཁ་རྒྱན་སྐུ་ཙཀ་དང་བཅས་པ། ཕྲེང་བ། ཤེལ་རྡོ། མཁའ་འགྲོའི་གཏོར་མ་ཕྱག་མཚན་གྲི་ཐོད་ཁ་ཊྭཱཾ་རྣམས་གཡས་གཡོན་དུ་བཀོད་དོ།། ༈ །།དེ་ནས་འཇིག་རྟེན་མཆོད་བསྟོད་ཀྱི་སྐོར་ལས། ཉང་གཏེར་དྲེགས་པའི་སྡེ་དཔོན་སུམ་ཅུའི་སྲོག་དབང་ལ། རས་བྲིས་སྟེང་འཛོམ་ན་ཕུར་པ་ལྷ་གྲངས་དང་ཙཀ་ལི་རྣམས་ལྷ་གནས་སོ་སོར་བཀོད། མ་འཛོམ་ན་དབུས་སུ་ཕུར་པ་གཅིག །དྲེགས་པའི་སྡེ་དཔོན་སུམ་ཅུའི་ལྷ་ཙཀ་སྤོ་སྟེ་བཀོད་པའི་སྟེང་དུ་ཁྲིའུ་ལ་ཕུར་བུ་གཟུག །ཆེ་མཆོག །ཕྱག་རྡོར། རྟ་མགྲིན། རྡོར་སེམས་ཀྱི་སྐུ་རྣམས་བཞུགས། མཐའ་སྐོར་དུ་ཐོད་པ་འཁོར་ལོ་དང་སྲོག་ཡིག་བྲིས་པ་ལ་འབྲུ་དང་རིན་པོ་ཆེས་བཀང་བ། རི་རབ་སྟེང་ལྷ་བཤོས་བཞི་དང་མར་མེ་ལྔ་བཞག་པ། རི་རབ་གླིང་བཞིའི་ཙཀ་ལི། བ་དན། རུ་མཚོན། རྒྱལ་མཚན། མཆོད་རྟེན་ནག་པོ། རྫས་རྒོད། རཀྟ། ཡུངས་ཀར། ཕུར་པ། རལ་གྲི་རྣམས་བཀོད། ༈ རོལ་རྡོར་གཏུམ་པོ་དྲེགས་འདུལ་གྱི་གཏོར་དབང་ལ། ཚོམ་བུ་གཅིག་སྟེང་དཔལ་གཏོར་རྒྱན་ལྡན་དང་། ཐོད་ཆང་། རྡོ་རྗེ་བཅས་བཞག ༈ །གཏེར་གསར་གསང་བདག་དྲེགས་འདུལ་རྩ་དབང་ལ། རས་བྲིས་སམ་ཚོམ་བུ་གཅིག་པའི་སྟེང་རྣམ་བུམ། སྐུ་ཙཀ །སྔགས་བྱང་། རཀྴའི་ཕྲེང་བ། ལྕགས་རྡོར། གསང་ཐོད་རིག་ཙཀ་མེ་ལོང་ཤེལ་རྡོ་བཅས། ༈ དྲེགས་པའི་དབང་ལ། རས་བྲིས་སྟེང་དབང་ཆས་རྣམ་བུམ་སོགས་རིག་དབང་ལྔ། དེ་སྟེང་དྲེགས་པའི་སྡེ་དཔོན་སུམ་ཅུའི་ལྷ་ཙཀ །ཕྲེང་བ། སྔགས་བྱང་། རྡོར་དྲིལ། དཔལ་དང་དུར་ཁྲོད་ཆས། སྨན་རཀ་གཏོར་གསུམ་ཕྱོགས་བསྡུས་ཅན། གདབ་ཕུར། གསང་ཐོད། རིག་ཙཀ་རྣམས་བཀོད་དོ།། ༈ །།དེ་ནས་དམོད་པ་དྲག་སྔགས་ཀྱི་སྐོར་ལས། གཏེར་གསར་སྟོབས་ལྡན་ནག་པོ་ལ། བཤམ་བཀོད་སྔ་མ་དང་འདྲ་བ་ལས་ལྷ་ཙཀ་དམོད་པ་དྲག་སྔགས་དང་། སྔགས་བྱང་ཡང་དེ་ལྟར་བཞག ༈ ངག་གི་རྡོ་རྗེའི་ཕྱག་རྡོར་དྲག་སྔགས་མ་ལ། པདྨ་འདབ་བརྒྱད་ཚོམ་བུ་བཅས་པའི་དབུས་སུ་དཔལ་གཏོར་ཁྱུང་དང་རྡོ་རྗེ་ཉི་ཟླས་བརྒྱན་པ། ཤར་དང་ཤར་ལྷོ་ཞི་གཏོར་གཉིས་ཀྱིས་མཚོན་པའི་ཞི་རྒྱས་དབང་དྲག་གཏོར་མ་རྒྱན་ལྡན་དེ་རྒྱབ་སྡེ་བརྒྱད་གཏོར་མ་བརྒྱད་སོ་སོའི་སྲོག་ཡིག་ཤོག་གུར་བྲིས་པ་བཙུགས་པ་རྣམས་སྣོད་སོ་སོར་བཤམ། དབུས་སུ་ཁྲིའུའི་ཁར་རྣམ་བུམ་སྟེང་ཐོད་ཆང་དར་མཐིང་གིས་བཀབ། མདུན་དུ་གཏེར་སྲུང་ཐ་ར་ནག་པོ་ལ་གཏོར་མ་སྦྲུལ་དཀྲིས་གཙོ་འཁོར་གསུམ་ལིངྒས་བརྒྱན་པ་དང་། ཁྱུང་ལྔ་གཅིག་བསྡུས། རྒྱལ་ཆེན་བཞིའི་ཙཀ་ལི་སོ་སོ་བ། རཀྴའི་ཕྲེང་བ་བཅས། དར་སྣ་ལྔའི་ཅོད་པན། ༈ དེའི་ཚེ་དབང་ལ། ཚོམ་བུ་གཅིག་པའི་སྟེང་ཚེ་འབྲང་། གཡས་སུ་རྣམ་བུམ། གཡོན་དུ་ཐོད་ཆང་། རྒྱབ་ཏུ་ཚེ་གཏོར་ཐབས་ཤེས་ཁ་སྦྱོར་ལྟར། མདུན་དུ་ས་བདག་ཀླུ་གཉན། གཟའ་བརྒྱད། ཀླུ་བརྒྱད་སྒོ་མ་བཞིའི་སྐུ་ཙཀ་དྲེགས་འདུལ་ལྟར། སྣོད་གཅིག་ཏུ་གཏོར་ཆུང་ཉེར་བརྒྱད་དང་། དབང་ཕྲེང་། ཚེ་རིལ་ཆང་བཅས། ༈ དག་སྣང་དྲང་སྲོང་དྲི་མེད་ལ། མཎྜལ་པད་འདབ་བཞི་ཚོམ་བུ་གཅིག་པའི་ཁར་རྣམ་བུམ། སྐུ་ཙཀ །གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། མདུན་དུ་འབུལ་གཏོར་དཀར་ཟླུམ་ཤིང་ཏོག་དཀར་མངར་གྱིས་བརྒྱན་པ། ༈ ལོཀྟྲི་པཱ་ལར། ཚོམ་བུ་གཅིག་པའི་སྟེང་དཀར་གཏོར་མངར་གསུམ་ཤིང་ཏོག་སྐུ་ཙཀ་གིས་བརྒྱན་པའི་གཡས་གཡོན་དུ་རལ་གྲི་ཐོ་བ། མདུན་དུ་འབུལ་གཏོར། ཆངས་བུ་བརྒྱད་གྱེན་བསླངས་གཏོར་མ་རྣམས་བཞག ༈ །གཏེར་གསར་ལོཀྟྲི་ལ། ཚོམ་བུ་གཅིག་པའི་རྣམ་བུམ། མདུན་དུ་དབང་གཏོར་དང་ཕྱག་མཚན་གོང་མཚུངས། སྔགས་བྱང་བཅས་སོ།། ༈ །།དེ་ནས་མཁའ་འགྲོའི་སྐོར་ལས་ཐོག་མར། ༈ ཉང་གཏེར་ཕག་མོ་ཞལ་གཉིས་མ་ལ། རྡུལ་ཚོན་ནམ་རས་བྲིས་སྟེང་ཁྲིའུ་ལ་ཐོད་པ་དུམ་གཅིག་བདུད་རྩིས་བཀང་བའི་ཁར་མེ་ལོང་ལ་སིནྡྷུ་རས་ཆོས་འབྱུང་ལྟེ་བར་བཾ། མཐར་སྔགས་ཕྲེང་གིས་བསྐོར་བའི་ཟུར་གསུམ་དུ་དགའ་འཁྱིལ་རེ་རེ་བྲིས་པས་བཀབ་པའི་སྟེང་དར་དམར་གྱི་གུར་ཕུབ། གཡས་སུ་རྣམ་བུམ། གཡོན་དུ་མེ་ཏོག་དམར་པོ། རྒྱབ་ཏུ་ཏིང་ལོ་དམར་པོ་སློབ་མའི་གྲངས་མཉམ། གཡོན་དུ་མཁའ་འགྲོའི་གཏོར་མ་རྒྱན་ཤ་ཆང་བཅས། འཛོམ་ན་བྱིན་འབེབས་སྦྱར་སྤོས། མ་འཛོམ་ན་སྤོས་དྲི་ཞིམ་པོའང་འདུ་བྱ། ༈ ཕག་མོ་དོན་གྲུབ་མ་ལ། མཎྜལ་གཞུང་མཐུན་སྟེང་མེ་ཏོག་དམར་པོའི་ཚོམ་བུ་བཀོད་པར་དར་གུར་དབུབ། ཏིང་ལོ་དམར་པོ་སློབ་མའི་གྲངས་མཉམ། སྦྱར་སྤོས་དང་། ཁྱད་པར་མཆོད་པ་གང་འཛོམ་གཞུང་གསལ་ལྟར་ལ་མ་འཛོམ་པ་རྣམས་དེར་མོས་པའི་ས་བཅད་ཙམ་རེ་བཞག ༈ །དབུ་བཅད་མ་ལ། རྡུལ་ཚོན་ནམ་རས་བྲིས་སྟེང་ཁྲིའུར་བུམ་པའི་ཁར་ཐོད་ཆང་། དེ་སྟེང་མེ་ལོང་ལ་ཆོས་འབྱུང་དབུས་སུ་ཨོཾ་གཡས་ཧཱུྃ་གཡོན་དུ་ཨཱཿ ཕྱིའི་མུ་ཁྱུད་ལ་སྔགས་གསུམ་བྲིས་པས་བཀབ་ཅིང་དར་གདུགས་ཕུབ། ༈ ཁྲོས་ནག་ལ། རས་བྲིས་སྟེང་བུམ་པའི་ཁར་ཐོད་ཆང་། དེ་སྟེང་མེ་ལོང་ལ་ཆོས་འབྱུང་བསྣོལ་མ་དགའ་འཁྱིལ་དྲུག་དང་བཅས་པའི་ལྟེ་བར་ཨ། ཕྱོགས་བཞིར་ཧ་རི་ནི་སའི་མཐར་རྩ་སྔགས་ཀྱིས་བསྐོར་བ་བཞག་ལ། དར་དམར་བརྒྱད་ལྟེབས་ཀྱིས་གུར་ཕུབ། ཤར་དུ་སྐུ་ཙཀ །ལྷོར་སྔགས་བྱང་། ནུབ་ཏུ་གྲི་ཐོད་ཁ་ཊྭཱཾ་དུར་ཁྲོད་ཆས་རྣམས་ཕྱོགས་བསྡུས། བྱང་དུ་སྒྲུབ་ཡིག་རྣམས་བཀོད། དབང་ཕྲེང་། ཐོད་ཆང་རྣམས་ཀྱང་འདུ་བྱ། ༈ ཁྲོས་ནག་དབང་རྒྱས་པ་ལ། སྔ་མའི་སྟེང་ལྷ་ཙཀ་ཚང་བ། དབུ་རྒྱན་རྡོར་དྲིལ། མིང་དབང་ཆས། མདུན་རྒྱབ་གང་བདེར་གཏོར་ཆེན་སྐུ་རྟེན་དར་གདུགས་ཀྱིས་སྤྲས་པ། གཙུག་རྒྱན་ནོར་བུ། ཁ་ཊྭཱཾ། གྲི་གུག །ཐོད་ཁྲག །རྒྱན་དྲུག །ཐོད་རློན་དོ་ཤལ། སྟག་ཤམ་རྣམས་སོ་སོ་བ། དུར་ཁྲོད་ཆས་ཕྱོགས་བསྡུས་བཅས་བཀོད། ༈ གཏུམ་མོའི་མེ་དབང་ལ། མཎྜལ་ཆོས་འབྱུང་ཉིས་བརྩེགས་སམ། འབྲུ་ཚོམ་ལྔ་བཀོད་པའི་དབུས། ཐོད་སྟེགས་མི་མགོའི་སྒྱེད་བུ་གསུམ་གྱི་ཁར། ཐོད་ཆང་སྨན་ཕབ་དང་དྲོད་སྨན་སྦྱར་བས་བཀང་བའི་ཁར་མེ་ལོང་སིནྡྷུ་རའི་ཆོས་འབྱུང་བསྣོལ་མའི་དབུས་དང་ཕྱོགས་བཞིར་ཨ་ཧ་རི་ནི་ས་ལ་རྩ་སྔགས་ཀྱིས་གཡོན་དུ་བསྐོར་བས་བཀབ། དེ་སྟེང་མཉྫིའི་སྟེང་ཐོད་སྣོད་དུ་འབྲུ་བཟང་པོའི་རྗེན་ལ་བདུད་རྩི་ཆོས་སྨན། རིན་པོ་ཆེ་འབྲུ་སྨན་ཤ་ཁྲག་མེ་ཏོག་ཕྱེ་སྟེ་ཁྱད་པར་གྱི་རྫས་བསྲེས་ལ་དཔལ་གཏོར་ཟུར་གསུམ་རྣམ་པ་འཁོར་རང་འདྲ་བཞིས་བསྐོར་བའི་མཐར་དཀར་མངར་རིགས་དང་དྲོད་སྨན་གང་འཛོམ་སྦྱར་བའི་རིལ་བུ་སློབ་མའི་གྲངས་མཉམ་གཅེར། སྐུ་རྟེན་དང་དར་གདུགས་ཕུབ། དཀྱིལ་འཁོར་གྱི་མཐར་བུར་སྦྲང་དང་དྲོད་སྨན་སྦྱར་བའི་ཟན་ལ་སློབ་མའི་གྲངས་ལས་ལྷག་པའི་ཞུན་མར་གྱི་ཏིང་ལོ། གཞན་ཡང་མཁའ་འགྲོའི་གཏོར་འབུལ་གཉིས་བཅས་བཀོད། ༈ མཁའ་འགྲོ་གསང་བ་ཀུན་འདུས་རྩ་དབང་ལ། དཀྱིལ་འཁོར་རས་བྲིས་དབུས་མཉྫིའི་ཁར་ཐོད་པ་མཚན་ལྡན་ཆང་ལ་བདུད་རྩི་ལྔ་སྦྱར་བས་བཀང་བའི་ཁར། སིནྡྷུ་རའི་མེ་ལོང་ལ་ཆོས་འབྱུང་བསྣོལ་མའི་ལྟེ་བར་བཾ། མཐའ་སྐོར་དུ་ཐུགས་གསུང་སྐུའི་སྔགས་རིམ་པ་གསུམ་དུ་བསྐོར་བས་བཀབ་པའི་སྟེང་དུ་ཤེལ་རྡོ། མདུན་དུ་གཙོ་འཁོར་སོ་བདུན་གྱི་ལྷ་ཙཀ །ཕྱོགས་གང་བདེར་གསང་དབང་ཐོད་པའི་བདུད་རྩི། དཔལ་འབར། མེ་ལོང་གསལ་བ། གཙོ་མོའི་སྐུ་ཙཀ །མདའ་གཞུ། མར་མེ། རིག་ཙཀ་རྣམས་དང་རྗེས་གནང་ཆས། ཕྲེང་བ། དུང་། གླེགས་བམ། དུར་ཁྲོད་ཆས་བརྒྱད། ཤ་ལྔ་བདུད་རྩི་ལྔའི་རིལ་བུ་ཐོད་ཆང་དུ་བླུགས་པའམ་མ་འཛོམ་ན་གཟུགས་བརྙན་བྲིས་པ་བཅས་བཀོད། བཀའ་སྲུང་བཀའ་གཏད་ལ་གཏོར་མ་ཟུར་གསུམ་གཙོ་འཁོར་གསུམ་པ་དར་གདུགས་ཅན་ཡང་བཀོད། ༈ གཏོར་དབང་ལ་གཏོར་མ་གཞུང་གསལ་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ་དཀྱིལ་འཁོར་ཀྱི་དབུས་སུ་བཀོད། སྔ་མའི་ཞར་བྱུང་བྱེད་ན་དཀྱིལ་འཁོར་རྒྱབ་ཕྱོགས་ལྟ་བུར་བཞག །གཉིས་ཀ་ལའང་སློབ་མ་ལ་སྦྱིན་རྒྱུ་ཟས་སྣ་དང་ཐོད་ཆང་ལྷན་ཅིག་ཏུ་བཀོད་དོ། ༈ །རྡོ་རྗེ་མཁའ་འགྲོའི་ཚེ་སྒྲུབ་སོགས་བཞི་ལ། འཛོམ་ན་རས་བྲིས་དཀྱིལ་འཁོར། མ་འཛོམ་ན་མཁའ་འགྲོ་བཞི་ལ་རིམ་བཞིན་ཚོམ་བུ་ལྷ་མདོག་བཀོད་པའི་སྟེང་སོ་སོའི་དབང་རྫས་བཤམ་དགོས་པས། འདི་ལ་ཚོམ་བུ་དཀར་པོ་གཅིག །དེ་སྟེང་ཚེ་འབྲང་། གཡས་གཡོན་དུ་ཚེ་རིལ་ཆང་དང་མདའ་དར་བཀོད། ༈ རིན་ཆེན་མཁའ་འགྲོའི་ནོར་སྒྲུབ་ལ། གཏོར་མ་རིན་ཆེན་འབར་བའི་དབྱིབས་ཅན་ནོར་བུ་མིག་གསུམ་མང་པོས་མཛེས་པར་བསྐོར་བ་རྒྱན་སྤྲོས་དར་གདུགས་སེར་པོ་ཅན། གཡས་སུ་ཐོད་པའི་བདུད་རྩི། གཡོན་དུ་ཐོད་པ་མཚན་ལྡན་འཁོར་ལོ་གཞུང་གསལ་དང་གཡང་རྫས་སྣ་ཚོགས་པས་བཀང་བ་བཞག ༈ །པདྨ་མཁའ་འགྲོའི་དབང་སྡུད་ལ། སྐུ་རྟེན་བྲིས་སྐུ། གསུང་རྟེན་སྲོག་འཁོར། ཐུགས་རྟེན་བྷནྡྷར་དབང་གི་རིལ་བུས་བཀང་བ་རྣམས་གཞུང་མཐུན་བྱས་ལ་གཡས་གཡོན་མདུན་གསུམ་དུ་བཀོད། དབང་གི་མེ་ཐབ། ཡམ་ཤིང་། མར་ཁུ། མངར་གསུམ་ལ་རྫས་སྦྱར་གྱི་རིལ་བུ། མེ་ཏོག་དམར་པོ་ཆང་གིས་སྦགས་པ། ལན་ཚྭ་བཅས་སྲེག་རྫས་རྣམས་དང་། དགང་བླུགས། གསེར་སྐྱེམས་མཆོད་པ་བཅས་འདུ་བྱ། ༈ ལས་ཀྱི་མཁའ་འགྲོའི་ཟོར་དབང་ལ། ཟངས་ལྕགས་ཀྱི་སྣོད་དུ་ཟོར་གཏོར་ཁྲོ་མོའི་ཞལ་ཅན་གཏོར་ཆུང་ལྷ་གྲངས་ཀྱིས་བསྐོར་བ། དེ་རྒྱབ་ཟོར་ཀོང་། ཟུར་གསུམ་བརྒྱད་ལ། ཤར་དུ་ཡུངས་ཀར། ལྷོར་རྩང་། ནུབ་ཏུ་དུག །བྱང་དུ་རྡོ། ཤར་ལྷོར་མེ། ལྷོ་ནུབ་དུག་ཁྲག །ནུབ་བྱང་མདའ། བྱང་ཤར་ཕུང་སའི་ཟོར་རྣམས་བཀོད། མཚེ་ཉུངས་ཤ་ཁྲག་གིས་བརྒྱན་ཅིང་དར་ནག་གི་གདུགས་ཕུབ་ལ། གཡས་གཡོན་དུ་སྔགས་བྱང་དང་། གནམ་ལྕགས་རྡོ་རྗེ་བཞག །ཕྱག་རྒྱ་བཞིའི་ཆས། ཧོམ་དང་ལིངྒ་། བྱང་ཐག །དུག་ཁྲག །སྒྲོལ་ཕུར། རྩེ་གསུམ། གྲི་གུག །ཐོད་ངན་དུ་ཁྲག་ཐུན་སྦྱར་བ་རྣམས་ཉེ་བར་བསྡོག་གོ ༈ །གཡག་ཆར་སྔོན་མོའི་སྒྲོལ་ལྗང་ལ། མཎྜལ་ཚོམ་བུ་ལྗང་གུ་གཅིག་བཀོད་པའི་སྟེང་མཉྫི་ལ་བུམ་པ་ཉེར་ལྔའི་རྫས་དང་ཆིངས་ལྗང་ཅན། མདུན་དུ་དབང་གཏོར་དཀར་ཟླུམ། སྐུ་ཙཀ །སྔགས་ཕྲེང། ཨུཏྤལ་ལྗང་གུའི་ཙཀ་ལི་བཅས་བཀོད། ༈ བླ་མ་དགོངས་འདུས་མཁའ་འགྲོའི་དབང་། རས་བྲིས་སྟེང་རྣམ་བུམ་ཐོད་ཆང་མེ་ལོང་ཆོས་འབྱུང་བསྣོལ་མའི་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་ཧྲཱིཿམ་བཾ། འདབ་བཞིར་ཧ་རི་ནི་ས། རྩིབས་དྲུག་དགའ་འཁྱིལ་བྲིས་པ་རྣམས་བརྩེགས་པ་དར་དམར་གྱིས་བཀབ། རིགས་ལྔའི་ཕྱག་མཚན་སོ་སོ་བ། དབུ་རྒྱན། མེ་ལོང་། མཁའ་འགྲོའི་སྐུ་རྟེན། སྒྲུབ་ཡིག་དབང་ཕྲེང་། ཅོད་པན་རྣམས་དང་། རྒྱབ་ཏུ་མཁའ་འགྲོའི་གཏོར་མ་གཙོ་འཁོར་ལྔ་རྒྱན་ཅན་བཀོད། ༈ རཏྣའི་མཚོ་རྒྱལ་སྐོར་གསུམ་གྱི་མཚོ་རྒྱལ་ལ། རས་བྲིས་སྟེང་གཏོར་གདན་ཕོར་པ་ལྟ་བུའི་སྟེང་པདྨ་འདབ་བརྒྱད། དེ་སྟེང་རིན་ཆེན་འབར་བ་འདབ་བརྒྱད་རིལ་བུས་བསྐོར་བ་རྒྱན་སྤྲོས་སྐུ་ཙཀ་དར་གདུགས་ཅན་བཞག ༈ སྒྲོལ་མ་ལ། མཎྜལ་ཚོམ་བུ་གཅིག་བཀོད་པའི་སྟེང་བུམ་པ་ཉེར་ལྔའི་རྫས་དང་རྒྱན་ལྡན། ༈ ཁྲོས་ནག་ལ། རས་བྲིས་སྟེང་རྣམ་བུམ་ཐོད་ཆང་མེ་ལོང་ཆོས་འབྱུང་ལྟེ་བར་མ། མཐའ་སྐོར་སྙིང་པོ་བྲིས་པ་བཞག་ལ་དར་དམར་གྱིས་བཀབ་པའི་སྟེང་དུ་ཁྲོས་ནག་སྐུ་བརྙན་བྲིས་འབུར་གང་རིགས་བཞུགས། འདི་གསུམ་དཀྱུས་གཅིག་ཏུ་བསྐུར་ན། གཡས་གཡོན་དབུས་གསུམ་དུ་བཀོད། ༈ ཕག་མོ་ཟབ་རྒྱ་ལ། རས་བྲིས་དབུས་ཐོད་ཆང་བྱང་སེམས་དཀར་དམར་ཆོས་སྨན་བཏབ་པའི་ཁྲིའུ་ལ་དཔལ་གཏོར་རྟ་ཞལ་དང་ཕག་ཞལ་གྱིས་མཚན་པ་རྒྱན་སྤྲོས་དར་གདུགས་ཅན་བཤམ། ༈ ཕག་དཀར་ཡེ་ཤེས་འཁོར་ལོ་ལ། སྐུ་མཚན་མའི་དཀྱིལ་འཁོར་གཞུང་མཐུན་བྲིས་པའམ། མཎྜལ་ལ་མེ་ཏོག་དཀར་པོའི་ཚོམ་བུ་གཅིག་བཀོད་པའི་སྟེང་ཁྲིའུ་ལ་གསུང་བདུད་རྩིའི་དཀྱིལ་འཁོར་ཀ་པཱ་ལ་ཨ་མྲྀཏའི་བཅུད་ལྡན་གྱི་ཁར། ཐུགས་མེ་ལོང་ལ་སིནྡྷུ་ར་བརྡལ་བར་ཆོས་འབྱུང་བསྣོལ་མའི་དབུས་སུ་ཧྲཱིཿགྲ་བཞིར་དགའ་འཁྱིལ་རེ་རེ་བྲིས་པས་དགབ། མདུན་དུ་སྐུ་ཙཀ །ཤེལ་ཕྲེང་། ཁ་ཊྭཱཾ་ག །སྒྲུབ་ཡིག །སྣ་ཚོགས་རྡོ་རྗེ་དང་བདུད་རྩི། གཡས་སུ་ཐོད་པ་མཚན་ལྡན་གཞུང་མཐུན་ཚེ་རིལ་གྱིས་བཀང་བའི་ཁ་དར་དམར་གྱིས་བཀབ་པ་དང་ཚེ་འབྲང་དཀར་མངར་བཟའ་བཏུང་། གཡོན་དུ་བདུད་རྩི་རིལ་བུས་བཀང་བའི་སྨན་གྱི་ཕོ་བྲང་། སྐོང་ཆོག་དབང་རྟེན་མར་མེ་རྣམས་བཀོད། ༈ ཞིག་གླིང་སྒྲོལ་དཀར་ལ། རྡུལ་ཚོན་སོགས་ཀྱི་དཀྱིལ་འཁོར་སྟེང་རྣམ་བུམ་ཉེར་ལྔའི་བཅུད་ལྡན་ཁ་རྒྱན་ལ་སྐུ་ཙཀ་བཙུགས་པའི་མདུན་དུ་དཀར་ཟླུམ་རྒྱན་ལྡན། ཤེལ་རྡོ། ཨུཏྤལ་དཀར་པོ་རྣམས་དང་། རིལ་ཆང་མདའ་དར་སྤྱི་ལྟར། ཤེལ་ཕྲེང་། རྒྱལ་སྲིད་རྫས་བརྒྱད་ཕྱོགས་བསྡུས་རྣམས་བཞག ༈ །སྤྲུལ་སྐུའི་སྙིང་ཐིག་གི་སྒྲོལ་དཀར་ལ། པདྨ་འདབ་བརྒྱད་སྟེང་རྣམ་བུམ། གཡས་སུ་གཏོར་ཟླུམ་འཁོར་བཞིས་བསྐོར་བ་སྐུ་ཙཀ་དར་གདུགས་ཅན། གཡོན་དུ་ཤེལ་རྡོ་དང་། ཤེལ་ཕྲེང་། རྒྱབ་ཏུ་རིལ་ཆང་སྣ་བདུན་རྫས་བརྒྱད་ཕྱོགས་བསྡུས་བཅས། ༈ སྲོག་སྒྲུབ་ཕག་མོ་ལ། རས་བྲིས་དབུས་རྣམ་བུམ་བཀོད་པའི་འོག་ཏུ་མར་མེ་སྦར། མདུན་སོགས་སུ་གསང་ཐོད་མེ་ལོང་སིནྡྷུ་རའི་ཐིག་ལེ་ཅན་དར་དམར་གྱིས་བཀབ། མེ་ལོང་གཡའ་དག་ཤེལ་རྡོ། རྨ་བྱའི་མདོངས། རིག་ཙཀ །དཔལ་འབར་མཐོ་གང་བ་ལྔ་སྣོད་གཅིག་ཏུ་བཙུགས་པ། བདུད་རྩི། རུས་རྒྱན་རྐང་གླིང་ཌཱ་རུ་སོགས་བཀོད། ༈ སྨིན་གླིང་གསང་ཡེ་ལ། དཀྱིལ་འཁོར་གཞུང་མཐུན་སྟེང་རྣམ་བུམ་ཐོད་ཆང་མེ་ལོང་ཆོས་འབྱུང་ལྟེ་བར་ཧྲཱིཿ ཟུར་གསུམ་དུ་ཨོཾ་ཨཱཿཧཱུྃ། ལོགས་གསུམ་དགའ་འཁྱིལ་བྲིས་པ་རྣམས་བརྩེགས་ལ་དར་དམར་གྱི་གུར་ཕུབ། བགེགས་གཏོར་དཔལ་འབར་བཙུགས་པ་དང་། སློབ་མའི་གདན་དགའ་འཁྱིལ་དམར་སེར་ཡང་འདུ་བྱ། ༈ སྟག་ཤམ་མཚོ་རྒྱལ་ལ། རས་བྲིས་སམ་མཎྜལ་སྟེང་ཚོམ་བུ་གཙོ་འཁོར་དགུ་དེ་རྒྱབ་ཕྱོགས་བཞིར་བཀོད་པའི་སྟེང་། ་གཏོར་མ་རྒྱ་གར་དམ་གཟུགས་མའམ་མ་ཤེས་ན་གཏོར་ཟླུམ་དཀར་པོ་པད་འདབ་བཞི་པའི་ཕྱོགས་བཞིར་དཀར་བཤོས་བཞི། མཚམས་བཞིར་དམར་གཏོར་བཞི། དེ་རྒྱབ་ཐེབས་ཀྱུ་བཞིས་བསྐོར་བ། རྒྱན་སྤྲོས། སྐུ་ཙཀ །དར་གདུགས་བཅས་པ། ཤར་དུ། རྣམ་བུམ། ལྷོར་དབུ་རྒྱན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། དབུས་མདུན་རྡོར་དྲིལ་ལྷན་ཅིག་པ་དང་ཅོད་པན། མཚམས་བཞིར་ཤེལ་ཕྲེང་། སྦ་ལྕགས་ཚིགས་གསུམ་དར་སྣ་བཏགས་པ། ཌཱ་དྲིལ། རྐང་གླིང་རྣམས་བཀོད། གཞན་ཡང་གསང་ཐོད་བདུད་རྩི་རིག་ཙཀ །ཤེལ་རྡོ་མེ་ལོང་རྨ་བྱའི་མདོངས། ལས་བུམ། བདུད་རྩི་རིལ་བུའམ་ཆོས་སྨན་རིལ་མོ་སློབ་མའི་གྲངས་མཉམ། སིནྡྷུ་ར། ཐོག་མར་སྦྱིན་རྒྱུའི་ཅོད་པན་དམར་པོ། སོ་ཤིང་། སྲུང་སྐུད་སྔོ་དམར་འདོགས་རྒྱུ། ཀུ་ཤའི་ཆུན་པོ་རྣམས་ཉེ་བར་བསྡོག ༈ །ཆོས་གླིང་ཁྲོས་ནག་ལ། བསྙེན་སྒྲུབ་བཅས་འཛོམ་དཀའ་བས་དབང་བསྐུར་དཀྱུས་མར་སྤྱི་འགྲོ་ཙམ་དུ། རས་བྲིས་སམ་ཚོམ་བུའི་སྟེང་ཐོད་ཆང་ཁར་མེ་ལོང་ལ་ཆོས་འབྱུང་དགའ་འཁྱིལ་ཕྱག་མཚན་ས་བོན་ལྔ་བྲིས་པས་བཀབ་ལ་དར་དམར་གྱི་གུར་ཕུབ། མདུན་དུ་རྣམ་བུམ། རུས་རྒྱན། ཐོད་ཌཱར་ཁ་ཊྭཱཾ་བམ་རོ་ཤ་ལྔའི་བཟང་བཏུང་རྣམས་བཀོད། ༈ རོལ་རྡོར་ཕག་མོ་ལ། རས་བྲིས་སམ་ཚོམ་བུ་དམར་པོའི་ཁར་རྣམ་བུམ་སྐུ་ཙཀ་དང་བཅས་པ། གཡས་སུ་ཐོད་ཆང་དང་བགྲང་ཕྲེང་དམར་པོ། གཡོན་དུ་མེ་ལོང་སིནྡྷུ་རའི་ཐིག་ལེ་བཀོད་པ་དང་ཤེལ་རྡོ། རྒྱབ་ཏུ་དབང་གཏོར་གཞུང་གསལ། མདུན་དུ་རིགས་ལྔའི་ཕྱག་མཚན་རྣམས་བཀོད། ༈ ཐུགས་རྡོར་སྒྲོལ་དཀར་ལ། མཎྜལ་ཚོམ་བུ་གཙོ་བོ་གཅིག་ལ་འཁོར་ཉེར་གཅིག་གིས་བསྐོར་བའི་སྟེང་བུམ་པ་ཆིངས་དཀར་ཉེར་ལྔའི་བཅུད་ལྡན། དེ་སྟེང་ཐོད་པའི་བདུད་རྩི་དང་མེ་ལོང་ཤེལ་རྡོ་བཀོད། ཚེ་རིལ་ཆང་མདའ་དར་བཅས་བཤམ། ༈ ཀློང་སྙིང་ཡུམ་བཀའ་བདེ་ཆེན་རྒྱལ་མོའི་རྩ་དབང་ལ། རས་བྲིས་སམ་ཚོམ་བུ་དམར་པོ་གཅིག་བཀོད་པའི་སྟེང་ཐོད་ཆང་ཉེར་ལྔའི་རྫས་དང་ཆོས་སྨན་གྱིས་བཀང་བའི་ཁར་སིནྡྷུ་རའི་མེ་ལོང་ཆོས་འབྱུང་བསྣོལ་མ་བྲིས་པའི་དབུས་སུ་དགའ་འཁྱིལ་ཏཱཾ་གྱིས་མཚན་པ། ཕྱོགས་བཞིར་དགའ་འཁྱིལ་བཞི་ལ་ཧ་རི་ནི་ས་མགོ་ཕྱིར་བསྟན་བྲིས་པས་བཀབ། དེ་སྟེང་དྲིལ་བུ་བཞག་ལ་དར་གུར་ཕུབ། ༈ འཕགས་མའི་སྙིང་ཐིག་གི་རྩ་དབང་ལ། སྟ་གོན་རྫས་བཞི། སློབ་མ་མཆོད་པ་བསྡོག །རས་བྲིས་ཀྱི་དཀྱིལ་འཁོར་དབུས་ཁྲིའུ་ལ་རྣམ་བུམ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་གཟུངས་རྡོར་དང་བཅས་པ། ཤར་དུ་དབུ་རྒྱན། ལྷོར་རྡོ་རྗེ། ནུབ་ཏུ་དྲིལ་བུ། བྱང་དུ་རྡོར་དྲིལ་ལྷན་ཅིག་པ། གཙོ་འཁོར་ལྷ་ཙཀ་བཅུ་གཅིག །ཤེལ་ཕྲེང་། མེ་ལོང་། གསང་ཐོད། རིག་ཙཀ །ཤེལ་རྡོ་རྣམས་སྤྱི་ལྟར་བཀོད། རྗེས་གནང་ཆས་དུང་། དྲིལ་བུ། སྒྲུབ་པོད། གླེགས་བམ། གདུགས་རྣམས་ཀྱང་ཟུར་དུ་འཇོག ༈ །ཡང་ཟབ་བྱིན་རླབས་ལ། རས་བྲིས་དབུས་སུ་ཐོད་པར་བཅུད་ལེན་རིལ་བུ། གཡས་སུ་རྣམ་བུམ། གཡོན་དུ་ཚེ་འབྲང་། ༈ ཐུན་མོང་རྗེས་གནང་ལ། དཀྱིལ་འཁོར་དབུས་བུམ་པ། གཡས་སུ་ཐོད་ཆང་། གཡོན་དུ་ཚེ་འབྲང་། མདུན་དུ་ཚེ་རིལ་རྣམས་བཞག ༈ །མཆོག་གླིང་གཏེར་གསར་མཁའ་འགྲོའི་སྐོར་གྱི་མཁའ་འགྲོ་དགོངས་འདུས་སྙིང་པོ་ལ། རས་བྲིས་སམ་དགུ་ཚོམ་སྟེང་རྣམ་བུམ། གཡས་སུ་གསང་ཐོད། གཡོན་དུ་རིག་ཙཀ །མདུན་དུ་ཤེལ་རྡོ་དང་རྨ་བྱའི་མདོངས། རྒྱབ་ཏུ་དཔལ་གཏོར་རྒྱན་ལྡན་བཀོད། ༈ ཐུགས་སྒྲུབ་སྒྲོལ་ལྗང་ལ། རས་བྲིས་སམ་མཎྜལ་ཚོམ་བུ་ཉེར་གཅིག་པའི་དབུས་སུ་རྣམ་བུམ། མདུན་དུ་དབང་གཏོར་ཅོག་ཟླུམ་དཀར་པོ་རྒྱན་ལྡན། སྐུ་བརྙན། ཤེལ་ཕྲེང་། ཕྱག་མཚན་ཨུཏྤལ་ལྗང་གུ་རྣམས་ཇི་ལྟར་བདེ་བར་བཀོད། ༈ དགོངས་གཏེར་སྒྲོལ་མའི་ཟབ་ཏིག་གི་ཕྱི་སྒྲུབ་ལ། མཎྜལ་ལ་འབྲུ་དཀར་གྱི་ཚོམ་བུ་དབུས་སུ་གཅིག །མཐའ་སྐོར་དུ་ཉེར་གཅིག་བཀོད་པའི་མདུན་དུ་གཟུངས་བུམ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་ཁ་རྒྱན་ཅན་བཀོད། ༈ ནང་སྒྲུབ་ལ། རས་བྲིས་ཀྱི་དཀྱིལ་འཁོར་བཏིང་། ཤར་སྒོར་གཡས་སུ་རྣམ་བུམ་ཉེར་ལྔའི་བཅུད་ལྡན་ཆིངས་ལྗང་གུ་གཟུངས་རྡོར་བཅས། ཅི་ལྟར་བདེ་བར་དབུ་རྒྱན། རྡོ་རྗེ། དྲིལ་བུ། གཙོ་འཁོར་དགུ་པོའི་ལྷ་ཙཀ །སྔགས་ཕྲེང་བཀོད། ༈ གསང་སྒྲུབ་ལ། རས་བྲིས་དཀྱིལ་འཁོར་རམ་མ་འཛོམ་ན་ཚོམ་བུ་གཙོ་འཁོར་དགུ་བཀོད་པའི་དབུས་སུ་མཉྫི་ལ་རྣམ་བུམ་བཅུད་ལྡན་ཆིངས་ལྗང་གུ་ཅན་གྱི་ཁར། ཐོད་པ་མཚན་ལྡན་བདུད་རྩིས་བཀང་བའི་སྟེང་དུ་མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་ཆོས་འབྱུང་བསྣོལ་མ་དགའ་འཁྱིལ་དང་བཅས་པའི་ལྟེ་བར་ཏཱཾ། མཐར་གཡོན་བསྐོར་དུ། ཨོཾ་ཏཱ་རེ་ཏུཏྟཱ་རེ་བཛྲ་ཝཱ་ར་ཧཱི་བཾ་སྭཱ་ཧཱ། ཞེས་བྲིས་པ་བཞག་ལ་དར་དམར་གྲུ་གསུམ་གྱིས་བཀབ་པའི་སྟེང་ཤེལ་རྡོ་བཞག ༈ །ཟུར་བཟའི་ཐུགས་དམ་སྐོར་དྲུག་གི་མཁའ་འགྲོའི་སྐོར་ལས་དང་པོ་ཕག་མོ། གཉིས་པ་སྒྲོལ་མ། གསུམ་པ་གསང་ཡེ། བཞི་པ་མནྡཱ་ར་བ། ལྔ་པ་མཚོ་རྒྱལ་བཅས་སོ་སོའི་ལྷ་ཙཀ་བརྗེ་བ་མ་གཏོགས་དབང་གི་སྤྱི་ཁོག་འདྲ་བར། དཀྱིལ་འཁོར་རས་བྲིས་སམ་ཚོམ་བུ་གཙོ་འཁོར་ལྔ། དེ་རྒྱབ་བཞི་སྟེ་དགུ་བཀོད་པའི་ཁར་ཁྲིའུར་རྣམ་བུམ། གཡས་སུ་ཕྱི་ནང་གསང་གསུམ་ལ་དཔལ་གཏོར་དམར་པོ། ཡང་གསང་མཁའ་འགྲོ་གཉིས་ལ་གཏོར་ཟླུམ་དཀར་པོའི་དབང་གཏོར་རྒྱན་ལྡན། མདུན་དུ་ལྷ་སོ་སོའི་སྐུ་ཙཀ །སྔགས་བྱང་། མཆོད་རྟེན་དང་སོ་སོའི་ཕྱག་མཚན། གཡོན་དུ་གསང་ཐོད། ཤེར་དབང་ལ་པདྨ་དམར་པོའི་ཟེའུ་འབྲུར་རྡོ་རྗེ་དཀར་པོ་རྩེ་ལྔ་ཕྱེད་ནུབ་བྲིས་པ་རྣམས་བཀོད། མནྡཱ་ར་བར་ཚེ་འབྲང་དང་རིལ་ཆང་ཡང་བཞག་གོ ༈ །གསང་བ་ཡེ་ཤེས་ལ། ཚོམ་བུ་གཙོ་འཁོར་ལྔའི་སྟེང་བུམ་པ་ཐོད་ཆང་སིནྡྷུ་རའི་མེ་ལོང་ཆོས་འབྱུང་བསྣོལ་མ་ཧྲཱིཿམཐར་སྔགས་བྲིས་པ་རྣམས་བརྩེགས་ལ་དར་དམར་ཟུར་གསུམ་པས་བཀབ་པའི་སྟེང་ཤེལ་རྡོ་བཀོད། ༈ སྨིན་ལུགས་གཅོད་དབང་ལ། མཎྜལ་པདྨ་འདབ་བརྒྱད་སྟེང་རྣམ་བུམ། གཡས་གཡོན་དབུ་རྒྱན་རྡོར་དྲིལ། ཟླུམ་གཏོར། ཌཱ་རུ། རྐང་གླིང་། རུས་རྒྱན་ཙཀ་ལི་རྣམས་བཀོད་དོ།། ༈ །།དེ་ནས་ཆོས་སྐྱོང་རྣམས་ཀྱི་ཐོག་མ། ཡེ་ཤེས་མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོ་ལ། སྟ་གོན་རྫས་བཞི། རས་བྲིས་དབུས་རྣམ་བུམ་སོགས་རིག་དབང་ཆས་ལྔ། མདུན་དུ་དབང་གཏོར་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ། རྒྱབ་ངོས་སུ་གསང་ཐོད། རིག་ཙཀ །མེ་ལོང་དྭངས་པ་རྣམས་དང་། མཐའ་སྐོར་དུ། ལྕགས་ཁང་ལིངྒ་རལ་གྲི་དང་གྲི་གུག །ཞིང་དབྱུག་དང་བིང་། རྡོ་རྗེ། ཕུར་བུ། ཐོད་ཁྲག །རུ་མཚོན། སྦྲུལ་ཞགས། རྔ། ཡུངས་ཐུན། གུ་གུལ། རི་གླིང་། རྒྱ་གྲམ། མེ་ཕུང་། མདའ་གཞུ་ཟོར་ཀོང་རྣམས་སོ་སོ་བ་བཞག །འདི་ཕྱིན་ཆད་ཆོས་སྐྱོང་རྣམས་ལ་གཏོར་མ་མི་འདྲ་བ་སོ་སོར་ཡོད་པ་སོ་སོའི་དབང་ཆོག་དང་དཔེའུ་རིས་ལས་ཤེས་པར་བྱ་ཞིང་། གཏོར་སྣོད་ཐོད་པ་ཟངས་ལྕགས་སྐབས་བསྟུན། འཛོམ་ན་ཐམས་ཅད་ལ་སོ་སོའི་སྐུ་ཙཀ་དང་དར་གདུགས་རང་མདོག་འཛུགས་དགོས་པ་དང་། དཀྱིལ་ཐང་མེད་པའི་མཎྜལ་རིགས་ལ་དུག་ཁྲག་གིས་བྱུག ༈ །གཏེར་གསར་ཟབ་བདུན་ལེགས་ལྡན་ལ། རས་བྲིས་སྟེང་རྣམ་བུམ་ཁར་ཐོད་ཆང་དེ་སྟེང་མེ་ལོང་ལ་སིནྡྷུ་རས་ཆོས་འབྱུང་ནང་དབུས་སུ་ཐིག་ལེ་ཆེ་ཆུང་གསུམ། དེ་རྒྱབ་བཞི་བྲིས་པས་བཀབ་པའི་སྟེང་ཤེལ་རྡོ་བཞག །སྐུ་ཙཀ་བདུན། ཕྱག་མཚན་སེང་ཕུར། སྦྲུལ་ཞགས་དང་ཐོད་ཁྲག་གྲི་གུག་མཚོན་ཆ་འཁོར་ལོ། རལ་གྲི །སེར་བ་དང་ཆུ་སྲིན་ཞགས་པ། ཁྲམ་ཤིང་དང་ནད་རྐྱལ་རྣམས་དང་། སྲུང་ཟློག་བསད་མནན་སྲེག་འཕང་གི་རྫས་ཕྱོགས་བསྡུས་རྣམས་བཀོད། ༈ དེའི་ལས་མགོན་མ་མགོན་ཞལ་སྦྱོར་ལ། རས་བྲིས་སམ་འབྲུ་ནག་དགུ་ཚོམ་སྟེང་དབང་གཏོར། སྐུ་ཙཀ་དང་སྔགས་བྱང་དཀར་དམར་མཐིང་གསུམ་རེ། གྲི་ཐོད། མེ་ལོང་ཕུར་པ། ༈ ཕྱག་བཞི་པ་ལ། རས་བྲིས་སྟེང་རྣམ་བུམ་ཁར་ཐོད་ཆང་། དེ་སྟེང་མེ་ལོང་ལ་ཆོས་འབྱུང་གཉིས་བརྩེགས་དབུས་མགོན་པོ་ཡབ་ཡུམ་རྩ་སྔགས་བྲིས་པས་བཀབ་དར་ནག་གི་གུར་ཕུབ། གཡས་སུ་དཔལ་བཤོས་དང་། གཡོན་དུ་ལས་མགོན་གཏོར་མ་རྒྱན་ལྡན། མདུན་དུ་སྐུ་ཙཀ་རྣམས། རྒྱབ་ཏུ་གིང་ཕོ་མོའི་གཏོར་མ་རྣམས་བཀོད། ༈ མགོན་དཀར་ཚེ་དབང་ལ། པདྨ་འདབ་བརྒྱད་སྟེང་རྣམ་བུམ་ཉེར་ལྔའི་རྫས་ལྡན། མདུན་དུ་དཔལ་གཏོར་ཉི་ཟླའི་རྒྱན་ལྡན་ཚེ་རིལ་གྱིས་བསྐོར། མར་ཟན་ལ་སྙིང་པོ་ལྔ་དང་སྦྱར་བའི་ཚེ་རིལ། གཡོན་དུ་ཐོད་ཆང་། རྒྱབ་ཏུ་ཚེ་མདའ་དར་དམར་པོ་མེ་ལོང་ཅན་རྣམས་བཞག ༈ །གཏེར་གསར་ཕྱག་བཞི་པ་ལ། རས་བྲིས་སྟེང་བུམ་ཐོད་མེ་ལོང་ཤེལ་རྡོ་སྔར་ལྟར་དང་། ལྷ་ཙཀ་ཚང་མ་བཀོད་པས་འཐུས། མེ་ལོང་ལ་ཆོས་འབྱུང་ནང་ཐིག་ལེ་གཙོ་འཁོར་དགུ་བྱའོ། ༈ །གུར་མགོན་སྲོག་གི་སྤུ་གྲི་ལ། རས་བྲིས་ཀྱི་དབུས་སུ་ཨེ་ཁྲོམ་ལ་ཕུར་པ་ཕྱོགས་བཞིར་བྷནྡྷ་དམ་རྫས་ཀྱིས་བཀང་བ། གྲི་གུག །དཔལ་གཏོར། ཕྲེང་བ་རྣམས་བཀོད། ༈ གཏེར་གསར་ཕྱག་དྲུག་པ་པདྨ་སྒྱུ་འཕྲུལ་དྲྭ་བའི་ལུགས་ལ། རས་བྲིས་སྟེང་དབང་གཏོར་དང་སྐུ་རྟེན། སྔགས་བྱང་། ཕྱག་མཚན་གྲི་ཐོད་པདྨ་ཁ་ཊྭཱཾ་ཐོད་རྔ་སྤྲུལ་ཞགས་ཕྱོགས་བསྡུས་བཞག ༈ །ཟབ་མོ་སྐོར་དགུའི་ཕྱི་སྒྲུབ་གཏོར་དབང་ཐུན་མོང་བ་ལ། མཎྜལ་དཀྱིལ་འཁོར་རམ་མེ་ཏོག་ནག་པོའི་ཚོམ་བུ་ལྔ་བཀོད་པའི་སྟེང་དུ་ཁྲིའུའི་ཁར་ལྕགས་སམ་ཐོད་སྣོད་དུ་དཔལ་གཏོར་དམར་པོ་གཙོ་འཁོར་ལྔ་མཐེབ་ཀྱུས་བསྐོར་བ་ལ་སྐུ་ཙཀ་དང་དར་གདུགས་ཀྱིས་བརྒྱན་པ་བཀོད། འདི་ལ་བསྡུ་ན་སྔགས་བྱང་ཕྱག་མཚན་མི་དགོས། ༈ དཔལ་མགོན་མ་ནིང་ལ། མཎྜལ་གྲུ་གསུམ་མཐིང་ནག་གི་དབུས་འབྲུ་ནག་ཁྲག་གིས་སྦགས་པའི་ཚོམ་བུ་དབུས་སུ་ཆེ་ཆུང་གསུམ། དེ་རྒྱབ་ལྔ་བཀོད་པའི་སྟེང་དུ་དབང་གཏོར། གཡས་སུ་རྣམ་བུམ་དང་གཙོ་སྐུ། མདུན་ནས་གཡས་བསྐོར་དུ་སྟག་ཞོན་སྐུ་དང་བེར་ནག །བིང་སྐུ་དང་སྒྲུབ་པོད་སྲོག་སྙིང་། ཐུགས་མགོན་སྐུ་དང་གྲི་གུག་ཧཱུྃ་མཚན། སེང་ཞོན་སྐུ་དང་མདའ་རྒོད་སྒྲོ་མར་དར་ནག་ལ་ཁྲོ་ཞལ་དང་ཧཱུྃ་བྲིས་པ། ཏྲཀྴད་སྐུ་དང་སེང་ལྡེང་ཕུར་པ་ཁྲོ་ཞལ་ཅན་རྣམས་བཀོད། ལིངྒ་གཞུང་གསལ་མ་འབྱོར་ན་ཟན་ལིང་ཁྲག་གིས་སྦགས་པ་ལྕགས་ཧོམ་དུ་བཞག །ཐུན་རྫས། མཚོན་ཆ། མེ་ཧོམ། རཀྟའི་སྣོད། ཚོམ་བུ་བཀོད་རྒྱུ་ཐལ་ཆེན། ཚིལ་གསུར་སོགས་འདུ་བྱའོ། ༈ །རཏྣ་ལུགས་ཀྱི་མ་ནིང་སྲོག་དབང་ལ། དཀྱིལ་འཁོར་དབུས་ཁྲིའུར་བུམ་པ་ཆིངས་སྔོན་སོ་ལྔའི་བཅུད་ལྡན་ཁ་རྒྱན་གསེབ་ཏུ་དཔལ་མགོན་སྐུ་ཙཀ་བཙུགས་པ། གཡས་གཡོན་དུ་སྒྲུབ་པོད། སྲོག་སྔགས། རྡོ་རྗེ་གྲི་གུག་ཧཱུྃ་མཚན། དར་ནག་ལ་སྐུ་བྲིས་པའམ་མ་འཛོམ་ན་ཨོཾ་ཨཱཿཧཱུྃ་རཾ་བྲིས་པ། ཞགས་པ། བླ་རྡོ་ཁ་ཊྭཱཾ་མདུང་ཐུང་། ལྕགས་ཕུར། མདུན་དུ་རྟག་གཏོར་རྒྱུན་གཏོར་གཉིས་བཀོད། ཐོད་ངན་དུ་ལིངྒ་དང་ཐུན་རྫས། མེ་ཧོམ་སོགས་འདུ་བྱ། ༈ གཏོར་དབང་ཁོ་ན་ལ། དཀྱིལ་འཁོར་དབུས་སུ་རྟེན་གཏོར་སྐུ་གཟུགས་དར་ནག་གི་ལྡིང་གུར་ཅན་བཀོད། བིང་དང་རུ་མཚོན། སྙིང་དང་ཞགས་པ། སྒྲུབ་ཡིག །བླ་རྡོ་རྣམས་ཀྱང་བཞག་གོ ༈ །སྟག་ཞོན་ལ། མཎྜལ་གོང་མཚུངས་ཚོམ་བུ་གཙོ་འཁོར་གསུམ། དེ་རྒྱབ་བརྒྱད་བཀོད་པའི་ཁར་དབང་གཏོར་དང་སྐུ་རྟེན། གཡས་གཡོན་དུ་རཀྴའི་ཕྲེང་བ། ཙནྡན་གྱི་བིང་བཅས། ༈ མགོན་པོ་བིང་ལ་། ས་བྲིས་སྟེང་དུ་དབང་གཏོར་སྐུ་རྟེན་དང་བཅས་པ། གཡས་གཡོན་དུ་རག་ཕྲེང། བིང་། ལྕགས་པར། ཕུར་བུ་རྣམས་བཞག ༈ །ཏྲཀྴད་དྭགས་པོ་ལུགས་ལ། ཆོས་འབྱུང་གྲུ་གསུམ་མཐིང་ནག་མེ་རིས་མཚན་པའི་སྟེང་དམར་གཏོར་ཟུར་གསུམ་རྣོ་དབལ་ཅན་མེ་རི་ཤ་ཁྲག་དར་གདུགས་ཀྱིས་བརྒྱན་པ། ༈ མ་ནིང་མ་ལ། མཎྜལ་སྔར་ལྟར་ལ་གཏོར་མ་གཙོ་བོའི་གཡས་ཕྱོགས་སུ་དེ་ལས་དམའ་བ་གཅིག །མཐེབ་ཀྱུ་བཅུ་གཉིས་ཀྱིས་བསྐོར། ༈ ལས་མཁན་འབྲོང་ཞལ་ཅན་ལ། མ་ནིང་མའི་བཅའ་གཞི་དེ་ལྟར་བཀོད་པའི་མདུན་དུ་མཎྜལ་ཆོས་འབྱུང་སུམ་བརྩེགས་ཟུར་དགུ་པ་མི་རོ་དང་བཅས་པའི་སྟེང་དུ་དམར་གཏོར་ཟུར་གསུམ་རྒྱན་ལྡན་བཀོད། ༈ ཤྭ་ནའི་ཞལ་ཅན་ལ། མཎྜལ་ལ་ཆོས་འབྱུང་བསྣོལ་མ་སྔོན་པོ་ཐོད་པའི་རི་མོ་ཅན་གྱི་ནང་དུ་གྲུ་གསུམ་ནག་པོའི་ལྟེ་བར་ཐིག་ལེ་དམར་པོ་གཅིག །དེ་མདུན་ཆུང་བ་གཅིག །ཟུར་དྲུག་ལ་རེ་རེ་བཀོད་པའི་ཁར་དཔལ་གཏོར་ཟུར་གསུམ་དམར་པོ་དར་གདུགས་ཅན་བཤམ། མདུན་དུ་ཐོད་པའི་བདུད་རྩིའང་བཞག ༈ །དཔལ་མགོན་ཞལ་བཞི་པ་ལ། མཎྜལ་གོང་འདྲའི་སྟེང་ཚོམ་བུ་གཙོ་འཁོར་ལྔ་བཀོད་པ་ལ་དབང་གཏོར་རྒྱན་ལྡན་བཀོད། ལྕགས་ཧོམ་དུ་ཟན་ལིང་དང་གདབ་ཕུར་འདུ་བྱ། ༈ བྱང་གཏེར་བསྟན་སྲུང་ཡོངས་རྫོགས་ལ། རས་བྲིས་དབུས་རྣམ་བུམ་ཐོད་ཆང་བརྩེགས་པ་དར་ནག་གིས་བཀབ་པའི་ཁར་སིནྡྷུ་རའི་མེ་ལོང་ཆོས་འབྱུང་དབུས་སུ། ཨོཾ་ཤྲཱི་མ་ཧཱ་ཀ་ལ་ག་ཎ་གུ་ཏི་ཡོ་གི་ཤྭ་རི་ས་མ་ཡ་ཧཱུྃ་ཛཿཛཿ ཞེས་བྲིས་པས་བཀབ་པ་ལ་དར་མཐིང་ནག་གི་གུར་ཕུབ། རྒྱབ་ཏུ་དབང་གཏོར། མདུན་དུ་མཆོད་གཏོར། གཡས་གཡོན་དུ་གྲི་སྙིང་ཐོད་རློན་སྦྲུལ་ཆུན་བིང་གྲི་གུག་དང་གཎྜི། མདའ་མདུང་རལ་གྲི་ཐུན་རྫས་རྡོར་དྲིལ་ཆ་ལང་རྔ་དུང་ཕྱོགས་བསྡུས་བཞག ༈ །ཚོགས་བདག་གཏེར་མ་ཁམས་བྱོན་མ་ལ། རས་བྲིས་སྟེང་རྣམ་བུམ། ཤར་དུ་གཏོར་མ་སྐུ་ཙཀ་ཅན། ལྷོར་གྲི་སྙིང་སྲོག་འཁོར་ཅན། ནུབ་ཏུ་ཐོད་ཆང་། བྱང་དུ་བྲུབ་ཁུང་ཉའོ་ཕུར་བུ་མཚོན་ཆ་ཐུན་རྫས། དབུས་སུ་ལྷ་ཙཀ་རྒྱབ་ཏུ་སྔགས་བྱང་བྲིས་པ་རྣམས་དང་། སྒྲུབ་ཡིག་བཀོད། ༈ གཏེར་གསར་ཤྭ་ནའི་གཏོར་དབང་ལ། ཚོམ་བུའི་སྟེང་དབང་གཏོར་ཐོད་སྣོད་དུ་དམར་གཏོར་ཐོག་མདེལ་དབྱིབས་ཅན། གཏོར་ཆུང་ཉེར་བཞི་དང་མཐེབ་ཀྱུ་མང་པོས་བསྐོར་བ། མེ་རི་དང་རལ་གྲི་ཐོད་ཁྲག་གིས་བརྒྱན་པ་ལ། མདའ་དར་ནག་པོ་མེ་ལོང་སྐུ་རྟེན་བཅས་བཀོད། སྔགས་བྱང་། རལ་གྲི་ཐོད་ཁྲག །གཡས་གཡོན་སྨན་རཀ་བཀོད། ༈ གཏེར་གསར་ཆོས་སྐྱོང་དགོངས་འདུས་སྙིང་པོ་ལ། རས་བྲིས་སམ་ཚོམ་བུ་ལྷ་གྲངས་དབུས་དབང་གཏོར་དང་སྐུ་ཙཀ །སྔགས་བྱང་། ཕྱག་མཚན་གྲི་ཐོད་བཅས། ༈ ཞིག་གླིང་མ་ཧཱ་ཀཱ་ལ་དཔལ་མགོན་བདུན་ཅུའི་སྲོག་གཏད་ལ། དཀྱིལ་འཁོར་དབུས་ཁྲིའུ་ལ་ཟངས་ལྕགས་ཀྱི་སྣོད་དུ་གཏོར་མ་རི་རབ་བང་རིམ་བཞི་པའི་སྟེང་གྲུ་གསུམ་གདན་ཐབས། དེ་སྟེང་མགོན་པོའི་དཔལ་གཏོར་དང་ལྷ་མོའི་གཏོར་མ་བཞག །བང་རིམ་རྣམས་སུ་ལྷ་བརྒྱད། ཀླུ་བརྒྱད། གཟའ་བརྒྱད། ཕྱོགས་སྐྱོང་བཅུ། རྒྱལ་ཆེན་བཞི། འཇིགས་བྱེད་དགུ །རྒྱུ་སྐར་ཉེར་བརྒྱད་རྣམས་སོ་སོའི་དབྱིབས་མཐུན་གྱི་གཏོར་མ་བཀོད། མི་ཤེས་ན་བཤོས་ཟླུམ་གྲངས་ཚང་བཀོད་པ་ལ་རྒྱན་སྤྲོས་དར་གདུགས་ཅན་དང་། ཐོད་ཕྲེང་བཞག ༈ །ཨེ་ཀ་ཛཱ་ཊི་སྡེ་བདུན་ལ། རས་བྲིས་སམ་མཎྜལ་གྲུ་གསུམ་བསྣོལ་མར་ཚོམ་བུ་བདུན་གྱི་ཁར་མཉྫི་ལ་དབུས་དང་ཕྱོགས་བཞི། བྱང་ཤར་དུ་གཉིས་བཅས་སྡེ་བདུན་སོ་སོའི་གཏོར་མ་སྐུ་རྟེན་མདའ་དར་བཅས་པ་བཀོད་པའི་མདུན་དུ་མཆོད་གཏོར་སྤྱི་སྤུངས་སྨན་རཀ་བཅས། ལྷོར་རི་རབ་བང་རིམ་བཞི་པའི་སྟེང་གི་དབུས་དང་ཕྱོགས་བཞིར་མར་མེ་ལྔ་བཞག་པ། ནུབ་ཏུ་རྟེན་རྫས་དང་བཅས་པའི་མདའ་དར། བྱང་དུ་བྷནྡྷ་དམ་རྫས་ཀྱིས་བཀང་བ་རྣམས་དང་། གཞན་ཡང་རི་རབ། བ་དན། རྒྱལ་མཚན། སྙིང་ཕྲེང་། ཐུན་རྫས། རཀྟ། ཡུངས་ཀར། ཕུར་པ། རལ་གྲི །ཟན་ལིང་བཅས་འདུ་བྱ། ༈ སྔགས་སྲུང་མ་གཙོ་རྐྱང་ལ། རས་བྲིས་སྟེང་དབང་གཏོར་བཀོད། ཐོད་པ་དམ་རྫས་ཁྲག་ཆང་དུག་སོགས་ཀྱིས་སྦགས་པ། གྲི་སྙིང་། ཞིང་དབྱུག །སྒྲུབ་དཔེ། གུ་གུལ་ཚིལ་ཆེན་སོགས་ཀྱི་སྤོས་བཅས། ༈ རཏྣ་ལུགས་ཀྱི་རྗེས་གནང་ལ། རས་བྲིས་སམ་འབྲུ་ནག་ཚོམ་བུ་གཅིག་པའི་སྟེང་དུ་དབང་གཏོར་སྐུ་རྟེན་བཅས་པའི་མདུན་དུ་མཆོད་གཏོར་དང་བདུད་རྩི་བཤམ། ༈ སྨིན་ལུགས་ལ། དེ་དང་འདྲ་བའི་སྟེང་། སྔགས་བྱང་། ཡོད་ན་བླ་རྡོ་སྲོག་འཁོར། མེད་ན་ཕྱག་མཚན་སྙིང་དང་ཞིང་དབྱུག་དམ་རྫས་བཅས། ༈ རེ་ཏི་རང་བྱུང་རྒྱལ་མོ་ལ། རས་བྲིས་སྟེང་དབང་གཏོར་རྒྱན་ལྡན་བཀོད། ཕྲེང་བ་བཞག ༈ །ཉང་གཏེར་རྡོ་རྗེ་གཤོག་རྒོད་མ་ལ། རས་བྲིས་སམ་ཚོམ་བུའི་སྟེང་དབང་གཏོར་རྒྱན་ལྡན་བཀོད། ༈ གྲོལ་ཏིག་གཤོག་རྒོད་མ་དེ་དང་འདྲ་བའི་ཐོག །མདུན་དུ་ཕྱག་མཚན་ལྕགས་ཀྱུ་རྡོ་རྗེ་དགྲ་སཏྭ་ཐོད་པ་རྣམས། གཡས་སུ་ཚོགས་རྫས། རྒྱབ་ཏུ་རྟེན་རྫས། མདའ་མོ་དུང་ཤྭ་ཅན། གཡོན་དུ་སྲོག་ཡིག་བྷྱོ་དང་སྔགས་བྱང་རྣམས་བཀོད། ཡི་དམ་དཔལ་གཏོར་ཞབས་སུ་ལྷ་མོའི་བླ་རྡོ་སྤྱི་མཐུན་ནམ་མ་འཛོམ་ན་མཚོ་རྡེལ་སྔོན་པོ་ལ་བྷྱོ་ཡིག་བྲིས་པ་དར་སྔོན་གྱིས་བཏུམ་པ་བཞག །རེ་བ་ཚོན་སྐུད་དུམ་ཐོད་པ་རྣམས་དང་། ཐོད་རྔ་རྐང་གླིང་སྨན་རཀ་གཏོར་མ་རྣམས་ཕྱོགས་བསྡུས་གཏད་ཆོག་བཞག ༈ །གནམ་ཆོས་ཨ་ཕྱི་ལ། གཟུངས་དབང་ལྟར་བཀོད། ༈ གཡུ་སྒྲོན་མའི་བཀའ་གཏད་ལ། འབྲུ་སིལ་མ་བཀྲམ་པའི་དབུས་སོ་སོའི་གཏོར་མ། སྐུ་ཙཀ །ནས་ཐེབ་གང་། ཕྱག་མཚན་བཅས་བཀོད། དམིགས་བསལ་མེད་པའི་གནམ་ཆོས་བཀའ་གཏད་རིགས་ལ་འདིས་འགྲེ ༈ །རྡོ་རྗེ་རབ་བརྟན་མའི་ཐུན་མོང་རྗེས་གནང་ལ། མཎྜལ་དང་སྒྲུབ་གཏོར་གཞུང་མཐུན། སྐུ་ཙཀ །རལ་གྲི་ནེའུ་ལེའི་གཟུགས་བཀོད། ༈ སྲོག་སྒྲུབ་མ་ལ། རས་བྲིས་སྟེང་དབུས་སུ་གཙོ་མོ། གཡས་གཡོན་མདུན་གསུམ་དུ་འཁོར་གྱི་གཏོར་མ་སོ་སོར་བཀོད། ༈ གཟའ་བདུད་ལ། རས་བྲིས་དབུས་སུ་བུམ་པ་རྒྱན་ལྡན། མདུན་དུ་དབང་གཏོར་སྨན་རཀ་དང་བཅས་པ། ལྷོར་ཆུ་སྲིན་རྒྱལ་མཚན་སྦྲུལ་ཞགས་མདའ་གཞུ་མེ་ཕུང་རྣམས་སོ་སོ་བ། བྱང་དུ་འཁོར་གཟའ་བརྒྱད་ཀྱི་སྐུ་གཟུགས་དང་ཕྱག་མཚན་གྱི་ཙཀ་ལི་ཕྱོགས་བསྡུས་གཉིས་བཅས་བཀོད། འབུལ་གཏོར་ནུབ་ཏུའོ། ༈ །ཤན་པ་དམར་ནག་ལ། རས་བྲིས་སྟེང་དབང་གཏོར་ལ་མདའ་དར་ཁྱད་པར་བ་བཙུགས་པ། ཕྱོགས་བཞིར་རལ་གྲི །གྲི་གུག །སྙིང་ཞགས། ཐོད་ཁྲག་བཞི། མཚམས་བཞིར་སྐམ་རློན་གྱི་ཐུན་སྣོད། ཟོར་གཏོར་གྲུ་གསུམ། མེ་ཧོམ་གྱི་ཏིང་ལོ་གྲུ་གསུམ། མནན་པའི་སཱཙྪ་རྣམས་བཞག །མདུན་མཆོད་གཡས་གཡོན་དུ་ཞིང་ལྤགས་གླང་ཀོ་སྟག་ཤམ་སོ་སོ་བ། གཡོན་དུ་འབྲང་རྒྱས་བཟའ་བཏུང་བཅས་བཀོད། ༈ རཏྣ་ལུགས་ཀྱི་རྗེས་གནང་ལ། མཎྜལ་སྟེང་སྒྲུབ་གཏོར་སྐུ་རྟེན་དར་གདུགས་དམར་པོ་བཅས་གཞུང་མཐུན། གཡས་སུ་རལ་གྲི་གྲི་གུག །གཡོན་དུ་སྙིང་ཞགས་བནྡྷ། མདུན་དུ་མཆོད་གཏོར་རྣམས་བཤམ། ༈ པུ་ཏྲ་མིང་སྲིང་ལ། གོང་དུ་མགོན་པོའི་མཆོད་གཏོར་མཐོ་བར་བཤམ། དེ་མདུན་མིང་སྲིང་ལ་རྟག་གཏོར་ཟུར་བརྒྱད་ཀྱི་མདུན་འབུལ་གཏོར་བཅས་བཤམ། ༈ དཀར་བདུད་ལྕམ་དྲལ་ལ། མཎྜལ་ཆོས་འབྱུང་གྲུ་གསུམ་དཀར་པོའི་དབུས་སུ་འབྲུ་དཀར་པོའི་ཚོམ་བུ་བཀོད་པའི་སྟེང་དུ་འབྲང་རྒྱས་དཀར་པོ་ཕུག་རོན་གྱི་གཟུགས་དང་བཅས་པ་བཀོད། དེའི་གཡས་སུ་ཆོས་འབྱུང་གྲུ་གསུམ་ནག་པོ་ལ་འབྲུ་ནག་གི་ཚོམ་བུའི་ཁར་དམར་གཏོར་གྲུ་གསུམ་བཀོད། ༈ ལས་གཤིན་ལ། མཎྜལ་མཐིང་ནག་གྲུ་གསུམ་ཐོད་ར་མེ་རིས་བསྐོར་བ་ལ་ཚོམ་བུ་ཆེ་ཆུང་གཉིས། དེ་རྒྱབ་བརྒྱད་བཀོད་པའི་སྟེང་དུ་གཏོར་མ་རྒྱན་ལྡན་བཀོད། ༈ དམ་ཅན་མགར་དམར་རྗེས་གནང་ལ། སྟེགས་བུ་དམར་པོ་འབྲུ་ཚོམ་བཀོད་པའི་སྟེང་དུ་མཉྫིའི་ཁར་དབང་གཏོར་སྐུ་རྟེན་དང་བཅས་པ། གཡས་སུ་བླ་རྡོ་དང་སྒྲུབ་ཡིག །གཡོན་དུ་རྡོ་རྗེ་དང་སྙིང་གཟུགས་བཞག་གོ ༈ །དམ་ཅན་མགར་ནག་ལ། སྟེགས་ལ་ཚོམ་བུའི་སྟེང་རྟེན་གཏོར་སྐུ་དང་བཅས་པ་བཀོད། མེ་སྒྲོན་ཀྱང་བཞག ༈ །འགྲོ་འདུལ་ལས་འཕྲོ་གླིང་པའི་དམ་ཅན་ལ། དཀྱིལ་འཁོར་སྟེང་གཏོར་མ་མཁར་ཐབས་མ་ལ་སྐུ་ཙཀ་དང་ཕ་ཝཾ་ལོང་བུས་བརྒྱན་པ། ཟླ་གམ་གསུམ་ལ་དམར་གཏོར། སྨན་རཀ །མདའ་དར་མེ་ལོང་ཅན། མདུན་དུ་ཕ་ཝཾ་ལོང་བུ། ཤར་དུ་རྡོ་རྗེ་ལྕགས་ཀྱུ། ལྷོར་བུམ་པ་ཞགས་པ། ནུབ་ཏུ་རལ་གྲི་ལྕགས་སྒྲོག །བྱང་དུ་མདུང་དམར་ཐོ་བ། དབུས་སུ་བླ་རྡོ་ཕ་ཝཾ་ལོང་བུ་རྣམས་བཀོད། ༈ གཏེར་གསར་དམ་ཅན་ལྕམ་དྲལ་ལ། སྟག་ལྤགས་སྟེང་རྟེན་གཏོར་ཡོད་ན་རྟེན་མདའ་བླ་རྡོ་དང་མེ་ལོང་སྐུ་ཙཀ་བཙུགས། གཡས་གཡོན་དུ་རྡོ་རྗེ་དགྲ་སྙིང་། མེ་ལོང་དང་མདའ་དར་བཞག ༈ །ཞིང་སྐྱོང་སེང་གདོང་ལ། རས་བྲིས་སྟེང་ཚོམ་བུ་ལྷ་གྲངས་དང་བཅས་པའི་སྟེང་དུ་རྟེན་གཏོར་སྐུ་དང་བཅས་པ། མདུན་དུ་སྐུ་ཙཀ །གཡས་སུ་སྒྲུབ་ཡིག་སྔགས་བྱང་། མདུན་དུ་བདུད་རྩིའི་ཐོད་པ་རྣམས་དང་། བེར་ནག་དང་སྟག་ཤམ་མི་ལྤགས་མགོ་ཕྲེང་ཁྲག་ཐལ་བ་རུ་མཚོན་ཁ་ཊྭཱཾ་རྣམས་ཕྱོགས་བསྡུས། ཟན་ལིང་གཉིས་ཤོག་ལིང་གཅིག་ཧོམ་དུ་བཀོད་པ་བཅས། ༈ བདུད་འདུལ་ལུགས་ཀྱི་ཞིང་སྐྱོང་ལ། རས་བྲིས་སམ་ཚོམ་བུའི་ཁར་རྟེན་གཏོར། གཡས་གཡོན་སྨན་དང་རཀྟའི་ཐོད་པ། རྒྱབ་ཏུ་མདའ་དར་བླ་རྡོ་སྲོག་འཁོར་བཏགས་པ་བཞག ༈ །སྲོག་སྒྲུབ་དྲག་པོ་སྡེ་བཞིའི་བཀའ་གཏད་ལ། རས་བྲིས་སྟེང་རྣམ་བུམ་ཆས་ལྡན། ཕྱོགས་བཞི་དྲག་པོ་སྡེ་བཞིའི་གཏོར་མ་དར་གདུགས་སྐུ་ཙཀ་སོགས་རྒྱན་ལྡན། མདུན་དུ་ཤེལ་རྡོ་མེ་ལོང་ཧཱུྃ་ཡིག་སྒྲོ་མདོངས། གཡས་སུ་གཞུང་པོད་བགྲང་ཕྲེང་ཐོད་ཆང་། རྒྱབ་ཏུ་ཐོད་ཁྲག །གཡོན་དུ་བྲུབ་ཁུང་ཉའོ། གདབ་ཕུར་ཕྱག་རྒྱ་བཞི་སྒྲོལ་གྲི་རྣམས་དང་། གཞན་ཡང་ཐལ་རཀ་ཞག་གསུམ། དུར་ཁྲོད་ཆས། ཕྱག་མཚན་གྲི་གུག་སྦྲུལ་ཞགས་ལྕགས་ཀྱུ་བེ་ཅོན་ཞིང་དབྱུག་རྒྱུ་ཞགས་ཐོ་བ་སྦུད་པ་རྣམས་ཀྱི་ཙཀ་ལི་དང་། རཀྴའི་ཕྲེང་བ་བཅས་བཀོད། ༈ ཞིང་སྐྱོང་དུར་ཁྲོད་མ་མོ་ལ། སིནྡྷུ་རའི་དཀྱིལ་འཁོར་གཞུང་གསལ་སྟེང་རྟེན་གཏོར་རྒྱན་ལྡན། མདུན་དུ་མར་ཟན་འབུལ་གཏོར་ར་དཀར་མོའི་འོ་མ་ལ་སོགས་བཀོད། གླ་རྩི་སྤོས་དཀར་དང་སྦྱར་བའི་སྤོས་ཀྱང་བསྡོག ༈ །ཤ་ཟ་ཁ་མོ་ཆེའི་སྲོག་གཏད་ལ། རས་བྲིས་སྟེང་རྟེན་གཏོར་སྐུ་ཙཀ་རྒྱན་ལྡན། གཡས་གཡོན་ལྕགས་ཀྱུ་གྲི་སྙིང་། བགྲང་ཕྲེང་བཅས་བཀོད། ༈ བརྟན་མ་བཅུ་གཉིས་ལ། རས་དཀར་པོའི་གཞི་ལ་པདྨ་འདབ་མ་བཅུ་གཉིས་མུ་ཁྱུད་དང་བཅས་པའམ་ཚོམ་བུ་ལྷ་གྲངས་ཀྱི་དབུས་སུ་གོང་གནོན་བླ་མ་ཡི་དམ་གང་རུང་བཀོད་དགོས་པས་སྐབས་འདིར་བླ་མའི་གཏོར་མ་བཞག །པད་འདབ་བཅུ་གཉིས་ལ་བརྟན་མའི་གཏོར་མ་སྐུ་ཙཀ་དར་འཕན་བཅས། ཤར་སྟོད་ནས་བརྩམས་ཏེ་གཡས་བསྐོར་དུ་འགོད། སྨན་རཀ་གཏོར་གསུམ། དཀར་མངར་ཕུད་སྐྱེམས་ཕྱེ་མར་སོགས་སྒེར་མཆོད་གཞུང་གསལ། བཟང་ཤིང་སྤོས་དཀར་སོགས་འདུ་བྱ། ༈ པེ་ཧར་སྲོག་གཏད་ལ། སྟེགས་བུ་འབྲུ་སྣ་སིལ་མ་བཀྲམ་པའི་སྟེང་དུ་རྟེན་གཏོར་སྐུ་རྟེན་མདའ་དར་རྒྱལ་མཚན་གྱིས་བརྒྱན་པ་ཁ་ཟས་བཟང་དགུ་བཅས་བཀོད། མཆོད་གཏོར་མཐུན་རྫས་གཞུང་གསལ་དངོས་དང་། གཟུགས་བརྙན་ཇི་ལྟར་ཚོགས་པ་དང་། རིགས་ལྔའི་ཕྱག་མཚན། དམ་ཤིང་། སྟག །སྤྲེའུ། བྱ་རྒོད། སྤྱང་ཀི །ཟ་འོག་རྒྱལ་མཚན་ལྔ། སྨན་རཀ་གཏོར་གསུམ་ཕྱོགས་བསྡུས་བཅས། ༈ གནོད་སྦྱིན་ཙིའུ་དམར་པོའི་སྲོག་གཏད་ལ། མེ་ཏོག་དམར་པོའི་ཚོམ་བུ་བདུན་བཀོད་པའི་སྟེང་དུ་རྟེན་གཏོར་སྐུ་ཙཀ་སོགས་ཀྱིས་བརྒྱན་པ་བཀོད། རྒྱབ་ཕྱོགས་སྟེགས་མཐོ་བར་དཔལ་གཏོར། མེ་ཏོག་དམར་པོའི་སྣོད། ཕུར་བུ་དང་དབྱུག་ཏོ། གཡས་སུ་རྟེན་རྫས་མདུང་དམར། མདུན་དུ་བླ་རྡོ་འཁོར་ལོ། གཡོན་དུ་ཞགས་པ་དམར་པོ་རྣམས་བཀོད། ༈ གཉན་ཆེན་ཐང་ལྷའི་སྲོག་གཏད་ལ། སྟེགས་བུར་འབྲུ་སྣ་སིལ་མ་བཀྲམ་པའི་ཁར་རྟེན་གཏོར་ཁང་བཟང་མ་སྐུ་རྟེན་སོགས་ཀྱིས་བརྒྱན་པ། མདུན་དུ་ཁྱད་པར་གྱི་མཆོད་པ་རྣམས་དང་། ཤེལ་ཕྲེང་བཞག ༈ །གནམ་ཆོས་སྤོམ་རའི་བཀའ་གཏད་ལ། འབྲུ་སིལ་མ་བཀྲམ་པའི་ཁར་རྟེན་གཏོར། སྐུ་རྟེན། ནས་དཀར་ཐེབ་གང་། ཕྱག་མཚན་དར་མདུང་དང་བུམ་པ་ནོར་བུའི་བརྒྱན་པ་རྣམས་བཀོད། ༈ གཏེར་གསར་ཚེ་རིང་མའི་སྲོག་གཏད་ཐུན་མོང་བ་ལ། སྟེགས་བུར་འབྲུ་ཚོམ་ལྔའི་སྟེང་དུ་དབང་གཏོར་རྒྱན་ལྡན་བཀོད་དོ། འདི་ཡན་གྱི་ཆོས་སྐྱོང་ཐམས་ཅད་ལ་མདུན་དུ་མཆོད་གཏོར་གཙོ་འཁོར་ལྷ་གྲངས་དང་མཚུངས་པའི་གཡས་གཡོན་སྨན་རཀ་འགོད་དགོས་པ་ནི་ཐམས་ཅད་ལ་ཤེས་པར་བྱའོ།། ༈ །།དེ་ནས་དགོས་དབང་ཁྱད་པར་ཅན་གྱིས་བཞག་པའི་རྡོ་རྗེ་གཡུང་དྲུང་གླིང་པའི་ཡབ་སྲས་བཅུད་དྲིལ་ལ། གཞུང་གསལ་དཀྱིལ་འཁོར་རམ། མ་འཛོམ་ན་མཎྜལ་ཚོམ་བུ་གཅིག་བཀོད་པའི་སྟེང་། མཉྫིའི་ཁར་རྣམ་བུམ་ཆིངས་སྔོན་བཅུད་ཀྱིས་གཏམས་པ། མདུན་དུ་བླ་བརྒྱུད་ཙཀ་ལི། རྒྱབ་ཏུ་བླ་གཏོར་ཟླུམ་པོ་སྐུ་གཟུགས་ཀྱིས་བརྒྱན་པ་རྣམས་བཀོད། ༈ བོན་གཏེར་ཀུན་གྲོལ་ལས་འཕྲོ་གླིང་པའི་མཁའ་འགྲོ་གསང་མཛོད་ཀྱི་དབང་ལ། སྟེགས་དཀར་པོའི་སྟེང་འབྲུ་ཚོམ་དགུ་བཀོད་པའི་དབུས་མཉྫི་ལ་ཐོད་པ་མཚན་ལྡན་བྱང་སེམས་དཀར་དམར་ཆོས་སྨན་སྦྱར་བའི་ཆང་བཟང་པོས་བཀང། རིག་ཙཀ་མེ་ལོང་། རས་གོས་སྒོམ་ཐག་ཨང་རག་དངོས་སམ་བྲིས་པའི་ཙཀ་ལི་བཞག ༈ །རྗེས་དྲན་བཻ་རོའི་ཐུགས་ཏིག་ཚེ་སྒྲུབ་ཟབ་རྒྱ་ཅན་ལ། མཎྜལ་དཀྱིལ་འཁོར་སྟེང་ཚེའི་འབྲང་རྒྱས། གཡས་གཡོན་དུ་ཚེ་ཆང་ཚེ་རིལ། དཀར་མངར་བཟའ་བཏུང་བཅས་བཤམ། ༈ གཏེར་གསར་བོན་གསས་དབང་དྲག་འབར་བ་ལ། མཎྜལ་འབྲུ་ཚོམ་གཅིག་བཀོད་པའི་སྟེང་དཔལ་བཤོས་ཟུར་གསུམ་རྩེ་རྒྱལ་ཕྲག་པ་ཅན་རྒྱན་ལྡན། སྐུ་ཙཀ་དར་གདུགས་ཅན་བཀོད། ༈ སྤོམ་རའི་བཀའ་གཏད་ལ། གཞི་དཀར་འབྲུ་དཀར་གྱིས་གཡུང་དྲུང་གཡོན་བསྐོར་བྲིས་པའི་ཁར་རིན་པོ་ཆེའི་སྣོད་དུ་རི་རབ་བང་རིམ་བཞི་ལྡན་སྟེང་། གཏོར་མ་ཁང་བཟང་མ་ནམ་མཁའ་དར་གདུགས་དཀར་པོ་ཅན་མདའ་དར། གསེར་སྐྱེམས་བཅས་བཀོད་པར་བྱའོ། ༈ དེ་ནས་རྩ་གསུམ་ཆོས་སྐྱོང་དང་བཅས་པའི་ཕྲིན་ལས་ཁ་ཚར་གྱི་རིམ་པ་ལ། ཐོག་མར་བསྙེན་སྒྲུབ་སྤྱིའི་ཡན་ལག་ཏུ་ཉེ་བར་མཁོ་བའི་སྐོར་ལས། ༈ ཀློང་གསལ་བདུད་རྩི་འཁྱིལ་བ་ལ། མཎྜལ་ཚོམ་བུ་གཅིག་པའི་སྟེང་བུམ་པ། སྐུ་ཙཀ །སྔགས་བྱང་ངམ་ཕྲེང་བ། ཤེལ་རྡོ། མེ་ལོང་། གཏོར་མ་རྣམས། ༈ གནམ་ཆོས་བདུད་རྩི་འཁྱིལ་བ། ཀུན་ཐུབ་རྒྱལ་མོ་གཉིས་ཀར་གཟུངས་དབང་ཆས་དང་། ༈ མ་ཧཱ་བ་ལའི་བཀའ་གཏད་ལ། མཎྜལ་ཚོམ་བུ་ནག་པོའི་སྟེང་སྐུ་ཙཀ །ཐེབ་ནས། དམར་གཏོར། ཕུར་བུ་རྣམས་བཀོད། ༈ མེ་ལྷའི་བཀའ་གཏད་དེ་མཚུངས་ལ། ཚོམ་བུ་དམར་པོ། སྐུ་ཙཀ །ནས། གཏོར་ཟླུམ། རིལ་བ་སྤྱི་བླུགས་རྣམས་བཀོད། ཕྱེ་མར་རམ་ཟས་མཆོག་དང་མེ་ཧོམ་འདུ་བྱའོ།། ༈ །།དེ་ནས་མཆོག་གི་ཕྲིན་ལས་བཏགས་གྲོལ་གླེགས་བམ་གྱི་དབང་། བླ་མ་ཡང་ཏིག་གི་ལུགས་ལ། མཎྜལ་ཚོམ་བུ་ལྔ་པའི་ཁར་རིན་པོ་ཆེའི་སྣོད་དུ་འཁོར་ལོ་དར་གྱིས་དྲིལ་བ་བཀོད། ༈ མཁའ་འགྲོ་སྙིང་ཐིག་ལ། རྒྱུད་དྲུག་བཞག་པ་ལས་འདྲ། ༈ བླ་མ་དགོངས་འདུས་ལུགས་ལ། དཀྱིལ་འཁོར་རས་བྲིས་སམ་དགུ་ཚོམ་གྱི་དབུས་སུ་ཁྲིའུར་འབྲུའི་སྣོད་དུ་བཏགས་གྲོལ་དཀར་པོ་གཅིག་ཐུབ་ཀྱི་གླེགས་བམ་དར་བསྣས་བཀླུབས་པ་བཞག །གཡས་གཡོན་དུ་བུམ་པ་བཅུད་ལྡན། རིགས་ལྔའི་ཕྱག་མཚན་རྣམས་བཞག་གོ། ༈ །།ལས་སྣ་ཚོགས་པ་ལས། ཀློང་གསལ་རྒྱལ་མཚན་རྩེ་མོ་ལ། ཚོམ་བུ་གཅིག་སྟེང་བུམ་པ་ཆིངས་སེར་དང་། གཡས་གཡོན་དུ་གཏོར་མ། སྐུ་ཙཀ །ཐོད་པའི་བདུད་རྩི། ཤེལ་རྡོ་མེ་ལོང་རྣམས། ༈ གནམ་ཆོས་མདོས་ཆོག་ཉེར་མཁོའི་བཀའ་གཏད་ལ། རིགས་གསུམ་གཅིག་དྲིལ་ལ། གཟུངས་དབང་ཆས་བཀོད། ༈ ལས་ཧུར་དྲག་མོ་ལ། དཀྱིལ་འཁོར་གཏོར་མ་དཔེའུ་རིས་ལྟར་རམ་མ་འཛོམ་ན་ཚོམ་བུ་དབུས་སུ་གཅིག །དེ་རྒྱབ་ཕྱོགས་བཞིར་གཙོ་འཁོར་ལྔ་རེ། དེ་རྒྱབ་དགུ །དེ་རྒྱབ་བཞི། དེ་རྒྱབ་བརྒྱད་བཀོད་པའི་དབུས་སུ་བུམ་པ། གཏོར་མ་སྐུ་ཙཀ་བཙུགས་པ། བྷནྡྷ་བདུད་རྩི། རྡོ་རྗེ་བཅས། ༈ ཀག་ཟློག་རྣམ་དགུ་ལ། དམར་གཏོར་དགུ་ལ་སོ་སོའི་ཙཀ་ལི་བཙུགས་པ་དང་། དབང་རྫས་བུམ་པ་སོགས་གོང་ལྟར། དཀྱིལ་འཁོར་ཚོམ་བུ་རེ་རེ་བཀོད། ༈ ཧ་ས་གརྦྷའི་བཀའ་གཏད་ལ། མདུན་སྟེགས་ཁར་དམར་གཏོར་ཟུར་གསུམ་མཐེབ་ཀྱུས་བརྒྱན་པ། སྐུ་ཙཀ །ཐོད་ཆང་བཤམ། ༈ མ་མོའི་ཁྲག་མདོས་ཀྱི་བཀའ་གཏད་ལ། དམར་གཏོར་གཅིག་ལ་བྱ་ནག་ལུག་ནག་སྨན་ཏིང་རྣམས་ཀྱིས་བསྐོར་བའི་རྩེ་ལ་གཞུང་གསལ་སྐུ་ཙཀ་བཙུགས། འཛོམ་ན་ནམ་མཁའ་ཤིང་རིས་མདའ་འཕང་ཆུང་ངུ་བཙུགས། མ་འཛོམ་ན་ཙཀ་ལིའི་རྒྱབ་ཏུ་བྲིས་པས་ཆོག་པར་གསུངས། ༈ དབང་ཕྱུག་ཟོར་མདོས་བཀའ་གཏད་ལ། སྣོད་ལྔའི་ནང་དུ། ཀོང་ཟོར་གྲུ་གསུམ་ནང་དམར་གཏོར་ཟུར་གསུམ་བཞག་ཅིང་ཟུར་གསུམ་ལ་རྩང་གསུམ་རྩེ་བསྣོལ་བཙུགས་པ་གཙོ་འཁོར་ལྔ་ཕྱོགས་སོ་སོར་བཤམ། རྒྱས་པ་ཆོས་སྐྱོང་སྤྱིའི་བཀའ་གཏད་ཆས་བཤམ་མོ།། ༈ །།ལས་བྱེ་བྲག་པའི་ཐོག་མ་སྲུང་བའི་སྐོར་ལས། རྒྱ་ཕུར་བུའི་དུག་ཁྲག་རྫས་སྲུང་གི་བྱིན་རླབས་ལ། འཛོམ་ན་དུག་ཁྲག་རྭ་སྲུང་ཚད་ལྡན་བྱས་པ་དགོས་ཀྱང་དཀྱུས་སུ་འཛོམ་དཀའ་བས་རྫས་རྒོད་སོགས་སྦྱར་ནས་བསྒྲུབས་པའི་རྭ་སྲུང་སྟེགས་བུར་བཀོད། ༈ གནམ་ཆོས་འཇིགས་མེད་རྡོ་རྗེ་དང་། རྡོ་རྗེ་མཆུ་ལ་གཟུངས་དབང་གི་ཆས་སོ། ༈ །ཞིག་གླིང་དམག་ཟློག་ཉེར་ལྔའི་རྒྱལ་ཆེན་སྡེ་བཞིའི་བཀའ་གཏད་ལ། རས་བྲིས་དབུས་སུ་རྒྱལ་ཆེན་སྡེ་བཞིའི་གཏོར་མ་རིན་པོ་ཆེའི་སྣོད་བཞི་སོ་སོའི་ནང་རིམ་བཞིན་རི་རབ་བང་རིམ་བཞི་བརྩེགས་རེ་རེ་བཀོད་ལ་དེ་སྟེང་ཤར་དུ་ལྷ་བཤོས་དབྱིབས་པད་འདབ་མང་པོས་བསྐོར་བ། ལྷོར་གྲུ་བཞི་མཁར་ཐབས་རྩེར་རལ་གྲིས་བརྒྱན་པ། ནུབ་ཏུ་ཟླུམ་པོ་འདབ་བཞི་རྩེ་མོར་སྦྲུལ་རིགས་ལྔས་དཀྲིས་པ། བྱང་དུ་ཁང་བཟང་སུམ་བརྩེགས། དེ་བཞིའི་རྩེ་མོར་སོ་སོའི་སྐུ་རྟེན་རང་མདོག་མདའ་དར་དང་བཅས་པ། རི་རབ་རྩེ་མོར་རྒྱལ་མཚན་བཙུགས་པ་བཞག །དེ་སྟེང་ཁྲིའུར་རྣམ་བུམ་ཆིངས་སྔོན་ཅན། ཉེ་ལོགས་སུ་བ་དན། ཟས་སྣ་དང་དྲི་བཟང་གི་ཆུ། མཆོད་རྟེན། གདུགས། རྒྱལ་མཚན། དུང་དཀར། པུསྟི། རྡོ་རྗེ་རྣམས་སོ་སོའི་ཙཀ་ལི། རིན་པོ་ཆེ་འབྲུ་སྨན་དར་ཟབ་ལ་སོགས་པས་བཀང་བའི་བུམ་གཏེར། བྲུབ་ཁུང་ཤོག་ལིང་། ཕུར་པ། རལ་གྲི །ཐུན། མེ་ཧོམ་བཅས་སྟ་གོན་བྱ། ༈ དུག་སྲུང་བྱང་གཏེར་དུག་དབང་རྡོ་རྗེ་ཕ་ལམ་གྱི་དབང་གི་བཅས་བཤམ་སྔགས་འཆང་དབང་པོའི་སྡེའི་གསུང་ལས་འབྱུང་བ་ལྟར་བྱ་དགོས། ࿋ དུག་དབང་རྡོ་རྗེ་ཕ་ལམ་གྱི་བཅས་བཤམ། གནས་དབེན་པར་སློབ་དཔོན་ཁ་ལྷོར་བལྟས་པའི་མདུན་དུ་རས་དཀར་ཁ་ཚར་མ་ཉམས་པ་གྲུ་བཞིར་བལྟབས་པའི་སྟེང་དུ། དཀྱིལ་འཁོར་ཆོས་འབྱུང་གྲུ་གསུམ་པའི་དབྱིབས་ཅན། དེ་ཡང་གསུམ་གཉིས་ནས་དཀར་དང་ཆ་གཅིག་སྲན་མ་ནག་པོ་ལས་བྱས་པའི་ལྷོར་ཁ་བསྟན་པའི་དབུས་མན་ཛིའི་ཁར་བུམ་པ་འོ་མར་བཅས་པའི་དྲི་བཟང་གིས་ཕྱེད་གང་བའི་སྟེང་དུ། རིན་པོ་ཆེའི་སྣོད་དུ། གསེར་ཐིག་པོ་དང་སྨན་ཆེན་རྨ་བྱའི་མདོངས། ཟུར་གསུམ་ལྷོ་རྩེར་གུ་ལང་ནག་པོ་ལྕགས་ཀྱི་རྭ་ཅོ་འཕྱར་བ། ནུབ་བྱང་རྩེ་ལ་ཤྲཱི་རལ་པ་ཅན་མདའ་གཞུ་འགེང་པ་། བྱང་ཤར་རྩེ་མོར་དབང་ཕྱུག་ཆེན་པོ་ཏྲི་ཤཱུ་ལ་འགེང་པ། གསུམ་ཀ་ཡང་གཅེར་བུ་ལིངྒ་གྱེན་དུ་བསྒྲེང་བ་ཉམས་དོད་པར་འབུར་དུ་གྲུབ་པ། བུམ་པར་ཞལ་བསྟན་པའི་ཆོས་འབྱུང་གི་ལེབ་གསུམ་གྱི་ཤར་དུ་ལུག་ནག་འོག་ཅན་གྱི་རྐང་པ་གཡས་པའི་དཔྱི་ལྷུ། བྱང་དུ་བར་ལྷུ། ནུབ་ཏོག་རྩེ་ལྟ་བུ། གསུམ་ཀ་ཡང་ཤ་ནང་གྱེན་བསྟན་གྱི་བཅད་ཁ་ཕྱིར་བསྟན་པ། སློབ་དཔོན་གྱི་མདུན་གཡས་སུ། ནུབ་ངོས་ནས་ཚུར་ཟླུམ་གཏོར་གསུམ་དང་ཤེར་དབང་གི་རྫས་ཆུ་གཙང་ལ་ཅུ་གང་དང་ལི་ཁྲི་བཏབ་པ། བཞི་པའི་རྟེན་ཆོས་འབྱུང་གཏོར་མ་ཞེས་པ་སྟེ། དེ་ཡང་འོག་ནས་རིམ་པར་ཞི་རྒྱས་དབང་དྲག་གི་དབྱིབས་ཁ་དོག་སོ་སོར་བསྒྱུར་བ་ལས། སྟེང་གི་དྲག་པོ་ཐོག་གི་མདེའུ་ལྟ་བུ་སྟེ། གཏོར་མ་བཞི་ཀ་ཡང་དཀར་དམར་གྱིས་བརྒྱན། མཐའ་སྐོར་མཆོད་པ་གཡོན་བསྐོར་བཀོད་པའི་ཤར་དུ་ཤ་སྣ་སོགས་བཟའ་བཅའ་གང་ཡང་རུང་བའི་ཚོགས་གང་འཛོམ་མངོན་པར་འདུ་བྱའོ། ࿋ ༈ །གནམ་ཆོས་དགོངས་གཏེར་འོད་ཟེར་ཅན་མ་ལ། མཎྜལ་ཚོམ་བུ་གཅིག་བཀོད་པའི་དབུས་བུམ་པ་ཉེར་ལྔའི་རྫས་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་ལྡན་པ་དང་། མདུན་རྒྱབ་གང་བདེར་དབང་གཏོར་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ། རྟགས་བརྒྱད་ཙཀ་ལི་བཅས་བཞག་གོ། ༈ །།དེ་ནས་ཞི་བའི་ལས་ཚོགས་ཀྱི། ཐོག་མར་བགེགས་དང་བར་ཆད་ཞི་བའི་སྐོར་ལ། ཆོས་གླིང་བར་ཆད་སེལ་བའི་རྣམ་འཇོམས་བུམ་ཆོག་ལ། པདྨ་འདབ་བརྒྱད་སྟེང་བུམ་པ་རྫས་གཞུང་གསལ་ལམ་མ་འཛོམ་ན་ཉེར་ལྔའི་བཅུད་ལྡན་བཀོད། ༈ མཆོག་གླིང་ཐུགས་སྒྲུབ་རཀྴ་ཐོད་ཕྲེང་ལ། མཎྜལ་ཚོམ་བུ་དབུས་སུ་གཅིག་འཁོར་བཅུས་བསྐོར་བའི་སྟེང་རྣམ་བུམ། མདུན་དུ་དཔལ་གཏོར། སྐུ་ཙཀ །སྔགས་བྱང་ངམ་ཐོད་ཕྲེང་། ཕྱག་མཚན་རྡོ་རྗེ་ཐོད་པའི་ཙཀ་ལི་བཅས། ༈ ཐུགས་སྒྲུབ་མི་གཡོ་བ་རིགས་བཞི་ཀ་ལ། མཎྜལ་པདྨ་འདབ་བརྒྱད་རྡོ་རྭ་མེ་རིའི་བསྐོར་བའི་ལྟེ་བ་རང་མདོག་ལ་ཚོམ་བུ་དེ་མཚུངས་སམ་ཕྱག་མཚན་བྲིས་པའི་སྟེང་དུ་རྣམ་བུམ། སྐུ་ཙཀ །རལ་གྲི་ཞགས་པ་སོགས་ཕྱག་མཚན་སོ་སོ། མདུན་དུ་དབང་གཏོར་བཅས། ༈ ཞི་བྱེད་སྤྱི་བསྡུས་ལྷ་བཙུན་སྔོན་མོའི་ཞི་བྱེད་སྐོར་བདུན་ལ། མཎྜལ་པདྨ་འདབ་བརྒྱད་ཚོམ་བུ་དཀར་པོ་ཅན་གྱི་སྟེང་དུ་བུམ་པ་ཆིངས་དཀར་ཉེར་ལྔའི་བཅུད་ལྡན། མདུན་རྒྱབ་གང་བདེར་ཟླུམ་གཏོར་དར་གདུགས་དཀར་པོས་སྤྲས་པ། སོ་སོའི་སྐུ་ཙཀ་དང་། ཕྱག་མཚན། ཤེལ་ཕྲེང། དར་དང་རིན་པོ་ཆེའི་རྒྱན། རྫས་བརྒྱད་བཅས། སྐོར་བདུན་དུས་གཅིག་སྒྲུབ་བསྐུར་བྱེད་ན་དེ་འདྲ་ཚར་བདུན་བཤམ། སོ་སོའི་མཐའ་རྟེན་ཆས། དང་པོ་སྤྱན་མ་ལ་རིལ་བུ་ཚད་ལྡན་བསྒྲུབས་པའམ་མེད་ན་ཨ་རུ་ར་སློབ་མའི་གྲངས་མཉམ་དང་ཁྲུས་ཆས། གཉིས་པ་ལོ་མ་ཅན་ལ་དེའི་སྨན་རིལ་ལམ་སྤྲུ་ནག་ཤུ་དག་གུ་གུལ་ལ་སྔགས་བཏབ་པ། གསུམ་པ་འོད་ཟེར་ཅན་མ་ལ་སེང་ལྡེང་དབྱུག་པ་རྡོ་རྗེའི་ཏོག་ཅན། བཞི་པ་གཙུག་ཏོར་ལ་ཕུར་བུ་བྱད་དཀྲོལ་ཆས། ཚོན་སྐུད། གྲི་གསར་པ། ཡུངས་ཀར། མེ་ཧོམ། ཁྲུས་ཆས། གླུད་གཏོར་སོགས་བསྡོག །ལྔ་པ་ཤེར་ཕྱིན་དཀར་མོར་བསྒྲུབས་པའི་སྨན་མར་རམ་ཤུ་དག་དཀར་པོ་སྔགས་བཟླས། དྲུག་པ་སྒྲོལ་དཀར་ལ་ཕྱག་རྒྱ་བཅིངས་པས་ཆོག །བདུན་པ་རྨ་བྱ་ཆེན་མོར་ཚེ་འབྲང་རིལ་ཆང་རྣམས་བཀོད། འཆི་བསླུའི་གླུད་ཆངས་བུ་བཅས་པ་དང་ཁྲུས་ཆས་ཀྱང་ཉེར་བསྡོག་བྱའོ། ༈ །ནད་ཞི་བྱེད་ཀྱི་སྐོར་ལ། ཀློང་གསལ་སྨན་བླ་ལ། ཚོམ་བུའི་སྟེང་བུམ་པ་ཆིངས་སྔོན། གཡས་གཡོན་དུ་ཕྲེང་བ། རྡོ་རྗེ། ལྷུང་བཟེད་ཨ་རུ་ར་ལྡན་པ། སྨན་སྣ་ཚོགས་བཅས། ༈ གནམ་ཆོས་སྨན་བླ། མཎྜལ་ཚོམ་བུ་གཅིག་པའི་སྟེང་དབང་གཏོར་སྐུ་ཙཀ་དར་གདུགས་སྔོན་པོ་ཅན་བཀོད། ནད་པ་རྗེས་འཛིན་བྱེད་ན་སྔོན་གཏོར་དང་ཤོག་ཁྲ་བསྡོག ༈ །བདུད་འདུལ་པའི་ལུགས་ཀྱི་ལོ་གྱོན་མའི་དབང་ལ། རས་བྲིས་སམ་ཚོམ་བུ་གཅིག་པའི་ཁར་བུམ་པ་ཆིངས་དཀར་ཉེར་ལྔའི་རྫས་ལྡན། གཡས་སུ་གཏོར་ཟླུམ་དཀར་པོ་འཁོར་བཞི་དང་ཀྱུ་གུས་བསྐོར་བ། གཡོན་དུ་མེ་ལོང་སྨན་ལྔ་དང་སིནྡྷུ་རས་བྱུགས་པ་དང་ཤེལ་ཕྲེང་བཅས། ༈ གནམ་ཆོས་ལུགས་ཀྱི་གཏོར་དབང་ལ་གཏོར་མ་གཞུང་དང་དཔེ་རིས་ལས་འབྱུང་བ་སོ་སོའི་ཙཀ་ལི་བཙུགས་པ་བཤམ། ༈ སྟག་ཤམ་ལོ་གྱོན་མ་ལ། མཎྜལ་ཚོམ་བུ་གཅིག་སྟེང་བུམ་པ་ཉེར་ལྔའི་བཅུད་དང་ཆིངས་དཀར་འབྲས་བུ་ཅན་གྱི་ཤིང་གི་ཁ་རྒྱན་ལྡན་པ། མདུན་དུ་རིན་པོ་ཆེའི་སྣོད་དུ་སྨན་སྣའི་ཕྱེ་མ་བཞག ༈ །གྲུབ་ཐོབ་རིལ་དཀར་སྒོམ་ལུང་ལ། གཞི་སྟེང་ངམ་སློབ་དཔོན་མདུན། སྟེགས་དཀར་པོའི་ཁར་ཐོད་པ་མཚན་ལྡན་ཆང་ཉིང་ཁུ་བཟང་པོས་བཀང་བ་བཞག ༈ གདོན་ཞི་བྱེད་སྐོར་ལ། ཉང་གཏེར་ནམ་མཁའ་ལྡིང་དམར་པོ་ལ། བུམ་པ་དང་གཏོར་མ་ཁོ་ན། ༈ བྱང་གཏེར་ཁྱུང་ཆེན་ཡོངས་རྫོགས་ལ་མཎྜལ་ཚོམ་བུ་ལྔ་བཀོད་པའི་སྟེང་དུ་བུམ་པ། མདུན་དུ་གཙོ་ཁྱུང་མཐིང་ནག །ཁྱུང་རིགས་བཞི་བསྡུས་པའི་ཙཀ་ལི། གཡས་གཡོན་དུ་དབུ་རྒྱན་དང་རྡོར་དྲིལ་བཀོད། ༈ ལས་ཀྱི་བྱ་ཁྱུང་ནག་པོ་ལ། ཚོམ་བུའི་སྟེང་གཏོར་མ་གཙོ་འཁོར་བརྒྱད་པ་མེ་རིའི་རྒྱན་ལྡན་ལ་སྐུ་ཙཀ་དར་གདུགས་དབུབ། ༈ ལས་འབྲེལ་ལུགས་ཀྱི་གཉེན་པོ་ལྷ་གསུམ་ལ། སྟ་གོན་རྫས་མཆོད་པ་བཅས། རས་བྲིས་སམ་ཚོམ་བུ་གཙོ་འཁོར་ལྔ་པའི་སྟེང་དུ་ཁྲིའུ་གསུམ་ལ་བུམ་པ་མགུལ་ཆིངས་ནག་པོ་ཅན་ཉེར་ལྔའི་རྫས་ལྡན་གསུམ་བཞག །གཙོ་བོ་གསུམ། ཀླུ་བརྒྱད་བཅས་ཀྱི་ཙཀ་ལི། སྔགས་བྱང་། རྒྱབ་ཏུ་དཔལ་གཏོར། གཞན་ཡང་ཡུངས་ཀར། སེང་ཕུར། རལ་གྲི །རྡོ་རྗེ། སྨྱག་ཤད། རྨ་བྱའི་སྒྲོ་མདོངས། གུ་གུལ། དྲག་པོའི་འཁོར་ལོ། གཞུང་གསལ་རྫས་སྣ་ཡོད་ན་དང་། མེད་ན་རྫས་རྒོད་རྣམས་ཀྱང་གང་བདེར་བཞག ༈ །མཆོག་ལྡན་མགོན་པོའི་གཉེན་པོ་ལྷ་ལྔ་ལ། དཀྱིལ་འཁོར་རས་བྲིས་སམ་ཚོམ་བུ་གཅིག་པའི་སྟེང་དུ་བུམ་པ་ཆིངས་ནག་ཅན། མདུན་དུ་ལྷ་ལྔའི་ཙཀ་ལི་དང་རྟ་མགོ་ལྗང་ཞུར་རྔོག་མ་དམར་སེར་མར་ཟན་ལ་བཅོས་པ། གཡས་སུ་ཁྱུང་ལྔའི་རིལ་བུ་དང་ཐོད་ཕྲེང་། རྒྱབ་ཏུ་ཚེ་འབྲང་རིལ་ཆང་བཅས་པ་དང་། གནམ་ལྕགས་རྡོ་རྗེ། གཡོན་དུ་མེ་ལོང་། གདབ་ཕུར་སྟེགས་ལ་གཟུག ༈ །མ་ཏིའི་ཁྱུང་དམར་ལ། ཚོམ་བུ་གཙོ་འཁོར་ལྔ་པའི་སྟེང་བུམ་པ་ཁྱུང་ལྔའི་རྫས་ལྡན་དང་། ཡོད་ན་བྱ་ཁྱུང་རིགས་ལྔའི་སྐུ་ཙཀ་སོ་སོར་བཞག ༈ །ར་ཞི་པད་འཛིན་ཁྱུང་ཁྲ་ལ། དཀྱིལ་འཁོར་རམ་ཚོམ་བུ་གཙོ་འཁོར་ལྔ་པའི་སྟེང་རྣམ་བུམ། གཡས་སུ་ཐོད་ཆང་། གཡོན་དུ་མེ་ལོང་། རྒྱབ་ཏུ་ཁྱུང་ལྔའི་རིལ་བུ་སློབ་མའི་གྲངས་མཉམ་སྦྱིན་རྒྱུ་དང་སྐེ་ལ་འདོགས་རྒྱུའི་ཐུམ་པོ་བཅས། ༈ སྟག་ཤམ་ཁྱུང་ཁྲ་ལ། ཚོམ་བུ་ལྔ་པའི་སྟེང་བུམ་པ་ཁྱུང་ལྔའི་རྫས་དང་ཆབ་ཀྱིས་བཀང་བ། གཡས་གཡོན་དུ་ཐོད་ཆང་རྡོ་རྗེ། ཁྱུང་ལྔ་བཏབ་པའི་དྲི་ཆབ། ཁྱུང་ལྔ། ཕུར་བུ། ཡུངས་ཀར་འབྲུ་དགུ་སློབ་མའི་གྲངས་མཉམ་ཤོག་ཐུམ། ཐུན་རྭ། རི་རབ་སྟེང་དཔལ་གཏོར་སྐུ་རྟེན་དང་བཅས་པ་བཞག ༈ །རོལ་རྡོར་ཁྱུང་ཁྲའི་གཏོར་དབང་ལ། དཔལ་གཏོར་སྐུ་རྟེན་ཅན། ཕྲེང་བ་ཐོད་ཆང་རྡོ་རྗེ་བཅས། ༈ བདེ་གླིང་དྲག་པོ་ལྷ་གསུམ་ལ། རས་བྲིས་སམ་ལྷ་གྲངས་ཚོམ་བུའི་སྟེང་ཟངས་བུམ་ཉེར་ལྔའི་རྫས་དང་འོ་མས་བཀང་བ། ཤར་དུ་ལྷ་ཙཀ་དང་ཧཱུྃ་བཅུ། ལྷོར་དཔལ་གཏོར་སྐུ་གཟུགས་དར་གདུགས་བཅས། ནུབ་ཏུ་ཐོད་ཆང་ཕྲེང་བ་སྒྲུབ་ཡིག །བྱང་དུ་དུར་ཁྲོད་ཆས་བརྒྱད་རལ་གྲི་ལྕགས་ཀྱུ །གཞན་ཡང་ཚེ་རིལ་ཆང་བཟའ་བཏུང་། བཀའ་སྲུང་དམར་གཏོར་བཅས་འདུ་བྱ། ༈ དྲག་པོ་རྟ་ཁྱུང་ལ། ཚོམ་བུའི་སྟེང་དཔལ་གཏོར་སྐུ་རྟེན་དར་གདུགས་ཅན། མདུན་དུ་བུམ་པ་ཆིངས་དམར་བཅས་བཀོད། ༈ གཟའ་སྲུང་གསང་བདག་ཉི་མ་མདུང་གང་མ་ལ། མཎྜལ་པདྨ་འདབ་བརྒྱད་ཚོམ་བུ་སྔོན་པོ་གཅིག་བཀོད་པའི་སྟེང་དུ་མཉྫིའི་ལ་བུམ་པ་ཉེར་ལྔའི་བཅུད་ལྡན། གཡས་གཡོན་སྐུ་ཙཀ །རུས་ཕྲེང་། གནམ་ལྕགས་རྡོ་རྗེ། མདུན་རྒྱབ་གང་བདེར་དཔལ་གཏོར་རྒྱན་ལྡན་བཀོད། ༈ ཁྱུང་དམར་མེའི་གཤོག་པ་ཅན་ལ། མཎྜལ་ཚོམ་བུ་ལྔ་པའི་དབུས་སུ་ཁྲིའུར་རྣམ་བུམ། མདུན་སོགས་སུ་སྐུ་ཙཀ །ཕྲེང་བ། ཤེལ་རྡོ། དབང་གཏོར་རྒྱན་ལྡན་བཀོད། ༈ མཆོག་གླིང་ཕྱག་རྡོར་རྡོ་རྗེ་བེ་ཅོན་ལ། མཎྜལ་ཚོམ་བུ་གཅིག་སྟེང་རྣམ་བུམ་ཆིངས་མཐིང་ག །སྐུ་ཙཀ་གསུམ། སྔགས་བྱང་དང་རཀྴའི་ཕྲེང་བ། མདུན་དུ་དཔལ་གཏོར་བཅས། ༈ གཟའ་ཡུམ་རྗེས་གནང་ལ། སྟེགས་གཙང་མར་པདྨ་འདབ་བརྒྱད་སྟེང་བུམ་པ་བ་དམར་གྱི་འོ་མ་དང་ཆུ་གཙང་གིས་བཀང་བ་ལ། ཙན་དན་དཀར་པོ། དེ་བ་དཱ་རུ། རྒྱ་ཤུག །རུ་རྟ། བཙོད། ཏིལ་དཀར། གི་ཝཾ། གུར་གུམ། ཅུ་གང་། ག་པུར། གུ་གུལ་ནག་པོ། ཧ་ས་དེ་བ། རྨ་བྱའི་མདོངས་ཀྱི་ཕྱེ་མས་བཀང་། མགུལ་ཆིངས་དམར་པོ་བྱ། རྒྱབ་མདུན་དུ་དམར་གཏོར་རྒྱན་ལྡན། ཐོད་ཆང་། རྡོ་རྗེ་རྣམས་བཞག །བྱབ་ཁྲུས་བྱེད་ན་དེའི་ཆས་ཀྱང་བསྡོག ༈ །ཀློང་གསལ་སེང་གེ་སྒྲའི་དབང་ལ། མཎྜལ་པདྨ་འདབ་བརྒྱད་ལྟེ་བར་ཧྲཱིཿདཀར་བྲིས་པའམ་ཚོམ་བུ་གཅིག་པའི་སྟེང་བུམ་པ་ཉེར་ལྔའི་རྫས་དང་ཆིངས་དཀར་ཅན། གཡས་གཡོན་ཤེལ་ཕྲེང་། ཤེལ་རྡོ། རྒྱབ་ཏུ་གཏོར་ཟླུམ་པད་འདབ་རྒྱན་སྤྲོས་ཅན་བཞག ༈ ࿋ ཆོས་གླིང་གཏུམ་པོ་སེང་སྒྲོག་ལ། རས་བྲིས་སམ་ཚོམ་བུ་མཐིང་ནག་གཅིག་བཀོད་པའི་ཁར་བུམ་པ་མགུལ་ཆིངས་མཐིང་ནག་གཡས་གཡོན་མདུན་རྒྱབ་རྣམས་སུ། ཐོད་ཆང་མེ་ཏོག་རྡོ་རྗེ་དཔལ་གཏོར་བཅས་བཤམ། ࿋ ༈ །གྲིབ་དང་མི་གཙང་བ་སོགས་ཞི་བའི་སྐོར་ལས། བི་མའི་ལུགས་ཀྱི་རྣམ་འཇོམས་དཀར་པོའི་རིག་གཏད་ལ། ཚོམ་བུ་ལྷ་གྲངས་ཀྱི་ཁར་བུམ་པ་ཉེར་ལྔའི་རྫས་དང་རྒྱན་ལྡན་འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན་པ་བཞག ༈ །བ་རི་ལུགས་ཀྱི་རྣམས་འཇོམས་ལྗང་སྔོན་ལ། པདྨ་འདབ་བརྒྱད་སྟེང་བུམ་པ་རྫས་དང་ཆས་སོགས་གཞུང་གསལ་ལྟར། ༈ སངས་རྒྱས་གསང་བའི་རྣམ་འཇོམས་མཐིང་ནག །མཎྜལར་བུམ་པ་དེ་མཚུངས། ཕྱག་མཚན་རྡོ་རྗེ། རྫས་བརྒྱད་སོ་སོ་བ་རྣམས་བཞག །བླ་སློབ་མཉམ་དུ་འདོན་རྒྱུ་གི་ཝཾ་གུར་གུམ་གྱིས་བྲིས་པའི་གཟུངས་དཔེ་འཛོམ་ན་རབ། མ་འཛོམ་ན་སྤར་མ་ལ་དེ་དག་བྱུགས་པའི་དཔེ་སྟ་གོན་བྱ། རྣམ་འཇོམས་སྔ་ཕྱིའི་རིགས་དང་སྨེ་བརྩེགས་ལ་མེ་ལོང་། ཁྲུས་དར། ཁྲུས་གཞོང་རྣམས་འདུ་བྱ། འགའ་རེ་ལ་ཞི་དྲག་གི་སྦྱོང་ཆས་གུལ་ཡུངས་རྣམས་ཀྱང་བསྡོག་གོ ༈ །གནམ་ཆོས་རྣམ་འཇོམས་ལྗང་གུ་ལ། ཚོམ་བུ་ལྗང་གུ་གཅིག་སྟེང་བུམ་པ་སོགས་གཟུངས་དབང་ཆས་བཀོད། ༈ བདུད་འདུལ་རྣམ་འཇོམས་ཁྲོ་ནག་ལ། དཀྱིལ་འཁོར་རམ་ཚོམ་བུ་གཙོ་འཁོར་ལྔ་དེ་རྒྱབ་བཅུ། དེ་རྒྱབ་བཞི་བཀོད་པའི་སྟེང་དུ་རྣམ་བུམ་ཆིངས་སྔོན་སྐུ་ཙཀ་མེ་ལོང་ཤེལ་རྒྱན་ཅན། གཡས་སུ་དཔལ་གཏོར། གཡོན་དུ་ལྷ་ཙཀ །མཆོད་གཏོར་གཞུང་གསལ་བཀོད། ༈ ཀློང་གསལ་རྣམ་འཇོམས་ལ། ཚོམ་བུ་གཅིག་སྟེང་རྣམ་བུམ་ཆིངས་དཀར། ཐོད་ཆང་རྡོ་རྗེ། དབང་གཏོར། དབྱངས་གསལ་བཅས། ༈ ཉང་ལུགས་ཁྲོ་མོ་སྨེ་བརྩེགས་ཀྱི་རྗེས་གནང་ལ། མཎྜལ་ཚོམ་བུ་གཅིག་པའི་སྟེང་རྣམ་བུམ། གཡས་སུ་མཁའ་འགྲོའི་དཔལ་གཏོར། གཡོན་དུ་འབུལ་གཏོར་བཅས། ༈ ཁྲོ་བོ་སྨེ་བརྩེགས་ལ་ཚོམ་བུ་གཅིག་སྟེང་རྣམ་བུམ་ཆིངས་སྔོན། དབང་ཕྲེང་། རྒྱ་གྲམ། སྐུ་ཙཀ །ཕྱག་མཚན་བཅས། ༈ ཁྲོ་མོ་སྨེ་བརྩེགས་ལ་ཚོམ་བུ་བུམ་པ་གོང་མཚུངས། རྡོ་རྗེ་མེ་འབར། མེ་ཆུའི་ཙཀ་ལི་བཅས། ༈ ངག་དབང་རྡོ་རྗེའི་སྨེ་བརྩེགས་ལ། མཎྜལ་ཚོམ་བུ་ནག་པོ་གཅིག་བཀོད་པའི་སྟེང་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་མཐིང་ནག་ཁ་རྒྱན་ལྡན་པ་བཀོད། ༈ གཏེར་གསར་སྨེ་བརྩེགས་ལ། རས་བྲིས་སམ་ཚོམ་བུ་སྟེང་རྣམ་བུམ། མདུན་དུ་དབང་གཏོར། སྐུ་ཙཀ །སྔགས་ཕྲེང་། རྡོ་རྗེ་རྣམས་བཞག ༈ །བྱད་ཕུར་ཞི་བྱེད་སྐོར་ལས། བི་མ་ལའི་ལུགས་ཀྱི་གདུགས་དཀར་ལ། རས་བྲིས་སམ་ཚོམ་བུའི་ལྷ་གྲངས་སྟེང་བུམ་པ་ཉེར་ལྔའི་རྫས་ལྡན་མགུལ་ཆིངས་དཀར་པོ་དང་འཛོམ་ན་སྲུང་འཁོར་དང་། མཐའ་རྟེན་སྤྱི་འགྲོ་སྤྲོ་ན་རྟགས་བརྒྱད་ཙམ་བཞག ༈ །བྱད་འགྲོལ་རྡོ་རྗེ་གཙུག་ཏོར་བྱིན་རླབས་ལ་ཚོམ་བུ་གཅིག་སྟེང་རྣམ་བུམ་ཆིངས་སྔོན་ཁྱད་པར་རྫས་ལྡན། མདུན་དུ་གཟུངས་རིང་གླེགས་བམ་མམ་སྔགས་བྱང་བགྲང་ཕྲེང་། རལ་གྲི་དར་ནག་བཏགས་པ་བཀོད། ༈ ࿋ བྱད་ཁྲོལ་གསེར་ལྡེ་ལ། སྟེགས་བུ་ཁེབས་ལྡན་གྱི་ཁར་མཎྜལ་པདྨ་འདབ་བརྒྱད་དམ་ཚོམ་བུའི་ཁར་མཉྫའི་སྟེང་དུ་རིན་པོ་ཆེའི་བུམ་པ་ཁྱད་པར་གྱི་རྫས་གཞུང་གསལ་ལྟར་ཁ་རྒྱན་མགུལ་ཆིངས་ཀྱིས་སྤྲས་པ། རྒྱུན་འབབས་ཀྱི་ཆུ་ལ་རིན་ཆེན་སྣ་ལྔ་བརྡར་ཕྱེ་དང་། བྱ་འུག་དང་རུ་སྦུབ་སྲེག་བགྱིས་པའི་ཐལ་བ་བཏབ་པར་འཐོར་གཡབ་བཙུགས་པ། མདུན་ངོས་སུ་ཟླུམ་གཏོར། བགེགས་གཏོར་དཀར་ཟླུམ་ཏིང་ལོ་མཐེབ་ཀྱུ་རིལ་བུ་མདུན་དུ་གླུད་གཟུགས་བཅས། གཞི་བདག་གཏོར་མ། ཁྲུས་གཞོང་། མེ་ལོང་ཁྲུས་དར། མེ་ཏོག་དཀར་པོ། མདའ་དར་སྣ་ལྔ་མེ་ལོང་བཅས། གྲི་ལྕགས་ཆུ་གྲིའི་དབྱིབ་ཅན། ས། ཆུ། དཔལ་འབར། རླུང་གཡབ། བ་ལུ། སྤེན་མ། རྨ་བྱའི་མདོངས་གསུམ་གྱི་ཕོན་པོ། འོམ་བུ། ཀུ་ཤ །འཇག་མ་རྣམས་ཀྱི་ཕོན་པོ་བཅས་དང་། གདན་དཀར་ནག །བྱད་ཐག་སྔོ་དམར། སཱཙྪ་ནག་པོ་བཅས་སྒྲུབ་བྱའི་གྲངས་མཉམ། ལྕགས་སླང་དུ་སྐྱེར་ཧོམ་གྲུ་གསུམ། ཁྲུས་གཞོང་ཆེ་བ་བཅས་ཚོགས་པར་བྱའོ། ࿋ ༈ ཀློང་གསལ་གདུགས་དཀར་ལ། མཎྜལ་ཚོམ་བུ་གཅིག་པའི་སྟེང་བུམ་པ་ཆིངས་དཀར་ཉེར་ལྔའི་བཅུད་ལྡན། གཡས་གཡོན་སོགས་སུ་ཤེལ་ཕྲེང་། ཤེལ་རྡོ་མེ་ལོང་། ཟླུམ་གཏོར་དར་གདུགས་ཅན། རྫས་རྟགས་བཅས། ༈ གཏེར་གསར་རྡོ་རྗེ་མཁའ་འགྲོ་ལ་རས་བྲིས་སམ། ཚོམ་བུ་གཙོ་འཁོར་ལྔ་པའི་སྟེང་རྣམ་བུམ། གཡས་གཡོན་དུ་ཐོད་ཆང་། ཤེར་ཙཀ །ཤེལ་རྡོ་བཅས་སོ། ༈ ࿋ །ཐུགས་སྒྲུབ་རྡོ་རྗེ་གཙུག་ཏོར་བྱད་འགྲོལ་ལ། སྟེགས་བུར་བུམ་པ་མགུལ་ཆིངས་མཐིང་ནག་བུམ་རྫས་ཉེར་ལྔ། བཟང་དྲུག གི་ཝཾ། ཤུ་དག །བྱང་སེམས་དཀར་དམར། ཅུ་གང་སིནྡྷུ་ར། ཤིང་ཀུན། ཡུངས་དཀར། བདུད་རྩི་ཆོས་སྨན་རྣམས་སྦྱར་བའི་ཕྱེ་མ་དང་དྲི་བཟང་ཆུས་བཀང་བ། རེ་བའི་གདན་ནག་པོ་གྲུ་གསུམ། སྐུད་པ་སྔོ་དམར་འདོམ་དོ། སཱཙྪ་ནག་པོ་བཅས་སློབ་མའི་གྲངས། ཆུ་གྲི་རྣོ་ཆོད་ཅན་གཞུང་གསལ། བལ་བུ་སྤེན་མ་ལྕུག་མ་ཀུ་ཤ་སོགས་ཀྱི་ཕོན་པོ། སྐྱེར་པའི་མེ་ཧོམ། བསྲེག་རྫས་ཡུངས་དཀར་ནག་ཐང་ཁྲོམ་འབྲས་བུ་བཅས་ཉེར་བསྡོག་བྱའོ།། ࿋ ༈ །།སྡིག་སྒྲིབ་ཞི་བྱེད་ལ། ཆོས་དབང་སྤྱན་རས་གཟིགས་འཁོར་བ་དོང་སྤྲུགས་ལ། པདྨ་འདབ་དྲུག་ཡིག་བདུན་བྲིས་པའི་དཀྱིལ་འཁོར་གྱི་སྟེང་དུ་རྣམ་བུམ་ཐོད་ཆང་མེ་ལོང་ལ་མཚལ་གྱིས་ཡིག་བདུན་བྲིས་པ་ཤེལ་རྡོ་རྣམས་བརྩེགས་ལ་བཞག །སྐུ་ཙཀ་ཡིག་བདུན་སྔགས་བྱང་ཤེལ་རྡོ་མེ་ལོང་། དབང་གཏོར་སྒྲུབ་ཡིག་རྣམས་ཀྱང་བསྐོར་ནས་བཞག ༈ །འཇའ་ཚོན་ལྟུང་བཤགས་ཆོ་ག་ལ། ཚོམ་བུ་གཙོ་འཁོར་ལྔ། དེ་རྒྱབ་བཅུ་རིམ་གསུམ་བཀོད་པའི་སྟེང་རྣམ་བུམ་ཆིངས་སེར། རིག་དབང་ཆས། འབྲུ་ལྔ། ཕྱག་མཚན་ལྔ། ཐིག་ལེ་ལྔ། འབྱུང་ལྔའི་ཙཀ་ལི། རྫས་བརྒྱད། རྟགས་བརྒྱད། རྒྱལ་སྲིད་རྣམས་བཀོད། ༈ གནམ་ཆོས་དགོངས་གཏེར་ཀུན་རིག་ལ། དཀྱིལ་འཁོར་སྟེང་རྣམ་བུམ་ཆིངས་དཀར་ཅན་དང། ཀུན་རིག་ཙཀ་ལི་གསར་མའི་ལུགས་ལྟར་ཚང་བའམ་གཞུང་གསལ་ཕྱོགས་བསྡུས། རྒྱལ་སྲིད་བཅས། ༈ ཀློང་གསལ་མི་འཁྲུགས་པ་ལ། རས་བྲིས་སམ་ཚོམ་བུའི་ཁར་བུམ་པ་ཆིངས་སྔོན། གཡས་གཡོན་དུ་ཕྲེང་བ། རྡོ་རྗེ་ལྷུང་བཟེད། སྐུ་རྟེན་བཅས་བཞག ༈ །རྡོར་སེམས་སྒྲིབ་སྦྱོང་ཡེ་ཤེས་ཆུ་རྒྱུན་ལ། རས་བྲིས་སམ་ཚོམ་བུ་གཅིག་གི་སྟེང་རྣམ་བུམ། གཡས་གཡོན་མདུན་རྣམས་སུ་བུམ་པ་རྡོར་སེམས་རིལ་བུས་བཀང་བ་ཆིངས་དཀར་དབུ་རྒྱན་གྱིས་སྤྲས་པ། གསང་ཐོད། རིག་ཙཀ །ཤེལ་རྡོ་རྣམས་དང་། བྱེ་མ་ཡུངས་ཀར་ཁྲུས་བུམ་མེ་ལོང་སོགས་འདུ་བྱའོ། ༈ །བླ་མ་ལོངས་སྐུ་འགྲོ་འདུལ་ལ། དཀྱིལ་འཁོར་རམ་དབུས་སུ་ཚོམ་བུ་ཆེ་ཆུང་གཉིས། དེ་རྒྱབ་བརྒྱད། དེ་རྒྱབ་བཞི་བཀོད་པའི་སྟེང་དུ་རྣམ་བུམ་ཆིངས་སྔོན་ཉེར་ལྔའི་བཅུད་ལྡན། དབུ་རྒྱན་སོགས་རིག་དབང་ཆས། ཤར་སྒོར་བུམ་པ་ཆིངས་དཀར་དེ་མཚུངས། ལྷ་ཙཀ་ཚང་བ། དབང་ཕྲེང་། མེ་ལོང་། རྫས་རྟགས་སྣ་བདུན་བཅས་བཀོད། ༈ གཏེར་གསར་འཁོར་བ་དོང་སྤྲུགས་ལ། པདྨ་འདབ་བརྒྱད་ལྟེ་བར་ཧྲཱིཿདམར་བྲིས་པའི་སྟེང་རྣམ་བུམ་ཐོད་ཆང་མེ་ལོང་ཧྲཱིཿདམར་བྲིས་པ་རྣམས་བརྩེགས་ལ་དར་དམར་གྱིས་བཀབ། མདུན་དུ་མྱང་གྲོལ་དབང་རིལ་བུའི་བུམ་པ། རྒྱབ་ཏུ་དཔལ་གཏོར་རྒྱན་ལྡན་བཞག ༈ །རིགས་གསུམ་སྙིང་ཏིག་གི་དོང་སྤྲུགས་ལ། དཀྱིལ་འཁོར་རམ་ཚོམ་བུ་ལྷ་གྲངས་དབུས་བུམ་པ་ཆིངས་དམར་ཅན། སྐུ་ཙཀ །མྱང་གྲོལ་བུམ་དབང་སྦྲེལ་ན་དེའང་བཤམ་སོ།། ༈ །།དེ་ནས་རྒྱས་པའི་ལས་ཀྱི་སྐོར་ལས། ཚེ་རྒྱས་པ། གྲུབ་ཆེན་དཔལ་རྡོར་ཚེ་སྒྲུབ་རྡོ་རྗེའི་སྲོག་ཤིང་ལ། སྟེགས་བུའི་དབུས་སུ་ཚེ་འབྲང་། གཡས་སུ་ཚེ་ཆང་། གཡོན་དུ་ཚེ་རིལ། མདུན་དུ་གཏོར་མཆོད། མདའ་དར། ལི་ཁྲི་བཅས། ༈ གྲུབ་ཐོབ་ཟླ་བ་པའི་ཚེ་སྒྲུབ་ལ། མཎྜལ་ཚོམ་བུ་གཅིག་པའི་ཁར་བུམ་པ་ཆིངས་དཀར་ཅན། མདུན་སོགས་སུ་སྐུ་ཙཀ །སྔགས་ཕྲེང་། ཕྱག་མཚན་བུམ་པ། དར་དང་རིན་ཆེན་རྒྱན། དབང་གཏོར་དཀར་ཟླུམ་རྣམས་བཀོད། ༈ འབྲི་གུང་ཆོས་གྲགས་སྒྲ་མི་སྙན་གྱི་ཚེ་སྒྲུབ་ལ། མཎྜལ་པདྨ་དམར་པོ་འདབ་བརྒྱད་ཀྱི་དབུས་རྐང་གསུམ་ཁར་ཐོད་པ་བདུད་རྩིས་བཀང་བ་ལ་ཚེ་རིལ་སློབ་མའི་གྲངས་མཉམ་བླུགས་པའི་ཁ་མེ་ལོང་དར་དམར་གྱིས་བཀབ། ཤར་དུ་ཚེ་གཏོར་ཟླུམ་པོ་བྲིས་སྐུ་བཙུགས་པ་དང་ཤེལ་རྡོ། ལྷོར་གཙོ་བུམ་དང་མདའ་དར། ནུབ་ཏུ་ཆང་ཕུད་དང་དྲི་ཆབ། བྱང་དུ་ལས་བུམ་རྣམས་བཀོད། ༈ ཀློང་གསལ་རྣམ་རྒྱལ་མ་ལ། ཚོམ་བུའི་སྟེང་བུམ་པ་ཆིངས་དཀར། གཡས་གཡོན་དུ་ཤེལ་ཕྲེང་། སྣ་ཚོགས་རྡོ་རྗེ་དང་མདའ་གཞུའི་ཙཀ་ལི། ཚེ་འབྲང་ཚེ་དཔག་མེད་ཀྱི་སྐུ་རྟེན་ཅན། ཚེ་རིལ་མཆོད་རྟེན་བཅས། ༈ དབང་ཆེན་ཚེ་སྒྲུབ་ཉི་ཟླའི་གྭའུ་ལ། ཚོམ་བུ་དམར་པོ་གཅིག་གི་སྟེང་རྣམ་བུམ། གཡས་གཡོན་ཐོད་ཆང་རིག་ཙཀ་ཤེལ་རྡོ། རྒྱབ་ངོས་དཔལ་གཏོར་བཞག ༈ །སྟག་ཤམ་པདྨ་གསང་ཐིག་ཅེས་གུ་རུ་ཞི་བའི་ཚེ་དབང་ལ། པདྨ་འདབ་བརྒྱད་དམ་ཚོམ་བུ་ལྔ་པའི་ཁར་རྣམ་བུམ། མདུན་དུ་རྡོ་རྗེ་མེ་ལོང་། གཡས་གཡོན་ཚེ་རིལ་ཆང་། རྒྱབ་ཏུ་ཚེ་མདའ་བཅས། ༈ ཆོས་གླིང་ཐང་རྒྱལ་ལ། པདྨ་འདབ་བརྒྱད་སྟེང་ཚེ་འབྲང་རྟ་མགོས་མཚན་པའི་མཐར་རིལ་བུས་བསྐོར་བ་དང་། ཐོད་པར་ཚེ་ཆང་བཅས་བཤམ། ༈ ཚེ་སྒྲུབ་རྡོ་རྗེ་སྙིང་པོ་ལ། སྟེགས་བུའི་དབུས་སུ་ཁྲིའུའི་ཁར་ཐོད་པ་མཚན་ལྡན་བདུད་རྩིས་བཀང་བ་གཡས་གཡོན་དུ་ཚེ་རིལ་ཚེ་མདའ་བཀོད། ༈ དྲི་མེད་གླིང་པའི་རྡོ་རྗེའི་སྲོག་སྒྲུབ་ལ། དཀྱིལ་འཁོར་རམ་ཚོམ་བུ་དབུས་དང་མདུན་དུ་རེ་རེ། དེ་རྒྱབ་བཞི་རིམ་གཉིས་བཀོད་པའི་དབུས་སུ་ཁྲིའུར་བུམ་པ་ཆིངས་དམར། གཡས་གཡོན་དུ་ཚེ་རིལ་ཆང་། མདུན་དུ་ལས་བཞིའི་འབྲང་རྒྱས། རྒྱབ་ཏུ་མཆོད་གཏོར་ཟར་སྒོང་ལྟ་བུ་ཕྱོགས་བཞིར་པད་འདབ་དང་མཚམས་སུ་ཚེ་རིལ་གྱིས་སྤྲས་པ་དང་མདའ་དར། ཚེ་ནས་བཅས། ༈ ཚེ་སྒྲུབ་འོད་ཀྱི་སྙིང་པོ་ལ། མཎྜལ་ཚོམ་བུ་དམར་པོ་གཅིག་པའི་སྟེང་བུམ་པ་ཆིངས་དམར་ཅན། མདུན་སོགས་སུ་ཚེ་འབྲང་། ཚེ་རིལ་ཚེ་ཆང་། དཱུར་བ། མདའ་དར་བཅས། ༈ དག་སྣང་ཙཎྚ་ལཱི་ལ། མཎྜལ་ཚོམ་བུ་དམར་པོ་གཅིག་པའི་སྟེང་རྣམ་བུམ། མདུན་དུ་ཚེ་འབྲང་། ཐོད་ཆང་དང་བཅུད་ལེན་རིལ་བུ་གཡས་གཡོན་དུ་བཀོད། ༈ རྡོ་རྗེ་རྒྱ་མདུད་ལ། མཎྜལ་པདྨ་འདབ་བརྒྱད་སྟེང་བུམ་པ་ཆིངས་དམར་སྐུ་ཙཀ་གིས་བརྒྱན་པ། མདུན་སོགས་སུ་ཚེ་འབྲང་། ཚེ་རིལ་ཆང་། མདའ་དར་བཅས། ༈ ཉི་མའི་སྙིང་པོ་ལ། མཎྜལ་ཚོམ་བུ་ལྔ་བཀོད་པའི་དབུས་སུ་མཉྫི་ལ་བུམ་པ་ཆས་བཅུད་ལྡན་པ། མདུན་དུ་ཚེ་འབྲང་། གཉིས་ཀ་སྐུ་ཙཀ་གིས་བརྒྱན་པ། གཡས་གཡོན་དང་རྒྱབ་ཏུ་ཚེ་རིལ་ཚེ་ཆང་ཚེ་མདའ་བཀོད། ༈ ཚེ་སྒྲུབ་པདྨའི་རྒྱ་ཅན་ལ། མཎྜལ་ཚོམ་བུ་གཅིག་པའི་སྟེང་དུ་ཚེ་འབྲང་། གཡས་གཡོན་རྒྱབ་ཏུ་ཚེ་རིལ་ཚེ་ཆང་མདའ་དར་བཀོད། ༈ ལྷུན་རབ་ཚེ་སྒྲུབ་ལ། དཀྱིལ་འཁོར་རས་བྲིས་སམ་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་སུ་མཉྫིའི་སྟེང་རྣམ་བུམ་ཆས་བཅུད་ལྡན་པ། མདུན་དུ་ཚེ་འབྲང་དང་མེ་ལོང་། གཡས་སུ་ཚེ་རིལ། གཡོན་དུ་ཐོད་པར་ཚེ་ཆང་། རྒྱབ་ཏུ་མདའ་དར་བཀོད། ༈ དགོངས་གཏེར་ཚེ་ཡུམ་ཙཎྚ་ལཱི་ལ། དཀྱིལ་འཁོར་གཞུང་མཐུན་ནམ་མཎྜལ་ཚོམ་བུ་དམར་པོ་གཅིག་བཀོད་པའི་སྟེང་དུ། ཁྲིའུ་ལ་རྣམ་བུམ་བཅུད་ལྡན། མདུན་དུ་ཚེ་འབྲང་། གཡས་གཡོན་དུ་ཚེ་རིལ་ཚེ་ཆང་། རྒྱབ་ཏུ་ཤེལ་རྡོ་བཀོད་དོ།། ༈ །།ཤེས་རབ་རྒྱས་པར་བྱེད་པའི་སྐོར་ལ། མ་ཏིའི་འཇམ་དཀར་པད་འདབ་བརྒྱད་ཀྱི་དཀྱིལ་འཁོར་དབུས་ཁྲིའུར་མཚན་བརྗོད་དང་འཇམ་དཔལ་གྱི་སྐུ་བཞུགས། ཤེལ་ཕྲེང། མདུན་དུ་མཆོད་གཏོར་དཀར་ཟླུམ་བཅས་སོ། ༈ །འཇམ་དཔལ་སྨྲ་སེང་དམ་པའི་ལུགས་ལ། མཎྜལ་པདྨ་འདབ་བརྒྱད་སྟེང་རིན་པོ་ཆེའི་སྣོད་དུ་དཔའ་བོ་བཅུ་གཉིས་ཀྱི་རིལ་བུ་བཞག །དར་དམར་སེར་གྱིས་བཀབ། མཆོད་གཏོར་བཅས། ༈ བླ་མ་དགོངས་འདུས་ཆོས་སྡེ་དམར་སེར་ཤེས་རབ་རལ་གྲི་ལ། མཎྜལ་དྲི་བཟང་དང་བ་བྱུང་གིས་བྱུགས་པ་ལ་རྡུལ་ཚོན་དཀར་པོས་ཟླུམ་སྐོར་ཡངས་པའི་ཕྱི་རུ་པདྨ་འདབ་བརྒྱད། དེའི་མདུན་ཕྱོགས་ནས་བརྩམས་པའི་ནང་རིམ་དུ་ཨཱ་ལི་གཉིས་རེ་ཡིག་མགོ་ནང་བསྟན་གཡོན་བསྐོར་དང་། ཕྱི་སྐོར་ཀཱ་ལི་སྡེ་ཚན་བདུན་པོའི་ནང་། ཤ་ཥ་ས། ཧཀྵ་ཞེས་ཆ་བགོས་ཏེ་མགོ་ཕྱིར་བསྟན་གཡས་བསྐོར་དུ་བྲིས་པའི་ལྟེ་བར་མར་ཟན་གྱི་ཀོང་བུར་རས་བལ་སྡོང་བུ་ཅན་གྱི་མར་མེ་དང་། དཀར་གསུམ་བསྲེས་པའི་ཟན་གྱི་བཤོས་ཟླུམ་མཐེབ་ཆེན་ཙམ་པ་སློབ་མའི་གྲངས་མཉམ་བཞག །ཤེལ་ཕྲེང་དང་འབུལ་གཏོར་དཀར་ཟླུམ་སོགས་བཀོད། ༈ དབྱངས་ཅན་མ་དཀར་མོ་ལ། གུར་གུམ་གླ་རྩི་གི་ཝཾ་ཙན་དན་དཀར་པོ་བཞི་ཆ་མཉམ་དུ་སྦྱར་བ་སྟེགས་བུ་ལ་འཐོར་བའི་མཎྜལ་ལ་བའི་འོ་མར་སྦྲང་རྩི་བཞི་མཉམ་རྣམས་སྦྱར་བས་པདྨ་འདབ་བརྒྱད་དབུས་སུ་ཧྲཱིཾ་དང་འདབ་བརྒྱད་ལ་ཨ་ཨཱ་སོགས་དབྱངས་བཅུ་དྲུག་གཉིས་རེ་བཀོད་པ་བཞག །དེ་སྟེང་དཀར་གསུམ་མངར་གསུམ་བཞི་མཉམ་རྣམས་སྦྱར་བའི་ཟན་གྱིས་ཏིང་ལོ་བ་མར་སྦྲང་རྩིས་བཀང་བའི་མར་མེ་སློབ་མའི་གྲངས་མཉམ་བཀོད། མདུན་དུ་ཟླུམ་གཏོར་ཆེ་ཆུང་གཉིས་ཆང་བུ་བཅས་བཞག་གོ ༈ །བླ་མ་སྨྲ་བའི་སེང་གེ་ལ། རས་བྲིས་སམ་ཚོམ་བུ་ལྷ་གྲངས་སྟེང་རྣམ་བུམ་ཆིངས་དཀར། མདུན་དུ་ལྷ་ཙཀ །གཡས་གཡོན་དུ་སྔགས་ཕྲེང་དང་ཤེས་རབ་རིལ་བུ། རྒྱབ་ཏུ་དབང་གཏོར་བཅས། ༈ ཀློང་གསལ་ཕག་དཀར་ཤེས་རབ་གསལ་བྱེད་ལ། དཀྱིལ་འཁོར་ཆོས་འབྱུང་གཞུང་གསལ་ལམ། ཚོམ་བུའི་སྟེང་བུམ་པ་ཆིངས་དཀར། མཐའ་སྐོར་དུ་ཤེལ་ཕྲེང་། ཐོད་ཆང་། དྲིལ་བུ། ཤེས་རབ་རིལ་བུ་རང་གཞུང་ནས་བཤད་པ་ལྟར་དང་། ཟླུམ་གཏོར་དཀར་པོ་རྒྱན་བཅས། ༈ ཀུན་མཁྱེན་བླ་མའི་དགོངས་གཏེར་ཕག་དཀར་ཤེས་རབ་གསལ་བྱེད་ལ། རྡུལ་ཚོན་ནམ་རས་བྲིས་ཀྱི་མཎྜལ་སྟེང་མཉྫི་ལ་རྣམ་བུམ་བཀོད་པའི་ཁར་ཐོད་པ་བདུད་རྩིས་བཀང་བ་ལ། སིནྡྷུ་རའི་མེ་ལོང་ཆོས་འབྱུང་བཾ་ཡིག་སྔགས་ཕྲེང་གིས་བརྒྱན་པས་བཀབ་པའོ།། ༈ །།བསོད་ནམས་ལོངས་སྤྱོད་རྒྱས་པར་བྱེད་པ་ལ། རྣམ་སྲས་ཕྱི་སྒྲུབ་སེར་ཆེན་ལ། རས་བྲིས་སམ་སྣ་ཚོགས་པདྨ་འདབ་བརྒྱད་སྟེང་རྟེན་གཏོར་ཁང་བརྩེགས་མ་བཀོད། དེའི་གཡས་སུ་བུམ་གདན་པདྨ་འདབ་བཞི་འམ་ཚོམ་བུའི་ཁར་བུམ་པ་བཅུད་ལྡན། གཡོན་དུ་མཆོད་གཏོར་ཟླུམ་པོ་གཙོ་འཁོར་དགུ་པ། མདུན་དུ་དབུ་རྒྱན། རྒྱལ་མཚན་དང་ནེའུའི་ཙཀ་ལི་བཀོད། ༈ ནང་སྒྲུབ་མདུང་དམར་ཅན་ལ། རས་བྲིས་སམ་པདྨ་འདབ་བརྒྱད་དམར་པོའི་སྟེང་རྟེན་གཏོར་སྐུ་རྟེན་བཅས། ཤར་དུ་སྤོས་དང་དྲི་ཆབ་ཀྱི་དུང་ཞལ། ཤར་ལྷོར་མར་མེ། ལྷོར་དངུལ་སྣོད་དུ་ཆང་ཕུད། ལྷོ་ནུབ་ཏུ་མདའ་དར། ནུབ་ཏུ་འབྲུ་སྣའི་མེ་ཏོག །ནུབ་བྱང་དུ་མདུང་དམར། བྱང་དུ་འབུལ་གཏོར་ཤ་སོགས་ཀྱིས་བརྒྱན་པ། བྱང་ཤར་དུ་དམར་གཏོར་རྣམས་བཤམ། གནམ་ལྕགས་རྡོ་རྗེ་རྒྱབ་ངོས་ལ་བཞག ༈ །གསང་སྒྲུབ་དྲག་པོ་རྟ་སྔོན་ལ། རས་བྲིས་ཁར་རྟེན་གཏོར་སྐུ་རྟེན་ཅན། ལྕགས་ཀྱི་རྡོ་རྗེ་སྔར་ལྟར་དང་། རལ་གྲིའང་བཞག ༈ །ཡང་གསང་ཕྱག་མཚན་བཞི་པའི་རྗེས་གནང་བཤམ་བཀོད་ནང་སྒྲུབ་མདུང་དམར་ཅན་དང་འདྲ། ༈ རཏྣའི་མདུང་དམར་ལ། རས་བྲིས་སམ་ཚོམ་བུ་དམར་པོ་གཙོ་འཁོར་ལྔ་པའི་སྟེང་རྟེན་གཏོར་སྐུ་ཙཀ་བཅས། གཡས་སུ་མདུང་དམར་རྒྱལ་མཚན། གཡོན་དུ་ནེ་ལེ་ལྕགས་ཀྱུ། རྒྱབ་ཏུ་གྲི་སྙིང་བླ་རྡོ་དང་སྒྲུབ་ཡིག །མདུན་དུ་ཚེ་འབྲང་དང་འབྲང་རྒྱས་ཞལ་དཀར་བཟའ་བཏུང་ཟས་སྣ་བཤམ། ༈ པད་གླིང་ལུགས་ཀྱི་མདུང་དམར་ཅན་ལ། རས་བྲིས་སམ་སྟེགས་དམར་པོར་མེ་ཏོག་དམར་པོའི་ཚོམ་བུ་གཙོ་འཁོར་དགུ་བཀོད་པའི་དབུས་སུ་རྟེན་གཏོར་སྐུ་རྟེན་ཅན། གཡས་གཡོན་དུ་མདུང་དམར་རྒྱལ་མཚན་ནེའུ་ལེ་ལྕགས་ཀྱུ། མདུན་དུ་གྲི་སྙིང་བུལ་ཏོག །སྒྲུབ་ཡིག །རྒྱབ་ཏུ་ཚེ་འབྲང་བཟའ་བཏུང་བཅས། ༈ བྱང་གཏེར་ནོར་ལྷ་ཡོངས་རྫོགས་ལ། དཀྱིལ་འཁོར་རམ་ཚོམ་བུ་གཙོ་འཁོར་ལྔ། དེ་རྒྱབ་བརྒྱད། མདུན་མཚམས་གཡས་གཡོན་དུ་གཉིས། དེ་རྒྱབ་བཞི་བཀོད་པའི་སྟེང་དུ་བུམ་པ་ཆིངས་ནག་ཅན། གཡས་སུ་ཛཾ་གཏོར་རིན་ཆེན་འབར་བ། གཡོན་དུ་ཐོད་ཆང་མངར་གསུམ་སྦྱར་བ། རྒྱབ་ཕྱོགས་ཟངས་སྣོད་དུ་ཛཾ་ནག་གི་སྐུ་དང་ཆུ་སྦྱིན་ཆས་བཤམ། ༈ ཞང་བློན་ལ། པདྨ་འདབ་བརྒྱད་དམ་ཚོམ་བུའི་ཁར་རྟེན་གཏོར་སྐུ་ཙཀ་ཅན་བཀོད། ༈ གྲྭ་མངོན་ཛཾ་དམར་ལ། པདྨ་འདབ་བརྒྱད་དམར་པོའི་སྟེང་ཁྲིའུར་ཐོད་ཆང་བུ་རམ་བདུད་རྩི་རིལ་བུ་བཏབ་པ། དེ་མདུན་གཏོར་མ་རིན་ཆེན་འབར་བའི་དབྱིབས་ཅན་ཟས་སྣས་བརྒྱན་པ་བཀོད། གཡས་སུ་ཟངས་བུམ་ཉེར་ལྔའི་རྫས་ལྡན། གཡོན་དུ་ཆུ་སྦྱིན་སྣོད་ཟངས་གཞོང་སྐུ་རྟེན་དང་བཅས་པ། ཉེ་ལོགས་སུ་ཆུ་བུམ་ཡང་བཞག ༈ །བལ་པོ་ཨཿཧཱུྃ་ཛཾ་ནག་ལ། དཀྱིལ་འཁོར་རམ་ཚོམ་བུ་གཙོ་འཁོར་དགུ །དེ་རྒྱབ་བཞི་བཀོད་པའི་དབུས་སུ་ཐུགས་རྟེན་ཐོད་པ་དུམ་གསུམ་ཉེར་ལྔ་སོགས་ཀྱི་བཅུད་ལྡན་ནང་གསུང་རྟེན་སྲོག་འཁོར་དར་གྱིས་དྲིལ་བའི་རྒྱབ་ཏུ་སྐུ་རྟེན་བཅས་བཞུགས། སྟེང་དུ་བུམ་པ་ཆིངས་སྔོན་ཅན། གཡས་སུ་རིན་ཆེན་སྣོད་དུ་གཏོར་མ་རིན་ཆེན་འབར་བ་ཟས་སྣ་བཅས། གཡོན་དུ་རིན་ཆེན་དར་གོས། གཡང་རྫས་སྣ་ཚོགས། རྒྱབ་ཏུ་མདའ་དར། ཚེ་འབྲང་། རིལ་ཆང་། རྫས་རྟགས་རྒྱལ་སྲིད་བཅས་བཞག ༈ །ཀློང་གསལ་ཛཾ་སེར་ལ། མཎྜལ་ཚོམ་བུ་སེར་པོ་གཅིག་བཀོད་པའི་དབུས་སུ་བུམ་པ་ཆིངས་སེར། གཡས་གཡོན་སོགས་སུ་དབང་གཏོར་ནོར་གཟུགས། ཐོད་ཆང་དང་ཕྲེང་བ། རྡོ་རྗེ། སྐུ་ཙཀ་རྣམས་བཀོད། ༈ གནམ་ཆོས་ཛཾ་ལ་རིགས་དགུ་ལ། ཚོམ་བུ་དཀར། དམར། མཐིང་། སེར། ལྗང་། ནག །ཁྲ་བོ་གསུམ། རིགས་དགུ་ཕྱོགས་བསྡུས་ལ་དབུས་དང་ཕྱོགས་མཚམས་བརྒྱད་དུ་དགུ་ཚོམ་དགུའམ་མི་འགྲུབ་ན་གཙོ་འཁོར་དགུ །ཛཾ་དམར་གཉིས། ཛཾ་ནག་བཅས་ལ་ཚོམ་བུ་རང་མདོག་རེ་རེ། ༈ ཨ་པ་རཱ་ཛི་ཏ་ལ་ཚོམ་བུ་དམར་པོ་བཀོད། དབང་རྫས་ནི་གཟུངས་དབང་གི་ཆས་ཤ་སྟག་གོ ༈ །ཚོགས་བདག་ལ་ཚོམ་བུ་དམར་པོ། ༈ རེ་མནྟ་ལ་དམར་སེར། ཀུ་བེ་ར་ལ་ནག་པོ་རྣམས་བཀོད། དེ་གསུམ་ཀར་གནམ་ཆོས་ཆོས་སྐྱོང་སྤྱིའི་བཀའ་གཏད་ཀྱི་ཆས་སོ། ༈ །དྲི་མེད་གླིང་པའི་པདྨ་རྒྱལ་པོ་ལ། དཀྱིལ་འཁོར་རས་བྲིས་སམ། མཎྜལ་ཚོམ་བུ་དབུས་སུ་གཙོ་འཁོར་ལྔ་དེ་རྒྱབ་བཞི་བཀོད་པའི་སྟེང་། བུམ་པ་ཉེར་ལྔའི་རྫས་ལྡན་ཆིངས་སེར་ཅན་གཙོ་བོའི་སྐུ་ཙཀ་གཟུག་པ། གཡས་སུ་དབང་གཏོར། གཡོན་དུ་ཐོད་ཆང་དར་དམར་ཁེབས་བཅས། རྫས་རྟགས་སྣ་བདུན་ཙཀ་ལི་བཅས་བཀོད། ༈ དབང་གི་ལྷ་མོ་མཆེད་གསུམ་ལ། མཎྜལ་པདྨ་འདབ་བརྒྱད་མཐིང་ལྗང་དམར་པོ་གསུམ་ལ་ཚོམ་བུ་རང་མདོག་བཀོད་པའི་སྟེང་གཏོར་མ་དཀར་གསུམ་གྱིས་བརྒྱན་ཅིང་སྐུ་ཙཀ་དར་གདུགས་བཅས་པ་གསུམ་བཀོད། སྔགས་བྱང་། བླ་རྡོ། སྲོག་འཁོར། ཕྱག་མཚན་ནོར་བུ་དང་བུམ་པ། རིན་པོ་ཆེའི་གཞོང་པ་ཟས་སྣས་བཀང་བ། དར་ཟབ་སྣ་ཚོགས། ནོར་སྣ་རིན་པོ་ཆེ་གང་འཛོམ་བཤམ། ༈ ཆོས་རྡོར་ཛཾ་དཀར་ལ། འབྲུའི་པདྨ་འདབ་བརྒྱད་སྟེང་གཞུང་གསལ་གཏོར་མ་དང་། གཡས་གཡོན་ཚེ་རིལ་ཆང་བཞག ༈ །མཆོག་གླིང་བླ་མ་ནོར་ལྷ་ལ། དཀྱིལ་འཁོར་རས་བྲིས་སམ་ཚོམ་བུ་དབུས་སུ་གཙོ་འཁོར་དགུ །གྲ་བཞི་དང་སྒོ་བཞིར་བཞི་རེ་བཀོད་པའི་དབུས་སྟེང་ཁྲིའུར་འཛོམ་ན་གཞུང་མཐུན་བཅའ་སྒྲུབ་བྱས་པའི་གཏེར་བུམ་དང་མ་འཛོམ་ན་གཏོར་མ་གཞུང་མཐུན། གཡས་སུ་རིན་པོ་ཆེའི་སྣོད་དུ་མངར་གསུམ་སྦྱར་བའི་ཆང་། གཡོན་དུ་ཟས་སྣ་གོས་སྣ། རྒྱབ་ཏུ་མདའ་དར། སྐུ་གསུང་ཐུགས་དབང་སྦྱོར་ན་ལྷ་ཙཀ་བཅུ་བདུན། སྔགས་བྱང་། མེ་ལོང་། རྫས་རྟགས་སྣ་བདུན་བཅས་བཀོད། ༈ མཆོག་གླིང་རྣམ་སྲས་གཅིག་དྲིལ་ཡིད་བཞིན་ནོར་བུ་ལ། དཀྱིལ་འཁོར་དབུས་སུ་གཏོར་ཆེན་དར་གདུགས་བཅས། དེ་སྟེང་མཉྫི་ལ་བུམ་པ་མགུལ་ཆིངས་མཐིང་ནག་ཅན། མདུན་དུ་སྐུ་ཙཀ་སྔགས་བྱང་ཕྱག་མཚན་གསུམ་གསུམ་གྱི་ཙཀ་ལི། གཡས་སུ་རིན་པོ་ཆེའི་སྣོད་འབྲུས་བཀང་བར་བླ་རྡོ་སྲོག་འཁོར་གསུམ་པོ། གཡོན་དུ་ཟས་སྣ། དར་གོས་དམར་པོ། ནོར་སྣ་བཅས་བཞག །གཏོར་མ་ཆོས་སྡེ་ཆེན་པོ་ལ་སེར་ཆེན། སྤྱི་ལ་མདུང་དམར་ཅན། མི་དཔོན་ལ་རྟ་སྔོན་ཅན་གཙོར་བྱ་བར་གསུངས་པས་དབང་གི་སྐབས་དམར་སེར་གང་རུང་བྱས་པས་འཐུས་སོ། ༈ །ཀུན་འཁྱིལ་མཆེད་གསུམ་ལ། མཎྜལ་གསུམ་ཕྲེང་ཚར་དུ་བསྒྲིགས་པ་ལ་པདྨ་འདབ་བརྒྱད་སེར་སྔོ་དམར་བའི་ལྟེ་བར་ཚོམ་བུ་རེ་རེ་བཀོད་པའི་སྟེང་དུ་མཉྫི་ལ་ཐོད་པ་མཚན་ལྡན་རེ་རེའི་ནང་དུ་འབྲང་རྒྱས་གཏོར་མ་ནོར་གཟུགས་པད་སྡོང་ཅན་རྩེ་རྒྱན་གསེར་གྱི་སཏྭ་་་་རེས་མཚན་པ་ལ་རྩྭ་ཀུ་ཤའི་ཆུན་པོ་རེ་བཙུགས་པ་ལ་སྐུ་ཙཀ་བཏགས་པ་དར་གདུགས་ལྷ་མདོག་དང་མཚུངས་པ་ཅན་བཀོད། དེ་རྣམས་ཀྱི་སྟེང་ངམ་རྒྱབ་ངོས་མཐོ་བར་སོ་སོའི་བུམ་པ་བཅུད་ལྡན་ཡང་འཇོག ༈ །བྱང་གཏེར་མངའ་དབང་རིན་ཆེན་འབར་བ་ལ། གཞི་སྟེང་ཡི་དམ་སོགས་ཀྱི་དབང་བྱེད་ན་དེའི་ཆས་དང་ཁྲུས་བུམ་རྣམས་བཀོད། ཆས་གཞན་ལག་ལེན་གསར་བཀོད་དུ་གསལ་བ་ལྟར། འབྱུང་ལྔའི་གདན། ལྷ་འདྲེ་མི་གསུམ་སྲོག་ཡིག །རྒྱལ་པོའི་རྟགས་དྲུག །བཀྲ་ཤིས་པའི་རྫས་བཞི། ཚངས་པའི་འཁོར་ལོ་བྲི་སྒྲུབ་ཚད་ལྡན་སྔོན་ནས་བྱས་པ་དང་བཀྲ་ཤིས་རྫས་བརྒྱད། རྟགས་བརྒྱད་དང་། རྒྱལ་སྲིད་རྣམས་རེ་རེ་བཞིན་རྒྱས་པར་གྲབས་སུ་ཚུད་པར་བྱ། ༈ གནམ་ཆོས་ས་སྙིང་ལ། གཟུངས་དབང་གི་ཆས་དང་། ༈ ཀླུ་དགའ་བོའི་བཀའ་གཏད་ལ། དངུལ་ལམ་ཟངས་ཐེབ་ཏུ་མར་གྱིས་བཅོས་པའི་སྦྲུལ་འཁྱིལ་བ་བཞག ༈ །ཀླུ་མི་མགོན་དཀར་པོ་ལ། ཆོས་སྐྱོང་སྤྱིའི་བཀའ་གཏད་ལྟར་ཆས་རྣམས་བཤམ། ༈ དགོངས་གཏེར་སེང་གེ་སྒྲ་ལ། མཎྜལ་པད་དཀར་འདབ་བརྒྱད་དབུས་ཚོམ་བུ་དཀར་པོ་གཅིག་བཀོད་པའི་སྟེང་དུ་རྣམ་བུམ་ཉེར་ལྔའི་བཅུད་ལྡན་ཆིངས་དཀར་ཁ་རྒྱན་བཅས། མདུན་སོགས་སུ་སྐུ་ཙཀ །ཤེལ་ཕྲེང་ཤེལ་རྡོ། ཟླུམ་གཏོར་དཀར་པོ་དར་གདུགས་ཅན་བཞག། ༈ །།རིགས་རྒྱུད་རྒྱས་བྱེད་གཏེར་གསར་རིན་ཆེན་མཁའ་འགྲོ་ལ། རས་བྲིས་སམ་ཚོམ་བུ་གཙོ་འཁོར་ལྔའི་སྟེང་རྣམ་བུམ། གཡས་སུ་ཐོད་ཆང་། གཡོན་དུ་ཤེར་ཙཀ །མདུན་དུ་ཤེལ་རྡོ་བཞག། ༈ །།བསྟན་པ་རྒྱས་བྱེད་སངས་གླིང་དང་ཞིག་གླིང་ལུགས་ཀྱི་གནས་བཅུའི་རྗེས་གནང་ལ། སྟེགས་གཙང་མའི་དབུས་ཁྲིའུ་ལ་རིན་པོ་ཆེའི་སྣོད་འབྲུ་དཀར་གྱིས་བཀང་བའི་ནང་དུ་ཐུབ་དབང་གནས་བཅུ་ཡོངས་རྫོགས་ཀྱི་ཙཀ་ལི་ལྟ་བུའི་སྐུ་རྟེན། ཤེར་ཕྱིན་གླེགས་བམ། བྱང་ཆུབ་མཆོད་རྟེན་བཅས་བཞུགས་སུ་གསོལ། དེ་དག་གི་ཕྱག་མཚན་རྣམས་ཀྱང་བཤམས། དར་གྱི་གདུགས་ཕུབ། ༈ ཀློང་གསལ་བྱམས་པའི་དབང་ལ། མཎྜལ་པདྨ་འདབ་བརྒྱད་ཚོམ་བུ་དམར་སེར་བཀོད་པའི་སྟེང་བུམ་པ་ཉེར་ལྔའི་རྫས་ལྡན་ཆིངས་སེར། ཕྲེང་བ། རྡོ་རྗེ། ཀླུ་ཤིང་སྡོང་པོ་མེ་ཏོག་སེར་པོ་ཅན་གྱི་ཙཀ་ལི། རྒྱལ་སྲིད་རྣམས་གཡས་གཡོན་དུ་བཀོད། ༈ གནམ་ཆོས་ལུགས་ལ། དཀྱིལ་འཁོར་དཔེའུ་རིས་ལྟར་བཀྲམ་པའི་དབུས་སུ་རྣམ་བུམ། གཙོ་འཁོར་ཡོངས་རྫོགས་ཧྭ་ཤང་རྒྱལ་ཆེན་དང་བཅས་པའི་ཙཀ་ལི། དེ་དག་གི་ཕྱག་མཚན་རྣམས་དང་། མདུན་དུ་གཏོར་མ་དཔེའུ་རིས་ལྟར་བཞག་གོ། ༈ །།དེ་ནས་དབང་གི་ལས་ཀྱི་སྐོར་ལས། རོང་ཟོམ་ཆོས་བཟང་མཁའ་འགྲོ་མ་རིག་བྱེད་རྩལ་ལ། དཀྱིལ་འཁོར་རམ་ཚོམ་བུ་གཙོ་འཁོར་ལྔ་པའི་སྟེང་བུམ་པ་ཆིངས་དམར་དབང་གི་རིལ་བུའི་རྫས་ལྡན་ཁར་བྷནྡྷ་བདུད་རྩིས་བཀང་པ་ལ། སིནྡྷུ་རའི་མེ་ལོང་ཆོས་འབྱུང་གི་དབུས་ཧྲཱིཿདང་ཕྱོགས་བཞིར་ཧ་རི་ནི་ས་བྲིས་པས་བཀབ། དར་དམར་གྱི་གུར་ཕུབ། ༈ ཞིག་གླིང་བདེ་མཆོག་དམར་པོ་ལ། ཟླ་གམ་དམར་པོ་པདྨ་འདབ་བརྒྱད་བཅས་པའི་དབུས་སུ་ཁྲིའུའི་ཁར་མོ་ཐོད་མཚན་ལྡན་ནང་དུ་ཆང་རྒོད་ཆོས་སྨན་སྦྱར་བས་བཀང་བའི་ཁར། སིནྡྷུ་རའི་མེ་ལོང་ཆོས་འབྱུང་བསྣོལ་མའི་དབུས་ཟླ་གམ་ལ། གུ་རུ་པདྨ་དྷཱ་ཀི་ནཱི་སིདྡྷི་ཧཱུྃ་ཧྲཱིཿམཿ ཞེས་པ་དང་། ཟུར་དྲུག་ལ། ཧ་རི་ནི་ས་ར་ཙ་ཧྲི་ཡ། མུ་ཁྱུད་ལ་སརྦ་ལོ་ཀ་མ་མ་པཱ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་བྲིས་པ་བཞག །དེ་སྟེང་བྱང་སེམས་དཀར་དམར་བུ་རམ་ཅུ་གང་བསྲེས་པ་བཞག་ལ་དར་དམར་གྱི་གུར་ཕུབ། མདུན་དུ་མཁའ་འགྲོའི་གཏོར་མ་རྒྱན་ལྡན་དང་། དཔའ་བོ་མཁའ་འགྲོ་ཡབ་ཡུམ་བཅུའི་ཙཀ་ལི་ཕྱོགས་བསྡུས་དང་མེ་ལོང་དྭངས་པ་བཞག ༈ །དགོངས་གཏེར་སྒྲོལ་མ་དམར་མོ་ལ། མཎྜལ་པདྨ་འདབ་བརྒྱད་དམར་པོའི་དབུས་སུ་མཉྫི་ལ་རྣམ་བུམ་ཆས་བཅུད་ལྡན་པའི་སྟེང་དུ་ཐོད་པ་བདུད་རྩི་མངར་གྱིས་བཀང་བའི་ཁར་མེ་ལོང་སིནྡྷཱུ་ར་བརྡལ་བ་ལ་ཆོས་འབྱུང་། དབུས་སུ་ཏཱཾ་ཡིག །མཐའ་སྐོར་ཡིག་བཅུ་བྲིས་པ་བཞག །སྐུ་ཙཀ་སྔགས་བྱང་། ཕྲེང་དམར། ཤེལ་རྡོ་རྨ་བྱའི་མདོངས་རྣམས་མདུན་སོགས་དང་། རྒྱབ་ཏུ་དབང་གཏོར་དམར་པོ་དར་གདུགས་བཅས་བཞག ༈ །གཏེར་གསར་པདྨ་མཁའ་འགྲོ་ལ། རས་བྲིས་སམ་ལྷ་གྲངས་ཚོམ་བུའི་སྟེང་ཟངས་བུམ་རྒྱན་ལྡན་སྐུ་ཙཀ་དང་བཅས་པ། གཡས་སུ་ཐོད་ཆང་ལ་སིནྡྷུ་རའི་མེ་ལོང་ཧྲཱིཿཡིག་སྔགས་ཕྲེང་གིས་བསྐོར་བས་བཀབ། གཡོན་དུ་ཆང་གིས་སྦྲུས་པའི་མཁའ་འགྲོའི་གཏོར་མ་གཙོ་འཁོར་དགུ་པ་ལྕགས་ཀྱུའི་རྒྱན་དང་དར་གུར་ཅན་བཤམ། ཐུན་མོང་མ་ཡིན་པའི་བྱིན་རླབས་བྱེད་ན། དེའི་མདུན་དུ་ཐོད་པ་མཚན་ལྡན་ཆང་དང་ཁྱད་པར་རྫས་ལྡན་གྱིས་བཀང་བ་བཤམ། ༈ ཆོས་གླིང་ཛཾ་དམར་དབང་ལ། རས་བྲིས་སྟེང་ཁྲིའུར་རིན་པོ་ཆེའི་སྣོད་འབྲུས་བཀང་བའི་ནང་དུ་དམ་ཚིག་གི་བྲིས་སྐུ །སྒྲུབ་ཡིག །སྲོག་འཁོར་ཙིཏྟ་རྣམས་བཞག །གཡས་གཡོན་དུ་ཐོད་པ་རཀྟས་བཀང་བ། རིན་པོ་ཆེའི་གའུ་འབྲུ་སྨན་དར་ཟབ་ཀྱིས་བཀང་བ། སིནྡྷུ་རའི་མེ་ལོང་། དབང་གཏོར་དང་ཟངས་གཞོང་དུ་མི་གཟུགས་ཐལ་སྦྱར་གུས་པའི་ཚུལ་ཅན་རྣམས་བཞག །སྦྱིན་སྲེག་ཆས་ཏིལ་མར། སིནྡྷུ་ར། ཟླ་མཚན། མེ་ཏོག་དམར་པོ་སོགས་དམར་ཞིང་རོ་སྐྱུར་བའི་རིགས་རྣམས་ཟངས་སྣོད་དུ་བཞག །ཤིང་དམར་གྱི་ཐབ་ཁུང་ཟླ་གམ་ཡང་ཉེ་བར་བསྡོག་གོ ༈ །དེའི་ལས་བྱེད་དབང་ཕྱུག་དམར་པོའི་རིག་གཏད་ལ། སྟེགས་བུ་དམར་པོ་རས་བྲིས་སམ་འབྲུ་དམར་པོས་ཟླ་གམ་བྲིས་པའི་དབུས་སུ་ཚོམ་བུ་ཆེ་ཆུང་གཉིས། དེ་རྒྱབ་བཞི་བཀོད་པའི་དབུས་སུ་ཟངས་གཞོང་དུ་ལིངྒ་དར་དམར་གྱིས་བཀབ་པ། གཡས་སུ་ལྕགས་ཀྱུ། གཡོན་དུ་མེ་ལོང་ལ་ལི་ཁྲིས་ཧྲཱིཿབྲིས་པ། ཏིང་ལོ་ཆངས་ཟན། མཆོད་པ་སོགས་ཀྱིས་བསྐོར། ༈ བྱང་གཏེར་ལྷ་ཆེན་བསོད་ནམས་དཔལ་འབར་གྱི་དབང་ལ། དཀྱིལ་འཁོར་རམ་མཎྜལ་ཚོམ་བུ་གཙོ་འཁོར་དགུ་བཀོད་པའི་སྟེང་དུ་ལྷ་ཆེན་གྱི་རྟེན་ཡོད་ན་དང་། མེད་ན་གཏོར་མ་སྐུ་རྟེན་དར་གདུགས་ཅན་བཞག །རྒྱབ་ཕྱོགས་གུ་རུའི་སྐུ་བརྙན་བཀྲམ་པའི་མདུན་དུ་བླ་གཏོར་དང་རྟ་མགྲིན་གཏོར་མ་སྟེགས་མཐོ་བར་བཀོད། མདུན་དུ་གཙོ་འཁོར་དགུའི་ཙཀ་ལི་བཞག ༈ །རྗེས་གནང་ལ། དཀྱིལ་འཁོར་སྟེང་ཟངས་གཞོང་འབྲུ་མར་རིན་ཆེན་སྣ་ལྔ་འབྲུ་ལྔ་དར་སྣ་ལྔས་བཀང་བའི་ནང་དུ་དབང་རྟེན། གཡས་སུ་རྒྱ་སྐྱེགས། གཡོན་དུ་ཙན་དན་དམར་པོ་བཅས་བཞག །རྒྱབ་ངོས་མཐོ་བར་བླ་གཏོར། གཡས་སུ་ཕྱི་གཏོར་ཉི་ཟླའི་གཟུགས། རྒྱབ་ཏུ་ནང་གཏོར་ནོར་བུ་འབར་བ། གཡོན་དུ་གསང་གཏོར་སྲིད་མེས་གཟུགས། མདུན་དུ་སྤྱི་གཏོར་རྟགས་གསུམ་ཚང་བ་རྣམས་མེ་ཏོག་དམར་པོ་དང་ཟས་སྣ་ཚོགས་བཅས་བཤམ་མོ། ༈ །ལས་འབྲེལ་ལུགས་ཀྱི་ལྷ་ཆེན་ལ། རས་བྲིས་དབུས་སུ་ཁྲིའུའི་ཁར་ཁྱད་པར་གྱི་རྫས་སམ། མེད་ན་སྐུ་གཟུགས་བཤམ་ལ་དར་དམར་གྱི་གུར་ཕུབ། ཤར་དུ་མེ་ལོང་དང་རྩེ་གསུམ། ལྷོར་རྒྱུད་ཀྱི་གླེགས་བམ། ནུབ་ཏུ་ཐོད་ཆང་བྱང་སེམས་དཀར་དམར་བསྲེས་པ། བྱང་དུ་ཞགས་པ། མདུན་དུ་རྟེན་གཏོར་སྐུ་གཟུགས་དང་ཟས་སྣས་བརྒྱན་པ་བཞག ༈ །སྨིན་ལུགས་ལྷ་ཆེན་ལ། རས་བྲིས་ཚོམ་བུ་དང་བཅས་པའི་དབུས་སུ་ཁྲིའུར་དབང་གཏོར་དམ་རྫས་ཀྱིས་བསྐོར་བ་སྐུ་གཟུགས་དར་དམར་གྱིས་བརྒྱན་པ་བཀོད། མདུན་དུ་རིན་པོ་ཆེའི་སྣོད་མེ་ཏོག་དམར་པོས་བཀང་བའི་ནང་དུ་བླ་རྡོ་རྟེན་རྫས། གཡས་སུ་ལྕགས་ཀྱུ་དམར་པོ། གཡོན་དུ་ཞགས་པ། རྒྱབ་ཕྱོགས་མཐོ་བར་རྟ་མགྲིན་གྱི་སྐུ་བྲིས་འབུར་གང་རིགས་བཞག །སྒྲུབ་ཡིག་པུསྟི། ཐིག་ལེའི་རྫས་ཆང་དང་སྦྱར་བའང་བསྡོག་གོ ༈ །གཏེར་གསར་ལྷ་ཆེན་ལ། གོང་གི་པདྨ་མཁའ་འགྲོ་དང་འདྲ་བ་ལས། མེ་ལོང་ས་བོན་ཧྲཱིཾཿ གཏོར་མ་དམར་ཟླུམ་ཤིང་ཏོག་དབྱིབས་ཅན་སྐུ་ཙཀ་དར་གུར་བཅས་པ། ༈ པདྨ་སྒྱུ་འཕྲུལ་དྲྭ་བའི་བཀའ་སྲུང་ལྷ་ཆེན་བཀའ་གཏད་ལ། རས་བྲིས་དབུས་ཁྲིའུར་ཐོད་ཆང་སྟེང་སྐུ་ཙཀ་དར་གུར་ཕུབ། གཡས་གཡོན་དུ་སྔགས་བྱང་། ཕྲེང་དམར། ལྕགས་ཀྱུ། ཞགས་པ། མེ་ལོང་བུམ་པ་བཅས། ཐིག་ལེའི་རྒྱུ་ལི་ཁྲིའང་བཞག། ༈ །།དེ་ནས་དྲག་པོ་མངོན་སྤྱོད་ཀྱི་སྐོར་ལས། གཙོ་བོ་འཇོམས་བྱེད་རྩལ་ཆེན་གྱི་བཀའ་གཏད་ལ། ཞིང་ལྤགས་ཀྱི་གདན་ལ་སློབ་དཔོན་ཞལ་བྱང་ཤར་དུ་བསྟན་ཏེ་འཁོད་པའི་གཡས་གཡོན་གཉིས་སུ་མདའ་ཆག་གྲུམ་མེད་པ་སུམ་སྒྲོོམ་གྱི་ཁྲིའུ་རེ་རེའི་སྟེང་འབྲུ་ནག་ཚོགས་ཚད་རྗེན་བཏགས་ཀྱི་ཕྱེ་ལ་གཏོར་མ་ཟུར་གསུམ་དམར་པོའི་དཔུང་ཟུར་ཡན་ལ་མེ་རི་གྱེན་བསྟན་བྱས་པ་ཟངས་སྣོད་དུ་མདའ་ཁྲི་གཡས་པར་བཞག །གཏོར་མ་དེ་འདྲ་ནག་པོ་དཔུང་ཟུར་མན་ལ་མེ་རི་ཐུར་བསྟན་བྱས་པ་ལྕགས་སྣོད་དུ་མདའ་ཁྲི་གཡོན་པར་བཞག །སོ་སོའི་སྐུ་ཙཀ་དང་དར་གདུགས་རང་མདོག་ཕུབ། དེ་གཉིས་ཀྱི་བར། རང་མདུན་ཐོད་པ་ཞིག་གི་ནང་ཕུར་བྱང་གཟུག །ལིངྒ་དུམ་བུར་གཏུབས་ཏེ་སྤུངས་པའི་མཐར་ཤ་བཙོས་པ་དང་མ་བཙོས་པ་དུམ་བུ་ཆུང་ངུ་སློབ་མ་རེ་རེ་ལ་བརྒྱ་ཕྲག་རེ་སྦྱིན་རྒྱུ་འདང་ངེས་བྱ། ཀོང་ཟོར་གྲུ་གསུམ་ནག་པོ་རྩང་ཐུར་སུམ་ཚོམ་བཙུགས་པ། འུར་རྡོ་དང་། རྒྱུ་དབྱིབས་གོང་མཚུངས་ཀྱི་གཏོར་ཟོར་གཉིས་རྩང་དམར་ཤ་ཁྲག་གིས་བརྒྱན་པ་དང་། དྲག་མཆོད་སྨན་རཀ་བཅས་བཤམ། བྱང་བུ་བཀྲུ་བའི་ཆང་བཟང་པོའང་འདུ་བྱའོ། ༈ །ཟབ་བདུན་ལས་ཀྱི་མཁའ་འགྲོ་ལ། དཀྱིལ་འཁོར་རམ་ཚོམ་བུ་གཙོ་འཁོར་ལྔ། དེ་རྒྱབ་བཞི་བཀོད་པའི་སྟེང་དུ་བུམ་པ་ཆིངས་སྔོན་ཅན་སོགས་རིག་དབང་ལྔའི་ཆས། གསང་ཐོད། རིག་ཙཀ་ཤེལ་རྡོ་རལ་གྲི་ཐོ་བ་ཕུར་པ་ལིང་ག་བཅས་བཀོད། ༈ མགོན་པོ་གནམ་ལྕགས་ཐོག་མདའ་ལ། མཎྜལ་དཀྱིལ་འཁོར་དབུས་སུ་ཐོད་པའམ་ཟངས་ལྕགས་སྣོད་དུ་ཞིང་སྐྱོང་གཏོར་མ་སྤྱི་མཐུན་སྐུ་ཙཀ་དར་གདུགས་ཅན། མདུན་སོགས་སུ་སྔགས་བྱང་། ཕྱག་མཚན། སྲོག་འཁོར་བླ་རྡོ་བཅས་བཀོད། ༈ འཇམ་དཔལ་ཕ་རོལ་རྒོལ་འཇོམས་ལ། མཎྜལ་ཚོམ་བུ་གཅིག་པའི་སྟེང་ལྕགས་སམ་ཐོད་པར་དམར་གཏོར་དར་གདུགས་མཐིང་ནག་ཅན་བཀོད། རཀྴའམ་ཐོད་ཕྲེང་། མེ་ལོང་བཅས། ༈ འཆི་བསླུའི་བཀའ་གཏད་འདིར་སྦྲེལ་ན་གཏོར་མ་དེར་གསལ་དང་། ༈ མགོ་གསུམ་བཀའ་གཏད་ལ། ལྕགས་སྣོད་དུ་དམར་གཏོར་གཙོ་འཁོར་དགུ་མཐེབ་ཀྱུས་བསྐོར་བ་ལ་རང་གཟུགས་ཙཀ་ལི་བཙུགས་པ་དང་། གཏོར་ཆུང་ཤ་དུམ་མཐེབ་ཀྱུ་གྲངས་གང་འོས་ཀྱང་འདུ་བྱ། ༈ གནམ་ཆོས་ཀིང་དམར་ལ། གཟུངས་དབང་ཆས་བཀོད་དོ།། ༈ །།དེ་ནས་ལུང་ཨ་ནུ་ཡོ་གའི་སྐོར་ལས། མཁའ་འགྲོ་ཀུན་དགའ་འབུམ་པའི་མ་རྒྱུད་གསང་བ་ལམ་ཁྱེར་ལ། དཀྱིལ་འཁོར་རས་བྲིས་སམ་མ་འཛོམ་ན་མཎྜལ་སྟེང་འབྲུ་ཚོམ་དབུས་གཅིག །དེ་རྒྱབ་བཞི། དེ་རྒྱབ་བརྒྱད་བཅས་བཀོད་པའི་ཁར་མཉྫིའི་དབུས་སུ་བུམ་པ་ཆིངས་མཐིང་ནག །ཤར་དུ་དཀར་པོ། ལྷོར་སེར་པོ། ནུབ་ཏུ་དམར་པོ། བྱང་དུ་ལྗང་གུ་ཐམས་ཅད་བཅུད་ལྡན་ཁ་རྒྱན་གྱིས་སྤྲས་པ་ལྔ་པོ་སོ་སོའི་མདུན་དུ་རིགས་ལྔའི་མཁའ་འགྲོའི་སྐུ་ཙཀ །རྒྱབ་ཏུ་མཁའ་འགྲོའི་གཏོར་ཆེན་རྒྱན་སྤྲོས་ཅན། ཐོད་པ་མཚན་ལྡན་ཆང་དང་ཆོས་སྨན་མངར་གསུམ་སྦྱར་བ། ཤོག་དྲིལ་ལྔ་སོ་སོར་དར་ཁ་དོག་ལྔས་དྲིལ་བ། དར་རས་ཅོད་པན་བཅས། ༈ གཏེར་གསར་རྡོ་རྗེ་བཀོད་པ་ལ། སྟ་གོན་རྫས་བཞི། དྲག་ཤིང་སོགས་ཀྱི་ཕུར་ཆུང་སློབ་མའི་གྲངས་མཉམ། དཀྱིལ་འཁོར་རས་བྲིས་སྟེང་ལྡེང་ཁྲི་རིམ་པ་གཉིས་པའི་འོག་མར་ཁྲོ་བོའི་གསང་བུམ་ཕོ་མོའི་ཐོད་པ་ཁ་སྦྱོར་ཆང་དང་སོ་ལྔས་བཀང་ཞིང་དར་མཐིང་དམར་གྱིས་བཅིངས་པ་ལྕང་ལོས་བརྒྱན་པ་དང་། ཐོད་པ་དུམ་གཅིག་ནང་ཡབ་ཡུམ་གྱི་སྙིང་པོ་བྲིས་པའི་གཡས་གཡོན་དུ་རྡོ་རྗེ་དྲིལ་བུས་བརྟེན་པ། དེ་དག་གི་མདུན་དུ་ཚེ་བུམ་མགུལ་ཆིངས་དམར་པོ་ཅན་དང་ཚེ་འབྲང་། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། རྒྱབ་ཏུ་མདའ་དར་དམར་པོ་རྣམས་བཀོད། སྟེང་མར་དབུས་སུ་རྣམ་རྒྱལ་བུམ་པ། མདུན་དུ་རིགས་ལྔའི་སྐུ་དང་ཕྱག་མཚན་ཕྱོགས་བསྡུས། རིག་ཙཀ །རྫས་བརྒྱད། ཞི་བའི་ཁྲི་ལྔ། ཞི་རྒྱན། གསེར་འཁོར་བཅས་ཕྱི་དབང་ཆས། གཡས་སུ་རྒྱུད་ཀྱི་གླེགས་བམ། སྣ་ཚོགས་རྡོ་རྗེ། འཁོར་ལོ། རྡོ་རྗེ་རྩེ་དགུ་དང་དྲིལ་བུ། གཅན་གཟན་གྱི་གདན་ཁྲི། རྒྱལ་སྲིད་བདུན་རྣམས་དང་། ཞི་ཁྲོའི་ལྷ་ཙཀ་ཉེར་བརྒྱད། ཐོད་སྐམ་དབུ་རྒྱན། རིགས་ལྔའི་སྐུ་དང་མར་མེ་ལྔ་སྣོད་གཅིག་ཏུ་བཞག་པ། རིགས་ལྔའི་སྐུ་ཙཀ་སོ་སོ་ཅན་ལྔ་བཅས་ནང་དབང་ཆས། གཡོན་དུ་མར་མེ། ཉི་ཟླ། དཔའ་བོ་འབྲུ་ལྔ། ཐོང་གཤོལ། ཐོད་ཁྲག་སྐམ་རློན་རྙིང་གསུམ། མཚོན་ཆ་སྣ་ཚོགས། པདྨ། ཞིང་དབྱུག །སྦྲུལ་ཆུན། རིག་མ། འདོད་ཡོན་ལྔ། ཞི་ཁྲོའི་ལྷ་ཙཀ་ཕྱོགས་བསྡམས་འདིར་ལེན་དགོས། སྒྲུབ་རྫས་ཕྱོགས་བསྡུས་ཙཀ་ལི་ལྔ། ཞི་ཁྲོའི་སྐུའམ་ཙཀ་ལི། གླེགས་བམ། རྡོ་རྗེ། སྨན་ཐོད། ཕུར་བུ་རྣམས་ཕྱོགས་བསྡུས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྟེན་མཚོན་བཅས་སྒྲུབ་དབང་ཆས། རྒྱབ་ཏུ་གསང་དབང་ཐོད་པའི་བདུད་རྩི་དང་ཆོས་འབྱུང་པད་རྡོར་གྱི་ཙཀ་ལི་བཀོད། ༈ མདོ་ལུང་ཕྱག་རྒྱ་གཅིག་པའི་དོན་དབང་ལ། མཎྜལ་ཚོམ་བུ་སྔོན་པོ་གཅིག་གི་སྟེང་རྣམ་བུམ་ཆིངས་སྔོན་གྱི་ཁར་ཐོད་པའི་བདུད་རྩི་ལ་སིནྡྷུ་རའི་མེ་ལོང་ཨཝེཾ་བྲིས་པས་བཀབ་པའི་སྟེང་ཤེལ་རྡོ་བཞག་ལ་དར་དམར་ཕུབ། ༈ རྟ་མགྲིན་སྙིང་པོ་དོན་འདུས་ལ། རས་བྲིས་སྟེང་དཔལ་གཏོར་སྐུ་ཙཀ་དང་དར་གདུགས་དམར་པོས་བརྒྱན་པ་རྒྱན་ལྡན་བཤམ། ༈ མི་གཡོ་རྡོ་རྗེ་ཟམ་པའི་ནང་སྒྲུབ་ལྷ་བཅོ་ལྔ་པ་ལ། རས་བྲིས་སམ་ཚོམ་བུ་དབུས་གཙོ་འཁོར་གསུམ། དེ་རྒྱབ་བཞི། གྲ་བཞིར་བཞི། དེ་རྒྱབ་བཞི་བཀོད་པའི་སྟེང་མཉྫི་ལ་བུམ་པ་ཆིངས་སྔོན་ཅན། གཡས་གཡོན་དུ་དབུ་རྒྱན། རིགས་ལྔའི་ཕྱག་མཚན། དྲིལ་བུ། ལྷ་ཙཀ་ཚང་བ་བཀོད། ༈ གསང་སྒྲུབ་ལྷ་བཅུ་གསུམ་པ་ལ། དཀྱིལ་འཁོར་རམ་ཚོམ་བུ་དབུས་སུ་གཅིག་ལས་གཞན་འདྲ་བ་ལ། དབང་རྫས་འཁོར་ལོ། ཉི་ཟླ། རྒྱལ་སྲིད། རྫས་བརྒྱད། རྡོ་རྗེ། གདུགས། དུར་ཁྲོད་དང་དཔལ་ཆས། ཚེ་འབྲང་། སྨན་ཐོད། ཐོད་ཆང་། རིག་ཙཀ་བཅས། ༈ ལུང་ལུགས་ཐུགས་ཀྱི་ཕུར་གཅིག་ལ། རས་བྲིས་དབུས་རྣམ་བུམ་དང་གཙོ་ཕུར། གཡས་གསང་ཐོད། གཡོན་ཤེར་ཙཀ །མདུན་དུ་ཤེལ་རྡོ་བཞག་གོ། ༈ །།དེ་ནས་རྫོགས་ཆེན་མན་ངག་སྡེའི་ཐོག་མར་བི་མ་མི་ཏྲའི་བཀའ་སྲོལ་རྫོགས་ཆེན་རྒྱུད་བཅུ་བདུན་གྱི་དབང་ལས། རྫོགས་པ་རང་བྱུང་གི་རྒྱུད་དབང་ལ། རས་བྲིས་སྟེང་དབུས་དང་ཕྱོགས་བཞིར་བུམ་པ་རིགས་ལྔའི་ཁ་དོག་ཅན། ཨོཾ་ཨཱཿཧཱུྃ་སྭཱ་ཧཱས་མཚན་པ། བུམ་རྫས་དབུས་ནས་རིམ་བཞིན་རིན་པོ་ཆེ་ལྔ། འབྲུ་ལྔ། སྨན་ལྔ། སྤོས་ལྔ། སྙིང་པོ་ལྔ་རྣམས་དང་ཆུ་གཙང་འོ་མ་དཀར་མངར་གྱིས་བཀང་། ཁ་རྒྱན་གསེབ་ཏུ་ཤེལ་དང་མེ་ལོང་དར་སྣ་རྨ་བྱའི་མདོངས་ལྔ། རིགས་ལྔའི་ཙཀ་ལི་བཅས་བཀོད། གསང་ཐོད་ཁར་མེ་ལོང་སིནྡྷུ་རས་བྱུགས་པ་བཞག །སྒོ་བཞིར་ཕུར་པ་བཞི་དང་མདའ་དར་བཞི། མཚམས་བཞིར་རལ་གྲི་བཞི་བཀོད། བྱང་ཤར་དུ་མཎྜལ་པདྨ་འདབ་བཞི་དབུས་ལྗང་གུའི་སྟེང་ལས་བུམ་དང་། དེའི་མདུན་དུ་དབང་གཏོར་དཀར་ཟླུམ་རྒྱན་ལྡན་བཞག །དཀྱིལ་འཁོར་མདུན་དུ་དཔལ་གཏོར། ཚོན་སྐུད་སྣ་ལྔ་སློབ་མའི་གྲངས་མཉམ་ཡང་འདུ་བྱ། ༈ ཁྲོ་བོའི་དབང་ལ། རས་བྲིས་དབུས་ཀྱི་ཁྲིའུར་ཕོ་ཐོད་ལ་བྷྲཱུྃ། མོ་ཐོད་ལ་མ་བྲིས་པ་ཁ་སྦྱོར་དུ་བཞག་པའི་མདུན་དུ་བྱང་སེམས་དཀར་དམར་སོ་སོ་བ། ཐོད་པ་གཅིག་གི་ནང་དུ་ཤ་ཁྲག་གཏོར་མ་བཤམ། ཟླ་གམ་གསུམ་གྱི་སྟེང་བུམ་པ་དར་དམར་གྱི་ཆིངས་དང་བཅུད་ལྡན་གསུམ། འཁོར་ལོའི་སྟེང་དུ་བཀའ་བརྒྱད་ལྟ་བུའི་ཁྲོ་སྐུ་བརྒྱད། གྲུ་ཆད་བཞི་ལ་མེ་ལོང་རེ། རྨ་བྱའི་སྒྲོ་རེ། ཟླ་གམ་སྟེང་ཐོད་པ་མཚན་ལྡན་དུ་གཏོར་མ་བདུད་རྩིས་བྲན་པ་དར་མཐིང་གས་ཁ་བཅད། ལྷོ་ཕྱོགས་སུ་ཚིལ་ཆེན་གྱི་མར་མེ། ནུབ་ཏུ་སེང་ལྡེང་ཕུར་པ་དར་གྱི་ཅོད་པན་ཅན། བྱང་དུ་ཤེལ་རྡོ། མདུན་དུ་མཆོད་རྟེན། གཞན་ཡང་མེ་དཔུང་། རིན་ཆེན། པདྨ། རལ་གྲི །འཛོམ་ན་ཁྱེའུ་མ་སྐྱེས་པའི་བུ་མོའི་ཚིལ་དང་མ་འཛོམ་ནའང་དུད་འགྲོ་ལྟ་བུའི་ལྟོ་ཚིལ། མཆོད་པའི་ལྷ་མོ་ལྔ། རྡོ་རྗེ། རྡུལ་ཚོན་སྣ་ལྔ། ཐིག་ལེའི་རྒྱུ་དྲི་བཟང་ཆབ། ཅོད་པན་རྣམས་དང་། ཐལ་ཞག་རཀྟ་དབུ་རྒྱན་རྣམས་ཀྱང་འདུ་བྱ། ༈ ཚེ་དབང་རིན་པོ་ཆེ་ལ། དཀྱིལ་འཁོར་དབུས་སུ་བུམ་པ་དམར་པོ་དཀར་མངར་ཆབ་ཀྱིས་བཀང་བའི་ཁར་ཚེ་འབྲང་བཀོད། མཐར་ཟས་སྣས་བསྐོར། ཚེ་མདའ་ཡང་འདུ་བྱ། ༈ རིག་པ་རང་ཤར་གྱི་དབང་ལ། དཀྱིལ་འཁོར་དབུས་སུ་རྨ་བྱའི་སྒྲོ་མདོངས། མེ་ལོང་། བྱང་སེམས་དཀར་དམར་སོ་སོ་བ། དཔལ་ཆེན་ཁྲོ་སྐུ་བཤམ། ༈ བཀའ་རྟགས་ཕྱག་རྒྱའི་དབང་ལ། དཀྱིལ་འཁོར་དབུས་རྣམ་བུམ་དང་། ཤེལ་རྡོ། ཐིག་ལེ་རྣམ་ལྔ་བཞག ༈ །གསང་དབང་ལ། དཀྱིལ་འཁོར་དབུས་སུ་རྣམ་སྣང་། དེ་སྟེང་སྣང་བ་མཐའ་ཡས། དེ་སྟེང་པདྨ་དབང་ཆེན་གྱི་སྐུ་ལ་རྨ་བྱ་དར་གདུགས་ཕུབ་པའི་མདུན་དུ་མེ་ལོང་། ཤར་ལྷོར་བཀྲ་ཤིས་བུམ་པ། ཤར་དུ་ཐོད་པའི་ནང་དུ་བྱང་སེམས་དམར་པོ། བྱང་དུ་མེ་ལོང་ཡུ་བ་ཅན་གྱི་བྱང་སེམས་དཀར་པོ། ལྷོར་གོང་སྨོས་ཚིལ་དང་ཤ་ཆེན་མར་མེ་རྣམས་དང་། རིག་ཙཀ་བཅས་བཀོད། ༈ རྫོགས་ཆེན་རང་སྣང་གི་དབང་ལ། དཀྱིལ་འཁོར་དབུས་སུ་རྣམ་བུམ་ཁར་རིགས་ལྔའི་སྐུ་རྟེན། ཤར་བུམ་སྟེང་རིགས་གསུམ་དང་གོས་དཀར་མོའི་སྐུ །ལྷོ་བུམ་སྟེང་རིག་གསེར་ཕྲེང་། ཚེ་དཔག་མེད། ཤེར་ཕྱིན། སྨན་བླ་བཞིའི་སྐུ །ནུབ་བུམ་སྟེང་ཁྲོ་ཆེན་རིགས་ལྔ་ཡབ་ལྔའི་སྐུ །བྱང་བུམ་སྟེང་སྒོ་བ་བཞིའི་སྐུ །བྱང་ཤར་བུམ་པའི་སྟེང་རིགས་གསུམ་ཁྲོ་བོ་དང་རྣམ་འཇོམས་ཀྱི་སྐུ །ཤར་ལྷོའི་བུམ་པའི་སྟེང་རྣམ་འཛིན་དང་སྟོན་དྲུག་ཀུན་བཟང་གསུམ་གྱི་སྐུ །ལྷོ་ནུབ་བུམ་སྟེང་རིགས་ལྔ་ཡུམ་ལྔའི་སྐུ །ནུབ་བྱང་བུམ་སྟེང་ཁྲོ་མོ་ཡུམ་ལྔའི་སྐུ །ཕྱོགས་མཚམས་བརྒྱད་དུ་བཀྲ་ཤིས་རྫས་བརྒྱད། བུམ་པ་རེ་རེའི་རྩར་ཕུད་དང་བཅས་པའི་གཏོར་མ་རེ་བཞག ༈ །བཀའ་སྲུང་ཁྲོས་མའི་དབང་ལ། གྲུ་གསུམ་མཐིང་ནག་མེ་རི་དང་བྷྱོས་མཚན་པའི་སྟེང་དུ་ཁྲིའུར་ལྕགས་སམ་ཐོད་པའི་ནང་དུ་འབྲུ་ནག་གི་ཕྱེ་ལ་དཔལ་གཏོར་བརྗིད་ལྡན་སྐུ་རྟེན་དར་ནག་གིས་བརྒྱན་པ་བཤམ། ༈ ཞིག་གླིང་གསང་བ་སྙིང་ཐིག་ལ། སྟ་གོན་རྫས་བཞི། རས་བྲིས་དབུས་སུ་རྣམ་བུམ། མདུན་དུ་ལྷ་ཙཀ་ཚང་བ་དང་སྔགས་བྱང་། གཡས་གཡོན་སོགས་སུ་དབུ་རྒྱན་དང་རྡོར་དྲིལ། གསང་ཐོད་མེ་ལོང་དར་དམར་གྱིས་བཀབ་པའི་ཁར་ཤེལ་རྡོ་བཞག་པ། སྨན་རག་གཏོར་གསུམ། རིག་ཙཀ་བཅས་བཀོད། ༈ ལྕེ་བཙུན་སྙིང་ཐིག་ལ། འོད་ལྔའི་དཀྱིལ་འཁོར་སྟེང་རྣམ་བུམ་ཨ་དཀར་གྱིས་མཚན་པའི་ཁར་ཐོད་ཆང་། དེ་སྟེང་ཤེལ་རྡོ་བཞག ༈ །པདྨའི་བཀའ་སྲོལ་གྱི་ཐོག་མར་མཁའ་འགྲོ་སྙིང་ཐིག་ལ། སྟ་གོན་རྫས་བཞི། རས་བྲིས་སྟེང་བུམ་པ་རིགས་ལྔའི་མདོག་མཚུངས་ལྔ། ཤེལ་དང་མེ་ལོང་རྨ་བྱས་བརྒྱན་པ་ཕྱོགས་བཞི་དབུས་ལྔར་བཀོད་པ་དང་ལྷན་ཅིག་རིགས་ལྔའི་སྐུ་རྟེན་དང་རིག་དབང་ཆས་བཞི་བཞག །གསང་ཐོད་རིག་ཙཀ །ཤེལ་རྡོ་བཅས། ࿋ མཁའ་འགྲོ་ཡང་ཏིག་སྟ་གོན་སྐབས་དཀྱིལ་འཁོར་ཤར་ཕྱོགས་སུ་སྟེགས་བུ་མདའ་གང་བའི་སྟེང་དུ་ཟླུམ་བསྐོར་བཞིའི་ནང་མ་ལ་པད་འདབ་བཞི། གཉིས་པ་ལ་སེམས་དཔའ་ཡབ་ཡུམ་བརྒྱད་ཀྱི་མཚན་མ་དང་ཐུབ་པ་དྲུག །གསུམ་པ་ལ་སྒོ་མ་བཞིའི་ཕྱག་མཚན། བཞི་པ་ལ་བླ་མ་དང་དཔའ་བོ་ཆོས་སྐྱོང་དང་བཅས་པའི་མཚན་མ་བཀོད་ལ་དཀར་པོར་བྱས་ཏེ་ཞི་བའི་ཤིང་ཟླུམ་པོར་བརྩེགས། སྲེག་རྫས་ཡམ་ཤིང་། མར་ཁུ། འབྲས། སོ་བ། ཏིལ། ནས། གྲོ །སྲན་མ། ཞོ་ཟན། དྲི། བདུག་པ། དུརྦ་རྣམས་སོ་སོའམ་རྫས་སྤུངས། ཆུ་གཉིས་ཉེར་སྤྱོད་དགང་གཟར་བླུགས་བཅས། ཚིག་དབང་སྐབས་ཐོད་པ་བདུད་རྩིས་བཀང་བའི་སྟེང་དུ་མེ་ལོང་ལ་ཆོས་འབྱུང་བསྣོལ་མའི་དབུས་སུ་ཧྲཱིཿམ་ཧ་རི་ནི་ས་ར་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛཿ ཞེས་མཁའ་འགྲོ་ཡབ་ཡུམ་གྱི་རྩ་སྔགས་དང་མཐའ་སྐོར་ལ་ཨོཾ་གུ་རུ་ཀུན་བཟང་ཡབ་ཡུམ། རིགས་ལྔ་ཡབ་ཡུམ། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ཤྲཱི་སིངྷ་། པདྨ་མཚན་བརྒྱད། ཡེ་ཤེས་མཚོ་རྒྱལ། པདྨ་ལས་འབྲེལ་རྩལ། ས་མ་ཡ་ཛཿ ཞེས་རིག་འཛིན་གྱི་མཚན་བྲིས་ལ་ཁ་དགབ། ཕྱི་ནང་གི་མཆོད་ཚོགས་རྒྱ་ཆེར་བཤམས་ལ་བཞག །རྗེས་འབྲེལ་ཡུལ་ལྔའི་ངོ་སྤྲོད་ཆས་རིགས་ལྔའི་སྐུ་དང་མི་སྡུག་པའི་གཟུགས། དབྱུག་པ་རིང་པོ་ལ་དྲིལ་བུ་བརྒྱུས་པ། དྲི་བཟང་ངན། རོ་མངར་སྐྱུར། རེག་བྱ་འཇམ་རྩུབ་བཅས། ཀ་དག་ཁྲེགས་ཆོད་གཉིས་ལ། པད་འདབ་བརྒྱད་འོད་ར། རྡོར་ར། མེ་རི་བཅས་བྲིས་ལ་དེའི་སྟེང་དུ་ཐོད་པ་བདུད་རྩིས་བཀང་བ་བཞག་ལ་མཆོད་པས་བསྐོར། མཁའ་འགྲོའི་དོན་དབང་ལ། ཤོམ་སྔར་བཞིན་ལ་པདྨ་རཀྟ་སིནྡྷུ་རའི་ཐིག་ལེ་བཅས། གཞན་དོན་བཀའ་རྒྱའི་དབང་ལ། ཤོམ་སྔར་བཞིན་ལ་ཁྱད་པར་སྐུ་རྟེན་ཞི་ཁྲོའི་ཙཀླི །གསུང་རྟེན་སྙིང་ཐིག་གི་གླེགས་བམ། ཐུགས་རྟེན་ཤེལ་རྡོ། རིག་འཛིན་གཏོར་མ། བཀའ་སྲུང་གཏོར་མ་བཅས་བཞག་གོ ࿋ ༈ །བྱང་གཏེར་ཀ་དག་རང་ཤར་ལ། དཀྱིལ་འཁོར་མཎྜལ་ཆེ་ངེས་སྟེང་རྡུལ་ཚོན་གྱིས་དབུས་སུ་ཟླུམ་བསྐོར་མཐིང་ནག་འོད་ལྔའི་ར་བས་བསྐོར་བ། དེ་རྒྱབ་མུ་ཁྱུད་རིམ་པ་བཅུ་གཅིག་བསྐོར་བའི་དང་པོ་ལ་མཐིང་དམར་ཉིས་རིམ། གཉིས་པ་ལ། དཀར་སེར་དམར་ལྗང་མཐིང་ག་ལྔ་རིམ། གསུམ་པར་དཀར་དམར་ཉིས་རིམ། བཞི་པར་དཀར་དམར་མཐིང་ག་སུམ་རིམ། ལྔ་པར་དཀར་སེར་མཐིང་ག་སུམ་རིམ། དྲུག་པར་དཀར་པོ་ཉིས་རིམ། བདུན་པར་སེར་པོ་ཉིས་རིམ། བརྒྱད་པ་ལེའུ་ཚེ་བཅུ་གཉིས་ཆ་བགོས་ལ་ཚོན་ལྔ་བཏང་བ། དགུ་པར་སེར་པོ་ཉིས་རིམ། བཅུ་པར་དཀར་ནག་ཉིས་རིམ། བཅུ་གཅིག་པར་ནང་ནས་རིམ་བཞིན་དཀར། སེར། ལྗང་གུ །དམར་ནག །སེར་ནག་ནག་པོ་དྲུག་རིམ་ཅན་སློབ་དཔོན་མདུན་སྟེགས་ཧ་ཅང་མི་མཐོ་བ་ལ་བཞག་པའི་སྟེང་ཁྲིའུར་བུམ་པ་བཀོད། མཆོད་གཞིར་སྨན་རཀ་དཔལ་གཏོར། དེའི་མདུན་ཅུང་ཟད་དམའ་བར་སྣོད་གཅིག་ཏུ་གཏོར་མ་ཟུར་གསུམ་དམར་པོ་པདྨས་བསྐོར་བ་གསུམ། སྣོད་གཅིག་ཏུ་ཟླུམ་གཏོར་པདྨ་སྤུངས་པ་འགྲུབ་ན་བཅུ་གཉིས་བཤམ། དབང་སྐབས་རྡུལ་ཚོན་རིམ་པར་ཕྱགས་བདེ་བའི་རྡུལ་ཕྱགས་ཆུང་ངུའང་ཉེ་བར་བསྡོག ༈ །རྡོར་གླིང་ལྟ་བ་ཀློངས་ཡངས་ཞི་ཁྲོའི་གཏོར་དབང་ལ། མཎྜལ་སྟེང་ཚོམ་བུ་ལྷ་གྲངས་སམ་གཙོ་འཁོར་ལྔ་བཀོད་པའི་སྟེང་། གཏོར་མ་བང་རིམ་བཞི་བརྩེགས་སྟེང་རིན་ཆེན་འབར་བ་སྤྱི་འགྲེ་དར་གདུགས་བཅས་བཀོད། ༈ རྡོར་གླིང་ཧཱུྃ་སྐོར་སྙིང་ཐིག་གི་ཕོ་སྒྲུབ་དང་འབྲེལ་བ་བུམ་པའི་དབང་ལ། མཎྜལ་པདྨ་འདབ་བཞི་འཇའ་རིས་མུ་ཁྱུད་ལྔ་ལྡན་གྱིས་བསྐོར་བའི་དབུས་སུ་བུམ་པ་སོ་ལྔའི་རྫས་དང་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་གྱིས་སྤྲས་པ། པད་འདབ་ཤར་དུ་ཏིང་ཕོར་ཆུས་བཀང་བ། ལྷོར་ས་གྲུ་བཞི། ནུབ་ཏུ་མར་མེ། བྱང་དུ་རླུང་གཡབ་རྣམས་བཞག །དེའི་རྒྱབ་ཕྱོགས་བླ་མའི་གཏོར་ཆེན་བཤམ། སྔོན་འགྲོ་སྦྱིན་སྲེག་ལ་ཞི་བའི་མེ་ཐབ་སྤྱི་འགྲེ་བྲིས་པའམ་ཐབ་སྟེགས་དཀར་ཟླུམ་འབྲུ་ཚོམ་དཀར་པོ་གཙོ་འཁོར་ལྔ་བཀོད་པའི་ཁར་བུད་ཤིང་ཟླུམ་པོར་བརྩིགས། སློབ་དཔོན་གྱི་གཡོན་ཕྱོགས་སུ་འབུལ་གཏོར་དཀར་ཟླུམ་དང་སྨན་རཀ་ཆུ་གཉིས་ཉེར་སྤྱོད། གཡས་ཕྱོགས་སུ་བ་ལུ་སོགས་ཀྱི་ཡམ་ཤིང་བདུན་ནམ་ཉེར་གཅིག །མར་ཁུ། ཏིལ་དང་ཡུངས་ཀར་རྣམས་བཀོད། ༈ གཉིས་པ་ཟུང་འཇུག་དང་འབྲེལ་བའི་གསང་དབང་ལ། དཀྱིལ་འཁོར་སྒོ་རྫོགས་སམ་ཕྱོགས་མདོག་གི་ཐིག་ལེ་ལྔ་ཚོམ་རེ་རེ་བཞིན་འཇའ་རིས་ཀྱི་མུ་ཁྱུད་ལྔ་དང་མཐའ་སྐོར་མུ་ཁྱུད་འཇའ་རིས་སྣ་ལྔས་བསྐོར་བའི་དབུས་སུ། བུམ་པ་སོ་ལྔ་དང་སྦྲང་ཆང་གི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དཀར་པོས་སྤྲས་པ། ཤར་དུ་རྡོ་རྗེ། ལྷོར་རིན་ཆེན་འབར་བ། ནུབ་ཏུ་པདྨ། བྱང་དུ་རལ་གྲི་རྣམས་དང་། རིགས་ལྔ་ཡབ་ཡུམ་གྱི་ཙཀ་ལི། བགྲང་ཕྲེང་། དབྱངས་གསལ་དང་། འཁོར་བ་དོང་སྤྲུགས་ཀྱི་སྔགས་བྱང་རྣམས་བཞག །རྒྱབ་ཕྱོགས་སུ་ཡི་དམ་གྱི་གཏོར་ཆེན་བཤམ། ༈ གསུམ་པ་མོ་སྒྲུབ་དང་འབྲེལ་བ་ཤེར་དབང་ལ། མཎྜལ་པདྨ་འདབ་བཞིའི་སྟེང་དུ་ཐོད་པའི་བདུད་རྩི་ཆོས་སྨན་མངར་གསུམ་སྦྱར་བ་དང་རྡོར་དྲིལ། རྟ་མགྲིན་ཧེ་རུ་ཀའི་སྐུ་ཙཀ་དང་། རྒྱབ་ངོས་མཁའ་འགྲོའི་གཏོར་མ་བཤམ། ༈ བཞི་པ་ཚིག་དབང་ལ། དཀྱིལ་འཁོར་འཇའ་རིས་ཀྱི་ཐིག་ལེ་ཉི་ཤུ་རྩ་ལྔའི་མཐར་མུ་ཁྱུད་འཇའ་ཚོན་གྱིས་བསྐོར་བའི་དབུས་སུ་ཤེལ་རྡོ་དང་རྨ་བྱའི་མདོངས་བཞག ༈ །ལྔ་པ་གདམས་གཏད་དབང་ལ་བཤམ་བཀོད་ཟུར་དུ་མི་དགོས། བུམ་པ་སོགས་དབང་ཆས་རྣམས་སྣོད་གཅིག་ཏུ་བསྡུ་དགོས་པ་དང་གཞུང་པོད་གླེགས་བམ་གཏོད་རྒྱུར་འཇོག ༈ །རིན་ཆེན་གླིང་པའི་རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་ནི། མཚན་མའི་དབང་རྫས་ལ་མི་ལྟོས་ཀྱང་མཚོན་བྱེད་ཙམ་དུ་མཎྜལ་པདྨ་འདབ་བརྒྱད་མཛེས་ཚོན་འཇའ་རིས་སྣ་ལྔས་བསྐོར་བའི་དབུས་སུ་ཁྲིའུའི་སྟེང་། རིན་པོ་ཆེའི་བུམ་པ་ལྔ་ཚན་ལྔའི་བཅུད་དང་མགུལ་ཆིངས་མཐིང་ག་ཁ་རྒྱན་ཤིང་ལོ་མེ་ཏོག་འབྲས་བུ་དང་བཅས་པ་གཟུག །མདུན་དུ་མེ་ལོང་གཡའ་མེད་པའི་སྟེང་ཤེལ་སྒོང་ཟུར་བརྒྱད་དང་རྨ་བྱའི་སྒྲོ་མདོངས་བཞག ༈ །རཏྣའི་ཀློང་གསལ་སྙིང་ཐིག་གི་ཆོས་སྒོ་འབྱེད་པ་གཏོར་དབང་ལ། མཎྜལ་ཚོམ་བུ་ལྔ་པའི་ཁར་ཁྲིའུ་ལ་དབང་གཏོར་གཞུང་གསལ་རྒྱན་ལྡན་བཀོད། ༈ བསྐྱེད་རིམ་དང་འབྲེལ་བའི་དབང་བསྐུར་རྣམ་གསུམ་ལ། སྟ་གོན་རྫས་བཞི། བླ་མ། རྟ་མགྲིན། ཚེ་དཔག་མེད་གསུམ་གྱི་སྐུ་རྟེན་བྱིན་ལྡན་བཀྲམ་པའི་མདུན་དུ། བླ་མ་ལ། རས་བྲིས་སམ་ལྷ་གྲངས་ཀྱི་ཚོམ་བུའི་ཁར་བླ་མའི་གཏོར་ཆེན་རིན་ཆེན་འབར་བ་བཟའ་བཏུང་བཅས་བཀོད། ཡི་དམ་ལ། རས་བྲིས་སམ་ཚོམ་བུ་ལྷ་གྲངས་གྱི་ལྟེ་བར་བནྡྷ་མཚན་ལྡན་ཆང་དང་ཆོས་སྨན་མངར་གསུམ་སྦྱར་བས་བཀང་བའི་སྟེང་ཁྲིའུ་ལ་ཁྲག་ཆང་གིས་སྦྲུས་པའི་དཔལ་གཏོར་རྟ་མགོས་མཚན་པ་དར་དམར་གྱི་གུར་ཕུབ། རིག་ཙཀ་དང་མེ་ལོང་སྐུ་ཕྱིས་གོས་ཟུང་སོགས་ཁྲུས་ཆས་ཀྱང་བཞག །ཀུན་བཟང་རྡོར་སེམས་ལྟ་བུའི་སྐུའང་བསྡོག །ཚེ་དབང་ལ། རས་བྲིས་སམ་ཚོམ་བུ་ལྔ་པའི་ཁར་འབྱོར་ན་བུམ་པ་ལྔ། མ་འབྱོར་ན་གཅིག་ལ་ཉེར་ལྔའི་རྫས་དང་དཀར་མངར་གྱིས་བཀང་བ་བཞག །གཡས་སུ་ཚེ་ཆང་། གཡོན་དུ་ཚེ་ནས་དཀར་མོ་ལ་མདའ་དར་དམར་པོ་གཟུག ༈ །རྫོགས་རིམ་གྱི་དབང་གི་སྟ་གོན་ལ། མཎྜལ་ཚོམ་བུ་ལྔ་པའི་ཕྱོགས་བཞི་དབུས་ལྔར་ཁྲིའུ་དང་ཀུ་ཤའི་གདན་ལ་བུམ་པ་རིགས་ལྔའི་ཕྱག་མཚན་དང་ལྡན་པ་ཕྱོགས་མདོག་གི་ནང་དུ་འབྲུ་ལྔ། བདུད་རྩི་ལྔ། རིན་པོ་ཆེ་ལྔ། སྨན་ལྔ། དྲི་ལྔ་ཆུ་གཙང་འོ་མ་བཅས་ཀྱིས་བཀང། ཁ་རྒྱན་རྨ་བྱ་ཤེལ་དཀར་མེ་ལོང་ལྡན་པ་བཞག །མཎྜལ་གྱི་ཤར་ཕྱོགས་སུ་མེ་ཐབ་དཀར་པོ་པདྨ་འདབ་བཞི་ཚོམ་བུ་ལྔ་བཀོད་པ་ལ་ཞི་བའི་བུད་ཤིང་ཟླུམ་པོར་བརྩིགས། མར་ཁུ་ཡམ་ཤིང་ཏིལ་ཡུངས་ཀར་གཙོར་བྱས་བསྲེག་རྫས་གང་འཛོམ་དང་དགང་བླུགས་ཀྱང་འདུ་བྱ། དངོས་གཞི་ལ། རས་བྲིས་སམ་ཚོམ་བུ་ལྔ་པའི་ཁར་སྔར་གྱི་བུམ་པ་ལྔ་དང་མཉམ་དུ་རྡོ་རྗེ་ཉི་ཟླའི་ཡུ་བ་ཅན་ལྔ། དྲིལ་བུ་རིགས་ལྔའི་ཕྱག་མཚན་གྱི་ཡུ་བ་བྱས་པ་ལྔ། རིགས་ལྔའི་སྐུ་ཙཀ་སོ་སོ། དབུ་རྒྱན། རྒྱབ་ཏུ་མཎྜལ་ཆོས་འབྱུང་བསྣོལ་མ་ཚོམ་བུ་ལྔ་པའི་སྟེང་ཁྲིའུ་ལ་ཐོད་ཆང་ཁར་སིནྡྷུ་རའི་མེ་ལོང་ཆོས་འབྱུང་ཟུར་ལྔ་པའི་ལྟེ་བར་ཧྲཱིཿམ། ཟུར་ལྔའི་མདུན་དང་གཡས་ནས་བརྩམས་ཏེ། ར་ཧ། ཙ་རི། ཧྲི་ནི། ཡ་ས། ཧཱུྃ་མ་རྣམས་བྲིས་པ་བཞག་ལ་དར་དམར་གྱིས་བཀབ། དེ་སྟེང་ཁྲིའུར་གུ་རུའི་སྐུ་ཚབ་བཞུགས་སུ་གསོལ། ༈ པད་གླིང་ཀུན་བཟང་དགོངས་འདུས་དོན་དབང་ལ། དཀྱིལ་འཁོར་རས་བྲིས་སྟེང་དབུས་དང་ཕྱོགས་བཞིར་མཉྫི་ལ་བུམ་པ་ལྔ། དབུས་སྨན་ལྔ་མགུལ་ཆིངས་དཀར་ཁ་རྒྱན་ལ་རྣམ་སྣང་གི་སྐུ་དང་ཨོཾ་གྱིས་བརྒྱན་པ། དེས་འགྲེས་ཏེ་ཤར་སོགས་འབྲུ་ལྔ་རིན་པོ་ཆེ་ལྔ་དྲི་ལྔ་སྙིང་པོ་ལྔ་དང་མཐིང་སེར་དམར་ལྗང་རིགས་བཞིའི་སྐུ་དང་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཐམས་ཅད་ལ་ཤེལ་དང་མེ་ལོང་རྨ་བྱས་བརྒྱན་པ། དབུས་བུམ་མདུན་ཐོད་པ་ཆང་དང་བུ་རམ་སྦྱར་བ། ཤར་ལྷོར་འོ་མ། ལྷོ་ནུབ་ལན་ཚྭ། ནུབ་བྱང་སྦྲང་རྩི། བྱང་ཤར་ཟས་སྣས་བཀང་བའི་ཐོད་པ་བཞི་བཞག །རིག་ཙཀ །སློབ་མའི་གྲངས་མཉམ་གྱི་མར་མེ་གསལ་བའང་བཀོད། སྲུང་སྐུད་ཁ་དོག་ལྔ་པ་དེ་གྲངས་འདུ་བྱའོ། ༈ །ཐུགས་སྒྲུབ་པད་འབྱུང་ལ། མཎྜལ་ཚོམ་བུ་གཅིག་པའི་སྟེང་བུམ་པ་ཆིངས་དཀར་ཐོད་ཆང་སིནྡྷུ་རའི་མེ་ལོང་སྐུ་ཚབ་རྣམས་བརྩེགས་མ་དང་། མདུན་རྒྱབ་གང་བདེར་བླ་གཏོར། ཤེལ་རྡོ། རྨ་བྱའི་མདོངས་རྣམས་བཞག །རྗེས་འབྲེལ་ངོ་མཚར་ཆོས་དྲུག་གི་ཆས། མཐོང་གྲོལ། ཐོས་གྲོལ། བཏགས་གྲོལ། ཚོར་གྲོལ་གཞུང་གསལ་ཚད་ལྡན། མྱང་གྲོལ་རིལ་བུམ། རེག་གྲོལ་འཕོ་རྫས་ཆང་སྦྱར། རྒྱུད་ཀྱི་གླེགས་བམ་བཅས་བཀོད། ༈ ཀུན་སྐྱོང་གླིང་པའི་རྡོར་སེམས་སྙིང་ཐིག་ལ། པདྨ་འདབ་བརྒྱད་མུ་ཁྱུད་འཇའ་ཚོན་རིས་སུ་བསྐོར་བའི་སྟེང་དུ་རྣམ་བུམ། གཡས་སུ་ཐོད་ཆང་། གཡོན་དུ་དཔལ་གཏོར། མདུན་དུ་རྨ་བྱའི་ཕོད་གཙུག ༈ །སྡེ་གསུམ་གསང་སྐོར་བཀའ་བརྒྱད་རྫོང་འཕྲང་ལ། དཀྱིལ་འཁོར་རམ་མཎྜལ་ཚོམ་བུ་གཙོ་འཁོར་དགུ་པའི་སྟེང་དུ་ཁྲིའུ་ལ་བུམ་པ་ཆིངས་སྔོན་སྐུ་ཙཀ་ལྡན་པ། གཡས་སུ་དབུ་རྒྱན། རྒྱབ་ཏུ་རྡོ་རྗེ་དང་གསང་ཐོད་རིག་ཙཀ །གཡོན་དུ་དྲིལ་བུ་དང་ཤེལ་རྡོ་མེ་ལོང་། མདུན་དུ་ཀུན་བཟང་རྡོར་སེམས་རིགས་གསུམ་མགོན་པོ་བཅས་ཞི་བ་ལྔ་དང་དཔལ་དགུ་བྱ་ཁྱུང་བཅས་པའི་ཙཀ་ལི། བར་མཚམས་སུ་སྔགས་ཕྲེང་། ཕྱག་མཚན་རྩེ་དགུ །དུར་ཁྲོད་དང་དཔལ་ཆས། ཁྲི་གདུགས་སོགས་མངའ་གསོལ་ཆས་རྣམས་བཀོད། སྟེགས་གཞན་དུ་བྲུབ་ཁུང་ལིངྒ་ལྕགས་ཕུར། དགང་གཟར་བླུགས། ཟོར་གཏོར་མཚེ་ཡུངས་བཙུགས་པ། མནན་པའི་ཆས། ཞྭ་ནག་བེར་ཕོད་ཐུན་རྭ་མེ་ལོང་རྣམས་དངོས་སམ་བྲིས་པ་དང་། བཀྲ་ཤིས་ཚེ་གལ་གྱི་བཟའ་བཏུང་རྣམས་ཀྱང་ཉེ་བར་བསྡོག ༈ །ཨ་ཏི་ཟབ་དོན་ལ། འོད་ལྔའི་ཐིག་ལེའི་དཀྱིལ་འཁོར་དབུས་སུ་རྣམ་བུམ། གཡས་སུ་མན་ཤེལ་དར་སྣས་དྲིལ་བ། གཡོན་དུ་ཐོད་ཆང་། རྒྱབ་ཏུ་རིགས་ལྔའི་ཙཀ་ལི་ཕྱོགས་བསྡུས་དང་མེ་ལོང་གསལ་བ། མདུན་དུ་སངས་རྒྱས་སྲས་གཅིག་གི་རྒྱུད་དར་སྣས་དྲིལ་བ་བཞག་གོ ༈ །མཆོག་གླིང་རྫོགས་ཆེན་སྡེ་གསུམ་གྱི་དགའ་རབ་སྙིང་ཐིག་ཞི་དབང་ལ། དཀྱིལ་འཁོར་རམ་ཚོམ་བུ་དཀར་པོ་གཅིག་གི་སྟེང་བུམ་པ་ཆིངས་དཀར་ཅན་གྱི་ཁར་ཐོད་པའི་བདུད་རྩི་མེ་ལོང་ཤེལ་རྡོ་རྣམས་བརྩེགས། མདུན་དུ་རྡོར་སེམས་ཡབ་ཡུམ་གྱི་སྐུ་ཙཀ །ཤེལ་ཕྲེང་། རྡོ་རྗེ་མེ་ལོང་། རིག་ཙཀ །གཞུང་ནས་བཤད་པའི་རིལ་བུ་ཐོད་སྣོད་དུ་བླུགས་པ་དར་ཁེབ་ཅན་བཅས་བཞག ༈ ཁྲོ་དབང་ལ། ཟླ་གམ་དཀྱིལ་འཁོར་རམ་ཚོམ་བུ་གཙོ་འཁོར་དགུའི་དབུས་སུ་ཁྲིའུར་འབྲུ་སྣོད་དུ་ཐོད་སྐུ་དར་གྱིས་བཀླུབས་པ། མདུན་དུ་ཐོད་སྣོད་དུ་མར་མེ་དགུ་བཅོས་པ། གཡས་གཡོན་རྣམས་སུ་སྔགས་བྱང་། རྡོར་དྲིལ། གསང་ཐོད་ཁར་སིནྡྷུའི་མེ་ལོང་ལ་ཆོས་འབྱུང་བསྣོལ་མ་དགའ་འཁྱིལ་མཱུཾ་ཡིག་གིས་མཚན་པ། རིག་ཙཀ །ཚེ་འབྲང་བཅས་བཀོད་དོ།། ༈ །།སྤྱི་ཏི་ལ། རས་བྲིས་སྟེང་དཔལ་གཏོར། གཡས་སུ་རྣམ་བུམ། གཡོན་དུ་ཐོད་ཆང་ཁར་མེ་ལོང་དྭངས་པ་བཞག་གོ། ༈ །།ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་རིག་པའི་རྩལ་དབང་ལ། རས་བྲིས་སྟེང་འདབ་བརྒྱད་ཀྱི་ཤར་དུ་ཉི་ཟླ་སོགས་གཟུགས་སོ་སོར་བཀོད་པའི་ལྟེ་བར་བུམ་པ་སྔོན་པོ་ཁ་རྒྱན་རྡོ་རྗེ་དང་བཅས་པ། འདབ་བརྒྱད་ཤར་གྱི་སྟེང་དུ་མེ་ལོང་། ལྷོར་མི་རོ། ནུབ་ཏུ་སྣོད་གང་རུང་ལ་ཆུ་ཚྭ་འོ་མ། བྱང་དུ་འཇའ་ཚོན། ཤར་ལྷོར་སྤོས་དང་མར་མེ། ལྷོ་ནུབ་ཏུ་དར་སྣ་དང་དངུལ་དཀར་མེ་ལོང་། ནུབ་བྱང་དུ་གྷི་ཝཾ་དང་ཐོད་ཆང་། བྱང་ཤར་དུ་མངར་གསུམ་གྱི་ལྡེ་གུ་དང་ཆོས་འབྱུང་མཐིང་ག །ཤར་སྒོར་ཉི་མ། ལྷོ་སྒོར་ཤེལ་སྒོང་། ནུབ་སྒོར་རླུང་གི་འཁོར་ལོ། བྱང་སྒོར་ཆུ་གཙང་རྣམས་དངོས་དང་རི་མོར་བྲིས་པ་བཞག །མདུན་ཕྱོགས་སུ་དཔལ་གཏོར་ལ་རི་རབ་གླིང་བཞི་འདོད་ཡོན་བཀོད་པ་སྣ་ཚོགས་ཀྱི་ཙཀ་ལི་བཙུགས་པའི་གཡས་གཡོན་དུ་སྨན་རཀ་བཤམ། གཞན་ཡང་དབང་རྫས་དབུ་རྒྱན། རྡོ་རྗེ། དྲིལ་བུ་རྣམས་དང་། དར་ལམ་དཀར་པོའང་འདུ་བྱ། ༈ ཡང་ཏི་གསེར་གྱི་འབྲུ་གཅིག་ལ། སྟ་གོན་རྫས་བཞི། རས་བྲིས་དབུས་སུ་རྣམ་བུམ་རིག་དབང་ཆས་ལས་མིང་དབང་སྣ་ཚོགས་རྡོ་རྗེ། ལྷ་ཙཀ་ཚང་བ། ཐོད་ཆང་ཁར་མེ་ལོང་དྭངས་པ་བཀབ་པ། དྲིལ་བུ། མར་མེ། རླུང་གཡབ་མེ་ལོང་ཤེལ་རྡོ་ལྷན་ཅིག་པ་རྣམས་བཞག་གོ ༈ །མཆོག་གླིང་རིགས་གསུམ་སྙིང་ཐིག་ལས། དང་པོ་ལྷ་མིའི་ཐེག་པ་སྐྱབ་སྡོམ་འབོགས་པ་ལ། གནས་ཁང་བྱི་དོར་བྱ། དྲི་བཟང་ཆུས་ཆག་ཆག་གདབ། སྟེགས་གཙང་མར་མེ་ཏོག་སིལ་མ་བཀྲམ་པའི་དབུས་སུ་ཐུབ་པའི་དབང་པོའི་སྐུ་བརྙན། གཡས་སུ་གསུང་རབ་ཀྱི་གླེགས་བམ། གཡོན་དུ་མཆོད་རྟེན་རྣམས་སྣོད་གཅིག་ཏུ་བཞུགས། མདུན་དུ་ཕྱི་མཆོད་ཕྲེང་ཚར་དུ་བཤམ། ཉན་རང་བྱང་སེམས་ཡན་བསྐུར་སྒྲུབ་དུས་གཅིག་བྱེད་ན་འོག་ནས་འབྱུང་བའི་གཤོམ་རྣམས་ཀྱང་སྟེགས་བུ་གཅིག་གི་སྟེང་གྲལ་ཐབས་སམ། ཕྱོགས་བཞི་ལྟ་བུར་བཀོད། ༈ གཉིས་པ་ཉན་ཐོས་ཐེག་པ་ལ། གཞུང་ནས་གསལ་བ་ལྟར་འཇམ་དཔལ་སོགས་ཉན་ཐོས་ཚུལ་བཟུང་བའི་འབུར་སྐུའམ་ཙཀ་ལི་གསུམ། སོ་ཐར་མདོ་ལྟ་བུའི་གླེགས་བམ། མཆོད་རྟེན་རྣམས་སོ་སོར་བཞུགས། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། ༈ གསུམ་པ་རང་རྒྱལ་ཐེག་པ་ལ། ཙན་དན་དཀར་པོས་བྱུགས་པའི་མཎྜལ་གྱི་སྟེང་དུ་གཞུང་ནས་བཤད་པ་ལྟར་རིགས་གསུམ་རང་རྒྱལ་གྱི་སྐུ་བྲིས་འབུར་གང་རུང་དང་། ཕྱི་མཆོད་བཤམ། ༈ བཞི་པ་བྱང་སེམས་ཐེག་པ་ལ། དཀྱིལ་འཁོར་རྟ་བབས་མེད་པའི་སྒོ་རྐྱང་ཁྲུས་རྫིང་སྐྱེད་ཚལ་རིན་པོ་ཆེའི་ལྕགས་རིས་བསྐོར་བའི་དབུས་སུ་པདྨའི་གདན་སུམ་བསྒྲིགས་ལ་རིགས་གསུམ་བྱང་སེམས་གཞུང་ནས་བཤད་པ་ལྟ་བུའི་སྐུ་བརྙན་ནམ་ཙཀ་ལི་དང་། ཕྱི་མཆོད་བཤམ། ༈ ལྔ་པ་ཀྲྀ་ཡ་སྟེ་བྱ་བའི་རྒྱུད་ལ། དཀྱིལ་འཁོར་ཙན་དན་དཀར་པོ་ལ་སོགས་པའི་དྲི་ལྡན་ཤིང་ལེབ་ཀྱི་གཞི་ལ་པདྨ་འདབ་བརྒྱད་སུམ་བསྒྲིགས་ཀྱི་སྟེང་དུ་ཡོད་ན་དབུས་སུ་འཇམ་དབྱངས། གཡས་སུ་སྤྱན་རས་གཟིགས། གཡོན་དུ་ཕྱག་རྡོར་རྣམས་ཙན་དཀར་ལས་བྱས་པའི་སྐུ་བརྙན་ནམ། མ་འཛོམ་ན་ཙཀ་ལི་བཞག །གཡས་གཡོན་དུ་རྣམ་བུམ་ཉེར་ལྔའི་བཅུད་ལྡན་ཁ་རྒྱན་གཟུངས་རྡོར་བཅས་པ། ནོར་བུའི་ཅོད་པན། སྟོད་གཡོགས་དར་དཔྱངས་བཅས་དངོས་སམ་རི་མོར་བྲིས་པ། རྫས་རྟགས། རྒྱལ་སྲིད་རྣམས་ཀྱི་ཙཀ་ལི། ཉེར་སྤྱོད་རྣམས་མདུན་ནས་གཡས་བསྐོར་དུ་བཤམ། ༈ དྲུག་པ་ཡོ་ག་ལ་རིགས་གསུམ་གྱི། དང་པོ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ། དཀྱིལ་འཁོར་དབུས་སུ་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་བརྙན་བྲིས་འབུར་གང་རུང་བཞུགས། སྔགས་བྱང་ངམ་ཕྲེང་བ་དང་། ཕྱག་མཚན་བཞག །འདིའི་དབང་བསྐུར་སྒེར་དུ་བྱེད་ན་རྣམ་བུམ་བཀོད། ཕྱི་མཆོད་བཤམ། ༈ གཉིས་པ་སྤྱན་རས་གཟིགས་འཁོར་བ་དོང་སྤྲུགས་ལ། དཀྱིལ་འཁོར་དབུས་སུ་བུམ་པ་ཉེར་ལྔའི་བཅུད་ལྡན་དང་སྐུ་གཟུགས་བྲིས་འབུར་གང་རུང་བཞུགས། སྔགས་བྱང་ངམ་ཕྲེང་བ། ཕྱག་མཚན་བཞག །ཕྱི་མཆོད་བཤམ། ༈ གསུམ་པ་གསང་བདག་ངན་སོང་ཀུན་འདྲེན་ལ། དཀྱིལ་འཁོར་དབུས་སུ་བུམ་པ་ཉེར་ལྔའི་བཅུད་ལྡན་དང་། སྐུ་བརྙན་བྲིས་འབུར་གང་རུང་བཞུགས། སྔགས་བྱང་ངམ་ཕྲེང་བ་མེ་ལོང་བཞག །ཕྱི་མཆོད་བཤམ། ༈ བདུན་པ་མ་ཧཱ་ཡོ་ག་འཇམ་དཔལ་རྡོ་རྗེ་ལ། ཞི་དཀྱིལ་རས་བྲིས་སམ་མཎྜལ་ལ་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་སུ་རྣམ་བུམ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་སེར་པོ་ཁ་རྒྱན་དང་བཅས་པ། གཡས་སུ་གསང་དབང་ཐོད་པ་མཚན་ལྡན་དང་། གཡོན་དུ་ཁྲོ་བོའི་གསང་ཐོད་ཁྱེའུ་དང་བུ་མོ་ལོ་བཅུ་དྲུག་ལོན་པའི་ཐོད་པ་ཁ་སྦྱོར་གསུངས་ཀྱང་མ་རྙེད་ན་ཕོ་མོའི་ཐོད་པ་ཁ་སྦྱོར། གཉིས་ཀའི་ནང་ཆང་དང་ཆོས་སྨན་མངར་གསུམ་སྦྱར་བས་བཀང་བ། རྒྱབ་ཏུ་ཁྲོ་བོའི་དཔལ་གཏོར་སྐུ་ཙཀ་དར་གདུགས་མཐིང་གས་སྤྲས་པ། རིག་མ་དང་སྒྲོལ་གིང་ལས་གཤིན་གྱི་ཙཀ་ལི། འཇའ་ཤེལ། མདུན་དུ་སྨན་རཀ་གཏོར་གསུམ། ཉེར་སྤྱོད་བསྐོར་བཤམ་བྱ། ༈ བརྒྱད་པ་ལུང་ཨ་ནུ་ཡོ་ག་པདྨ་གར་དབང་ལ། དཀྱིལ་འཁོར་གཞུང་མཐུན་དབུས། གཏོར་ཙཀ་པདྨ་ཧེ་རུ་ཀ་དང་དར་གདུགས་དམར་པོ། སྒྲོལ་གིང་དམར་པོ་རལ་གྲི་དང་ཕུར་པ་ཐོགས་པ་བརྗེ་བ་ལས་བཤམ་བཀོད་གཞན་རྣམས་འཇམ་དཔལ་རྡོ་རྗེ་ཇི་ལྟ་བ་བྱའོ། ༈ །དགུ་པ་མན་ངག་རྫོགས་པ་ཆེན་པོ་གསང་བདག་སྙིང་ཐིག་ལ། བཤམ་བཀོད་སྔར་ལྟར་ལ་དཀྱིལ་འཁོར་གཞུང་མཐུན་དབུས། གཏོར་ཙཀ་བཛྲ་ཧེ་རུ་ཀ་དང་དར་གདུགས་མཐིང་ནག །སྒྲོལ་གིང་མཐིང་ནག་རལ་གྲི་དང་ཕུར་པ་ཐོགས་པ་བཀོད། ༈ མན་ངག་ལ། ཐིག་ལེ་ལྔ་ཚོམ་དབུས་མཐིང་ཤར་དཀར་སོགས་ཕྱོགས་མདོག་ཅན་གྱི་ལྟེ་བར་ཧཱུྃ་སྔོན་པོ། ཤར་དུ་ཨོཾ་དཀར་པོ། ལྷོར་ཏྲཱཾ་སེར་པོ། ནུབ་ཏུ་ཧྲཱིཿདམར་པོ། བྱང་དུ་ཨཱཿལྗང་གུ །མཐར་འོད་ལྔའི་མུ་ཁྱུད་ཀྱིས་བསྐོར་བའི་དཀྱིལ་འཁོར་སྟེང་རྣམ་བུམ་མགུལ་ཆིངས་སྔོན་པོ། ཁ་རྒྱན་གསེབ་ཏུ་མདའ་དར་ཤེལ་ཕྲེང་མེ་ལོང་བཏགས་པ་དང་། རིག་མའི་མཚོན་བྱེད་པདྨ་དམར་པོ་རྡོ་རྗེ་དཀར་པོས་མཚན་པ་རྣམས་བཀོད། ༈ བཅུ་པ་རིགས་གསུམ་འདུས་པ་ལ། དཀྱིལ་འཁོར་རས་བྲིས་སམ་མཎྜལ་ལ་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་རྣམ་རྒྱལ་བུམ་པ། གཡས་གཡོན་དུ་གསང་ཐོད། རིག་ཙཀ་བརྡ། རང་བྱུང་འཇའ་ཤེལ་རྣམས་དང་། འགྲོ་འདུལ་ཕྲིན་ལས་ཀྱི་དབང་ཆས། རིགས་གསུམ་མཆོད་རྟེན་ལྔ་པ་བྲིས་འབུར་གང་རུང་འཛོམ་ན་དང་། མེད་ན་མཆོད་རྟེན་རབ་གནས་ལྡན་པ། སངས་རྒྱས་ཀྱི་རིང་བསྲེལ་དངོས་དང་དེ་ཉིད་ཕབ་གཏར་སྦྱར་ནས་དྲིལ་བའི་རིལ་བུ། ཤེས་རབ་རིལ་བུ་གཞུང་གསལ་བསྡུ་བསྒྲུབས་བྱས་པ་བཅས་སོ་སོར་རིན་པོ་ཆེའི་ཟ་མ་ཏོག་ལ་སོགས་པའི་སྣོད་དུ་བཞག་པ། ༈ ཚེ་དཀྱིལ་རིན་པོ་ཆེ་ཟུར་བཞི་པའི་དབུས་སུ་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོ། ཚེ་རིལ་ཚེ་ཆང་བཅས་ཕྱོགས་གང་བདེར་བཀོད། བཀའ་སྲུང་དུད་སོལ་མའི་རྗེས་གནང་འདིར་སྦྲེལ་ན་བདེ་བས་འོག་ནས་བཤད་པའི་ཆས་རྣམས་མདུན་ཕྱོགས་ལྟ་བུར་བསྒྲིག །སྨན་རཀ་གཏོར་གསུམ། ཉེར་སྤྱོད་ཀྱིས་མཚོན་བཤམ་བཀོད་དང་ཉེར་མཁོ་སྔ་མ་རྣམས་ལྟར་བྱའོ། ༈ །བཅུ་གཅིག་པ་བཀའ་སྲུང་དུད་སོལ་མའི་སྲོག་གཏད་ལ། འབྲུ་ནག་གི་ཚོམ་བུའི་སྟེང་དུ། ཐོད་པའམ་ཟངས་ལྕགས་ཀྱི་སྣོད་དུ་ཤ་ཁྲག་གིས་སྦགས་པའི་གཏོར་མ་ཟུར་གསུམ་མེ་རི་དར་གདུགས་ཀྱིས་སྤྲས་པ་བཀོད། གཡས་གཡོན་དུ། སྐུ་ཙཀ །སྔགས་བྱང་། དྲི་བཟང་གི་ཆུ། ཕྱག་མཚན་བཞི་དངོས་སམ་བྲིས་པ་རྣམས་དང་། སྨན་རཀ་ཉེར་སྤྱོད་སྤྱི་ལྟར་བཤམ། ཁྲག་ཆང་གི་སྐྱེམས། འབུལ་གཏོར་སོགས་ཀྱང་བསྡོག ༈ །དགོངས་འདུས་པུསྟི་ལུང་དབང་ལ། སྟེགས་གཙང་མར་མེ་ཏོག་སིལ་མ་བཀྲམ་པའི་དབུས་སུ། ཁྲི་སྟེགས་ལ་ཐུབ་དབང་སྐུ་བརྙན་བྱིན་ལྡན་བཞུགས། གཡས་ཕྱོགས་སུ་ཐེག་དགུའི་གླེགས་བམ་རིམ་པར་གཏད་དུ་རུང་བར་བཞག་དགོས་པས། འདུལ་བ་སོ་ཐར་མདོ་དང་བརྒྱད་སྟོང་པ། མངོན་པ་མཛོད་ཙམ། བྱ་སྤྱོད་རྣལ་འབྱོར་གསུམ་ལ་བཀའ་འགྱུར་རྒྱུད་འབུམ་ནས་པོད་རེ་ཙམ་མམ་དེ་དག་གི་སྒྲུབ་ཐབས་རེ་ཙམ་དར་གྱིས་དྲིལ་ལ་བཞག །མ་ཧཱ་ཡོ་ག་ལ་གཏེར་མཛོད་པོད་དང་པོ་ནས་མངོན་སྤྱོད་ལས་རྫོགས་ཀྱི་བར་ཚང་མ། ཨ་ནུ་ལ་མ་རྒྱུད་གསང་བ་ལམ་ཁྱེར་སོགས། ཨ་ཏི་སེམས་སྡེ་མན་ཆད་ཚང་བ་བཞུགས། གཡོན་དུ་གནས་བརྟན་གྱི་སྐུ་གཟུགས། མདུན་དུ་ཕྱི་མཆོད་རྣམ་བདུན་ཕྲེང་ཚར་དང་མཎྜལ་རྒྱས་པར་བཤམ་པས་གྲུབ་བོ། །ནམ་མཁའི་རྣལ་འབྱོར་རྟོགས་པའི་གདིང་རྙེད་པས། །སྦྱངས་པ་སྔོན་སོང་སྐལ་ལྡན་རྗེས་བཟུང་བ། །ཀུན་རྫོབ་ཙམ་ལ་ལྟོས་པ་མ་ཡིན་ཀྱང་། །སྙིགས་དུས་དེ་འདྲའི་སྣོད་བཅུད་འཛོམ་པ་དཀོན། །བདེན་པ་གཉིས་པོ་གཅིག་ལ་གཅིག་བརྟེན་པ། །ཆོས་ཉིད་གཤིས་ལུགས་རྟེན་ཅིང་འབྲེལ་འབྱུང་ཕྱིར། །དང་པོའི་ལས་ཅན་རྒྱུད་སྨིན་བྱེད་པ་ལ། །མཚན་མའི་དཀྱིལ་འཁོར་དབང་རྫས་ཚང་བ་དགོས། །རིམ་གཉིས་རྣལ་འབྱོར་ཇི་བཞིན་མི་བརྟན་ཀྱང་། །དམ་ཚིག་ཡན་ལག་ཅི་ནུས་ཚོགས་གྱུར་ན། །དེ་དང་མཐུན་པའི་ཕན་ཡོན་འཐོབ་འགྱུར་བས། །ནུས་པས་གང་ལྕོགས་སྙོམ་ལས་དབང་མ་གཏང་། །བཤད་ཚོད་ལག་ལེན་དགོས་པ་དོགས་པའི་མཐའ། །གཞུང་དོན་རས་སུ་བོར་བ་ལྷོད་པའི་སྐྱོན། །སྤངས་ནས་འདི་ཙམ་འགྲུབ་ན་དེང་དུས་ཀྱི། །དབང་བསྐུར་ཡིན་པར་རློམས་ནས་ཆེད་དུ་བཀོད། །འདིས་ཀྱང་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི། །སྨིན་བྱེད་སྒོ་འཕར་ཕྱོགས་བརྒྱར་དབྱེ་བ་ལ། །སྣང་བའི་གཟི་ལྡན་སྒྲོན་མེ་ཉིད་གྱུར་ནས། །ཀུན་རྨོངས་སེལ་ཞིང་ལེགས་ལམ་རབ་གསལ་ཤོག །ཚུལ་འདི་ལྟར་མཁྱེན་རབ་རྒྱས་པའི་དམ་པ་རྣམས་ལ་མི་མཁོ་ཡང་རང་འདྲའི་བློ་དམན་འཆད་ཉན་གྱི་ཁུར་འཛིན་པ་ལ་རྒྱུས་ཤེས་ལམ་སྟོན་གྱི་ཚུལ་དུ་ཐུགས་ཕན་ཐོགས་པར་རེ་བའི་ལྷག་བློས་ཀུན་ནས་བསླངས་ཏེ་མཛོད་ཆེན་གྱི་གླེགས་བམ་ཡོངས་སུ་རྫོགས་པར་གྲུབ་པའི་རྗེས་ཐོག་ཏུ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོའམ། རྒྱལ་བའི་སྲས་པོ་བློ་གྲོས་མཐའ་ཡས་པའི་སྡེས་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ། མངྒ་ལམ།། །།
དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས། བསྟན་སྲུང་ཞིང་སྐྱོང་ཆེན་པོའི་རྗེས་སུ་གནང་བའི་ཆོ་ག་གནམ་ལྕགས་ཞུན་འདྲིལ་ (Volume 39, Text 4)
༄༅། །དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས། བསྟན་སྲུང་ཞིང་སྐྱོང་ཆེན་པོའི་རྗེས་སུ་གནང་བའི་ཆོ་ག་གནམ་ལྕགས་ཞུན་འདྲིལ་ཞེས་བྱ་བ་བཞུགས་སོ། ། ཡེ་ཤེས་པ་དང་དབྱེར་མེད་ཅིང་། །ལས་དང་འཇིག་རྟེན་བྲན་ཏུ་ཁོལ། །དཔལ་ཆེན་པདྨ་བདུད་འདུལ་ཞབས། །སྤྱི་བོར་བཀོད་ལ་བྱིན་རླབས་སྩོལ། །དཔལ་ལྡན་ཞིང་སྐྱོང་དབང་པོའི་སྒྲུབ་ཐབས་ཀུན་ལས་ཟབ་གཉན་ཁྱད་དུ་འཕགས་པའི་ལུགས་སྲོལ་འདིའི་རྗེས་གནང་བསྒྲུབ་པ་ལ། སྦྱོར་བ་དཀྱིལ་འཁོར་ཆོས་འབྱུང་བསྣོལ་མ་མཐིང་ནག །ཁ་ཁྱེར་མེ་རིས་བསྐོར་བའི་དབུས་སུ་ཧཱུྃ་དང་ཏྲི། ཟུར་དྲུག་གི་ནང་དང་དབུས་ཀྱི་མདུན་རྒྱབ་གཉིས་རྣམས་ལ། དུཿཏྲིཿཕུཿཏྲིཿམཿརཿཡཿབྷྱོ༔ ཞེས་པ་ཡིག་མགོ་ཕྱིར་བསྟན་ཏུ་འབྲུ་རེ་རེ་བྲིས་པའི་སྟེང་དུ་རྐང་གསུམ་ཁར། ལྕགས་སམ་བནྡྷའི་སྣོད་དུ་རི་རབ་བང་རིམ་སུམ་བརྩེགས་སྟེང་དམར་གཏོར་ཟུར་གསུམ་བརྗིད་ལྡན་ཅུང་ཟད་མཐོ་དམན་བྱས་པ་གཉིས། དེ་གཉིས་ཀྱི་མདུན་དུ་གཏོར་མ་སྙིང་གཟུགས་གཉིས། བང་རིམ་འོག་མའི་ཕྱོགས་མཚམས་བརྒྱད་དུ་སྙིང་རེ་རེ་བཙུག །རྒྱན་སྤྲོས་དང་སྐུ་ཙཀ་བཙུགས་ལ་དར་གདུགས་ཕུབ་པ་བཀོད། གཡས་གཡོན་དུ་སྨན་རཀ །མདུན་རྒྱབ་གང་བདེར་བླ་རྡོ་སྲོག་འཁོར། མདུན་ངོས་སུ་དྲག་པོའི་མཆོད་པ་རྣམས་བཤམ། ཕུགས་ལོགས་སོགས་གང་བདེར་བདག་བསྐྱེད་ཕྲིན་ལས་རྒྱས་བསྡུས་གང་བྱེད་ཀྱི་མཆོད་གཏོར་སོགས་འདུ་བྱའོ། །དངོས་གཞིའི་ཐོག་མར་བདག་བསྐྱེད་བཀའ་སྲོལ་འདི་དང་འབྲེལ་མཚུངས་བའི་པདྨ་འོད་འབར་རམ། གྲོ་ལོད་གང་རུང་གི་ཕྲིན་ལས་བཏང་ལ་བཟླས་པ་བྱ། དེ་ནས་འདི་ཉིད་ཀྱི་ཕྲིན་ལས་བསྡུས་པ་ཙམ་བཏང་ལ་མདུན་རྟེན་ལ་བསྐྱེད་བསྟིམ་དང་མཆོད་བསྟོད། ཐུགས་རྒྱུད་བསྐུལ་བའི་བཟླས་པ་ཅི་འགྲུབ་མཐར་སྤྲོ་ན་གསོལ་ཁ་དང་ཡི་དམ་གྱི་ཚོགས་གཏང་། བདག་བསྐྱེད་དེ་དག་མི་འགྲུབ་པས་སྤྱི་ཙམ་མོས་ན། བཀའ་བརྒྱད་ཕྱག་རྒྱ་རྐྱང་སྒྲུབ། བླ་མ་ཞི་དྲག །རྟ་མགྲིན་རིགས་གང་མོས་ཤིག་ལ་བརྟེན་པས་ཆོག་གོ །དེ་ནས་འདི་ཉིད་ལ་མཆོད་སྒྲུབ་ལ་བརྩོན་ངེས་པ་ལྟ་བུའི་ཐུན་མོང་མ་ཡིན་པའི་སློབ་མ་ཉུང་ངུ་ལ་ཁྲུས་བྱ། བགེགས་བསྐྲད་མཚམས་གཅོད་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། དེའང་དཔལ་ལྡན་ཞིང་སྐྱོང་དབང་པོ་འདི་ཉིད་ནི། བཅོམ་ལྡན་འདས་དཔལ་ཆེན་ཡང་དག་ཧེ་རུ་ཀ་འཁོར་ལོ་སྡོམ་པ་མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་ཉིད། ཞི་བས་མི་དུལ་ཅིང་བསྟན་ལ་ལོག་པར་འདྲེན་པའི་ནག་ཕྱོགས་ལྷ་མིན་འབྱུང་པོ་མ་རུངས་པ་རྣམས་འདུལ་བའི་དོན་དུ། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་སྐུར་བཞེངས་པར་མཛད་ཅིང་། དེ་ལས་ཀྱང་སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་དྲག་པོའི་ཕྲིན་ལས་མྱུར་དུ་སྒྲུབ་པ་ལ་མཐུ་སྟོབས་ཀྱི་རྩལ་མྱུར་བ་ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་དང་ཞིང་སྐྱོང་དབང་པོ་སེང་གེའི་གདོང་པ་ཅན་རྣམས་སུ་སྤྲུལ་པ་ཡིན་པས། ངོ་བོ་དཔལ་ཆེན་ཧེ་རུ་ཀའི་ཆོ་འཕྲུལ་གྱི་རོལ་པ་ཡིན་ལ། གནས་སྐབས་ཡུལ་ཉེར་བཞི་དང་དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་རྣམས་སུ་རྒྱུ་ཞིང་སངས་རྒྱས་ཀྱི་བསྟན་པ་སྲུང་བར་མཛད་པ། གངས་ཅན་འདིར་ཡང་གནས་མཆོག་དཔལ་གྱི་ཙ་རི་ཏྲ་ཡན་ལག་དང་བཅས་པ་ལ་གནས་ཤིང་ཨོ་རྒྱན་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་དམ་ལ་བཞག་སྟེ་གནས་གཏེར་མང་པོའི་གཉེར་གཏད་པར་མཛད་པའི་བསྟན་སྲུང་ཁྱད་པར་ཅན། ནང་དུ་འཇམ་ལ་ཕྱི་རུ་མཐུ་རྩལ་གྱི་རྩུབ་འགྱུར་ཆེ་བ་འདི་ཉིད་ཀྱི་གདམས་ངག་གཏེར་སྟོན་ལས་འབྲེལ་རྩལ། ཀུན་སྐྱོང་གླིང་པ་གཙོ་བོར་གྱུར་པའི་གཏེར་ཁ་ཕལ་མོ་ཆེར་སྣ་རེ་མ་བྱོན་པ་མེད་ཀྱང་། རྩོད་བྲལ་སྤྲུལ་པའི་གཏེར་ཆེན་བདུད་འདུལ་གླིང་པའི་ཟབ་གཏེར་དམ་ཆོས་སྤྲུལ་སྐུ་སྙིང་ཐིག་གི་བཀའ་སྲུང་དུ་བྱོན་པ་འདི་ཉིད་རྒྱུད་སྒྲུབ་ཐབས་གདམས་ངག་ལས་ཚོགས་དང་བཅས་པ་ཟབ་ཅིང་རྒྱས་ལ་མཐུ་བྱིན་ཁྱད་པར་དུ་འཕགས་པ་ཡིན་པས། འདིའི་ལུགས་ཀྱི་རྗེས་གནང་ཟབ་མོ་སྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ཏེ་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས། སངས་རྒྱས་བསྟན་པ་བསྲུང་བ་དང་། །དགྲ་བགེགས་བདུད་ཚོགས་གཞོམ་དོན་དུ། །སེང་གེའི་གདོང་ཅན་རྗེས་གནང་ནི། །དཔལ་ཆེན་ཁྱོད་ཀྱིས་བསྩལ་དུ་གསོལ། །ལན་གསུམ། འདི་གཞུང་དུ་མེད་ཀྱང་གཏེར་རྙིང་ལས་འབྱུང་བ་ལྟར་བཀོད་པའོ། །བླ་མ་དཔལ་ཆེན་ཧེ་རུ་ཀ་ལ་རྩ་གསུམ་སྲུང་མར་བཅས་པས་བསྐོར་ཏེ་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་སོགས་ཡན་ལག་ལྔ་པོས་རྒྱུད་སྦྱོང་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། དེ་དག་གིས་སྣོད་རུང་དུ་བསྒྲུབས་ནས་རྗེས་གནང་དངོས་ལ་ཏིང་ངེ་འཛིན་འདི་རྣམས་གསལ་འདེབས་པར་ཞུ། སློབ་དཔོན་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་དཔལ་ཆེན་རྟ་མཆོག་ཧེ་རུ་ཀ་ཤིན་ཏུ་ཁྲོ་ཞིང་བརྗིད་པ། སྐུ་མདོག་དམར་ནག་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བ། ཕྱག་གཡས་པས་རྡོ་རྗེའི་དབྱུག་ཏོ་དང་གཡོན་པས་གནམ་ལྕགས་ཐོ་བ་ཕྱར་ཐབས་སུ་འཛིན་ཅིང་དབུ་གཙུག་རལ་པའི་གསེབ་ནས་རྟ་ཞལ་དབྱིངས་སུ་འཚེར་བས་ཁམས་གསུམ་གྱི་དྲེགས་པ་ཟིལ་གྱིས་གནོན་པ། དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་ཞབས་འདོར་ཐབས་ཀྱིས་པད་ཉིའི་གདན་ལ་བཞུགས་པའི་སྐུར་གྱུར། ཁྱེད་རང་ཡང་སྐད་ཅིག་གིས་པདྨ་ཉི་མའི་གདན་གྱི་སྟེང་དུ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས་གཉེན་པོ་སྟོབས་ཀྱི་ལྷ་མཆོག་གསང་བའི་བདག་པོ་གཏུམ་ཆེན་སེང་གེ་སྒྲ་སྒྲོག་སྐུ་མདོག་མཐིང་ནག་ཤིན་ཏུ་ཁྲོས་པའི་ཉམས་ཅན། ཕྱག་གཡས་པས་གནམ་ལྕགས་ཀྱི་རྡོ་རྗེ་ནམ་མཁར་ཕྱར་ཞིང་གཡོན་པས་སྡིགས་མཛུབ་མཛད་པ། རུས་པ་དང་རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་ཅིང་སེང་གེའི་པགས་པའི་སྟོད་གཡོགས་དང་སྟག་ལྤགས་ཀྱི་ཤམ་ཐབས་གསོལ་བ། ཞབས་བརྐྱང་བསྐུམ་ཚུལ་གྱིས་བསྐལ་མེ་འབར་བའི་ཀློང་ན་བཞུགས་པའི་སྐུར་གསལ་ཐོབས་ལ་ཆེ་བའི་ང་རྒྱལ་སྐྱེད་ཅིག །སྔར་བསྒྲུབས་པའི་མདུན་རྟེན་རྣམས་སླར་གསལ་འདེབས་འདི་བཞིན་དུ་མཛད་འཚལ། མདུན་དུ་དུར་ཁྲོད་རབ་འཇིགས་དབུས༔ བསྐལ་པའི་མེ་ཕུང་འབར་ཀློང་དུ༔ ཧཱུྃ་ལས་བདུད་མགོན་སེང་གདོང་ནི༔ སྐུ་མདོག་མཐིང་ནག་ཁྲོ་གཏུམ་མེ་འབར་སྐུ༔ སེང་ཞལ་རྔམ་ཞིང་གཡུ་རལ་སེང་ཆུང་སྐར་ལྟར་འཁྲུགས༔ དར་ནག་བེར་གསོལ་སྟག་རལ་གཟིག་ཤུབས་བསྐོར༔ ཕྱག་གཡས་རུ་དར་ཕྱར་ཞིང་གཡོན་པས་དམར་གཏོར་འཛིན༔ བདུད་རྟ་བཅིབས་ཤིང་སྣ་ཚོགས་རྫུ་འཕྲུལ་འགྱེད༔ ཏྲི་ལས་གཡོན་དུ་བདུད་མོ་སེང་གདོང་མ༔ དམར་ནག་ཁྲོ་གཏུམ་གཟི་བརྗིད་མེ་ལྟར་འབར༔ སེང་ཞལ་བཞད་ཅིང་གཡུ་རལ་དབྱིངས་སུ་འཕྱོ༔ ཕྱག་གཡས་ཁ་ཊྭཱཾ་དགྲ་སཏྭ་འཛིན༔ གཡོན་པས་ཉམས་པའི་དགྲ་སྙིང་ཞལ་དུ་གསོལ༔ བདུད་རྟ་དམར་ནག་བཅིབས་ནས་ཕོ་ཉ་གློག་ལྟར་འཁྱུགས༔ བམ་རོ་ཕོ་མོ་ལ་སོགས་དྲེགས་པ་སྡེ་བརྒྱད་དང༔ ལྷ་སྲིན་སྡེ་བརྒྱད་ལ་སོགས་བཀའ་སྡོད་རྣམས༔ དབྱིངས་ནས་བསྐུལ་ཞིང་རང་རང་ལས་བྱེད་གྱུར༔ ཧོ༔ དགོངས་སུ་གསོལ་ལོ༔ སོགས་སྙན་གསན་དབབ་ཅིང་སྤྱན་འདྲེན་དང་སྔགས་བརྗོད། གུ་གུལ་དང་འཛོམ་ན་འབོད་པའི་རྫས་བདུག །རོལ་མོ་དྲག་ཏུ་བྱས་ལ་བསྟིམ། མདུན་རྟེན་རྣམས་དཔལ་ལྡན་ཞིང་སྐྱོང་དབང་པོ་ཡབ་ཡུམ་འཁོར་དང་བཅས་པ་དངོས་སུ་གྱུར་པ་ཁྱེད་རང་གཉེན་པོ་སྟོབས་ཀྱི་ལྷར་གསལ་བ་ལ་གཏད་ཅིང་རྗེས་སུ་གནང་བས། ཐུགས་བརྩེ་བ་ཆེན་པོས་ལུས་དང་གྲིབ་མ་ལྟར་མི་འབྲལ་བར་འགྲོགས་ཤིང་འདོད་པའི་ཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་བསྒྲུབ་པར་ཞལ་གྱིས་བཞེས་པར་མོས་ཤིག །སྒྲུབ་གཏོར་ལག་ཏུ་གཏད་ལ། ཨེ་མ་དམ་རྫས་གཏོར་ཆེན་འདི་ཉིད་ཁྱོད་ལ་གཏད་པ་ཡིས༔ བླ་མ་ཡི་དམ་མཁའ་འགྲོ་རྒྱུན་མཆོད་ཅིང༔ མ་ཚོགས་གནས་གསུམ་མཁའ་འགྲོ་མ་ལུས་འདུ་བ་དང༔ བསྟན་སྲུང་ཆེན་པོ་སེང་གདོང་ཡབ་ཡུམ་གྱིས༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ ལུས་དང་གྲིབ་མ་ལྟར་དུ་མི་འབྲལ་འགྲོགས་པ་དང༔ ཕ་མ་བུ་ཚ་ཇི་བཞིན་བརྩེ་བར་མཛོད༔ བམ་རོ་ཕོ་མོ་དྲེགས་པ་སྡེ་བརྒྱད་དང༔ ལས་བྱེད་ཤན་པ་ལྷ་སྲིན་སྡེ་བརྒྱད་སོགས༔ འཇིག་རྟེན་དྲེགས་པ་མ་ལུས་ལས་ལ་འགྱེད་པའི་ཕྱིར༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ བ་ལིཾ་གཏོར་མ་འདི་ཡིས་རྗེས་སུ་གནང་བར་མཛོད༔ འདིར་རྒྱས་པར་སྤྲོ་ན་ཡབ་ཡུམ་སྡེ་བརྒྱད་དང་བཅས་པའི་སྲོག་སྔགས་ཚང་བ་བརྗོད། དཀྱུས་ལ་ལས་བྱང་གི་བཟླས་སྔགས་ཙམ་བརྗོད་ལ་གཏད། དེ་ནས་བདུད་རྩི་ལག་ཏུ་གཏད་ལ། ཧཱུྃ༔ དམ་རྫས་བདུད་རྩི་འདི་ཉིད་ཁྱོད་ལ་གཏད་པ་ཡིས༔ བླ་མ་ཡི་དམ་མཁའ་འགྲོ་རྒྱུན་མཆོད་ཅིང༔ མ་ཚོགས་གནས་གསུམ་མཁའ་འགྲོ་མ་ལུས་འདུ་བ་དང༔ བསྟན་སྲུང་ཆེན་པོ་སེང་གདོང་ཡབ་ཡུམ་གྱིས༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ ལུས་དང་གྲིབ་མ་ལྟར་དུ་མི་འབྲལ་འགྲོགས་པ་དང༔ ཕ་མ་བུ་ཚ་ཇི་བཞིན་བརྩེ་བར་མཛོད༔ བམ་རོ་ཕོ་མོ་ལ་སོགས་དྲེགས་པའི་སྡེ་ཚོགས་དང༔ ལས་བྱེད་ཤ་ཟ་ལྷ་སྲིན་སྡེ་བརྒྱད་སོགས༔ འཇིག་རྟེན་དྲེགས་པ་མ་ལུས་ལས་ལ་འགྱེད་པའི་ཕྱིར༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ དམ་རྫས་བདུད་རྩིས་རྗེས་སུ་གནང་བར་མཛོད༔ སྔགས་བརྗོད། རཀྟ་གཏད་ལ། ཧཱུྃ༔ དམ་རྫས་རཀྟ་འདི་ཉིད་ཁྱོད་ལ་གཏད་པ་ཡིས༔ བླ་མ་ཡི་དམ་མཁའ་འགྲོ་རྒྱུན་མཆོད་ཅིང༔ མ་ཚོགས་གནས་གསུམ་མཁའ་འགྲོ་མ་ལུས་འདུ་བ་དང༔ བསྟན་སྲུང་ཆེན་པོ་སེང་གདོང་ཡབ་ཡུམ་གྱིས༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ ལུས་དང་གྲིབ་མ་ལྟར་དུ་མི་འབྲལ་འགྲོགས་པ་དང༔ ཕ་མ་བུ་ཚ་ཇི་བཞིན་བརྩེ་བར་མཛོད༔ བམ་རོ་ཕོ་མོ་ལ་སོགས་དྲེགས་པའི་སྡེ་ཚོགས་དང༔ ལས་བྱེད་ཤན་པ་ལྷ་སྲིན་སྡེ་བརྒྱད་སོགས༔ འཇིག་རྟེན་དྲེགས་པ་མ་ལུས་ལས་ལ་འགྱེད་པའི་ཕྱིར༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ དམ་རྫས་རཀྟ་འདི་ཡིས་རྗེས་སུ་གནང་བར་མཛོད༔ སྔགས་བརྗོད། དེ་ནས་བླ་རྡོ་སྲོག་འཁོར་གཏད་ལ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ བླ་རྡོ་སྲོག་འཁོར་ལ་སོགས་པ༔ གསང་བའི་དམ་རྫས་འདི་གཏད་པས༔ བླ་མ་ཡི་དམ་མཁའ་འགྲོ་རྒྱུན་མཆོད་ཅིང༔ མ་ཚོགས་གནས་གསུམ་མཁའ་འགྲོ་མ་ལུས་འདུ་བ་དང༔ བསྟན་སྲུང་ཆེན་པོ་སེང་གདོང་ཡབ་ཡུམ་གྱིས༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ ལུས་དང་གྲིབ་མ་ལྟར་དུ་མི་འབྲལ་འགྲོགས་པ་དང༔ ཕ་མ་བུ་ཚ་ཇི་བཞིན་བརྩེ་བར་མཛོད༔ བམ་རོ་ཕོ་མོ་ལ་སོགས་དྲེགས་པའི་སྡེ་ཚོགས་དང༔ ལས་བྱེད་ཤན་པ་ལྷ་སྲིན་སྡེ་བརྒྱད་སོགས༔ འཇིག་རྟེན་དྲེགས་པ་མ་ལུས་ལས་ལ་འགྱེད་པའི་ཕྱིར༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ བླ་རྡོ་སྲོག་འཁོར་ལ་སོགས་པ༔ གསང་བའི་དམ་རྫས་འདི་ཡིས་རྗེས་སུ་གནང་བར་མཛོད། སྲོག་སྔགས་བརྗོད་ལ་སྤྲོ་ན་བཀའ་བསྒོ་སྤྱི་མཐུན་བྱ། ཤིས་པ་བརྗོད། དེས་དཔལ་ལྡན་ཞིང་སྐྱོང་དབང་པོའི་རྗེས་གནང་གྲུབ་པ་ཡིན་པས་རྡོ་རྗེ་ཐེག་པའི་དམ་ཚིག་གི་རིམ་པ་སྤྱི་དང་། ཁྱད་པར་འདི་ཉིད་ཀྱི་དམ་ཚིག་རྒྱུད་དང་མན་ངག་ལས་ཇི་སྐད་གསུངས་པ་རྣམས་ཚུལ་བཞིན་བསྲུང་ཞིང་བསྟེན་སྒྲུབ་མཆོད་གསོལ་ལ་རྟག་ཏུ་བརྩོན་པར་བྱ་དགོས་པས་དེ་ལྟར་བགྱི་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ་ཕྱིན་སྤྱི་ལྟར་བྱ། རྗེས་ཀྱི་བྱ་བ་སླར་མཆོད་པ་གཏོར་མ་གསོས་ལ་མཆོད་གསོལ་བསྐྱར་གྲུབ་ན་ལེགས། གང་ལྟར་བདག་བསྐྱེད་ཕྲིན་ལས་དང་འབྲེལ་ན་ཚོགས་ལ་རོལ་ཅིང་ལྷག་མ་གཏང་བ་ཕྱིན་སྤྱི་ལྟར་ལ། མཆོད་བསྟོད་ནོངས་བཤགས་མཐར་མདུན་བསྐྱེད་ཡེ་ཤེས་པ་ཐང་སྐུ་རྟེན་རྫས་བླ་རྡོ་སོགས་ལ་བརྟན་བཞུགས་བྱ། དམ་ཚིག་པ་རང་ལ་བསྡུ་ཞིང་བདག་བསྐྱེད་བསྡུ་ལྡང་ཤིས་བརྗོད་ཀྱི་བར་བྱས་པས་འགྲུབ་བོ། །ནག་ཕྱོགས་གདུག་པའི་འཚུབས་འགྱུར་ཀུན། །གཟི་བརྗིད་སྟོབས་ཀྱིས་རབ་བཅོམ་ནས། །བསྟན་པའི་བ་དན་དགུང་སྙེགས་པའི། །རྩ་ལག་མཆོག་ཏུ་འདི་གྱུར་ཅིག །ཅེས་པའང་རྒྱལ་བསྟན་སྤྱི་དང་ཁྱད་པར་སྙིང་པོའི་རིང་ལུགས་ཀྱི་འགལ་བྱེད་ཞི་བའི་ཆ་རྐྱེན་དུ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
འགྲེས་བྱང་རྒྱས་ན་ཐུབ་དབང་གི་རྗེས་ (Volume 52, Text 4)
འགྲེས་བྱང་རྒྱས་ན་ཐུབ་དབང་གི་རྗེས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དམ་པའི་ཆོས་སྐྱོང་ཞིང་ལྷ་མི་རྣམས་ཀྱི་བསོད་ནམས་ཀྱི་དཔལ་ཞིང་དུ༔ དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བཀའ་བསྒོས་ཏེ༔ མྱ་ངན་ལས་མི་འདའ་བར་འཇིག་རྟེན་ན་མངོན་སུམ་དུ་བཞུགས་ཤིང༔ བཀའ་ལུང་གི་རྗེས་སུ་སྒྲུབ་པར་འཕགས་པའི་ཚིག་ངེས་པས་ཞལ་གྱིས་བཞེས་པ༔ སོ་སོའི་མཚན་དང་ཕྱག་མཆོད་སྐྱབས་སུ་གསོལ་ལ། འཕགས་པའི་ཚོགས་དེ་རྣམས་ཀྱི་སྤྱན་སྔར་མཆོད་པའི་བྱེ་བྲག་ཡོན་ཆབ་དང༔ མེ་ཏོག་དང༔ བདུག་སྤོས་དང༔ མར་མེ་དང༔ དྲི་ཆབ་དང༔ ཞལ་ཟས་དང༔ སིལ་སྙན་དང༔ གདུགས་དང་བ་དན་ལ་སོགས་ཏེ་མཆོད་པའི་བྱེ་བྲག་དངོས་སུ་བཤམས་པ་དང༔ ཡིད་ཀྱིས་རྣམ་པར་སྤྲུལ་པའི་ཚོགས་དང༔ གཞན་ཡང་བཀོད་པའི་ཁྱད་པར་ཡིད་དུ་འོང་ཞིང་འོས་པ་རྣམས་ཀྱིས་ཉེ་བར་མཆོད་པར་བགྱི་འོ༔ མེ་ཏོག་དམ་པ་སོགས་ནས། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །ཞེས་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་བ་ཏེ་བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་རོལ་མོ་དང་བཅས་པས་མཆོད་དོ། །འདོད་ཆགས་ཞེ་སྡང་སོགས་ནས། བྱང་ཆུབ་ཕྱིར་བསྔོ་འོ། །ཞེས་པའི་བར་གྱི་ཡན་ལག་ལྷག་མ་རྣམས་ཀྱང་བྱས་ལ། ཨཱོྃ་ཨཱཿཧཱུྃ། བདེ་གཤེགས་སྤྲུལ་སྐུའི་ཞིང་ཁམས་ཡངས་ཤིང་རྒྱ་ཆེ་དཔག་ཏུ་མེད་པ་ན༔ བཞུགས་པའི་རྒྱལ་བ་རྒྱ་མཚོ་ཐུབ་དབང་གསེར་མདོག་ཅན་དང་དེ་ཡི་སྲས༔ སྤྲུལ་པ་ཡང་སྤྲུལ་གྲངས་འདས་སེམས་དཔའ་ཆེ་དང་གནས་བརྟན་འཕགས་པའི་ཚོགས༔ རྒྱལ་ཆེན་བཞི་སོགས་གཙང་རིས་དཔལ་མགོན་དཀར་ཕྱོགས་སྐྱོང་བ་བཅས་རྣམས་ལ༔ རིན་ཆེན་འབྲུ་ཡི་ཚོགས་ཀྱིས་དངོས་སུ་འབྱོར་བཤམས་ཡིད་ཀྱིས་སྤྲུལ་ནས་ནི༔ གདལ་བ་ཆེན་པོ་གསེར་གྱི་ས་གཞི་སྤོས་ཆུའི་རྫིང་བུ་བཅས་པ་ཡི༔ རྒྱ་ཆེན་གནས་སུ་སྣ་ཚོགས་རིན་ཆེན་ལས་གྲུབ་རི་བོ་ཆེན་པོ་དང༔ གླིང་དང་གླིང་ཕྲན་ཉི་ཟླ་ལྷ་མིའི་ཕོ་བྲང་ལྕགས་རི་མུ་ཁྱུད་བཅས༔ དེ་དག་རྣམས་སུ་མཛེས་ཤིང་བཀོད་པའི་ཁྱད་པར་འཕགས་པ་ཇི་སྙེད་པ༔ དེ་སྙེད་རྣམས་ནི་བསོད་ནམས་ཡེ་ཤེས་ཚོགས་དང་དེ་འབྲས་ཐོབ་བྱའི་ཕྱིར༔ རྡུལ་གཅིག་སྟེང་ན་རྡུལ་སྙེད་ལུས་སུ་སྤྲུལ་ནས་གུས་པར་འབུལ་ལགས་ན༔ ཐུགས་རྗེས་བཞེས་ནས་འདོད་པའི་དོན་རྣམས་མྱུར་དུ་འགྲུབ་པར་མཛད་དུ་གསོལ༔ ཨཱོྃ་ཨཱཿཧཱུྃ༔ བྷ་ག་ཝཱན་ཤྲཱི་ཤཱཀྱ་མུ་ནི་མ་ཧཱ་སྡྱཱ་བི་རཿས་པ་རི་ཝཱ་ར་བྷྱཿམཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཞེས་མཎྜལ་ཕུལ་ཞིང་། དེ་ལས་ཀྱང་སྤྲོ་ན། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ༼སྟོན་པ་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་འཁོར་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ༔༽ བདག་ཅག་ལ་སོགས་པའི་འགྲོ་བ་དཔག་ཏུ་མེད་པས་ལྷག་པའི་བསམ་པ་རྣམ་པར་དག་ཅིང༔ བསམ་སྦྱོར་དད་ཅིང་གུས་པའི་སྒོ་ནས༔ ཁྱེད་རྣམས་ལ་ཕྱག་འཚལ་ཞིང་གསོལ་བ་བཏབ་པ་དང༔ མཆོད་པ་ཕུལ་པ་ལ་སོགས་པའི་དགེ་བའི་རྩ་བ་འདི་དག་གི་མཐུ་དང་ནུས་པ་ལ་བརྟེན་ནས༔ སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་མེད་དུ་དར་ཞིང་རྒྱས་པར་མཛད་དུ་གསོལ༔ བསྟན་པ་འཛིན་སྐྱོང་སྤེལ་བར་མཛད་པའི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་དང་མཛད་པ་ཕྲིན་ལས་ལ་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་གང་ཡང་མི་འབྱུང་ཞིང༔ སྐུ་ཚེ་དང་ཕྲིན་ལས་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ༔ དེ་དག་གི་ཐུགས་རྗེ་དང་ནུས་པ་ལ་བརྟེན་ནས་སེམས་ཅན་རྣམས་ཀྱི་ལས་དང་ཉོན་མོངས་པ་ལ་སོགས་པའི་ཉེས་ལྟུང་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་མཛད་དུ་གསོལ༔ སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་དཔག་ཏུ་མེད་པ་འབྱུང་བར་མཛད་དུ་གསོལ༔ ཡུལ་རིས་དང་རྒྱལ་ཁམས་སུ་ཡང་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཞི་ནས་བཀྲ་ཤིས་དང་བདེ་ལེགས་དཔལ་འབྱོར་ཕུན་སུམ་ཚོགས་པ་དང་ལྡན་པར་མཛད་དུ་གསོལ༔ བྱེ་བྲག་ཏུ་ཡང་བདག་དང་སྦྱིན་པའི་བདག་པོ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ༔ ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་དགེ་ལེགས་ཀྱི་ཡོན་ཏན་ལྡན་འབྲས་ཐམས་ཅད་སྨིན་ནས་དར་ཞིང་རྒྱས་པར་མཛད་དུ་གསོལ༔ ཕ་རོལ་མི་དང་མི་མ་ཡིན་པའི་གནོད་གདུག་བསམ་སྦྱོར་ངན་པས་འཚེ་བར་བྱེད་པ་ཐམས་ཅད་ལས་བསྲུང་ཞིང་བསྐྱབ་པར་མཛད་དུ་གསོལ༔ ཁྱད་པར་དུ་ཡང་བདག་ཅག་གིས་ཇི་ལྟར་གསོལ་ཞིང་བསམ་པའི་དོན་ཐམས་ཅད་ཆོས་དང་ལྡན་པར་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ༔ ཞེས་སྤྱིར་འདོད་པའི་དོན་ལ་གསོལ་བ་གདབ་པ་དང་། ཁྱད་པར་ཇོ་ཤཱཀ་རྣམ་གཉིས་དངོས་སམ། རང་རང་གི་གཙུག་ལག་ཁང་སོགས་སུ་བཞུགས་པའི་ཐུབ་དབང་གཙོར་གྱུར་སྐུ་གསུང་ཐུགས་རྟེན་རྣམས་ལ་དམིགས་ཏེ། ལྷ་དང་མི་ཐམས་ཅད་ཀྱི་འདྲེན་པའི་གཙུག་རྒྱན་དམ་པར་གྱུར་པ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ༔ ཤཱཀྱའི་རྒྱལ་པོའི་གདུང་འཚོབ་ཏུ་གྱུར་པ་འདི་ཉིད༔ འགྲོ་བ་ཐམས་ཅད་ཀྱི་དཔལ་དང་མགོན་དང་སྐྱབས་གནས་དམ་པར་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་འབྱུང་བའི་གནོད་པས་མི་ཚུགས་པར༔ གནས་འདི་ཉིད་དུ་བརྟན་པར་བཞུགས་པར་མཛད་དུ་གསོལ༔ བཞུགས་ནས་ཀྱང༔ འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས༔ ཕྱག་འཚལ་བ་དང༔ མཆོད་པ་འབུལ་བ་དང༔ གསོལ་བ་གདབ་པའི་དམིགས་ཡུལ་དུ་གྱུར་ཅིང་འདྲེན་པ་དམ་པ་མཛད་དུ་གསོལ༔ གཞན་ཡང་དེ་དག་དང༔ སྐུ་དང༔ གསུང་དང༔ ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྟེན་མཆོག་ཁྱད་པར་ཅན་རྣམས་ཀྱང༔ འགྲོ་བ་ཐམས་ཅད་ཀྱི་དཔལ་དང༔ མགོན་དང༔ སྐྱབས་གནས་དམ་པར༔ ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ༔ འབྱུང་བའི་གནོད་པས་མི་ཚུགས་པར༔ གནས་འདི་ཉིད་དུ་བརྟན་པར་བཞུགས་པར་མཛད་དུ་གསོལ༔ བཞུགས་ནས་ཀྱང༔ འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས་ཕྱག་འཚལ་བ་དང༔ མཆོད་པ་འབུལ་བ་དང༔ གསོལ་བ་གདབ་པའི་དམིགས་ཡུལ་དུ་གྱུར་ཅིང་འདྲེན་པ་དམ་པ་མཛད་དུ་གསོལ༔ དེ་དག་ཐམས་ཅད་ཀྱི་མཐུ་དང༔ སྟོབས་དང༔ ནུས་པ་དང༔ བསོད་ནམས་ཀྱི་དཔལ་ལ་བརྟེན་ནས༔ འབྱུང་བ་མེ་དང་ཆུའི་གནོད་པ་དང༔ འཚེ་བ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག༔ ཅེས་བརྟན་བཞུགས་བྱའོ། །དེ་བཞིན་དུ། ༼འཕགས་པའི་གནས་བརྟན་ཆེན་པོ་ སྒྲ་གཅན་འཛིན་ འཁོར་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ༔༽ བདག་ཅག་ལ་ཞེས་སོགས་སོ་སོའི་ཕྱག་མཆོད་ཀྱི་མཐར་མཚན་རེ་རེ་ནས་སྨྲོས་ཤིང་འདོད་པའི་དོན་ལ་གསོལ་བ་གདབ་པ་དང་བརྟན་བཞུགས་རྣམས་བྱ་ཞིང་། རྗེས་ཆོག་གི་ཕྱག་མཆོད་ཀྱི་རྗེས་སུའང་གོང་གི་ཐུབ་དབང་གི་སྐབས་ལྟར་ཐུན་མོང་དུ་གསོལ་འདེབས་རྒྱས་པར་བྱའོ།། །།
སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་ཡོངས་འདུས་ཀྱི་དོན་དབང་སྙིང་པོ་ཐིག་ལེའི་ཡང་ཞུན་བཀླག་ཆོག་ཏུ་བཀོད་པ་ཐིག་ལེ་རབ་འབྱམས་ (Volume 16, Text 4)
༄༅། །སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་ཡོངས་འདུས་ཀྱི་དོན་དབང་སྙིང་པོ་ཐིག་ལེའི་ཡང་ཞུན་བཀླག་ཆོག་ཏུ་བཀོད་པ་ཐིག་ལེ་རབ་འབྱམས་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་མ་ཧཱཥྚ་སཱ་དྷ་ཀ་དེ་བཱ་ཡ། དངོས་གྲུབ་གཏེར་ཆེན་ཐེག་རིམ་དགུ་ཡི་ལྷ། །དཀྱིལ་འཁོར་གཅིག་རྫོགས་རང་རིག་ཀློང་དགུའི་ངང་། །གདོད་ནས་མཉམ་རོལ་རྟོགས་པས་བཏུད་ནས་འདིར། །ཟབ་རྒྱའི་བཅུད་ཀྱི་སྙིང་པོ་གསལ་བར་བྱ། །སྒྲུབ་ཆེན་བཀའ་བརྒྱད་ཀྱི་ཟབ་གཏེར་ཇི་སྙེད་པའི་སྙིང་པོའི་ཡང་བཅུད་དུ་བསྔགས་པ་འདིའི་སྨིན་བྱེད་རྒྱས་པ་རྩ་བའི་གཏེར་གཞུང་ལྟར་སྒོ་འབྱེད་ཁྲུས་དབང་ནས་བརྩམ། དབང་ལེ་རྣམས་མཐར་ཆགས་སུ་བསྐུར་དགོས་པ་ཡིན་ལ། འདིར་དོན་དབང་སྙིང་པོར་དྲིལ་ཏེ་བསྐུར་བའི་ཚུལ་ལ་གསུམ། སྦྱོར་བ་སྔོན་འགྲོ །དངོས་གཞི་དབང་བསྐུར། རྗེས་ཀྱི་བྱ་བའི་རིམ་པའོ། །དང་པོ་ལ་གཉིས། བཤམ་དང་དབང་སྒྲུབ། སློབ་མ་སྟ་གོན་གྱི་རིམ་པའོ། །དང་པོ་ཡོ་བྱད་བཤམ་གྱི་རིམ་པ་ནི། སྟེགས་ཡངས་པར་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའི་དབུས་སུ་རྐང་གསུམ་ལ་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་མཐིང་ག་ཁ་རྒྱན་གཟུངས་རྡོར་བཅས་པ་བཀོད། མདུན་དུ་དཔལ་དགུ་ཁྱུང་དང་བཅས་པའི་ལྷ་ཙཀ གཡས་སུ་དབུ་རྒྱན། རྡོར་དྲིལ། བྷནྡྷ་བདུད་རྩི། དཔལ་ཆས། གཡོན་དུ་ཐོད་ཆང་ཆོས་སྨན་སྦྱར་བའི་ཁར་མེ་ལོང་སིནྡྷུ་ར་བརྡལ་བ་ལ་ཞི་ཁྲོའི་རྩ་སྔགས་བྲིས་པས་བཀབ་པ་དང་། རྡོ་རྗེ་རྩེ་དགུ་ཧཱུྃ་མཚན། དགང་གཟར་བླུགས། མེ་ཕུང་། ཕུར་པ། རྒྱབ་ཏུ་ཐོད་ཆང་མངར་གསུམ་སྦྱར་བ། རིག་ཙཀ ཤེལ་རྡོ། རྨ་བྱའི་མདོངས་སྒྲོ་རྣམས་དང་། སློབ་མ་ཐུན་མིན་ལ་བཀའ་རྫོགས་བྱེད་ན། རྒྱལ་མཚན། གཎྜི། དུང་། ཀ་པཱ་ལི། ཕྱག་ཤིང་། ཕུར་པ། སྒྲུབ་ཡིག །ལྕགས་ཧོམ་དུ་ཉ་བོ། ལྕགས་ཕུར་རྣམས་ཀྱང་གང་བདེར་བཞག །མདུན་རྒྱབ་གང་བདེར་སྨན་རཀ་གཏོར་གསུམ། ཕྱི་མཆོད་རྣམ་བདུན་བཤམ། ལས་བུམ། མིག་དར། མེ་ཏོག །སྔོན་གཏོར། ཚོགས་རྫས། ཆད་བརྟན་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །དབང་དོན་དཀྱིལ་འཁོར་སྒྲུབ་པ་ནི། སྔོན་འགྲོའི་རིགས་རྒྱས་བསྡུས་གང་འོས་བྱས་ལ། ལས་བྱང་ཆེ་ཆུང་གཉིས་ལས་སྐབས་འདིར་ལས་བྱང་ཆུང་བ་སྙིང་པོ་དོན་གྱི་གནས་གསལ་ལྟར། བདག་དང་མདུན་གྱི་སྒྲུབ་རྫས་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་རང་སྣང་ཡེ་ཤེས་གཅིག་གི་རོལ་པར་བསྒོམས་ལ་དབང་བསྐུར་རྒྱས་གདབ། སྤྱན་འདྲེན། བཞུགས་གསོལ་གྱི་བར་བཏང་། རང་ཉིད་གཙོ་བོ་ལས་ལོགས་སུ་བྱེ་བས་ཕྱག་དང་སྙིང་ག་ནས་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་བསྟོད་བྱེད་པར་མོས། སླར་ཛཔ྄་ཁང་ཕྱེས་ཏེ་སྤྱི་སྒོས་ཀྱི་ཛཔ྄་རྣམས་དམིགས་པའི་སྤྲོ་བསྡུ་སྤྱི་མཐུན་བྱས་ལ་ཅི་ནུས་བཟླ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་མོས་ནས་གཟུངས་ཐག་ལ་འཛིན་ནས། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཞི་བ་དང་ཁྲོ་བོའི་སྤྱི་སྔགས་སོ་སོའི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨཱ༔ ཞེས་བཏགས་པ་བརྒྱ་རྩ་ཙམ་རེ་བཟླ། ལས་བུམ་དུ། ལྔ་ཚན་ལྡན་པའི་བཅུད་ལྡན་གཞལ་ཡས་ཁང༔ རབ་མཛེས་སེམས་དཔའ་རབ་དཀར་གངས་རི་ལྟར༔ རྡོ་རྗེ་དྲིལ་བུ་འགྱིང་ཚུལ་བརྗིད་ལྡན་བསྐྱེད༔ ཐུགས་ཀའི་སྔགས་ལས་བཅུད་ཀྱི་བདུད་རྩི་ཡི༔ རྒྱུན་ལྡན་ཆུ་བོས་བུམ་པ་གང་བར་གྱུར༔ ཅེས་གསལ་བཏབ་ལ་ཡིག་བརྒྱ་དང་ཡིག་དྲུག་ཅི་རིགས་བཟླས་རྗེས། ཆོས་སྐྱོང་སྤྱི་དང་གཏེར་སྲུང་གི་གཏོར་འབུལ་དང་ཚོགས་མཆོད་བསྒྲལ་བསྟབ་ཀྱི་བར་དུ་བྱ། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །གཉིས་པ་སློབ་མ་སྟ་གོན་མདོར་བསྡུས་པ་ནི། སློབ་མ་འདུས་ལ། ཧྲཱིཿ བདེ་གཤེགས་རྒྱལ་བ་སོགས་བརྗོད་ཅིང་ལས་བུམ་གྱི་ཆུས་ཁྲུས་བྱ། རང་ཉིད་དྲག་པོའི་ང་རྒྱལ་གྱིས་བགེགས་འགུགས། བགེགས་གཏོར་བྱིན་བརླབས། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བསྔོས་ལ་ལས་གཞུང་གི་བཀའ་བསྒོ་དང་། བདེན་སྟོབས་ཚིག་ལྷུག་བརྗོད་ཅིང་དྲག་སྔགས་ཡུངས་ཐུན་སོགས་ཀྱིས་བསྐྲད། སྲུང་འཁོར་ལས་བྱང་ལྟར་འདོན་བསྒོམ་བྱ། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ། ཆོས་བཤད་གང་འོས་དང་། ཁྱད་པར་དེའང་བཅོམ་ལྡན་འདས་དཔལ་ཆེན་པོའི་ཡེ་ཤེས་ཀློང་དགུའི་རྩལ་ལས་ཤར་བའི་རིག་འཛིན་གྲུབ་པ་ཡོངས་ཀྱི་སྤྱི་རྗེ་ཧེ་རུ་ཀ་ཨོ་རྒྱན་གྱི་སློབ་དཔོན་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་འཕགས་བོད་ལྗོངས་ཀྱི་གདུལ་བྱ་སྐལ་པ་དང་ལྡན་པ་རྣམས་སྒྲུབ་པ་བཀའ་བརྒྱད་སྤྱི་དང་བྱེ་བྲག་ཏུ་སྒྲུབ་པའི་གདམས་ངག་མཐའ་ཡས་པས་སྨིན་ཅིང་གྲོལ་བའི་ལམ་དུ་འགོད་་པར་མཛད་དེ། གདམས་སྐོར་རྣམས་སྙིགས་མའི་དུས་མཐར་བསྟན་པ་ལ་འཕེལ་འགྲིབ་དུ་མ་འབྱུང་བ་དང་། བཅོས་པའི་ཆོས་ལུགས་སྣ་ཚོགས་པ་དར་བས་དངོས་གྲུབ་མི་ཐོབ་པར་མཁྱེན་ནས་གཏེར་ཁ་དུ་མར་སྦས་ཤིང་འབྱིན་བྱེད་སྤྲུལ་པའི་གཏེར་སྟོན་བརྒྱུད་མར་འབྱུང་བར་བྱིན་གྱིས་བརླབས་པ་ལས། འདིར་ཇི་སྐད་དུ། བདག་འདྲ་འཆི་མེད་པདྨ་ཐོད་ཕྲེང་གིས༔ རྒྱ་བལ་བོད་དུ་གཏེར་ཁ་ཇི་སྙེད་སྦས༔ ཐམས་ཅད་སྨིན་གྲོལ་ལམ་གྱི་མཐར་ཐུག་སྟེ༔ ཁྱད་པར་བདེ་གཤེགས་ཡོངས་འདུས་སྨིན་ལམ་འདི༔ དུས་མཐའི་འགྲོ་བ་རྨུ་རྒོད་འདུལ་དོན་དུ༔ གདུལ་བྱ་འདུལ་བྱེད་ཟབ་རྒྱའི་བཅུད་འདུས་སོ༔ ཞེས་དང་། སྒྲུབ་པ་བཀའ་བརྒྱད་མཐའ་ཡི་རྒྱ་མཚོ་ལས༔ བདེ་གཤེགས་ཡོངས་འདུས་སྨན་ཆུ་ནུས་པའི་བཅུད༔ གཉིས་སུ་མ་ཡིན་སོ་སོར་བཅུད་བསྡུས་ཏེ༔ རྒྱ་གར་གྲུབ་ཆེན་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་གདུལ་བྱ་འདུལ་ཕྱིར་རྒྱས་བཏབ་བོ༔ ཞེས་བསྔགས་པར་མཛད་པ་ལྟར་ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས་ཀྱི་དབང་སྐལ་དུ་བསྩལ་པ་བཀའ་བརྒྱད་བདེ་གཤེགས་ཡོངས་འདུས་ཞེས་སྒྲུབ་སྡེའི་བཀའ་སྲོལ་རྒྱ་མཚོ་ཆེན་པོ་ལས་ཡང་སྙིང་བདུད་རྩིའི་གོང་བུར་གྱུར་པ་་འདི་ཉིད། སུམ་ཅུ་ཁ་རལ་གྱི་དུས་སུ་འཕྲུལ་གྱི་བློན་པོ་མགར་སྟོང་བཙན་ཡུལ་བཟུང་། ལང་གྲོ་ལོ་ཙཱ་དཀོན་མཆོག་འབྱུང་གནས། རྨ་བན་རིན་ཆེན་མཆོག་རྣམས་ཀྱི་ཡེ་ཤེས་རོལ་པ་གཅིག་ཏུ་བསྡུས་པ་པདྨ་མདོ་སྔགས་གླིང་པའམ་རིག་འཛིན་ཀློང་གསལ་སྙིང་པོ་ཞེས་ཡོངས་སུ་གྲགས་ཤིང་རྩོད་པ་དང་བྲལ་བའི་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་དེ་ཉིད་ཀྱིས་ཁེ་མི་འགྱུར་གསང་བའི་སྒྲོོམ་རོལ་པ་བདེ་ཆེན་ཁང་ནས་སྤྱན་དྲངས་པ་སྟེ། རྡོ་རྗེའི་གསུང་ལས། དུས་མཐར་ལས་ངན་ཚན་ནི་ཇེ་ཆེར་ཚེ༔ འདུལ་བྱེད་གདམས་པའི་སྙིང་པོ་ཇེ་ཆེར་ཟབ༔ གནད་འདི་དུས་མཐའི་རྨུ་རྒོད་འདུལ་དོན་དུ༔ བཅུད་སྙིང་སེང་གེའི་འོ་མ་ལྟ་བུ་འོ༔ ཞེས་དང་། འདི་ཕྱི་བར་དོར་བཅས་པའི་གེགས་སེལ་ནས༔ རྫོགས་ཆེན་ཀུན་བཟང་ས་ལ་རེག་པའི་ཐབས༔ རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་དོན་འདི་བཀྲོལ༔ འདིར་འཇུག་རྡོ་རྗེ་འཆང་གི་ས་ནོན་པར༔ གཉིས་སུ་འཛིན་པའི་ཡིད་གཉིས་ཐེ་ཚོམ་མེད༔ དེ་ཕྱིར་གཅེས་སྤྲས་ཟུངསཤིག་རྗེས་འཇུག་རྣམས༔ ཞེས་སོགས་གདམས་པར་མཛད་པའི་ཟབ་ཆོས་འདི་ལ་སྨིན་བྱེད་རིམ་པ་རྒྱ་ཆེར་བཞུགས་པ་ལས་སྐབས་སུ་བབ་པ་དོན་དབང་སྙིང་པོ་ཐིག་ལེའི་ཡང་ཞུན་ཉིད་བསྒྲུབ་པར་བགྱི་བ་ལ་སྔོན་འགྲོ་སྟ་གོན་གྱི་རིམ་པ་དང་། དངོས་གཞི་དབང་བསྐུར་བའི་ཆོ་ག་གཉིས་སུ་ཡོད་པ་ལས་ཐོག་མར་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །ཕྱག་སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ༔ སློབ་དཔོན་མཆོག་ཉིད་དགོངས་སུ་གསོལ༔ བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ༔ མགོན་པོ་ཆེན་པོ་བདག་འཚལ་ལོ༔ དེ་ཉིད་དམ་ཚིག་རིམ་པ་དང༔ བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ མགོན་པོས་བདག་ནི་གཞུག་ཏུ་གསོལ༔ ལན་གསུམ། བླ་མ་དཀྱིལ་འཁོར་གྱི་ལྷ་དབྱེར་མེད་པ་ལ་དཀོན་མཆོག་རྩ་གསུམ་དམ་ཅན་སྲུང་མའི་ཚོགས་ཀྱིས་བསྐོར་ཏེ་སྤྲིན་གཏིབས་པ་ལྟར་བཞུགས་པ་ལ་བདག་གཞན་མར་གྱུར་སེམས་ཅན་མཐའ་དག་བྱང་ཆུབ་སྙིང་པོའི་བར་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ཧཱུྃ༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་བླ་མ་ལྷར༔ བདག་སོགས་མ་གྱུར་འགྲོ་ཀུན་སྐྱབས་སུ་མཆི༔ གནས་ངན་འཁོར་བའི་སྡུག་བསྔལ་ལས་བསྐྱབས་ཏེ༔ འཁོར་བར་ཕྱིར་མི་ལྡོག་པའི་དངོས་གྲུབ་སྩོལ༔ ལན་གསུམ། སེམས་ཅན་ཐམས་ཅད་རྣམ་གྲོལ་གཏན་བདེའི་གོ་འཕང་ལ་སྦྱོར་བའི་སླད་དུ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་བློས་འདིའི་རྗེས་ཟློས། ཧྲཱི༔ གཏན་བདེར་སྨོན་ནས་དཀྱིལ་འཁོར་ཀློང་འཇུག་ནས༔ མ་གྱུར་འགྲོ་ཀུན་འདྲེན་པའི་ནུས་ཐོབ་ནས༔ དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོ་ཡི༔ སྟོང་ཉིད་སྙིང་རྗེའི་སེམས་བསྐྱེད་མངོན་གྱུར་ཤོག༔ གསུམ། རིགས་ལྔ་སྤྱི་དང་ཁྱད་པར་གྱིས་བསྡུས་པ་སོགས་རྡོ་རྗེ་ཐེག་པའི་དམ་ཚིག་མཐའ་དག་ཚུལ་བཞིན་བླངས་ནས་བསྲུང་སྙམ་པས་འདིའི་རྗེས་ཟློས། ཆེ་མཆོག་དབྱེར་མེད་སློབ་དཔོན་དགོངས༔ དུས་འདི་ནས་བཟུང་བྱང་ཆུབ་བར༔ དཀོན་མཆོག་གསུམ་བཟུང་མི་གཏང་ངོ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རིན་ཆེན་རིགས་མཆོག་ཆེན་པོ་ཡི༔ དམ་ཚིག་ཡིད་དུ་འོང་བ་ལ༔ ཉིན་རེ་བཞིན་དུ་དུས་དྲུག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ པདྨའི་རིགས་མཆོག་དག་པ་ཡི༔ ཕྱི་ནང་གསང་བའི་སྡོམ་པ་དང༔ ཐེག་པ་གསུམ་དང་ཆོས་རྣམས་བཤད༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ སྡོམ་པ་ཐམས་ཅད་ལྡན་པར་ནི༔ ཡང་དག་ཉིད་དུ་བཟུང་བར་བགྱི༔ མཆོད་པའི་ལས་ཀྱང་ཅི་ནུས་བགྱི༔ བྱང་ཆུབ་སེམས་ཀྱང་བླ་ན་མེད༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ བདག་གིས་སྡོམ་པ་མ་ལུས་བཟུང༔ མ་བསྒྲལ་བ་རྣམས་བསྒྲལ་བ་དང༔ མ་གྲོལ་བ་རྣམས་གྲོལ་བར་བགྱི༔ དབུགས་མ་དབྱུང་རྣམས་དབུགས་དབྱུང་ཞིང༔ སེམས་ཅན་མྱ་ངན་འདས་ལ་འགོད༔ གསུམ། ཐ་མལ་རང་རྒྱུད་ཀྱི་རྟོག་འཛིན་རྣམ་པར་དག་ཅིང་སྨིན་བྱེད་ཀྱི་སྣོད་དུ་རུང་བར་བྱ་བའི་སླད་དུ་དམིགས་པ་འདི་ལྟར་མཛོད། བླ་མ་ཀུན་བཟང་ཧེ་རུ་ཀ༔ སློབ་མ་ཡི་གེ་ཧཱུྃ་གྱུར་ཏེ༔ ཧེ་རུ་ཀ་ཡི་ཞལ་དུ་ཐིམ༔ གཉིས་མེད་མཁའ་ལས་འཁྲུངས་པ་ཡི༔ གསང་བདག་གསང་ཆེན་ཉན་པར་དབང༔ ཡང་དག་གསང་བའི་ལམ་ཡིན་ནོ༔ དེ་དག་གིས་སྔོན་འགྲོ་སྟ་གོན་གྱི་བྱ་བ་མདོར་བསྡུས་པ་གྲུབ་པ་ལགས། གཉིས་པ་དབང་དངོས་ལའང་དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་ནས་མངོན་པར་དབང་བསྐུར་བ་གཉིས་སུ་ཡོད་པ་ལས་ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་བླ་མ་རིན་པོ་ཆེ༔ བདག་ཅག་དད་ལྡན་སློབ་བུ་ལ༔ ཞི་ཁྲོ་བདེ་གཤེགས་ཡོངས་འདུས་ཀྱི༔ སྨིན་པའི་དབང་མཆོག་བསྐུར་དུ་གསོལ༔ ལན་གསུམ། ལན་ནི། ཧོ༔ ཁྱོད་ཉིད་སུ་ཡིན་ཇི་ལྟ་བུ༔ གསང་ཆེན་བདེ་གཤེགས་ཡོངས་འདུས་ནི༔ ཞི་བ་རྡོ་རྗེ་དབྱིངས་ཀུན་རྫོགས༔ ཡི་དམ་ཆེ་བཙན་དགུ་འདུས་ལ༔ བདུན་བརྒྱ་ཉེར་ལྔའི་སྙིང་པོ་འདུས༔ དཀྱིལ་འཁོར་གཅིག་ལ་ཐེག་དགུ་རེའི༔ ནུས་པ་འབྱིན་པའི་སྙིང་ཐིག་སྟེ༔ འཛིན་པའི་སྣོད་དང་ལྡན་ལགས་སམ༔ ཞེས་དྲིས་པ་ལ་ལན་གསོལ་བ་འདིའི་རྗེས་ཟློས། ཨེ་མ་མགོན་པོ་དགོངས་སུ་གསོལ༔ བདག་ནི་དད་པ་དམ་ཚིག་དང༔ སྙིང་རུས་ཐེག་ཆེན་སྔགས་ལ་དད༔ གསང་སྔགས་བླ་མེད་སྒྲུབ་ལ་སྨོན༔ མགོན་པོས་རྗེས་སུ་བཟུང་དུ་གསོལ༔ དེའི་ལན་དུ། སྒྲུབ་ཆེན་བཀའ་བརྒྱད་དཀྱིལ་འཁོར་ནི༔ ཐེག་རྫོགས་ཡེ་ཤེས་ཡང་རྩེ་སྟེ༔ འདིར་འཇུག་དམན་པའི་བྱ་བ་བཏང༔ ཐེག་ཆེན་དམ་ཚིག་ལ་གནས་ཤིག༔ མཚམས་སྦྱོར་སྤྱི་མཐུན་བྱས་ལ་འབྲུ་གསུམ་གྱིས་མིག་དར། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་སྦྱིན། ཁེ་ཉེན་གྱི་གནད་ལ་བཀར་ཏེ་ཁྱད་པར་གྱི་དམ་ཚིག་བསྒྲག་པ་འདི་ལ་གསན་འཚལ། ཧཱུྃ་ཧྲཱི༔ བདེ་གཤེགས་ཡོངས་འདུས་ལམ་གཞུག་གི༔ རྡོ་རྗེའི་རིགས་དང་རིན་ཆེན་རིགས༔ པདྨའི་རིགས་དང་ལས་ཀྱི་རིགས༔ ཞི་ཁྲོ་དྲེགས་པ་དྲག་སྔགས་ཀྱི༔ དམ་ཚིག་རྣམས་ལ་ཡང་དག་འཇུག༔ བསྲུང་ན་ཡོན་ཏན་བརྗོད་ལས་འདས༔ ཉམས་ན་དམྱལ་བའི་དུཿཁ་མྱང༔ དེ་བས་རྟག་ཏུ་ཐུབ་པར་སྲུངས༔ དུང་ཆུ་སྦྱིན་ལ། དམ་ཚིག་རྡོ་རྗེའི་ཆུ་བཏུང་ཞིང་ཐ་ཚིག་གི་བྲོ་བོར་བ་འདིའི་རྗེས་ཟློས། བཛྲ་སརྦ་ཨི་དན་ན་ར་ཀན༔ རྡོ་རྗེ་སྤྱི་བོར་བཞག་ལ། དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས༔ བསྒྲུབ་བྱའི་དཀྱིལ་འཁོར་ང་ཡིན་གྱིས༔ ཡིད་བཞིན་དབང་གི་དཀྱིལ་འཁོར་ལ༔ ཁྲུས་གསོལ་མཆོད་བསྟོད་གནས་སློབ་ཅིག༔ མི་ལྡོག་པའི་ཕྱིར་དུ་ཟབ་མོའི་ཆོས་བཤད་པ་འདིའི་དོན་ཐུགས་ལ་ངེས་པར་ཞུ། ཨེ་མ་ཧོ༔ ཨུ་དུམྦ་རའི་མེ་ཏོག་བཞིན༔ བརྒྱ་ལམ་ལ་ནི་རེས་འགའ་ཞིག༔ འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་༔ གསང་སྔགས་བླ་ན་མེད་པའི་ཆོས༔ དེ་བས་ཀྱང་ནི་དཀོན་པ་སྟེ༔ མི་འབྲལ་འཛིན་པའི་ཆོས་ཉིད་ཡིན༔ བཛྲ་ས་མ་ཡ་ཏིཥྛ་ཧཱུྃ༔ འགྲིམ་དཀྱིལ་འདུ་བྱས་ལ། རིགས་ཀྱི་སྐལ་པ་བརྟག་པའི་སླད་དུ་སྔར་བྱིན་པའི་མེ་ཏོག་དེ་ཉིད་ལས་འཕྲོ་ཡོད་པའི་ཚེ་རབས་ཀྱི་ལྷ་ལ་ཕོག་པར་ཤོག་ཅིག་སྙམ་པས་འདིའི་རྗེས་ཟློས་དང་བཅས་ལྟོས་མེད་དུ་འདོར་མཛོད། ཧཱུྃ༔ བདེ་གཤེགས་ཡོངས་འདུས་དཀྱིལ་འཁོར་ལྷ་ཚོགས་དགོངས༔ རབ་གུས་གདུང་ཤུགས་རིག་པའི་མེ་ཏོག་འདི༔ ཡོངས་གྲུབ་ཐུགས་རྗེ་ཆགས་པའི་ལྷ་ལ་འབུལ༔ ལས་འཕྲོ་རིགས་ཀྱི་བྱེ་བྲག་ཕྱེད་པར་ཤོག༔ ཨོཾ་བཛྲ་པུཥྤེ་པཱུ་ཙ་ཧོ༔ ཞེས་འདོར་དུ་གཞུག །རིགས་ངེས་པར་བྱས་ལ་མེ་ཏོག་རེ་ཞིག་བཞག །ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པ་ཡིན་པས། ཁྱེད་རང་སྒོ་གསུམ་གྱི་གནད་གཅུན་ཏེ་ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ཁྱེད་རང་སྐད་ཅིག་གིས་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀའི་སྐུར་གྱུར་པའི་སྙིང་ཁར་ཧཱུྃ་ཡིག་སྔོན་པོ་མར་མེ་ལྟར་འབར་ཞིང་གསལ་བའི་འོད་ཀྱིས་བསྐུལ་བས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་གྲངས་མེད་པ་འོད་ཟེར་གྱི་ཕུང་པོར་འབར་ཞིང་འཕྲོ་བ་ཁ་ཆར་དང་བུ་ཡུག་འཚུབས་པ་བཞིན་དུ་བྱུང་བ་བ་སྤུའི་ཁུང་བུ་ནས་ཞུགས། ལུས་ཐམས་ཅད་མེར་ཁྲིག་གང་བས་བདེ་བ་བཟོད་མེད་དུ་འབར་བར་མོས་ཤིག སྤོས་རོལ་དབྱངས་བཅས། ཧཱུྃ༔ བླ་མ་རིག་འཛིན་བདེ་གཤེགས་ཞི་ཁྲོའི་ཚོགས༔ ཀུན་ནས་མཁྱེན་བརྩེས་གནས་འདིར་བྱིན་ཆེན་ཕོབ༔ སྒྲུབ་མཆོག་བྱིན་རློབས་དཀྱིལ་འཁོར་ལྷ་ཚོགས་བཞེངས༔ དབྱེར་མེད་ཡེ་ཤེས་ཏིང་འཛིན་བྱིན་གྱིས་རློབས༔ ཨོཾ་བཛྲ་ཧེ་རུ་ཀ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨཱ་བེ་ཤ་ཡ་སྟཾ་བྷ་ཡ༔ ར་ར༔ ར་ར༔ ས་མ་ཡ་ཧཱུྃ༔ ཨ་ཛྷེཾ་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཞེས་དྲག་ཏུ་བརྗོད་ལ་དབབ། དེ་ལྟར་དབབ་པའི་ཡེ་ཤེས་པའི་རྒྱུན་སྒོ་གསུམ་ལ་ཇི་སྲིད་བར་བརྟན་པར་བྱས་པའི་མོས་པ་མཛོད། རྡོ་རྗེ་རྒྱ་གྲམ་མགོར་བཞག་ལ། ཏིཥྛ་བཛྲ། ཞེས་བརྗོད། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་མགོན་པོ་དགོངས་སུ་གསོལ༔ བདག་ཅག་འཁོར་བའི་རྒྱ་མཚོ་ལས༔ བླ་མེད་གནས་སུ་བསྒྲལ་བའི་ཕྱིར༔ རྟེན་འབྲེལ་ཟབ་མོའི་དབང་མཆོག་སྩོལ༔ ལན་གསུམ། སྔར་ཕུལ་བའི་ཅོད་པན་རིགས་ཀྱི་ལྷས་ཁྱེད་རང་གི་སྤྱི་བོར་དབང་རྟགས་སུ་བཅིངས་པར་མོས་ཤིག ཅོད་པན་སྤྱི་བོར་བཞག་ལ། ཧཱུྃ༔ ཅོད་པན་འདི་ནི་དབང་གི་རྟགས༔ རང་བཞིན་ལྷ་ཡི་བྱིན་གྱིས་བརླབས༔ བར་ཆད་བདུད་ཀྱིས་མི་ཚུགས་ཤོག༔ འཁོར་བའི་སྐྱོན་གྱིས་མ་གོས་ཤོག༔ དབུས་སུ་ཕོག་ན་ཆེ་མཆོག་གི་རྩ་སྔགས་དང་། རྡོ་རྗེ་ཆེ་མཆོག་རྩལ༔ དེས་འགྲེས་ཏེ་སོ་སོའི་རྩ་སྔགས་དང་། ཤར་སོགས་རིམ་བཞིན། རྡོ་རྗེ་ཐུགས་མཆོག་རྩལ༔ རྡོ་རྗེ་སྐུ་མཆོག་རྩལ༔ རྡོ་རྗེ་གསུང་མཆོག་རྩལ༔ རྡོ་རྗེ་ལས་རབ་རྩལ༔ རྡོ་རྗེ་གསང་བ་རྩལ༔ རྡོ་རྗེ་ཐོད་པ་རྩལ༔ རྡོ་རྗེ་དྲག་པོ་རྩལ༔ རྡོ་རྗེ་སྟོབས་མཆོག་རྩལ༔ ནཱ་མ་ཨ་བྷི་ཥིཉྩ་ཧཱུྃ༔ ཅོད་པན་མིང་དང་བཅས་པའི་དབང་བསྐུར་པས༔ ཁམས་གསུམ་ཆོས་ཀྱི་གྲགས་པའི་དབང་ཐོབ་པར་གྱུར་ཅིག༔ མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བས་དག་པ་ཡེ་ཤེས་ཀྱི་སྤྱན་ཐོབ་པར་མོས་ཤིག །གསེར་ཐུར་གྱིས་གདོང་གཡོགས་བསལ་ལ། ཧཱུྃ༔ ལས་ཉོན་ཤེས་བྱའི་སྒྲིབ་པའི་གྲིབ༔ མ་རིག་ལིང་ཐོག་བཞིན་བསལ་བའི༔ བླ་མའི་དཀྱིལ་འཁོར་ལྷ་ཚོགས་ལ༔ དག་པའི་སྣང་བ་མངོན་དུ་བྱ༔ ཨོཾ་ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་སྭཱ་ཧཱ༔ བདེ་གཤེགས་ཡོངས་འདུས་དཔལ་ཆེན་ཚོམ་བུ་དགུའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་མངོན་སུམ་བཞིན་དུ་མཐོང་བའི་མོས་པ་མཛོད་ཅིག །དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གཉིས་པ་དབང་དངོས་ལ་ཕྱི་ནང་གསང་བ་ཡང་གསང་ཕྲིན་ལས་ཐུགས་རྗེའི་དབང་བསྐུར་བ་རྣམས་སུ་ཡོད་པ་ལས། ཐོག་མར་ཕྱི་བུམ་དབང་རྗེས་འབྲེལ་དང་བཅས་པ་གནང་བར་ཞུ་བ་འདིའི་རྗེས་ཟློས། ཨེ་མ་མགོན་པོ་ཆེ་བའི་མཆོག༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོོལ༔ བདག་ནི་མགོན་པོའི་རྗེས་འཇུག་གིས༔ སྨིན་གྲོལ་དངོས་གྲུབ་བསྩལ་དུ་གསོལ༔ གསུམ། རྣམ་རྒྱལ་བུམ་པ་རང་བྱུང་རྡོ་རྗེའི་ཕོ་བྲང་ཆེན་པོར་བཅོམ་ལྡན་འདས་བདེ་གཤེགས་ཡོངས་འདུས་ཀྱི་ལྷ་ཚོགས་མངོན་དུ་བཞུགས་པའི་སྐུ་ལས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་བབས། ཁྱེད་རྣམས་ཀྱི་སྤྱི་བོ་ནས་ཞུགས། སྒྲིབ་པ་བཞི་དག རྡོ་རྗེ་བཞིའི་གོ་འཕང་རྒྱུད་ལ་བཞག་པར་མོས་ཤིག ཧཱུྃ༔ རྣམ་པར་རྒྱལ་བ་བུམ་པའི་གཞལ་ཡས་སུ༔ ཞི་ཁྲོ་བདེ་གཤེགས་ཡོངས་འདུས་ལྷ་ཚོགས་བཞུགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་པས༔ སྒྲིབ་ཚོགས་ཀུན་བྱང་དངོས་གྲུབ་མཆོག་ཐོབ་ཤོག༔ རྩ་སྔགས་ཤམ། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རྣམ་བུམ་སྤྱི་བོར་བཞག་ལ། བུམ་ཆུ་སྦྱིན། བུམ་པ་ཐོགས་ལ་ཆེ་བ་བསྐྱེད་པ་ནི། ཧཱུྃ༔ བུམ་པའི་དབང་མཆོག་རྟག་ཏུ་མཛེས་བྱེད་པ༔ དབང་བྱེད་ཡོངས་སུ་རྫོགས་པའི་ཀ་ལཱ་ཤ༔ སྤྱི་བོའི་དབང་རྟགས་པདྨ་རཱ་གའི་མདོག༔ དག་ཅིང་དྲི་མེད་པཉྩ་ལི་ཀཱས་དཀྲིས༔ འབྲས་བུ་རྒྱས་པའི་ཤིང་གིས་ཁ་བརྒྱན་ཏེ༔ གཟུངས་ཐག་ཁ་དོག་ལྔ་དང་རབ་ལྡན་པའི༔ བདུད་རྩིས་ཡོངས་བཀང་རིན་ཆེན་མེ་ཏོག་རྒྱན༔ འབྲུ་ལྔ་སྤོས་ལྔ་རིན་ཆེན་སྙིང་པོ་ལྔ༔ སྨན་དར་ལྔ་ལྡན་བུམ་པའི་དབང་བསྐུར་པས༔ རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག༔ ཨོཾ་ཀ་ལཱ་ཤ་སརྦ་པཉྩ་གུ་ཎ་སིདྡྷི་ཧཱུྃ༔ མེ་ཏོག་འཐོར། རྣམ་པར་རྒྱལ་བ་བུམ་པའིི་དབང་བསྐུར་པས༔ བདེ་གཤེགས་ཡོངས་འདུས་ཀྱི་དཀྱིལ་འཁོར་ལྷའི་དབང་མཆོག་ཐོབ་པར་གྱུར་ཅིག༔ དབུ་རྒྱན་རིན་པོ་ཆེའི་ཟེ་པྲོག་ཁང་བུ་ལྔ་ལྡན་གྱི་དབུས་སུ་རིགས་ལྔའི་རང་བཞིན་ཕྱག་མཚན་ལྔ་སྙིང་པོས་མཚན་པ་དབུ་ལ་བཅིངས་པས་སྐུ་ལྔ་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པར་མོས་ཤིག ཧཱུྃ༔ རིན་ཆེན་མཛེས་པའི་ཟུར་ཕུད་ལྔ་ལྡན་དབུས༔ ཕྱག་མཚན་ལྔ་དང་བདེ་གཤེགས་སྙིང་པོར་བཅས༔ རིགས་ལྔའི་རང་བཞིན་དབུ་རྒྱན་དབང་མཆོག་གིས༔ སྐུ་ལྔ་ཡེ་ཤེས་ལྔ་ཡི་དབང་ཐོབ་ཤོག༔ ཨོཾ་བཛྲ་བུདྡྷ་རཏྣ་པདྨ་ཀརྨ་མུ་དྲ་ཨ་བྷི་ཥིཉྩ་ཨཱ༔ ཞེས་མགོ་བོར་བཀོན། ཐབས་བདེ་བ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་མཚོན་པའི་རྡོར་དྲིལ་ལག་ཏུ་གཏད་པས་ཟུང་འཇུག་དོན་གྱི་རྣལ་འབྱོར་ལ་དབང་བརྙེས་པར་མོས་ཤིག ཧཱུྃ༔ ཐབས་ལྡན་རང་གྲོལ་ཡེ་ཤེས་རྣམ་ལྔའི་སྐུ༔ ཤེས་རབ་གསུང་དབྱངས་རྗེས་འགྲོ་སྙན་པའི་སྒྲ༔ དབྱེར་མེད་བདེ་ཆེན་རང་བཞིན་དབང་བསྐུར་བས༔ ཟུང་འཇུག་བདེ་ཆེན་ཉམས་ལ་སྤྱོད་པར་ཤོག༔ ཨོཾ་བཛྲ་གྷནྡྷ་ེཨ་དྷི་པ་ཏི་སཏྭཾ་ཨ་བྷི་ཥིཉྩ་ཨཱ༔ ཞེས་ལག་གཡས་གཡོན་དུ་གཏད་ལ་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་དུ་གཞུག །བནྡྷའི་བདུད་རྩི་གསུང་མཆོག་ནུས་པའི་བཅུད་ཀྱི་རང་བཞིན་མགྲིན་པར་མྱང་བས་རྡོ་རྗེའི་གསུང་གི་ནུས་པ་རྩལ་རྫོགས་སུ་ཐོབ་པར་མོས་ཤིག ཧཱུྃ༔ རྩ་བརྒྱད་ཡན་ལག་སྦྱར་བའི་པཉྩ་ལ༔ བདེ་གཤེགས་ཡོངས་འདུས་གསུང་གི་ནུས་པའི་བཅུད༔ ངག་ལ་དབང་འབྱོར་མྱོང་བའི་ཨ་མྲྀ་ཏ༔ ངག་གི་ནུས་པ་འབྱིན་པའི་རྩལ་ཐོབ་ཤོག༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨ་མྲྀཏ་ཨ་བྷི་ཥིཉྩ་ཨཱ༔ བནྡྷ་མགྲིན་པར་བཞག་ལ་བདུད་རྩི་སྦྱིན། དཀྱིལ་འཁོར་དགུའི་ལྷ་ཚོགས་སོ་སོ་ལས་ལྷ་གཉིས་པ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང་བ་སྤྱི་བོ་ནས་ཞུགས་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་བརྒྱད་ལུས་ཀྱི་གནས་སོ་སོར་གྱེས་པ་ལ་ཐིམ་པར་མོས་ཏེ། ཆེ་མཆོག་གི་སྐུ་གཏད་ནས། ཧཱུྃ༔ སྐལ་ལྡན་རྡོ་རྗེའི་ལུས་དབང་ལ༔ ཆེ་མཆོག་ཡབ་ཡུམ་དབང་བསྐུར་བས༔ ཆེ་མཆོག་ཐུགས་སུ་སྨིན་གྲོལ་ནས༔ སྟོབས་རྩལ་ནུས་པའི་མཐུ་རྫོགས་ཤོག༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ གཤིན་རྗེའི་སྐུ་དཔྲལ་བར་བཞག་པ་སོགས་འདོན་ཚིག་དང་བསྟུན་ལ། ཧཱུྃ། སྐལ་ལྡན་རྡོ་རྗེའི་སྤྱི་བོ་ན། །གཤིན་རྗེ་ཡབ་ཡུམ་དབང་བསྐུར་བས། །གཤིན་རྗེ་ཐུགས་སུ་སྨིན་གྲོལ་ནས། །སྟོབས་རྩལ་ནུས་པའི་མཐུ་རྫོགས་ཤོག །ཨོཾ་ཧྲཱིཿཥྚི་ཝཱི་ཀྲྀ་ཏཱ་ན་ན་ཧཱུྃ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། སྐལ་ལྡན་རྡོ་རྗེའི་མགྲིན་པ་ལ། །དབང་ཆེན་ཡབ་ཡུམ་དབང་བསྐུར་བས། །དབང་ཆེན་ཐུགས་སུ་སྨིན་གྲོལ་ནས། །སྟོབས་རྩལ་ནུས་པའི་མཐུ་རྫོགས་ཤོག །ཨོཾ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ། སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། སྐལ་ལྡན་རྡོ་རྗེའི་ཐུགས་ཀ་ན། །ཡང་དག་ཡབ་ཡུམ་དབང་བསྐུར་བས། །ཡང་དག་ཐུགས་སུ་སྨིན་གྲོལ་ནས། །སྟོབས་རྩལ་ནུས་པའི་མཐུ་རྫོགས་ཤོག །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། སྐལ་ལྡན་རྡོ་རྗེའི་ལྟེ་བ་ན། །ཕུར་པ་ཡབ་ཡུམ་དབང་བསྐུར་བས། །ཕུར་པའི་ཐུགས་སུ་སྨིན་གྲོལ་ནས། །སྟོབས་རྩལ་ནུས་པའི་མཐུ༴ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ། སརྦ་ས་མ་ཡ་ཨ་བྷི༴ ཧཱུྃ། སྐལ་ལྡན་རྡོ་རྗེའི་གསང་བ་ན། །བླ་མེད་ཡབ་ཡུམ་དབང་བསྐུར་བས། །བླ་མེད་ཐུགས་སུ་སྨིན༴ སྟོབས་རྩལ༴ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཀྲོ་ཏཱི་ཤྭ་རི་ཧཱུྃ། སརྦ་ས་མ་ཡ་ཨ༴ ཧཱུྃ། སྐལ་ལྡན་རྡོ་རྗེའི་སྤྱི་གཙུག་ཏུ། །རིག་འཛིན་ཡབ་ཡུམ་དབང་བསྐུར་བས། །རིག་འཛིན་ཐུགས་སུ་སྨིན༴ སྟོབས་རྩལ༴ ཨོཾ་མ་ཧཱ་གུ་རུ་སརྦ་ཧཱུྃ། སརྦ་ས་མ་ཡ་ཨ༴ ཧཱུྃ། སྐལ་ལྡན་རྡོ་རྗེའི་བརླ་གཡས་ན། །དྲེགས་པ་ཀུན་འདུལ་དབང༴ དྲེགས་པའི་ཐུགས་སུ༴ སྟོབས་རྩལ༴ ཨོཾ་བཛྲ་སརྦ་དུཥྚཱཾ་ཧཱུྃ། སརྦ་ས་མ་ཡ༴ ཧཱུྃ། སྐལ་ལྡན་རྡོ་རྗེའི་བརླ་གཡོན་ན། །སྟོབས་ལྡན་ནག་པོའི་དབང༴ སྟོབས་ལྡན་ཐུགས༴ སྟོབས་རྩལ་ནུས་པའི༴ ཨོཾ་བཛྲ་སརྦ་དུཥྚཱཾ་ཨེ་ཛ་བྷྱོ་སརྦ་ས་མ་ཡ་ཨ་བྷི༴ ཧཱུྃ། སྐལ་ལྡན་རྡོ་རྗེའི་དཔུང་པ་ན། །དམར་ནག་ཁྱུང་གི་དབང༴ ཁྱུང་ཆེན་ཐུགས༴ སྟོབས་རྩལ༴ ཨོཾ་ཁྲོཾ་ག་རུ་ཊ་ཧཱུྃ། སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ དུར་ཁྲོད་ཆས་ཆེན་རྣམས་ཀྱིས་མངའ་གསོལ་བས་དཔལ་ཧེ་རུ་ཀ་དང་གཉིས་སུ་མེད་པ་མ་མོ་མཁའ་འགྲོ་ཡོངས་ཀྱི་ཚོགས་རྗེར་གྱུར་པའི་མོས་པ་མཛོད། ཧཱུྃ། ཀོ་རློན་ཞིང་ལྤགས་ཐོད་ཕྲེང་དང་། །སྦྲུལ་ཆུན་སྟག་ཤམ་ཐལ་ཆེན་དང། །རཀྟ་ཞག་གི་ཟོ་རིས་རྒྱན། །དཔལ་ཆེན་ཆས་ཀྱིས་དབང་བསྐུར་བས། །སྟོབས་རྩལ་ནུས་པ་ཡོངས་རྫོགས་ཤོག །ཨོཾ་ཤྲཱི་ཧེ་རུ་ཀ་སརྦ་ཡོ་གི་ནཱི་ཨ་བྷི་ཥིཉྩ་ས་མ་ཡ་ཧཱུྃ་ཨཱཿ གནས་རྣམས་སུ་བགོ་ཚུལ་བྱ། དེ་ལྟར་ཕྱི་བུམ་པའི་དབང་བསྐུར་པས་གཞི་དུས་སུ་ནང་དབང་བསྐུར་བའི་སྣོད་དུ་རུང་། གསང་སྔགས་ཀྱིི་བྱ་བ་སྤྱད་པས་གཟུང་འཛིན་གྱི་དྲི་མ་དག །ལམ་དུས་སུ་ས་བརྒྱད་པ་བགྲོད་ཅིང་འབྲས་བུ་སྤྲུལ་སྐུ་ཐོབ་པའི་ནུས་པ་བཞག་པ་ཡིན་ནོ། །གཉིས་པ་ནང་གི་དབང་བསྐུར་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ བདག་ཅག་སྐལ་ལྡན་རྗེས་འཇུག་ལ༔ གསང་ཆེན་བདེ་གཤེགས་ཡོངས་འདུས་ཀྱི༔ ནང་གི་སྨིན་ལམ་དངོས་གྲུབ་སྩོལ༔ ལན་གསུམ་ཞུས་པའི་ལན་དུ། ཨེ་མ་ཧོཿགསང་ཆེན་སྙིང་པོའི་བཅུད༔ བདེ་གཤེགས་ཡོངས་འདུས་དཀྱིལ་འཁོར་དུ༔ ནང་གི་དོན་དམ་བཅུད་འཛིན་ན༔ གསང་བ་སྙིང་པོའི་ལམ་ཁྱེར་བཅས༔ དམ་མེད་གཞན་ལ་སྨྲ་མི་རུང༔ ས་མ་ཡ་ཧཱུྃ་ས་མཱ་ཏི་ཧྲཱི༔ ཏིཥྛ་བཛྲ་ཧཱུྃ་སྭཱ་ཧཱ༔ ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་སྒོ་གསུམ་གྱི་གནད་གཅུན་ཏེ་སོགས་སྔར་ལྟར་བརྗོད་ལ་ཡེ་ཤེས་པ་དབབ། ཚིགས་བཅད་མི་དགོས། སྔགས་ཙམ་གྱིས་ཆོག་ཅིང་བརྟན་པར་བྱ། རང་བྱུང་བུམ་པ་དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ་ལྷ་ཚོགས་བདུད་རྩིའི་དྭངས་མར་འཁྱིལ་བའི་རྒྱུན་གྱིས་སྤྱི་བོ་ནས་དབང་བསྐུར་བས་གདོས་བཅས་ཀྱི་ཕུང་ཁམས་སྐྱེ་མཆེད་ཡེ་ཤེས་སྙིང་པོའི་ལྷ་སྐུར་སྨིན་པར་མོས་ཤིག །སྨན་ཐོད་སྤྱི་བོར་བཞག་ཅིང་ལྕེར་སྦྱིན་ལ། ཧཱུྃ་ཧཱུྃ༔ བདེ་གཤེགས་ཡོངས་འདུས་གསང་སྙིང་གི༔ བླ་མེད་ཐིག་ལེ་འདུས་པའི་རྟེན༔ གཞལ་ཡས་ལྷ་ཡི་བདུད་རྩི་དང༔ ལྷ་རུ་སྨིན་པའི་ནུས་པ་འབྱིན༔ རྩ་སྔགས་ཤམ་དུ། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ མེ་ལོང་སྔགས་ཀྱི་འཁོར་ལོ་ལས་གཉིས་པ་འཕྲོས་ཏེ་མགྲིན་པ་ནས་ཞུགས། རྩ་རླུང་བྱིན་གྱིས་བརླབས་པས་ངག་རླུང་རྡོ་རྗེ་ནཱ་ད་གསང་སྔགས་ཀྱི་རང་སྒྲར་སྨིན་པར་མོས་ཤིག །མེ་ལོང་སྔགས་བྱང་མགྲིན་པར་བཞག་ལ། ཧཱུྃ་ཧཱུྃ༔ བདེ་གཤེགས་བཀའ་བརྒྱད་ལྷ་ཚོགས་ཀྱི༔ ཡང་སྙིང་སྔགས་ཀྱི་འཁོར་ལོ་ནི༔ མེ་ལོང་གཟུགས་བརྙན་ཇི་ལྟ་བུའི༔ གསང་བ་སྔགས་ལ་མངའ་དབང་སྒྱུར༔ རྩ་སྔགས་ཤམ། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ལྷ་ཚོགས་རྣམས་ཀྱི་ཐུགས་ལས་རྡོ་རྗེ་ཧཱུྃ་ཡིག་གིས་མཚན་པ་འཕྲོས་ཏེ་སྙིང་ཁར་ཐིམ་པས་གཟུང་འཛིན་འཁྲུལ་པའི་རྟོག་ཚོགས་དབྱིངས་སུ་བཅོམ། འོད་གསལ་ཡེ་ཤེས་ཀྱི་དགོངས་པའི་རྩལ་ཆེན་རྫོགས་པར་མོས་ཤིག རྡོ་རྗེ་ཧཱུྃ་མཚན་སྙིང་ཁར་བཞག་ལ། ཧཱུྃ་ཧཱུྃ༔ བདེ་གཤེགས་ཡོངས་འདུས་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ ཐུགས་ཉིད་མི་གཡོ་སྐྱེ་མེད་མཐའ་དང་བྲལ༔ གདུག་པ་འདུལ་མཛད་གནམ་ལྕགས་རྡོ་རྗེ་ཧཱུྃ༔ སློབ་མ་ལྷར་གསལ་བརྟན་པ་ཐུགས་ཀྱི་དབང༔ གཞོམ་གཞིག་མི་མངའ་རྡོ་རྗེའི་ཐུགས་འགྲུབ་ཤོག༔ རྩ་སྔགས་ཤམ་དུ། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྲེག་བླུགས་ཀྱི་ཆས་ཕྱག་ཏུ་གཏད་པས་ལས་བཞིའི་སྦྱོར་བ་ལ་མངའ་བརྙེས་ཏེ་ཡོན་ཏན་གྱི་རང་རྩལ་ཕྱོགས་མེད་དུ་རྒྱས་པར་མོས་ཤིག །དགང་གཟར་བླུགས་དང་མེ་དཔུང་གཏད་ལ། ཧཱུྃ་ཧྲཱི༔ ཞི་དང་རྒྱས་དབང་མངོན་སྤྱོད་མཐུས༔ དྲག་པོའི་སྟོབས་ཀྱིས་གཉེར་ཀའི་ལས༔ ཁྲོ་རྒྱལ་ཡོན་ཏན་སྣ་ཚོགས་ཀུན༔ སྐལ་ལྡན་འདི་ལ་ཡོངས་རྫོགས་ཤོག༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཤཱནྟིཾ༔ པུཥྚིཾ༔ ཝ་ཤཾ༔ མཱ་ར་ཡ་ཕཊ༔ ཨ་བྷི་ཥིཉྩ་ཧྲཱི༔ རྡོ་རྗེ་ཕུར་བུ་གཏད་པས་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས་སྲིད་གསུམ་གདུག་ཅན་ཐལ་བར་འབྱིན་པའི་ནུས་མཐུ་ཐོབ་པར་མོས་ཤིག །ཕུར་པ་འདྲིལ་དུ་གཞུག་ལ། ཧཱུྃ་ཧཱུྃ༔ བདེ་གཤེགས་ཡོངས་འདུས་དྲག་པོའི་སྐུ༔ ཕྲིན་ལས་དགྲ་བགེགས་བསྒྲལ་བའི་ལས༔ གནམ་ལྕགས་ཐོག་གི་དབལ་གཟེར་འདིས༔ བསྟན་དགྲ་སྒྲོལ་བའི་མཐུ་རྫོགས་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རུ་ཏྲ་མཱ་ར་ཡ་རྦད་རྦད༔ ཨ་བྷི་ཥིཉྩ་ཧྲཱིཿཧཱུྃ་ཕཊ༔ ནང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་ནུས་པ་འཇུག་པའི་དབང་བསྐུར་པ་དེ་ཉིད་སླར་ཡང་བུམ་པའི་དབང་གིས་བརྟན་པར་བྱས་པར་མོས་ཤིག །རྣམ་བུམ་གྱིས་དབང་བསྐུར་ལ། ཧཱུྃ༔ སློབ་དཔོན་ཐུགས་ལས་བརྡོལ་བའི་གསང་ཆེན་པོ༔ སྤྲོས་བྲལ་ཆོས་སྐུ་སྟོང་གསལ་འཛིན་པ་མེད༔ སྐལ་ལྡན་མཆོག་གི་དངོས་གྲུབ་དམ་པར་ཟུངས༔ ཐོགས་མེད་མཐུ་མངའ་བཅུད་ཆེན་དམ་པ་འདི༔ ཐུགས་རྗེའི་དབང་ཆེན་ཡོངས་སུ་རྫོགས་མཛད་པ༔ མྱོང་བཞིན་ཐུགས་རྗེའི་དངོས་གྲུབ་ཐོབ་པར་ཤོག༔ རྩ་སྔགས། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཨ་བྷི་ཥིཉྩ་ཧྲཱི༔ ཡེ་དྷར་བརྗོད་ཅིང་མེ་ཏོག་འཐོར། དེ་ལྟར་ནང་གི་དབང་བསྐུར་པས་གཞི་དུས་སུ་གསང་དབང་གི་སྣོད་དུ་རུང་། བསྐྱེད་རིམ་ཆ་ལག་དང་བཅས་པ་ཀློང་དུ་ཆུད། ལུས་སྒྲིབ་དག ལམ་དུས་སུ་ས་དགུ་པ་བགྲོད་ཅིང་འབྲས་བུ་སྔགས་ཀྱི་ནུས་པ་རབ་ཏུ་བརྟན་པར་འགྱུར་བ་ཡིན་ནོ། །གསུམ་པ་གསང་བའི་དབང་ལའང་གསང་བ་དང་གསང་ཆེན་གཉིས་ཡོད་པ་ལས། ཐོག་མར་གསང་བའི་དབང་ཞུ་བའི་ཡོན་དུ་མེ་ཏོག་ཐོགས་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བླ་མ་ཡབ་ཡུམ་གསང་བའི་བདག༔ གསང་བའི་དཀྱིལ་འཁོར་བདག་ལ་སྟོན༔ བདེ་བ་ཆེན་པོའི་དངོས་གྲུབ་དོན༔ གསང་བའི་དངོས་གྲུབ་བསྩལ་དུ་གསོལ༔ ལན་གསུམ་བརྗོད་ལ་མེ་ཏོག་འཐོར། བླ་མ་དང་དབྱེར་མེད་པའི་དཀྱིལ་འཁོར་ལྷ་ཚོགས་མཉམ་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་གྱུར་པ་མཁའ་གསང་ནས་ཕྱུང་སྟེ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པའི་རྒྱུན་གྱིས་དབང་བསྐུར་བསྩལ་བར་མོས་ཤིག །ཐོད་རྫས་མངར་གསུམ་སྦྱར་བ་བྱིན་ལ། ཧཱུྃ༔ བླ་མ་ལྷ་ཚོགས་ཡབ་ཡུམ་རྣམས༔ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ བོ་དྷི་ཙིཏྟ་ཀརྨ་སིདྡྷི་ཧཱུྃ༔ མ་ཧཱ་སུ་ཁ་ཧོ༔ ལུས་ཀྱི་ནང་ཐམས་ཅད་བདེ་བས་ཁྱབ། གསལ་སྟོང་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་མོས་ཤིག དེ་ལྟར་གསང་བའི་དབང་བསྐུར་པས་གཞི་དུས་སུ་གསང་ཆེན་གྱི་དབང་གི་སྣོད་དུ་རུང་། སྟེང་སྒོའི་མན་ངག་རིམ་ལྔ་རྩ་རླུང་གཏུམ་མོ་ལ་སོགས་པ་ཉམས་སུ་ལེན་པ་ལ་དབང་འབྱོར། ངག་སྒྲིབ་དག །ལམ་དུས་ས་བཅུ་པ་བགྲོད། འབྲས་བུ་ལོངས་སྐུ་ཐོབ་པའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །གསང་ཆེན་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་སླད་དུ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ གཉིས་མེད་ཡེ་ཤེས་བདེ་ཆེན་པོ༔ མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག༔ རླུང་སེམས་བསྲེ་བའི་ཐབས་ཆེན་པོ༔ འཁོར་ལོ་བདེ་མཆོག་དངོས་གྲུབ་སྩོལ༔ ལན་གསུམ་དང་མེ་ཏོག་འཐོར། མཚན་ཉིད་དང་ལྡན་པའི་གཟུངས་མའི་ལག་གཡོན་ནས་བཟུང་སྟེ་ཁྱེད་རང་གི་ལག་གཡས་སུ་གཏད་པར་མོས་ཤིག །རིག་ཙཀ་གཏད་ལ། ཨཱ༔ མཚན་ལྡན་བཀྲ་ཤིས་གཟུངས་མ་ནི༔ བསྟེན་པས་གཉིས་མེད་བདེ་ཆེན་སྐྱེད༔ འཁོར་ལོའི་གནས་བཞིར་དབབ་བཟུང་གིས༔ བདེ་ཆེན་ཆོས་ཉིད་བསྟེན་པར་གྱིས༔ ཨོཾ་ཏ་ཐཱ་ག་ཏ་གུ་ཧྱ་པྲ་ཛྙཱ་ཛྙཱ་ན་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཞེས་གཏད་པའི་གཟུངས་མ་དེས་ཀྱང་བདེ་བའི་རྣམ་འགྱུར་སྟོན་བཞིན་པས། ཧོ༔ བདེ་ཆེན་འདོད་པའི་སྐལ་པ་ཅན༔ ང་ཡི་མཁའ་གསང་ཆོས་ཀྱི་དབྱིངས༔ དུས་གསུམ་རྒྱལ་བ་འབྱུང་བའི་གནས༔ ལུས་ཀྱི་དཀྱིལ་འཁོར་བདེ་བ་ཆེ༔ ཨ་ཧོ་སུ་ཁ་བཛྲ་མོཀྵ་ཧོ༔ ཞེས་ཐར་པ་བསྟེན་པར་བསྐུལ་ནས་པང་དུ་འཁོད་པར་གྱུར། ཁྱེད་རང་དཔལ་ཆེ་མཆོག་ཧེ་རུ་ཀ་དང་རིག་མ་གནམ་ཞལ་དབྱིངས་ཕྱུག་མར་གསལ་བའི་ཡབ་ཀྱི་གསང་བ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཟླ་བ་ཨོཾ་གྱིས་མཚན་པ། ཡུམ་གྱི་མཁའ་པཾ་ལས་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཉི་མ་མཱུཾ་གྱིས་མཚན་པ། འདོད་པའི་སྒྱུ་རྩལ་དང་བཅས་ཏེ་སྙོམས་པར་ཞུགས་པས་དཀར་དམར་བྱང་ཆུབ་ཀྱི་སེམས་གཡོས། ལུགས་འབྱུང་དང་ལུགས་ལྡོག་གི་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བའི་མཐར་ལྷན་སྐྱེས་དཔེའི་ཡེ་ཤེས་མངོན་དུ་གྱུར་པའི་བདེ་སྟོང་གི་རང་ངོ་ལ་མཉམ་པར་ཞོག་ཅིག ཨེ་མ་ཧོ༔ འཁོར་ལོ་བཞི་ཡི་རྦ་རླབས་ལས༔ དབབ་དང་སྐྱིལ་དང་ཟློག་པ་དང༔ བདེ་ཆེན་འདུ་འབྲལ་མེད་པའི་གནད༔ དགའ་བཞིའི་ཀློང་དུ་ཆུད་པར་བྱའོ༔ ཞེས་ངོ་སྤྲད། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས་ཡུལ་གསུམ་གསལ། དགྲ་གསུམ་སོད། བདུད་བཞི་ཆོམ། འགྲོ་དྲུག་གི་གཡང་ས་ཆོད། སྟེང་འོག་གི་སྒོ་ལ་བརྟེན་པའི་ཐབས་ལམ་ལ་དབང་ཐོབ། ཡིད་སྒྲིབ་དག །ལམ་དུས་སུ་ས་བཅུ་གཅིག་པ་བགྲོད། འབྲས་བུ་ཆོས་སྐུ་ཐོབ་པའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །བཞི་པ་ཡང་གསང་རིག་པ་རྩལ་གྱི་དབང་བསྐུར་ཞུ་བ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་མགོན་པོ་ཆེ་བའི་མཆོག༔ བླ་མེད་ཐེག་རྩེའི་ཟབ་ཁྱད་ཀྱི༔ རིག་པ་རྩལ་གྱི་དབང་མཆོག་གིས༔ མགོན་པོས་རྗེས་སུ་བཟུང་དུ་གསོལ༔ གསུམ། ལན་དུ། ཨེ་མ་བདེ་ཆེན་གསང་ལམ་འདི་མནོས་ནས༔ རི་ངོགས་གཡའ་གནས་གངས་ཞོལ་དུ༔ ཆོས་ཉིད་རྣལ་འབྱོར་གངས་སེང་བཞིན༔ རིག་རྩལ་བདེ་ཆེན་བསྲེ་ནུས་སམ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། ཨེ་མ་མགོན་པོ་བཀའ་དྲིན་ཅན༔ ཅི་གསུང་གསང་བ་རྡོ་རྗེའི་ཚིག༔ ལུང་བཞིན་མཛད་པ་བླ་མེད་བསྒྲུབ༔ རྗེས་སུ་འཛིན་པའི་དངོས་གྲུབ་སྩོལ༔ ཞེས་ཞུ། དམ་ཆུ་སྦྱིན་ལ། ཧོ༔ མཆོག་གསང་རྒྱལ་པོའི་དམ་ཚིག་ཆུས༔ འདི་ནས་བདེ་ཆེན་སར་འཕང་སྟེ༔ འཛིན་པའི་གནད་ལ་གཅེས་སྤྲས་སུ༔ བརྩོན་འགྲུས་སྐྱེད་ཅིག་ས་མ་ཡ༔ ས་མཱ་ཏི་ཨ་ས་མ་ཡ་ན་ར་ཀན༔ ཤེལ་རྡོ་བསྟན་ལ། གཞི་དབྱིངས་གདོད་མའི་ཀ་དག་ཤེལ་ལྟ་བུའི་ཀློང་དུ་འཁོར་འདས་ཀྱི་ལམ་སྣང་སྣ་ཚོགས་སུ་ཤར་ཡང་གདོད་ནས་སྐྱེ་འགག་གནས་གསུམ་དང་བྲལ་བའི་རང་རིག་སྐུ་གསུམ་གྱི་རང་བཞིན་དུ་མཚོན་པར་གྱིས་ཤིག །ཨ་ཕཊ་ཕཊ༔ ཨ་སྐྱེ་བ་མེད་པ་ཤེལ་ལྟ་བུ༔ སྐྱེ་བའི་ཆོ་འཕྲུལ་འཇའ་ཚོན་བཞིན༔ སྐྱེ་བ་མེད་པ་ཤེལ་ལྟ་བུ༔ འགག་པ་མེད་པ་འཇའ་ཚོན་བཞིན༔ སྒྲིབ་མེད་གསལ་བ་ཤེལ་ལྟ་བུ༔ དྲི་མེད་དྭངས་པ་ཤེལ་ལྟ་བུ༔ བློ་གྲོས་ཐབས་འདི་བདེ་བ་ཆེའོ༔ ཀ་དག་རང་སྣང་ཤེལ་ལྟ་བུ༔ ལྷུན་གྲུབ་རང་མདངས་འཇའ་ཚོན་བཞིན༔ ཆོས་སྐུ་སྟོང་གསལ་ཤེལ་ལྟ་བུ༔ ལྷུན་གྲུབ་ལོངས་སྐུ་འཇའ་ཚོན་བཞིན༔ མངོན་དུ་གྱུར་པ་སྤྲུལ་པར་ལྟོས༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ་ཨོཾ༔ རྨ་བྱའི་མདོངས་བསྟན་ལ། དབྱིངས་རང་བྱུང་གི་སྒྲོན་མེའི་ཀློང་དུ་ཐིག་ལེ་སྟོང་པའི་སྒྲོན་མར་རིག་པ་རྡོ་རྗེ་ལུ་གུ་རྒྱུད་གོང་འཕེལ་ལྷུན་གྲུབ་ཀྱི་སྣང་བ་ཐབས་འདིས་མཚོན་ཏེ་སྣང་བཞི་ཟད་སར་སྐྱོལ་བར་ཞུ། ཨ༔ ལྟོས་ཤིག་ལྷུན་གྲུབ་སྣང་བར་ལྟོས༔ དཀར་དམར་ཁ་དོག་འཇའ་འོད་བཞིན༔ མ་འགགས་གསལ་སྣང་སོ་སོར་འདྲེས༔ ངོས་བཟུང་འཛིན་པའི་མཐའ་ལས་འདས༔ མཚན་མར་མི་སྤྱོད་སྣང་སྟོང་དུ༔ ལམ་དུ་ཁྱེར་ཅིིག་རིགས་ཀྱི་བུ༔ ཡུལ་སྣང་སྲེས་ཤིག་བདེ་བ་ཆེ༔ དྲིལ་བུ་གསིལ་ལ། ཨཱ༔ ལྟོས་ཤིག་དཔྱོད་ཅིག་སྐལ་པ་ཅན༔ ཤེས་རབ་དྲིལ་བུའི་སྐད་འདི་ཉིད༔ མཁའ་ལས་བྱུང་ངམ་ཀློང་ལས་བྱུང༔ ཡུལ་སྣང་བསྲེ་བའི་དོན་སྨྲོས་ཤིག༔ དྲིལ་བུའི་སྒྲ་ཕྱི་ནང་གང་དུའང་མི་གནས་ཀྱང་རྐྱེན་ལ་བརྟེན་ནས་གྲགས་པ་ལྟར་ཡུལ་སེམས་ཕྱི་ནང་གང་དུའང་མ་ཆད་དེ་རྐྱེན་ལ་བརྟེན་ནས་སྣང་ཡང་རང་བཞིན་མེད་པའི་དོན་ཤེས་པར་གྱིས་ཤིག །ཨེ་མའོ་སྐལ་ལྡན་མ་ཡེངས་ཉོན༔ བརྡ་དང་བརྡས་མཚོན་གོ་བ་ནི༔ དབང་གི་དམ་པ་མཆོག་ཏུ་དབང༔ མཁའ་ཀློང་དབྱེར་མེད་བདེ་ཆེན་ལ༔ རྐྱེན་གྱིས་བསྐུལ་བས་སྒྲ་བྱུང་བཞིན༔ ཆོས་དབྱིངས་རང་བཞིན་མཁའ་ཀློང་ལས༔ རྐྱེན་གྱིས་སྐྱེ་འགག་གནས་སྟོན་པ༔ མ་འགགས་ཆོས་ཉིད་རོལ་པའི་མདངས༔ རང་གྲོལ་དབྱེར་མེད་བདེ་བར་འདྲེས༔ མཁའ་དང་མཁའ་འདྲ་བདེ་བ་ཆེའོ༔ དེ་ལྟར་རིག་པ་རྩལ་གྱི་དབང་ཐོབ་པས་དེང་ཕྱིན་ཆད་གནད་ཀྱི་དམ་ཚིག་ལྟ་སྒོམ་སྤྱོད་པའི་བརྟུལ་ཞུགས་འདི་དག་ལ་རྟག་ཏུ་གནས་པར་མཛོད་ཅིག །ཨེ་མ་ཧོ༔ ས་མ་ཡ་ནི་ཤེལ་གོང་ལྟར༔ གཞི་ནི་དམ་ཚིག་གཙང་མས་ཟུངས༔ ཏིང་འཛིན་ལུས་དང་གྲིབ་མ་ལྟར༔ ཉམས་སུ་གཡེང་བ་མེད་པས་བླང༔ མན་ངག་གར་ཆང་འཐུང་བ་ལྟར༔ དོན་གྱི་མན་ངག་ཟབ་མོ་སྒྲུབས༔ ལྟ་བ་ནམ་མཁར་མདུང་བསྐོར་བཞིན༔ ཐག་དང་འཕང་ནི་ལྟ་བས་བཅད༔ སྤྱོད་པ་མི་ཤ་ལོན་པ་བཞིན༔ ལ་ནི་སྤྱོད་པས་དོར་བར་བྱ༔ ཟུང་དུ་འབྲེལ་པ་གོལ་ས་མེད༔ ཚིག་ཏུ་རྟོགས་པ་ལ་བརྟེན་ནས༔ སྐུ་གསུམ་དོན་པོ་གཅིག་ཏུ་དྲིལ༔ མཐའ་དྲུག་རྒྱུད་ལ་རྫོགས་པར་གྱིས༔ མཐར་ཐུག་དོན་དམ་ནང་ན་འཆར༔ ནམ་མཁའ་ལ་ནི་ནམ་མཁའ་བཞིན༔ ཐམས་ཅད་སྟོང་པའི་ངང་ལ་གནས༔ ལྟ་བ་ཡེངས་པ་མེད་པར་རྟོགས༔ མངོན་དུ་གྱུར་པ་ཆོས་ཀྱི་སྐུ༔ སྒོམ་པ་ཡེངས་པ་མེད་པ་རུ༔ རང་སར་གྲོལ་བ་ལོངས་སྤྱོད་རྫོགས༔ སྤྱོད་པ་ཡིན་མིན་མེད་པ་རུ༔ འགྲོ་དོན་མཛད་པ་སྤྲུལ་པའི་སྐུ༔ དབྱེར་མེད་ཆོས་ཉིད་དེ་བཞིན་ཉིད༔ མཐའ་བྲལ་ཡོངས་རྫོགས་བདེ་བ་ཆེའོ༔ དེ་ལྟར་ཡང་གསང་སྤྱི་འབྱམས་ལྟ་བའི་རྩལ་དབང་ཐོབ་པས་དབང་བསྐུར་ཡོངས་སུ་རྫོགས། གནས་ལུགས་རྫོགས་པ་ཆེན་པོའི་ལྟ་སྒོམ་ལ་དབང་འབྱོར། གཉིས་སྣང་མཚན་མ་རང་སར་དག །ལམ་དུས་སུ་ཡེ་ཤེས་བླ་མའི་ས་ནོན། འབྲས་བུ་དབྱེར་མེད་ཀུན་བཟང་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །སློབ་མ་ཐུན་མོང་ལ་འདི་ཡན་ཆད་ཀྱིས་ཆོག བརྒྱུད་འཛིན་ཐུན་མོང་མ་ཡིན་པ་ལ་ཆོས་བཀའ་གཏད་ཅིང་མངའ་གསོལ་ན། ལྔ་པ་ཐུན་མོང་ཕྲིན་ལས་ལ་མངའ་དབང་བསྒྱུར་བ་ཐུགས་རྗེའི་དབང་བསྐུར་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བསྟན་པའི་དཔལ་མགོན་སྟོན་པ་དགོངས༔ ཐེག་པ་ཡོངས་རྫོགས་ཆོས་རྣམས་ལ༔ དབང་སྒྱུར་རྒྱལ་ཚབ་སྟོན་པ་རུ༔ བདག་ལ་མངའ་དབང་བསྩལ་དུ་གསོལ༔ ལན་གསུམ། སློབ་མ་གོ་ས་མཐོ་བ་སོགས་ལ་ཁྲི་ཆས་ཀྱི་མཚོན་པའི་མངའ་གསོལ་ཡོ་བྱད་དངོས་སུ་བཤམ་དགོས་ཀྱང་། སྤྱི་ལ་དམིགས་པས་ཁྱབ་པར་མཛད་པ་ལྟར་ན། ཁྱེད་རང་ཐེག་དགུ་ཡོངས་རྫོགས་མཚོན་པ་རྡོ་རྗེའི་ཁྲི་ལ་དཀྱིལ་འཁོར་གཙོ་བོ་དཔལ་ཆེན་པོའི་ང་རྒྱལ་བརྟན་པོས་འཁོད་པ་ལ་རྡོ་རྗེ་སློབ་དཔོན་དུ་འོས་པའི་ཡོ་བྱད་ཡོངས་སུ་རྫོགས་པས་མངའ་གསོལ་བས། གསང་བ་མཐའ་དག་གི་བདག་པོར་གྱུར་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་མངའ་དབང་སྒྱུར་བའི་མོས་པ་མཛོད་ཅིག །བུམ་པ་སོགས་དབང་རྫས་རྣམས་ཚིག་བསྟུན་ལག་ཏུ་གཏད་ལ། ཧཱུྃ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ བྱེད་པོ་སེམས་ཅན་ཀུན་དོན་བྱེད༔ རྒྱལ་ཚབ་སྐལ་ལྡན་སློབ་མར་གཏད༔ བསྟན་འགྲོ་སྨིན་པའི་ནུས་རྫོགས་ཤོག༔ འདི་སོགས་བར་མཚམས་ཐམས་ཅད་ལ་ཨཱ་ལི་ཀཱ་ལི་དང་ཡེ་དྷར་བརྗོད། བསྟན་པ་མི་ནུབ་རྒྱལ་མཚན་ནི༔ ནུབ་མེད་ཆོས་ཀྱི་དབྱིངས་ན་མཐོ༔ རྒྱལ་ཚབ་སྐལ་ལྡན་སློབ་མར་གཏད༔ ཆོས་ཀྱི་རྒྱལ་སྲིད་མཆོག་ཐོབ་ཤོག༔ ཆོས་ཀྱི་གཎྜི་སྒྲ་བོ་ཆེ༔ སྙན་པ་རྒྱལ་བའི་ཞིང་ན་སྒྲོག༔ རྒྱལ་ཚབ་སྐལ་ལྡན་སློབ་མར་གཏད༔ ཆོས་ཀྱི་རྒྱལ་སྲིད་མཆོག་ཐོབ་ཤོག༔ ཆོས་དུང་སྙན་པའི་སྒྲ་དབྱངས་ཀྱིས༔ འགྲོ་ཀུན་མྱང་འདས་ཆོས་ལ་བསྐུལ༔ རྒྱལ་ཚབ་སྐལ་ལྡན་སློབ་མར་གཏད༔ ཆོས་ཀྱི་རྒྱལ་སྲིད་མཆོག་ཐོབ་ཤོག༔ རིན་ཆེན་ཀ་བའི་ཕྱག་ཤིང་གིས༔ སྔགས་ཀྱི་བརྡ་དོན་གཉིས་མེད་བསྲེ༔ རྒྱལ་ཚབ་སྐལ་ལྡན་སློབ་མར་གཏད༔ ཆོས་ཀྱི་རྒྱལ་སྲིད་མཆོག་ཐོབ་ཤོག༔ ཐབས་ཤེས་རྡོ་རྗེ་དྲིལ་བུ་ཡིས༔ གང་འདུལ་འགྲོ་བའི་དཔལ་ལ་རོལ༔ རྒྱལ་ཚབ་སྐལ་ལྡན་སློབ་མར་གཏད༔ ཆོས་ཀྱི་རྒྱལ་སྲིད་མཆོག་ཐོབ་ཤོག༔ རིན་ཆེན་དགང་གཟར་དགང་བླུག་གིས༔ ལས་བཞི་སོ་སོར་ལྷུན་གྱིས་གྲུབ༔ རྒྱལ་ཚབ་སྐལ་ལྡན་སློབ་མར་གཏད༔ ཆོས་ཀྱི་རྒྱལ་སྲིད་མཆོག་ཐོབ་ཤོག༔ གནམ་ལྕགས་རྡོ་རྗེའི་ཕུར་པ་ཡིས༔ བསྟན་དགྲ་ཕྱེ་མར་བརླག་པར་བྱེད༔ རྒྱལ་ཚབ་སྐལ་ལྡན་སློབ་མར་གཏད༔ ཆོས་ཀྱི་རྒྱལ་སྲིད་མཆོག་ཐོབ་ཤོག༔ སྒྲུབ་ཡིག་ལག་ཏུ་གཏད། ལྕེ་ལ་བདུད་རྩི་བཞག་ལ། ཧཱུྃ༔ ཤེས་རབ་རྣམ་གསུམ་ཡོངས་རྫོགས་པས༔ དྲན་པ་བླ་མེད་ཆོས་སྐུར་སྟོན༔ ཐེག་པ་མཐའ་དག་སྒྲུབ་མཐུ་མངའ༔ ཤེས་རབ་རིག་པའི་མཛོད་ཁ་ཕྱེ༔ ཚངས་པའི་གསུང་དབྱངས་ཀུན་གྱིས་གོ༔ ཆོས་དཀའ་ཐེག་པ་ཡོངས་རྫོགས་པ༔ མ་ལུས་ཀུན་ལ་བཤད་པར་གྱིས༔ རྩ་སྔགས་བརྗོད། དཔལ་གཏོར་སྤྱི་བོར་བཞག་ལ། བདེ་གཤེགས་བཀའ་བརྒྱད་ལྷ་ཚོགས་ཀུན༔ ཕྱི་ནང་གསང་བའི་སྒྲུབ་པའི་རྟེན༔ གཞལ་ཡས་ལྷ་དང་མཆོད་པའི་རྫས༔ ཀུན་འདུས་གཏོར་མའི་དབང་བསྐུར་བས༔ དབང་བཀའ་རྗེས་གནང་ཡོངས་རྫོགས་ཤོག༔ རྩ་སྔགས་བརྗོད། དེ་དག་གིས་སྒྲུབ་ཆེན་བདེ་གཤེགས་ཡོངས་འདུས་ཀྱི་དབང་བཀའ་རྗེས་གནང་ཡོངས་རྫོགས་གདམས་གཏད་མངའ་གསོལ་བཅས་གྲུབ་ནས། མཐའ་རྟེན་ཁྱད་པར་མངོན་སྤྱོད་དམ་ཚིག་གི་དབང་སྦྱིན་པ་ཡིན་པས་ཁྱེད་རང་ཁྲག་འཐུང་ཆེན་པོའི་ང་རྒྱལ་ལྷག་པར་སྐྱེད་འཚལ། བྲུབ་ཁུང་དང་ཉ་བོ་གཏད་ལ། ཧོ༔ ཉོན་ཅིག་སྐལ་ལྡན་དམ་ཚིག་ཅན༔ སངས་རྒྱས་བསྟན་པའི་སྤྱི་དགྲ་དང༔ རྡོ་རྗེེ་སློབ་དཔོན་སྐུ་དགྲ་དང༔ དམ་ལྡན་རྣམས་ལ་འཚེ་བྱེད་དགྲ༔ བཞག་ན་སྔགས་ཀྱི་དམ་ཚིག་ཉམས༔ བསྒྲལ་བའི་ཞིང་བཅུ་སྒྲོལ་ཤིག་རྒྱ༔ བསྒྲལ་པའི་ཡོན་ཏན་བརྒྱ་ལྡན་ཐོབ༔ དགྲ་བགེགས་མཱ་ར་ཡ་ནཱ་ཤ་ཡ་རྦད༔ ཨ་བྷི་ཥིཉྩ་ཧཱུྃ༔ བྲུབ་ཁུང་ཨེ་ལས་བདུད་ཀྱི་བཙོན་ཁང་འཇིགས་སུ་རུང་བའི་ནང་དུ་ལིངྒ་དགྲ་བགེགས་དངོས་སུ་གསལ་བར་གྱུར། ཨེ་ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་སྤྲུལ་པའི་ཕོ་ཉ་དཔག་ཏུ་མེད་པ་འཕྲོས་ཏེ་གནོད་བྱེད་ཐམས་ཅད་བཀུག་བཅིངས་བསྡམས་ཤིང་མྱོས་པར་བྱས་པར་མོས་ཤིག །སྲས་ཕུར་གཏད་ལ། ཧཱུྃ༔ ཕྲིན་ལས་མ་ལུས་འདུས་པའི་རྫས༔ ལྕགས་ཕུར་དྲག་པོའི་ལྷར་གསལ་ནས༔ འདྲིལ་ཞིང་འདེབས་པའི་དབང་བསྐུར་བས༔ དྲག་པོའི་ཕྲིན་ལས་མྱུར་འགྲུབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྱེད་རང་དཔལ་ཆེན་པོ། ཕུར་བུ་སྲས་མཆོག་ཀཱི་ལ་ཡ། ལིངྒ་དམིགས་བྱ་དངོས་སུ་གསལ་བའི་སྙིང་ཁར་བཏབ་པས་ཚེ་བསོད་ཀྱི་དྭངས་མ་ནྲྀ་བཀྲག་ལ་འཚེར་བའི་རྣམ་པས་རང་ལ་ཐིམ། རྣམ་ཤེས་འོད་ཀྱི་ཐིག་ལེ་ཨ་ཡིག་གིས་མཚན་པ་ཀུན་བཟང་ཧེ་རུ་ཀའི་ཐུགས་ཀར་འཕང་། གཟུགས་ཕུང་མཚོན་ཆས་གཏུབས་པའི་ཤ་ཁྲག་བདུད་རྩིར་སྦར་བ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་བསྟབ་པར་མོས་ཤིག །ཅེས་བྱས་ལ་ལིངྒ་ལ་ཕུར་པས་གདབ། རལ་གྲིས་གཏུབས་པའི་དུམ་བུ་གཏོར་མ་ལ་བསྟབས་པ་དང་སློབ་མས་རོལ་དུ་གཞུག །སྐབས་འདིར་སྤྲོ་ན་རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་རྣམས་སྐུར་ཚིག་སྤྱི་འགྲོ་ལྟར་བསྐུར། བླ་མ་དཀྱིལ་འཁོར་གྱི་ལྷ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བདེན་ཚིག་གི་ཤིས་པ་བརྗོད་ཅིང་དགེ་ལེགས་ཀ་མ་ལའི་ཆར་ཆེན་པོ་བསྙིལ་པས་དབང་གི་བྱིན་རླབས་གོང་དུ་འཕེལ་ཞིང་ཉམས་མེད་བརྟན་པར་བྱས་པའི་མོས་པ་མཛོད། མེ་ཏོག་འཐོར་ལ་ཡེ་དྷར་དང་ཤིས་བརྗོད་ཅི་རིགས་བྱ། དེ་ལྟར་ཡང་། གསང་བའི་བདག་པོས་ཆོས་སྒོ་ཐམས་ཅད་ལ་དབང་བསྐུར་པ་ལྟར༔ ཆོས་བཀའ་ཡོངས་རྫོགས་ཀྱི་བདག་པོ་དང༔ ཕྲིན་ལས་ཐོགས་པ་མེད་པའི་དབང་ཐོབ་པའི་ནུས་པ་འཇུག་པ་ཡིན་ནོ༔ གསུམ་པ་རྗེས་ཀྱི་རིམ་པ་ནི། དེ་དག་རྣམས་ཀྱིས་བཀའ་བརྒྱད་བདེ་གཤེགས་ཡོངས་འདུས་ཀྱི་དཀྱིལ་འཁོར་དུ་དོན་དབང་སྙིང་པོ་ཐིག་ལེའི་ཡང་ཞུན་མཐའ་རྟེན་དང་བཅས་ལེགས་པར་བསྐུར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ། དམ་ཚིག་ཁས་བླང་། གཏང་རག་སོགས་སྤྱི་ལྟར་བྱ། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏོང་བ་སོགས་ལས་བྱང་ལྟར་ལ། རྗེས་ཆོག་སྐབས་མཆོད་བསྟོད་མདོར་བསྡུས། ནོངས་བཤགས་བཟོད་གསོལ། རས་བྲིས་ཡོད་ན་ཡེ་ཤེས་པ་བརྟན་བཞུགས་སོགས་སྐབས་ཕྱེད་པར་བྱའོ། །འཕགས་བོད་རིག་འཛིན་བྱེ་བའི་སྲོག་གི་ཟུངས། །གྲུབ་པ་གཉིས་འདུས་ལྷག་པའི་ལྷའི་དཀྱིལ་འཁོར། །ཀུན་གྱི་བཅུད་ཕྱུང་རིམ་གཉིས་ལས་སྦྱོར་བཅས། །ཟབ་འདྲིལ་སྙིང་གི་ནོར་འདི་བསྟེན་པར་འོས། །ཚོམ་བུ་དགུ་ཡི་ཕྱག་རྒྱ་འགྲུབ། །ཡེ་ཤེས་སྒྱུ་མའི་རྣམ་རོལ་གྱིས། །འགྲོ་ཀུན་དཀྱིལ་འཁོར་འདིར་བཅུག་ནས། །མཆོག་གི་གོ་འཕང་ལ་སྦྱོར་ཤོག །ཅེས་བརྒྱུད་ལྡན་དམ་པའི་ཕྱག་བཞེས་དང་གཏེར་གཞུང་རྩ་བའི་དགོངས་པ་མ་འཁྲུལ་བར་ཕྱག་ལེན་གསལ་བྱེད་དུ། སངས་རྒྱས་གཉིས་པ་པདྨའི་རིང་ལུགས་དད་པའི་སྙིང་ལ་བཅངས་པ་པདྨ་གར་དབང་ངམ། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་དཔལ་ཆེན་པོའི་གནས་མཆོག་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
པད་གླིང་ཕྱག་རྡོར་གཏུམ་པོའི་དུག་སྦྱོང་གི་ལག་ལེན་རྩ་ཐོ་ (Volume 47, Text 4)
པད་གླིང་ཕྱག་རྡོར་གཏུམ་པོའི་དུག་སྦྱོང་གི་ལག་ལེན་རྩ་ཐོ་བཞུགས་སོ། །དུག་སྦྱོང་བྱ་བའི་ལག་ལེན་བསྟན་པ་ནི༔ ཕོར་སྣོད་གཙང་མ་གཅིག་གི་ནང་དུ༔ ཀླུ་བཤོས་རྒྱབ་ཡོལ་མ་གཅིག༔ ཀླུའི་གཟུགས་གཅིག༔ ཏིང་ལོ་གཅིག༔ མཐེབ་ཀྱུ་གཅིག༔ ཆངས་བུ་གཅིག༔ བསྒྲེས་གླུད་གཅིག་རྣམས་ནད་པའི་མདུན་དུ་བཤམས་ལ༔ སྔོན་ལ་ཁྲོ་བོ་བཅུ་སྤྱན་འདྲེན༔ དེ་རྗེས་ཁྲུས་གསོལ༔ དེ་ནས་དུག་སྦྱོང་བྱ་བ་ནི༔ ཀུ་ཤ་གཅིག་དང་རྨ་བྱའི་མདོངས་ལག་ཏུ་ཐོགས་ལ༔ མགོ་ནས་མར་ལ་རིམ་པར་འཕྱི་ཞིང་གླུད་ལ་བསྟིམ་མོ༔ ནད་པ་དང་འཕྱི་མཁན་གཉིས་ཀའི་དམིགས་པ་ལ༔ ནད་པའི་ལུས་ཀྱི་ནད་ཐམས་ཅད་རྐང་པའི་མཐེབ་མོའི་རྩེ་ལས་འཇའ་ཚོན་གྱི་རྣམ་པར་ཐོན་ནས༔ གཏོར་མ་གླུད་དང་ཁྲུས་ཆུ་ལ་ཐིམ་པར་བསམ་མོ༔ གསང་བདག་གཏུམ་པོའི་དུག་སྦྱོང་རྫོགས་སོ༔ རིག་འཛིན་པདྨ་གླིང་པ་ཉིད། མོན་ཀུ་རུ་ལུང་དུ་གྲོངས་ལ་ཐུག་པའི་བསྙུན་གཞི་ངན་པ་བྱུང་དུས་ཤོག་སེར་ལས་གསུང་དཔོད་མཛད་དེ་བསྒྱུར་པའོ། །ཤིན་ཏུ་ཟབ་ྀཨཚ༔
བླ་མ་དགོངས་པ་འདུས་པ་ལས༔ སྔོན་དུ་འགྲོ་བའི་ཆོས་སྤྱོད་ཡན་ལག་བདུན་པ༔ སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་འཕྲུལ་གྱི་སྙིང་པོ་ (Volume 7, Text 4)
༁ྃ༔ བླ་མ་དགོངས་པ་འདུས་པ་ལས༔ སྔོན་དུ་འགྲོ་བའི་ཆོས་སྤྱོད་ཡན་ལག་བདུན་པ༔ སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་འཕྲུལ་གྱི་སྙིང་པོ་ཞེས་བྱ་བ་བཞུགས་སོ༔ ༔ ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ བླ་མ་དགོངས་པ་འདུས་པ་ལས༔ ཡན་ལག་དང་པོའི་ཆོས་སྤྱོད་ནི༔ འདི་ལྟར་རྣལ་འབྱོར་པས་ཤེས་བྱ༔ ཨོཾ་ཨཱཿཧཱུྃ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ བླ་མ་སངས་རྒྱས་བྱང་སེམས་འཕགས་པའི་ཚོགས༔ ཡི་དམ་ཞི་ཁྲོ་དྷཱ་ཀི་ཆོས་སྐྱོང་དང༔ བཀའ་སྲུང་དམ་ཅན་ཕོ་མོར་བཅས་པ་ཀུན༔ ཨོཾ་ཨཱཿཧཱུྃ༔ རྣམ་དག་དབྱིངས་ནས་གཤེགས་བཞུགས་མི་མངའ་ཡང༔ ཁམས་གསུམ་སྲིད་གསུམ་འགྲོ་དྲུག་འདྲེན་སླད་དུ༔ བདེ་ཆེན་ཡངས་པའི་ཕོ་བྲང་ཆེན་པོ་འདིར༔ ཐུགས་རྗེས་ཡུད་ཙམ་གཅིག་གིས་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ཐབས་ཤེས་དྲི་མེད་ཉི་ཟླ་པདྨའི་གདན༔ ལྷོད་འབོལ་དར་ཟབ་རིན་ཆེན་བརྩེགས་པའི་ཁྲི༔ སྤྱི་གཙུག་བདེ་ཆེན་དག་པའི་གདན་སྟེང་དུ༔ འགྲོ་བའི་དོན་དུ་བརྟན་པར་བཞུགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ལུས་ཀྱིས་དྭངས་བས་སྤྱི་བོར་ཐལ་སྦྱར་ཞིང༔ བདེ་མཉེན་འཁྱུག་བཅས་མ་ལྔ་ས་ལ་ཕབ༔ འགྲེང་ལྡང་ལྡན་པའི་གུས་པས་ཕྱག་འཚལ་ལོ༔ རྩ་གསུམ་སྐུ་ཡི་གཟི་མདངས་ལུས་ལ་ཕོབ༔ ཨོཾ་ཨཱཿཧཱུྃ༔ ངག་སྙན་འགྱུར་དབྱངས་གུས་པར་ལྡན་པ་ཡིས༔ སྐུ་གསུང་ཐུགས་ཀྱི་ཆེ་བའི་ཡོན་ཏན་དང༔ མཛད་པའི་ཕྲིན་ལས་བརྗོད་བཅས་ཕྱག་འཚལ་ལོ༔ འགག་མེད་གསུང་གི་བྱིན་བརླབ་ངག་ལ་སྩོལ༔ ཨོཾ་ཨཱཿཧཱུྃ༔ ལྷག་བསམ་རྣམ་དག་གདུང་ཤུགས་ལྡན་པ་ཡིས༔ དུས་གསུམ་བདེར་གཤེགས་རྩ་གསུམ་ཡོན་ཏན་རྣམས༔ སྐད་ཅིག་དྲན་རྫོགས་བསམ་པས་ཕྱག་འཚལ་ལོ༔ བདེ་གསལ་མི་རྟོགས་ཡིད་ལ་བསྐྱེད་དུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ལྷན་ཅིག་སྐྱེས་སྦྱོར་མེ་ཏོག་བདུག་སྤོས་དང༔ མར་མེ་དྲི་ཆབ་ཞལ་ཟས་རོལ་མོའི་སྒྲ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ ལུས་ངག་ཡིད་གུས་ལྡན་པས་འབུལ་བར་བགྱི༔ ཨོཾ་ཨཱཿཧཱུྃ༔ གླིང་བཞི་གླིང་ཕྲན་རི་རབ་རི་བདུན་དང༔ རོལ་མཚོ་ཉི་ཟླ་སྐར་ཕྲན་འབབ་ཆུར་བཅས༔ ལྟེང་ཀ་ཀོ་མོག་ཡན་ལག་བརྒྱད་ལྡན་ཀུན༔ མཆོད་པར་འབུལ་གྱིས་འགྲོ་བའི་དོན་དུ་བཞེས༔ ཨོཾ་ཨཱཿཧཱུྃ༔ གསེར་དངུལ་གཡུ་དང་མར་གད་ཨིནྡྲ་རྙིལ༔ མུ་ཏིག་པདྨ་རཱ་ག་རྡོ་ཡི་སྙིང༔ བཻ་ཌཱུརྻ་དང་མན་ཤེལ་བྱེ་རུ་སོགས༔ རཏྣའི་རིགས་འབུལ་ཐུགས་རྗེས་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ག་པུར་ཙནྡན་གུར་གུམ་སི་ལ་དང༔ ཛ་ཏི་རྣམ་རྒྱལ་སྙིང་པོ་ཞོ་ཤའི་ཚོགས༔ ཉོན་མོངས་ནད་འཇོམས་སྨན་གྱི་རིགས་རྣམས་ཀུན༔ སྒོ་གསུམ་མོས་བློས་རྩ་བ་གསུམ་ལ་འབུལ༔ ཨོཾ་ཨཱཿཧཱུྃ༔ གྲོ་འབྲས་ཁྲེ་དང་སོ་བ་ཡུངས་དཀར་དང༔ ཏིལ་ནས་སྲན་མར་བཅས་ཏེ་འབྲུ་ཡི་རིགས༔ ལྷག་པའི་བསམ་པས་ཉེ་བར་འབུལ་ལགས་ན༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ བླ་མ་ཡི་དམ་ཞི་ཁྲོ་དྷཱ་ཀི་ཡི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ རྩ་བ་ཡན་ལག་དམ་ཚིག་ཉམས་པ་ཀུན༔ རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ ཨོཾ་ཨཱཿཧཱུྃ༔ སྲོག་བཅད་མ་བྱིན་བླང་དང་མི་ཚང་སྤྱོད༔ རྫུན་ཚིག་ཕྲ་མ་ཚིག་རྩུབ་ངག་འཁྱལ་དབྱེན༔ བརྣབ་སེམས་གནོད་སེམས་ལོག་པར་ལྟ་ལ་སོགས༔ མི་དགེ་བཅུ་པོ་བགྱིས་རྣམས་མཐོལ་ལོ་བཤགས༔ ཨོཾ་ཨཱཿཧཱུྃ༔ གཞན་ཡང་བདག་སོགས་འགྲོ་བ་རྣམས་ཀྱིས་ནི༔ འདས་དང་མ་འོངས་ད་ལྟ་དུས་གསུམ་དུ༔ ལུས་ངག་ཡིད་ཀྱིས་མི་དགེ་ཅི་བགྱིས་པ༔ མཐོལ་ཞིང་བཤགས་ནས་སླན་ཆད་མི་བགྱིད་སྡོམ༔ ཨོཾ་ཨཱཿཧཱུྃ༔ དུས་གསུམ་འཕགས་པའི་དགེ་བ་བགྱིས་པ་ནི༔ ཟག་བཅས་ཟག་མེད་བགྱིས་དང་བགྱིད་བརྩལ་བ༔ བགྱིད་འགྱུར་གང་ཡིན་དེ་དག་ཐམས་ཅད་ལ༔ བདག་སོགས་དྭངས་བས་རྗེས་སུ་ཡི་རང་ངོ༔ ཨོཾ་ཨཱཿཧཱུྃ༔ དུས་གསུམ་བདེ་གཤེགས་རྒྱལ་བ་སྲས་བཅས་དང༔ ས་བཅུའི་དབང་ཕྱུག་འཕགས་པའི་ཚོགས་རྣམས་ཀྱིས༔ ཕྱི་ནང་བླ་མེད་ཐེག་ཆེན་ཆོས་འཁོར་ལོ༔ འཁོར་བ་མ་སྟོངས་བར་དུ་བསྐོར་བར་སྐུལ༔ ཨོཾ་ཨཱཿཧཱུྃ༔ དེ་དག་མཁའ་ཀློང་ཡངས་པའི་ངང་ཉིད་ལས༔ ཐུགས་རྗེའི་ཟེར་ལྡན་སྨོན་འཇུག་ལྡན་པ་པོ༔ སྡུག་བསྔལ་འདམ་དུ་བྱིང་རྣམས་བསྐྱབ་སླད་དུ༔ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔ ཨོཾ་ཨཱཿཧཱུྃ༔ དེ་ལྟར་ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔ དེ་དག་ཐམས་ཅད་བྱང་ཆུབ་ཆེན་པོར་བསྔོ༔ ཨོཾ་ཨཱཿཧཱུྃ༔ དེ་ལྟར་སྒོ་གསུམ་དྭངས་བས་དུས་དྲུག་ཏུ༔ ཡན་ལག་བདུན་སོགས་དགེ་བ་བགྱིས་པ་དང༔ བགྱིད་འགྱུར་བགྱིད་པར་གྱུར་པའི་བསོད་ནམས་ཀྱིས༔ འགྲོ་དྲུག་སེམས་ཅན་ཐར་ལམ་བགྲོད་པར་ཤོག༔ ཨོཾ་ཨཱཿཧཱུྃ༔ གནས་སྐབས་སུ་ཡང་ཡུལ་རིས་རྒྱལ་ཁམས་སུ༔ བཀྲ་ཤིས་བདེ་ལེགས་དཔལ་འབྱོར་ཕུན་སུམ་ཚོགས༔ དཀར་པོ་དགེ་བའི་ཕྱོགས་རྣམས་དར་ནས་ཀྱང༔ འགྲོ་རྣམས་ཐེག་ཆེན་ཆོས་ལ་སྤྱོད་པར་ཤོག༔ ཨོཾ་ཨཱཿཧཱུྃ༔ དེ་ཡི་རྒྱུ་རྐྱེན་འབྲས་བུར་བཅས་པ་ཡིས༔ ནག་པོ་བདུད་ཀྱི་ཕྱོགས་རྣམས་ཕམ་པ་དང༔ ཉེས་དགུ་ཞི་ཞིང་ལེགས་དགུ་དར་ནས་ཀྱང༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ཁྱད་པར་ཐེག་ཆེན་ཆོས་རྣམས་སྤྱོད་པའི་ཚེ༔ བཀའ་སྲུང་རྣམས་ཀྱིས་རུ་ང་མི་བགྱིད་ཅིང༔ མཐུ་དཔལ་ལྡན་པའི་དགེ་བསྙེན་ཁྱེད་རྣམས་ཀྱིས༔ ཆོས་བྱེད་སྒྲུབ་པ་པོ་ཡི་གྲོགས་མགོན་གྱིས༔ ཨོཾ་ཨཱཿཧཱུྃ༔ དེ་ལྟར་བགྱིས་པའི་དགེ་བའི་རྩ་བ་ནི༔ དམིགས་བཅས་དམིགས་མེད་ཟུང་འཇུག་ཅི་བསགས་པ༔ བླ་མེད་རྡོ་རྗེ་ཐེག་པར་བསྔོ་བར་བགྱི༔ འགྲོ་དྲུག་རྣམ་མཁྱེན་སངས་རྒྱས་ཐོབ་པར་ཤོག༔ ཨེ་མ་ཧོ༔ ཕྱི་རབས་རྗེས་འཇུག་སྐལ་ལྡན་ཕོ་མོ་རྣམས༔ ཐུན་མགོ་འམ་ནི་ཉིན་མཚན་དུས་དྲུག་ཏུ༔ དམ་ཆོས་སྟོན་པའི་ཚེ་ན་འདི་བཟླས་ཤིང༔ བསམ་གཏན་དང་པོས་རྟག་ཏུ་དྲན་གྱུར་ན༔ དགེ་བ་དེ་ཡི་བསོད་ནམས་ཅི་མཆིས་པ༔ སངས་རྒྱས་སྟོང་གི་ཡོན་ཏན་རྫོགས་པ་དང༔ ས་ལམ་རིམ་གྱིས་བགྲོད་ནས་ཐེག་ཆེན་སར༔ བླ་མེད་རྡོ་རྗེ་འཛིན་པའི་གོ་འཕང་བགྲོད༔ གནས་སྐབས་སུ་ཡང་ཤེས་རབ་ཕུན་ཚོགས་ཤིང༔ མི་བརྗེད་གཟུངས་ཐོབ་ཅི་བསམ་ཆོས་བཞིན་འགྲུབ༔ དེ་ཡི་ཕྱིར་ན་ཕྱི་རབས་སྐལ་ལྡན་ཀུན༔ འདི་ལ་འབད་རྩོལ་ལྡན་པས་ཉམས་སུ་ལོངས༔ སྙིང་པོ་ལོན་ནས་གཞན་ལ་སྟོན་ཞིང་སྤེལ༔ སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་འཕྲུལ་གྱི་སྙིང་པོ་ཞེས་བྱ་བ༔ ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཕྱི་རབས་ཀྱི་དོན་དུ་མཛད་པ་འདི༔ མཚོ་རྒྱལ་བདག་གིས་ཟིན་བྲིས་སུ་བཏབ་ནས་གཏེར་དུ་སྦས༔ སྐྱེས་བུ་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ པུ་རི་ཕུག་མོ་ཆེ་ནས་བདག་འདྲ་སངས་རྒྱས་གླིང་པས་བཏོན་པའོ།། །།
རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ གསང་དབང་གི་ལག་ལེན་ (Volume 55, Text 4)
རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ གསང་དབང་གི་ལག་ལེན་བཞུགས་སོ༔ ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི༔ རྫོགས་པ་ཆེན་པོ་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་གསང་དབང་བསྐུར་བ་ནི༔ སྔོན་འགྲོའི་གདམས་པ་ཉམས་སུ་ལེན་པ་ནི༔ འོད་གསལ་མའི་ངོ་སྤྲོད་དང༔ བར་དོའི་ངོ་སྤྲོད་མཐར་ཐུག་པ་བྱས་ལ༔ སློབ་མ་རྣམས་ལ་ཁྲུས་དང་བགེགས་བསྐྲད་བྱ༔ མེ་གཅོད་དང་སྔོན་འགྲོ་རྣམས་བྱེད༔ དེ་ནས་རྟ་ཕག་གསང་བ་ཡབ་ཡུམ་གྱི་བསྐྱེད་རིམ་རྣམས་བསྒོམ་དུ་བཅུག༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ དཀྱིལ་འཁོར་གྱི་སྟེང་དུ་ཡབ་ཡུམ་དབྱེར་མེད་ལྔའི་དམིགས་པ་ཕོག་ལ༔ དེ་ནས་རྡོ་རྗེ་སློབ་དཔོན་ལ་ལས་ཀྱི་ཡུམ་གཅིག་བྱས་ལ༔ དེ་ནས་དངོས་གཞི་དབང་བསྐུར་བ་ནི༔ དམིགས་པའི་རྟེན་གྱི་ཙཀ་ལི་ཕྱག་ཏུ་བསྣམས་ནས་ཚིག་འདི་སྐད་དོ༔ ཧཱུྃ༔ ང་ནི་སྣང་བ་ཡབ་ཡིན་ཏེ༔ ཁྱོད་ནི་སྟོང་པ་ཡུམ་ཡིན་ནོ༔ སྣང་སྟོང་དབྱེར་མེད་དབང་བསྐུར་བས༔ གཏི་མུག་རང་སར་དག་ནས་ནི༔ ལྷུན་གྲུབ་ཞིང་ཁམས་མཐོང་བ་དང༔ སྐུ་ཡི་རིག་འཛིན་ཐོབ་པར་ཤོག༔ བུདྡྷ་དཔའ་བོ་ཛཿཛ༔ ང་ནི་རིག་པ་ཡབ༴ ཁྱོད་ནི་སྟོང་པ་ཡུམ༴ རིག་སྟོང་དབྱེར་མེད༴ ཞེ་སྡང་རང་སར༴ མངོན་དགའི་ཞིང་ཁམས༴ ཆོས་སྐུའི་རིག་འཛིན༴ བཛྲ་དཔའ་བོ་ཛ་ཛ༔ ང་ནི་བདེ་བ་ཡབ༴ ཁྱོད་ནི་སྟོང་པ་ཡུམ༴ བདེ་སྟོང་དབྱེར་མེད༴ ང་རྒྱལ་རང་སར༴ དཔལ་གྱི་ཞིང་ཁམས༴ ལོངས་སྐུའི་རིག་འཛིན༴ རཏྣ་དཔའ་བོ་ཛཿཛ༔ ང་ནི་གསལ་བ་ཡབ༴ ཁྱོད་ནི་སྟོང་པ་ཡུམ༴ གསལ་སྟོང་དབྱེར་མེད༴ འདོད་ཆགས་རང་སར༴ བདེ་ཆེན་ཞིང་ཁམས༴ སྤྲུལ་སྐུའི་རིག་འཛིན༴ པདྨ་དཔའ་བོ་ཛཿཛ༔ ང་ནི་གྲགས་པ་ཡབ༴ ཁྱོད་ནི་སྟོང་པ་ཡུམ༴ གྲགས་སྟོང་དབྱེར་མེད༴ ཕྲག་དོག་རང་སར༴ ལས་རབ་ཞིང་ཁམས༴ ངོ་བོ་ཉིད་སྐུའི་རིག་འཛིན་ཐོབ་པར་ཤོག༔ ཀརྨ་དཔའ་བོ་ཛཿཛ༔ གསང་བ་བུམ་པའི་དབང་བསྐུར་བ་ནི༔ དེ་རིང་སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སངས་རྒྱས་མཁའ་འགྲོས་བྱིན་བརླབས་པའི༔ སྣ་ཚོགས་བུམ་པ་གཞལ་ཡས་ཁང༔ སྣང་སྟོང་དབྱེར་མེད་བདུད་རྩི་བུམ་པའི་དབང་བསྐུར་བས༔ གཏི་མུག་དྲི་མ་དག་གྱུར་ནས༔ ཆོས་དབྱིངས་ཡེ་ཤེས་དབང་ཐོབ་ཤོག༔ བུདྡྷ་ཨོཾ་བྷྲཱུྃ༔ རྡོ་རྗེ་མཁའ་འགྲོས་བྱིན༴ ཞི་བའི་བུམ་པ་གཞལ་ཡས་ཁང༔ རིག་སྟོང་དབྱེར་མེད་བདུད་རྩི༴ ཞེ་སྡང་དྲི་མ༴ མེ་ལོང་ཡེ་ཤེས་དབང༴ བཛྲ་ཧཱུྃ་བྷྲཱུྃ༔ རིན་ཆེན་མཁའ་འགྲོས་བྱིན༴ རྒྱས་པའི་བུམ་པ་གཞལ་ཡས་ཁང༔ བདེ་སྟོང་དབྱེར་མེད་བདུད་རྩི༴ ང་རྒྱལ་དྲི་མ༴ མཉམ་ཉིད་ཡེ་ཤེས་དབང༴ རཏྣ་ཏྲཱཾ་བྷྲཱུྃ༔ པདྨ་མཁའ་འགྲོས་བྱིན༴ དབང་གི་བུམ་པ་གཞལ་ཡས་ཁང༔ གསལ་སྟོང་དབྱེར་མེད་བདུད་རྩི༴ འདོད་ཆགས་དྲི་མ༴ སོར་རྟོག་ཡེ་ཤེས་དབང་ཐོབ་ཤོག༔ པདྨ་ཧྲཱིཿབྷྲཱུྃ༔ ལས་ཀྱི་མཁའ་འགྲོས་བྱིན༴ དྲག་པོའི་བུམ་པ་གཞལ་ཡས་ཁང༔ གྲགས་སྟོང་དབྱེར་མེད་བདུད་རྩི༴ ཕྲག་དོག་དྲི་མ༴ བྱ་གྲུབ་ཡེ་ཤེས་དབང་ཐོབ་ཤོག༔ ཀརྨ་ཨཱཿབྷྲཱུྃ༔ གསང་བ་ཤོག་དྲིལ་གྱི་དབང་བསྐུར་བ་ནི༔ ཧཱུྃ༔ ཞེ་སྡང་རྡོ་རྗེའི་ཤོག་དྲིལ་དབང་བསྐུར་བས༔ ཞེ་སྡང་ལམ་དུ་ལོངས་ནས་ནི༔ དམྱལ་བའི་འཁྲུལ་སྣང་དག་པ་དང༔ རྩེ་གཅིག་རིག་འཛིན་ཐོབ་པར་ཤོག༔ བཛྲ་ཌཱ་ཀི་ནཱི་ཧཱུྃ༔ འདོད་ཆགས་རྡོ་རྗེའི་ཤོག་དྲིལ༴ འདོད་ཆགས་ལམ་དུ༴ ཡི་དྭགས་འཁྲུལ་སྣང༴ བདེ་གསལ་རིག་འཛིན་ཐོབ༴ པདྨ་ཌཱ་ཀི་ནཱི་ཧྲཱི༔ གཏི་མུག་རྡོ་རྗེའི་ཤོག་དྲིལ༴ གཏི་མུག་ལམ་དུ༴ དུད་འགྲོའི་འཁྲུལ་སྣང༴ སྤྲོས་བྲལ་རིག་འཛིན་ཐོབ༴ བུདྡྷ་ཌཱ་ཀི་ནཱི་ཨོཾ༔ ཕྲག་དོག་རྡོ་རྗེའི་ཤོག་དྲིལ༴ ཕྲག་དོག་ལམ་དུ༴ ལྷ་མིན་འཁྲུལ་སྣང༴ རོ་གཅིག་རིག་འཛིན་ཐོབ༴ ཀརྨ་ཌཱ་ཀི་ནཱི་ཨཱ༔ ང་རྒྱལ་རྡོ་རྗེའི་ཤོག་དྲིལ༴ ང་རྒྱལ་ལམ་དུ༴ ལྷ་ཡི་འཁྲུལ་སྣང༴ འགྱུར་མེད་རིག་འཛིན་ཐོབ༴ རཏྣ་ཌཱ་ཀི་ནཱི་ཏྲཱཾ༔ མེ་ཏོག་དར་གྱི་ཅོད་པན་འདི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མཁའ་འགྲོ་སྡེ་ལྔའི་མཚན་གྱི་དབང་ཐོབ་ཤོག༔ རྣམ་རྒྱལ་བུམ་པའི་དབང་བསྐུར་བས༔ ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཆོས་ཉིད་གཏོར་མའི་དབང་བསྐུར་བས༔ སྐུ་ལྔ་ལྷུན་གྲུབ་ཐོབ་པར་ཤོག༔ རྩ་བ་གསུམ་གྱི་ཡང་སྙིང་འདྲེན་པར་བྱའོ༔ དེ་ནས་ལས་གཏོར་འཕང༔ མེ་ཏོག་སྐྱུར༔ དཀྱིལ་འཁོར་ངོ་སྤྲོད་བྱ༔ བཀྲ་ཤིས་སྨོན་ལམ་གྱི་རྒྱས་བཏབ་བོ༔ ས་མ་ཡ༔ ཁ་ཐཾ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ དེས་ཀྱང་འགྲོ་བ་འདྲེན་པར་ཤོག༔ བཀའ་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སློབ་དཔོན་མ་ཀུན་དགའ་འབུམ་གྱིས་སྒྲགས་ཡང་རྫོང་ཤེལ་གྱི་འོད་གསལ་ཕུག་ནས་གཏེར་བཏོན་པའི་ཤོག་སེར་ཡང་ཚ་ལས་ཞལ་བཤུས་པའོ།། །།
གཤིན་རྗེ་ཁ་ཐུན་ནག་པོའི་སྐོར་ (Volume 43, Text 4)
ྈ གཤིན་རྗེ་ཁ་ཐུན་ནག་པོའི་སྐོར་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈ དཔལ་ཆེན་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ༔ གཤིན་རྗེ་ཁ་ཐུན་སྒྲུབ་པ་ལ༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ དང་པོ་སྔོན་དུ་འགྲོ་བ་ནི༔ བྲག་ནག་སྲིན་པོ་ཁྲོས་པ་ལྟ་བུའམ༔ མུན་ཁང་རིམ་གསུམ་གྱི་ནང་དུ་མཎྜལ་གྲུ་གསུམ་དུག་དང་ཁྲག་གིས་ཆག་ཆག་བྱས་པའི་སྟེང༔ ཨེ་ཆོས་འབྱུང་ཉིས་བརྩེགས་མཐིང་ནག་བྱས་ལ༔ གཏོར་མ་ཟུར་གསུམ་ནག་པོ་གཅིག་བཤམས་ལ༔ བྱ་འུག་པ་སྐྱག་ཚ་སྐྱུང་ཀ་གསུམ་གྱི་སྒྲོས་བརྒྱན་པའི་མདའ་ལ༔ དར་ནག་ལ་སྐུ་བྲིས་པ་གཅིག་གཏོར་མ་ལ་བཙུག༔ དེ་ལ་དམར་དང་ཕུད་ཀྱིས་བྲན་ལ་གཏའ་རུ་འཛུགས་སོ༔ དངོས་གཞི་ནི༔ རང་སྟན་བདེ་བ་ལ་གོས་ནག་པོ་གྱོན་ལ་སྡོད་ཅིང་ཏིང་ངེ་འཛིན་ལ་ཞུགས་པ་ནི༔ དང་པོ་སྟོང་པ་ཆེན་པོའི་ཀློང་སྐད་ཅིག་དྲན་རྫོགས་ལས༔ རིག་པ་སྐད་ཅིག་ཨེ་མཐིང་ནག་གཅིག་ཏུ་བསྐྱེད་ལ་དེ་ཡོངས་སུ་གྱུར་པ་ལས༔ རང་ཉིད་གཤིན་རྗེ་གཤེད་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་པ་ན་མི་མགོའི་དབྱུག་པ་གདེངས་པ༔ ཕྱག་གཡོན་པ་ཐུགས་ཀར་འཁོར་ལོ་འཛིན་པ༔ ཞལ་བསྒྲད་ཅིང་མཆུ་འཕྱང་བ༔ མཆེ་བ་ཟང་ཡག་གཙིགས་པ༔ སྤྱན་གསུམ་དམར་ལ་ཟླུམ་ཞིང་འཁྲུགས་པ༔ སྨིན་མ་ནས་གློག་འཁྱུག་པ༔ སྨ་ར་ནས་མེ་སྟག་འཕྲོ་བ༔ རལ་པ་ནག་པོ་གྱེན་དུ་འཁྱིལ་བའི་གསེབ་ནས༔ གནམ་ལྕགས་སེར་ཆེན་འབེབ་པ༔ ཐོད་པའི་དབུ་རྒྱན་པྲོག་ཞུ་གསོལ་བ༔ སྐུ་སྟོད་ལ་མི་ལྤགས་ཀྱི་གཡང་གཞི་གསོལ་བ༔ སྐུ་སྨད་ལ་སྤྲིན་གྱིས་སྨད་དཀྲིས་བྱས་པ༔ མི་མགོའི་དོ་ཤལ་དང་སྦྲུལ་གྱི་ཆུན་པོས་བརྒྱན་པ༔ ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་སུ་རུ་དྲ་གན་རྐྱལ་དུ་བརྫིས་པ༔ ཉི་ཟླའི་སྟེང་མེ་དཔུང་ཀློང་ན་འགྱིང་ཚུལ་དུ་བཞུགས་པར་བསྐྱེད་ལ༔ དེའི་ཐུགས་ཀའི་ཨེ་ལས་འོད་འཕྲོས་འཕགས་པ་མཆོད༔ ཚུར་འདུས་རང་ལ་ཐིམ༔ སྐུ་གསུང་ཐུགས་དབང་ཐོབ༔ ཕར་འཕྲོས་མདུན་གྱི་གཏོར་མ་ལ་ཕོག༔ རང་ཁོ་ན་འདྲ་བའི་གཤིན་རྗེར་གྱུར༔ དེའི་ཐུགས་ཀ་ནས་གཤིན་རྗེའི་ཕོ་ཉ་བསམ་གྱིས་མི་ཁྱབ་པ་འཕྲོས་ནས༔ བདག་ལ་གནོད་པའི་དགྲ་དང་བགེགས་རྣམས་བཀུག་ནས་གསོད་པ་དང་གཏུབ་པ་དང༔ ཚར་གཅོད་པར་བསམ་ལ་བསྙེན་པ་ལ་འཇུག་པ་ནི༔ ཨཱོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ས་མ་ཡ་ཧྲཱིང་ཧྲཱིང་ཛཿཛཿསྡུས་སྡུས་མཱ་ར་ཡ་ཆིངས་སོད༔ ཅེས་བསྙེན་པ་ཞག་གྲངས་བདུན་མི་ཚིག་བར་མ་ཆོད་པར༔ འབུམ་ཚོ་གསུམ་དུ་བསྙེན་ལ་རྟགས་དང་སྦྱར༔ རྗེས་ཀྱི་རིམ་པ་ནི༔ རང་སྣང་ལ་ས་གཡོ་བ་དང༔ གློག་འཁྱུག་པ་དང༔ སྐད་ངན་འདོན་པ་དང༔ དྲི་མ་མི་ཞིམ་པ་དང༔ དགྲ་བོ་དངོས་སུ་ཡོང་བ་དང༔ དེ་རྣམས་གང་བྱུང་ཡང་རྟོག་པ་མི་ཟ་བར་ཆོས་ཉིད་ངང་ལ་བཞག་དགོས་སོ༔ བསྙེན་རྟགས་ནི༔ རང་གཤིན་རྗེར་བསྐྱེད་པ་དང༔ མདུན་གྱི་གཤིན་རྗེ་ལས་མེ་འབར་ནས༔ སྟོང་གསུམ་ཚིག་པ་དང༔ སྲོག་ཆགས་བསད་པ་དང༔ རྩི་ཤིང་བཅད་པ་དང༔ བྲག་བཤིག་པ་དང༔ འཇིག་རྟེན་གྱི་རྫས་འདུ་བ་དང༔ དགྲ་དངོས་སུ་བསད་པ་དང༔ མི་དབང་དུ་འདུ་བ་དང༔ ཉི་ཟླ་ཟུང་འཇུག་ཤར་བ་རྣམས་རྨི་བ་ཡོང་ངོ༔ རྟགས་དེ་རྣམས་རྫོགས་པ་དང༔ བསྙེན་པ་ཚད་ལ་འཁྱོལ་བས༔ ལས་སྦྱོར་གང་བྱས་ཀྱང་ཐོབ་པར་འགྱུར་རོ༔ ཤིན་ཏུ་ཟབ་པས་མི་ལ་མི་སྟོན་པ་གལ་ཆེའོ༔ གལ་ཏེ་བསྟན་ན་སྲོག་སྙིང་ཐང་ལ་ལྷུང་བ་ཡོད༔ དེ་བས་གཅེས་པར་བྱས་ལ་སྙིང་ལ་ཆོངས༔ གཤིན་རྗེ་ཁ་ཐུན་གྱི་སྒྲུབ་ཐབས་གསང་མཆོག་དམ་པ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས་ཕྱི་རབས་སྔགས་འཆང་དམ་ཚིག་དང་ལྡན་པའི་དོན་དུ་ལྷོ་བྲག་སྨན་མདོའི་བྲག་ལ་སྦས༔ པདྨའི་མིང་ཅན་སྤྱོད་པར་གྱུར་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསང་རྒྱ༔ བུ་ཚ་ལ་ཡང་མི་བསྟན་པའི་མན་ངག་སློབ་དཔོན་ལ་སྦྱིན་ཡོད༔ སུ་ལ་ཡང་མ་བསྟན་ཅིག༔ ྈ གཤིན་རྗེ་ཁ་ཐུན་གསང་སྒྲུབ་བཞུགས་སོ༔ མཉྫུ་ཤྲཱི་ཡ་མཱནྟ་ཀ་ལ་ན་མོ༔ འཇམ་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མ་འོངས་སྐལ་ལྡན་ལས་ཅན་རྣམས༔ གཤིན་རྗེ་ལས་ཀྱི་སྒྲུབ་པ་ནི༔ ཁ་ཐུན་མན་ངག་བསྟན་པར་བྱ༔ དེ་ལ་སྒྲུབ་པ་བྱེད་པའི་དུས༔ མི་ཁྱིའི་སྒྲ་སྐད་མེད་པའི་གནས༔ བྲག་རི་སྲིན་པོ་ཁྲོས་འདྲ་རུ༔ སྒྲུབ་ཁང་ག་དར་བྱས་པའི་ནང༔ རང་ཉིད་བདེ་བའི་སྟན་ལ་སྐྱིལ་ཀྲུང་འདུག༔ སྐད་ཅིག་དྲན་རྫོགས་ངང་ཉིད་ལས༔ རང་གི་རིག་པ་ཧཱུྃ་ནག་བསྒོམ༔ དེ་ལས་འོད་འཕྲོས་འཇིག་རྟེན་བསྲེགས༔ སྟོང་པ་ཁྱབ་བརྡལ་ཆེན་པོའི་ཀློང༔ པདྨ་ཉི་ཟླ་བརྩེགས་པའི་སྟེང༔ ཆུ་གླང་བསྣོལ་བའི་གདན་གྱི་ཁར༔ ཧཱུྃ་ནག་ཡོངས་སུ་གྱུར་པ་ལས༔ རང་ཉིད་འཇམ་དཔལ་གཤིན་རྗེའི་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག༔ ཞལ་གཉེར་མཆུ་འཕྱང་མཆེ་བ་གཙིགས༔ སྤྱན་གསུམ་སྡང་མིག་དམར་ལ་འཁྲུགས༔ སྨིན་མ་རབ་འཇིགས་གློག་ལྟར་འཁྱུག༔ སྨ་ར་ཁ་སྤུ་མེ་སྟག་འཕྲོ༔ དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ༔ ཐོད་ལྔ་པྲོག་ཞུ་དབུ་རྒྱན་མཛེས༔ གཡས་པས་མི་མགོའི་དབྱུག་པ་བསྣམས༔ གཡོན་པས་འཁོར་ལོ་ཐུགས་ཀར་འཛིན༔ སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་བསྐྱེད༔ དེ་ཡི་ཐུགས་ཀར་ཧཱུྃ་ནག་གསལ༔ དེ་ལས་འོད་འཕྲོས་འཕགས་པ་མཆོད༔ སེམས་ཅན་དོན་བྱས་ཧཱུྃ་ལ་འདུས༔ སྙིང་པོ་སྔགས་ཀྱིས་བསྐོར་བ་ནི༔ བཛྲ་ཡ་མཱནྟ་ཀ་སིདྡྷི་ཕ་ལ་ཧཱུྃ༔ བསྙེན་པའི་ཚད་ནི་སུམ་འབུམ་སྟེ༔ ཞག་གྲངས་ཉི་ཤུ་རྩ་གཅིག་གོ༔ འགྲུབ་པའི་རྟགས་ནི་ཉི་ཤར་དང༔ ཁྲོམ་ཆེན་དབང་བསྡུས་དགྲ་དཔུང་བཤིགས༔ ལུས་ལ་གོ་ཆ་གྱོན་པ་རྨི༔ སྒྲུབ་ལ་ཞུགས་ནས་མ་ཐོན་བར༔ ཁ་ལག་མི་བཀྲུ་གདན་མི་སྤྲུག༔ སྐྲ་སེན་ཁ་སྤུ་བྲེག་མི་བྱ༔ མི་ཟས་མི་ཟ་གདོང་མི་བསྟན༔ སྤྱོད་ལམ་འདི་ལ་གནས་པར་བྱ༔ གཤིན་རྗེ་ཁ་ཐུན་གསང་སྒྲུབ་རྫོགས་སོ༔ ྈ གཤིན་རྗེ་ཁ་ཐུན་གྱི་ལས་ཚོགས་ཐོར་བུ་བཀོད་པ་བཞུགས་སོ༔ ྈྈྈྈྈྈྈྈ འཇམ་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ༔ གཤིན་རྗེ་ཁ་ཐུན་གྱི་སྦྱོར་བ་ལས་ཚོགས་ཐོར་བུ་བཀོད་པར་འདོད་ན་སྔོན་དུ་བསྙེན་པ་ཚད་དུ་འཁྱོལ་བར་བྱ་ཞིང་ལས་སྦྱོར་གང་དགོས་ལ་འབད་པར་བྱའོ༔ ཨོཾ་ཨཱཿཧཱུྃ་ཡ་མཱནྟ་ཀ་སིདྡྷི་ཕ་ལ་ཧཱུྃ༔ བསྙེན་པ་ལས་གང་བྱེད་ཀྱང་ལས་ཚོགས་ཀྱི་སྔགས་རྣམས་ཤམ་བུར་བཏགས་སོ༔ ཞི་བའི་ལས་བསྒྲུབ་པར་འདོད་ན་དུང་དང་ཙནྡན་དཀར་པོའི་ངོས་ལ་དངུལ་གྱིས་བྲི༔ རྩ་སྔགས་ཤམ་བུར༔ ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བྲིའོ༔ བསྙེན་པ་མང་དུ་བཟླས་པས་བདག་གི་ནད་གདོན་སྡིག་སྒྲིབ་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྒྱས་པའི་ལས་བསྒྲུབ་པར་འདོད་ན༔ གསེར་དང་ར་གན༔ སྐྱེར་པའི་ཤུན་པའི་ངོས་ལ་རྩ་སྔགས་ལ་ཤམ་བུར་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ གསེར་གྱིས་བྲིས་ལ་ཤིང་ཀ་ར་བཱི་ར་ལ་རྟེན་བྱས་ཤིང་བསྙེན་པ་མང་དུ་བཟླས་པས༔ རྒྱས་པའི་ལས་རྣམས་འགྲུབ་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ དབང་གི་ལས་རྣམས་བསྒྲུབ་པར་འདོད་ན༔ ཟངས་དང་སེང་ལྡེང་མཛོ་མོ་ཤིང་གི་ངོས་ལ་རྩ་སྔགས་ཤམ་བུར་བ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མཚལ་སིནྡྷུ་ར་རྒྱ་སྐྱེགས་ཁུ་བ་བསྲེས་ལ་བྲིའོ༔ ཙནྡན་དམར་པོ་དང་མཛོ་མོ་ཤིང་ལ་རྟེན་བཅས་ཤིང་མང་དུ་བཟླས་ན་དབང་གི་ལས་རྣམས་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ དྲག་པོའི་ལས་བསྒྲུབ་པར་འདོད་ན༔ ལྕགས་དང་ཚེར་མ་ཅན་གྱི་ཤིང་ལ་རྩ་སྔགས་ཤམ་བུར་མཱ་ར་ཡ་ཕཊ༔ ཁྲག་གིས་བྲིས་ལ༔ ཤིང་སེ་བ་དང་སྐྱེར་པ་ལ་རྟེན་བཅས་ཤིང་བཟླས་པ་མང་དུ་བྱས་ན་དྲག་པོའི་ལས་རྣམས་འགྲུབ་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལས་ཐམས་ཅད་བསྒྲུབ་པར་འདོད་ན༔ གསེར་དང་ར་གན་ཟངས་ཀྱི་བྱང་བུ་ལ་རྩ་སྔགས་ཤམ་བུར་སརྦ་སིདྡྷི་སྭཱ་ཧཱ༔ སྦ་ལྕག་ཚིགས་གསུམ་ལ་དར་སྣ་ལྔ་བཏགས་ཏེ༔ བཟླས་པ་མང་དུ་བྱས་ན་ཅི་བསམ་ཐམས་ཅད་འགྲུབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་བ་རྣམས་ལ་བསྲུང་བ་བྱ་བར་འདོད་ན༔ སྲུང་སྐུད་ལ་མདུད་པ་གསུམ་བྱས་ཏེ༔ རྡོ་རྗེ་འབར་བའི་ཕྲེང་བར་བསམ་རྩ་སྔགས་གཤམ་དུ་མ་ནུ་ཀཱ་ཡ་ཝཱ་ཀ་ཙིཏྟ་རཀྵ་རཀྵ༔ ཞེས་མང་དུ་བཟླས་ཏེ་བཏགས་ན་ནད་གདོན་བར་ཆད་ཐམས་ཅད་ཞི་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཕ་རོལ་གྱི་རིག་སྔགས་ཟློག་པར་འདོད་ན༔ བྱེ་མ་ནག་པོ༔་་་ཡུངས་དཀར་ནག་པོ། རྡོ་ཕྱེ༔་་་དུར་ཁྲོད་ཀྱི་རྡོ་ནག་བརྡུངས་པ་ལ་བྱ། ལྕགས་ཕྱེ་ལ་སྔགས་ཤམ་དུ་སརྦ་ཨ་པ་ར་ཎཱ་ཡ་ཟློག༔ ཅེས་མང་དུ་བཟླས་ནས་གང་ཕྱོགས་ནས་གནོད་པའི་ཕྱོགས་སུ་གཏོར་རོ༔ དེ་ལྟར་བྱས་པས་རྦོད་གཏོར་རྦད་འདྲེ་ཐམས་ཅད་ཟློག་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སེར་བ་བསྲུང་བར་འདོད་ན་ཐལ་ཆེན་དང་ཏིལ་བསྲེས་ལ་རྩ་སྔགས་གཤམ་དུ་ཆར་ནི་ཆུར་ཡ་སྭཱ་ཧཱ༔ ཞེས་མང་དུ་བཟླས་ཤིང༔ སེར་བ་ཡོང་བའི་ཕྱོགས་སུ་གཏོར་ན་སེར་བ་འཆད་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྲིའུ་གསོ་བར་འདོད་ན་མར་ལ་བཟང་པོ་དྲུག་བསྲེས་ལ༔ རྩ་སྔགས་ཤམ་དུ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ༔ ཞེས་མང་དུ་བཟླས་ཏེ་ཁོང་དུ་བཏང་ཞིང་ལུས་ལ་བྱུགས་ན་ནུས་པ་ཆེ་ཞིང་འདྲེས་མི་ཚུགས་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ནད་པ་གསོ་བར་འདོད་ན་ཨ་མྲྀཏ་དང་ཨ་རུ་ར་གསེར་མདོག་བསྲེས་ཏེ་ཆུ་དང་སྦྱར་ནས་རྩ་སྔགས་གཤམ་དུ་ཨ་མྲྀཏ་ཀུཎྜ་ལཱི་ཕཊ༔ ནད་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བཟླས་ནས་ནད་པས་བཏུང་བ་དང་ཁྲུས་བྱས་ན༔ ནད་རིགས་ཐམས་ཅད་ཞི་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བྱིན་རླབས་བྱེད་པར་འདོད་ན༔ སྲིས་ཤིང་ལ་རྩ་སྔགས་ལ་མ་ཧཱ་གུ་རུ་སརྦ་ན་མོ་ཧཱུྃ༔ ཞེས་མང་དུ་བཟླས་ཏེ་བྱིན་རླབས་བྱས་ན་ནད་གདོན་ཐམས་ཅད་ཞི་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རང་སྔས་བསྲུང་བར་འདོད་ན༔ ཙནྡན་དཀར་པོའི་ཕུར་པ་ལ་རྩ་སྔགས་དང་སརྦ་བཾ་མཾ་མ་མ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བྲིས་ཤིང་མང་དུ་བཟླས་ནས་སྔས་སུ་བཅུག་ན་གནོད་པ་ཀུན་ལས་བསྲུང་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐྱེ་འགྲོ་དབང་དུ་བསྡུ་བར་འདོད་ན༔ ཤེལ༔ བྱི་རུ༔ མུ་ཏིག༔ གསེར༔ དངུལ༔ དར་ཟབ་སྣ་ཚོགས་ཀྱིས་གྲིལ་ལ་མགུལ་དུ་བཏགས༔ ཁྱད་པར་བྱང་སེམས་དཀར་དམར་གྱིས་དར་དམར་པོ་ལ་རྩ་སྔགས་གཤམ་དུ་ཨཱ་ཀརྴ་ཡ་ཛ་ཧྲཱིཾཿ༔ ཞེས་བྲིས་ཤིང་མང་དུ་བཟླས་ཏེ་མགུལ་དུ་བཏགས་ན༔ སྐྱེས་པ་བུད་མེད་དབང་དུ་འདུའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཆོས་འདུ་བར་འདོད་ན༔ རང་ལ་པུསྟི་གང་ཡོད་པའི་ནང་དུ༔ མཐིང་ཤོག་སྔོན་པོ་ལ་གསེར་གྱིས་རྩ་སྔགས་དང༔ དྷརྨཱ་ཕ་ལ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བྲིས་ཤིང་མང་དུ་བཟླས་ཏེ་བཅུག་ནས་སྣང་གྲགས་ཐམས་ཅད་ཆོས་ཀྱི་རང་བཞིན་དུ་བསམ་ན་ཆོས་འདུ་ཞིང་མངོན་པར་ཤེས་པ་དང་རྟེན་འབྲེལ་འཆར་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཚངས་པའི་དབྱངས་དང་ལྡན་པར་འདོད་ན༔ སྦྲང་རྒོད་ཙནྡན་དཀར་པོ་ཨ་རུ་ར་གསུམ་སྦྱར་བའི་རིལ་བུ་ལ་རྩ་སྔགས་དང༔ ན་མོ་ཧི་རི་མི་རི་སྭཱ་ཧཱ༔ ཞེས་མང་དུ་བཟླས་ནས་ཟོས་ན་ཚངས་པའི་དབྱངས་དང་ལྡན་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དོན་གྲུབ་པར་འདོད་ན༔ རྩ་སྔགས་ལ༔ ཏདྱ་ཐཱ༔ ནཀྵ་ཏེ་སཱ་ར་ཏི་ཐི་མུ་ཧུ་དུར་ཏེ༔ ནཀྵ་ཏྲ་ནི་མེ་ས་སྨིན་ཏ་ནི་ས་ག་བན་དྷུ་སྭཱ་ཧཱ༔ ཞེས་ཕྱོགས་གང་དུ་འགྲོ་ཡང་ལན་བདུན་བརྗོད་ནས་ཕྱིན་ན༔ དོན་གང་ཡང་འགྲུབ་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཤེས་རབ་ཆེ་བར་འདོད་ན་རྩ་སྔགས་ལ༔ ཏདྱ་ཐཱ༔ ཀཱ་ཝཱ་ཙི་ཀ་ན་ཏ་ལ་ཏེ་སྭཱ་ཧཱ༔ ཞེས་ཆུ་གཙང་ལ་མང་དུ་བཟླས་ཏེ༔ ནངས་པར་སྔ་བར་ལངས་ནས་འཁྲུ་ཞིང་འཐུང་ན༔ ཤེས་རབ་དང་ལྡན་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བློ་རྣོ་བར་འདོད་ན༔ ཟླ་བ་གཟས་ཟིན་པའི་དུས་སུ་རིན་པོ་ཆེའི་སྣོད་དུ་ཆུ་གཙང་བླུགས་ཏེ་རྩ་སྔགས་དང་བྷིར་པྲ་ཛྙཱ་སྭཱ་ཧཱ༔ ཞེས་བརྒྱ་རྩ་བརྒྱད་བཟླས་ནས་བཏུང་ན༔ བློ་རྣོ་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མངོན་ཤེས་བཤད་པར་འདོད་ན༔ རྩ་སྔགས་དང༔ ཏདྱ་ཐཱ༔ གྷི་པ་ཙཀྵུ་སྭཱ་ཧཱ༔ ཞེས་རྒྱལ་ཉ་འཛོམ་པའི་ཉི་མ་ཟླ་བ་ཤར་ནས་ནམ་ལངས་ཀྱི་བར་དུ་གཉིད་མ་ལོག་པར་བཟླས་ན༔ མངོན་པར་ཤེས་པ་འཆར་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྨི་ལམ་གསལ་བར་འདོད་ན་རྩ་སྔགས་དང༔ ཙནྡྲ་དེ་ཝ་སུ་དྷི་ཕུ་ར་མི་ཡ༔ ཞེས་མང་དུ་བཟླས་ཏེ༔ ཉ་སྟོང་བརྒྱད་གསུམ་གྱི་ཚེ༔ སྣོད་ཆུས་བཀང་ལ་བཟླས་ཤིང་སྔས་སུ་བཞག་ནས་ཅི་ཡང་མི་སྨྲ་བར་ཉལ་ན༔ ཇི་ལྟར་སེམས་ཀྱིས་དམོད་པ་ལྟར་རྨི་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བུད་མེད་ཐམས་ཅད་ཀྱི་ཡིད་དུ་འོང་བར་འདོད་ན༔ ཤེས་རབ་མའི་མཚལ༔ སིནྡྷུ་ར་ལ་རྩ་སྔགས་དང་འཛོང་འཛོང་ཨཱ་ཧར་སྭཱ་ཧཱ༔ ཞེས་ཁྲི་ཕྲག་གཅིག་བཟླས་ནས་སྨིན་མཚམས་སུ་ཐིག་ལེ་བྱས་ན༔ བུད་མེད་ཐམས་ཅད་ཀྱི་ཡིད་དུ་འོང་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མི་ཐམས་ཅད་ཀྱིས་བྱམས་པར་འདོད་ན་རྩ་སྔགས་དང་ན་མོ་ཤ་པ་ར་ན་ཡ་སྭཱ་ཧཱ༔ ཞེས་མང་དུ་སོ་རྩི་ལ་བཟླས་ཏེ་སོ་རྩར་བྱུགས་ན༔ གང་ལ་བལྟས་པ་དེ་དགའ་བར་འགྱུར་རོ༔ སོ་རྩི་ནི་ཐང་ཤིང་ཀ་ར་དང༔ སྦྲང་རྩི་དང་སྦྱར་བའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟས་རྙེད་པར་འདོད་ན་རྩ་སྔགས་དང༔ ན་མོ་བྷ་ག་ཝ་ཏེ་ཨུཥྞི་ཥ་ཡ་དྷ་རེ་དྷ་ར་ན་ཏེ་སྭཱ་ཧཱ༔ ཞེས་ཆུ་གཙང་ཁྱོར་གང་ལ་བརྒྱ་ཙ་བརྒྱད་བཟླས་ནས་བཏུང་ན༔ ཟས་རྙེད་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མི་ཐམས་ཅད་བཀའ་ལ་ཉན་པར་འདོད་ན་རྩ་སྔགས་དང༔ ན་མོ་ཏྲ་ནེ་ར་ལ་སྭཱ་ཧཱ༔ རྒུན་འབྲུམ་ལ་བཟླས་ཏེ་སྐར་མ་རྒྱལ་ལ་ཟོས་ན་མི་ཐམས་ཅད་ཀྱིས་བཀའ་ཉན་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགྲ་དབང་དུ་བསྡུ་བར་འདོད་ན་རྩ་སྔགས་དང་ཡ་ར་ཧྲི་མཾ་མཾ་ལཾ་ལཾ་ལཾ་སྭཱ་ཧཱ༔ ཞེས་ཆབ་དཀར་གྱི་ཆུ་ནས་་་་མིས་མ་མཐོང་བར།རྡེའུ་དཀར་པོ་གཉིས་ལ༔ ཉི་མ་གཟས་ཟིན་པའི་དུས་སུ་ལན་བརྒྱ་རྩ་བརྒྱད་བཟླས་ནས་མགུལ་དུ་བཏགས་ན་དགྲ་བོ་བྲན་བཞིན་དུ་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཕ་རོལ་དང་རྒྱན་ལས་རྒྱལ་བར་འདོད་ན་རྩ་སྔགས་དང་རཏྣ་ཏ་མི་ན་སྭཱ་ཧཱ༔ ཀརྵ་པ་ཎ་མིག་མ་ཕུག་པ་ལ་སྔགས་སྟོང་བཟླས་ཏེ༔ མཆན་ཁུང་གཡོན་དུ་བཏགས་ན་རྒྱན་ལས་རྒྱལ་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞལ་ལྕེ་རྒྱལ་བར་འདོད་ན༔ སྔགས་དང༔ པུཥྚིཾ་ཀུ་རུ་ན་སྭཱ་ཧཱ༔ ས་ལ་བརྒྱ་རྩ་བརྒྱད་བཟླས་ཏེ༔ ཞལ་ལྕེ་གཅོད་པའི་གྲལ་དུ་གཏོར་ན་རང་ཉིད་རྒྱལ་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གྲུ་མི་བྱིང་བར་འདོད་ན་རྩ་སྔགས་དང༔ ཏདྱ་ཐཱ༔ ཐེ་ར་ཐེ་ར་ནོ་ར་ནོ་ར་ཨེ་མ་ཧོ་སྭཱ་ཧཱ༔ ཞེས་བྱེ་མ་ལ་ལན་བདུན་བརྗོད་དོ༔ གྲུ་བོ་ལ་གཏོར་ན་གྲུ་མི་བྱིང་ངོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཆུས་མི་ཁྱེར་བར་འདོད་ན་རྩ་སྔགས་དང༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ བྷི་ཏྲི་ཡཾ་སྭཱ་ཧཱ༔ ཙནྡན་གྱི་བྱང་བུ་ལ་བྲིས་ནས་མགུལ་དུ་བཏགས་ཏེ་ངག་ཏུ་བཟླས་ན་ཆུས་མི་ཁྱེར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མི་ཐམས་ཅད་ཀྱིས་གསང་ཚིག་སྨྲ་བར་འདོད་ན་རྩ་སྔགས་དང་དེ་ཝ་ལང་ཏང་སྭཱ་ཧཱ༔ བུད་མེད་ཁ་བརྒྱ་མའི་ལྕེ་ལ་བཟླས་ཏེ་སྤྱད་ན་དགྲ་དང་གཉེན་ལ་སོགས་པ་ཐམས་ཅད་གསང་ཚིག་སྨྲ་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལྷ་འདྲེ་ཐམས་ཅད་མཐོང་བར་འདོད་ན་རྩ་སྔགས་དང་ཙཀྵུ་ཙཀྵུ་ཧ་རི་ཧ་ར་བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་འུག་པ༔ སྨིགས་བུ༔ བྱི་ལ་གསུམ་གྱི་མིག་ལ་བཟླས་ནས༔ ཆུ་གཙང་མ་ལ་བཏབ་སྟེ་མིག་ལ་བྱུགས་ན༔ ལྷ་འདྲེ་ཐམས་ཅད་མཐོང་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ ས་འོག་གི་གཏེར་མཐོང་བར་འདོད་ན་རྩ་སྔགས་དང༔ ཏ་ན་ཏ་སྭཱ་ཧཱ༔ མོ་མ་མིག་མཐོང་ཅན་གྱི་མིག་དང༔ ཝའི་མིག་ལ་བཟླས་ཏེ༔ རང་གི་མིག་ལ་བྱུགས་ན་ས་འོག་གི་གཏེར་མཐོང་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ ནམ་ལ་མུན་པས་མི་སྒྲིབ་པར་འདོད་ན༔ རྩ་སྔགས་དང་ཆེན་ཀོང་ཆེན་བྷན་ན་ཞུ་ཆེན་ཧན་གྷ་མེ༔ ཞེས་ཆུ་ལ་མང་དུ་བཟླས་ཤིང༔ ནུབ་མོ་མིག་ལ་བྱུགས་ན་ཉིན་མོ་ལྟར་མཐོང་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ རྟག་ཏུ་འཁོར་བཀྲ་ཤིས་པ་དང་མི་ལྟོགས་པར་འདོད་ན་རྩ་སྔགས༔ ཏདྱ་ཐཱ༔ ཚ་མིའུ་ལི་ནི་ཕུ་ལ་ཐོམ་སྭཱ་ཧཱ༔ ཞེས་ནུབ་རེ་ལ་བརྒྱ་རྩ་རེ་བཟླས་ན་འཁོར་བཀྲ་ཤིས་ཤིང་ཕྱོགས་གར་འགྲོ་ཡང་ལག་པ་ལ་བརྒྱ་རྩ་བརྒྱད་བཟླས་ནས་ཕྱིན་ན་ཟས་སྐོམ་རྙེད་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ སྐྱེས་པ་ཐམས་ཅད་བདག་ལ་དབང་དུ་འདུ་བར་འདོད་ན་རྩ་སྔགས་ལ༔ ཏདྱ་ཐཱ༔ ཀཱ་ཝཱ་ཙི་ཀ་ན་ལ་ལ་ཏེ་སྭཱ་ཧཱ༔ ཞེས་ཙནྡན་གྱི་ཆུ་ལ་བཟླས་ནས་ཁྲུས་བྱས་ན་སུས་མཐོང་བ་ཐམས་ཅད་ཡིད་དུ་འོང་ཞིང་དགའ་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ མགྲིན་པ་སྙན་པའི་ངག་གིས་དབང་དུ་འདུ་བར་འདོད་ན༔ རྩ་སྔགས་ལ༔ ན་མོ་བྷག་ཝ་ཏི་ཤྲུ་ཏི་སྨྲྀ་ཏི་པ་ར་མ་སིདྡྷི་སྭཱ་ཧཱ༔ ཞེས་ཙནྡན་དཀར་པོའི་ཆུ་ལ་ཞག་བདུན་བཟླས་ནས་འཐུངས་ན་ངག་སྙན་པོས་འགྲོ་བ་ཐམས་ཅད་དབང་དུ་འདུས་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ ཟས་བཅུད་ལེན་དུ་འགྱུར་བར་འདོད་ན་རྩ་སྔགས་ལ༔ ཨ་མྲྀཏེ་ཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་ཅི་ཟ་ཅི་འཐུང་ལ་ལན་བདུན་བཏབ་ན་ཟས་གང་ཡང་བདུད་རྩིར་འགྱུར་ཏེ་ལུས་ཀྱི་བཅུད་དུ་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ བར་ཆད་ཐམས་ཅད་བསྲུང་བར་འདོད་ན་རྩ་སྔགས་ལ༔ ཏདྱ་ཐཱ༔ ཨཱ་ལི་ཀཱ་ལི༔ ཨཱ་ལི་ཀཱ་ལི༔ མུད་ཙི་ཏེ་སྭཱ་ཧཱ༔ ཞེས་ཉི་མ་ལ་བལྟས་ཏེ་ཆུ་ལ་སྔགས་ཉེར་གཅིག་བཟླས་ཏེ་གཏོར་ན་བདག་གཞན་གནས་པ་ཐམས་ཅད་བསྲུང་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ དགོན་པའི་ལམ་དུ་མི་རྒོད་བཅིང་བར་འདོད་ན་བྲ་བའི་རླིད་བུ་གཅིག་ཏུ་ངར་གླུད་བཅུག་ལ༔ སྔོ་དམར་སྐུད་པས་ཁ་བཅིངས་ཏེ་རྩ་སྔགས་ལ༔ ནྲི་མཱ་ར་ཡ་ནོན༔ དུ་ཙ་དུ་ཙ་བླུད་ཡ་སྙིང་དུམ༔ བྲ་རྒྱུད་ཡ༔ ཁ་ལ་དུན་ཡ༔ ཤོད་དུ་རེངས་ཡ༔ ཞེས་བཟླས་ཤིང་མི་རྒོད་བྱུང་ཙ་ན་རླིད་བུ་བརྡབ་པར་བྱའོ༔ དེས་ཇག་པ་རེངས་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ གཅན་གཟན་གྱི་འཇིགས་པ་བསྲུང་བར་འདོད་ན་རྩ་སྔགས་ལ༔ རི་ཏི་པྲི་ཏི་སྭཱ་ཧཱ༔ ཞེས་ས་ལ་བཟླས་ནས་གཏོར་ན༔ གཅན་གཟན་དོམ་དྲེད་ལ་སོགས་པ་ཐམས་ཅད་ཀྱི་འཇིགས་པ་ལས་བསྲུང་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ དུག་སྦྲུལ་གྱི་འཇིགས་པ་བསྲུང་བར་འདོད་ན་རྩ་སྔགས་ལ་བྷིས་ཏ་བྷིས་ཏ་ཕར་ཕཊ་ཕཊ༔ ཅེས་གླ་རྩི་དང༔ མུ་ཟི་ལ་བཏབ་ནས༔ གོས་ཀྱི་གོང་བར་བསྟུམས་ན་དུག་སྦྲུལ་འབྲོས་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ ལམ་གྱི་དགྲ་བསྲུང་བར་འདོད་ན་རྩ་སྔགས་ལ༔ ཨ་བེ་ཁ་ལེ་བྷནྡྷ་ཛ་ལེ་ཙུརྞ་བྷཻ༔ ག་གྷ་ན་དྷ་སརྦ་མུ་ཧ་ན་བྷནྡྷ་ཡེ་སྭཱ་ཧཱ༔ ཞེས་ཐང་ཤིང་གྲུ་བཞི་པ་ལ་སྔགས་ཉེར་གཅིག་བཟླས་ཏེ༔ རྣ་ལྟག་གཡས་སུ་བཙུགས་ལ་འགྲོ་ན་འཇིགས་པ་ལས་ཐར་ནས་ལམ་གྱི་དགྲ་བསྲུང་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྤྱང་ཀི་ཁ་བཅིང་བར་འདོད་ན་རྩ་སྔགས་ལ༔ ཡ་ལེ་ཡ་ལེ་སྭཱ་ཧཱ༔ ལུང་སྟོང་དུ་སྤྱང་ཀིའི་འཇིགས་པ་བྱུང་ངམ༔ བྱུང་གིས་དོགས་ན༔ སྔགས་དེ་ས་ལ་བཟླས་ཤིང་གཏོར༔ ར་ལུག་ལ་བསྲུང་ན་ས་ལ་བཟླས་ཤིང་གཏོར༔ རྒྱབ་ཕོག་པ་དང་ཚར་རེ་བསྐྱར༔ དེས་སྤྱང་ཀིའི་འཇིགས་པ་ལས་ཐར་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ བྱི་བས་ཞིང་དང་ཁང་ཁྱིམ་དུ་གནོད་པ་སྐྱེལ་བ་བཅིང་བར་འདོད་ན་རྩ་སྔགས་ལ༔ རུ་རུ་ཙུ་ཙུ་ལུ་རུ་ཙུ་ཙུ་རུ་ཙུ་ར་སྭཱ་ཧཱ༔ ཉུངས་དཀར་འོམ་བུ་གཉིས་ལ་ཞག་བདུན་བསྒྲུབ༔ བྱི་ཁུང་ཁ་ཤར་དུ་བལྟ་བའི་བྲུན་དང༔ ཉུངས་དཀར་འོམ་བུ་རྣམས་ཧོམ་དུ་བསྲེགས་པའི་ཐལ་བ་དང་བྱི་བྲུན་གནོད་པའི་སར་གཏོར༔ དེས་མི་འབྱུང་ངོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞིང་ལ་སྦྲང་མ་དང་འབུ་སྲིན་གྱིས་ཟ་བ་ཁ་བཅིང་བར་འདོད་ན་རྩ་སྔགས་ལ༔ ཐེང་ཐེང་ནད་ཐེང༔ བ་ལ་ཏ་ཏ་ཏེ་ཏེ་ལོ་ཙ་ནི་སྭཱ་ཧཱ༔ ཁོང་ཁོང་ནད་ལ་ཁོང༔ ཆུམ་ཆུམ་ནད་ལ་ཆུམ༔ གུཾ་གུཾ་ཤག་ཤག་སྭཱ་ཧཱ༔ ཞེས་བྱེ་མ་ལ་སྟོང་བཟླས་ནས༔ ཞིང་ལ་གཏོར་བས་གནོད་བྱེད་ཁ་འཆིང་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ ཞིང་ལ་བཙའ་བྱུང་བ་བསལ་བར་འདོད་པས་རྩ་སྔགས་དང༔ མེ་ཁུ་ཆུ་སོ་དུ་ཤེལ་ཀ་ལི་ནན༔ བུམ་བམ་ཏི་ནི་སད༔ ཞེས་གཡམ་རྡོ་དང༔ བྱེ་མ་ལ་བཟླས་ནས༔ ནངས་མའི་རིས་ཀྱིས་ཞིང་ལ་གཏོར༔ གླ་བའི་རིལ་མ་ལ་བཟླས་ནས་ཀྱང་གཏོར༔ དེས་བཙའི་གནོད་པ་ཞི་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ ཞིང་ལ་རི་བོང་གི་གནོད་པ་བསྲུང་བར་འདོད་ན་རྩ་སྔགས་ལ༔ བོང་རི་ཤད༔ ཙམ་ཙམ་ཤད༔ སྒོམ་སྒོམ་ཤད༔ མ་ལ་བྲེ་ཤད༔ ཅེས་ཡུངས་དཀར་དང་ཐལ་ཆེན་ལ་བཟླས་ཏེ་གཏོར་བས་རི་བོང་གི་གནོད་པ་མི་འབྱུང་ངོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ སེར་བ་བསྲུང་བར་འདོད་ན་རྩ་སྔགས་དང༔ ག་རུ་ཌ་ཧཾ་ས་ཧེ་ཙ་ལེ་ཙ་ལེ་སྭཱ་ཧཱ༔ ཡོར་ཡེ་ག་གེ་སད༔ བཾ་བཾ་སད༔ རཾ་རཾ་སད༔ ཕུར་ཕུར་སད༔ ཅེས་བཟླས་ཤིང་ནམ་མཁའ་ལ་ཕུས་བཏབ་ལ༔ རྔའམ་དུང་ལ་ཐོད་ལེ་ཀོར་གྱིས་བྲིས་ནས་བརྡུངས་པའམ་བུས་ན་སྒྲ་དེས་གཅོད་པར་བྱེད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ ཁ་བ་དང་ཆར་པ་གཅད་པར་འདོད་ན་རྩ་སྔགས་ལ༔ ཀ་ལུ་ཀ་མེ༔ ལུ་ཀ་ལུ་མེ༔ ལུ་ཏཾ་བ་ཡ༔ ཤི་ལ་བར་ཤཾ་ཀླུ་ཤར༔ བར་ཤན་ཙ་ལུ་བི་སྭཱ་ཧཱ༔ ཞེས་བཟླས་ཤིང་ཕུས་བཏབ་ལ་སྡིགས་མཛུབ་ཀྱིས་རི་མོ་བྱས་པས་ཟློག་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ སད་བསྲུང་བར་འདོད་ན་རྩ་སྔགས་དང༔ ནཱ་ག་ཤ་ཤ་ཤུ་ཤུ་མི་ལི་སྭཱ་ཧཱ༔ ཞེས་དཀར་གསུམ་མངར་གསུམ་ལ་བཟླས་ནས་ཀླུ་ཡོད་པའི་ཆུ་མིག་ཏུ་བསྩལ་ན༔ སྤྲིན་འདུས་ཏེ་སད་བསྲུང་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ ཆར་འབེབ་པར་འདོད་ན་བག་ཕྱེ་ལ་དཀར་གསུམ་མངར་གསུམ་ཀླུ་སྨན་སྣ་ཚོགས་བཏབ་པའི་རིལ་བུ་བརྒྱ་རྩ་བརྒྱད་བྱས་ལ་རྩ་སྔགས་དང༔ ནཱ་ག་ཀ་ལ༔ ནཱ་ག་ཀ་ལ༔ བ་རི་ཤ་ཡ༔ བ་རི་ཤ་ཡ་སྭཱ་ཧཱ༔ ཞེས་རིལ་བུ་རེ་ལ་བརྒྱ་རྩ་བརྒྱད་བཟླས་ནས་ཀླུ་ཡོད་པའི་ཆུ་མིག་ལ་བླུག་གོ༔ དེ་ནས་ཆར་འབེབ་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ ཐིག་ལེ་བསྲུང་བར་འདོད་ན་རྩ་སྔགས་དང༔ ཧི་རི་བྷནྡྷ་ནི་ཤུ་ཀྲ་དྷ་ར་ནི༔ བུ་མོ་གཙང་མས་བཀལ་བའི་སྐུད་པ་དམར་པོ་ལ་མདུད་པ་བདུན་བོར་ཏེ་སྔགས་ཉེར་གཅིག་ལ་སོགས་མང་དུ་བཟླས་ནས༔ སྲོད་ཀྱི་དུས་སུ་རྐེད་པ་ལ་བཅིང༔ དེས་ཐིག་ལེ་གདོན་གྱིས་འཕྲོག་པ་བསྲུང་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ བུད་མེད་ཟླ་མཚན་རྒྱུན་དུ་འཛག་པ་བསྲུང་བར་འདོད་ན་རྩ་སྔགས་དང༔ བྷེ་ན་རུ་ཏ་རུ་པི་ར་སྭཱ་ཧཱ༔ ཞེས་ལུག་གི་རླིག་པ་ལ་བཏང་ནས༔ ལྟོ་སྟོང་ལ་བཏང་ན་འཆད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ སྐྱེས་པའི་སྒྲོ་བ་སྐྲངས་པ་ཞི་བར་འདོད་ན་རྩ་སྔགས་དང༔ པུ་རུ་པུ་རུ་མཾ་ཀུ་རུ་ལིང་ཡང་ཕཊ་སྭཱ་ཧཱ༔ ཞེས་མང་དུ་བཟླས་ཏེ་བུད་མེད་ཀྱི་དྲི་ཆུ་ལ་བཏབ་སྟེ་བྱུག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ བུད་མེད་ཀྱི་ནུ་མ་སྐྲངས་པ་ལ་ཕན་པར་འདོད་ན་རྩ་སྔགས་དང༔ ལུཾ་ལམ་ཛི་ར་ན་སུམ་ལར་མ་འཛེད་སྭཱ་ཧཱ༔ ཞེས་ཕག་ཚིལ་རྙིང་པ་དང༔ མར་ལོ་ལོན་པ་ལ་བཟླས་ཏེ་ནུ་མ་ལ་བྱུགས་པས་ཕན་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ བུད་མེད་ལ་སྐྱེས་པས་མི་ཚུགས་པར་འདོད་ན་རྩ་སྔགས་དང༔ བྷེ་ར་བྷེ་ར་བྷྲཱུྃ་བྷྲཱུྃ་ན་མ་སྭཱ་ཧཱ༔ ཞེས་ལན་ཚྭ་ལ་བཏབ་ལ་ལྟོར་བཏང་སྔགས་སུ་བྲིས་ནས་སྐེ་ལ་བཏགས་ན༔ སྐྱེས་པ་གཞན་གྱིས་མི་ཚུགས་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ སྐྱེས་པ་ཐམས་ཅད་དབང་དུ་འདུ་བར་འདོད་ན་རྩ་སྔགས་དང༔ མ་ནུ་སརྦ་ཙིཏྟ་ཨཱ་ཀརྴ་ཡ་ཧྲཱིང་ཛ༔ ཞེས་ཤོག་བུ་ལ་གྲི་ཁྲག་གིས་བྲིས་ལ༔ མེ་ཤེལ་དང་མུ་ཏིག་བྱི་རུ་གསུམ༔ མང་མཁལ་སྨུག་པོའི་ནང་དུ་བཅུག་ནས༔ རང་གི་མཆན་ཁུང་གཡོན་དུ་འཆང་ཞིང༔ བཟླས་པ་བྱས་ན་སྐྱེས་པ་ཐམས་ཅད་རང་དབང་མེད་པར་དབང་དུ་འདུ་བར་འགྱུར་རོ༔ ས་མ་ཡ་རྒྱ༔ རྒྱ་རྒྱ་རྒྱ༔ ན་མོ༔ བུད་མེད་དབང་དུ་འགྱུར་བར་འདོད་ན་རྩ་སྔགས་དང༔ ཧར་ཏི་ཀུང་ལ་ཁྲི་ལྕགས་ཀྱི་སྒོ་མོར་སྨྱོར་ཆུག༔ ར་བར་ནང་དུ༔ ཤ་རང་ཤ་རང༔ ཨ་ཆུ་བྱི་ཆུ་ཙེར་ཙེར་ཡེར་ཡེར་འདུ་འདུ༔ བདག་ལ་འདུས་འདུས་སྭཱ་ཧཱ༔ ཕོ་ཤུག་འབྲུ་གུའི་ཚི་བ༔ ར་རྒྱ་མོའི་རིལ་མ་ས་ལ་མ་བྲུལ་བ༔ བར་ཤིང་ཚི་བ༔ གླང་མ་མེ་སྒྲོན༔ སོག་པ༔ དེ་རྣམས་ལ་སྔགས་མང་དུ་བཟླས་ལ༔ བུ་ཆུང་གི་ཆུས་སྦྲུས་ལ་བསྐམ་མོ༔ དགོས་པའི་དུས་ན་རིལ་བུ་དཀྲུགས་ལ་སྔགས་ཀྱི་མཆིལ་མ་བཏབ་སྟེ༔ བུད་མེད་གང་དབང་དུ་སྡུད་པར་འདོད་པ་དེའི་སྤྱི་བོར་བྱུགས་ན༔ རང་གར་འགྲོར་འབྲང་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ བུད་མེད་བུ་མ་ཐོན་པ་དབྱུང་བར་འདོད་ན་རྩ་སྔགས་དང༔ ཀ་ཀ་མའི་ལམ་ཕྱེ༔ ཏྲི་ཏྲི་མའི་ལམ་ཕྱེ༔ ཤོ་ཏྲི་མའི་ལམ་ཕྱེ༔ འབྱུང་བ་ཆེན་པོ་བཞིའི་ལམ་ཕྱེ༔ ཆང་ངམ་མར་ཁུ་ལ་བཏབ་སྟེ་བླུད༔ སྒོ་ལྕགས་དང་གཡག་ཤིང་བྱས་པ་ཐམས་ཅད་ཕྱེ་ལ་བཞག༔ དེས་ཐོན་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་བྱིས་པ་ཤོར་བ་བྱུང་ན༔ གོང་གི་སྔགས་ལ་ལམ་སྡོམས་ཟེར་བ་བྲི༔་་་་་་་་་་ ན་མོ༔ རྡེའུའི་ནད་འདོན་པར་འདོད་ན༔ རྩ་སྔགས་དང་ཧྲི་མ་ཧཱུྃ༔ བྷ་རུ་དྷརྨ་ན་མ་ཡེ་སྭཱ་ཧཱ༔ གླ་རྩི་དང་མར་དཀར་སྦྱར་ལ་མང་དུ་བཏབ་ཅིང་ཆང་གིས་རྟ་ བྱས་ལ་བཏང༔ དེ་ཡང་ཡང་བྱས་པས་རྡོ་ཕྱེ་དང་ཆུ་འགྲོགས་ནས་འབྱུང་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ ཆུ་བསྡམས་པ་འབྱུང་བར་ འདོད་ན༔ རྩ་སྔགས་དང༔ པིས་པིས༔ ཨ་ལི་སི་ལི་སི་ལི་པིས་ཧཱུྃ་ཕཊ་སྭཱ་ཧཱ༔ རང་དང་ནད་པ་ལ་ཁྲུས་བྱས་ལ་དང་པོ་མཁལ་ཁུང་གཡས་སུ་བཏབ༔ དེ་ནས་གཡོན་དུ་བཏབ༔ དེ་ནས་ལྟེ་བ་ནས་མར་བཏབ༔ དེ་ནས་སྤུ་ནག་སར་བཏབ༔ དེ་ནས་ཆུ་ཐོན་པར་འགྱུར་རོ༔ མང་ན་ས་བོན་འཆོར་བའི་ཉེན་ ཡོད་པས་རན་ཚོད་དང་སྦྱར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ ནད་ཚ་གྲང་ཐམས་ཅད་བྱང་བར་འདོད་ན་རྩ་སྔགས་དང༔ བཛྲ་པི་ཤ་ཙི་ཧཱུྃ་ཕཊ༔ ཆུ་སྣ་མང་པོ་སྣོད་གཅིག་ཏུ་བསགས་པ་ལ་མང་དུ་བཏབ་ཅིང་བཏང་ན་ནད་ཐམས་ཅད་སོས་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ ཚད་པའི་ནད་ཐམས་ཅད་ལས་ཕན་པར་འདོད་ན་རྩ་སྔགས་དང༔ ཨ་ཧ་ར་ཧ་ར་ནན་ས་ར་ས་ར་ནན༔ བ་ར་བ་ན་ར་ཤི་ནན༔ ཅེས་པ་གློ་ནད་དང༔ རིམས་ནད་དང༔ འཁྲུགས་དང༔ དུག་དང༔ ཚད་པའི་རིགས་ཐམས་ཅད་ལ་ཆུ་གྲང་བར་བཏབ་སྟེ་བཏང་བས་ཕན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ ཕོ་གླང་ངམ༔ སྐྲན་ནམ༔ དམུ་ཆུ་ལ་སོགས་པ་གྲང་བའི་ནད་ཐམས་ཅད་སེལ་བར་འདོད་ན་རྩ་སྔགས་དང༔ ཨ་སུ་ན་རེ་ཏྲེ༔ དུ་ན་ཀ་ར༔ པི་ས་ར་པི་ས་ར༔ ཙ་བྱི་རཾ༔ ཁྱེད་མི་རཾ་སྭཱ་ཧཱ༔ གང་ན་བའི་སར་ལག་མཐིལ་མེའི་འཁོར་ལོར་བསམ་ལ་མཉེའོ༔ དེ་ལྟར་ཡང་ཡང་བྱས་པས་གྲང་བའི་ནད་ལས་གྲོལ་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ གསུས་པ་སྦོས་པ་དང་མ་ཞུ་བ་སེལ་བར་འདོད་ན་རྩ་སྔགས་དང༔ ཏདྱ་ཐཱ༔ ཧུ་དེ་ཧུ་དེ༔ ཧུ་ཤ་མ་ན་ཡེ་སྭཱ་ཧཱ༔ ལག་མཐིལ་དུ་ཨ་དཀར་པོ་རྡོ་རྗེ་དང་བཅས་པ་ལ་ནད་འདུས་པར་བསམ་ཞིང་གང་ན་བའི་སར་མཉེས་པས་ཕན་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ གློ་སྙིང་ན་བ་གསོ་བར་འདོད་ན༔ རྩ་སྔགས་དང༔ སཱི་སཱི་ཧ་ཧ་གྷཾ་སྭཱ་ཧཱ༔ ཤིང་ལོ་ལ་བཟླས་ཏེ་བྲང་ལ་སླན༔ ཙནྡན་ལྟར་བསིལ་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ བྲང་ཚ་བ་ལ་ཕན་པར་འདོད་ན་རྩ་སྔགས་དང༔ ཤྲི་ཏྲ་པ་ཏྲ་པས་ཏྲི་སྭཱ་ཧཱ༔ ཞེས་ལན་ཚྭ་ལ་བཏབ་ནས་ཁོང་དུ་བཏང་བས་ཕན་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ རླུང་མི་སྐྱེ་བར་འདོད་ན་རྩ་སྔགས་དང༔ ཏྲཾ་ས་ར་ན་ཧཱུྃ་ཧཱུྃ་སྭཱ་ཧཱ༔ ཞེས་འབྲུ་མར་ལ་བཟླས་ཏེ་མགོ་ལ་བྱུགས་ན་རླུང་མི་སྐྱེའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ མིག་གསལ་བར་འདོད་ན་རྩ་སྔགས་དང༔ པདྨེ་པདྨེ་མ་ཁྲི་མ་གེ་ཕུ་སྭཱ་ཧཱ༔ སྲིན་ལག་ལ་ལན་བདུན་བདུན་བཟླས་ནས་ནངས་རེ་བཞིན་མིག་ཕྱིས་པས་ཤིན་ཏུ་གསལ་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ རྣ་བ་འོན་པ་གསལ་བར་འདོད་ན༔ རྩ་སྔགས་དང༔ སང་སང་ཡེར་ཡེར་སྭཱ་ཧཱ༔ རླུང་བཟུང་ནས་རྣ་བ་ནས་མར་སོང་བར་བསམ་ལ༔ སྔགས་བདུན་བདུན་ལྟོ་སྟོང་ལ་བཟླས་པས་རྣ་བ་གསང་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྲིད་འཕེལ་བར་འདོད་ན༔ རྟ་ནག་པོ་གཉིས་ཀྱི་ལྟག་རུས་སྦྲེལ་ནས་སྦས་ཏེ་རྩ་སྔགས་དང༔ ཧ་རི་ནི་ས་པུ་ཏྲ་པུཥྚིཾ་ཀུ་རུ་ཧཱུྃ་སྭཱ་ཧཱ༔ ཞེས་མང་དུ་བཟླས་ན་སྲིད་འཕེལ་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ ཡིད་དུ་འོང་བའི་གྲོགས་དང་འཕྲད་པར་འདོད་ན༔ ལག་མཐིལ་དུ་ཡི་གེ་བྷྲཱུྃ་གཅིག་བྲིས་ཏེ་རྩ་སྔགས་དང༔ ཧ་རི་ནི་ས་ན་མ་ཧྲཱི་སྭཱ་ཧཱ༔ ཞེས་མང་དུ་བཟླས་པས་གྲོགས་ཡིད་དུ་སྡུག་པ་དང་ལྡན་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ ཞོ་ཉེས་ཆང་ཉེས་བསྲུང་བར་འདོད་ན་རྩ་སྔགས་དང༔ ཨ་མྲྀཏ་ས་མནྟ་སིདྡྷི་སྭཱ་ཧཱ༔ ཞེས་ཆུ་རྒྱུན་འབབ་ཀྱི་རྡེའུ་དཀར་ནག་ལ་མང་དུ་བཟླས་ཏེ་ཞོ་ཆང་བསྙལ་བའི་ཚེ་ནང་དུ་བཅུག་པས་བཟང་པོར་འགྱུར་རོ༔ ན་མོ༔ སྲིས་རྨེ་བར་འདོད་ན་རྩ་སྔགས་དང་། པ་ཤུ་ཙི་ཏྲཾ་སྭཱ་ཧཱ༔ ཞེས་བཟླས་ཤིང་ཙནྡན་གྱི་བྱང་བུར་མཚལ་གྱིས་རཀྵ་བྷྲཱུྃ༔ ཞེས་བྲིས་ལ་བཏབ་ནས་མ་སྒྱེད་ཀྱི་འོག་ཏུ་སྦས་ན་སྲིས་རྨེ་བར་འགྱུར་རོ༔ ཐབ་སྤོ་ན་དེ་སྤོའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ ཞོ་ཤེའི་རིགས་ཀྱིས་འོ་མ་མི་སྟེར་བ་སྟེར་བར་འདོད་པ༔ འོ་ཞོ་ལ་དོམ་པོ་གསུམ་་་མཛོ།དྲེའུ།རྒྱ་གསུམ།གྱི་སྤུ་རྩིད་ཀྱི་སྲད་བུ་བཏགས༔ རྩ་སྔགས་དང༔ པདྨ་དྷ་རི་ཀྵཿསྭཱ་ཧཱ༔ ཞེས་མང་དུ་བཟླས་ན་འོ་མ་སྦྱིན་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཧཱུྃ༔ གནོད་བྱེད་བགེགས་ཀྱི་སྦྱོར་བ་བཤིག་པར་འདོད་པས༔ གུ་གུལ༔ མུ་ཟི་ནག་པོ༔ ཏིལ༔ གླ་རྩི༔ ཡུངས་དཀར་རྣམས་ལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ སརྦ་བིག་ནཱཾ་ཏྲ་ཐ་ཕཊ་ཕཊ༔ གྷ་གྷ་གྷཱ་ཏཱ་ཡ་ཕཊ༔ ཅེས་བརྒྱ་རྩ་བརྒྱད་བཟླས་ལ་གནག་གི་ལྕི་བའམ༔ དྲག་པོའི་ཤིང་མེ་ལ་བསྲེགས་ནས་གང་གནོད་ཀྱི་སྣ་ལ་བདུག་ན༔ གནོད་པར་བྱེད་པའི་གདོན་བགེགས་འབྱུང་པོ་འབྲོས་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན་མོ༔ བླ་མའི་ཐུགས་ལ་འདོགས་པར་འདོད་ན༔ བླ་མ་དངོས་སུ་བཞུགས་པའམ༔ སྐུ་འབག་གི་དྲུང་དུ་གསེར་ཐིག་པོ་ལ་རྩ་སྔགས་དང༔ མ་ཧཱ་གུ་རུ་བི་རི་ཧྲཱིང་ཧཱུྃ༔ ཞེས་བརྒྱ་རྩ་བརྒྱད་བཟླས་ཏེ་མཎྜལ་གྱི་སྟེང་དུ་བཞག་ཅིང་ཕུལ་བས༔ བླ་མའི་བྱིན་རླབས་འབྱུང་སྟེ་རྟེན་འབྲེལ་སྣ་ཚོགས་འཆར་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈ ཕན་བྱའི་སྐོར་གྱི་མན་ངག་བཞུགས་སོ། །སྤྲུལ་སྐུ་པདྨ་གླིང་པ་ལ་ཕྱག་འཚལ་ལོ༔ ནད་རིམས་ཐམས་ཅད་ཀྱིས་མི་ཚུགས་པར་འདོད་ན་ཤོག་བུ་ལ་སྔགས་འདི་ཕྲེང་གཉིས་སུ་བྲིས་ལ་ ྈྈྈྈྈྈྈྈྈྈྈྈ ཁ་ཆེ༔ ཡུང་བ༔ ཤུ་དག༔ གྷི་ཧཾ་རྣམས་ཞིབ་པར་བཏགས་ལ་ཡིག་འབྲུ་ལ་བྱུགས་ཏེ་ངར་བཏགས་སོ༔ རབ་གནས་ནི་ སང་སང་ཁྲ་ཁྲ༔ ཞེས་དང་སྔགས་འདི་ ཨོཾ་སིས་ཁྲི་ ལི་མི་ལི་ཧསྭསང་བ་རཀྵ༔ བརྒྱ་ཉེར་བརྒྱད་བཟླས་ལ་ནས་དཀར་མོ་འབྲུ་བདུན་ལ་བཏབ་ནས་གཏོར༔ ནས་འབྲུ་བདུན་པོ་དང་མཉམ་དུ་གྲིལ་ལ༔ དར་རམ༔ རས་གང་རུང་གིས་བསྟུམས་པ་མགོ་མཇུག་མ་ ལོག་པར་ལུས་ཀྱི་དྲོད་དང་མི་འབྲལ་བར་གདགས༔ ལོ་རེ་ལ་དར་རྫས་ལན་རེ་བྱུག༔ བསྲུང་བ་ཟབ་མོ༔ རྒྱ་གར་གྱི་དྲག་སྔགས་རིམས་ནད་ཀུན་ཐུབ་བོ༔ འདིས་མི་ཐུབ་པ་མེད་དོ༔ བཛྲ་པཱ་ཎི་ཧ་ལ་ནག་པོ་སོད༔ ཅེས་ཡི་གེ་འདི་ཤོག་སྲབ་ལ་བྲིས་ཏེ༔ ངག་ཏུ་བརྒྱ་ཚར་གཅིག་བགྲངས་ལ་ཕུས་བཏབ་སྟེ༔ ཟན་སླ་མོས་གྲིལ་ལ་མིད་པར་བྱའོ༔ དེ་ལྟར་བྱས་པས་གཟའ་ནད་ཀུན་ལས་ཐར༔ མ་ཕན་ན་ལན་གཉིས་གསུམ་དུ་བསྐྱར་རོ༔ པདྨ་གླིང་པའི་གཏེར་མའོ། །ས་མ་ཡ༔ རྒྱ་རྒྱ་རྒྱ༔ སེར་བ་གཅོད་པའི་སྔགས་ལ༔ ཁྲོཾ་ག་རུ་ཎ་ཙ་ལེ་ཙ་ལེ་ཧུ་ཡ་ཧུ་ཡ༔ ཨོཾ་བི་ཏྲི་པ་ཏྲ༔ རུ་རུ་ཁ༔ ནཱ་ག་རཱ་ཛ་ཛ་ཛ༔ ཡང་རྗེ་བླ་མེད་ཛ༔ ཤ་ལེ་རུ་རྩེ་འབར་བ་ནག་པོ་བཀྲག་མེད་ཛ༔ ཁྱོད་ཀྱིས་མེ་ཡི་བ་དན་ཕྱོར༔ རླུང་གི་དཀྱིལ་འཁོར་སྦུར༔ སྐྱིན་ཐང་མཱ་ར་ཡ་བྱེར་བྱེར༔ གཏོར་གཏོར༔ ཟློག་ཟློག༔ ཆུམ་ཆུམ༔ དྲིལ་དྲིལ༔ ཙཀྲ་ཝརྟི་སྐྱིན་ཐང་རྦད་རྦད༔ སེར་བ་ཆོད༔ སྤྲིན་ཧྲོལ༔ སཱུརྻ་ཙཀྲ་ཛ་ཡེ་ཛ་ཡེ་བི་ཛ་ཡེ་སྭཱ་ཧཱ་ཕཊ༔ ཅེས་བཟླས་ལ་སྡིགས་མཛུབ་བྱས་ལ་སེར་བའི་ཕྱོགས་སུ་ཕུ་བཏབ་པས་བཟློག་གོ༔ རྗེ་པདྨ་གླིང་པའི་གཏེར་མའོ། །ཡང་སེར་བའི་གདོང་ཟློག་ལ་རང་གཤིན་རྗེ་ནག་པོ་ཞལ་གཅིག་ཕྱག་གཉིས༔ གཡས་པས་རལ་གྲི་ནམ་མཁར་གདེངས་པ༔ གཡོན་ན་མེའི་ཞགས་པ་ཐོགས་པ༔ མཆུ་འཕྱང་ཞིང་མཆེ་བ་གཙིགས་པ༔ སྤྱན་རྩ་དམར་པོ་སྡང་མིག་བསྒྲད་པ༔ དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་ཞིང་ཞབས་བརྐྱང་བསྐུམ་རི་རབ་སྟེང་ན་བཞུགས་པར་བསྒོམ་ལ༔ སྔགས་བཟླས་ཤིང་ཕུས་བཏབ་པས་བར་སྣང་གི་ཁམས་ཐམས་ཅད་ཁྲོ་བོ་དང་མེ་དཔུང་གི་རང་བཞིན་དུ་བསྒོམ་ལ་སྔགས་བཟླས་ཤིང་སེར་བ་གང་ཡོང་སར་ཕུ་བཏབ་བོ༔ སྔགས་ནི༔ ཨོཾ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་སེར་བ་ཟློག༔ ཅེས་སྔགས་འདི་སྐབས་སུ་བརྒྱ་རྩ་རེ་བཟླས་ལ༔ ལྕགས་ཕྱེ༔ རྡོ་ཕྱེ༔ ཟངས་ཕྱེ༔ ཐལ་ཆེན༔ ཡུངས་དཀར་ནག་རྣམས་ལ་བཏབ་སྟེ་བསྒྲུབས་ལ་བཞག༔ ནམ་དགོས་དུས་སེར་བ་གང་ཡོད་སར་གཏོར་བས་ཟློག་གོ༔ དུག་བསྲུང་ལ༔ ཐོ་རངས་སྔ་བར་ལངས་ལ༔ རང་ཉིད་རྨ་བྱ་དར་མ་བཀྲག་དང་ལྡན་པ་གཅིག་ཏུ་བསྐྱེད་ལ་སྔགས་འདི་བཟླས་སོ༔ ཨོཾ་བྷི་ཧུ་ནཱ་ག་ལ་ཙན་དུག་བྷི་ཤ་མ་ར་ཧི་མ་ཧི་དུཿཁ་བྷི་ཤིན་དྷ་བྷ་ནི་སྭཱ་ཧཱ༔ ཞེས་ཉི་ཤུ་རྩ་གཅིག་བཟླས་ལ་མཆིལ་མ་མིད་པར་བྱའོ༔ ཉི་ཤུ་རྩ་གཅིག་ལས་མང་ན་ལུས་ཀྱི་ཁྲག་སྐམ་པས་གྲངས་དང་སྦྱར་རོ༔ འདི་རྒྱུན་དུ་བགྲང་ན་དུག་གི་རིགས་ཐམས་ཅད་ལ་རྗེན་ཟས་བྱས་པས་ཆོག༔ ཉམ་ང་བ་དང༔ བག་ཚ་བ་མི་དགོས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ སོ་སྲིན་མཱ་ར་ཡ་སོད༔ སྲིན་གྱི་ཕ་སོད༔ སྲིན་གྱི་མ་སོད༔ སྲིན་གྱི་བུ་དང་བུ་མོ་སོད༔ སྲིན་གྱི་ཞང་དང་ཚ་ཡུག་སོད༔ སྲིན་འཁོར་སྟོང་སྡེ་སོད༔ སོ་ལ་གནོད་པ་ཐམས་ཅད་སྲུངས་ཤིག་རཀྵ༔ ཞེས་པ་འདི་ཡི་གེ་གཟབ་མ་ཚག་མེད་ཕྲེང་གཅིག་ལ་བྲིས་ཏེ༔ རབ་གནས་བྱས་གཤམ་ནས་གྲིལ་ལ་ཚོན་སྐུད་སྣ་ལྔས་དཀྲིས་ཏེ་སོ་གང་ན་བའི་ཕྱོགས་སུ་བཏགས་ན་སོས་པར་འགྱུར་རོ༔ རྗེ་པདྨ་གླིང་པའི་གསུང་ལས་བྲིས་པའོ། །ཆར་བ་འབེབ་པའི་མན་ངག་གི་རྫས་ལ༔ རི་བྱང་ལ་ཁ་བལྟ་བའི་ལོགས་ཀྱི་ཆུ་མིག་དགུ་ནས་ཆུ་མོ་ཕག་ལོ་པས་ཆུ་བླངས་ལ་རྫ་མའམ་སྣོད་གས་ཆག་མེད་པའི་ནང་དུ་གནམ་གྱི་མེ༔་་་གནམ་ལྕགས་ཤིང་ལ་ཕོག་པ། ཤིང་གི་མེ༔་་་ཤིང་བསྲུབས་པ། སའི་མེ༔་་་སྤང་གི་མེ། ལྕགས་ཀྱི་མེ༔་་་མེ་ལྕགས། རྩྭའི་མེ༔་་་ལྕི་བའི་མེ། ཉི་མའི་མེ༔་་་ཤེལ་ལམ་ལི་སྡེར་གྱི་ཟེར་ལས་བྱུང་བ། དེ་ལྔ་བསྡུས་ལ་སྣོད་ཀྱི་ནང་དུ་བཞག༔ དེ་རྣམས་མ་འཛོམ་ན་རབས་ཆད་ཀྱི་མེ༔ ཡུགས་མའི་མེ༔ མཛེ་ཕོའི་མེ༔ དགྲའི་མེ༔ མོ་རེངས་ལྐུགས་མའི་མེ༔ དེ་རྣམས་འཛོམ་ན་ཆར་པ་འབབ་ངེས་སོ༔ སྔོན་མའི་མེ་ལྟར་སྣོད་ཀྱི་ནང་དུ་བླུགས་ལ་ཕག་ལོ་པས་ཆུ་མིག་དགུའི་ཆུ་དེའི་སྟེང་དུ་བླུག་ཅིང་འཕྱིང་བ་ནག་པོའམ་བལ་ནག་པོས་ཁ་བཅད་ལ༔ དེའི་སྟེང་ནས་གཡམ་པས་མནན་ལ་ཆར་པ་ནམ་དགོས་པའི་སྐབས་སུ་རང་གཤིན་རྗེ་ཁ་ཐུན་དུ་བསྒོམ་ལ༔ སྔགས་ཚིག་འབྲུ་དྲུག་འདྲེན་པ་ནི༔ ཨོཾ་ཡ་མཱནྟ་ཀ་ཆུར་ཡ་ཆུར་ཡ་ཆར་ཕོབ༔ ཅེས་བཟླས་ལ་ནམ་དགོས་དབྱུག་པས་བརྡུང་ངོ༔ ཆར་པ་ཉིན་མཚན་ཁོར་ཡུག་ཏུ་འབབ་པར་འགྱུར་རོ༔ ཡང་ཆར་པ་གཅོད་པའི་ཐབས་ལ༔ སྔར་གྱི་ཆུ་སྣ་དགུ་པོ་སྣོད་ནང་དུ་བླུག་ཅིང༔ དེའི་སྟེང་དུ་མེ་མོ་སྦྲུལ་ལོ་པས་མེ་སྣ་བཅུ་པོ་སྟེང་དུ་བླུགས་ལ་ཕྱིང་པ་དཀར་པོའམ་བལ་དཀར་པོས་ཁ་བཅད་ལ༔ དེའི་སྟེང་གཡམ་པས་མནན༔ གོང་བཞིན་རང་གཤིན་རྗེར་བསྒོམ་ལ༔ ཨོཾ་ཡ་མཱནྟ་ཀ་སཱུརྻ་རཾ་བྷ་རུ་ཡེ་སྭཱ་ཧཱ༔ ཞེས་བགྲངས་ཤིང་དབྱུག་པས་བརྡུང་ན་ཆར་པའི་རྣམ་པ་མི་ཡོང་ཞིང་ནམ་མཁའ་ཤིན་ཏུ་དྭངས་པར་འགྱུར་རོ༔ རླུང་གནོན་བྱེད་པའི་སྒོམ་བཟླས་ཐབས་ལ་རང་གཤིན་རྗེ་ཁ་ཐུན་དུ་བསྒོམ་ལ༔ དེའི་ཞབས་འོག་ཏུ་རླུང་ལྷ་ཤ་བ་ལ་ཞོན་པ་ཕྱག་གཡས་ལྕགས་ཀྱུ༔ གཡོན་རླུང་ཞགས་བསྣམས་པ་ཞབས་འོག་ཏུ་མནན་པར་བསམ་ཞིང༔ ཨོཾ་བཱ་ཡུ་ཆོད༔ བཱ་ཡུ་སོད༔ བཱ་ཡུ་ནན༔ བཱ་ཡུ་ཤི་སྭཱ་ཧཱ༔ ཞེས་རལ་གྲི་ལ་བཏབ་ལ་རླུང་གང་ཡོང་བའི་ཕྱོགས་སུ་གཡུག་ཅིང༔ རླུང་རྦད་རྦད་བཅད་པར་བསམ་ན་རླུང་ཆད་པར་འགྱུར་རོ༔ ཡང་ལུགས་གཅིག་ལ་རང་མི་གཡོ་བར་བསྒོམ་ལ༔ ཨོཾ་བཱ་ཡུ་སྭཱ་ཧཱ༔ ཞེས་བཟླས་ཤིང་རལ་གྲི་ལ་བཏབ་སྔར་བཞིན་གཡུག་པས་རླུང་ཆད་པར་འགྱུར་རོ༔ མི་མཐུན་པ་མཐུན་པར་བྱེད་པའི་རྫས་སྔགས་ལ༔ བྱ་རོག་དང་འུག་པའི་སྙིང༔ སྲིན་བྱའི་སྙིང༔ སྤང་རྒྱན་དཀར་པོ༔ ཙནྡན་དཀར་པོ༔ གངས་ཐིག་དཀར་པོ༔ གནམ་སེང་གི་ཤ༔་་་གངས་སྦལ། ཁྱིམ་སེང་གི་ཤ༔་་་ཞིམ་བུ། ཡུལ་སེང་གི་ཤ༔་་་ཁྱི་དཀར། རབ་ཏུ་སྐྱེས་པའི་བྱང་སེམས༔ སིནྡྷུ་ར༔ མི་ཡིད་མཐུན་གཉིས་ཀྱི་ཟག་པ་རྣམས་སྐར་མ་ཁྲུམ་སྟོད་ཀྱི་ཉིན་མཉམ་དུ་བརྡུངས་ལ་རིལ་བུ་སྲན་མའི་རྡོག་པོ་ཙམ་བྱས་ལ་སྣོད་དཀར་པོ་གས་ཆག་མེད་པའི་ནང་དུ་བླུགས་ལ༔ གུ་ཡ་སརྦ་སིདྡྷི་ཧཱུྃ༔ མི་རྣམས་ཐམས་ཅད་ཡིད་མཐུན་པར་གྱུར་ཅིག་ཅེས་སྟོང་ཚོ་རེ་རེ་བཟླས་ལ་རིལ་བུ་ལ་བཏབ་སྟེ་མི་ལ་བྱིན་ན༔ དགྲ་ཕ་རོལ་པོ་མི་ཤ་ཅན་ཡང་ཡིད་མཐུན་པར་འགྱུར་རོ༔ ༔ ས་བྷི་ནག་པོ་ཆུ་ཁར་ཤིག༔ བྷུ་ཏི་ནག་པོ་ཙ་ལི་ལི༔ གྷར་ཤིག་ནག་པོ་རྩ་དམར་སྲོག་ལ་རྦད༔ ཁ་རུ་པ་སྙིང་ལ་རྦད་ཡ༔ ཏིང་ཤིག་སྲོག་ལེན་ནག་པོ་སྲོག་ལ་རྦད༔ ཏེར་ནག་ཏི་ཏི་ཀི་ཏཾ་ཧ་ར་ནག་པོ་སྙིང་ལ་རྦད་ལ་བན་བོན་གྱི་མནན་གཏད་སེལ་བཙུག་པ་ཐམས་ཅད་ཕྱིར་ལ་ཟློག་ཅིག༔ ཉི་མ་ཟེར་ནུབ་ཀྱི་དུས༔ སྔགས་རྒོད་འདི་ལན་གྲངས་ཉི་ཤུ་རྩ་གཉིས་བགྲང་བར་བྱ༔ དེ་ནས་གཏོར་མ་དང་གཏང་རག་མི་དགོས༔ རྦད་བསྐུལ་མི་དགོས༔ བགྲངས་པ་ཙམ་གྱིས་རི་གཟར་གྱི་རྫ་སྣ་དང་རྦབ་ཀྱང་ཟློག༔ དེ་མིན་རྣམས་ལ་ལྟ་ཅི་སྨྲོས༔ པདྨ་ང་ཡིས་ཞེ་གནག་པ་མ་ཡིན་ཏེ༔ སངས་རྒྱས་བསྟན་པའི་བཙས་སུ་བཞག༔ མ་འོངས་སྐལ་ལྡན་ཐུགས་ཀྱི་སྲས༔ གཅིག་བརྒྱུད་མིན་པར་མ་སྤེལ་ཅིག༔ མང་ན་མཁའ་འགྲོའི་ཆད་པ་ཡོང༔ གསང་ཞིང་ཉམས་སུ་ལེན་པའི་མན་ངག་ཡིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་སྟོན་པདྨ་གླིང་པས་བུམ་ཐང་རྩེ་ལུང་གི་སྒོ་སྲུང་སྔོན་པོའི་མཆན་འོག་ནས་གདན་དྲངས་པའོ། །སརྦ་དཱ་མངྒ་ལཾ།། །། ྈ མུ་སྟེགས་གུ་ལང་ནག་པོའི་སྐོར་བཞུགས་སོ༔ དགྲ་མནན་དང་ཁྱི་ཁར་ཟན་སྐྱུར་གྱི་གདམས་པ༔ གུ་རུ་པདྨ་འབྱུང་གནས་ཀྱིས༔ མངའ་བདག་ཁྲི་སྲོང་ལྡེའུ་བཙན་ལ༔ བསམ་ཡས་དབུ་རྩེའི་བྱང་ཁང་དག་ཏུ་འདི་སྐད་གདམས༔ མངའ་བདག་ལགས་དུས་ལྔ་བརྒྱའི་སྙིགས་མ་ལ་མཐར་ཉེ་བ་ན༔ དམ་པའི་ཆོས་དར་ལ་མ་སྨིན་པ༔ སློབ་དཔོན་རྣམས་ནི་ཞེ་འདོད་ཆེ༔ རང་གི་ཉེས་པ་མི་མཐོང་བར་ཕྲ་མ་མཁན་གྱི་མགོ་བཞིན་དུ་རང་དོན་འཆལ་བར་བཏང་ནས་གདམས་པ་ཁྱད་པར་ཅན་ལ་སྐུར་བ་འདེབས༔ ཆོས་ལ་རང་བྱན་ཆུད་ནས་དམ་ཆོས་འཚོང་བའི་ཕྱིར། ཚོང་དུས་འོ་མ་བཞིན་དུ་དམ་ཆོས་བསླད༔ སློབ་མ་སྲིན་མོ་བུ་ཚོལ་བཞིན་དུ་འཚོལ་བ་དེ༔ སློབ་དཔོན་མདོག་སྡུག་ལུས་གཟོབ་ངག་འཇམ་ཁ་སྙིང་གཏིང་དད་ཆུང་ལ་ངོ་དགའ་མཁས༔ ཐབས་ཀྱིས་རྐུན་བུར་ཐོབ་ཏུ་རེ༔ ཞེས་འགྱིང་འགོང་མཁས་ཤིང་མན་ངག་རྣམས༔ ཐོབ་ནས་སློབ་དཔོན་གསང་ཞིང་རང་ཆེ་འདོན༔ མི་ནག་དཔོན་བྱས་རང་བསྟོད་ཆེ༔ སྔ་དྲིན་ཁྱད་དུ་བསད་ནས་ཕྱིས་དྲིན་དང་ལེན་པ༔ གཏམ་གྱི་མཇུག་ལ་སློབ་དཔོན་ཞེ་གཅོད་སྨྲ༔ མཆེད་ལ་མི་དུང་དཔོན་སློབ་བར་ཁ་འཇུག༔ འདི་འདྲའི་སློབ་མ་འབག་འདྲ་དང༔ མ་ཉེས་བདག་ལ་སྟག་ལྟར་འཕྱོང་བ་དང༔ ཝ་ལྟར་འཇབ་ཅིང་ཕྱི་རུ་མཚང་སྒྲོག་དང༔ ཉེས་མེད་དག་ལ་ཁྱི་ལྟར་ཟུག་པ་དང༔ ལྔ་བརྒྱའི་དུས་ན་དམ་ཉམས་འདི་འདྲ་འོང༔ དེ་དག་མཐུ་དང་ནུས་པ་དབྲལ་བའི་ཕྱིར༔ ངན་ཐབས་རྫས་ཀྱི་ཙཀྲ་འདི་འདྲ་མཆིས༔ མངའ་བདག་ལགས༔ སྙིང་དང་འདྲ་བ་དགྲར་ལངས་ན༔ ངན་ཐབས་འདི་ལ་སྤྱད་པར་བྱ༔ གྲོ་ག་ཤིང་ཤུན་དག་ལ་ནི༔ རྡོ་ཡི་རཀྟ་་་མཚལ།འཇམ་པ་ཡིས༔ ཁབ་བམ་སྙུག་གུས་ལིངྒ་བྲི༔ ལིངྒའི་ལྕེ་ཕྱུང་མནན་པའི་ཕྱིར༔ དགུག་གཞུག་བཅིངས་པར་བྱས་ནས་ནི༔ དུག་སྣ་ཁྲག་སྣ་རྙེད་ཚད་བྱུག༔ ཚོན་སྐུད་དག་གིས་བཅིངས་ནས་སུ༔ དགྲ་བོའི་ལམ་མམ་ཐེམ་འོག་མནན༔ ཡང་ན་རང་གི་ཡི་དམ་སྔགས་ལ༔ དགྲ་བོའི་ལུས་ངག་ཡིད་གསུམ་སཏྭམྦྷ་ཡ་ནན༔ བཏགས་ལ་གཟིར༔ ལིངྒ་དཔེ་ཆུང་བཞིན་དུ་བྲི༔ གཏེར་ཁ་གཞན་དུ་མ་བྲིས་ཏེ༔ བུམ་ཐང་འདི་རུ་སྦས་ཏེ་བཞག༔ ལས་དང་སྐལ་བར་ལྡན་པ་ཡི༔ དམ་ལྡན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ་ལ་གནས་པར་གྱིས༔ ཤོག་སེར་ལས་བཤུས་སོ། །ྀཨཚ། ན་མོ་གུ་རུ༔ ཁྱི་ཁར་ཟན་སྐྱུར་གྱི་གདམས་ངག་གདུག་པའི་དུག་མདའ་ནག་པོ་འདིའི་རྫས་ནི༔ ཕག་པ་ནག་པོའི་ཁྲག་གིས་ལིང་ག་བྲིས་ལ༔ དཔྲལ་བར་རུས་དང་སྙིང་གར་མིང་བྲིས་ལ༔ དཔུང་པ་གཡས་ནས་བསྐོར༔ ལྷ་བསྒོམ་ཡང་མི་དགོས༔ གཏོར་མ་གཏང་ཡང་མི་དགོས༔ དམ་རྫས་གསག་ཀྱང་མི་དགོས༔ སྒྲུབ་པའི་དུས་དང་ཚད་ནི་སྐྱ་རེངས་དང་པོ་ཤར་བ་ནས་རང་གི་གནས་ཁང་ལ་ཉི་མ་ཤར་ཤར་ཡིན་ནོ༔ སྒྲུབ་པ་ཚར་ནས་ལིང་ག་ཟན་ལ་བསྡུས་ནས་ཁྱི་སེར་སྐྱའི་ཁ་རུ་བྱིན་ནོ༔ དྲག་པོའི་སྔགས་ནི་འདི་ཡིན་ནོ༔ ཀ་པ་རི་ཀུ་ནི་ཤ་བ་རོ་ཕཊ་རྦད༔ ནི་རྒྱ་ཙ་མ་ར་ཙག་ཤུ་ཕཊ་རྦད༔ ཧྲི་ཤཾ་ཤཾ་དུན་དུན་ཕཊ་བྷྱོ༔ ཞེས་བཟླས་པས་རང་གི་དབུགས་ཐུམ་ཐུམ་འོང་སྟེ༔ དགྲ་བོ་དེ་ཟླ་བར་མི་ཐོགས་པར་འགྲོའོ༔ འཆི་ལུགས་ནི་གྲི་ཐབས་སུ་འཆི༔ པཎྜི་ཏ་རཏྣ་པ་ལོ་ནས་སྟག་སྡེའི་མི་ཉག་ལས་བརྒྱུད་པ་ཡིན་ནོ། །ྀཨཚ། ཏདྱ་ཐཱ༔ ཨིནྡྲ་དད་དྲ༔ པྲི་ཤུ་ལ་ཧེ་ཤེ༔ སརྦ་པ་ཤ་པ་ངྷ་ནི༔ ནི་ཙནྡ་ནེ་ནི༔ དྲ་དྲ་དྲ་དྲ༔ ཛ་ཛ་ཛ་ཛ༔ བུང་ཏི་རེ༔ ནི་ཛིན་ཏེ་ཧ་ལ་ཧ་ལེ༔ ཨ་ཤ་སྡྱ་ནེ༔ ནི་ནི་ནི་ནི༔ སུ་སུ་སུ་སུ༔ ཨིནྡྲ་ཡོ་གི་ན༔ བི་ཤ་བི་ཤ་བི་ཤ་བི་ཤ་སྭཱ་ཧཱ༔ སངས་རྒྱས་ཐམས་ཅད་འདུས་པའི་བྱིན་རླབས་འབྱུང༔ གུར་གུམ་གྱི་ཆུ་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་ལ་ཁོང་དུ་བཏང༔ ཁྱད་པར་ཁྲུས་བྱ༔ སྲུང་སྐུད་ལ་སྔགས་ཚར་རེ་བཟླས་མདུད་པ་གསུམ་བྱ༔ སྐེ་རུ་གདགས༔ གུར་གུམ་གྱི་སྔགས་ཆུས་མི་དང་ཕྱུགས་དང་གོ་མཚོན་ལ་བྱུག༔ སྲུང་བ་ཐམས་ཅད་ཀྱི་མཆོག་ཀྱང་འདི་ཡིན་ནོ༔ བྱད་ཟློག་གི་ལས་ཀྱི་རྒྱལ་པོ་ཡང་ཡིན་ནོ༔ སྒྲིབ་ཤིང་ཡང་ཡིན༔ མཚོན་སྲུང་ཡིན༔ ༔ ཟློག་པའི་སྐོར་གྱི་མན་ངག་བཞུགས་སོ༔ དགྲ་བོའི་དམག་དཔུང་ཕྱིར་ཟློག་པའི་ཐབས་ལ༔་་་འདི་ཤིན་ཏུ་ཟབ་ཚུལ་གྱི་ལོ་རྒྱུས་སྣང་ངོ་། །སེ་བ་རྐང་གཅིག་མའི་གཞུ་མཐོ་གང་བྱས་ལ༔ ཤིང་འོམ་བུའི་མདའ་མཁྱིད་གང་ལ༔ སྐྱེར་པའི་མདེའུ་སོར་གཉིས་བྱ༔ མདའི་ལྟོང་གི་མཚམས་སུ་བུ་གུ་ཕུག་སྟེ༔ ཡུགས་ས་མའི་དོར་རྟའི་ཚལ་བུ་མཐོ་གང་གྲུ་བཞི་ཙམ་གྱི་ནང་དུ༔ མཛེ་ཕོའི་ཁྲག༔ འབྲུག་གི་རུས་པ༔ འུག་པ་དང་ཕོ་རོག་གི་ཤ༔ གཙོད་ཀྱི་ཁྲག༔ བཙན་དུག༔ ར་དུག༔ བོང་དུག༔ མུ་ཟི་སེར་ནག༔ རྟ་ནག་པོའི་རྟ་བོན༔ དུ་བ་བྱ་བལ་མ༔ ཁྱི་དོམ་བུ་སྙིང་དཀར་གྱི་བྲུན་རྣམས་ཆེ་ཆུང་ཆ་མཉམ་ལ་དོར་རྟའི་ནང་དུ༔ དབང་ཕྱུག་ཆེན་པོའི་གཟུགས༔ སྤུངས་ཡིག་དང་བཅས་པ་དཔེའུ་ཆུང་ལྟར་བྲིས་ལ་བཅུག༔ ཀུལ་གྱི་སྐུད་པས་ཁ་བཀྱིགས་ལ་སྟོང་གི་བུ་གུ་ལ་བཏག༔ ཡུགས་ས་མོའི་སྐྲ་ལ་གཞུ་རྒྱུད་བྱས་ཏེ༔ ནམ་ལས་ལ་སྦྱོར་བའི་དུས་སུ་མདའ་གཞུ་བཀང་བ་དགྲ་ཕྱོགས་སུ་མདེའུ་རྩེ་བསྟན་ནས༔ མདེའུ་རྩེ་ལ་གང་ལ་དམིགས་པའི་དམག་དཔོན་གྱི་ལིངྒ་དཔེ་ཆུང་ལྟར་བྲིས་ལ༔ དེའི་ཁོང་བའི་ནང་དུ་སྙིང་གར་ནྲྀ་བྲི༔ མིང་རུས་བྲིས་ལ༔ དེའི་ཁ་བསྒྱུར་དགྲ་བོ་གང་ཡིན་པའི་མིང་སྤེལ་ཁྱོད་ཀྱི་བསམ་སྦྱོར་ངན་པའི་ནུས་པ་ཐམས་ཅད་རང་ལ་ཟློག་ཅིག༔ རང་མཚོན་རང་ལ་ཟུག་ཅིག༔ རང་གཤེད་རང་ལ་ཕོབ་ཅིག༔ དགྲ་བོ་ཁོ་རང་གི་ལྷ་སྲུང་དགྲ་བོ་ཁོ་རང་ལ་སྡིག་ཅིག༔ གཤེད་དུ་ཕོབ་ཅིག༔ བདུད་དུ་ཕོབ་ཅིག༔ མཱ་ར་ཡ་ཟློག༔ བྲིས་ལ་མདའི་མདེའུ་ལ་བསྐྱོན་ནས་ལས་ལ་སྦྱར་རོ༔ དེའི་ངར་རྫས་ལ༔ ར་དུག༔ བོང་དུག༔ བཙན་དུག༔ མི་ནག་པོའི་རལ་པ་ཐོར་བུ་་་དུ་རལ་ནག་པོ།ཐེ་རང་ཐོར་ཆེ་་་གཡེར་མ།རྣམས་ཀྱིས་ལོ་རེ་བཞིན་རྫས་ཀྱི་ཐུམ་བུ་སྙིང་པ་གསོ༔་་་ནུས་པ་བསྐྱེད་པའི་ཕྱིར། གོང་གི་བཅའ་གཞི་འདི་རྣམས་ལོ་ཟད་ཟླ་ཟད་ཀྱི་གནམ་སྟོང་གི་ས་སྲོས་པ་དང་བྱའོ༔ དམག་ཟློག་ཟབ་མོ་འདི་མུ་སྟེགས་ཕྲ་མེན་གྱི་མན་ངག་སྤྲུལ་སྐུ་པདྨ་གླིང་པའི་གཏེར་མའོ། །ཤིན་ཏུ་གསང་ངོ་བཀའ་རྒྱའོ། །ལག་ལེན་མ་ནོར་བར་གནང་བ་འདི་བྱས་པས་རིན་སྤུངས་བའི་དམག་གིས་ལྷོ་བྲག་བཅོམ་པ་ལུང་བསྟན་ལ་ཡང་ཡོད་པ་དང་། གླང་ལོ་ལ་དབུས་གཙང་གི་དམག་དཔུང་ཆེ་བར་བསགས་ནའང་མན་ངག་འདི་བྱས་པས་དཔུང་ཕྱིར་བཟློགས་པས་ཡིད་ཆེས་པའི་གནས་སུ་ ཿབ་བྷི་ནག་པོ་ཆུ་ཁར་ཤིག༔ བྷུ་ཏི་ནག་པོ་ཙ་ལི་ལི༔ རིག་པར་བྱའོ། །ཤིན་ཏུ་གསང་བར་གཅེས་སོ།། །།ལིངྒ་འདི་མདེའུའི་རྩེ་ལ་ གྷར་ཤིག་ནག་པོ་ཙ་དམར་ལ་སྲོག་ལ་རྦད་ཁ་རུ་བ་སྙིང་འདོགས་པའི་དཔེའུ་ཆུང་ཡིན། ࿊ འདིའི་སྙིང་གར་རུས་དང་མིང་གི་མཐར། དགྲ་བོ་ ལ་རྦད་ཡ༔ ཏིང་ཤིག་སྲོག་ལེན་ནག་པོ་སྲོག་ལ་རྦད༔ འཁོར་དང་བཅས་པ་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་ཉམས་པར་ ཏོར་ནག་ཏི་ཏི་གི་སྟཾ་ཧ་ར་ནག་པོས་སྙིང་ལ་རྦད་ཡ༔ གྱུར་ཅིག །དགྲ་དཔུང་ཤིགས་ལ་དམག་དཔུང་ཟློགས་ཤིག་ཆིངས་ཤིག་རློགས་ཤིག་བསམ་ བན་བོན་གྱི་མནན་གཏད་སེལ་བཅུག་པ་ཐམས་ཅད་ཕྱིར་ ངན་ཐམས་ཅད་ཀྱི་ནུས་པ་ཟད་པར་གྱུར་ཅིག །ཅེས་དཔེ་རིས་བཞིན་བྲིའོ། ། ལ་ཟློག་ཅིག༔ ཉི་མ་ཟེར་ནུབ་ཀྱི་དུས་སྔགས་རྒོད་འདི་ ལན་གྲངས་ཉི་ཤུ་རྩ་གཉིས་བགྲང་བར་བྱ༔ དེ་ལ་གཏོར་མ་དང་གཏང་རག་མི་དགོས༔ རྦད་བསྐུལ་མི་དགོས༔ བགྲངས་པ་ཙམ་གྱིས་རི་གཟར་གྱི་རྫ་སྣ་དང་རྦབ་ཀྱང་ཟློག༔ དེ་མིན་རྣམས་ལ་ལྟ་ཅི་སྨྲོས༔ པདྨ་ང་ཡིས་ཞེ་ནག་མ་ཡིན་ཏེ༔ སངས་རྒྱས་བསྟན་པའི་བཙས་སུ་བཞག༔ མ་འོངས་སྐལ་ལྡན་ཐུགས་ཀྱི་སྲས༔ གཅིག་བརྒྱུད་མིན་པར་མ་སྤེལ་ཅིག༔ མང་ན་མཁའ་འགྲོའི་ཆད་པ་ཡོང༔ གསང་ཞིང་ཉམས་སུ་བླང་བའི་མན་ངག་ཡིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ པདྨ་གླིང་པའི་གསུང་ལས་བྲིས། ༔ ཕྲ་མེན་མའི་ངན་སྔགས་སྟོང་གསུམ་དགྲ་ཡིས་གང་ཡང་ཁ་ཕུང་དུ་འགྲོ་བའི་ལས་མཐའ་དེའི་བཅའ་གཞི་བསྟན་པ་ནི༔ གནམ་ལྕགས་རྡོ་ལ་སྔགས་བྲི་བར་བྱ༔ སོ་ཏོ་རོག་པོའི་ཁྲག་དང་སྟག་འཕར་བ་སྤྱང་ཀིའི་ཁྲག་ལ་སྣག་ཚྭ་བསྲེས་སྔགས་འདི་བྲིའོ༔ ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་དུ་ཏྲི་མཱ་ར་ཡ༔ ཧུ་ཡ་ཏ་ན་ཛ་ཡ་སྡུས༔ ཧུར་ཐུམས་མཱ་ར་ཡ་ཆིངས་ཆིངས་སཏྭམྦྷ་ཡ་ནན༔ བ་གྲུས་དམག་དཔུང་སྡུས་ཤིག་བྲིས་ནས༔ དབྱུག་པ་རིང་པོའི་རྩེ་ལ་བཏགས་ནས་ནམ་མཁའ་ལ་ཕྱར་ན་དམག་ཇི་ཙམ་མང་ཡང་ནུས་པ་ཉམས་པར་འགྱུར་རོ༔ གངས་སེང༔ གནམ་སེང༔ འདམ་སེང༔ དྲེད་ཀྱི་ཁྲག་རྣམས་དབྱུག་ནས་ཕྱར་ན་དགྲ་བོ་ཁ་ཕུང་དུ་འགྲོའོ༔ དགྲ་བོ་མཐོང་ས་གང་ཡོད་ཕྱོགས་སུ་དར་རམ་རས་ནག་བཏགས་ལ་ཕྱར་རོ༔ ཉེས་དམིགས་ཆེ་བས་མི་ལ་མ་སྟོན་ཅིག༔ ༔ མན་ངག་ཁོལ་དུ་བྱུང་བ་ལ༔ མུ་སྟེགས་གུ་ལང་ནག་པོའི་ཟབ་གནད༔ དགྲ་བོ་ཅོག་འགྱེལ་དུ་འགྲོ་བ་འདི་ཉིད༔ བདག་འདྲ་པདྨ་ཐོད་ཕྲེང་ལ༔ སྙིང་ནག་བསམ་མེད་མ་ལགས་ཀྱང༔ མ་འོངས་དུས་ཀྱི་ཐ་མ་ལ༔ ཆོས་བྱེད་རྣམས་ལ་མཐུ་བུ་ལོན་བཞིན་དུ་བསྙག་པའི་དུས་གཅིག་ཡོང་སྟེ༔ དེའི་དུས་སུ་སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ དགྲ་བོ་ཕུང་བའི་མན་ངག་བསྟན་པ་ནི༔ རང་གི་མལ་འོག་ཏུ་དོང་གྲུ་གསུམ་རྣམ་པ་བྱ༔ དཔངས་ལ་མཐོ་གང་དཀྱུས་གསུམ་ལ་བསྐུམ་ཁྲུ་རེ་རེ་བྱས་ལ༔ ནང་དུ་དུག་ཁྲག་བྱུག༔་་་བཙན་དུག་དང་གྲི་ཁྲག །དགྲ་བོ་གང་ཡིན་པའི་ཟག་པ་རློན་པ་རང་གི་དྲི་མ་མ་ཤོར་བར་བྱས་ལ་ཧོམ་ཁུང་གི་ནང་དུ་བཞག་པར་བྱ༔ དེའི་སྟེང་དུ་ཕ་ཝཾ་གི་བྲུན་བསྣུར་བའི་ཕྱེ་མ་ཕུལ་གང་གིས་ཟག་པ་བྱིབས་ལ་མི་མངོན་པར་བྱ༔ དེའི་སྟེང་དུ་རྫ་ཕོར་སོ་བཏང་བའི་ནང་དུ༔ དུག་ཁྲག་དང་རེ་ལྕག་པའི་ཁུ་བ་བྱུགས་ལ༔ ཟག་པའི་སྟེང་དུ་ཁ་སྦུབས་ལ་བཞག༔ དེའི་སྟེང་དུ་རབས་ཆད་ཤི་བའི་རོ་བསྲེགས་པའི་སོལ་བས་བྲུབ་ཁུང་གང་བར་ཁ་བཅད་ལ༔ དེའི་སྟེང་དུ་ཡུགས་སའི་དོར་རྟས་མནན༔ དེའི་སྟེང་དུ་རང་གི་གདན་བཏིང་ལ་མལ་བཅའ༔ རང་ཡི་དམ་གང་སྒོམ་གྱི་བསྐྱེད་རིམ་དང་ལྡན་པས་ཉི་མ་ནུབ་ནས་ས་སྲོས་པའི་དུས༔ དགྲ་དེའི་མིང་ནས་བརྗོད་ཅིང་བདེན་བརྡར་དང་དམོད་བཅོལ་དགོང་གི་རེས་བྱའོ༔ རབ་ཞག་བདུན༔ འབྲིང་བཅུ་བཞི༔ ཐ་མ་ཉི་ཤུ་རྩ་གཅིག་ལ་དགྲ་སྲོག་ལྕགས་ལས་བྱས་ཀྱང་འཆི་བར་ངེས་སོ༔ དགྲ་བོའི་སྲོག་ལ་དགྲ་དར་བའི་དུས་སུ་བྱས་ན་ཤིན་ཏུ་མྱུར་རོ༔ དབྱར་རླན་དྲོད་ཆེ་བའི་དུས་སུ་བྱས་ན་ཟག་པ་རུལ་བས་མགྱོགས་ཏེ་ཤིན་ཏུ་འགྲུབ་མྱུར་རོ༔ དགྲ་དེ་ཤི་ནས་རྫས་ཐམས་ཅད་རང་གིས་མི་རེག་པར་གཞན་ཕལ་པར་འདོན་དུ་བཅུག་ལ་བསྐྱུར༔ རང་གི་མལ་གཞན་དུ་སྤོ༔ ཧོམ་ཁུང་མ་ཉམས་པར་བཞག་པས་ཕྱིས་དགོས་ནའང་དེ་ག་ལ་བྱས་པས་ཆོག་གོ༔ ཧོམ་ཁུང་མ་གཏོགས་རྫས་ཐམས་ཅད་ཆུ་ལ་སྐུར༔ མུ་སྟེགས་ཀྱི་མན་ངག་སངས་རྒྱས་ཀྱི་བསྟན་པ་བསྲུང་ཕྱིར་མ་གཏོགས་གཞན་ལ་སྤྱད་པར་མི་བྱའོ༔ ལྷོ་བྲག་སྐྱེར་ཆུ་ལྷ་ཁང་གི་སྒོ་སྲུང་སྔོན་པོའི་མཚན་མ་ནས་ལུག་གི་ཟླ་བ་ལ་སྤྲུལ་སྐུ་པདྨ་གླིང་པས་གདན་དྲངས་པའོ།། ༔ མུ་སྟེགས་གུ་ལང་ནག་པོའི་སྨྱོ་ཞིང་བརྒྱལ་དུ་འཇུག་པའི་རྫས་ལ༔ ཐང་ཕྲོམ་དཀར་་་མོན་གྱི།ནག་་་རི་ཐང་ཕྲོམ།ཁྲ་་་་མོན་བོད་མཚམས་ཀྱི་ས་ན་ཡོད།གསུམ་གྱི་འབྲུ་གུ་དང་ཐར་ནུའི་རྩ་བ༔ མེ་ཏོག་ལུག་མིག་པ༔ ཁྱི་སྨྱོན་གྱི་ཀླད་པ༔ སྐྱེས་པ་ཕོའི་བྱང་སེམས་སྦྲང་སྨྱོན༔ བུང་བ་ནག་པོ་དེ་རྣམས་ཞིབ་པར་བཏགས་ལ༔ ཟས་གང་དང་སྦྱར་ནས་བྱིན་ན་ཡང་སྨྱོ་ཞིང་བརྒྱལ་བར་འགྱུར་རོ༔ མེ་ཏོག་དཀར་དམར་སྣ་ཚོགས་དང་སྦྱར་ནས་བྱིན་ན་སྣང་བ་ཐམས་ཅད་དམག་དཔུང་དང་བཙུན་པ་དང་མི་སྡེའི་རིགས་མང་པོས་འཇིག་རྟེན་གྱི་ས་གཡོ་བ་ཙམ་གྱི་འཇིགས་སྣང་འཆར་བར་འགྱུར་རོ༔ གར་ཡང་སྡོད་མི་ཚུགས་ཤིང་ཆུ་དང་བྲག་ལ་སོགས་ལ་ལྕེབས་ནས་འཆི་བར་འགྱུར་རོ༔ གལ་ཏེ་གསོ་ན་དེའི་ཐབས་ལ་མར་དཀར་འོ་མའི་ཐུག་པ་ལ་སྒོག་པ་བཏབ་ནས་བྱིན་ན་མྱུར་དུ་སོས་པར་འགྱུར་རོ༔ ཁྱི་སྨྱོན་གྱི་ཀླད་པ་བཏང་ན་གསོ་མི་ཐུབ་བོ༔ ༔ མུ་སྟེགས་གུ་ལང་ནག་པོའི་ཟབ་གནད་རྐུན་མ་ཆམ་ལ་འབེབ་པའི་རྫས་སྔགས་ལ༔ དུག་སྣ་བདུན་ནི༔ བཙན་དུག༔ བོང་དུག༔ ར་དུག༔ ཁྱི་དུག༔ རེ་ལྕག་པ༔ སྦྲུལ་གྱི་སྒོ་ང༔ སྤྱང་ཚེར་མ༔ དེ་རྣམས་ཆ་མཉམ་ཕྱེ་མར་བྱས་ལ༔ ཨུཾ་བྷིའི་ནང་དུ་གཏམས་ལ༔ རྐུན་མ་ནམ་བྱུང་བའི་སྐབས་སུ་གཞན་གྱིས་མ་རེག་པའི་རྐུན་མ་རང་གི་རྐང་རྗེས་ས་ལ༔ རང་གི་ཁ་རླངས་དྲི་མ་ཤོར་བར་བྱས་ལ༔ སླ་ངའི་ནང་དུ་བླུག་ཅིང་དེའི་ནང་དུ་རྫས་ཀྱི་ཕྱེ་མ་བཏབ་ལ༔ འོག་ནས་སྐྱེར་པའི་མེ་བཏང་ལ་ཡུགས་སའི་སླ་ངའི་ཡོག་པས་དཀྲུག་ཅིང་སྔགས་ལ༔ ཀན་ཏར་བྷིར་ཡེ་སྭཱ་ཧཱ༔ ཞེས་བཟླས་ལ་རྫས་ཡོག་པས་དཀྲུགས་པས་རྐུན་མའི་རྐང་པ་ཚལ་པར་འགས་ཤིང་འགྲོ་བའི་འདུ་ཤེས་དང་བྲལ་བར་འགྱུར་རོ༔ རྐུན་མ་ཆམ་ལ་འབེབ་པའི་མན་ངག་གོ༔ བབས་པར་གྱུར་ན་གསོ་བའི་ཐབས་ལ༔ ཆུ་རྩ་སེར་པོ༔ ཡུང་བ་སེར་པོ༔ བ་བླ་སེར་པོ༔ ལྡོང་རོས་སེར་པོ༔ མུ་ཟི་སེར་པོ༔ གྷི་ཧཾ༔ སིནྡྷུ་ར་དང་བཅས་པ་ཞིབ་པར་བརྡུངས་ལ༔ བྱ་ཕོ་མཚལ་ལུའི་ཚིལ་བུ་དང་སྦྱར་ལ་བྱུགས་ན་འཕྲལ་དུ་སོས་པར་འགྱུར་རོ༔ ༔ མུ་སྟེགས་གུ་ལང་ནག་པོའི་ཟབ་གནད་དགྲའི་ལུས་ལ་ཕོལ་མིག་དང་མཛེ་འབྱུང་བའི་རྫས་ལ༔ དུག་ཤིང་ཚེར་མ་ཅན་གྱི་འོ་མ༔ བྲ་མ་ནག་པོའི་ལོ་མ༔ རྟག་ཏུ་ངུ་མ་རུལ་བའི་ཕྱེ་མ༔ བྱང་བ་ཁྲ་བོའི་ཤ༔ རྫས་བཞི་ཞིབ་པར་བཏགས་ལ༔ རླན་ཅུང་ཡོད་ཙམ་དུ་ཆུས་སྦོལ་ཞིང༔ དགྲའི་མལ་སྟན་གྱི་སྟེང་དུ་གཏོར་ལ་དེའི་སྟེང་དུ་དགྲ་བོ་ཉལ་ན་དགྲའི་ལུས་ཆུ་བུར་གྱིས་གང་ཞིང་མཛེས་ཟིན་པར་འགྱུར་རོ༔ དེ་འགྲོལ་བའི་རྫས་ལ༔ ཅུ་གང༔ གངས་ཐིག༔ བུལ་ཏོག་གསུམ་ཕག་ཚིལ་ལ་སྦྱར་ཏེ་བྱུགས་ན་སོས་པར་འགྱུར་རོ༔ ༔ མུ་སྟེགས་གུ་ལང་ནག་པོའི་ཟབ་གནད་སྒྲིབ་ཤིང་ནག་པོ་སྣང་འགགས་ཀྱི་རྫས་ལ་བྱང་སྤྱང་ལྕགས་སྤྱང་གི་མིག་དང་མཇུག་སྤུ༔ བྱ་ལོང་གི་མིག༔ འུག་པའི་མིག༔ སྒྲོག་བྱའི་ཚང༔ ཁྱི་གུ་མིག་མ་བྱེ་བའི་མིག༔ ཕོ་རོག་སྒོ་ངའི་སེར་ཐིག༔ སྦབ་བྱ་ཨོག་དཀར་གྱི་མིག༔ དེ་རྣམས་ཕྱེ་མར་བྱས་ལ་ཕོ་ཤིང་་་སྟག་པ།མོ་ཤིང་་་གླང་མ།གྲུ་བཞི་པའི་སྤང་ལེབ་མཐོ་་་རྫས་ལ་བྱུགས་ཤ་ལ་སྦྱར།གང་ཡོད་པ་བྱས་ལ༔ དེ་གཉིས་ཀྱི་ལོགས་རེ་རེ་ལ་རྫས་རྣམས་ལེགས་པར་བྱུགས་ལ་ཕོ་ཤིང་རྒྱབ༔ མོ་ཤིང་མདུན༔ རང་གི་རྒྱབ་མདུན་གྱི་གོས་ནང་དུ་མི་མངོན་པར་བྱས་ལ་རྫས་བྱུགས་པའི་ལོགས་གཉིས་ཕྱི་ལ་བསྟན་ལ་བྱ་ལོང་གི་སྤུ་ཞྭ་ལ་བཙུགས་ཤིང་གྱོན་ན་ཕྱོགས་གང་ལ་ཕྱིན་ཀྱང་མི་མཐོང་བར་འགྱུར་རོ༔ ནོར་རྫས་གང་བསྒྲིབ་ཀྱང་ཤིང་གཉིས་ཀྱི་བར་དུ་བཅུག་ན་མཐོང་བར་མི་འགྱུར་རོ༔ ༔ སྒྲིབ་ཤིང་བསྡུས་པ་ནི༔ འུག་པའི་མིག༔ བྱ་ལོང་གི་མིག༔ ཁྱི་གུ་མིག་མ་བྱེ་བའི་མིག་དེ་རྣམས་ཞིབ་པར་བཏགས་ལ་དཔྲལ་བར་ཐིག་ལེ་བྱས་ན་མི་ངོས་མི་ཟིན་པར་འགྱུར་རོ༔ རིག་འཛིན་པདྨ་གླིང་པའི་གཏེར་མ་ཡིན། ༔ བླ་མ་ནོར་བུ་རྒྱ་མཚོའི་ཁྲོས་ནག་ལས་མཐའ་ཡིན། འདི་སྐོར་དུ་མི་ཐེའོ།་་་ཕ་རོལ་གྱི་རྦོད་གཏོང་ལ་སོགས་པ་ཟློག་པར་འདོད་པས་ཤིང་སེ་བའི་བྱང་བུ་དཀྱུས་སོར་བཞི་ལ་མཁའ་འགྲོའི་ཡི་གེ་འདི་རྒྱ་སྣག་གིས་བྲི༔ ྈྈྈྈྈྈྈ ཅེས་ནོར་འཁྲུལ་ཆད་ལྷག་མེད་པར་བྲིས༔ གྲོང་གི་ཕྱིའི་ཕྱོགས་མཚམས་བརྒྱད་དུ་ཡི་གེ་དྲུག་ཕྱིར་བསྟན་ཏེ་སྦས་ན་ཕ་རོལ་གྱི་མཐུ་གཏད་མནན་བསྲེགས་མདོར་ན་བསམ་ངན་བྱས་པ་ཐམས་ཅད་ཁོ་རང་ལ་ཕྱིར་ཟློག་པར་ འགྱུར་རོ༔ ཁྲོས་མ་ནག་མོའི་ལས་མཐའ་པདྨ་གླིང་པའི་གསུང་ལས་བྲིས་སོ།། ༔ མུ་སྟེགས་ཀྱི་སྟོན་པ་གུ་ལང་གི་གཟའ་བརྒྱད་གདོང་མོ་བཞི་དང་བཅས་པའི་སྲོག་ཡིག༔ གཟབ་ཡིག་ཏུ་བྱས་པ་ནི༔ གཟའ་ཀླུ་གཉིས་ཀའི་བཅོས་ཐབས་སོ༔ རྫས་ནི་གྲོ་ག་ཤོག་སྲབ་ལ༔ ཡི་གེ་མགོ་ལྕོགས་བརྩེགས་སུ་བྲིས་ལ༔ ཐལ་དཀར་རྡོ་རྗེ༔ ཀླུ་བདུད་རྡོ་རྗེ༔ གླ་རྩི༔ གཟུགས་མོ་བྱི་ཐུར༔ གུ་གུལ་དཀར་ནག་ གཉིས༔ དེ་རྣམས་བྱུགས་ལ་་་གཤམ་ནས་དྲིལ།མར་གྱིས་བསྟུམས་ལ་མིད་པས་གཟའ་ཀླུ་གཉིས་ལ་འདི་ལས་ཟབ་པ་ཡོད་རེ་ཀན༔ ཟ་ཡིག་ཉི་མ་རི་རྩེ་ལ་ཁ་ཤར་དུ་བལྟས་ལ་མིད་པར་བྱའོ༔ བཛྲ་པཱ་ཎི་ཧ་ལ་ནག་པོ་སོད༔ འདི་ལས་ཟབ་པ་མེད་དོ༔ པདྨ་གླིང་པའི་གསུང་ལས་བྲིས་པའོ། །མངྒ་ལཾ།། ྈ མཁའ་འགྲོའི་དྲག་སྔགས་ཆུ་ཟློག་ཟབ་མོ་བཞུགས་སོ༔ ན་མོ་གུ་རུ༔ མན་ངག་འདི་ནི་སྔོན་རྒྱ་གར་གྱི་ཡུལ་ཁ་ཆེ་ཁྲི་སྟན་ཞེས་བྱ་བ་ན༔ དགེ་བསྙེན་མ་འགྲོ་བ་བཟང་མོ་ཞེས་བྱ་བ་ལ༔ བུ་བྲམ་ཟེ་བདེ་མཆོག་སྙིང་པོ་བྱ་བ་ཡོད་པས་དུས་དེ་ཙ་ན་ཕྱི་པ་མུ་སྟེགས་པ་དང་འགྲས་ཏེ༔ མུ་སྟེགས་ཀྱི་སྟོན་པ་ཟླ་བ་ནག་པོ་བྱ་བ་དང་དེ་ཁོ་ན་ཉིད་ལ་རྩོད་པ་བྱས་པས་མུ་སྟེགས་ཕམ་ནས་དེར་ཁོ་ཁྲོས་ནས༔ ཁྱོད་ཞག་བདུན་ན་ཁང་ཁྱིམ་མེས་ཚིག་པར་བྱའི་ཟེར༔ ཞག་ཉི་ཤུ་རྩ་གཅིག་ནས་ལྟོས་ཤིག་ཟེར་ནས་ཞག་དུས་བཏབ་པས༔ ཞག་བདུན་ན་ཁང་པ་མེས་ཚིག་པ་རྨི་ལམ་དུ་བྱུང་བས༔ མོ་ཤིན་ཏུ་སྙིང་མ་དགའ་ནས་ཡོད་པ་ལ༔ བུའི་རྨི་ལམ་ན་རྡོ་རྗེ་གདན་གྱི་ཤར་ཕྱོགས་ནས་ཆུ་ཆེན་པོ་གཅིག་བྱུང་ནས་མེ་བསད་པ་ཞིག་རྨིས༔ ཡང་སང་ནུབ་ཡི་དམ་ལ་གསོལ་བ་བཏབ་ནས་ཉལ་བས༔ རྨི་ལམ་དུ་བུད་མེད་གསུམ་བྱུང་ནས༔ རྡོ་རྗེ་གདན་གྱི་ཤར་ཕྱོགས་ན་བྲག་ཕུག་གཅིག་ན་བྱ་ངང་ངུར་གཉིས་ཡོད་པས༔ དེ་འཕུར་བའི་འོག་ན་བྲག་ལ་ཞ་ཉེའི་སྒོ་བཙུགས་ཡོད་དེའི་སྒོ་ཕྱེ་བའི་ནང་ན༔ བསེའི་ཤོག་བུ་ལ་གསེར་གྱིས་བྲིས་པའི་ཟློག་པ་གཅིག་སྒྲོམ་བུ་སྨུག་པོའི་ནང་ན་ཡོད༔ དེ་ལོངས་ལ་གྱིས་ཟེར་རོ༔ དེར་མ་བུ་གཉིས་ཀྱིས་ཕྱིན་པས་བྲག་ལ་བྱ་གཉིས་འདུག་པ་དེ་འཕུར་བས༔ ཤུལ་ན་ཞ་ཉེའི་སྒོ་ལ་བསེའི་གཟོང་བུ་ཡོད་པ་དེས་སྒོ་ཕྱེས་ནས་ཕྱིན་པས༔ བསེའི་སྒྲོམ་བུ་སྨུག་པོའི་ནང་ནས་ཟློག་པ་འདི་བྱུང་ནས་བསྒྲུབས་པས་ཟླ་བ་ནག་པོ་ཞག་ཉི་ཤུ་རྩ་གཅིག་ནས་རང་སྲོག་རང་གིས་བཅད་ནས་ཤིའོ༔ མཁའ་འགྲོ་མ་ལ་ཕྱག་འཚལ་ལོ༔ མཁའ་འགྲོ་མའི་དྲག་སྔགས་ཀྱི་རྒྱལ་པོ་ཆུ་ཟློག་ཅེས་བྱ་བ༔ སྦྱོར་བ་ངན་པ་ཟློག་པ་དང༔ ཆག་ཆེ་ཉམ་ང་ཟློག་པའི་ལག་ལེན་ལ༔ དང་པོ་རྫས་གསག་པ་ནི༔ ཞི་བར་བྱེད་ན་ལུག་གི་རིལ་མ༔ རི་ཧྲུལ་གྱི་བོང་བ༔ སྤེན་མ༔ འཇག་མ༔ ངར་གླུད༔ དྲག་པོར་བྱེད་ན་རི་བོང་གི་རིལ་མ༔ དུར་མཚེད་དམ༔ རོ་ཁུང་གི་བོང་བ༔ ན་ཁ་བྱང་དུ་བལྟ་བའི་སྤེན་མ༔ བྲག་ནག་པོ་ཁ་བྱང་དུ་བལྟ་བའི་འཇག་མ༔ ངར་གླུད་བརྒྱ་རྩ་བརྒྱད་བྱའོ༔ གདན་རོག་པོའི་སྟེང་དུ་ཕྱེའི་རི་མོ་ལིང་ཚེ་བཅུ་གཅིག་བྲི༔ ྈྈྈྈ དེ་རུ་རྫས་བཅུ་བཅུ་བཞག༔ གཅིག་ཏུ་བརྒྱད་བཞག་མདུན་དུ་ཆུས་ཟངས་སྣོད་བཀང་སྟེ་ངར་གླུད༔ བོང་བ༔ རིལ་མ༔ འཇག་མ༔ སྤེན་མ་ལྔ་ལྔ་ལ་བདེན་པ་བདར་ཏེ༔ བདག་གིས་ལག་ཏུ་བླངས་ཏེ༔ མོ་སྔགས་ཕོ་སྔགས་སྦྲེལ་མ་བཏབ་སྟེ་ཟངས་སུ་བྲུབ་བོ༔ བཅུ་ཚན་རེ་ཚང་བ་དང་འོག་གི་དམོད་ཚིག་ཐེངས་རེ་བརྗོད་དོ༔ ན་མོ་གུ་རུ༔ ཨོཾ་ཧ་དེ་མོ་ཧ་ཧྲཱྀ་ད་ཡ་མ་ར་ནི་ཧཱུྃ་ཕཊ༔ བྷྱོ་བྷྱོ་བྷྱོ༔ ས་མ་ཡ་ཟློག་ཟློག༔ ཨ་ལ་ལ་ཕྲ་མེན་ཧེ༔ བྷྱོ་བྷྱོ་བྷྱོ་བྷྱོ༔ ཤཱནྟི་ཀ་ཟློག་ཟློག༔ ན་མ་པྲི་ཧྲི་ཙི་ཏྲི་ཉི་མ་བྷིནྡྷ་ཡ༔ ཧྲཱྀ་ད་ཡ་ཛྭ་ལ་ཛྭ་ལ༔ ན་མ་ཀ་ར་ན་ཛ༔ ཨི་ཛ་ལ༔ སྥུ་ཊ་སྥུ་ཊ་སརྦ་ག་གན་ནི༔ བྷ་དུ་ནི་ར་བྷི་ས་ར་སརྦ་དུཥྚཱན་བྷི་ཏ་ནི་ཤོ་ཤ་ནི་ཧཱུྃ་ཕཊ་སྭཱ་ཧཱ༔ ཨ་ཏི་མ་ཏི་མ་རུ་ཏི་དྷ་ཧྲི་སྭཱ་ཧཱ༔ ཞེས་པ་ཚར་བཅུ་བཅུའི་རྗེས་ལ་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ༔ མོ་ངན་པ༔ པྲ་ངན་པ༔ རྨི་ལམ་ངན་པ༔ ལྟས་ངན་པ་ཐམས་ཅད་ཟློག༔ སྦྱོར་བ་རྩུབ་པ་ཐམས༴ ཆོས་ཀྱི་ཆོས་ཟོར་ཟློག༔ བོན་གྱི་བོན་ཟོར་ཟློག༔ མ་མོའི་རྦོད་གཏོང༴ བདུད་ཀྱི་ཞགས་པ༴ གཤིན་རྗེའི་ཁྲམ་ཁ༴ སུམ་པའི་གླང་ཟོར༴ ཞང་ཞུང་གི་བཙོ་ཟོར༴ ཕ་ཁུའི་རྒན་སྲི༴ མ་བུའི་བྱུར་སྲི༴ བྱིས་པའི་ཆུང་སྲི༴ ལོ་ཀེག་ཟླ་ཀེག༴ སྐྱིན་ཐང་གཤེད་བཞི༴ གཡོན་མཆུའི་ཉེ་འབྱེད༴ བནྡྷེའི་ངན་སྔགས་མནན་གཏད་བྱད་ཧོམ་ཟོར༴ སྐྱེ་བོའི་ཡ་ག༴ འབངས་ཀྱི་དམོད་ཁ༴ ལྟས་ངན་བརྒྱད་ཅུ་རྩ་གཅིག༴ གློ་བུར་དགུ་བཅུ་རྩ་གཅིག༴ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ གཡས་ན་ཕོ་བརྒྱས་གྲི་བརྡར༴ གཡོན་ནས་མོ་བརྒྱས་དུག་གཡོས༴ ཕུར་པའི་དབལ་ཟོར༴ ཡུངས་དཀར་གྱི་ཐུན་ཟོར༴ དམར་གྱི་གཏོར་ཟོར༴ གཏད་དང་ངག་མནན༴ ངན་དགུ་གདུག་རྩུབས་ཐམས་ཅད༴ མུ་སྟེགས་ཀྱི་དམོད་པ་ཐམས་ཅད༴ ལྷ་སྲིན་སྡེ་བརྒྱད༴ རྦོད་གཏོང་ཐམས་ཅད་ཟློག༔ སྡང་བའི་དགྲ་གནོད་པའི་བགེགས་མི་མཐུན་པའི་རྐྱེན་ཐམས་ཅད་ངར་གླུད་དང་རྗེས་ཤིག༔ འདིས་ཟློག་ཅིག༔ བོང་བ་བཞིན་དུ་ཆུས་ཤིགས༔ འཇག་མ་བཞིན་དུ་རླུང་གིས་ཁྱེར་ཅིག༔ རིལ་མ་བཞིན་དུ་ཆུས་ཁྱེར་ཅིག༔ སྤེན་ཕྱགས་བཞིན་དུ་ཕྱོགས་ཤིག༔ ཅེས་བརྗོད་ལ་ཡས་དེ་རྣམས་ཐམས་ཅད་འབབ་ཆུ་ལ་བསྐུར་རོ༔ རང་ལྕགས་སྤྱང་སྔོན་པོ་གཅིག་ཏུ་བསྒོམས་ཏེ་དགྲ་ཕྱོགས་སུ་འཕངས་ཏེ་ཕྱི་མིག་མི་བལྟ་བར་འོང༔ མན་ངག་འདིས་ནི་ཕུར་ཁ་དང་ཆག་ཆེ་བ་མཚན་མ་ངན་པ་ཐམས་ཅད་ཟློག་གོ༔ རྒྱ་དུག་་་ར་དུག་འདྲའོ།གླ་རྩི་ཡུངས་དཀར་རཀྟ་ཆང་ཕུད་ཨ་མྲྀཏ་ལ་སྔགས་ཏེ༔ དམར་གཏོར་ལ་སྦྲན་ལ་དེ་ཆུ་གཞུང་ལ་བསྐུར་རོ༔ དམོད་མོ་བརྗོད་པས་ཉིན་མོ་ཕོ་སྔགས༔ ནུབ་མོ་མོ་སྔགས༔ ནང་ནུབ་ཞི་བ༔ ལས་སྦྱོར་ཉ་སྟོང་ཚེས་བརྒྱད་ལ་བྱའོ༔ དེ་ལྟར་བྱས་ན་རི་ཁ་ནས་འབབ་པའི་ཆུ་ཡང་ཟློག་གོ༔ ལིངྒ་དང་བ་ལིཾ་བྲུབ་ཁུང་དུ་བཅུག་སྟེ༔ ཁྲག་སྣ་དང་དུག་སྣ་ཟངས་ཕྱེ་རྡོ་ཕྱེ་ལྕགས་ཕྱེས་ཉ་སྟོང་ཚེས་བརྒྱད་གསུམ་ལ་བྲབ་བོ༔ རྫོགས་སོ༔ ༔ པྲ་མོ་ཧ་ལ་ཕྱག་འཚལ་ལོ༔ ཕྲ་མེན་ཕྱིན་ཅི་ལོག་སྔགས༔ ཕས་ཀྱི་རྦོད་གཏོང་ཟློག་པ་དང་བསད་པ་དང༔ ཚུར་ལ་མི་འབྱུང་བར་བྱ་བ་དང༔ ཕར་ལ་ངན་སྔགས་གཏོང་ན༔ ཟློག་པ་མཁན་དེ་བསད་པའི་མན་ངག་རེག་ཆོད་ཅེས་བྱ་བ༔ དེ་ལ་གཞོང་པ་གཅིག་གི་ནང་དུ་དཔལ་བཤོས་ཟུར་གསུམ་པ་གཅིག་བྱས་ཏེ༔ དེའི་རྩེ་མོ་བཀས་ལ་དེའི་ནང་དུ་ལིངྒ་བཅུག་ལ་རྩེ་ཁྲག་གིས་བསྐུས༔ རྐེད་པར་མར་གྱིས་བསྐུས༔ རྩ་བ་འབྲི་སྨུག་གིས་བསྐུས་ལ༔ མདུན་དུ་བཞག་ལ་སྔགས་འདི་བཟླས་སོ༔ ཨོཾ་ཧ་དེ་མོ་ཧ་ཧྲི་ད་པྲ་ཧ་རི་ཧཱུྃ་ཕཊ༔ ས་མ་ཡ་བྷྱོ་བྷྱོ༔ ཟློག་ཟློག༔ ཨ་ལ་ལ་པྲ་མ་ཡ་བྷྱོ་བྷྱོ༔ ཨ་ཏི་པྲ་མ་ཡ་ཟློག༔ ཅེས་ཐག་ཉེ་ན་ཁང་པ་ལ་བརྡེག༔ རིང་ན་ཁང་པའི་ཕྱོགས་སུ་དགུང་ལ་འཕང༔ གསད་པ་དང་ཟློག་པ་གཉིས་ཀ་ཚང་བའོ༔ སྔགས་པ་སྟོང་གིས་བསྒྲུབས་ཀྱང་མི་ཚུགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་པདྨ་གླིང་པས་བུམ་ཐང་རྩི་ལུང་ལྷ་ཁང་གི་སྒོ་སྲུང་སྔོན་པོའི་མཆན་འོག་ནས་གདན་དྲངས་པའོ།། །། ྈ ཕྲ་མེན་ཕག་ཤ་ནག་པོའི་རྒྱུད་བཞུགས་སོ༔ རྒྱ་གར་སྐད་དུ༔ ཏིརྟིཀ་ཕྲ་ཏི་ཏན་ཏྲ་ནཱ་མ༔ བོད་སྐད་དུ༔ མུ་སྟེགས་ཕྲ་མེན་གྱི་རྒྱུད་ཅེས་བྱ་བ༔ ལྷ་ཕག་ཤ་ནག་པོ་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན༔ བཅོམ་ལྡན་འདས་ཕག་ཤ་ནག་པོ་མུན་ནག་ཤན་དམར་ཤ་ཁྲག་འཁྱིལ་བའི་ནང་གི་གནས་ན་བཞུགས་པའི་དུས་ན༔ འཁོར་མྱོས་པར་བྱེད་པ་དང༔ རེངས་པར་བྱེད་པ་དང༔ གསོད་པར་བྱེད་པ་ལ་སོགས་པའི་འཁོར་གྱིས་བསྐོར་ནས་བཞུགས་པའི་ཚེ༔ ཕྲ་མེན་ཆེན་མོས་བཅོམ་ལྡན་འདས་ལ་ཞུས་པ༔ ཀྱེ་བཅོམ་ལྡན་འདས་བསྟན་པ་གཉན་པོ་ཇི་ལྟར་བསྲུང༔ དམ་ཉམས་སྡིག་ཆེན་ཇི་ལྟར་བསྒྲལ༔ བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ༔ ཕྲ་མེན་ཆེན་མོ་ཁྱོད་ཉོན་ཅིག༔ བསྟན་པ་བསྲུང་བ་དང༔ དམ་ཉམས་སྒྲོལ་བར་བྱེད་པའི་ལས་བྱ་བར་སེམས་པ་ལེགས་སོ༔ གནང་བ་སྦྱིན་པའི་ཐ་ཚིག་སྟེ་དང་པོའོ༔ ༔ ཕྲ་མེན་ཆེན་མོས་ཡང་ཞུས་པ༔ བདག་གི་ལས་སྐལ་ཇི་ལྟར་ལགས༔ བསྟན་པ་བསྲུང་བའི་ཐ་ཚིག་གང་གིས་བགྱི༔ བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ༔ ལས་སྐལ་བྱས་གཞུག་དགྲོལ་བ་དང༔ ཐ་ཚིག་ལུས་ངག་ཡིད་གསུམ་མནན༔ མཁར་འཇིག་པ་དང་ཞིང་སྐམ་དང༔ སེར་བ་ཟློག་པའི་ལས་དང་བདུན༔ ལས་སྐལ་ཕོག་པའི་ཐ་ཚིག་སྟེ་གཉིས་པའོ༔ ༔ ཕྲ་མེན་ཆེན་མོས་ཡང་ཞུས་པ༔ འཁོར་ལོ་བཅའ་ན་ཇི་ལྟར་བཅའ༔ བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ༔ བཅའ་ཐབས་རྩིབས་བརྒྱད་དྲུག་དང་བདུན༔ ལྔ་པ་བཞི་དང་གསུམ་པ་དང༔ གཟས་པོའི་རཱུ་པ་ཤེས་པར་བྱ༔ མུ་ཁྱུད་དང་པོ་གཉིས་སུ་བསྐོར༔ གཉིས་པ་མུ་ཁྱུད་གསུམ་དུ་བསྐོར༔ གསུམ་པ་ལྔ་རུ་བསྐོར་བར་བྱ༔ བཞི་པ་ལ་ཡང་མུ་ཁྱུད་གཉིས༔ ལྔ་པ་གསུམ་དུ་ཤེས་པར་བྱ༔ དྲུག་པ་ལ་ཡང་མུ་ཁྱུད་གཉིས༔ རཱུ་པའི་གཟུགས་ལ་མིང་རུས་བྲི༔ རྩིབས་རྣམས་ལྟེ་བ་དག་ལ་གདགས༔ དེ་ལ་སྔགས་རྣམས་དགོད་པ་ནི༔ ཏཾ་ཏཾ་ཙཾ་ཏཾ་ཤད་པ་རཱ་ཐུཾ་རྦད༔ འགྲོལ་བའི་འཁོར་ལོ་དག་ལ་དགོད༔ རཱུ་པ་སཏྭམྦྷ་ཡ་ནན་མཱ་ར་ཡ་རྦད༔ ལུས་མནན་འཁོར་ལོའི་རྩིབས་ལ་བཀོད༔ རཱུ་པ་རུ་དེ་ནན༔ ལང་མ་ལང་ཏེ་ནན༔ སཏྭམྦྷ་ཡ་སཏྭམྦྷ་ཡ་ནན༔ སརྦ་སླེ་ཏྲེ་ནན༔ མུ་ཁྱུད་དག་ལ་བཀོད་པ་འོ༔ ཙི་ཏ་ཀུ་ནི་ཙི་ཏ་དུ༔ ངག་མནན་འཁོར་ལོ་དག་ལ་དགོད༔ ཏ་ཀུ་ཤམ་ཤཾ་བཾ་ཏེ་བྲུཾ་བྲུཾ༔ ར་ཁྲ་ར་ཁྲ་ཁ་ཁ་ལེ་ལེ་སྙིང་ལ་ཡ་ཡ་པ་ཏ༔ ག་ན་ཡ་ཡ་ཤ་ཀུ་ཤ་ཀུ་ཡ༔ མ་པྲ་ཁུག་ཁུག་ཁ་ལ་ཡ་ན་ཀླད་པ་ལ་ཡཱ༔ ག་ལོ་ལ་བྷ་གང་འདྲས་པ༔ ཀུ་ཤ་ཀུ་ཤ་ཡ༔ ན་ག་ག་ཏེ་པྲ་མ་མ་སྙིང་ལེ་ཁུང་ཁུང་རག༔ ངག་མནན་མུ་ཁྱུད་གཉིས་ལ་བཀོད༔ ཏ་ཁུ་ཁ་ཁ་འདྲས་ན་ཡ་བཾ་ཀྲས༔ ཏྲག་ཤ་ཐེན་པ་ཡ༔ ཐུཾ་པ་ཡ༔ ཧ་ས་པ་ཀ་ཏཾ་པ་ཏ༔ ངག་མནན་མུ་ཁྱུད་ནང་མ་ལ་བྲི༔ དེའི་དབུ་ལ་བསྐོར་བ་ནི༔ དུ་རུ་ཤཾ་ཀུ་ཏ་ཁལ་ལ༔ ཁ་དུ་ན་ཏ་པ་ལྕཾ༔ ལ་ས་ཁ་ཁ་ཏ་ཁུ་ལ་བཛྲ་པཱ་ཎི་ཀུ་ཤ་ཡ༔ དབུ་ལ་རིམ་པ་གསུམ་དུ་བསྐོར༔ ཙི་ཏ་མ་ར་དུ༔ ཡིད་མནན་འཁོར་ལོའི་རྩིབས་ལ་བཀོད༔ སྙིང་ཁྲག་ལ་རྩ་ཁྲག་ལ་སྙིང་མ་མ་ཁྲག་ལ་སྙིང་མ་མ་ཁྲག༔ སྙིང་རྩ་རྩ་ཁྲག༔ སྙིང་ལ་དུ་ལིང་ཏས་ཕོབ༔ མཁར་བཤིག་འཁོར་ལོའི་རྩིབས་ལ་བཀོད༔ ཤོ་ཧེ་ལ་ས་སྟོར་ཕོབ་ཁཾ་ཁཾ་ཚིག་ཚིག་གཏོར་གཏོར་ཤོ་ཤཾ༔ ཙ་བ་ས་ས་པྲ་ཧ་དེ་ན་དུན་ དགྲ་བོའི་ཚང་སྤྲུགས་ཁྱེར་ཆུང་ཧ་རེ་ཧས་ཤིག༔ མུ་ཁྱུད་དག་ལ་བཀོད༔ འབུ་ཏྲི་རུལ༔ ཞིང་སེལ་འཁོར་ལོའི་རྩིབས་ལ་བཀོད༔ ལྟེ་བའི་ཟུར་གསུམ་བྲུབ་ཁུང་ལ༔ རཱུ་པའི་མིང་རུས་ཤེས་པར་བྱ༔ བཀའ་བསྒོ་བའི་ཐ་ཚིག་སྟེ་གསུམ་པའོ༔ ༔ ཕྲ་མེན་མ་ཡིས་ཡང་ཞུས་པ༔ འཁོར་ལོ་སྤྱིའི་མཚན་ཉིད་ཇི་ལྟར་ལགས༔ ཞུས་པས༔ བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ༔ ངག་འགྲོལ་རྣལ་མར་ཤེས་པར་བྱ༔ ལུས་མནན་འཁོར་ལོ་རེ་ཐུམ་འདྲ༔ ངག་མནན་ལག་པ་ཞ་བ་འདྲ༔ ཡིད་མནན་གཉིད་དུ་སོང་བ་འདྲ༔ ཁང་སེལ་ཙཀྲ་ཕག་པ་འདྲ༔ ཞིང་སེལ་ཙཀྲ་རང་འཐག་འདྲ༔ ཙཀྲ་ཐམས་ཅད་དྲིལ་བ་ཡང༔ ནང་སྒོ་ཕྱི་མའི་ཁ་བཅུག་འདྲ༔ འདི་དག་རབ་ཏུ་གཅེས་པ་འོ༔ སྔོ་དམར་བྱད་དུ་བཅུག་པ་ཡང༔ འདའ་ར་དག་གིས་རྒྱས་གདབ་པ་འོ༔ རབས་ཆད་ནག་པོའི་ཐོད་པ་འམ༔ མུན་དང་བཤུ་འམ་མུ་བྷི་ར༔ དོམ་དང་ཁྱི་ནག་རང་འཐག་དང༔ མཐོ་འི་འོག་ཏུ་ཤེས་པར་བྱ༔ འཁོར་ལོ་སྤྱིའི་མཚན་ཉིད་བཅའ་བའི་ཐ་ཚིག་སྟེ་བཞི་པའོ༔ ༔ སངས་རྒྱས་བསྟན་པ་ནུབ་ཁ་རུ༔ དཀོན་མཆོག་དབུ་འཕང་དམའ་ཁ་རུ༔ དམ་ཚིག་ཅན་ལ་དགྲ་བྱུང་ན༔ དུས་ངན་སྙིགས་མ་བྱུང་བ་དང༔ ཟས་ངན་ལྕི་བ་ཟ་བ་དང༔ གོས་ངན་རེ་བ་གོན་པ་དང༔ ཟབ་མོའི་སྔགས་ལ་བཟླས་ལོང་མེད༔ དེ་ཚེ་ལས་ལ་སྦྱོར་བ་ལ༔ དེ་གོང་ཡན་ཆད་རྒྱ་ཡིས་གདབ༔ ཆུ་སྲིན་རྒྱལ་མོའི་གྲེ་བ་རུ༔ ནོར་བུ་རིན་ཆེན་ཆུད་པ་ལྟར༔ བསྐལ་པའི་བར་དུ་ཁྱོད་ལ་གཏད༔ རྒྱུད་གཏད་པའི་ཐ་ཚིག་ལྔ་པའོ༔ ༔ ཚེ་ལོ་དྲུག་ཅུ་ཤར་བའི་ཚེ༔ བོང་ཆུང་ཤ་སེར་སྨེ་བ་ཡོད༔ སྐྲ་ནི་ལི་ལ་བྱ་ལོ་པ༔ འདི་འདྲ་གཅིག་དང་འཕྲད་ནས་སུ༔ སངས་རྒྱས་བསྟན་པ་བསྲུང་བར་ཤོག༔ སྨོན་ལམ་བཏབ་པའི་ཐ་ཚིག་སྟེ་དྲུག་པའོ༔ ཕྲ་མེན་ཆེན་མོ་མུ་སྟེགས་ཀྱི་རྒྱུད༔ མུ་སྟེགས་ཀྱི་སློབ་དཔོན་ཕག་ཤ་ནག་པོས་གསུངས་པ་རྫོགས་སོ༔ ྈ ཕྲ་མེན་ཆེན་མོ་ཕྱིན་ཅི་ལོག་ལ་ཕྱག་འཚལ་ལོ༔ ཕྲ་མེན་ཕྱིན་ཅི་ལོག་མས་འཇིག་རྟེན་པ་དང༔ འཇིག་རྟེན་ལས་འདས་པ་དང༔ གཟུགས་ཅན་དང༔ གཟུགས་མ་ཡིན་པ་དང༔ དེ་རྣམས་ཀྱི་སྔགས་ལས་གྲུབ་པའི་ནུས་པ་དང༔ གཞན་ཡང་ངག་ཏུ་བརྗོད་པའི་ནུས་པ་དང༔ ཏིང་ངེ་འཛིན་དང༔ དེ་རྣམས་ལ་སོགས་པ་གཞན་ལ་ཕན་པ་དང༔ གནོད་པར་ནུས་པ་ཐམས་ཅད་སྐད་ཅིག་མ་ལ་མེད་པར་བྱ་བ་དང༔ བསྐལ་པ་སྟོང་དུ་བསྒྲུབས་པའི་གསང་ཚིག་སྔགས་ཀྱི་ནུས་པ་གཞིག་པར་འདོད་པས་ཕྲ་མེན་མའི་སྔགས་ཀྱི་ཙཀྲ་དང་བཅས་པ་ཐོད་པ་མཚན་ངན་དུ་བཅུག་ལ་རྒྱུ་སྲང་དུ་བཞག་པས༔ དེ་ལ་གང་གིས་རེག་པ་དེ་ས་བཅུའི་བྱང་ཆུབ་སེམས་དཔའ་ཡིན་ཡང་སྔར་བྱས་པའི་ནུས་པ་འཇིག་པར་འགྱུར་རོ༔ ཕྱིས་བསྐལ་པ་སྟོང་དུ་སྔགས་ཀྱི་ནུས་པ་འགྲུབ་པར་མི་འགྱུར་རོ༔ ༔ ཕྲ་མེན་ཕྱིན་ཅི་ལོག་ལ་ན་མོ༔ ཕྲ་མེན་ཕྱིན་ཅི་ལོག་པ་གང་གིས་རེག་པར་གྱུར་པའི་ཉམས་པ་འགྲོལ་བ་དང༔ གཞན་ཡང་དྲང་སྲོང་གི་གནོད་པ་དང་བྲམ་ཟེ་ལ་སོགས་གཞན་གྱི་རིག་སྔགས་ཀྱིས་བཅིངས་པ་དང༔ བྱད་དུ་བཅུག་པ་དང༔ ཏིང་ངེ་འཛིན་གྱིས་ལུས་བཅིངས་པ་དང༔ ལུས་ངག་ཡིད་གསུམ་ནོན་པར་གྱུར་པ་དང༔ ལུས་ངག་ཡིད་གསུམ་འགྲོལ་བའི་ཐབས་འདི་ཉིད་དོ༔ དང་པོ་འཁོར་ལོ་རྩིབས་བརྒྱད་པ་བྲིས་ལ༔ རྩིབས་རྣམས་ལ་ཏཾ་ཙི་ཏཾ་ཤད་པ་ར་ཐུམས་རྦད༔ ཅེས་བྲིའོ༔ ལྟེ་བ་ལ་རང་གི་མིང་རུས་བྲི༔ ཕྲ་མེན་ཕྱིན་ཅི་ལོག་བདག་གི་ངག་བཅིངས་པ་དགྲོལ་དུ་གསོལ༔ ཞེས་པ་བྲི༔ དེ་ནས་སླ་ངའམ༔ གཡམ་པའི་སྟེང་དུ་སྐྱེར་པའི་མེ་བཏང་ལ༔ རང་གཅེར་བུར་ཕུད༔ ལུས་དང་ཡན་ལག་ཀུན་ལ་ཚོན་སྐུད་སྔོ་དམར་གྱིས་བཅིངས་ལ༔ འཁོར་ལོ་དང་རང་གི་སྐྲ་བཅད་སེན་མོ་དང་ལུས་ཀྱི་དྲི་མ་ཀུན་མེ་ལ་བསྲེག་ཅིང༔ ངག་ཏུ་སྨྲ་བ༔ ཕྱིན་ཅི་ལོག་དག་གིས་ངག་བཅིངས་པ་དགྲོལ་དུ་གསོལ༔ ཞེས་བརྗོད་ཅིང༔ ཚོན་སྐུད་གྲི་ཡིས་གཏུབ་ཅིང་ཕར་འགོང་ཚུར་འགོང་བྱའོ༔ དེས་ནི་བཅིངས་པ་ཐམས་ཅད་གྲོལ་བར་འགྱུར་རོ༔ ཕྲ་མེན་མའི་ངག་འགྲོལ་རྫོགས་སོ༔ ༔ ཕྲ་མེན་མ་ལ་ཕྱག་འཚལ་ལོ༔ ལུས་མནན་པ་ནི༔ འཁོར་ལོ་མུ་ཁྱུད་གསུམ་པའི་རྩིབས་དྲུག་ལ༔ མཱ་ར་ཡ་རྦད༔ རཱུ་པ་སཏྭམྦྷ་ཡ་ནན་བྲི༔ མུ་ཁྱུད་ལ་སརྦ་སླེ་ཏྲེ་ནན༔ རཱུ་པ་ཏེ་ནཾ་ཁང་མ་ཏེ་ནན༔ སཏྭམྦྷ་ཡ་ནན༔ སཏྭམྦྷ་ཡ་ནན༔ ཅེས་པས་བསྐོར་རོ༔ སྐུད་པ་སྔོ་དམར་གྱིས་བཅིངས་ལ༔ ལ་ཆས་དྲིལ་ཏེ༔ རབས་ཆད་ཐོད་པར་བཅུག་ལ༔ རྒྱུ་སྲང་ངམ་ཐེམ་པའི་འོག་ཏུ་བཅུག་ན་འཆི་བར་འགྱུར་རོ༔ ༔ ཕྲ་མེན་མ་ལ་ཕྱག་འཚལ་ལོ༔ ངག་མནན་པ་ནི༔ ཕྲ་མེན་མའི་ལྟེ་བར་ཙཀྲ་རྩིབས་བདུན་པ་བྲིས་ལ༔ དེའི་ལྟེ་བ་ལ་བསྒྲུབ་བྱའི་མིང་རུས་ལིངྒ་བྲིས་ཏེ༔ རྩིབས་ལ་ཙི་ཏ་ཀུ་ནི་ཙི་ཏ་དུ་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་ཏ་ཀུ་ཁ་ཁ་འདྲས༔ ཁུ་འདྲས༔ ཡང་པ་འདྲས༔ ཀྲ་རཀྴ་ཐུམ་ཡ་ཐུམ་ཡ༔ ཧ་བ་ཡ༔ ཀ་ཤ་ཏ༔ ཞེས་བྲིའོ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཏ་ཀུ་ཤཾ་ཤཾ་པ་ར་དེ༔ ཐུཾ་རག་ཁྲ་རག་ཁྲ༔ ཁ་ཁ་ལེ་ལེ༔ སྙིང་ལ་ཡ༔ ཕྲ་མ་ཏི༔ ཀ་ན་ཡང་ཡང་ཤ་ཀུ་ཤ་ཀུ་ཡ༔ ཕྲ་མ་ཁུག་ཁུག་ཁ་ཡན་ཀླད་པ་ལ་ཡ་ཡ༔ ག་ལོ་ལོ་པ་གང་འདྲས་པ༔ ཀུ་ཥ་ཀུ་ཥ་ཡ་ན་ག་ག་ཏེ་ཏེ༔ ཕྲ་མ་ཡ་ལ༔ ཆེ་གེ་མོའི་སྙིང་ལེ་ལེ་ལོ་ཁུག་ཁུག་རག་ཡ༔ ཞེས་ཉིས་རིམ་དུ་བྲིའོ༔ དེའི་དབུ་ལ་བསྐོར་བ་ནི༔ དུ་ར་ག་ཥ་འ་ཥ་ཀུ་ཧ་ཥ་ལ༔ མ་ལ་བུ་ཤ་ཁ༔ ན་ཏ་པ་ལྕགས་མ་ལ་བ་གླང་ཁ་ཁ་ཏ་ཁུ་མ་བཛྲ་ཏེ་བ་ཀུ་ཥ་ཡ༔ ཞེས་པ་དབུ་ལ་བསྐོར་རོ༔ ཐོད་པ་མཚན་ངན་ནང་དུ་བཅུག་ལ༔ སྔགས་པའི་རྒྱུ་སྲང་དུ་སྦའོ༔ རབ་མལ་འོག༔ འབྲིང་ཐེམ་འོག༔ ཐ་མ་རྒྱུ་འགྲུལ་འགོང་བའི་སར་སྦའོ༔ བྲག་དང་ཆུ་འཐབ་པའི་བར་དུ་སྦས་ན་འཆི་བར་འགྱུར་རོ༔ ཤུག་པ་རུལ་བའི་དྲི་དང་ལྡན་པ་ལ་ཕུར་པ་རྒྱ་མདུད་ཅན་བྱས་ལ༔ དེའི་ནང་དུ་འཁོར་ལོ་ཁ་ཕྱིར་བསྟན་པ་གོང་བཞིན་སྦའོ༔ ངག་མནན་པ་རྫོགས་སོ༔ ༔ ཕྲ་མེན་མ་ལ་ཕྱག་འཚལ་ལོ༔ ཡིད་མནན་པ་ནི༔ འཁོར་ལོ་མུ་ཁྱུད་གསུམ་པ་རྩིབས་ལྔ་པ་ལ་རྩིབས་ལ༔ ཙི་ཏ་པ་ར་དུ༔ མུ་ཁྱུད་ལ༔ ཡིད་སཏྭམྦྷ་ཡ་སཏྭམྦྷ་ཡ༔ སརྦ་སླེ་ཏྲེ་ནན༔ རཱུ་པ་རུ་ཏེ་ནན༔ ཁང་མ་ཏེ་ནན༔ འཁོར་ལོ་སྐུད་པ་སྔོ་དམར་གྱིས་བཅིངས་ལ་ཁ་ལ་ཆས་གྲིལ་ལ་སྙུག་མའམ༔ ཨུམ་བྷིར་བཅུག་ལ་རྒྱུ་སྲང་དུ་སྦའོ༔ ཡིད་མནན་པའོ༔ ྀཨཚ༔ ༔ ཕྲ་མེན་མ་ལ་ན་མོ༔ ཁང་སེལ་ཙཀྲ་རྩིབས་བཞི་མུ་ཁྱུད་གཉིས༔ དཀྱིལ་གྱི་མུ་ཁྱུད་ནང་དུ་གྲུ་གསུམ་བྲི༔ དེའི་ནང་དུ་ཡུལ་མཁར་བྲི༔ རྩིབས་ལ༔ སྙིང་རྩ་ཁྲག་རྩ་སྙིང་ལ་བུ་མིའི་རྟགས་ཕོབ༔ སྙིང་ཁྲག་རྩ་ལ་ཁྲག༔ མ་སྙིང་ལ་ཁྲག༔ ཅེས་བྲི༔ མུ་ཁྱུད་ལ༔ ཤོ་ཡེ་ལ་ས་གཏོར་ཕོབ་ཁམ་ཁམ་ཚིག་ཚིག་གཏོར་གཏོར་ཁཾ་ཤཾ་པ་ཙ་པ་ཙ་པ་ཏི་ཧ༔ ཟླ་གམ་གསུམ་ལ་མཁར་ཤིགས༔ ཅེས་པ་བྲི༔ ཁྱི་ནག་པོའི་ཐོད་པར་བཅུག་ལ་ཁང་པའི་ལྷོ་ངོས་སུ་སྦས་ན་ཡུལ་མཁར་འཇིག་གོ༔ གོ་ཁར་སྦས་ན་བཟའ་འཐབ་འོང་ངོ༔ བྲེས་སམ་རྭ་བར་སྦས་ན་རྟ་ཕྱུགས་འཆི༔ ཁང་སེལ་རྫོགས་སོ༔ ༔ ཕྲ་མེན་མ་ལ་ན་མོ༔ ཞིང་སེལ་ལ༔ འདག་ས་སྤྱིན་པོ་ལ་རང་འཐག་འདྲ་བ་བྱས༔ ཙཀྲ་མུ་ཁྱུད་གསུམ་པ་ལ་རྩིབས་གྲུ་གསུམ་བྱས་ལ་འཁོར་ལོ་གསུམ་ལ༔ འབུ་ཏྲི་རུལ་ཏྲི༔ མུ་ཁྱུད་ལ་ཡང་བྲི༔ ཙཀྲའི་མཐའ་མར་རང་འཐག་སོ་ལུང་གཏོད༔ ཞིང་མུ་མའི་དཀྱིལ་དུ་སྦས་ན༔ ཞིང་མི་སྐྱེ་བའམ༔ འབུས་ཁྱེར་བར་འགྱུར་རོ༔ བཙས་ཁྱེར་བའམ་དགྲ་ལ་འཆོར་བར་བྱེད་དོ༔ ཕྲ་མེན་ཕྱིན་ཅི་ལོག་གི་ཙཀྲ་ལྷ་ཕག་ཤ་ཆེན་པོས་གསུངས་པ་ཞལ་གདམས་ལག་ཁྲིད་དང་བཅས་པ་རྫོགས་སོ༔ ཀུན་ལ་མ་སྤེལ་སྡིག་ཆེའོ༔ རང་ལ་དགོས་ན་ལག་ལེན་གྱིས༔ སྙིང་ནས་སྙིང་ལ་གཏད་པར་བྱའོ༔ ྀཨཚ༔ ༔ ཕྲ་མེན་ཡབ་ཡུམ་གྱི་འགོང་ཆོག་བཞུགས་སོ༔ རྒྱ་གར་སྐད་དུ༔ ཕྲ་མེན་མར་ཧཱ་རྒྱམ་མན་ཏྲ་ཙཀྲ་ནཱ་མ༔ བོད་སྐད་དུ༔ ཕྲ་མེན་མ་ཕྱིན་ཅི་ལོག་གི་ངན་སྔགས་ཀྱི་འཁོར་ལོ་ཞེས་བྱ་བ༔ ཕྲ་མེན་མ་ཡབ་ཡུམ་ལ་ཕྱག་འཚལ་ལོ༔ འཁོར་ལོ་འདི་མིའམ་འདྲེའམ་མི་མ་ཡིན་པ་ལ་སོགས་པས་ངན་སྔགས་ཤེས་སམ༔ ཡི་དམ་གྱི་ལྷ་བསྒྲུབ་པའམ༔ རྡོལ་ཆོས་སུ་འབྱུང་བའམ༔ སྦྱོར་བ་ཤེས་སམ༔ ཏིང་ངེ་འཛིན་ལ་ལྟོས་སམ༔ སྔགས་འདེབས་སམ༔ མཁའ་འགྲོ་མ་དང་གནོད་སྦྱིན་ནམ༔ འཇིག་རྟེན་གྱི་ལྷ་སྲིན་སྡེ་བརྒྱད་གང་བསྒྲུབ་ཀྱང་འཁོར་ལོ་འདི་ལ་གོམ་པ་གཅིག་བོར་བས༔ བསྒྲུབས་པའི་ནུས་པ་འཇིག་རྟེན་འདི་རུ་མེད་པར་འགྲོའོ༔ བན་བོན་གྱིས་ཕྱི་མར་བསྒྲུབ་པ་ཡང་བརླག་པར་འགྱུར་རོ༔ གསང་བའི་བདག་པོ་ལག་ན་རྡོ་རྗེ་ཡང་སྡིགས་ཀྱིས་འོང་ངོ༔ སྒྲུབ་པ་འཇིག་རྟེན་འདི་རུ་མེད་པར་བྱ་བར་འདོད་པས་འདི་བརྩམ་པར་བྱ༔ དར་རམ་རྒྱ་ཤོག་གམ་ཤིང་ཤུན་ལ༔ སད་ཁྱེར་ཁྲག་དང་དུག་ཆུ་ཡིས༔ འཁོར་ལོ་རྩིབས་བདུན་མུ་ཁྱུད་དྲུག་པ་བྲི༔ ཕྲ་མེན་ཕོའི་ལྟོ་བར་གཞུག༔ ལྟེ་བར་ལིངྒ་མགོ་ཐུར་བསྟན༔ མིང་རུས་ནྲྀ་དང་བཅས་པ་བྲི༔ དེའི་ཕྱི་རིམ་རྩིབས་ལ་བྲི་བ་ནི༔ ཙི་ཧ་ན་ཀུ་ཙི་ནི་དུ༔ རྩིབས་རེ་དག་ལ་བྲི་བར་བྱ༔ དེའི་ཕྱི་རིམ་དུ་ཀུ་ཏ་ཉི་ཤུ་རྩ་གཉིས་པ༔ ཏ་ཀུ་ཁ་ཁ་འདྲས་ཁུ་འདྲས་རག་ཤ་ཐུམ་ཡ་ཡཱ་ཧ་ས་པ་ཤ་ཧ་སཏྭམྦྷ་ཡ་དགྲ་བོ་ནན་ཡ༔ དེའི་ཕྱི་རིམ་དུ་མིང་རུས་དབང་ཐང་ཡུལ་ཞིང་བྲི༔ དེའི་ཕྱི་རིམ་དུ་ཏ་ཀུ་དྲུག་ཅུ་རྩ་བཞི་པ༔ ཏ་ཀུ་ཤཾ་ཤཾ་པ་ར་ཧེ་ཐུམ་ཐུམ་རག་ཤ་རགཤ་ཁྲ་ཁ་ཁ་ལེ་ལེ་སྙིང་ལ་པྲ་མ་ཧེ༔ ཀ་ན་ཡ་ཡཱ༔ ཤ་ཀུ་ཡ་ཕྲ་ཁག་ཁུག་ཁུག་ཁན་ཀླད་པ་ལ་ཡཱ་ག་ལོ་མ་བྷ་ག་འདྲས་པ༔ ཀུ་ཤ་ཀུ་ཡ་ནཱ་ག་ཧོ་ད༔ ཡ་མ་ཡེ་སྙིང་ལེ་ལེ་ཁུ་ཁུ་རག༔ དེའི་ཕྱི་རིམ་དུ་ཁྲོ་བོ་ཕྲ་མེན་བྲི༔ དུ་རག་སུམ་ཅུ་རྩ་གསུམ་པ༔ མགོ་ཐོག་བྲིས་ལ་ལག་པ་བརྒྱང་ངོ༔ དུ་རག་ཤ་ཤམ་ཀུ་ཧཾ༔ ཁ་མ་ཁ་མ་ཕུ་ཤ་ལ་ན༔ དངས་མ་ལས་མ་ལཾ་ཁ་ས་གླང་ཁ་ཧ༔ ཁུ་ལ་བཛྲ་པ་ཧེ༔ ཀུ་ཏྲ་ཤོ་ས༔ ཕྱག་རྒྱ་རྡོ་རྗེ་དབྱུག་ཐོ་བསྣོལ་མར་བསྐོར༔ དེ་ཡབ་ཀྱི་འཁོར་ལོ་ཡིན་ནོ༔ གོང་དུ་ཡང་དེ་ཡུམ་གྱི་འཁོར་ལོར་བཤད༔ ཁྲོ་མོ་བྲིས་ལ་ཕྱག་རྒྱ་མགོ་ལ་བསྣོལ་བ་བྲི༔ ལྟོ་བར་ལིང་ག་མགོ་བོ་ཟློག་པར་བྲི༔ རྒྱུ་ཞབས་སུ་མཆོད་རྟེན་བང་རིམ་ལྔ་པ་བྲི༔ ལྕེའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་བྲི༔ ལྟེ་བར་མིང་བྲི༔ ཧཱུྃ་རིང་བཅུ་གཉིས་ལྕེའི་རྡོ་རྗེའི་གཡས་གཡོན་དུ་བྲི༔ ས་ར་ཧཾ་རྐང་པའི་མཐིལ་དུ་བྲི༔ བརླ་གཡས་པ་ལ་ཨཱ་ཨཱ་ཨཱ༔ ཨེ་ཨེ་ཨེ༔ ཧཾ་ཧཾ༔ པྲ་ཡཾ་ཡཾ༔ བརླ་གཡོན་པ་ལ་ཨཱ་ཨཱ་ཨཱ༔ ཨེ་ཨེ་ཨེ༔ པྲཾ་མ་ཧ་རི་བྲིའོ༔ ལག་པ་གཡས་པ་ལ་སྟི་སྟ་ཧཾ་ཧཾ༔ གཡོན་པ་ལ་ཧཾ་ཧཾ༔ དྷིམ་དྷིམ་བྲིའོ༔ ཡིག་མགོ་ནང་དུ་བསྟན་ནོ༔ བྱད་ལ་བྲི་བ་ནི༔ ལཾ་ལཾ་ལཾ་བྲིའོ༔ འགྲམ་པ་གཡས་གཡོན་ལ་བྲི་བ་ནི༔ ཨེ་མ་རྨེ་ཏ་བྷ་ས་ནི་ཧ་ཧ་བར་དགྲ་བོ་ཆེ་གེའི་ངག་ནན༔ སྤྱི་གཙུག་ན་ཚུར་བྲི་བ་ནི༔ པ་ཏན་ཏུ་པྲ་ཏྱཾ་གི་ར་ཧཾ༔ བྲིའོ༔ གཟུགས་ཀྱི་མཐའ་མར་སྔགས་འདིས་བསྐོར་རོ༔ ཨོཾ་ཕྲ་མེན་མ་སུ་རུ་སུ་རུ་ཡཾ༔ ཨོཾ་བྷ་ཏ་ལི་བ་ཏ་ལི༔ བ་ར་ཧི་མུ་ཁཱི་སརྦ་དུཥྚཱཾ་པྲ་ཏི་སཏྭམྦྷ་ཡ་ཆེ་གེ་མོ་ཀུ་རུ་ལཾ་ཆེ་གེ་མོ་ཆིངས་ཤིག་སོད་རྦད༔ ཧཱུྃ་ཧཱུྃ་ཧཱུྃ་གིས་བསྐོར༔ ཕྲ་མེན་ཕྱིན་ཅི་ལོག་གི་འཁོར་ལོ་གཉིས་ཀ་གུ་གུལ་གྱི་དུད་པས་བདུག་ལ༔ རབ་མོན་ཐོད༔ འབྲིང་རབས་ཆད་ཐོད་པ༔ ཐ་མ་གླང་རུའམ་ར་རུ་ལ་བཅུག་ལ༔ ཡིད་ལ་གནག་པའི་བན་བོན་ནམ༔ ལྷ་འདྲེ་གང་ཡིན་ཆུད་པར་བསམ་ལ་ཁ་ལ་ཆས་བཀག་ལ་རེ་བས་གྲིལ་ལ་རང་གིས་མི་འགོང་བའི་སར་བཞག་གོ༔ དེ་ནས་ཉམས་པའི་ཐེམ་འོག་ཏུ་ཚུད་ན་རབ་བོ༔ དེ་མིན་ན་ཡང་ཁོ་རྒྱུ་བའི་སར་སྦའོ༔ ལྷ་འདྲེ་ཡང་རྒྱུ་སར་མནན་ནོ༔ དེས་ནི་བསྐལ་པར་བསྒྲུབས་པའི་ནུས་པ་ཡང་བརླག་པར་འགྱུར་རོ༔ ཐེངས་གཅིག་འགོངས་པས་ཆོག་གོ༔ ལས་ཟིན་ནོ༔ ཕྲ་མེན་མའི་ངག་མནན་པའི་མན་ངག་ཅེས་བྱ་བ་རྫོགས་སོ༔ ྀཨཚ༔ ༔ ན་མོ་གུ་རུ༔ ངག་གསོ་བའི་ཆོ་ག་ལ༔ འཁོར་ལོ་རྩིབས་བདུན་དཔེ་ཆུང་ལྟར་བྲིས་ལ༔ རང་གི་སྐྲ་དང་སེན་མོ་དང་གོས་ཀྱི་དྲི་མ་དེ་རྣམས་འཁོར་ལོའི་དབུས་སུ་གྲིལ་ནས་བཞག་ལ༔ རང་གི་མནན་པ་ལ་དུ་འགོངས་པའི་ཚད་དེ་ལ་འགོངས་ལ༔ འཁོར་ལོ་དེ་ལ་སྦྱིན་སྲེག་བྱ༔ ཐལ་བ་ཆུ་གཙང་དང་སྦྱར་ཏེ་ས་གཙང་སར་གཏོར༔ སྦྱིན་སྲེག་བྱེད་པའི་དུས་སུ་འདི་བཟླ་འོ༔ ཙི་ཏ་ཤད་རིལ་ཐུཾ་སྟིསྟ་རྦད༔ ངག་གི་སྦྱོར་བ་ཐམས་ཅད་གྲོལ་བར་གྱུར་ཅིག༔ སྲུང་མ་ལ་ཟེར་ཕོག་པ་ཐམས་ཅད་གྲོལ་བར་གྱུར་ཅིག༔ ཆོས་སྐྱོང་ལ་ཟེར་ཕོག་པ་ཐམས་ཅད་གྲོལ་བར་གྱུར་ཅིག༔ ཅེས་པ་གོང་དང་སྦྲེལ་ལ་བཟླ་འོ༔ ཤིང་འཇམ་པ་ལ་བསྲེག་གོ༔ ཁ་རླངས་དང་དྲི་མ་མི་གཏོང་ངོ༔ བྲི་བའི་དུས་ཉི་མ་དགོང་ཀར་བྲིའོ༔ རྫོགས་སོ༔ རྒྱ་རྒྱ་རྒྱ༔ ྈ ཕྲ་མེན་མའི་ངག་མནན་དང་ཟློག་པ་སོགས་ངན་སྔགས་བཞུགས་སོ༔ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ༔ ཕྲ་མེན་མའི་མན་ངག་ལ༔ ཤོག་བུ་ལ་བཙག་གམ་སྣག་ཚས༔ རང་གི་དྲི་མ་མ་ཤོར་བར་བྱས་ལ༔ ཕྲ་མེན་ཆེན་མོའི་སྐུ་རྟེན་འཁོར་ལོ་བྲིས་ཏེ༔ དེ་ཡང་ཕྲ་མེན་ཆེན་མོ་གན་རྐྱལ་གནས་པ༔ ལྟོ་བ་ལྡིར་བ་ཕྱག་གཡས་པས་རལ་གྲི་བསྣམས་པ༔ གཡོན་པས་རལ་གྲིའི་རྩེ་མོ་ནས་བཟུང་བ༔ སྤྱི་བོ་ལ་གཏད་པ་ཞིག་བྲི༔ དེ་ལ་སྔགས་མཆན་འོག་གཡོན་པ་ནས་མགོ་ཕྱིར་བསྟན་ལ་འཁོར་བར་བྲི༔ ཨོཾ་ཕྲ་མེན་མ་རུ་ལུ་རུ་ལུ་ཡཾ་ཡ༔ ཨོཾ་བྷ་སྟི་ལི་བྷ་ར་ལི་ཧཾ་ཧ་མུ་ཁི་སརྦ་དུཥྚཱཾ༔ པྲ་མ་ཏི་སཏྭམྦྷ་ཡ་ནན༔ མུ་ཁ་སཏྭམྦྷ་ཆེ་གེ་མོ་དང་ཆེ་གེ་མོའི་འགོ་བའི་ལྷ་ཀུ་རུ་ལཾ་སཏྭམྦྷ་ཡ༔ ཆིངས་ཆིངས་ས་ཧ་ཧཱུྃ་ཏུཾ་ཏུཾ༔ ཞེས་པ་དཔུང་པ་གཡོན་པ་ལ་ཐུག་པར་བྲི༔ དེའི་ལྟོ་བར་ཆེ་གེ་མོའི་ལིང་ག་ཕྲ་མེན་མའི་འདོམས་སུ་མགོ་བོ་བསྟན་ནས་དེ་ཡང་གན་རྐྱལ་དུ་གནས་པ༔ ལྟོ་བ་ལྡིར་བ་ལ་ལག་པ་བསྒྲད་པ་ཞིག་བྲི༔ རྣ་བ་གཡས་གཡོན་སྤྱི་བོ་སྙིང་ག་བཞི་རུ༔ ཐུགས་ཀྱི་རྟེན་རྡོ་རྗེ་རེ་རེ་བྲི༔ དེ་ལ་སྔགས་དགོད་དེ་སྐྲ་གསེབ་ཏུ༔ པྲ་དན་དུ་པྲ་ཏཾ་ཀྱི་ར་ཧོ༔ ཞེས་ཕྱིར་ལ་བྲི༔ བྱད་གཡས་པའི་མགོ་ནས་གཡོན་པའི་སྣ་ཚུན་ཆད་ལ༔ ཨེ་མ་སྨིན་ཏ་བྷ་ཏ་ཏ་ཀུ་ར་པ་ན་ཉི་ཏ་པ་ར་ཞེས་པ་ཡིག་མགོ་ནང་དུ་བསྟན་པ་བྲི༔ དཔྲལ་བར་ལཾ་གསུམ་མགོ་ཕྱིར་བསྟན་པ་བྲི༔ སྣ་བུག་གཡས་གཡོན་དུ་ཧཱུྃ་རེ་བྲི༔ དཔུང་པ་གཡས་པ་ལ་སྟི་སྟི་རེ་རེ་བྲིའོ༔ གཡས་པའི་གྲུ་མོ་ལ་ཧཾ་ཏཾ་བྲི༔ བརླ་གཡས་པ་ལ་ཨ་ཨེ་ཧཾ་ཧཾ་པྲ་ཡཾ་ཡཾ་བྲི༔ བརླ་གཡོན་པ་ལ་ཨཱ་ཨཱ་ཨེ་ཨེ་པྲ་ཡ་ཧཾ་ཧཾ་བྲི༔ འདོམས་སུ་པྲ་ཧཾ་བྲི༔ རླུང་སྒོ་ལ་པ་རེ་བྲི༔ རྐང་མཐིལ་གཉིས་སུ་ཧ་རཾ་བྱ་བ་རེ་བྲི༔ སྙིང་གར་རྡོ་རྗེའི་ལྟེ་བ་ལ་དགྲ་དུ་ཡོད་པའི་མིང་རུས་བྲི༔ རྡོ་རྗེའི་གཡས་གཡོན་དུ་ཧཱུྃ་དྲུག་ངོས་གཉིས་རེ་རེ་ལ་བྲི༔ ཡིག་འབྲུ་མགོ་སྤྲད་ལ་ནང་དུ་བསྟན༔ ལིང་གའི་ལྟེ་བར་པུསྟིའི་གཟུགས་བྲི༔ དེའི་བར་དུ་གཡས་གཡོན་དུ་མགོ་སྤྲད་ལ་རྟེན་འབྲེལ་སྙིང་པོ་བྲིའོ༔ རྟེན་འབྲེལ་སྙིང་པོ་བྲིས་ལ་ཙཀྲ་གཡག་རོག་རྭར་གཞུག་གོ༔ རེ་བས་གྲིལ་ལ་ཐེམ་འོག་གམ༔ དགྲས་འགོང་བའི་སར་སྦས་པས༔ རྟེན་འབྲེལ་བཤིག་པར་འགྲོ་བ་ཡིན༔ སྔགས་བཟླས་མི་དགོས་སོ༔ འཁོར་ལོ་ཚུད་པས་ཆོག་པ་ཡིན་ནོ༔ མྱུར་དུ་གསད་པར་འདོད་ན༔ མུ་ཁ་སཏྭམྦྷ་ཀུ་རུ་ལཾ་གྱི་བར་དུ་དགྲའི་མིང་རུས་དང་འགོ་བའི་ལྷ་དང༔ ལྷ་འདྲེ་གདུག་པ་ཅན་གྱི་མིང་བཅུག་པས་མྱུར་དུ་འཆིའོ༔ བསོད་ནམས་བསྐྱུང་བར་འདོད་ན་འདི་བྱའོ༔ འབྲུའམ་མེ་ཏོག་ལ་སྔགས་བརྒྱ་རྩ་བརྒྱད་བཟླ༔ འཁོར་ལོའི་ཟླ་ལ་བཞག་པས་བསོད་ནམས་ཆུ་བཅད་པ་བཞིན་འགྲོའོ༔ འགོང་བའི་སར་མ་ཚུད་ན༔ ཤོག་བུ་ལ་བྲིས་ལ་སྡོད་པའི་སས་བཤལ་ལ་ཁོ་འགོང་དུ་གཞུག་གོ༔ ཆུས་བྱེད་ན་འཁོར་ལོ་ཤིང་ལ་བྲིས་ལ་་་སྤྲ་རྩི་བཏང་ནས།འཁོར་ལོ་བཀྲུས་པའི་ཆུ་ལ་འགོང་དུ་གཞུག་གོ༔ གལ་ཏེ་རང་ངམ་མ་བུས་འགོང་དགོས་པ་བྱུང་ན་རང་གི་ཡན་ལག་མགོ་དང་ལྔ་དར་ཚོན་སྣ་ལྔས་ཕྱིར་ལ་བཀྱིགས་ལ༔ གྲི་སོལ་མལ་ནས་ཕྱུང་མ་ཐག་གམ་ཡང་ན་གྲི་བསྲེགས་དམར་ལྷང་བ་དེས་ཚོན་སྐུད་བཅད་ལ་གཏོར་ལ༔ ཕྲ་མེན་མའི་ཉམས་པ་ཁྲོལ་བྱས་ལ་རང་འགོང་བ་ལ་དེ་ལྟར་བྱའོ༔ དགྲས་གུས་པ་བྱས་ན་ཡང་དེ་ལྟར་བྱའོ༔ ཙཀྲ་སྤོས་ཆུས་བཀྲུ༔ སེམས་བསྐྱེད༔ དབང་བསྐུར་བྱས་པས་སོར་ཆུད་དོ༔ དཔེ་འདི་བྲག་སྐྱེད་ཆུ་འབབ་པར་སྦའོ༔ གསང་བའི་མན་ངག་ནོར་བུ་ལྟ་བུ་ངན་སྔགས་ཕྱིན་ཅི་ལོག་གདུག་པ་སྦྱིན་ཅི་ལོག་ཕྲ་མེན་ཕྱིན་ཅི་ལོག་གསུམ་ལས་ཕྲ་མེན་མའོ༔ ༔ བླ་མ་དམ་པ་ལ་ན་མོ༔ ཕྲ་མེན་མ་ལ་ཕྱག་འཚལ་ལོ༔ ཕྲ་མེན་ཆེན་མོས་ཕྱིར་ཟློག་པའི་ངན་སྔགས་ལོ་ཀ་དང་ལོ་ཀ་ལས་འདས་པའི་རཱུ་པ་དང་རཱུ་པ་མ་ཡིན་པ་དེ་རྣམས་ཀྱི་མནྟྲ་ལས་གྲུབ་པའི་ནུས་པ་དང་གཞན་ཡང་བྲམ་ཟེ་དྲང་སྲོང་གི་གནོད་པ་ལ་སོགས་པའི་མཐུ་དང་གནོད་པ་དང༔ གཞན་ཡང་ངག་ཏུ་བརྗོད་པའི་ནུས་པ་དང༔ ས་མཱ་དྷིའི་ནུས་པ་ལ་སོགས་གཞན་དག་ལ་ཕན་པ་དང་གནོད་པ་ལ་སོགས་པའི་ནུས་པ་དེ་དག་སྐད་ཅིག་ལ་མེད་པར་བྱེད་ཅིང་བསྐལ་པ་སྟོང་དུ་བསགས་པའི་སྔགས་ཀྱི་ནུས་པ་ཡང་མེད་པར་འགྲོ་ལ་དེ་དག་གིས་རེག་པར་གྱུར་པ་དེ་ས་བཅུའི་བྱང་ཆུབ་སེམས་དཔའ་ཡིན་ཡང་སྔར་བྱས་པའི་ནུས་པ་ཐམས་ཅད་འཇིག་པར་འགྱུར་རོ༔ མ་བཏོན་ན་ཕྱིས་ཀྱང་འགྲུབ་པར་མི་འགྱུར་རོ༔ དེ་ལ་ཕྲ་མེན་འཁོར་ལོ་རྩིབས་བདུན་མ་བྲི༔ ལྟེ་བར་མིང་རུས་དང་བསྒྲུབ་བྱའི་ལིང་ག་བྲི༔ རྩིབས་ལ་ཙི་ཏ་ཀུ་ནི་ཙི་ཏ་དུ༔ ཞེས་པ་བྲི༔ དེའི་མུ་ཁྱུད་ལ༔ ཏ་ཁུ་ཁ་ཁ་འདྲས་ན་ཡ་བཾ་འདྲས༔ ཏྲག་རཀྴ་ཐུམ་པ་ཡ་ཐུམ་པ་ཡ༔ ཧ་ས་ས་ཀ་ཧཾ་པ་ཏ་ཞེས་བྲི༔ དེའི་ཕྱི་རོལ་མུ་ཁྱུད་ལ༔ ཏཾ་ཀུ་ཤཾ་ཤཾ་བཾ་ཏེ་བྲུཾ་བྲུཾ་ཤུ་ར་ཁྲ་ར་ཁྲ༔ ཁ་ཁ་ལེ་ལེ་སྙིང་ལ་ཡ་ས་མ་ཏ་ག་ན་ཡང་ཡ༔ ཕྲ་མ་ཁུག་ཁུག་ཁ་ཡང་ན་བླང་བ་ལ་ཡ་ག་ལོ་ལ་བྷ་གད་འདྲས་པ༔ ཀུ་ཤ་ཀུ་ཤ་ཡ་ན་ག་ག་ཏེ་པྲ་མ་ཡ་སྙིང་ལོ་ཁུང་ཁུང་རག༔ མུ་ཁྱུད་ལ་ཉིས་རིམ་བྲིའོ༔ མུ་ཁྱུད་དེའི་མགོ་ལ་བསྐོར་བ་ནི༔ དུ་རུ་བ་ཤཾ་ཁུ་ཏ་ལ་མ་ཁ་བུ༔ ལ་ན་ཏ་པ་ལྕམ་ལ་ས་བླ་ཁ་ཁ་ཏ་ཀུ་ལ་བཛྲ་པཱ་ཎི༔ ཀ་ཤ་ཡ༔ ཞེས་མགོ་ལ་བསྐོར་རོ༔ ཐོད་པ་མཚན་ངན་དུ་བཅུག་ལ༔ རྒྱུ་བའི་སྲང་དུ་མནན་ན༔ གཞན་གྱི་ནུས་པ་ཕྱིར་བཟློག་ལ༔ ངག་གི་ནུས་པ་ཐམས་ཅད་འཇིག་པས་ན༔ ཕྲ་མེན་མའི་ངན་སྔགས་ཞེས་བྱའོ༔ ྀཨཚ༔ ༔ འཁོར་ལོ་དཔེ་ཆུང་ལྟར་བྲིས་ལ༔ ལ་ཆའི་ཁོང་པར་བཅུག་ལ་མཁར་གྱི་ལྷོ་ངོས་སུ་བཅུག་ན་མཁར་འཇིག་གོ༔ མཛོད་དུ་སྦས་ན་ནོར་འཛད་དོ༔ གོ་ཁར་སྦས་ན་བཟའ་ཚང་འཐབ་བོ༔ གསང་བའི་མན་ངག་གོ༔ ྀཨཚ༔ ༔ ཕྲ་མེན་ཞིང་སེལ་ལ་རྫའམ་འདག་ས་སྤྱིན་པོ་ལ༔ རང་འཐག་འདྲ་བ་གཅིག་བྱས་ལ༔ དེའི་ཁོང་པར་འཁོར་ལོ་བཅུག་ལ༔ ཞིང་མུ་མའི་དཀྱིལ་དུ་བཅུག་ན་ཞིང་འཆོར༔ བཙས་འཁྱེར༔ འབུས་གཡེང༔ ཕྲ་མེན་ཞིང་སེལ་རྫོགས་སོ༔ ྀཨཚ༔ ༔ ཕྲ་མེན་མ་ལ་ཕྱག་འཚལ་ལོ༔ ཕྲ་མེན་མས་སེར་བ་བསྲུང་བ་ལ༔ གཟའི་གཟུགས་འཁོར་ལོ་དང་བཅས་པ༔ བསྒྲུབ་བྱའི་མཚམས་སུ་ཐེམ་འོག་སྦའོ༔ དེའི་སྟེང་ཐོ་བརྩིགས་དབང་ཕྱུག་ཆེན་པོར་བསྒོམ༔ གདོང་ཟློག་བསམ་རྒྱུད་འདི་ལྟར་བྱ༔ རང་ཁྲོ་བོ་ཐལ་མདོག་བསྒོམ༔ སྐྲ་སེར་ནག་གཡས་དབྱུག་ཐོ༔ གཡོན་ལྕགས་ཀྱུས་སྤྲིན་འཁྲུགས་པ་གཅིག་ཏུའོ༔ དེའི་ལྟེ་བའི་འོག་སྤུའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་མེ་འབར་བ་འདྲ་བ་གཉིས་བསམ་ལ༔ ཨོཾ་པྲེ་དུ་ཏ་ཨག་གཉའ་ཡཱ་ཙ་འུར་ཝི་ཏ་རྫ་པ་ར་ན་ཡེ་ཧཱུྃ་ཧཱུྃ༔ ཞེས་པ་ལན་གསུམ་བརྗོད་པས༔ དབུགས་རྒྱུ་བའི་རིམ་པའི་ཐོག་ནས་ཉི་མའི་དལ་མིག་གཡས་པའི་ནང་ནས་ཐོན་ནས༔ མཛུབ་མོ་གཡས་པའི་རྩེ་མོ་ལ་ཉི་མའི་དཀྱིལ་འཁོར་ལ་ཧཱུྃ་ཡོད་པར་བསམ་མོ༔ ཉི་མའི་དཀྱིལ་འཁོར་ལ་སྔགས་ཀྱིས་བསྐོར་བ་ལ༔ ཉི་མ་དེ་ཇེ་ཆེ་ཇེ་ཆེ་ལ་རང་བསྲུང་བྱ་ཚུན་ཆད་ཁྱབ་པར་བསམ་མོ༔ དེས་མཐའ་སྐོར་དུ་ཡང་འགྲེའོ༔ དེས་མཚམས་མཉམ་པའོ༔ དེ་ནས་སེར་བ་བབ་ཀྱི་དོགས་པའི་དུས་སུ༔ ནམ་མཁའ་ལ་ཡི་གེ་ཐ་ལྟ་བུ་བསམ་ལ༔ སྤྲིན་གུར་བཤིག་གོ༔ ལྷར་གསལ་བ་ལ་སྟེང་དུ་བྱུང་ཚད་ཀྱིས་སྤྲིན་ཐམས་ཅད་ཤིང་ཁྲམ་རླུང་གིས་ཁྱེར་བ་ལྟ་བུ་དེ་རུ་བསྒོམ་མོ༔ ཀ་རོ་སྨ་རེ་ཐང་ཀ་རི་ན་ཐ་ཞེས་པའི་སྔགས་བཟླས་ཤིང་མཛུབ་རིས་བྱས་པས་ཤིང་ལས་མེ་བྱུང་སྟེ༔ རང་བསྲུང་བའི་ཡུལ་ཕྱོགས་མེ་འབར་བར་བསམ་མོ༔ དེ་ལྟར་བསམ་རྒྱུད་གསལ་བ་གལ་ཆེའོ༔ མུ་སྟེགས་འདི་ས་མཱ་དྷི་གལ་ཆེའོ༔ ཕྲ་མེན་མས་སེར་བ་བསྲུང་བའི་མན་ངག་རྫོགས་སོ༔ ྀཨཚ༔ ༔ འཁོར་ལོ་དཔེ་ཆུང་ལྟར་བྲིས་ལ༔ སྐུད་པ་སྔོ་དམར་གྱིས་བྱད་དུ་བཅུག་ལ༔ ལ་ཆའི་ཁོག་པར་བཅུག་རབས་ཆད་ཐོད་པའི་ནང་དུ་བཅུག་ལ་ཁོ་རྒྱུ་བའི་སྲང་ངམ༔ ཐེམ་པའི་འོག་ཏུ་མནན་ན་ངེས་པར་འཆིའོ༔ ཕྲ་མེན་མའི་གསད་པ་རྫོགས་སོ༔ གའུ་འམ་ཨུཾ་བྷིའི་ནང་དུ་བཅུག་ལ་ཁོ་རྒྱུ་བའི་སྲང་དུ་མནན༔ གང་ལ་རེག་པར་གྱུར་པ་དེའི་ནུས་པ་ཉམས་པར་འགྱུར་རོ༔ ྀཨཚ༔ ༔ ཕྲ་མེན་མ་ལ་ན་མོ༔ ཕྲ་མེན་ཕྱིན་ཅི་ལོག་མས་སྔགས་པའི་ངན་སྔགས་ཀྱི་ནུས་པ་ཉམས་པར་གྱུར་པ་འགྲོལ་བ་དང་གཞན་ཡང་དྲང་སྲོང་དམོད་པ་དང༔ བྲམ་ཟེ་ལ་སོགས་པ་གཞན་དང་གཞན་གྱི་རིག་སྔགས་ལ་སོགས་པས་བཅིངས་པ་དང༔ ལུས་ངག་ཡིད་གསུམ་མནན་པར་གྱུར་པ་ཐམས་ཅད་འགྲོལ་བའི་ཐབས་ལ༔ དང་པོ་འཁོར་ལོ་རྩིབས་བརྒྱད་པ་བྲིས་ལ༔ རྩིབས་ལ༔ ཏཾ་ཐཾ་ཐི་ཏི་ཤད་པ་ར་ཐུམ་རྦད༔ ཅེས་པ་བྲིའོ༔ ལྟེ་བར་རང་གི་མིང་བྱང་བྲི༔ ཕྲ་མེན་ཕྱིན་ཅི་ལོག་མས་བདག་གི་ངག་བཅིངས་པ་དགྲོལ་དུ་གསོལ༔ ཞེས་བྲི༔ དེ་ནས་སླ་ངའམ་གཡམ་པའི་ཁུད་དུ་སྐྱེར་པའི་མེ་སྦར་ལ་རང་གཅེར་བུར་ཕྱུངས་ལ༔ སྐྲ་དང་སེན་མོ་ཀུན་བཅད་ལ་ལུས་ཀྱི་དྲི་མ་ཀུན་མེ་ལ་བསྲེག་གོ༔ ཕྲ་མེན་མས་བདག་གི་ངག་བཅིངས་པ་དགྲོལ་དུ་གསོལ༔ ཞེས་བརྗོད་དོ༔ སྔགས་བཟླས་ཤིང་འཁོར་ལོ་ཧ་ཧས་བྱབས་ཤིང་བསྲེགས་ལ་ཐལ་བ་རླུང་ལ་བསྐུར༔ ཚོན་སྐུད་དགྲོལ༔ གྲིས་གཏུབ་མེ་ལ་ཕར་མཆོང་ཚུར་མཆོང་བྱའོ༔ དེས་བཅིངས་པ་ཐམས་ཅད་དགྲོལ་བར་འགྱུར་རོ༔ ལུས་ངག་ཡིད་གསུམ་བཅིངས་པ་འགྲོལ་བའོ༔ ཕྲ་མེན་ངན་སྔགས་རྫོགས་སོ༔ ཕུང་པོ་རི་བོ་ཆེ་ལ་སྦས་པའོ༔ ྀཨཚ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ སྤྲུལ་སྐུ་པདྨ་གླིང་པའི་གཏེར་མའོ། །མངྒ་ལཾ།། །།ལྔ་པ་རིན་པོ་ཆེའི་གསན་ཐོ་ལྟར་ཚང་ངོ་།།
ཤིན་ཏུ་གཉན་པ་མ་མོའི་ཁྲག་མདོས་ (Volume 44, Text 4)
༄༅༔ ཤིན་ཏུ་གཉན་པ་མ་མོའི་ཁྲག་མདོས་བཞུགས་སོ༔ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ མ་མོ་བསྟེན་པའི་རྣལ་འབྱོར་པར༔ མ་མོ་འཁུ་ལྡོག་བྱུང་བ་དང༔ དགྲ་ཡི་ཟས་གོས་འདྲེས་པ་དང༔ དགྲ་བོ་བསྒྲལ་པའི་གཏང་རག་དང༔ མི་ནད་ཕྱུགས་ནད་གཅོད་པ་དང༔ དགྲ་ལ་རྦད་པ་ལ་སོགས་པ༔ གང་ལའང་མདོས་འདི་མེད་ཐབས་མེད༔ དེ་ལ་སྤྱི་དོན་རྣམ་གསུམ་སྟེ༔ དང་པོ་རྫས་གསག་པ༔ བར་དུ་སྤྱན་འདྲེན་པ༔ ཐ་མ་བཅོལ་ཞིང་དགྲ་ལ་རྦད་པའོ༔ དང་པོ་བཅའ་ཚོགས་ལ༔ ཁམ་ས་ལ་མ་ཏྲཾ་བྱ༔ དེའི་དཀྱིལ་འཁོར་དུ་མཁར་བད་དང་བཅས་པ་བྱ༔ མཁར་དེའི་དཀྱིལ་དུ་མ་མོའི་སྐུ་བཞུགས༔ མདའ་བཞི༔ འཕང་བཞི༔ ནམ་མཁའ་རྒྱང་བུ་བཞི༔ ཕྱོགས་བཞིར་མ་མོའི་སྐུ་རྟ་ཞོན་བཞི༔ བྱ་ཁྱི་རྔ་མོང་ལུག་ནག་གཡག་ནག༔ དྲེལ་ནག་ནད་རྐྱལ་བཀལ་བ་བཞི༔ བུད་མེད་མར་མེ་ཐོགས་པ་རྣམས་ཕྱོགས་རེ་རེ་བཞིན་བྱའོ༔ ནམ་མཁའ་ཀུན་ཞལ་དང་བཅས་པ་སྟེང་ནས་ཕུབ༔ མ་ཏྲཾ་གི་སྟེང་དུ་རྨ་བྱའི་མདོངས༔ ནལ་བུའི་སྙིང༔ སྤོས་དང་གསུར་ཆེན་གྱི་དུད་པ༔ ཚིལ་ཆེན་གྱི་མར་མེ༔ ཁྲག་སྣའི་གཏོར་མ༔ བདུད་རྩི་རཀྟ་ལ་སོགས་པ་བཟང་བར་བཤམ༔ དེ་ལ་ཡི་གེ་འབྲུ་གསུམ་གྱིས་མདོས་གཏོར་མ་མོ་དགྱེས་པའི་ཡོ་བྱད་དཔག་ཏུ་མེད་པར་བྱིན་གྱིས་བརླབས་ལ༔ ཡི་དམ་གང་ཡིན་གྱི་ཕྲིན་ལས་གཞུང་བསྲངས་ལ༔ ཨོཾ་མ་མ་ཏྲག་རཀྴ་ཁ་མུན་ཏྲ༔ སྙིང་ཁ་ལ་རཀྴ་མོ༔ ཡཀྴ་མོ་དུན་བྷྱོ༔ ཡ་མ་ལ་ཙཀྲ་སྙིང་ཁ་རག་མ་མོ་དུན་བྷྱོ༔ མ་མ་ཙཀྲ་ཀྲོ་ཏ་མ་མ་བྷྱོ་ཛ་ཛ༔ ཞེས་ཉེར་བཞིས་འབོད། དེ་ནས་སྤྱན་འདྲེན་པ་ནི། ཚིལ་ཆེན་དང་སྤོས་བསྲེག༔ ཆང་ཕུད་གཏོར་ལ་འདི་སྐད་དོ༔ བྷྱོ༔ འདི་ནས་དཔག་ཚད་སྟོང་ཕྲག་ཕ་རོལ་ན༔ བྱང་ལམ་དམར་པོ་གྱ་མ་གྱུ༔ བྱང་རི་དམར་པོ་ཁྱ་མ་ཁྱུག༔ བྱང་བྲག་དམར་པོ་ལྷབ་མ་ལྷུབ༔ བྱང་མཚོ་དམར་པོ་མར་ལ་མེར༔ བྱང་ཐང་དམར་པོའི་དཀྱིལ་ཤེད་ན༔ བསྭེ་ཡི་སྐུ་མཁར་ལྡེམས་སེ་ལྡེམ༔ བསྭེ་ལོགས་དམར་ལ་རྡུལ་མི་ཆགས༔ བསྭེ་ཟུར་རྣོ་ལ་སྦྲུལ་མི་འཁྲིལ༔ བསྭེ་བད་སྨུག་པོ་བྱས་པའི་མཁར༔ བསྭེ་མཁར་ནང་ན་བཞུགས་པའི་མ་མོ་ནི༔ ཁྲག་འཐུང་འབར་བའི་ཕོ་ཉ་མོ༔ མི་རོ་རྟ་རོའི་ཁྲི་ལ་བཞུགས༔ སྲིན་མོ་འབུམ་གྱི་ཕོ་ཉ་འགྱེད༔ ཁྲག་གི་རལ་པ་དམར་པོ་ལ༔ ལྕགས་ཀྱི་སེར་ཆེན་འབེབ་པ་མོ༔ སྤྱན་ནི་ཉི་མའི་དཀྱིལ་འཁོར་འདྲ༔ དོ་ནུབ་བུ་ཡི་གནས་འདིར་བྱོན༔ ཁྱོད་ཀྱི་དཔྲལ་བའི་དཀྱིལ་ཤེད་ན༔ སྨེ་བའི་རྨ་ཆེན་སྤྲུལ་པ་འགྱེད༔ སྲིན་མོ་ནག་མོ་ཆེན་མོ་རྣམས༔ དཔག་ཚད་ཀྱིས་ཀྱང་སྐུ་མ་བསླེབ༔ སྐུ་མདོག་ནག་མོ་ཕྱག་གཉིས་མ༔ དཔྲལ་བ་དེ་ཡི་དཀྱིལ་ཤེད་ན༔ སྨེ་བ་སྨིན་དྲུག་འདྲ་བ་ཡོད༔ ཞལ་ནས་ཁྲག་དང་ཞག་འཛག་མ༔ མ་མོའི་ཕྲག་པ་གཡས་པ་ན༔ སྲིན་མོའི་རྒྱལ་མཚན་ཕྱར་བ་མ༔ སྲིན་མོའི་ཕྲག་པ་གཡོན་པ་ན༔ ཐོད་པ་གསར་རྙིང་ཕྲེང་བས་བརྒྱན༔ ཕྱག་གཡས་སོར་མོའི་འདུ་བྱེད་ནི༔ ལྕགས་སྤྱང་མང་པོའི་འཕྲོ་འདུ་བྱེད༔ དགྲ་བགེགས་རྣམས་ཀྱི་སྙིང་ནས་འགུགས༔ གཡོན་གྱི་ཕྱག་རྒྱའི་འཕྲོ་འདུ་ཡི༔ ཐོད་ཞལ་ཉམས་པའི་གཤེད་པོ་སྟེ༔ དགྲ་བགེགས་ཐམས་ཅད་རྡུལ་དུ་རློག༔ སྦྲུལ་ནག་གདུག་པས་སྐུ་ལ་བརྒྱན༔ མི་ལྤགས་རློན་པའི་ཤམ་ཐབས་ཅན༔ ཞབས་གཡས་མི་ཐོད་ཁྲི་ལ་བཞུགས༔ གཡོན་པ་ཀེང་རུས་ཁྲི་ལ་བཞུགས༔ མཚན་ནས་འབོད་ཀྱིས་ད་ཚུར་བྱོན༔ དར་ནག་གཡབ་མོས་འདེབས་སོ་ད་ཚུར་བྱོན༔ མདོས་དང་གཏོར་མ་མཆིས་སོ་ད་ཚུར་བྱོན༔ ༈ མ་མོ་ཁྱེད་ལ་མཐུན་པའི་དམ་རྫས་ནི༔ དགྲ་བགེགས་བསྒྲལ་པའི་པགས་པ་ལ༔ དམིགས་པའི་ཡིད་ཀྱིས་བཀུག་བྱས་ནས༔ སྲིད་པ་མོ་ཡི་ཐང་ལ་བྱས༔ ཐང་དཀྱིལ་བསྭེ་མཁར་གྲུ་བཞི་ལ༔ མཐུན་པའི་དམ་རྫས་བཤམས་པ་ནི༔ ངར་གླུད་རྒྱན་ཅན་བཅུ་གཅིག་གིས༔ མ་གཅིག་ལྷ་མོའི་ཐུགས་དམ་བསྐང༔ སྐྱེས་བུ་གིང་ཆེན་ཐུགས་དམ་བསྐང༔ དྲེའུ་ནད་རྐྱལ་བཀལ་བ་བཞི༔ མཐུན་པའི་དམ་རྫས་ཡིན་པའི་ཕྱིར༔ མ་གཅིག་ལྷ་མོའི་ཐུགས་དམ་བསྐང༔ སྐྱེས་བུ་གིང་ཆེན་ཐུགས་དམ་བསྐང༔ ཡབ་གཅིག་གཤིན་རྗེའི་ཐུགས་དམ་བསྐང༔ མ་མོ་བདུན་འབུམ་ཐུགས་དམ་བསྐང༔ ཕྱོགས་བཞིར་མགྱོགས་པའི་རྟ་པ་བཞི༔ བྱ་ནག་བཞི་དང་ཁྱི་ནག་བཞི༔ བཞེས་པའི་བསྐང་རྫས་ཡིན་པས་ན༔ མ་གཅིག་ལྷ་མོའི་ཐུགས་བསྐང༔ ཡབ་གཅིག་གཤིན་རྗེའི་ཐུགས༴ སྐྱེས་བུ་གིང་ཆེན་ཐུགས༴ མ་མོ་བདུན་འབུམ་ཐུགས༴ ལུག་ནག་བཞི་དང་གཡག་ནག་བཞི༔ བུད་མེད་མར་མེ་ཐོགས་པ་བཞི༔ མ་མོའི་མཐུན་རྫས་ཡིན་པས་ན༔ མ་གཅིག་ལྷ་མོའི་ཐུགས་དམ་བསྐང༔ ཡབ་གཅིག་གཤིན་རྗེའི་ཐུགས༴ སྐྱེས་བུ་གིང་ཆེན་ཐུགས༴ མ་མོ་བདུན་འབུམ་ཐུགས༴ མདོས་བདག་ཆེན་མོས་མདོས་ལོངས་ཤིག༔ གླུད་བདག་ཆེན་མོས་གླུད་ལོངས་ཤིག༔ མ་མོའི་ཐུགས་དམ་འདིས་བསྐངས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཡང་ཅིག་ཐུགས་དམ་བསྐང་བ་ནི༔ ནམ་མཁའ་འཇའ་རིས་བཀྲ་བ་དང༔ རྒྱང་བུ་འཕུར་ལྕེ་མཛེས་པ་དང༔ ལེ་བརྒན་འབར་བའི་གདུགས་ཀྱིས་ཕུབ༔ ཤ་སྣ་ཁྲག་སྣ་ཚིལ་དམར་དང༔ སྤོས་རྒོད་གསུར་གྱི་དུད་པ་དང༔ མདའ་འཕང་འཇོལ་རྒོད་མཛེས་པ་དང༔ ཤ་ཆེན་དམར་གྱི་གཏོར་མ་དང༔ ཛ་གད་བདུད་རྩི་སྨན་ཕུད་དང༔ རཀྟ་ཁྲག་གི་རྒྱ་མཚོ་དང༔ སྙིང་སྣའི་གསུར་དང་དར་ནག་འཕེན༔ ན་ཆུང་ལག་པའི་གཡབ་མོ་དང༔ ནལ་བུའི་སྙིང་དང་གསེར་སྐྱེམས་སོགས༔ མཐུན་པའི་དམ་རྫས་བཤམས་པ་འདིས༔ མ་གཅིག་ལྷ་མོའི་ཐུགས་དམ་བསྐང༔ ཡབ་གཅིག་གཤིན་རྗེའི་ཐུགས༴ སྐྱེས་བུ་གིང་ཆེན་ཐུགས༴ མ་མོ་བདུན་འབུམ་ཐུགས༴ ལས་མཁན་བདུན་གྱི་ཐུགས༴ ཁྱེད་ཀྱི་ཐུགས་དམ་འདིས་བསྐངས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོཿ མ་མོ་ཁྱོད་ལ་འབོད་པ་བརྒྱ་ཡོད་ཀྱང༔ དམ་ཚིག་ལྡན་པའི་རྣལ་འབྱོར་པ༔ བདག་གིས་གདུང་བས་བོས་ཙམ་ན༔ བྱ་རྒོད་ནམ་མཁར་བསྐྱོད་པ་བཞིན༔ ལྡིང་ཞིང་ལྡིང་ཞིང་ད་ཚུར་བྱོན༔ ཞིང་སྐྱོང་གཟན་ལ་བབ་པ་བཞིན༔ འདུར་ཞིང་འདུར་ཞིང་ད་ཚུར་བྱོན༔ མིང་པོས་ཕུ་ནས་གཡབ་འདེབས་ན༔ མ་གཅིག་མདའ་ན་བཞུགས་ཀྱང་ད་ཚུར་བྱོན༔ མིང་པོས་མདའ་ནས་ཀུས་འདེབས་ན༔ སྲིང་མོ་ཕུ་ན་བཞུགས་ཀྱང་ད་ཚུར་བྱོན༔ མ་ཁྱོད་རྗེ་ལྟར་བསྟེན་ནོ་གོང་མ་ལྗི༔ མ་ལྟར་བསྟེན་ནོ་མཐུ་མ་ཆུང༔ སྲིང་ལྟར་བསྟེན་ནོ་ཕྲག་མ་དོག༔ བྲན་ལྟར་བསྟེན་ནོ་སྙིང་མ་རིང༔ གྲོགས་མོར་བསྟེན་ནོ་གཞུང་མ་ངན༔ དོ་ནུབ་མ་ཡི་གནས་འདི་རུ༔ མཐུན་པའི་དམ་རྫས་འབེན་དུ་འཛུག༔ སྲོག་གི་སྙིང་པོས་གནད་ནས་འབོད༔ དབྱངས་ཀྱི་ང་རོས་སྤྱན་འདྲེན་གྱིས༔ མདོས་འདི་བཞེས་ལ་དགྲ་བགེགས་སྒྲོལ༔ མ་མོ་འབོད་པའི་དུས་ན་སྙན་མ་སྲ༔ གཡབ་པའི་དུས་ན་སྤྱན་མ་རྟུལ༔ སྒྲུབ་པའི་དུས་ན་གོང་མ་གཡེལ༔ རྦད་པའི་དུས་ན་མཐུ་མ་ཆུང༔ བསྟེན་པའི་ཚེ་ན་རྒྱང་མ་རིང༔ བསྐུལ་བའི་ཚེ་ན་བང་མ་ལྗི༔ རྣལ་འབྱོར་ལུས་དང་གྲིབ་བཞིན་འགྲོགས༔ ཚེ་དང་དབང་ཐང་ནོར་ཕྱུགས་སྤེལ༔ མི་ནོར་ཟས་གསུམ་མཐའ་ནས་སྐྱོར༔ དགྲ་བོ་མི་ནོར་རྩད་ནས་ཆོད༔ མདོས་དང་གཏོར་མ་འདི་བཞེས་ལ༔ གནོད་ཅིང་འཚེ་བའི་དགྲ་བགེགས་ལ༔ མི་ནད་ཕྱུགས་ནད་སྣ་ཚོགས་ཐོངས༔ ལ་ལར་ནད་རིམས་དལ་ཡམས་ཐོངས༔ ནག་མོ་ཁྱོད་ཀྱི་ཟས་སྐལ་ནི༔ ནུབ་གཅིག་མི་འབུམ་ཙིཏྟ་ཟ༔ ནུབ་གཅིག་མི་འབུམ་སྙིང་ཁྲག་འཐུང༔ དམ་ཉམས་དགྲ་བོ་ལས་ངན་གྱི༔ ཙིཏྟ་ཕྱུངས་ལ་ཞལ་དུ་གསོལ༔ སྙིང་ཁྲག་དྲོན་མོ་ཞལ་དུ་གསོལ༔ ལྕགས་ཀྱུ་ཡིས་ནི་སྙིང་ནས་དྲོངས༔ ཞགས་པ་ཡིས་ནི་ཆིངས་ལ་ཤོག༔ ལྕགས་སྒྲོག་ཅན་གྱིས་སྡོམ་ལ་ཤོག༔ དྲིལ་བུ་ཅན་གྱིས་མྱོས་སུ་ཆུགས༔ བསྒྲལ་བའི་ཕྱག་རྒྱའི་དུས་ལ་བབ༔ མ་གཅིག་ཨེ་ཀ་ཛཱ་ཊི་མ༔ དགྲ་བོའི་ཡུལ་མཁར་རྨིངས་ནས་སྒྱེལ༔ དགྲ་བོའི་སྐྱེ་རྒྱུད་རྩད་ནས་ཆོད༔ ཤ་ཟོ་ཁྲག་ཐུངས་སྙིང་ཁྲག་འཇིབས༔ གླད་ཁྲག་རོལ་ལ་རུས་པ་མུར༔ བདག་གིས་མ་ཉེས་མ་ལན་ནོ༔ མ་གཅིག་ལྷ་མོ་ནག་མོ་ཡིས༔ དགྲ་བགེགས་མ་ལུས་སྒྲོལ་ལ་ཤོག༔ ཅེས་གཏོར་མ་བདུད་རྩིས་བྲན་ལ་འབུལ༔ སྤོས་བསྲེག་མར་གསུར་གཞུང་དུ་གཏོང༔ ཐ་མ་ལས་བཅོལ་དགྲ་ལ་རྦད་པ་ནི༔ མདོས་དགྲ་ཕྱོགས་སུ་ཁ་བསྟན་ལ་འདི་སྐད་དོ༔ བྷྱོ༔ ད་ནི་མདོས་ཀྱི་ཞལ་སྒྱུར་རོ༔ ད་ནི་མདོས་ཀྱི་ལམ་བསྟན་ནོ༔ མ་གཅིག་ཨེ་ཀ་ཛཱ་ཊི་ནི༔ གཤིན་རྗེ་མང་པོ་ཉི་ལི་ལི༔ གིང་བདུད་མང་པོ་འདུ་རུ་རུ༔ བྱ་གཅན་མང་པོ་སྤུངས་སེ་སྤུང༔ དོ་ནུབ་མདོས་འདིས་དགྲ་བགེགས་སྒྲོལ༔ གནོད་པའི་དགྲ་བགེགས་རྡུལ་དུ་རློགས༔ སྡང་བའི་དགྲ་བོ་ལས་ངན་འདི༔ མཆན་ཁུང་གཡས་ནས་ཁ་ཕྱེས་ལ༔ སྙིང་རྩ་དམར་པོ་ཆོད་ལ་ཤོག༔ སྟེང་གི་ཕོ་ལ་གླང་འཐབ་ཐོངས༔ འོག་གི་ཆུང་མར་ཐོག་རྫིས་ཐོངས༔ མཆན་གྱི་བུ་ལ་ཕོ་གླང་ཐོངས༔ སྒོ་ཡི་ནོར་ཕྱུགས་ཕྱགས་མས་ཐོབས༔ མུ་ཡི་ཞིང་ལ་སད་སེར་ཐོངས༔ སྒོ་ཁྱིམ་ནང་རྣམས་བརླག་པར་གྱིས༔ ལས་ངན་དགྲ་བགེགས་མ་བསྒྲལ་ན༔ ཡི་དམ་ལྷ་མོ་ཁྱོད་ཕུང་ངེས༔ རྣལ་འབྱོར་བསྟེན་པའི་དོན་རེ་ཆུང༔ དེ་བས་དགྲ་བགེགས་བརླག་པར་མཛོད༔ དོ་ནུབ་མདོས་འདི་དགྲ་སྒོར་སྐྱོལ༔ མ་གཡེལ་མ་འདའ་མཐུ་མོ་ཆེ༔ མ་འཕང་མ་གཡེལ་དམ་ཚིག་ཅན༔ མདོས་ཀྱིས་དགྲ་བགེགས་བརླག་པར་གྱིས༔ མདོས་འདིས་རྣལ་འབྱོར་ཉམས་ཆག་སྐོངས༔ མདོས་འདིས་དམ་ཚིག་ཞིག་པ་གསོས༔ མདོས་འདིས་ཉེས་པ་མ་ལུས་བསྐངས༔ དཔལ་ལྡན་ལྷ་མོ་ནག་མོ་ཡིས༔ སངས་རྒྱས་བསྟན་པ་སྲུང་བ་དང༔ བདག་ཅག་རེ་བ་སྐོང་བའི་ཕྱིར༔ མདོས་འདི་ལོངས་ལ་དགྲ་བགེགས་སྒྲོལ༔ བཅོལ་པའི་ཕྲིན་ལས་མྱུར་དུ་མཛོད༔ གལ་ཏེ་ལས་འདི་མ་མཛད་ན༔ རྡོ་རྗེ་འཛིན་པ་ཐུགས་ཁྲོས་ཏེ༔ སྙིང་ཁྲག་འཇིབ་སྟེ་ན་རཀ་འགྲོ༔ དེ་བས་དགྲ་བོ་མྱུར་དུ་སྒྲོལ༔ གཤིན་རྗེ་ནག་པོའི་ཞལ་དུ་སྐྱོལ༔ ཤན་པ་ནག་པོ་དགྲ་ལ་ཆོས༔ མུན་པ་ནག་པོས་སྲོག་ལ་ཡཱ༔ གིང་ཆེན་དམར་པོས་སྲོག་རྩ་ཆོད༔ མ་མོ་བདུན་འབུམ་སྲོག་ལ་ཡཱ༔ མ་མོ་སྤུ་གྲིའི་མཆེ་བ་ཅན༔ མདོས་འདིས་དགྲ་བོ་ཆོམས་ལ་ཤོག༔ དམ་ཉམས་དགྲ་ལ་ཕུར་བུས་ཐོབས༔ ལོ་དང་ཟླ་བར་མ་བཞག་ཅིག༔ ཞག་དང་ཟ་མར་སྒྲོལ་ལ་ཤོག༔ ཅེས་ལྷ་མོའི་སྲོག་ལ་གསེར་གྱི་མདོས༔ ཉམས་ཆག་ཞིག་རལ་གསོ་བ་ཡིན༔ མ་མོའི་ཟོར་སྔགས་ནི༔ ཏྲག་རཀྴ་མ་མུན་ཏྲ་བྷྱོ༔ རུ་ལུ་རུ་ལུ་མཱ་ར་ཡ་ཐུན་ཡཱ༔ ཏྲག་རཀྴ་སྙིང་ལ་བྷྱོ༔ མཱ་ར་ཡ་ཐུན་ཡཱ༔ ཡུ་ཏྲ་ཡུ་ཏྲ་མཱ་ར་ཡ་ཐུན་ཡཱ༔ ཤ་ཁྲག་ཤ་ཁྲག་མཱ་ར་ཡ་ཐུན་ཡ༔ ཏྲག་མོ་རབ་སྙིང་ཏྲག་སྙིང་ཏྲག་མཱ་ར་ཡ་ཐུན་ཡཱ༔ ཏྲག་མོ་ཏྲག་མོ་མཱ་ར་ཡ་ཐུན་ཡཱ༔ ཅེས་ཟོར་སྔགས་འདི་ལན་གསུམ་བགྲངས་ལ་འཕང་ན༔ ཚངས་པའི་ལྷ་ཡང་བརླག་པར་འགྱུར༔ དགྲ་དང་བགེགས་ལ་སྨྲོས་ཅི་དགོས༔ ལྷ་མོའི་སྲོག་མདོས་འདི་ཤིན་དུ་གཉན་པ་ཡིན་ནོ༔ གར་ཐོད་ཐོད་དུ་མི་བྱའོ༔ མ་མོའི་འཁུ་ལྡོག་འབྱུང་ངོ༔ དགྲ་བོའི་ཟས་གོས་འདྲེས་པ་དང༔ ཉམས་ཆག་བྱུང་ན་ཤེས་པར་གྱིས༔ ྈྈྈ གུ་ཧྱ༔ ཁ་ཐཾ༔ སློབ་དཔོན་པདྨས་མ་མོ་གདུག་པ་ཟ་བྱེད་ཀྱི་རྒྱུད་ནས་བཀོལ་བ། གཏེར་སྟོན་ཁྱུང་པོ་དཔལ་དགེས་བསམ་ཡས་ཧས་པོ་རི་ནས་སྤྱན་དྲངས་ཤིང་སྔགས་པ་ཁྲོ་རྒྱལ་འབར་ལ་གནང་བ་ནས་བརྒྱུད་པའོ། །མངྒ་ལཾ།། །།
རྫོགས་པ་ཆེན་པོ་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པའི་ལོ་རྒྱུས་ (Volume 59, Text 4)
༄༅༔ རྫོགས་པ་ཆེན་པོ་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པའི་ལོ་རྒྱུས་བཞུགས༔ བརྡ་ཐིམ༔ རྒྱ་གར་སྐད་དུ༔ སརྦ་དྷརྨ༔ བོད་སྐད་དུ༔ ཆོས་ཐམས་ཅད་ཀྱི་དགོངས་པ༔ ཆོས་ཉིད་རང་གྲོལ་གྱི་ཐོག་མར་སྔོན་འགྲོ་སྟོན་པར་བྱེད་པ་ལ༔ རྒྱུད་ལས༔ གསང་ཆེན་ངེས་པའི་བཀའ་འདི་ལ༔ ལོ་རྒྱུས་དོན་གྱིས་མ་བཤད་ན༔ ཡིད་མི་ཆེས་པའི་སྐྱོན་དུ་འགྱུར༔ ཞེས་གསུངས་པས༔ དེ་ལ་ཐོག་མར་བླ་མ་བརྒྱུད་པའི་ལོ་རྒྱུས་ནི༔ དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་ཨོ་རྒྱན་བདག་བསམ་གཏན་ལ་གནས་ཙ་ན༔ ནམ་སྲོད་ལ་བབས་པའི་དུས་སུ་དཔལ་ཀུན་ཏུ་བཟང་པོ་བྱོན་ནས་ཨོ་རྒྱན་བདག་ལ་འདི་སྐད་ཅེས་གསུངས་སོ༔ རིགས་ཀྱི་བུ༔ ཆོས་ཉིད་ཟབ་མོའི་དོན་ལ་གནས་པར་འདོད་ན་འདི་ལ་ལྟོས་ཤིག་གསུངས་ནས་གསེར་གྱི་གྭའུ་སེན་གང་བ་གཅིག་རང་བབས་སུ་གཏད་དོ༔ དེ་ཕྱེ་བས་ཆོས་ཉིད་རང་གྲོལ་གྱི་སྐོར་མ་ལུས་པ་སྣང་ངོ༔ ནམ་གུང་ལ་བབས་པའི་དུས་སུ་དཔལ་རྡོ་རྗེ་འཆང་མངོན་སུམ་དུ་བྱོན་ནས༔ རིགས་ཀྱི་བུ་བསམ་གཏན་ལ་གནས་པར་འདོད་ན་འདི་ལ་ལྟོས་ཤིག་གསུངས་ནས་ཤེལ་གྱི་གྭའུ་མཛུབ་གང་བ་གཅིག་རང་བབས་སུ་གཏད་དོ༔ དེ་ཕྱེ་བས་དགོངས་པ་རང་གྲོལ་གྱི་སྐོར་མ་ལུས་པ་སྣང་ངོ༔ ཡང་གསོལ་བ་བཏབ་པས༔ ནམ་ཐོ་རངས་ལ་བབས་པའི་ཚེ་དཔལ་རྡོ་རྗེ་སེམས་དཔའ་བྱོན་ནས་དངུལ་གྱི་གྭའུ་འོད་ཁ་དོག་ལྔས་དཀྲིས་པ་ཞིག་བྱུང་སྟེ༔ རིགས་ཀྱི་བུ་ཆོས་ཉིད་ཀྱི་གཞི་ལ་གནས་པར་འདོད་ན་འདི་ལ་ལྟོས་ཤིག་གསུངས་པས༔ དེ་ཕྱེ་བས་ཞི་ཁྲོ་ཡོངས་རྫོགས་ཀྱི་སྐོར་མ་ལུས་པ་སྣང་ངོ༔ ཡང་གསོལ་བ་བཏབ་པས༔ ནམ་ལང་ཁར་དཔལ་ཀུན་ཏུ་བཟང་པོར་རྒྱལ་བ་རིགས་ལྔས་བསྐོར་བ་མངོན་སུམ་དུ་བྱོན་ནས༔ རིགས་ཀྱི་བུ་ཆོས་ཉིད་རང་གྲོལ་ལ་གནས་པར་འདོད་ན་འདི་ལ་ལྟོས་ཤིག་གསུངས་ནས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གྭའུ་རང་བབས་སུ་གཏད་ཅིང༔ དེ་ཕྱེ་བས་དོན་རང་གསལ་གྱི་སྐོར་མ་ལུས་པ་སྣང་ངོ༔ དེ་དག་ལས་ད་ལྟ་སྟོན་པའི་ཆོས་འདི་རྣམས་རྩ་བའི་གནད་ཚིག་དམ་པ་ཡིན་པས་ཁྱད་པར་དུ་འཕགས་ཏེ་ཀུན་ཏུ་བཟང་པོའི་ཐུགས་ཀྱི་བཅུད་ཕྱུང་བ་ཡིན༔ རྡོ་རྗེ་འཆང་གི་ཐུགས་ཀྱི་མེ་ལོང༔ རྡོ་རྗེ་སེམས་དཔའི་གསང་བའི་མཛོད་ཕུགས༔ དགའ་རབ་རྡོ་རྗེའི་ཐུགས་མཛོད་ཀྱི་ནོར་བུ༔ པདྨ་འབྱུང་གནས་ཀྱི་ཐུགས་བཅུད༔ ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་སྙིང་ཁྲག༔ ལོ་ཙཱ་བ་རྣམས་ཀྱིས་སྒྲ་དང་སྐད་ཀྱིས་རྣམ་པར་ཕྱེ་བ་མ་ཡིན་པ༔ ཆོས་འདི་རྒྱ་གར་བས་ཐོབ་ན་རྒྱ་གར་བ་འཚེངས༔ རྒྱ་ནག་པས་ཐོབ་ན་རྒྱ་ནག་པ་འཚེངས༔ བོད་ཀྱིས་ཐོབ་ན་བོད་འཚེངས༔ སུས་ཐོབ་འཚེངས་པའི་ནོར་བུ་ཡིན་ཏེ༔ ཆོས་འདི་ལས་ངན་འདག་པའི་ཁྲུས་ཆུ༔ སྡིག་སྒྲིབ་གཞར་བའི་སྤུ་གྲི༔ ཐར་ལམ་ཁྲིད་པའི་ལམ་མཁན༔ བར་དོ་བགྲོད་པའི་སྐྱེལ་མ༔ ཞིང་ཁམས་བལྟ་བའི་མེ་ལོང༔ ཆོས་འདི་ལ་ཁྱད་པར་དུ་འཕགས་པ་བཅུ་སྟེ༔ ཆོས་གཞན་སངས་རྒྱས་ཀྱི་ཞིང་ལ་སྨོན་ལམ་བཏབ་དགོས་པ་ཡིན༔ འདི་ལ་ད་ལྟ་མངོན་སུམ་དུ་མཇལ་བས་ཁྱད་པར་དུ་འཕགས༔ ཆོས་གཞན་དབང་བསྐུར་ནས་ལྷ་ཡིད་སྨོན་བྱས་ནས་སྒོམ་པ་ཡིན༔ འདི་ལ་ཡི་དམ་གྱི་ལྷ་མངོན་སུམ་དུ་མཐོང་བས་ཁྱད་པར་དུ་འཕགས༔ ཆོས་གཞན་གོམས་འདྲིས་ལ་རེ་བ་ཡིན༔ འདི་ད་ལྟ་ཉིད་དུ་ལྟ་བ་མངོན་སུམ་དུ་འགྱུར་བས་ཁྱད་པར་དུ་འཕགས༔ ཆོས་གཞན་ལ་ལྷ་ཡིད་ཀྱིས་སྒོམ་པ་ཡིན༔ འདི་ལ་སངས་རྒྱས་མངོན་སུམ་དུ་མཐོང་བས་ཁྱད་པར་དུ་འཕགས༔ ཆོས་གཞན་རང་ལུས་རྒྱལ་བའི་དཀྱིལ་འཁོར་ཡིན་ཟེར་ནས་ཡིད་སྨོན་བྱེད༔ འདིར་རང་ལུས་ལྷའི་དཀྱིལ་འཁོར་དུ་མངོན་སུམ་དུ་གསལ་བས་ཁྱད་པར་དུ་འཕགས༔ ཆོས་གཞན་དུག་ལྔ་ཡེ་ཤེས་ལྔ་ཡིན་ཟེར་ཀྱང་ངོ་མི་ཤེས༔ འདིར་ཡེ་ཤེས་ལྔར་མངོན་སུམ་དུ་མཐོང་བས་ཁྱད་པར་དུ་འཕགས༔ ཆོས་གཞན་བར་དོ་ཡོད་ཟེར་ཡང་ཁ་བཤད་ཙམ་ལས་སྟོན་མི་ནུས༔ འདིར་བར་དོ་ད་ལྟ་མངོན་སུམ་དུ་གཏན་ལ་འབེབ་པས་ཁྱད་པར་དུ་འཕགས༔ ཆོས་གཞན་ལོ་དང་ཟླ་བར་བསྒོམ་དགོས༔ འདི་ཞག་བདུན་ལ་ངོ་འཕྲོད་པས་ཁྱད་པར་དུ་འཕགས༔ ཆོས་གཞན་ལ་ཉིན་མཚན་གྱི་ཁྱད་པར་ཡོད༔ འདི་ལ་ཉིན་མཚན་མེད་པར་འོད་གསལ་འཁོར་ཡུག་ཏུ་འཆར་བས་ཁྱད་པར་དུ་འཕགས༔ ཆོས་གཞན་རང་ལུས་ཤ་ཁྲག་ཏུ་རིག༔ འདིར་འོད་ལུས་སུ་མཐོང་བས་ཁྱད་པར་དུ་འཕགས༔ དེ་ལ་སོགས་པ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡིན་ནོ༔ ཆོས་འདི་ཕས་ཐོབ་ན་བུ་ལ་སྙིང་གཏམ་བཤད་པར་རིགས་སོ༔ བུས་ཐོབ་ན་ཕ་མ་ལ་སྙིང་གཏམ་བཤད་པར་རིགས་སོ༔ སྣོད་དུ་རུང་ན་སེམས་ཅན་ཐམས་ཅད་ལ་བཤད་པར་རིགས་སོ༔ དེ་བས་ན་ཆོས་འདི་ནི་སྐལ་ལྡན་ལས་འཕྲོ་ཅན་གྱི་འཆང་རྒྱུ་ཡིན་ནོ༔ སྐལ་མེད་ཚོ་ལོག་ལྟ་ཕྱི་ཤོལ་གྱི་དབང་དུ་འགྱུར་རོ༔ མ་ཧཱ་གྷུ་རུ་རིན་པོ་ཆེས༔ ཐེག་པའི་མཐར་ཐུག་འདི་ནི་ཟབ་དྲགས་པས་སུ་ལ་ཡང་མ་བསྟན་ཏེ༔ བསྐལ་པ་དུས་ཀྱི་སྙིགས་མ་ལ་སེམས་ཅན་ཚེ་ལ་ལོང་མེད་ཅིང་ལེ་ལོ་དང་བཏང་སྙོམས་ལ་ལུས་པའི་སེམས་ཅན་ལ་དགོངས་སོ༔ བོད་དུ་བྱོན་ནས་ལོ་གསུམ་རྗེས་མངའ་བདག་ཡབ་སྲས་དང་ཡུམ་ཇོ་མོ་མཚོ་རྒྱལ་ལ་གནང་ངོ༔ མཚོ་རྒྱལ་གྱིས་ཟབ་མོའི་གཏེར་དུ་སྦས་སོ༔ སྤྱིར་དུ་ན༔ རྫོགས་པ་ཆེན་པོ་ཡང་ཏི་ནག་པོ་འདི་ལ་རྒྱུད་བཅོ་ལྔ་ཡོད་དེ༔ ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་དང༔ འཇམ་དཔལ་ཡང་ཏིག་གི་རྒྱུད་དང༔ ལྟ་བ་ཟང་ཐལ་ཆེན་པོའི་རྒྱུད་དང༔ དགོངས་པ་སྲོག་གི་སྤུ་གྲིའི་རྒྱུད་དང༔ སྲོག་གི་འཁོར་ལོའི་རྒྱུད་དང༔ སྣང་བྱེད་པུ་ཏྲའི་རྒྱུད་དང༔ ཀུན་ཏུ་བཟང་པོའི་སྲོག་གི་ཐིགས་པ་དང༔ འབྲས་བུ་ཡེ་གྲོལ་ཆེན་པོའི་རྒྱུད་དང༔ སྲོག་གི་མཁྱེན་པ་ཐུགས་ཀྱི་རྒྱུད་དང༔ རིག་པ་སྲོག་གི་འཁོར་ལོའི་རྒྱུད་དང༔ རིག་པ་རང་བྱུང་སྲོག་གི་བདལ་བ་སྲོག་གི་མཁྱེན་པ་དང༔ ཀུན་ཏུ་བཟང་པོའི་སྲོག་ལེན་དང༔ རྡོ་རྗེ་སེམས་དཔའ་སྲོག་གི་ཡང་སྙིང་དང༔ ཡེ་ཤེས་འཁོར་ལོའི་རྒྱུད་དང༔ ཐིག་ལེ་ཉག་གཅིག་གི་དགོངས་པའོ༔ དེ་རྣམས་ནི་ཡང་ཏི་ནག་པོའི་སྐོར་གྱི་འགྱུར་བྱང་ཡིན་ནོ༔ རྫོགས་པ་ཆེན་པོ་སྤྱི་ཏིའི་སྐོར་ལ་ནི༔ འཇམ་དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་དང༔ ནམ་མཁའ་ཆེན་པོའི་རྒྱུད་དང༔ སྤྱི་རྒྱུད་ཆེན་པོ་ལ་སོགས་ཏེ་རྒྱུད་མང་ངོ༔ དེ་ལྟ་བུའི་གདམས་པ་བླ་མ་སངས་རྒྱས་རྣམས་ལ་རིམ་པར་བརྒྱུད་ཚུལ་ནི༔ ཉེ་བརྒྱུད་རིང་བརྒྱུད་གཉིས་ལས༔ ཉེ་བརྒྱུད་ནི༔ རྒྱལ་བ་ཀུན་ཏུ་བཟང་པོ༔ རྡོ་རྗེ་འཆང༔ རྡོ་རྗེ་སེམས་དཔའ༔ དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས༔ ཡུམ་ཡེ་ཤེས་མཚོ་རྒྱལ༔ འགྲོ་མགོན་དུང་མཚོ་རས་པ༔ སངས་རྒྱས་དྲང་སྲོང༔ བདེ་ཆེན་རས་པ༔ རང་རིག་ཟང་ཐལ༔ རྣམ་གྲོལ་བཟང་པོ༔ རྒྱ་ལ་རས་པ༔ རྒྱལ་མཚན་འོད་ཟེར༔ སངས་རྒྱས་བརྩོན་འགྲུས༔ རྒྱལ་མཚན་ཡེ་ཤེས༔ སངས་རྒྱས་རྒྱལ་མཚན༔ དགེ་འདུན་རིན་ཆེན༔ སཾ་གྷ་ལཀྵ༔ ཁ་རག་པ་རིན་ཆེན་རྡོ་རྗེ༔ ཡོངས་འཛིན་རྒྱལ་བའི་དབང་པོ་ངག་དབང་གྲགས་པ༔ ལྡོང་སྟོན་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ༔ གོང་ར་ལོ་ཆེན་ངག་གི་དབང་ཕྱུག་གཞན་ཕན་རྡོ་རྗེ༔ དེས་བདག་ལའོ༔ རིང་བརྒྱུད་ནི༔ རྒྱལ་བ་ཀུན་ཏུ་བཟང་པོ༔ རྡོ་རྗེ་འཆང༔ རྡོ་རྗེ་སེམས་དཔའ༔ དགའ་རབ་རྡོ་རྗེ༔ འཇམ་དཔལ་བཤེས་གཉེན༔ ཤྲཱི་སིཾ་ཧ༔ ཨོ་རྒྱན་ཡབ་ཡུམ༔ བི་མ་ལ་མི་ཏྲ༔ བཻ་རོ་ཙ་ན༔ གཡུ་སྒྲ་སྙིང་པོ༔ བླ་མ་དགེ་སློང་རྡོ་རྗེ༔ ཧ་རི་རྡོ་རྗེ༔ སངས་རྒྱས་རྡོ་རྗེ༔ སྐལ་བཟང་རྡོ་རྗེ༔ རྒྱལ་མཚན་རྒྱལ་པོ༔ སངས་རྒྱས་བརྩོན་འགྲུས་ནས་གོང་ལྟར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་སྤྲུལ་པའི་སྐྱེས་མཆོག་འགྲོ་མགོན་དུང་ཚོ་རས་པས་གཏེར་ནས་སྤྱན་དྲང་པའོ།། །།༄༅༔ རྫོགས་པ་ཆེན་པོ་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པའི་རྒྱུད་ཀྱི་སྙིང་པོ་བཞུགས༔ ྈྈྈྈྈ རྒྱ་གར་སྐད་དུ༔ གྷུ་ཧྱ་ཏན་ཏྲ་སིདྡྷི༔ བོད་སྐད་དུ༔ གསང་བ་དངོས་གྲུབ་ཀྱི་རྒྱུད༔ བཅོམ་ལྡན་འདས་སྐུ་གསུམ་གྱི་སྟོན་པ་འོད་མི་འགྱུར་བ་ལ་ཕྱག་འཚལ་ལོ༔ ྈྈྈྈྈྈྈྈ དེ་ཡང་དུར་ཁྲོད་བརྒྱད་ཀྱི་ནང་ནས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཞེས་བྱ་བ་དེར་ཨོ་རྒྱན་བདག་བསམ་གཏན་ལ་གནས་ཙ་ན༔ ནམ་སྲོད་ལ་དཔལ་ཀུན་ཏུ་བཟང་པོ་བྱོན་ནས༔ རིགས་ཀྱི་བུ་དོན་གྱི་གནས་ལུགས་ལ་གནས་པར་འདོད་ན་ཆོས་ཉིད་ཀྱི་ཡི་གེ་འདི་ལ་ལྟོས་ཤིག་གསུངས་ནས་བཻ་ཌཱུརྻ་ཞུན་མས་བྲིས་པའི་གླེགས་བམ་གཅིག་རང་བབས་སུ་གཏད་དོ༔ བྱོན་ཚུལ་གྱི་ལེའུ་སྟེ་དང་པོའོ༔ དེ་ནས་ཨོ་རྒྱན་པདྨ་ཡིས༔ ཀུན་བཟང་ཉིད་ལ་ཡང་ཞུས་པ༔ འདི་ཡི་སྒྲུབ་ལུགས་ཅི་ལྟ་བུ༔ མོས་པའི་བུ་ལ་གསུང་དུ་གསོལ༔ ཀུན་བཟང་ཉིད་ཀྱིས་བཀའ་བསྩལ་པ༔ འདི་ལྟ་བུ་ཡི་སྒྲུབ་པ་འདི༔ དབེན་ཞིང་དྭངས་པའི་གནས་སུ་ནི༔ རི་བོ་གཏན་ལ་ཕེབ་པར་གྱིས༔ མཚན་ཉིད་ལྡན་པའི་བླ་མ་ཡིས༔ དབང་བཞིས་རྒྱུད་ནི་སྨིན་བྱས་ནས༔ ཆོས་དང་མཐུན་པའི་གྲོགས་དང་འགྲོགས༔ གནས་དང་མཐུན་པའི་དབེན་ས་བཙལ༔ བཅའ་གཞི་བསྟན་པའི་ལེའུ་སྟེ་གཉིས་པའོ༔ དེ་ནས་ཨོ་རྒྱན་པདྨ་ཡིས༔ ཀུན་བཟང་ཉིད་ལ་ཡང་ཞུས་པ༔ འདི་ལྟ་བུ་ཡི་གདམས་པ་གང༔ སྒྲུབ་པའི་མན་ངག་བསྟན་དུ་གསོལ༔ ཀུན་བཟང་ཉིད་ཀྱིས་བཀའ་བསྩལ་པ༔ འདི་བསྒྲུབ་པ་ཡི་དམིགས་པ་ནི༔ དོན་གྱི་གནས་ལུགས་མཉམ་བཞག་ཅིང༔ གཉིས་པ་དམིགས་པའི་རིམ་པ་ནི༔ དང་པོ།་་་ཡེ་ཤེས་མིག་གཅིག་དྲི་མ་མེད༔ གཉིས་པ་གཉིས་སྣང་རྟོག་པ་བློ་ལས་འདས༔ གསུམ་པ་གསུམ་རིག་གཙང་མ་དག་པ་སྟེ༔ བཞི་པ་སྤོགས་པ་ཁྲོལ་མ་ལྟ་བུ་སྟེ༔ ལྔ་པ་ཙིཏྟའི་དྲང་སྲོང་བལྟ་བར་བྱ༔ དྲུག་པ་ཕུབ་འདྲ་ཆ་ལང་བརྡབ་པའི་ཚུལ༔ བདུན་པ་དྲང་སྲོང་ཙོག་པུ་བྱ༔ འདི་རྣམས་རང་གནས་ས་ཟིན་ཡིན༔ ྈྈ ལྷ་གནས་རྒྱ་མཚོ་དུང་ཁང་གི༔ དཀྱིལ་ཡར་ཐད་དུ་མིག་གིས་བལྟ༔ ཞི་བ་རྣམས་ལ་ཙིཏྟ་ཡི༔ དྲང་སྲོང་ལ་ནི་བལྟ་བར་བྱ༔ དམིགས་པ་བསྟན་པའི་ལེའུ་སྟེ་གསུམ་པའོ༔ ྈྈྈྈྈ དེ་ནས་ཨོ་རྒྱན་པདྨ་ཡིས༔ ཀུན་བཟང་ཉིད་ལ་ཡང་ཞུས་པ༔ དེ་ལྟར་དམིགས་པ་བསྒོམས་པའི་རྗེས༔ རྟགས་ཀྱི་རིམ་པ་ཅི་ལྟ་བུ༔ མོས་པའི་བུ་ལ་བསྟན་དུ་གསོལ༔ ཀུན་བཟང་ཉིད་ཀྱིས་བཀའ་བསྩལ་པ༔ རྟགས་ཀྱི་རིམ་པ་བསྟན་པ་ནི༔ ཡེ་ཤེས་མིག་གཅིག་སྐབས་སུ་ནི༔ དུ་བའི་རྣམ་པ་ལྟ་བུ་དང༔ སྨིག་རྒྱུའི་རྣམ་པ་ལྟ་བུ་དང༔ སེམས་ལ་སྣ་ཚོགས་འཚུབ་པ་ནི༔ ལས་རླུང་ཚང་འཚོལ་བ་ཡི་རྟགས༔ མེ་ལྕེའི་རྣམ་པ་ལྟ་བུ་དང༔ སྲིན་བུ་མེ་ཁྱེར་ལྟ་བུ་དང༔ སྤྲིན་གྱི་རྣམ་པ་ལྟ་བུ་དང༔ མེ་སྟག་འཕྲོ་བའི་རྣམ་པ་དག༔ རིག་པའི་གནས་ཚུལ་རྩད་བདར་རྣམས༔ ངེས་པར་མ་ཆོད་རྟགས་ཡིན་ནོ༔ སྐུ་ཡི་རྣམ་པ་གསལ་བ་ལ༔ བརྟགས་ན་ཡལ་ནས་འགྲོ་བ་ནི༔ རིག་པ་སྲང་དུ་མ་ཚུད་རྟགས༔ སྐུ་ཡི་ཆ་ལུགས་གསལ་བ་ལ༔ རྒྱན་ཆ་གང་ཡང་མེད་པ་ནི༔ རྣམ་རྟོག་རང་ངོ་མ་ཟིན་རྟགས༔ ཞི་བའི་རྣམ་པ་གསལ་བ་ལ༔ བརྟགས་ན་ཁྲོ་བོར་འགྱུར་བ་ནི༔ གཞི་ཡི་གནས་ལུགས་མ་རིག་རྟགས༔ ྈྈ རི་མོའི་རྣམ་པ་ལྟ་བུ་ལ༔ ལུས་མེད་མགོ་བོ་བསྒྲིགས་འདྲ་ནི༔ སྣང་བ་བཅུད་དུ་མ་སྨིན་རྟགས༔ མིག་གཅིག་མིན་པ་ཅི་ཡང་མེད༔ རྣམ་རྟོག་རྩད་བདར་མ་ཆོད་རྟགས༔ ལུས་ཕྱེད་མ་བསྒྲིགས་རྣམ་པ་ནི༔ ཉམས་མྱོང་ཤན་མ་ཕྱེད་པའི་རྟགས༔ རྟགས་ཀྱི་ལེའུ་སྟེ་བཞི་པའོ༔ གྭ།༔ ཨོ་རྒྱན་པདྨས་ཡང་ཞུས་པ༔ བཀའ་ཡི་ཟློག་སྒྱུར་ཅི་ལྟར་བགྱི༔ མོས་པའི་འཁོར་ལ་བསྟན་དུ་གསོལ༔ ཀུན་བཟང་ཉིད་ཀྱིས་བཀའ་བསྩལ་པ༔ ཉོན་ཅིག་ཨོ་རྒྱན་པད་འབྱུང་ཁྱོད༔ བཀའ་ཡི་ཟློག་སྒྱུར་འདི་ལྟར་གྱིས༔ གཞི་ལ་ཞི་བ་མེད་གྱུར་ཅིང༔ ཁྲོ་མེད་རྒྱན་དང་ཆ་ལུགས་མེད༔ སྤོགས་ཆོག་ལས་མཐའ་འདི་ལྟར་གྱིས༔ རི་བོ་བརྟན་ཅིང་རྒྱ་མཚོ་གཏེམས༔ དེས་ཀྱང་གང་ཡང་མེད་པ་ན༔ ཕུབ་འདྲ་ཆ་ལང་བརྡབ་པའི་ཚུལ༔ དེ་ལྟར་ཉམས་སུ་བླངས་པ་ཡིས༔ སྣང་བ་ཐམས་ཅད་ཞིང་ཁམས་སུ༔ འོང་འགྱུར་འདི་ལ་ཐེ་ཚོམ་མེད༔ ལས་མཐའ་སྣ་ཚོགས་བསྟན་པའི་ལེའུ་སྟེ་ལྔ་པའོ༔ དེ་ནས་ཨོ་རྒྱན་པདྨ་ཡིས༔ ཀུན་བཟང་ཉིད་ལ་ཡང་ཞུས་པ༔ གདམས་པའི་མཐར་ཐུག་ཡང་དག་འདི༔ གཏེར་ཁ་གང་དུ་བསྡམ་པའི་གནས༔ མཚན་ཉིད་ལྡན་པ་གསུང་དུ་གསོལ༔ ཀུན་བཟང་ཉིད་ཀྱིས་བཀའ་བསྩལ་པ༔ མཆོད་རྟེན་སྤུངས་པའི་རི་བོ་ལ༔ འགྲམ་དུ་རུས་སྦལ་ནག་པོའི་དབྱིབས༔ བྲག་རི་རུས་སྦལ་ཁ་སྦུབ་འདྲ༔ དེ་ཡི་ནང་དུ་གཏེར་དུ་སྡོམས༔ ལས་ཅན་བུ་ལ་སྨོན་ལམ་ཐོབས༔ ཞེས་རྒྱུད་གཏད་པའི་ལེའུ་སྟེ་དྲུག་པའོ༔ དེ་ནས་ཨོ་རྒྱན་པདྨ་ལ་སོགས་པའི་རིག་འཛིན་ཐམས་ཅད་རྗེས་སུ་ཡི་རངས་ཏེ༔ དཔལ་བདེ་བ་ཆེན་པོས་གསུངས་པ་ལ་མངོན་པར་བསྟོད་དོ༔ གནད་ཀྱི་གདམས་པ་རྒྱུད་ཀྱི་སྙིང་པོ་འདི༔ མ་འོངས་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ གྷུ་ཧྱ༔ སྐུ་རྒྱ༔ གསུང་རྒྱ༔ ཐུགས་རྒྱ༔ ྀཨཚ༔ ཞེས་སྤྲུལ་པའི་སྐྱེས་མཆོག་འགྲོ་མགོན་དུང་ཚོ་རས་པས་བྲག་རི་རུས་སྦལ་ཁ་སྦུབ་ནས་སྤྱན་དྲང་པ་ཡིན་ནོ། །དགེའོ།། །། ༄༅༔ ཞི་ཁྲོ་དོན་གྱི་ཕྲིན་ལས་བཞུགས༔ ཨོཾ་ཨཱཿཧཱུྃ༔ ཡང་ཏིའི་དབང་ངམ་ཚོགས་འཁོར་དུས༔ མཎྜལ་པདྨ་འདབ་བརྒྱད་དམ༔ ཡང་ན་ཚོམ་བུ་དགུ་བྱས་ལ༔ དེ་ཡི་སྟེང་དུ་གཏོར་མ་བཤམ༔ ཞི་ཁྲོའི་གཞལ་ཡས་ཁང་དུ་བསྐྱེད༔ ཡང་དག་དོན་གྱི་བཀའ་བསྒོ་བ་དང་མཚམས་གཅད་པ་ནི༔ ཨོཾ་ཨཱཿཧཱུྃ༔ ལྷ་ཡང་སེམས་ལ་འདྲེ་ཡང་སེམས༔ རང་བཞིན་གཅིག་པའི་གཏོར་མ་ལོངས༔ དངོས་པོར་མ་གྲུབ་གདོད་ནས་དག༔ ཆོས་ཉིད་ངང་ལས་བགེགས་མ་འདའ༔ ཨོཾ་ཨཱཿཧཱུྃ་བཛྲ་སརྦ་ཀྲོ་དྷ་སྥོ་ཊ་ཡ་པྲ་ཏཱ་ཡ་ཨུ་ཙ་ཏཱ་ཡ་ཧཱུྃ་ཕཊ༔ ཧཱུྃ༔ སྣང་སྲིད་ལྷ་སྐུར་ལྷུན་གྲུབ་པའི༔ ཞི་ཁྲོ་ཡོངས་རྫོགས་མཚམས་བཅད་དོ༔ སེམས་ཅན་སངས་རྒྱས་ལྷུན་གྲུབ་པའི༔ ཆོས་ཉིད་མངོན་སུམ་མཚམས་བཅད་དོ༔ འཁོར་བ་མྱང་འདས་ལྷུན་གྲུབ་པའི༔ རང་རིག་རྟོགས་པས་མཚམས་བཅད་དོ༔ དུག་ལྔ་རང་སར་གྲོལ་བ་ཡི༔ ཡེ་ཤེས་རྣམ་ལྔས་མཚམས་བཅད་དོ༔ རེ་དོགས་སྤང་བླང་བྲལ་བ་ཡི༔ ཐིག་ལེ་ཉག་གཅིག་མཚམས་བཅད་དོ༔ ཨོཾ་ཨཱཿཧཱུྃ༔ རཾ་རཾ་རཾ་རཾ་རཾ༔ ཧཱུྃ༔ རྡོ་རྗེའི་མེ་ནི་དཀར་གསལ་འབར༔ རཏྣའི་མེ་ནི་སེར་གསལ་འབར༔ པདྨའི་མེ་ནི་དམར་གསལ་འབར༔ ཀརྨའི་མེ་ནི་ལྗང་གསལ་འབར༔ བུདྡྷའི་མེ་ནི་མཐིང་གསལ་འབར༔ ཡེ་ཤེས་མེ་འོད་ཕྱོགས་བཅུར་འཕྲོ༔ གསང་བ་མེ་ཡི་མཚམས་ལས་བགེགས་མ་འདའ༔ རཾ་རཾ་རཾ་རཾ་རཾ༔ དེ་ནས་ཕྱི་ནང་གསང་མཆོད་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཨཱཿཧཱུྃ༔ བཛྲ་ཨརྒྷཾ༔ པཱ་དྱཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་བིདྱཱ༔ ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བྷ་ལ་བྷ་ཏེ་གྷུ་ཧྱ་ས་མ་ཡེ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ༔ ཡཾ་ཁཾ་སུཾ་ཀེཾ་རཾ་བྷྲཱུྃ་ཧཱུྃ༔ པཾ་པདྨ་མཎྜ་ལ༔ མ་སཱུརྱ་མཎྜ་ལ༔ ཨ་ཙནྡྲ་མཎྜ་ལ་ཧཱུྃ་ཕཊ༔ ཧཱུྃ༔ དམིགས་མེད་ནམ་མཁའ་འགྱུ་བ་རླུང༔ ཆོས་ཉིད་སྟོང་སྒྲོན་རྒྱ་མཚོ་ས༔ དབྱིངས་ཆེན་རྣམ་དག་ཀེང་རུས་རི༔ ཡེ་ཤེས་ལྔ་ཡི་མེ་འོད་འབར༔ ལུ་གུ་རྒྱུད་ཀྱི་གཞལ་ཡས་ཁང༔ འཁོར་བའི་སྐྱོན་བྲལ་པདྨའི་སྟེང༔ དབྱིངས་རིག་གཉིས་མེད་ཉི་ཟླའི་གདན༔ དུག་ལྔ་རང་བྱུང་རང་གྲོལ་ལྷ༔ དུས་གསུམ་བདེ་གཤེགས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཞི་ཁྲོའི་སྐུ༔ མ་བསྐྱེད་ལྷུན་གྱིས་རྫོགས་པ་འོ༔ སྤྱན་འདྲེན་པ་ནི༔ ཨོཾ་ཨཱཿཧཱུྃ༔ འགྱུར་མེད་ཆོས་དབྱིངས་ཕོ་བྲང་ནས༔ སྐྱེ་མེད་བླ་མ་གཤེགས་སུ་གསོལ༔ ལོངས་སྤྱོད་རྫོགས་སྐུའི་ཕོ་བྲང་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ སྤྲུལ་པ་སྐུ་ཡི་ཕོ་བྲང་ནས༔ ཐུགས་རྗེ་ཅན་རྣམས་གཤེགས་སུ་གསོལ༔ སྐྱེ་མེད་ཆོས་དབྱིངས་ཕོ་བྲང་ནས༔ མ་གཅིག་ཁྲོས་མ་གཤེགས༴ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མ་དང་མཁའ་འགྲོ་གཤེགས༴ ལེགས་ཉེས་སྟངས་འཛིན་གཞལ་ཡས་ནས༔ ཆོས་སྐྱོང་སྲུང་མ་གཤེགས༴ སྣང་སྲིད་རྣམ་དག་གཞལ་ཡས་ནས༔ འཁོར་འདས་རང་གྲོལ་གཤེགས༴ ཆོས་དབྱིངས་ཡེ་ཤེས་ངང་ཉིད་ལས༔ དུས་གསུམ་སངས་རྒྱས་སྐུ་ཡི་ལྷ༔ རྣམ་སྣང་ཡབ་ཡུམ་གཙོ་འཁོར་བཅས༔ ཁྲག་ཐུང་སྤྲུལ་པར་བཅས་ཏེ་གཤེགས༔ སོར་རྟོག་ཡེ་ཤེས་ངང་ཉིད་ལས༔ དུས་གསུམ་སངས་རྒྱས་གསུང་གི་ལྷ༔ སྣང་མཐའ་ཡབ་ཡུམ་གཙོ་འཁོར་བཅས༔ ཁྲག་འཐུང་སྤྲུལ་པར་བཅས་ཏེ་གཤེགས༔ མེ་ལོང་ཡེ་ཤེས་ངང་ཉིད་ལས༔ དུས་གསུམ་སངས་རྒྱས་ཐུགས་ཀྱི་ལྷ༔ མི་བསྐྱོད་ཡབ་ཡུམ་གཙོ་འཁོར་བཅས༔ ཁྲག་ཐུང་སྤྲུལ་པར་བཅས་ཏེ་གཤེགས༔ མཉམ་ཉིད་ཡེ་ཤེས་ངང་ཉིད་ལས༔ དུས་གསུམ་སངས་རྒྱས་ཡོན་ཏན་ལྷ༔ རིན་འབྱུང་ཡབ་ཡུམ་གཙོ་འཁོར་བཅས༔ ཁྲག་འཐུང་སྤྲུལ་པར་བཅས་ཏེ་གཤེགས༔ བྱ་གྲུབ་ཡེ་ཤེས་ངང་ཉིད་ལས༔ དུས་གསུམ་སངས་རྒྱས་འཕྲིན་ལས་ལྷ༔ དོན་གྲུབ་ཡབ་ཡུམ་གཙོ་འཁོར་བཅས༔ ཁྲག་ཐུང་སྤྲུལ་པར་བཅས་ཏེ་གཤེགས༔ ཛཿཧཱུྃ་བཾ་ཧོ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ སྣ་ཚོགས་རང་གྲོལ་གཞལ་ཡས་འདིར༔ རོ་དང་ཉི་ཟླ་པདྨ་ལ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ མཐིང་གསལ་ཐིག་ལེའི་གཞལ་ཡས་སུ༔ མི་འཇིགས་སེངྒེའི་ཁྲི་སྟེང་ན༔ དྲི་མེད་ཉི་ཟླ་པདྨ་ལ༔ སྐུ་ཡི་ཞི་ཁྲོ་བཞུགས་སུ་གསོལ༔ དམར་གསལ་ཐིག་ལེའི་གཞལ་ཡས་སུ༔ མཛེས་བྱེད་རྨ་བྱའི་ཁྲི་སྟེང་དུ༔ དྲི་མེད༴ གསུང་གི་ཞི་ཁྲོ་བཞུགས༴ དཀར་གསལ་ཐིག་ལེའི་གཞལ༴ སྟོབས་ཆེན་གླང་ཆེན་ཁྲི་སྟེང་དུ༔ དྲི་མེད༴ ཐུགས་ཀྱི་ཞི་ཁྲོ་བཞུགས༴ སེར་གསལ་ཐིག་ལེའི་གཞལ༴ མགྱོགས་བྱེད་རྟ་མཆོག་ཁྲི་སྟེང་དུ༔ དྲི་མེད༴ ཡོན་ཏན་ཞི་ཁྲོ་བཞུགས༴ ལྗང་གསལ་ཐིག་ལེའི་གཞལ༴ རྩོལ་བྱེད་ཤང་ཤང་ཁྲི༴ དྲི་མེད༴ འཕྲིན་ལས་ཞི་ཁྲོ་བཞུགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ༔ སྣ་ཚོགས་རང་གྲོལ་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ དུས་གསུམ་སངས་རྒྱས་ཞི་ཁྲོ་ཡི༔ སྐུ་ནི་འཁྲིལ་ལྡེམ་སྒེག་བཞད་ལྡན༔ གསལ་སྟོང་དབྱེར་མེད་ཕྱི་ནང་མེད༔ ཞི་ཁྲོ་སྐུ་ཡི་ལྷ་ལ་ཕྱག་འཚལ་ལོ༔ དུས་གསུམ་སངས་རྒྱས༴ གསུང་ནི་འུར་ཆེམ་སིང་བག་ལྡན༔ གྲགས་སྟོང་དབྱེར་མེད་སྐྱེ་འགགས་བྲལ༔ ཞི་ཁྲོ་གསུང་གི་ལྷ་ལ༴ དུས་གསུམ་སངས་རྒྱས༴ ཐུགས་ནི་ཐིག་ལེ་ཉག་གཅིག་ཟླུམ༔ རིག་སྟོང་དབྱེར་མེད་མཐའ་དང་བྲལ༔ ཞི་ཁྲོ་ཐུགས་ཀྱི་ལྷ་ལ༴ དུས་གསུམ་སངས་རྒྱས༴ ཡོན་ཏན་གཞལ་ཞིང་དཔག་ཏུ་མེད༔ བདེ་སྟོང་དབྱེར་མེད་ཀུན་ལ་ཁྱབ༔ ཞི་ཁྲོ་ཡོན་ཏན་ལྷ་ལ༴ དུས་གསུམ་སངས་རྒྱས་ཞི་ཁྲོ་ཡི༔ ཕྲིན་ལས་ཇི་བཞིན་ལྷུན་གྲུབ་ཅིང༔ སྣང་སྟོང་དབྱེར་མེད་སྣ་ཚོགས་སྟོན༔ ཞི་ཁྲོ་འཕྲིན་ལས་ལྷ་ལ་ཕྱག་འཚལ་ལོ༔ ཨོཾ་ཨཱཿཧཱུྃ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱི་ཛ་ཧོ༔ མཆོད་པ་འབུལ་བ་ནི༔ ཧཱུྃ་སྣོད་བཅུད་སྣང་གྲགས་གཟུགས་ཕུང་ཀུན༔ ཞི་ཁྲོ་སྐུ་ཡི་ལྷ་ཚོགས་ལ༔ སྣང་ཞིང་ཤེས་པར་མཆོད་པ་འབུལ༔ འཇའ་ཚོན་ལྟ་བུར་བཞེས་སུ་གསོལ༔ ས་ཆུ་མེ་རླུང་ཆོས་ཉིད་སྒྲ༔ ཞི་ཁྲོ་གསུང་གི་ལྷ་ཚོགས་ལ༔ ཐོས་ཤིང་གོ་བར་མཆོད་པ་འབུལ༔ འབྲུག་སྒྲ་ལྟ་བུར་བཞེས་སུ་གསོལ༔ དྲན་ཞིང་རིག་པ་ལུ་གུ་རྒྱུད༔ ཞི་ཁྲོ་ཐུགས་ཀྱི་ལྷ་ཚོགས་ལ༔ རྟོགས་ཤིང་གོ་བར་མཆོད་པ་འབུལ༔ ཉི་ཟླ་ལྟ་བུར་བཞེས་སུ་གསོལ༔ རེག་ཅིང་བདེ་བའི་ཚོར་བ་ཀུན༔ ཞི་ཁྲོ་ཡོན་ཏན་ལྷ་ཚོགས་ལ༔ མྱོང་ཞིང་སྟོང་པར་མཆོད༴ བདུད་རྩི་ལྟ་བུར་བཞེས༴ ཞི་དང་རྒྱས་དང་དབང་དང་དྲག༔ ཞི་ཁྲོ་ཕྲིན་ལས་ལྷ་ཚོགས་ལ༔ ལྷུན་གྱིས་གྲུབ་པའི་མཆོད༴ ནོར་བུ་ལྟ་བུར་བཞེས༴ ཨོཾ་ཨཱཿཧཱུྃ༔ རིག་པའི་མེ་ཏོག་ཚུལ་ཁྲིམས་སྤོས༔ ཡེ་ཤེས་མར་མེ་ཆོས་ཉིད་དྲི༔ བདེ་ཆེན་ཞལ་ཟས་རང་བྱུང་སྒྲ༔ ཞི་ཁྲོ་ཡེ་ཤེས་ལྷ་ལ་འབུལ༔ ཨོཾ་ཨཱཿཧཱུྃ༔ ཨརྒྷཾ་སོགས་ཀྱིས་མཆོད༔ ཧཱུྃ༔ དུག་ལྔ་རང་བྱུང་སུ་ར་སྨན༔ ཉོན་མོངས་ཚོགས་འཇོམས་རཀྟ་དང༔ ཆོས་ཉིད་རོལ་པའི་གཏོར་མ་རྣམས༔ ཞི་ཁྲོ་ལྷུན་གྲུབ་ལྷ་ལ་འབུལ༔ སྐྱེ་མེད་ཤེས་རབ་ཆོས་ཉིད་མཁའ༔ འགྱུར་མེད་རྡོ་རྗེ་འགག་མེད་ཐབས༔ བདེ་ཆེན་ཟུང་འཇུག་གཉིས་མེད་རོལ༔ ཞི་ཁྲོ་གསང་བའི་ལྷ་ལ་འབུལ༔ འཁོར་འདས་མ་ལུས་རང་གི་སེམས༔ ངོ་བོ་མ་གྲུབ་གདོད་ནས་དག༔ དབྱིངས་དང་ཡེ་ཤེས་དབྱེར་མེད་པ༔ ཞི་ཁྲོ་རིག་པའི་ལྷ་ལ་འབུལ༔ ཞེས་དང་ཐོད་རྔ་ལ་སོགས་པ་སྒྲོག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་རཀྟ་བྷ་ལིཾ་ཏ་བོ་དྷི་ཙིཏྟ་པཱུ་ཙ་ཧོ༔ དེ་ནས་བཤགས་པ་བྱ་བ་ནི༔ ཨོཾ་ཨཱཿཧཱུྃ༔ སེམས་ཅན་སངས་རྒྱས་དངོས་ཉིད་ལ༔ ཞེ་སྡང་དབང་གིས་སྲོག་བཅད་དང༔ མ་བྱིན་ལེན་དང་གནོད་པ་བྱས༔ ཞི་ཁྲོ་སྐུ་ཡི་ལྷ་ལ་བཤགས༔ སྒྲ་རྣམས་སྔགས་ཀྱི་རང་བཞིན་ལ༔ འདོད་ཆགས་ཞེ་སྡང་དབང་གྱུར་པས༔ ངག་འཁྱལ་ཚིག་རྩུབ་ཕྲ་མ་བྱས༔ ཞི་ཁྲོ་གསུང་གི་ལྷ་ལ་བཤགས༔ དྲན་རྟོག་ཆོས་ཉིད་ཡིན་པ་ལ༔ མ་རིག་གཏི་མུག་དབང་གྱུར་པས༔ གནོད་སེམས་བརྣབ་སེམས་ལོག་པར་བལྟས༔ ཞི་ཁྲོ་ཐུགས་ཀྱི་ལྷ་ལ་བཤགས༔ འདོད་ཡོན་རང་བྱུང་རང་ཤར་ལ༔ ང་རྒྱལ་དབང་གིས་འཐབ་ཅིང་རྩོད༔ དགའ་མགུ་ཉེས་ཚིག་བྱས་པ་རྣམས༔ ཞི་ཁྲོ་ཡོན་ཏན་ལྷ་ལ་བཤགས༔ རེ་དོགས་སྤང་བླང་བྲལ་བ་ལ༔ ཕྲག་དོག་དབང་གིས་འཐབ་རྩོད་བྱས༔ མནར་མེད་དམྱལ་བའི་རྒྱུ་བསགས་པ༔ ཞི་ཁྲོ་འཕྲིན་ལས་ལྷ་ལ་བཤགས༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ སངས་རྒྱས་བཞི་བཅུ་རྩ་གཉིས་དང༔ ཁྲག་འཐུང་འབར་བ་ལྔ་བཅུ་བརྒྱད༔ ཞི་དང་ཁྲོ་བོས་འགྲོ་བ་འདུལ༔ ཞི་ཁྲོ་སྐུ་ཡི་ལྷ་ལ་ཕྱག་འཚལ་བསྟོད༔ ས་ཆུ་མེ་རླུང་འབྱུང་བའི་སྒྲ༔ ཨཱ་ལི་ཀཱ་ལིའི་རོལ་པ་ཡིས༔ ཨོཾ་ཨཱཿཧཱུྃ་གིས་འགྲོ་བ་འདུལ༔ ཞི་ཁྲོ་གསུང་གི་ལྷ་ལ་ཕྱག་འཚལ་བསྟོད༔ ཀུན་བཟང་དགོངས་པ་མཁའ་ལ་གསལ༔ ཉག་གཅིག་ཟླུམ་པོ་མཐའ་དང་བྲལ༔ དངོས་སུ་སྣང་བས་འགྲོ་བ་འདུལ༔ ཞི་ཁྲོ་ཐུགས་ཀྱི་ལྷ་ལ་ཕྱག་འཚལ་བསྟོད༔ ཕྱི་ནང་སྣོད་བཅུད་ཡོངས་ལ་ཁྱབ༔ བཅུད་ཀྱི་བཅུད་མཆོག་བདུད་རྩི་རྒྱས༔ རྒྱས་ཤིང་སྨིན་པས་འགྲོ་བ་འདུལ༔ ཞི་ཁྲོ་ཡོན་ཏན་ལྷ་ལ་ཕྱག་འཚལ་བསྟོད༔ སྐྱེ་མེད་ཤེས་རབ་འགག་མེད་ཐབས༔ རང་རིག་རང་གསལ་འགྲོ་འདུལ་ཞིང༔ ཞི་རྒྱས་དབང་དྲག་ཐུགས་རྗེས་སྒྲོལ༔ ཞི་ཁྲོ་འཕྲིན་ལས་ལྷ་ལ་ཕྱག་འཚལ་བསྟོད༔ དེ་ནས་བསྐུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ང་ནི་ཀུན་བཟང་ཡབ་ཡུམ་ལ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ ང་ནི་རང་བྱུང་རང་གྲོལ་ལྷ༔ ང་ནི་དུས་གསུམ་སངས་རྒྱས་དངོས༔ རྣམ་ཤེས་གནས་དག་ཤར་ཕྱོགས་ན༔ ཐིག་ལེ་དཀར་གསལ་གཞལ་ཡས་སུ༔ བཛྲ་ཞི་ཁྲོ་འཕྲིན་ལས་མཛོད༔ ཞེ་སྡང་འདུལ་བའི་དུས་ལ་བབ༔ ཚོར་བ་གནས་དག་ལྷོ་ཕྱོགས་ན༔ ཐིག་ལེ་སེར་གསལ་གཞལ་ཡས་སུ༔ རཏྣ་ཞི་ཁྲོ་འཕྲིན་ལས་མཛོད༔ ང་རྒྱལ་འདུལ་བའི་དུས་ལ་བབ༔ འདུ་ཤེས་གནས་དག་ནུབ་ཕྱོགས་ན༔ ཐིག་ལེ་དམར་གསལ་གཞལ་ཡས་སུ༔ པདྨ་ཞི་ཁྲོ་འཕྲིན་ལས་མཛོད༔ འདོད་ཆགས་འདུལ་བའི་དུས་ལ་བབ༔ འདུ་བྱེད་གནས་དག་བྱང་ཕྱོགས་ན༔ ཐིག་ལེ་ལྗང་གསལ་གཞལ་ཡས་སུ༔ ཀརྨ་ཞི་ཁྲོ་འཕྲིན་ལས་མཛོད༔ ཕྲག་དོག་འདུལ་བའི་དུས་ལ་བབ༔ ཆོས་ཉིད་མི་འགྱུར་དབུས་ཕྱོགས་ན༔ ཐིག་ལེ་མཐིང་གསལ་གཞལ་ཡས་སུ༔ སངས་རྒྱས་ཞི་ཁྲོ་འཕྲིན་ལས་མཛོད༔ གཏི་མུག་འདུལ་བའི་དུས་ལ་བབ༔ ཙིཏྟ་སྙིང་གི་གཞལ་ཡས་སུ༔ བཞི་བཅུ་རྩ་གཉིས་ཞི་བའི་སྐུ༔ མཉེན་ལྕུག་འཁྲིལ་ལྡེམ་འོད་ཟེར་འབར༔ ཕུང་པོ་ལྷག་མེད་ཕྲིན་ལས་མཛོད༔ ཀླད་པ་དུང་ཁང་གཞལ་ཡས་སུ༔ ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་སྐུ༔ སྒེག་པ་དཔའ་བ་འཇིགས་སུ་རུང༔ རང་སྣང་རྟོགས་པའི་ཕྲིན་ལས་མཛོད༔ སྣོད་བཅུད་རྒྱན་གྱི་གཏོར་མ་བཞེས༔ ཞི་བས་ཆོས་ཉིད་དབྱིངས་སུ་སྐྱོལ༔ ཁྲོ་བོས་དགྲ་བགེགས་མ་ལུས་སྒྲོལ༔ འཁོར་བ་དོང་སྤྲུགས་ཕྲིན་ལས་མཛོད༔ ཨོཾ་ཨཱཿཧཱུྃ༔ གསལ་སྟོང་དབྱེར་མེད་འཇམ་དཔལ་སྐུ༔ གྲགས་སྟོང་དབྱེར་མེད་པདྨ་གསུང༔ རིག་སྟོང་དབྱེར་མེད་ཡང་དག་ཐུགས༔ བདེ་ཆེན་བདུད་རྩི་ཡོན་ཏན་ལྷ༔ སྣང་སྟོང་ཕུར་པ་ཕྲིན་ལས་མཛོད༔ སྟོང་ཉིད་མ་མོ་རྦོད་གཏོང་ལྷ༔ ཆོས་ཉིད་རོལ་པའི་གཏོར་མ་ལོངས༔ དགྲ་བགེགས་སྐྱེ་བ་མེད་པར་སྒྲོལ༔ ཨོཾ་ཨཱཿཧཱུྃ༔ རྣམ་སྨིན་རིག་འཛིན་ཤ་ཁྲག་ལུས༔ སྐྱེ་མེད་རྟོགས་པས་ཚེ་དབང་དང༔ བདེ་ཆེན་ཕྱག་རྒྱའི་རིག་འཛིན་དང༔ ལྷུན་གྲུབ་རིག་འཛིན་ལུ་གུ་རྒྱུད༔ སྐུ་གསུང་ཐུགས་དང་ཡོན་ཏན་དང༔ འཕྲིན་ལས་མ་མོའི་རིག་འཛིན་རྣམས༔ ཅིར་སྣང་ཆོས་སྐུའི་གཏོར་མ་ལོངས༔ འཁོར་བ་མྱ་ངན་འདས་པར་ཟློགས༔ ཨོཾ་ཨཱཿཧཱུྃ༔ འདོད་ཆགས་ཞེ་སྡང་གཏི་མུག་དང༔ ང་རྒྱལ་ཕྲག་དོག་འཇིག་རྟེན་ལྷ༔ ཞེ་སྡང་ཁོང་ཁྲོ་དམོད་པའི་ལྷ༔ རང་ངོ་ཤེས་པའི་ཕྲིན་ལས་མཛོད༔ སྐུ་གསུང་ཐུགས་དང་ཡོན་ཏན་དང༔ འཕྲིན་ལས་མ་ལུས་རྫོགས་པ་ཡི༔ ཞི་ཁྲོ་ཡེ་ཤེས་ལྷ་ཚོགས་རྣམས༔ ཅིར་སྣང་ཆོས་སྐུའི་གཏོར་མ་ལོངས༔ ཡེ་ནས་སྐྱེ་འགག་མེད་པ་ཡི༔ སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་རྣམས༔ སྣང་སྲིད་གཞིར་བཞེངས་གཏོར་མ་ལོངས༔ ཆགས་ཞེན་མེད་པའི་ཕྲིན་ལས་མཛོད༔ ཨོཾ་ཨཱཿཧཱུྃ༔ ཕཊ་ཕཊ་ཕཊ༔ གཏི་མུག་འོད་གསལ་དུ་ཟློག༔ མཱ་ར་ཡ་སོད༔ ཞེ་སྡང་རང་གྲོལ་དུ་ཟློག༔ མཱ་ར་ཡ་སོད༔ འདོད་ཆགས་བདེ་ཆེན་དུ་ཟློག༔ མཱ་ར་ཡ་སོད༔ ཨ་འཐས་སྟོང་པར་ཟློག༔ མཱ་ར་ཡ་སོད༔ མི་བདེན་པ་ལ་བདེན་པར་འཛིན་པའི་ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ འཁོར་བ་ལ་ཆགས་ཞེན་ཆེ་བ་ཟློག༔ ངན་སོང་གསུམ་ལ་ཉམ་ང་བ་ཟློག༔ གཟུང་འཛིན་གྱི་རྨི་ལྟས་ངན་པ་ཟློག༔ ཡར་གྱི་བདུད་སངས་རྒྱས་ལ་རེ་བ་ཟློག༔ མར་གྱི་བདུད་འཁོར་བ་ལ་ལྷུང་དུ་དོགས་པ་ཟློག༔ ཐམས་ཅད་སྐྱེ་མེད་དུ་ཕྱ་ལ་ལ༔ འགག་མེད་དུ་ཡ་ལ་ལ༔ གཉིས་མེད་དུ་ཁྲོ་ལོ་ལོ་ཐོངས་ཤིག༔ དེ་ནས་ཚོགས་ལ་རོལ༔ ལྷག་མ་བྱ་བ་ནི༔ ཨོཾ་ཨཱཿཧཱུྃ༔ གཟུགས་ཕུང་ཤ་ཁྲག་ལྷག་མ་འདི༔ སྐྱེ་མེད་ཆོས་དབྱིངས་ངང་དུ་བཞེས༔ ལུས་ངག་ཡིད་གསུམ་ལྷག་མ་འདི༔ སྐུ་གསུང་ཐུགས་ཀྱི་ངང་དུ་བཞེས༔ ཉོན་མོངས་དུག་ལྔའི་ལྷག་མ་འདི༔ ཡེ་ཤེས་ལྔ་ཡི་ངང་དུ་བཞེས༔ སྐུ་གསུམ་འཛིན་མེད་ལྷག་མ་འདི༔ ཀ་ནས་དག་པའི་ངང་དུ་བཞེས༔ ཅེས་བརྗོད༔ དེ་ནས་གཏོར་སྣོད་ཁ་སྦུབས་ལ༔ ཧཱུྃ༔ དཀར་ཞིང་གསལ་ལ་དྭངས་པ་ཡིས༔ ཉོན་མོངས་མ་ལུས་ཞི་མཛད་པ༔ ཞི་མཛད་ལྷ་ལ་ཕྱག་འཚལ་ལོ༔ ཨོཾ་ཨཱཿཧཱུྃ་ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ སེར་ཞིང་གསལ་ལ་དྭངས་པ་ཡིས༔ ཡེ་ཤེས་མ་ལུས་རྒྱས་མཛད་པ༔ རྒྱས་མཛད་ལྷ་ལ་ཕྱག་འཚལ་ལོ༔ ཨོཾ་ཨཱཿཧཱུྃ་རྒྱས་པ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ དམར་ཞིང་གསལ་ལ་དྭངས་པ་ཡིས༔ སྐུ་གསུམ་དབང་དུ་སྡུད་མཛད་པ༔ དབང་མཛད་ལྷ་ལ་ཕྱག་འཚལ་ལོ༔ ཨོཾ་ཨཱཿཧཱུྃ་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ ལྗང་ཞིང་གསལ་ལ་དྭངས་པ་ཡིས༔ འཁོར་བའི་སྡུག་བསྔལ་སྒྲོལ་མཛད་པ༔ སྒྲོལ་མཛད་ལྷ་ལ་ཕྱག་འཚལ་ལོ༔ ཨོཾ་ཨཱཿཧཱུྃ་སརྦ་མཱ་ར་ཡ་ནན༔ དེ་ནས་ཚེ་འགུགས་ཤིང་བཀྲ་ཤིས་བརྗོད་པ་ནི༔ ཨོཾ་ཨཱཿཧཱུྃ༔ ཤར་གྱི་ཕྱོགས་ནས་འགུགས་བྱེད་མ༔ རྡོ་རྗེ་མཁའ་འགྲོས་ཚེ་གཡང་ཁུག༔ འགྱུར་བ་མེད་པའི་བཀྲ་ཤིས་ཤོག༔ ལྷོ་ཡི་ཕྱོགས་ནས་འགུགས་བྱེད་མ༔ རིན་ཆེན་མཁའ་འགྲོས་ཚེ་གཡང་ཁུག༔ དགོས་འདོད་འབྱུང་བའི་བཀྲ་ཤིས་ཤོག༔ ནུབ་ཀྱི་ཕྱོགས་ནས་འགུགས་བྱེད་མ༔ པདྨ་མཁའ་འགྲོས་ཚེ་གཡང་ཁུག༔ སྐུ་ལྔ་དབང་སྡུད་བཀྲ་ཤིས་ཤོག༔ བྱང་གི་ཕྱོགས་ནས་འགུགས་བྱེད་མ༔ ལས་ཀྱི་མཁའ་འགྲོས་ཚེ་གཡང་ཁུག༔ ལས་རྣམས་འགྲུབ་པའི་བཀྲ་ཤིས་ཤོག༔ དབུས་ཀྱི་ཕྱོགས་ནས་འགུགས་བྱེད་མ༔ སངས་རྒྱས་མཁའ་འགྲོས་ཚེ་གཡང་ཁུག༔ མངོན་སངས་རྒྱ་བའི་བཀྲ་ཤིས་ཤོག༔ སྐྱེ་མེད་རྟོགས་པས་འཆི་རྒྱུ་མེད༔ འཆི་མེད་ཚེ་ཡི་བཀྲ་ཤིས་ཤོག༔ བདེ་སྟོང་རྟོགས་པས་ན་རྒྱུ་མེད༔ ནད་མེད་བཅུད་འཚོའི་བཀྲ་ཤིས་ཤོག༔ རིག་སྐུ་མཐོང་བས་རྒས་རྒྱུ་མེད༔ རྒས་མེད་མཆོག་གི་བཀྲ་ཤིས་ཤོག༔ ཉག་གཅིག་རྟོགས་པས་རྨོངས་རྒྱུ་མེད༔ སྐུ་གསུམ་ལྷུན་གྲུབ་བཀྲ་ཤིས་ཤོག༔ རང་རིག་རྟོགས་པས་འཁྲུལ་རྒྱུ་མེད༔ འཁྲུལ་མེད་ཡེ་སངས་རྒྱས་པའི་བཀྲ་ཤིས་ཤོག༔ ཡེ་ཤེས་རྟོགས་པས་གསལ་འགྲིབ་མེད༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ ༈ དེ་ནས་རྒྱུན་དུ་ཛཔ྄་དགོངས་ནི༔ ཨོཾ་ཨཱཿཧཱུྃ༔ ཕྱི་སྣོད་འཇིག་རྟེན་གཞལ་ཡས་ཁང༔ ནང་བཅུད་སེམས་ཅན་ལྷ་ཡི་ཚོགས༔ འཁོར་བ་སྡུག་བསྔལ་ཆོས་ཉིད་རོལ༔ ཨ་ལ་ལ་སྟེ་བཞེས་སུ་གསོལ༔ ཨོཾ་དང་ཨཱཿདང་ཧཱུྃ་དང་གསུམ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས༔ བོ་དྷི་ཙིཏྟ་བྱང་ཆུབ་སེམས༔ མ་ཧཱ་སུ་ཁ་བདེ་བ་ཆེ༔ ཛྙཱ་ན་དྷ་ཏུ་ཡེ་ཤེས་དབྱིངས༔ ཨ་ནི་སྐྱེ་བ་མེད་པ་འོ༔ ཞི་བ་ལྷུན་གྲུབ་ཡེ་ཤེས་ལྷ༔ བཞི་བཅུ་རྩ་གཉིས་སྙིང་པོ་འོ༔ ཨོཾ་ནི་སྐུ་ལྔ་ཡེ་ཤེས་ལྔ༔ རུ་ལུ་གནས་ལུགས་ཆོས་ཀྱི་དབྱིངས༔ རུ་ལུ་སྣང་ལུགས་ཆོས་དབྱིངས་སྐུ༔ ཧཱུྃ་ནི་འགག་མེད་ཐིག་ལེ་ཉིད༔ བྷྱོ་ནི་སྐྱེ་མེད་མཁའ་ལ་འཁྱིལ༔ ཧཱུྃ་ནི་སྐྱེ་འགག་གཉིས་སུ་མེད༔ ཁྲག་འཐུང་ཁྲོ་བོ་རིན་ཆེན་རྩལ༔ དྲུག་ཅུ་ཐམ་པའི་སྙིང་པོ་འོ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ ཞི་ཁྲོ་དོན་གྱི་ཕྲིན་ལས་ཞེས་བྱ་བ་རྫོགས་སོ༔ ༄༅༔ རྫོགས་པ་ཆེན་པོ་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པ་ལས༔ བུམ་དབང་ཆེན་མོ་བཞུགས་སོ༔ ཀུན་བཟང་འོད་ལྔ་འབར་ལ་ཕྱག་འཚལ་ལོ༔ འདིར་ཞི་ཁྲོ་དམ་པ་རིགས་བརྒྱའི་དབང་ཕྱི་ལྟར་སྤྲོས་ཏེ་བསྐུར་བ་ནི༔ བཀྲ་ཤིས་པའི་ས་གཏོར་མ་བྱིན་ལ་བླང་ཞིང༔ ཁྱེའུ་གཙང་མས་བརྐོ༔ བུ་མོ་གཙང་མས་ཁུར༔ བྷྲཱུྃ་ཨོཾ་ཨཱཿཧཱུྃ་གིས་རིན་པོ་ཆེའི་ས་གཞིར་བྱིན་གྱིས་བརླབ༔ དཀྱིལ་འཁོར་གནས་དང་མཐུན་པར་བཞེངས༔ དེའི་བྱང་ཤར་དུ་གཏོར་མ་གཅིག་བཤམས་ལ་བྱིན་གྱིས་བརླབས་ནས་བགེགས་དང་འབྱུང་པོ་ལ་བསྔོ་ཞིང༔ གཞན་དུ་བསྐྲད༔ ཁྲོ་བོའི་འགྱིང་འགྲོས་དང་རྔམ་འགྲོས་ཀྱིས་དཀྱིལ་འཁོར་ལ་བསྐོར་ཞིང༔ ཧ་ཧཱ་ཧི་ཧཱི་ཧེ་ཧཻ་ཧོ་ཧཽ་ཨཱ་རལླི་ཧོ་ཧྲཱིང་ཧྲཱིང་ཕེཾ་ཕེཾ༔ ཞེས་དང༔ ཕྱི་ནང་གསང་གསུམ་གྱི་མཚམས་གཅོད་རྒྱས་པར་བྱའོ༔ ࿊ དེ་ནས་ལྷ་སྟ་གོན་གྱི་རིམ་པ་ནི༔ སློབ་དཔོན་གྱིས་ཡེ་ཤེས་ཀྱི་ཐིག་གདབ༔ ལྷ་གྲངས་ཀྱི་ཚོམ་བུ་བཀོད༔ སྐུ་རྟེན་ཙཀ་ལི༔ གསུང་རྟེན་ཡིག་འབྲུ༔ ཐུགས་རྟེན་ཕུར་པ་དང་བུམ་པ་སོགས༔ དབང་རྫས་རྣམས་ཚོམ་བུ་ལ་བཀོད༔ དམ་ཚིག་སེམས་དཔའ་བསྒོམ༔ ཡེ་ཤེས་པ་བསྟིམ༔ མཆོད་བསྟོད་བྱ༔ དབང་རྫས་རེ་ལ་བསྙེན་པ་བརྒྱ་རྩ་རེ་བྱ༔ ࿊ དེ་ནས་སློབ་མ་སྟ་གོན་ནི༔ སློབ་མ་གྲལ་ལ་འཁོད་ལ༔ ཟན་རྡོག་རེ་བཀྲམ་པས་དྲིལ་ཞིང་སྡིག་སྒྲིབ་ཐམས་ཅད་ཟན་དྲིལ་ལ་ཐིམ་པར་བསམ་ལ་ཡིག་བརྒྱ་ཚར་གསུམ་འདོན༔ དེ་ནས་ཟངས་གཞོང་དུ་ཟན་རིལ་བསྡོམས་པ་ངར་གླུད་ཆེ་བ་གཅིག་གི་མཐར་བཤམས་ལ༔ ལས་ཀྱི་སློབ་དཔོན་ལས་བུམ་ཐོགས་ལ་ཐམས་ཅད་ཀྱིས་ཁྲུས་བྱས་པའི་དྲི་ཆུ་བླུགས༔ དེ་ནས་བགེགས་གཏོར་ཡང་བཤམས་ལ༔ ཞི་དྲག་ཕྱེད་མ་དང་སྡིག་པ་སྦྱོང་བ་ཏིལ་དང་ཡུངས་དཀར་གྱིས་གཡས་གཡོན་དུ་བསྐོར་ལ་ངར་གླུད་ལ་བསྟིམ༔ སྔགས་དྲུག་ཕྱག་རྒྱ་དྲུག་གིས་བགེགས་གཏོར་བྱིན་གྱིས་བརླབས་ལ་བསྔོ་ཞིང༔ གིང་པ་འཆམ་ཞིང་སློབ་དཔོན་ཁྲོ་བོའི་ང་རྒྱལ་དང་ལྡན་པས་བགེགས་བསྐྲད༔ དེ་ནི་སྒོའི་ཕྱི་རོལ་དུ་བྱ་བའི་ཆོ་གའོ༔ དེ་ནས་ནང་དུ་ཁྲོ་བོ་ཐུན་དང་ཕྱག་མཚན་ལ་སོགས་པ་སྟ་གོན་བྱས་ལ༔ སློབ་མ་རྣམས་ཀྱིས་སྒོ་ཞུས་འབུལ་བ་ནི༔ ཀྱེ་ཀྱེ༔ ཁྲོ་བོ་ཆེན་པོ་འཇིགས་པའི་སྐུ༔ ནོར་བུ་རིན་ཆེན་ལེགས་བཅིངས་པ༔ ཁྱེད་ཀྱི་དམ་ཚིག་ཡིད་དུ་འོང༔ ཕྱག་ན་དབྱུག་པ་འབར་བ་བསྣམས༔ བདག་ཅག་འཁོར་བ་ལས་སྒྲོལ་ཕྱིར༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ཁང་དུ༔ བདག་གིས་འཇུག་པར་འཚལ་ལགས་པས༔ བཟང་པོའི་སྒོ་ནི་དབྱེ་བར་ཞུ༔ ལན་གསུམ་ལན་དུ༔ ཧཱུྃ༔ འདུས་པ་ཚོགས་ཀྱི་དཀྱིལ་འཁོར་འདིར༔ མུ་སྟེགས་ལྟ་བ་ལོག་པ་དང༔ ཉན་ཐོས་རང་རྒྱལ་བློ་དམན་དང༔ གཤེ་ཞིང་སྐུར་པ་འདེབས་པ་དང༔ ལོག་པའི་མཐའ་ལ་ཞེན་པ་རྣམས༔ འདིར་ནི་འཇུག་པར་མི་འཚལ་བས༔ གང་ཡིན་དེ་ནི་ཕྱིར་ལ་དེངས༔ ཁེ་དང་གྲགས་པས་འཇུག་པ་དང༔ ཕ་མ་རྒྱལ་པོས་མ་གནང་བའི༔ བརྐམ་ཆགས་ཅན་ཞིག་མ་ཡིན་ནམ༔ སློབ་མས་ལན་དུ༔ མ་ཡིན་ལགས༔ ཞེས་ཞུ༔ དེ་ནས་རྡོ་རྗེ་རྒྱལ་ཐེབ་ཀྱིས་འདི་སྐད་དུ༔ ཧེ་རུ་ཀ་དཔལ་དཀྱིལ་འཁོར་དུ༔ འཇུག་པའི་སྐལ་ལྡན་ལས་འཕྲོ་ཅན༔ གང་ཡིན་དེ་དག་ནང་དུ་བྱོན༔ ཚེ་འདིར་བཀྲ་ཤིས་ཕུན་སུམ་ཚོགས༔ གཏན་དུ་བདེ་བ་ཐོབ་པར་འགྱུར༔ རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་དུ༔ འཇུག་པའི་སྐལ་པ་དང་ལྡན་ནམ༔ ཞེས་དྲི༔ ལན་དུ༔ ལྡན་ལགས་སོ༔ ཞེས་ཞུ༔ དེ་ནས་བྷྲཱུྃ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་སྒོ་ཕྱེ་ལ༔ ཁྲོ་བོའི་འཆམས་དང་རོལ་མོ་སྒྲོག༔ གུ་གུལ་དང་ཤ་ཆེན་བསྲེག་ཅིང༔ སློབ་དཔོན་གྱིས༔ ན་མོ་དེང་གི་གནས་མཆོག་ཁྱད་པར་ཅན་དཔལ་ཡེ་ཤེས་སེམས་དཔའ་འཁོར་དང་བཅས་པའི་ཞིང་ཁམས་དང་ཕོ་བྲང་བཀོད་པ་ཕུན་སུམ་ཚོགས་པ་དུར་ཁྲོད་གསང་བ་མཆོག་གི་གནས་འདི་རུ༔ སྐལ་ལྡན་གྱི་སྐྱེས་བུ་འདིར་འདུས་ཤིང་འཚོགས་པ་མ་གཏོགས༔ བགེགས་དང་འབྱུང་པོའི་རིགས་སུ་གྱུར་པ་གསང་སྔགས་རྡོ་རྗེ་ཐེག་པ་ཆེན་པོའི་ཆོས་ཉན་པའི་སྐལ་པ་དང་མི་ལྡན་པས་བྱང་ཆུབ་སྒྲུབ་པ་ལ་མི་དབང་ཞིང༔ དཀྱིལ་འཁོར་གྱི་མདངས་ལེན་པ༔ མར་མེའི་འོད་འཕྲོག་པ༔ གཏོར་མའི་དྲི་སྣོམ་པ༔ དངོས་གྲུབ་ལ་བར་དུ་གཅོད་པ༔ མི་མིན་མི་རུ་བརྫུ་བ༔ ལྷ་མིན་ལྷ་རུ་བརྫུ་བ༔ ཚེ་དང་བསོད་ནམས་ལ་བར་དུ་གཅོད་པ༔ རྣལ་འབྱོར་པའི་བཞིན་སྡུད་པ༔ གནོད་བྱེད་འབྱུང་པོ་ཐམས་ཅད་རང་རང་གི་གནས་སུ་དེངས་ཤིག༔ གལ་ཏེ་མི་འགྲོ་བར་ངའི་བཀའ་དང་དམ་ལས་འདའ་ན་དཔལ་རྡོ་རྗེ་འཛིན་པ་རབ་ཏུ་ཁྲོས་ནས་ཁྱོད་རྣམས་ཀྱི་ལུས་ངག་ཡིད་གསུམ་རྡུལ་ཕྲན་བཞིན་དུ་བརླག་པར་བྱེད་དོ༔ དེ་བས་སོ་སོ་རང་རང་གི་གནས་སུ་དེངས་ཤིག༔ ཅེས་ཧཱུྃ་བཞིའི་སྔགས་བཟླས་ལ་ཡུངས་དཀར་དང་རྡོ་ཐུན་གྱིས་བྲབ་བོ༔ དེ་ནས་སྲུང་འཁོར་བསྒོམ་པ་ནི༔ ཕྱི་རིམ་ཐམས་ཅད་ཡེ་ཤེས་ཀྱི་མེ་དཔུང་ཆེན་པོའི་གུར་ཁང༔ དེའི་ནང་དུ་མཚོན་ཆའི་གུར་ཁང་ནི༔ ནང་དུ་འཁོར་ལོའི་གུར་ཁང༔ དེའི་ནང་དུ་རྡོ་རྗེའི་གུར་ཁང༔ དེའི་ནང་དུ་རིན་པོ་ཆེའི་གུར་ཁང༔ དེའི་ནང་དུ་པདྨ་དང༔ རྒྱ་གྲམ་རལ་གྲི་ཕུར་པ་རྣམས་ཀྱི་གུར་ཁང༔ དེའི་ནང་དུ་རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་དུ་སློབ་དཔོན་ཡོན་མཆོད་མི་ནོར་ཐམས་ཅད་ཚུད་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་རཀྵ་རཀྵ་ཧཱུྃ༔ བཛྲ་ཙཀྲ་ཧཱུྃ་བྷྲཱུྃ༔ རཏྣ་ཏྲཱཾ་བྷྲཱུྃ༔ པདྨ་ཧྲཱིཿབྷྲཱུྃ༔ ཀརྨ་ཧཱ་བྷྲཱུྃ༔ སརྦ་ཙཀྲ་ཨོཾ་བྷྲཱུྃ་ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ༔ དེ་ནས་གྲལ་དུ་འཁོད་པར་ཞུ་བ་ནི༔ ལས་ཀྱིས་སློབ་དཔོན་ལ་ཕྱག་བྱ་སྟེ༔ ཀྱེ་ཀྱེ༔ འདིར་འཚོགས་སྐལ་ལྡན་ཕོ་མོ་རྣམས༔ གསང་སྔགས་ཟབ་མོའི་དབང་ཁང་འདིར༔ བཞུགས་པའི་གནས་ནི་གང་ལགས་པ༔ བླ་མ་རྡོ་རྗེ་འཛིན་པས་གནང་དུ་གསོལ༔ ཞེས་ཞུ༔ བླ་མས༔ ཀྱེ་ཀྱེ༔ རིགས་ཀྱི་མཆེད་དང་ལྕམ་དྲལ་རྣམས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དག༔ གང་གིས་མི་ཤེས་དེ་ཡི་བདུད༔ བདུད་དང་ལོག་པའི་ཆོས་རྣམས་ཀྱང༔ གང་གིས་ཤེས་ན་དེ་ཡི་ལྷ༔ རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་དུ༔ མཐོ་དམན་བཟང་ངན་བླང་དོར་མེད༔ ཐབས་ཀྱི་གྲལ་དེ་གཡས་སུ་བཞུགས༔ ཤེས་རབ་གྲལ་དེ་གཡོན་དུ་བཞུགས༔ པདྨ་ཀ་མ་ལཱ་ཡ་ཏིཥྛ་ལྷན༔ དེ་ནས་མེ་ཏོག་དགྲམ༔ མཎྜལ་ཕུལ༔ གསོལ་བ་གདབ་པ་ནི༔ ཧེ་རུ་ཀ་དང་གཉིས་མེད་པའི༔ སློབ་དཔོན་ཆེན་པོ་དགོངས་སུ་གསོལ༔ བདག་ཅག་སྐལ་ལྡན་བུ་སློབ་རྣམས༔ འཁོར་བའི་རྒྱ་མཚོ་ལས་བསྒྲལ་ནས༔ ལུས་ངག་ཡིད་གསུམ་སྨིན་གྲོལ་ཕྱིར༔ ཁྱེད་ལ་རྟག་ཏུ་གུས་ཕྱག་འཚལ༔ སྟ་གོན་གནང་བར་མཛད་དུ་གསོལ༔ ཞེས་ལན་གསུམ་ཞུའོ༔ བླ་མས༔ འདིར་འཚོགས་པའི་གྲལ་རྣམས་གཞི་དད་པ་དང་གྲོགས་བརྩོན་འགྲུས་སྤྲོ་བས་བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང་ཐེག་པ་ཆེན་པོའི་ཆོས་དང་མཇལ་བ་དང་ཆོས་བྱེད་པ་ངོ་མཚར་ཆེ༔ སྐྱེ་དཀའ་བ་ལྷོ་རྒྱལ་འཛམ་བུའི་གླིང་དུ་སྐྱེས༔ ཐོབ་དཀའ་བ་མི་ལུས་རིན་པོ་ཆེ་ཐོབ༔ མཇལ་དཀའ་བ་ཐེག་པ་ཆེན་པོའི་ཆོས་དང་མཇལ་བ་འདི་སྔོན་རྒྱུ་བསོད་ནམས་ཀྱི་ཚོགས་བསགས་ཤིང་རྒྱུད་སྦྱངས་སྨོན་ལམ་བཏབ་པ་ལས་བྱུང་བ་ཡིན༔ ཅེས་སོགས་དང་ལས་རྒྱུ་འབྲས་དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་པ་འཁོར་བའི་ཉེས་དམིགས་ཐར་པའི་ཕན་ཡོན༔ ཀུན་གཞི༔ གྲོལ་གཞི༔ འཁྲུལ་གཞི་སོགས་བཤད་དོ༔ དེ་ནས་ཡིག་བརྒྱ་བཟླ་ཞིང་སྡིག་པ་བཤགས་པ་ནི༔ ཧོ༔ ཀུན་ཏུ་བཟང་པོ་རྒྱལ་བ་རིགས་ལྔར་བཅས༔ བླ་མ་ཞི་ཁྲོ་རབ་འབྱམས་དགོངས་སུ་གསོལ༔ བདག་གིས་ཐོག་མེད་དུས་ནས་ད་ལྟའི་བར༔ ལུས་ངག་ཡིད་གསུམ་སྡིག་པ་ཅི་བགྱིས་བཤགས༔ ཞེས་ལན་གསུམ་བྱ༔ སྡིག་པ་བཤགས་པས་དག་པ་དང༔ དགེ་བ་བསགས་པས་འཕེལ་བའི་ཚུལ་བཤད་དོ༔ དེ་ནས་སྐྱབས་སུ་འགྲོ་བ་ནི༔ སྐྱབས་ཡུལ་རྩ་གསུམ་ཞི་ཁྲོའི་ལྷ་ཚོགས་མདུན་གྱི་ནམ་མཁར་དམིགས་ལ་རང་དང་སེམས་ཅན་ཐམས་ཅད་སྐྱབས་སུ་འགྲོ་བའི་འདུན་པས་འདི་སྐད་དོ༔ ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང༔ སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ༔ བདག་དང་འགྲོ་ཀུན་གུས་པས་སྐྱབས་སུ་མཆི༔ ཞེས་ལན་གསུམ་བྱ༔ སེམས་བསྐྱེད་པ་ནི༔ བདག་ནི་དེང་ནས་བྱང་ཆུབ་མ་ཐོབ་བར༔ རིག་འཛིན་རྒྱལ་སྲས་རྣམས་ཀྱི་རྗེས་ཞུགས་ནས༔ གསང་བ་ཟབ་མོའི་སྙིང་པོ་མངོན་བྱས་ཏེ༔ འགྲོ་རྣམས་ཀུན་བཟང་འོད་ལྔའི་སར་འགོད་བྱ༔ ཞེས་ལན་གསུམ་གྱིས་སེམས་བསྐྱེད༔ དེ་ནས་སྡོམ་པ་གཟུང་བ་ནི༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡིས༔ སྟོང་ཉིད་ལྟ་བའི་དོན་རྟགས་གཟུང༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཡིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ ཟང་ཟིང་མི་འཇིགས་ཆོས་དང་བྱམས༔ སྦྱིན་པ་དུས་རྣམས་རྟག་ཏུ་གཏང༔ རིན་ཆེན་རིགས་ཀྱི་དམ་ཚིག་ཡིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཆགས་པའི་སྐྱོན་བྲལ་ཡོན་ཏན་རྫོགས༔ དོན་གྱི་གནས་ལུགས་ལྟ་སྒོམ་བརྟེན༔ པདྨའི་རིགས་ཀྱི་དམ་ཚིག་ཡིན༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ ཚོགས་དང་དགེ་བའི་ལས་རྣམས་དང༔ འབྲས་བུ་དོན་གྱི་གནས་ལུགས་བརྟེན༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཡིན༔ སངས་རྒྱས་རིགས་ཀྱི་དམ་ཚིག་ཏུ༔ བསླབ་པ་གསུམ་ལ་ནན་ཏན་བྱ༔ བྱང་ཆུབ་དམ་པར་སེམས་བསྐྱེད་དོ༔ སངས་རྒྱས་རིགས་ཀྱི་དམ་ཚིག་ཡིན༔ ཞེས་ལན་གསུམ་གྱིས་སྡོམ་པ་གཟུང༔ དེ་ནས་ལས་ཀྱི་སློབ་དཔོན་གྱིས་ལས་བུམ་ཐོགས་ལ༔ ཧཱུྃ༔ རྡོ་རྗེ་རྣོན་པོ་གཅོད་བྱེད་པ༔ དག་བྱེད་བདུད་རྩིའི་ཆུ་འདི་ཐུངས༔ ལུས་ངག་ཡིད་གསུམ་ལས་བྱུང་བའི༔ ལས་ཀྱི་སྒྲིབ་པ་དག་པར་ཤོག༔ ཨོཾ་སརྦ་པ་པཾ་བི་ཤྭ་དྷ་ན་ཡེ་སྭཱ་ཧཱ༔ ༼དེ་ནས་མེ་ཏོག་བཅང་བ་ནི༔ ལག་པ་ཐབས་ཤེས་ཕྱི་སྡོམ་གུང་མོ་བརྐྱངས་པའི་བར་དུ་གཟུང་དུ་གཞུག་ལ༔ སློབ་དཔོན་གྱིས༔ ཨུ་དུམྦ་ར་མནྡཱ་ར༔ ཡོངས་འདུ་དང་ནི་མ་ལི་ཀ༔ ཀ་ནི་ཀ་ཡི་ཕྲེང་བ་འདི༔ ལེགས་པར་མནོས་ཏེ་བུ་ཁྱོད་ཟུངས༔ ཞེས་གཏད་དོ༔ དེ་ནས་སྤྱན་དར་གཏད་པ་ནི༔ ཨོཾ་བཛྲ་ཙཀྵུར་བྷནྡྷ་ཝཱ་ར་མ་ཎ་ཨཱ་ཁཾ་བཱི་ར་ཧཱུྃ༔ དར་ཡུག་དམར་པོ་རེས་གདོང་གཡོགས་བཅིང་པར་སྒོམས༔༽ དེ་ནས་གོ་བགོ་བ་ནི༔ སྤྱི་བོར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཨོཾ་དཀར་པོ་ལས་སྐུ་རྡོ་རྗེར་སྒོམས་ཤིག༔ མགྲིན་པར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བ་ལ་ཨཱཿདམར་པོ་ལས་གསུང་རྡོ་རྗེར་སྒོམས་ཤིག༔ ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ་མཐིང་ག་ལས་ཐུགས་རྡོ་རྗེར་སྒོམས་ཤིག༔ ཨོཾ་ཨཱཿཧཱུྃ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས་ཤིག༔ དེ་ནས་ཡང་རྡོ་རྗེས་ཆུ་གཏོར་བས་ལུས་ཐམས་ཅད་རྡོ་རྗེའི་ཞུ་ལུབ་ཏུ་གྱུར་པར་སྒོམས་ཤིག༔ དེ་ནས་སོ་ཤིང་གཏད་དེ༔ ཧཱུྃ༔ རྡོ་རྗེ་བཞད་པ་དགྱེས་པ་ཆེ༔ རྡོ་རྗེ་སོ་ཤིང་འདི་བླངས་པས༔ བསྐལ་པ་སྟོང་དུ་ཤ་ཟོས་པའི༔ ལས་ཀྱི་སྡིག་སྒྲིབ་དག་པར་ཤོག༔ ཨོཾ་བཛྲ་སྭོ་ཤད་ཏྲཱཾ༔ ཞེས་གཏད་ལ་སོ་ཤིང་གི་ཡོན་ཏན་བཤད༔ ལག་པ་ཆོས་འབྱུང་གི་ཕྱག་རྒྱས་བཟུང་ལ༔ བཅུ་གཉིས་ཚད་ལྡན་སོ་ཤིང་འདི༔ དཀྱིལ་འཁོར་དབུས་སུ་དོར་བྱེད་ཀྱིས༔ ལས་དང་སྐལ་པ་གང་ཡོད་པའི༔ དངོས་གྲུབ་པྲ་ལྟས་མཐོང་བར་ཤོག༔ ཨོཾ་བཛྲ་ཧཱ་སོད་གྷཱ་ཏ་ཡ་ཧཱུྃ་ཕཊ༔ ཅེས་དོར་རོ༔ དབུས་སུ་མཆོག་འགྲུབ༔ ཤར་དུ་ཞི་བ༔ ལྷོར་རྒྱས་པ༔ ནུབ་ཏུ་དབང༔ བྱང་དུ་དྲག་པོ༔ མཚམས་རྣམས་སུ་ཕྲན་ཚེགས་འགྲུབ༔ ལན་གསུམ་བསྐྱར་ཡང་མ་ཟུག་ནའམ༔ སོ་ཤིང་གས་ཆག་བྱུང་ན་རིམ་གྲོ་བྱ༔ དེ་ནས་སྲུང་སྐུད་གདགས་པ་ནི༔ སྔགས་མདུད་བྱས་པའི་སྲུང་སྐུད་འདི༔ དཔའ་བོ་ཁྱོད་ཀྱི་དཔུང་པ་གཡས་སུ་བཏགས༔ དཔའ་མོ་རྣམས་ཀྱི་དཔུང་པ་གཡོན་དུ་བཅིང༔ དངོས་གྲུབ་དབང་ལ་བར་ཆད་མི་འབྱུང་ཞིང༔ ཁྱོད་ཀྱི་ལུས་ངག་ཡིད་གསུམ་སྲུང་བར་ཤོག༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་སྲུང་སྐུད་བཏགས་ཤིང་རྡོ་རྗེ་དང་དྲི་ཆུས་རྒྱ་གྲམ་རེ་བྱའོ༔ དེ་ནས་བཀྲ་ཤིས་པའི་ཀུ་ཤ་བཀྲམ་པ་ནི༔ ལག་པ་བསྣོལ་མར་ཐོགས་ལ༔ ཨེ་མ་སྐལ་ལྡན་བུ་ཁྱོད་ལ༔ དག་བྱེད་ཀུ་ཤའི་སྔས་སྟན་འདི༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ བདེ་བར་གཉིད་ནི་ལོག་པའི་ཚེ༔ རྨི་ལམ་བཟང་ངན་གང་བྱུང་ནི༔ ནངས་པར་བླ་མའི་དྲུང་དུ་སྨྲོས༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཨོཾ་བཛྲ་ཏཱིག་ན་དྷཱི༔ ཀུ་ཤ་ཆེ་བ་གདན་དང༔ ཆུང་བ་སྔས་གྱིས་ལ་བླ་མ་དང་དཀྱིལ་འཁོར་ལ་ཕྱག་འཚལ་ཞིང་མགོ་བསྟན་ཏེ་ཉོལ༔ རྨི་ལམ་ངན་ན་སྐོང་བཤགས་རིམ་གྲོ་ལ་འབུངས༔ ࿊ ད་ནི་དམ་ཚིག་སེམས་དཔར་དབང་བསྐུར་བ་ནི༔ སློབ་མ་རྣམས་ཀྱི་སྙིང་གི་དཀྱིལ་དུ་དབང་བསྐུར་བའི་དམ་ཚིག་སེམས་དཔའ་ཞེས་བྱ་བ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དྲིལ་བུ་གར་སྟབས་སུ་འཛིན་པ་ཚོན་གང་བ་བསྒོམ་དུ་བཅུག་ལ་རྡོ་རྗེ་བདུད་རྩི་ལ་རེག་པ་སློབ་མའི་ལྕེ་ཐོག་ཏུ་བཞག་ལ༔ ཧེ་རུ་ཀ་དཔལ་དེང་ཁྱོད་ཞུགས་ཀྱིས༔ གསང་བའི་དཀྱིལ་འཁོར་འདི་ནི་མ་མཐོང་བ་རྣམས་ལ༔ གལ་ཏེ་ཚུལ་འདི་སྨྲས་པ་ན༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ ཞེས་མནའ་ཆུ་བླུད༔ དེ་ནས་དམ་བསྒྲག་པ་ནི༔ དེང་ནས་གཟུང་སྟེ་བུ་ཁྱོད་ཀྱི༔ རྡོ་རྗེ་སློབ་དཔོན་ང་ཡིན་གྱིས༔ ཁྱོད་ཀྱིས་ང་ལ་བརྙས་མི་བྱ༔ ང་ལ་བརྙས་པར་གྱུར་པ་ན༔ སངས་རྒྱས་ཐམས་ཅད་བརྙས་པ་ཡིན༔ ཆོས་འབྲེལ་ཙམ་ཞིག་ཞུས་པ་ལ༔ བླ་མ་དག་ཏུ་མ་གཟུང་ན༔ ཁྱི་ཡི་སྐྱེ་བ་བརྒྱ་བླངས་ནས༔ སྨེ་ཤ་ཅན་དུ་སྐྱེ་བར་འགྱུར༔ དེ་བས་དམ་ཚིག་ཐུབ་པར་སྲུངས༔ ཞེས་དམ་ཚིག་བསྲུངས་པའི་ཕན་ཡོན༔ མ་བསྲུང་བའི་ཉེས་དམིགས་དང་བསྲུང་བྱ་རྣམས་རྒྱས་པར་བཤད༔ དེ་ནས་ཕྲེང་བ་གཏད་ལ༔ ཧཱུྃ༔ རྡོ་རྗེ་སློབ་དཔོན་ང་ཡིན་གྱིས༔ ང་ཡིས་ཅི་ལྟར་བསྒོས་པ་བཞིན༔ ཁྱོད་ཀྱིས་དེ་ལྟར་བྱ་དགོས་སོ༔ གལ་ཏེ་དེ་ལྟར་མ་བྱས་ན༔ ཚེ་འདིར་ཚེ་ཐུང་ནད་མང་ཞིང༔ ཕྱི་མ་རྡོ་རྗེའི་དམྱལ་བར་འགྲོ༔ ཞེས་དམ་བསྒག་གོ༔ ཡེ་ཤེས་དབབ་པ་ནི༔ གུ་གུལ་ལ་སོགས་པའི་སྤོས་བསྲེག༔ གསུར་ཆེན་བསྲེག༔ སློབ་མ་རྣམས་ལངས་ལ་ལག་པ་ཆོས་འབྱུང་གི་ཕྱག་རྒྱ་སྤྱི་བོར་བཅིང༔ རླུང་ཁ་སྦྱོར་གཟུང༔ གནས་ཁང་ཡང་ཐ་མལ་པ་མ་ཡིན་པར༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་བསམ༔ རང་ཡང་དཔའ་བོ་རྟ་མགྲིན་དུ་བསམ༔ སྣང་བ་ལ་བཟོ་བཅོས་མེད་པར་ཧ་རེ་བཞག༔ ངག་ཏུ་སྒྲ་དྲག་པོས་ཧཱུྃ་ཧཱུྃ་ཕཊ་ཕཊ་ཧྲིང་ཧྲིང་ཕེཾ་ཕེཾ༔ ཞེས་བསྒྲག༔ དེ་ཡང་ཞིབ་ཏུ་དམིགས་པ་འབོགས་པ་ནི༔ ཁྱེད་རང་རྣམས་དཀྱིལ་འཁོར་གྱི་གཙོ་བོ་དཔལ་ཧེ་རུ་ཀ་མཐིང་ནག་རྡོར་དྲིལ་བསྣམས་ནས་ཡུམ་ལ་འཁྱུད་པ༔ སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན་པ༔ དབུ་ཚངས་པའི་འཇིག་རྟེན་གྱི་རྩེ་ནས་རྟ་སྐད་འཚེར་བ༔ ཞབས་ཀྱིས་རྒྱ་མཚོའི་ཀླུ་རྣམས་བརྫིས་པ༔ ཡུམ་ཕག་མོ་དམར་མོ་གྲི་ཐོད་འཛིན་པ་དང་སྦྱོར་བ༔ ཡབ་ཡུམ་གཉིས་ཀྱི་སྦྱོར་མཚམས་ནས་དཔའ་བོ་རྣལ་འབྱོར་མ་དཔག་ཏུ་མེད་པ་བྱ་ཁྱུ་ཐང་ལ་ལྷགས་པ་ལྟར་བྱོན་ནས་དཀྱིལ་འཁོར་ལ་དྲག་ཏུ་བསྐོར་བ་བྱེད་ཅིང༔ གཞན་ཡང་ཞིང་ཁམས་སུམ་བརྩེགས་ཀྱི་ཕོ་བྲང་ནས་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དམ་ཅན་ཐམས་ཅད་འཇའ་ཚོན་གྱི་ལམ་ལ་ཤར་ཤར་བྱོན་ནས་རང་ལ་ཐིམ་པར་བསྒོམ་དུ་གཞུག་ལ་རོལ་མོ་སྒྲོག་གོ༔ དེ་ནས་བྱིན་རླབས་ལུས་ལ་ཕེབས་ན་ལུས་འདར་བ་དང་འཁྲབ་པ་འབྱུང་ངོ༔ ངག་ལ་བབས་ན་སཾསྐྲྀཏའི་སྐད་དང་མཁའ་འགྲོའི་བརྡ་སྐད་སྣ་ཚོགས་འབྱུང༔ སེམས་ལ་བབས་ན་བག་དྲོ་བ་དང༔ ཉམས་དགའ་ཡལ་བ་དང༔ མི་རྟོག་པའི་ཏིང་འཛིན་ལ་གནས་པ་འབྱུང་ངོ༔ དེ་ནས་ལས་ཀྱི་རྡོ་རྗེས༔ སློབ་མ་རྣམས་རྡོ་རྗེ་ལུ་གུ་རྒྱུད་དུ་སྦྲེལ་ལ་དཀྱིལ་འཁོར་བསྐོར་ཞིང༔ བུ་ཁྱོད་རིག་པ་ཡེ་ཤེས་རྡོ་རྗེ་འདི་ཟུངས་ལ༔ བདེ་བ་ཆེན་པོའི་ལམ་དུ་དྲངས་ནས་ནི༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འཐོབ་བྱའི་ཕྱིར༔ གསང་སྔགས་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ་འཇུག་པར་བྱའོ༔ ཞེས་སྐོར་བ་ལན་གསུམ་བྱ༔ ཕྱག་འཚལ་ལ་མེ་ཏོག་དོར་བ་ནི༔ ཧོ༔ རིག་པའི་དོན་ཚོལ་མེ་ཏོག་ཕྲེང༔ སྔོན་ཚེ་གོང་ནས་བསྒྲུབས་པ་ཡི༔ འཁོར་བ་ལས་སྐྱོབ་ཡི་དམ་ལྷ༔ གང་ཡིན་དེ་ལ་འབབ་པར་ཤོག༔ པྲ་ཏཱི་པཱུ་ཛ་ཧོ༔ དེ་ནས་གང་དུ་བབས་པའི་ལྷ་ངོ་སྤྲད༔ སྤྱན་དབྱེ་བར་ཞུ་བ་ནི༔ བདག་ནི་ཐོག་མ་མེད་དུས་ནས༔ མ་རིག་མི་ཤེས་རྨོངས་པར་ཚུད༔ བླ་མའི་ཐུགས་རྗེའི་གསེར་ཐུར་གྱིས༔ མ་རིག་མིག་ཕྱེས་ལྷ་ཞལ་སྟོན༔ ཅེས་ཞུ༔ བླ་མས༔ ཨེ་མ༔ རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི༔ མིག་འབྱེད་པར་ནི་བརྩོན་པར་མཛད༔ ཕྱེ་བས་ཐམས་ཅད་མཐོང་འགྱུར་ཏེ༔ རྡོ་རྗེའི་མིག་ནི་བླ་ན་མེད༔ ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧཱ་ར་པ་ཊ་ལ་ཧྲཱི༔ མ་རིག་པ་དག་ནས་ཡེ་ཤེས་ཀྱི་མིག་ཏུ་སྒོམས་ཤིག༔ དེ་ནས་དཀྱིལ་འཁོར་གྱི་ཁ་དོག་དྲིས་ལ༔ དཀར་སེར་དམར་ལྗང་སྔོན་པོ་ཁྲ་བོ་རྣམས་རིམ་པ་བཞིན༔ ཞི་རྒྱས་དབང་དྲག་མཆོག་དང་ཕྲན་ཚེགས་འགྲུབ་པར་ལུང་བསྟན༔ དེ་ནས་མེ་ཏོག་ཤར་དུ་བབས་ན་བཛྲ་ཐོད་ཕྲེང་རྩལ༔ རྡོ་རྗེ་སེམས་དཔའ༔ ཞེ་སྡང་རྡོ་རྗེ༔ རྡོ་རྗེ་བཞད་པ༔ རྡོ་རྗེ་གར་དབང༔ མོ་ཡིན་ན༔ སངས་རྒྱས་སྤྱན་མ༔ རྡོ་རྗེ་གར་མ༔ རྡོ་རྗེ་སེམས་མ་སོགས་བཏགས༔ ལྷོར་བབས་ན༔ རཏྣ་ཐོད་ཕྲེང་རྩལ༔ རིན་ཆེན་རྡོ་རྗེ༔ རིན་ཆེན་ལས་གྲུབ༔ རིན་ཆེན་ཕྲེང་བ༔ མོ་ལ༔ རིན་ཆེན་སྒེག་མོ༔ རིན་ཆེན་སྤྱན་མ༔ རིན་ཆེན་སྒྲོན་མ་ཞེས་སོགས་བཏགས༔ ནུབ་ཏུ་བབས་ན༔ པདྨ་ཐོད་ཕྲེང་རྩལ༔ པདྨ་ལས་གྲུབ་རྩལ༔ མོ་ལ༔ པདྨ་གར་མ༔ པདྨ་སྒྲོལ་མ༔ གོས་དཀར་མོ༔ པདྨ་སྒེག་མོ༔ བྱང་དུ་བབས་ན༔ ཀརྨ་ཐོད་ཕྲེང་རྩལ༔ ལས་རབ་རྡོ་རྗེ༔ དོན་ཡོད་རྡོ་རྗེ༔ མོ་ལ༔ དམ་ཚིག་སྒྲོལ་མ༔ ཀརྨ་སྒྲོལ་མ༔ དབུས་སུ་བབས་ན༔ བུདྡྷ་ཐོད་ཕྲེང་རྩལ༔ བུདྡྷ་རྡོ་རྗེ༔ མོ་ལ༔ དབྱིངས་ཕྱུག་མ༔ བུདྡྷ་སྒྲོལ་མ༔ དེ་སོགས་བཏགས་སོ༔ དེ་ནས་ཕྱག་ཤིང་ཐོགས་ལ༔ དཀྱིལ་འཁོར་གྱི་བརྡ་དོན་དང་ངོ་སྤྲོད་པ་ནི༔ དཀྱིལ་འཁོར་གྱི་ཁ་དོག་ལ་ལེགས་པར་ལྟོས་ཤིག༔ ཤར་དཀར་པོ་་་འདི་ཉིད་ལས། ཤར་སྔོ། ལྷོ་སེར་དབུས་དཀར་བ་འདོད།མེ་ལོང་ལྟ་བུའི་ཡེ་ཤེས༔ ལྷོ་སེར་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས༔ ནུབ་དམར་པོ་སོ་སོར་རྟོག་པའི་ཡེ་ཤེས༔ བྱང་ལྗང་གུ་བྱ་བ་གྲུབ་པའི་ཡེ་ཤེས༔ དབུས་དཀར་པོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས༔ ཡེ་ཤེས་དེ་ལྔ་ལྷུན་གྱིས་གྲུབ་པའི་རྟགས་སུ་རིན་པོ་ཆེ་སྣ་ལྔའི་པཉྩ་རེ་ཁཱའི་རྩིགས་པ་རིམ་པ་ལྔ་དང་ལྡན་པ༔ རྣམ་རྟོག་ཆོས་ཉིད་དུ་གྲོལ་བའི་བརྡར་ནང་ཐོད་པ་ཚར་གསུམ་ལས་བརྩིགས་པ༔ ཡོན་ཏན་རྒྱས་པའི་རྟགས་སུ་དབྱིབས་གྲུ་བཞི་པ༔ ཚད་མེད་བཞིས་འགྲོ་དོན་བྱེད་པའི་རྟགས་སུ་སྒོ་བཞི་དང་ལྡན་པ༔ འདོད་ཡོན་རྒྱན་དུ་གྱུར་པའི་བརྡར་འདོད་ཡོན་གྱི་སྣམ་བུ་ལ་མཆོད་པའི་ལྷ་མོས་མཚན་པ༔ དགོས་འདོད་འབྱུང་བའི་བརྡར་རིན་པོ་ཆེ་གསེར་གྱི་ཕ་གུས་བརྒྱན་པ༔ སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་བརྡར་དྲྭ་བ་དང་དྲྭ་བ་ཕྱེད་པ༔ ཐབས་ཤེས་གཉིས་སུ་མེད་པའི་རྟགས་སུ་ད་རུ་ཀ་དང་ལྡན་པ༔ བདུད་བཞི་ལས་རྒྱལ་བའི་རྟགས་སུ་རིན་པོ་ཆེའི་མདའ་ཡབ་དང་ལྡན་པ༔ ཉོན་མོངས་པ་ཆོས་ཉིད་ཀློང་དུ་གྲོལ་བའི་རྟགས་སུ་ཞིང་གི་ཀ་བ་དང་མཆོག་ཆེན་གྱི་གྲལ་གྲབ་དང་ཞིང་ལྤགས་ཀྱི་ཐོག་བྱས་པ༔ མ་རིག་པ་བསལ་བའི་རྟགས་སུ་ཉི་མ་དང་ཟླ་བ་ཀ་ཞུ་བྱས་པ༔ དགྲ་བགེགས་ཟིལ་གྱིས་གནོན་པའི་རྟགས་སུ་འབྱུང་པོ་ཕོ་མོ་ལ་སྒོའི་རེ་བཞི་བྱས་པ༔ ཐུགས་རྗེས་འཁོར་བའི་ཆོས་སྤངས་པའི་རྟགས་སུ་ཕྱོགས་བཞིར་རྟ་བབས་ཆོས་འཁོར་དང་བཅས་པ༔ སྣང་བ་སྣ་ཚོགས་སུ་སྣང་ཡང་ཆོས་དབྱིངས་ལས་མ་གཡོས་པའི་རྟགས་སུ་རྩེ་མོ་རིན་པོ་ཆེའི་ཏོག་གིས་སྤྲས་པ༔ ཡེ་ཤེས་ལ་གསལ་འགྲིབ་མེད་པའི་རྟགས་སུ་གཞལ་ཡས་ཁང་ཕྱི་ནང་ཀུན་ཏུ་གསལ་བ༔ རྣམ་ཤེས་ཚོགས་བརྒྱད་དག་པའི་རྟགས་སུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བ༔ དངོས་གྲུབ་ལ་བར་ཆད་མི་འབྱུང་བའི་རྟགས་སུ་རྡོ་རྗེ་དང་མདའི་རྭ་བས་བསྐོར་བ༔ གཉིས་འཛིན་གྱི་རེ་དོགས་དུག་ལྔ་བསྲེགས་པའི་རྟགས་སུ་ཡེ་ཤེས་ཀྱི་མེ་རིས་བསྐོར་བ་ཁ་དོག་ལྔ་ལྡན་དུ་འབར་བའོ༔ དེ་ནས་ལྷ་ངོ་སྤྲད་པ་ནི༔ དབུས་སུ་རྣམ་པར་ཤེས་པའི་ཕུང་པོ་གནས་སུ་དག་པ་མི་བསྐྱོད་པ་ཡབ་ཡུམ༔ ཤར་གྱི་པད་འདབ་ལ་གཟུགས་ཀྱི་ཕུང་པོ་གནས་སུ་དག་པ་རྣམ་པར་སྣང་མཛད་ཡབ་ཡུམ༔ ལྷོའི་པདྨ་ལ་ཚོར་བའི་ཕུང་པོ་གནས་སུ་དག་པ་རིན་ཆེན་འབྱུང་ལྡན་ཡབ་ཡུམ༔ ནུབ་ཀྱི་པདྨ་ལ་འདུ་ཤེས་ཀྱི་ཕུང་པོ་གནས་སུ་དག་པ་སྣང་བ་མཐའ་ཡས་ཡབ་ཡུམ༔ བྱང་གི་པདྨ་ལ་འདུ་བྱེད་ཀྱི་ཕུང་པོ་གནས་སུ་དག་པ་དོན་ཡོད་གྲུབ་པ་ཡབ་ཡུམ༔ དེའི་ཕྱི་རོལ་དུ་པད་འདབ་བརྒྱད་ལ༔ རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་པའི་སེམས་དཔའ་བརྒྱད༔ དེའི་ཕྱི་རིམ་པད་འདབ་བརྒྱད་ལ་སེམས་མ་བརྒྱད༔ ཁྱམས་ལ་དུག་ལྔ་དང་སེར་སྣ་གནས་སུ་དག་པ་སྤྲུལ་སྐུ་ཐུབ་པ་དྲུག༔ སྒོ་བཞིར་ཁྲོ་རྒྱལ་ཡབ་ཡུམ་བརྒྱད་དེ༔ དེ་ལྟར་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་རྩལ་ལས་ཁྲོ་བོ་ལྔ་བཅུ་རྩ་བརྒྱད་ཀྱི་ལྷ་ཚོགས་སུ་ཤར་ཏེ༔ དབུས་སུ་ཞེ་སྡང་རྣམ་པར་དག་པ་བཛྲ་ཧེ་རུ་ཀ་ཡབ་ཡུམ༔ ཤར་དུ་གཏི་མུག་རྣམ་པར་དག་པ་བུདྡྷ་ཧེ་རུ་ཀ་ཡབ་ཡུམ༔ ལྷོར་ང་རྒྱལ་རྣམ་པར་དག་པ་རཏྣ་ཧེ་རུ་ཀ་ཡབ་ཡུམ༔ ནུབ་ཏུ་འདོད་ཆགས་རྣམ་པར་དག་པ་པདྨ་ཧེ་རུ་ཀ་ཡབ་ཡུམ༔ བྱང་དུ་ཕྲག་དོག་རྣམ་པར་དག་པ་ཀརྨ་ཧེ་རུ་ཀ་ཡབ་ཡུམ༔ དེའི་ཕྱི་རོལ་དུ་ཀོའུ་རཱི་མ་སོགས་གནས་ཀྱི་མ་མོ་བརྒྱད༔ སིཾ་ཧ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད༔ རྟ་གདོང་ལ་སོགས་སྒོ་མ་བཞི༔ དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་ཚོགས་དང་བཅས་པ་འབར་བ་ཁྲག་འཐུང་གི་ལྷ་ཚོགས་ལ་ལྟོས་ཤིག༔ དེ་ནི་སྐུ་གསུམ་དང་སྦྱར་ན་སྤྲུལ་སྐུ་དང་ལོངས་སྐུ་མཚོན་ལ༔ ཆོས་ཀྱི་སྐུ་ནི་ཀུན་བཟང་ཡབ་ཡུམ་ཡིན་ཞིང༔ དེ་ལྟ་བུ་ནང་ལུས་ལའང་ཚང་བ་ལགས་ཏེ༔ རང་ལུས་རྒྱལ་བའི་དཀྱིལ་འཁོར་ཆེ༔ ཞེས་གསུངས༔ དེ་ཡང་འབྱུང་བ་ལྔ་ནི་འབྱུང་བ་རིམ་བརྩེགས༔ སྒལ་ཚིགས་རི་རབ༔ ཤ་ནི་རྩིག་པ༔ ལྕེ་ནི་འདོད་ཡོན་གྱི་སྣམ་བུ༔ སྣ་ནི་རིན་པོ་ཆེའི་ཕ་གུ༔ སོ་དྲྭ་བ་དྲྭ་ཕྱེད༔ མཆུ་ད་རུ་ཀ༔ རྣ་བ་མདའ་ཡབ༔ འབྲས་བུ་རྡོ་རྗེའི་རྟ་བབས༔ མིག་གཉིས་ཉི་ཟླའི་སྐར་ཁུང༔ རྐང་མཐིལ་སྣ་ཚོགས་རྡོ་རྗེ༔ པགས་པ་རྡོ་རྗེའི་ར་བ༔ བ་སྤུ་མདའི་ར་བ༔ སེན་མོ་དམར་བ་ཡེ་ཤེས་ཀྱི་མེ་རི༔ མགོ་ནི་རིན་པོ་ཆེའི་ཏོག༔ ཡན་ལག་གི་རྐང་བརྒྱད་ནི་ཀ་གདུང༔ མཆོག་ཕྲན་ནི་དྲལ་གྲབ༔ ནང་ཁྲོལ་ནི་དུར་ཁྲོད་བརྒྱད་དོ༔ ལྷ་ངོ་སྤྲད་པ་ནི༔ གསང་སྔགས་སྤྱི་ལྟར་ན༔ ཕུང་པོ་ལྔ་རྒྱལ་བ་རིགས་ལྔ༔ འབྱུང་བ་ལྔ་ཡུམ་ལྔ༔ རྣམ་ཤེས་ཚོགས་བརྒྱད་ཡུལ་བརྒྱད་སེམས་དཔའ་སེམས་མ་བརྒྱད༔ ཚིགས་ཆེན་བཅུ་ཁྲོ་བོ་བཅུ༔ ཡང་གསང་རྫོགས་པ་ཆེན་པོ་ལྟར་ན༔ སྙིང་ནང་ན་ཞི་བ་བཞི་ཅུ་རྩ་གཉིས༔ དུང་ཁང་ནང་ན་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་བཞུགས་པ་ཡིན༔ གསང་བ་ལྟར་ན་དཀྱིལ་འཁོར་དང་ལྷ་སེམས་ལ་ཚང་སྟེ༔ རང་རིག་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གསལ༔ ཞེས་དང༔ རང་སེམས་བླ་མ་ལྷ་རུ་གནས༔ ཞེས་གསུངས་སོ༔ རང་གི་སེམས་ཀྱི་ངོ་བོ་ནི་ཡེ་ནས་རྣམ་པར་དག་པ་དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་ཡིན་ཏེ༔ རང་རིག་ངོ་བོ་མ་བཅོས་ཐོད་ཕྲེང་རྩལ༔ ཞེས་གསུང་ཞིང༔ འདི་དག་གི་དོན་ཞིབ་པར་ངོ་སྤྲད་དོ༔ དེ་ཁོ་ན་ཉིད་ཀྱི་དབང་ནི་བརྡ་ལ་བརྟེན་ནས་མིག་ལ་བསྐུར་བར་བྱའོ༔ མེ་ཏོག་དོར་བ་རང་རང་གི་མགོ་ལ་བཅིངས་ལ༔ ཨོཾ་པྲ་ཏི་གྲྀཧྞ་ཨི་མམ་སཏྭ་མ་ཧཱ་བ་ལ༔ དཔའ་བོ་རྣལ་འབྱོར་ཆེན་པོ་ཁྱོད༔ མོ་ལ༔ དཔའ་མོ་རྣལ་འབྱོར་ཆེན་མོ་ཁྱོད༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ད་ནི་དད་པ་རབ་ཏུ་སྐྱེད༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་རློབ༔ ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེ༔ སངས་རྒྱས་སྲས་སུ་ད་གྱུར་ཏོ༔ དངོས་གྲུབ་ཐོབ་པས་དམ་ཚིག་སྲུངས༔ གསང་སྔགས་འདི་ལ་བརྩོན་པར་གྱིས༔ ཞེས་བརྗོད་དོ༔ དེ་ནས་མཎྜལ་ཕུལ་ལ༔ དབང་བསྐུར་བར་གསོལ་བ་གདབ་པ་ནི༔ བླ་མ་ཀུན་བཟང་ཧེ་རུ་ཀ༔ ཀུན་བྱེད་རྒྱལ་པོ་བདག་ལ་དགོངས༔ བདག་མིང་འདི་ཞེས་བགྱི་བ་ལ༔ ཕྱི་ཡི་དབང་ཆེན་བསྐུར་དུ་གསོལ༔ ནང་གི་དབང་ཆེན་བསྐུར་དུ་གསོལ༔ གསང་བའི་དབང་ཆེན་བསྐུར་དུ་གསོལ༔ དེ་ཁོ་ན་ཉིད་ཀྱི་དབང་ཆེན་བསྐུར་དུ་གསོལ༔ ཞེས་གསོལ་བ་བཏབ་ལ༔ དེ་ནས་སློབ་མ་རིམ་གྱིས་རིགས་ལྔའི་ལྷ་གོ་རིམ་ལྟར་བསྐྱེད་དེ༔ ཐོག་མར་མི་བསྐྱོད་པར་སྐྱེད་ལ༔ བུམ་པའི་དབང་ནི༔ ཁྱེད་རང་རྣམས་ཀྱི་སྤྱི་བོར་བུམ་པ་འདི་བྱོན་པ་ཙམ་གྱིས་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ཐམས་ཅད་མི་བསྐྱོད་པ་ཐུགས་ཀྱི་ལྷ་ཚོགས་སུ་བྱོན་ནས་རྣམ་པར་ཤེས་པའི་ཕུང་པོ་ལ་དབང་བསྐུར་བས་སྡིག་སྒྲིབ་ཐམས་ཅད་མར་ལ་དག༔ ཡེ་ཤེས་ཀྱི་བདུད་རྩི་ཡར་ལ་འཁྱིལ༔ དབང་རྟགས་སུ་མི་བསྐྱོད་པ་ཡབ་ཡུམ་གྱིས་དབུ་བརྒྱན་པར་སྒོམས་ཤིག༔ ཧཱུྃ༔ རྣམ་ཤེས་ཕུང་པོ་རྣམ་དག་པ༔ མེ་ལོང་ཡེ་ཤེས་ངོ་བོ་ཉིད༔ ཞེ་སྡང་མི་བསྐྱོད་རྡོ་རྗེ་ཡི༔ བུམ་པ་འདི་ཡི་དབང་ཐོབ་ཤོག༔ ཨོཾ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ༔ ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སློབ་མ་རིན་འབྱུང་དུ་སྐྱེད་ཅིང་དབུ་རྒྱན་སྤྱི་བོར་བཞག་ལ༔ དབུ་རྒྱན་འདི་སྤྱི་བོར་བྱོན་པ་ཙམ་གྱིས་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ཐམས་ཅད་ཡོན་ཏན་རིན་ཆེན་འབྱུང་ལྡན་གྱི་ལྷ་ཚོགས་སུ་བྱོན་ནས་ཚོར་བའི་ཕུང་པོ་ལ་དབང་བསྐུར་བས་ཉོན་མོངས་པ་དང་སྡིག་པ་མར་ལ་དག༔ ཡེ་ཤེས་ཀྱི་བདུད་རྩི་ཡར་ལ་འཁྱིལ༔ དབང་རྟགས་སུ་རིན་ཆེན་འབྱུང་ལྡན་ཡབ་ཡུམ་གྱིས་དབུ་བརྒྱན་པར་སྒོམ་མཛོད་ཅིག༔ ཧཱུྃ༔ ང་རྒྱལ་རྣམ་དག་དབུ་རྒྱན་དབང༔ རིགས་ལྡན་རྒྱལ་བའི་ཆོས་རྣམས་ཀུན༔ འབྲས་བུའི་ཆོས་སུ་རྫོགས་པར་ཤོག༔ ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ༔ དེ་ནས་སློབ་མ་འོད་དཔག་མེད་དུ་སྐྱེད་ཅིང་རྡོ་རྗེ་སྤྱི་བོར་བཞག་ལ༔ རྡོ་རྗེ་འདི་སྤྱི་བོར་བྱོན་པ་ཙམ་གྱིས་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ཐམས་ཅད་གསུང་སྣང་བ་མཐའ་ཡས་ཀྱི་ལྷ་ཚོགས་སུ་བྱོན་ནས་འདུ་ཤེས་ཀྱི་ཕུང་པོ་ལ་དབང་བསྐུར་བས་ཉོན་མོངས་པ་དང་སྡིག་པ་མར་ལ་དག༔ ཡེ་ཤེས་ཀྱི་བདུད་རྩི་ཡར་ལ་འཁྱིལ༔ དབང་རྟགས་སུ་སྣང་བ་མཐའ་ཡས་ཡབ་ཡུམ་གྱིས་དབུ་བརྒྱན་པར་སྒོམ་མཛོད་ཅིག༔ ཧཱུྃ༔ འདོད་ཆགས་རྣམ་དག་རྡོ་རྗེའི་དབང༔ རིགས་ལྡན་རྒྱལ་བའི་ཆོས་རྣམས་ཀུན༔ དོན་གྱི་གནས་ལུགས་རྟོགས་པར་ཤོག༔ ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱི༔ དེ་ནས་སློབ་མ་དོན་ཡོད་གྲུབ་པར་སྐྱེད་ཅིང་དྲིལ་བུ་སྤྱི་བོར་བཞག་ལ༔ དྲིལ་བུ་འདི་སྤྱི་བོར་བྱོན་པ་ཙམ་གྱིས་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ཐམས་ཅད་ཕྲིན་ལས་དོན་ཡོད་གྲུབ་པའི་ལྷ་ཚོགས་སུ་བྱོན་ནས་འདུ་བྱེད་ཀྱི་ཕུང་པོ་ལ་དབང་བསྐུར་བས་ཉོན་མོངས་པ་དང་སྡིག་པ་མར་ལ་དག༔ ཡེ་ཤེས་ཀྱི་བདུད་རྩི་ཡར་ལ་འཁྱིལ༔ དབང་རྟགས་སུ་དོན་ཡོད་གྲུབ་པ་ཡབ་ཡུམ་གྱིས་དབུ་བརྒྱན་པར་སྒོམ་མཛོད་ཅིག༔ ཧཱུྃ༔ འདུ་བྱེད་རྣམ་དག་རྒྱལ་བའི་དོན༔ རིགས་མཆོག་ཕྱག་མཚན་དབང་བསྐུར་བས༔ སྟོང་ཉིད་རང་གྲོལ་རྟོགས་པར་ཤོག༔ ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཱ༔ དེ་ནས་སློབ་མ་རྣམ་སྣང་དུ་སྐྱེད་ཅིང་སྣ་ཚོགས་རྡོ་རྗེ་སྤྱི་བོར་བཞག་ལ༔ སྣ་ཚོགས་རྡོ་རྗེ་འདི་སྤྱི་བོར་བྱོན་པ་ཙམ་གྱིས་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ཐམས་ཅད་སྐུ་རྣམ་པར་སྣང་མཛད་ཀྱི་ལྷ་ཚོགས་སུ་བྱོན་ནས་གཟུགས་ཀྱི་ཕུང་པོ་ལ་དབང་བསྐུར་བས་ཉོན་མོངས་པ་དང་སྡིག་པ་མར་ལ་དག༔ ཡེ་ཤེས་ཀྱི་བདུད་རྩི་ཡར་ལ་འཁྱིལ༔ དབང་རྟགས་སུ་རྣམ་པར་སྣང་མཛད་ཡབ་ཡུམ་གྱིས་དབུ་བརྒྱན་པར་སྒོམ་པར་མཛོད་ཅིག༔ ཧཱུྃ༔ གཟུགས་ཕུང་རྣམ་དག་རིགས་ཀྱི་དབང༔ རྒྱལ་སྲས་རྣམས་ལ་བསྐུར་པ་ལྟར༔ དེ་རིང་སྐལ་ལྡན་ཁྱོད་ལ་བསྐུར༔ ཨོཾ་བུདྡྷ་ཀཱ་ཡ་ན་མ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ་བཛྲ་ཏནྟྲ་ཨུ་པ་ཡ་ཧཱུྃ་ཕཊ༔ དེས་ཉོན་མོངས་པ་ལྔ་གནས་སུ་དག༔ ཕུང་པོ་ལྔ་གནས་གྱུར༔ ཡེ་ཤེས་ལྔ་མངོན་དུ་ཤར༔ རིག་པའི་དབང་ལྔ་ཐོབ༔ སྣང་བ་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་སུ་བསྒོམ་པ་དང༔ གཟུགས་སྣང་ཐམས་ཅད་ལྷར་སྒོམ་པ་ལ་དབང༔ མཐར་ཐུག་ཕུང་པོ་ལྔ་རྒྱལ་བ་རིགས་ལྔར་གྲོལ་བའི་དབང་ཐོབ་པའོ༔ ࿊ དེ་ནས་ལྷ་དབང་བསྐུར་བ་ནི༔ ད་ལྟ་བའི་ལུས་འདི་ནི་རྫ་ཤིང་ལྟ་བུ་ཡིན་པས་དབང་རྟེན་དུ་མི་རུང་ལ༔ དེ་བས་ན་ཁྱེད་རང་རྣམས་དམ་ཚིག་སེམས་དཔའ་རེར་བསྒོམས་པའི་སྤྱི་གཙུག་ཏུ་བུདྡྷ་བཞི་བཅུ་རྩ་གཉིས་བྱོན་ནས་དབང་བསྐུར་བའི་མོས་པ་མཛོད་ཅིག༔ འདིར་འོག་ནས་ཀུན་བཟང་ཡུམ་གྱི་ཚིག་དེ་ཡར་ལེན་པས་དབང་བསྐུར་བ་ཕྱག་ལེན་ནོ། །ཧཱུྃ༔ རྣམ་ཤེས་ནམ་མཁའི་ངོ་བོ་ཉིད༔ སེམས་ཕྱིར་མཚན་ཉིད་མ་སྐྱེས་པས༔ རྣམ་སྣང་ཡབ་ཡུམ་རང་བཞིན་ལ༔ ཏིང་འཛིན་སྐུ་རུ་དབང་བསྐུར་བས༔ དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག༔ ཨོཾ་ཛི་ན་ཛིཀ྄༔ ལཱཾ་དྭེ་ཥ་རཱ་ཏི་སཏྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གཟུགས་ཀྱི་ཕུང་པོའི་ངོ་བོ་ཉིད༔ སེམས་ཕྱིར་མཚན་ཉིད་མ་སྐྱེས་པས༔ མི་བསྐྱོད་ཡབ་ཡུམ་རང་བཞིན་ལ༔ ཏིང་འཛིན་ཐུགས་སུ་དབང་བསྐུར་བས༔ དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག༔ ཧཱུྃ་བཛྲ་དྷྲྀཀ྄༔ མཱུཾ་དྷཱ་ཏྭཱི་ཤྭ་རཱི་སཏྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཚོར་བ་ཆུ་ཡི་ངོ་བོ་ཉིད༔ སེམས་ཕྱིར་མཚན་ཉིད་མ་སྐྱེས་པས༔ རིན་འབྱུང་ཡབ་ཡུམ་རང་བཞིན་ལ༔ ཏིང་འཛིན་ཡོན་ཏན་དབང་བསྐུར་བས༔ དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག༔ སྭཱ་རཏྣ་དྷྲྀཀ྄༔ མཱཾ་མོ་ཧ་རཱ་ཏི་སཏྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདུ་ཤེས་མེ་ཡི་ངོ་བོ་ཉིད༔ སེམས་ཕྱིར་མཚན་ཉིད་མ་སྐྱེས་པས༔ སྣང་མཐའ་ཡབ་ཡུམ་རང་བཞིན་ལ༔ ཏིང་འཛིན་གསུང་དུ་དབང་བསྐུར་བས༔ དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག༔ ཨཱཾ་ཨ་རོ་ལྀཀ྄༔ པཱཾ་རཱ་ག་རཱ་ཏི་སཏྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདུ་བྱེད་རླུང་གི་ངོ་བོ་ཉིད༔ སེམས་ཕྱིར་མཚན་ཉིད་མ་སྐྱེས་པས༔ དོན་གྲུབ་ཡབ་ཡུམ་རང་བཞིན་ལ༔ ཏིང་འཛིན་ཕྲིན་ལས་དབང་བསྐུར་བས༔ དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག༔ ཧཱ་པྲཛྙཱ་དྷྲྀཀ྄༔ ཏཱཾ་བཛྲ་རཱ་ཏི་སཏྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མིག་གཟུགས་སེམས་ཕྱིར་མ་སྐྱེས་པས༔ ས་སྙིང་ཡབ་ཡུམ་རང་བཞིན་ལ༔ ཏིང་འཛིན་སེམས་དཔས་དབང་བསྐུར་བས༔ སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག༔ ཀྵིཾ་ཧི་རཱ་ཛཱ་ཡ༔ ཧཱུྃ་ལཱ་སྱེ་ས་མ་ཡ་སཏྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྣ་དབང་སེམས་ཕྱིར་མ་སྐྱེས་པས༔ ཕྱག་རྡོར་ཡབ་ཡུམ་རང་བཞིན་ལ༔ ཏིང་འཛིན་སེམས་དཔས་དབང་བསྐུར་བས༔ སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག༔ ཛྲིཾ་ཀུ་རུ་པཱ་ཎི་ཧྲཱི༔ ཨ་ནཱིརྟི་རཱ་ག་ཡ་མི་སཏྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྣ་དྲི་སེམས་ཕྱིར་མ་སྐྱེས་པས༔ ནམ་སྙིང་ཡབ་ཡུམ་རང་བཞིན་ལ༔ ཏིང་འཛིན་སེམས་དཔས་དབང་བསྐུར་བས༔ སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག༔ ཏྲཱཾ་ཨ་གརྦྷ་ཡ༔ ཏྲཱཾ་མཱ་ལྱེ་ས་མ་ཡ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལྕེ་རོ་སེམས་ཕྱིར་མ་སྐྱེས་པས༔ སྤྱན་གཟིགས་ཡབ་ཡུམ་རང་བཞིན་ལ༔ ཏིང་འཛིན་སེམས་དཔས་དབང་བསྐུར་བས༔ སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག༔ ཧྲཱིཿཧ་ཧཱུྃ་པདྨ་པྲ་ད་མ༔ ཧྲཱིཿགིརྟི་རཱ་གོ་ཧཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མིག་དབང་འདས་པ་མ་སྐྱེས་པས༔ བྱམས་པ་ཡབ་ཡུམ་རང་བཞིན་ལ༔ ཏིང་འཛིན་སེམས་དཔས་དབང་བསྐུར་བས༔ སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག༔ མཻ་དྷ་ར་ཎཻ་སྭཱ་ཧཱ༔ ཧཱུྃ་པུཥྤེ་ཨཱ་བེ་ཤ་ཡ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྣ་དབང་ད་ལྟ་མ་སྐྱེས་པས༔ སྒྲིབ་སེལ་ཡབ་ཡུམ་རང་བཞིན་ལ༔ ཏིང་འཛིན་སེམས་དཔས་དབང་བསྐུར་བས༔ སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག༔ ཐིཾལྷ་ནིསྶ་རཾ་བྷ་ཡ༔ ཛཿདྷཱུ་པེ་པྲ་ཝེ་ཤ་ཡ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལྕེ་དབང་མ་འོངས་མ་སྐྱེས་པས༔ ཀུན་བཟང་ཡབ་ཡུམ་རང་བཞིན་ལ༔ ཏིང་འཛིན་སེམས་དཔས་དབང་བསྐུར་བས༔ སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག༔ ཧཱུྃ་སྭ་རཱ་ཛཱ་ཡ་སྭཱ་ཧཱ༔ བཾ་དཱི་པཾ་སུ་གི་རི༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྣ་དབང་མ་ངེས་མ་སྐྱེས་པས༔ འཇམ་དཔལ་ཡབ་ཡུམ་རང་བཞིན་ལ༔ ཏིང་འཛིན་སེམས་དཔས་དབང་བསྐུར་བས༔ སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག༔ མཱུཾ་ཤྲཱི་ཨ་རཱ་གཱ་ཡ་སྭཱ་ཧཱ༔ ཧོཿགནྡྷེ་ཙིཏྟ༔ ཨ་བྷི་ཥིཉྩ་ཧཱུྃ༔ ༼འདི་རིགས་ལྔའི་གོང་དུ་སྐྱེལ་དགོས་རྒྱུ་དེ་ཡིན་ནོ།་་་ཧཱུྃ༔ ཡིད་ཆོས་རང་བཞིན་མ་སྐྱེས་པས༔ དཀྱིལ་འཁོར་ཀུན་གྱི་མངའ་བདག་མཆོག༔ ཐོག་མའི་རྒྱལ་བས་དབང་བསྐུར་བས༔ ཏིང་འཛིན་འགྱུར་མེད་དབང་ཐོབ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨོཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔༽ ཧཱུྃ༔ ང་རྒྱལ་སེམས་ཕྱིར་མ་སྐྱེས་པས༔ བརྒྱ་བྱིན་དབང་པོའི་རང་བཞིན་ལ༔ ཏིང་འཛིན་ཐུབ་པས་དབང་བསྐུར་བས༔ འགྲོ་བ་ལྷ་རྣམས་འདུལ་བྱེད་ཤོག༔ ཨོཾ་མུ་ནེ་ཀྲེཾ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཕྲག་དོག་སེམས་ཕྱིར་མ་སྐྱེས་པས༔ ཐགས་བཟང་རིས་ཀྱི་རང་བཞིན་ལ༔ ཏིང་འཛིན་ཐུབ་པས་དབང་བསྐུར་བས༔ འགྲོ་བ་ལྷ་མིན་འདུལ་བྱེད་ཤོག༔ ཨོཾ་མུ་ནེ་ཏྲུཾ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདོད་ཆགས་སེམས་ཕྱིར་མ་སྐྱེས་པས༔ ཤཱཀྱ་ཐུབ་པའི་རང་བཞིན་ལ༔ ཏིང་འཛིན་ཐུབ་པས་དབང་བསྐུར་བས༔ འགྲོ་བ་མི་རྣམས་འདུལ་བྱེད་ཤོག༔ ཨོཾ་མུ་ནེ་སྲུཾ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གཏི་མུག་སེམས་ཕྱིར་མ་སྐྱེས་པས༔ སེངྒེ་རབ་བརྟན་རང་བཞིན་ལ༔ ཏིང་འཛིན་ཐུབ་པས་དབང་བསྐུར་བས༔ འགྲོ་བ་བྱོལ་སོང་འདུལ་བྱེད་ཤོག༔ ཨོཾ་མུ་ནེ་བྲཾ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སེར་སྣ་སེམས་ཕྱིར་མ་སྐྱེས་པས༔ ཁ་འབར་མ་ཡི་རང་བཞིན་ལ༔ ཏིང་འཛིན་ཐུབ་པས་དབང་བསྐུར་བས༔ འགྲོ་བ་ཡི་དྭགས་འདུལ་བྱེད་ཤོག༔ ཨོཾ་མུ་ནེ་ཀྵཾ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཞེ་སྡང་སེམས་ཕྱིར་མ་སྐྱེས་པས༔ གཤིན་རྗེ་ཆོས་རྒྱལ་རང་བཞིན་ལ༔ ཏིང་འཛིན་ཐུབ་པས་དབང་བསྐུར་བས༔ འགྲོ་བ་དམྱལ་བ་འདུལ་བྱེད་ཤོག༔ ཨོཾ་མུ་ནེ་ཡེ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རེག་ཤེས་རྟག་པ་མ་སྐྱེས་པས༔ གཤིན་རྗེ་ཡབ་ཡུམ་རང་བཞིན་ལ༔ ཏིང་འཛིན་ཕྱག་རྒྱས་དབང་བསྐུར་བས༔ གདུལ་བྱ་མ་ལུས་མཐར་བྱེད་ཤོག༔ ཧཱུྃ་ཡ་མཱནྟ་ཀྲྀཏ་ཕཊ༔ ཨོཾ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལི་ནཱི་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རེག་དབང་ཆད་པ་མ་སྐྱེས་པས༔ སྟོབས་ཆེན་ཡབ་ཡུམ་རང་བཞིན་ལ༔ ཏིང་འཛིན་ཕྱག་རྒྱས་དབང་བསྐུར་བས༔ མ་ལུས་ལས་ཀུན་བྱེད་པར་ཤོག༔ ཧཱུྃ་པྲ་ཛྙཱནྟ་ཀྲྀཏ་ཕཊ༔ ཨོཾ་རཏྣ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལི་ནཱི་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རེག་ཡུལ་བདག་འཛིན་མ་སྐྱེས་པས༔ རྟ་མགྲིན་ཡབ་ཡུམ་རང་བཞིན་ལ༔ ཏིང་འཛིན་ཕྱག་རྒྱས་དབང་བསྐུར་བས༔ གདུལ་བྱ་མ་ལུས་མཐར་བྱེད་ཤོག༔ ཧཱུྃ་པདྨཱནྟ་ཀྲྀཏ་ཕཊ༔ ཨོཾ་པདྨ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལི་ནཱི་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རེག་པ་མཚན་ཉིད་མ་སྐྱེས་པས༔ བདུད་རྩི་ཡབ་ཡུམ་རང་བཞིན་ལ༔ ཏིང་འཛིན་ཕྱག་རྒྱས་དབང་བསྐུར་བས༔ གདུལ་བྱ་མ་ལུས་མཐར་བྱེད་ཤོག༔ ཧཱུྃ་བིགྷྣཱནྟ་ཀྲྀཏ་ཕཊ༔ ཨོཾ་ཀརྨ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལི་ནཱི་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་དབང་བསྐུར་པས་ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ࿊ ཡང་རང་རང་རྣམས་དམ་ཚིག་སེམས་དཔའ་ཧེ་རུ་ཀ་ཞིག་ཏུ་བསྒོམས་ལ༔ དེའི་སྤྱི་བོར་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་བྱོན་ནས་དབང་བསྐུར་བའི་མོས་པ་མཛོད་ཅིག༔ ཨེ་མ་ཧོ༔ ང་ནི་རང་བྱུང་ཧེ་རུ་ཀ༔ དཔལ་ཆེན་ཁྲོ་རྒྱལ་སངས་རྒྱས་སྐུ༔ ཡེ་ཤེས་འབར་བའི་འཁོར་ལོ་འདི༔ ང་ཡིས་ཁྱོད་ཀྱི་ལག་ཏུ་སྦྱིན༔ འཁོར་ལོ་འདི་ནི་ཁྱོད་ཀྱིས་ལོངས༔ ཨོཾ་བུདྡྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ བུདྡྷ་ཀྲོ་ཏཱི་ཤྭ་རཱི་སཏྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་ཧོ༔ ང་ནི་རང་བྱུང་ཧེ་རུ་ཀ༔ དཔལ་ཆེན་ཁྲོ་རྒྱལ་རྡོ་རྗེའི་སྐུ༔ ཡེ་ཤེས་འབར་བའི་རྡོ་རྗེ་འདི༔ ང་ཡིས་ཁྱོད་ཀྱི་ལག་ཏུ་སྦྱིན༔ རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོངས༔ ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ བཛྲ་མ་ཧཱ་ཀྲོ་ཏཱི་ཤྭ་རཱི་སཏྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་ཧོ༔ ང་ནི་རང་བྱུང་ཧེ་རུ་ཀ༔ དཔལ་ཆེན་ཁྲོ་རྒྱལ་རིན་ཆེན་སྐུ༔ ཡེ་ཤེས་འབར་བའི་རིན་ཆེན་འདི༔ ང་ཡིས་ཁྱོད་ཀྱི་ལག་ཏུ་སྦྱིན༔ རིན་ཆེན་འདི་ནི་ཁྱོད་ཀྱིས་ལོངས༔ ཨོཾ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ རཏྣ་ཀྲོ་ཏཱི་ཤྭ་རཱི་སཏྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་ཧོ༔ ང་ནི་རང་བྱུང་ཧེ་རུ་ཀ༔ དཔལ་ཆེན་ཁྲོ་རྒྱལ་པདྨའི་སྐུ༔ ཡེ་ཤེས་འབར་བའི་པདྨ་འདི༔ ང་ཡིས་ཁྱོད་ཀྱི་ལག་ཏུ་སྦྱིན༔ པདྨ་འདི་ནི་ཁྱོད་ཀྱིས་ལོངས༔ ཨོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ པདྨ་ཀྲོ་ཏཱི་ཤྭ་རཱི་སཏྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་ཧོ༔ ང་ནི་རང་བྱུང་ཧེ་རུ་ཀ༔ དཔལ་ཆེན་ཁྲོ་རྒྱལ་ཀརྨའི་སྐུ༔ ཡེ་ཤེས་འབར་བའི་རལ་གྲི་འདི༔ ང་ཡིས་ཁྱོད་ཀྱི་ལག་ཏུ་སྦྱིན༔ རལ་གྲི་འདི་ནི་ཁྱོད་ཀྱིས་ལོངས༔ ཨོཾ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཀརྨ་ཀྲོ་ཏཱི་ཤྭ་རཱི་སཏྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་ཧོ༔ ང་ནི་རང་བྱུང་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་ཞིང་དབྱུག་དབང༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ སྲིད་གསུམ་མ་ལུས་འཇོམས་པའི་ཕྱིར༔ རྡོ་རྗེ་ཞིང་དབྱུག་ཁྱོད་ཀྱིས་ལོངས༔ ཨོཾ་བཛྲ་ཀོའུ་རཱི་ཧ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་ཧོ༔ ང་ནི་རང་བྱུང་ཧེ་རུ་ཀ༔ ཡེ་ཤེས་ཁྲག་འཐུང་མདའ་གཞུའི་དབང༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ ཆགས་པས་ཐུགས་རྗེས་དོན་མཛད་ཕྱིར༔ རྡོ་རྗེ་མདའ་གཞུ་ཁྱོད་ཀྱིས་ལོངས༔ ཨོཾ་བཛྲ་ཙོའུ་རཱི་ཧ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་ཧོ༔ ང་ནི་རང་བྱུང་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་རྒྱལ་མཚན་དབང༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ ཁམས་གསུམ་ཀུན་ལས་རྒྱལ་བའི་ཕྱིར༔ རྡོ་རྗེ་རྒྱལ་མཚན་ཁྱོད་ཀྱིས་ལོངས༔ ཨོཾ་བཛྲ་པྲ་མོ་ཧ་ཧ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་ཧོ༔ ང་ནི་རང་བྱུང་ཧེ་རུ་ཀ༔ ཡེ་ཤེས་ཁྲག་འཐུང་རྡོ་རྗེའི་དབང༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ རྣམ་རྟོག་རྡུལ་དུ་བརླག་པའི་ཕྱིར༔ རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོངས༔ ཨོཾ་བཛྲ་བཻ་ཏཱ་ལི་ཧ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་ཧོ༔ ང་ནི་རང་བྱུང་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་རྒྱུ་ཞགས་དབང༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ བདེ་ཆེན་དབྱིངས་སུ་དྲང་བའི་ཕྱིར༔ རྒྱུ་ཞགས་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་བཛྲ་པུཀྐ་སི་ཧ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་ཧོ༔ ང་ནི་རང་བྱུང་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་དུང་ཁྲག་དབང༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ སྣོད་བཅུད་མ་ལུས་གསལ་མཛད་ཕྱིར༔ རྡོ་རྗེ་དུང་ཁྲག་ཁྱོད་ཀྱིས་ལོངས༔ ཨོཾ་བཛྲ་གྷསྨ་རཱི་ཧ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་ཧོ༔ ང་ནི་རང་བྱུང་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་སྙིང་ཟའི་དབང༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ འགྲོ་བ་མ་ལུས་བསྒྲལ་བའི་ཕྱིར༔ རྡོ་རྗེ་སྙིང་ཟ་ཁྱོད་ཀྱིས་ལོངས༔ ཨོཾ་བཛྲ་སྨེ་ཤ་ནི་ཧ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་ཧོ༔ ང་ནི་རང་བྱུང་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་མགོ་ལུས་དབང༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ སེམས་ཅན་མ་ལུས་སྡོམ་པའི་ཕྱིར༔ རྡོ་རྗེ་མགོ་ལུས་ཁྱོད་ཀྱིས་ལོངས༔ ཨོཾ་བཛྲ་ཙཎྜ་ལཱི་ཧ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་ཧོ༔ ང་ནི་རང་བྱུང་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་སེང་གདོང་དབང༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ རྩལ་གྱིས་ཐམས་ཅད་གནོན་པའི་ཕྱིར༔ སེང་གདོང་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་བཛྲ་སི་ཧ་མུ་ཁ་ཧེ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་ཧོ༔ ང་ནི་རང་བྱུང་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་སྟག་གདོང་དབང༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ དཔའ་གཏུམ་དབྱིངས་སུ་ཟ་བའི་ཕྱིར༔ སྟག་གདོང་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་བཛྲ་བྱཱ་གྷྲྀ་མུ་ཁ་ཧེ༔ ཨེ་མ་ཧོ༔ ང་ནི་རང་བྱུང་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་ཝ་གདོང་དབང༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ སྒྲིབ་མེད་ཐམས་ཅད་མཐོང་བྱའི་ཕྱིར༔ ཝ་གདོང་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་བཛྲ་སྲྀ་ལ་མུ་ཁ་ཧེ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་ཧོ༔ ང་ནི་རང་བྱུང་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་སྤྱང་གདོང་དབང༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ ཐམས་ཅད་མ་ལུས་ཟ་བའི་ཕྱིར༔ སྤྱང་གདོང་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་བཛྲ་ཤྭ་ན་མུ་ཁ་ཧེ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་ཧོ༔ ང་ནི་རང་བྱུང་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་བྱ་རྒོད་དབང༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ མགྱོགས་པ་ཐམས་ཅད་སྙེག་པའི་ཕྱིར༔ བྱ་རྒོད་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་བཛྲ་གྷྲྀཌ་མུ་ཁ་ཧེ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་ཧོ༔ ང་ནི་རང་བྱུང་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་ཀཾ་ཀའི་དབང༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ སྲིད་གསུམ་མ་ལུས་བསྡུ་བའི་ཕྱིར༔ ཀཾ་ཀའི་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་བཛྲ་ཀཾ་ཀ་མུ་ཁ་ཧེ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་ཧོ༔ ང་ནི་རང་བྱུང་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་ཁྭ་ཏའི་དབང༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ རྣམ་རྟོག་རྡུལ་དུ་བརླག་པའི་ཕྱིར༔ ཁྭ་ཏའི་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་བཛྲ་ཁྭ་ཁ་མུ་ཁ་ཧེ༔ ཨ་བྷི་ཥིཉྩ༔ ཨེ་མ་ཧོ༔ ང་ནི་རང་བྱུང་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་ཧུ་ལུའི་དབང༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ ཡེ་ཤེས་སྒྲོན་མ་གསལ་བའི་ཕྱིར༔ ཧུ་ལུའི་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་བཛྲ་ཧུ་ལུ་མུ་ཁ་ཧེ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་ཧོ༔ ང་ནི་རང་བྱུང་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་ལྕགས་ཀྱུའི་དབང༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ ཐུགས་རྗེས་ཐམས་ཅད་དྲང་བའི་ཕྱིར༔ ལྕགས་ཀྱུའི་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་བཛྲ་ཨཱརྱ་ཏེ་ཛ་ཏེ་ང་ཛ་ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་ཧོ༔ ང་ནི་རང་བྱུང་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་མཆེ་ཞགས་དབང༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ ཐུགས་རྗེས་ཐམས་ཅད་བཅིང་བའི་ཕྱིར༔ མཆེ་ཞགས་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་བཛྲ་ཨ་མུ་ཁེ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་ཧོ༔ ང་ནི་རང་བྱུང་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་ལྕགས་སྒྲོག་དབང༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ ཐུགས་རྗེས་ཐམས་ཅད་སྡོམ་པའི་ཕྱིར༔ ལྕགས་སྒྲོག་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་བཛྲ་ཨ་ལོ་ཀ་བཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་ཧོ༔ ང་ནི་རང་བྱུང་ཧེ་རུ་ཀ༔ ཁྲག་འཐུང་ཀུན་གྱི་དྲིལ་བུའི་དབང༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ ཐམས་ཅད་རྡུལ་དུ་རློག་པའི་ཕྱིར༔ དྲིལ་བུའི་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་བཛྲ་བྷསྨིཾ་པཱ་ལ་ཡ་བ་ཏུ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་ཧོ༔ ང་ནི་རང་བྱུང་ཧེ་རུ་ཀ༔ ལས་ཀྱི་སྲིན་པོའི་ཆུང་མ་སྟེ༔ མི་ཡི་སྲིན་མོ་དབང་ཕྱུག་འབར༔ ཕྱག་མཚན་ཐོད་ཁྲག་འབར་བའི་དབང༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨོཾ་མ་ནུ་རཀྴ་སཱི་ཨ་བྷི་ཥིཉྩ་ཧཱུྃ༔ ལྷ་ཆེན་བྱི་ནའི་ཆུང་མ་སྟེ༔ ཚངས་པ་དམར་སེར་གདོང་བཞིར་འབྱིན༔ ཕྱག་མཚན་པདྨ་འབར་བའི་དབང༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨོཾ་བྲཧྨ་ཎཱི་ཨ་བྷི་ཥིཉྩ་ཧཱུྃ༔ ལྷ་ཆེན་དབང་ཕྱུག་ཆུང་མ་སྟེ༔ ལྷ་ཆེན་དཀར་ལྗང་དབང་ཕྱུག་འབར༔ ཕྱག་མཚན་གྲི་གུག་འབར་བའི་དབང༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨོཾ་རོའུ་ཏྲཱི་ཨ་བྷི་ཥིཉྩ་ཧཱུྃ༔ ལྷ་ཆེན་ཁྱབ་འཇུག་ཆུང་མ་སྟེ༔ འཇུག་སེལ་འདོད་པའི་དབང་ཕྱུག་མ༔ ཕྱག་མཚན་འཁོར་ལོ་འབར་བའི་དབང༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨོཾ་བཻཥྞ་བཱི་ཨ་བྷི་ཥིཉྩ་ཧཱུྃ༔ གཞོན་ནུ་སྨུག་ནག་ཆུང་མ་སྟེ༔ གཞོན་ནུ་དམར་མོ་དབང་ཕྱུག་འབར༔ ཕྱག་མཚན་མདུང་ཐུང་འཕེན་པའི་དབང༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨོཾ་ཀུ་མཱ་རཱི་ཨ་བྷི་ཥིཉྩ་ཧཱུྃ༔ བརྒྱ་བྱིན་ལྷ་ཡི་ཆུང་མ་སྟེ༔ རྡོ་རྗེ་དཀར་མོ་དབང་ཕྱུག་འབར༔ ཕྱག་མཚན་ནོར་བུ་འབར་བའི་དབང༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨོཾ་ཨིནྡྲ་ནཱི་ཨ་བྷི་ཥིཉྩ་ཧཱུྃ༔ མ་ཧཱ་དྷེ་བའི་ཆུང་མ་སྟེ༔ རྡོ་རྗེ་སེར་མོ་སྤུ་གྲི་འཛིན༔ དུག་གསུམ་རྩད་ནས་གཅོད་པའི་དབང༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨོཾ་བཛྲ་སིཾ་ཀ་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔ གཟའ་ཆེན་ཉི་མའི་ཆུང་མ་སྟེ༔ བདུད་རྩི་ཆེན་མོ་དབང་ཕྱུག་འབར༔ ཕྱག་མཚན་པདྨ་འབར་བའི་དབང༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨོཾ་ཨ་མྲྀཏཾ་ཨ་བྷི་ཥིཉྩ་ཧཱུྃ༔ གཟའ་ཆེན་ཟླ་བའི་ཆུང་མ་སྟེ༔ ཞི་བ་དཀར་མོ་དབང་ཕྱུག་འབར༔ ཕྱག་མཚན་པུཎྜ་རི་ཀའི་དབང༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨོཾ་སོའུ་མ་ཨ་བྷི་ཥིཉྩ་ཧཱུྃ༔ གཟའ་ཆེན་སྤེན་པའི་ཆུང་མ་སྟེ༔ བེ་ཅོན་ལྗང་ནག་དབང་ཕྱུག་འབར༔ ཕྱག་མཚན་བེ་ཅོན་འབར་བའི་དབང༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨོཾ་དཎྜ་དཾ་ཨ་བྷི་ཥིཉྩ་ཧཱུྃ༔ སྲིན་པོ་ཀཱ་ལའི་ཆུང་མ་སྟེ༔ ཙ་ཀ་དམར་མོ་དབང་ཕྱུག་འབར༔ ཕྱག་མཚན་ཐོད་རློན་འབར་བའི་དབང༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨོཾ་རཀྴ་སཱི་ཨ་བྷི་ཥིཉྩ་ཧཱུྃ༔ མ་ཧཱ་ཀཱ་ལའི་ཆུང་མ་སྟེ༔ ཟ་བ་ལྗང་ནག་དབང་ཕྱུག་འབར༔ ཕྱག་མཚན་རྒྱུ་ཞགས་འབར་བའི་དབང༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨོཾ་བྷཀྴ་སཱི་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་དམར་མོ་རལ་གྲི་འཛིན༔ ཉོན་མོངས་སྒྲིབ་པ་གཅོད་པའི་ཕྱིར༔ ཕྱག་མཚན་ཀ་ཏར་འབར་བའི་དབང༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨོཾ་རཱ་ཏི་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ པ་ལ་པ་ཏྲའི་ཆུང་མ་སྟེ༔ སྟོབས་ཆེན་དམར་མོ་དབང་ཕྱུག་འབར༔ ཕྱག་མཚན་གཤོལ་མདའ་འབར་བའི་དབང༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨོཾ་རུ་དྷི་ར་མཏྟཱ་ཨ་བྷི་ཥིཉྩ་ཧཱུྃ༔ དྲི་ཟ་ཆེན་མོའི་ཆུང་མ་སྟེ༔ རྡོ་རྗེ་སེར་ནག་དབང་ཕྱུག་འབར༔ ཕྱག་མཚན་སྤུ་གྲི་འབར་བའི་དབང༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨོཾ་ཨེ་ཀ་ཙ་རི་ཎཱི་ཨ་བྷི་ཥིཉྩ་ཧཱུྃ༔ ཀཱ་ལ་དེ་བའི་ཆུང་མ་སྟེ༔ འདོད་པ་དམར་མོ་དབང་ཕྱུག་འབར༔ ཕྱག་མཚན་མདའ་གཞུ་འབར་བའི་དབང༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨོཾ་མ་ནོ་ཧ་རཾ་ཨ་བྷི་ཥིཉྩ་ཧཱུྃ༔ བདེན་དང་བྲལ་བའི་ཆུང་མ་སྟེ༔ ནོར་སྲུང་དཀར་མོ་དབང་ཕྱུག་འབར༔ ཕྱག་མཚན་གཏེར་གྱི་བུམ་པའི་དབང༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨོཾ་སི་ཏི་ཀཾ་ཨ་བྷི་ཥིཉྩ་ཧཱུྃ༔ རླུང་ལྷ་ཆེན་པོའི་ཆུང་མ་སྟེ༔ རླུང་ལྷ་སྔོན་མོ་དབང་ཕྱུག་འབར༔ ཕྱག་མཚན་བ་དན་འབར་བའི་དབང༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨོཾ་བཱ་ཡ་བཱེ་ཨ་བྷི་ཥིཉྩ་ཧཱུྃ༔ མ་ཧཱ་དྷེ་ཝའི་ཆུང་མ་སྟེ༔ རྡོ་རྗེ་ལྗང་ནག་དབང་ཕྱུག་འབར༔ ཕྱག་མཚན་རལ་གྲི་འབར་བའི་དབང༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨོཾ་མ་ཧཱ་མཱ་ར་ཎཱི་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལྷ་དྲང་སྲོང་ཆུང་མ་སྟེ༔ མེ་མོ་དམར་མོ་དབང་ཕྱུག་འབར༔ ཕྱག་མཚན་གསལ་ཤིང་འབར་བའི་དབང༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨོཾ་ཨགྣེ་ཡེ་ཨ་བྷི་ཥིཉྩ་ཧཱུྃ༔ ས་བདག་ཆེན་པོའི་ཆུང་མ་སྟེ༔ རྡོ་རྗེ་ནག་མོ་དབང་ཕྱུག་འབར༔ ཕྱག་མཚན་མཆེ་ཞགས་འབར་བའི་དབང༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨོཾ་བཱ་རཱ་ཧཱི་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་དམར་མོ་ཞིང་ཆུང་ཟ༔ རྡོ་རྗེ་ཙ་མུན་དབང་ཕྱུག་འབར༔ ཕྱག་མཚན་རྡོ་རྗེ་འབར་བའི་དབང༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨོཾ་ཙ་མུཎྚཱི་ཨ་བྷི་ཥིཉྩ་ཧཱུྃ༔ ནག་པོ་ཆེན་པོའི་ཆུང་མ་སྟེ༔ རྡོ་རྗེ་ནག་མོ་དབང་ཕྱུག་འབར༔ ཕྱག་མཚན་ཐོད་རློན་འབར་བའི་དབང༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨོཾ་སུ་ཏ་ནཱཾ་ཨ་བྷི་ཥིཉྩ་ཧཱུྃ༔ བཱ་རུ་ཎ་ཡི་ཆུང་མ་སྟེ༔ ཆུ་ལྷའི་ལྷ་མོ་དབང་ཕྱུག་འབར༔ ཕྱག་མཚན་སྦྲུལ་ཞགས་འབར་བའི་དབང༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨོཾ་བཱ་རུ་ཎཱི་ཨ་བྷི་ཥིཉྩ་ཧཱུྃ༔ བྱི་ན་ཡ་ཀའི་ཆུང་མ་སྟེ༔ རྡོ་རྗེ་ནག་མོ་དབང་ཕྱུག་འབར༔ ཕྱག་མཚན་ལྕགས་ཀྱུ་འབར་བའི་དབང༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨོཾ་བཛྲ་མ་ཧཱ་ཀཱ་ལཱི་ཨ་བྷི་ཥིཉྩ་ཧཱུྃ༔ འདོད་པ་ཅན་གྱི་ཆུང་མ་སྟེ༔ རྡོ་རྗེ་སེར་མོ་དབང་ཕྱུག་འབར༔ ཕྱག་མཚན་ཞགས་པ་འབར་བའི་དབང༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨོཾ་བཛྲ་ཙ་ཀ་ལཱ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་རྣ་ཆེན་པོའི་ཆུང་མ་སྟེ༔ རྡོ་རྗེ་དམར་ནག་དབང་ཕྱུག་འབར༔ ཕྱག་མཚན་ལྕགས་སྒྲོག་འབར་བའི་དབང༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨོཾ་བཛྲ་ཀུམྦྷ་ཀརྞཱ་ཨ་བྷི་ཥིཉྩ་ཧཱུྃ༔ གསུས་འཛིན་ཆེན་པོའི་ཆུང་མ་སྟེ༔ རྡོ་རྗེ་ལྗང་ནག་དབང་ཕྱུག་འབར༔ ཕྱག་མཚན་དྲིལ་བུ་འབར་བའི་དབང༔ དབང་མཆོག་དེས་ནི་དབང་བསྐུར་རོ༔ ཨོཾ་བཛྲ་ལམྦྷོ་དྷ་རཱ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་ཁྲག་འཐུང་འབར་བ་ལྔ་བཅུ་རྩ་བརྒྱད་ཀྱི་དབང་བསྐུར་པས་རྟོག་ཚོགས་ཀྱི་ཕུང་པོ་དབྱིངས་སུ་དག་ནས༔ ཞི་ཁྲོ་དམ་པ་རིགས་བརྒྱའི་སྐུ་དང་དབྱེར་མེད་དུ་འཚང་རྒྱ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ དགེའོ༔ ༄༅༔ རྫོགས་པ་ཆེན་པོ་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པ་ལས༔ དབང་གོང་མ་ཤིན་ཏུ་གསང་བ་གུད་དུ་སྦས་པ་ཟབ་ཁྱད་ཀྱི་གདམས་པ་བཞུགས་སོ༔ དེ་ནས་གསང་བ་མཆོག་གི་དབང་ཆེན་ཆོས་སྐུའི་ཞིང་ཁམས་སུ་དབང་བསྐུར་བ་ནི༔ ཕྱག་དང་མཎྜལ་ཕུལ་ལ༔ རང་རྒྱུད་འཛིན་པ་བཟློག་པའི་ཕྱིར༔ ཁྱོད་རྣམས་སུ་ཡིན༔ ཅེས་དྲི༔ སློབ་མས༔ སྐལ་ལྡན་སེམས་ཀྱི་བུ་ཡིན་ལགས༔ ཞེས་ལན་གདབ༔ དེ་ནས་ཆོས་སྐུའི་ཞིང་ཁམས་མ་མཐོང་བའི་སྔོན་དུ་ལོངས་སྐུའི་ཞིང་ཁམས་སྒོ་ཕྱེ་སྟེ༔ སློབ་བུ་ལངས་ནས་སྤྱི་བོར་ཐལ་མོ་སྦྱར་ལ༔ རིམ་པ་ལྟར་ཕྱོགས་སུ་ཁ་བལྟས་ལ༔ སློབ་དཔོན་གྱིས་འདི་སྐད་དོ༔ ཀྱེ་ཀྱེ༔ རིགས་ཀྱི་བུ་དང་བུ་མོ་རྣམས་ཉོན་ཅིག༔ འདི་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་མངོན་པར་དགའ་བ་ཞེས་བྱ་བའི་ཞིང་ཁམས་མཛེས་ཤིང་ཡིད་དུ་འོང་བ་ན་སངས་རྒྱས་མི་བསྐྱོད་པ་ཞེས་བྱ་བ་བཞུགས་ཏེ༔ སོ་སོ་རང་རིག་པའི་ཆོས་འཁོར་ལ་སྟོན་ཅིང༔ བསྟན་པ་དམ་པ་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་ཆོས་སྟོན་ཏེ༔ མ་བྲིས་པའི་དཀྱིལ་འཁོར་ཡོད་དོ༔ རྫོགས་པ་ཆེན་པོའི་ཞིང་ཁམས་དང་ལྷ་ཚོགས་ཡོད་དོ༔ ལྟ་སྟངས་ཀྱིས་ལྟོས་ཤིག༔ འཕུར་སྟངས་ཀྱིས་འཕུར་ཅིག༔ སྐྱེ་བ་མེད་པའི་གནས་རྟེན་ཅིག༔ འགྱུར་བ་མེད་པའི་ས་ཟུངས་ཤིག༔ སེམས་འགྱུ་བའི་འཕེན་པས་སླར་མ་ལོག་ཅིག༔ པྲ་བེ་ཤ་ཡ་ཕཊ་ཨ་ཨ༔ ཡང་། ཀྱཻ༔ རིགས་ཀྱི་བུ་དང་བུ་མོ་རྣམས་ཉོན་ཅིག༔ འདི་ནས་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་དཔལ་དང་ལྡན་པ་ཞེས་བྱ་བའི་ཞིང་ཁམས་མཛེས་ཤིང་ཡིད་དུ་འོང་བ་ན༔ སངས་རྒྱས་རིན་ཆེན་ཏོག་ཅེས་བྱ་བ་བཞུགས་ཏེ༔ སོ་སོ་རང་རིག་པའི་ཆོས་འཁོར་ལ་སྟོན་ཅིང༔ བསྟན་པ་དམ་པ་ཞེས་སོགས་གོང་གིས་འགྲེའོ༔ ཀྱཻ༔ རིགས་ཀྱི་བུ་དང་བུ་མོ་རྣམས་ཉོན་ཅིག༔ འདི་ནས་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་མཛེས་ཞིང་ཡིད་དུ་འོང་བ་ན༔ སངས་རྒྱས་འོད་དཔག་ཏུ་མེད་པ་ཞེས་བྱ་བ་བཞུགས་ཏེ༔ སོ་སོ་རང་རིག་པའི་ཆོས་སོགས་འགྲེ༔ ཀྱཻ༔ རིགས་ཀྱི་བུ་དང་བུ་མོ་རྣམས་ཉོན་ཅིག༔ འདི་ནས་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ལས་རབ་གྲུབ་པ་ཞེས་བྱ་བ་མཛེས་ཤིང་ཡིད་དུ་འོང་བ་ཡོད་དེ༔ སངས་རྒྱས་གདོན་མི་ཟ་བ་ངེས་པའི་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ༔ སོ་སོ་རང་རིག་པའི་ཆོས་སོགས་འགྲེ༔ ཀྱཻ༔ རིགས་ཀྱི་བུ་དང་བུ་མོ་རྣམས་ཉོན་ཅིག༔ འདི་ནས་དབུས་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་འོག་མིན་སྟུག་པོ་བཀོད་པ་ཞེས་བྱ་བའི་ཞིང་ཁམས་མཛེས་ཤིང་ཡིད་དུ་འོང་བ་ན༔ སངས་རྒྱས་འོད་མི་འགྱུར་བ་ཞེས་བྱ་བ་བཞུགས་ཏེ༔ སོ་སོ་རང་རིག་པའི་ཆོས་འཁོར་ལ་སྟོན་ཏེ༔ བསྟན་པ་དམ་པ་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་ཆོས་སྟོན་ཏེ༔ མ་བྲིས་པའི་དཀྱིལ་འཁོར་ཡོད་དོ༔ རྫོགས་པ་ཆེན་པོའི་ཞིང་ཁམས་དང་ལྷ་ཚོགས་ཡོད་དོ༔ ལྟ་སྟངས་ཀྱིས་ལྟོས་ཤིག༔ འཕུར་སྟངས་ཀྱིས་འཕུར་ཅིག༔ སྐྱེ་བ་མེད་པའི་གནས་རྟེན་ཅིག༔ འགྱུར་བ་མེད་པའི་ས་ཟུངས་ཤིག༔ སེམས་འགྱུ་བའི་འཕེན་པས་སླར་མ་ལོག་ཅིག༔ པྲ་བེ་ཤ་ཡ་ཕཊ་ཨ་ཨ༔ དེ་ནས་གྲལ་ལ་འདུག་སྟེ༔ འདི་སྐད་དུ༔ དབང་བསྐུར་རྒྱལ་པོའི་རྒྱུད་ལས༔ དང་པོ་དབང་གིས་མ་སྨིན་ན༔ ཐེག་པའི་ཆོས་ཀྱིས་གྲོལ་མི་འགྱུར༔ ཞེས་དང༔ ཡང་ཏིག་གི་རྒྱུད་ལས་ཀྱང༔ རང་རྒྱུད་དབང་གིས་མ་སྨིན་ན༔ རང་སེམས་མངོན་དུ་མི་འགྱུར་རོ༔ ཞེས་སོགས་ཀྱིས་དབང་བསྐུར་བ་གལ་ཆེ་ཞིང༔ དགོས་པའི་རྒྱུ་མཚན་དང་ཆེ་ཡོན་བཤད་ནས༔ དབང་བསྐུར་བ་དངོས་ནི༔ རྡོ་རྗེ་སློབ་དཔོན་གྱིས་ཕོ་བྲང་དབུས་ཀྱི་བུམ་པ་སློབ་མའི་མགོ་ཐོག་ཏུ་བཞག་སྟེ༔ ཧཱུྃ༔ བུམ་པ་བཀྲ་ཤིས་ཡིད་འོང་ལྷ་ཡི་གནས༔ ཡབ་ཡུམ་གཉིས་མེད་བྱང་སེམས་ཆུ་ཡིས་གཏམས༔ ཆོས་ཉིད་ཇི་ལྟར་སྣང་ཡང་ལོངས་སྤྱོད་རྒྱན༔ ནང་རྟགས་ཕྱིར་བསྟན་བྱང་སེམས་བུམ་པའི་དབང༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ལུས་ངག་ཡིད་གསུམ་སྒྲིབ་པ་བྱང་གྱུར་ནས༔ རྩ་བ་གསུམ་དང་སྐལ་པ་མཉམ་པར་ཤོག༔ རྩ་སྔགས་ཤམ་བུར༔་་་དཔེ་འགར་གུ་རུ་དྷེ་བ་ཌཱ་ཀི་ནཱི།མཆན། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་པའི་དབང་བསྐུར་རོ༔ དེ་ནས་ཐོད་པ་མཚན་ལྡན་བདུད་རྩིས་གང་བ་མགྲིན་པར་བཞག་ཅིང་བཅུད་ཁར་བླུད་ལ༔ ཧཱུྃ༔ བྷནྡྷ་མཚན་ལྡན་ཡེ་ཤེས་གཞལ་ཡས་ཆེ༔ གཉིས་མེད་བདུད་རྩི་བྱང་ཆུབ་སེམས་ཀྱི་དབང༔ ནང་གི་དབང་མཆོག་འདི་ཡིས་དབང་བསྐུར་བས༔ དབྱིངས་དང་ཡེ་ཤེས་གཉིས་མེད་དབང་ཐོབ་ཤོག༔ རྩ་སྔགས་ལ༔ མ་ཧཱ་བོ་དྷི་ཙིཏྟ་ཨ་ཧོ་སུ་ཁ་ཨ་བྷི་ཥིཉྩ་ཨཱ༔ དེ་ནས་མེ་ལོང་སྙིང་གར་བཞག་ལ༔ ཧཱུྃ༔ བདེ་བ་ཆེན་པོ་ཁྱབ་གདལ་འདུས་མ་བྱས༔ ཡབ་ཡུམ་གཉིས་མེད་ཟག་མེད་བདེ་བ་ཆེ༔ གསང་མཆོག་ཤེས་རབ་ཡེ་ཤེས་དབང་བསྐུར་བས༔ ཟག་མེད་བདེ་ཆེན་ངང་དུ་གྲོལ་བར་ཤོག༔ རྩ་སྔགས་ལ༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཨཱ༔ ཨོཾ་གུ་ཧྱ་ཨ་བྷི་ཥིཉྩ་ཨཱ༔ དེ་ནས་ཚིག་དབང་བསྐུར་བ་ནི༔ མཎྜལ་ཕུལ་ལ༔ ཧཱུྃ༔ རྩ་གསུམ་དབྱེར་མེད་རང་བྱུང་ཡེ་ཤེས་ལྷ༔ ཚིག་དང་ཡི་གེས་མི་མཚོན་རང་གི་སེམས༔ ཡེ་ནས་མ་བཅོས་སྤྲོས་བྲལ་ཆོས་ཀྱི་སྐུ༔ རང་སེམས་མ་བཅོས་ལྷུན་གྲུབ་རྟོགས་པར་ཤོག༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ༔ ཨ་བྷི་ཥིཉྩ་ཨཱ༔ དེ་ནས་སློབ་མ་ལུས་རྣམ་སྣང་གི་ཆོས་བདུན་བཅས་ལ༔ རང་རང་གི་སྙིང་གར་དཀྱིལ་འཁོར་ལྷ་དང་བཅས་པ་ལ་སེམས་ཅུང་ཟད་ཟུངས༔ དེ་ལྟ་བུའི་དཀྱིལ་འཁོར་དེ་རྩ་དབུ་མའི་ལམ་ལ་བརྒྱུད་དེ་སྤྱི་བོ་ཚངས་པའི་བུ་ག་ནས་ཐོན༔ དཀྱིལ་འཁོར་ལྔ་བརྩེགས་སུ་བསྒོམ༔ དེ་ཡང་ཇེ་མཐོ་ཇེ་མཐོར་ནམ་མཁའ་ལ་རྒྱངས་ཀྱིས་གཏང༔ དེ་ལ་འགྲོ་ན་འགྲོ་ས་འདུག་གམ༔ ལོག་ན་ལོག་ས་འདུག་གམ༔ དཀྱིལ་འཁོར་རང་གི་ངོ་བོ་ཇི་ལྟར་འདུག༔ ལེགས་པར་རྩད་གཅོད་དུ་གཞུག་གོ༔ དེ་ནི་ལུས་སེམས་ཕྱེ་བའི་དབང་ཞེས་བྱ་སྟེ༔ སེམས་ཅན་ལུས་ཅན་ཐམས་ཅད་ལ༔ འཕོ་བ་ཆེན་པོ་འདི་འབྱུང་གི༔ ཞེས་གསུངས་པའི་དོན་ཞིབ་པར་ངོ་སྤྲད་དོ༔ དེ་ཁོ་ན་ཉིད་དབང་བརྡ་ལ་བརྟེན་ནས་མིག་ལ་སྐུར༔ ཅེས་གསུངས་པས༔ རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེ་དང་དྲིལ་བུ་བཟུང་ལ་བཞེངས་ཏེ༔ ཕྱག་གཡས་ཀྱིས་སྡིགས་མཛུབ་ནམ་མཁར་སྒྲེང༔ གཡོན་གྱིས་སྡིགས་མཛུབ་རང་རང་གི་མིག་ལ་བཙུགས་ཏེ༔ གཡས་ཀྱིས་ལན་གསུམ་ནམ་མཁར་གཡུགས་ཏེ༔ ནམ་མཁའ་འདི་རྒྱ་རེ་ཆེ༔ ནམ་མཁའ་འདི་རྒྱ་རེ་ཆེ༔ ནམ་མཁའ་འདི་རྒྱ་རེ་ཆེ༔ ཞེས་བྱའོ༔ རིགས་ཀྱི་བུ་དང་བུ་མོ་རྣམས༔ མདུན་གྱི་ནམ་མཁའ་འདི་ལ་ལྟོས༔ གསལ་ལ་དྭངས་པ་མཐའ་དང་བྲལ༔ གང་ཡང་འཛིན་མེད་བདེ་བ་ཆེ༔ དུས་གསུམ་སངས་རྒྱས་ཀུན་གྱི་གནས༔ འདི་ཉིད་དོན་ལ་གནས་པར་གྱིས༔ ཨ་ཏི་པཱུ་ཧོ༔ པྲ་ཏཱི་ཛ་ཧོ༔ ཞེས་བརྗོད་ལ་དོན་ངོ་སྤྲད་དོ༔ དེ་ནི་བརྡ་ལམ་ཕྱེ་བའི་དབང་ཞེས་བྱའོ༔ དེ་ལྟར་སྤྲོས་བཅས་ཞི་ཁྲོ་རབ་འབྱམས་ཀྱི་དབང་དང༔ སྤྲོས་མེད་དཀྱིལ་འཁོར་ཡོངས་འདུས་ཀྱི་དབང་དང༔ རབ་ཏུ་སྤྲོས་མེད་བརྡའི་དབང་དང༔ ཤིན་ཏུ་སྤྲོས་མེད་བརྡ་ལམ་ཕྱེ་བའི་དབང་རྣམས་བསྐུར་ཟིན་ནས༔ ࿊ དོན་དམ་སྤྲོས་མེད་བརྡའི་དབང་བསྐུར་བའི་རིམ་པ་ནི༔ མན་ཤེལ་ཐོགས་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ མི་ཟད་རྒྱན་གྱི་འཁོར་ལོའི་སྐུ༔ སྐུ་དབང་མན་ཤེལ་འོད་ཀྱིས་བསྐུར༔ སྣང་སྟོང་ཟུང་འཇུག་ངོ་སྤྲོད་བྱ༔ ཧཱུྃ༔ རྔའམ་དྲིལ་བུ་གཏད་ལ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ མི་ཟད་རྒྱན་གྱི་འཁོར་ལོའི་གསུང༔ གསུང་དབང་འུར་ལྡིར་སྒྲ་ཡིས་བསྐུར༔ གྲགས་སྟོང་ཟུང་འཇུག་ངོ་སྤྲོད་བྱ༔ མར་མེ་གཏད་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ མི་ཟད་རྒྱན་གྱི་འཁོར་ལོའི་ཐུགས༔ ཐུགས་དབང་ཞུན་མར་མར་མེས་བསྐུར༔ རིག་སྟོང་ཟུང་འཇུག་ངོ་སྤྲོད་བྱ༔ མེ་ལོང་ངོས་བསྟན་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ མི་ཟད་རྒྱན་གྱི་ཡོན་ཏན་ལྷ༔ ཡོན་ཏན་དབང་ནི་མེ་ལོང་གཟུགས་བརྙན་འཆར་བས་བསྐུར༔ ཡོན་ཏན་ལྷུན་གྲུབ་ངོ་སྤྲོད་བྱ༔ རླུང་གཡབ་གཡབ་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ འཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོ་ཡི༔ དྲག་པོའི་དབང་ནི་རླུང་གིས་བསྐུར༔ ཕྲིན་ལས་རྩལ་རྫོགས་ངོ་སྤྲོད་བྱ༔ ࿊ དེ་ནས་ཤིན་ཏུ་རྣམ་པར་དག་པའི་དབང་ནི༔ མེ་ལོང་གཡའ་བྲལ་བསྟན་ལ༔ ཧཱུྃ༔ བཅོམ་ལྡན་བཛྲ་ཧེ་རུ་ཀ༔ ཆོས་ཀྱི་དབྱིངས་ནས་འདི་སྐད་གསུང༔ ཐོག་མར་ལྷུན་གྱིས་གྲུབ་གནས་སུ༔ སྟོན་པ་ཐིག་ལེ་ཉག་གཅིག་སྐུ༔ འཁོར་ནི་རྣམ་རྟོག་རང་བྱུང་ཉིད༔ རྣམ་རྟོག་བཀག་པས་མི་ཁེགས་ཀྱི༔ ཐིག་ལེའི་ངང་ལ་ལྷན་གྱིས་ཞོག༔ ཤེས་རབ་ཆེན་པོ་གཅིག་ཏུ་གསལ༔ རང་གྲོལ་ཉིད་དུ་མངོན་སངས་རྒྱ༔ ཡང་ཏི་གསེར་གྱི་འབྲུ་གཅིག་ཡིན༔ ལྟ་བ་རང་བྱུང་ཆེན་པོ་ལ༔ སྒོམ་པ་རང་གྲོལ་ཆེན་པོ་ཡིན༔ སྤྱོད་པ་ཚོགས་དྲུག་ལྷུག་པ་ལ༔ འབྲས་བུ་ཡུལ་སྣང་ཆེན་པོ་ཡིན༔ བཛྲ་ཧེ་རུ་ཀ་ཨ་ཏི་པཱུ་ཧོ༔ པྲ་ཏཱི་ཛ་ཧོ༔ ཞེས་བརྗོད༔ ཡང་མེ་ལོང་བསྟན་ལ༔ བུ་ཇི་ཙམ་རིག་པ་གསལ་ལ་མ་འགགས་པར་འཆར་བ་འདི་ལ་བཅོས་བསླད་མ་བྱེད་པར་ལུས་སེམས་ལྷོད་ཀྱིས་གློད་ལ་ཞོག༔ གསལ་ལ་ངོས་གཟུང་མེད་པ་ཡི༔ མེ་ལོང་ལྟ་བུའི་ཡེ་ཤེས་རྟོགས་པར་ཤོག༔ དབང་དོན་ངོ་སྤྲོད༔ ཨེ་མ༔ བདེ་གཤེགས་ལྷུན་གྲུབ་གནས་མཆོག་ན༔ བདེ་ཆེན་རང་བྱུང་ཡེ་ཤེས་ནི༔ ཅིར་ཡང་མི་རྟོག་ས་ལེར་གསལ༔ རྩ་བ་གསུམ་དང་གཉིས་སུ་མེད༔ གཞན་ནས་མ་བཙལ་ཆོས་སྐུ་སྐྱེ་བ་མེད༔ རང་བྱུང་སེམས་ལ་རང་དབང་ཐོབ་པར་ཤོག༔ ཅེས་བརྗོད་དོ༔ དེ་ནས་མེ་ལོང་གི་ཁར་ཤེལ་བཞག་ལ་ངོ་སྤྲད་དེ༔ རིག་པ་དྲི་མ་མེད་པ་ཤེལ་ལྟ་བུ༔ གསལ་ལ་མ་བསྒྲིབས་ཉི་མ་འདྲ༔ འོད་ཟེར་སྣ་ཚོགས་ཤར་ཡང་ཤེལ་ལས་མ་གཡོས་ལྟར༔ རང་སེམས་ཆོས་སྐུའི་ངང་ལས་གཡོས་པ་མེད༔ རང་སེམས་སྐྱེ་མེད་ཆོས་སྐུ་ལས༔ འགག་མེད་ལོངས་སྐུ་སྤྲུལ་སྐུར་ཤར༔ བདེ་བ་ཆེན་པོའི་ངང་དུ་གཅིག༔ རྡོ་རྗེའི་སྐུ་ལ་འགྱུར་བ་མེད༔ ཅེས་དང་རྒྱས་པར་ངོ་སྤྲད་དོ༔ ࿊ དེ་ལྟར་ཆོས་སྐུ་ཀུན་ཏུ་བཟང་པོ་ཡངས་པ་ཆེན་པོའི་ཀློང་ལས༔ ལོངས་སྐུ་ཞི་ཁྲོ་རབ་འབྱམས༔ སྤྲུལ་སྐུ་འགྲོ་དོན་མཛད་པ་རྒྱལ་བ་རྒྱ་མཚོ་དང༔ རིག་འཛིན་པདྨ་ཐོད་ཕྲེང་རྩལ་ལ་སོགས་པ་འགྲོ་འདུལ་སྣ་ཚོགས་སུ་ཤར་ནས་བཀའ་སྡོད་མཁའ་འགྲོ་ཆོས་སྐྱོང་དང་བཅས་པའི་དཀྱིལ་འཁོར་འདིར་དབང་བསྐུར་བ་ཐོབ་པས༔ ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར༔ འཇའ་ལུས་འོད་སྐུ་འགྲུབ་པའི་རྟེན་འབྲེལ་འགྲིག༔ སློབ་དཔོན་ཆེན་པོ་པདྨས་ཇི་ལྟར་གཟིགས་པའི་མཁྱེན་པའི་ཡེ་ཤེས་ཀྱི་ཆོས་ཐམས་ཅད་ཀྱི་དབང་ཐོབ༔ དཀྱིལ་འཁོར་མཐོང་བ་ཙམ་གྱིས་ངན་འགྲོའི་སྒོ་ཁེགས༔ དྲན་པ་ཙམ་གྱིས་བདེ་བ་ཅན་དུ་སྐྱེ༔ དེ་བས་ན་སྤྲོ་བ་བསྐྱེད་མཛོད་ཅིག༔ ཅེས་བརྗོད༔ དེ་ལྟར་ཡང་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་གྱིས་རང་བཞིན་གྱི་དཀྱིལ་འཁོར་ངོ་ཤེས་པའི་དགོས་པ་ཡོད་ལ༔ སྔོན་འགྲོ་སྟ་གོན་གྱིས་བཀྲ་ཤིས་པ་དང༔ མཐར་ཐུག་སངས་རྒྱས་འཐོབ་པའི་དགོས་པ་ཡོད་ལ༔ བུམ་པའི་དབང་གིས་བདག་དོན་དང་གཞན་དོན་དང་འབྲེལ་བ་དང༔ གསང་བའི་དབང་གིས་གསང་སྔགས་ཀྱི་རྫས་དང་འབྲེལ་བ་དང༔ ཤེས་རབ་ཡེ་ཤེས་ཀྱིས་བདེ་སྟོང་ལམ་དུ་བླང་བ་དང༔ ཚིག་དབང་རིན་པོ་ཆེས་འཁོར་འདས་མཉམ་པ་ཉིད་དུ་རྟོགས་པ་དང༔ བརྡ་དོན་རྟགས་ཀྱི་དབང་གིས་ཆོས་ཐམས་ཅད་རང་གྲོལ་འོད་གསལ་ཆེན་པོར་རྟོགས་པ་དང༔ བཀའ་དྲིན་གཏང་རག་གི་མཆོད་པས་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ༔ མཐར་བསོད་ནམས་ཀྱི་ཚོགས་ཆེན་མྱུར་དུ་རྫོགས་པའི་དགོས་པ་ཡོད་དོ༔ རྫོགས་པ་ཆེན་པོ་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པའི་མཆོག་དབང་ཤིན་ཏུ་གསང་བ་གུད་དུ་སྦས་པའི་བཀའ་རྒྱ་ཅན་གྱི་ཆོ་ག་རྫོགས་སོ། །དེས་ནི་ཞི་ཁྲོ་རྩ་བ་གསུམ་གྱི་དབང་ཆོག་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གྷུ་ཧྱ༔ ཁ་ཐཾ༔ ༄༅༔ རྫོགས་པ་ཆེན་པོ་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པ་ལས་ཁྲིད་ཀྱི་སྔོན་འགྲོ་སྙན་བརྒྱུད་བཞུགས་སོ༔ རྫོགས་ཆེན་སྙན་བརྒྱུད་བསྟན་པར་བྱེད་པ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་ལ་གཉིས༔ ཐུན་མོང་དང་ཐུན་མོང་མ་ཡིན་པའོ༔ དང་པོ་ནི༔ སྐྱབས་འགྲོ་སེམས་བསྐྱེད༔ ཡིག་བརྒྱ༔ མཎྜལ༔ བླ་མའི་རྣལ་འབྱོར་རྣམས་གཞན་དང་མཚུངས་སོ༔ ཁྱད་པར་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི་གསུམ་སྟེ༔ ལུས་སྦྱང་བ༔ ངག་སྦྱང་བ༔ སེམས་སྦྱང་བའོ༔ དེ་ལ་ཡང་ཆོས་འདི་ཟབ་ཅིང་གཉན་པས་ན༔ ཁྲིད་གྲལ་དེར་ཚོགས་པའི་ཁྲིད་ཕྲུག་མ་གཏོགས་གཞན་ལ་ཟུར་ཙམ་ཡང་མི་བསྟན་ཞིང་གསང་བ་ནི་བཀའ་རྒྱས་གདབ་པའོ༔ ཁྲིད་ཕྲུག་དེ་རྣམས་ཀྱང་དབང་གིས་སྨིན་པར་བྱས་ལ༔ དང་པོ་ལུས་སྦྱང་བ་ནི༔ དབེན་པའི་གནས་སུ་སྟན་བདེ་བ་ལ་འདུག་ལ༔ རྐང་མཐིལ་གཉིས་སྤྲད༔ ལག་པ་སྤྱི་བོར་ཐལ་མོ་སྦྱར་ལ་རང་གི་ལུས་རྡོ་རྗེ་དཀར་པོ་རྩེ་གསུམ་པ༔ ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ༔ མེ་ལྕེའི་རྩེ་ལས་རྡོ་རྗེ་དཀར་པོ་ནས་འབྲས་ཙམ་ཕྱོགས་བཅུར་འཕྲོ་བས་བར་དུ་གཅོད་པའི་བགེགས་ཐམས་ཅད་ཚར་བཅད༔ རྡོ་རྗེ་དེ་དག་སླར་འདུས་ནས་རང་ལུས་རྡོ་རྗེ་ལ་ཐིམ་པར་བསྒོམ༔ དེ་ལ་མ་ཡེངས་པར་རྩེ་གཅིག་ཏུ་དྲིལ་ནས་ཐུན་གཅིག་བསྒོམ༔ དེ་བཞིན་དུ་རྡོ་རྗེ་སྔོན་པོ༔ སེར་པོ༔ དམར་པོ༔ ལྗང་གུ་རྣམས་ཀྱང་གོང་ལྟར་ཐུན་རེ་རེ་བསྒོམ་ཞིང་འོད་ཟེར་སྤྲོ་བསྡུ་ཤེས་པར་བྱས་ལ་ཞག་གསུམ་གཟིར་དུ་གཞུག༔ དེ་ནི་ལུས་ཀྱི་སྒྲིབ་སྦྱོང་ཐུན་མོང་མ་ཡིན་པའོ༔ གཉིས་པ་ངག་སྦྱང་བ་ལ་རྒྱས་གདབ་པ་དང༔ རྩལ་སྦྱང་བ་དང༔ མཉེན་བཙལ་བ་དང༔ ལམ་དུ་གཞུག་པ་སྟེ་བཞི་ཡོད་པ་ལས༔ ཞག་རེ་རེ་བྱ་སྟེ༔ ཐོག་མར་རྒྱས་གདབ་པ་ནི༔ ངག་ཏུ་ཧཱུྃ་རིང་པོ་བརྗོད་པས་རང་གི་སྣ་བུག་གཡས་ནས་ཧཱུྃ་མཐིང་ནག་ཡེ་ཤེས་ཀྱི་མེ་འབར་བ་གཅིག་འཕྲོས༔ གཉིས་འཕྲོས༔ གྲངས་མེད་དུ་འཕྲོས་ནས་རང་གི་ཁང་ཁྱིམ་ཐམས་ཅད་གང༔ དེར་མ་ཤོང་ཡུལ་ཁམས་ཐམས་ཅད་གང༔ དེ་བཞིན་དུ་ཕྱོགས་བཅུའི་ནམ་མཁའི་ཁམས་ཐམས་ཅད་གང༔ ནམ་མཁས་གར་ཁྱབ་ཧཱུྃ་གིས་མེར་གང་བར་བསམ༔ ཧཱུྃ་རིང་པོ་ན་ར་ར་ཅི་ནུས་བགྲང༔ དེ་ནི་ཕྱི་སྣང་བ་ལ་རྒྱས་གདབ་པའོ༔ ལྟེ་བ༔ མགྲིན་པ༔ གསང་གནས༔ རྐང་མཐིལ༔ སྤྱི་གཙུག་མན་ཆད་ཀྱི་རྩ་ཆེན་རྩ་ཆུང་བ་སྤུའི་རྩེ་མོ་ཚུན་ཆད༔ ཧཱུྃ་གིས་མེ་རེ་རེ་གང་བར་བསམ་ཞིང་ཧཱུྃ་ཐུང་དུ་འབུད་ཅིང་འདོན༔ དེ་ནི་ཕུང་པོ་ལ་རྒྱས་གདབ་པའོ༔ དེ་ལྟར་ཕྱི་སྣང་བ་ལ་རྒྱས་ཐེབས་པས་སྣང་སྲིད་ཐམས་ཅད་ཆོས་སྐུར་འཆར་བའི་དགོས་པ་ཡོད་དོ༔ ནང་ཕུང་པོ་ལ་རྒྱས་ཐེབས་པས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སྐུ་དང་ཐིག་ལེར་འཆར་བའི་དགོས་པ་ཡོད་དོ༔ གཉིས་པ་རྩལ་སྦྱང་བ་ནི༔ ངག་ཏུ་ཧཱུྃ་དྲག་པོ་བརྗོད་པས་རང་གི་སྣ་བུག་གཡོན་ནས་ཧཱུྃ་ནག་པོ་ཡེ་ཤེས་ཀྱི་མེ་འབར་བ་གཅིག་མདའ་འཕངས་པ་ལྟར་འུར་སྒྲ་དང་བཅས་ཏལ་གྱིས་སོང་བས་རང་གི་ཉེ་སྐོར་དུ་ཡོད་པའི་ཤིང་དང༔ རྡོ་དང་བྲག་ལ་སོགས་པ་དངོས་པོ་སྲ་ཞིང་འཐས་པ་ཐམས་ཅད་ཟང་ཐལ་དུ་གྱུར་པར་བསམ༔ དེ་བཞིན་དུ་དངོས་པོར་གྱུར་ཚད་ཐམས་ཅད་ཕར་ཐལ་ཚུར་ཐལ་དུ་ཕུག་ནས་སང་སིང་ཁྲལ་ཁྲོལ་དུ་བཏང་ནས་མཐར་ལྷག་མ་མ་ལུས་པར་བསམ༔ དེ་ལྟར་ཕྱི་སྣང་བ་ལ་རྩལ་སྦྱང་བ་ལྟར་དུ་ནང་ཕུང་པོ་ལ་རྩལ་སྦྱང་སྟེ༔ ཕྱི་རོལ་གྱི་ཧཱུྃ་དེ་དག་ཚུར་བྱུང་སྟེ༔ རང་གི་ལུས་ཐམས་ཅད་ཕར་ཐལ་ཚུར་ཐལ་དུ་བཏང་ནས་མཐར་ལྷག་མ་མ་ལུས་པར་བསམ༔ དེ་ལྟར་ཕྱི་སྣང་བ་ལ་རྩལ་སྦྱངས་པས་དངོས་པོ་ལ་ཞེན་པ་ལོག་ཅིང་སྣང་བ་བདེན་མེད་དུ་འགྲོ་བའི་དགོས་པ་ཡོད་དོ༔ ནང་ཕུང་པོ་ལ་རྩལ་སྦྱངས་པས་ཕུང་པོ་གཅེས་འཛིན་ཐོངས་ནས་སྒྱུ་མར་གྲོལ་འགྲོ་བའི་དགོས་པ་ཡོད་དོ༔ གསུམ་པ་མཉེན་བཙལ་བ་ནི༔ ངག་ཏུ་ཧཱུྃ་བརྗོད་པས་རང་ཉིད་ཧཱུྃ་མཐིང་ནག་གཅིག་ཏུ་བསམ༔ རང་གི་མདུན་དུ་ཧཱུྃ་དམར་པོ་གཅིག་བསམ༔ ཧཱུྃ་མཐིང་ནག་དེ་ལས་ཧཱུྃ་ནག་པོའི་ཕྲེང་བ་འཕྲོས་པས་མདུན་གྱི་ཧཱུྃ་དམར་པོ་ལ་ཧྲི་ལི་ལི་འཁྲིལ་བར་བསམ༔ ཡང་ཕྱིར་གྲོལ་ནས་ཧཱུྃ་མཐིང་ནག་ལ་ཧྲི་ལི་ལི་འཁྲིལ་བར་བསམ༔ དེ་བཞིན་དུ་ཕར་དཀྲི་ཚུར་དཀྲི་ལན་མང་དུ་བྱ༔ མཐར་ཧཱུྃ་ནག་པོ་ལ་ཚུར་དཀྲིས་པར་བསམ༔ དེ་ཡང་རི་བོ་མཆོག་རབ་ཙམ་དུ་བསམ༔ ཡང་ཧཱུྃ་དམར་པོ་དེ་ལས་ཧཱུྃ་གི་ཕྲེང་བ་འཕྲོས་ནས་ཧཱུྃ་ནག་པོ་ལ་གཡོན་དུ་དཀྲིས༔ ཡང་ཕྱིར་གྲོལ་ནས་ཧཱུྃ་དམར་པོ་ལ་དཀྲིས༔ དེ་བཞིན་དུ་ཕར་དཀྲི་ཚུར་དཀྲི་ལན་མང་དུ་བྱས་ནས་མཐར་ཧཱུྃ་དམར་པོ་ལ་དཀྲིས་ཏེ་རི་བོ་མཆོག་རབ་ཙམ་དུ་བསམ༔ དེ་ནས་ཧཱུྃ་ནག་པོས་དམར་པོ་ལ་གཡས་སྐོར་དུ་ཀྱི་ལི་ལི་བསྐོར་བར་བསམ༔ ཧཱུྃ་དམར་པོས་ནག་པོ་ལ་ཀྱི་ལི་ལི་གཡོན་སྐོར་དུ་འཁོར་བར་བསམ༔ དེ་ནས་ཧཱུྃ་གཉིས་ཁ་སྦྱོར་ནས་གཡས་སུ་ཁྱམ་ཁྱམ༔ གཡོན་དུ་ཁྱམ་ཁྱམ༔ མདུན་དུ་ཁྱམ་ཁྱམ༔ རྒྱབ་ཏུ་ཁྱམ་ཁྱམ་འཁྲབ་པར་བསམ༔ མཐར་ཧཱུྃ་གཉིས་ཇེ་ཆུང་ཇེ་ཟླུམ་དུ་སོང་ནས་ཐིག་ལེ་དམར་ནག་ཡུངས་འབྲུ་ཙམ་གཉིས་ལ་ཡུན་དུ་ཤེས་པ་གཏད༔ ཐིག་ལེ་གཉིས་ཀྱང་གཅིག་ཏུ་དྲིལ་ནས་ནམ་མཁའི་དཀྱིལ་དུ་ཧྲི་ལི་ལི་འདྲིལ་བ་ལ་ཤེས་པ་གཏད་དོ༔ ཐིག་ལེ་གཉིས་པོ་ཡང་ནམ་མཁའ་སྟོང་གསལ་དུ་ཐིམ་པའི་ངང་ལ་ཤེས་པ་ལྷན་གྱིས་བཞག༔ དེ་ལྟར་མཉེན་བཙལ་བས་སེམས་གར་གཏད་དུ་ཟིན་ཞིང་བློ་ལས་སུ་རུང་བའི་དགོས་པ་ཡོད་དོ༔ བཞི་པ་ལམ་དུ་གཞུག་པ་ནི༔ རང་ཉིད་ཧཱུྃ་དཀར་པོ་ཁྲུ་གང་ཙམ་མདངས་འོད་ཟེར་དུ་འཕྲོ་བ་གཅིག་ཏུ་བསམ༔ ཧཱུྃ་དལ་གྱིས་བགྲང་ཞིང་ཧཱུྃ་དེ་ས་ལ་མ་རེག་པ་ཏལ་ཏལ་སོང་བས༔ རང་གར་འགྲོ་མྱོང་བའི་ལམ་ལ་ཞུགས་ནས་མཐའ་དབུས་ལ་ཀླུང་ཆུ་གྲུ་གྲོང་ཡུལ་གར་སླེབས་ཐམས་ཅད་ཉུལ་བར་བསམ༔ དེས་ནི་སྔར་གྱི་བག་ཆགས་ཐམས་ཅད་ཆོད་འགྲོ་བའི་དགོས་པ་ཡོད་དོ༔ དེ་ནས་བར་དོའི་གནས་དང༔ དམྱལ་བ་ཡི་དྭགས་དུད་འགྲོ་མི་དང་ལྷ་མ་ཡིན་དང་ལྷའི་གནས་ཐམས་ཅད་ཀྱང་མཐར་ཆགས་སུ་ཉུལ་བར་བསམ༔ དེས་བར་དོ་དང་རིགས་དྲུག་གི་ལམ་དུ་མི་འཇུག་པའི་དགོས་པ་ཡོད་དོ༔ དེ་ལྟར་མ་དག་པའི་ལམ་ལ་ཞུགས་པའི་ཚེ་ཧཱུྃ་དེས་མཐོང་ཚད་ཀྱི་དངོས་པོ་ཐམས་ཅད་འོད་ཕུང་དུ་ཡལ་བར་བསམ་པ་ནི་མན་ངག་གོ༔ དེ་ནས་ཧཱུྃ་དེ་ནམ་མཁའ་ལ་རྒྱངས་ཀྱིས་འཕུར་ནས་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཉུལ་ཏེ༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ་སངས་རྒྱས་མི་བསྐྱོད་པ་གཙོ་འཁོར་དང་བཅས་པ་ཐམས་ཅད་ལ་ཕྱག་བཙལ༔ མཆོད་པ་ཕུལ༔ ཆོས་ཞུས༔ གནང་བ་ཐོབ༔ ལུང་བསྟན་པར་བསམ༔ དེ་བཞིན་དུ་ལྷོ་དཔལ་ལྡན༔ ནུབ་བདེ་ཆེན༔ བྱང་ལས་རབ༔ དབུས་སྟུག་པོ་བཀོད༔ སྟེང་འོག་མིན་ཆོས་དབྱིངས་ཕོ་བྲང་རྣམས་ན་རིགས་ཀྱི་བདག་པོ་རྣམས་ལ་ཕྱག་བཙལ༔ མཆོད་པ་ཕུལ༔ ཆོས་ཞུས༔ གནང་བ་ཐོབ༔ ལུང་བསྟན་ཐོབ་པར་བསམ༔ དེས་ཞིང་ཁམས་ཐམས་ཅད་མངོན་དུ་འགྱུར་བའི་དགོས་པ་ཡོད་དོ༔ སྤྱི་དོན་གསུམ་པ་སེམས་སྦྱང་བ་ནི༔ ཐོག་མར་སེམས་ཚོལ་བྱས་ལ༔ སེམས་ཀྱི་བྱུང་གནས་འགྲོ་གསུམ་རྩད་གཅད༔ མ་རྙེད་པའི་ཚེ་ན༔ ཞི་གནས་བཙལ་ཏེ༔ ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས་ལ་ལུས་ངག་ཡིད་གསུམ་རྣལ་དུ་དབབ་ཚེ༔ ལུས་སོག་ཕོན་ཐག་པ་ཆད་པ་བཞིན་དུ་ལྷོད༔ ངག་པི་ཝཾ་གི་རྒྱུན་ཐག་ཆད་པ་བཞིན་དུ་སྨྲ་བ་གཅད༔ སེམས་སྐྱེས་བུ་སྙིང་བཏོན་པ་བཞིན་དུ་དྲན་མེད་དུ་གཞག༔ སྔ་ཕྱི་བར་གསུམ་གྱི་རྟོག་པས་མ་བསླད་པ་བསམ་མེད་སྒོམ་མེད་ཡེངས་མེད་དུ་ལྷན་ནེ་གཞག༔ དེས་ཞི་གནས་ཟིན་འོང༔ དེས་མ་ཟིན་ན་ཤིང་བུའམ་རྡེའུ་ཕྲ་མོ་ལ་ཤེས་པ་གཏད༔ རླུང་མིག་ཡིད་གསུམ་གཅིག་ཏུ་དྲིལ་ནས་གཟིར༔ སྐབས་སུ་ལྷོད་ཅིང་དམིགས་རྟེན་དང་བྲལ༔ དེས་ཟིན་འོང༔ དེ་ལྟར་སྔོན་འགྲོ་བསྟན་ཟིན་ནས༔ གཉིས་པ་དངོས་གཞི་ལྷག་མཐོང་བཙལ་བའི་ཕྱིར༔ མུན་ཁང་སྣང་བའི་སེང་ཁུང་ཅུང་ཟད་ཀྱང་མེད་པར་ནག་ཐོམ་མེ་བའི་ནང་དུ་ཚུགས་ཤིང་ཡ་ཡོ་མེད་པར་ཆོས་བདུན་དང་ལྡན་པས༔ དབང་པོ་མདུང་ཚུགས་སུ་དྲིལ་ཏེ་རྡོ་རྗེ་གཙུག་ཏོར་གྱི་ལྟ་སྟངས་ཀྱིས་ཡིད་མིག་རླུང་གསུམ་གཅིག་ཏུ་དྲིལ་ལ་བསྒོམས་པས༔ སྣང་བ་ཐམས་ཅད་ཞིང་ཁམས་སུ་འཆར་ཏེ༔ དང་པོ་ཡེ་ཤེས་མིག་གཅིག་གི་དུས་སུ་ས་རླུང་ཟིན་རྟགས་ལྔ༔ གཉིས་པ་གསུམ་རིག་གཙང་མའི་དུས་སུ་ཆུ་རླུང་ཟིན་རྟགས་ལྔ༔ གསུམ་པ་གཉིས་སྣང་རྟོག་པའི་བློ་ལས་འདས་པའི་དུས་སུ་མེ་རླུང་ཟིན་རྟགས་ལྔ༔ བཞི་པ་སྤོགས་པ་ཁྲོལ་མ་ལྟ་བུའི་དུས་སུ་རླུང་གི་རླུང་ཟིན་རྟགས་ལྔ༔ ལྔ་པ་སྐྱེ་མཆེད་ཟློག་པའི་དུས་སུ་ནམ་མཁའི་རླུང་ཟིན་རྟགས་ལྔ༔ དྲུག་པ་རྡོ་རྗེའི་ལམ་དུ་ཞུགས་པའི་དུས་སུ་ཡེ་ཤེས་ཀྱི་རླུང་ཟིན་རྟགས་ལྔ་འཆར་བས༔ འདི་རྣམས་རིམ་པ་ལྟར་ངོ་ཤེས་དགོས༔ དེ་ལ་འདུག་པ་ལུས་ཀྱི་གནད༔ བཅིང་བ་རྩའི་གནད༔ གཟུང་བ་རླུང་གི་གནད༔ དམིགས་པ་ཏིང་ངེ་འཛིན་གྱི་གནད༔ སྒོམ་ཉམས་དབྱིངས་རིག་བསྲེ་བའི་གནད༔ འབྲས་བུ་བློ་ཟད་ཆོས་ཟད་ཀྱི་གནད་དང་དྲུག་གོ༔ འདི་རྣམས་མཐར་ཕྱིན་པ་གལ་ཆེའོ༔ དེ་ལྟར་བདུན་ནམ་ཉེར་གཅིག་གིས་རྟགས་རྫོགས་པར་འོང༔ དེས་ཀྱང་མ་བྱུང་ན༔ ཕུབ་འདྲ་ཆ་ལང་བརྡབ་པའི་ཚུལ༔ སྣང་བ་ཐམས་ཅད་ཞིང་ཁམས་སུ༔ འོང་འགྱུར་འདི་ལ་ཐེ་ཚོམ་མེད༔ ཅེས་གསུངས་སོ༔ སྤྱི་དོན་གསུམ་པ་རྗེས་ཀྱི་བྱ་བ་གེགས་སེལ་ངོ་སྤྲོད་སོགས་གུད་ན་གསལ་ལོ༔ རྫོགས་ཆེན་སྙན་བརྒྱུད་ཤིན་ཏུ་གསང་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༅༔ རྫོགས་པ་ཆེན་པོ་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པ་ལས༔ སྙན་བརྒྱུད་གསང་བ་ཤོག་དྲིལ་སྐོར་གསུམ་གྱི་དང་པོ་བཞུགས་སོ༔ ཨེ་མ་ཧོ༔ གདོད་ནས་མ་བཅོས་ཆོས་ཀྱི་སྐུ༔ རང་བྱུང་ལྷུན་གྲུབ་འོད་ལྔའི་ཀློང༔ སྣ་ཚོགས་རང་གྲོལ་འགྲོ་བ་འདྲེན༔ གདོད་མའི་མགོན་པོ་དེ་ལ་འདུད༔ འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད༔ འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ༔ མུན་པར་འོད་གསལ་འཆར་བའི་གནད༔ མངོན་པར་རྫོགས་པར་འཚང་རྒྱའི་གནད༔ གདམས་ངག་རྒྱལ་པོའི་གནད་ཁྲིགས་བྲི༔ སྔགས་ཀྱི་སྒོར་ཞུགས་སྐྱེས་བུ་དེ༔ དབང་གིས་སྨིན་པར་བྱས་ནས་སུ༔ སྔོན་འགྲོའི་ཆོས་རྣམས་རྫོགས་ནས་ནི༔ ཐོག་མར་བྱུང་གནས་འགྲོ་གསུམ་བཙལ༔ མུན་ཁང་ལེགས་པའི་ནང་དུ་ནི༔ ནང་ཚངས་ཅན་གྱི་གདན་སྟེང་དུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ རྡོ་རྗེ་སྐྱིལ་ཀྲུང་བཅས་ནས་ནི༔ རང་ཉིད་རྡོ་རྗེ་སེམས་དཔར་བསྐྱེད༔ སྤྱི་བོར་བླ་མའི་རྣལ་འབྱོར་བསྒོམ༔ མིག་རྩེ་སྣ་རྩེ་སེམས་རྩེ་གསུམ༔ གཅིག་ཏུ་དྲིལ་ལ་གསོལ་བ་འདེབས༔ ལུས་ནི་རྣམ་སྣང་ཆོས་བདུན་བྱ༔ མིག་ནི་རྡོ་རྗེ་གཙུག་ཏོར་ཞེས༔ སོར་ནི་ཉི་ཤུའི་ཐད་ཙམ་དུ༔ སྨིན་མཚམས་དག་ཏུ་བལྟ་བར་བྱ༔ ཡེ་ཤེས་མིག་གཅིག་དྲི་མ་མེད༔ དེ་དོན་ཞལ་ལས་ཤེས་པར་བྱ༔ ཡིད་ནི་རྣམ་པར་མི་རྟོག་པའི༔ མདུན་གྱི་ནམ་མཁར་སྣ་རྩེ་གཏད༔ ཡང་ཡེངས་མེད་པར་མ་ཡེངས་གཞག༔ དེས་སེམས་ཟིན་པ་དང་རྟགས་རྣམས་འཆར་ཞིང་ཉམས་སྣང་འབྱུང་སྟེ༔ རྒྱུད་ལས་ཀྱང༔ ནམ་མཁའ་ལས་བྱུང་རང་བྱུང་བ༔ ཤེས་རབ་ཡེ་ཤེས་མེ་བོ་ཆེ༔ འོད་ཆེན་རྣམ་པར་སྣང་བར་བྱེད༔ ཡེ་ཤེས་སྣང་བ་ལམ་མེ་བ༔ འགྲོ་བའི་མར་མེ་ཡེ་ཤེས་སྒྲོན༔ གཟི་བརྗིད་ཆེན་པོ་འོད་གསལ་བ༔ སྔགས་མཆོག་སྔགས་བདག་རིག་སྔགས་རྒྱལ༔ གསང་སྔགས་རྒྱལ་པོ་དོན་ཆེན་བྱེད༔ ཞེས་གསུངས༔ དེ་ཡང་ཀུན་ཏུ་བཟང་པོ་ཉིད་ཀྱི་བཀའ་ལས༔ འདི་སྒྲུབ་པོ་ཡི་དམིགས་པ་ནི༔ དང་པོ་ཁྲེགས་ཆོད་གནས་ལུགས་ཀྱི༔ སྟེང་དུ་མཉམ་བཞག་གཉུག་ཡུན་བསྲིང༔ ཞེས་གསུངས༔ གཉིས་པ་དམིགས་པའི་རིམ་པ་ནི༔ ཡེ་ཤེས་མིག་གཅིག་དྲི་མ་མེད༔ ཅེས་པས༔ རང་གི་ཀླད་པ་དུང་ཁང་གཞལ་ཡས་ཁང་འདི་ཕྱི་ནས་བལྟས་ན་ནང་གསལ་བ༔ ནང་ནས་བལྟས་ན་ཕྱི་གསལ་བ༔ སྣང་ལ་རང་བཞིན་མ་གྲུབ་པ་འོད་ལྔའི་ཁང་པ་ཞིག་ཏུ་བསམ༔ སྨིན་མཚམས་ཀྱི་དཔྲལ་བར་ཡེ་ཤེས་ཁྲོ་བོའི་སྤྱན་འདྲ་བ་ཟླུམ་པོ་མཐིང་ག་ཡེ་ཤེས་ཀྱི་འོད་ལྔས་བསྐོར་བ་གཅིག་དུང་ཁང་གི་ནང་དུ་ཧྲིག་གེར་གཟིགས་པར་བསམ༔ གཉིས་པ༔ གཉིས་སྣང་རྟོག་པ་བློ་ལས་འདས༔ ཞེས་པས༔ རང་གི་མིག་གཉིས་ཁྲོ་བོའི་སྤྱན་ཟླུམ་ཁྱི་ལེ་བ་གཉིས་སུ་བསམ༔ དེའི་ཐད་ཀའི་ལྟག་པའི་མདུད་སྒོ་གཉིས་སུ་ཡང༔ གཡས་གཡོན་དུ་རྒྱ་སྐར་ཕྱེ་བ་ལྟ་བུ་བུག་པ་གཉིས་ཟང་ཐལ་དུ་ཡོད་པར་བསམ༔ གསུམ་པ༔ གསུམ་རིག་གཙང་མ་དག་པ་སྟེ༔ ཞེས་པས༔ སྨིན་མཚམས་ཀྱི་དཔྲལ་བའི་མིག་གཅིག་དེའི་ཐད་སོ་ལྟག་པར་བུག་པ་གཅིག་ཟང་ཐལ་དུ་ཡོད་པར་བསམ༔ བཞི་པ༔ སྤོགས་པ་ཁྲོལ་མ་ལྟ་བུ་སྟེ༔ ཞེས་པས༔ རང་གི་དཔྲལ་བའི་སྤྱན་གསུམ་པོ་ཡང་ཕྱིར་ལྡོག་ནས་ནང་དུ་གཟིགས་པར་བསམ༔ ལྟག་པའི་བུག་པ་གསུམ་ཡང་ཚུར་ནང་དུང་ཁང་དུ་དམིགས་པས་གཟིར༔ ཕན་ཚུན་དྲུག་པོ་གཅིག་ལ་གཅིག་འབྲེལ་དུ་འཕྲད་པར་བསམ༔ སྐབས་སུ་དུང་ཁང་གི་དབུས་སུ་ཁྲུག་ཁྲུག་ཐུག་པས་འཇའ་དང་འོད༔ སྐུ་དང་ཞིང་ཁམས་ཐམས་ཅད་ཀྱིས་རང་གི་ལུས་ཕྱི་ནང་ཐམས་ཅད་མེ་རེ་རེ་གང་བར་བསམ༔ ལྔ་པ༔ ཙིཏྟའི་དྲང་སྲོང་བལྟ་བར་བྱ༔ ཞེས་པས༔ རང་གི་སྙིང་མཆོང་གུར་སྨུག་པོ་ཤེལ་གྱི་ཁ་བད་ཅན་སྒོ་ཕྱེ་བ་ལྟ་བུའི་ནང་དུ་མིག་གཅིག་ཡར་ལ་གཟིགས་པར་བསམ༔ དེ་ཡང་དཔྲལ་བ་དང་ལྟག་ཁུང་གི་མིག་གསུམ་གསུམ་དང་དྲུག་པོ་མར་ལྡོག་ནས་ཙིཏྟའི་རྩེ་མོའི་ཡེ་ཤེས་ཀྱི་སྤྱན་ལ་གཟིགས་པར་བསམ༔ སྙིང་དབུས་ཀྱི་མིག་ཀྱང་དུང་ཁང་གི་དྲུག་པོ་ལ་བལྟ་བའོ༔ དྲུག་པ༔ ཕུབ་འདྲ་ཆ་ལང་བརྡབ་པའི་ཚུལ༔ ཞེས་པས༔ རང་གི་ཐོད་པ་དེ་དུང་གི་གཞལ་ཡས་ཁང་ཁ་སྦུབས་པ་ལྟ་བུའི་དཀྱིལ་ནས་ཡེ་ཤེས་ཀྱི་སྤྱན་དཀར་པོ་གཟི་བརྗིད་དང་ལྡན་པ་གཅིག་མར་གཟིགས༔ ཙིཏྟའི་སྤྱན་ཡར་གཟིགས༔ སྐབས་སུ་སྟེང་འོག་གི་དམིགས་པ་རྣམས་བརྗེ་རེས་བྱའོ༔ བདུན་པ༔ བདུན་པ་དྲང་སྲོང་ཙོག་པུ་སྟེ༔ ཞེས་པས༔ སྤྱན་ལྡོག་ལ་དར་ཅིག་དམིགས་མེད་དུ་གཞག་གོ༔ དེ་ཡང་ནམ་གནས་ཀྱི་བར་ལ་བཅོས་བསླད་མེད་པར་ཡེངས་པ་སྐད་ཅིག་ཀྱང་མེད་པ་ཀ་དག་ཆེན་པོའི་ངང་ལ་ཡུན་རིང་དུ་བཞག་གོ༔ ས་མ་ཡ༔ རྒྱ་རྒྱ༔ ཟབ་རྒྱ༔ སྦས་རྒྱ༔ ༄༔ ཤོག་དྲིལ་བར་པ་བཞུགས་སོ༔ སྐྱབས་འགྲོ་སེམས་བསྐྱེད་མོས་གུས་གནད་དུ་བསྣུན་པ་སྤྱི་དང་མཚུངས༔ བསམ་གཏན་གྱི་ཁང་བུ་གྲུ་བཞི་པ་འདོམ་གང་ངམ་གང་ཡང་རུང་བར་འདག་སྦྱར་ལ་འཇུག་པའི་ཚེ༔ དྲག་སྔགས་ཀྱིས་མཚམས་གཅད༔ གུ་གུལ་གྱིས་བདུག༔ ནང་དུ་ཞུགས་ལ་བཞུགས་སྟངས༔ རི་བོ་བརྟན་ཅིང་རྒྱ་མཚོ་གཏེམས༔ དམིགས་པ་ནི༔ ཡེ་ཤེས་མིག་གཅིག་གི་དུས་སུ༔ དཔྲལ་བའི་བུག་པའི་ནང་དུ་ཐིག་ལེ་དམར་ལ་དྭངས་པ་སྲན་རྡོག་ཙམ་གཅིག་ལ་དམིག་པ་གཏད་དོ༔ གཉིས་སྣང་རྟོག་པ་བློ་ལས་འདས་པའི་དུས་སུ༔ ཙིཏྟ་ཤའི་སྒྲོན་མ་འོད་ཕུང་གི་ནང་དུ་ཞི་བ་བཞི་ཅུ་རྩ་གཉིས་གསལ་གདབ་ཅིང་དམིགས་པ་གཏད་པས༔ སྙིང་ནས་མིག་ཏུ་རྩ་དར་དཀར་གྱི་སྐུད་པ་ལྟ་བུ་འབྲེལ་ནས་ཡོད་པས༔ ཙིཏྟའི་དྲང་སྲོང་རྩའི་ལམ་ལ་ཡར་ཤར་ནས༔ མིག་ལས་ཐོན་ནས་རང་གི་རང་ལ་གསལ་བ་ཡིན་ནོ༔ གསུམ་རིག་གཙང་མ་དག་པའི་དུས་སུ༔ ཀླད་པ་དུང་ཁང་གི་གཞལ་ཡས་ཁང་དུ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ལྷ་ཚོགས་ལ་ཤེས་པ་གཏད༔ སྤོགས་པ་ཁྲོལ་མ་ལྟ་བུའི་དུས་སུ༔ ལུས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཚགས་མིག་ལྟ་བུ་ལ༔ རྩ་ཁམས་ཐམས་ཅད་དཔའ་བོ་མཁའ་འགྲོའི་ཚོགས་ཏིལ་གྱི་གང་བུ་ཁ་བྱེ་བ་ལྟ་བུར་བསྒོམ་པ་ཡིན་ནོ༔ སྐབས་སུ་རྒྱ་མཚོ་ཨར་ལ་གཏད༔ ཙིཏྟའི་དྲང་སྲོང་བལྟ་བར་བྱ༔ སྐབས་སུ་གནད་བཞི་མ་བྲལ་བར༔ ཟླུམ་པོ་ཉིད་ནི་ཐམས་ཅད་གང༔ ཕུབ་འདྲ་ཆ་ལང་བརྡབ་པའི་ཚུལ༔ སྣང་བ་ཐམས་ཅད་ཞིང་ཁམས་སུ༔ འོང་འགྱུར་འདི་ལ་ཐེ་ཚོམ་མེད༔ དང་པོ་ནི༔ སྤྱན་ཁྲ་ཧྲིག་གེ་བ་གཅིག་མིག་དང་རྒྱབ་སྤྲོད་བྱས་ནས་ཕར་ཀླད་པར་བལྟ་བར་བསྒོམ༔ གཉིས་པ་ནི༔ རྣ་ལྟག་གཡས་ནས་སྤྱན་ཁྲ་ཧྲིག་གེ་བ་གཅིག་ཕར་ནང་ལ་བལྟས་པའོ༔ གསུམ་པ་ནི༔ རྣ་ལྟག་གཡོན་ནས་སྤྱན་ཁྲ་ཧྲིག་གེ་བ་གཅིག་ནང་དུ་བལྟས་པའོ༔ བཞི་པ་ནི༔ རང་གི་ལྟག་པ་ནས་སྤྱན་གཅིག་ཚུར་ལ་བལྟས་པའོ༔ ལྔ་པ་ནི༔ སྤྱི་བོ་ནས་སྤྱན་ཁྲ་ཧྲིག་གེ་བ་གཅིག་མར་ལ་བལྟས་པའོ༔ དྲུག་པ་ནི༔ སྙིང་ནང་རྟོག་པ་བློ་ལས་འདས༔ སྙིང་ནང་ནས་འོད་ཟེར་གཅིག་ཡར་སྤྱི་བོར་ཟུག༔ འོད་ཟེར་དེ་དཔྲལ་བ་ནས་ཕར་ལྟག་པར་ཟུག༔ རྣ་ལྟག་གཡས་གཡོན་དུ་འོད་ཟེར་རེ་རེ་ཟུག༔ འོད་ཟེར་བ་ཐག་བརྒྱངས་པ་འདྲ་བས་བསྐོར་བ་རིས་སུ་ཕར་བལྟ་ཚུར་བལྟ་ཡར་བལྟ་མར་བལྟ་བྱས་ནས་ཡོད་པའོ༔ བདུན་པ་ཕུབ་འདྲ་ཆ་ལང་བརྡབ་པའི་ཚུལ༔ སྣང་བ་ཐམས་ཅད་ཞིང་ཁམས་སུ༔ འོང་འགྱུར་འདི་ལ་ཐེམ་ཚོམ་མེད༔ ཅེས་པ་ལུས་ཕྱི་ནང་སྤྱན་གྱིས་གང་བ་དེ་རྣམས་ལས་འོད་ཟེར་དཀར་པོ་ཕུབ་འདྲ་བ་ཆ་ལང་རྡེབ་པའི་ཚུལ་དུ་མང་པོ་འཕྲོས༔ ཡར་འཕྲོས་མར་འཕྲོས༔ ཕར་འཕྲོས་ཚུར་འཕྲོས་པར་བསྒོམས་པས༔ སྣང་བ་ཐམས་ཅད་ཞིང་ཁམས་སུ་འཆར་བར་ངེས་སོ༔ སྤོགས་པ་ཁྲོལ་མ་ལྟ་བུ་ཞེས་པ་དེའང༔ ལུས་ཕྱི་ནང་སྤྱི་བོ་ནས་རྐང་མཐིལ་རྣ་བའི་རྩེ་མོ་ཚུན་ཆད་ཡེ་ཤེས་ཀྱི་སྤྱན་ཁྲ་ཟིམ་ཟིམ་པ་འོད་ལྔའི་རང་བཞིན་ཅན་གྱིས་ལུས་ཕྱི་ནང་ཐམས་ཅད་དུ་ཡར་བལྟ་མར་བལྟ་ཕར་བལྟ་ཚུར་བལྟ་ལ༔ འོད་ཟེར་བ་ཐག་གི་རྒྱ་བྲེས་པ་ལྟ་བུ༔ ལུས་ཐམས་ཅད་དྲ་བའམ་ཁྲོལ་མ་ལྟ་བུར་སྤྱན་གྱིས་གང་བར་བསྒོམ་མོ༔ ས་མ་ཡ༔ རྒྱ་རྒྱ༔ གྷུ་ཧྱ༔ ༄༔ ཤོག་དྲིལ་ཐ་མ་བཞུགས༔ སྔོན་འགྲོ་རྣམས་སྤྱི་དང་མཚུངས༔ ཡང་ལྷ་གནས་ཀླད་པ་དུང་ཁང་འཁོར་ལོའི་དཀྱིལ་དུ་ཐིག་ལེ་དཀར་པོ་ཡེ་ཤེས་ཀྱི་འོད་ལྔས་བསྐོར་བ་ལ་ཤེས་པ་གཏད་དོ༔ སྙིང་མཆོང་གུར་སྨུག་པོ་དར་གུར་ཕུབ་པ་ལྟ་བུའི་དཀྱིལ་དབུས་སུ་ཐིག་ལེ་མཐིང་ག་འོད་ལྔས་བསྐོར་བ་ལ་ཤེས་པ་གཏད་དོ༔ དུང་ཁང་འཁོར་ལོའི་ཐིག་ལེ་ལ་བལྟ་ཞིང༔ ཐིག་ལེ་དཀར་དམར་འོད་ལྔས་བསྐོར་བ་ལ་ཤེས་པ་གཏད་དོ༔ སྨིན་མཚམས་ཀྱི་མཛོད་སྤུར་ཡང་ཐིག་ལེ་འོད་ལྔས་བསྐོར་བ་ལ་དམིགས་པ་གཏད་དོ༔ ལྟག་པའི་མདུད་སྒོ་ལ་ཡང་ཐིག་ལེ་འོད་ལྔས་བསྐོར་བ་ལ་ཤེས་པ་གཏད་དོ༔ ཡིད་བཞིན་གྱི་ནོར་བུ་ལ་ཡང་ཐིག་ལེ་འོད་ལྔས་བསྐོར་བ་ལ་དམིགས་པ་གཏད་དོ༔ ཡང་རང་གི་སྙིང་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བ་ལ་ཐིག་ལེ་མཐིང་ག་ཡེ་ཤེས་ཀྱི་འོད་ལྔས་བསྐོར་བ་ལ་དམིགས་པ་གཏད་དོ༔ སྙིང་མཆོང་གུར་སྨུག་པོའི་དབུས་སུ་ཉི་ཟླ་པདྨའི་གདན་ལ་སངས་རྒྱས་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཞལ་གཅིག་པ༔ ཕྱག་གཉིས་མཉམ་གཞག་གི་སྟེང་ལྷུང་བཟེད་བསྣམས་པ༔ སྐུ་ཕྱི་ནང་ཟང་ཐལ་འོད་ཀྱི་ཕུང་པོ་ཆེན་པོ་ལམ་མེ་འབར་བ་ལ་ཤེས་པ་གཏད་དོ༔ དེ་ལྟར་སྤྱན་དང་ཐིག་ལེ་འོད་ཟེར་རྣམས་བརྗེ་རེས་བྱ་ཞིང་བསྒོམ༔ བླ་མས་ཀྱང་དམིགས་སྐོར་རྣམས་དུས་གཅིག་ཏུ་མི་བསྟན་ཅིང་སློབ་བུས་ཉམས་རྟགས་ཐོན་ནས་སྣ་རེ་བསྣན་པ་ནི་མན་ངག་གོ༔ ཤོག་དྲིལ་གསུམ་པོ་འདི་ནི་འགྲོ་དོན་ནུས་པའི་སློབ་བུ་མ་གཏོགས་ཁྲིད་ཕྲུག་གཞན་མ་རྣམས་ལ་ཤིན་ཏུ་གསང༔ ཤོག་དྲིལ་གསུམ་པོ་འདི་ནི་རྫོགས་པ་ཆེན་པོ་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་ཡང་སྙིང་གསེར་ཞུན་མ་ལྟ་བུ་སྲོག་ཐིག་དྭངས་མ་ཡིན་པས་ཤིན་ཏུ་གསང་ལ་སྤྱོད་ཅིག༔ འདི་ནི་བཀའ་རྒྱ་ཤིན་ཏུ་དམ་པ་གལ་ཆེའོ༔ དཔལ་སྔགས་ཀྱི་སྲུང་མ་ཨེ་ཀ་ཛཱ་ཏི་ལ་གཏད་དོ༔ ཐུབ་པར་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐུ་རྒྱ༔ གསུང་རྒྱ༔ ཐུགས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ སྦས་རྒྱ༔ བཀའ་རྒྱ༔ དམ་རྒྱ༔ གཏད་རྒྱའོ༔ རྒྱ་དགུའི་བཏབ་བོ་སྱ་མྱ་ཡྱ། ཁ་ཐཾ༔ ཞག་བདུན་གྱིས་སངས་རྒྱས་འགྲུབ་པའི་ཟབ་ཆོས་འདི་ལ། སྙན་བརྒྱུད་ཞལ་གྱི་ཤོག་དྲིལ་གཅིག་གིས་ཆོག་མོད་ཀྱང་། མི་འདྲ་བའི་ཆ་གསུམ་འབྱུང་བ་འདི། གང་ཟག་དབང་བརྟུལ་འགའ་ཞིག་ལ་རྟགས་མ་ཤར་ན་སྤོགས་ཆོག་དང་བོགས་འདོན་གྱི་ཆེད་དུ་ཡང་ཡིན། ཕལ་ཆེ་བ་འདི་ནི་འདི་ལྟ་བུའི་ཆོས་ཟབ་མོ་དམ་མེད་སྣོད་མི་ལྡན་པ་ལ་ཤོར་ན་མི་རུང་བས། མན་ངག་གབ་དཀྲུགས་སུ་མཛད་པ་ཡིན་པས། བླ་མ་ལ་མ་བསྟེན་པར་སྙན་བརྒྱུད་ཀྱི་ཤོག་དྲིལ་ཁོ་ནས་དོན་སྟོན་པ་མེད་དོ། ཁྲིད་ཀྱི་སྐབས་སུ་སྲུང་མ་ལ་གཏོར་ཚོགས་གཏང་ངོ་། །ཞེས་དུང་མཚོ་རས་པས་གསུངས་སོ། །ཟབ་ྀཨཚ༔ ༄༅༔ རྫོགས་པ་ཆེན་པོ་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པ་ལས༔ སྙན་བརྒྱུད་ཡིད་བཞིན་ནོར་བུ་བཞུགས༔ ཨེ་མ་ཧོ༔ ཆོས་ཉིད་སྟོང་པའི་དོན་ཉམས་སུ་ལེན་པའི་གནད་ལ་གཉིས་ཏེ༔ མཚན་མོའི་རྣལ་འབྱོར་རྒྱ་མཚོ་ཨར་ལ་གཏད་པ་དང༔ ཉིན་མོའི་རྣལ་འབྱོར་མཆོག་ཏུ་གསང་བའོ༔ དང་པོ་ལ་གཉིས་ཏེ༔ ཨར་ལ་གཏད་པ་ནི༔ མུན་ཁང་གཉིས་རིམ་གསུམ་རིམ་སྣང་བའི་སེང་ཁུང་ཅུང་ཟད་ཀྱང་མེད་པར་སྟན་བདེ་བ་ལ་འདུག་སྟེ༔ བླ་མའི་རྣལ་འབྱོར་བསྒོམས་པའི་རྗེས་ལ་དྲང་སྲོང་ཙོག་པུའི་འདུག་སྟངས་ཀྱི་པུས་མོའི་སྟེང་དུ་ལག་པ་གཉིས་གྱེན་དུ་བསླངས་པའི་མཐེབ་མཛུབ་ཀྱིས་མིག་མཐའ་ནས་ཅུང་ཟད་བཙིར་བའམ༔ མིག་གི་འབྲས་བུའི་སྟེང་ནས་ཡ་ལྤགས་གཅར་གྱིས་མནན་པའོ༔ དང་པོ་ཡེ་ཤེས་དམར་ལྗང་སྔོ་དཀར་སེར་བའོ༔ ཐིག་ལེ་དང་འོད་དང་རི་མོའི་རྣམ་པ་ཝལ་ཝལ་བ་དང༔ འོད་སྐྱ་ཙེམ་ཙེམ་པ་དང༔ དཀར་ཕྲོམ་ཕྲོམ་པ་དང༔ ལྗོན་ཤིང་ལྟ་བུ་དང༔ སྤྲིན་ལྟ་བུ་དང༔ མིག་གི་རྣམ་པ་ལྟ་བུ་ལམ་ལམ་བྱུང་དུས༔ ལག་པ་ཕྱེ་ནས་བལྟས་པས་འོད་སྣང་དཀར་པོ་སེར་པོ་དམར་པོ་ལྗང་གུ་དང༔ ཟ་འོག་རིས་དང༔ སྐྱ་ཕྲོམ་ཕྲོམ་པ་དང༔ དྲ་མིག་རིས་དང༔ འཇའ་ཚོན་དང༔ རྨ་བྱའི་མདོངས་ལྟ་བུར་འཆར་རོ༔ སྣང་བ་དེ་དག་མ་ཡལ་བར་དུ་བལྟ་ཞིང་བསྒོམ༔ ཡལ་བ་དང་ཡང་དབུགས་ཐུང་ངུ་གཅིག་བཟུང་ལ་སྔ་མ་བཞིན་དུ་མནན་ནས་ཤར་བ་ལ་བལྟ་ཞིང་བསྒོམ༔ དེ་ལྟར་རྩོལ་བས་ཡང་ཡང་ཉམས་སུ་བླངས་པས་ཞག་ལྔའམ་བདུན་ནས་མཐེབ་མཛུབ་ཀྱི་རྩོལ་བ་མི་དགོས་པ་ནི་ཨར་གཏད་འབྱོངས་པའི་ཚད་དོ༔ གཉིས་པ་རྒྱ་མཚོ་དྭངས་སུ་གཞུག་པ་ནི༔ རྣམ་སྣང་གི་ཆོས་བདུན་བཅས་ལ༔ ལྟ་སྟངས་ཐུར་དུ་བལྟ་བ་ལ་ཞག་བདུན༔ ཕྲེད་དུ་བལྟ་བ་ལ་ཞག་བདུན༔ གྱེན་དུ་བལྟ་བ་ལ་ཞག་བདུན་བྱས་པས་སྔོན་མའི་འོད་སྣང་དེ་དག་གསལ་ཞིང་རྒྱ་ཆེར་འཆར་ལ༔ ཐིག་ལེའི་ནང་དུ་འགྲོ་བ་རིགས་དྲུག་གི་གཟུགས་དང༔ སངས་རྒྱས་བྱང་སེམས་ཉན་རང་ལ་སོགས་པ་མང་པོ་དང༔ འཁོར་འདས་ཀྱི་གཟུགས་སྣང་མང་པོ་འཆར་རོ༔ འཇའ་ཚོན་དང་འོད་ཟེར་འབར་བ་དང༔ ལྷའི་སྐུ་ཆེ་ཆུང་མ་ངེས་པ་ཐོལ་སྐྱེས་སུ་འཆར་བ་འབྱུང༔ དེ་ནས་སྣང་བ་ཐམས་ཅད་གསལ་བ་ཆེས་ཕྲ་བ་འགུལ་འཕྲིག་ཅན་དེ་དལ་དུ་སོང་ནས་ལུས་ངག་ཡིད་གསུམ་ལ་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་ངང་གིས་འཆར༔ དེ་ལ་ལུས་མི་འགུལ་བས་རྩ་མི་འགུལ༔ རྩ་མི་འགུལ་བས་རླུང་མི་འགུལ༔ རླུང་མི་འགུལ་བས་སེམས་མི་འགུལ་བས་རྟོག་པ་ཐམས་ཅད་འགགས་ནས་སྐྱེ་མེད་བློ་འདས་ཆེན་པོའི་ངང་ལ་གནས་པ་ནི་རྟེན་འབྲེལ་གྱི་ཆེ་བའོ༔ དེ་ལྟར་ཞག་ཉི་ཤུ་རྩ་གཅིག་བསྒོམས་ནས་ཕྱིས་ནས་ཉིན་མཚན་མ་འདྲེས་ཀྱི་བར་དུ་བསྒོམ་པར་བྱའོ༔ ྀཨཚ༔ སྤྱི་དོན་གཉིས་པ་ཉིན་མོའི་རྣལ་འབྱོར་མཆོག་ཏུ་གསང་བ་ནི༔ དྲང་སྲོང་དང་རྡོ་རྗེའི་སྐྱིལ་ཀྲུང་གང་རུང་ལས་ལུས་མི་འགུལ་བར་རླུང་དལ་བས་རིག་པ་མིག་ལ་མ་ཡེངས་པར་གཏད༔ མིག་ཅུང་ཟད་ཟིམ་པར་བྱས་ལ་ཉི་མའི་ངོས་ནས་ཁྲུ་གསུམ་གྱི་སར་གཏད་དེ་དྲིལ་ལ་བལྟས་པས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་སྔོན་བས་གསལ་ཞིང་དྭངས་པ་མི་གཡོ་བ་ཟ་འོག་གི་གུར་ཁྱིམ་ལྟ་བུའི་ནང་དུ་རྡོ་རྗེ་ལུ་གུ་རྒྱུད་ཐིག་ལེ་ཐིག་ཕྲན་དང་བཅས་པ་འཆར་རོ༔ དེ་ཇེེ་རིང་ཇེ་མཆེད་ལ་འགྲོ་ཞིང་ཕྱོགས་གང་བདེར་ཁྲིད་ལ་བལྟ༔ ཉི་མའི་རྐྱེན་གྱིས་སྣང་བ་ལས་ཆེས་ལྷག་པ་འཆར་རོ༔ དེ་ཉམས་སུ་བླངས་པས་རབ་ཚེ་འདི་ཉིད་ལ་སྣང་བ་བཞི་མཐར་ཕྱིན་ནས་གྲོལ༔ འབྲིང་བར་དོར་སྣང་བ་ལ་གྲོལ༔ ཐ་མ་རང་བཞིན་སྤྲུལ་པའི་ཞིང་ཁམས་སུ་སྐྱེ་བ་ནི་མངོན་སུམ་སྙིང་ཐིག་གི་གནད་དོ༔ ས་མ་ཡ༔ ཡང་ནམ་མཁའ་གསུམ་ཕྲུགས་ལྟར་ན༔ ཙིཏྟའི་ནང་སྟོང་མཐའ་ཡས་ནམ་མཁའ༔ དེའི་དཀྱིལ་ན་འོད་ལྔ་ལྷུན་གྲུབ་ཏུ་ཡོད་པ་རྒྱན་ནམ་མཁའ༔ ཟེར་སྣ་ཚོགས་སུ་འཕྲོ་བ་བུ་ག་ནམ་མཁའ་འོ༔ དེ་ཡང་རིམ་བཞིན་སྐུ་གསུམ་མོ༔ དེ་གསུམ་དབྱེར་མེད་པ་ངོ་བོ་ཉིད་སྐུ་བྱའོ༔ དེ་ཉམས་སུ་ལེན་པ་ལ་སྒྲོན་མ་དྲུག་སྟེ༔ ཙིཏྟ་ཤའི་སྒྲོན་མ༔ དཀར་འཇམ་རྩའི་སྒྲོན་མ༔ རྒྱང་ཞགས་ཆུའི་སྒྲོན་མ༔ དབྱིངས་རྣམ་པར་དག་པའི་སྒྲོན་མ༔ ཐིག་ལེ་སྟོང་པའི་སྒྲོན་མ༔ ཤེས་རབ་རང་བྱུང་གི་སྒྲོན་མའོ༔ ཙིཏྟ་ཤའི་སྒྲོན་མ་ནི་ཡེ་ཤེས་བཞུགས་པའི་གནས་ཡིན་ལ༔ ཕྱི་རུ་མི་གསལ་ནང་དུ་གསལ་བ་འོད་ལྔ་ལྷུན་གྱིས་གྲུབ་པ་བུམ་ནང་གི་མར་མེ་ལྟ་བུར་བཞུགས༔ དཀར་འཇམ་རྩའི་སྒྲོན་མ་འགྲིམ་པའི་ལམ་ཡིན༔ རྒྱང་ཞགས་ཆུའི་སྒྲོན་མ་ཐོན་པའི་སྒོ་ཡིན༔ དབྱིངས་རྣམ་པར་དག་པའི་སྒྲོན་མ་སྣང་བའི་ཡུལ་ཡིན༔ ཐིག་ལེ་སྟོང་པའི་སྒྲོན་མ་འཆར་བའི་དོན་ཡིན༔ ཤེས་རབ་རང་བྱུང་གི་སྒྲོན་མ་རིག་པའི་ཡེ་ཤེས་ཡིན༔ དེ་ཡང་རྐྱེན་ཉི་མ་དང་མུན་པས་མཚམས་སྦྱར་བས་འཆར་ལ༔ ལས་དང་སྐལ་པར་ལྡན་པའི་སྐྱེས་བུ་སྙིང་སྟོབས་ཅན་རྣམས་ཀྱིས་ཉམས་སུ་བླངས་པས་སངས་རྒྱ་བར་གདོན་མི་ཟའོ༔ སྣང་བ་བཞི་པོ་མཐར་ཕྱིན་པའི་རྟགས་དང་སྦྱར་ན༔ སྒོམ་ཁང་དུ་ཞུགས་ནས་དབང་པོའི་ཁྱད་པར་གྱིས་ཞག་གསུམ་མམ་དྲུག་གམ་དགུ་ཚུན་ནས་དུ་བ་ལ་སོགས་པའི་རྟགས་མངོན་སུམ་གྱིས་སྣང་བ་ཡིན་ལ༔ དེ་ལ་གོམས་པས་འོད་ཁྱིམ་ཐིག་ལེ་ཐིག་ཕྲན་དག་མ་དག་གི་སྣང་བ་ཞིང་ཁམས་འཕེལ་དུ་འགྲོ་བ་ནི་ཉམས་གོང་འཕེལ༔ འོད་སྣང་དང་སྐུ་བརྟན་ཞིང་མི་གཡོ་བ་ནི་རིག་པ་ཚད་ཕེབས༔ སྔར་མ་བཤད་པའི་འཆར་སྒོ་འོང་རྒྱུ་མེད་ལ༔ ནང་དུ་གསལ་བ་ཞེས་བྱ་བ་རང་དང་འོད་དབྱེར་མེད་དུ་འདྲེས་པ་ནི་གཞོན་ནུ་བུམ་པའི་སྐུ་ཞེས་བྱ་བ་ཆོས་ཉིད་ཟད་པའི་སྣང་བ་སྟེ༔ གདོད་མའི་དབྱིངས་སུ་བཙན་ས་ཟིན་པའོ༔ དེ་ཡང་རིན་ཆེན་སྤུངས་པ་ལས༔ ངོ་བོ་ཀ་ནས་དག་པའི་ཆ༔ སྟོང་གསལ་འདུས་མ་བྱས་པའི་སྐུ༔ ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ༔ ལྷུན་གྲུབ་འོད་ཀྱི་གོང་བུར་གནས༔ ཐུགས་རྗེའི་ཁ་དོག་སོ་སོར་གསལ༔ ཞེས་སོ༔ དེ་ལྟར་ཉམས་སུ་བླང་དུས་སུ༔ ལུས་ཉམས་འདར་བ་དང༔ འཕྲིག་པ་དང༔ ཞིག་པ་སྙམ་བྱེད་པ་དང༔ ན་བ་དང་ཁོལ་བ་དང་བེམ་པ་དང་སྦྲིད་པ་དང་ཀླད་ཡུ་འཁོར་བ་དང༔ ལུས་གཅིག་ནས་གཉིས་སུ་མཆེད་པ་ལ་སོགས་པ་འབྱུང་བ་ནི༔ ལུས་ཀྱི་འབྱུང་བ་རྣམས་གཡོ་ཞིང་འཁྲུགས་པ་དང་བྱེར་སྡུད་བྱེད་པའོ༔ སེམས་ལ་ཟུག་རྔུ་ཡིད་མི་བདེ་བ་དང༔ འཚིག་པ་ཟ་བ་དང༔ མཚམས་ཁང་ནས་བུད་འདོད་པ་དང༔ སེམས་མི་གནས་ཤིང་སྒྲུབ་པ་གཡེལ་དུ་སོང་ན་བླ་མའི་རྣལ་འབྱོར་བསྒོམ༔ གསོལ་བ་དྲག་ཏུ་གདབ༔ བླ་མ་རང་སེམས་སངས་རྒྱས་གསུམ་དབྱེར་མེད་པའི་ངང་དུ་གཞག་པ་གནད་དོ༔ ཅུང་ཟད་གསེང་ཞིང་བསྐུ་བྱུག་བྱ༔ བདེ་བ་བཙལ༔ སོར་ཆུད་པ་དང་སྔར་ལྟར་ཉམས་སུ་བླང་ངོ༔ སྤྱིར་ལུས་ཉམས་མ་ངེས་པ་སྣ་ཚོགས་ནི་འབྱུང་བ་གཡོ་འཁྲུགས་ཡིན་པས་སྐྱོན་མེད་དོ༔ ལ་ལ་ནི་ཁམས་ཀྱི་ཁྱད་པར་དང༔ ལ་ལ་ནི་ནང་གི་གདོན་ཕྲ་མོས་མ་བཟོད་ནས་བསླངས་པ་ཡིན་ཏེ༔ དེ་ཡང་སྐྱོན་ཆེར་མེད་དོ༔ ལུས་ཉམས་སྐྱོན་ཅན་ནི༔ སྤྱི་བོ་ཚ་ཁོལ་ཁོལ་བྱེད་ཅིང་ན་བ་དང༔ འཚེག་པ་དང་འཕར་བ་དང༔ སྤྱི་བོའི་མཐོངས་བྱེ་སྙམ་པ་བྱུང་ན་དུས་མ་ཡིན་པ་ལ་འཕོ་བ་སྲིད་པས་རླུང་རིག་སྨིན་མཚམས་སུ་ཕབ་ཅིང་འཕྲོ་ཤུགས་ཀྱིས་བཅད་ལ་རྒྱ་མཚོའི་ཨར་གཏད་དང༔ ཉིན་མོའི་རྣལ་འབྱོར་ལ་བལྟའོ༔ ཡང་གསང་གནས་སྦྲིད་པ་དང་ཟ་བ་དང་ཚ་ཁྱུག་ཁྱུག་པ་བྱུང་ན་ཁམས་འཛག་པས་འོག་སྒོ་འཐེན་ཞིང་འདྲེན་དང་འཕྲུལ་འཁོར་བྱའོ༔ ཡང་སྙིང་གར་མེ་འབར་བ་ལྟ་བུ་དང༔ སྙིང་ཚ་ཆོད་ཆོད་པ་བྱུང་ན་ཡིད་གཅུ་ཞིང་སྨྱོ་བའི་ཉེན་ཡོད་པས་སྐབས་སུ་ཅུང་ཟད་གཞག༔ ཡང་གཞུངས་པ་གཟེར་བ་དང༔ རོ་སྟོད་བརྒྱངས་པ་དང༔ རླུང་གྱེན་ལ་འཕྱོ་ན་དམིགས་པ་ཅུང་ཟད་གློད་ལ་འཕྲུལ་འཁོར་གྱིས་སེལ་བར་བྱའོ༔ མདོར་ན་ཧ་ཅང་དྲགས་པར་ཡང་མི་བྱ༔ ལྷོད་པར་ཡང་མི་བྱ༔ ཐང་ལྷོད་རན་པའི་ངང་ནས་གཟིར་ཞིང་ཉམས་སུ་ལེན་པར་བྱའོ༔ སཱ་མ་ཡ༔ ལར་ནི་འཆར་ཚུལ་མ་ངེས་པ་ཅིར་ཡང་འཆར་ཏེ༔ མུན་ཁང་དུ་སྐྱོ་བར་གྱུར་པ་དང༔ དུ་བ་འཁྲིགས་པ་དང༔ སྨིག་སྒྱུ་དང༔ སྲིན་བུ་མེ་ཁྱེར་རམ་མེ་སྟག་འཕྲོ་བ་དང༔ མར་མེ་ལྟ་བུ་གཡས་ཟུར་གཡོན་ཟུར་དུ་ལྷག་ལྷག་མཐོང་བ་དང༔ རླུང་འཚུབས་ལྟ་བུ་དང༔ སྤྲིན་མེད་པའི་ནམ་མཁའ་ལྟ་བུ་དང༔ རས་ཡུག་སྔོན་པོ་བརྐྱངས་པ་ལྟ་བུ་དང༔ སྦྲང་གཤོག་ལ་ཉི་མ་ཤར་བ་ལྟ་བུ་དང༔ ཟླ་བ་ཤར་བ་ལྟ་བུ་དང༔ ཉ་མིག་ལྟ་བུ་དང༔ སྒྲ་གཅན་གྱི་གསུས་པ་ལྟར་མིག་གིས་གང་བ་དང༔ རི་མོའི་རྣམ་པ་རིང་ཐུང་མ་ངེས་པ༔ ཁྲོ་བོའི་གསུས་པ་དང༔ སླང་ངའི་རྒྱབ་ལྟ་བུ་དང༔ གློག་ལྟ་བུ་སྐྱ་ཀེམ་ཀེམ་པ་དང༔ སོག་མདའ་འཕངས་པ་ལྟ་བུ་དང༔ སྐུ་དང་མཆོད་རྟེན་དང༔ ཟ་འོག་དང་འཇའ་ཚོན་ལ་སོགས་པ་དཀར་པོ་སེར་པོ་དམར་པོ་ལྗང་གུ་སྔོན་པོ་ལ་སོགས་པ་མཐའ་ཡས་པ་ལྟ་ན་སྡུག་པ་འཆར་རོ༔ འཆར་སྒོ་མ་ངེས་པ་སྣ་ཚོགས་འོང་དུས་ལས་དང་པོ་པ་རྣམས་སྙིང་འདར་ཡེད་ཡེད་པ་འབྱུང་ངོ༔ ཉམས་སྣང་འཆར་སྒོ་ཇི་ཙམ་བྱུང་ཡང་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པར་བྱ་ཞིང་གང་ལའང་ཆགས་ཞེན་མེད་པར་བྱའོ༔ མདོར་ན་ཉམས་ཀྱི་འཆར་སྒོ་ཅི་བྱུང་ཡང་ཀ་དག་ཆེན་པོའི་ངང་ལས་གཡོ་བ་མེད་པ་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ་ནི་སྒོམ་མེད་ཀྱི་ངང་ནས་འོད་གསལ་གྱི་སྣང་བ་ལ་འཛིན་མེད་དུ་བལྟ་ཞིང་གཡོ་མེད་དུ་གནས་པ་ནི་ཡང་དག་པའི་དོན་ལ་གཏན་ས་ཟིན་པ་ཡིན་ཏེ༔ སེང་གེ་རྩལ་རྫོགས་ལས༔ ཀྱེ་ཧོ་ཡེ་ཤེས་དྲི་མེད་ལུས་ཀྱི་གཟུགས༔ སྣང་བ་བབས་ཀྱང་མུན་པ་ཆེ༔ ཀུན་ཏུ་མུན་པ་སྣང་བར་འགྱུར༔ སྣང་བའི་ཡེ་ཤེས་འོད་པོ་ཆེ༔ འཁོར་ལོའི་བག་ཆགས་སྦྱང་དཀའ་བ༔ ཡང་དག་ངེས་དོན་འདི་མཐོང་ན༔ སྐྱེ་བ་མེད་པ་འཐོབ་པར་འགྱུར༔ ཞེས་གསུངས་པས་ཚེ་འདིར་མུན་པའི་རྣལ་འབྱོར་ལ་བརྟེན་ནས་འཁོར་བ་སྡུག་བསྔལ་གྱི་འདུན་ས་སྤང་བའི་ཕྱིར་བརྩོན་པར་བྱའོ༔ དེ་ལ་གེགས་སེལ་བ་ནི༔ ཁམས་ལོག་ཟས་མི་འཇུ་གཉིད་མི་ཁུག་པ་ལ་ཁ་ཟས་གསར་བ་དང་བཅུད་ཅན་བརྟེན་ལ་ཁམས་གསོ༔ སེམས་མི་གནས་ན་གྲིམ་ལྷོད་འཇོག་པའི་ཐབས་བརྟེན༔ སེམས་ཉམས་འཚིག་པ་ཟ་བ་དང༔ ལུས་ཉམས་དྲོད་ཆེ་ཞིང་རྔུལ་བ་ལ་ལུས་ཁོང་ལྷོད༔ རྔུལ་འབྱིན་པ་ན་རྩམ་པ་བྱུག་གོ༔ ཉམས་སྐྱོན་ཅན་བཅོས༔ སྐྱོན་མེད་ངོ་སྤྲོད༔ མདོན་ན་སློབ་དཔོན་དང་པོ་སྒོམ་འདེབས་པ་ལ་མཁས་པ་ཞིང་པ་སོ་ནམ་མཁན་ལྟ་བུ༔ བར་དུ་ཉམས་སྐྱོང་བ་ལ་མཁས་པ་འཚོ་རྫི་ལྟ་བུ༔ མཐར་སྐྱོན་ཡོན་ཏན་དུ་སྒྱུར་བ་ལ་མཁས་པ་ཚོས་མཁན་མ་ལྟ་བུ༔ ཐུན་མོང་གེགས་སེལ་བ་ལ་མཁས་པ་དེད་དཔོན་ནོར་བུ་ལེན་པ་ལྟ་བུ་ཞིག་དགོས་ཏེ༔ སློབ་མ་བརྩོན་འགྲུས་ཅན་ཉམས་སུ་ལེན་པ་ལ་སློབ་དཔོན་མྱོང་བ་ཅན་གྱིས་གེགས་སེལ་བ་གནད་ཤིན་ཏུ་ཆེའོ༔ དེ་ལ་ཕྱི་ལུས་ཀྱི་གེགས༔ ནང་རྩ་རླུང་ཐིག་ལེའི་གེགས༔ གསང་བ་ཉམས་ཀྱི་གེགས་སེལ་བའོ༔ དེ་ཡང་ཤེས་ཆུང་འདོད་པ་ཅན་བརྩོན་འགྲུས་ཅན་སྒོམ་ལ་ཞུགས་པས༔ གནས་ལུགས་ཁྲེགས་ཆོད་ཀྱི་དོན་ནི་མ་རྟོགས༔ ཐོད་རྒལ་གྱི་ཚིག་སྙན་ལ་བརྟེན་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཐོབ་པར་འདོད་པས་བརྩོན་འགྲུས་ཆེར་བསྐྱེད་ཅིང་བསྒྲིམས་པས༔ ལུས་ཧ་ཅང་ཐང་ཆད་ནས་ཀོབ་ཀོབ་པོར་སོང་བ་དང༔ རེངས་པ་དང༔ མི་བདེ་བ༔ རྒྱུད་འཁྲུགས་པ་དང༔ ནད་ལྡང་བ་ལ་སོགས་འབྱུང་སྟེ༔ དེ་ལ་དང་པོ་ནས་ཁྲེགས་ཆོད་ཀྱི་དོན་ངོ་འཕྲོད་པར་གདབ་ལ་གཏན་ལ་དབབ༔ ལུས་ཅུང་ཞིག་ལྷོད༔ ཉི་མར་བསྲོ་ཞིང་ཏིལ་མར་གྱིས་བྱུག༔ བསྐུ་མཉེ་བྱ༔ ཞག་གསུམ་བཞིའི་བར་དུ་ལུས་ངག་ཡིད་གསུམ་ལྷོད་པའི་ངང་ནས་ཁྲེགས་ཆོད་ལ་གནས་པར་བྱའོ༔ ཁམས་དང་མཐུན་པའི་བདེ་བ་བཙལ་ལོ༔ སྤུན་པོ་བློ་མང་བཟེ་རེ་ཅན་སྒོམ་ལ་ཞུགས་པས་ལུས་གནད་ཅུང་ཟད་མ་འཆུན་པར་བརྟེན་ནས་བློ་མང་བའི་སྟོབས་ཀྱིས་ཙབ་ཙུབ་མང་པོ་ལངས་ཏེ་ལུས་ཟ་ཟི༔ ན་བ༔ འཕྲིག་པ༔ ཚ་བ༔ ཁོལ་བ༔ ཁམས་མི་བདེ་བ་བྱུང་ནས་སྒོམ་སྙིང་མི་འདོད་པ་དང༔ ཕྱི་རོལ་འབུད་འདོད་པ་དང༔ རླུང་ཤས་ཆེ་ཞིང་བློ་སྤུན་པས་སེམས་གནས་སུ་མི་བཏུབ་པ་དེ་ལ་སྒོམ་ཐུན་ཆུང་ལ་གྲངས་མང་བ་བསླབ་ཅིང་གཉུག་བསྲིང༔ ཞེ་གཅད་དང་སྙིང་རུས་བྱའོ༔ ཉོར་པོ་ཤེད་མེད་ལེ་ལོ་ཅན་སྒོམ་ལ་ཞུགས་པས༔ ལུས་མྱ་བ་དང་ཉོར་བ་ལ་བརྟེན་ནས་གཉིད་པ་དང༔ བྱིང་བ་དང༔ འཐིབ་པ་དང༔ ལུས་གནད་འཕྱུག་པ་ལ་སོགས་འབྱུང༔ དེ་ལ་གོས་སྲབ་པར་བྱ༔ རླུང་རོ་དབྱུང་ལ་རླུང་ཁུག་པར་གཟུང༔ ལྟ་སྟངས་དང་ཤེས་པ་སྟོད༔ རིག་པ་ཧུར་ཕྱུངས་ལ་སྒྲིམ་དུ་གཞུག༔ གླེན་པ་ཨུ་ཚུགས་སྙིང་རུས་ཅན་སྒོམ་ལ་ཞུགས་པས༔ ལུས་ཀྱི་སྐྱོན་ཡང་མི་རྟོགས༔ སེམས་ཀྱི་མྱོང་བ་ཡང་ངོས་མི་ཟིན་ཏེ༔ ངལ་བ་དོན་མེད་དུ་འབྱུང་བས་སློབ་དཔོན་གྱིས་རིག་པའི་མདས་བསྣུན་ཏེ་སྐྱོན་བཅོས་ཤིང་ངོ་སྤྲོད་པ་ལ་མཁས་པར་བྱའོ༔ ལས་དང་སྐལ་བ་དམན་པ་དང་ནད་བུ་ཅན་སྒོམ་ལ་ཞུགས་པས་སྐྱོན་མང་དུ་འབྱུང༔ སེམས་ལ་ཟུག་རྔུ་ལངས་པས་ཡོན་ཏན་སྐྱེ་བའི་གེགས་བྱེད༔ དེ་ལ་སྐབས་སུ་ཕྱག་དང་བསྐོར་བ་ཅུང་ཟད་བྱ༔ ཟེར་གཉིས་གྱི་དུས་སུ་མངོན་སུམ་གྱི་སྣང་བ་ལ་བལྟ་ཞིང་སོར་ཆུད་ནས་མུན་པ་ལ་ཁད་ཀྱིས་བསླབ་པར་བྱའོ༔ གཞན་ཡང་ལུས་གྲང་རྔུལ་བྱུང་ནས་འདར་ན་ཕྱེ་འཕུར་བྱས་པའི་རྗེས་ལ་བསྐུ་མཉེ་བྱ་གོས་དྲོད་ཅན་བརྟེན༔ ལུས་ཟ་ཕུང་ནང་དུ་བསྐྱུར་པ་ལྟར་ཚ་ཟིང་ཟིང་བྱུང་ན་ཆང་ལོ་ལོན་བྲེ་གང་དང་མར་ཁུ་ཆུ་ཆོད་ཕུལ་གང་བསྲེས་པ་གདུས་ལ་ཕུལ་དོ་ཙམ་དུ་སོང་བ་དང་ཕྱེ་ཅུང་ཟད་བཏབ་ལ༔ སྐ་སླ་ཞོ་ཙམ་བྱས་ལ་དྲོད་མ་ཡལ་བ་ལ་གཏང༔ གོས་དྲོད་ཅན་བརྟེན༔ ལུས་ལ་ཟ་འཕྲུག་བྱུང་ན་ཉི་མ་ལ་བདུག་ཅིང་ཆང་གི་སྦང་མ་དང༔ ཚྭ་མར་དང་ལྕི་བ་སེར་ཁའི་ཐལ་བ་བྱུག༔ མེ་ལ་བསྲོ་ཞིང་དྲག་ཏུ་འཕུར༔ རྗེས་ལ་རྩམ་པས་ཕྱིའོ༔ ལུས་ཀྱི་ཚིགས་ཐམས་ཅད་ན་ཞིང་མི་བཟོད་པར་བསྐྲངས་ན་ཉི་མ་འདེ༔ སྣུམ་བྱུག༔ ཆང་གི་ཉིང་ཁུ་དང་ཏིལ་མར་བསྲེས་ལ་ཅུང་ཟད་བསྐོལ༔ སྤང་སྤོས་དང་གོ་སྙོད་ཅུང་ཟད་བཏབ་ལ་འཕུར༔ རྗེས་ལ་ཕྱེ་བཏབ་ལ་ཕྱིའོ༔ མགོ་ན་བ་དང་སྐྱུགས་པ་རྣམས་ཅུང་ཟད་གསེང་བས་ཕན༔ དེས་མ་ཕན་ན་སྤྱི་བོའི་ཐོད་སྲུབས་རྣམས་སུ་སྣུམ་དུགས་བྱའོ༔ མིག་ཚ་བ་སོགས་མ་བདེ་ན༔ ལག་པའི་མཐིལ་གཉིས་འཕུར་བའི་དྲོད་སྦྱར༔ མ་ཕན་ན་འབྱུང་བའི་མིག་སྨན་གྱིས་བཅོས༔ མདོར་ན་རླུང་མཁྲིས་བད་ཀན་འདུས་པའི་མི་རིགས་དང༔ ས་ཆུ་མེ་རླུང་འབྱུང་བ་ཤས་ཆེ་ཆུང་དང་བསྟུན་ལ་གེགས་བསལ་ལོ༔ རྩ་རླུང་ཐིག་ལེའི་གེགས་སེལ་སྤྱི་ལྟར་ཤེས་སོ༔ གསང་བ་ཉམས་ཀྱི་གེགས་སེལ་བ་ནི༔ བློ་ཡིད་གཉིས་ཐེ་ཚོམ་གྱིས་བསམ་པ་ཤར་ན༔ ཐག་ཆོད་འགྱུར་མེད་ཀྱི་གཉེན་པོ་བརྟེན་ཏེ༔ ལེགས་རུང་ཉེས་རུང་ཆོས་དེ་ལ་བློ་བཀལ་ལ་ཉམས་སུ་བླང་ངོ༔ ཡང་རིགས་དྲུག་གི་རྩ་མདུད་གྲོལ་ནས་བར་དོ་དང་རིགས་དྲུག་གི་སྣང་བ་འཆར་ཞིང༔ སྔངས་སྐྲག་འཇིགས་སྣང་ཤར་ན་སྒྱུ་མའི་དཔེ་བརྒྱད་ཤེས་པར་བྱ༔ རང་སྣང་སྟོང་པའི་ཡོ་ལང་དངོས་མེད་ཀྱི་སྟོང་གཟུགས་བདག་མེད་པར་སྒོམས༔ ཝལ་འགྱུ་ལུང་མ་བསྟན་ལ་འབྱམས་ནས་མ་ཚོར་བར་འཁྲུལ་པ་ཁ་འབྱམས་ཀྱི་སྟེང་དུ་ཡེངས་ན༔ མུན་ཁང་ལ་སྐར་ཁུང་འཆོས་པའམ་རླུང་འབུད༔ མགོ་སྤྲུགས༔ རིག་པ་ངར་འདོན༔ དབང་པོ་ཧུར་ཕྱུངས༔ ཤེས་པ་གཟེངས་བསྟོད་ལ་ཐུན་ཆུང་ལ་གྲངས་མང་བར་བསྒོམ༔ ཧ་ཅང་རྒོད་ཅིང་འཕྲོ་ན་ཤེས་པ་དམད༔ དེས་ཀྱང་འཕྲོ་ན་ཤེས་རིག་བུམ་སྐུ་ཅན་བསྒོམ་པར་བྱའོ༔ མདོར་ན་ཉམས་ལེན་སྲང་ལ་མི་འགྲོ་ཞིང་ལམ་གྱི་གེགས་སུ་གྱུར་པ་རྣམས་སློབ་དཔོན་མྱོང་བ་ཅན་གྱིས་ཅི་ལྟར་རིགས་པའི་ཚུལ་གྱིས་གེགས་སེལ་བར་བྱའོ༔ དེ་ལྟར་མུན་པ་ལ་བརྟེན་ནས་མུན་པ་འོད་གསལ་དུ་རྫོགས་པར་བྱེད༔ ཉམས་སྟོང་གསལ་དུ་རྫོགས་པར་བྱེད༔ སྣང་བ་དཀྱིལ་འཁོར་དུ་རྫོགས་པར་བྱེད༔ དུག་ལྔ་ཡེ་ཤེས་སུ་རྫོགས་པར་བྱེད༔ འཁོར་བ་མྱང་འདས་སུ་རྫོགས་པར་བྱེད༔ ཞི་ཁྲོ་མངོན་སུམ་དུ་རྫོགས་པར་བྱེད༔ མདོར་ན་སྐྱེས་བུ་བརྩོན་འགྲུས་ཅན་གྱིས་བསྒོམས་པས་སངས་རྒྱ་བར་ཐེ་ཚོམ་མེད་དོ༔ རྡོ་རྗེ་སེམས་དཔས་ཨོ་རྒྱན་པདྨ་ལ་མངོན་སུམ་དུ་གཏད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ༔ གདམས་ངག་མཐོང་གྲོལ་ཡང་ཏི་ནག་པོ་ཞེས༔ ཟུར་ཙམ་ཐོས་པས་བསྐལ་པའི་སྒྲིབ་པ་འདག༔ ཉམས་སུ་བླངས་ན་འོད་ཕུང་མངོན་འཚང་རྒྱ༔ གོ་བ་ཙམ་ཡང་བདེ་ཆེན་ས་ལ་བགྲོད༔ ཨོ་རྒྱན་ཐུགས་སྲོག་སྙིང་གི་ཏི་ཀ་འདི༔ རིག་འཛིན་སྙིང་པོ་བླ་མེད་གནད་ཀྱི་དོན༔ ཟག་མེད་ཕུང་པོ་བདེ་ཆེན་ཡེ་སངས་རྒྱ༔ འདི་འདྲའི་ཟབ་ཏིག་བདག་འདྲ་པདྨའི་ལུགས༔ འདི་ཉིད་མཐོང་བའི་སྐྱེས་བུ་གང་ཡིན་ལ༔ རྒྱལ་བའི་སྲས་པོ་ངེས་པའི་སྐལ་པ་ཅན༔ སྐལ་ལྡན་ལས་ཅན་རྣམས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ ༄༅༔ རྫོགས་པ་ཆེན་པོ་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པ་ལས༔ རྟགས་ཚད་ཀྱི་ཡི་གེ་གསང་བ་བཞུགས༔ དེ་ལྟ་བུའི་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པ་ཉམས་སུ་ལེན་པ་ན༔ བླ་མ་མཚན་ཉིད་དང་ལྡན་པ་ལ་སློབ་བུ་མོས་གུས་ཅན་བླ་མ་སངས་རྒྱས་སུ་ལྟ་བ་གཅིག་གིས་གཏུགས་ལ་ཞི་ཁྲོའི་དབང་ཁྲིད་རྣམས་ལོ་གཅིག་གམ་གསུམ་ལ་རྫོགས་པར་བྱ༔ ཡོ་བྱད་དང་གྲོགས་ཆོས་མཐུན་བཙལ༔ སྐྱབས་འགྲོ་སེམས་བསྐྱེད་མོས་གུས་གནད་དུ་བསྣུན༔ སྒོམ་པའི་དུས་ཞག་གཅིག་གཉིས་ཡེ་ཤེས་མིག་གཅིག་གི་དུས་སུ་ས་རླུང་ཟིན་རྟགས་དུ་བའམ་རི་དང་ཁང་ཁྱིམ་སེར་པོ་རབ་རིབ་འཆར༔ ཆུ་རླུང་ཟིན་རྟགས་སྨིག་རྒྱུའམ་ཆུ་དར་དཀར་པོ་འཆར༔ མེ་རླུང་ལ་སྲིན་བུ་མེ་ཁྱེར་ལྟ་བུའམ་མེ་འབར་བ་དང་དམར་ལྷབ་ལྷབ་པ་འཆར༔ རླུང་གི་རླུང་ཟིན་རྟགས་མར་མེ་ལྟ་བུའམ༔ རླུང་ལྗང་གུའམ་གསལ་ལམ་ལམ་པ་འཆར༔ ནམ་མཁའི་རླུང་ལ་སྟོང་པ་ནམ་མཁའ་ལྟ་བུའམ༔ མཐིང་ག་ཕྱམ་ཕྱམ་པ་འཆར་རོ༔ གཞན་ཡང་འོད་འཇའ་ཚོན་ལྟ་བུ་དང༔ རིན་ཆེན་འབར་བ་ལྟ་བུ་དང༔ ཉི་མ་ལྟ་བུ་དང༔ ཟླ་བ་ལྟ་བུ་སྐྱ་ཆིལ་ལེ་བ་དང༔ སྒྲ་གཅན་གྱི་གསུས་པ་ལྟ་བུ་མིག་ཆེ་ཆུང་གིས་གང་བ་དང༔ མ་ངེས་པ་གློག་ལྟ་བུའང་འཆར་རོ༔ དེ་ལྟར་བཅུ་པོས་ཀྱང་རླུང་ལྔ་ཟིན་པའི་རྟགས་ཤར་བ་ཡིན་ལ༔ དེས་སེམས་རྟོག་རགས་རིམ་འགག་ནུས་ཤིང༔ རྟགས་དེ་ལྟ་བུ་རྣམས་རང་སྣང་དུ་དྲན་པས་གཟུང་བ་ནི་གནད་དོ༔ དེ་ཙམ་གྱིས་ཀྱང་སྲིད་པ་བར་དོ་ཚུན་ཆད་ལ་གྲོལ་བ་ནི་ངེས་པའོ༔ དེ་ནས་གསུམ་རིག་གཙང་མའི་དུས་སུ་ཙིཏྟའི་དྲང་སྲོང་ངོ་ཤེས༔ སྤོགས་པའི་དུས་སུ་ནང་གི་རྩ་ཁམས་ཐམས་ཅད་ཕྱིར་ཤར་བའི་རྟགས་ལྷ་ཁང་ཀ་བ་མང་པོའམ༔ ཤིང་སྣ་ཚོགས་པའམ༔ རི་གླིང་དང༔ དུར་ཁྲོད་དང༔ རང་གི་ལུས་རི་རབ་ཙམ་ལ་རིགས་དྲུག་གི་གནས་ཡོད་པ་དང༔ དེ་ནས་དུག་ལྔ་བཅུད་དུ་སྨིན་པའི་རྟགས་སུ་ཕྱིའི་སྣང་བ་ལ་དམྱལ་བ་ཡི་དྭགས་ཀྱི་གནས་སུ་སྣང་བ་དང༔ དུད་འགྲོའི་རིགས་ཐམས་ཅད་ལ་མགོ་བརྙན་དང༔ དུད་འགྲོའི་གཟུགས་སྣ་ཚོགས་སྣང་ངོ༔ གཞན་ཡང་ལྷ་དང་མིའི་གནས་ཐམས་ཅད་སྐབས་རེ་གསལ༔ ཡང་འགྱུར་ཞིང་འགྲོ༔ ཡང་རྩ་ཁམས་ཐམས་ཅད་ལྷའི་གཞལ་ཡས་ཁང་དུ་ལྷ་སྐུ་རྒྱན་མེད་གར་བྱེད་པ་དང༔ རང་ལ་ཚུར་རྡེག་པ་དང༔ འོད་མཚོན་ཆ་ལྟ་བུ་དང༔ ཁྲོ་བོ་སྐུ་ཆེ་ལ་ཡན་ལག་རགས་པ༔ མིག་ཟླ་བ་དང་རྒྱ་མཚོ་ཙམ་ལ༔ མཆེ་བ་གངས་རི་ལྟར་གསལ་བ་འཆར་རོ༔ དེ་དག་མ་བསྒོམ་ཡང་སྐབས་རེ་གསལ་ལོ༔ དེ་ནས་གོམས་པས་རང་ལུས་ལ་གསང་སྔགས་ཀྱི་ལྷ་ཚོགས་རྣམས་གསལ་བ་དང༔ ཞི་ཁྲོ་ཡོངས་རྫོགས་འཆར་ཞིང༔ སྔོན་ལ་སངས་རྒྱས་སྤྲུལ་སྐུ༔ དེ་ནས་ལོངས་སྐུ༔ དེ་ནས་ཆོས་སྐུ་འཆར་ཚུལ་གསུངས་ཀྱང་ཞི་བ་དང་ཁྲོ་བོ་སྔོན་ལ་གང་འཆར་ངེས་པ་མེད་དོ༔ དེས་བར་དོར་སྒྲ་འོད་ཟེར་གསུམ་རང་སྣང་དུ་ངོ་ཤེས་ནས་གྲོལ་ཏེ༔ སངས་རྒྱས་པར་གདོན་མི་ཟའོ༔ དེ་ནི་རྟགས་ངེས་པའོ༔ དེ་ནས་ཚད་ཀྱི་ངེས་པ་ནི༔ སྨིག་སྒྱུ་གཡོ་བའི་དུས་ན་དབང་པོ་རབ་རིབ་སློང་བའོ༔ སྤྲིན་དང་ཁུ་རླངས་ཀྱང་རབ་རིབ་དང་པོའོ༔ དུ་བ་ལྟ་བུའི་དུས་ན་དབང་པོ་གཏན་ལ་ཕེབས་པའོ༔ དེ་ནི་སྒྲིབ་བྱེད་སངས་པའི་ཚད་དོ༔ མེ་ཁྱེར་སྣང་བའི་དུས་ན་ཉམས་སྣང་མཐོང་བ་ནི་དང་པོ་སྟེ༔ དཔེར་ན་ཉི་མ་ཤར་བའི་དང་པོ་ནམ་ལང་བ་ལྟ་བུའོ༔ མེ་སྟག་འཕྲོ་བ་དང་འགུལ་བ་དང་འཕྲིག་པ་རྣམས་ནི་གཏན་ལ་ཕེབས་པའོ༔ མར་མེ་ལྟར་སྣང་བ་ནས་གཟུང་སྟེ་རིམ་གྱིས་སྣང་བ་མཆེད་པར་འགྱུར་རོ༔ ཟླ་བ་ལྟར་སྐྱ་འོད་འོད་ནི༔ ཉམས་སྣང་ཕྲ་མོ་ཟད་པའོ༔ དེ་ནས་ཕྲ་རགས་ཀྱི་རྟོག་པ་རྣམས་ངང་གིས་འགག་པར་འགྱུར་རོ༔ ཉི་མ་ཤར་བ་ལྟར་སྣང་ཞིང་འོད་ཟེར་སྟོང་གཟུགས་སྣང་བ་ནི་འཁོར་འདས་རྒྱབ་གྱེས་པའི་ཚད་ཡིན་ཏེ༔ ལྷུན་གྲུབ་སྟོང་པ་འཛིན་མེད་འདུ་འབྲལ་མེད་པར་འཁྲུལ་པའི་སྣང་བ་འགགས་ཏེ་ཉིན་མཚན་མི་ཕྱེད་པ་འབྱུང་ངོ༔ དེའི་དུས་ན་འཁོར་འདས་ཐམས་ཅད་སྐུ་གསུམ་དབྱེར་མེད་དུ་གྲོལ༔ གདིང་ཐོབ་ནས་མུན་པའམ་བརྟེན་ཀྱང་ཆོག་པའོ༔ དེ་ལྟར་ཉམས་སུ་བླང་བའི་ཚེ་སྐབས་སུ་སློབ་དཔོན་གྱིས་ཉུལ་ཞིང་དྲི་བ་ལེགས་པར་བྱ༔ སྐྱོན་སེལ་ཞིང་ཡོན་ཏན་ངོ་སྤྲོད་པར་བྱའོ༔ འདི་ནི་མདོ་ཙམ་སྟེ་རྒྱས་པར་འདི་ཡི་ཡོན་ཏན་དང་གྲུབ་མཐའི་ཕུགས་ཐམས་ཅད་རྫོགས་པ་ཆེན་པོ་སྤྱི་ལྟར་བཤད་ཤེས་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ ༈ ཡང་ན་མུན་ཁང་གསུམ་རིམ་རྣ་བུག་བལ་གྱིས་དམ་དུ་བསུབ་ཁར་འདམ་སྤྱིན་ཞལ་བ་བྱ་སྟེ་སྒྲ་ལ་གཏད༔ ཞག་བདུན་བར་དུ་རང་སྒྲ་འུར༔ དེ་ནས་ཙི་ལི་ཙི་ལི་ཟེར༔ དེ་ནས་སྒྲ་རྒྱུན་ཆད་པ་དང་རྩའི་ཡི་གེ་རྣམས་ནི་ཁ་ནས་འཆར༔ མངོན་ཤེས་ལུང་བསྟན་སྣ་ཚོགས་འཆར༔ འདི་ལ་ཞག་ཉི་ཤུ་རྩ་གཅིག་ཉན༔ སྣང་ཉམས་ཤེས་ཉམས་གཉིས་ཀ་མཆེད༔ དང་ཀ་འགག་དུས་ཞག་ལྔ་ལ་རུས་ཐང་རྐང་ཐང་དུམ་རེ་གཏང༔ དེ་དུས་གེགས་བྱུང་ན་ལུས་སེམས་འཁྲུགས་དེ་ལ་ཁྲེགས་ཆོད་ངང་ལ་གཞག༔ རྣ་བའི་སྒྲའི་མངོན་ཤེས་ཀྱི་ལེའུའོ༔ ྈྈྈྈྈྈྈྈྈྈྈ ཆུའི་སྒྲ་དོན་གཉིས་ཏེ༔ སྔོན་འགྲོ་རྡོ་རྗེའི་ལྟ་སྟངས་ལ་ཉི་མ་གཅིག༔ དངོས་གཞི་སྟོན་སེར་ཆར་པ་ཆད་ལ་ཉེ་དུས་སུ་ལུང་སྟོང་གཟར་ཟུག་ཆུ་དྲག་པོ་འབབ་པའི་སར་ལུས་གནད་ཙོག་པུར་ལོང་བུ་གཉིས་བཤིབས་ལ་རིག་པའི་གནད་ཆུའི་རྦ་དྲག་པོའི་སྒྲ་ལ་གཏད༔ མཚན་མོ་ཤིན་ཏུ་ཐག་རིང་ནས་ཤེས་པ་རྣ་བ་རུ་གཅུག་སྟེ་མ་ཡེངས་པར་བྱ༔ ཉིན་པར་ཆུའི་དཀྱིལ་དུ་གླང་པོ་ཆེའི་མིག་བལྟ་ཞིང་ཤེས་པ་གཏད་པ་མན་ངག་ཡིན་ནོ༔ དེའི་ཚེ་བྱིང་ན་ཆུའི་རྩར་འདུག་ལ་ཤེས་པ་གཏད༔ རྒོད་ན་ཆུ་སྒྲ་མེད་པའི་སར་མགོ་བཏུམས་ལ་གཏད་དོ༔ དེ་ལྟར་ཟླ་བ་གཅིག་བསྒོམ་ན་མཁའ་འགྲོ་མས་ཆོས་སྨྲ་བའི་སྒྲ་སྣ་ཚོགས་ཐོས་པ་འོང་ངོ༔ གཉིས་ནས་རང་གསལ་ཆོས་སྣ་ཚོགས་ཀྱི་ཉམས་སྐྱེ༔ གསུམ་ནས་ཆོས་ལས་གྲོལ་བའི་ཉམས་དབང་པོ་རབ་ལ་ཡོང༔ འབྲིང་ལ་དགུ༔ ཐ་མ་ཡང་བཅོ་བརྒྱད་ལ་མི་ཡོང་མི་སྲིད་དོ༔ ྈྈྈ ྈྈྈ ྈྈྈྈྈྈྈྈྈྈྈྈྈྈྈྈ གཏད་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ྀཨཚ༔ ༈ འདི་ནང་གསོལ་འདེབས། ལོ་རྒྱུས། རྒྱུད་ཀྱི་སྙིང་པོ། ཞི་ཁྲོ་དོན་གྱི་ཕྲིན་ལས། བུམ་དབང་ཆེན་མོ། དབང་གོང་མ་གསང་དབང་ཆེན་མོ། དེའི་དོན་བཤད་བརྡ་དོན་གསལ་བ། ཁྲིད་ཀྱི་སྔོན་འགྲོ། སྙན་བརྒྱུད་ཤོག་དྲིལ་སྐོར་གསུམ། སྙན་བརྒྱུད་ཡིད་བཞིན་ནོར་བུ། རྟགས་ཚད་ཀྱི་ཡི་གེ་རྣམས་སོ། །ཆོས་ཚན་བཅུ་གཅིག་ཡོད་དོ། །ྀཨཚཿ སྙན་བརྒྱུད་ཤོག་དྲིལ་སྐོར་གསུམ་ནི། སྙིང་པོ་གུད་དུ་སྦས་པའི་ཆོས། དཀར་ཆག་ཐེམས་ལ་མ་བཀོད་གསུངས། །ྀཨཚཿ མངྒ་ལཾ།། །།
གཏེར་ཆེན་མཆོག་གྱུར་གླིང་པའི་རྣམ་ཐར་གསོལ་འདེབས་ཀྱི་བསྡུས་དོན་བཀྲ་ཤིས་དབྱངས་ཀྱི་ཡན་ལག་ (Volume 65, Text 4)
གཏེར་ཆེན་མཆོག་གྱུར་གླིང་པའི་རྣམ་ཐར་གསོལ་འདེབས་ཀྱི་བསྡུས་དོན་བཀྲ་ཤིས་དབྱངས་ཀྱི་ཡན་ལག་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པའི་རྣམ་ཐར་གསོལ་འདེབས་བཀྲ་ཤིས་འཁྱིལ་པའི་དབྱངས་སྙན་འདི་འཆད་པ་ལ་གསུམ། མཚན་གྱི་དོན། གཞུང་གི་དོན། མཇུག་གི་དོན་ནོ། །གཉིས་པ་ལ་གསུམ། དྲང་ངེས་ཀྱི་རྣམ་ཐར་མདོར་བསྟན། ངོ་མཚར་བའི་གཏམ་བཅུས་རྒྱས་པར་བཤད། གསོལ་འདེབས་སྨོན་ལམ་གྱིས་དོན་བསྡུ་བའོ། །དང་པོ་ལ་གཉིས། ངེས་དོན་སྙིང་པོའི་རྣམ་ཐར་མདོར་བསྟན་པ་དང་། དྲང་དོན་བརྡའི་རྣམ་ཐར་མདོར་བསྟན་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ། ཐོག་མར་དགེ་བ་སྐུ་སྐྱེ་བ་སྔ་མའི་རྣམ་ཐར་མདོ་ཙམ་མཚོན་པ། བར་དུ་དགེ་བ་སྐུ་ཚེ་འདི་ཉིད་ཀྱི་རྣམ་ཐར་སྤྲོས་ཏེ་བཤད་པ། ཐ་མར་དགེ་བ་སྐུ་སྐྱེ་བ་ཕྱི་མའི་རྣམ་ཐར་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གཉིས། སྐུ་གསུམ་གྱི་རྣམ་ཐར་སྤྱིར་བསྟན་པ་དང་། ལྗོངས་འདིར་སྤྲུལ་པའི་སྣང་ཚུལ་ཁྱད་པར་དུ་དབྱེ་བའོ། །གཉིས་པ་ལ་གཉིས། ཁྱད་པར་གསུམ་གྱི་སྒོ་ནས་མདོར་བསྟན་པ་དང་། ངོ་མཚར་བའི་གཏམ་བཅུའི་སྒོ་ནས་རྒྱས་པར་བཤད་པའོ། །དེ་ལ་བཅུ་སྟེ། རྒྱལ་བའི་མྱུ་གུ་གཞོན་ནུའི་དུས་ཀྱི་ངོ་མཚར་བའི་གཏམ་དང་།༡ ལས་འཕྲོ་བཟང་པོའི་རིགས་ཐོག་མར་སད་པའི་ངོ་མཚར་བའི་གཏམ་དང་།༢ ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང་འབྲེལ་བར་ཡོངས་འཛིན་དམ་པ་ཚུལ་བཞིན་དུ་བསྟེན་པའི་གཏམ་དང་།༣ སྐྱེ་བས་ཐོབ་པའི་མཁྱེན་གཉིས་ཀློང་ནས་བརྡོལ་བའི་གཏམ་དང་།༤ སྦྱོར་བྱུང་སྤོང་བ་བསམ་གཏན་གྱི་འཁོར་ལོ་དང་འབྲེལ་བར་སྒྲུབ་པ་ནན་ཏན་དུ་མཛད་པའི་གཏམ་དང་།༥ དག་པའི་གཟིགས་སྣང་རབ་འབྱམས་སུ་ཤར་བའི་ཚུལ་ལས་བརྩམས་པའི་གཏམ་དང་།༦ ཟབ་མོ་གཏེར་གྱི་འཁོར་ལོས་སྒྱུར་བ་ཆེན་པོར་གྲུབ་པའི་གཏམ་དང་།༧ སློབ་ཚོགས་དང་ཆོས་བདག་དམ་པ་རིས་མེད་དུ་བྱུང་བའི་ཚུལ་གྱི་གཏམ་དང་།༨ ཐུན་མོང་དང་མཆོག་གི་བྱ་བ་ལས་ཀྱི་འཁོར་ལོའི་ཕྲིན་ལས་མཁའ་ཁྱབ་ཏུ་རྒྱས་པའི་ངོ་མཚར་བའི་གཏམ་དང་།༩ མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོ་མངོན་དུ་མཛད་པའི་ཚུལ་གྱི་ངོ་མཚར་བའི་གཏམ་༡༠རྣམས་སོ། །འདིའི་གསུམ་པ་ལ་གསུམ། སྤྱིར་རིས་མེད་ཀྱི་སྐྱེས་བུ་དམ་པ་དུ་མ་བསྟེན་ཚུལ། བྱེ་བྲག་ཏུ་སྒྲུབ་བརྒྱུད་བསྟན་པའི་བདག་པོ་དག་གིས་བྱིན་གྱིས་རླབས་ཚུལ། ཁྱད་པར་སྔོན་རྟེན་འབྲེལ་གྱི་བླ་མས་གསང་མཛོད་ཟབ་མོའི་སྒོ་འཕར་ཕྱེ་བའི་ཚུལ་ལོ། །བདུན་པ་ལ་གཉིས། ཟབ་རྒྱས་ཆོས་དང་དམ་རྫས་རྟེན་གྱི་གཏེར་མཛོད་ཆེན་པོ་ལ་དབང་བསྒྱུར་བའི་ཚུལ་དང་། རྡོ་རྗེའི་གནས་ཆེན་རབ་འབྱམས་ཀྱི་སྒོ་འཕར་ཕྱེས་པའི་ཚུལ་ལོ། །དང་པོ་ལའང་ནང་གསེས་སུ། རྒྱུད་ལུང་མན་ངག་ཆོས་གཏེར། མྱོང་བས་གྲོལ་བའི་རྫས་གཏེར། མཐོང་བས་གྲོལ་བའི་བྱིན་གཏེར་རྣམས་སུ་ཕྱེ་ཞིང་། ཆོས་གཏེར་ལའང་། བཀའ་གཏེར་དག་སྣང་ལས་ཕྱེ་བའི་བཀའ་བབས་བདུན་གྱི་རྣམ་པར་གཞག་པ་སོགས་རྒྱ་ཆེར་བསྙད་དུ་ཡོད་དོ། །བརྒྱད་པ་ལ་གཉིས། སློབ་ཚོགས་སྤྱིར་བྱུང་ཚུལ་དང་ཟབ་ཆོས་ཀྱི་བདག་པོ་ཁྱད་པར་དུ་བྱུང་བའི་ཚུལ་ལོ། །གསུམ་པ་དོན་བསྡུ་བ་ལ་གསུམ། འབྲལ་མེད་རྗེས་འཛིན་གྱི་གསོལ་འདེབས། འདོད་དོན་མཆོག་གི་སྨོན་ལམ། ཤིས་པ་བརྗོད་པའི་ཚིག་གིས་མཐའ་བརྒྱན་པའོ། །ཞེས་པའང་མཚོ་སྐྱེས་ཀུན་ཏུ་འཆང་བ་ཡབ་སྲས་ཀྱིས་རྗེས་སུ་བཟུང་བ་པདྨ་འོད་གསལ་མདོ་སྔགས་གླིང་པས་བྲིས་ཏེ། མཁན་པོ་བླ་མ་པདྨ་དྲི་མེད་ཆོས་ཀྱི་བློ་གྲོས་ལ་གསོལ་འདེབས་ཀྱི་གླེགས་བུ་ཟླ་བ་ཉ་བའི་གྲངས་ལྡན་དང་བཅས་བྱིན་ནས་སྐྱེས་བུ་དམ་པའི་རྟོགས་པ་བརྗོོད་པ་ངོ་མཚར་བའི་གཏམ་རྒྱ་ཆེར་དབྱེ་བར་རྗེས་སུ་བསྐུལ་བ་ཤྲཱི་ཡནྟུ།། །།
རིན་ཆེན་གཏེར་མཛོད་ཆེན་པོ་སྤར་དུ་བསྐྲུན་པའི་རྟོགས་བརྗོད་འཇིག་རྟེན་གསུམ་ཁྱབ་ལྷ་ཡི་རྔ་སྒྲ་ (Volume 66, Text 4)
༄༅། །རིན་ཆེན་གཏེར་མཛོད་ཆེན་པོ་སྤར་དུ་བསྐྲུན་པའི་རྟོགས་བརྗོད་འཇིག་རྟེན་གསུམ་ཁྱབ་ལྷ་ཡི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ། ། རྒྱ་གར་དུ་དིལ་མཁྱེན་རིན་པོ་ཆེས་འཕྲུལ་པ་དང་པོ་བསྐྲུན་པའི་བྱུང་བ་བརྗོད་པ། མདོ་རྒྱུད་མཚན་ཉིད་ཀུན་རྫོགས་མཁས་ཤིང་གྲུབ། །གསན་བསམ་སྒོམ་པའི་ཡོན་ཏན་ཕ་མཐར་སོན། །སངས་རྒྱས་དངོས་བྱོན་འཇམ་མགོན་རྣམ་པ་གསུམ། །བྱང་ཆུབ་མ་འཐོབ་བར་དུ་རྗེས་འཛིན་མཛོད། །མཚན་དཔེའི་པདྨོ་མཇལ་བའི་སྐལ་དམན་ཡང་། །བླ་མའི་དྲིན་ལས་གསུང་གི་བདུད་རྩིའི་བཅུད། །མྱོང་བའི་སྐལ་བཟང་ཐོབ་པའི་དྲིན་གཟོའི་ཕྱིར། །རྣམ་དཀར་ཕྲ་མོ་བགྱིས་པའི་རྟོགས་བརྗོད་སྤེལ། །དེ་ཡང་ངེས་པའི་དོན་དུ་སྲིད་རྩའི་འཆིང་བ་ཀུན་ནས་གྲོལ་པའི་སངས་རྒྱས་རྣམས་ཀྱང་གཞན་དོན་འབའ་ཞིག་ལ་དགྱེས་པས་སྤྲུལ་པའི་རྣམ་རོལ་དུ་མས་ཞིང་ཀུན་ཏུ་རྩེ་ཞིང་རྒྱུ་བས། རྒྱལ་བསྟན་རིན་པོ་ཆེའི་སྣང་བ་ཡང་རྒྱས་ཤིང་འཕེལ་བའི་ངོ་མཚར་རྒྱུན་མི་ཆད་དུ་སྟོན་པ་ལས། རྩ་གསུམ་རྒྱལ་བ་རབ་འབྱམས་སྤྱི་དང་ཁྱད་པར་གསུང་རྡོ་རྗེ་འོད་དཔག་མེད་རིག་འཛིན་གྱི་འཁོར་ལོའི་བསྒྱུར་བའི་རྣམ་པར་བཞེངས་པས། སྐུ་ཚེ་གཅིག་གི་སྟེང་རྡོ་རྗེ་ཐེག་པའི་དགོངས་སྤྱོད་རྒྱ་མཚོ་བླ་ན་མེད་པ་རྫོགས་པའི་ཚུལ་བསྟན་པའི་ཁྱབ་བདག་སྲིད་ཞིའི་སྤྱི་དཔལ་ཆེན་པོ་ཧེ་རུ་ཀཿདང་གཉིས་སུ་མེད་པ་གང་། རྗེ་བཙུན་བརྟན་པའི་འཁོར་ལོ་བསིལ་ལྡན་བོད་ཀྱི་ཡུལ་དུ་མིའི་རྗེ་བོ་ས་ཡི་ཚངས་པའི་རིགས་ཀྱི་ཐིག་ལེར་བྱོན་ནས། སྔོན་གྱི་སྨོན་ལམ་དང་ཐུགས་བསྐྱེད་འགྲན་ཟླ་མེད་པའི་བསོད་ནམས་ཀྱི་གཟི་བརྗིད་རྒྱས་པའི་མགྲོན་དུ་ཁུག་སྟེ། རྡོ་རྗེ་ཐེག་པའི་ཆོས་ཀྱི་གསང་མཛོད་བརྡོལ་ནས། རྗེ་འབངས་སྟང་དཔྱལ་རྡོ་རྗེའི་རིགས་ཅན་ཐམས་ཅད་རྡོ་རྗེ་བཞི་ཡི་དཀྱིལ་འཁོར་དུ་གཏོར་བླུགས་ཀྱི་ཆོ་གས་སྨིན་གྲོལ་ཆིག་རྫོགས་སུ་གྱུར་ཏེ་ནམ་མཁའ་གང་བའི་རིག་འཛིན་དང་མཁའ་འགྲོའི་ཚོགས་ཆེན་པོའི་དབུས་སུ་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཐབས་ལ་འཛེགས། གྲུབ་པའི་མཆོག་རྣམས་དང་གཉིས་སུ་མེད་པའི་གོ་འཕང་བརྙེས། གསང་བ་རྒྱ་མཚོའི་ལྡེའུ་མིག་ཕྱག་ཏུ་སོན། ཆོས་ཀུན་ཡེ་ཤེས་ཀྱི་རོལ་རྩེད་དུ་གཟིགས་པའི་ཆོས་རྒྱུན་གྱི་ཏིང་འཛིན་ལ་དབང་འབྱོར་པས་ཕྲིན་ལས་དང་དངོས་གྲུབ་འཛད་པ་མེད་པའི་ཐེག་པ་མཆོག་གི་རྒྱལ་ཐབས་ལ་དབང་བསྒྱུར་བ་འོག་མིན་རྡོ་རྗེ་དབྱིངས་དང་གཉིས་སུ་མེད་པར་གྱུར་པའི་ཚེ། འཕགས་པའི་རྣམ་ཐར་ནི་གཞན་ལ་ཕན་པ་ཁོ་ནར་གྱུར་པས་མ་འོངས་ཕྱི་མའི་གདུལ་སྐལ་ཇི་ལྟར་ཡོད་པ་སྒྲིབ་མེད་དུ་མཁྱེན་ཅིང་སྣང་སྲིད་ཟིལ་གནོན་གྱི་བརྟུལ་ཞུགས་གྲུབ་པས། འཁོར་བ་མྱང་འདས་དང་སེམས་ཅན་སངས་རྒྱས་སུ་ཚེགས་མེད་པ་ཡུད་ཙམ་གྱིས་བསྒྱུར་བར་བཞེད་དེ། བོད་དང་བོད་ཆེན་པོའི་ལྗོངས་འདིར་སྙོགས་པ་ལྔ་དང་ལྡན་པའི་དུས་ཀྱི་ཆར། དུས་གསུམ་བྱོན་པའི་མཁས་གྲུབ་ཀུན་དང་རྣམ་ཐར་མཚུངས་ཀྱང་ཆེ་བའི་ཡོན་ཏན་འགྲན་ཟླ་དང་བྲལ་བས་རྒྱུ་སྐར་གྱི་དབུས་ན་ཆུ་ཤེལ་དབང་པོའི་བདུད་རྩིའི་ལང་ཚོས་མོག་པོར་བྱེད་པའི་དགེ་མཚན་ཤར་ནས། བོད་ཡུལ་སྐལ་པ་དགེ་བའི་དུས་ཀྱི་མཁན་སློབ་ཆོས་གསུམ་གྱི་མཛད་པའི་མེ་རོ་རྨིང་ནས་གསོས་ཏེ། ས་ཡི་གཟེར་ཐམས་ཅད་བཤད་སྒྲུབ་རྒྱས་པའི་གཙུག་ལག་བཀོད་མཛེས་ཀྱི་སྤ། མདོ་སྔགས་དགེ་འདུན་གྱི་སྡེ་གཉིས་མཁས་གྲུབ་ཀྱི་ཚངས་བརྡོལ། ཁྱིམ་ན་གནས་པ་ཀུན་ཀྱང་ལྷ་སྔགས་ཀྱི་རྣལ་འབྱོར་ལ་ཡིད་གཞོལ་བ་སོགས་རིག་འཛིན་གྱི་རྗེས་སུ་སློབ། ལྷ་ཀླུ་མི་དང་མཁའ་འགྲོའི་གནས་ན་བཞུགས་པའི་རྒྱུད་ཀྱི་གླེགས་བམ་རྣམས་དགོངས་པའི་རྩལ་དང་བརྟུལ་ཞུགས་ཀྱི་ནུས་པས་དབང་དུ་བསྡུས་ནས་བསྒྱུར་བཤད་ཉན་གསུམ་གྱིས་གཏན་ལ་ཕབ། རིག་འཛིན་ལྷ་དང་ཌཱ་ཀིའི་འདུ་བས་གངས་བྲག་རི་མཚོ་ཐམས་ཅད་གུ་རུ་རྗེ་འབངས་བཅས་པའི་སྒྲུབ་གནས་ཀྱི་སྒོ་འཕར་གསར་དུ་ཕྱེས། ཆོས་ནོར་རྫས་ཀྱི་གཏེར་ཁ་གསར་དུ་སྤྱན་དྲངས་པས་སྙིགས་མའི་བསྟན་འགྲོའི་དབུགས་དབྱུང་བས་ནག་ཕྱོགས་ཟིལ་གྱིས་མནན་པས་ནད་མུག་མཚོན་གྱི་ཚ་ངར་བཅགས། དཀར་ཕྱོགས་ཀྱི་རུ་མཚོན་བསྒྲེངས་པས་བསྟན་པ་རིན་པོ་ཆེའི་མངའ་ཐང་རྒྱས་པས་ཕྱོགས་ཀྱི་གོ་སྐབས་དོགས་པོར་བྱས་པའི་ཚེ། དེ་བཞིན་གཤེགས་པ་རྣམས་ཀྱིས་སྟོན་འཁོར་དགོངས་པ་གཅིག་པའི་དབང་བསྐུར། རྡོ་རྗེ་བཙུན་མོ་རིག་པའི་ལྷ་མོ་རྣམས་རྩེ་དགའི་བདེ་བས་སྙེམས། རིག་འཛིན་གྲུབ་པ་རྣལ་འབྱོར་གྱི་དབང་ཕྱུག་མཁས་པའི་དམ་པ་རྣམས་ཀྱིས། ཨེ་མ་ཁྱོད་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཐབས་ལ་རང་སྟོབས་ཀྱིས་འཛེགས་ནས་མཁྱེན་བརྩེ་ནུས་སྟོབས་ཀྱིས་ཆོས་ཀྱི་འཁོར་ལོའི་བསྒྱུར་བ་ཞིག་གོ །ཞེས་སྙན་པའི་གླིང་བུ་སྙན་འཇེབས་དུ་སྒྲོག་པས་ས་གསུམ་ཀུན་ཏུ་དགེ་བར་མཛད་པའི་ཕྱག་བཞེས་རྒྱལ་བསྟན་རིན་པོ་ཆེ་དབྱིག་གི་སྙིང་པོ་ནོར་བུ་ཏོག་གི་བློ་གྲོས་ཞེས། ལྷ་ཀླུ་མིའི་ཆོས་རྣམས་ཀྱིས་གཙུག་ཕུད་དུ་བཅིངས་པ་འབུམ་གྱིས་མི་མཚོན་པའི་མཛོད་ཆེན་རྣམ་པ་ལྔ་ཡན་ལག་དང་བཅས་པ་རྣམས་ནི། ཁ་བའི་ལྗོངས་འདིར་མཆིས་སོ་ཅོག་གི་མདོ་སྔགས་ཀྱི་གདམས་པ་ཐ་དད་པ། མཁས་གྲུབ་ཚད་མའི་སྐྱེས་བུའི་བརྒྱུད་པ་གཞན་དང་གཞན་ལས་འོང་བ། ཡུལ་སྣ་ཚོགས་སུ་འཐོར་ཐབས་སུ་སྤྱོད་པ། འགའ་ཞིག་མི་མངོན་པའི་དབྱིངས་སུ་ནུབ་ལ་ཕྱོགས་པ་དག་ཀུན་ནས་དཀའ་བ་མེད་པར་འདོད་དགུར་སྤྱོད་པའི་ཕ་ནོར་ཁྱད་པར་ཅན་འདི་དག་གི། རྒྱལ་བའི་ཕྲིན་ལས་ཀྱི་མཐའ་དང་གནས་ཚད་མ་རྫོགས་པས་རྒྱ་གར་དང་མཐའ་ཡི་རྒྱལ་ཁབ་ཐམས་ཅད་དུ་ཡང་མཛོད་ལྔ་ཡན་ལག་དང་བཅས་པས་ཐོག་དྲངས། རིས་མེད་མཁས་གྲུབ་དུ་མའི་ལེགས་བཤད་ནོར་བུའི་ཕྲེང་བ་དག་རང་ནོར་གཞན་ལ་བཅོལ་བ་རང་གིས་ལེན་པ་བཞིན་སྤྱོད་དུ་ཡོད་ཅིང་། དེ་འཛིན་གྱི་སྐྱེས་བུ་ཆོས་སྤྱན་དང་ལྡན་པ་འཚོ་ཞིང་བཞེས་པའི་ངོ་མཚར་གྱི་རྟེན་འབྲེལ་ཕུན་སུམ་ཚོགས་པའི་ཚེ། རྒྱལ་བའི་ཕྲིན་ལས་གཟུགས་ཅན་དུ་བྱོན་ནས་འགྲོ་ལ་བླང་དོར་གྱི་མིག་འབྱེད་པའི་ཡི་གེའི་གླེགས་བམ་བསྐྲུན་ན་རང་གཞན་གྱི་དོན་གཉིས་སྒྲུབ་པའི་རྣམ་དཀར་རྨད་དུ་བྱུང་བ་དང་། བསྟན་པ་རིན་པོ་ཆེའི་ཞབས་ཏོག ཁྱབ་བདག་བླ་མ་རྣམས་ཀྱི་སྐུ་དྲིན་གསོ་བ་དང་། ཞབས་བརྟན། རང་ལ་སངས་རྒྱས་དངོས་བྱོན་མཁྱེན་བརྩེ་རིན་པོ་ཆེའི་མཚན་མཆོག་ཡིད་བཞིན་ནོར་བུ་སྤྱི་བོར་ཐོབ་ཀྱང་རང་གཤིས་ངན་པས་བསྟན་འགྲོའི་ཞབས་ཏོག་མི་འགྲུབ་པའི་སྟེང་། མཚན་མཆོག་དེ་ལ་བསྟེན་ནས་ཉམས་ཆག་མང་པོ་བསགས་པའི་བཤགས་སྦྱོང་དང་། རང་གི་གཏེར་ཆོས་ཡིན་པ་སྐད་རྣམས་ཀྱང་མཁྱེན་བརྩེའི་ཟབ་གཏེར་གྱི་ཆ་ཤས་ཡིན་པའི་ཟོལ་ཟོག་གི་སྒྲིབ་སྦྱོང་དང་། བཟའ་བཏུང་ཁམ་རེ་ཟོས་པ་ཡང་དཀོར་ནག་ཁོ་ན་ལས་མ་འདས་པའི་སྒྲིབ་སྦྱང་། ཁྱད་པར་གསང་བ་ཟབ་མོའི་མངའ་བདག་རིགས་ཀྱི་བདག་པོ་རྣམས་ཀྱིས་སྐྱེ་ཀུན་རྗེས་སུ་གཟུང་ཞིང་གསུང་གི་བདུད་རྩི་ལ་སྤྱོད་པའི་སྐལ་བཟང་ཅན་དུ་འགྱུར་བའི་སྨོན་ལམ་འདེབས་ཕྱིར་རིན་ཆེན་གཏེར་མཛོད་འཕྲུལ་སྤར་དུ་བསྐྲུན་སྐབས། ལེགས་ཚོགས་མཐུན་སྦྱོར་གྱི་གཙོ་བོ་ལྷོ་ལྗོངས་ཆོས་ཀྱི་རྒྱལ་པོ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་དང་རྒྱལ་ཡུམ་སྐལ་བཟང་ཆོས་སྒྲོན་ཡུམ་སྲས་དང་། རྒྱལ་ཡུམ་སྐུ་བགྲེས་ཕུན་ཚོགས་ཆོས་སྒྲོན་དབུས་བློན་འབངས་ཆེ་ཕྲ་ཐམས་ཅད་དང་། སྔོན་གྱི་སྨོན་ལམ་སྟོབས་སུ་གྱུར་པའི་ཨ་རིའི་ནང་ཆོས་ཁྱབ་སྤེལ་གྱི་བློན་ཆེན་རྒྱུ་མཚན་ཤེས་པའི་བློ་གྲོས་ཀྱི་མིག་སྟོང་བཀྲ་བ་ལྗིན་སིམིདཐི་འཇམ་དབྱངས་རྣམ་རྒྱལ། ཁམས་བོད་འབྲུག་འབྲས་ཀྱི་ནང་བློན། གཞན་ཡང་དད་ལྡན་སྦྱིན་བདག་ཁག་ནས་རྣམ་དཀར་གྱི་འབྲེལ་མཚོན་ཕུལ་རིགས། བརྩོན་འགྲུས་རྡོ་རྗེ་ནས་གོར། ༡༠ འབྲས་བྲེ། ༧༡ ཐུབ་བསྟན་དབང་མོ་ནས་འབྲས་བྲེ། ༢༠ རྟ་མགྲིན་བུ་དར་ནས་གོར། ༣༠ ཕུན་ཚོགས་ནས་གོར་རྙིང་། ༢ ཡང་གོར། ༢ ཊཾ་དཀར། ༢ བླ་མ་བསོད་ནམས་བཟང་པོ་ནས་གོར། ༣༠༠ དབུ་མཛད་འཇམ་དབྱངས་བརྩོན་འགྲུས་ནས་གོར། ༡༠༠ བྲག་དཀར་ཨ་ནེ་ནས་གོར། ༢༥ དྲུང་རམ་རྒྱ་སྤྲུལ་རིན་པོ་ཆེ་ནས་གོར། ༥༠༠ ཆོས་གྲགས་བླ་མ་བཀྲ་ཤིས་ནས་གོར། ༡༠༠ གསལ་བྱེད་རིན་པོ་ཆེ་ནས་གོར། ༡༠༠ སློབ་དཔོན་ཉ་ཕྱིས་ནས་གོར། ༡༠༠༠ དགེ་ཚེ་རིང་དངོས་གྲུབ་ནས་གོར། ༡༠༡ འབྲས་བྲེ། ༡༣ འབུམ་བྲག་ཨ་ནེ་སྐལ་བཟང་ནས་གོར། ༢༠ སྐྱབས་ཁྲ་ཨ་མ་རྡོ་ཕུ་ནས་གོར། ༩༠༠ ཨ་ནེ་ཤཱཀྱ་སྒྲོལ་མ་ནས་གོར། ༡༠ ལྷ་རི་སྤང་རྡོ་རྗེ་བུ་དར་ནས་གོར། ༦༠ ཨོ་རྒྱན་ལྷུན་གྲུབ་ནས་གོར། ༡༠༠ དཀོན་མཆོག་སྒྲོལ་མ་ནས་གོར། ༥༠ ཨ་ནེ་ཡེ་ཤེས་ནས་གོར། ༢ པདྨ་རྡོ་རྗེ་ནས་གོར། ༢༠༠ མཆོག་གླིང་པདྨའི་ཨེ་ཝཾ་ཆོས་སྒར་འདུས་སྤྱི་ནས་གོར། ༡༠༠༠ དགེ་པདྨ་ཆོས་འབྱོར་ནས་གོར། ༡༠༠ ཡེ་ཤེས་ཚེ་དཔག་ནས་གོར། ༢༥ དུས་འདས་པདྨ་མཆོག་དབྱངས་དང་བསོད་ནམས་ལྷ་སྒྲོན་ཟུང་གི་ཆེད་དབུ་པདྨ་བཀྲ་ཤིས་ནས་གོར། ༥༠༠ མུ་ཁུམ་ཀརྨ་ཚུལ་ཁྲིམས་ནས་གོར། ༡༠༠ དྲུང་ཡིག་བསྟན་འཛིན་ནས་གོར། ༡༠༠༠ ཀྲོང་སར་འདུས་སྤྱི་ནས་གོར། ༢༠༠༠ སྦྱིན་བདག་དཔལ་འབྱོར་རྒྱལ་མཚན་ནས་གོར། ༡༠༠༠༠ པ་སངས་རྡོ་རྗེ་ནས་གོར། ༥༠༠༠ སྦ་སྦིས་ས་དཀོན་མཆོག་ནས་གོར། ༢༠ ཤར་ཁུམ་བུ་སྟེང་པོ་ཆེའི་སྤྲུལ་སྐུ་ནས་བལ་གོར། ༣༠༠ བདེ་ཕུག་རིན་པོ་ཆེ་ནས་བལ་གོར། ༢༠༠༠ ཚུལ་ཁྲིམས་བསྟན་འཛིན། ཚུལ་ཁྲིམས་སྒྲོན་མ། རྡོ་རྗེ་ཆོས་འཛིན། སངས་རྒྱས་སྒྲོན་མ། ཚེ་རིང་ཆོས་སྐྱིད། ཨོ་རྒྱན་ཆོས་འཕེལ། བསམ་འགྲུབ་བཅས་ནས་གོར། ༨༠༠ ཁྲ་འགུ་སྤྲུལ་སྐུ་ནས་གོར། ༣༠༠ གསལ་བྱེད་སྤྲུལ་སྐུ་ནས་གོར། ༥༠༠ རིག་འཛིན་ཆོས་སྒྲོན་ནས་གོར། ༡༠༠༥ དཀོན་མཆོག་བཀྲ་ཤིས་དང་ནག་འཕེལ་ཟུང་ནས་གོར། ༢༠ ཨ་ནེ་ཚེ་དབང་ལྷ་མོ་ནས་གོར། ༦༠ ཚུལ་ཁྲིམས་མཐར་ཕྱིན་ནས་གོར། ༢༠༠ ཕྱི་རྒྱལ་སྦེལ་རྒྱམ་པདྨ་བཟང་པོ་ནས་གོར། ༥༥ ཚེ་འདས་ཨ་མ་ཀུན་བཟང་། ཨོ་རྒྱན་སྒྲོལ་མ། རྡོ་རྗེ་དབང་མོ། བཟང་མོ་རྣམས་ཀྱི་ཆེད། སེངྒེ་རྡོ་རྗེ་ནས་གོར། ༡༠༠ སྐྱབས་ཁྲ་ཨ་ནེ་ཕུར་པ་ལྷ་མོ་དང་ཟླ་བ་རྒྱལ་མོ་ཟུང་ནས་གོར། ༡༠༠༠ དར་ལུ་ནས་གོར། ༥༠ རྒྱལ་མཚན་ནས་གོར། ༣༠ དགེ་ཚེ་རིང་རྡོ་རྗེ་ནས་གོར། ༣༠ འཆི་མེད་ལྷ་མོ་ནས་གོར། ༢༡ དགེ་ཡེ་ཤེས་ནས་གོར། ༣༠ སྦ་མགོ་སྒྲུབ་པ་ནས་གོར། ༡༠ སྦ་སྦིས་ས་ཨ་ནེ་རིག་འཛིན་ནས་འབྲས་བྲེ།༤༠ ཚེ་རིང་མཚོ་མོ་དང་ཚེ་སྟོབས་ཟུང་ནས་གོར། ༢༠༠ བླ་མ་རྒྱལ་དབང་ཉི་མ་ནས་གོར། ༡༠༠༠ བླ་མ་ཀུན་དགའ་ནས་གོར། ༡༠༠ རྒྱ་མཚོ་ནས་གོར། ༣༠༠ སློབ་དཔོན་པདྨ་ལགས་ནས་གོར། ༡༠༠༠ ནག་འཕེལ་ནས་གོར། ༡༠༠ ཅོག་ལ་ནས་གོར། ༡༠ ཚེ་འདས་རྣམ་རྒྱལ་ལྷ་མོ་དང་། རྣམ་རྒྱལ་ཆོས་སྒྲོན་དོན་དུ། ཨོ་རྒྱན་ནས་གོར། ༡༠ བཀྲ་ཤིས་དཔལ་ལྡན་ནས་གོར། ༡༠ རྣམ་རྒྱལ་ནས་གོར། ༡༠ ཨ་ནེ་ཤེས་རབ་ནས་གོར། ༢༥ དོ་ལུམ་མོ་ནས་གོར། ༡༠༠ བཅས་ཕུལ་བ་ལགས་ཤིང་། རྣམ་དཀར་ལས་འགུལ་གྱི་གཙོ་འཛིན་རང་གྲྭ་དངོས་གྲུབ་རྒྱ་མཚོ། རྟེན་མཆོག་འགྱུར་མེད་གླིང་གི་བྱང་འདྲེན་རང་སློབ་དད་བློ་ལྡན་པ་པདྨ་བཀྲ་ཤིས། ལྷག་བསམ་དད་བརྩོན་ལྡན་པའི་རང་སློབ་ཤེས་རབ་དྲི་མེད། ཚེ་རིང་དངོས་གྲུབ། ཚུལ་ཁྲིམས་དབང་ཕྱུག །བཀྲ་ཤིས། སེངྒེ་རྡོ་རྗེ། རིག་འཛིན་ནོར་བུ། ཡེ་ཤེས། བསྟན་པ། ཚུལ་ཁྲིམས་རྡོ་རྗེ། དཀོན་མཆོག་དཔལ་མོ་རྣམས་ལས་བྱེད་དང་། ལྷ་བྲིས་དཀོན་མཆོག་ནས་དབུ་ལྷ་གང་བཞུགས་བྲིས་པ་སོགས། རང་སློབ་རྣམས་ནས་དད་བློ་ཁོ་ནས་ཞབས་ཏོག་ཞུས་པས་ལོ་གསུམ་གྱི་ནང་གྲུབ་པ་སྟེ། དེ་དག་གི་སྐབས་འགྲོ་སོང་སོགས་ཀྱི་གྲངས་ནི་སྨྲོས་མ་དགོས་པ་ཤུགས་ཀྱིས་རྟོགས་པར་སླ་ཞིང་། དུས་ཀྱི་ཐ་མ་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཤིན་ཏུ་ཉག་ཕྲ་བའི་སྐབས་སངས་རྒྱས་ཀྱི་ཕྲིན་ལས་ནམ་ཡང་དུས་ལས་ཡོལ་བ་མེད་ཅིང་། ཁྱད་པར་སྙིགས་འགྲོ་སྤྱི་དང་གངས་ཅན་བོད་ཀྱི་འགྲོ་བ་ལ་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བ་ཨོ་རྒྱན་ཆེན་པོའི་ཐུགས་བསྐྱེད་དང་ཕྲིན་ལས་རྨད་དུ་བྱུང་བ། ཟབ་གཏེར་གྱི་བསྟན་པ་མ་འོངས་སངས་རྒྱས་བྱམས་པའི་ཕྲིན་ལས་ཀྱི་ཉིན་བྱེད་མ་ཤར་བར་དུས་ལས་ཡོལ་བ་མེད་པ་རྡོ་རྗེའི་ལུང་བསྟན་དུ་མ་ནས་འབྱུང་བ་བཞིན། ད་སྐབས་མཐོང་བའི་ཆོས་ལ་རྟེན་འབྱུང་གི་སྐྱ་རེངས་དང་པོ་གངས་ཅན་མཁས་གྲུབ་རྒྱུ་སྐར་གྱི་དབུས་ན་ཉི་ཟླ་ལྟར་འཛམ་གླིང་ཡངས་པའི་ཐ་གྲུར་གྲགས་པ་མཁྱེན་ཀོང་མཆོག་གསུམ་གྱིས་བཀའ་ཡི་བསྡུ་བ། དབང་ལུང་གི་འཆད་ཉན་གྱིས་བཤད་སྒྲུབ་ལས་གསུམ་ཟླ་ཤེལ་བདུད་རྩིས་རེག་པའི་ཆུ་གཏེར་ལྟར་འཕེལ་ཞིང་། རྗེ་བཙུན་བླ་མ་དག་གི་ཐུགས་སྲས་གྲུབ་མཐའ་རིས་མེད་པའི་སྐྱེས་ཆེན་རྣམས་ཀྱིས་ཐུགས་བསྐྱེད་དང་ཕྲིན་ལས་རྨད་དུ་བྱུང་བའི་བཀའ་དྲིན་ལས། ཁམས་བོད་བཀའ་བརྒྱུད་ཀྱི་གདན་ས་ཆེ་ཤོས་དཔལ་མཚུར་གཉིས་སུ་ཤིང་པར་བཞུགས་པའི་རྟེན་འབྱུང་གིས། རྒྱ་བལ་འབྲས་འབྲུག་ཕྱི་རྒྱལ་ཁག་ཏུ་ཆོས་གཏེར་གྱི་ཉིན་བྱེད་འགོག་མེད་འཆར་བའི་རྟེན་འབྲེལ་གྱི་སྒོ་འཕར་དངོས་སུ་ཕྱེ་བས་མེ་རོ་ཡོངས་སུ་གསོ་བའི། ཐུགས་བསྐྱེད་ཀྱི་གོ་ཆ་དིལ་མགོ་མཁྱེན་བརྩེའི་སྤྲུལ་སྐུར་གྲགས་པས་ལྷུར་བླངས་ཏེ་གླེགས་བམ་བརྒྱ་ཕྲག་བཅུ་གཅིག་གི་་་་འཕྲུལ་པར་འདི་སྐབས་གནས་དུས་དེའི་འགྲོ་ལུགས་ཀྱིས་ལྡེབ་སུམ་བརྒྱ་ལྷག་ཙམ་ལ་པོད་རེ་རྩིས་པ།མཆན།གྲངས་ལྡན་ལེགས་པར་གྲུབ་པ་སྟེ། རྣམ་དཀར་བགྱིས་པའི་ཕན་ཡོན་དང་དམ་པའི་ཆོས་འཛིན་པ་ནི་བྱང་ཆུབ་སེམས་དཔའི་བཟང་པོ་སྤྱོད་པའི་སྨོན་ལམ་རྫོགས་པར་གསུངས་པས་རྒྱས་པར་མདོ་རྒྱུད་རྣམས་ལ་གཟིགས་པས་ཁྱབ་པའོ། །ལྷག་བསམ་ཨ་ཤྭ་ཏ་ཡི་ས་བོན་ལས། །ཆོས་མཆོག་སྔོན་མེད་ལྗོན་བཟང་འདི་འཁྲུངས་པ། །རྒྱལ་བསྟན་ལྷ་དབང་མདུན་ས་མཛེས་བྱས་ནས། །མཁས་གྲུབ་གཞོན་ནུའི་རྩེ་དགས་རོལ་གྱུར་ཅིག །ཟབ་གཏེར་སྣ་རེས་དུས་ཀྱི་རྒུད་པ་སེལ། །རྡོ་རྗེའི་ལུང་གིས་བསྔགས་པ་དོན་གནས་ཕྱིར། །མི་བསྲུན་སྙིགས་མའི་སྐལ་ངན་བཟློགས་ནས་ཀྱང་། །བསྟན་འགྲོའི་དགེ་མཚན་རྒྱས་ཤིང་བརྟན་གྱུར་ཅིག །སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བ་ཡི། །མཚོ་སྐྱེས་རྒྱལ་བའི་མཛད་པར་ལོག་རྟོག་གི །དམ་སྲིའི་ངན་གཡོ་རྣམ་དཀར་འདིས་བསལ་བས། །ཀུན་ཀྱང་མ་ཧཱ་གུ་རུའི་གདུལ་བྱར་ཤོག །བཅུད་མཆོག་འཕྲོག་བྱེད་ལུས་བཟང་བདུད་རྩིའི་ཟས། །སྣོད་བཟང་ས་ཡི་ཟླ་བས་བཟུང་ནས་ཀྱང་། །དབང་རྣོན་ཆོས་རྗེས་འབྲང་བའི་དད་གུས་ཀྱིས། །སྲིད་པའི་མཐར་ཡང་འཛིན་སྤེལ་སྲུང་བར་ཤོག །བཀའ་གཏེར་མདོ་སྔགས་རིན་ཆེན་ལྷུན་པོའི་རྩེར། །མཆོག་དངོས་བསྐྱེད་རྫོགས་གྲུབ་པའི་སུམ་རྩེན་ཁབ། །ཐུན་མོང་ལས་བཞིའི་བང་རིམ་རྣམ་བཀྲ་བའི། །སྲིད་ཞིའི་ཉེར་འཚོ་མཆོག་འདི་རྟག་བརྟན་ཤོག །དེ་འཛིན་སྐྱེ་ཀུན་ཞབས་བརྟན་བཞེད་པ་འགྲུབ། །བཤད་སྒྲུབ་ལས་ཀྱི་འཁོར་ལོས་ཐུབ་བསྟན་གསོ། །འགྲོ་ཀུན་ཡིད་ཀྱི་འཇུག་པ་ཆོས་ཕྱོགས་སུ། །གཞོལ་བས་ཕན་བདེའི་དགའ་སྟོན་འཕེལ་རྒྱས་ཤོག །བདག་དང་འབྲེལ་བཅས་གུ་རུས་རྗེས་སུ་བཟུང་། །འོག་མིན་པདྨ་དྲྭ་བའི་མདུན་སར་ཚོགས། །གསང་ཆེན་ཆོས་ཀྱི་དགའ་སྟོན་མི་ཟད་པས། །ཟབ་རྒྱས་འདི་འཛིན་སྤེལ་དང་སྡུད་པར་ཤོག །དཔའ་ཆེན་བྱང་ཆུབ་སེམས་དཔའི་སྤྱོད་པ་ཀུན། །དམ་ཆོས་འཛིན་སྲུང་སྤེལ་ལ་རྫོགས་པས་ན། །རྣམ་དཀར་ལས་འདིའི་རིགས་གསུམ་རྒྱལ་བ་ཡི། །གསང་བ་མི་ཟད་དཔལ་དང་རོ་གཅིག་ཤོག །བཀྲ་ཤིས་མཁན་སློབ་ཆོས་ཀྱི་རྒྱལ་པོ་ཡིས། །བཀྲ་ཤིས་གངས་ཅན་བསྟན་འགྲོའི་དཔལ་སྤེལ་པའི། །བཀྲ་ཤིས་ཉི་མ་ནམ་ཡང་ནུབ་མེད་པའི། །བཀྲ་ཤིས་རྟག་ཁྱབ་ལྷུན་གྱིས་གྲུབ་གྱུར་ཅིག །ཅེས་པའང་ལེགས་བྱས་དེ་ཉིད་མཐར་ཕྱིན་པའི་ཚེ་རྣམ་དཀར་བགྱིད་པ་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས། ལྷོ་འབྲུག་མཐའ་ཡང་འདུལ་གྱི་གཙུག་ལག་ཁང་སྤ་གྲོ་སྐྱེར་ཆུའི་གནས་སུ་ཉུང་ངུའི་ངག་གིས་བརྗོད་ཅིང་སྨོན་པ་བཞིན་གྲུབ་པས་རང་བྱུང་སངས་རྒྱས་དཔལ་པདྨའི་སྙིང་པོའི་བསྟན་པ་ལ་བྱ་བ་མཆོག་ཏུ་བྱེད་པར་གྱུར་ཅིག། །།
ཟབ་ཆོས་འཇའ་ལུས་འོད་ཕུང་རང་གྲོལ་ལས བླ་མ་བརྒྱུད་པའི་རྣམ་ཐར་ནོར་བུའི་དོ་ཤལ་ (Volume 31, Text 4)
ྈ ཟབ་ཆོས་འཇའ་ལུས་འོད་ཕུང་རང་གྲོལ་ལསྈ བླ་མ་བརྒྱུད་པའི་རྣམ་ཐར་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོྈ ྀཨཚྈ བརྒྱུད་པ་ཕྱི་མ། ན་མོ་གུ་རུ་ཛཱ་ཧ་བཱི་རྈ ཀ་དག་ཆོས་སྐུའི་འོད་ཀློང་ནསྈ ལྷུན་གྲུབ་མ་འགགས་ལོངས་སྤྱོད་རྫོགསྈ རིག་རྩལ་སྣ་ཚོགས་སྤྲུལ་པའི་སྐུྈ གང་འདུལ་གདུལ་བྱའི་རེ་སྐོང་བའིྈ རྩ་བའི་བླ་མའི་ཚོགས་རྣམས་ལྈ རང་མདངས་ངང་དུ་ཕྱག་འཚལ་ལོྈ འདིར་རྣལ་འབྱོར་གྱི་དབང་ཕྱུག་ཛཱ་ཧ་བཱིར་གྱི་ཟབ་ཆོས་འཇའ་ལུས་འོད་ཕུང་རང་གྲོལ་གྱི་བླ་མ་བརྒྱུད་པའི་རྣམ་ཐར་མདོར་བསྡུས་ནོར་བུའི་དོ་ཤལ་མཐོང་བ་རང་གྲོལ་ནིྈ དེ་ཡང་འོག་མིན་ཆོས་ཀྱི་དབྱིངས་ཆོས་སྐུའི་ཞིང་ཁམས་དམིགས་པས་མ་གྲུབ་པ་ན་འཁོར་འདས་ཐམས་ཅད་ཀྱི་སྤྱི་དཔལྈ གདོད་མ་ཡེ་བཞུགས་ཀྱི་མགོན་པོྈ ཆོས་སྐུ་འོད་མི་འགྱུར་བ་ཞེས་བྱ་བ་དེ་ཉིད་ཀྱིསྈ ཀ་དག་ཟང་ཐལ་བཟང་ངན་གྱི་དབྱེ་བསལ་དང་བྲལ་བྈ ཐིག་ལེ་ལྔ་ལྡན་འོད་ལྔ་གཅལ་དུ་བཀྲམ་པྈ ལྷུན་གྲུབ་བདེ་ཆེན་གྱི་ཞིང་ཁམས་ནྈ ལོངས་སྤྱོད་རྫོགས་སྐུ་ཐུགས་རྗེ་ཆེན་པོ་མཚན་དཔེ་ངེས་པ་ལྔ་ལྡན་པ་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་དེ་ཉིད་ལ་གསུངསྈ དེས་ཤར་ཕྱོགས་རི་པོ་ཏ་ལ་ཞེས་བྱ་བར་རིགས་གསུམ་མགོན་པོའི་ཕོ་བྲང་འོད་ཟེར་གྱི་གུར་ཁང་དུྈ སྤྲུལ་སྐུ་པདྨ་འབྱུང་གནས་ཞེས་བྱ་བྈ སྣང་བ་མཐའ་ཡས་ཀྱི་སྤྲུལ་པྈ སྐུ་ལ་སྐྱེ་འཆི་དང་བགྲེས་རྒུད་མི་མངའ་བྈ ཡེ་ཤེས་ཀྱི་མཁའ་འགྲོ་མ་ཀུན་གྱི་གཡོག་བྱེད་པྈ དྲེགས་པ་སྡེ་བརྒྱད་བྲན་དུ་ཁོལ་བ་དེ་ཉིད་ལ་གསུངསྈ དེས་རྒྱ་གར་གྲུབ་ཐོབ་ཆེན་པོ་མ་ཧཱ་ནཱ་ཐ་ཞེས་པར་སྤྲུལྈ དེ་ཉིད་ཀྱིས་རྣལ་འབྱོར་དབང་ཕྱུག་ཛཱ་ཧ་བཱིར་ཞེས་པ་འཕོ་མེད་འོད་ལུས་འགྲུབ་པ་དེ་ཉིད་ལ་གནངྈ དེ་ལ་སློབ་མ་གྲུབ་པ་ཐོབ་པའི་སྐྱེས་ཆེན་འཇའ་ལུས་ཟག་མེད་དུ་གྲུབ་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱངྈ ཡོངས་གྲགས་ཀྱི་བུ་ཆེན་བརྒྱད་ནི་འདི་ལྟ་སྟེྈ བཛྲ་ནཱ་ཐ་ བྷྲ་མ་ནཱ་ཐ་ དྷེ་ཝ་ནཱ་ཐ་ ཤྲཱི་ནཱ་ཐ་ ཛིནྡྷ་བྷཱི་ར་ མ་ཎི་ཀཱ་ནཱ་ཐ་ པཎྜི་ཏ་སཽ་ཁྱ་ ཨ་མཱ་ར་སུ་ཁ་ དེ་རྣམས་འཕོ་མེད་འོད་ལུས་གྲུབ་པ་ཁོ་ནའོྈ ད་ལྟའང་ལས་ལྡན་རྣམས་ཀྱིས་ཞལ་མངོན་སུམ་དུ་མཇལ་བ་དང་། གསུང་གི་གདམས་པ་ཐོབ་པ་ནི་ཤིན་ཏུ་མང་ངོྈ ཁྱད་པར་རིག་གནས་ཀུན་ལ་མཁྱེན་པ་རྒྱས་པར་མཛད་པ་བཛྲ་ནཱ་ཐས་བླ་མའི་ལུང་བསྟན་དང་གདུལ་བྱའི་དུས་བབས་དང་བསྟུན་བོད་ཡུལ་དུ་ཕེབས་ནསྈ ས་སྐྱ་བ་དང་ཀརྨ་པ་གཉིས་ལ་བཀའ་བབས་ཡོད་པའི་ལོ་རྒྱུས་ཕུལ་པསྈ སྐུ་སྒྲོབ་དང་སྐུ་འགོངས་ཀྱིས་ས་ཀར་གཉིས་ལ་རྟེན་འབྲེལ་མ་འགྲིགྈ དུས་མི་རིང་བརྈ ས་སྐྱ་པ་གདུང་གིས་ཕོངས་ཤིངྈ ཀརྨ་པ་བསྟན་པས་ཕོངས་པ་གཅིག་ཡོང་ངམ་གསུངསྈ སླར་ཡང་བླ་མའི་ལུང་བསྟན་བཞིན་དུ་རྫུ་འཕྲུལ་གྱིས་དབུར་སྟོད་འབྲི་ཁུང་དུྈ ལྷ་སྲས་མུ་ཁྲི་བཙན་པོའི་རྣམ་སྤྲུལ་གཏེར་སྟོན་གནམ་ལྕགས་མེ་འབར་རམྈ སྣ་ཚོགས་རང་གྲོལ་རིན་ཆེན་ཕུན་ཚོགས་ཞེས་པ་དེ་ཉིད་ལ་ཡོངས་རྫོགས་གནང་ཞིང་བཀའ་བབས་སོྈ སྐྱེས་ཆེན་དེ་ཉིད་ནི་སྔོན་རྒྱ་གར་འཕགས་པའི་ཡུལ་དུ་རང་སངས་རྒྱས་བདེན་པར་སྨྲ་བ་ཞེས་བྱ་བར་སྐྱེ་བ་བཞེསྈ དེ་ནས་རིམ་བཞིན་རྒྱ་གར་གྲོང་ཁྱེར་མཐུ་སྲུང་ཞེས་པརྈ ཡབ་བཛྲ་ཧཱུྃ་ཀཱར་དང་ཡུམ་རཏྣ་ཏཱ་རེ་ཞེས་པའི་སྲས་ཧཱུྃ་ཀཱ་ར་ཞེས་པར་སྐྱེ་བ་བཞེསྈ དེ་ནས་རྒྱ་གར་ལྷོ་ཕྱོགས་ར་ས་ཞེས་པར་ཡབ་རྒྱལ་པོ་ཨུཏྤལ་དངྈ ཡུམ་བཙུན་མོ་མཛེས་ལྡན་མའི་སྲས་དགེ་ཁྱིམ་ཞེས་པར་སྐྱེ་བ་བཞེསྈ དེ་ནས་རྡོ་རྗེ་གདན་གྱི་བྱང་ཕྱོགས་ཡུལ་འོད་ལྡན་གྱི་རྒྱལ་པོ་སིཾ་ཧ་རཱ་ཛ་དྷ་ར་དངྈ བཙུན་མོ་ལཀྵྨཱི་ཞེས་པའི་སྲས་བྷ་དྲ་པཱ་ལ་ཞེས་པར་སྐྱེ་བ་བཞེསྈ ཡང་ཡུལ་དེ་ཉིད་དུྈ ཡབ་ཤཱནྟ་ས་ར་ཡུམ་རསྨི་ལི་ཀ་ཞེས་པའི་སྲས་དྷརྨ་པཱ་ལ་ཞེས་པར་སྐྱེ་བ་བཞེསྈ དེ་ནས་བོད་ཡུལ་གངས་ཅན་གྱི་ལྗོངས་འདིརྈ ཡབ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དངྈ ཡུམ་ཚེ་སྤོང་བཟའི་སྲས་མུ་ཏིག་བཙན་པོའམྈ ཁྲི་སྡེ་སྲོང་བཙན་ནམྈ འཇིང་ཡོན་སད་ན་ལེགས་སམྈ མུ་ཁྲི་བཙན་པོ་ཞེས་པར་སྐྱེ་བ་བཞེསྈ དེ་འོག་བོད་ཁམས་སུ་ཡབ་སྟོན་པ་སངས་རྒྱས་ཞེས་པ་དངྈ ཡུམ་ཆོས་ལྡན་ཞེས་པའི་སྲས་ཤེས་དཔལ་ཞེས་པར་སྐྱེ་བ་བཞེསྈ དེ་ནས་རྫོགས་ཆེན་རྣལ་འབྱོར་དྲི་མེད་འོད་ཟེར་གྱི་སྲས་སྤྲུལ་སྐུ་ཟླ་བ་གྲགས་པ་ཞེས་བྱ་བར་སྐྱེ་བ་བཞེསྈ དེ་ནས་འབྲི་ཁུང་གི་ས་ཕྱོགས་སུ་ཡབ་རིན་ཆེན་ཆོས་ཀྱི་རྒྱལ་པོ་དངྈ ཡུམ་རིན་ཆེན་སྒྲོན་མ་གཉིས་ཀྱི་སྲས་རིན་ཆེན་རྣམ་རྒྱལ་ཞེས་པར་སྐྱེ་བ་བཞེསྈ དེ་ནས་དབུར་སྟོད་འབྲི་ཁུང་དཀོན་གཉེར་སྒང་ཞེས་པརྈ ཡབ་ཆོས་ཀྱི་རྒྱལ་པོ་བསྟན་པའི་རྒྱལ་མཚན་དངྈ ཡུམ་བསོད་ནམས་སྒྲོན་མ་ཞེས་པའི་སྲས་སུ་མེ་མོ་སྦྲུལ་གྱི་ལོ་ལ་སྐུ་བལྟམསྈ དགུང་ལོ་བརྒྱད་ཀྱི་སྟེང་གདན་ས་དཔལ་གྱི་ཕག་མོ་གྲུར་སྤྱན་སྔ་ཆོས་ཀྱི་གྲགས་པའི་དྲུང་དུ་རབ་ཏུ་བྱུངྈ མཚན་རིན་ཆེན་ཕུན་ཚོགས་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བར་གསོལྈ དགུང་ལོ་བཅུ་གསུམ་སྟེང་དཀར་པོ་ཀུན་དགའ་གྲགས་པས་ཁྲ་འབྲུག་གི་ཞིག་གསོས་མཛད་པའི་རབ་གནས་ལ་གདན་འདྲེན་ཞུསྈ གནས་ངེས་མེད་དུ་སྒྲུབ་པ་ལ་བཞུགས་པསྈ ཐུགས་རྗེ་ཆེན་པོ་གསང་བ་མཆོག་ལམ་དངྈ སྒྲོལ་དཀར་ཡིད་བཞིན་ནོར་མཆོག་འཁོར་ལོ་བདུན་མའི་གདམས་པ་ཁྱད་པར་ཅན་དག་སྣང་དུ་བྱུངྈ དེ་ནས་དགུང་ལོ་ཉི་ཤུ་བཞེས་པའི་དུསྈ འབྲི་ཁུང་ཏི་སྒྲོ་ན་སྒྲུབ་པ་ལ་བཞུགས་པའི་དུསྈ པཎྜི་ཏ་ཆེན་པོ་བཛྲ་ནཱ་ཐ་དཔོན་སློབ་བཅུ་གཅིག་བྱོན་ནསྈ ཚེ་གཅིག་ལུས་གཅིག་ལ་འཇའ་ལུས་མཁའ་སྤྱོད་སྒྲུབ་པའི་གདམས་ངག་ཛཱ་ཧ་བཱིར་རླུང་ཁྲིད་ཕྱི་ནང་གསང་གསུམ་ཡོངས་རྫོགས་ཀྱི་བཀའ་བབས་སོྈ མ་ཧཱ་གུ་རུའི་ཟབ་ཡིག་ལུང་བསྟན་ལསྈ ཨེ་མ་ང་ཡི་གདམས་ངག་ཉོན་མོངས་རང་གྲོལ་ལྈ གཅེས་པར་དགོས་པའི་རླུང་ཟས་ལག་ལེན་ནིྈ ལྷ་སྲས་སྐྱེ་བ་བརྒྱུད་དེ་ཆོས་འདི་དང་འཕྲད་ཚེྈ ང་དང་མི་གཉིས་ཛཱ་ཧ་བཱིརྈ རྒྱ་གར་ཡུལ་འབྱུང་གྲུབ་པའི་རིག་འཛིན་བརྙེསྈ དེ་ཡི་ཡང་ཟབ་རླུང་གི་གདམས་པ་ནིྈ འཆི་མེད་གྲུབ་པའི་གནད་ཀུན་ལོན་གྱུར་ཏེྈ པདྨ་ང་ཡི་ཐུགས་རྗེས་འཕྲད་པས་ལོངསྈ ཞེས་དངྈ དེ་ཉིད་རང་ལ་སྐྱོབ་པའི་དག་སྣང་ལུང་བསྟན་ལསྈ སློབ་དཔོན་དང་རྡོ་རྗེ་བདུད་འཇོམས་ལ་འབྲེལ་བ་ཐོགས་པ་ཞིག་གིསྈ ཁྱོད་ཀྱི་ཆོས་སྐལ་བདག་གིས་སྤྲོད་པར་གྱུར་ཅིགྈ ཅེས་པའི་སྨོན་ལམ་བཏབ་པ་དེ་ཡང་མི་འགྱངས་པར་བྱ་བྲལ་གྱི་ཚུལ་བཟུང་ནས་ཁྱོད་དང་འཕྲད་པར་འདུག་པས་ཐེ་ཚོམ་མེད་པར་ལོངས་ཤིགྈ གསུངས་པ་བཞིན་འབྲུག་ལོའི་ནང་དུ་པཎྜི་ཏ་བཛྲ་ནཱ་ཐ་དང་མཇལ་ནས་གདམས་ངག་ཟབ་མོ་ཉམས་བཞེས་གནང་ནས་བཞུགས་ཚེྈ བཀྲེས་པའི་རྐྱེན་གྱིས་འཇིགས་པ་མི་སྣང་ནའངྈ སྐོམ་པ་ལ་ཕན་པ་ཞིག་དགོས་པར་འདུག་སྙམ་པའི་ཚེྈ ཞག་བདུན་སོང་བའི་ཚེ་བྱ་རོག་གིས་འཕྲུལ་འཁོར་ལ་བརྟེན་ནས་རླུང་སྐོམ་དུ་འཐུང་བའི་གདམས་ངག་བྱུངྈ བྱ་རོག་དེ་ཉིད་ནི་བཛྲ་ནཱ་ཐ་དང་མགོན་པོའི་སྤྲུལ་པའོྈ དེ་ཉིད་ཀྱི་དྲུང་དུ་རྫོགས་ཆེན་པ་ཚུལ་ཁྲིམས་སངས་རྒྱས་ཞེས་བྱ་བྈ འཁྲུངས་ཡུལ་རྩེ་གདོངྈ རུས་སྐྱོབ་པྈ སྐུ་གཞོན་ནུ་ལ་རབ་ཏུ་བྱུངྈ ངོར་པ་དཀོན་མཆོག་ལྷུན་གྲུབྈ འབྲི་ཁུང་ཟུར་པ་སོགས་བླ་མ་མང་དུ་བསྟེནྈ གསར་རྙིང་གི་ཆོས་མང་པོ་གསན་ཞིངྈ རྩེ་གདོང་བདག་ཆེན་གྱིས་རྫོགས་ཆེན་པར་མཚན་གསོལྈ རྣལ་འབྱོར་དབང་ཕྱུག་ཛཱ་ཧ་བཱིར་གྱི་གདམས་ངག་ཁོ་ན་ལ་བརྟེན་ནས་ཟབ་བུ་གཏེར་ལུང་བདུན་པརྈ མི་ལོ་ཆེན་པོ་བདུན་གྱི་བར་དུ་ཛཱ་ཧ་བཱིར་གྱི་རླུང་ཟས་ཁོ་ན་མཛད་པསྈ རླུང་ཟས་ཀྱིས་གེགས་གྲོལ་ནས་རླུང་སེམས་ལ་རང་དབང་ཐོབྈ བཀོད་པ་ལུས་ཀྱི་རྫུ་འཕྲུལ་དུ་མར་སྤྲུལ་ཞིངྈ ཡུལ་ཉི་ཤུ་རྩ་བཞི་དངྈ སངས་རྒྱས་ཀྱི་ཞིང་ཁམས་རྣམས་སུ་ཕེབས་ཤིངྈ ཡེ་ཤེས་ཀྱི་མཁྱེན་པ་དང་ལྡན་པ་དེ་ཉིད་ལ་བཀའ་བབས་སོྈ དེ་ཉིད་ཀྱི་དྲུང་དུ་མངའ་རིས་པ་འོད་གསལ་མཆོག་ལྡན་ཞེསྈ འཁྲུངས་ཡུལ་གུ་གེ་སྦི་ཏེ་རོང་ཆུང་གི་ལུང་པྈ རྐོས་སྦྲང་འབུད་རྒྱལ་ས་སྦྱིན་ཞེས་པ་དེརྈ ཡབ་ཞང་བློན་དར་མ་ཕྲིན་ལས་ཞེས་པ་དངྈ ཡུམ་ནི་ཆོས་རྒྱལ་ཁྲི་སྲོང་གི་དུསྈ ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚནྈ དེའི་བུ་སྲིང་མོ་ཅོག་རོ་བཟའ་རྒྱལ་པོའི་བཙུན་མོར་བཞེསྈ ཆོས་རྒྱལ་གྱི་གདུང་རྒྱུད་མངའ་རིས་སུ་ཆད་པའི་དུསྈ ཅོག་རོའི་རྒྱུད་པ་རྣམས་སྐུའི་གནས་པ་ཡིན་པ་དངྈ ཡོན་ཏན་མཁས་པས་བདག་རྐྱེན་མཐོ་བར་མཛད་པསྈ ཕྱག་ཕྱིར་འབྲངས་ཏེ་གུ་གེ་སྦི་ཏི་རོང་ཆུང་དགོན་པ་ཆགསྈ དེ་ནས་མི་རབས་བཅུ་གསུམ་གྱི་བར་དུྈ ཡང་ཕུར་ལ་གྲུབ་པ་ཐོབ་པ་མང་དུ་བྱུངྈ དེ་ནས་སྔགས་གྲོང་དུ་སོང་སྟེ་དབང་རྒྱུན་ཆདྈ སླར་ཡང་དབུས་གཙང་དུ་བྱོན་ནས་དབང་ལུང་ཁྲིད་གསུམ་མང་དུ་གསན་ནས་ཡར་ལོགྈ དགོན་པ་གསར་དུ་བཏབ་ནས་འགྲོ་དོན་ཡང་རྒྱ་ཆེར་བྱུང་བའི་སྲིང་མོྈ དབོན་མོ་ཉི་མ་བཟང་མོ་ཞེས་པའི་སྲས་སུ་མེ་མོ་སྦྲུལ་ལ་སྐུ་འཁྲུངསྈ མཚན་དཀོན་མཆོག་ཚེ་རིང་དུ་བཏགསྈ འཁྲུངས་ནས་ཞག་བདུན་སོང་བའི་ཚེྈ གྲུབ་ཆེན་ཛཱ་ཧ་བཱིར་གྱི་སློབ་མ་ཛིནྡྷ་བྷཱི་ར་ཞེས་པ་དཔོན་སློབ་བདུནྈ མཚོ་མ་ཕམ་མཇལ་བར་བྱོན་པའི་དུསྈ བུ་ཆུང་དེ་ཉིད་ཀྱི་དཔྲལ་བར་སིནྡྷུ་རའི་ཐིག་ལེ་བྱས་ཏེ་འདི་སྐད་གསུངསྈ བྱིས་པ་འདི་ཉིད་དམ་ཆོས་མ་དར་བའི་སར་སྐྱེས་ཀྱངྈ ཆོས་ལྡན་བོད་དུ་ཆོས་དང་འཕྲད་པར་འགྱུརྈ བཅུ་གསུམ་མ་འགྱངས་དབུས་གཙང་ཡུལ་དུ་རྫོངསྈ སྙིགས་དུས་སེམས་ཅན་རྣམས་ཀྱི་མགོན་སྐྱབས་བྱེད་གསུངས་སོྈ དེ་ནས་དགུང་ལོ་བཅུ་བཞི་ལོན་ཚེྈ རང་གི་ཨ་ཁུ་རིག་འཛིན་དཔལ་འབར་ཞེས་པའི་རྒྱབ་ཏུ་སྤྱན་དྲངས་ཏེྈ གློ་བོ་སྟོད་སྨད་ཀྱི་གནས་གང་ཡོད་མཇལྈ ཁྱད་པར་མུ་ཀུ་ཆེད་ཏ་ར་ཞེས་པའི་ཆུ་མིག་བརྒྱ་རྩར་རྣལ་འབྱོར་དབང་ཕྱུག་ཛཱ་ཧ་བཱིར་དངོས་མཇལྈ ཛཱ་བཱིར་གདམས་ངག་ཡོངས་རྫོགས་གནང་ཞིང་ཟབ་བུ་ལུང་དུ་རང་གི་ཚེ་རབས་ཀྱི་བླ་མ་ཡོད་པའི་ལུང་བསྟན་དངྈ དབུས་གཙང་ན་འགྲོ་དོན་དཔག་མེད་ཡོང་གསུངས་པ་ལྟར་ཟབ་ལུང་གཏེར་ལུང་བདུན་པར་ཐེ་ཚོམ་མེད་པར་ཕེབས་པསྈ རྫོགས་ཆེན་ཚུལ་ཁྲིམས་སངས་རྒྱས་དང་མཇལྈ གྲུབ་ཆེན་ཛཱ་ཧ་བཱིར་གྱི་གདམས་པ་མཐའ་དག་བརྩེ་བས་རྗེས་སུ་བཟུང་ཞིངྈ རྟེན་འབྲེལ་མ་ལུས་པར་འགྲིག་ཅིངྈ སྐྱེས་ཆེན་དམ་པ་མང་པོའི་ཞབས་ལ་གཏུགསྈ རབ་འབྱམས་རྣམ་དྲུག་ལྈ གནས་པ་རབ་འབྱམས་པ་བྱམས་པ་ཕུན་ཚོགསྈ འབུམ་རབ་འབྱམས་པ་དཔལ་འབྱོར་ཤེས་རབྈ ཇོ་གདན་པ་ལུང་རིག་རྒྱ་མཚོྈ གསེར་མདོག་ཅན་གྱི་མཁན་ཆེན་ཀརྨ་བཟང་པོྈ སྐྱེད་ཚལ་མཁན་པོ་ངག་དབང་གྲགས་པྈ འཕྱོང་རྒྱས་རབ་འབྱམས་པ་དགོན་གསར་བྈ གཏེར་སྟོན་རྣམ་གསུམ་ལྈ གཏེར་སྟོན་ཞིག་པོ་གླིང་པྈ གཏེར་སྟོན་བདེ་ཆེན་གླིང་པྈ འཕྲང་མགོ་གཏེར་སྟོན་ཤེས་རབ་འོད་ཟེརྈ རྡོར་འཛིན་རྣམ་པ་དྲུག་ལྈ མུས་པ་དཔལ་ལྡན་དོན་གྲུབྈ བྲང་ཏི་ནམ་མཁའ་དཔལ་བཟངྈ ཤར་པ་ཀུན་དགའ་བཀྲ་ཤིསྈ ལྷ་རྗེ་བློ་གྲོས་རྒྱལ་མཚནྈ སྣ་ནམ་པ་བདེ་ལེགས་ཕུན་ཚོགསྈ གྲྭ་ཐང་བླ་ཆེན་པོྈ སྡེ་བླ་རྣམ་གསུམ་ནིྈ འབྲི་ཁུང་ཁྲི་ཐོག་པ་ཀུན་དགའ་རིན་ཆེནྈ ས་སྐྱ་ཁྲི་ཐོག་པ་ཀུན་དགའ་བསོད་ནམསྈ འབྲུག་པ་ཁྲི་ཐོག་པ་མི་ཕམ་ཆོས་རྒྱལ་ལོྈ སྔགས་འཆང་རྣམ་དྲུག་ནིྈ མངའ་རིས་རིག་འཛིན་དཔལ་འབརྈ བྱང་བཀྲ་བཟང་བ་པདྨ་དབང་ཆེནྈ ཨེ་པ་ཆོས་ཀྱི་རྒྱལ་པོྈ གཙང་རོང་ཚེ་བདག་རྡོ་རྗེྈ འབྲི་ཁུང་ཟུར་པ་ཕུན་ཚོགས་རྣམ་རྒྱལྈ དགེ་ལེགས་ཕུན་ཚོགསྈ རྣལ་འབྱོར་གསུམ་ནིྈ རྫོགས་ཆེན་རྣལ་འབྱོར་ཚུལ་ཁྲིམས་སངས་རྒྱསྈ ཕྱག་ཆེན་རྣལ་འབྱོར་བཀྲ་ཤིས་སྟོན་པྈ རྩ་རླུང་རྣལ་འབྱོར་བྱམས་པ་ཆོས་རིན་ནོྈ བཤེས་གཉེན་དྲུག་ནིྈ ནུབ་དགོན་པ་དཀོན་མཆོག་རྒྱལ་མཚནྈ དྲུག་པ་རྟོགས་ཆུང་བྈ ཀརྨ་ཕུན་ཚོགས་རྣམ་རྒྱལྈ སངས་རྒྱས་རྡོ་རྗེྈ བྲག་རྒན་པ་ནམ་མཁའ་རྡོ་རྗེྈ འདི་ལ་ཛཱ་བཱིར་ཟུར་བཀོལ་ཐམས་ཅད་གསན་པ་ཡིནྈ གངས་རི་ཐོད་དཀར་བའི་སྐུ་སྐྱེ་དཔའ་བོ་སྤྲུལ་སྐུ་སོགས་བསྟེན་ཞིངྈ དེ་དག་རྣམས་ཀྱིས་གདམས་ངག་བུམ་པ་གང་བྱོ་ཐམས་ཅད་གནངྈ ཁྱད་པར་རྣལ་འབྱོར་དབང་ཕྱུག་ཛཱ་བཱིར་ལན་གསུམ་ཞལ་གཟིགས་ཤིངྈ གདམས་པ་ཡོངས་རྫོགས་ཉེ་བརྒྱུད་དུ་གསནྈ གཞན་ཡང་གྲུབ་ཐོབ་རྣམ་བཞི་ཞལ་གཟིགས་ནསྈ གྲུབ་ཐོབ་ཚེ་སྒྲུབ་ཐབས་ལམ་དམར་ཁྲིད་ལ་སོགས་པའི་གདམས་པ་ཁྱད་པར་ཅན་མང་པོ་དག་སྣང་དུ་བྱུང་ཞིངྈ དགུང་ལོ་བརྒྱ་དང་ལྔ་བཅུ་ང་བདུན་བཞུགསྈ དེ་ཉིད་ཀྱི་ཞབས་དྲུང་དུྈ བདག་སོགས་རྣམས་ཀྱི་འདྲེན་མཆོག་དམ་པ་རིག་འཛིན་ཆོས་རྒྱལ་རྡོ་རྗེ་ཞེས་སྙན་པའི་བ་དན་འཇིག་རྟེན་གསུམ་དུ་ཁྱབ་པ་དེ་ཉིདྈ བྲེས་ཕུར་ལོ་ཙཱ་བ་ཆེན་པོ་གཉགས་ཛྙཱ་ནའི་གདུང་རྒྱུད་དུ་འཁྲུངས་ཤིངྈ སྐུ་གཞོན་ནུའི་དུས་སྐྱེས་ཆེན་དམ་པའི་རྣམ་ཐར་མཚན་ཉིད་ཡོངས་སུ་རྫོགས་པ་ཚང་ཞིངྈ གསང་སྔགས་གསར་རྙིང་བཀའ་གཏེར་རིང་ལུགས་ཐམས་ཅད་ལ་མཁྱེན་པ་རྒྱས་ཤིངྈ སྒྲོ་འདོགས་ཕྱོགས་མེད་དུ་བཅདྈ དཀའ་སྤྱད་སྙིང་རུས་ཀྱི་གོ་ཆ་རྨད་དུ་བྱུང་བས་སྒྲུབ་པ་རྩེ་གཅིག་གིས་རང་དོན་མངོན་དུ་གྱུར་ཅིངྈ གྲུབ་པ་བརྙེས་པས་གཞན་དོན་ཐུགས་བསྐྱེད་ཀྱི་ལས་འཕྲོའི་འབྲས་བུ་བཅུད་དུ་སྨིན་པ་དངྈ འོད་གསལ་རྡོ་རྗེ་སྙིང་པོའི་གནས་ལུགས་ཟང་ཐལ་མངོན་དུ་གྱུར་པསྈ དུས་གསུམ་ས་ལེར་མཁྱེན་པྈ པདྨའི་བཀའ་ལུང་ཟབ་མོ་ལས་ཀྱངྈ དྷརྨ་རཱ་ཛ་ཞེས་བྱ་བྈ གཙང་ཤངས་ཨེ་དམར་ཕྱོགས་སུ་འབྱུངྈ རྟ་མགྲིན་བྱིན་རླབས་སྐྱེས་བུ་ཡིནྈ འཕྲད་ཚང་ངན་སོང་འཁོར་ལོ་གཅོདྈ ཅེས་དངྈ དགོངས་འདུས་ལུང་བསྟན་བཀའ་རྒྱ་མ་ལསྈ བསམ་ཡས་ནུབ་བྱང་མཚམས་ཀྱི་རི་ནག་རྩརྈ དྷརྨའི་མིང་ཅན་ཆོས་རྒྱལ་གསུང་སྤྲུལ་ནིྈ ཞང་རིགས་སྤྱོད་པ་རླབས་ཆེན་འགྲོ་བ་འདུལྈ ཞེས་དངྈ རྡོར་སེམས་ལུང་བསྟན་སྙིང་གི་མུན་སེལ་ལསྈ དེ་དང་དུས་མཚུངས་མྱང་སྨད་ཉི་ལུང་དུྈ ཆོས་རྒྱལ་གསུང་སྤྲུལ་ཀུན་དགའི་མིང་ཅན་གཅིགྈ སྒྱུ་འཕྲུལ་ཞི་ཁྲོའི་དངོས་གྲུབ་བརྙེས་པ་འབྱུངྈ ཀུན་དགའི་མིང་ཅན་ཞེས་པ་ནིྈ རིག་འཛིན་ཆེན་པོ་འདི་ཉིད་སྐུ་ཆུང་ངུའི་དུས་སུ་ཡབ་ཡུམ་རྣམས་ཀྱིས་གཅེས་མིངྈ ཀུན་དགའ་བསྟན་འཛིན་དུ་བཏགས་པས་ན་ཀུན་དགའ་ཞེས་པའོྈ ཅེས་པའི་མཚུངས་བྲལ་ཆེན་པོ་དེ་ཉིད་ལ་ཛཱ་བཱིར་ཡོངས་རྫོགས་ཀྱི་བཀའ་བབས་སོྈ དེ་ཉིད་ཀྱིས་རྒྱལ་ཁམས་སྤྲང་པོ་ཉི་ཟླ་ཀློང་གསལ་ལ་གནང་བའོྈ ཞེས་རྣལ་འབྱོར་གྱི་དབང་ཕྱུག་ཛཱ་ཧ་བཱིར་གྱི་བླ་མ་བརྒྱུད་པའི་རྣམ་ཐར་མདོར་བསྡུས་ནོར་བུའི་དོ་ཤལ་འདི་ཉིདྈ སྙིགས་དུས་ཀྱི་སྤྲང་པོ་ཉི་ཟླ་ཀློང་གསལ་གྱིས་བགྱིས་པའོྈ དྲང་སྲོང་གཟའ་བརྒྱད་བཀའ་ཡི་བྱ་ར་མཛོདྈ ྈྈ འཇའ་ལུས་འོད་ཕུང་རང་གྲོལ་ལསྈ ལོ་རྒྱུས་ཉི་ཟླ་ཟུང་འབྲེལ་བཞུགས་སོྈ ཨོཾ་ཨཱཿཧཱུྃ་གུ་རུ་ཛཱ་ཧ་བཱིར་སིདྡྷིྈ ཡེ་ནས་ཀ་དག་མི་དམིགས་སྤྲོས་བྲལ་ཀློངྈ ལྷུན་གྲུབ་མ་འགགས་རང་གསལ་མཚན་འཛིན་བྲལྈ ཟུང་འཇུག་ཀུན་ཁྱབ་མཐའ་བྲལ་ཐུགས་རྗེ་འབརྈ རྣལ་འབྱོར་དབང་ཕྱུག་ཛཱ་བཱིར་ཞབས་ལ་འདུདྈ འཇའ་ལུས་མཆོག་སྩོལ་འོད་ཕུང་རང་གྲོལ་གྱིྈ ལོ་རྒྱུས་ཕྱི་ནང་གསང་གསུམ་བཀོད་པ་ལྈ ཆོས་བདག་མཁའ་འགྲོའི་ཚོགས་ཀྱིས་གནང་དུ་གསོལྈ དེ་ལ་འདིར་སྙིགས་དུས་ཀྱི་སྤྲང་པོ་ཉི་ཟླ་ཀློང་གསལ་ཁོ་བོྈ ཆུང་བྱིས་པ་ཨ་ལི་མའི་དུས་སུ་རྨི་ལམ་ཉམས་སྣང་ཐམས་ཅད་ལྈ བུད་མེད་མང་པོ་འཚོགས་ནས་རང་གི་སྡོད་རོགས་དང་རྩེ་གྲོགས་བྱེད་ཅིངྈ ནུབ་མོ་ཡང་རང་ཉལ་ཚེ་མལ་གྱི་མཐའ་བསྐོར་ནས་བག་དྲོ་ཧུར་རེ་སྡོད་པ་དངྈ ཡང་སྐབས་འགའ་རེར་མཁའ་འགྲོ་མ་སུ་ཁ་སིདྡྷི་ཡིན་ཟེར་བའི་བུད་མེད་དཀར་མོ་རུས་པ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་གཅིག་ཡང་ཡང་བྱུང་ནསྈ སུ་ཁ་ཆོས་དྲུག་ཡིན་ཟེར་བའི་པོ་ཏི་ཤིན་ཏུ་ལེགས་པ་གཅིག་བསྟན་ནསྈ འདི་ཉམས་སུ་བླངས་ན་དོན་ཆེན་འགྲུབ་ཟེར་བ་དངྈ རྩ་རླུང་འཕྲུལ་འཁོར་གྱི་གླིང་བཞི་འདེགས་པྈ གླིང་བཞི་བགྲད་པྈ གླིང་བཞི་དགྲམ་པྈ གླིང་བཞི་སྡུད་པྈ གཟེར་ཐེམ་བཀག་པ་ལ་སོགས་བསྟན་ཞིངྈ མཁའ་འགྲོ་མ་དེ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པ་ཁོ་ན་བྱུངྈ ཡང་སྐབས་གཅིག་ཙ་ན་གོང་གི་མཁའ་འགྲོ་མ་དེ་བུད་མེད་མི་སྡུག་པའི་ཆ་བྱད་དུ་སྤྲུལ་ནསྈ ཕྱག་གཡས་ཀྱི་གྲི་གུག་གིས་རང་ལུས་གཤགས་ནསྈ རྩ་རོ་རྐྱང་དབུ་གསུམ་འཁོར་ལོ་ལྔ་གྲངས་ཅན་གྲངས་མེད་ཀྱི་རྩ་འཁོར་རྣམས་མངོན་སུམ་དུ་བསྟན་ནསྈ ཁྱོད་ཀྱིས་འདི་ལྟ་བུ་བསྒོམ་ན་འཇའ་ལུས་རྡོ་རྗེའི་སྐུ་ཐོབ་གསུང་བ་ཞིག་ཀྱང་བྱུངྈ དེ་ནས་རང་ལོ་བཅུ་འགྲོ་ཚེ་ནམ་མཁའ་ནསྈ ཤོག་དྲིལ་ཞེང་སོར་བཞི་ཙམ་ལ་དཀྱུས་མཐོ་དོ་བྱས་པ་ལྈ ཡི་གེ་གཟབ་ཆུང་བརྩེགས་མའི་གཞུག་ཏུ་མཆན་བུས་ཀྱང་ཤིན་ཏུ་མཛེས་པར་བྱས་པ་གཅིག་ལག་ཏུ་བྱུངྈ དེ་སླར་ཡི་གེ་ཤེས་ཚེ་བསྟས་པས་རྒྱ་གར་གྲུབ་ཐོབ་ཛཱ་བཱིར་ཞེས་པའི་གདམས་པྈ རླུང་ཟས་སུ་ཟ་ཚུལ་སྐོམ་དུ་འཐུང་ཚུལྈ རླུང་རྟ་རུ་ཞོན་པ་གོས་སུ་གྱོན་པྈ དྭངས་མ་དཀར་དམར་སྤེལ་སྦྱོང་བགྱིས་ཏེྈ ཟག་མེད་འོད་ལུས་སྒྲུབ་ཐབས་དེ་རྣམས་ཀྱིྈ གེགས་སེལ་བོགས་འདོན་སོགས་འདུག་ཀྱང་དོན་ནི་མ་གོྈ དགའ་ཚོར་དཔག་མེད་བྱུང་ནས་རང་གར་སྡོད་ཀྱི་སྔས་མགོར་བཞག་པསྈ རྗེས་སུ་ཤོག་དྲིལ་དེ་བསྐྱུར་ནས་མ་བྱུང་བས་སྙིང་དོན་པ་ལྟ་བུའི་སྡུག་བསྔལ་བྱུང་ནསྈ མངའ་རིས་སྟོད་ཕྱོགས་ལ་ནི་ཛཱ་བཱིར་ཞེས་པའི་སྒྲ་ཡང་མི་གྲགས་པ་འདུགྈ དེ་ང་རྒྱལ་ཁམས་གང་ན་ཡོད་ཀྱང་ཞུ་དགོས་སྙམས་ཏེྈ ཕ་མ་གཉེན་ཚན་ནོར་རྫས་ཚེ་འདིའི་ལྟར་སྣང་ཐམས་ཅད་བློས་རྒྱང་བཏང་ཏེྈ གྲྭ་ས་ཆེན་པོ་གསེར་མདོག་ཅན་དུ་སློབ་གཉེར་ལ་ཡོང་ཡངྈ མདོ་ཕྱོགས་ལ་སེམས་མ་སོང་ཞིངྈ རྫོགས་པ་ཆེན་པོ་འདི་རང་གི་ཕ་ཆོས་ཡིན་པས་ཞུ་བ་ལྈ སྔ་འགྱུར་བསྟན་པའི་གཙུག་རྒྱན་རིག་འཛིན་ཆེན་པོ་ཆོས་རྒྱལ་རྡོ་རྗེའི་སྐུ་ཞབས་སུ་རྫོགས་ཆེན་བཀའ་གཏེར་བསམ་གྱིས་མི་ཁྱབ་པའི་དབང་ལུང་ཁྲིད་གསུམྈ བཅུད་ལེན་སྐོར་མང་པོ་དངྈ ཁྱད་པར་དུ་རྣལ་འབྱོར་དབང་ཕྱུག་ཛཱ་བཱིར་གྱི་སྐོར་ཡོངས་རྫོགས་བརྩེ་བས་རྗེས་སུ་བཟུང་ཞིང་འདི་སྐད་གསུངསྈ ཁོ་བོ་ལ་དང་པོ་མངའ་རིས་འོད་གསལ་མཆོག་ལྡན་གྱིས་ཛཱ་བཱིར་གྱི་གདམས་པ་བུམ་པ་གང་བྱོར་གནང་ཞིང་ཆོས་བདག་ཏུ་ལུང་བསྟནྈ བཀྲ་ཤིས་མངའ་གསོལ་མཛད་དེ་རྒྱལ་ཚབ་ཏུ་བཀོད་པ་ཡིན་ཅིངྈ དེ་བཞིན་དུ་དགེ་སློང་རང་ཡངྈ ཡང་ཏིག་ནག་པོ་གསེར་གྱི་འབྲུ་གཅིག་དངྈ རྣལ་འབྱོར་དབང་ཕྱུག་ཛཱ་བཱིར་གྱི་གདམས་པ་ཟབ་མོྈ ཕུང་པོ་འོད་ལུས་སུ་འགྲུབ་པ་འདི་ཉིད་ཀྱི་ཆོས་བདག་ཡིན་པསྈ དེ་རིང་མན་ཆད་ཁྱེད་ཀྱི་མིང་ལ་དགེ་སློང་ཛཱ་བཱིར་འཇའ་ལུས་སྣང་སྟོང་རང་གྲོལ་གྱིས་ཤིག་གསུངསྈ ཛཱ་བཱིར་ཉེ་བརྒྱུད་དང་བཅས་པ་གནང་དབུགས་དབྱུང་གཟེང་བསྟོདྈ འགྲོ་དོན་བྱེད་པའི་རྒྱལ་ཚབ་ཏུ་མངའ་གསོལ་གནང་བསྈ ཁོ་བོས་ཀྱང་བླ་མའི་བཀའ་བཞིན་གདམས་ངག་ཆུད་མ་ཟོས་ཤིངྈ རྣམ་གཡེང་ལེ་ལོར་མ་ཤོར་བརྈ ངེས་མེད་ཀྱི་རི་ཁྲོད་རྣམས་སུ་ཚེ་འདི་བློས་བཏང་སྟེ་མི་ལོ་དྲུག་བདུན་ཙམ་མི་ཟས་རགས་པ་སྤངས་ནསྈ དཀའ་ཐུབ་བཅུད་ལེན་གྱི་རིགས་མང་པོ་དངྈ སྐབས་སྐབས་སུ་སྦང་རྩམ་ཐུར་མགོ་རེ་ལ་བརྟེན་ནས་སྒོམ་པའི་ཚེྈ བུད་མེད་དཀར་མོ་རུས་པ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་ཡང་ཡང་བྱུང་ནསྈ རང་ལུས་གཞན་ལུས་ཀྱི་ཉམས་ལེན་འཕྲུལ་འཁོར་གྱི་གནད་དངྈ བདེ་བའི་བོགས་འདོན་ཤེས་རབ་གསང་བའི་བཅུད་ཀྱིས་ཡང་ཡང་ཚིམས་པར་བྱས་ནས་འདི་སྐད་གསུངསྈ པདྨ་རི་དྭགས་དུང་སྣ་ཅནྈ གླང་ཆེན་ལྕུགས་ཕྲན་ལ་སོགས་པའིྈ རིགས་ལྔའི་མཚན་རྟགས་ཤེས་རབ་མྈ ལས་རྒྱར་བསྟེན་ན་ཐར་ལམ་བགྲོདྈ ང་རྒྱལ་སྡོམ་པས་མ་བཅིངས་པརྈ བདེ་སྟོང་དགའ་བཞིའི་རང་ཞལ་ལྟོསྈ སྣོད་བཅུད་ལྷ་ཡི་རོལ་པར་ཁྱེརྈ ཕྱི་ནང་འོད་གསལ་ཀློང་དུ་གྲོལྈ ཞེས་གསུངསྈ ཡང་སྐབས་གཅིག་ཆུ་བར་ཕུའི་ཁྲུ་དཀར་ཁྲུ་ནག་ཞེས་པར་གནས་འབྲེལ་ལ་སྡོད་ཚེྈ ཡང་གོང་གི་མཁའ་འགྲོ་མ་དེས་འདི་སྐད་གསུངསྈ ཀྱེ་ཧོ་འཇའ་ལུས་སྣང་སྟོང་རས་པ་ཁྱོདྈ གོས་དཀར་རལ་པའི་ཐོར་ཚུག་སྔགས་ཆས་གྱིསྈ ངེས་མེད་རི་ཁྲོད་རྒྱུ་ཞིང་ཡིད་འོང་པདྨར་རོལྈ གསང་སྔགས་དམ་ཚིག་ལྔ་ལྡན་རྟག་ཏུ་གཅེསྈ སྔར་མིང་ཞོག་ལ་སྟོང་གསུམ་དཔལ་འབར་རམྈ ཡང་ན་གླིང་བཞི་དཔལ་འབར་འགྲོ་བའི་མགོནྈ རྣམ་གཡེང་སྤོངས་ལ་བརྟུལ་ཞུགས་ལྡན་པ་ཡིྈ བདེ་སྟོང་བོགས་འདོན་ལས་ཀྱི་ཕྱག་རྒྱ་མྈ པདྨ་ཨོ་རྒྱན་ཆོག་པའི་མིངྈ འཛོམ་དང་མདངས་གསལ་བུད་མེད་ལྔའིྈ ཤེས་རབ་གསང་བའི་བཅུད་ཐོབ་ཅིངྈ བཟང་མིང་སྒྲུབ་ཕུག་རྙེད་གྱུར་ནྈ འཇའ་ལུས་འགྲུབ་པར་ཐེ་ཚོམ་མེདྈ ཟེར་བ་སོགས་མང་དུ་བྱུང་ཡང་ཟུར་དུ་ཤེསྈ དེ་ནས་ཡང་བེར་ཆུང་དབེན་པའི་རི་ཁྲོད་དུ་མཚམས་དམ་པོ་ལ་ཡོད་ཚེྈ རང་གི་གཅུང་པོ་ཚེ་རིང་ཆོས་འཕེལ་ཞེས་པ་ཤི་ནས་ལོ་མང་དུ་སོང་བྈ ཁོ་ཡིན་རྒྱུ་བ་བྱས་ཡོང་ནས་ཇོ་ཇོ་ལ་ཨ་ལྕེ་ནི་རྒྱབ་ཐུར་མདུན་ཐུརྈ ཐུར་མའི་ལག་ལེན་སྟོན་ཤོག་ཟེར་བསྈ ཡོངས་པ་ཡིན་ཟེར་ནསྈ རྒྱབ་ཐུར་མདུན་ཐུར་གྱི་འཛུག་ལུགསྈ ཁྲག་བྱུང་ན་འཛག་གཅོད་བསྡོམ་པྈ རྗེས་སྤྱོད་བྱུག་བདུག་སྤྱོད་ལམ་བྱེད་ཚུལ་སོགས་བསླབ་བྱུངྈ དེར་བདག་གིས་ཨ་ལྕེའི་མིང་ལ་གང་ཟེརྈ ཁྱོད་རང་སྔར་ནས་ད་བར་གང་དུ་བསྡད་བྱས་པསྈ ཨ་ལྕེའི་མིང་ལ་མཁའ་སྤྱོད་རིག་འཛིན་གཙོ་མོ་ཛྙཱ་ན་ཌཱ་ཀི་སུ་ཁ་སིདྡྷི་ཟེརྈ ང་རང་སྔར་ཕན་ཆད་ཨ་ལྕེའི་ལོགས་སུ་བསྡདྈ ད་ནི་མྱུར་དུ་ཇོ་ཇོ་རང་གི་ཕྲིན་ལས་སྒྲུབ་པའི་བུ་མོ་གཅིག་ཏུ་སྐྱེ་བ་བླངས་ཏེ་མྱུར་དུ་མཇལ་རྒྱུ་ཡིན་ཟེརྈ སྐྱེ་བ་ལེན་ཚུལ་མིང་དང་ས་ཆ་སོགས་བཤད་བྱུང་ཡང་བརྗེད་ནས་མ་བྱུངྈ དེ་ནས་རྒྱུན་པར་ཛཱ་བཱིར་གྱི་གདམས་པ་ཁོ་ན་ཉམས་ལེན་བྱས་ནསྈ བེར་ཆུང་དབེན་པའི་རི་ཁྲོད་དུ་ལྟོ་གོས་ཐམས་ཅད་བློས་བཏང་སྟེྈ མདོར་ན་འགྲོ་འདུག་སྤྱོད་ལམ་ཡང་མ་བྱས་པར་ཉིན་མཚན་མེད་པར་ཉམས་ལེན་གྱི་ངང་ལ་བསྡད་ཡོད་པའི་ཚེྈ རང་གི་མདུན་དེར་རྣལ་འབྱོར་དབང་ཕྱུག་ཛཱ་ཧ་བཱིར་དེ་ཉིད་སྐུ་མདོག་དཀར་ལ་དམར་མདངས་ཆགས་པྈ ཕྱག་གཡས་སེང་ལྡིང་གི་ཌཱ་མ་རུ་འཁྲོལ་ཞིངྈ གཡོན་འཆི་མེད་ཚེའི་བུམ་པ་བསྣམས་པྈ ཕྲག་པ་གཡས་གཡོན་དུ་ཉི་ཟླ་དངྈ མཆན་ཁུང་གཡས་གཡོན་དུ་མེ་ཏོག་དཀར་དམར་གྱི་ཕྲེང་བས་མཛེས་པྈ དབུ་སྐྲ་རལ་པའི་ཐོར་ཚུགས་ལ་རལ་ཆིངས་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པྈ དར་དམར་གྱི་ཨང་རག་གསོལ་བྈ ཞབས་རྒྱལ་པོ་རོལ་པའི་སྟབས་ཀྱིས་གཡུ་འབྲུག་སྔོན་མོའི་སྟེང་ན་བཞུགས་ཏེ་འདི་སྐད་གསུངས་པའི་ཉམས་ཤིག་ཤར་བྱུངྈ ན་མོ་གུ་རུ་སིདྡྷི་བྷ་ཝནྟུ། ཟབ་མོ་ངེས་པ་དོན་གྱི་མན་ངག་གིསྈ སྐལ་ལྡན་ཚེ་གཅིག་སངས་རྒྱས་བསྒྲུབ་པ་ལྈ ཞེན་ལོག་དད་བརྩོན་ལྷག་བསམ་སྔོན་འགྲོ་བསྈ ལྷུན་གྲུབ་རྣམ་གསུམ་ཉམས་ལེན་སྲོག་ཤིང་མཆོགྈ ལམ་གྱི་རྩ་བ་བྱང་སེམས་མོས་གུས་ཏེྈ ཉམས་རྟོགས་རྩ་བ་རྩ་རླུང་ཐིག་ལེ་ཡིནྈ དབུ་མ་འཇའ་ལུས་གསལ་སྟོང་འཛིན་མེད་སྒོམསྈ ཟག་བཅས་འཁོར་བའི་རྐྱེན་ལ་མ་ལྟོས་པརྈ ཟག་མེད་རླུང་གིས་བཟའ་བཏུང་གོས་རྒྱན་འཚོྈ ཚེ་ཡི་མི་མཐུན་འགལ་རྐྱེན་ཀུན་འཇོམས་ཤིངྈ ཚ་གྲང་བད་མཁྲིས་ནད་རྣམས་བཤལ་སྐྱུག་འབྱིནྈ མཐུན་རྐྱེན་ཉམས་རྟོགས་ཉི་ཟླའི་དཀྱིལ་འཁོར་རྒྱསྈ ཟླ་བའི་ཉམས་ལེན་འདོད་ཆགས་བདག་པོས་བརྟེནྈ སྦུབས་འདྲེན་གཙུག་ཏོར་བསྒྲུབ་ཅིང་རླུང་གཉིས་བསྲེྈ གེགས་སེལ་ཡོན་ཏན་སྐྱེད་པའི་ཐབས་ལ་འབདྈ རྒན་པོའི་སྐྱོན་བྲལ་ཚེ་རིང་བཀྲག་མདངས་ལྡནྈ ཅིར་སྣང་དག་པའི་སྣང་བ་འཁོར་ཡུག་ལྈ གཟུང་འཛིན་རེ་དོགས་བྲལ་བའི་མྱང་འདས་དངོསྈ ཚེ་འདིར་འཇའ་ལུས་མཆོག་གི་དངོས་གྲུབ་ཐོབྈ མ་ཎི་དཔལ་འབར་གཞན་དོན་ལྷུན་གྱིས་གྲུབྈ ཚོགས་གཉིས་དགེ་བ་བྱང་ཆུབ་ཆེན་པོར་བསྔོྈ ཞེས་དངྈ ཀྱེ་ཧོྈ དད་ལྡན་ཚེ་གཅིག་སངས་རྒྱས་ཐོབ་འདོད་རྣམསྈ ཚེ་སྒྲུབ་ཟབ་མོས་རྣལ་འབྱོར་ཚེ་སྲོག་བསྲིངྈ བདེ་དྲོད་གཏུམ་མོས་བག་ཆགས་གཉིས་འཛིན་བསྲེགྈ འབྱུང་ལྔའི་དྭངས་མ་ཡེ་ཤེས་ཟས་བཅུད་འཚོལྈ རྐང་མགྱོགས་རླུང་གིས་མཁའ་སྤྱོད་དངོས་གྲུབ་བསྒྲུབྈ ཆུ་རླུང་ཟབ་མོས་སྐོམ་པའི་ཚ་གདུང་སེལྈ བཏུང་བའི་བྱེ་བྲག་ཕྱི་ནང་བཅུད་སྡུད་བྱྈ རྩ་བའི་རླུང་ལྔས་ཕྱི་ནང་བར་ཆད་སེལྈ རླུང་འཚོ་བཅུད་འཚོས་བཀྲག་མདངས་གཟི་བརྗིད་བསྐྱེདྈ ཁམས་ལ་དབང་ཐོབ་འཕོ་མེད་འོད་ལུས་འགྲུབྈ ཅེས་གསུང་ཞིང་གོང་མ་དེ་ཉིད་གཞུང་སྔར་འཆད་པ་ཡིནྈ ཡང་པུས་མོ་གཡས་རྡེབ་གཡོན་རྡེབྈ ཉི་ཟླའི་འདྲེན་འགྲེམ་རྐང་མགྱོགས་པུས་ནད་སེལ་བ་སོགས་ཀྱི་འཕྲུལ་འཁོར་ཐམས་ཅད་འཆུག་འདུག་པསྈ འདི་བཞིན་གྱིས་ཤིག་གསུངས་ནས་རླུང་འཛིན་འཕྲུལ་འཁོར་སོགས་ཀྱི་བཅའ་ཐབས་མང་དུ་བསྟན་ནས་འཇའ་ལྟར་ཡལ་སོངྈ དེ་ལྟ་བུའི་གདམས་པ་ཟབ་མོའི་ཉམས་ལེན་བྱེད་ཚེྈ ཞག་གྲངས་བཅུ་གསུམ་གྱི་བར་དུྈ དངོས་ཉམས་རྨི་ལམ་ཐམས་ཅད་དུ་གྲུབ་པའི་དབང་ཕྱུག་ཛཱ་ཧ་བཱིར་དང་འབྲལ་མེད་བྱུང་ཞིངྈ ཉིན་རེ་མེ་དབང་ཚར་རེ་བྱིན་འབེབ་བཀྲ་ཤིས་ཚར་རེ་གནང་ཞིང་གདམས་པ་མཐའ་དག་ཐོབ་པའི་ཉམས་སྣང་ཡང་བྱུང་རུངྈ འདི་དག་ནི་རགས་བསྡུས་ཕྲན་བུ་ཡིན་ཞིང་ཉམས་སུ་ལེན་པའི་ཆོས་བྱེད་ཕོ་མོ་ཐམས་ཅད་ལྈ ཟབ་ཆོས་འདིའི་བྱིན་རླབས་ཐུགས་རྗེ་ངོ་མཚར་རྟགས་གཞན་དང་མི་འདྲ་བ་ཞིག་འབྱུང་ཞིངྈ འགྲོ་བ་ཀུན་ལའང་ཕན་བདེ་རྒྱ་ཆེན་པོ་གཅིག་ཡོང་བསམ་པསྈ ལས་ལྡན་བདག་གི་རྗེས་སུ་ཞུགས་པ་རྣམས་ཀྱིས་སེམས་ལ་ཞོགྈ ཅེས་རྣལ་འབྱོར་དབང་ཕྱུག་ཛཱ་ཧ་བཱིར་གྱི་གདམས་པ་ངོ་མཚར་བའི་ལོ་རྒྱུས་འདི་ཉིདྈ ཤུད་པུ་དཔལ་སེང་གི་གདུང་ཕྲེང་ལས་བྱོན་པྈ ཞབས་དྲུང་ཉི་ཟླ་རྡོ་རྗེས་བསྐུལ་ངོརྈ འཇའ་ལུས་སྣང་སྟོང་རང་གྲོལ་གྱིས་བརྗེད་ཐོར་བྲིས་པའོྈ ྈྈ འཇའ་ལུས་འོད་ཕུང་རང་གྲོལ་ལསྈ སྔོན་འགྲོ་བྱིན་རླབས་ཐུགས་རྗེའི་འོད་འབར་བཞུགས་སོྈ ན་མོ་གུ་རུ་ཛཱ་ཧ་བཱི་རྈ བླ་མ་མཆོག་དང་ཡི་དམ་ལྷྈ མཁའ་འགྲོ་ཆོས་སྐྱོང་དབྱེར་མེད་པའིྈ རྣལ་འབྱོར་དབང་ཕྱུག་ཛཱ་ཧ་བཱིརྈ འཁོར་དང་བཅས་ལ་ཕྱག་འཚལ་ལོྈ འདིར་གྲུབ་པའི་དབང་ཕྱུག་ཛཱ་ཧ་བཱིར་གྱི་གདམས་པྈ ཁྱད་པར་གྱི་སྔོན་འགྲོ་ལ་གསུམ་སྟེྈ སྐྱབས་འགྲོ་སེམས་བསྐྱེད་དང་ལྡན་པའི་སྒོ་ནསྈ ཚངས་པའི་གནས་བཞི་བསྒོམྈ ལུས་གནད་མོས་གུས་དང་ལྡན་པའི་སྒོ་ནསྈ བླ་མའི་རྣལ་འབྱོར་བསྒོམྈ ལྷག་བསམ་རྣམ་དག་གི་སྒོ་ནསྈ མཎྜལ་དབང་བཞི་ལེན་པའོྈ དང་པོ་སྐྱབས་འགྲོ་ནིྈ བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆིའོྈ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ་སྐྱབས་སུ་མཆིའོྈ བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོྈ རྩ་དང་རླུང་དང་ཐིག་ལེ་གསུམ་ལ་སྐྱབས་སུ་མཆིའོྈ རང་སེམས་སྟོང་གསལ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོྈ སྨོན་པ་སེམས་བསྐྱེད་ནིྈ སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱྈ དེའི་ཕྱིར་དུ་བདག་གིས་འཇའ་ལུས་ཆོས་སྐུ་སྒྲུབ་པའི་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོྈ དོན་དམ་སེམས་བསྐྱེད་ནིྈ ན་མོྈ བདག་གིས་སེམས་ཅན་ཀུན་དོན་དུྈ འདི་བཟུང་འཁོར་བ་དོང་ནས་མ་སྤྲུགས་བརྈ ཚད་མེད་བཞི་ལྡན་ལྷག་བསམ་རྨང་བཏིང་ནསྈ སྐུ་གསུམ་གཏན་སྲིད་ཟིན་པར་སེམས་བསྐྱེད་དོྈ གསུམ་མམ་བདུན་བརྗོདྈ རྡོར་སེམས་སྒོམ་བཟླས་ནིྈ ཧཱུྃྈ རང་ལུས་ཐ་མལ་སྤྱི་གཙུག་ཉི་ཟླའི་སྟེངྈ བླ་མ་རྡོར་སེམས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཞི་ཚུལ་རྒྱན་ལྡན་ཐུགས་སྲོག་བདུད་རྩིའི་ཆུྈ ཚངས་བུག་ནས་ཞུགས་ཉམས་ཆག་དག་གྱུར་ཅིགྈ ཡིག་བརྒྱ་བརྒྱ་སྟོང་ཁྲི་འབུམ་བཟླས་བརྗོད་བྱྈ བླ་མའི་རྣལ་འབྱོར་བསྒོམ་པ་ནིྈ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾྈ ཕྱི་ནང་ཆོས་ཀུན་སྟོང་གསལ་འཛིན་མེད་ངངྈ རང་ཉིད་དཔྲལ་བར་འཇའ་ཚོན་འོད་ལྔའི་ཀློངྈ རྩ་བའི་བླ་མ་གྲུབ་ཆེན་ཛཱ་ཧ་བཱིརྈ རབ་བྱུང་ཛོ་ཀི་རྡོ་རྗེའི་འདུག་སྟངས་ཅནྈ སྐུ་གསུང་ཐུགས་ལས་འོད་ཟེར་དཔག་མེད་འཕྲོསྈ རྒྱལ་བ་རབ་འབྱམས་བྱིན་རླབས་མ་ལུས་ཀུནྈ ཚུར་འདུས་ཡོངས་གྱུར་བླ་མའི་གནས་ལྔར་ཐིམྈ བླ་མ་འོད་ཕུང་འཇའ་ཟེར་བདེ་དྲོད་འབརྈ འཇའ་ལུས་འོད་སྐུར་གྲོལ་བའི་དངོས་གྲུབ་སྩོལྈ དེ་ནས་བརྒྱུད་པའི་གསོལ་འདེབས་ནིྈ ཨོཾ་ཨཱཿཧཱུྃྈ ཀུན་བཟང་སྣང་མཐའ་བྱམས་མགོན་སྤྱན་རས་གཟིགསྈ རིག་འཛིན་པདྨ་མ་ཧཱ་ནཱ་ཐ་ལྈ རྩེ་གཅིག་མི་འབྲལ་སྙིང་ནས་གསོལ་བ་འདེབསྈ རྩ་མདུད་རང་སར་གྲོལ་བར་བྱིན་གྱིས་རློབསྈ འབྱུང་ལྔའི་རླུང་ཟས་མཐར་ཕྱིན་འབྱོངས་པ་དངྈ ཟག་མེད་འོད་ལུས་འགྲུབ་པར་བྱིན་གྱིས་རློབསྈ ཛཱ་ཧ་བཱིར་དང་བཛྲ་ནཱ་ཐ་དངྈ གཏེར་སྟོན་གནམ་ལྕགས་རྫོགས་ཆེན་ཚུལ་ཁྲིམས་མཚནྈ རྩེ་གཅིག་མི་འབྲལ་སྙིང་ནས་གསོལ་བ་འདེབསྈ རྩ་མདུད་རང་སར་གྲོལ་བར་བྱིན་གྱིས་རློབསྈ འབྱུང་ལྔའི་རླུང་ཟས་མཐར་ཕྱིན་འབྱོངས་པ་དངྈ ཟག་མེད་འོད་ལུས་འགྲུབ་པར་བྱིན་གྱིས་རློབསྈ འོད་གསལ་མཆོག་ལྡན་ཆོས་རྒྱལ་རྡོ་རྗེ་དངྈ རྩ་བའི་བླ་མ་ཡི་དམ་མཁའ་འགྲོ་ལྈ རྩེ་གཅིག་མི་འབྲལ་སྙིང་ནས་གསོལ་བ་འདེབསྈ རྩ་མདུད་རང་སར་གྲོལ་བར་བྱིན་གྱིས་རློབསྈ འབྱུང་ལྔའི་རླུང་ཟས་མཐར་ཕྱིན་འབྱོངས་པ་དངྈ ཟག་མེད་འོད་ལུས་འགྲུབ་པར་བྱིན་གྱིས་རློབསྈ བཀའ་སྲུང་གཟའ་བརྒྱད་ཟབ་མོ་རླུང་ཁྲིད་དངྈ གནས་ཡུལ་སྐྱོང་བའི་ཆོས་སྲུང་དམ་ཅན་ལྈ རྩེ་གཅིག་མི་འབྲལ་སྙིང་ནས་གསོལ་བ་འདེབསྈ རྩ་མདུད་རང་སར་གྲོལ་བར་བྱིན་གྱིས་རློབསྈ འབྱུང་ལྔའི་རླུང་ཟས་མཐར་ཕྱིན་འབྱོངས་པ་དངྈ ཟག་མེད་འོད་ལུས་འགྲུབ་པར་བྱིན་གྱིས་རློབསྈ རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བཏབ་མཐུསྈ སྟོང་ཕྲག་བདུན་ཅུ་རྩ་གཉིས་རྩ་མདུད་རྣམསྈ མ་ལུས་གྲོལ་ནས་འཕོ་མེད་མཆོག་གི་སྐུྈ འགྱུར་བ་མེད་པ་ཚེ་འདིར་ཐོབ་པར་ཤོགྈ དེ་ནས་མཎྜལ་འབུལ་བ་ནིྈ ཨོཾ་ཨཱཿཧཱུྃྈ སྒྱུ་ལུས་སྣང་སྟོང་རྩ་འཁོར་བདུན་ལྡན་ནངྈ དྭངས་མ་ཡེ་ཤེས་དཀར་དམར་འོད་སྐུར་འཁྱིལྈ དགའ་བཞི་མཉམ་སྦྱོར་བདེ་ཆེན་མཎྜལ་འདིྈ སྐུ་གསུམ་བླ་མ་བརྒྱུད་པར་བཅས་ལ་འབུལྈ རྩ་རླུང་བདེ་དྲོད་འབར་བའི་དངོས་གྲུབ་སྩོལྈ གུ་རུ་རཏྣ་མཎྜལ་པཱུ་ཛ་ཧཱུྃྈ དབང་བཞི་ཞུ་བ་ནིྈ ཨོཾ་ཨཱཿཧཱུྃྈ ཧེ་རུ་ཀ་དཔལ་ཁྱབ་བདག་སྲིད་ཞིའི་མགོནྈ མི་ཟད་རྒྱན་གྱི་འཁོར་ལོའི་གཟི་བྱིན་མཆོགྈ བདག་སོགས་ལུས་ངག་ཡིད་ལ་སྨིན་གྲོལ་སྩོལྈ བུམ་དབང་གསང་དབང་ཤེས་རབ་ཡེ་ཤེས་དབངྈ བཞི་པའི་དབང་བསྐུར་ས་ལམ་མཐར་ཕྱིན་ནསྈ ཟུང་འཇུག་ཀུན་ཁྱབ་བདེ་ཆེན་མཆོག་ཐོབ་ཤོགྈ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃྈ དེ་ནས་སྨོན་ལམ་བཏབ་པ་ནིྈ ཧོྈ བདག་གཞན་མ་གྱུར་འགྲོ་བ་རྣམསྈ རྙེད་དཀའི་དལ་འབྱོར་གཅེས་མཐོང་ཞིངྈ མི་རྟག་འཆི་བའི་སྐྱོ་ཤས་ཀྱིསྈ འཁོར་བའི་གནས་ཚུལ་འཇིགས་མཐོང་ཞིངྈ འགྲོ་ཀུན་ཕ་མར་གཅེས་འཛིན་ཞིངྈ སྣང་བ་སྙིང་རྗེའི་རྣམ་པ་དངྈ སྟོང་ཉིད་སྙིང་རྗེའི་སྲོག་འཛིན་ཅིངྈ ཟབ་ལམ་རྒྱུད་སྡེ་བཞི་ཡི་དོནྈ ཚེ་གཅིག་སངས་རྒྱས་སྒྲུབ་པའི་ལམྈ བསྐྱེད་རྫོགས་གནད་ཀུན་རབ་རྟོགས་ནསྈ རྩ་རླུང་ཐིག་ལེ་ལས་རུང་ཞིངྈ འཇིགས་མེད་འཇའ་ལུས་རྡོ་རྗེའི་སྐུྈ འཕོ་མེད་མངོན་དུ་འགྱུར་བར་ཤོགྈ བཀྲ་ཤིས་ནིྈ ཨོཾ་ཨཱཿཧཱུྃྈ སྐུ་ཡི་བཀྲ་ཤིས་མི་ཤིགས་རྡོ་རྗེའི་སྐུྈ གསུང་གི་བཀྲ་ཤིས་འགག་མེད་ཚངས་པའི་གསུངྈ ཐུགས་ཀྱི་བཀྲ་ཤིས་རིག་སྟོང་འཁྲུལ་པ་བྲལྈ ཡོན་ཏན་བཀྲ་ཤིས་བདེ་སྟོང་ལྷུན་གྱིས་གྲུབྈ ཕྲིན་ལས་བཀྲ་ཤིས་ཀུན་ཁྱབ་ཐུགས་རྗེའི་རྩལྈ སྐྱེ་འཆི་གཉིས་བྲལ་འཕོ་མེད་བདེ་བ་ཆེྈ འཇའ་ལུས་འོད་སྐུར་འགྲུབ་པའི་བཀྲ་ཤིས་ཤོགྈ ཅེས་འཇའ་ལུས་འོད་ཕུང་རང་གྲོལ་གྱི་སྔོན་འགྲོ་བྱིན་རླབས་ཐུགས་རྗེ་འོད་འབར་ཞེས་བྱ་བྈ འཇའ་ལུས་སྣང་སྟོང་རང་གྲོལ་གྱིས་བགྱིས་པའོྈ དྲང་སྲོང་ཆེན་པོ་གཟའ་བརྒྱད་ཀྱིས་སྲུངས་ཤིགྈ བཛྲ་རཀྵ་རཱ་ཧུ་ལ་ཧཱུྃྈ ྈྈ འཇའ་ལུས་འོད་ཕུང་རང་གྲོལ་ལསྈ དབང་མཆོག་བདེ་ཆེན་བདུད་རྩིའི་ཆུ་རྒྱུན་བཞུགས་སོྈ ན་མོ་གུ་རུ་དྷེ་ཝ་ཌཱ་ཀཱི་ནཱི་ཛཱ་ཧ་བཱིར་སིདྡྷི་བྷ་ཝནྟུྈ གྲུབ་པའི་དབང་ཕྱུག་ཛཱ་བཱིར་འཁོར་མཁའ་འགྲོ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོྈ འདིར་དད་ལྡན་སློབ་མ་ཚེ་འདི་བློས་བཏང་ཞིང་ཕྱི་མ་དོན་དུ་གཉེར་བའི་སྐལ་ལྡན་རྣམས་ལྈ གཏུམ་མོའི་མེ་དབང་ཉོན་མོངས་བག་ཆགས་སྲེག་བྱེད་བདེ་ཆེན་བདུད་རྩིའི་ཆུ་རྒྱུན་གྱི་ལག་ལེན་ནིྈ དུས་སྦྱོར་ཚེས་གྲངས་བཟང་པོ་ལྈ གནས་ཁང་ཕྱག་དར་རྐྱང་ནུལ་བྱྈ སྟེགས་བུ་མདའ་གང་གྲུ་བཞིའི་སྟེངྈ ཆང་དང་སིནྡྷུ་ར་ཡིས་བྱུགསྈ དཀྱིལ་འཁོར་ཕོ་བྲང་པད་འདབ་བརྒྱདྈ སྒོ་དང་རྟ་བབས་མུ་ཁྱུད་བཅསྈ ལྟེ་བ་ཆོས་འབྱུང་ཉིས་བརྩེགས་ནངྈ པདྨ་འདབ་བཞི་ཕྱོགས་ཚོན་བྱྈ དེ་དབུས་ཉི་ཟླ་ཁྲི་འུ་ཁརྈ བུམ་པ་མགུལ་ཆིངས་ཁ་རྒྱན་དངྈ ཤེལ་དང་མེ་ལོང་ཙཀ་ལི་བཤམྈ གཡོན་དུ་བྷནྡྷ་མཚན་ལྡན་ནངྈ བྱང་སེམས་དཀར་དམར་གསང་རྫས་སྦྱརྈ མེ་ལོང་དཀྱིལ་འཁོར་ཁ་གཅོད་ཅནྈ དར་དམར་ལྡིང་གུར་ཕུབ་པ་བཤམྈ གཡས་སུ་གཏོར་མ་འབར་བ་ལྈ གཡུང་དྲུང་རིས་ཀྱིས་བརྒྱན་པ་བཤམྈ རྒྱབ་ཏུ་དཔལ་འབར་མདའ་གང་ཚདྈ དཀར་སེར་དམར་ལྗང་མཐིང་ལྔ་བཤམྈ མདུན་དུ་ཏིང་ལོ་ཕྱག་ལེན་བཞིནྈ མེ་རི་གསུམ་གསུམ་དག་དང་བཅསྈ དེ་དབུས་ཆས་དབང་རྫས་ཀུན་དངྈ སློབ་མ་དུ་ཡོད་ཐམས་ཅད་ཀྱིྈ རས་དཀར་སྒོམ་ཐག་ཨང་རག་ལྈ བསང་སྦྱང་ཁྲུས་དང་བགེགས་བསྐྲད་ལྈ ཡིག་འབྲུ་གསུམ་དང་རཾ་བྲིས་ནསྈ ཡེ་ཤེས་མེ་དཔུང་འབར་བར་བསམྈ གཞན་ཡང་ཕྱི་ནང་གསང་མཆོད་དངྈ སྨན་རཀ་གཏོར་མ་རྒྱས་པར་བཤམྈ ལས་བུམ་འབྱུང་ལྔའི་ལྷ་མོར་བསྐྱེདྈ དེ་ནས་བླ་མས་སྒོམ་བཟླས་ནིྈ རྡོ་རྗེ་ཕག་མོའི་ལས་གཞུང་བསྲངྈ དབང་རྫས་བྱིན་རླབས་ལྡན་པར་བསྐྱེདྈ ལྷག་མ་ཡན་ཆད་གྲུབ་ནས་ཀྱངྈ དེ་ནས་སློབ་མ་རྣམས་ལ་གོང་གི་རས་དཀར་ཨང་རག་སྒོམ་ཐག་བྱིན་རླབས་དང་ལྡན་པ་དེ་བཀོན་ཏེྈ སློབ་མ་དུ་ཡོད་ཁྲུས་ནས་ཕྱུངྈ དཀྱིལ་འཁོར་བསྐོར་ཞིང་འཛབ་མང་བཟླྈ ཡོལ་བའི་ཕྱི་རུ་འཁོད་བྱས་ནསྈ ལངས་ཏེ་བརྒྱུད་པའི་གསོལ་འདེབས་དངྈ མཎྜལ་ཕྱག་མཆོད་དྲག་ཏུ་བྱྈ དེ་ནས་བགེགས་བསྐྲད་མཚམས་བཅད་ཅིངྈ སྲུང་འཁོར་བསྒོམས་ནས་གྲལ་ལ་འཁོདྈ དཔའ་བོ་གཡས་ལ་དཔའ་མོ་གཡོནྈ གདན་དུ་གཡུང་དྲུང་རཾ་མཚན་བཏིངྈ བླ་མས་ཆོས་ཀྱི་ལོ་རྒྱུས་དངྈ ཆོས་བཤད་སྐྱབས་སེམས་ཡན་ལག་བདུནྈ སྔོན་འགྲོའི་ནང་བཞིན་བགྱིས་ནས་ཀྱངྈ འབུད་པ་དགུ་ཕྲུགས་ཡང་ཡང་བྱྈ ཕྱི་ནང་སྡིག་སྒྲིབ་ཕྱིར་དོར་ནསྈ མེ་ཤེལ་ལྟ་བུར་གསལ་བཏབ་ལྈ ཞུ་འབུལ་གསོལ་བ་འདི་ལྟར་བཏབྈ རྡོ་རྗེ་འཆང་དབང་བླ་མ་དངྈ མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབསྈ བདག་ཅག་ཉོན་མོངས་འཁོར་བ་ལསྈ བསྒྲལ་ཕྱིར་ཡེ་ཤེས་དཀྱིལ་འཁོར་དུྈ བདེ་སྟོང་ཟག་པ་མེད་པ་ཡིྈ དབང་མཆོག་དམ་པ་བསྩལ་དུ་གསོལྈ སྨིན་ཅིང་གྲོལ་བར་མཛད་དུ་གསོལྈ ཡེ་ཤེས་བདེ་དྲོད་སྦར་དུ་གསོལྈ ཞེས་ལན་གསུམ་ཞུས་པའི་ལན་དུྈ བླ་མས་འདི་ལྟར་བསྒོ་བར་བྱྈ ཨེ་མ་སྐལ་ལྡན་རིགས་ཀྱི་བུྈ དཀྱིལ་འཁོར་དམ་པའི་སྒོར་ཞུགས་ནསྈ སྨིན་ཅིང་གྲོལ་བར་འདོད་པ་ནྈ བླ་མའི་བསྒོ་བ་ཉན་པ་དངྈ དམ་ཚིག་ཚུལ་བཞིན་བསྲུང་ནུས་ནྈ ཇི་ལྟར་འདོད་པ་སྦྱིན་པར་བྱྈ ཞེས་པའི་ལན་དུྈ ཀྱེ་ཧོ་བླ་མ་རྡོ་རྗེ་འཛིན་པ་ཡིསྈ ཇི་ལྟར་བསྒོ་བའི་གསུང་ཉན་ཅིངྈ དམ་ཚིག་དག་ལས་མི་འདའ་བསྲུངྈ ཐུགས་རྗེ་བརྩེ་བས་གཟུང་དུ་གསོལྈ ཞེས་ཞུས་ནས་སློབ་མའི་ལག་ཏུ་རྡོ་རྗེ་གཏདྈ ལྕེ་ཐོག་ཏུ་བདུད་རྩི་མྱང་དུ་བཅུག་ལྈ ཧཱུྃ་ཧྲཱིྈ ང་ནི་དབང་ཆེན་ཧེ་རུ་ཀྈ ཁྱེད་ལ་དམ་ཚིག་སྦྱིན་པར་བྱྈ རྩ་བ་ཡན་ལག་དམ་ཚིག་རྣམསྈ ཉམས་པ་མེད་པར་རྟག་ཏུ་སྲུངསྈ གལ་ཏེ་ཉམས་ན་དམྱལ་བར་ལྟུངྈ མ་ཉམས་བྱིན་རླབས་དངོས་གྲུབ་ཐོབྈ ཁྱོད་ཀྱིས་ཇི་ལྟར་འདོད་པའི་དོནྈ ཐམས་ཅད་མ་ལུས་མྱུར་དུ་འགྲུབྈ ས་མ་ཡ་ཨུ་ད་ཀ་ཋ་ཋ་ན་ར་ཀནྈ ཞེས་དམ་ཚིག་གི་རྣམ་དབྱེ་རྒྱས་པར་བཤདྈ དེ་ནས་སློབ་མ་རྣམས་ལ་ཕག་མོའི་བསྐྱེད་རིམ་ཕོགྈ རྡོ་རྗེ་སྐྱིལ་ཀྲུང་ལག་པ་གཉིས་སྤྱི་བོར་ཐལ་མོ་སྦྱརྈ ངག་གནད་རླུང་བཟུང་སྨྲ་བ་བསྐྱུངྈ ཡིད་གནད་མ་ཡེངས་དམིགས་པ་ནིྈ སྤྱི་བོར་ཧཾ་ཡིག་དཀར་པོ་གྱེན་དུ་བཞེངས་པྈ རྩ་གསུམ་འདུས་མཚམས་སུ་ཨ་ཐུང་གསལ་བཏབྈ སྙིང་ཁར་དགའ་བ་འཁྱིལ་པ་དམར་པོ་གཡོན་དུ་འཁོར་བར་བསམྈ བཤང་སྒོར་ཡཾ་ལས་རླུང་གི་དཀྱིལ་འཁོར་གཡོསྈ ཨ་ཐུང་ལས་མེ་འབར་ཞིང་སྤྱི་བོའི་ཧཾ་ལས་བདུད་རྩིའི་རྒྱུན་བབསྈ དགའ་བ་འཁྱིལ་བ་ལ་ཕོག་པས་རྒྱུད་བསྐུལ་ཏེ་རང་དབང་མེད་པར་དྲག་ཏུ་འཁོར་བ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོསྈ བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟ་བུར་བྱོན་པར་བསམ་ལྈ ཡེ་ཤེས་དབབ་པའི་རྫས་བསྲེགས་ཏེྈ དཔོན་སློབ་ཐམས་ཅད་དམིགས་པ་བརྟན་པོསྈ རོལ་མོ་སྣ་ཚོགས་སྦིར་ཏེ་བྱིན་འབེབ་སྤྱན་འདྲེན་ནིྈ ཧཱུྃ་ཧྲཱིྈ ཆོས་དབྱིངས་བདེ་ཆེན་དཔལ་རི་འོད་གསལ་ཀློངྈ དག་པ་རབ་འབྱམས་མཁའ་འགྲོའི་འཇའ་སྤྲིན་འཁྲིགསྈ རང་བྱུང་ལྷུན་གྲུབ་པད་འབྱུང་ཡབ་ཡུམ་དངྈ ཞི་ཁྲོ་རབ་འབྱམས་རྩ་གསུམ་དྭངས་མའི་ལྷྈ འདིར་བྱོན་སྐལ་ལྡན་བུ་ལ་བྱིན་གྱིས་རློབསྈ ཧཱུྃ་ཧྲཱིྈ ཨོ་རྒྱན་དུར་ཁྲོད་ཕོ་བྲང་ཆེན་པོ་ནསྈ ཆོས་དབྱིངས་ངང་ལས་ཁྲོ་མོའི་སྐུར་སྤྲུལ་མྈ རྡོ་རྗེ་ཕག་མོ་དབྱིངས་ནས་སྐུར་བཞེངས་ཤིགྈ འདིར་བྱོན་སྐལ་ལྡན་བུ་ལ་བྱིན་གྱིས་རློབསྈ ཤར་ཕྱོགས་མི་འགྱུར་རྡོ་རྗེའི་གནས་མཆོག་ནསྈ དཀར་མོ་ཞི་མཛད་ཞི་བའི་སྐུར་སྤྲུལ་མྈ རྡོ་རྗེ་མཁའ་འགྲོ་དབྱིངས་ནས་སྐུར་བཞེངས་ཤིགྈ འདིར་བྱོན་སྐལ་ལྡན་བུ་ལ་བྱིན་གྱིས་རློབསྈ ལྷོ་ཕྱོགས་དཔལ་ལྡན་རིན་ཆེན་གནས་མཆོག་ནསྈ སེར་མོ་རྒྱས་མཛད་རྒྱས་པའི་སྐུར་སྤྲུལ་མྈ རིན་ཆེན་མཁའ་འགྲོ་དབྱིངས་ནས་སྐུར༴ འདིར་བྱོན་སྐལ་ལྡན༴ ནུབ་ཕྱོགས་དབང་སྡུད་པདྨའི་གནས་མཆོག་ནསྈ དམར་མོ་དབང་མཛད་དབང་གི་སྐུར་སྤྲུལ་མྈ པདྨ་མཁའ་འགྲོ་དབྱིངས་ནས་སྐུར༴ འདིར་བྱོན་སྐལ་ལྡན༴ བྱང་ཕྱོགས་ཚར་གཅོད་ལས་ཀྱི་གནས་མཆོག་ནསྈ ལྗང་མོ་ལས་མཛད་ཕྲིན་ལས་སྐུར་སྤྲུལ་མྈ ལས་ཀྱི་མཁའ་འགྲོ་དབྱིངས་ནས་སྐུར༴ འདིར་བྱོན་སྐལ་ལྡན༴ དམ་ཚིག་མཁའ་འགྲོ་སྣ་ཚོགས་མཁའ་འགྲོ་དངྈ ཤ་ཟ་མཁའ་འགྲོ་འཇིག་རྟེན་མཁའ་འགྲོ་དངྈ མཁའ་འགྲོ་སྡེ་ལྔ་སྲུང་མ་ལས་བྱེད་རྣམསྈ ཐུགས་རྗེས་མྱུར་མགྱོགས་གློག་ལྟར་འཁྱུག་ཅིང་བྱོནྈ ཐུགས་རྗེའི་བྱིན་རླབས་འཇའ་འོད་ཐིབས་སེ་ཐིབྈ ཡེ་ཤེས་རྣམ་ལྔའི་འོད་ཟེར་ཏ་ལ་ལྈ བདེ་སྟོང་ཟག་མེད་འཇའ་འོད་ཁྱིལ་ལི་ལིྈ འཕོ་མེད་འཇའ་ལུས་འོད་ཕུང་ཕུངས་སེ་ཕུངྈ དགའ་བཞི་འཛག་བྲལ་བདེ་སྟོང་ཁྲི་ལི་ལིྈ རང་ལུས་སྣང་སྟོང་ལྷ་སྐུར་སྤུངས་སེ་སྤུངྈ བདེ་དྲོད་ཡེ་ཤེས་མེ་དཔུང་ལྷབས་སེ་ལྷབྈ དྭངས་མ་ཡེ་ཤེས་མེ་དཔུང་སྦར་དུ་གསོལྈ ཡེ་ཤེས་རྣམ་ལྔའི་མེ་དཔུང་སྦར་དུ་གསོལྈ རང་བྱུང་གཏུམ་མོའི་བདེ་དྲོད་སྦར་དུ་གསོལྈ འཇའ་ལུས་འོད་གསལ་ཀློང་དུ་གྲོལ་བ་དངྈ ཟུང་འཇུག་ཀུན་ཁྱབ་བདེ་ཆེན་མཆོག་ཐོབ་ཤོགྈ ཨོཾ་སརྦ་མ་ཧཱ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཛྙཱ་ན་ཛྭ་ལ་རཾ་རཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱྈ ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཕེཾ་ཕེཾ་ཛཿཧཱུྃ་བཾ་ཧོྈ ཞེས་དྲག་ཏུ་བརྗོད་ཅིང་མེ་ཏོག་འཐོརྈ ཕེབས་རྟགས་སྤྱི་དང་མཐུནྈ བརྟན་བྱེད་རྡོ་རྗེ་རྒྱ་གྲམ་སྤྱི་བོར་བཞག་ལྈ ཏིཥྛ་བཛྲ་གྱིས་ཟུང་འཇུག་ཏུ་བསྟིམྈ འབྲུ་གསུམ་བརྗོདྈ དེ་ནས་སོ་སོར་བསྟིམས་པས་ལྷའི་སྐུ་གསུང་ཐུགས་སུ་གྱུར་པར་བསམྈ དེ་ནས་དངོས་གཞི་དབང་བསྐུར་བ་ལ་མཎྜལ་ཕུལ་ཏེྈ དབང་དོན་གསོལ་བ་བཏབ་པ་ནིྈ ཧཱུྃ་ཧྲཱིྈ བླ་མ་ཡི་དམ་མཁའ་འགྲོ་ལྈ བདག་སོགས་གུས་པས་གསོལ་བ་འདེབསྈ དབང་བསྐུར་བྱིན་རླབས་བསྩལ་དུ་གསོལྈ སྨིན་ཅིང་གྲོལ་བར་མཛད་དུ་གསོལྈ ཞེས་ལན་གསུམ་གསོལ་བ་བཏབྈ བུམ་དབང་བསྐུར་བ་ནིྈ ཧཱུྃ་ཧྲཱིྈ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུྈ བླ་མ་སྐུ་གསུམ་བདེ་བ་ཆེྈ རིགས་ཀྱི་བུ་ལ་བྱིན་གྱིས་རློབསྈ བྱིན་རླབས་བདེ་སྟོང་དབང་བསྐུར་སྩོལྈ ཨོཾ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛཿཛཿཙནྡྷ་ལཱི་ཤྭ་ར་སརྦ་ཏ་ཐཱ་ག་ཏེ་ཤྭ་ར་རཾ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་ཨ་བྷི་ཥིཉྩ་ཨཱོཾྈ ཅེས་པས་གནས་ལྔར་དབང་བསྐུར་བུམ་ཆུས་ཁྲུས་འཐུང་བྱེད་དུ་བཅུགྈ དེ་ནས་ཐོད་པ་མེ་ལོང་མར་མེ་གནས་གསུམ་དུ་བཞག་ལྈ ཧཱུྃ་ཧྲཱིྈ བྱིན་རླབས་མཁའ་འགྲོ་བདེ་སྟེར་མྈ ཡེ་ཤེས་དབྱིངས་ཀྱི་རང་བཞིན་མཆོགྈ མཁའ་འགྲོ་རྒྱ་མཚོའི་དབང་བསྐུར་བསྈ བདེ་དྲོད་ཕྲིན་ལས་དབང་ཐོབ་ཤོགྈ ཨོཾ་སརྦ་མ་ཧཱ་གུ་རུ་བཛྲ་དེ་ཝ་ཌཱ་ཀི་ནཱི་ཛྙཱ་ན་ཛྭ་ལ་རཾ་རཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱྈ ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃྈ དེ་ནས་སློབ་མ་རྣམས་ལ་རྩ་འཁོར་ལྔ་གྲངས་ཅན་གྲངས་མེད་ཀྱི་རྩ་དང་རླུང་ཐིག་ལེའི་གནས་ཚུལ་བཤད་ཅིངྈ དེ་རྣམས་སུ་བླ་མ་ཡབ་ཡུམ་གྱི་བྱང་སེམས་ཀྱིས་གང་བར་བསམ་སྟེྈ འབར་འཛག་གི་དམིགས་པ་ཕོག་ལྈ བླ་མས་བདུད་རྩི་བྱང་སེམས་གསང་རྫས་ཀྱི་བྷནྡྷ་ཁ་ཕྱེས་ཏེ་སློབ་མ་རྣམས་ཀྱི་ཁར་བྱིན་ཞིངྈ གནས་ལྔར་ཐིག་ལེ་བྱས་ལ་འདི་སྐད་དོྈ ཧཱུྃ་ཧྲཱིྈ ལུས་ལ་རྩ་རླུང་ཐིག་ལེ་བྱང་སེམས་གནསྈ དེ་དག་མ་དང་མཁའ་འགྲོའི་བཞུགས་གནས་ཏེྈ ངོ་བོ་སངས་རྒྱས་རྣམས་ཀྱི་རང་བཞིན་ཅནྈ གཞན་དུ་བསྒོམ་བྱ་སྒོམ་བྱེད་ཅི་ལ་ཡོདྈ དབུ་མ་སྙིང་པོའི་རྩ་རུ་བྱང་སེམས་གནས་པའི་ཕྱིརྈ རྩ་རླུང་ཐིག་ལེ་དྲོད་ཀྱི་དབང་བསྐུར་རོྈ བུམ་དབང་གི་སྔགས་བརྗོད་དབང་བསྐུར་ལྈ ཧོྈ སྐལ་ལྡན་ཁྱོད་ལ་རྩ་རླུང་ཐིག་ལེ་དྲོད་ཀྱི་དབང་བསྐུར་པས་བདེ་དྲོད་རྟོགས་པ་རྒྱུད་ལ་སྐྱེས་ནསྈ བཅོམ་ལྡན་རྟ་ཕག་ཡབ་ཡུམ་གྱི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་གྱུར་ཅིགྈ ཅེས་བརྗོདྈ རྡོར་དྲིལ་སྙིང་ཁར་བཞག་ལྈ ཧཱུྃ་ཧྲཱིྈ བླ་མ་དཔལ་ལྡན་རྡོ་རྗེ་འཆངྈ རིགས་ཀྱི་བུ་ལ་དབང་བསྐུར་བསྈ བྱིན་རླབས་བདེ་དྲོད་རང་འབར་ཞིངྈ བློ་འདས་མཐའ་བྲལ་རྟོགས་པར་ཤོགྈ ཨོཾ་ཨཱཿཧཱུྃ་ཧོཿཏྲཱཾ་ཧྲཱིཿཨཱྈ ཨ་བྷི་ཥིཉྩ་ཧཱུྃྈ ལག་པར་ཡང་སྦྱིནྈ མར་མེ་ལག་མཐིལ་གཉིས་དང་སྤྱི་བོར་བཞག་ལྈ ཧཱུྃ་ཧྲཱིྈ ཉོན་མོངས་ཚང་ཚིང་བུད་ཤིང་སྲེགྈ ཡེ་ཤེས་གསལ་བའི་སྒྲོན་མེ་མཆོགྈ སྐལ་ལྡན་བུ་ལ་དབང་བསྐུར་བསྈ ཆགས་བྲལ་བདེ་དྲོད་འབར་བར་ཤོགྈ ཨཱོཾ་ཀརྨ་མཱ་ལེ་མ་ཧཱ་སུ་ཁ་ཧ་རི་ནི་ས་ཨ་བྷི་ཥིཉྩ་ཧོྈ དེ་ནས་དཔལ་འབར་གྱི་དབང་བསྐུར་བ་ནིྈ ཧཱུྃ་ཧྲཱིྈ དཔལ་འབར་མེ་དཔུང་འཇའ་འོད་གཞལ་ཡས་སུྈ བླ་མ་རྩ་གསུམ་འོད་ཕུང་འཇའ་ཟེར་འཁྲིགསྈ མ་སྲིང་མཁའ་འགྲོ་གྲངས་མེད་རྣམ་མང་འཚོགསྈ ཡེ་ཤེས་འོད་ལྔའི་མེ་དཔུང་ལྷབས་སེ་ལྷབྈ བག་ཆགས་གཉིས་འཛིན་བུད་ཤིང་བསྲེགས་གྱུར་ནསྈ གཞོན་ནུ་བུམ་སྐུར་འཕོ་མེད་འཇིགས་བྲལ་ཤོགྈ འཛབ་བརྗོད་དབང་དོན་ངོ་སྤྲོད་བྱྈ རས་དབང་བསྐུར་བ་ནིྈ ཧཱུྃ་ཧྲཱིྈ གཟུང་འཛིན་གོས་སྤངས་རས་དཀར་དྲི་མེད་དངྈ བདེ་སྟོང་ཟུང་འཇུག་ཐབས་ཤེས་སྒོམ་ཐག་དངྈ མཁའ་འགྲོ་དབང་སྡུད་དར་དམར་ཨང་རག་དངྈ མཁའ་སྤྱོད་བགྲོད་པའི་དུར་ཁྲོད་ཆས་དབང་གིསྈ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་པསྈ སྣང་བ་དབང་སྡུད་མཁའ་སྤྱོད་མྱུར་བགྲོད་ཤོགྈ འཛབ་གོང་བཞིན་བརྗོད་དོྈ དེ་ནས་གཏོར་དབང་བསྐུར་བ་ནིྈ ཧཱུྃ་ཧྲཱིྈ ཞི་རྒྱས་དབང་དྲག་ཐོགས་མེད་རྒྱལྈ ཕྲིན་ལས་ཡོངས་རྫོགས་བཀྲ་ཤིས་འབརྈ སྐལ་ལྡན་བུ་ལ་དབང་བསྐུར་བསྈ འབར་འཛག་བདེ་དྲོད་མཐར་ཕྱིན་ཞིངྈ བར་ཆད་བདུད་ལས་རྒྱལ་བར་ཤོགྈ གོང་གི་འཛབ་དང་བཅས་པས་གནས་གསུམ་དུ་བསྐུརྈ དེ་ལྟ་བུའི་དབང་ཟབ་མོ་ཡང་གསང་རྨད་དུ་བྱུང་བ་ཐོབ་ནསྈ དམ་ཚིག་བསྲུང་བ་གལ་ཆེྈ དམ་ཚིག་རྒྱས་པར་གཞན་དུ་ཤེསྈ བསྡུ་ན་འདི་ལྟར་བསྲུང་བར་གཅེསྈ རྒྱུད་ལསྈ བླ་མས་ཅི་གསུང་རྒྱལ་བའི་བཀའྈ རྒྱལ་བའི་བཀའ་ལས་འདའ་མི་བྱེདྈ ཁྲི་དྲུག་རྡོ་རྗེ་དམྱལ་བར་སྐྱེྈ དེ་མཐར་དམྱལ་བ་ཤམ་བྷ་ལྈ སྡུག་བསྔལ་བཤད་ཀྱིས་མི་ལང་མྱོངྈ དམ་ཚིག་ཉམས་པའི་གསོན་པ་བསྈ དམ་ཚིག་གཙང་མར་ཤི་བ་རུངྈ བཙུན་པ་འདུལ་ཁྲིམས་མེད་པ་དངྈ སྔགས་པ་དམ་ཚིག་མེད་པ་དངྈ བུད་མེད་ངོ་ཚ་མེད་པ་གསུམྈ གང་ལ་མི་གཏོགས་མི་སྲིད་དོྈ དེ་བས་འབད་པ་དུ་མ་ཡིསྈ ཉོན་མོངས་རྣམ་པར་འཇོམས་པ་དངྈ མི་དགེ་སྤོང་ལ་བརྩོན་པར་གྱིསྈ དམ་ཚིག་ཉམས་པའི་མི་དག་ལྈ རྨི་ལམ་ངན་པ་ཐམས་ཅད་རྨིྈ མཚན་མ་ངན་པ་ཐམས་ཅད་འབྱུངྈ ལྟས་ངན་ཐམས་ཅད་འབྱུང་བ་ཡིནྈ ལོ་སྐེག་ཟླ་སྐེག་ཞག་གི་སྐེགྈ དུས་མ་ཡིན་པར་འཆི་བར་འགྱུརྈ གཤིན་རྗེའི་ཞགས་པ་ཐམས་ཅད་གདེངསྈ གདོན་བགེགས་ཆེ་དགུ་ཐམས་ཅད་གནོདྈ བཀྲ་མི་ཤིས་པ་ཐམས་ཅད་འབྱུངྈ རྣམ་པར་གཡེང་བ་ཐམས་ཅད་འདུྈ རིམས་ཀྱི་ནད་རིགས་ཐམས་ཅད་འགོྈ ཀླུ་དང་ས་བདག་གཉན་རྣམས་གནོདྈ རྒྱལ་པོ་ཆོམ་རྐུན་མེ་ཆུ་དུགྈ འཇིགས་པ་བཅུ་དྲུག་ཚེ་འདིར་འབྱུངྈ གཞན་ལས་དམ་ཉམས་སློབ་མར་མིནྈ དམ་ཚིག་ཉམས་པའི་མི་དག་དངྈ ཡུལ་ལུང་གཅིག་ཏུ་མི་སྡོད་ཅིངྈ ཆུ་ཀླུང་གཅིག་ལ་མི་འཐུང་ངོྈ ཞེས་དངྈ གཞན་དུ་དམ་ཚིག་ཉམས་པ་དངྈ རང་གི་དམ་ཚིག་ཉམས་པ་ལྈ སྤྱིར་གསང་སྔགས་དམ་ཚིག་གི་ཆོས་འབྲེལ་སོགསྈ མ་འབྲེལ་བར་བྱེད་དགོས་ཏེྈ བཅོམ་ལྡན་ཐུབ་པའི་དབང་པོའི་ཞལ་ནསྈ བླ་མར་སྨད་པའི་གང་ཟག་ནིྈ རྨི་ལམ་དུ་ཡང་མཐོང་མི་བྱྈ ཞེས་དངྈ ཕ་མ་གཉིས་བསད་དགྲ་བཅོམ་ལྔ་བརྒྱ་བཀྲོངསྈ དེ་བཞིན་གཤེགས་པའི་སྐུ་འབུམ་བརྒྱ་ཕྲག་བཤིགསྈ དེ་ལས་བླ་མ་རྡོ་རྗེ་འཛིན་པ་ལྈ ལོག་ལྟ་སྐད་ཅིག་ཙམ་ལ་སྐྱེས་གྱུར་ནྈ རྣམ་སྨིན་བརྒྱ་ཕྲག་གཉིས་ཀྱིས་ཆེ་བར་འགྱུརྈ ཞེས་དངྈ ཉན་ཐོས་རང་རྒྱལ་བྱང་སེམས་དངྈ གསང་སྔགས་དམ་ཚིག་མ་ཉམས་བསྲུངྈ ཁྱད་པར་དམ་ཚིག་སྐུ་གསུང་ཐུགསྈ སྲོག་ལ་བབས་ཀྱང་བསྲུང་བར་བྱྈ ཞེས་གསུངས་པ་ལྟརྈ སྐུ་གསུང་ཐུགས་སོགས་ཀྱི་དམ་ཚིག་མ་ཉམས་པར་བྱའོྈ དམ་ཚིག་སྲུང་བའི་ཕན་ཡོན་ནིྈ གནས་སྐབས་སུ་ལུས་ཀྱི་ནད་གདོན་ཞིྈ གཟི་བརྗིད་ཕུན་སུམ་ཚོགསྈ མཐར་ཐུག་འཇའ་ལུས་ཟག་མེད་རྡོ་རྗེའི་སྐུར་གྲོལ་བར་འགྱུར་ཏེྈ དྲི་མེད་པདྨ་འདབ་བརྒྱད་ཀྱི་རྒྱུད་ལསྈ དམ་ཚིག་ཐེག་ཆེན་ཆོས་ཀྱི་སྲོགྈ མ་ཉམས་སྲུང་བའི་རྣལ་འབྱོར་ལྈ ཡེ་ཤེས་ཕོ་རྒྱུད་སྤྲིན་ལྟར་འཐིབསྈ མ་དང་མཁའ་འགྲོ་བྲན་བཞིན་འབྲེངྈ དམ་ཅན་སྲུང་མ་བྲན་ལྟར་ཁོལྈ མཆོག་དང་ཐུན་མོང་དངོས་གྲུབ་འདུྈ ཞེས་གསུངས་པསྈ དམ་ཚིག་སྤང་བླང་ཤེས་ཤིང་བསྲུང་བ་གལ་ཆེའོྈ མཚན་བརྗོད་ལསྈ དམ་ཚིག་ཆེན་པོ་དེ་ཉིད་མཁྱེནྈ དབང་པོ་བསམ་པ་མཁྱེན་མཆོག་གིསྈ ཞེས་གསུངས་པ་ལྟར་རོྈ དེ་ནས་དགའ་སྟོན་དང་གཏང་རག་གི་མཎྜལ་ཕུལྈ དབང་འདི་ཤིན་ཏུ་གཉན་པས་ཚུལ་དང་ལྡན་ཞིང་དཀའ་སྤྱད་སྙིང་རུས་ལ་བརྩོན་པྈ བླ་མ་སངས་རྒྱས་སུ་མཐོང་བྈ ཅི་གསུང་དང་དུ་ལེན་པ་ལ་སྟེར་བའི་དུསྈ གསེར་གྱི་མཎྜལ་མེད་པ་དང་ཚོགས་འཁོར་མེད་པ་ལ་སྟེར་དུ་མི་རུང་ངོྈ གསུམ་ལྔ་བདུན་ལས་སྤེལ་མི་རུངྈ དེ་ཡི་དམ་ལས་འགལ་གྱུར་ནྈ དྲང་སྲོང་གཟའ་བརྒྱད་འཁོར་བཅས་ཀྱིསྈ སྙིང་ཁྲག་ཞལ་དུ་བཞེས་ཤིག་རོལྈ བླ་མའི་རྒྱྈ མཁའ་འགྲོ་རྣམ་གསུམ་གྱི་རྒྱྈ དྲང་སྲོང་གཟའ་བརྒྱད་འཁོར་བཅས་ཀྱི་རྒྱ་ཡོད་དོྈ རཱ་ཧུ་ལ་རཀྵ་སིྈ ྈྈ འཇའ་ལུས་འོད་ཕུང་རང་གྲོལ་ལསྈ དམར་ཁྲིད་སངས་རྒྱས་ལག་འཆང་སྙིང་གི་ཐིག་ལེ་བཞུགས་སོྈ ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་བྷ་ཝནྟུྈ ཟབ་མོ་ངེས་པ་དོན་གྱི་མན་ངག་གིསྈ སྐལ་ལྡན་ཚེ་གཅིག་སངས་རྒྱས་སྟེར་བའི་ཆོསྈ ཞེན་ལོག་དད་བརྩོན་ལྷག་བསམ་སྔོན་འགྲོ་བསྈ ཞེས་པས་འདིར་ཚེ་གཅིག་ལུས་གཅིག་ལ་འཇའ་ལུས་ཆོས་སྐུ་སྒྲུབ་པའི་མྱུར་ལམ་ཟབ་མོའི་གདམས་པ་འདི་ཉིདྈ བླ་མ་མཁའ་འགྲོས་དངོས་སུ་ཞུ་དག་དང་བཅས་ཏེྈ མཚན་རྒྱ་གར་གྱི་སྐད་དུ་བགྱིས་ནས་ལས་དང་སྐལ་བར་ལྡན་པའི་གང་ཟག་རྣམས་ལ་ཟབ་མོ་ངེས་དོན་སྙིང་པོྈ ལམ་གྱི་མཆོག་ཏུ་གྱུར་པ་སངས་རྒྱས་ལག་བཅང་གི་གདམས་པ་གསུངས་པའི་དོན་ལ་གསུམ་སྟེྈ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་མོྈ དང་པོ་སྔོན་དུ་འགྲོ་བ་ལ་ཡང་གསུམ་སྟེྈ ཐུན་མོང་དང་ཐུན་མོང་མ་ཡིན་པ་དང་ཁྱད་པར་གྱི་ཐུན་མོང་ངོྈ དེ་ལ་དང་པོ་ཐུན་མོང་ནིྈ ལམ་འདི་ཉིད་ཉམས་སུ་ལེན་པར་འདོད་པའི་གང་ཟག་རྣམས་ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་སྒྲུབ་པར་བྱེད་པ་ལྈ བར་ཆད་ཀྱིས་མི་ཚུགས་པ་སྔགས་སྲུང་གི་མན་ངག་རྣམ་བཞི་དངྈ དལ་འབྱོར་རྙེད་དཀའ་དངྈ འཆི་བ་མི་རྟག་པྈ ལས་རྒྱུ་འབྲསྈ འཁོར་བའི་ཉེས་དམིགསྈ རིགས་དྲུག་གི་སྡུག་བསྔལ་བསམ་པ་ནི་སྤྱི་དང་མཐུན་ནོྈ གཉིས་པ་ཐུན་མོང་མ་ཡིན་པ་ལ་ཁྱད་ཆོས་བཞི་སྟེྈ འཁོར་བའི་སྡུག་བསྔལ་མཐའ་དག་སྐྱོན་དུ་ཤེས་ཏེྈ འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ལ་ཞེན་པ་ལོག་པའི་ཁྱད་ཆོསྈ ཐར་པའི་བདེ་བ་མཐའ་དག་ཡོན་ཏན་དུ་ཤེས་ཏེྈ དེ་ཉིད་ལ་བསྒྲུབ་འདོད་ཀྱི་མོས་གུས་དང་དད་པ་བསྐྱེད་པའི་ཁྱད་ཆོསྈ ཐར་པའི་བདེ་བ་བསྒྲུབ་པའི་ཚེྈ རྣམ་གཡེང་ལེ་ལོ་སྤངས་ཏེ་བརྩོན་འགྲུས་དང་ལྡན་པའི་ཁྱད་ཆོསྈ བརྩོན་འགྲུས་དེས་གཏན་གྱི་ཐར་པའི་ལམ་ཉམས་སུ་ལེན་པའི་ཚེྈ རང་འདོད་ཀྱི་ཡིད་ཀྱི་བློ་སྤངས་ཏེྈ ཅི་བྱེད་གཞན་དོན་དུ་སེམས་བསྐྱེད་པའི་ལྷག་བསམ་དང་ལྡན་པའི་ཁྱད་ཆོས་སོྈ གསུམ་པ་ཁྱད་པར་གྱི་ཐུན་མོང་ནིྈ འཇའ་ལུས་རྡོ་རྗེའི་ཚིག་རྐང་ལསྈ ལམ་གྱི་རྩ་བ་བྱང་སེམས་མོས་གུས་ཏེྈ ཞེས་པསྈ དགའ་དང་སྙིང་རྗེ་བྱམས་པ་དང་བཏང་སྙོམས་བཞི་སྟེྈ སྙིང་རྗེ་ཚད་མེད་པ་རྒྱལ་པོའི་བུ་སྟོར་བའམྈ རྔ་མོང་གི་ཕྲུ་གུ་སྟོར་བའམྈ ལག་རྡུམ་ཆུས་ཁྱེར་བ་ལྟརྈ ཚད་མེད་པའི་སྙིང་རྗེ་འགྲོ་ལ་གདུང་སེམས་བསྒོམ་པའོྈ དགའ་བ་ཚད་མེད་པ་རབས་ཆད་ལ་བུ་སྐྱེས་པའམྈ སྟོར་བ་རྙེད་པ་ཤི་བ་སོས་པ་ལྟ་བུའི་ཀུན་ལ་དགའ་ཞིང་མགུ་བར་བྱྈ བྱམས་པ་ཚད་མེད་པ་བྱ་མོ་སྒོ་ངར་སྲེད་པའམ་ལུག་གི་རྫི་བོ་དང་སྨན་པ་ལྟ་བུརྈ གཞན་ལ་ཕན་པའི་འདུ་ཤེས་འབའ་ཞིག་བསྒོམ་པའོྈ བཏང་སྙོམས་ཚད་མེད་རྒྱལ་པོས་སྦྱིན་པ་གཏོང་བའམྈ དྲང་སྲོང་གིས་གཏོར་མ་བསྔོ་བ་བཞིན་དུ་ཕྱོགས་རིས་དང་བྲལ་བའི་ཀུན་ཁྱབ་ཆེན་པོར་བསྒོམ་པའོྈ མོས་གུས་ཞེས་པ་བླ་མ་སངས་རྒྱས་སུ་མཐོང་བའི་མོས་གུསྈ ཅི་གསུང་ཚད་མར་འཛིན་པའི་མོས་གུསྈ གང་གསུང་དང་དུ་ལེན་པའི་མོས་གུསྈ ཅི་མཛད་ལེགས་པར་མཐོང་བའི་མོས་གུསྈ ཅི་ཡོད་བླ་མར་འབུལ་བའི་མོས་གུསྈ བླ་མ་དང་ཆོས་མིག་ལྟར་དུ་འཚོ་ཞིངྈ སྙིང་ལྟར་དུ་གཅེས་པར་འཛིན་པའི་མོས་གུས་སོྈ དེ་ལྟ་བུའི་བྱང་སེམས་མོས་གུས་ནི་ཆོས་ཐམས་ཅད་ཀྱི་རྩ་བ་གལ་པོ་ཆེ་ཡིན་པས་གནད་དུ་བསྣུན་པ་གལ་ཤིན་ཏུ་ཆེའོྈ དེ་རྣམས་ནི་སྔོན་འགྲོའི་རིམ་པའོྈ དངོས་གཞི་ལ་གསུམ་སྟེྈ སེམས་ཉིད་ཀྱི་གཞི་རྩ་ལེགས་པར་གཅོད་པའི་སྒོ་ནས་ལྷུན་གྲུབ་རྣམ་གསུམ་ཉམས་སུ་ལེན་པ་དངྈ ཁ་ཟས་ཀྱི་འཁྲི་བ་བཅད་ཅིང་འབྱུང་ལྔའི་རླུང་ཟས་སུ་ཟ་བ་དངྈ གོས་ཀྱི་འཁྲི་བ་གཅོད་ཅིང་བདེ་སྟོང་གཏུམ་མོ་གོས་སུ་གྱོན་པ་དང་གསུམ་མོྈ དངོས་གཞིའི་དང་པོ་འཇའ་ལུས་རྡོ་རྗེའི་ཚིག་རྐང་ལསྈ ལྷུན་གྲུབ་རྣམ་གསུམ་ཉམས་ལེན་སྲོག་ཤིང་མཆོགྈ ཅེས་པའི་ལྷུན་གྲུབ་རྣམ་གསུམ་ནིྈ གཞི་ནས་མ་བཅོས་ལྷུན་གྲུབ་ཀྱི་གནས་ལུགས་བཟོ་མེད་ཁྱབ་གདལ་དུ་གོ་ཞིངྈ དེ་ཉིད་ཀྱི་དོན་ལ་སེམས་འདས་མ་འདས་ད་ལྟ་དུས་གསུམ་གྱི་རྟོག་པྈ གང་གིས་ཀྱང་མ་ཡེངས་པར་མཉམ་པར་འཇོག་ཤེས་པྈ སངས་རྒྱས་མྱུར་དུ་འགྲུབ་པ་གཞིའི་མན་ངག་གོྈ ལམ་མ་འཁྲུལ་ལྷུན་གྲུབ་གནས་ལུགས་བཟོ་མེད་རང་ཤར་རང་གྲོལ་དུ་གོ་ཞིངྈ དེ་ཉིད་ཀྱི་དོན་ལ་འཁྲུལ་མེད་རྩལ་སྦྱོང་བོགས་འདོན་ཞེས་པྈ སངས་རྒྱས་མྱུར་དུ་འགྲུབ་པའི་ལམ་གྱི་མན་ངག་གོྈ འབྲས་བུ་མ་བསྒྲུབ་ལྷུན་གྲུབ་ཀྱི་གནས་ལུགས་བཟོ་མེད་ལ་ཡིད་ཆེས་བརྟན་པ་ཐོབ་པྈ འབྲས་བུ་མྱང་འདས་སུ་གོ་ཞིང་དེ་ཉིད་ཀྱི་དོན་ལ་གཟུང་འཛིན་རེ་དོགས་དང་བྲལ་བ་ཐག་ཆོད་ཀྱི་ཉམས་ལེན་ཤེས་པྈ འབྲས་བུ་མྱུར་དུ་སངས་རྒྱས་འགྲུབ་པ་འབྲས་བུའི་མན་ངག་གོྈ དེ་ལྟ་བུའི་མན་ངག་གི་གནད་གོ་ཞིང་མཐར་ཕྱིན་དུ་བསྐྱངས་པསྈ འཁྲུལ་པའི་རྫུན་ཕུགས་རྡིབ་ནས་གནས་ལུགས་ཀ་དག་གི་ལ་བཟླ་བ་ནིྈ ཆོས་ཐམས་ཅད་ཀྱི་རང་བཞིན་སྲོག་གི་མཆོག་ཏུ་གྱུར་པ་ཡིན་ནོྈ གཉིས་པ་ནི་འཇའ་ལུས་རྡོ་རྗེའི་ཚིག་རྐང་ལསྈ ཟག་བཅས་འཁོར་བའི་རྐྱེན་ལ་མ་ལྟོས་པརྈ ཟག་མེད་རླུང་ལྔའི་དྭངས་མ་བཅུད་དུ་ཟྈ ཞེས་པསྈ ཁ་ཟས་ཀྱི་འཁྲི་བ་གཅོད་ཅིང་འཇའ་ལུས་སུ་བགྲོད་པའི་ཉམས་ལེན་ལ་གསུམ་སྟེྈ སྟེང་རླུང་ཟས་སུ་ཟ་བ་དངྈ འོག་རླུང་ཟས་སུ་ཟ་བ་དངྈ བར་རླུང་ཟས་སུ་ཟ་བ་དང་གསུམ་ལསྈ འོག་རླུང་དང་བར་རླུང་ཟ་བའི་རིམ་པ་འོག་ཏུ་བསྟན་ཞིངྈ འདིར་སྟེང་རླུང་ཟས་སུ་ཟ་བ་ཉམས་ལེན་རྒྱུན་ཁྱེར་གྱི་རིམ་པ་ནིྈ གནས་ཤིན་ཏུ་དབེན་ཞིང་ཉམས་དགའ་བརྈ ཁྲུས་བསང་གཙང་སྦྲ་དང་ལྡན་པས་རྩ་བ་གསུམ་ལ་ཚོགས་ཀྱི་འཁོར་ལོ་ཕུལ་ནསྈ རླུང་ཟས་མཐར་ཕྱིན་པའི་གསོལ་བ་བཏབ་སྟེྈ སྟན་གྱི་རྒྱབ་མཐོ་བ་ལ་ཛཱ་ཧ་བཱིར་ལུས་གནད་རྒྱུན་ཁྱེར་ལ་གནས་པར་བྱའོྈ ལུས་གནད་ནི་རྐང་པ་གཡོན་པའི་རྟིང་པས་འཕོངས་ཀྱི་བཤང་གཅིའི་བར་དུ་མནནྈ གཡས་པའི་རྟིང་པ་སྤུ་དཀར་ནག་མཚམས་དངྈ སོར་མོའི་རྩེ་རྣམས་གདན་སྟེང་དུ་བཙུགསྈ ལག་པ་གཉིས་པུས་མོ་གཡས་གཡོན་གྱི་སྟེང་དུ་མདའ་ལྟར་བསྲངྈ ལུས་གནད་ཤིན་ཏུ་དྲང་བའི་ངང་ནསྈ རང་ལུས་ཐ་མལ་པའི་སྣ་བུག་གཡས་ནས་ཕོ་རླུང་ཞེས་པའམྈ དྲག་རླུང་ངམྈ རྩུབ་རླུང་ཞེས་པྈ ལན་གསུམ་དུ་མདའ་ལྟར་འཕངས་པས་ཞེ་སྡང་ལས་གྱུར་པ་ཐམས་ཅད་ཁ་དོག་དམར་པོའི་རྣམ་པར་དཔག་ཚད་རྒྱང་གྲགསྈ ཕྱི་ཡི་རྒྱ་མཚོའི་ཕ་མཐརྈ ནད་གདོན་སྡིག་སྒྲིབྈ གྲིབ་དང་མི་གཙང་བ་རྩྭ་དུག་རླུང་དུག་ཐིག་ལེའི་ཉེས་སྐྱོན་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་ཐམས་ཅད་དུ་བ་ནག་བུན་རྣག་ཁྲག་ཆུ་སེར་སྡིག་པ་སྡོམྈ སྦལ་པ་འབུ་སྲིན་སོལ་ཁུ་དུད་ཁུའི་རྣམ་པརྈ ནག་འདུ་རུ་རུ་ཐོན་པར་བསམ་ལ་ལུས་སྤྲུགས་དམིགས་པ་དང་བསྟུན་ཏེ་བྱའོྈ དེ་བཞིན་དུ་སྣ་བུག་གཡོན་ནས་མོ་རླུང་ཞེས་པའམྈ ལས་རླུང་བག་ཆགས་ཀྱི་རླུང་གསུམ་འཇམ་པོས་ལན་གསུམྈ ཁ་དོག་སེར་པོའི་རྣམ་པར་ཉོན་མོངས་པ་འདོད་ཆགས་ལས་གྱུར་པ་ཐམས་ཅད་དབྱུང་ངོྈ དབུས་ནས་མ་ནིང་ཞེས་པའམྈ མཉམ་རྒྱུའི་རླུང་ངམྈ ཉོན་མོངས་ཀྱི་རླུང་སོགསྈ གཏི་མུག་ལས་གྱུར་པ་ཐམས་ཅད་ཁ་དོག་ནག་པོའི་རྣམ་པརྈ ས་འོག་རིམ་པ་དགུའི་ནང་དུ་གོང་གི་དམིགས་པ་དང་བཅས་དབྱུང་ངོྈ དེ་ནས་ཐབས་ཤེས་ཟུང་འཇུག་གི་རླུང་དལ་བར་བཞག་པའི་ངང་ནསྈ མི་མནོ་མི་བསམ་ལྷང་ངེ་བ་བཟོ་མེད་ཀ་དག་གི་ངང་ལ་བཞག་གོྈ སྐབས་འདིར་འཇའ་ལུས་རྡོ་རྗེའི་ཚིག་རྐང་ལསྈ དབུ་མ་འཇའ་ལུས་གསལ་སྟོང་འཛིན་མེད་བསྒོམྈ ཞེས་པསྈ རང་ལུས་དབུ་མ་ཁྱད་ཆོས་བཞི་ལྡན་རྩ་བ་ཕྲ་བ་གསང་གནས་སུ་ཟུག་ཅིངྈ གདེངས་ཀ་ཆེ་བ་སྤྱི་བོར་བསྟན་པ་རང་ལུས་ཀྱི་ཚད་ཙམྈ ཕྱི་སྔོ་བ་ནང་ཤིན་ཏུ་དམར་བའི་མདངས་དང་ལྡན་པྈ ཡར་སྣ་ཟླ་བའི་ངོ་བོ་ཐིག་ལེ་དཀར་པོ་རྣམ་པ་རིལ་བྈ བྱ་མ་སར་གྱི་སྒོ་ང་ཙམ་འོད་ཟེར་སྣ་ཚོགས་འཕྲོ་བ་གཅིག་གསལ་བཏབྈ མར་སྣ་ཐིག་ལེ་དམར་པོའི་རྣམ་པ་རིལ་བ་བྱ་མ་སར་གྱི་སྒོ་ང་ཙམ་གཅིག་གསལ་བཏབྈ དེ་ཡང་དྭངས་ཤིང་ཐོགས་པ་མེད་པ་བར་སྣང་དྭངས་པའི་འཇའ་ཚོན་ལྟར་གསལ་སྟོང་འཛིན་མེད་དུ་སྒོམ་པ་ནི་དམིགས་པ་ཆུ་བོའི་རྒྱུན་གྱི་ཉམས་ལེན་གལ་ཆེའོྈ དེ་ནས་མཉམ་རླུང་ཚར་གཅིག་བུས་རྗེས་ཕྱི་རོལ་གྱི་བཅུདྈ ས་རླུང་སེར་པོྈ ཆུ་རླུང་དཀར་པོྈ མེ་རླུང་དམར་པོྈ རླུང་གི་རླུང་ལྗང་གུྈ ནམ་མཁའི་རླུང་སྔོན་པོྈ གཞན་ཡང་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ནོར་ལྷ་གཏེར་བདགྈ ས་རྡོ་རི་བྲགྈ རྩི་ཤིང་ནགས་ཚལྈ འབྱུང་བ་བརྟན་གཡོྈ སྣོད་བཅུད་ཀྱི་དྭངས་མ་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པར་ཁྲ་བུན་ནུ་ནུ་བྱུང་ནས་རང་ལུས་དབུ་མར་ཐིམྈ དབུ་མ་ཆོས་འབྱུང་ཡང་འཇའ་ཚོན་གྱི་རྣམ་པར་འཛམ་གླིང་འོད་ཀྱིས་ཁྱབ་པ་གཅིག་ཏུ་བསམྈ དེ་ནས་རླུང་ཞི་བྈ བཙན་ཐབསྈ དྲག་པོ་གསུམ་ལྈ རེ་རེ་ལ་ཉི་ཤུ་རྩ་གཅིག་རེ་ཐུན་དྲུག་དྲུག་ཏུ་ཟའོྈ རླུང་ཟ་མ་ནུས་པར་ལེ་ལོ་གཡེངས་བ་དཔའ་ཞུམ་བྱས་ན་ཡོན་ཏན་མི་སྐྱེ་བསྈ འདིར་བཤད་པ་བཞིན་ཟ་བར་གལ་ཆེའོྈ རླུང་ཞི་བར་ཟ་བ་ཧུབ་སྒྲས་ཁ་སོ་གཉིས་ཀྱི་བར་ནས་འདྲེན་ནོྈ བཙན་ཐབས་སུ་ཟ་བ་ཁ་སྣ་བཙུམ་པའི་སྒང་ལ་རླུང་རིག་མིད་པ་ནས་སྒྲ་བཅས་ཀྱིས་མིདྈ དྲག་པོར་ཟ་བ་གཡས་གཡོན་གསུམ་གསུམ་ནསྈ ཁ་སྒྲ་བཅས་མིད་པ་སྒྲ་བཅས་ཀྱི་འཇུག་པའོྈ གསུམ་ཀ་ཕོ་བ་གང་བར་མ་གྱུར་གྱི་བར་དུ་ཟའོྈ དེ་ཐམས་ཅད་ཀྱི་ཉམས་ལེན་དམིགས་གནད་ཟབ་མོ་རྣམས་ཞལ་ལས་ཤེས་པར་བྱའོྈ ཉམས་ལེན་མ་འབྱོངས་བར་སྤང་བྱ་གསུམ་ནིྈ སྟེང་རླུང་སྒྲེགས་པ་འོག་རླུང་འདོར་བ་སྤངྈ ཟས་རེག་དྲི་མ་མེ་དང་ཉི་མ་སྤངྈ ཚ་སྐྱུར་སྔོ་ངད་བྱུག་བདུག་སྤང་བར་བྱྈ རྒྱུན་ཁྱེར་གསུམ་ནི་ལུས་མ་ཡེངས་པྈ དབུ་མ་འཛུག་བསྐོར་འཐེན་གསུམ་ལུས་སྦྱོང་འཕྲུལ་འཁོར་བསྐྱེད་རིམ་དང་ཉི་ཟླ་བསྐོར་བ་དང་མི་འབྲལ་བར་བྱའོྈ ངག་མ་ཡེངས་པ་སྟེང་འོག་བར་གསུམ་རླུང་རྩོལ་འབྱུང་ལྔའི་བཅུད་སྡུད་རླུང་འཚོ་བཅུད་འཚོ་དང་མ་བྲལ་བར་བྱའོྈ ཡིད་མ་ཡེངས་པ་ཆོས་འབྱུང་བྱང་སེམས་དཀར་དམར་ལྷུན་གྲུབ་རྣམ་གསུམ་གྱི་ངང་ལ་མ་བཅོས་ཀ་དག་ཏུ་བཞག་གོྈ སྐབས་སྐབས་སུ་རླུང་གྲུ་བཤུད་ཉི་ཟླ་བསྐོར་བ་རྣམས་རེས་མོས་སུ་ཉམས་སུ་བླངས་པསྈ མཐུན་རྐྱེན་ཉམས་རྟོགས་ཉི་ཟླའི་དཀྱིལ་འཁོར་ལྟར་རྒྱས་པའོྈ ཞེས་དེ་ལྟར་ཚེ་གཅིག་ལུས་གཅིག་གིས་མཚུངས་མེད་འཇའ་ལུས་སྒྲུབ་པའི་དམར་ཁྲིདྈ སངས་རྒྱས་ལག་བཅངས་སུ་གདམས་པའི་ཟབ་ཁྲིད་ཚང་ལ་མ་ནོར་རྫོགས་པ་འདི་ཉིདྈ ཉམས་སྣང་ཟ་ཟིར་དུ་བྱུང་བ་ལ་བརྟེན་ཏེ་དུང་དཀར་རྒྱ་མཚོའི་རུས་མིང་གི་ཐ་ཤལ་སྤྲང་པོ་ཉི་ཟླ་ཀློང་གསལ་གྱིས་དུས་ཚེས་ངེས་མེད་དུ་བེར་ཆེན་དབེན་པའི་རི་ཁྲོད་དུ་ཉམས་ལེན་ངང་ནས་ཡི་གེར་བཀོད་པའོྈ ཚེ་གཅིག་འོད་ཕུང་མཆོག་སྒྲུབ་ཟབ་ཆོས་འདིྈ དབང་མེད་ལུང་མེད་དམར་ཁྲིད་ཉམས་མྱོང་མེདྈ དཔེ་བལྟས་ཚིག་ཟིན་ཁ་ཆོས་གཟུ་ལུམ་བྱེདྈ ཆོས་མིན་བསྟན་བཤིག་དམ་ཉམས་མ་ལུས་ཀུནྈ སྙིང་ཁྲག་དྭངས་མ་གཟའ་བདུད་ཞལ་དུ་བཞེསྈ བཛྲ་རཱ་ཧུ་ལ་རཀྵ་སི་ཧཱུྃྈ ྈྈ འཇའ་ལུས་འོད་ཕུང་རང་གྲོལ་ལསྈ གཏུམ་མོ་རྫོགས་རིམ་ཟུང་འཇུག་འཁོར་འདས་རང་གྲོལ་བཞུགས་སོྈ ན་མོ་གུ་རུ་ཛཱ་ཧ་བཱིར་མ་ཧཱ་སུ་ཁ་སིདྡྷི་ཕ་ལ་ཧོྈ རྣལ་འབྱོར་དབང་ཕྱུག་ཛཱ་ཧ་བཱིརྈ འཁོར་དང་བཅས་ལ་ཕྱག་འཚལ་ཞིངྈ དེས་གསུང་ཐེག་པའི་ཡང་རྩེ་མཆོགྈ བོགས་འདོན་གཏུམ་མོའི་དམར་ཁྲིད་འདིྈ ལས་ལྡན་དོན་དུ་ཅུང་ཟད་བྲིྈ ཆོས་བདག་མཁའ་འགྲོས་གནང་དུ་གསོལྈ འཇའ་ལུས་རྡོ་རྗེའི་ཚིག་རྐང་ལསྈ ཉམས་རྟོགས་རྩ་བ་རྩ་རླུང་ཐིག་ལེ་ཡིནྈ ཞེས་པས་ཉི་མའི་ངོ་བོ་ཐིག་ལེ་དམར་པོ་ལ་བརྟེན་ནསྈ གཏུམ་མོ་གོས་སུ་གྱོན་པ་ལ་གསུམ་སྟེྈ ལུས་རྩ་གནད་དང་ལྡན་པྈ ངག་རླུང་གནད་དང་ལྡན་པྈ སེམས་དམིགས་གནད་དང་ལྡན་པའི་ངང་ནསྈ ཧཱུྃྈ ཡེ་སྟོང་ཀ་དག་སྤྲོས་བྲལ་རང་མདངས་ལསྈ སྣོད་ཀྱི་འཇིག་རྟེན་དག་པ་མཁའ་སྤྱོད་གནསྈ བཅུད་ཀྱི་སེམས་ཅན་རྒྱལ་ཡུམ་ཕག་མོར་གྱུརྈ སྐྱེ་མེད་ཆོས་འབྱུང་དམར་ནག་ཡངས་པའི་ནངྈ པདྨ་ཉི་ཟླ་བམ་རོ་བརྩེགས་པའི་སྟེངྈ རང་ལུས་རྒྱལ་ཡུམ་རྡོ་རྗེ་ཕག་མོའི་སྐུྈ དམར་གསལ་བརྐྱང་བསྐུམ་གྲི་གུག་ཐོད་ཁྲག་འཛིནྈ སྤྱི་གཙུག་ཕག་གདོང་ཁ་ཊྭཱཾ་བདེ་ཉམས་སྒྱུརྈ གཅེར་བུ་སྐྲ་གྲོལ་ཐོད་སྐམ་ལྔ་ཡིས་བརྒྱནྈ མེ་དཔུང་དམར་ནག་ཀློང་ན་འགྱིང་བག་བཞུགསྈ སྐབས་འདིར་བཟླས་པ་ཅི་རིགས་བྱེད་པ་ཞལ་ལས་ཤེསྈ ྈགུ་རུ་ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ས་མ་ཡ་ཛཿཛྈ སྤྱི་གཙུག་གསང་གནས་བར་དུ་དབུ་མ་ནིྈ མཚན་ཉིད་བཞི་ལྡན་སྤྲོ་བསྡུ་གོ་རིམ་བཞིནྈ བདེ་སྟོང་ཞལ་མཇལ་ཨ་ཧཾ་འབར་འཛག་བསྒོམྈ བཞི་གསུམ་བཅུ་གཉིས་བདེ་སྟོང་རང་ཞལ་ལྟྈ དྲག་རླུང་གཅུན་ལ་དམིགས་པ་ལྟེ་འོག་གིྈ ཨ་ཐུང་མེ་ལྕེ་ལམ་ལམ་འབར་བར་བསམྈ མེ་ལྕེ་ཡར་བྱུང་རྩ་ནང་ཐམས་ཅད་དྲོསྈ རྩ་ནང་མ་ཤོང་ལུས་ནང་ཐམས་ཅད་གངྈ སླར་ཡང་སྟོང་གསུམ་འཇིག་རྟེན་ཐམས་ཅད་གངྈ མེ་ཡི་ཚྭ་ཚྭ་འུར་འུར་འབར་བར་བསམྈ མེ་ལྕེའི་རྩེ་ལ་ཌཱ་ཀི་དཔག་མེད་ཀྱིསྈ མེ་དཔུང་བསྣམས་ནས་བྲོ་གར་བྱེད་པར་བསམྈ རིག་པ་བརྟུལ་ཞུགས་བྲོ་གར་དྲག་ཏུ་བྱྈ སླར་ཡང་མེ་ལྕེ་ཚུར་བྱུང་རང་ལ་ཐིམྈ འཁོར་ལོ་ལྔ་ལ་འབར་འཛག་དྲག་ཏུ་བསྒོམྈ ལྷ་ཚོགས་གསལ་བཏབ་ཡབ་ཡུམ་འབྲོས་འདེད་བསྐུལྈ གསོལ་འདེབས་འབད་ཅིང་ལུས་གནད་དྲག་ཏུ་གཅུནྈ ལུས་གནད་པུས་འཁྱུད་ཁྲིལ་གཉིས་བསྡམྈ རླུང་གནད་བསྡིག་ཅིང་མགྲིན་གཅུ་མནནྈ དམིགས་གནད་གསལ་སྟོང་རྩ་འཁོར་བསྒོམྈ སྤེལ་ཞིང་བརྩེགས་ལ་འབད་པས་བསྣུནྈ གྲངས་མེད་བར་དུ་རླུང་འཛིན་གཅེསྈ ཉི་ཟླ་སྐོར་ཞིང་དྲོད་འབེབ་བྱྈ འདྲེན་འགྲེམ་འཕྲུལ་འཁོར་དྲག་ཏུ་འབདྈ དེ་ལྟར་ཉམས་ལེན་རྩལ་འབྱོངས་ནསྈ རང་ལུས་འོད་རིག་ཡིད་རིག་དངྈ བོལླའི་བདེ་བ་ལ་བརྟེན་ནསྈ ཚེ་གཅིག་འཇའ་ལུས་འགྲུབ་འདོད་ནྈ དམིགས་པའི་རིམ་པ་འདི་ལྟར་རོྈ བདེ་སྟོང་རང་ཞལ་བལྟ་ཞིང་དྭངས་མ་དལ་བུས་དབབྈ གཉེན་པོ་དྲག་པོས་འཛག་པ་མེད་པར་བཅིངྈ རླུང་སེམས་གཉིས་ཀྱིས་འགྲངས་པར་དྲངྈ འཕྲུལ་འཁོར་རྣམ་བཞིས་ཁྲེམ་པར་དགྲམྈ ཞེས་པསྈ འདོད་ཆགས་བདག་པོས་བྱ་ཕོ་མགྲིན་སྙན་བསྟེནྈ བྱ་ཕོ་འགྲོས་ཀྱིས་དྭངས་མ་དལ་བུས་དབབྈ བྱ་ཕོ་འགྱིང་གིས་འཛག་པ་མེད་པར་བཅིངྈ བྱ་ཕོ་འདྲེན་གྱིས་དྭངས་མ་འདྲོངས་པར་དྲངྈ བྱ་ཕོ་སྤྲུག་གིས་ཁྲེམ་པར་དགྲམྈ རང་ལུས་བདེ་སྟོང་ཁ་སྦྱོར་ལྈ འཆུག་མེད་རྩ་ཡི་ཐེམ་བུ་དགོསྈ གཞན་ལུས་བདེ་ཆེན་ཁ་སྦྱོར་ལྈ འཆུག་མེད་རླུང་གི་ཐེམ་བུ་དགོསྈ འཁོར་འདས་མཉམ་ཉིད་ཁ་སྦྱོར་ལྈ འཛིན་མེད་ལྟ་བའི་ཐེམ་བུ་དགོསྈ ཅེས་པས་དེ་ལ་བརྟན་པ་ཐོབ་ནས་གཞན་ལུས་བསྟེན་པ་ནིྈ བདག་ཉིད་སྐད་ཅིག་དྲན་རྫོགས་སུྈ ཐ་མལ་ཤེས་པ་མ་ཡེངས་པརྈ རྟ་མགྲིན་དབང་ཆེན་སྐུ་མདོག་དམརྈ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བསྒྲདྈ གཡས་གཡོན་གྲི་གུག་ཐོད་ཁྲག་བསྣམསྈ གཅེར་བུ་རུས་པའི་རྒྱན་ལྡན་བསྒོམྈ སྤྱི་བོར་ཡི་གེ་ར་འོད་ཞུྈ རྡོ་རྗེ་དཔའ་བོ་སྐུ་མདོག་དཀརྈ གཡས་གཡོན་རྡོ་རྗེ་ཐོད་ཁྲག་འཛིནྈ མགྲིན་པར་ཡི་གེ་ཙ་འོད་ཞུྈ རཏྣ་དཔའ་བོ་སྐུ་མདོག་སེརྈ གཡས་གཡོན་རིན་ཆེན་ཐོད་ཁྲག་འཛིནྈ སྙིང་གར་ཧྲཱིཿབསྐྱེད་འོད་ཞུ་བསྈ སངས་རྒྱས་དཔའ་བོ་སྐུ་མདོག་མཐིངྈ གཡས་གཡོན་འཁོར་ལོ་ཐོད་ཁྲག་འཛིནྈ ལྟེ་བར་ཧྲི་བསྐྱེད་འོད་ཞུ་བསྈ པདྨ་དཔའ་བོ་སྐུ་མདོག་དམརྈ གཡས་གཡོན་པདྨ་ཐོད་ཁྲག་འཛིནྈ གསང་གནས་ཡ་བསྐྱེད་འོད་ཞུ་བསྈ ལས་ཀྱི་དཔའ་བོ་སྐུ་མདོག་ལྗངྈ གཡས་གཡོན་རྒྱ་གྲམ་ཐོད་ཁྲག་འཛིནྈ དེ་ལྟར་གསལ་བའི་སྐུ་པང་དུྈ རྡོ་རྗེ་ཕག་མོ་སྐུ་མདོག་དམརྈ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བསྒྲདྈ གཡས་པས་གྲི་གུག་གཡོན་ཐོད་ཁྲགྈ འཁྲིལ་སྦྱོར་ཞལ་ལྗགས་དགྱེས་པའི་ཚུལྈ གཅེར་བུ་རྒྱན་ལྡན་མཛེས་པར་བསྒོམྈ དེ་ལྟར་བསྒོམས་པའི་སྤྱི་གཙུག་ཏུྈ ཡི་གེ་ཧ་བསྐྱེད་འོད་ཞུ་བསྈ རྡོ་རྗེ་ཌཱ་ཀི་སྐུ་མདོག་དཀརྈ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བགྲདྈ གཡས་པས་གྲི་གུག་གཡོན་ཐོད་ཁྲགྈ གཅེར་བུ་རུས་པའི་རྒྱན་བཅས་བསྐྱེདྈ མགྲིན་པར་རི་བསྐྱེད་འོད་ཞུ་བསྈ རིན་ཆེན་ཌཱ་ཀི་སྐུ་མདོག་སེརྈ སྙིང་ཁར་མ་བསྐྱེད་འོད་ཞུ་བསྈ སངས་རྒྱས་མཁའ་འགྲོ་སྐུ་མདོག་མཐིངྈ ལྟེ་བར་ནི་བསྐྱེད་འོད་ཞུ་བསྈ པདྨ་མཁའ་འགྲོ་སྐུ་མདོག་དམརྈ གསང་གནས་ས་བསྐྱེད་འོད་ཞུ་བསྈ ཀརྨ་མཁའ་འགྲོ་སྐུ་མདོག་ལྗངྈ དེ་ལྟར་རིག་པའི་ལྷ་ཚོགས་ཀྱངྈ གསལ་ལ་འཛིན་མེད་སྦྱོར་བར་བསམྈ བདག་ཉིད་ཡབ་ཡུམ་སྤྱི་གཙུག་ཏུྈ པདྨ་ཉི་ཟླའི་གདན་སྟེང་དུྈ བདེ་གཤེགས་ཀུན་འདུས་པདྨ་འབྱུངྈ མཐིང་ནག་ཞལ་གཅིག་ཕྱག་གཉིས་པྈ གཡས་པས་རྡོ་རྗེ་ཐུགས་ཀར་འཛིནྈ ཕྱག་གཡོན་དྲིལ་བུ་ཡུམ་ལ་འཁྱུདྈ སྐུ་པང་ཡེ་ཤེས་མཚོ་རྒྱལ་དཀརྈ འཛུམ་མཛེས་མདངས་གསལ་འོད་ཟེར་འཕྲོྈ སྐྲ་གྲོལ་གཅེར་བུ་འོད་ལྡན་བསྐྱེདྈ དེ་ལྟར་གསལ་བཏབ་རོལ་པ་ཡིསྈ ཐ་མལ་པ་རུ་མི་འགྲོ་འོྈ བདག་གཞན་བསྐྱེད་རིམ་གདིང་མེད་པསྈ འདོད་པས་གདུང་བའི་ཆགས་ལམ་ཀུནྈ ཁྱི་ཕག་ཀུན་དང་ཁྱད་ཅི་ཡོདྈ ཐབས་ལམ་ཉམས་ལེན་བྱེད་པ་ཀུནྈ མཁའ་གསང་བྱིན་གྱིས་བརླབ་པ་དངྈ རང་ལུས་ལྷ་རུ་བསྐྱེད་པ་དངྈ འདུ་ཤེས་གསུམ་ལྡན་ཤིན་ཏུ་གཅེསྈ རང་ལུས་གནས་པའི་བྱང་ཆུབ་སེམསྈ སངས་རྒྱས་རྣམས་ཀྱི་གཞི་ཡིན་ཞིངྈ མཁའ་འགྲོ་མ་ཡི་བཞུགས་གནས་ཏེྈ ཕྱི་རུ་ཉུངས་འབྲུ་ཙམ་བོ་ནྈ རིག་འཛིན་མཆོག་གི་གོ་འཕང་དབེནྈ དེ་བས་རང་གཞན་ཉམས་ལེན་འདིྈ ཉམས་སུ་ལེན་པའི་སྐྱེས་བུ་ནིྈ སོ་ཐར་བྱང་སེམས་སྔགས་སྡོམ་གྱིྈ དམ་ཚིག་མ་ཉམས་རབ་ཏུ་བསྲུངྈ ཚུལ་ཁྲིམས་ལྡན་པའི་དགེ་སློང་གིསྈ ཉམས་ལེན་འཆུག་མེད་བརྩོན་གྱུར་ནྈ ཏིང་ངེ་འཛིན་འཕེལ་བྱང་སེམས་རྒྱསྈ རྩ་ཁམས་མཁའ་འགྲོ་དགྱེས་དེའི་མཐུསྈ ལུས་ལ་བདེ་དྲོད་རྟོགས་པ་འཆརྈ སྣང་སྲིད་ལྷ་འདྲེ་བྲན་བཞིན་ཁོལྈ བར་ཆད་མ་དང་མཁའ་འགྲོས་སེལྈ ཐུན་མོང་མི་ནོར་ཟས་གསུམ་འདུྈ འཆི་ཚེ་ཨོ་རྒྱན་མཁའ་སྤྱོད་འགྲོྈ འདི་སྤངས་འཇིག་རྟེན་བུད་མེད་སྤྱོདྈ ཕྱི་མ་དམྱལ་གནས་རོ་མྱག་སྐྱེྈ དེས་ན་གཅིག་བརྒྱུད་གདམས་པ་ལསྈ མང་ན་མཁའ་འགྲོའི་ཆད་པ་ཡོངྈ ཚེ་ཐུང་དམ་ཉམས་ན་རཀ་ལྟུངྈ གསང་སྟེ་གསང་སྔགས་ཉམས་ལེན་འབདྈ རྒྱ་རྒྱ་རྒྱྈ གདིང་ལྡན་བུ་ཡིས་ཉམས་བླངས་ནྈ ཡོན་ཏན་འདི་རྣམས་ཟླ་བ་རྒྱས་ལྟར་འབྱུངྈ ཡོན་ཏན་བརྒྱད་དང་ཕྲིན་ལས་བཞིྈ མངོན་ཤེས་ལྔ་དང་རྫུ་འཕྲུལ་དངྈ ལུས་བདེ་སེམས་བདེ་འོད་གསལ་འཆརྈ འགྲོ་མགྱོགས་རྒས་སྲ་ཚེ་རིང་ཞིངྈ བདེ་དྲོད་འབར་ཞིང་འཛག་སྒོ་སྡོམྈ རྩ་མདུད་གྲོལ་དང་རྟགས་བཅུ་འཆརྈ གཞན་སྣང་བསྒྱུར་དང་མཁའ་སྤྱོད་བགྲོདྈ སྐུ་གསུམ་ཞལ་མཐོང་སྐུ་བཞི་མཐའ་རུ་ཕྱིནྈ དོན་གཉིས་མཐར་ཕྱིན་ཚེ་འདིར་སངས་རྒྱས་ཐོབྈ རྒྱལ་བས་རྒྱུད་དང་མན་ངག་མང་གསུངས་ཀྱངྈ ཚེ་གཅིག་དོན་གྱི་སངས་རྒྱས་བསྒྲུབ་པ་ལྈ མཐར་ཐུག་ལམ་ནི་རྣམ་པ་གཉིས་ལས་མེདྈ སྟེང་སྒོ་རྣམ་པར་གྲོལ་བའི་ལམ་མཆོག་དངྈ འོག་སྒོ་བདེ་བ་ཆེན་པོའི་ལམ་གཉིས་ལསྈ འདི་ནི་འོག་སྒོ་བདེ་བ་ཆེན་པོའི་ལམྈ ས་བཅུའི་བྱང་ཆུབ་སེམས་དཔར་གྱུར་ན་ཡངྈ སངས་རྒྱས་ཐོབ་པའི་རྩ་མདུད་གྲོལ་བ་ལྈ འོག་སྒོ་བདེ་བའི་ཕྱག་རྒྱ་མ་བསྟེན་ནྈ ས་བཅུའི་བྱང་ཆུབ་སེམས་དཔའི་གོ་འཕང་ལསྈ བཅུ་གསུམ་རྫོགས་པའི་ཤེས་རབ་མི་ཐོབ་པསྈ བརྟུལ་ཞུགས་ཅན་གྱིས་ཕྱག་རྒྱ་བསྟེན་པ་གཅེསྈ བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྣམས་ཀྱངྈ རྩ་མདུད་གྲོལ་ཕྱིར་ལས་ཀྱི་ཕྱག་རྒྱ་བསྟེནྈ སྲིད་པ་ཐ་མའི་རྣལ་འབྱོར་ཕོ་མོ་ཀུནྈ མན་ངག་བཞིན་དུ་ཉམས་བླངས་གྱུར་པ་ནྈ འཇིག་རྟེན་མཁྱེན་པའི་སངས་རྒྱས་ཐོབ་པར་གྱུརྈ ཤེས་རབ་རང་བཞིན་སངས་རྒྱས་སྐྱེད་པའི་ཡུམྈ ཐབས་ཤེས་ཡ་བྲལ་ཉམས་ལེན་སུ་ཡིས་བྱེདྈ ཆོས་སྐུའི་ཞིང་ན་ཡབ་ཡུམ་འཁྲིལ་སྦྱོར་བཞུགསྈ ལོངས་སྐུའི་ཞིང་ན་ཟུང་འཇུག་མཉམ་རོལ་མཛདྈ བདེ་མཆོག་ཀྱཻ་རྡོར་དུས་འཁོར་གསང་འདུས་སོགསྈ ཡི་དམ་ཞི་ཁྲོ་བདེ་གཤེགས་རྒྱ་མཚོ་ཀུནྈ ཐབས་ཤེས་མི་འབྲལ་ཟུང་འཇུག་གཅེར་བུར་འཁྱུདྈ རྒྱ་གར་གྲུབ་ཐོབ་བརྒྱད་ཅུ་རྩ་ལྔ་ཡངྈ ཕྱག་རྒྱ་ལ་བསྟེན་དངོས་གྲུབ་རྣམ་གཉིས་ཐོབྈ ཨོ་རྒྱན་པདྨ་རྗེ་འབངས་ཉེར་ལྔ་དངྈ གྲུབ་ཆེན་བརྒྱ་དང་པཎ་ཆེན་བརྒྱ་རྩ་བརྒྱདྈ ཕྱག་རྒྱ་ལ་བསྟེན་འཇའ་ལུས་འཕོ་མེད་གྲུབྈ རྒྱ་བོད་གྲུབ་ཐོབ་ཀུན་གྱི་དགོངས་དོན་ཡིནྈ རྙིང་མ་རྒྱུད་འབུམ་གསར་མ་རྒྱུད་འབུམ་སོགསྈ དེ་དག་མ་ལུས་ཉམས་ལེན་མཐར་ཐུག་པྈ ཕྱག་རྒྱ་ཁོ་ནར་གསུངས་པ་མ་དགོངས་པརྈ དུས་གསུམ་སངས་རྒྱས་རྒྱལ་ཀུན་མཛད་བཟང་ལྈ ཡ་ག་ཅལ་སྒྲོག་མུ་ཅོར་སྐུར་པ་འདེབསྈ ཕྱི་མ་དམྱལ་བ་སྒྲུབ་པ་ཨ་ཙ་མྈ དམ་ཉམས་ལོག་རྟོག་ཅན་ལ་བཀའ་རྒྱ་གདམསྈ གཟའ་བདུད་ཆེན་པོ་དྲང་སྲོང་གཟའ་བརྒྱད་ཀྱིསྈ བཀའ་འདི་ཐུབ་པར་སྲུངས་ཤིག་བཛྲ་རཀྵ་སི་ཧཱུྃྈ ྈྈ འཇའ་ལུས་འོད་ཕུང་རང་གྲོལ་ལསྈ ཤེས་རབ་མའི་ཉམས་ལེན་གསེར་གྱི་ཡང་ཞུན་བཞུགས་སོྈ ན་མོ་གུ་རུ་ཛཱ་ཧ་བཱིརྈ ཤེས་རབ་བློ་ཆེ་དད་ལྡན་རིགས་བཟང་རྣམསྈ མ་ནོར་ལམ་མཆོག་ཚེ་གཅིག་སངས་རྒྱས་བསྟནྈ ཉམས་སུ་ལོངས་ཤིག་སྐལ་ལྡན་བུད་མེད་རྣམསྈ ཞེས་པས་འདིར་སྐལ་ལྡན་གྱི་བུད་མེད་རྣམས་ཚེ་གཅིག་ལམ་མཆོག་སྒྲུབ་པའི་ལམ་ཉམས་སུ་ལེན་པར་འདོད་ནྈ གོང་དུ་བཤད་པའི་ཉམས་ལེན་རྣམས་ལ་རྟགས་ཐོན་ངེས་སུ་བྱས་ནསྈ སླར་གསང་ཁྲིད་ལ་ཡིད་ཆེས་བརྟན་པ་མ་ཐོབ་བར་དུ་སྦྱངྈ མཐར་ཕྱིན་ནས་བོགས་འདོན་ཐུར་མའི་ཉམས་ལེན་བྱ་སྟེྈ དེ་ལའང་བཞི་སྟེ་ཐུར་མའི་རྒྱུྈ ཐུར་མའི་ཚདྈ འཇུག་པའི་ཚད་འཛིནྈ གེགས་བསལ་བ་དང་བཞི་ཡོད་པ་ལསྈ དང་པོ་ཐུར་མའི་ཚད་ནི་རིང་ཐུང་མཐོ་གང་སོར་བཞིྈ བུད་མེད་སྐྱེས་པའི་སྐྱོན་གྱིས་མ་གོས་པ་རྣམས་ལྈ མཐེའུ་ཆུང་གི་ཚིགས་དང་པོ་ཡན་ཤོང་ཙམྈ ཐབས་ཅན་ནམ་འཁོར་བ་སྤེལ་ལ་མཐེ་བོང་ཤོང་ཙམ་མོྈ རྒྱུ་ནི་གསེར་དངུལ་ཟངས་ལྕགས་སམྈ བེ་རྐང་སྟག་མ་བྱ་རྐང་སོགས་གང་འབྱོར་རོྈ འཇུག་ཚད་ནིྈ སྟེང་ཞལ་མ་ཞེས་པ་རྩ་ཁ་མདུན་ངོས་ལ་ཡོད་པསྈ རང་སོར་ལྔ་ཚུན་ཙམ་དུའོྈ འོག་ཞལ་ཅན་ཞེས་པ་རྩ་ཁ་རྒྱབ་ངོས་ལ་ཡོད་པས་སོར་བཞིའི་ཚད་ཙམྈ མདུན་ཞལ་ཅན་ཞེས་པ་པདྨའི་འོག་ཤ་རྒྱས་ཏེ་མས་རུས་འབུར་དུ་ཡོད་པ་ཡིན་ནོྈ ཤོར་ཅན་ཞེས་པ་པདྨའི་སྟེང་གི་ཤ་རུས་རྒྱས་པྈ རྒྱ་ཕིབས་ཁ་ཕུབ་ལྟར་ཟེའུ་འབྲུ་གསང་བའི་མཛོད་ཐུར་དུ་བལྟབ་པའོྈ པདྨ་བདེ་ཆེན་གསང་བའི་ཕོ་བྲང་ཨེ་ཝཾ་དཀྱིལ་འཁོར་དུྈ སོར་གསུམ་ཚུན་ཆད་འགྲོྈ དེ་ནས་སོར་གསུམ་ཚུན་གྱེན་ལ་སེགསྈ དེ་ནས་སོར་གཅིག་ཐུར་ལ་གནོནྈ དེ་ནས་སོར་གཉིས་གྱེན་ལ་གན་ཏེ་ཕུལ་ནསྈ སོར་དགུའི་ས་ན་སྲིད་པའི་ཞགས་པ་ཡོདྈ སླེབ་མ་ཐག་ཏུ་དབུགས་རིང་ཤུགས་རིང་འདར་སྐད་དངྈ ཡན་ལག་འཁྲབ་ཅིང་སྨར་དོས་ཆད་པ་དངྈ ཟུག་རྔུ་དྲག་པོ་མི་བཟོད་པའི་སྡུག་བསྔལ་དུ་ཡོང་བསྈ དེ་མ་ཐག་གསང་ཐུར་སོར་གཅིག་ཕྱིར་འཐེན་ནོྈ དབུ་མ་དལ་བུས་བཙུགས་ནས་འཇམ་རླུང་ཞི་བར་དྲངས་པསྈ ཟུག་རྔུ་ལས་རིམ་གྱིས་རྒྱལ་བར་འགྱུར་བས་སྒྱིད་མ་ལུག་པར་སྟོང་འདྲེན་སྟོད་མནན་སྒང་འདྲེན་སྒང་མནན་བྱས་པསྈ ཐུར་རླུང་གྱེན་ལ་རྒྱུག་པའི་ཚེྈ འཇའ་འོད་དུ་མེ་རེ་འབྱུང་སྟེ་ལུས་ཐམས་ཅད་གང་བར་བསམྈ དེ་ནས་ཐུར་མ་དལ་བུས་འཐེན་ཞིངྈ འཇམ་རླུང་བཟུང་ནས་ཕོ་བ་གཡས་སྐོར་རྡོ་རྗེ་ཐོ་རྡེག་སོགས་ལ་འབད་པས་ཞག་བདུན་ཚུན་ལ་གསང་ཐུར་འབྱོངས་པར་ཐེ་ཚོམ་མེདྈ ཆུ་གཏོང་སྐབས་ཀྱི་སྔ་ཕྱི་ཐམས་ཅད་ལ་རྣག་ཁྲག་དུམ་པ་རེ་ཡོང་བ་དངྈ རྩ་ཆུ་རེ་མོས་སུ་སྡོམ་པ་རྒྱུ་སྨད་དང་ལྟེ་བ་བརྒྱུད་དེ་ཟུག་དྲག་པོ་ལོང་བསྈ དེ་རྣམས་ལ་བྲེད་སྣང་མི་དགོས་ཁད་ཀྱི་ན་ཟུག་ལས་རྒྱལ་བར་འགྱུར་རོྈ དེ་ནས་ཆུའམ་མར་སོགས་གང་རུང་སྟོབས་འཐུང་ཚོད་དང་སྦྱར་ནས་རིམ་པར་འདྲེན་ནོྈ སྙིང་རུས་བསྐྱེད་ལ་པདྨ་དུང་འབུད་པདྨ་སྒྲ་འབྱིན་ཁྲག་འཐུང་རྣམས་ལ་རྟགས་མ་བྱུང་བར་དུ་བསྐྱེད་དོྈ གེགས་སེལ་ནི་གོ་ཟློག་འཕྲུལ་འཁོར་སྒྲ་གཅན་ཆེ་ཆུང་དངྈ བསྒྲད་འབེབ་ལ་སོགས་གཞུང་གི་འཕྲུལ་འཁོར་ལ་འབད་པར་བྱའོྈ ཨན་ཙམ་ཟུག་ཆེ་ནས་མི་བཟོད་ན་རྫས་སྨན་བྱུག་འཕྱིང་དྲོན་བདུག་ཅིང་བཀུ་བྱུགས་ཐེམས་པར་བྱྈ ཆང་གསར་རུས་ཁུ་དཀར་གསུམ་མངར་གསུམ་དཀོར་ནག་ལོག་འཚོ་མ་ཡིན་པ་རྣམས་དང་དུ་བླངྈ ཐར་པ་དང་ཐམས་ཅད་མཁྱེན་པའི་སྲོག་འཕྲོག་པའི་དཀོར་ཟས་སྤངས་ལྈ སྲིན་པོ་རླུང་ཟས་རླུང་འཚོས་དུས་འདའ་བར་བྱས་ལྈ གནས་གཡའ་ཁྲོད་གངས་ཁྲོད་དུ་སྒྲུབ་པའི་རྒྱལ་མཚན་འཛུགས་པའི་དགའ་སྟོན་ལ་འབད་འཚལ་ལོྈ དེ་ལྟར་འབད་པའི་ཡོན་ཏན་ནིྈ མཁའ་སྤྱོད་རིག་འཛིན་གསུམ་དུ་མདངས་ལྡན་ནུ་མ་མེདྈ ཉི་མ་ཚངས་ཞུགས་གཙུག་ཏོར་ལྟར་མི་མངོནྈ མཆོག་གི་སྐུ་གསུམ་མངོན་གྱུར་ལམ་འདི་འགྲུབྈ ཅེས་དངྈ བག་མེད་དུ་བྱས་ན་རྒྱུད་ལསྈ སྐྱེ་བ་དམན་པའི་བྱང་སེམས་དེྈ ས་ཆུ་མེ་རླུང་གིས་ཁྱེར་ནསྈ ལྷ་ཀླུ་ས་བདག་ཚོགས་རྣམས་ཀུནྈ ནད་ཡམས་དལ་གྱིས་འཐིབས་ནས་སུྈ ཀུན་གྱི་གྲོང་ཁྱེར་བརླག་པར་འགྱུརྈ བདག་མེད་ཁྱི་མོའི་ལུས་བླངས་ནསྈ ཐར་མེད་གནས་སུ་ལྟུང་བར་འགྱུརྈ ཞེས་པ་ལ་སོགས་པའི་ཉེས་ལྟུང་མང་པོར་གསུངས་ཀྱངྈ ཅུང་ཟད་མང་ཆེས་པས་མ་བྲིསྈ དེ་རྣམས་ནི་སྔོན་དུ་འགྲོ་བ་དང་དངོས་གཞིའི་སྐོར་རོྈ རྗེས་ཀྱི་རིམ་པ་ལ་གསུམ་སྟེྈ འཇའ་ལུས་རྡོ་རྗེའི་ཚིག་རྐང་ལསྈ གེགས་སེལ་ཡོན་ཏན་སྐྱེད་པའི་ཐབས་ལ་འབདྈ ཅེས་པསྈ སྨན་དང་སྔགས་འཕྲུལ་འཁོར་གྱི་གེགས་སེལ་དང་གསུམ་ལསྈ དང་པོ་འཕྲུལ་འཁོར་གྱི་གེགས་སེལ་ནིྈ རྡོ་རྗེའི་ལུས་འདུལ་དྭངས་སྙིགས་དབྱེ་བ་དངྈ ཉི་ཟླ་སྒྲ་གཅན་གེགས་སེལ་ཆེ་ཆུང་བྱྈ ཕྱི་ནང་གསང་གསུམ་འབོད་ཆེན་འབོད་ཆུང་དངྈ གསང་བའི་སྐྱིལ་ཀྲུང་ཉི་ཟླ་གོ་བཟློག་བྱྈ གཡང་མོའི་སྤྲུག་དང་སེང་སྤྲུག་ཧ་སྤྲུག་འབདྈ ཤེས་རབ་མ་ཡི་གེགས་སེལ་འཕྲུལ་འཁོར་རོྈ འཕྲུལ་འཁོར་བྱེད་ཚེ་དམིགས་གནད་འདི་ཉིད་གཅེསྈ ཡར་ལ་ལངས་དུས་ཕག་མོའི་ང་རྒྱལ་བསྐྱེདྈ འབེབ་པའི་དུས་སུ་སྣང་སྲིད་འོད་སྐུར་འཁྱིལྈ འདྲེན་པའི་དུས་སུ་ཉི་ཟླ་ཚངས་རྩེར་གནོནྈ དགྲམ་པའི་དུས་སུ་སྐུ་ཐིག་ཚོམ་བུར་བལྟྈ ངལ་གསོའི་དུས་སུ་ཀ་དག་གནས་ལུགས་ངངྈ རང་ལུས་གནས་པའི་ལྷ་ཚོགས་མ་ལུས་ཀུནྈ འོད་ལྔ་ཚོམ་བུའི་ཀློང་དུ་ཁྲ་ཤིག་གེྈ དྭངས་མ་འོད་གསལ་ངོ་བོར་འོད་མེར་རེྈ གསལ་སྟོང་ཟུང་འཇུག་ངང་དུ་ཆམ་གདལ་ལེྈ མཉམ་ཉིད་ཡེ་གྲོལ་ངང་དུ་རྗེན་ཧྲིག་གེྈ འཁོར་གསུམ་དམིགས་མེད་ངང་དུ་བདེ་ཉམས་སྐྱོངསྈ འཕྲུལ་འཁོར་བཞག་ཚེ་སྨོན་ལམ་འདི་ལྟར་བྱྈ ལུས་ལྷ་སྐུ་འགྲུབ་པར་བྱིན་གྱིས་རློབསྈ ངག་སྔགས་སུ་འཆར་བར་བྱིན་གྱིས་རློབསྈ ཡིད་ཀ་དག་འགྲུབ་པར་བྱིན༴ རྩ་རླུང་ཐིག་ལེ་འབྱོངས་པར་བྱིན༴ འཇའ་ལུས་མཁའ་སྤྱོད་འགྲུབ་པར༴ ཚེ་གཅིག་སངས་རྒྱས་ཐོབ་པར༴ ཞིང་ཁམས་རྣམ་དག་འབྱོངས་པར༴ འབྲེལ་ཚད་དོན་དང་ལྡན་པར༴ རང་གཞན་དོན་གཉིས་འགྲུབ་པར༴ གདོད་མའི་རང་ཞལ་མཇལ་བར་བྱིན་གྱིས་རློབསྈ རཱ་ཧུ་ལ་རཀྵ་སི་ཧཱུྃྈ ྈྈ འཇའ་ལུས་འོད་ཕུང་རང་གྲོལ་ལསྈ གེགས་སེལ་བདུད་རྩིའི་ཆར་འབེབ་དངོས་གྲུབ་མྱུར་སྩོལ་བཞུགས་སོྈ ན་མོ་གུ་རུ་ཛཱ་ཧ་བཱིརྈ གདོད་མའི་གནས་ལུགས་མངོན་གྱུར་ཅིངྈ སྣང་སྲིད་དག་པ་རབ་འབྱམས་སུྈ རང་གྲོལ་ལྷུན་གྲུབ་འོད་ཀྱི་སྐུྈ འཇའ་ལུས་མཁའ་སྤྱོད་དངོས་གྲུབ་བརྙེསྈ རྣལ་འབྱོར་དབང་ཕྱུག་ཛཱ་ཧ་བཱིརྈ འཁོར་དང་བཅས་ལ་ཕྱག་འཚལ་ལོྈ འདིར་གྲུབ་པའི་དབང་ཕྱུག་ཛཱ་ཧ་བཱིར་གྱིས་གདམས་པ་ཟབ་མོའི་ཉམས་ལེན་བྱེད་པའི་སྐལ་ལྡན་ཕོ་མོ་རྣམས་ཀྱི་གེགས་སེལ་བདུད་རྩིའི་ཆར་འབེབ་འདོད་དགུའི་བང་མཛོད་དངོས་གྲུབ་མྱུར་སྩོལ་འདི་ལ་བཞི་སྟེྈ རླུང་གི་སྦྱོར་བ་ལ་བརྟེན་ནས་གེགས་སེལ་བ་དངྈ དམིགས་པ་ལ་བརྟེན་ནས་གེགས་སེལ་བ་དངྈ སྨན་ལ་བརྟེན་ནས་གེགས་སེལ་བ་དངྈ སྔགས་ལ་བརྟེན་ནས་གེགས་སེལ་བ་དང་བཞིའོྈ དང་པོ་སྟོད་ནད་གཟེར་བ་སེལ་བའི་དམིགས་པ་ནིྈ རང་གི་ཁོག་སྟོད་ཐམས་ཅད་ལྕགས་ཚགས་ཀྱི་མིག་ལྟར་ཡོད་པའི་ནང་ནསྈ རྣག་ཁྲག་ཆུ་སེར་ནད་གདོན་ཐམས་ཅད་ཤོར་སྒྲ་དང་བཅས་ཏེ་ཐོན་པར་བསམ་ལྈ སྟོད་ཀྱི་རླུང་སྲང་དུ་ཁུ་ཚུར་བརྡེག་པ་དང་ཧ་འདོན་དྲག་ཏུ་བྱའོྈ གཉིས་པ་སྨད་ནད་སྦོས་ཁྲོག་སེལ་བའི་དམིགས་པ་ནིྈ རང་གི་ཕོ་བར་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཅུ་དྲུག་པྈ ལྟེ་བར་རཾ་གྱི་འོག་ཏུ་ཡཾ་གྱིས་མཚན་པྈ ཡཾ་ལས་རླུང་བྱུང་རཾ་ལས་མེ་འབར་གནམ་ལྕགས་མེ་ཡི་འཁོར་ལོ་དྲག་ཏུ་འཁོར་བསྈ ལུས་ཡེ་ཤེས་ཀྱི་མེས་གང་བར་བསམས་ནས་ཕོ་བ་གཡས་གཡོན་དྲག་ཏུ་བསྐོར་ཞིངྈ རྡོ་རྗེ་ཐོ་རྡེག་དང་དྲོད་འབེབ་ཀྱི་འཕྲུལ་འཁོར་ལ་འབད་དོྈ གསུམ་པ་སྟེང་རླུང་འགགས་པ་སེལ་བའི་དམིགས་པ་ནིྈ རང་གི་མགྲིན་པ་ནས་རླུང་ཐམས་ཅད་སྔོ་ཕྱུ་རུ་རུ་འོག་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་སིར་སྒྲ་དང་བཅས་དོན་པར་བསམ་ཞིངྈ མདུན་རྒྱབ་གཡས་གཡོན་ཐམས་ཅད་ནས་གཞིལ་བའོྈ བཞི་པ་སྨད་རླུང་དབུགས་ངན་བསྒོམས་པའི་དམིགས་པ་ནིྈ ཀ་བ་བཙུགས་ལ་སྨད་རླུང་གྱེན་ལ་དྲངས་ནསྈ རླུང་ཐམས་ཅད་སྔོ་ཕྱུ་རུ་རུ་སྤྱི་བོའི་གཙུག་ནས་ཡར་ཐོན་ཏེྈ མདའ་གང་ཙམ་གྱི་ཐད་དུ་ཤེལ་དཀར་མཆོད་རྟེན་གྱི་རྣམ་པར་ཆགས་པས་དེ་རྣམས་ལས་བདུད་རྩིའི་རྒྱུན་བབས་པར་བསམ་ལ་འབེབ་ཆུང་ཧ་སྒྲ་དང་བཅས་པའོྈ ལྔ་པ་སྙིང་རླུང་སེལ་བའི་དམིགས་པ་ནིྈ རང་གི་གློ་སྙིང་ཐམས་ཅད་དམར་ཁྲ་ལེ་བ་ཁྲོལ་ཚགས་ལྟ་བུ་ནས་རྣག་ཁྲག་ཆུ་སེར་ཐམས་ཅད་སྒྲ་དང་བཅས་ཏེ་འཛག་པར་བསམ་ལྈ ཙོག་འབེབ་འཕྲུལ་འཁོར་གྱིས་སེལ་ལོྈ དྲུག་པ་ཆུ་སེར་སེལ་བའི་དམིགས་པ་ནིྈ རང་ལུས་ཤ་ཁྲག་མེད་པར་རུས་ཀྲང་དུ་བསམ་པའི་སྟོད་སྨད་བར་གསུམ་ཁྲོལ་ཚགས་ལྟ་བུ་ཁ་མང་པོ་ཡོད་པ་ནས་ཆུ་སེར་ཐམས་ཅད་རླུང་གིས་བདས་ཏེ་ཕྱིར་འུར་སྒྲ་དང་བཅས་ཏེ་ཐོན་པར་བསམ་མོྈ བདུན་པ་མིག་སྣ་སོར་མོ་ལ་འདྲེན་པའི་དམིགས་པ་ནིྈ རང་ལུས་ཐམས་ཅད་རྩའི་དྲྭ་བར་འབྲེལ་བས་དེ་ཐམས་ཅད་ཀྱི་རྩེ་ཡན་ལག་གི་སོར་མོ་དངྈ སྣ་མིག་རྣམས་ལ་ཟུག་རྩའི་རྩེ་ཐམས་ཅད་སོག་ཕོན་གྱི་མགོ་བོ་བྲེག་པ་ལྟརྈ སྦུ་གུ་ཧ་རེ་ཡོད་པ་ནས་རླུང་ཐམས་ཅད་བུན་བུན་ཐོན་པར་བསམ་མོྈ བརྒྱད་པ་པུས་ནད་སེལ་བ་དང་རྐང་མགྱོགས་ཀྱི་གེགས་སེལ་ནིྈ དེ་ལ་རྐང་མགྱོགས་ཀྱི་དམིགས་གནད་གོང་དུ་བསྟན་ཅིངྈ པུས་ནད་སེལ་བའི་ལུས་གནད་ཧར་ལངས་དང་པུས་སྟེང་ཁུ་ཚུར་གསུམ་བསྣུན་ཅིང་རྒྱབ་ནས་སྒྱིད་ཁུག་གསུམ་བསྣུན་དངྈ རྟིང་པར་ཤད་རྗེས་འཐེན་སྐྱོད་གང་མང་དང་སྐབས་རེར་ཐོག་ལ་འཇུས་ཏེ་རྐང་པ་བརྐྱང་བསྐུམ་རེས་མོས་སུ་བྱེད་དོྈ བར་སྐབས་སུ་འཕྲེད་མ་སོགས་ལ་རྐང་རྩེ་སར་བཙུགས་ནས་གནམ་སྒྲེང་དུ་རྒྱུག་གོྈ སྐབས་སུ་རྐང་མཐིལ་ཐམས་ཅད་བུག་པའི་རང་བཞིན་ནས་ཚིགས་ནད་ཐམས་ཅད་རྣག་ཁྲག་ཆུ་སེར་གྱི་རྣམ་པར་དོན་པར་དམིགས་པའོྈ དགུ་པ་ཤ་ལྷད་འདོན་པའི་དམིགས་པ་ནིྈ རང་ལུས་མེ་རུ་འུར་སྒྲ་དང་བཅས་ནས་འབར་ནསྈ ནད་གདོན་སྡིག་སྒྲིབ་ཐམས་ཅད་ཚིག་ནང་ཁྲོལ་ཤ་ཁྲག་ཐམས་ཅད་ཕྱིར་ཐོན་ནསྈ ལུས་ཕྲུ་མ་ཕུས་བཏབ་པ་ལྟ་བུར་གསལ་ཏེ་དགྲམ་འདྲེན་ལ་འབདྈ སྨན་ལ་བརྟེན་པའི་གེགས་སེལ་ནིྈ སྟོད་སྨད་ཀྱི་སྦོས་ཁྲོག་གཟེར་ལངས་ནད་རིགས་འཇོམས་པ་ནིྈ ཆུ་རྩ་དྲེག་པ་དང་སྣུམ་མེད་པ་བྱ་བྲུན་ཐར་ནུ་ཆ་མཉམ་ལྈ ཐུར་མགོ་གང་ཙམ་ཆུ་བསྐོལ་ལྕག་གིས་ཕུལ་ཆུ་སྐོལ་ཐེབ་གསུམ་ལ་བཏངྈ རླུང་ཞི་དྲག་གང་མང་བཅུག་ནས་སྲིན་པོ་གྲེ་འགགས་ཀྱིས་གནད་ལ་དབབ་པསྈ ནད་ཐམས་ཅད་བཤལ་དུ་འབྱུང་བའོྈ ཆུ་སྐོལ་གང་འཐུང་ཐུབ་ཐུབ་ཡང་ཡང་བཏང་བསྈ རླུང་ཡར་འགྱིང་ན་མར་མནན་པསྈ མཐར་ཆུ་མདོག་ནམ་ཐོན་ཐོན་བཤལ་ལོྈ མེ་དྲོད་གསོ་བའི་དྲོད་སྨན་ནིྈ སེ་འབྲུ་སུག་སྨེལ་ཤིང་ཚ་པི་པི་ལིང་བཞི་ཆ་སྙོམས་ལྈ རྒྱ་ཚ་ཞད་ཙམ་བཏང་ཞིབ་བཏགས་རྣ་བྲུས་གང་གི་ཚད་ཙམ་ཆུ་གྲང་གིས་ཕུལ་བཏངྈ ཐུན་ཚད་ཚ་གྲང་དང་སྦྱརྈ ཆུ་བསྡོམས་ཞི་སྲིནྈ ལྕམ་འབྲུ་སྡིག་སྲིན་དྲོད་སྨན་པི་པི་ལིང་གཡེར་མྈ གཟེ་མ་རྣམས་ཆ་སྙོམས་རྒྱ་ཚ་ཞད་ཙམ་བཏང་བའི་ཐང་དང་པོ་སླྈ བར་དུ་གརྈ མཐར་སླ་བ་ཅི་མང་བཏངྈ བལ་འདབ་གཙང་མ་ལ་སྔགས་འདི་བརྒྱ་རྩ་བསྒྲངས་ལ་ཆུ་སོར་སྦྱརྈ ཨོཾ་ཆུ་ཤད་ཤད་དམར་ནར་ནར་ས་ཆལ་ཆལ་ཆུ་ཐོན་ཐོན་སྭཱ་ཧཱྈ དེས་ནད་ལས་གྲོལ་བར་འགྱུར་རོྈ གཞན་ཡང་རླུང་གི་ནད་ཕལ་ཆེ་བ་ལ་རུས་གསར་གྱི་ཐངྈ མཁྲིས་པ་ལ་ཨ་རུ་ར་གསེར་མདོག་གི་ཐངྈ བད་ཀན་སྐྱ་སྨུག་སོགས་གང་ལའང་ཚ་ལ་བུལ་ཏོག་ཅོང་ཞིྈ ལྒ་སྐྱ་རྣམས་ཆ་སྙོམས་ཞིབ་ཏུ་བཏགས་ཤིང་ཆུ་བསྐོལ་གྱིས་ཕུལ་ནས་བཏང་བས་ནད་ཐམས་ཅད་བཤལ་དུ་འབྱུང་ངོྈ ཤ་དུག་སྦྱར་དུག་སོགས་ཀྱིས་ནད་ལྷོངས་པ་ལ་རླུང་ལ་འབད་ཅིངྈ དྲི་ཆུ་སྐོར་ལོག་བྱས་པས་སྟེང་འོག་གི་གྲང་བའི་ནད་བྱང་ཞིང་གསོ་བའི་སྨན་དུ་འགྱུར་རོྈ ས་བདག་ཀླུའི་ནད་འདོན་ན་ཐོག་མར་རླུང་ལ་འབྱོངས་པར་བྱས་ལ་གཉེན་པོའི་སྨན་ནི་བསེ་ཞོ་ཞོ་གང་ཐར་ནུ་ཞོ་ཕྱེད་སྨན་ཆེན་ཞོ་གངྈ གསེར་མདོག་ཞོ་བཞིྈ གླ་རྩི་ཞོ་ལྔྈ ར་ཁྲག་ནག་པོ་ཞོ་ལྔྈ པདྨ་དམར་ཁྲ་བར་གཤོག་ཕྲལ་བ་བཅུ་གཅིགྈ རྒྱ་ཚ་ཞོ་ཕྱེདྈ པི་པི་ལིང་རྡོག་པོ་གསུམྈ ཤིང་མངར་སྲན་མ་ཙམྈ སྡིག་སྲིན་ཐུན་བཟང་བ་གསུམ་གྱི་བོངསྈ ལྕམ་འབྲུ་ཐུན་ལྔྈ གཟེ་མ་ཐུན་ལྔྈ རྨ་བྱའི་མདོངས་གསུམྈ རུས་སྦལ་དངྈ སྤིར་གྱི་རུས་པ་ཞོ་རེྈ དེ་རྣམས་ཞིབ་ཏུ་བཏགས་ལ་ཙནྡན་མར་ཁུས་བསྡུས་པའི་རིལ་བུ་སྲན་ཆུང་ཙམ་རེ་ནངས་རེས་བརྟེནྈ རླུང་ལ་འབད་པས་ནད་རྣམས་རང་འབྱོངས་སུ་འབྱུང་ཞིང་སོས་པར་ངེས་སོྈ མིད་པ་རྒྱུན་གཅོད་ཀྱི་སྐབས་སུ་ཐོག་མར་སྒོག་སྐྱའི་ཐང་ཕྲན་བུ་བཏང་བས་འབྱུང་བ་ཆ་སྙོམསྈ ཆུ་བསྐོལ་གྲང་དྲོ་གང་འཐུང་ཡངྈ ཨོཾ་ཐུད་དེ་ཐུད་དེ་ཐུད་སྭཱ་ཧཱྈ བརྒྱ་རྩ་བཟླས་ཆུ་ལ་བཏབ་སྟེ་འཐུང་ངོྈ ཆུ་དུག་ཞི་ཞིང་ཆུ་སྟོབས་བསྐྱེད་པའོྈ མིད་པ་རྒྱུན་གཅོད་མི་བྱེད་སྐབས་སུ་དཀར་གསུམ་མངར་གསུམ་ཆང་ཞིམ་པོ་དུམ་རེ་བཏང་བས་ཏིང་ངེ་འཛིན་འཕེལ་བར་འགྱུར་རོྈ མིག་རབ་རིབ་ཏུ་གྱུར་ནས་མི་གསལ་ན་ཨ་རུ་རའི་ཐངྈ སྣས་དྲི་མི་ཚོར་ན་ཤ་ཆེན་གྱི་གསུརྈ སྐྱུག་ལོག་བྱུང་ན་འབུ་ཡིན་པས་སྒོག་ཐང་བཏང་བའམྈ ལ་ཕུག་གི་དྲི་མ་བསྣོམྈ ལྕེས་རོ་ཚོར་བ་ཤོར་ན་བསྲེགས་ཤ་ཁམ་བུ་རེ་ཟྈ དྲི་ཆེན་མ་ཐོན་ན་ཚྭ་མར་ཁམ་གཅིག་གཏངྈ གྲང་བ་སྐྱེས་ན་ལྒ་སྤོད་ཀྱི་ཐང་གཏངྈ ཁྱོམ་ཁྱོམ་རྡིབ་ན་ཀ་ར་ཆུ་སྐོལ་གཏོངྈ རླུང་ལངས་ན་ཕྱེ་མར་དུད་པས་འདུགྈ བད་ཀན་ལངས་ན་བཅའ་སྒའི་ཕྱེ་མ་ཆུ་གྲང་བཏབ་ལ་བཏངྈ མར་ནག་སྔོ་དང་ཤ་རྩམ་ཆང་སྐྱུར་ལན་ཚྭ་སྤངྈ མེ་དང་ཉི་མར་མི་སྡོདྈ བུད་མེད་ལ་མི་འཁྲིགྈ ཞག་ཉེར་གཅིག་གིས་རང་སོ་ཟིནྈ ཟླ་བ་གཅིག་གིས་འབྱུང་བ་ཆ་སྙོམསྈ ཟླ་བ་གཉིས་ནས་ལུས་ཤིང་བལ་ལྟར་ཡངྈ གསུམ་ནས་འབྱུང་བ་ཆ་སྙོམསྈ རིག་པ་དྭངས་སྙིགས་ཕྱེདྈ བཞི་ནས་ཏིང་ངེ་འཛིན་དང་ཤེས་རབ་སྐྱེྈ ལྔ་ནས་མངོན་ཤེས་འཆརྈ དྲུག་ནས་བླ་མ་མཁའ་འགྲོའི་དངོས་གྲུབ་འབྱུངྈ རྒན་པོའི་སྐྱོན་བྲལ་འཆི་བདག་བདུད་ལས་རྒྱལྈ འཕྲོ་གཅོད་ན་དང་པོྈ དལ་གྱིས་བཟའ་བཏུང་བརྟེན་ཞིངྈ ཆུང་ཆུང་དང་ཉུང་ཉུང་ནས་བསླབ་པར་བྱའོྈ དེ་ལ་གོམས་པས་གེགས་མི་འབྱུང་སྟེ་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་རོྈ ཡོན་ཏན་གྱི་མངོན་རྟགས་བྱུང་ན་རློམ་པས་ང་རྒྱལ་དྲེགས་ཆོས་མི་བྱྈ ལྷོངས་ཀྱི་རྣམ་པས་ཅུང་ཟད་མ་བདེ་བ་བྱུང་ཡངྈ སྒྱིད་ལུག་དཔའ་ཞུམ་ནས་འཕྲོ་མི་གཅོདྈ མི་བདེ་བ་རྒྱུན་བསྲིངས་ནས་བདེར་མ་སོང་ན་ཧ་ཅང་ནན་ཆེར་མི་བྱ་བར་འཕྲོ་དལ་གྱིས་གཅདྈ བཟང་ངན་གྱི་རྣམ་པ་ཅི་བྱུང་ཡང་རྣམ་པར་མི་རྟོག་པའི་ངང་ལ་མཉམ་པར་བཞག་གོྈ དེ་ལ་སོགས་པའི་རྣམ་བཞག་འོས་པ་དང་མི་འོས་པ་རྣམས་གདམས་པ་སྤྱི་དང་བསྟུན་ཞིངྈ རྣལ་འབྱོར་པ་ཉམས་རྟོགས་ཅན་གྱིས་ཤེས་པར་བྱའོྈ འདིའི་ཡོན་ཏན་ཐུན་རེ་བསྒོམས་པས་ཀྱང་ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ་བ་ལ་སོགས་པའི་དོན་འབྲས་དཔག་ཏུ་མེད་པ་འབྱུང་བར་འགྱུར་ནྈ རྒྱུན་དུ་ཉམས་སུ་བླངས་ན་བརྗོད་ལས་འདས་པའི་ཡོན་ཏན་ཐོབ་པར་འགྱུར་རོྈ ས་མ་ཡ་རཀྵ་རཱ་ཧུ་ལྈ ྈྈ འཇའ་ལུས་འོད་ཕུང་རང་གྲོལ་ལསྈ ཁྱད་པར་འཕགས་པའི་ཁྲིད་ཆེན་བརྒྱད་དང་འབྱུང་བའི་གེགས་སེལ་བཞུགས་སོྈ ན་མོ་གུ་རུ་ཛཱ་ཧ་བཱིར་ཨ་ཡུརྫྙཱ་ན་སིདྡྷི་ཧཱུྃྈ འདིར་གྲུབ་པའི་དབང་ཕྱུག་ཛཱ་ཧ་བཱིར་གྱི་ཁྱད་པར་འཕགས་པའི་ཁྲིད་ཆེན་བརྒྱད་ཀྱི་ཟུར་དམིགས་འདི་སྔོན་ཆད་མ་དར་ཀྱངྈ དེང་ནས་བླ་མ་མཁའ་འགྲོས་ལྡོམ་བུ་བ་བདག་ཉིད་ལ་ཉམས་ཟིར་དུ་གནང་བ་ཡི་གེར་བྲིས་པ་སྣང་ཡང་དད་ལྡན་རྣམས་ཀྱི་སྙིང་ནོར་ས་མ་ཡྈ ན་མོ་གུ་རུ་ཛཱ་ཧ་བཱིརྈ དད་ལྡན་ཚེ་གཅིག་ཐར་པ་ཐོབ་འདོད་རྣམསྈ ཚེ་སྒྲུབ་ཟབ་མོས་རྣལ་འབྱོར་ཚེ་སྲོག་བསྲིངྈ བདེ་དྲོད་གཏུམ་མོས་བག་ཆགས་གཉིས་འཛིན་བསྲེགྈ རླུང་ལྔའི་དྭངས་མ་ཡེ་ཤེས་ཟས་བཅུད་འཚོལྈ རྐང་མགྱོགས་རླུང་གིས་མཁའ་སྤྱོད་དངོས་གྲུབ་བསྒྲུབྈ ཆུ་རླུང་ཟབ་མོས་སྐོམ་པའི་ཚ་གདུང་སེལྈ བཏུང་བའི་བྱེ་བྲག་ཕྱི་ནང་བཅུད་སྡུད་བྱྈ རྩ་བའི་རླུང་ལྔས་ཕྱི་ནང་བར་ཆད་སེལྈ རླུང་འཚོ་བཅུད་འཚོས་བཀྲག་མདངས་གཟི་བརྗིད་བསྐྱེདྈ ཁམས་ལ་དབང་ཐོབ་མཁའ་སྤྱོད་མྱུར་བགྲོད་འགྱུརྈ ཞེས་པསྈ དང་པོ་ཚེ་སྒྲུབ་ཀྱི་ཞལ་ཤེས་ནིྈ རང་ལུས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པར་བསྒོམ་སྟེྈ དེའི་ལྟེ་བར་རླུང་སེམས་ཀྱི་ངོ་བོྈ ཉི་ཟླའི་གྭའུ་འོད་འབར་བའི་ནང་དུྈ མགོན་པོ་ཚེ་དཔག་མེད་ལོངས་སྐུའི་ཆ་ལུགས་གསལ་བཏབྈ ཁ་སོ་གཉིས་ཀྱི་བར་ནས་ཧ་སིབ་ཀྱིས་རླུང་རྔུབས་པསྈ བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་དཔའ་མོ་དངྈ སྐྱེ་འགྲོ་མཆོག་དམན་བར་གསུམ་བརྟན་གཡོ་སྣོད་བཅུད་ཀྱིྈ ཚེ་བཅུད་ཐམས་ཅད་ཚེ་དང་བསོད་ནམས་དཔལ་འབར་གྱི་ནུས་མཐུར་བཀུག་ནས་ཉི་ཟླའི་གྭའུར་ཐིམ་པས་བཀྲག་མདངས་འོད་དུ་འཚེར་བ་ལ་དམིགས་པ་གཏདྈ གཟུངས་སྔགས་འདི་ཉིད་རླུང་ཟ་བ་དང་བསྟུན་ཏེ་བཟླའོྈ ཨོཾ་བཛྲ་ཨཱ་ཡུ་ཥེ་བྷྲཱུྃ་ནྲྀ་ཛྈ དེ་ལྟར་ཡང་ཡང་བྱས་པས་ཚེ་འཕེལ་བར་འགྱུརྈ ཨུ་པ་དེ་ཤྈ ྈ གཉིས་པ་གཏུམ་མོའི་ཞལ་གདམས་ནིྈ ལུས་གནད་རྒྱུན་ཁྱེར་ལྟར་ལྈ རང་ལུས་ཕག་མོར་གསལ་བཏབྈ རྩ་གསུམ་འཁོར་ལོ་ལྔ་ལྡན་དངྈ ཆོས་འབྱུང་རྣམ་གསུམ་བསྒོམས་ནསྈ རླུང་དྲག་ཏུ་གཅུན་དམིགས་པ་ལྟེ་འོག་ཏུ་ཨ་རཾ་མེ་འབར་ལ་གཏད་དོྈ མེ་ལྕེ་ཡར་ཡར་འབར་ལུས་ཐམས་ཅད་གངྈ མེ་ལྕེའི་རྩེ་ལ་མཁའ་འགྲོ་མ་གྲངས་མེད་ཀྱི་ཕྱག་ནྈ ཡེ་ཤེས་ཀྱི་མེ་དཔུང་འབར་བ་བསྣམས་པ་སྟེྈ ཐམས་ཅད་ཀྱང་བྲོ་གར་བྱེད་པར་བསམ་ལ་དྲོད་འབེབ་ཙོག་འབེབ་དངྈ བརྟུལ་ཞུགས་ཀྱི་འཕྲུལ་འཁོར་ལ་དྲག་ཏུ་འབད་པས་བདེ་དྲོད་རང་དབང་མེད་པར་འབར་རོྈ སྦས་ཆོས་ཨུ་པ་དེ་ཤའོྈ ྈ གསུམ་པ་རླུང་ལྔའི་ཞལ་གདམས་ནིྈ རླུང་ཤས་ཅན་གྱི་གང་ཟག་ལྈ འབྱུང་བ་སའི་བཅུད་སྲ་ཞིང་འཐས་པ་ལྕི་བ་སེར་པོར་གསལ་བཏབ་སྟེ་རྔུབ་པའོྈ ཚད་ཤས་ཅན་ལ་འབྱུང་བ་ཆུའི་བཅུད་བསིལ་ཞིང་དྭངས་པྈ ཁ་དོག་དཀར་པོ་རེག་བྱ་བསིལ་བ་རྔུབ་པར་བྱའོྈ གྲང་ཤས་ཆེ་ན་འབྱུང་བ་མེའི་བཅུད་དམར་ཞིང་འཚེར་བ་ཚ་ངར་ལྡན་པ་རྔུབ་པར་བྱའོྈ བད་ཀན་གྱིས་བྱིང་ཤས་ཆེ་ན་འབྱུང་བ་རླུང་གི་བཅུད་ཡངས་ཤིང་གཡོ་བ་སིར་སྒྲ་དང་བཅས་རྔུབ་པའོྈ རིག་པ་ལ་གསལ་ཆ་མེད་ན་འབྱུང་བ་ནམ་མཁའི་རླུང་མཐའ་དབུས་གཞོམ་གཞིག་དང་བྲལ་བ་སྔོན་པོར་རྔུབ་པའོྈ རླུང་ལྔའི་ཞལ་གདམས་ཨུ་པ་དེ་ཤའོྈ ྈ བཞི་པ་རྐང་མགྱོགས་རླུང་གི་ཞལ་གདམས་ནིྈ གསང་རླུང་རྟ་རུ་ཞོན་པར་འདོད་ནྈ འགྲོ་ཚེ་སྟེང་རླུང་མནན་འོག་རླུང་འཐེནྈ རྐང་འོག་གཉིས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན་ཆངས་གཟུང་ལ་ཡཾྈ མཆོག་མ་བ་དན་གྱིས་མཚན་པྈ འགྲོ་ཚེ་ལག་པ་གཉིས་ཀྱི་སྲིན་ལག་གི་འཕར་རྩ་མཐེ་བོང་གིས་མནན་པའི་ཁུ་ཚུར་བཅང་མཆན་རྩ་བཅིངས་ཏེྈ ཡཾ་ལས་རླུང་གཡོས་བ་དན་བསྐྱོད་ནས་བཏེགས་པའི་ཚུལ་དུ་དམིགས་ལྈ གོམ་ཟོར་ཡང་ཆོད་ཀྱིས་བཏང་ལ་ཕྱིན་པས་མི་ཕལ་པ་ལས་དགུ་འགྱུར་གྱིས་མགྱོགས་ཤིངྈ མཁའ་སྤྱོད་ཀྱི་དངོས་གྲུབ་ཐོབ་བོྈ འདིའི་སྐབས་སུ་རྐང་མགྱོགས་ཀྱི་འཕྲུལ་འཁོར་དངྈ པུས་ནད་སེལ་བའི་འཕྲུལ་འཁོར་གླིང་བཞི་བསྒྲད་པའི་འཕྲུལ་འཁོར་དང་མི་འབྲལ་བར་བྱའོྈ རླུང་གནད་བུམ་པ་ཅན་ལ་འབད་པ་ཨུ་པ་དེ་ཤའོྈ ྈ ལྔ་པ་ཆུ་རླུང་སྐོམ་དུ་འཐུང་བའི་ཞལ་ཤེས་ནིྈ ལུས་སྐྱིལ་ཀྲུང་ཕྱེད་པ་མདའ་ལྟར་བསྲངྈ ལྐོག་མ་དང་མིད་པ་མདུན་དུ་བརྒྱངྈ རང་རྡོ་རྗེ་མཁའ་འགྲོ་སྐུ་མདོག་དཀར་མོར་གསལྈ རྩ་ནང་ཐམས་ཅད་རྡོ་རྗེ་མཁའ་འགྲོ་གྲངས་མེད་པས་མེར་གྱིས་ཁེངས་པར་སྒོམ་ཞིང་ཆུ་རླུང་དཀྱིལ་འཁོརྈ ཕྱིའི་ཆུ་རླུང་ཐམས་ཅད་མགྲིན་པ་ལྡེམ་གུག་གིསྈ ཧ་སིབ་ཀྱིས་སོ་བར་ནས་དྲངས་པསྈ རང་ལུས་ཀྱི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོགས་ཀྱིྈ གྲངས་ཅན་དང་གྲངས་མེད་ཀྱི་རྩ་ཐམས་ཅད་སོག་ཕོན་གྱི་མགོ་བྲེགས་པ་ལྟ་བུྈ སྦུ་གུ་ཧ་རེ་ཁྲག་ཆུ་སེར་གྱིས་མ་གང་བྈ སྟོང་སང་ངེ་ཡོད་པའི་ནང་དུྈ ཆུའི་བཅུད་ཐམས་ཅད་དཀར་ནར་རེ་ཞུགས་པས་ལུས་ཕྲུ་མ་བུས་པ་ལྟརྈ བདུད་རྩིས་དཀར་མེར་གྱིས་གང་བར་བསམ་མོྈ ཞག་གསུམ་ནས་བརྟན་པ་ཐོབ་ཅིང་སྐོམ་པའི་གདུང་བ་ལས་གྲོལྈ ཕྱིས་སྐོམ་པའི་ཚེ་དྲན་པ་ཙམ་གྱིས་ཆོག་པའོྈ ཆུ་རླུང་གི་ཨུ་པ་དེ་ཤའོྈ ྈ དྲུག་པ་རླུང་ཧུབ་དབར་དུ་བཟའ་བའི་ཞལ་ཤེས་ནིྈ ཆུ་བསྐོལ་ཆུ་གྲང་དར་ཆུ་འོ་ཆུ་ཁྲུས་ཆུ་རྡོ་ཆུྈ ཇ་ལ་སོགས་པ་འཐུང་བའི་ཚེྈ ཧུབ་སྒྲ་དང་བཅས་པས་ས་ཆུ་མེ་རླུང་འབྱུང་ལྔའི་བཅུད་དངྈ དུས་གསུམ་རྒྱལ་བའི་ཐུགས་རྗེ་བྱིན་རླབས་བསོད་ནམས་ཐམས་ཅདྈ འཇའ་འོད་དུ་མེ་རེ་རེ་བྱུང་ནས་བཏུང་བ་དང་མཉམ་དུ་རང་ལུས་འཇའ་འོད་ཀྱིས་ཁེངས་པར་བསམ་ནས་མིད་པའོྈ འདི་ཚེ་སྒྲུབ་ཀུན་གྱི་རྩ་བའི་མཐར་ཐུག་ཏུ་གྱུར་པ་ཡིན་ནོྈ རླུང་ཧུབ་དབར་དུ་བཟའ་བའི་ཨུ་པ་དེ་ཤའོྈ ྈ བདུན་པ་རྩ་བའི་རླུང་ལྔའི་ཕྱི་ནང་བར་ཆད་སེལ་བའི་ཞལ་ཤེས་ནིྈ དང་པོ་ས་རླུང་ཟ་བའི་ཚེ་ལུས་གནད་ཛཱ་ཧ་བཱིར་རྒྱུན་ཁྱེར་ལྟར་ལྈ ལྟེ་འོག་ཨ་རཾ་གསལ་བཏབ་མགོ་གུག་པསྈ ཕྱི་རོལ་སོར་བཅུ་གཉིས་ཀྱི་ཚད་ནས་ལཾ་ལས་ས་བཅུད་སེར་པོ་འཇམ་ལ་ཐུང་བའི་ཚུལ་དུ་རྔུབ་ཅིང་འབུད་དོྈ གཉིས་པ་ཆུ་རླུང་བཟའ་ཚེ་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་མཐེ་བོང་ལག་གཉིས་ཀྱིས་བཟུང་ནསྈ རོ་སྟོད་བསྒྱེད་ཅིང་སྙིང་གར་ཧཱུྃ་མཐིང་ནག་འོད་དང་འོད་ཟེར་འཕྲོ་བ་ལ་སེམས་གཏད་དེྈ ཕྱི་རོལ་སོར་བཅུ་གསུམ་ཙམ་ནས་ཁཾ་ལས་ཆུ་རླུང་དཀར་པོ་འཇམ་ལ་རིང་བ་སོ་དབར་ནས་རྔུབ་ཅིང་འབུད་དོྈ གསུམ་པ་མེ་རླུང་ཟས་སུ་བཟའ་བའི་ཚེ་སྐྱིལ་ཀྲུང་མིག་གཉིས་བསྒྲིལ་རྣ་བའི་བུག་པ་གཉིས་བསངས་ཏེྈ ཡན་ལག་ཐམས་ཅད་སྤྲུག་ཅིང་ཕྱོགས་བཞིར་འཁྲབ་པའི་ངང་ནསྈ ཕྱི་རོལ་སོར་བཅུ་གསུམ་ཙམ་ལས་རཾ་ལས་མེ་རླུང་དམར་པོ་རྩུབ་ཐུང་དུམ་བུར་རྔུབ་ཅིང་འབུད་དོྈ བཞི་པ་རླུང་གི་རླུང་བཟའ་ཚེྈ གྱད་ཀྱི་འདུག་སྟངས་དྲག་ཤུལ་གྱི་ངང་ནས་ཕྱི་རོལ་སོར་བཅོ་ལྔ་ཚད་ཙམ་ལས་ཡཾ་ལས་རླུང་གི་རླུང་དྲག་པོ་སྒྲ་ཅན་གྱིས་རྔུབ་ཅིང་འདུད་དོྈ ལྔ་པ་ནམ་མཁའི་རླུང་ཟས་སུ་བཟའ་བའི་ཚེྈ ལུས་གནད་ཙོག་པུ་འཐེན་སློང་གི་ངང་ནསྈ ཕྱི་རོལ་སོར་བཅུ་དྲུག་ཙམ་ནས་ཨེ་ལས་ནམ་མཁའི་རླུང་སྔོན་པོ་ཤིན་ཏུ་འཇམ་པའི་ངང་ནས་རྔུབ་ཅིང་འབུད་དོྈ རྩ་བའི་རླུང་ལྔའི་ཨུ་པ་དེ་ཤའོྈ ྈ བརྒྱད་པ་རླུང་འཚོའི་ཞལ་ཤེས་ནིྈ ལུས་གནད་རི་བོང་ཙོག་སྡོད་ཀྱི་ངང་ནསྈ ཀ་བ་བཙུགས་པ་གླང་པོ་ཆུ་སྲིན་ནེ་ཙོ་སོགས་ཀྱིས་རླུང་ལྷ་རྒྱ་མཚོར་སྤྱན་དྲངས་པྈ ཟུག་གཟེར་སྦོས་ཁྲོག་སོགས་ན་ཟུག་གང་བྱུང་ཡང་ཐུན་ཆུང་ངུ་ནས་བསླབ་པསྈ ཟུག་རྔུ་མཐའ་དག་ལས་རྒྱལ་བར་འགྱུར་རོྈ དེ་ལྟར་རླུང་འཚོ་བཅུད་འཚོ་ལ་བརྟན་པ་ཐོབ་པསྈ འཆི་བདག་གི་བདུད་ལས་རྒྱལ་བར་འགྱུར་རོྈ རླུང་འཚོ་མཐར་ཕྱིན་པའི་རྟགས་སུ་བདུད་རྩི་ཁ་དོག་དམར་པོ་དངྈ སེར་པོ་དངྈ སྔོན་པོ་དངྈ དཀར་པོ་དངྈ ལྗང་ཁུ་ལ་སོགས་འགྱུར་ནྈ རྣལ་འབྱོར་པའི་མདོག་ཀྱང་དེ་ལྟར་དུ་ངེས་པར་འགྱུར་རོྈ འདིའི་གནད་ལ་ཐུར་སྲོག་ལ་བསྲེ་བའི་རླུང་རྩོལ་ལ་འབད་པ་འདོན་པ་གལ་ཆེའོྈ ཕྱི་དབང་པོ་བཀྲག་མདངས་ཀྱི་རྒྱན་གྱིས་མཛེས་པས་སུས་མཐོང་ཡང་ལྟ་ན་སྡུག་པ་དངྈ ནང་རིག་པ་འོད་གསལ་གྱི་རྒྱན་གྱིས་མཛེས་པས་གཞན་སྣང་ཟིལ་གྱིས་ནོན་པ་དངྈ གཞན་ཡང་ཕྱི་རོལ་གྱི་ཟས་བཅུད་ཐམས་ཅད་དབང་དུ་འདུས་པ་དངྈ ཐ་མལ་བཟའ་བཏུང་གི་མངོན་ཞེན་ཆོད་པྈ དགེ་སྦྱོར་འཕེལ་རིག་པ་དྭངས་དབང་པོ་གསལྈ ལུས་ངག་ཡིད་གསུམ་ལ་ཉམས་རྟོགས་འབར་ཏེ་ནམ་མཁའ་ལ་འཕུར་བ་དངྈ མངོན་ཤེས་འཆར་ཆུ་ལ་མི་བྱིང་བ་སོགས་ཡོན་ཏན་དཔག་ཏུ་མེད་པ་འབྱུང་ངོྈ ཤིན་ཏུ་ཟབ་པའི་མན་ངག་རྒྱལ་པོ་འདི་བརྒྱུད་པ་འཛིན་ངེས་པ་དང་སྐལ་ལྡན་སྙིང་རུས་ཅན་གྱི་གང་ཟག་ལ་བསྟན་ནོྈ གཞན་རྣམས་ལ་བཀའ་རྒྱ་ཤིན་ཏུ་དམ་པར་བྱའོྈ རཱ་ཧུ་ལ་རཀྵ་ས་མ་ཡ་ཧཱུྃྈ ྈྈ འཇའ་ལུས་འོད་ཕུང་རང་གྲོལ་ལསྈ བོགས་འདོན་ནད་བརྒྱ་སྨན་གཅིག་བདུད་རྩི་འཆི་སོས་བཞུགས་སོྈ ན་མོ་གུ་རུ་ཛཱ་ཧ་བཱིརྈ འཇའ་ལུས་རྡོ་རྗེའི་ཚིག་རྐང་ལསྈ ཚེ་ཡི་འགལ་རྐྱེན་མི་མཐུན་ཀུན་འཇོམས་ཤིངྈ ཚ་གྲང་བད་མཁྲིས་ནད་རྣམས་བཤལ་སྐྱུག་འབྱིནྈ མཐུན་རྐྱེན་ཉམས་རྟོགས་ཉི་ཟླའི་དཀྱིལ་འཁོར་རྒྱསྈ ཞེས་པའི་དོན་ལ་གསུམ་སྟེྈ རང་ལུས་ཀྱི་ནད་ཐམས་ཅད་རླུང་གིས་བཤལ་སྐྱུག་ཏུ་འབྱིན་པ་དངྈ འཕྲུལ་འཁོར་གྱིས་བཤལ་སྐྱུག་འབྱིན་པ་དངྈ སྨན་གྱིས་བཤལ་སྐྱུག་འབྱིན་པ་དང་གསུམྈ དང་པོ་ནི་རང་ཉིད་གང་དུ་གནས་པའི་ས་ཕྱོགས་འདི་དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས་སུ་བསྒོམྈ ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་ཁ་སྦྱོར་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བདག་ཉིད་རྡོ་རྗེ་ཕག་མོ་ཞལ་ཕྱག་ཡོངས་རྫོགས་སུ་གསལ་བའི་སྐུ་སྐེད་མན་ཆད་ཡེ་ཤེས་མེ་རླུང་འཚུབས་པའི་ནང་དུ་བཞུགས་པར་བསམྈ དེའི་སྤྱི་བོར་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པར་གསལ་བཏབ་སྟེྈ གསོལ་བ་དྲག་ཏུ་འདེབས་པར་བྱའོྈ ན་མོ་རྩ་བརྒྱུད་བླ་མ་དམ་པ་ཁྱེད་རྣམས་ལྈ སྒོ་གསུམ་གུས་པའི་ཡིད་ཀྱིས་གསོལ་འདེབས་ནྈ ལུས་ངག་ཡིད་ལ་སྐུ་གསུང་ཐུགས་ཞུགས་ནསྈ རྒྱབ་རླུང་མྱུར་གྲོལ་མདུན་རླུང་མཐར་ཕྱིན་ནསྈ སྲོག་ཐུར་མ་བུ་འདྲེས་པར་བྱིན་གྱིས་རློབསྈ ལྟོོ་གོས་ཞེན་པ་ཆོད་པར་བྱིན་གྱིས་རློབསྈ རླུང་སེམས་དབུ་མར་ཆུད་པར་བྱིན་གྱིས་རློབསྈ བདེ་སྟོང་ལྷན་སྐྱེས་རྟོགས་པར་བྱིན་གྱིས་རློབསྈ འཇའ་ལུས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབསྈ ཞེས་གསོལ་བ་བཏབ་པས་ལྷ་ཚོགས་དགྱེས་ནས་འོད་དུ་རིམ་གྱིས་ཞུྈ ཐམས་ཅད་རང་ཉིད་ལ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་རང་ལ་ཐིམྈ དེ་ནས་ལུས་གནད་སྡོང་པོ་གསུམ་བལྟབ་ལྈ རླུང་གནད་ཀ་བ་གཅིག་པ་སྟེྈ པུས་གཉིས་བར་དུ་སྐུམ་ཁྲུ་གངྈ བརླ་རྟིང་སྤྲད་ལ་སྲིན་ཞལ་དུྈ ལྗོན་ཤིང་ལྷོའི་བཅུད་མཆོག་ལྕགས་སམ་སྨྱུག་མའི་ཐུར་མ་སྦོམ་ཕྲ་རན་པྈ རིང་ཐུང་མཐོ་གང་སོར་བཞི་པྈ སྦོམ་ཕྲ་མདའ་སྨྱུག་ཕྲ་ཤོས་ཙམྈ རྡོ་རྗེའི་བུ་གར་བཙུགས་བཤང་ལམ་དང་ཆུ་ལམ་གྱི་ཐདྈ ཡར་ལ་ཐུག་གི་བར་ལ་བཏངྈ སྟེང་རླུང་དྲག་ཏུ་མནནྈ མདུན་རླུང་རང་སར་བཞགྈ རྒྱབ་རླུང་ཐུར་ལ་ཆུ་བཙིར་བ་བཞིན་འཕུལ་ནསྈ དེ་ཕྱིར་རྒྱང་གིས་འཐོན་ན་འོག་རླུང་སྟེང་དུ་སྤོ་བ་ཡིན་ཞིངྈ རྡོ་རྗེའི་བུ་གར་སོར་བཞི་ཙམ་བཙུགསྈ མདུན་རླུང་མནན་རྒྱབ་རླུང་དྲག་ཏུ་འཐེན་པསྈ རྡོ་རྗེའི་རྩ་བར་ལྷན་གྱིས་འདྲོངས་ནྈ འོག་རླུང་སྟེང་དུ་འདྲོངས་པའི་ཚད་ཡིན་ནོྈ དེ་ནས་ངང་པའི་སྒོ་ངའི་ཀོང་བུ་སྨྱུག་སྦུབས་སོགས་ལ་ཉམས་སད་པ་ཞལ་ལས་ཤེསྈ གསུམ་པ་སྤོ་བའི་རིམ་པ་ནིྈ ཐུར་མ་བཙུགས་ལ་ཕུས་བཏབ་པའམྈ སྒང་ཕུག་རླུང་གིས་བཀང་པས་བཙིར་ཏེ་ལམ་སྦྱོང་བའོྈ རྡོ་རྗེའི་བུམ་པར་དབྱུགས་དཀྱིལ་ནས་འཕུལ་འཐེན་ལ་བསླབ་པས་ངེས་པར་འགྲུབ་བོྈ ཁྲག་གཅོད་པ་འཛག་པ་སྲུང་བ་དྲང་བ་མགོ་གནོན་ལ་སོགས་པ་མཐོང་བ་བརྒྱུད་པའི་ཞལ་ལས་ཤེསྈ དེ་ལྟར་བརྟན་པ་ཐོབ་ནས་ཕྱག་རྒྱ་མ་ཟླ་མཚན་འབབ་པའི་དུས་སུྈ ཀུནྡ་བྷ་གར་ཕབ་ལ་དཀར་དམར་འདྲེས་པ་དེ་དྲངས་ཏེ་འདྲེན་འགྲེམ་ལ་འབད་པས་ལུས་ལང་ཚོ་རྒྱས་པ་དང་ཚེ་སྒྲུབ་ཀྱི་མཆོག་ཏུ་འགྱུར་རོྈ དེ་ལྟར་རྒྱབ་མདུན་གྱི་རླུང་ལ་བརྟན་པ་ཐོབ་ནསྈ བོགས་འདོན་གཞན་ལུས་རྩལ་སྦྱོང་བྱ་སྟེྈ འཇའ་ལུས་རྡོ་རྗེའི་ཚིག་རྐང་ལསྈ རྒན་པོའི་སྐྱོན་བྲལ་ཚེ་རིང་བཀྲག་མདངས་ལྡནྈ ཅིར་སྣང་དག་པའི་སྣང་བ་འཁོར་ཡུག་འཆརྈ ཞེས་པསྈ འདྲེན་པའི་ཐོག་མར་མཁའ་གསང་བྱིན་རླབས་ནིྈ རྡོ་རྗེ་རྩེ་ལྔ་བུ་ག་ཧཱུྃ་གིས་བཀགྈ པདྨ་འདབ་བཞི་བུ་ག་ཕཊཿཀྱིས་མཚནྈ འབུ་འགྲོས་ཚུལ་གྱིས་དལ་བུས་ཉམས་བླངས་པསྈ དགའ་བ་བཞི་གསུམ་བཅུ་གཉིས་ཡེ་ཤེས་ཀྱིྈ བདེ་ཆེན་འབར་ཚེ་དྭངས་སྙིགས་འདི་ལྟར་དབྱེྈ རང་ལུས་གཞན་ལུས་གང་བསྟེན་ཀྱངྈ ཐིག་ལེ་འཕོ་ལ་ཁད་པའི་དུསྈ རང་ཉིད་སྨིན་མཚམས་དག་ཏུ་ནིྈ གཡུང་དྲུང་གཡས་སུ་འཁོར་བའི་དབུསྈ ཐིག་ལེ་དཀར་པོ་དྲུག་བརྩེགས་བསམྈ དེ་ལ་རིག་པ་མ་ཡེངས་གཏདྈ སྙིགས་འཆོར་དྭངས་མ་འཆོར་མི་སྲིདྈ ཡང་ཡང་བསྒོམ་ཞིང་བསྐྱར་བ་ལསྈ དྭངས་སྙིགས་ཕྱེད་པར་ཐེ་ཚོམ་མེདྈ ཡང་གཅིག་ཕྱག་རྒྱ་མཚན་ལྡན་གྱིྈ དྭངས་མ་འདྲེན་པའི་དམིགས་པ་ནིྈ རང་གི་གསང་རྡོར་བུང་བ་དར་མྈ ཕྱག་རྒྱའི་མཁའ་གསང་པདྨ་དམར་པོྈ དྭངས་མ་སྦྲང་རྩི་ལྟ་བུ་དེྈ བུང་བས་པདྨར་ཞུགས་ནས་སྦྲང་བཅུད་འཇིབ་པར་དམིགས་ཤིངྈ ཞུགས་ལྟར་རྩོལ་བ་བྱས་པས་དྭངས་མ་ལོན་པར་ཐེ་ཚོམ་མེདྈ གསང་བའི་རླུང་འཛིན་མ་ཆགས་པར་བྱའོྈ རྒྱབ་མདུན་གཉིས་ཀྱི་ཨུ་པ་དེ་ཤའོྈ བཛྲ་རཱ་ཧུ་ལ་རཀྵ་སི་ཧཱུྃྈ ྈྈ འཇའ་ལུས་འོད་ཕུང་རང་གྲོལ་ལསྈ འཕྲུལ་འཁོར་རྩ་འགྲེལ་འཇའ་ལུས་མཆོག་སྟེར་བཞུགས་སོྈ ན་མོ་གུ་རུ་ཛཱ་ཧ་བཱིརྈ རྡོ་རྗེ་ཐེག་པའི་ཡང་རྩེ་རྨད་བྱུང་ལམྈ ཉོན་མོངས་ལས་རླུང་ཡེ་ཤེས་སྟོབས་བསྒྱུར་ཞིངྈ འཇིགས་བྲལ་འཕོ་མེད་འཇའ་ལུས་མཆོག་སྟེར་བའིྈ རྣལ་འབྱོར་དབང་ཕྱུག་ཛཱ་ཧ་བཱིར་སྤྱི་བོས་མཆོདྈ འདིར་གྲུབ་པའི་དབང་ཕྱུག་ཛཱ་ཧ་བཱིར་གྱི་ཉམས་ལེན་རྒྱུན་ཁྱེར་འཇའ་ལུས་འོད་ཕུང་རང་གྲོལ་གྱིྈ འཕྲུལ་འཁོར་ལུས་འདུལ་བྱེད་པར་འདོད་ནྈ འབེབ་གཞུང་འབེབ་གདན་ཚད་ལྡན་སྟེངྈ ལངས་ཏེ་ཡན་ལག་མདའ་ལྟར་བསྲངྈ སྟོད་ཀྱི་སྲང་དང་སྨད་གྲང་དུངྈ འབེབ་དང་བསྟུན་ཏེ་གདན་ཁར་གདབྈ ཞེས་པའི་ཐོག་མར་གསོལ་འདེབས་གྲུབ་ཚེྈ སྭ་བྷཱ་ཝས་སྟོང་པར་སྦྱངྈ སྟོང་པའི་ངང་ལས་དུར་ཁྲོད་ཆེན་པོ་འཇིགས་ཤིང་མེ་རླུང་འཁྲུགས་པའི་ནང་དུྈ ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་ཁ་སྦྱོར་ཡངས་ཤིང་རྒྱ་ཆེ་བའི་ཀློང་དུྈ རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཞལ་ཕྱག་ཡོངས་རྫོགས་ཀྱི་སྐུར་གྱུརྈ ཨོཾ་བཛྲ་བཻ་རོ་ཙ་ནཱི་ཧྲཱིཿམ་ཧ་རི་ནི་ས་ཛྙཱ་ན་ཛྭ་ལ་རཾ་རཾ་ཧཱུྃ་ཕཊྈ དམིགས་པ་ནིྈ ཡར་ལངས་པའི་དུས་སུ་ཕག་མོའི་ང་རྒྱལ་བསྐྱེདྈ འབེབ་པའི་དུས་སུ་སྣང་སྲིད་འོད་སྐུར་གསལྈ འདྲེན་པའི་དུས་སུ་དཀར་དམར་ཧཾ་ལ་བསྟིམྈ འགྲེམ་པའི་དུས་སུ་སྐུ་ཐིག་ཚོམ་བུར་མེརྈ ངལ་གསོའི་དུས་སུ་ཀ་དག་ངང་ལ་བཞགྈ དེ་ནས་འབེབ་གདན་ཉི་ཟླ་ཁ་སྦྱོར་གྱི་སྟེང་དུྈ རང་ལུས་རྡོ་རྗེ་ཕག་མོར་བསྐྱེདྈ དེ་ནས་སྲུང་བའི་འཁོར་ལོ་བསྒོམ་པ་ནིྈ སྐྱིལ་ཀྲུང་རྐྱང་འཁྲབ་དང་བཅས་བཤིག་གྱུར་ནསྈ རྐང་གཉིས་མདའ་ལྟར་མདུན་དུ་ཤད་ཀྱིས་བརྐྱངྈ འཆུན་བཙལ་སྡུད་དང་མཉམ་དུ་ལག་རྒྱབ་གཉིསྈ གདན་ཁར་གདབ་མཉས་རྐང་གཉིས་འུབ་བསྡུས་ནསྈ ལངས་ཏེ་ལུས་གནད་མདའ་ལྟར་བསྲང་མཉམ་འཕརྈ ངག་ཏུ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་ཁྲོ་མོའི་སྟངས་སྟབས་བྱེདྈ གཡས་གཡོན་སྡིགས་མཛུབ་ཕྱོགས་བཞིར་བསྒྲེངྈ དེ་རྗེས་ལག་གཉིས་རྐང་གཉིས་བསྒྲདྈ རླུང་སེམས་ལྟེ་འོག་ཧྲིལ་བཅུག་སྣང་སེམས་བསྲེྈ ཕག་སྐད་ངུར་ཞིང་འབེབ་གསུམ་ཀ་དག་ངང་ལ་བཞགྈ ྈ དེ་ནས་དང་པོ་ལུས་འདུལ་འཕྲུལ་འཁོར་ནིྈ སྐྱིལ་ཀྲུང་རྐྱང་འཁྲབ་གྱེན་ལངས་གོང་དང་མཚུངསྈ ལག་གཡས་ཁུ་ཚུར་སྐེད་བཀན་ལག་གཡོན་སྡིགས་མཛུབ་བསྒྲེངྈ ཛཱ་ཧ་བཱིར་གྱི་སྙིང་པོ་ཉེར་གཅིག་བརྗོདྈ སྔགས་མཆིལ་འཇའ་འོད་བསམ་ལ་དཔྲལ་བར་བྱུགྈ རྐྱང་འཁྲབ་གསུམ་དང་དཔུང་པ་གཡས་གཡོན་རྒྱབ་མདུན་འཕུརྈ ལག་མགོ་མར་འཐེན་དཔུང་མགོ་རྒྱབ་ལ་འཐེནྈ ཐལ་མོ་སྦྱར་བའི་བྷེ་ཤ་གཉིས་ཤུད་པའིྈ ལག་གཉིས་མིག་གཉིས་བཀབ་ལ་ལན་གསུམ་འཕུརྈ དེ་ནས་མགོ་བོ་ལན་དྲུག་གཡས་གཡོན་མདུན་རྒྱབ་འཕུརྈ དེ་ནས་གདོང་བཤད་བྲང་བཅག་གདབྈ སླར་ཡང་ལག་གཉིས་བྲང་སྟེང་གཡས་གཡོན་འཆུན་བཙལ་བསྒྲེངྈ ཁུ་ཚུར་གཡས་གཡོན་འཆུན་བཙལ་རྒྱབ་མདུན་བསྒྲེངྈ དེ་ནས་ལག་གཉིས་དཔྱི་ཐད་རྒྱབ་ལ་བརྐྱང་བྈ དལ་མོར་བཅག་འཐོན་རྒྱབ་རྗེས་རྟིང་པར་བཤུདྈ ལག་གཉིས་ངར་གདོང་བཟུང་སྟེ་ལུས་ཀུན་འཆུན་བཙལ་འཐེནྈ དེ་རྗེས་འབེབ་ཆེན་མཉམ་བཞག་གསུམ་བཅས་བརྒྱབྈ ཧ་སྤྲུག་ཐེམས་པར་བྱེད་ཅིང་ཀ་དག་ངང་ལ་བཞགྈ ྈ གཉིས་པ་ཡན་ལག་ལྔ་སྦྱོང་རིམ་པ་ནིྈ སྐྱིལ་ཀྲུང་བྱས་ཏེ་རྐྱང་འཁྲབ་ལན་གསུམ་བརྒྱབྈ གཡས་གཡོན་འཕུར་བསུབ་ཐལ་སྦྱར་བྷེ་ཤ་བཤུདྈ མགོ་བོ་འཕུར་དང་གདོང་བཤད་བྲང་བཅག་བརྒྱབྈ དེ་ནས་ལག་གཉིས་གཡོན་གྱི་ཕྲག་གོང་ནསྈ པུས་མོ་གཡས་ཀྱི་སྟེང་དུ་འཆུན་བཙལ་འཐོནྈ དེ་འདྲ་གཡས་གཡོན་གཉིས་ལ་ལན་གསུམ་བྱྈ ཁུ་ཚུར་བཅས་ཏེ་རྒྱབ་མདུན་འཆུན་བཙལ་འཐེནྈ སྐྱིལ་ཀྲུང་བཤིག་ཅིང་འབེབ་ཆུང་རྐང་གཡས་ཀྱིྈ སྤྱི་མགོ་ནས་བཟུང་རྐང་མགོའི་བར་དུ་བཤུདྈ ལག་གཉིས་བསྣོལ་ནས་སྒྱིད་ཁུང་ལན་གསུམ་འཐེནྈ དེ་བཞིན་གཡོན་ལ་བྱེད་པ་ཤིན་ཏུ་གཅེསྈ འབེབ་ཆུང་གསུམ་བརྒྱབ་དེ་རྗེས་ཀ་དག་བཞགྈ ྈ གསུམ་པ་དབུ་མ་འཛུག་པའི་རིམ་པ་ནིྈ སྐྱིལ་ཀྲུང་བཤིག་དང་གྱེན་ལངས་གོང་དང་འདྲྈ ལག་གཉིས་པུས་མོས་གཡས་གཡོན་སྟེང་དུ་ཁུ་ཚུར་བཞགྈ ངག་ནས་ཧ་ཧ་ཞེས་སྒྲས་དབུ་མ་ལན་གསུམ་བཙུགསྈ སྒང་འདྲེན་བྱ་ཞིང་འབེབ་ཆེན་གསུམ་གསུམ་བརྒྱབྈ ྈ བཞི་པ་དབུ་མ་བསྐོར་བའི་དམིགས་པ་ནིྈ ལུས་གནད་རྐང་གནད་གོང་དང་འདྲ་བ་ལྈ དབུ་མ་བཙུགས་ཏེ་གཡས་གཡོན་མང་དུ་བསྐོརྈ དེ་ནས་འབེབ་ཆེན་གསུམ་གསུམ་གོང་དང་འདྲྈ ྈ ལྔ་པ་དབུ་མ་གསལ་འདེབས་རིམ་པ་ཡངྈ ལུས་གནད་རླུང་གནད་གྱེན་ལངས་གོང་བཞིན་ལསྈ སླར་ཡང་དབུ་མ་བཙུགས་ཏེ་ཉི་ཟླ་བསྐོརྈ འབེབ་ཆེན་བྱས་རྗེས་གཡས་གཡོན་འཐེན་པ་དངྈ ཧ་སྤྲུག་བྱེད་ཅིང་ཀ་དག་ངང་ལ་བཞགྈ ྈ དྲུག་པ་རྩ་ཐེམ་རླུང་ཐེམ་བྱེད་པ་ནིྈ སྐྱིལ་ཀྲུང་བཤིག་ལ་རྐང་གཉིས་མདུན་དུ་བརྐྱངྈ ལག་གཉིས་པུས་སྟེང་བཞག་ལ་སྒང་འདྲེན་གསུམྈ ཙོག་པུ་རྐང་བསྣོལ་སྒང་འདྲེན་སྟོང་འདྲེན་བྱྈ གཅུས་འབེབ་གསུམ་དང་ཧ་སྤྲུག་གོང་དང་མཚུངསྈ ྈ བདུན་པ་ཧཱུྃ་འདྲེན་བྱང་སེམས་གྱེན་འདྲེན་ནིྈ རྡོ་རྗེ་སྐྱིལ་ཀྲུང་ལག་གཉིས་བརླ་སྦུག་བཙུགསྈ སྟོང་འདྲེན་སྒང་འདྲེན་གཡས་གཡོན་དབུས་གསུམ་དུྈ ལན་གྲངས་དགུ་རུ་བྱེད་པ་ཤིན་ཏུ་གཅེསྈ གཅུས་འབེབ་གསུམ་དང་སྤྲུག་སོགས་གོང་དང་མཚུངསྈ ྈ བརྒྱད་པ་སྟོང་འདྲེན་སྒང་འདྲེན་བྱེད་པ་ནིྈ རྡོ་རྗེ་སྐྱིལ་ཀྲུང་བཤིག་ལ་སེམས་དཔའི་སྐྱིལ་ཀྲུང་བྱྈ ལག་གཉིས་རྐང་པའི་གཡས་གཡོན་ངར་གདོང་བཟུངྈ སྟོང་འདྲེན་རྒྱུ་མ་ཆད་ཆད་དག་ཏུ་འཐེནྈ སྒང་འདྲེན་མགོ་བོ་གས་གས་ལན་དགུར་འབདྈ འབེབ་ཆུང་དང་བསྟུན་གཡང་མོའི་སྒང་སྤྲུག་བྱྈ ྈ དགུ་པ་རླུང་གདུགས་ལྟར་བསྐྱིལ་བ་ནིྈ རྡོར་སྐྱིལ་བཤིག་ལ་སེམས་དཔའི་སྐྱིལ་ཀྲུང་སྟེངྈ ལག་གཉིས་རྐྱང་འཁྲབ་ལྡན་པས་མཇིང་པ་འཕྲེངྈ ཧཱུྃ་ཧཱུྃ་སྒྲ་བཅས་བྱང་སེམས་ཧཾ་ལ་བསྟིམྈ གཡས་གཡོན་དབུས་གསུམ་སྒང་འདྲེན་སྟོང་འདྲེན་བྱྈ ཧ་སྤྲུག་ལ་སོགས་གཡས་གཅུ་གཡོན་གཅུ་བྱྈ ྈ བཅུ་པ་པུས་མོ་གཡས་རྡེབ་གཡོན་རྡེབ་བྱྈ རྡོར་སྐྱིལ་བཤིག་ལ་སེམས་དཔའི་སྐྱིལ་ཀྲུང་བྱྈ ལག་གཡོན་པུས་སྟེང་མདའ་ལྟར་བསྲང་སྟེ་བཞགྈ ལག་གཡས་པུས་མཐར་ཕྱིན་ནས་ནང་དུ་བཀནྈ སྒང་འདྲེན་སྟོང་འདྲེན་དང་བསྟུན་ཟུང་འདྲེན་བྱྈ ཉི་ཟླ་དཀར་དམར་ཚངས་རྩེར་བསྐྱིལྈ དེ་བཞིན་གཡས་གཡོན་གཉིས་ལ་རེས་མོས་བྱེདྈ འབེབ་ཆུང་གསུམ་དང་ཧ་སྤྲུག་གོང་དང་མཚུངསྈ ྈ བཅུ་གཅིག་ཙོག་འབེབ་འབེབ་ཆུང་ཞེས་བྱ་ནིྈ སྐྱིལ་ཀྲུང་བྱས་ལ་དབུ་མ་བཙུགས་པའི་ནངྈ ཡན་ལག་ཆུ་སེར་ཐམས་ཅད་བསྡུ་བྱ་ཞིངྈ སྐྱིལ་ཀྲུང་བཤིག་ལ་རྐང་པའི་ཆུ་སེར་བསྡུསྈ ཙོག་པུ་རྐང་པ་བསྣོལ་ཞིང་ལག་གཉིས་འཁྱུདྈ དབུ་མ་བཙུགས་ལ་ཙོག་འབེབ་མང་དུ་བྱྈ ཆུ་སེར་ཕྱིར་འབུད་ཡང་ཡང་བསྐྱར་བ་གཅེསྈ སྒུར་འབེབ་ལན་གསུམ་ཧ་སྤྲུག་གོང་དང་འདྲྈ ྈ བཅུ་གཉིས་པ་བསྒྲད་འབེབ་ཧ་སྤྲུག་བྱེད་པ་ནིྈ སྐྱིལ་ཀྲུང་བཤིག་དང་གྱེན་ལངས་གོང་ལྟར་བྱེདྈ ལངས་ཏེ་ཡན་ལག་ཐམས་ཅད་ཕྱོགས་བཞིར་བརྒྱངྈ དགྱེ་ལོག་བྱ་ཞིང་རྐྱང་འཁྲབ་ལན་གསུམ་བྱེདྈ དེ་འདྲ་ལན་གསུམ་བར་དུ་གཡས་གཡོན་བརྐྱངྈ བསྒྲད་འབེབ་གསུམ་དང་བསྟུན་ཏེ་ཧག་ཧག་བརྗོདྈ ཧ་སྤྲུག་ཀ་དག་བཞག་སོགས་གོང་དང་མཚུངསྈ ྈ བཅུ་གསུམ་ཀྱང་ཀྱུར་ཞེས་པའི་འཕྲུལ་འཁོར་ནིྈ སྐྱིལ་ཀྲུང་བཤིག་སོགས་གྱེན་ལངས་གོང་བཞིན་ལྈ རྐང་གཉིས་བཤད་ཀྱང་གདན་ཁར་འབེབ་དང་མཉམྈ ལག་གཉིས་རྐྱང་འཁྲབ་བྲང་ཁར་བསྣུན་པ་དངྈ དེ་འདྲ་ལན་གསུམ་དག་ཏུ་འབད་པ་གཅེསྈ རྗེས་ནི་ཧ་སྤྲུག་ཀ་དག་གོང་དང་འདྲྈ ྈ བཅུ་བཞི་པ་རྡོ་རྗེ་སྦུགས་འདྲེན་ནིྈ སྐྱིལ་ཀྲུང་བཤིག་སོགས་རྐང་གནད་གོང་ལྟར་ལྈ འབེབ་དང་བསྟུན་ལ་པུས་མོ་ཐེར་གྱིས་བཙུགྈ ལག་གཉིས་པུས་སྟེང་བཞག་ལ་སྦུགས་འདྲེན་ནིྈ ནོར་བུ་མ་ནུབ་བར་དུ་ཐབས་མཁས་ཀྱིསྈ ངེས་འདྲོང་མ་བྱུང་བར་དུ་སྒང་འདྲེན་བྱྈ ལུས་གནད་བསྲངས་ཏེ་རྐྱང་འཁྲབ་ལན་གསུམ་རྡེགྈ གཅུས་འབེབ་ལན་གསུམ་ཧ་སྤྲུག་གོང་བཞིན་བྱྈ ྈ བཅོ་ལྔ་མིག་དང་སོར་མོར་དགྲམ་པ་ནིྈ རྐང་པ་རྡོ་རྗེ་སྐྱིལ་ཀྲུང་ལྈ ལག་གཉིས་པུས་མགོའི་གཡས་ཐད་ཤད་དེ་བརྐྱངྈ རྒོད་གཤོག་ལྟར་བརྒྱང་སོར་མོས་སྒོ་གསུམ་བཀགྈ རྣ་བའི་ཁུང་ནས་རླུང་རྣམས་ཕྱིར་ལ་དབྱུངྈ སླར་ཡང་རྣ་བ་ཁ་དང་སྣ་བུག་དགགྈ མིག་གཉིས་བསྒྲིམ་ཞིང་རླུང་རྣམས་ཕྱིར་ལ་དབྱུངྈ རྐྱང་འཁྲབ་བརྡབ་ཅིང་ལག་སོར་མདུན་དུ་བསྒྲེངྈ སོར་བཅུའི་ནང་ནས་རླུང་ཀུན་ཕྱིར་ལ་དབྱུངྈ རྡོར་སྐྱིལ་བཤིག་ལ་སྐྱིལ་ཀྲུང་ལན་གསུམ་བརྡེགྈ ྈ བཅུ་དྲུག་ཤ་བསླད་འདོན་པའི་འཕྲུལ་འཁོར་ནིྈ སྐྱིལ་ཀྲུང་བཤིག་ལ་རྐང་གཉིས་བསྣོལྈ ལུས་གནད་བསྲངས་ལ་ལག་གཉིས་སྤྱི་བོར་བསྣོལྈ གཡས་བསྐོར་གཡོན་བསྐོར་ལན་གྲངས་དགུ་ཡི་བརྈ གནས་གསུམ་འཁོར་ལོ་རིམ་པ་བཞིན་དུ་བསྐོརྈ གཅུས་འབེབ་དྲག་པོ་ལན་གསུམ་དག་ཏུ་བརྡབྈ ཧ་སྤྲུག་གཅུ་སོགས་གོང་བཞིན་ཀ་དག་བཞགྈ ྈ བཅུ་བདུན་སྙིང་རླུང་སེལ་བའི་འཕྲུལ་འཁོར་ནིྈ སྐྱིལ་ཀྲུང་བཤིགས་ལ་རྐང་མཐིལ་གཉིས་སྦྱར་བའིྈ རྐང་སོར་ལག་གཉིས་སྦར་འཛིན་དྲག་ཏུ་བསྡམྈ སྒལ་ཚིགས་བཙུགས་ལ་ནམ་མཁར་དྲག་པོས་འཐེནྈ སྦར་འཛིན་སར་བཙུགས་སྒུར་འདྲེན་དྲག་ཏུ་བྱྈ དེ་འདྲ་ཡར་གསུམ་མར་གསུམ་ལན་གྲངས་དྲུགྈ རྗེས་ནི་སྒུར་འབེབ་ལན་གསུམ་དྲག་ཏུ་བྱྈ ྈ བཅོ་བརྒྱད་ནམ་མཁའ་ཞལ་མཇལ་བྱེད་པ་ནིྈ སྐྱིལ་ཀྲུང་བཤིག་སོགས་གྱེན་ལངས་གོང་ལྟར་ལྈ ལུས་གནད་བསྲང་སྟེ་རྡོ་རྗེ་སྦུགས་སུ་དྲངྈ ནམ་མཁའི་ཁམས་སུ་རྡོར་སེམས་བསྒོམ་པར་བྱྈ རྗེས་ནི་འབེབ་ཆེན་དང་བསྟུན་ཐལ་མོ་སྦྱརྈ སྦ་བཞི་འཁྲབ་སོགས་གེགས་སེལ་ཞལ་ལས་ཤེསྈ སྦྱོར་དངོས་རྗེས་གསུམ་ཚང་བའི་འཕྲུལ་འཁོར་འདིསྈ སྐྲ་དཀར་གཉེར་མ་མེད་པ་དངྈ གཞོན་ཤ་ཆགས་ཤིང་རྩ་མདུད་གྲོལྈ སྦ་བ་སྦུབས་ནུབ་གཙུག་ཏོར་འགྲུབྈ འཕོ་མེད་འཇའ་ལུས་འོད་ཀྱི་སྐུྈ ཚེ་ཡི་རིག་འཛིན་ཐོབ་པར་འགྱུརྈ སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངསྈ སྐལ་མེད་རྣམས་ལ་གསང་དམ་རྒྱྈ དེ་རྣམས་ཀུན་གྱི་རྩ་བའི་སྡོམྈ དང་པོ་ལུས་འདུལ་རོལ་རྩེད་བྱྈ གཉིས་པ་ཡན་ལག་ལྔ་སྦྱོངྈ གསུམ་པ་དབུ་མ་འཛུག་པྈ བཞི་པ་དབུ་མ་བསྐོར་བྈ ལྔ་པ་དབུ་མ་གསལ་འདེབསྈ དྲུག་པ་རྩ་ཐེམ་རླུང་ཐེམྈ བདུན་པ་ཧཱུྃ་རིང་བྱང་སེམས་འདྲེནྈ བརྒྱད་པ་སྟོང་འདྲེན་སྒང་འདྲེནྈ དགུ་པ་རླུང་གདུགས་ལྟར་བསྐྱིལ་བྈ བཅུ་པ་པུས་མོ་གཡས་རྡེབ་གཡོན་རྡེབྈ བཅུ་གཅིག་ཙོག་འབེབ་འབེབ་ཆུངྈ བཅུ་གཉིས་བསྒྲད་འབེབ་ཧ་སྒྲྈ བཅུ་གསུམ་པ་ཀྱང་ཀྱུརྈ བཅུ་བཞི་པ་རྡོ་རྗེ་སྦུབས་འདྲེནྈ བཅོ་ལྔ་པ་རླུང་སོར་མོ་ལ་འགྲེམས་པྈ བཅུ་དྲུག་པ་ཤ་བསླད་འདོན་པྈ བཅུ་བདུན་པ་སྙིང་རླུང་སེལ་བྈ བཅོ་བརྒྱད་ནམ་མཁའ་ཞལ་མཇལྈ སྦ་བཞི་འཁྲབ་དང་རྩལ་སྤྲུག་སོགསྈ དེ་རྣམས་རྣལ་འབྱོར་དབང་ཕྱུག་ཛཱ་ཧ་བཱིར་གྱི་ཟབ་ཆོསྈ འཇའ་ལུས་འོད་ཕུང་རང་གྲོལ་གྱི་འཕྲུལ་འཁོར་རྩ་འགྲེལ། འཇའ་ལུས་མཆོག་སྟེར་ཞེས་བྱ་བྈ འཇའ་ལུས་སྣང་སྟོང་རང་གྲོལ་ལམྈ འཛིན་པ་རང་གྲོལ་གྱི་རྣལ་འབྱོར་དབང་ཕྱུག་གསུང་ལ་འཕྲི་བསྣན་མེད་པ་དམ་རྒྱྈ གཟའ་བདུད་ཀྱི་རྒྱ་ཡོད་དོྈ དྲང་སྲོང་གཟའ་བརྒྱད་ཀྱིས་སྲུངས་ཤིགྈ བཛྲ་རཀྵ་རཀྵྈ ྈྈ འཇའ་ལུས་འོད་ཕུང་རང་གྲོལ་ལསྈ ཛཱ་བཱིར་བླ་བསྒྲུབ་འོད་ཕུང་རང་གྲོལ་བཞུགས་སོྈ ན་མོ་གུ་རུ་ཛཱ་ཧ་བཱིརྈ བླ་མ་མཆོག་དང་ཡི་དམ་ལྷྈ མཁའ་འགྲོའི་དབང་ཕྱུག་ཀུན་གྱི་རྗེྈ རྣལ་འབྱོར་དབང་ཕྱུག་ཛཱ་ཧ་བཱིརྈ མི་འབྲལ་སྙིང་གི་ཐིག་ལེར་བཞུགསྈ དེ་ཉིད་སྒྲུབ་པའི་རིམ་པ་ལྈ སྔོན་འགྲོ་དངོས་གཞི་རྗེས་དང་གསུམྈ དེ་ལ་དང་པོ་སྔོན་འགྲོ་ནིྈ དབེན་ཞིང་ཉམས་དགའི་གནས་མཆོག་ཏུྈ ཚེ་འདིའི་བྱ་བ་བློ་བཏང་ནསྈ དཀའ་ཐུབ་བཅུད་ལེན་ས་སྡེ་བཙུགསྈ མེ་དང་ཉི་མ་གཉིས་སྤངས་ནསྈ གྲིབ་དང་མི་གཙང་ཀུན་ལ་འཛེམྈ མ་གྱུར་འགྲོ་ལ་སྙིང་རྗེ་བསྒོམྈ སྟོང་དང་སྙིང་རྗེའི་ངང་ཉིད་ལསྈ རང་ཉིད་འདུག་པའི་གནས་མཆོག་ནིྈ ཨོ་རྒྱན་དག་པ་མཁའ་སྤྱོད་བསམྈ དེ་དབུས་ཆོས་འབྱུང་འོད་ལྔའི་ཀློངྈ པདྨ་ཉི་ཟླ་བམ་རོའི་སྟེངྈ དབང་ཆེན་པདྨ་ཧེ་རུ་ཀྈ དམར་ནག་གྲི་གུག་ཐོད་ཁྲག་འཛིནྈ དབུ་གཙུག་རྟ་ཞལ་འཚེར་ཞིང་ངུརྈ དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགསྈ པང་དུ་བདེ་སྟེར་ཕག་མོ་ཡུམྈ གྲི་ཐོད་རྒྱན་ཅན་ཕག་ཞལ་ངུརྈ ཡབ་ཡུམ་གཉིས་མེད་གར་དགུར་འབརྈ མེ་དཔུང་འབར་བའི་ཀློང་ན་འགྱིངྈ རྩ་གསུམ་འཁོར་ལོ་ལྔ་པོ་དངྈ གྲངས་ཅན་གྲངས་མེད་རྩ་རྣམས་གསལྈ གནས་ལྔར་རིགས་ལྔའི་དཀྱིལ་འཁོར་མཛེསྈ སྤྱི་གཙུག་འཇའ་འོད་ཆོས་འབྱུང་ཀློངྈ གྲུབ་པའི་དབང་ཕྱུག་ཛཱ་ཧ་བཱིརྈ རྒྱལ་པོ་རོལ་སྟབས་ཡུམ་དང་སྦྱོརྈ གཡས་གཡོན་ཉི་མ་ཟླ་བས་སྤྲསྈ རྩ་བརྒྱུད་བླ་མའི་དབུས་ན་བཞུགསྈ དེ་ཉིད་སྤྱི་གཙུག་འོད་ལྔའི་ཀློངྈ བླ་མ་བུདྡྷ་ཐོད་ཕྲེང་རྩལྈ མཐིང་གསལ་རྡོར་དྲིལ་མཚན་དཔེས་སྤྲསྈ གསང་ཡུམ་མནྡྷཱ་ར་བ་ནིྈ དཀར་དམར་གྲི་ཐོད་པད་སྐྱིལ་འཁྲིལྈ ཆོས་འབྱུང་འོད་ལྔའི་ཀློང་ན་བཞུགསྈ སྙོམས་འཇུག་སྦྱོར་བས་བདེ་བ་རྒྱསྈ བདེ་བའི་འོད་ཟེར་ཕྱོགས་བཅུར་འཕྲོསྈ བདེ་གཤེགས་རྒྱལ་བ་རབ་འབྱམས་ཀྱིྈ ཐུགས་རྗེའི་བྱིན་རླབས་མ་ལུས་དངྈ བརྟན་གཡོ་སྣོད་བཅུད་བཀྲག་མདངས་ཀུནྈ བླ་མ་ཡབ་ཡུམ་སྦྱོར་མཚམས་ཐིམྈ བླ་མ་ཡབ་ཡུམ་སྦྱོར་མཚམས་ནསྈ བདུད་རྩི་དཀར་དམར་འོ་རྒྱུན་བབསྈ རྣལ་འབྱོར་དབང་ཕྱུག་སྐུ་ལུས་བརྒྱུདྈ བདེ་བས་མཉེས་ནས་བདུད་རྩིའི་རྒྱུནྈ སྤྱི་བོའི་ལྷ་ཚོགས་རྣམས་ལ་ཕོགྈ ཟག་མེད་དགའ་བཞིའི་དཔལ་འབར་ནསྈ སྤྱི་བོའི་འཁོར་ལོ་དྭངས་མས་ཁེངསྈ སུམ་བརྒྱ་དྲུག་ཅུའི་རྩ་མདུད་གྲོལྈ ཞེ་སྡང་འཛིན་པ་རང་སར་དགྈ མི་བསྐྱོད་སངས་རྒྱས་སྤྱན་མར་གྱུརྈ རྣམ་ཤེས་ཕུང་པོ་དབྱིངས་སུ་དགྈ ལུས་ནང་འོད་ཟེར་དཀར་པོས་གངྈ མེ་ལོང་ཡེ་ཤེས་རང་རྩལ་རྒྱསྈ རླུང་རིག་དབྱེར་མེད་བཟླས་པ་བྱྈ བདེ་ཆེན་དཀར་དམར་མགྲིན་པར་བབསྈ མགྲིན་པའི་ལྷ་ཚོགས་བདེ་བས་མཉེསྈ བརྒྱད་གཉིས་བཅུ་དྲུག་མདུད་གྲོལ་ནསྈ ང་རྒྱལ་སེར་སྣའི་ཉེས་ལྟུང་སྦྱངསྈ ཚོར་བའི་ཕུང་པོ་དབྱིངས་སུ་དགྈ ལུས་ནང་འོད་ཟེར་སེར་པོས་གངྈ རིན་འབྱུང་མཱ་ཀཱིའི་རང་བཞིན་དངྈ མཉམ་ཉིད་ཡེ་ཤེས་རང་རྩལ་རྒྱསྈ གོང་བཞིན་རླུང་རིག་བཟླས་པར་འབདྈ བདེ་ཆེན་དཀར་དམར་སྙིང་ཁར་བབསྈ སྙིང་ཁའི་ལྷ་ཚོགས་བདེ་བས་མཉེསྈ སུམ་ཅུ་རྩ་གཉིས་མདུད་གྲོལ་ནསྈ གཏི་མུག་ཉེས་ལྟུང་དྲི་མ་སྦྱངསྈ གཟུགས་ཀྱི་ཕུང་པོ་དབྱིངས་སུ་དགྈ ལུས་ནང་འོད་ཟེར་མཐིང་གས་གངྈ རྣམ་སྣང་དབྱིངས་ཕྱུག་སྐུ་རུ་གྱུརྈ ཆོས་དབྱིངས་ཡེ་ཤེས་རང་རྩལ་རྒྱསྈ གོང་བཞིན་རླུང་རིག་བཟླས་པ་བྱྈ བདེ་ཆེན་དཀར་དམར་ལྟེ་བར་བབསྈ ལྟེ་བའི་ལྷ་ཚོགས་བདེ་བས་མཉེསྈ དྲུག་ཅུ་རྩ་བཞིའི་མདུད་གྲོལ་ནསྈ འདོད་ཆགས་ཉེས་ལྟུང་སྡིག་སྒྲིབ་སྦྱངསྈ འདུ་ཤེས་ཕུང་པོ་རང་སར་དགྈ ལུས་ནང་འོད་ཟེར་དམར་པོས་གངྈ སྣང་མཐའ་གོས་དཀར་སྐུ་རུ་གྱུརྈ སོར་རྟོག་ཡེ་ཤེས་རང་རྩལ་རྒྱསྈ རླུང་རིག་དབྱེར་མེད་བཟླས་པ་བྱྈ བདེ་ཆེན་དཀར་དམར་གསང་གནས་བབསྈ གསང་གནས་ལྷ་ཚོགས་བདེ་བས་མཉེསྈ ཉི་ཤུ་རྩ་བརྒྱད་མདུད་གྲོལ་ནསྈ ཕྲག་དོག་ཉེས་ལྟུང་སྡིག་སྒྲིབ་སྦྱངསྈ འདུ་བྱེད་ཕུང་པོ་དབྱིངས་སུ་དགྈ ལུས་ནང་འོད་ཟེར་ལྗང་གུས་གངྈ དོན་གྲུབ་སྒྲོལ་མའི་སྐུ་རུ་གྱུརྈ བྱ་གྲུབ་ཡེ་ཤེས་རང་རྩལ་རྒྱསྈ རླུང་རིག་དབྱེར་མེད་བཟླས་པ་བྱྈ རང་ལུས་བ་སྤུའི་བུ་ག་ནྈ བྱེ་བ་ས་ཡའི་ལྷ་ཚོགས་རྣམསྈ བདེ་བས་མཉེས་ནས་འོད་ཟེར་འབརྈ སྙོམས་འཇུག་བདེ་བའི་རང་སྒྲ་ཡིསྈ ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ནྈ བཞུགས་པའི་རྒྱལ་ཀུན་ཐུགས་དམ་བསྐུལྈ ཐུགས་རྗེའི་བྱིན་རླབས་སྤྱན་དྲངས་ནསྈ རང་སྣང་ལྷུན་གྲུབ་ལྷ་ལ་ཐིམྈ གདོས་བཅས་ཤ་ཁྲག་འོད་དུ་ཞུྈ མ་དག་ཤ་རུས་སྙིགས་མ་སྦྱངསྈ འཇའ་ལུས་རྡོ་རྗེའི་སྐུ་རུ་གྱུརྈ ལུགས་འབྱུང་བདེ་བ་ཡས་ནས་འབརྈ ལུགས་བཟློག་བདེ་དྲོད་མས་ནས་རྒྱསྈ བདེ་དྲོད་འོད་ཀྱི་གོང་བུར་གྱུརྈ འཁོར་ལོ་རེ་ལ་བུམ་ཅན་བརྒྱདྈ འཕྲུལ་འཁོར་རླུང་རིག་ངང་ནས་བཟླྈ ཧྲཱིཿགུ་རུ་པདྨ་ཨཱ་ཡུར་ཛྙཱ་ན་ཛཱ་ཧ་བཱིར་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ས་མ་ཡ་སརྦ་སིདྡྷི་སྡུས་སྡུསྈ ཐུན་མཚམས་བསྟོད་པ་འདི་ལྟར་བྱེདྈ ཧཱུྃ་ཧྲཱིྈ སྐུ་ལྔ་ཡོངས་རྫོགས་པདྨ་ཚེ་དཔག་མེདྈ སྐྱེ་འཆི་གཉིས་སྤངས་གྲུབ་ཆེན་ཛཱ་ཧ་བཱིརྈ སྣང་སྟོང་ཟུང་འཇུག་རྟ་ཕག་ཡབ་ཡུམ་དངྈ དཔའ་བོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོདྈ འཆི་མེད་འོད་ལུས་འགྲུབ་པའི་དངོས་གྲུབ་སྩོལྈ དེ་ནས་རིམ་བཞིན་བདེ་བའི་རྒྱུནྈ འདྲེན་དང་བསྟུན་ནས་སྤྱི་བོར་དྲངྈ བདེ་བའི་འོད་ཟེར་རབ་འཕྲོས་པསྈ བླ་མ་ཡབ་ཡུམ་ཐུགས་མཉེས་ནསྈ ཕྱི་ནང་སྣོད་བཅུད་འབྱུང་བ་ལྔའིྈ བཅུད་རྣམས་འོད་ཟེར་ཚུལ་དུ་བསྡུསྈ འདྲེན་འགྲེམས་དགྲམ་གསུམ་རབ་འབད་པསྈ ལྷ་ཚོགས་ཐམས་ཅད་འོད་དུ་ཞུྈ རང་ཡང་འོད་ཀྱི་ཕུང་པོར་གྱུརྈ སྣང་སྲིད་འཇའ་འོད་སྐུ་ཐིག་དངྈ ལྔ་ལྡན་འོད་ལྔའི་ཀློང་དུ་བསམྈ བདུན་གསུམ་ཉེར་གཅིག་བསྒྲུབས་པ་ཡིསྈ འགྲུབ་རྟགས་རང་ལུས་ཡངས་ཤིང་བདེྈ འོད་ལྔའི་སྣང་བ་རྒྱུན་མི་འཆདྈ འཇའ་འོད་སྐུ་ཐིག་ཚོམ་བུ་དངྈ ཐིག་ལེ་སྟོང་སྒྲོན་འོད་མདངས་འཚེརྈ ཉི་ཟླ་གཟའ་སྐར་འཆར་བ་དངྈ ཉིན་དང་མཚན་གྱི་སྣང་བ་མེདྈ སྣང་སྲིད་བླ་མའི་སྐུ་རུ་འཆརྈ ཟས་གོས་གཉིས་ཀྱི་འཛིན་པ་ཟདྈ བློ་འདས་ཆེན་པོའི་སྐུ་རུ་གྲོལྈ གཞན་ཡང་རྟགས་མཚན་ངོ་མཚར་ཅནྈ དཔག་མེད་བརྗོད་དུ་མེད་པ་ཡོངྈ ཨི་བདེན་ལྟོས་ཤིག་དད་ལྡན་ཀུནྈ ཉམས་སུ་ལོངས་ཤིག་སྐལ་ལྡན་ཀུནྈ ཨེ་མ་ངོ་མཚར་རྨད་ཀྱི་ཆོསྈ ཐེག་ཀུན་རྩེ་མོ་ཡང་རྩེ་མཆོགྈ དུས་གསུམ་རྒྱལ་བའི་དགོངས་པའི་བཅུདྈ མ་མོ་མཁའ་འགྲོའི་སྙིང་གི་ཁྲགྈ རྣལ་འབྱོར་ཙིཏྟའི་ཡང་ཞུན་སྐོརྈ ཟབ་ཆོས་འཇའ་ལུས་མཆོག་སྦྱིན་འདིྈ དཔེ་སྣ་གཅིག་ལས་མང་མི་བྱེདྈ བུདྡྷ་བཛྲ་དྷརྨ་དངྈ སངྒྷ་ཤྲཱི་གདོང་སྨེ་ཅནྈ དེ་ལྔ་ཟབ་ཆོས་འདི་ཡི་བདགྈ རེས་འགའ་སྦ་ཞིང་རེས་འགའ་སྤེལྈ མ་ནོར་བརྟག་པ་རིམ་གྱིས་གྱིསྈ གཅིག་བརྒྱུད་གཅིག་ལ་སྤྲོད་པ་ལསྈ མང་ན་རྩ་བའི་དམ་འགལ་ཞིངྈ དྲང་སྲོང་གཟའ་བདུད་ཆེན་པོ་ཡིསྈ བཀའ་ཆད་དྲག་པོས་བསྡིག་པར་འགྱུརྈ ཐམས་ཅད་འཇའ་ལུས་སྐུ་ཐོབ་ཤོགྈ སྙིགས་དུས་ཆོས་ལོག་དར་བའི་དུསྈ རྣལ་འབྱོར་སྙིང་གི་ཐིག་ལེ་འདིྈ ལས་ཅན་རྣམས་དང་འཕྲད་པར་ཤོགྈ ས་མ་ཡྈ ཙིཏྟརབརྡ་ཐིམྈ ྈྈྈྈྈྈྈྈྈྈྈྈྈྈྈ ྈྈ ཞལ་ཤེས་གནད་ཀྱི་མན་ངག་ནིྈ ཉམས་ལེན་ཟབ་མོའི་དུས་ཀྱི་ཚེྈ དང་པོར་ནམ་ལངས་ཉི་ཤར་བརྈ རྣལ་འབྱོར་དབང་ཕྱུག་ཛཱ་ཧ་བཱིརྈ གཞོན་ནུའི་ཚུལ་འཆང་དཀར་དམར་མདངསྈ ཕྱག་གཡས་ཤེལ་གྱི་ཕྲེང་བ་དངྈ གཡོན་པ་རྣམ་རྒྱལ་ཨ་རུ་རྈ དུག་ལྔ་འཇོམས་པའི་སྨན་མཆོག་འཛིནྈ འཇའ་འོད་ཀློང་ན་སྐྱིལ་ཀྲུང་བཞུགསྈ སྐུ་ལས་འོད་ཟེར་དཀར་པོ་འཕྲོསྈ ནད་གདོན་བར་ཆད་དགྲ་བགེགས་དངྈ རྐྱེན་ངན་མི་ཁ་བྱུར་གསུམ་ཞིྈ རླུང་ནི་ཞི་བའི་ཚུལ་གྱིས་ཟྈ དེ་ནས་ཉིན་གུང་ཚུན་ཆད་དུྈ རྣལ་འབྱོར་དབང་ཕྱུག་ཛཱ་ཧ་བཱིརྈ དར་བབས་ཚུལ་འཆང་སེར་གསལ་མདངསྈ ཕྱག་གཡས་རྡོ་རྗེ་གཡོན་པ་ཚེ་བུམ་འཛིནྈ འཇའ་ཟེར་ཀློང་ན་ཕྱེད་སྐྱིལ་བཞུགསྈ འོད་ཟེར་སེར་པོ་ཕྱོགས་བཅུར་འཕྲོསྈ ཚེ་དང་བསོད་ནམས་དཔལ་འབྱོར་དངྈ མི་ནོར་ཟས་གསུམ་སྙན་གྲགས་དངྈ མ་ལུས་ཐམས་ཅད་དབང་བསྡུས་ནསྈ རླུང་ནི་བཙན་ཐབས་དག་གིས་ཟྈ ཉི་མ་ཕྱེད་ནས་དགོང་མྱུར་ཚུནྈ རྣལ་འབྱོར་དབང་ཕྱུག་ཛཱ་ཧ་བཱིརྈ བསྒྲེས་པའི་ཚུལ་འཆང་དམར་སྨུག་མདངསྈ ཕྱག་གཡས་འགུགས་པའི་ལྕགས་ཀྱུ་དངྈ གཡོན་པས་པད་ཕྲེང་དམར་པོ་འཛིནྈ ཉི་དཀྱིལ་དབུས་སུ་རོལ་སྟབས་བཞུགསྈ སྐུ་ལས་འོད་དམར་ལྕགས་ཀྱུའི་ཚུལྈ སྟེང་འོག་ཕྱོགས་མཚམས་ཀུན་ཏུ་འཕྲོསྈ ཁམས་གསུམ་སྲིད་གསུམ་མ་ལུས་དངྈ སྐྱེ་འགྲོ་ཕོ་མོ་མ་ལུས་དངྈ ལྷ་སྲིན་སྡེ་བརྒྱད་མི་མ་ཡིནྈ མ་ལུས་དབང་བསྡུས་བྲན་དུ་ཁོལྈ རླུང་ནི་དྲག་པོའི་ཚུལ་དུ་རྔུབྈ དགོང་མྱུར་དག་ནས་སྲོད་ཆེན་བརྈ རྣལ་འབྱོར་དབང་ཕྱུག་ཛཱ་ཧ་བཱིརྈ ཁྲོ་ཚུལ་ལྗང་སྔོན་འོད་ཟེར་འཕྲོྈ ཕྱག་གཡས་སྒྲོལ་བའི་རྩེ་གསུམ་དངྈ གཡོན་པས་ཉི་ཟེར་ཞགས་པ་བསྣམསྈ ཆོས་འབྱུང་ཀློང་ན་རྔམས་ཚུལ་བཞུགསྈ སྐུ་ལས་འོད་ཟེར་མཚོན་ཆའི་ཚུལྈ དཔག་མེད་ཕྱོགས་བཅུར་འཕྲོས་པ་ཡིསྈ བསྟན་དགྲ་སྒོས་དགྲ་སྐུ་དགྲ་དངྈ ཞིང་བཅུའི་དགྲ་བགེགས་ཚར་བཅད་བསམྈ འོག་རླུང་རྔུབ་ཅིང་སྟེང་རླུང་དྲངྈ གནམ་ལྕགས་འཁོར་ལོས་དུམ་བུར་གཏུབསྈ རྡུལ་ཕྲན་བཞིན་དུ་བརླག་པར་བསམྈ སྙིགས་མ་ཕྱིར་འབུད་དྭངས་མ་རྔུབྈ དགྲ་བོའི་ཤ་ཁྲག་དྲོད་དབུགས་དངྈ ཕུང་ཁམས་སྐྱེ་མཆེད་མ་ལུས་པྈ དྲང་སྲོང་གཟའ་བརྒྱད་ཞལ་དུ་བསྟབྈ ལྷག་མ་རྗེས་ཤུལ་མེད་པར་བསམྈ ཞི་རྒྱས་དབང་དྲག་ལས་སྦྱོར་དངྈ ཆོས་སྐྱོང་ཆེན་པོའི་དྲག་བསྐུལ་རྣམསྈ མ་ཧཱ་ཡོ་གའི་ཞལ་ལས་ཤེསྈ འདི་ལྟར་ཟབ་པའི་མཐར་ཐུག་འདིྈ སྙིགས་དུས་དུག་ལྔ་རགས་པའི་དུསྈ གཞན་ལ་སྟོན་པའི་ཆོས་མིན་ཀྱངྈ ལས་འཕྲོ་སྐལ་བ་ཅན་རྣམས་ལྈ མ་བཟོད་བརྩེ་བས་སྙིང་ནས་བཏོནྈ སྙིང་གི་སྙིང་ཐིག་ཡང་གསང་འདིྈ དད་ལྡན་སྙིང་གི་དཀྱིལ་དུ་ཆོངསྈ མོས་ལྡན་རྣམས་ལ་གཏད་རྒྱ་གྱིསྈ སྙིང་རུས་ཅན་གྱིས་ཉམས་སུ་ལོངསྈ ཆོས་བཞིན་བྱེད་དང་འཕྲད་པར་ཤོགྈ འགྲོ་ཀུན་འཁོར་བ་དོང་སྤྲུགས་ནསྈ ཐམས་ཅད་གདོད་མའི་སར་གྲོལ་ཤོགྈ དྲང་སྲོང་ཆེན་པོས་བཀའ་འདི་སྲུངསྈ ྈྈྈྈྈྈྈྈྈྈྈྈྈྈྈ ྈྈ འཇའ་ལུས་འོད་ཕུང་རང་གྲོལ་ལསྈ བཀའ་སྲུང་གཟའ་བདུད་ཀྱི་གསོལ་ཀ་དགྲ་བགེགས་མྱུར་སྒྲོལ་བཞུགས་སོྈ བཛྲ་པཱ་ཎི་ཧཱུྃྈ དེ་ལྟ་བུའི་ཟབ་ལམ་མཁའ་སྤྱོད་མྱུར་བགྲོད་ཀྱི་ཉམས་ལེན་བྱེད་པའི་སྐལ་ལྡན་རྣམས་ཀྱི་ཕྱི་ནང་གསང་བའི་བར་ཆད་བསལ་བ་དངྈ བསྟན་དགྲ་ཐལ་བར་བརླག་པའི་མཚོན་ཆ་དྲང་སྲོང་གཟའ་བརྒྱད་ཀྱི་གསོལ་ཁ་ནིྈ ཐོག་མར་རྟེན་གཏོར་གྱི་བྱིན་རླབས་ནིྈ ཨོཾ་ཨོཾ་གྱིས་ཕྱི་ནང་སྟོང་ཉིད་ངངྈ ཨཱཿཨཱཿལས་བྷནྡྷའི་གཏོར་སྣོད་ཡངས་པའི་ནངྈ ཧཱུྃ་རྣྲི་ཏྲི་ཡོངས་གྱུར་དགྲ་བགེགས་གདུག་པ་ཅནྈ མ་ལུས་ཚར་བཅད་ཤ་ཁྲག་རུས་པ་རྣམསྈ དམར་ནག་ལྦུ་བ་འཁྲིགས་པའི་རྒྱ་མཚོར་གྱུརྈ ཨོཾ་ཨཱཿཧཱུྃྈ ལན་གསུམ་བརྗོདྈ མདུན་བསྐྱེད་ནིྈ མདུན་དུ་ཁྲག་མཚོ་དམར་ནག་འཁྱིལ་བའི་ཀློངྈ དམ་ཉམས་རུ་ཏྲའི་བཾ་གྱི་གདན་སྟེང་དུྈ ར་ཡིག་ནག་པོ་འོད་ཞུ་དོན་གཉིས་བྱསྈ འཇིགས་བྱེད་ཁྱབ་འཇུག་ཆེན་པོ་སྒྲ་གཅན་འཛིནྈ དུད་ཁ་མགོ་དགུ་སྐུ་ལུས་མིག་གིས་གངྈ ཕྱག་གཉིས་མདའ་གཞུ་ཞགས་པ་དགྲ་ལ་འདེབསྈ སྐུ་སྨད་སྦྲུལ་མཇུག་འཇིགས་པའི་གར་དགུར་ལྡནྈ ལྷ་སྲིན་སྡེ་བརྒྱད་དམག་དཔུང་འཁོར་གྱིས་བསྐོརྈ མེ་དུད་དམར་ནག་ཀློང་དུ་གསལ་བར་བསྐྱེདྈ ཧྲི་ཤག་རུ་རཾ་ནཱ་ག་ཙིཏྟ་ཏྲཾ་མ་མ་ཡོཾ་ཟ་འགྲམ་ཧ་ཧེ་ཡོ་ཀེ་ཤེ་ལ་ཀེ་ཏ་ཀེ་ཏ་ཛཿཛྈ བཟླས་པ་བྱྈ སྤྱན་འདྲེན་ནིྈ ཧཱུྃྈ སྐུ་གསུམ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནསྈ གསང་བདག་ཕྱག་ན་རྡོ་རྗེ་གཤེགས་སུ་གསོལྈ འདོད་ཆགས་ཞེ་སྡང་འཁྲུགས་པའི་དཀྱིལ་འཁོར་ནསྈ ལྷ་ཆེན་གཟའ་བདུད་ཆེན་པོ་གཤེགས་སུ་གསོལྈ འཇིག་རྟེན་སྲིད་པ་ཡངས་པའི་དཀྱིལ་འཁོར་ནསྈ དྲང་སྲོང་གཟའ་ཆེན་བརྒྱད་པོ་གཤེགས་སུ་གསོལྈ ཕྱོགས་བཞི་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནསྈ སྲིང་མོ་གདོང་མོ་མཆེད་བཞི་གཤེགས་སུ་གསོལྈ བཞུགས་སུ་གསོལ་བ་ནིྈ དམ་ཉམས་རུ་ཏྲ་བམ་རོའི་གདན་སྟེང་དུྈ དྲག་པོའི་ཕྲིན་ལས་བསྒྲུབ་ཕྱིར་བཞུགས་སུ་གསོལྈ པདྨ་རུ་ཏྲ་ཏིཥྛ་ལྷནྈ ཕྱག་འཚལ་བ་ནིྈ བདག་ཅག་ལུས་ངག་ཡིད་གསུམ་དད་པ་ཡིསྈ མཉམ་ཉིད་དག་པའི་ངང་དུ་ཕྱག་འཚལ་ལོྈ ཕྱི་མཆོད་འབུལ་བ་ནིྈ ཨརྒྷཾ་བདུག་སྤོས་མེ་ཏོག་མར་མེ་དྲིྈ ཞལ་ཟས་སིལ་སྙན་ཕྱི་མཆོད་སྣ་ཚོགས་འབུལྈ ནང་མཆོད་ནིྈ གཟུགས་སྒྲ་དྲི་རོ་རྩི་བཅུད་རྣམ་ལྔ་དངྈ རིན་ཆེན་སྣ་ལྔ་སྨན་རཀ་གཏོར་གསུམ་འབུལྈ གསང་མཆོད་འབུལ་བ་ནིྈ གསང་མཆོད་དམ་ཉམས་བསྒྲལ་པའི་ཤ་ཁྲག་རུསྈ ཕུང་ཁམས་བླ་ཚེ་སྲོག་དབུགས་བཞེས་སུ་གསོལྈ རཱ་ཧུ་ལ་པཀྵི་མི་ཀེ་ཨརྒྷཾ་ནས་ཤབྡའི་བར་དང་བ་ལིནྟ་པཉྩ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧིྈ བསྟོད་པ་ནིྈ ཧཱུྃ་བྷྱོྈ མཐུ་སྟོབས་དྲེགས་པའི་གཙོ་བོ་རཱ་ཧུ་ལྈ དབུ་དགུ་སྤྱན་སྟོང་སྦྲུལ་རིགས་ལྔ་ཡིས་བརྒྱནྈ མདའ་གཞུ་ཞགས་པས་བསྟན་པའི་དགྲ་བོ་སྒྲོལྈ གཟའ་བདུད་འཁོར་དང་བཅས་ལ་ཕྱག་འཚལ་བསྟོདྈ ཕྲིན་ལས་བཅོལ་བ་ནིྈ ཧཱུྃྈ བསྟན་བཤིག་དམ་ཉམས་རུ་ཏྲ་མ་ལུས་པའིྈ ཚེ་སྲོག་དྭངས་མ་མ་ལུས་བསྡུས་ནས་ཀྱངྈ ལུས་སེམས་ཕྲོལ་ལ་སེམས་ཀྱི་མར་མེ་སོདྈ མིང་ཙམ་མེད་པར་ཐལ་བའི་རྡུལ་དུ་རློགསྈ རྐྱེན་ངན་བར་ཆད་བཟློག་པའི་ཕྲིན་ལས་མཛོདྈ དེ་ནས་གཏོར་མ་འབུལ་ཞིང་ཐལ་མོ་བརྡབ་བོྈ ཛཱ་བཱིར་གཏོང་སྐབས་རྣམས་སུ་འདི་ཉིད་གཏོར་བསྔོས་མ་ཆག་པར་བྱ་བ་ནི་གལ་ཆེའོྈ ཞེས་པ་ནི་སྙིགས་དུས་ཀྱི་སྤྲང་པོ་ཉི་ཟླ་ཀློང་གསལ་འཇའ་ལུས་སྣང་སྟོང་རང་གྲོལ་ཁོ་བོ་བས་མཐའ་རི་ཁྲོད་གཉན་ཁྲོད་དུར་ཁྲོད་ལུང་སྟོང་རྣམས་སུ་ ཚེ་འདིའི་ལྟོ་གོས་ལོངས་སྤྱོད་སྙན་གྲགས་ཐམས་ཅད་བློས་བཏང་ནས་སྒོམ་པའི་ཚེ་དག་སྣང་ཕྲན་བུ་བྱུང་བ་རྣམས་ཙིཏྟའི་དཀྱིལ་དུ་སྦས་ནས་སུ་ལའང་མ་བསྟན་ཀྱངྈ དད་ལྡན་མང་པོས་ཡང་ཡང་བསྐུལ་བའི་ངོར་ཡི་གེར་བྲིས་པའོྈ ཆོས་བདག་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལྈ རཱ་ཧུ་ལ་རཀྵ་སི་ཧཱུྃྈ ྈྈ འཇའ་ལུས་སྣང་སྟོང་རང་གྲོལ་ལསྈ རྒྱབ་མདུན་གཉིས་ཀྱི་ཡིག་ཆུང་ལྡེ་མིག་རང་གྲོལ་བཞུགས་སོྈ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱིྈ འདིར་རྒྱབ་ཐུར་དང་མདུན་ཐུར་སྐབས་ཀྱི་ཡིག་ཆུང་བཀའ་རྒྱ་མ་ལས་ལྡན་ཚེ་འདི་བློས་བཏངྈ ཕུང་པོ་འཇའ་ལུས་ཟག་མེད་དུ་འགྲུབ་པར་འདོད་པ་རྣམསྈ སྐྱབས་སེམས་སྔོན་འགྲོ་རྣམས་གོང་ལྟར་དངྈ བླ་མའི་རྣལ་འབྱོར་སྐབས་རང་གི་སྤྱི་བོར་པདྨ་ཉི་ཟླ་བརྩེགས་པ་འོད་ལྔ་འབར་བའི་སྟེང་དུ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་གྲུབ་པའི་དབང་ཕྱུག་ཛཱ་ཧ་བཱིར་ཞལ་གཅིག་ཕྱག་གཉིས་པྈ ཕྱག་གཡས་སེང་ལྡེང་གི་ཌཱ་རུ་འཁྲོལ་ཞིངྈ གཡོན་འཆི་མེད་ཚེའི་བུམ་པ་བསྣམས་པྈ དབུ་སྐྲ་རལ་པའི་ཐོར་ཚུགས་ལ་རལ་ཆིངས་མེ་ཏོག་སྣ་ཚོགས་ཀྱི་ཚོམ་བུས་བརྒྱན་པྈ སྐུ་མདོག་སྨུག་ནག་འོད་དང་འོད་ཟེར་དུ་འཕྲོ་བྈ ཞབས་གཉིས་རྒྱལ་པོ་རོལ་པའི་འདུག་སྟངས་ཀྱིས་གཡུ་འབྲུག་སྔོན་མོའི་སྟེང་དུ་བཞུགས་པྈ འཁོར་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་བདག་གི་ཚོགས་དང་བཅས་པ་འོད་ཕུང་འཇའ་ཟེར་གྱི་ཀློང་ན་བཞུགས་པར་གསལ་བཏབྈ གསོལ་འདེབས་རྒྱས་བསྡུས་གོང་དང་མཐུནྈ བསྡུ་ནྈ མ་ཧཱ་སུ་ཁ་ཛྙཱ་ན་སིདྡྷི་ཧོྈ པདྨཱཀ་ར་ཛཱ་ཧ་བཱིརྈ མི་ཏྲ་ཛོ་ཀི་ཀང་ཀ་ནིྈ འོད་གསལ་མཆོག་དང་དྷརྨའི་མཚནྈ རྩ་བརྒྱུད་བླ་མ་ཁྱེད་རྣམས་ལྈ ལུས་ངག་ཡིད་གསུམ་གསོལ་འདེབས་ཀྱིསྈ བདག་གི་སྒོ་གསུམ་བྱིན་བརླབས་ནསྈ མཆོག་ཐུན་དངོས་གྲུབ་སྩོལ་བ་དངྈ མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབསྈ སྲོག་ཐུར་མ་བུ་ཡོངས་འདྲེས་ནསྈ རྟགས་བཅུ་ངོ་མཚར་བརྒྱད་ལ་སོགསྈ བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་ནསྈ དག་པའི་ཞིང་ཁམས་བགྲོད་པར་ཤོགྈ ཅེས་གསོལ་བ་སྙིང་ཁོང་རུས་པའི་གཏིང་ནས་བཏབྈ བླ་མ་འོད་ཞུ་རང་གི་དབུ་མའི་ནང་དུ་ཐིམྈ སྣང་བ་ཐམས་ཅད་འཇའ་འོད་བུན་ནེ་བའི་ངང་ལ་མཉམ་པར་བཞགྈ དངོས་གཞི་དབུ་མ་འཛུག་སྐབས་རང་ལུས་རྡོ་རྗེ་ཕག་མོ་སྐུ་མདོག་པདྨ་རཱ་གའི་མདངས་ལྡན་དམར་འོད་འཚེར་བྈ ཕྱི་ནང་ཐམས་ཅད་འོད་ཟེར་གྱི་རང་བཞིན་ཅན་སྟོང་སང་སང་བྈ ཡང་ཕྱོད་ཕྱོད་པ་བར་སྣང་ཁམས་ན་ཡེ་རེ་ཡོད་པྈ ཕྲུ་མ་ཕུས་བཏབ་པ་ལྟ་བུའི་སྤྱི་བོར་ཕག་ཞལ་མཐིང་ནག་ངུར་བྈ ལུས་ནང་དུ་རྩ་དབུ་མ་རང་གི་ལག་ངར་ཙམྈ ཕྱི་སྔོ་ནང་དམར་སྐྱྈ ཡར་རྩེ་སྤྱི་བོ་ཕག་ཞལ་གྱི་མགྲིན་པ་དངྈ མར་སྣ་སྲིན་པོའི་སྒོར་སླེབས་པྈ མཚན་ཉིད་བཞི་དང་ལྡན་པ་གསལ་བཏབ་ནསྈ དབུ་མ་འཛུག་བསྐོར་འཐེན་གསུམ་ཕྲ་ལ་མཉེན་པ་མ་བྱུང་གི་བར་ཐུན་དྲུག་ཏུ་སྦྱངྈ དམིགས་སྐོར་དང་པོའོྈ དམིགས་སྐོར་གཉིས་པ་ནིྈ ཁུ་ཚུར་པུས་སྟེང་བཞག་ནས་ཀ་བ་འཛུགསྈ དམིགས་པ་སྲིན་པོའི་སྒོར་ཟླ་བའི་དཀྱིལ་འཁོར་སེན་གང་བ་གཅིག་གསལ་བཏབྈ ཡར་འཐེན་དུས་རྩ་མདུད་ཐམས་ཅད་བཀྲོལ་ནསྈ ཕག་ཞལ་གྱི་སྤྱི་བོར་སྐྱ་ཐལ་གྱིས་སླེབསྈ འཇོག་དུས་རྩ་མདུད་ཐམས་ཅད་མར་བཀྲོལ་ནས་སྲིན་པོའི་སྒོར་སྐྱ་གསལ་གྱིས་སླེབསྈ དེ་མ་འབྱོངས་བར་དུ་སྦྱང་བར་བྱའོྈ དམིགས་སྐོར་གསུམ་པ་ནིྈ དབུ་མའི་མར་སྣ་འོག་སྒོར་ཕག་ཞལ་དམར་མོ་ངུར་སྒྲ་སྒྲོག་པྈ དེའི་ནུས་པས་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའྈ ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་བརྟན་གཡོ་སྣོད་བཅུད་མ་ལུས་པ་འུབ་བསྡུསྈ སྤྱི་བོའི་ལྷ་ཚོགས་རྣམས་ལ་མཆོད་པ་འབུལྈ དབུ་མའི་ནང་ཐམས་ཅད་འོད་ཟེར་གྱིས་གང་བར་བསམྈ དམིགས་སྐོར་བཞི་པ་ནིྈ འོག་སྒོའི་ཕག་ཞལ་དམར་མོའི་ཡར་སྙན་གྱི་ནང་དུྈ ཡི་གེ་ཧེ་སེར་པོ་གསེར་གྱི་མདོག་ཅན་གཅིག་བསམྈ ཀ་བ་འཛུགས་པའི་ཚེ་ཧེ་སེར་པོའི་སྣ་ལ་འབྱུང་བ་ས་བཅུད་དང་ཐིག་ལེ་གསེར་བཙོ་མ་ལྟར་སྤྱི་བོའི་ཕག་ཞལ་གྱི་མགྲིན་པར་སླེབ་ལྷ་ཚོགས་མཆོདྈ རྩ་མདུད་ཐམས་ཅད་གྲོལྈ ཨ་ཝ་དྷཱུ་ཏིའི་རང་བཞིན་དུ་བསམ་མོྈ དམིགས་སྐོར་ལྔ་པ་ནིྈ འོག་སྒོའི་ཕག་ཞལ་ནསྈ རྡོ་རྗེ་ཕག་མོ་སོར་གང་བ་གཅིག་ཡར་དབུ་མའི་ནང་ལ་ཞུགསྈ གྲི་གུག་གིས་རྩ་མདུད་ཐམས་ཅད་བཀྲོལྈ སྤྱི་བོར་རྒྱང་འཐོནྈ རྩ་བའི་བླ་མ་དང་གཉིས་སུ་མེད་པར་གྱུརྈ དམིགས་སྐོར་དྲུག་པ་ནིྈ སྡོང་པོ་གསུམ་བལྟབ་ལ་མང་དུ་སྦྱངྈ དམིགས་སྐོར་བདུན་པ་ནིྈ སྲིན་པོ་ཁ་འགྱེད་ལ་རྟགས་མ་ཐོན་བར་དུ་སྦྱངྈ དམིགས་སྐོར་བརྒྱད་པ་རླུང་འཚོ་བཅུད་འཚོ་ལ་སྦྱངྈ དེ་རྣམས་ལ་བརྟན་པ་ཐོབ་པ་དངྈ ཐུར་མ་འཛུགས་པ་གོང་དུ་གསལྈ རླུང་བཤལ་རྫས་བཤལ་གང་བྱེད་ཀྱི་དམིགས་པ་ཕྱག་ལེན་ཚུལ་མ་འཆུག་པའི་ཞལ་ལས་དྲིསྈ བཅུད་འཚོ་བའི་འཕྲུལ་འཁོར་སེ་ཀེ་རེའི་ལུས་གནད་ཤིན་ཏུ་ཟབྈ ལུས་གནད་བླ་མའི་ཞལ་ལས་ཤེསྈ རཱ་ཧུ་ལ་རཀྵ་སིྈ ྈྈ འཇའ་ལུས་འོད་ཕུང་རང་གྲོལ་ལསྈ གསོལ་འདེབས་དངོས་གྲུབ་ཆར་འབེབ་བཞུགས་སོྈ ན་མོ་གུ་རུ་ཛཱ་ཧ་བཱིརྈ ཀ་དག་བློ་འདས་ཆོས་དབྱིངས་ཕོ་བྲང་དུྈ སྐུ་གསུམ་བླ་མ་མཆོག་ལ་གསོལ་བ་འདེབསྈ ཕུང་པོ་ལྷག་མེད་འཇའ་ལུས་འགྲུབ་པ་དངྈ ཚེ་འདིར་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབསྈ འཕོ་མེད་འཇིགས་བྲལ་བདེ་ཆེན་ཕོ་བྲང་དུྈ རྣལ་འབྱོར་དབང་ཕྱུག་ཞབས་ལ་གསོལ་བ་འདེབསྈ ཕུང་པོ་ལྷག་མེད་འཇའ་ལུས་འགྲུབ་པ་དངྈ ཚེ་འདིར་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབསྈ སྣང་སྲིད་འོད་ལྔ་ཚོམ་བུའི་ཕོ་བྲང་དུྈ རྩ་བརྒྱུད་བླ་མའི་ཚོགས་ལ་གསོལ་བ་འདེབསྈ ཕུང་པོ་ལྷག་མེད་འཇའ་ལུས་འགྲུབ་པ་དངྈ ཚེ་འདིར་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབསྈ མི་ཤིགས་རྡོ་རྗེ་གསུམ་ལྡན་ཕོ་བྲང་དུྈ དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབསྈ ཕུང་པོ་ལྷག་མེད་འཇའ་ལུས་འགྲུབ་པ་དངྈ ཚེ་འདིར་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབསྈ གནས་ལུགས་འདུ་འབྲལ་མེད་པའི་ཕོ་བྲང་དུྈ མཆེད་དང་ལྕམ་དྲལ་ཚོགས་ལ་གསོལ་བ་འདེབསྈ ཕུང་པོ་ལྷག་མེད་འཇའ་ལུས་འགྲུབ་པ་དངྈ ཚེ་འདིར་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབསྈ རིམ་དགུ་སྡེ་བཞི་མན་ངག་ཀུན་གྱི་བཅུདྈ ཟབ་ཆོས་འོད་ཕུང་རང་གྲོལ་ལ་གསོལ་བ་འདེབསྈ ཕུང་པོ་ལྷག་མེད་འཇའ་ལུས་འགྲུབ་པ་དངྈ ཚེ་འདིར་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབསྈ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་དུྈ གཟའ་བརྒྱད་གདོང་མོ་བཞི་ལ་གསོལ་བ་འདེབསྈ ཕུང་པོ་ལྷག་མེད་འཇའ་ལུས་འགྲུབ་པ་དངྈ ཚེ་འདིར་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབསྈ རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བཏབ་མཐུསྈ འཁྲུལ་སྣང་ཚེ་འདིའི་ཞེན་པ་ཆོད་པ་དངྈ ཟག་བཅས་འཁོར་བའི་རྐྱེན་ལ་མ་ལྟོས་པརྈ ཟག་མེད་རླུང་གི་བཟའ་བཏུང་གོས་ཀྱིས་འཚོྈ ཚེ་གཅིག་སངས་རྒྱས་འཁོར་བ་དོང་སྤྲུགས་ཤོགྈ ཅེས་པའི་གསོལ་འདེབས་འདི་ཉིད་ས་དྲུག་པ་མངོན་དུ་གྱུར་པའིྈ བྱང་ཆུབ་སེམས་དཔའི་གནས་ཆེན་བདེ་ཆེན་པདྨ་གླིང་ཕུག་གི་ངོ་མཚར་ཀུན་གཟིགས་སུ་ཆོས་རྗེ་གྲགས་པས་བསྐུལ་ངོར་གང་ཐོན་དུ་བྲིས་པའོྈ མ་དག་འཁྲུལ་པ་ཐམས་ཅད་རང་སར་ཞིགྈ བདེ་ཆེན་ཡེ་ཤེས་མཆོག་ལ་མངའ་དབང་སྒྱུརྈ ཧེ་རུ་ཀ་དཔལ་རིགས་བརྒྱའི་ཁྱབ་བདག་ཆེྈ རིག་འཛིན་ཉི་ཟླ་ཀློང་གསལ་རྒྱལ་གྱུར་ཅིགྈ ྈྈ འཇའ་ལུས་འོད་ཕུང་རང་གྲོལ་ལསྈ ཕྲིན་ལས་དག་པ་རབ་འབྱམས་བཞུགས་སོྈ ན་མོ་གུ་རུ་ཛཱ་ཧ་བཱིརྈ མ་རིག་གཉིས་འཛིན་འགྲོ་བ་ལྈ གཉིས་མེད་རང་གྲོལ་སྟོན་མཛད་པའིྈ རྣལ་འབྱོར་དབང་ཕྱུག་ཛཱ་ཧ་བཱིརྈ མི་འབྲལ་སྙིང་གི་ཐིག་ལེར་བཞུགསྈ དེ་མཉེས་མཆོད་པའི་རིམ་པ་ལྈ སྔོན་འགྲོ་དངོས་གཞི་རྗེས་དང་གསུམྈ སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད་དངྈ བགེགས་གཏོར་བསྔོ་བ་སྤྱི་དང་མཚུངསྈ བཀའ་བསྒོ་བ་ནིྈ ཧཱུྃ་ཧྲཱིྈ སྲིད་གསུམ་ཞིང་དུ་འཁོད་པའི་སྡེ་བརྒྱད་དངྈ མ་རིག་འཁྲུལ་སྣང་ལོག་འདྲེན་བགེགས་ཀྱི་ཚོགསྈ ལན་ཆགས་གཏོར་མ་འདི་ཡིས་ཚིམས་གྱིས་ལྈ རང་རང་སོ་སོའི་གནས་སུ་ཕྱིར་དེངས་ཤིགྈ ཧྲཱིཿབཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་བཛྲ་བྷ་རཱ་ཧི་འབྱུང་པོ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊྈ དང་ཧཱུྃ་བཞི་མ་བརྗོདྈ མཚམས་གཅོད་ཅིང་སྲུང་འཁོར་བསྒོམ་པ་ནིྈ ཧཱུྃ་ཧྲཱིྈ ཡེ་ནས་ཐམས་ཅད་ཆོས་དབྱིངས་རང་བཞིན་ལྈ སྣང་སྲིད་སྣོད་བཅུད་མ་བཅོས་གཞི་ཡི་ལྷྈ རང་བབས་ལྷུན་གྲུབ་གཉུག་མའི་ངང་དུ་གྲོལྈ རང་རིག་རང་ཤར་ངང་དུ་མཚམས་བཅད་དོྈ ཙིཏྟ་དྷརྨ་བཛྲ་ཨ་ཨ་ཨ་ཨ་ཨྈ སྐྱབས་སེམས་ནིྈ ཧཱུྃ་ཧྲཱིྈ སྡུག་བསྔལ་ལས་ཀྱིས་མནར་བའི་སྐྱེ་འགྲོ་རྣམསྈ ཟུང་འཇུག་འཇའ་ལུས་འོད་སྐུ་མ་ཐོབ་བརྈ བདེ་གཤེགས་རིགས་འདུས་ལྷ་ལ་སྐྱབས་སུ་མཆིྈ གཉིས་འཛིན་འཁྲུལ་པའི་འཕྲང་ལས་བསྒྲལ་བའི་ཕྱིརྈ འཁྲུལ་པ་རང་དག་ངང་དུ་སེམས་བསྐྱེད་དོྈ ཞེས་དངྈ ཚོགས་གསག་སྒྲིབ་སྦྱོང་གི་སྐོར་ནིྈ ཐོག་མར་ཡན་ལག་བདུན་པ་ནིྈ ཧཱུྃ་ཧྲཱིྈ ཀ་དག་ངང་ལས་ལྷུན་གྲུབ་སྐུར་བཞེངས་པའིྈ རང་རྩལ་རིག་པ་རང་ཤར་ལྷ་ཚོགས་རྣམསྈ འཇའ་འོད་འོད་ཕུང་ཐིག་ལེའི་ཀློང་ནས་གཤེགསྈ སྣང་སྲིད་དག་པ་རབ་འབྱམས་མཆོད་པར་འབུལྈ སྒོ་གསུམ་སྡིག་སྒྲིབ་ཉམས་ཆག་དག་གྱུར་ཅིགྈ ཟག་མེད་དགེ་ལ་ཡི་རང་ཆོས་འཁོར་བསྐུལྈ འཆི་མེད་རྟག་པར་བཞུགས་གསོལ་དགེ་བའི་མཐུསྈ འགྲོ་ཀུན་འཇའ་ལུས་རྡོ་རྗེའི་སྐུ་ཐོབ་ཤོགྈ སྡོམ་བཟུང་ནིྈ རྩ་གསུམ་དམ་ཚིག་ས་ཡ་འབུམ་སྡེ་རྣམསྈ སྲོག་ཕྱིར་མི་སྤང་བསྒྲུབ་བོ་ས་མ་ཡྈ རྡོར་སེམས་བསྒོམ་བཟླས་ནིྈ རྒྱལ་བ་ཀུན་འདུས་རིགས་བདག་རྡོ་རྗེ་སེམསྈ ཐུགས་སྲོག་སྐྱེ་མེད་ཨ་ཡིག་རང་སྒྲ་སྒྲོགྈ སྔར་བསགས་སྒོ་གསུམ་ལས་རྣམས་མཐོལ་ལོ་བཤགསྈ བླ་མའི་རྣལ་འབྱོར་ནིྈ ཨོཾ་ཨཱཿཧཱུྃ་ཧྲཱིྈ དག་པ་རབ་འབྱམས་འོད་གསལ་ཚོམ་བུའི་ཀློངྈ རྩ་བའི་བླ་མ་གྲུབ་ཆེན་ཛཱ་ཧ་བཱིརྈ རྒྱལ་པོའི་རོལ་སྟབས་ཌཱ་རུ་ཚེ་བུམ་འཛིནྈ རྩ་བརྒྱུད་བླ་མ་རྒྱ་མཚོའི་དབུས་ན་བཞུགསྈ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགསྈ འཕོ་མེད་འོད་ལུས་འགྲུབ་པར་བྱིན་གྱིས་རློབསྈ མཎྜལ་ནིྈ ཕྱི་ནང་སྣོད་བཅུད་བཀྲག་མདངས་གཟི་བརྗིད་དངྈ ཀུན་བཟང་མཆོད་སྤྲིན་ནམ་མཁའ་ཁྱབ་པར་འབུལྈ དབང་བཞི་ཞུ་བ་ནིྈ ལུས་ངག་ཡིད་ལ་སྐུ་གསུང་ཐུགས་མཆོག་གིྈ ཡེ་ཤེས་རྣམ་ལྔའི་གཟི་བྱིན་བསྐྱེད་དུ་གསོལྈ ཀཱ་ཡ་ཝཱ་ཀ་ཙིཏྟ་མ་ཧཱ་གུ་རུ་སརྦ་སིདྡྷི་ཕ་ལ་ཧཱུྃྈ དེ་ནས་དངོས་གཞིའི་རིམ་པ་ནིྈ མཆོད་རྫས་བྱིན་རླབས་དང་བྱིན་འབེབ་ནིྈ ཧཱུྃ་ཧྲཱིྈ སྐྱེ་མེད་བྷནྡྷ་ཐོད་དཀར་ཡངས་པའི་ནངྈ ཕྱི་ནང་གསང་གསུམ་རྫས་མཆོག་ཨ་མྲྀཏྈ གཟུགས་སྒྲ་དྲི་རོ་རེག་བྱ་རོ་ནུས་ལྡནྈ རིགས་ལྔ་ཡབ་ཡུམ་ཟུང་འཇུག་རབ་སྦྱར་བའིྈ མཉམ་ཉིད་དགའ་བཞིའི་བདེ་སྟོང་ལྷན་ཅིག་སྐྱེསྈ འཁོར་འདས་རང་གྲོལ་མཆོད་པའི་སྤྲིན་ཕུང་འཁྲིགསྈ གདོད་མ་རང་ཤར་ལྷ་ལ་མཆོད་པ་འབུལྈ འཁོར་བ་དོང་ནས་སྤྲུགས་པའི་བྱིན་ཆེན་ཕོབྈ མ་ཧཱ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ་ཨརྒྷཾ་ནས་ཤབྡའི་བར་དངྈ སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱྈ ཞེས་དངྈ དངོས་གཞི་ནིྈ ཧཱུྃ་ཧྲཱིྈ སྣང་སྲིད་ཡེ་ནས་དག་པའི་རང་མདངས་ལསྈ མ་བཅོས་ལྷུན་གྲུབ་ཆོས་འབྱུང་མེ་དཔུང་ཀློངྈ རང་རིག་ཧྲཱིཿལས་རྟ་ཕག་ཞལ་ཕྱག་རྫོགསྈ དེ་ཉིད་དབུ་གཙུག་ཆོས་འབྱུང་འོད་ལྔའི་ཀློངྈ རྣལ་འབྱོར་དབང་ཕྱུག་གྲུབ་ཆེན་ཛཱ་ཧ་བཱིརྈ སྐུ་མདོག་དཀར་དམར་འཇའ་ཟེར་འོད་ཕུང་འཁྲུགསྈ ཕྱག་གཡས་རྡོ་རྗེ་གཡོན་པས་ཚེ་བུམ་འཛིནྈ རིན་ཆེན་མེ་ཏོག་སྣ་ཚོགས་རྒྱན་གྱིས་སྤྲསྈ གསང་བའི་ཡུམ་མཆོག་བདེ་ཆེན་ཛྙཱ་ན་འཁྲིལྈ གཡས་གཡོན་ཉི་མ་ཟླ་བ་འོད་ཕུང་འབརྈ རྩ་བརྒྱུད་བླ་མ་རྒྱ་མཚོའི་དབུས་ན་བཞུགསྈ དེ་ཉིད་དབུ་གཙུག་པད་སྡོང་འོད་ལྔའི་ཀློངྈ རྩ་བའི་བླ་མ་རྗེ་བཙུན་ཐོད་ཕྲེང་རྩལྈ སྐུ་མདོག་སྔོན་པོ་རྡོར་དྲིལ་བསྣོལ་ཐབས་འཛིནྈ པང་དུ་གསང་བའི་ཡུམ་མཆོག་མནྡྷཱ་རྈ གྲི་ཐོད་རྒྱན་ཅན་པད་སྐྱིལ་ཡབ་ལ་འཁྲིལྈ འཇའ་ཟེར་འོད་ཕུང་ཐིག་ལེའི་ཀློང་ན་བཞུགསྈ བདག་ཉིད་རྟ་ཕག་ཡབ་ཡུམ་གནས་ལྔ་རུྈ དཔའ་བོ་མཁའ་འགྲོའི་དཀྱིལ་འཁོར་འོད་ཕུང་འཐིབསྈ ཕྱོགས་བཞིར་འཇའ་འོད་འོད་ཕུང་ཐིག་ལེའི་ཀློངྈ མཁའ་འགྲོ་སྡེ་བཞི་འཛུམ་མདངས་གར་ཉམས་འཁྱུགྈ སྟོང་གསལ་མ་འགགས་ལྷུན་གྲུབ་ངང་དུ་བསྒོམྈ སྤྱན་འདྲེན་པ་ནིྈ ཧཱུྃ་ཧྲཱིྈ ཆོས་དབྱིངས་བདེ་ཆེན་དཔལ་རི་འོད་གསལ་ཀློངྈ དག་པ་རབ་འབྱམས་མཁའ་འགྲོ་འཇའ་སྤྲིན་འཁྲིགསྈ རང་བྱུང་ལྷུན་གྲུབ་པད་འབྱུང་ཡབ་ཡུམ་དངྈ ཞི་ཁྲོ་རབ་འབྱམས་རྩ་གསུམ་དྭངས་མའི་ལྷྈ གནས་འདིར་འགྲོ་ལ་དགོངས་ཏེ་གཤེགས་སུ་གསོལྈ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གནས་བཅུ་དངྈ ནུབ་ཕྱོགས་ཨོ་རྒྱན་དག་པ་མཁའ་སྤྱོད་ཞིངྈ འཇའ་འོད་ལྔ་ལྡན་སྐུ་ཐིག་ཚོམ་བུའི་ཀློངྈ འཇའ་ལུས་འཕོ་མེད་འཇིགས་བྲལ་རྡོ་རྗེའི་སྐུྈ རྩ་བརྒྱུད་བླ་མ་གྲུབ་ཆེན་ཛཱ་ཧ་བཱིརྈ གནས་འདིར་འགྲོ་ལ་དགོངས་ཏེ་གཤེགས་སུ་གསོལྈ རང་ལུས་འབྱུང་བ་བཞི་དག་འོད་གསལ་ཀློངྈ དྭངས་མ་ཡེ་ཤེས་ལྔ་ལྡན་ཕོ་བྲང་ནསྈ རང་སྣང་ཌཱ་ཀི་དཔའ་བོ་མཁའ་འགྲོ་དངྈ གྲངས་མེད་འབུམ་ཕྲག་ཡངས་པའི་ལྷ་ཚོགས་རྣམསྈ གནས་འདིར་འགྲོ་ལ་དགོངས་ཏེ་གཤེགས་སུ་གསོལྈ ཚོམ་བུ་འོད་ལྔའི་ཀློང་དུ་བཞུགས་སུ་གསོལྈ ཟུང་འཇུག་འོད་ཕུང་ངང་ལ་ཕྱག་འཚལ་ལོྈ བླང་དོར་འཛིན་པ་རང་དག་མཆོད་པ་འབུལྈ འཁོར་གསུམ་དམིགས་མེད་ངང་ནས་བཞེས་སུ་གསོལྈ མ་ཧཱ་སརྦ་པཱུ་ཛ་ས་མ་ཡ་ཧཱུྃྈ མཉམ་ཡངས་བློ་འདས་ངང་ནས་ཕྱག་འཚལ་ལོྈ ཕྱི་ནང་གསང་གསུམ་དམ་རྫས་སྨན་རག་དངྈ སྦྱོར་སྒྲོལ་གྷ་ཎ་ཙཀྲའི་མཆོད་པ་འབུལྈ འཇའ་འོད་འོད་ཕུང་ཐིག་ལེའི་ཀློང་དུ་བཞེསྈ སྲིད་མཚོ་མི་ཟད་འཁོར་བ་དོང་སྤྲུགས་ཤོགྈ འདས་དང་མ་འདས་ད་ལྟའི་སོ་མཚམས་ནསྈ འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་ལུགས་འཛིནྈ དམ་ལྡན་སྐྱོང་ཞིང་དམ་ཉམས་སྲོག་རྩ་གཅོདྈ སྣང་བ་རང་ཤར་རྒྱན་གྱི་གཏོར་མ་ལོངསྈ འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་མཛོདྈ རང་གཞན་དགེ་ཚོགས་རྣམ་མཁྱེན་སར་བསྔོ་ཞིངྈ ཕྱམ་གྲོལ་ཀློང་ཡངས་ཆེན་པོའི་བཀྲ་ཤིས་ཤོགྈ དྲང་སྲོང་ཆེན་པོས་བཀའ་ཡི་བྱ་ར་མཛོདྈ ྈྈ འཇའ་ལུས་འོད་ཕུང་རང་གྲོལ་ལསྈ འཕྲུལ་འཁོར་བཀའ་རྒྱ་མ་བདེ་སྟོང་འོད་ལུས་བཞུགས་སོྈ ན་མོ་གུ་རུ་ཛཱ་ཧ་བཱིར་སིདྡྷི་ཕ་ལ་ཧཱུྃྈ ན་མོྈ ཐབས་ཤེས་ཟུང་གཉིས་བརྩེགས་པའི་གདན་སྟེང་དུྈ རི་རྒྱལ་ལྷུན་པོ་འགྱིང་ཞིང་རབ་ཏུ་བརྟནྈ དཔག་བསམ་ལྗོན་པའི་གཟུང་ཆེན་མཁྲང་ཞིང་ལྡེམྈ རྣམ་རྒྱལ་ཁང་བཟང་དཀར་གསལ་སྟེང་དུ་ཕྱེྈ རླུང་ལྷ་ཕོ་མོ་ཟོམ་ཆེན་ནང་དུ་བསྙལྈ རི་རབ་ཐེམ་སྐས་ནང་ནས་སྤུར་ཞིང་སྦུདྈ དེ་ཚེ་རང་རིག་ཉི་ཟླའི་ལྷ་ཞལ་མཐོངྈ ཞེས་པའི་ལུས་གནད་དང་ལྡན་པའོྈ སྟེང་འོག་རླུང་ནི་དབུ་མའི་ཁྱིམ་དུ་ཞུགསྈ གླིང་བཞི་རི་རབ་ལྟེ་བར་བསྒྱིངྈ དེས་ནི་དབུ་མའི་རླུང་གི་ལམ་སྦྱང་སྟེྈ རྩ་གནས་མ་ཁྲེམས་བར་དུ་འདི་ལ་འབདྈ གླིང་བཞི་རབ་བསྒྲད་འབར་ཞིང་རྡེབ་པ་ནིྈ འཆུན་ལྡན་རབ་ཏུ་སྒྲིམ་པའི་ངང་ཉིད་ལསྈ གྲངས་མེད་ཅི་ནུས་བར་དུ་འདིར་འབད་བསྣུནྈ ཞེས་པས་རླུང་གནད་བསྟན་པ་ཡིན་ཞིངྈ ལུས་གནད་དང་ལྡན་པའི་ངང་ནས་གེགས་སེལ་འཕྲུལ་འཁོར་ནིྈ སྟོད་རླུང་མཇིང་ནད་སེལ་འདོད་ནྈ རྡོ་རྗེ་སྐྱིལ་ཀྲུང་དང་བཅས་ནསྈ ལག་གཉིས་བཅང་ཕྲག་བརྡབྈ གཡས་སྐོར་བྱས་ནས་ཁུ་ཚུར་བཅངྈ ཚིགས་པ་དང་པོར་ལན་གསུམ་བརྡེགྈ དེ་ཡིས་རིགས་འགྲེ་གཡོན་ལའང་བྱྈ སྙིང་རླུང་སེལ་བ་རྡོར་སྐྱིལ་བཤིགྈ སྙིང་ཐད་རྒྱབ་མདུན་ཁུ་ཚུར་གཉིསྈ དྲག་ཏུ་རྡེབ་ཅིང་ཧ་འདོན་བྱྈ སྦོས་ནད་སེལ་བ་ཁུ་ཚུར་གཉིསྈ ཕོ་སྟོད་ཕོ་སྨད་ལྟེ་བའི་དཀྱིལྈ འབེབ་དང་བསྟུན་ལ་ཡང་ཡང་བརྡེགྈ འབེབ་ཆུང་ཧ་འདོན་དྲག་ཏུ་བྱྈ སྟོད་སྨད་བར་གསུམ་གེགས་སེལ་ལོྈ སྐྲན་སེལ་རྡོ་རྗེ་སྐྱིལ་ཀྲུང་བྱྈ ལག་གཉིས་བཅང་ཕྲག་དང་བཅས་ནསྈ ཕོ་སྟོད་ཕོ་སྨད་འཕུར་བསུབ་བྱྈ ཐལ་སྦྱར་གུང་མཛུབ་གཉིས་སྦྱར་བརྐྱངྈ གཡས་ནས་བསྐོར་ཏེ་གཡོན་དུ་འཕངྈ དེ་བཞིན་གཡོན་ནས་གཡས་སུ་འཕངྈ བཅང་ཕྲག་དང་བཅས་རྡོར་སྐྱིལ་བཤིགྈ ཐལ་སྦྱར་དང་བཅས་འབེབ་ཆུང་བྱྈ ཧ་རིང་ཧ་ཐུང་མང་དུ་བརྗོདྈ པུས་ནད་སེལ་བ་རྡོར་སྐྱིལ་བཤིགྈ གྱད་ལངས་དང་བསྟུན་ཁུ་ཚུར་གཉིསྈ པུས་མོའི་ཕྱི་ནང་བསྣུན་པ་གསུམྈ དེ་ནས་བཤུད་པ་ལན་གསུམ་བྱྈ གཅུས་འབེབ་བྱས་རྗེས་ཧ་སྤྲུག་འབདྈ རྐང་མགྱོགས་འཕྲུལ་འཁོར་རྡོར་སྐྱིལ་བཤིགྈ གྱད་ལངས་དང་བཅས་རྐང་གཡོན་བཙུགསྈ ལག་གཡས་པུས་སྟེང་དག་ཏུ་བཞགྈ ལག་གཡོན་རྐང་པའི་མཐེ་བོང་ནིྈ སྣ་ཐད་ལན་གསུམ་བར་དུ་འཐེནྈ དེ་འདྲ་གཡས་གཡོན་རེས་མོས་བྱྈ དེ་ནས་ལག་གཡས་རྒྱབ་སྟེང་རྐང་གཡས་འཐེནྈ རྐང་གཡོན་ལག་གཡོན་དྲང་པོར་བརྐྱངྈ དེ་འདྲ་གཡས་གཡོན་རེས་མོས་བྱྈ སྒུར་འབེབ་བྱ་ཞིང་ཧ་སྤྲུག་བྱེདྈ དེ་རྣམས་གེགས་སེལ་འཕྲུལ་འཁོར་ཡིནྈ དེ་ནས་འོག་སྒོའི་འཕྲུལ་འཁོར་ནིྈ དང་པོ་ཧཱུྃ་རིང་སྟོང་འདྲེན་ནིྈ རྡོར་སྐྱིལ་བཤིག་རྗེས་པུས་སྟེངྈ ཁུ་ཚུར་པུས་མོའི་གཡས་གཡོན་བཞགྈ ཧཱུྃ་རིང་དྲག་པོས་བྱང་སེམས་རྣམསྈ སྤྱི་བོའི་ཧཾ་ལ་ཡང་ཡང་བསྟིམྈ སྒུར་འབེབ་གསུམ་དང་གཡང་སྤྲུག་བྱྈ གཉིས་པ་སེང་གེ་ཧྲི་འདྲེན་ནིྈ པུས་བཙུགས་རྐང་མགོ་ཕྱིར་ཕུལ་ནསྈ ལག་གཉིས་པུས་ཕྲག་བཅུག་ནས་རྐང་གཉིས་འཐེནྈ ཧཱུྃ་ཐུང་དྲག་པོས་བྱང་སེམས་ཧཾ་ལ་བསྟིམྈ གོང་བཞིན་སྒུར་འབེབ་འབའ་སྤྲུག་བྱྈ གསུམ་པ་ཝ་མོའི་སྣོམ་འདྲེན་ནིྈ རྡོར་སྐྱིལ་བཤིག་ནས་ཙོག་པུར་ལངསྈ ལག་གཉིས་པུས་སྟེང་གཡས་གཡོན་བཞགྈ ཧྲིང་ཧྲིང་དྲག་པོས་བྱང་སེམས་རྣམསྈ སྤྱི་གཙུག་བདེ་བ་ཆེན་པོར་བསྐྱལྈ སྒུར་འབེབ་འབའ་སྤྲུག་གོང་བཞིན་བྱྈ དེ་ནས་ཡང་གསང་རྣམ་གསུམ་ནིྈ རྡོར་སྐྱིལ་བཤིག་ནས་རྐང་གཡོན་བརྐྱངྈ ལག་གཡོན་ཁུ་ཚུར་པུས་སྟེང་བཞགྈ གཡས་གཉིས་བསྐུམ་སྟེ་ཧཾ་ཧཾ་སྒྲསྈ ཀུན་ད་སྤྱི་བོའི་ཧཾ་ལ་བསྟིམྈ སྒུར་འབེབ་འབའ་སྤྲུག་གོང་བཞིན་བྱྈ དེ་ནས་ཡང་གསང་རྣམ་གསུམ་ནིྈ རྡོར་སྐྱིལ་བཤིགས་ལ་གྱད་ལངས་གྱད་འཛུགས་བྱྈ ལག་གཉིས་རང་ཐད་གཤོག་པ་ལྟར་བརྒྱངས་ལྈ ཧཱུྃ་རིང་དྲག་པོས་ལན་གྲངས་དགུ་རུ་དྲངྈ འབེབ་ཆེན་གསུམ་དང་ཧ་སྤྲུག་དག་ལ་འབདྈ ཡང་ན་རྐང་གཡས་མདུན་དུ་བརྐྱངྈ རྐང་གཡོན་རྒྱབ་ངོས་ཕྱི་ལ་ཕུལྈ ལག་གཡས་རྒྱབ་ལ་ཕྱི་རུ་བརྐྱངྈ ལག་གཡོན་རང་མདུན་ཕྱོགས་ལ་བརྐྱངྈ དེ་འདྲ་གོ་ལོག་རེས་མོས་བྱྈ ཧཱུྃ་ཐུང་སྒྲ་ཡིས་སྤྱི་བོར་དྲངྈ གཅུས་འབེབ་ཧ་སྤྲུག་དག་ལ་འབདྈ ཡང་ན་རྐང་ལག་བཞི་པོ་བཅུནྈ ཧྲི་ཞེས་རྒྱུ་ཞབས་སྒལ་པར་སྦྱརྈ སྒུར་འབེབ་ཧ་སྤྲུག་དྲག་ཏུ་འབདྈ ཡང་གཅིག་རྡོར་སྐྱིལ་བཤིགས་གྱུར་ནསྈ གོང་བཞིན་གྱད་ལངས་གྱད་འཛུགས་བྱེདྈ འབེབ་བཅས་རྐང་གཡོན་ཤད་ཀྱིས་བརྐྱངྈ རྐང་གཡས་བརླ་ཡི་འོག་ཏུ་བཅུགྈ ལག་གཡས་ཁུ་ཚུར་བརླ་ཁུག་བཙུགསྈ ལག་གཡོན་རྐང་དང་མཉམ་དུ་བརྐྱངྈ ཧཾ་ཧཾ་དྲག་ཏུ་བརྗོད་པ་ཡིསྈ ཉི་ཟླ་དཀར་དམར་ཚངས་རྩེར་དྲངྈ བྱ་ཕོ་སྤྲུགས་པ་ལྟ་བུ་ཡིསྈ དཀར་དམར་འོད་ཀྱི་གོང་བུར་ལྟྈ འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པྈ རྣལ་འབྱོར་དབང་ཕྱུག་ཛཱ་ཧ་བཱིརྈ དེ་ཉིད་རང་ཉམས་འཁྲུལ་སྣང་དུྈ ཡང་ཡང་བྱུང་ནས་གདམས་པ་ཡིནྈ སྙིང་གི་ཐིག་ལེ་དྭངས་མའི་བཅུདྈ སྙིགས་དུས་དུག་ལྔ་བྱོལ་ཉོག་ཏུྈ སྤྱོད་པའི་སེམས་ཅན་སྐལ་དམན་ལྈ རླུང་ཕྱོགས་ཙམ་ཡང་སྒྲོག་ཕངས་ཀྱངྈ ལས་ལྡན་རྗེས་འཇུག་སྙིང་གི་བུྈ སྐལ་བ་ཅན་གྱི་དོན་སླད་དུྈ འཇའ་ལུས་སྣང་སྟོང་རང་གྲོལ་གྱིསྈ མ་ཕོད་བརྩེ་བས་གདམས་པའོྈ དྲང་སྲོང་གཟའ་བདུད་ཆེན་པོས་བཀའ་འདི་ཐུབ་པར་བསྲུང་བར་མཛོདྈ རཱ་ཧུ་ལ་རཀྵ་སི་ཧཱུྃ་ས་མ་ཡྈ ྈྈ འཇའ་ལུས་འོད་ཕུང་རང་གྲོལ་ལསྈ སྔགས་ལ་བརྟེན་པའི་གེགས་སེལ་བར་ཆད་ཀུན་སེལ་བཞུགས་སོྈ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སུ་ཁ་སིདྡྷི་ཕ་ལ་ཧཱུྃྈ འདིར་སྔགས་ལ་བརྟེན་པའི་གེགས་སེལ་རྣམས་ནིྈ གཞན་སྣང་དབང་དུ་སྡུད་ཅིང་བསོད་ནམས་ཀྱི་སྟོབས་སྐྱེད་པའི་མན་ངག་གི་སྐོར་ནིྈ ཐོག་མར་སྔོན་འགྲོའི་སྔགས་ཚན་བཞིའི་དང་པོ་ཆར་པ་འབེབ་པའི་མན་ངག་ནིྈ རང་ལུས་ཨོ་རྒྱན་ནམ་ཛཱ་ཧ་བཱིར་གང་རུང་དུ་བསྒོམྈ སྤོས་དཀར་གྱི་དུད་པ་བཏངྈ སྔགས་འདི་རྣམས་དྲག་ཏུ་བཟླས་པས་དགོང་ཇ་དུས་ཙམ་ལ་ངེས་པར་འབབ་བོྈ སྔགས་ནིྈ ཨི་ཤྭ་ར་ཀ་འ་བེ་ཏྲ་པ་རི་ཤ་ཧོྈ མེ་གྷ་གྷ་ཎོ་ཨ་ཝེ་ར་ཏེ་ཕུ་རེ་ཨི་ཤྭ་ར་འ་བཱ་ཙ་ཞེས་བཟླའོྈ གཉིས་པ་ས་ལ་བརྟེན་པའི་ཚེ་སྒྲུབ་ནིྈ ཨཱོཾ་རཏྣ་མ་ཧཱ་ར་ཥཱེྈ དྷརྟི་སི་ཐ་ཙ་མ་ཊ་མ་ཏྈ ཞེས་ལག་པ་ས་ལ་རེག་ལ་སྔགས་གསུམ་དང་ཕྱག་གསུམ་བྱའོྈ དེ་ནས་ལག་པ་ས་ལ་བསྣུན་ནས་སེ་གོལ་གསུམ་བྱའོྈ ཡངྈ ན་མོ་ཨ་མར་དྷརྟིྈ ཨ་མར་མི་དི་ཀཱ་ཡ་ཙ་མཱ་ཊ་མ་ཏཱྈ པཎྜི་ཚོ་དྷེ་པྲ་ན་ཀ་ཧཱུྃ་ན་ཛ་ཡ་ཛ་ཡྈ ཤྲི་གྷོ་རཀྵ་ནཱ་ཐ་པརྣ་ཞེས་དག་པར་བཟླའོྈ ས་ལ་བརྟེན་པའི་ཚེ་སྒྲུབ་བོྈ སྐྲ་དཀར་དང་གཉེར་མ་མི་འོང་བའི་མན་ངག་ནིྈ སྔ་དྲོ་ཚར་གསུམ་ཆུ་འཐུང་ཐེབས་གསུམྈ དགོང་མོ་ཡང་དེ་དང་འདྲྈ སྐྲ་དཀར་དང་གཉེར་མ་མི་འོང་ཞིང་གཞོན་ནུར་སྡོདྈ གནོད་བྱེད་ཀྱིས་ཉེན་པ་གང་ལ་ཡང་ཆུ་ལ་ལན་གསུམ་སྔགས་ནས་བླུད་ན་ཕན་པར་འགྱུར་རོྈ ན་མ་པཱ་ནིྈ བཛྲ་མ་ཎི་ཀ་ཡེ་པཱ་ཎི་བཱི་ཝྈ ཧ་ཏྲོ་ནི་རུ་ཏྲེྈ བྷྲ་མ་ཎ་ས་ཀིྈ ཀྲ་ཀྲི་ཨང་གཱེྈ ཤྲཱི་ནཱ་ཐྈ ཀི་ཨངྐེ་འྈ ཛེ་བྷི་ཤ་པཱ་ནི་པི་ཝ་ཛེ་བྷི་ཤ་ཐ་ཀྈ ཅེས་བཟླའོྈ རང་ཨུ་རྒྱན་དུ་བསྒོམྈ ཆུ་ལ་བརྟེན་པའི་ཚེ་སྒྲུབ་ནིྈ སྔ་དགོང་གུང་གསུམ་དུ་ཉི་མ་ལ་ཁ་བལྟས་ནས་རང་གི་མཛོད་སྤུར་ཛཱ་ཧ་བཱིར་བསྒོམས་ལ་མཆོད་པ་འབུལྈ ས་ལ་ལག་པ་རེག་ལ་མཆོད་པི་པི་འབུད་མེད་ན་ཐལ་མོའི་སྒྲས་མཆོདྈ དེ་ནས་སྔགས་བཟླས་པ་དང་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའ་རིག་འཛིན་ཚེའི་གྲུབ་ཐོབྈ དཔའ་བོ་མཁའ་འགྲོ་ཉི་མ་ཟླ་བ་རྣམས་འོད་དུ་ཞུ་ནས་འོད་མེ་རེ་རེ་རང་གི་ཁར་ཞུགསྈ སྡུག་བསྔལ་རྒྱུ་དང་བཅས་དགྈ ལུས་འཆི་མེད་བདུད་རྩིའི་རྒྱུན་གྱིས་མེར་གྱིས་ཁེངས་པར་བསམྈ ཁྱོར་བར་ཆུ་ལ་སྔགས་ཏེ་འཐུངྈ དེ་ལྟ་བུ་ལན་གསུམ་བྱའོྈ སྔགས་ནིྈ ཧཱུྃ་ཀ་རེྈ མ་ར་ཝེྈ ཨ་ཀ་རེ་པ་སི་འགད་ཚ་ཏིྈ མ་ཀཱ་རེ་ཤངྈ གཱ་རུ་ཎྈ ག་ཏཱོ་པ་ནོྈ པུ་ནེ་ཏེྈ འ་ཏེ་ཏ་ཀ་ཧ་ར་ནྈ ཏ་ཏཱ་ཀ་བྷ་ར་ཎྈ འདེ་སི་འབོ་ལེྈ ཀ་བྷྲེ་ཎ་མ་ར་ཎྈ སྲ་ནུ་རཀྵྈ ཅེས་དག་པར་བཟླ་བར་བྱའོྈ གསུམ་པ་ཟས་དུག་སྲུང་བ་བྷི་ཤ་སྟོབས་འཇོམས་ཀྱི་མན་ངག་ནིྈ རང་ཉིད་སྨན་གྱི་ལྷ་མོ་སྨན་གྱི་ལོ་མ་གྱོན་པའམྈ རྨ་བྱར་བསྒོམས་ལ་རྨ་བྱའི་ལུས་ལ་སྔགས་འདི་རང་བྱུང་དུ་ཡོད་པས་ན་དེའི་ཡོན་ཏན་གྱིས་དུག་བཟའ་བའོྈ ཧ་ས་ཙེ་གེྈ བ་ར་ཏ་ཏྈ ན་མ་ཧཱུྃྈ ཙྭཱརྱ་བ་ཏྈ ཧ་རི་རུ་པ་སྈ སྲིན་དང་ཤ་དུག་སྦྱར་དུག་བཙན་དུག་སོགས་དུག་རིགས་ཐམས་ཅད་ལ་འགྲེྈ དྲན་པ་གསུམ་ལྡན་ཤིན་ཏུ་གཅེསྈ བཞི་པ་ནིྈ ཨོཾ་ཤིག་ཤིག་འབར་བ་སོདྈ ཅེས་བཟླས་ནས་རྨ་འབྲས་གང་བྱུང་ཡངྈ སྔགས་ཆུ་བཏང་ཞིང་མཐའ་ནས་འདེབས་སོྈ དེ་རྣམས་ནི་སྔོན་དུ་འགྲོ་བ་སྔགས་སྲུང་གི་མན་ངག་བཞིའོྈ རྗེས་ཀྱི་སྔགས་ཀྱི་སྐོར་རྣམ་པ་ལྔ་སྟེྈ ལུས་སྟོད་སྨད་ཀྱི་སྐྲང་འབུར་དང་སྨེན་པ་ཁྲོས་པ་ཞི་བར་བྱེད་པ་དངྈ མདའ་མདུང་མཚོན་ཆའི་ངར་དབལ་གཞོམ་པར་བྱེད་པ་སྔགས་ལ་བརྟེན་པ་དང་འཁོར་ལོའི་མན་ངག་མཛེ་དང་ཕོ་ནད་སྒོས་སུ་བཅོས་པར་བྱེད་པྈ སེར་བ་སྲུང་བ་ཐོ་དང་སྔགས་ལ་བརྟེན་པའི་མན་ངག་གོྈ དང་པོ་ཚ་གྲང་གི་ནད་གཟེར་མིག་གང་བྱུང་སར་མཐེ་བོང་ལ་སྔགས་མེ་མནན་པས་གཟེར་མིག་ཞི་བར་འགྱུར་རོྈ གཞན་ཡང་ཚ་གྲང་གི་ནད་རིགས་ཐམས་ཅད་ལ་ཕན་ནོྈ ཨི་ཤཱ་ར་བྷཱ་ཙ་ཅེས་པ་འདི་ཉིད་ཆུ་ལའང་བཟླས་པས་ཆོགྈ གཉིས་པ་སེར་བ་སྲུང་བ་དང་ཐོ་དང་སྔགས་ལ་བརྟེན་པ་ནིྈ ཨོཾབཾཏིནིནནནརཧལྷཀེཏཤངལིཧཱུྃཕཊམིརིཏིཧཱུྃམུཧཱུྃཕཊཨཀྲོཏེཀམརིལརིལལཾཟློགབྷྱོབྷྱོཟློགྈ སྔགས་འདི་དབུ་ཅན་ཚག་མེད་དུ་བྲིྈ ཁམ་སའི་རུས་སྦལ་འཇིགས་སུ་རུང་བའི་ནང་དུ་ཉུངས་དཀར་རྒྱལ་པོ་དང་ལྷན་ཅིག་ཏུ་བཅུགྈ ཡི་གེ་མགོ་ནས་དྲིལ་རབ་གནས་བསྐྱེད་ཆོག་མི་བྱྈ རུས་སྦལ་ཕྱོགས་བཞི་མཚམས་བརྒྱད་ཐོ་ཁོངས་སུ་སྦེདྈ འདི་ཡིས་མི་ཐུབ་གང་ཡང་མེད་པས་གསེར་གྱི་མཎྜལ་མེད་པ་ལ་སྟེར་བར་མི་བྱེད་དོྈ གསུམ་པ་མཛེ་དང་ཕོ་ནད་སྒོས་སུ་བཅོས་པའི་མན་ངག་ནིྈ ཨོཾ་པྲ་ཐ་མ་དྷེ་ཝ་ཀ་རྈ དྷཱུ་ཏི་ཨེ་བྷ་ནཱ་བྷཱ་ས་ཀརྈ ཏྲི་ཏྲི་ཨེ་ཏྲ་ལོ་ཀྈ ཙའུཀྈ ཙ་ཏུ་ར་ཐེྈ པཉྩ་མེ་པྲ་བྷཱ་ས་ཀ་རངྈ ས་ཧ་སྲ་ཀོརྞ་ཥཥྚ་མེས་པ་ཏ་མེྈ ར་ཝི་ཎ་མྈ ཨ་དྷི་ཏ་ནཱ་མྈ ཨཥྚ་མེྈ ན་མོ་མཱ་ར་ཀ་ཌཱེ་ཨུྈ ར་གྷུ་ན་མཱྈ དྷ་ས་མིྈ ཨེ་ཀ་དྷ་ཤྈ ཤི་བ་པུརྫ་ནཱ་མྈ ཛྷི་ཎ་ཀ་ར་ནཱ་མྈ དྷོ་ཨ་དྷཱ་ས་ནཱ་མྈ ཨུ་དྷ་ཡྈ ཨ་དྷི་ཏྈ མ་དྷ་ཎེྈ ཤི་ཝ་ལི་ཀ་སཾ་ཛྈ བྷཱིཥྞ་རུ་པ་དྷིཥྚྈ མུཥྚིྈ ཀུཥྚིྈ ས་བྷ་ཥ་ཊཾ་ཐི་ཨི་ས་ར་ན་ཙྈ ཞེས་པའི་སྔགས་འདི་དག་པར་བཟླ་ཞིང་ཆུ་གཙང་ལ་སྔགས་འདི་ལན་གསུམ་བཏབ་ཅིངྈ སྔགས་དགུ་བཟླས་ཆུ་ལ་ལན་གསུམ་འཐུང་བས་ཕན་པར་ཐེ་ཚོམ་མེདྈ དུས་གནད་ནི་ཉི་ཟེར་དམར་འོད་ཡོལ་ནས་དཀར་པོ་སྙིང་པོ་ཕྱེ་ཙམ་ཤར་བ་ལ་བྱའོྈ ནད་ཚབ་ཆེ་ན་ལོ་གཅིག་དང་འགོ་ཟིན་ཙམ་ལ་ཟླ་བ་དྲུག་གིས་ངེས་པར་སེལ་བར་འགྱུར་བ་ཐེ་ཚོམ་མེདྈ སྤང་བྱ་ཤ་ཆང་བུད་མེད་ཞོ་འོ་མ་སྤང་བར་བྱའོྈ སྐྱོ་ཚ་བ་མཛོ་མོའི་འོ་མ་ལན་ཚྭ་ཞན་པ་སྐྱ་སོལ་གྱི་རིགས་ལ་སོགས་བརྟེན་པར་བྱྈ མི་དང་ཁྱིའི་སྒྲ་མེད་པར་ལུས་ངག་ཡིད་གསུམ་བཞུར་ཏེ་མན་ངག་འདི་ཉིད་བར་མ་ཆད་པ་བརྟེན་ན་སྣ་ཞོམ་པ་སོགས་ཀྱང་སོས་པར་འགྱུར་ན་འགོ་ཟིན་ཙམ་ལ་སྨོས་ཅི་དགོསྈ བཞི་པ་མདའ་མདུང་མཚོན་ཆའི་ངར་དབལ་འཇོམས་པར་བྱེད་པ་སྔགས་དང་སྲུང་བའི་འཁོར་ལོ་ལ་བརྟེན་པ་ནི་ཧ་ཅང་གི་གོ་རྒྱུ་མི་འདུག་པས་འདིར་མ་བྲིསྈ ཟུར་དུ་རྟོགས་པར་གྱིསྈ ལུ་མ་ཙཀྲ་མེ་དྷ་ནིྈ དྷ་དྷི་ན་མ་པཱ་ཏ་ཏེྈ མན་ཏྲ་ལིྈ རྟ་རྟིར་གྷ་གྷ་མ་ཡིན་ཏེྈ སྔ་དྲོ་ཤརྈ ཉི་གུང་ལྷོ་བྱངྈ དགོང་མོ་ནུབ་ཏུ་ཕྱོགས་ཏེྈ སྔགས་ཚར་གསུམ་བཟླས་ཏེྈ སའི་བཅུད་འཐུང་ཚུལ་བྱྈ འདིའི་ཕན་ཡོན་ནིྈ གཙོ་བོར་མཆོག་འགྲུབྈ ཐུན་མོང་གྲུབ་ཆེན་བརྒྱད་ལ་དབང་ཐོབ་པ་ནིྈ རྒྱུན་དུ་འཛབ་ཏུ་བཟླས་པས་འགྲུབ་བོྈ རིན་ཆེན་ཕུན་ཚོགསྈ ྈྈ ཇག་འཆིང་ལྷ་འདྲེ་གཅན་གཟན་སྲུང་བྈ ཚེ་ལཽ་ཀ་རེྈ ཚེ་ད་ཀ་རེྈ བྷེ་དྷུ་ཀ་རེྈ བྷིག་ཛྙ་བ་སྔོ་འབྱི་ཀ་རེྈ ཨི་ཧི་སྲིན་པོྈ ཕུ་ཏྲི་ན་མཱ་རེྈ ཤྲཱི་ནཱ་ཐྈ ཀི་ཨང་གྱ་ཕུར་རོྈ དུས་གསུམ་དུ་ལན་གསུམ་བཟླས་ཏེྈ ཐལ་མོ་གཡས་ཀྱིས་གཡོན་ལ་བསྣུན་པར་བྱྈ དེའི་སྒྲ་ཐོས་པ་ཚུན་ཆད་དུྈ བྱ་དང་ལྷ་འདྲེ་གཅན་གཟན་ཆོམ་རྐུན་ཇག་པའི་གནོད་པ་བསྲུང་བར་འགྱུར་རོ་ཟབྈ ཚེ་སྒྲུབ་རླུང་ལ་བརྟེན་པྈ བྷ་ཡེ་ཨཱ་བྷ་མ་ནིྈ ཤྲཱི་སུརྫྈ ཨུ་ཀ་བྷནྡྷྈ བྷ་ན་ཨུ་ཀ་ན་བྷྲ་ཧ་མ་རུ་སིྈ སན་ཙ་ཤྲཱི་བི་ཏུ་སི་བྷི་ཤི་སུརྫྈ བྷ་དུ་ཁ་ན་མས་ཏྲ་ཏྈ ཕྱག་ལེན་ཞལ་ཤེསྈ དེ་ཝ་ནཱ་ཐ་ནས་བརྒྱུདྈ མིག་གསལ་བྱེད་བཞུགསྈ ཏདྱ་ཐཱྈ ཏ་ཏ་ཙཀྵུར་མ་ལ་བ་ལམ་བྷི་ས་ཏ་ར་མ་ལ་ཙཀྵུ་ཏྲ་ཤྲོད་ཏྲ་པྲ་བྷ་ས་ཀ་ར་སྭཱ་ཧཱྈ ཆུ་གཙང་ལ་བཟླས་མིག་ལ་བྱུགསྈ བྷི་ཤ་སྟོབས་འཇོམས་ཀྱི་སྔགས་ནིྈ ཨོཾ་མ་ཧཱ་བི་ཏྲེ་ན་འབྱོ་འབི་ཀཱ་ཀྲོ་ནི་ཏིང་གི་རི་བིྈ ཅེས་པས་སྔགས་འདི་ཉིད་ཨ་རུ་ར་ལ་བཏབ་སྟེ་ནད་པ་ལ་སྦྱིན་པར་བྱའོྈ ལག་ལེན་ནིྈ ཨོཾ་ཀཾ་ཀ་རི་ཀཾ་རི་ཀག་རོ་ཀ་རི་ཀརྨ་གུ་རུ་འཛིྈ དྷརྨ་གུ་རུ་ཛཱིྈ འགུ་རུ་ཧ་རི་ས་ཏི་ཕ་ལ་ཧོྈ ཀ་རྈ ཀརྨ་གུ་རུ་ཕ་ལྈ དྷརྨ་གུ་རུ་ཕ་ལྈ ཤོ་མོ་གུ་རུ་ཕ་ལྈ ཤོ་མོ་ན་ཏ་ཕ་ལྈ ཀརྨ་གུ་རུ་ཨུ་ཁྲ་ཙ་ལེ་ཙ་ལེྈ དྷརྨ་གུ་རུ་ཨུ་ཁྲ་ཙ་ལེ་ཙ་ལེྈ འགར་རྒ་ནཱ་གི་སོདྈ ནཱ་གའི་དུག་སོདྈ གུ་རུ་ཧ་ས་ཏི་ནཱ་གི་རྦདྈ ནཱ་གི་དུག་སོདྈ ཅེས་པས་སྔགས་འདི་ཉིད་ཁྲི་ཕྲག་གཅིག་ཏུ་བསྙེན་པ་གོང་བསྙེན་དངྈ ལས་སྦྱོར་ཚེ་ཅོག་ཙེའམྈ སྡེར་གདན་གང་རུང་ལ་སོར་མོའི་སྒྲ་དྲག་ཏུ་སྦྱིནྈ བཟའ་བཏུང་གི་ཚོགས་ལ་མིག་ཆེར་གྱིས་ལྟ་སྟངས་བྱྈ བྷི་ཤ་འཇོམས་པའི་མན་ངག་ཛཱ་ཧ་བཱིར་ལུགས་ཤིན་ཏུ་ཟབྈ སྔོན་འགྲོ་དང་རྗེས་ཀྱི་སྐོར་ཤིན་ཏུ་ཟབ་པ་རྫོགས་སོྈ ཨ་ཙརྻ་ལུགས་ཀྱི་མན་ངག་ཡོདྈ གྲོད་པ་ཕུས་འདེབས་བྱེད་པ་ལྈ རྫས་ལ་ར་རྒྱ་བོའི་ལྒང་ཕུགྈ ཡུགས་ས་མའི་སྐྲྈ དགྲ་བོའི་རྐང་སྈ སྐྱེར་ཕུར་གཅིག་སྐྱེསྈ སྔགས་ནིྈ དུར་སྣད་སོདྈ བསད་ན་ལྒང་ཕུག་གི་དབུགས་བཙན་ཐབས་སུ་བཏངྈ མི་བསད་ན་དལ་བུས་བཏངྈ བསྙེན་པ་སྟོང་ཚོ་གཅིག་ཡིནྈ ཡུགས་ས་མོའི་སྐྲ་འཁལ་ཏེ་ལྒང་ཕུག་གི་ཁ་འཁྱིགྈ དགྲ་བོའི་རྐང་ས་ལྒང་ཕུག་ནངྈ སྐྱེར་པ་གཅིག་སྐྱེས་ཕུར་པས་བརྡུངྈ མུ་སྟེགས་ལུགས་ཀྱི་མན་ངག་ཟབྈ ྀཨཚྈ ཨ་ཙརྱའི་ཁབ་མཐུ་བྱེད་པ་ནིྈ རྫས་ལ་ཟངས་ཁབ་སོར་བཞི་དགོསྈ དགྲ་བོའི་རྐང་རྗེས་ཡིན་ངེས་ཀྱི་ས་ཡང་དགོསྈ བག་ཕྱེ་དང་ས་བསྲེས་ནས་མིའི་གཟུགས་འཁྱིད་གང་བ་བཅོསྈ སྔགས་ནིྈ ཧ་རི་ནི་ནན་སོདྈ བསད་ན་སྙིང་ལ་ཟངས་ཁབ་ཀྱི་རྩེ་ཐག་རྒྱབ་ནས་སྙིང་ལ་བཙུགསྈ མི་བསད་ན་ཡན་ལག་བཞི་ཡིན་ནོྈ བསྙེན་པ་ཉི་མ་གཅིག་ཡིནྈ ལམ་སྲུང་གི་མན་ངག་རྫས་དང་སྔགས་གཉིས་ཏིང་ངེ་འཛིན་དང་གསུམྈ རྫས་ལ་ཕོ་འབྲོང་གི་རྔ་མ་དངྈ བྱ་རྒོད་ཀྱི་རྒྱུས་པ་ཕྱི་བསྒྲིལྈ མདུད་པ་བདུན་རྒྱབྈ སྔགས་ནིྈ ས་དུ་རྦད་ས་ཧྈ ཞེས་པས་རང་ཉིད་ཨ་ཙརྱ་མིག་ཆེ་བ་སྣ་རྒྱུད་རིང་བྈ རལ་པའི་ཐོར་ཚུགས་ཅན་གཅིག་བསྒོམྈ དགྲ་ཇག་རྣམས་ལྕགས་ཀྱི་ཕ་བོང་དུ་བསྒོམྈ ལུས་ཀྱིས་འགུལ་མི་ཤེསྈ ངག་གིས་སྨྲ་མི་ཤེསྈ ཡིད་ཀྱིས་བསམ་མི་ཤེས་པར་བསམ་ལ་སྔགས་སྲུང་སྐུད་ལ་འདེབསྈ འདི་རྒྱ་གར་ཛོ་གིའི་མན་ངག་གོྈ འབྲི་གུང་རིན་པོ་ཆེའི་ཕྱག་ལེན་མའོྈ ཟབ་ྀཨཚྈ དབང་སྡུད་འགུགས་པའི་ལྕགས་ཀྱུ་ནིྈ གོང་བསྙེན་སྟོང་ཕྲག་གཅིག་གོྈ ལས་སྦྱོར་བྱེད་དུསྈ ཟས་གང་ཡང་རུང་བ་གཅིག་ལ་བརྒྱ་རྩ་བརྒྱད་བཏབ་སྟེ་སྦྱིན་ནོྈ སྔགས་ནིྈ ཡེམ་ཡེམ་ཁམ་ཁམ་ཙག་ཙག་དུང་དུང་ཆེ་གེ་མོའི་ཡིད་ཀྱི་རྣམ་པར་ཤེས་པ་ཁུག་ཎི་ཛྈ བཏབ་ནས་མ་སྤྱད་ན་སྨྱོ་འགྲོ་བསྈ རིག་མ་མཚན་ལྡན་མ་གཏོགས་གང་བྱུང་ལ་མི་བྱེད་དོྈ བཏབ་ན་རྟ་ཡི་ཕྱིར་ལ་རྟེའུ་རྒྱུག་པ་དང་མཚུངསྈ རྒྱལ་པོའི་སྲས་མོ་ཡིན་ཡང་བདག་གི་དབང་དུ་འདུ་ངེས་སོྈ ཨ་ཙརྱའི་མན་ངག་གོྈ བདག་གིས་ཀྱང་ལག་ལེན་བླ་མ་ལ་ཞུས་པ་ཡིན་ཅིངྈ གཅིག་བརྒྱུད་ཟབྈ མཁའ་འགྲོ་ལ་བརྟེན་ནས་མུ་དྲ་འགུགས་འདོད་ནྈ ཆུ་ཤུལ་ས་ལ་དེ་གཟུགས་བྱྈ རཀྟ་དང་ནི་གྷི་ཝང་གིསྈ མིང་རུས་བྲིས་ལ་སྙིང་གར་བཅུགྈ རང་ཉིད་མཁའ་འགྲོར་གསལ་བར་བསྒོམྈ ཟངས་ཁབ་སྔགས་ཀྱིས་བྱིན་བརླབས་པསྈ དེ་ཡི་བྷ་ག་བསྒུལ་ཞིང་དཀྲུགསྈ ཤིན་ཏུ་ཆགས་པའི་ཡིད་ཀྱིས་ནིྈ སྔགས་འདི་ཁྲི་ཕྲག་གསུམ་དུ་བཟླྈ བཾ་ཧ་རི་ནི་སྈ ཆེ་གེ་མོ་ལ་ཨཱ་ཀརྴ་ཡ་ཛྈ རྣམ་ཤེས་བྲེང་བྲེང་དུང་དུང་བདག་གི་དབང་དུ་གྱུར་ཅིགྈ ཅེས་བཟླས་སྔགས་བཏབ་བཟའ་བ་སྦྱིནྈ དེས་ནི་ངེས་པར་དབང་དུ་འདུྈ འགྲོལ་འདོད་རྫས་ནི་འོ་མར་བཀྲུྈ སྣ་ཁྲག་མངལ་ཁྲག་མ་ཆོད་ནྈ རང་ཉིད་བརླ་ཤའི་དྲེག་པ་དངྈ ཆུ་སྦྱར་སྔགས་མང་དུ་བཏབ་ནས་ཁོང་དུ་བཏང་བས་ཆོད་ངེས་སོྈ ས་དམར་སུ་དུ་བེ་རྦདྈ ན་མོ་གུ་རུྈ དངུལ་ཆུ་རྗེན་པར་བཟའ་བའི་ཐབས་ནིྈ རང་མཁའ་འགྲོ་མ་དཀར་མོ་སྐྲ་གྱེན་དུ་འཁྱིལ་བ་སྤྱན་གསུམ་བསྒྲད་པྈ སྐུ་ལ་རུས་པའི་རྒྱན་གྱིས་བརྒྱན་པར་བསྒོམས་ནསྈ ཨོཾ་བཛྲ་ཏྲི་ཏྲི་དངུལ་ངར་སོདྈ མཚལ་ངར་ཞིྈ དངུལ་དུག་དང་ངར་སྭཱ་ཧཱྈ སྔགས་འདི་སུམ་བརྒྱ་བཟླས་ནས་དངུལ་ཆུ་བཞི་ནམ་ནངས་རེ་བཞིན་ཆང་བཟང་པོ་བྲེ་ཕྱེད་ཡན་གྱིས་ཕུལ་ནས་ཟོས་ན་ཏིང་ངེ་འཛིན་འཕེལྈ སྦྱར་དུག་སོགས་དུག་རིགས་ཐམས་ཅད་ཀྱི་གཉེན་པོར་འགྲོ་ཞིང་གག་ལྷོག་གཟེར་གསུམ་སོགས་བཞི་བརྒྱ་རྩ་བཞིའི་ནད་རྣམས་འཇོམས་པས་ཕན་ཡོན་མཐའ་ཡས་སོྈ ན་མ་ཏ་པ་ཤ་ནི་ཧཱུྃ་ཕཊྈ ཡིག་འབྲུ་བརྒྱད་པ་འདི་ཉིད་ནད་བརྒྱ་སྔགས་གཅིག་ཡིནྈ ལག་ལེན་ཞལ་ལས་ཤེསྈ ཅེས་རྣལ་འབྱོར་དབང་ཕྱུག་ཛཱ་ཧ་བཱིར་གྱི་ཐུན་མོང་མ་ཡིན་པ་ཁྱད་པར་འཕགས་པའི་གདམས་པ་འདི་རྣམས་བརྒྱུད་པ་འཛིན་ངེས་མ་གཏོགས་གཞན་རྣམས་ལ་ཟུར་ཙམ་མི་སྟོན་ནོྈ དྲང་སྲོང་གཟའ་བརྒྱད་ཀྱིས་བཀའ་ཡི་བྱ་ར་མཛོདྈ རཱ་ཧུ་ལ་ས་མ་ཡ་རཀྵ་སི་ཧཱུྃ་ཕཊྈ མངྒ་ལཾྈ ྈྈ འཇའ་ལུས་འོད་ཕུང་རང་གྲོལ་ལསྈ འཇའ་ལུས་སྣང་སྟོང་རང་གྲོལ་གྱི་རྟོགས་པའི་གླུ་བཞུགས་སོྈ ན་མོ་གུ་རུ་སིདྡྷི་བྷ་ཝནྟུྈ རྒྱུད་སྡེའི་དགོངས་དོན་མཐར་ཕྱིན་ཛཱ་ཧ་བཱིརྈ རིག་གནས་ཀུན་མཁྱེན་བཛྲ་ནཱ་ཐའི་ཞབསྈ ཟབ་མོ་རླུང་གི་བཀའ་བབ་གནམ་ལྕགས་དངྈ རྒྱལ་བས་ལུང་བསྟན་མཉེས་པ་ཚུལ་ཁྲིམས་མཚནྈ དུས་གསུམ་མཁྱེན་གཟིགས་འོད་གསལ་མཆོག་ལྡན་རྗེྈ རྣལ་འབྱོར་དབང་ཕྱུག་ཆོས་རྒྱལ་རྡོ་རྗེ་དངྈ སྐུ་དྲིན་འཁོར་མེད་འཛིན་པ་རང་གྲོལ་ཞབསྈ ཟབ་ཆོས་བསྟན་སྲུང་དྲང་སྲོང་གཟའ་བརྒྱད་དངྈ དངོས་གྲུབ་ཀུན་འབྱུང་ཟབ་མོ་རླུང་ཁྲིད་ལྈ རྩེ་གཅིག་གུས་པ་ཆེན་པོས་གསོལ་བ་འདེབསྈ རྩ་རླུང་རང་སར་གྲོལ་བར་བྱིན་གྱིས་རློབསྈ རླུང་ཟས་མཐའ་རུ་ཕྱིན་པར་ཐུགས་རྗེས་གཟིགསྈ ཟག་མེད་འོད་ལུས་འགྲུབ་པར་བྱིན་གྱིས་རློབསྈ ཅེས་པས་བརྒྱུད་པའི་བླ་མ་ལ་གསོལ་བ་བཏབ་ནསྈ སླར་ཡང་ཉམས་ལེན་གླུར་བླངས་འདི་ལྟར་གདའྈ ཨེ་མ་ཧོྈ ཟབ་པའི་མཐར་ཐུག་རླུང་ཟས་བཅུད་ལེན་གྱིྈ སྙིང་པོའི་ཡང་ཞུན་ཛཱ་བཱིར་རླུང་གི་ཟསྈ ཚེ་གཅིག་འཇའ་ལུས་འགྲུབ་པར་འདོད་པ་ཡིྈ སྐལ་ལྡན་ཚེ་གཅིག་སངས་རྒྱས་ཐོབ་འདོད་རྣམསྈ ཐོག་མར་འཆི་བ་མི་རྟག་སྒོམ་བྱེད་ཅིངྈ འཁོར་བའི་ཕྱོགས་ལ་ཞེན་པ་བཟློག་པ་དངྈ ཞེན་ཅིང་ཆགས་པའི་ཕྱོགས་ཀུན་རྒྱང་གིས་དོརྈ དལ་འབྱོར་རྙེད་དཀའ་ཐར་པའི་ཕན་ཡོན་བསམྈ ཐུན་དང་ཐུན་མོང་མ་ཡིན་སྔོན་འགྲོར་འབདྈ ལྷག་བསམ་རྣམ་དག་བྱང་ཆུབ་སེམས་བསྒོམ་ཞིངྈ གཞི་ནི་མ་བཅོས་ཡེ་ནས་ལྷུན་གྲུབ་དངྈ ལམ་ནི་མ་འཁྲུལ་གནས་ལུགས་བཟོ་བཅོས་བྲལྈ འབྲས་བུ་མ་བསྒྲུབ་སྤང་བླང་རེ་དོགས་བྲལྈ ལྷུན་གྲུབ་རྣམ་གསུམ་ཉམས་ལེན་གཙོ་བོ་དེྈ བྱང་ཆུབ་མ་ཐོབ་བར་དུ་མ་ཡེངས་སྒོམསྈ དེ་རྗེས་སྐྱབས་སེམས་གསོལ་འདེབས་ཐུན་དྲུག་འབདྈ ཕོ་མོ་མ་ནིང་དྲག་རླུང་འཇམ་རླུང་རྣམསྈ རླུང་གི་གེགས་རྣམས་མ་སེལ་བར་དུ་འབུདྈ ཕྱིར་དབྱུང་དུས་སུ་ནད་གདོན་བགེགས་སོགས་ཐོནྈ རླུང་འཇུག་དུས་སུ་བདེ་གཤེགས་ཐུགས་རྗེ་དངྈ བརྟན་གཡོ་སྣོད་བཅུད་དྭངས་མ་འུབ་ཀྱིས་བསྡུསྈ ས་ཆུ་མེ་རླུང་ནམ་མཁའི་ཁམས་རྣམས་བཀུགྈ འཇའ་ཚོན་རྣམ་པར་ལུས་ནང་མེར་གྱིས་ཁེངསྈ ཕྱི་ནང་མེད་པར་འཇའ་འོད་བུན་ནེར་གསལྈ ཉེར་གཅིག་བར་དུ་རླུང་སྒྲ་བཅས་ནས་རྔུབྈ དེ་བཞིན་བཙན་ཐབས་ཁ་སྣ་བཙུམས་པས་བགངྈ རླུང་རིག་གཉིས་ནི་མིད་པ་ནས་རྔུབ་ཅིངྈ ལྟོ་བ་གང་བར་མ་གྱུར་བར་དུ་འབདྈ དྲག་པོར་ཟ་བ་དམིགས་པ་གོང་བཞིན་ལསྈ ཁ་ནི་སྒྲ་བཅས་མིད་པ་སྒྲ་བཅས་བྱྈ ཕྱི་ནང་བར་གསུམ་འབྱུང་ལྔའི་རླུང་རྣམས་རྔུབྈ སྟེང་རླུང་མར་མནན་འོག་རླུང་མ་འཆོར་གཅེསྈ བར་རླུང་ལྟེ་འོག་བརྒྱངས་ལ་གྲུ་ཤུད་བྱྈ ལུས་གནད་རྟིང་གཡས་སྤུ་མཚམས་དག་ཏུ་གཏདྈ རྐང་པའི་སོར་རྩེ་གདན་སྟེང་ཉིད་དུ་བཙུགསྈ གཡོན་པའི་རྟིང་པ་བཤང་གཅིའི་བར་དུ་མནནྈ ལུས་ཉིད་ཤིན་ཏུ་དྲང་པའི་ངང་ནས་ནིྈ གཡས་གཡོན་ལག་གཉིས་པུས་མོའི་སྟེང་དུ་བཞགྈ རང་ལུས་ཆོས་འབྱུང་ཕྱི་ནང་དཀར་དམར་གྱིྈ ཡར་མར་གཉིས་སུ་བྱང་ཆུབ་སེམས་ངོ་བོྈ དཀར་དམར་ལྕོག་སྒོང་ཙམ་རེ་གསལ་བར་བསྒོམྈ གཡས་གཡོན་བསྐོར་ལ་འབྲོས་འདེད་ཚུལྈ སྟོད་སྨད་གཉིས་ལའང་རིགས་འགྲེས་བྱྈ ཀ་བ་བཙུགས་ལ་འདྲེན་འགྲེམས་གང་མང་གིསྈ ལུས་ཀྱི་ནང་ཀུན་འཇའ་འོད་འོད་ཀྱིས་གངྈ ཉིན་མཚན་རྒྱུན་ཁྱེར་ཡིན་པས་བརྩོན་འགྲུས་འབདྈ ཆུ་བོ་རྒྱུན་གྱི་ཏིང་འཛིན་ཉམས་ལེན་ཡིནྈ སྡོང་པོ་གསུམ་ལྡན་ལུས་གནད་དེ་ཉིད་སྟེངྈ ཐུར་སྲོག་བསྲེས་ལ་འཛུག་བསྐོར་འཐེན་གསུམ་འབདྈ ཆུ་སྲིན་ཁ་འབྱེད་རི་བོང་བཅུད་འདྲེན་དངྈ གླང་ཆེན་འདྲེན་སོགས་གེགས་སེལ་འཕྲུལ་འཁོར་འབདྈ རང་ལུས་ལྷ་ཚོགས་བཅུད་ཀྱིས་མཉེས་ནས་ཀྱངྈ ཟག་མེད་འཇའ་ལུས་སྐུ་མཆོག་ཐོབ་པར་འགྱུརྈ ཅིར་སྣང་དག་པའི་སྣང་བ་འཁོར་ཡུག་འཆརྈ རྒྱབ་རླུང་མདུན་རླུང་རླུང་འཚོ་བཅུད་འཚོ་དངྈ སྦུབས་འདྲེན་གཙུག་ཏོར་སྒྲུབ་པའི་ཐབས་ལ་འབདྈ བོགས་འདོན་ཐབས་ལམ་དམར་ཁྲིད་གདམས་པ་དངྈ རང་གཞན་གཉིས་ཀྱིས་ཉམས་ལེན་འབད་གྱུར་ནྈ ཚེ་གཅིག་དག་གིས་མཁའ་སྤྱོད་བསྒྲུབ་པ་དངྈ ཟག་བཅས་འཁོར་བའི་རྐྱེན་ལ་མ་ལྟོས་པརྈ ཟག་མེད་རླུང་གི་བཟའ་བཏུང་གོས་རྒྱན་འཚོྈ ཚེ་ཡི་མི་མཐུན་འགལ་རྐྱེན་ཀུན་འཇོམས་ཤིངྈ ཚ་གྲང་བད་མཁྲིས་ནད་རྣམས་བཤལ་སྐྱུག་འབྱིནྈ མཐུན་རྐྱེན་ཉམས་རྟོགས་ཉི་ཟླའི་དཀྱིལ་འཁོར་རྒྱསྈ མ་ཎིའི་དཔལ་ལྟར་གཞན་དོན་ལྷུན་གྱིས་གྲུབྈ ཚོགས་གཉིས་དགེ་བ་བྱང་ཆུབ་ཆེན་པོར་བསྔོྈ ཟབ་མོ་རླུང་གི་ཟས་ལ་བརྩོན་གྱུར་ནྈ ཕན་ཡོན་དེ་རྣམས་སྐད་ཅིག་ཉིད་དུ་འབྱུངྈ སེམས་ལ་ཞོག་དང་དད་ལྡན་ཆོས་བྱེད་ཚོྈ སྙིགས་མའི་དུས་ཀྱི་དགེ་སློང་སེར་གཟུགས་ཅནྈ ཐོས་བསམ་སྒོམ་པས་དབེན་པའི་སྤྲང་འཁྱམས་པསྈ མིག་མེད་མུན་པར་མདའ་འཕེན་དཔེ་བཞིན་དུྈ གང་བྱུང་སྤྲ་འཆལ་སྨྲ་བའི་སྨྱོན་པའི་ཚིགྈ སྦྱོར་དངོས་རྗེས་གསུམ་ཚང་བའི་དམིགས་རིམ་འདིྈ དད་ལྡན་རི་ཁྲོད་འགྲིམ་པའི་ཆ་རྐྱེན་མཛོདྈ མཁས་གྲུབ་མཁྱེན་ལྡན་རྣམས་ཀྱི་སྤྱན་སྔར་བཤགསྈ བཀའ་ཡི་སྲུང་མ་རྣམས་ལ་རྒྱ་ཁྲོལ་ཞུསྈ མོས་གུས་ཅན་གྱི་ཙིཏྟའི་དཀྱིལ་དུ་རྒྱོབྈ དད་མེད་རྣམས་ཀྱིས་ལོག་ལྟའི་སྐུར་གཞི་མཛོདྈ ཆོས་དྲེད་པོ་རྣམས་བརྙས་ཆོས་འདི་ལ་གྱིསྈ ལོག་སྲེད་ཅན་ཚོ་ཡ་ག་ཕྱོགས་བཅུར་སྒྲོགསྈ སྡིག་ཅན་རྣམས་ཚོ་འཁོར་བ་དོང་སྤྲུགས་ཤོགྈ ལེ་ལོ་ཅན་གྱི་ཤེས་རྒྱུད་ཆོས་ལ་སྒྱུརྈ ཉམ་ཆུང་རྣམས་ཀྱིས་འདི་ཉིད་ཉམས་སུ་ལོངསྈ ཚེ་གཅིག་འོད་ཕུང་གྲོལ་བའི་བཀྲ་ཤིས་ཤོགྈ ཅེས་པ་འདི་ཉིད་རྒྱ་གར་གྱི་གྲུབ་ཆེན་ཛཱ་ཧ་བཱིར་གྱི་རླུང་ཁྲིད་ཟབ་མོ་ལ་མི་ཕྱེད་པའི་དད་པ་ཐོབ་པ་སྤྲང་པོ་ཉི་ཟླ་ཀློང་གསལ་ཞེས་བགྱི་བསྈ རང་རེའི་མཆེད་གྲོགས་སྤྲང་ལོང་རྣམས་ཀྱི་དོན་དུ་སྤྲང་གླུ་ཟར་ཟིར་དུ་བླངས་པ་འདི་ཡང་གནས་མཆོག་མཁའ་སྤྱོད་ཡང་རྩེར་སྒྲ་འཆལ་དུ་བགྱིས་པའོྈ ྈྈ འཇའ་ལུས་འོད་ཕུང་རང་གྲོལ་ལསྈ སྣང་འཁྲུལ་རྫུན་ཚིག་ཕྲེང་བ་བཞུགས་སོྈ ན་མོ་གུ་རུ་སིདྡྷི་བྷ་ཝནྟུྈ འདིར་སྙིགས་དུས་ཀྱི་སྤྲང་པོ་ཉི་ཟླ་ཀློང་གསལ་ཁོ་བོྈ ཟབ་བུ་མཚོར་གསང་བའི་གནས་མཆོག་ཏུྈ ཛཱ་ཧ་བཱིར་གྱི་གདམས་ངག་ཟབ་མོ་ཉམས་ལེན་ལ་འབད་དུསྈ ཉམས་སྣང་དུ་གཏེར་ལུང་དང་པོའི་ཤར་འདབས་དུད་སྤྲིན་སྨུག་ནག་འཚུབས་མའི་ཀློང་དཀྱིལ་ནསྈ གཏེར་སྲུང་ཨེ་ཀ་ཛཱ་ཏི་སྐུ་གཟུགས་འདོམ་གང་བྱས་པ་གཅིག་གི་ཞལ་ནས་འདི་སྐད་གསུང་པར་ཐོསྈ ཨེ་མ་ལས་སྨིན་སེམས་ཅན་དུཿཁ་བརྡོལ་བའི་དུསྈ ཇི་ལྟར་བྱས་ཀྱང་བདེ་སྐྱིད་ཟད་ལ་ཉེྈ ལས་ངན་དབང་གིས་སྡུག་བསྔལ་མཚོ་མོ་བརྡོལྈ ཤར་ནམ་མཁའི་དཀྱིལ་ན་གྱི་ལིང་འཚེར་སྐད་སྒྲོགྈ ལྷོ་ནགས་མའི་གསེབ་ནས་རྒྱ་སྟག་སྡེར་བཞི་བསྒྲདྈ ནུབ་གངས་སྟོད་རྩེ་ནས་ཐང་དཀར་གཤོག་སྒྲོ་བརྒྱངསྈ བྱང་འབྲོང་གཡག་རྭ་ཕྱར་མེ་ཆེན་འབརྈ དེ་ལ་ཕན་པའི་བཟང་དྲུག་ནུས་ལྡན་ཞིགྈ ལྷོ་ལྗོན་ཤིང་འདབ་རྒྱས་གླིང་ན་ཡོདྈ དེ་ཡོད་ཀྱང་མགོ་ནག་ཏི་འཁོར་བསྈ སྨན་མི་ཕན་དུག་ལ་སྨན་པར་འཛིནྈ སྨན་བཙལ་པས་དུག་གི་ཁ་རླངས་ཕོགྈ ཡ་རོང་སྤྲེ་འུའི་ཚ་བོ་ཕྲག་དོག་མཁསྈ མགོ་ནག་མི་ལ་ཁྲེལ་མེད་དུག་མཚོ་བརྡོལྈ བོད་ཡུལ་ཁམས་ན་སྐྱིད་པའི་གོ་སྐབས་མེདྈ ནམ་མཁའི་ཁམས་ན་བྱ་ཁྱུང་རྩལ་གསུམ་རྫོགསྈ སྤྱན་མིག་ཁྲ་བོས་གླིང་བཞི་ཡོངས་ལ་གཟིགསྈ སྤྲུལ་པའི་བུ་ཡུག་འཛམ་གླིང་གནས་སུ་ཁྱབྈ འཇིགས་པ་སྟག་གི་ངར་བསྒྲགས་པསྈ སྤྲེ་འུ་ལྗོན་ཤིང་རྩེ་མོ་ནསྈ སྡོང་རྩར་ལྷུང་གྱུར་ཨ་ཙ་མྈ དེ་འདྲའི་དུས་ལ་མ་སླེབ་གོངྈ རིག་འཛིན་པདྨར་གསོལ་འདེབས་རེམྈ པདྨའི་ཚེས་བཅུ་བྱུང་རེས་ཀྱིྈ ཅི་ཡོད་ཚོགས་ཀྱི་འཁོར་ལོར་བཤམྈ རྩ་གསུམ་ལྷ་ཚོགས་མཉེས་པར་གྱིསྈ སྙིགས་དུས་ལྟ་སྤྱོད་ཡ་བྲལ་དུསྈ གནས་ངན་མི་ནག་གྲོང་ཡུལ་དུྈ འགྲོ་འདུག་བྱ་བྲེལ་མ་མང་བརྈ པདྨས་བྱིན་བརླབས་སྦས་ཡུལ་དུྈ སྒོ་གསུམ་སྒྲུབ་ལ་བརྩོན་པར་གྱིསྈ དེང་སང་གངས་ཅན་བོད་ཡུལ་འདིརྈ བདུད་དང་འགོང་པོའི་སྤྲུལ་པ་མངྈ ཆོས་བྱེད་དམོད་ཅིང་སྡིག་བྱེད་བསྟོདྈ རྫུན་དང་ཟོག་གིས་འགྲོ་བ་བསླུྈ མ་གྲོལ་གྲོལ་བརྫུའི་སྨྱོ་སྤྱོད་དརྈ རྒྱལ་ཁམས་ཞོར་དཀྲུགས་གྲུབ་ཐོབ་འབྱུངྈ མྱ་ངན་དུཿཁས་འགྲོ་བ་མནརྈ ཡ་མ་ཟུང་གི་ཆོས་ལོག་ཡོངྈ ཡར་ལ་བསྡུས་ཤིང་མར་ལ་དཀྲུགསྈ ཕར་དཀྲུགས་ཚུར་དཀྲུགས་བྱས་པ་ཡིསྈ གསང་སྔགས་ཡིན་ཞེས་ལམ་ལོག་འཁྲིདྈ དུག་ལྔས་བཅིངས་པའི་ཆོས་ལོག་གིསྈ འགྲོ་ཀུན་རྒྱལ་ཁམས་ཕུང་བར་འགྱུརྈ རི་འུར་གནམ་འུར་ས་འུར་འབྱུངྈ གཟའ་ཡན་སྐར་ཡན་ནམ་མཁར་འཆརྈ ནད་རིམས་མཚོན་དང་མུ་གེ་དརྈ མཐའ་ཡི་དམག་དཔུང་དབུས་སུ་འགྲིམྈ དམ་ཉམས་སློབ་མ་སེང་ལྟར་འགྱིངྈ ཟོག་པོ་རིན་ཆེན་གསེར་ལས་བྲིནྈ ཆོས་སྐད་ཟབ་མོ་མི་ནག་གླེངྈ ཆོས་བྱེད་མི་ལ་བདུད་དུ་བལྟྈ སྙིགས་དུས་སེམས་ཅན་དུག་ལྔ་རགསྈ དེ་ཕྱིར་རང་ཉིད་དམན་ཆ་བཟུངྈ པདྨས་སྦས་པའི་ཡུལ་དབུས་སུྈ ཐུགས་རྗེ་ཆེན་པོའི་སྒྲུབ་རྒྱུན་ཚུགསྈ རྫོགས་པ་ཆེན་པོའི་གནས་ལུགས་སྐྱོངསྈ ཞེས་གསུངས་ནས་འཇའ་ཚོན་དམར་ནག་གི་འཚུབ་མ་འཁྱིལ་ལེ་བ་བྱས་ནས་ནམ་མཁའི་མཐོངས་སུ་ཡལ་སོངྈ གང་བྱུང་རྫུན་ཚིག་ཏུ་བྲིས་པའོྈ ཨེ་ཀ་ཛཱ་ཏིས་སྲུངས་ཤིག་རཀྵྈ ྈྈ འཇའ་ལུས་འོད་ཕུང་རང་གྲོལ་ལསྈ ལས་ཚོགས་འདོད་དགུའི་བང་མཛོད་བཞུགས་སོྈ ན་མོ་གུ་རུ་ཛཱ་ཧ་བཱིརྈ རྣལ་འབྱོར་དབང་ཕྱུག་ཞབས་ལ་ཕྱག་འཚལ་ལོྈ དེ་ཉིད་ཞལ་ནས་ལེགས་གསུངས་གདམས་པའི་མཆོགྈ ནད་གདོན་ཞི་བྱེད་འདོད་དགུའི་བང་མཛོད་འདིྈ འགྲོ་ལ་ཕན་ཕྱིར་ཅུང་ཟད་བྲི་བར་བྱྈ ཅེས་པས་དེ་ལ་དང་པོ་ལུས་ཀྱི་རྨ་འབྲས་གསོ་བ་ནིྈ ཨོཾ་ཤིག་ཤིག་འབར་བ་སོདྈ ཅེས་བཟླས་ཤིང་སྔགས་ཆུ་ཁོང་དུ་བཏངྈ རྨ་འབྲས་བྱུང་སར་སྔགས་མཆིལ་བཏབྈ གཉིས་པ་ལུས་ཀྱི་རྨ་ཤུ་གསོ་བ་ནིྈ ཐལ་ཆེན་ཐར་ནུ་ཆུ་རྩ་བསྲེགས་པ་རྣམསྈ ཞིབ་བཏགས་མར་རྙིང་སྦྱར་བ་ཤུ་བར་བྱུགསྈ ཤུ་འབྲས་གསར་རྙིང་མ་ལུས་སོས་པར་འགྱུརྈ གསུམ་པ་ལུས་ཀྱི་རྩ་འཆུས་གསོ་བ་ནིྈ སརྦ་རྩ་ཁྲི་རྦད་ནན་སྭཱ་ཧཱྈ ཅེས་བཟླས་ཕོ་ལ་མདའ་དང་མོ་ལ་འཕངྈ མང་དུ་བསྒྲིལ་བས་ནད་ལས་གྲོལྈ བཞི་པ་ལུས་ཀྱི་གྲང་ནད་གསོ་བ་ནིྈ ཚོན་སྐུད་སྣ་ལྔའི་སྲད་བུ་ལྈ མདུད་པ་བདུན་རྒྱབ་ཧཱུྃ་དུ་བསམྈ ཧཱུྃ་ལས་མེ་འབར་ནད་གདོན་བསྲེགསྈ སྔགས་འདི་ཉི་ཤུ་རྩ་གཅིག་བཟླྈ ཨོཾ་བཛྲ་ཀྲོ་ཏ་སྲིན་མོ་ཧུར་ཐུཾྈ སྲིན་མོའི་སྙིང་ལ་མཱ་ར་ཡ་རྦདྈ དེ་ནས་སྲུང་སྐུད་སྐེད་ལ་བཏགསྈ ལྔ་པ་ཁྱི་རྨུགས་རྨ་མེད་བྱེད་པ་ནྈ མི་དེའི་མིང་ནས་བོས་ལ་ང་ལ་ཁྱིས་རྨུགས་སོ་ཞེས་ཟེར་ནས་ཕེར་ཆེན་གསུམ་རྒྱབྈ སྔགས་འདི་གསུམ་བཟླསྈ ཨོཾ་མུ་ལི་ཁྱི་ལི་ནད་སོས་ཤིགྈ ཅེས་པས་རྨ་ལ་འདེབས་རྨ་དཀྲིས་ཁ་སྲུང་མི་དགོསྈ དྲུག་པ་ཁྲག་གཅོད་པའི་གདམས་པ་ནིྈ ཨོཾ་ཁྲག་ཉག་རཾ་རཾ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱྈ མཐེ་བོ་ཆེ་དང་རྡོ་གྲང་ལ་བཏབ་ན་ཆད་པར་འགྱུར་རོྈ བདུན་པ་སྣ་ཁྲག་མངལ་ཁྲག་གཅད་པ་ནིྈ རང་གི་བརླ་ཤའི་དྲེག་པ་དང་ཆུ་སྦྱར་སྔགས་ཆུ་ཁོང་དུ་བཏངྈ དེས་སྣ་ཁྲག་མངལ་ཁྲག་ཆོདྈ བརྒྱད་པ་སྐྱ་རིབ་སྔོ་རིབ་སེལ་བ་ནིྈ ཨོཾ་ཀ་ཙ་ཀ་བྷི་ར་ཡ་སོལ་སོལ་སྭཱ་ཧཱྈ ཆུ་གཙང་ངམ་སྔགས་མཆིལ་མིག་ལ་བྱུགསྈ སྔགས་བཟླས་ཕུ་ཡིས་བཏབ་གྱུར་ནྈ མིག་ནད་ཐམས་ཅད་སེལ་བར་འགྱུརྈ དགུ་པ་མིག་གི་སྲིན་ཐོར་སེལ་བ་ནིྈ ཨོཾ་སྲིན་ཤིྈ སྲིན་སོདྈ བྲ་སོ་བྲ་ཤི་བྲ་སོདྈ ལན་མང་དུ་བཟླས་ཏེ་སྔགས་མཆིལ་མིག་ལ་བཏབ་པའམྈ ཤ་གསར་ལ་སྔགས་ཏེ་མིག་ལ་ཡུད་ཙམ་ཕྱིས་ན་ཕནྈ བཅུ་པ་མིག་ལ་གྲམ་རྡུལ་ཤོར་ནྈ ཨོཾ་ལཾ་དན་ཏི་སྭཱ་ཧཱྈ ཞེས་བཟླས་མིག་དང་སྣ་བུག་ཏུ་ཕུས་འདེབས་སོྈ དེས་མིག་རྡུལ་གྲྭ་མ་སེལ་བར་འགྱུར་རོྈ བཅུ་གཅིག་འགོ་བའི་རིམས་ནད་སྲུང་བ་ནིྈ ཨོཾ་ཨ་དྷུ་ཏེྈ ཤར་ཀ་ཏེྈ ཀུག་ལ་ཏེྈ ཏེ་མ་དུ་ཏེྈ ཨ་ཝ་ཡ་ཏེ་སྭཱ་ཧཱྈ ཐོ་རངས་ཉི་ཤུ་རྩ་གཅིག་བཟླྈ རིམས་ནད་མ་ལུས་བསྲུང་བར་འགྱུརྈ བཅུ་གཉིས་གློ་རྒན་ལུད་པ་སེལ་བ་ནིྈ ཨོཾ་ཨར་ལ་ཕར་ཕྱུ་ཤེས་ཙ་སྭཱ་ཧཱྈ སུམ་བརྒྱ་བཟླས་ལ་གངས་ཆུར་བཏབྈ ཐོ་རངས་ལྟོ་སྟོང་ཁོང་དུ་བཏངྈ དེས་ནི་གློ་རྒན་ལུད་པ་སེལྈ བཅུ་གསུམ་ཆར་གཅོད་མན་ངག་ནིྈ ཨོཾ་ཙཀྲ་རྦད་རྦདྈ དུམ་དུམྈ ཆིལ་ཆིལ་ཕཊ་སྭཱ་ཧཱྈ ལོ་མ་སོང་བའི་ཚྭ་རྩི་གསར་པ་ལ་སྔགས་སུམ་བརྒྱ་བཟླས་ཏེ་ཕྱོགས་བཞིར་ཕུས་འདེབས་སོྈ བཅུ་བཞི་པ་ཁ་བ་སྲུང་ཐབས་ནིྈ ཨོཾ་ནཱ་ག་འཆིལ་འཆིལ་ཕུྈ ཡཾ་རཾ་ཕུྈ ཞེས་སྟོང་ཕྲག་གསུམ་བཟླས་ཏེ་དར་སྔོན་པོས་ཡུག་ཡུག་བྱ་ཞིང་ཕུ་འདེབསྈ དར་དམར་ལ་སྔགས་འདི་བྲིས་ཏེ་དར་ལྕོག་བཙུགསྈ བཅོ་ལྔ་གཅན་གཟན་སྲུང་ཐབས་ནིྈ ཨོཾ་དཀར་བྲམ་ཟེ་སོདྈ དམར་བྲམ་ཟེ་སོདྈ སྡེ་བརྒྱད་ཁ་ཁོགྈ སྤྲེ་ཏེ་རས་ཙེ་ཁ་ཐུཾ་སྭཱ་ཧཱྈ ལུག་ནག་པོའི་སོག་པ་གཡས་པའི་བལ་ལ་སྲུང་སྐུད་བཅོསྈ རྡོ་རྗེའི་མདུད་པ་དགུ་རྒྱབ་གསུམ་དཀྲིས་བྱས་ཏེྈ གང་སྲུང་བའི་སོག་པ་གཡས་པའི་སྟེང་དུ་འདོགསྈ དེ་ཡིས་རི་ཁྱི་ཁ་ཆིངས་འགྱུརྈ བཅུ་དྲུག་པ་ནད་བརྒྱ་སྔགས་གཅིག་ནིྈ ཨོཾ་ན་མ་ཏ་པ་ཤ་ནི་ཧཱུྃ་ཕཊྈ ཡིག་འབྲུ་དགུ་པ་འདི་ཉིད་ནིྈ ནད་རིགས་ཀུན་གྱི་གཉེན་པོ་ཡིནྈ བཅུ་བདུན་མི་རྒོད་ཁ་འཆིང་ནིྈ རྫས་དང་སྔགས་དང་ཏིང་འཛིན་གསུམྈ རྫས་ནི་ཕོ་འབྲོང་རྔ་མ་དངྈ བྱ་རྒོད་རྒྱུས་པ་ཕྱི་བསྒྲིལ་ལྈ མདུད་པ་བདུན་བྱས་སྔགས་འདི་བཏབྈ ས་དུ་རྦད་སྭཱ་ཧཱྈ རང་ཉིད་ཨ་ཙརྱ་མིག་ཆེ་ལ་སྣ་རྒྱུད་རིང་བྈ རལ་པའི་ཐོར་ཚུགས་ཅན་དུ་བསྒོམྈ དགྲ་ཇག་རྣམས་ལྕགས་ཀྱི་ཕ་བང་དུ་བསྒོམ་སྟེྈ ལུས་ཀྱིས་འགུལ་མི་ཤེསྈ ངག་གིས་སྨྲ་མི་ཤེསྈ ཡིད་ཀྱིས་བསམ་མི་ཤེས་པར་བསམ་ལྈ སྔགས་བཟླས་མདུད་པར་བཏབ་ལ་དམ་དུ་བསྡམྈ དེ་ཡིས་མི་རྒོད་རེངས་པར་འགྱུརྈ བཅོ་བརྒྱད་དགྲ་བགེགས་སྒྲོལ་བ་ནིྈ རྫས་ནི་དགྲ་བོའི་རྗེས་ས་གཡོན་པ་དངྈ ཡུགས་ས་མ་སྟག་ལོ་མའི་ཕུ་དུང་གཡོན་པ་དངྈ རེ་ལྕག་པ་ཐང་ཕྲོམ་པ་གཉིས་ཞིབ་པར་བཏགསྈ གོང་གི་རྗེས་ས་དང་ཡོ་བསྲེས་ལྈ སྲེ་མོང་ངམ་ཁྱི་གུ་ནག་པོའམ་ཨ་ལི་ནག་པོའི་རླིད་བུ་གང་རུང་དུ་བཅུགྈ ཕོ་ལ་ལྕང་མ་མོ་ལ་ཤུག་པའམ་སྐྱེར་ཕུར་བརྡུངྈ ཉི་མ་ཕྱེད་ལ་དགྲ་བོ་སྦོས་པ་ཡོངྈ གུས་པས་བཏུད་ན་རྫས་དེ་བཏོན་ལ་རླིད་བུ་ཕྱིར་ལོག་བྱྈ མེ་ལ་ཡུག་ཡུག་བྱས་པས་གྲོལ་བར་འགྱུརྈ པྲ་ཏི་པ་ཏ་ཏི་ཁ་རི་ཁོ་རིྈ ཞེས་སྔགས་འདི་ཉེར་གཅིག་བཟླསྈ དེ་ནི་རྐྱལ་འབུད་མན་ངག་ཡིནྈ དེ་ནས་སྒང་འབུད་བྱེད་པ་ནིྈ རྫས་ལ་ར་རྒྱ་བོའི་སྒང་ཕུག་ཡུགས་སའི་སྐྲ་སྐུདྈ དགྲ་བོའི་རྗེས་སྈ སྐྱེར་ཕུར་གཅིག་སྐྱེསྈ རྐང་ས་མིང་ཡིག་ལྒང་ཕུག་ནང་དུ་བཅུགྈ ཡུགས་སའི་སྐྲ་སྐུད་ཀྱིས་ལྒང་ཕུག་ཁ་བཀྱིགས་བྱྈ སྐྱེར་པ་གཅིག་སྐྱེས་ཕུར་པས་བརྡུང་ཞིངྈ སྔགས་འདི་ཁྲི་ཕྲག་བཟླྈ དུར་རྦད་སོདྈ བསད་ན་ལྒང་ཕུག་གི་དབུགས་བཙན་ཐབས་སུ་བཏངྈ མི་བསད་ན་དལ་བུས་བཏངྈ དམ་ཉམས་དགྲ་བོ་བརླག་པར་འགྱུར་རོྈ བཅུ་དགུ་པ་མུ་ཏྲ་དབང་སྡུད་ནིྈ སྒྲུབ་པ་དང་ལས་སྦྱོར་གཉིས་ལསྈ ཐོག་མར་སྒྲུབ་པ་ནིྈ ཆུ་ཤུལ་ས་ལ་དེའི་གཟུགས་བྱྈ རཀྟ་དང་ནི་གྷི་ཧང་གིསྈ མིང་རུས་བྲིས་ལ་སྙིང་ཁར་བཅུགྈ རང་ཉིད་རྣལ་འབྱོར་དབང་ཕྱུག་བསྒོམྈ ཟངས་ཁབ་སྔགས་ཀྱིས་བྱིན་བརླབས་པསྈ མོ་ཡི་བྷ་གར་བསྒུལ་ཞིང་དཀྲུགསྈ ཤིན་ཏུ་ཆགས་པའི་ཡིད་ཀྱིས་ནིྈ སྔགས་འདི་ཁྲི་ཕྲག་གསུམ་དུ་བཟླསྈ བཾ་ཧ་རི་ནི་ས་ཆེ་གེ་མོ་ལ་ཨཱ་ཀརྴ་ཡ་ཛྈ རྣམ་ཤེས་བྲེང་བྲེང་དུང་དུངྈ བདག་གི་དབང་དུ་གྱུར་ཅིགྈ ཅེས་བཟླས་སྔགས་དེ་ཡང་ཡང་བསྒུལྈ དེ་ནས་ལས་སྦྱོར་བྱེད་པའི་ཚེྈ སྟོང་ཕྲག་གཅིག་དང་བརྒྱ་རྩ་བརྒྱདྈ གང་ཡིན་ཟས་ལ་འདི་ཉིད་བཟླྈ ཡེམ་ཡེམ་ཁཾ་ཁཾ་ཙག་ཙག་དུང་དུང་ཆེ་གེ་མོའི་ཡིད་ཀྱི་རྣམ་པར་ཤེས་པ་ཁུག་ནྲྀ་ཛྈ ཇི་ལྟར་ཡིན་ཡང་རང་གི་དབང་དུ་འདུསྈ ཉི་ཤུ་ཟས་ངན་དུག་སྦྱོར་བསྲུང་བ་ནིྈ རང་ཉིད་སྨན་གྱི་ལྷ་མོ་སྨན་གྱི་ལོ་མ་གྱོན་པའམྈ རྨ་བྱར་བསྒོམས་ལ་སྔགས་འདི་བཟླྈ ཧ་ས་ཅོ་གེྈ བར་ཏ་ཏ་ན་མ་ཧཱུྃྈ ཙརྱ་བ་ཏྈ ཧ་རི་རུ་པ་སྈ དྲན་པ་གསུམ་ལྡན་ངང་ནས་བཟླྈ ཟས་ངན་དུག་སྦྱོར་བསྲུང་བར་འགྱུརྈ ཉེར་གཅིག་བྷི་ཤ་འཇོམས་པའི་མན་ངག་ནིྈ ཨོཾ་མ་ཧཱ་བི་ཊེ་ན་བྷྱོྈ བཱི་ཀ་ཀྲོྈ བི་ཏིང་གི་ཏི་བིྈ ཞེས་པ་འདི་ཉིདྈ ཨ་རུ་ར་གསེར་མདོག་ལ་བཏབ་སྟེ་ནད་པ་ལ་སྦྱིནྈ དུག་ཉེན་ཡོད་སར་ཟས་རང་གི་མདུན་དུ་བྱུང་ཚེ་ཅོག་ཙེའམ་སྡེར་གདན་གང་རུང་ལྈ སོར་མོའི་སྒྲ་དྲག་ཏུ་འབྱིན་ཞིངྈ བཟའ་བཏུང་གི་ཚོགས་ལ་མིག་ཆེར་ལྟ་སྟངས་ངང་ནསྈ སྔགས་འདི་ཉིད་བཟླའོྈ ཨོཾ་ཀཾ་རི་ཀཾ་ཀ་རོ་ཀ་རི་ཀརྨ་གུ་རུ་ཛཱིྈ དྷརྨ་གུ་རུ་ཛཱིྈ གུ་རུ་ཧ་རིྈ སི་ཏི་ཕ་ལ་ཧོྈ ཀརྨ་གུ་རུ་ཕ་ལྈ དྷརྨ་གུ་རུ་ཕ་ལྈ ཤོ་མོ་གུ་རུ་ཕ་ལྈ ཤོ་མོ་ན་ཏ་ཕ་ལྈ ཀརྨ་གུ་རུ་ཨུ་ཁྲ་ཙ་ལེ་ཙ་ལེྈ དྷརྨ་གུ་རུ་ཨུ་ཁྲ་ཙ་ལེ་ཙ་ལེྈ གརྒ་ནཱ་གི་སོདྈ ནཱ་གི་དུག་སོད་གུ་རུ་ཧ་ས་ཏིྈ ནཱ་གི་རྦདྈ ནཱ་གི་དུག་སོདྈ གོང་བསྙེན་ཁྲི་ཕྲག་གཅིག་ཡིན་ནོྈ ཉེར་གཉིས་པ་དངུལ་ཆུ་བཅུད་ལེན་ནིྈ རང་ཉིད་ཡེ་ཤེས་མཁའ་འགྲོ་དཀརྈ དབུ་སྐྲ་གྱེན་འཁྱིལ་སྤྱན་གསུམ་བསྒྲདྈ སྐུ་ལ་རུས་པའི་རྒྱན་དྲུག་མནབྈ གྲི་གུག་ཐོད་ཁྲག་འཛིན་པར་བསྒོམྈ ཨོཾ་བཛྲ་ཏྲི་ཏྲིྈ དངུལ་ངར་སོདྈ མཚལ་ངར་ཞིྈ དངུལ་དུག་ཐམས་ཅད་ཉལ་ཉལ་སྭཱ་ཧཱྈ སུམ་བརྒྱ་བཟླས་ནས་དངུལ་ཆུར་བཏབྈ ཆང་བཟང་བྲེ་ཕྱེད་ཡན་གྱིས་ཕུལྈ ཟ་ཚད་བཞི་ནམ་རེ་རེ་ཡིནྈ དེ་ཟོས་ཏིང་འཛིན་འཕེལ་བ་དངྈ ཤ་དུག་སྦྱར་དུག་དབྱིག་དུག་དངྈ དུག་རིགས་ཀུན་ལ་གཉེན་པོར་འགྲོྈ གག་ལྷོག་གཟེར་གསུམ་འགོ་བའི་ནདྈ བཞི་བརྒྱ་རྩ་བཞིའི་ནད་ཀུན་འཇོམསྈ གཞན་ཡང་ཕན་ཡོན་བསམ་ལས་འདསྈ ཉེར་གསུམ་རྐུན་མ་བསྲུང་བ་ནིྈ མིས་མ་འགོང་པའི་རྡེ་འུ་ལྈ སྔགས་འདི་ཅི་མང་བཏབ་ནས་གང་བསྲུང་ལ་བཏགས་པའོྈ ཨོཾ་བ་ར་བ་ར་སྭཱ་ཧཱྈ ཞེས་བཟླས་བཏགས་པས་རྐུན་མ་ཐུབྈ ཅེས་འཇའ་ལུས་འོད་ཕུང་རང་གྲོལ་གྱིྈ ལས་ཚོགས་དགོས་འདོད་ཀུན་འབྱུང་འདི་ཉིདྈ འཇའ་ལུས་སྣང་སྟོང་རང་གྲོལ་ཞེས་པ་བདགྈ འདོད་དགུའི་འབྱུང་གནས་བལ་ཡུལ་གནས་བསྐོར་བྱེད་ཚེྈ འཕགས་པ་ཤིང་ཀུན་གྱི་ཙོ་བ་རར་ཉམས་ཟིར་དུ་བྱུང་བ་བཞིན་ཡི་གེར་བྲིས་པའོྈ གཟའ་མཆོག་འཇིགས་བྱེད་ཆེན་པོས་སྲུངས་ཤིག་བཛྲ་རཀྵ་རཱ་ཧུ་ལ་སི་ཧཱུྃྈ སརྦ་མངྒ་ལཾ། །དགེའོ།། །།
གཤིན་རྗེ་ཚེ་བདག་ནག་པོ་ལས༔ ཤོག་དྲིལ་བཞི་པ་ (Volume 18, Text 4)
གཤིན་རྗེ་ཚེ་བདག་ནག་པོ་ལས༔ ཤོག་དྲིལ་བཞི་པ་བཞུགས༔ ༁ྃ༔ ྈ འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ༔ ཕྲིན་ལས་ཀྱི་སྔོན་དུ་འགྲོ་བ་རྣམས་སྤྱི་ལྟར་བཏང༔ དངོས་གཞི་ཏིང་གསུམ་རྒྱུའི་ཨེ་ལས་སྲོག་ཡིག་རྣམས་འཕྲོས་པས་འབྱུང་བ་རིམ་བརྩེགས་ཀྱི་སྟེང་དུ༔ ཨེ་ལས་ཨེ་ཀ་ཛཱ་ཊི་ཟིལ་གནོན་འཁྱུད༔ སྦྱོར་བས་འོད་ཞུ་དེ་ཡི་འཕྲོ་འདུ་ལས༔ རིན་ཆེན་དུར་ཁྲོད་གཞལ་ཡས་ཁང་པ་ནི༔ མཆོད་རྟེན་དབྱིབས་ཅན་དུར་ཁྲོད་ཆས་ཀྱིས་བརྒྱན༔ འཁོར་ལོ་བཅུ་གཉིས་ཟླ་གམ་ཨེ་ཡི་ཀློང༔ ཕོ་བྲང་གླིང་དགུར་དབུས་སུ་རྡོ་རྗེའི་བྲག༔ ཆུ་གླང་ཟུང་བརྒྱད་རུ་ཏྲ་པད་ཉིའི་སྟེང༔ ཨེ་ལས་ཕྱག་རྒྱ་ཟིལ་གནོན་སྐུ་མདོག་ནག༔ གཡས་དཀར་གཡོན་དམར་དབུས་ནག་སྤྱན་དགུ་བསྒྲད༔ ཞལ་གདངས་མཆེ་གཙིགས་སྨ་ར་ཨག་ཚོམ་འབར༔ དབུ་སྐྲ་ཐུར་འཕྱང་ཐོད་སྐམ་ཁྲག་འཐུང་ལྔ༔ རིན་ཆེན་རྩེ་བྲན་བརྒྱན་ཅིང་དབུ་གཙུག་ལ༔ ཡེ་ཤེས་ཁྱུང་ཆེན་མཐིང་ནག་འབར་བས་བརྒྱན༔ ཕྱག་དྲུག་དང་པོས་མཚོན་ཆའི་འཁོར་ལོ་བསྐོར༔ བེ་ཅོན་འབར་བ་རྡོ་རྗེ་གཏུན་ཤིང་དང༔ ཐ་མ་གཉིས་ཀྱིས་རལ་གྲི་དགྲ་སཏྭ་འཛིན༔ རྡོ་རྗེའི་གོ་ཁྲབ་དུར་ཁྲོད་ཆས་རྣམས་རྫོགས༔ ཡུམ་ཆེན་བེ་ཏཱ་ལི་ནི་སྨུག་ནག་ལ༔ སྙིང་དང་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད༔ གཉིས་མེད་སྦྱོར་བའི་འཕྲོ་འདུ་ལས་བྱུང་བའི༔ ཕྱོགས་མཚམས་གླིང་བརྒྱད་རུ་ཏྲ་བརྫིས་པའི་ཁྲིར༔ ཤར་དུ་ཕྱག་ན་རྡོ་རྗེ་མཐིང་ནག་ལ༔ རྡོ་རྗེ་དྲིལ་བུ་འཛིན་ཅིང་དུར་ཁྲོད་ཆས༔ ལྷོ་རུ་ཡ་མ་རཱ་ཛ་སེར་ནག་ལ༔ མཚོན་ཆའི་འཁོར་ལོ་ཐུན་ཁྲག་ཕྱག་ན་བསྣམས༔ ནུབ་ཏུ་རུ་སྦལ་རྔམས་པ་མི་ཟན་ནི༔ དུག་སྨེ་མཚོན་ཆའི་སྤུ་དང་མཆོད་རྟེན་བརྒྱན༔ བྱང་དུ་ཤེལ་གྱི་མཁའ་ལྡིང་དཀར་པོ་ནི༔ རྡོ་རྗེའི་མཆུ་ཅན་སྤུ་གྲིའི་གཤོག་པ་འབར༔ ཤར་ལྷོར་ལྷ་ཡི་གཤེད་པོ་སེང་གེའི་དབུ༔ ལྷོ་ནུབ་སྲིན་པོའི་གཤེད་ཆེན་སྟག་གི་དབུ༔ ནུབ་བྱང་ཀླུ་ཡི་གཤེད་ཆེན་སྦྲུལ་གྱི་དབུ༔ བྱང་ཤར་གནོད་སྦྱིན་གཤེད་པོ་ཁྱུང་གི་གདོང༔ ཐམས་ཅད་རང་འདྲའི་ཡུམ་ཅན་གྲི་ཐོད་འཛིན༔ ཟླ་གམ་མདུན་མར་ཀླུ་སྟོང་ས་བདག་ཁྲིར༔ ལས་ཀྱི་ཚེ་བདག་དབུ་དགུ་ཕྱག་བཅོ་བརྒྱད༔ ཁྱུང་གསུམ་སེང་གེ་ཁྲོ་བོའི་བཞིན་ཅན་ལ༔ མཚོན་ཆ་སྣ་ཚོགས་འཛིན་ཅིང་དུར་ཁྲོད་ཆས༔ གཡོན་དུ་སྲོག་བདག་བྱ་རོག་མགོ་བཅུ་པ༔ ཕྱག་ནི་ཉི་ཤུས་མཚོན་ཆ་སྣ་ཚོགས་འཕེན༔ གཡས་སུ་འཆི་བདག་ཆུ་སྲིན་སྦྲུལ་མགོ་དགུ༔ རལ་གྲི་ནད་རྐྱལ་ཐོགས་ཤིང་སྦྲུལ་མཇུག་ཅན༔ འཁོར་ལོ་བཅུ་གཉིས་རྩིབས་དབུས་ཐམས་ཅད་ལ༔ ཡ་མ་རཱ་ཛ་མྱོས་བྱེད་དམར་པོ་དང༔ ཨཱརྻ་མེ་རུ་རལ་པ་ཚར་དགུ་རྣམས༔ མཐིང་སེར་དམར་ལྗང་རལ་གྲི་ཐོད་ཁྲག་འཛིན༔ རང་འདྲའི་ཡུམ་ཅན་རུ་སྦལ་གཡང་གཞི་གསོལ༔ གཡས་རྩིབས་རྣམས་སུ་དུང་མོན་སེང་གེའི་མགོ༔ ལྕགས་མོན་སྟག་མགོ་བསྭེ་མོན་དྲེད་ཀྱི་མགོ༔ གསེར་མོན་ཁྱུང་མགོ་དཀར་མཐིང་དམར་སེར་མདོག༔ རང་འདྲའི་ཡུམ་ཅན་སྤུ་གྲི་ཐོད་ཁྲག་བསྣམས༔ རྩིབས་གཡོན་རྣམས་སུ་འཆི་བདག་བཞི་པོ་ནི༔ ཁྲོ་བོའི་བཞིན་ཅན་བེ་ཅོན་ཐོད་ཁྲག་བསྣམས༔ སྲོག་བདག་བཞིས་འཁྱུད་དུར་ཁྲོད་ཆས་ཀྱིས་བརྒྱན༔ གྲུ་ཆད་ནང་དུ་ཐོད་མཁར་བཅུ་གཉིས་ལ༔ ཟླ་བའི་འཆི་བདག་ཡབ་ཡུམ་བཅུ་གཉིས་རྣམས༔ སྣ་ཚོགས་མདོག་ཅན་སྤུ་གྲི་ཁྲམ་ཤིང་བསྣམས༔ ཁྱམས་ལ་ཞག་གི་འཆི་བདག་སུམ་ཅུ་གཉིས༔ དྲེལ་གླང་བྱ་དང་དྲེད་ཞོན་འཇིགས་པའི་གཟུགས༔ འོབས་ཆེན་ཐོད་མཁར་རྣམས་ཀྱི་ནང་དུ་གནས༔ སྒོ་བཞིར་དྲེགས་པ་སྡེ་བཞི་ཡུམ་དང་བཅས༔ ཕྱི་རོལ་མུ་ཁྱུད་ལྕགས་མཁར་དྲུག་ཅུ་ལ༔ གཤིན་རྗེ་བདུན་བརྒྱ་ཉི་ཤུའི་ཚོགས་བཅས་གསལ༔ སྐུ་གསུང་ཐུགས་ཀྱི་ཡིག་འབྲུའི་འོད་ཟེར་གྱིས༔ རྒྱལ་བའི་ཡེ་ཤེས་བསྡུས་ཏེ་བྱིན་གྱིས་བརླབས༔ སྤྱི་བོར་གནས་ལྔར་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ འཕྲོ་འདུས་རིགས་ལྔར་གྱུར་པའི་དབང་གི་ཆུས༔ ཉོན་མོངས་སྒྲིབ་སྦྱངས་ཡེ་ཤེས་ལྔ་དབང་བསྐུར༔ ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས༔ མ་གཤིན་འདུས་པའི་དཀྱིལ་འཁོར་སྤྱན་དྲངས་པར་བསམ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ནས༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ ཐུགས་དམ་གཉན་པོ་བདག་ལ་དགོངས༔ མི་མངོན་དབྱིངས་ནས་གཤེགས་སུ་གསོལ༔ ལྷོ་ཕྱོགས་གཤིན་རྗེའི་གྲོང་ཁྱེར་ནས༔ འཁོར་གྱི་གཤེད་ཆེན་གཤེགས་སུ་གསོལ༔ སྲིད་པ་གསུམ་པོར་གནས་བཅས་པའི༔ མ་མོའི་ཚོགས་རྣམས་གཤེགས་སུ་གསོལ༔ ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿ ཧཱུྃ༔ མཐིང་ནག་གྲུ་གསུམ་དཀྱིལ་འཁོར་དུ༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང༔ དགྲ་བགེགས་བསྣོལ་བའི་གདན་སྟེང་ན༔ འཁོར་དང་བཅས་པ་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ ཨེ་ཡི་ཀློང་ནས་བཞེངས་པ་ཡི༔ འཁོར་འདས་ཕྱག་རྒྱ་ཟིལ་གྱིས་གནོན༔ ཡེ་ཤེས་རྣམ་རོལ་ལྷ་ཚོགས་ལ༔ གཉིས་མེད་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ༔ དུར་ཁྲོད་རོལ་པའི་དཀྱིལ་འཁོར་འདིར༔ དགྲ་བགེགས་ཐམས་ཅད་བསྒྲལ་བ་ཡི༔ དབང་པོ་ནང་རོལ་དྲི་ང་བ༔ རྣམ་ཤེས་ཁྲག་དང་ཤ་རུས་ཟས༔ རྐང་གླིང་ཐོད་རྔའི་སྒྲ་རྣམས་ནི༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ མ་ཧཱ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཛ་ཧོ༔ ཧཱུྃ༔ དུག་ལྔ་རྣམ་དག་སྨན་ཆེན་པོ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི༔ རྨད་བྱུང་བདུད་རྩིའི་མཆོད་པ་འདི༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ༔ མཚན་དོན་སྦྱར་ཞིང་དངོས་གྲུབ་བླང༔ ཧཱུྃ༔ ལྕང་ལོར་བཅས་པའི་བྷནྡྷ་རུ༔ དགྲ་བགེགས་བསྒྲལ་པའི་དོན་སྙིང་ཁྲག༔ དམར་ཆེན་རྦ་རླབས་མཁའ་ལ་འཕྱོ༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ མ་ཧཱ་རཀྟ་པཱུ་ཛ་ཁ་ཧི༔ ཧཱུྃ༔ བྷནྡྷ་འབར་བའི་གཏོར་གཞོང་དུ༔ དགྲ་བགེགས་ཤ་ཁྲག་གཏོར་མར་སྦྱར༔ འདོད་ཡོན་རྣམས་ལྔས་རབ་སྤྲས་པ༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ མ་ཧཱ་བ་ལིན་ཏ་ཁཱ་ཧི༔ ཧཱུྃ༔ བདེ་སྟོང་གཉིས་མེད་རབ་སྦྱོར་ཞིང༔ གདུག་པའི་དགྲ་བགེགས་བསྒྲལ་བ་ཡི༔ བམ་ཆེན་གསང་བའི་ཚོགས་མཆོད་འདི༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ གཉིས་སུ་མེད་པར་ཐིམ་གྱུར་ནས༔ ཀ་དག་ཀློང་དུ་གྲོལ་བར་ཤོག༔ ཏ་ན་ག་ཎ་ཏི་ར་སིདྡྷི་དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་ངང་ཉིད་ལས༔ མ་འགགས་ལོངས་སྤྱོད་རྫོགས་པའི་སྐུ༔ མཚན་དང་དཔེ་བྱད་གཟི་བརྗིད་འབར༔ རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ༔ ཨཱ༔ གྲགས་སྟོང་བརྗོད་བྲལ་ཡེ་ཤེས་ལས༔ སྟོང་གསུམ་འཇིག་རྟེན་རབ་གཡོ་ཞིང༔ དྲེགས་པ་ཅན་རྣམས་ལས་ལ་འདུད༔ རྡོ་རྗེའི་གསུང་ལ་ཕྱག་འཚལ་ལོ༔ ཧཱུྃ༔ འཁོར་འདས་ཀུན་ལ་ཁྱབ་པ་ཡི༔ དམིགས་མེད་ཡེ་ཤེས་ཐུགས་རྗེར་ལྡན༔ སྙིང་རྗེས་འགྲོ་དོན་མཛད་པ་ཡི༔ རྡོ་རྗེའི་ཐུགས་ལ་ཕྱག་འཚལ་ལོ༔ ཧཱུྃ༔ འཁོར་གྱི་མ་གཤིན་དྲེགས་པའི་ཚོགས༔ ལས་ལ་མྱུར་ཞིང་བསྟན་པ་སྲུང༔ མཐུ་རྩལ་ནུས་པ་བསམ་མི་ཁྱབ༔ འཁོར་དང་བཅས་ལ་ཕྱག་འཚལ་ལོ༔ ཐུགས་ཀར་འཁོར་ལོ་རྩིབས་བརྒྱད་ཉི་མའི་སྟེང་དུ་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་འཁོར་བར་བསམས་ལ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ བསྙེན་པ་འབུམ་ཕྲག་བདུན༔ སྒྲུབ་པ་འབུམ་ཕྲག་གསུམ༔ སྒྲུབ་ཆེན་ལ་འབུམ་ཕྲག་གཅིག་བཟླ་བར་ཟླ་གསང་ནག་པོའི་རྒྱུད་ལས་གསུངས་སོ༔ སྔགས་སྡེབ་སོགས་ནི་ཡང་གབ་དུ་གསལ༔ ཡང་སྐུ་གསུང་ཐུགས་ཀྱི་སྔགས་བཟླ་བ་ནི༔ ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན༔ ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ༔ ཨེ་དུན་ཀ་ཡམ༔ གཙོ་འཁོར་ཐམས་ཅད་ཀྱི་སྤྱི་སྔགས་ཨྱཻ་རིང་ཡང་བཟླ༔ ལས་སྔགས༔ ཡ་མན་དཽ་རུ༔ ཎ་ཡོ་ད་ཡ༔ ས་དོ་མེ་ཡ༔ ཡ་ཀྵེ་ཡ་ཙ༔ ནི་ར་མ་ཡ་དགྲ་བོ་མཱ་ར་ཡ་ཕཊ༔ ཅེས་བཟླ༔ གཞན་ཡང་ལྕགས་ཐག་གསུམ་དང༔ སྟོང་སྲོག་གོང་འོག༔ གཡུ་སྤྱང་བཅུ་བཞི་སོགས་ལས་གང་དང་གང་ལ་སྦྱར་བ་དེ་བཞིན་བཟླ་བ་གབ་པའི་ཤོག་དྲིལ་དུ་ཤེས༔ གཞན་ཕྲིན་ལས་ཀྱི་མཇུག་རྣམས་སྤྱི་ཆིངས་ལྟར་བྱའོ༔ ས་མ་ཡ༔ རྒྱ༔རྒྱ༔རྒྱ༔ ྈྈྈ ཁོ་བོ་མཆོག་གྱུར་གླིང་པའི་གཏེར་མའོ།། །།
ཚེ་སྒྲུབ་ཨ་ཧཾ་མི་ཤིགས་དྭངས་མ་གསུམ་ལྡན་མ་ (Volume 20, Text 4)
ཚེ་སྒྲུབ་ཨ་ཧཾ་མི་ཤིགས་དྭངས་མ་གསུམ་ལྡན་མ་བཞུགས་སོ༔ ྈྈྈྈ ྈྈྈྈྈྈ བདེ་གཤེགས་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ རྩོད་ལྡན་བསྟན་པའི་སྙིགས་མ་ལ༔ མཐའ་རལ་དབུས་འཇིག་མགོན་མེད་དུས༔ དམ་ཆོས་སྤངས་ཤིང་དམེ་འཁྲུག་དར༔ དགེ་འདུན་དབྱེན་བྱེད་བཤད་གྲྭ་ཉམས༔ ཆོས་ཀྱི་ངོ་བོ་བསྒྲུབ་ལ་གཡེལ༔ དེ་དུས་ལས་ལྡན་སྐྱེས་བུ་དང༔ དགེ་སྤྱོད་རྒྱལ་པོའི་ཚེ་ཡི་མཐུད༔ ཟབ་པ་ལས་ཀྱང་ཆེས་ཟབ་པའི༔ གདམས་པའི་གནད་འདི་སྙིང་ལ་ཆོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བླ་མ་རིག་འཛིན་ལ་བསྟེན་ནས༔ དྭངས་མ་སྲོག་གི་གནད་བཅིང་བ༔ ཨ་ཧཾ་མི་ཤིགས་གསུམ་ལྡན་ནི༔ བདེ་བའི་སྟན་ལ་རབ་འདུག་སྟེ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ གནས་ཡུལ་བདེ་ཆེན་པདྨ་འོད༔ འགྱུར་མེད་ལྷ་ཡི་ཕོ་བྲང་དབུས༔ འཇའ་འོད་འཁྱིལ་བའི་གུར་ཁང་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་ཉིད་གུ་རུ་ཚེ་དཔག་མེད༔ ཆུ་ཤེལ་མདོག་མཚུངས་ཀུན་ནས་མཛེས༔ དྭངས་ཤིང་གསལ་ལ་རྙོགས་པ་མེད༔ ཞབས་གཉིས་སྐྱིལ་ཀྲུང་མཉམ་གཞག་སྟེང༔ འཆི་མེད་བུམ་པ་རཱ་གའི་མདོག༔ བདུད་རྩིས་ཀུན་ནས་གང་བར་བསྒོམ༔ དེ་ལྟར་རང་ཉིད་གསལ་བ་ཡི༔ རྩ་གསུམ་འདུས་པའི་སུམ་མདོ་རུ༔ པདྨ་དམར་པོ་ཉི་མའི་སྟེང༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ མཚན་དཔེ་རིན་ཆེན་དར་གྱིས་སྤྲས༔ སྐྱིལ་ཀྲུང་ཕྱག་གཉིས་ཚེ་བུམ་བསྣམས༔ དེ་ལ་བདུད་རྩིའི་བཅུད་ལུད་པས༔ རང་གི་སྤྱི་གཙུག་རྐང་སོར་ཡན༔ བ་སྤུའི་བུ་ག་ཚུན་གང་ཞིང༔ དེ་ལས་འོད་ཟེར་ཚོགས་འཕྲོས་པས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས༔ མཆོད་པའི་ཚོགས་ཀྱིས་མཉེས་བྱས་ནས༔ རིགས་དྲུག་ལ་ཕོག་སྡིག་སྒྲིབ་དག༔ ཀུན་ཀྱང་ཚེ་དཔག་མེད་པར་གྱུར༔ སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི༔ ཐུགས་ཀར་གཉིས་མེད་བདུད་རྩིའི་རྒྱུན༔ རང་གི་སྣ་བུག་གཡོན་པར་བབས༔ འཁོར་ལོ་རྣམ་ལྔ་རིམ་གྱིས་ཁེངས༔ རང་གི་ཁ་ནང་བ་སྤུའི་ཁུང༔ ཚེ་དཔག་མེད་པས་ཐེམ་འགགས་བསམ༔ སུམ་མདོའི་ཚེ་དཔག་མེད་པ་ཡི༔ ཐུགས་ཀར་ཐིག་ལེ་དཀར་དམར་གྱི༔ གོང་བུ་སྲན་མ་ཁ་སྦྱར་ཙམ༔ སྨིན་མཚམས་ཧཾ་ལས་ཐོབ་པ་ཡི༔ ཐིག་ལེ་དཀར་པོ་དྭངས་ཤིང་གསལ༔ མར་སྣེ་རྡོ་རྗེའི་རྩེ་མོའི་ནང༔ ཨ་ལས་ཐོབ་པའི་ཐིག་ལེ་དམར༔ གཉིས་ཀའང་རྒྱ་སྲན་འབྲིང་པོ་ཙམ༔ སུམ་མདོའི་ཡེ་ཤེས་ཚེ་དཔག་མེད༔ ཐུགས་ཀའི་མི་ཤིགས་ཐིག་ལེ་ལས༔ རྒྱ་སྲན་འབྲིང་ཙམ་ཡར་ཆད་ནས༔ སྨིན་མཚམས་སྲོག་འཛིན་ལ་ཟུག་པས༔ ཀ་བས་ཀ་ཞུ་བརྟེན་པ་བཞིན༔ དྭངས་མ་དཀར་ལ་འཁྲང་བར་བསམ༔ སླར་ཡང་ཚེ་ལྷའི་ཐུགས་ཀ་ནས༔ དྭངས་མ་དམར་པོ་གཉིས་མཆེད་ཚུལ༔ རྡོ་རྗེ་ནོར་བུའི་ཐིག་ལེར་ཟུག༔ ཀ་བས་ཀ་གདན་མནན་པ་བཞིན༔ དྭངས་མའི་སྣེ་གཉིས་ཐུགས་ཀར་ཟུག༔ མི་འགྱུར་བརྟན་པའི་ཚངས་ཐིག་ཡིན༔ ངག་བཟླས་སྲོག་གི་ཧྲཱིཿགཅིག་ཡིན༔ སྲོག་འཛིན་གནད་གཉིས་མ་འཁྱུགས་ན༔ ཚེ་སྲོག་རྡོ་རྗེའི་བྲག་ལས་སྲ༔ ཐོ་རངས་མི་ཚིག་མ་འདྲེས་པའི༔ ཐུན་འགོ་ཉིད་དུ་བསྒོམ་པ་ཡིན༔ འདི་ཉིད་ཉམས་ལེན་རིགས་ཀྱི་བུ༔ སྔོན་ལས་དུས་ཟད་མ་གཏོགས་པར༔ གནས་སྐབས་ཚེ་ཡི་བར་ཆད་ཀྱིས༔ དུས་མིན་འཆི་བ་འོང་རེ་ཀན༔ འདི་ནི་ཚེ་རྒྱུད་ཕྲེང་བ་ལས༔ བསྡུས་པའི་སྙིང་གི་ཐིག་ལེ་ཡིན༔ ཚེ་དང་བླ་འཁྱམས་ཉམ་ང་ཡང༔ གདམས་པ་འདི་ལྡན་བར་ཆད་མེད༔ སྔོན་གྱི་སྨོན་ལམ་མཐུ་བཙན་པས༔ ཡུལ་དེར་དམ་ཆོས་དར་བར་འགྱུར༔ སྐལ་ལྡན་འགའ་ཡང་སྨིན་པར་འགྱུར༔ པདྨ་ང་དང་བོད་ཡུལ་གྱི༔ དབེན་གནས་དུ་མས་བྱིན་གྱིས་བརླབས༔ ཁྱད་པར་དཔལ་གྱི་ཙ་རི་ལ༔ གསང་སྔགས་རྒྱ་མཚོའི་ཕོ་བྲང་འབྱེད༔ དེ་རྗེས་རིང་པོར་མི་ཐོགས་པར༔ ད་ལྟའི་རྗེ་འབངས་ཕལ་མོ་ཆེ༔ བོད་ཡུལ་དབུས་ཀྱི་གཙུག་ལག་དང༔ ཁྲ་འབྲུག་གནས་སུ་འཚོགས་པར་ངེས༔ གདམས་ཕྲན་འདི་སོགས་གཏེར་མང་སྦས༔ འཆུག་པ་མེད་དོ་སྙིང་ལ་སྦོས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔
བར་དོའི་ཆོས་བཤད་ཐོས་པས་རྣམ་གྲོལ་ (Volume 42, Text 4)
༄༅། །བར་དོའི་ཆོས་བཤད་ཐོས་པས་རྣམ་གྲོལ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། ཐུགས་རྗེ་ཉི་མའི་སྣང་བས་ངན་འགྲོ་ཡི། །འཇིགས་མུན་བསལ་ནས་ཐར་པའི་ལམ་ཆེན་དུ། །འགྲོ་བ་འདྲེན་མཛད་དེ་ལ་གུས་བཏུད་ནས། །བར་དོའི་ཆོས་བཤད་མདོ་ཙམ་འདིར་གསལ་བྱ། །དེ་ཡང་འགྲོ་བ་འཆི་བདག་གི་ཞགས་པས་བཟུང་བ་དག །ངན་འགྲོའི་འཇིགས་པ་ལས་སྐྱོབ་པའི་ཆོ་ག་དཀྱིལ་འཁོར་གང་ལ་བརྟེན་ནས་སྒྲུབ་ཀྱང་རུང་སྟེ། དེ་དང་རྗེས་སུ་འབྲེལ་བར་བར་དོའི་ཆོས་བཤད་བྱ་བར་སྤྲོ་ན། སྤྱིར་སེམས་ཅན་ཐམས་ཅད་དང་། ཁྱད་པར་དམིགས་ཡུལ་གྱིས་གཙོ་བྱས་བར་སྲིད་པའི་འགྲོ་བ་ཐམས་ཅད་ལ་ཚད་མེད་པའི་སྙིང་རྗེ་ཆེན་པོའི་བསམ་པས་ཚིག་གི་བརྗོད་པ་དལ་ཞིང་སྐབས་ཕྱེད་པས་འདི་སྐད་ཅེས་བརྗོད་པར་བྱའོ། །རིགས་ཀྱི་བུ་ཚེ་ལས་འདས་པ་ཆེ་གེ་མོ། ཞེས་བྱ་བ་ཁྱོད་མ་ཡེངས་པར་ཉོན་ལ་ཡིད་ལ་ཟུངས་ཤིག །དེ་ཡང་སྤྱིར་འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་ཅིང་འགྱུར་བའི་ཆོས་ཉིད་ཅན་ཡིན་པ་དང་། ཁྱད་པར་སྐྱེས་བུའི་ཚེ་ནི་སྐད་ཅིག་གིས་ཀྱང་མི་རྟག་པར་གསུངས་པའི་ཆོས་ཉིད་དེ་ཁྱོད་ཀྱི་ཐོག་ཏུ་བབས་པས་ཚེའི་དུས་བྱས་ཏེ་ད་ལྟ་བར་དོ་ན་གནས་པའི་སྐབས་སུ་གདའ། དེ་ལ་གདམས་པ་ཟབ་མོའི་གནད་བཟུང་སྟེ་ཆོ་ག་ངོ་སྤྲོད་མ་ཚར་གྱི་བར་དུ་རིག་པའི་རང་སོ་ཟུངས། མིང་བྱང་དྲི་མ་དང་བཅས་པ་འདི་ལ་རྟེན་བྱས་ནས་བག་ཕོབ་ཅིག །དེ་ལ་བར་དོ་ལ་བར་དོར་ངོ་ཤེས་པ་དང་། དེ་ཉིད་ཡང་དག་པའི་ལམ་དུ་འདུན་པ་བསྒྱུར་བ་གལ་ཆེ། དེ་ལ་བར་དོའི་རྣམ་གཞག་སྤྱིར་བསྟན་པ་དང་། སྐབས་ཀྱི་དོན་བྱེ་བྲག་ཏུ་བཤད་པའོ། །དང་པོ་བར་དོའི་རྣམ་གཞག་སྤྱིར་བསྟན་པ་ལའང་། བར་དོའི་ངོ་བོ། སྒྲ་དོན། དབྱེ་བ། སོ་སོའི་ལམ་ཁྱེར་དང་བཞི་ལས། དང་པོ་ངོ་བོ་ནི། གཞི་དབྱིངས་ཀ་དག་ལས་གཞན་དུ་སྣང་བ་ཐམས་ཅད་བར་དོའི་གནས་སྐབས་ཡིན་ཏེ། གཞི་སྣང་ཡེ་ཤེས་སུ་ཤར་བའི་སྣང་ཆ་ནི་དག་པ་ཆོས་ཉིད་ཀྱི་བར་དོ་དང་། འཁྲུལ་སྣང་འགྲོ་དྲུག་གིས་བསྡུས་པའི་ཆོས་སོ་ཅོག་ནི་མ་དག་པ་འཁྲུལ་པའི་བར་དོ་ཡིན་ཏེ། དེ་ཡང་དབྱིངས་ཀ་དག་ལས་ཤར་ཞིང་འཆར་གཞིའི་དབྱིངས་སུ་མ་རྫོགས་ཀྱི་བར་གྱི་སེམས་པ་ས་བོན་དང་བཅས་པ་ནི་བར་དོ་འོ། །གཉིས་པ་སྒྲ་དོན་ནི། སྔ་མ་དང་ཕྱི་མ་དག་གི་བར་གྱི་ཆ་ལས་བཏགས་པ་སྟེ་བར་དོ་དང་པོ་གཉིས་ཀྱི་དབང་དུ་བྱས་ན་སྔ་མས་འཕངས་ཤིང་ཕྱི་མ་མ་གྲུབ་པའི་ཆ་ལས་བར་མ་དོ་དང་། ཕྱི་མ་གཉིས་ཀྱི་དབང་དུ་བྱས་ན། མཛོད་ལས། འདིར་གང་འཆི་དང་སྐྱེ་བ་ཡི། །སྲིད་པའི་བར་དུ་འབྱུང་བ་འོ། །བགྲོད་པའི་ཡུལ་དུ་མ་ཕྱིན་ཕྱིར། །སྲིད་པ་བར་མ། ཞེས་ཏེ། འདི་ནས་ཤི་སྟེ་ཕ་རོལ་སྐྱེ་སྲིད་དུ་མ་གྲུབ་པ་དེ་སྲིད་ལ་བར་དོ་ཞེས་བྱའོ། །གསུམ་པ་དབྱེ་བ་ནི། ཐལ་འགྱུར་ལས། དབྱེ་ན་རྣམ་པ་བཞི་དག་ལས། །ཞེས་གསུངས་པས། སྐྱེ་ཤིའམ་རང་བཞིན་གྱི་བར་དོ་དང་། འཆི་ཁའི་བར་དོ་དང་། ཆོས་ཉིད་ཀྱི་བར་དོ་དང་། སྲིད་པ་བར་དོ་དང་བཞིའོ། །དང་པོ་སྐྱེ་ཤིའམ་རང་བཞིན་གྱི་བར་དོ་ནི། མའི་མངལ་དུ་སྐྱེ་བ་གྲུབ་པ་ནས་འཆི་ནད་ཀྱིས་བཏབ་པ་ཚུན་ཆད་དོ། །གཉིས་པ་འཆི་ཁའི་བར་དོ་ནི། འཆི་བ་ལ་ཕྱོགས་པ་ནས་ནང་དབུགས་ཆད་པ་ཚུན་ཆད་དོ། །གསུམ་པ་ཆོས་ཉིད་ཀྱི་བར་དོ་ནི། ནང་དབུགས་ཆད་པ་ནས་ལྷུན་གྲུབ་ཀྱི་སྣང་བ་ཐིམ་པ་ཚུན་ཆད་དོ། །བཞི་པ་སྲིད་པ་བར་དོ་ནི། ལྷུན་གྲུབ་ཀྱི་སྣང་བ་ཐིམ་པ་ནས་ཕྱི་མའི་སྐྱེ་སྲིད་གྲུབ་པ་ཚུན་ཆད་དོ། །བཞི་པ་སོ་སོའི་ལམ་ཁྱེར་ནི། དཔེ་དོན་གཉིས་ཀྱིས་སྟོན་པ་སྟེ། དཔེ་སྐྱེ་གནས་ཀྱི་བར་དོ་ལ་སྒྲོ་འདོགས་ཆོད་པ་རྒྱ་ཁྲ་ཚང་དུ་འཇུག་པ་ལྟ་བུ། དོན་བླ་མ་དམ་པ་ལ་བསྟེན་ནས། དེས་བསྟན་པའི་གདམས་ངག་ལ་ཐོས་བསམ་སྒོམ་པས་ནན་ཏན་ལྷུར་བྱས་ཏེ་སྒྲོ་འདོགས་ཆོད་པར་བྱ་བའོ། །དེ་བཞིན་དུ་འཆི་ཀའི་བར་དོ་ལ་གསལ་འདེབས་པ་སྒེག་མོ་མེ་ལོང་ལ་ལྟ་བ་ལྟ་བུ་ནི་སྔར་གོམས་པའི་གདམས་པ་རྣམས་སྐབས་འདིར་བློ་ལ་གསལ་ཐེབས་པའོ། །ཆོས་ཉིད་ཀྱི་བར་དོ་ལ་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུ་ནི་གདམས་ངག་གི་དོན་ཉམས་འོག་ཏུ་ཆུད་པས་ཆོས་ཉིད་ཀྱི་སྣང་ཆ་ཇི་ལྟར་ཤར་ཡང་འཇིགས་པ་མེད་པ་རང་སྣང་ཡེ་ཤེས་ཀྱི་རོལ་པར་གདིང་ཆུད་པའོ། །སྲིད་པའི་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆད་ལ་ཝ་འཛུག་པ་ལྟ་བུ་ནི་འཁྲུལ་སྣང་འཇིགས་སྐྲགས་ཇི་ལྟར་ཤར་ཡང་སྔར་གོམས་པ་དང་འདིར་འཆད་པར་འགྱུར་བའི་གདམས་པའི་གནད་ཀྱིས་དག་པའི་སྐྱེ་སྲིད་ལམ་དུ་འཇུག་པའོ། །དེ་དག་ཀྱང་དབང་པོའི་རིམ་པས་གྲོལ་ཚད་མུ་གསུམ་དུ་འགྱུར་བར་གསུངས་སོ། །གཉིས་པ་སྐབས་དོན་བྱེ་བྲག་ཏུ་བཤད་པ་༼ཀ་ལས།༽ནི། བར་དོ་ཕྱི་མ་གསུམ་གཙོ་ཆེ་བའི་དབང་དུ་བྱས་པ་སྟེ། དང་པོ་འཆི་ཁའི་བར་དོ་ནི། དེ་ལ་ཁྱེད་འཆི་འཕོ་བའི་ཚེ་ལུས་ཀྱི་ཆུ་མེ་རླུང་གསུམ་འཁྲུགས་པས་དྲོད་དང་རྣམ་པར་ཤེས་པའི་རྟེན་དུ་གྱུར་པའི་ཚེ་སྲོག་གཅོད་པ་ཡིན་ལ། དེ་ཡང་ཕུང་ཁམས་སྐྱེ་མཆེད་ཡུལ་དང་བཅས་པ་རྣམས་རིམ་བཞིན་ཐིམ་པར་གྱུར་ཀྱང་། རྟེན་ཐིམ་ན་བརྟེན་པ་ངེས་པར་ཐིམ་པས་གཙོ་ཆེ་བའི་དབང་དུ་བྱས་ནས་ས་ཁམས་ཐིམ་པར་གསུངས་ཏེ། ཡེ་ཤེས་རོལ་པ་ལས། དང་པོ་ས་ནི་ཆུ་ལ་ཐིམ། །ཆུ་ཡང་མེ་ལ་ཐིམ་འགྱུར་ཏེ། །མེ་ནི་རླུང་ལ་ཐིམ་གྱུར་ནས། །རླུང་ཡང་རྣམ་པར་ཤེས་ལ་ཐིམ། །རྣམ་ཤེས་གཟུང་བ་འདི་ཉིད་ནི། །འོད་གསལ་བར་ཡང་འཇུག་པར་འགྱུར། །ཞེས་གསུངས་པས། དེ་ཡང་ས་ཆུ་ལ་ཐིམ་པས་ལུས་ཀྱི་སྟོབས་ཉམས། ཆུ་མེ་ལ་ཐིམ་པས་ཁ་སྣ་སྐམ། མེ་རླུང་ལ་ཐིམ་པས་ལུས་ཀྱི་དྲོད་མཐའ་ནས་སྡུད། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་རླུང་རགས་པའི་རྒྱུ་བ་ཆད། རྣམ་ཤེས་ནམ་མཁའ་ལ་ཐིམ་པས་རླུང་སེམས་ཀྱི་འགྲོ་འོང་ཐམས་ཅད་འགགས། ནམ་མཁའ་འོད་གསལ་ལ་ཐིམ་པས་སྒོ་ལྔའི་རྣམ་ཤེས་རྟོག་པ་དང་བཅས་པ་ཐམས་ཅད་དབྱིངས་སུ་ནུབ་པར་འགྱུར་ཏེ། དེ་ཡང་རོ་རྐྱང་གི་དྭངས་མ་ཐམས་ཅད་དབུ་མའི་ཡས་མར་གྱི་ཨ་ཧཾ་ལ་འདུས། ཡར་སྣའི་དྭངས་མ་དཀར་པོ་ཐུར་དུ་བབས་ནས་སྙིང་ཁར་བྱོན་པས་སྣང་བ་ཐམས་ཅད་ཟླ་བ་ཤར་བ་ལྟར་དཀར་ལམ་པ་འབྱུང་། ཤེས་པའི་རང་མདངས་གསལ་བར་སྣང་བས་སྣང་བའི་ཉམས་ཞེས་བྱ། འདོད་ཆགས་དང་བྲལ་བ་སོགས་ཞེ་སྡང་ལས་གྱུར་པའི་རྟོག་པ་སོ་གསུམ་དང་གཟུང་རྟོག་རགས་པ་འགགས། སྟོང་པའི་འོད་གསལ་ཞེས་བྱ་བའི་སྐད་ཅིག་དང་པོའོ། །མར་སྣའི་དྭངས་མ་དམར་པོ་གྱེན་དུ་བྱོན་པས་སྣང་བ་ཐམས་ཅད་ཉི་མ་ཤར་བ་ལྟར་དམར་ལམ་པ་འབྱུང་། སེམས་ཤིན་ཏུ་གསལ་བར་སྣང་བས་སྣང་བ་མཆེད་པའི་ཉམས་ཞེས་བྱ། ཆགས་པ་ལ་སོགས་པ་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་དང་འཛིན་རྟོག་རགས་པ་འགགས། ཤིན་ཏུ་སྟོང་པའི་འོད་གསལ་ཞེས་བྱ་བ་སྐད་ཅིག་གཉིས་པའོ། །དྭངས་མ་དཀར་དམར་སྙིང་གར་ཕྲད་པས་སྲོག་རྩའི་རླུང་འགགས་ཏེ་སྣང་བ་ཐམས་ཅད་མུན་ནག་འཐིབས་པ་ལྟ་བུའི་ནག་ལམ་པ་འབྱུང་། སེམས་འགག་པ་ལ་ཕྱོགས་པ་སྣང་བ་ཐོབ་པའི་ཉམས་ཞེས་བྱ། མི་གསལ་བ་ལ་སོགས་པ་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་དང་ཤིན་ཏུ་ཕྲ་བའི་རྟོག་པའང་འགགས། སྟོང་པ་ཆེན་པོའི་འོད་གསལ་ཞེས་བྱ་བ་སྐད་ཅིག་གསུམ་པའོ། །དེ་ནས་སྙིང་གའི་ཨ་ཧཾ་རྫོགས་པར་ཐིམ་པས་སྣང་བ་ཐམས་ཅད་སྤྲིན་མེད་ཀྱི་ནམ་མཁའ་ལྟ་བུ་འོད་གསལ་མཐའ་དབུས་མེད་པར་འཆར། སེམས་དྲི་མ་དང་བྲལ་བ་ཉེ་བར་ཐོབ་པའི་ཉམས་ཞེས་བྱ། སྣང་བ་གསུམ་ཀ་འགགས། ཐམས་ཅད་སྟོང་པ་འོད་གསལ་གྱི་ཉམས་ཞེས་བྱ་བ་སྐད་ཅིག་བཞི་པའོ། །དེའི་ཚེ་སེམས་ཅན་རྣམས་ལ་གདོད་ནས་བཞུགས་པའི་མི་ཤིགས་པ་ཆེན་པོ་ཀ་དག་ཆོས་ཀྱི་སྐུ་སྟེ་ཀ་དག་ཡེ་ཐོག་ཏུ་གྲོལ་བ་ཞེས་བྱ་བ་ཡིན་ལ། དེ་ལྟ་བུའི་གཞིའི་འོད་གསལ་སེམས་ཅན་ཐམས་ཅད་ལ་གདོད་མ་ནས་གནས་པའི་སྟེང་དུ། སྔོན་བླ་མ་དམ་པས་བསྟན་པ་ལྟར་རང་གིས་གོམས་པར་བྱས་ཤིང་འོད་གསལ་དེ་ཉིད་མངོན་དུ་གྱུར་པས་འདིར་མ་བུ་འཕྲོད་དེ་ཟབ་མོའི་གནད་ཀྱི་འོད་གསལ་རྣམ་པར་མི་རྟོག་པ་དེ་ཉིད་ཀྱི་ངང་ལ་བཞག་པས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་པའི་ཚུལ་གྱིས་འཆི་བ་འོད་གསལ་ཆོས་ཀྱི་སྐུར་སངས་རྒྱས་པ་ཞེས་བྱ་སྟེ། ཀ་དག་ཆོས་སྐུའི་བར་དོ་ལ་གྲོལ་བ་ཐོབ་པའོ། །དེ་དག་འཆར་བའི་རིམ་པ་ཡང་། ཕུང་ཁམས་སྐྱེ་མཆེད་ཀྱི་རྟེན་དང་བརྟེན་པར་བཅས་པའི་འོད་གསལ་རྣམས་སྣང་མཆེད་ཐོབ་གསུམ་གྱི་རྟེན་དང་བརྟེན་པར་བཅས་པའི་འོད་གསལ་དུ་ཞུགས་ལ། ཉེར་ཐོབ་ཀུན་གཞི་ཡང་ཟུང་འཇུག་འོད་གསལ་ཆེན་པོའི་དབྱིངས་སུ་ཞུགས་ཏེ། དབྱིངས་རིག་དབྱེར་མེད་ཆོས་སྐུ་བདེ་བ་ཆེན་པོའི་གོ་འཕང་མངོན་དུ་གྱུར་པ་ཡིན་ལ། འོད་གསལ་དེ་ཉིད་འཆི་དུས་ཐམས་ཅད་ལ་འཆར་ཡང་སྔར་གོམས་པའི་གདམས་ངག་མེད་པ་རྣམས་ལ་སྐད་ཅིག་མ་རེ་ལས་མི་འཆར་བས་ངོས་མི་ཟིན་ནོ།། ༈ སྔར་བཤད་པའི་ཐིམ་རིམ་གྱི་སྐབས་སུ་ས་ཆུ་ལ་ཐིམ་ཞེས་པ་ནི་ལུས་ཀྱི་སའི་གནས་སུ་ས་མེད་པར་གྱུར་པའམ། གནས་འཕོས་ནས་ཆུ་ནང་དུ་ས་རགས་པ་ཐིམ་པའི་དོན་མ་ཡིན་གྱི། དབུ་མའི་རླུང་སྟོབས་སུ་གྱུར་པས་སའི་ལས་རླུང་བཅོམ་སྟེ་རྟེན་མེད་ན་བརྟེན་པ་མེད་པས་ཕྲ་བར་སྣང་བའི་རྣམ་ཤེས་ཀྱང་རང་གི་བག་ཆགས་དབུ་མ་ལ་བཞག་སྟེ་འགགས་ནས། རུས་པ་སོགས་སྲ་ཤས་ཆེ་བའི་ཁམས་རྣམས་རྟེན་རླུང་དང་རྣམ་ཤེས་བྲལ་བར་བྱས་ཏེ་སའི་དྭངས་མ་ཉིད་ཆུའི་དྭངས་མ་ལ་ཐིམ་པའི་དོན་ནོ། །དེ་བཞིན་དུ་ཆུ་དང་མེ་དང་རླུང་ལ་ཐིམ་པའང་འདྲའོ། །རླུང་རྣམ་ཤེས་ལ་ཐིམ་པའི་དོན་ནི་ལུས་གནས་སུ་མེད་པའམ་འཕོས་ནས་རྣམ་ཤེས་ཀྱི་ལམ་དུ་འཇུག་པའང་མ་ཡིན། རྣམ་ཤེས་ལ་རླུང་དྭངས་མའི་བག་ཆགས་བཞག་ནས་རླུང་འགགས་པའི་དོན་ཡང་མ་ཡིན་གྱི། རླུང་དྭངས་མས་སྲོག་རྩ་རགས་པའི་བར་གྱི་ལུས་ཐམས་ཅད་དོར་ནས་སྲོག་རྩའི་ནང་གི་དྭངས་མ་ལྔ་འདུས་ཀྱི་ཐིག་ལེ་ལ་རོ་གཅིག་ཏུ་གྱུར་པའོ། །རྣམ་ཤེས་ནམ་མཁའ་ལ་ཐིམ་པའང་དངོས་མེད་དུ་གྱུར་པའི་དོན་མ་ཡིན་གྱི་ནམ་མཁའ་ལྟར་དྭངས་ཤིང་ཐོགས་པ་མེད་པས་མཚོན་དཀའ་བའི་དབུ་མ་ལ་ཞུགས་པའི་དོན་ཡིན་པ་ཤེས་པར་བྱའོ། །གཉིས་པ་ཆོས་ཉིད་ཀྱི་བར་དོ་ནི། འོད་གསལ་ཟུང་འཇུག་ལ་ཐིམ་པའི་དུས་ཏེ། སྔར་བཤད་པའི་སྐད་ཅིག་བཞི་པའི་མཐའི་འོད་གསལ་སྟོང་ཉིད་དེའི་ངང་ལ་སྣང་བ་ཉེར་ཐོབ། དེ་ལས་སྣང་བ་མཆེད་པ། དེ་ལས་སྣང་བ་སྣང་བ་སྟེ་སྣང་བ་གསུམ་རླུང་དང་བཅས་པ་ལས་སྐད་ཅིག་གིས་འོད་གསལ་གྱི་སྣང་བའི་ཉེར་རྒྱུའི་དབང་གིས། ཤིན་ཏུ་ཕྲ་བའི་གཟུགས་དྭངས་ཤིང་ཐོགས་པ་མེད་པ་མེ་ལོང་གི་གཟུགས་བརྙན་ནམ་མཁའི་འཇའ་ལྟ་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཅན་དུ་འཆར་ཞིང་། དེ་ཡང་ཁྱབ་བྱ་གཉུག་མ་མི་ཤིགས་པའི་ཕུང་པོ་ལྔ་ལ། ཁྱབ་བྱེད་སངས་རྒྱས་ཀྱི་རིགས་དང་སྐུ་དང་ཞིང་ཁམས་ཐམས་ཅད་རང་ཆས་སུ་ཡོད་པའི་གནད་ཀྱིས། རིགས་ལྔའི་ཚོམ་བུའི་དཀྱིལ་འཁོར་ནམ་མཁའ་གང་བར་འཆར་ཏེ། དེ་ཡང་ཞག་དང་པོར་སྟོན་ཀའི་ནམ་མཁའ་སྤྲིན་མེད་ལྟ་བུའི་འོད་མཐིང་ཁ་ལས་རྣམ་པར་སྣང་མཛད་ཀྱི་ཚོམ་བུའི་དཀྱིལ་འཁོར་འཆར་རོ། །དེ་བཞིན་དུ་ཞག་ལྷག་མ་བཞི་ལ་འོད་དཀར་པོ་ལས་མི་བསྐྱོད་པ་དང་། སེར་པོ་ལས་རིན་ཆེན་འབྱུང་ལྡན། དམར་པོ་ལས་སྣང་བ་མཐའ་ཡས། ལྗང་གུ་ལས་དོན་ཡོད་གྲུབ་པ་རྣམས་ཏེ་ཐམས་ཅད་ཀྱང་སེམས་དཔའ་དང་། སེམས་མ་དང་། སྒོ་མར་བཅས་པའི་ཚོམ་བུའི་དཀྱིལ་འཁོར་ལྔ་ཚན་མཐའ་ཡས་པར་འཆར་རོ། །དེ་དག་ཀྱང་སྙིང་ནང་གི་གདངས་ལས་རང་ཤར་བས་འོག་མིན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུས་དེར་སྣང་བ་སྟེ། སྐབས་དེར་གདམས་པ་ནི་འཇུག་པ་ཤེས་པའི་གནད་ཅེས་བྱ་བ། རང་གི་སྙིང་ཁ་ནས་འོད་ལྔའི་ཟེར་ཐག་ཕྲ་ལ་དྭངས་པ་ཚོམ་བུའི་ཐུགས་ཀར་ཟུག་པ་ལ་གཏད་ནས་གསལ་སྟོང་གི་ངང་ལ་འཇོག་པ་ནི་རིག་པ་འོད་གསལ་ལ་ཕར་འཇུག་པའི་གནད་དོ། །སླར་ཚོམ་བུ་ཚུར་འདུས་ནས་སྙིང་གར་ཐིམ་པ་རང་ཤར་རང་གྲོལ་རིག་སྟོང་གི་ངང་ལ་འཇོག་པ་ནི་འོད་རིག་པ་ལ་འཇུག་པའི་གནད་དོ། །དེ་ལ་གདིང་མ་ཐོབ་ན་ཟུང་འཇུག་ཡེ་ཤེས་ལ་ཐིམ་པའི་དུས་ཏེ། རང་གི་སྙིང་ག་ནས་སྟེང་གི་ནམ་མཁའ་ལ་ཡེ་ཤེས་བཞི་ལྡན་གྱི་སྣང་བ་འོད་མཐིང་ག་དང་། དཀར་པོ་དང་། སེར་པོ་དང་། དམར་པོའི་སྣམ་བུའི་སྟེང་དུ་སོ་སོའི་ཁ་དོག་དང་མཐུན་པའི་ཐིག་ལེ་དྭངས་གསལ་ཐིག་ཕྲན་ལྔ་ལྔས་བརྒྱན་པ་དང་། དེའི་སྟེང་དུ་འོད་ཟླུམ་རྨ་བྱའི་གདུགས་འཁོར་ལྟ་བུའང་འཆར་རོ། །འདི་དུས་ཕུང་པོ་བདག་འཛིན་ལས་གྲོལ་བས་ལུས་འོད་གསལ་ཆོས་ཉིད་ཀྱི་རང་ངོ་ལ་གནས། འབྱུང་བ་དང་ཉོན་མོངས་པ་ཕྲ་རགས་ལས་གྲོལ་བས་རང་སྣང་ངོ་ཤེས་པ་ནི་གྲོལ་བ་ལུས་ཀྱི་གནད་དོ། །དེ་ནས་ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པའི་དུས་ནི། ཡེ་ཤེས་ཀྱི་སྣང་བ་དེ་དག་སྟེང་གི་འོད་ཟླུམ་དེ་ལ་འདུས་ནས་ཀ་དག་གི་སྣང་བ་ནམ་མཁའ་སྤྲིན་མེད་ལྟ་བུའི་ངང་ལས་དག་པ་ཞི་ཁྲོའི་ཞིང་ཁམས་དང་། མ་དག་པ་འགྲོ་དྲུག་གི་སྣང་བ་མཐའ་ཡས་པ་སྐད་ཅིག་ལ་འཆར་ཏེ། སྐབས་དེར་རང་སྣང་ལ་སྒྲོ་འདོགས་ཆོད་པས་གྲོལ་བ་ཐོབ་པ་ནི་མཐར་ཕྱིན་པ་ངོ་ཤེས་པའི་གནད་དོ། །སྐབས་འདིར་སྣང་བའི་འཆར་ལུགས་བརྒྱད་དང་། དབང་པོ་ལ་སོགས་པའི་མངོན་པར་ཤེས་པ་དྲུག་ཚན་དྲུག་དང་། སྐུ་གསུམ་གྱི་མངོན་ཤེས་གསུམ་ཚན་གསུམ་རྣམས། རྗེས་སུ་དྲན་པ་དྲུག་ལ་བརྟེན་ནས། ལྷུན་གྲུབ་ཏུ་གདིང་ཐོབ་པའི་ཐིམ་ལུགས་བརྒྱད་ཀྱི་སྒོ་ནས་གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་པ་ནི། ལྷུན་གྲུབ་ལོངས་སྐུའི་བར་དོ་ལས་གྲོལ་བ་ཐོབ་པའོ། །ཆོས་ཉིད་བར་དོའི་སྐབས་ཀྱི་ཞག་གི་ངེས་པ་ནི། འོད་གསལ་གྱི་སྣང་ཆ་ལ་ཇི་ཙམ་གནས་པའི་ཐུན་ཚོད་དེ་བསམ་གཏན་གྱི་ཞག་ཡིན་ལ། སྔར་བསམ་གཏན་གོམས་འདྲིས་ཅན་ལ་ཡུན་རིང་དུ་འཆར་ཞིང་སྐབས་དེར་རང་ངོ་ཤེས་པས་གྲོལ་ལ་གོམས་འདྲིས་མེད་ན་ཡུད་ཙམ་རེ་ལས་མི་བརྟན་པས་ངོ་མ་ཤེས་པར་བར་དོ་ཕྱི་མ་འཛིན་པར་འགྱུར་རོ། །གསུམ་པ་༼ཁ༽སྲིད་པའི་བར་དོ་ནི། ལས་དང་པོ་པ་རྣམས་ལ་སྔར་གྱི་ཆོས་ཉིད་འོད་གསལ་གྱི་སྣང་ཆ་དེ་ཉིད་ངོས་མ་ཟིན་པར་ནུབ་པའི་སྐད་ཅིག་ལ། ཕྱི་མའི་བག་ཆགས་སད་བྱེད་ཀྱི་རྐྱེན་ཅི་རིགས་པ་དག་གིས་བསྐུལ་ནས་རླུང་སེམས་ཕྲ་བའི་འབྱུང་བཞི་དང་བཅས་པ་དེ་རྣམས་ཀྱིས་རྒྱུ་རྐྱེན་བྱས་པ་ལས། བར་དོའི་གཟུགས་དྭངས་ཤིང་ཐོགས་པ་མེད་པ་དེ་ཉིད་འགྲུབ་པར་བྱེད་ལ། དེ་ཡང་བར་དོའི་ཚེ་ཚད་ནི་མིའི་ཞག་དང་མཚུངས་པའི་ཞག་བདུན་ཡིན་ལ། དེར་ལུས་རྟེན་མ་ཐོབ་ན་ཞག་བདུན་ན་སླར་ཡང་ཤི་འཕོས་ནས་ཞག་བདུན་ཕྲག་ལ་སོགས་པའི་བར་དུ་སྐྱེ་ཤི་བྱས་ནས་རིང་མཐའ་ཞག་ཞེ་དགུ་ན་སྐྱེ་བའི་རྐྱེན་རྙེད་པར་འགྱུར་ཞིང་། བདུན་ཕྲག་དང་པོའི་ཕྱེད་ཡན་ཆད་སྔ་མའི་བྱད་གཟུགས་དང་ཕྱེད་མན་ཆད་ནས་ཕྱི་མའི་བྱད་གཟུགས་འཛིན་པར་འགྱུར་ལ། བར་དོ་ནི་ཕྱི་མའི་བྱད་གཟུགས་ཁོ་ནར་ངེས་སོ་སྙམ་ན་གནས་ལུགས་ལ་དེ་ལྟར་ཡིན་དུ་སྲིད་ཀྱང་། སྔར་གོམས་པའི་བག་ཆགས་ཀྱིས་སྔ་མའི་བྱད་གཟུགས་སུ་འཛིན་པ་མི་འགལ་ཏེ་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་འཁྲུལ་བློས་བཞག་པའི་ཕྱིར་རོ། །དེས་ན་སྐབས་འདིར་འཇིགས་སྐྲག་གི་སྣང་བས་སད་བྱེད་བྱས་ནས་ཕྱི་མའི་བྱད་གཟུགས་ངོས་འཛིན་པར་གྱུར་ཏེ། དེ་ཡང་ལས་མཐུན་གྱི་འདོད་ཡོན་ལ་སྤྱོད་པའི་དབང་པོ་དྲུག་པོ་ཀུན་ཚང་ཞིང་། གང་དུ་སྐྱེ་འགྱུར་གྱི་གནས་མ་གཏོགས་རི་རབ་སོགས་ཐོགས་བཅས་གང་ལའང་ཐོགས་མེད་དུ་འགྲོ་བ། ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ། དབང་པོ་རྣོ་ཞིང་དྲན་པ་གསལ་བ། རང་དང་རིགས་མཐུན་པའི་བར་དོ་ནང་ཕན་ཚུན་དང་། ལྷ་མིག་དག་པས་མཐོང་ཞིང་གཞན་གྱིས་མི་མཐོང་བ། སྤྱིར་བཏང་ལ་གང་དུ་སྐྱེ་འགྱུར་གྱི་བར་དོ་གྲུབ་ནས་གཞན་དུ་མི་ལྡོག་པར་བཤད་ཀྱང་དམིགས་བསལ་ལ་ལྡོག་པར་མངོན་པ་ཀུན་ལས་བཏུས་པར། ཅི་སྟེ་ན་ལྡོག་གོ །ཞེས་གསུངས་པ་བཞིན་དགེ་བའི་སྟོངས་ཀྱིས་གོང་དུ་བསྒྱུར་ནུས་པ་དང་། དྲི་བཟང་ངན་མ་ངེས་པའི་ཟས་ཀྱིས་འཚོ་བ་ཙམ་དུ་བཤད་ཀྱང་། ཆོ་ག་ཁྱད་པར་ཅན་གྱིས་བསྔོས་པ་བཞིན་ཐོབ་པར་འགྱུར་བ་སོགས་མཚན་ཉིད་དེ་ལྟ་བུ་དང་ལྡན་པའི་བར་དོའི་རྟགས་ནི། འགྲོ་བའི་ལམ་བཞི། ཡ་ང་བའི་གཡང་ས་གསུམ། འཇིགས་པའི་སྒྲ་བཞི། ངེས་པའི་རྟགས་ལྔ། མ་ངེས་པའི་རྟགས་དྲུག་ལ་སོགས་ཏེ། གང་དུ་སའི་ཕྱོགས་རྣམས་སུ་འོད་དཀར་པོའི་ལམ་གྱིས་ལྷ་དང་ལྷ་མིན། ནག་པོའི་ལམ་གྱིས་དམྱལ་བ། དམར་པོའི་ལམ་གྱིས་ཡི་དྭགས། སེར་པོའི་ལམ་གྱིས་མི་དང་དུད་འགྲོར་འཇུག་ཅིང་། དེའང་སྤྱིའུ་ཚུགས་སུ་འགྲོ་ན་ངན་འགྲོ་དང་། གྱེན་དུ་འགྲོ་ན་ལྷ་དང་། ཐད་ཀར་འགྲོ་ན་མིའི་བར་དོའོ། །དེ་བཞིན་དུ་དུག་གསུམ་གྱི་ལས་སྣང་གཡང་ས་ཆེན་པོ་དམར་ཟང་ངེ་བ་དང་། སྐྱ་ཆད་དེ་བ། ནག་ངམ་མེ་བ་བཟོད་དཀའ་བ་མཐོང་ན་ངན་སོང་གསུམ་དུ་ལྟུང་བའི་ལྟས་དང་། འབྱུང་བཞིའི་རླུང་དང་རྣམ་རྟོག་ཐ་མལ་དུ་ཤོར་བས་འབྱུང་བཞི་ཕྲ་མོའི་རླུང་ལོག་སྟེ། ས་གཡོ་ཞིང་རི་ཉིལ་བ་དང་། ཆུ་བོ་རྦ་ཀློང་འཁྲུགས་པ་དང་། ནགས་ཚལ་མེས་འཚིག་པ་དང་། རླུང་དྲག་པོས་གཡོ་ཞིང་འདེགས་པ་སོགས་འཇིགས་པའི་སྒྲ་དང་བཅས་པས་སྡུག་བསྔལ་མི་བཟད་པ་བསྐྱེད་པ་དང་། ངེས་པའི་རྟགས་སྔར་ཐོགས་བཅས་ཀྱི་དངོས་པོ་ཕྲ་མོ་ལའང་ཐོགས་པ་ལས་ད་ལྟ་རི་དང་ར་བ་སོགས་ལ་ཐོགས་མེད་འཇུག་ནུས། སྔར་ལུས་ཀྱི་རྣམ་འགྱུར་དང་ངག་གི་བརྗོད་པ་གཞན་གྱིས་མཐོང་ཐོས་སུ་འགྱུར་བ་ལས་ད་ལྟ་མི་མཐོང་ཞིང་མི་ཐོས། སྔར་ལུས་ཀྱི་རྐང་རྗེས་དང་གྲིབ་མ་འབྱུང་བ་ལས་ད་ལྟ་མི་འབྱུང་། སྔར་མངོན་ཤེས་མེད་པ་ལས་ད་ལྟ་མངོན་ཤེས་ཕྲ་མོ་ཁྲིའུ་རིགས་སུ་འཆར་བ་སོགས་ཐོགས་བཅས་ཀྱི་ལུས་མེད་པའི་རྟགས་དང་། ནང་ན་ཁམས་དཀར་དམར་མེད་པས་ཉི་ཟླ་གཟའ་སྐར་མི་མཐོང་ཡང་སྣང་མུན་གྱི་སྣང་བ་འཆར་བ་དང་། མ་ངེས་པའི་རྟགས་ཁང་སྟོང་དང་ས་ཕུག་སོགས་གནས་མ་ངེས་པ་དང་། ལྷ་ཡི་དྭགས་འདྲེ་སྲིན་སོགས་གྲོགས་མ་ངེས་པ་དང་། རང་དབང་དུ་དཀའ་བའི་རིགས་དྲུག་གི་ཟས་གོས་སྣ་ཚོགས་སུ་སྣང་བས་ཟས་གོས་མ་ངེས་པ་དང་། རྩ་སྤྱིལ་དང་ཟམ་ངུར་ངལ་སྟེགས་སོགས་རྟེན་མ་ངེས་པ་དང་། སྤྱོད་ལམ་སྣ་ཚོགས་སྐད་ཅིག་གིས་འགྱུར་བས་སྤྱོད་ལམ་མ་ངེས་པ་དང་། བདེ་སྡུག་གི་སྣང་བ་སྣ་ཚོགས་བརྟག་མི་བཟོད་པར་འགྱུར་ཞིང་མ་ངེས་པས་བྱ་སྤུ་རླུང་གིས་བསྐྱོད་པ་ལྟར་གཡང་ས་ཆད་ཆོད་པ་དང་། གཞན་ཡང་ཕྱོགས་ཐམས་ཅད་མུན་ནག་གིས་འཁྲིགས་པ་དང་། གཅན་གཟན་མ་རུངས་པ་རྣམས་ཀྱིས་འཚེ་བ་དང་། གཤིན་རྗེའི་སྐྱེས་བུས་མདུན་ནས་ཁྲིད་ཅིང་རྒྱོབ་སོད་ཀྱི་སྒྲ་དྲག་པོས་ཕྱི་ནས་འདེད་པ་དང་། ལས་ཀྱི་རྡེའུ་དཀར་ནག་བཀྲམ་ནས་དགེ་སྡིག་གི་སྟངས་གཅོད་པ་དང་། ཁ་ཆར་བུ་ཡུག་འཚུབས་ཤིང་མཚོན་ཆ་སྣ་ཚོགས་ཀྱི་ཆར་འབབ་པ་དང་། སྔོན་གྱི་ཁང་ཁྱིམ་དང་ཉེ་འབྲེལ་སོགས་རྨི་ལམ་ལྟར་མཐོང་ཞིང་འཁྱམས་པ་དང་། དེ་དག་གི་དྲུང་དུ་ཕྱིན་ཏེ་གཏམ་སྨྲས་ཀྱང་དེ་རྣམས་ཀྱིས་མི་མཐོང་ཞིང་ལན་མེད་པ་དང་། མྱ་ངན་གྱིས་ངུ་ཆོམ་བྱེད་པ་མཐོང་བས་རང་ཉིད་ཤི་བར་ནི་ཤེས། གར་འགྲོའི་གཏད་སོ་མེད་པས་སྡུག་བསྔལ་བཟོད་དཀའ་བ་དང་། རང་གི་ཡོ་བྱད་རྣམས་ལ་གཞན་གྱིས་བག་མེད་དུ་སྤྱོད་པ་མཐོང་བས་ཆགས་སྡང་དྲག་པོ་སྐྱེ་བ་སོགས། འཁྲུལ་སྣང་དང་འཇིགས་སྐྲག་གི་སྣང་བ་མཐའ་ཡས་པར་འཆར་ཡང་དེ་ཐམས་ཅད་བར་དོའི་འཁྲུལ་སྣང་ཡིན་པས་ངོ་ཤེས་པར་གྱིས་ཤིག །དེ་ཡང་ཁྱེད་སྔར་གྱི་ཡུལ་མཁར་ལ་བརྟེན་པའི་འཕེན་པ་ནི་རྫོགས། མཛའ་བའི་གཉེན་བཤེས་དང་འགྲོགས་པའི་འབྲེལ་པ་ནི་ཆད། བསགས་པའི་ཡོ་བྱད་ལ་སྤྱོད་པའི་ལས་ནི་ཟད། སྔ་མའི་སྤྱོད་ཡུལ་ཐམས་ཅད་བག་ཆགས་ཀྱི་ཡུལ་ཙམ་དུ་ལུས་ནས་བར་དོའི་སྣང་བ་བསམ་གྱིས་མི་ཁྱབ་པར་འཆར་བས། དེ་ཐམས་ཅད་རང་སེམས་འཁྲུལ་པའི་སྣང་བ་ལས་བྱུང་བ་ཡིན་གྱི་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་དེ། སྤྱོད་འཇུག་ལས། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་གང་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ལགས་པར་ཐུབ་པས་གསུངས། །ཞེས་གསུངས་པ་ལྟར་ཤེས་པར་གྱིས་ལ། དགྲ་གཉེན་གྱི་རྣམ་པ་དང་། ཕུན་སུམ་ཚོགས་པའི་འདོད་ཡོན་བདེ་བར་འཆར་བ་དང་། མི་སྡུག་པའི་དངོས་པོ་སྡུག་བསྔལ་བསྐྱེད་པ་སོགས། ཡུལ་གང་ལའང་ཆགས་སྡང་དང་བླང་དོར་གྱིས་རྩིས་གདབ་མ་བྱེད་པར། ཆོས་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུའི་ངེས་ཤེས་དང་དྲན་འདུན་དྲག་པོ་རྩེ་གཅིག་ཏུ་སྐྱེད་ཅིག །དེ་ཡང་བར་དོའི་རྟེན་ནི་སྒྱུར་སླ་ཞིང་ཤེས་པ་གསལ་བའི་དབང་གིས། སྐབས་འདིར་ཆགས་སྡང་གི་ལས་བསགས་ན་སྔར་གྱི་ལས་ངན་པ་གསོས་ཐེབས་ནས་ངན་སོང་དུ་ལྟུང་ཞིང་། དད་པ་དང་སྙིང་རྗེ་སོགས་དགེ་སེམས་བསྐྱེད་ན་སྔར་གྱི་དགེ་བའི་ལས་རྣམས་གསོས་ཐེབས་པར་འགྱུར་ཏེ། མདོར་ན་འཁྲུལ་ན་འཁྲུལ་ཚབས་ཆེ་སྟེ་ཆགས་སྡང་གི་རྣམ་རྟོག་ཕྲ་མོ་རེས་ཀྱང་ངན་སོང་དུ་སྐྱུར་ནུས། ལམ་བསྒོམ་ན་གྲོལ་ཚབས་ཡང་ཆེ་སྟེ་གསོན་དུས་ལོ་ཟླར་བསྒོམས་པ་ལས་ཀྱང་འདིར་སྐད་ཅིག་རེ་སྒོམ་པ་བོགས་ཆེ་བས། ཉོན་མོངས་པའི་དབང་དུ་མི་གཏོང་བར་ཟབ་མོའི་ལམ་བསྒོམས་པས་རབ་སྐད་ཅིག་དེ་ལ་གྲོལ་བར་འགྱུར་ཞིང་། མ་མཐའ་ཡང་མཐོ་རིས་སུ་འགྲོ་བར་ཐེ་ཚོམ་མེད་དོ། །འདིར་གཏན་ས་མ་ཟིན་ན། སླར་སྐྱེ་བ་ལེན་དགོས་པ་ལས། ཕ་མ་འདུ་འཕྲོད་ཀྱི་སྣང་བ་མཐོང་ན་མངལ་སྐྱེས་དང་སྒོང་སྐྱེས་ཀྱི་ལྟས་དང་། དྲི་འདོད་ན་དྲོད་གཤེར་སྐྱེས་དང་། གནས་འདོད་ན་རྫུས་སྐྱེས་སུ་འགྱུར་བ་དང་། ཁྱད་པར་ཆར་རླུང་སོགས་གྲང་བས་ཉེན་ན་དྲོ་བ་ལ་མི་ཞེན། མེ་སོགས་ཚ་བས་གདུང་ན་གྲང་བ་ལ་ཆགས་པར་མི་བྱ་སྟེ་ཚ་གྲང་གི་དམྱལ་བ་སོགས་སུ་འཕེན་པར་བྱེད། དེ་བཞིན་དུ་རང་བུད་མེད་ཀྱི་སྣང་བས་སྐྱེས་པ་ལ་ཆགས་པ་དང་། སྐྱེས་པའི་སྣང་བས་བུད་མེད་ལ་ཆགས་པ་དང་། གཅིག་ཤོས་ལ་སྡང་བར་མི་བྱ་སྟེ། འཁྲུལ་སྣང་དང་འཇིགས་སྐྲག་གི་སྣང་བ་སོགས་ཆགས་སྡང་གི་ཡུལ་ཐམས་ཅད་སྒྱུ་མ་དང་སྟོང་ཉིད་དུ་སྦྱོང་ཞིང་། རིག་པའི་རང་སོ་བཟུང་ནས་ཤེས་པ་འཛིན་མེད་དུ་ལྷོད་ཀྱིས་གློད་པས་འཁྲུལ་སྣང་ཐམས་ཅད་རང་ཤར་རང་གྲོལ་དུ་འགྲོ །མདོར་ན་གཟུགས་སྣང་ཐམས་ཅད་དག་པ་རབ་འབྱམས་བླ་མ་ཡི་དམ་གྱི་དཀྱིལ་འཁོར་དུ་རང་ཤར། སྒྲར་གྲགས་ཐམས་ཅད་གྲགས་སྟོང་གཞོམ་མེད་ཆོས་ཉིད་ཀྱི་རང་སྒྲར་ཝང་ངེ་། དྲན་རྟོག་ཐམས་ཅད་ཀ་དག་ཆོས་སྐུའི་རྣམ་རོལ་དུ་ངོ་ཤེས་པར་གྱིས་ལ། སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མཁྱེན་སྙམ་པའི་མོས་གུས་གདུང་ཤུགས་དྲག་པོ་རྩེ་གཅིག་ཏུ་སྐྱེད་ལ། དལ་འབྱོར་གྱི་ལུས་རྣམ་པར་དག་པ་གཅིག་བླངས་ནས། བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པའི་བྱ་བ་རླབས་པོ་ཆེ་སྒྲུབ་ནུས་པ་ཞིག་བྱའོ་སྙམ་པའི་ལྷག་བསམ་རྩེ་གཅིག་པ་དང་། གང་དུ་སྐྱེ་འགྱུར་གྱི་ཕ་མའང་བླ་མ་ཡི་དམ་དབྱེར་མེད་ཡབ་ཡུམ་གྱི་རྣམ་པར་བསྒོམས་པའི་སྐུ་ལ། རང་ཉིད་འཕེན་ཤུགས་དྲག་པོས་ཞུགས་ཏེ་སྤྲོས་བྲལ་སྟོང་པ་ཉིད་ལ་མཉམ་པར་འཇོག་པ་དང་། དག་པའི་སྣང་བས་རྩལ་སྦྱོང་ཅི་ནུས་སུ་སྐྱེད་ཅིག །མདོར་ན་ཁྱེད་རང་གི་ཆེད་དུ་ཤུལ་ན་མཆིས་པ་རྣམས་ཀྱིས་དཀོན་མཆོག་ལ་མཆོད་པ་དང་། སྐྱེ་བོ་ལ་སྦྱིན་གཏོང་། མདོ་སྡེ་ཟབ་མོའི་ཀློག་འདོན། རྒྱུད་སྡེ་དུ་མའི་དཀྱིལ་འཁོར་སྒྲུབ་མཆོད་སོགས་དགེ་བའི་སྟོངས་རྒྱ་ཆེན་པོ་བསྒྲུབས་པ་འདི་དག་གིས་ཁྱེད་ལ་ཕན་ཐོགས་ཆེན་པོར་འགྱུར་བས་སྡུག་བསྔལ་མི་འཚལ། ཁྱད་པར་བདག་གིས་ཀྱང་འདི། ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་དང་། ངན་སོང་སྦྱོང་བའི་ཆོ་ག་ཁྱད་པར་ཅན་གྱི་སྒོ་ནས་ཁྱེད་ཀྱི་དོན་ཆེན་པོ་སྒྲུབ་པ་ཡིན་པས། འདི་ན་བཅོམ་ལྡན་འདས་འདི། ཞེས་བྱ་བའི་དཀྱིལ་འཁོར་མངོན་སུམ་དུ་བཞུགས་པ་ཡིན་སྙམ་པ་གྱིས་ལ། དེ་དག་གི་སྤྱན་སྔར་འཁོད་དེ་བླ་མ་དཀོན་མཆོག་ལ་དད་པ། མཐའ་མེད་པའི་སེམས་ཅན་ལ་སྙིང་རྗེ། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་སྡོམ། རང་གཞན་བྱང་ཆུབ་ཐོབ་འདོད་ཀྱི་འདུན་པ་དྲག་པོ་དང་ལྡན་པའི་སྒོ་ནས། ལུས་ཀྱི་ལས་སུ་ཕྱག་འཚལ་བ་དང་། ངག་གིས་གསོལ་འདེབས་དང་སྐྱབས་འགྲོ །ཡིད་ཀྱིས་དབང་ལེན་པ་སོགས་ཆོ་གའི་བྱ་བ་རྣམས་ཚིག་ཕྱིར་སེམས་གཞོལ་བས་མ་ནོར་བར་སྒྲུབ་པར་གྱིས་ཤིག །དེས་ཁྱེད་ཀྱི་དོན་ཆེན་པོ་འགྲུབ་པར་འགྱུར་བ་ཡིན་ནོ། །ཞེས་གསལ་འདེབས་པར་བྱའོ། །སྔོན་དགེས་འཕངས་པའི་ཚེ་དང་བསོད་ནམས་ཟད། །འཇིགས་རུང་གཤིན་རྗེས་ཕ་རོལ་གྲོང་ཁྱེར་དུ། །མགོན་མེད་ཁྲིད་པའི་ཉམ་ཐག་འགྲོ་བ་རྣམས། །བརྩེ་བས་རྗེས་འཛིན་ཆོ་གའི་ཐབས་ཚུལ་སྒོ། །ཚད་མེད་ཐུགས་རྗེའི་བདག་ཉིད་མགོན་དེ་ཡིས། །མདོ་རྒྱུད་ཀུན་ཏུ་གསུངས་ཤིང་ཁྱད་པར་དུ། །གནས་ལུང་ཆོ་གའི་ལྷན་ཐབས་འཇུག་བདེའི་ཕྱིར། །བར་དོའི་རྣམ་གཞག་ཀུན་ལས་གནས་སྐབས་སུ། །ཉེར་མཁོའི་འབྲེལ་བསྡེབས་རྣམ་དག་གཞུང་རྣམས་ལས། །སྙིང་པོར་དྲིལ་འདིས་འགྲོ་ཀུན་འདྲེན་བྱེད་ཤོག །བར་དོའི་ངོ་སྤྲོད་སྐབས་དོན་ཉེར་མཁོའི་སྙིང་པོར་དྲིལ་བ་ཐོས་པས་རྣམ་གྲོལ་ཞེས་བྱ་བ་འདི་ནི་མོན་ཡུལ་སྔན་ལུང་གསང་སྔགས་ཆོས་གླིང་ནས་བླ་མ་ཤཱཀྱ་འོད་ཟེར་གྱིས་བསྐུལ་བ་ལས། བར་དོ་སྟོན་བྱེད་ཀྱི་གཞུང་ཐུན་མོང་དང་ཁྱད་པར་དག་གི་དགོངས་པ་འགལ་མེད་འབྲེལ་བསྡེབས་ནས་ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་དཔལ་ཁྲ་འབྲུག་གི་གཙུག་ལག་ཁང་ཆེན་པོའི་གསང་སྔགས་ཕོ་བྲང་དུ་བྲིས་པ་བདེ་ལེགས་སུ་གྱུར་ཅིག །དགེའོ།། །།
གསང་ཆེན་ཐུགས་ཀྱི་སྒྲུབ་པ་ལས་ཐུགས་སྒྲུབ་ཧཱུྃ་གི་ཕྲིན་ལས་ཟབ་མོ་རིག་འཛིན་རྒོད་གྱི་ལྡེམ་འཕྲུ་ཅན་གྱིས་གཏེར་ནས་སྤྱན་དྲངས་པ་ (Volume 12, Text 4)
༄༅༔ ༔གསང་ཆེན་ཐུགས་ཀྱི་སྒྲུབ་པ་ལས་ཐུགས་སྒྲུབ་ཧཱུྃ་གི་ཕྲིན་ལས་ཟབ་མོ་རིག་འཛིན་རྒོད་གྱི་ལྡེམ་འཕྲུ་ཅན་གྱིས་གཏེར་ནས་སྤྱན་དྲངས་པའོ༔ ཐུགས་དམ་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ལྔ་བརྒྱ་ཐ་མ་ཤར་བའི་ཚེ༔ རི་བོ་བཀྲ་བཟང་ཤར་འདབས་སུ༔ ལས་ཅན་སྦས་པའི་རྣལ་འབྱོར་པ༔ རྒོད་ཀྱི་ལྡེམ་འཕྲུ་ཅན་ཞིག་འབྱུང༔ དེ་ཕྱིར་ང་ཡི་ཐུགས་སྒྲུབ་བཞག༔ ཚེ་སྒྲུབ་ལྕགས་ཀྱི་སྡོང་པོ་ཡིན༔ ནོར་སྒྲུབ་རིན་ཆེན་སྤུངས་པ་ཡིན༔ སྡེ་བརྒྱད་འདུལ་བའི་གཉེན་པོ་ཡིན༔ སྒྲུབ་ཆེན་བཀའ་བརྒྱད་འདུས་པ་ཡིན༔ པདྨ་འབྱུང་གནས་སྙིང་ཐིག་ཡིན༔ མཁའ་འགྲོ་རྣམས་ཀྱི་སྙིང་ཁྲག་ཡིན༔ ཀུན་བཟང་ཐུགས་ཀྱི་དགོངས་པ་ཡིན༔ ལས་ཅན་བུ་ཡི་དངོས་གྲུབ་ཡིན༔ ང་ཡི་རྗེས་འཇུག་རྣལ་འབྱོར་པ༔ མན་ངག་འདི་དང་འཕྲད་པའི་ཚེ༔ བརྩོན་འགྲུས་དྲག་པོས་བར་ཆད་སྤང༔ ཉམས་ལེན་དྲག་པོས་དངོས་གྲུབ་ཐོབ༔ ཐེ་ཚོམ་སྤོངས་ལ་སྒྲུབ་པ་མཛོད༔ བུ་ཁྱོད་ཡི་དམ་འདི་ལ་མཛོད༔ བདག་དང་ཞལ་མཇལ་ལུང་སྟོན་ངེས༔ ཨེ་མ་ཧོ༔ འདི་ཉིད་སྒྲུབ་པའི་རྣལ་འབྱོར་པས༔ དབེན་པའི་གནས་སུ་མཎྜལ་བཤམ༔ མདུན་དུ་པདྨ་ང་ཡི་སྐུ༔ རབ་གནས་ལྡན་པ་བཞུགས་སུ་གསོལ༔ ཐུགས་སྒྲུབ་སེམས་ལ་ལོངས་སྤྱོད་ཕྱིར༔ སྒྲུབ་རྫས་མཆོད་གཏོར་བཤམས་མི་འཚལ༔ སྤྱན་དྲངས་མཆོད་བསྟོད་བསྐུལ་མི་དགོས༔ དཀྱིལ་འཁོར་གསུམ་གྱི་སྒྲུབ་ཐབས་བྱ༔ དེ་ལ་བསྙེན་པའི་རྟགས་རྫོགས་ནས༔ དངོས་གྲུབ་བླང་བའི་ཆོ་ག་བྱ༔ མཆོད་པ་སྤྱན་གཟིགས་སྣ་ཚོགས་བཤམ༔ ཐུགས་སྒྲུབ་ཕྲིན་ལས་ཏིང་འཛིན་ནི༔ ཧཱུྃ༔ དང་པོ་རང་ཉིད་དབེན་པའི་གནས་སུ་འདུག༔ ཕྱི་ནང་སྣོད་བཅུད་སྣང་བ་ཐམས་ཅད་ཀུན༔ རང་རིག་སེམས་ལས་བྱུང་བའི་ཆོ་འཕྲུལ་ཏེ༔ སེམས་ཉིད་དངོས་པོ་གཟུང་འཛིན་བྲལ་བའི་ངང༔ དེ་ལྟར་རྟོགས་ན་བགེགས་རྣམས་རང་སར་གྲོལ༔ རཾ་ཡཾ་ཁཾ༔ ཧཱུྃ༔ དེ་ཉིད་ངང་ལས་སྐད་ཅིག་དྲན་རྫོགས་སུ༔ འཇིགས་བྱེད་ཆེན་པོ་རྡོ་རྗེ་དྲག་པོ་རྩལ༔ བསྐལ་པའི་མེ་འབར་རྡོ་རྗེའི་ཚྭ་ཚྭ་འཕྲོ༔ འཇིག་རྟེན་ཐམས་ཅད་རྨངས་ནས་ལྡེག་ཅིང་འཁྲུག༔ བདུད་དང་དམ་སྲི་བགེགས་རིགས་བརླག་པར་བྱེད༔ ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ༔ སརྦ་དུཥྚཱན་མཱ་ར་ཡ་ཕཊ༔ ཀཱི་ལི་ཀཱི་ལ་ཡ༔ སརྦ་པཱ་པཾ་ཧཱུྃ༔ བཛྲ་དྷཱ་ར་ཨཱ་ཛྙཱ་པ་ཡ་ཏི༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཧྲཱི༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཧཱུྃ༔ དུས་གསུམ་བདེ་གཤེགས་མཁའ་འགྲོ་དམ་ཅན་རྣམས༔ ཏིང་འཛིན་རྩེ་གཅིག་དད་པས་སྤྱན་དྲངས་ནས༔ བསྐལ་པ་དཔག་མེད་དུས་ནས་ད་ལྟའི་བར༔ དུག་ལྔའི་དབང་གྱུར་ངན་སོང་གསུམ་གྱི་ལས༔ ལུས་ངག་ཡིད་གསུམ་སྡིག་སྒྲིབ་མཐོལ་ལོ་བཤགས༔ བཛྲ་ས་མ་ཡ་ཧཱུྃ་ཛ༔ བྱིན་དབབ་པ་ནི༔ ཧཱུྃ༔ བདག་ཉིད་སྡིག་སྒྲིབ་དག་པའི་ཕུང་པོ་ལ༔ ལྷ་རྣམས་དགྱེས་ཤིང་འོད་ཟེར་སྟོང་གསུམ་གང༔ བདག་ལ་ཐིམ་པས་ཡི་དམ་ལྷར་གྱུར་ཏེ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པ་ཡིས༔ མཆོག་དང་ཐུན་མོང་དངོས་གྲུབ་བྱིན་ཆེན་འབེབ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ བདུད་རྩི་མཆོད་པ་བྱིན་རླབས་ནི༔ ཧཱུྃ༔ བདག་ལས་འོད་འཕྲོས་བྷནྡྷའི་གཞལ་ཡས་ཁང༔ གཡས་གཡོན་ཐབས་དང་ཤེས་རབ་ཕྱག་རྒྱ་ལས༔ རིགས་ལྔ་ཡབ་ཡུམ་སྦྱོར་མཛད་བྱང་ཆུབ་སེམས༔ བདུད་རྩི་མུ་ཏིག་དཀར་པོ་ཆར་ལྟར་བབས༔ སྣོད་བཅུད་ཐམས་ཅད་བདུད་རྩིའི་རྒྱ་མཚོས་གང༔ ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཐཱ༔ ཧཱུྃ༔ མཐེབ་སྲིན་སྦྱར་བས་རྟ་མགྲིན་ཡུམ་དང་བཅས༔ བདུད་རྩི་འཁྱིལ་ཞིང་དངོས་གྲུབ་སྟེར་མཛད་ལྷ༔ བདག་ལ་རེག་པས་དམ་ཚིག་ཉམས་གྲིབ་དག༔ རྫས་ལ་གཏོར་བས་མ་དག་སྐྱོན་རྣམས་སྦྱངས༔ བགེགས་ལ་ཕོག་པས་བདུད་དང་དམ་སྲི་བསྐྲད༔ ཧྲཱིཿམ༔ ཨོཾ་བཛྲ་ཡཀྴ་ཀྲོ་དྷ་ཧཱུྃ༔ གཏོར་མ་བྱིན་བརླབ་ནི༔ ཧཱུྃ༔ སྣོད་ཀྱི་འཇིག་རྟེན་དུར་ཁྲོད་ཁོག་པ་རུ༔ སྙིང་ཁྲག་ཤ་རུས་ཆུ་སེར་ཉོན་མོངས་ལྔ༔ རྣམ་དག་ཡེ་ཤེས་ལྔ་དང་འདོད་ཡོན་དྲུག༔ བཅུད་ཀྱི་འཇིག་རྟེན་ལྷ་མོ་དྲུག་གིས་ཁེངས༔ དམ་རྫས་གཏོར་མའི་མཆོད་པ་བྱིན་གྱིས་བརླབས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཐཱ༔ རཀྟ་བྱིན་རླབས་ནི༔ ཧཱུྃ༔ བྷནྡྷ་འབར་བ་རཀྟ་དམར་གྱི་སྣོད༔ ཁམས་གསུམ་འཁོར་བའི་རྒྱུ་ནི་འདོད་ཆགས་ཏེ༔ རྣམ་ཤེས་ཚོགས་བརྒྱད་འདུས་པའི་རྩ་ཆེན་ཁྲག༔ རཀྟ་ཆོས་ཉིད་སྐྱེ་བ་མེད་པ་ལས༔ གསང་བ་ཡུམ་གྱི་ཐིག་ལེ་བདེ་བའི་ངང༔ མ་ཧཱ་རཀྟ་མཎྜ་ལ་ཧཱུྃ༔ ཕྱི་མཆོད་བྱིན་བརླབ་ནི༔ ཧཱུྃ༔ ཨརྒྷཾ་མེ་ཏོག་བདུག་སྤོས་མར་མེ་དང༔ དྲི་ཆབ་ཕྱི་ཡི་མཆོད་པ་རྣམ་པ་ལྔ༔ ཡིད་འོང་མཛེས་པའི་ལྷ་མོ་ལྔ་རྣམས་ཀྱིས༔ རྣམ་དག་གཙང་མར་སྦྱར་ཏེ་བསྣམས་ནས་ཀྱང༔ ཡི་དམ་ལྷ་དང་མཁའ་འགྲོ་མཆོད་པའི་རྫས༔ ཨོཾ་ཨཱཿདྷཱུ་པཱུ་ཨཱ་ག་ནཻ་ཧཱུྃ༔ དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ ཧཱུྃ༔ འདི་ལྟར་སེམས་ཀྱི་རྩལ་སྣང་མ་འགགས་པའི༔ སྣ་ཚོགས་སྣང་བ་འདི་ནི་ཡེ་ཤེས་ཏེ༔ སྣང་བའི་དུས་ན་ངོ་བོ་སྟོང་པའི་ངང༔ ཆོས་ཀྱི་དབྱིངས་ཉིད་སྤྲོས་དང་བྲལ་བར་གནས༔ དབྱེར་མེད་བྱང་ཆུབ་སེམས་ནི་བདེ་བ་ཆེ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི༔ ཧཱུྃ༔ དེ་ལྟར་མ་རྟོགས་འཁྲུལ་པའི་སེམས་ཅན་རྣམས༔ སྙིང་རྗེ་ཆེན་པོ་བྱམས་པའི་ཏིང་འཛིན་གྱིས༔ རང་རིག་འོད་ཟེར་ཁ་དོག་ལྔ་དང་ལྡན༔ གསལ་འཚེར་སྣང་བ་མ་འགག་དྭངས་པ་ལ༔ ངོ་བོ་བརྩེ་བའི་སྙིང་རྗེ་ཆེན་པོར་བསྒོམ༔ དྷརྨ་དྷཱ་ཏུ་མཎྜ་ལ་ཧཱུྃ༔ རྒྱུའི་ཏིང་ངེ་འཛིན་ནི༔ ཧཱུྃ༔ དེ་ལས་འོད་ལྔ་འདུས་པའི་ཡི་གེ་ནི༔ ཧཱུྃ་ཆེན་སྔོན་པོ་འབར་བ་ཉི་ཟླ་བཞིན༔ སྣང་སྟོང་དབྱེར་མེད་ངང་ལས་གསལ་བར་ཤར༔ སྐར་ཆེན་ཐང་ལ་བབ་པའི་ཚུལ་བཞིན་དུ༔ འབྲས་བུ་རྒྱུ་ཡི་ཡི་གེ་ཧཱུྃ་དུ་ཤར༔ བོ་དྷི་ཙིཏྟ་མཎྜ་ལ་ཧཱུྃ༔ འབྱུང་བ་རིམ་བརྩེགས་ནི༔ ཡི་གེ་ཧཱུྃ་ལས་ཧཱུྃ་ལྔ་འཕྲོས་པ་ལས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ གངས་ལ་ཐིགས་པ་བབས་པ་བཞིན་དུ་ཆགས༔ དེ་ལས་འོད་འཕྲོས་འབྱུང་བ་ཆེན་པོ་ལྔ༔ འོག་གཞི་དབང་ཆེན་གཞལ་ཡས་གསལ་བར་བསྒོམ༔ ཡེ་ཤེས་ལྔ་དང་ཡུམ་ལྔ་རྣམ་དག་ཀློང༔ ཧཱུྃ༔ ནམ་མཁའ་མཐིང་ནག་གྲུ་གསུམ་བརྡལ་བ་ལ༔ རླུང་ནག་རྡོ་རྗེ་རྒྱ་གྲམ་རབ་ཏུ་གཡོས༔ མེ་དཔུང་བསྐལ་པ་དུས་མཐའི་མེ་ལྟར་འབར༔ རཀྟའི་རྦ་ཀློང་རྒྱ་མཚོའི་ཀློང་ལྟར་འཁྱིལ༔ ཀེང་རུས་ཆེན་པོ་རི་རབ་ལྷུན་སྡུག་བརྗིད༔ ཨེ་ཡཾ་རཾ་ར་སུ་ཀེཾ༔ དེ་ལས་གཞལ་ཡས་ཁང་བསྐྱེད་པ་ནི༔ ཧཱུྃ༔ རྒྱུ་ཡི་ཡི་གེ་ཉིད་ལས་འོད་འཕྲོས་པས༔ སྣང་བ་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཀུན༔ བདག་གི་གཟུགས་ཀྱི་ཕུང་པོ་གཞལ་ཡས་ཁང༔ ཙིཏྟའི་ག་འུ་རིན་ཆེན་ཕོ་བྲང་མཛེས༔ རྩ་ཆེན་རྩ་ཕྲན་ཀ་གདུང་རྒྱན་དང་བཅས༔ བྷནྡྷའི་རྩིག་པ་ནང་ཁྲོལ་དྲྭ་བར་ལྡན༔ རྣམ་ཤེས་ཚོགས་བརྒྱད་གཟེར་གྱིས་རབ་ཏུ་བསྡམས༔ གསལ་བྱེད་མིག་གཉིས་ཉི་ཟླའི་མཐོང་ཁུང་ལ༔ སྟེང་འོག་རྒྱུ་ལམ་བཞི་ལ་སྒོ་བཞི་གནས༔ བྱང་ཆུབ་སེམས་ལས་ཀུན་འབྱུང་གཞལ་ཡས་ཁང༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བྷནྡྷ་ཛྙཱ་ན་མཎྜ་ལ་བྷྲཱུྃ༔ ལྷ་བསྐྱེད་པ་ནི༔ ཧཱུྃ༔ རྒྱུ་ཡི་ཡི་གེ་འོད་འཕྲོས་འདུས་པ་ལས༔ མ་ཆགས་པདྨ་ཐབས་ཤེས་ཉི་ཟླའི་གདན༔ སྲིན་པོ་རུ་དྲ་བརྫིས་པའི་གདན་སྟེང་དུ༔ མ་ཧཱ་གུ་རུ་རྡོ་རྗེ་དྲག་པོ་རྩལ༔ རང་རིག་རང་བྱུང་རང་ཤར་གསལ་བར་བསྒོམ༔ པདྨ་ཙནྡྲ་སཱུརྻ་མཎྜ་རུ་དྲ་ཏི་ར་ན་བཾ༔ ཧཱུྃ༔ སྐུ་མདོག་མཐིང་ནག་འཇིགས་པའི་ཆ་ལུགས་ལ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་བསྣམས༔ ཕྱག་གཡོན་གསེར་གྱི་དྲིལ་བུ་དཀུ་ལ་བརྟེན༔ རིན་ཆེན་རུས་རྒྱན་ཟབ་ཆེན་བེར་ལ་སོགས༔ མཁའ་འགྲོ་དམ་ཅན་དབང་སྡུད་རྒྱན་གྱིས་བརྒྱན༔ དུར་ཁྲོད་ཆས་བརྒྱད་བརྗིད་པའི་གར་དགུར་ལྡན༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ ལྷ་ཚོགས་ཐམས་ཅད་ཉིད་ཀྱི་སྐུ་ལ་རྫོགས༔ བདེ་གཤེགས་ཀུན་འདུས་རྡོ་རྗེ་དྲག་པོ་རྩལ༔ ཞབས་གཉིས་གྱད་ཀྱི་འགྱིང་བག་སྟབས་སུ་བཞུགས༔ དེ་བ་བཛྲ་ཧཱུྃ༔ ཧཱུྃ༔ སྤྱི་བོ་ཚངས་པའི་བུ་གའི་རྩ་འདབ་སྟེང༔ མགོན་པོ་ཚེ་དཔག་མེད་ཀྱི་ལྷ་ཚོགས་རྫོགས༔ ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ ཀླད་པ་དུང་ཁང་རྩ་ཡི་འཁོར་ལོ་ལ༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐམས་ཅད་རྫོགས༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ༔ མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་འདབ་ལ༔ པདྨ་གསུང་གི་ལྷ་ཚོགས་ཐམས་ཅད་རྫོགས༔ ཨོཾ་ཧ་ཡ་གྲཱི་ཝ་ཧཱུྃ༔ སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་ལ༔ རྡོ་རྗེ་ཐུགས་ཀྱི་ལྷ་ཚོགས་ཐམས་ཅད་རྫོགས༔ ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ ལྟེ་བ་འཁོར་ལོ་འདུས་པའི་རྩ་འདབ་ལ༔ བདུད་རྩི་ཡོན་ཏན་ལྷ་ཚོགས་ཐམས་ཅད་རྫོགས༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ༔ གསང་གནས་བདེ་སྐྱོང་འཁོར་ལོའི་རྩ་འདབ་ལ༔ ཆེ་མཆོག་མ་མོའི་ལྷ་ཚོགས་ཐམས་ཅད་རྫོགས༔ ཨོཾ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ ཧ་ཧེ་མ་ཕཊ་བྷྱོ༔ རྩ་ཆེན་རྩ་ཕྲན་སྟོང་གི་འཁོར་ལོ་ལ༔ མཁའ་འགྲོ་འབུམ་ཕྲག་མང་པོའི་ལྷ་ཚོགས་རྫོགས༔ ཧ་རི་ནི་ས་ཧཱུྃ༔ དབུ་ལ་རྒྱལ་བ་རིགས་ལྔས་དབང་བསྐུར་མཛད༔ ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྐུ་ནི་རྡོ་རྗེ་ཁྲོས་པའི་སྐུ་གསུང་ཐུགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་ལ༔ འཇིགས་བྱེད་ཁྲོ་བཅུའི་ལྷ་ཚོགས་ཐམས་ཅད་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཕྱག་གཡོན་གསེར་གྱི་དྲིལ་བུ་ཁྲོ་མོ་བཅུ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞབས་གཉིས་བརྐྱང་བསྐུམ་རུ་དྲ་བརྫིས་པ་ལ༔ ཕྱོགས་སྐྱོང་སྡེ་བརྒྱད་དྲེགས་པའི་སྲོག་རྩ་འདུས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཡ་མ་རཱ་ཙ་དུ་ཏྲི་ཕུ་ཏྲི་སརྦ་ཏྲིག་ནན༔ དེ་ནས་སྤོས་དང་བཅས་ཏེ་གདུང་བའི་དབྱངས་ཀྱིས་སྤྱན་དྲངས་པ་ནི༔ ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ས་མ་ཡ་ཛཿཛ༔ ཧཱུྃ༔ དྷ་ན་ཀོ་ཥའི་མཚོ་གླིང་དུ༔ དྲག་པོའི་བརྟུལ་ཞུགས་མཛད་པའི་ཚེ༔ སངས་རྒྱས་ཀུན་གྱིས་དབང་བསྐུར་མཛད༔ མཁའ་འགྲོ་ཐམས་ཅད་དབང་དུ་བསྡུས༔ རྡོ་རྗེ་ཕག་མོ་ཡུམ་དང་རོལ༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ༔ བདུད་དང་ལོག་འདྲེན་ཐམས་ཅད་བསྒྲལ༔ གསང་མཚན་རྡོ་རྗེ་དྲག་པོ་རྩལ༔ རྡོ་རྗེ་སྲིན་པོའི་ལྷ་ཚོགས་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་བཛྲ་ཀྲོ་དྷ་དེ་ཝ་ས་མ་ཡ་ཛཿཛཿ ཧཱུྃ༔ མ་གཡེལ་མ་གཡེལ་རིག་འཛིན་ཚོགས༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཡི༔ བླ་མ་ཀུན་འདུས་ཐོད་ཕྲེང་རྩལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ༔ མ་གཡེལ་མ་གཡེལ་ཡི་དམ་ལྷ༔ སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་ཀྱི༔ ཡི་དམ་ཀུན་འདུས་དྲག་པོ་རྩལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ༔ མ་གཡེལ་མ་གཡེལ་དམ་ཅན་ཚོགས༔ མཁའ་འགྲོ་གིང་དང་བཀའ་ཉན་རྣམས༔ སྔོན་གྱི་དམ་ཚིག་རྗེས་དགོངས་ལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ བཛྲ་ས་མ་ཡ་ཛ་ཛ༔ ཧཱུྃ༔ བཞེངས་ཤིག་པདྨ་འབྱུང་གནས་མཁའ་འགྲོའི་ཚོགས༔ དགོངས་ཤིག་ཕྱོགས་བཅུ་དུས་གསུམ་བདེ་གཤེགས་རྣམས༔ རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ རིག་འཛིན་མཁའ་འགྲོའི་གནས་ནས་གཤེགས་སུ་གསོལ༔ དབུ་སྐྲ་མཛེས་པའི་ཐོར་ཅོག་ཤིགས་སེ་ཤིག༔ རིན་ཆེན་རྒྱན་ཆ་མང་པོ་སི་ལི་ལི༔ དུར་ཁྲོད་རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ སྒྲ་དང་རོལ་མོ་མང་པོ་འུ་རུ་རུ༔ ཡི་དམ་ལྷ་ཚོགས་ཧཱུྃ་སྒྲ་དི་རི་རི༔ མཁའ་འགྲོ་སྡེ་ལྔས་གར་བྱེད་ཤིགས་སེ་ཤིག༔ གིང་ཆེན་དཔའ་བོས་བྲོ་བརྡུང་ཁྲབས་སེ་ཁྲབ༔ མ་མོ་མཁའ་འགྲོ་སྤྲིན་ལྟར་ཐིབས་སེ་ཐིབ༔ ཕྱོགས་སྐྱོང་སྡེ་བརྒྱད་ལས་བྱེད་ཁྱུགས་སེ་ཁྱུག༔ ཞུབ་ཆེན་སྟོང་གི་སྒྲ་སྐད་སི་ལི་ལི༔ གཡས་ན་ཕོ་རྒྱུད་ཐམས་ཅད་ཤ་ར་ར༔ གཡོན་ན་མོ་རྒྱུད་ཐམས་ཅད་ཤ་ར་ར༔ བར་སྣང་ཐམས་ཅད་དར་གདུགས་ལྷབས་སེ་ལྷབ༔ དྲི་ཞིམ་སྤོས་ཀྱི་ངད་པ་ཐུ་ལུ་ལུ༔ མཁའ་འགྲོ་གསང་བའི་བརྡ་སྐད་དི་རི་རི༔ གིང་ཆེན་དཔའ་བོའི་བཤུག་གླུ་ཀྱུ་རུ་རུ༔ ཧཱུྃ་གི་སྣང་གླུ་མང་པོ་དི་རི་རི༔ ཕཊ་ཀྱི་བརྡ་སྐད་དྲག་པོ་སངས་སེ་སང༔ བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཐུགས་རྗེས་གཟིགས་ལ་གནས་འདིར་གཤེགས་སུ་གསོལ༔ གནས་འདིར་ཐུགས་རྗེས་དགོངས་ཏེ་གཤེགས་ནས་ཀྱང༔ བདག་གིས་བྱང་ཆུབ་སྙིང་པོ་མ་ཐོབ་བར༔ བགེགས་དང་ལོག་འདྲེན་བར་ཆད་འདུལ་བ་དང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨེ་ཧྱེ་ཧི༔ བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ པདྨ་ཉི་ཟླ་རུ་དྲའི་གདན་སྟེང་དུ༔ མ་ཧཱ་གུ་རུ་རྡོ་རྗེ་དྲག་པོ་རྩལ༔ རང་རིག་རང་ཤར་ཞི་ཁྲོ་རྩ་བའི་ལྷ༔ མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཕྱག་འཚལ་བ་ནི༔ ཧཱུྃ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་ཐམས་ཅད་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་དྲུག་སྒྲོལ་བར་མཛད༔ ཡིད་བཞིན་ནོར་བུའི་དངོས་གྲུབ་ཆར་ལྟར་འབེབ༔ རྡོ་རྗེ་དྲག་པོ་རྩལ་ལ་ཕྱག་འཚལ་བསྟོད༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ལྷ་རྫས་ཕྱི་མཆོད་འབུལ་བ་ནི༔ ཨརྒྷཾ་བདུག་སྤོས་མེ་ཏོག་དང༔ མར་མེ་དྲི་ཆབ་ཞལ་ཟས་དང༔ སྙན་པའི་རོལ་མོ་མཆོད་པ་འབུལ༔ ཨོཾ་ཨཱ་ཧ་ར་ཨཱ་ཧ་ར༔ སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་ཨཱཿཧཱུྃ༔ ཨོཾ་བཛྲ་པུཥྤེ་ཏྲཱཾ༔ དྷཱུ་པེ་ཧཱུྃ༔ ཨཱ་ལོ་ཀེ་ཧྲཱི༔ གནྡྷེ་ཨཱ༔ ནཻ་ཝིདྱ་ཧཱུྃ༔ ཤབྡ་ཨཱ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ རང་བྱུང་ནང་མཆོད་འབུལ་བ་ནི༔ དབང་པོ་ལྔ་ཡི་མེ་ཏོག་མཆོད༔ ཚིལ་ཆེན་དུད་པའི་དྲི་ཡིས་མཆོད༔ ཞུན་ཆེན་སྣང་གསལ་མར་མེས་མཆོད༔ རྡོ་རྗེ་དྲི་ཆུའི་བྱུག་པས་མཆོད༔ བདུད་རྩི་དྲི་ཆེན་ཞལ་ཟས་མཆོད༔ རྐང་གླིང་ཐོད་རྔ་སྒྲ་ཡིས་མཆོད༔ དུག་གསུམ་སྐུ་གསུང་ཐུགས་སུ་མཆོད༔ དུག་ལྔ་ཡེ་ཤེས་ལྔ་རུ་མཆོད༔ སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད༔ མཆོད་བཞེས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་མཱཾ་ས་ཁཱ་ཧི༔ མ་ཧཱ་ཙིཏྟ་ཁཱ་ཧི༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ གཉིས་མེད་གསང་མཆོད་འབུལ་བ་ནི༔ ཡབ་ཡུམ་གཉིས་མེད་མཁའ་གསང་ལ༔ བྱང་སེམས་དཀར་དམར་བདེ་བའི་མཆོག༔ བདེ་བ་ཆེན་པོའི་མཆོད་པ་འབུལ༔ སྐུ་ལུས་རྒྱས་ཕྱིར་བཞེས་སུ་གསོལ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ རཱ་ག་ཡཱ་མི༔ ར་ཧོ་ཧཾ༔ བོ་དྷི་ཙིཏྟ་ཧཱུྃ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ དྲག་པོའི་བསྒྲལ་མཆོད་འབུལ་བ་ནི༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་གདེངས༔ གཡོན་པས་ཕུར་པ་དགྲ་སྙིང་གཟིར༔ གནོད་བྱེད་ཕོ་མོ་རྡུལ་དུ་རློག༔ དགྲ་བགེགས་ཤ་རུས་མཆོད་པར་བཞེས༔ ནྲྀ་ཏྲི་སརྦ་མཱ་ར་ཡ་རྦད༔ མ་ཧཱ་མཱཾ་ས་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་ཙིཏྟ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ཁཱ་ཧི༔ ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བ་བརྒྱད་ལ་ཡན་ལག་སྟོང༔ བདུད་རྩི་སྨན་གྱི་མཆོད་པ་འདི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ དམ་ཅན་ཆོས་སྐྱོང་རྣམས་ལ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ རྒྱུད་དྲུག་བསྒྲལ་བའི་རཀྟ་འདི༔ འདོད་ཆགས་རྩད་ནས་བཅད་པའི་ཕྱིར༔ སྐྱེ་མེད་དོན་གྱི་མཆོད་པ་བཞེས༔ མ་ཧཱ་རཀྟ་ཁཱ་ཧི༔ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་སྦྱར་བ་འདི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ ཐུགས་དམ་བཞིན་ལས་ཅི་བདེར་བཞེས་སུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ལས་ཅན་འདི་དང་འཕྲད་པ་རྣམས༔ དཀྱིལ་འཁོར་གསུམ་པོ་གསལ་བཏབ་ལ༔ ཉིན་མཚན་དུས་དྲུག་ཐམས་ཅད་དུ༔ བསྙེན་པ་ཆུ་བོའི་གཞུང་བཞིན་བཟླ༔ དམ་རྫས་ཕྱི་ནང་གསང་བའི་རྫས༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ དུས་དང་གཟའ་སྐར་བཟང་པོ་ལ༔ ཐུགས་སྒྲུབ་ཧཱུྃ་གི་ཕྲིན་ལས་འདི༔ བླ་མ་མཆོད་ཕྱིར་རྒྱུན་དུ་འབུལ༔ རྟགས་དང་དོན་གྱི་བསྟོད་པ་ནི༔ འཛབ་བསྙེན་ཕྲིན་ལས་དུས་སུ་འབུལ༔ ཧཱུྃ༔ དུར་ཁྲོད་ཆེན་པོ་རབ་ཏུ་འཇིགས་པའི་ཚལ༔ ཉོན་མོངས་འཇོམས་མཛད་མེ་དཔུང་འབར་བའི་ཀློང༔ ཆགས་མེད་པདྨ་ཐབས་ཤེས་ཉི་ཟླའི་གདན༔ དྲེགས་པ་སྲིན་པོ་བརྫིས་པའི་གདན་སྟེང་དུ༔ འཇིགས་བྱེད་ཆེན་པོ་རྡོ་རྗེ་དྲག་པོ་རྩལ༔ སྐུ་མདོག་མཐིང་ནག་འབར་བའི་གར་དགུར་ལྡན༔ སྤྱན་བགྲད་མཆེ་གཙིགས་ཨག་ཚོམ་མེ་ལྟར་འབར༔ གྱད་ཀྱི་སྟངས་སྟབས་འགྱིང་བག་སྟབས་སུ་བཞུགས༔ དབུ་སྐྲའི་ཐོར་ཚུགས་ན་བཟའ་སྤྲིན་ལྟར་གཏིབས༔ རིགས་ལྔའི་སངས་རྒྱས་རྣམས་ཀྱིས་དབུ་ལ་བརྒྱན༔ རིན་ཆེན་འབར་བས་དབུ་དང་ཕྱག་ཞབས་སྤྲས༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་འཕྱར༔ ཕྱག་གཡོན་གསེར་གྱི་དྲིལ་བུ་དཀུ་ལ་བརྟེན༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་ལེགས་པར་བརྒྱན༔ ཟབ་ཆེན་བེར་སྨུག་དབང་གི་ན་བཟའ་གསོལ༔ རུས་པའི་རྒྱན་དྲུག་རྟགས་ཀྱིས་མཛེས་པར་བརྒྱན༔ བདེ་བར་གཤེགས་པ་ཐམས་ཅད་སྐུ་གསུང་ཐུགས༔ མཁའ་འགྲོ་འབུམ་ཕྲག་མང་པོའི་དེད་དཔོན་མཛད༔ རྡོ་རྗེ་དྲག་པོ་རྩལ་ལ་ཕྱག་འཚལ་བསྟོད༔ དེ་ནས་ཧཱུྃ་གི་འཛབ་དབྱངས་བྱ་བ་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ༔ ཀུན་བཟང་ཆེ་མཆོག་ཧེ་རུ་ཀ༔ འགྲོ་བའི་དོན་དུ་སྐུར་བཞེངས་ལ༔ ཆོས་ཉིད་སྟོང་པའི་རང་སྒྲ་སྒྲོགས༔ བདག་ཀྱང་ཁྱེད་ཀྱི་རྗེས་སུ་འཇུག༔ རིག་འཛིན་བླ་མས་བྱིན་གྱིས་རློབས་མཛོད་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ རང་བྱུང་རྣམ་དག་གཞལ་ཡས་སུ༔ ཡེ་ཤེས་ལྔ་ལྡན་རྒྱལ་བ་ལྔ༔ ལྕང་ལོ་ཅན་གྱི་གནས་མཆོག་ཏུ༔ གསང་བདག་ཕྱག་ན་རྡོ་རྗེ་ཡང༔ བྱང་ཆུབ་སེམས་ཀྱི་གཞལ་ཡས་སུ༔ སྨུག་ནག་དབང་གི་མཁའ་འགྲོ་ཡང༔ འགྲོ་བའི་དོན་དུ་སྐུར་བཞེངས་ལ༔ ཆོས་ཉིད་སྟོང་པའི་རང་སྒྲ་སྒྲོགས༔ བདག་ཀྱང་ཁྱེད་ཀྱི་རྗེས་སུ་འཇུག༔ རིག་འཛིན་བླ་མས་བྱིན་གྱིས་རློབས་མཛོད་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ རི་རྒྱལ་ལྷུན་པོའི་རྩེ་མོ་རུ༔ ཚངས་པའི་རྒྱལ་པོ་གདོང་གསུམ་ཡང༔ རྣམ་པར་རྒྱལ་བའི་ཁང་བཟང་དུ༔ རིག་འཛིན་ལྷ་དབང་བརྒྱ་བྱིན་ཡང༔ སིནྡྷུ་རྒྱ་མཚོའི་མཚོ་གླིང་དུ༔ རིག་འཛིན་ཀླུ་རྒྱལ་འཇོག་པོ་ཡང༔ འགྲོ་བའི་སོགས་འགྲེ །མ་ལ་ཡའི་གནམ་ལྕགས་རྩེ་མོ་རུ༔ བསོད་ནམས་བསགས་པའི་རྒྱལ་པོ་ཛ༔ ཟ་ཧོར་ཡུལ་གྱི་གནས་མཆོག་ཏུ༔ མཁས་པ་ཤཱཀྱ་པྲ་བྷཱ་ཡང༔ ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ རིག་འཛིན་པདྨ་འབྱུང་གནས་ཀྱང༔ འགྲོ་བའི་སོགས། ཆུ་བོ་གང་གཱའི་རྩ་བ་རུ༔ མཁས་པ་བི་མ་མི་ཏྲ་ཡང༔ མ་བལ་ནགས་ཀྱི་རྩ་བ་རུ༔ བལ་པོ་ཤཱི་ལ་མཉྫུ་ཡང༔ མོན་ཁ་སེང་གེའི་ཡང་རྫོང་དུ༔ མཁར་ཆེན་བཟའ་ཡི་མཚོ་རྒྱལ་ཡང༔ འགྲོ་བའི་སོགས། རོང་གི་བྲག་དམར་ཀེའུ་ཚང་དུ༔ སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱང༔ རི་རྒྱལ་བཀྲ་བཟང་ཤར་འདབས་སུ༔ གཏེར་སྟོན་རིག་འཛིན་ཡབ་སྲས་ཀྱང༔ ཐུགས་རྗེ་འགྱུར་མེད་གཞལ་ཡས་སུ༔ དྲན་མཆོག་རྡོ་རྗེའི་མཚན་ཅན་ཡང༔ འགྲོ་བའི་སོགས། མཁའ་སྤྱོད་དག་པའི་ཞིང་ཁམས་སུ༔ སྔགས་འཆང་རྡོ་རྗེ་མགོན་པོ་ཡང༔ ཤྲཱི་བྱང་རྫོང་སྒྲུབ་ཁང་དུ༔ མཚན་ལྡན་བྱམས་པ་བཤེས་གཉེན་ཡང༔ རྡོ་རྗེ་ཕུར་པའི་གཞལ་ཡས་སུ༔ མཚན་ལྡན་ངག་དབང་གྲགས་པ་ཡང༔ འགྲོ་བའི་དོན་དུ་སྐུར་བཞེངས་ལ༔ ཆོས་ཉིད་སྟོང་པའི་རང་སྒྲ་སྒྲོགས༔ བདག་ཀྱང་ཁྱེད་ཀྱི་རྗེས་སུ་འཇུག༔ རིག་འཛིན་བླ་མས་བྱིན་གྱིས་རློབས་མཛོད་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ སྐྱ་བོ་ཁ་གདངས་གནས་མཆོག་ཏུ༔ ཆོས་རྗེ་སངས་རྒྱས་དཔལ་བཟང་ཡང༔ བདེ་གྲོལ་གསང་སྔགས་ཆོས་གླིང་དུ༔ ཐུགས་སྲས་ནམ་མཁའ་རྒྱལ་མཚན་ཡང༔ ཡོལ་མོ་གངས་ཀྱི་ར་བ་རུ༔ སྔགས་འཆང་ཤཱཀྱ་བཟང་པོ་ཡང༔ འགྲོ་བའི་སོགས། ཆུ་བོ་རི་ཡི་གནས་མཆོག་ཏུ༔ རིག་འཛིན་བདུད་འཇོམས་རྡོ་རྗེ་ཡང༔ པདྨའི་ཨེ་ཝཾ་ལྕོག་སྒར་དུ༔ ཆོས་རྒྱལ་དབང་པོའི་སྡེ་ཉིད་ཀྱང༔ མི་འགྱུར་རྡོ་རྗེའི་བསྟི་གནས་སུ༔ རིག་འཛིན་ངག་གི་དབང་པོ་ཡང༔ འགྲོ་བའི་སོགས། མུ་ཏིག་ཤེལ་གྱི་ནགས་ཁྲོད་དུ༔ རིག་འཛིན་སྟོབས་ལྡན་དབང་པོ་ཡང༔ འབྲལ་མེད་སྙིང་གའི་ཕོ་བྲང་དུ༔ དྲིན་ཅན་རྩ་བའི་བླ་མ་ཡང༔ འགྲོ་བའི་སོགས། རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ༔ རང་རིག་མ་ཧཱ་གུ་རུ་ཡང༔ གཏེར་མཛོད་བསེ་སྒྲོམ་སྨུག་པོ་ནས༔ གསང་སྔགས་སྙིང་པོའི་མཐར་ཐུག་ཀྱང༔ སྨུག་ནག་གྲུ་གསུམ་གཞལ་ཡས་སུ༔ བཀའ་སྲུང་ཨེ་ཀ་ཛཱ་ཊཱི་ཡང༔ འགྲོ་བའི་སོགས། རྩ་དང་ཐིག་ལེའི་གཞལ་ཡས་སུ༔ མ་དང་ཡེ་ཤེས་མཁའ་འགྲོ་ཡང༔ བཀའ་དང་དམ་ཚིག་གཞལ་ཡས་སུ༔ བཀའ་སྲུང་ཆོས་སྐྱོང་གཏེར་བདག་ཀྱང༔ དམ་ཚིག་གཙང་མའི་གཞལ་ཡས་སུ༔ མཆེད་ལྕམ་རྡོ་རྗེ་སྤུན་གྲོགས་ཀྱང༔ འགྲོ་བའི་དོན་དུ་སྐུར་བཞེངས་ལ༔ ཆོས་ཉིད་སྟོང་པའི་རང་སྒྲ་སྒྲོགས༔ བདག་ཀྱང་ཁྱེད་ཀྱི་རྗེས་སུ་འཇུག༔ རིག་འཛིན་བླ་མས་བྱིན་གྱིས་རློབས་མཛོད་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ལུས་ལ་བདེ་བ་བྱིན་གྱིས་རློབས༔ ངག་ལ་ནུས་པ་བྱིན་གྱིས་རློབས༔ སེམས་ལ་རྟོགས་པ་བྱིན་གྱིས་རློབས༔ ལུས་ངག་ཡིད་གསུམ་ལ་བྱིན་གྱིས་རློབས་མཛོད་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ ཕྱི་ནང་གསང་གསུམ་གྱི་བར་ཆད་སོལ་མཛོད་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ མི་མཐུན་རྐྱེན་དང་བར་ཆད་སོལ༔ མཐུན་པའི་ལམ་སྣ་ཆོས་ལ་དྲོངས༔ མཆོག་དང་ཐུན་མོང་གི་དངོས་གྲུབ་སྩོལ་མཛོད་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ ནཱ་ནཱ་ཁ་དྷེ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ་སརྦ་སིདྡྷི་དྷ་ནཾ་མཻ་དྷཱིཿཧྲཱིཿཨཱ་ཡུཿསིདྡྷི་ས་མ་ཡ་སྡུས་སྡུས༔ ཧཱུྃ༔ སྐྱེ་འགག་མེད་པ་ཆོས་ཀྱི་དབྱིངས་ཀྱི་ངང༔ འདུ་འབྲལ་མེད་པ་བདེ་ཆེན་ཕོ་བྲང་དུ༔ རང་བྱུང་རང་གསལ་ཐུགས་རྗེ་ཆེན་པོའི་སྐུ༔ བདེ་གཤེགས་ཀུན་འདུས་རྡོ་རྗེ་དྲག་པོ་རྩལ༔ རང་རིག་ལྷ་ཡི་ལྷ་ལ་ཕྱག་འཚལ་བསྟོད༔ གསལ་འགྲིབ་མེད་པ་བདེ་བ་ཆེན་པོའི་སྐུ༔ རིག་པའི་རང་མདངས་མ་འགག་གསལ་བ་ལ༔ རྩོལ་སྒྲུབ་བྲལ་བས་བྱ་བྱེད་གོལ་ས་ཆོད༔ མ་བཅོས་རང་ཤར་འཛིན་མེད་སྤྲོས་དང་བྲལ༔ རིག་པ་རང་གསལ་ངང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ རིག་པའི་ཆོ་འཕྲུལ་ཅིར་ཡང་སྣང་བ་ལ༔ རྒྱ་ཆད་ཕྱོགས་ལྷུང་མེད་པས་འཁྲུལ་པ་བྲལ༔ ཅིར་སྣང་འཛིན་མེད་གྲོལ་བས་བདེ་བ་ཆེ༔ གསལ་འཚེར་དྭངས་པ་སྐྱོན་བྲལ་རིག་པའི་མདངས༔ ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ འབྱུང་བ་བཞི་ལ་བརྟེན་པའི་ཕུང་པོ་ལ༔ བཅིངས་འཐུམས་སྡུག་པ་མེད་པར་ཕྱོགས་བཅུར་འཚེར༔ གང་ཤར་རྟག་ཆད་བྲལ་བའི་ཟང་ཐལ་ལ༔ འཁྲུལ་པའི་ངར་གསོས་མི་གདབ་རང་སར་བཞག༔ རང་བྱུང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ རང་རིག་དངོས་འཛིན་ཁ་དོག་མ་གྲུབ་པར༔ སྣང་སྟོང་ཕྱོགས་ལྷུང་ཡེ་ནས་བྲལ་བ་ལ༔ མ་འགག་གསལ་འཚེར་དྭངས་པ་ཆོས་ཉིད་ངང༔ རང་རིག་ངོ་བོ་མ་བཅོས་ཐོད་ཕྲེང་རྩལ༔ རང་རིག་བླ་མའི་མཆོག་ལ་ཕྱག་འཚལ་བསྟོད༔ འདི་ལྟར་ཧཱུྃ་གི་ཕྲིན་ལས་ཟབ་མོ་ནི༔ ལས་ཅན་བུ་དང་འཕྲད་ནས་སྒྲུབ་པའི་ཚེ༔ གསང་སྔགས་ཟབ་མོ་ཚིག་དང་དོན་དུ་བསྡེབ༔ མཚམས་གཅོད་བཤགས་པ་བྱིན་འབེབས་གསུམ་གྱི་དབྱངས༔ ནམ་མཁའི་འབྲུག་ལྟར་བསྒྲགས་ལ་གདངས་དང་ལྡན༔ སྤྱན་འདྲེན་མཆོད་འབུལ་བསྟོད་པ་གསུམ་གྱི་དབྱངས༔ སྙན་ལ་གདངས་ཆགས་དྲིལ་བུའི་སྒྲ་ལྟར་བརྗོད༔ ཏིང་འཛིན་རྣམ་གསུམ་ལ་སོགས་གཞུང་གི་དབྱངས༔ ནམ་མཁའ་དྭངས་པའི་ཀློང་ལྟར་གཏིང་ཟབ་གསལ༔ ལྷག་མ་ལ་སོགས་མཇུག་གི་ཆོ་ག་རྣམས༔ རྒྱལ་པོའི་བཀའ་ལྟར་གསལ་ལ་བརྗིད་ཆགས་པ༔ ཐུགས་སྒྲུབ་དྲག་པོའི་སྐུ་གསུང་ཐུགས་ཀྱི་བཅུད༔ ནམ་མཁའ་ལྟ་བུའི་རྡོ་རྗེ་སྒྲུབ་པའི་སྐོར༔ ལས་ཅན་དམ་ཚིག་ཅན་དང་འཕྲད་པར་ཤོག༔ དེ་ནས་ཚོགས་བྱ་བ་ནི༔ རཾ་ཡཾ་ཁཾ་ཏྲཱཾ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ ཚོགས་ཀྱི་ཡོ་བྱད་ཐམས་ཅད་ཀུན༔ རྣམ་རྟོག་དངོས་འཛིན་བག་ཆགས་སྦྱངས༔ རཏྣའི་སྣོད་ལ་བདུད་རྩིའི་བཅུད༔ འདོད་ཡོན་ལྷ་མོ་སྤྲིན་ལྟར་གཏིབས༔ ཧཱུྃ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ གདུང་བ་དྲག་པོས་བདག་གདུངས་ཤིང༔ མཁའ་འགྲོའི་ཚོགས་དང་བཅས་པ་ལ༔ འདོད་ཡོན་ལྔ་ལྡན་མཆོད་པ་འབུལ༔ བ་ལིཾ་རྒྱན་གྱི་མཆོད་པ་འབུལ༔ བདུད་རྩི་སྨན་གྱི་མཆོད་པ་འབུལ༔ རཀྟ་དམར་གྱི་མཆོད་པ་འབུལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ ཏིང་འཛིན་རྩེ་གཅིག་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་གུ་རུ་དེ་ཝ་ཌཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ རཀྟ་ཁཱ་ཧི༔ ཧཱུྃ༔ སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ སྲིད་པ་བཅུད་ཀྱི་སེམས་ཅན་གཏོར་མར་བཤམས༔ དཔལ་གྱི་གཏོར་མ་བརྗིད་ལྡན་འབར་བ་འདི༔ རི་རབ་ལྷུན་པོ་བས་ཀྱང་དཔང་རེ་མཐོ༔ མ་མོའི་གཏོར་མ་པདྨས་བསྐོར་བ་འདི༔ གླིང་བཞི་གླིང་ཕྲན་བས་ཀྱང་བཀོད་རེ་ལེགས༔ དཀར་གྱི་ཐིག་བཏབ་དམར་གྱི་གུར་ཕུབ་པ༔ གསེར་གྱི་རི་བདུན་བས་ཀྱང་བརྗིད་རེ་ཆེ༔ བདུད་རྩི་སྨན་གྱི་མཆོད་པ་དམ་པ་འདི༔ ལྷ་ཡི་ཞལ་ཟས་བས་ཀྱང་རོ་རེ་བདའ༔ རཀྟ་དམར་གྱི་ཨརྒྷཾ་འཁྱིལ་པ་འདི༔ རྒྱ་མཚོ་མཆིང་སྣམ་བས་ཀྱང་རྒྱ་རེ་ཆེ༔ དཀར་རྩི་དམར་རྩི་ཤ་ཆེན་དྲི་ཆེན་དང༔ དྲི་ཆུ་མཆོད་པའི་རྫས་ཏེ་རྣམ་པ་ལྔ༔ སེང་གེ་གླང་ཆེན་རྟ་དང་རྨ་བྱ་ཁྱུང༔ མཆོག་ཆེན་མི་ལ་སོགས་ཏེ་རྣམ་པ་ལྔ༔ མ་ཧཱ་མཱཾ་ས་ལ་སོགས་ཤ་སྣ་སྟོང༔ མ་ཧཱ་ཙིཏྟ་ལ་སོགས་སྙིང་སྣ་སྟོང༔ བ་སུ་ཏ་དང་ནང་ཁྲོལ་རྣམ་པ་ལྔ༔ དབང་པོ་ལྔ་དང་གོ་རོ་ཙ་ན་དང༔ ཤིང་ཐོག་མེ་ཏོག་འབྲུ་སྣ་སྨན་སྣ་དང༔ མངར་དང་ཁུར་བ་ཐུག་པའི་བྱེ་བྲག་དང༔ མར་ཐུད་ཕྲུམ་དང་ཞོ་དང་འོ་མ་དང༔ རྩི་དང་ཙཱ་རུ་རྩི་ཆེན་གོ་སྙོད་དང༔ ལྒ་དང་ལན་ཚྭ་སྤོད་ཀྱི་བྲེ་བྲག་དང༔ རི་སྒོག་ཀླུང་སྒོག་ཤ་མོ་སྣ་ཚོགས་དང༔ རམ་བུ་རུག་པ་ཤ་མོ་སྣ་ཚོགས་དང༔ བཟའ་དང་བཅའ་དང་བཏུང་བའི་བྱེ་བྲག་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་ལྔ་ཡི་མཆོད་པ་ཐམས་ཅད་ཀུན༔ ཐོགས་མེད་བློ་ཡི་སེམས་ཀྱིས་ཀུན་བསྡུས་ནས༔ ཏིང་འཛིན་དགོངས་བརྒྱུད་དག་པས་བྱིན་བརླབས་ཏེ༔ བདུད་རྩིར་སྦྱར་བའི་མཆོད་པ་ཆེན་པོ་འདིས༔ རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང་གྱུར་ཅིག༔ ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་གྱུར་ཅིག༔ མ་མོ་མཁའ་འགྲོའིཐུགས་དམ་བསྐང་གྱུར་ཅིག༔ དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་རྩ་གསུམ་སྐོང་གསོ་བྱ༔ དེ་ནས་རང་ཉིད་ཚོགས་ལ་རོལ༔ ལྷག་མ་ལྷ་རུ་གསལ་བས་ཁ་ཆུས་བྲན་ལ༔ ལྷག་མ་གཏང་བ་ནི༔ ཨོཾ་བཛྲ་ཌཱ་ཀི་ནཱི་ཧཱུྃ་ཛ༔ བུདྡྷ༴ རཏྣ༴ པདྨ༴ ཀརྨ༴ ཧཱུྃ༔ སྔོན་ཚེ་ཁྲག་འཐུང་ཧེ་རུ་ཀའི༔ སྤྱན་སྔར་ཁས་བླངས་དམ་བཅས་དང༔ བར་དུ་པདྨ་འབྱུང་གནས་ཀྱི༔ སྤྱན་སྔར་ཁས་བླངས་དམ་བཅས་པ༔ ད་ལྟ་རིག་འཛིན་བདག་ཉིད་ཀྱི༔ བྲན་དང་ཕོ་ཉར་ཁས་བླངས་པའི༔ སྒྲུབ་སྡེ་བརྒྱད་ཀྱི་བཀའ་སྲུང་དང༔ གསང་སྔགས་ཐེག་པའི་བཀའ་སྲུང་རྣམས༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ སྔོན་གྱི་དམ་ཚིག་དྲན་པར་གྱིས༔ གསང་སྔགས་བསྟན་པ་རྒྱས་པར་མཛོད༔ བདུད་དང་དམ་སྲི་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་བཛྲ་ཌཱ་ཀི་ནཱི་ཁཱ་ཧི༔ བུདྡྷ༴ རཏྣ༴ པདྨ༴ ཀརྨ༴ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་བྷྱཿསྭཱ་ཧཱ༔ དེ་ནས་ཆད་མདོ་བྱ་བ་ནི༔ ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་འདས་པའི་དུས༔ འོག་མིན་དགའ་ལྡན་ཞེས་བྱའི་གནས་མཆོག་ཏུ༔ བཅོམ་ལྡན་དཔལ་ཆེན་ཁྲག་འཐུང་ཆེན་པོ་ཡིས༔ སྣང་སྲིད་མ་མོ་དམ་ལ་བཏགས་པའི་ཚེ༔ ཀེའུ་རི་ལ་སོགས་གནས་ཀྱི་ཁྲོ་མོ་བརྒྱད༔ སིཾ་ཧ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད༔ རྟ་གདོང་ལ་སོགས་སྒོ་མ་བཞི་རྣམས་ཀྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ དཔལ་ཆེན་བཀའ་ཡི་གཏོར་མ་འདི་བཞེས་ལ༔ བདག་གིས་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ བསྐལ་པ་བར་མ་གསང་སྔགས་དར་བའི་དུས༔ བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ ལས་ཅན་བལ་མོ་ཤཱཀྱ་དེ་ཝ་ཡིས༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ གཙང་རིས་དཔལ་མགོན་བདུན་ཅུ་རྩ་ལྔ་ཡིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ སློབ་དཔོན་བདག་གིས་བཅོལ་བའི་ཕྲིན་ལས་མཛོད༔ དེ་འོག་བསྐལ་པ་ཐ་མ་བོད་ཀྱི་ཡུལ༔ བསམ་ཡས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་དུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ མངའ་བདག་རྒྱལ་པོ་ལ་སོགས་གྲུབ་ཆེན་བརྒྱད༔ སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བཀའ་ཡི་སྲུང་མ་དྲེགས་པ་སྡེ་བརྒྱད་ཀྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ དམ་ཚིག་བཀའ་ཡི་གཏོར་མ་འདི་བཞེས་ལ༔ བདག་གིས་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་ནས་བརྟན་མ་བསྐྱང་བ་ནི༔ ཧཱུྃ༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱི༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ བོད་ཡུལ་བརྟན་མ་བཅུ་གཉིས་དང༔ ཕྱི་གཏོར་དབང་བར་ཁས་བླངས་རྣམས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ བདུད་དཔུང་ཐུལ་ལ་ཞིང་བཅུ་སྒྲོལ༔ དལ་ཁ་ཆིངས་ལ་འབྲུ་བཅུད་སྤེལ༔ དམག་དཔུང་ཆོམས་ལ་མཚོན་རྩེ་རྟུལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ མ་མཱ༔ ཁ་ཁཱ༔ ལ་ལཱ༔ ལེ་ལཻ༔ ཏ་ཏ༔ ཏེ་ཏཱཻ༔ མཱཾ་ས་རཀྟ༔ པཉྩ་ཨ་མྲྀཏ་ཁཱ་ཧི༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ བསྟན་པ་འདི་ལ་ངོ་མཚར་རྨད་བྱུང་བའི༔ འཇིག་རྟེན་སྐྱབས་གྱུར་པདྨ་རྒྱལ་པོ་ནི༔ རིགས་ནི་ཟ་ཧོར་རྒྱལ་པོའི་སྲས་སུ་འཁྲུངས༔ ཨོ་རྒྱན་ཡུལ་དུ་སྒྲོ་འདོགས་མ་ལུས་བཅད༔ བསིལ་བ་ཚལ་དུ་དངོས་གྲུབ་ཐམས་ཅད་བརྙེས༔ ཁ་བ་ཅན་དུ་བསྟན་པ་རྒྱས་པར་མཛད༔ ལྷོ་ནུབ་མཚམས་སུ་སྲིན་པོའི་ཁ་གནོན་མཛད༔ མྱ་ངན་མི་འདའ་འགྲོ་བའི་གཉེན་གཅིག་པུ༔ སྐུ་གསུམ་ཆེ་མཆོག་བཛྲ་ཧེ་རུ་ཀ༔ མཉམ་མེད་བླ་མ་མཆོག་དེ་དུས་འདིར་དྲན༔ འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་ཞུ་ལགས་སོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་དངོས་གྲུབ་སྐུལ་བའི་ལྷ༔ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ༔ ཞི་བའི་རང་བཞིན་སྐུ་མདོག་དཀར་ལ་འཚེར༔ ན་བཟའ་དཀར་པོ་ཤིན་ཏུ་མཛེས་པར་གསོལ༔ ཕྱག་མཚན་རྡོ་རྗེ་ལྕགས་ཀྱུ་ཌཱ་མ་རུ༔ རྡོ་རྗེ་མཁའ་འགྲོའི་ཐུགས་དམ་རྒྱུད་བསྐུལ་ནས༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ ནད་གདོན་བར་ཆད་སྡིག་སྒྲིབ་ཞི་བའི་དངོས་གྲུབ་ཞུ་ལགས་སོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་དངོས་གྲུབ་སྐུལ་བའི་ལྷ༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔ རྒྱས་པའི་རང་བཞིན་སྐུ་མདོག་སེར་ལ་འཚེར༔ ན་བཟའ་སེར་པོ་ཤིན་ཏུ་མཛེས་པར་གསོལ༔ ཕྱག་མཚན་རིན་ཆེན་ཞགས་པ་ཌཱ་མ་རུ༔ རིན་ཆེན་མཁའ་འགྲོའི་ཐུགས་དམ་རྒྱུད་བསྐུལ་ནས༔ ཚེ་དང་བསོད་ནམས་རྒྱས་པའི་དངོས་གྲུབ་ཞུ་ལགས་སོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་དངོས་གྲུབ་སྐུལ་བའི་ལྷ༔ དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ༔ དབང་གི་རང་བཞིན་སྐུ་མདོག་དམར་ལ་འཚེར༔ ན་བཟའ་དམར་པོ་ཤིན་ཏུ་མཛེས་པར་གསོལ༔ ཕྱག་མཚན་པདྨ་ལྕགས་སྒྲོག་ཌཱ་མ་རུ༔ པདྨ་མཁའ་འགྲོའི་ཐུགས་དམ་རྒྱུད་བསྐུལ་ནས༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ ཁམས་གསུམ་དབང་སྡུད་ཀྱི་དངོས་གྲུབ་ཞུ་ལགས་སོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཧཱུྃ༔ བྱང་གི་ཕྱོགས་ནས་དངོས་གྲུབ་སྐུལ་བའི་ལྷ༔ དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔ དྲག་པོའི་རང་བཞིན་སྐུ་མདོག་ལྗང་ལ་འཚེར༔ ན་བཟའ་ལྗང་གུ་ཤིན་ཏུ་མཛེས་པར་གསོལ༔ ཕྱག་མཚན་རྒྱ་གྲམ་དྲིལ་བུ་ཌཱ་མ་རུ༔ ལས་ཀྱི་མཁའ་འགྲོའི་ཐུགས་དམ་རྒྱུད་བསྐུལ་ནས༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ དགྲ་བགེགས་ཚར་གཅོད་ཀྱི་དངོས་གྲུབ་ཞུ་ལགས་སོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཧཱུྃ༔ དབུས་ཀྱི་ཕྱོགས་ནས་དངོས་གྲུབ་སྐུལ་བའི་ལྷ༔ སྐུ་ལྔ་ལྷུན་གྲུབ་བུདྡྷ་ཐོད་ཕྲེང་རྩལ༔ ལྷུན་གྲུབ་རང་བཞིན་སྐུ་མདོག་སྨུག་ལ་འཚེར༔ ན་བཟའ་སྨུག་པོ་ཤིན་ཏུ་མཛེས་པར་གསོལ༔ ཕྱག་མཚན་འཁོར་ལོ་དྲིལ་བུ་ཌཱ་མ་རུ༔ སངས་རྒྱས་མཁའ་འགྲོའི་ཐུགས་དམ་རྒྱུད་བསྐུལ་ནས༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་ཞུ་ལགས་སོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ནཱ་ནཱ་ཁ་དྷེ་སརྦ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ སརྦ་སིདྡྷི་དྷ་ནཾ་མེ་དྷཱིཿཧྲཱིཿཨ་ཡུ་སིདྡྷི་ས་མ་ཡ་སྡུས་སྡུས༔ དངོས་གྲུབ་སྐུལ་བའི་ཆོ་གའོ༔ དེ་ནས་དཀྱིལ་འཁོར་བསྡུ་བ་ནི༔ ཧཱུྃ༔ ད་ནི་དཀྱིལ་འཁོར་གསལ་བཏབ་ལ༔ ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན༔ ཡིག་འབྲུ་ཧཱུྃ་ལ་ཧྲིལ་གྱིས་བསྡུ༔ ཧཱུྃ་ཡང་མི་དམིགས་འཇའ་ལྟར་ཡལ༔ དེ་ནས་བདག་ཉིད་ལྷ་རུ་གསལ༔ རྟག་ཆད་གཉིས་ཀྱི་མཐའ་བསལ་ལོ༔ ཐུགས་སྒྲུབ་ཧཱུྃ་གི་ཕྲིན་ལས་འདི༔ མ་འོངས་ལྔ་བརྒྱའི་སྙིགས་མ་ལ༔ ལས་ཅན་བུ་དང་འཕྲད་པར་ཤོག༔ ཐུགས་སྒྲུབ་དྲག་པོ་ཧཱུྃ་གི་ཕྲིན་ལས་འདི༔ རྒྱས་པར་བྱེད་ན་ཚིག་དང་དོན་དུ་བསྡེབ༔ བསྡུས་པ་བྱེད་ན་རང་གཞུང་སོ་སོར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བྲག་རི་སྦྲུལ་གདུག་སྤུངས་འདྲའི་སྐེད། ལྷོ་གསེར་མཛོད་སེར་པོ་ནས། རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ།། །།
གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྡོ་རྗེའི་གསུང་གཡང་འགུགས་བྱིན་རླབས་ཅན་ (Volume 51, Text 4)
༄༅། །གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྡོ་རྗེའི་གསུང་གཡང་འགུགས་བྱིན་རླབས་ཅན་བཞུགས་སོ། ། ཨོཾ་སྭསྟི་བི་ཛ་ཡནྟུ། འཆི་མེད་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་རྡོ་རྗེའི་གསུང་གཡང་འགུགས་བྱིན་རླབས་ཅན་གཏོང་བར་འདོད་པས། ནོར་ལྷ་གཞན་གྱི་ཕྲིན་ལས་དང་འབྲེལ་ན་བཟླས་པའི་མཇུག་སོགས་སྐབས་སུ་བབས་པའི་ཚེ་བྱ། འདི་ཉིད་ཁོ་ན་གློ་བུར་དུ་གཏོང་བའི་ཚེ། འཕྱིང་པ་སོགས་གཞི་གདན་དཀར་པོའི་སྟེང་འབྲུ་དཀར་གྱིས་གཡུང་དྲུང་རིས་བྲིས་པར་གཡང་གི་རྟེན་རྫས་ཡོད་ན་དགྲམ། དམིགས་གསལ་མེད་ཚེ་སྣོད་བཟང་པོར་གཡང་བཤོས་རིན་ཆེན་འབར་བའི་དབྱིབས་ལ་དར་རས་འབྲུ་སྨན་རིན་ཆེན་ཟས་ཕུད་གཙང་མ་ཅི་འབྱོར་པས་ཕྱུར་བུར་གཏམས་པའི་གཡས་སུ་ཕྱེ་མར་དང་། གཡོན་དུ་གཡང་ཆང་མར་གྱི་ཟེ་པྲོག་ཅན། མདུན་དུ་མཆོད་པ་ཇི་ལྟར་རིགས་པས་མཛེས་པར་བསྟར། རང་གི་མདུན་དུ་མདའ་དར་དང་རོལ་མོའི་བྱེ་བྲག་སོགས་ཉེ་བར་མཁོ་བ་རྣམས་བཤམ། བདག་བསྐྱེད་རྒྱས་པའམ། བསྡུ་ན། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི་འོ། །སངས་རྒྱས་ཆོས་དང་དགེ་འདུན་རྣམས་ལ་སྐྱབས་སུ་མཆི་འོ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི་འོ། །རང་སེམས་སྟོང་གསལ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆི་འོ། །ཞེས་ཅི་ནུས་དང་། སངས་རྒྱས་ཆོས་ཚོགས་སོགས་ལན་གསུམ་གྱིས་སྐྱབས་སེམས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ཡིད་བཞིན་ནོར་བུ་སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་ཡིད་བཞིན་ནོར་བུ་དང་། གཡས་འོག་མས་ཤེལ་ཕྲེང་དང་གཡོན་འོག་མས་མེ་ཏོག་པདྨ་དཀར་པོ་བསྣམས་པ། རི་དྭགས་ཀྲྀཥྞ་སཱ་རའི་པགས་པས་ནུ་མ་གཡོན་པ་བཀབ་ཅིང་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པདྨ་དང་ཟླ་བའི་གདན་ལ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྐུར་གྱུར་པར་བསམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཅི་ནུས་བཟླས་མཐར། འཕགས་པ་ཐུགས་རྗེ་ཆེན་པོས་བདག་དང་སེམས་ཅན་ཐམས་ཅད་ལ་འདོད་རྒུའི་འབྱོར་པ་ཟད་མི་ཤེས་པའི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ། མདུན་གྱི་ནམ་མཁར་ལྷ་དང་མིའི་མཆོད་པའི་ཚོགས་དང་། འདོད་རྒུའི་དཔལ་འབྱོར་རྫོགས་ལྡན་དུས་ཀྱི་སྤྲིན་ཕུང་ལྟར་འཁྲིགས་པའི་དབུས་སུ་པད་ཟླའི་གདན་ལ་བླ་མ་དང་གཉིས་སུ་མེད་པའི་བྱང་ཆུབ་སེམས་དཔའ་རིན་ཆེན་མང་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་ལས་ལོངས་སྤྱོད་ནམ་མཁའ་མཛོད་ཀྱི་ཆར་འབེབས་ཤིང་། གཡོན་མཉམ་གཞག་གི་སྟེང་ན་དགོས་འདོད་ཐམས་ཅད་འབྱུང་བའི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་བསྣམས་པ། ཞི་ཞིང་འཛུམ་ལ་སྒེག་པའི་ཉམས་ཅན། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་མཐའ་སྐོར་ཀུན་ཏུ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་རྣམས་དང་། ཁྱད་པར་དུ་རྒྱལ་པོ་ཆེན་པོ་རྣམ་མང་ཐོས་སྲས། འཕགས་པ་ཛཾ་བྷ་ལ། ལྷ་མོ་ནོར་རྒྱུན་མ། གཡང་གི་ལྷ་མོ་དཔལ་ཆེན་མོ། གནོད་སྦྱིན་ཨ་པ་ར་ཛི་ཏཱ། ལྷ་ཆེན་ཚོགས་ཀྱི་བདག་པོ། ཨཱརྻ་རེ་མནྟ་སོགས་གནོད་སྦྱིན་ནོར་ལྷ་གཏེར་བདག་དཀར་ཕྱོགས་སྐྱོང་བའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་མངོན་སུམ་བཞིན་དུ་བཞུགས་པར་གྱུར། ཅེས་བརྗོད་ཅིང་བསམ་ལ། སྤོས་རོལ་དང་དབྱངས་ཀྱི་འགྱུར་བ་སྙན་པོས། ཀྱེ། དང་པོ་གཡང་ལེན་གར་སྲིད་ན། །སྔོན་གྱི་བསྐལ་པའི་དང་པོ་ལ། ཁ་བ་ཅན་གྱི་རྒྱལ་ཁམས་སུ། །སྤྱན་རས་གཟིགས་ཀྱི་སྤྲུལ་པ་ལས། །སྤྲེ་འུ་བྱང་ཆུབ་སེམས་དཔའ་བྱུང་། །ཇོ་མོ་སྒྲོལ་མའི་སྤྲུལ་པ་ལས། །བྲག་སྲིན་ནག་མོ་བྱ་བ་བྱུང་། །དེ་གཉིས་ཐབས་ཤེས་འཕྲད་པ་ལས། །གདོང་དམར་མི་རྣམས་ཐམས་ཅད་བྱུང་། །མི་རྣམས་ཕོངས་པས་མནར་བ་ལས། །སྤྲེ་འུའི་རྒྱལ་པོ་ཡར་གཤེགས་ཏེ། །པོ་ཏ་ལ་ཡི་རྩེ་མོ་ན། །སྤྱན་རས་གཟིགས་དབང་བཞུགས་པ་ལ། །སྤྲེ་འུའི་རྒྱལ་པོས་འདི་སྐད་ཞུས། །ཀྱེ་མ་ལས་ཀྱི་འབྲས་བུ་སྨིན། །དབོན་སྲས་མང་པོ་འཕེལ་བ་ལ། །དྲན་པ་གསལ་བ་ལྷ་དང་འདྲ། །གདུག་རྩུབ་ཆེ་བ་ལྷ་མིན་འདྲ། །གོས་མེད་གཅེར་བུ་དུད་འགྲོ་འདྲ། །བཀྲེས་སྐོམ་སྡུག་བསྔལ་ཡི་དྭགས་འདྲ། །ཤིན་ཏུ་སྡུག་བསྔལ་དམྱལ་བ་འདྲ། །རིགས་དྲུག་སྡུག་བསྔལ་ངད་པ་ཚ། །འདི་ལ་ལས་ཐབས་ཅི་ཞིག་བྱ། །དེ་སྐད་ཞུས་པས་བཀའ་བསྩལ་པ། །སྤྲེ་འུའི་རྒྱལ་པོ་ལེགས་པར་ཉོན། ཁྱོད་ཀྱི་བུ་དང་ཚ་བོ་རྣམས། །གདོང་དམར་སྲིན་པོ་ཡིན་ཟེར་ཏེ། ཁ་བ་ཅན་གྱི་ཞིང་ཁམས་སུ། །བྱིན་གྱིས་བརླབས་པའི་སྤྲུལ་པ་ཡིན། །ཟས་ལ་འབྲས་བུ་སྣ་ཚོགས་ཟོ། །སྐོམ་དུ་འབྱུང་བ་ཆུ་ལ་ཐུངས། །གོས་སུ་ལྷ་ཡི་ན་བཟའ་གཏོད། །སྐབས་སུ་གཡང་འགུགས་གཡང་ལེན་བྱ། །སྤྱན་རས་གཟིགས་ཀྱིས་དེ་སྐད་གསུངས། །དེ་ནས་སྤྲེ་འུའི་རྒྱལ་པོ་དེས། །སྔགས་འཆང་རྒྱལ་པོ་སྤྱན་དྲངས་ནས། །ལྷ་གཞི་དཀར་པོའི་གདན་སྟེང་དུ། །དཀོན་མཆོག་མཆོད་པ་རྒྱ་ཆེན་བཤམས། །རྒོད་སྒྲོ་མདའ་དར་དཀར་པོ་ལ། །དངུལ་དཀར་མེ་ལོང་བཏགས་པས་གཡབ། ཁུ་ཡེ་བརྗོད་ཅིང་འོ་དོད་བོས། །ཐུགས་རྗེ་ཆེན་པོའི་བྱིན་རླབས་དང་། །སྔགས་འཆང་ངག་གི་སྨྲ་འབོད་དང་། །དབུ་ནག་བོད་ཀྱི་བསོད་ནམས་ལས། །འོད་ཟེར་སྣ་ལྔ་སྟེང་དུ་འཕྲོས། །ཚངས་པ་དུང་ཐོད་དཀར་པོར་ཕོག །ལྷ་ཡི་ལོངས་སྤྱོད་ལྡན་པ་ལས། །འོད་རླངས་དཀར་པོ་གཅིག་ཏུ་སྤྲུལ། །ལྷ་ཡི་ལོངས་སྤྱོད་བོད་དུ་འོང་། །བོད་ལྷ་ཁམས་འདྲ་བ་དེ་ནས་སྲིད། །འོད་ཟེར་འོག་ཏུ་འཕྲོས་པ་ལས། །ཀླུ་རྒྱལ་གཙུག་ན་རིན་ཆེན་ཕོག །ཀླུ་ཡི་ལོངས་སྤྱོད་འཕན་པོ་ལས། །ཀླུ་ཡི་ལོངས་སྤྱོད་བོད་དུ་འོང་། །བོད་ཀླུ་ལས་གྲོལ་བ་དེ་ནས་སྲིད། །འོད་ཟེར་བར་སྣང་ཁམས་སུ་འཕྲོས། །གཉན་གྱི་རྒྱལ་པོ་ཆེན་པོར་ཕོག །གཉན་གྱི་ལོངས་སྤྱོད་བོད་དུ་འོང་། །བོད་འགྲོལ་ཐབས་གཉན་པ་དེ་ནས་སྲིད། །འོད་ཟེར་ཤར་ཕྱོགས་གླིང་དུ་འཕྲོས། །ཡུལ་འཁོར་སྲུང་གི་རྒྱལ་པོ་ལ། །ལོངས་སྤྱོད་ལྡན་ཞིང་སྐྱེ་བ་བཟང་། །ཤར་ཕྱོགས་གཡང་རྣམས་བོད་དུ་འོང་། །བོད་སྐྱེ་བ་བཟང་བ་དེ་ནས་སྲིད། །འོད་ཟེར་ལྷོ་ཕྱོགས་གླིང་དུ་འཕྲོས། །འཕགས་སྐྱེས་པོ་ཡི་རྒྱལ་པོ་ལ། །ལོངས་སྤྱོད་ལྡན་ཞིང་དཀོར་ནོར་ཕྱུག །ལྷོ་ཕྱོགས་གཡང་རྣམས་བོད་དུ་འོང་། །བོད་དཀོར་ནོར་ཕྱུག་པ་དེ་ནས་སྲིད། །འོད་ཟེར་ནུབ་ཕྱོགས་གླིང་དུ་འཕྲོས། །སྤྱན་མི་བཟང་གི་རྒྱལ་པོ་ལ། །ལོངས་སྤྱོད་ལྡན་ཞིང་མི་འཕེལ་ཆེ། །ནུབ་ཕྱོགས་གཡང་རྣམས་བོད་དུ་འོང་། །བོད་མི་འཕེལ་ཆེ་བ་དེ་ནས་སྲིད། །འོད་ཟེར་བྱང་གི་ཕྱོགས་སུ་འཕྲོས། །རྣམ་ཐོས་སྲས་ཀྱི་རྒྱལ་པོ་ལ། །ལོངས་སྤྱོད་ལྡན་ཞིང་སྐུ་ཚེ་རིང་། །བྱང་ཕྱོགས་གཡང་རྣམས་བོད་དུ་འོང་། །བོད་སྐུ་ཚེ་རིང་བ་དེ་ནས་སྲིད། །འོད་ཟེར་ཕྱོགས་བཅུ་ཀུན་ཏུ་འཕྲོས། །ཕྱོགས་བཅུའི་ནོར་ལྷ་ཀུན་ལ་ཕོག །དེ་རྣམས་ལོངས་སྤྱོད་བོད་དུ་འོང་། །བོད་ནོར་གཡང་འཕེལ་བ་དེ་ནས་སྲིད། །འོད་ཟེར་རྒྱ་གར་ཡུལ་དུ་འཕྲོས། །རྒྱ་གར་ཆོས་རྣམས་བོད་དུ་འོང་། །བོད་ཆོས་ལ་དགའ་བ་དེ་ནས་སྲིད། །འོད་ཟེར་ཏ་ཟིག་ཡུལ་དུ་འཕྲོས། །ཏ་ཟིག་ནོར་རྣམས་བོད་དུ་འོང་། །བོད་དཀོར་ནོར་ཕྱུག་པ་དེ་ནས་སྲིད། །འོད་ཟེར་རྒྱ་ནག་ཡུལ་དུ་འཕྲོས། །རྒྱ་ཡི་ཇ་དར་བོད་དུ་འོང་། །བོད་ཇ་དར་འཕེལ་བ་དེ་ནས་སྲིད། །འོད་ཟེར་ཧོར་གྱི་ཡུལ་དུ་འཕྲོས། །ཧོར་གྱི་རྟ་གཡང་བོད་དུ་འོང་། །བོད་རྟ་དྲེལ་འཕེལ་བ་དེ་ནས་སྲིད། །འོད་ཟེར་བོད་ཀྱི་ཡུལ་དུ་ཁྱབ། །མི་དང་གཡང་གཉིས་ཀྱི་ལི་ལི། །ཕྱྭ་དང་གཡང་གཉིས་སྒ་ར་ར། །ལོངས་སྤྱོད་སྣ་ཚོགས་དེ་ལས་ཚོགས། །སྔོན་གྱི་བཟང་འཕྲོའི་དཔལ་བཞིན་དུ། །དར་དཀར་གཡབ་ཅིང་འདིར་འབོད་ནས། །དེ་རིང་ཁུ་ཡེ་ཕྱྭ་གཡང་ལེན། །ཞེས་སྔོན་བྱུང་གི་གླེང་གཞིས་མཚམས་སྦྱར་ནས། གཡང་འགུགས་དངོས་ནི། བཟང་ཤིང་གི་དུད་པ་དང་དཀར་མངར་རིན་ཆེན་འབྲུ་སྨན་ཇ་ཆང་ཟས་སྣའི་ཕུད་སོགས་ཀྱིས་མཆོད་ཅིང་། ཨོཾ་ཨཱཿཧཱུྃ། ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དཀོན་མཆོག་རྣམ་གསུམ་ཐུགས་རྗེའི་གཏེར། །རྩ་བརྒྱུད་བླ་མ་བྱིན་རླབས་ཅན། །ཡི་དམ་ཞི་ཁྲོ་དངོས་གྲུབ་མཛོད། །མཁའ་འགྲོ་ཆོས་སྐྱོང་ཕྲིན་ལས་བདག །ཁྱད་པར་མཚན་ཙམ་འཛིན་པས་ཀྱང་། །རྒུད་ཅིང་ཕོངས་པ་ཀུན་བསལ་ནས། །འདོད་རྒུའི་ལོངས་སྤྱོད་སྩོལ་མཛད་པའི། །བྱང་ཆུབ་སེམས་དཔའ་རིན་ཆེན་མང་། །རྣམ་མང་ཐོས་སྲས་རྟ་བདག་བརྒྱད། །རྨུགས་འཛིན་དབང་པོ་ནོར་རྒྱུན་མ། །ཡབ་ཡུམ་འཁོར་དང་བཅས་པ་དང་། །ཨ་པར་ཛི་ཏཱ་ཚོགས་ཀྱི་བདག །རེ་མནྟ་སོགས་གནོད་སྦྱིན་དང་། །ནོར་ལྷ་གཏེར་བདག་བྱེ་བའི་ཚོགས། །གཙང་རིགས་དཔལ་མགོན་དམ་ཚིག་ཅན། །ལྷན་ཅིག་སྐྱེས་དང་འགོ་བའི་ལྷ། །མདོར་ན་དཀར་ཕྱོགས་སྐྱོང་བའི་སྡེ། །སྤྲུལ་དང་ཡང་སྤྲུལ་བཅས་པ་ལ། །ཕྱག་འཚལ་བསྟོད་ཅིང་གསོལ་བ་འདེབས། །དངོས་འབྱོར་ཡིད་སྤྲུལ་མཆོད་པར་འབུལ། །སྨན་ཤིང་སྤོས་ཀྱི་དུད་པས་མཆོད། །ཟས་མཆོག་ཕྱེ་མར་འབྲུ་སྣས་མཆོད། །རིན་ཆེན་དར་ཟབ་རྒྱན་གྱིས་མཆོད། །དཀར་གསུམ་གཙང་མའི་ཕུད་ཀྱིས་མཆོད། །མངར་གསུམ་དྭངས་མའི་བཅུད་ཀྱིས་མཆོད། །ཇ་ཆང་འདོད་ཡོན་སྐྱེམས་ཀྱིས་མཆོད། །བདག་ཅག་སྙིགས་མ་ལྔ་ཡི་འགྲོ། །དབུལ་ཞིང་ཕོངས་པས་ཉམ་ཐག་ཚེ། །མོས་གུས་གདུང་བས་གསོལ་འདེབས་ན། །སྔོན་གྱི་དམ་བཅའ་མ་གཡེལ་བར། །ཐུགས་རྗེ་ཐུགས་དམ་ཤུགས་སྐྱེད་ལ། །ཕྱྭ་གཡང་འགུགས་པའི་ཕྲིན་ལས་མཛོད། །མདའ་དར་གཡབ་ཅིང་། ཀྱེ། སྟེང་ཕྱོགས་ལྷ་ཁམས་རྣམས་ཀྱི་གཡང་། །དེ་རིང་ཁུ་ཡེ་ཕྱྭ་གཡང་ཁུག །བར་སྣང་གཉན་གྱི་རྒྱལ་པོའི་གཡང་། །དེ་རིང་ཁུ་ཡེ་ཕྱྭ་གཡང་ཁུག །ས་འོག་ཀླུ་ཡི་རྒྱལ་པོའི་གཡང་། །དེ་རིང་ཁུ་ཡེ་ཕྱྭ་གཡང་ཁུག །ཤར་ཕྱོགས་ཡུལ་འཁོར་སྲུང་གི་གཡང་། །།དེ་རིང་ཁུ་ཡེ་ཕྱྭ་གཡང༴ ལྷོ་ཕྱོགས་འཕགས་སྐྱེས་པོ་ཡི་གཡང་། །དེ་རིང་ཁུ་ཡེ་ཕྱྭ་གཡང༴ ནུབ་ཕྱོགས་སྤྱན་མི་བཟང་གི་གཡང་། །དེ་རིང་ཁུ་ཡེ་ཕྱྭ་གཡང༴ བྱང་ཕྱོགས་རྣམ་ཐོས་སྲས་ཀྱི་གཡང་། །དེ་རིང་ཁུ་ཡེ༴ ཕྱོགས་སྐྱོང་ནོར་ལྷ་རྣམས་ཀྱི་གཡང་། །དེ་རིང་ཁུ་ཡེ༴ ལྷ་འདྲེ་མཐུ་རྩལ་ཅན་གྱི་གཡང་། །དེ་རིང་ཁུ་ཡེ༴ གེ་སར་རྒྱལ་པོའི་དམག་གཡང་དེ། །དེ་རིང་ཁུ་ཡེ༴ བལ་པོའི་སྐྱེ་བཞིན་ལེགས་གཡང་དེ། །དེ་རིང་ཁུ་ཡེ༴ སོག་པོའི་མདའ་རྩལ་ཆེ་བའི་གཡང་། །དེ་རིང་ཁུ་ཡེ༴ དགུང་སྔོན་མཐོན་པོའི་ཕ་གཡང་དེ། །དེ་རིང་ཁུ་ཡེ༴ དོག་མོ་ས་ཡི་མ་གཡང་དེ། །དེ་རིང་ཁུ་ཡེ༴ ཉི་ཟླ་སྐར་གསུམ་བཀྲ་གཡང་དེ། །དེ་རིང་ཁུ་ཡེ༴ འཇའ་ཚོན་སྣ་ལྔའི་བཀྲག་གཡང་དེ། །དེ་རིང་ཁུ་ཡེ༴ ལྷོ་སྤྲིན་སྨུག་པོའི་ཕྱུག་གཡང་དེ། །དེ་རིང་ཁུ་ཡེ༴ རི་རབ་ལྷུན་པོའི་བརྟན་གཡང་དེ། །དེ་རིང་ཁུ་ཡེ༴ གླིང་ཆེན་བཞི་ཡི་བཀོད་གཡང་དེ། །དེ་རིང་ཁུ་ཡེ༴ གླིང་ཕྲན་བརྒྱད་ཀྱི་འཁོར་གཡང་དེ། །དེ་རིང་ཁུ་ཡེ༴ རི་ཕྲན་རྣམས་ཀྱི་བཙུན་གཡང་དེ། །དེ་རིང་ཁུ་ཡེ༴ རྒྱ་མཚོ་ཆེན་པོའི་ཟབ་གཡང་དེ། །དེ་རིང་ཁུ་ཡེ༴ དཔག་བསམ་ཤིང་གི་ལོ་གཡང་དེ། །དེ་རིང་ཁུ་ཡེ་ཕྱྭ་གཡང་ཁུག །རྩི་ཤིང་ནགས་ཚལ་འཕན་གཡང་དེ། །དེ་རིང་ཁུ་ཡེ༴ ཕྱུག་པོ་རྣམས་ཀྱི་ཕྱུག་གཡང་དེ། །དེ་རིང་ཁུ་ཡེ༴ འཕན་པོ་རྣམས་ཀྱི་འཕན་གཡང་དེ། །དེ་རིང་ཁུ་ཡེ༴ བཙན་པོ་རྣམས་ཀྱི་བཙན་གཡང་དེ། །དེ་རིང་ཁུ་ཡེ༴ གཉན་པོ་རྣམས་ཀྱི་གཉན་གཡང་དེ། །དེ་རིང་ཁུ་ཡེ༴ འཆི་མེད་རྡོ་རྗེའི་ཚེ་གཡང་དེ། །དེ་རིང་ཁུ་ཡེ༴ རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་གཡང་། །དེ་རིང་ཁུ་ཡེ་ཕྱྭ་གཡང་ཁུག །ཁུ་ཡེ་ཕྱྭ་ཁུག་གཡང་ཁུག་ལ། །གཡང་ལེན་ཕུད་ཀྱིས་ནོར་ལྷ་མཆོད། །གཡང་ལེན་ཕུད་ཀྱིས་ཕྱུགས་ལྷ་མཆོད། །གཡང་ལེན་ཕུད་ཀྱིས་ཁྱིམ་ལྷ་མཆོད། །གཡང་ལེན་ཕུད་ཀྱིས་ཚེ་ལྷ་མཆོད། །འཆི་མེད་ཚེ་དང་འཛད་མེད་ནོར། །དཔལ་འབྱོར་ལོངས་སྤྱོད་ཕྱྭ་གཡང་ཀུན། །རི་ལྟར་སྤུངས་ཤིང་མཚོ་ལྟར་སྐྱིལ། །བདེ་སྐྱིད་བཀྲ་ཤིས་དངོས་གྲུབ་སྩོལ། །རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་གྲངས་མེད་པ་འཕྲོས་པས། སྲིད་ཞིའི་ཚེ་བསོད་དཔལ་འབྱོར་ཕྱྭ་གཡང་ལོངས་སྤྱོད་བརྟན་གཡོའི་དྭངས་བཅུད་ཐམས་ཅད་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན་དང་འཇའ་ཟེར་ཐིག་ལེའི་རྣམ་པར་སྤྱན་དྲངས། མདུན་གྱི་རྟེན་རྫས་རྣམས་ལ་ཐིམ་པས་འདོད་རྒུ་ཐམས་ཅད་ཡིད་བཞིན་དུ་སྩོལ་བར་གྱུར་པར་བསམ་ལ། སྤྲོ་ན་སྔགས་བཟླ་བ་ནི། ཨོཾ་ཨཱཿགུ་རུ་རཏྣ་སཾ་བྷ་ཝ་སརྦ་སིདྡྷི་ཧཱུྃ། ཨོཾ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ། ཨོཾ་བཱ་སུ་དྷཱ་རི་ཎཱི་སྭཱ་ཧཱ། ཨོཾ་ཀ་མ་ལ་བཱ་སི་ནི། ཀ་མ་ལེ། མ་ཧཱ་ལཀྵྨཱི་རཱ་ཛྱཾ་མེ། བ་སུ་ནཱ་ནཱ་ཁ་དྷེ་སརྦ་སིདྡྷི་དེ་ཧི་དེ་ཧི་བ་ར་དེ་སྭཱ་ཧཱ། ཨོཾ་ཨ་པ་ར་ཛི་ཏཱ་རཏྣ་སརྦ་སིདྡྷི་བྷྲཱུྃ། ཨོཾ་བྷྲཱུྃ་ག་ཎ་པ་ཏ་ཡེ་སྭཱ་ཧཱ། ཨོཾ་ཨཱརྻ་རེ་མནྟ་ཡ་སྭཱ་ཧཱ། ཞེས་པ་རྣམས་ཅི་ནུས་བཟླ། ཚར་གྲངས་བྱེད་ན་མཆོད་པ་ཞལ་གསོ། ཨོཾ་ཨཱཿཧཱུྃ། ཕྱོགས་བཅུའི་འཇིག་རྟེན་སོགས་ནས། འདི་ཡན་བསྐྱར་ཞིང་སྔགས་བཟླ་བ་སྤེལ། དེ་ནས་མཇུག་ཏུ་གཡང་ལེན་པ་ནི། ཀྱེ། མཐོ་བ་སྲིད་གསུམ་ཡང་རྩེ་ནས། །རླུང་གི་རྒྱ་གྲམ་ཡན་བར་གྱི། ཁམས་ལྔའི་ནུས་བཅུད་ཚེ་དཔལ་གཡང་། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །ཕྱོགས་བཅུ་དག་པའི་ཞིང་ཁམས་དང་། །འཛམ་གླིང་རྔ་ཡབ་གཞན་གསུམ་ནས། །དམ་པ་ཆོས་ཀྱི་ཆབ་སྲིད་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །ལྷ་གནས་སུམ་ཅུ་རྩ་གསུམ་དང་། །ལུས་འཕགས་ལུས་དང་འཕགས་པ་ནས། །མཐོ་རིས་སྙན་གྲགས་རྒྱལ་སྲིད་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །གནོད་སྦྱིན་གྲོང་ཁྱེར་ཁང་བཟང་དང་། །བ་ལང་སྤྱོད་གླིང་གཡོ་ལམ་ནས། །བ་ཕྱུགས་ནོར་མཛོད་རྨ་གཡང་དེ། །དེང་འདིར་ཁུ་ཡེ༴ བསམ་གཏན་བཞི་གནས་མན་ཆད་དང་། །ས་འོག་ལྟོ་འཕྱེའི་གནས་ཡན་གྱི། །བདེ་སྐྱིད་བཀྲ་ཤིས་ཕུན་ཚོགས་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །ཀྱེ། ཕྱོགས་བཅུ་དུས་གསུམ་བྱོན་པ་ཡི། །དཀོན་མཆོག་རིན་ཆེན་རྣམ་གསུམ་དང་། །རྩ་བརྒྱུད་བླ་མའི་བྱིན་རླབས་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །ཐེག་པ་རིམ་དགུ་རྒྱུད་སྡེ་བཞི། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཀྱི། །མཆོག་དང་ཐུན་མོང་དངོས་གྲུབ་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །གནས་གསུམ་དཔའ་བོ་མཁའ་འགྲོ་དང་། །ཆོས་སྲུང་དམ་ཅན་རྒྱ་མཚོའི་སྡེའི། །གང་བཅོལ་གཡེལ་མེད་ཕྲིན་ལས་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །གནོད་སྦྱིན་དབུལ་སེལ་ནོར་སྐྱོང་ཚོགས། །མི་ཟད་འདོད་རྒུ་དབང་རྣམས་ཀྱི། །དགོས་འབྱུང་ལོངས་སྤྱོད་གཏེར་མཛོད་དེ། །དེང་འདིར་ཁུ་ཡེ༴ རིགས་རུས་སྣག་འབྲང་དང་སྐྱེས་ལྷ། །འགོ་བའི་དགྲ་བླ་དཔུང་གཉེན་དུ། །མི་འབྲལ་ཟུང་དུ་འགྲོགས་པའི་གཡང་། །དེང་འདིར་ཁུ་ཡེ༴ དམ་ལྡན་དཀར་པོའི་ཕྱོགས་སྐྱོང་བའི། །ཡུལ་ལྷ་གཞི་བདག་གནས་སྲུང་རྣམས། །རྐྱེན་བསལ་མཐུན་འགྲུབ་མི་འབྲལ་གཡང་། །དེང་འདིར་ཁུ་ཡེ༴ སྣང་སྲིད་སྣོད་བཅུད་དཀྱིལ་འཁོར་ལྷ། །གདོད་ནས་དག་པ་ལྷུན་གྲུབ་གཤིས། །གནས་ལུགས་ཕྱག་རྒྱ་ཆེན་པོའི་གཡང་། །དེང་འདིར་ཁུ་ཡེ༴ ཀྱེ། ཚེ་སྣང་མཐའ་ཡས་རྣམ་པར་རྒྱལ། །འཕགས་མ་པད་འབྱུང་གྲུབ་རྒྱལ་སོགས། །འཆི་མེད་བརྙེས་རྣམས་ཚེ་དངོས་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །བདེ་གཤེགས་མཆེད་བདུན་སྤྲུལ་པ་ལྔ། །ནང་པ་ལྷ་མི་དྲང་སྲོང་ཕྱིའི། །ན་གསོ་འཆི་བསླུའི་སྨན་ནུས་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །འཇམ་མགོན་ངག་དབང་དབྱངས་ཅན་སོགས། །ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་རབ་བློ་གྲོས་སྤོབས་པ་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །སྙིང་རྗེའི་སྤྱན་རས་གཟིགས་འགྲོ་མགོན། །ས་དང་ལམ་གནས་བྱང་སེམས་རྣམས། །ཐུགས་བསྐྱེད་གཞན་དོན་ཕྱོགས་མེད་དེ། །དེང་འདིར་ཁུ་ཡེ༴ གསང་བདག་རྡོར་འཛིན་རྟ་མགྲིན་སོགས། །གསང་སྔགས་རིག་གཟུངས་གྲུབ་བརྙེས་པས། །ལོག་འདྲེན་གཞོམ་པའི་མཐུ་སྟོབས་དེ། །དེང་འདིར་ཁུ་ཡེ༴ འདུལ་བ་མདོ་སྡེ་མ་མོ་སྔགས། །གསར་རྙིང་བསྟན་འཛིན་བརྒྱུད་བཅས་ཀྱི། །སྤངས་རྟོགས་བརྟུལ་ཞུགས་གྲུབ་འབྲས་དེ། །དེང་འདིར་ཁུ་ཡེ༴ རྒྱ་བོད་མཁན་སློབ་པཎ་གྲུབ་ལོས། །འཆད་ཉན་རྩོམ་སྒྱུར་སྒོམ་སྒྲུབ་རྒྱུན། །སངས་རྒྱས་བསྟན་པ་དར་བའི་གཡང་། །དེང་འདིར་ཁུ་ཡེ༴ མོ་རྩིས་རྫས་སྔགས་སྒོམ་སྒྲུབ་སོགས། །ཟག་བཅས་ཟག་མེད་མངོན་མཁྱེན་ལྔས། །དུས་གསུམ་གསལ་སྟོན་པྲ་གཡང་དེ། །དེང་འདིར་ཁུ་ཡེ༴ སོར་འབྲང་སོགས་ལྔ་པདྨ་འབྱུང་། །ནཱ་གཱརྫུ་ནའི་དྲང་སྲོང་སོགས། །སྲི་འདུལ་སྲིད་སྤེལ་སྲུང་སྐྱོབ་གཡང་། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །ལྷ་ཀླུ་གནོད་སྦྱིན་གཏེར་གྱི་བདག །བརྒྱད་བརྒྱད་བློན་འཁོར་འབངས་བཅས་ཀྱི། །འཛད་མེད་དབྱིག་གི་བང་མཛོད་དེ། །དེང་འདིར་ཁུ་ཡེ༴ ཛཾ་ལྷ་ནོར་བུ་རྣམ་མང་བུ། །གནོད་སྦྱིན་སྡེ་དཔོན་འབྲོག་གནས་སོགས། །རྐང་བཞིའི་ཕྱུགས་གཡང་རྨ་གཡང་དེ། །དེང་འདིར་ཁུ་ཡེ༴ མཁར་ཁྱིམ་ཐབ་མཛོད་འདོད་འཇོའི་ལྷ། །མ་ཕྱིའི་གྲོགས་རྒྱལ་མཐིང་གེ་སོགས། །བཟའ་བཏུང་ཟས་བཅུད་སྲིད་གཡང་དེ། །དེང་འདིར་ཁུ་ཡེ༴ མ་དྲོས་ཆུ་བཞི་གངས་ཅན་རི། །འབིགས་བྱེད་ཡུལ་དྲུག་འཛམ་གླིང་སྤྱིའི། །སྐམ་གཤེར་ཡུལ་གནས་གཞི་བདག་གཡང་། །དེང་འདིར་ཁུ་ཡེ༴ ཁྱད་པར་ཏི་སེ་ཐང་ལྷ་རྨ། །མ་ཕམ་གཡུ་མཚོ་ཁྲི་ཤོར་སོགས། །བོད་ཁམས་གནས་བདག་རྨ་གཡང་དེ། །དེང་འདིར་ཁུ་ཡེ༴ ཆོས་རྒྱལ་རིགས་ལྡན་མང་བཀུར་སོགས། །མི་དབང་གསེར་དངུལ་ཟངས་ལྕགས་ཀྱི། །འཁོར་ལོས་སྒྱུར་རྣམས་ཆབ་སྲིད་བརྟན། །དེང་འདིར་ཁུ་ཡེ༴ གཤེན་རབས་ཕྱྭ་ལྷ་དགུ་ཁྲི་འབུམ། །ཐུག་དཀར་སུམ་བརྒྱ་དྲུག་ཅུ་སོགས། །གཡུང་དྲུང་བོན་གྱི་ཕྱྭ་གཡང་དེ། །དེང་འདིར་ཁུ་ཡེ༴ འཕགས་བོད་བདེ་འབྱུང་ཨུ་རྒྱན་སོགས། །རྒྱལ་བསྟན་སྤེལ་སྐྱོང་ཆོས་ཀྱི་ཁྲིམས། །བསྟན་འགྲོར་དགེ་བའི་ལེགས་མཛད་དེ། །དེང་འདིར་ཁུ་ཡེ༴ ཏ་ཟིག་རྒྱ་བོད་ཧོར་ཁྲོམ་སོགས། །ནོར་སྤེལ་དགྲ་འདུལ་གཉེན་སྐྱོང་བའི། །ཆེ་བཙུན་བཙན་ཕྱུག་རྒྱལ་སྲིད་གཡང་། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །མཐའ་ཀླུང་དབུས་ལྗོངས་ཙི་ན་སོགས། །མི་རྒྱུད་ལོ་འབྲས་འཕན་དར་འཕེལ། །རིན་ཆེན་ཇ་དར་གོས་ཟས་གཡང་། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །ཀྱེ། སྟོང་ཁམས་གསུམ་ན་ཡུལ་བདེ་ཞིང་། །རྫོང་བཙན་ཁྲིམས་བརྟན་དུས་ཆར་འབེབ། །ལོ་ལེགས་ཆོས་དར་ཕྱི་ཡི་གཡང་། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །མི་ཆོས་ཕྱུགས་རྒྱུད་འཕེལ་ནང་གཤིམས། །ཕོ་དཔའ་མོ་འཛངས་འོག་རྟ་མགྱོགས། །གོ་བཙན་མཚོན་རྣོ་ནང་གི་གཡང་། །དེང་འདིར་ཁུ་ཡེ༴ མཁས་གྲུབ་རྩོད་རྒྱལ་དོན་གཉིས་གྲུབ། །ནད་མེད་ཚེ་རིང་རྒྱགས་སྐྱིད་བདེ། །མཐར་ཐུག་འཚང་རྒྱ་དོན་གྱི་གཡང་། །དེང་འདིར་ཁུ་ཡེ༴ ཆོས་དབྱིངས་ཆོས་ཅན་བསླུ་མེད་མཐུས། །བདེན་པའི་ཚིག་ལ་དབང་རྣམས་ཀྱིས། །ཅི་བཏབ་སྨོན་ལམ་འགྲུབ་པའི་གཡང་། །དེང་འདིར་ཁུ་ཡེ༴ ཚོགས་རྫོགས་རྟེན་འབྲེལ་མངའ་ཐང་ལས། །རྫས་རྟགས་རྒྱལ་སྲིད་ཉེར་བཅས་ཀྱི། །འཇིག་རྟེན་དགེ་མཛད་བཀྲ་ཤིས་གཡང་། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །ལོངས་སྤྱོད་བཀྲ་ཤིས་ཕུན་ཚོགས་ཀུན། །གནས་འདིར་བརྟན་པའི་དངོས་གྲུབ་སྩོལ། །འདོད་རྒུའི་དཔལ་འབྱོར་རྒྱས་པ་དང་། །བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །ཅེས་གསོལ་བ་གདབ། བསྡུ་ན། ཀྱེ། སྟོང་ཁམས་གསུམ་ན་ཡུལ་བདེ་སོགས་མན་གྱིས་ཆོག །ཡི་གེ་བརྒྱ་པ་ལན་གསུམ་དང་། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་བསྩལ་པ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་ནོངས་པ་བཤགས། མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་རྟེན་རྫས་སམ། རྒྱབ་རི་འཕན་བཟང་ངམ། གནས་ཁང་བང་མཛོད་སོགས་ལ་བརྟན་པར་བཞུགས་ནས་དངོས་གྲུབ་ཐམས་ཅད་སྩོལ་བར་བསམ་ལ། ཨོཾ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་དང་རྟེན་འབྲེལ་སྙིང་པོ་བརྗོད་ཅིང་མེ་ཏོག་འཐོར་བས་བརྟན་པར་བྱ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པ། །རང་དབང་དུ་ནི་སྤྱོད་པར་ཤོག །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་སོགས་ཁྱད་པར་གྱི་བསྔོ་སྨོན་དང་། ཆེ་བའི་ཆེ་མཆོག་སོགས་མདོ་རྒྱུད་ལས་བྱུང་བ་དང་། འབད་དང་རྩོལ་བས་མ་གོས་པ། །ཡིད་བཞིན་ནོར་བུ་དཔག་བསམ་བཞིན། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །གནས་འདིར་ཉིན་མོ་བདེ་ལེགས་སོགས་སྐབས་སུ་བབས་པའི་བཀྲ་ཤིས་ཀྱི་ཚིགས་སུ་གཅད་པ་དང་བཅས་ཏེ་མེ་ཏོག་གི་ཆར་སིལ་མར་བསྙིལ་བར་བྱའོ། །ཡོན་བདག་ལ་གཡང་གཏད་བྱེད་ན་བརྟན་བཞུགས་ཚར་བའི་རྗེས་སྟན་བཟང་པོ་ལ་འབྲུ་དཀར་གྱི་གཡུང་དྲུང་རིས་བྲིས་པར་ཡོན་བདག་གོས་རྒྱན་བཅས་ཏེ་འཁོད། སྤྲོ་ན་སྦྱོང་བ་གསུམ་གྱིས་བཀྲ་ཤིས་པའི་ཆོ་ག་སྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་བསྐྲད། གང་ལྟར་ཡང་། སྦྱིན་པའི་བདག་པོ་ནོར་སྦྱིན་བྱེ་བའི་སྡེ་དཔོན་ཛཾ་བྷ་ལའི་སྐུར་གྱུར་པ་ལ་ཕྱྭ་གཡང་ལོངས་སྤྱོད་ཀྱི་རྫས་རྣམས་གཏད་པས་འདོད་རྒུའི་འབྱོར་པའི་དངོས་གྲུབ་ཟད་མི་ཤེས་པ་ལ་ལོངས་སྤྱོད་པའི་དགེ་མཚན་རྒྱས་པར་གྱུར་པའི་མོས་པས། སྔགས་རྣམས་ཀྱི་མཐར་རྟེན་འབྲེལ་སྙིང་པོ་སྦྲེལ་བ་བཟླ་ཞིང་མེ་ཏོག་འཐོར་བ་དང་བཅས་རྟེན་རྫས་རྣམས་ལག་ཏུ་གཏད། སྤྲོ་ན་གཡང་འགུགས་ཚར་གཅིག་བསྐྱར། གང་ལྟར་ཡང་སྨོན་ལམ་དང་བཀྲ་ཤིས་གོང་དུ་སྨྲོས་པ་ལྟར་རྒྱས་བསྡུས་ཅི་རིགས་པར་བརྗོད་ཅིང་མེ་ཏོག་གི་ཆར་དབབ། རོལ་མོའི་སྒྲ་སྙན་པར་སྦྱར་བས་དགེ་ལེགས་སུ་བྱའོ།། ཞེས་པའང་བརྒྱུད་ལྡན་གྱི་བླ་མ་ལས་རྗེ་གྲུབ་ཐོབ་ཆེན་པོའི་གསུང་གི་ལུང་ནོས་ཤིང་། ལག་ལེན་གྱི་ཟིན་བྲིས་རྙིང་པ་མཐོང་བ་ལ་བརྟེན་མདོར་བསྡུས་འཇུག་བདེ་སྙིང་པོར་དྲིལ་བའི་ཚུལ་གྱིས་བྱ་བྲལ་བ་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་ཡིད་ཅན་ཐམས་ཅད་ཆོས་དང་མཐུན་པའི་དཔལ་འབྱོར་ནམ་མཁའི་མཛོད་ལ་དུས་རྟག་ཏུ་ལོངས་སྤྱོད་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།འདི་ཉིད་སྒེར་དུ་འདོན་པའམ་བླ་མ་རིན་འབྱུང་གི་མཆོད་ཆོག་དང་འབྲེལ་ན་ཤིན་ཏུ་ལེགས་ཤིང་བསང་བརྔན་དང་སྦྲག་ཀྱང་འོས་ཆེ་འོ།། །། ༄༅། །རྒྱལ་པོ་ཆེན་པོ་རྣམ་སྲས་གཙོར་གྱུར་པའི་དབང་རྒྱས་དངོས་གྲུབ་ཀྱི་ལྷ་ལ་བསང་མཆོད་སྟོབ་ཚུལ་འདོད་རྒུ་ལྷུན་འགྲུབ་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷི་རསྟུ། རྒྱལ་པོ་རྣམ་ཐོས་སྲས་ལ་སོགས་དབང་རྒྱས་དངོས་གྲུབ་ཀྱི་ལྷ་ལ་བསང་མཆོད་འབུལ་བར་འདོད་ན། མཆོད་གཏོར་ཅི་འབྱོར་པ་བཤམས་ལ། བསང་རྫས་མེར་བསྲེགས་པ་ཆབ་ཀྱིས་བྲན་ལ་འདི་སྐད་དོ། །ཧཱུྃ། ཆོས་ཀུན་བདེན་པས་སྟོང་པའི་ཏིང་འཛིན་གྱིས། །དངོས་སྣང་སྒྱུ་མའི་འཁྲུལ་འཁོར་བཤིག་པ་ལས། །མཆོད་གཏོར་རྨི་ལམ་ཡུལ་གྱི་ལོངས་སྤྱོད་བཞིན། །མཆོད་ཡུལ་དགྱེས་པའི་རྫས་སུ་འཆར་གྱུར་ཅིག །ཁྱད་པར་དྲི་ཞིམ་ཤིང་སྣ་ཕྱེ་མར་བཅས། །བྱིན་ཟར་བསྲེགས་པའི་དྲི་དང་དུད་པའི་སྤྲིན། །ཉམས་གྲིབ་མཁོན་དང་འབགས་བཙོག་བྱུར་ངན་ཆག །མནོལ་རྨུགས་ཉེས་སྐྱོན་སེལ་བའི་མཐུ་ལྡན་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ་དང་། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོ། ཨོཾ་བཛྲ་སྥ་ར་ཎ་ཁཾ་སྭཱ་ཧཱ། ཞེས་པས་བྱིན་གྱིས་བརླབ་ཅིང་སྤེལ། འོན་ཀྱང་ཆོས་སྐྱོང་གི་བསང་དང་འབྲེལ་ན་བྱིན་རླབས་གོང་དུ་སོང་བ་དེས་འཐུས། སྤྱན་འདྲེན་པ་ནི། རོལ་མོ་དང་བཅས་པས། བཻ། བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །བྱང་སེམས་རིན་ཆེན་མང་སྤྲུལ་གནོད་སྦྱིན་གཙོ། །འདོད་དགུའི་ཆར་འབེབ་རིན་ཆེན་གཏེར་གྱི་བདག །རྒྱལ་ཆེན་རྣམ་མང་ཐོས་སྲས་གནས་འདིར་བྱོན། །ཡུམ་ཆེན་སྲས་དང་བཅས་པ་གནས་འདིར་བྱོན། །བློན་པོ་རྟ་བདག་བརྒྱད་པོ་གནས་འདིར་བྱོན། །སྟོབས་ཆེན་སུམ་ཅུ་སོ་གཉིས་གནས་འདིར་བྱོན། །སྡེ་དཔོན་ཉི་ཤུ་རྩ་བརྒྱད་གནས་འདིར་བྱོན། །ལས་བྱེད་གནོད་སྦྱིན་བྱེ་བ་གནས་འདིར་བྱོན། །ནོར་བདག་ཀླུ་ཆེན་བརྒྱད་པོ་གནས་འདིར་བྱོན། །བཀའ་ཉན་ལྷ་སྲིན་སྡེ་བརྒྱད་གནས་འདིར་བྱོན། །རི་རབ་བྱང་ཤར་མཉན་ཡོད་བྱ་གཤོངས་ནས། ཁམས་གསུམ་སྐྱེ་འགྲོ་དབང་སྡུད་བསམ་འཕེལ་དབང་། །བྱེ་རུའི་མདོག་ཅན་རྒྱལ་ཆེན་མདུང་དམར་ཅན། །ལས་བྱེད་བློན་འབངས་བཅས་པ་གནས་འདིར་བྱོན། །ལྕང་ལོ་ཅན་གྱི་ནོར་བུའི་ཁང་བཟང་ནས། །དགོས་འདོད་ཀུན་འབྱུང་ཡིད་བཞིན་དབང་གི་རྒྱལ། །རྣལ་འབྱོར་སྒྲུབ་པོའི་དཔུང་གཉེན་མཐུ་རྩལ་ཅན། །རྡོ་རྗེ་བདུད་འདུལ་འཁོར་བཅས་གནས་འདིར་བྱོན། །རྒྱ་ཆེན་སྦྱིན་འབྲས་སྨིན་པའི་གནས་རྣམས་ནས། །འགྲོ་བའི་དབུལ་ཕོངས་སེལ་མཛད་སྙིང་རྗེ་ཅན། །རྨུགས་འཛིན་རིགས་ལྔ་ཨ་པར་ཙི་ཏཱ་དང་། །ལྷ་མོ་དཔལ་ཆེན་འཁོར་བཅས་གནས་འདིར་བྱོན། །ཕུན་ཚོགས་དགེ་ལེགས་འབྱུང་བའི་དཀྱིལ་འཁོར་ནས། །མི་ཟད་ནོར་དང་འབྲུ་ཡི་ཆར་འབེབ་མཁན། །ཡིད་ལ་རེ་བའི་བཀྲ་ཤིས་ཀུན་སྩོལ་མ། །དཔལ་མོ་ནོར་རྒྱུན་འཁོར་བཅས་གནས་འདིར་བྱོན། །ཤར་ལྷོ་བསིལ་བ་ཚལ་གྱི་དུར་ཁྲོད་ནས། །མྱུར་མཛད་ཡིད་བཞིན་ནོར་བུ་གནས་འདིར་བྱོན། །ཧ་ཧ་རྒོད་པའི་དུར་ཁྲོད་ལ་སོགས་ནས། །ཞིང་སྐྱོང་བསོད་ནམས་རྒྱས་བྱེད་གནས་འདིར་བྱོན། །དཔལ་ལྡན་རྡོ་རྗེ་གདན་གྱི་ལྷོ་ནུབ་མཚམས། །ཙནྡན་རྐང་འཐུང་དཀྲིགས་པའི་དགའ་ཚལ་ནས། །སྲིད་གསུམ་ཟས་ནོར་དབང་སྒྱུར་གནོད་སྦྱིན་མ། །དབྱུག་གུའི་ལྷ་མོ་མཆེད་གསུམ་གནས་འདིར་བྱོན། །ལྷོ་ཕྱོགས་ཀུ་རུ་ཀུལླེའི་རི་ཕུག་ནས། །བཅོམ་ལྡན་རིགས་བྱེད་འཁོར་བཅས་གནས་འདིར་བྱོན། །སུམ་ཅུ་རྩ་གསུམ་ལྷ་ཡི་དགའ་ཚལ་ནས། །ཚོགས་བདག་འཁོར་ལོས་སྒྱུར་བ་གནས་འདིར་བྱོན། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས། །འདོད་རྒྱལ་ཡབ་ཡུམ་འཁོར་བཅས་གནས་འདིར་བྱོན། །གར་བཞུགས་གནས་ནས་ནོར་རྒྱུན་དབང་གི་མདོག །ལྷ་ཆེན་རླུང་ཞགས་ཡབ་ཡུམ་གནས་འདིར་བྱོན། །གཞན་ཡང་ཆོས་བཞིན་སྤྱོད་པའི་གང་ཟག་ལ། །མཐུན་རྐྱེན་འབད་མེད་སྦྱོར་བའི་ནོར་ལྷ་དང་། །སྐྱེ་འགྲོའི་ཡིད་ཀྱི་བརྟན་པ་དབང་མེད་དུ། །འཕྲོག་བྱེད་དབང་གི་ལྷ་ཀུན་གནས་འདིར་བྱོན། །ཀྱེ། གསོལ་ལོ་མཆོད་དོ་དབང་རྒྱས་དངོས་གྲུབ་ལྷ། །སྒྲུབ་བོ་བསྟེན་ནོ་གཏེར་གྱི་བུམ་པ་ཅན། །འབོད་དོ་བསྐུལ་ལོ་དབང་གི་ལྕགས་ཀྱུ་ཅན། །རིངས་པའི་ཚུལ་གྱིས་འདིར་བྱོན་མཆོད་གཏོར་བཞེས། །མེ་ཏོག་ལ་སོགས་ཉེར་སྤྱོད་རྣམ་ལྔས་མཆོད། །འཁོར་ལོས་སྒྱུར་བའི་རིན་ཆེན་བདུན་གྱིས་མཆོད། །བཀྲ་ཤིས་གྲུབ་པའི་རྫས་དང་རྟགས་ཀྱིས་མཆོད། །དབང་པོ་སྒོ་ལྔའི་འདོད་ཡོན་ཚོགས་ཀྱིས་མཆོད། །རོ་བཅུད་བརྒྱ་ལྡན་བཟའ་བཅའ་བཏུང་བས་མཆོད། །སྙན་པའི་དབྱངས་དང་སྣ་ཚོགས་རོལ་མོས་མཆོད། །ཡིད་འཕྲོག་སྤྱན་གཟིགས་ནམ་མཁའ་མཉམ་པས་མཆོད། །བདེ་སྟོང་དབྱེར་མེད་ཡེ་ཤེས་རོལ་པས་མཆོད། ཁྱེད་རྣམས་བདག་གིས་ཕྲིན་ལས་ཞུ་བ་ནི། །བསྟན་པ་རྒྱས་པའི་མཐུན་རྐྱེན་ཁྱེད་ཀྱིས་སྒྲུབས། །དཀོན་མཆོག་མཆོད་པའི་ཡོ་བྱད་ཁྱེད་ཀྱིས་སྦྱོར། །དཔལ་ལྡན་བླ་མའི་ཕྲིན་ལས་ཁྱེད་ཀྱིས་སྤེལ། །རྣལ་འབྱོར་བཅོལ་བའིའདོད་དོན་ཁྱེད་ཀྱིས་སྒྲུབས། །ཀྱེ། ཁྱད་པར་གནའ་བོའི་དྲང་སྲོང་ལུགས་བཞིན་དུ། །ཙནྡན་ཨ་ག་རུ་དང་དུ་རུཥྐ། །གཡུ་ཤུག་མཁན་དཀར་སྟག་པ་གསེར་མདངས་ཅན། །སྦ་སྨྱུགས་ཟངས་མདོག་བ་ལུ་ཕུར་མོང་དང་། །འོམ་བུ་སྤེན་དཀར་ཉ་སྦྲིད་ལ་སོགས་པའི། །དྲི་ཞིམ་ཤིང་སྣ་བཟང་སྨན་ཤིང་འབྲས་ཚོགས། །འབྲུ་སྣ་དར་གོས་རིན་ཆེན་བཟའ་བཏུང་རིགས། །གཙང་ཞིང་གྱ་ནོམ་འདོད་ཡོན་ཀུན་བསྲེགས་པའི། །དུད་སྤྲིན་ས་དང་བར་སྣང་ཁྱབ་པ་ལས། །དབང་པོ་སྒོ་ལྔའི་ལོངས་སྤྱོད་བསམ་ཡས་དང་། །ཐུན་མོང་མིན་པའི་དམ་རྫས་ཀུན་འཕྲོ་བ། །དྲི་ཞིམ་ངད་པས་གདུང་བ་མཐའ་དག་སེལ། །ཉམས་གྲིབ་མནོལ་འཐིབས་བསངས་ནས་ཟག་མེད་ཀྱི། །བདེ་དགའི་ཡེ་ཤེས་བསྐྱེད་ཅིང་གཡར་དམ་སྐོང་། །དེ་ལྟར་ཡོན་ཏན་རྫོགས་པའི་རྟེན་འབྲེལ་གྱིས། །བསྟན་དང་བསྟན་འཛིན་ཆོས་ལྡན་རྒྱལ་པོ་སོགས། །བུ་བཞིན་སྐྱོང་ཞིང་འདོད་དགུའི་རེ་བ་སྐོང་། །བྱང་ཆུབ་སྤྱོད་པས་འགྲོ་བ་འདུལ་མཛད་མགོན། །རྒྱལ་ཆེན་རྣམ་སྲས་འཁོར་དང་བཅས་པ་བསང་། ཁྲོ་འཛུམ་བཞད་པའི་འོད་ཞགས་དམར་པོ་ཡིས། །འགྲོ་ཀུན་དབང་སྡུད་རྒྱལ་ཆེན་འཁོར་བཅས་བསང་། །སྙན་གྲགས་མཐའ་ཡས་སྐྱེ་སྲིད་ལྔ་པའི་དབྱངས། །སྒྲོག་མཛད་དམར་པོ་ཆོས་དུང་ཅན་དེ་བསང་། །དྲན་པ་ཙམ་གྱིས་ནོར་བུའི་ཆར་འབེབས་ཤིང་། །བགེགས་འཇོམས་རྡོ་རྗེ་བདུད་འདུལ་འཁོར་བཅས་བསང་། །ཛཾ་ལྷ་རིགས་ལྔ་ཨ་པར་ཙི་ཏཱ་དང་། །གཡང་གི་ལྷ་མོ་དཔལ་ཆེན་འཁོར་བཅས་བསང་། །བཅོམ་ལྡན་ནོར་རྒྱུན་དཀྱིལ་འཁོར་ལྷ་ཚོགས་བསང་། །མྱུར་མཛད་མགོན་དཀར་ཡིད་བཞིན་ནོར་བུ་བསང་། །གཉན་མགོན་སེར་པོ་བསོད་ནམས་རྒྱས་བྱེད་བསང་། །རྫོགས་སངས་རྒྱས་ཀྱི་ཐུགས་བསྐྱེད་སྒྱུ་མའི་གར། །ཟས་ནོར་ཆར་འབེབ་ལྷ་མོ་མཆེད་གསུམ་བསང་། །ཕྲིན་ལས་ལྕགས་ཀྱུ་གློག་ལྟར་མྱུར་བ་ཡིས། ཁམས་གསུམ་འགུགས་བྱེད་ལྷ་མཆོག་རྣམ་གསུམ་བསང་། །ནོར་རྒྱུན་དམར་མོ་ལྷ་ཆེན་ཡབ་ཡུམ་བསང་། །མཐུ་ཆེན་འཕྲོག་མ་མ་སྨད་ལྔ་བརྒྱ་བསང་། །ནོར་རྒྱས་སོག་མ་མེད་སོགས་ཀླུ་རྣམས་བསང་། །མདོར་ན་ཚེ་དང་བསོད་ནམས་དཔལ་འབྱོར་ཚོགས། །འཕེལ་ཞིང་རྒྱས་དང་སྐྱེ་འགྲོ་དབང་མེད་དུ། །ཆགས་ཤིང་འདུན་པའི་ལས་སྒྲུབ་འཇིག་རྟེན་དང་། །འཇིག་རྟེན་ལས་འདས་མཆོད་འོས་མ་ལུས་བསང་། །དེ་ལྟར་དྲི་ཞིམ་བསང་མཆོད་ལེགས་ཕུལ་པས། །མནོལ་རྨུགས་འཁྲུགས་པའི་དྲི་མ་སངས་པ་དང་། །ཟག་མེད་བདེ་བ་མཆོག་གིས་རྒྱུད་ཚིམས་ནས། །དགྱེས་འཛུམ་སྤྲིན་དཀར་ཕུང་པོ་གཡོ་གྱུར་ཅིག །ཅེས་དང་། རོལ་མོའི་ཁོངས་སུ་སྤྲོ་ན་ཡིག་བརྒྱ་དང་། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། ཨ་ཧི་རཾ་བི་ན་རཾ་ཤུདྡྷེ་རཾ་ཨ་ཨ་སྭཱ་ཧཱ། ཨོཾ་བི་རསྟི་བི་རསྟི་སྭཱ་ཧཱ། རི་ཁྲུས་ཀྱི་སྐབས་ནས་འབྱུང་བའི་ཁྲུས་སྔགས་ཅི་ཤེས་བཟླ། ཀྱེ། རྒྱལ་བའི་བསྟན་པ་རྙེད་དང་བཀུར་སྟིར་བཅས། །གཙུག་ལག་ཁང་རྣམས་དགེ་འདུན་གྲངས་མེད་བཅས། །རྣམ་བཞིའི་འཁོར་རྣམས་འཁོར་ལོ་གསུམ་དང་བཅས། །བསྟན་པའི་སྦྱིན་བདག་རིགས་རྒྱུད་འབྱོར་པར་བཅས། །དགོས་དོན་དེ་ཀུན་ལྷ་མཆོག་ཁྱེད་རྣམས་ཀྱི། །མཁྱེན་བརྩེ་ནུས་པའི་འཇུག་པ་ལ་རགས་པས། །དེ་ཕྱིར་བསྟན་པའི་མགོན་དུ་མངའ་གསོལ་ལོ། །མཐོ་བར་དཔངས་བསྟོད་དགྱེས་པར་གཟེངས་བསྟོད་དོ། །ཀྱེ། གསོན་ཅིག་དགོངས་ཤིག་འཕགས་མཆོག་ཁྱེད་རྣམས་ཀྱིས། །གྲངས་མེད་བསྐལ་པར་འགྲོ་དོན་གོ་ཆ་བགོས། །རླབས་ཆེན་སྨོན་ལམ་སྦྱིན་པའི་ཕ་རོལ་ཕྱིན། །མི་ཟད་ནམ་མཁའ་མཛོད་ཀྱི་རྣམ་ཐར་བརྙེས། །ད་ལྟ་དུས་ངན་སྙིགས་མའི་ཤུགས་བརྟས་པས། །མི་རྣམས་ཚེ་ཐུང་འཚེ་མང་ལོངས་སྤྱོད་དབུལ། །ཚེ་འདིའི་འདོད་ལ་ཞེན་པས་ངན་འགྲོ་སྒྲུབ། །གནས་ཚུལ་འདི་འདྲ་གཟིགས་པར་མ་གྱུར་ཏམ། །སྟོབས་དང་རྫུ་འཕྲུལ་དབང་བཅུའི་འབྱོར་པ་དང་། །དུས་དྲུག་འགྲོ་ཁམས་འབྱོར་རྒུད་ལ་གཟིགས་པའི། །སྤྱན་དང་མངོན་ཤེས་དོན་དང་ལྡན་སྲིད་ན། །འགྲོ་འདིའི་སྡུག་བསྔལ་འཁོར་ལོ་གཞིག་ཏུ་གསོལ། །སེར་སྣའི་ལས་ཀྱི་མེ་ཡིས་གདུང་བ་རྣམས། །སྐྱེ་དང་སྐྱེ་བར་ཁྱེད་ལ་སྐྱབས་སུ་མཆི། །རིན་ཆེན་བདུད་རྩིའི་གཏེར་གྱི་ཆར་རྒྱུན་གྱིས། །སེམས་ཅན་དབུལ་བའི་སྡུག་བསྔལ་ཞི་བར་མཛོད། །སྔོན་གྱི་ལེགས་སྤྱད་སྨོན་ལམ་ཤུགས་བདོ་བའི། །ལྷ་ཀླུ་གནོད་སྦྱིན་རྫུ་འཕྲུལ་མཐུ་ཆེ་བ། །སྡེ་དཔུང་ཆེ་ལ་སྟོབས་པོ་ཆེ་རྣམས་ཀྱང་། །ཐུབ་པས་བཀའ་བསྒོས་འབྲས་བུ་མཆིས་པར་མཛོད། །ཀུན་ལ་རིང་ནས་བརྣགས་པའི་དོན་ཞུ་བ། །ལུས་ཅན་ཀུན་གྱི་ཕུན་ཚོགས་འབྱུང་བའི་གཞི། །བདེ་གཤེགས་ཞལ་གསུང་རྒྱུ་འབྲས་ཐེག་པ་ཡི། །བཤད་སྒྲུབ་ལྷ་ཆུའི་རྒྱུན་བཞིན་རིང་གནས་མཛོད། །བསྟན་པ་འཛིན་པའི་སྐྱེས་མཆོག་གང་བཞུགས་པ། །ཞབས་པད་བརྟན་ཅིང་ཕྲིན་ལས་མཐར་ཕྱིན་མཛོད། །དགེ་འདུན་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་ཞིང་། །བྱ་ཆ་ཀློག་པའི་འཁོར་ལོ་རྒྱས་པར་མཛོད། །བསམ་གཏན་འཁོར་ལོས་སྲིད་པ་ཧྲུལ་བྱེད་པའི། །སྒྲུབ་པོས་ཞི་བའི་ནགས་ཁྲོད་ཁེངས་པར་མཛོད། །ཚོགས་དང་བསེ་རུར་སྤྱོད་པ་དེ་ཀུན་ཀྱང་། །རྙེད་དང་བཀུར་སྟིས་ནམ་ཡང་མི་བྲེལ་མཛོད། །ཆོས་གོས་གནས་མལ་བསོད་སྙོམས་སྨན་ལ་སོགས། །བསམ་པ་ཙམ་གྱིས་མོད་ལ་འབབ་པར་མཛོད། །དཀའ་ཐུབ་དྲག་པོས་ལུས་སེམས་མི་གདུང་བར། །བདེར་གནས་ཡོན་ཏན་ཆོས་ཀུན་རྫོགས་པར་མཛོད། །རྟེན་གསུམ་རྣམས་ཀྱང་བཀུར་སྟི་ཞབས་ཏོག་དང་། །བསམ་ཡས་མཆོད་སྤྲིན་བཅས་ཏེ་བརྟན་བཞུགས་མཛོད། །བསྟན་པའི་སྦྱིན་བདག་ཚེ་དཔལ་འབྱོར་པ་སོགས། །འཛད་མེད་དཔག་བསམ་ཤིང་ལ་འགྲན་པར་མཛོད། །ཡུལ་ཕྱོགས་ཀུན་ཏུ་ཆར་ཆུ་དུས་སུ་འབབ། །ལོ་ལེགས་སྐྱ་རྒྱལ་ཕྱུགས་རྣམས་འཕེལ་བར་མཛོད། །མི་ནད་ཕྱུགས་ནད་དུས་འཁྲུགས་རྒྱུན་ཆད་ནས། །རྒྱལ་ཁམས་བདེ་ཞིང་དགེ་བཅུར་སྤྱོད་པར་མཛོད། །མི་དབང་རྣམས་ཀྱང་ཆོས་བཞིན་ས་སྐྱོང་ཞིང་། །འབངས་རྣམས་ཁྲིམས་སྲུང་དཀོན་མཆོག་མཆོད་པར་མཛོད། །ཕན་ཚུན་ཕ་བུ་བཞིན་དུ་མཉེས་གཤིན་པས། །རྐུ་ཇག་རྔོན་གསུམ་གཏན་ནས་མི་འབྱུང་མཛོད། ཁྱད་པར་བདག་ཅག་བྱང་ཆུབ་སྒྲུབ་པ་དང་། །བསྟན་པ་སྐྱོང་ཞིང་སྤེལ་བའི་ཆ་རྐྱེན་དུ། །ལྷ་ཀླུ་མི་ཡི་ནོར་བུའི་ཆར་རྒྱུན་གྱིས། །རེ་བའི་ཤིང་རྟ་ཕྱུར་བུར་གང་བར་མཛོད། །བཟའ་བཏུང་གོས་བཟང་རྟ་ཕྱུགས་འདུ་བ་དང་། །འཕེལ་ཞིང་རོ་མཆོག་བཅུད་ལྡན་སྲིས་སྨེ་ཞིང་། །ཟ་འདྲེ་གོད་འདྲེ་སྲི་ངན་ཟློག་པ་དང་། །སྙན་གྲགས་སྐྱེ་ལྔའི་སྒྲ་དབྱངས་གསལ་བར་མཛོད། །ལོངས་སྤྱོད་འཕེལ་བས་ཆོས་སྤྱོད་འགྲིབ་པ་དང་། ཁེངས་དྲེགས་རྩོད་པའི་རྒྱུ་རུ་མི་འགྱུར་བར། །ཕོངས་པའི་སྐྱབས་གྱུར་ཡོངས་འདུའི་ས་བརྟོལ་བཞིན། །བསོད་ནམས་ཚོགས་ཆེན་འབྲས་བུས་ལྕི་བར་མཛོད། །ཆོས་ལྡན་རྒྱལ་བློན་ཁྱིམ་བདག་འབྱོར་ལྡན་སོགས། །སྐྱེ་འགྲོ་མ་ལུས་འདུན་ཅིང་ཆགས་པར་མཛོད། །བློ་གསལ་སློབ་བུ་གྲངས་མེད་འདུ་བ་དང་། །བསྟན་པའི་བྱ་བས་ཉིན་མཚན་འདའ་བར་མཛོད། །ལྷ་ཀླུ་གནོད་སྦྱིན་ལ་སོགས་མི་མིན་དང་། །གདུག་ཅིང་ངན་སེམས་འཆང་བའི་མི་རྣམས་ཀྱང་། །མཐོང་ཐོས་དྲན་པ་ཙམ་གྱིས་དད་གྱུར་ནས། །འཕྲིན་ཡིག་རྣ་བའི་རྒྱན་དུ་འབབ་པར་མཛོད། །མདོར་ན་འདས་དང་མ་འདས་བསང་གི་མགྲོན། ཁྱེད་རྣམས་ཉིད་ལ་མངའ་ཞིང་གང་བརྙེས་པའི། །དབང་རྒྱས་དངོས་གྲུབ་མ་ལུས་ལྷུན་གྲུབ་ནས། །བསྟན་འགྲོའི་དོན་ཀུན་ཆོས་བཞིན་འགྲུབ་པར་མཛོད། །ཅེས་པ་འདི་ནི་སྒེར་བསང་མང་པོ་འདོན་དགོས་པའི་དཀའ་ཚེགས་སྤང་ཕྱིར། རྣམ་སྲས་གཙོར་གྱུར་པའི་ནོར་ལྷ་དབང་སྡུད་ཀྱི་ལྷ་ཐམས་ཅད་ཕྱོགས་བསྡུས་སུ། རང་གིས་སྔར་རྩོམ་པའི་ཆོས་སྐྱོང་སྤྱིའི་བསང་མཆོད་དང་ཚིག་འགྲོས་མཐུན་པར་རྒྱལ་ཁམས་པ་ངག་དབང་བློ་གྲོས་སྙིང་པོ་གཞན་ཕན་མཐའ་ཡས་པའི་འོད་ཟེར་ཞེས་འབོད་པས་གླིང་གདུང་རྒྱུད་རིམ་བྱོན་གྱི་ཕོ་བྲང་དང་འདབས་འབྱོར་བའི་ཆོས་སྡེ་མགོ་ཟི་རབ་བརྟན་རྩེའི་ཁྲ་ལེབ་སྒར་དུ་སྦྱར་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སརྦ་མངྒ་ལཾ།། །།ཅེས་པ་འདི་ནི་འཇམ་མགོན་རིན་པོ་ཆེ་དང་རིགས་བདག་བླ་མ་རྣམས་ཀྱི་དགོངས་རྫོགས་ཀྱི་ཕྱིར་དུ་ཁ་བསྐངས་ཏེ་སྤར་གསར་དུ་བསྒྲུབས་པ་ཡིན་པས་དབང་ལུང་སོགས་ལ་ཞིབ་ཅ་བྱ་དགོས་པ་ཡོད་དོ་ཞེས་སི་ཏུ་པ་པདྨ་དབང་མཆོག་རྒྱལ་པོ་ཁོ་བོས་ཆེད་དུ་གདམས་པའོ།། །།
ཡེ་ཤེས་སྤྱན་གྱི་ཙཀྲ་ (Volume 46, Text 4)
ཡེ་ཤེས་སྤྱནགྱི་ཙཀྲ་འདི་ཀློག་སྒྲོག་པའམ། ཡི་གེ་བྲི་བ་གང་བྱེད་ཀྱང་གཡས་ཕྱོགས་སུ་བཞག་ནས་གཟིར་ལ་བལྟ། དེས་ཤོག་དུག་སོགས་མིག་ལ་གནོད་པ་ཐམས་ཅད་སེལ་ཞིང་གསལ་བར་འགྱུར་རོ། །འབྲོག་པ་ཐུབ་རྒྱལ་གྱི་གཏེར་མ་གོང་ར་ལོ་ཆེན་གྱི་ཕྱག་ ལེན་མའོ། །ཟབ། དཔེ་ཁུངས་དག་ལས་དག་པར་བྲིས་ཡོད་དོ།། །།
རྩ་གསུམ་རིག་འཛིན་སྲོག་སྒྲུབ་ཀྱི་རྩ་བའི་དབང་བསྐུར་མ་བུ་ཟུང་བསྡེབས་བལྟས་ཆོག་ཏུ་བཀོད་པ་འཆི་མེད་ཡེ་ཤེས་མྱུ་གུ་ (Volume 9, Text 4)
༄༅། །རྩ་གསུམ་རིག་འཛིན་སྲོག་སྒྲུབ་ཀྱི་རྩ་བའི་དབང་བསྐུར་མ་བུ་ཟུང་བསྡེབས་བལྟས་ཆོག་ཏུ་བཀོད་པ་འཆི་མེད་ཡེ་ཤེས་མྱུ་གུ་ཞེས་བྱ་བ་བཞུགས་སོ། ། ན་མོ྅་མྲྀཏ་སིདྡྷི་མ་ཧཱ་ཙྱཡྻཱ་ཡ། སྐུ་དང་ཐིག་ལེས་བརྒྱན་པའི་འཇའ་ཟེར་གྱིས། །འོད་གསལ་ཞིང་ཀུན་ཁྱབ་པ་ཆེན་པོའི་གཟུགས། །འོད་གསལ་ཆོས་དབྱིངས་རྒྱུན་མི་འཆད་མངའ་བས། །གདོད་མའི་གྲོལ་སར་འཁྲུལ་སྣང་བཅོམ་དེར་འདུད། །རང་སྣང་རིས་མེད་རྟོགས་དགོངས་ཟང་ཐལ་ལས། །ལྷུན་གྲུབ་སྣང་བའི་གཟིགས་མོར་འབྱམས་ཀླས་ཏེ། །རྡོ་རྗེ་ནཱ་དའི་ཆོས་སྒོ་བརྡོལ་བའི་བཅུད། །སྨིན་བྱེད་མ་བུ་ཟུང་བསྡེབས་འགོད་པར་བྱ། །དག་སྣང་གཞོམ་མེད་རྡོ་རྗེའི་རྔ་སྒྲ་ལས་བྱོན་པ་བླ་མ་རིག་འཛིན་སྲོག་སྒྲུབ་ཌཱ་ཀི་ཆོས་སྲུང་གི་བླ་རྡོ་ངེས་གསང་ཨ་ཏིའི་དགོངས་པ་གཏན་ལ་འབེབ་པའི་སྨིན་བྱེད་ནོད་པར་འདོད་པ་དག་གིས། ལག་ལེན་རྒྱས་པ་རྩ་བའི་གཞུང་དང་ལྷ་བཙུན་གཉིས་པ་ཁྲག་འཐུང་འཇིགས་མེད་དཔའ་བོའི་གསུང་སོགས་ལྷན་ཐབས་རྣམས་ལྟོ་སྦྱར་བ་ལས་རྟོགས་པར་བྱ་དགོས་ཤིང་། འདིར་ཁྱེར་བདེ་བའི་ལག་ལེན་འཆད་པ་ལ་གསུམ། སྔོན་འགྲོ་སྟ་གོན། དངོས་གཞི་དབང་བསྐུར། རྗེས་མཐའ་རྒྱས་སུ་བྱ་བའོ། །དང་པོ་ནི། སློབ་དཔོན་དང་སློབ་མའི་རྟེན་འབྲེལ་ཚོགས་ཤིང་གནས་ཡིད་དུ་འོང་བར་དབང་བསྐུར་བྱ་བའི་སྐབས་སུ་བབས་པ་ན། རྩ་བ་གསུམ་གྱི་མཆོད་གཏོར་དང་ཚོགས་ཀྱི་ཡོ་བྱད་སོགས་འདུ་བྱས་ལ། ལས་གཞུང་བསྲང་ཞིང་ཚོགས་དང་སྐོང་བཤགས་སློབ་མ་རྣམས་དཀྱིལ་འཁོར་དུ་འཇུག་པ་ལ་བགེགས་དང་བར་ཆད་མི་འབྱུང་བའི་གནང་བ་ཞུ་བ་དང་ཕྲིན་ལས་བཅོལ་བ་སོགས་རྒྱས་བསྡུས་གང་འགྲུབ་བྱ། ལས་བུམ་དུ་རྣམ་འཇོམས་ཀྱི་གཟུངས་རིང་ཐུང་ངམ། བདུད་རྩི་འཁྱིལ་པའི་སྔགས་བཟླས་པས་བྱིན་བརླབས། ཉེ་ལོགས་གང་བདེར་སྟེགས་ཀྱི་ཁར་མཎྜལ་ཚོམ་བུ་ལྔ་པ་མཆོད་པ་སྣ་ལྔས་བསྐོར་བ་ལ་དཀྱིལ་འཁོར་གྱི་ལྷ་ཚོགས་སྐད་ཅིག་གིས་གསལ་བ་ལ་མཆོད་བསྟོད་མདོར་བསྡུས་བྱ། ཀ་པཱ་ལར་ཆང་དང་བདུད་རྩི་སྦྱར་བའི་དམ་ཆུ། སྲུང་སྐུད་ལྔ་སྒྲིལ་རྡོར་མདུད་ཅན་ཡི་དམ་གྱི་སྔགས་ཀྱིས་བྱིན་གྱིས་བརླབས་པ། སོ་ཤིང་། མིག་དར། ཀུ་ཤའི་ཆུན་པོ་ཆེ་ཆུང་། བགེགས་གཏོར་སོགས་ཉེར་མཁོ་ཚོགས་པར་བྱས་ལ་སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱས་གྲལ་དུ་འཁོད། ལས་བྱང་ལྟར་བགེགས་བསྐྲད་དང་སྲུང་འཁོར་བྱ། རྩ་གསུམ་རིག་འཛིན་སྲོག་སྒྲུབ་ཀྱི་སྨིན་བྱེད་དབང་གི་རིམ་པ་བསྒྲུབ་པ་ལ་ཐོག་མར་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་ཞིང་ཁམས་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་སྐུ་བཞིའི་བདག་ཉིད་ཁྱབ་བདག་གདོད་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ཁྱད་པར་ཅན་དེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་ཟབ་མོ་གསང་བ་སྔགས་ཀྱི་སྨིན་གྲོལ་ནོད་པར་བགྱིའོ་སྙམ་པའི་ཀུན་སློང་ཁྱད་པར་ཅན་དང་ཆོས་གསན་པའི་ཀུན་སྤྱོད་རྣམས་ལེགས་པར་གསལ་བཏབ་སྟེ་གསན་པར་ཞུ། གསན་བྱ་དམ་པའི་ཆོས་ལ་རྣམ་གྲངས་མཐའ་ཡས་པ་ཞིག་མཆིས་པ་རྣམས་ཀྱི་ནང་ནས་ཉེ་ལམ་ཟབ་མོ་རྨད་དུ་བྱུང་བ་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་ཚུལ་ལ། གངས་ཅན་གྱི་ལྗོངས་སུ་སྔ་འགྱུར་དང་ཕྱི་འགྱུར་གྱི་ཐ་སྙད་གཉིས་སུ་གྲགས་པའི་གསང་སྔགས་སྔ་འགྱུར་བའི་རིང་ལུགས་ལ་བཀའ་གཏེར་དག་སྣང་གི་བབས་སོ་ཆེན་པོ་གསུམ་དུ་གྲགས་པའི་ནང་ཚན། ཡང་གསང་ཨ་ཏི་ཡོ་གའི་དགོངས་པ་གཅིག་ཆར་དུ་གཏན་ལ་འབེབ་པ། དག་སྣང་གི་ཆོས་ཚུལ་རྩ་གསུམ་རིག་འཛིན་སྲོག་སྒྲུབ་ཀྱི་སྨིན་དབང་ཟབ་མོ་བགྱིད་པ་སྐབས་སུ་བབས་པ་ཡིན། དེ་ལ་ཐོག་མར་དབང་གི་སྣོད་རུང་དུ་བསྒྲུབ་པ་སྔོན་འགྲོ་སྟ་གོན་གྱི་རིམ་པ་ལ་འཇུག་པ་ཡིན་པས། དེ་ལ་སྤྱིར་ལམ་གོང་མའི་ཡོན་ཏན་བསྒྲུབ་པ་ལ་ལམ་འོག་མ་ལ་ངེས་པར་ལྟོས་དགོས་པ་ཞིག་ཡིན་པས་ན། ཀུན་གྱི་ཐོག་མར་འཁོར་བ་མཐའ་དག་ལ་ངེས་པར་འབྱུང་བའི་བློ་སྐྱེ་ངེས་པ་ཞིག་གལ་ཆེ། དེའང་རང་རེ་རྣམས་སྔོན་བསགས་ཀྱི་བསོད་ནམས་མི་དམན་པས་ད་རེས་དལ་འབྱོར་ཕུན་སུམ་ཚོགས་པའི་མི་ལུས་འདི་ལྟར་ཐོབ། བླ་མ་དགེ་བའི་བཤེས་གཉེན་དང་མཇལ། དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་གྱི་བྱ་བ་བྱེད་དུ་ཡོད་པ་འདི་ནི་རྙེད་པར་དཀའ་བའི་སྐལ་པ་བཟང་པོ་ཡིན་ཡང་། ད་ལྟ་ཉིད་ནས་ཆོས་ལ་མ་འབད་ན་ཚེ་རབས་ཕྱི་མ་རྣམས་སུ་འདི་ལྟ་བུའི་དལ་འབྱོར་ཐོབ་པར་དཀའ་ཞིང་། ད་རེས་ཀྱི་ཚེ་སྐལ་འདི་ཉིད་ཀྱང་ཡུན་དུ་མི་གནས། རི་གཟར་གྱི་འབབ་ཆུ་དང་ནམ་མཁའི་གློག་ལྟར་མྱུར་དུ་འཆི་བའི་ཆོས་ཅན་ཡིན། འཆི་བའི་ནངས་པར་དམ་པའི་ཆོས་མ་གཏོགས་གཞན་གང་གིས་ཕན་པ་མེད། ཁམས་གསུམ་འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་མེའི་འོབས་སམ་བཙོན་དོང་དང་མཚུངས་པར་བདེ་བ་སྐད་ཅིག་ཀྱང་མེད་པས་འཁོར་བ་མཐའ་དག་ལས་ངེས་པར་འབྱུང་བའི་བློའི་ཤུགས་དྲག་པོ་དང་མི་རྟག་པས་རྒྱུད་བསྐུལ་ཏེ་དམ་པའི་ཆོས་ལ་ཕྱི་བཤོལ་མ་སོང་བར་བརྩོན་པར་མཛད་འཚལ། དམ་པའི་ཆོས་དེའང་ཐོག་མར་སྡོམ་པ་དང་དམ་ཚིག་གིས་རྒྱུད་དག་པ་གལ་ཆེ་ཞིང་དེ་ལ་འགལ་རྐྱེན་དུ་གྱུར་པའི་སྡིག་སྒྲིབ་ཐོག་མར་སྦྱང་དགོས་པ་ཡིན་པས། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་འཇའ་འོད་འཁྲིགས་པའི་གུར་ཁང་གི་དབུས་སུ་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམས་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་ཚེ་རབས་ཀྱི་སྡིག་སྒྲིབ་སྤྱི་དང་སྡོམ་པ་གསུམ་གྱི་བཅས་མཚམས་ལས་འདས་པའི་ཉེས་ལྟུང་གི་ཚོགས་ཐམས་ཅད་གནོང་འགྱོད་དྲག་པོའི་བསམ་པ་དང་བཅས་ཏེ་བཤགས་པ་བྱ་བ་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་དུས་གསུམ་དཀོན་མཆོག་གསུམ། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །བདག་ཅག་རྣམས་ལ་དགོངས་སུ་གསོལ། །བདག་གིས་དུས་འདི་ནས་བཟུང་སྟེ། །ཇི་སྲིད་སངས་རྒྱས་མ་ཐོབ་བར། །ལུས་ངག་ཡིད་གསུམ་དེ་ཁོ་ན། །མི་དགེ་བགྱིས་པ་བགྱིད་དུ་བསྩལ། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱི་དམ་ཚིག་ལས། །འགལ་གྱུར་ཉེས་ལྟུང་སྡིག་སྒྲིབ་བཤགས། །སྟོབས་བཞི་གཉེན་པོའི་སྒོ་ཚང་བས། །ཀུན་ཏུ་སྤྱོད་པ་རྟེན་སུན་འབྱིན། །སོར་ཆུད་པ་ཡི་རྟེན་འབྲེལ་གྱིས། །སྒོ་གསུམ་ཉེས་ལྟུང་བྱང་གྱུར་ཅིག །སྒྲིབ་གསུམ་ཕྲ་རགས་བྱང་གྱུར་ཅིག །ཐེག་དགུའི་མཐར་ཐུག་སྙིང་པོའི་དོན། །འོད་གསལ་རང་རིག་ཡེ་ཤེས་དེ། །བྲི་གང་མེད་པར་རྟོགས་པར་ཤོག །ཅེས་ལན་གསུམ་བྱ། དེ་ནས་ཐེག་པ་ཆེ་ཆུང་ཐམས་ཅད་ཀྱི་ལམ་གྱི་རྩ་བ་སྐྱབས་འགྲོའི་སྡོམ་པ་ལེན་པ་ལ། སྔར་སྨོས་པའི་སྐྱབས་ཡུལ་དེ་དག་གི་སྤྱན་སྔར། རང་གཞན་སེམས་ཅན་ཐམས་ཅད་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྙིང་ཐག་པ་ནས་སྐྱབས་སུ་མཆི་བར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃ། མཁའ་མཉམ་སྲིད་ཞིའི་སྐྱབས་ཀུན་སྙིང་པོའི་བཅུད། །དབང་དྲག་རིག་འཛིན་པདྨ་ཐོད་ཕྲེང་རྩལ། ཁྱོད་སྐུར་སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་རྫོགས། །འགྲོ་ཀུན་སྲིད་ལས་སྒྲོལ་ཕྱིར་སྐྱབས་སུ་མཆི། །མཐའ་བྲལ་ཡངས་པ་ཆོས་སྐུ་རྡོ་རྗེའི་མཁའ། །ངོ་བོ་རང་བཞིན་ཐུགས་རྗེའི་རོ་གཅིག་པས། །སྲིད་ཞིའི་ཁམས་ཀུན་རྡོ་རྗེའི་འཇའ་ལུས་ངང་། །མི་འགྱུར་དབྱིངས་རིག་དྭངས་མར་སྐྱབས་སུ་མཆི། །ལན་གསུམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཟབ་མོའི་ལམ་འདི་ཉིད་ལ་འཇུག་པར་བགྱིད་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། གསང་མཆོག་འོད་གསལ་ཡེ་ཤེས་ཐིག་ལེའི་གཞིར། །འགྲོ་ཀུན་སྒྲིབ་གསུམ་དག་ནས་སྐུ་དང་གསུང་། །ཐུགས་ཀྱི་ཐིག་ལེ་ལྷུན་གྲུབ་སྣང་བཞིའི་ངང་། །གཞོན་ནུ་བུམ་སྐུར་གྲོལ་བར་སེམས་བསྐྱེད་དོ། །ལན་གསུམ། དེ་ནས་རྒྱུད་སྡོམ་པ་སུམ་ལྡན་དུ་སྒྲུབ་པའི་ཐོག་མར་སྐྱབས་ཡུལ་སློབ་དཔོན་དང་བཅས་པའི་སྤྱན་སྔར་སོ་སོ་ཐར་པའི་སྡོམ་པ་བླངས་ནས་བསྲུང་བར་བགྱིའོ་སྙམ་པས་རྗེས་ཟློས། བླ་མ་ཀུན་བཟང་སྤྱན་སྔ་རུ། །ལུས་ངག་ཡིད་ཀྱིས་གཞན་རྣམས་ལ། །གནོད་པ་ལས་ལྡོག་དགེ་བ་བསྒྲུབ། །དགེ་ཚུལ་དགེ་སློང་བྱང་ཆུབ་སེམས། །སོ་སོ་ཐར་པའི་སྡོམ་པ་ལ། །བདག་ནི་རྒྱུན་དུ་གནས་ཤིང་བསྲུང་། །གསུམ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྡོམ་པ་བླང་བའི་ཐོག་མར་སྨོན་པའི་སེམས་བསྐྱེད་པ་ལ། སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བའི་ཁུར་ཁྱེར་བའི་མོས་པ་བརྟན་པོས་འདིའི་རྗེས་ཟློས་མཛོད། ཧོཿ བླ་མ་ཀུན་བཟང་དགོངས་སུ་གསོལ། །འདི་བཟུང་བྱང་ཆུབ་མ་ཐོབ་བར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །མ་དང་བུ་ཡི་འདུ་ཤེས་ཀྱིས། །མ་བརྒལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་དགྲོལ་བ་དང་། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཕྱིར། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །གསུམ། འཇུག་པ་སེམས་བསྐྱེད་བྱང་ཆུབ་སེམས་དཔའི་བསླབ་བྱ་རྣམས་ལ་བསླབ་འདོད་ཀྱི་བསམ་པ་ཐུན་མོང་མ་ཡིན་པས་འདིའི་རྗེས་ཟློས་མཛོད། སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང་། །སྡོམ་པ་ལ་ནི་གནས་པ་ལྟར། །འདི་བཟུང་འཁོར་བ་མ་སྟོངས་བར། །བླ་མེད་འཇུག་པའི་བྱང་ཆུབ་སེམས། །བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི། །ཕར་ཕྱིན་དྲུག་ལ་སློབ་ཅིང་བསྒྲུབ། །བརྩོན་འགྲུས་དག་གིས་ཐམས་ཅད་བསྒྲལ། །ཀུན་དོན་ཚུལ་ཁྲིམས་གསུམ་ཡང་བཟུང་། །བདག་གིས་སེམས་བསྐྱེད་སྡོམ་བཟུང་ནས། །མ་གྲོལ་དགྲོལ་དང་མ་བརྒལ་བསྒྲལ། །དབུགས་དབྱུང་མྱ་ངན་འདས་ལ་འགོད། །ལན་གསུམ། རིག་པ་འཛིན་པ་སྔགས་ཀྱི་སྡོམ་པའི་གཞིར་གྱུར་པ་རིགས་ལྔ་སྤྱི་དང་བྱེ་བྲག་གི་སྡོམ་པ་ལེགས་པར་བླངས་ནས་ཚུལ་བཞིན་དུ་བཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་བཟུང་མི་གཏང་ངོ་། །རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ། །རྣལ་འབྱོར་དྲིལ་བུའི་ཕྱག་རྒྱ་དང་། །བྱང་ཆུབ་སེམས་ནི་སྤང་མི་བྱ། །རྡོ་རྗེ་རིགས་ཀྱི་སྡོམ་པ་ཡིན། །རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་དུས་ནི་རྟག་ཏུ་གཏང་། །རིན་ཆེན་རིགས་ཀྱི་སྡོམ་པ་ཡིན། །པདྨ་རིགས་ཀྱི་དམ་ཚིག་ཏུ། །ཐེག་པ་གསུམ་དང་ཆོས་རྣམས་བཤད། །པདྨ་རིགས་ཀྱི་སྡོམ་པ་ཡིན། །ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། །འགྲོ་བའི་དོན་ལ་བརྩོན་པར་བྱ། །ལས་ཀྱི་རིགས་ཀྱི་སྡོམ་པ་ཡིན། །ཡར་མཆོད་གུས་ཤིང་མར་ལ་བརྩེ། །རྩ་བ་ཡན་ལག་དམ་ཚིག་བསྲུང་། །རྩ་བ་བཞི་ལས་འདའ་མི་བྱ། །ཞེས་ལན་གསུམ་བྱའོ། །དེ་ནས་སྔགས་ཀྱི་རྣལ་འབྱོར་ཐུན་མོང་མ་ཡིན་པའི་སྒོ་ནས་ཉམས་ཆག་སྡིག་སྒྲིབ་སྦྱོང་བ་ལ་ལྷག་པར་བསྔགས་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱ་དགོས་པས་དམིགས་པ་འདི་བཞིན་དུ་མཛོད། རང་རང་གི་སྤྱི་བོའི་གཙུག་ཏུ་པཾ་ལས་པདྨ་རཾ་ལས་ཉི་མ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུྃ་དཀར་པོ་གཅིག་བསམ། དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གངས་ལ་ཉི་མ་ཤར་བ་ལྟ་བུ་སྤྱན་བར་སྣང་ལ་གཟིགས་པ་དར་གྱི་ན་བཟའ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་བསྣམས་པ། གཡོན་དངུལ་དཀར་གྱི་དྲིལ་བུ་དཀུ་ལ་བརྟེན་པ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཡི་གེ་ཧཱུྃ་དཀར་པོ་དངུལ་ཆུའི་ཐིགས་པ་ལྟ་བུ་ཞིག་གི་ཐ་མ་ལ་ཡི་གེ་བརྒྱ་པས་བསྐོར་བ། དེ་ཀློག་པའི་ཚུལ་དུ་བཟླས་པས། དེ་ལས་འོད་ཟེར་ཉི་མ་འཆར་ཀ་ལྟར་འཕྲོས་བདེ་བར་གཤེགས་པ་ཐམས་ཅད་མཆོད་འགྲོ་བ་རིགས་དྲུག་གི་སྡིག་སྒྲིབ་རྣམས་སྦྱངས། སླར་ཐུགས་ཀའི་ཧཱུྃ་ཡིག་ལ་ཐིམ་པས་བདུད་རྩིའི་རྒྱུན་བབས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་གྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པར་དག་པའི་ཐུགས་འདུན་གནང་བར་ཞུ། ཞེས་ཡི་གེ་བརྒྱ་པ་བདུན་སོགས་བརྗོད་དུ་གཞུག །གསང་སྔགས་གཉན་པོའི་དཀྱིལ་འཁོར་དུ་ཞུགས་པ་དག་གིས་བཅས་པའི་ཐ་ཚིག་སྲོག་བཞིན་དུ་བསྲུང་དགོས་པས་དམ་ཚིག་གི་གལ་མདོ་བསྒྲག་ཅིང་རྡོ་རྗེའི་མནའ་ཆུ་སྦྱིན་པ་ཤེས་པར་མཛད་འཚལ། རྡོ་རྗེ་མགོར་བཞག་བདུད་རྩི་སྦྱིན་ལ། ཨོཾ་ཨཱཿཧཱུྃ། ཕྱི་ནང་གསང་བ་དེ་ཁོ་ནའི། །སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས། །སྒོ་གསུམ་མཉམ་པ་ཉིད་ཀྱིས་བསྲུང་། །འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །བསྲུངས་ན་ཡང་དག་འབྲས་བུར་སྨིན། །ཉམས་ན་ན་རཀ་གནས་སུ་ལྟུང་། །དེ་བས་དམ་ལ་མ་འདའ་ཞིག །འདིའི་བསླབ་བྱའི་དམ་ཚིག་ཉན་ཐོས་ཀྱི་འདུལ་ཁྲིམས་དང་བྱང་སེམས་ཀྱི་བསླབ་པ་ལས་མི་འགལ་བ། ནང་གསང་སྔགས་ཀྱི་དམ་ཚིག་ས་མ་ཡ་འབུམ་སྡེར་གསུངས་པ་དང་མི་འགལ་བ། གསང་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོའི་དམ་ཚིག་ཆིངས་བཞིས་བསྟན་པ་རྣམས་དང་མི་འགལ་བར་མཛོད་ཅིག །དེ་ལ་དམ་ཚིག་གི་དཔང་པོ་ནི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། ལྷ་སྐལ་ནི་རྡོ་རྗེ་སེམས་དཔའ། ཉུལ་ལེ་དབང་ཕྱུག་ཉེར་བརྒྱད་དང་ཆོས་སྲུང་གི་ཚོགས། གསང་སྔགས་ཀྱི་དམ་ཚིག་ནི་བཀའ་གཉན་ཅིང་ཁེ་ཉེན་ཆེ་བས་སྲོག་ལ་བསྡོས་ནས་ཡང་དག་པར་སྲུངས་ཤིག །དེ་ནས་སྲུང་བའི་གོ་བགོ་བ་ནི། སྤྱིར་མིའི་ལུས་རྟེན། སྒོས་དམ་པའི་ཆོས་སྒྲུབ་པ། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་ཞུགས་པ་ནི་རིན་ཐང་ཤིན་ཏུ་ཆེ་བས་བར་ཆད་ཀྱི་འཇུག་སྒོ་མང་བ་ཡིན་པས་དེ་དག་སྲུང་བའི་ཕྱིར་ཡི་དམ་གྱི་སྙིང་པོས་བྱིན་གྱིས་བརླབས་པའི་སྲུང་སྐུད་རྡོ་རྗེའི་མདུད་པ་དང་ལྡན་པ་འདི་ཉིད་ཕོའི་དཔུང་པ་གཡོན། མོའི་གཡས་སུ་འཆིང་བས་ལྷག་པའི་ལྷའི་བྱིན་རླབས་ཀྱི་གོ་ཆས་ཅིས་ཀྱང་མི་ཕྱེད་པར་བསྲུང་བར་མོས་ཤིག །རྩ་སྔགས་ཤམ་དུ། རཀྵ་རཀྵ་ཞེས་བཏགས་པ་བཟླ་ཞིང་སྲུང་སྐུད་འཆིང་ལ་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་གདབ། དེ་ནས་དངོས་གྲུབ་ཀྱི་མཚན་ལྟས་དངོས་སུ་བརྟག་པའི་ཕྱིར། མདུན་གྱི་ཚོམ་བུའི་དཀྱིལ་འཁོར་འདི་ཉིད་མངོན་སུམ་དུ་མཇལ་བའི་སྐལ་པ་དང་མི་ལྡན་པ་མཚོན་པའི་ཆེད་དུ་སྤྱན་དར་རེ་འཆིང་བར་ཞུ། ཞེས་མིག་དར་བཀབ། དེ་ནས་སོ་ཤིང་མེ་ཏོག་དང་བཅས་པ་འདི་ཉིད་ཁྱེད་རང་རྣམས་ཀྱིས་ལག་ཐལ་མོ་སྤྲད་པའི་བར་དུ་བཟུང་ལ་སོ་ཤིང་གིས་སོའི་རྩ་བ་འདྲུད་པའི་ཚུལ་བྱས་ཏེ་སྨོན་ལམ་འདིའི་རྗེས་ཟློས་དང་བཅས་ཏེ་མདུན་གྱི་མཎྜལ་ལ་དོར་ཅིག །ཀྱཻ། བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོ་དང་། །དཔའ་བོ་མཁའ་འགྲོ་ཆོས་སྲུང་བདེན་པའི་མཐུས། །བདག་ལ་སྔོན་གྱི་ལས་འཕྲོ་གང་ཡོད་དང་། །བཟང་ངན་རྟགས་མཚན་མྱུར་བར་བསྟན་དུ་གསོལ། །ཨོཾ་བཛྲ་ཧཱ་ས་ཧ། ཞེས་སྔར་བསྒྲུབས་པའི་མཎྜལ་ལ་འདོར་དུ་གཞུག །སོ་ཤིང་དབུས་སུ་བབས་ན་མཆོག་གི་དངོས་གྲུབ། ཕྱོགས་བཞིར་ལས་བཞི། དེའང་ལན་དང་པོར་བབས་ན་ཚེ་འདི། གཉིས་པས་བར་དོ། གསུམ་པས་སྐྱེ་བ་བརྒྱུད་ནས་སྐལ་པ་དང་ལྡན་ཅིང་ལན་བཞིར་བསྐྱར་དགོས་ན་དམ་སྡོམ་ཉམས་སྐོང་ལ་འབད་དགོས་པར་གསུངས་སོ། །མིག་དར་བསལ། དེ་ནས་རྨི་ལམ་གྱི་སྒོ་ནས་མཚན་ལྟས་བརྟག་པའི་ཕྱིར་དག་བྱེད་རྩྭ་མཆོག་ཀུ་ཤའི་ཆུན་པོ་ཆུང་བ་ཕྱག་གཡས་སུ་གཏད་པ་སྔས་དང་། ཆེ་བ་གཡོན་དུ་གཏད་པ་སྟན་གྱི་དོན་དུ་ཟུངས་ཤིག །ཀུ་ཤ་གཙང་མ་ལྷ་ཡི་རྩྭ། །དག་ཅིང་དྲི་མ་མེད་པ་འདི། ཁྱོད་ལ་སྔས་དང་གདན་དུ་སྦྱིན། །ལེགས་ཉེས་རྨི་ལམ་བསྟན་དུ་གསོལ། །དེ་ཉིད་གསང་སྔགས་འཆང་བའི་དབང་། །སྒོ་གསུམ་གུས་པས་སེང་གེར་ཉལ། །མཆོག་ཐུན་དངོས་གྲུབ་ལྟས་རྣམས་འབྱུང་། །ཞེས་བརྗོད་ལ་གཏད། རྨི་ལམ་བརྟགས་པ་སྤྱི་དང་མཐུན། དེས་སློབ་མ་སྟ་གོན་གྱི་རིམ་པ་གྲུབ་པ་ཡིན་པས་དགེ་བ་གཞན་དོན་དུ་བསྔོ་བས་རྒྱས་འདེབས་པར་ཞུ། ཞེས་དགེ་བསྔོ་བརྗོད་ལ་སློབ་མ་རྣམས་གྱེས། ཚོམ་བུའི་ལྷ་ཚོགས་གཤེགས་སུ་གསོལ་ཞིང་། མཇུག་ཆོག་གཞན་རྣམས་ཀྱང་བྱའོ། །དེ་ནས་ནུས་ན་སྐབས་འདིར་སློབ་མ་རྣམས་ཀྱི་སྡིག་སྒྲིབ་སྦྱང་བའི་ཕྱིར་ཞི་བའི་སྦྱིན་སྲེག་དང་སྐོང་བཤགས་སོགས་ཅི་འགྲུབ་བྱ་དགོས་པར་གསུངས་སོ། །གཉིས་པ་དངོས་གཞི་ལའང་གསུམ། ཐོག་མར་བྱ་བ་ཡོ་བྱད་ཀྱི་གཤོམ་དང་། བར་དུ་བྱ་བ་དཀྱིལ་འཁོར་སྒྲུབ་མཆོད། མཐའ་མར་བྱ་བ་དབང་བསྐུར་གྱི་རིམ་པའོ། །དང་པོ་ནི། གནས་ཁང་གཙང་ཞིང་རྒྱན་དང་ཡོ་བྱད་ཀྱིས་སྤྲས་པའི་གུང་དུ་དབང་སྟེགས་ཀྱི་ཁར་དཀྱིལ་འཁོར་སྒོ་རྫོགས་སྤྱི་མཐུན་ནང་ཁྱམས་ཕྱོགས་མདོག་གི་དབུས་སུ་པདྨ་འདབ་བཞི་ཕྱོགས་ཚོན་ལྟེ་བ་མཐིང་ག །དེའི་ཕྱིར་པདྨ་འདབ་མ་བརྒྱད་པ། དེའི་ཕྱི་རོལ་འདབ་སྟོང་མཚོན་པའི་པད་འདབ་ཉེར་བཞི་པ་རྣམས་མཛེས་ཚོན། གཞལ་ཡས་ཁང་གི་ཕྱི་རོལ་དུ་སྣ་ཚོགས་པད་ཕྲེང་འོད་ལྔའི་མུ་ཁྱུད་དུར་ཁྲོད་རྡོ་ར་དང་། དེའི་ཕྱི་རོལ་དུ་ལྕགས་འཁོར་རྩིབས་སྟོང་གི་མཚམས་རྣམས་སུ་སྡིག་པ་དམར་ནག་ཏུ་འཁྲུགས་པའི་ཁ་ནས་མེ་འབར་བའི་མེ་རི་དང་བཅས་པ་རྡུལ་ཚོན་ནམ་རས་བྲིས་སུ་བྲིས་པ་བཀྲམ། དེ་དག་མ་འབྱོར་ན། དྲི་བཟང་དང་ཨ་མྲྀཏའི་ཆུས་སྦགས་པའི་འབྲུ་དཀར་གྱི་ཚོམ་བུ་ལྷ་གྲངས་དང་མཉམ་པའི་ཚུལ་དུ་བཀོད་པ་སྟེ། དེ་ཡང་ཕྱོགས་བཞིའི་ཚོམ་བུ་དབུས་སུ་ཆེ་བ་གཅིག །ཕྱོགས་བཞིར་དེ་ལས་ཉིས་འགྱུར་གྱིས་ཆུང་བ་བཞི། མཐའ་སྐོར་དུ་གྲངས་ངེས་མེད་པ་རྩ་སྔགས་བཟླ་བཞིན་འགོད། དཀྱིལ་འཁོར་གྱི་དབུས་དང་ཕྱོགས་བཞིར་མཉྫི་ལ་བུམ་པ་མགུལ་ཆིངས་སྔོ་དཀར་སེར་དམར་ལྗང་གུས་དཀྲིས་ཤིང་གུ་གུལ་གྱིས་བདུག །དྲི་བཟང་ཆུ་དང་བུམ་རྫས་སོ་ལྔས་བཀང་བ་ལྔ་བཞག་ལ་ཁ་རྒྱན་གསེབ་ཏུ་ཐོད་ཕྲེང་རིགས་ལྔའི་སྐུ་ཙཀ་ཀྱང་གཟུག །དབུས་བུམ་གྱི་སྟེང་དུ་དུང་ཆོས་གཟུངས་རྡོར་དང་བཅས་པ་བཀོད་ལ། བུམ་པ་རྣམས་ཀྱི་ཕྱི་རོལ་གཡས་ཕྱོགས་སུ་ཐོད་པ་མཚན་ལྡན་གྱི་ནང་དུ་ཆོས་སྨན་ཆང་དང་སྦྱར་བས་བཀང་བའི་སྟེང་དུ་མེ་ལོང་ཆང་གིས་བརླན་པ་ལ་སིནྡྷུ་ར་བརྡལ་ཏེ་ཆོས་འབྱུང་བྲིས་པའི་ལྟེ་བར་ཧྲཱིཿམ་ཧ་རི་ནི་ས་ཞེས་པའི་ཡི་གེ་བཀོད་པ་ལ་དར་དམར་གྱི་གུར་ཕུབ། གཡོན་ཕྱོགས་སུ་ཤེས་རབ་མའི་ཙཀླི་དར་གྱིས་དྲིལ་བ་དང་། མེ་ལོང་། ཤེལ་རྡོ། རྨ་བྱའི་མདོངས་སྒྲོ །ཧྲཱིཿདམར་སོགས་བཀོད། བྱང་དུ་དཔའ་བོ་སྡེ་ལྔའི་སྐུ་འབག །མེ་ལོང་སོགས་ཚིག་དབང་གི་ཆས་ཤེར་དབང་སྐབས་ལྟར་བཞག །མདུན་དུ་ཚེ་འབྲང་བུམ་གཟུགས་ལ། གཡས་གཡོན་དུ་ཚེ་ཆང་ཚེ་རིལ། བྱང་དུ་ཚེ་མདའ་ཆས་ལྡན་དང་གནམ་ལྕགས་རྡོ་རྗེ། མདུན་དུ་ཚེ་གཏོར་ནོར་བུ་འབར་བའི་དབྱིབས་ཅན་གྱི་གཡས་གཡོན་སྨན་རཀ །ཕྱི་ནང་གི་མཆོད་པ་དང་ཆོས་སྲུང་གི་གཏོར་མ་སོགས་ཀྱང་བཀོད་ལེགས་པར་བསྒྲིགས། མཚམས་གང་འོས་སུ་བཀྲ་ཤིས་རྫས་རྟགས་དང་རྒྱལ་སྲིད་སྣ་བདུན། རྒྱས་གདབ་རྫས་ལི་ཁྲི། དཔའ་བོ་འབྲུ་ལྔ། རྡོ་རྗེ་རིན་ཆེན་འཁོར་ལོ་གཡུང་དྲུང་དཔལ་བེའུ་ཕྱོགས་བསྡུས་ཀྱི་ཙཀླི་སོགས་གཞན་ཡང་དགོས་པའི་ཡོ་བྱད་ཐམས་ཅད་ཚང་བར་བཤམ་མོ། །འདིར་རྒྱས་བསྡུས་གཉིས་ཀ་དཀྱིལ་འཁོར་གཅིག་ལ་བརྟེན་ནས་ཆབས་ཅིག་ཏུ་བསྐུར་བའི་ལག་ལེན་སོགས་ཡིན་པས། དབང་རྒྱས་པའི་བཤམ་བཀོད་དེ་དག་ཏུ་མ་འདུས་པ་གཤམ་གསལ་རྣམས་ཀྱང་ཕྱོགས་གཅིག་ཏུ་བསྡམ་ཤེས་པར་བྱའོ། །བསྡུས་པ་ཚེ་དབང་དམར་པོ་བཅུད་བསྡུས་ཁོ་ན་བྱེད་ན། དཔལ་འཁོར་པདྨ་འདབ་བཞི་དང་། དེའི་ཕྱི་རིམ་འདབ་མ་བརྒྱད་དང་བཅུ་དྲུག །སུམ་ཅུ་སོ་གཉིས་སོགས་རིམ་པ་ལྟར་གྱིས་མཐར་འོད་ལྔའི་མུ་ཁྱུད་དང་། རྡོར་ཕྲེང་མེ་རི་ཕྱག་མཚན་སྣ་ཚོགས་ཀྱི་འོད་ཟེར་འཕྲོ་བའམ། འབྲུ་ཚོམ་ལྔ་པའི་ཁར་ཁྲི་འུར་བུམ་པ་རྒྱན་དང་བཅུད་ལྡན་མགུལ་ཆིངས་ཁ་དོག་ལྔ་བཀོད། གཡས་སུ་ཐོད་པ་མཚན་ལྡན་དུ་གསང་རྫས་དར་དམར་གྱིས་ཁ་བཅད་པའི་ཁར་མེ་ལོང་གཡའ་དག་པ་ལ་ཤེལ་རྡོ་བཙུགས་པ་དང་། ཆོས་བཀའ་འདིའི་པུསྟི་རྣམས་བཞག །གཡོན་དུ་རིག་མའི་ཙཀླི་དང་དྲིལ་བུ། རྒྱབ་ཏུ་མན་ཤེལ་དྲི་མེད་དང་། མདུན་དུ་རིག་འཛིན་སྤུངས་གཏོར། དེ་དག་གི་མཐར་ཚེ་རྫས་རྣམས་དང་ཕྱི་ནང་གསང་བའི་མཆོད་རྫས་མ་ཚང་བ་མེད་པ་ལེགས་པར་འདུ་བྱའོ། །གོ་ཡུལ་དང་འབྱོར་པས་གཤོམ་ན་དེ་གཉིས་ཐ་དད་དུ་བཤམས་ཀྱང་ལེགས། གང་ལྟར་སྤྲོས་འབྱོར་ཆེ་ན་དཀྱིལ་འཁོར་གྱི་རྒྱན་རྫས་སྒབ་སྐོར་སོགས་ཀྱིས་བརྒྱན། ཇི་ལྟར་བདེ་བར་མཎྜལ་ཚོམ་བུ་ལྷ་བསྐྱེད་ལྟར་མཆོད་བསྟོད་བྱས་པ་དང། ལས་བུམ། མིག་དར། དར་སྣའི་ཅོད་པན་སོགས་ཉེར་མཁོའི་ཡོ་བྱད། གཞན་ཡང་བགེགས་གཏོར། ཚོགས་དང་གཏོར་འབུལ་ལ་སོགས་པ་ཚང་བར་གསག་གོ །གཉིས་པ་ནི། སྔོན་འགྲོ་རྣམས་འབྲས་ལྗོངས་ལུགས་ཀྱི་ཕྱག་ལེན་ལྟར་གྲུབ་ན་ལེགས་ཀྱང་དཀྱུས་མཐུན་ཙམ་གྱིས་ཀྱང་ཆད་སྐྱོན་མི་འབྱུང་བས་མདོ་རྒྱས་འཚམ་པར་བྱས་ན། ཐོག་མར་རིག་འཛིན་ལས་བྱང་གི་བཟླས་པ་དང་རྩ་བའི་བླ་སྒྲུབ་ཀྱི་ཧཱུྃ་བཟླ་བ་སོགས་བྱ། དེ་ནས་གསང་སྒྲུབ་ཀྱི་ལས་གཞུང་གྱེར་བ་ཡིན་ཏེ། དེ་ཡང་དབང་གཉིས་ཀ་དཀྱིལ་འཁོར་གཅིག་ཏུ་བྱེད་ན་ལས་བྱང་སྔ་མའི་ཚེ་བདག་མདུན་དང་གཙོ་བུམ་གྱི་ནང་གསུམ་ཀར་རིག་འཛིན་ཐོད་ཕྲེང་རྩལ་ལ་མཚན་བརྒྱད་སྤྲུལ་པའི་ལྷ་ཚོགས་དང་གནས་ཡུལ་དུར་ཁྲོད་ཀྱི་མཁའ་འགྲོ་ཆོས་སྲུང་རྣམས་ཀྱིས་བསྐོར་བ་བསྐྱེད་ཅིང་། གཟུངས་ཐག་ལ་འཇུས་ནས་བཟླས་པ་བྱ། བླ་སྒྲུབ་ཀྱི་ཧཱུྃ་བཟླ་བའི་ཚེ་རིག་འཛིན་ཐོད་ཕྲེང་རྩལ་གུ་རུ་རྡོ་རྗེ་འཆང་ཡབ་ཡུམ་གྱི་རྣམ་པར་གནས་འགྱུར་བ་ཙམ་ཁྱད་པར་ཡིན་ནོ། །དེ་གྲུབ་ནས་གསང་སྒྲུབ་ཀྱི་ལས་གཞུང་གྱེར་བའི་ཚེ་རིམ་བསྡུ་སོགས་མ་ཡིན་པར་སྐད་ཅིག་གིས་ཐོད་ཕྲེང་སྡེ་ལྔ་དང་མཚན་བརྒྱད་སྤྲུལ་པའི་ལྷ་ཚོགས་སོགས་གསང་སྒྲུབ་ཀྱི་ལྷ་ཚོགས་སུ་གནས་འགྱུར་དགོས་པ་ལས་དེའང་གཙོ་བོའི་རང་མདངས་ལས་བུམ་པ་ལྔ་སོ་སོའི་ནང་དུ་ཐོད་ཕྲེང་རྩལ་སོ་སོ་ཡུམ་དང་བཅས་པ་བསྐྱེད་ཅིང་བདག་མདུན་བུམ་གསུམ་གྱི་བཟླས་དམིགས་ཁྱད་པར་བ་རྣམས་བྱ་བ་དང་། གསང་དབང་གི་ཐོད་པར་རྣལ་འབྱོར་མ་བསྐྱེད་ཅིང་གསང་རྫས་དབབ་བསྐྱིལ་དང་། ཚེ་རྫས་གཞན་རྣམས་ལའང་སྲིད་ཞིའི་དྭངས་བཅུད་འགུགས་བསྟིམ་གྱི་དམིགས་གནད་རྣམས་ཀྱང་གཞུང་མཐུན་མ་ཆད་པ་བྱས་ལ་བཟླས་པའི་རྗེས་སུ་གཞུང་གི་བྱིན་འབེབས་ཀྱང་བྱ། དཀྱིལ་འཁོར་ཐ་དད་དུ་བྱེད་ན་རིག་འཛིན་ལས་བྱང་ཚེ་མདུན་གྱི་བསྒོམ་གཞི་དབང་བསྡུས་པའི་དཀྱིལ་འཁོར་ལ་བྱ་ཞིང་། དཀྱིལ་འཁོར་རྒྱས་པ་ཉིད་གསང་སྒྲུབ་ལས་བྱང་ཁོ་ནས་བསྒྲུབ། གང་ལྟར་ཡང་ལས་བྱང་ཚར་གཅིག་གི་སྒོ་ནས་བདག་མདུན་བུམ་གསུམ་དབྱེར་མེད་ངོ་བོ་གཅིག་པའི་ཚུལ་དུ་བསྐྱེད་པ་སྟེ། དཔེར་ན་མེ་ལོང་གཅིག་གི་ནང་དུ་འཆར་བའི་གཟུགས་བརྙན་དེ་མེ་ལོང་དུ་མའི་ནང་དུ་འཆར་བ་ལྟར་ཐམས་ཅད་གཙོ་བོའི་རང་མདངས་ལས་མ་འགག་པར་ཤར་བ་དང་། དེ་ཡང་རང་གི་སེམས་ཉིད་ཀྱི་རོལ་པར་ཤེས་པས་བསྒོམ་གཞིའི་དཀྱིལ་འཁོར་ཐ་དད་པ་ལྟར་སྣང་ཡང་ཕན་ཚུན་དབྱེ་རུ་མེད་པ་སྐུ་དང་ཞིང་ཁམས་འདུ་འབྲལ་མེད་པའི་དགོངས་པ་ལས་མི་འདའ་བ་ནི་ལུགས་འདིའི་ཁྱད་པར་གྱི་ཆོས་སོ། །དཀྱིལ་འཁོར་གྱི་བཟླས་པའི་མཇུག་ཏུ། ལས་བུམ་ནང་དུ་རྡོར་སེམས་དཀར། །ལོངས་སྐུའི་ཆས་ལྡན་རྡོར་དྲིལ་འཛིན། །པད་ཟླར་སྐྱིལ་མོ་ཀྲུང་བཞུགས་པའི། །སྐུ་དང་ཐུགས་སྲོག་སྔགས་ཕྲེང་ལས། །བདུད་རྩིའི་རྒྱུན་བྱུང་བུམ་པ་གང་། །སྡིག་སྒྲིབ་དག་བྱེད་བདུད་རྩིར་གྱུར། །ཅེས་མོས་ལ་ཡིག་བརྒྱ་བཟླ། མཐར་ལྷ་མི་དམིགས་པར་བཞག །དེ་ནས་རིག་འཛིན་ལས་བྱང་ལྟར་ཚོགས་མཆོད་དང་། བཀའ་སྲུང་སྐོང་གསོལ་རྒྱས་བསྡུས་གང་འགྲུབ་བྱས་ནས་བདག་འཇུག་རྫོགས་པར་ལེན་པའམ། དགོངས་པའི་རྩལ་དང་ལྡན་པས་རང་བཞིན་རྫོགས་པ་ཆེན་པོའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པའམ། ཡང་ན་དཀྱིལ་འཁོར་ལྷ་ཚོགས་པའི་སྐུ་གསུང་ཐུགས་ལས་འོད་ཟེར་གྱི་ཚོགས་དཔག་མེད་འཕྲོས་པ་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་དབང་ཐམས་ཅད་གཅིག་ཅར་དུ་ཐོབ་པར་བསམས་པས་ཀྱང་དགོས་པ་འགྲུབ་བོ། །གསུམ་པ་ལ་གསུམ། འཇུག་པ་དང་། དབང་དངོས། དེ་ལས་བྱུང་བའི་དམ་ཚིག་གི་རིམ་པ་བཤད་པའོ། །དང་པོ་ནི། སྒོའི་ཕྱི་རོལ་དུ་སློབ་མ་རྣམས་ལ། ཇི་ལྟར་བལྟམས་པ་སོགས་དང་ལས་བུམ་གྱི་ཆུས་ཁྲུས་བྱ། གྲལ་ལ་འཁོད་ནས་ལས་བྱང་ལྟར་བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་བྱ། སེམས་བསྐྱེད་གསལ་བཏབ་ལ། འདིར་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་ལ་རྒྱ་ཆེ་བ་བཀའ་མ། ཟབ་པ་གཏེར་མ། ཡང་ཟབ་དག་སྣང་གི་ཆོས་སྡེ་གསུམ་དུ་གྲགས་པ་ལས་གཙོ་བོར་དག་སྣང་གི་ཆོས་སྡེ་ཡིན་ཞིང་། དེའང་ལམ་མཆོག་རིག་འཛིན་གྱི་ས་ལ་བཞུགས་པའི་སྐྱེས་ཆེན་གྲུབ་ཐོབ་ཁྱད་པར་ཅན་རྣམས་ཀྱི་ཐུགས་རྒྱུད་ལ་བདེ་བར་གཤེགས་པའི་དགོངས་པ་གཅིག་ཅར་དུ་འཕོས་པས་ཟབ་མོའི་རྒྱུད་དང་མན་ངག་གི་དགོངས་དོན་ཐུགས་ཀྱི་ཀློང་ནས་རང་བརྡོལ་བ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་ལྟ་བུ་བསམ་གྱིས་མི་ཁྱབ་པ་དང་། ཡང་ལ་ལ་ནི་རྒྱལ་བ་རིག་འཛིན་རྣམས་དང་དངོས་ཉམས་རྨི་ལམ་གྱི་རོལ་པར་ཞལ་མཇལ་ཞིང་། གསུང་གི་གསང་བ་ལས་རྒྱུད་གྲོལ་ནས་གདུལ་བྱ་རྣམས་ཀྱི་སྤྱོད་ཡུལ་དུ་གསལ་བར་མཛད་པ་དང་། གྲུབ་ཆེན་རྗེ་འབངས་ཉེར་ལྔའི་སྐྱེ་བས་མཚོན་པ་འགའ་ཞིག་སྔོན་གྱི་ཚེ་ཨོ་རྒྱན་ཆེན་པོ་ལ་སོགས་པས་གདམས་པ་དང་རྗེས་སུ་བསྟན་པ་བསྩལ་ཏེ་སྨོན་ལམ་གཏད་རྒྱའི་རྒྱས་བཏབ་པ་ཉིད་རྗེས་སུ་དྲན་པའི་ཆོ་འཕྲུལ་ཆེན་པོས་གཏན་ལ་ཕབ་པ་རྣམས་སུ་ཡོད་ཅིང་། དག་སྣང་ཁོ་ན་ལའང་བཀའ་གཏེར་དག་སྣང་གསུམ་ཀའི་ངོ་བོ་དབྱེ་བ་ཚང་བ་ཡིན་ཏེ། ལོ་རྒྱུས་གབ་སྦས་རྡོ་རྗེའི་སྲོག་སྙིང་ལས། རང་མདངས་རང་རིག་འོད་ཀྱི་སྐུར། །བརྡ་དང་བརྡ་ཡི་ཆོ་འཕྲུལ་ཆེ། །རིག་འཛིན་འདུས་པའི་གསང་ཚིག་བཅུད། །བཀའ་ཡིན་གཏེར་ཡིན་དག་སྣང་ཆེ། །ཞེས་གསུངས་པ་ལྟར། རྒྱལ་བ་རིག་འཛིན་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བཀོད་པ་དངོས་ཉམས་རྨི་ལམ་གྱི་རོལ་པར་མཇལ་བ་ནི་དག་སྣང་། གསུང་གི་གསང་བ་བཀྲོལ་བས་ན་བཀའ་དང་། དེ་ཉིད་གསན་པ་པོའི་ཐུགས་ལ་གབ་པ་ནི་གཏེར། སྐལ་ལྡན་རྣམས་ཀྱི་སྤྱོད་ཡུལ་དུ་སྣང་བར་མཛད་པ་ནི་གཏེར་ནས་ཕྱུངས་པ་སྟེ། བཀའ་བབས་གསུམ་ཀ་གཅིག་ཏུ་འདུས་པའི་ངེས་གསང་གི་གདམས་པ་འདི་ནི་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་དགོངས་བཅུད་གཅིག་ཏུ་བསྡུས་པ་འོ་མའི་ནང་གི་མར་ལྟ་བུ་ཟབ་པའི་མཐར་ཐུག་དོ་ཟླ་དང་བྲལ་བ་ཡིན་ལ། དེ་ལྟ་བུའི་ཟབ་ཆོས་འཆད་བྱ་འདི་ཉིད་སྒོས་ཀྱི་ལོ་རྒྱུས་ཅུང་ཟད་བརྗོད་ན། བླ་མ་དགོངས་འདུས་ལུང་བསྟན་ལས། ཀུན་བཟང་རྣམ་རྒྱལ་དགོངས་འདུས་མེ་རོ་སློང༔ ཞེས་དང་། རིག་འཛིན་འཇའ་ཚོན་སྙིང་པོ། ཁྲག་འཐུང་བདུད་འདུལ་རྡོ་རྗེ་སོགས་ཀྱི་གཏེར་ཁ་རྣམས་ལས་ཆེ་བའི་ཡོན་ཏན་དང་བཅས་ཏེ་ལུང་བསྟན་ཅིང་། རང་གཏེར་ལས་ཀྱང་། སྐལ་ལྡན་ཁྱོད་ཀྱི་གསང་བའི་རྟགས༔ ཤངས་རྩེ་ལྗགས་དང་ཕྱག་མཛུབ་ལ༔ ཨ་དཀར་མཚན་པ་ཕྱི་ཡི་རྟགས༔ རང་བྱུང་ཆོས་སྐུ་འོད་མི་འགྱུར༔ མཚོ་སྐྱེས་པདྨའི་དགོངས་གསང་འཕྲུལ༔ བི་མ་མི་ཏྲས་བྱིན་བརླབས་ཤིང༔ ཨ་རོ་ཤེར་འབྱུང་རྟོགས་པའི་བདག༔ ཀློང་ཆེན་རབ་འབྱམས་ལ་སོགས་པ༔ མཁས་མཆོག་ཐུགས་རྗེའི་འོད་ཞུགས་པ༔ ཞེས་སོགས་ཀྱིས་བསྔགས་པ། པཎ་ཆེན་བི་མ་ལ་མི་ཏྲ་ཉིད་ལོ་བརྒྱ་བརྒྱ་ན་གངས་ཅན་བོད་ཀྱི་ལྗོངས་འདིར་སྐུ་དངོས་དང་མི་གཉིས་པའི་སྤྲུལ་པ་རེ་འབྱུང་བར་གསུངས་པའི་ནང་ཚན་གྱི་སྐྱེས་ཆེན་དམ་པ་ལྷ་བཙུན་ཆོས་ཀྱི་རྒྱལ་པོ་ཀུན་བཟང་རྣམ་རྒྱལ་ལམ། ཧེ་རུ་ཀ་དཔལ་ནམ་མཁའ་འཇིགས་མེད་རྩལ་དུ་གྲགས་པ་དེ་ཉིད་འཕགས་བོད་བལ་ཡུལ་སོགས་ཀྱི་གནས་ཡུལ་དུར་ཁྲོད་ཀུན་ཏུ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱང་བའི་སྐབས་སུ། གྲུབ་པའི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྔ་ཡབ་གླིང་དང་རྣམ་དབྱེར་མ་མཆིས་པར་དབུ་བསྙུང་བཞེས་པའི་དཔལ་གྱི་འབྲས་མོ་གཤོང་དུ། རང་རིག་རང་སྣང་འོད་གསལ་བའི་དཀྱིལ་འཁོར་དྭངས་མའི་ཞིང་ཁམས་མཁའ་སྤྱོད་འོག་མིན་དང་རྣམ་དབྱེར་མ་མཆིས་པའི་འོད་ཟེར་འོད་ལྔ་དྲྭ་བ་འཁྲུགས་པའི་གླིང་མཆོག་ཉིད་དུ་ཆུ་བོ་བཞི་འདུས་དབང་གི་གསང་བཅུད་འཁོར་ལོ་ལྔ་བརྩེགས་ལྷུན་གྲུབ་རྡོ་རྗེའི་ལུས་ཀྱི་སྦུབས་ནང་རྩ་ཐིག་རླུང་གི་འཛིན་མདངས་གསལ་སྟོང་འཇིགས་བྲལ་རྡོ་རྗེ་སྙིང་པོའི་ངོ་བོར། ཆུ་བོ་བཞི་རྫོགས་བློ་འདས་རྫོགས་པ་ཆེན་པོའི་ཀློང་ཡངས་ཐིག་ལེ་གཅིག་གི་ངོ་བོར་ཐོབ་ནས་ཆོས་འདིའི་ཉེ་བརྒྱུད་སྙིང་པོ་བྱུང་བ་དང་། སྣང་ཚུལ་གཞན་ཡང་ལྷ་རི་རིན་ཆེན་སྙིང་ཕུག་ཏུ་དག་སྣང་དང་པོར་གསང་ཆེན་རབ་ཏུ་འཇིགས་པའི་དུར་ཁྲོད་ཆེན་པོར་རིག་འཛིན་སྔགས་འཆང་རྣམས་ཀྱིས་དྲག་སྔགས་ཆོས་སྐྱོང་གི་སྲོག་དབང་བསྐུར། དེའི་བྱང་ཕྱོགས་འོད་ཕུང་ཌཱ་ཀིའི་གླིང་དུ་ཡུམ་རྡོ་རྗེ་ཕག་མོ་མཇལ་བ་ཙམ་གྱིས་བདེ་སྟོང་གི་ཡེ་ཤེས་ངོ་འཕྲོད་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། དེའི་ནུབ་ཕྱོགས་སུ་མཁའ་སྤྱོད་སྤྲུལ་པའི་གླིང་དུ་རིག་འཛིན་པདྨ་འབྱུང་གནས་ལ་ཆོས་བདག་སྤྲུལ་པའི་ཚོགས་ཀྱིས་བསྐོར་བ་མཇལ་བས་བུམ་པའི་དབང་ཐོབ། བྲག་དཀར་བཀྲ་ཤིས་སྡིངས་སུ་རིག་འཛིན་དང་པཎ་ཆེན་བི་མ། ཡེ་ཤེས་མཚོ་རྒྱལ་རྣམས་ཀྱིས་བར་སྣང་ནས་པུསྟི་གླེགས་བམ་གྱི་ཆར་ཕབ་པས་རིག་འཛིན་སྙིང་གི་ཐིག་ལེ་འཆད་རྩོད་རྩོམ་པ་ལ་དབང་ཐོབ། གཞན་ཡང་མཁའ་སྤྱོད་རྔ་ཡབ་དཔལ་གྱི་རི་དང་། བདེ་གསང་པདྨ་དྲྭ་བའི་གླིང་ལ་སོགས་པ་རང་སྣང་དག་པ་རབ་འབྱམས་ཀྱི་ཞིང་ཁམས་ཁྱད་པར་ཅན་རྣམས་སུ་བྱོན་ཏེ། བརྒྱུད་པ་གསུམ་གྱི་རྒྱལ་བ་སེམས་དཔའ་རྣལ་འབྱོར་མ་རྣམས་ཀྱིས་ཟབ་དོན་བརྡ་དང་ཚིག་གི་ཚུལ་དུ་གསུངས་པ་རྣམས། ལུང་བསྟན་དུས་བབ་དང་བསྟུན་རིན་ཆེན་ཤོག་སྐྱའི་ངོས་སུ་བཀོད། སྐལ་ལྡན་རྣམས་ལ་རིམ་གྱིས་སྤེལ་བས་གྲུབ་པའི་སྐྱེས་བུ་མཐའ་ཡས་པ་བྱོན་ཏེ་ཨ་ཏི་རྫོགས་པ་ཆེན་པོའི་བསྟན་པའི་ཉི་མ་མཁའ་ཁྱབ་ཏུ་བརྡལ་བར་མཛད། ཟབ་ཆོས་འདིའི་ཆེ་བའི་ཡོན་ཏན་ཀྱང་རྡོ་རྗེའི་ཚིག་རྐང་ལས། །རིག་འཛིན་རྩ་གསུམ་འདུས་པའི་ཡང་སྙིང་འདི། །འཆི་མེད་རྡོ་རྗེ་ཐིག་ལེའི་མཆོག་གསང་ལམ། །འདི་ནི་བཏགས་ཆོག་རེག་ཆོག་དྲན་པས་ཆོག །མ་རུངས་བར་ཆད་བདུད་ཀྱི་གདུག་རྩུབ་དང་། །ཉམ་ང་ཁུ་འཕྲིག་དུས་མིན་ཚེ་ཡི་འཕྲང་། །ཀག་སྲི་མོ་ངན་འབྱུང་བ་བཞི་ཡི་ནད། །མ་ལུས་སེལ་བའི་འཆི་མེད་བདུད་རྩི་ཡིན། །འདི་ཡི་ཚེ་རིལ་ཚེ་ཆང་ཚེ་ཆུ་ལ། །རེག་དང་ཟོས་ཚད་བདེ་བ་ཅན་ཉིད་དམ། །མཁའ་སྤྱོད་རྔ་ཡབ་གླིང་གི་ཞིང་དུ་སྐྱེ །ལོག་རྟོག་ཉམས་གྲིབ་དམ་སྲི་རྒྱ་འདྲེ་དང་། །འགོང་པོའི་བར་ཆད་སེལ་བའི་གཉེན་པོ་ཡིན། །ཞེས་སོགས་བསྔགས་པ་རྒྱ་ཆེར་མཛད་པ་འདི་ལ་བརྒྱུད་པའི་བཀའ་སྲོལ་ཕྱོགས་ཐམས་ཅད་དུ་ཁྱབ་ཀྱང་། འདིར་ནི་ཤེལ་བྲག་པ་རྣལ་འབྱོར་ཁམས་གསུམ་རང་གྲོལ་ཡབ་སྲས་དང་། ལྷ་བཙུན་གཉིས་པ་ཁྲག་འཐུང་འཇིགས་མེད་དཔའ་བོ་སོགས་འབྲས་ལྗོངས་རྫོགས་ཆེན་གྲུབ་བརྙེས་རིག་འཛིན་བར་མ་ཆད་པ་ལས་བྱོན་པའི་ངོ་མཚར་བྱིན་རླབས་ཀྱི་བཀའ་བབས་མཆོག་དང་ལྡན་པ་སྟེ། དེ་ལྟ་བུའི་དབང་བསྐུར་བསྒྲུབ་པར་བགྱི་བ་ལ། སློབ་དཔོན་གྱི་བགྱི་བར་འོས་པ་ཐམས་ཅད་སྔོན་དུ་གྲུབ་ཟིན་པ་ལགས་པས། སློབ་མར་དབང་བསྐུར་བ་ལ་དང་པོ་འཇུག་པའི་སྐབས་སུ་བབས་པ་ཡིན་པས་དེའི་སླད་དུ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་མཎྜལ་ཕུལ་མཛོད། ཅེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག །ཁྱེད་རང་རྣམས་དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་སྲུང་འཁོར་གྱི་ནང་དུ་འཁོད་པས་ཕྱག་དང་བཅས་ཏེ་དཀྱིལ་འཁོར་ལ་བསྐོར་ཞིང་སྒོ་བཞིའི་ཕྱི་ནས་བླ་མ་རྡོ་རྗེ་སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་ལ། མི་ཕྱེད་པའི་དད་པ་ཆེན་པོས། ཆོས་ཐམས་ཅད་ཡེ་ནས་རྣམ་པར་དག་པ་རྡོ་རྗེ་བཞི་ཡི་ངོ་བོར་ལྷུན་གྱིས་གྲུབ་ཀྱང་། གློ་བུར་མ་རིག་པའི་དབང་གིས་དེའི་དོན་མ་རྟོགས་པས་འཁོར་བའི་རྒྱ་མཚོར་བྱིང་བར་གྱུར་ན། ད་རེས་བླ་ན་མེད་པ་ཐར་པའི་གྲོང་དུ་འཇུག་པར་མཛད་དུ་གསོལ་སྙམ་པས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། སྒོ་བཞི་སྲུང་བའི་ཁྲོ་བོ་ཁྲོ་མོ་དང་། །དམ་ཅན་བཀའ་སྲུང་རྒྱ་མཚོའི་ཚོགས་རྣམས་ཀྱིས། །བདག་ལ་སྒོ་དབྱེ་དཀྱིལ་འཁོར་དབུས་སུ་ཆུགས། །རིག་འཛིན་འདུས་པའི་རང་ཞལ་བསྟན་དུ་གསོལ། །ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་བརྩེ་བས་དགོངས་ཏེ་སྒོ་བཞི་སྐྱོང་བ་རྣམས་ཀྱིས་སྒོ་ཤག་གིས་ཕྱེས་པས་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོའི་ནང་ཁྱམས་སུ་ཆུད། ཁྲོ་བོ་དང་ཁྲོ་མོ་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པས་ཕྱིར་འབྲང་གི་བགེགས་རིགས་ཐམས་ཅད་བསྲུང་བའི་ཕྱི་རོལ་རྒྱང་རིང་དུ་བསྐྲད་པའི་མོས་པ་མཛོད། དྲག་སྔགས་རོལ་མོ་གུ་གུལ་ཡུངས་ཐུན་སོགས་ཚམ་རྔམ་གྱིས་བགེགས་བསྐྲད། ཕྱི་རོལ་སྟེང་འོག་བར་མཚམས་མ་ལུས་པ་རྡོ་རྗེ་སྲུང་བའི་གུར་ཁང་ཅིས་ཀྱང་མི་ཤིགས་པ་གཅིག་ཏུ་གྱུར་སྙམ་པའི་མོས་པ་མཛོད། བཛྲ་རཀྵ་རཀྵ་ཧཱུྃ། ཞེས་མཚམས་བཅད། ཁྱེད་རང་རྣམས་སྔོན་ཆད་མ་རིག་པའི་ལིང་ཐོག་འཐུག་པོས་བསྒྲིབས་པས་བླ་མ་རིག་འཛིན་ཐོད་ཕྲེང་རྩལ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མ་མཇལ་བའམ་ངོ་མ་འཕྲོད་པ་མཚོན་པའི་ཆེད་དུ་སྤྱན་དར་འཆིང་བར་ཞུ། ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ཎ་ཡེ་སྭཱ་ཧཱ། རིགས་བརྟག་པའི་ཕྱིར་དུ་ཨུ་དུམྦ་རའི་མེ་ཏོག་ཁ་དོག་ལྔ་པ་རེ་ཐལ་མོའི་བར་དུ་བཟུང་བའི་མོས་པ་མཛོད། ཨཱཿཁཾ་ཝཱི་ར་ཧཱུྃ། ཞེས་མིག་དར་མེ་ཏོག་གཏད། དབང་བསྡུས་པ་ཁ་རྐྱང་ཙམ་ལ་སྟ་གོན་སྔོན་དུ་མ་སོང་བའམ། སོང་ཡང་སྤྲོས་པ་ལ་དགའ་ན་སྐབས་འདིར་སྐྱབས་སེམས་མཚམས་སྦྱོར་བཅས་སྟ་གོན་སྐབས་སུ་སྨོས་པ་ཉིད་འདིར་སྦྱར། དེ་ནས་རིགས་ཀྱི་ལས་འཕྲོ་བརྟག་པའི་ཕྱིར་དུ། བླ་མ་རིག་འཛིན་ཐོད་ཕྲེང་རྩལ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ངོ་བོ་ཡེ་ཤེས་ཆེན་པོ་གཅིག་གི་ངང་ལས་མ་གཡོས་བཞིན་དུ་ཚོམ་བུའི་དཀྱིལ་འཁོར་དུ་སྣང་བ་འདི་ཉིད་ལ་དམིགས་ཏེ། སྔོན་གྱི་ལས་འབྲེལ་གང་ལ་ཡོད་པའི་ལྷ་དེ་ལ་མེ་ཏོག་འདི་ཉིད་འབབ་པར་ཤོག་ཅིག་སྙམ་དུ་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་མེ་ཏོག་ཕུལ་མཛོད། ཀྱེ་ཧོཿ བདག་གི་རིག་པའི་མེ་ཏོག་འདི། །རིག་འཛིན་ཚེ་ཡི་ལྷ་ལ་འབུལ། །སྔོན་སྦྱངས་ལས་འཕྲོ་གང་ཡོད་པའི། །ཡི་དམ་ལྷ་དང་བདག་སྤྲོད་ཅིག །ཅེས་བརྗོད་ཅིང་མེ་ཏོག་མཎྜལ་ལ་འདོར་དུ་གཞུག །མེ་ཏོག་ཕྱོགས་བཞི་གང་དུ་བབས་ཀྱང་རིགས་ཐམས་ཅད་བླ་མ་རིག་འཛིན་ཐོད་ཕྲེང་རྩལ་ཁོ་ནའི་ཐུགས་རྗེའི་སྤྲོ་བསྡུ་ཡིན་པའི་ཕྱིར། ཁྱེད་རང་རྣམས་རིག་འཛིན་ཐོད་ཕྲེང་རྩལ་ཞེས་པའི་གསང་མཚན་འདི་ཉིད་མ་བརྗེད་པར་འཛིན་པ་དང་ལྷ་གང་ལ་བརྟེན་ཀྱང་མཆོག་དངོས་བདེ་བླག་ཏུ་འགྲུབ་པའི་རིགས་སུ་ངེས་པར་མཛོད་ཅིག །ད་ནི་དབང་གི་གཞི་བསྒྲུབ་པ་ཡེ་ཤེས་དབབ་པ་ཡིན་པས། སེམས་གཞན་དུ་མ་གཡེང་བར་ལུས་རྣམ་སྣང་ཆོས་བདུན་དང་ལྡན་པས་སྤྱན་དམིགས་འདི་བཞིན་མཛད་པར་ཞུ། ལས་བུམ་གྱི་ཆུས་འཐོར་ཞིང་བསང་སྦྱང་། ཆོས་ཐམས་ཅད་ཀ་དག་སྤྲོས་བྲལ་ཆེན་པོའི་ངང་ལས་ལྷུན་གྲུབ་འོད་གསལ་གྱི་རང་མདངས། གནས་ཁང་ཆོས་དབྱིངས་མཐའ་བྲལ་བདེ་བ་ཆེན་པོའི་ཞིང་ཁམས། རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མི་ཕྱེད་པའི་ངེས་ཤེས་བརྟན་པོའི་ངང་། ཁྱེད་རང་རྣམས་པདྨ་ཉི་ཟླའི་གདན་ལ་སྐད་ཅིག་གིས་རིག་འཛིན་ཐོད་ཕྲེང་རྩལ་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན་ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་དང་གཡོན་ཐོད་ཁྲག་བསྣམས་པས་ཡུམ་ལ་འཁྱུད་པ་ཞི་མ་ཁྲོའི་ཉམས་ཅན་དབུ་སྐྲ་གནག་སྣུམ་རལ་པའི་ཐོར་ཚུགས་ཅན། ལྷག་མའི་ཟར་བུ་ཐུར་དུ་འཕྱང་བ། རིན་པོ་ཆེའི་པྲོག་ཞུ་ལྔ་ཚོམ་གྱིས་སྤྲས་པ། སྐུ་སྟོད་ལ་དར་སྣ་ཚོགས་པའི་སྟོད་གཡོགས་དང་སྐུ་སྨད་ལ་སྟག་ཤམ། སྙན་མགུལ་གྱི་རྒྱན་དང་ཕྱག་ཞབས་ཀྱི་གདུ་བུ། རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཞབས་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས་པ། དེའི་པང་དུ་ཡུམ་མེ་ཏོག་མནྡཱ་ར་བ་སྐུ་མདོག་དམར་གསལ་ཞལ་གཅིག་ཕྱག་གཉིས་པ་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། དབུ་སྐྲ་ལྕང་ལོ་སིལ་བུ་རྒྱབ་ཏུ་གྲོལ་བ། སྐུ་སྨད་ལ་དར་དམར་པོའི་ཨང་རག་དང་ཕྱག་ཞབས་ཀྱི་གདུ་བུ་དང་སྙན་རྒྱན་མགུལ་རྒྱན་རུས་པའི་ཕྱག་རྒྱ་ལྔ་ལ་སོགས་པས་བརྒྱན་པ། གཉིས་ཀའང་ཟུང་འཇུག་བདེ་བའི་ཉམས་ཆེན་པོ་དང་ལྡན་པའི་སྤྱི་བོར་རྡོ་རྗེ་ཐོད་ཕྲེང་དཀར་པོ། མགྲིན་པར་པདྨ་ཐོད་ཕྲེང་དམར་པོ། སྙིང་གར་བུདྡྷ་ཐོད་ཕྲེང་སྔོན་པོ། ལྟེ་བར་རཏྣ་ཐོད་ཕྲེང་སེར་པོ། གསང་བར་ཀརྨ་ཐོད་ཕྲེང་ལྗང་གུ་རང་འདྲའི་ཡུམ་དང་བཅས་པ། ཕྱག་གཡས་རང་རྟགས་ཀྱི་ཕྱག་མཚན་གྱིས་ཡུ་བ་བྱས་པའི་གྲི་གུག་དང་གཡོན་ཐོད་ཁྲག་བསྣམས་པ། བདེ་སྟོང་ཟག་པ་མེད་པའི་ཏིང་ངེ་འཛིན་གྱི་རོལ་མོར་འབྱམས་ཀླས་པ། ཐམས་ཅད་ཀྱི་ཐུགས་ཀར་རང་མདོག་ཐིག་ལེ་ཟླུམ་པོ་འོད་ལྔའི་མུ་ཁྱུད་ཀྱི་བསྐོར་བ་དང་། རང་གི་གནས་གསུམ་དང་དཀྱིལ་འཁོར་གཙོ་བོ་སློབ་དཔོན་དབྱེར་མེད་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་རྣམས་ལས་འོད་ཟེར་གྱི་ཚོགས་མུ་མཐའ་མེད་པ་འཕྲོས། ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོ་སྤྱི་དང་། ཁྱད་པར་དུ་ནུབ་ཕྱོགས་བདེ་བ་ཅན་པདྨ་རྣམ་པར་བཀོད་པའི་ཞིང་དང་། ལྷོ་ནུབ་རྔ་ཡབ་དཔལ་རི། བདེ་གསང་པདྨ་དྲྭ་བ་སོགས་རང་བཞིན་དག་པའི་ཞིང་ཁམས་ཁྱད་པར་ཅན་རྣམས་ན་བཞུགས་པའི་སངས་རྒྱས་བྱང་སེམས་བླ་མ་རིག་འཛིན་ཡི་དམ་མཁའ་འགྲོ་དམ་ཅན་ཆོས་སྲུང་རྒྱ་མཚོའི་ཚོགས་བཅས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་སྐུ་གསུང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་བྱིན་རླབས་གཅིག་ཏུ་བསྡུས་པའི་རང་བཞིན། སྐུ་གཟུགས་ཡིག་འབྲུ་ཕྱག་མཚན་འཇའ་ཟེར་ཐིག་ལེའི་རྣམ་པར་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས་ཁ་ཆར་བུ་ཡུག་འཚུབས་པ་བཞིན་བྱིན་ཐིབ་ཐིབ་བྱོན་པ། མཚོ་ཆེན་པོ་ལ་ཁ་བ་བབས་པ་ལྟར་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པའི་མོས་པ་དང་། གཞན་ཡང་ཚེ་ལ་དབང་བའི་རིག་འཛིན་དྲང་སྲོང་རྣམས་ཀྱི་ཚེ་དང་ཡེ་ཤེས། སྣོད་བཅུད་ཀྱི་དྭངས་མ། སྟོབས་འབྱོར་མངའ་ཐང་ཚེ་བསོད་དཔལ་འབྱོར། ལུང་རྟོགས་ཀྱི་དགེ་མཚན། རང་གི་བླ་ཚེ་གཞན་གྱིས་བརྐུས་པ་དང་ཕྲོགས་པ་ལ་སོགས་པ་ཐམས་ཅད་ཀྱང་འོད་དང་འོད་ཟེར་གྱི་རྣམ་པར་ལྷན་ཅིག་ཏུ་བཀུག་སྟེ་ཁྱེད་རང་རྣམས་ཀྱི་སྙིང་དབུས་སྲོག་གི་འཁོར་ལོར་བརྟན་པར་བྱས་བྱུང་སྙམ་པའི་མོས་པ་རྩེ་གཅིག་ཏུ་མཛོད་ཅིག །འབེབ་པའི་རྫས་བསྲེག་དབྱངས་རོལ་དང་བཅས་ཏེ། རིག་འཛིན་ལས་བྱང་དང་ཚེ་སྒྲུབ་གཉིས་ཀའི་སྤྱན་འདྲེན། བྱིན་འབེབ་སྣང་སྲིད་གདོད་ནས་མ་བཅས་གསུང་བའི་ཕྱག་སྲོལ་འདུག་ཅིང་། རྒྱས་བསྡུས་སྐབས་བསྟུན་བྱས་ལ། བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཧྲཱིཿམ་ཧ་རི་ནི་ས་ཨཱ་ཡུཿསིདྡྷི་ཕ་ལ་ཧཱུྃ། ཞེས་པའི་སྔགས་བརྗོད། དེ་ལྟར་ཕབ་པའི་ཡེ་ཤེས་པ་དེ་ཉིད་ཁྱེད་རང་རྣམས་ཀྱི་ཐུགས་རྒྱུད་ལ་བརྟན་པར་བྱས་བྱུང་སྙམ་པའི་མོས་པ་མཛོད། རྡོ་རྗེ་རྒྱ་གྲམ་བཀོད་ལ། ཏིཥྛ་བཛྲ། བརྗོད། བླ་མ་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་འཕྲོས་པས་ཁྱེད་རང་རྣམས་ཀྱི་མ་རིག་པའི་རབ་རིབ་ཐམས་ཅད་བསལ་ནས་ཡེ་ཤེས་ཀྱི་སྤྱན་གསར་དུ་ཐོབ་པའི་མོས་པ་མཛོད། ཨོཾ་ཙཀྵུཿསྭཱ་ཧཱ། ཞེས་མིག་དར་བསལ་ལོ། །དེ་ལྟར་གློ་བུར་འཁྲུལ་པའི་སྒྲིབ་གཡོགས་བསལ་བས་རིག་འཛིན་བླ་མའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བར་མོས་ཤིག །དེའང་གཟུང་འཛིན་འཁྲུལ་རྟོག་བར་དུ་གཅོད་པས་མི་ཕྱེད་པའི་སྲུང་འཁོར་རྡོ་རྗེའི་རྭ་བའི་ནང་དུ། གཞི་ཀ་དག་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཟླུམ་པོ་འོད་ལྔའི་མུ་ཁྱུད་ཅན་གྱི་དབུས་སུ། ལམ་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཤུགས་འབྱུང་དུ་རྫོགས་པ་ལྷུན་གྲུབ་འོད་གསལ་གྱི་གཞལ་མེད་ཁང་མཐའ་དང་དབུས་མེད་པ་ན། འབྲས་བུ་རིག་པ་ཡེ་ཤེས་ཀྱི་སྐུར་སྨིན་པ་ལྷུན་གྲུབ་རིག་འཛིན་ཐོད་ཕྲེང་སྡེ་ལྔ། གུ་རུ་མཚན་བརྒྱད། རང་སྣང་རིག་འཛིན་ཕོ་མོ་སྤྲུལ་པའི་དམ་ཅན་རྒྱ་མཚོ་སྒྱུ་འཕྲུལ་རྡོ་རྗེའི་རྣམ་འགྱུར་ཅིའང་འཆར་བ་རྣམས་དང་། ངོ་བོ་ཆོས་སྐུ་རྣམ་དག་བུམ་པ་ཟླུམ་པོ། རང་བཞིན་ལོངས་སྐུ་ཀུན་སྣང་ཁ་དོག་ལྔ་ལྡན། ཐུགས་རྗེ་སྤྲུལ་སྐུ་གང་འདུལ་བཅུད་དང་རྒྱན་གྱིས་སྤྲས་པ། བདེ་ཆེན་ཡེ་ཤེས་ཀྱི་བཅུད་སྟེར་ཐོད་པའི་བདུད་རྩི། རིག་པ་དྲི་མེད་གཅེར་མཐོང་མེ་ལོང་ཤེལ་རྡོ། སྒྲོན་བཞི་ལུག་རྒྱུད་དབང་པོའི་མངོན་སུམ་དུ་འཆར་བ་མཚོན་བྱེད་རྨ་བྱའི་མདོངས་སྒྲོ །འདོད་ཡོན་མ་སྤངས་རྒྱན་དུ་རོལ་པའི་བརྡར་གཏོར་ཚོགས་རྒྱན་བཀོད་ཕུན་སུམ་ཚོགས་པ་སྟེ། དེ་ལྟར་བརྡ་དང་རྟགས་སུ་འབྲེལ་བའི་དཀྱིལ་འཁོར་འདིའང་རང་གི་སྒོ་གསུམ་ལས་ལོགས་སུ་གྲུབ་པ་མེད་དེ། རང་གི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རིག་འཛིན་བླ་མའི་དཀྱིལ་འཁོར་དུ་ཡེ་ནས་ལྷུན་གྱིས་གྲུབ་པ་ཉིད། ད་རེས་རྡོ་རྗེ་སློབ་དཔོན་གྱི་སྐུ་གསུང་ཐུགས་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་བྱང་ཆུབ་པ་དེའི་རྩལ་སྣང་ལས་སྤྲུལ་པའི་མཚོན་བྱེད་དཔེའི་དཀྱིལ་འཁོར་ལ་བརྟེན་ནས་ཁྱེད་རང་རྣམས་ཀྱི་རྒྱུད་ལ་ཡོད་པའི་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་མངོན་སུམ་དུ་མཇལ་བའི་ངེས་ཤེས་འཇོག་པར་ཞུ། ཞེས་དཀྱིལ་འཁོར་བསྟན། དེ་དག་རྣམས་ཀྱིས་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་ལེགས་པར་གྲུབ་པ་ལགས། གཉིས་པ་ལ་གཉིས། བསྡུས་པ་ནང་སྒྲུབ་རྩ་བའི་དབང་དང་། རྒྱས་པ་གསང་སྒྲུབ་རྫོགས་ཆེན་གྱི་དབང་ངོ་། །དང་པོ་ལའང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ལྔར་ཡོད་པའི་དང་པོ་ནི། དེ་ནས་དངོས་གཞིའི་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་ཞིང་ཁམས་འབུལ་བར་ཞུ། ཞེས་མཎྜལ་འབུལ། འདིར་དབང་བསྐུར་དངོས་ལ། ནང་སྒྲུབ་དང་འབྲེལ་བ་ཚེ་དབང་དམར་པོ་བཅུད་བསྡུས་ཀྱི་ལུགས་སུ་བསྐུར་བ་དང་། གསང་སྒྲུབ་དང་འབྲེལ་བ་དབང་རྒྱས་པ་ཙཀླིའི་རྒྱབ་ཡིག་གི་ལུགས་སུ་བསྐུར་བ་གཉིས་སུ་ཡོད་པ་ལས། དང་པོ་ཉིད་བསྒྲུབ་པ་ཡིན་པས། དཀྱིལ་འཁོར་ཤར་སྒོའི་ཁྱམས་སུ་དབང་སྟེགས་ཀྱི་སྟེང་དུ་པདྨ་དང་ཉི་ཟླའི་སྟན་ལ་ཁྱེད་རང་རིག་འཛིན་ཐོད་ཕྲེང་རྩལ་གྱི་རྣམ་པ་ཅན་དུ་འཁོད་པའི་མོས་པ་མཛོད། བུམ་པ་ཐོགས་ལ། བུམ་པ་འདི་ཉིད་ཕྱི་བུམ་པའི་རྣམ་པ་ལ་ནང་ཐར་པ་ཆེན་པོའི་གཞལ་ཡས་ཁང་དུ་གསལ་བའི་དབུས་སུ་རིག་འཛིན་སྡེ་ལྔ་སྤྲུལ་པའི་གུ་རུ་མཚན་བརྒྱད་གནས་ཡུལ་གྱི་དཔའ་བོ་ཌཱ་ཀི་ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་བཅས་མངོན་སུམ་ལྟ་བུར་བཞུགས་པ་རྣམས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་སྐྱ་ཆིལ་གྱིས་བྱུང་བ་སྤྱི་བོ་ནས་མར་སིབ་ཀྱིས་ཐིམ་པའི་མོས་པ་མཛོད། ཧྲཱི༔ གཞོན་ནུ་བུམ་སྐུ་སྤྲོས་བྲལ་ཆོས་ཀྱི་དབྱིངས། །སྣང་སྟོང་འོད་གསལ་འཇའ་གུར་ཡེ་ཤེས་དབུས། །རིགས་འདུས་རྒྱལ་བ་ཐོད་ཕྲེང་རིགས་ལྔ་ནི། །གསལ་འཚེར་ལོངས་སྐུའི་མཚན་དཔེ་གཟི་འོད་འབར། །སྤྲུལ་པའི་མཚན་བརྒྱད་འབུམ་ཕྲག་ཌཱ་ཀི་དང་། །དམ་ཅན་ཆོས་སྲུང་རྒྱ་མཚོ་ཚེ་དཔག་མེད། །སྲིད་ཞིའི་ཁམས་ཀུན་ངོ་མཚར་རྒྱལ་བའི་ཞིང་། །རིགས་འདུས་ཡེ་ཤེས་ལྷ་ཡི་དབང་བསྐུར་རོ། །སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་བརྙེས་ནས། །དུས་མིན་འཆི་བ་བདུད་བཞིའི་གཡུལ་ལས་རྒྱལ། །མི་མཐུན་སྔོན་ལས་འཕྲལ་རྐྱེན་ཀུན་བསལ་ནས། །རིག་འཛིན་རྒྱལ་བའི་སྐུ་ཡི་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བུདྡྷ་ཐོད་ཕྲེང་རྩལ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཞེས་སྤྱི་བོ་དང་། བཛྲ་ཐོད་ཕྲེང་རྩལ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཞེས་དཔྲལ་བ། རཏྣ་ཐོད་ཕྲེང་རྩལ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཞེས་རྣ་ལྟག་གཡས། པདྨ་ཐོད་ཕྲེང་རྩལ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཞེས་ལྟག་པ། ཀརྨ་ཐོད་ཕྲེང་རྩལ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཞེས་རྣ་ལྟག་གཡོན་རྣམས་སུ་བུམ་པ་གཏུག་ཅིང་སོ་སོའི་མཚམས་སུ་བུམ་ཆུ་རེ་བླུད་དོ། །དེ་ལྟར་བུམ་དབང་ལུས་ལ་བསྐུར་པས་ལུས་ཀྱི་སྒྲིབ་པ་དག །ལྷ་སྐུ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་བྱུང་སྙམ་པའི་མོས་པ་དང་། རིག་འཛིན་ཐོད་ཕྲེང་རྩལ་གྱི་བསྐྱེད་རིམ་གྱི་གསལ་སྣང་ལ་ཅི་གནས་སུ་མཉམ་པར་ཞོག་མཛོད། དེ་བརྟན་པར་བྱ་བའི་ཕྱིར་ཤིས་པ་བརྗོད་པའི་མེ་ཏོག་འཐོར་རོ། །གཉིས་པ་གསང་དབང་ནི། ཤེལ་རྡོ། པུསྟི། གསང་ཐོད་རྣམས་ཐོགས་ལ། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པའི་ཐུགས་སྲོག་ལས་ཟབ་དོན་གྱི་ཡི་གེ་རྣམས་དམར་ནར་གྱིས་བྱུང་བས་ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས་གསུང་འགག་པ་མེད་པའི་དབང་ཐོབ་བྱུང་སྙམ་པ་དང་། བླ་མ་རིག་འཛིན་ཐོད་ཕྲེང་སྡེ་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་སེམས་བདུད་རྩི་བདེ་བ་ཆེན་པོའི་རྒྱུན་གྱིས་ངག་ལ་དབང་བསྐུར་བའི་མོས་པ་མཛོད། །ཧྲཱི༔ སེང་གླང་རྟ་མཆོག་རྨ་བྱ་ཤང་ཤང་དང་། །ཉི་ཟླ་པདྨ་བརྩེགས་པའི་གདན་སྟེང་དུ། །རིག་འཛིན་རྒྱལ་བ་ཐོད་ཕྲེང་ཡབ་ཡུམ་བཅུ། །མཉམ་སྦྱོར་བྱང་ཆུབ་སེམས་ཀྱི་བདུད་རྩིའི་སྟེང་། །རྒྱལ་བ་ཡོངས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ། །ཡོན་ཏན་ཕྲིན་ལས་ནུས་པ་འོད་སྐུར་ཐིམ། །སྲིད་གསུམ་བདེ་ཆེན་དྭངས་མའི་ཡེ་ཤེས་བཅུད། །སྐལ་ལྡན་བུ་ཡི་མགྲིན་པར་དབང་བསྐུར་བས། །སྙིང་པོ་གསུང་གི་དངོས་གྲུབ་ཐོབ་གྱུར་ནས། །དུས་གསུམ་རྒྱལ་བའི་གཙུག་ལག་གཞུང་ལུགས་དང་། །མདོ་སྔགས་ཟབ་དོན་ཆོས་ཀྱི་འཁོར་ལོ་ཡིས། །འགྲོ་ཀུན་རྣམ་གྲོལ་ཞིང་ལ་འགོད་པར་ཤོག །ཨོཾ་ཨཱཿཧཱུྃ་བུདྡྷ་ཐོད་ཕྲེང་རྩལ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་མགྲིན་པའི་དབུས་དང་། བཛྲ་ཐོད་ཕྲེང་རྩལ་སོགས་ཤར་དང་། རཏྣ་ཐོད་ཕྲེང་རྩལ་གཡས་དང་། པདྨ་ཐོད་ཕྲེང་རྩལ་རྒྱབ་དང་། ཀརྨ་ཐོད་ཕྲེང་རྩལ་ཞེས་གཡོན་དུ་བསྐུར་ཏེ། མཚམས་སོ་སོར་ཐོད་པའི་བདུད་རྩི་རེ་སྦྱིན། གསང་རྫས་ཀྱི་བདུད་རྩི་འདི་ཉིད་ལྕེ་ཐོག་ཏུ་མྱོང་བའི་གནས་སྐབས་ན། བྱང་ཆུབ་ཀྱི་སེམས་འཕེལ་བས་རྩ་ཁམས་ཐམས་ཅད་གང་། ཞུ་བདེ་ལྷན་སྐྱེས་ཀྱི་ཡེ་ཤེས་ཉམས་སུ་མྱོང་བ་ནི་གསང་དབང་གི་ཡེ་ཤེས་ཡིན་པས་དེའི་ངང་ལ་དར་ཅིག་མཉམ་པར་ཞོག་མཛོད། དེ་ལྟར་གསང་དབང་ངག་ལ་བསྐུར་བས་ངག་གི་སྒྲིབ་པ་དག །ལམ་བདེ་སྟོང་གཏུམ་མོའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །ཤིས་པ་བརྗོད། གསུམ་པ་ཤེར་དབང་ནི། ཕྱག་རྒྱ་པདྨ་ཅན་མཚན་ཉིད་དང་ལྡན་པ་འདོད་པའི་སྒྱུ་རྩལ་ལ་མཁས་པ་ཞིག་ཁྱེད་རང་རྣམས་ལ་གཏད་བྱུང་སྙམ་པ་མཛོད། །ཅེས་ཤེས་རབ་མའི་ཙཀླི་དང་དྲིལ་བུ་ཐོད་པའི་བདུད་རྩི་རྣམས་ཐོགས་ལ། འཁོར་འདས་རྩ་བ་རིག་དང་མ་རིག་པའི། །རྡོ་རྗེའི་རྩ་མདུད་དགའ་བ་བཞི་རྫོགས་ཀྱི། །ཟག་མེད་ཡེ་ཤེས་སྟོང་ཉིད་ངང་དགྲོལ་བའི། །ཕྱི་ནང་གསང་བའི་མཚན་རྫོགས་ཤེས་རབ་ཡུམ། །རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས། །ཡོངས་ཀྱི་གཙོ་མཆོག་རྡོ་རྗེ་ཕག་མོ་ཡི། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །དབང་བཞི་ཡོངས་རྫོགས་ཌཱ་ཀིའི་སྲོག་དབང་བསྐུར། །ཕུང་ཁམས་རྣམ་དག་འཇའ་ལུས་རྡོ་རྗེའི་ཀློང་། །མི་འགྱུར་མི་ཤིགས་བདེ་ཆེན་བཙན་ས་ཟིན། །གནས་ཡུལ་དུར་ཁྲོད་ཀུན་གྱི་དཀྱིལ་འཁོར་གཙོ། །མ་མོ་མཁའ་འགྲོའི་དབང་ཕྱུག་མཆོག་ཐོབ་ཤོག །ཧྲཱིཿམ་ཧ་རི་ནི་ས་ཨཱ་ཡུར་ཨ་བྷི་ཥིཉྩ་ཙིཏྟ་སིདྡྷི་ཧཱུྃ། ཞེས་དབང་རྫས་རྣམས་ལག་ཏུ་གཏད་ཅིང་བདུད་རྩི་བླུད། དེ་ལྟར་གཏད་པའི་རིག་མ་དང་ཁྱེད་རང་ཐོད་ཕྲེང་རྩལ་ཡབ་ཡུམ་དུ་གསལ་ནས་སྙོམས་པར་ཞུགས་པས་སྤྱི་བོའི་ཧཾ་ལས་བྱང་སེམས་གཡོས་པས་དགའ་བ། མགྲིན་པར་མཆོག་དགའ། སྙིང་གར་ཁྱད་དགའ། ལྟེ་བ་ནས་གསང་བའི་བར་དུ་ཁྱབ་པས་ལྷན་སྐྱེས་ཡེ་ཤེས་ཏེ་ཡས་བབས་ཀྱི་དགའ་བ་བཞི་ཉམས་སུ་མྱོང་། རྡོ་རྗེའི་རྩེ་མོ་ནས་རླུང་གི་སྦྱོར་བས་གྱེན་དུ་དྲངས་པས་མས་བརྟན་གྱི་དགའ་བ་བཞི་མཐར་སོན་པས་ཟག་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་མོས་པ་མཛད་དེ་དར་ཅིག་མཉམ་པར་ཞོག་མཛོད། དེ་ལྟར་ཤེར་དབང་སེམས་ལ་བསྐུར་པས་ཡིད་ཀྱི་སྒྲིབ་པ་དག །ཟུང་འཇུག་ཕོ་ཉའི་ལམ་བཟང་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །ཞེས་ཤིས་པ་བརྗོད། བཞི་པ་ཚིག་དབང་ནི། ཁྱེད་རང་ལུས་ཀྱི་བྱེད་པ་བཅིངས་ཏེ། སེམས་རྟོག་པའི་འཕྲོ་འདུ་སྤོངས་ལ་ད་ལྟ་གང་ཤར་བཟོ་མེད་ཀྱི་ངང་དུ་མ་ཡེངས་པར་ཞོག་མཛོད། བྱས་ལ་མན་ཤེལ་ལག་ཏུ་ཐོགས་ལ། ཧྲཱི༔ ཕྱི་དང་ནང་མེད་རང་འོད་རང་གསལ་ངང་། །ངོ་བོ་ཆོས་སྐུ་རང་བཞིན་ལོངས་སྤྱོད་རྫོགས། །ཐུགས་རྗེ་སྤྲུལ་པའི་སྐུ་གསུམ་མཚོན་བྱེད་ཅིང་། །དངོས་འཛིན་མཚན་མའི་བག་ཆགས་དང་བྲལ་བའི། །བརྡ་དོན་མན་ཤེལ་དྲི་མེད་འདི་བསྟན་པས། །འབུམ་ཕྲག་དྲུག་ཅུ་སེམས་ཀློང་སྡེ་གསུམ་གྱི། །བརྗོད་བྱའི་མཐར་ཐུག་ཀ་དག་ལྷུན་གྱིས་གྲུབ། །རང་རིག་རང་དབང་ཡེ་ཤེས་དབང་བསྐུར་རོ། །གཟུང་འཛིན་ཡེངས་འཁྲུལ་བག་ཆགས་རང་དག་སྟེ། །སྨྲ་བསམ་བརྗོད་མེད་འོད་གསལ་འཁོར་ལོའི་ངང་། །ས་ལམ་གཞིར་རྫོགས་ཆོས་ཉིད་རང་ཟད་དེ། །འཆི་མེད་གཉུག་མའི་གཏན་སྲིད་ཟིན་པར་ཤོག །དྷརྨ་དྷཱ་ཏུ་སརྦ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་སྙིང་གར་བཞག །འོ་རྡོ་རྗེ་སེམས་དཔའི་མེ་ལོང་འདི་ཉིད་ཕྱོགས་གང་ནས་བལྟས་ཀྱང་གསལ་ཞིང་དྭངས་ལ་དྲི་མ་མེད་པ་ནི། སེམས་གསལ་སྟོང་གི་ངོ་བོ་མཚོན་པ་ཡིན་ལ། འདི་ཉིད་ཀྱི་ནང་དུ་སྣང་བ་ཐམས་ཅད་མ་འགག་པར་འཆར་བ་ནི། སེམས་ཉིད་གསལ་སྟོང་གི་ངང་དུ་ཆོས་ཐམས་ཅད་སྣང་བ་དང་། མན་ཤེལ་དུ་འཆར་བའི་སྣང་བ་དེ་དག་གཅིག་ནས་གཉིས་སུ་འཕོས་པ་མ་ཡིན་པར་ཁོ་རང་ཡོད་ཙམ་ནས་ལྷུན་གྱིས་གྲུབ་པ་ལྟར་སེམས་ཀྱི་ངང་དུ་ཇི་ལྟར་སྣང་བ་ཐམས་ཅད་སྣང་སྟོང་ཟུང་འཇུག་ཡེ་ནས་འདུ་འབྲལ་མེད་པའི་དགོངས་པ་ཡིན་པས་དེའི་ངང་ལ་ཅི་གནས་སུ་མཉམ་པར་ཞོག་མཛོད། དེས་ནི་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་པ་ཐོབ། སྒོ་གསུམ་ཆ་མཉམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །ལམ་ཟུང་འཇུག་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །ཤིས་པ་བརྗོད། ཁྲིད་དང་སྦྲེལ་ན་སྐབས་འདིར་རིག་པ་རྩལ་གྱི་དབང་གུད་སྦས་གཏེར་གཞུང་ལྟར་སྦྱར། དཀྱུས་ཙམ་ལ་མི་དགོས་སོ། །བཞི་པ་ཡོན་ཏན་གཏོར་མའི་དབང་ནི། གཏོར་མ་བཏེགས་ལ། གཏོར་མ་འདི་ཉིད་ཕྱི་གཏོར་མའི་རྣམ་པ་ལ་ནང་གཞལ་ཡས་ཁང་གི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་རིག་འཛིན་ཆེན་པོ་སྡེ་ལྔ་སྤྲུལ་པའི་གུ་རུ་མཚན་བརྒྱད་གནས་ཡུལ་གྱི་དཔའ་བོ་མཁའ་འགྲོ་ཆོས་སྲུང་དང་བཅས་པ་ཁྲ་ཆེམ་མེ་འོད་ཕུང་་ངེ་བཞུགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་གའི་རྣམ་པ་ཅན་དཔག་ཏུ་མེད་པ་འཕྲོས་པས་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པའི་མོས་པ་མཛོད། ཧྲཱི༔ ཕྱི་ལྟར་གཏོར་མ་ནང་ལྟར་གཞལ་ཡས་ཁང་། །ཐེག་རིམ་དགུ་རྫོགས་ལྷ་ཡི་ཕོ་བྲང་དབུས། །སྐྱེ་འཆི་ཟག་བྲལ་རིག་པ་འཛིན་པའི་ལྷ། །རྒྱལ་ཀུན་ངོ་བོ་མཚོ་སྐྱེས་རྡོ་རྗེ་ཡི། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དང། །ངོ་བོ་རང་བཞིན་ཐུགས་རྗེ་ཀུན་འདུས་པའི། །བྱིན་རླབས་གཏོར་མའི་དབང་མཆོག་འདི་བསྐུར་བས། །ཐོད་ཕྲེང་རིགས་ལྔ་ཡབ་ཡུམ་སྲས་འཁོར་གྱི། །སྲོག་གི་དབང་མཆོག་དེང་འདིར་ཐོབ་པར་ཤོག །ཅེས་གནས་ལྔར་བསྐུར་ཞིང་། ལྷ་འཛབ་བཟླ་བས་ཚེ་ཆང་དང་ཚེ་རིལ་ཡང་བཀྱེའོ། །ལྔ་པ་ཕྲིན་ལས་མདའ་དར་གྱི་རྒྱས་གདབ་པ་ནི། ཚེ་མདའ་ཁ་དོག་ལྔ་ལྡན་དང་གནམ་ལྕགས་ཀྱི་རྡོ་རྗེ་འདི་ཉིད་ལས་འོད་ཟེར་གྱི་ཚོགས་དཔག་མེད་འཕྲོས། བླ་མ་རིག་འཛིན་ཡི་དམ་མཁའ་འགྲོ་ཚེ་ལྷ་རྒྱ་མཚོའི་ཚོགས་བཅས་སྤྱན་དྲངས་ཏེ་འོད་ཟེར་དང་ལྷན་དུ་ཁྱེད་རང་རྣམས་ལ་ཐིམ་པས་དབྱེར་མེད་དུ་གྱུར་ཅིང་ལུས་ཐམས་ཅད་རྡོ་རྗེ་རིན་པོ་ཆེ་པདྨ་རྒྱ་གྲམ་འཁོར་ལོ་ལ་སོགས་པའི་གོ་ཁྲབ་ཀྱིས་བར་མཚམས་མེད་པ་བཞུ་བླུགས་སུ་གྱུར་པའི་མོས་པ་མཛོད། ཅེས་གནམ་ལྕགས་རྡོ་རྗེ་དང་མདའ་དར་གནས་རྣམས་སུ་གཏུག་ཅིང་། ཨོཾ་ཨཱཿཧཱུྃ། དུག་གསུམ་དུག་ལྔའི་སྙིགས་མ་རང་དག་ནས། །དཀར་སེར་དམར་ལྗང་མཐིང་བའི་སྐུ་མཆོག་ལ། །ཕུང་པོ་ཁམས་རྣམས་རྒྱལ་བའི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྫོགས་པར་རྒྱས་བཏབ་པས། །རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་དང་། །འཁོར་ལོ་ཕྱག་མཚན་དག་གི་གོ་ཆར་གྱུར། །མི་འགྱུར་མི་ཤིགས་སྲ་བརྟན་འགྱུར་མེད་ངང་། །བདུད་དཔུང་གཡུལ་ལས་རྒྱལ་བར་རྒྱས་བཏབ་བོ། །འཕྲལ་ཡུན་སྡིག་དང་སྒྲིབ་པའི་དཔུང་རྣམས་དང་། །བགེགས་དང་གདོན་ཚོགས་འཆི་བདག་ཕོ་ཉ་ཡིས། །བརྫི་བར་མི་ནུས་རྡོ་རྗེའི་སྐུ་བརྙེས་པའི། །རིག་འཛིན་པདྨ་འབྱུང་གནས་རྒྱས་བཏབ་བོ། །ཞེས་དང་། བླ་མ་སྐུ་དང་ཡི་དམ་གསུང་། །མཁའ་འགྲོ་ཐུགས་ཀྱི་ཕྱག་རྒྱ་དང་། །དམ་ཅན་ཆོས་སྲུང་རྒྱ་མཚོ་ཡིས། །མཐུ་རྩལ་ནུས་པས་རྒྱས་བཏབ་བོ། །ཞེས་རྒྱས་བཏབ་ཅིང་བཀྲ་ཤིས་པའི་མེ་ཏོག་འཐོར་ལ། དེས་ཚེ་དབང་དམར་པོ་བཅུད་བསྡུས་ཀྱི་དབང་གི་རིམ་པ་ལེགས་པར་ཕུལ་གྲུབ་པ་ཡིན་པས་བཀའ་དྲིན་གཏང་རག་གི་སླད་དུ་ཞིང་ཁམས་འབུལ་བར་ཞུ། ཞེས་དབང་བསྐུར་གཉིས་ཀ་མི་སྦྲེལ་ན་སྐབས་འདིར་མཇུག་སྡུད་ཀྱི་རིམ་པ་རྣམས་བླངས་པས་འཐུས་ལ། སྦྲེལ་བ་ཡིན་ན། དེ་ལྟར་རྩ་བའི་དབང་བསྡུས་པ་གྲུབ་པའི་གཏང་རག་དང་། སླར་དབང་བསྐུར་རྒྱས་པ་གསན་པའི་ཡོན་དུ་ཞེས་མཎྜལ་གྱི་བརྡ་སྦྱོར་སྦྲེལ་ལོ། །གཉིས་པ་དབང་རྒྱས་པ་ལ་དབང་བཞི་མཐའ་རྟེན་དང་བཅས་པ་བཞུགས་པ་ལས། དང་པོ་སྐུ་བུམ་དབང་ནི། ཤར་བུམ་བཏེགས་ལ། དཀྱིལ་འཁོར་ཤར་གྱི་བུམ་པ་འདི་ཉིད་ཕྱི་བརྡ་དང་རྟགས་ཀྱི་བུམ་གཟུགས་ལ། ནང་ཐར་པ་ཆེན་པོའི་གཞལ་ཡས་ཁང་མཚན་ཉིད་དང་ལྡན་པའི་དབུས་སུ། རིག་འཛིན་ཆེན་པོ་བཛྲ་ཐོད་ཕྲེང་རྩལ་ཡབ་ཡུམ་བྱིན་རླབས་གཟི་འོད་ཀྱི་དཔལ་དུ་འབར་བས་སྲིད་ཞིའི་དྭངས་བཅུད་ཐམས་ཅད་འགུགས་པའི་མཐུ་ནུས་ཐོགས་པ་མེད་པ་ཞིག་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བྱུང་། ཁྱེད་རང་གི་ལུས་ཀྱི་ནང་དུ་ཞུགས། སྒྲིབ་པ་སྤྱི་དང་ཁྱད་པར་དུ་ཉོན་མོངས་པ་ཞེ་སྡང་གི་རྟོག་ཚོགས་ཐམས་ཅད་སྦྱངས། དེའི་སྒོ་ནས་ཚེ་ཉམས་པ་སོར་ཆུད། རྡོ་རྗེ་ཐོད་ཕྲེང་རྩལ་གྱི་གོ་འཕང་ཐོབ། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་པའི་ཐུགས་འདུན་མཛོད། ཧྲཱི༔ མདངས་ལྡན་འོད་ལྔ་མེ་ལོང་ཡེ་ཤེས་ཀློང༔ རིག་འཛིན་ཆེན་པོ་བཛྲ་ཐོད་ཕྲེང་རྩལ། །སྐུ་མདོག་དཀར་པོ་ཡུམ་དང་གཉིས་མེད་འཁྲིལ། །ཚེ་བུམ་མདའ་དར་འོད་ལྔའི་འཕྲོ་འདུ་ཡིས། །འཁོར་འདས་བཅུད་བསྡུས་རྡོ་རྗེའི་དབང་མཆོག་སྩོལ། །བཛྲ་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་མ་མ་ཨཱ་ཡུཿཀཱ་ཡ་སིདྡྷི་ཧཱུྃ། ཞེས་དཔྲལ་བར་གཏུག་ཅིང་བུམ་ཆུ་སྦྱིན། ལྷོ་བུམ་བཏེགས་ལ། དཀྱིལ་འཁོར་ལྷོའི་བུམ་པ་འདི་ཉིད་ཕྱི་བརྡ་དང་རྟགས་ཀྱི་བུམ་གཟུགས་ལ། ནང་ཐར་པ་ཆེན་པོའི་གཞལ་ཡས་ཁང་མཚན་ཉིད་དང་ལྡན་པའི་དབུས་སུ། རིག་འཛིན་ཆེན་པོ་རཏྣ་ཐོད་ཕྲེང་རྩལ་ཡབ་ཡུམ་བྱིན་རླབས་གཟི་འོད་ཀྱི་དཔལ་དུ་འབར་བས་སྲིད་ཞིའི་དྭངས་བཅུད་ཐམས་ཅད་འགུགས་པའི་མཐུ་ནུས་ཐོགས་པ་མེད་པ་ཞིག་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བྱུང་། ཁྱེད་རང་གི་ལུས་ཀྱི་ནང་དུ་ཞུགས། སྒྲིབ་པ་སྤྱི་དང་ཁྱད་པར་དུ་ཉོན་མོངས་པ་ང་རྒྱལ་གྱི་རྟོག་ཚོགས་ཐམས་ཅད་སྦྱངས། དེའི་སྒོ་ནས་ཚེ་ཉམས་པ་སོར་ཆུད། རཏྣ་ཐོད་ཕྲེང་རྩལ་གྱི་གོ་འཕང་ཐོབ། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས་པའི་ཐུགས་འདུན་མཛོད། ཧྲཱི༔ མདངས་ལྡན་འོད་ལྔ་མཉམ་ཉིད་ཡེ་ཤེས་ཀློང་། །རིག་འཛིན་ཆེན་པོ་རཏྣ་ཐོད་ཕྲེང་རྩལ། །སྐུ་མདོག་སེར་གསལ་ཡུམ་དང་གཉིས་མེད་འཁྲིལ། །ཚེ་བུམ་མདའ་དར་འོད་ལྔའི་འཕྲོ་འདུ་ཡིས། །འཁོར་འདས་བཅུད་བསྡུས་རིན་ཆེན་དབང་མཆོག་སྩོལ། །བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་མ་མ་ཨཱ་ཡུཿཀཱ་ཡ་སིདྡྷི་ཏྲཱཾ། ཞེས་བུམ་པ་རྣ་ལྟག་གཡས་སུ་བཞག་ཅིང་བུམ་ཆུ་བླུད། ནུབ་བུམ་བཏེགས་ལ། དཀྱིལ་འཁོར་ནུབ་ཀྱི་བུམ་པ་འདི་ཉིད་ཕྱི་བརྡ་དང་རྟགས་ཀྱི་བུམ་གཟུགས་ལ། ནང་ཐར་པ་ཆེན་པོའི་གཞལ་ཡས་ཁང་མཚན་ཉིད་དང་ལྡན་པའི་དབུས་སུ། རིག་འཛིན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་ཡབ་ཡུམ་བྱིན་རླབས་གཟི་འོད་ཀྱི་དཔལ་དུ་འབར་བས་སྲིད་ཞིའི་དྭངས་བཅུད་ཐམས་ཅད་འགུགས་པའི་མཐུ་ནུས་ཐོགས་པ་མེད་པ་ཞིག་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བྱུང་། ཁྱེད་རང་གི་ལུས་ཀྱི་ནང་དུ་ཞུགས། སྒྲིབ་པ་སྤྱི་དང་ཁྱད་པར་དུ་ཉོན་མོངས་པ་འདོད་ཆགས་ཀྱི་རྟོག་ཚོགས་ཐམས་ཅད་སྦྱངས། དེའི་སྒོ་ནས་ཚེ་ཉམས་པ་སོར་ཆུད། པདྨ་ཐོད་ཕྲེང་རྩལ་གྱི་གོ་འཕང་ཐོབ། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས་པའི་ཐུགས་འདུན་མཛོད། ཧྲཱི༔ མདངས་ལྡན་འོད་ལྔ་སོར་རྟོག་ཡེ་ཤེས་ཀློང་། །རིག་འཛིན་ཆེན་པོ་པདྨ་ཐོད་ཕྲེང་རྩལ། །སྐུ་མདོག་དམར་གསལ་ཡུམ་དང་གཉིས་མེད་འཁྲིལ། །ཚེ་བུམ་མདའ་དར་འོད་ལྔའི་འཕྲོ་འདུ་ཡིས། །འཁོར་འདས་བཅུད་བསྡུས་པདྨའི་དབང་མཆོག་སྩོལ། །བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་མ་མ་ཨཱ་ཡུཿཀཱ་ཡ་སིདྡྷི་ཧྲཱི༔ ཞེས་ལྟག་པར་བསྐུར་ཞིང་བུམ་ཆུ་སྦྱིན། བྱང་བུམ་བཏེགས་ལ། དཀྱིལ་འཁོར་བྱང་གི་བུམ་པ་འདི་ཉིད་ཕྱི་བརྡ་དང་རྟགས་ཀྱི་བུམ་གཟུགས་ལ། ནང་ཐར་པ་ཆེན་པོའི་གཞལ་ཡས་ཁང་མཚན་ཉིད་དང་ལྡན་པའི་དབུས་སུ། རིག་འཛིན་ཆེན་པོ་ཀརྨ་ཐོད་ཕྲེང་རྩལ་ཡབ་ཡུམ་བྱིན་རླབས་གཟི་འོད་ཀྱི་དཔལ་དུ་འབར་བས་སྲིད་ཞིའི་དྭངས་བཅུད་ཐམས་ཅད་འགུགས་པའི་མཐུ་ནུས་ཐོགས་པ་མེད་པ་ཞིག་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བྱུང་། ཁྱེད་རང་གི་ལུས་ཀྱི་ནང་དུ་ཞུགས། སྒྲིབ་པ་སྤྱི་དང་ཁྱད་པར་དུ་ཉོན་མོངས་པ་ཕྲག་དོག་གི་རྟོག་ཚོགས་ཐམས་ཅད་སྦྱངས། དེའི་སྒོ་ནས་ཚེ་ཉམས་པ་སོར་ཆུད། ཀརྨ་ཐོད་ཕྲེང་རྩལ་གྱི་གོ་འཕང་ཐོབ། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས་པའི་ཐུགས་འདུན་མཛོད། ཧྲཱི༔ མདངས་ལྡན་འོད་ལྔ་བྱ་གྲུབ་ཡེ་ཤེས་ཀློང་། །རིག་འཛིན་ཆེན་པོ་ཀརྨ་ཐོད་ཕྲེང་རྩལ། །སྐུ་མདོག་ལྗང་གསལ་ཡུམ་དང་གཉིས་མེད་འཁྲིལ། །ཚེ་བུམ་མདའ་དར་འོད་ལྔའི་འཕྲོ་འདུ་ཡིས། །འཁོར་འདས་བཅུད་བསྡུས་ཕྲིན་ལས་དབང་མཆོག་སྩོལ། །བཛྲ་གུ་རུ་ཀརྨ་ཐོད་ཕྲེང་རྩལ་མ་མ་ཨཱ་ཡུཿཀཱ་ཡ་སིདྡྷི་ཨཱ༔ ཞེས་རྣ་ལྟག་གཡོན་དུ་བསྐུར་ཞིང་བུམ་ཆུ་བླུད། དེ་ནས་དབུས་ཀྱི་གཙོ་བུམ་བཏེགས་ལ། དཀྱིལ་འཁོར་དབུས་ཀྱི་བུམ་པ་འདི་ཉིད་ཕྱི་བརྡ་དང་རྟགས་ཀྱི་བུམ་གཟུགས་ལ། ནང་ཐར་པ་ཆེན་པོའི་གཞལ་ཡས་ཁང་མཚན་ཉིད་དང་ལྡན་པའི་དབུས་སུ། རིག་འཛིན་ཆེན་པོ་བུདྡྷ་ཐོད་ཕྲེང་རྩལ་ཡབ་ཡུམ་བྱིན་རླབས་གཟི་འོད་ཀྱི་དཔལ་དུ་འབར་བས་སྲིད་ཞིའི་དྭངས་བཅུད་ཐམས་ཅད་འགུགས་པའི་མཐུ་ནུས་ཐོགས་པ་མེད་པ་ཞིག་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བྱུང་། ཁྱེད་རང་གི་ལུས་ཀྱི་ནང་དུ་ཞུགས། སྒྲིབ་པ་སྤྱི་དང་ཁྱད་པར་དུ་ཉོན་མོངས་པ་གཏི་མུག་གི་རྟོག་ཚོགས་ཐམས་ཅད་སྦྱངས། དེའི་སྒོ་ནས་ཚེ་ཉམས་པ་སོར་ཆུད། བུདྡྷ་ཐོད་ཕྲེང་རྩལ་གྱི་གོ་འཕང་ཐོབ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་པའི་ཐུགས་འདུན་མཛོད། ཧྲཱི༔ མདངས་ལྡན་འོད་ལྔ་ཆོས་དབྱིངས་ཡེ་ཤེས་ངང་། །རིག་འཛིན་ཆེན་པོ་བུདྡྷ་ཐོད་ཕྲེང་རྩལ། །སྐུ་མདོག་མཐིང་གསལ་ཡུམ་དང་གཉིས་མེད་འཁྲིལ། །ཚེ་བུམ་མདའ་དར་འོད་ལྔའི་འཕྲོ་འདུ་ཡིས། །འཁོར་འདས་བཅུད་བསྡུས་བུདྡྷའི་དབང་མཆོག་སྩོལ། །བཛྲ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ་མ་མ་ཨཱ་ཡུཿཀཱ་ཡ་སིདྡྷི་ཨོཾ། ཞེས་སྤྱི་བོར་བསྐུར་ཞིང་བུམ་ཆུ་བླུད་དོ། །དེ་ལྟར་བུམ་དབང་ལུས་ལ་བསྐུར་པས་ལུས་ཀྱི་སྒྲིབ་པ་སྦྱངས། སྣོད་བཅུད་ཐམས་ཅད་རིག་འཛིན་སྡེ་ལྔའི་དཀྱིལ་འཁོར་དུ་རྒྱས་བཏབ་པ་ཡིན་པས་དེའི་ང་རྒྱལ་ལ་སེམས་ཅི་གནས་སུ་མཉམ་པར་ཞོག་མཛོད། ཤིས་བརྗོད་བྱ། དེ་ལྟར་བུམ་དབང་ཡོངས་སུ་གྲུབ་པའི་གཏང་རག་དང་དབང་གཉིས་པ་གསང་དབང་ཞུ་བའི་སླད་དུ་ཞིང་ཁམས་འབུལ་བར་ཞུ། གསང་ཐོད་བཏེགས་ལ། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་སེམས་དཀར་དམར་ཐོད་པར་བསྐྱིལ་བ་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། གསུང་གསང་འོད་ཀྱི་གཞལ་ཡས་ཀ་པཱ་ལ། །རིག་འཛིན་རིགས་བརྒྱ་འདུས་པའི་བྱང་སེམས་བཅུད། །འཇའ་འོད་དྭངས་མར་འཁྱིལ་པའི་ཨ་མྲྀཏ། །འཆི་མེད་བདུད་རྩི་རྡོ་རྗེའི་གསུང་གི་འབྲུ། །འཇའ་འོད་ཐིག་ལེ་འོད་སྐུར་ཡ་ལ་ལ། །གྲགས་སྟོང་རྡོ་རྗེའི་གསུང་གི་དབང་མཆོག་འདིས། །ལོངས་སྤྱོད་རྫོགས་སྐུ་སྐྱེ་བ་མེད་པའི་གཞིར། །གྲགས་སྟོང་ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཻ་རོ་ཙ་ནཱི་ཡཻ་ཝཱ་ཀ་ཨཱ་ཡུཿསིདྡྷི་ཨ་བྷི་ཥིཉྩ་ཨཱ༔ ཞེས་མགྲིན་པར་བསྐུར་ཞིང་བདུད་རྩི་བླུད། གསང་བའི་དམ་རྫས་མྱང་བས་རྩ་ཁམས་ཐམས་ཅད་བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་། རྩ་རླུང་ཐིག་ལེའི་ནུས་པ་སྟོབས་སུ་སྨིན་པར་གྱུར་སྙམ་དུ་བསམ་ཞིང་། རླུང་བུམ་ཅན་ཁ་སྦྱོར་དུ་བཟུང་ཞིང་གསལ་སྟོང་རྣམ་པར་མི་རྟོག་པའི་རང་ངོ་ལ་མཉམ་པར་ཞོག་ཅིག །དེ་ལྟར་གསང་དབང་ངག་ལ་བསྐུར་པས་ངག་གི་སྒྲིབ་པ་སྦྱངས། སྒྲ་གྲགས་གསུང་གི་དཀྱིལ་འཁོར་དུ་རྒྱས་བཏབ་པ་ཡིན་པས་ངེས་ཤེས་འཇོག་པར་ཞུ། ཞེས་ཤིས་པ་བརྗོད། དེ་ལྟར་གསང་བའི་དབང་ཐོབ་པའི་གཏང་རག་དང་དབང་གསུམ་པ་ཞུ་བའི་ཡོན་དུ་མཎྜལ་ཕུལ། དབང་རྟེན་གྱི་ཙཀ་ལི་ཕྱག་རྒྱ་པདྨ་ཅན་མཚན་ཉིད་ལྡན་པ་ནུ་མ་དང་བྷ་ག་རྒྱས་པ་གཞོན་ཞིང་མཛེས་པ་ཆགས་པའི་ཉམས་ཀྱིས་བདེ་ཆེན་སྦོར་བ་ལ་གོམས་པའི་ངང་ཚུལ་དང་ལྡན་པ་ཞིག་སོ་སོའི་ཕྱག་ཏུ་ཕུལ་བྱུང་སྙམ་པའི་མོས་པ་མཛོད། ཅེས་མེ་ལོང་ཤེལ་རྡོ་རྨ་བྱའི་མདོངས་ཧྲཱིཿཡིག་ཕྱག་རྒྱ་མའི་ཙཀླི་རྣམས་བཏེགས་ཏེ། སྣང་སྲིད་དུར་ཁྲོད་འཇའ་གུར་མེ་ཕུང་ཁྲོད། །སྤྲུལ་པའི་གཞལ་ཡས་བདེ་ཆེན་པདྨ་འོད། །དཔའ་བོ་ཌཱ་ཀི་སྤྲིན་ཕུང་འཁྲིགས་པའི་དབུས། །མཚན་ལྡན་ཌཱ་ཀི་རིགས་ལྔའི་ཡུམ་སྦྱིན་པས། །བདེ་སྟོང་དབབ་བཟློག་དགའ་བ་བཅུ་དྲུག་རྩེར། །རྒྱུ་འབྲས་ལས་འདས་ཀ་དག་རྫོགས་པ་ཆེ། །ཤེལ་རྡོ་མེ་ལོང་ཧྲཱིཿཡིག་མདོངས་བསྟན་པས། །སྣང་སྟོང་གྲགས་སྟོང་བདེ་སྟོང་རིག་སྟོང་དང་། །ཟག་མེད་རྡོ་རྗེ་འོད་ཀྱི་སྐུ་འགྲུབ་ཤོག །བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཻ་རོ་ཙ་ནཱི་ཡཻ་སརྦ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་ཙཀླི་སློབ་མས་འཁྱུད་རྒྱ་བྱེད་དུ་བཅུག་པའི་ལག་གཡོན་དང། གཞན་རྣམས་སྙིང་གར་བཞག །ཁྱེད་རང་རྣམས་རིག་འཛིན་ཐོད་ཕྲེང་རྩལ་དང་ཡུམ་དབྱིངས་ཕྱུག་མནྡཱ་ར་བར་གསལ་འདེབས་པ་ནི་ལུས་ལྷའི་འདུ་ཤེས། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་ཅན་གྱི་ལྟེ་བར་ཧཱུྃ་དང་བུ་གར་ཕཊཿཀྱིས་བཀག་པ། ཡུམ་གྱི་མཁའ་གསང་ཨཱཿལས་པདྨ་ཨཱཿས་མཚན་པ་ནི་ངག་སྔགས་ཀྱི་འདུ་ཤེས། དེ་གཉིས་སྙོམས་པར་ཞུགས་པ་ན་དགའ་བ་བཞིའི་ཡེ་ཤེས་ངོས་ཟིན་པར་བྱའོ་སྙམ་པ་ནི་ཡིད་ཆོས་ཀྱི་འདུ་ཤེས་ཏེ་འདུ་ཤེས་གསུམ་དང་ལྡན་པས་སྙོམས་པར་ཞུགས་ཏེ་བསྲུབས་པའི་སྦྱོར་བས་བསྐུལ་བ་ན་སྤྱི་བོའི་ཧཾ་ཡིག་གཡོས་པ་ལས་ཐིག་ལེ་དངུལ་ཆུ་ལྟ་བུ་མགྲིན་པར་བབས། དེའི་ངོ་བོ་ལ་བལྟས་པས་བདེ་བའི་རང་ངོ་མཐོང་བ་ནི་དགའ་བའི་ཡེ་ཤེས། མགྲིན་པ་ནས་སྙིང་གར་བབས་པའི་རང་ངོ་ལ་བལྟས་པས་བདེ་སྟོང་ཟུང་འཇུག་ཏུ་འཆར་བ་ནི་མཆོག་དགའི་ཡེ་ཤེས། སྙིང་ག་ནས་ལྟེ་བར་བབས་པའི་ངོ་བོ་ལ་བལྟས་པས་བདེ་སྟོང་རྣམ་པར་མི་རྟོག་པ་ནི་ཁྱད་པར་གྱི་དགའ་བའི་ཡེ་ཤེས། ལྟེ་བ་ནས་གསང་བར་བབས་པའི་ངོ་བོ་ལ་བལྟས་པས་ཕྲ་རགས་ཀྱི་འཛིན་རྟོག་ཐམས་ཅད་འགག་ནས་སྣང་སྲིད་ཐམས་ཅད་བདེ་བ་ཆེན་པོའི་རོལ་མོར་ཤར་བ་ནི་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་པས་སོ་སོའི་མཚམས་སུ་ཅུང་ཟད་རེ་མཉམ་པར་ཞོག་ཅིག །སླར་ཡང་ཧཱུྃ་ཞེས་རླུང་གྱེན་དུ་འདྲེན་པའི་སྦྱོར་བས་གསང་བ་ནོར་བུའི་རྩེ་ནས་ལྟེ་བར་ལྡོག་པ་དགའ་བ། ལྟེ་བ་ནས་སྙིང་གར་སླེབ་པ་མཆོག་དགའ། སྙིང་ག་ནས་མགྲིན་པར་སླེབ་པ་ཁྱད་པར་གྱི་དགའ་བ། མགྲིན་པ་ནས་སྤྱི་བོར་སླེབ་པ་ནི་ཟག་མེད་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ་ཡས་བརྟན་དང་མས་བརྟན་གྱི་དགའ་བཞི་ཉམས་སུ་མྱོང་བ་ཡིན་ནོ། །ཤེལ་རྡོ་འདི་ཉིད་དྲི་མ་མེད་ཅིང་ཐམས་ཅད་ཀྱི་འཆར་གཞིར་རུང་བ་དང་འོད་དང་ཚོན་རིས་ལ་སོགས་པ་ཐམས་ཅད་གཞན་ནས་བཙལ་དུ་མེད་པར་ཡེ་ནས་ཁོ་རང་ལ་ལྷུན་གྲུབ་ཏུ་ཡོད་པ་ལྟར། འོ་སྐོལ་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་སྐུ་གསུང་ཐུགས་ཀྱི་བསྒྲུབ་གཞི་རང་ཆས་ལྷུན་གྲུབ་ཏུ་ཡོད་པའི་མཚོན་བྱེད་ཡིན་ནོ། །གཡའ་དང་བྲལ་བའི་མེ་ལོང་ལ་གཟུགས་བརྙན་འཆར་ཡང་རང་བཞིན་མ་གྲུབ་པ་ལྟར་བུམ་དབང་གིས་གཙོ་བོར་བསྟན་པའི་ལྷ་སྐུ་བསྐྱེད་རིམ་གྱི་སྣང་ཆ་ཐམས་ཅད་དེ་དང་འདྲ་བར་ཤེས་དགོས་པའི་དོན་ཡིན་ནོ་ཧྲཱིཿཡིག་གི་བརྡ་ནི་གསང་དབང་གི་གཙོ་བོར་བསྟན་པའི་རླུང་འབྱུང་འཇུག་གནས་གསུམ་སོགས་གྲགས་སྟོང་སྐྱེ་འགག་མེད་པ་གསུང་རྡོ་རྗེའི་་་་་་་བདག་ཉིད་དུ་ཤེས་དགོས་པའི་དོན་ཡིན་ནོ། །རྨ་བྱའི་མདོངས་ནི་དབང་གསུམ་པས་གཙོ་བོར་བསྟན་པའི་བདེ་སྟོང་གི་ལམ་འདི་ཉིད་ཐབས་ལ་མཁས་པས་ཉམས་སུ་བླངས་ན་རྨ་བྱས་དུག་འཆུན་པ་ལྟར་ཕོ་ཉའི་ལམ་བཟང་མཆོག་ཏུ་གྱུར་པ་ཡིན་ནོ། །ཞེས་པའི་བརྡ་ཡིན་པ་ཤེས་པར་བྱའོ། །དེ་ལྟར་ཤེར་དབང་སེམས་ལ་བསྐུར་པས་ཡིད་ཀྱི་སྒྲིབ་པ་སྦྱངས། རྟོག་ཚོགས་ལྷའི་ཐུགས་གསང་གདོད་མའི་ཡེ་ཤེས་སུ་རྒྱས་བཏབ་པ་ཡིན་པས་དེའི་ངེས་ཤེས་ཀྱང་བསྐྱེད་པར་ཞུ། ཤིས་པ་བརྗོད། དེ་ལྟར་ཤེར་དབང་གསན་པའི་གཏང་རག་དང་དབང་བཞི་པ་ཞུ་བའི་ཡོན་དུ་དམིགས་ཏེ་ཞིང་ཁམས་འབུལ་བར་ཞུ། ཁྱེད་རང་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་སེམས་གནད་སྔུན་བསུ་རྗེས་གཅོད་ཀྱི་རྣམ་རྟོག་ཐམས་ཅད་སྤངས་ཏེ་ད་ལྟར་གྱི་ཤེས་པ་བཅོས་བསླད་མེད་པ་སྣང་སྟོང་སྐད་ཅིག་མའི་སྟེང་དུ་མ་ཡེངས་པར་མཉམ་པར་འཇོག་པར་ཞུ། མེ་ལོང་ཤེལ་རྡོ་ཧྲཱིཿཡིག་དཔའ་བོ་སྡེ་ལྔའི་སྐུ་འབག་རྨ་བྱའི་མདོངས་རྣམས་ཐོགས་ལ། རྒྱལ་བ་ཀུན་གྱི་ཐུགས་གསུང་སྐུ་རྡོ་རྗེ། །མེ་ལོང་ངོས་ལྟར་གསལ་དྭངས་ཐོགས་པ་མེད། །ཤེལ་རྡོ་བཞིན་དུ་སྐུ་ལྔ་ལྷུན་གྱིས་གྲུབ། །ཧྲཱིཿཡིག་བཞིན་དུ་སྒྲ་འོད་སྣང་སྲིད་ཁྱབ། །རྨ་བྱའི་མདོངས་ལྟར་འོད་སྐུ་ཐིག་ལེར་འཁྱིལ། །མངོན་སུམ་མཐོང་དང་ཉམས་སྣང་གོང་དུ་འཕེལ། །རིག་པ་ཚད་ཕེབས་ཆོས་ཉིད་ཟད་པའི་གཞིར། །སྣང་བ་བཞི་རྫོགས་སྒྲོན་དྲུག་འོད་གསལ་ཀློང་། །གདོད་མར་ཆོས་ཉིད་ཟད་པའི་དབང་ཐོབ་ཤོག །ཅེས་སྙིང་གར་བཞག་ལ། དེའང་དབང་སྔ་མ་རྣམས་ཀྱིས་ཡེ་ནས་ཡིན་པ་ལ་ཡིན་པར་ཤེས་པའི་རྗེས་དཔག་དང་ནུས་པ་ཙམ་བཞག་པ་ཡིན་ལ། འདིར་ནི་མངོན་སུམ་དུ་ངོ་སྤྲོད་པས་ཁྱད་པར་དུ་འཕགས་པ་ཡིན་པས་མ་ཡེངས་པར་ཉོན་ཅིག །མེ་ལོང་གཡའ་དང་བྲལ་བ་གཟུགས་བརྙན་ཐམས་ཅད་ཀྱི་འཆར་གཞིར་རུང་བ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་བདག་ཉིད་ཆོས་སྐུ་དྲི་མ་མེད་པ་མཚོན་པ་ཡིན་ནོ། །དེ་ཡང་གུད་ན་ཡོད་པ་མ་ཡིན་ཏེ། ད་ལྟ་ཁྱེད་རང་གི་སེམས་མཉམ་པར་བཞག་པའི་གནས་སྐབས་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྤྲོས་པ་དང་བྲལ་བ་སྟོན་ཀའི་ནམ་མཁའ་གཡའ་དག་པ་ལྟ་བུ་འདི་ཉིད་ཡིན་པས་ངོ་ཤེས་པར་མཛོད་ཅིག །ཤེལ་རྡོ་དྲི་མ་མེད་པ་འོད་ལྔ་ལྷུན་གྲུབ་ཏུ་སྣང་བ་འདི་ནི་ཆོས་སྐུ་སྤྲོས་པ་དང་བྲལ་བ་དེའི་ངང་ནས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་རང་ཆས་ལྷུན་གྲུབ་ཏུ་བཞུགས་པ་དང་ལམ་དུས་ཀྱི་སྣང་ཆ་ཐམས་ཅད་རང་གི་རང་མདངས་ལས་གཞན་དུ་མ་གྱུར་པའི་ཕྱིར་སྣང་སྟོང་ཆོས་སྐུའི་རོལ་པར་ཤེས་པར་གྱིས་ཤིག །ཧྲཱིཿཡིག་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་འགག་པ་མེད་པའི་སྒྲ་དབྱངས་མཚོན་པ་ཡིན་ནོ། །དེ་ཡང་གུད་ན་ཡོད་པ་མ་ཡིན་ཏེ། ད་ལྟའི་རླུང་འབྱུང་འཇུག་གནས་གསུམ་གྱིས་མཚོན་པའི་སྒྲ་གྲགས་ཐམས་ཅད་གྲགས་སྟོང་སྐྱེ་འགག་མེད་པའི་གསུང་དབྱངས་སུ་ཤེས་པར་མཛོད་ཅིག །རིག་འཛིན་སྡེ་ལྔའི་སྐུ་བརྙན་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་བདག་ཉིད་མཚོན་པ་སྟེ། དེ་ཡང་ལོགས་སུ་ཡོད་པ་མ་ཡིན་ཏེ། ད་ལྟ་འོ་སྐོལ་རྣམས་ཀྱི་གཞི་ལུས་འདིས་མཚོན་པའི་སྣང་བ་ཐམས་ཅད་རིག་འཛིན་སྡེ་ལྔའི་དཀྱིལ་འཁོར་དུ་ངོ་ཤེས་པར་གྱིས་ཤིག །རྨ་བྱའི་སྒྲོ་མདོངས་འདི་ནི་འོད་གསལ་སྣང་བ་བཞིའི་ལྔ་ལྡན་འོད་ཀྱི་ཐིག་ལེ་མཚོན་པ་ཡིན་ཏེ། དེ་ཡང་ད་ལྟ་ཁྱེད་རང་རྣམས་བཞུགས་སྟངས་གསུམ་པོ་གང་རུང་གི་གནད་དང་ལྡན་པས་དབྱིངས་སྣང་དག་པའི་ནམ་མཁའ་ལ་གཟིགས་སྟངས་ཀྱི་གནད་བཅུན་ནས་གཟིགས་ཤིག །འོ་འདི་དུས་སུ་མཐོང་བའི་ཐིག་ལེ་ལུ་གུ་རྒྱུད་ཀྱི་རྣམ་པར་སྣང་བ་འདི་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཡིན་ནོ། །འདི་ནི་འཕེལ་ཆ་རིམ་པ་རིམ་པས་མཐར་སོན་པའི་བར་ལ་ཉམས་གོང་འཕེལ་དང་རིག་པ་ཚད་ཕེབས་ཆོས་ཉིད་ཟད་པའི་སྣང་བ་སྟེ་འོད་གསལ་སྣང་བ་བཞིའི་ལམ་བཟང་མངོན་དུ་བྱས་པའི་མོས་པ་མཛོད། དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། སྒོ་གསུམ་ཆ་མཉམ་གྱི་དྲི་མ་སྦྱངས། འཁོར་འདས་ཐམས་ཅད་རྩོལ་བྲལ་རྫོགས་པ་ཆེན་པོ་ཐིག་ལེ་ཉག་གཅིག་གི་ཀློང་དུ་རྒྱས་བཏབ་པ་ཡིན་པས་ངེས་ཤེས་བསྐྱེད་པར་ཞུ། ཞེས་ངོ་སྤྲད་ཅིང་ཤིས་པ་བརྗོད། དེ་ལྟར་ཚིག་དབང་གསན་པའི་གཏང་རག་དང་ཤིན་ཏུ་སྤྲོས་མེད་རྫོགས་པ་ཆེན་པོའི་ཟབ་དོན་མཐར་ཐུག་རིག་པ་རྩལ་གྱི་དབང་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཁྱེད་རང་རྣམས་ལུས་གནད་སྔར་ལྟར་བཅིངས་ནས་གཞི་ལུས་འདི་ཉིད་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ་མཉམ་གཞག་མཛད་ཅིང་རྒྱན་ཐམས་ཅད་སྤངས་པ་འོད་ཀྱི་སྐུ་ཅན་ཞིག་ཏུ་གསལ་བའི། སྟེང་གི་ནམ་མཁའི་དབུས་དང་ཕྱོགས་བཞིར་རིམ་པ་ལྟར་ཨ་ཡིག་མཐིང་དཀར་སེར་དམར་ལྗང་བའི་རྣམ་པ་ཅན་རེ་གསལ་བ་རྣམས་ལ་འཇའ་འོད་ལྔ་ལྡན་གྱི་མུ་ཁྱུད་མུ་མཐའ་མེད་པའི་ཐིག་ལེས་བསྐོར་བ། དེ་རྣམས་ལས་རང་མདོག་དང་མཐུན་པའི་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པས་འཁོར་འདས་སྣོད་བཅུད་ཐམས་ཅད་ལ་ཕོག །ཐམས་ཅད་འོད་ཀྱི་ཕུང་པོ་ཆེན་པོར་ལྟེམ་གྱིས་ཞུ་བ་རང་ཉིད་ལ་ཐིམ་པར་མོས་ལ་ཨ་བརྗོད་ཅིག །ཨ་ཨ་ཞེས་བགྲང་། མཐར་ཨ་ཡིག་རྣམས་རང་ལ་སིབ་ཀྱིས་ཐིམ་སྟེ་ནང་དབྱིངས་གཞོན་ནུ་བུམ་སྐུ་ཆོས་སྐུའི་དགོངས་པར་གྲོལ་བར་བསམས་ལ་ཅི་གནས་སུ་མཉམ་པར་འཇོག་པར་ཞུ། སླར་ཡང་དམིགས་པ་འདི་བཞིན་དུ་མཛོད་ཅིག །ཤར་ཕྱོགས་ཀྱི་ནམ་མཁའ་འདི་ཉིད་མེ་ལོང་ཡེ་ཤེས་ཀྱི་རང་མདངས་ལས་གྲུབ་པའི་ཞིང་ཁམས་དཀར་པོ་རྒྱ་ཁྱོན་ཚད་ལས་འདས་པ་རྡོ་རྗེ་རིགས་ཀྱི་དཔའ་བོ་དཔའ་མོ་ཌཱ་ཀི་དང་རིག་འཛིན་རྒྱལ་བ་མ་ལུས་འདུས་པའི་ལོངས་སྐུའི་རྒྱལ་ཁམས་ཆེན་པོར་ཁྱེད་རང་རྣམས་ཆམ་ཆམ་སོང་སྟེ་སངས་རྒྱས་རྡོ་རྗེ་སེམས་དཔའི་ངོ་བོར་སངས་རྒྱས་པའི་མོས་པ་མཛོད། བྱས་ལ་སློབ་དཔོན་གྱིས་ཤར་ཕྱོགས་སུ་སྡིགས་མཛུབ་གཏད་ལ། ཤར་ཕྱོགས་ནམ་མཁའ་རྡོ་རྗེ་རིགས་ཀྱི་ཞིང་། །མེ་ལོང་ཡེ་ཤེས་འོད་ལྔ་ཚོམ་བུའི་ཀློང་། །རྡོ་རྗེ་རིགས་ཀྱི་དཔའ་བོ་ཌཱ་ཀི་དང་། །རིག་འཛིན་འདུས་པའི་མཁའ་སྤྱོད་ཆེན་པོ་རུ། །དབུགས་དབྱུང་རྡོ་རྗེའི་དབྱིངས་ནས་ཕྱིར་མ་ལྡོག །ཨ་ཨ་ཕཊ་ཅེས་སྒྲ་དྲག་པོ་བརྗོད་ཅིང་། ཅུང་ཟད་མཉམ་པར་གཞག་བཅུག་གོ །ཡང་ལྷོ་ཕྱོགས་ཀྱི་ནམ་མཁའ་འདི་ཉིད་མཉམ་ཉིད་ཡེ་ཤེས་ཀྱི་རང་མདངས་ལས་གྲུབ་པའི་ཞིང་ཁམས་སེར་པོ་རྒྱ་ཁྱོན་ཚད་ལས་འདས་པ་རིན་ཆེན་རིགས་ཀྱི་དཔའ་བོ་ཌཱ་ཀི་དང་རིག་འཛིན་རྒྱལ་བ་མ་ལུས་འདུས་པའི་ལོངས་སྐུའི་རྒྱལ་ཁམས་ཆེན་པོར་ཁྱེད་རང་རྣམས་ཆམ་ཆམ་སོང་སྟེ་སངས་རྒྱས་རིན་ཆེན་འབྱུང་ལྡན་གྱི་ངོ་བོར་སངས་རྒྱས་པའི་མོས་པ་མཛོད། སྡིགས་མཛུབ་ལྷོར་གཏད་དེ། ལྷོ་ཕྱོགས་ནམ་མཁའ་རིན་ཆེན་རིགས་ཀྱི་ཞིང་། །མཉམ་ཉིད་ཡེ་ཤེས་འོད་ལྔ་ཚོམ་བུའི་ཀློང་། །རིན་ཆེན་རིགས་ཀྱི་དཔའ་བོ་ཌཱ་ཀི་དང་། །རིག་འཛིན་འདུས་པའི་མཁའ་སྤྱོད་ཆེན་པོ་རུ། །དབུགས་དབྱུང་དཔལ་ལྡན་དབྱིངས་ནས་ཕྱིར་མ་ལྡོག །ཨ་ཨ་ཕཊ། ཅུང་ཟད་མཉམ་པར་གཞག །ཡང་ནུབ་ཕྱོགས་ཀྱི་ནམ་མཁའ་འདི་ཉིད་སོར་རྟོག་ཡེ་ཤེས་ཀྱི་རང་མདངས་ལས་གྲུབ་པའི་ཞིང་ཁམས་དམར་པོ་རྒྱ་ཁྱོན་ཚད་ལས་འདས་པ་པདྨ་རིགས་ཀྱི་དཔའ་བོ་ཌཱ་ཀི་དང་རིག་འཛིན་རྒྱལ་བ་མ་ལུས་འདུས་པའི་འོག་མིན་གྱི་རྒྱལ་ཁམས་ཆེན་པོར་ཁྱེད་རང་རྣམས་ཆམ་ཆམ་སོང་སྟེ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ངོ་བོར་སངས་རྒྱས་པའི་མོས་པ་མཛོད། སྡིགས་མཛུབ་ནུབ་ཏུ་གཏད་དེ། ནུབ་ཕྱོགས་ནམ་མཁའ་པདྨ་རིགས་ཀྱི་ཞིང་། །སོར་རྟོག་ཡེ་ཤེས་འོད་ལྔ་ཚོམ་བུའི་ཀློང་། །པདྨ་རིགས་ཀྱི་དཔའ་བོ་ཌཱ་ཀི་དང་། །རིག་འཛིན་འདུས་པའི་མཁའ་སྤྱོད་ཆེན་པོ་རུ། །དབུགས་དབྱུང་བདེ་ལྡན་ཞིང་ནས་ཕྱིར་མ་ལྡོག །ཨ་ཨ་ཕཊ། ཅེས་མཉམ་པར་གཞག །ཡང་བྱང་ཕྱོགས་ཀྱི་ནམ་མཁའ་འདི་ཉིད་བྱ་གྲུབ་ཡེ་ཤེས་ཀྱི་རང་མདངས་ལས་གྲུབ་པའི་ཞིང་ཁམས་ལྗང་གུ་རྒྱ་ཁྱོན་ཚད་ལས་འདས་པ་ལས་ཀྱི་རིགས་ཀྱི་དཔའ་བོ་ཌཱ་ཀི་དང་རིག་འཛིན་རྒྱ་མཚོ་འདུས་པའི་ངེས་གསང་འོག་མིན་གྱི་རྒྱལ་ཁམས་ཆེན་པོར་ཁྱེད་རང་རྣམས་ཆམ་ཆམ་སོང་སྟེ་སངས་རྒྱས་དོན་ཡོད་གྲུབ་པའི་ངོ་བོར་སངས་རྒྱས་པའི་མོས་པ་མཛོད། སྡིགས་མཛུབ་བྱང་དུ་གཏད་ལ། བྱང་ཕྱོགས་ནམ་མཁའ་ཕྲིན་ལས་རིགས་ཀྱི་ཞིང། །བྱ་གྲུབ་ཡེ་ཤེས་འོད་ལྔ་ཚོམ་བུའི་ཀློང་། །ཕྲིན་ལས་རིགས་ཀྱི་དཔའ་བོ་ཌཱ་ཀི་དང་། །རིག་འཛིན་འདུས་པའི་མཁའ་སྤྱོད་ཆེན་པོ་རུ། །དབུགས་དབྱུང་ལས་ཀྱི་ཞིང་ནས་ཕྱིར་མ་ལྡོག །ཨ་ཨ་ཕཊ། ཅེས་མཉམ་པར་གཞག །ཡང་དབུས་ཕྱོགས་ཀྱི་ནམ་མཁའ་འདི་ཉིད་ཆོས་དབྱིངས་ཡེ་ཤེས་ཀྱི་རང་མདངས་ལས་གྲུབ་པའི་ཞིང་ཁམས་མཐིང་ག་རྒྱ་ཁྱོན་ཚད་ལས་འདས་པ་སངས་རྒྱས་རིགས་ཀྱི་དཔའ་བོ་ཌཱ་ཀི་དང་རིག་འཛིན་རྒྱ་མཚོ་འདུས་པའི་དོན་དམ་འོག་མིན་གྱི་རྒྱལ་ཁམས་ཆེན་པོར་ཁྱེད་རང་རྣམས་ཆམ་ཆམ་སོང་སྟེ་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ངོ་བོར་སངས་རྒྱས་པའི་མོས་པ་མཛོད། སྡིགས་མཛུབ་སྟེང་དུ་གཏད་དེ། དབུས་ཕྱོགས་ནམ་མཁའ་དེ་བཞིན་རིགས་ཀྱི་ཞིང་། །ཆོས་དབྱིངས་ཡེ་ཤེས་འོད་ལྔ་ཚོམ་བུའི་ཀློང་། །དེ་བཞིན་རིགས་ཀྱི་དཔའ་བོ་ཌཱ་ཀི་དང་། །རིག་འཛིན་འདུས་པའི་མཁའ་སྤྱོད་ཆེན་པོ་རུ། །དབུགས་དབྱུང་གདོད་མའི་ཞིང་ནས་ཕྱིར་མ་ལྡོག །ཨ་ཨ་ཕཊ། ཅེས་མཉམ་པར་གཞག །དེ་ལྟར་འབྲས་བུ་འགྱུར་བ་མེད་པ་ལྷུན་རྫོགས་ཀུན་ཏུ་བཟང་པོའི་དབང་བསྐུར་བ་ཐོབ་པ་ཡིན་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་བཀྲ་ཤིས་པའི་མེ་ཏོག་འཐོར་བྱུང་སྙམ་པ་མཛོད། ཅེས་ཤིས་པ་བརྗོད་པའི་མེ་ཏོག་འཐོར་རོ། །དེ་ལྟར་རྩ་བའི་དབང་རྣམས་ལེགས་པར་གྲུབ་པའི་གཏང་རག་དང་མཐའ་རྒྱས་ཀྱི་དབང་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་འབུལ་དུ་གཞུག །སློབ་མ་འགྲོ་དོན་ནུས་པ་ཡིན་ན་སྐབས་འདིར་ཁྲི་ལ་བཀོད་དེ་དབུ་ཞྭ་དང་སྣམ་སྦྱར་སོགས་མནབས་ལ། ཚེ་ཆང་ནས་མངའ་གསོལ་གྱི་བར་རྫོགས་པར་བགྱིས་ཤིང་ཤིས་པའི་མེ་ཏོག་འཐོར་བ་ནི་མངའ་གསོལ་གྱི་དབང་དང་ཞབས་བརྟན་དུའང་འགྱུར་བར་བཤད་དོ། གང་ལྟར་ཚེ་ཆང་ཐོགས་ལ། ཕྱི་ཀ་པཱ་ལ་མཚན་ལྡན་ལ་ནང་བཅུད་ཚེ་ལྷ་རིག་འཛིན་ཡབ་ཡུམ་བདེ་སྦྱོར་མཛད་པའི་སྒྲུབ་རྫས་འཆི་མེད་ཀྱི་བདུད་རྩིར་བསྐྱིལ་བ་འདི་ཉིད་ཁྱེད་རང་རྣམས་ལ་ཕུལ་བས་རྩ་རླུང་ཐིག་ལེ་དྭངས་མ་སྟོབས་སུ་གྱུར་ཏེ་འཆི་མེད་ཚེའི་དངོས་གྲུབ་དམ་པ་ཐོབ་བྱུང་སྙམ་་་་་པའི་ངེས་ཤེས་མཛོད། རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀཏ། །རྩ་གསུམ་དྭངས་མའི་བདེ་བཅུད་འོད་སྐུར་འཁྲུག །སྒྲུབ་རྫས་གཉན་པོ་འཆི་མེད་བདུད་རྩི་འདི། ཁྱོད་ལ་སྦྱིན་གྱིས་ཕུང་ཁམས་འོད་སྐུར་འབར། །རྩ་རླུང་ཐིག་ལེའི་ལང་ཚོ་ཡར་འཕེལ་ཤོག །བོ་དྷི་ཙིཏྟ་ཨཱ་ཡུཿཨ་བྷི་ཥིཉྩ་ཧཱུྃ། ཞེས་ལག་གཡོན་དུ་སྦྱིན། ཁམས་གསུམ་སྲིད་ཞིའི་དྭངས་བཅུད་ཐམས་ཅད་གཅིག་ཏུ་བསྡུས་པ་འཆི་བ་མེད་པའི་བཅུད་ལེན་རིལ་བུ་འདི་ཉིད་ཁྱེད་རང་རྣམས་ཀྱི་ཕྱག་ཏུ་ཕུལ་བས་ཚེ་དང་བསོད་ནམས་ཀྱི་དབང་དམ་པ་ཐོབ་བྱུང་སྙམ་པ་མཛོད། ཨོཾ་ཨཱཿཧཱུྃ། ཁམས་གསུམ་དབང་སྡུད་ཚེ་དཔལ་འགྱུར་མེད་བཅུད། །འདོད་ཡོན་ལྔ་ལྡན་བྱིན་འོད་ཟེར་འཁྲུག་ཅིང་། །རེག་དང་མྱོང་བ་ཙམ་གྱིས་ཕྱིར་མི་ལྡོག །རྡོ་རྗེའི་ཟས་བཅུད་ཚེ་ཡི་རིལ་བུར་སྦྱིན། །ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་ཚེ་རིལ་ལག་གཡས་སུ་སྦྱིན། རྡོ་རྗེ་ཚེའི་གཏོར་མ་འདི་ཉིད་ཕྱི་གཏོར་མའི་རྣམ་པ་ལ་ནང་གཞལ་ཡས་ཁང་གི་དབུས་སུ་ཚེ་ལྷ་རིག་འཛིན་སྡེ་ལྔ་ཡབ་ཡུམ་སྤྲུལ་འཁོར་དང་བཅས་པ་མཁྱེན་བརྩེ་ནུས་པའི་བྱིན་འོད་ཀྱི་དཔལ་དུ་འབར་བར་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་དང་རང་འདྲའི་སྐུ་མཐེབ་གང་བ་རེ་འཕྲོས་་པ་་་་ཁྱེད་རང་སོ་སོའི་ལུས་ཀྱི་གནས་རྣམས་སུ་ཐིམ་པས་འཆི་བ་མེད་པའི་དབང་དང་དངོས་གྲུབ་དམ་པ་ཐོབ་པར་གྱུར་སྙམ་པ་མཛོད་ཅིག །ཧྲཱིཿ གཏོར་གཞོང་འོད་ལྔ་ཟག་མེད་འཇའ་ཟེར་གྱིས། །སྣང་སྲིད་དྭངས་བཅུད་བདེ་བ་ཅན་གྱི་ཞིང་། །སྣང་མཐའ་འོད་དཔག་མེད་མགོན་ཚེ་ལྷའི་ཚོགས། །དཔའ་བོ་རིག་འཛིན་བྱིན་འོད་འབར་བའི་ཀློང་། །རྩ་གསུམ་ཀུན་འདུས་གཏོར་མའི་དབང་བསྐུར་རོ། །ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་སྤྱི་བོ་ནས་རིམ་པ་ལྟར་གནས་ལྔར་བསྐུར་རོ། །དེ་ལྟར་ཚེ་དབང་བསྐུར་བ་གྲུབ་པས་ཚེ་ལྷ་རིག་འཛིན་རྒྱ་མཚོའི་ཚོགས་རྣམས་ཀྱིས་བཀྲ་ཤིས་པའི་གླུ་དབྱངས་སྒྲོག་ཅིང་མེ་ཏོག་གི་ཆར་ཆེན་པོ་དབབ་པའི་མོས་པ་མཛོད། ཅེས་ཤིས་བརྗོད་ཀྱི་མེ་ཏོག་འཐོར་རོ། །དེ་ནས་མཐའ་རྟེན་བཀྲ་ཤིས་པའི་རྟགས་བརྒྱད་ཀྱི་དབང་གིས་མངའ་གསོལ་ཞིང་རྒྱས་གདབ་པ་ཡིན་ཏེ། དེ་ཡང་བཀྲ་ཤིས་པའི་རྟགས་བརྒྱད་པོ་ཁྱེད་རང་རྣམས་ཀྱི་ལུས་ཀྱི་གནས་བརྒྱད་དུ་བཀོད་ཅིང་། རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན་དང་བཀྲ་ཤིས་རྫས་བརྒྱད་ཀྱི་མཆོད་པ་ཕུལ་བས་ཆོས་བཀའ་འདི་ཉིད་ཀྱི་སྒོ་ནས་ཁམས་གསུམ་འགྲོ་བ་འདྲེན་པའི་དེད་དཔོན་ཆེན་པོར་མངའ་གསོལ་བའི་མོས་པ་མཛོད། ཧྲཱིཿ གདུགས་མཆོག་གསེར་ཉ་པདྨ་དུང་བཟང་དང་། །བུམ་མཆོག་དཔལ་བེའུ་ཡིད་བཞིན་འཁོར་ལོ་དང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་གྱིས། །ཟག་བྲལ་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ །མངའ་གསོལ་བདུད་སྡེའི་དཔུང་ལས་རྒྱལ་གྱུར་ནས། །རྒྱལ་སྲིད་རིན་ཆེན་བདུན་གྱི་མཆོད་པ་འབུལ། །མི་དབང་འགྲོ་བ་ཡོངས་ཀྱི་དེད་དཔོན་དུ། ཁྱོད་སྐུར་བཀྲ་ཤིས་རྫས་ཀྱི་མཚན་དཔེའི་འོད། ཁམས་གསུམ་མུན་པ་སེལ་བའི་དབང་བསྐུར་རོ། །ཞེས་རྟགས་བརྒྱད་ལུས་ཀྱི་གནས་སོ་སོར་རེག །རྣམ་བདུན་དང་རྫས་བརྒྱད་ལག་ཏུ་གཏད། མདའ་དར་སོགས་ཐོགས་ལ། དེ་ནས་དབང་བསྐུར་བ་དེ་དག་མི་ཉམས་བརྟན་པའི་ཕྱིར་གཏའ་བསྡམ་ཞིང་རྒྱས་གདབ་པ་ལ་དམིགས་པ་འདི་ལྟར་མཛོད། སློབ་དཔོན་དང་མདའ་དར་ཕྱག་མཚན་ཡིག་འབྲུ་རྣམས་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་པས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་བྱིན་རླབས་ནུས་པ་ཐམས་ཅད་འོད་དང་འོད་ཟེར་ཡིག་འབྲུའི་རྣམ་པ་ཅན་དཔག་ཏུ་མེད་པ་བྱིན་ཐིབས་ཀྱིས་བྱོན་པ་ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པར་བསམ་ཞིང་གནས་སོ་སོར་མདའ་དར་བཞག་པའི་གནས་སྐབས་ན་སྤྱི་བོར་རྣམ་རྒྱལ། མགྲིན་པར་རྟ་མགྲིན། སྙིང་གར་བདུད་རྩི་འཁྱིལ་བ་རྣམས་ཚེ་སྲོག་གི་བར་ཆད་བསྲུང་བའི་སླད་དུ་ཞལ་ཕྱིར་གཟིགས་ནས་བཞུགས་པ་དེ་དག་གི་སྐུ་ལས་འོད་ཟེར་མེ་ལྕེའི་ཕྲེང་བ་མཁའ་ཁྱབ་ཏུ་འཕྲོ་བས་གདོན་བགེགས་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་བསྲེག་ཅིང་་་་བརླག་པར་བྱས་པས་གང་གིས་ཀྱང་གླགས་མི་རྙེད་པའི་སྲུང་བའི་གུར་ཁང་དུ་ཆུད་པར་གྱུར་པའི་མོས་པ་མཛོད། ཀྱཻ། བླ་མའི་སྐུ་དང་ཡི་དམ་གསུང་། །མཁའ་འགྲོའི་ཐུགས་དང་ཆོས་སྲུང་གི །སྐུ་གསུང་ཐུགས་ཀྱི་ཡིག་འབྲུའི་རྒྱ། །སྲོག་ཚེ་ཡར་བའི་སྒོ་ལ་གདབ། །བླ་ཚེ་འཁྱམས་པའི་གནས་སུ་གདབ། །སྤྱི་བོའི་གནས་སུ་ཨཱ་ཡུ་ཥེ། །རྣམ་པར་རྒྱལ་བས་སྒོ་སྡོམས་ཤིག །བླ་མ་སྐུ་ཡི་རྒྱས་གདབ་བོ། །མགྲིན་པའི་གནས་སུ་ཨཱ་ཡུ་ཥེ། །རྟ་མགྲིན་ཡབ་ཡུམ་སྒོ་སྡོམས་ཤིག །ཡི་དམ་གསུང་གི་རྒྱས་གདབ་བོ། །སྙིང་གའི་གནས་སུ་ཨཱ་ཡུ་ཥེ། །བདུད་རྩི་འཁྱིལ་པས་སྒོ་སྡོམས་ཤིག །མཁའ་འགྲོ་ཐུགས་ཀྱི་རྒྱས་གདབ་བོ། །ཨོཾ་ཨཱཿཧཱུྃ། ཀཱ་ཡ་ཝཱ་ཀ་ཙིཏྟ། བུདྡྷ། བཛྲ། རཏྣ། པདྨ། ཀརྨ་རཀྵ་རཀྵ་ཧཱུྃ། ཞེས་དང་། ཧཱུྃ་ཧྲཱི༔ ཆོས་སྐུ་མི་འགྱུར་སོགས་ནས། སྤྲོས་བྲལ་ཆོས་སྐུར་ཨ༔ ཞེས་པའི་བར་ལས་བྱང་ལྟར་བརྗོད་ལ་མདའ་དར་ཕྱག་མཚན་འབྲུ་ལྔ་གནས་རྣམས་སུ་རེག་ཅིང་ལི་ཁྲིའི་ཐིག་ལེ་བཀོད་པས་རྒྱས་གདབ་དབྱངས་གསལ་རྟེན་སྙིང་ཤིས་བརྗོད་རྒྱས་པར་བྱའོ། །དེ་ལྟར་ཡང་རྩ་བའི་དབང་གཞུང་ལས། འདིས་ནི་འཆི་བདག་གི་གཡུལ་ལས་རྒྱལ། བདུད་བཞིས་བརྫི་བར་མི་ནུས། རིག་འཛིན་གྱི་གོ་འཕང་བརྙེས་པར་འགྱུར་རོ། །ཞེས་གསུངས་པའི་ཕན་ཡོན་ཅན་གྱི་དབང་བསྐུར་བའི་རིམ་པ་ལེགས་པར་ཕུལ་གྲུབ་པ་ཡིན་པས་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག་གོ །གསུམ་པ་དམ་ཚིག་བསྒྲག་པ་ནི། དེ་ལྟར་རིག་འཛིན་སྲོག་གི་སྒྲུབ་པའི་དབང་བསྐུར་ཟབ་མོ་རྒྱས་པར་གྲུབ་པས་དམ་ཚིག་གི་རིམ་པ་རྣམས་ལ་སྤང་བླང་གི་དམིགས་ཕྱེད་པར་སློབ་ཅིང་ཚུལ་བཞིན་དུ་བསྲུང་དགོས་ཏེ། དེ་དག་ཀྱང་མདོར་བསྡུ་ན་སྒོ་གསུམ་ཐ་མལ་འཁྲུལ་འབྱམས་སུ་མ་ཤོར་བར་དཀྱིལ་འཁོར་གསུམ་ལྡན་གྱི་དགོངས་པ་ལས་ནམ་ཡང་མི་འདའ་བ་དང་། ཁྱད་པར་དུ་དེ་ཐམས་ཅད་ཀྱི་རྩ་བ་རྡོ་རྗེ་སློབ་དཔོན་ལ་རག་ལས་པ་ཡིན་པས་དུས་དང་གནས་སྐབས་ཐམས་ཅད་དུ་སྐུ་གསུང་ཐུགས་དང་མི་འགལ་བའི་སྤྱོད་ལམ་ལ་སློབ་ཅིང་གསོལ་བ་འདེབས་པ་སོགས་དང་། རྩ་བ་དང་ཡན་ལག་གི་དམ་ཚིག་གི་རིམ་པ་གཞན་དུ་རྒྱ་ཆེར་བཤད་པ་མཐའ་དག་མ་ཉམས་པར་བསྲུང་བར་བགྱིད་སྙམ་དུ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ་གྱིས་ཁས་བླང་དུ་གཞུག །དེང་ནས་བརྩམ་སྟེ་སོགས་ཀྱིས་ལུས་ལོངས་སྤྱོད་འབུལ་བ་དང་དགེ་བསྔོ་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྱེས་སོ། །འདིར་དབང་གཉིས་ལྷན་ཅིག་ཏུ་བསྐུར་བའི་ཚུལ་ཡིན་ལ། སོ་སོར་བསྐུར་ཚེ་དབང་གི་སྔོན་འགྲོ་དཀྱིལ་འཁོར་ངོ་སྤྲོད་ཡན་ཆད་གཉིས་ཀ་ལ་སྦྱར། ཚེ་དབང་ཙམ་བྱེད་པ་ལ་ནི་སྔོན་འགྲོ་རིགས་རིམ་སྤྱི་ཁྱབ་སྐབས་སུ་གང་བབས་ཀྱི་ཐོག་ཚེ་བྱིན་དབབ་པ་ཙམ་བགྱིས་པའི་མཇུག་ཏུ་དབང་རྒྱས་བསྡུས་གང་ཡིན་པ་དེའི་བུམ་དབང་བསྐུར་བའི་རྗེས་ལ་ཙཀླིའི་རྒྱབ་ཡིག་ཏུ་གསུངས་པའི་ཚེ་རིལ་ཚེ་གཏོར་སོགས་བསྐུར་ཚིགས་སོ་སོར་གསུངས་པ་ལྟར་བསྐུར་བས་དོན་གྲུབ་པ་ཡིན་ནོ། །དོན་གསུམ་པ་རྗེས་སུ་བྱ་བའི་ལས་རིམ་ནི། སླར་ཡང་མཆོད་པ་ཁ་གསོས་ལ་གཏང་རག་གི་མཆོད་བསྟོད་རྒྱས་བསྡུས་སྐབས་སུ་གང་བབ་དང་། ལྕོགས་ན་ལྡབ་འཕར་གྱི་ཚོགས་དང་སྐོང་བ་སོགས་ཀྱང་རྒྱས་པར་བྱ་ཞིང་། གང་ལྟར་ཡང་ཚོགས་ལྷག །ཆད་མདོ། བརྟན་སྐྱོང་། རྟ་བྲོ། ཤིས་བརྗོད་སོགས་ལས་གཞུང་གི་དཀྱུས་སུ་བསྟན་པ་ལྟར་ལྷག་ཆད་ཀྱི་སྐྱོན་དང་བྲལ་བར་བྱའོ། །བརྒྱུད་པའི་ཕྱག་བཞེས་རང་གཞུང་དགོངས་པ་དག །ཟུང་བསྡེབས་ལུགས་འདིའི་ཕྱག་ལེན་འཁྲུལ་མེད་ཉིད། ཁྱེར་བདེ་སྙིང་པོར་བསྡུས་ཏེ་བྲིས་པ་ལ། །ནོངས་པ་གང་མཆིས་རྩ་བ་གསུམ་ལ་བཤགས། །ཤིན་ཏུ་ཡང་ཟབ་རྩ་གསུམ་བླ་རྡོ་འདི། །གངས་ཅན་སྐལ་བཟང་ཀུན་གྱི་སྤྱི་ནོར་དུ། །གཅེས་འཛིན་འོད་ཀྱི་ལུས་ཅན་བྱེ་སྙེད་ཀྱིས། །སྲིད་པ་གཞི་ལ་ལྡོག་པའི་བཙས་གྱུར་ཅིག །ཅེས་པའང་རང་འདྲའི་འདོད་ཅན་ལས་མ་ནུས་ལ་ཁྱེར་བདེ་ཞིང་གོ་སླ་བའི་ཕྱིར་དུ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་བརྒྱུད་པ་འདི་འཛིན་པའི་མཁས་པ་དག་གི་གསུང་ངག་སྙིང་པོར་དྲིལ་ཏེ། ཤྲཱི་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལམ།། །།
ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ བཀའ་སྲུང་ལྷ་ཆེན་གྱི་ལོ་རྒྱུས་ (Volume 53, Text 4)
ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ བཀའ་སྲུང་ལྷ་ཆེན་གྱི་ལོ་རྒྱུས་བཞུགས་སོ༔ ྈྈྈྈ དབང་གི་བདག་ཉིད་པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཐུགས་རྗེ་ཆེན་པོའི་བཀའི་སྲུང་མ་འཇིག་རྟེན་ན་དྲག་རྩལ་དབང་ཕྱུག་གྲུབ་པའི་ལྷ་ཆེན་འདི་ནི་ངོ་བོ་གདོད་ནས་མི་འགྱུར་བ་སྤྱན་རས་གཟིགས་སུ་མངོན་པར་བྱང་ཆུབ་པ་འོ༔ རང་བཞིན་མ་འགགས་པའི་རྩལ་ཞི་བ་དང་ཁྲོ་བོ་ཅིར་ཡང་སྣང་བ་འོ༔ ཐུགས་རྗེ་ཀུན་ཁྱབ་ཀྱི་ཆོ་འཕྲུལ་ལས་ལྷ་ཆེན་དུ་སྲིད་པ་འོ༔ དེ་ཡང་རྒྱ་གར་གྱི་ཡུལ་ཀུན་དུ་བུདྡྷའི་བསྟན་པ་ཆེས་ཆེར་དར་ཞིང་རྒྱས་པར་གྱུར་པ་ན༔ མུ་སྟེགས་རྣམས་ཀྱིས་མ་བཟོད་དེ་ཐ་སྙད་ཀྱི་རྩོད་པ་དང་རིག་སྔགས་ཀྱི་སྦྱོར་བས་དྲེགས་པ་ཅན་འགུགས་པ་དང་གཉེན་པོར་སྤྲོད་པ་སོགས་ཐབས་སྣ་ཚོགས་ཀྱིས་གནོད་པ་བྱེད་དོ༔ དེ་ལས་ལྷོ་ཕྱོགས་སུ་འཇིག་རྟེན་གྱི་ལྷ་དང་ཀླུ་མཐུ་བོ་ཆེ་དུ་མས་ཀྱང་མུ་སྟེགས་ཀྱི་རིགས་ལ་དངོས་གྲུབ་སྟེར་ཞིང་ནང་པ་རྣམས་ལ་འཚེ་བར་བྱེད་དོ༔ དེའི་ཚེ་བདག་གིས་འདུལ་བའི་དུས་ལ་བབས་པར་རིག་ནས་ལྷོ་ཕྱོགས་སུ་སོང་སྟེ་སྟོན་པ་ལྔ་བརྒྱ་པོ་ཐམས་ཅད་རྩོད་པས་ཚར་བཅད་ནས་ཉམས་པར་བྱས་པས་དེ་དག་གི་ཡིད་ཁོང་དུ་ཆུད་ནས་སླར་ཡང་ཙན་དན་གྱི་ནགས་སུ་རིགས་སྔགས་ཀྱི་སྦྱོར་བ་སྒྲུབ་པར་བྱེད་དོ༔ དེར་རྒྱལ་དང་ལྡན་པའི་སྟོང་གི་ནམ་ཕྱེད་ན་བདག་ཉིད་བཞུགས་པའི་གནས་སུ་ས་གཡོ་བ་དང་ལྗོན་ཤིང་རྣམས་འཁྲུགས་ཤིང་སྒྲ་འབྱིན་པ་དང་འོད་དམར་པོ་ཏ་ལ་ཙམ་ཁྱིལ་ཁྱིལ་བྱེད་པ་སོགས༔ ཆོ་འཕྲུལ་སྣ་ཚོགས་སྣང་བར་བྱེད་དོ༔ བདག་གིས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཟིལ་གྱིས་མནན་ནས་དབང་དུ་བསྡུས་པས་འོད་དེ་ཉིད་སྐྱེས་བུ་བཞིན་བཟང་དམར་ཞིང་ཆགས་པའི་ཚུལ་ཅན་མེ་ཏོག་གི་རྒྱན་དང་ལྡན་པ་གཅིག་ཏུ་གྱུར་ནས་བཀའ་ཅི་བསྩལ་འབངས་སུ་མཆི་འོ་ཞེས་ཕྱག་བྱེད་ཅིང་ཞབས་ལ་འདུད་པར་གྱུར་ཏོ༔ དེར་བདག་གིས་ཤེས་བཞིན་དུ་མི་མ་ཡིན་གྱི་རིགས་སུ་གཏོགས་པ་འདྲ་བ་ཞིག་མཆིས་ན་སུ་ཞིག་ཆོ་འཕྲུལ་འདི་དག་ནི་གང་གི་མཐུ་ཞེས་དྲིས་པས༔ དེ་ན་རེ་བདག་ནི་འཇིག་རྟེན་ན་ཆེ་བའི་མཐུ་རྩལ་གྲུབ་པ་དབང་ཕྱུག་མ་ཧཱ་དེ་བ་ཞེས་བྱ་བ་སྟེ༔ ཙནྡན་གྱི་ནགས་སུ་མུ་སྟེགས་སྟོན་པ་རྣམས་ཀྱིས་རིག་སྔགས་ཀྱི་སྦྱོར་བས་བསྐུལ་པ་ལས་འདིར་མཆིས་པ་འོ༔ ཆོ་འཕྲུལ་དེ་དག་ནི་བདག་གི་མཐུ་འོ༔ འགྲོ་བ་གཞན་དག་ནི་བདག་གི་ཆོ་འཕྲུལ་ཕྲ་མོ་རེས་ཀྱང་འགུགས་ཤིང་གསོད་པར་བྱེད་པ་འོ༔ སློབ་དཔོན་གྱི་དགོངས་པ་ནི་བཤིགས་པར་མ་ནུས་པས་བདག་ཉིད་མི་བཟད་པའི་ཆོ་འཕྲུལ་གྱིས་སྤ་བཀོང་བར་གྱུར་ན་ཁྱོད་ནི་སངས་རྒྱས་ཐམས་ཅད་ཀྱི་སྤྱི་དཔལ་དུ་ངེས་པས་གུས་ཤིང་འདུད་པ་ལགས༔ བཟོད་པར་མཛོད་ཅིག་འབངས་སུ་མཆི་འོ༔ ཞེས་སྲོག་གི་སྙིང་པོ་རྒྱུད་གཅེས་གནད་དང་བཅས་པ་ཐམས་ཅད་མདོངས་གསོལ་དུ་ཕུལ་ལོ༔ དེར་བདག་གིས་མི་འགྱུར་བའི་བཀའ་གཙིགས་སུ་ཕབ་ནས་དམ་པ་ཆོས་ཀྱི་སྲུང་མར་གཉེར་གཏད་དབང་བསྐུར་ནས་དམ་ཚིག་གི་གསོས་བཏབ༔ དེར་བདག་ཉིད་ཐུགས་ཞི་བ་ཆོས་ཀྱི་དབྱིངས་ལས་རོལ་པ་སྙིང་རྗེ་ཆེན་པོའི་ཐབས་ཀྱིས་མུ་སྟེགས་ཀྱི་སྟོན་པ་རྣམས་ལ་རང་གཤེད་དུ་ཕབ་པས༔ ཙནྡན་གྱི་ནགས་སུ་མི་བཟད་པའི་ཆོ་འཕྲུལ་སྣ་ཚོགས་དང་བཅས་པའི་གནམ་ལྕགས་ཆར་བཞིན་དུ་ཕབ་པས་ནགས་ཚལ་མེ་འབར་སྟེ་མུ་སྟེགས་པ་སྡེ་དང་བཅས་པ་ཚར་བཅད་ནས་མིང་མི་གྲགས་པར་བྱས་ཤིང་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་བཞིན་དུ་གྱུར་ཏོ༔ དེ་ནས་བདག་གིས་ལྷ་ཆེན་གྱི་སྲོག་གཏད་རྒྱུད་དང་བཅས་པའི་མན་ངག་མང་དུ་སྤེལ་ཞིང་སྐལ་པ་དང་ལྡན་པ་སོ་སོར་བསྟན་པ་ལས༔ འདི་ནི་མན་ངག་ཐམས་ཅད་ཀྱི་ཟབ་གནད་ལོགས་སུ་ཕྱེ༔ རྒྱུད་ཀྱི་བཅུད་ཐམས་ཅད་གཅེས་གནད་ཀྱི་སྙིང་པོར་བསྡུས་ནས་ཁ་ཚང་དོན་འདྲིལ་དུ་བྱས་ཏེ་ལས་ཅན་གྱི་སློབ་མ་མངའ་བདག་ཡབ་སྲས་དང་ལོ་ཙཱ་བ་བཻ་རོ་ཙ་ན་ལ་ཐུགས་རྩིས་སུ་དགོངས་ནས་བསྟན་པ་འོ༔ སྤྱིར་སྙིགས་མ་ལྔ་བདོ་སུམ་ཅུ་ཁ་རལ་གྱི་དུས་ན་གནམ་གྱི་འོད་ཉམས་པས་ཆར་ཆུ་སྒང་གཤོང་ཆེ༔ སའི་བཅུད་ཉམས་པས་ལོ་ཐོག་དང་རྩི་ཤིང་མི་སྨིན༔ སྐྱེ་འགྲོའི་གཡང་ཉམས་པས་ནད་རིགས་དང་དམག་འཁྲུག་དར༔ དེའི་ཚེ་ནག་ཕྱོགས་ཀྱི་སྟོབས་རྒྱས་པས་འགྲོ་བ་ཐམས་ཅད་ཀྱི་སྙིང་ལ་བདུད་ཞུགས་ནས་གཙུག་ལག་དང་ཆོས་འཁོར་འཇིག༔ ཆོས་བྱེད་ཀྱི་མངའ་ཐང་འཕྲོག་ཅིང་སྲོག་ལ་རྒོལ་བས་མཐའི་དམག་མཚོ་རྡོལ༔ ཁྱད་པར་དུ་བོད་ཕུང་བྱེད་ཀྱི་ཆེ་བཙན་འགོང་པོ་སྙིང་ལ་ཞུགས་པ་དགུས་ཐབས་དུ་མའི་བློ་འདྲིད་དང་གདུབ་རྩུབ་ཀྱིས་བོད་ཁམས་སུ་མི་བདེ་བའི་དུཿཁ་སྣ་ཚོགས་ཟིང་སློང་བའི་དུས་སུ༔ ངའི་རྗེས་སུ་ཞུགས་པ་རྣམས་ཀྱིས་དེ་དག་འདུལ་བའི་ལས་བྱ་འོ༔ དེ་ཡང་དྲག་པོའི་ལས་ཀྱིས་ཐུལ་བ་དཀའ་འོ༔ ཅིའི་ཕྱིར་ན་ལྟ་བ་སྟོང་ཉིད་རྟོགས་པ་གྱབས་ཀྱི་ལྷ་དང་ཏིང་ངེ་འཛིན་གྱི་དྲོད་ཚད་རྙེད་པ་གཉེན་པོ་སྟོབས་ཀྱི་ལྷ་དང་དེ་མངོན་དུ་གྱུར་པ་ལ་རགས་ལུས་ན་དེའི་ཚེ་ལེ་ལོ་དང་སྙོམ་ལས་ཆེ༔ བརྩོན་འགྲུས་ཀྱི་མཐུ་ཆུང་བས་ཕོ་ཉ་ལས་ཀྱི་ལྷ་འཁུལ་བར་མི་ནུས་ཤིང་ཞེ་སྡང་རང་དགའ་མས་འཁོར་བར་ལྟུང་ངོ༔ དེས་ན་འདི་ཉིད་དང་པོ་འཕགས་པ་ཐུགས་རྗེ་ཆེན་པོ་ཡིན་པས་བྱིན་རླབས་ཆེ་ཞིང་དབང་དུ་བསྡུས་ཚད་འཁོར་བར་མི་ལྟུང༔ རྣམ་པ་འཇིག་རྟེན་གྱི་ལྷ་ཆེན་དབང་ཕྱུག་གྲུབ་པ་ཡིན་པས་ཚན་ཆེ༔ དབང་གི་ལྷ་དབང་གི་ཕྲིན་ལས་སུ་བསྒྲུབས་པས་རྣོ་ལ་མྱུར༔ མན་ངག་གབ་འཁྲུགས་སུ་མ་སྦས་པས་ཉམས་སུ་བླང་བདེ༔ དམ་ཚིག་ཟོལ་ཟོག་མེད་པས་བསྒྲུབ་ན་བེམ་པོའི་རྡོ་ཡང་འགུགས་ནུས༔ དེའི་ཕྱིར་འདི་ནི་གཅེས་པ་ཐམས་ཅད་ཀྱི་ཡང་ཐིག་ཐུགས་རྗེ་ཆེན་པོ་བཀའི་སྲུང་མར་གདམས་པ་ཡིན་པས་ནག་ཕྱོགས་ཀྱི་ལོག་འདྲེན་མཐུ་དང་ལྡན་པ་ཐམས་ཅད་དབང་དུ་བསྡུས་ནས་བསྟན་པ་ལ་གཟུད་པར་གྱིས་ཤིག༔ དེས་བོད་འདིར་རེ་ཞིག་བདེ་བར་འགྱུར་རོ༔ ཞེས་གསུངས་ནས་མངའ་བདག་ཡབ་སྲས་དང་བདག་དང་ཕྱི་མའི་འགྲོ་ལ་བརྩེ་བར་དགོངས་ནས་གཏད་པ་འོ༔ གཅེས་པར་ཟུངས་ཤིག་སྐལ་མེད་ཁ་ཟག་ཅན་ལ་མིང་ཙམ་ཡང་མི་བསྒྲག་གོ༔ ཤིན་ཏུ་གསང་བའི་ཐ་ཚིག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ།། །། ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ བཀའ་སྲུང་ལྷ་ཆེན་གྱི་སྲོག་གཏད་ཟབ་མོ་བཞུགས་སོ༔ དབང་གི་བདག་ཉིད་པདྨ་གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ༔ དམ་ཚིག་ཅན་ལ་སྲོག་གཏད་སྦྱིན་པར་འདོད་ན་རྒྱལ་གྱི་ཉིན་པར་དབེན་པའི་གནས་སུ་མཎྜལ་སྒྲུབ་ཐབས་བཞིན་བྱས་ལ༔ དེའི་ཁར་གཏོར་མ་རཏྣའི་སྙེ་མ་ལྟ་བུ་དམར་པོ་ལ་སྐུ་བཙུགས་པ་དང༔ སྒྲུབ་ཡིག་དང༔ བླ་རྡོ་རྟེན་རྫས་དང༔ ལྕགས་ཀྱུ་ཞགས་པ་རྣམས་བཞག་མཐའ་མཆོད་པ་ཀུན་གྱིས་བསྐོར༔ སློབ་དཔོན་ཡི་དམ་གྱི་དགོངས་པ་དང་ལྡན་པས་དམིགས་རྟེན་ལྷ་ཆེན་དུ་བསྐྱེད་ནས་མཆོད་བསྟོད་འབུལ་ཞིང་བཟླས་པ་བྱ༔ དེ་ནས་སློབ་མ་དམ་ཚིག་དང་བརྟུལ་ཞུགས་ལྡན་པ་ལྔ་ལས་མི་མང་བས་དར་དམར་པོའི་ཕྱག་རྟེན་དང་རཏྣ་དང་མེ་ཏོག་དམར་པོའི་མཎྜལ་ཕུལ་ལ༔ ཨེ་མ་ཧོ༔ ཐུགས་རྗེ་ཆེན་པོའི་གཏེར་མངའ་བ༔ དམ་ཚིག་བདག་པོ་དགོངས་སུ་གསོལ༔ ཁམས་གསུམ་ཀུན་ལ་དབང་སྒྱུར་བའི༔ མཐུ་ཆེན་གྲུབ་པ་བདག་ལ་སྩོལ༔ ཅེས་ལན་གསུམ་ཞུ༔ དྲེགས་པའི་ལྷ་ཆེན་དབང་ཕྱུག་ཆེ༔ ཁྱོད་ཀྱིས་མཆོད་ཅིང་སྒྲུབ་པ་དང༔ དམ་ཚིག་མཆོག་ལ་གནས་ནུས་སམ༔ དེ་ལྟར་རུང་ན་སྦྱིན་པར་བྱ༔ ཞེས་བརྗོད་ཅིང་སློབ་མས་དེ་ལྟར་ནུས་ཞེས་ཁས་བླང༔ སྐྱབས་འགྲོ་སེམས་བསྐྱེད་བྱ༔ སློབ་དཔོན་དང་སློབ་མ་རྟ་མགྲིན་དུ་བསྒོམ༔ མདུན་གྱི་རྟེན་ལྷ་ཆེན་འཁོར་བཅས་སུ་བསྒོམས་ནས་སྤྱན་འདྲེན་དང་མཆོད་བསྟོད་བྱ༔ སློབ་དཔོན་གྱི་སྙིང་ག་ནས་རྟ་མགྲིན་གཅིག་འཕྲོས་པ་སློབ་མའི་སྤྱི་བོར་བསྟིམས་ལ༔ ཧྲཱི༔ དཔལ་ཆེན་ཧ་ཡ་གྲཱི་ཝའི་སྐུ༔ ཇི་སྙེད་སངས་རྒྱས་ཀུན་གྱི་བདག༔ དྲེགས་པ་སྤྱི་ཡི་གཉེན་པོར་ཆེ༔ དེང་འདིར་ཁྱོད་ལ་དབང་བསྐུར་རོ༔ ཨཱོྃ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དྲེགས་པ་སྤྱི་འདུལ་གྱི་དབང་བསྐུར་པས་སློབ་མ་རྟ་མགྲིན་དངོས་སུ་བསམ༔ དེ་འོད་ཕུང་དམར་པོར་ཞུ་བའི་སྙིང་པོ་ཨཾ་དམར་པོ་བསྒོམ༔ དེ་ལས་ལྷ་ཆེན་གྱི་སྐུར་གསལ་བཏབ་ལ་རྟེན་ལས་ལྷ་ཆེན་གཉིས་པ་སྤྲོས་ནས་ཐིམ་པས་ལུས་དང་གྲིབ་མ་བཞིན་དབྱེར་མེད་དུ་གྱུར་པར་བསམ་ལ་གཏོར་མ་གཏད༔ ཧྲཱི༔ ཁམས་གསུམ་དབང་དུ་བྱེད་པའི་ལྷ༔ དབང་ཕྱུག་མ་ཧཱ་དེ་བ་ཡི༔ དངོས་གྲུབ་ཆེན་པོའི་དམ་ཚིག་འདིས༔ ཁྱོད་ལ་དབང་བསྐུར་ཐོབ་གྱུར་ཅིག༔ རྩ་སྔགས་ཀྱི་མཐར་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཞེས་བྱིན༔ སྒྲུབ་ཡིག་གཏད་ནས་བཟླས་ལུང་སྦྱིན༔ སྙིང་གའི་སྔགས་ཕྲེང་མར་མེ་ལྟར་འབར་བའི་འོད་ཀྱིས་ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དམར་པོར་ལྟེམ་གྱིས་ཞུ་བའི་དྭངས་མ་སྙིང་གར་ཧྲིལ་གྱིས་ཐིམ་པས་ཁམས་གསུམ་དབང་དུ་འདུས་པར་བསམ་ཞིང་ཤུ་ཀྲ་ཟླ་མཚན་གུར་གུམ་གྷི་ཧཾ་ཙནྡན་གྱི་ལྡེ་གུ་རྣམས་སྦྱར་བའི་ཐིག་ལེ་སྙིང་གར་བྱ་སྔགས་རྣམས་བརྗོད་ཅིང་རྟེན་རྫས་སྙིང་གར་བཞག་ནས་བཀའ་བསྒོ་བྱ༔ དེས་ཁམས་གསུམ་གྱི་དབང་ཕྱུག་ཆེན་པོར་གྲུབ་པ་ལ་ལྕགས་ཀྱུ་གཏད་ནས༔ འདི་ནི་དབང་གི་ལྕགས་ཀྱུ་སྟེ༔ འགྲོ་བ་ཀུན་གྱི་སྙིང་ནས་འཛིན༔ ཁམས་གསུམ་མ་ལུས་དབང་དུ་སྡུད༔ དབང་གི་ཕྱག་རྒྱར་ཁྱོད་ལ་སྦྱིན༔ ཨཱོྃ་ཨཾ་ཀུ་ཤ་ཧྲིཾ་ཛ༔ ཞགས་པ་གཏད་ལ༔ འདི་ནི་དབང་གི་ཞགས་པ་སྟེ༔ འགྲོ་བ་ཀུན་གྱི་ལུས་ངག་ཡིད༔ འཆིང་བྱེད་རླུང་གི་ཞགས་པ་ཡང༔ དབང་གི་ཕྱག་རྒྱར་ཁྱོད་ལ་སྦྱིན༔ ཨ་ནྲྀ་ཏྲི་པཱ་ཤཾ་ཧཱུྃ༔ གཏོར་མ་དངོས་གྲུབ་ཏུ་གཏད་ལ༔ བདུད་རྩིའི་རོ་མཆོག་དམ་པ་ཡིས༔ ཟས་ནོར་ལོངས་སྤྱོད་ཆར་ལྟར་འབེབ༔ འཇིག་རྟེན་གསུམ་གྱི་བཅུད་རྣམས་ཀུན༔ དབང་དུ་བྱེད་པར་ཁྱོད་གྱུར་ཅིག༔ ཨཱོྃ་སརྦ་ཨ་མྲྀཏ་སིདྡྷི་ཧཱུྃ༔ གཏོར་མ་དངོས་གྲུབ་ཏུ་ཟར་བཅུག༔ རྫས་རྣམས་གཞན་ལ་མི་སྦྱིན་ནོ༔ དེ་ནས་དམ་ཚིག་བསྟན་ལ་ཁས་ལེན་བྱ༔ ཡོན་གྱི་དངོས་པོ་དག་ཅིང་རྒྱ་ཆེར་འབུལ་བ་གནད་ཟབ་བོ༔ ལྷ་ཆེན་གྱི་སྲོག་གཏད་ཟབ་མོར་དྲིལ་བའི་གནད་གདམས་སྩྱོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ།། །། ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ བཀའ་སྲུང་ལྷ་ཆེན་གྱི་བསྙེན་ཐབས་བཞུགས་སོ༔ དབང་གི་བདག་ཉིད་པདྨ་གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ༔ ཐུགས་རྗེ་ཆེན་པོའི་བཀའི་སྲུང་མ་ལྷ་ཆེན་གྱི་བསྙེན་པ་བྱ་བའི་མན་ངག་ནི༔ སྒྲུབ་པའི་གང་ཟག་དམ་ཚིག་དང་བརྟུལ་ཞུགས་ལྡན་པས༔ དཔྱིད་ཟླ་ར་བའི་ཚེས་བརྒྱད་དམ་བཅོ་ལྔ་དང་ཉི་ཤུ་གསུམ་དང་ལྔ་ལ་སོགས་པ་རྒྱལ་དང་ཕུར་བུ་འཛོམ་པའི་དུས་སུ༔ རི་བོ་འཕེན་བཟང་ནགས་ཚལ་རྒྱས་པ་སོགས་དབང་གི་གནས་སུ་འོས་པ་བཙལ་ལ་གཞི་བདག་ལ་གཏོར་མ་བཏང་ནས་བཀའ་བསྒོ༔ བར་ཆད་གཟིར་གནན་དང་ཚོགས་གསག་ཅི་ནུས་བྱས་ལ༔ མཎྜལ་བཅའ་བ་ནི༔ རྒྱལ་པོའི་མཛོད་དང་དགེ་འདུན་གྱི་ཐབ་ས་ཚོང་འདུས་ཚོགས་པའི་ས་རྣམས་ལ་སྟེགས་བུ་ཁྲུ་གང་པ་གཅིག་བརྩིགས༔ ན་ཆུང་གི་རཀྟ་གྷི་ཧཾ་རྒྱ་སྐྱེགས་མྱོས་བྱེད་ཀྱི་ཁུ་བ་རྣམས་ཀྱིས་ཆག་ཆག་གདབ༔ དེ་ལ་ཟླ་གམ་སྒོ་གཅིག་ནུབ་ཏུ་བསྟན་པའི་ནང་དུ་པད་འདབ་བཞིར་ཕྱིར་པདྨའི་ལུ་གུ་རྒྱུད་དང་ལྕགས་ཀྱུ་དང་ཞགས་པ་དང་འོད་ཀྱིས་བསྐོར་བ་བྲི༔ མེ་ཏོག་དམར་པོའི་ཚོམ་བུ་བཀྲམ༔ དེའི་ཁར་ཟངས་གཞོང་དུ་འབྲུ་སྣ་དང་རཏྣ་སྣ་ཚོགས་ཀྱིས་གང་བའི་ཁར་སྐུ་རྟེན་བཙུག་དར་དམར་པོས་གཡོགས༔ མདུན་དུ་འབྲས་སོགས་འབྲུ་སྣ་གཙང་མའི་ཕྱེ་ལ་སྨན་དང་སྤོས་དང་མངར་གསུམ་བསྲེ༔ སྦྲང་རྩིས་སྦྲུས་པའི་གཏོར་མ་རཏྣའི་སྙེ་མ་ལྟ་བུ་ལ་ཤ་དང་ཆན་དང་མེ་ཏོག་དང་ཁུར་བ་དང་ལ་དུ་དང་མྱོས་བྱེད་ཀྱི་འབྲས་བུ་དང་ཞོ་དང་མར་ལ་སོགས་པས་བརྒྱན་པ་དང་བཏུང་བའི་སྣོད༔ མེ་ཏོག་དམར་པོ་དང་ཏིལ་གྱི་སྒྲོན་མེ་དང་ཙན་དན་གྱི་ཆུ་རྣམས་མཆོད་པར་བྱ༔ དེ་ནས་སྲུང་བའི་ཙཀྲ་སྒོམ་པ་དང་གོང་ནོན་གྱི་བསྙེན་པ་དུམ་གཅིག་བྱས་ནས་མདུན་གྱི་རྟེན་ཟླ་གམ་དམར་པོ་སྒོ་གཅིག་པའི་ནང་དུ་པདྨ་དང་ཉི་མའི་དབུས་སུ་ཨཾ་དམར་པོ་འབར་བ་ཞིག་བསམ༔ དེ་ལས་ལྷ་ཆེན་དབང་ཕྱུག་ཆེན་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་འཛུམ་ཁྲོ་མཆེ་བ་གཙིགས་པ་པདྨ་རཱ་ག་ལྟར་དམར་ཞིང་ཆགས་ཉམས་རྒྱས་པ་རལ་པ་ལ་ཟླ་ཚེས་ཤར་བ་ལིངྒ་སྒྲེང་པ༔ གཡས་པ་ལྕགས་ཀྱུ་དང་གཡོན་རླུང་གི་ཞགས་པ་འཛིན་པ་དར་དང་རཏྣས་བརྒྱན་པ་ཞབས་གཡོན་བརྐྱང་གཡས་བསྐུམ་པ༔ གཡོན་དུ་ལྷ་མོ་ཨུ་མ་དམར་གསལ་ལྕགས་ཀྱུ་དང་ཞགས་པ་འཛིན་པ་དར་དང་མེ་ཏོག་དམར་པོས་བརྒྱན་པ་བཞེངས་པའི་སྟབས་ཅན༔ འདབ་མ་བཞི་ལ་གསང་བའི་དྷཱ་ཀི་འགུགས་བྱེད་མ་འཆིང་བྱེད་མ་རྨོངས་བྱེད་མ་མྱོས་བྱེད་མ་བཞི་བིནྡྷུ་ཀའི་མདོག་ཅན་ལྕགས་ཀྱུ་དང་ཞགས་པ་འཛིན་པ་ཆགས་པའི་ཉམས་གསལ་བ་བཞི་བསྒོམ༔ དེ་རྣམས་ཀྱི་གནས་གསུམ་དུ་ཨཱོྃ་ཨཱཿཧཱུྃ་དང་སྙིང་གར་སོ་སོའི་ས་བོན་བསྐྱེད༔ དེའི་འོད་དང་བདག་གི་ཐུགས་ཀའི་འོད་ཀྱིས་ཚངས་པའི་གནས་དང་ཏི་སེ་དང་རྒྱ་མཚོའི་འགྲམ་སོགས་ནས་སྤྱན་དྲངས་པར་དམིགས་ལ་ཨཱོྃ་མ་ཧཱ་དེ་བ་ཨཱ་ཀརྵཱ་ཡ་ཛཿཛ༔ ཞེས་མང་དུ་བཟླ་ཞིང་ཙན་དན་དང་ག་པུར་དང་སི་ལ་དང་གུར་གུམ་སྤང་སྤོས་དང་ཏང་ཀུན་རྣམས་སྦྱར་པ་བསྲེག༔ དེ་དུས་ལྷ་ཆེན་འཁོར་བཅས་ནམ་མཁའ་ལ་སྤུངས་སེ་བྱོན་པར་བསམ་ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ མདུན་གྱི་རྟེན་ལ་ཐིམ་པར་བསམ༔ བཛྲ་ས་མ་ཡ་རཀྵ་ཧཱུྃ་ཏྲི་ཤཱུ་ལའི་ཕྱག་རྒྱ་བསྟན་པས་དམ་ཚིག་གི་བཀའ་བླངས་པར་བསྒོམ༔ མཆོད་པ་སོགས་བྱས་ནས་བཟླས་པ་ལ་འཇུག༔ བདག་གི་ཐུགས་ཀ་ནས་འོད་དམར་པོའི་ཚུལ་གྱི་སྔགས་འཕྲོས་པ་བྲིས་སྐུ་ལྷར་གསལ་བའི་ཐུགས་ཀའི་སྔགས་ལ་ཕོག་པས་སྲོག་རྒྱུད་བསྐུལ་ཏེ་འཇིག་རྟེན་ཐམས་ཅད་དབང་དུ་བསྡུས་ནས་དངོས་གྲུབ་ཏུ་སྟེར་བར་བསམ་ཞིང༔ ཨཱོྃ་མ་ཧཱ་དེ་བ་ས་མ་ཡ་ཧྲིཾ་ཛ༔ ཞེས་འབུམ་ཕྲག་གསུམ་རྫོགས་པར་བཟླ་འོ༔ སྔགས་སྟོང་སྟོང་གི་མཚམས་སུ་མཆོད་པ་བྱ་འོ༔ ཐུན་ནི་བཞིར་གཟུང་ངོ༔ མཚམས་སུ་མེ་ཏོག་དམར་པོ་དང་སྤོས་སྦྱར་བ་དང་ཙན་དན་གྱི་ཆུ་དང་ཏིལ་གྱི་སྒྲོན་མེ་དང་མྱོས་བྱེད་ཀྱི་འབྲས་བུའི་ཟས་དང་ག་ཎའི་མཆོད་པ་རྣམས་སོ༔ རྟགས་ནི་དངོས་དང་ཉམས་དང་རྨི་ལམ་དུ་རིམ་པ་བཞིན་གཞན་གྱིས་རང་ལ་ཟས་ནོར་སྟེར་བ་དང༔ སྔར་མ་མཐོང་བའི་ཡུལ་མཁར་ལོངས་སྤྱོད་བཟང་པོ་མཐོང་བ་དང་ཆས་གོས་དམར་པོ་གྱོན་པ་དང་ཉི་ཟླ་ཤར་བ་དང་མཚོན་ཆ་བཟང་པོ་ཐོགས་པ་དང་ཉམས་དགའ་ཞིང་ཡིད་ཆགས་པ་དང་ཟས་སྨེ་ཞིང་བདའ་བ་དང༔ མི་རྣམས་སྔར་བས་བྱམས་ཤིང་ཟས་ནོར་འབུལ་བ་དང་སྙན་པར་སྒྲོག་པ་སོགས་འབྱུང་ངོ༔ ཡང་གཟུགས་མི་སྡུག་པ་དང་ཐོག་ཚེག་པ་དང་མིང་ནས་འབོད་པ་དང༔ ཐུག་ཆོམ་དང་རྨི་ལམ་འཁྲུགས་པ་སོགས་རྩུབ་པའི་རྟགས་དང༔ དེ་ཚོ་གང་བྱུང་ཡང་ཆགས་ཞེན་བདེན་འཛིན་དང་བྲེད་འཇིགས་དུབ་པ་སྤངས་ཏེ་ཏིང་འཛིན་གསལ་ཞིང་སྔགས་དྲག་ཏུ་བཟླ༔ ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཐག་བཅད་ནས་སྤྲོས་པ་དང་བྲལ་བའི་ངང་ལ་གློད་དེ་བཞག་གོ༔ དེ་ནས་རྟགས་རྣམས་རྫོགས་པར་མཐོང་ནས་སིདྡྷི་ལེན་པར་བྱའོ༔ སྒྲུབ་རྫས་ནི་གཞན་གྱིས་མ་མཐོང་བར་གསང་ཞིང་སྦ་བར་གཅེས་སོ༔ ཐུགས་རྗེ་ཆེན་པོ་བཀའི་སྲུང་མ་ལྷ་ཆེན་ལྕམ་དྲལ་གྱི་བསྙེན་པའི་གནད་གདམས་སྩྱོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ།། །། ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ བཀའ་སྲུང་ལྷ་ཆེན་གྱི་སྒྲུབ་ཐབས་བཞུགས་སོ༔ དབང་གི་བདག་ཉིད་པདྨ་གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ༔ བསྙེན་པ་སྔོན་དུ་ཐེམས་པའི་སྔགས་པས་ལྷ་ཆེན་གྱི་སྒྲུབ་པ་བྱེད་ན༔ གནས་དང་དུས་དང་མཎྜལ་དང་མཆོད་པ་དང་གཏོར་མ་སོགས་སྤྱི་ནི་སྔར་བཞིན་ནོ༔ ཁྱད་པར་དུ་མཎྜལ་གྱི་དབུས་སུ་བྷནྡྷ་དུམ་བུ་གསུམ་པ་ལ་གྷི་ཧཾ་གིས་བྱུག་རྒྱ་སྐྱེགས་ཀྱིས་འཁོར་ལོ་རྩིབས་བཞི་པ་ས་བོན་དང་བཅས་པ་བྲིས་ལ་མེ་ཏོག་དམར་པོ་དང་རཏྣ་སྣ་ཚོགས་ཀྱིས་གང་བའི་ཁར་སྔར་གྱི་སྐུ་དང་མཉམ་དུ་བླ་རྡོའི་རྟེན་རྫས་བཞག་ལ་དར་དམར་པོའི་གུར་ཕུབ༔ དེའི་མདུན་དུ་ཟངས་ཕོར་དུ་མངར་གསུམ་དང་གྷི་ཧཾ་དང་གུར་གུམ་དང་ག་པུར་དང་ཙན་དན་དང་བ་དམར་མོའི་འོ་མ་དང་མེ་ཏོག་དམར་པོ་རྣམས་ཆང་ལ་སྦྱར་བའི་ནང་དུ་རཏྣ་ལྔ་བཅུག་པའི་དམ་རྫས་ཀྱི་ཁར་མེ་ལོང་ལ་ཁུ་ཁྲག་གིས་སྔགས་བྲིས་པས་བཀབ༔ དེའི་ཁར་བཟའ་བ་སྣ་ཚོགས་པའི་གཏོར་མ་རིན་པོ་ཆེའི་སྙེ་མའི་དབྱིབས་ཅན་རྒྱན་དང་ལྡན་པ་ལ་དར་དམར་པོའི་རྒྱལ་མཚན་བཙུག་པ་དང༔ ཕྱོགས་བཞིར་དྷཱ་ཀི་བཞི་ལ་གཏོར་མ་བཞི་དང་བཏུང་བ་བཞི་ཡང་བཤམ༔ རྫས་གཞན་ནི་བསྙེན་པ་དང་མཐུན༔ དེ་ནས་བདག་ཉིད་ཐུགས་རྗེ་ཆེན་པོའི་བསྐྱེད་རིམ་གསལ་ཞིང་བརྟན་པས་ལྷ་ཆེན་དབང་དུ་བསྡུ་བའི་མཐུ་དང་ལྡན་པར་བྱས་ནས་མདུན་གྱི་རྟེན་རྣམས་ལྷ་ཆེན་ལྕམ་དྲལ་འཁོར་དང་བཅས་པའི་སྐུར་སྔར་བཞིན་གསལ་བར་བསྒོམས་ནས་དར་དམར་པོས་གཡབ་ཅིང་སྤྱན་འདྲེན་པ་ནི༔ ཛ༔ ཚུར་བྱོན་ཚུར་བྱོན་ལྷ་ཆེན་པོ༔ འཇིག་རྟེན་སྐྱོང་བ་དབང་ཕྱུག་ཆེ༔ མངོན་ཤེས་རྫུ་འཕྲུལ་ཐབས་ལ་མཁས༔ ཆགས་པའི་ཞལ་ལ་སྒེག་པའི་སྐུ༔ གུ་ལང་ཆེན་པོ་ལྷ་ཡི་ལྷ༔ ཨུ་མཱཿཡུམ་དང་གཉིས་སུ་མེད༔ ཁྱོད་ནི་དབང་ཕྱུག་ཆེན་པོ་སྟེ༔ ཁམས་གསུམ་མ་ལུས་དབང་དུ་བྱེད༔ ཁྱོད་ནི་འཇིགས་བྱེད་ཆེན་པོ་སྟེ༔ སྲིད་གསུམ་མ་ལུས་ཟིལ་གྱིས་གནོན༔ དྲེགས་པའི་ལྷ་ཆེན་ཐམས་ཅད་ཀྱང༔ ཁྱོད་ཀྱི་འཁོར་དང་གཡོག་ལགས་ཀྱི༔ ལས་ལ་མ་གཡེལ་ད་ཚུར་བྱོན༔ དུས་ལ་བབ་བོ་གཤེགས་སུ་གསོལ༔ ཞེས་བརྗོད་ཅིང་འབོད་སྔགས་མང་དུ་བཟླས་ནས་སྤྱན་དྲངས་ཤིང་དམ་བསྒྲག་པ་སོགས་སྔར་བཞིན་བྱ་འོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཚོགས་རྗེ་ཚོགས་བདག་དབང་དང་ལྡན༔ ལྷ་ཆེན་ལྕམ་དྲལ་འཁོར་བཅས་རྣམས༔ དངོས་སུ་བཤམས་དང་ཡིད་སྤྲུལ་གྱི༔ མཆོད་པ་བཟང་པོ་འདི་བཞེས་ཤིག༔ མེ་ཏོག་ཕྲེང་སོགས་རིན་ཆེན་དབྱིག༔ ལ་དུ་མྱོས་བྱེད་ཡིད་བཞིན་ཟས༔ སྤོས་དང་སྨན་སྦྱར་ཏིལ་མར་སྒྲོན༔ བཤོས་གཙང་ཡོན་ཆབ་སྣ་ཚོགས་དང༔ འབྲས་ཆང་རྒུན་ཆང་བཏུང་བའི་མཆོག༔ སྦྲང་རྩི་བུ་རམ་མངར་བའི་རོ༔ རཀྟ་བཅུད་ཆེན་གྷི་ཧཾ་དང༔ བཙོས་དང་རྗེན་ཤ་ཁུ་བ་རྐང༔ བཟའ་དང་བཅའ་དང་བཏུང་བའི་མཆོག༔ གཟུགས་སྒྲ་དྲི་རོ་རེག་བྱ་སོགས༔ སྣ་ཚོགས་མཆོད་པ་འདི་དག་ཀུན༔ བཞེས་ཤིང་མཉེས་པར་མཛད་དུ་གསོལ༔ ཞེས་མཐུན་པའི་མཆོད་པ་སྣ་ཚོགས་ཚིམ་ཞིང་དགྱེས་པར་འབུལ་ཞིང་བསྟོད་པ་བྱས་ནས་བཟླས་པ་བྱ་འོ༔ ལྷ་ཆེན་གྱི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཨཾ་དམར་པོ་མར་མེ་ལྟ་བུ་ཞིག་བསམ་མོ༔ དེ་ནས་སྙིང་ག་ནས་འོད་ཟེར་དམར་པོ་མེ་ལྟར་ཚ་ཞིང་རྣོ་བ་ཞིག་འཕྲོས་ནས་ལྷ་ཆེན་གྱི་སྙིང་གའི་ས་བོན་ལ་ཕོག་པས་བསྲེགས་ཤིང་བསྐུལ་བས་མ་བཟོད་དེ་ཨཾ་དེ་ལས་འོད་དམར་པོ་དཔག་མེད་འཕྲོས་པས༔ གསང་བའི་མཁའ་འགྲོ་མ་དང་ཉེ་དབང་སོགས་འཁོར་གྱི་འཇིག་རྟེན་དྲེགས་པ་ཅན་ཐམས་ཅད་བསྐུལ་ནས་འཇིག་རྟེན་ཁམས་ཀྱི་རྒྱལ་པོ་བློན་པོ་སྐྱེས་པ་བུད་མེད་ཚེ་དཔལ་བཀྲག་མདངས༔ ནོར་གཡང་ཟས་བཅུད་རཏྣའི་དབྱིག་འབྱུང་བཞིའི་བཅུད་སོགས་གང་འདོད་ཐམས་ཅད་དབང་དུ་བསྡུས་ནས་བདག་ལ་ཕུལ་བས་བདག་གིས་དབང་དུ་འདུས་པར་བསམ་ཞིང་བཟླས་པ་བྱ་འོ༔ ཨཱོྃ་མ་ཧཱ་དེ་བ་ཛ༔ ཨུ་མཱཿདེ་བཱིཿཧྲིཾ་ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོ༔ ཞེས་འབུམ་ཕྲག་གཅིག་བཟླས་ནས་ཐུན་མཚམས་སུ་མཆོད་པ་འབུལ་བ་ལ་སོགས་པ་རྣམས་བསྙེན་པའི་སྐབས་བཞིན་བྱ་འོ༔ གྲུབ་པའི་རྟགས་ནི་སྔར་གྱི་རྣམས་དང༔ ཁྱད་པར་དུ་བུད་མེད་བཟང་མོ་དང་རྒྱལ་པོ་སོགས་མི་ཆེན་གྱིས་ཕྱག་དང་བཀུར་སྟི་བྱེད་པ་དང༔ གཏེར་རྙེད་པ་དང༔ གདུགས་དང་རྒྱལ་མཚན་དང་དུང་དང་ལྕགས་ཀྱུ་ལ་སོགས་པ་ལག་ཏུ་བྱིན་པ་དང༔ འབྲུ་དང་ཤིང་ཏོག་ལ་སྤྱོད་པ་དང༔ མེ་འབར་བ་དང༔ འོད་འཕྲོ་བ་དང༔ དྲི་ཞིམ་པ་དང༔ བྲོ་གར་བྱེད་པ་དང༔ གོས་དམར་གྱོན་པ་དང༔ ཉི་ཟླ་ཤར་བ་དང༔ དངོས་སུ་གཟུགས་སྟོན་པ་དང་ལུང་སྟོན་པ་སོགས་དངོས་དང་ཉམས་དང་རྨི་ལམ་དུ་བྱུང་བ་ནི་རབ་འབྲིང་ཐ་མའི་རྟགས་སུ་རིམ་པ་བཞིན་ཤེས་པར་བྱ་འོ༔ དེ་རྣམས་ལ་དགའ་བྲོད་མི་བྱ་འོ༔ བརྩོན་འགྲུས་ཆུང་བ་དང་སྔགས་ཆད་ལྷག་དང་ཏིང་འཛིན་མི་གསལ་བ་དང་དམ་ཚིག་གི་སེལ་ཞུགས་པ་སོགས་མི་འགྲུབ་པའི་རྟགས་སུ་སྤྲེའུ་དང་རྟ་བོང་དགོད་པ་དང་རང་གི་ཀ་ཅ་གཞན་གྱིས་ཁྱེར་བ་དང༔ བུད་མེད་དང་བྱིས་པ་རྒྱན་གོས་ངན་པས་ངུ་ཞིང་འབོད་པ་དང་སྙིང་མི་དགའ་ཞིང་ཚིག་པ་དང་རྨུགས་ཤིང་འགྲོ་འདོད་པ་དང་ཏིང་འཛིན་མི་གསལ་བ་སོགས་བྱུང་ན་བར་ཆད་ཀྱི་རྟགས་ཡིན་པས་བློ་རྩེ་གཅིག་ཏུ་བྱས་ནས་དམིགས་པ་བསྒོམ༔ སྔགས་བར་མེད་དུ་བཟླ༔ དམ་ཚིག་ལ་གསང་ཐུབ་པར་བྱ་འོ༔ མཛེ་སྤྲང་ལ་སོགས་པས་རྒོལ་ཞིང་སྨོད་པ་བྱུང་ན་བསྐང་བཤགས་དྲག་པོ་བྱ་འོ༔ རྟགས་འཚུབ་ཅིང་མི་ནོན་པ་འདྲ་ན་ལྷ་ཆེན་གྱི་སྤྱི་བོར་རྟ་མགྲིན་བསྒོམས་ནས་དེའི་སྔགས་ཀྱིས་ཁྲིད་ནས་བཟླས་པ་བྱས་ན་དངོས་གྲུབ་མྱུར་རོ༔ དེ་ནས་རྟགས་རྣམས་གཏན་ལ་ཕེབས་ནས་དངོས་གྲུབ་བླང་ངོ༔ ཐུགས་རྗེ་ཆེན་པོ་བཀའི་སྲུང་མ་ལྷ་ཆེན་ལྕམ་དྲལ་གྱི་སྒྲུབ་པའི་གནད་གདམས་སྩྱོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ།། །། ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ བཀའ་སྲུང་ལྷ་ཆེན་གྱི་བསྟོད་པ་བཞུགས་སོ༔ དབང་གི་ལྷ་ལ་ཕྱག་འཚལ་ལོ༔ ལྷ་ཆེན་སྒྲུབ་པའི་དུས་སུ་ཚེས་བརྒྱད་དང་བཅོ་ལྔ་དང་ཉི་ཤུ་གསུམ་དང་ལྔ་རྣམས་ལ་གཏོར་མ་འབུལ་ཞིང་བསྟོད་པ་འདི་ཉིད་བྱ་འོ༔ ཧྲཱི༔ སྤྱན་རས་གཟིགས་སྤྲུལ་དབང་ཕྱུག་ལྷ་ཆེན་པོ༔ འཇིག་རྟེན་མེས་པོ་ཁམས་གསུམ་ཀུན་གྱི་བདག༔ དངོས་གྲུབ་མཆོག་སྟེར་ཡོན་ཏན་རྫོགས་པའི་ལྷ༔ རྒྱལ་བའི་བཀའ་སྡོད་མཐུ་ཆེན་ཁྱོད་ལ་བསྟོད༔ འོད་ཕུང་བསྐལ་པའི་མེ་ལྟར་འབར་བའི་སྐུ༔ ཉི་ཟླའི་སྤྱན་བགྲད་ཁྲོ་གཉེར་བཞད་པའི་ཞལ༔ མཆེ་གཙིགས་འཛུམ་ཆགས་གཞན་ཡིད་འགུགས་པ་པོ༔ གར་གྱི་དབང་ཕྱུག་དཔལ་ཆེན་བཀའ་བཞིན་དུ༔ དམ་ཚིག་འཁོར་ལོའི་གནས་རྣམས་སྐྱོང་མཛད་ཅིང༔ སྣ་ཚོགས་དར་དང་རཏྣ་ཨུཏྤལ་གྱིས༔ ངེས་པར་ཆེ་བཙན་རྒྱལ་པོའི་རྟགས་སུ་བརྒྱན༔ ཚངས་གནས་ཏི་སེ་རྒྱ་མཚོ་ཆེན་པོའི་ཀློང༔ དུར་ཁྲོད་གནས་ན་མ་མོའི་ཚོགས་ཀྱིས་བསྐོར༔ ཁྱོད་ནི་རྣལ་འབྱོར་གྲུབ་པའི་དབང་ཕྱུག་ཡིན༔ དྲེགས་པའི་ལྷ་ཆེན་ཀུན་གྱིས་ཕྱག་བྱས་ཤིང༔ ལོག་འདྲེན་བགེགས་རྣམས་མ་ལུས་འདུལ་བར་མཛད༔ ལྷ་ཡུལ་གྲོང་ཁྱེར་ནགས་འདབས་ཐམས་ཅད་དུ༔ ལྷ་དམག་དབུགས་འབྱིན་ཆེ་བཙན་གཡུལ་ལས་རྒྱལ༔ ཁམས་གསུམ་ཀུན་གྱི་ཡིད་འགུགས་ལྕགས་ཀྱུ་དང༔ རླུང་གི་ཞགས་པས་སྐྱེ་འགྲོ་འགུགས་ཤིང་འཆིང༔ གནོད་སྦྱིན་གཟི་བརྗིད་མདངས་ཀུན་རྟགས་ཀྱིས་འཕྲོག༔ ཨུ་མཱཿཡུམ་འཁྱུད་རྟག་ཏུ་ཆགས་ཤིང་རོལ༔ གསང་བའི་མ་བཞིས་འགྲོ་ཀུན་དབང་དུ་སྡུད༔ དྲེགས་པའི་ལྷ་ཆེན་ཀུན་ཀྱང་ལས་ལ་འགྱེད༔ ཁྱོད་ནི་མི་བཟད་འཇིགས་བྱེད་ཀུན་གྱི་བདག༔ སྨོན་ལམ་དབང་གིས་རྣམ་འཕྲུལ་ཅིར་ཡང་སྟོན༔ འདོད་པའི་མཆོག་སྩོལ་འཇིག་རྟེན་ཀུན་གྱི་སྐྱབས༔ ཁྱོད་ལ་ཕྱག་འཚལ་རྒྱ་ཆེན་དངོས་གྲུབ་སྩོལ༔ ཅེས་དུས་དུས་སུ་བསྟོད་པ་བྱ་ཞིང་ཕུད་ལ་སོགས་པས་ཀྱང་མཆོད་པ་བྱ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ།། །། ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ བཀའ་སྲུང་ལྷ་ཆེན་གྱི་བསྐུལ་བཞུགས་སོ༔ དབང་གི་ལྷ་ལ་ཕྱག་འཚལ་ལོ༔ ལྷ་ཆེན་སྒྲུབ་པའི་རྣལ་འབྱོར་པས་ཕྲིན་ལས་གང་སྒྲུབ་ཀྱང་ཐུགས་དམ་བསྐུལ་བ་ཤིན་ཏུ་གཅེས་སོ༔ རང་ཉིད་ཡི་དམ་གྱི་བསྐྱེད་རིམ་ཤིན་ཏུ་གསལ་བས་དར་གྱིས་གཡབ་ཅིང་གང་འདོད་པའི་ལས་དེ་ལ་བསམ་པ་རྩེ་གཅིག་པས་འདི་ལྟར་བསྐུལ་ལོ༔ ཧྲཱི༔ བདེ་ཆེན་དབང་གི་དཀྱིལ་འཁོར་ནས༔ དཔལ་ལྡན་ཁྲག་འཐུང་རྟ་མཆོག་དཔལ༔ ཐུགས་རྗེ་ཆེན་པོའི་རོལ་པ་ལས༔ གུ་ལང་ཆེན་པོ་ལྷ་ཡི་ལྷ༔ དབང་ཕྱུག་ཤྲཱི་རལ་པ་ཅན༔ དྲེགས་པའི་སྡེ་དཔོན་མཐུ་ཆེན་ཁྱོད༔ ཚངས་པའི་གནས་དང་རྒྱ་མཚོའི་གླིང༔ གངས་དཀར་རྩེ་དང་ཙན་དན་ནགས༔ གྲུབ་པའི་གནས་ནས་སྐུ་བཞེངས་ཤིག༔ སྐུ་མདོག་དམར་པོ་བསྐལ་པ་ཡི༔ མེ་ལྟར་འབར་བའི་གཟི་བྱིན་གྱིས༔ ཁམས་གསུམ་མ་ལུས་དབང་དུ་སྡུད༔ ཕྱག་མཚན་ལྕགས་ཀྱུ་ཞགས་པ་ཡིས༔ འགྲོ་བའི་ཡིད་འགུགས་འཆིང་བར་མཛད༔ ཟུར་ཕུད་ཟླ་བ་ཚེས་པས་བརྒྱན༔ གསང་བའི་རྟགས་ཀྱིས་སྣོད་བཅུད་ཀྱི༔ གཟི་མདངས་ཡོན་ཏན་མ་ལུས་སྡུད༔ ཡུམ་ཆེན་ལྷ་མོ་དཀའ་ཟློག་མ༔ རྟག་ཏུ་ཆགས་ཤིང་བདེ་ལ་རོལ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ གསང་བའི་མ་བཞི་ལས་ལ་འགྱེད༔ ཁམས་གསུམ་ཀུན་གྱི་ཡིད་འགུགས་ཤིང༔ མྱོས་དང་རྨོངས་དང་འཆིང་བར་མཛད༔ དུས་ལ་བབ་པོ་ཕྲིན་ལས་མཛོད༔ ཚངས་དང་འདོད་ལྷ་དབང་པོ་སོགས༔ དྲེགས་པའི་ལྷ་ཆེན་ཐམས་ཅད་ཀྱང༔ ཁྱོད་ཀྱི་འཁོར་དང་གཡོག་ལགས་ཏེ༔ འཇིག་རྟེན་གསུམ་ན་དགྲ་ལས་རྒྱལ༔ དཀའ་ཐུབ་གྲུབ་པ་ཁྱོད་ཀྱི་མཐུས༔ ཟིལ་གྱིས་མི་ནོན་གང་ཡང་མེད༔ སྔོན་ཚེ་ཞལ་བཞེས་དམ་བཅས་པའི༔ ཐུགས་དམ་ད་ལྟ་བསྐུལ་ལགས་སོ༔ དྲེགས་པའི་དཔུང་དང་བཅས་རྣམས་ཀྱིས༔ ཁམས་གསུམ་སྲིད་པ་ཐམས་ཅད་ལ༔ འགུགས་པར་བྱེད་པའི་ལྕགས་ཀྱུས་ཐོབས༔ རླུང་གི་ཞགས་པས་ཡིད་ཆིངས་ལ༔ རང་དབང་བརྟན་པ་དང་ཕྲལ་ནས༔ བདག་གི་དབང་དུ་འདུས་པར་མཛོད༔ གདུག་ཅན་དགྲ་དང་གནོད་པའི་བགེགས༔ ཐམས་ཅད་དྲག་པོའི་དམོད་པས་གཟིར༔ རིག་སྔགས་སྦྱོར་བས་བྱད་དུ་ཆུགས༔ ལུས་ངག་རྡུལ་བཞིན་བརླགས་ནས་ཀྱང༔ ལྷག་མ་ཙམ་ཡང་མེད་པར་མཛོད༔ ཤ་ཁྲག་ཟན་ཆན་ཁུར་བ་དང༔ སྤོས་དང་མེ་ཏོག་ལ་སོགས་པ༔ མཐུན་པའི་དམ་རྫས་ཀུན་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བར་ཆད་སོལ་ལ་མཐུན་རྐྱེན་སྒྲུབས༔ བཅོལ་པའི་ལས་རྣམས་མ་ལུས་པ༔ སྐད་ཅིག་ཙམ་ལ་གྲུབ་པར་མཛོད༔ དུས་ལ་བབ་བོ་དབང་ཕྱུག་ཆེ༔ ཕོ་ཉ་བྲན་དང་མངགས་པར་བཅས༔ ཕྲིན་ལས་མ་གཡེལ་ས་མ་ཡ༔ ཞེས་བསྐུལ་ཞིང་ཕྲིན་ལས་གསོལ་ལོ༔ བསྟན་པ་དང་སེམས་ཅན་ལ་ཕན་པའི་བྱང་ཆུབ་སེམས་ཀྱིས་སོ༔ རང་དོན་ཉི་ཚེ་ཙམ་ལ་ནི་མ་ཡིན་ནོ༔ ཤིན་ཏུ་ཟབ་ཅིང་གཉན་པ་འོ༔ ལྷ་ཆེན་གྱི་བསྐུལ་གྱི་གནད་གདམས་ཨོ་རྒྱན་གུ་རུས་གསང་བ་རླུང་གི་ཞགས་པའི་ཏནྟྲ་ལས་དུམ་བུར་བཀོལ་བ་འོ༔ སྐལ་ལྡན་ཤེས་རབ་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ།། །། ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ བཀའ་སྲུང་ལྷ་ཆེན་གྱི་རྟེན་རྫས་བཅའ་ཐབས་བཞུགས་སོ༔ དབང་གི་ལྷ་ལ་ཕྱག་འཚལ་ལོ༔ ལྷ་ཆེན་གྱི་སྐུ་རྟེན་བཅའ་བ་ནི༔ ཟླ་བ་ཡར་གྱི་ངོའི་རྒྱལ་གྱི་ཉི་མ་ལ༔ སྨད་འཚོང་མ་གཞོན་ནུ་དཔལ་ཅན་གྱི་འདོམས་དཀྲིས་ཀྱི་རས་སམ་དར་ལ་རང་གི་ས་བོན་དང་ན་ཆུང་གི་རཀྟ་གྷི་ཧཾ་ག་པུར་གུར་གུམ་ཙན་དན་གྱི་ལྡེ་གུ་སོགས་སྨན་སྤོས་དྲི་ཞིམ་པོས་ཆག་ཆག་འཐས་པར་བྱས་ལ་མེ་ཏོག་དམར་པོའི་ཁར་བཞག༔ སྙིང་ཁའི་ཐད་དུ་ཨཾ་དམར་པོ་ཞིག་བྲིས་ལ་དེ་དང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ལྷ་ཆེན་འཁོར་བཅས་སྔགས་ཀྱི་རྣམ་པར་འོད་ཟེར་དམར་པོ་ཆིལ་ཆིལ་བྱུང་ནས་གཞི་དེ་ལ་ཐིམ་པར་བསམ་ཞིང་སྔགས་བཟླ་མེ་ཏོག་གཏོར༔ དེ་ནས་རང་ངམ་ལྷ་བཟོ་བ་དམ་ཚིག་དང་ལྡན་པས་མངོན་རྟོགས་བཞིན་དུ་ཉིན་དེ་ཉིད་ལ་རྫོགས་པར་བྲིས་ལ་དེའི་མདུན་དུ་མཆོད་པ་དང་གཏོར་མ་བཤམ༔ བགེགས་བསྐྲད་ནས་གཟུགས་ལྷར་བསྐྱེད་ལ་འབོད་སྔགས་ཀྱི་བཟླས་པས་དགུག་བསྟིམ་མཆོད་བསྟོད་དང་སྔགས་བཟླ༔ སྔགས་ཀྱིས་མེ་ཏོག་གཏོར་ནས་བརྟན་བཞུགས་དང་བཀྲ་ཤིས་གསོལ༔ མེ་མཆོད་ཕུལ་ལ་ཞལ་བསྲོ༔ དེ་ནས་གཞན་ལ་མི་སྟོན་པར་དབེན་པར་མཆོད་པ་དང་བཅས་ནས་རྟེན་དུ་གཟུང་ངོ༔ ས་མ་ཡ༔ ལྷ་ཆེན་གྱི་བླ་རྡོའི་རྟེན་རྫས་བཅའ་བ་ནི༔ རྒྱལ་གྱི་ཉི་མ་ལ་སྨད་འཚོང་མ་དཔལ་ཅན་གྱི་ལག་ནས་བྱུང་བའི་དར་རམ་རས་སམ་གྲོ་ཤོག་ལ་རྫས་སྣ་དྲུག་གིས་བྱུག་ཅིང་འཐས་པར་བཅག༔ སྔར་གྱི་རྫས་རྣམས་བསྲེས་པའི་གསེར་རམ་མཚལ་ལམ་རྒྱ་སྣག་སོགས་ཀྱིས་བྲི་འོ༔ རྫས་དེ་རྣམས་མེ་ཏོག་དམར་པོའི་ཁར་བཞག་ནས་བགེགས་བསྐྲད་གཏོར་མ་བཏང་ལ་ཁ་ནུབ་ཏུ་གཏད་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པས༔ བྲི་གཞི་སོར་བརྒྱད་པ་གཉིས་བྱས་པ་ལ་ཡབ་ཡུམ་གཉིས་ཀྱི་སྐུ་མངོན་རྟོགས་བཞིན་སོ་སོར་བྲིས་པའི་ལྟོ་བར་མུ་ཁྱུད་རིམ་པ་ལྔ་བསྐོར༔ རིམ་པ་གསུམ་པ་ལ་རྩིབས་བཞི་བྱ༔ ཡབ་འཁོར་གྱི་ལྟེ་བ་ལ༔ ཨཱོྃ་མ་ཧཱ་དེ་བ་ཛཿས་མ་ཡ་པཱ་ཤཾ་ཀུ་རུ་ཧོ༔ ཞེས་བྲི༔ མུ་ཁྱུད་དང་པོ་ལ༔ ཨཱོྃ་མ་ཧཱ་དེ་བ་ལོ་ཀ་ནན་དྷེ་དྷ་ཤ་ཨཾ་ཀུ་ཤ་ཛ་ཛཿཧྲིཾ་ཧྲིཾ་རཱ་ཙ་སིདྡྷི་ཁུག་ཁུག་སརྦ་པཱ་ཤཾ་ཀུ་རུ་ཧྲིཾ་ཛ༔ ཞེས་བྲི༔ རྩིབས་བཞི་ལ༔ ཨཱོྃ་མ་ཧཱ་དེ་བ་ཧཱུྃ༔ གྷ་ར་ཧོ་ཧཾ་ཛཿཧཱུྃ༔ ཨེ་མན་ཛུ་ཀུབ་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ༔ ཞེས་བྲི༔ རྩིབས་མཆན་ལ༔ ཨཱོྃ་ཧ་བཛྲ་སིད་ཏི་ས་མ་ཡ་པཱ་ཤཾ་ཀུ་རུ་ཧོ༔ དེ་བཞིན་དུ་རི་རཏྣ་ནི་པདྨ་ས་ཀརྨ་ཞེས་བྲི༔ ཕྱིའི་མུ་ཁྱུད་ལ་ཨཱོྃ་མ་ཧཱ་དེ་བ་ཛཿཛཿཛུ་ཛུ་ཧྲིཾ་ཧྲིཾ་ཁུག་ཁུག་དུང་དུང་སློང་སློང་ལོ་ཀ་སརྦ་པཱ་ཤཾ་ཀུ་རུ་ཛ༔ ཨ་ནྲྀ་ཏྲི་ཧྲིཾ་ཧྲིཾ་ཛ༔ ཨཱ་ཀརྵཱ་ཡ་ཧཱུྃ་ཛ༔ བཱ་སུ་སིདྡྷི་ས་མ་ཡ་སྡུས་སྡུས་ཨཾ་ཀུ་ཤ་ཧྲིཾ་པཱ་ཤཾ་ཀུ་རུ་ཧཱུྃ་ཧཱུྃ་ཛཿཛ༔ ཅེས་བྲི༔ དེའི་ཕྱིའི་མུ་ཁྱུད་ལ་ཨཱ་ལི་ཀཱ་ལི་བྲི་འོ༔ ཡུམ་འཁོར་གྱི་ལྟེ་བ་ལ༔ ཨུ་མཱཿདེ་བཱིཿཧྲིཾ་ས་མ་ཡ་པཱ་ཤཾ་ཀུ་རུ་ཧོ༔ ཞེས་བྲི༔ མུ་ཁྱུད་ལ༔ ཨུ་མཱཿདེ་བཱིཿལོ་ཀ་ནན་དྷེ་སོགས་བྲི༔ རྩིབས་ལ༔ ཨུ་མཱཿདེ་བཱིཿས་མ་ཡ་སཏྭཾ་ཛ༔ ཨུ་དྷི་བཾ་མ་ནུ་ཧོ༔ ཨ་པ་ཧི་མུ་ལེ་ཏཾ༔ ལོ་ཀི་ཙིཏྟ་དྷི་ཧྲིཾ་ཛ༔ གཞན་རྣམས་གོང་བཞིན་ནོ༔ སྤེལ་ཚིག་རང་གང་འདོད་བསྒྱུར་རོ༔ མོ་འགུགས་པ་ནི་ཡབ་དང་ཕོ་འགུགས་པ་ནི་ཡུམ་ལ་འོ༔ སྲོག་ཕུར་ནི་ཙན་དན་གྱི་ཕུར་པ་སོར་བཞི་པ་གཅིག་ལ་ཡབ་ཀྱི་སྔགས་བྲི་རང་གི་ཏི་ལ་བྱུག༔ སྟག་མའི་ཕུར་པ་སོར་བཞི་པ་གཅིག་ལ་ཡུམ་གྱི་སྔགས་བྲི་གཞོན་ནུ་མའི་ཟླ་མཚན་བྱུག༔ ཤེལ་རྡོ་ལ་ཨ་ཕ་ཝང་ལོང་བུ་ལ་ཏྲི་གཡུ་ལ་ནྲྀ་བྲི་དེ་རྣམས་ལ་རབ་གནས་བྲིས་སྐུ་བཞིན་བྱ༔ དེ་ནས་ཟངས་སམ་ཙན་དན་དམར་པོའི་དབང་རྟེན་མཛུབ་གང་བ་སྦུབས་ཅན་ཞིག་བཅོས་པའི་ནང་དུ་སྔར་གྱི་ཙཀྲ་ཁ་སྦྱར་གྱི་བར་དུ་སྤེལ་ཚིག་བཅུག་པ་མཐའ་ནས་རིམ་བཞིན་བལྟབ་ལྟེ་བ་མ་ཆག་པར་སྲོག་རྟེན་ལ་དཀྲི་ཞིང་དྲིལ༔ གཞོན་ནུ་མས་བཀལ་བའི་སྐུད་པ་དམར་པོས་བཅིངས་ནས་དབང་རྟེན་གྱི་སྣོད་དུ་བཅུག༔ དེའི་ཞབས་སུ་ལྷ་འདྲེ་མི་གསུམ་གྱི་སྲོག་རྟེན་དང་རཏྣ་ལྔ་དང་མེ་ཏོག་དམར་པོ་དང་སྨན་སྤོས་དྲི་ཞིམ་པོ་དང་དར་ཟབ་སྣ་ཚོགས་དང་ནོར་སྣ་གང་རྙེད་བཅུག་ལ་ཞབས་བསྡམ་རྫས་སྣ་དྲུག་པོས་བྱུགས་ལ་སྤོས་ཀྱིས་བདུག་མེ་ཏོག་དམར་པོའི་ཁར་བཞག་ནས་སྔར་བཞིན་རབ་གནས་བྱ༔ དེ་དར་སྣས་དྲིལ་ཏེ་རྟེན་དུ་གཟུང་ངོ༔ སྒྲུབ་པའི་སྐབས་མཎྜལ་གྱི་དབུས་སུ་བཀོད་ཅིང་རྒྱུན་དུ་རང་གི་ལུས་དང་མི་འབྲལ་བར་བཅང་ངོ༔ མིས་མ་མཐོང་བ་གཅེས་སོ༔ ཚེས་བརྒྱད་དང་བཅོ་ལྔ་དང་རྒྱལ་གྱི་ཉི་མ་ཐམས་ཅད་ལ་གཏོར་མ་དང་པཱུ་ཛ་ལྔས་མཆོད་ཅིང་སྔགས་ཀྱིས་མེ་ཏོག་འབུལ་བར་བྱ་འོ༔ ཤིན་ཏུ་གཅེས་པ་རྟེན་རྫས་ཀྱི་གནད་གདམས་སྩྱོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ།། །། ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ བཀའ་སྲུང་ལྷ་ཆེན་གྱི་ལས་མཐའ་བུང་བ་བཅུད་འཐུང་གི་མན་ངག་བཞུགས་སོ༔ ྈྈྈ དབང་གི་ལྷ་ལ་ཕྱག་འཚལ་ལོ༔ ལྷ་ཆེན་གྱི་ཕྲིན་ལས་རྒྱས་པ་དང་དབང་དང་མངོན་སྤྱོད་ཀྱི་ལས་ཐམས་ཅད་ལ་གཅེས་པ་བུང་བ་བཅུད་འཐུང་གི་ལས་ནི༔ རང་ཉིད་ལྷ་ཆེན་གྱི་སྐུར་མངོན་རྟོགས་བཞིན་གསལ་བཏབ་པའི་སྙིང་ཨུཏྤལ་དམར་པོ་འདབ་མ་བརྒྱད་པ་ཁ་བྱེ་བ་ལྟ་བུ་གེ་སར་ཟི་ཕོལ་དང་བཅས་པའི་དབུས་ན༔ དྭངས་མའི་ཐིག་ལེ་དཀར་ལ་དམར་མདངས་ཆགས་པ་གསལ་ཞིང་འཚེར་བ་སྣུམ་ལ་འདྲིལ་བ་ཨཾ་དང་ཧྲིཾ་སྤུ་ཤད་ཀྱི་རེ་ཁཱ་ལྟ་བུས་མཚན་པ༔ དེའི་ཕྱི་སྐོར་ཟི་ཕོལ་གྱི་སྟེང་ན་གསང་སྔགས་ཀྱི་ཕྲེང་བ་ཤིན་ཏུ་ཕྲ་ཞིང་གསལ་བ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་གསལ་བཏབ༔ རང་གི་མདུན་དུ་དམིགས་བྱ་གང་ཡིན་དངོས་སུ་གསལ་བའི་སྙིང་ཨུཏྤལ་འདབ་བརྒྱད་ཁ་བྱེ་བ་གེ་སར་ཟི་ཕོལ་དང་བཅས་པའི་དབུས་སུ༔ ལུས་ངག་ཡིད་ཀྱི་དྭངས་མ་ཚེ་དང་བསོད་ནམས་དབང་ཐང་གི་བཅུད་ཀྱི་སྙིང་པོ་ཐིག་ལེ་དམར་པོ་གསལ་ཞིང་འཚེར་བ་དང༔ འདབ་མ་རྣམས་ལ་ཡང་དྭངས་བཅུད་ཏིལ་ལ་མར་གྱིས་ཁྱབ་པའི་ཚུལ་བཞིན་བཀྲག་མདངས་ཟིལ་པ་ཕྲོམ་མེ་བ་བསྒོམ༔ དེ་ནས་རང་གི་སྙིང་གའི་སྔགས་འབྲུ་རྣམས་ལས་འོད་ཟེར་དམར་པོ་ཟེ་རེ་རེ་འཕྲོས་པས་ལུས་ནང་འོད་དམར་པོས་མེར་མེར་གང་བར་བསམ་ཞིང་སྒྲུབ་སྔགས་ཉེར་གཅིག་ཏུ་བཟླ་འོ༔ དེ་ནས་དབུས་ཀྱི་ཐིག་ལེའི་ནང་ནས་གསང་བའི་དྷཱ་ཀི་བཞི་རྣམ་པ་བུང་བ་དམར་སེར་རབ་ཏུ་མྱོས་པ་བཞི་ཛཿཧྲིཾ་གི་སྒྲ་སྒྲོག་བཞིན་པར་ཐོན༔ རང་གི་སྣ་བུག་གཡོན་ནས་ཐོན་དམིགས་བྱའི་སྣ་བུག་གཡས་ནས་ཐོགས་པ་མེད་པར་ཞུགས་ནས་དམིགས་བྱའི་ཚེ་སྲོག་གི་དྭངས་མའི་ཁུ་བཅུད་ཐམས་ཅད་འཇིབས་ཤིང་བརྔུབས་པས༔ ཨུཏྤལ་ཟི་ཕོལ་དང་བཅས་པ་རིད་ཅིང་སྐམ་ནས་མཐར་ལྟེ་བའི་ཐིག་ལེ་ལ་རྔུབ་ཅིང་འཇིབས་པས་དམིགས་མེད་དུ་བྱས་ནས་ཨུཏྤལ་གྱི་སྙིགས་མ་བཅུད་བྲལ་དགུན་གྱི་མེ་ཏོག་བཞིན་བཀྲག་མེད་དུ་གྱུར་ཅིང༔ བུང་བ་རྣམས་རབ་ཏུ་རྒྱགས་ཤིང་གཟི་བརྗིད་དང་ལྡན་པར་བྱས་ནས་དམིགས་བྱའི་སྣ་བུག་གཡོན་ནས་ཐོན་རང་གི་སྣ་བུག་གཡས་སུ་ཞུགས་ནས་སྙིང་གའི་ཨུཏྤལ་གྱི་སྟེང་དུ་བབས་ཏེ༔ དྭངས་མའི་བཅུད་རྣམས་པད་འདབ་ཟི་ཕོལ་ཐིག་ལེ་རྣམས་ལ་སྐྱུགས་ཤིང་བྲན་པས་དེ་དག་རབ་ཏུ་རྒྱས་ཤིང་འོད་འབར་བར་གྱུར་པའི་ཟེར་དང་བུང་བ་རྣམས་དབྱེར་མེད་དུ་འདྲེས་པར་བསམ་ཞིང་སྒྲུབ་སྔགས་ཀྱི་བཟླས་པ་རྩེ་གཅིག་ཏུ་བྱ་འོ༔ ཐུན་གྱི་མཐར་བདག་དང་གཉིས་མེད་སྤྲོས་པ་དང་བྲལ་བའི་ངང་ལ་མཉམ་གཞག་བྱ་འོ༔ འདི་ནི་གཞན་གྱི་ཚེ་སྲོག་བདག་གི་དབང་དུ་བྱེད་པས་དབང་སྡུད་ཀྱི་མཆོག༔ གཞན་གྱི་བཅུད་ཀྱིས་བདག་གི་ཚེ་སྲོག་རྒྱས་པར་བྱེད་པས་ཚེ་སྒྲུབ་ཀྱི་མཆོག༔ ཕ་རོལ་གྱི་ཚེ་སྲོག་སྐད་ཅིག་ལ་འབྲལ་བས་མངོན་སྤྱོད་ཀྱི་མཆོག༔ བདག་གཞན་གཉིས་མེད་འཁོར་འདས་རོ་མཉམ་གྱི་དགོངས་པར་དྲིལ་བས་རྫོགས་རིམ་གྱི་མཆོག༔ དེའི་ཕྱིར་ཤིན་ཏུ་ཟབ་པའི་སྙིང་པོ་འོ༔ གསེར་སྲང་གང་གི་མེ་ཏོག་མེད་པའི་མི་སྐལ་མེད་ལ་མ་སྤེལ་ཅིག༔ གཅེས་པར་ཟུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ།། །། ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ བཀའ་སྲུང་ལྷ་ཆེན་གྱི་དབང་སྡུད་ལས་སྦྱོར་བཞུགས་སོ༔ དབང་གི་བདག་ཉིད་པདྨ་གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ༔ བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས་འགྲོ་བ་དབང་དུ་བསྡུ་བར་འདོད་ན་དུས་ཟླ་བ་གང་ཡང་རུང་བའི་ཚེས་བརྒྱད་སོགས་ལ་སྐར་མ་ནི་རྒྱལ་དང་ལྡན་པར་གཅེས་སོ༔ རྟེན་བཅའ་བ་ནི་དར་རམ་གྲོ་ཤོག་ལ་གྷི་ཧཾ་དང་རྒྱ་སྐྱེགས་དང་གུར་གུམ་རྣམས་མྱོས་བྱེད་ཀྱི་ཁུ་བས་བཞུར་བས་དམིགས་བྱ་ཕོ་མོ་གང་ཡིན་དེ་ཉིད་འདྲ་བའི་གཟུགས་མཚན་ཉིད་ཚང་བ་ལ་མིང་དང་རུས་སོགས་བཀོད་དེ་ལྟེ་བར་ལྷ་ཆེན་གྱི་སྔགས་ཀྱིས་སྣ་དྲངས་ནས་ཆེ་གེ་མོ་པཱ་ཤཾ་ཀུ་རུ་ཧོ༔ ཞེས་སོགས་གང་འདོད་པའི་སྤེལ་ཚིག་རྣམས་བྲི༔ ཕྱི་མཐའ་ན་ཕར་དབང་སྡུད་ཀྱི་སྔགས་རིང་དང་ལྕགས་ཀྱུ་དང་ཛཿཧྲིཾ་གི་ལུ་གུ་རྒྱུད་ཀྱིས་བར་མེད་དུ་བསྐོར༔ ཕོ་ལ་གཞོན་ནུའི་བྱང་སེམས་དང་མོ་ལ་གཞོན་ནུ་མའི་ཟླ་མཚན་བྱུག༔ གང་བྱེད་དེའི་དྲི་མ་རྙེད་ན་མཆོག་ཏུ་མྱུར་རོ༔ རཱུ་པ་དེ་གཞོན་ནུ་མས་བཀལ་བའི་སྐུད་པ་དམར་པོས་རྒྱ་གྲམ་དུ་བཅིངས་ནས་སྒྲུབ་པའི་བླ་རྡོའི་འོག་ཏུ་བཅུག་ལ་བཞག༔ དེ་ནས་རང་ཉིད་ཡི་དམ་གྱི་ལྷར་གསལ་བའི་ཐུགས་ཀ་ནས་ལྷ་ཆེན་དམར་པོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་མང་པོ་སྤྲོས་ཏེ་བསྒྲུབ་བྱའི་སྙིང་ནང་ནས་སེམས་ཀྱི་ངོ་བོ་ཡི་གེ་ནྲྀ་དམར་པོ་ཞིག་གནས་པ་དེ་རང་དབང་མེད་པར་དམར་ཧྲི་ལི་ལི་བཀུག་ནས༔ མདུན་གྱི་གཟུགས་ལ་བསྟིམས་པས་བསྒྲུབ་བྱ་དངོས་སུ་གྱུར་ཏེ་བདག་ལ་གུས་ཤིང་དུང་པའི་ཚུལ་དུ་ཡོད་སྙམས་པའི་དམིགས་པ་རྩེ་གཅིག་ཏུ་བསྒོམ་ཞིང་ཡི་དམ་གྱི་སྔགས་ཀྱིས་དྲངས་ནས་བསྙེན་སྔགས་ཀྱི་མཐར་ཆེ་གེ་པཱ་ཤཾ་ཀུ་རུ་ཧོ༔ ཞེས་བཏགས་པ་བརྒྱ་རྩ་སོགས་བཟླ༔ དེ་ནས་བསྒྲུབ་བྱའི་སྟེང་དུ་ལྷ་ཆེན་གསལ་བཏབ་པའི་ཐུགས་ཀའི་འོད་ཟེར་གྱིས་སྔར་བཞིན་དབང་དུ་བསྡུས་པར་བསམ་ལ་བཟླས་པ་བྱ་འོ༔ དེ་ནས་ཐུན་གྱི་གཤམ་དུ་སྔགས་ཀྱི་འོད་ཟེར་དམར་པོ་དེ་དམིགས་བྱའི་སྙིང་གའི་ནྲྀ་ལ་ཕོག་པས་དེ་ཉིད་ཁ་དོག་ཇེ་དམར་ཇེ་དམར་ལ་སོང་བས་ཐིག་ལེ་དམར་པོའི་རྣམ་པ་ཅན་དུ་ཞུ་ནས་རང་གི་སྙིང་གར་བསྡུས་པར་བསམ་ཞིང་རང་སེམས་དང་དམིགས་བྱ་དབྱེར་མི་ཕྱེད་པའི་ངང་ལ་བཞག་གོ༔ དེ་ནས་ལྷ་ལ་མེ་ཏོག་དམར་པོ་ལ་སོགས་པ་ཕུལ་ནས་དམིགས་བྱ་དབང་དུ་འདུས་པར་གསོལ་བ་བཏབ་བོ༔ སྲོག་མི་འཆུག་པར་དབང་དུ་འདུས་ནས་དངོས་གྲུབ་བླང་ཞིང༔ གཟུགས་དར་དམར་གྱིས་དྲིལ་ཟངས་ཀྱི་གྭ་འུར་བཅུག་རྟེན་རྫས་དང་མཉམ་དུ་ལུས་ལ་བཅང་ངོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ནོར་འགུགས་པར་འདོད་ན༔ གྲོ་ཤོག་ལ་རཏྣ་ལྔ་བརྡར་བའི་ཕྱེ་མས་ཙཀྲ་མུ་ཁྱུད་བཞི་བསྐོར་བའི་ལྟེ་བ་ལ་རྩ་སྔགས་ཀྱི་མཐར་བདག་གི་འབྱོར་པ་པུཥྚིཾ་ཀུ་རུ་ཨཱོྃ༔ ཞེས་སོགས་གང་འདོད་པའི་སྤེལ་ཚིག་བྲི༔ དེའི་ཕྱིའི་མུ་ཁྱུད་ལ་ཨཱོྃ་མ་ཧཱ་དེ་བ་དྷེ་དྷ་ཤ་ཀརྨ་ས་ཡ་བཱ་སུ་སིདྡྷི་ས་མ་ཡ་ཧོ༔ བཱ་སུ་པུཥྚིཾ་ཀུ་རུ་ཨཱོྃ༔ ཞེས་བྲི༔ རྩིབས་བཞི་ལ༔ ཨཱོྃ་ཨཱཿཧ་ས་མ་ཡ་བཱ་སུ་སིདྡྷི་ཧཱུྃ༔ དེ་བཞིན་དུ་རི་ནི་ས་རྣམས་ལ་ཡང་ངོ༔ རྩིབས་མཆན་ལ་མཁའ་འགྲོ་བཞི་ལ་དངོས་གྲུབ་ཞུ་བའི་སྤེལ་ཚིག་བྲི་འོ༔ ཕྱིའི་མུ་ཁྱུད་ལ་དབང་སྡུད་ཀྱི་སྔགས་ལ་ནོར་སྣ་གང་འདོད་དེའི་གསོལ་བྱང་བྲི་འོ༔ དེའི་ཕྱིའི་ཟུར་བཞི་ལ་ལྕགས་ཀྱུ་དང་ངོས་བཞི་ལ་ནོར་བུ་འབར་བ་རེ་བྲི་འོ༔ དེ་ལ་སྨན་དང་སྤོས་དྲི་ཞིམ་པོ་དང་རཏྣ་བརྡར་བའི་ཕྱེ་མས་བྱུགས་ལ་རྒྱལ་རིགས་དབང་ཕྱུག་ཅན་གྱི་ཕྲེང་བའི་སྐུད་པས་བཅིངས་ནས་མཎྜལ་དབུས་ཀྱི་རྟེན་རྫས་ཀྱི་ཞབས་སུ་གཞུག༔ དེའི་མཐར་འབྲུ་དང་རཏྣ་དང་སྨན་དང་དར་ཟབ་ཤིང་ཐོག་སོགས་དཔལ་ཅན་གྱི་ནོར་སྣ་གང་རྙེད་ཐམས་ཅད་ཀྱི་ཕུད་བསྡུས་ནས་སྤུང་ངོ༔ དེ་ནས་བདག་ལྷར་གསལ་བས་མདུན་གྱི་ལྷ་ཆེན་གྱི་རྒྱུད་བསྐུལ་བས་དེའི་ཐུགས་ཀ་ནས་ཕོ་ཉ་མང་པོ་འཕྲོས་ནས་འཇིག་རྟེན་ཁམས་ཀྱི་ཟས་ནོར་ལོངས་སྤྱོད་དཔལ་གཡང་མདངས་བཅུད་ཐམས་ཅད་བསྡུས་ནས་ཙཀྲ་ལ་ཐིམ་པས༔ དེ་ཉིད་ལས་གང་འདོད་པའི་ལོངས་སྤྱོད་རྣམས་ཕྱུ་རུ་རུ་འཕེལ་བས་རང་གི་བང་མཛོད་དང་ཁང་ཁྱིམ་ཐམས་ཅད་གང་བས་འབྱོར་པ་རྒྱས་པར་བསམ་ཞིང་རྩ་སྔགས་ཀྱི་མཐར་བཱ་སུ་སིདྡྷི་པུཥྚིཾ་ཀུ་རུ་ཨཱོྃ༔ ཞེས་བཏགས་ནས་བཟླ་ཞིང་ཐུན་གྱི་མཚམས་སུ་གཏོར་མ་དང་མཆོད་པ་རྣམས་སྔར་བཞིན་ཕུལ༔ ཁྱད་པར་སྦྲང་རྩི་ལ་རཏྣ་ལྔ་བསྲེས་པའི་ཟན་གྱི་རིལ་བུའི་གཏོར་མ་ཕུལ་ནས་འདོད་དོན་གསོལ་བར་བྱའོ༔ རྟགས་གཏན་ལ་ཕེབས་ནས་དངོས་གྲུབ་བླང་ཞིང་འཁོར་ལོ་དེ་ཉིད་ཟ་འོག་གིས་དྲིལ་ལ་ནོར་ཕུད་རྣམས་དང་མཉམ་དུ་རཏྣའི་གྭ་འུར་བཅུག་ནས་བང་མཛོད་ཀྱི་ཕུགས་སུ་སྦ་འོ༔ དེ་ནས་ལོངས་སྤྱོད་གང་བྱུང་ཐམས་ཅད་རང་འདོད་ཀྱི་སེར་སྣ་སྤངས་ལ་བླ་མ་དང་དཀོན་མཆོག་ལ་འབུལ༔ ཕུད་དུམ་རེ་གྭ་འུར་བསྐྱལ༔ ཕོངས་པ་རྣམས་སྐྱོང་བ་ལ་སོགས་བྱས་པས་འབྱོར་པ་མི་ཟད་ཅིང་གོང་ནས་གོང་དུ་འཕེལ་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ།། །། ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ བཀའ་སྲུང་ལྷ་ཆེན་གྱི་མེ་མཆོད་བཞུགས་སོ༔ དབང་གི་ལྷ་ལ་ཕྱག་འཚལ་ལོ༔ མེ་མཆོད་བྱེད་པར་འདོད་ན་རང་གོས་དམར་པོ་གྱོན་ཁ་ནུབ་ཏུ་བལྟས་ནས་མདུན་དུ་ཚོང་འདུས་ཀྱི་སའི་ཐབ་ཟླ་གམ་དམར་པོའི་ནང་དུ་ཙན་དན་དང་མཛོ་མོ་ཤིང་དང་འོལ་མོ་སེ་དང་སྐྱུར་བའི་ཤིང་གི་བུད་ཤིང་བརྩིག༔ ཏིལ་གྱི་མར་དང་མེ་ཏོག་དམར་པོ་དང་མངར་གསུམ་དང་ཙན་དན་དང་མྱོས་བྱེད་ཀྱི་འབྲས་བུ་དང་ཤ་ལྔ་དང་བདུད་རྩི་ལྔ་དང་འབྲུ་དང་རིན་པོ་ཆེ་སྣ་ཚོགས་ཁ་ཟས་བཟང་པོ་སྣ་ཚོགས་པ་རྣམས་གསག༔ ཐམས་ཅད་ཁ་དོག་དམར་པོར་བསྒྱུར༔ ཨཱོྃ་ཨགྣེ་ཛྭ་ལ་རཾ༔ སྨད་འཚོང་གི་མེས་སྦར༔ ཨཱོྃ་སརྦ་བྷཱུ་ཏ་རཀྵ་ཧཱུྃ་ཧཱུྃ༔ བགེགས་སྲུང༔ དེ་ནས་རཾ་ལས་འབར་བའི་མེའི་དབུས་སུ་ལྷ་ཆེན་འཁོར་བཅས་གསལ་བར་བསྒོམ༔ སྤྱན་དྲངས་བསྐྱེད་པའི་ལྷ་ལ་བསྟིམ་གཉིས་མེད་དུ་བྱས་པ་ལ་ཏིལ་མར་འབུལ་མཆོད་པ་དང་བསྟོད་པ་བྱ༔ དེ་ནས་རྩ་བའི་སྔགས་ལ་སྤེལ་ཚིག་སྦྲེལ་བས་རྫས་ཐམས་ཅད་བརྒྱ་རྩ་ལ་སོགས་པ་ཕུལ་ནས་གསོལ་བ་བཏབ༔ ཁྱད་པར་དུ་ཙན་དན་གྱི་བྱང་བུ་ལ་དམིགས་བྱའི་རཱུ་པ་མིང་རུས་ཅན་བྲིས་པ་ལ་དགུག་བསྟིམ་བྱས་ནས་དངོས་སུ་བསམ་པ་སྔགས་ཐམས་ཅད་དྲིལ་བའི་མཐར་དབང་སྡུད་ཀྱི་སྔགས་བཏགས་ནས་ཕུལ་བས༔ ལྷ་ཆེན་གྱི་ཐུགས་ཀའི་འོད་ཀྱིས་མཁའ་འགྲོ་དང་འཇིག་རྟེན་གྱི་དྲེགས་པ་ཅན་ཐམས་ཅད་བསྐུལ༔ དེ་རྣམས་ཀྱིས་རླུང་གི་དཀྱིལ་འཁོར་ལ་གནས་པའི་དམིགས་བྱ་གཅེར་བུ་སྐྲ་མ་བཅིངས་པ་དེའི་སྙིང་གར་ལྕགས་ཀྱུས་བཏབ༔ མགྲིན་པར་ཞགས་པས་བཅིངས་ནས་མྱུར་བའི་རླུང་ཤུགས་ཀྱིས་དྲངས་ཏེ་རང་གི་མདུན་དུ་ལྷགས་ཤིང་བརྟན་པ་དང་བྲལ་བས་དབང་དུ་གྱུར་པར་བསམ་མོ༔ དེ་རང་ལ་བསྡུས་ནས་ལྷ་ལ་བཟོད་གསོལ་དང་མཆོད་པ་བྱས་ནས་གཤེགས་སུ་གསོལ༔ ཐལ་བ་མི་ཕྱུགས་མང་པོའི་འཐུང་བའི་ཆུ་ལ་བསྐྱལ་ལོ༔ དེས་ནི་སྒྲུབ་པའི་ལས་ཐམས་ཅད་ཀྱི་འབྲས་བུ་སྐད་ཅིག་ལ་སྟེར་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ བཀའ་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ།། །། ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ བཀའ་སྲུང་ལྷ་ཆེན་གྱི་ཕྱག་མཚན་ལས་སྦྱོར་བཞུགས་སོ༔ དབང་གི་ལྷ་ལ་ཕྱག་འཚལ་ལོ༔ ཕྱག་མཚན་གྱི་ལས་སྦྱོར་ནི༔ སྨད་འཚོང་མ་དཔལ་ཅན་བདུན་གྱི་ལག་ནས་ཁབ་སྙུང་བུ་གྲི་གུ་རྣམས་བླངས་ལ་མགར་བ་འབྲུག་གི་ལོ་པས་རྒྱལ་གྱི་ཉིན་པར་ལྕགས་ཀྱུ་བྱ་ཁྱུང་གི་སེན་མོ་ལྟར་རྣོ་ཞིང་གུག་པ་ཞིག་བཅོས་ལ་འོལ་མོ་སེའམ་མཛོ་མོ་ཤིང་གི་ཡུ་བ་ཁྲུ་གང་བའི་རྩེ་ལ་བསྐྱོན༔ དར་རམ་རས་སམ་གྲོ་ཤོག་ལ་རྫས་སྣ་དྲུག་གིས་དབང་སྡུད་ཀྱི་སྔགས་སྤེལ་ཚིག་ཅན་བདུན་བྲིས་པ་མགུལ་དུ་དཀྲིས་པའི་ཕྱི་དར་དམར་པོས་དྲིལ༔ སྨད་འཚོང་མས་བཀལ་བའི་སྐུད་པ་དམར་པོ་འདོམ་གང་བ་ཞིག་ལ་མདུད་པ་ཉི་ཤུ་རྩ་གཅིག་བྱས༔ དེ་རེ་རེ་ལ་ཡང་སྔགས་ཉི་ཤུ་རྩ་གཅིག་རེ་གདབ༔ དེའི་སྣེ་གཉིས་སུ་མེ་ལོང་ཆུང་ངུ་རེ་ལ་གྷི་ཧཾ་ག་པུར་དང་རང་གི་ཏི་ལ་རྣམས་ཀྱིས་ཨཱོྃ་ཙན་ཏྲ་སིད་ཏི་ས་མ་ཡ་དུང་དུང་ཛ༔ ཞེས་བྲི༔ གཅིག་ལ་རྒྱ་སྐྱེགས་གུར་གུམ་གཞོན་ནུ་མའི་ཟླ་མཚན་རྣམས་ཀྱིས་ཨཱོྃ་སུརྻ་སིད་ཏི་ས་མ་ཡ་དུང་དུང་ཧྲཱི༔ ཞེས་བྲིས་ཏེ་སྐུད་པའི་རྩེ་ལ་བཏགས༔ སྐུད་པ་དེའི་དཀྱིལ་ནས་བལྟབས་པའི་སྣེ་མོ་ལྕགས་ཀྱུའི་མགུལ་དུ་རི་དྭགས་ཀྱི་རྣ་བ་བཞིན་བྱས་པ་དང་ཉི་ཟླ་གཉིས་འཕྱང་འཕྲུལ་དུ་བྱའོ༔ རཏྣ་ལྔ་དང་མེ་ལོང་དང་འགྲོན་བུ་དང་དུང་ཆུང་དང་དར་སྣ་ལྔ་ལ་སོགས་པ་ཡང་གདག་གོ༔ སྐུད་པའི་རྒྱུ་ནི་རས་བལ་དང་རྐུན་ཆེན་གྱི་སྐྲ་ཤད་དང་རྒྱུས་པ་སྨད་འཚོང་མའི་སྐྲ་ཤད་རྣམས་སོ༔ དེ་ཉིད་སྔགས་ཀྱིས་རྟགས་དང་ལྡན་པར་བསྒྲུབས་ནས་ཐོ་རངས་བྱ་རོག་མི་གྲགས་པའི་དུས་སུ་དྲི་ཆུས་ལུས་བཀྲུས་རྫས་སྣ་དྲུག་གི་ཆུས་བྱུགས་ཤིང་དཔྲལ་བར་རོ་ཐལ་གྱི་ཐིག་ལེ་བྱས་ལ་ལྕགས་ཀྱུ་གཡས་སུ་བཟུང༔ དབང་རྟེན་གཡོན་དུ་ཁྱེར་ལ་ལྷ་ཆེན་གྱི་ང་རྒྱལ་གསལ་ཞིང་བརྟན་པས་སྔགས་བཟླ་ཞིང་ཕྱོགས་བཅུར་གཡབས་པས་བདག་དང་ལྕགས་ཀྱུ་ཉི་ཟླ་རྣམས་ལས་འོད་ཟེར་གསལ་ཞིང་རྣོ་བ་འཕྲོས་པས་སྐྱེ་འགྲོ་རྣམས་ཀྱི་སྙིང་ཁ་ནས་བཟུང་སྟེ་རང་གི་མདུན་དུ་དྲངས་རང་དབང་དང་བྲལ་ཏེ་རང་གི་དབང་དུ་འདུས་པར་བསམ་མོ༔ དེས་ནི་དམིགས་བྱ་སྐད་ཅིག་ལ་དབང་དུ་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ།། །། ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ བཀའ་སྲུང་ལྷ་ཆེན་གྱི་རིལ་བུའི་ལས་སྦྱོར་བཞུགས་སོ༔ དབང་གི་ལྷ་ལ་ཕྱག་འཚལ་ལོ༔ རིལ་བུའི་ལས་སྦྱོར་ནི༔ མེ་ཏོག་གླང་སྣ་ཁུག་ཆོས་ནཱ་ག་གེ་སར་དབང་ལག་རྡོ་ཁབ་ལེན༔ རྩངས་པའི་ཤ་མཆིལ་པ་ཕོའི་ཤ་བྱ་ཕོའི་ཟེ་ཁྲག་བུད་མེད་སྐྱེས་པ་དང་སྦྱོར་བའི་འདོད་ཆུ་འབུད་དུང་བརྡར་ཕྱེ་སུག་སྨེལ་གླ་རྩི་གྷི་ཧཾ་གུར་གུམ་ག་པུར་ཙན་དན༔ རང་གི་ས་བོན་བུད་མེད་གཞོན་ནུའི་ཟླ་མཚན་མྱོས་བྱེད་ཀྱི་འབྲས་བུ་རང་གི་ལྟེ་དྲག་རྣམས་སྦྲང་རྒོད་དང་སྦྱར་བའི་རིལ་བུ་སྲན་མ་ཙམ་དྲིལ་ལ་མཚལ་གྱིས་ཁ་དོག་བསྒྱུར༔ རིན་པོ་ཆེའི་ཟ་མ་ཏོག་ཏུ་བཅུག་དར་གྱིས་དྲིལ་ལ་དབང་སྡུད་ཀྱི་སྔགས་སྤེལ་ཚིག་ཅན་གྱིས་བསྒྲུབས་ལ་བརྒྱ་བརྒྱ་ན་ཧས་འདེབས་མེ་སྟག་ཕྲོམ་ཕྲོམ་པའམ་རླངས་པ་ཕྱུར་ཕྱུར་བྱུང་ན་གྲུབ་པའི་ཚད་ཡིན༔ རྫས་དེ་གཞན་གྱིས་མ་རེག་ཅིང་མ་མཐོང་བ་གཅེས༔ དེ་ནས་དམིགས་བྱ་གང་ཡིན་ལ་རིལ་བུ་དེ་ཟས་དང་སྦྱར་ནས་མ་རིག་པར་བྱིན་ལ་རང་ཉིད་ལྷ་ཆེན་གྱི་ང་རྒྱལ་གྱིས་སྔགས་བཟླ་ཞིང་འབྲུ་སྣ་དང་མེ་ཏོག་དམར་པོ་ལ་སྔགས་པ་དམིགས་བྱའི་ཕྱོགས་སུ་གཏོར༔ དེས་གང་འདོད་དབང་དུ་བྱེད་པར་ཐེ་ཚོམ་མེད་དོ༔ རང་གི་སྲིན་བུ་ཀ་ཀ་རི་རྫས་དྲུག་དང་སྦྱར་བ་སྦྲང་རྒོད་ཀྱིས་བསྡུས་པའི་རིལ་བུ་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་ནས་གང་འདོད་པའི་བུ་མོ་ལ་བྱིན་ན་ཁྱི་བཞིན་དུ་འབྲང་ཞིང་དབང་དུ་འགྱུར་རོ༔ དེ་ཕོ་དང་མཆིལ་བའི་ཚིལ་བུ་དང་ར་དཀར་པོ་དང་ཁྱི་དམར་པོའི་གཞང་ཚིལ་རྣམས་སྨད་འཚོང་མའི་འདོམ་རས་ཀྱི་སྡོང་བུ་ལ་སྦར་བའི་དུད་པ་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་ལ་རང་གི་སྨིན་དབྲག་ཏུ་བཀུས་ནས་ལྷ་ཆེན་གྱི་ང་རྒྱལ་གྱིས་བལྟས་ན་ཀུན་གྱི་ཡིད་དུ་འོང་ཞིང་དབང་དུ་འགྱུར་རོ༔ རྔ་དང་ཌཱ་མ་རུ་དང་རྐང་གླིང་ལ་སོགས་པ་ལ་དབང་སྡུད་ཀྱི་སྔགས་བྲིས་རྫས་ཀྱིས་བྱུགས་ནས་ལྷ་ཆེན་གྱི་ང་རྒྱལ་གྱིས་བརྡུང་ཞིང་བུས་ན་ཐོས་ཚད་སྣང་བ་འགྱུར་ཞིང་དབང་དུ་འགྱུར་རོ༔ ས་མ་ཡ༔ ཚིལ་སྣ་བཞི་དང་སྨན་སྣ་དྲུག་སྦྲང་སྨྱོན་དང་རྐུན་ཆེན་གྱི་མར་ཁུ་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་པ་སྨད་འཚོང་མའི་མེ་ལ་བསྲེགས་ན་གསུར་ཚོར་ཚད་རྒྱུད་འགུལ་ཞིང་དབང་དུ་འགྱུར་རོ༔ དགེ་འདུན་གྱི་འདུས་པ་དང་འབངས་གཡོག་མང་པོའི་གཙོ་བོས་དེ་རྣམས་གུས་ཤིང་མཐུན་པས་དབང་དུ་བྱེད་ན༔ གྷི་ཧཾ་དང་རྒྱ་སྐྱེགས་ཀྱིས་དེ་རྣམས་ཀྱི་གཟུགས་མིང་རུས་དང་བཅས་པ་མང་པོ་བྲིས་ལ་སྔར་བཞིན་འགུགས་གཞུག་བྱས་ནས་དམིགས་བྱ་དངོས་སུ་བསམ༔ དེ་ནས་གཞོན་ནུ་མས་བཀལ་བའི་སྐུད་པ་དམར་པོས་བཅིངས་ལ་ཚོང་འདུས་ཀྱི་ས་དང་སྨད་འཚོང་མའི་ཐབ་སས་གྭའུ་མ་ཁེབས་དང༔ རྒྱལ་པོ་དང་དགེ་བཤེས་བསོད་ནམས་ཅན་གྱི་གདན་ཁྲིའི་ས་ལ་གྭའུ་ཡ་ཁེབས་བྱས་པའི་གྭའུ་ཟླ་གམ་གྱི་ནང་དུ་རང་གི་ས་བོན་མ་ལགས་པའི་རྫས་སྣ་དྲུག་སྦྲང་སྨྱོན་དང་སྦྱར་བས་བྱུག༔ དེའི་ནང་དུ་སྔར་གྱི་ལིང་ག་རྣམས་བཅུག་ལ་མེ་ཏོག་དམར་པོ་དང་རཏྣ་དར་ཟབ་ཀྱིས་བཀང༔ ཡ་ཁེབས་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་བཀབ་མཚམས་སྦྱར༔ རང་གི་མལ་འོག་ཏུ་བཅུག་ནས་རྒྱུན་དུ་ཐུན་མ་ཆད་པར་མནན་པས་ཐམས་ཅད་གུས་ཤིང་མཐུན་པས་དབང་དུ་འགྱུར་རོ༔ ས་མ་ཡ༔ རྒྱལ་པོ་ལ་སོགས་ཏེ་བསོད་ནམས་མངའ་ཐང་ཅན་རྣམས་ལ་ལས་རྣམས་ཐམས་ཅད་ཚང་བར་དྲིལ་ནས་ཕྱག་ལེན་བྱས་ན་ཚན་ཆེ་འོ༔ སྐྱེ་བོ་ཕལ་པ་ལ་སྣ་རེ་རེས་ཀྱང་འགྲུབ་བོ༔ ཐོག་མར་རང་ལས་དམན་པ་གཅིག་ལ་ཚད་དོ༔ གལ་ཏེ་ཕ་རོལ་པོ་བརྟན་པ་བྲལ་ཏེ་སྨྱོས་པ་དང་འཕྱོ་བ་སོགས་བྱུང་ན་འགྲོལ་བར་བྱ་འོ༔ རང་གི་ཆུ་དང་ར་དཀར་མོ་དང་བ་དམར་མོའི་འོ་མ་མེ་ཏོག་པུཎྜ་རཱི་ཀ་དང་མངར་གསུམ་སྦྱར་བའི་ཆུ་ལ་ཨཱོྃ་ཨ་མྲྀཏ་ཧི་ལི་ཧི་ལི་ཤཱན་ཏི་ཀ་སྭཱ་ཧཱ༔ ཞེས་སྟོང་བཟླས་ནས་བྱིན་ན་ཁྲོལ་བར་འགྱུར་རོ༔ དེས་མ་ཁྲོལ་བར་མིང་རུས་ཡོད་ན་སྔར་གྱི་རྫས་ཀྱིས་མིང་རུས་བཀྲུས་པས་གྲོལ་བར་འགྱུར་རོ༔ ས་མ་ཡ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ།། །། ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ བཀའ་སྲུང་ལྷ་ཆེན་སྔགས་ཐེམ་གཅེས་གནད་བཞུགས་སོ༔ དབང་གི་ལྷ་ལ་ཕྱག་འཚལ་ལོ༔ ལྷ་ཆེན་ལྕམ་དྲལ་གྱི་སྔགས་ཐེམ་གཅེས་གནད་དུ་བསྟན་པ་ནི༔ ཨཱོྃ་མ་ཧཱ་དེ་བ་ས་མ་ཡ་ཧྲིཾ་ཛ༔ འབྲུ་བཅུ་ནི་བསྙེན་པའི་གསང་སྔགས་ཀྱི་གནད་དོ༔ ཨཱོྃ་མ་ཧཱ་དེ་བ་ཛ༔ ཨུ་མཱཿདེ་བཱིཿཧྲཱིཾ་ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོ༔ འབྲུ་ཉི་ཤུ་ནི་སྒྲུབ་པའི་གསང་སྔགས་ཀྱི་གནད་དོ༔ དབང་སྡུད་ཀྱི་གསང་སྔགས་ནི་སུམ་ཅུ་རྩ་གཉིས་སུ་ངེས་པ་འོ༔ དེའི་ལས་ཀྱི་འཕྱོང་ནི་ལྔ་བཅུ་རྩ་བརྒྱད་དུ་བསྟན་པ་འོ༔ སྤེལ་བར་བྱ་བའི་འཕྱོང་གཞན་ནི་མ་གཏོགས་སོ༔ ཁ་སྦྱོར་དབྱེ་བ་ནི་སྐྱབས་ཀྱི་ཡི་གེ་ཟློག་པ་འོ༔ ལྕགས་ཀྱུའི་རྩེ་འཕྲད་པ་ལ་ནི་འདིའི་ཡི་གེ་ཟློག་པ་འོ༔ ངེས་པའི་གནད་ཐིག་གོ༔ ཐུགས་རྗེ་ཆེན་པོ་བཀའི་སྲུང་མ་དབང་གི་ལས་ཐམས་ཅད་ཀྱི་བཅུད་ཐིག་དྲེགས་པའི་ཐུགས་ཀྱི་སྲོག་སྙིང་པོར་དྲིལ་བ་ལྷ་ཆེན་གྱི་སྒྲུབ་ཐབས་ཨོ་རྒྱན་གུ་རུའི་གསུང་བཞིན་བཀོད་པ་འོ༔ ཐུགས་རྗེ་ཆེན་པོའི་བཀའ་སྲུང་ལྷ་ཆེན་གྱི༔ སྒྲུབ་ཐབས་སྙིང་པོ་ཟབ་པའི་མཐར་ཐུག་འདི༔ བཀའ་རྒྱས་བཏབ་ནས་ཡི་གེའི་རིས་སུ་བཀོད༔ ཤ་འུག་སྟག་སྒོ་བདེ་ཆེན་འཁོར་ལོར་སྦས༔ བཀའ་སྲུང་རྣམས་ལ་གཉེར་གཏད་ཐ་ཚིག་བསྒྲགས༔ རྩོད་ལྡན་སྙིགས་མ་སུམ་ཅུའི་དུས་ཀྱི་ཚེ༔ ཨོ་རྒྱན་ཐུགས་སྲས་ཤེས་རབ་སྙིང་རྗེ་ཅན༔ འགྲོ་འདུལ་ལས་ཅན་དེ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ སྨྲག་ཁ་ཐཾ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ།། །། ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ བཀའ་སྲུང་ལྷ་ཆེན་གྱི་སྒབ་འདྲེ་གནན་ཐབས་བཞུགས་སོ༔ ྈྈྈྈྈྈྈྈྈ དབང་གི་ལྷ་ལ་ཕྱག་འཚལ་ལོ༔ ལྷ་ཆེན་སྒྲུབ་པའི་རྣལ་འབྱོར་པས་སྒབ་འདྲེ་གནན་པ་གཅེས་སོ༔ དུག་ཤོག་ལ་ར་ཁྲག་དང་སྣག་ཚ་བསྲེས་པས་བླ་རྐུ་བྱིས་པའི་གཟུགས༔ བསེ་རག་རི་བོང་གི་མགོ་ཅན༔ གོད་འདྲེ་དོམ་གྱི་མགོ་ཅན༔ སྲིན་མོ་མི་མོའི་གཟུགས་ཅན་རྣམས་ཀྱི་གཟུགས་མགོ་སྤྲད་བཞི་ཚོམ་དུ་བྲིས་པ་ལྕགས་སྒྲོག་གིས་བཅིངས་པའི་ཡན་ལག་བཞིར་ཛཿཧཱུྃ་བཾ་ཧོ༔ མགོ་ལ་ཏྲིག་ནན༔ སྙིང་གར་ཏྲི༔ དེའི་མཐར་རིམ་པ་བཞིན་མི་ལ་ཀུ་རུ་དུ་ཏྲི་ཛ༔ བསེ་རག་ཤན་ཏྲི་དུ་ཛ༔ གོད་འདྲེ་ཙག་ཤ་ཛ༔ བསེན་མོ་དུ་ཏྲི་ཛ༔ ཞེས་དང་ཐམས་ཅད་ཀྱི་མཐར་ཀཱ་ཡ་ཤ་ཏྲི་གནོད་བྱེད་སྒབ་འདྲེ་འབྱུང་པོ་སཏྭམྦྷ་ཡ་ནན༔ ཧུར་ཐུམས་ཛ་མཱ་ར་ཡ་རྦད་ནན༔ ཞེས་བྲི༔ ཀུན་གྱི་ཕྱི་ནས་ཛ་ཁྲམ་གྱིས་བསྐོར་ལ་མདུན་དུ་བཞག༔ རང་ལྷའི་ང་རྒྱལ་གྱིས་དམིགས་བྱ་རྣམས་གཟུགས་ལ་བཀུག་ཅིང་བསྟིམ༔ ཕྱག་རྒྱས་དམ་དུ་བཅིངས་ནས་ཐུན་གྱིས་གཟིར༔ རྟགས་བྱུང་ནས་དུག་ཁྲག་བྱུག་ཤི་སྐྲས་བཅིངས་རི་བོང་གི་ཐོད་པར་བཅུག་ནས་རེ་བས་དྲིལ་ལམ་སྲང་བཞི་མདོའམ་མཆོད་རྟེན་གྱི་ཞབས་སུ་གནན༔ རྡོ་རྗེ་རྒྱ་གྲམ་གྱིས་ཁ་བཅད༔ ཅིས་ཀྱང་མི་ཐར་བར་བསམ་ཞིང་བྲོ་རྡུང་བྱ་འོ༔ སྒབ་འདྲེ་མ་གནན་པར་སྒྲུབ་པ་བྱས་ན་འདྲེས་ལྷར་བརྫུས་ནས་བྲིད་ཅིང་བསླུ་བ་དང༔ ཚེ་སྲོག་འཕྲོག་པ་དང་མི་ནོར་ལ་གོད་ཁ་བྱེད་པ་དང་གཏམ་ངན་དང་མི་ཁས་འགེང་བ་སོགས་བར་ཆད་ཀྱི་དབང་དུ་འགྲོ་བས་འདི་ཉིད་བྱ་བ་ཤིན་ཏུ་གཅེས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ།། །། ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ བཀའ་སྲུང་ལྷ་ཆེན་གྱི་ལས་མཐའ་དྲག་པོའི་ཕྲིན་ལས་བཞུགས་སོ༔ ཟློག་པའི་མན་ངག༔ དབང་གི་ལྷ་ལ་ཕྱག་འཚལ་ལོ༔ མ་ཧཱ་དེ་ཝའི་ལས་མཐའ་དྲག་པོར་བསྒྲུབ་ན་ཟློག་པ་ནི༔ དུར་ཁྲོད་ཀྱི་ས༔ མཆོད་རྟེན་རྙིང་པའི་ས༔ མེ་ཤོར་བའི་ས༔ ཤྭ་རྒོད་རྡོལ་བའི་ས་རྣམས་ལ་ཕོ་མཚན་གྱི་གཟུགས་ཁོང་སྟོང་མཛུབ་གང་བ་སོས་སྨིན་པ་ཞིག་བྱས་ལ་རོ་སོལ་གྱིས་བྱུག༔ དེའི་ནང་དུ་གྲོ་ཤོག་ལ་དུག་ཁྲག་གིས༔ ཨཱོྃ་མ་ཧཱ་དེ་བ་ཨུ་མཱཿདེ་བཱིཿཐུམས་ལཾ་ཐུམས་རིལ་རྦད་སུ་ནྲྀ་ཛཿཆེ་གེའི་ཙིཏྟ་ལ་ཐུམས་རིལ་རྦད་རཀྴ་ཛཿཏྲིག་ཐུམས་མཱ་ར་ཡ་རྦད་བྷྱོ་ཟློག༔ ཅེས་བྲིས་པ་བཅུག༔ དེའི་ཞབས་སུ་ཡུངས་དཀར་ནག་ཀེ་ཚེ་ཤང་ཚེ་དུག་སྣ་ཁྲག་སྣ་སོགས་སྔགས་ཀྱིས་སྔགས་པའི་ཐུན་རྫས་སྣ་ཚོགས་བླུག་རེ་བས་ཁ་བཅད་ལ་མདུན་དུ་བཀོད༔ བདག་ལྷའི་ང་རྒྱལ་གྱིས་རྟེན་དབང་ཕྱུག་ནག་པོ་ཁྲོ་ཞིང་མི་སྡུག་པ་རལ་པ་གཟེངས་པ་གཡས་སྲིད་མེས་དང་གཡོན་རྩེ་གསུམ་ཐོགས་པ་ནད་མཚོན་གྱི་ཚྭ་ཚྭ་འཕྲོ་བ་བསྒོམས་ཤིང་བསྟིམ༔ ཤ་ཁྲག་གི་གཏོར་མ་ཕུལ་ནས་དྲག་སྔགས་ཀྱིས་མཐུ་བསྐྱེད༔ བསྐུལ་བྱ་ཞིང་དགྲ་ཕྱོགས་སུ་ཟོར་དུ་འཕངས་ན་ཕ་རོལ་གྱི་བྱད་ཁ་ཕུར་ཁ་རྦད་འདྲེ་རྦོད་གཏོང་ལྟས་ངན་ཐམས་ཅད་ཟློག་པར་འགྱུར་རོ༔ ཡང་ན་རང་གི་ཁང་པ་ནས་ཁ་དགྲ་ཕྱོགས་སུ་གཏད་དེ་བཙུགས་ཀྱང་འགྲུབ་བོ༔ སེར་བ་དང་ཤྭ་འོད་ལ་སྤེལ་ཚིག་བསྒྱུར་ནས་བརྩམས་པས་འགྲུབ་བོ༔ ས་མ་ཡ༔ ྈ དབྱེ་བའི་མན་ངག་བཞུགས་སོ༔ དགྲ་བོ་མཐུན་གཉིས་འབྱེད་ན་ཉི་ནག་གི་དུས་དུག་ཤོག་ལ་གྲི་ཁྲག་གིས་དམིགས་བྱའི་གཟུགས་མིང་རུས་བླ་རྟགས་དང་བཅས་པ་སོ་སོར་བྲིས་པའི་ལྟོ་བར༔ མ་ཧཱ་དེ་བ་རཀྴ་ཛྭ་ལ་ཤག་ཕྱེ་ཤག་ཕྱེ་མ་མ་ཏྲག་རུ་ཏྲ་མཱ་ར་ཡ་ཕྱེ་ཕྱེ་རྦད༔ ཅེས་དང་དམོད་མོ་གང་དགོས་བྲིས་པ་ཐ་དད་དུ་བྱས་པའི་གཅིག་ལ་ག་པུར་ཆུ་དག་གླ་རྩིས་བྱུགས་ནས་འུག་པའི་སྒྲོ་ལ་སྦྱར༔ གཅིག་ལ་ཚ་བ་གསུམ་བྱུགས་ནས་ཕོ་རོག་གི་དང་རུ་ལ་སྦྱར༔ ཟག་རྫས་གང་རྙེད་སོ་སོར་བྱུགས༔ དེ་ནས་བདག་ཉིད་ལྷ་ཆེན་གྱི་ང་རྒྱལ་དྲག་པོས་དམིགས་བྱ་བཀུག་ཅིང་བསྟིམ༔ ལྷ་དང་ཕྱེས་ནས་ཕྱག་རྒྱས་བཅིངས་ཏེ་དགྲ་བོ་དངོས་སུ་བསྒོམ་ཞིང་དབྱེ་བའི་སྔགས་རྒོད་བཟླ་ཞིང་ཐུན་གྱིས་བྲབས༔ གཟའ་རྒོད་དྲག་པོ་རྒྱུ་བའི་ནམ་གུང་གི་དུས་ནུབ་བྱང་གི་བྲག་ནག་པོ་རླུང་སྒྲ་ཅན་ལྷ་འདྲེ་དྲག་པོ་ཡོད་པའི་སར་ཁྱེར་ལ་དབང་ཕྱུག་དང་ལྷ་འདྲེ་ལ་གཏོར་མ་བཏང༔ མ་ཉེས་པའི་ཤགས་གདབ་ཅིང་དམོད་མོ་དྲག་པོ་བརྗོད༔ སྒྲོ་གཉིས་རྨེ་ཕོའི་སྐྲའམ་རྒྱུས་པས་བྲག་ལོགས་ལ་བཏགས་ཏེ་རྒྱུན་དུ་འཁྲུགས་པར་བྱ་ཞིང་གཞན་གྱིས་མི་མཐོང་བ་གཅེས༔ དེ་ནས་རྟགས་མ་བྱུང་བར་ནུབ་རེ་བཞིན་དབང་ཕྱུག་དང་ལྷ་འདྲེ་ལ་གཏོར་མ་བཏང་བསྐུལ་བྱ༔ དབྱེ་སྔགས་བརྒྱ་རྩ་རེ་བཟླ༔ རྟགས་བྱུང་ནས་བརྔན་ཕུལ་ལ་འུག་སྒྲོའི་ལིང་ག་ལམ་རྒྱ་གྲམ་དུ་སྦ༔ བྱ་རོག་གི་སྒྲོའི་ལིངྒ་ཆུའི་རྦ་དྲག་པོ་མིས་མི་མཐོང་བར་བཏགས་ནས་འཇོག༔ དེས་ནི་ཇི་ལྟར་མཐུན་ཡང་དབྱེ་བར་ནུས་སོ༔ སྲོག་ལ་བྱེད་ན་ཏིལ་གྱི་མར་ཚ་བ་ལ་བསྲེག༔ བབས་ནས་མཐུན་པར་བྱེད་ན་གཟུགས་གཉིས་བཀྲོལ་ལ་འོ་མ་ལ་སྤོས་སྦྱར་བའི་ཆུས་བཀྲུ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈ བསྐྲད་པའི་མན་ངག་བཞུགས་སོ༔ དགྲ་བོ་བསྐྲད་པའི་ལས་བྱེད་ན་རྔ་མོའི་ཕྲུ་ཤུན་ལ་དུག་ཁྲག་གིས་དགྲ་གཟུགས་གཅེར་བུ་རླུང་དཀྱིལ་ལ་བཞག་པ་མིང་རུས་བླ་རྟགས་དང་བཅས་པ་ཚང་བར་བྲིས་པའི་ལྟོ་བར༔ མ་ཧཱ་དེ་བ་ཨུ་མཱཿདེ་བཱིཿསརྦ་གིང་ཀ་ར་སྙིང་སྲོག་རྩ་ལ་ཡ་དགྲ་བོ་ཆེ་གེ་མོ་ཨུ་ཙ་ཏ་ཡ་ཕཊ༔ ཡཾ་ཡཾ་མཱ་ར་ཡ་ཕཊ༔ ཅེས་བྲིས་ལ་བཙན་དུག་གུ་གུལ་མུ་ཟི་མཛེ་ཁྲག་ཤུ་དག་ཐང་ཕྲོམ་ཟག་རྫས་གང་རྙེད་རྣམས་ཀྱིས་བྱུགས༔ རང་ཉིད་ལྷ་ཆེན་གྱི་ང་རྒྱལ་གྱིས་དགུག་བསྟིམ་དབྱེ་བ་རྣམས་བྱས་ནས་དགྲ་བོ་དངོས་སུ་བསམ་ཞིང་བསྐྲད་པའི་སྔགས་རྒོད་ཀྱིས་བསྒྲུབས་པའི་ཐུན་གྱིས་གཟིར༔ ལིངྒ་དེ་སྤྲང་པོའི་གོས་དུམ་གྱིས་དྲིལ་ཤི་སྐྲས་བཅིངས༔ ཡུལ་གཞན་གྱི་བྱ་རོག་གཅིག་བཟུང་ལ་དེའི་སྐེ་ལ་བཏགས༔ རང་ལྷ་ཆེན་དུ་བསྒོམས་པའི་མདུན་དུ་ཡཾ་ཡིག་ལས་རླུང་དཀྱིལ་གྱི་སྟེང་ན་དམིགས་བྱ་སྐྲ་བཤིགས་པ་གཅེར་བུ་བྱད་དུ་བཅུག་པ་ཡང་ཞིང་གཡོ་བ་ཞིག་བསམ༔ དབང་ཕྱུག་ལ་གཏོར་མ་ཕུལ་མ་ཉེས་པའི་ཤགས་གདབ་དམོད་མོ་བརྗོད༔ དེ་ནས་རང་གི་སྣ་ནས་རླུང་དྲག་ཏུ་བུས་པས་སྔོ་ཕྱུར་ཏེ་བྱུང་བ་རླུང་དཀྱིལ་ལ་ཕོག་པས་དམིགས་བྱ་ཡེར་གྱིས་བཏེགས་ནས་གཞན་དུ་སོང་བར་བསམ་ལ་བྱ་རོག་དབྱུག་པ་དང་རོལ་མོ་ལ་སོགས་པས་བསྐྲད་པའི་ཕྱི་ནས་ལྷ་ཆེན་མཐིང་ནག་མཚོན་ཆ་ཐོགས་པ་མང་པོས་འདེད་པར་བསམ་མོ༔ བྱ་རོག་ཡུལ་བརྒལ་ནས་སོང་ན་དེས་ཆོག༔ མི་འགྲོ་བར་ལོག་ན་སླར་ཡང་བསྐྱར་ནས་བྱས་པས་དགྲ་བོ་དཔལ་འབྱོར་མངའ་ཐང་ཇི་ལྟར་ཆེ་ཡང་ཡུལ་གཞན་དུ་འབྱེར་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བཀའ་རྒྱ༔ ཁ་ཐཾ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ།། །། ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ བཀའ་སྲུང་ལྷ་ཆེན་གྱི་གནད་འབེབ་བཞུགས་སོ༔ དབང་གི་ལྷ་ལ་ཕྱག་འཚལ་ལོ༔ སྒྲུབ་པ་ཐེམས་ཀྱང་རྟགས་མ་བྱུང་ན་སྔར་གྱི་སྒྲུབ་པ་རྣམས་བལྡབ་ཏུ་བསྐྱར་ཞིང་ཉིན་རེ་བཞིན་མེ་མཆོད་ཀྱི་ལས་དང་སྦྱར་ནས་བསྒྲུབ་ན་འགྲུབ་པར་འགྱུར་རོ༔ དེས་ཀྱང་རྟགས་མ་བྱུང་ན་རང་ཉིད་རྟ་མགྲིན་དུ་བསྒོམས་པའི་ཞབས་འོག་ཏུ་ལྷ་ཆེན་མནན་པར་བསམ་ལ༔ གུ་གུལ་དང་མུ་ཟི་ཤ་ཆེན་བཙན་དུག་རྣམས་བསྲེས་པའི་དུད་པས་རྟེན་ལ་བདུག་ཅིང་ཡུངས་དཀར་གྱིས་བྲབ་གོང་གནོན་གྱི་སྔགས་ཀྱི་མཐར༔ ཨཱོྃ་མ་ཧཱ་དེ་བ་ཛ༔ ཨུ་མཱཿདེ་བཱིཿཧྲིཾ༔ ཏྲིག་ནན་ཨེ་ཧུར་ཐུམས་ཛ༔ ཞེས་གཟིར་ཞིང་གཅུན་པས་མ་བཟོད་པར་འཇིག་རྟེན་ཁམས་ཀྱི་མི་ནོར་ལོངས་སྤྱོད་ཐམས་ཅད་དབང་དུ་བསྡུས་ནས་རང་ལ་ཕུལ་བས་བདག་གི་དབང་དུ་གྱུར་པར་བསམ་ཞིང་སྔགས་བཟླ་འོ༔ རྨི་ལམ་དུ་སྐྱེས་བུ་རིད་ཅིང་ཉམ་ངན་པ་དང༔ བཙོན་བཅུག་པ་དང༔ མི་མང་པོས་ཕྱག་དང་ཞུ་གསོལ་བྱེད་པ་བྱུང་ན་ལས་བཤོལ་ལ་རྟེན་ལ་སྤོས་ཀྱིས་བདུག་ཅིང༔ དྲི་བཟང་གི་ཆུས་ཁྲུས་གསོལ་བཟོད་གསོལ་བྱས་ལ་བསྒྲུབས་པས་སྔར་གྱི་རྟགས་ཚོ་འབྱུང༔ དེ་ནས་དངོས་གྲུབ་བླང་བར་བྱ་འོ༔ དེས་ནི་ལས་འབྲས་མྱུར་དུ་འབྱིན་པར་ཐེ་ཚོམ་མེད་དོ༔ ས་མ་ཡ༔ དམིགས་བྱ་ཁོ་རའི་ལྷ་སྲུང་གིས་བསྐྱབས་ནས་ཁུག་ཏུ་མི་སྟེར་བ་དང་དབང་དུ་མ་གྱུར་ན༔ གཏོར་མ་བྱིན་ལ་དམིགས་བྱའི་རཱུ་པ་གུ་གུལ་རྟ་བོན་མུ་ཟི་ཁྱི་ལུད་ཞབས་མ་རྣམས་ཀྱིས་ས་གཞན་དུ་བདུག་ཅིང་སྲུང་མ་དེའི་སྔགས་ཚེག་བར་ཅན་བཟློག་ནས་བཟླས་པས་འགྲུབ་བོ༔ ས་མ་ཡ༔ དབང་སྡུད་མཁན་ནང་འགྲས་ནས་མ་ཁུག་ན་ཡུངས་དཀར་དང་སྦྲང་སྨྱོན་དང་གྲི་ཁྲག་གི་དུད་པས་རཱུ་པ་བདུག་ཅིང་སྔགས་འབྲུ་ལྡོག་ནས་བཟླས་པས་ཐེ་ཚོམ་མེད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ། །མངྒ་ལཾ།། །།
གསང་ཐིག་སྙིང་པོའི་སྐོར་ལས༔ ཡང་དག་ཧེ་རུ་ཀ་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས་ (Volume 28, Text 4)
༁ྃ༔ གསང་ཐིག་སྙིང་པོའི་སྐོར་ལས༔ ཡང་དག་ཧེ་རུ་ཀ་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས་བཞུགས་སོ༔ ༔དྷ༔དྷནདྒཿ༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཚེ་གཅིག་སངས་རྒྱས་ཐོབ་འདོད་པའི༔ དབང་ཐོབ་དམ་ཚིག་ལྡན་པ་དག༔ དབེན་པའི་གནས་སུ་ངེས་འབྱུང་བསྒོམ༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ལ༔ ཚོགས་གསག་ཡན་ལག་བདུན་པ་བྱ༔ རང་བཞིན་དག་པའི་དེ་བཞིན་ཉིད༔ མ་བཅོས་བདེ་ཆེན་རྩལ་མདངས་ནི༔ རིག་པ་ཧཱུྃ་གི་སྒྲ་གདངས་ལས༔ རྡོ་རྗེའི་གུར་ཁང་མེ་འབར་བ༔ དབུས་སུ་འབྱུང་བ་རིམ་བརྩེགས་སྟེང༔ པདྨ་འདབ་སྟོང་ལྟེ་བ་རུ༔ བྷྲཱུྃ་ལས་ཟླ་གམ་གཞལ་ཡས་ཁང༔ ནང་དུ་རྡོ་རྗེའི་བྲག་ཆེན་དང༔ པདྨ་ཉི་མ་རུ་དྲའི་སྟེང༔ ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན༔ འོད་འཕྲོས་རྒྱལ་མཆོད་འགྲོ་རྒྱུད་སྦྱངས༔ བྱིན་རླབས་འོད་ཟེར་ཚུར་འདུས་པས༔ བདག་ཉིད་དཔལ་ཆེན་ཧེ་རུ་ཀ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཁྲོ་གཏུམ་མི་བཟད་གར་དགུ་ལྡན༔ ཕྱག་གཡས་རྡོ་རྗེ་གཡོན་དྲིལ་བུ༔ ཞབས་གཉིས་རོལ་པའི་སྟབས་ཀྱིས་བཞེངས༔ རྡོ་རྗེའི་གཤོག་པ་དྲག་ཏུ་བརྒྱངས༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡུམ་ཆེན་ཀྲོ་དྷཱི་ཤྭ་རཱི་མ༔ ཁ་ཊྭཱཾ་དང་ནི་དུང་དམར་སྟོབ༔ ཡབ་ཡུམ་བདེ་ཆེན་འཁྲིལ་སྦྱོར་རོལ༔ རྡོ་རྗེ་པདྨ་མཉམ་པར་སྦྱར༔ སྐུ་ལས་ཡེ་ཤེས་མེ་ཕུང་འབར༔ སྤྱི་བོར་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཡེ་ཤེས་ལྔ་ཡི་བདག་ཉིད་ཅན༔ སྐུ་ཡི་གནས་གསུམ་ཨོཾ་ཨཱཿཧཱུྃ༔ སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨོཾ་ཨཱཿཧཱུྃ༔ ཐུགས་ཀར་འོད་ཀྱི་གུར་ཁྱིམ་དབུས༔ པདྨ་ཟླ་བའི་གདན་སྟེང་དུ༔ ཡེ་ཤེས་སེམས་དཔའ་རྡོ་རྗེ་སེམས༔ མཐིང་གསལ་རྡོ་རྗེ་དྲིལ་བུ་འཛིན༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང༔ རྡོ་རྗེ་སྔོན་པོ་རྩེ་ལྔ་པའི༔ ལྟེ་བར་ཉི་མ་ལ་གནས་པའི༔ རྟག་ཏུ་འཆར་བའི་ཧཱུྃ་མཐིང་མཐར༔ རུ་ལུ་འབྲུ་བརྒྱད་རྡོ་རྗེའི་སྒྲ༔ སྔགས་ཀྱི་རང་སྒྲ་སྒྲོག་པ་ཡི༔ འོད་ཟེར་མཁའ་ཁྱབ་ཀུན་ཏུ་འཕྲོས༔ རྒྱལ་བ་རྣམས་ལ་མཉེས་མཆོད་ཕུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས༔ སྤྱན་དྲངས་བདག་གི་གནས་གསུམ་དུ༔ ཐིམ་པས་སྐུ་གསུམ་དངོས་གྲུབ་ཐོབ༔ འགྲོ་བའི་སྡིག་སྒྲིབ་མ་ལུས་སྦྱངས༔ དཔལ་ཆེན་པོ་ཡི་ས་རུ་བཀོད༔ མ་མོ་མཁའ་འགྲོ་དབང་དུ་བསྡུས༔ ཕྱི་སྣོད་ཧེ་རུ་ཀ་ཡི་གནས༔ ནང་བཅུད་དཔལ་ཆེན་ཡབ་དང་ཡུམ༔ སྣང་བ་ཐམས་ཅད་ལྷ་ཡི་སྐུ༔ གྲགས་པ་ཐམས་ཅད་སྔགས་ཀྱི་གདངས༔ རིག་པ་ཟང་ཐལ་འོད་གསལ་བ༔ བདེ་ཆེན་ཡེ་ཤེས་ངང་དུ་གནས༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ གཞན་ཡང་ཞལ་གཉིས་གཙོ་བོ་ཡབ་ཡུམ་གཉིས༔ ཡབ་ཡུམ་ཕྱག་ཞབས་བརྒྱད་ནི་གཽ་རཱི་བརྒྱད༔ མཐིལ་བརྒྱད་ཡུལ་གྱི་ཕྲ་མེན་ཆེན་མོ་བརྒྱད༔ ཕུང་ཁམས་སྐྱེ་མཆེད་གདོད་ནས་ལྷར་དག་པ༔ རླུང་གི་འབྱུང་འཇུག་གནས་གསུམ་རུ་ལུའི་གདངས༔ རྩ་ཡི་མདུད་པ་ཐམས་ཅད་རུ་ལུའི་གཟུགས༔ ཐིག་ལེ་ཐམས་ཅད་རུ་ལུའི་འབྲུ་རུ་གནས༔ ཚོགས་བརྒྱད་རྟོག་པ་རུ་ལུའི་ངོ་བོར་ཤར༔ བདེ་བ་བརྒྱད་ནི་རུ་ལུ་འབྲུ་བརྒྱད་ཀྱི༔ བདེ་སྟོང་ཟུང་འཇུག་ཡེ་ཤེས་རོལ་པར་བལྟ༔ སྐབས་སུ་དཔལ་གྱི་གཏོར་མ་ཐོད་པ་གང༔ རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས་བྱས་ནས༔ སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང༔ བྷྲཱུྃ་ལས་བྷཉྫའི་སྣོད་དུ་ཤ་ལྔ་དང༔ བདུད་རྩི་ལྔ་ནི་ཡེ་ཤེས་ལྔ་རུ་གསལ༔ མེ་རླུང་སྦྱོར་བས་འོད་ཞུ་དམ་ཚིག་རྫས༔ ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས༔ རླངས་པའི་འོད་ཟེར་ཕྱོགས་བཅུ་ཀུན་ཏུ་འཕྲོས༔ འཁོར་འདས་བདུད་རྩིའི་བཅུད་བསྡུས་འབྲུ་གསུམ་གྱི༔ རྣམ་པར་གནས་པ་འོད་ཞུ་བདུད་རྩིར་ཐིམ༔ སླར་ཡང་འོད་ཟེར་ཟླ་གམ་གཞལ་ཡས་ཁང༔ ནང་དུ་དཔལ་ཆེན་ཧེ་རུ་ཀ་ཡབ་ཡུམ༔ གནས་ཡུལ་སྒོ་སྐྱོང་མ་མོ་མཁའ་འགྲོའི་ཚོགས༔ སྤྲིན་ལྟར་གཏིབས་ཤིང་ལྷ་ཚོགས་ཐམས་ཅད་ཀྱིས༔ གཏོར་མ་བདུད་རྩིའི་བཅུད་དྲངས་གསོལ་བར་བསམ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ དཔལ་ཆེན་འཁོར་དང་བཅས་རྣམས་ཀྱིས༔ མཆོད་པ་རྒྱ་མཚོ་འདི་བཞེས་ཤིག༔ ཉམས་ཆག་རྒྱ་མཚོ་མ་ལུས་བཤགས༔ ཐུགས་དམ་རྒྱ་མཚོ་མ་ལུས་བསྐང༔ དངོས་གྲུབ་རྒྱ་མཚོ་བསྩལ་དུ་གསོལ༔ ཕྲིན་ལས་རྒྱ་མཚོ་མ་ལུས་སྒྲུབས༔ དེ་ནས་དངོས་གྲུབ་བླང་བ་ནི༔ བླ་མ་ཧེ་རུ་ཀ་དཔལ་ཆེ༔ མཁའ་འགྲོའི་གཙོ་བོ་དགོངས་སུ་གསོལ༔ བླ་མེད་ས་ལ་དྲངས་ནས་སུ༔ སྐུ་གསུང་ཐུགས་མཆོག་བསྩལ་དུ་གསོལ༔ རང་ཉིད་ཧེ་རུ་ཀ་རུ་བསྒོམ༔ ཡེ་ཤེས་དབབ་ཅིང་བརྟན་པར་བྱ༔ དེ་ནས་གཏོར་མའི་དབང་བླང་སྟེ༔ ཧཱུྃ༔ ཆོས་དབྱིངས་བྷཉྫ་ཟླ་གམ་གཞལ་ཡས་ནས༔ དཔལ་ཆེན་ཧེ་རུ་ཀ་ཡི་ལྷ་ཚོགས་རྣམས༔ སྐུ་ནི་ཡེ་ཤེས་འབར་བའི་གར་དགུ་ལྡན༔ གསུང་ནི་འགྲོ་བ་སྒྲོལ་མཛད་སྔགས་ཀྱི་སྒྲ༔ ཐུགས་ནི་འོད་གསལ་བདེ་ཆེན་ཟང་ཐ་ལེ༔ མི་གཡོ་མཉམ་ཉིད་སྐུ་གསུང་ཐུགས་ཀྱི་ངང༔ ཆོས་ཀྱི་དབྱིངས་ལ་སྤྲོས་པ་མི་མངའ་ཡང༔ འགྲོ་བའི་དོན་དུ་ཐུགས་རྗེའི་སྐུར་སྤྲུལ་པ༔ མོས་པའི་སྣང་ཚུལ་བཞིན་དུ་ཅིར་ཡང་སྟོན༔ དཔལ་ཆེན་ཡབ་ཡུམ་ཐུགས་དམ་དུས་ལ་བབ༔ སྐུ་ཡི་དབང་མཆོག་ལུས་ལ་བསྐུར་དུ་གསོལ༔ སྣང་སྟོང་ལྷ་རུ་རྟོགས་པར་བྱིན་གྱིས་རློབས༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ གསུང་གི་དབང་མཆོག་ངག་ལ་བསྐུར་དུ་གསོལ༔ སྒྲ་གྲགས་རྩ་རླུང་སྔགས་སུ་རྟོགས་པ་དང༔ ཚངས་དབྱངས་དྲུག་ཅུའི་དངོས་གྲུབ་བསྩལ་དུ་གསོལ༔ ཐུགས་ཀྱི་དབང་མཆོག་སེམས་ལ་བསྐུར་དུ་གསོལ༔ ཤར་གྲོལ་མཐའ་བྲལ་འཛིན་མེད་རྟོགས་པ་དང༔ བདེ་སྟོང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་སརྦ་སིདྡྷི་ཕ་ལ་ཧོ༔ གཏོར་མའི་ལྷ་ཚོགས་འོད་ཞུ་ནས༔ བདུད་རྩིར་བསམ་ལ་གཏོར་མ་བཟའ༔ སྣང་སྲིད་འོད་ཞུ་རང་ལ་ཐིམ༔ རང་ཡང་ཐུགས་ཀའི་ཧཱུྃ་ལ་ཐིམ༔ ཧཱུྃ་ཡང་དམིགས་མེད་ངང་ལ་བཞག༔ ཀ་དག་སྤྲོས་བྲལ་ངང་ལ་བལྟ༔ སླར་ཡང་ཆུ་ལས་ཉ་འཕར་ལྟར༔ ཧེ་རུ་ཀ་ཡི་སྐུ་རུ་བལྟ༔ དགེ་བ་བསྔོ་ཞིང་བཀྲ་ཤིས་བརྗོད༔ མཉམ་གཞག་རྗེས་ཐོབ་ཐམས་ཅད་དུཿ ཧེ་རུ་ཀ་ཡི་སྐུ་གསུང་ཐུགས༔ མི་འབྲལ་ཡིད་ཀྱིས་གསལ་བཏབ་པས༔ ཚེ་གཅིག་སངས་རྒྱས་དེ་ཡིས་འགྲུབ༔ སྤྲོས་མེད་རྒྱུན་གྱི་ཉམས་ལེན་དུ༔ མན་ངག་ཀུན་གྱི་མཐར་ཐུག་པ༔ མ་འོངས་པ་ཡི་དོན་དུ་སྦས༔ ལས་ཅན་ཞིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ༔ གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་ཙ་འདྲ་རིན་ཆེན་བྲག་ནས་སྤྱན་དྲངས་ཏེ་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་གཏན་ལ་ཕབ་པའི་ཡིག་བྲིས་པདྨ་གར་གྱི་དབང་ཕྱུག་གིས་བགྱིས་པ་དགེ་ལེགས་འཕེལ།། །།
གཡང་འགུགས་འདོད་དགུའི་ཆར་འབེབ་ (Volume 50, Text 4)
གཡང་འགུགས་འདོད་དགུའི་ཆར་འབེབ་བཞུགས། །ཨོཾ་སྭསྟི། གཡང་འགུགས་མདོར་བསྡུས་བྱ་བར་སྤྲོ་ན། མདའ་དར་དང་། ཕྱེ་མར་གཡང་རྫས་ཅི་འབྱོར་བཤམས་ལ། སྐྱབས་སེམས་ནི། སྐྱབས་འོས་རྣམས་ལ་གུས་པས་སྐྱབས་མཆི་ཞིང་། །འགྲོ་སྒྲོལ་སླད་དུ་བྱང་ཆུབ་སེམས་མཆོག་བསྐྱེད། །སེམས་ཅན་བདེ་ལྡན་སྡུག་བསྔལ་རྒྱུར་བཅས་བྲལ། །བདེ་ལས་མི་ཉམས་བཏང་སྙོམས་ངང་གནས་ཤོག །དངོས་གཞི་ནི། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་སྣོད་བཅུད་དག་པའི་ཞིང་། །ཡིད་འཕྲོག་ནོར་བུ་བརྩེགས་པའི་གཞལ་མེད་དབུས། །ཕུལ་བྱུང་མཆོད་པའི་སྤྲིན་གྱི་ལྡིང་ཁང་དུ། །དུས་གསུམ་རྒྱལ་བའི་ཡེ་ཤེས་གཅིག་བསྡུས་དཔལ། །རྩ་བའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་། །རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ། །རབ་འབྱམས་ནོར་ལྷ་རྒྱ་མཚོའི་འཁོར་གྱིས་བསྐོར། །དྲན་པ་ཙམ་གྱིས་འདོད་དགུའི་ཆར་འབེབ་བསམ། །གནས་གསུམ་འབྲུ་གསུམ་མཚན་ལས་འོད་འཕྲོས་པས། །དབྱིངས་ནས་ཡེ་ཤེས་སྤྱན་དྲངས་གཉིས་མེད་གྱུར། །ཧཱུྃ་ཧྲཱིཿ འོག་མིན་གནས་དང་འགྲོ་འདུལ་སྤྲུལ་ཞིང་ནས། །བླ་མ་རྩ་གསུམ་ནོར་ལྷ་རབ་འབྱམས་ཚོགས། །ཐུགས་དམ་རྗེས་དགོངས་འདིར་གཤེགས་བྱིན་ཕོབ་ལ། །ཚེ་དང་ལོངས་སྤྱོད་འདོད་དགུའི་དངོས་གྲུབ་སྩོལ། །དམ་ཡེ་དབྱེར་མེད་རྟེན་ལ་དགྱེས་པར་བཞུགས། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་། །དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་འབུལ། །ཆེ་བའི་ཡོན་ཏན་རྗེས་དྲན་གླུ་ཡིས་བསྟོད། །ཐུགས་དམ་བསྐུལ་ལོ་དབྱིངས་ནས་ཐུགས་རྗེས་གཟིགས། །བདག་ཅག་སྙིགས་མའི་དུས་མཐར་སྐྱེས་རྣམས་ལ། །སྐྱབས་གནས་རེ་ལྟོས་ཁྱེད་ལས་མ་མཆིས་པས། །ཐུགས་རྗེས་གཟིགས་ལ་འདོད་དགུའི་དངོས་གྲུབ་སྩོལ། །ལྷ་ཚོགས་ཐུགས་ལས་འོད་ཟེར་མཁའ་ཁྱབ་འཕྲོས། །རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་ཇི་སྙེད་ནས། །འཁོར་འདས་ལམ་གྱི་ཕྱྭ་གཡང་དཔལ་འབྱོར་ཀུན། །སྤྲིན་ལྟར་བསྡུས་ནས་བདག་ལ་བསྩལ་བར་གྱུར། །ཅེས་མོས་ལ། སྤྲོ་ན། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་རཏྣ་ཐོད་ཕྲེང་རྩལ་དང་། ནོར་ལྷ་སྤྱི་བྱེ་བྲག་གི་སྔགས། ཨོཾ་བཻ་ཤྲཱ་མ་ཎཱ་ཡ་སྭཱ་ཧཱ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ། ཨོཾ་བཱ་སུ་དྷཱ་རི་ཎི་སྭཱ་ཧཱ། ཞེས་དང་། ཏདྱ་ཐཱ། ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ལི་མ་ཎི་བྷ་དྲ། ཀི་ལི་མ་ཎི་བྷ་དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། ཏུ་རུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། སུ་རུ་སུ་རུ་མ་ཎི་བྷ་དྲ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་མ་ཎི་བྷ་དྲ། ཨོཾ་ཨེ་ཧྱེ་ཧི། ཏིཥྛ་ཏིཥྛ། སརྦ་ཨརྠ་མེ་སཱ་དྷ་ནི། ཏདྱ་ཐཱ། སུ་དྷ་ནི། སུ་ར་སྱ། སུ་མ་ཏི། སུ་པུ་ཥི། ཧི་ལི་མི་ལི་སྭཱ་ཧཱ། ཞེས་ནོར་ལྷ་སྤྱིའི་གཟུངས་ཀྱང་ཅི་རིགས་བརྗོད། གང་ལྟར་ཡང་མདའ་དར་གཡབ་ཅིང་། ཀྱཻ། ཕུན་ཚོགས་དགེ་ལེགས་བྱེ་བའི་དཔལ་ཡོན་ཅན། །དྲན་པ་ཙམ་གྱིས་འདོད་དགུའི་ཆར་འབེབ་པའི། །རབ་འབྱམས་རྩ་གསུམ་ནོར་ལྷ་གཏེར་བདག་ཚོགས། །དེང་འདིར་གདུང་བས་འབོད་དོ་བརྩེ་བས་དགོངས། ཁྱོད་ནི་ནམ་མཁའ་མཛོད་ལ་མངའ་བརྙེས་ཤིང་། །དབུལ་བའི་གདུང་སེལ་ཡིད་བཞིན་ནོར་ལས་ལྷག །སྔོན་སྨོན་ཐ་ཚིག་བཙན་པོ་རྗེས་དགོངས་ལ། །དེང་འདིར་ཚེ་བསོད་འདོད་དགུའི་གྲུ་ཆར་ཕོབ། །བདག་སོགས་འགྲོ་བ་མ་རིག་རྨོངས་པའི་མཐུས། །སེར་སྣ་འཕགས་མིན་སྒྲིབ་པའི་ཁུར་ལྕིས་ནོན། །འཕགས་རྣམས་ཐུགས་དང་འགལ་བའི་ནོངས་བགྱིས་ཀུན། །མཐོལ་ཞིང་བཤགས་སོ་བྱང་ཞིང་དག་པར་མཛོད། །འགྲོ་བ་ལས་ཀྱི་རྒྱུ་ལ་ཁག་འཆེ་ན། ཁྱོད་ཀྱི་ཐུགས་བསྐྱེད་མཐུ་ནུས་ཅི་ལྟར་རུང་། །དེ་སླད་ཕྱི་མའི་དུས་ལ་མི་ལྟོས་པར། །ད་ལྟ་ཉིད་དུ་འདོད་འབྲས་མཆིས་པར་མཛོད། །སངས་རྒྱས་བྱང་སེམས་བསྟན་འཛིན་དགེ་བའི་བཤེས། །ལུང་རྟོགས་དམ་ཆོས་བཤད་སྒྲུབ་ཕྲིན་ལས་རྒྱུན། །ལྷ་ཀླུ་གནོད་སྦྱིན་མི་ཡི་དཔལ་འབྱོར་སྟོབས། །མ་ལུས་བཀྲ་ཤིས་གནས་འདིར་གཡང་དུ་ཁུག །གླིང་བཞི་ཉི་ཟླ་རྩི་སྨན་སྣོད་ཀྱི་བཅུད། །རིགས་གཟུགས་སྟོབས་འབྱོར་ཤེས་རིག་བཅུད་ཀྱི་དཔལ། །ཕུན་ཚོགས་སྡེ་བཞིའི་དཔལ་ཡོན་ཇི་སྙེད་པ། །མ་ལུས་དབང་དུ་སྡུས་ལ་དེང་འདིར་སྩོལ། །འཆི་མེད་ཚེ་དང་རྒས་མེད་ལང་ཚོའི་དཔལ། །འཇིགས་མེད་སྤོབས་པ་རྒུད་མེད་རྣམ་དཔྱོད་བློ། །བཅུད་ཆེན་ཟས་དང་བརྗིད་ཆེན་གོས་ལ་སོགས། །སྲིད་ཞིའི་དཔལ་ཡོན་མ་ལུས་དེང་འདིར་སྩོལ། ཁྱད་པར་སྟོང་དང་རྟེན་འབྱུང་ཟུང་འཇུག་པའི། །འོད་གསལ་སེམས་ཀྱི་ཆོས་ཉིད་སྒྲིབ་བྲལ་གཤིས། །མངོན་གྱུར་འཛད་མེད་སྤོབས་པའི་གཏེར་ཆེན་གྱིས། །དོན་གཉིས་དགའ་སྟོན་མཆོག་ཏུ་རྒྱས་པར་མཛོད། །རྨད་བྱུང་བྱང་ཆུབ་སེམས་ཀྱི་རྟེན་འབྲེལ་གྱིས། །བདག་སྣང་དབང་འདུས་གཞན་སྣང་ཟིལ་གྱིས་ནོན། །ཀུན་ཀྱང་ཐེག་པ་མཆོག་གིས་རྒྱུད་གྲོལ་ནས། །རྣམ་གྲོལ་ཡོན་ཏན་གཏེར་ལ་དབང་འབྱོར་མཛོད། །བཅུད་ཀྱི་སྤྱོད་པས་སྣོད་ཀྱི་དགེ་མཚན་སྤེལ། །སྣོད་ཀྱི་དཔལ་ཡོན་བཅུད་ཀྱི་གསོས་སྨན་གྲུབ། །ཕན་ཚུན་རྒྱུ་རྐྱེན་རྟེན་འབྲེལ་གཅིག་ཏུ་ཚོགས། །རྫོགས་ལྡན་གསར་དུ་འཆར་བའི་བཀྲ་ཤིས་ཤོག །ཅེས་པ་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སོགས། ཞེས་བཟླས་མཐར་དངོས་གྲུབ་ལེན་པ་ནི། ཧཱུྃ། བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས། །རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན། །འཆི་མེད་རྩ་གསུམ་ནོར་ལྷ་རབ་འབྱམས་ཀྱིས། །སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་ནི། །ཕྲིན་ལས་ཡིད་བཞིན་ལྷུན་གྱིས་གྲུབ་པའི་དཔལ། །བུམ་པ་བཟང་དང་དཔག་བསམ་ནོར་བུའི་ཚུལ། །ད་ལྟ་ཉིད་དུ་བསྩལ་ཞིང་བརྟན་པར་མཛོད། །འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། འགག་མེད་གསུང་གི་དངོས་གྲུབ༴ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ༴ ཡོན་ཏན་རེ་སྐོང་དངོས་གྲུབ༴ ཕྲིན་ལས་འགྲོ་འདུལ་དངོས་གྲུབ༴ འཆི་མེད་ཚེ་ཡི་དངོས་གྲུབ༴ འཛད་མེད་ནོར་གྱི་དངོས་གྲུབ༴ ཐུན་མོང་ཡིད་བཞིན་དངོས་གྲུབ༴ བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ་ཧཱུྃ། ཞེས་བརྗོད། ཡེ་དྷརྨ་དང་སུ་པྲ་ཏིཥྛ་སོགས་བརྗོད་པས་རྟེན་ལ་བསྟིམས་རྗེས། བག་མེད་ཉམས་ཆག་གྱུར་ཀུན་བཟོད་མཛོད་ལ། དམ་ཚིག་ཡེ་ཤེས་རང་དང་དབྱེར་མེད་ཐིམ། །དགེ་བས་འགྲོ་ཀུན་ཚོགས་གཉིས་ཡོངས་རྫོགས་ནས། །རྣམ་གྲོལ་སྐུ་གཉིས་འབྲས་བུ་མངོན་བྱེད་ཤོག །འབད་དང་རྩོལ་བས་མ་གོས་པ། །ཡིད་བཞིན་ནོར་བུ་དཔག་བསམ་བཞིན། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་སོགས་ཤིས་བརྗོད་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་འགྱུར་མེད་པདྨ་བསྟན་འཛིན་གྱིས་་་ཞེ་ཆེན་རྒྱལ་ཚབ་པདྨ་རྣམ་རྒྱལ་རིན་པོ་ཆེ།བྲིས་པ་རྟེན་འབྱུང་འགག་པ་མེད་པའི་རང་རྩལ་མྱུར་དུ་སྟོན་པའི་རྒྱུར་གྱུར་ཅིག། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
ཕྱག་རྫོགས་ཟུང་འཇུག་ནོར་བུ་མཐོང་གྲོལ་གྱི་གདམས་པ་ཟབ་མོ་ (Volume 60, Text 4)
༄༅། །ཕྱག་རྫོགས་ཟུང་འཇུག་ནོར་བུ་མཐོང་གྲོལ་གྱི་གདམས་པ་ཟབ་མོ་བཞུགས་སོ། ། ཨོཾ་སྭསྟི། ནོར་བུ་མཐོང་གྲོལ་གྱི་གདམས་པ་འདི་ནི་ཕྱག་རྫོགས་གཉིས་ཀའི་དོན་ཚང་བ་ཡིན་ལ། དེ་ཡང་བྲམ་པ་ཀུན་དགའ་བཟང་པོས་གཏེར་ནས་ཕྱུང་བ། ས་ར་ཧ། ཤ་བ་རི། མི་ཏྲ་ཛོ་ཀི །སློབ་དཔོན་པདྨ་སྟེ་གྲུབ་ཆེན་བཞི་དང་། དེ་དག་གི་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བཞི་སྟེ་གྲུབ་ཆེན་ཡ་བརྒྱད་ཀྱི་དགོངས་པ་འདུས་པ་ཡིན། གཏེར་སྟོན་བྲམ་པ་ཀུན་དགའ་བཟང་པོས་འཁྲུལ་ཞིག་ཀུན་དར་རས་པ་ལ་གནང་། དེས་རྔོག་སྟོན་གྲགས་པ་དཔལ་འབྱོར་ལ་གནང་བ་སོགས་བླ་མ་རྔོག་པ་རྣམས་ལ་བཀའ་བབས་ཤིང་ཐུགས་རྩིས་སུ་མཛད་དོ།། །། ༄༅། །ནོར་བུ་མཐོང་གྲོལ་གྱི་བརྒྱུད་འདེབས་བཞུགས་སོ། །ཀུན་བཟང་རྡོར་འཆང་གྲུབ་ཆེན་ཡ་བརྒྱད་དང་། །བྲམ་པ་ཀུན་བཟང་འཁྲུལ་ཞིག་ཀུན་དར་རས། །དྲིན་ཅན་རྔོག་རྒྱུད་གྲགས་པ་དཔལ་འབྱོར་དང་། །ནོར་བུ་རིན་ཆེན་ཀུན་དགའ།་་་གྲོལ་མཆོག་བྲག་སྟོད་པ་ཆོས་སྐུ།་་་ལྷ་དབང་གྲགས། །རྗེ་བཙུན།་་་ཀུན་སྙིང་ཕྲིན་ལས་་་དབང་མོ།རྒྱལ་ཚབ།་་་རིན་ཆེན་རྒྱ་མཚོ་དང་། །སྙིང་པོ།་་་མཐའ་ཡས་ཀུན་བཟང་་་དབང་པོ།ཚེ་དབང་ནོར་བུའི་སྡེ། །ངག་དབང་རྣམ་རྒྱལ་དེ་དབོན།་་་ཀུན་བཟང་་་ཆོས་འབྱོར།རྡོར་སློབ་བློ་བཟང་།་་་མཐུ་སྟོབས་ཞབས། །མཆོག་སྤྲུལ།་་་ཉི་མ་ཆོས་འཕེལ་རིན་ཆེན།་་་བློ་གསལ་བསྟན་སྐྱོང་དང་། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །མ་བཞི་དེ་བུ་བཅུ་བདུན་སྡེ་བསྒྱུར་གྱིས། །ཕྱག་རྫོགས་ཆུ་བོ་གཉིས་འདུས་གདམས་པའི་འཕྲང་། །རྟག་ཆད་གཡང་ས་རྟགས་བཅུ་འཛིན་མེད་བློས། །ཀ་དག་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །ཞེས་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་གསུང་ཁ་སྐོང་དང་བཅས་པའོ།། །། ༄༅། །ཕྱག་རྫོགས་ཟུང་འཇུག་ནོར་བུ་མཐོང་གྲོལ་གྱི་ཁྲིད་ཡིག་བཞུགས་སོ། །ནོར་བུ་མཐོང་གྲོལ་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། ཚིག་དོན་ངོ་སྤྲོད། བརྡ་བརྗོད་པ་སྟེ། ནམ་མཁའི་དབྱིངས་ན་ཡིད་བཞིན་ནོར་བུ་རིན་པོ་ཆེ་ལ་ཉི་ཟླ་གཉིས་ཤར། བར་སྣང་གི་འཇའ་ཚོན་ལ་རླུང་གི་ཞགས་པ་བཏགས་པས། རྒྱ་མཚོའི་ནོར་བུ་ཤེལ་གྱི་རྟ་མཆོག་ཞོན་པ། ཉི་ཟླའི་སྟེང་དུ་དཀྱུས་ཐོག་གཅོད་པ། འབྱུང་བ་ལྔའི་གྲོང་ཁྱེར་དུ་རིགས་དྲུག་གིས་གཅུན་ནས་རི་རབ་ཀྱི་སྟེང་དུ་སོང་བ། ཁམས་གསུམ་གྱི་འཕྲང་ལ་ཤེལ་གྱི་མི་བོ་བཙོན་དུ་བཟུང་བ། ཁམས་གསུམ་སྐད་ཅིག་ལ་བསྐོར་ནས་རང་ཁྱིམ་དུ་གཉིད་དུ་སོང་བ། དབྱིངས་ཀྱི་ནམ་མཁའ་ལ་རིག་པ་ལུ་གུ་རྒྱུད་ཀྱི་ནོར་བུ་ཤར་དུས། མིག་ཉི་ཟླ་གཉིས་ཀྱིས་མཐོང་བ། ནང་སྙིང་གའི་འོད་ཕུང་གི་དཀྱིལ་ན། རིག་པ་ལུ་གུ་རྒྱུད་ནོར་བུའི་འོད་རྩ་སྣ་གཉིས་མིག་གི་དྭངས་མ་ཐིག་ལེ་སྟོང་པའི་སྒྲོན་མར་ཤར་བ། ཕྱི་ནམ་མཁའ་སྤྲིན་མེད་ལ་གདངས་ཀྱི་ལུ་གུ་རྒྱུད་ཤར་བ། ནང་དབྱིངས་ཀྱི་གདངས་འོད་ལྔ་བར་སྣང་ལ་ཤར་དུས། རིག་པ་མ་ཡེངས་པར་གཏད་ནས་རླུང་འགྲོ་འོང་བཅད་པས། ཐིག་ལེ་འགུལ་འཕྲིག་མེད་པ། སྙིང་གའི་རིག་གདངས་ཤེལ་སྦུབས་ཅན་གྱི་ནང་ན་ཞུགས། མིག་གཉིས་ཀྱི་སྟེང་ལ་ཟང་ཐལ་དུ་ཤར་བ་ལ་རང་ངོ་མ་ཤེས་པའི་དབང་གིས་འཁོར་བར་འཁྱམས། འབྱུང་ལྔའི་གྲོང་ཁྱེར་དུ་རིགས་དྲུག་གི་དམག་མི་བཅུག་ནས། སྐྱེ་ཤིར་སྣང་བའི་བཙོན་སྣང་། སེམས་རང་ངོ་ཤེས་པའི་སྐད་ཅིག་ལ་གྲོལ། དབྱིངས་ཆོས་སྐུའི་ངང་དེར་གཉིད་ལ་སོང་། མདོར་ན་སེམས་ཁམས་གསུམ་དུ་འཁོར་ཡང་། རྣམ་དག་ཡེ་ཤེས་ཀྱི་རང་ངོ་ཤེས། མ་རིག་པ་བསལ་ཏེ་གདོད་མར་བཙན་ས་ཟིན། གཞི་གཤིས་ཀྱི་ངོ་བོ་ལ་འཁོར་འདས་སུ་མ་གྲུབ་ཀྱང་། རིག་རྩལ་རང་ཤར་དུས་རིག་མ་རིག་གིས་འཁོར་འདས་སུ་ཤར། དོན་དམ་པའི་རང་བཞིན་ཚིག་གིས་མི་ཤེས་པ་རིག་པས་མངོན་སུམ་དུ་མཐོང་། གདོད་མའི་ཆོས་ཁམས་རང་བཞིན་གྱི་རིགས་སྙིང་པོ་ལ་འཕེལ་འགྲིབ་མེད་ཀྱང་ཉམས་སུ་བླངས་པས་སྣང་བཞི་རིམ་པས་འཆར། ཀ་དག་གི་གཤིས་ལ་གྲོལ་རྒྱུ་མེད་ཀྱང་གནད་ཟབ་མོས་རླུང་སེམས་དབྱིངས་སུ་དག །ཐེག་པ་ལས་སངས་རྒྱས་དུས་ལ་ལྟོས་ཀྱང་ཡིན་ཐོག་གཅིག་ཆར་དུ་གྲོལ། ཉམས་རྣམ་པ་ཚད་མེད་ཀྱང་ངོ་བོ་གཅིག་ལས་མ་གཡོས་པར་ཐག་ཆོད། གནད་ཡིག་སྐལ་མེད་གསང་ཚིག་འཆོལ་བ་ལ་གབ་བོ། །དེ་ལྟར་སེམས་ཉིད་ཡིད་བཞིན་ནོར་བུའི་རང་ངོ་མཐོང་བས་རྣམ་པར་གྲོལ་བའི་དཔལ་ཕུན་སུམ་ཚོགས་པ་ལ་སྤྱོད་པར་འགྱུར་རོ། །ཕྱག་རྫོགས་ཀུན༵་གྱི་དགའ་དག༵འ་རྣམས། །ནོར་བུ་མཐོང་གྲོ༵ལ་མཆོ༵ག་ཉིད་དུ། །གྲུབ་ཆེན་ཡ་བརྒྱད་དགོངས་འདུས་ཀྱི། །སྙིང་པོར་བསྒྲིལ་པའི་ཡི་གེར་བཀོད། །བྲམ་པའི་ཁྲིད་ཡིག་ལས་བཏུས་སོ།། །། ཞེས་མཁའ་ཁྱབ་ཀྱི་ཕྲིན་ལས་ཅན་འཇམ་མགོན་གྲུབ་པའི་དཔའ་བོ་རྗེ་བཙུན་རིན་པོ་ཆེ་ཀུན་དགའ་གྲོལ་མཆོག་གི་རྡོ་རྗེའི་གསུང་ལས་བྱུང་བའོ། །འདིས་ཀྱང་ཟབ་པ་དང་རྒྱ་ཆེ་བའི་རྡོ་རྗེ་ཐེག་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་དཱ་མདྒ་ལཾ་བྷ་བ་ཏུ།། །།
གཏད་ཟློག་མན་ངག་རྒྱལ་པོ་བཀའ་རྒྱ་མ་ (Volume 54, Text 4)
༄༅༔ གཏད་ཟློག་མན་ངག་རྒྱལ་པོ་བཀའ་རྒྱ་མ་བཞུགས་སོ༔ བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་ལས་ཅན་དོན་ཆེད་དུ༔ གཏད་ཟློག་རྒྱལ་པོ་འདི་ཉིད་བཤད༔ གཞན་ལ་མ་བསྟན་སྙིང་ལ་ཆོངས༔ ཨེ་མ་སྙིགས་མ་ལྔ་བརྒྱའི་དུས༔ རྣལ་འབྱོར་རང་ཉིད་མ་སྨིན་པར༔ གློ་བུར་དྲག་པོའི་ལས་ལ་འཇུག༔ རང་གི་སྦྱོར་བས་རང་ཉིད་ཕུང༔ གསང་སྔགས་ལྟ་སྤྱོད་མི་ཤེས་པར༔ མན་ངག་ཁྲོམ་བཤད་བྱེད་པའི་དུས༔ རྟག་ཏུ་དམ་ཚིག་མི་བསྲུང་བར༔ བདག་བསྟོད་གཞན་སྨོད་བྱེད་པའི་དུས༔ དེ་དུས་གཏད་ཟློག་ཟབ་མོ་འདི༔ ལས་ཅན་གཅིག་གིས་རྙེད་གྱུར་ནས༔ སེམས་ཅན་ཀུན་ལ་ཕན་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གདམས་པ་འདིའི་བཅའ་གཞི་ལ༔ གྲོ་ག་འམ་ཤོག་བུ་ལ༔ འཁོར་ལོ་དཔེ་འུ་ཆུང་ལྟར་བྲི༔ ཕོ་འཁོར་གྱི་སྔགས་རྣམས་མགོ་ཕྱིར་བསྟན༔ མོ་འཁོར་སྔགས་རྣམས་མགོ་ནང་བསྟན་པ་འབྲི༔ འཁོར་ལོ་ལ་དྲི་བཟང་དང་ཀླུ་སྨན་བྱུགས༔ གུ་གུལ་མུ་ཟི་ནག་པོོ་ཚུར་རྣམས་འཁོར་ལོའི་ཕྱི་ལ་བྱུགས༔ དེས་འཁོར་ལོ་ལེགས་པར་གྲུབ་པ་དང༔ ཕ་རོལ་མནན་གཏད་མཁན་པོའི་ལིངྒ་བྲིས་ལ༔ དཔྲལ་བ་སྙིང་ག་བརླ་ལྐོག་མ་རྣམས་སུ་མིང་རུས་བྲི༔ དེའི་མཐའ་ལ་སྔགས་འདི་བསྐོར༔ བཛྲ་རཱ་ཙ་གིང་ཀ་ར་ཧཱུྃ་ཕཊ༔ བྱད་མ་རྦོད་གཏོང་སྙིང་རྩ་ཆོད་སྲོག་ལ་རྦད་མཱ་ར་ཡ་ཕཊ་ཕཊ༔ བྱ་བ་བྲི༔ དེའི་མཐའ་མར་བྱད་མ་རྦོད་གཏོང་འདི་ཞེས་བྱ་བའི་མཐུ་གཏད་བསམ་སྦྱོར་ངན་པ་ཐམས་ཅད་ཤིགས་ཤིག༔ རྫས་དང་སྔགས་ཀྱི་ནུས་པ་ཐམས་ཅད་བརླག་པར་གྱུར་ཏེ༔ ཁོ་རང་གི་རང་གཤེད་རང་ལ་ཕོབ་ཅིག༔ ཅེས་འདོད་གསོལ་གང་ཤེས་བྲི༔ ཁོ་རང་གི་དྲི་ཆུ་ཡོད་ན་རབ༔ མེད་ན་གྲི་ཁྲག་གིས་བྱུགས་གུ་གུལ་གྱིས་བདུག༔ ལིངྒ་མགོ་མཇུག་ལྡོག་སྟེ་ཕོ་འཁོར་མོ་འཁོར་གྱི་ནང་དུ་བཅུག༔ ཚོན་སྐུད་ཀྱིས་བཅིང༔ གཡག་རུ་གཡས་པའི་ནང་དུ་བཅུག༔ རང་ཡི་དམ་དུ་གསལ་བའི་ང་རྒྱལ་གྱིས༔ བྱད་མ་རྦོད་གཏོང་ལྷ་སྲུང་དང་བཅས་པའི་ནུས་པ་བརླག་པར་བསམ་ཞིང་བདེན་པ་བདར་བར་བྱའོ༔ དེ་ནས་གཡག་རུའི་ཁ་ལ་ཆས་བཀག༔ མཚོའམ་ཆུ་མིག་གཉན་པོའམ༔ གཏད་གར་ཡོད་པའི་སར་འཇུག་པར་བྱའོ༔ གཞི་བདག་ལ་བཅོལ་གཏམ་བྱའོ༔ ཆབ་གཏོར་ཀླུ་གཏོར་གཏང་བ་གལ་ཆེའོ༔ དེ་ལྟར་བྱས་པས་སྐམ་གཏད་རློན་གཏད་གང་ཡང་རུང་སྟེ་ཐམས་ཅད་འཇིག་པར་ཐེ་ཚོམ་མེད་དོ༔ ཕ་རོལ་ཇི་ལྟར་མཐུ་ཆེ་ཡང༔ ཞག་བདུན་ན་འཆི་བར་འགྱུར་རོ༔ རང་སྒྲུབ་པའི་གནས་སུ་ལོག་ནས་མཁའ་འགྲོ་ཆོས་སྐྱོང་ལ་གཏང་རག་དང་སྐོང་གསོ་རྒྱས་པར་བྱའོ༔ འདི་ནི་འཛམ་གླིང་གི་ཆོས་སྣ་གཅིག་ལ་ནུས་པ་ཆེའོ༔ བྱད་ཟློག་དང་གཏད་འདུལ་གྱི་སྐོར་འདི་ལས་ཟབ་པ་ཡོད་རེ་ཀན༔ ཅེས་སློབ་དཔོན་གྱིས་དབུ་སྙུང་བཞེས་ནས་མཚོ་རྒྱལ་ལ་གདམས་པའོ༔ བྱད་གཏད་ལོ་གཅིག་བསྒྲུབས་ཀྱང་སྐད་ཅིག་དེ་ཉིད་ལ་གྲོལ་བའི་གདམས་པ་ཟབ་མོ་འདི་སྐལ་ལྡན་སྙིང་གི་བུ་དང་འཕྲད་པར་ཤོག༔ དམ་མེད་རྣམས་ཀྱི་ལག་ཏུ་ཤོར་ན་གཏེར་བདག་སྲུང་མ་རྣམས་ཀྱིས་ཆད་པ་ཆོད་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྤྲུལ་སྐུ་རཏྣ་གླིང་པས་ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་ནས་གདན་དྲངས་པའོ། །འདིའི་ཕོ་འཁོར་ཆོས་འབྱུང་དང་མོ་འཁོར་པདྨ་ཅན་གཉིས་ཁ་སྦྱོར་གྱི་བར་དུ་ལིངྒ་གཞུག །འདི་གཉིས་འཁོར་ལོ་པདྨའི་སྔགས་རྣམས་དང་། མུ་ཁྱུད་ཀྱི་སྔགས་རྣམས་གཅིག་གོ །སྤེལ་ཚིག་གི་དམོད་བྱང་རྒྱས་པར་ཕ་རོལ་བྱད་མ་མཁན་གྱི་རྦོད་གཏོང་མནན་གཏད་སེལ་འཇུག་བྱས་པའི་རྫས་སྔགས་ཀྱི་ནུས་པ་ཐམས་ཅད་བཤིག་པར་གྱུར་ཅིག །སོགས་དང་། ཕ་རོལ་བྱད་མ་མཁན་བནྡེ། སྔགས་པ། བོན་པོ། མུ་སྟེགས། རྩིས་མཁན་རྣམས་ཀྱི་བསམ་སྦྱོར་ངན་པའི་སྒོ་ནས་རྦོད་གཏོང་དང་མནན་གཏད་སེལ་འཇུག་བྱས་པ་ཐམས་ཅད་ཤིགས་ཤིག །རྫས་དང་། སྔགས་དང་། རྣལ་འབྱོར་པའི་ནུས་པ་ཐམས་ཅད་ཁོ་རང་ལ་ཟློག་པར་གྱུར་ཅིག །ཅེས་སོགས་བྲིས་སྣང་ངོ་།། །། ༄༅། །གནམ་ལྕགས་ཨུར་མོའི་མན་ངག་གཏད་ཟློག་སྦལ་པ་དཀར་ནག་གི་སྦྱོར་བ་བཞུགས་སོ༔ གུ་རུ་ལ་ན་མོ༔ བདག་ལ་གཞན་གྱིས་ས་བདག་ཀླུ་གཉན་ལ་གཏད་བྱས་པ་ཟློག་པར་འདོད་ན༔ སྦལ་པ་དཀར་ནག་གི་སྦྱོར་བ་བྱ་སྟེ༔ དེ་ཡང་ཕོ་སྦལ་ནག་པོ༔ མོ་སྦལ་དཀར་པོ་གཉིས༔ རྫ་ལ་བྱས་ཏེ༔ དེ་གཉིས་ཀྱི་ལྟོ་བ་གྲུ་གསུམ་དུ་བྲུས་ལ༔ དེ་གཉིས་ཀྱི་བར་དུ་ཕྱིར་ཟློག་གི་འཁོར་ལོ་ལྟེ་བ་མུ་ཁྱུད་གཉིས་དང་བཅས་པ༔ རྩིབས་བཅུ་པ་གཅིག་བྲིས་ལ༔ ལྟེ་བ་ལ༔ ཧཱུྃ་ནཱ་ག་མཱ་ར་ན་ཧཱུྃ༔ ཞེས་བྲི༔ རྩིབས་བཅུ་ལ༔ ཧཱུྃ་ནཱ་ག་མཱ་ར་ན་ཟློག་ཧཱུྃ༔ ཞེས་པ་བྲི༔ ཕྱི་ནང་གི་མུ་ཁྱུད་གཉིས་ལ་རང་ཡི་དམ་གང་ཡིན་ནམ༔ ཨུཥྞཱི་ཥའི་སྔགས་ཀྱི་མཐར༔ ཧཱུྃ་ཧཱུྃ་ནཱ་ག་མཱ་ར་ན་ཟློག༔ ཧཱུྃ་ཧཱུྃ་ནཱ་ག་མཱ་ར་ན་བྱིང་ཟློག༔ ཧཱུྃ་ཧཱུྃ་ནཱ་ག་མཱ་ར་ན་ཚལ་པ་ཟློག༔ ཧཱུྃ་ཧཱུྃ་ནཱ་ག་མཱ་ར་ན་ཤིག་ཟློག༔ ཧཱུྃ་ཧཱུྃ་ནཱ་ག་མཱ་ར་ན་སོད་སོད་ཟློག༔ ཅེས་བྲི༔ དེ་ནས་རང་གི་མལ་འོག་ཏུ་དོང་གྲུ་གསུམ་བྲུས་ལ༔ དེའི་ནང་དུ་དུག་དང་རོ་སོལ་ལ་སོགས་བཀྲ་མི་ཤིས་པའི་རྫས་ཀྱིས་བྱུགས༔ དེའི་ནང་དུ་དུག་ཚེར་ལ་སོགས་བཏིང༔ དེའི་སྟེང་དུ་སྦལ་པ་ཁ་སྦྱར་བཞག་གོ༔ དེ་སྟེང་རོ་བསྲེགས་པའི་རྡོ་ལེབ་ལ་སྟེང་དུ་རི་རབ་དང༔ འོག་ཏུ་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད་དོ༔ དེའི་སྟེང་དུ་རང་ཉིད་ཕྱིར་ཟློག་གི་ཙཀྲའི་ཏིང་འཛིན་བསྒོམས་ལ༔ ཨུཥྞཱི་ཥའི་སྔགས་བཟླས་ཀྱིན་ཐུན་གཞུག་ལ༔ ནཱ་ག་བདུན་པ་བཏགས་ལ་ཐུན་གྱིས་བྲབ་བོ༔ དེ་ནས་ཐུན་མཚམས་ལ་འཇུག་ཙ་ན༔ མཆོད་པ་དང་གཏོར་མ་བཤམས་ལ༔ རང་ལྷའི་ང་རྒྱལ་གྱིས་གཏོང་ལ༔ སྔགས་དྲག་ཏུ་བཟླས་པས་བཟློགས་པའི་རྟགས་འབྱུང་སྟེ༔ ས་བདག་ཀླུ་གཉན་ཁོ་རང་ལ་འཇུག་པའི་རྟགས་བྱུང་བ་དང༔ ཆུ་མིག་གམ་ལམ་རྒྱ་གྲམ་དུ་མནན་པས་གཟས་པ་པོ་ཁོ་རང་ལ་ཟློག་གོ༔ གཏད་མཁན་ཁོ་རང་ཤིའོ༔ གནམ་ལྕགས་ཨུར་མོའི་མན་ངག་ྀཨཚ༔ ༄༅། །ཡང་ལུགས་གཅིག་ལ། པཎྜི་ཏ་ཞྭ་སྔོན་ཅན་ལ་ཁྱུང་པོ་རྣལ་འབྱོར་གྱིས་ཞུས་པའི་མན་ངག །གཏད་རུལ་དམར་པོ་ཞེས་བྱ་བ། རྫས་ནི། ལུང་པ་ཁ་བྱང་ལྟའི་གཡམ་པ་གནམ་མ་མཐོང་བ་གཅིག །རང་གི་ལག་པའི་ཤ་རྗེན་པས་མ་རེག་པར་བླང་། དེ་ཆུ་མིག་ཁ་བྱང་ཤར་དུ་བལྟ་བ་གཅིག་གི་ནང་དུ་ཞག་བདུན་སྦས། དེ་ནས་ཤ་རྗེན་གྱིས་མ་རེག་པར་བླང་། གཡམ་པ་ལ་མཚལ་གྱིས་ཡི་གེ་འདི་བྲིའོ། ཁ་བ་ཧཱུྃ། མནན་གཏད་ཡོད་སར་ཡི་གེ་སར་སྦྱར་ལ་སྦས་ནས་བཞག་གོ །སྲུང་བ་འདི་ལུང་པ་ན་ཡོད་པས་གཏད་དང་མནན་པ་ཡོད་པ་ཐམས་ཅད་རུལ་ཏེ་འགྲོ་བས། ཕན་ཡོན་ཤིན་ཏུ་ཆེའོ། །རང་གི་ལག་པའི་རྗེན་ཤ་མ་རེག་པ་གལ་ཆེའོ། །ལག་ལེན་ཞལ་ལས་ཤེས་སོ། །ཟབ་ྀཨཚ།། །།ལག་ལེན་ནི། རང་ཉིད་ལ་མནན་གཏད་ཡོད་དོགས་པའི་སར་ཕྱིན་ཏེ་གསེར་སྐྱེམས་སྔོན་དུ་འགྲོ་བས་སྦ། གལ་ཏེ་དམིགས་བསལ་མེད་ན་ལམ་རྒྱ་གྲམ་དུ་སྦའོ། །མངྒ་ལཾ། ཤུ་བྷཾ།། །།
ཀློང་ཆེན་སྙིང་གི་ཐིག་ལེ་ལས། རིག་འཛིན་འདུས་པའི་རྩ་དབང་རྒྱལ་ཐབས་སྤྱི་བླུགས་མཚམས་སྦྱོར་ཁྱེར་བདེས་བརྒྱན་པ་པདྨའི་དོ་ཤལ་ (Volume 10, Text 4)
༄༅། །ཀློང་ཆེན་སྙིང་གི་ཐིག་ལེ་ལས། རིག་འཛིན་འདུས་པའི་རྩ་དབང་རྒྱལ་ཐབས་སྤྱི་བླུགས་མཚམས་སྦྱོར་ཁྱེར་བདེས་བརྒྱན་པ་པདྨའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨཱ་ཀ་ར་ཡ། དུས་གསུམ་རྒྱལ་བ་འདུས་པའི་སྐུ །གསང་ཆེན་ངེས་པའི་ཆོས་ཀྱི་མཛོད། །ནམ་མཁའ་དང་མཉམ་ཕྲིན་ལས་ཅན། །རྗེ་བཙུན་པདྨའི་ཞབས་ལ་འདུད། །ཡེ་ཤེས་ཀློང་དགུའི་རིག་འཛིན་གྱི། །སྒྲུབ་ཐབས་ཀུན་གྱི་མཐར་ཐུག་པ། །ཀློང་ཆེན་ནམ་མཁའ་མཛོད་ཀྱི་བཅུད། །སྤྱོད་ལ་སྨིན་པར་བྱེད་འདི་འོ། །དཀྱིལ་འཁོར་ཆེན་པོ་གཞན་དག་ཏུ་ཕྱི་ཕན་པའི་དབང་གིས་སྨིན་པ་ལ་ནང་ནུས་པ་འཇུག་པའི་སྒེར་དབང་རྩ་གཞུང་དངོས་བསྟན་ལྟར་བསྒྲུབ་པ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་མཆོད་དང་དབང་། རྗེས་ཀྱི་བྱ་བའི་རིམ་པའོ། །དང་པོ་ནི། དབེན་ཞིང་ཉམས་དགའ་བའི་གནས་སུ་སྟེགས་གཙང་མར་ཞི་དཀྱིལ་སྒོ་རྫོགས་ལྷ་མཚན་གཞུང་མཐུན་བྲིས་པའམ་མཎྜལ་ལ་མེ་ཏོག་ཚོམ་བུ་གཙོ་འཁོར་དགུ་བཀོད་པས་ཀྱང་རུང་སྟེ། དེའི་དབུས་མཉྫི་ལ་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པ། གཡས་སུ་འདི་ཉིད་ཀྱི་གཞུང་པོད་གླེགས་བམ་མ་འཛོམ་ན་སྒྲུབ་ཐབས་སོགས་ཆོས་ཚན་དར་གྱིས་དྲིལ་བ། གཡོན་དུ་ཐོད་པ་མཚན་ལྡན་ཆང་དང་ཆོས་སྨན་མངར་གསུམ་སྦྱར་བས་བཀང་བའི་ཁར་མེ་ལོང་སིནྡྷུ་རའི་ཐིག་ལེ་ཅན་གྱི་སྟེང་ཤེལ་རྡོ་དང་། ལོགས་སུ་རིག་ཙཀ་བཀོད་པ་ལ་དར་གུར་དབུབ། སྨན་རཀ་གཏོར་གསུམ། ཕྱི་མཆོད་བསྐོར་བཤམ། བཀའ་སྲུང་སྔོན་གཏོར་ཚོགས་ཀྱི་ཡོ་བྱད་སོགས་ཉེ་བར་མཁོ་བ་རྣམས་སྤྱི་ལྟར་འདུ་བྱའོ། །གཉིས་པ་ལ་ཐོག་མར་དབང་དོན་སྒྲུབ་མཆོད་ནི། ནང་སྒྲུབ་རིག་འཛིན་འདུས་པའི་སྐྱབས་སེམས་ནས་བརྩམ་ལས་བྱང་མཐར་ཆགས་སུ་བཏང་། བདག་མདུན་དབྱེར་མེད་དུ་བསྒོམ། རྟོགས་པ་དམན་ན་ཛཔ྄་ཁང་དབྱེ། བཟླས་པའི་སྐབས་གབ་བྱང་ལྟར་ཏིང་ངེ་འཛིན་གསལ་གདབ་ལ་བསྙེན་སྒྲུབ་ཀྱི་བཟླས་པ་བྱ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་རིག་འཛིན་འདུས་པའི་དཀྱིལ་འཁོར་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་ཀྱིས་གསལ་བཏབ་ནས་གཟུངས་ཐག་བླངས་ལ་བསྙེན་སྒྲུབ་བཟླས་པ་བརྒྱ་རྩ་རེ་ལས་མི་ཉུང་བ་བྱ། ལས་བུམ་ནང་དུ་པད་ཉིའི་སྟེང་། །པདྨ་དབང་ཆེན་སྐུ་མདོག་དམར། །པདྨའི་དབྱུག་ཏོ་ཞགས་པ་འཛིན། །འདོར་ཐབས་ཡེ་ཤེས་མེ་ཀློང་འགྱིང་། །སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན། །བབས་པས་བུམ་པ་གང་བར་གྱུར། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་ཙམ་བཟླས། མཐར་མཆོད་བསྟོད་བྱ། ཡིག་བརྒྱ་བརྗོད། ཨོཾ་ཨཱཿཧཱུྃ་གིས་དུང་ཆུ་ཕུལ། རྣམ་རྒྱལ་བུམ་པའི་ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་མོས། བཀའ་སྲུང་གཏོར་འབུལ་བྱ། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །དབང་དངོས་ལ་ཐོག་མར་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་སྤྱི་ལྟར་བསྔོ། ལས་བྱང་གི་བཀའ་བསྒོ་དང་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ། ཆོས་བཤད་དང་མཚམས་སྦྱོར་གྱི་ཁྱད་པར། དེའང་མཚོན་བྱ་དོན་གྱི་མན་ངག་རང་བྱུང་གི་གསང་བ་ཆེན་པོ་མཚོན་བྱེད་བརྡ་དང་ཚིག་ཏུ་ཤར་བའི་རྒྱུད་ལུང་མན་ངག་ཐམས་ཅད། རྒྱལ་བ་རྣམས་ཀྱི་ཐུགས་ནས་ཐུགས་ཀྱི་གཏེར་དུ་སྦས་པ་དང་། མཁའ་འགྲོ་མས་དགོངས་པའི་རྩལ་གྱིས་ནམ་མཁའི་གཏེར་དུ་སྦས་པ་དང་། རིག་འཛིན་རྣམས་ཀྱིས་འབྱུང་བས་མི་ཤིགས་པའི་སྒྲོམ་བུ་ལ་བརྟེན་ཏེ་སའི་གཏེར་དུ་སྦས་ཤིང་གདུལ་བའི་དུས་སུ་སོན་པ་ན་ལས་ཅན་རྣམས་ཀྱིས་རྡོ་རྗེའི་རྒྱ་བཀྲོལ་ནས་མངོན་དུ་སྣང་བར་མཛད་པ་ལས། འདིར་ནི་བླ་མ་དགོངས་པ་འདུས་པའི་ལུང་བསྟན་བཀའ་རྒྱ་མ་ལས། ལྷོ་ཕྱོགས་འོད་ཟེར་མིང་ཅན་སྤྲུལ་པའི་སྐུཿ ཟབ་དོན་སྙིང་ཐིག་ཆོས་ཀྱིས་འགྲོ་བ་འདྲེནཿ འབྲེལ་ཚད་རིག་འཛིན་ཞིང་དུ་འཕེན་པ་འབྱུངཿ ཞེས་དང་། ཨོ་རྒྱན་ཆོས་རྗེ་གླིང་པའི་ལུང་བྱང་ལས། དབུ་གཡོར་གཞུང་དུ་བྱང་སེམས་པདྨའི་མིངཿ བཀའ་རྙིང་བསྟན་སྐྱོང་ཐབས་མཁས་འགྲོ་བ་འདུལཿ ཞེས་སོགས་གཏེར་ཁ་གསར་རྙིང་མང་པོ་ནས་རྡོ་རྗེའི་ལུང་གིས་བསྔགས་ཤིང་སྐུ་ཚེ་རིལ་པོར་སྒྲུབ་པའི་རྒྱལ་མཚན་བཙུགས་པས་གྲུབ་པ་ཆེན་པོའི་སར་བཞུགས་པ་ལ་རྩོད་པ་མེད་པ། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་རྒྱལ་སྲས་ལྷ་རྗེ་ཟུང་དུ་འཇུག་པའི་རྣམ་རོལ་རིག་འཛིན་ཆེན་པོ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་རམ་པདྨ་དབང་ཆེན་ཡེ་ཤེས་རྡོ་རྗེ་རྩལ་ལ་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོས་ཀློང་ལྔའི་བརྡ་རིས་ཕྱག་ཏུ་སྤྲད། ཨོ་རྒྱན་གྱི་གུ་རུ་རིན་པོ་ཆེ་དང་ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་དངོས་ཉམས་ཀྱི་སྣང་བར་ཡང་ཡང་བྱིན་གྱིས་བརླབས་ཤིང་དགོངས་ཀློང་དབྱེར་མེད་དུ་གྱུར་པ་ལ་བརྟེན། ཀློང་ཆེན་ནམ་མཁའ་མཛོད་ཀྱི་ཐུགས་གཏེར་ཆེན་མོ་གཏན་ལ་ཕབ། བོད་ཁམས་མཐའ་དབུས་རྒྱ་ཧོར་ཚུན་ཆད་དུ་ཕྲིན་ལས་རྒྱ་ཆེ་ལ་རྒྱུན་ཆགས་པས་སྔོན་ཆད་མ་གྲོལ་བའི་ལུས་ཅན་བགྲང་ལས་འདས་པ་གདོད་མའི་གཞི་ཐོག་ཏུ་གྲོལ་བར་མཛད་པའི་ཟབ་ཆོས་ཁྱད་པར་ཅན་ཀློང་ཆེན་སྙིང་གི་ཐིག་ལེ་ལས་ནང་སྒྲུབ་རིག་འཛིན་འདུས་པའི་རྩ་དབང་རྒྱལ་ཐབས་སྤྱི་བླུགས་བསྐུར་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་མི་ཕྱེད་གུས་པའི་ཡིད་ཀྱིས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོཿ བདག་ནི་སྐལ་ལྡན་རིགས་ཀྱི་བུཿ ཐུགས་རྗེ་ཆེན་པོས་རྗེས་བཟུང་ལཿ དམ་ཚིག་ཆེན་པོའི་དཀྱིལ་འཁོར་དུཿ འཇུག་ཅིང་སྨིན་པར་མཛད་དུ་གསོལཿ ལན་གསུམ། ཧོཿ གསང་བ་མཆོག་གི་དཀྱིལ་འཁོར་འདིརཿ འཇུག་པར་དཀའ་ལ་ཁེ་ཉེན་ཆེཿ དམ་ཚིག་ཉམས་ན་བརླག་འགྱུར་བསཿ དམ་སྲུང་དབང་བསྐུར་སྦྱིན་པར་བྱཿ ཞེས་བསྒོ་ཞིང་གནང་བ་སྦྱིན། བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་རྩ་གསུམ་དམ་ཅན་སྲུང་མའི་ཚོགས་དང་བཅས་ཏེ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་བདག་གཞན་ནམ་མཁའ་དང་མཉམ་པའི་འགྲོ་བ་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་བློས་འདིའི་རྗེས་ཟློས། ན་མོཿ བདག་དང་མཐའ་ཡས་སོགས། ཕ་མར་གྱུར་པའི་སེམས་ཅན་ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་མ་ལུས་པ་སངས་རྒྱས་ཀྱི་ས་ལ་འགོད་པར་འདོད་པའི་སྨོན་སེམས་དང་། དེའི་ཆེད་དུ་བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་དུ་ཞུགས་ནས་རྡོ་རྗེ་རྩེ་མོའི་མྱུར་ལམ་བགྲོད་པར་བགྱིའོ་སྙམ་པ་འཇུག་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོཿ རིག་འཛིན་དཀྱིལ་འཁོར་སོགས་གསུམ། དེ་ནས་ཐུན་མོང་མ་ཡིན་པའི་ཡན་ལག་བདུན་པས་གསག་སྦྱང་སྤེལ་གསུམ་བགྱི་བ་ལ། སྐྱེ་བ་མེད་པའི་ངང་ལས་སྐྱེ་བའི་ཆོ་འཕྲུལ་ཆུ་ལས་ཆུ་བུར་བརྡོལ་བ་བཞིན་དུ་ཤེས་རབ་རང་བྱུང་གི་སྒྲོན་མ་འོད་གསལ་བསམ་བརྗོད་ལས་འདས་པའི་ཡེ་ཤེས་དབྱིངས་གདོད་ནས་རྣམ་དག་རང་བྱུང་སྐུ་གསུམ་ལྷའི་དཀྱིལ་འཁོར་དུ་བཞུགས་པ་ལས། རྒྱང་ཞགས་ཆུའི་སྒྲོན་མས་མཚམས་སྦྱར་ཏེ་རྟེན་ཐིག་ལེ་སྟོང་པའི་སྒྲོན་མས་མཚན་པའི་དག་པ་དབྱིངས་ཀྱི་སྒྲོན་མའི་ཀློང་དུ། བརྟེན་པ་རིག་གདངས་སྤྲུལ་པའི་ལྷ་རྡོ་རྗེ་ལུ་གུ་རྒྱུད་དབང་པོའི་མངོན་སུམ་དུ་མཐོང་བས་ལྷ་དང་ལྟ་བ་མཇལ་བའི་ཕྱག་འཚལ་ཞིང་། དེ་ལས་འཇའ་ཚོན་ཟེར་ཐིག་གི་ཉམས་སྣང་གོང་དུ་འཕེལ་བའི་མཆོད་སྤྲིན་རྒྱ་མཚོ་འབུལ་བ་དང་། སྣང་བ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་རང་ཤར་བའི་རིག་པ་ཚད་ཕེབས་ཆེན་པོའི་ངང་དུ་འཁོར་གསུམ་གཟུང་འཛིན་གྱི་སྡིག་ལྟུང་བཤགས་ཤིང་། ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་ཀློང་དུ་ཟད་པའི་དག་པ་གཉིས་ལྡན་གྱི་འབྲས་བུ་ཟག་མེད་ཡེ་ཤེས་ཀྱི་ཚོགས་ཆེན་ཡོངས་སུ་རྫོགས་པ་ལ་རྗེས་སུ་ཡི་རང་བ་དང་། ཕྱིར་གསལ་འཕོ་ཆེན་ཡེ་ཤེས་ཀྱི་སྐུས་གསུང་རྡོ་རྗེའི་རྒྱུན་གྱིས་རྟག་པའི་ཀློང་དུ་རྫོགས་པ་ཆེན་པོའི་ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར་ཞིང་། འཇའ་ལུས་རྡོ་རྗེའི་སྣང་བརྙན་ཆེན་པོ་སྲིད་པ་ཇི་སྲིད་དུ་བཞུགས་གསོལ་འདེབས་པ་དང་། དེ་ལྟ་བུའི་ཟག་མེད་ཡེ་ཤེས་ཀྱི་དགེ་ཚོགས་སྒྲིབ་གཉིས་རྩད་ནས་དག་པ་གཞོན་ནུ་བུམ་པ་སྐུའི་ཀློང་དུ། ཆོས་ཀྱི་དབྱིངས་ལ་མི་བསྔོ་བར་ཤེས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བ་སྟེ་ཁྱད་པར་ཅན་གྱི་ལྟ་སྒོམ་གྱི་གནད་དྲན་པས་འདིའི་རྗེས་ཟློས། ཧོཿ ཆུ་ལས་ཆུ་བུར་སོགས་ལན་གསུམ། དབང་གི་གཞི་རྟེན་བསྒྲུབ་པའི་ཕྱིར་ཡེ་ཤེས་པ་དབབ་པ་ལ་སྒོ་གསུམ་གྱི་གནད་གཅུན་ཏེ་དམིགས་པ་འདི་བཞིན་དུ་མཛོད། ཆོས་ཐམས་ཅད་རང་བཞིན་གྱིས་སྤྲོས་བྲལ་འོད་གསལ་སྟོང་པ་ཉིད་ཀྱི་རང་མདངས་ལྷུན་གྲུབ་དག་པ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོའི་དབུས་སུ་པདྨ་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་དུ། ཁྱེད་རང་རྣམས་སྐད་ཅིག་གིས་རིགས་འདུས་རྗེ་བཙུན་མ་ཧཱ་གུ་རུ་སྣང་སྲིད་ཟིལ་གནོན་གྱི་ཆ་བྱད་དཀར་ལ་དམར་བའི་མདངས་ཅན་ཕྱག་གཡས་སྡིགས་མཛུབ་དང་བཅས་པས་གསེར་གྱི་རྡོ་རྗེ་རྩེ་ལྔ་ནམ་མཁར་ཕྱར་བ། གཡོན་མཉམ་གཞག་གི་ཕྱག་རྒྱས་བྷནྡྷ་དང་ཚེ་བུམ་བཅུད་ལྡན་བསྣམས་པ། དབུ་ལ་པདྨའི་སྙན་ཞུ་དང་སྐུ་ལ་ཕོད་ཀ་ཆོས་གོས་བེར་ཕྱམ་བརྩེགས་མར་གསོལ་བ། མཆན་ཁུང་གཡོན་དུ་རང་འོད་ཡེ་ཤེས་མཁའ་འགྲོས་འཁྱུད་ཅིང་ཞབས་རྒྱལ་པོ་རོལ་པའི་སྟབས་ཀྱིས་འཇའ་འོད་ཟེར་ཐིག་གི་ཀློང་ན་འགྱིང་ཞིང་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གསལ་ཐོབ། བླ་མ་དཀྱིལ་འཁོར་པའི་ཐུགས་ཀ་དང་ཁྱེད་རང་རྣམས་ཀྱི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་མུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དང་ཁྱད་པར་བླ་མ་སྐུ་གསུམ་གྱི་ཞིང་ཁམས་ན་བཞུགས་པའི་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱི་རྣམ་པ་ནམ་མཁའ་གང་བར་བྱོན་ཏེ་ཁྱེད་རང་རྣམས་ལ་ཐིམ་པས་བྱིན་གྱིས་བརླབས་པའི་མོས་པ་བརྟན་པོ་མཛོད་ཅིག །སྦྱར་བའི་སྤོས་བསྲེག །ཌཱ་དྲིལ་དབྱངས་ཀྱིས་བསྐུལ་ལ་ལས་བྱང་ལྟར། སྔོན་བསྐལ་མ་དང་ཐོད་ཕྲེང་རྩལ་གྱི་ཛཔ྄་མཐར། ཧཱུྃ་ཧཱུྃ་ཧཱུྃ་ཨཱ་རལླི་ཕེཾ་ཕེཾ་བཏགས་པ་བརྗོད། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ་ཧཱུྃ་དང་རྡོ་རྗེའི་རྒྱས་གདབ། དེས་དབང་གི་སྣོད་རུང་དུ་སྒྲུབ་པ་སྦྱོར་བའི་ཆོས་རྣམས་སོང་ནས། དངོས་གཞི་དབང་བསྐུར་བ་ལ་བུམ་གསང་ཤེར་ཡེ་ཚིག་དབང་ཡོངས་རྫོགས་བཀའ་གཏད་པ་དང་ལྔར་ཡོད་པ་ལས། དང་པོ་བུམ་དབང་གི་སླད་དུ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། རིག་འཛིན་རྒྱལ་བའི་དཀྱིལ་འཁོར་ནམ་མཁའི་དབྱིངས་གང་བ་སྤྱན་དྲངས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་གྱིས་གང་ནས་གཏོར་བླུགས་ཀྱི་ཆོ་ག་བསྩལ་བར་མོས་ཤིག །རྣམ་བུམ་ཐོགས་ལ། ཧཱུྃཿ བཀྲ་ཤིས་བུམ་པ་ལྷའི་གཞལ་ཡསཿ ལྷ་དང་གཉིས་མེད་བདུད་རྩིའི་ཆུསཿ སྐལ་ལྡན་བུ་ལ་དབང་བསྐུར་བསཿ སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགསཿ རྣམ་སྨིན་རིག་འཛིན་ཉེར་ཐོབ་ཅིངཿ ཀུན་ཏུ་འོད་ཀྱི་ས་ནོན་ཤོགཿ རྩ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾཿ སྤྱི་བོར་བཞག་ལ་བུམ་ཆུ་སྦྱིན། དེ་ལྟར་བུམ་པའི་དབང་བསྐུར་པས་ལུས་དང་རྩའི་སྒྲིབ་པ་དག །བསྐྱེད་རིམ་བསྒོམ་པ་ལ་དབང་། ཕུང་ཁམས་སྐྱེ་མཆེད་ཚོགས་བརྒྱད་དབང་ཡུལ་དང་བཅས་པ་སྐུ་དང་ཡེ་ཤེས་སུ་འགྱུར་བའི་ས་བོན་ཐེབས། སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་པའོ། །གཉིས་པ་གསང་དབང་གི་སླད་དུ། སློབ་དཔོན་རིགས་འདུས་ཐོད་ཕྲེང་རྩལ་རང་འོད་ཡེ་ཤེས་ཀྱི་མཁའ་འགྲོ་དང་སྙོམས་པར་ཞུགས་པའི་དཀར་དམར་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་བཅུད་བྷནྡྷའི་བདུད་རྩི་དང་རོ་གཅིག་ཏུ་བྱས་པ་མགྲིན་པར་མྱང་བར་མོས་ཤིག །གསང་རྫས་བྱིན་ལ། ཧཱུྃཿ ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམསཿ དཀར་དམར་བནྡྷའི་ནང་དུ་བསྐྱིལཿ སྐལ་ལྡན་བུ་ལ་དབང་བསྐུར་བསཿ རྩ་ཁམས་ཡི་གེའི་རྣམ་པར་སྨིནཿ ཚེ་ལ་དབང་བའི་རིག་འཛིན་ཐོབཿ པདྨ་ཅན་གྱི་ས་ནོན་ཤོགཿ རྩ་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ རྗེས་འབྲེལ་དུ་བཟླས་ལུང་སྦྱིན་པ་ལ་དམིགས་པ་འདི་ལྟར་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་རྩ་བའི་སྔགས་ཕྲེང་ལུ་གུ་རྒྱུད་དུ་བྱུང་སློབ་མའི་མགྲིན་པ་ནས་ཞུགས་སྙིང་ཁར་འཁོར་བས་འགྱུ་བའི་རླུང་ཁམས་མཐའ་དག་གྲགས་སྟོང་སྔགས་ཀྱི་འཁོར་ལོར་རྫོགས་པར་མོས་ལ་འདིའི་རྗེས་ཟློས། བསྙེན་སྔགས་དང་སྒྲུབ་སྔགས་ལན་གསུམ་རེ་རྗེས་ཟློས་བྱར་གཞུག །དེ་ལྟར་གསང་བའི་དབང་བསྐུར་བས་ངག་དང་རླུང་གི་སྒྲིབ་པ་དག །བླ་མེད་ཀྱི་དམ་རྫས་ཁྱད་པར་ཅན་སྤྱོད་ཅིང་བཟླས་བརྗོད་གཏུམ་མོའི་རྣལ་འབྱོར་ལ་དབང་། རླུང་བཅུ་ལས་སུ་རུང་བའི་ཡོན་ཏན་ཐོབ། ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། གཟུགས་དང་ལང་ཚོའི་མཛེས་པ་ཕུལ་དུ་ཕྱིན་ཅིང་རིགས་དང་སྐལ་པ་མཆོག་དང་ལྡན་པའི་ཤེས་རབ་མ་ལག་ཏུ་བྱིན་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃཿ ཆོས་རྣམས་ཀུན་གྱི་འབྱུང་གནས་ཏེཿ བདེ་བ་ཆེན་པོ་གསང་བའི་ཡུམཿ རིགས་ཀྱི་བུ་ལ་བྱིན་པ་ཡིསཿ དགའ་བཞིའི་ཡེ་ཤེས་མངོན་དུ་གྱུརཿ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབཿ འཁོར་ལོ་ཚོགས་ཆེན་ས་ནོན་ཤོགཿ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃཿ དེ་ལྟར་བྱིན་པའི་རིག་མ་དེས་ཀྱང་། པདྨ་བྷཉྫ་མོཀྵ་ཧོཿ ཞེས་ཐར་པ་བརྟེན་པར་བསྐུལ་ཏེ་པང་དུ་བྱོན་པ་དང་འདུ་ཤེས་གསུམ་ལྡན་གྱིས་རྗེས་སུ་ཆགས་པའི་རོལ་མོས་དགའ་བ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ཤིག །དེ་ལྟར་དབང་གསུམ་པ་བསྐུར་པས་ཡིད་དང་ཐིག་ལེའི་སྒྲིབ་པ་དག །རང་བཞིན་བརྒྱད་ཅུའི་རྟོག་ཚོགས་འགག །གཞན་ལུས་ཕོ་ཉའི་ལམ་གྱིས་འགྱུར་མེད་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱེད་པ་ལ་དབང་། ཆོས་སྐུའི་གོ་འཕང་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་བརྡ་ཚིག་གི་དབང་ལ། གཞི་ཀ་དག་གི་ལྟ་བ་མཚོན་པའི་མེ་ལོང་དྭངས་གསལ། ལམ་ལྷུན་གྲུབ་ཀྱི་སྒོམ་པ་མཚོན་པའི་འཇའ་ཤེལ་ལ་བརྟེན་ནས་དཔེ་དོན་འབྲེལ་བའི་འོད་གསལ་གྱི་རང་ངོར་མཉམ་པར་ཞོག་ཅིག །ཤེལ་རྡོ་མེ་ལོང་བསྟན་ལ། ཧོཿ ཀ་དག་མེ་ལོང་གཙང་མའི་ངོགསཿ ལྷུན་གྲུབ་དྭངས་ཤེལ་དྲི་མེད་གསལཿ བརྡ་རྟགས་རྫོགས་པའི་དབང་བསྐུར་བསཿ དྲི་མེད་རིག་པའི་གནས་ལུགས་རྟོགསཿ ལྷུན་གྲུབ་རིག་འཛིན་ཉེར་ཐོབ་ནསཿ བདེ་བ་ཆེན་པོའི་ས་ནོན་ཤོགཿ སྔགས་མཐར། དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱཿ ཁྱེད་རང་རྣམས་ལུས་གནད་སྲོངས་ལ་ཀ་དག་སྤྲོས་མཐའ་བྲལ་བའི་ངང་དུ་མཉམ་པར་འཇོག་འཚལ། ཞེས་རེ་ཞིག་བཞག །དེའི་ངང་ལ། ཕཊ་དྲག་པོ་ཞིག་བརྗོད། སེམས་གང་ཡིན། ཞེས་རྟབ་རྟབ་ཏུ་དྲིས་པས། སྣང་བ་ཧད་དེ་ཕྱད་དེ་ཅི་ཟེར་ཆ་མེད་པ་བྱུང་ཚོར་གྱི་སྤྲོས་པ་འགགས་པ་དེ་ཉིད་རང་གནས་ཀྱི་ཡེ་ཤེས་སུ་ངོ་ཤེས་པར་གྱིས་ཤིག །དེའང་ལྟ་བ་ལུང་རིག་དང་འབྲེལ་བ་ཞེས་བྱ་བ་ཡིན་པས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་གྱུར་རྫོགས་པ་ཆེ། །ཞེས་གསུངས་པའི་དོན་ལགས་སོ། །དེ་ནས་སློབ་དཔོན་རྟོགས་དགོངས་ཅན་ཡིན་ན་ཐུགས་ཀར་ཨཿཞིག་གསལ་བ་ལ་སློབ་མའི་རིག་པ་གཏད་དུ་གཞུག་ལ་དཔོན་སློབ་གཉིས་ཀ་མཉམ་པར་བཞག །སྒོམ་པ་ཉམས་མྱོང་དང་འབྲེལ་བའི་གཤིས་ནས་ཨཿཉི་ཤུ་རྩ་གཅིག་བརྩེགས་མར་བརྗོད་དོ། །དེ་ལྟར་དབང་བཞི་པ་བསྐུར་པས་ཀུན་གཞི་ལས་དང་ཤེས་བྱའི་སྒྲིབ་པ་དག །རྫོགས་པ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་བསྒོམ་པ་ལ་དབང་། ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པའོ། །ལྔ་པ་བཀའ་ལུང་ཡོངས་རྫོགས་གཏད་པ་ཡིན་པས། རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་མོས་གུས་གདུང་ཤུགས་དྲག་ཏུ་བསྐྱེད་པས་དེ་དག་གི་དགོངས་བརྒྱུད་བྱིན་རླབས་མཐའ་དག་ཁྱེད་རང་གི་རྒྱུད་ལ་འཕོས། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་ཚིག་དང་དོན་གྱི་གསང་བ་མཐའ་དག་ལ་དབང་ཆེན་ཐོབ་པར་མོས་ཤིག །གླེགས་བམ་མགོར་བཞག་ལ། ཧོཿ ཆོས་སྐུ་ཀུན་ཏུ་བཟང་པོཿ ལོངས་སྐུ་རྒྱལ་བ་རིགས་ལྔཿ སྤྲུལ་སྐུ་དགའ་རབ་རྡོ་རྗེཿ སློབ་དཔོན་འཇམ་དཔལ་བཤེས་གཉེནཿ རིག་འཛིན་ཤྲཱི་སིཾ་ཧཿ པཎ་ཆེན་བི་མ་མི་ཏྲཿ ཨོ་རྒྱན་པདྨ་ཐོད་ཕྲེངཿ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལཿ མངའ་བདག་ཁྲི་སྲོང་ལྡེའུ་བཙནཿ རྒྱལ་སྲས་དྲི་མེད་འོད་ཟེརཿ ཀློང་ཆེན་ནམ་མཁའི་རྣལ་འབྱོར་ལ་སོགས་རང་བཞིན་རྫོགས་པ་ཆེན་པོའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་མགོན་རིག་འཛིན་བླ་མཿ ཡི་དམ་མཁའ་འགྲོ་རྒྱ་མཚོཿ ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིསཿ དེང་འདིར་རྡོ་རྗེའི་སློབ་མ་རྣམས་ལ་དབང་བསྐུར་དུ་གསོལཿ བྱིན་གྱིས་བརླབ་ཏུ་གསོལཿ རྟོགས་པ་སྤར་དུ་གསོལཿ བརྟུལ་ཞུགས་བསྐྱེད་དུ་གསོལཿ བྱ་བྲལ་བློ་འདས་རྫོགས་པ་ཆེན་པོའི་ཀློང་དུ་དགོངས་པའི་བཙན་ས་ཟིན་ཏེ་ཚེ་གཅིག་ལུས་གཅིག་ལ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་མཆོག་བརྙེས་ནས་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ལ་འགོད་པར་མཛད་དུ་གསོལཿ ཞེས་ལན་གསུམ་བརྗོད་ཅིང་རིག་པ་གཏད་མེད་ངང་དུ་བཞག་ལ་དོན་བརྒྱུད་འཕོ། ཤིས་པ་བརྗོད། དེ་དག་རྣམས་ཀྱིས་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པའི་དགོངས་གཏེར་ཀློང་ཆེན་སྙིང་གི་ཐིག་ལེའི་ནང་སྒྲུབ་རིག་འཛིན་འདུས་པའི་རྩ་དབང་རྒྱལ་ཐབས་སྤྱི་བླུགས་ལེགས་པར་གྲུབ་པ་ལགས་པས་རྩ་བ་དང་ཡན་ལག་གི་དམ་ཚིག་མཐའ་དག་ཅི་ནུས་ཀྱི་འབད་པས་བསྲུང་སྙམ་པས་འདིའི་རྗེས་ཟློས། རྩ་བ་སྐུ་གསུང་ཐུགས་མཆོག་དངཿ ཡན་ལག་དམ་ཚིག་ཉི་ཤུ་ལྔཿ མེད་དང་གཅིག་པུ་ཕྱལ་བ་སོགསཿ ཆོ་ག་བཞིན་དུ་བསྲུང་བར་བགྱིཿ ལན་གསུམ། གཏང་རག་མཎྜལ་འབུལ། སླར་ཡང་ལུས་ལོངས་སྤྱོད་ཐམས་ཅད་ལྟོས་པ་མེད་པར་ཁྱབ་བདག་བླ་མ་ཉིད་ལ་འབུལ་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། ཁྱོད་ལ་བདག་ཀྱང་ཡོངས་སུ་འབུལ། །སློབ་མར་བཟུང་ནས་སྤྱད་དུ་གསོལ། །ལན་གསུམ་དང་དགེ་བསྔོ་བྱས་ལ་སློབ་མ་རྣམས་གྱེས། གསུམ་པ་ནི། སློབ་དཔོན་གྱིས་རིག་འཛིན་འདུས་པའི་ལས་བྱང་ལྟར་ཚོགས་མཆོད་ནས་ཤིས་བརྗོད་ཀྱི་བར་ཕྲིན་ལས་སྤྱིའི་འགྲོས་དང་མཐུན་པར་མཐར་དབྱུང་། གྲུབ་ན་བཀའ་སྲུང་མ་མགོན་སོགས་དང་སྐོང་བཤགས་རྡོ་རྗེའི་ཐོལ་གླུ་སོགས་ཀྱང་སྐབས་དང་མཐུན་པར་སྦྱར་རོ། །དབང་གི་སྤྱི་དོན་སྙིང་པོ་རབ་གསལ་དང་སྦྱར་བའི་ཕྱག་ལེན་རྒྱས་པ་ལྷ་དབང་དང་སྦྱར་བ་ནི་གྲུབ་པའི་དབང་ཕྱུག་ཀུན་བཟང་གཞན་ཕན་གྱི་གསུང་ལས་རྟོགས་པར་བྱའོ། །གྲུབ་པ་རྒྱ་མཚོའི་གཅེས་པའི་དབྱིག །འདིར་བརྟེན་གྲུབ་པའི་བཤུལ་ལམ་སྙོགས། །ལྷུན་གྱིས་གྲུབ་པའི་རིག་འཛིན་སྐུར། །མངོན་བྱང་ཚེ་འདིར་ཆུབ་པར་ཤོག །ཅེས་པའང་ཁྱེར་བདེ་སྙིང་པོར་བཟུང་ནས་རྩ་གཞུང་གི་དགོངས་པ་ཇི་ལྟ་བར་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་བགྱིས་པ་དགེ་ལེགས་འཕེལ།། །།
གཟའ་ཐོག་རྦབ་གསུམ་སྲུང་བ་ (Volume 45, Text 4)
གཟའ་ཐོག་རྦབ་གསུམ་སྲུང་བ་ནི། འཁོར་ལོ་ཆོས་འབྱུང་ཟུར་དྲུག་པའི་དབུས་སུ། ཨོཾ་རུ་ཎི་ཕྃ་བྷ་རེ་ན་སྭཱ་ཧཱ། ཟུར་དྲུག་ལ། ཨོཾ་ཧེ་ཧེ་ཏིཥྛ་ཏིཥྛ་བྷནྡྷ་ར་ཡ་ཎི་ཡེ་རུརྡྷ་ནི་རུརྡྷ་ཐོག་སེར་གཟའ་འཁྱུག་རྦབ་རྒོད་ཀྱི་གནོད་པ་ཐམས་ཅད་ཨུརྞྜྷ་མ་ཎི་སྭཱ་ཧཱ། ཨོཾ་ག་རུ་ཊཿཧེ་ཧོཾ་ས་ཙ་ལེ་ཙ་ལེ་སྭཱ་ཧཱུྃ། ཟུར་མཚམས་རྣམས་སུ༔ ཡུལ་འདིའམ་འཆང་བ་པོ་འདི་ལ་ཐོག་སེར་གཟའ་འཁྱུག་རྦབ་རྒོད་གྱི་གནོད་པ་ཐམས་ཅད་རཀྵ་རཀྵ༔ དེ་ཕྱིར་མུ་ཁྱུད་ལ་མེ་རི་བྲི། རབ་གནས་སྤྱི་མཐུན་བྱ། རྒྱལ་མཚན་ནམ་དར་ཅོག་གི་རྩེར་བཏགས་པས་ཡུལ་ཕྱོགས་ཐུབ། རྡོ་ལ་བརྐོས་པ་ཁ་གྱེན་བསྟན་དུ་བཞག་པས་ཁང་ཁྱིམ་ཐུབ། མཐིང་ཤོག་ལ་གསེར་གྱིས་བྲིས་ཏེ་མགུལ་དུ་བཏགས་པས་འཆང་བ་པོ་དེ་ལ་ཐུབ་བོ། ྀཨཚ༔ འདི་ནི་བ་རི་ལོ་ཙཱ་བས་རྡོ་རྗེ་གདན་གྱི་ཕ་བོང་ནས་བཏོན་པ་དང་། རཏྣ་གླིང་པའི་གཏེར་ཁ་གཉིས་མཚུངས་པར་བྱུང་ངོ་།། །། ࿊ ཐོག་སྲུང་ལུགས་གཅིག་ནི། ཆོས་འབྱུང་བསྣོལ་མ་ཟུར་དྲུག་པ་མེ་འབར་བའི་དབུས་སུ། འཆང་བ་པོ་ལ་སྡེ་བརྒྱད་འཁྲུགས་པའི་ཆོ་འཕྲུལ་གནམ་ལྕགས་ཐོག་གི་འཇིགས་པ་དང་གནོད་པ་ཐམས་ཅད་རཀྵ་རཀྵ༔ ཟུར་དྲུག་ལ་རྒྱབ་ནས་བརྩམ་སྟེ་གཡས་སྐོར་དུ། ཨོཾ་ ཏ་ ཀྵ་ རཀྵ༔ ཧ་ བཾ་ ཞེས་བྲི། རང་སྔགས་དང་ཡེ་དྷརྨས་རབ་གནས་བྱ། ནང་དུ་རིན་ཆེན་སྣ་ལྔ་བཞག་ནས་ལུས་ལ་འཆང་ན་ཐོག་གིས་མི་ཚུགས། སྦྲ་ཁང་ལ་བཏགས་ན་ཁྱིམ་བསྲུང་། ས་གཉན། རི་གཉན། ཁྱིམ་གཉན། བྲག་གཉན། ཆུ་གཉན་སོགས་ལ་ཐོ་ཅོའི་སྤྱོད་པ་ཅི་བྱས་ཀྱང་ཡ་ང་དང་བག་ཚ་མི་དགོས། རང་གསང་བདག་དང་མཚུངས་པས་ལྷ་ཀླུ་ཀུན་ལ་དོ་བསྡོས་ཀྱང་ཐོག་སེར་སོགས་ཀྱིས་མི་ཚུགས་པར་གསུངས་སོ། །ཆོས་དབང་རིན་པོ་ཆེའི་གཏེར་ཁ་ལས་བྱུང་ བའོ།། །། ࿊ ཡང་ཐོག་སྲུང་ཁྱད་པར་ཅན་ནི། འཁོར་ལོ་དཔེའུ་རིས་ལྟར་བྲིས་པའི་དབུས་སུ། ཨོཾ་པྲ་དུ་ཏ་ཨ་ག་བྷ་ལ་ཙ་ཨུར་ལེ་བྷ་དྷ་ས་ར་ན་ཧཱུྃ་ཧཱུྃ་ཕཊ་ སརྦ་ཁ་རི་ཙྱ་ཐ་འདི་འཆང་བ་ལ་སྐྱེ་བ་ལྔ་བརྒྱ་ཚུན་ལ་ཐོག་གི་གནོད་པ་ཐམས་ཅད་སྲུངས་ཤིག །སྐྱོབས་ཤིག་རཀྵ་རཀྵ་ཧཱུྃ༔ ཞེས་བྲི། ཟུར་ལྔ་ལ་ཕཊ་རེ་བྲི། སྲུང་བའི་དཀྱིལ་དུ་རིན་ཆེན་སྣ་ལྔ་དང་། རིང་བསྲེལ་ཡོད་ན་གཞུག །རང་ཡི་དམ་གྱི་ས་མཱ་དྷི་དང་ལྡན་པས་རབ་ཏུ་གནས། དར་སྣ་ལྔ་ཡིས་དྲིལ་ལ་མགུལ་དུ་ གདགས་པར་བྱས་ན་སྐྱེ་བ་ལྔ་བརྒྱ་ཚུན་གྱི་ཐོག་གི་གནོད་པ་ངེས་པར་ཐུབ། བདུད་དང་བཙན་ལ་ཅོ་ལོ་ཅི་བྱས་ཀྱང་སྐྱོན་མི་འབྱུང་ངོ་། །ལས་འཕྲོ་གླིང་པའི་གཏེར་མའོ།། མངྒ་ལཾ།། །། ࿊ ཡང་གཏེར་ཁ་གཞན་ཞིག་ལས་བྱུང་བའི་ཐོག་སྲུང་ནི། མ་ཧཱ་ཤྲཱི་བཛྲ་ཀྲོ་ཏ་ཧཱུྃ་ཕཊ༔ སརྦ་ས་ཁྱི༔ ཁ་ལ་བྷ་དྲ༔ ཛ་ལ་ཛ་ལ་ཧཱུྃ་ཕཊ༔ རཾ་རཾ༔ ཞེས་བརྗོད་སྡིགས་མཛུབ་ཕྱོགས་བཅུར་གཡུགས། བཅུ་གསུམ་བཟླས་པས་འབྲུག་སྐད་ཆག །ཉེར་གཅིག་བཟླས་ན་ཐོག་ར་མར་ལྟར་ཞུ་བར་འགྱུར་གསུངས།། ࿊ ཡང་མདོ་སྡེ་ལས་བྱུང་བའི་ཐོག་སྲུང་ནི། འདི་ནས་སངས་རྒྱས་ཀྱི་ཞིང་བཅོ་བརྒྱད་ན་འཇིག་རྟེན་གྱི་ཁམས་སྦྲང་རྩི་ཅན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀླུའི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཀླུའི་དབང་ཕྱུག་རྒྱལ་པོ་དེའི་མཚན་གང་དག་ཐོས་པར་འགྱུར་བ་ནི་ཀླུ་རྣམས་ཀྱིས་གང་གི་ཚེ་ན། གྲོང་ངམ་ཕྱོགས་སུ་ལྕེ་འབབ་པ་དེའི་ཚེ་ན། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་འདི་སྐད་དུ་སྨྲ་བར་བྱའོ། །བདེན་པ་གང་དང་བདེན་པའི་ཚིག་གིས་དེ་བཞིན་གཤེགས་པ་ཀླུའི་དབང་ཕྱུག་རྒྱལ་པོས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཀླུར་གྱུར་པས། གང་ཀླུ་རྣམས་ཀྱི་ཉམ་ང་བ་ལས་བྱུང་བ་དེ་དང་དེ་ལས་ཐར་བར་བྱས། ཀླུ་མང་པོ་དང་། ཀླུ་མང་པོ་བརྒྱ་དང་། ཀླུ་མང་པོ་སྟོང་དང་། ཀླུ་མང་པོ་བརྒྱ་སྟོང་རྣམས་ཉམ་ང་བ་ལས་ཐར་བར་བྱས་པས། དགེ་བའི་རྩ་བ་འདིས། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་གནས་པའམ། ཡོངས་སུ་མྱ་ངན་ལས་འདས་ཀྱང་རུང་སྟེ། འཇིག་རྟེན་གྱི་ཁམས་གཞན་དག་ཏུ་ཡང་ཀླུ་གང་དང་གང་དག་གིས་ལྕེ་འབབ་པའམ། གནོད་པའི་སེར་བ་འབེབ་པར་འགྱུར་བའམ། འཇིགས་པའམ། ནད་དམ། གནོད་པའམ། ནད་འགོ་བ་གཏོང་བ་དེར་བདག་གི་མིང་བརྗོད་ན་གནོད་པ་དེ་དག་ཐམས་ཅད་མེད་པར་གྱུར་ཅིག །བདེན་པའི་ཚིག་དེས་བདེ་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་སྟེ། ཤཱ་རིའི་བུ་བདེན་པ་དང་བདེན་པའི་ཚིག་དེས་སེམས་ཅན་དེ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་བདེ་བ་ལ་བཞག་གོ །ཀླུ་རྣམས་ལྕེ་གཏོང་བ་ཡང་མཚན་བརྗོད་པ་ཙམ་གྱིས་མེད་པར་འགྱུར་ཏེ། ཀླུའི་སྐྱེ་གནས་དེ་ལས་ཤི་འཕོས་ནས་ཀྱང་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །གང་དག་ཡང་མོས་པ་དང་མངོན་པར་དད་པར་བྱེད་པ་དེ་དག་ཀྱང་ཉིན་མཚན་དུ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པར་འགྱུར་རོ། དེ་དག་ལས་སངས་རྒྱས་ཀྱི་ཡེ་ཤེས་རྙེད་དཀའ་བ་མ་ཡིན་ནོ། །ཞེས་དང་། ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་དྷ་ར་ཡེ་སྭཱ་ཧཱ། ཏྲི་ལོ་ཀྱ། ལོ་ཀ་ནི་ཤུ་པ་ལ་མ་ཎི་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། ཡིད་བཞིན་གྱི་ནོར་བུའི་གཟུངས་ཆེན་པོ་གང་དུ་བསྒྲགས་པའི་ས་ཕྱོགས་སུ་ཐོག་ལྷུང་བར་མི་འགྱུར་རོ། །ཞེས་གསུངས་སོ།། ࿊ མདོ་སྡེ་གསེར་འོད་དམ་པ་ལས། ཀུན་དགའ་བོ་ཤར་ཕྱོགས་ན་འོང་བ་ཞེས་བྱ་བའི་གློག་ཡོད་དོ། །ལྷོ་ཕྱོགས་ན་སྐད་བརྒྱ་པ་ཞེས་བྱ་བའི་གློག་ཡོད་དོ། །ནུབ་ཕྱོགས་ན་འོད་ཉམས་པ་ཞེས་བྱ་བའི་གློག་ཡོད་དོ། །བྱང་ཕྱོགས་ན་རྒྱུན་གྱི་བདག་པོ་ཞེས་བྱ་བའི་གློག་ཡོད་དོ། །གློག་འདི་བཞིའི་མིང་ཤེས་པ་དེ་ལ་གློག་གི་འཇིགས་པ་འབྱུང་བར་མི་འགྱུར་རོ། །ཞེས་དེ་བཞིན་གཤེགས་པ་གཉིས་སུ་མི་གསུང་བས་ངེས་པར་གསུངས་པའི་བདེན་པའི་བདེན་པས། བདག་དང་བསྲུང་བྱ་འཁོར་བཅས་ལ་གནམ་ལྕགས་ཐོག་རྒོད་དང་གློག་གི་འཇིགས་པ་ཞི་བ་དང་སྲུང་བར་གྱུར་ཅིག །ཏདྱ་ཐཱ། ནི་མི་ནི་མི་ནི་མི་ནི་མི་མི་ན་དྷ་རི། འཇིག་རྟེན་གསུམ་སྣང་བར་བྱེད་པ་ལག་ན་རྩེ་གསུམ་པས་ཕྱོགས་འདིར་གློག་ཐམས་ཅད་ལས་བདག་ལ་སྲུངས་ཤིག་སྲུངས་ཤིག་སྭཱ་ཧཱ། ཞེས་བརྗོད་པ་དང་། གློག་གི་མིང་བཞི་པོ་ཁང་པའི་ཕྱོགས་བཞིར་བྲི། འདི་ལ་བརྟེན་པའི་ཙཀྲ་ནི། རྡོ་རྗེ་རྩེ་དགུ་པའི་ལྟེ་བའི་གཡས་གཡོན་དུ་ཐིག་ལེ་གསུམ་རེ་སྦྲེལ་མར་བཀོད་པས་ལྟེ་བ་དང་བཅས་པའི་བདུན་པོའི་གཡས་ཕྱོགས་ནས་བརྩམ། ནི་ནཱ་ག་ཛ་མུན་ཏི་ཨཿ ཞེས་རེ་རེ་ཕྲེང་དུ་བྲི། དེ་རྒྱབ་གྲུ་བཞིའི་རི་མོ་གཉིས་བཅད་པའི་ནང་དུ། ཤར་ཕྱོགས་ན་འོང་བ་ཞེས་བྱ་བའི་གློག་ཡོད། ཅེས་མདུན་དང་། ལྷོ་གཡས་སོགས་རིམ་པར་བཀོད། དེ་རྒྱབ་རི་མོ་ཟླུམ་པོ་གཉིས་བསྐོར་བའི་ནང་དུ། ཏདྱ་ཐཱ། ནི་མི་སོགས་ཚང་བར་བྲི། མཐིང་ཤོག་ལ་གསེར་གྱིས་འབྲུ་བདུན་བྲིས་པའང་ལྟེ་བར་བཞག །མུ་ནི། རང་སྔགས། ཡེ་དྷར་རྣམས་མང་དུ་བརྗོད་ལ་མེ་ཏོག་འཐོར། ལྟེབ་བཅིང་སྤྱི་འགྲེ་བྱ། འབྱོར་ན་རིང་བསྲེལ་ཡང་མཉམ་དུ་གཞུག་ལ་མགུལ་དང་ཁང་ཁྱིམ་སོགས་སུ་བཏགས་པས་ངེས་པར་སྲུང་ཐུབ་པ་ལག་བླངས་མའོ།། །། ࿊ ཡང་ཟབ་གཏེར་གྱི་གདམས་ངག་གཞན་ལས། རང་ཉིད་ཡི་དམ་ལྷར་གསལ་བའི་སྟེང་ཕྱོགས་གསེར་གྱི་འཁོར་ལོ་རྩིབས་སྟོང་གི་ལྟེ་བར་ཤཱཀྱ་ཐུབ་པ། རྩིབས་སྟོང་ལ་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་བཞུགས་པར་བསྒོམས་པས་གནམ་ཐོག་སྲུང་། བར་ཐམས་ཅད་རྡོ་རྗེ་རི་རབ་མེ་འབར་བ་སྲ་ཞིང་བརྟན་པར་བསྒོམས་པས་འཁྱུག་སྲུང་། རྐང་འོག་ཏུ་གཡུ་ཡི་གྲོད་པ་ཞིག་མེར་མེར་མནན་པར་བསྒོམས་པས་འོག་ཐོག་སྲུང་། ངག་ཏུ་མུ་ནི་དང་དྲན་ཆོག་སྔགས་འབྲུ་བདུན་པོ་བརྗོད་པས་དམིགས་པ་གསལ་ཞིང་བརྟན་ན་སྲུང་ངེས་པ་ལག་བླངས་ཅན་ནོ།། ࿊ གཏེར་གསར་ཐུགས་སྒྲུབ་ལས། རང་ཉིད་རྟ་མགྲིན་སོགས་དྲག་པོར་བསྒོམ། ནམ་མཁར་ཐོག་རིས་ཟུར་བདུན་ཡིད་ཀྱིས་བྲིས་པའི་དབུས་སུ་ཨོཾ། ཟུར་རྣམས་ལ་ནི་ནཱ་ག་ཛ་མུན་ཏི་ཨ༔ ཞེས་འབྲུ་རེ་རེ་བསྒོམས་ལ་མུ་ནི་དང་། སྔགས་འབྲུ་བདུན་ངག་ཏུའང་བརྗོད་པས་ངེས་པར་སྲུང་བར་འགྱུར། ཡང་མཐིང་ཤོག་ལ་སྔགས་དེ་གསེར་གྱིས་བྲིས་ནས་མགུལ་ལམ་ཞྭ་མོ་ལ་བཏགས་པས་ཀྱང་སྲུང་བར་བཤད་དོ། །སརྦ་མངྒ་ལཾ།། །།
གུ་རུ་དྲག་པོ་མཐིང་ནག་གི་གཏེར་སྲུང་གསོལ་ཀ་སངས་རྒྱས་བསྟན་པ་སྲུང་བའི་མཚོན་ཆ་ (Volume 14, Text 4)
གུ་རུ་དྲག་པོ་མཐིང་ནག་གི་གཏེར་སྲུང་གསོལ་ཀ་སངས་རྒྱས་བསྟན་པ་སྲུང་བའི་མཚོན་ཆ་བཞུགས་སོ། །ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨོ་རྒྱན་གུ་རུ་དྲག་པོ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ། །གཏེར་སྲུང་རྡོ་རྗེ་འབར་བ་རྩལ་དང་རྡོ་རྗེ་རིག་བྱེད་རྩལ་ལམ་རྡོ་རྗེ་གཉན་རྒྱལ་གསོལ་ཁ་གཉེར་གཏད་ཕྲིན་བཅོལ་ནི། དམར་གཏོར་ཤ་ཁྲག་བརྒྱན་པར་ལིངྒ་གདན་དུ་བཏིང་བ་བཤམ། རང་གུ་རུ་དྲག་པོར་གསལ་བས། གཏོར་མ་བྲན་ལ། ྈ ན་མོ། དཀོན་མཆོག་གསུམ་གྱི་བདེན་སྟོབས་ཀྱིས། །བསྟན་དགྲ་དམ་ཉམས་རུ་དྲ་རྣམས། །དམ་སྲི་འབྱུང་པོ་མ་རུངས་པ། །གཏོར་མ་ལིངྒ་འདིར་ཁུག་ཅིག །དགྲ་བགེགས་ཤ་ཁྲག་གཉིས་མེད་པར། །དྲོད་རླངས་མ་ཡལ་དམར་དངོམ་དངོམ། །བདུད་འདུལ་དྲག་པོའི་ལྷ་ཚོགས་ཀྱིས། །ཧབ་ཧབ་ལྷག་མེད་གསོལ་བར་གྱུར། །དགྲ་བགེགས་མཐའ་དམག་བསྟན་བཤིགས་དམ་སྲིའི་ཤ་ཁྲག་ལ་ཁཱ་ཧི་ཁཱ་ཧི། རྡོ་རྗེ་འབར་བ་རྩལ་གྱིས་ཟོ་ཟོ། ཧཱུྃ་ཧཱུྃ་ཧཱུྃ། བཞེངས་ཤིག་རྡོ་རྗེ་འབར་བ་རྩལ། །འདམ་ཤོད་གངས་དཀར་དབུས་ནས་བཞེངས། །སེམས་དཔའ་ནམ་མཁའི་སྙིང་པོ་ཁྱེད། །བདུད་འདུལ་དྲག་པོའི་སྐུར་བཞེངས་ཤིག །བསྟན་སྲུང་རྡོ་རྗེ་འབར་བ་ཁྱེད། །དྭགས་བརྒྱུད་བསྟན་པའི་དོན་དུ་བཞེངས། །ཟབ་གཏེར་སྲུང་མའི་གཉེར་ཁ་པོ། །པད་འབྱུང་བཀའ་བསྒོས་ཇི་ལྟ་བར། །དམ་ལྡན་བརྒྱུད་འཛིན་མ་གཏོགས་པར། །དམ་ཉམས་ལོག་ལྟ་སྤྱོད་པ་ཡི། །ཆོས་མིན་ལག་ཏུ་མ་ཤོར་བར། །བཀའ་ཡི་གཉེར་ཁ་ཁྱོད་ལ་གཏད། །གསང་སྔགས་སྒྲུབ་པའི་རྣལ་འབྱོར་པ། །དོན་བརྒྱུད་འབྲུག་པའི་བསྟན་པ་ཡི། །རིག་འཛིན་བརྒྱུད་པར་བཅས་པ་རྣམས། །བུ་གཅིག་མ་ལྟར་མེལ་ཚེས་སྐྱོངས། །བསྟན་དང་འགྲོ་ལ་སྡང་བ་ཡི། །མཐའ་དམག་བསྟན་དགྲ་དམ་ཉམས་རྣམས། །གཏོར་མ་ལིངྒ་དབྱེར་མེད་པ། །ལྷག་མ་མེད་པར་བཞེས་སུ་གསོལ། །མདོ་སྔགས་བསྟན་འཛིན་སྐྱེས་བུ་རྣམས། །སྐུ་ཚེ་མཛད་ཕྲིན་གོང་དུ་འཕེལ། །གྲྭ་སློབ་སྦྱིན་བདག་འཁོར་དང་བཅས། །ཚེ་བསོད་དཔལ་འབྱོར་ལོངས་སྤྱོད་སྤེལ། །མི་ནོར་ལོངས་སྤྱོད་ལོ་ཕྱུགས་འབྲུ། །རྫོགས་ལྡན་བསྐལ་པ་དང་པོ་ལྟར། །བདེ་སྐྱིད་ལྡན་ཞིང་དམ་ཆོས་འཕེལ། །གསང་སྔགས་སྒྲུབ་པའི་རྣལ་འབྱོར་པས། །བྱང་ཆུབ་སྒྲུབ་པའི་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཀྱཻ། ལྷ་ཡི་དགེ་བསྙེན་རྡོ་རྗེ་རིག་བྱེད་རྩལ། །པདྨ་སཾ་བྷའི་ཇི་ལྟར་བཀའ་ལུང་བཞིན། །མྱུར་དུ་སྒྲུབས་ཤིག་མཐུན་རྫས་གཏོར་མ་བཞེས། །ཟབ་མོ་གཏེར་གྱི་འགྲོ་དོན་ཕྱོགས་བཅུར་སྤེལ། །བྱང་ཆུབ་སྒྲུབ་པའི་རྐྱེན་ངན་བར་ཆད་སོལ། །སྒྲུབ་བརྒྱུད་བསྟན་འཛིན་ཆོས་མཛད་ཕྱོགས་བཅུར་སྤེལ། །ཉེར་འཚེ་གེགས་བྱེད་སྲོག་དབུགས་ཁྱོད་ཀྱིས་ལོངས། །སྡང་དགྲ་མཐའ་དམག་ཤ་ཁྲག་ཚོགས་སུ་རོལ། །མིང་གི་ལྷག་མ་ཙམ་ཡང་མེད་པ་ཡི། །བསྟན་དགྲ་རྩད་ནས་ཆོད་ཅིག་ས་མ་ཡ། །བོད་ཁམས་དཀར་པོའི་ཆོས་ལ་འགོད་པ་ཡི། །ལས་བཞིའི་ཕྲིན་ལས་མ་གཡེལ་གཏེར་གྱི་བདག །ལྷ་རྒྱལ་དབུ་འཕང་དགུང་ལ་བསྟོད། །རྣལ་འབྱོར་བཅོལ་པའི་འཕྲིན་ལས་གྲུབ་པར་མཛོད། བྷྱོཿ ལྷ་སྨན་རྒྱལ་མོ་ཀླུ་མོ་འོད་ལྡན་མའི། །བཀའ་ཉན་ཀླུ་ཡི་དགེ་བསྙེན་དུག་གི་གདོང་། །ཟབ་གཏེར་བཀའ་སྲུང་ནག་པོ་བཟློག་མེད་ཁྱེད། །ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ། །བླ་མའི་སྐུ་དགྲ་སངས་རྒྱས་བསྟན་དགྲ་དང་། །དཀོན་མཆོག་སྤྱི་དགྲ་རྣལ་འབྱོར་སྒོས་དགྲ་དང་། །དབེན་རི་བཅོམ་ཞིང་སྐྱེ་འགྲོའི་བདེ་སྐྱིད་འཕྲོག །ཆོས་བྱེད་ཡོངས་ལ་འཚེ་བའི་དགྲ་བགེགས་རྣམས། །བླ་ཚེ་སྲོག་དབུགས་ཀླུ་བདུད་ཁྱོད་ལ་གཏད། །ཀླུ་ཡི་ནད་སློངས་དུག་གི་ཆར་ཕོབ་ལ། །སྡང་དགྲ་མཐའ་དམག་ཚང་ཤིགས་མིང་མེད་པར། །ཐལ་བ་རྡུལ་དུ་རློགས་ཤིག་ས་མ་ཡ། །ཀླུ་གཡང་དངོས་གྲུབ་ཟས་ནོར་ས་བཅུད་གཡང་། །དཀར་པོ་དགེ་བཅུ་སྒྲུབ་པའི་སྡེ་ལ་བརྩོན། །སྒྲུབ་བརྒྱུད་བསྟན་པའི་ཕྲིན་ལས་ཕྱོགས་བཅུར་སྤེལ། །རྣལ་འབྱོར་བྱང་ཆུབ་སྒྲུབ་པའི་བར་ཆད་སོལ། །བཅོལ་པའི་ཕྲིན་ལས་མྱུར་དུ་སྒྲུབ་པར་མཛོད། །ཟབ་མོ་བཀའ་ཡི་གཏེར་འདི་སྲུངས་ཤིག་རཀྵ་རཀྵ། ཞེས་རིམ་གཉིས་ཟབ་མོའི་རྣལ་འབྱོར་ཚོགས་གཉིས་ཀྱིས་སྟོན་པའི་སྐུ་བརྙན། ཤེས་རབ་ཀྱི་རལ་གྲི་ལྷ་རྫས་བཅས་འདི་ལྟར་དགོས་ཞེས་གསུང་གིས་བསྐུལ་བས། རིག་འཛིན་ཆོས་རྒྱལ་རྡོ་རྗེའི་ཀུན་གཞིའི་མཚོ་ལས་རྡོལ་བའི་གཏེར། ཉེར་དགུའི་ནུབ་མོ་སྣང་གསལ་མར་མེའི་ངོགས་ལ་བསྟན་པ་ཡི་གེ་པ་ནི་དམ་ལྡན་ལྷུན་གྲུབ་ཀྱིས་བགྱིས་པ། ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ དམ་ཚིག་རྒྱ༔ གུ་ཧྱ༔ ཟབ་མོ་གཏེར་གྱི་སྲུང་མ་རྣམས་ཀྱིས་སྲུངས་ཤིག་རཀྵ། ཆིང་ཧུ་རིན་པོ་ཆེའི་གདན་ས་དཔལ་གྱི་གཡང་འཁྱིལ་སྒར་ན་མདོ་སྔགས་བཤད་སྒྲུབ་གླིང་གི་ཕོ་བྲང་ནས་སྦྱར་བ་དོན་རྒྱུད་འབྲུག་པའི་བསྟན་པ་དབྱར་མཚོ་ལྟར་རྒྱས་པར་གྱུར་ཅིག །མངྒ་ལཾ།། །།
དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་བསྙེན་སྒྲུབ་ཕྲིན་ལས་ཀྱི་ཆོ་ག་རྣམ་གྲོལ་ལམ་བཟང་ (Volume 3, Text 4)
༄༅། །དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་བསྙེན་སྒྲུབ་ཕྲིན་ལས་ཀྱི་ཆོ་ག་རྣམ་གྲོལ་ལམ་བཟང་ཞེས་བྱ་བ་བཞུགས་སོ། ། དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་བསྙེན་སྒྲུབ་ཕྲིན་ལས་ཀྱི་ཆོ་ག་རྣམ་པར་གྲོལ་བའི་ལམ་བཟང་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བདེ་ཆེན་བྱང་ཆུབ་སེམས་མཆོག་སྟོང་པའི་དངོས། །གཉིས་མེད་རོ་མཉམ་མཁའ་ཁྱབ་རྡོ་རྗེའི་སེམས། །མ་ལུས་རིགས་ཀྱི་འཁོར་ལོའི་དབང་ཕྱུག་གཙོ། །བླ་མ་མཆོག་དང་དབྱེར་མེད་དེར་ཕྱག་འཚལ། །དཔལ་ལྡན་སངས་རྒྱས་ཀུན་གྱི་སྙིང་པོའི་གྲོང་། །བདེ་ཆེན་བྱང་ཆུབ་མཆོག་གི་དཀྱིལ་འཁོར་དུ། །གྲངས་མེད་རྣལ་འབྱོར་འཇུག་པའི་ཐབས་ཀྱི་མཆོག །རྣམ་པར་གྲོལ་བའི་ལམ་བཟང་དབྱེ་བར་བྱ། །དེ་ཡང་གཏེར་གཞུང་རྩ་བ་ལས། དད་བརྩོན་ཤེས་རབ་སྙིང་རྗེར་ལྡན༔ ཡང་དག་མཆོག་གི་ལམ་འདོད་ན༔ རྡོར་སེམས་ཐུགས་ཀྱི་སྒྲུབ་པ་བྱ༔ ཞེས་གསུངས་པ་བཞིན་རྟེན་གྱི་གང་ཟག་ཐུན་མོང་གི་ལམ་གྱིས་རྒྱུད་སྦྱངས། དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ཤིང་དམ་ཚིག་དང་ལྡན་པ། སྔགས་ཀྱི་དེ་ཁོ་ན་ཉིད་ལ་མཁས་ཤིང་སྣོད་དུ་གྱུར་པ་དག་གིས་བླ་ན་མེད་པའི་དངོས་གྲུབ་མྱུར་དུ་འགྲུབ་པ་ནི་དམ་ཚིག་རྣམ་པར་དག་པ་ལ་རག་ལས་ཤིང་། དེའི་ཐབས་ཀྱི་ཉེ་ལམ་ནི་འདི་ཁོ་ནའོ། །དེ་ལ་རྣལ་འབྱོར་ལ་འཇུག་པའི་སྦྱོར་བ་དང་། ཞུགས་པའི་ཆོ་ག་དངོས་དང་། ཆོ་གའི་ཡན་ལག་གཞན་བཤད་པ་དང་གསུམ་ལས། དང་པོ་རྟེན་གྱི་དཀྱིལ་འཁོར་འདུ་བྱ་བ་ནི། གང་དུ་དཀྱིལ་འཁོར་བྱ་བའི་གཞི་དེར་གཏོར་མ་དཀར་ཟླུམ་རྒྱན་ལྡན་མཆོད་པ་དང་བཅས་པ་བཤམ། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ཁྲོ་བོའི་ཆས་ཅན་རྡོ་རྗེ་དང་དུང་ཁྲག་འཛིན་པའི་སྐུར་གྱུར་པར་བསམས་ལ། དེའི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ། མ་སཱུརྻམཎྜལ། ཉི་མ་ལ་གནས་པའི་ཧཱུྃ་ཡིག་དམར་པོ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཨོཾ་བཛྲ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ། ཁྲོ་མོ་དབྱིངས་ཕྱུག་མ་དམར་མོ་དྲིལ་བུ་དང་བྷན་དམར་འཛིན་པའི་སྐུར་གྱུར་པར་བསམ་ཞིང་། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཤོ་དྷ་ཡ་ཨོཾ་ཨཱཿཧཱུྃ་ཧྲཱིཿཋཱ། ཞེས་བརྒྱ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབས་པས། ཁྲོ་མོ་དབྱིངས་ཕྱུག་མའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཤོདྷ་ཡ་ཧཱུྃ་ཕཊ། ཞེས་བདག་གནས་ཡོ་བྱད་ཐམས་ཅད་ལ་བསང་གཏོར་བྱ་ཞིང་། ཐོག་མཐའ་ཀུན་ཏུ་བསང་གཏོར་གྱི་བྱ་བ་ཐམས་ཅད་འདིས་བྱའོ། །གཏོར་མ་རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་གསུམ་གྱིས་གཏོར་མ་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བས་གནང་བ་བྱིན་པར་བསམ་ཞིང་། གཏོར་མ་གཉིས་པ། ཨོཾ་སརྦ་བི་གྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོས་ལ། ཧཱུྃ། རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་འདིར། །གསང་བའི་དམ་ཅན་སོ་སོ་ནས། །འདུ་བའི་ལྷ་ནི་མ་གཏོགས་པ། །ཐམས་ཅད་ཐུགས་རྗེས་བསྐངས་ཟིན་གྱིས། །ད་ལྟ་ཉིད་དུ་སོ་སོར་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །རྡོ་རྗེ་ཁྲོ་བོའི་ཚོགས་རྣམས་ཀྱིས། །དེ་མ་ཐག་ཏུ་བཀས་ནས་ནི། །བདུན་རྒྱུད་རིགས་ཀྱང་བརླག་པར་འགྱུར། །ཅེས་བཀའ་བསྒོས་ལ། བགེགས་རྣམས། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུྃ། ཞེས་དྲག་སྔགས་ཐུན་བྲབ་སྤོས་རོལ་དང་བཅས་པས་བསྐྲད་ལ་བསྲུང་བའི་འཁོར་ལོས་མཚམས་བཅད་ཅིང་། དཀྱིལ་འཁོར་གྱི་གཞི་བ་བྱུང་གིས་བྱུག་དྲི་བཟང་དང་བདུད་རྩི་ལྔས་ཆག་ཆག་གདབ། དེ་ནས་ཐིག་སྐུད་ཐིག་ཆལ་དང་བཅས་པ་འདུ་བྱས། ཧཱུྃ་བཛྲ་དྷྲིཀ྄ །རང་ཉིད་རྡོར་སེམས་སུ་གསལ་བའི་སྦྱོར་མཚམས་ནས་སྐུ་གསུང་ཐུགས་ཀྱི་རང་བཞིན་གྱི་ཐིག་སྐུད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ལྔ་དང་དབྱེར་མེད་པར་གྱུར། ཛཿཛཿཞེས་རྒྱལ་ཐེབས་ཡུམ་དུ་གསལ་བ་ལ་ཐིག་སྣ་གཏད། ཨོཾ་ཨཱཿཧཱུྃ་ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ་ཞེས་བརྗོད་ཅིང་ཤར་ནུབ་ཀྱི་ཚངས་ཐིག་གདབ། དེ་བཞིན་དུ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བརྒྱད་པ་པད་རྡོར་མེ་ཕྲེང་གིས་བསྐོར་བའི་དབུས་སུ་པདྨ་འདབ་བརྒྱད་ཕྱི་ནང་གི་མུ་ཁྱུད་དང་བཅས་པའི་ཐིག་སྤྱི་ལྟར་བཏབ། ཚོན་རྣམས་སྔར་བཞིན་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱུང་བའི་ཡེ་ཤེས་ལྔའི་རང་བཞིན་གྱི་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམས་ལ་སྔར་གྱི་ས་བོན་རྣམས་བརྗོད་པས་བྱིན་གྱིས་བརླབས། ཚོན་ཐོབ་ནི་པདྨའི་ལྟེ་བ་མཐིང་ག །གེ་སར་གྱི་མུ་ཁྱུད་སེར་པོ། འདབ་མ་རྣམས་སྣ་ཚོགས་པ། མུ་ཁྱུད་ལྗང་གུ །སྒོ་ཁྱམས་ཕྱིན་ཆད་སྤྱི་དང་མཐུན་པར་བྲིའོ། །རྩ་བར་པདྨ་འདབ་མ་བརྒྱད་པ་ཁོ་ན་ལས་མ་བཤད་པ་ནི་སྒོས་ཀྱི་ཁྱད་ཆོས་དམིགས་སུ་བསལ་བ་ཡིན་གྱི་གཞན་སྒོམ་དོན་གྲུ་བཞི་སྒོ་བཞི་པ་ཡིན་པས་བྲིས་དཀྱིལ་ཀྱང་དེ་ལྟར་དགོས་པར་གྲུབ་བོ། །རྒྱན་དགྲམ་པ་ནི། སྒྲུབ་མཆོད་སྤྱི་ཙམ་ལ་དཀྱིལ་འཁོར་གྱི་དབུས་སུ་མན་ཤེལ་ཟུར་དྲུག་པ་དང་། དབང་དང་འབྲེལ་ན་དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་སྟེང་དུ་རིན་པོ་ཆེའི་བུམ་པ་ནང་རྫས་མགུལ་ཆིངས་དང་བཅས་པའི་ཁར་ཐོད་པ་དུམ་བུ་གཅིག་པ་བདུད་རྩི་རིལ་བུས་སྦགས་པའི་ཆང་གིས་བཀང་བ་བཞག །དེའི་སྟེང་དུ་མེ་ལོང་ལ་སིནྡྷུ་རའི་རྡུལ་གྱིས་བྱུགས་ནས་ཆོས་འབྱུང་བསྣོལ་མ་མཱུཾ་ཡིག་དགའ་འཁྱིལ་དང་བཅས་བྲིས་པས་བཀབ་པའི་ཁར་སྔར་གྱི་ཤེལ་རྡོ་བཀོད། གང་ལྟར་ན་ཡང་དཀྱིལ་འཁོར་གྱི་མདུན་དུ་མཆོད་གཏོར། དེའི་གཡས་སུ་སྨན་ཕུད། གཡོན་དུ་རཀྟ། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལ་སོགས་པའི་མཆོད་རྫས་བཟང་པོ་ཅི་འབྱོར་བས་བསྐོར། བླ་རེ་བ་དན་རྒྱལ་མཚན་སོགས་ཀྱིས་མཛེས་པར་བརྒྱན། ཚོགས་རྫས་རྡོར་དྲིལ་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ།། ༈ །།གཉིས་པ་ཆོ་ག་དངོས་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ་ལས། དང་པོ་སྔོན་འགྲོ་ལ་གསུམ་གྱི། དང་པོ་སྔོན་གཏོར་ནི། རྣལ་འབྱོར་པ་རྣམས་སྟན་ལ་འཁོད་དེ། གཞི་བགེགས་ལ་གཏོར་མ་ས་ཆོག་གི་སྐབས་བཞིན་འདིར་ཡང་བྱའོ། །གཉིས་པ་རྒྱུད་དག་པའི་ཕྱིར་བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་མོས་ལ། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ མཆོག་གསུམ་རྒྱལ་བ་སྲས་བཅས་ལ༔ རྣམ་ཀུན་བཏུད་དེ་ཕྱག་འཚལ་ཞིང༔ ཕྱི་ནང་མཆོད་པ་རྒྱ་མཚོས་མཆོད༔ སྡིག་པ་ལས་ནི་ལྡོག་བགྱི་ཞིང༔ བསོད་ནམས་ཀུན་ལ་རྗེས་ཡི་རང༔ རྟག་ཏུ་ཆོས་འཁོར་བསྐོར་བ་དང༔ འགྲོ་གནས་བར་དུ་བཞུགས་སླད་དུ༔ བདག་ནི་གུས་པས་གསོལ་བ་འདེབས༔ བསོད་ནམས་གང་དེས་མཁའ་མཉམ་འགྲོ༔ བླ་མེད་བྱང་ཆུབ་གནས་ཐོབ་ཤོག༔ ཅེས་ལན་གསུམ་ལ་སོགས་པར་བརྗོད་ལ་བཛྲ་མུཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ་མོ། །གསུམ་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས་མཆོད་རྫས་ཀྱི་དངོས་འཛིན་ཐམས་ཅད་མི་དམིགས་པར་སྦྱངས་ལ། སྟོང་པའི་ངང་ལས་གནས་ཁང་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་གཞི་དང་རྒྱན་དང་དབྱིབས་དང་བཀོད་པ་ཚད་མེད་པས་མངོན་པར་འཕགས་པའི་ཕྱོགས་ཀུན་ཏུ་རིན་པོ་ཆེ་དང་པདྨ་ལ་སོགས་པའི་སྣོད་ཕུན་སུམ་ཚོགས་པར་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་འདོད་ཡོན་ལྔ་རིན་པོ་ཆེ་སྣ་བདུན་བཀྲ་ཤིས་པའི་རྫས་བརྒྱད་རྡོ་རྗེའི་ལྷ་མོ་བཅུ་དྲུག་མཆོག་གི་མ་ད་ན་དང་རུ་དྷི་ར་སྣ་ཚོགས་པའི་བཟའ་བཅའ་ལྡག་མྱང་ལ་སོགས་པ་ཟག་པ་མེད་པའི་འདོད་ཡོན་གྱི་རྣམ་པ་ཐམས་ཅད་མཆོད་པའི་སྤྲིན་རབ་འབྱམས་སུ་ལྷུན་གྱིས་གྲུབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་བསམས་ལ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ་ པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བི་དྱཱ། ཤབྡ་ཨཱཿཧཱུྃ༔ ཞེས་བརྗོད་ཅིང་རོལ་མོ་བྱ། ཨོཾ་སརྦ་པཉྩ་ཨ་མྲྀཏ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་རཀྟ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཨཱཿཧཱུྃཿ ཞེས་པ་རྣམས་རེ་རེ་བཞིན་ལན་བདུན་བདུན་བརྗོད་པས་ཁྱད་པར་གྱི་རྫས་རྣམས་བྱིན་གྱིས་བརླབས་ཤིང་། བཛྲ་སྥ་ར་ཎ་ཁཾ་གིས་མཆོད་པའི་སྤྲིན་རབ་འབྱམས་ཡེ་ཤེས་ཀྱི་རང་བཞིན་མཁའ་ཁྱབ་ཏུ་སྤེལ་ལོ། །གཉིས་པ་ཆོ་གའི་དངོས་གཞི་ལ། སྒྲིབ་སྦྱོང་བསྙེན་པའི་རྣལ་འབྱོར་དང་། ཚོགས་གསག་སྒྲུབ་པའི་རྣལ་འབྱོར། བྱིན་རླབས་དབང་གི་རྣལ་འབྱོར་དང་གསུམ། བསྙེན་པའི་རྣལ་འབྱོར་ལ་བཞི་ལས། དང་པོ་དམ་ཚིག་གི་འཁོར་ལོ་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ འཁོར་འདས་ཆོས་ཀུན་གདོད་མ་ནས༔ མ་སྐྱེས་སྟོང་པའི་ངང་ཉིད་ལས༔ འགག་མེད་སྙིང་རྗེའི་རོལ་པ་ནི༔ ནམ་མཁའ་ལས་ནི་འཇའ་ཚོན་བཞིན༔ དངོས་མེད་དངོས་པོའི་ཡེ་ཤེས་སྤྲིན༔ མི་འགྱུར་ཧཱུྃ་གི་ངོ་བོར་ཤར༔ དེ་ལས་འོད་འཕྲོས་ཕྱོགས་མཚམས་ཀུན༔ གཞོམ་མེད་རྡོ་རྗེའི་རྭ་བ་གུར༔ ཡེ་ཤེས་མེ་དཔུང་འབར་བས་དཀྲིགས༔ དེ་དབུས་ཨེ་ཡཾ་རཾ་བཾ་ལཾ༔ སུཾ་ལས་ནམ་མཁའ་རླུང་མེ་ཆུ༔ ས་དཀྱིལ་རི་རབ་སྟེང་དུ་བྷྲཱུྃ༔ ཡོངས་གྱུར་ཀུན་བཟང་གཞལ་མེད་ཁང༔ ཕྱི་ནང་མཚན་ཉིད་ཡོངས་རྫོགས་དབུས༔ སེང་ཁྲི་པདྨ་ཟླ་བའི་སྟེང༔ རིག་པ་ཧཱུྃ་ལས་རྡོ་རྗེར་གྱུར༔ སྤྲོ་བསྡུས་བདག་ཉིད་བཅོམ་ལྡན་འདས༔ རྡོ་རྗེ་སེམས་དཔའ་ཟླ་བའི་མདོག༔ ཞི་ཚུལ་མཚན་དང་དཔེ་བྱད་འབར༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པ་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ པང་དུ་སྙེམས་མ་གྲི་གུག་དང༔ ཐོད་པ་འཛིན་པས་མགུལ་ནས་འཁྱུད༔ དར་དཔྱངས་རིན་ཆེན་ཅོད་པན་སོགས༔ རྒྱན་ཆས་བཅུ་གསུམ་དག་དང་ལྡན༔ མཐའ་ཡས་འོད་ཟེར་སྤྲོ་བ་འོ༔ དེ་ལྟར་ཡོངས་སུ་གསལ་བར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་པར་བསམ་མོ། །གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་སོགས་ནི། སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམས་ལ། ཨོཾ༔ ཕྱོགས་བཅུ་ཀུན་ན་ལེགས་བཞུགས་པའི༔ བཅོམ་ལྡན་རྒྱལ་བ་སྲས་བཅས་ཀུན༔ ཐུགས་རྗེ་ཆེན་པོས་དགོངས་མཛོད་ལ༔ སྨོན་ལམ་དབང་གིས་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ༔ས་དགུག་གཞུག་བཅིང་པ་དང་དགྱེས་པ་བསྐྱེད་ནས་དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར། དེ་ནས་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་བུམ་པའི་བདུད་རྩིས་ཁྲུས་བྱས་ཤིང་དབང་བསྐུར་བར་བསམས་ལ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཊུཾ་བཛྲ་ཏུཥྱ་ཧོ༔ ཞེས་དབང་བསྐུར་བས་དྲི་མ་ཐམས་ཅད་སྦྱངས། ཕུང་པོ་ལྔ་གནས་གྱུར། ཆུའི་ལྷག་མ་གྱེན་དུ་ལུད་པ་ལས་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་ཡེ་ཤེས་ལྔ་མངོན་དུ་གྱུར་པའི་ང་རྒྱལ་བྱའོ། །གསུམ་པ་ལ་མཆོད་བསྟོད་བཟླས་པའི་རྣལ་འབྱོར་དང་གསུམ་ལས། དང་པོ་ལ་ཐུན་མོང་དང་ཁྱད་པར་གྱི་མཆོད་པ་གཉིས་ལས་དང་པོ་ནི། ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་མངོན་པར་མཆོད་པར་མོས་ལ། ཨོཾ༔ དཔག་མེད་ནམ་མཁའི་ཁམས་ཉིད་ལས༔ མཆོད་སྤྲིན་བསམ་ཡས་ལྷུན་གྲུབ་པ༔ མེ་ཏོག་བདུག་པ་མར་མེ་དང༔ དྲི་མཆོག་ཞལ་ཟས་རོལ་མོ་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའི་ཁྱོན་བཀང་སྟེ༔ གུས་པའི་བློ་ཡིས་དབུལ་བར་བགྱི༔ ཨོཾ་པ་ན་པེ་ནུ་སུ་ར་ཏ་ཏི་པུ་སརྦ་ཏ་ཐཱ་ག་ཏ་ས་མ་ཡོ་གི་སིདྡྷི་ཧཱུྃ༔ ཞེས་མཆོད་པ་སྤྲུལ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿ དེ་བཞིན་དུ་ཤབྡའི་བར་དང་། མ་ཧཱ་པཱུ་ཛ་པྲ་ཏཱིཙྪ་ཧོ༔ ཞེས་པས་མཆོད། གཉིས་པ་ཁྱད་པར་གྱི་མཆོད་པ་ལས་སྦྱོར་མཆོད་ནི། མཚན་ལྡན་བདེ་བའི་རྒྱན་ལྡན་པའི༔ མི་མོ་རྣམས་ཀྱི་རེག་བྱའི་མཆོག༔ བྱིན་གྱིས་རློབས་ཤིག་རྣལ་འབྱོར་ཚོགས༔ གསང་མཆོག་བདེ་བའི་གནས་ལ་རོལ༔ མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཨ་ལ་ལ་ཧོ༔ སྨན་དང་རཀྟའི་མཆོད་པ་ནི། གཙང་དམེའི་དྲི་རྟོག་ཀུན་བྲལ་བའི༔ རཱ་ས་ཡཱ་ན་སྨན་ཆེན་པོ༔ ཉོན་མོངས་ཆགས་པའི་རཀྟར་བཅས༔ མཉམ་པ་ཆེན་པོར་བཞེས་སུ་གསོལ༔ སརྦ་པཉྩ་ཨ་མྲྀཏ་ཨ་ལ་ལ་ཧོ༔ གཏོར་མའི་མཆོད་པ་ནི། ཤ་ལྔ་བདུད་རྩིའི་སྙིང་པོ་ཅན༔ བཟའ་བཅའ་བཏུང་བའི་ཚོགས་ལྡན་པའི༔ དམ་རྫས་མཆོག་གི་གཏོར་མ་འདི༔ གཉིས་སུ་མེད་པར་བཞེས་སུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཞེས་རྒྱ་ཆེར་མཆོད། གཉིས་པ་བསྟོད་པ་ནི། ཨོཾ༔ བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ བདེ་ཆེན་ཡེ་ཤེས་ལྔ་ཡི་བདག༔ དཀྱིལ་འཁོར་ཀུན་གྱི་བྱེད་པོ་མཆོག༔ དེ་ལ་བདག་ནི་ཕྱག་འཚལ་ལོ༔ དྲི་མེད་སྟོན་ཀའི་ཟླ་བའི་མདོག༔ རྡོ་རྗེ་དང་ནི་དྲིལ་བུ་འཛིན༔ བདེ་ཆེན་སྙེམས་མར་མཉམ་སྦྱོར་བའི༔ སེམས་དཔའ་རྡོ་རྗེ་ཁྱོད་ལ་བསྟོད༔ གང་གི་མཚན་ཙམ་འཛིན་པས་ཀྱང༔ ན་ར་ཀ་སོགས་ངན་སོང་གི༔ སྡུག་བསྔལ་ཐམས་ཅད་སྐྱོབ་མཛད་པ༔ མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་པ་བྱ། གཞུང་རྩ་བར་དབང་བསྐུར་གྱི་རྗེས་ཉིད་དུ་བཟླས་པའི་རྣལ་འབྱོར་བྱེད་པར་གསུངས་པས་མཆོད་བསྟོད་མ་བྱས་ཀྱང་ཆད་པར་མི་འགྱུར་རོ། །གསུམ་པ་བཟླས་པའི་རྣལ་འབྱོར་ནི། བདག་གི་སྙིང་གར་འོད་ལྔའི་ཀློང༔ ཟླ་སྟེང་རང་འདྲའི་ཡེ་ཤེས་པའི༔ ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ༔ དཀར་གསལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུས༔ སེམས་ཅན་སྒྲིབ་སྦྱངས་བདེ་ཆེན་བཀོད༔ ཚུར་འདུས་སྔགས་ཕྲེང་ཉིད་ལ་ཞུགས༔ ཞེས་པས་ཏིང་ངེ་འཛིན་གྱི་རྣམ་པ་གསལ་བ་དང་ང་རྒྱལ་བརྟན་པ་དག་པ་དྲན་པ་རྣམས་ལ་སེམས་རྩེ་གཅིག་པས། ཨོཾ་བཛྲ་སཏྭ་ཨཱ༔ ཞེས་པ་ཅི་ནུས་སུ་བཟླས་པའི་རྗེས་སུ་སླར་ཡང་། ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ་སུ་ཏོ་ཥྱོ་མེ་བྷ་ཝ་སུ་པོ་ཥྱོ་མེ་བྷ་ཝ་ཨ་ནུ་རཀྟོ་མེ་བྷ་ཝ་སརྦ་སིདྡྷི་མྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ་ཕཊ༔ ཅེས་པའི་བཟླས་པ་གོང་གི་དྲུག་ཆ་ཙམ་དུ་བཟླའོ། །སྤྱིར་བསྙེན་ཚད་ནི་གྲངས་བསྙེན་གྱི་དབང་དུ་བྱས་ན་ཡི་གེ་དྲུག་པ་འབུམ་ཚོ་དྲུག་དང་ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག་ཁ་སྐོང་དང་བཅས་པ་བཟླ་ཞིང་། བཟླས་པའི་ཐུན་ཐམས་ཅད་ཀྱི་མཐར། ཨོཾ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔ བདག་ལ་རྗེས་སུ་ཆགས་པར་མཛོད༔ སྐྱེ་རྒ་ན་དང་འཆི་བ་སོགས༔ འཇིགས་རུང་སྲིད་པའི་སྡུག་བསྔལ་ལས༔ མགོན་པོ་ཁྱོད་ཀྱིས་བདག་སྐྱོབས་ཤིག༔ སྡིག་པ་ཀུན་ལས་རྣམ་གྲོལ་ཞིང༔ ཡང་དག་ཡེ་ཤེས་སེམས་དཔའ་ཆེའི༔ སྐུ་གསུང་ཐུགས་སུ་བདག་སྒྲུབས་ཤིག༔ ས་མ་ཡ་སིདྡྷི་ཨ་ལ་ལ་ཧོ༔ ཞེས་གསོལ་བ་གདབ་བོ། །བཞི་པ་ཉེར་བསྡུའི་རྣལ་འབྱོར་ནི། ཉལ་བའམ་ཐུན་བསྡུ་བ་ན། རང་གི་སྙིང་གའི་འོད་ཀྱིས་ཕོག་པས་དཀྱིལ་འཁོར་གྱི་འཁོར་ལོ་འོད་དུ་ཞུ་ནས་བདག་ཉིད་དམ་ཚིག་སེམས་དཔའ་ལ་ཐིམ༔ དེ་ཡེ་ཤེས་སེམས་དཔའ་ལ་ཐིམ༔ དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ༔ དེ་ཡང་ཧཱུྃ་ལ་ཐིམ༔ ཧཱུྃ་ནཱ་དའི་བར་དུ་རིམ་གྱིས་ཐིམ་ནས་མི་དམིགས་པ་ལས་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལ་མཉམ་པར་བཞག །ཉལ་བ་ལས་ལྡང་བའམ་སྤྱོད་ལམ་ལ་འཇུག་ན་སླར་ཡང་རྡོ་རྗེ་སེམས་དཔའི་སྐུར་ལངས་ལ་མཐར་དགེ་བ་བསྔོའོ། །གཉིས་པ་ཚོགས་གསག་སྒྲུབ་པའི་རྣལ་འབྱོར་ལ་གསུམ་ལས། དང་པོ་ཚོགས་ཞིང་སྒྲུབ་པ་ནི། སྔར་གྱི་ཉེར་བསྡུའི་མཐའི་ཏིང་ངེ་འཛིན་གྱི་ངོ་བོ་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དེ་བཞིན་ཉིད་ཀྱི་དབྱིངས་འགྱུར་བ་མེད་པའི་ངང་ལས། དེ་ལྟར་མ་རྟོགས་པའི་འགྲོ་བ་དྲུག་གི་ཡུལ་ལ་བརྩེ་བའི་སྙིང་རྗེ་ཆེན་པོ་ཀུན་ཏུ་ཁྱབ་པར་སྣང་བས་བྱང་ཆུབ་ལ་འགོད་པར་བྱའོ་སྙམ་པ་དང་། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་རང་མདངས་སེམས་ཉིད་ཧཱུྃ་དཀར་པོའི་རྣམ་པ་ཅན་དུ་གསལ་བར་བསྒོམས་ལ་དེའི་དོན་གསལ་འདེབས་པ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ འཁོར་འདས་ཆོས་ཀུན་གདོད་མ་ནས༔ མ་སྐྱེས་སྟོང་པའི་ངང་ཉིད་ལས༔ འགག་མེད་སྙིང་རྗེའི་རོལ་པ་ནི༔ ནམ་མཁའ་ལས་ནི་འཇའ་ཚོན་བཞིན༔ དངོས་མེད་དངོས་པོའི་ཡེ་ཤེས་སྤྲིན༔ མི་འགྱུར་ཧཱུྃ་གི་ངོ་བོར་ཤར༔ དྭངས་མའི་ཧཱུྃ་ལས་འོད་ཟེར་འཕྲོས། རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བས་ཕྱོགས་ཀུན་དཀྲིགས་པར་གྱུར། དེའི་དབུས་སུ་གནས་པའི་རྒྱུའི་ཧཱུྃ་ཡིག་ལས་ཨེ་ཡཾ་རཾ་བཾ་ལཾ་སུཾ་རྣམས་སྤྲོས་པ་ལས། ཨེ་ལས་ནམ་མཁའི་དཀྱིལ་འཁོར་ཆོས་ཀྱི་འབྱུང་གནས་འབྱམས་ཀླས་པའི་དབྱིངས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་རྒྱ་གྲམ། རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྣམས་བརྩེགས་མར་གནས་པའི་དབུས་སུ། སུཾ་ལས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ་ཀྱི་རྩེར་པདྨ་དང་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་བྷྲཱུྃ་ཡིག་ཡོངས་སུ་གྱུར་པ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ནང་ནས་རིམ་པ་བཞིན་དཀར་མཐིང་སེར་དམར་ལྗང་བའི་རྩིག་པ་རིམ་པ་ལྔས་བསྐོར་བའི་སྟེང་དུ་ཕ་གུ་དང་དྲྭ་བ་དྲྭ་ཕྱེད་ཤར་བུ་མདའ་ཡབ་དང་བཅས་པ། རྩིག་པའི་རྩ་བར་འདོད་ཡོན་གྱི་སྣམ་བུ་ལ་གཟུངས་མ་རྣམས་འཁོད་པས་མཆོད་པའི་སྤྲིན་སྤྲོ་བ། ནང་ཀ་བ་བརྒྱད་ཀྱིས་བཏེག་ཅིང་རྡོ་རྗེའི་གདུང་གིས་ཕུབ་པའི་ཡ་ཕུབས་ཕྱུར་བུའི་རྩེར་རྡོ་རྗེའི་ཏོག་གིས་སྤྲས་པ། སྒོ་བཞིར་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་སྣམ་བུ་བརྒྱད་པ་ཆོས་འཁོར་རི་དྭགས་གདུགས་དང་བཅས་པ། ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཕྱོགས་ཀྱི་དེ་བཞིན་གཤེགས་པ་བཞིའི་ཁ་དོག་ཅན་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། ཕྱི་རོལ་ནས་པདྨའི་ཕྲེང་བ་དང་རྡོ་རྗེའི་ར་བ་མེ་དཔུང་འབར་བའི་འཁོར་ཡུག་གིས་བསྐོར་བ། དེའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཟེའུ་འབྲུའི་ཕྲེང་བས་བསྐོར་བའི་ལྟེ་བ་དང་བཅས་པའི་དབུས་སུ་སེང་གེ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ་བྱུང་བའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་རང་གི་སེམས་ཉིད་ཧཱུྃ་དུ་གནས་པ་བཞུགས་པར་གྱུར། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བར་ཧཱུྃ་གིས་མཚན་པ་ཡེ་ཤེས་ལྔའི་འོད་ཟེར་འབར་བར་གྱུར། སྥ་ར་ཎ་ཕཊ། དེ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་རྡོ་རྗེ་གསུམ་གྱི་གོ་འཕང་ལ་བཀོད། སཾ་ཧ་ར་ཎ་ཧཱུྃ། སླར་འདུས་ཏེ་ཐིམ་པ་འོད་ཟེར་གྱི་གོང་བུར་གྱུར། ཨོཾ་བཛྲ་སཏྭ་ཨཱ༔ དེ་ཡོངས་སུ་གྱུར་པ་ལས་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གངས་ཀྱི་རི་བོ་ལ་ཉི་མ་ཤར་བ་ལྟ་བུའི་གཟི་བརྗིད་འབར་བ། སྒེག་ཅིང་འཛུམ་ལ་རབ་ཏུ་རྒྱས་པའི་ཞལ་ཅན། མཚན་དང་དཔེ་བྱད་ཀྱིས་མཛེས་པ། ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གསོར་ཞིང་གཡོན་དྲིལ་བུ་དཀུར་བརྟེན་པའི་ཚུལ་གྱིས་ཤེས་རབ་མ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་མགུལ་ནས་འཁྱུད་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། གསལ་འཚེར་ལྷུན་སྟུག་གཟི་བྱིན་འབར་བ་སྟེ་ཞི་བའི་ཉམས་དགུས་རྒྱས་པ། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས་དང་ཚི་གུའི་སྨད་དཀྲིས་ཅོད་པན་ཟི་ལྡིར་གར་གྱི་ཕུ་རུང་སྟེ་དར་གྱི་ཆས་གོས་ལྔ་དང་། རིན་པོ་ཆེའི་དབུ་རྒྱན་སྙན་ཆ་མགུལ་རྒྱན་སེ་མོ་དོ་ཕྱག་གདུབ་ཞབས་གདུབ་སྐ་རགས་དོ་ཤལ་ཏེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་མཛེས་པར་སྤྲས་པ། འོད་ཟེར་མཐའ་ཡས་མུ་མེད་པར་སྤྲོ་ཞིང་། བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པ། དག་པ་ཆོས་ཀྱི་སྐུ་ལས་རྣམ་རོལ་གཟུགས་སྐུའི་སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ལྷའི་འཁོར་ལོ་གྲངས་མེད་པར་འཆར་ཞིང་། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡེ་ཤེས་ཀྱི་རོལ་པ་རིས་མེད་པའི་སེམས་ཅན་གྱི་བསམ་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་རྐྱེན་ཇི་ལྟ་བར་འཆར་བའི་བདག་ཉིད་ཅན་དུ་གསལ་བར་བསམ་མོ། །དེ་ལྟར་ཡོངས་སུ་གསལ་བར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་པར་བསམ་མོ། །གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་སོགས་ནི། སྙིང་གའི་ས་བོན་ལས་འོད་ཟེར་སྤྲོ་བ་ནས་བཟུང་དབང་གི་རིགས་བདག་གིས་དབུ་བརྒྱན་པའི་བར་བདག་བསྐྱེད་ཀྱི་སྐབས་བཞིན་བྱའོ། །གསུམ་པ་ཚོགས་གསག་པའི་རྣལ་འབྱོར་དངོས་ལ་བདུན་ལས། དང་པོ་ཕྱག་འཚལ་བ་ནི། ཚོགས་རྟེན་གྱི་ཐུགས་ཀ་ནས་རང་ཉིད་ལོགས་སུ་ཕྱེ་བས་ཕྱག་སོགས་ལས་རིམ་ལ་འཇུག་པར་མོས་ལ་རང་ལུས་གྲངས་མེད་པར་སྤྲུལ་པས་ཕྱག་འཚལ་བར་བསམ་ཞིང་། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཀུན་གྱིས་བསྒྲུབས་པ་ཡི། །ཚོགས་གཉིས་རྫོགས་ཤིང་ཡོན་ཏན་མཐར་ཕྱིན་པའི། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་པས་ཕྱག་བྱ། གཉིས་པ་མཆོད་པ་ལ། ཕྱི་ནང་གསང་བ་དེ་ཁོ་ན་དང་བཞི་ལས། དང་པོ་ཕྱི་མཆོད་ཀྱི་ཐོག་མར་མཆོད་སྤྲིན་སྤྱིར་སྤྲོ་བ་ནི། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ཨོཾ་པ་ན་པེ་ནུ་སུ་ར་ཏ་ཏི་པུ་སརྦ་ཏ་ཐཱ་ག་ཏ་ས་མ་ཡོ་གི་སིདྡྷི་ཧཱུྃ། མ་ཧཱ་པཱུ་ཛ་པྲ་ཏཱིཙྪ་ཧོཿ ཆུ་གཉིས་དང་ཉེར་སྤྱོད་རོལ་མོ་འབུལ་བ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །མཆོད་ཡོན་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་སཏྭ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན་དུ། མཆོད་ཡོན་གྱི་གནས་སུ། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དང་། ཨརྒྷཾ་གྱི་གནས་སུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བི་དྱ། ཤབྡ་རྣམས་བཅུག་ལ་མཆོད། དེ་ནས་རིན་ཆེན་བདུན་ནི། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་སཔྟ་མ་ཧཱ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། འདོད་ཡོན་ལྔ་ནི། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །མོས་བློས་བླ་མ་སྲས་བཅས་ལ་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་པཉྩ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། བཀྲ་ཤིས་རྫས་བརྒྱད་འབུལ་བ་ནི། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་དབང་ཀུན་དངོས་རྡོ་རྗེ་སེམས་དཔའ་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། །ཨོཾ་ཨཥྚ་མངྒ་ལ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ན་བཟའ་འབུལ་བ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱོང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝསཏྲ་པྲ་ཏཱིཙྪ་སྭཱ་ཧཱ། རྒྱན་འབུལ་བ། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཀྱང་། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་མཆོག་ཐོབ་པར་ཤོག །ཨོཾ་རཏྣ་ཨ་ལངྐཱ་ར་པྲ་ཏཱིཙྪ་སྭཱ་ཧཱ། ཡིད་བྱུང་གི་མཆོད་པ་འབུལ་བ། ཨོཾ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་དང་། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲེས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོར་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང་། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱིས། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ། །ཞེས་འབུལ། གཉིས་པ་ནང་མཆོད་ལ་གསུམ་ལས། དང་པོ་ནི། གཙང་དམེའི་དྲི་རྟོག་ཀུན་བྲལ་བའི༔ ར་སཱ་ཡ་ན་སྨན་ཆེན་པོ༔ ཉོན་མོངས་ཆགས་པའི་རཀྟར་བཅས༔ མཉམ་པ་ཆེན་པོར་བཞེས་སུ་གསོལ༔ སརྦ་པཉྩ་ཨ་མྲྀཏ་ཨ་ལ་ལ་ཧོ༔ ཞེས་དང་། གཉིས་པ་ནི། ཨོཾ་མཆོད་དོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཆོས་སྐུ་ཀུན་ཏུ་བཟང་པོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ལོངས་སྐུ་རྡོ་རྗེ་སེམས་དཔའི་ཞལ་དུ༴ སྤྲུལ་སྐུ་དགའ་རབ་རྡོ་རྗེའི་ཞལ་དུ༴ སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ཞལ་དུ༴ རིག་འཛིན་ཤྲཱི་སིཾ་ཧའི་ཞལ་དུ༴ སློབ་དཔོན་རྡོ་རྗེ་ཧཱུྃ་མཛད་ཞལ་དུ༴ པཎ་ཆེན་དྲི་མེད་བཤེས་གཉེན་ཞལ་དུ༴ ཨོ་རྒྱན་པདྨ་འབྱུང་གནས་ཞལ་དུ༴ ལོ་ཆེན་བཻ་རོ་ཙ་ནའི་ཞལ་དུ༴ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་ཞལ་དུ༴ མངའ་བདག་ཁྲི་སྲོང་ལྡེའུ་བཙན་ཞལ་དུ༴ རིག་འཛིན་འགྱུར་མེད་རྡོ་རྗེའི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་མཆོག་གི་ངོ་བོར་རྣམ་པར་དག་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་དང་། བཛྲ་ཨ་མྲྀཏ་སྭ་དཾ་ཀུ་རུ་ཥྭ་མེ། ཞེས་ལྕེ་ཐོག་ཏུ་མྱང་། གསུམ་པ་གཏོར་མ་འབུལ་བ་ནི། ཤ་ལྔ་བདུད་རྩིའི་སྙིང་པོ་ཅན༔ བཟའ་བཅའ་བཏུང་བའི་ཚོགས་ལྡན་པའི༔ དམ་རྫས་མཆོག་གི་གཏོར་མ་འདི༔ གཉིས་སུ་མེད་པར་བཞེས་སུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཞེས་འབུལ། གསུམ་པ་གསང་མཆོད་ནི། ཕྱག་རྒྱ་དང་སྙོམས་འཇུག་གི་བདེ་བས་དགྱེས་དགུར་རོལ་པར་མོས་ལ། མཚན་ལྡན་བདེ་བའི་རྒྱན་ལྡན་པའི། །མི་མོ་རྣམས་ཀྱི་རེག་བྱའི་མཆོག །བྱིན་གྱིས་རློབས་ཤིག་རྣལ་འབྱོར་ཚོགས །གསང་མཆོག་བདེ་བའི་གནས་ལ་རོལ། །མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཨ་ལ་ལ་ཧོཿ ཞེས་མཆོད། བཞི་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། གདོད་ནས་རང་རིག་ལྷ་རུ་དག །མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུན། །མི་དམིགས་སྤྲོས་བྲལ་ཕྱག་རྒྱ་ཆེ། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །ཅེས་བླ་ན་མེད་པའི་མཆོད་པའོ། །གསུམ་པ་བསྟོད་པ་ནི། ཨོཾ༔ བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ བདེ་ཆེན་ཡེ་ཤེས་ལྔ་ཡི་བདག༔ དཀྱིལ་འཁོར་ཀུན་གྱི་བྱེད་པོ་མཆོག༔ དེ་ལ་བདག་ནི་ཕྱག་འཚལ་ལོ༔ དྲི་མེད་སྟོན་ཀའི་ཟླ་བའི་མདོག༔ རྡོ་རྗེ་དང་ནི་དྲིལ་བུ་འཛིན༔ བདེ་ཆེན་སྙེམས་མར་མཉམ་སྦྱོར་བའི༔ སེམས་དཔའ་རྡོ་རྗེ་ཁྱོད་ལ་བསྟོད༔ གང་གི་མཚན་ཙམ་འཛིན་པས་ཀྱང༔ ན་ར་ཀ་སོགས་ངན་སོང་གི༔ སྡུག་བསྔལ་ཐམས་ཅད་སྐྱོབ་མཛད་པ༔ མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱ་ཆེན་ཏེ། །ལན་གཅིག་ཙམ་ཞིག་བརྗོད་པས་ཀྱང་། །གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་ཡོན་ཏན་ཁྱད་པར་ཅན་རྗེས་སུ་དྲན་པའི་སྒོ་ནས་མངོན་པར་བསྟོད་དོ། །བཞི་པ་ཛབ་བཟླ་བ་ནི། བདག་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་བྱེ་བའི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་བྱུང་བའི་འོད་ཟེར་གྱིས་མདུན་གྱི་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དང་བཅས་པའི་ཐུགས་རྒྱུད་བསྐུལ། སྥ་ར་ཎ་ཕཊ། མདུན་བསྐྱེད་ཀྱི་དྭངས་མའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ནམ་མཁའ་གང་བར་འཕྲོས། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་དམ་བསྐུལ། སཾ་ཧ་ར་ཎ་ཧཱུྃ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བསྡུས། དཀྱིལ་འཁོར་གྱི་ལྷ་ལ་ཐིམ། གཟི་བྱིན་མཆོག་ཏུ་འབར་བའི་འོད་ཟེར་ཕྱོགས་བཅུར་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ལ་ཕོག་པས་རྟོག་སྒྲིབ་ཉམས་ཆག་ཐམས་ཅད་དག །དངོས་གྲུབ་ཐམས་ཅད་ཐོབ། རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་དང་རོ་གཅིག་ཏུ་གྱུར་པར་བསམས་ལ་ཡི་གེ་དྲུག་པ་དང་། ཡི་གེ་བརྒྱ་པ་སྔར་བཞིན་ཅི་ནུས་བཟླས་པའི་མཐར། ཨོཾ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔ ཞེས་སོགས་ཀྱིས་གསོལ་བ་བཏབ། སྐབས་འདིར་ལས་སྦྱོར་གྱི་བཟླས་པ་བྱ་བར་སྤྲོ་ན། དཀྱིལ་འཁོར་གྱི་ལྷའི་ཞལ་ནས་སྔགས་ཀྱི་སྒྲ་དང་ཐུགས་རྗེའི་འོད་ཟེར་འཕྲོས་པས། ཁམས་གསུམ་ཐམས་ཅད་སྣང་བར་བྱས། ངན་སོང་རྣམས་སྦྱངས། དམིགས་ཡུལ་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་བསྒྲལ་བར་བསམས་ལ། ཡི་གེ་བརྒྱ་པའི་ཤམ་བུར། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཅེས་བཏགས་པ་བཟླས་ལ་བྱེ་ཡུངས་ལའང་ཕུས་གདབ། ལས་སྦྱོར་བཟླས་པ་ཡོད་མེད་གང་ལྟར་ཡང་མཐར། གཙོ་བོ་རྡོ་རྗེ་སེམས་དཔའི་ཞལ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་ཡི་གེ་བརྒྱ་པ་ཞེས་བྱ་བ་ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་སྦྱོང་བར་བྱེད་པ་འདི་བཟླས་པས་རྣལ་འབྱོར་པ་རྟོག་སྒྲིབ་ཅན། ཉམས་ཆག་ཅན། གསོག་འཇོག་ཅན། བག་ཆགས་ངན་པ་ཅན་ཁྱེད་རྣམས་ཀྱི་ཉམས་ཆག་ཐམས་ཅད་བསྐངས་ཏེ་ངན་སོང་དུ་ལྟུང་བའི་ལས་ཀྱི་སྒྲིབ་པ་ལས་ཐར་བར་འགྱུར་རོ། །ཚེ་འདི་ལ་ཡང་སངས་རྒྱས་ཐམས་ཅད་ཀྱིས་སྲས་ཀྱི་དམ་པར་དགོངས་ནས་བསྲུང་ཞིང་སྐྱོབ་པར་མཛད་ལ། ཤི་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་ཐུ་བོར་འགྱུར་བར་གདོན་མི་ཟའོ། །ཞེས་གནང་བ་བྱིན་པར་བསམ་མོ། །དབང་བསྐུར་གནས་ལུང་སོགས་དང་སྦྲེལ་ན་བུམ་པའི་ཛཔ྄་བྱ་སྟེ། སྐྱེད་ཆོག་ནི་མདུན་བསྐྱེད་དང་དབྱེར་མེད་ཡིན་པས་ཟུར་དུ་མི་དགོས་ལ། བཟླས་པ་ནི། བུམ་པའི་གཟུངས་ཐག་ནས་བཟུང་སྟེ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་། གཟུངས་ཐག་ལ་འཁྲིལ་ཏེ་བུམ་པའི་ནང་དུ་སོང་། ལྷ་ཡབ་ཡུམ་གྱི་ཐུགས་རྒྱུད་བསྐུལ་འོད་ཟེར་སྤྲོ་བསྡུས་དོན་གཉིས་མཛད་སྐུའི་ཆ་ཐམས་ཅད་ནས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ་ཡིག་བརྒྱ་ཅི་ནུས་བཟླ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་ལྷ་འོད་དུ་ཞུ་བའི་བུམ་ཆུ་བདུད་རྩིར་བསམ་མོ། །ལྔ་པ་སྡིག་པ་བཤགས་པ་སོགས་ཡན་ལག་ལྷག་མ་རྣམས་ནི། ཧཱུྃ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་། །ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་པ། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པའི་ལྷ། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་རབ་འབྱམས་ཀུན། །འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པ། །གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག །སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །འབྱུང་དང་འབྱུང་གྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །གསང་ཆེན་རབ་དགྱེས་གཟུགས་ཅན་བདག་ཉིད་མ། །མཁའ་དབྱིངས་ཀློང་ཡངས་པདྨོ་འཁྱིལ་པ་ལ། །གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང་། །མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ། །ཅིར་ཡང་སྣང་བ་བདེ་ཆེན་གཡུ་དྲུང་ལྷ། །འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་འདིར། །བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག །རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ། །གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི། །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་དང་། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མ། །ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །ཧཱུྃ། ཐུགས་རྗེ་གདུང་འཚོབ་རིག་འཛིན་བདག་ཅག་གིས། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ། །བླ་མེད་གོ་འཕང་བགྲོད་པར་བྱ་བའི་ཕྱིར། །བསྟན་པ་རྒྱ་མཚོ་སོ་སོའི་འདུལ་ཁྲིམས་དང་། །སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག །རྡོ་རྗེ་འདའ་དཀའ་དམ་ཚིག་གཏན་གྱི་གཉེར། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །སྔ་ཕྱིར་ནོས་ཤིང་གཉེར་དུ་སྨྲས་སོ་འཚལ། །ཡུན་དུ་མི་གཏོང་འདའ་བར་མི་བགྱིད་ཅིང་། །དོན་ལས་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང་། །གདོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས། །ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང་། །ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ། །སྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས། །ཚོར་དང་མ་ཚོར་མ་རིག་དབང་གིས་ན། །སྟོན་པའི་བཀའ་དང་དམ་ལས་འགལ་གྱུར་ཏེ། །རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་། །སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས། །བཀའ་ལས་བྱུང་ཞིང་དེ་ལྟར་མ་ལྕོགས་ཏེ། །གསང་སྒོ་འཆོལ་བས་དབྱེ་བསལ་དཀའ་བ་དང་། །མངོན་ཤེས་མེད་པས་སྐྱོན་ཅན་མ་རྟོགས་ཏེ། །ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་བ་དང་། །ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང་། །ཉམས་ལ་མ་འཛེམས་ཉམས་པའི་སྐྱོན་ལ་སོགས། །ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གི །ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ། །ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་རྣམས། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །བྱམས་པའི་ཐུགས་བརྩེས་བདག་ལ་དགོངས་ནས་ཀྱང་། །གཉིས་མེད་དབྱིངས་སུ་མི་འགྱུར་བདག་བཀོད་དེ། །དམིགས་མེད་བཏང་སྙོམས་ངང་ལ་བཞུགས་ནས་ཀྱང་། །གཉིས་མེད་དོན་གྱི་ཚངས་པ་བསྩལ་དུ་གསོལ། །དོན་དམ་དམིགས་མེད་སྤྲོས་ལས་འདས་པས་ན། །རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཞིང་། །ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ན། །ནོངས་པ་མཆིས་ན་རབ་གནོང་བཟོད་པར་གསོལ། །ཞེས་པས་སྡིག་སྒྲིབ་ཐམས་ཅད་ཡེ་ནས་རང་བཞིན་མེད་པའི་དབྱིངས་སུ་དག་པར་བསམ། གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ། །མ་ལུས་ཀུན་རྟོག་གིས་བསགས་རྙོག་པ་རྣམས། །ཐུགས་རྗེ་ཆེ་ལྡན་སྤྱན་སྔར་དེ་དག་ནི། །ཆོ་ག་བཞིན་དུ་ཐམས་ཅད་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་གཞན་གྱིས་དགེ་བ་གང་མཛད་པ། །མ་ལུས་འགྲོ་བའི་བསོད་ནམས་རྒྱ་མཚོའི་ཚོགས། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ་། །མོས་དང་བསམ་པ་ཇི་བཞིན་ཟབ་པ་དང་། །རྒྱ་ཆེའི་ཆོས་འཁོར་ཆད་པ་མེད་པར་བསྐུལ། །སྤྲུལ་པ་འགྲོ་ལ་སྨན་སླད་རྟག་བཞུགས་གསོལ། །བསོད་ནམས་བླ་མེད་བྱང་ཆུབ་ཕྱིར་བསྔོ་འོ། །དྲུག་པ་དམ་བཅའ་བ་ནི། རྒྱས་པར་ན། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་སྙིང་གར་བཅིངས་ཏེ་ལྷག་པའི་བསམ་པ་བརྟན་པོས། ཨོཾ། རྣལ་འབྱོར་དབང་པོ་ཡེ་ཤེས་མཐར་ཕྱིན་པ། །འགྲོ་ལ་ཕན་མཛད་ཐུགས་རྗེས་དབང་སྒྱུར་ཞིང་། །སྲིད་པ་གསུམ་གྱི་གཉེན་གྱུར་གཅིག་པུ་པ། །ལྷ་ཡི་ལྷ་ཁྱོད་བདག་ལ་དགོངས་སུ་གསོལ། །བདེ་བར་གཤེགས་པའི་སྤྲུལ་པ་རྒྱ་མཚོ་དང་། །རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས་ཆེན་པོ། །ལྷ་དང་ལྷ་མིན་སྔགས་འཆང་དམ་ཚིག་ཅན། །ཀུན་ནས་འདུས་པ་རྣམས་ཀྱང་དགོངས་སུ་གསོལ། །བདག་ནི་རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང་། །འདོད་པའི་ཡོན་ཏན་སྒྲུབ་པ་མ་ལགས་ཏེ། །འགྲོ་ལ་སྙིང་བརྩེ་ཁོ་ནས་དོན་བརྩོན་པ། །འདི་ལ་ཀུན་མཁྱེན་ཁྱོད་ནི་དཔང་དུ་གསོལ། །མགོན་པོ་ཡེ་ཤེས་སྒྲིབ་པ་མི་མངའ་བས། །བདག་གི་ལྷག་པའི་བསམ་པ་ཁྱེད་ཀྱིས་མཁྱེན། །འཕགས་མཆོག་སྤྱན་སྔར་ཇི་ལྟར་དམ་བཅས་པ། །སུན་པར་མི་བགྱི་མགོན་ཁྱོད་བསླུ་མ་ལགས། །སྙིང་ནས་བདག་ནི་ཁེ་དང་གྲགས་ལ་སོགས། །གཡོ་དང་ཟང་ཟིང་སེམས་ནི་གཏན་སྤངས་ནས། །གཞན་དོན་སྒྲུབ་པ་གཅིག་པུའི་སེམས་བཞག་སྟེ། །རྣལ་འབྱོར་སྤྱོད་པ་ཆེན་པོ་བདག་གིས་སྤྱོད། །ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་དེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་བཟུང་བར་བགྱི། །སྲོག་ཆགས་ཐམས་ཅད་གལ་ཏེ་བདུད་གྱུར་ནས། །དུམ་བུ་སྟོང་དུ་བདག་གི་ལུས་གཏུབས་ཀྱང་། །བྱང་ཆུབ་སེམས་མཆོག་ཤེས་རབ་སྙིང་རྗེ་དང་། །ཡི་དམ་རྒྱལ་བ་ཁྱེད་ནི་ཡོངས་མི་སྤང་། །རྡོ་རྗེའི་དམ་ཚིག་ཆེན་པོ་རྣམས་དང་ནི། །རྡོ་རྗེ་སློབ་དཔོན་རྡོ་རྗེ་མཆེད་ལྕམ་དང་། །གཞན་ཡང་ཐེག་པ་མཆོག་ལ་ཞུགས་པ་རྣམས། །སྲོག་གི་ཕྱིར་ཡང་མི་གཏོང་ཅི་ནུས་བསྲུང་། །འཁོར་བ་བདག་མེད་སྒྱུ་མའི་རང་བཞིན་ལ། །བདག་ནི་འཇིགས་པ་ཅི་ཡང་མ་མཆིས་ཏེ། །མ་རིག་སྐྱེ་བོ་རྣམས་ཀྱི་དོན་སླད་དུ། །ཕྱི་མཐར་ཐུག་གི་བར་དུ་གནས་པར་སྤྲོ། །གཞན་དོན་འཁོར་བ་རྣམས་སུ་སྤྱོད་པ་ན། །བྱང་ཆུབ་སྤྱོད་པ་རླབས་ཆེན་བདག་གིས་སྤྱད། །འགྲོ་དྲུག་སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །རང་དབང་དུ་ནི་སྐྱེ་བ་བླང་བར་བགྱི། །བདག་ནི་ཡོངས་སུ་བཟུང་བའི་འཇིག་རྟེན་ནམ། །མྱ་ངན་འདས་ལ་སྤྲོ་བ་མ་མཆིས་ཏེ། །གང་དང་གང་དུ་སྡུག་བསྔལ་གནས་རྣམས་སུ། །བསྐལ་པ་རྒྱ་མཚོར་གནས་ཤིང་ཕན་པར་བགྱི། །སྲིད་པར་ཡུན་རིང་དུས་སུ་བརྩོན་པ་ནི། །བྱང་ཆུབ་སེམས་དཔའི་ཡི་དམ་ལགས་པས་ན། །ཇི་སྲིད་ངན་སོང་སྟོངས་པར་མ་གྱུར་པ། །དེ་སྲིད་བདག་གིས་སྐྱོ་བའི་སེམས་མི་བསྐྱེད། །ཤེས་རབ་ཐབས་ཀྱིས་འགྲོ་བའི་དོན་བགྱིད་པ། །སྙིང་རྗེའི་ལོངས་སྤྱོད་དེ་ལས་མ་མཆིས་པས། །སེམས་དམྱལ་ཡི་དྭགས་གཤིན་རྗེའི་འཇིག་རྟེན་ཡང་། །ལྷ་ཡི་དགའ་ཚལ་ལྟ་བུར་བལྟ་བར་བགྱི། །འགྲོ་ལ་ཐུགས་བརྩེས་དཔལ་གྱི་མགུར་ནས་གསུངས། །རྣལ་འབྱོར་དམ་ཆོས་བདུད་རྩི་མཆོག་རྣམས་ནི། །བདག་གིས་འཇིག་རྟེན་ཐུག་པ་མ་མཆིས་བར། །ཇི་ལྟར་འཚམས་པ་བཞིན་དུ་རྒྱས་པར་བགྱི། །སྲིད་པ་ལས་དང་རྐྱེན་གྱི་དབང་གྱུར་ཏེ། །གང་དང་གང་དུ་དམ་ཆོས་འཇིག་པ་དེར། །མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་བཟུང་། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །སྒྲུབ་པ་མཆོག་ལ་ཞུགས་པའི་སྐྱེ་བོ་ལ། །ཚེ་རབས་རྣམས་སུ་མཐུ་རྩལ་ཅི་མཆིས་ཀྱིས། །སྐྱེས་ཆེན་རྣམས་ཀྱི་དགོངས་པ་རྟག་ཏུ་བསྐང། །དམ་པའི་ཆོས་དང་སྒྲུབ་པའི་གེགས་གྱུར་པ། །མི་དང་མི་མིན་གདུག་པ་གང་ཡང་རུང་། །བདག་གིས་ཞི་དང་ཁྲོ་བོའི་ཕྲིན་ལས་ཀྱིས། །ཡོངས་སུ་ཞི་ཞིང་རྣམ་པར་གཞོམ་པར་བགྱི། །རྣལ་འབྱོར་མཆོག་གི་ཐེག་ཆེན་བླ་མེད་དང་། །རྡོ་རྗེ་རྒྱལ་པོ་ཁྱོད་ལ་བསྟེན་ནས་ནི། །སངས་རྒྱས་ཞིང་སྦྱོང་འགྲོ་ལ་སྨན་སླད་དུ། །བྱང་ཆུབ་སྙིང་པོ་བདག་གིས་རྟོགས་པར་བགྱི། །བདག་ནི་འཕགས་མཆོག་ཕྱག་རྒྱ་མངོན་སྤྲུལ་ཏེ། །གལ་ཏེ་སྐབས་མེད་འཆི་བའི་དུས་བྱུང་ཚེ། །གསང་སྔགས་མགོན་པོ་ཡེ་ཤེས་དཀྱིལ་འཁོར་ཅན། ཁྱེད་ཀྱི་ཞབས་ཀྱི་དྲུང་དུ་མཆི་བར་བགྱི། །སྲིད་གསུམ་སྡུག་བསྔལ་ཅི་འདྲ་ཁྱེད་ཀྱིས་མཁྱེན། །དམྱལ་ཚོགས་མེ་དཔུང་ཞི་བར་བགྱིད་ལ་སོགས། །སེམས་ཅན་དོན་ལ་མྱུར་དུ་བདག་མཆི་ན། །དམ་པ་རྣམས་ཀྱིས་ནུས་མཐུ་བསྩལ་དུ་གསོལ། །བསྡུ་ན། ཨོཾ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །ཅེས་ལྷག་པའི་བསམ་པ་རྩེ་གཅིག་པས་དམ་འཆའོ། །བདུན་པ་ནི། སྐོང་གི་ཆོ་ག་བྱ་བར་སྤྲོ་ན། སྐོང་ཆེན་ལྔ་དག་གྱུར་དང་བཅས་པ་དོང་སྤྲུགས་ཀྱི་ཆོ་གར་བཤད་པ་བཞིན་སྐབས་འདིར་བྱ་སྟེ། སྨན་གཏོར་རཀྟ་མར་མེ་རྣམས་ལྷ་གྲངས་སམ། གཏོར་མ་དཀར་དམར་གཉིས་དང་སྨན་རཀ་མར་མེ་སྣ་རེ་ཙམ་བསྣན་པས་ཀྱང་རུང་ལ། གང་ལྟར་ཡང་སྐོང་བ་བྱ་བ་ལ་བདུན་ལས། དང་པོ་རྟོགས་སྐོང་ནི། རང་བཞིན་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་རོ་མཉམ་པར་བལྟས་ལ། ཧཱུྃ། བསྐང་ངོ་ཀལྤས་ཐུགས་དམ་བསྐང་། །དངོས་པོ་སྟོང་ཉིད་ཀློང་དུ་བསྐང་། །སྣང་བ་ཡེ་ཤེས་ཀློང་དུ་བསྐང་། །གསལ་བ་ཤེས་རབ་ཀློང་དུ་བསྐང་། །སྡུག་བསྔལ་ཆོས་ཉིད་ཀློང་དུ་བསྐང་། །སྐྱེ་བ་མེད་པའི་དབྱིངས་སུ་བསྐང་། །འགག་པ་མེད་པའི་མཁའ་ལ་བསྐང་། །སྐྱེ་འགག་གཉིས་མེད་ཀློང་དུ་བསྐང་། །ཉམས་ཆག་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །གཉིས་པ་བདུད་རྩིས་སྐོང་བ་ནི། ཧཱུྃ། བསྐང་ངོ་བདུད་རྩིས་ཐུགས་དམ་བསྐང་། །ཀུན་གཞི་ཀློང་ཡངས་བྷཉྫ་རུ། །བྱང་ཆུབ་སེམས་ཀྱི་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། །དམིགས་མེད་ཆོས་སྐུའི་ཐུགས༴ གདངས་གསལ་འབར་བའི་བྷཉྫ་རུ། །ཡེ་ཤེས་སྒྲིབ་མེད་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། །ལོངས་སྤྱོད་རྫོགས་སྐུའི་ཐུགས༴ མཆོག་གི་འོད་གསལ་བྷཉྫ་རུ། །ཐིག་ལེ་འབར་བའི་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། །རྒྱལ་བ་སྤྲུལ་སྐུའི་ཐུགས༴ ཡེ་ཤེས་རྩ་ལྔའི་བྷཉྫ་རུ། །སྐྱེ་མེད་ཨ་དཀར་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། །ཞི་བའི་ལྷ་ཚོགས་ཐུགས༴ དཔའ་བོ་འབྲུ་ལྔའི་བྷཉྫ་རུ། །ཤེས་རབ་རང་གསལ་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། ཁྲོ་བོའི་ལྷ་ཚོགས་ཐུགས༴ བདུད་རྩི་སྨན་གྱི་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང་། །ཉམས་ཆག་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། གསུམ་པ་གཏོར་མས་སྐོང་བ་ནི། ཧཱུྃ། བསྐང་ངོ་གཏོར་མས་ཐུགས་དམ་བསྐང་། །བྷཉྫ་འབར་བའི་གཏོར་གཞོང་དུ། །ཤངས་ཀྱི་རླུང་སྒྲོམ་དཔལ་བཤོས་བཙུགས། །འཁོར་ལོ་འབར་བའི་མཐེབ་ཀྱུས་བསྐོར། །སྒྲོན་མ་མིག་གི་ཛ་གད་བསྩལ། །དབང་པོ་ལྔ་ཡི་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཉི་ཟླ་ཁ་སྦྱོར་གཏོར་གཞོང་དུ། །ཙིཏྟ་འབར་བའི་དཔལ་བཤོས་བཙུགས། །པདྨ་འདབ་བརྒྱད་མཐེབ་ཀྱུས་བསྐོར། །རྣམ་ཤེས་ཚོགས་བརྒྱད་ཛ་གད་བསྩལ། །རྩ་ཆེན་བཞི་ཡི་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ ཁྱབ་བརྡལ་པགས་པའི་གཏོར་གཞོང་དུ། །རུས་པ་རང་སྣང་དཔལ་བཤོས་བཙུགས། །རང་སྣང་ཤ་ཡི་མཐེབ་ཀྱུས་བསྐོར། །བཀྲག་དང་མདངས་ཀྱི་ཛ་གད་བསྩལ། ཁྲག་དང་ཆུ་སེར་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང། །ཞི་ཁྲོ་རབ་འབྱམས་ཐུགས༴ ཁོག་པ་སྟོང་པའི་གཏོར་གཞོང་དུ། །མཆིན་པ་རང་སྣང་དཔལ་བཤོས་བཙུགས། །གློ་མཚེར་མཁལ་མའི་མཐེབ་ཀྱུས་བསྐོར། །གུ་ཧྱ་ནང་ཁྲོལ་ཛ་གད་བསྩལ། །རང་སྣང་མཁྲིས་པའི་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ བ་ལིཾ་འདོད་ཡོན་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང། །ཉམས་ཆག་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །མ་ཧཱ་བ་ལིཾ་ཏ་ཁཱ་ཧི། བཞི་པ་རཀྟས་སྐོང་བ་ནི། ཧཱུྃ། བསྐང་ངོ་རཀྟས་ཐུགས་དམ་བསྐང་། །སྤྱི་བོ་བདེ་ཆེན་བྷཉྫ་རུ། །སྡུག་བསྔལ་རྣམ་རྟོག་རཀྟས་བཀང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ མགྲིན་པ་ལོངས་སྤྱོད་བྷཉྫ་རུ། །སྣ་ཚོགས་ཡིད་ཀྱི་རཀྟས་བཀང། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ སྙིང་ག་ཆོས་ཀྱི་བྷཉྫ་རུ། །བསམ་པ་བློ་ཡི་རཀྟས་བཀང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ ལྟེ་བ་སྤྲུལ་པའི་བྷཉྫ་རུ། །ཉོན་མོངས་སྲིད་རྩའི་རཀྟས་བཀང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ གསང་བ་བདེ་སྐྱོང་བྷཉྫ་རུ། །བདེ་བ་ཐིག་ལེའི་རཀྟས་བཀང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ རཀྟ་འབར་བའི་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང་། །ཉམས་ཆག་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །མ་ཧཱ་རཀྟ་ཁཱ་ཧི། ལྔ་པ་སྒྲོན་མེས་སྐོང་བ་ནི། ཧཱུྃ། བསྐང་ངོ་སྒྲོན་མེས་ཐུགས་དམ་བསྐང་། །བརྡལ་ཁྱབ་པགས་པའི་ཀོང་བུ་རུ། ཁྲག་དང་ཆུ་སེར་མར་ཁུས་གཏམས། །ཤ་དང་རུས་པའི་སྡོང་བུ་ལ། །རང་གསལ་བཀྲག་མདངས་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ དུང་ཆེན་འབར་བའི་ཀོང་བུ་རུ། །གོ་རོ་ཙ་ནའི་མར་ཁུས་གཏམས། །གསལ་བྱེད་རྩ་ལྔའི་སྡོང་བུ་ལ། །དབང་པོ་སྒོ་ལྔའི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ ཙིཏྟ་འབར་བའི་ཀོང་བུ་རུ། །སྙིང་ཚིལ་དཀར་དམར་མར་ཁུས་གཏམས། །པདྨ་འདབ་བརྒྱད་སྡོང་བུ་ལ། །རྣམ་ཤེས་ཚོགས་བརྒྱད་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ ཨ་བ་དྷཱུ་ཏིའི་ཀོང་བུ་རུ། །རང་གསལ་འོད་ཀྱི་མར་ཁུས་གཏམས། །འཁོར་ལོ་བདུན་བརྩེགས་སྡོང་བུ་ལ། །བྱང་ཆུབ་སེམས་ཀྱི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ མི་ཤིགས་ཐིག་ལེའི་ཀོང་བུ་རུ། །སྐྱེ་མེད་ཡེ་ཤེས་མར་ཁུས་གཏམས། །རྩ་ཕྲན་བཅུ་གཉིས་སྡོང་བུ་ལ། །རིག་པ་རང་བྱུང་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ ཡེ་ཤེས་རྩ་ལྔའི་ཀོང་བུ་རུ། །ཨ་དཀར་རྩ་གཅིག་མར་ཁུས་གཏམས། །ཡེ་ཤེས་འོད་ཟེར་སྡོང་བུ་ལ། ཤེས་རབ་འབྲུ་ལྔའི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ མཆོག་གི་འོད་གསལ་ཀོང་བུ་རུ། །གདངས་གསལ་འོད་ཀྱི་མར་ཁུས་གཏམས། །ཐིག་ལེ་འབར་བའི་སྡོང་བུ་ལ། །ཡེ་ཤེས་ལྔ་ཡི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ ཀུན་གཞི་ཀློང་ཡངས་ཀོང་བུ་རུ། །ཆོས་ཀྱི་དབྱིངས་ཀྱི་མར་ཁུས་གཏམས། །བྱང་ཆུབ་སེམས་ཀྱི་སྡོང་བུ་ལ། །སྐུ་ལྔ་ལྷུན་གྲུབ་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ སྒྲོན་མེ་འབར་བའི་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང། །ཉམས་ཆག་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །དཱི་པ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨེ་ཧོཿཤུདྡྷེ་ཤུདྡྷེ། ཡཾ་ཧོཿཤུདྡྷེ་ཤུདྡྷེ། བཾ་ཧོཿཤུདྡྷེ་ཤུདྡྷེ། ལཾ་ཧོཿཤུདྡྷེ་ཤུདྡྷེ། རཾ་ཧོཿཤུདྡྷེ་ཤུདྡྷེ། ཨ་ཨཱ་སྭཱ་ཧཱ། ཆག་ཉམས་དང་རྟོག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཁྲུས་བདུན་གྱི་རིག་པ་ལན་བདུན་དུ་བྱའོ། །དྲུག་པ་ཞི་བ་གནས་དག་གི་སྐོང་བ་ནི། ཨོཾ། ཡིད་ཀྱི་རྣམ་ཤེས་གནས་དག་པ། །ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་། །ཆོས་ཀྱི་ངོ་བོ་གནས་དག་པ། །ཀུན་ཏུ་བཟང་མོའི་ཐུགས་དམ་བསྐང་། །ཕུང་པོ་ལྔ་པོ་གནས་དག་པ། །རྒྱལ་བ་ཡབ་ལྔའི༴ འབྱུང་བ་ལྔ་པོ་གནས་དག་པ། །རྒྱལ་བ་ཡུམ་ལྔའི༴ རྣམ་ཤེས་ཚོགས་བརྒྱད་གནས་དག་པ། །སེམས་དཔའ་བརྒྱད་ཀྱི༴ རྣམ་ཤེས་ཡུལ་བརྒྱད་གནས་དག་པ། །སེམས་མ་བརྒྱད་ཀྱི༴ ལུས་ཀྱི་ཆོས་བཞི་གནས་དག་པ། ཁྲོ་བོ་བཞི་ཡི༴ རྟག་ཆད་མུ་བཞི་གནས་དག་པ། ཁྲོ་མོ་བཞི་ཡི༴ ཉོན་མོངས་དྲུག་པོ་གནས་དག་པ། །ཐུབ་པ་དྲུག་གི་ཐུགས་དམ་བསྐང་། །བདུན་པ་ཁྲོ་བོ་གནས་གྱུར་གྱི་སྐོང་བ་ནི། ཧཱུྃ། ཀུན་གཞི་ཡིད་ཆོས་གནས་གྱུར་པ། །དཔལ་ཆེན་ཡབ་ཡུམ་ཐུགས་དམ་བསྐང་། །ཉོན་མོངས་དུག་ལྔ་གནས་གྱུར་པ། ཁྲག་འཐུང་ཡབ་ལྔའི༴ འབྱུང་བ་ལུས་ལྔ་གནས་གྱུར་པ། ཁྲག་འཐུང་ཡུམ་ལྔའི༴ རྣམ་བཞིའི་རྟོག་པ་གནས་གྱུར་པ། །ཧེ་རུ་ཀ་བཞིའི༴ སྐྱེ་གནས་བཞི་པོ་གནས་གྱུར་པ། །ཀྲོ་དྷཱི་རིགས་བཞིའི༴ རྣམ་འགྱུར་ཚོགས་བརྒྱད་གནས་གྱུར་པ། ཁྲོ་མོ་བརྒྱད་ཀྱི༴ རྣམ་འགྱུར་ཡུལ་བརྒྱད་གནས་གྱུར་པ། །ཕྲ་མེན་བརྒྱད་ཀྱི༴ རྟག་ཆད་མཐའ་བཞི་གནས་གྱུར་པ། །སྒོ་མ་བཞི་ཡི༴ སྣ་ཚོགས་རྟོག་པ་གནས་གྱུར་པ། །དབང་མོ་ཉེར་བརྒྱད༴ མི་ཤིགས་སྐུ་ཡི་ཐུགས་དམ་བསྐང་། །འགག་མེད་གསུང་གི༴ འགྱུར་མེད་ཐུགས་ཀྱི༴ ཡོན་ཏན་མི་ཟད༴ ཕྲིན་ལས་རྒྱན་གྱི༴ ཡེ་ཤེས་འཁོར་ལོའི་ཐུགས་དམ་བསྐང་། །ཉམས་ཆག་ཐམས་ཅད་སྐོང་གྱུར་ཅིག །རྟོག་སྒྲིབ་ཐམས་ཅད་དག་གྱུར་ཅིག །བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ། །ཞེས་པས་ཕྱི་ནང་གསང་བའི་འདོད་པའི་ཡོན་ཏན་ཐམས་ཅད་འཁོར་གསུམ་མི་རྟོག་པ་ཡེ་ཤེས་ཀྱི་དབྱིངས་སུ་རོ་མཉམ་པར་བསྐང་བའོ། །གསུམ་པ་བྱིན་རླབས་དབང་གི་རྣལ་འབྱོར་ལ་གཉིས་ལས། དང་པོ་རང་དོན་བདག་འཇུག་ནི། བདག་གི་རང་བཞིན་ཡེ་ཤེས་ཀྱི་འཁོར་ལོར་རྫོགས་པ་བླ་མ་དང་དཀྱིལ་འཁོར་གྱི་བདག་པོ་དབྱེར་མེད་པ་དབང་ལེན་བྱའི་ཡུལ་ལ། རྣམ་འགྱུར་གློ་བུར་གྱི་འཁྲུལ་ངོ་རྣམ་སྨིན་བག་ཆགས་ཀྱི་རྟེན་སློབ་བུའི་ཚུལ་དུ་བྱས་ནས་འཇུག་པ་སྟེ། དང་པོར་ཁྲུས་བྱས། མཎྜལ་ཕུལ། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔ ཞེས་སོགས་ཀྱིས་ལན་གསུམ་གསོལ་བ་བཏབ། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ ཞེས་སོགས་ཡན་ལག་བདུན་ལྡན་གྱིས་ཚོགས་གསག །སྡོམ་བཟུང་ནི། རྒྱས་པར་ན་སྡོམ་པ་གསུམ་སྔར་ཐོབ་ལ་དམིགས་སུ་སྨོས་པའི་གསོ་སྦྱོང་དང་གསར་འཇུག་གི་དམིགས་ཕྱེད་པའི་དོན་དུ། དེང་ནས་སྲོག་གཅོད་མི་བྱ་ཞིང་། །སོགས་ཀྱིས་སོ་ཐར། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །སོགས་ཀྱིས་བྱང་སྡོམ། ཇི་ལྟར་དུས་གསུམ་མགོན་པོ་སོགས་རྒྱས་པའམ། བསྡུ་ན། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །བདག་མིང་འདི་ཞེས་བགྱི་བ་ཡིས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་ནི་སྡོམ་པའི་ཚོགས། །མ་ལུས་ཡོངས་སུ་བཟུང་བར་བགྱི། །ཞེས་པས་སྡོམ་པ་བཟུང་། ཡེ་ཤེས་དབབ་པ་ནི། ལུས་གནད་ཆོས་བདུན་ལྡན་བཅའ། ངག་གནད་རླུང་ཁ་སྦྱོར་དུ་འཆིང་། དམིགས་གནད་རང་ཉིད་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་གསལ་བའི་སྙིང་གར་ཡེ་ཤེས་སེམས་དཔའ་རྡོར་སེམས་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་དུ་སྤྱན་དྲངས་ཏེ་སྙིང་ག་ནས་སིབ་སིབ་ཐིམ་པར་མོས་ལ་ཁྱད་པར་གྱི་རྫས་དུད་བདུག །ཌཱ་དྲིལ་འཁྲོལ་ཞིང་རོལ་མོ་སྣ་ཚོགས་ཀྱི་སྒྲ་སྦྱར་ཏེ་ཡིག་བརྒྱའི་མཐར། ཨོཾ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཨཱཿཧཿཛྷཻཾཿ ཞེས་དྲག་ཏུ་བཟླ་ཞིང་དབབ། ཕེབས་པ་ན། ཨོཾ་ཏིཥྛ་བཛྲ་ཞེས་པས་བརྟན་པར་བྱའོ། །དེ་ནས་དངོས་གཞིའི་དོན་དུ་མཎྜལ་སྔོན་དུ་འགྲོ་བས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་སྦྱིན་ཇི་ལྟར་བསྩལ་པ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨརྒྷཾ་སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད། ནམ་མཁའ་གང་བའི་དབང་གི་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་ཀྱི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བར་མོས་ལ། ཨོཾ༔ སྟོང་གསལ་ཆོས་དབྱིངས་བུམ་པ་ན༔ བདེ་ཆེན་རྒྱལ་བའི་དཀྱིལ་འཁོར་གནས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བག་ཆགས་དྲི་མ་ཀུན་བྱང་ཤོག༔ ཨོཾ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད་ལ། དེ་ལྟར་བུམ་པ་བཟང་པོ་ལས་བྱུང་བའི་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་པས། ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་སངས་རྒྱས་ལྔར་གནས་གྱུར། ཡེ་ཤེས་ལྔ་མངོན་དུ་བྱས། དབང་རྟགས་སུ་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་བསམ། དེ་ལྟར་བུམ་པའི་དབང་བསྐུར་པས། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་སྒོམ་པ་ལ་དབང་། ཇི་ལྟར་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་འཆར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །གསང་དབང་ནི། བླ་མ་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་ཀུན་ད་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་རྟེན་དུ་གྱུར་པ་ཐོད་པའི་བདུད་རྩི་དང་རོ་གཅིག་པ་ལྕེ་ཐོག་ཏུ་བཞག་ལ། ཨཱ༔ མཚན་ལྡན་རྡོ་རྗེའི་ཀ་པཱ་ལར༔ བདེ་སྟོང་རོལ་པའི་བྱང་སེམས་གནས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་པས༔ བདེ་ཆེན་ཡེ་ཤེས་རྒྱས་པར་ཤོག༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ༔ ཞེས་བདུད་རྩི་མྱངས་པས་རྩ་ཐམས་ཅད་བདུད་རྩིས་གང་། དུག་གསུམ་གྱི་རྣམ་རྟོག་འགགས། བདེ་བའི་ཡེ་ཤེས་སྐྱེས་པར་བསམ། དེ་ལྟར་གསང་བའི་དབང་བསྐུར་བས། ངག་གི་དྲི་མ་དག །ལམ་རང་ལུས་བདེ་བ་ཆེན་པོ་སྒོམ་པ་ལ་དབང་། སྒྱུ་མ་ཆུ་ཟླ་ལྟ་བུར་བདག་བྱིན་བརླབས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །ཤེས་རབ་ཡེ་ཤེས་ནི། བདེ་སྟོང་དབྱེར་མེད་མཚོན་བྱེད་མེ་ལོང་སིནྡྷུ་རའི་མཎྜལ་ཅན་སློབ་མའི་ལག་ཏུ་གཏད། ལྟེ་བའི་ཡིག་འབྲུ་ལས་སྲིན་ལག་གིས་བླངས་པའི་ཐིག་ལེ་སྙིང་གར་བྱུགས་པས་གཟུགས་དང་ལང་ཚོ་རྫོགས་པའི་ཤེས་རབ་མ་སྙེམས་མའི་ངོ་བོ་ཅན་པང་དུ་འཁོད་པར་བསམས་ལ། ཧཱུྃ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི༔ བླ་མེད་བྱང་ཆུབ་མཆོག་གི་ལམ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དགའ་བཞིའི་ཡེ་ཤེས་རྒྱས་པར་ཤོག༔ ཀརྨ་མུ་དྲ་ཛྙཱ་ན་སིདྡྷི་ཧཱུྃ༔ ཞེས་འདུ་ཤེས་གསུམ་ལྡན་གྱིས་རིག་མ་དང་མཉམ་པར་སྦྱར་བས་དགའ་བ་བཞིའི་རིམ་པས་ལྷན་སྐྱེས་ཀྱི་བདེ་བ་བརྟན་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ཅིང་འཁྱུད་རྒྱ་བྱ། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས། ཡིད་ཀྱི་དྲི་མ་དག །ལམ་ཕོ་ཉ་སྒོམ་པ་ལ་དབང་། ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །བཞི་པ་ནི། རང་བྱུང་གི་ཡེ་ཤེས་གསལ་ལ་མི་རྟོག་པའི་མཚོན་བྱེད་ཤེལ་རྡོ་བསྟན་ལ། ཧོ༔ ཐོག་མཐའ་མེད་པ་རིག་པའི་གཤིས༔ གཟུང་འཛིན་གང་དུའང་མི་དམིགས་ཤིང༔ སྟོང་པའི་ཡེ་ཤེས་བདེ་བར་འཆར༔ དྲི་མེད་ཤེལ་ལ་འཇའ་ཚོན་བཞིན༔ ཨོཾ་དྷརྨ་དྷཱ་ཏུ་ཨ་ཏི་ཧོཿ ཞེས་པས་གསུམ་པའི་མཐར་རྟོགས་པའི་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསལ་ལ་མི་རྟོག་པའི་ངང་མདངས་བསྐྱངས་ལ་ཅུང་ཟད་མཉམ་པར་བཞག །དེ་ལྟར་དབང་བཞི་པ་བསྐུར་པས། བག་ཆགས་ཀྱི་དྲི་མ་དག །ལམ་ཁྲེགས་ཆོད་ཐོད་རྒལ་སྒོམ་པ་ལ་དབང་། ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །དེ་དག་གི་མཐའ་རྟེན་དུ་ཡིག་བརྒྱའི་བཟླས་ལུང་ནི། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཐོན་སློབ་མའི་ཁར་ཞུགས་ཏེ་སྙིང་གར་ཐིམ་པར་བསམས་ལ་ཡང་སྙིང་ལན་བདུན། ཡིག་བརྒྱ་ལན་གསུམ་བརྗོད་ལ་བསྒོམ་བཟླས་ཀྱི་དམ་བཅའ་བླང་། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །ཅེས་དམ་བཅས་ཏེ། དེང་ནས་བརྩམས་ཏེ་བདག་བྲན་དུ། ཁྱེད་ལ་བདག་ནི་འབུལ་ལགས་ན། ཁྱེད་ཀྱིས་སློབ་མར་བཟུང་བ་དང་། །བདག་གི་ལུས་ཀྱང་བཞེས་སུ་གསོལ། །ཅེས་དང་། གཏང་རག་གི་མཎྜལ་འབུལ་བར་བྱའོ། །གཞན་ལ་དབང་བསྐུར་བ་དང་འབྲེལ་ན་སྤྲོས་པ་འཚམས་པའི་ཕྱིར། བདག་ཉིད་དཀྱིལ་འཁོར་གྱི་ལྷ་དང་རང་བཞིན་དབྱེར་མེད་དུ་བསྒོམས་ནས་རིག་པའི་མེ་ཏོག་དོར་བ་ཉིད་དོན་གྱིས་དཀྱིལ་འཁོར་དུ་ཞུགས་པ་ཡིན་པས། མེ་ཏོག་འཐོར་བ་དང་བཅས། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཿབཛྲ་ས་མ་ཡ་ཨཱཿ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་མེ་ཏོག་ཕུལ་བས། བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་སུ་མེད་པར་གྱུར་པར་བསམས་ཏེ། འཇུག་བྱའི་དཀྱིལ་འཁོར་དང་བདག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་འབྲས་ཆོས་ལྔ་པོ་དབྱེར་མེད་རོ་གཅིག་ཏུ་བསམ་པའོ། །ཨོཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་སཏྭཾ། ཨོཾ་བཛྲ་ས་མ་ཡ་ཧོཿ ཞེས་དངོས་གྲུབ་བསྐུལ་ཞིང་བསྟིམ། དཀྱིལ་འཁོར་གྱི་ལྷ་ལ་ཐལ་མོ་སྦྱར་བས་བཏུད་དེ། ཨོཾ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གིས་སློབ་མ་འཇུག་པར་འཚལ། །ཞེས་གསོལ་བས་གནང་བ་བྱིན་པར་བསམ། དབང་བསྐུར་གྱི་ཚེ་བདག་འཇུག་རྒྱས་པར་བླངས་ཀྱང་གནང་བ་ཞུ་བ་ནི་ངེས་པར་བྱ་དགོས་སོ། །གཉིས་པ་གཞན་དོན་སློབ་མ་ལ་དབང་བསྐུར་བ་ནི། གསོན་གཤིན་གང་ལ་བསྐུར་ཀྱང་སྐབས་དེ་དང་དེའི་ཚིག་ཟུར་བསྒྱུར་བ་ཙམ་ལས་བདག་འཇུག་གི་ཆོ་ག་ཉིད་ཀྱིས་འགྲུབ་པས་དེ་ལྟར་ཤེས་པར་བྱ། འོན་ཀྱང་སློབ་མ་གསར་བུ་པ་ལ་སྡོམ་བཟུང་རྒྱས་པར་གྲུབ་ན་ལེགས་པས། སོ་ཐར་ནི། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །བདག་མིང་རྡོར་སེམས་ཞེས་བགྱི་བས། །དེང་ནས་སྲོག་གཅོད་མི་བྱ་ཞིང་། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང་། །རྫུན་གྱི་ཚིག་ཀྱང་མི་སྨྲ་འོ། །སྐྱོན་ནི་མང་པོ་ཉེར་བརྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། ཁྲི་གདན་ཆེ་མཐོ་མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་རྒྱན་དང་ནི། །གླུ་དང་གར་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་ལྟར། །དེ་བཞིན་སྲོག་གཅོད་ལ་སོགས་སྤང་། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ལན་གསུམ། བྱང་སྡོམ་ནི། དགོངས་གསོལ་ཚིག་རྐང་གཉིས་གོང་ལྟར་ལ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་གསུམ། རིགས་ལྔའི་སྡོམ་བཟུང་ནི། སྲས་བཅས་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་བཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱི་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་གྲོལ་བར་བགྱི། །དབུགས་མ་ཕྱིན་རྣམས་དབུགས་དབྱུང་ཞིང། །སེམས་ཅན་མྱ་ངན་འདས་ལ་འགོད། །ལན་གསུམ་གྱིས་སྔགས་སྡོམ་བཅས་སོ་སོ་དང་སླར་རང་གཞུང་གིས་མདོར་བསྡུས་ཏེ་བཟུང་། སྦྱོར་བ་སྡིག་སྒྲིབ་དག་བྱེད་ཀྱི་དབང་ནི། ཐུགས་ཀ་ནས་སྤྲོས་པའི་ཁྲོ་ཚོགས་དང་བི་ཤྭའི་སྔགས་ཡུངས་ཐུན་དང་བཅས་པས་བགེགས་བསྐྲད་ལ། སློབ་བུས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་གསང་གནས་སུ་དུ། ལྟེ་བར་ཏྲི། སྙིང་གར་པྲེ་རྣམས་ཀྱི་རྣམ་པར་གནས་པའི་སོ་སོའི་སྟེང་དུ་རིག་པའི་ཡེ་ཤེས་རཾ་ཡཾ་ཁཾ་གསུམ་དུ་གསལ་བར་བསམས་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་གསང་གནས་ཀྱི་དུ་བསྲེགས་གཏོར་སྦྱང་བར་བསམས་ལ། རཾ་སྥ་ར་ཎ་ཕཊ། ཡཾ་སྥ་ར་ཎ་ཕཊ། ཁཾ་སྥ་ར་ཎ་ཕཊ། ཅེས་སྦྱངས། སློབ་དཔོན་གྱི་ལག་པ་གཡས་ཀྱི་སོར་མོ་ལྔ་ལ་ཉི་མའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཧཱུྃ་ཨཱོཾ་སྭཱ་ཨཱཾ་ཧཱ། གཡོན་གྱི་སོར་མོ་ལྔ་ལ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚན་པ་རྣམས་རིགས་ལྔ་ཡབ་ཡུམ་བཅུར་གྱུར་པར་བསམས་ལ། ཨོཾ་སུ་ར་ཏ་སཏྭཾ་ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལི་ཧོཿཞེས་སོར་མོ་བསྣོལ། བཛྲ་བྷནྡྷ་བཾ། ཞེས་བསྡམས་པས་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བར་བསམས་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན༴ ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བཀའ༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་བརླབ་ཀྱིས། ཉོན་མོངས་པ་ཞེ་སྡང་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ན་ར་ཀ་ཤུདྡྷ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་ཅིང་ཐལ་མོ་དཀྲུགས་པས། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས་དམྱལ་བར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས་པར་བསམ་མོ། །སྔོན་ལས་ལ་འགྱོད་ཅིང་བཤགས་སྡོམ་གྱི་བསམ་པས། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །ཞེས་གསོལ་བ་གདབ། གནང་བ་བྱིན་པ་ནི། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་ཟླས་ཉམས་ཀྱིས། །ན་རཀ་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །ཅེས་དབང་སྟེགས་སུ་དྲང་། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཅེས་པ་བཟླ་ཞིང་ཡུངས་ཀར་གྱིས་བྲབ། ཁྲུས་བུམ་གྱིས་དབང་བསྐུར་ལ། ཏིལ་གྱི་གང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུགས་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ཡིག་བརྒྱའི་མཐར་ད་ཧ་གོང་བཞིན་བཏགས་པས་བཀྲུས་ནས། རིགས་ཀྱི་བུ་འདིས་ཉོན་མོངས་པ་ཞེ་སྡང་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་བཞིན་དུ་ལག་པ་བྱིན་རླབས་དོར་བའི་སྒོས་ཆོས་བྱེ་བྲག་པ་རྣམས་འདོན་པ་སྤོས་ནས་བྱ་སྟེ། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་སྙིང་གའི་པྲེ་བསྲེག་གཏོར་སྦྱང་བར་གྱུར། རཾ་སྥ་ར་ཎ་ཕཊ། ཡཾ་སྥ་ར་ཎ་ཕཊ། ཁཾ་སྥ་ར་ཎ་ཕཊ། ཨོཾ་སུ་ར་ཏ་སཏྭཾ། བཛྲ་ཨཉྫ་ལི་ཧོཿ བཛྲ་བྷན་དྷ་བཾ། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་བརླབ་ཀྱིས། ཉོན་མོངས་པ་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་པྲེ་ཏ་ཀ་ཤུདྡྷ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས་ཡི་དྭགས་སུ་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས་པར་གྱུར། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་ཟླས་ཉམས་ཀྱིས། །ཡི་དྭགས་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཏིལ་གྱི་གང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུགས་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ཡིག་བརྒྱའི་མཐར་པ་ཙ་གོང་བཞིན། རིགས་ཀྱི་བུ་འདིས་ཉོན་མོངས་པ་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་ལྟེ་བའི་ཏྲི་སྲེག་གཏོར་སྦྱང་བར་གྱུར། རཾ་སྥ་ར་ཎ་ཕཊ། ཡཾ་སྥ་ར་ཎ་ཕཊ། ཁཾ་སྥ་ར་ཎ་ཕཊ། ཨོཾ་སུ་ར་ཏ་སཏྭཾ། བཛྲ་ཨཉྫ་ལི་ཧོཿ བཛྲ་བྷན་དྷ་བཾ། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་བརླབ་ཀྱིས་ཉོན་མོངས་པ་གཏི་མུག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཏིརྻ་ཀ་ཤུདྡྷ་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས་དུད་འགྲོར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས་པར་གྱུར། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་ཟླས་ཉམས་ཀྱིས། །དུད་འགྲོའི་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །ཨོཾ་མ་ཐ་མ་ཐ་སརྦ་ཏིརྻཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཏིལ་གྱི་གང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུགས་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ཡིག་བརྒྱའི་མཐར་ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། རིགས་ཀྱི་བུ་འདིས་ཉོན་མོངས་པ་གཏི་མུག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སྦྱར་བའོ། །དེ་ནས་རྣམ་སྣང་དང་མི་འཁྲུགས་པའི་གཟུངས་ནི། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་བི་ཤོ་དྷ་ནེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་ས་ཏྭ་ནཉྩ་སྭཱ་ཧཱ། ཞེས་བཟླས་མཐར། རིགས་ཀྱི་བུས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉོན་མོངས་བག་ཆགས་སྐལ་པ་ངན་པ་དང་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཉེ་བར་ཞི་སྟེ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཅེས་བརྗོད། དེ་དག་ནི་ངན་སོང་གནས་འདྲེན་གྱི་དབང་ཞེས་བྱ་སྟེ་བཅུད་ཁྱད་པར་ཅན་བླག་པ་ལ་སྣོད་དག་པར་བྱེད་པ་བཞིན་ནོ། །དེ་ནས་ཡོན་ཏན་ཡར་འཕེལ་གྱི་དབང་གི་ཐོག་མར་ཡེ་ཤེས་པ་དབབ་ཅིང་། དངོས་གཞིའི་དབང་བཞི་གོང་གསལ་བསྐུར་བར་བྱའོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་བཞི་ལས། དང་པོ་ཚོགས་མཆོད་ནི། དམ་རྫས་སུ་འོས་པའི་བཟའ་བཏུང་གི་ཡོ་བྱད་མངོན་པར་བཤམས་ལ། བསང་ཆུ་དང་བདུད་རྩིས་གཏོར་ནས། ཨོཾ་སརྦ་དྲ་བྱཾ་བི་ཤོ་དྷ་ནི་ཧཱུྃ་ཕཊ། རཾ་ཡཾ་ཁཾ། རང་གི་ཐུགས་ཀའི་ཧཱུྃ་ལས་རཾ་ཡཾ་ཁཾ་འཕྲོས་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་བཀྲུས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཚོགས་གཞོང་པདྨ་འབར་བར་ཚོགས་རྫས་རིགས་ལྔ་ཡབ་ཡུམ་གྱི་དམ་ཚིག་ཆེན་པོའི་རང་བཞིན་འདོད་ཡོན་གྱི་རྣམ་པ་ཅིར་ཡང་འཆར་བར་བསམས་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ཞེས་མང་དུ་བཟླས་པས་བྱིན་གྱིས་བརླབས། ཚོགས་ཞིང་སྤྱན་འདྲེན་པ་ནི། ཨོཾ། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཚོགས་མཆོག་དཀྱིལ་འཁོར་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སཏྭཾཿ ཞེས་སྤྱན་དྲངས། ཨོཾ་གུ་རུ་བཛྲ་སཏྭ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་དང་། ཨོཾ་རཱུ་པ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ་ནས་ ཤབྡ་ གནྡྷེ་ ར་ས་ སྤརྴེ་སོགས་ཉེར་སྤྱོད་འདོད་ཡོན་གྱིས་སྤྱིར་མཆོད་ལ། ཚོགས་ཕུད་ཆ་གསུམ་དུ་སྤྲོས་ནས། དང་པོ་མཆོད་པ་ནི། གཟུགས་སྒྲ་དྲི་རོ་རེག་ལྡན་པའི༔ འདོད་ཡོན་ཚོགས་ཀྱི་མཆོད་པ་ནི༔ གུས་པའི་བློ་ཡིས་འབུལ་ལགས་ན༔ དགྱེས་པའི་གར་གྱིས་བཞེས་སུ་གསོལ༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་པས་བཤགས་པ་ནི། ཐོག་མེད་དུས་ནས་ད་ལྟའི་བར༔ སྒོ་གསུམ་མི་ཤེས་བག་མེད་པས༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ དེ་དག་ཐམས་ཅད་བཤགས་པར་བགྱི༔ ཞེས་དང་ཡིག་བརྒྱ་བཟླ། ཐ་མ་བསྒྲལ་བསྟབ་ནི། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ། རང་ཉིད་རྡོ་རྗེ་ཁྲོ་བོའི་སྐུར་གྱུར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན༴ ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད་ནས། ནྲྀ་ཡཾ་ཛཿནྲྀ་བཛྲ་ཨངྐུ་ཤ་ཛཿཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿས་ཞེས་ལྕགས་ཀྱུའི་ཕྱག་རྒྱས་དམིགས་བྱ་དམིགས་རྟེན་ལ་བཀུག །ཛཿཧཱུྃ་བཾ་ཧོཿ དགུག་གཞུག་བཅིངས་ཏེ་མྱོས་པར་བྱས་ལ། ཧཱུྃ། ང་ནི་ཟ་བྱེད་ཆེན་པོ་སྟེ། ཁམས་གསུམ་མ་ལུས་བསྒྲལ་བ་དང་། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། །སརྦ་དུཥྚཱཾ་མཱ་ར་ཡ་ཧཱུྃ་ཕཊཿ ཅེས་གནད་ཀྱི་ངེས་པ་ཇི་ལྟ་བས་བསྒྲལ་པའི་ཤ་ཁྲག་བདུད་རྩིར་སྤེལ་བ་སྟོབ་ལ། དུག་ལྔས་གཟིར་ཞིང་མནར་བ་དང་། །གདུག་ཅིང་གཏུམ་པའི་སེམས་ཅན་རྣམས། །བདག་མེད་དབྱིངས་སུ་བསྒྲལ་པའི་རྫས། །འདོད་ཡོན་དམ་ཚིག་ཆེན་པོར་འབུལ། །མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཨ་མྲྀཏ་པཱུ་ཛ་ཁཱ་ཧི། ཞེས་ཕུལ། ལྷ་ཚོགས་ཐམས་ཅད་རང་རང་གི་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་སྦྱོར་བས་དགའ་བ་བཞིའི་རོས་ཚིམས་པར་གྱུར། ཅེས་བསྒྲལ་མཐར་སྦྱོར་བའི་དམ་ཚིག་གིས་དགྱེས་པ་བསྐྱེད་ནས། ཨོཾ་བཛྲ་སཏྭ་ཨཱཿ ཞེས་སླར་ཡང་རྡོར་སེམས་སུ་ང་རྒྱལ་འཕོ། ཚོགས་ལ་རོལ་བ་ནི། ཐ་མལ་གྱི་རྟོག་པའི་འཆིང་བ་འགྲོལ་ཕྱིར། བརྡ་དང་བརྡའི་འབུལ་ལེན་ནི། ལས་རྡོར་གྱིས་ཕྱག་སྔོན་དུ་འགྲོ་བས་ཐབས་ཤེས་ཀྱི་རྫས་བསྣོལ་མར་བཟུང་ལ། ཧོ༔ ཆོས་དབྱིངས་བྷཉྫར་སྣང་སྲིད་བདུད་རྩིར་བསྐྱིལ༔ རྡོ་རྗེའི་བཅུད་ལྡན་མི་ཟད་ལོངས་སྤྱོད་དང༔ ཛ་གད་གར་མཆོད་སྒེག་མཛེས་རྫས་མཆོག་འབུལ༔ ལྷུན་གྲུབ་བདེ་ཆེན་ཀློང་རོལ་དཔའ་བོ་ཆེ༔ ཞེས་བརྗོད་ཅིང་འབུལ། སློབ་དཔོན་གྱིས་པད་ཀོར་སྔོན་འགྲོས་རྩེ་གསུམ་གྱི་རྒྱ་དང་བཅས། ཨེ་མ་ཧོ༔ འདོད་ཡོན་མ་སྤངས་ཟག་བྲལ་ཐབས་ཤེས་རྫས༔ ཡིད་བཞིན་གཏེར་མཛོད་གུ་ཧྱའི་ལོངས་སྤྱོད་རྣམས༔ བདག་ལུས་འཛིན་བྲལ་རྒྱལ་བའི་དཀྱིལ་འཁོར་འདིར༔ བདེ་ཆེན་རོ་གཅིག་ངང་དུ་བླངས་ཏེ་རོལ༔ ཞེས་བརྗོད་ལ་ལེན་པའི་དམ་ཚིག་བསྲེ་བ་སྔོན་དུ་བཏང་ནས་རང་ལུས་ཀྱི་དཀྱིལ་འཁོར་ནང་གི་སྲེག་བླུགས་ཀྱིས་ཚིམས་པར་རོལ། ཆ་གསུམ་གྱི་ཆོ་ག་སྤྲོ་ནའང་འདིར་བྱ། ཚོགས་ལ་རོལ་རྗེས། གདོད་ནས་ལྷུན་གྲུབ་སྒོ་གསུམ་དཀྱིལ་འཁོར་འདིར། །མི་ཟད་ལོངས་སྤྱོད་བདེ་ཆེན་ཀློང་རོལ་མཐུས། །ཚོགས་གཉིས་རབ་རྫོགས་ཆོས་དབྱིངས་བརྗོད་བྲལ་ཀློང་། །འགྲོ་ཀུན་ཡེ་དག་ཡེ་རྫོགས་རྟོགས་པར་ཤོག །ཅེས་སྨོན་ལམ་བཏབ། ལྷག་མ་རྣམས་བསྡུས་ལ་སློབ་དཔོན་གྱི་ཁ་ཕྲུ་བཏབ་ནས། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཅེས་བྱིན་གྱིས་བརླབས་ལ། ཨེ་ཨཱ་རལླི་ཧྲིཾ་ཛཿ ཞེས་པས་ལྷག་སྡུད་ཀྱི་ཕོ་ཉའི་ཚོགས་རྣམས་དམ་ཚིག་གི་གནས་སུ་བྱོན་པ་ལ། ཨོཾ་བཛྲ་པུཥྤེ་ནས་ ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་མེ་ཏོག་ལ་སོགས་པས་མཆོད་ནས། ཧཱུྃ༔ སྔོན་ཚེ་ཞལ་བཞེས་དམ་བཅས་བཞིན༔ དཀྱིལ་འཁོར་ཆེན་པོའི་ཕྱི་ཉུལ་བའི༔ ལྷག་གཏོར་དབང་བའི་སྲུང་མ་རྣམས༔ འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཞེས་ཕྱི་རོལ་ཏུ་གནས་པའི་འབྱུང་པོ་དམ་ཚིག་ཟབ་མོ་ལྟ་བ་ལ་མི་དབང་བ་རྣམས་ལ་བྱིན་ནས་གསང་བ་མཆོག་གི་སྐལ་ལྡན་དུ་སྨོན་ལམ་གདབ། གཉིས་པ་གཏོར་མ་གཏོང་བ་ནི། ཆོས་སྐྱོང་གཏེར་སྲུང་གི་གཏོར་མ་སོགས་གཏོར་གྲལ་ནས་བླངས་ལ་རྡོ་རྗེའི་འགྲོས་ཀྱིས་ཕྱི་ནུར་དུ་བཞག །སྨན་རཀ་བྲན། འབྲུ་གསུམ་གྱི་བྱིན་གྱིས་བརླབས་ལ་ཆད་ཐོར་འབུལ་བ་ནི། ཧཱུྃ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ སློབ་དཔོན་པདྨ་ཐོད་ཕྲེང་གིས༔ དམ་ལ་བཏགས་པའི་སྲུང་མ་རྣམས༔ ཆོས་ཉིད་བདེན་པའི་བཀའ་ལ་ཉོན༔ གདོང་དམར་བོད་ཀྱི་རྒྱལ་ཁམས་འདིར༔ ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས༔ བདག་ནི་སློབ་དཔོན་དེ་ཡི་རྒྱུད༔ ཁྱོད་ནི་ལྷ་འདྲེ་གཡར་དམ་ཅན༔ སྔོན་ཚེ་ཁས་བླངས་བཀའ་མ་བཅག༔ ད་ལྟ་རིག་འཛིན་དམ་མའདྲལ༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ཅེས་གཏོར་མ་གཙང་སར་འབུལ། གཏོར་གཞོང་བཤལ་བའི་ཆུས་བརྟན་གཏོར་ལ་བྲན་ལ་འབྲུ་གསུམ་གྱིས་བྱིན་བརླབས་ལ། བྷྱོ༔ སློབ་དཔོན་པདྨ་ཐོད་ཕྲེང་གི༔ བཀའ་ཉན་མ་མོ་བརྟན་མའི་ཚོགས༔ དམ་རྫས་དཔལ་གྱི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ཅེས་བརྟན་མ་བསྐྱང་། འདི་དག་རིགས་མཐུན་གྱི་ཆོ་ག་གཞན་ནས་བླངས་ཏེ་བྱ་བར་གསུངས་པ་བཞིན་དྲག་དམར་ནས་སབ་པའི་རྒྱུན་ཉིད་སོར་བཞག་གོ །གསུམ་པ་རྗེས་ཆོག་ནི། མཆོད་པ་ཁ་གསོས་ལ། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས། རིན་པོ་ཆེ་དང་པདྨ་ལ་སོགས་པའི་སྣོད་ཕུན་སུམ་ཚོགས་པར་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ་ཟག་པ་མེད་པའི་འདོད་ཡོན་གྱི་རྣམ་པ་ཐམས་ཅད་མཆོད་པའི་སྤྲིན་རབ་འབྱམས་སུ་ལྷུན་གྱིས་གྲུབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་བསམས་ལ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ་པཱ་དྱཾ་ པུཥྤེ་ དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་བིདྱཱ་ ཤབྡ་ཨཱཿཧཱུྃ། སོགས་ཀྱིས་བྱིན་བརླབས། ཨོཾ་གུ་རུ་བཛྲ་སཏྭ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས་ཤབྡའི་བར་སྦྱར་ཏེ་ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པ་སྔགས་མཆོད་ཙམ་གྱིས་ཕུལ་ལ། མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །ཞེས་སོགས་ཤློ་ཀ་གཅིག་གིས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡིག་བརྒྱས་ནོངས་པ་བཤགས། རས་བྲིས་ཡིན་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་བརྟན་བཞུགས་བྱ། རང་གི་སྙིང་གའི་འོད་ཀྱིས་ཕོག་པས་དཀྱིལ་འཁོར་གྱི་འཁོར་ལོ་འོད་དུ་ཞུ་ནས་བདག་ཉིད་དམ་ཚིག་སེམས་དཔའ་ལ་ཐིམ། དེ་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། དེ་ཡང་ཧཱུྃ་ལ་ཐིམ། ཧཱུྃ་ནཱ་དའི་བར་དུ་རིམ་གྱིས་ཐིམ་ནས་མི་དམིགས་པ་ལས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གྱུར། ཅེས་དར་ཅིག་མཉམ་པར་བཞག །ཨོཾ་བཛྲ་སཏྭ་ཨཱཿ སླར་ཡང་རྡོ་རྗེ་སེམས་དཔའི་སྐུར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་ཡིག་རྣམས་ཀྱིས་མཚན་པར་གྱུར། ཞེས་གནས་གསུམ་དུ་རྡོ་རྗེས་རེག་ཅིང་ཡི་གེ་འབྲུ་གསུམ་གྱིས་རྒྱས་བཏབ། བཛྲ་ཀཱ་ཝཱ་ཙི་རཀྵཱ་ཧཾ། ཞེས་དང་སྤྱི་བོར་གོ་ཆའི་རྒྱ་བཅས་པས་བསྲུང་། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱིས་ཀུན་ལ་ཁྱབ། །ཅེས་བརྗོད་ཅིང་ང་རྒྱལ་བཟུང་ལ་སྨོན་ལམ་བཀྲ་ཤིས་རྣམས་བྱའོ། །རྡུལ་ཚོན་ལ་བརྟེན་པའི་སྒྲུབ་མཆོད་ཞག་སྦྲེལ་མར་བྱེད་པའི་ཉིན་སྔ་མ་རྣམས་ལ་ཡང་དེ་བཞིན་ནོ། །ཉིན་ཐ་མ་སོགས་དཀྱིལ་འཁོར་གཤེགས་གསོལ་བྱེད་ན་གཏང་རག་གི་མཆོད་བསྟོད་ནོངས་བཤགས་སྔར་བཞིན་གྱི་མཐར། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཞེས་སོགས་ཀྱིས་ཡེ་ཤེས་པ་རང་བཞིན་ཆོས་ཀྱི་དབྱིངས་སུ་གཤེགས། སྤྲུལ་པའི་དཀྱིལ་འཁོར་དམ་ཚིག་པ་སྔར་བཞིན་ཉེར་བསྡུ་བདག་སྲུང་རྣམས་བྱ་ཞིང་། གཟུགས་བརྙན་གྱི་དཀྱིལ་འཁོར་སྤྱི་དང་མཐུན་པར་བསྡུའོ། །བཞི་པ་སྨོན་ལམ་གདབ་པ་ནི། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །དེང་འདིར་བརྩོན་པས་བསྒྲུབས་པའི་དགེ་ཚོགས་དང་། །དུས་གསུམ་བསགས་དང་ཡོད་པའི་དགེ་བ་རྣམས། །བསྡོམས་ཏེ་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་རྡོ་རྗེའི་ཐེག་ལ་ངེས་གནས་ཤོག །དབང་གིས་སྨིན་ཅིང་དམ་ཚིག་སྡོམ་པར་ལྡན། །རིམ་གཉིས་ལམ་ལ་བསྙེན་སྒྲུབ་མཐར་ཕྱིན་ཏེ། །དཀའ་བ་མེད་པར་རིག་འཛིན་གོ་འཕང་བགྲོད། །དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབ་གྱུར་ཅིག །ཅིར་སྣང་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྫོགས། །གྲགས་པ་ཐམས་ཅད་བརྗོད་བྲལ་སྔགས་ཀྱི་སྒྲ །སེམས་ཀྱི་འགྱུ་བ་རང་རིག་འདུས་མ་བྱས། །བདེ་ཆེན་འདུ་འབྲལ་མེད་པར་མངོན་གྱུར་ཤོག །གནས་སྐབས་ཀུན་ཏུ་དངོས་གྲུབ་མཆོག་སྒྲུབ་པའི། །ཕྱི་ནང་གསང་བའི་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་མ་ཚང་མེད་ལས་སྐྱེ་བ་འདིར། །དོན་གཉིས་བསམ་པ་ལྷུན་གྱིས་འགྲུབ་པར་ཤོག །འཆི་སྲིད་ཆོས་སྐུའི་གོ་འཕང་མངོན་གྱུར་ཏེ། །བར་དོ་སྒྱུ་འཕྲུལ་དྲ་བའི་སྐུར་ལངས་ནས། །མཁའ་སྤྱོད་གནས་སུ་ཀུན་བཟང་སྤྱོད་པ་མཆོག །དཀའ་བ་མེད་པར་མྱུར་དུ་རྫོགས་པར་ཤོག །སྤྱོད་པ་རྒྱ་མཚོས་ཡེ་ཤེས་ས་ཀུན་རྫོགས། །གཞན་དོན་རིས་མེད་གདུལ་བྱའི་ཁམས་བཞིན་འཇུག །སྒྲིབ་བྲལ་མཁའ་མཉམ་ཟུང་འཇུག་རྡོ་རྗེའི་སྐུ །ཚེ་འདི་ཉིད་ལ་མྱུར་དུ་འགྲུབ་པར་ཤོག །ཅེས་དགེ་བའི་རྩ་བ་དོན་གཉིས་ཀྱི་རྒྱུར་བསྔོ། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་འཐོར་བཞིན་པས། ཨོཾ། བྱིན་རླབས་མཆོག་སྩོལ་རིགས་བརྒྱའི་བདག །བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ དངོས་གྲུབ་ཆར་འབེབས་ཞི་དང་ཁྲོ །ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག །ཐོགས་མེད་ཕྲིན་ལས་སྒྲུབ་མཛད་པའི། །དཔའ་བོ་མཁའ་འགྲོའི་བཀྲ་ཤིས་ཤོག །གང་ལ་བསམ་པའི་དོན་ཀུན་འགྲུབ། །དགེ་ལེགས་མཆོག་གི་བཀྲ་ཤིས་ཤོག །ཅེས་དང་། གཞན་ཡང་ཕུན་སུམ་ཚོགས་པའི་ཤིས་པ་རྒྱ་ཆེན་བརྗོད་པས་བདེ་ལེགས་སུ་བྱའོ།། ༈ །།གསུམ་པ་ཆོ་གའི་ཡན་ལག་གཞན་བཤད་པ་ལ་གསུམ་ལས། དང་པོ་ཚེ་འདས་རྗེས་འཛིན་གནས་ལུང་གི་ཆོ་ག་ནི། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་པདྨ་འདབ་བརྒྱད་བྲིས་པའི་ཁར་མིང་བྱང་སོགས་རྟེན་བཞག །སྦྱོང་ཆས་བྲབ་རྫས་ཟས་གཏད་སོགས་འོག་ཏུ་དགོས་པ་རྣམས་ཚང་བར་བྱས་ལ། དང་པོ་རྟེན་བསྐྱེད་པ་ནི། དམིགས་རྟེན་བསང་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར་པར་བསམ། གཉིས་པ་རྣམ་ཤེས་དགུག་པ་ནི། ལྕགས་ཀྱུའི་ཕྱག་རྒྱ་དང་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་རྣམ་ཤེས་བཀུག་པར་བསམ་ཞིང་། ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། ངན་འགྲོ་ཐམས་ཅད་རྣམ་པར་སྦྱོང་བ་དཔལ་རྡོ་རྗེ་སེམས་དཔའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་ཚེ་ལས་འདས་པ་ཆེ་གེ་མོའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གི་གནས་གང་ན་གནས་ཀྱང་སྐད་ཅིག་གིས་འདིར་མཆིས་པར་གྱུར་ཅིག །ཨོཾ་བཛྲ་ཨཱ་ཀརྵ་ཡ་ཛཿ ཞེས་པས་རྣམ་ཤེས་དང་། སརྦ་པཱ་པཾ་ཨཱ་ན་ཡ་ཧཱུྃ། ཞེས་པས་སྡིག་པ་བཀུག་ནས། ཛཿཧཱུྃ་བཾ་ཧོཿ རྣམ་ཤེས་ཨ་དཀར་པོའི་རྣམ་པས་རྟེན་ལ་བསྟིམ། གསུམ་པ་བགེགས་སྦྱོང་བ་ནི། གཏོར་མ་རྟེན་ལ་བསྐོར་ཞིང་། ཨོཾ་སརྦ་བིགྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿཞེས་པ་ནས་ གྲྀཧྞེ་དཾ་བ་ལིཾ་ཏ་སྭཱ་ཧཱ། ཞེས་སོགས་གསུམ་གྱིས་ཞི་བ། ཏིང་ལོ་དང་ཆང་བུ་བསྐོར་ཞིང་ཧཱུྃ་བཞི་པ་གསུམ་གྱིས་ཕྱེད་མ། བདེན་སྟོབས་སྔར་བཞིན་བརྗོད་པའི་མཐར། ཚེ་ལས་འདས་པ་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང་གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་སྙིང་གར་ཡི་གེ་གཏོར་མ་འདིས་ཚིམས་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་སོང་ཞིག །གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་བརྗོད་ཅིང་། གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། དྲག་སྔགས་བཟླ་ཞིང་རོལ་མོའི་སྒྲ་དྲག་པོ་དང་བཅས་པས་གཏོར་མ་རྒྱང་རིང་དུ་དོར་བ་སྟེ་དྲག་པོས་སྦྱོང་བའོ། །བཞི་པ་སྡིག་པ་སྦྱོང་བ་ནི། རྟེན་གྱི་མདུན་དུ་ཏིལ་དང་མེ་ཆུ་བཤམ། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཀཾ་ནག་པོའི་རྣམ་པས་སྣ་བུག་ནས་ཐོན། སྣ་སྒོར་སྡིག་པའི་རྣམ་པར་གྱུར་ཏེ་ཏིལ་ལ་ཐིམ་པར་བསམ་ཞིང་། ཏིལ་གཡས་གཡོན་གྱི་མེར་བསྲེག་ཆུར་དོར་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པས་སྡིག་པ་ཐམས་ཅད་ཡེ་ཤེས་ཀྱི་མེ་ཆུས་སྦྱངས་པར་བསམ། དེ་ནས་སྒྲིབ་སྦྱོང་གི་སྔགས་བཟླས་པའི་བྱེ་མ་དང་ཡུངས་ཀར་གྱིས་བྲབ་ཅིང་ཡིག་བརྒྱ་དང་། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཅེས་སོགས་དང་ངན་སོང་སྦྱོང་བའི་སྔགས་མང་དུ་བཟླས་པས་སྡིག་སྒྲིབ་ཐམས་ཅད་ཉི་མས་བ་མོ་བཞུ་བ་བཞིན་དག་པར་བསམ་མོ། །ལྔ་པ་ཁྲུས་བྱ་བ་ནི། ཐོག་མར་དཀྱིལ་འཁོར་སོགས་རྟེན་གྱི་གཟུགས་བརྙན་ཤར་བའི་མེ་ལོང་ལ་ཁྲུས་གསོལ་ཞིང་། ཇི་ལྟར་བལྟམས་པ་སོགས་དང་། རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་དྲི་མ་མི་མངའ་ཡང་། །ཚེ་འདས་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲིའི་རབ་བགོས་པས་སྐུ་ཕྱི་འོ། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ན་སྭཱ་ཧཱ། ཞེས་སྐུ་ཕྱིས་པའི་ཁྲུས་ཆུ་སླར་ཡང་བུམ་པར་བླུགས་པས་མིང་བྱང་སོགས་རྟེན་ལ་བཀྲུ་ཞིང་། རྣམ་དག་གཙང་དྭངས་ལྷ་ཡི་ཆུ། །ཡིད་འོང་དྲི་ཞིམ་གངྒཱའི་རྒྱུན། །ཕྱག་རྒྱ་ཡེ་ཤེས་བུམ་པའི་ཆུས། །ཚེ་འདས་སྒྲིབ་པ་དག་གྱུར་ཅིག །ཅེས་དང་ཡིག་བརྒྱ་བཟླ་ཞིང་བཀྲུ། གཞན་ཡང་། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བགོས་ཆུ། ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱི་འོ། །དེ་བཞིན་དུ་སྦྱིན་པའི་གནས་སུ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ། ཅེས་དང། སེར་སྣའི་གནས་སུ། ཁྲིམས་འཆལ། ཁོང་ཁྲོ །ལེ་ལོ། རྣམ་གཡེང་། ཤེས་འཆལ་རྣམས་སུ་བསྒྱུར་བ་སོ་སོའི་གཟུངས་སྔགས་བཟླ་ཞིང་རོལ་མོ་དང་བཅས་པས་ཁྲུས་བྱའོ། །དྲུག་པ་དུག་སྦྱོང་བ་ནི། བུམ་ཆུས་རྟེན་ལ་བྱབས་ཤིང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །སངས་རྒྱས་བཅོམ་ལྡན་དུག་མི་མངའ། །སངས་རྒྱས་བདེན་པས་དུག་སྦྱོང་ངོ་། །དེ་བཞིན་དུ། ཆོས་དང་དགེ་འདུན་ལ་ཡང་སྦྱར། འབྱུང་བ་སོ་སོས་བྱབས་ཤིང་། ས་འདི་དུག་གི་ཕ་ཡིན་ཏེ། །ས་འདི་དུག་གི་མ་ཡང་ཡིན། །སངས་རྒྱས་སྤྱན་མའི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །དེ་བཞིན་དུ། ཆུ། མེ། རླུང་རྣམས། མཱ་མ་ཀི །གོས་དཀར་མོ། དམ་ཚིག་སྒྲོལ་མ་ཞེས་བསྒྱུར་བས་དུག་སྦྱོང་། བདུན་པ་སྐྱབས་སུ་འགྲོར་འཇུག་པ་ནི། ཚེ་འདས་དཀྱིལ་འཁོར་པ་ལ་ཕྱག་འཚལ་ཞིང་གསོལ་བ་འདེབས་པར་བསམས་ལ། སྔར་ཚོགས་གསག་གི་སྐབས་སུ་བརྗོད་པའི་ཕྱག་རྣམས་བྱས་པའི་རྗེས་སུ། ཕྱོགས་བཅུར་བཞུགས་པའི་བླ་མ་དང་། །མཆོག་གསུམ་ཞི་ཁྲོ་རབ་འབྱམས་ཀྱི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །དེ་རིང་སྙིང་ནས་བདག་སྐྱབས་མཆི། །མགོན་པོ་ཐུགས་རྗེ་ཅན་རྣམས་ཀྱིས། །འཁོར་བའི་སེམས་ཅན་བདག་ལྟ་བུ། །བར་དོའི་གནས་ན་མགོན་མེད་ཅིང་། །འཇིགས་པས་མནར་བ་བདག་ལ་དགོངས། །ཐོག་མེད་དུས་ནས་སྤྱད་པ་ཡི། །ལས་ངན་སྒྲིབ་པས་བཅིངས་པ་བདག །མཐའ་མེད་འཁོར་བའི་སྡུག་བསྔལ་ལས། །བདེ་ཆེན་གནས་སུ་དྲང་དུ་གསོལ། །བར་དོའི་འཇིགས་པ་གཤིན་རྗེའི་འཕྲང་། །ཉམ་ངའི་གནས་སུ་འཁྱམས་པའི་འགྲོ། །ཉོན་མོངས་གདུང་བས་གཟིར་བ་རྣམས། །བྱམས་པའི་ཐུགས་རྗེས་སྐྱོབ་ཏུ་གསོལ། །ཅེས་ལན་གསུམ་དུ་སྐྱབས་སུ་འགྲོར་འཇུག །བརྒྱད་པ་དབང་བསྐུར་བ་ནི། ཁྲུས་བྱ་མཎྜལ་ཕུལ། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔ སོགས་ཀྱི་གསོལ་བཏབ་ནས་བཟུང་། རྗེས་གཏང་རག་གི་བར་སྔར་བཞིན་བྱའོ། །དགུ་པ་ཟས་གཏད་པ་ནི། ཚེ་འདས་རྡོ་རྗེ་སེམས་དཔའི་སྐུར་བསྐྱེད་པའི་མདུན་དུ་བཟའ་བཏུང་སྣ་ཚོགས་བཤམས་ལ། རྒྱས་པར་སྤྲོ་ན། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་འདོད་ཡོན་གྱི་དངོས་པོ་གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་ཟག་པ་མེད་པའི་ལོངས་སྤྱོད་ནམ་མཁའི་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱིས་བྱིན་བརླབས་ལ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །རྡོ་རྗེ་སེམས་དཔའི་གནས་ཐོབ་ཁྱོད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག །ཨོཾ་བཛྲ་སཏྭ་རཱུ་པ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཅི་མཆིས་པ། །རྡོ་རྗེ༴ ཟག་མེད༴ ཤབྡ༴ ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང་། །ཨ་གར་ལ་སོགས་དྲི་མཆོག་ཅི་མཆིས་པ། །རྡོ་རྗེ༴ ཟག་མེད༴ གནྡྷེ༴ ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །རོ་མཆོག་ཁྱད་པར་འཕགས་པ་ཅི་མཆིས་པ། །རྡོ་རྗེ༴ ཟག་མེད༴ ར་ས༴ ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱ་ཁྱད་པར་འཕགས་པ་ཅི་མཆིས་པ། །རྡོ་རྗེ༴ ཟག་མེད༴ སྤརྴེ༴ དཀྱུས་ལ་བསྡུ་ན། རཾ་ཡཾ་ཁཾ། འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམས་ལ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ལ། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་རོ་དང་། །རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་རྣམས། །རྡོ་རྗེ་སེམས་དཔའི་གནས་ཐོབ་ཁྱོད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག །ཨོཾ་བཛྲ་སཏྭ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་བསྔོ། བཅུ་པ་འཁོར་བར་མ་ཆགས་པར་གདམས་པ་ནི། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །རིགས་དྲུག་གནས་ན་བདེ་བ་མེད། །སྡུག་བསྔལ་ལས་ལ་མ་ཆགས་པར། །མ་ཡེངས་རྩེ་གཅིག་དྲན་པས་བཟུང་། །བཅུ་གཅིག་པ་ལམ་བསྟན་པ་ནི། འོག་མིན་ཆོས་དབྱིངས་ཞིང་ཁམས་ན། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་བཞུགས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་སུ། །རང་རིག་རྩལ་གྱིས་འགྲོ་བར་གྱིས། །བཅུ་གཉིས་པ་ལམ་སྦྱོང་བ་ནི། དཀོན་མཆོག་བདེན་པའི་བྱིན་རླབས་དང་། །ལྷ་དང་སྙིང་པོ་ཕྱག་རྒྱའི་མཐུས། །ལམ་ལྔ་ས་བཅུ་སྐད་ཅིག་ལ། །ཐོགས་པ་མེད་པར་བགྲོད་གྱུར་ཅིག །པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པའི། །སྲིད་པའི་པདྨོ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་པས་རྣམ་ཤེས་ཨ་ཐུང་གི་རྣམ་པས་སྤྱི་བོ་ནས་ཐོན་འོག་མིན་གྱི་ཞིང་དུ་སོང་ནས་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ་པར་བསམ་མོ། །བཅུ་གསུམ་པ་བྱང་བུ་བསྲེག་པ་ནི། ནུབ་ཐ་མའི་ཚེ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བྱུང་བས་ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་འཁོར་བའི་ཆོས་ཐམས་ཅད་དམིགས་མེད་ཀ་དག་གི་དབྱིངས་སུ་སྦྱངས་པར་བསམས་ལ་མེ་སྦར་ཞིང་། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །བདག་འཛིན་ཕུང་པོའི་བུད་ཤིང་ལ། །ཤེས་རབ་ཡེ་ཤེས་མེ་སྦར་ཏེ། །ཚེ་འདས་ཉོན་མོངས་བག་ཆགས་བསྲེག །འདི་ནི་སྐྱེ་འགག་སྨོན་པ་དང་། །གནས་མེད་མཚན་མ་མེད་པའི་མེ། །འདི་ནི་རང་བྱུང་ཡེ་ཤེས་མེ། །བདག་འཛིན་མཚན་མའི་རྟོག་པ་བསྲེག །དོན་ལ་བསྲེག་བྱ་སྲེག་བྱེད་ཀུན། །བྱ་རྩོལ་མེད་པར་ཡེ་སངས་རྒྱས། །འབད་མེད་ལྷུན་གྲུབ་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་དེར་སྣང་ངོ་། །ཡིག་བརྒྱའི་མཐར་ཨགྣི་ཛྭ་ལ་རཾ་ཞེས་ཟག་བཅས་ཀྱི་ཕུང་པོ་ཟག་མེད་དུ་བསྒྱུར་བར་བྱའོ། །སྐབས་འགའ་ཞིག་ཏུ་གསོན་པོའི་སྒྲིབ་སྦྱོང་ལ་ཡང་གནས་ལུང་གི་ཆོ་ག་འདི་ཉིད་སྦྱར་བར་བྱེད་མོད། སྤྱིར་ནི་གསོན་པོ་ལ་དམིགས་ཡུལ་ཉིད་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བ་ཁོ་ན་སྐབས་དེའི་སྒྲིབ་སྦྱོང་གི་ངོ་བོ་ཡིན་པས་དེ་ལྟར་བྱས་པས་འགྲུབ་ལ། འོན་ཀྱང་གནས་ལུང་གི་ཆོ་ག་དང་སྦྲེལ་བར་སྤྲོ་ན། དམིགས་བྱ་གམ་དུ་ཡོད་པ་ལ་ནི་རྟེན་བསྐྱེད་པ་དང་རྣམ་ཤེས་དགུག་པ་དོར་ལ། དེ་ཕྱིན་གྱི་བགེགས་སྦྱོང་བ་ནས་ལམ་སྦྱོང་བསྟན་གྱི་བར་ཚེ་འདས་ཞེས་པ་རྣམས་སྐལ་ལྡན་དུ་བསྒྱུར་ཞིང་གཞན་ཆོ་གའི་ཆིངས་སྔ་མ་ཁོ་ནས་ཤེས་པར་འགྱུར་བ་དང་། བྱང་བུ་བསྲེག་པའི་དོད་དུ་དམིགས་བྱའི་སྐྲ་སེན་སོགས་སྡིག་སྒྲིབ་རྣམ་སྨིན་གྱི་ཕུང་པོར་དམིགས་ནས་སྲེག་སྦྱོང་བྱ། དམིགས་ཡུལ་ས་ཕྱོགས་གཞན་དུ་གནས་པ་ཡིན་ན་ནི། དམིགས་རྟེན་གྱི་བྱང་བུ་བཤམ་པ་དང་སྐྱེད་འགུགས་མཐར་བསྲེག་པ་སོགས་ཀྱང་བཤད་མ་ཐག་པ་ལྟར་བྱའོ། །འགའ་ཞིག་འདི་ལྟར་མི་རུང་བར་སེམས་པ་དག་མཆིས་མོད། དེ་ལྟར་ན་དགྲ་བོའི་ལིངྒ་ལ་རྣམ་ཤེས་བཀུག་ནས་ཁ་སྦྱོར་དབྱེ་བ་སོགས་མངོན་སྤྱོད་ཀྱི་ལས་རབ་འབྱམས་རྒྱལ་བས་རྒྱུད་སྡེ་རྣམས་སུ་གསུངས་པ་དོན་མེད་དུ་ཐལ། གསོན་པོའི་རྟེན་ཅན་ལ་གནོད་བྱེད་དུ་མི་འགྱུར་བའི་ཕྱིར། དེས་གནོད་བྱེད་དུ་འགྱུར་ན་འདིར་དམིགས་བྱ་གསོན་པོ་དངོས་དང་དེའི་རྟེན་ལ་རྣམ་ཤེས་དགུག་ཅིང་སྡིག་སྒྲིབ་སྦྱོང་བ་དང་དབང་བསྐུར་བ་སོགས་ཕན་བྱེད་ཀྱི་ཆོ་གས་ཕན་པར་མི་འགྱུར་བའི་ངེས་པ་ཅི་ཞིག་ཡོད། ཕན་གནོད་ཀྱི་བསམ་པ་དང་ཐབས་སོ་སོའི་འབྲས་བུ་འབྲེལ་བར་གྲུབ་པ་ཐམས་ཅད་མཁྱེན་པའི་ལུང་གིས་བསྟན་པའི་ཕྱིར། དེས་ན་ཆོ་ག་འདི་ལྟ་བུ་སྒྲུབ་པ་དག་ལ་ཀླན་ཀ་མི་བྱ་སྟེ་ཆོས་དང་མཐུན་པའི་རྒོལ་བ་མི་འཇུག་པའི་ཕྱིར་དང་། གསོན་བྱང་གི་ཆོ་ག་དུ་མ་ཨོ་རྒྱན་ཆེན་པོའི་ཟབ་གཏེར་ལས་ཀྱང་འབྱུང་བས་སོ། ༈ །གཉིས་པ་སྦྱིན་སྲེག་གི་ཆོ་ག་ནི། གང་དུ་བྱ་བའི་གནས་དེར་གཞི་བདག་ལ་གཏོར་མ་བྱིན་ནས་བཀའ་བསྒོས། རྡོ་རྗེ་དང་བཅས་པའི་ལག་གཡས་པ་ས་ལ་བཞག་སྟེ་རྩ་སྔགས་བརྒྱ་རྩ་བཟླས་པས་བྱིན་གྱིས་བརླབས་ནས་སྟོང་ཉིད་དུ་རྒྱས་བཏབ། ཐབ་སྟེགས་གྲུ་བཞི་པ་བ་བྱུང་གིས་བྱུགས་པའི་ཁར། བྲིས་ཐབ་ལ་ཚངས་ཟུར་གྱི་ཐིག་བཏབ། རྒྱར་ཁྲུ་གང་། མཆུ་དང་ཁ་ཁྱེར་ལ་སོར་བཞི་རེ། ནང་དུ་ཆ་ཕྲན་གཅིག་པའི་རྡོ་རྗེའི་ཕྲེང་བས་བསྐོར་བའི་པདྨ་འདབ་བརྒྱད་ལྟེ་བར་རྡོ་རྗེས་མཚན་པ། ཕྱིའི་གྲ་བཞིར་ཟླ་ཕྱེད་རྡོ་རྗེས་སྤྲས་པ། ཁ་དོག་ཐམས་ཅད་ཀུན་ནས་དཀར་པོར་བྱས་པའི་ཕྱིར་བ་བྱུང་བདུད་རྩི་ལྔ་དྲི་བཟང་དང་བཅས་པས་བྱུགས། མེ་ཏོག་དཀར་པོ་བཅལ་དུ་དགྲམ། ཚེར་མ་དང་སྲོག་ཆགས་མེད་པའི་ཤིང་དྲི་ཞིམ་པ་ཇི་ལྟར་རིགས་པ་བརྩིག །སློབ་དཔོན་གྱི་གཡོན་ཕྱོགས་ཐབ་དང་ཉེ་བར་མཆོད་རྫས་དང། བསྲེག་རྫས་རྣམས་རིམ་པ་ཇི་ལྟ་བར་ཉིས་རིམ། མདུན་དུ་བསང་ཆུ་རྡོར་དྲིལ་དགང་བླུགས་ནང་མཆོད་རྣམས་བཤམ། སློབ་དཔོན་ཆས་གོས་དཀར་པོ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་འཇམ་པའི་སྟན་ལ་ཁ་ཤར་དུ་ཕྱོགས་པས་འཁོད་དེ། ཆོ་ག་དངོས་ལ། རྡོར་དྲིལ་བཟུང་སྟེ་སྔགས་རྒྱས་དམ་ཚིག་གསུམ་དྲན་པར་བྱས། མཆོད་རྫས་རྣམས་སྔར་བཞིན་བྱིན་གྱིས་བརླབས། བསྲེག་རྫས་རྣམས་བདུད་རྩིས་བྲན་ལ། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ཨོཾ་སྭཱ་ཧཱས་རྫས་རྣམས་བཀྲུ །ཡམ་ཤིང་ལ་ཨོཾ་ཨཱཿསྭཱ་ཧཱ། ཞུན་མར་ལ་ཨོཾ་ཤྲཱིཾ་སྭཱ་ཧཱ། འབྲུ་རྣམས་ལ་ཨོཾ་ཛྲིཾ་སྭཱ་ཧཱ། རྫས་གཞན་རྣམས་ལ་ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་བསྲེག་རྫས་སོ་སོའི་རྣམ་པར་གསལ་བར་གྱུར། འབྲུ་གསུམ་དང་རྫས་སྔགས་རྣམས་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབ། ཨོཾ་ཨགྣི་ཛྭ་ལ་རཾ། ཞེས་པས་དུ་བ་མེད་པར་འབར་བའི་མེ་གཡས་སུ་བསྐོར་ནས་ཐབ་ཏུ་བཅུག །ཧཱུྃ་བརྗོད་ཅིང་རླུང་གཡབ་ཀྱིས་མེ་སྦར། ཨོཾ་ཨགྣི་སྭཱ་ཧཱ། ཞེས་བླུག་གཟར་གྱིས་མར་ཁུའི་ཐིགས་པས་གསོ། ཨོཾ་བཛྲ་སཏྭ་ཨཱཿ ཞེས་བཟླས་པའི་ཀུ་ཤ། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་ཅོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ། ཞེས་པས་ཐབ་ཀྱི་ཁར་གཡོན་ནས་བརྩམས་ཏེ་གཡས་བསྐོར་དུ་དགྲམ། ཐབ་བསང་སྦྱང། སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་ཟླུམ་ཞིང་དཀར་བ་མཚན་ཉིད་ཐམས་ཅད་ཚང་བའི་དབུས་སུ་པད་ཟླ་ལ་གནས་པའི་རཾ་ལས་ཞི་བའི་མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་དབྱུག་པ་དང་བགྲང་ཕྲེང། གཡོན་གཉིས་རིལ་བ་དང་སྐྱབས་སྦྱིན་མཛད་པ། དྲང་སྲོང་གི་ཆ་བྱད་ཅན་འཁོར་ཚོགས་དུ་མས་བསྐོར་བའི་གནས་གསུམ་བྱིན་གྱིས་བརླབས་ཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས་པར་མོས་ལ། ཨོཾ། ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨགྣ་ཡེ་ཨཱ་ཀརྵ་ཡ་ཛཿ ཞེས་པས་སྤྱན་དྲངས། ལས་སྔགས་ཀྱིས་ཕྱི་འབྲང་གི་བགེགས་བསྐྲད། ཨོཾ་ཨགྣི་དེ་ཝ་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན་དང་། པཱ་དྱཾ་གིས་ཞབས་བསིལ་ཕུལ། ཨོཾ་ཨགྣ་ཡེ་ས་མ་ཡ་སཏྭཾ། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དེ་ནས་མེ་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པར་བསམས་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་དང་། མར་ཁུ་བླུགས་གཟར་བདུན་གྱིས་བཀང་བའི་དགང་གཟར་གྱི་ཟག་མཆུ་ལས་བབས་པའི་མར་ཁུ་བདུད་རྩིའི་དྭངས་མར་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་པར་བསམས་ལ། ཨོཾ་ཨགྣ་ཡེ་དཱི་བྱ་དཱི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཧྣ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་དུ་དབུལ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། །ཞེས་གསོལ་ཞིང་མེ་སྤྲ་བརྟག །ཨོཾ་ཨགྣ་ཡེ་ས་པཱ་རི་བཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨོཾ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་གསལ་མཛད་པ། །བདག་གཞན་དོན་སྒྲུབ་ས་ལ་བཞུགས། །འཛིན་བྱེད་མེ་ལྷ་ཉིད་ལ་བསྟོད། །དེ་ནས་རྫས་རྣམས་རིམ་བཞིན་འབུལ་བ་ལས། ཡམ་ཤིང་། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མར་ཁུ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། འབྱོར་པ་ཕུན་སུམ་ཚོགས་པ་ལ༴ འགྲེའོ། ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། སྡིག་པ་ཐམས་ཅད་ཤཱིནྟཾ༴ ཞོ་ཟན། ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། བདེ་བ་ཕུན་སུམ་ཚོགས་པ་ལ༴ འབྲས། ཨོཾ་བཛྲ་པུཥྚཱ་ཡ་སྭཱ་ཧཱ། བསོད་ནམས་ཕུན་སུམ་ཚོགས་པ་ལ༴ སོ་བ། ཨོཾ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ༴ ནས། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ཤུགས་ཕུན་སུམ་ཚོགས་པ་ལ༴ སྲན་མ། ཨོཾ་མ་ཧཱ་བ་ལ་ཡ་སྭཱ་ཧཱ། སྟོབས་ཕུན་སུམ་ཚོགས་པ་ལ༴ གྲོ །ཨོཾ་བཛྲ་གྷསྨ་རྻཻ་སྭཱ་ཧཱ། ནད་མེད་པ་ཕུན་སུམ་ཚོགས་པ་ལ༴ དཱུརྦ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་རིང་བ་ཕུན་སུམ་ཚོགས་པ་ལ༴ ཀུ་ཤ །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། སྲུང་བ་ཕུན་སུམ་ཚོགས་པ་ལ༴ ཞེས་འབུལ། གཞན་ཡང་བསྲེག་རྫས་ཅི་འབྱོར་བ་ཨགྣ་ཡེ་དཱི་བྱ་ཞེས་པའི་སྔགས་ཀྱིས་དབུལ། དེ་ནས་ཡུངས་ཀར་ཐབ་ཏུ་གཏོར་ཏེ། དྲང་སྲོང་ཆེན་པོ་འཁོར་དང་བཅས་པས་བསྲེག་རྫས་ལྷའི་ཞལ་དུ་སྟོབ་པ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ཏེ། བདག་གི་སྡིག་སྒྲིབ་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་གསོལ་ལ། ཨོཾ་བཛྲ་ཛྭ་ལ་རཾ་གྱིས་མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ་མོ། །འདས་པའི་མེ་ལྷ་མཆོད་པ་ནི། སྔ་མ་བཞིན་དུ་མེ་བསང་ཏེ། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་སོགས་བརྗོད་པས་སྟོང་པར་སྦྱང་། སྟོང་པའི་ངང་ལས་ཐབ་ཀྱི་དབུས་སུ་ཨེ་ལས་ནམ་མཁའི་དཀྱིལ་འཁོར་ཆོས་ཀྱི་འབྱུང་གནས་ཞེས་སོགས་ནས། ཐུགས་རྗེ་ཆེན་པོའི་རྐྱེན་ཇི་ལྟ་བར་འཆར་བའི་བདག་ཉིད་ཅན་དུ་གསལ་བའི་བར་གྱིས་མདུན་བསྐྱེད་གསལ་བཏབ། གནས་གསུམ་བྱིན་བརླབ་དང་ཡེ་ཤེས་པ་སྤྱན་འདྲེན་དབང་བསྐུར་རྣམས་སྔར་བཞིན་བྱ། སྒྲུབ་མཆོད་དང་འབྲེལ་བ་ལ་ནི། མངོན་རྟོགས་ཀྱི། རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ་བྱུང་བའི་སྟེང་དུ་པདྨ་དང་ཟླ་བའི་གདན་བཀྲ་ལམ་གྱིས་གསལ་བར་གྱུར། ཨོཾ༔ ཕྱོགས་བཅུ་ཀུན་ན་སྔགས་བཅས་བརྗོད། སྒྲུབ་དཀྱིལ་ལས་མེ་ཏོག་གིས་མཚོན་པར་སྤོས་དང་རོལ་མོ་བཅས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ༔ ཡིག་བརྒྱ་ཚར་གཅིག །ཐབ་ཀྱི་དཀྱིལ་འཁོར་གྱི་དབུས་སུ་བཞུགས་པ་ནི་བླ་མ་དང་གཉིས་སུ་མེད་པའི་སོགས་ནས། གསལ་བར་གྱུར། ཅེས་ཐབ་ཏུ་བཞུགས་སུ་གསོལ་ཞིང་གསལ་གདབ་པ་ཙམ་ཁྱད་པར་རོ། །གང་ལྟར་ཡང་ཕྱག་ནས་བཟུང་བསྟོད་པའི་བར་དཀྱུས་བཞིན་བྱས་ནས། དགང་བླུགས་འབུལ་བ་ནི། དཀྱིལ་འཁོར་གྱི་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཞེས་པ་ནས་ཕྲིན་ལས་གསོལ་བའི་བར་འཇིག་རྟེན་པའི་སྐབས་བཞིན་ལས་ཡི་གེ་དྲུག་པས་འགེངས་པ་དང་ཡིག་བརྒྱས་འབུལ་བ་ཙམ་ཁྱད་པར་རོ། །བསྲེག་རྫས་འབུལ་བ་ནི། ཡམ་ཤིང་ནས་བཟུང་ཀུ་ཤའི་བར་རྫས་སྔགས་སྤེལ་ཚིག་རྣམས་སྔར་བཞིན་བརྒྱ་རྩ་སོགས་དང་བསྲེག་རྫས་གཞན་ཡོད་ན་ཡང་ཕུལ་བའི་མཐར། ཡུངས་ཀར་ལ་ཡིག་བརྒྱ་བཟླས་པ་ཐབ་ཏུ་གཏོར་ལ་དགང་བླུགས་འབུལ་སྐབས་བཞིན་ཕྲིན་ལས་གསོལ་བ་རྣམས་བྱའོ། །དེ་ནས་གོང་བཞིན་དགང་བླུགས་ཕུལ། གཏང་རག་གི་མཆོད་བསྟོད་དང་ནོངས་པ་བཟོད་པར་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྡུ། སྒྲུབ་མཆོད་སྐབས། བཟོད་གསོལ་རྗེས། བཛྲ་མུཿ ཐབ་ཀྱི་ལྷ་ཚོགས་རྣམས་དཀྱིལ་འཁོར་པའི་ཐུགས་ཀར་གཤེགས་པར་གྱུར། ཅེས་ཡེ་ཤེས་པ་དཀྱིལ་འཁོར་དུ་གཤེགས་ཤིང་ཚོམ་བུ་སླར་སྤྱན་དྲང་། དམ་ཚིག་པ་རང་ལ་བསྡུ། གཉིས་ཀའི་མཐར། བླུགས་གཟར་གྱིས་མར་ཁུ་དང་ཛྭ་ལའི་སྔགས་ཀྱིས་མེ་གསོ་ཞིང་། སླར་ཡང་མེ་ལྷ་ཆ་བྱད་ཡོངས་སུ་རྫོགས་པ་སྐད་ཅིག་གིས་གསལ་བར་གྱུར་པ་ལ་དགང་བླུགས་དང་བསྲེག་རྫས་སྔར་ལྟར་ཕུལ། གཏོར་མ་ཨགྣིའི་མཐར་ཨ་ཀཱ་རོ་བཏགས་པས་ཕུལ་ལ། མེ་སྟེ་བསྲེག་བྱ་སོགས་ཀྱིས་བསྟོད་ཅིང་ཕྲིན་ལས་བཅོལ། ཡིག་བརྒྱ་བཟླ་ཞིང་ནོངས་པ་བཤགས། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱེད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་སྤྱོན་ལ། །བདག་གི་འདོད་པ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་གཙྪ་ཞེས་རང་གནས་སུ་གཤེགས་སུ་གསོལ། ཨ་ཀཱ་རོ་བརྗོད་ཅིང་འོ་མ་དང་དྲི་བཟང་གི་ཆུས་མེ་བཏུལ། ལས་རྗེས་མི་མངོན་པར་བྱས་ལ་དགེ་བ་བསྔོ་ཞིང་བཀྲ་ཤིས་བརྗོད་པར་བྱའོ། །ད་ནི་དེ་ལ་རོ་སྲེག་གི་ཆོ་གའི་ཁྱད་པར་ནི། སྔར་བཤད་པའི་བྲིས་ཐབས་ཀྱི་ཁར་ཕ་གུ་སོགས་ཀྱི་རོ་ཁང་རྒྱར་ཁྲུ་གང་གི་ཚད་དང་དཔངས་སུ་ཇི་ལྟར་རིགས་པ་བརྩིག །སྤར་བྱེད་ཀྱི་མེ་ཚང་མཆོད་བསྲེག་གི་རྫས་རྣམས་ཚོགས་པར་འདུ་བྱས་ལ། གནས་ལུང་དངོས་གཞིའི་ལམ་སྦྱོང་བསྟན་ཡན་ཆད་སོང་བ་ན་རོ་ཁང་རྙིང་པ་ལས་གུད་དུ་ཕྱུངས་ཏེ། སྔར་བཞིན་བགེགས་ལ་གཏོར་མ་བཏང་ནས་དྲག་སྔགས་བཟླ་ཞིང་རོལ་མོ་དང་བཅས་པས་རྟེན་ལ་ཡུངས་ཐུན་གྱིས་བྲབས་གུ་གུལ་གྱིས་བདུག་པ་སོགས་བྱས་ལ་བགེགས་བསྐྲད། སྒྲིབ་སྦྱོང་གི་སྔགས་བཟླས་པའི་བྱེ་ཡུངས་ཀྱིས་བྲབ་ཅིང་བུམ་ཆུས་བཀྲུ །དྲི་བཟང་གིས་བྱུགས། སྟོད་གཡོགས་དང་སྨད་གཡོགས་དཀྲི །གནས་གསུམ་སོགས་སུ་བཏགས་གྲོལ་དང་གདག་ཡིག་གི་རིམ་པ་ཅི་འབྱོར་བཏགས་སྐད་ཅིག་གིས་རྡོར་སེམས་སུ་བསྐྱེད། ཅུད་ཟད་མཆོད་ཅིང་བསྟོད་ནས་རས་སོགས་སྟན་སྲབ་མོའི་ཁྱོགས་ལ་བཏེགས་ནས་རོལ་མོ་དང་བཅས་པས་ཐབ་ཀྱི་ནང་དུ་ཅུང་ཟད་རྒུ་བར་བཞག་པའི་མདུན་ངོས་སུ་ཤིང་ཕྲ་བ་དང་རྒྱབ་རྣམས་ཅུང་ཟད་སྦོམ་པས་གཅེར་བའི་ཕྱིའི་མདུན་གྱི་རྩ་བར་སྤར་ཁུང་། སྐེད་པར་རྫས་ཁུང་། སྟེང་དུ་དུད་ཁུང་རྣམས་མ་གཏོགས་གཞན་ཐམས་ཅད་མཛེས་ཤིང་བརྟན་པར་བརྩིག །དཀར་རྩིས་བྱུག་ཅིང་གདུགས་དབུབ་པ་སོགས་བྱ། བདག་བསྐྱེད་སོགས་སྔར་བཞིན་ལས་མེ་སྤར་བ་ན་ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ་སོགས་བརྗོད། གང་ཟག་མཆོག་ཡིན་ན་རྟེན་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་དུ་བྱ་ཞིང་དམན་པ་ལ་ཤ་ཁྲག་བདུད་རྩིའི་རང་བཞིན་གྱི་མཆོད་རྫས་སུ་དམིགས་པ་ཡིན་ལ། སྤེལ་ཚིག་ཀྱང་དེས་རིགས་འགྲེ་སྦྱར་བས་བསྒྱུར་ཞིང་། ཆོ་ག་གཞན་ནི་སྔར་གྱི་དཀྱུས་བཞིན་རྫས་རྣམས་འབུལ་བ་ན། དམིགས་ཡུལ་རྗེས་སུ་དྲན་པས་དེ་ལ་ཕན་པའི་བསམ་པས་སྔགས་བཟླས་ཤིང་སྦྱིན་སྲེག་བྱས་པས་བདག་དང་ལྷ་དང་མཆོད་རྫས་དང་མེ་ལས་ཡེ་ཤེས་ཀྱི་འོད་ཟེར་དཀར་པོ་འཕྲོས་དམིགས་ཡུལ་ལ་ཐིམ་པས་དེའི་སྡིག་སྒྲིབ་ཀྱི་ཉེས་པ་ཐམས་ཅད་སེལ་བར་བསམ་པ་ཡིན་ཏེ། ངན་སོང་རྒྱུད་ན་གནས་པ་ཡི། །སེམས་ཅན་རྗེས་སུ་དྲན་བྱེད་ཅིང་། །ཞེས་དང་། བཟླས་དང་སྦྱིན་སྲེག་ཉིད་བྱེད་ཅིང་། །འོད་ཟེར་སྤྲིན་གྱིས་དེ་ལུས་ལ། །འཕྲོ་བར་གྱུར་པར་རྣམ་བསྒོམ་སྟེ། །རྟག་ཏུ་ཤར་བལྟས་འོད་ཟེར་གྱིས། །ཉེས་པ་ཐམས་ཅད་སེལ་བྱེད་པ། །ཞེས་སོགས་ཆོ་ག་འདི་ཉིད་སྟོན་པའི་རྒྱུད་ལས་གསུངས་སོ། ༈ །གསུམ་པ་སཱཙྪ་གདབ་པའི་ཆོ་ག་ནི། དེ་ལྟར་རོ་བསྲེགས་ཚར་བའི་རྗེས་སུ་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་བཛྲ་སཾ་ཧ་ར་ཎ་ཧཱུྃ་ཞེས་རུས་བུ་རྣམས་བསྡུས་ལ་རིན་པོ་ཆེ་སོགས་ཀྱི་སྣོད་དུ་བཞག །དེའི་སྟེང་དུ་མཉྫའི་ཁར་རིན་པོ་ཆེའི་བུམ་པ་སྨན་དང་དྲི་བཟང་གི་ཆུས་གང་བ་དང་། ཉེ་ལོགས་སུ་བ་བྱུང་ལྔའི་སྣོད་དང་ག་པུར་གུར་གུམ་སོགས་དྲི་བཟང་གི་ཆུའི་སྣོད་ཀྱང་སོ་སོར་བཤམ། རུས་བུའི་སྟེང་དུ་ཟླ་བ་ལ་གནས་པའི་ཨ་དཀར་པོ་འོད་ཟེར་འཕྲོ་བ་དེ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་སྦྱང་པར་བསམས་ལ་ཡིག་བརྒྱ་དང་ངན་སོང་སྦྱོང་བའི་སྔགས་མང་དུ་བཟླས་ནས་བུམ་ཆུ་ལ་སོགས་པའི་རྫས་ཐམས་ཅད་ལ་གདབ་ཅིང་རུས་བུ་རྣམས་དག་པར་བཀྲུ །དེ་ཉིད་ཞིབ་པར་སྦྱངས་ནས་སྔར་གྱི་བུམ་ཆུ་དང་བ་བྱུང་ལྔ་རྣམས་ལྷན་ཅིག་ཏུ་སྦྱར་བ་སླར་ཡང་དྲི་བཟང་དང་ས་བཟང་པོའི་འཇིམ་པ་རྣམས་བསྲེས་པས་སྙིང་པོ་བཟླ་བཞིན་པས་བརྫིས་ལ། འཇིམ་པ་རིན་པོ་ཆེའི་ཕུང་པོར་བསམས་ཏེ་རང་གི་ཐུགས་ཀའི་འོད་ཟེར་གྱིས་འོག་མིན་དུ་རྣམ་པར་སྣང་མཛད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་བྱུང་བས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་སྦྱངས་འཇིམ་པ་ལ་ཐིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པར་བསམས་ལ་ལག་གཡོན་པའི་མཐེའུ་ཆུང་མཐེ་བོས་མནན་པ་གྱེན་བསྟན་དང་། གཡས་པའང་དེ་བཞིན་དུ་ཁ་སྦུབ་པའི་བར་དུ་འཇིམ་པ་བཞག་ལ་རྣམ་སྣང་གི་གཟུངས་རིང་ངའམ། ཡང་ན། ཨོཾ་ཛི་ན་ཛིཀ྄་སྭཱ་ཧཱ། ཡེ་ཤེས་རྡུལ་བྲལ་དུ་བསམས་ལ་སྣུམ་བྱུག །ཨོཾ་དྷརྨ་དྷཱ་ཏུ་གརྦྷ་སྭ་ཧཱ། ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་རྙེད་པར་བསམ་ཞིང་བརྐོས་ཕོར་དུ་བཅུག །ཨོཾ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། སངས་རྒྱས་ཐམས་ཅད་ཀྱི་ཕྱག་རྒྱས་བཏབ་པར་བསམས་ལ་གདབ། ཨོཾ་སརྦ་བིདྱཱ་སྭཱ་ཧཱ། ཡེ་ཤེས་ཀྱི་སྙིང་པོ་ཁོང་དུ་ཆུད་པར་བསམས་ལ་གུར་གུམ་གྱིས་བྲིས་པའི་ཡིག་བརྒྱ་དང་རྟེན་འབྲེལ་སྙིང་པོ་གཟུངས་སུ་གཞུག །ཨོཾ་དྷརྨ་ར་ཏི་སྭཱ་ཧཱ། ཆོས་སྐུ་ལས་གཟུགས་སྐུར་གྲུབ་པར་བསམ་ཞིང་ཕྱིར་འདོན། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ། སངས་རྒྱས་ཐམས་ཅད་དེ་ལ་བརྟན་པར་བཞུགས་པར་བསམས་ལ་མེ་ཏོག་འཐོར་ཞིང་རབ་ཏུ་གནས་པར་བྱའོ། །ཅུང་ཟད་རྒྱས་པར་སྤྲོ་ན་བདག་བསྐྱེད་སྔོན་དུ་འགྲོ་བས་རྟེན་གྱི་བགེགས་སྦྱོང་བ་དང་། ཁྲུས་གསོལ་ནས་རྣམ་སྣང་དམ་ཚིག་པར་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་ཞིང་དབང་བསྐུར། མཆོད་པ་དང་བསྟོད་པ་བྱས་ནས་རང་གཟུགས་སུ་བསྒྱུར་ནས་བརྟན་བཞུགས་དང་ཤིས་བརྗོད་བྱའོ། །ཆོ་ག་དེ་ལྟ་བུའི་སྒོ་ནས་མཆོད་རྟེན་གཅིག་བཏབ་པས་བྱེ་བ་སྙེད་བཏབ་པར་འགྱུར་ཞིང་ཐམས་ཅད་དུ་སྐྱེ་བ་དྲན་པར་འགྱུར་རོ། །ཡང་མཆོད་རྟེན་གདབ་པ་དེ་དང་འབྲེལ་བར་སེམས་ཅན་ལ་ཕན་གདགས་པར་སྤྲོ་ན། མཆོད་རྟེན་གྱི་བྱ་བ་རྫོགས་པའི་འོག་ཏུ་བདག་ཉིད་རྡོ་རྗེ་སེམས་དཔའི་ཏིང་འཛིན་ལས་སྙིང་གའི་སྔགས་ཀྱི་འོད་ཟེར་གྱིས་དམིགས་ཡུལ་གྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམས་ལ་ཡི་གེ་བརྒྱ་པ་དམིགས་ཡུལ་གྱི་མིང་ནས་སྨོས་པའི་སྒྲིབ་སྦྱོང་གི་སྤེལ་ཚིག་ཅན་འབུམ་ཕྲག་གཅིག་བཟླ་ཞིང་དཀོན་ཅོག་ལ་མཆོད་པ་དང་། འགྲོ་ལ་སྦྱིན་གཏོང་གི་དཔུང་བསྐྱེད་པ་རྣམས་བྱས་ན་དམིགས་ཡུལ་དེ་ངན་སོང་གི་སྡུག་བསྔལ་ལས་ཐར་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་ཤིང་། དེའི་ཐབས་ནི་གཞན་དུ་ཤེས་པར་བྱའོ། །མཆོག་ཏུ་མི་འགྱུར་བདེ་ཆེན་རྡོ་རྗེའི་སེམས། །རིགས་བརྒྱའི་ཁྱབ་བདག་དེ་ཡི་དཀྱིལ་འཁོར་ཆེ། སྒྲུབ་པའི་ཐབས་ཚུལ་ཀུན་གྱི་སྙིང་པོའི་དཔྱིད། །སྐལ་བཟང་འདོད་པ་འཇོ་བ་ཟབ་མོའི་གཏེར། །སྙིང་པོའི་དཀྱིལ་འཁོར་གསང་བ་མཆོག་གི་སྒོར། །ཐར་འདོད་མྱུར་བདེར་འཁྲིད་པ་རྣམ་གྲོལ་གྱི། །ལམ་བཟང་བསྙེན་སྒྲུབ་ཕྲིན་ལས་རིམ་པ་ཡིས། །སྟོན་པའི་ངོ་མཚར་རིག་འཛིན་ཀུན་དགའིི་སྐྱེས། རྣམ་འདྲེན་སྤྲུལ་སྐུ་ཆོས་ཀྱི་དབང་པོའི་སྡེ། །སྐད་གཉིས་སྨྲ་བའི་རིག་འཛིན་ཆོས་ཀྱི་དཔལ། །གྲུབ་ཐོབ་མི་ཕམ་ཆོས་སྐྱོང་རྒྱལ་མཚན་ཅན། །ཤེས་རབ་འོད་ཟེར་ཨོ་རྒྱན་དཔལ་འབྱོར་གྲགས། །བློ་གསལ་རྒྱ་མཚོ་ཨོ་རྒྱན་ཕུན་ཚོགས་དང་། །ངག་དབང་ཕྲིན་ལས་སོགས་ཏེ་དོན་གཉེར་ཅན། །དུ་མས་དོན་གཉིས་སྒྲུབ་ཕྱིར་ཡང་དང་ཡང་། །འབད་པ་ཆེན་པོས་བསྐུལ་བ་དོན་ཡོད་ཕྱིར། །གཏེར་གཞུང་རྡོ་རྗེའི་ཚིག་གི་ལྟེ་བ་རུ། །འཐད་ལྡན་གཞུང་གི་རྩིབས་སྟོང་རྣམ་པར་བཀྲ །ཟབ་དོན་སྙིང་པོར་འཁྲིལ་བའི་མུ་ཁྱུད་ཅན། །སྲིད་ལས་རྣམ་རྒྱལ་བྱེད་དེ་འདི་ན་ཤར། །བསོད་ནམས་འདི་ལས་བདེ་གཤེགས་སྙིང་པོའི་འབྲས། །དབང་བཞིའི་ཆུ་བོས་རིམ་གཉིས་འཛིན་མའི་ལྟོར། །སྨིན་པའི་ངོ་མཚར་སྐུ་བཞིའི་དཔག་བསམ་ཤིང་། །ལུས་ཅན་ཀུན་གྱི་ཉེར་འཚོའི་གཞིར་གྱུར་ཅིག །དཔལ་རྡོ་རྗེ་སེམས་དཔའི་ཐུགས་ཀྱི་སྒྲུབ་པའི་བསྙེན་སྒྲུབ་ཕྲིན་ལས་ཀྱི་ཆོ་ག་རྣམ་པར་གྲོལ་བའི་ལམ་བཟང་ཞེས་བྱ་བ། རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོར་སྦྱར་བའི་ཡི་གེ་པ་ནི་དགེ་སྦྱོང་བློ་གསལ་རྒྱ་མཚོས་བགྱིས་པའོ།། །།ཞེས་གཏེར་ཆེན་རིན་པོ་ཆེས་མཛད་པའི་གཞུང་དང་། རྒྱལ་སྲས་རིན་རྣམ་ལྷན་ཐབས་བཅས་བློ་དམན་དཔེ་ཁྱེར་མཁན་ལ་ཕན་པའི་སླད་དུ་ནག་འགྲོས་སུ་བསྡེབས། གསལ་བྱེད་ཕྲན་བུས་ཀྱང་བརྒྱན་ཏེ་པདྨའི་རྗེས་འཇུག་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ དབང་གི་སྔོན་འགྲོ་ (Volume 24, Text 4)
ྈ དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ དབང་གི་སྔོན་འགྲོ་བཞུགས་སོ༔ ྈྈྈྈ རང་བྱུང་ཐུགས་རྗེའི་ལྷ་ལ་འདུད༔ དེ་ནས་དཀྱིལ་འཁོར་ཆས་རྣམས་ཀུན༔ ལྷ་ཚོགས་སོ་སོའི་སྒྲུབ་གཞུང་བཞིན༔ ལེགས་གྲུབ་ལས་བྱང་ནར་མར་བཏང༔ དེ་ནས་སློབ་མ་ཐམས་ཅད་ཀུན༔ དཀྱིལ་འཁོར་ཕྱི་རོལ་ཁྲིད་ལ་ལས་བུམ་གྱིས༔ ཁྲུས་བྱས་མཎྜལ་ཕུལ་ལ་གྲལ་དུ་འཁོད༔ དེ་ནས་དཀྱིལ་འཁོར་ཤར་ཕྱོགས་སུ༔ ཞི་བའི་ཐབ་ཁུང་ཟླུམ་པོ་བརྩིགས༔ རང་གཞན་ནད་གདོན་འགལ་རྐྱེན་དང༔ སྡིག་སྒྲིབ་བཀྲ་མི་ཤིས་ཀུན་ཞི་བའི་ཕྱིར༔ ཞི་བའི་སྦྱིན་སྲེག་གཞུང་བཞིན་བྱ༔ དེ་ནས་འཕགས་པའི་གཞུང་ལུགས་བཞིན༔ སྐྱབས་སེམས་བཀའ་བསྒོ་སྲུང་འཁོར་བསྒོམ༔ དེ་ནས་མཎྜལ་ཕུལ་ཞིང་འདི་སྐད་ཞུ༔ ཀྱཻ༔ བླ་མ་རྡོ་རྗེ་འཛིན་པ་དགོངས༔ སྐྱབས་མཆོག་ཀུན་འདུས་ཆེ་བའི་མཆོག༔ འཁོར་བའི་སྲིད་མཚོ་སྒྲོལ་བའི་ཕྱིར༔ ཐུགས་རྗེས་ཉེ་བར་བརྩེར་དགོངས་ལ༔ ལུས་ངག་ཡིད་གསུམ་བྱིན་གྱིས་རློབས༔ དེ་ནས་སློབ་དཔོན་གྱིས༔ ཨེ་མ་སྐལ་ལྡན་བུ་མཆོག་རྣམས༔ ཁྱེད་རྣམས་དཀྱིལ་འཁོར་འདིར་ཞུགས་ཤིན་ཏུ་ལེགས༔ ད་ནི་དད་གུས་རབ་སྐྱེད་ལ༔ དགའ་དང་དད་དང་འདུན་པ་གྱིས༔ ཅི་ཕྱིར་རྣམ་སྣང་མངོན་འབྱུང་རྒྱུད་ལས་ཀྱང༔ འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས༔ ཨུ་དུམ་ཝཱ་རའི་མེ་ཏོག་བཞིན༔ བརྒྱ་ལམ་ན་ནི་རེས་འགའ་ཞིག༔ འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༔ གསང་སྔགས་སྤྱོད་པའི་ཚུལ་མཆོག་ནི༔ དེ་བས་ཀྱང་ནི་དཀོན་པ་སྟེ༔ བསྐལ་པ་བྱེ་བ་དུ་མར་ཡང༔ སྡིག་པ་མི་བཟད་བགྱིས་པ་རྣམས༔ དེ་ཀུན་དཀྱིལ་འཁོར་འདི་འདྲ་ནི༔ མཐོང་བ་ཙམ་གྱིས་བྱང་བར་འགྱུར༔ གྲགས་པ་མཐའ་ཡས་སྔགས་སྤྱོད་པ༔ ཚུལ་བཞིན་གནས་ན་སྨོས་ཅི་དགོས༔ འདི་འདྲའི་ཡང་གསང་དཀྱིལ་འཁོར་དང༔ སྐལ་ལྡན་བུ་རྣམས་མཇལ་བ་ནི༔ ཨུ་དུམ་ཝཱ་རའི་མེ་ཏོག་བཞིན༔ འདི་འདྲ་མཇལ་བ་ཤིན་ཏུ་དཀོན༔ འདི་འདྲའི་ཡང་གསང་བླ་མེད་ཀྱི༔ ཞལ་མཇལ་དབང་གི་སྒོར་ཞུགས་ནི༔ དེ་བས་ཀྱང་ནི་ཤིན་ཏུ་དཀོན༔ འདིར་ཞུགས་སྐལ་ལྡན་བུ་མཆོག་རྣམས༔ བསྐལ་པ་གྲངས་མེད་མཚམས་མེད་སྡིག་བྱས་ཀྱང༔ ཡང་གསང་དཀྱིལ་འཁོར་འདི་མཐོང་ཙམ་གྱིས་ཀྱང༔ ཟད་འགྱུར་འདི་ལ་ཐེ་ཚོམ་མེད༔ དབང་འདི་ཞུ་ཞིང་ཚུལ་བཞིན་དུ༔ དམ་ཚིག་སྔགས་བཟླས་བསྐྱེད་རྫོགས་རྣམས༔ ཚུལ་བཞིན་ཉམས་སུ་བླང་གྱུར་ན༔ གོ་འཕང་བླ་མེད་ཚེ་འདི་ལ༔ མངོན་རྫོགས་སངས་རྒྱས་ཐེ་ཚོམ་མེད༔ ཅེས་སྔགས་ཀྱི་དཀྱིལ་འཁོར་དུ་ཞུགས་པའི་ཕན་ཡོན༔ མ་ཞུགས་པའི་ཉེས་སྐྱོན་བཤད་ལ༔ སྤྲོ་དགའ་བསྐྱེད་དོ༔ འོ་ན་འདི་ལྟ་བུའི་དཀྱིལ་འཁོར་དུ་འཇུག་པར་བྱེད་པ༔ རང་གིས་ལུས་དང་ལོངས་སྤྱོད་སོགས༔ མཆོད་པའི་ཡོ་བྱད་རྣམ་པར་དག་པ་ཐམས་ཅད༔ བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་འབུལ་ཞིང༔ བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ༔ སྨོན་འཇུག་གི་ཆོ་ག་བླང་བར་བགྱི་སྙམ་པའི་སེམས་བསྐྱེད་ཀྱི་འདུན་པ་དྲག་པོས་འདི་ཡི་རྗེས་ཟློས་འཇུག༔ ཨེ་མ༔ སྔོན་ཆད་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས༔ སྡོམ་པ་ལ་ནི་རབ་གནས་ལྟར༔ འདི་བཟུང་འཁོར་བ་མ་སྟོངས་བར༔ བླ་མེད་སྨོན་འཇུག་བྱང་ཆུབ་སེམས༔ འདྲེན་པའི་དཔལ་དུ་བདག་གྱུར་ནས༔ གཞན་དོན་སྐྱོང་བར་སེམས་བསྐྱེད་དོ༔ ཁམས་གསུམ་སེམས་ཅན་མ་ལུས་ཀུན༔ རང་ངོ་མ་ཤེས་གཟུང་འཛིན་འཆིང༔ འགྲོ་དྲུག་འཁོར་བ་དོང་སྤྲུགས་ཕྱིར༔ རང་ངོ་ཤེས་པར་སེམས་བསྐྱེད་དོ༔ དཀོན་མཆོག་གསུམ་བཟུང་ཕྱིར་མི་གཏོང༔ རྩ་གསུམ་ལྷ་ཚོགས་མི་སྤང་བསྒྲུབ༔ སྐུ་གསུམ་ལྷུན་གྲུབ་རང་གསལ་གདབ༔ འཁོར་འདས་ཆོས་རྣམས་རང་གྲོལ་བཞག༔ ལྷུན་རྫོགས་ཆེན་པོར་སེམས་བསྐྱེད་དོ༔ དེ་ནས་སྡོམ་པ་བཟུང་བ་ནི༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ དཀོན་མཆོག་གསུམ་ལ་མཆོད་པ་འབུལ༔ སྡིག་པ་ཐམས་ཅད་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར༔ བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ལ༔ སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ དེ་ནས་སོ་ཐར་སྡོམ་པ་ནི༔ བླ་མ་སངས་རྒྱས་མཆོག་གི་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་སྐྱེ་འགྲོ་ལ༔ གནོད་འཚེ་སྤང་ཞིང་དགེ་ཚོགས་བསྒྲུབ༔ དགེ་བསྙེན་དགེ་ཚུལ་དགེ་སློང་དང༔ བྱང་ཆུབ་སེམས་ཀྱི་བསླབ་བྱ་དང༔ སོ་སོ་ཐར་པའི་སྡོམ་པ་རྣམས༔ བདག་གིས་རྒྱུན་དུ་གནས་ཤིང་བསྲུངས༔ དེ་ནས་ཐེག་ཆེན་ཐུན་མོང་གི་སྨོན་སེམས་ནི༔ བླ་མ་རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་དགོངས༔ འདི་བཟུང་བླ་མེད་བྱང་ཆུབ་མཆིས་ཀྱི་བར༔ འགྲོ་དྲུག་སེམས་ཅན་མ་ལུས་ཐམས་ཅད་ལ༔ ཕ་དང་མ་ཡི་འདུ་ཤེས་ཀྱིས༔ མ་བསྒྲལ་བསྒྲལ་དང་མ་གྲོལ་དགྲོལ༔ དབུགས་མ་དབྱུང་རྣམས་དབུགས་དབྱུང་ཕྱིར༔ སྨིན་གྲོལ་བྱང་ཆུབ་སེམས་བསྐྱེད་དོ༔ དེ་ནས་ཐུན་མོང་གི་སྨོན་འཇུག་ནི༔ སྔོན་བྱོན་དུས་གསུམ་བདེ་གཤེགས་རྒྱལ་བ་རྣམས༔ སྒོ་གསུམ་མི་དགེ་ཀུན་སྤངས་སྡོམ་གནས་ལྟར༔ འདི་བཟུང་འཁོར་བའི་རྒྱ་མཚོ་མ་སྐེམ་བར༔ བླ་མེད་སྨོན་འཇུག་བྱང་ཆུབ་སེམས༔ བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི༔ ཕར་ཕྱིན་དྲུག་དང་སྡོམ་གསུམ་རྣམས༔ བདག་གིས་བརྟན་པོར་བཟུང་བར་བགྱི༔ མ་བསྒྲལ་བ་རྣམས་བསྒྲལ་བ་དང༔ མ་གྲོལ་བ་རྣམས་དགྲོལ་བ་དང༔ དབུགས་མ་དབྱུང་རྣམས་དབུགས་དབྱུང་ཕྱིར༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ ཁྱད་པར་རིགས་ལྔའི་སྡོམ་བཟུང་ནི༔ འདི་བཟུང་བྱང་ཆུབ་མཆིས་ཀྱི་བར༔ དཀོན་མཆོག་གསུམ་བཟུང་མི་གཏོང་བསྒྲུབ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་བཟུང༔ རྣམ་པར་རྟོག་པའི་བྱུང་ས་བརྟག༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཡིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ ཚོགས་དྲུག་ལྷུག་པའི་ངང་དུ་བཞག༔ རིན་ཆེན་རིགས་ཀྱི་དམ་ཚིག་ཡིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་དང་ཆོས་རྣམས་བཤད༔ པདྨའི་རིགས་གྱུར་ཐམས་ཅད་མཆོད༔ པདྨ་རིགས་ཀྱི་དམ་ཚིག་ཡིན༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ རྣམ་རྟོག་ཕྲ་རགས་སྦོམ་གསུམ་བྲལ༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཡིན༔ བདེ་གཤེགས་རིགས་ཀྱི་དམ་ཚིག་ཏུ༔ མི་འགུལ་གསུམ་ལ་གཞི་བཅས་ནས༔ དབྱིངས་དང་རིག་པ་བྲལ་མི་བྱ༔ སངས་རྒྱས་རིགས་ཀྱི་དམ་ཚིག་ཡིན༔ ཇི་ལྟར་གདོད་མའི་མགོན་མཆོག་ཉིད༔ མ་སྐྱེས་གཞི་རྫོགས་སངས་རྒྱས་སྐུ༔ ལྔ་ལྡན་འོད་ཀྱི་མུ་ཁྱུད་མཛེས༔ རིག་པ་སྟོང་གསལ་སྐུ་གསུམ་ཉིད༔ འཕོ་འགྱུར་མེད་པར་ལྷང་ངེར་ཤར༔ འོད་ཕུང་ནམ་མཁའི་མཐའ་ཁྱབ་ཀློང༔ སྒོ་ཡུལ་རིག་པ་ཟེར་ཐག་སོགས༔ འདུ་འབྲལ་མེད་པར་སེམས་བསྐྱེད་དོ༔ དེ་ལྟར་སྡོམ་པ་ཕོག་ལ༔ དེ་ནས་བུའི་སྙིང་ཁར་པདྨ་དམར་པོའི་སྟེང༔ ཡི་གེ་པཾ་ནག་པོ་རེ་བསམ་ལ༔ ལྟེ་བར་དཀྱིལ་འཁོར་གྲུ་གསུམ་དམར་པོ་རཾ་གྱིས་མཚན་པར་བསམ་ཞིང༔ རྐང་མཐིལ་དུ་རླུང་གི་དཀྱིལ་འཁོར་ལྗང་གུ་ཆང་བཟུང་ལ་ཡཾ་དང༔ བ་དན་གྱིས་མཚན་པ༔ བླ་མ་དང་ཡི་དམ་དབྱེར་མ་མཆིས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས༔ རླུང་གི་དཀྱིལ་འཁོར་ལ་ཕོག་པས༔ རླུང་གཡོས་མེ་སྦར་བས༔ ལུས་ཀྱི་ཕྱི་ནང་ཐམས་ཅད་མེས་ཁེངས༔ ཚེ་རབས་གྲངས་མེད་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་བསྡུས་སྟེ་པཾ་ཡིག་ལ་ཐིམས༔ རང་གི་ལུས་ཕྱི་ནང་ཐམས་ཅད་ཤེལ་གོང་དྲི་མ་མེད་པ་ལྟ་བུར་གྱུར༔ པཾ་ཡིག་དེ་སྡིག་པ་ནག་པོ་སྦོམ་ལ་རིང་བ་གཅིག་ཏུ་གྱུར་ནས་ཡེ་ཤེས་ཀྱི་མེ་དེས་དེད་ནས༔ རང་གི་སྣ་བུག་གཡས་ནས་ཕྱིར་ཐོན་ནས༔ མདུན་གྱི་་མེ་ལྷ་་དཔལ་ཆེན་པོ་པདྨ་དབང་ཆེན་གྱིས་བཞེས་པའི་མོས་པ་མཛོད༔ གུ་གུལ་བདུག་དྲག་སྔགས་རྣམས་བརྗོད༔ རོལ་མོ་དྲག་ཏུ་བསྒྲག་ཅིང་ཐུན་གྱིས་བྲབ་བོ༔ དེ་ནས་སློབ་མའི་གནས་གསུམ་དུ༔ སྐུ་གསུམ་གྱིས་མཚན་པར་བསམ་ལ༔ ཨོཾ་ཨཱཿཧཱུྃ༔ བརྗོད་ཅིང་དྲི་བཟང་གིས་ཐིག་ལེ་བྱའོ༔ དེ་ནས་སྐད་ཅིག་གིས་སློབ་དཔོན་ཡི་དམ་དུ་གསལ་གདབ་ལ༔ ཕྱི་ནང་གསང་བས་མཆོད་ཅིང༔ སྤོས་སྣ་ཚོགས་བསྲེགས་ལ༔ རོལ་མོ་རྣམས་དྲག་ཏུ་བསྒྲག་གོ༔ དེ་ནས་ཙནྡན་ནམ་འོ་མ་ཅན་གྱི་སོ་ཤིང་སོར་བཅུ་གཉིས་ལ༔ མེ་ཏོག་གི་པན་སྔོན་མི་གྲངས་དང་མཉམ་པ་གཏད་ལ༔ དཀྱིལ་འཁོར་གྱི་ནུབ་བམ༔ ཤར་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་འབྲུའི་ཚོམ་བུ་ལྔ་བཀོད་ལ༔ རྒྱལ་བ་རིགས་ལྔའམ༔ ཐོད་ཕྲེང་སྡེ་ལྔར་གསལ་གདབ་ལ༔ མཆོད་པ་བྱས་ལ༔ ལག་གཉིས་རྡོ་རྗེ་ཐལ་མོ་སྦྱར་བའི་བར་དུ་སོ་ཤིང་ཐོགས་ལ༔ སོ་རྩ་བྲུས་པའི་ཚུལ་གྱིས་དོར་ལ༔ འདིའི་རྗེས་ཟློས་མཛོད༔ ཀྱེ་ཧོ༔ ཡང་གསང་བླ་མེད་དཀྱིལ་འཁོར་དུ༔ དངོས་གྲུབ་རྣམ་གཉིས་ཐོབ་བྱའི་ཕྱིར༔ བརྡ་ཡི་སོ་ཤིང་འདི་དོར་བས༔ བརྟེན་པ་ལས་ཀྱི་ལྷ་ལ་ཕོག་པར་ཤོག༔ ཨཱོཾ་སརྦ་མ་ཧཱ་གྷུ་རུ་དྷེ་ཝ་དྷཱཀྐཱི་ནཱི་བཛྲ་ཧ་ས་ཧ༔ རྩེ་མོ་ཤར་དུ་བསྟན་ན་ཞི་བའི་ལས་འགྲུབ༔ ལྷོར་བསྟན་ན་རྒྱས་པའི་ལས་འགྲུབ༔ ནུབ་ཏུ་བསྟན་ན་དབང་གི་ལས་འགྲུབ༔ བྱང་དུ་བསྟན་ན་དྲག་པོ་མངོན་སྤྱོད་ཀྱི་ལས་འགྲུབ༔ སྟེང་དུ་མཁའ་སྤྱོད་འགྲུབ༔ འོག་ཏུ་བསྟན་ན་ཕུན་སུམ་ཚོགས་པའི་ལས་འགྲུབ༔ མཚམས་རྣམས་སུ་ལས་ཕྲན་བུ་རེ་འགྲུབ་པར་འགྱུར་རོ༔ ཕྱིར་བསྟན་ན་གསུམ་དུ་དོར༔ དེར་མ་བྱུང་ན་སྐལ་བ་མེད་དོ༔ དེ་ནས་སོ་ཤིང་གས་ཆག་བྱུང་ན་བར་ཆད་འབྱུང་བས༔ རྐྱེན་བཟློག་ལ་འབུང༔ མེ་ཏོག་ཟག་ན་གོད་ཁ་འབྱུང་བས་སྐུ་རིམ་ལ་འབུངས༔ དེ་ནས་ཚོམ་བུ་དེའི་ཡེ་ཤེས་པ་གཤེགས༔ དམིགས་མེད་ཀྱི་རྒྱས་གདབ༔ དེ་ནས་ལས་བུམ་གྱི་ཆུས་སྐྱོར་ཆུ་སྦྱིན་པ་ནི༔ བཾ་བཾ་ཅི་འགྲུབ་བརྗོད་ལ༔ ཨཱོཾ་ཧྲཱིཿབི་ཤུདྡྷེ་སྭཱ་ཧཱ༔ ལན་གསུམ་མོ༔ དེ་ནས་སྲུང་སྐུད་དམར་པོ་སུམ་བསྒྲིལ་བྱས་ལ༔ ཡི་དམ་ཀྱི་སྔགས་ཤམ་དུ༔ རཀྵ་རཀྵ་བརྗོད་ལ༔ སྔགས་མདུད་གསུམ་བྱས་ཤིང་ཕོའི་དཔུང་པ་གཡོན༔ མོའི་གཡས་སུ་བཅིང་ལ༔ ཧཱུྃ་ཧྲཱི༔ ཡང་གསང་བླ་མེད་དཀྱིལ་འཁོར་དུ༔ འདིར་འཇུག་བར་ཆད་གདོན་བགེགས་ཀྱིས༔ མི་ཚུགས་སྲུངས་ཤིག་རྡོ་རྗེའི་རྒྱ་ཅན་གྱི༔ སྐལ་ལྡན་བུ་ལ་རྒྱས་གདབ་བོ༔ རྩ་སྔགས་ཤམ་བུར་རཀྵ་རཀྵ་སྭཱ་ཧཱ༔ དེ་ནས་ཀུ་ཤ་སྔས་སྟན་སྦྱིན་ལ༔ དྷཱི་ལས་བྱུང་བའི་ཀུ་ཤ་རྡོ་རྗེ་སློབ་དཔོན་གྱིས་སློབ་མའི་ལག་གཡས་གཡོན་དུ་བྱིན་ལ༔ ཨེ་མ་སྐལ་ལྡན་ཁྱོད་ཀྱི་ལུས་ངག་ཡིད་གསུམ་གྱི༔ དགེ་དང་མི་དགེའི་ལས་གྱུར་གང༔ ཡང་གསང་དཀྱིལ་འཁོར་འདི་མཐོང་ཙམ་གྱིས་ནི༔ ལེགས་ཉེས་པྲ་རྟགས་སྟོན་ཕྱིར་སྔས་སྟན་སྦྱིན༔ བཟང་ངན་མཚན་མ་ཅི་བྱུང་ཡང༔ ནངས་པར་ང་ལ་མ་གསང་སྨྲོས༔ བཛྲ་ཏི་ཎ་བཾ༔ ཞེས་སྦྱིན་ལ༔ སློབ་མས་གཡས་སུ་གཏད་པ་སྔས༔ གཡོན་དུ་གཏད་པ་གདན་དུ་བྱས་ལ༔ ངག་ཏུ་ཨོཾ་བཛྲ་ཏིག་ཎ་དྷཱི་སིདྡྷི་ཧཱུྃ་ཧཱུྃ༔ སེང་གེའི་ཉལ་སྟབས་བྱའོ༔ ཡི་དམ་ལྷའི་མཚན་ནས་བཟུང་ཞིང༔ བདག་ལ་འདས་མ་འོངས་ད་ལྟ་དུས་གསུམ་གྱི་པྲ་རྟགས་ཐམས་ཅད་རྡོ་རྗེ་སློབ་དཔོན་ལ༔ རྫུན་མ་འདྲེས་པར་ལེགས་པར་ཞུའོ༔ དང་པོ་དངོས་གྲུབ་ཀྱི་པྲ་མ་བརྟགས་ན༔ ཡང་གསང་གི་སྣོད་དུ་མི་རུང་བས༔ རྣམ་གཞག་དང་བཤགས་བཟློག་རྣམས་ཀྱི་དགོས་ཚོགས་ལ་མཁས་ཤིང༔ འཇུག་འོས་ཀྱི་པྲ་རྟགས་ལེགས་པར་གཅེས་སོ༔ དབང་རྣམས་ཀྱི་སྔོན་འགྲོ་སྟ་གོན་གྱི་རིམ་པ་ང་སྤྲུལ་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ བཛྲ་ས་མཱ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཉན་རྒྱ༔ བདག་འདྲ་རིག་འཛིན་བདུད་འདུལ་རྡོ་རྗེ་ཡིས། ཚ་བ་སྒྲོ་བྲག་ཅེས་ཙིཏྟ་གནམ་ལངས་འདྲ་བའི་མགུལ་ནས་གདན་དྲངས་པའོ། །བདེ་ཆེན་འཕོ་བ་ཆེན་པོའི་སྐུ་འགྲུབ་པ། །བི་མ་མི་ཏྲ་དངོས་སྣང་སྒྱུ་མའི་གར། །ཟླ་བྲལ་རྩོད་མེད་ཞིང་འདིར་ཡོངས་གྲགས་པ། །རྣམ་དག་ཐིག་ལེ་འོད་སྐུ་བདེ་བའི་གར། །འགྲོ་བའི་མགོན་པོ་ཆོས་ཀྱི་བདག་པོ་མཆོག །ལྷ་བཙུན་ནམ་མཁའ་འཇིགས་མེད་དེས་བསྐུལ་ངོར། །བདག་འདྲ་བདུད་འདུལ་རྡོ་རྗེ་ཡིས། །རྒྱས་དར་ཆོས་ལྡིང་ཕོ་བྲང་ཡང་དབེན་དུ། །ཤོག་སེར་རྣམ་དཀར་ངོས་ལ་ཕབ། །ཡི་གེའི་རིག་བྱེད་ཨོ་རྒྱན་བསྟན་སྲུང་ངོ་། །ཆོས་འདི་ཅི་སྲིད་བསྐལ་པ་མ་སྟོངས་བར་དུ་མ་རྫོགས་སོ། །སརྦ་ཛ་ག་སཏྭཾ༔ ྈ དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ ནམ་མཁའ་རྒྱལ་པོའི་དབང་གཞུང་ བདུད་རྩིའི་ལྟེང་ཀ་བཞུགས་སོ༔ ྈྈ རང་བྱུང་ནམ་མཁའི་རྒྱལ་ལ་འདུད༔ བདག་འདྲ་འཆི་མེད་རིག་འཛིན་པད་འབྱུང་གིས༔ བོད་ཁམས་ས་འོག་ཀུན་གྱི་གཏེར་སྙིང་མཆོག༔ འཕགས་པ་ནམ་མཁའི་རྒྱལ་པོའི་དབང་གཞུང་བསྟན༔ ང་སྤྲུལ་ལས་འཕྲོ་ཅན་དང་འཕྲད་པར་སྨོན༔ དལ་འབྱོར་གཙང་ལྡན་ཐོབ་པའི་གང་ཟག་ཀུན༔ མཚན་ལྡན་བླ་མ་དམ་པ་གུས་བསྟེན་ནས༔ རང་གཞན་དོན་གཉིས་འབད་མེད་ལྷུན་གྲུབ་ཕྱིར༔ སྨིན་བྱེད་དབང་གི་དལ་དུ་འཇུག་པར་བྱ༔ དེ་ལ་སྦྱོར་དངོས་རྗེས་གསུམ་ལས༔ ཐོག་མར་སྦྱོར་བ་ལ་ཡང་གཉིས་ཡིན་ཏེ༔ རྡོ་རྗེ་སློབ་དཔོན་སློབ་མའི་ཆ་རྐྱེན་ནོ༔ སློབ་དཔོན་བྱ་བ་སྐྱབས་སེམས་སྔོན་སོང་ནས༔ འཚེ་མེད་དབེན་ཞིང་ཉམས་དགའི་གནས༔ ཡར་ཚེས་དུས་བཟང་རྒྱལ་བབས་ཚེ༔ དཀྱིལ་འཁོར་བྲི་ཐིག་སྒྲུབ་གཞུང་དང་མཐུན་བྱ༔ དེ་ནས་སྐུ་གསུང་ཐུགས་རྟེན་ཡིད་འོང་བཀྲམ༔ དལ་དབུས་མཉྫི་ཁྲིའི་ཁར༔ བུམ་པ་མཚན་ལྡན་མགུལ་ཆིངས་དཀར༔ རིགས་ལྡན་བུ་མོས་གངས་ཆུ་བླངས་ལ་གསུམ་ཆ་བཀང༔ དེ་ལ་ནམ་མཁའི་རྒྱལ་པོའི་སྐུ་འཛུག་ལ༔ འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན་བྱ༔ དབང་གཏོར་གཞུང་ལུགས་ཇི་བཞིན་བཤམས༔ ཤར་དུ་མེ་ལོང་སིནྡྷུ་རིལ་བུ་དང༔ ལྷོ་རུ་བྷནྡྷ་བདུད་རྩིས་བཀང་བ་དང༔ དེ་བཞིན་སྦ་དཀར་ཚིགས་གསུམ་ཤེལ་ཕྲེང་དང༔ བྱང་དུ་ལས་བུམ་དམར་པོ་ཧྲཱིཿདམར་སེང་ཕུར་པདྨ་དབང་ཆེན་བསྐྱེད༔ སེང་ཕུར་ཁ་བརྒྱན་ཅན་བཤམ་མོ༔ གཞན་ཡང་རྒྱན་བཀོད་ཁྱུང་ཆེན་ལྡིང་བཞིན་བྱ༔ དེ་ནས་སྐྱབས་སེམས་བགེགས་བསྐྲད་མཚམས་བཅད་ཅིང༔ བུམ་པ་གཞལ་ཡས་ཁང་གི་ནང༔ ཐུགས་ཆེན་འཕགས་པའི་ལྷ་ཚོགས་བསྐྱེད༔ ཡེ་ཤེས་བཀུག་བསྟིམ་ནན་དུ་བྱ༔ དེ་ནས་བྷནྡྷའི་བདུད་རྩིར་ལྷ་ཚོགས་བསྟིམ་ལ་བཟླས་པ་བྱ༔ ལས་བུམ་དབང་ཆེན་རྟ་མགྲིན་བསྐྱེད་ལ་བསྟོད་བཟླས་འབད༔ དེ་ནས་སློབ་མ་ཁྲུས་བྱས་གྲལ་འཁོད་ལ༔ དཀྱིལ་འཁོར་འཇུག་ཡོན་མཎྜལ་ཕུལ༔ འཇུག་པའི་གསོལ་འདེབས་བྱ༔ དེ་ནས་གནང་བ་སྦྱིན་པ་ནི༔ འོ་ན་ཁྱེད་རྣམས་འཕགས་མཆོག་ནམ་མཁའི་རྒྱལ་པོའི་དཀྱིལ་འཁོར་དུ་འཇུག་པར་འདོད་པ་དེ་ཤིན་ཏུ་ལེགས༔ དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་དང༔ སྡོམ་པ་བཟུང་བ་དང༔ བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་རྣམས་གལ་ཤིན་ཏུ་ཆེ་བ་ཡིན་གྱིས༔ ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་བླ་མ་ནམ་མཁའི་རྒྱལ་པོའི་ལྷ་ཚོགས་ཐམས་ཅད༔ སྤྲིན་གྱི་ཕུང་པོ་གཏིབས་པ་ལྟར་བཞུགས་པའི་མོས་པ་མཛོད་ལ༔ འདིའི་རྗེས་ཟློས་མཛོད༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སོགས་དང༔ སྡོམ་པ་བཟུང་བ་རྣམས་སྟ་གོན་བཞིན་ནོ༔ དེ་ནས་དམ་ཆུ་སྦྱིན་པ་ནི༔ འདི་ནི་ཁྱོད་ཀྱི་དམ་ཚིག་བདུད་རྩིའི་ཆུ༔ དམ་ཚིག་འདས་ན་བསྲེག་ཅིང་དམྱལ་བར་ལྟུང༔ དམ་ཚིག་བསྲུང་ན་དངོས་གྲུབ་ཚེ་འདིར་ཐོབ༔ དེ་ཕྱིར་དམ་ཚིག་གནས་མཛོད་རིགས་ཀྱི་བུ༔ ཨོཾ་བཛྲ་ཨ་མྲྀཏ་ཨུཥྛ་ས་ན་ཡ་ཧཱུྃ༔ དམ་ཚིག་རྡོ་རྗེ་སྤྱི་བོར་བཞག་ལ༔ ཧཱུྃ་ཧྲཱི༔ འདི་ནས་བཟུང་སྟེ་བུ་ཁྱོད་ཀྱི༔ རྡོ་རྗེ་སློབ་དཔོན་ང་ཡིན་གྱིས༔ ང་ཡིས་ཅི་ལྟར་བསྒོས་པ་བཞིན༔ ཁྱེད་ཀྱིས་ཡང་དག་གནས་པར་མཛོད༔ ཁྱོད་ཀྱིས་གཞན་ལ་སྨྲས་གྱུར་ན༔ འཕགས་པའི་ལྷ་ཚོགས་ཐམས་ཅད་ཀྱིས༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས༔ ངན་སོང་གནས་སུ་ལྟུང་ནས་ནི༔ སྡུག་བསྔལ་བཟོད་མེད་མྱོང་བར་འགྱུར༔ ཨོཾ་བཛྲ་ས་མ་ཡ་རཀྵ་རཀྵ༔ དེ་ནས་གདོང་གཡོགས་དང་མེ་ཏོག་སྦྱིན་ལ༔ ཨཱོཾ་ཨཱཿཧཱུྃ༔ ཞེས་པས་སྐད་ཅིག་གིས་རྡོ་རྗེ་སློབ་དཔོན་འཕགས་མཆོག་ནམ་མཁའི་རྒྱལ་པོར་གསལ་བའི༔ མདུན་བསྐྱེད་ཡི་དམ་གྱི་ལྷའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ སློབ་མ་རྣམས་ལ་ཕོག༔ རྣམ་སྨིན་གདོས་བཅས་ཀྱི་ཕུང་པོ་ཐུལ་གྱིས་བསྲེགས༔ ཁྱེད་རང་རྣམས་སྐད་ཅིག་གིས་པད་ཟླའི་སྟེང་དུ་འཕགས་མཆོག་ནམ་མཁའི་རྒྱལ་པོ་བཅུ་གཅིག་ཞལ་དུ་གསལ་བའི་སྙིང་ཁར་གཡུང་དྲུང་དམར་པོ་དགའ་བ་འཁྱིལ་བ་རེ་རེ་བསྐྱེད་ཅིང་གཡུང་དྲུང་གི་དབུས་སུ་ཟླ་གདན་གྱི་སྟེང་དུ༔ ཧྲཱིཿཡིག་དཀར་གསལ་གྱི་མཐའ་སྐོར་དུ༔ ཡིག་བཅུ་དང་གཟུངས་རིང་རྣམས་གཡོན་སྐོར་དུ་སྒ་ར་ར་འཁོར་བས༔ གོང་འོག་མིན་གྱི་གནས་དང༔ ཆོས་དབྱིངས་སྐྱེ་བ་མེད་པའི་ཕོ་བྲང༔ ཕོ་བྲང་རི་བོ་ཏ་ལ་ནས༔ འཕགས་མཆོག་ནམ་མཁའི་རྒྱལ་པོ་གཙོ་འཁོར་ལ༔ སངས་རྒྱས་བྱང་ཆུབ་སེམས་དཔའ་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་དཔག་ཏུ་མེད་པ་རྣམས་ཀྱིས་བསྐོར་བ༔ ཁ་བ་བུ་ཡུག་འཚུབས་པ་བཞིན་སློབ་བུ་རྣམས་ལ་ཐིམས་པའི་བསྟིམ་གཞུག་ནན་དུ་བྱེད༔ སརྦ་མ་ཧཱ་གུ་རུ་དྷེ་ཝ་དྷཱ་ཀཱི་ནཱི་ཨཱརྻ་ལོ་ཀེ་ཤྭ་ར་ག་ག་རཱ་ཛ་ཛྙཱ་ན་དྷཱ་ཀི་ནཱི་སོགས་མཐར༔ ཨ་བེ་ཤ་ཡ་ཨཱ་ཨཱ༔ནན་དུ་བྱ༔ དེ་ནས་རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་བཞག་ལ༔ སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ དེ་ནས་དཀྱིལ་འཁོར་ལ་མེ་ཏོག་དོར་ལ༔ འདིའི་རྗེས་ཟློས་བྱར་གཞུག༔ ཨེ་མ་བླ་མ་རིན་པོ་ཆེ༔ བདག་ཅག་ཐུགས་རྗེས་བཟུང་སླད་དུ༔ བླ་མ་འཕགས་པའི་དཀྱིལ་འཁོར་དུ༔ རིན་ཆེན་མེ་ཏོག་འདི་དོར་བས༔ སྔོན་སྦྱངས་ལས་འཕྲོ་གང་ཡོད་པའི༔ ཡི་དམ་ལྷ་ལ་ཕོག་པར་ཤོག༔ ཨཱརྻ་ལོ་ཀེ་ཤྭ་ར་ག་ག་རཱ་ཛ་ཛྙཱ་ན་དྷཱ་ཀི་ནཱི་པུཥྤེ་པྲ་ཏཱི་ཙ་ཧོ༔ ཞེས་དབུས་སུ་ཕོག་ན་བླ་མ་ཡབ་ཡུམ་གྱི་སྐུའི་དཀྱིལ་འཁོར་ལ༔ མེ་ཏོག་དོར་ཞིང༔ ཞལ་ལུང་ལྟར་དུ་གསང་མཚན་བཏགས༔ བུས་གསོལ་འདེབས་ནི༔ ཀྱཻ༔ བླ་མ་ནམ་མཁའི་རྒྱལ་པོ་ཆེ་བའི་མཆོག༔ བདག་ཅག་མ་རིག་མུན་པས་བསྒྲིབས༔ ཐབས་ཤེས་དབྱེར་མེད་གསེར་ཐུར་གྱིས༔ མ་རིག་ལིང་ཏོག་བསལ་དུ་གསོལ༔ བླ་མས་ཐུར་མ་འཛིན་པ་ཡིས༔ ཁྱོད་ཀྱི་མ་རིག་མཐུག་པོ་ཡིས༔ ཐབས་ཤེས་རོལ་པའི་ཏིང་འཛིན་གྱིས༔ ཡེ་ཤེས་སྤྱན་དུ་ད་དབྱེ་འོ༔ ཨོཾ་བཛྲ་ཙཱཀྵུ་པྲ་ཝེ་ཤ་ཡ་ཕཊ༔ ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ ལྟོས་ཤིག་དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ལུས་ངག་ཡིད་ཀྱིས་དད་གུས་བསྐྱེད་པར་གྱིས༔ བླ་མེད་དངོས་གྲུབ་ཚེ་འདིར་ཐོབ༔ ཡང་གསང་དམ་ཚིག་སྙིང་ལས་གཅེས་པར་གྱིས༔ འདིར་དཀྱིལ་འཁོར་གྱི་རྣམ་དག་བཤད༔ བུམ་དབང་ཞུ་བའི་མཎྜལ་ཕུལ༔ དེ་ནས་གསོལ་བ་གདབ་པ་ནི༔ ཀྱཻ༔ བླ་མ་འཕགས་མཆོག་ནམ་མཁའི་རྒྱལ༔ དུས་གསུམ་སངས་རྒྱས་ཀུན་གྱི་དངོས༔ ཐར་པའི་ལམ་སྟོན་རིན་པོ་ཆེ༔ སྨིན་གྲོལ་དབང་གི་དངོས་གྲུབ་སྩོལ༔ དེ་ནས་ལས་བུམ་གྱི་དབང་ནི༔ ཇི་ལྟར་བལྟམས་པ་ཙམ་གྱིས་ནི༔ ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར༔ ལྷ་ཡི་ཆུ་ནི་དག་པ་ཡིས༔ དེ་བཞིན་བདག་གིས་སྐུ་ཁྲུས་གསོལ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཧྱ་གྷྲཱི་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་སྤྱི་བོར་བླུག་ཅིང་ལྕེ་ལ་སྦྱིན༔ བུ་ཁྱོད་ལུས་ངག་ཡིད་གསུམ་སྒྲིབ་པ་ཀུན་དག་ཤོག༔ དེ་ནས་རྣམ་རྒྱལ་བུམ་པ་ཐོགས་ཤིང་སྤྱི་བོར་བཞག་ལ༔ ཧཱུྃ་ཧྲཱི༔ བཀྲ་ཤིས་བུམ་པ་ལྷ་ཡི་གཞལ་ཡས་ཁང༔ འཕགས་མཆོག་ནམ་མཁའི་རྒྱལ་པོའི་ལྷ་ཚོགས་མ་ལུས་བཞུགས༔ འགྲོ་ཀུན་འདུལ་མཛད་སངས་རྒྱས་སྟོང་གི་སྐུ༔ སྐྱེ་འགག་གཉིས་མེད་བརྗོད་བྲལ་ཏིང་འཛིན་དབང༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ སརྦ་མ་ཧཱ་གུ་རུ་ཨཱརྻ་ལོ་ཀེ་ཤྭ་ར་ག་ག་རཱ་ཛ་ཛྙཱ་ན་དྷཱཀྐཱི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གཏོར་མ་གནས་གསུམ་དུ་བཞག་ལ༔ ཧཱུྃ་ཧྲཱི༔ གཏོར་སྣོད་བྷནྡྷ་ཆོས་དབྱིངས་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཡེ་ཤེས་ལྔ་དང་ལྡན༔ འཕགས་པའི་ལྷ་ཚོགས་སྐུ་དང་གཉིས་སུ་མེད༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་རྫོགས་ཤོག༔ གོང་བཞིན། བ་ལིང་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ བྷནྡྷ་མགྲིན་པར་བཞག་ལ༔ ཧཱུྃ་ཧྲཱི༔ སྐྱེ་མེད་བྷནྡྷའི་གཞལ་ཡས་སུ༔ བཅུད་མཆོག་འཕགས་པའི་ལྷ་ཚོགས་བཞུགས༔ གཉིས་མེད་བྱང་ཆུབ་སེམས་རྒྱུན་གྱིས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་རྫོགས་ཤོག༔ གོང་བཞིན་ཝཱ་ཀ་སོགས༔ ཤེལ་རྡོ་སྙིང་ཁར་བཞག་ལ༔ ཧཱུྃ་ཧྲཱི༔ ཆོས་དབྱིངས་སྟོང་གསལ་གཞལ་ཡས་ནས༔ འགག་མེད་འཛིན་བྲལ་འོད་ཀྱི་སྐུ༔ ཀ་དག་སྟོང་གསལ་བློ་འདས་དབང༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་རྫོགས་ཤོག༔ གོང་བཞིན་ཙིཏྟ་སོགས༔ དེ་ནས་ཕྱག་རྒྱའི་དངོས་དབང་ནི༔ རིག་མ་མཚན་ལྡན་སློབ་མའི་པང་དུ་གཞུག་ལ༔ ཧཱུྃ་ཧྲཱི༔ ཐབས་ཤེས་གཉིས་མེད་རྟགས་ཀྱི་རྒྱ༔ ཡིད་བཞིན་ལྷ་མོ་བདེ་བའི་གནས་སྟེར་མ༔ གཉིས་མེད་ཐབས་མཆོག་རབ་སྦྱོར་ཞིང༔ རང་བྱུང་ཟག་མེད་སྤྱོད་པ་རྟག་ཏུ་བརྩོན༔ ཨོཾ་མ་ཧཱ་ཀ་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨ་བྷི་ཥིཉྩ་མཱཾ༔ གཉིས་མེད་སྙོམས་འཇུག་བྱང་ཆུབ་སེམས་ཕབ་ལ༔ བཟུང་བཟློག་ཟག་མེད་ཡེ་ཤེས་བདེ་བ་ངོས་བཟུང་ངོ༔ དེ་ནས་སངས་རྒྱས་སྟོང་རྩའི་དབང་ནི༔ ཧཱུྃ་ཧྲཱི༔ ཐོག་མེད་དུས་ནས་བྱང་ཆུབ་ཐུགས་བསྐྱེད་ནས༔ རྒྱུན་ཆད་མེད་པར་འགྲོ་བའི་དོན་མཛད་པ༔ འགྲོ་ཀུན་མ་ལུས་སྐྱོབ་པའི་ཐུགས་རྗེ་ཅན༔ བསྐལ་བཟང་སངས་རྒྱས་སྟོང་རྩའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ སརྦ་བྷུདྡྷ་ཨ་བྷི་ཥིཉྩ་ཧཱུྃ༔ སྤྲོས་པ་ལ་དགའ་ན་གཏེར་གཞུང་གོང་མ་ལྟར་བྱ༔ དེ་ནས་ལྷ་དབང་ནི༔ ཕྱི་སྒྲུབ་འཕགས་པའི་སྐུ་ཐོགས་ལ༔ ཧཱུྃ་ཧྲཱི༔ སྐྱོན་གྱིས་མ་གོས་སྐུ་མདོག་དཀར༔ མཚན་དཔེས་རབ་བརྒྱན་ཞི་འཛུམ་ལྡན༔ མགོན་མཆོག་ཐུགས་རྗེ་ཆེན་པོ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨཱརྻ་ལོ་ཀེ་ཤྭ་ར་ཀཱ་ཡ་སོགས༔ ཐུགས་རྗེ་ཆེན་པོ་པདྨའི་རྒྱལ་པོའི་སྐུ་ཐོགས་ལ༔ ཧཱུྃ་ཧྲཱི༔ དུས་གསུམ་རྒྱལ་བ་ཀུན་གྱི་རིགས་ཀུན་བདག༔ བདེ་སྟོང་ཟུང་འཇུག་ཟག་མེད་ཡེ་ཤེས་ངང༔ འགྲོ་ཀུན་གཉེན་གཅིག་པདྨ་རྒྱལ་པོ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨཱརྻ་པདྨ་རཱ་ཛ་ཀཱ་ཡ་སོགས༔ འཁོར་བ་དོང་སྤྲུགས་ཕྱག་སྟོང་སྤྱན་སྟོང་གི་སྐུ་ཐོགས་ལ༔ ཧཱུྃ་ཧྲཱི༔ ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང༔ སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང༔ གང་ལ་གང་འདུལ་འགྲོ་བའི་དོན་མཛད་པ༔ གསང་བ་ཡེ་ཤེས་ཡུམ་དང་གཉིས་མེད་འཁྲིལ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨཱརྻ་ལོ་ཀེ་ཤྭ་ར་ག་ག་རཱ་ཛ་ཛྙཱ་ན་དྷཱཀྐི་ནཱི༔ ཀཱ་ཡ་སོགས༔ ཡང་གསང་བཅུ་གཅིག་ཞལ་གྱི་སྐུ་ཐོགས་ལ༔ ཧཱུྃ་ཧྲཱི༔ དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ༔ འགྲོ་དྲུག་འདྲེན་ཕྱིར་འཕགས་མཆོག་སྤྱན་རས་གཟིགས༔ ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ༔ ཟག་མེད་མཆོག་གསང་ཡུམ་དང་གཉིས་མེད་འཁྲིལ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ གཟི་བརྗིད་འོད་དཔག་མེད་མགོན་ཡབ་ཡུམ་དབང་བསྐུར་རོ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨཱརྻ་ལོ་ཀེ་ཤྭ་ར་ག་ག་རཱ་ཛ་ཛྙཱ་ན་དྷཱ་ཀི་ནཱི༔ ཀཱ་ཡ་སོགས༔ སྲས་མཆོག་ཡུམ་མཆོག་བཞིའི་སྐུ་ཐོགས་ལ༔ ཧཱུྃ་ཧྲཱི༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གྱུར་མཆོག༔ སྒྲོལ་མ་སྔོ་ལྗང་འཇིགས་བརྒྱད་མ་ལུས་སྐྱོབ༔ སྲས་མཆོག་ནོར་འཛིན་ཡིད་བཞིན་ཚེ་འཕེལ་མ༔ སྲས་མོ་གསང་སྔགས་འཛིན་མ་རྣམས་ཀྱིས་དབང་བསྐུར་རོ༔ ཨཱརྻ་ཏཱ་རེ་པུ་ཏྲ་མ་ནི་ཨཱ་ཡུ་པུཥྚིཾ་གྷུ་ཧྱ་མུ་ནི་ཨ་བྷི་སོགས༔ ཐུགས་རྗེ་ཆེན་པོ་རིགས་ལྔའི་སྐུ་ཐོགས་ལ༔ ཧཱུྃ་ཧྲཱི༔ དུས་གསུམ་རྒྱལ་བ་ཀུན་གྱི་རིགས་ཀུན་བདག༔ ཐུགས་ཆེན་རྣམ་སྣང་མི་བསྐྱོད་རིན་ཆེན་འབྱུང༔ ཐུགས་ཆེན་སྣང་མཐའ་དོན་ཡོད་གྲུབ་པ་སོགས༔ ཐུགས་ཆེན་རྒྱལ་བ་རིགས་ལྔ་ཡབ་ཡུམ་གྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཡིག་བཅུ། ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱི་ཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔སོགས༔ བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་སྐུ་ཐོགས་ལ༔ ཧཱུྃ་ཧྲཱི༔ འགྲོ་བའི་དོན་མཛད་བྱང་ཆུབ་སེམས་དཔའི་ཚུལ༔ བྱང་སེམས་ས་སྙིང་ནམ་མཁའི་སྙིང་པོ་དང༔ སྤྱན་རས་གཟིགས་དབང་ལག་ན་རྡོ་རྗེ་དང༔ བྱང་ཆུབ་སེམས་དཔའ་བྱམས་པ་ཀུན་ཏུ་བཟང༔ སྒྲིབ་པ་རྣམ་སེལ་འཇམ་དཔལ་དབྱངས་ལ་སོགས༔ བྱང་ཆུབ་སེམས་དཔའ་བརྒྱད་ཀྱིས་དབང་བསྐུར་རོ༔ ཡིག་བཅུ༔ ཀྵིཾ་ཧི་རཱ་ཙ་ཡ༔ ཏྲཱཾ་ཨ་གརྦྷ་ཡ༔ ཧྲཱིཿཔདྨ་བྷ་དྷ་མ༔ ཛྲིཾ་ཀུ་རུ་པ་ཡ་ཧྲཱིཾ༔ མཻ་དྷ་ར་ནི་སཏྭ༔ ཐིཾ་ནིས་པ་རཾ་པ་ཙ་ན་ས༔ མུཾ་ཤྲཱི་ར་ག་ཡ༔ ཧཱུྃ་སྭཱ་རཱ་ཛ་ཡ༔སོགས་བརྗོད༔ སེམས་མ་བརྒྱད་ཀྱི་སྐུ་ཐོགས་ལ༔ ཧཱུྃ་ཧྲཱི༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གྱུར་མ༔ ལཱ་སེ་མཱ་ལེ་གྷིརྟི་དམར་མོ་དང༔ ནཱིརྟི་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ༔ སེམས་མ་གྷནྡྷེ་མ་ལ་སོགས་པ་ཡི༔ རིགས་ཀྱི་སེམས་མ་བརྒྱད་ཀྱིས་དབང་བསྐུར་རོ༔ ཡི་གེ་བཅུ༔ ཧཱུྃ་ལཱ་སེ་མཱ་ལེ་གྷིརྟི་ནཱིརྟི་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་སོགས༔ ཐུབ་པ་དྲུག་གི་སྐུ་ཐོགས་ལ༔ ཧཱུྃ་ཧྲཱི༔ ཆོས་ཀྱི་དབྱིངས་ལ་འཁོར་འདས་དབྱེར་མེད་ཀྱང༔ མ་རྟོགས་གདུལ་བྱ་འགྲོ་ཀུན་འདུལ་བའི་ཕྱིར༔ བཅོམ་ལྡན་ཐུབ་པ་དྲུག་གིས་དབང་བསྐུར་བས༔ འགྲོ་དྲུག་སྡུག་བསྔལ་ལམ་དྲུག་ཁེགས་པའི་དབང་ཐོབ་ཤོག༔ ཡིག་བཅུ༔ ཀྲེཾ་བྲེཾ་ཏྲུཾ་ཀྵཾ་སྲུཾ་ཡེ་སརྦ་ན་ར་ཀ་ག་ཏེ་ཡེ༔སོགས༔ དེ་ནས་སྒོ་བ་བཞིའི་སྐུ་ཐོགས་ལ༔ ཧཱུྃ་ཧྲཱི༔ ལས་བཞི་སྒྲུབ་མཛད་སྒོ་བ་ཆེན་པོ་བཞི༔ སྟོབས་ཆེན་གཤིན་རྗེ་གཤེད་པོ་དང༔ རྟ་མགྲིན་བདུད་རྩི་འཁྱིལ་པ་སོགས༔ ཁྲོ་རྒྱལ་སྒོ་བ་བཞི་ཡིས་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་བྱེད་ཤོག༔ ཡིག་བཅུ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ རྗེས་གནང་ནི༔ ནམ་མཁའ་རྒྱལ་པོའི་སྐུ་མེ་ལོང་ངོས་ལ་བསྟན་ཅིང༔ ཨེ་མ་སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ འཕགས་མཆོག་ནམ་མཁའི་རྒྱལ་པོ་ནི༔ རང་རྒྱུད་རྟག་ལྟ་ཐེར་ཟུག་མ་ཡིན་པར༔ སྣང་ལ་རང་བཞིན་མ་གྲུབ་པའི༔ སྟོང་པ་ཆུ་ཟླ་འཇའ་ཚོན་ལྟ་བུར་སྒོམས༔ སརྦ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རྟོག་མེད་དབང་མཆོག་བྱང་སེམས་ལྕེར་བཞག་ལ༔ ཧཱུྃ་ཧྲཱི༔ བྱང་སེམས་དཀར་དམར་ཐབས་མཆོག་ཤེས་རབ་སྟེ༔ བཅུད་མཆོག་བདུད་རྩིས་རོ་མྱོང་བདེ་བ་བསྐྱེད༔ ཡབ་ཡུམ་སྙོམས་འཇུག་བྱང་ཆུབ་སེམས་ཀྱི་རྒྱུན༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལུས་ངག་ཡིད་ལ་ཟག་མེད་བདེ་བསྐྱེད་ཤོག༔ ཡིག་བཅུ༔ མ་ཧཱ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བདུད་རྩི་ལྕེ་ཐོག་ཏུ་བཞག་ལ༔ ཨེ་མ་སྐལ་ལྡན་བུ་མཆོག་རྣམས༔ སྣང་གྲགས་ཐམས་ཅད་ཡི་གེ་བཅུ་པའི་སྒྲ༔ འཛིན་བྱེད་བྲག་ཆ་ཆུ་རྒྱུན་ལྟ་བུར་བཟླས༔ བསྙེན་སྒྲུབ་མཐར་སོན་ཡི་དམ་ལྷ་ཞལ་མཇལ༔ ཕྲེང་བ་གཏད་ལ༔ ཡིག་བཅུ་ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་བཟླས༔ ཡིག་བཅུ་གསེར་དངུལ་གྱིས་བྲིས་པ་ཐོགས་ལ༔ ཧཱུྃ་ཧྲཱི༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ གསུང་མཆོག་ཡིག་འབྲུ་བཞི་ཡིས་དབང་བསྐུར་བས༔ སྐྱེ་གནས་རྣམ་བཞིའི་སྒྲིབ་པ་སྦྱོང་བ་དང༔ སྐུ་བཞི་ཡེ་ཤེས་ལྔ་རུ་བྱིན་གྱིས་རློབས༔ གསུང་མཆོག་ཡི་གེ་དྲུག་པས་དབང་བསྐུར་བས༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི༔ ལུས་ངག་ཡིད་ཀྱི་སྒྲིབ་ཀུན་སྦྱོང་བ་དང༔ མ་དག་རིགས་དྲུག་འཁོར་བའི་སྒོ་བཅད་ཅིང༔ དབང་བསྐུར་སྨིན་གྲོལ་མཛད་ནས་ཀྱང༔ འཕགས་པའི་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ དེ་ནས་རིག་པ་རྩལ་གྱི་དབང་ནི༔ ཆོས་ཉིད་བྱང་ཆུབ་ཀྱི་སེམས་མ་བཅོས་པའི་རྟགས་སུ་སྦ་ཁ་དོག་དཀར་པོ༔ མ་བཅོས་པ་རང་བྱུང་ལྷུན་གྲུབ་ཀྱི་བརྡ་རུ་གཅིག་པུར་སྐྱེས་པ༔ སྐུ་གསུམ་རང་ལ་རང་བྱུང་དུ་རྫོགས་པའི་རྟགས་སུ་ཚིགས་པ་གསུམ་དང་ལྡན་པ༔ ཧཱུྃ་ཧྲཱི༔ རང་བྱུང་ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ འགག་མེད་སྣ་ཚོགས་འཆར་བ་རིག་པའི་རྩལ༔ ཡུལ་བརྒྱད་མ་སྤངས་དབྱིངས་ནས་རྣམ་པར་དག༔ དུག་གསུམ་དུག་ལྔ་སྐུ་ལྔ་ཡེ་ཤེས་ལྔ༔ ཉོན་མོངས་དྲུག་ནི་སྐུ་དྲུག་ཡེ་ཤེས་དྲུག༔ རང་ཤར་རང་གྲོལ་ཆོས་ཉིད་རོལ་པའི་ཀློང༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ རང་བྱུང་རིག་པའི་རང་རྩལ་དབང་ཐོབ་ཤོག༔ ཡིག་བཅུ༔ སརྦ་དྷརྨ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཤེལ་རྡོ་གཏད་ལ༔ ཨེ་མ་སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ ལྟོས་ཤིག་གསལ་སྟོང་ཤེལ་རྡོ་འདི་ལ་ལྟོས༔ ཕྱི་གསལ་ནང་གསལ་འགག་མེད་ཟང་ཐལ་ཀློང༔ གསལ་སྟོང་ཟུང་འཇུག་འཛིན་ཆགས་ཀུན་བྲལ་བ༔ མ་བཅོས་སྤྲོས་བྲལ་རང་སེམས་གཉུག་མ་ནི༔ འུབ་ཆུབ་བློ་འདས་ཆེན་པོའི་ངང་ལ་ཞོག༔ སྐུ་ནི་སྣང་སྟོང་ནམ་མཁའི་རྒྱལ་པོའི་སྐུར་སྒོམས་ལ༔ གསུང་ནི་གྲགས་སྟོང་ཡིག་བཅུ་ཆུ་རྒྱུན་བཞིན༔ ཐུགས་ནི་བརྗོད་མེད་ཉག་གཅིག་ཐིག་ལེའི་ངང༔ འཕགས་མཆོག་ནམ་མཁའི་རྒྱལ་པོ་ཡི༔ སྐུ་གསུང་ཐུགས་ཀྱི་རྗེས་གནང་དམ་པའོ༔ རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྟགས་བརྒྱད་བཀྲ་ཤིས་རྫས་བརྒྱད་སོགས་མཐའ་རྟེན་རྣམས་བསྐུར་རོ༔ འོ་ན་འཕགས་མཆོག་ནམ་མཁའི་རྒྱལ་པོའི་དཀྱིལ་འཁོར་དུ་དབང་བཀའ་ཟབ་མོ་ཐོབ་པའི་གཏང་རག་བུ་དང་ཆུང་མ་མངའ་འབངས་ནོར་གྱི་དབྱིག༔ ལུས་ངག་ཡིད་གསུམ་ལྟོས་མེད་བླ་མར་འབུལ༔ དོན་ལ་བཞེས་པ་མི་མངའ་ཡང༔ རང་ཉིད་བསོད་ནམས་ཚོགས་ཆེན་རབ་རྫོགས་ནས༔ ཆོས་ཉིད་རྣམ་པར་དག་པའི་རྟེན་འབྲེལ་གྱིས༔ གནས་སྐབས་མཐར་ཐུག་སྐྱེ་བ་ཀུན་ཏུ་ཡང༔ ལོངས་སྤྱོད་འབྱོར་ལྡན་ཕུན་སུམ་ཚོགས་པར་འགྱུར༔ རྒྱུ་ཡི་ཚོགས་ལ་བརྟེན་ནས་རྣམ་དག་འབྲས་བུ་ནི༔ ཚེ་འདི་ཉིད་ལ་རྫོགས་པའི་སངས་རྒྱས་འགྲུབ་པར་འགྱུར༔ ལྕེ་ལ་བདུད་རྩི་སྦྱིན༔ སྤྱི་བོར་རྡོ་རྗེ་བཞག་ལ༔ ཨེ་མ༔ སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ ཐུན་མོང་སྐྱབས་འགྲོ་སེམས་བསྐྱེད་ནས་བརྩམ་སྟེ༔ སོ་ཐར་བྱང་ཆུབ་སེམས་དང་རིགས་ལྔའི་སྡོམ༔ གསང་སྔགས་བླ་མེད་དམ་ཚིག་ཀུན༔ འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར༔ སྲོག་གི་ཕྱིར་ཡང་མ་གཏང་ཞིག༔ དམ་ཚིག་བསྲུང་ན་དངོས་གྲུབ་རྣམ་གཉིས་འབད་མེད་འགྲུབ༔ དམ་ཚིག་ཉམས་ན་ཚེ་ཐུང་ནད་མང་ཞིང༔ ཚེ་འདིར་མི་རུང་རྐྱེན་ངན་སྣ་ཚོགས་འབྱུང༔ བདུད་མགོན་སེང་གདོང་ཡབ་ཡུམ་གྱིས༔ ལོ་ཟླར་མི་འགྱང་སྲོག་རྩ་བཅད༔ སྙིང་ཁྲག་དམར་པོ་ཐང་ལ་ཕོ་བར་ངེས༔ འཆི་ནས་མནར་མེད་གནས་ལྟུང་ཞིང༔ སྐལ་པ་བྱེ་བ་དུ་མ་རུ༔ སྡུག་བསྔལ་བཟོད་མེད་མྱོང་བར་འགྱུར༔ ཡང་གསང་བླ་མེད་དགོངས་དོན་འདི༔ སྒྲུབ་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་རྣམས་ལ་རླུང་ཕྱོགས་ཙམ༔ སྨྲ་བར་མི་རུང་སྙིང་ལ་བོར་ཅིག་བཛྲ་ས་མ་ཡཱ༔ དེ་ནས་དམ་ཚིག་བསྲུང་ཚུལ་ནི༔ ཨེ་མ་ཉོན་ཅིག་སྐལ་ལྡན་བུ་མཆོག་རྣམས༔ དམ་ཚིག་སྤྱི་ལ་སེམས་ན་བསམ་གྱིས་མི་ཁྱབ་ཀྱང༔ རྩ་བ་བླ་མའི་སྐུ་གསུང་ཐུགས་སུ་འདུས༔ སྐུ་ཡི་དམ་ཚིག་རྡོ་རྗེ་སློབ་དཔོན་དང༔ སངས་རྒྱས་བྱང་སེམས་རིག་པ་འཛིན་པ་དང༔ བླ་མ་རིག་འཛིན་མཁའ་འགྲོ་ཆོས་སྐྱོང་དང༔ མཆེད་ལྕམ་རྡོ་རྗེ་སྤུན་གྲོགས་རང་ལུས་དང༔ སྐྱེ་འགྲོ་སེམས་ཅན་འབྱུང་བ་ལྔ་ལ་སོགས༔ མི་གུས་ལོག་རྟོག་རྐུུ་འཕྲོག་བསད་བཅད་དང༔ ངན་སྨྲ་སྐུར་འདེབས་མི་དགེའི་རིགས་གྱུར་སྤང༔ དོན་ལ་སྣང་སྲིད་གཉིས་བསྡུས་ཐམས་ཅད་ཀུན༔ ཡི་དམ་ལྷ་ཡི་ངོ་བོ་མ་གྱུར་གཅིག་ཀྱང་མེད༔ གཉིས་འཛིན་དགྲ་གཤེད་མེད་པར་ཤིན་ཏུ་སྲུངས༔ གསུང་གི་དམ་ཚིག་སློབ་དཔོན་གྱིས༔ ཅི་གསུང་བསྒྲུབ་ཅིང་བཀའ་ལས་འདའ་མི་བྱ༔ རྫོགས་པའི་སངས་རྒྱས་མན་ཆད་ནས༔ གང་ཟག་ཕལ་པ་ཡན་ཆད་བརྙས་པར་མི་བྱ་ཞིང༔ མདོར་ན་སྐྱེ་འགྲོ་མི་སྐད་དང༔ འབྱུང་བའི་སྒྲ་སྐད་ཐམས་ཅད་ལ༔ ཞེ་སྡང་དང་ཁོང་ཁྲོ་མི་བྱ་ཞིང༔ བླ་མ་ཡི་དམ་གྱི་གསུང་དུ་མོས་པ་རྣམས་བསྐྱེད་དོ༔ ཐུགས་ཀྱི་དམ་ཚིག་ཏུ་མི་དགེ་བའི་རྟོག་པ་ཕྲ་མོ་ཙམ་ཡང་སྤངས་ལ༔ བདག་དང་གཞན་བརྗེ་ཕོད་པའི་བྱམས་པ་དང༔ སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཏུང་ཏུང་དུ་སྒོམས༔ སྐུ་ཡི་དམ་ཚིག་ཏུ་འཕགས་མཆོག་ནམ་མཁའི་རྒྱལ་པོའི་བསྐྱེད་རིམ་དང་མི་འབྲལ་བར་བྱ༔ གསུང་གི་དམ་ཚིག་ཏུ་གསུང་མཆོག་ཡི་གེ་བཅུ་པ་དང་མི་འབྲལ་རྒྱུན་ཆད་མེད་པར་བཟླས༔ ཐུགས་ཀྱི་དམ་ཚིག་ཏུ་མཉམ་ཉིད་ཁྱབ་བདལ་ཆེན་པོའི་ངང་ལ་བཞག༔ དེ་ལྟར་དམ་ཚིག་གཉན་པོ་བསྲུངས་པས་གནས་སྐབས་སུ་ཡང་ཚེ་རིང་ཞིང་ནད་མེད་པ་དང༔ ཅི་བསམ་གྱི་དོན་ཐམས་ཅད་འབད་མེད་ལྷུན་གྲུབ་ཡིད་བཞིན་དུ་འགྲུབ་བོ༔ མཐར་ཐུག་ཏུ་ཡང་འཕགས་མཆོག་ནམ་མཁའི་རྒྱལ་པོའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་རིན་པོ་ཆེ་ལ་ལོངས་སྤྱོད་པར་གྱུར་ཅིག༔ བཀའ་འདི་མ་འོངས་ང་སྤྲུལ་བུ་དང་འཕྲད་པར་ཤོག༔ བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ གཉན་རྒྱ༔ བདག་འདྲ་རིག་འཛིན་བདུད་འདུལ་རྡོ་རྗེ་ཡིས། ཚ་བ་སྒྲོ་བྲག་ཅེས་ཙིཏྟ་གནམ་ལངས་འདྲ་བའི་མགུལ་ནས་གདན་དྲངས་པའོ། །བདེ་ཆེན་འཕོ་བ་ཆེན་པོའི་སྐུ་གྲུབ་པ། །བི་མ་མི་ཏྲ་དངོས་སྣང་སྒྱུ་མའི་གར། །ཟླ་བྲལ་རྩོད་མེད་ཞིང་འདིར་ཡོངས་གྲགས་པ། །རྣམ་དག་ཐིག་ལེ་འོད་སྐུ་བདེ་བའི་གར། །འགྲོ་བའི་མགོན་པོ་ཆོས་ཀྱི་བདག་པོ་མཆོག །ལྷ་བཙུན་ནམ་མཁའ་འཇིགས་མེད་དེས་བསྐུལ་ངོར། །བདག་འདྲ་བདུད་འདུལ་རྡོ་རྗེ་ཡིས། །རྒྱས་དར་ཆོས་ལྡིང་ཕོ་བྲང་ཡང་དབེན་དུ། །ཤོག་སེར་རྣམ་དཀར་ངོས་ལ་ཕབ། །ཤོག་སེར་བུ་ལ་དག་པར་ཕབ་པའི་ཡི་གེ་པ་ནི། དུས་མཐའི་བན་སྦྲང་ཨོ་རྒྱན་ལུང་རིགས་སོ། །ཅི་སྲིད་འཇིག་རྟེན་བསྐལ་པ་མ་སྟོངས་བར། །དེ་སྲིད་དམ་པའི་ཆོས་འདི་མ་རྫོགས་སོ། །སརྦ་མངྒ་ལཾ།། །།
སྔ་འགྱུར་རྡོ་རྗེ་ཐེག་པའི་སྒྲུབ་པ་སྤྱི་ལ་མཁོ་བའི་མན་ངག་གནད་ཀྱི་སྒྲོམ་བུ་ (Volume 41, Text 4)
༄༅། །སྔ་འགྱུར་རྡོ་རྗེ་ཐེག་པའི་སྒྲུབ་པ་སྤྱི་ལ་མཁོ་བའི་མན་ངག་གནད་ཀྱི་སྒྲོམ་བུ་བཞུགས། ། ན་མཿཤྲཱི་བཛྲ་ཧེ་རུ་ཀ་ཡ། གཞི་དབྱིངས་མི་འགྱུར་ཀུན་བཟང་བདེ་བ་ཆེ། །གཞི་སྣང་མ་འགགས་དཔལ་ཆེན་ཧེ་རུ་ཀ །རྡོ་རྗེ་འཛིན་རྒྱལ་ཁྱབ་བདག་བཅོམ་ལྡན་འདས། །རྡོ་རྗེ་ཅན་ཞབས་པདྨོར་ཕྱག་བགྱིས་ནས། །གསང་བའི་དཀྱིལ་འཁོར་སྒྲུབ་པ་ལ་ཞུགས་པའི། །བར་ཆད་སེལ་དང་དངོས་གྲུབ་བསྐུལ་བ་ཡི། །མན་ངག་མེད་དུ་མི་རུང་གནད་ཀྱི་སྒྲོམ། །སྐལ་ལྡན་སྐྱེས་བུའི་ཉེར་སྤྱད་འདི་ན་སྤེལ། །དེ་ཡང་སྔ་འགྱུར་རྡོ་རྗེ་ཐེག་པ་བཀའ་གཏེར་སྒྲུབ་སྡེ་རྒྱ་མཚོའི་སྒོ་ནས་ཚོགས་ཀྱི་སྒྲུབ་པ་ཆེན་པོར་འཇུག་པ་ན། སྤྱི་དང་བྱེ་བྲག་སོ་སོར་ཁོག་དབུབ་པྲ་ཁྲིད་སོགས་ཞིབ་གསལ་དུ་མཆིས་མོད་ཀྱང་། ཕལ་ཆེར་ལ་སྒྲུབ་པའི་སྔོན་འགྲོ་ཉེ་བསྙེན་གྱི་ཡན་ལག་གི་སྐོར་ལས་དམ་སྲི་མནན་པའི་ལིང་བྱང་འབྲི་བ་དང་། ལིང་ཁྲུས་འགུགས་བསྟིམ་རྣམས་དང་། ཊ་ཀི་འགྱེད་པ། དངོས་གཞི་སྒྲུབ་པ་ཆེན་པོར་བར་ཆད་རྩོམ་པའི་ཉུ་ལེ་བསྐྲད་པ། དངོས་གྲུབ་སྡུད་པའི་བསྐུལ་བཅས་ཀྱི་ཡིག་ཆ་རྣམས་མདོར་བསྡུས་པའི་ཚུལ་དུ་བཀོད་པའི་དབང་གིས་སྤྱི་ཁྱབ་ཙམ་ལས། གསལ་ཁའི་ལག་ལེན་ཁྱེར་བདེ་ཞིག་མི་སྣང་བས། འདི་དག་མེད་དུ་མི་རུང་ཞིང་མོས་སློབ་འདྲ་འབག་གི་སྐབས་འདིར་ཡང་རྒྱུས་མེད་བཞིན། གང་དྲན་སྤྲོས་བཅས་ཀྱིས་ས་སྟོང་འགེང་བྱེད་ཁོ་ནས་ཀྱང་དོན་དུ་མི་འགྱུར་ཞིང་། རང་འདྲའི་བློ་དམན་ལ་ལ་ནི་ཚུལ་བཞིན་བསྒྲུབ་པར་སེམས་ཀྱང་མཁོས་ཆུང་རིགས་ཀྱི་ལག་ལེན་ཁྲིད་དང་དཔེ་རྒྱུན་འཛོམ་དཀའ་བར་མཐོང་ནས། བླ་མ་དགོངས་པ་འདུས་པ་སོགས་སྔོན་དང་ད་ལྟར་བྱོན་པའི་གཏེར་གྱི་གཞུང་ཆེན་ཚད་ཐུབ་མཐའ་དག་གི་དགོངས་བཅུད་བསྡུས་ཤིང་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀྱིས་ཟུར་བརྒྱན་ཏེ་ཁྱེར་བདེ་འདུས་གསལ་གྱི་ཟིན་ཐོར་སྤེལ་བ་ལ། ༈ དང་པོ་དམ་སྲི་མནན་པའི་ལིང་ག་ནི། དུག་ཤོག་ལ་དུག་ཁྲག་གི་སྣག་ཚ་དང་། སྐྱེར་པའི་སྙུག་གུས་དམ་སྲིའི་གཟུགས་རིད་ཅིང་ཉམ་ཐག་པ་མི་གདོང་བྱ་རོག་གི་མཆུ་ཅན་སྐྲ་འབལ་བ། ཡན་ལག་བཞི་ལྕགས་སུ་བཅུག་པ་བྲིས་པའི་སྙིང་ཁར། ྈྈྈ དེའི་མཐར་མགྲིན་པ་ནས་བརྩམ་ཡིག་མགོ་ཕྱིར་བསྟན་གྱི། ཡ་མ་དམ་སྲི་གཾ་པ་རི་ཏྲི་ཡཾ་ཛ༔ ཏྲིའུ་ཏྲིའུ་ཤོ་ན་ཛཿཔ་རི་ཁུག་ཛ༔ ཨེ་ཧུར་ཐུམས་ཁཾ་ཤག་རོ་མྱགས་རྨུག་ཏེ་རྦད་ཡ༔ ཙིཏྟ་གཏུབས་གཏུབས༔ རྩ་ཁྲག་སྙིང་ལ་མཱ་ར་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་སཏྭཾ་བྷ་ཡ་ནན༔ ཞེས་པས་བསྐོར་བ་བྲི། སྤྱི་བོར་ལཾ་ནན། རྐང་གཡས་སུ་ཛཿ ལག་གཡས་པར་ཧཱུྃ། ལག་གཡོན་པར་ཧོཿ རྐང་གཡོན་པར་བཾ་བཅས་བྲི། གཟུགས་ཀྱི་མཐའ་སྐོར་དུ་ཡིག་མགོ་ནང་བསྟན་གྱིས་དཔུང་པ་གཡས་ཀྱི་མགོ་ནས་བརྩམ། གནོད་བྱེད་དམ་སྲི་རྒྱལ་འགོང་འབྱུང་པོ་ཕོ་མོ་རྣམས་ཀྱི་ལུས་ངག་ཡིད་གསུམ་མཐུ་དང་ནུས་སྟོབས་རྫུ་འཕྲུལ་ཐམས་ཅད་ནོན་ཅིག༔ སྐལ་པ་མ་སྟོང་གི་བར་དུ་མ་ལྡང་ཞིག༔ ཨོཾ་ལཾ་ཨཱཿལཾ་ཧཱུཾ་ལཾ་སཏྭཾ་བྷ་ཡ་ནན༔ ཞེས་པས་འཁོར་བར་བྲི། དེའི་མཐར། ྈྈ ཞེས་ཛ་ཁྲམ་ཉེར་གཅིག་གིས་བསྐོར་བའི་ཡི་གེ་རྣམས་གཟབ་མ་ཤུར་གྱིས་བྲིས་པའི་ཤོག་ལིང་གཉིས་འདུ་བྱ། ༈ ལིང་ཁྲུས་ནི། རང་ཉིད་ཐུན་མཚམས་ཀྱི་ལྷའི་ང་རྒྱལ་དང་ལྡན་པས་ལིངྒ་རྣམས་སྐྱེར་སྐམ་གྱི་ཁར་བལྟེམས། དཔལ་འབར་གྱི་མེ་ལྕེས་གཞུར་ལ། ངག་ཏུ། རཾ་རཾ་རཾ་ཞེས་བཟླས་པས་རང་གི་ཁ་རླངས་དང་དྲི་མ་སོང་བ་རྣམས་བསྲེགས་པར་བསམ། རླུང་ཁར་གཡུག་ལ། ཡཾ་ཡཾ་ཡཾ། ཞེས་བཟླས་པས་རང་གི་དྲི་མ་སོང་བ་རྣམས་གཏོར་བར་བསམ། ཆུ་གཙང་གིས་མེ་ལོང་ངོས་ཁྲུས་བྱས་ལ། ཁཾ་ཁཾ་ཁཾ། ཞེས་བཟླས་རང་གི་དྲི་མ་སོང་བ་རྣམས་བཀྲུས་པར་དམིགས་ལ་ཆུ་གཙང་སར་འཕོ། དེ་ནས་འགུགས་བསྟིམ་རྒྱས་པར་སྤྲོ་ན་ཕུར་པའམ། བཀའ་བརྒྱད་སོགས་ཡི་དམ་དྲག་པོའི་ལས་བྱང་རྒྱས་པར་བཏང་ནས་ཚོགས་ཐ་མའི་སྐབས་འགུགས་གཞུག་བརྒྱ་རྩ་དང། གཞུང་སོ་སོའི་གདབ་ལས་ཆོ་ག་རྣམ་ཤེས་སྤར་བའི་མགོ་བར་བྱེད་པ་ཡིན་ཡང་། སྤྲོས་པ་བསྡུ་བའི་ལུགས་ལྟར་ན་ལིངྒ་ལྕགས་ཧོམ་དུ་བཅུག རྒྱ་བཞི་དང་དུག་ཐུན་ལྷ་དབྱེའི་སྒྲོ་གཉིས་དང་བཅས་པ་དང་། གཞན་ཡང་དབྱེ་རྫས་སམ། བུལ་རྒོད། ཡུངས་དཀར། བྱད་ཐག །དུག་ཁྲག་བསྲེས་པའི་སྨྱོ་ཁྲག །ལས་ཕུར། གཡབ་དྲིལ་སོགས་སློབ་དཔོན་གྱི་མདུན་དུ་བཀོད་ལ། བྷྲཱུྃ་བཛྲ་ཀྲོ་དྷ་མཎྜ་ལ་ཧཱུྃ། ཞེས་བརྗོད་པས་སྣང་སྲིད་ཐམས་ཅད་ཁྲོ་བོ་རོལ་པའི་དུར་ཁྲོད་ཀྱི་ཞིང་ཁམས་ཆེན་པོར་གྱུར། སླར་ཡང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་གི་སྒྲ་གདངས་ཐོག་འབྲུག་ལྟར་བསྒྲགས་པས། བདག་ཉིད་སྐད་ཅིག་གིས་བདེ་བར་གཤེགས་པ་ཡོངས་ཀྱི་ཕྲིན་ལས་ཀྱི་མཐུ་སྟོབས་གཅིག་ཏུ་བསྡུས་པའི་རང་བཞིན་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་ཐུགས་ཀར་རི་རབ་ཕུར་བུ་འདྲིལ་བ། དཔལ་དང་དུར་ཁྲོད་རོལ་པའི་ཆས་རྣམས་རྫོགས་ཤིང་ཡུམ་དང་བཅས་པའི་སྐུར་གྱུར་པའི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ཡི་གེ་དང་ཐུགས་སྲོག་བཅས་གསལ་བརྟན་འོད་ཟེར་འབར་བ། གར་དགུས་སྒེག་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་བཞུགས་པར་གསལ་བའི་འཁོར་དུ། རིགས་ཀྱི་སྲས་དང་། བདུད་འདུལ་ཁྲོ་བོ་ཟ་གསོད། སྒོ་མ། ཕུར་སྲུང་། བཀའ་སྡོད། དབང་ཕྱུག །དགེ་བསྙེན། མ་ཡམ་བརྟན་མ། གིང་དང་ལངྐ་ཕོ་ཉ་བྱ་གཅན་གཏུམ་པོའི་ཚོགས་དང་བཅས་པ་འཇིགས་པའི་གད་མོ་སྒྲོག་ཅིང་། དགྲ་བགེགས་འདུལ་ཕྱིར་དྲག་པོའི་ལས་ལ་རྔམས་པ། གཞན་ཡང་ཕྱི་སྣོད་ཀྱི་འཇིག་རྟེན་ཨེ་ཁྲམ་འབར་བའི་ཕོ་བྲང་གི་རང་བཞིན། ནང་བཅུད་རྣམས་རྡོ་རྗེ་ཕུར་པ་རིག་འཛིན་དང་བཅས་པའི་ལྷ་ཚོགས་ཀྱི་སྐུར་གསལ་བ་རྣམས་རྔམ་པའི་ཧཱུྃ་སྒྲ་སྒྲོག་ཅིང་ལས་ལ་ཆས་པར་བསམ་ལ། ཆུ་རྒོད་ཀྱིས་ལིངྒར་བྲན། རང་གི་མདུན་དུ་ཨེ་ལས་གྲུབ་པའི་ལྕགས་ཀྱི་ཁང་སྒྲོམ་ལས་ཀྱི་བཙོན་ར། དུག་གསུམ་གྱི་རང་བཞིན་འབྱུང་བ་འཁྲུགས་པའི་ནང་དུ། ནྲྀ་དང་ཏྲི་ལས་དགྲ་བགེགས་དམ་སྲི་ཉུ་ལེ་རྣམས་རིད་ཅིང་ཉམ་ཐག་པའི་ལུས་ཅན། སྔངས་ཡེད་འདར་ཁྲི་ལི་ལིར་ཡན་ལག་རྣམས་ལྕགས་སུ་བཅུགས་ཤིང་། བུ་ག་རྣམས་ནས་ཁྲག་འཛག་བཞིན་པ་གསལ་བར་གྱུར། བདག་གི་ཐུགས་ཀ་ནས་དྲག་པོའི་འོད་ཟེར་འཕྲོས། ཕུར་སྲུང་དམ་ཅན་རྣམས་ལས་ལ་བསྐུལ་བས་དགྲ་བགེགས་དམ་སྲི་ཉུ་ལེ་རྣམས་བཀུག་ནས་གཟུགས་ལ་བསྟིམ་པར་བསམ་ལ། འགུག་པ་ནི། ཧཱུྃ་ཛ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ ཁྱེད་རྣམས་དམ་ཚིག་དུས་ལ་བབ༔ མཐུ་རྩལ་ཕྱུང་བའི་དུས་ལ་བབ༔ རྦད་ཅིང་བསྐུལ་བ་ང་ཡིས་བྱེད༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ མ་ཤོར་མ་བཏང་ཁུག་ལ་ཤོག༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ ཅེས་བསྐུལ་ཞིང་། གནོད་བྱེད་དགྲ་བགེགས་འབྱུང་པོ་ཨཾ་ཀུ་ཤ་ཛཿཛ༔ ཞེས་དྲག་ཏུ་བཟླས་ཤིང་། ལན་བརྒྱ་སྟོང་ངམ། ཉེར་གཅིག་སོགས་ཀྱིས་ནན་ཏན་དུ་བཀུག་བསྟིམ་དྲག་ཏུ་བྱས་མ་ཐག །ལྕགས་ཀྱུས་བཏབ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་འབྱུང་པོ་ཨཾ་ཀུ་ཤ་ཛ༔ ཞགས་པས་བཅིངས་ཏེ། བཛྲ་པཱ་ཤ་ཧཱུྃ༔ ལྕགས་སྒྲོག་གིས་བསྡམས་ནས། བཛྲ་སྥོ་ཊ་བཾ༔ དྲིལ་བུས་མྱོས་པར་བྱས་ལ། བཛྲ་གནྜེ་ཧོ༔ དུག་ཐུན་བྲབ་ཅིང་། ད་ཧ་ད་ཧ་ཧཱུྃ་ཕཊ༔ བྱ་རོག་དང་འུག་པའི་སྒྲོས་དབྱེ་ཞིང་། པ་ཙ་པ་ཙ་ཧཱུྃ་ཕཊ༔ ཡུངས་དཀར་གྱིས་བྲབ་ཅིང་གཟུགས་ལ་དབབ་པར་བསམ་ཏེ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ༔ བྱད་དུ་བཅུག་ལ། བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ༔ སྨྱོ་ཁྲག་བཏབ་ཅིང་ལུས་སེམས་མྱོས་པར་བསམ་ཏེ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ༔ ལས་ཕུར་སྤྱི་བོར་བཏབ་པས་མཐུ་དང་རྫུ་འཕྲུལ་བཅོམ་ཞིང་སྡུག་བསྔལ་ཉམས་སུ་མྱོང་བར་བྱས་པར་དམིགས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཤ་ཏྲཱུཾ་བིགྷྣཱན་མཱ་ར་ཡ་ཕཊ༔ ཅེས་བརྗོད་མཐར་གོང་དུ་གསལ་བཏབ་པའི་དཀྱིལ་འཁོར་རྣམས་མི་དམིགས་པར་བཞག མནན་ལིང་དེ་ཉིད་འདྲེ་ལྟེབ་ཏྲི་ཡིག་གི་སྐེད་པ་བཅག་པ། མགོ་མཇུག་ལྡོག་པར་དྲིལ་པར་ཚོན་སྐུད་སྔོ་དམར་གྱིས་དཀྲིས། ཁྱི་ཐོད་དུ་ཐུན་བསྒྲུབས་པ་ཡོད་ན་དེ་ཉིད་དང་། མེད་ན་གོང་གི་ཐུན་རྣམས་དང་བཅས་ལིངྒ་གཅིག་བཅུགས། ཕྱི་རོ་གོས་སམ་ཕུང་རེས་དྲིལ་ལ། ཁྱི་ནག་འོག་ཅན་གྱི་ཁུལ་སྐུད་ནག་པོས་བཙེམས་པར་བྱད་ཐག་སྔོ་དམར་གྱིས་རྒྱ་གྲམ་དུ་བསྡམ། མནན་ཐེལ་གདབ། སྐྱེར་པའི་རྩང་ཕུར་བརྒྱད་ཀྱིས་ཕྱོགས་མཚམས་བརྒྱད་དུ་འཛེར་པའམ། སེ་སྐྱེར་འོམ་བུའི་རྩང་གསུམ་གྱིས་གྲུ་གསུམ་དུ་འཛེར་བ་ནི་སྒྲུབ་ཁོག་གི་དམ་སྲི་མནན་པའི་སྐབས་སུ་མནན་རྒྱུ་དེའོ། །ལིངྒ་གཅིག་ཤོས་དེ་ཤི་ལྟེབ་བམ། རོ་ལྟེབ་སྟེ་ཁ་དང་གསང་གནས་གཉིས་སྤྲད་དེ་གཡོན་པ་གཡས་ཀྱིས་ནོན་པར་བྱས་ལ་བལྟབས། དེ་ནས་གྲུ་གསུམ་དུ་བྱས་ནས་བྱད་ཐག་སྔོ་དམར་གྱིས་དཀྲིས་ཏེ། ཧོམ་ཁུང་དུ་བཅུག་པའི་སྙིང་གར་སྐྱེར་ཕུར་བཏབ་ལ། དམ་སྲི་འབྱུང་པོ་རྣམས་ཨེ་ཡི་བཙོན་ཁང་དུ་བཅུག་ཅིང་སེམས་ངག་ལུས་གསུམ་དྲན་བརྗོད་གཡོ་འགུལ་མེད་པར་འཛེར་བར་བསམ་ལ། ནང་སྒོའི་ཕྱི་འགྲམ་དུ་སྒྲུབ་པ་མ་གྲོལ་བར་བསྒུལ་བསྐྱོད་མེད་པར་འཇོག །སྒྲུབ་པ་གྲོལ་ནས་རྟ་བྲོའི་སྐབས་ཁྱི་ཐོད་དུ་བཅུག་ནས་མནན་པའམ། ཚོགས་ཐ་མའི་ཞལ་བསྟབ་སྐབས་མེར་བསྲེགས་པས་ཀྱང་འགྲུབ་བོ།། ༈ །།མཚམས་གཅོད་ཀྱི་མེ་ཐུན་ཆུ་ཐུན་དུས། གིང་དཀར་དམར་གཉིས་ཆས་སུ་ཞུགས། རྡོ་རྗེ་མཚམས་པ་སློབ་དཔོན་ནས་རིག་པ་ངར་ཕྱུང་ལྟ་བའི་གདིང་བསྐྱེད་ལ་གིང་བསྐུལ་ཞིང་བགེགས་བསྐྲད་པ་ནི། རོལ་མོ་དང་བཅས། ཧཱུྃ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ སྤྲུལ་པའི་ཕོ་ཉ་ལས་བྱེད་ཚོགས༔ གིང་ཕོ་གིང་མོ་རྫུ་འཕྲུལ་ཅན༔ དུར་ཁྲོད་ཆས་ལྡན་མི་བསྲུན་གཟུགས༔ ལག་ན་མཚོན་ཐོགས་རྒྱུག་འདྲལ་བྱེད། ཧ་ཧ་རྒོད་ཅིང་དགྲ་ཤ་ཟ༔ ཧཱུྃ་ཧཱུྃ་རྔུབ་ཅིང་དགྲ་ཁྲག་འཐུང༔ ཕཊ་ཕཊ་རྔམས་ཤིང་གནོད་བྱེད་འཇོམས༔ དམ་ཚིག་ཅན་ལ་དངོས་གྲུབ་སྟེར༔ ཉམས་པ་རྣམས་ལ་ཆད་པ་གཅོད༔ དཀྱིལ་འཁོར་མཐའ་འགྲིམ་སྒྲུབ་ཁང་ཉུལ༔ གནས་འདིར་སྤྱན་འདྲེན་ད་ཚུར་རྒྱུག༔ གིང་ཕོ་ཡབ་རྣམས་རྐངས་སེ་རྐང༔ གིང་མོ་ཡུམ་རྣམས་འདར་མ་འདུར༔ ཕོ་ཉ་ལས་བྱེད་གིང་གི་ཚོགས༔ དགྲ་བགེགས་སྟེང་དུ་ཕོ་ཉ་ཆོས༔ གནོད་བྱེད་འབྱུང་པོ་རྡུལ་དུ་རློགས༔ རྐྱེན་དང་བར་ཆད་ཟློག་ཏུ་གསོལ༔ ཧཱུྃ༔ རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་འདིར༔ འདུ་བའི་ལྷ་ནི་མ་གཏོགས་པའི༔ དམ་མེད་བགེགས་རིགས་གཞན་དུ་དེངས༔ བཀའ་ལས་འདས་པའི་གདུག་ཅན་རྣམས༔ རྡུལ་དུ་རློག་པའི་ཕྲིན་ལས་མཛོད༔ ཅེས་དྲག་ཏུ་གྱེར་ལ་བཤུགས་གླུ་རྐང་གླིང་གི་སྒྲ་དང་བཅས་གིང་པ་གཉིས་ཀྱང་ལྷ་ཡི་ང་རྒྱལ་ལྡན་པས་རྒྱུག་མདུར་རྔམས་སྟབས་ཀྱིས་དོན་ཏེ། སྒྲུབ་པ་པོ་རྣམས་ལ་གིང་པ་དམར་པོས་མེ་ཞགས་དང་། དཀར་པོས་ཆུ་ཐུན་བརྡེག རྡོ་རྗེ་མཚམས་པས་ཀྱང་དྲག་སྔགས་སོ་ལྔ་པ་དང་ཧཱུྃ་བཞིའི་སྔགས་བཟླ་ཞིང་ཐུན་གཏོར། མཐར་གིང་པ་རང་གནས་སུ་བསྡུ་ཞིང་། ཧཱུྃ༔ བདག་ཉིད་དཔལ་གྱི་ཐུགས་ཀ་ནས༔ རྡོ་རྗེ་འཁོར་ལོ་བེ་ཅོན་དང༔ དབྱུག་ཏོ་རལ་གྲིའི་ཚོགས་སྤྲོས་པས༔ སྲུང་བའི་འཁོར་ལོའི་གུར་ཆེན་པོ༔ ཡེ་ཤེས་མེ་དཔུང་འབར་བས་གཏམས༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ བཛྲ་ཛྭ་ལ་རཀྵ་རཀྵ་ཧཱུྃ་ཕཊ༔ ཅེས་སྲུང་འཁོར་གསལ་བརྟན་དུ་བསྒོམས། སྒྲུབ་ཁོག་ལ་ལར་མེ་ཆུའི་ཐུན་མི་དགོས་པའང་འབྱུང་བས། དེ་སྐབས་འདི་རྣམས་དོར་བར་བྱའོ།། ༈ །།སྒྲུབ་པའི་དངོས་གཞིའི་སྐབས། དངོས་གྲུབ་འཕྲོག་ཅིང་ཏིང་ངེ་འཛིན་ལ་བར་གཅོད་བྱེད་པའི་ཉུལ་ལེ་བཅུ་གཉིས་འབྱུང་བ། དུས་ཚོད་བཅུ་གཉིས་སུ་བསྐྲད་ཅིང་གཟིར་དགོས་པ་ཤིན་ཏུ་གལ་ཆེ་བས་དེ་རྣམས་ཀྱི་ལིང་ག་ནི། དུག་ཤོག་ལ་དུག་ཁྲག་གིས་ལིང་ག་ཁྱིམ་བྱ་མོའི་མགོ་ཅན་གཅིག་གི་སྙིང་གར། ཛཏྲི<!TCC Tibetan character 4,146 undefined in unicode!>། དེའི་མཐར་མགྲིན་པ་ནས་བརྩམ་ཡིག་མགོ་ཕྱིར་བསྟན་གྱི། དམ་སྲི་ཉུལ་ལེ་ཤ་ཀྲིང་བུ་མོ་སྐད་འགྱུར་མ། འབྲོག་རྐུན་ནག་མོ། གཏི་མུག་རྒྱན་བྱེད། འདོད་ཆགས་ར་ནུ། ཞེ་སྡང་དུན་རྩེ། གཟའ་ཡི་བུ་མོ། གནམ་ཐེལ་དཀར་མོ། ཀླུ་སྲིན་ནག་མོ། ཀླུ་ཐེལ་རིགས་བཞི། ས་བདག་མ་ཡམས། མ་བདུད་ཐེའུ་རང་། བདུད་དང་དམ་སྲི་ཐམས་ཅད་ཏྲི་ཡཾ་ཛཿ ཁཾ་ཏྲག་རཀྵ་མུྑྞི་རྦད་ཡ། སྲོག་ལ་དུང་དུང་། ཙིཏྟ་ཕྱུངས་ཕྱུངས། སྲོག་རྩ་ལ་རྦད་རྦད། ཕྱེ་མ་ཕྱེ་མ། རྡུལ་ཕྲན་རྡུལ་ཕྲན། །ཞེས་གཟབ་མ་ཤུར་གྱིས་བྲིས་པས་བསྐོར་བ་དང་། ཡན་ལག་བཞི་ལ་ཛཿཧཱུྃ་བཾ་ཧོཿ སྤྱི་བོར་སུཾ། མཚན་མར་ཕཊཿ རྐང་ཞབས་སུ་ཡཾ། གཟུགས་ཀྱི་མཐའ་སྐོར་དུ། ཛ་ཁྲམ་ཉེར་གཅིག་གིས་བསྐོར་བ་བྲིས་ལ། གོང་གི་དམ་སྲིའི་ལིང་ག་དང་མཉམ་དུ་ལིང་ཁྲུས་དང་འགུགས་བསྟིམ་ནན་ཏན་བྱ་ཞིང་། ལྟེབ་ལུགས་མཚོན་ཆ་ལྟེབ་ཏུ་གྲགས་པ། ཡན་ལག་ནང་དུ་བཅག་པས་ལྟེབ་ཅིང་བྱད་ཐག་སྔོ་དམར་གྱིས་བཅིངས། སྲོག་ཡིག་མི་སྒྲིབ་པར་བརྡེག་པའི་མཚོན་ཆ་དང་ཐུན་སོགས་ཡི་གེའི་སྟེང་དུ་འགྲོ་བར་བྱས་ལ། ཧོམ་ཁུང་དུ་བཅུག་པའི་སྟེང་དུ་རྒྱུན་ལྡན་རྒྱ་གྲམ་མམ། གཟིར་རྫས་ཀྱི་མཚོན་ཆའི་རིགས་ཀྱིས་མནན་ནས་འཇོག །ལས་སྦྱོར་རན་པའི་ཚེ་མཚོན་ཆ་དེ་རྣམས་ཕར་ལེན་པ་བཅས་བྱེད་དམ། ཡང་ཁེབས་ལ་ཐུན་ལམ་བཅོས་ནས་བྱད་ཐག་དྲངས་ཏེ་དཀྱིལ་འཁོར་གྱི་ལྷོ་ནུབ་མི་གཡོ་བའི་ཕུར་བུར་བརྟོད་ཅིང་ཐུན་ལམ་ལ་ཕུར་ཆུང་བཏབ་ཀྱང་རུང་། གང་ལྟར་ཡང་དུས་ཚོད་བཅུ་གཉིས་སུ་རྒྱུ་བའི་ཉུལ་ལེ་བཅུ་གཉིས་སོ་སོ་གཟིར་བའི་རྫས་འོག་ནས་འབྱུང་བ་རྣམས་ཀྱང་ཚོགས་པར་བྱའོ། །དེ་ཡང་ཉུལ་ལེ་རྒྱུ་བའི་དུས་ནི། ཉི་ཐལ། མུན་རུབ། སྲོད་འཁོར། ནམ་གུང་སྟེ་སྲོད་དང་ནམ་ཕྱེད་ཀྱི་བར། ནམ་གྱི་ཕྱེད། ནམ་འགྱིང་ངམ་ཐོ་རངས། ཐོ་རངས་སྐྱ་རེངས་ཤར་བ། ཉི་མ་རྩེ་ཤར། ཉི་དྲོས། ཉིན་གུང་། ཉིན་ཕྱེད་ཡོལ། ཉི་མྱུར་རྣམས་ཉུལ་ལེ་བཅུ་གཉིས་རྒྱུ་བའི་དུས་ཚོད་སོ་སོར་ཉུལ་ལེ་གཟིར་ཞིང་བསྐྲད་པ་དང་། ཕོ་ཉ་བསྐུལ་བ་རྣམས་སོ་སོར་བྱ་དགོས་པས། དགོང་མོ་ཉི་མ་ནུབ་པའི་དུས་སུ་ཚོགས་གཞུང་ནས་ཉུ་ལེ་བསྐྲད་དགོས། དེའང་སྒྲུབ་ཁོག་སོ་སོའི་གཞུང་ནས་འབྱུང་བ་བཞིན་བསྐྱེད་འགུགས་བསྟིམ་པ་དང་། བསྐུལ་ཞིང་ཕོ་ཉ་འགྱེད་པ་འཆམ་སྟབས་ཕུར་བསྐོར་བཅས་རྫོང་འཕྲང་སྲོག་དང་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས་བརྟེན་པ་དབྱིངས་སུ་སྤར། རྟེན་གཞིའི་ལུས་བསྒྲལ་བའི་ཤ་ཁྲག་དཀྱིལ་འཁོར་གྱི་ལྷ་ཚོགས་དང་། ཁྱད་པར་དཔལ་གྱི་ཕོ་ཉ་དུས་ཚོད་སོ་སོར་རྒྱུ་བ་རྣམས་ལ་བསྔོས་ཏེ། ཤར་ཕྱོགས་དཀར་མོ་སོགས་ཀྱིས་བསྐུལ་ཞིང་ཕྲིན་ལས་བཅོལ། དྲག་པོའི་སྔགས་ཐུན་དང་ཕྱག་མཚན་གྱིས་དཀྱིལ་འཁོར་རྫས་དང་གནས་ཡོ་མཆེད་ལྕམ་རྣམས་ལ་བྲབ་ཅིང་། ཚམ་རྔམ་དང་གུལ་ཡུངས་བདུག་པ་སོགས་བྱ། མཐར་སྲུང་འཁོར་གསལ་འདེབས་བྱའོ།། །།ཡང་ཁོག་གཞུང་ལ་ལར་གཞན་ལ་ཁ་འཕངས་པའི་རིགས་ལ་སྦྱར་རྒྱུ་དང་། ཚིག་གི་སྤྲོས་ཚོགས་ཉུང་བར་འདོད་ན། ཧཱུྃ་བཛྲ་ཀྲོ་དྷ་མཎྜ་ལ་བྷྲཱུྃ༔ ཞེས་བརྗོད་པས་བདག་དང་སྣང་སྲིད་ཁྲོ་བོ་རོལ་པའི་རྟེན་དང་བརྟེན་པར་བཅས་པའི་ང་རྒྱལ་བརྟན་པོར་གསལ་གདབ། ཨེ་ཡཾ་ཛྭ་ལ་རཾ་ཏྲི༔ ཅེས་པས་བྲུབ་ཁུང་དམིགས་བྱ་དང་བཅས་པ་བསྐྱེད་ནས། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་བླ་མ། དཀོན་མཆོག་རིན་པོ་ཆེ་རྣམ་གསུམ། ཁྱད་པར་ཡི་དམ་ཞི་ཁྲོ། མ་མོ་མཁའ་འགྲོ་བཀའ་སྡོད་དང་བཅས་པ་དང་། ཆོས་ཉིད་རྣམ་པར་དག་ཅིང་ཆོས་ཅན་རྒྱུ་འབྲས་མི་བསླུ་བ་རྣམས་ཀྱི་བདེན་པས། སྒྲུབ་པ་ཟབ་མོ་ལ་བར་ཆད་བྱེད་པའི་དམ་སྲི་ཉུལ་ལེ། དགོང་མོ།་་་ཤ་ཀྲིང་བུ་མོ་སྐད་འགྱུར་མ། སྲོད།་་་འབྲོག་རྐུན་ནག་མོ། ནམ་གུང་།་་་གཏི་མུག་རྒྱན་བྱེད། ནམ་ཕྱེད།་་་འདོད་ཆགས་ར་ནུ། ནམ་འཇིངས།་་་ཞེ་སྡང་དུན་ཙེ། ཐོ་རངས།་་་གཟའ་ཡི་བུ་མོ། ཉི་མ་རྩེ་ཤར།་་་གནམ་ཐེལ་དཀར་མོ། ཉིན་གུང་།་་་ཀླུ་སྲིན་ནག་མོ། ཉིན་ཕྱེད།་་་ཀླུ་ཐེལ་རིགས་བཞི། ཉི་མྱུར།་་་ས་བདག་མ་ཡམ། ཕྱེད་ཡོལ།་་་མ་བདུད་ཐེའུ་རང་། བདུད་དང་དམ་སྲི་ཐམས་ཅད་སྲིད་གསུམ་གང་དུ་གནས་ཀྱང་གཟུགས་དང་མིང་བྱང་འདི་ལ་ཁུག་ཅིག །ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་སརྦ་བིགྷྣཱན་ཏྲི་ཡཾ་ཛཿ ཏྲི་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་བཀུག །པྲ་ཝེ་ཤ་ཡ་ཕཊ་ཀྱིས་རྒྱབ་དཔུང་རྣམས་ཕྱིར་བསྐྲད། ཨཱ་བེ་ཤ་ཡ་ཨཱཿས་གཟུགས་ལ་དབབ། ཕུར་ཐུན་བསྐུལ་བ་ནི། ཧཱུྃ། ཆོས་ཀྱི་དབྱིངས་ལས་གྲུབ་པའི་ལྷ། ཁྲོ་བོ་རོལ་པའི་དུར་ཁྲོད་ནས། །ཤིན་ཏུ་མི་བཟད་སྐུར་སྟོན་ལྷ། །དྲག་པོའི་ཕྲིན་ལས་དུས་ལ་བབས། །ཕུར་པ་ཐོགས་ལ། ཧཱུྃ། ང་ནི་དཔལ་ཆེན་ཧེ་རུ་ཀ །སྲས་དང་སྤྲུལ་པ་བཀའ་སྡོད་འགྱེད། །ཕུར་ཐུན་མཚོན་ཆའི་ཐོག་སེར་འབེབ། །དགྲ་བགེགས་འབྱུང་པོ་རྡུལ་དུ་རློག །གོང་གི་དྲག་སྔགས་སོ་ལྔ་པའི་མཐར། ཛྭ་ལ་རཾ་དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་བཏགས་པ་བཟླ་ཞིང་གོང་དུ་བཤད་པ་བཞིན་ཏིང་ངེ་འཛིན་བརྟན་པོས་ཕུར་བུ་བརྡེགས་ཤིང་ཐུན་གྱིས་གཟིར་རོ། །སླར་ཡང་དཔལ་གྱི་ཕོ་ཉ་བསྐུལ་བ་ནི། གུ་གུལ་བསྲེག །དར་ནག་གཡབ། རྐང་གླིང་བཤུག་གླུ་རོལ་མོའི་དབྱངས་ཀྱིས་འདི་ལྟར་བསྐུལ་ཏེ། ཧཱུྃ་བྷྱོ༔ ཤར་ཕྱོགས་དཀར་མོ་དུང་གི་གཞལ་ཡས་ནས༔ ཁྲག་མདོག་དམར་མོ་བསེ་ཡི་ལན་ཕྲན་ཅན༔ སྤྱན་རྩ་དམར་མོ་ཁྲག་མཚོ་འཁྲུགས་པ་འདྲ༔ སྨིན་མ་གློག་འགྱུ་མུན་པའི་གོ་སྐབས་དབྱེ༔ བུ་ཡུག་ཐོག་འབེབས་ཤངས་ནས་རྡོ་རྗེ་འཁྲུགས༔ བཞད་པ་ཧེ་དང་དཔལ་གྱི་སྤུ་གྲིས་གཏམས༔ རྔམས་པའི་ལྗགས་འདྲིལ་བསྐལ་པའི་མེ་ཆེན་འབར༔ ཨག་ཚོམ་མེ་འབར་རབ་འབྱམས་སྲིད་པ་བསྲེགས༔ བསྐལ་པའི་མེ་འབར་སྙན་ནས་འབྲུག་སྒྲ་སྒྲོག༔ ལག་པ་དམར་པོ་སྤུ་གྲི་འབུམ་གྱིས་གཏམས༔ སེན་མོ་ལྕགས་ཀྱུའི་རྩེ་ལ་བསྐལ་པའི་མེ་ཆེན་འབར༔ བ་སྤུའི་རྩེ་ནས་གནམ་ལྕགས་ཞུན་མ་འཕྲོ༔ སྨིན་མ་ལྕགས་ཀྱི་ཁྲོ་ཆུའི་ཆར་འབེབས་ཤིང༔ ཞབས་ཀྱི་ཕུར་པས་སྲིན་མོ་ལྔ་བརྒྱ་གཟིར༔ རལ་པའི་གསེབ་ནས་ཁྲག་གི་ཁ་ཆར་འབེབ༔ ཤིན་ཏུ་མི་བཟད་འབར་བའི་སྐུ་གཅིག་མ༔ དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་ཀླུ་སྲིན་མ་ལུས་སྒྲོལ༔ ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ༔ ན་བཟའ་དམར་པོ་སྲིན་གྱི་གཡང་གཞི་གསོལ༔ ཕྱོགས་བཅུར་ཁ་བལྟས་ཕྱོགས་སྐྱོང་ཞབས་ཀྱིས་མནན༔ བདུད་ལ་བབ་ན་སྙིང་ཁྲག་དྲོན་མོ་འཐུང༔ སྲིན་ལ་བབ་ན་སྲོག་རྩ་དམར་པོ་གཅོད༔ དགྲ་ལ་བབ་ན་དུག་གི་ཁ་ཆུ་འཐོར༔ བགེགས་ལ་བབ་ན་རུས་པ་ཕྱེ་མར་འཐག༔ དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལས་སྤྲུལ༔ དམ་སྲི་བདུད་དང་འབྱུང་པོ་བགེགས་ཀྱི་རིགས༔ ཕུང་པོ་དུམ་བུར་གཏུབས་ལ་དོན་སྙིང་མ་ལུས་སྲེགས༔ དཔལ་གྱི་ཕོ་ཉ་ཆེན་པོ་འཁོར་བཅས་ཀྱིས༔ དམ་སྲི་ཉུལ་ལེའི་བར་ཆད་རྡུལ་དུ་རློགས༔ ཨོཾ་ཀྲོ་དྷཱི་ཤྭ་རཱི་གྲུ་བུ་གྲུ་བུ༔ ཨེ་པ་ཨེ༔ རཱུ་པ་ཙར་རྣྲི༔ རཱ་ཙ་རཱ་ཙ༔ ཐུན་དུ་ཐུན་དུ༔ ནཱ་ག་སཏྭཾ་བྷ་ཡ༔ ཡཀྴ་བྷྱི་ན་ཡ༔ ཕྱེ་མ་ཕྱེ་མ༔ རྡུལ་ཕྲན་རྡུལ་ཕྲན༔ ཞེས་དྲག་ཏུ་བཟླ། ཐོད་དབྱུག་གམ་ཁྱད་པར་གྱི་དབྱུག་པ་གདེངས། སྔགས་ཐུན་གྱིས་ཐམས་ཅད་ལ་བྲབ་ཅིང་རྔམས་སྟབས་བསྒྱུར། མཐར་སྲུང་འཁོར་ཡང་གསལ་འདེབས། བར་ཆད་ཚར་བཅད་མ་ཐག་དངོས་གྲུབ་འབྱུང་བ་རྟེན་འབྲེལ་གྱི་ཆེ་བ་ཡིན་པས། སྒྲུབ་པ་པོ་རྣམས་ཞྭ་གོས་རྒྱན་གྱིས་བསྟར་ཞིང་བཤུག་གླུ་རོལ་མོ་དང་། དར་གྱི་གཡབ་མོས་འབོད་ཅིང་། དད་མོས་རྩེ་གཅིག་པས་སྒྲུབ་ཁོག་སོ་སོ་ནས་འབྱུང་བ་བཞིན་བྱིན་འབེབ་རྒྱས་པར་བྱ་བའམ། ཡང་ན། ཧཱུྃ༔ མི་མངོན་དབྱིངས་ནས་རྒྱལ་བ་སྲས་དང་བཅས༔ བླ་མ་ཡི་དམ་རིག་འཛིན་ཞི་ཁྲོ་དང༔ ཕྱི་ནང་མཁའ་འགྲོ་དམ་ཅན་མ་ལུས་པས༔ བྱིན་ཆེན་དབབ་ཅིང་དབང་ཆེན་བསྐུར་དུ་གསོལ༔ ཧཱུྃ་ཧྲཱི༔ དགོང་མོ་ནུབ་ནས་བྱིན་ཆེན་འབེབ་པའི་ལྷ༔ པྲ་མོ་སྲི་ལ་ལ་སོགས་སྲུང་མའི་ཚོགས༔ ཡི་དམ་བདེ་བར་གཤེགས་པ་ཐམས་ཅད་རྣམས༔ མཆོད་པ་བཞེས་ལ་དངོས་གྲུབ་གནས་འདིར་སྐྱོལ༔ རྟགས་དང་མཚན་མ་བཟང་པོ་བསྟན་པ་དང༔ ཐུགས་དམ་རྩེར་དགོངས་བྱིན་ཆེན་དབབ་ཏུ་གསོལ༔ ཞེས་བསྐུལ་ཞིང་སྒྲུབ་པ་སོ་སོའི་ལྷ་ཛཔ྄་ལ། ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཏགས་པ་བཟླས་པས་བྱིན་དབབ་པར་བྱའོ། ༈ །མུན་ཆུ་རུབ་པའི་སྐབས་རྡོ་རྗེ་མཚམས་པས་གོང་བཞིན་ལྷའི་ང་རྒྱལ་བཟུང་བ་ནས་བསྒྲལ་བའི་མཐའ་བར་བྱས་ལ། ཁྱད་པར་གྱི་ཕོ་ཉ་བསྐུལ་བ་ནི། ཧཱུྃ་བྷྱོ༔ རྡོ་རྗེ་འབར་བ་གཏུམ་པོའི་དུར་ཁྲོད་ནས༔ དབྱིངས་ཀྱི་རྒྱལ་མོ་མཁའ་འགྲོ་ཨེ་ཀ་ཛཱ༔ མུན་པའི་གོས་ཅན་ཉི་ཟླའི་ཕྲེང་བས་བརྒྱན༔ རྐང་པའི་རྒྱུག་ཚུལ་གནམ་ལྕགས་ཐོགས་འབེབ་འདྲ༔ དགོང་མོར་བར་ཆད་བྱེད་པའི་ཉུལ་ལེ་བགེགས༔ བྱ་རོག་སྐད་འགྱུར་ཐལ་བ་རྡུལ་དུ་རློགས༔ ཞེས་བསྐུལ་ཞིང་བྱ་རོག་གི་ཐོད་དབྱུག་འཕྱར། ཐུན་བྲབ་ཅིང་བསྐོར་ལ། ཨོཾ་ཀྲོ་དྷཱི་ཤྭ་རཱི་དུ་དུ་རཀྵ༔ ཚིནྡྷ་ཚིནྡྷ༔ ཛྭ་ལ་ཛྭ་ལ༔ ཤག་ཤག༔ ཅེས་བརྗོད་ཅིང་བྱ་རོག་གི་ཐོད་དབྱུག་གིས་བརྡུང་བའི་ཚུལ་བྱའོ། །བྱིན་འབེབ་ནི། ཧཱུྃ༔ མི་མངོན་དབྱིངས་ནས་རྒྱལ་བ་སྲས་དང་བཅས༔ བླ་མ་ཡི་དམ་རིག་འཛིན་ཞི་ཁྲོ་དང༔ ཕྱི་ནང་མཁའ་འགྲོ་དམ་ཅན་མ་ལུས་པས༔ བྱིན་ཆེན་དབབ་ཅིང་དབང་ཆེན་བསྐུར་དུ་གསོལ༔ ཧཱུྃ་ཧྲཱི༔ ཉིན་གྱི་ཐོག་མཐའ་མ་ངེས་བྱིན་འབེབ་པའི༔ དྲག་པོའི་ལས་མཛད་རྣལ་འབྱོར་དབང་ཕྱུག་བདུན༔ བྱང་སེམས་མཆོད་ལྷ་རིག་འཛིན་བྱེ་བ་ཡིས༔ མཆོད་པ་བཞེས་ལ་དངོས་གྲུབ་ཐམས་ཅད་སྐྱོལ༔ རྟགས་དང་མཚན་མ་བཟང་པོ་བསྟན་པ་དང༔ ཐུགས་དམ་བརྩེར་དགོངས་བྱིན་ཆེན་དབབ་ཏུ་གསོལ༔ ཞེས་བསྐུལ་ཞིང་རྩ་སྔགས་ལ། ཨཱ་བེ་ཤ་ཡ་ཨ་ཨཱ༔ བཏགས་པ་བཟླས་པས་བྱིན་དབབ་བོ། ༈ །ནམ་གྱི་སྲོད་ལ། སྲོད་ཐུན་པ་རྣམས་ཀྱིས་ང་རྒྱལ་གཟུང་བ་སོགས་གོང་བཞིན་ལ། ཕོ་ཉ་བསྐུལ་བ་ནི། ཧཱུྃ་བྷྱོ༔ དཔལ་ཆེན་ལྷ་མཆོག་འབར་བའི་ཞབས་དྲུང་ནས༔ དཔལ་གྱི་ཕོ་ཉ་བསེ་ཡི་བྱ་ཁྲ་ནི༔ གནམ་ལྕགས་མཆུ་སྡེར་རྡོ་རྗེའི་འདབ་གཤོག་ཅན༔ བྱ་ཕྲན་དགུ་འབུམ་ཆོས་ཀྱི་དབྱིངས་ནས་ལྡིང༔ སྲོད་ལ་བར་ཆད་བྱེད་པའི་དམ་ཉམས་བགེགས༔ འབྲོག་རྐུན་ནག་མོ་ཐལ་བ་རྡུལ་དུ་རློགས༔ ཅེས་བསྐུལ་ཞིང་མཛེ་ཕོའི་རྗེ་ངར་གྱི་ཐོ་བའམ། གྲི་རྐང་གི་ཐོ་བས་བརྡུང་ཞིང་། ཨོཾ་ཀྲོ་དྷཱི་ཤྭ་རཱི་ཨ་ལ་རཀྵ་ཁཱ་ཧི༔ མི་ཏྲི་ཧྲཱིཿདུང༔ ཤེ་བ་མ་རཾ་ཏྲི་དུ་ཧཱུྃ༔ ཞེས་དྲག་ཏུ་བརྗོད་པས་བསྐྲད་ཅིང་གཟིར། བྱིན་འབེབ་ནི། ཧཱུྃ༔ མི་མངོན་དབྱིངས་ནས་རྒྱལ་བ་སྲས་དང་བཅས༔ བླ་མ་ཡི་དམ་རིག་འཛིན་ཞི་ཁྲོ་དང༔ ཕྱི་ནང་མཁའ་འགྲོ་དམ་ཅན་མ་ལུས་པས༔ བྱིན་ཆེན་དབབ་ཅིང་དབང་ཆེན་བསྐུར་དུ་གསོལ༔ ཧཱུྃ་ཧྲཱི༔ སྲོད་ལ་ནུབ་བྱང་མཚམས་ནས་བྱིན་འབེབ་པའི༔ སྨེ་ཤ་ཁྭ་ཁྭ་ལ་སོགས་སྲུང་མའི་ཚོགས༔ མ་མགོན་ལྕམ་དྲལ་ཆོས་སྐྱོང་སྲུང་མ་རྣམས༔ མཆོད་པ་བཞེས་ལ་དངོས་གྲུབ་གནས་འདིར་སྐྱོལ༔ རྟགས་དང་མཚན་མ་བཟང་པོ་བསྟན་པ་དང༔ ཐུགས་དམ་བརྩེར་དགོངས་བྱིན་ཆེན་དབབ་ཏུ་གསོལ༔ ཞེས་བསྐུལ་ཞིང་རྩ་སྔགས་ལ། ཨཱ་བེ་ཤ་ཡ་ཨ་ཨཱ༔ བཏགས་པ་བཟླས་པས་བྱིན་དབབ་བོ། ༈ །ནམ་གུང་སྟེ་སྲོད་དང་ནམ་ཕྱེད་ཀྱི་བར་དུ་རྡོ་རྗེ་མཚམས་པས་གཞན་གོང་ལྟར་དང་། ཕོ་ཉ་བསྐུལ་བ་ནི། ཧཱུྃ་བྷྱོ༔ གནམ་ལྕགས་ཨུར་མོ་མཚོན་ཆའི་གཞལ་ཡས་ནས༔ དམར་མོ་ཆེན་མོ་བསྐལ་པའི་མེ་འདྲ་མ༔ མེ་ཡི་ཐུ་ལུམ་འབུམ་གྱི་ཆར་པ་འབེབ༔ འབར་བ་མེ་ཡིས་སྐུ་ལ་བརྒྱན་མཛད་མ༔ ནམ་གྱི་གུང་ལ་བར་ཆད་བྱེད་པའི་བགེགས༔ གཏི་མུག་རྒྱན་བྱེད་ཐལ་བ་རྡུལ་དུ་རློགས༔ ཞེས་བསྐུལ་ཞིང་དར་ནག་གི་གཡབ་མོ་དང་མེ་ཐུན་དཔལ་འབར་བསྐོར་ཞིང་། ཨོཾ་ཀྲོ་དྷཱི་ཤྭ་རཱི་རྦད་དུ་རྦད་དུ༔ ཁ་འདར་ཁ་འདར༔ རུ་ཏྲ་རུ་ཏྲ༔ དུམ་བུ་དུམ་བུ༔ ཤག་རྦད་ཤག་རྦད༔ ཅེས་དྲག་ཏུ་བརྗོད་པས་བསྐྲད༔ བྱིན་འབེབ་ནི། ཧཱུྃ༔ མི་མངོན་དབྱིངས་ནས་རྒྱལ་བ་སྲས་དང་བཅས༔ བླ་མ་ཡི་དམ་རིག་འཛིན་ཞི་ཁྲོ་དང༔ ཕྱི་ནང་མཁའ་འགྲོ་དམ་ཅན་མ་ལུས་པས༔ བྱིན་ཆེན་དབབ་ཅིང་དབང་ཆེན་བསྐུར་དུ་གསོལ༔ ཧཱུྃ་ཧྲཱི༔ ནམ་གུང་བྱང་ནས་བྱིན་ཆེན་འབེབ་པའི་ལྷ༔ བཻ་ཏ་ཤྭ་ན་ལ་སོགས་སྲུང་མའི་ཚོགས༔ གནོད་སྦྱིན་ནོར་བདག་དྲེགས་པ་སྡེ་བརྒྱད་རྣམས༔ མཆོད་པ་བཞེས་ལ་དངོས་གྲུབ་གནས་འདིར་སྐྱོལ༔ རྟགས་དང་མཚན་མ་བཟང་པོ་བསྟན་པ་དང༔ ཐུགས་དམ་བརྩེར་དགོངས་བྱིན་ཆེན་དབབ་ཏུ་གསོལ༔ ཞེས་བསྐུལ་ཞིང་རྩ་སྔགས་ལ། ཨཱ་བེ་ཤ་ཡ་ཨ་ཨཱ༔ བཏགས་པ་བཟླས་པས་བྱིན་དབབ་བོ། ༈ །ནམ་གྱི་ཕྱེད་ལ་གུང་ཐུན་པ་རྣམས་ཀྱིས་གཞན་རྣམས་གོང་བཞིན་ལ། ཕོ་ཉ་བསྐུལ་བ་ནི། ཧཱུྃ་བྷྱོ༔ དུར་ཁྲོད་ཐོད་རུས་འབར་བའི་དཀྱིལ་འཁོར་ནས༔ ཁྲོ་བོའི་བཀའ་སྡོད་མཁའ་འགྲོ་འབྲུག་གི་ཞལ༔ ཁ་རླངས་སྣ་རླངས་གནམ་ལྕགས་ཐོག་སེར་འབེབ༔ གནམ་ལྕགས་ཞུན་མའི་བུ་ཡུག་རབ་ཏུ་གཏིབས༔ ནམ་ཕྱེད་སྒྲུབ་ལ་བར་གཅོད་བྱེད་པའི་བགེགས༔ འདོད་ཆགས་ར་ནུ་ཐལ་བ་རྡུལ་དུ་རློགས༔ ཞེས་བསྐུལ་ཞིང་ཁྱད་པར་གྱི་དབྱུག་པས་བྲབ་ལ། ཨོཾ་ཀྲོ་དྷཱི་ཤྭ་རཱི་དུསྟ་བྱི་ཏ་ས་མ་ཡ༔ རཀྵ་རཀྵ༔ ཚལ་པ་བྷྱོ་ཚལ་པ་བྷྱོ༔ ཕུར་བུ་ཕུར་བུ༔ ཁ་ཐུམ་ཁ་ཐུམ༔ ཀིང་ཤག་ཀཱ་ལ་མཱ་ར་ཡ་མཱ་ར་ཡ་རྣྲི༔ རྣྲི་མཱ་ར་ཡ་ཞུང་ཞུང༔ ཚལ་པ་ཚལ་པ་རྦད༔ ཅེས་དྲག་ཏུ་བརྗོད་པས་བསྐྲད། བྱིན་འབེབ་ནི། ཧཱུྃ༔ མི་མངོན་དབྱིངས་ནས་རྒྱལ་བ་སྲས་དང་བཅས༔ བླ་མ་ཡི་དམ་རིག་འཛིན་ཞི་ཁྲོ་དང༔ ཕྱི་ནང་མཁའ་འགྲོ་དམ་ཅན་མ་ལུས་པས༔ བྱིན་ཆེན་དབབ་ཅིང་དབང་ཆེན་བསྐུར་དུ་གསོལ༔ ཧཱུྃ་ཧྲཱི༔ ནམ་ཕྱེད་བྱང་ཤར་མཚམས་ནས་བྱིན་འབེབ་པའི༔ ཙཎྜ་ཨུ་ལུ་ལ་སོགས་སྲུང་མའི་ཚོགས༔ གིང་ཆེན་ཤུགས་འགྲོ་བསམ་མི་ཁྱབ་པ་ཡིས༔ མཆོད་པ་བཞེས་ལ་དངོས་གྲུབ་གནས་འདིར་སྐྱོལ༔ རྟགས་དང་མཚན་མ་བཟང་པོ་བསྟན་པ་དང༔ ཐུགས་དམ་བརྩེར་དགོངས་བྱིན་ཆེན་དབབ་ཏུ་གསོལ༔ ཞེས་བསྐུལ་ཞིང་རྩ་སྔགས་ལ། ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཏགས་པ་བཟླས་པས་བྱིན་དབབ་བོ། ༈ །ནམ་འཇིངས་ཏེ་ཐོ་རངས་དང་པོ་ཟིན་པ་དང་རྡོ་རྗེ་མཚམས་པས་གཞན་རྣམས་གོང་བཞིན་ལ། ཕོ་ཉ་བསྐུལ་བ་ནི། ཧཱུྃ་བྷྱོ༔ དྷརྨ་དྷཱ་ཏུ་ཆོས་དབྱིངས་དཀྱིལ་འཁོར་ནས༔ འབར་བ་ཆེན་མོ་དཔལ་གྱི་ལས་བྱེད་མ༔ དམར་མོ་ལག་པ་དགུ་ཚིགས་གཞུང་ལ་བསྙབ༔ སྒྲོལ་བྱེད་རྐང་པ་སྐྱ་རེངས་ཤར་དང་མཚུངས༔ ནམ་གྱི་འཇིངས་ལ་བར་དུ་གཅོད་པའི་བགེགས༔ ཞེ་སྡང་དུན་རྩེ་ཐལ་བ་རྡུལ་དུ་རློགས༔ ཞེས་བསྐུལ་ནས་ཤ་བའི་རྭ་ཡི་ཐོ་བས་བརྡུང་ཞིང་། ཨོཾ་ཀྲོ་དྷཱི་ཤྭ་རཱི་པྲ་མ་ལ་མུ་ཏྲ༔ ནི་ལེ་སེ་ཡ༔ ཨི་ལིང་རུ་ཏྲ་ཡ༔ འབུར་ཏྲི་འབུར་ཏྲི༔ ཟངས་ཡག་རཀྴ་ཁ་ཐུཾ་རྦད༔ ཅེས་དྲག་ཏུ་བརྗོད་པས་བསྐྲད། བྱིན་འབེབ་ནི། ཧཱུྃ༔ མི་མངོན་དབྱིངས་ནས་རྒྱལ་བ་སྲས་དང་བཅས༔ བླ་མ་ཡི་དམ་རིག་འཛིན་ཞི་ཁྲོ་དང༔ ཕྱི་ནང་མཁའ་འགྲོ་དམ་ཅན་མ་ལུས་པས༔ བྱིན་ཆེན་དབབ་ཅིང་དབང་ཆེན་བསྐུར་དུ་གསོལ༔ ཧཱུྃ་ཧྲཱིཿ ནམ་འཇིངས་སྟེང་གི་ཕྱོགས་ནས་བྱིན་འབེབ་པའི༔ རྣལ་འབྱོར་ཆེན་མོ་ཞི་བའི་ལས་མཛད་བདུན༔ སངས་རྒྱས་ཆོས་དང་དགེ་འདུན་ཐམས་ཅད་ཀྱིས༔ མཆོད་པ་བཞེས་ལ་དངོས་གྲུབ་ཐམས་ཅད་སྐྱོལ༔ རྟགས་དང་མཚན་མ་བཟང་པོ་བསྟན་པ་དང༔ ཐུགས་དམ་བརྩེར་དགོངས་བྱིན་ཆེན་དབབ་ཏུ་གསོལ༔ ཞེས་བསྐུལ་ཞིང་རྩ་སྔགས་མཐར། ཨཱ་བེ་ཤ་ཡ་ཨ་ཨཱ༔ བཏགས་པ་བཟླས་པས་བྱིན་དབབ་བོ། ༈ །སྐྱ་རེངས་ཕྱི་མ་ཤར་བ་དང་ཐོར་ཐུན་པ་རྣམས་ཀྱིས་གཞན་གོང་བཞིན་ལ། ཕོ་ཉ་བསྐུལ་བ་ནི། ཧཱུྃ་བྷྱོ༔ བ་ལ་བ་ཏི་སྟོབས་ཀྱི་དཀྱིལ་འཁོར་ནས༔ དཔལ་གྱི་ཕོ་ཉ་སྤྱང་མོ་དབུ་བརྒྱ་མ༔ དབྱིངས་ན་བཞུགས་ཤིང་རྒྱ་མཚོར་ཏ་ལེར་འགྲོ༔ གང་ནས་གང་དུ་རྒྱུག་ཀྱང་ཐོགས་པ་མེད༔ ཐོ་རངས་དུས་སུ་བར་གཅོད་བྱེད་པའི་བགེགས༔ གཟའ་ཆེན་ཉེ་འདོད་བུ་མོ་རྡུལ་དུ་རློགས༔ ཞེས་བསྐུལ་ལ་སྤྱང་ཀིའི་ལག་པས་བརྡུང་ཞིང་ལྕགས་ཐག་དྲུད་ལ། ཨོཾ་ཀྲོ་དྷཱི་ཤྭ་རཱི་ནི་ལེ་བེ་ཡ༔ པི་ལིང་རུ་དྲ་མ༔ རཱུ་པ་ཐུཾ་བུ་ཡྑཤ་ཡ་ཙ་ལེ་ཙ་ལེ་རྦད༔ ཅེས་དྲག་ཏུ་བརྗོད་པས་བསྐྲད། བྱིན་འབེབ་ནི། ཧཱུྃ༔ མི་མངོན་དབྱིངས་ནས་རྒྱལ་བ་སྲས་དང་བཅས༔ བླ་མ་ཡི་དམ་རིག་འཛིན་ཞི་ཁྲོ་དང༔ ཕྱི་ནང་མཁའ་འགྲོ་དམ་ཅན་མ་ལུས་པས༔ བྱིན་ཆེན་དབབ་ཅིང་དབང་ཆེན་བསྐུར་དུ་གསོལ༔ ཧཱུྃ་ཧྲཱི༔ ཐོ་རེངས་བར་སྣང་དབྱིངས་ནས་བྱིན་འབེབ་པའི༔ རྣལ་འབྱོར་དབང་ཕྱུག་རྒྱས་པའི་ལས་མཛད་བདུན༔ གཙང་རིགས་དཔལ་མགོན་བདུན་ཅུ་རྩ་གཉིས་ཀྱིས༔ མཆོད་པ་བཞེས་ལ་དངོས་གྲུབ་གནས་འདིར་སྐྱོལ༔ རྟགས་དང་མཚན་མ་བཟང་པོ་བསྟན་ནས་ཀྱང༔ ཐུགས་དམ་བརྩེར་དགོངས་བྱིན་ཆེན་དབབ་ཏུ་གསོལ༔ ཞེས་བསྐུལ་ཞིང་རྩ་སྔགས་ལ། ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་བཏགས་པ་བཟླས་པས་བྱིན་དབབ་བོ། ༈ །ཉི་མ་རི་རྩེར་དང་པོ་ཕོག་པའི་སྐབས། རྡོ་རྗེ་མཚམས་པས་གཞན་གོང་བཞིན་ལ། ཕོ་ཉ་བསྐུལ་བ་ནི། ཧཱུྃ་བྷྱོ༔ མི་མངོན་ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་ནས༔ མཁའ་འགྲོའི་དབང་ཕྱུག་བྱ་རོག་ཆེན་མོ་ནི༔ ནག་མོ་རྒྱུག་པའི་ཚེ་ན་སྐར་མདའ་འདྲ༔ ཉལ་བའི་ཚེ་ན་དམར་མོའི་མེ་དཔུང་བཞིན༔ ཉི་མ་རྩེ་ཤར་དུས་སུ་བར་གཅོད་བགེགས༔ གནམ་ཐེལ་དཀར་མོ་ཐལ་བ་རྡུལ་དུ་རློགས༔ ཞེས་བསྐུལ་ནས་ཞགས་པ་གཡུག་ཅིང་རལ་གྲི་གདེངས་ལ། ཨོཾ་ཀྲོ་དྷཱི་ཤྭ་རཱི་ལིང་དུར་བྷུར་ཏི་ཤག་ཤག༔ ཐུར་བུ་བྷུར་ཏྲི༔ གཤིན་བཾ་ཁ་ཏྲི༔ ཁ་དྷཱུ་ཏྲི༔ ར་ར་ཏྲི༔ རུ་རུ་ཏྲི༔ ཆུཾ་ཆུཾ་ཏྲི༔ ཆུཾ་པ་ཏྲི་ཤག༔ དམ་སྲིའི་སྙིང་ལ་ཡཾ་ཡཾ༔ ཞེས་དྲག་ཏུ་བརྗོད་པས་བསྐྲད། བྱིན་འབེབ་ནི། ཧཱུྃ༔ མི་མངོན་དབྱིངས་ནས་རྒྱལ་བ་སྲས་དང་བཅས༔ བླ་མ་ཡི་དམ་རིག་འཛིན་ཞི་ཁྲོ་དང༔ ཕྱི་ནང་མཁའ་འགྲོ་དམ་ཅན་མ་ལུས་པས༔ བྱིན་ཆེན་དབབ་ཅིང་དབང་ཆེན་བསྐུར་དུ་གསོལ༔ ཧཱུྃ་ཧྲཱི༔ ཉི་ཤར་དུས་སུ་ཤར་ནས་བྱིན་འབེབ་པའི༔ ཀཽ་རི་སེང་ཧ་ལ་སོགས་སྲུང་མའི་ཚོགས༔ ལྷ་ཆེན་ཚངས་པ་བརྒྱ་བྱིན་ལ་སོགས་ཀྱིས༔ མཆོད་པ་བཞེས་ལ་དངོས་གྲུབ་གནས་འདིར་སྐྱོལ། རྟགས་དང་མཚན་མ་བཟང་པོ་བསྟན་པ་དང་། ཐུགས་དམ་བརྩེར་དགོངས་བྱིན་ཆེན་དབབ་ཏུ་གསོལ༔ ཞེས་བསྐུལ་ཞིང་རྩ་སྔགས་ལ། ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཏགས་པ་བཟླས་པས་བྱིན་དབབ་བོ། ༈ །ཉི་དྲོས་ལ་གཞུང་ཚོགས་སམ་མཚམས་པ་གང་བདེས་གཞན་གོང་མཚུངས་ལ། ཕོ་ཉ་བསྐུལ་བ་ནི། ཧཱུྃ་བྷྱོ༔ མུན་པ་ཛ་ཚ་གླིང་གི་དཀྱིལ་འཁོར་ནས༔ དཔལ་གྱི་སྲུང་མ་ཆུ་སྲིན་འབར་བའི་གདོང༔ རྡོ་རྗེ་སྔགས་ཀྱི་བཞད་སྒྲ་ཆེམས་སེ་ཆེམ༔ ཆུ་བྱ་མང་པོས་གདུག་པའི་སྙིང་ནས་འདྲེན༔ ཉི་མའི་གུང་ལ་བར་ཆད་བྱེད་པའི་བགེགས༔ ཀླུ་སྲིན་ཐམས་ཅད་ཐལ་བ་རྡུལ་དུ་རློགས༔ ཞེས་བསྐུལ་ཞིང་ལྕགས་ཀྱི་ཐོ་བ་ཕྱར་ལ། ཨོཾ་ཀྲོ་དྷཱི་ཤྭ་རཱི་རུ་རུ་པ་བྷི༔ ཤི་ཏྲི་ལིང༔ སྤུ་གྲི་ཤ་ཤ༔ དུ་རུ་དུ་རུ༔ རཀྴ་ཨ་ཀརྴ་ཡ༔ ཁ་ཐུར་ཞུ་ཁ་ཐུར་ཞུ༔ ཡཾ་མེ་རཾ་རྨུག་རྨུག་ཏ་ཡ་རྦད་བྷྱོ༔ ཞེས་དྲག་ཏུ་བརྗོད་པས་བསྐྲད། བྱིན་འབེབ་ནི། ཧཱུྃ༔ མི་མངོན་དབྱིངས་ནས་རྒྱལ་བ་སྲས་དང་བཅས༔ བླ་མ་ཡི་དམ་རིག་འཛིན་ཞི་ཁྲོ་དང༔ ཕྱི་ནང་མཁའ་འགྲོ་དམ་ཅན་མ་ལུས་པས༔ བྱིན་ཆེན་དབབ་ཅིང་དབང་ཆེན་བསྐུར་དུ་གསོལ༔ ཧཱུྃ་ཧྲཱི༔ ཉི་དྲོས་ཤར་ལྷོའི་ཕྱོགས་ནས་བྱིན་འབེབ་པའི༔ པུཀྐ་ཀྲྀ་ཏ་ལ་སོགས་སྲུང་མའི་ཚོགས༔ དྲང་སྲོང་སྨན་གྱི་བདག་པོ་ཐམས་ཅད་ཀྱིས༔ མཆོད་པ་བཞེས་ལ་དངོས་གྲུབ་ཐམས་ཅད་སྐྱོལ༔ རྟགས་དང་མཚན་མ་བཟང་པོ་བསྟན་པ་དང༔ ཐུགས་དམ་བརྩེར་དགོངས་བྱིན་ཆེན་དབབ་ཏུ་གསོལ༔ ཞེས་བསྐུལ་ཞིང་རྩ་སྔགས་ལ། ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཏགས་པ་བཟླས་པས་བྱིན་དབབ་བོ། ༈ །ཉི་མ་ཕྱེད་ལ་བབ་པ་ན་གཞུང་ཚོགས་སམ་མཚམས་པ་གང་བདེས་གཞན་གོང་བཞིན། ཕོ་ཉ་བསྐུལ་བ་ནི། ཧཱུྃ་བྷྱོ༔ གནམ་ལྷའི་ལྕམ་མོ་ཟླ་བའི་དཀྱིལ་འཁོར་ནས༔ དཀར་མོ་ཆེན་མོ་འཁོར་ལོ་བརྩེགས་པའི་ཞལ༔ སྐུ་ལས་སྤྲུལ་པའི་ཕོ་ཉ་གྲངས་མེད་འཕྲོ། མེ་ཆེན་འབར་ཞིང་སྤྱང་མོ་འདུར་བའི་ཚུལ༔ ཉིན་གྱི་ཕྱེད་ལ་བར་ཆད་བྱེད་པའི་བགེགས༔ ཀླུ་ཐེལ་རིགས་བཞི་ཐལ་བ་རྡུལ་དུ་རློགས༔ ཞེས་བསྐུལ་ནས་རྟ་ནག་པོའི་རྨིག་པས་བརྡུང་ཞིང་། ཨོཾ་ཀྲོ་དྷཱི་ཤྭ་རཱི་ནཱ་ག་ཞུང་ཐུན༔ ནཱ་ག་ཞུང་ཐུན༔ མ་མོ་ནི་གརྫ་གརྫ༔ ཐུར་བུ་ཐུར་བུ༔ ཁ་ཐུར་བུ་ཁ་ཐུར་བུ༔ མུ་ལེ་མུ་ལེ་རྦད་བྷྱོ༔ ཞེས་དྲག་ཏུ་བརྗོད་པས་བསྐྲད། བྱིན་འབེབ་ནི། ཧཱུྃ༔ མི་མངོན་དབྱིངས་ནས་རྒྱལ་བ་སྲས་དང་བཅས༔ བླ་མ་ཡི་དམ་རིག་འཛིན་ཞི་ཁྲོ་དང༔ ཕྱི་ནང་མཁའ་འགྲོ་དམ་ཅན་མ་ལུས་པས༔ བྱིན་ཆེན་དབབ་ཅིང་དབང་ཆེན་བསྐུར་དུ་གསོལ༔ ཧཱུྃ་ཧྲཱི༔ ཉིན་ཕྱེད་ལྷོ་ནས་བྱིན་ཆེན་འབེབ་པའི་ལྷ། ཙཽ་རཱི་བྱ་གྷྲི་ལ་སོགས་སྲུང་མའི་ཚོགས༔ གཤིན་རྗེ་མ་ལ་སོགས་པའི་མཁའ་འགྲོ་མས༔ མཆོད་པ་བཞེས་ལ་དངོས་གྲུབ་གནས་འདིར་སྐྱོལ། རྟགས་དང་མཚན་མ་བཟང་པོ་བསྟན་པ་དང༔ ཐུགས་དམ་བརྩེར་དགོངས་བྱིན་ཆེན་དབབ་ཏུ་གསོལ༔ ཞེས་བསྐུལ་རྩ་སྔགས་ལ། ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཏགས་པས་བྱིན་དབབ་བོ། ༈ །ཉིན་གུང་ཕྱེད་ཡོལ་དུས་སུ་རྡོ་རྗེ་མཚམས་པས་གཞན་གོང་བཞིན་ལ། ཕོ་ཉ་བསྐུལ་བ་ནི། ཧཱུྃ་བྷྱོ༔ མཁའ་དབྱིངས་ཡུམ་གྱི་ཨེ་ཡི་ཀློང་དཀྱིལ་ནས༔ སྒྲུབ་པ་ལུང་གི་ཕོ་ཉ་ཆེན་མོ་ནི༔ ཉི་མའི་དཀྱིལ་ནས་བསྐལ་པའི་མེ་ཆེན་འབར༔ ཞབས་ཀྱི་རྒྱུག་ཚུལ་སྤྱང་མོ་འདུར་བ་འདྲ༔ སྤྱན་ནས་མེ་འབར་ཤངས་ནས་བུ་ཡུག་འཚུབས༔ ཁ་ཆུ་གནམ་ལྕགས་ཞུན་མའི་སྐྱིན་ཐང་འཕྲོ༔ གནམ་ལྕགས་ཞུན་མའི་ཐུ་ལུམ་ཀུན་ཏུ་འཕྲོ༔ མེ་ཡི་སེར་བ་ཕྱོགས་མཚམས་ཀུན་ཏུ་འབེབ༔ རལ་པ་མུན་གཏིབས་སྤྲིན་གྱི་གཡང་གཞི་གསོལ༔ ཞེ་སྡང་བདུད་ཀྱི་མགོ་དང་སྲིན་པོའི་མགོ༔ ཕྱག་གིས་བཅད་ནས་སྐུ་ཡི་རྒྱན་དུ་མཛད༔ ཤིན་ཏུ་མི་བསྲུན་ཚངས་པའི་ལིངས་པ་མོ༔ ལྷ་བྲན་བདུད་སྲིན་དགུ་རྣམས་ཟས་སུ་ཟ༔ དབྱིངས་ལ་བཞུགས་ཤིང་ཡེ་ཤེས་སྤྱན་གྱིས་གཟིགས༔ བསྐུལ་བའི་ཚེ་ན་རླུང་ཆེན་འཕྱོ་ལྟར་རྒྱུག༔ རྒྱལ་བསེན་བདུད་དང་ཐེའུ་བྲང་རྡུལ་དུ་རློགས༔ ཞེས་བསྐུལ་ནས་ཞིང་ལྤགས་ཀྱི་གཡབ་མོ་ཕྱོགས་ཐམས་ཅད་དུ་བརྡབ་ལ། ཨོཾ་ཀྲོ་དྷཱི་ཤྭ་རཱི་རཀྴ་ཨཱ་ཀརྴ་ཡ༔ བྷུར་ཏྲི་བྷུར་ཏྲི་ཡ་ཕཊ༔ ཅེས་དྲག་ཏུ་བརྗོད་པས་བསྐྲད། བྱིན་དབབ་པ་ནི། ཧཱུྃ༔ མི་མངོན་དབྱིངས་ནས་རྒྱལ་བ་སྲས་དང་བཅས༔ བླ་མ་ཡི་དམ་རིག་འཛིན་ཞི་ཁྲོ་དང༔ ཕྱི་ནང་མཁའ་འགྲོ་དམ་ཅན་མ་ལུས་པས༔ བྱིན་ཆེན་དབབ་ཅིང་དབང་ཆེན་བསྐུར་དུ་གསོལ༔ ཧཱུྃ་ཧྲཱི༔ ཉིན་གྱི་ཕྱེད་ཡོལ་རྒྱ་མཚོའི་གླིང་དག་ནས༔ དབང་གི་ལས་མཛད་རྣལ་འབྱོར་དབང་ཕྱུག་བདུན༔ ཀླུ་རྒྱལ་བྱང་སེམས་འཁོར་བཅས་ཐམས་ཅད་ཀྱིས༔ མཆོད་པ་བཞེས་ལ་དངོས་གྲུབ་གནས་འདིར་སྐྱོལ༔ རྟགས་དང་མཚན་མ་བཟང་པོ་བསྟན་པ་དང༔ ཐུགས་དམ་བརྩེར་དགོངས་བྱིན་ཆེན་དབབ་ཏུ་གསོལ༔ ཞེས་བསྐུལ་ཞིང་རྩ་སྔགས་ལ། ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཏགས་པ་བཟླས་པས་བྱིན་དབབ་བོ། ༈ །ཉི་མྱུར་མཚམས་སུ་རྡོ་རྗེ་མཚམས་པས་གཞན་གོང་བཞིན་ལ། ཕོ་ཉ་བསྐུལ་བ་ནི། ཧཱུྃ་བྷྱོ༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ དབང་གི་ཕོ་ཉ་རཀྴ་སྲིན་པོའི་གཟུགས༔ དམར་མོ་ཆེན་མོ་ཕྱོགས་སྐྱོང་སྙིང་འབྱིན་མ༔ རལ་པ་སྤྲིན་ལྟར་གཏིབས་ཤིང་སེར་ཆེན་འབེབ༔ ཉི་མ་མྱུར་མཚམས་བར་ཆད་བྱེད་པའི་བགེགས༔ ས་བདག་མ་ཡམ་ཐལ་བ་རྡུལ་དུ་རློགས༔ ཞེས་བསྐུལ་ཞིང་གུ་གུལ་བདུག །ཡུངས་དཀར་བྲབ་ལ། ཨོཾ་ཀྲོ་དྷཱི་ཤྭ་རཱི་རི་ཏི་རི་ཤ༔ ཐུལ་དུ་ཞུང་ཐུལ་དུ་ཞུང༔ ཐུཾ་རཀྴ་རཀྴ༔ ཧ་ལ་ཧ་ལ༔ ཞུང་ཏྲི་ཞུང་ཏྲི་སྙིང་ལ་ཡ་ཡ༔ ཞེས་དྲག་ཏུ་བརྗོད་པས་བསྐྲད། བྱིན་འབེབ་ནི། ཧཱུྃ༔ མི་མངོན་དབྱིངས་ནས་རྒྱལ་བ་སྲས་དང་བཅས༔ བླ་མ་ཡི་དམ་རིག་འཛིན་ཞི་ཁྲོ་དང༔ ཕྱི་ནང་མཁའ་འགྲོ་དམ་ཅན་མ་ལུས་པས༔ བྱིན་ཆེན་དབབ་ཅིང་དབང་ཆེན་བསྐུར་དུ་གསོལ༔ ཧཱུྃ་ཧྲཱི༔ ཉི་མྱུར་ལྷོ་ནུབ་ཕྱོགས་ནས་བྱིན་འབེབ་པའི༔ གྷསྨ་ཀཾ་ཀ་ལ་སོགས་སྲུང་མའི་ཚོགས༔ རིག་འཛིན་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱིས༔ མཆོད་པ་བཞེས་ལ་དངོས་གྲུབ་གནས་འདིར་སྐྱོལ༔ རྟགས་དང་མཚན་མ་བཟང་པོ་བསྟན་པ་དང༔ ཐུགས་དམ་བརྩེར་དགོངས་བྱིན་ཆེན་དབབ་ཏུ་གསོལ༔ ཞེས་བསྐུལ་ཞིང་རྩ་སྔགས་ལ། ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཏགས་པ་བརྗོད་ཅིང་བྱིན་དབབ་པར་བྱའོ། །དེ་ལྟར་དུས་བཅུ་གཉིས་ཀྱི་ཉུལ་ལེ་བསྐྲད་པའི་སྐབས་སོ་སོར་སློབ་དཔོན་སྡོད་ཕྱོགས་ཀྱང་དཀྱིལ་འཁོར་གྱི་མདུན་ནམ། བྱང་ངོས་གང་བདེར་བགྱིས་པས་འགྲུབ་ལ། ཞིབ་པར་དུས་སོ་སོར་སློབ་དཔོན་གྱིས་ཉུལ་ལེ་འགུགས་བསྒྲལ་བྱེད་པའི་ཕྱོགས་སོ་སོ་ཡོད་པས་དེ་བཞིན་བྱེད་པར་སྤྲོ་ན་བཀའ་དགོངས་ཀྱི་གཞུང་ཆེན་དག་ལས་ཤེས་པར་བྱ་ཞིང་། བྱིན་འབེབ་རྣམས་ནི་དཀྱིལ་འཁོར་གྱི་མདུན་ཉིད་དུ་བྱའོ།། ༈ །།སིདྡྷི་རིལ་བུ། སྐྱེ་བདུན་རིལ་བུ། སྨན་སྒྲུབ་སོགས་ཀྱི་བསྒྲུབ་པ་དང་འབྲེལ་ན་སྒྲུབ་པའི་དངོས་གཞི་ཟིན་ནས་དངོས་གྲུབ་ལེན་པ་ལ་མ་ཐུག་གི་བར་ནམ་ལངས་སྐབས། ཁང་སྟེང་དུ་བཟང་ཤིང་གི་བསང་དུད་ཆེན་པོ་བྱ་ཞིང་ཕྱེ་མར་སྤུངས། འབྲུ་སྣ་དང་གསེར་སྐྱེམས་ཕྱོགས་བཅུར་འཐོར། མདའ་དར་གཡབ་ཅིང་དྲིལ་བུ་གསིལ་ལ། འདི་སྐད་གྱེར་རོ། །ཧོ་དགོངས་སུ་གསོལ་ལོ། །གསན་དུ་གསོལ་ལོ། །གཟིགས་སུ་གསོལ་ལོ། །མཁྱེན་པར་གསོལ་ལོ། །འཁོར་བ་དང་མྱ་ངན་ལས་འདས་པའི་ཞིང་ཁམས་རང་བཞིན་ལྷུན་གྱིས་གྲུབ་པའི་གནས་ནས་རིག་འཛིན་མཁའ་འགྲོ་ཆོས་སྐྱོང་དམ་ལྡན་དགེ་བསྙེན་ཐམས་ཅད་གསོན་ཅིག །དགོངས་ཤིག །ངེད་ཅག་འདིར་འདུས་པའི་རྣལ་འབྱོར་པ་ཐམས་ཅད་ནི་དད་གུས་ཆེ་བས་དམ་ཚིག་ནི་གཙང་། ངེས་འབྱུང་སྐྱེས་པས་བརྩོན་འགྲུས་ནི་ཆེ། གཞན་ཕན་བྱང་ཆུབ་ཀྱི་སེམས་དང་ལྡན་པས་སེམས་ཅན་ཐམས་ཅད་འཁོར་བ་ངན་སོང་དོང་ནས་སྤྲུག་པའི་ཕྱིར་དུ། སྐུ་གསུམ་བླ་མའི་དཀྱིལ་འཁོར་དུའམ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུའམ། དཔལ་ཆེན་འདུས་པའི་དཀྱིལ་འཁོར་དུའམ། མྱོང་གྲོལ་སིདྡྷི་རིལ་བུ་སྒྲུབ་པའི་འམ། སྣང་སྲིད་བདུད་རྩིར་སྒྲུབ་པའི་ཞེས་སོགས་འདོར་ལེན་ཤེས་པར་བྱས་ལ། སྐབས་འདིར་ཁྱེད་རྣམས་སྔོན་གྱི་ཐུགས་དམ་དང་དམ་ཚིག་མ་གཡེལ་བར། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ད་ལྟ་ཉིད་དུ་སྐྱོལ་ཅིག །དམ་པ་ཆོས་ཀྱི་དངོས་གྲུབ་སྐྱོལ་ཅིག །འཆི་མེད་ཚེ་ཡི་དངོས་གྲུབ་སྐྱོལ་ཅིག །འཛད་མེད་ནོར་གྱི་དངོས་གྲུབ་སྐྱོལ་ཅིག །བསྟན་སྲུང་མཐུ་ཡི་དངོས་གྲུབ་སྐྱོལ་ཅིག །སྙན་གྲགས་སྟོབས་ཀྱི་དངོས་གྲུབ་སྐྱོལ་ཅིག །རྨ་གཡང་ཟས་ཀྱི་དངོས་གྲུབ་སྐྱོལ་ཅིག །ལོངས་སྤྱོད་མངའ་ཐང་དངོས་གྲུབ་སྐྱོལ་ཅིག །འཇའ་ཚོན་མེ་ཏོག་ཆར་དང་སྤོས་དྲི་རོལ་མོའི་སྒྲ་དང་བཅས་ཏེ་སྐྱོལ་ཅིག །སིདྡྷི་སིདྡྷི་ཛཿཛཿཧཱུྃ་ཧཱུྃ། རྒྱུན་དུ་སྒྲུབ་པ་པོ་ལ་དངོས་གྲུབ་རྣམས། །སྐྱེལ་བར་དམ་བཅས་ཐུགས་དམ་དམ་ཚིག་ཅན། །རིག་འཛིན་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལ། །བཟང་ཤིང་ཕྱེ་མར་གསུར་གྱི་དུད་པས་བསང་། །གཙང་མ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་རྒྱུན་དུ་སྐྱོལ། །སྒྲུབ་པ་བྱེད་པའི་རྣལ་འབྱོར་ཐམས་ཅད་ལ། །རྒྱུན་དུ་དངོས་གྲུབ་སྐྱེལ་བར་ཁས་བླངས་པའི། །དམ་ཚིག་ལྡན་པའི་དགེ་བསྙེན་ཐམས་ཅད་ཀུན། །སྔོན་གྱི་དམ་ཚིག་གཉན་ལས་མ་འདའ་བར། །སྒྲུབ་པ་འདི་ལ་དངོས་གྲུབ་རྒྱུན་དུ་སྐྱོལ། །རྟགས་དང་མཚན་མ་བཟང་པོ་མྱུར་དུ་སྟོན། །ཐོ་རངས་དུས་སུ་དངོས་གྲུབ་སྐྱེལ་བའི་ལྷ། །དཀོན་མཆོག་རྣམ་གསུམ་ཞི་བྱེད་དབང་མོ་བདུན། །སྐྱེས་བུ་ཆེན་པོ་གིང་གི་ཚོགས་བཅས་པ། །བཟང་ཤིང་ཕྱེ་མར་གསུར་གྱི་དུད་པས་བསང་། །གཙང་མ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ། །ཐོ་རངས་དུས་སུ་དངོས་གྲུབ་ཐམས་ཅད་སྐྱོལ། །ནམ་ལངས་དུས་སུ་དངོས་གྲུབ་སྐྱེལ་བའི་ལྷ། །རྒྱས་བྱེད་མ་བདུན་དཔལ་མགོན་བདུན་ཅུ་གཉིས། །དཀར་མོ་སྡེ་བཞི་འཁོར་དང་བཅས་པ་རྣམས། །བཟང་ཤིང་ཕྱེ་མར་གསུར་གྱི་དུད་པས་བསང་། །གཙང་མ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ། །ནམ་ལངས་དུས་སུ་དངོས་གྲུབ་ཐམས་ཅད་སྐྱོལ། །ཉི་ཤར་དུས་སུ་དངོས་གྲུབ་སྐྱེལ་བའི་ལྷ། །ཀཽ་རཱི་སིང་ཧ་ཚངས་པ་བརྒྱ་བྱིན་དང་། །རྡོ་རྗེ་སྲིན་པོ་འཁོར་དང་བཅས་པ་རྣམས། །བཟང་ཤིང་ཕྱེ་མར་གསུར་གྱི་དུད་པས་བསང་། །གཙང་མ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ། །ཉི་མ་ཤར་དུས་དངོས་གྲུབ་ཐམས་ཅད་སྐྱོལ། །ཉི་དྲོས་དུས་སུ་དངོས་གྲུབ་སྐྱེལ་བའི་ལྷ། །པུཀྐ་ཀྲི་ཏ་དྲང་སྲོང་སྨན་བདག་ཚོགས། །ཧ་ནུ་མནྠ་འཁོར་དང་བཅས་པ་རྣམས། །བཟང་ཤིང་ཕྱེ་མར་གསུར་གྱི་དུད་པས་བསང་། །གཙང་མ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ། །ཉི་དྲོས་དུས་སུ་དངོས་གྲུབ་ཐམས་ཅད་སྐྱོལ། །ཉིན་ཕྱེད་དུས་སུ་དངོས་གྲུབ་སྐྱེལ་བའི་ལྷ། །ཙཽ་རཱི་བྱ་གྷྲི་རྣལ་འབྱོར་མ་བརྒྱད་དང། །ཀླུ་རྒྱལ་དམ་ལྡན་འཁོར་དང་བཅས་པ་རྣམས། །བཟང་ཤིང་ཕྱེ་མར་གསུར་གྱི་དུད་པས་བསང་། །གཙང་མ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ། །ཉིན་ཕྱེད་དུས་སུ་དངོས་གྲུབ་ཐམས་ཅད་སྐྱོལ། །ཉིན་གྱི་ཕྱེད་ཡོལ་དངོས་གྲུབ་སྐྱེལ་བའི་ལྷ། །དབང་བྱེད་མ་བདུན་ཀླུ་རྒྱལ་བྱང་ཆུབ་སེམས། །དཔའ་བོ་དཔའ་མོ་གནས་ཡུལ་བརྟན་མ་རྣམས། །བཟང་ཤིང་ཕྱེ་མར་གསུར་གྱི་དུད་པས་བསང་། །གཙང་མ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ། །ཕྱེད་ཡོལ་དུས་སུ་དངོས་གྲུབ་ཐམས་ཅད་སྐྱོལ། །ཉི་མྱུར་དུས་སུ་དངོས་གྲུབ་སྐྱེལ་བའི་ལྷ། །གྷསྨ་ཀཾ་ཀ་རིག་འཛིན་མཁའ་འགྲོ་དང་། །འབར་མ་དགུ་དང་མཚོ་སྨན་འཁོར་བཅས་རྣམས། །བཟང་ཤིང་ཕྱེ་མར་གསུར་གྱི་དུད་པས་བསང་། །གཙང་མ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ། །ཉི་མྱུར་དུས་སུ་དངོས་གྲུབ་ཐམས་ཅད་སྐྱོལ། །དམར་ཐག་ཆད་དུས་དངོས་གྲུབ་སྐྱེལ་བའི་ལྷ། །པྲ་མོ་སྲི་ལ་ཡི་དམ་ཞི་ཁྲོའི་ཚོགས། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས་པ་རྣམས། །བཟང་ཤིང་ཕྱེ་མར་གསུར་གྱི་དུད་པས་བསང་། །གཙང་མ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ། །དམར་ཐག་ཆད་དུས་དངོས་གྲུབ་ཐམས་ཅད་སྐྱོལ། །མུན་རུབ་དུས་སུ་དངོས་གྲུབ་སྐྱེལ་བའི་ལྷ། །བརླག་བྱེད་མ་བདུན་བྱང་སེམས་མཆོད་ལྷའི་ཚོགས། །སྲིན་མོ་དམ་ལྡན་འཁོར་དང་བཅས་པ་རྣམས། །བཟང་ཤིང་ཕྱེ་མར་གསུར་གྱི་དུད་པས་བསང་། །གཙང་མ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ། །མུན་རུབ་དུས་སུ་དངོས་གྲུབ་ཐམས་ཅད་སྐྱོལ། །སྲོད་ཀྱི་དུས་སུ་དངོས་གྲུབ་སྐྱེལ་བའི་ལྷ། །སྨེ་ཤ་ཁྭ་ཁྭ་དུས་ཀྱི་དབང་མོ་ཆེ། །མ་མགོན་ལྕམ་དྲལ་འཁོར་དང་བཅས་པ་རྣམས། །བཟང་ཤིང་ཕྱེ་མར་གསུར་གྱི་དུད་པས་བསང་། །གཙང་མ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ། །སྲོད་ཀྱི་དུས་སུ་དངོས་གྲུབ་ཐམས་ཅད་སྐྱོལ། །ནམ་གུང་དུས་སུ་དངོས་གྲུབ་སྐྱེལ་བའི་ལྷ། །བཻ་ཏ་ཤྭ་ན་གནོད་སྦྱིན་དྲེགས་པ་བརྒྱད། །རེ་ཏི་མཆེད་བཞི་འཁོར་དང་བཅས་པ་རྣམས། །བཟང་ཤིང་ཕྱེ་མར་གསུར་གྱི་དུད་པས་བསང་། །གཙང་མ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ། །ནམ་གྱི་གུང་ལ་དངོས་གྲུབ་ཐམས་ཅད་སྐྱོལ། །ནམ་གྱི་ཕྱེད་ཡོལ་དངོས་གྲུབ་སྐྱེལ་བའི་ལྷ། །ཙཎྜ་ཨུ་ལུ་སྲིང་བཞི་ཤུགས་འགྲོ་དང་། །མ་མོ་བདུན་པོ་འཁོར་དང་བཅས་པ་རྣམས། །བཟང་ཤིང་ཕྱེ་མར་གསུར་གྱི་དུད་པས་བསང་། །གཙང་མ་གསེར་སྐྱེམས་ཕུད་ཀྱིས་མཆོད་པ་འབུལ། །ནམ་ཕྱེད་དུས་སུ་དངོས་གྲུབ་ཐམས་ཅད་སྐྱོལ། །དེ་ལྟར་དུས་དང་དུས་མེད་རྒྱུན་དུ་ནི། །སྒྲུབ་ལ་དངོས་གྲུབ་སྐྱེལ་བའི་ཐུགས་དམ་ཅན། །ཐུགས་དམ་མ་གཡེལ་དམ་ཚིག་དུས་ལ་བབས། །ངེད་རྣམས་གཞུང་བཞིན་སྒྲུབ་པ་བགྱིད་ལགས་ན། ཁྱེད་རྣམས་དམ་བཅའ་བཞིན་དུ་དངོས་གྲུབ་སྐྱོལ། །ཆོས་བསོད་དམ་ཆོས་སྒྲུབ་པའི་དངོས་གྲུབ་སྐྱོལ། །འཆི་བ་མེད་པ་ཚེ་ཡི་དངོས་གྲུབ་སྐྱོལ། །འཛད་པ་མེད་པ་ནོར་གྱི་དངོས་གྲུབ་སྐྱོལ། །དགྲ་བགེགས་ཚར་གཅོད་མཐུ་ཡི་དངོས་གྲུབ་སྐྱོལ། །སྙན་གྲགས་འཛམ་གླིང་ཁྱབ་པའི་དངོས་གྲུབ་སྐྱོལ། །རྨ་གཡང་རོ་མཆོག་ཟས་ཀྱི་དངོས་གྲུབ་སྐྱོལ། །ལོངས་སྤྱོད་མངའ་ཐང་སྟོབས་ཀྱི་དངོས་གྲུབ་སྐྱོལ། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྐྱོལ། །གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ་ཛཿཛཿཕེཾ་ཕེཾ་ཧྲཱིཾ་ཧྲཱིཾཿབཛྲ་ཨཱ་བེ་ཤ་ཡ་ཨ་ཨ་ཨཱཿ ཧོཿ གཞན་ཡང་སྣང་ཞིང་སྲིད་པའི་ཁམས་སུ་གནས་པའི་ཕྱི་ནང་གསང་བ་གབ་སྦས་བཏགས་ཤིང་ཆགས་པའི་ལྷ་སྲིན་སྡེ་བརྒྱད་རྣམས་དང་། ཕྱོགས་སྐྱོང་བ་བཅུ། རྒྱལ་ཆེན་བཞི་སོགས་འབྱུང་པོ་མཐུ་བོ་ཆེ་རྣམས་ལ་བསང་མཆོད་ཕྱེ་མར་ཕུད་སྐྱེམས་དམ་པ་འབུལ་བ་འདི་བཞེས་ནས། སྒྲུབ་པ་ཟབ་མོ་འདི་ལ་བར་ཆད་མ་བྱེད་པར་མཐུན་རྐྱེན་བསྒྲུབ་པར་མཛོད་ཅིག །སྟོང་གསུམ་སྤྱི་དང་ཁྱད་པར་ཡུལ་འདིའི་གཞི་བདག་དཀར་ཕྱོགས་ལ་མངོན་པར་དགའ་བ་རྣམས་ཀྱིས་ཀྱང་མཆོད་པ་དམ་པ་འདི་བཞེས་ལ། མཐུན་རྐྱེན་དངོས་གྲུབ་མྱུར་དུ་འགྲུབ་པའི་སྡོངས་གྲོགས་མཛོད་ཅིག །ཅེས་སྐད་གསང་མཐོན་པོས་འབོད་པར་བྱའོ། །སྨྲས་པ། ཕྲིན་ལས་ནུས་སྟོབས་རྡོ་རྗེའི་ཟེགས་མ་ཡིས། །བར་ཆད་བདུད་སྡེ་མིང་གི་ལྷག་མར་བྱས། །བདེ་མཆོག་གྲུབ་པའི་སྤྲིན་གྱི་སྒྲ་དབྱངས་ཀྱིས། །ཕན་བདེའི་དབྱར་གྱི་དཔལ་མོ་འགུགས་བྱེད་ཤོག །ཅེས་ཚོགས་སྒྲུབ་ཆེན་མོའི་སྐབས་སུ་མེད་དུ་མི་རུང་བའི་ལས་ཀྱི་ཁ་ཚར་རྣམས་ཀྱི་སྙིང་པོ་བསྡུས་པ་འདིའང་རང་འདྲའི་བློ་དམན་རྣམས་ཀྱི་ཉེར་མཁོའི་ཆ་རྐྱེན་དུ་དུས་ཞབས་ཀྱི་སྔགས་བན་མཁའ་ཁྱབ་རྡོ་རྗེས་བཀོད་པ་འདིས་ཀྱང་རྣལ་འབྱོར་པ་རྣམས་བར་ཆད་ཀྱི་གཡུལ་ལས་རྒྱལ་ཞིང་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་ཐོབ་པའི་རྒྱུར་གྱུར་ཅིག །ཤུ་བྷཾ།། །།
རྡོར་གླིང་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཚེ་དབང་ (Volume 23, Text 4)
ཨོཾ་སྭསྟི། རྡོར་གླིང་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཚེ་དབང་སྦྲེལ་ན་རྩ་དབང་གི་གཤོམ་དང་ལྷན་ཅིག་ཚེ་འབྲང་། ཚེ་རིལ། ཚེ་ཆང་། མདའ་དར་རྣམས་བཤམ། རྩ་བའི་དཀྱིལ་འཁོར་གྱི་བུམ་པ་བསྒྲུབས་ཟིན་པ་དང་། བུམ་པའི་ལྷ་རྣམས་སྐད་ཅིག་གིས་གནས་འགྱུར་ཏེ། ཀུན་གྱིས་ཕྱག་གཡས་པ་ཚེ་བུམ་འཛིན་པ། གཡོན་པ་མདའ་དར་འཛིན་པར་གྱུར་པའི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་སྣང་སྲིད་འཁོར་འདས་ཀྱི་ཚེ་བཅུད་རྣམས་བསྡུས་ཏེ་བུམ་པར་བསྐྱིལ་བར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་བྷུདྡྷ་ཨཱཿཡུ་ཥེ་ཧཱུྃ་བྷྲཱུྃ༔ ཚེ་བྷྲཱུྃ་གཡུ་བྷྲཱུྃ་གཡུ་ཚེ་བྷྲཱུྃ༔ ཨཱ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུྃ༔ གུ་རུ་དེ་བ་ཌཱ་ཀི་ནཱི་ཨཱ་ཡུཿསིདྡྷི་སྡུས་སྡུས༔ ཞེས་ཅི་ནུས་བཟླས་ཤིང་འོག་གི་ཚེ་འགུགས་འདོན། མཆོད་བསྟོད་དང་བུམ་ལྷ་འོད་ཞུ་སྤྱི་ལྟར་བྱས་ནས་ལས་བྱང་ལྟར་ཚོགས་འཁོར་བྱ། རྩ་བའི་དབང་གྲུབ་མཐར། སླར་ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུའི་ཚེ་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ནས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སོགས་ལན་གསུམ། རྒྱུན་བཤགས་དམིགས་པ་གསལ་བཏབ་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ་བྱ། ཡེ་ཤེས་དབབ་པ་སྔར་ལྟར་རམ། ཁྱེད་རང་ཐུགས་རྗེ་ཆེན་པོར་གསལ་བ་དང་བདག་མདུན་གྱི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྩ་གསུམ་སྲུང་མར་བཅས་པ་ཐམས་ཅད། ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་མདའ་དར་དང་ཚེ་བུམ་འཛིན་པའི་རྣམ་པར་ཆར་སྤྲིན་གཏིབ་པ་ལྟར་ཁྱེད་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་བརྗོད་ལ་སྤོས་རོལ་དང་བཅས་ཏེ་གོང་གི་ཚེ་བསྙེན་ཀྱི་མཐར། ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་མང་དུ་བཟླས་མཐར་རྡོ་རྗེ་རྒྱ་གྲམ་སྤྱི་བོར་བཞག་ནས། ཏིཥྛ་བཛྲ། ཞེས་བརྗོད་པས་བརྟན་པར་བྱ། བདག་མདུན་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ལྕགས་ཀྱུ་ལྟ་བུའི་འོད་ཟེར་དང་སྤྲུལ་པའི་ཕོ་ཉ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས། ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་དང་། སྡེ་བརྒྱད་འབྱུང་པོས་བརྐུས་ཤིང་ཕྲོགས་པ་རྣམས་དང་། འཁོར་འདས་བརྟན་གཡོའི་དྭངས་བཅུད་ཐམས་ཅད་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པ་འཇིག་རྟེན་གྱི་ཁམས་གང་བར་བསྡུས་ཏེ་མདུན་གྱི་ཚེ་རྫས་རྣམས་དང་ཁྱེད་རང་གི་བ་སྤུའི་བུ་ག་ནས་སིབ་སིབ་ཐིམ། ལུས་ཀྱི་ཟུངས་དང་སྲོག་གི་རྟེན་ཏུ་གྱུར་པར་མོས་ཤིག །མདའ་དར་གཡབ་ལ། ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ མཁའ་དང་མཉམ་པའི་སྐུ་མངའ་བ༔ ཚེ་ཡི་དངོས་གྲུབ་སོགས་སམ། བླ་མ་རྒྱ་མཚོའི་སྐུ་མངའ་བ༔ དཔའ་བོ་རྒྱ་མཚོའི༴ མཁའ་འགྲོ་རྒྱ་མཚོའི༴ རྒྱལ་བ་རྒྱ་མཚོའི་སྐུ༴ ཆོས་སྐྱོང་རྒྱ་མཚོའི༴ གཏེར་བདག་རྒྱ་མཚོའི༴ བཀའ་སྲུང་རྒྱ་མཚོའི༴ ལས་མཁན་རྒྱ་མཚོའི་སྐུ་མངའ་བ༔ ཚེ་ཡི་དངོས་གྲུབ་ཞུ་བའི་ཕྱིར༔ ཐུགས་དམ་དབང་གིས་ལས་ལ་བསྐུལ༔ ཕྱག་གིས་མདའ་དར་ད་སྐྱོད་ཅིག༔ བུམ་པའི་ནང་དུ་དཔལ་སྐྱེད་ཅིག༔ ཕྱོགས་བཞི་མཚམས་དང་སྟེང་འོག་ནས༔ ཚེ་ཡི་དངོས་གྲུབ་འདིར་སྡུས་ཤིག༔ སྟེང་ལྷའི་ཚེ་གཡང་དངོས་གྲུབ་སྡུས༔ འོག་གི་ཀླུ་ཡི་ཚེ་སྲོག་སྡུས༔ བདུད་ཕོའི་ལག་ནས་ཚེ་ཁུག་ཅིག༔ བདུད་མོའི་ལག་ནས་ཚེ་ཁུག་ཅིག༔ ལྷ་སྲིན་སྡེ་བརྒྱད་ལག་ནས་ཚེ་ཁུག་ཅིག༔ གདོན་དང་འབྱུང་པོའི་ལག་ནས་ཚེ་ཁུག་ཅིག༔ ཉི་མ་ཟླ་བའི་ལག་ནས་ཚེ་ཁུག་ཅིག༔ སྲེད་མེད་བུ་ཡི་ལག་ནས་ཚེ་ཁུག་ཅིག༔ དབང་ཕྱུག་སྲེད་མེད་ལག་ནས་ཚེ་ཁུག་ཅིག༔ དཀར་དམར་མདངས་ལྡན་ཚེ་ཁུག་ཅིག༔ ཚེ་ཡོ་བ་སྲོངས་ལ་ཆད་པ་མཐུད༔ བྲུལ་པ་རུག་ལ་འཐོར་པ་སྡུས༔ སྟོང་པ་ཁོངས་ལ་འགྱེལ་པ་སློངས༔ ལོ་བརྒྱ་ཐུབ་པའི་ཚེ་ཁུག་ཅིག༔ སྟོན་རྒྱ་མཐོང་བའི་དཔལ་སྐྱོབས་ཤིག༔ ཅེས་དང་གོང་གི་ཚེ་བསྙེན་བརྗོད། རྒྱས་པར་སྤྲོ་ན། བླ་མ་རྒྱ་མཚོའི་སྐུ་མངའ་བ༔ སོགས་ཚིག་བརྒྱད་པོ་རེ་རེའི་མཇུག་ཏུ། ཚེ་ཡི་དངོས་གྲུབ་ཞུ་བའི་ཕྱིར༔ མན་ཆད་སྔགས་བཅས་བཏགས་པར་བྱ་སྟེ་གཏེར་གཞུང་དུ་དེ་ལྟར་ཡོད་དོ། རྣམ་བུམ་ཐོགས་ལ། བུམ་པ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་རང་བཞིན་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་བཞུགས་པས་བྱིན་གྱིས་བརླབས་ཤིང་དབང་བསྐུར་བས་ཐུགས་རྗེ་ཆེན་པོ་དང་དབྱེར་མེད་པའི་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དབང་ཆེན་ཐོབ་པར་མོས་ཤིག །ཧྲཱི༔ བཅོམ་ལྡན་ཚེ་དཔག་མེད་པའི་སྐུ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་རྩ་སྔགས་འབྲུ་བཅུ་དང་། ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཨོཾ༔ བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན། ཚེ་ཆང་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་རང་བཞིན་བླ་མ་རྒྱ་མཚོའི་ལྷ་ཚོགས་སུ་བཞུགས་པས་བྱིན་གྱིས་བརླབས་ཤིང་དབང་བསྐུར་བས། ཐུགས་རྗེ་ཆེན་པོ་དང་དབྱེར་མེད་པའི་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དབང་ཆེན་ཐོབ་པར་མོས་ཤིག །ཚེ་ཆང་མགྲིན་པར་བཞག་སྟེ། ཧྲཱི༔ བཅོམ་ལྡན་ཚེ་དཔག་མེད་པའི་སྐུ༔ བླ་མ་རྒྱ་མཚོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ འབྲུ་བཅུ་དང་། ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཨཱ༔ ཚེ་རིལ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་རང་བཞིན་དཔའ་བོ་རྒྱ་མཚོའི་ལྷ་ཚོགས་སུ་བཞུགས་པས་བྱིན་གྱིས་བརླབས་ཤིང་དབང་བསྐུར་བས་ཐུགས་རྗེ་ཆེན་པོ་དང་དབྱེར་མེད་པའི་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དབང་ཆེན་ཐོབ་པར་མོས་ཤིག །ཚེ་རིལ་སྙིང་གར་བཞག་སྟེ། ཧྲཱི༔ བཅོམ་ལྡན་ཚེ་དཔག་མེད་པའི་སྐུ༔ དཔའ་བོ་རྒྱ་མཚོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ འབྲུ་བཅུ་དང་། ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་འབྲང་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་རང་བཞིན་མཁའ་འགྲོ་རྒྱ་མཚོའི་ལྷ་ཚོགས་སུ་བཞུགས་པས་བྱིན་གྱིས་བརླབས་ཤིང་དབང་བསྐུར་བས་ཐུགས་རྗེ་ཆེན་པོ་དང་དབྱེར་མེད་པའི་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དབང་ཆེན་ཐོབ་པར་མོས་ཤིག །ཚེ་འབྲང་ལྟེ་བར་བཞག་ལ། ཧྲཱི༔ བཅོམ་ལྡན་ཚེ་དཔག་མེད་པའི་སྐུ༔ མཁའ་འགྲོ་རྒྱ་མཚོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ འབྲུ་བཅུ་དང་། ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧྲཱི༔ མདའ་དར་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་རང་བཞིན་ཆོས་སྐྱོང་གཏེར་བདག་རྒྱ་མཚོའི་ལྷ་ཚོགས་སུ་བཞུགས་པས་བྱིན་གྱིས་བརླབས་ཤིང་དབང་བསྐུར་བས་ཐུགས་རྗེ་ཆེན་པོ་དང་དབྱེར་མེད་པའི་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དབང་ཆེན་ཐོབ་པར་མོས་ཤིག །མདའ་དར་གསང་གནས་སུ་བཞག་ལ། ཧྲཱི༔ བཅོམ་ལྡན་ཚེ་དཔག་མེད་པའི་སྐུ༔ ཆོས་སྐྱོང་རྒྱ་མཚོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ འབྲུ་བཅུ་དང་། ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧྲཱི༔ འདིར་སྤྲོས་པ་ལ་དགའ་ན་རྒྱལ་སྲིད་བཀྲ་ཤིས་རྫས་རྟགས་ཀྱི་དབང་སྤྱི་འགྲོ་སྦྱར་ལ་ཤིས་པ་བརྗོད། རྗེས་ཀྱི་བྱ་བའང་རིགས་འགྲེའོ། །ཚེ་དབང་འདིའི་རྒྱུན་ཉེ་བརྒྱུད་དང་དཔེ་ཕྱིས་སུ་འབྱོར་བས་སླད་ནས་བཙུད་པ་སྟེ། བློ་གྲོས་མཐའ་ཡས་ཀྱིས་སུག་ལས་བགྱིས་པ་དགེ་ལེགས་འཕེལ།། །།
དཔལ་མགོན་ཞལ་བཞི་པའི་གཏོར་དབང་མཚམས་སྦྱོར་གྱིས་བརྒྱན་པ་ཕྲིན་ལས་སྟོབས་སྐྱེད་ (Volume 38, Text 4)
༄༅། །དཔལ་མགོན་ཞལ་བཞི་པའི་གཏོར་དབང་མཚམས་སྦྱོར་གྱིས་བརྒྱན་པ་ཕྲིན་ལས་སྟོབས་སྐྱེད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡ། ཧེ་རུ་ཀ་དཔལ་སྲིན་པོའི་གཟུགས། །བདུད་འདུལ་ནག་པོ་ཆེར་བཞེངས་པ། །གང་ལ་བཏུད་ནས་གཏོར་དབང་གི །མཚམས་སྦྱོར་དགོད་ལ་གནང་བ་སྩོལ། །ཞིང་སྐྱོང་དབང་པོ་སྟོབས་འཕྲོག་ཞལ་བཞི་པའི་གཏོར་དབང་བགྱི་བའི་སྐབས་སུ་བབས་པ་ན། སྦྱོར་བ་ནི། གོང་དུ་རིག་འཛིན་ཐུགས་ཐིག་གམ་བདག་བསྐྱེད་ཡི་དམ་གང་ལ་བརྟེན་པའི་མཆོད་གཏོར་བཤམ། དེ་མདུན་སྟེགས་གཙང་མར་མཎྜལ་ལ་འབྲུ་ནག་ཁྲག་ཆང་གིས་གཤེར་བའི་ཚོམ་བུ་ལྔ་བཀོད། དེ་སྟེང་ཐོད་པའམ་ཟངས་ལྕགས་ཀྱི་སྣོད་དུ་དམར་གཏོར་ཟུར་གསུམ་སྙིང་གཟུགས་མ་ལ། འཁོར་མདུན་ནས་བརྩམ་སྟེ་གྲུ་གསུམ་སྦྲུལ་དཀྲིས། གྲུ་གསུམ་དམར་ནག །གྲུ་གསུམ་གཡས་གཅུས་གཟའ་མིག་ཅན། གྲུ་གསུམ་རྐྱང་པ་རྣམས་ཕྱོགས་བཞིར་བཞག །མཐེབ་ཀྱུ་མང་པོས་བསྐོར། མེ་རིའི་རྒྱན་དང་སྐུ་ཙཀ་བཙུགས། དར་ནག་གི་གདུགས་ཕུབ་པ་བཞག །དེ་མདུན་མཆོད་གཏོར་ཟུར་གསུམ་གཙོ་འཁོར་ལྔ་པ་དང་སྨན་རཀ །དྲག་པོའི་ཉེར་སྤྱོད་རྣམས་བཤམ། ལྕགས་ཧོམ་དུ་ཟན་ལིང་དང་བསྒྲལ་ཕུར་གྱིས་མཚོན་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། གོང་དུ་མ་སོང་ན་མཆོད་པ་བྱིན་རླབས། ལས་བྱང་ལས་བཞི་རྣམ་རོལ་ལམ་དངོས་རོལ་ལྟར་གཏོར་མ་བྱིན་རླབས་ནས་མདུན་བསྐྱེད་དྲང་བསྟིམ་མཆོད་པ་གཏོར་འབུལ་བསྟོད་པའི་བར་དུ་སོང་ནས། བཟླས་པས་ཐུགས་རྒྱུད་བསྐུལ་བ་ནི། མགོན་པོ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལ་བདག་གི་ཐུགས་ཀའི་ས་བོན་གྱིས་བསྐུལ་བས་ཅི་འདོད་པའི་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་བསམ་ལ་གོང་ནོན་གྱི་བཟླས་པ་ཅི་རིགས་པ་བྱས་ནས། ཨོཾ་མ་ཧཱ་ཀཱ་ལ་བི་ཀཱ་ལ་ཏྲི་ཡཾ་ཛཿཧཱུྃ་ཧཱུྃ་ཕཊ༔ ཞེས་ཅི་འགྲུབ་བཟླ། ཡུམ་དང་འཁོར་བཞི་ལ། ཨོཾ་ཀཱ་ལི་དེ་བཱི་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཨོཾ་ནཱ་ག་རཀྴ་ཧཱུྃ་ཕཊ༔ ཨོཾ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཨོཾ་རཱ་ཧུ་ལ་ཧཱུྃ་ཕཊ༔ ཨོཾ་རཀྴ་ས་ཧཱུྃ་ཕཊ༔ ཅེས་པ་རྣམས་ཀྱང་བཟླ། སྐོང་རྫས་བྱིན་བརླབས་ལ་སྐོང་བཤགས་བྱས་ཏེ་སློབ་མ་གཞུག་པར་གནང་བ་ནོད་པས་དགྱེས་བཞིན་བསྩལ་བར་མོས། དེ་ནས་དངོས་གཞི་སློབ་མ་ལས་བུམ་གྱི་ཆུས་ཁྲུས་བྱ། བགེགས་གཏོར་བཏང་ལ། བདེན་བརྗོད་བཅས་བསྐྲད་ཅིང་སྲུང་འཁོར་བསྒོམ། ཆོས་བཤད་ཁྱད་པར། དེའང་རྒྱལ་བའི་བསྟན་སྐྱོང་ནག་པོ་ཆེན་པོ་བདུད་དགྲའི་སྟོབས་འཕྲོག་དཔལ་མགོན་ཞལ་བཞི་པའི་གདམས་སྐོར་ཟབ་རྒྱས་འགའ་ཞིག་གཏེར་མའི་ཕྱོགས་ལས་བྱོན་པ་དང་། ཕྱིས་འགྱུར་གསར་མའི་ལོ་པཎ་གྱིས་བསྒྱུར་ཅིང་དར་རྒྱས་སུ་བཞུགས་པ་ལས། སྐབས་སུ་བབས་པ་འདི་ནི། སངས་རྒྱས་ཀུན་དངོས་གུ་རུ་པདྨ་ཐོད་ཕྲེང་རྩལ་དུར་ཁྲོད་བསིལ་བའི་ཚལ་དུ་བཞུགས་པའི་སྐབས་ཤིག །རྡོ་རྗེ་གདན་དུ་མུ་སྟེགས་པ་ཤོར་ཏེ་ཆོས་འཁོར་རྣམས་བཤིགས་ཤིང་གཏོར། ཕྱི་པའི་བསྟན་པ་ཆེར་འཕེལ་བའི་ཚེ་བསིལ་ཚལ་རང་བྱུང་མགོན་པོའི་རྡོ་སྐུའི་ཐུགས་ཀ་ནས་འོད་སྔོན་པོ་ཞིག་འཕྲོས་པའི་རྩེ་ལས་མགོན་པོ་འདི་ཉིད་འཁོར་དང་བཅས་པ་སྣང་སྲིད་གཡོ་བའི་ཆོ་འཕྲུལ་ཆེན་པོས་བྱུང་སྟེ། ང་རོའི་སྒྲས་བདུད་འདུལ་གུ་རུ་རིན་པོ་ཆེའི་ཐུགས་དམ་བསྐུལ་ཏེ་སླར་རྡོ་སྐུའི་ཐུགས་ཀར་ཐིམ་པ་ན། གུ་རུ་ཉིད་ཀྱིས་སྒྲུབ་ཐབས་ལས་སྦྱོར་གྱི་སྐོར་མང་དུ་མཛད་དེ་མགོན་པོ་ཉིད་རྦད་ཅིང་བསྐུལ་པས་མུ་སྟེགས་སྡེ་དཔུང་བསྟན་པ་དང་བཅས་ཐལ་བར་བརླགས། ནང་པའི་བསྟན་པ་སྔར་བཞིན་རྒྱས་པར་གྱུར། དེའི་ཚེ་སྒྲུབ་སྐོར་རྣམས་རིམ་པ་གསུམ་དུ་ཕྱེས་ཏེ་བོད་དུ་ཕེབས་པའི་སྐབས་སུ་ཕྱི་རབས་ཀྱི་དོན་དུ་ཟབ་གཏེར་རྣམས་ཀྱི་ཟླ་ལ་སྦ་བར་མཛད་པ་ལས། བསྡུས་པ་ཟབ་ཅིང་འདྲིལ་བ་འོ་མའི་ནང་གི་རྩི་མར་ལྟ་བུ་འདི་ཉིད་ལོ་ཆེན་བཻ་རོ་ཙ་ན་ལ་གདམས་ཏེ་བླ་སྒྲུབ་རིག་འཛིན་ཐུགས་ཐིག་གི་བཀའ་སྲུང་དུ་བཞག་ནས་བྲག་དམར་གཡའ་མ་ལུང་དུ་གཏེར་རྒྱས་བཏབ་པ། ཕྱིས་ལོ་ཆེན་ཉིད་ཀྱི་སྐུའི་སྒྱུ་འཕྲུལ་སྔ་འགྱུར་བསྟན་པའི་ཉི་མ་འགྲོ་འདུལ་རིག་འཛིན་འགྱུར་མེད་རྡོ་རྗེས་སྤྱན་དྲངས་པའི་བཀའ་སྲུང་དྲེགས་པ་ལྕམ་དྲལ་གྱི་སྲོག་དབང་། གཏོར་མ་ལ་བརྟེན་པའི་སྨིན་བྱེད་ཟབ་མོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སློབ་དཔོན་དཔལ་ཧེ་རུ་ཀ་དངོས་སུ་གསལ་བ་ལ་དད་གུས་གདུང་བས་གསོལ་བ་གདབ་པ་འདིའི་རྗེས་ཟློས། བདེ་གཤེགས་བླ་མ་བདག་ལ་དགོངས༔ གདུག་པ་འདུལ་ཞིང་བསྟན་སྲུང་ཕྱིར༔ བཀའ་སྲུང་དྲེགས་པ་ལྕམ་དྲལ་གྱི༔ བྱིན་རླབས་དབང་བསྐུར་བསྩལ་དུ་གསོལ༔ ལན་གསུམ་ཞུས་པའི་ལན་དུ་བླ་མས། གསོན་ཅིག་དད་ལྡན་སྙིང་གི་བུ༔ བསྟན་པ་རིན་ཆེན་བསྲུང་བ་དང༔ དམ་ཆོས་སྒྲུབ་པའི་བགེགས་ཞིའི་ཕྱིར༔ སྦྱིན་པར་བྱ་ཡི་གཞན་དུ་མིན༔ ཞེས་གནང་བ་སྦྱིན་ཅིང་དམ་ཚིག་གི་གནད་ལ་བཀར་བ་ལ་ཇི་ལྟར་བསྒོས་པའི་ཐ་ཚིག་ལས་མི་འདའ་བར་རྗེས་སུ་སྒྲུབ་པའི་མོས་པས་འདིའི་རྗེས་ཟློས། ཁྱོད་ཀྱིས་ཇི་ལྟར་བཀའ་བསྩལ་ལས༔ ནམ་ཡང་འདའ་བར་མི་བགྱི་འོ༔ ཞེས་ཞུ། དམ་ཚིག་རྡོ་རྗེའི་ཆུ་སྙིང་གི་དབུས་སུ་དཔང་པོར་རྟག་ཏུ་གནས་པ་ཤེས་པར་གྱིས་ཤིག །ས་མ་ཡ་ཨ་མྲྀཏ་ཧཱུྃ༔ ཞེས་དམ་ཆུ་བདུད་རྩི་སྦྱིན། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་གཉིས་སུ་མེད་པ་ལ་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་ཏེ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། རྒྱུན་བཤགས་ཡན་ལག་བརྒྱད་པས་གསག་སྦྱོང་སྤེལ་གསུམ་ཚུལ་བཞིན་བྱ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས། དེ་ནས་བྱིན་རླབས་ཀྱི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་གཞན་དུ་མ་ཡེངས་པར་ཁྱེད་རང་དཔལ་ལྡན་ནག་པོ་ཆེན་པོའི་སྐུ་འདི་ལྟར་དུ་སྒོམས་ཤིག །ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་དྷརྨ་དྷཱ་ཏུ་སོགས་མངོན་རྟོགས་ལྟར་བརྗོད་པ་ལས། སྟོང་པའི་ངང་ལས་ཕྱོགས་ཀུན་རབ་འཇིགས་ཀྱི། །དུར་ཁྲོད་ཆེན་པོ་འཇིགས་ཤིང་སྐྱི་གཡའི་དབུས༔ བྷྲཱུྃ་ལས་མཐིང་ནག་གྲུ་གསུམ་གཞལ་ཡས་ཁང༔ རྒྱ་ཁྱོན་ཆོས་དབྱིངས་དང་མཉམ་ལྟེ་བ་རུ༔ པདྨ་ཉི་ཟླ་དྲེགས་པ་བསྣོལ་བའི་སྟེང༔ མཐིང་ནག་ཧཱུྃ་ལས་སྐྱེས་པའི་ཁྲོ་བོའི་རྒྱལ༔ མ་ཧཱ་ཀཱ་ལ་དྲེགས་པ་ཀུན་འདུལ་ནི༔ ཞལ་བཞི་ཕྱག་བཞི་མི་བཟད་རྔམ་པའི་གཟུགས༔ གཡས་དཀར་གཡོན་དམར་དབུས་མཐིང་སྟེང་ཞལ་ལྗང༔ གཡས་པའི་ཕྱག་གཉིས་གྲི་གུག་རལ་གྲི་གདེངས༔ གཡོན་གཉིས་ཐོད་ཁྲག་རྡོ་རྗེའི་དབྱུག་པ་བསྣམས༔ དམར་སེར་རལ་པ་གྱེན་བརྫེས་ཁྲོ་ཆུང་སྤྲོ༔ གཡས་གཡོན་རྡོ་རྗེའི་གཤོག་པ་རྣམ་པར་གདེངས༔ དུར་ཁྲོད་ཆས་དང་དཔལ་གྱི་ཆས་བཅུས་སྤྲས༔ ཞབས་གཉིས་དོར་སྟབས་དྲེགས་པའི་སྙིང་གར་བརྫིས༔ གསང་བའི་ཡུམ་མཆོག་རེ་ཏི་སྔོ་སྐྱའི་མདོག༔ ཁ་ཊྭཱཾ་ནད་རྐྱལ་འཛིན་ཅིང་ཡབ་དང་འཁྲིལ༔ རབ་འཇིགས་མེ་དཔུང་འབར་བའི་ཀློང་དུ་གསལ༔ ཞེས་གཙོ་བོ་ཡབ་ཡུམ་དུ་བསྐྱེད་ནས། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་ནམ་མཁའ་གང་བར་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་དང་། ཁྱད་པར་མེ་རི་འབར་བ་དང་བསིལ་བ་ཚལ་སོགས་རང་བྱུང་དུར་ཁྲོད་ཆེན་པོ་རྣམས་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཁྱེད་རང་ལ་ཐིམ་པས་གཉིས་མེད་དུ་གྱུར་པར་མོས་ཤིག །རོལ་མོའི་སྒྲ་དྲག་པོ་དང་གུ་གུལ་ཚིལ་ཆེན་གྱི་དུད་པ་བཅས་སྤྲོ་ན་སྤྱན་འདྲེན་བརྗོད། སྔགས་མཐར། ཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ བཏགས་པ་དྲག་ཏུ་བརྗོད་ལ་དབབ། རྒྱ་གྲམ་སྤྱི་བོར་བཞག་ལ། ཡེ་ཤེས་པ་རབ་ཏུ་གནས་པར་བྱས་པར་མོས་ཤིག་ཏིཥྛ་བཛྲ༔ ཞེས་བསྟིམ། དེ་དག་གིས་སྨིན་བྱེད་ཀྱི་སྔོན་དུ་འགྲོ་བའི་རིམ་པ་རྣམས་གྲུབ་ནས། གཏོར་དབང་དངོས་གཞི་བགྱི་བ་ལ་དམིགས་འདུན་འདི་རྣམས་རིམ་པར་གསལ་ཐོབས་ཤིག །དབང་གཏོར་བཏེགས་ལ། གཏོར་སྣོད་གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ཁང་ཆེན་པོར། གཏོར་མ་དཔལ་ལྡན་ནག་པོ་ཆེན་པོ་ཞལ་བཞི་པ་ཡབ་ཡུམ་འཁོར་དྲེགས་པའི་སྡེ་དཔོན་བཞི་དང་སྤྲུལ་པ་ཡང་སྤྲུལ་ལས་བྱེད་དྲེགས་ཚོགས་དཔག་ཏུ་མེད་པས་བསྐོར་ཏེ་བཞུགས་པའི། མགོན་པོའི་དཔྲལ་བ་ནས་འོད་ཟེར་མེ་ཕུང་ཨོཾ་ཡིག་དཀར་པོའི་ཚོགས་ཆར་བབས་པ་ལྟར་བྱུང་། ཁྱེད་རང་གི་དཔྲལ་བར་ཐིམ་པས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་སྐད་ཅིག་གིས་བསལ། སྐུའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ། ཁྲག་འཐུང་རྡོ་རྗེ་སྲིན་པོའི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར་པར་མོས་ཤིག །གཏོར་མ་དཔྲལ་བར་བཞག་ལ། ཧཱུྃ༔ གཞན་གྱིས་མི་ཐུབ་དཔའ་བོ་ཆེ༔ བདུད་སྡེ་འཇོམས་མཛད་མཐུ་སྟོབས་ཅན༔ རྒྱལ་བའི་བསྟན་པའི་སྲོག་ཤིང་ཆེ༔ འཁོར་ལོས་སྒྱུར་བའི་སྟོབས་པོ་ཆེ༔ དཔལ་ལྡན་རྡོ་རྗེ་སྲིན་པོ་ཆེའི༔ སྐུ་ཡི་བྱིན་རླབས་འདིར་སྩོལ་ཅིག༔ ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་སརྦ་ས་མ་ཡ་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ མགོན་པོའི་མགྲིན་པ་ནས་འོད་ཟེར་མེ་ཕུང་ཨཱཿཡིག་དམར་པོའི་ཚོགས། སོགས་དང་། མགྲིན་པར་ཐིམ་པས་ངག་གི་སྒོ་ནས་སོགས། གསུང་གི་དབང་སོགས་བསྒྱུར། གཏོར་མ་མགྲིན་པར་བཞག་ལ། ཧཱུྃ༔ བདེ་གཤེགས་ཀུན་གྱི་ནུས་པའི་འཕྲུལ༔ ཁྲོ་རྒྱལ་ཡོངས་ཀྱི་དཔལ་ཆེན་པོ༔ བསྟན་པ་སྐྱོང་མཛད་མཐུ་བོ་ཆེ༔ དཔལ་ལྡན་རྡོ་རྗེ་ནག་པོ་ཆེའི༔ གསུང་གི་ནུས་སྟོབས་བྱིན་རླབས་མཆོག༔ འདི་ལ་སྦྱིན་པར་མཛད་དུ་གསོལ༔ ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་སརྦ་ས་མ་ཡ་བཛྲ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ མགོན་པོའི་ཐུགས་ཀ་ནས་འོད་ཟེར་མེ་ཕུང་ཧཱུྃ་ཡིག་སྔོན་པོའི་ཚོགས་སོགས་དང་། སྙིང་གར་ཐིམ་པས་ཡིད་ཀྱི་སྒོ་ནས་སོགས། ཐུགས་ཀྱི་དབང་སོགས་བསྒྱུར། གཏོར་མ་སྙིང་གར་བཞག་ལ། ཧཱུྃ༔ ཡེ་ཤེས་དབྱིངས་ལས་མ་གཡོས་ཀྱང༔ གདུག་པ་བདུད་ཀྱི་སྡེ་འདུལ་བར༔ སངས་རྒྱས་ཀུན་གྱིས་དབང་བསྐུར་བའི༔ མཐུ་སྟོབས་དྲག་པོ་ཆེན་པོ་ཡི༔ ཐུགས་ཀྱི་བྱིན་རླབས་ནུས་པ་ཀུན༔ འདི་ལ་སྦྱིན་པར་མཛད་དུ་གསོལ༔ ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་སརྦ་ས་མ་ཡ་བཛྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མགོན་པོའི་ལྟེ་བ་ནས་འོད་ཟེར་མེ་ཕུང་སྭཱ་ཡིག་སེར་པོའི་ཚོགས་སོགས་དང་། ལྟེ་བར་ཐིམ་པས་ཉོན་མོངས་པ་ལས་གྱུར་པའི་སོགས། ཡོན་ཏན་གྱི་དབང་སོགས་བསྒྱུར། གཏོར་མ་ལྟེ་བར་བཞག་ལ། ཧཱུྃ༔ དྲག་པོ་ཆེན་པོ་མ་རུངས་ཤུགས་ཆེ་བ༔ སྲིན་པོའི་དབང་པོ་བྱད་མའི་གཤེད་ཆེན་པོ༔ རྣལ་འབྱོར་དཔལ་མགོན་ཆེན་པོའི་ཡོན་ཏན་གྱིས༔ བྱིན་རླབས་ནུས་པ་འདི་ལ་སྦྱིན་པར་མཛོད༔ ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་སརྦ་ས་མ་ཡ་བཛྲ་གུ་ཎ་ཨ་བྷི་ཥིཉྩ་སྭཱ༔ མགོན་པོའི་གསང་བ་ནས་འོད་ཟེར་མེ་ཕུང་ཧཱ་ཡིག་ལྗང་གུའི་ཚོགས་སོགས་དང་། གསང་བར་ཐིམ་པས་ཤེས་བྱ་ལས་གྱུར་པའི་སོགས་དང་། ཕྲིན་ལས་ཀྱི་དབང་སོགས་བསྒྱུར། གཏོར་མ་གསང་གནས་སུ་བཞག་ལ། ཧཱུྃ༔ རྒྱལ་བསྟན་ཆོས་འཁོར་ཡོངས་ཀྱི་མགོན༔ དུར་ཁྲོད་ཀུན་གྱི་བདག་པོ་ཆེའི༔ དྲག་རྩལ་མི་བཟད་ཕྲིན་ལས་ཀྱི༔ སྟོབས་ནུས་འདི་ལ་སྦྱིན་པར་མཛོད༔ ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་སརྦ་ས་མ་ཡ་བཛྲ་ཀརྨ་ཨ་བྷི་ཥིཉྩ་ཧཱ༔ སླར་ཡང་གཏོར་མ་དཔལ་ལྡན་ནག་པོ་ཆེན་པོ་འཁོར་དང་བཅས་པ་དངོས་སུ་གསལ་བ་ཁྱེད་རང་ལ་གཏད་ཅིང་བཀའ་བསྒོས་པས། སྔོན་གྱི་ཐུགས་དམ་གཉན་པོ་དྲན་ཏེ་མགོན་སྐྱབས་དཔུང་གཉེན་གཡེལ་མེད་དུ་མཛད་ཅིང་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པའི་བྲན་དུ་ཞལ་གྱིས་བཞེས་ཏེ་དམ་ཚིག་གི་སྲོག་གཅིག་ཏུ་འདྲེས་པར་མོས་ཤིག །གཏོར་མ་ལག་ཏུ་གཏད་ལ། ཧཱུྃ༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ རྒྱལ་བའི་བསྟན་པ་སྐྱོང་བ་དང༔ དམ་ལྡན་རྡོ་རྗེའི་བུ་འདི་ཡི༔ མགོན་དང་དཔུང་གཉེན་བྲན་དང་གྲོགས༔ མཛད་ཅིང་དམ་ཚིག་གཅིག་པར་མཛོད༔ ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཡ་སཱ་ན་རཱ་ཛ་སརྦ་ས་མ་ཡ་རཀྵནྟུ༔ གཏོར་མ་རང་གནས་སུ་བཞག །མདུན་དུ་ཧོམ་ལིང་གདབ་ཕུར་རྣམས་བཀོད་ལ། མཐའ་རྟེན་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱི་རྗེས་སུ་གནང་བ་སྦྱིན་པ་ཡིན་པས། ཁྱེད་རང་རྡོ་རྗེ་ནག་པོ་ཆེན་པོའི་གསལ་སྣང་དང་ང་རྒྱལ་བརྟན་པོའི་ངང་། ཐུགས་ཀ་ནས་ལས་བྱེད་ཕོ་ཉ་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ་གནོད་བྱེད་དགྲ་བགེགས་ཐམས་ཅད་དབང་མེད་དུ་བཀུག་སྟེ་མདུན་གྱི་རྟེན་ལ་ཐིམ་པར་མོས་ཤིག །ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་གནོད་བྱེད་དགྲ་བགེགས་འབྱུང་པོ་དངོས་སུ་གསལ་བར་གྱུར། ན་མོ། རིག་འཛིན་རྩ་བརྒྱུད་སོགས་བདེན་སྟོབས་ལན་གསུམ་བརྗོད་ལ་བཀུག །ཕུར་བུ་གཏད་ལ། དེ་ལྟར་བསྒྲལ་བྱའི་ཞིང་མངོན་དུ་གྱུར་པ་ལ་རྫོང་འཕྲང་སྲོག་གི་གནད་དང་། གསལ་བ་གསུམ་གྱི་ཏིང་ངེ་འཛིན་དང་ལྡན་པས་གདབ་པའི་ལས་ལ་འཇུག་འཚལ། ལིང་ག་ལ་ཕུར་པ་གདབ་ཏུ་གཞུག་སྟེ། ཨོཾ་མ་ཧཱ་ཀཱ་ལ་བི་ཀཱ་ལ་ཏྲི་ཡཾ་ཛ༔ ཀཱ་ལི་དེ་བཱི་ཧཱུྃ་བྷྱོ་ཧཱུྃ༔ ནཱ་ག་རཀྴ་ཡ་མ་རཱ་ཛཿརཱ་ཧུ་ལ་རཀྵ་ས་ཏྲིག་ནན༔ ཨེ་ཧུར་ཐུམས་ཛ༔ གནོད་བྱེད་བྱད་མ་མཱ་ར་ཡ་རྦད༔ སྲོག་ལ་ཛ༔ སྙིང་ལ་རྦད༔ རྩ་ལ་བྲེང་ཤག༔ ཛཿཁྲམ་ཡ་ཕཊ༔ ཅེས་དྲག་ཏུ་བརྗོད། སླར་ཧོམ་སོགས་ལག་ཏུ་གཏད་ལ། བྷྱོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་གཅིག་ཏུ་བསྡུས་པ་ཡི༔ དྲག་པོས་སྒྲོལ་བྱེད་མཐུ་དབང་འདི༔ ཁྱོད་ལ་སྦྱིན་བྱ་བླང་བར་གྱིས༔ ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཡ་སརྦ་ས་མ་ཡ་གནོད་བྱེད་བྱད་མ་མཱ་ར་ཡ་རྦད༔ དེང་ནས་བརྩམ་སྟེ་རང་འདོད་ཀྱི་འཁྲིས་མེད་པར་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་སླད་དུ་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཟབ་མོས་དགྲ་དང་བགེགས་ཀྱི་གཡུལ་ལས་རྣམ་པར་རྒྱལ་བར་གྱིས་ཤིག །ཅེས་གདམས་ལ་ཤིས་བརྗོད་བྱ། དེས་རྒྱལ་བའི་བསྟན་སྐྱོང་ཆེན་པོ་མ་ཧཱ་ཀཱ་ལ་ཞལ་བཞི་པའི་སྲོག་དབང་གཏོར་མའི་བྱིན་རླབས་ལེགས་པར་གྲུབ་པ་ཡིན་པས། རྡོ་རྗེ་ཐེག་པའི་དམ་ཚིག་གི་རིམ་པ་སྤྱི་དང་ཁྱད་པར་དཔལ་ལྡན་ནག་པོ་ཆེན་པོའི་དམ་ཚིག་རྒྱུད་དང་མན་ངག་ལས་ཇི་ལྟར་འབྱུང་བ་ཐམས་ཅད་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དམ་ཚིག་ཁས་ལེན། གཏང་རག་མཎྜལ་ཕྱིན་དབང་རྗེས་རྣམས་སྤྱི་མཐུན་བྱ། རྗེས་ཀྱི་བྱ་བ་སླར་ཡང་གཏོར་མཆོད་ཁ་གསོས་ལ་སྐོང་བཤགས་དང་། གཏང་རག་མཆོད་བསྟོད། ནོངས་པ་བཤགས་ཤིང་ཡིག་བརྒྱ་བརྗོད། རྟེན་ཡོད་ན་ཡེ་ཤེས་པ་བརྟན་བཞུགས་བྱ། མེད་ན་གཤེགས། དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་རྗེས་རིམ་གང་འོས་སྐབས་བསྟུན་བྱས་ལ་དགེ་བསྔོ་ཤིས་པ་བརྗོད་པས་མཐའ་རྒྱས་སུ་བྱའོ། །མ་རུངས་བདུད་སྡེའི་དཔུང་གི་སྟོབས། །ཡེ་ཤེས་རྡོ་རྗེའི་ཤུགས་ཀྱིས་འཕྲོག །ཕྱོགས་ལས་རྣམ་རྒྱལ་འཁོར་འདས་ཀྱི། །དབང་ཕྱུག་ཆེན་པོར་བདག་གྱུར་ཅིག །འདིའང་རིན་པོ་ཆེ་གཏེར་གྱི་མཛོད་ཆེན་པོ་ལེགས་པར་སྡུད་པའི་སྐབས་སུ་ཉེ་བར་མཁོ་བའི་ཆ་རྐྱེན་དུ་གྱུར་པས། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།
དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ལུང་བསྟན་གཅེས་པའི་ལྡེའུ་མིག་ (Volume 62, Text 4)
སྡེ་གསུམ་སྤྱི་སྐོར།་་་དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ལུང་བསྟན་གཅེས་པའི་ལྡེའུ་མིག་བཞུགས༔ ྈྈྈྈ ན་མོ་གུ་རུ༔ བྱ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ༔ ཨོ་རྒྱན་ཆེན་པོ་པདྨ་ཡིས༔ བསམ་ཡས་དབུ་རྩེའི་བར་ཁང་དུ༔ ལས་ཅན་རྗེ་འབངས་ཐམས་ཅད་ལ༔ འབྱུང་འགྱུར་ལུང་བསྟན་འདི་འདྲ་བསྩལ༔ ས་མ་ཡ་རྒྱ་རྒྱ༔ རང་བྱུང་པདྨ་བདག་ཉིད་ཀྱིས༔ དུས་གསུམ་ཐམས་ཅད་ས་ལེར་མཐོང༔ ང་ཉིད་བླ་མའི་སྒྲུབ་པ་འདི༔ ད་ལྟ་སྤེལ་ཕངས་གཏེར་དུ་སྦས༔ ཁམས་ཤོད་བཞི་ཡི་ཡ་གྱལ་ནི༔ སྟོད་ལ་གངས་རིས་བསྐོར་བའི་དབུས༔ སྨད་ན་མཚོན་ཆ་གཟིངས་འདྲའི་གནས༔ བར་དུ་པདྨ་ཁ་བྱེའི་ཡུལ༔ སྟོད་ཀྱི་པདྨ་ཤེལ་ཕུག་ཏུ༔ ངེས་པར་གཏེར་དུ་སྦས་པར་བྱ༔ མ་འོངས་བོད་ཁམས་འདི་ཉིད་དུ༔ སུམ་ཅུ་ཁ་རལ་དུས་ཀྱི་ཚེ༔ བྱི་ལོར་བསམ་ཡས་མེ་ཡིས་འཇིག༔ བཟློག་ཐབས་མེད་པ་འདྲེས་མའི་ལས༔ སྟག་ལོར་ས་གཡོ་འཇིགས་པ་འབྱུང༔ ཁྱད་པར་རུ་དམ་ལུང་པ་འཇིག༔ ཕག་ལོར་ས་གཡོ་བྲག་ཆད་འབྱུང༔ ཀློང་ཐང་སྒྲོལ་མ་ཉམས་པའི་དུས༔ བོད་ལ་སྟེང་ན་རྗེ་མེད་ཅིང༔ འོག་ན་འབངས་མེད་སིལ་བུར་འཐོར༔ ཆེ་དགུའི་རིགས་ལ་ཁྲིམས་མེད་ཅིང༔ རྒྱལ་ཁམས་འབངས་ལ་ཁྲེལ་མེད་ལ༔ ལོ་རེ་བཞིན་དུ་ཆ་ལུགས་འགྱུར༔ སྤྱོད་པ་ལྷ་མིན་ཡུལ་དང་མཚུངས དེ་ཡི་དུས་སུ་ལྷོ་ཟླའི་ཕྱོགས༔ རཏྣའི་མིང་ཅན་སྟག་གམ་གླང༔ མཆོག་གི་མིང་གྱུར་སྐྱེས་བུ་ཞིག༔ དེ་ནི་སྔོན་དུས་ལྷ་སྲས་འབྲིང༔ ད་ལྟ་ངན་ལམ་ཡེ་ཤེས་མཆོག༔ དེ་ལྟ་བུ་རུ་སྐྱེ་བ་ལེན༔ འབྲུག་གི་ལོ་ལ་གདམས་པ་འདི༔ ས་ཡི་སྟེང་དུ་དེས་འབྱིན་བྱེད༔ རྗེ་འབངས་ཡིད་ལ་ངེས་པར་གྱིས༔ ཞེས་གསུངས་པས་སླར་ཁོ་མོས་ཞུས་པ༔ དེ་དུས་གཏེར་སྒོ་འབྱེད་ཚུལ་ཇི་ལྟ་བུ༔ འབྱེད་ནས་ཆོས་འཁོར་བསྐོར་ཚུལ་ཇི་ལྟ་བུ༔ མ་ཧཱ་གུ་རུས་བདག་ལ་གསུང་དུ་གསོལ༔ ཞེས་ཞུས་པས༔ བཀའ་བསྩལ་པ༔ ཉོན་ཅིག་ཇོ་མོ་མཚོ་རྒྱལ་མ༔ དེ་དུས་གཏེར་སྒོ་འབྱེད་ཚུལ་ནི༔ འབྲུག་གི་ལོ་ལ་འདོན་བྱེད་ཅིང༔ སྐྱེས་བུ་གནས་འདིར་གློག་ལྟར་འཁྱུགས༔ འགྲོ་བ་ཐམས་ཅད་སྤྲོ་སྐྱེད་བྱེད༔ འབྱེད་ནས་ཆོས་འཁོར་སྐོར་ཚུལ་ནི༔ དང་པོ་བཀའ་བརྒྱད་སྤྱི་དབང་དེ༔ ཀུན་ལ་སྤྲོ་བ་བསྐྱེད་ཕྱིར་བསྐུར༔ དེ་ཡང་བསྙེན་སྒྲུབ་བཞི་ལྡན་པས༔ དམ་རྫས་མྱོང་གྲོལ་འབྲེལ་ཚད་གྲོལ༔ ཤྲཱི་སིཾ་ཧ་ལོ་གཅིག་སྒོམ༔ དེ་ནས་ཚོད་དང་སྦྱར་ཏེ་བྱ༔ གདམས་པ་སྡེ་གསུམ་ཆ་ལག་བཅས༔ རིམ་བཞིན་སྦྲུལ་དུག་ལྕེ་ལྟར་སྤེལ༔ གནམ་མཚོའི་ཕྱོགས་སུ་ང་སྤྲུལ་འབྱུང༔ ཀུན་བཟང་མིང་དང་འཕྲད་པར་གཅེས༔ ཁྲི་སྲོང་ལྡེའུ་བཙན་དབང་པོའི་མིང༔ དེ་ལ་རྫོགས་པ་འཐོབ་པར་གྱུར༔ བཻ་རོའི་ཡང་སྤྲུལ་བློ་གྲོས་མིང༔ དེ་ལ་ཡང་དག་འཕྲོད་པར་གྱིས༔ གཉགས་ཆེན་སྐྱེས་མཐའ་རབ་རྒྱས་མིང༔ དེ་ལ་ཡང་དག་འཕྲོད་པར་གྱིས༔ གཙང་སྟོད་ཕྱོགས་སུ་གྲོལ་ཞེས་པ༔ བློ་གྲོས་མིང་ཅན་དག་ལ་སྤྲོད༔ ཡར་འབྲོག་ཕྱོགས་སུ་པདྨའི་མིང༔ དེ་ལ་ཡང་དག་འཕྲོད་པར་གྱིས༔ ལྷོ་ཟླར་རྟ་ལོ་ཐེག་མཆོག་མིང༔ རྒྱལ་བ་མཆོག་དབྱངས་བག་ཆགས་ཅན༔ དེ་ལ་ཡང་དག་འཕྲོད་པར་གྱིས༔ བྱང་གི་ཕྱོགས་ན་རཱ་ཛའི་མིང༔ དེ་ལ་ཡང་དག་འཕྲོད་པར་གྱིས༔ སྤུ་བོའི་ཕྱོགས་སུ་པདྨའི་མིང༔ ཀཿཐོག་ཕྱོགས་སུ་ཀུན་གྱི་མིང༔ དེ་ལ་ཡང་དག་འཕྲོད་པར་གྱིས༔ འོན་ཀྱང་ཆོས་བདག་དེ་རྣམས་ལ༔ སྤེལ་དུས་མཁའ་འགྲོའི་ལུང་དང་བསྟུན༔ འོལ་ཚོད་མི་བྱ་བར་ཆད་འབྱུང༔ དེ་བས་ཤིན་ཏུ་ཞིབ་པར་བརྟག༔ གཞན་ཡང་དེ་ཡི་དུས་དག་ཏུ༔ སྟོད་ནས་མཐའ་དམག་མེ་ལྟར་འབར༔ སྨད་ཀྱི་འཁྲུགས་པ་ཆུ་ལྟར་འཁོལ༔ རཱ་ཛ་ཞིག་པོ་མཚོ་ལ་ལྡིང༔ ཞྭ་མོ་སྤྱི་ཟླུམ་ནུབ་པར་འགྱུར༔ རྨ་ཡི་ཕྱོགས་ནས་འུར་སྐད་སྒྲོག༔ དམག་དཔོན་བོད་ལ་ཆེས་ཆེར་སླེབ༔ ལྷོ་དང་བྱང་རྒྱུད་འཁྲུགས་པར་འགྱུར༔ བོད་ཀྱི་མི་རྣམས་ཐམས་ཅད་ཀྱི༔ རལ་པའི་ཅོད་པན་འགྲེང་བའི་ཚུལ༔ བྱ་ནག་འཕུར་བཞིན་ལྡིང་བར་འགྱུར༔ རེས་འགར་ལེགས་ལ་རེས་འགར་ཉེས༔ ཕྱོགས་འགར་ཕན་ལ་ཕྱོགས་འགར་གནོད༔ སྤྱི་ཆོས་ལ་ནི་བཏང་སྙོམས་ཏེ༔ རྡོ་ལ་གསེར་འགྱུར་རྩི་བཏབ་བཞིན༔ ཕན་པའི་བྱ་བ་འདི་ལྟ་སྟེ༔ སྟོད་ཀྱི་བྱང་རོང་གཉིས་པོའི་མདོ༔ གནས་ཀྱི་མཆོག་གྱུར་བྱིན་འབེབ་བྱ༔ བར་གྱི་སྐྱི་ཤོད་མདོ་དག་ཏུ༔ གནས་ཀྱི་མཆོག་གྱུར་བྱིན་འབེབ་བྱ༔ སྨད་ཀྱི་འབྲི་ཟླའི་བར་དག་ཏུ༔ གནས་ཀྱི་མཆོག་གྱུར་བྱིན་འབེབས་བྱ༔ ཤོད་ཆེན་བཞི་ལ་གཏེར་ཆེན་སྦ༔ རོང་ཆེན་བཞི་ལ་མཆོད་རྟེན་བཞེངས༔ བྱང་ཆེན་བཞི་ལ་སྒྲུབ་ཆེན་བཙུག༔ ལྡན་གྱི་བིར་ཏེ་བྲག་དམར་ནས༔ དབང་གི་མིང་ཅན་ཟབ་གཏེར་སྤྱོད༔ རབ་སྒང་ཕྱོགས་ཀྱི་ས་བར་དུ༔ སྦྲུལ་ཁྲ་ལྟ་བུའི་ལས་ཞིག་འབྱུང༔ དཀར་ལ་སྒྱུར་བ་ཙམ་གྱིས་ཤེས༔ ལྕགས་སྤྲེལ་ལོ་ལ་མུ་གེ་འབྱུང༔ འབྲས་དྲུག་གཏེར་ཞིག་བརྟན་མར་སློང༔ སྔོན་དུ་ལྷ་སྲིན་དམ་འདོགས་མཛོད༔ ཉེ་བའི་གནས་མཆོག་རྣམས་ལ་ཡང༔ ས་ལུག་ལོ་རུ་བྱིན་འབེབ་མཛོད༔ དེ་ཡིས་བོད་ཡུལ་དབུགས་དབྱུང་བྱེད༔ འདི་ཉིད་ཐོས་པའི་སྐྱེས་བུ་ཡང༔ ལོ་གསུམ་བྲག་ལ་འདམ་སྦྱར་མཛོད༔ དེ་ཉིད་མྱ་ངན་འདས་འོག་ཏུ༔ མོན་གྱི་དཀར་མོ་བྲག་དཀར་འདབས༔ དཔལ་གྱི་མིང་ཅན་ཁྱི་ལོ་པ༔ ཤ་འུག་སྟག་སྒོའི་གཏེར་སྒོ་འབྱེད༔ དེ་ཉིད་མྱ་ངན་འདས་འོག་ཏུ༔ གཙང་གི་ཕུག་མོར་ལྷ་ཁང་འབྱུང༔ འུ་ཤང་སྦས་པའི་གཏེར་ཁ་ཡང༔ རྔོག་གི་ཕྱོགས་ནས་གླང་ལོ་པ༔ བཻ་རོའི་སྐྱེས་མཐའ་རྡོ་རྗེའི་མིང༔ ཟབ་པའི་གཏེར་ཆེན་སྒོ་འབྱེད་བྱེད༔ དེ་ཉིད་མྱ་ངན་འདས་འོག་ཏུ༔ ཚ་བ་རོང་དུ་འཁྲུགས་པ་འབྱུང༔ རྒྱ་བོད་སྟག་གི་ལོ་ལ་འཁྲུགས༔ མེ་ཉག་ཕྱོགས་སུ་མེ་ཡིས་འཇིག༔ གཏམ་ངན་ལྷ་ཡུལ་གྲགས་པ་ན༔ སེང་གེ་རྫོང་གི་གཏེར་ཁ་དེ༔ འདོན་པའི་དུས་ལ་བབ་པ་ཉིད༔ འདོན་མཁན་མངའ་བདག་སྤྲུལ་པ་ཞིག༔ འབྲི་ཀླུང་ཕྱོགས་ནས་ལྕགས་རྟ་ལོ༔ དཔལ་གྱི་མིང་ཅན་སྐྱེས་བུ་འབྱུང༔ ཞེས་གསུངས་སོ༔ ས་མ་ཡ་རྒྱ་རྒྱ༔ ལུང་བསྟན་གཅེས་པའི་ལྡེའུ་མིག་འདི༔ མ་འོངས་སྐལ་ལྡན་ལས་ཅན་གྱིས༔ གསང་རྒྱས་ཤིན་ཏུ་དམ་པར་གྱིས༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ྈྈྈ ྈྈ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།
ཐུགས་དམ་ཟབ་པ་སྐོར་བདུན་གྱི་བཀའ་སྲུང་གཟའི་སྐོང་གསོལ་ལས་བྱང་ (Volume 5, Text 4)
ཐུགས་དམ་ཟབ་པ་སྐོར་བདུན་གྱི་བཀའ་སྲུང་གཟའི་སྐོང་གསོལ་ལས་བྱང་ནི། དང་པོ་སྤྱན་འདྲེན་པ་ནི། ཧཱུྃ། གསང་བདག་རྟ་མཆོག་དཔལ་དང་རིག་འཛིན་གཙོ། །པདྨ་ཐོད་ཕྲེང་སྤྱན་སྔར་ཁས་བླངས་པའི། །དྲེགས་པའི་གཙོ་བོ་མཐུ་སྟོབས་ཀུན་གྱི་བདག །ལྷ་ཆེན་རཱ་ཧུ་ལ་ཁྱོད་གཤེགས་སུ་གསོལ། ཁྱེད་ཀྱི་འཁོར་ཚོགས་གཟའ་བརྒྱད་གདོང་མོ་བཞི། །རྒྱུ་སྐར་སྣང་སྲིད་ལྷ་འདྲེ་དྲེགས་པའི་ཚོགས། །ཕྱོགས་བཞི་མཚམས་བརྒྱད་ཕོ་བྲང་སོ་སོ་ནས། །སྐད་ཅིག་ཡུད་ཙམ་ལ་ནི་གཤེགས་སུ་གསོལ། །བཞུགས་སུ་གསོལ་བ་ནི། ཧཱུྃ། དགྲ་བགེགས་ཞིང་ཆེན་པདྨའི་གདན་ཁྲི་ལ། །མི་སྲུན་དྲེགས་པའི་གཙོ་བོ་འཁོར་བཅས་རྣམས། །སངས་རྒྱས་བསྟན་པ་གཉན་པོ་བསྲུང་བའི་ཕྱིར། །མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །མཆོད་པ་འབུལ་བ་ནི། ཧཱུྃ། ཕྱི་ནང་གསང་གསུམ་བདུད་རྩི་རཀྟའི་ཚོགས། །དམར་ཆེན་གཏོར་མ་དགྲ་བོའི་ཤ་ཁྲག་རུས། །ཟ་བྱེད་བསྟན་སྲུང་འཁོར་བཅས་ཞལ་དུ་ཁཱ་ཧི། །ཕྲིན་ལས་བཅོལ་བ་ནི། ཧཱུྃ། སྔོན་གྱི་དམ་བཅས་ཐུགས་དམ་ཇི་བཞིན་དུ། །སངས་རྒྱས་བསྟན་པ་གཉན་པོ་བསྲུང་བ་དང་། །རྣལ་འབྱོར་སྒྲུབ་པ་པོ་ཡི་གྲོགས་མཛད་ཕྱིར། །དམ་བཅས་བཞིན་དུ་བཅོལ་བའི་ཕྲིན་ལས་མཛོད། །བསྟོད་པ་ནི། ཧྲཱིཿ དུག་ལྔ་ལས་གྲུབ་སྲིད་པ་ཀུན་གྱི་བདག །ཟ་བྱེད་རྔམས་པ་ལུས་དམར་མིག་སྟོང་ལྡན། །ཆུ་སྲིན་རྒྱལ་མཚན་རྭ་ཡི་མདའ་གཞུ་འཛིན། །བསྟན་དགྲ་ཐལ་བར་རླག་མཛད་ཁྱེད་ལ་བསྟོད། ཁྱེད་ཀྱི་འཁོར་ཚོགས་གཟའ་བརྒྱད་གདོང་མོ་བཞི། །རྒྱུ་སྐར་སྣང་སྲིད་འཇིག་རྟེན་དྲེགས་པའི་ཚོགས། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི། །བཀའ་སྡོད་བྲན་གཡོག་ཚོགས་ལ་བདག་བསྟོད་དོ། །བསྐུལ་བ་ནི། ཧཱུྃ། མཐུ་སྟོབས་དྲེགས་པའི་གཙོ་བོ་རཱ་ཧུ་ལ། སྐྱེ་འགྲོའི་སྲོག་བདག་དྲག་རྩལ་ཆེན་པོ་ཁྱེད། །འཁོར་བཅས་བསྐྱོད་དེ་དགྲ་བོའི་སྲོག་ལ་བྷྱོ། །དམ་ཉམས་དགྲ་བོ་ལས་ངན་འདི་ཉིད་ཀྱི། །ཤ་ཟོ་ཁྲག་ཐུངས་སྲོག་དབུགས་ཞལ་དུ་གསོལ། །མི་རྒྱུད་རྩད་ཆོད་ས་ཞིང་ཐལ་བར་ཐོངས། །མིང་ཙམ་མེད་པར་རྡུལ་དུ་བརླག་པར་མཛོད། །ཅེས་བསྐུལ་བར་བྱའོ། །ཞེས་པ་འདི་ནི་ཟུར་མཁར་རྡོའི་མཆོད་རྟེན་གྱི་ཤར་ཕྱོགས་ནས་དར་ཟུར་ཕུ་བ་ཀུན་དགའ་རྒྱ་མཚོ། ཕུན་ཚོགས་སྦྱིན་པ་གསུམ་གྱིས་བསྐུལ་བའི་ངོར་བདག་འདྲ་རྫོགས་ཆེན་པ་གར་གྱི་དབང་ཕྱུག་རྩལ་གྱིས་སྦྱར་བ་དགེ་ལེགས་སུ་འཕེལ་བར་གྱུར་ཅིག། །།
འཆི་མེད་ཀློང་གསལ་རྡོ་རྗེའི་སྲོག་སྒྲུབ་ལས་ཚེ་དབང་འཆི་མེད་སྙིང་པོ་བཀླག་ཆོག་ཏུ་བཀོད་པ་འཆི་མེད་བཅུད་འཛིན་ (Volume 49, Text 4)
༄༅། །འཆི་མེད་ཀློང་གསལ་རྡོ་རྗེའི་སྲོག་སྒྲུབ་ལས་ཚེ་དབང་འཆི་མེད་སྙིང་པོ་བཀླག་ཆོག་ཏུ་བཀོད་པ་འཆི་མེད་བཅུད་འཛིན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨ་མཱ་ར་ཎི་དེ་བཱ་ཡ། འགྲོ་བ་ཀུན་ལ་བུ་གཅིག་མ་ལྟར་གཟིགས། །ཐུགས་རྗེས་འཆི་བདག་དཔུང་བཅོམ་ཚེ་དབང་སྩོལ། །བླ་མ་ཚེ་དཔག་མེད་ལ་གུས་བཏུད་ནས། །འཆི་མེད་སྙིང་པོའི་དབང་བསྐུར་བཀླག་ཆོག་དགོད། །དེ་ལ་གསུམ། སྦྱོར་བ་དངོས་གཞི་རྗེས་སོ། །དང་པོ་ནི། ཡིད་མཐུན་དགེ་བའི་གནས་སུ་སྟེགས་བུ་ཁེབས་ལྡན་གྱི་སྟེང་དཀྱིལ་འཁོར་གཞུང་མཐུན་ནམ། མཎྜལ་ལ་འབྲུའི་ཚོམ་བུ་དབུས་དང་མདུན་དུ་རེ་རེ། དེ་རྒྱབ་བཞི་རིམ་གཉིས་བཀོད་པའི་སྟེང་ཁྲིའུའི་ཁར་རིན་པོ་ཆེའི་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་བཅས་པ་བཞག །གཡས་སུ་ཚེ་རིལ། གཡོན་དུ་ཐོད་པ་མཚན་ལྡན་དུ་མངར་གསུམ་ཆང་སྦྱར། མདུན་དུ་ལས་བཞིའི་འབྲང་རྒྱས། རྒྱབ་ཏུ་མཆོད་གཏོར་ཟར་སྒང་ལྟ་བུ་ཕྱོགས་བཞིར་པད་འདབ་མཚམས་སུ་ཚེ་རིལ་གྱིས་སྤྲས་པ་དང་མདའ་དར། དེའི་གཡས་གཡོན་དུ་སྨན་རཀ །ཚེ་ནས། ཕྱི་མཆོད་བསྐོར་བཤམ། ལས་བུམ། གཏོར་ཚོགས་སོགས་ཉེར་མཁོ་རྣམས་ཚང་བར་བྱ། དབང་དོན་སྒྲུབ་མཆོད་ནི། ལས་གཞུང་སྐྱབས་སེམས་ནས་བཟླས་པའི་བར་བདག་མདུན་དབྱེར་མེད་དུ་བསྒྲུབ། སྙིང་པོ་ཅི་ནུས་དང་མཐར་སྔགས་ཤམ་བཏགས་པའང་བརྒྱ་རྩ་ཙམ་བརྗོད་ལ། ཚེ་འགུགས་གནད་བསྐུལ་གྱིས་བྱིན་རླབས་བསྡུ་ཞིང་། མཆོད་བསྟོད་དང་། ལས་བུམ་དུ་བདུད་རྩི་འཁྱིལ་པ་བསྐྱེད་བཟླས་བྱ། ལས་བྱང་མཇུག་ལྟར་བདག་དབང་བླང་ངོ་། །གཉིས་པ་དབང་དངོས་གཞི་ལ་ཐོག་མར་སློབ་མ་རྣམས་ལས་བུམ་གྱིས་ཁྲུས་བྱ་ཞིང་། ཧོ༔ བདེ་གཤེགས་རྒྱལ་བ་རྣམས་ཀྱི་ཡེ་ཤེས་ཆུས༔ སྐལ་ལྡན་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ༔ གནས་པའི་ནད་གདོན་སྡིག་སྒྲིབ་ཉེས་ལྟུང་རྣམས༔ བཀྲུ་བར་བགྱིད་དོ་བྱང་ཞིང་དག་གྱུར་ཅིག༔ ཨོཾ་བཛྲ་ཨ་མྲྀཏ་སོགས་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་བརྗོད། བགེགས་གཏོར་གཏང་། ལས་བྱང་ལྟར་བཀའ་བསྒོ་ཞིང་སྲུང་འཁོར་བསྒོམ། ཆོས་བཤད་མཚམས་སྦྱོར་སྤྱི་མཐུན་བྱ། བྱེ་བྲག་ཏུ། དེ་ལ་འདིར་གདོང་དམར་བོད་ཀྱི་ཡུལ་དུ་སངས་རྒྱས་ཀུན་ལས་ལྷག་པའི་ཐུགས་རྗེ་མངའ་བ་འཆི་མེད་གྲུབ་པའི་རིག་འཛིན་མཚོ་སྐྱེས་རྡོ་རྗེ་དེ་ཉིད་ཀྱིས། མངའ་བདག་ཆོས་རྒྱལ་ཡབ་སྲས་སོགས་དབང་རྣོན་སྐལ་པ་རབ་ཏུ་གྱུར་པའི་འདུས་པ་རྣམས་ལ་རྡོ་རྗེ་ཐེག་པའི་གསང་བ་ཐུན་མོང་མ་ཡིན་པའི་ཆོས་ཀྱི་འཁོར་ལོ་བསམ་ལས་འདས་པ་བསྐོར་ཅིང་། གྲོལ་བ་རྣམ་པ་བཞིའི་ཕྲིན་ལས་ཆེན་པོས་ལུས་ཅན་མཐའ་དག་འདི་དང་གཏན་དུ་དབུགས་འབྱིན་ཡང་དག་པར་བསྩལ་ཅིང་། ཁྱད་པར་འགྲོ་བ་རྣམས་དུས་མ་ཡིན་པར་འཆི་བའི་འཇིགས་པ་ལས་སྐྱོབ་ཅིང་འཆི་མེད་རྡོ་རྗེའི་ཚེ་དབང་སྒྲུབ་པའི་གདམས་ཟབ་ཁྱད་པར་ཅན་བྱེ་བ་ཕྲག་གཅིག་གནང་པར་གསུངས་པའི་ནང་ཚན་འཆི་མེད་ཀློང་གསལ་རྡོ་རྗེའི་སྲོག་སྒྲུབ་འདི་ནི། རྒྱལ་དབང་བཅུ་གཉིས་པ་བྱང་ཆུབ་རྡོ་རྗེའི་ཞལ་སློབ་ཀརྨ་འགྲོ་དོན་མཐར་ཕྱིན་ནམ། རིག་འཛིན་ཆེན་པོ་ཐུགས་མཆོག་རྡོ་རྗེའི་རྒྱལ་ཚབ་ཀྱི་རིག་འཛིན་རང་མཉམ་བཞིའི་ཡ་གྱལ། ཨོ་རྒྱན་དྲི་མེད་གླིང་པ་ཞེས་སུ་གྲགས་པ་ངན་ལམ་རྒྱལ་བ་མཆོག་དབྱངས་དང་ཤུད་བུ་དཔལ་གྱི་སེང་གེ་ཟུང་དུ་འཇུག་པའི་རྣམ་རོལ་འཁྲུལ་མེད་ཀྱི་གཏེར་སྟོན་ཆེན་པོ་དེ་ཉིད་ཀྱིས་སྒྲགས་ཡང་རྫོང་ནས་སྤྱན་དྲངས་པ་སྟེ། གཞུང་ལས། བདག་འདྲ་གུ་རུ་མཚོ་སྐྱེས་རྡོ་རྗེ་ཡིས༔ སྙིགས་མའི་དུས་སུ་འགྲོ་བ་བསྐྱབ་པའི་ཕྱིར༔ ས་སྟེང་མ་ལུས་རིན་ཆེན་གཏེར་གྱིས་བཀང༔ ཁྱད་པར་རིན་ཆེན་ཚེ་ཡི་སྒྲུབ་པའི་སྐོར༔ མང་ལ་མ་འཆལ་ཉུང་ལ་མ་ཚང་མེད༔ རྣོ་མྱུར་བྱིན་ཆེ་འོ་མའི་མར་ལྟ་བུ༔ འཆི་མེད་ཀློང་གསལ་རྡོ་རྗེའི་སྲོག་སྒྲུབ་བཞག༔ ཅེས་བསྔགས་པ་དོན་དང་ལྡན་པའི་དབང་བསྐུར་ཟབ་མོ་བསྒྲུབ་པ་ལ། ཞེས་སོགས་བརྗོད་ལ་མཎྜལ་འབུལ་གཞུག །སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་དད་མེད་པའི་སྤྱན་སྔར་མི་ཕྱེད་གུས་པ་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ བླ་མ་རིགས་འདུས་སྐུ་ལྔའི་བདག་ཉིད་དགོངས༔ བདག་ཅག་སྐལ་ལྡན་མོས་པའི་བུ་རྣམས་ལ༔ བདུད་བཞིའི་གཡུལ་ལས་རྒྱལ་བ་རྡོ་རྗེའི་ཚེ༔ དེང་འདིར་དབང་བསྐུར་སྨིན་གྲོལ་བྱིན་གྱིས་རློབས༔ ལན་གསུམ། བླ་མ་འཆི་མེད་ཚེ་བདག་རིགས་ལྔའི་དཀྱིལ་འཁོར་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་བདག་གཞན་མཁའ་ཁྱབ་ཀྱི་སེམས་ཅན་མཐའ་དག་འདི་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི་འོ་སྙམ་པས་འདིའི་རྗེས་ཟློས། ན་མོ༔ འགྲོ་བའི་དཔལ་མགོན་སོགས་ལས་བྱང་ལྟར་ལན་གསུམ། མཁའ་ཁྱབ་ཀྱི་ཕ་མ་ལུས་ཅན་མཐའ་དག་གནས་སྐབས་དུས་མིན་འཆི་བ་ལས་སྐྱོབ་ཅིང་མཐར་ཐུག་འཆི་མེད་མགོན་པོའི་གོ་འཕང་ལ་འགོད་པའི་སླད་དུ་ཚེའི་དཀྱིལ་འཁོར་གཉན་པོར་འཇུག་པར་སེམས་བསྐྱེད་ལ་འདིའི་རྗེས་ཟློས། ཧྲཱི༔ མཁའ་ཁྱབ་འགྲོ་བ་སོགས་གསུམ། དབང་གི་གཞི་བསྒྲུབ་ཅིང་ཡེ་ཤེས་པ་དབབ་པའི་ཕྱིར་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་བཞིན་དུ་སྒོམ་མཛོད། ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྣོད་བཅུད་ཐམས་ཅད་མི་དམིགས་པ་སྟོང་པར་གྱུར་པའི་ངང་ལས། སྣང་ཡུལ་ཐམས་ཅད་བདེ་ཆེན་པདྨོ་བཀོད་པའི་ཞིང་ཁམས་རྒྱན་དང་བཀོད་པ་ཚད་མེད་པའི་དབུས་སུ་རབ་ཏུ་རྒྱས་པའི་པདྨ་དམར་པོ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཁྱེད་རང་རྣམས་ཀྱི་རིག་པ་ཡེ་ཤེས་ཀྱི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་ཁྱེད་རང་རྣམས་འཆི་མེད་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་གསལ་མཚན་དཔེའི་གཟི་བྱིན་ཚད་མེད་པ་འབར་བ། དར་དང་རིན་པོ་ཆེའི་རྒྱན་རྣམས་ཀྱིས་སྤྲས་ཤིང་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན་ཕྱག་མཉམ་གཞག་གི་སྟེང་དུ་ཚེའི་བུམ་པ་བདུད་རྩིའི་བཅུད་ཀྱིས་བཀང་བ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་པང་དུ་ཡུམ་གསང་བ་ཡེ་ཤེས་དམར་མོ་གཅེར་བུ་རུས་པའི་རྒྱན་ཅན་ཕྱག་གཡས་ཚེ་བུམ་དང་གཡོན་མདའ་དར་བསྣམས་པས་འཁྱུད་པ། གནས་གསུམ་དུ་རྡོ་རྗེའི་ཡི་གེ་འབྲུ་གསུམ་གསལ་ཞིང་འབར་བའི་འོད་ཟེར་དང་། སློབ་དཔོན་དཀྱིལ་འཁོར་པའི་ཐུགས་ཀ་ནས་ཀྱང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་པའི་འོད་ཟེར་འཕྲོས་པས། རྩ་གསུམ་རྒྱལ་བ་རབ་འབྱམས་འཆི་མེད་ཚེ་ལྷ་ཡེ་ཤེས་པའི་རྣམ་པར་བྱོན་ཏེ་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད། ཅེས་བརྡ་སྦྱར། སྤོས་རོལ་དབྱངས་དང་བཅས། བྱིན་འབེབ་ཀྱི་ཚིགས་སུ་བཅད་པ། ཧྲཱི༔ སྐུ་ལྔ་ཡེ་ཤེས་སོགས་དང་སྔགས་མང་དུ་བརྗོད། ཡེ་ཤེས་པའི་བྱིན་རླབས་བྱང་ཆུབ་མ་འཐོབ་བར་དུ་བརྟན་པར་བྱས་པར་མོས། ཏིཥྛ་བཛྲ༔ ཞེས་རྡོ་རྗེ་མགོར་བཞག །སླར་ཡང་ཚེའི་བཅུད་བསྡུ་ཞིང་དངོས་གྲུབ་འགུགས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ལྷ་ཚོགས་གཙོ་འཁོར་རྣམས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་བས་སྐུ་ལས་འོད་ཟེར་དང་ལྷ་མོ་མགྱོགས་མའི་ཕོ་ཉ་ཉི་ཟེར་གྱི་རྡུལ་ལྟ་བུ་སྟོང་ཁམས་ཁྱབ་པར་སྤྲོས། རང་རང་གི་བླ་ཚེ་སྡེ་བརྒྱད་འབྱུང་པོས་བརྐུས་ཕྲོགས་ཆད་ཉམས་ཡར་པ་རྣམས་དང་། འཁོར་འདས་བརྟན་གཡོའི་བཅུད་དང་དྭངས་མ། རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འཇའ་ཟེར་ཐིག་ལེ་ཨ་ནྲྀ་ལ་སོགས་པའི་རྣམ་པར་བསྡུས་ནས་ཁྱེད་རང་རྣམས་ལ་ཐིམ་པས་འཆི་མེད་རྡོ་རྗེའི་ཚེ་དབང་བརྙེས་པའི་མོས་པ་མཛོད་ཅིག །མདའ་དར་གཡབ་ལ། ཧྲཱིཿམ༔ ནུབ་ཕྱོགས་བདེ་ཆེན་སོགས་ལས་བྱང་ལྟར་ཚེ་འགུགས་གཏང་། བུམ་པ་ཡེ་ཤེས་འོད་ལྔའི་གཞལ་ཡས་ཁང་དུ་ནང་བཅུད་རིགས་ལྔ་ཚེའི་ལྷ་ཚོགས་རྣམས་དངོས་སུ་བཞུགས་པའི་སྐུ་ལས་འཆི་མེད་བདུད་རྩིའི་རྒྱུན་བབས། ཁྱེད་རང་རྣམས་ཀྱི་ལུས་ཀྱི་ནང་གང་བས་སྐུ་རྡོ་རྗེ་འགྱུར་བ་མེད་པའི་ཚེ་དབང་ཐོབ་པའི་མོས་པ་མཛོད། བུམ་པ་སྤྱི་བོའི་གཙུག་ཏུ་བཞག་ལ། ཧྲཱི༔ བུམ་པ་ཡེ་ཤེས་འོད་ལྔའི་གཞལ་ཡས་ཁང༔ བུམ་ཆུ་ལྔ་ལྡན་བདེ་གཤེགས་ཚེ་དཔག་མེད༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས༔ མི་འགྱུར་རྡོ་རྗེའི་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བྷནྡྷ་བདེ་བ་ཆེན་པོའི་སྣོད་དུ་རིགས་ལྔའི་ཚེ་ལྷ་ཡབ་ཡུམ་བདེ་སྦྱོར་མཛད་པའི་བྱང་སེམས་དཀར་དམར་གྱི་རྒྱུན་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་ངག་ཏུ་མྱང་བས་གསུང་རྡོ་རྗེ་འགག་པ་མེད་པའི་ཚེ་དབང་ཐོབ་པའི་མོས་པ་མཛོད། བྷནྡྷའི་བདུད་རྩི་མགྲིན་པར་བཞག་ཅིང་ངག་ཏུ་སྦྱིན་ལ། ཧྲཱི༔ དུང་ཆེན་བདེ་བ་ཆེན་པོའི་སྣོད་ནང་དུ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བདུད་རྩི་སྨན༔ འཆི་མེད་ལྷ་ཚོགས་མཉམ་སྦྱོར་བྱང་ཆུབ་སེམས༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས༔ འགག་མེད་གསུང་གི་ཚེ་དབང་ཐོབ་པར་ཤོག༔ རྩ་སྔགས་དང་། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ འཁོར་འདས་དྭངས་མའི་བཅུད་འདུས་པའི་རིལ་བུ་འོད་གོང་དཀར་དམར་གྱི་ནང་དུ་ཚེ་བདག་རིགས་ལྔའི་དཀྱིལ་འཁོར་ཡོངས་རྫོགས་སུ་བཞུགས་པ་འདི་ཉིད་མྱང་བས། སྙིང་གའི་མི་ཤིགས་པའི་ཐིག་ལེ་དང་རོ་གཅིག་ཏུ་འདྲེས་པས་ཐུགས་རྡོ་རྗེ་འཁྲུལ་པ་མེད་པའི་ཚེ་དབང་ཐོབ་པའི་མོས་པ་མཛོད། རིལ་བུ་སྙིང་གར་བཞག་ཅིང་ཁར་སྦྱིན་ལ། ཧྲཱི༔ ཕྱི་ལྟར་དམ་རྫས་དཀར་མངར་འབར་བའི་བཅུད༔ ནང་ལྟར་རྩ་གསུམ་ཚེ་ལྷ་རིགས་ལྔའི་ལྷ༔ གཉིས་མེད་དམ་རྫས་མྱོང་གྲོལ་རིལ་བུ་འདི༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཁྲུལ་མེད་ཐུགས་ཀྱི་ཚེ་དབང་ཐོབ་པར་ཤོག༔ རྩ་སྔགས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྲིན་ལས་བཞིའི་འབྲང་རྒྱས་སྒོ་སྐྱོང་ལྷ་མོ་བཞིའི་རང་བཞིན་ལག་ཏུ་གཏད་པས་ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི་ཕྲིན་ལས་རབ་འབྱམས་ཀྱིས་གཞན་ཕན་འདོད་རྒུར་སྒྱུར་བའི་དབང་ཐོབ་པར་མོས་ཤིག །ལས་བཞིའི་འབྲང་རྒྱས་ལག་ཏུ་གཏད་ལ། ཧྲཱི༔ ཡེ་ཤེས་ལྷ་མོ་སྒོ་མ་རྣམ་བཞི་ཡི༔ ཕྱག་མཚན་འབར་བའི་ཕོ་བྲང་དམ་པ་འདི༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕྲིན་ལས་བཞི་ཡི་འགྲོ་དོན་མཐར་ཕྱིན་ཤོག༔ རྩ་སྔགས་དང་། སརྦ་ཨ་བྷི་ཥིཉྩ་ཧྲཱི༔ ཡེ་ཤེས་ལྔའི་ཕྱག་རྒྱ་མཚོན་པའི་མདའ་དར་གྱིས་གནས་ལྔར་རྒྱས་བཏབ་པས་ནམ་ཡང་སྐྱེ་ཤི་འཕོ་འགྱུར་བྲལ་བ་རྟག་བརྟན་གཞོམ་མེད་སྐུ་ལྔའི་ཚེ་དབང་བརྙེས་པར་མོས་ཤིག །མདའ་དར་གནས་ལྔར་རྒྱས་གདབ་ལ། ཧྲཱི༔ སྣོད་བཅུད་འབྱུང་ལྔའི་བཅུད་བསྡུས་པའི༔ ཡེ་ཤེས་ལྔ་ཡི་ཕྱག་རྒྱ་ཡིས༔ འགྱུར་བ་མེད་པའི་རྒྱས་གདབ་པས༔ མི་ཤིགས་མི་འགྱུར་བྷྲཱུྃ་ནྲྀ་རྒྱ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ སློབ་དཔོན་དཀྱིལ་འཁོར་གྱི་ལྷ་རྒྱལ་བ་སྲས་དང་བཅས་པས་བཀྲ་ཤིས་པའི་བདེན་ཚིག་བརྗོད་ཅིང་མེ་ཏོག་གི་ཆར་སིལ་མ་ཕབ་པས། ཕྱོགས་དུས་གནས་སྐབས་ཀུན་ཏུ་དགེ་ལེགས་ཆེན་པོའི་སྣང་བས་ཁྱབ་ཅིང་རྟག་པར་མོས་ཤིག །མེ་ཏོག་གཏོར་ལ། ཧྲཱི༔ ཆོས་དབྱིངས་འགྱུར་བ་མེད་པའི་སྐུ༔ སྣང་བ་མཐའ་ཡས་བཀྲ་ཤིས་ཤོག༔ རང་བཞིན་རྩལ་ལ་མཚན་དཔེ་རྫོགས༔ ཚེ་ལྷ་རིགས་ལྔའི་བཀྲ་ཤིས་ཤོག༔ བྱིན་རླབས་དངོས་གྲུབ་ཆར་ལྟར་འབེབ༔ བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ བདུད་བཞིའི་གཡུལ་ལས་རབ་རྒྱལ་ཞིང༔ ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག༔ རྩ་རླུང་ཐིག་ལེའི་ངོ་བོ་ཉིད༔ མ་དང་མཁའ་འགྲོའི་བཀྲ་ཤིས་ཤོག༔ གང་ལ་བསམ་པའི་དོན་ཀུན་འགྲུབ༔ ནོར་ལྷ་གཏེར་བདག་བཀྲ་ཤིས་ཤོག༔ བར་ཆད་བདུད་དཔུང་འདུལ་མཛད་པའི༔ ཆོས་སྐྱོང་སྲུང་མའི་བཀྲ་ཤིས་ཤོག༔ ཅེས་དང་རོལ་མོའི་སྒྲ་སྙན་ཡུན་རིང་བྱ། གསུམ་པ་རྗེས་ནི། དེ་དག་རྣམས་ཀྱིས་འཆི་མེད་རྡོ་རྗེའི་སྲོག་སྒྲུབ་ཀྱི་ཚེ་དབང་ཟབ་མོ་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ནས་དམ་ཚིག་བསྒྲག་གཟུང་། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ། བཀའ་གཏེར་སྲུང་མའི་གཏོར་འབུལ། ཚོགས་བྱིན་རླབས་ནས་བཀྲ་ཤིས་ཀྱི་བར་ཡང་ལས་བྱང་དང་ཕྲིན་གཞུང་སྤྱིས་རིགས་འགྲེས་ཏེ་ཚང་བར་བསྒྲུབ་བོ། །ཚེ་དབང་རིག་པ་འཛིན་པའི་དགོངས་ཀློང་ནས། །རེ་སྐོང་བདུད་རྩིའི་ཟིལ་ཐིགས་ཕབ་འདི་ཡིས། །སྐལ་ལྡན་སྙིང་གི་བུམ་བཟང་ཡོངས་གང་སྟེ། །འཆི་མེད་རྡོ་རྗེའི་ལང་ཚོ་རྟག་བརྟན་ཤོག །ཅེས་པའང་ཆོས་ལྡན་གྱི་འཚོ་བ་རིང་དུ་གནས་པའི་ཆ་རྐྱེན་དུ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཡང་ཁྲོད་ཀུན་བཟང་བདེ་ཆེན་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་གནས་ལུང་ཐུགས་རྗེའི་དཔྱང་ཐག་གིས་གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་བདེ་ཆེན་ལམ་སྒྲོན་ (Volume 22, Text 4)
༄༅། །ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་གནས་ལུང་ཐུགས་རྗེའི་དཔྱང་ཐག་གིས་གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་བདེ་ཆེན་ལམ་སྒྲོན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མ་ཧཱ་ཀཱ་རུ་ཎྀ་ཀཱ་ཡ། རྒྱལ་བ་སྲས་བཅས་ཐུགས་རྗེ་གཅིག་བསྡུས་པ། །འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་ཅན། །བླ་མ་འཇིག་རྟེན་གསུམ་གྱི་མགོན་པོའི་ཞབས། །འགྲོ་ཀུན་སྤྱི་བོར་བཀོད་ལ་རྗེས་འཛིན་སྩོལ། །ལས་ཀྱི་ཤིང་རྟས་རིགས་དྲུག་ཁ་བསྒྱུར་བ། །ཐར་པའི་ས་ལ་བདེ་བླག་དཀྲི་བའི་ཐབས། །རྒྱུད་དང་གྲུབ་པའི་ལུང་ལས་མདོར་བསྡུས་ཏེ། །བདེ་ཆེན་ལམ་གྱི་སྒྲོན་མེ་གསལ་བར་བྱ། །སྐྱེ་བཞི་རྒྱུད་ལྔའི་ལམ་དུ་འཁྲུལ་པའི་འཁོར་ལོས་ཡང་ནས་ཡང་དུ་དུབ་པ་རྣམས་སྲིད་པ་གཞན་དུ་ཉིང་མཚམས་སྦྱོར་བའི་ཚེ་བར་ཆད་མེད་པའི་ལམ་དུ་ཁ་ལོ་བདེ་བླག་བསྒྱུར་བའི་གནས་ལུང་ཐུགས་རྗེའི་དཔྱང་ཐག་གི་ཆོ་ག་བསྟན་པ་སྟེ། དེའང་དབང་དང་དམ་ཚིག་གིས་རྒྱུད་དག་ཅིང་བསྐྱེད་རྫོགས་ལ་གདིང་རྙེད་པའི་སྔགས་པས་གཞན་རྗེས་སུ་འཛིན་པའི་སྒོ་གཙོ་བོར་གྱུར་པ་ནི་གཉིས་ཏེ། གསོན་པོ་ལ་དབང་བསྐུར་བ་དང་། གཤིན་པོ་ལ་གནས་ལུང་བྱ་བའོ། །ཕྱི་མ་ལའང་མཆོག་དམན་གཉིས་ལས། གང་ཟག་མཆོག་རྣམས་ཞི་བར་གཞོལ་བ་ན་དེ་ཉིད་དཀྱིལ་འཁོར་གྱི་ངོ་བོར་བལྟས་ཏེ་སྒྲུབ་མཆོད་དབང་ལེན་བྱ་བ་ཡིན་པས་དེའི་ཚུལ་ནི་གཞན་དུ་ཤེས་པར་བྱ། །འདིར་ཐ་མལ་པའི་གང་ཟག་རིགས་དྲུག་གི་གནས་ནས་འདྲེན་པའི་བདུན་ཚིགས་ཆོ་གའི་རིམ་པ་བྱ་བ་ནི། ཡེ་ཤེས་རིག་པ་མཆོག་གི་གསང་རྒྱུད་ལས། དེ་ནས་བདུན་ཚིགས་རྣལ་འབྱོར་བཤད། །ཚེ་འདས་རོ་འམ་མཚན་བྱང་ལ། །ཡིག་བདུན་བཀོད་ནས་བུམ་པར་གཞུག །བདུན་བར་བདུན་དུ་ཡིག་བདུན་བཟླ། །མཚན་བྱང་བསྲེགས་ཏེ་སཱཙྪ་གདབ། །དུར་བརྒྱགས་ཚོགས་ཀྱི་འཁོར་ལོ་བཤམ། །ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བསྐང་། །ཚེ་འདས་རྣམ་ཤེས་རང་ལ་བསྟིམ། །གཉིས་མེད་མཉམ་སྦྱོར་ཆེན་པོར་གནས། །གཤིན་དེ་བླ་མེད་འབྲས་ཐོབ་ངེས། །ཞེས་ལམ་གྱི་ཆ་རྐྱེན་ཉི་ཤུ་རྩ་གཅིག་གི་དགུ་པར་གསུངས་པའི་དགོངས་པ་སློབ་དཔོན་ཆེན་པོས་བཀྲལ་བ་ལས། ཕྱི་བདུན་བར་གྱི་ཚོགས་བསྙགས་ཏེ་རིགས་དྲུག་གི་གནས་ནས་དྲང་བ་དང་། ནང་དུར་བརྒྱགས་ཚོགས་ཀྱི་འཁོར་ལོ་ལ་བརྟེན་ནས་རིག་འཛིན་གྱི་གྲལ་དུ་འགོད་པ་དང་། གསང་བ་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྟིམས་པ་གསུམ་དུ་དབྱེ་བར་མཛད་ཅིང་། དེ་དག་དཀྱུས་གཅིག་ལག་ཏུ་ལེན་པའི་ཆོ་གའི་ངག་འདོན་དམ་པ་སྔ་མ་རྣམས་ཀྱིས་གསང་བ་ཡོངས་རྫོགས་ཆེན་པོའི་བདུན་ཚིགས་ཆོ་ག་འཁོར་བ་དོང་སྤྲུགས་ལ་གཞི་བླངས། དབང་སོགས་སྒོས་ཆོས་བྱེ་བྲག་པ་རུང་མཐུན་དུ་སྦྱོར་བར་སྣང་བས། འདིར་ཡང་དེ་ལྟར་འཆད་པ་ལ་གསུམ། གང་གིས་སྦྱོང་བྱེད་དཀྱིལ་འཁོར་བཤམ་པ། གང་སྦྱང་གཞིའི་རྟེན་བཅའ་བ། ཇི་ལྟར་དྲང་བའི་ཐབས་བསྟན་པའོ། །དང་པོ་ནི། རས་བྲིས་སམ་ཚོམ་བུའི་དཀྱིལ་འཁོར་གྱི་དབུས་སུ་རྣམ་རྒྱལ་བུམ་པ་ཁ་རྒྱན་མགུལ་ཆིངས་གཟུངས་རྡོར་དང་བཅས་པ། རྒྱབ་མདུན་དུ། ཐོད་པ་བདུད་རྩིའི་བཅུད་ལྡན། མར་མེ་རྣམས་དང་། སྨན་རཀ་གཏོར་གསུམ། མདུན་དུ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། གཞན་ཡང་གཏེར་སྲུང་གཏོར་འབུལ། བགེགས་གཏོར་དང་ཚོགས་མཆོད་ཆད་བརྟན། མེ་ཏོག་གུལ་ཡུངས་སྤོས་རོལ། སློབ་དཔོན་གྱི་མདུན་དུ་ལས་བུམ་སོགས་ཉེར་མཁོའི་ཡོ་བྱད་རྣམས་གྲབས་སུ་ཚུད་པར་བྱའོ། །གཉིས་པ་སྦྱང་གཞིའི་རྟེན་ནི། རྒྱ་ཤོག་ལ་མཚན་བྱང་ཐལ་སྦྱར་པུས་བཙུགས་པད་གདན་ལ་ཙོག་པུར་འདུག་པའི་སྟེང་དུ་གདུགས། གཡས་གཡོན་འཕན་དང་བཅས་པའི་རྒྱབ་ཏུ་ཡི་གེ་བདུན་པ་དང་། ཚེ་འདས་ཆེ་གེ་མོ་དཀོན་མཆོག་གསུམ་དང་བླ་མའི་ངོ་བོ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་སྐྱབས་སུ་མཆིའོ། །ཨ་ནྲྀ་སུ་ཏྲི་པྲེ་དུ་ཛཿསྥ་ར་ཎ་ཕཊ། ཅེས་བྲིས་ཏེ་སྨྱུག་རྒོད་ཚིགས་གསུམ་པ་ལ་བཏགས། དྲི་རྟེན་གོས་བཟང་པོས་གཡོགས་པ་དཀྱིལ་འཁོར་གྱི་ལྷོ་རུ་དབང་སྟེགས་པདྨ་དཀར་པོ་འདབ་བརྒྱད་ཀྱི་སྟེང་དུ་བཞག །དཀྱིལ་འཁོར་དང་སློབ་དཔོན་གྱི་མདུན་གང་བདེར་རིགས་དྲུག་གི་དལ་མུ་ཁྱུད་རིམ་པ་དྲུག་བསྐོར་བའི་པདྨ་འདབ་དྲུག་ལ་རིགས་དྲུག་གི་ས་བོན་ཡིག་མགོ་ཕྱིར་བསྟན་དུ་བྲིས་པའི་ལྟེ་བར་ཁྲུས་བུམ་བཅུད་ལྡན། དེའི་ཁ་རྒྱན་དུ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་གྱི་སྐུ་ཙག་གཟུག །བུམ་པའི་མཐའ་སྐོར་དུ་ཐུབ་དྲུག་གམ་ཡིག་དྲུག་སོ་སོར་བྲིས་པའི་ཙཀ་ལི་བཤམ། མཐར་ཕྱི་མཆོད་ཀྱིས་གཡས་སུ་བསྐོར། ལྷ་བཤོས་དྲུག་དང་ལན་ཆགས་གཏོར་མ་དྲུག་རྣམས་ཀྱང་ཕྱོགས་ཕྱོགས་སུ་བཀོད། གཞན་ཡང་ཞི་དྲག་དང་འབྱུང་བཞིའི་སྦྱོང་ཆས། བྲབ་རྫས་བྱེ་ཡུངས་སོགས་འདུ་བྱའོ། །གསུམ་པ་ཇི་ལྟར་དྲང་བའི་ཐབས་ལ་གསུམ། དཀྱིལ་འཁོར་དང་བུམ་པ་སྒྲུབ་པ། གནས་ལུང་གི་ཆོ་ག་དངོས། རྗེས་ཀྱི་བྱ་བ་བཤད་པའོ། །དང་པོ་ནི། བརྒྱུད་པའི་གསོལ་འདེབས་དང་སྔོན་གཏོར་ནས་བརྩམ་བཟླས་པ་རྫོགས་ཀྱི་བར་ལས་བྱང་ལྟར་གྲུབ་ནས། རྣམ་རྒྱལ་བུམ་པ་ལ་དམིགས་ཏེ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར་པར་བསམ་ལ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཅེས་གཟུངས་ཐག་ལ་འཇུས་ཏེ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བཏགས་པ་བརྒྱ་སྟོང་གང་འགྲུབ་བཟླས་ལ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས། ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་པར་གྱུར། ཁྲུས་བུམ་བསང་སྦྱང་། སྟོང་པའི་ངང་ལས་བུམ་པ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གི་དབུས་སུ་པད་ཉི་ཟླ་བའི་གདན་ལྔ་ཚོམ་གྱི་སྟེང་དུ་ངོ་བོ་ཐུགས་རྗེ་ཆེན་པོ་ལ་རྣམ་པ་རྒྱལ་བ་རིགས་ལྔ་ནི། དབུས་སུ་མི་བསྐྱོད་པ་སྔོན་པོ། ཤར་དུ་རྣམ་པར་སྣང་མཛད་དཀར་པོ། ལྷོར་རིན་ཆེན་འབྱུང་ལྡན་སེར་པོ། ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ། བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ །ཐམས་ཅད་ཀྱང་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན་ཕྱག་གཡས་པ་རྣམས་ཀྱིས་རང་རྟགས་དང་གཡོན་པ་རྣམས་ཀྱིས་དྲིལ་བུ་འཛིན་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པའི་ཕྱི་རོལ་དུ། བཅོམ་ལྡན་འདས་ཐུབ་པ་རིགས་དྲུག་འགྲོ་འདུལ་སྤྲུལ་པ་སྐུའི་ཆ་ལུགས་ཅན་བཞེངས་ཏེ་གནས་པ། ཐམས་ཅད་ཀྱི་གནས་གསུམ་ཡི་གེ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། པདྨ་ཀ་མ་ལཱ་ཡ་སཏྭཾ། འདིར་རྒྱས་པར་སྤྲོ་ན། མ་ལུས་སེམས་མགོན། ཇི་ལྟར་བལྟམས་པ། བདག་དང་འགྲོ་ལ་སོགས་ཚིགས་བཅད་རེ་རེ་སྔགས་དང་སྦྲེལ། ན་མཿསརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ཧྲཱིཿ ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང་། །གཟུགས་སྐུ་མ་འགགས་རོལ་པ་སྣ་ཚོགས་སྟོན། །གང་ལ་གང་འདུལ་འགྲོ་དོན་དཔག་མེད་མཛད། །བདེ་གཤེགས་རྒྱལ་བ་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ལྷ་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། ཚེ་འདས་ཀྱི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བག་ཆགས་ཐམས་ཅད་སྦྱངས་ཤིང་བདུད་རྩིའི་ཆུས་བུམ་པ་གང་བར་བསམ་ལ་ཡི་གེ་བདུན་པ་དང་ཀཾ་ཀ་ནི་ཅི་རིགས་བཟླ། མཐར་མཆོད་བསྟོད་བསྡུས་པ་ཞིག་བྱ། ལས་བུམ་ནང་དུ་པད་ཉི་ལ། །རྟ་མགྲིན་དམར་པོ་ཁྲོ་གཏུམ་ཉམས། །གཡས་གཡོན་བེ་ཅོན་ཞགས་པ་འཛིན། །དུར་ཁྲོད་རྒྱན་ལྡན་བརྐྱང་བསྐུམ་བཞུགས། །ཞེས་མོས་ལ། ཧྲཱིཿཧ་ཡ་གྲཱི་བ་པདྨཱནྟ་ཀྲྀཏ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བཟླ། ཆུའི་རྡུལ་ཇི་སྙེད་པ་ཁྲོ་བོའི་རང་བཞིན་དུ་གྱུར་པས་བར་ཆད་སྲུང་བའི་ནུས་པ་དང་ལྡན་པར་མོས། དེ་ནས་སྲུང་མའི་གཏོར་འབུལ་དང་ཚོགས་མཆོད་བྱིན་བརླབ་ནས་བསྒྲལ་བསྟབ་པར་བྱས་ལ་རིག་པའི་མེ་ཏོག་དོར་ཏེ་གསོལ་བ་གདབ་བོ། །གཉིས་པ་གནས་ལུང་དངོས་ལ་སྡོམ་ནི། རྟེན་བསྐྱེད་དགུག་ཅིང་གཤེད་དང་བྲལ། །དུག་སྦྱོང་རིགས་དྲུག་གནས་ནས་དྲང་། །ཟས་གཏད་དབང་བསྐུར་འབྲེལ་ཐག་བཅད། །ལམ་བསྟན་རྒྱས་གདབ་དགེ་རྩ་བསྔོ། །སྲེག་སྦྱོང་སཱཙྪ་གདབ་པ་འོ། །ཞེས་པ་རྣམས་ལས། དང་པོ་རྟེན་བསྐྱེད་པ་ནི། དམིགས་རྟེན་བསང་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར་པར་བསམ་ལ། གཉིས་པ་རྣམ་ཤེས་དགུག་པ་ནི། ལྷ་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ཚེ་འདས་རྣམ་ཤེས་ཨ་ཡིག་གི་རྣམ་པར་བཀུག་པར་བསམ། ཧཱུྃ་ཧྲཱིཿ དཀོན་མཆོག་མཐུ་དང་བདེན་པའི་བྱིན་རླབས་ཀྱིས། །ཚེ་འདས་ལུས་བརྗེས་མིང་རུས་སྨོས་པ་ཁྱོད། །རིགས་དྲུག་སྐྱེས་སམ་བར་མ་དོ་ན་འཁྱམས། །གང་ན་གནས་ཀྱང་མཚན་བྱང་རྟེན་ལ་འདུས། །འཁོར་བའི་གནས་འགེགས་ཐར་པའི་སྒོ་འབྱེད་པས། །འདིར་ཤོག་ལྷ་དང་སློབ་དཔོན་དྲན་པར་གྱིས། །ཞེས་དང་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ན་མོ་རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། གསང་སྔགས་དང་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་འཇིག་རྟེན་འདི་ནས་ཕ་རོལ་དུ་སོང་བ་ཆེ་གེ་མོའི། རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གི་གནས་གང་ན་གནས་ཀྱང་སྐད་ཅིག་ཡུད་ཙམ་ལ་རྟེན་འདི་ཉིད་དུ་མཆིས་པར་གྱུར་ཅིག །བཛྲ་ཨཾ་གུ་ཤ་ཡ་ཛཿཛཿ ལན་གསུམ་དང་། ནྲྀ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཛ་ཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། གསུམ་པ་བགེགས་སྦྱོང་བ་ནི། གཏོར་མ་གསུམ་པོ་རེ་རེ་བཞིན་རྟེན་ལ་བསྐོར་ཞིང་། ཨོཾ་སརྦ་བིགྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྣེ་དཾ་བ་ལིཾ་ཏ་སྭཱ་ཧཱ། ཞེས་གསུམ་གྱིས་ཞི་བ། ཏིང་ལོ་དང་ཆངས་བུ་བསྐོར་ཞིང་། ཨོཾ་སུམྦྷ་སོགས་གསུམ་གྱིས་ཕྱེད་མ། རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་གྱུར། ཧཱུྃ། ང་ནི་དབང་ཆེན་རྟ་མགྲིན་རྒྱལ། །བདག་ལ་ལྟོས་པའི་ཚེ་འདས་ལ། །གསོན་བདུད་གཤིན་བགེགས་བྱེད་པ་ཡི། །སྲོག་གཅོད་བླ་ཁྱེར་གཤེད་མ་ཀུན། །གཤིན་ལ་མ་ཆགས་ཕྱིར་དེངས་ཤིག །མི་འགྲོ་འདུག་ན་རྡུལ་དུ་རློག །ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཧྲཱིཿཧཱུྃ་ཡ་མ་རཱ་ཙ་དུ་ཏྲི་ཕུ་ཏྲི་ཧྲཱིཿཧཱུྃ་མཱ་ར་ཡ་ཕཊ། ཅེས་བརྗོད་ལ་ཡུངས་ཐུན་གྱིས་བྲབ་གུ་གུལ་དུད་པས་བདུག །རོལ་མོའི་སྒྲ་དང་བཅས་གཏོར་མ་ཕྱི་རོལ་དུ་དོར་བ་ནི་དྲག་པོས་སྦྱོང་བའོ། །བཞི་པ་ཉོན་མོངས་པ་དང་ལས་དབང་གི་དུག་སྦྱོང་བ་ནི། བུམ་ཆུས་རྟེན་ལ་བྱབ་ཅིང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །རྫོགས་པའི་སངས་རྒྱས་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །དེ་བཞིན་དུ་ཆོས་དང་དགེ་འདུན་ལ་སྦྱོར་རོ། །དེ་ནས་འབྱུང་བ་སོ་སོས་བྱབ་ཅིང་། ས་ནི་དུག་གི་ཕ་ཡིན་ཏེ། །ས་ནི་དུག་གི་མ་ཡང་ཡིན། །དུག་རྣམས་བྱུང་ཡང་ས་ལས་བྱུང་། །ཞི་ཡང་ས་ཡི་ངང་དུ་ཞི། །སའི་གནས་སུ། ཆུ། མེ། རླུང་སོ་སོར་སྦྱར་བའི་མཐར། ཡིག་བདུན་དང་། ཀཾ་ཀ་ནིའི་གཤམ་དུ། ཚེ་ལས་འདས་པའི་ཉོན་མོངས་པ་དུག་གསུམ་ལས་གྱུར་པའི་དུག་ཐམས་ཅད་འབྱུང་བ་བཞིའི་ངང་དུ་ཞི་བར་གྱུར་ཅིག་པ་རམྤ་རཱ་ཎི་སྭཱ་ཧཱ། ལྔ་པ་རིགས་དྲུག་གི་གནས་ནས་དྲང་བ་ལ་རེ་རེ་བཞིན། གནས་སྦྱོང་གནས་འདྲེན་དུག་གྲིབ་བཀྲུ །ལན་ཆགས་འཇལ་དང་ཆོས་བཤད་དང་། །ཕྱག་རྒྱ་འབྲེལ་ཐག་བཅད་པ་འོ། །ཞེས་དོན་བདུན་རེས་བསྟན་པ་ལས། དང་པོ་དམྱལ་བའི་གནས་ནས་དྲང་བ་ནི། མཚན་བྱང་དམྱལ་བའི་དལ་དུ་གཟུང་། བདག་ཉིད་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་ཐུགས་རྗེ་ཆེན་པོ་ཡིན་པ་ལ་རྣམ་པ་ཐུབ་དྲུག་སོ་སོར་མོས་ལ། དང་པོ་གནས་སྦྱོང་བ་ནི། ཧཱུྃ་ཧྲཱིཿ ང་ནི་བདེ་གཤེགས་ཡོངས་རྫོགས་སྤྱན་རས་གཟིགས། །འགྲོ་ཀུན་མ་ལུས་ཐུགས་རྗེས་གཟུང་སླད་དུ། །དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོ་ཡིན། །མདོག་ནག་ཁྲོ་ཚུལ་ཞེ་སྡང་རྣམ་པར་དག །བཟོད་པའི་ཆོས་སྟོན་མེ་ཆུ་ཁྲམ་ཤིང་བསྣམས། །ཚེ་འདས་ལུས་བོར་ཚ་གྲང་སྡུག་བསྔལ་སྦྱོང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་ཡི་གེ་བདུན་པ་དང་། ཀཾ་ཀ་ནིའི་རྗེས་སུ། ཚེ་འདས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་དམ་ཅི་འགྲུབ་བཟླ། བདག་དང་དཀྱིལ་འཁོར་པའི་ཐུགས་རྗེའི་འོད་ཟེར་གྱིས་དམྱལ་བའི་ལས་སྒྲིབ་སྡུག་བསྔལ་སྦྱངས་པར་མོས་ལ་བྱེ་མས་བྲབ། གཉིས་པ་གནས་ནས་འདྲེན་པ་ནི། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །སྔོན་ཚེ་ཞེ་སྡང་དབང་གིས་སྲོག་བཅད་པས། །དམྱལ་བར་སྐྱེས་སམ་ཚ་གྲང་ཡ་རེ་ང་། །འདིར་ཤོག་སྐྱབས་གསོལ་མཆོག་གི་ཐུགས་རྗེས་བཟུང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དུཿཨཱ་ཀརྵ་ཡ་ཛ་ཛཿ གསུམ་མམ་བདུན་བརྗོད། གསུམ་པ་སྡིག་སྒྲིབ་བཀྲུ་བ་ནི། མེ་ལོང་དང་ལས་བུམ་ཐོགས་ལ། ཧཱུྃ། རང་བཞིན་ཆོས་སྐུའི་བུམ་པ་བཟང་པོ་ནས། །ཡན་ལག་བརྒྱད་ལྡན་དྲི་མེད་དགེ་བའི་ཆུས། །ཚེ་འདས་ཁྲུས་གསོལ་ཞེ་སྡང་སྒྲིབ་དག་ནས། །མེ་ལོང་ཡེ་ཤེས་གསལ་བའི་དོན་རྟོགས་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཚེ་འདས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལས་སྒྲིབ་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། བཞི་པ་ལན་ཆགས་འཇལ་བ་ནི། ཐོག་མར་ཞལ་ཟས། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ལ། ཧཱུྃ། བཅོམ་ལྡན་ཆོས་ཀྱི་རྒྱལ་པོ་ལ། །དྲི་མེད་དག་པའི་ཞལ་ཟས་དང་། །ལོངས་སྤྱོད་རྒྱན་གྱི་མཆོད་གཏོར་འབུལ། །ཚེ་འདས་ཚ་གྲང་སྡུག་བསྔལ་སྦྱང་དུ་གསོལ། །ཨོཾ་ནཻ་བིདྱཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཧཱུྃ། ཞེས་འབུལ། གླུད་གཏོར་འབྲུ་གསུམ་དང་། སམྦྷ་རའི་སྔགས་ཀྱིས་སྤེལ་ཞིང་བསྒྱུར་ལ། ཧཱུྃ། འདོད་ཡོན་ལྔ་ལྡན་གླུད་གཏོར་བཟང་པོ་འདི། །དམྱལ་བའི་ལན་ཆགས་བུ་ལོན་སྦྱང་ཕྱིར་བསྔོ། །ཚེ་འདས་བསོད་ནམས་ཚོགས་རྫོགས་ཆོས་སྤྱོད་ཅིང་། །རྣམ་གྲོལ་འབྲས་བུའི་དོན་ལ་སྤྱོད་པར་ཤོག །ཨོཾ་སརྦ་བྷཱུ་ཏ་བ་ལིཾ་ཏ་ཁཱ་ཧི། ལྔ་པ་ཆོས་བཤད་པ་ནི། ཧཱུྃ། ཚེ་འདས་ཁྱོད་ཉིད་གཅིག་པུ་འཆི་སྙམ་སྟེ། །ཀུན་ཀྱང་མི་རྟག་འཆི་བའི་ཆོས་ཅན་ཡིན། །བར་དོར་འཁྱམས་པའི་ཤེས་པ་ཕྱད་ཕྱོད་ཁྱོད། །ལྷ་དང་སློབ་དཔོན་དྲན་གྱིས་མྱུར་དུ་ཤོག །དགེ་སྡིག་ཆོས་ལ་སྤང་ལེན་ཤེས་པར་གྱིས། །བདག་ཏུ་འཛིན་པའི་རྟོག་པར་རང་སར་གྲོལ། །སརྦ་དྷརྨ་ཀཱ་ཡ་ཨཿ དྲུག་པ་ཕྱག་འཚལ་དུ་གཞུག་པ་ནི། ཉེ་དྲུང་གིས་བྱང་བུ་ཐོགས་ལ་ཕྱག་འཚལ་ཏེ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །བཀྲ་ཤིས་ཁང་བཟང་ཕོ་བྲང་འདིར་ཤོག་ལ། །སྨྱུག་མ་འདི་ནི་ཁྱོད་ཀྱི་བླ་གནས་ཡིན། །གདུགས་ནི་བཞུགས་གནས་འཕན་ཕྲན་ལུས་ཀྱི་ཚད། །མཚན་བྱང་གཟུགས་ལ་རྣམ་ཤེས་རྟེན་ཆོས་ལ། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་སྐྱབས་སུ་སོང་། །ན་མཿསརྦ་ཏ་ཐཱ་ག་ཏ་པཱུ་རུ་ཤཱ་ཡ་ཧོཿ ཞེས་ཕྱག་བྱས་ལ་མིང་བྱང་ཡི་དྭགས་དལ་དུ་བཞག །བདུན་པ་འབྲེལ་ཐག་བཅད་པ་ནི། ཧཱུྃ། ས་འདི་བཅད་པ་མན་ཆད་དམྱལ་བའི་གནས། །ཚ་གྲང་སྡུག་བསྔལ་ཚན་ཆེ་དར་རེ་དྲགས། །སྐྱེ་འཆི་ཡ་ང་ལས་དབང་ཁ་རེ་དྲགས། །མ་ཆགས་མ་ཞེན་དམྱལ་གནས་འཁོར་བ་སྤོངས། །ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཞེས་སྔགས་ལན་གསུམ་བཟླས་ཏེ་དམྱལ་བའི་དལ་ཕྱགས་ལ་སྐྱེ་སྒོ་བཅད། དཀོན་མཆོག་བདེན་པའི་བྱིན་རླབས་དང་། །ལྷ་དང་སྔགས་ཀྱི་ཐུགས་རྗེ་དང་། །རྟེན་འབྲེལ་ཟབ་མོའི་ནུས་མཐུ་ཡིས། །ཚེ་འདས་དམྱལ་བའི་གནས་ལས་ཐར། །བླ་མེད་སྐུ་གསུམ་མྱུར་ཐོབ་ཤོག །ཅེས་བདེན་སྟོབས་བརྗོད་ཅིང་སྨོན་ལམ་གདབ་བོ། །ས་བཅད་དམིགས་རིམ་ལག་ལེན་རྣམས་དེས་འགྲེས་ཏེ། གཉིས་པ་ཡི་དྭགས་ཀྱི་གནས་ནས་དྲང་བ་ནི། ཧཱུྃ་ཧྲཱིཿ ང་ནི་བདེ་གཤེགས་ཡོངས་རྫོགས་སྤྱན་རས་གཟིགས། །འགྲོ་ཀུན་མ་ལུས་ཐུགས་རྗེས་བཟུང་སླད་དུ། །ཡི་དྭགས་ཐུབ་པ་ནམ་མཁའ་མཛོད་ཆེན་ཡིན། །དམར་ལྗང་དྲང་སྲོང་སེར་སྣ་རྣམ་པར་དག །སྦྱིན་པའི་ཆོས་སྟོན་རིན་ཆེན་སྒྲོམ་བུ་འཛིན། །ཚེ་འདས་ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་སྦྱོང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀཾ་ཀ་ནིའི་རྗེས་སུ། ཚེ་འདས་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཟླས་ཤིང་། བདག་དང་དཀྱིལ་འཁོར་པའི་ཐུགས་རྗེའི་འོད་ཟེར་གྱིས་ཡི་དྭགས་ཀྱི་ལས་སྒྲིབ་སྡུག་བསྔལ་སྦྱངས་པར་མོས་ལ་བྱེ་མས་བྲབ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །སྔོན་ཚེ་སེར་སྣའི་དབང་གིས་སྦྱིན་བསྡམས་པས། །ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་ཡ་རེ་ང་། །འདིར་ཤོག་སྐྱབས་གསོལ་མཆོག་གི་ཐུགས་རྗེས་བཟུང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ པྲེ་ཨཱ་ཀརྵ་ཡ་ཛ་ཛཿ ལས་བུམ་ཐོགས་ལ། ཧཱུྃ། རང་བཞིན་ཆོས་སྐུའི་བུམ་པ་བཟང་པོ་ནས། །ཡན་ལག་བརྒྱད་ལྡན་དྲི་མེད་དགེ་བའི་ཆུས། །ཚེ་འདས་ཁྲུས་གསོལ་སེར་སྣའི་སྒྲིབ་དག་ནས། །རང་རིག་ཡེ་ཤེས་གསལ་བའི་དོན་རྟོགས་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཚེ་འདས་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་ལས་སྒྲིབ་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། འབྲུ་གསུམ་དང། ཧཱུྃ། བཅོམ་ལྡན་ཁ་འབར་རྒྱལ་པོ་ལ། །དྲི་མེད་དག་པའི་ཞལ་ཟས་དང་། །ལོངས་སྤྱོད་རྒྱན་གྱི་མཆོད་གཏོར་འབུལ། །ཚེ་འདས་བཀྲེས་སྐོམ་སྦྱང་དུ་གསོལ། །ཨོཾ་ནཻ་བིདྱཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཧཱུྃ། ཞེས་འབུལ། གླུད་གཏོར་འབྲུ་གསུམ་དང་། སམྦྷ་རའི་སྔགས་ཀྱིས་སྤེལ་ཞིང་བསྒྱུར་ལ། ཧཱུྃ། འདོད་ཡོན་ལྔ་ལྡན་གླུད་གཏོར་བཟང་པོ་འདི། །ཡི་དྭགས་ལན་ཆགས་བུ་ལོན་སྦྱོང་ཕྱིར་བསྔོ། །ཚེ་འདས་བསོད་ནམས་ཚོགས་རྫོགས་ཆོས་སྤྱོད་ཅིང་། །རྣམ་གྲོལ་འབྲས་བུའི་དོན་ལ་སྤྱོད་པར་ཤོག །ཨོཾ་སརྦ་བྷཱུ་ཏ་བ་ལིཾ་ཏ་ཁཱ་ཧི། ཧཱུྃ། ཚེ་འདས་ཁྱོད་ཉིད་གཅིག་པུ་འཆི་སྙམ་སྟེ། །ཀུན་ཀྱང་མི་རྟག་འཆི་བའི་ཆོས་ཅན་ཡིན། །བར་དོར་འཁྱམས་པའི་ཤེས་པ་ཕྱད་ཕྱོད་ཁྱོད། །ལྷ་དང་སློབ་དཔོན་དྲན་གྱིས་མྱུར་དུ་ཤོག །དགེ་སྡིག་ཆོས་ལ་སྤང་ལེན་ཤེས་པར་གྱིས། །བདག་ཏུ་འཛིན་པའི་རྟོག་པ་རང་སར་གྲོལ། །སརྦ་དྷརྨ་ཀཱ་ཡ་ཨཿ ཕྱག་འཚལ་དུ་གཞུག་ལ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །བཀྲ་ཤིས་ཁང་བཟང་ཕོ་བྲང་འདིར་ཤོག་ལ། །སྨྱུག་མ་འདི་ནི་ཁྱོད་ཀྱི་བླ་གནས་ཤིང་། །གདུགས་ནི་བཞུགས་གནས་འཕན་ཕྲན་ལུས་ཀྱི་ཚད། །མཚན་བྱང་གཟུགས་ལ་རྣམ་ཤེས་རྟེན་ཆོས་ལ། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་སྐྱབས་སུ་སོང་། །ན་མཿསརྦ་ཏ་ཐཱ་ག་ཏ་པཱུ་རུ་ཤཱ་ཡ་ཧོཿ མིང་བྱང་བྱོལ་སོང་གི་དལ་དུ་བཞག །ཧཱུྃ། ས་འདི་བཅད་པ་མན་ཆད་ཡི་དྭགས་གནས། །བཀྲེས་སྐོམ་སྡུག་བསྔལ་ཚན་ཆེ་དར་རེ་དྲགས། །སྐྱེ་འཆི་ཡ་ང་ལས་དབང་ཁ་རེ་དྲགས། །མ་ཆགས་མ་ཞེན་ཡི་དྭགས་འཁོར་བ་སྤོངས། །ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཅེས་ཡི་དྭགས་ཀྱི་དལ་ཕྱགས། དཀོན་མཆོག་བདེན་པའི་བྱིན་རླབས་དང་། །ལྷ་དང་སྔགས་ཀྱི་ཐུགས་རྗེ་དང་། །རྟེན་འབྲེལ་ཟབ་མོའི་ནུས་མཐུ་ཡིས། །ཚེ་འདས་ཡི་དྭགས་གནས་ལས་ཐར། །བླ་མེད་སྐུ་གསུམ་མྱུར་ཐོབ་ཤོག །ཅེས་བདེན་སྟོབས་དང་སྨོན་ལམ་བྱའོ། །གསུམ་པ་བྱོལ་སོང་གི་གནས་ནས་དྲང་བ་ནི། ཧཱུྃ་ཧྲཱིཿ ང་ནི་བདེ་གཤེགས་ཡོངས་རྫོགས་སྤྱན་རས་གཟིགས། །འགྲོ་ཀུན་མ་ལུས་ཐུགས་རྗེས་བཟུང་སླད་དུ། །བྱོལ་སོང་ཐུབ་པ་སེང་གེ་རབ་བརྟན་ཡིན། །སྨུག་ནག་གཟུགས་མཛེས་གཏི་མུག་རྣམ་པར་དག །ཤེས་རབ་ཆོས་སྟོན་ཕྱག་ན་པུསྟི་བསྣམས། ཚེ་འདས་བྱོལ་སོང་གླེན་ལྐུགས་སྡུག་བསྔལ་སྦྱོང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀཾ་ཀ་ནིའི་རྗེས་སུ། ཚེ་འདས་བྱོལ་སོང་གླེན་ལྐུགས་ཀྱི་སྡུག་བསྔལ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཟླས་ཤིང་། བདག་དང་དཀྱིལ་འཁོར་པའི་ཐུགས་རྗེའི་འོད་ཟེར་གྱིས་བྱོལ་སོང་གླེན་ལྐུགས་ཀྱི་ལས་སྒྲིབ་སྡུག་བསྔལ་སྦྱངས་པར་མོས་ལ་བྱེ་མས་བྲབ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །སྔོན་ཚེ་གཏི་མུག་རྨོངས་པས་དོན་མ་རིག །བྱོལ་སོང་གླེན་ལྐུགས་སྡུག་བསྔལ་ཡ་རེ་ང་། །འདིར་ཤོག་སྐྱབས་གསོལ་མཆོག་གི་ཐུགས་རྗེས་བཟུང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ནྲྀ་ཨཱ་ཀརྵ་ཡ་ཛཿཛཿ ལས་བུམ་ཐོགས་ལ། ཧཱུྃ། རང་བཞིན་ཆོས་སྐུའི་བུམ་པ་བཟང་པོ་ནས། །ཡན་ལག་བརྒྱད་ལྡན་དྲི་མེད་དགེ་བའི་ཆུས། །ཚེ་འདས་ཁྲུས་གསོལ་གཏི་མུག་སྒྲིབ་དག་ནས། །ཆོས་དབྱིངས་ཡེ་ཤེས་གསལ་བའི་དོན་རྟོགས་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཚེ་འདས་བྱོལ་སོང་གླེན་ལྐུགས་ཀྱི་སྡུག་བསྔལ་ལས་སྒྲིབ་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། འབྲུ་གསུམ་དང་། ཧཱུྃ། བཅོམ་ལྡན་སེང་གེ་རབ་བརྟན་ལ། །དྲི་མེད་དག་པའི་ཞལ་ཟས་དང་། །ལོངས་སྤྱོད་རྒྱན་གྱི་མཆོད་གཏོར་འབུལ། །ཚེ་འདས་གླེན་ལྐུགས་སྡུག་བསྔལ་སྦྱང་དུ་གསོལ། །ཨོཾ་ནཻ་བིདྱཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཧཱུྃ། ཞེས་འབུལ། གླུད་གཏོར་འབྲུ་གསུམ་དང་། སམྦྷ་རའི་སྔགས་ཀྱིས་སྤེལ་ཞིང་བསྒྱུར་ལ། ཧཱུྃ། འདོད་ཡོན་ལྔ་ལྡན་གླུད་གཏོར་བཟང་པོ་འདི། །བྱོལ་སོང་ལན་ཆགས་བུ་ལོན་སྦྱང་ཕྱིར་བསྔོ། །ཚེ་འདས་བསོད་ནམས་ཚོགས་རྫོགས་ཆོས་སྤྱོད་ཅིང་། །རྣམ་གྲོལ་འབྲས་བུའི་དོན་ལ་སྤྱོད་པར་ཤོག །ཨོཾ་སརྦ་བྷཱུ་ཏ་བ་ལིཾ་ཏ་ཁཱ་ཧི། ཧཱུྃ། ཚེ་འདས་ཁྱོད་ཉིད་གཅིག་པུ་འཆི་སྙམ་སྟེ། །ཀུན་ཀྱང་མི་རྟག་འཆི་བའི་ཆོས་ཅན་ཡིན། །བར་དོར་འཁྱམས་པའི་ཤེས་པ་ཕྱད་ཕྱོད་ཁྱོད། །ལྷ་དང་སློབ་དཔོན་དྲན་གྱིས་མྱུར་དུ་ཤོག །དགེ་སྡིག་ཆོས་ལ་སྤང་ལེན་ཤེས་པར་གྱིས། །བདག་ཏུ་འཛིན་པའི་རྟོག་པ་རང་སར་གྲོལ། །སརྦ་དྷརྨ་ཀཱ་ཡ་ཨཿ ཕྱག་འཚལ་དུ་གཞུག་ལ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །བཀྲ་ཤིས་ཁང་བཟང་ཕོ་བྲང་འདིར་ཤོག་ལ། །སྨྱུག་མ་འདི་ནི་ཁྱོད་ཀྱི་བླ་གནས་ཤིང་། །གདུགས་ནི་གཞུགས་གནས་འཕན་ཕྲན་ལུས་ཀྱི་ཚད། །མཚན་བྱང་གཟུགས་ལ་རྣམ་ཤེས་རྟེན་ཆོས་ལ། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་སྐྱབས་སུ་སོང་། །ན་མཿསརྦ་ཏ་ཐཱ་ག་ཏ་པཱུ་རུ་ཤཱ་ཡ་ཧོཿ མིང་བྱང་མིའི་དལ་དུ་བཞག །ཧཱུྃ། ས་འདི་བཅད་པ་མན་ཆད་བྱོལ་སོང་གནས། །གླེན་ལྐུགས་སྡུག་བསྔལ་ཚན་ཆེ་དར་རེ་དྲགས། །སྐྱེ་འཆི་སྡུག་བསྔལ་ལས་དབང་ཁ་རེ་དྲགས། །མ་ཆགས་མ་ཞེན་བྱོལ་སོང་འཁོར་བ་སྤོངས། །ཨོཾ་མ་ཐ་མ་ཐ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཅེས་བྱོལ་སོང་གི་དལ་ཕྱགས། དཀོན་མཆོག་བདེན་པའི་བྱིན་རླབས་དང་། །ལྷ་དང་སྔགས་ཀྱི་ཐུགས་རྗེ་དང་། །རྟེན་འབྲེལ་ཟབ་མོའི་ནུས་མཐུ་ཡིས། །ཚེ་འདས་དུད་འགྲོའི་གནས་ལས་ཐར། །བླ་མེད་སྐུ་གསུམ་མྱུར་ཐོབ་ཤོག །ཅེས་བདེན་སྟོབས་དང་སྨོན་ལམ་བྱའོ། །བཞི་པ་མིའི་གནས་ནས་དྲང་བ་ནི། ཧཱུྃ་ཧྲཱིཿ ང་ནི་བདེ་གཤེགས་ཡོངས་རྫོགས་སྤྱན་རས་གཟིགས། །འགྲོ་ཀུན་མ་ལུས་ཐུགས་རྗེས་བཟུང་སླད་དུ། །མི་ཡི་ཐུབ་པ་ཤཱཀྱ་སེང་གེ་ཡིན། །གསེར་མདོག་ཁྲིམས་ལྡན་འདོད་ཆགས་རྣམ་པར་དག །བརྩོན་འགྲུབ་ཆོས་སྟོན་གསེག་ཤང་པར་བུ་བསྣམས། །ཚེ་འདས་མི་རུ་གྱུར་པའི་སྡུག་བསྔལ་སྦྱོང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀཾ་ཀ་ནིའི་རྗེས་སུ། ཚེ་འདས་མི་བྲེལ་ཕོངས་ཀྱི་སྡུག་བསྔལ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཟླས་ཤིང་། བདག་དང་དཀྱིལ་འཁོར་པའི་ཐུགས་རྗེའི་འོད་ཟེར་གྱིས་མི་བྲེལ་ཕོངས་ཀྱི་ལས་སྒྲིབ་སྡུག་བསྔལ་སྦྱངས་པར་མོས་ལ་བྱེ་མས་བྲབ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །སྔོན་ཚེ་འདོད་ཆགས་ལེ་ལོས་རབ་ཏུ་གཡེང་། །མི་རུ་སྐྱེས་ནས་བྲེལ་ཕོངས་ཡ་རེ་ང་། །འདིར་ཤོག་སྐྱབས་གསོལ་མཆོག་གི་ཐུགས་རྗེས་བཟུང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ནྲྀ་ཨཱ་ཀརྵ་ཡ་ཛ་ཛཿ ལས་བུམ་ཐོགས་ལ། ཧཱུྃ། རང་བཞིན་ཆོས་སྐུའི་བུམ་པ་བཟང་པོ་ནས། །ཡན་ལག་བརྒྱད་ལྡན་དྲི་མེད་དགེ་བའི་ཆུས། །ཚེ་འདས་ཁྲུས་གསོལ་འདོད་ཆགས་སྒྲིབ་དག་ནས། །ཀུན་རྟོག་ཡེ་ཤེས་གསལ་བའི་དོན་རྟོགས་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཚེ་འདས་མི་བྲེལ་ཕོངས་ཀྱི་སྡུག་བསྔལ་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། འབྲུ་གསུམ་དང་། ཧཱུྃ། བཅོམ་ལྡན་ཤཱཀྱ་ཐུབ་པ་ལ། །དྲི་མེད་དག་པའི་ཞལ་ཟས་དང་། །ལོངས་སྤྱོད་རྒྱན་གྱི་མཆོད་གཏོར་འབུལ། །ཚེ་འདས་བྲེལ་ཕོངས་སྡུག་བསྔལ་སྦྱང་དུ་གསོལ། །ཨོཾ་ནཻ་བིདྱཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཧཱུྃ། ཞེས་འབུལ། གླུད་གཏོར་འབྲུ་གསུམ་དང་། སམྦྷ་རའི་སྔགས་ཀྱིས་སྤེལ་ཞིང་བསྒྱུར་ལ། ཧཱུྃ། འདོད་ཡོན་ལྔ་ལྡན་གླུད་གཏོར་བཟང་པོ་འདི། །མི་ཡི་ལན་ཆགས་བུ་ལོན་སྦྱང་ཕྱིར་བསྔོ། །ཚེ་འདས་བསོད་ནམས་ཚོགས་རྫོགས་ཆོས་སྤྱོད་ཅིང་། །རྣམ་གྲོལ་འབྲས་བུའི་དོན་ལ་སྤྱོད་པར་ཤོག །ཨོཾ་སརྦ་བྷཱུ་ཏ་བ་ལིཾ་ཏ་ཁཱ་ཧི། ཧཱུྃ། ཚེ་འདས་ཁྱོད་ཉིད་གཅིག་པུ་འཆི་སྙམ་སྟེ། །ཀུན་ཀྱང་མི་རྟག་འཆི་བའི་ཆོས་ཅན་ཡིན། །བར་དོར་འཁྱམས་པའི་ཤེས་པ་ཕྱད་ཕྱོད་ཁྱོད། །ལྷ་དང་སློབ་དཔོན་དྲན་གྱིས་མྱུར་དུ་ཤོག །དགེ་སྡིག་ཆོས་ལ་སྤང་ལེན་ཤེས་པར་གྱིས། །བདག་ཏུ་འཛིན་པའི་རྟོག་པ་རང་སར་གྲོལ། །སརྦ་དྷརྨ་ཀཱ་ཡ་ཨཿ ཕྱག་འཚལ་དུ་གཞུག །ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །བཀྲ་ཤིས་ཁང་བཟང་ཕོ་བྲང་འདིར་ཤོག་ལ། །སྨྱུག་མ་འདི་ནི་ཁྱོད་ཀྱི་བླ་གནས་ཤིང་། །གདུགས་ནི་བཞུགས་གནས་འཕན་ཕྲན་ལུས་ཀྱི་ཚད། །མཚན་བྱང་གཟུགས་ལ་རྣམ་ཤེས་རྟེན་ཆོས་ལ། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་སྐྱབས་སུ་སོང་། །ན་མཿསརྦ་ཏ་ཐཱ་ག་ཏ་པཱུ་རུ་ཤཱ་ཡ་ཧོཿ མིང་བྱང་ལྷ་མིན་གྱི་དལ་དུ་བཞག །ཧཱུྃ། ས་འདི་བཅད་པ་མན་ཆད་མི་ཡི་གླིང་། །སྡུག་བསྔལ་སྣ་ཚོགས་ཚན་ཆེ་དར་རེ་དྲགས། །སྐྱེ་འཆི་ཡ་ང་ལས་དབང་ཁ་རེ་དྲགས། །མ་ཆགས་མ་ཞེན་མི་ཡི་འཁོར་བ་སྤོངས། །ཨོཾ་སརྦ་དུཿཁ་སརྦ་ཀླེ་ཤ་ཧཱུྃ་ཕཊ། ཅེས་མིའི་དལ་ཕྱགས། དཀོན་མཆོག་བདེན་པའི་བྱིན་རླབས་དང་། །ལྷ་དང་སྔགས་ཀྱི་ཐུགས་རྗེ་དང་། །རྟེན་འབྲེལ་ཟབ་མོའི་ནུས་མཐུ་ཡིས། །ཚེ་འདས་མི་ཡི་གནས་ལས་ཐར། །བླ་མེད་སྐུ་གསུམ་མྱུར་ཐོབ་ཤོག །ཅེས་བདེན་སྟོབས་དང་སྨོན་ལམ་བྱའོ། །ལྔ་པ་ལྷ་མིན་གྱི་གནས་ནས་དྲང་བ་ནི། ཧཱུྃ་ཧྲཱིཿ ང་ནི་བདེ་གཤེགས་ཡོངས་རྫོགས་སྤྱན་རས་གཟིགས། །འགྲོ་ཀུན་མ་ལུས་ཐུགས་རྗེས་བཟུང་སླད་དུ། །ལྷ་མིན་ཐུབ་པ་ཐགས་བཟང་རིས་མཆོག་ཡིན། །མདོག་སྔོ་དཔའ་བརྗིད་ཕྲག་དོག་རྣམ་པར་དག །ཚུལ་ཁྲིམས་ཆོས་སྟོན་ཕྱག་ན་གོ་མཚོན་བསྣམས། །ཚེ་འདས་ལུས་བརྗེས་འཐབ་རྩོད་སྡུག་བསྔལ་སྦྱོང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀཾ་ཀ་ནིའི་རྗེས་སུ། ཚེ་འདས་ལྷ་མིན་འཐབ་རྩོད་ཀྱི་སྡུག་བསྔལ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཟླས་ཤིང་། བདག་དང་དཀྱིལ་འཁོར་པའི་ཐུགས་རྗེའི་འོད་ཟེར་གྱིས་ལྷ་མིན་འཐབ་རྩོད་ཀྱི་ལས་སྒྲིབ་སྡུག་བསྔལ་སྦྱངས་པར་མོས་ལ་བྱེ་མས་བྲབ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །སྔོན་ཚེ་ཕྲག་དོག་དབང་གིས་འཐབ་རྩོད་བྱས། །ལྷ་མིན་སྐྱེས་སམ་འཐབ་རྩོད་ཡ་རེ་ང་། །འདིར་ཤོག་སྐྱབས་གསོལ་མཆོག་གི་ཐུགས་རྗེས་བཟུང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སུ་ཨཱ་ཀརྵ་ཡ་ཛཿཛཿ ལས་བུམ་ཐོགས་ལ། ཧཱུྃ། རང་བཞིན་ཆོས་སྐུའི་བུམ་པ་བཟང་པོ་ནས། །ཡན་ལག་བརྒྱད་ལྡན་དྲི་མེད་དགེ་བའི་ཆུས། །ཚེ་འདས་ཁྲུས་གསོལ་ཕྲག་དོག་སྒྲིབ་དག་ནས། །ནན་ཏན་ཡེ་ཤེས་གསལ་བའི་དོན་རྟོགས་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཚེ་འདས་ལྷ་མིན་འཐབ་རྩོད་ཀྱི་སྡུག་བསྔལ་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། འབྲུ་གསུམ་དང་། ཧཱུྃ། བཅོམ་ལྡན་ཐགས་བཟང་རིས་མཆོག་ལ། །དྲི་མེད་དག་པའི་ཞལ་ཟས་དང་། །ལོངས་སྤྱོད་རྒྱན་གྱི་མཆོད་གཏོར་འབུལ། །ཚེ་འདས་འཐབ་རྩོད་སྡུག་བསྔལ་སྦྱང་དུ་གསོལ། །ཨོཾ་ནཻ་བིདྱཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཧཱུྃ། ཞེས་འབུལ། གླུད་གཏོར་འབྲུ་གསུམ་དང་། སམྦྷ་རའི་སྔགས་ཀྱིས་སྤེལ་ཞིང་བསྒྱུར་ལ། ཧཱུྃ། འདོད་ཡོན་ལྔ་ལྡན་གླུད་གཏོར་བཟང་པོ་འདི། །ལྷ་མིན་ལན་ཆགས་བུ་ལོན་སྦྱང་ཕྱིར་བསྔོ། །ཚེ་འདས་བསོད་ནམས་ཚོགས་རྫོགས་ཆོས་སྤྱོད་ཅིང་། །རྣམ་གྲོལ་འབྲས་བུའི་དོན་ལ་སྤྱོད་པར་ཤོག །ཨོཾ་སརྦ་བྷཱུ་ཏ་བ་ལིཾ་ཏ་ཁཱ་ཧི། ཧཱུྃ། ཚེ་འདས་ཁྱོད་ཉིད་གཅིག་པུ་འཆི་སྙམ་སྟེ། །ཀུན་ཀྱང་མི་རྟག་འཆི་བའི་ཆོས་ཅན་ཡིན། །བར་དོར་འཁྱམས་པའི་ཤེས་པ་ཕྱད་ཕྱོད་ཁྱོད། །ལྷ་དང་སློབ་དཔོན་དྲན་གྱིས་མྱུར་དུ་ཤོག །དགེ་སྡིག་ཆོས་ལ་སྤང་ལེན་ཤེས་པར་གྱིས། །བདག་ཏུ་འཛིན་པའི་རྟོག་པ་རང་སར་གྲོལ། །སརྦ་དྷརྨ་ཀཱ་ཡ་ཨཿ ཕྱག་འཚལ་དུ་གཞུག་ལ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །བཀྲ་ཤིས་ཁང་བཟང་ཕོ་བྲང་འདིར་ཤོག་ལ། །སྨྱུག་མ་འདི་ནི་ཁྱོད་ཀྱི་བླ་གནས་ཤིང་། །གདུགས་ནི་བཞུགས་གནས་འཕན་ཕྲན་ལུས་ཀྱི་ཚད། །མཚན་བྱང་གཟུགས་ལ་རྣམ་ཤེས་རྟེན་ཆོས་ལ། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་སྐྱབས་སུ་སོང་། །ན་མཿསརྦ་ཏ་ཐཱ་ག་ཏ་པཱུ་རུ་ཤཱ་ཡ་ཧོཿ མིང་བྱང་ལྷའི་དལ་དུ་བཞག །ཧཱུྃ། ས་འདི་བཅད་པ་མན་ཆད་ལྷ་མིན་གནས། །འཐབ་རྩོད་སྡུག་བསྔལ་ཚན་ཆེ་དར་རེ་དྲགས། །སྐྱེ་འཆི་ཡ་ང་ལས་དབང་ཁ་རེ་དྲགས། །མ་ཆགས་མ་ཞེན་ལྷ་མིན་འཁོར་བ་སྤོངས། །ཨོཾ་སྤ་ར་བིདྱཱན་ཁཌྒ་ཚིནྡྷ་སུ་ཧཱུྃ་ཕཊ། ཅེས་ལྷ་མིན་གྱི་དལ་ཕྱགས། དཀོན་མཆོག་བདེན་པའི་བྱིན་རླབས་དང་། །ལྷ་དང་སྔགས་ཀྱི་ཐུགས་རྗེ་དང་། །རྟེན་འབྲེལ་ཟབ་མོའི་ནུས་མཐུ་ཡིས། །ཚེ་འདས་ལྷ་མིན་གནས་ལས་ཐར། །བླ་མེད་སྐུ་གསུམ་མྱུར་ཐོབ་ཤོག །ཅེས་བདེན་སྟོབས་དང་སྨོན་ལམ་བྱའོ། །དྲུག་པ་ལྷའི་གནས་ནས་དྲང་བ་ནི། ཧཱུྃ་ཧྲཱིཿ ང་ནི་བདེ་གཤེགས་ཡོངས་རྫོགས་སྤྱན་རས་གཟིགས། །འགྲོ་ཀུན་མ་ལུས་ཐུགས་རྗེས་བཟུང་སླད་དུ། །ལྷ་ཡི་ཐུབ་པ་དབང་པོ་བརྒྱ་བྱིན་ཡིན། །མདོག་དཀར་རབ་མཛེས་ང་རྒྱལ་རྣམ་པར་དག །བསམ་གཏན་ཆོས་སྟོན་ཕྱག་ན་པི་ཝཾ་བསྣམས། །ཚེ་འདས་ལུས་བརྗེས་ལྟུང་བའི་སྡུག་བསྔལ་སྦྱོང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀཾ་ཀ་ནིའི་རྗེས་སུ། ཚེ་འདས་ལྷ་འཕོ་ལྟུང་གི་སྡུག་བསྔལ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཟླས་ཤིང་། བདག་དང་དཀྱིལ་འཁོར་པའི་ཐུགས་རྗེའི་འོད་ཟེར་གྱིས་ལྷ་འཕོ་ལྟུང་གི་ལས་སྒྲིབ་སྡུག་བསྔལ་སྦྱངས་པར་མོས་ལ་བྱེ་མས་བྲབ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །སྔོན་ཚེ་ང་རྒྱལ་དབང་གི་གཡེང་བས་གཡེངས། །ལྷ་གནས་སྐྱེས་སམ་འཕོ་ལྟུང་ཡ་རེ་ང་། །འདིར་ཤོག་སྐྱབས་གསོལ་མཆོག་གི་ཐུགས་རྗེས་བཟུང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨ་ཨཱ་ཀརྵ་ཡ་ཛཿཛཿ ལས་བུམ་ཐོགས་ལ། ཧཱུྃ། རང་བཞིན་ཆོས་སྐུའི་བུམ་པ་བཟང་པོ་ནས། །ཡན་ལག་བརྒྱད་ལྡན་དྲི་མེད་དགེ་བའི་ཆུས། །ཚེ་འདས་ཁྲུས་གསོལ་ང་རྒྱལ་སྒྲིབ་དག་ནས། །མཉམ་ཉིད་ཡེ་ཤེས་གསལ་བའི་དོན་རྟོགས་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཚེ་འདས་ལྷ་འཕོ་ལྟུང་གི་སྡུག་བསྔལ་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། འབྲུ་གསུམ་དང་། ཧཱུྃ། བཅོམ་ལྡན་ལྷ་དབང་བརྒྱ་བྱིན་ལ། །དྲི་མེད་དག་པའི་ཞལ་ཟས་དང་། །ལོངས་སྤྱོད་རྒྱན་གྱི་མཆོད་གཏོར་འབུལ། །ཚེ་འདས་འཕོ་ལྟུང་སྡུག་བསྔལ་སྦྱང་དུ་གསོལ། །ཨོཾ་ནཻ་བིདྱཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཧཱུྃ། ཞེས་འབུལ། གླུད་གཏོར་འབྲུ་གསུམ་དང་། སམྦྷ་རའི་སྔགས་ཀྱིས་སྤེལ་ཞིང་བསྒྱུར་ལ། ཧཱུྃ། འདོད་ཡོན་ལྔ་ལྡན་གླུད་གཏོར་བཟང་པོ་འདི། །ལྷ་ཡི་ལན་ཆགས་བུ་ལོན་སྦྱང་ཕྱིར་བསྔོ། །ཚེ་འདས་བསོད་ནམས་ཚོགས་རྫོགས་ཆོས་སྤྱོད་ཅིང་། །རྣམ་གྲོལ་འབྲས་བུའི་དོན་ལ་སྤྱོད་པར་ཤོག །ཨོཾ་སརྦ་བྷཱུ་ཏ་བ་ལིཾ་ཏ་ཁཱ་ཧི། ཧཱུྃ། ཚེ་འདས་ཁྱོད་ཉིད་གཅིག་པུ་འཆི་སྙམ་སྟེ། །ཀུན་ཀྱང་མི་རྟག་འཆི་བའི་ཆོས་ཅན་ཡིན། །བར་དོར་འཁྱམས་པའི་ཤེས་པ་ཕྱད་ཕྱོད་ཁྱོད། །ལྷ་དང་སློབ་དཔོན་དྲན་གྱིས་མྱུར་དུ་ཤོག །དགེ་སྡིག་ཆོས་ལ་སྤང་ལེན་ཤེས་པར་གྱིས། །བདག་ཏུ་འཛིན་པའི་རྟོག་པ་རང་སར་གྲོལ། །སརྦ་དྷརྨ་ཀཱ་ཡ་ཨཿ ཕྱག་འཚལ་དུ་གཞུག་ལ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །བཀྲ་ཤིས་ཁང་བཟང་ཕོ་བྲང་འདིར་ཤོག་ལ། །སྨྱུག་མ་འདི་ནི་ཁྱོད་ཀྱི་བླ་གནས་ཤིང་། །གདུགས་ནི་བཞུགས་གནས་འཕན་ཕྲན་ལུས་ཀྱི་ཚད། །མཚན་བྱང་གཟུགས་ལ་རྣམ་ཤེས་རྟེན་ཆོས་ལ། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་སྐྱབས་སུ་སོང་། །ན་མཿསརྦ་ཏ་ཐཱ་ག་ཏ་པཱུ་རུ་ཤཱ་ཡ་ཧོཿ མིང་བྱང་དབང་སྟེག་གི་ཁར་བཞག་གོ །ཧཱུྃ། ས་འདི་བཅད་པ་མན་ཆད་ལྷ་ཡི་གནས། །འཕོ་ལྟུང་སྡུག་བསྔལ་ཚན་ཆེ་དར་རེ་དྲགས། །སྐྱེ་འཆི་ཡ་ང་ལས་དབང་ཁ་རེ་དྲགས། །མ་ཆགས་མ་ཞེན་ལྷ་ཡི་འཁོར་བ་སྤོངས། །ཨོཾ་སྥ་ར་བིདྱཱན་ཁདྒ་ཚིནྡྷ་ཨ་ཧཱུྃ་ཕཊ། ཅེས་ལྷའི་དལ་ཕྱགས། དཀོན་མཆོག་བདེན་པའི་བྱིན་རླབས་དང་། །ལྷ་དང་སྔགས་ཀྱི་ཐུགས་རྗེ་དང་། །རྟེན་འབྲེལ་ཟབ་མོའི་ནུས་མཐུ་ཡིས། །ཚེ་འདས་ལྷ་ཡི་གནས་ལས་ཐར། །བླ་མེད་སྐུ་གསུམ་མྱུར་ཐོབ་ཤོག །ཅེས་བདེན་སྟོབས་དང་སྨོན་ལམ་བྱའོ། །དེ་ལྟར་བདུན་ཚིགས་ཀྱི་ཆོ་ག་དེའང་ཞག་བདུན་རེ་ལ་སྣ་རེ་བསྒྲུབས་ཏེ་བདུན་དྲུག་རྫོགས་པའམ། ཞག་རེ་རེ་ལ་སྣ་རེ་བྱས་ཏེ་ཞག་བདུན་ལ་དབང་བསྐུར་བཅས་རྫོགས་པའམ། ཡང་ན་ཞག་རེ་ལ་ཆོ་ག་རྫོགས་པར་བྱ་བ་ཡང་གསུངས་མོད་ད་ལྟའི་ཕྱག་ལེན་ནི་ཕྱི་མ་ཉིད་ལ་མཛད་དོ། །དྲུག་པ་ཟས་གཏད་པ་ལ་གསུམ། ཚེ་འདས་ལ་འདོད་ཡོན་བསྔོ་བ། དེ་དག་གི་ཕུད་དཀྱིལ་འཁོར་གྱི་ལྷ་ལ་ཚོགས་སུ་འབུལ་བ། ལྷག་མ་དྲི་ཟ་ལ་གསུར་གཏང་བའོ། །དང་པོ་ནི། བཟའ་བཏུང་གཙོ་བོར་གྱུར་པའི་འདོད་ཡོན་གྱི་ལོངས་སྤྱོད་དངོས་སམ་རིས་སུ་བྲིས་པ་རྟེན་གྱི་མདུན་དུ་བཤམ། མ་འབྱོར་ན་དམིགས་པས་ཁྱབ་པར་བྱས་ལ། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་ལྷ་རྫས་དང་ཏིང་ངེ་འཛིན་གྱི་སྟོབས་ལས་བྱུང་བའི་འདོད་ཡོན་གྱི་ལོངས་སྤྱོད། བར་དོའི་འཁྲུལ་སྣང་གི་འདོད་སྲེད་འཇིགས་སྐྲག་ཞི་ཞིང་ཟག་པ་མེད་པའི་བདེ་བ་སྐྱེད་ནུས་པ་མི་འཛད་ནམ་མཁའ་མཛོད་ཀྱི་གཏེར་ཆེན་པོར་གྱུར། ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་སྤེལ། ཀྱེ་མ་ཚེ་འདས་རིགས་ཀྱི་བུ་ཁྱོད་ཉོན། ཁྱོད་ཀྱི་ཕ་མ་སྤུན་ཟླ་བུ་སྲིང་དང་། །ཞང་པོ་ཚ་བོ་མཐུན་པོར་འགྲོགས་རྣམས་ཀྱིས། །ལོངས་སྤྱོད་བདའ་དགུ་རྒྱན་དུ་སྦྱར་བ་ཡི། །བཟའ་བའི་ཟས་དང་སྐོམ་པའི་བཏུང་བ་སོགས། །གོན་པའི་གོས་དང་སྤྱད་པའི་ནོར་དང་ནི། །རྟ་དང་གླང་པོ་རྐང་འགྲོའི་ཚོགས་བཅས་དང་། །གསེར་དངུལ་ཟངས་ལྕགས་འབྲུ་སྣ་སྣ་ཚོགས་དང་། །འབབ་སྟེགས་བཞོན་པ་རིན་ཆེན་ཁྲི་མལ་དང་། །ས་རིས་ཡུལ་མཁར་ཞིང་ལྗོངས་ཡོ་བྱད་དང་། །གསལ་བའི་མར་མེ་ཉོན་མོངས་འདུལ་བའི་མཚོན། །མཐུན་པའི་གྲོགས་དང་འཇིགས་པའི་སྐྱབས་དང་ནི། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །རྐྱེན་དང་འཚམ་པར་ཚེ་འདས་ཉིད་ལ་བསྔོ། །ནམ་ཞིག་གཏན་གྱི་ལོངས་སྤྱོད་ཉིད་དུ་བསྔོ། །འདོད་པའི་ཡོན་ཏན་ལོངས་སྤྱོད་དཔག་མེད་རྣམས། །ཆོས་དང་མཐུན་པར་ཇི་ལྟར་བསམ་བཞིན་ཤོག །ཅེས་པ་ཙམ་མམ། སྤྲོ་ན། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བོར་རིགས་ཀྱི་བུ། །གལ་ཏེ་ལས་ཀྱིས་བར་དོར་མྱང་གྱུར་ཅིང་། །སྣ་ཚོགས་དུག་གསུམ་ནད་ཀྱིས་ཉེན་པ་ན། །མི་བཟད་བདུད་རྩི་སྨན་གྱི་མཆོག་ཏུ་བསྔོ། །སྣ་ཚོགས་དགྲ་དང་བགེགས་ཀྱིས་གཙེས་པ་ན། །གོ་མཚོན་དཔའ་རྩལ་མཐུ་སྟོབས་རྫོགས་སུ་བསྔོ། །ཡི་དྭགས་རྒྱུ་མཐུན་བཀྲེས་ཤིང་སྐོམ་པ་ན། །བཟའ་བཏུང་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ། །བཀྲེས་སྐོམ་གདུང་སེལ་ལོངས་སྤྱོད་དཔག་མེད་བསྔོ། །གྲང་བའི་དུས་ན་དྲོ་ཞིང་འཇམ་པ་དང་། །ཚ་བའི་དུས་ན་བསིལ་ཞིང་ཡང་གྱུར་པ། །མཛེས་ཤིང་ཡིད་འོང་རེག་འཇམ་བདེ་བ་ཡི། །གོས་བཟང་སྣ་ཚོགས་ཡིད་ལ་བསམ་བཞིན་བསྔོ། །མི་ཤེས་མུན་པའི་ཚོགས་ཀྱིས་ཟིན་གྱུར་ན། །སྒྲོན་མེ་གསལ་བྱེད་མར་མེ་ཉི་ཟླར་བསྔོ། །སྲིད་ལམ་དག་ཏུ་ངལ་ཞིང་དུབ་པ་ན། །བསིལ་གྲིབ་འབབ་ཆུ་ཞོན་པ་རྣམས་སུ་བསྔོ། །དེ་ལྟར་བསྔོ་ཞིང་ཟག་མེད་བདེ་ལྡན་པས། །སྲིད་པའི་ལམ་རྒྱུད་འགྲོ་བའི་ལུས་ལེན་ན། །དལ་འབྱོར་ཡོན་ཏན་བདུན་ལྡན་རབ་ཐོབ་ནས། །བཤེས་གཉེན་དམ་པ་རྣམས་དང་མཇལ་བ་དང་། །བླ་མ་དཀོན་མཆོག་གསུམ་པོ་མཆོད་པ་དང་། །ཀུན་དགའ་ར་བ་གཞལ་མེད་ཁང་ཆེན་པོ། །འདོད་འཇོའི་བ་དང་ལོངས་སྤྱོད་ཚོགས་ཆེན་དང་། །འཁོར་གཡོག་བཟང་ཞིང་སྐྱེ་བོ་མཐུན་པ་ཡིས། །ཆོས་དང་མཐུན་པར་སྐྱེ་དགུ་སྐྱོང་བར་ཤོག །ཅེས་བསྔོ། །གཉིས་པ་ཕུད་ཀྱིས་ལྷ་ལ་ཚོགས་སུ་འབུལ་བ་ནི། དེས་ཀྱང་བདག་གིར་བཟུང་ནས་རང་གི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་འདོད་ཡོན་ལྔའི་ལྷ་མོ་ནམ་མཁའ་གང་བར་སྤྲུལ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་འབུལ་བར་གྱུར་པར་མོས་ལ། ལས་རྡོར་གྱིས་འདོད་ཡོན་ལྔ་རིམ་བཞིན་དཀྱིལ་འཁོར་དུ་འབུལ་བའི་ཚུལ་བྱས་ལ། མཁའ་མཉམ་ཞིང་ན་གཟུགས་མཛེས་ཅི་མཆིས་རྣམས། །བློ་ཡིས་བླངས་ནས་དཀྱིལ་འཁོར་ལྷ་ལ་འབུལ། །ཚེ་འདས་གཟུགས་ཀྱི་ལོག་རྟོག་རྣམ་དག་ནས། །བཅོམ་ལྡན་རྣམ་སྣང་གོ་འཕང་མྱུར་ཐོབ་ཤོག །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་རཱུ་པ་པཱུ་ཙ་ཧོཿ མཁའ་མཉམ་ཞིང་ན་སྒྲ་སྙན་ཅི་མཆིས་རྣམས། །བློ་ཡིས་བླངས་ནས་དཀྱིལ་འཁོར་ལྷ་ལ་འབུལ། །ཚེ་འདས་སྒྲ་ཡི་ལོག་རྟོག་རྣམ་དག་ནས། །བཅོམ་ལྡན་མི་བསྐྱོད་གོ་འཕང་མྱུར་ཐོབ་ཤོག །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཤབྡ་པཱུ་ཙ་ཧོཿ མཁའ་མཉམ་ཞིང་ན་དྲི་ཞིམ་ཅི་མཆིས་རྣམས། །བློ་ཡིས་བླངས་ནས་དཀྱིལ་འཁོར་ལྷ་ལ་འབུལ། །ཚེ་འདས་དྲི་ཡི་ལོག་རྟོག་རྣམ་དག་ནས། །བཅོམ་ལྡན་རིན་འབྱུང་གོ་འཕང་མྱུར་ཐོབ་ཤོག །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་གནྡྷེ་པཱུ་ཙ་ཧོཿ མཁའ་མཉམ་ཞིང་ན་རོ་མཆོག་ཅི་མཆིས་རྣམས། །བློ་ཡིས་བླངས་ནས་དཀྱིལ་འཁོར་ལྷ་ལ་འབུལ། །ཚེ་འདས་རོ་ཡི་ལོག་རྟོག་རྣམ་དག་ནས། །བཅོམ་ལྡན་སྣང་མཐའི་གོ་འཕང་མྱུར་ཐོབ་ཤོག །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ར་ས་པཱུ་ཙ་ཧོཿ མཁའ་མཉམ་ཞིང་ན་རེག་བྱ་ཅི་མཆིས་རྣམས། །བློ་ཡིས་བླངས་ནས་དཀྱིལ་འཁོར་ལྷ་ལ་འབུལ། །ཚེ་འདས་རེག་བྱའི་ལོག་རྟོག་རྣམ་དག་ནས། །བཅོམ་ལྡན་དོན་གྲུབ་གོ་འཕང་མྱུར་ཐོབ་ཤོག །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་སྤརྴེ་པཱུ་ཙ་ཧོཿ ཚེ་ལས་འདས་པ་ཆེ་གེ་མོའི་ཚོགས་གཉིས་རྫོགས་སྒྲིབ་གཉིས་བྱང་ནས་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་སངས་རྒྱ་བར་གྱུར་ཅིག །དེ་ལྟར་མ་གྱུར་གྱི་བར་དུ་ཟག་མེད་ཀྱི་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པའི་སྐལ་པ་དམ་པ་དང་ལྡན་པར་གྱུར་ཅིག །ཅེས་ཕུད་འབུལ། འགྲུབ་ཏུ་རུང་ན་དེ་ལ་དངོས་སུ་ཚོགས་མཆོད་བྱ། མ་གྲུབ་ན་ཕུད་དེ་དག་ཕྱི་ནང་གསང་བའི་ཚོགས་མཆོད་བླ་ན་མེད་པའི་སྤྲིན་ཆེན་པོར་གྱུར་པས་ལྷ་ཚོགས་རྣམས་མཆོད་ཅིང་མཉེས་པར་མོས། གསུམ་པ་ལྷག་མས་དྲི་ཟར་གསུར་བྱ་བ་ནི། བཟའ་བཏུང་ལྷག་མ་མེ་གསུར་བྱས་ལ་བསང་ཆུས་བྲན། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། གསུམ་དང་། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་པས་བྱིན་བརླབས་ལ། ཧྲཱིཿ ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །ཞེན་འཛིན་དངོས་མེད་ལུས་ལས་བྱུང་། ཁྱོད་ལུས་འབྱུང་བ་རང་སར་ཞིག །འགྲོ་དྲུག་སྡུག་བསྔལ་སེམས་ལས་བྱུང་། །སེམས་ནི་སྡུག་བསྔལ་མཐའ་དང་བྲལ། །དེ་ཕྱིར་སེམས་ནི་མཉམ་ཞོག་ལ། །རྡོ་རྗེ་སློབ་དཔོན་བཀའ་ལ་ཉོན། །འཇིག་རྟེན་ལོངས་སྤྱོད་སྒྱུ་མ་འདྲ། །སྒྱུ་མས་བྱིས་པ་བསླུ་བ་བཞིན། །འདོད་ཡོན་ལྔ་ལ་མ་ཆགས་ཤིག །ཆགས་ན་དེ་ཡིས་བསླུ་བར་འགྱུར། །ཟག་མེད་བྱང་ཆུབ་སེམས་ཉིད་ལས། །བྱུང་བའི་ལོངས་སྤྱོད་དང་དུ་ལོངས། །ཧྲཱིཿ ནོར་གྱི་ནོར་མཆོག་སྦྱིན་པའི་ནོར། །སེར་སྣའི་ཕ་རོལ་ཕྱིན་པར་བྱེད། །མི་ཟད་ནོར་ལ་འབད་མེད་སྤྱོད། །ཚེ་འདས་ལ་སོགས་སེམས་ཅན་རྣམས། །སྦྱིན་པའི་ནོར་ལ་ལོངས་སྤྱོད་ཤོག །ཧྲཱིཿ རྒྱན་གྱི་རྒྱན་མཆོག་ཚུལ་ཁྲིམས་རྒྱན། །འཆལ་བའི་རང་བཞིན་སེལ་བར་བྱེད། །ཡིད་འོང་རྒྱན་གྱིས་བཀུར་བར་འོས། །ཚེ་འདས་ལ་སོགས་སེམས་ཅན་རྣམས། །ཚུལ་ཁྲིམས་རྒྱན་ལ་ལོངས་སྤྱོད་ཤོག །ཧྲཱིཿ གོས་ཀྱི་གོས་མཆོག་བཟོད་པའི་གོས། ཁོང་ཁྲོའི་ཟུག་རྔུ་སྦྱོང་བར་བྱེད། །ཀུན་གྱི་ཡིད་འོང་རང་སེམས་བདེ། །ཚེ་འདས་ལ་སོགས་སེམས་ཅན་རྣམས། །བཟོད་པའི་གོས་ལ་ལོངས་སྤྱོད་ཤོག །ཧྲཱིཿ ཞོན་པའི་མཆོག་ནི་བརྩོན་འགྲུས་རྟ། །ལེ་ལོའི་ཐང་ཆེན་མྱུར་དུ་གཅོད། །ཟག་མེད་བདེ་ཆེན་ས་རུ་སླེབ། །ཚེ་འདས་ལ་སོགས་སེམས་ཅན་རྣམས། །བརྩོན་འགྲུས་རྟ་ལ་ལོངས་སྤྱོད་ཤོག །ཧྲཱིཿ ཟས་ཀྱི་ཟས་མཆོག་བསམ་གཏན་ཟས། །རྣམ་གཡེང་བཀྲེས་སྐོམ་དུབ་པ་གསོ། །ཟག་མེད་བདེ་བའི་རོ་མྱོང་འགྱུར། ཚེ་འདས་ལ་སོགས་སེམས་ཅན་རྣམས། །ཏིང་འཛིན་ཟས་ལ་ལོངས་སྤྱོད་ཤོག །ཧྲཱིཿ གྲོགས་ཀྱི་གྲོགས་མཆོག་ཤེས་རབ་གྲོགས། །རྣམ་གཉིས་མཁྱེན་བརྩེའི་འགྲོས་ཚུལ་སྟོན། །མི་ཤེས་མུན་སེལ་དབྱེར་མེད་གྲོགས། །ཚེ་འདས་ལ་སོགས་སེམས་ཅན་རྣམས། །ཤེས་རབ་གྲོགས་ལ་ལོངས་སྤྱོད་ཤོག །འདིར་བསྡུ་ན་ཟས་སྣའི་གསུར་བཏང་བ་ཙམ་ལས་ས་བཅད་གསུམ་པ་མ་བརྗོད་ཀྱང་རུང་ངོ་། །བདུན་པ་དབང་བསྐུར་བ་ནི། སློབ་མ་གཞུག་པ་ཇི་ལྟ་བ་བཞིན་དུ་ཕྱི་ནང་གི་འཇུག་པ་དངོས་གཞི་མཐའ་རྟེན་བཅས་ཡོངས་སུ་རྫོགས་པ་བསྐུར་བ་ཡིན་ཡང་། མདོར་བསྡུ་བར་འདོད་ན། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས། མཎྜལ། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །སངས་རྒྱས་ཀུན་གྱི་གསང་བའི་ལམ། །ཡང་སྙིང་ཀུན་འདུས་དཀྱིལ་འཁོར་དུ། །བདག་རྒྱུད་སྨིན་པར་མཛད་དུ་གསོལ། །ལན་གསུམ་གྱིས་གསོལ་བ་གདབ། ན་མོ། བླ་མ་སངས་རྒྱས་འཁོར་དང་བཅས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །བླ་མ་དཀོན་མཆོག་རྣམ་གསུམ་པོ། །བྱང་ཆུབ་མ་ཐོབ་བར་དུ་ནི། །སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི། །སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་ཐོབ་བྱ་སྙམ། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །འཇུག་པའི་བྱང་ཆུབ་སེམས་བསྐྱེད་དེ། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །ཞེས་རྒྱུད་སྦྱང་། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་པད་ཉི་ཟླ་བའི་གདན་གྱི་སྟེང་དུ་ཁྱོད་རང་ཐུགས་རྗེ་ཆེན་པོ་ཡུམ་གསང་བ་ཡེ་ཤེས་དང་མཉམ་པར་སྦྱོར་བའི་ཡབ་ཀྱི་སྙིང་གར་ཧྲཱིཿཡིག་དམར་པོ་མར་མེ་ལྟར་འབར་བའི་འོད་ཀྱིས་བསྐུལ་བས། དཀྱིལ་འཁོར་པ་རྣམས་ཀྱི་ཐུགས་ཀ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་སྐུ་དང་སྙིང་པོ་ཕྱག་རྒྱ་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་ཏེ་བྱུང་། ཁྱེད་རང་ལ་ཐིམ་པས་ཟག་མེད་ཀྱི་བདེ་བས་རྒྱུད་གང་བའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ་ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨཱ་བེ་ཤ་ཡ་ཨ་ཨཱ། ཞེས་ཡེ་ཤེས་པ་དབབ། ཏིཥྛ་བཛྲས་བརྟན་པར་བྱ། སློབ་དཔོན་གྱི་སྙིང་གའི་ས་བོན་གྱི་འོད་ཀྱིས་བསྐུལ་བས་མདུན་གྱི་ནམ་མཁའི་གནས་སུ་དབང་གི་ལྷ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་དུ་སད་ནས་བཞུགས་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་བཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས། རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུས་བཀང་བ་ཐོགས་ནས་དབང་བསྐུར་བའི་མོས་པ་མཛོད། རྣམ་བུམ་གྱིས་དབང་བསྐུར་ལ། ཧྲཱི༔ བུམ་པ་སྤྲོས་བྲལ་ཆོས་སྐུ་ཟླུམ༔ བཅུད་ནི་ལོངས་སྤྱོད་ཡི་དམ་ལྷ༔ སྤྲུལ་སྐུའི་ཁྲུས་ཀྱིས་མ་རིག་འཁྲུ༔ ལྷ་དབང་ལུས་ལ་རྫོགས་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་བུམ་པའི་ཆུས་དབང་བསྐུར་པས་སྐུ་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་གྱུར། འདི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་སྟོང་སྒྱུ་འཕྲུལ་དྲྭ་བ་ལྷའི་འཁོར་ལོར་དག་པ་ཡིན་ནོ། །བླ་མ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། ཐོད་པ་བདུད་རྩི་བཅས་མགྲིན་པར་བཞག་པའི་ཚུལ་དང་ཐིགས་པ་གཏོར་ལ། ཨཱ༔ ཐུགས་རྗེ་ཆེན་པོ་ཡབ་ཡུམ་རྣམས༔ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ སྐལ་ལྡན་ངག་ལ་དབང་བསྐུར་བས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨཱ༔ འདི་ལྟར་འཁོར་འདས་ཀྱི་སྒྲ་སྐད་ཐམས་ཅད་གྲགས་སྟོང་གཞོམ་མེད་གསུང་གི་འཁོར་ལོར་དག་པ་ཡིན་ནོ། །མར་མེ་བསྟན་ལ། ཧྲཱི༔ སེམས་ཉིད་ཀ་དག་ཀུན་བཟང་ཀློང༔ སྣང་སྟོང་ཟུང་འཇུག་སྒྱུ་མའི་སྐུ༔ གཉིས་མེད་འཛིན་བྲལ་སྤྲུལ་པའི་སྐུ༔ ཡང་དག་ངེས་དོན་རྟོགས་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛྙཱ་ན་པཉྩ་དྷརྨཱ་ཀཱ་ཡ་ནིརྨ་ཀཱ་ཡ་སམྦྷོ་ཀཱ་ཡ་ཨ་བྷི་ཥིཉྩ་ཨ་ཨ༔ འདི་ལྟར་འཁོར་འདས་ཀྱི་རྟོག་ཚོགས་ཐམས་ཅད་རིག་སྟོང་སྤྲོས་བྲལ་བདེ་བ་ཆེན་པོ་ཐུགས་ཀྱི་འཁོར་ལོར་དག་པ་ཡིན་ནོ། །གཙོ་བོས་ཇི་ལྟར་སོགས། དེང་ནས་བརྩམ་སྟེ་སོགས། གཏང་རག་མཎྜལ་ཕུལ། དེ་ལྟར་དབང་བསྐུར་པ་ཐོབ་ནས་དམིགས་ཡུལ་དེ་ཉིད་ཐུགས་རྗེ་ཆེན་པོ་དངོས་སུ་གསལ་བར་གྱུར། བརྒྱད་པ་འཁོར་བ་དང་འབྲེལ་ཐག་བཅད་པ་ནི། ཧཱུྃ། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ས་འདི་བཅད་པ་མན་ཆད་འཁོར་བའི་གནས། །མ་རིག་མུན་ཁམས་ཡ་རེ་ང་། །འགྲོ་དྲུག་སྐྱེ་འཆི་བཟོད་བླག་མེད། །བོར་རོ་སྤང་ངོ་རིགས་ཀྱི་བུ། །མ་ཆགས་མ་ཞེན་འཁོར་བ་སྤོངས། །ཞེས་བརྗོད། དབང་སྟེགས་སོགས་བསྡུས་ལ་ལས་རྡོར་གྱིས་མཚན་བྱང་ཐོགས་ཏེ་དཀྱིལ་འཁོར་ལ་ཕྱག་འཚལ་ཞིང་། ཧྲཱིཿ ཐུགས་རྗེ་ཆེན་པོ་ཡེ་ཤེས་སྐུ་ཡི་ལྷ། །མཐའ་ཡས་གསུང་ལ་རྟ་མགྲིན་ཐུགས་ཀྱི་མཆོག །གསང་བ་ཡེ་ཤེས་ཤེས་རབ་དབྱིངས་ཀྱི་ཡུམ། །ནོར་འཛིན་གསང་འཛིན་ཐབས་ཤེས་སྲས་ཀྱི་ཚུལ། །དཀྱིལ་འཁོར་གཙོ་མཆོག་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བ་རིགས་ལྔ་ཡེ་ཤེས་དབྱིངས་ལས་ཤར། །སྤྲུལ་སྐུ་ཐུབ་དྲུག་རིགས་དྲུག་སྐྱེ་སྒོ་གཅོད། །སངས་རྒྱས་སྟོང་རྩ་བསྐལ་བཟང་འགྲོ་བ་འདུལ། །རིགས་བཞིའི་ཁྲོ་རྒྱལ་བདུད་བཞི་ཟིལ་གྱིས་གནོན། །རྒྱལ་བ་རྒྱ་མཚོ་རྣམས་ལ་ཕྱག་འཚལ་ལོ། །བརྒྱུད་པ་དྲུག་ལྡན་རྩ་བརྒྱུད་བླ་མ་དང་། །ཐེག་པ་རིམ་དགུའི་དཀྱིལ་འཁོར་ལྷ་ཡི་ཚོགས། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྲུང་མ་ལ། །དམིགས་ཡུལ་རྩེ་གཅིག་གུས་པས་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་དུ་འདྲེན་དུ་གསོལ། །ཞེས་ཕྱག་གསུམ་བྱ། བཛྲ་པྲ་བེ་ཤ་ཤག་ཕཊ། ཅེས་གཞལ་ཡས་ཀྱི་སྒོ་ཕྱེས་ནས་དཀྱིལ་འཁོར་གྱི་ལྷ་རྣམས་བཀྲ་ལམ་གྱིས་མཐོང་བར་མོས། དགུ་པ་བྱང་ཆུབ་ཏུ་ལམ་བསྟན་པ་ནི། དཀྱིལ་འཁོར་དང་སྦྲེལ་བའི་སྣམ་རས་དཀར་པོའི་སྣེ་ལ་མཚན་བྱང་ཐོགས་ཏེ། ཧཱུྃ། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ས་འདི་བཅད་པ་ཡན་ཆད་རྒྱལ་བའི་ཞིང་། །ཐུགས་རྗེ་ཆེན་པོའི་ཕོ་བྲང་ཡིན། །སྐྱེ་འཆི་འཁོར་བའི་མིང་ཡང་མེད། །ཕུན་སུམ་ཀུན་ཚོགས་ལྷ་ཡི་གནས། །འདི་ལས་ལྷག་པའི་གནས་གཞན་མེད། །སེམས་དཔའ་སེམས་མ་ཁྱོད་ཀྱི་གྲོགས། །རྒྱལ་བ་རྒྱ་མཚོ་ཁྱོད་ཀྱི་མགོན། །བསམ་གཏན་ཏིང་འཛིན་ཟས་ལ་སྤྱོད། །ཡེ་ཤེས་བདུད་རྩིའི་བཏུང་བ་ལྡན། །སྐྱིད་པའི་ལོངས་སྤྱོད་བན་མ་བུན། །ལྷ་རྫས་རོལ་མོ་དར་མ་དིར། །ཀུན་བཟང་མཆོད་སྤྲིན་བསམ་མི་ཁྱབ། དཔག་བསམ་ཤིང་ཆེན་བདེ་འབྲས་རྒྱས། །ཡན་ལག་བརྒྱད་ལྡན་ཆུ་རྒྱུན་འབབ། །རྣམ་གྲོལ་འབྲས་བུ་སྤུངས་སེ་སྤུང་། །ཚུལ་ཁྲིམས་དྲི་བསུང་ངད་དང་ལྡན། །ཚངས་པའི་གསུང་སྙན་ཆོས་སྒྲ་སྒྲོག །རྟག་པར་ཆོས་ཀྱི་འཁོར་ལོ་བསྐོར། །བྱང་ཆུབ་ལམ་དེར་ཁྱོད་ཞུགས་ལ། །ཕོ་བྲང་གཞལ་ཡས་འདི་ཟུངས་ཤིག །ཅེས་བརྗོད་ལ་རོལ་མོའི་སྒྲ་དང་བཅས་ཏེ་མཚན་བྱང་དཀྱིལ་འཁོར་གྱི་ཤར་སྒོའི་ནང་དུ་གཟུག་གོ །བཅུ་པ་ལྟ་བས་རྒྱས་གདབ་སྟེ་ཆོས་ཀྱི་དབྱིངས་སུ་ལམ་བསྟན་པ་ནི། ཚེ་འདས་ཀྱི་རླུང་སེམས་རྣམ་པར་ཤེས་པའི་ངོ་བོ་སྙིང་གར་ཡི་གེ་ཨ་ཡིག་དཀར་པོ་འོད་འབར་བ་ཚངས་བུག་ནས་ཏལ་གྱིས་ཐོན། ཡུམ་གསང་བ་ཡེ་ཤེས་ཀྱི་མཁར་བབ། ཡབ་ཡུམ་བདེ་བ་ཆེན་པོའི་སྦྱོར་བས་གཞལ་ཡས་ཁང་འཁོར་དང་བཅས་པ་འོད་དུ་ཞུ་ནས་གཙོ་བོ་ལ་འདུས། གཙོ་བོ་ཡབ་ཡུམ་བྱང་ཆུབ་ཀྱི་སེམས་སུ་ཞུ་ནས་ཐིག་ལེ་དཀར་པོ་དྲི་མ་མེད་པ་ཞིག་ཏུ་གྱུར། དེའང་རིམ་པར་ཡལ་ཏེ་ཆོས་དབྱིངས་སྐྱེ་བ་མེད་པའི་དབྱིངས་སུ་ཐིམ་པར་གྱུར། ཧྲཱིཿ སེམས་ཉིད་ཡེ་སྟོང་ངོ་བོ་ལ། །འགྱུ་དྲན་འཛིན་ཆགས་རང་སར་གྲོལ། །སྐྱེ་འཆི་འཁོར་བའི་མིང་ཡང་མེད། །རང་སེམས་རྣམ་དག་སྤྱོད་ཡུལ་ལ། །ཨ་ནི་སྟོང་དང་མི་སྟོང་གི །དབུ་མ་དམིགས་སུ་ཡོད་མ་ཡིན། །དམིགས་མེད་ཆོས་ཀྱི་དབྱིངས་སུ་ཐིམ་ཧོཿ ཞེས་བརྗོད་ལ་ཀ་དག་སྤྲོས་བྲལ་གྱི་ལྟ་བའི་ངང་ལ་མཉམ་པར་བཞག་གོ །བཅུ་གཅིག་པ་དགེ་བའི་རྩ་བ་བསྔོ་བ་ནི། ཧོཿ ལྷ་དང་སློབ་དཔོན་ཐུགས་རྗེ་ཡིས། །ངན་སོང་འཁོར་བའི་གནས་ནས་ཁྱོད་དྲངས་ཏེ། །མཐོ་རིས་གནས་ཀྱང་མྱ་ངན་འདས། །རྒྱུ་རྐྱེན་རྟེན་འབྲེལ་ཕུན་ཚོགས་པས། །ཚེ་འདས་དོན་ཕྱིར་དགེ་སྤྱོད་གང་། །འགྲོ་རྣམས་དོན་ཕྱིར་ཚེ་འདས་ཉིད། །བླ་མེད་སྙིང་པོའི་ས་གནོན་ཤོག །དཀོན་མཆོག་བདེན་པའི་བྱིན་རླབས་ཀྱིས། །ཚེ་འདས་ངན་སོང་སྒོ་བཀག་ནས། །མཐོ་རིས་བྱང་ཆུབ་ལམ་ཞུགས་ནས། །བླ་མེད་ས་ལ་མྱུར་བགྲོད་དེ། །རྣམ་མཁྱེན་སྐུ་གསུམ་ལྷུན་གྲུབ་ཤོག །ཅེས་སོགས་བསྔོ་སྨོན་རྣམ་པར་དག་པ་ཅི་ལྟར་འོས་པ་བྱའོ། །བཅུ་གཉིས་པ་མཚན་བྱང་བསྲེག་པ་ནི། དཀྱིལ་འཁོར་གྱི་ཤར་ལྷོའམ་སློབ་དཔོན་གྱི་མདུན་དུ་རྣམ་རྒྱལ་བུམ་པའི་ཁར་མེ་ལོང་དང་མར་མེ་བཞག །སྟོང་པའི་ངང་ལས་མར་མེ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་གསལ་བའི་ཞལ་དུ། ཚེ་འདས་ཀྱི་མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིར་སྦྱངས་ཏེ་ཕུལ་བས་སྐུ་གསུམ་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པར་གྱུར། ཡིག་བདུན་ཛཔ྄་དབྱངས་ལན་གསུམ་དང་། ཧཱུྃ། དུག་གསུམ་རྣམ་དག་ཧོམ་ཁུང་དུ། །སྐུ་གསུམ་ཡེ་ཤེས་མེ་སྤར་ཏེ། །ཚེ་འདས་བག་ཆགས་ཕུང་པོ་སྦྱང་། །ལྷ་ལ་ལྷ་ཐིམ་ཡེ་ཤེས་ཆེ། །རང་བྱུང་ཡེ་ཤེས་མངོན་གྱུར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨོཾ་ཨཱཿཧཱུྃ་ཨགྣ་ཡེ་ཛྭ་ལ་རཾ་སྭཱ་ཧཱ། ཛྙཱ་ན་ཛྭ་ལ་རཾ་ཚེ་ལས་འདས་པའི་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད་ལ་བདག་གཞན་མཉམ་ཉིད་ཀྱི་ལྟ་བའི་ངང་ནས་མིང་བྱང་བསྲེགས་ལ་མེ་པྲའང་བརྟག་གོ །བཅུ་གསུམ་པ་སཱཙྪ་གདབ་པ་ནི། བྱང་ཐལ་གྱི་སྟེང་དུ་ཨ་དཀར་པོ་འོད་ཟེར་འཕྲོ་བ་དེ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམ་ལ་ཡིག་བདུན་བཟླ་ཞིང་དྲིའི་ཆུས་སྦྱང་། བསྒྲུབས་པའི་བུམ་ཆུས་འཇིམ་པ་སྦྲུས་ལ་བསང་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་ཕུང་པོར་གྱུར། རྣམ་སྣང་གི་ཐུགས་ཀ་ནས་ཡེ་ཤེས་པ་འོད་ཟེར་གྱི་རྣམ་པར་བཀུག །འཇིམ་པར་ཐིམ་པས་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་གྱུར། ཨོཾ་ཛི་ན་ཛིཀ྄་སྭཱ་ཧཱ། ལན་ཉེར་གཅིག་བརྗོད། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། འཇིམ་པ་བཅད། ཨོཾ་བཛྲོད་བྷ་ཝཱ་ཡ་སྭཱ་ཧཱས་འབི་འབི་བྱ། ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། སྣུམ་བཀུ །ཨོཾ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། བརྐོས་ཕོར་དུ་བཅུག །ཨོཾ་བཛྲ་མུངྒ་ཏེ་ཨཱ་ཀོ་ཊ་ཡ་ཧཱུྃ་གིས་བརྡུང་། ཨོཾ་སརྦ་བིདྱཱ་སྭཱ་ཧཱ། གཟུངས་སམ་མེ་ཏོག་གཞུག །ཨོཾ་དྷརྨཱ་ར་ཏེ་སྭཱ་ཧཱ། ཕྱིར་འདོན། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱས་བཞུགས་སུ་གསོལ། དེ་ཉིད་རྣམ་སྣང་དུ་བསྐྱེད་ལ་ཡེ་ཤེས་པ་དགུག་བསྟིམ། མཆོད་ཅིང་བསྟོད་དེ་རང་གཟུགས་སུ་བསྒྱུར་ནས་མེ་ཏོག་འཐོར་ཞིང་བརྟན་བཞུགས་བྱའོ། །ཆོ་ག་དེ་ལྟར་གྲུབ་ན་ཕན་ཡོན་ཚད་མེད་ཅིང་། ཆོ་ག་མི་འགྲུབ་པར་སཱཙྪ་འདེབས་པ་ལའང་གདབ་པའི་སྐབས་སུ་ཡིག་བདུན་སོགས་གཟུངས་སྔགས་བཟླ་བ་དང་། བཏབ་ཟིན་ནས་རྟོགས་པ་དང་ལྡན་པའི་རྣལ་འབྱོར་པས་རྟེན་སྙིང་གི་མེ་ཏོག་འཐོར་བའི་རབ་ཏུ་གནས་པ་ཙམ་ནི་ངེས་པར་དགོས་སོ། །རྩ་བའི་གསུམ་པ་རྗེས་ཀྱི་བྱ་བ་ནི་ཚོགས་ལ་རོལ་ཞིང་ལྷག་གཏོར་དང་སྲུང་མའི་གཏོར་མ་གཏང་། ཆད་བརྟན། རྟ་བྲོ། མཆོད་བསྟོད་ནོངས་བཤགས་རས་བྲིས་བརྟན་བཞུགས་བསྡུ་ལྡང་དགེ་བསྔོ་བཀྲ་ཤིས་བཅས་ལས་བྱང་གི་དཀྱུས་བཞིན་ཚང་བར་བྱའོ། །ཡང་གསང་རྫོགས་པ་ཆེན་པོའི་རྒྱུད་ཀྱི་དགོངས་པ་ཨོ་རྒྱན་ཆེན་པོས་བཀའ་སྲོལ་མང་དུ་བཀྲལ་པ་ལས། འདིར་གསང་བ་ཡོངས་རྫོགས་ཆེན་པོའི་རྒྱུད་དང་རྒྱ་གཞུང་གི་རྗེས་སུ་འབྲངས་ནས་གཏེར་སྲས་པདྨ་དབང་ཆེན་ཞབས་སོགས་ཀྱིས་ཐུགས་རྗེ་ཆེན་པོ་ཡང་འདུས་ཀྱི་གནས་ལུང་གསལ་བར་མཛད་པ་ཉིད་དམ་པ་སྔ་མ་རྣམས་ཀྱིས་ཚད་ཐུབ་ཏུ་བཞེད་པས་རྩ་བར་བཟུང་། འབྱུང་ཁུངས་དངོས་དང་རང་གཞུང་གི་མན་ངག་ལྟོ་སྦྱར་ཏེ་ལག་ལེན་བདེ་བའི་བསྣོན་འབྲིད་ཀྱི་ལེགས་ཆས་སྤྲས་པ་ཡིན་ཞིང་། ཁམས་ཕྱོགས་དཔེ་རྒྱུན་ལ་ལར་ཡང་འདུས་རང་གཞུང་བདུན་ཚིགས་འདོན་ཆ་ལ་སྟག་བླ་པདྨ་མ་ཏིའི་ཁ་སྐོང་དང་བཅས་པའི་ཡི་གེ་སྣང་ཡང་ཟབ་ཆོས་འདི་འཛིན་པའི་སྐྱེས་མཆོག་རྣམས་ལ་མ་གྲགས་ཤིང་ཚིག་གི་བབས་ཀྱང་སོམ་ཉིའི་གནས་སུ་སྣང་བས་འདིར་མ་སྤྲོས་སོ། །ཅི་བྱ་བརྟོལ་བྲལ་ཡར་མར་ས་མཚམས་ཀྱི། །ལས་ཀྱི་མུན་པར་སྣང་བའི་འོད་པོ་ཆེ། །ཐབས་མཆོག་ཐུགས་རྗེའི་སྒྲོན་འདི་གཞན་ཕན་ལ། །བརྩོན་ལྡན་རྣམས་ཀྱིས་རྟག་ཏུ་སྤར་བར་རིགས། །དེ་སླད་འཇིག་རྟེན་གསུམ་མགོན་བླ་མའི་བཀས། །བསྐུལ་ཏེ་གུས་པས་བྲིས་པའི་དགེ་བ་ཡིས། །འབྲེལ་བ་ཐོགས་ཚད་འཇིག་རྟེན་མགོན་ཉིད་ཀྱིས། །བདེ་ཆེན་ཞིང་དུ་དབུགས་དབྱུང་བསྩལ་གྱུར་ཅིག །ཅེས་པའང་ཆོས་ཀྱི་དབང་ཕྱུག་དཔལ་ལྡན་བླ་མའི་བཀའ་ལུང་གུས་པ་ཆེན་པོས་བསྟི་སྟང་དུ་བྱ་བ་དང་། གཞན་ལའང་ཅུང་ཟད་ཕན་པར་འགྱུར་བ་ལ་ཤ་ཆགས་པའི་བསམ་པས་དགེ་སྦྱོང་གི་རྟགས་ཙམ་འཛིན་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དེ་བཱི་ཀོ་ཊིའི་སྙིང་པོ་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།
བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་མགྱོགས་དབང་བུམ་པའི་རྒྱ་ཅན་བལྟས་ཆོག་ཏུ་བཀོད་པ་དཔལ་ཆེན་གསང་ལམ་ (Volume 15, Text 4)
༄༅། །བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་མགྱོགས་དབང་བུམ་པའི་རྒྱ་ཅན་བལྟས་ཆོག་ཏུ་བཀོད་པ་དཔལ་ཆེན་གསང་ལམ་ཞེས་བྱ་བ་བཞུགས་སོ། ། བླ་མ་དང་དཔལ་ཆེན་ཡེ་ཤེས་ཀློང་དགུའི་འཁོར་ལོ་ལ་ཕྱག་འཚལ་ལོ། །གསང་གསུམ་ཕྲིན་ལས་དང་བཅས་ཕྱག་རྒྱའི་ལྷ། །དཀྱིལ་འཁོར་གཅིག་གི་གསང་བར་ཡོངས་རྫོགས་པ། །འབྲལ་མེད་སྙིང་གི་ཐིག་ལེར་རྟག་བཞུགས་ནས། །འབྲེལ་ཚད་སྨིན་ཅིང་གྲོལ་བའི་དངོས་གྲུབ་སྩོལ། །སྔོན་དུས་དར་ཞིང་རྒྱས་དྲགས་ཀྱང་། །དེང་སང་གཟུགས་བརྙན་ཙམ་ཡང་དཀོན། །གསང་དོན་ཉམས་འོག་ཆུད་མིན་ཀྱང་། །གཅེས་པ་སྙིང་པོར་བཟུང་ནས་དབྱེ། །བདེ་གཤེགས་ཞི་ཁྲོ་སྒྲུབ་པ་བཀའ་བརྒྱད་ཀྱི་སྒྲུབ་ཕྲིན་དབང་བསྐུར་ཐམས་ཅད་ཀྱི་ཡང་སྙིང་གསང་བ་ཡོངས་རྫོགས་དྲིལ་སྒྲུབ་བུམ་པའི་རྒྱ་ཅན་གྱི་དབང་གིས་སྐལ་ལྡན་རྗེས་སུ་བཟུང་བར་སྤྲོ་ན། སྒྲུབ་པ་ཆེན་མོ་དང་འབྲེལ་བའི་ཚེ་བཅས་བཤམ་དེ་གས་འཐུས། གཞན་དུ་རྡུལ་ཚོན་རས་བྲིས་ཚོམ་བུའི་དཀྱིལ་འཁོར་གང་ཡང་རུང་བའི་ཁར། བུམ་པ་བཅུད་ལྡན་མགུལ་ཆིངས་མཐིང་ནག་ཁ་རྒྱན་གཟུངས་རྡོར་དང་བཅས་པའི་མདུན་དུ་དབུ་རྒྱན། གཡས་གཡོན་དུ་རྡོར་དྲིལ། རྒྱབ་ཏུ་ཐོད་པ་བདུད་རྩིས་བཀང་བའི་ཁར་མེ་ལོང་མན་ཤེལ་བཞག་པ་དང་རིག་མའི་གཟུགས་བརྙན། ཁ་རྒྱན་གྱི་གསེབ་བམ་མདུན་ཕྱོགས་སུ་ཞི་བ་རིགས་ལྔ་རིགས་བཞི་དཔལ་དགུ་རྣམས་ཀྱི་སྐུ་ཙཀ །མདུན་དུ་སྨན་གཏོར་རཀྟ། མཐའ་སྐོར་དུ་ཕྱི་མཆོད་བསྐོར་བཤམ་གཡས་སྐོར། ཆས་དབང་རྣམས་ཀྱི་ཙཀ་ལི་དང་ནུས་དབང་བདུད་རྩི། མིག་དར་མེ་ཏོག །སྔོན་གཏོར་ཚོགས་ཀྱི་ཡོ་བྱད་ལ་སོགས་པ་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །དེ་ནས་བརྒྱུད་པའི་གསོལ་འདེབས་དང་། སྔོན་གཏོར་བཏང་བ་ནས་བརྩམ། ལས་བྱང་རིགས་ལྔའི་རྒྱ་ཅན་ལྟར་བདག་མདུན་དབྱེར་མེད་དུ་བསྒྲུབ། བཟླས་པའི་སྐབས་ཛཔ྄་ཁང་ཕྱེས་ལ་བཟླས་དམིགས་སྒྲུབ་སྡེ་སྤྱི་དང་མཚུངས་པ་ལས་སྤྲོ་བསྡུའི་ཁྱད་པར་དང་པོས་སྒོ་གསུམ་གྱི་སྒྲིབ་པ་སྦྱང་། བར་པས་དཀྱིལ་འཁོར་གྱི་ལྷ་ཚོགས་མཆོད་ཅིང་བྱིན་རླབས་བསྡུ། ཐ་མས་ཡུམ་གྱི་མཁའ་ལས་དངོས་གྲུབ་སྡུད་པ་དང་། མཐར་སྟོང་ཚིགས་འབུལ། བུམ་པ་དང་ཐོད་ཞལ་རང་བྱུང་གི་གཞལ་ཡས་ཁང་གི་ནང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཅེས་མོས་ལ་གཟུངས་ཐག་འཇུས་ཏེ་སྔགས་ཚན་སོ་སོ་དང་སྤྱི་དྲིལ་དྲག་སྔགས་སོ་ལྔ་པ་རྣམས་ཀྱི་གཤམ་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བཏགས་པ་ཅི་ནུས་བཟླས་ལ་མཐར། ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་ཞུ་སྟེ་རྡོ་རྗེའི་བདུད་རྩིའི་རང་བཞིན་དུ་གྱུར་པར་མོས། ལས་བུམ་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ་པད་ཉིའི་གདན་ལ་ཧཱུྃ་ལས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་རྒྱ་གྲམ་དང་གཡོན་དྲིལ་བུ་འཛིན་པ། འོད་ཀྱི་ཀློང་དུ་བཞུགས་པའི་ཐུགས་སྲོག་ཧཱུྃ་ལྗང་སྔོན་ལ་སྙིང་པོས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་བུམ་པ་གང་བར་གྱུར། ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ཨ་མྲྀཏེ་ཧཱུྃ་ཕཊ། བརྒྱའམ་ཉེར་གཅིག་བཟླས་ལ་ལྷ་རང་ལ་བསྡུའོ། །དེ་ནས་བཀའ་གཏེར་སྲུང་མའི་གཏོར་འབུལ། ཚོགས་སྐོང་ཞལ་བསྟབ་ཀྱི་བར་དུ་བྱས་ལ་རིག་པའི་མེ་ཏོག་དོར་ཞིང་བདག་ཉིད་དོན་དམ་སྙིང་པོའི་དཀྱིལ་འཁོར་དུ་འཇུག་པར་བྱའོ། །དེ་ནས་དབང་བསྐུར་བ་ལ་རང་གཞུང་ལས་སྡོམ་ཚིག་བཅུའི་སྒོ་ནས་རྒྱས་པར་བསྟན་ཀྱང་། འདིར་བསྐུར་ཐབས་དངོས་གཞི་འཆད་པ་ལ་གཉིས། འཇུག་པའི་ཆོས་དང་། དབང་དངོས་སོ། །དང་པོ་ལའང་ཐུན་མོང་ཕྱིའི་འཇུག་ཆོག །ཐུན་མིན་ནུས་པའི་དབང་ལྔ། བྱིན་རླབས་འབེབས་ཤིང་སྒྲུབ་ལུང་སྦྱིན་པ་གསུམ་དུ་ཡོད་པ་ལས། དང་པོ་ནི། སློབ་མ་རྣམས་ལ་ལས་བུམ་གྱིས་ཁྲུས་བྱ། བགེགས་གཏོར། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ། སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་འགུགས། སརྦ་བིགྷྣཱན་ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ་བཀའ་བསྒོ་བ་ནི། ཧཱུྃ༔ ཡང་དག་དོན་ལ་མི་མོས་པ༔ མི་དང་མི་མིན་ལོག་འདྲེན་བགེགས༔ ལན་ཆགས་གཏོར་མ་འདི་ཁྱེར་ལ༔ གནས་འདིར་ཁོར་ཡུག་ཚུན་ཆད་དུ༔ སྐད་ཅིག་ཙམ་ཡང་འདའ་མ་བྱེད༔ གལ་ཏེ་ང་ཡི་བཀའ་འདས་ན༔ བདེ་གཤེགས་ཁྲོ་བོ་ཀུན་འདུས་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ ཧཱུྃ་བཞིའི་དྲག་སྔགས་ཡུངས་ཐུན་གུ་གུལ་དུད་པ་ཚམ་རྔམ་གྱི་སྦྱོར་བས་བགེགས་བསྐྲད། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་སྲུང་བའི་གུར་ཁང་མེ་རི་མཚོན་ཆ་རྣམ་ལྔ་ཁྲོ་བོའི་ཚོགས་ཀྱིས་གཏམས་པས་བར་ཆད་གང་གིས་ཀྱང་གླགས་མི་རྙེད་པར་གྱུར། ཨོཾ་བཛྲ་ཙཀྲ་ཏཱིག་ན་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ༔ ཞེས་སྲུང་འཁོར་བསྒོམ། མཎྜལ་བཀྱེ་བསྡུ། སེམས་བསྐྱེད་གསལ་བཏབ་ལ། དེའང་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་ཉིད་གདུལ་བྱའི་སྣང་ཚུལ་ཙམ་དུ་དབང་གི་ཆུ་བོ་བཞིའི་བཀའ་བབས། སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་བརྙེས་ཤིང་ཕྱག་རྒྱ་ཆེན་པོའི་མཆོག་གྲུབ། མཐར་ལམ་ལྷུན་གྱིས་གྲུབ་པའི་རིག་པ་འཛིན་པས་རྒྱལ་བ་ཐམས་ཅད་ཀྱི་གསང་བའི་མཛོད་ཆེན་པོ་ལ་རང་དབང་དུ་སྤྱོད་ཅིང་། ངེས་པའི་དོན་དུ་དུས་གསུམ་རྒྱལ་བ་མ་ལུས་པའི་གསང་གསུམ་ཕྲིན་ལས་དང་བཅས་པ་གཅིག་ཏུ་འདུས་པ། དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག །རྒྱུད་ཐམས་ཅད་ཀྱི་སྟོན་པ་པོར་གྱུར་པས་གདུལ་བྱའི་ཡུལ་དང་འཚམ་པའི་ཆོས་སྒོ་ཐུན་མོང་དང་ཐུན་མོང་མ་ཡིན་པ་ནམ་མཁའི་མཐའ་དང་མཉམ་པར་སྤྲོ་བར་མཛད་པ་ཐམས་ཅད་ཀྱི་མཆོག་གསང་སྙིང་པོར་གྱུར་པ། སྒྲུབ་ཆེན་བཀའ་བརྒྱད་ཀྱི་ཆོས་སྐོར་རྣམས་ལས་སྙིང་དང་སྙིང་ཁྲག་སྲོག་གི་དྭངས་མའི་ཚུལ་དུ་གནས་པ་བཀའ་བརྒྱད་རྣམ་པ་གསུམ་ནི་ཆེས་ཁྱད་པར་དུ་འཕགས་པ་སྟེ། དེ་དག་ལས་སྐབས་སུ་བབས་པ་འདི་ནི་ལྷོ་གཏེར་སྨིན་པ་འབྲས་བུ་ལྟ་བུ། དེ་ལས་ཀྱང་ཐུགས་གཏེར་ཆེན་པོ་ལྔའི་ནང་ནས་མཆོག་ཏུ་གྱུར་པ་སྟེ། རྡོ་རྗེའི་གསུང་ལས། མདོར་ན་གཏེར་ཆེན་གཏེར་ཕྲན་ཅི་སྦས་ཀྱང༔ ཀུན་ལས་ཁྱད་དུ་འཕགས་པའི་གཏེར་ཆེན་ལྔ༔ འདི་ལྔ་ལས་འཕགས་གཏེར་ཆོས་བོད་ན་མེད༔ ཅེས་དང་། བླ་མའི་ཐུགས་སྒྲུབ་ཐུགས་དམ་ཁྱད་འཕགས་སྐོར༔ གཙོར་སྟོན་དགོས་པ་ཀུན་འབྱུང་ཐུགས་གཏེར་གཅིག༔ ལྷོ་བྲག་གནམ་སྐས་ཅན་གྱི་བྲག་ལ་མཆིས༔ ཐུགས་གཏེར་ལྔ་ལས་ཁྱད་འཕགས་འདི་ཁོ་ན༔ ཞེས་གསུངས་པ་འདི་ཉིད། གཏེར་སྟོན་ཐམས་ཅད་ཀྱི་རྒྱལ་པོའམ་མཆོག་གཉིས་སུ་གྲགས་པའི་ཡ་གྱལ། འཇམ་མགོན་ཁྲི་ལྡེ་འབྲས་བུ་མཐར་ཕྱིན་པའི་གསུང་གི་རྣམ་འཕྲུལ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གིས་སྤྱན་དྲངས་པའི་ཀླུ་བདུད་ཀྱི་རྐེད་པ་ལས་ཁྱད་འཕགས་སྒྲུབ་ཐབས་བརྒྱ་རྩའི་གཙོ་བོར་བྱོན་པ། རྒྱུད་ལུང་ཉི་ཤུ་སོགས་ཀྱི་དགོངས་བཅུད་སྙིང་པོར་དྲིལ་བ་དཔལ་གསང་བ་འདུས་པ་མན་ངག་གི་རྒྱུད་ཆེན་པོའི་ཉམས་ལེན་གནད་ཀྱི་གཟེར་ཏིག་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཆེན་མོར་གྲགས་པ་སྟེ། བཀའ་རྩིས་ལས། ཞི་ཁྲོ་བཀའ་བརྒྱད་སྒྲུབ་སྐོར་ཆེས་མང་གི༔ ཁྱད་པར་ཡོངས་རྫོགས་དྲིལ་སྒྲུབ་འདི་ན་མཆིས༔ དེ་གང་ཞེ་ན་གསང་བ་ཡོངས་རྫོགས་སྐོར༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ ཞེས་དང་། ཡི་དམ་རྩ་བ་གསང་བ་ཡོངས་རྫོགས་སྒྲུབས༔ དུས་གསུམ་རྒྱལ་བའི་སྤྱི་སྒྲུབ་འདི་ཀ་ཟབ༔ འདི་འཆང་ཨོ་རྒྱན་ང་དང་འབྲལ་བ་མེད༔ རིག་འཛིན་བརྒྱད་འདུ་དམ་ཅན་བྲན་དུ་འཁོལ༔ ཞེས་སོགས་རྒྱ་ཆེར་བསྔགས་པར་མཛད་པ། བརྒྱུད་པ་དྲུག་ལྡན་གྱི་བཀའ་སྲོལ་ལས་བྱོན་ཅིང་རྩ་གསུམ་ཞལ་གྱི་དྲོད་རླངས་མ་ཡལ་བ། སྐལ་ལྡན་ཡར་ཀླུངས་སྤྲུལ་སྐུ་སོགས་སློབ་བརྒྱུད་རྣམས་ལས་རིམ་པར་བྱོན་པའི་སྨིན་བྱེད་ཀྱི་དབང་ལ་རྒྱུད་ལུང་མན་ངག་ཡོངས་རྫོགས་དབང་བཞིའི་ཆུ་བོ་ཆེན་པོ་བནྡྷའི་རྒྱ་ཅན་དང་། ཡོངས་རྫོགས་དྲིལ་སྒྲུབ་ཀྱི་མགྱོགས་དབང་བུམ་པའི་རྒྱ་ཅན་གཉིས་སུ་བཞུགས་པ་ལས་སྐབས་འདིར་ཕྱི་མ་ཉིད་བསྐུར་བ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་གྲུབ། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་གཞུག །བརྡ་སྤྲད་སྤྱི་ལྟར་གྱིས། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མིག་དར་དང་སྔགས་དེ་ཀས་མེ་ཏོག་སྦྱིན། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་དད་མེད་པ་ལ་དད་མོས་དང་ལྡན་པས་ཐལ་མོ་མེ་ཏོག་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧཱུྃ༔ བླ་མ་ཡི་དམ་དགོངས་སུ་གསོལ༔ ཞི་ཁྲོ་བཀའ་བརྒྱད་དཀྱིལ་འཁོར་འདིར༔ བདག་ཅག་དད་པས་འཇུག་པར་འཚལ༔ ཐུགས་རྗེའི་དཀྱིལ་འཁོར་བསྟན་དུ་གསོལ༔ ལན་གསུམ། བླ་མ་དང་མདུན་བསྐྱེད་གསང་བ་ཡོངས་རྫོགས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ཀྱིས་བསྐོར་ཏེ་བཞུགས་པའི་སྤྱན་སྔར་མཁའ་ཁྱབ་ཀྱི་ལུས་ཅན་རྣམས་དང་ལྷན་ཅིག་པར་སྐྱབས་སུ་འགྲོ་ཞིང་སྡིག་པ་བཤགས་པ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་འདུན་པས་་་་་་་་འདིའི་རྗེས་ཟློས། བླ་མ་སངས་རྒྱས་འཁོར་དང་བཅས༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ བླ་མ་དཀོན་མཆོག་རྣམ་གསུམ་པོ༔ བྱང་ཆུབ་མ་ཐོབ་བར་དུ་ནི༔ སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་ནི་བསྐྱེད༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ལན་གསུམ། སྐྱབས་ཡུལ་དེ་དག་གི་སྤྱན་སྔར་རྒྱུད་རྣམ་པར་དག་ཅིང་ཚོགས་རྣམ་པ་གཉིས་སྤེལ་བའི་སླད་དུ་ཡན་ལག་བཅུ་པའི་ཚོགས་གསག་པ་འདིའི་རྗེས་ཟློས། བླ་མ་བདེ་གཤེགས་འཁོར་བཅས་གནས་འདིར་གཤེགས༔ ཉི་ཟླ་པད་གདན་མཛེས་ལ་དགྱེས་པར་བཞུགས༔ བདག་གཞན་འགྲོ་ཀུན་སྒོ་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་སྤྲིན་ཀུན་གྱིས་མཆོད༔ སྔོན་ནས་ད་བར་མི་དགེ་ཅི་བསགས་བཤགས༔ དུས་གསུམ་དགེ་སྤྱོད་མཛད་ལ་ཡི་རང་འབུལ༔ བདག་གཞན་ཡོངས་གྲོལ་ཆོས་འཁོར་བསྐོར་དུ་གསོལ༔ འགྲོ་མགོན་མྱ་ངན་མི་འདའ་བཞུགས་སུ་གསོལ༔ སྒོ་གསུམ་དགེ་སྤྱད་མ་ལུས་བྱང་ཆུབ་བསྔོ༔ མཁའ་མཉམ་འགྲོ་རྣམས་སྐུ་གསུམ་མངོན་གྱུར་ཤོག༔ ལན་གསུམ། རྡོ་རྗེ་ཐེག་པའི་དམ་ཚིག་བསྒྲག་པ་ནི་འདི་ལ་གསན་འཚལ། སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི༔ ད་ལྟ་འདི་རུ་བཅས་པ་བཞིན༔ སྲོག་ལ་བབས་ཀྱང་མ་གཏང་ཞིག༔ རྩ་ལག་དམ་ཚིག་རྟག་པར་སྲུངས༔ ས་མ་ཡ་ཧཱུྃ༔ རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་བཀའ་དྲིན་ཆེ༔ བཀའ་བཞིན་བགྱིད་དོ་དམ་ཚིག་བསྲུང༔ རྟག་ཏུ་ཐུགས་རྗེས་བཟུང་བ་དང༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ས་མ་ཡ་ན་ར་ཀན༔ ཁྱེད་རང་རྣམས་ཀྱི་སྤྱི་བོར་པད་ཟླའི་སྟེང་དུ་རྡོ་རྗེ་སེམས་དཔའ་སྐུ་མདོག་ཤེལ་དཀར་ལྟར་དྭངས་པ་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དེའི་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་ཅན་ཞབས་སེམས་སྐྱིལ་གྱིས་བཞུགས་པའི་ཐུགས་ཀར་ཟླ་བར་ཧཱུྃ་ལ་ཡིག་བརྒྱས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས། ཞབས་ཀྱི་མཐེ་བོང་ནས་ཐོན་སྤྱི་བོར་ཞུགས་ལུས་ཀྱི་ནང་ཐམས་ཅད་གང་བས་ནད་གདོན་སྡིག་སྒྲིབ་ཉེས་ལྟུང་བྱང་བར་བསམས་ལ་ཡི་གེ་བརྒྱ་པ་ཟློས་ཤིག །ཅེས་ཡིག་བརྒྱ་དང་ཡང་སྙིང་ལན་ཁ་ཤས་བཟླར་གཞུག་ཅིང་ལས་བུམ་གྱི་ཆུ་འཐོར། མེ་ཏོག་དོར་བའི་འགྲིམ་དཀྱིལ་འདུ་བྱས་ལ། ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་དེ་ཉིད་ཕོ་བྲང་ཆེན་པོའི་ཤར་སྒོ་ནས་རིགས་ཀྱི་ལྷ་ལ་བབས་པར་ཤོག་ཅིག་པའི་འདུན་པ་དང་ཚིག་འདིའི་རྗེས་ཟློས་ལྷན་ཅིག་པས་ལྷ་ལ་དོར་བའི་མོས་པས་མཎྜལ་དུ་དོར་བར་ཞུ། ཧཱུྃ༔ སྔོན་གྱི་ཚེ་རབས་གྲངས་མེད་ནས༔ དགེ་བའི་སྟོབས་ཀྱིས་བསྙེན་པའི་ལྷ༔ ཡི་དམ་ལྷ་མཆོག་གང་ཡིན་ལ༔ ད་ལྟ་ཉིད་དུ་བབས་པར་ཤོག༔ ཨོཾ་བཛྲ་པྲ་ཏི་གྲྀཧྞ་ཧོ༔ མེ་ཏོག་རེ་ཞིག་བཞག་གོ །མ་རིག་བག་ཉལ་དང་བཅས་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས་ཤིག །སྔོན་གྱི་མིག་མཁན་རྒྱལ་པོ་ཡིས༔ ཐུར་མས་ལིང་ཏོག་བསལ་བ་ལྟར༔ མ་རིག་ལྡོངས་པའི་ལིང་ཏོག་རྣམས༔ རྒྱལ་བའི་དགོངས་པས་བསལ་བར་བྱའོ༔ ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་ཕྱེ། ཧཱུྃ༔ བུ་ཁྱོད་རྩོལ་སེམས་མ་ཆུང་བར༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ འདི་ལ་དད་པ་རབ་ཏུ་སྐྱེད༔ དངོས་གྲུབ་ཐམས་ཅད་འདིས་ཐོབ་འགྱུར༔ ཞེས་བསྐུལ་ནས་དཀྱིལ་འཁོར་བསྟན་པ་ནི། ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་ཕྱི་ནང་མེད་པ་འོད་ཀྱི་རང་བཞིན་གྱི་དབུས་རང་བྱུང་། ཤར་ནས་རིམ་བཞིན་མེ་ལོང་། མཉམ་ཉིད། སོར་རྟོག །བྱ་གྲུབ། ཤར་ལྷོ་ནས་སྟོང་ཉིད། འདའ་ཀ །དབྱིངས་གྲོལ། ཀློང་འགྱུར་ཏེ་ཡེ་ཤེས་དགུ་ལྡན་གྱི་ཕོ་བྲང་གླིང་དགུར་སྒྲུབ་ཆེན་བཀའ་བརྒྱད་རིག་འཛིན་དང་བཅས་པ་དཔལ་ཆེན་རྣམ་པ་དགུའི་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་མངོན་སུམ་བཀྲ་ལམ་མེར་གཟིགས་པའི་མོས་པ་མཛོད་ཅིག །གཉིས་པ་ནི། དེ་ནས་ཐུན་མིན་འཇུག་ཆོག་ནུས་པའི་རྩལ་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས། ཧོ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ གསང་མཆོག་རྫས་ཀྱི་མེ་ཏོག་དོར་ནས་ནི༔ གསང་བའི་དཀྱིལ་འཁོར་མཆོག་བསྙེན་བསྒྲུབ་བྱའི་ཕྱིར༔ རིགས་ལྔ་ནུས་པའི་དབང་མཆོག་བསྐུར་དུ་གསོལ༔ ལན་གསུམ། ཀ་པཱ་ལར་ཆང་དང་ཨ་མྲྀཏ་སྦྱར་བས་སློབ་བུའི་གནས་སོ་སོར་ཐིག་ལེ་བཀོད་པ་དང་ཐིགས་པ་འཐོར་ཏེ། ཁྱེད་རང་རྣམས་ཀྱི་རྣ་བར་བདུད་རྩི་གཏིགས་པས་རིན་ཆེན་རིགས་ཀྱི་དཀྱིལ་འཁོར་རྫོགས་ཏེ་གསང་བ་ཟབ་མོ་ཉན་པའི་སྣོད་དུ་གྱུར་པར་མོས་མཛོད། ཧོ༔ ཉན་བྱེད་འཁོར་ལོའི་གཞལ་ཡས་སུ༔ གསང་བའི་ཐིག་ལེའི་ངོ་བོ་ཉིད༔ ཏྲཱཾ་གི་ཕྱག་རྒྱའི་ཚོགས་མཆོག་ལ༔ རིན་ཆེན་དཀྱིལ་འཁོར་གསལ་སྤྲོ་ཐིམ༔ ཏྲཱཾ༔ གསང་བ་གསང་ཆེན་གསང་མཆོག་ལས༔ སངས་རྒྱས་ཀུན་ལས་མཉན་པར་བྱ༔ གསང་དོན་དེ་ཉིད་རྟོགས་པ་ལས༔ གཞན་དུ་སྨྲ་བར་བྱ་བ་མིན༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ སྙིང་གར་བདུད་རྩི་གཏིགས་པས་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་རྫོགས་ཏེ་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ཟབ་མོ་སྒོམ་པ་ལ་དབང་བར་མོས་ཤིག །ཧོ༔ གསང་བ་འཁོར་ལོའི་གཞལ་ཡས་སུ༔ གསང་བའི་ཐེག་ལེའི་ངོ་བོ་ཉིད༔ ཡི་གེ་ཕྲེང་བའི་ཚོགས་མཆོག་ལས༔ རིགས་ཀྱི་དཀྱིལ་འཁོར་གསལ་སྤྲོ་ཐིམ༔ ཨོཾ༔ དུས་གསུམ་རྒྱལ་བའི་སྲས་ཆེན་པོ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཟུངས༔ རྒྱལ་བ་ཐམས་ཅད་མཉེས་མཆོད་ལ༔ རྒྱལ་བ་ཀུན་དང་མཉམ་པར་སྦྱོར༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ ལག་གཉིས་སུ་བདུད་རྩི་གཏིགས་པས་ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་རྫོགས་ཏེ་ཕྱག་རྒྱ་གར་ལ་སོགས་པ་སྔགས་ཀྱི་ལས་དང་བྱ་བ་ཐམས་ཅད་སྒྲུབ་པའི་ནུས་པ་ཐོབ་པར་མོས་ཤིག །ཧོ༔ ལག་པ་འཁོར་ལོའི་གཞལ་ཡས་སུ༔ གསང་བའི་ཐིག་ལེའི་ངོ་བོ་ཉིད༔ ཧཾ་གི་ཕྱག་རྒྱའི་ཚོགས་མཆོད་ལ༔ ལས་ཀྱི་དཀྱིལ་འཁོར་གསལ་སྤྲོ་ཐིམ༔ ཁྱེད་ནི་རྡོ་རྗེའི་ལས་ཡིན་གྱིས༔ ལས་རྣམས་མ་ལུས་ཀུན་བྱོས་ཤིག༔ ཕོ་ཉ་མང་པོའི་འཕྲོ་འདུ་ཀུན༔ ཁྱོད་ཀྱི་དགོངས་པ་བྱེད་པ་ཡིན༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ ལྕེ་ལ་བདུད་རྩི་གཏིགས་པས་པདྨ་རིགས་ཀྱི་དཀྱིལ་འཁོར་རྫོགས་ཏེ་རྒྱུད་ལུང་མན་ངག་ཟབ་མོ་རྣམས་སྣོད་ལྡན་ལ་འཆད་པའི་དབང་ཐོབ་པར་མོས་ཤིག །ཧོ༔ སྨྲ་བྱེད་འཁོར་ལོའི་གཞལ་ཡས་སུ༔ གསང་བའི་ཐིག་ལེའི་ངོ་བོ་ཉིད༔ ཧྲཱིཿཡི་ཕྱག་རྒྱའི་ཚོགས་མཆོག་ལ༔ ཆོས་ཀྱི་དཀྱིལ་འཁོར་གསལ་སྤྲོ་ཐིམ༔ ཨོཾ༔ ཆོས་ཀྱི་བདུད་རྩི་བླ་མེད་འདིས༔ དད་ལྡན་སྐྱེས་བུ་ངོམས་པར་གྱིས༔ རབ་འབྲིང་ཐ་མའི་བློ་ཅན་ལ༔ མཐུན་པར་གསང་བསྒྲག་གཞན་དུ་མིན༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ གནས་ལྔར་བདུད་རྩི་གཏིགས་པས་བདེ་གཤེགས་རིགས་ཀྱི་དཀྱིལ་འཁོར་རྫོགས་ཏེ་རྡོ་རྗེ་རྒྱལ་པོའི་ཕྲིན་ལས་རབ་འབྱམས་ལ་དབང་སྒྱུར་བའི་ནུས་དབང་ཐོབ་པར་མོས་ཤིག །ཧོ༔ སྐྱེད་བྱེད་འཁོར་ལོའི་གཞལ་ཡས་སུ༔ གསང་བའི་ཐིག་ལེའི་ངོ་བོ་ཉིད༔ ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ་རྣམས་ལས༔ དཀྱིལ་འཁོར་ལྔ་པོ་ཁྲོ་ཕྲེང་བསྒོམ༔ ཨོཾ༔ ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ༔ དཀྱིལ་འཁོར་ཀུན་གྱི་སྦྱིན་བདག་མཆོག༔ དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ རིགས་ལྔའི་པྲོ་གཞུ་སྤྱི་བོར་བཞག་ལ། ནུས་པའི་རྩལ་དབང་ལྔ་ཐོབ་པའི་དབང་རྟགས་སུ་རིགས་ལྔའི་པྲོག་ཞུས་དབུ་ལ་བརྒྱན། སྤྱི་བོར་རྣམ་སྣང་། ལག་པ་གཡས་པར་རྡོར་སེམས། གཡོན་དུ་རིན་འབྱུང་། རྐང་གཡས་སྣང་བ་མཐའ་ཡས། རྐང་པ་གཡོན་དུ་དོན་གྲུབ་རྣམས་ཀྱིས་མཚན་པར་མོས་མཛོད། གསུམ་པ་ནི། དབང་གི་ཡེ་ཤེས་སེང་གེའི་འོ་མ་ལྟ་བུ་མི་གཙང་བ་ལས་གྲུབ་པའི་ཐ་མལ་གྱི་ལུས་རྫ་ཤིང་གི་སྣོད་ལྟ་བུས་མི་ཐུབ་པས་ཐོག་མར་སྣོད་ངན་སྦྱོང་བའི་བྱིན་རླབས་འབེབ་པ་ལ་མོས་འདུན་འདི་བཞིན་དུ་མཛོད་ཅིག །ཁྱེད་རང་རྣམས་ཀྱི་སྤྱི་བོའི་གནས་ལྔར་ཉི་ཟླའི་དཀྱིལ་འཁོར་ལྔའི་སྟེང་དུ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿགསལ་བར་གྱུར། བཛྲ་སཱུརྻ་ཙནྡྲ་ཐ་ཧཱུྃ་ཕཊ༔ ཡི་གེ་རྣམས་ལས་འོད་ཟེར་ལྕགས་སྲེག་གི་ཚྭ་ཚྭ་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་རྒྱུ་ཕ་མའི་ཁམས་ལས་གྲུབ་པའི་མི་གཙང་བ་རྣམས་དང་། ཉམས་ཆག་རྟོག་སྒྲིབ། མ་རིག་བག་ཆགས་དང་བཅས་པ་བྱ་སྒྲོ་མེ་ལ་བསྲེགས་པ་ལྟར་ཐུལ་གྱིས་བསྲེགས་ནས་དག་ཅིང་གཙང་བར་བྱས། མདུན་གྱི་ནམ་མཁར་ཡེ་ཤེས་དཀྱིལ་འཁོར་གྱི་ལྷ་ཚོགས་བླ་མ་རིག་འཛིན་གྲུབ་ཐོབ་བརྒྱུད་པའི་ཚོགས་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པའི་སྐུ་གསུང་ཐུགས་ཀྱི་དབྱིངས་ནས་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་ཡུངས་ཀར་གྱི་འབྲུ་ལྟ་བུ་དཀར་ཤ་ར་ར་བྱོན་ནས་སྤྱི་བོར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་་་་་་་་་་ཤིག །སྤྲོ་ན་བླ་མ་བརྒྱུད་པའི་གསོལ་འདེབས་དང་སྒྲུབ་འབུམ་གྱི་བྱིན་འབེབ་སོགས་བྱ། བསྡུ་ན་ཞི་ཁྲོའི་སྙིང་པོ་རྣམས་ལ། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཏགས་པ་བརྗོད་ཅིང་སྤོས་རོལ་གྱིས་བྱིན་བསྐྱེད་དོ། །དེ་ནས་ལམ་དུས་རྒྱུན་གྱི་དབང་དང་སྨིན་བྱེད་དཀྱུས་མ་ཙམ་ལ་མི་དགོས་ཀྱང་། རྩ་གཞུང་གི་ས་བཅད་ཚང་བར་བྱེད་ན་སྐབས་འདིར་སྒྲུབ་ལུང་འབོགས་པའི་ཕྱག་སྲོལ་སྣང་བས། དེ་ནས་ཡོངས་རྫོགས་ཞི་ཁྲོའི་སྒྲུབ་ལུང་ཞུ་བའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཧོ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་འཁོར་བའི་རྒྱ་མཚོ་ནས༔ བྱང་ཆུབ་སྐམ་སར་བསྒྲལ་བའི་ཕྱིར༔ ཞི་ཁྲོ་ཡོངས་རྫོགས་སྒྲུབ་ལུང་ཞུ༔ ལན་གསུམ། བླ་མས་ལྷ་ལ་ལུང་ཞུ་བ་ནི་ཐལ་སྦྱར་བཅས། ཧོ༔ ཞི་ཁྲོ་ཡོངས་རྫོགས་ལྷ་རྣམས་དགོངས༔ སྐལ་ལྡན་སློབ་མ་འདི་རྣམས་ཀུན༔ འཁོར་བའི་གནས་ནས་བསྒྲལ་བའི་ཕྱིར༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ ཞེས་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་དགྱེས་པས་གནང་བ་བསྩལ་བར་གྱུར། ཞི་ཁྲོ་གསང་བ་ཡོངས་རྫོགས་ལྷ༔ དུས་གསུམ་འགྲོ་སྐྱོབ་འདྲེན་པའི་དཔལ༔ བསྙེན་ཅིང་བསྒྲུབས་ན་དངོས་གྲུབ་ཕྱིར༔ སྣོད་ལྡན་ཁྱོད་ལ་འབོགས་པར་བྱ༔ ཨོཾ་ཨཱཿཧཱུྃ༔ ཞེས་སྒྲུབ་ལུང་རྒྱས་བསྡུས་གང་རུང་བྱ་བར་བཤད་པས་དཀྱུས་སུ་ཡོངས་རྫོགས་དཔལ་ཆེན་གྱི་དྲིལ་སྒྲུབ་ཉིད་ཀློག་པར་སྣང་བས། བདེ་གཤེགས་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་ལོ༔ ཞི་ཁྲོ་བཀའ་བརྒྱད་ཡོངས་སུ་རྫོགས་པའི་ལྷ་དཔལ་ཆེ་མཆོག་ཧེ་རུ་ཀ་བསྒོམ་པར་འདོད་པས༔ རང་ཐ་མལ་པའི་སྙིང་གི་དཀྱིལ་དུ་ཡི་གེ་རཾ་ལས་ཡེ་ཤེས་ཀྱི་མེ་འབར་བས་སྣོད་ཀྱི་འཇིག་རྟེན་དང་ལུས་སོགས་གདོས་བཅས་མ་ལུས་པ་སྦྱངས་པས་སྟོང་པ་ཉིད་དུ་བསམ༔ སྟོང་གསལ་གྱི་ངང་དེ་ཉིད་ལས་ཀུན་ལ་ཁྱབ་པའི་སྙིང་རྗེ་བསྒོམ༔ དེ་ནས་རང་གི་སེམས་ཀྱི་ངོ་བོ་ཡི་གེ་ཧཱུྃ་མཐིང་ནག་གཅིག་ཏུ་བསྒོམ༔ ཧཱུྃ་ལས་འོད་འཕྲོས་པས་བདེ་བར་གཤེགས་པ་མཆོད༔ སེམས་ཅན་གྱི་དོན་བྱས༔ ཚུར་འདུས་འོད་དུ་འབར་བ་ལས་གནས་ཡེ་ཤེས་ཀྱི་གཞལ་ཡས་དུར་ཁྲོད་ཀྱི་དབུས་སུ་གདན་ཉི་མ་ཟླ་བ་པདྨ་ལྷ་དབང་ཕྱུག་ཕོ་མོ་བསྣོལ་བའི་སྟེང་དུ་རང་ཉིད་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་མཐིང་ག་ཞལ་གསུམ་གཡས་དཀར་གཡོན་དམར་དབུས་་་་་་་་མཐིང་ནག་སྤྱན་གསུམ་མཆེ་བ་གཙིགས་པ༔ དབུ་སྐྲ་ཁམ་ནག་རལ་པའི་ཐོར་ཚུགས་ལྔས་བརྒྱན་པ༔ ཕྱག་དྲུག་གི་དང་པོས་རྡོ་རྗེ་རྩེ་དགུ་པ༔ གཡོན་གྱི་དང་པོས་ཐོད་པ་ཁྲག་གིས་གང་བ་དཀྲུགས་པ༔ གཡས་བར་པ་རྡོ་རྗེ་རྩེ་ལྔ་པ༔ འོག་མ་རྡོ་རྗེ་རྩེ་གསུམ་པའོ༔ གཡོན་བར་པ་ཐོད་པ་རློན་པ་སྐྲ་ཅན་ཁྲག་གིས་གང་བ༔ ཐ་མ་ཐོད་པ་ར་རི་ཁྲག་གིས་གང་བའོ༔ ཡུམ་གནམ་ཞལ་དབྱིངས་ཕྱུག་མ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་་གཉིས་པ་ཡབ་ལ་འཁྲིལ་ཞིང༔ གཡས་ཁ་ཊྭཱཾ་བསྣམས་ནས་ཡབ་ལ་འཁྱུད་པ༔ གཡོན་དུང་ཁྲག་ཡབ་ལ་སྟོབ་པ༔ ཡབ་ཡུམ་གཉིས་ཀའི་སྐུ་ལ་དུར་ཁྲོད་ཀྱི་ཆས་གླང་ཆེན་ཀོ་རློན་དང་ཞིང་ལྤགས་ཀྱི་གཡང་གཞི་གསོལ་བ༔ སྟག་གི་པགས་པས་ཤམ་ཐབས་བྱས་པ༔ སྦྲུལ་དང་ཐོད་པའི་ཕྲེང་བས་བརྒྱན་པ༔ ཐལ་ཆེན་གྱི་ཚོམ་བུ་དང༔ ཁྲག་གི་ཐིག་ལེ༔ ཞག་གི་ཟོ་རིས་ཀྱིས་སྐུ་ལ་བརྒྱན་པ༔ རྡོ་རྗེའི་གོ་ཁྲབ་སྐུ་ལ་གསོལ་བ༔ མེ་དཔུང་གི་ཀློང་ན་བཞུགས་པར་བསམ༔ སྐུ་དེའི་སྤྱི་བོར་འཁོར་ལོའི་དཀྱིལ་དུ་ཨོཾ་དཀར་པོ༔ ལྗགས་སྟེང་པདྨའི་དཀྱིལ་དུ་ཨཱཿདམར་པོ༔ ཐུགས་རྡོ་རྗེ་རྒྱ་གྲམ་དཀྱིལ་དུ་ཉི་མའི་དཀྱིལ་འཁོར་གྱི་དཀྱིལ་དུ་ཧཱུྃ་མཐིང་ག་ལ་ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿཅེས་པས་བསྐོར་བར་བསམ༔ སྐུ་གསུང་ཐུགས་ཀྱི་གནས་གསུམ་དུ་ཡིག་འབྲུ་དང༔ ཁྱད་པར་ཐུགས་ཀའི་ཧཱུྃ་དང་སྔགས་ཕྲེང་ལས་འོད་འཕྲོས༔ དུས་གསུམ་གྱི་བདེ་གཤེགས་ལ་མཉེས་པའི་མཆོད་པ་ཕུལ༔ ཁམས་གསུམ་སེམས་ཅན་ཐམས་ཅད་ལ་ཕོག་པས་སྒྲིབ་པ་སྦྱངས་དབང་དུ་བསྡུས༔ དགྲ་བགེགས་གདུག་པ་ཅན་ཐམས་ཅད་ལ་འོད་ཕོག་པས་ཚར་བཅད༔ ཚུར་འདུས༔ རང་གི་ཐུགས་ཀའི་ཧཱུྃ་ལ་འདུས༔ འོད་འབར༔ ཡང་འཕྲོ་འདུའི་དམིགས་པ་བྱ་ཞིང་གོང་གི་རྩ་སྔགས་བརྗོད་པར་བྱ༔ དགྲ་བགེགས་ལ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ ཡང་ན་ཨོཾ་ཨཱཿཧཱུྃ་ཞེས་བརྗོད༔ སྣང་སྲིད་ཀྱི་གཟུགས་ཐམས་ཅད་སྐུར་བསམ༔ སྒྲར་གྲགས་པ་ཐམས་ཅད་སྔགས་སུ་བསམ༔ དྲན་རྟོག་ཐམས་ཅད་རང་ཤར་རང་གྲོལ་ཐུགས་སུ་བསམ༔ དམིགས་མེད་ངང་ལ་བཞག༔ དེ་ལྟར་འཛབ་བཟླས་ལ་བརྩོན་པས་བསྒྲུབས་པས་ལས་རྣམས་ཀུན་འགྲུབ༔ དཔལ་ཆེན་སྐུ་གསུང་ཐུགས་དང་དབྱེར་མེད་དུ་འགྲུབ་བོ༔ ཡོངས་རྫོགས་དཔལ་ཆེན་གྱི་དྲིལ་སྒྲུབ་ཉམས་སུ་བླང་ཐབས་རྫོགས་སོ༔ ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ཞེས་པའི་ལུང་འབོག་གོ །གཉིས་པ་དབང་བསྐུར་བ་དངོས་ནི། དེ་དག་གིས་འཇུག་པའི་ཆོས་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཡན་ལག་དང་བཅས་པ་སོང་། དངོས་གཞི་དབང་བསྐུར་བ་ལ་ཁྱད་པར་ཡེ་ཤེས་ཀྱི་དབང་དང་། ཐུན་མོང་ཐུགས་རྗེའི་དབང་གཉིས་སུ་ཡོད་པའི་དང་པོ་ཞུ་བའི་ཡོན་དུ་མཎྜལ་ཕུལ་བར་ཞུ། དེ་ལ་ཐོག་མར་ཁྱད་པར་ཡེ་ཤེས་ཀྱི་དབང་བསྐུར་བ་ལའང་ཕྱི་ནང་གསང་བ་ཡང་གསང་བླ་མེད་བཞི་རུ་ཡོད་པའི་དང་པོ་རྟེན་འབྲེལ་ཕྱིའི་དབང་བསྐུར་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོཿརྡོ་རྗེ་སློབ་དཔོན་དགོངས༔ བག་ཆགས་འཁོར་བའི་རྒྱ་མཚོ་ནས༔ བླ་མེད་གནས་སུ་བསྒྲལ་བའི་ཕྱིར༔ རྟེན་འབྲེལ་ཕྱི་ཡི་དབང་བསྐུར་སྩོལ༔ ལན་གསུམ། དེ་ནས་ཁྱེད་རང་རྣམས་བྱོལ་སོང་གཙོ་བརྒྱད་པདྨ་ཟླ་ཉི་ལྷ་ཆེན་ཕོ་མོ་ཁ་སྦུབས་གན་རྐྱལ་བསྣོལ་བའི་སྟེང་དུ་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཞལ་གཡས་དཀར་གཡོན་དམར་དབུས་མཐིང་བ་ཞལ་རབ་ཏུ་གདངས་ཤིང་ལྗགས་འདྲིལ་མཆེ་བ་གཙིགས་པ། སྨ་ར་དང་སྨིན་མ་དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། གཡས་གསུམ་རྡོ་རྗེ་མཁའ་ལ་ཕྱར་བས་གནོད་བྱེད་གདོན་བགེགས་ཐལ་བར་རློག་ཅིང་། གཡོན་གསུམ་བདུད་བཞིའི་སྙིང་ཁྲག་གིས་གང་བའི་ཐོད་པ་འཛིན་པ། དཔལ་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཅིང་གར་དགུའི་ཉམས་ལྡན། སྐུ་ལས་འཕྲོས་པའི་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་ཉི་མ་དང་འོད་ཟེར་བཞིན་འཁོར་དང་བཅས་པ་གསལ་བར་གྱུར་པ་ལ། སྔར་ཕུལ་བའི་མེ་ཏོག་དེ་ཉིད་རིགས་ཀྱི་ལྷས་དབང་རྟགས་ཅོད་པན་དུ་བྱིན་གྱིས་བརླབས་ནས་སླར་ཡང་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཅིངས་པར་མོས་ཤིག །ཧཱུྃ༔ ཅོད་པན་འདི་ནི་དཔའ་བའི་རྟགས༔ སྨོན་ལམ་མཐུན་པའི་ལྷས་བྱིན་བརླབས༔ བར་ཆད་ཀུན་གྱིས་མི་ཚུགས་ཤིང༔ འཁོར་བའི་སྐྱོན་གྱིས་མ་གོས་ཤོག༔ རྡོ་རྗེ་ཆེ་མཆོག་འདུས་པ་རྩལ་ནཱམ་ཨ་བྷི་ཥིཉྩ་ཨཱ༔ ཧོ༔ རྡོ་རྗེ་སློབ་མ་ཁྱེད་རྣམས་ལ་ཅོད་པན་མིང་དང་བཅས་པའི་དབང་བསྐུར་པས༔ ཁམས་གསུམ་སྲིད་གསུམ་མཆོག་གསུམ་རྒྱལ་བའི་ཞིང་དུ་ཆོས་ཀྱིས་གྲགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཅེས་གཙུག་ཏུ་གདགས། བུམ་པ་རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་གི་ནང་དུ་རྒྱལ་བ་ཞི་ཁྲོ་ཡོངས་རྫོགས་ཀྱི་ལྷ་ཚོགས་བྱང་ཆུབ་སེམས་ཀྱི་བདུད་རྩིར་ཞུ་བ་ཁྱེད་རང་གི་སྤྱི་བོ་ནས་ཞུགས་པས་སྒོ་གསུམ་གྱི་དྲི་མ་སྦྱངས། རྡོ་རྗེ་གསུམ་གྱི་རྟོགས་པ་རྒྱུད་ལ་སྐྱེས། ཡོན་ཏན་ལྔ་ཕྲག་ལྔ་ལྷུན་གྱིས་རྫོགས་པར་མོས་ཤིག །བུམ་པ་སྤྱི་བོར་བཞག་སྟེ། ཧཱུྃ༔ བུམ་པ་ཆེན་པོའི་གཞལ་ཡས་ན༔ ཞི་ཁྲོ་ཡོངས་རྫོགས་ལྷ་ཚོགས་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལུས་ངག་ཡིད་གསུམ་སྒྲིབ་བྱང་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ བུམ་པའི་དབང་བསྐུར་རྟག་ཏུ་མཛེས་བྱེད་པ༔ དབང་བྱེད་ཡོངས་སུ་རྫོགས་པའི་ཀ་ལཱ་ཤ༔ སྤྱི་བོར་བཞག་པས་པདྨ་རཱ་གའི་མདོག༔ དག་ཅིང་དྲི་མེད་རས་ཀྱི་མགུལ་ཆིངས་དཀྲིས༔ འབྲས་བུ་རྒྱས་པ་ཤིང་གིས་ཁ་བརྒྱན་ཏེ༔ གཟུངས་ཐག་ཁ་དོག་ལྔ་དང་རབ་ལྡན་པ༔ བདུད་རྩིས་ཡོངས་གང་མེ་ཏོག་སྣ་ཚོགས་ལྡན༔ འབྲུ་ལྔ་སྤོས་ལྔ་རིན་ཆེན་སྙིང་པོ་ལྔ༔ སྨན་དར་ལྔ་ལྡན་བུམ་པས་དབང་བསྐུར་བས༔ རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག༔ ཨོཾ་ཀ་ལཱཀྵ་སརྦ་པཉྩ་གུ་ཎ་སིདྡྷི་ཧཱུྃ༔ ཞེས་བུམ་ཆུ་སྦྱིན། བུམ་པ་མཛེས་པའི་རྒྱན་ལྡན་བཅུད་ཀྱིས་བཀང་སྟེ༔ ཡིད་ཀྱི་དཀྱིལ་འཁོར་ལ་བརྟེན་ཏེ་དབང་བསྐུར་པས་དེའི་རང་བཞིན་ཡོན་ཏན་གྱི་དབང་ཐོབ་པར་གྱུར་ཅིག༔ དབུ་རྒྱན་རིགས་ལྔ་རིན་པོ་ཆེའི་ཟེ་པྲོག་ཁང་བུ་ལྔ་པའི་ནང་དུ་དེ་བཞིན་གཤེགས་པ་རིགས་ལྔ་དྭངས་གསལ་སྒྲིབ་མེད་དུ་བཞུགས་པ་འདི་ཉིད་སྤྱི་བོར་བཞག་པས་རིགས་ལྔའི་དངོས་གྲུབ་ཐོབ་པར་མོས་ཤིག །ཧཱུྃ༔ ཟུར་ཕུད་རྩེ་ལྔ་རིན་ཆེན་དབུས༔ ཕྱག་མཚན་ལྔ་ལས་སྙིང་པོར་བཅས༔ རིགས་ལྔའི་རང་བཞིན་དབུར་བརྒྱན་པས༔ སྐུ་ལྔ་ཡེ་ཤེས་ལྔ་ཐོབ་ཤོག༔ ཨོཾ་བཛྲ་གུ་རུ་བུདྡྷ་རཏྣ་པདྨ་ཀརྨ་མུ་ཀུཊ་ཨ་བྷི་ཥིཉྩ་ཨཱ༔ ཞེས་པས་མགོར་བཀོན། ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་ཅིང་ཐབས་ཤེས་ཟུང་འཇུག་གསང་སྔགས་ཀྱི་བརྡས་འགྲོ་དོན་སྤྱོད་པའི་མཐུ་ཐོབ་པར་མོས་ཤིག །ཧཱུྃ༔ ཡེ་ཤེས་ལྔ་ལྡན་རྡོ་རྗེ་དང༔ སངས་རྒྱས་གསུང་དབྱངས་རྗེས་འགྲོ་དྲིལ༔ ཐབས་ཤེས་རང་བཞིན་དབང་བསྐུར་བས༔ ཟུང་འཇུག་ལམ་ལ་སྤྱོད་པར་ཤོག༔ ཨོཾ་བཛྲ་གནྡྷེ་ཨ་ཏི་པ་ཏི་སཏྭཾ་ཨ་བྷི་ཥིཉྩ་ཨཱ༔ ཞེས་རྡོར་དྲིལ་ལག་གཡས་གཡོན་དུ་གཏད་ལ་གསོར་ཞིང་དཀྲོལ་ཏུ་གཞུག །སྨན་རཀ་གཏོར་མ་དམ་ཚིག་གི་རྫས་ཀྱིས་ལྷ་རྣམས་བསྙེན་ཅིང་སྒྲུབ་པ་སོགས་གསང་སྔགས་ཟབ་མོའི་ཐབས་ལ་བརྟེན་ནས་འཁོར་འདས་ཐམས་ཅད་འདོད་ཡོན་ཟག་མེད་ཡེ་ཤེས་ཀྱི་རྣམ་རོལ་ཆེན་པོར་ལོངས་སྤྱོད་པའི་མཐུ་ཐོབ་པར་མོས་ཤིག །ཧཱུྃ༔ སྨན་རཀ་གཏོར་མ་མཆོད་པའི་ཚོགས༔ དམ་རྫས་རྣམས་ཀྱིས་དབང་བསྐུར་བས༔ ལྷ་དང་དམ་ཅན་བརྟེན་མཆོད་དང༔ སྒོམ་བཟླས་ཉན་འཆད་དབང་ཐོབ་ཤོག༔ ཨོཾ་ཨ་མྲྀཏ་བ་ལིཾ་ཏ་རཀྟ་སརྦ་པཉྩ་ཨ་བྷི་ཥིཉྩ་སིདྡྷི་ཨཱ༔ སྨན་རཀ་ལག་གཡས་གཡོན་གཏོར་མ་སྤྱི་བོར་བཞག །དུར་ཁྲོད་ཀྱི་ཆས་བརྒྱད་བཀོན་པས་དཔལ་ཧེ་རུ་ཀའི་གནས་ཐོབ་སྟེ་མ་མོ་དང་མཁའ་འགྲོ་ཡོངས་ཀྱི་རྗེ་བོར་མངའ་སྒྱུར་བར་མོས་ཤིག །ཧཱུྃ༔ ཀོ་རློན་ཞིང་ལྤགས་ཐོད་རློན་དང༔ སྦྲུལ་ཆུན་སྟག་ཤམ་ཐལ་ཆེན་དང༔ རཀྟ་ཞག་གི་ཟོ་རིས་བརྒྱན༔ དཔལ་ཆེན་ཆས་ཀྱི་དབང་ཐོབ་ཤོག༔ ཨོཾ་ཤྲཱི་ཧེ་རུ་ཀ་སརྦ་ཡོ་གི་ནཱི་ཨ་བྷི་ཥིཉྩ་ས་མ་ཡ་ཧཱུྃ་ཨཱ༔ ཞེས་གནས་སོ་སོར་གཏོད་ཚུལ་བྱ། དེ་དག་རྣམས་ཀྱིས་གཞི་དུས་སུ་ནང་དབང་བསྐུར་བའི་སྣོད་དུ་རུང་བ་དང༔ གསང་སྔགས་ཀྱི་བྱ་བ་སྤྱད་པས་གཟུང་འཛིན་གྱི་དྲི་མ་འཁྲུད༔ ལམ་དུས་སུ་ས་བརྒྱད་པ་དང༔ འབྲས་བུ་སྤྲུལ་སྐུ་ཐོབ་པའི་ནུས་པ་བཞག་པ་ཡིན་ནོ༔ གཉིས་པ་བྱིན་རླབས་ནང་གི་དབང་བསྐུར་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོཿརྡོ་རྗེ་སློབ་དཔོན་དགོངས༔ བག་ཆགས་འཁོར་བའི་རྒྱ་མཚོ་ནས༔ བླ་མེད་གནས་སུ་བསྒྲལ་བའི་ཕྱིར༔ བྱིན་རླབས་ནང་གི་དབང་བསྐུར་སྩོལ༔ ལན་གསུམ། ཞི་ཁྲོའི་ཙཀླི་རྣམས་རིམ་པར་ཐོགས་ལ་སོ་སོའི་གནས་དེ་དང་དེ་དག་ཏུ་གཏུགས་པའམ། ཡང་ན་ཐམས་ཅད་སྤྱི་བོར་བཞག་ལ་ཡིད་ཀྱིས་གནས་སོ་སོར་ཐིམ་པར་བསྒོམས་ལ། དཀྱིལ་འཁོར་གྱི་གཙོ་བོ་ལས་རྒྱལ་བ་རིགས་ལྔ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན། ཁྱེད་རང་རྣམས་ཀྱི་སྤྱི་བོའི་གནས་ལྔར་བཞུགས་པར་མོས་ཤིག །ཧཱུྃ༔ རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས༔ རྡོ་རྗེ་དབྱིངས་ཕྱུག་ཡུམ་དང་སྦྱོར༔ གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ རྡོ་རྗེ་ཐུགས་ཀྱི་དབང་ཡང་སྦྱིན༔ བཛྲ་སཏྭ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ རྣམ་པར་སྣང་མཛད་དེ་བཞིན་གཤེགས༔ སངས་རྒྱས་དབྱིངས་ཕྱུག་ཡུམ་དང་སྦྱོར༔ གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ རྡོ་རྗེ་སྐུ་ཡི་དབང་ཡང་སྦྱིན༔ བུདྡྷ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ རིན་ཆེན་འབྱུང་ལྡན་དེ་བཞིན་གཤེགས༔ རིན་ཆེན་དབྱིངས་ཕྱུག་ཡུམ་དང་སྦྱོར༔ གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ ཡོན་ཏན་རྒྱ་མཚོའི་དབང་ཡང་སྦྱིན༔ རཏྣ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ སྣང་བ་མཐའ་ཡས་དེ་བཞིན་གཤེགས༔ པདྨ་དབྱིངས་ཕྱུག་ཡུམ་དང་སྦྱོར༔ གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ གསུང་རབ་རྒྱ་མཚོའི་དབང་ཡང་སྦྱིན༔ པདྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ དོན་ཡོད་གྲུབ་པ་དེ་བཞིན་གཤེགས༔ ལས་ཀྱི་དབྱིངས་ཕྱུག་ཡུམ་དང་སྦྱོར༔ གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ ཕྲིན་ལས་རྒྱ་མཚོའི་དབང་ཐོབ་ཤོག༔ ཀརྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ ཧོ༔ རིགས་ལྔ་ཡབ་ཡུམ་གྱིས་དབང་སྐུར་པས༔ རིགས་ཀྱི་བུ་ཁྱོད་དུག་ལྔ་གནས་སུ་དག་ནས༔ ཡེ་ཤེས་ལྔའི་ངོ་བོ་ལྷུན་གྱིས་གྲུབ་ཅིང་མཐར་ཕྱིན་ནས༔ རིགས་ལྔ་ཡབ་ཡུམ་ལྔའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཞི་བ་རིགས་བཞི་གཉིས་པ་འཕྲོས་ནས་ཁྱེད་རང་རྣམས་ཀྱི་གནས་བཞིར་དྭངས་གསལ་སྒྲིབ་མེད་དུ་བཞུགས་པར་མོས་ཤིག །ཧཱུྃ༔ སྤྱི་བོར་འཇམ་དཔལ་ཡེ་ཤེས་བཞུགས༔ ཕུང་པོའི་བདུད་ལས་རྒྱལ་བར་ཤོག༔ ཧཱུྃ༔ མགྲིན་པར་སྤྱན་རས་གཟིགས་དབང་བཞུགས༔ ལྷ་བུའི་བདུད་ལས་རྒྱལ་བར་ཤོག༔ ཧཱུྃ༔ སྙིང་གར་རྡོ་རྗེ་སེམས་དཔའ་བཞུགས༔ ཉོན་མོངས་བདུད་ལས་རྒྱལ་བར་ཤོག༔ ཧཱུྃ༔ ལྟེ་བར་རྡོ་རྗེ་འཆང་ཆེན་བཞུགས༔ འཆི་བདག་བདུད་ལས་རྒྱལ་བར་ཤོག༔ རྒྱལ་བ་རིགས་བཞིའི་དབང་བསྐུར་བས༔ བདུད་བཞི་རབ་འཇོམས་དབང་ཐོབ་ནས༔ སྐུ་བཞི་ལྷུན་གྱིས་གྲུབ་པར་ཤོག༔ ཨོཾ་ཝཱ་གཱི་ཤྭ་རི་མུཾ༔ ཨཱརྻ་ལོ་ཀེ་ཤྭ་རཱ་ཡ༔ བཛྲ་སཏྭ་ཧཱུྃ༔ མ་ཧཱ་བཛྲ་དྷཱ་ཨ་བྷི་ཥིཉྩ་ཨཱ༔ རྒྱལ་བ་རིགས་བཞིས་དབང་སྐུར་བས་བཙན་པོའི་མཁར་དུ་ཞུགས་པ་ལྟར༔ སྐུ་བཞིའི་བདག་ཉིད་ཆེན་པོ་བདུད་ལས་རྒྱལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དཀྱིལ་འཁོར་དགུའི་ལྷ་ཚོགས་སོ་སོ་ལས་ལྷ་གཉིས་པ་རེ་སྔར་བཞིན་བྱོན་སློབ་མའི་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་ཕྱོགས་མཚམས་བརྒྱད་ལས་ལུས་ཀྱི་གནས་སོ་སོར་གྱེས་པའི་འདབ་མ་སོ་སོ་ལ་ཐིམ་པས་ལྷ་དེ་དང་དེའི་ཡོན་ཏན་་་་དང་ནུས་པ་ཐམས་ཅད་ཐོབ་པར་མོས་ཤིག །ཧཱུྃ༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ མཐིང་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་གསུམ་རྡོ་རྗེ་རྩེ་དགུ་རྩེ་ལྔ་རྩེ་གསུམ་བསྣམས༔ གཡོན་གསུམ་བྷན་དམར་དུང་དམར་ཐོད་ཁྲག་བསྣམས༔ གནམ་ཞལ་ཡུམ་འཁྲིལ་དུར་ཁྲོད་ཆས་རྣམས་རྫོགས༔ རིགས་བཞི་ལ་སོགས་ཆེ་མཆོག་ཡོངས་རྫོགས་ལྷས༔ སྐལ་ལྡན་དབང་བསྐུར་ཡོན་ཏན་ལྷུན་གྲུབ་ཤོག༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ སྤྱི་བོར་བསྟིམ་མོ། །ཧོ༔ དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་སྲས་འཁོར་བཅས་པས་དབང་བསྐུར་བས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པའི་དབང་ཆེན་པོ་ཐོབ་པར་གྱུར་ཅིག༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེ་གཤེད༔ སེར་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་གསུམ་འཁོར་ལོ་རལ་གྲི་དགྲ་སཏྭ་བསྣམས༔ གཡོན་གསུམ་སྡིགས་མཛུབ་མདུང་དང་དུང་དམར་བསྣམས༔ སྦྱོར་སྒྲོལ་ཡུམ་དང་དུར་ཁྲོད་ཆས་རྣམས་རྫོགས༔ རིགས་བཞི་ལ་སོགས་གཤིན་རྗེ་ཡོངས་རྫོགས་ལྷས༔ སྐལ་ལྡན་དབང་བསྐུར་སྐུ་ལྔ་ལྷུན་གྲུབ་ཤོག༔ ཨོཾ་ཧྲཱིཿཥྚིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ དཔྲལ་བར་བསྟིམ་མོ། །ཧོ༔ འཇམ་དཔལ་གཤིན་རྗེ་གཤེད་ཡབ་ཡུམ་སྲས་འཁོར་དང་བཅས་པས་དབང་བསྐུར་བས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་ཡོངས་སུ་རྫོགས་པའི་དབང་ཆེན་པོ་ཐོབ་པར་གྱུར་ཅིག༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་རྟ་མཆོག་དབང་གི་རྒྱལ༔ དམར་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་སྦྲུལ་ཞགས་བསྣམས༔ གཡོན་གསུམ་བྷན་དམར་དྲིལ་བུ་ལྕགས་སྒྲོག་བསྣམས༔ གཟི་ལྡན་ཡུམ་འཁྲིལ་དུར་ཁྲོད་ཆས་རྣམས་རྫོགས༔ རིགས་བཞི་ལ་སོགས་དབང་ཆེན་ཡོངས་རྫོགས་ལྷས༔ སྐལ་ལྡན་དབང་བསྐུར་གསུང་དབྱངས་ལྷུན་གྲུབ་ཤོག༔ ཨོཾ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ མགྲིན་པར་བསྟིམ་མོ། །ཧོ༔ དཔལ་ཆེན་པདྨ་དབང་ཆེན་ཡབ་ཡུམ་སྲས་འཁོར་བཅས་པས་དབང་སྐུར་བས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་ཡོངས་སུ་རྫོགས་པའི་དབང་ཆེན་པོ་ཐོབ་པར་གྱུར་ཅིག༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ཀ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་བསྣམས༔ གཡོན་གསུམ་དྲིལ་བུ་བྷན་དམར་རྒྱུ་ཞགས་བསྣམས༔ ཀྲོ་ཏཱི་ཡུམ་འཁྱུད་དུར་ཁྲོད་ཆས་རྣམས་རྫོགས༔ རིགས་བཞི་ལ་སོགས་ཡང་དག་ཡོངས་རྫོགས་ལྷས༔ སྐལ་ལྡན་དབང་བསྐུར་ཐུགས་མཆོག་ལྷུན་གྲུབ་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ སྙིང་གར་བསྟིམ་མོ། །ཧོ༔ དཔལ་ཆེན་བཛྲ་ཧེ་རུ་ཀ་ཡབ་ཡུམ་སྲས་འཁོར་དང་བཅས་པས་དབང་སྐུར་བས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡོངས་སུ་རྫོགས་པའི་དབང་ཆེན་པོ་ཐོབ་པར་གྱུར་ཅིག༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ༔ ལྗང་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་འགྲད༔ གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་བསྣམས༔ གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་རྩེ་གསུམ་བསྣམས༔ གཡས་གཡོན་མཐའ་གཉིས་རྡོ་རྗེ་ཕུར་པ་འདྲིལ༔ རྒྱས་འདེབས་ཡུམ་འཁྱུད་དུར་ཁྲོད་ཆས་རྣམས་རྫོགས༔ རིགས་བཞི་ལ་སོགས་ཕུར་པ་ཡོངས་རྫོགས་ལྷས༔ སྐལ་ལྡན་དབང་བསྐུར་ཕྲིན་ལས་ལྷུན་གྲུབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ ལྟེ་བར་བསྟིམ་མོ། །ཧོ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས་འཁོར་དང་བཅས་པས་དབང་སྐུར་བས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཡོངས་སུ་རྫོགས་པའི་དབང་ཆེན་པོ་ཐོབ་པར་གྱུར་ཅིག༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་བླ་མེད་ཧེ་རུ་ཀ༔ མཐིང་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་གསུམ་རྡོ་རྗེ་ཁྱུང་ཁྲ་སྦྲུལ་ཞགས་བསྣམས༔ གཡོན་གསུམ་བྷན་དམར་ཞིང་དབྱུག་ག་འུ་བསྣམས༔ ཀུན་བཟང་ཡུམ་འཁྱུད་དུར་ཁྲོད་ཆས་རྣམས་རྫོགས༔ ཡུམ་དྲུག་ལ་སོགས་མ་མོ་ཡོངས་རྫོགས་ལྷས༔ སྐལ་ལྡན་དབང་བསྐུར་མ་མོ་ལྷུན་གྲུབ་ཤོག༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཀྲོ་ཏཱི་ཤྭ་རཱི་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ གསང་གནས་སུ་བསྟིམ་མོ། །ཧོ༔ དཔལ་ཆེན་བླ་མེད་ཧེ་རུ་ཀ་ཡབ་ཡུམ་སྲས་འཁོར་དང་བཅས་པས་དབང་སྐུར་བས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་གཟི་བྱིན་ཡོངས་སུ་རྫོགས་པའི་དབང་ཆེན་པོ་ཐོབ་པར་གྱུར་ཅིག༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་རིག་འཛིན་ཐོད་པ་རྩལ༔ སྐུ་མདོག་མ་ངེས་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་རྡོ་རྗེ་གཡོན་པས་དྲིལ་བུ་བསྣམས༔ ཞབས་གཉིས་བརྐྱང་བསྐུམ་ཞི་དང་ཁྲོ་གར་མཛད༔ རྣལ་འབྱོར་ཡུམ་བཅས་རུས་པའི་རྒྱན་དྲུག་སྤྲས༔ རིག་འཛིན་བཞི་སོགས་རིག་འཛིན་ཡོངས་རྫོགས་ལྷས༔ སྐལ་ལྡན་དབང་བསྐུར་བྱིན་ཆེན་ལྷུན་གྲུབ་ཤོག༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ སྤྱི་བོར་བསྟིམ་མོ། །ཧོ༔ དཔལ་ཆེན་རིག་འཛིན་ཐོད་པ་རྩལ་ཡབ་ཡུམ་སྲས་འཁོར་བཅས་པས་དབང་སྐུར་པས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཆོས་སྒོ་ཡོངས་སུ་རྫོགས་པའི་དབང་ཆེན་པོ་ཐོབ་པར་གྱུར་ཅིག༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་དྲེགས་པ་ཀུན་འདུལ་ནི༔ མཐིང་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་གཡོན་དང་པོ་རྡོ་རྗེས་དུང་ཁྲག་དཀྲུགས༔ གཡས་ཀྱི་འོག་གཉིས་ལྷ་བརྒྱད་མགོ་བོ་བསྣམས༔ གཡོན་གྱི་འོག་གཉིས་ཀླུ་བརྒྱད་མགོ་བོ་བསྣམས༔ སྤྱི་འདུལ་ཡུམ་འཁྱུད་དུར་ཁྲོད་ཆས་རྣམས་རྫོགས༔ རིགས་བཞི་ལ་སོགས་དྲེགས་པ་ཡོངས་རྫོགས་ལྷས༔ སྐལ་ལྡན་དབང་བསྐུར་ཆོས་སྐྱོང་ལྷུན་གྲུབ་ཤོག༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ པུས་མོ་གཡས་སུ་བསྟིམ་མོ། །ཧོ༔ དཔལ་ཆེན་དྲེགས་པ་ཀུན་འདུལ་ཡབ་ཡུམ་སྲས་འཁོར་དང་བཅས་པས་དབང་བསྐུར་པས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་མཐུ་སྟོབས་ཡོངས་སུ་རྫོགས་པའི་དབང་ཆེན་པོ་ཐོབ་པར་གྱུར་ཅིག༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག་པོ་ནི༔ མཐིང་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་གཡོན་དང་པོ་རྡོ་རྗེས་ཐོད་ཁྲག་དཀྲུགས༔ གཡས་གཉིས་ལྷ་བརྒྱད་ཙིཏྟ་རྩ་ནས་བསྣམས༔ གཡོན་གཉིས་ཀླུ་བརྒྱད་ཙིཏྟ་སྒང་ནས་འདྲིལ༔ འབྱུང་ལྔ་ཡུམ་འཁྲིལ་དུར་ཁྲོད་ཆས་རྣམས་རྫོགས༔ རིགས་བཞི་ལ་སོགས་སྔགས་བདག་ཡོངས་རྫོགས་ལྷས༔ སྐལ་ལྡན་དབང་བསྐུར་དགྲ་བགེགས་ཚར་གཅོད་ཤོག༔ ཨོཾ་བཛྲ་སརྦ་དུཥྚཱན་ཨེ་ཛཿབྷྱོཿཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ པུས་མོ་གཡོན་དུ་བསྟིམ་མོ། །ཧོ༔ དཔལ་ཆེན་སྟོབས་ལྡན་ནག་པོ་ཡབ་ཡུམ་སྲས་འཁོར་དང་བཅས་པས་དབང་བསྐུར་པས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྟོབས་ཡོངས་སུ་རྫོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཧཱུྃ༔ སྤྲུལ་པའི་བྱ་ཁྱུང་ག་རུ་ཌ༔ བདེ་གཤེགས་ནུས་མཐུ་རྩལ་ཆེན་རྫོགས༔ ཀླུ་འདུལ་ཁྱུང་ཕོ་ཁྱུང་མོའི་ཚུལ༔ གཙུག་ན་རིན་ཆེན་རྡོ་རྗེའི་མཆུ༔ རལ་གྲིའི་གཤོག་རྒྱས་ལྕགས་ཀྱུའི་སྡེར༔ ཡང་སྤྲུལ་རིགས་ལྔའི་ཁྱུང་ཕྲུག་བསྐོར༔ གདུག་པ་འདུལ་བྱེད་ཁྱུང་དབང་བསྐུར༔ བདེན་པ་དབྱེར་མེད་དོན་རྟོགས་ཤོག༔ ཨོཾ་ཨཱཿཧཱུྃ་ཁྲོཾ་ག་རུ་ཌ་ཧཱུྃ་ཕཊ༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དཔུང་པ་གཉིས་སུ་བསྟིམ་མོ། །ཡེ་ཤེས་སྤྲུལ་པའི་བྱ་ཁྱུང་གིས་དབང་བསྐུར་པས༔ གདུག་པ་ཅན་ཐམས་ཅད་འདུལ་ཞིང་ཀུན་སྙོམས་ཡངས་པ་ཆེན་པོའི་རྩལ་ཆེན་རྫོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ གསུང་བཟླས་པའི་ལུང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་དཔལ་ཆེན་པོའི་སྐུའི་གནས་ཀྱི་ལྷ་རྣམས་ཀྱང་མེ་ལོང་ནང་གི་གཟུགས་བརྙན་བཞིན་སྣང་ལ་རང་བཞིན་མེད་པར་བསམས་པའི་ཐུགས་ཀར་རང་རང་གི་ས་བོན། བླ་མ་དང་གཙོ་བོ་ཐ་མི་དད་པའི་གནས་སོ་སོའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་ཆུ་ལས་ཆུ་བུར་རྡོལ་བ་ལྟར་གཉིས་པ་རེ་ཐོན་ཞལ་ནས་བྱུང་། ཁྱེད་རང་རྣམས་ཀྱི་ཞལ་ནས་ཞུགས་ས་བོན་སོ་སོའི་མཐར་འཁོད་ཅིང་ཐིམ་པ་ལ་བརྟེན་ནས་བྱིན་གྱིས་བརླབས་པར་མོས་ལ་སྔགས་རྣམས་ཀྱི་རྗེས་ཟློས་ལན་གསུམ་རེ་མཛད་པར་ཞུ། སྤྲོ་ན་སྔགས་ཡོངས་རྫོགས་དང་། བསྡུ་ན་དྲིལ་བསྙེན་སོ་ལྔ་པ་རྗེས་ཟློས་ལན་གསུམ་བྱར་གཞུག །མཐར་སྔགས་བྱང་ངམ་ཕྲེང་བ་མགྲིན་པར་བཞག་ལ། ཧཱུྃ༔ གསང་བའི་སྙིང་པོ་འདི་བརྗོད་པས༔ ཞི་ཁྲོ་ཡོངས་རྫོགས་ལྷ་བསྙེན་ཅིང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས༔ མ་ལུས་ལྷུན་གྱིས་གྲུབ་པར་ཤོག༔ སྤྱི་དྲིལ་མཐར། ཨ་བྷི་ཥིཉྩ་ཨཱ༔ ཐུགས་ཏིང་ངེ་འཛིན་སྤྲོས་བྲལ་འོད་གསལ་རིག་སྟོང་ཆོས་ཀྱི་སྐུའི་ངོ་བོར་མཉམ་པར་བཞག་པས། ནམ་མཁའི་ངང་དུ་འབྱུང་བ་བཞི་ཡོངས་སུ་རྫོགས་པ་ལྟར་ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཟི་བརྗིད་མཐུ་སྟོབས་ཐམས་ཅད་ཡོངས་སུ་རྫོགས་པའི་ངེས་ཤེས་སྐྱེད་མཛོད། རྣམ་རྒྱལ་བུམ་ཆུ་སྤྱི་བོར་གཏིགས་ལ། ཧཱུྃ༔ ཐུགས་ལས་རྡོལ་བའི་མན་ངག་གསང་ཆེན་པོ༔ སྤྲོས་བྲལ་ཆོས་སྐུ་སྟོང་གསལ་འཛིན་པ་མེད༔ སྐལ་ལྡན་མཆོག་གི་དངོས་གྲུབ་དམ་པའི་གཟུངས༔ ཐོགས་མེད་མཐུ་མངའ་རྫས་ཆེན་དམ་པ་འདི༔ ཐུགས་ཀྱི་དབང་ཆེན་ཡོངས་སུ་རྫོགས་མཛད་པ༔ གཉིས་མེད་ཐུགས་ཀྱི་དངོས་གྲུབ་ཐོབ་པར་ཤོག༔ སྔགས་གོང་ལྟར་དང་། རྟེན་སྙིང་བརྗོད་ལ་མེ་ཏོག་འཐོར་རོ། །དབང་དེ་དག་གིས་གསང་དབང་གི་སྣོད་དུ་རུང་བ་དང༔ བསྐྱེད་རིམ་ཆ་ཐམས་ཅད་ཉམས་སུ་བླངས་པས་ལུས་སྒྲིབ་དག་སྟེ༔ ལམ་དུས་སུ་ས་དགུ་པ་དང༔ འབྲས་བུ་སྔར་གྱི་ནུས་པ་བརྟན་པར་བྱེད་པ་ཡིན་ནོ༔ གསུམ་པ་ཟབ་མོ་གསང་བའི་དབང་བསྐུར་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བླ་མ་ཡབ་ཡུམ་གསང་བའི་བདག༔ གསང་བའི་དཀྱིལ་འཁོར་བདག་ལ་སྟོན༔ བདེ་བ་ཆེན་པོའི་དངོས་གྲུབ་དོན༔ གསང་བའི་དབང་དེ་བསྐུར་དུ་གསོལ༔ ལན་གསུམ། བླ་མ་དཔལ་ཆེན་པོ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲ་དང་འོད་ཟེར་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། སྤྱི་བོ་ནས་ཞུགས་པས་འདོད་ཆགས་ཆེན་པོའི་མེས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་མཁའ་གསང་ལས་ཕྱུངས་ཏེ་ཐོད་པའི་ཛ་གད་དང་ལྷན་ཅིག་པར་ཁྱེད་རང་རྣམས་ཀྱི་ལྕེ་ལ་བཞག་པས་གསལ་སྟོང་ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་མོས་ཤིག །ཧཱུྃ༔ བླ་མ་ལྷ་ཚོགས་ཡབ་ཡུམ་རྣམས༔ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ སྐལ་ལྡན་ངག་ལ་དབང་བསྐུར་བས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ ཨོཾ་བོ་དྷི་ཙིཏྟ་ཀ་མ་ལ་སིདྡྷི་ཧཱུྃ༔ མ་ཧཱ་སུ་ཁ་ཧོ༔ ཧོ༔ ཡབ་ཡུམ་གཉིས་སུ་མེད་པ་བྱང་ཆུབ་སེམས་ཀྱི་དབང་བསྐུར་པས༔ ཐབས་ཤེས་གཉིས་སུ་མེད་པར་མངའ་འབྱོར་ནས་དབྱིངས་དང་ཡེ་ཤེས་གཉིས་འདུ་འབྲལ་མེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དེ་ལྟར་གསང་དབང་ཐོབ་པས་གསང་ཆེན་བསྐུར་བའི་སྣོད་དུ་རུང་བ་དང༔ སྟེང་སྒོའི་མན་ངག་རིམ་ལྔ་རྩ་རླུང་གཏུམ་མོ་ལ་སོགས་ཉམས་སུ་བླངས་པས་ངག་སྒྲིབ་དག་སྟེ༔ ལམ་དུས་སུ་ས་བཅུ་པ༔ འབྲས་བུ་ལོངས་སྐུ་ཐོབ་པའི་ནུས་པ་བཞག་པའོ༔ གསང་ཆེན་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ གཉིས་མེད་ཡེ་ཤེས་བདེ་ཆེན་པོ༔ མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག༔ རླུང་སེམས་བསྲེ་བའི་ཐབས་ཆེན་པོ༔ འཁོར་ལོ་བདེ་མཆོག་དབང་བསྐུར་སྩོལ༔ ལན་གསུམ། རིག་མ་མཚན་ཉིད་དང་ལྡན་པའི་ལག་གཡོན་ནས་བཟུང་སྟེ་ཁྱེད་རང་རྣམས་ཀྱི་ལག་གཡས་སུ་གཏད་པར་མོས་ཤིག །ཧཱུྃ༔ མཚན་ལྡན་བཀྲ་ཤིས་གཟུང་མ་འདི༔ བསྟེན་ན་གཉིས་མེད་བདེ་ཆེན་སྐྱེད༔ འཁོར་ལོའི་གནས་བཞིར་དབབ་བཟུང་གིས༔ བདེ་ཆེན་ཆོས་ཉིད་རྟོགས་པར་ཤོག༔ ཅེས་བྱིན་པ་ན། གཟུང་མ་བདེ་བའི་རྣམ་འགྱུར་དང་བཅས་ཏེ། ཧོ༔ བདེ་ཆེན་འདོད་པའི་སྐལ་བ་ཅན༔ ང་ཡི་བྷ་ག་ཆོས་ཀྱི་དབྱིངས༔ དུས་གསུམ་རྒྱལ་སྲས་འབྱུང་བའི་གནས༔ ལུས་ཀྱི་དཀྱིལ་འཁོར་བདེ་བ་ཆེ༔ ཨ་ཧོ་སུ་ཁ་བྷཉྫ་མོཀྵ་ཧོ༔ ཞེས་ཐར་པའི་བདེ་བ་བསྟེན་པར་བསྐུལ་ཏེ་པང་དུ་བྱོན་པར་མོས་མཛོད། ཁྱེད་རང་དཔལ་ཆེ་མཆོག་ཧེ་རུ་ཀ་དང་ལས་རྒྱ་གནམ་ཞལ་དབྱིངས་ཕྱུག་མར་གསལ་བའི་ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ལྟེ་བར་ཟླ་བ་ལ་ཨོཾ་གྱིས་མཚན་པ། ཡུམ་གྱི་མཁའ་པཾ་ལས་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཉི་མ་ལ་མཱུཾ་གྱིས་མཚན་པར་བསམས་ནས་སྙོམས་པར་ཞུགས་པའི་སྒྱུ་རྩལ་གྱིས་བྱང་ཆུབ་ཀྱི་སེམས་གཡོས། འཁོར་ལོ་བཞིའི་གནས་སུ་དགའ་བ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ལ་སྔགས་འདི་གསུང་བར་ཞུ། ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་པྲ་ཛྙཱ་ཛྙཱ་ན་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ སླར་ཡང་ཧཱུྃ་གི་སྦྱོར་བས་ཡུམ་གྱི་དྭངས་མ་དང་ལྷན་ཅིག་གྱེན་དུ་དྲངས། ལུགས་ལྡོག་གི་དགའ་བ་བཞི་རིམ་གྱིས་སྤྱི་བོར་བརྟན་པ་ལས་སོ་སོ་རང་རིག་བདེ་སྟོང་སྤྲོས་པ་དང་བྲལ་བའི་ངང་ལ་མཉམ་པར་ཞོག་མཛོད། ཧོ༔ ཤེས་རབ་ཡུམ་གྱི་དབང་ཆེན་གསང་བར་བསྐུར་པས༔ ཐབས་ཤེས་གཉིས་སུ་མེད་པའི་དབང་ཐོབ་སྟེ་དགྱེས་པའི་རོ་བསྟར་བས་ཉོན་མོངས་པ་ཡེ་ཤེས་སུ་ཤར་ནས་ཤེས་རབ་དབྱིངས་ཀྱི་ཡུམ་ལ་དབང་ཐོབ་པར་གྱུར་ཅིག༔ དེ་ལྟར་ཤེར་དབང་ཐོབ་པས་ཡུལ་གསུམ་གསལ༔ དགྲ་གསུམ་སོད༔ བདུད་བཞི་ཆོམ༔ འགྲོ་དྲུག་གི་གཡང་ས་ཆོད༔ སྟེང་འོག་གི་སྒོ་ལ་བརྟེན་པའི་ཐབས་ལམ་ཉམས་སུ་བླངས་པས་སེམས་ཀྱི་སྒྲིབ་པ་དག་སྟེ༔ ལམ་དུས་སུ་ས་བཅུ་གཅིག་དང༔ འབྲས་བུ་ཆོས་སྐུ་ཐོབ་པའི་ནུས་པ་བཞག་པའོ༔ བཞི་པ་ཡང་གསང་སྤྱི་འབྱམས་ཀྱི་དབང་བསྐུར་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ གསང་ཆེན་རོལ་པའི་དཀྱིལ་འཁོར་འདིར༔ བཀའ་དྲིན་བསམས་ནས་བླ་མ་ལ༔ སྒྱུ་སོགས་རབ་སྤངས་མེ་ཏོག་ཕུལ༔ ཡང་དག་སྙིང་པོ་བསྟན་དུ་གསོལ༔ ལན་གསུམ། མེ་ལོང་དྲི་མ་མེད་པ་གཟུགས་བརྙན་གྱི་སྣང་བ་ཅན་དང་མེ་ཤེལ་རྐྱེན་དང་སྤྲད་པ་མིག་ལ་བསྟན། དྲིལ་བུ་དཀྲོལ་ཞིང་རྡོ་རྗེ་མཁའ་ལ་གསོར་བའི་བརྡ་ལ་བརྟེན་ནས། སློབ་མས་སྔར་ཤེར་དབང་གི་དུས་སུ་ཉམས་སུ་མྱོང་བའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོར་མཚོན་པར་གྱིས་ལ་མཉམ་པར་ཞོག་ཅིག །ཧཱུྃ༔ སེམས་ཉིད་གསལ་ལ་འཛིན་རྟོག་མེད༔ ཀ་དག་ལྷུན་གྲུབ་ཡེ་ཤེས་སྐུ༔ གཉིས་མེད་འཛིན་བྲལ་ཐུགས་རྗེའི་གསུང༔ རང་བཞིན་ཡང་དག་རྡོ་རྗེའི་ཐུགས༔ རང་བྱུང་རིག་པར་དབང་བསྐུར་རོ༔ ཡང་དག་ངེས་དོན་རྟོགས་པར་གྱིས༔ ཨོཾ་ཛྙཱ་ན་པཉྩ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ རང་སེམས་ངོ་བོ་སྟོང་པ་ཆོས་སྐུ །རང་བཞིན་གསལ་བ་ལོངས་སྐུ །ཐུགས་རྗེའི་རང་རྩལ་འགག་མེད་དུ་འཆར་བ་སྤྲུལ་པའི་སྐུ །དབྱེར་མེད་ངོ་བོ་ཉིད་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བ། སྟོང་པ་ཉིད་རང་གསལ། གསལ་དུས་ནས་དངོས་པོར་མ་གྲུབ། ཟུང་འཇུག་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངང་ལ་སྒོ་གསུམ་མ་བཅོས་སོར་བཞག་གིས་མཉམ་པར་འཇོག་པར་ཞུ། བཟའ་གཏད་མེད་པའི་ལྟ་བ་ཡིས༔ ཡིན་པ་མེད་པར་རང་ངོ་སྤྲད༔ དམིགས་པ་མེད་པའི་སྒོམ་པ་ཡིས༔ མིན་པ་མེད་པར་ཉམས་སུ་བླང༔ བླང་དོར་མེད་པའི་སྤྱོད་པ་ཡིས༔ ཡིན་མིན་མེད་པར་འགག་ཀྱང་བསྡམ༔ སྤང་ཐོབ་མེད་པའི་འབྲས་བུ་ཡིས༔ རེ་དང་དོགས་པའི་གོལ་ས་བཅད༔ ཅེས་རྡོ་རྗེའི་གསུང་གི་ངེས་དོན་ལམ་དུ་བསླངས་པས་རིག་པ་རྩལ་གྱི་དབང་ཐོབ་པ་ཡིན་ནོ། །ཧོ༔ རིག་པ་ཡེ་ཤེས་ཀྱི་དབང་བསྐུར་པས༔ རང་རིག་སྐུ་གསུམ་ལྷུན་གྲུབ་ཡེ་ཤེས་ལྔ་ལ་ལོངས་སྤྱོད་པར་གྱུར་ཅིག༔ དེ་ལྟར་ཡང་གསང་སྤྱི་འབྱམས་རིག་པ་རྩལ་གྱི་དབང་ཐོབ་པས་དབང་བསྐུར་ཡོངས་སུ་རྫོགས་ཤིང༔ མཐར་ཐུག་རྫོགས་པ་ཆེན་པོའི་དོན་ཁྲིད་ཉམས་སུ་བླང་བ་ལས༔ གཉིས་སྣང་མཚན་མ་ཐམས་ཅད་རང་སར་དག་སྟེ༔ ལམ་དུས་སུ་རྫོགས་ཆེན་ཡེ་ཤེས་བླ་མའི་ས་དང༔ འབྲས་བུ་དབྱེར་མེད་ཀུན་བཟང་ངོ་བོ་ཉིད་སྐུ་ཐོབ་པའི་ནུས་པ་བཞག་པའོ༔ གཉིས་པ་ཐུན་མོང་ཐུགས་རྗེའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོ༔ བླ་མ་རྡོ་རྗེ་སློབ་དཔོན་དགོངས༔ ཐེག་པ་ཡོངས་རྫོགས་ཆོས་རྣམས་ལ༔ དབང་བསྒྱུར་རྒྱལ་ཚབ་སྟོན་པ་རུ༔ དབང་བསྐུར་བདག་ལ་བསྩལ་དུ་གསོལ༔ ལན་གསུམ། སློབ་མ་རྣམས་ཡོན་ཏན་གྱི་ཆུ་ཚོད་དང་འཚམ་པར་མངའ་གསོལ་གྱི་སྤྲོས་པ་དངོས་སུ་བྱ་དགོས་ཀྱང་དཀྱུས་ཀྱི་ལག་ལེན་སྟབས་བདེའི་ཁྱད་དམིགས་པས་ཀྱང་འཐུས་པས་དེ་ལྟར་ན། ཁྱེད་རང་རྣམས་རྡོ་རྗེ་རིན་པོ་ཆེ་ཐེག་པ་ཡོངས་རྫོགས་ཀྱི་ཁྲི་ལ་སངས་རྒྱས་ཐམས་ཅད་ཀྱི་གསང་བ་ཡོངས་སུ་རྫོགས་པའི་དཔལ་ཆེན་པོའི་སྙེམས་པས་འཁོད་པ་ལ་དབང་རྟགས་རིགས་ལྔའི་ཅོད་པན། ཐབས་ཤེས་ཟུང་འཇུག་གི་ཕྱག་རྒྱ། དབྱངས་གསལ་རྒྱུད་ཀྱི་རྩ་བའི་གླེགས་བམ་གཏད་ནས། བདུད་རྩིའི་སྐྱེམས་ཀྱིས་མངའ་གསོལ་བ་ལ་བརྟེན་ཁམས་གསུམ་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་མངའ་དབང་སྒྱུར་བའི་རྡོ་རྗེ་སློབ་དཔོན་གསང་བ་ཀུན་གྱི་བདག་པོའི་གོ་འཕང་ཐོབ་པར་མོས་མཛོད། དབུ་རྒྱན་མགོར་བཀོན། རྡོར་དྲིལ་དང་དབྱངས་གསལ་ལག་ཏུ་སྦྱིན། བདུད་རྩི་དྲངས་ལ། ཧོ༔ ཤེས་རབ་རྣམ་གསུམ་ཡོངས་རྫོགས་པས༔ འདྲེན་པ་བླ་མེད་སྐྱེས་བུར་སྟོན༔ ཐེག་པ་མཐའ་དག་བསྒྲུབ་མཐུ་མངའ༔ ཤེས་རབ་རིག་པའི་མཛོད་ཁང་ཕྱེས༔ ཚངས་པའི་གསུང་དབྱངས་ཀུན་གྱིས་གོ༔ ཆོས་བཀའ་ཐེག་པ་ཡོངས་རྫོགས་སད༔ མ་ལུས་ཀུན་ལ་བཤད་པར་གྱིས༔ ཨོཾ་སརྦ་དྷརྨ་ཨཱ་ལི་ཀཱ་ལི་སྭ་བྷཱ་ཝ་ཨ་བྷི་ཥིཉྩ་ཨཱ༔ དེ་དག་གི་མཐའ་རྟེན་དུ། བསྒྲལ་བའི་དབང་ནི། མདུན་དུ་བྲུབ་ཁུང་དུ་ལིངྒ་བཀོད། ལས་ཕུར་གཏད་ལ། ཧཱུྃ༔ ཕྲིན་ལས་མ་ལུས་འདུས་པའི་རྫས༔ ལྕགས་ཕུར་དྲག་པོའི་ལྷར་གསལ་ནས༔ འདྲིལ་ཞིང་འདེབས་པར་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞི་སྒྲུབ་པར་གྱིས༔ བྲུབ་ཁུང་ཨེ་ལས་དུས་ཀྱི་བཙོན་ཁང་འཇིགས་སུ་རུང་བའི་ནང་དུ་ལིངྒ་དགྲ་བགེགས་གནོད་བྱེད་ཀྱི་གཟུགས་བརྙན་ཇི་ལྟ་བར་གྱུར་པ་ལ། ཨེ་ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་གནོད་བྱེད་ཐམས་ཅད་བཀུག་བཅིངས་བསྡམས་ཤིང་མྱོས་པར་བྱས། ཁྱེད་རང་རྣམས་དཔལ་ཆེན་པོ། ཕྱག་གི་ཕུར་བུ་སྲས་མཆོག་ཀཱི་ལ་ཡ། ལིངྒ་དགྲ་བགེགས་དངོས་སུ་གསལ་བའི་སྙིང་གར་བཏབ་པས་ཚེ་བསོད་ཀྱི་དྭངས་མ་ནྲྀ་བཀྲག་མདངས་དང་ལྡན་པའི་རྣམ་པས་རང་ལ་ཐིམ། རྣམ་ཤེས་ཨ་དཀར་པོའི་རྣམ་པས་ཀུན་བཟང་ཆེ་མཆོག་ཧེ་རུ་ཀའི་ཐུགས་ཀར་འཕངས། གཟུགས་ཕུང་མཚོན་ཆས་གཏུབས་པའི་ཤ་ཁྲག་བདུད་རྩིའི་རང་བཞིན་ཞལ་དུ་བསྟབས་པར་མོས་ཤིག །བྱས་ལ་ལིངྒ་ལ་ཕུར་པ་གདབ་ཏུ་གཞུག་ཅིང་དུམ་བུར་གཏུབས་པ་ཀུན་ལ་བཀྱེའོ། །འདིར་སྤྲོ་ན་དགེ་ལེགས་སུ་བྱེད་པའི་དབང་རྒྱལ་སྲིད་སྣ་བདུན་དང་། བཀྲ་ཤིས་རྟགས་རྫས་རྣམས་བསྐུར་ཚིག་རྒྱས་བསྡུས་གང་ཡང་རུང་བས་བསྐུར་རོ། །རབ་ཏུ་གནས་པའི་ཕྱིར་མེ་ཏོག་རྟེན་སྙིང་གིས་བསྔགས་པ་འཐོར་ལ། དབང་བསྐུར་བའི་བྱིན་རླབས་དངོས་གྲུབ་ཐམས་ཅད་མི་འགྱུར་བརྟན་ཅིང་ཡེ་ཤེས་གོང་དུ་འཕེལ་བའི་བདེན་ཚིག་གི་མེ་ཏོག་བླ་མ་དཀྱིལ་འཁོར་གྱི་ལྷ་དང་རྒྱལ་བ་སྲས་དང་བཅས་པས་འཐོར་བར་མོས་མཛོད། ཧཱུྃ༔ དབང་བསྐུར་བྱིན་རླབས་ཡོངས་རྫོགས་སྲས༔ ལུས་ངག་ཡིད་གསུམ་ལྷར་གྱུར་ཏེ༔ འཁོར་འདས་ཆོས་ལ་དབང་སྒྱུར་བའི༔ དབང་དང་དངོས་གྲུབ་རབ་གནས་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་མ་ཎི་ཤབྡ་དཱིཔྟ་ཡེ་སྭཱ་ཧཱ༔ ཛྭ་ལ་ཛྭ་ལ་དྷརྨ་དྷཱ་ཏུ་གརྦྷེ་མ་ཎི་མ་ཎི་མ་ཧཱ་མ་ཎི་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་མ་ཧཱ་མ་ཎི་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཡེ་དྷརྨཱ་ནས་སྭཱ་ཧཱ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཐིམ་པར་གྱུར་ཅིག༔ གསལ་བར་གྱུར་ཅིག༔ མཆེད་པར་གྱུར་ཅིག༔ འབར་བར་གྱུར་ཅིག༔ རྒྱས་པར་གྱུར་ཅིག༔ དབང་དུ་གྱུར་ཅིག༔ ཧོ༔ སྨིན་འཛོམ་རིག་ནས་རྟོགས་པར་གྱུར་ཅིག༔ སྨིན་འཛོམ་རིག་ནས་བརྟན་པར་གྱུར་ཅིག༔ སྨིན་འཛོམ་རིག་ནས་གྲོལ་བར་གྱུར་ཅིག༔ ཆོས་ཉིད་འགྱུར་བ་མེད་པའི་མཐུས་འགྲུབ་པར་གྱུར་ཅིག༔ གསེར་གྱི་ས་གཞིར་རི་རབ་བཞག་པ་ལྟར་ཡོན་ཏན་ཡོངས་རྫོགས་གཡུང་དྲུང་གི་སྐུ་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་མི་འགྱུར་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ་པར་གྱུར་ཅིག༔ ས་མ་ཡ་ཧོ༔ ཛ་ཡ་ཛ་ཡ་སུ་ཛ་ཡ༔ ཞལ་ཟས་བཟའ་བཏུང་གི་བྱེ་བྲག་སྣ་ཚོགས་པས་མངའ་གསོལ་བར་མོས་ཤིག །ཚོགས་རྫས་བྱིན་ལ། ཧཱུྃ༔ བཟའ་དང་བཅའ་དང་བཏུང་བའི་མཆོག༔ ཁ་མངར་སྐྱུར་རྩུབ་ལན་ཚྭ་སྤོད༔ ཛ་གད་ཟླ་རྒྱས་ཟླ་ཕྲོམ་དང༔ ཚེ་འཛིན་མཱཾ་ས་ཀུན་ཏུ་རྒྱུ༔ འཇམ་དེས་ཛཱ་ཏི་ལ་སོགས་ཏེ༔ འདོད་ལྔའི་ལོངས་སྤྱོད་སྣ་ཚོགས་ལ༔ དུས་རྣམས་ཀུན་ཏུ་ལོངས་སྤྱོད་ཤོག༔ ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀཿཛ༔ ཨ་བྷི་ཥིཉྩ་ཨཱ༔ སརྦ་སིདྡྷི་ཕ་ལ་ཨཱ་བེ་ཤ་ཡ་ཨཱ༔ ཧོ༔ ཞལ་ཟས་ཚོགས་ཀྱིས་དབང་བསྐུར་པས༔ སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས་ཏེ་དུས་རྟག་ཏུ་ལོངས་སྤྱོད་དང་ལྡན་ནས་རོལ་པའི་དབང་དང་ལྡན་པར་གྱུར་ཅིག༔ དེ་དག་གིས་ཐུན་མོང་ཐུགས་རྗེས་འགྲོ་བ་འདྲེན་པའི་དབང་ཐོབ་པས༔ གསང་བའི་བདག་པོ་ཆོས་སྒོ་ཐམས་ཅད་ལ་དབང་བསྐུར་བ་ལྟར་ཆོས་བཀའ་ཡོངས་རྫོགས་བཤད་པ་དང༔ ཕྲིན་ལས་ཐམས་ཅད་ལ་ཐོགས་པ་མེད་པའི་དབང་ཐོབ་པའི་ནུས་པ་བཞག་པ་ཡིན་ནོ༔ དེ་ལྟར་ན་བཀའ་བརྒྱད་གསང་བ་ཡོངས་སུ་རྫོགས་པའི་དོན་དབང་སྙིང་པོའི་བཅུད་དྲིལ་བརྒྱུད་པའི་ཕྱག་བཞེས་ལྟར་ལེགས་པར་བསྐུར་གྲུབ་པ་ཡིན་པས་དེ་དག་གི་གནས་སྐབས་སུ་ཐོབ་ཅིང་ཁས་བླངས་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་དང་སྡོམ་པ་རྣམས་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས། རྡོ་རྗེ་འཛིན་པའི་བཀའ་བཞིན་དུ༔ བདག་ནི་རྩེ་གཅིག་གུས་གདུང་བས༔ མ་ལུས་བདག་གིས་བསྒྲུབ་ལགས་ན༔ བརྩེ་བས་རྗེས་ཟུངས་བྱིན་གྱིས་རློབས༔ ལན་གསུམ། དབང་བཞི་རྫོགས་པར་ཐོབ་པའི་གཏང་རག་གི་མཎྜལ་འབུལ་བ་དང་། དགེ་བསྔོ་བྱས་ནས་སློབ་མ་གྱེས། རྗེས་ཀྱི་བྱ་བ་ཚོགས་ལ་རོལ་བ་ནས་ཤིས་པ་བརྗོད་པའི་བར་ལས་བྱང་ལ་རིགས་མཐུན་གྱིས་ཁ་བསྐངས་པས་ལེགས་པར་གྲུབ་བོ། །བདེ་གཤེགས་སྲས་བཅས་ཀློང་དགུའི་དཀྱིལ་འཁོར་དུ། །གཅིག་སྒྲུབ་སངས་རྒྱས་ཀུན་གྱི་དགོངས་པའི་མཐིལ། །ཨོ་རྒྱན་མཁན་པོའི་ཐུགས་ཀྱི་བརྣག་པ་འདི། །བརྩོན་པས་སྲོག་གི་ཟུངས་སུ་བསྟེན་འཚལ་ལོ། །ནོར་འཁྲུལ་ཉེས་པའི་ཚང་ཚིང་དབང་གྱུར་གྱི། །སྤྱན་ལྡན་ཐུགས་རྗེའི་ཞུགས་ཀྱིས་གཙང་མཛོད་ལ། །ཆོས་འདིའི་ཕྲིན་ལས་རྒྱུན་མི་འཆད་པ་དང་། །ཕྱག་རྒྱའི་འཁོར་ལོ་འགྲུབ་པའི་བྱིན་རླབས་སྩོལ། །ཅེས་པ་འདི་ནི་སྨིན་བྱེད་སྤྱིའི་འགྲིགས་རིམ་གྱིས་རྒྱས་བཀབ་པར་བཞེད་པའང་སྣང་རུང་། རང་གཞུང་ལས་དམིགས་སུ་གསུངས་པའི་དགོངས་དོན་མ་འཁྲུལ་བ་ཆོས་འདི་ཁྱད་པར་དུ་འཛིན་པའི་དམ་པ་རྣམས་ཀྱི་ཕྱག་བཞེས་སོར་བཞག་སྟེ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་དབེན་ཁྲོད་དུ་བསྡེབས་པ་དགེ་ལེགས་འཕེལ།། །།
གསང་འདུས་གཏོར་དབང་གནད་ཀྱི་ཤོག་གཅིག་མར་གྲགས་པ་ (Volume 61, Text 4)
ཨཱོྃ་སྭསྟི། བདེ་ཆེན་ཁྱབ་བདག་ཧེ་རུ་ཀཿ སྟོང་ཉིད་དབྱིངས་ཕྱུག་མར་རོལ་པའི། །སེམས་ཀྱི་རྡོ་རྗེ་ཐོད་ཕྲེང་རྩལ། །དེར་བཏུད་སྒྲུབ་ཐབས་སྙིང་པོ་བཤད། །འདིར་གསང་འདུས་བླ་སྒྲུབ་དང་འབྲེལ་བ་ཐུན་མོང་གི་དབང་བཀའ་གཏོར་དབང་གནད་ཀྱི་ཤོག་གཅིག་མར་གྲགས་པའི་ཚུལ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་ཐབས་དང་། དབང་གི་ཆོ་གའོ། །དང་པོ་ཡོ་བྱད་ཀྱི་བཤམ་ནི། རྡུལ་ཚོན་གྱི་མཎྜལ་བཅས་པའམ། འབྲུ་ཚོམ་པདྨ་འདབ་བཞིའི་རྣམ་པར་བྱས་པའི་སྟེང་དུ། ཀ་པཱ་ལའམ་རིན་པོ་ཆེའི་སྣོད་དུ་གཏོར་མ་རིན་ཆེན་འབར་བ་བཟའ་བཅའ་སྣ་ཚོགས་ཀྱིས་བརྒྱན་པ་ལ་སྐུ་རྟེན་ཙཀླི་དང་དར་གྱི་རྒྱལ་མཚན་བཙུགས་པ་བཀོད། དེའི་གཡས་སུ་སྨན་ཕུད། གཡོན་དུ་རཀྟ། རྒྱབ་ཏུ་བཀའ་སྲུང་གི་གཏོར་མ། གཞན་ཡང་མཆོད་པའི་བྱེ་བྲག་རྣམས་རྒྱས་པར་བཤམ་མོ།། །།གཉིས་པ་དངོས་གཞི་སྒྲུབ་ཐབས་ནི། མཚམས་གཅོད་ནས་གཟུང་བསྟོད་བསྐུལ་ཡན་ཆད་གསང་འདུས་ལས་བྱང་གི་གཞུང་བཞིན་དུ་བྱའོ།། ༈ །།གསུམ་པ་གཏོར་དབང་གི་ཆོ་ག་ནི། བཤམ་དང་སྒྲུབ་མཆོད་སྔར་བཞིན་དང་། ཏིང་ངེ་འཛིན་གྱི་དབང་བླང་བ་རྣམས་བྱའོ། །སློབ་མར་བྱ་བ་ནི། ཁྲུས་བྱས། བགེགས་བསྐྲད། མེ་ཏོག་བཀྱེ་བསྡུ་བྱས་ཏེ་འཁོད་པ་ལ། ཆོས་བཤད་རྒྱས་བསྡུས་ཅི་རིགས་པ་ལས། ཁྱད་པར་ཚེས་བཅུའི་སྐབས་དོན་དང་འབྲེལ་བ་ལྟ་བུ་ལ། ཟླུམ་པོ་བཞི་དབང་གི་མཚམས་སྦྱོར། ང་མཐོང་སངས་རྒྱས་ཐམས་ཅད་མཐོང༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཞེས་གསུངས་པ་ལྟར་གུ་རུ་རིན་པོ་ཆེ་ཉིད་བསྒྲུབས་ཤིང་མཆོད་པས་རྒྱལ་བ་ཐམས་ཅད་བསྒྲུབས་ཤིང་མཆོད་པའི་བསོད་ནམས་ཐོབ་པར་འགྱུར་ལ། དེ་ཉིད་མཆོད་པའི་དུས་ཀྱི་ཁྱད་པར་ནི་ཚེས་བཅུ་ཁོ་ན་ཡིན་ཏེ། སྤྱིར་བདེ་མཆོག་སོགས་རྣལ་འབྱོར་མ་རྒྱུད་རྣམས་ནས་སྡིག་སྒྲིབ་སྦྱོང་བ་དང་དངོས་གྲུབ་སྒྲུབ་པའི་དུས་ཁྱད་པར་ཅན་དུ་གསུངས་པ་ཡང་འདི་ཁོ་ན་ཡིན་པར་བདེ་མཆོག་རྩ་བའི་རྒྱུད་ལས། རང་འདོད་ལས་ལ་རྣལ་འབྱོར་པས། །ཆོ་ག་ཇི་བཞིན་སྦྱིན་པར་བྱ། །མར་གྱི་ངོ་ཡི་ཚེས་བཅུ་དང་། །ཟླ་བ་ཡར་ངོར་གང་གྱུར་ལ། །མྱུར་དུ་འབད་པས་མཆོད་བྱ་སྟེ། །ཞེས་གསུངས་པ་དང་། དེ་ཡང་ཐོག་མར་རྩོམ་པ་ནི་དགུན་ཟླ་འབྲིང་པོའི་ཚེས་བཅུ་ཞིག་ནས་བརྩམ་དགོས་པ་རྣལ་འབྱོར་མ་ཀུན་སྤྱོད་ལས། དགུན་འབྲིང་ལ་སོགས་ཟླ་བ་ཡི། །བཅུ་པ་ལ་ནི་རབ་ཏུ་མཆོད། །ཞེས་པའི་དགུན་འབྲིང་ནི་རྒྱལ་གྱི་ཟླ་བ་སྟེ། རྒྱལ་གྱི་ཟླ་བ་སོགས་བརྩམས་ནས། །བཅུ་པ་ལ་ནི་གུས་པས་མཆོད། །ཞེས་པའང་དུས་དེ་ཉིད་ལོའི་ཐོག་མར་བཞག་པའི་དབང་གིས་ཏེ། མཁའ་འགྲོ་རྒྱ་མཚོར། མ་རིག་ཆུ་སྲིན་རོ་ཧི་ཏ། །ཞེས་ཆུ་སྲིན་གྱི་ཁྱིམ་ནས་རྟེན་འབྲེལ་བཅུ་གཉིས་ཀྱི་དང་པོར་བརྩི་བའི་ཕྱིར་རོ། །དེས་ན་དུས་ཀྱི་ཐོག་མ་དེ་ཉིད་ནས་སོགས་ཁོངས་ཀྱི་འདྲེན་ཚིག་གིས་ཟླ་བ་གཞན་ཐམས་ཅད་ལ་ཡང་མཆོད་པར་གསུངས་པ་ཡིན་ཏེ། ཀུན་མཁྱེན་ཆོས་རྗེས་ཀྱང་། ཚེས་བཅུ་ཡར་ངོ་མར་ངོའི་ཉིན་དང་མཚན། །བསྙེན་སྒྲུབ་ཚོགས་མཆོད་བསྐང་བཤགས་འབད་པར་བྱ། །ཞེས་གསུངས་པས་དུས་དེ་དག་ལ་ཕྱིའི་གནས་ཡུལ་རྣམས་སུ་མཁའ་འགྲོ་རྣམས་རྒྱུ་ཞིང་ནང་དུ་རྩ་རླུང་ཁྱད་པར་ཅན་འདུ་བས་ཉེ་བའི་འདུ་བ་ཞེས་བྱ་བ་ཡིན་ནོ། །དེ་ཡང་ཡར་ངོའི་ཉིན་མོ་དང་མར་ངོའི་མཚན་མོ་ཁྱད་པར་དུ་ཡང་དངོས་གྲུབ་མྱུར་བས་དུས་དེར་བསྙེན་སྒྲུབ་བསྐང་བཤགས་སོགས་ལ་འབད་པར་བྱ་ཞིང་། མཆོད་ཚུལ་ཀྱང་ཀུན་སྤྱོད་ལས། དམ་པའི་སྐྱེ་བོ་ཀུན་འདུས་ལ། །དངོས་པོ་དམ་པ་ཐམས་ཅད་དབུལ། །ཞེས་སོགས་རྒྱ་ཆེར་གསུངས་པར་མ་ཟད། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝ་ཉིད་ཀྱིས་ཞིང་འདིར་ངོ་མཚར་མཛད་པའི་གཙོ་བོ་རགས་པ་རྣམས་བསྟན་པའང་དུས་ཆེན་འདི་ཉིད་ཡིན་པ་དང་། རྗེས་འཇུག་གི་གདུལ་བྱ་རྣམས་ལ་ཐུགས་རྗེའི་གཟིགས་པ་ཁྱད་པར་དུ་འཇུག་པར་ཞལ་གྱིས་འཆེས་པའི་དུས་ཆེན་ཀྱང་འདི་ཉིད་ཡིན་ཏེ། གསང་འདུས་ཐེམས་མེད་ཞལ་གདམས་ལས། དབང་ཆེན་སྤྲེལ་ཟླའི་ཚེས་བཅུ་དང༔ དུས་ཀྱི་ཚེས་བཅུ་ཐམས་ཅད་ལ༔ སྤྲུལ་པ་འཛམ་གླིང་ཁྱབ་པར་འགྱེད༔ མཆོག་ཐུན་དངོས་གྲུབ་ང་ཡིས་སྟེར༔ མི་ཚེ་བླ་མ་སྒྲུབ་པ་ལ༔ བསྐྱལ་ན་ཚེ་ཡི་དུས་བྱས་ཚེ༔ ཨོ་རྒྱན་ང་ཡི་ཐུགས་ཀར་ཐིམ༔ ཞེས་པ་དང་། སྒྲུབ་ཐབས་གང་བྱེད་བསྐྱེད་རིམ་ནི༔ གསལ་བར་སྒོམ་པའི་དུས་ན་ཡང༔ ང་ཉིད་དེ་ཡི་དྲུང་ན་གནས༔ མཎྜལ་མཆོད་རྫས་གཏོར་མ་ཡི༔ བཅའ་གཞི་བཤམ་པའི་དུས་ན་ཡང༔ ང་ཉིད་ཐེ་ཚོམ་མེད་པར་འབྱོན༔ ཞེས་དང་། ཤ་མེད་འོད་ཀྱི་གཟུགས་ཅན་ནི༔ པདྨ་འབྱུང་གནས་སྐུ་རུ་བསྒོམ༔ དེ་དུས་ཆེ་བའི་ང་རྒྱལ་བསྐྱེད༔ སྲོག་གི་སྙིང་པོ་ཐོད་ཕྲེང་རྩལ༔ བྲག་ཁ་དག་ནས་ཆུ་འབབ་བཞིན༔ དྲག་པོ་བར་མཚམས་མེད་པར་སྒྲོངས༔ ང་ཉིད་རང་དབང་མེད་པར་འབྱོན༔ ཨོ་རྒྱན་པདྨ་བདག་ཉིད་ལ༔ མོས་གུས་གདུང་ཤུགས་དྲག་པོ་ཡིས༔ གསོལ་བ་དྲག་ཏུ་བཏབ་པའི་ཚེ༔ ང་ཉིད་དེ་ཡི་དྲུང་དུ་འབྱོན༔ ཞེས་དང་། ལེགས་ཉེས་སྐྱིད་སྡུག་མཐོ་དམན་དང༔ གཤིན་གསོན་ཚེ་འདི་ཕྱི་མ་སོགས༔ གནས་སྐབས་མཐར་ཐུག་ཐམས་ཅད་དུ༔ སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པས༔ བདག་ལ་རེ་ས་གཞན་ན་མེད༔ ཨོ་རྒྱན་མཁྱེན་ནོ་སྙམ་པ་ཡི༔ བློ་ནི་ཡང་ཡང་གཏད་པར་བྱ༔ ཞེས་སོགས་གསུངས་པ་ལས་ཅི་རིགས་པར་བརྗོད་པའི་མཐར། དེ་ལྟར་ཕན་ཡོན་ཆེན་པོ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ དུས་བཟང་ཚེས་བཅུའི་མཆོད་པའི་ཆོ་ག་དང་རྗེས་འབྲེལ་ བླ་སྒྲུབ་ཐུན་མོང་གི་དབང་བཀའ་ཀུན་འདུས་སྒྲོན་མེའམ་གཏོར་དབང་གནད་ཀྱི་ཤོག་གཅིག་མར་གྲགས་པ་འདི་ཉིད་སྒྲུབ་པར་བྱེད་པ་ཡིན་ལ། དེ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་སོགས་ཀྱིས་མཚམས་སྦྱར་ལ། སློབ་མའི་བྱ་བ་མཎྜལ་ཕུལ་ཏེ་ཙཀྵུརྦྷནྡྷས་མིག་དར་བཀབ། ཨཱ་ཁཾ་བཱི་རས་མེ་ཏོག་གཏད་ནས། ཧོ༔ བླ་མ་རྡོ་རྗེ་སློབ་དཔོན་དགོངས༔ རྩ་བ་གསུམ་གྱི་དཀྱིལ་འཁོར་དུ༔ བདག་ཅག་འཇུག་ཅིང་བསྙེན་སྒྲུབ་སྤྲོ༔ གུས་པས་འཇུག་འདོད་བསྟན་དུ་གསོལ༔ གསུམ། སློབ་དཔོན་གྱིས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ རྩ་བ་གསུམ་གྱི་དཀྱིལ་འཁོར་འདིར༔ སེམས་བསྐྱེད་དམ་ལ་མི་གནས་ན༔ བསྟན་ཀྱང་མི་ཐོབ་དེ་བས་ན༔ འདིར་འཇུག་སེམས་བསྐྱེད་དམ་ཚིག་སྲུངས༔ ཞེས་བསྒྲག །སྐྱབས་འགྲོ་སེམས་བསྐྱེད་སྡོམ་པ་གཟུང་བ་རྣམས་གོང་བཞིན་དང་། ཡན་ལག་བཅུ་པ་ནི། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ ལྷུན་གྱིས་གྲུབ་པར་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་བྱས་ལ། ཛཿཧཱུྃ་བཾ་ཧོཿས་ཡོལ་བའི་ནང་དུ་བཅུག །བཛྲ་ཡཀྟ་ཐཾ༔ ཞེས་པས་དམ་ཆུ་བྱིན། དེས་ཀྱང་ས་མ་ཡ་ཨི་དན་ན་ར་ཀན༔ ཞེས་མྱང་། སློབ་མ་ལྷར་གསལ་བའི་སྙིང་གར་ཟླ་བ་ཡཾ་ཡིག་ཧ་རི་ནི་ས་རྣམས་གསལ་བཏབ་ལ། བླ་མ་རིག་འཛིན་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ནས་སློབ་མ་ལ་བསྟིམས་པར་མོས་ཤིང་སྙིང་པོའི་མཐར་ཛྙཱ་ན་ཨཱ་བེ་ཤ་ཡ་ཨཱཿཞེས་པས་ཡེ་ཤེས་ཕབ། བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ མིག་དར་ཕྱེ། པྲ་ཏི་པཱུ་ཛ་ཧོ༔ ཞེས་མེ་ཏོག་འབུལ་ལོ། །གཏོར་དབང་དངོས་གཞི་ལ་གཏོར་མ་ཤེས་པ་གསུམ་ལྡན་དུ་བཤད་པ་སྟེ། དང་པོ་མཆོད་རྫས་སུ་ཤེས་པ། གཉིས་པ་ལྷ་དབང་དུ་ཤེས་པ། གསུམ་པ་དངོས་གྲུབ་ཏུ་ཤེས་པ་དང་གསུམ་གྱི། དང་པོ་ལ་མཚོན་ཚུལ་དང་། བྱིན་རླབས། མཆོད་ཐབས་དང་གསུམ། མཚོན་ཚུལ་ནི་གཏོར་མའི་སྣོད་བཅུད་སྣང་སྲིད་གཞིར་བཞེངས་ཏེ། སྣོད་ལྕགས་རི་མུ་ཁྱུད། གཏོར་མ་རི་རབ་གླིང་བཞི། སྨན་རཀ་རྒྱ་མཚོ་ཆེན་པོ། དམ་རྫས་བཅུད་ཀྱི་སེམས་ཅན། གཏོར་རྒྱན་འདོད་ཡོན་གྱི་ལྷ་མོ་ཀུན་བཟང་མཆོད་སྤྲིན་ཆེན་པོར་མཚོན་པའོ། །གཉིས་པ་བྱིན་རླབས་དང་གསུམ་པ་མཆོད་ཐབས་ནི་སློབ་དཔོན་གྱིས་སྔོན་དུ་བྱས་པས་ཁྱབ། གཉིས་པ་ལྷ་དབང་དུ་ཤེས་པ་ལ། བསྐྱེད་པ། མཆོད་པ། དབང་བསྐུར་བ་གསུམ་ལས། དང་པོ་བསྐྱེད་པ་ནི། སླར་ཡང་གསལ་འདེབས་པ་སྟེ། གཏོར་མ་འབྱུང་ལྔ་རིམ་བརྩེགས་རིན་ཆེན་འབར་བའི་གཞལ་ཡས་ཁང་གི་དབུས་སུ་པདྨ་ཉི་ཟླའི་གདན་ལ་བླ་མ་རྡོ་རྗེ་འཆང་མཐིང་ག་རྡོ་རྗེ་དང་དྲིལ་བུ་འཛིན་པ། རྣལ་འབྱོར་མ་དམར་གསལ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་སྤྲས་པའི་ཡབ་ཀྱི་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་རྣམས་སུ་ཨཱོྃ་དཀར་པོ་ཨཱཿདམར་པོ་ཧཱུྃ་མཐིང་ག་ཧྲཱིཿདམར་སེར་རྣམས་ཀྱིས་མཚན་པར་བསམ་མོ། །གཉིས་པ་མཆོད་པ་ནི། གཏོར་མའི་ལྷ་ལ་ཕྱི་ནང་གསང་བའི་མཆོད་པ་རྣམས་སྤྲོས་ལ། གུ་རུ་དེ་བ་ཌཱ་ཀི་ནཱི་བཛྲ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱཱ། ཤབྡ་པཱུ་ཛ་ཧོཿ གུ་རུ་དེ་བ་ཌཱ་ཀི་ནཱི་མ་ཧཱ་པཉྩ་པཱུ་ཛ་ཧོཿ གུ་རུ་དེ་བ་ཌཱ་ཀི་ནཱི་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་པཱུ་ཛ་ཧོཿ ཞེས་མཆོད། གསུམ་པ་དབང་བསྐུར་བ་དངོས་ལ་ཞུ་ཡུལ་ཞུ་མཁན་སྐུར་ཐོབ་དངོས་དང་གསུམ་ལས། ཞུ་ཡུལ་ནི་བླ་མ་རྡོ་རྗེ་འཆང་ཨོ་རྒྱན་དངོས་སུ་མོས་པའོ། །ཞུ་མཁན་ནི་སློབ་མ་དཔའ་བོ་རྟ་མགྲིན་དུ་གསལ་བའི་གནས་བཞིར་ཨཱོྃ་ཨཱཿཧཱུྃ་ཧྲཱིཿཞེས་པས་མཚན་པར་བསམ་པའོ། །བསྐུར་ཐོབ་དངོས་ནི་མཎྜལ་ཕུལ་ལ། རྡོ་རྗེ་སློབ་དཔོན་འདྲེན་པའི་གཙོ༔ བདག་ཅག་ལས་འཕྲོ་སྐལ་བར་ལྡན༔ རང་གཞན་དོན་ཀུན་བསྒྲུབ་བྱའི་ཕྱིར༔ དབང་ཆེན་ཡོངས་རྫོགས་བསྐུར་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་གདབ། དབང་ནི་རྫས་དབང་ལུས་ལ་བསྐུར་བ། ཚིག་དབང་རྣ་བར་བླུག་པ། ཆོས་དབང་སེམས་ལ་བསྟིམ་པ། དབང་དོན་ངོ་སྤྲད་པ་དང་བཞི་ལས། དང་པོ་ནི་གཏོར་མ་གནས་བཞིར་བཞག་ནས་དམ་རྫས་སྟེར་བར་འགྱུར་བ་ཉིད་ཡིན། གཉིས་པ་ཚིག་དབང་རྣ་བར་བླུག་པ་ནི་བསྒྲག་ཚིག་གསན་པས་ཁྱབ། གསུམ་པ་ཆོས་དབང་སེམས་ལ་བསྟིམ་པ་ནི་གཏོར་མ་གནས་བཞིར་བཞག་ཚེ་གཏོར་མའི་ལྷའི་གནས་བཞིའི་ཡིག་འབྲུ་བཞི་ལས་དེ་འདྲ་བའི་ཡིག་འབྲུ་བཞི་འཕྲོས། སློབ་མའི་ལུས་ཀྱི་ས་བོན་བཞི་ལ་གསལ་བར་ཆགས་པས་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པར་མོས་སུ་བཅུག་ལ། ཨེ་མ་ཧོ༔ ངོ་མཚར་རྨད་དུ་བྱུང་བའི་དབང༔ བླ་མ་རྣམས་དང་གཅིག་པ་ལ༔ ཡི་དམ་ལྷ་དང་དབྱེར་མེད་ཅིང༔ མཁའ་འགྲོ་དབང་དུ་བསྡུ་བའི་ཕྱིར༔ དམ་རྫས་གཏོར་མའི་དབང་བསྐུར་བས༔ རྩ་བ་གསུམ་གྱི་བྱིན་རླབས་ཀྱིས༔ སྐུ་གསུང་ཐུགས་དབང་ཡོངས་རྫོགས་པ། །སྐལ་ལྡན་འདི་ལ་བསྐུར་ཐོབ་ཤོག༔ རྩ་སྔགས་ཀྱི་མཐར་གུ་རུ་དེ་བ་ཌཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་ཧྲཱི༔ ཀཱ་ཡ་ཝཱ་ཀ་ཙིཏྟ་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་དབང་བསྐུར་ཏེ། མཐར་གཏོར་མའི་བླ་མ་ཉིད་སློབ་བུའི་སྤྱི་བོར་བྱོན་ནས་འབྲལ་མེད་དུ་བཞུགས་པར་བསམ་ཞིང་། ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བཟླ་སྟེ། བླ་མ་རྒྱལ་བ་རྒྱ་མཚོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་དངོས་གྲུབ་ཐོབ་པ་ཡིན་ནོ། །བཞི་པ་དབང་དོན་ངོ་སྤྲད་པ་ནི་གཏོར་ཆེན་གནས་བཞིར་བཞག་སྟེ་དབང་བསྐུར་པས། དབང་བཞི་ཐོབ། ལམ་བཞི་སྒོམ་པར་ནུས། སྒྲིབ་པ་བཞི་བྱང་། དངོས་གྲུབ་རྣམ་པ་བཞི་ཐོབ། ས་བོན་བཞི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གནས་པས་དབང་བཞིར་ངེས་པ་བསྐྱེད། སྣང་གྲགས་ཐམས་ཅད་དག་པའི་སྣང་བར་རྒྱས་ཐེབས། སྐུ་བཞི་ཐོབ་པའི་རྟེན་འབྲེལ་འགྲིག །དེ་ལྟར་དབང་ཞུ་ཡུལ་ཞུ་མཁན་བསྐུར་ཐོབ་ཐམས་ཅད་རང་སེམས་རིག་པའི་ཆོ་འཕྲུལ་འཛིན་མེད་ཁྱབ་བརྡལ་ཆེན་པོར་རང་གྲོལ་བ་ནི་གཏོར་མའི་བརྡ་དོན་དུ་ངེས་པར་བྱ་སྟེ་གཏོར་ཆེན་ལྟེ་བར་འཇོག་པ་དང་འབྲེལ་བ་ཡིན་ནོ། །གསུམ་པ་གཏོར་མ་དངོས་གྲུབ་ཏུ་ཤེས་པ་ལ་དངོས་དང་རྗེས་གཉིས་ལས། དང་པོ་དངོས་ལ་རྫས་དང་དམིགས་པ་སྔགས་གསུམ་ལས། དང་པོ་རྫས་ནི་གཏོར་མ་དངོས་གྲུབ་ཀྱི་བཟའ་བ་དང་བཅས་པ་གཡས་དང་། བཏུང་བ་བདུད་རྩིའི་ཀ་པཱ་ལ་གཡོན་དུ་བཀོད་པའོ། །གཉིས་པ་དམིགས་པ་ནི་རང་རིག་ལས་མཆོད་ཡུལ་ལོགས་སུ་མེད་པར་ཐག་བཅད་ནས། བདག་ཉིད་ལྷར་གསལ་བའི་སྤྱི་བོར་བླ་མ། རྩ་ཁམས་དཔའ་བོ་རྣལ་འབྱོར་མར་དག་པས། གཏོར་མ་དངོས་གྲུབ་བདུད་རྩིར་འཁྱིལ་པ་དེ་རོལ་པས་དངོས་གྲུབ་རྣམ་གཉིས་ཐོབ་པར་བསམ་པའོ། །གསུམ་པ་སྔགས་ནི། ཨཱོྃ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ་ཨ་ལ་ལ་ཧོ༔ ཞེས་ལན་གསུམ་བརྗོད་དེ་རོལ་ལོ། །གཉིས་པ་རྗེས་བརྒྱུད་པ་གཏོད་པ་ནི། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས༔ ཁྱོད་ཀྱིས་འགྲོ་བ་འདུལ་བར་གྱིས༔ དེ་ལྟར་དབང་བསྐུར་པ་ཐོབ་པའི་དུས་འདི་ཕྱིན་ཆད་རྒྱལ་བའི་གདུང་འཚོབ་སྟེ་རྒྱལ་བའི་སྲས་སུ་གྱུར་པས་འགྲོ་བའི་དོན་གྱིས་ཤིག་པར་གདམས་ལ། རྗེས་སློབ་མས་དམ་ཚིག་ཁས་བླང་མཎྜལ་ཡོན་འབུལ་རྣམས་བྱས་ལ། གཏོར་མ་གཏོང་བ། གཏང་རག་གི་མཆོད་བསྟོད་བཟོད་གསོལ་ཉེར་བསྡུ། སྨོན་ལམ་ཤིས་བརྗོད་རྣམས་བྱའོ། །འདི་ནི་དབང་རང་རྐྱ་ཐུབ་པར་བསྐུར་བའི་ལུགས་སུ་བྱས་པ་ཡིན་ལ། ཚེས་བཅུའི་དངོས་གྲུབ་ལེན་པ་དང་འབྲེལ་ཆགས་སུ་བྱེད་པ་ལ་ནི་མཚམས་སྦྱོར་སྐབས་སུ་གང་བབས་ནས་གཏོར་དབང་དངོས་གཞིའི་གཏོར་མ་ཤེས་པ་གསུམ་ལྡན་དུ་བཤད་པ་མན་ཆད་འབྲེལ་བསྡེབས་ནས་ཞུས་པས་ཆོག་གོ །པད་གླིང་ནོར་རྒྱམ་རབ་འབྱམས་བཀའ་དབང་དང་ཡང་ལྷ་སྔགས་ཚིག་དོན་མཚུངས་པའི་ཕྱིར་བརྒྱུད་པ་གཉིས་འདྲེས་སུ་འགྱུར་རོ། །མི་འ༵གྱུར་ཟག་མེ༵ད་མཆོག་གི་དངོས། །བདེ་ཆེན་རྡོ༵་རྗེ༵་འཛིན་དབང་སར། །འཁྲིད་བྱེད་བླ་སྒྲུབ་སྙིང་པོའི་བཅུད། །གནམ་སྐས་ཟབ་གཏེར་གདམས་པ་འོ། །བླ་མ་གསང་བ་འདུས་པའི་ཐུན་མོང་གི་དབང་བཀའ་གཏོར་དབང་གནད་ཀྱི་ཤོག་གཅིག་མར་གྲགས་པའི་ལེ་ཚན་ནོ།། །།
ཚེ་སྒྲུབ་བཻ་རོའི་ཐུགས་ཏིག་གསང་བའི་རྒྱ་ཅན་ (Volume 40, Text 4)
ྈ ཚེ་སྒྲུབ་བཻ་རོའི་ཐུགས་ཏིག་གསང་བའི་རྒྱ་ཅན་བཞུགས་སོ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་ཕྱག་འཚལ་ལོ༔ སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་དཔལ་བསམ་ཡས་མཆིམས་ཕུ་བྲེ་གུའི་ཀེའུ་ཚང་ན་བཞུགས་པའི་སྐབས༔ ལོ་ཙཱ་བ་བཻ་རོ་ཙ་ན་འཁོར་ཡུག་འོད་གསལ་གྱི་ངང་དུ་མཉམ་པར་བཞག་པའི་སྤྱན་སྔར་ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱིས་མཆིས་ཏེ་གསེར་གྱི་མཎྜལ་ཕུལ་ནས་ཚེ་སྒྲུབ་ཀྱི་གདམས་པ་ཟབ་ལ་འདྲིལ་བ་ཞིག་ཞུས་པས་འདི་གནང་ངོ༔ ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ གཡུང་དྲུང་ཚེ་ཉིད་བསྒྲུབ་འདོད་ན༔ མ་རྡལ་མདའ་གང་གྲུ་བཞི་པ༔ སྨན་དང་སྤོས་ཀྱིས་ཆག་ཆག་གདབ༔ ཚེ་ཡི་ཕོ་བྲང་ཟླ་གམ་དབུས༔ གཏའ་ཆེན་བདུད་རྩི་ཚེ་འབྲང་དང༔ དངོས་གྲུབ་ཚོགས་རྫས་མཆོད་པ་བཤམ༔ ཡུལ་ས་གཞི་བདག་དབང་དུ་བསྡུ༔ གཏོར་མ་བྱིན་ལ་བཀའ་བསྒོ་བཅོལ༔ བགེགས་བསྐྲད་མཚམས་གཅད་ཏིང་འཛིན་གསལ༔ དེ་ནས་རིག་འཛིན་ཚེ་ཡི་ལྷར༔ གུས་པས་ཕྱག་འཚལ་སྐྱབས་འགྲོ་བྱ༔ བསྭོ་ཨཱོྃ༔ དཀོན་མཆོག་གསུམ་གྱི་ངོ་བོ་ཉིད༔ གཡུང་དྲུང་ཚེ་ཡི་ལྷ་ཚོགས་ལ༔ ཕྱག་འཚལ་སྐྱབས་མཆི་གསོལ་བ་འདེབས༔ འགྲོ་བའི་དོན་ཕྱིར་འཆི་མེད་བསྒྲུབ༔ ཨ་ཨ་ཨ༔ ཨ་ནི་བོན་ཉིད་སྐྱེ་བ་མེད༔ ཨ་ལས་ཨཱོྃ་འཕྲོས་ཧཱུྃ་ལ་ཐིམ༔ སངས་རྒྱས་སེམས་དཔའ་རིག་འཛིན་དང༔ སྣོད་བཅུད་དྭངས་མ་ཐམས་ཅད་བསྡུས༔ བདག་མདུན་སྐད་ཅིག་དྲན་རྫོགས་སུ༔ འཆི་མེད་དྲན་པ་ཚེ་དབང་རྩལ༔ ཕྱག་གཡས་གཡུང་དྲུང་ཐུགས་ཀར་གཏོད༔ གཡོན་པས་མཉམ་གཞག་ཚེ་བུམ་འཛིན༔ འོད་ལྡན་ཡེ་ཤེས་ཙན་དྷ་ལཱི༔ པདྨ་ཚེ་བུམ་བསྣམས་པས་འཁྲིལ༔ གཉིས་ཀ་དར་དང་རཏ་ནས་བརྒྱན༔ མེ་ཏོག་དམར་པོའི་དོ་ཤལ་འཕྱང༔ པད་ཟླ་ཉི་མའི་དབུས་ན་བཞུགས༔ སྲོག་རྩ་ལྕགས་ཀྱི་སྦུ་གུའི་དབུས༔ གཡུང་དྲུང་དམར་གསལ་ནྲྀ་ཡིས་མཚན༔ ཁོག་པར་ཨ་དཀར་འོད་ལྔ་འཕྲོས༔ དེ་ལས་འོད་ཟེར་ཡར་འཕྲོས་པས༔ དབྱིངས་ནས་ཡེ་ཤེས་སྤྱན་དྲངས་ཐིམ༔ བསྭོ་ཨཱོྃ་ཁོད་སྤུངས་རཏ་ན་ཚེ་ནྲྀ་ཛཿབྷྲཱུྃ༔ སྔགས་ཀྱི་ཟེར་དང་གཟི་བརྗིད་ཀྱིས༔ བླ་མ་ཡི་དམ་མཁའ་འགྲོ་དང༔ རིག་འཛིན་དྲང་སྲོང་ཚེ་ཡི་བདག༔ འཇིག་རྟེན་འབྱུང་བའི་དྭངས་མ་ཀུན༔ བདུད་རྩིར་བསྡུས་ནས་ཚངས་བུག་བརྒྱུད༔ དབུ་མའི་ནང་ཞུགས་ལུས་ཀུན་གང༔ ལུས་ནི་འཆི་མེད་གཞའ་ཚོན་སྐུ༔ ངག་ནི་གཞོམ་མེད་སྔགས་ཀྱི་གསུང༔ ཡིད་ནི་འཕོ་མེད་ཨ་ཡི་ཐུགས༔ མ་བཅོས་མ་བསླད་སྐྱེ་འཆི་བྲལ༔ གཡུང་དྲུང་སྐུ་གསུང་ཐུགས་སུ་གྱུར༔ བཟླས་བརྗོད་བསྙེན་པ་ཐུན་བཞིར་འབུལ༔ མཆོད་ཅིང་བསྟོད་ལ་གསོལ་བ་གདབ༔ མདུན་གྱི་བླ་མ་རང་ལ་བསྟིམ༔ རང་སེམས་སྐྱེ་མེད་ངང་དུ་བཞག༔ དེ་ཚེ་བོན་རྣམས་ཐམས་ཅད་ཀུན༔ སེམས་སྣང་ཡིན་ཏེ་རྨི་ལམ་འདྲ༔ སེམས་ཉིད་ཅི་ཡང་མ་ཡིན་པར༔ ཅིར་ཡང་འཆར་ཏེ་གཞའ་ཚོན་འདྲ༔ ངོ་བོ་སྟོང་པ་བོན་གྱི་སྐུ༔ རང་བཞིན་གསལ་བ་རྫོགས་པའི་སྐུ༔ ཐུགས་རྗེའི་རྩལ་སྣང་སྤྲུལ་པའི་སྐུ༔ སྐུ་གསུམ་ཡེ་ནས་རང་ལ་གནས༔ མི་འགྱུར་འཕོ་མེད་བརྡལ་བ་ཆེ༔ འདི་ནི་རྒྱུ་རྐྱེན་ལས་འདས་ཕྱིར༔ ས་ཡིས་མི་ནོན་ཆུས་མི་ཞིག༔ མེས་བསྲེག་རླུང་གིས་གཏོར་དུ་མེད༔ སྐྱེ་མེད་གནས་མེད་འགག་པ་མེད༔ འཆི་འཕོ་ཐམས་ཅད་རྣམ་རྟོག་སྟེ༔ རྟོག་མེད་གཉུག་མའི་དོན་མཐོང་ནས༔ གོམས་པ་ཀློང་དུ་གྱུར་པ་ན༔ འཆི་མེད་དྲན་པ་ཚེ་འདིར་འགྲུབ༔ གཞན་ལ་ཚེ་དབང་སྦྱིན་པ་ནི༔ སྣོད་ལྡན་ངེས་པར་ཁྲུས་ནས་དབྱུང༔ མཚམས་བཅད་སྐྱབས་འགྲོ་གསོལ་འདེབས་བྱ༔ ཚེ་འབྲང་ལྷར་གསལ་སྤྱི་བོར་བཞག༔ གདུང་བའི་དབྱངས་ཀྱིས་གསོལ་བ་གདབ༔ བསྭོ་ཨཱོྃ༔ རང་བྱུང་ཁྱུང་ལུང་དངུལ་མཁར་ནས༔ འཆི་མེད་དྲན་པ་ཚེ་དབང་རྩལ༔ སྔོན་གྱི་ཐུགས་དམ་རྗེས་དགོངས་ལ༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ སྔགས་དང་བཅས་པས་རྒྱུད་བསྐུལ་བས༔ ཚེ་བཅུད་ཕྱག་གི་བུམ་པར་བསྡུས༔ དེ་ལས་རྒྱུན་བབས་དབང་བསྐུར་བསམ༔ ཚེ་རྫས་དངོས་གྲུབ་ཞལ་ཟས་སྦྱིན༔ བསྭོ་ཨཱོྃ༔ གཏའ་ཆེན་བདུད་རྩི་སྨན་གྱི་མཚོ༔ ར་སཱ་ཡཱ་ནཾ་ཚེ་ཡི་རྫས༔ སྐལ་ལྡན་བུ་ལ་སྦྱིན་པ་ཡིས༔ རྩ་རླུང་བྱང་སེམས་འཕེལ་བར་ཤོག༔ བསྭོ་ཨཱོྃ༔ དངོས་གྲུབ་ཚོགས་ཀྱི་ལོངས་སྤྱོད་འདི༔ ཚེ་ཡི་བདུད་རྩིར་བྱིན་བརླབས་ནས༔ སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ འཆི་མེད་རིག་འཛིན་འགྲུབ་པར་ཤོག༔ དེ་ནས་ཚེ་བསྟིམ་རྒྱས་གདབ་ནི༔ ཨ༔ སྤྲོས་པས་སྣང་སྲིད་ཁྱབ་པའི་ཚེ༔ བསྡུས་པས་ཐིག་ལེ་ཉག་གཅིག་དབྱིངས༔ འཆི་མེད་གཡུང་དྲུང་ཕྱག་རྒྱས་གདབ༔ མི་འགྱུར་མི་ཤིགས་སྐྱེ་འཆི་བྲལ༔ ཨ་ཨ་ཨ༔ བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར༔ བསྭོ་ཨཱོྃ༔ ན་མོ༔ འཆི་མེད་དྲན་པ་ཡབ་སྲས་སོགས་རྩ་བ་དང་བརྒྱུད་པར་བཅས་པའི་དབོན་སྲས་བླ་མ་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས༔ རིགས་ཀྱི་བུ་འདི་རྣམས་ཚེ་ཉི་ཟླ་དང་མཉམ་པར་གྱུར་ཅིག༔ སྲོག་གཡུང་དྲུང་ལྟར་བརྟན་པར་གྱུར་ཅིག༔ ནད་མེད་ལང་ཚོའི་མཆོག་དང་ལྡན་པར་གྱུར་ཅིག༔ ལོངས་སྤྱོད་ཆུ་བོའི་རྒྱུན་ལྟར་རིང་བར་གྱུར་ཅིག༔ མཐར་ཐུག་རིག་རྩལ་འཆི་མེད་ཐིག་ལེ་ཆེན་པོའི་ཀློང་དུ་གྲོལ་བར་གྱུར་ཅིག༔ ཅེས་བརྗོད་དགའ་སྟོན་ཚོགས་འཁོར་བྱ༔ བདུད་རྩི་སྨན་གྱི་བཅུད་ལེན་ནི༔ དབང་པོའི་ལག་པ་རམ་མཉེ་བ༔ ཆ་མཉམ་བཅུད་ལྡན་འོ་མར་བསྡུ༔ བུར་སྦྲང་སྦྱར་ལ་རིལ་བུ་ནི༔ ལུག་རིལ་ཙམ་དྲིལ་ཐོད་པར་བླུག༔ ལྷར་གསལ་ཚེ་བཅུད་བསྡུ་ཞིང་བསྟིམ༔ སྔགས་ཀྱི་ཤམ་བུར་འདི་བཏགས་བསྙེན༔ ཨཱོྃ་བྲུཾ་ཨཱཿབྲུཾ་ཧཱུྃ་བྲུཾ་ཧྲཱིཿབྲུཾ་ཏྲཱཾ་བྲུཾ་ར་སཱ་ཡཱ་ནཾ་ཚེ་བྲུཾ༔ འབུམ་ཕྲག་བཟླས་པས་བྱིན་གྱིས་བརླབ༔ ལྷ་ཉིད་འོད་ཞུ་རིལ་བུར་བསམ༔ རགས་པའི་བཟའ་བཏུང་སྤངས་བྱས་ཏེ༔ ཞག་བདུན་བརྟེན་པས་བདེ་དྲོད་འཕེལ༔ གཉིས་ཀྱིས་ངག་ནུས་ཕྱོགས་མེད་འབར༔ བདུན་གསུམ་བརྟེན་པས་ཡེ་ཤེས་འཆར༔ ཟླ་བ་གཅིག་ཏུ་བརྟེན་པ་ཡིས༔ ཚེ་རིང་ནད་མེད་རྒས་པ་བྲལ༔ དེ་ནས་ཡུན་དུ་བརྟེན་པ་ཡིས༔ སྨན་གྱི་ནུས་པ་འཆང་བའི་ལྷ༔ རིག་འཛིན་ཚེ་ཉིད་ངེས་པར་འགྲུབ༔ དེ་ཚེ་གེགས་སེལ་བོགས་འདོན་དུ༔ བླ་མ་བསྒོམ་ཞིང་གསོལ་བ་གདབ༔ ལུས་གནད་རླུང་སྦྱོར་རྒྱུན་མི་གཅད༔ སྐབས་སུ་འབེབ་དང་འཕྲུལ་འཁོར་བྱ༔ ཆགས་མེད་ཞེན་མེད་རི་ཁྲོད་འགྲིམ༔ བློ་བདེའི་མལ་དུ་དངོས་གྲུབ་རྙེད༔ ཅེས་གསུངས་སོ༔ ཡང་ཞུས་པ༔ འདི་ལྟ་བུའི་ཟབ་དོན་འདི་ད་ལྟ་སྤེལ་ལམ་གཏེར་དུ་སྦ༔ ཞེས་གསོལ་པས༔ བཻ་རོ་བདག་གི་ཐུགས་ཐིག་འདི༔ ད་ལྟ་སྤེལ་བའི་དུས་མིན་གྱི༔ རང་ཉམས་མཐར་དབྱུང་སྨོན་ལམ་བཅས༔ བོན་ཉིད་དབྱིངས་སུ་ཕྱག་རྒྱས་ཐོབས༔ ནམ་ཞིག་ཁྱོད་ཀྱི་སྐྱེ་བའི་མཐའ༔ གཡུང་དྲུང་འབྱུང་གནས་རྩལ་དང་འཕྲད༔ རང་གཞན་འགའ་ཡི་དོན་དུ་འགྱུར༔ ཤིན་ཏུ་གསང་བས་དངོས་གྲུབ་ཐོབ༔ ཅེས་གསུངས་སོ༔ ཨུ་ཡ་ཨཀྠཾ་རྒྱ༔ བརྡ་རྒྱ་བརྡ་ཐིམ༔ གཏད་རྒྱ་ཨུ་ཡ༔ མི་ཤིགས་གཡུང་དྲུང་འབྱུང་གནས་རྩལ་གྱི་གསང་གཏེར་ཟབ་མོ་ཤིན་ཏུ་གསང་ངོ༔
ཕྱག་རྡོར་དམོད་པ་དྲག་སྔགས་ཀྱི་ཚེ་དབང་དྲག་སྔགས་རྡོ་རྗེའི་བཙན་རྫོང་ (Volume 34, Text 4)
༄༅། །ཕྱག་རྡོར་དམོད་པ་དྲག་སྔགས་ཀྱི་ཚེ་དབང་དྲག་སྔགས་རྡོ་རྗེའི་བཙན་རྫོང་ཞེས་བྱ་བ་བཞུགས་སོ། ། མཚན་ཙམ་བཟུང་བས་གཤིས་ངན་འཆི་བ་སོགས། །འཇིགས་ཚོགས་ཀུན་འཇོམས་རྡོ་རྗེའི་ཡེ་ཤེས་སྐྱེད། །འཆི་མེད་མཆོག་སྩོལ་གསང་བའི་བདག་པོ་ལ། །བཏུད་ནས་དེ་སྒྲུབ་སྨིན་བྱེད་གསལ་བཀོད་བྱ། །རྡོ་རྗེ་གཏུམ་པོའི་ཚེ་དབང་བསྐུར་བ་ལ་སྦྱོར་བ་མཎྜལ་ཚོམ་བུ་གཅིག་པའི་སྟེང་དུ་ཁྲིའུར་ཚེ་བུམ་བཀོད། གཡས་སུ་རྣམ་རྒྱལ་བུམ་པ་ཆིངས་སྔོན་བཅུད་ལྡན། གཡོན་དུ་ཐོད་ཆང་མངར་གསུམ་སྦྱར་བ་དང་རིག་ཙཀ །རྒྱབ་ཏུ་ཚེ་གཏོར་ཤེས་ན་ཐབས་ཤེས་ཁ་སྦྱོར་ལྟར་དང་། མི་ཤེས་ན་དཔལ་གཏོར། དེ་དང་མཉམ་དུ་ཚེ་རིལ་ཆང་། མདུན་དུ་དབང་ཕྲེང་། ས་བདག་ཀླུ་གཉན་བསྣོལ་བའི་གདན། གཟའ་བརྒྱད། ཀླུ་བརྒྱད། སྒོ་མ་བཞི་བཅས་ཀྱི་ཙཀླི་བཞི། སྣོད་གཅིག་ཏུ་གཏོར་ཆུང་ཉེར་བརྒྱད་སྤུངས་པ་རྣམས་བཞག །ཕྱི་མཆོད། སྨན་རཀ་མཆོད་གཏོར་སོགས་སྤྱི་མཐུན་བཤམ། དེ་ནས་ལས་བྱང་གི་སྐྱབས་སེམས་ནས་མཆོད་པ་བྱིན་རླབས་བར་བཏང་། ཚེ་སྒྲུབ་ལྟར་ལྷ་བསྐྱེད་སྤྱན་འདྲེན་བཅས་བྱ། མཆོད་བསྟོད་སྤྱི་འགྲོ་ཞིག་གིས་ཆོག །བདག་མདུན་དབྱེར་མེད་སྒྲུབ་ཚུལ་ཡིན་འདུག་ཀྱང་ལས་དང་པོ་ལ་རྣམ་པ་འཆར་བདེ་བའི་ཕྱིར་ཛཔ྄་ཁང་ཕྱེས་ཀྱང་ཆོག་ལ། གང་ལྟར་བཟླས་དམིགས་བཅས་བཟླས་པ་ཅི་འགྲུབ་དང་། བུམ་བཟླས་ཟུར་དུ་སྤྲོ་ན་སྤྱི་ལྟར་བྱས་ལ་མཆོད་བསྟོད་འབུལ། ཚོགས་བྱེད་ན་ལས་བྱང་ལྟར་མཆོད་བཤགས་ཡན་སོང་ནས། ལས་བུམ་འཁྱིལ་པའི་སྔགས་ཀྱིས་བྱིན་བརླབས་ལ། ཏིང་ངེ་འཛིན་གྱིས་དབང་བླང་། དངོས་གཞི་སློབ་མ་རྣམས་ལ་ཁྲུས་དང་བགེགས་བསྐྲད་སྲུང་འཁོར། སེམས་བསྐྱེད་གསལ་གདབ་སྔོན་དུ་འགྲོ་བས། དེའང་རྩོད་བྲལ་གྱི་གཏེར་སྟོན་གྲུབ་པའི་དབང་ཕྱུག་ཆེན་པོ་རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱིས་ལུང་བསྟན་ཅིང་མཐུན་རྐྱེན་བསྩལ་ནས་གཏེར་སྟོན་དུ་མངའ་གསོལ་པ། ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་རྣམ་འཕྲུལ་རྣལ་འབྱོར་གྱི་དབང་ཕྱུག་ངག་གི་རྡོ་རྗེས་ཐུགས་རྗེ་ཆེན་པོའི་གནས་མཆོག་ཇ་པ་བྲག་དཀར་ནས་སྤྱན་དྲངས་པའི་གསང་བདག་རྡོ་རྗེ་གཏུམ་པོ་དྲག་སྔགས་མའི་ཡང་བཅུད། ཚེ་སྒྲུབ་འཆི་མེད་བཙན་རྫོང་གི་དབང་བསྐུར་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་དང་སྔགས་སྤྱི་མཐུན་གྱིས་མིག་དར་མེ་ཏོག་སྦྱིན། སློབ་དཔོན་དང་གསང་བའི་བདག་པོའི་དཀྱིལ་འཁོར་རྩ་གསུམ་རྒྱལ་བའི་ལྷ་ཚོགས་མཁའ་ཁྱབ་ཏུ་བཞུགས་པ་ལ། བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྩེ་གཅིག་གུས་པ་ཆེན་པོས་སྐྱབས་སུ་མཆི་བའི་བློས་རྗེས་ཟློས། ཧཱུྃ༔ རྒྱལ་བ་རབ་འབྱམས་སོགས་ལས་བྱང་ལྟར་ལན་གསུམ། ཕ་མར་གྱུར་པའི་རིགས་དྲུག་གི་འགྲོ་བ་མཐའ་དག་དཔལ་གསང་བའི་བདག་པོའི་གོ་འཕང་ལ་འགོད་པའི་ཆེད་དུ་རྡོ་རྗེ་གཏུམ་པོའི་སྨིན་གྲོལ་གྱི་སྒོར་འཇུག་པར་བགྱིའོ་སྙམ་དུ་བྱང་ཆུབ་མཆོག་གི་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧཱུྃ༔ བདག་དང་སེམས་ཅན་སོགས་ལས་བྱང་ལྟར་ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ། ཞིང་མཆོག་དེ་དག་གི་སྤྱན་སྔར་གསག་སྦྱོང་སྤེལ་གསུམ་གྱི་གནད་བསྡུས་པ་ཡན་ལག་བཅུ་པ་ཚུལ་བཞིན་བྱ་བའི་བློས་འདིའི་རྗེས་ཟློས། རྡོ་རྗེ་གཏུམ་པོ་གཤེགས་སུ་གསོལ༔ སོགས་ལས་བྱང་ལྟར། དམ་ཆུ་སྦྱིན་ལ། ཧཱུྃ༔ དམ་ཚིག་རྡོ་རྗེ་ཆེན་པོའི་ཆུ༔ རིགས་ལྡན་སློབ་མར་སྦྱིན་པར་བྱ༔ བསྲུངས་ན་ཡོན་ཏན་སྣ་ཚོགས་འཐོབ༔ མ་བསྲུངས་དམྱལ་བའི་གནས་སུ་སྐྱེལ༔ དེ་བས་དམ་ཚིག་བསྲུང་བར་གྱིས༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་མ་མ་ཨཱ་ཡུརྫྙཱ་ན་པུཎྱེ་པུཥྚིཾ་ཀུ་རུ་ཚེ་བྷྲཱུྃ་ཨི་དན་ན་ར་ཀན༔ དེ་ནས་ཡེ་ཤེས་པ་དབབ་པ་ཡིན་པས་སྒོ་གསུམ་སྙོམ་ལས་སུ་མ་གཏང་བར་དམིགས་པ་འདི་རྣམས་རྩེ་གཅིག་ཏུ་སྒོམས་ཤིག །ཆོས་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས། ཁྱེད་རང་རྣམས་ཀྱི་གོ་སར་པདྨ་ཉི་ཟླ་དྲེགས་པ་རུ་ཏྲའི་གདན་གྱི་སྟེང་དུ་རིག་པའི་ངོ་བོ་ཧཱུྃ་ཡིག་མཐིང་ག་དང་ཡ་སྨུག་ནག་འོད་ཟེར་འབར་བ་ལས། སྐད་ཅིག་གིས་ཁྱེད་རང་རྣམས་གསང་བདག་རྡོ་རྗེ་གཏུམ་པོ་མཐིང་ནག་ཤིན་ཏུ་ཁྲོས་པའི་ཉམས་ཅན། སྦྲུལ་དང་དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣོལ་བས་ཡུམ་དབྱིངས་ཕྱུག་མ་ལྗང་དམར་ཐོད་པ་དང་དྲིལ་བུ་འཛིན་པ་ལ་འཁྱུད་པ། ཞབས་གཉིས་ཕྱེད་སྐྱིལ་འགྱིང་བག་ཚུལ་གྱིས་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པ། དེའི་སྐུ་ལུས་ཀྱི་ནང་དུ་རྩ་གསུམ་འཁོར་ལོ་ལྔ་དང་བཅས་པ་ལམ་གྱིས་གསལ་བའི་སྤྱི་བོར་རྣམ་སྣང་ཡབ་ཡུམ་དཀར་པོ། མགྲིན་པར་སྣང་མཐའ་ཡབ་ཡུམ་དམར་པོ། སྙིང་གར་མི་བསྐྱོད་ཡབ་ཡུམ་སྔོན་པོ། ལྟེ་བར་རིན་འབྱུང་ཡབ་ཡུམ་སེར་པོ། གསང་བར་དོན་གྲུབ་ཡབ་ཡུམ་ལྗང་གུ །ཡབ་ཐམས་ཅད་གཡས་རང་རྟགས་དང་གཡོན་དྲིལ་བུ་བསྣམས་པ། ཡུམ་རྣམས་གྲི་ཐོད་འཛིན་ཅིང་དར་དང་རིན་པོ་ཆེས་བརྒྱན་ཅིང་སྐྱིལ་མོ་ཀྲུང་གིས་བཞུགས་པ། མི་བསྐྱོད་པའི་ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ་དང་། སློབ་དཔོན་དཀྱིལ་འཁོར་པའི་ཐུགས་ཀ་ནས་ཀྱང་འོད་ཟེར་གྱི་སྣང་བ་བསམ་གྱིས་མི་ཁྱབ་པ་འཕྲོས་པས་བྱང་ཕྱོགས་ལྕང་ལོ་ཅན་དང་རིགས་ལྔའི་ཞིང་ཁམས་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ཤིག །སྤོས་རོལ་དབྱངས་བཅས། ཧཱུྃ་ཧྲཱི༔ ཆོས་དབྱིངས་ཀ་དག་ལྷུན་གྲུབ་ཕོ་བྲང་ནས༔ ཀུན་བཟང་རྡོ་རྗེ་འཆང་གིས་བྱིན་ཕོབ་ཅིག༔ བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ གསང་བདག་ཕྱག་ན་རྡོ་རྗེས་བྱིན་ཕོབ་ཅིག༔ ཟངས་མདོག་དཔལ་རི་འོད་ཀྱི་ཕོ་བྲང་ནས༔ ཨོ་རྒྱན་རིག་འཛིན་བརྒྱད་པོས་བྱིན་ཕོབ་ཅིག༔ མཁའ་སྤྱོད་དག་པའི་ཞིང་ཁམས་སོ་སོ་ནས༔ དཔའ་བོ་དཔའ་མོ་རྒྱ་མཚོས་བྱིན་ཕོབ་ཅིག༔ དུར་ཁྲོད་མེ་རླུང་འཁྲུགས་པའི་ཕོ་བྲང་ནས༔ ཆོས་སྐྱོང་གཏེར་བདག་རྣམས་ཀྱིས་བྱིན་ཕོབ་ཅིག༔ བྱིན་རླབས་དངོས་གྲུབ་ཆར་རྒྱུན་སི་ལི་ལི༔ ཉམས་རྟོགས་རིག་པའི་ཡེ་ཤེས་ས་ལ་ལ༔ འདིར་ཚོགས་བུ་སློབ་རྣམས་ལ་བྱིན་ཕོབ་ཅིག༔ སྙིང་པོའི་མཐར། ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད། ཏིཥྛ་བཛྲས་བརྟན་པར་བྱ། སྔར་བྱིན་པའི་མེ་ཏོག་རིགས་ཀྱི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། པྲ་ཏཱིཙྪ་བཛྲ་ཧོཿ ཞེས་ཚོམ་བུའི་དཀྱིལ་འཁོར་དུ་དོར། མེ་ཏོག་སླར་ཡང་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས་ཤིག །ཧཱུྃ༔ དར་ཚོན་ཅོད་པན་རྣམ་པར་དག༔ ཡེ་ཤེས་ལྔ་མཚོན་འཕུར་ལྕེ་ལྡན༔ ཡེ་ཤེས་སྤྱན་ལྡན་དབང་ཐོབ་ཤོག༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་མ་མ་ཨཱ་ཡུརྫྙཱ་ན་པུཎྱེ་པུཥྚིཾ་ཀུ་རུ་ཚེ་བྷྲཱུྃ༔ ཞེས་སྤྱི་བོར་བཞག །མ་རིག་པའི་སྒྲིབ་གཡོགས་བསལ་བས་ཡེ་ཤེས་ཀྱི་དཀྱིལ་འཁོར་མཇལ་བར་མོས་ཤིག །ཙཀྵུ་པྲ་བེ་ཤ་ཡ་ཧཱུྃ་ཕཊ༔ ཅེས་གདོང་གཡོགས་བསལ། དེ་ནས་དབང་དངོས་ལ་ཐུན་མོང་ཚེ་དབང་། ཁྱད་པར་དབང་བཞི། མཐའ་རྟེན་བཀའ་གཏད་དང་གཏོར་དབང་བཅས་རིམ་པར་འབྱུང་བས། དང་པོ་ཚེ་དབང་གི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། ཚེ་བུམ་རིན་ཆེན་འབར་བའི་གཞལ་ཡས་ཁང་དུ་བདེ་གཤེགས་རིགས་ལྔ་ཡབ་ཡུམ་གསལ་རྫོགས་སུ་བཞུགས་པའི་སྐུ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། འབྱུང་བའི་བཅུད་དང་དྭངས་མ། ཁྱེད་རང་རྣམས་ཀྱི་ཚེ་བླ་སྲོག་གསུམ་འཁྱམས་ཡར་བྲོས་པ་དང་གདོན་བགེགས་འབྱུང་པོས་བརྐུས་ཕྲོགས་གཞོམ་ཁྱེར་དུ་གྱུར་པ་རྣམས་འུབ་ཀྱིས་བསྡུས་ཏེ་བུམ་པར་ཞུགས། བྱང་སེམས་བདུད་རྩིའི་ངོ་བོར་ཞུ་ཞིང་ཁོལ་བ་བུམ་པའི་ཁ་ནས་ལུད། ཁྱེད་རང་རྣམས་ཀྱི་གནས་སོ་སོར་ཐིམ་པས་ལུས་ངག་ཡིད་གསུམ་ནད་གདོན་སྡིག་སྒྲིབ་ཉོན་མོངས་བག་ཆགས་དང་བཅས་པ་སངས་ཀྱིས་དག །སྐུ་གསུང་ཐུགས་རྡོ་རྗེའི་ཚེ་དབང་ཐོབ། ཕྲིན་ལས་བཞི་ལྷུན་གྱིས་གྲུབ་པར་མོས་ཤིག །ཚེ་འབྲང་སྤྱི་བོར་བཞག་ལ། ཧཱུྃ༔ ཚེ་བུམ་རང་བཞིན་གཞལ་ཡས་ཁང༔ ནང་ན་རིགས་ལྔ་ཡབ་ཡུམ་བཞུགས༔ འོད་ཟེར་དཀར་དམར་སྣ་ཚོགས་འཕྲོས༔ ས་ཆུ་མེ་རླུང་ནམ་མཁའི་བཅུད༔ བསྡུས་ཤིང་བུམ་པའི་ནང་དུ་ཞུགས༔ བྱང་སེམས་བདུད་རྩིའི་ངོ་བོར་ཞུ༔ ཕྱིར་ལུད་སློབ་མའི་ལུས་ལ་ཐིམ༔ ནད་གདོན་སྡིག་སྒྲིབ་ཞི་གྱུར་ནས༔ འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ སྙིང་པོའི་མཐར། ཨ་བྷི་ཥིཉྩ་ཨོཾ༔ ཚེ་བུམ་མགྲིན་པར་བཞག་ལ། ཧཱུྃ༔ ཚེ་བུམ་རང་བཞིན་གཞལ་ཡས་ཁང༔ ནང་ན་རིགས་ལྔ་ཡབ་ཡུམ་བཞུགས༔ འོད་ཟེར་དཀར་དམར་སྣ་ཚོགས་འཕྲོས༔ དྲི་ཟ་གཤིན་རྗེ་ཀླུ་གནོད་སྦྱིན༔ རྣམས་ཀྱིས་ཚེ་སྲོག་བརྐུས་དང་ཕྲོགས༔ བསྡུས་ཤིང་བུམ་པའི་ནང་དུ་ཞུགས༔ བྱང་སེམས་བདུད་རྩིའི་ངོ་བོར་ཞུ༔ ཕྱིར་ལུད་སློབ་མའི་ངག་ལ་ཐིམ༔ ངག་གི་སྒྲིབ་པ་དག་གྱུར་ནས༔ འགག་མེད་ཚངས་དབྱངས་དྲུག་ལྡན་ཤོག༔ སྙིང་པོའི་མཐར། ཨ་བྷི་ཥིཉྩ་ཧྲཱི༔ སྙིང་གར་བཞག །ཧཱུྃ༔ ཚེ་བུམ་རང་བཞིན་གཞལ་ཡས་ཁང༔ ནང་ན་རིགས་ལྔ་ཡབ་ཡུམ་བཞུགས༔ འོད་ཟེར་དཀར་དམར་སྣ་ཚོགས་འཕྲོས༔ སྟེང་ཕྱོགས་ཚངས་པ་བརྒྱ་བྱིན་གྱིས༔ ཚེ་བླ་སྲོག་གསུམ་བརྐུས་ཕྲོགས་རྣམས༔ བསྡུས་ཤིང་བུམ་པའི་ནང་དུ་ཞུགས༔ བྱང་སེམས་བདུད་རྩིའི་ངོ་བོར་ཞུ༔ ཕྱིར་ལུད་སློབ་མའི་ཡིད་ལ་ཐིམ༔ ཡིད་ཀྱི་རྣམ་རྟོག་དག་གྱུར་ནས༔ ཆོས་དབྱིངས་དོན་དང་ལྡན་གྱུར་ཅིག༔ སྙིང་པོའི་མཐར། ཨ་བྷི་ཥིཉྩ་ཧཱུྃ༔ ལྟེ་གསང་དུ་བཞག་ལ། ཧཱུྃ༔ ཚེ་བུམ་རང་བཞིན་གཞལ་ཡས་ཁང༔ ནང་ན་རིགས་ལྔ་ཡབ་ཡུམ་བཞུགས༔ འོད་ཟེར་དཀར་དམར་སྣ་ཚོགས་འཕྲོས༔ སྡེ་བརྒྱད་བྱད་ཟོར་རིག་སྔགས་ཀྱིས༔ ཚེ་བསོད་བཅད་བཀུག་ཁྱེར་བ་སོགས༔ བསྡུས་ཤིང་བུམ་པའི་ནང་དུ་ཞུགས༔ བྱང་སེམས་བདུད་རྩིའི་ངོ་བོར་ཞུ༔ ཕྱིར་ལུད་སློབ་མའི་གསང་བར་ཐིམ༔ ཉོན་མོངས་སྡིག་སྒྲིབ་དག་ནས་ཀྱང༔ ཕྲིན་ལས་བཞི་འགྲུབ་དབང་ཐོབ་ཤོག༔ སྙིང་པོའི་མཐར། ཨ་བྷི་ཥིཉྩ་ཏྲཱཾ༔ གཉིས་པ་ཁྱད་པར་དབང་བཞིའི་ཐོག་མར། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་དབང་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་རྣམས་ཀྱིས། བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་སྤྱི་བོ་ནས་དབང་བསྐུར་བསྩལ་བར་མོས་ཤིག །ཧཱུྃ༔ བུམ་པ་བཟང་པོ་གཞལ་ཡས་ཁང༔ འཆི་མེད་བདུད་རྩིའི་བཅུད་ཀྱིས་བཀང༔ ཀུན་བཟང་རིགས་ལྔ་རིགས་གསུམ་མགོན༔ གསང་བདག་ལྷ་ཚོགས་པད་འབྱུང་བཅས༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི༔ ཡེ་ཤེས་བདུད་རྩིས་དབང་བསྐུར་བས༔ འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ སྙིང་པོ་བརྗོད་ལ་བུམ་ཆུ་སྦྱིན། དེས་བུམ་པའི་དབང་ཐོབ། ལུས་སྒྲིབ་དག །བསྐྱེད་རིམ་བསྒོམ་པ་ལ་དབང་། སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཐོད་པའི་ནང་དུ་རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་རྒྱུན་བདུད་རྩི་དང་རོ་གཅིག་པ་མགྲིན་པར་མྱངས་པས་རྩ་ཁམས་བདེ་བས་ཁྱབ་པར་མོས་ཤིག །ཐོད་ཆང་སྦྱིན་ལ། ཧཱུྃ༔ ཐོད་པ་མ་ཆགས་རྟོག་བྲལ་ནང༔ འཆི་མེད་རིགས་ལྔ་ཡབ་ཡུམ་བཞུགས༔ ཐབས་ཤེས་རང་བྱུང་བདེ་བའི་བཅུད༔ བྱང་ཆུབ་སེམས་ཀྱི་བདུད་རྩིས་བཀང༔ སྐལ་ལྡན་བུ་ལ་སྦྱིན་པར་བྱ༔ འགག་མེད་རྡོ་རྗེའི་དབང་ཐོབ་ཤོག༔ སྙིང་པོའི་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག །རང་ལུས་ཐབས་ལྡན་བསྒོམ་པ་ལ་དབང་། གསུང་རྡོ་རྗེ་ལོངས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །མཚན་ཉིད་དང་ལྡན་པའི་ཚེ་ལམ་གྱི་ཕོ་ཉ་པདྨ་ཅན་ཁྱེད་རང་རྣམས་ལ་གཏད་པ་དང་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་དགའ་བཞིའི་མཐར་སོན་པའི་ལྷན་སྐྱེས་ཡེ་ཤེས་མངོན་དུ་གྱུར་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ༔ མཚན་ལྡན་ཕྱག་རྒྱ་བདེ་བ་སྐྱེད་པའི་ཡུམ༔ སྐལ་ལྡན་ཁྱོད་ལ་གསང་ཡུམ་སྦྱིན་པར་བྱ༔ གཉིས་མེད་བདེ་བ་ཆེན་པོའི་ཏིང་འཛིན་གྱིས༔ ཐིག་ལེ་པདྨའི་ནང་དུ་མཉམ་གནས་པ༔ ཟག་མེད་ཡེ་ཤེས་རང་ངོ་ཤེས་པར་གྱིས༔ སྙིང་པོའི་མཐར། མུ་དྲ་ཨ་བྷི་ཥིཉྩ་ཨཱ༔ དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་སྒྲིབ་དག །གཞན་ལུས་ཕོ་ཉའི་མྱུར་ལམ་བསྒོམ་པ་ལ་དབང་། ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དཔེ་ལས་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་དྲན་པར་བྱས་ཏེ་དེའི་རང་ངོ་ལ་བལྟས་པས་ངོ་བོ་སྟོང་པར་རྟོགས་པའི་ཟུང་འཇུག་གི་གཤིས་ལུགས་ལ་མཉམ་པར་ཞོག་ཅིག །ཀྱེ༔ ལྟོས་ཤིག་རང་གི་སེམས་ལ་ལྟོས༔ སྤྲོས་བྲལ་ཐིག་ལེ་ཉག་གཅིག་འདི༔ ཅིར་ཡང་མ་གྲུབ་ངོ་བོ་ཉིད་ཀྱིས་སྟོང༔ དེ་ནི་སྐྱེ་མེད་རིག་སྟོང་ཆོས་ཀྱི་སྐུ༔ ཅིར་ཡང་གསལ་བ་འགག་མེད་ལོངས་སྤྱོད་རྫོགས༔ གཉིས་མེད་རང་གྲོལ་ལྷུན་གྲུབ་སྤྲུལ་པའི་སྐུ༔ སྟོང་པའི་རོལ་པར་མ་འདས་ཆོས་དབྱིངས་མཁའ་ལ་ཁྱབ༔ སངས་རྒྱས་རང་གི་རིག་པས་ཤེས་པར་གྱིས༔ གཡོ་མེད་དོན་ལ་མ་ཡེངས་མཉམ་པར་ཞོག༔ ཅེས་དར་གཅིག་བཞག །དེས་དབང་བཞི་པ་ཐོབ། སྒོ་གསུམ་ཆ་སྙོམ་གྱི་སྒྲིབ་པ་དག །རྫོགས་པ་ཆེན་པོ་སྒོམ་པ་ལ་དབང་། ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་རྣམས་ཀྱི་རྗེས་འབྲེལ་དུ་བཟླས་པའི་ལུང་སྦྱིན་པ་ཡིན་པས་དམིགས་པ་འདི་ལྟར་མཛོད་ཅིག །སྔགས་ཕྲེང་གཏད་ལ། ཧཱུྃ་ཧཱུྃ༔ ཁྱེད་རང་གསང་བདག་ཡབ་ཡུམ་དུ༔ གསལ་བའི་ལྗགས་སྟེང་གནམ་ལྕགས་ཀྱི༔ རྡོ་རྗེ་རྩེ་ལྔའི་ལྟེ་བ་རུ༔ སྔགས་ཕྲེང་སྔོན་པོའི་འོད་ཟེར་འཕྲོས༔ གཟུངས་སྔགས་སྙིང་པོའི་དྲག་སྔགས་ཐིམ༔ གསུང་དབྱངས་སྔགས་ཀྱི་དབང་ཐོབ་ཤོག༔ ཅེས་ཕྲེང་བ་སྦྲེལ་ལ་སྙིང་པོའི་རྗེས་ཟློས་ལན་གསུམ་བྱར་གཞུག །ཚེ་དབང་རྐྱང་པའི་སྐབས་འདི་ནས་གཏོར་དབང་ལ་འཇུག་པས་ཆོག་ཅིང་། སློབ་མ་ཐུན་མིན་ལ་བཀའ་གཏད་བྱེད་ན། གསུམ་པ་མཐའ་རྟེན་སྦྱིན་པ་ལ། ཁྱེད་རང་རྣམས་ལ་དབང་བཞི་ཡོངས་སུ་རྫོགས་པས་གསང་བའི་བདག་པོ་དངོས་དང་མཉམ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་པས། དེ་ལྟ་བུའི་ངེས་ཤེས་དང་ང་རྒྱལ་སྐྱེད་ལ་གདུག་པ་ཅན་རྣམས་ཟིལ་གྱིས་ནོན་པར་མངའ་གསོལ་ཅིང་བྲན་ཏུ་ཁོལ་བའི་བཀའ་གཉེར་གཏད་པར་མོས་ཤིག །ཀླུ་བསྣོལ་ཞབས་འོག་ཏུ་བཏིང་པའི་ཚུལ་བྱས་ལ། ཧཱུྃ༔ ཟིལ་གནོན་བགྲད་པའི་ཞབས་དཀྱིལ་འདིར༔ ས་བདག་ཀླུ་གཉན་བསྣོལ་བའི་དབང༔ གདུག་པ་ཅན་རྣམས་ཐམས་ཅད་ཀུན༔ ཟིལ་གྱིས་གནོན་པའི་དབང་ཐོབ་ཤོག༔ སྙིང་པོའི་མཐར། ནཱ་ག་རཱ་ཙ་ས་མ་ཡ་ནན་ཨ་བྷི་ཥིཉྩ་ཨོཾ༔ གཟའ་བརྒྱད་གཏད་ཅིང་བཏིང་ཚུལ་བྱས་ལ། ཧཱུྃ༔ བིཥྞུ་དམག་དཔོན་དྲང་སྲོང་དང༔ ལྗང་སྔོན་རཱ་ཙ་རོ་ཏྲི་དང༔ མིག་དམར་སེར་སྐྱ་ལ་སོགས་ཏེ༔ གཟའ་བརྒྱད་སློབ་མ་ཁྱོད་ལ་གཏད༔ འགྲོ་ཀུན་གཟའ་ནད་ལས་གྲོལ་ཤོག༔ སྔགས་མཐར། གཟའ་རཱ་ཧུ་ལ་ས་མ་ཡ་ནན་ཨ་བྷི་ཥིཉྩ་ཧྲཱི༔ ཀླུ་བརྒྱད་གཏད་ཅིང་བཏིང་ལ། ཧཱུྃ༔ མཐའ་ཡས་དང་ནི་འཇོག་པོ་དང༔ ནོར་རྒྱས་དང་ནི་དུང་སྐྱོང་དང༔ པདྨ་དང་ནི་ཆུ་ལྷ་དང༔ རིགས་ལྡན་དང་ནི་སྟོབས་ཀྱི་རྒྱུ༔ ཀླུ་གཉན་སློབ་མ་ཁྱོད་ལ་གཏད༔ འགྲོ་བ་ཀླུ་གདོན་ནད་ཀུན་ལས༔ ཁྱོད་ཀྱིས་གྲོལ་བའི་དབང་ཐོབ་ཤོག༔ སྔགས་མཐར། ནཱ་ག་རཱ་ཙ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་ཆུང་ཉེར་བརྒྱད་གཏད་ལ། ཧཱུྃ༔ དཀྱིལ་འཁོར་ལྕགས་རིའི་ཕྱི་རོལ་ན༔ གཟའ་དང་རྒྱུ་སྐར་སྡེ་བརྒྱད་ཚོགས༔ སློབ་མ་ཁྱོད་ལ་གཏད་པར་བྱ༔ བྲན་དང་གཡོག་བཞིན་བྱེད་པར་ཤོག༔ སྔགས་མཐར། ཨ་ཡ་མ་དུ་རུ་ཙ་ཤ་ན་ཧ་ན་ཧ་ན་ཧཱུྃ་ཕཊ༔ སྒོ་མ་བཞིའི་སྐུ་གཏད་ལ། ཧཱུྃ༔ འབར་བའི་དཀྱིལ་འཁོར་སྒོ་ནང་ནས༔ སྒོ་མ་བཞི་ཡི་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ དབང་མཆོག་དུས་འདིར་ཐོབ་པར་ཤོག༔ སྔགས་མཐར། ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཨོཾ༔ གཏོར་མ་ཡེ་ཤེས་འབར་བའི་ཕོ་བྲང་དུ་གསང་བདག་གཏུམ་པོ་ཡབ་ཡུམ་རིགས་ལྔའི་ལྷ་ཚོགས་དང་བཅས་པ་གསལ་བའི་སྐུ་ལས་བདུད་རྩི་འོད་ཟེར་གྱི་རྒྱུན་བབས། ཁྱེད་རང་རྣམས་ཀྱི་ལུས་ཀྱི་ནང་ཐམས་ཅད་གང་བས་ནད་གདོན་སྡིག་སྒྲིབ་དག །འཆི་མེད་ཚེ་དབང་རྡོ་རྗེའི་སྐུ་བརྙེས་པར་མོས་ཤིག༔ གཏོར་མ་སྤྱི་བོར་བཞག་ཅིང་ལག་ཏུ་གཏད་ལ། ཧཱུྃ༔ གཏོར་མ་བདུད་རྩིའི་ཕོ་བྲང་ནས༔ རྡོ་རྗེ་ཚེ་ཡི་ལྷ་ཚོགས་ཀྱིས༔ འཆི་མེད་ཚེ་ཡི་དབང་མཆོག་བསྐུར༔ ནད་མེད་བདེ་བ་བསྩལ་དུ་གསོལ༔ ཅེས་དང་སྙིང་པོ་བརྗོད། ཚེ་རིལ་ཆང་ཡང་སྔགས་བརྗོད་ལ་སྦྱིན། མེ་ཏོག་འཐོར་ཅིང་ཤིས་པ་བརྗོད། དམ་ཚིག་ཁས་བླང་མན་ཆད་སྤྱི་ལྟར་དང་། རྗེས་ཀྱི་བྱ་བ་ཚོགས་བྱས་ན་ཚོགས་ལྷག་ཕྱིན་ཆད་ལས་བྱང་ལྟར་ལ། མ་བྱས་ན་མཆོད་བསྟོད། ནོངས་བཤགས། གཤེགས་བསྟིམ། བདག་བསྐྱེད་བསྡུ་ལྡང་ཚེ་སྒྲུབ་གཤམ་ལྟར། བསྔོ་སྨོན་ཤིས་བརྗོད་རྣམས་སྤྱི་མཐུན་བྱའོ། །གདོད་ནས་མ་སྐྱེས་ལྟ་བའི་གདིང་ཆེན་ཐོབ། །འཆི་མེད་རྡོ་རྗེའི་སྒོམ་པའི་རྩལ་རྫོགས་ནས། །བདེ་ཆེན་ཐིག་ལེར་འཕོ་བཅས་མཚན་མ་ཐིམ། །གསང་བའི་བདག་དེ་ཀུན་གྱིས་འགྲུབ་གྱུར་ཅིག །ཅེས་པའང་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
ཟབ་བདུན་རྒྱུད་ཟབ་སྒྱུ་འཕྲུལ་ལས༔ རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ (Volume 4, Text 4)
༁ྃ༔ ཟབ་བདུན་རྒྱུད་ཟབ་སྒྱུ་འཕྲུལ་ལས༔ རྡོར་སེམས་ཐུགས་ཀྱི་སྒྲུབ་པ་བཞུགས༔ བླ་མ་རྡོ་རྗེ་སེམས་ལ་འདུད༔ དེ་ཉིད་སྒྲུབ་པའི་རིམ་པ་ལ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི༔ དང་པོར་ཚོགས་བསགས་རྒྱུད་སྦྱངས་ནས༔ རྟེན་མཆོད་ཐམས་ཅད་ཚོགས་པར་བྱ༔ མཚམས་གཅོད་ལྟ་བའི་གདིངས་ལྡན་པས༔ཧཱུྃ༔ དེ་བཞིན་ཉིད་ཀྱི་ངང་ཉིད་ལས༔ རིམ་པ་བཞིན་དུ་རིགས་ལྔའི་སྐུ༔ དེ་ལས་ཕྱག་མཚན་ལྔ་འཕྲོས་པས༔ ཡེ་ཤེས་མེ་དང་བཅས་པའི་གུར༔ ཕྱག་རྒྱ་བཞི་ཡིས་རྒྱས་བཏབ་པས༔ སུས་ཀྱང་གཞོམ་དུ་མེད་པར་གྱུར༔ ཧཱུྃ་ཨོཾ་སྭཱ་ཨཱཿཧཱ༔ རཀྵ་རཀྵ་ཧཱུྃ༔ བཤགས་ཡུལ་སྤྱན་དྲངས་དཔང་གསོལ་ཏེ༔ ཧཱུྃ༔ ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལ༔ མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ༔ བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན༔ དེ་ལྡོག་དོན་ཕྱིར་རྒྱལ་བས་དམ་ཆོས་སྟོན༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱི༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ དམ་བཅའ་བརྟན་པོ་བཟུང་ནས་སུ༔ ཧཱུྃ༔ ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི༔ བྱང་ཆུབ་མཆོག་ཏུ་བདག་ནི་སེམས་བསྐྱེད་དོ༔ དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས༔ བླ་མ་ལྷ་ཁྱོད་རྟག་ཏུ་བཟུང་བར་བགྱི༔ རྒྱས་པར་བརྗོད་མེད་བཤགས་པ་དང༔ དམ་བཅའ་ཉི་ཤུ་ལ་སོགས་བྱ༔ མོས་གུས་གདུང་བས་བྱིན་ཆེན་འབེབས༔ ཧཱུྃ་ཨ་ལ་ལ་ཧོ༔ བྷ་ག་ཝཱན་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ འཕགས་མཆོག་ཐུགས་རྗེའི་དུས་ལ་བབ༔ ཁྱད་པར་བསྟན་པའི་དུས་ལ་བབ༔ མཐུ་རྩལ་ཕྱུང་བའི་དུས་ལ་བབ༔ དབང་མཆོག་བསྐུར་བའི་དུས་ལ་བབ༔ བྱིན་གྱིས་རློབ་པའི་དུས་ལ་བབ༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ མཐུ་ཆེན་བདུད་ཐུལ་བཅོམ་ལྡན་འདས༔ བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས༔ དབང་ཆེན་དབང་སྐུར་བཅོམ་ལྡན་འདས༔ བདག་ཅག་ལས་འབྲས་མཆིས་པར་མཛོད༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ བྱིན་བསྡུས་ཕྱི་ནང་མཆོད་པ་རྣམས༔ རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས༔ བདུད་རྩིའི་སྣོད་ནི་གཞལ་ཡས་ཁང༔ འཁོར་ལོ་རྩིབས་བཞིར་དམ་རྫས་བཅུ༔ ས་བོན་ཕྱག་མཚན་རིགས་ལྔའི་སྐུ༔ ཡབ་ཡུམ་མཉམ་སྦྱོར་བདུད་རྩིར་ཞུ༔ བྷནྡྷ་བདུད་རྩིར་ཨོཾ་གྱིས་མཚན༔ རྒྱ་གྲམ་རྟ་མགྲིན་ཡུམ་བཞིས་མནན༔ ཨོཾ་ཨཱཿཧཱུྃ་མ་ཧཱ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ སྦྱོར་བའི་འོད་ཀྱིས་བདུད་རྩི་བསྐུལ༔ འོད་ཞུ་བདུད་རྩིར་དབྱེར་མེད་འདྲེས༔ གཏོར་གཞོང་བྷནྡྷའི་ནང་དུ་ནི༔ གཏོར་མ་ཨོཾ་ལས་འདོད་ཡོན་འཕྲོ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ པདྨ་བྷཉྫའི་སྣོད་ནང་དུ༔ ར་ལས་རཀྟའི་རྒྱ་མཚོ་འཁྱིལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ མཆོད་སྣོད་ཞིང་ཁམས་ཕུན་ཚོགས་པ༔ མཆོད་པ་ལྷ་མོའི་རོལ་པར་བསམ༔ ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ༔ ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱི༔ ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གན༔ གཉིས་པ་དངོས་གཞིའི་ཏིང་འཛིན་ནི༔ ཨེ་མ་ཧོ་ཡེ་ནས་སངས་རྒྱས་ཀྱང༔ མ་རྟོགས་འགྲོ་རྣམས་བསྒྲལ་བར་བྱ༔ ཨེ་མ་ངོ་མཚར་རྨད་ཀྱི་ཆོས༔ སྐྱེ་འགག་གནས་དམིགས་འགྲོ་འོང་རྣམས༔ ཡོད་མིན་མེད་མིན་མཐའ་དང་བྲལ༔ ཆོས་རྣམས་དེ་བཞིན་ཉིད་དུ་གནས༔ མ་འགགས་སྙིང་རྗེས་ཀུན་ལ་ཁྱབ༔ ཟུང་འཇུག་ཡེ་ནས་ཀུན་ཏུ་བཟང༔ ཐུགས་ནས་ཨེ་ཡཾ་བཾ་ལཾ་རཾ༔ སྤྲོས་པས་ནམ་མཁའ་རླུང་ཆུ་ས༔ རི་རབ་མེ་ཕུང་ཡུམ་ལྔའི་མཁའ༔ བྷྲཱུྃ་ལས་འཁོར་ལོ་གཞལ་ཡས་ཁང༔ སྒོ་བཞི་སྣམ་བུ་བརྒྱད་དང་ལྡན༔ བུམ་པ་ཆོས་འཁོར་ཏོག་གིས་སྤྲས༔ ཡེ་ཤེས་རིན་ཆེན་རྒྱན་གྱི་སྤྲིན༔ གྲུ་ཆད་མུ་ཁྱུད་འཁོར་ལོའི་དབུས༔ རྩིབས་བཞིར་སེང་གེ་གླང་ཆེན་རྟ༔ རྨ་བྱ་ཤང་ཤང་རིན་པོ་ཆེ༔ པདྨ་ཉི་ཟླ་འཚམས་པའི་གདན༔ ཐབས་ཤེས་དབུས་སུ་སེམས་བསྐྱེད་དེ༔ སྟོང་ཉིད་ངང་ལས་རང་རིག་ཨ༔ ཡི་གེ་ཞེ་གཉིས་སྤྲིན་གྱིས་མཚན༔ འོད་ཞུ་གོང་བུ་ཧཱུྃ་དུ་གྱུར༔ འབྲས་བུ་རྡོ་རྗེ་ཀུན་ཏུ་བཟང༔ ཡེ་ཤེས་ལྔ་དང་ལྡན་པ་ཡི༔ ཡབ་ཡུམ་མཉམ་སྦྱོར་བྱང་ཆུབ་སེམས༔ ཞི་བ་བཞི་བཅུ་རྩ་གཉིས་སྤྲོས༔ ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱཿ དབུས་སུ་རྡོ་རྗེ་སེམས་དཔའ་མཐིང༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རྡོ་རྗེ་འཁོར་ལོ་རིན་ཆེན་གཡས༔ དྲིལ་བུ་པདྨ་རལ་གྲི་གཡོན༔ དབྱིངས་ཕྱུག་མ་དང་བདེ་ཆེན་འཁྲིལ༔ ཤར་དུ་རྣམ་པར་སྣང་མཛད་དཀར༔ གཡས་མཐིང་གཡོན་དམར་དབུས་དཀར་ཞལ༔ ཕྱག་དྲུག་འཁོར་ལོ་ལ་སོགས་འཛིན༔ སངས་རྒྱས་སྤྱན་དང་མཉམ་པར་འཁྲིལ༔ ལྷོ་རུ་རིན་ཆེན་འབྱུང་ལྡན་སེར༔ གཡས་དཀར་གཡོན་དམར་དབུས་སེར་ཞལ༔ ཕྱག་དྲུག་རིན་ཆེན་ལ་སོགས་འཛིན༔ མཱ་མ་ཀི་དང་མཉམ་པར་འཁྲིལ༔ ནུབ་ཏུ་སྣང་བ་མཐའ་ཡས་དམར༔ གཡས་དཀར་གཡོན་སྔོ་དབུས་དམར་ཞལ༔ ཕྱག་དྲུག་པདྨ་ལ་སོགས་འཛིན༔ གོས་དཀར་མོ་དང་མཉམ་པར་འཁྲིལ༔ བྱང་དུ་དོན་ཡོད་གྲུབ་པ་ལྗང༔ གཡས་དཀར་གཡོན་དམར་དབུས་ལྗང་ཞལ༔ ཕྱག་དྲུག་རལ་གྲི་ལ་སོགས་འཛིན༔ དམ་ཚིག་སྒྲོལ་མ་མཉམ་པར་འཁྲིལ༔ ཡབ་རྣམས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཡུམ་རྣམས་གཡས་པས་དྲིལ་བུ་དང༔ གཡོན་རྣམས་རང་རྟགས་འཛིན་པས་འཁྲིལ༔ ཀྵིཾ་ཧཱུྃ་ཏྲཱཾ་ཏྲཱཾ་ཧྲཱིཾ་ཧྲཱིཾ་ཛྲིཾ་ཨཿ རྩིབས་མཆན་པདྨ་ཉི་ཟླ་ལ༔ ས་ཡི་སྙིང་པོ་ལཱ་སྱེ་དཀར༔ རིན་ཆེན་མྱུ་གུ་མེ་ལོང་འཛིན༔ ནམ་མཁའི་སྙིང་པོ་མཱ་ལྱེ་སེར༔ རལ་གྲི་རིན་ཆེན་ཕྲེང་བ་འཛིན༔ སྤྱན་རས་གཟིགས་དབང་གཱིརྟི་དམར༔ པདྨ་དཀར་པོ་པི་ཝཾ་འཛིན༔ ཕྱག་ན་རྡོ་རྗེ་ནཱིརྟཱི་མཐིང༔ རྡོ་རྗེ་གར་གྱི་ཕྱག་རྒྱ་བསྒྱུར༔ མེ་ཛཿཐིཾལྷ་ཧཱུྃ་ཧཱུྃ་བཾ་མཱུཾ་ཧོཿ གྲུ་བཞིར་པདྨ་ཉི་ཟླ་ལ༔ བྱམས་པ་དྷཱུ་པེ་དཀར་སེར་མདངས༔ ཀླུ་ཤིང་སྤོས་ཁང་དྲི་བཟང་འཐུལ༔ སྒྲིབ་སེལ་པུཥྤེ་དམར་སེར་མདངས༔ རིན་ཆེན་འཁོར་ལོ་མེ་ཏོག་འཛིན༔ ཀུན་བཟང་ཨཱ་ལོ་ཀེ་དམར་ལྗང༔ རིན་པོ་ཆེ་དང་སྒྲོན་མེ་འཛིན༔ འཇམ་དཔལ་གནྡྷེ་ལྗང་དཀར་མདངས༔ ཨུཏྤལ་དྲི་ཡི་དུང་ཕོར་བསྣམས༔ ཀུན་ཀྱང་དྲིལ་འཛིན་སེམས་སྐྱིལ་འཁྲིལ༔ ཧཱུྃ་ཨ༔ ཤར་ནུབ་ཁྱམས་ལ་རིན་ཆེན་ཁྲི༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཀུན་བཟང་ཡབ་ཡུམ་ནམ་མཁའི་མདོག༔ ཏིང་འཛིན་ཕྱག་རྒྱ་སྐྱིལ་ཀྲུང་བཞུགས༔ དེ་ལྟར་ཡབ་ཡུམ་ཉེར་བརྒྱད་རྣམས༔ ཞི་བའི་ཚུལ་དགུ་འོད་ཟེར་འབར༔ ཡུམ་རྣམས་ཡབ་ཀྱི་མདོག་དང་མཚུངས༔ རྒྱན་ཆས་བཅུ་གསུམ་དག་གིས་མཛེས༔ འོད་ཟེར་དྲུག་ཕྲག་བསམ་ཡས་འཕྲོ༔ ལོངས་སྤྱོད་རྫོགས་པའི་ཚུལ་དུ་བསྐྱེད༔ ཀྲེཾ་སྲུཾ་ཀྵཾ་བྲཾ་ཧཱུྃ་ཏྲུཾ་ཡེ༔ ལྷག་མའི་ཁྱམས་ལ་པད་རྐྱང་སྟེང༔ བརྒྱ་བྱིན་དཀར་པོ་པི་ཝཾ་འཛིན༔ ཤཱཀ་ཐུབ་སེར་པོ་གསེག་པར་བསྣམས༔ ཁ་འབར་སེར་ནག་སྒྲོམ་བུ་འཛིན༔ སེང་རབ་དམར་ནག་པུསྟི་བསྣམས༔ ཐག་བཟང་མཐིང་ག་གོ་ཆ་འཛིན༔ ཆོས་རྒྱལ་ནག་པོ་མེ་ཆུ་བསྣམས༔ ཆགས་བྲལ་མཆོག་གི་སྤྲུལ་སྐུའི་ཆས༔ བཞེངས་སྟབས་འགྲོ་དོན་མཛད་པའི་ཚུལ༔ ཧཱུྃ་ཛཿཧཱུྃ་ཧཱུྃ་ཧཱུྃ་བཾ་ཧཱུྃ་ཧོཿ ཕོ་བྲང་སྒོ་བཞིར་ཉི་གདན་ལ༔ གཤིན་རྗེ་སྨུག་ནག་ནྲྀ་མགོ་གདེངས༔ ལྕགས་ཀྱུ་མ་དང་ཐབས་ཀྱིས་སྦྱོར༔ སྟོབས་ཆེན་སེར་ནག་རྩེ་ལྔ་འཛིན༔ ཞགས་པ་མ་དང་ཐབས་ཀྱིས་སྦྱོར༔ རྟ་མགྲིན་དམར་ནག་ཐོད་དཀྲིས་སྦྲུལ༔ ལྕགས་སྒྲོག་མ་དང་ཐབས་ཀྱིས་སྦྱོར༔ འཁྱིལ་པ་ལྗང་ནག་རྒྱ་གྲམ་འཛིན༔ དྲིལ་བུ་མ་དང་མཉམ་པར་སྦྱོར༔ ཁྲོ་བོའི་ཆས་རྫོགས་འདོར་སྟབས་རོལ༔ འབར་བའི་ཕྲེང་བ་འཁྲུགས་པ་འོ༔ ཡོན་ཏན་རིགས་མཆོག་འཛིན་པའི་ཕྱིར༔ ཀུན་བཟང་བདག་དང་གཉིས་སུ་མེད༔ འཁོར་བའི་འཛིན་ལུས་ཕྱིར་ཐོན་ནས༔ ཨཾ་ཧོ༔ ཀུན་བཟང་སྦྱོར་བའི་འོད་ཟེར་གྱིས༔ མ་དག་པ་ཀུན་དག་པ་ཆེ༔ གསེར་ཞུན་ལྟ་བུའི་ཐིག་ལེར་གནས༔ སྐུ་གསུང་ཐུགས་ཐིམ་ཧཱུྃ་ཡིག་ཉིད༔ ཟླ་བ་རླུང་བསྐྱོད་ལྷ་ཚོགས་བསྐོར༔ དཀྱིལ་འཁོར་བདག་པོའི་ཐུགས་ལ་ཐིམ༔ ཡབ་ཡུམ་བདེ་ཆེན་རོལ་པ་ཡི༔ སྐུ་ཡི་དབྱིབས་བརྒྱུད་ཡུམ་མཁར་གནས༔ ཆགས་ཆེན་འོད་ཞུ་ཐིག་ལེར་གྱུར༔ འཁོར་རྣམས་ཆགས་ཆེན་རྐྱེན་གྱིས་ཞུ༔ ཀུན་འདུས་འོད་ཀྱི་ཕུང་པོར་གྱུར༔ ཧཱུྃ་མཱུཾ་རྡོར་དྲིལ་གཙོ་བོར་གྱུར༔ སྤྱི་བོར་རིགས་ལྔ་སྙོམས་ཞུགས་ཆུས༔ དབང་བསྐུར་རིགས་ལྔས་དབུ་བརྒྱན་གྱུར༔ ཨོཾ་མ་ཧཱ་ཤུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ས་མཱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ཀྲྀ་ཏྱཱ་ནུཥྛ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ གནས་ལྔར་ཟླ་ཉི་པདྨ་དང༔ རིན་ཆེན་རྒྱ་གྲམ་འབར་བ་ལ༔ ཨོཾ་ཨཱཿཧཱུྃ་དང་སྭཱ་ཧཱས་མཚན༔ རྒྱལ་མཆོད་བྱིན་རླབས་རྣམ་ལྔ་བསྡུས༔ རིགས་ལྔ་ཡབ་ཡུམ་སྐུ་རུ་གྱུར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཡབ་ཀྱི་གསང་བར་རྡོ་རྗེ་ཧཱུྃ༔ ཡུམ་གྱི་གསང་བར་པདྨ་མཱུཾ༔ ས་མ་ཡ་སཏྭཾ༔ ས་མ་ཡ་ཧོ༔ ར་ཧོ་ཧཾ༔ རཱ་ག་ཡ་མི༔ ཛཿཧཱུྃ་བཾ་ཧོ༔ བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ༔ བྱང་སེམས་ཐིག་བཏབ་ཕོ་བྲང་གདན༔ ས་བོན་དང་བཅས་སྤྲོས་པར་གྱུར༔ སྔགས་ཀྱིས་ལྷར་བསྐྱེད་མདུན་མཁར་བཏོན༔ ཕཊ་ཛཿ ཨོཾ་ཨཱཿཧཱུྃ༔ ཡིག་འབྲུ་གསུམ་གྱིས་སྐུ་བརྟས་པས༔ སྤྲོ་བསྡུས་སངས་རྒྱས་མཛད་པ་སྒྲུབ༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ དབང་བསྐུར་བདག་དང་གཉིས་སུ་མེད༔ རྒྱལ་བ་སེམས་དཔའ་སྤྲུལ་པའི་ཚོགས༔ སོ་སོའི་གནས་སུ་བཞུགས་པར་བྱ༔ དེ་ནས་ཡེ་ཤེས་འཁོར་ལོ་ནི༔ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ ཆོས་སྐུ་གཟུགས་སྐུར་བཞེངས་པར་བསམ༔ བཛྲ་ས་མ་ཡ་ཨེ་ཧྱེ་ཧི༔ ཧཱུྃ༔ ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང༔ བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་དྲངས༔ ལྕགས་སྒྲོགས་བཀའ་ཡི་ཕོ་ཉས་གནས་བསྐྱོད་ལ༔ བདེ་གཤེགས་བཞུགས་ཤིང་མགྲོན་རྣམས་དགྱེས་པ་བསྐྱེད༔ ཛཿཧཱུྃ་བཾ་ཧོ༔ ཉེར་དྲངས་དམ་ཡེ་རོ་གཅིག་རིག༔ ཨོཾ་བཛྲ་ས་མ་ཡ་ཨོཾ༔ ཨཱཿབཛྲ་ས་མ་ཡ་ཨཱཿ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ༔ སྒྲིབ་སྦྱངས་དངོས་གྲུབ་སྩོལ་བར་ཕྱོགས༔ ཨོཾ་བཛྲ་ས་མ་ཡ་ཧཱུྃ༔ ཨོཾ་བཛྲ་ས་མ་ཡ་སཏྭཾ༔ ཨོཾ་བཛྲ་ས་མ་ཡ་ཧོ༔ ཛཿཧཱུྃ་བཾ་ཧོ༔ས་གཉིས་མེད་བསྟིམ༔ ཏིཥྛ་བཛྲ༔ འགྲོ་དོན་རྫོགས་པར་བཞུགས་པར་བསམ༔ དེ་ནས་ཕྱག་མཆོད་བསྟོད་པ་ནི༔ ལྷ་ལ་ལྷ་རོལ་ཚུལ་གྱིས་ནི༔ ཨ་ཏི་པུ་ཧོ༔ པྲ་ཏཱིཙྪ་ཧོ༔ སྤྲོ་ན་ཕྱག་རྒྱ་བཞི་ཡིས་མཆོད༔ ཧཱུྃ་ཨོཾ༔ བདེ་བར་གཤེགས་སོ་བཅོམ་ལྡན་འདས༔ རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས༔ སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན༔ ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱ༔ སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཡང་དག་དོན་དུ་དག་མོད་ཀྱང༔ འགྲོ་བ་ཡོངས་ཀྱི་དོན་སླད་དུ༔ ཕྱག་དང་ཞབས་ནི་བསིལ་ནས་ཀྱང༔ རྡོ་རྗེའི་གདན་ལ་བཞུགས་སུ་གསོལ༔ ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ༔ ཧཱུྃ༔ སྤོས་ཀྱི་སྤྲིན་ལྡིང་བདུག་པ་མོ༔ རྒྱལ་བའི་དཀྱིལ་འཁོར་གདུགས་ཀྱིས་འགེབས༔ བྱམས་པ་ཐབས་དང་ཤེས་རབ་ལས༔ བཛྲ་དྷཱུ་པེའི་མཆོད་པ་རོལ༔ ཨོཾ་པ་ན་པེཾ༔ པེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧཱུ༔ ས་མ་ཡོ་ཏ་མུ༔ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ༔ ཨུཏྤལ་མཐིང་ག་མེ་ཏོག་འཐོར༔ སྣ་ཚོགས་རིན་ཆེན་འོད་དུ་འཕྲོ༔ སྙིང་རྗེ་ཐབས་དང་ཤེས་རབ་ལས༔ བཛྲ་པུཥྤེའི་མཆོད་པ་རོལ༔ ཨོཾ་པ་ན་པེཾ༔ པེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧཱུ༔ ས་མ་ཡོ་ཏ་མུ༔ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ༔ ཧྲཱི༔ དབང་གི་ཕྱག་རྒྱ་སྒྲོན་མེ་བསྣམས༔ ཆོས་ཀྱི་རྒྱལ་པོ་འབར་བ་འཛིན༔ དགའ་བ་ཐབས་དང་ཤེས་རབ་ལས༔ བཛྲ་ཨཱ་ལོ་ཀེའི་མཆོད་པ་རོལ༔ ཨོཾ་པ་ན་པེཾ༔ པེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧཱུ༔ ས་མ་ཡོ་ཏ་མུ༔ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ༔ ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱི༔ ཙནྡན་བདུད་རྩིའི་ཆར་འབེབས་མ༔ དཀྱིལ་འཁོར་གསལ་བའི་ཐིག་ལེ་འབེབས༔ བཏང་སྙོམས་ཐབས་དང་ཤེས་རབ་ལས༔ བཛྲ་གནྡྷེའི་མཆོད་པ་རོལ༔ ཨོཾ་པ་ན་པེཾ༔ པེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧཱུ༔ ས་མ་ཡོ་ཏ་མུ༔ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ༔ ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གན༔ ཧཱུྃ༔ རང་བྱུང་གདོད་ནས་རྣམ་དག་པའི༔ བདུད་རྩི་རྩ་བརྒྱད་སྟོང་ལ་སྦྱར༔ དུག་ལྔ་སེལ་བ་སྨན་གྱི་མཆོག༔ རྨད་བྱུང་མཆོད་པ་བཞེས་སུ་གསོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ ཁམས་གསུམ་ཆགས་པའི་འཛིན་པ་བསྒྲལ༔ ཆགས་མེད་ཆགས་བྲལ་དམར་ཆེན་པོ༔ དུག་གསུམ་རྣམ་པར་སྦྱོང་བའི་ཕྱིར༔ དཀྱིལ་འཁོར་ལྷ་རྣམས་བཞེས་སུ་གསོལ༔ མ་ཧཱ་རཀྟ་པྲ་ཏཱིཙྪ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ འདོད་པའི་ཡོན་ཏན་ལྔ་ལྡན་པ༔ ཡེ་ཤེས་ལྔ་ཡི་མཆོད་སྤྲིན་ཆེ༔ བྱིན་རླབས་གཏོར་མའི་མཆོད་སྤྲིན་འདི༔ མཆོད་དོ་བཞེས་ཤིག་དགྱེས་པར་མཛོད༔ མ་ཧཱ་བ་ལིཾ་ཏ་པྲ་ཏཱིཙྪ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཐབས་ཤེས་མཉམ་སྦྱོར་བདེ་ཆེན་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་ཀུན་མཆོད་དེ༔ འཁོར་བའི་འཁྲུལ་རྟོག་ཐམས་ཅད་བསྒྲལ༔ མཉམ་ཉིད་སྤྲོས་བྲལ་ཡེ་མཆོད་འབུལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ༔ དྷརྨ་དྷཱ་ཏུ་ཤུདྡྷ་ཨཱ༔ ཨོཾ༔ ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི༔ ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ༔ བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས༔ སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས་ཧོ༔ ཨོཾ༔ རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ༔ རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན༔ རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ༔ རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཧོ༔ ཨོཾ༔ སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ༔ ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས༔ ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང༔ འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ་ཧོ༔ ཨོཾ༔ མི་དམིགས་རྫུ་འཕྲུལ་མཉམ་པའི་དབྱིངས༔ མཐའ་ཡས་ཀུན་ནས་ལྷ་ཚོགས་སྤྲོ༔ མཐའ་ཡས་ཀུན་ནས་ཀུན་གྱིས་ཐིམ༔ སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ་ཧོ༔ ཨོཾ༔ ཕྱོགས་བཅུ་འཇིག་རྟེན་རྡུལ་སྙེད་དུ༔ རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད༔ སྤྲུལ་པའི་རྡུལ་ཕྲན་བསམ་ཡས་ཀྱིས༔ སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ་ཧོ༔ ཨོཾ༔ ཐམས་ཅད་མ་ལུས་སྐུ་གསུང་ཐུགས༔ སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ༔ སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ༔ སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོ༔ སྤྲོ་ན་མཆོད་པ་བཅུ་དྲུག་འབུལ༔ ཡིག་བརྒྱས་ནོངས་བཤགས་དམ་བཅའ་བཟུང༔ ཧོ༔ སྒྱུ་འཕྲུལ་རང་བཞིན་ལྷ་ཚོགས་རྣམས༔ བདག་དང་མཐའ་ཡས་སེམས་ཅན་ལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དེ་ནས་སེམས་དཔའ་སུམ་བརྩེགས་ཀྱི༔ འོད་ཟེར་དཀར་པོ་ཕར་འཕྲོས་པས༔ རྒྱུད་སྦྱངས་དངོས་གྲུབ་སྣོད་དུ་བྱས༔ འོད་ཟེར་དམར་པོ་བསྣོལ་མ་ཡིས༔ དངོས་གྲུབ་མ་ལུས་བསྡུས་པར་བསམ༔ ཕཊ་ཛས་འཛབ་ཁང་དབྱེ་ནས་སུ༔ ཕར་འཕྲོས་ཡེ་ཤེས་ལྷ་ཚོགས་མཆོད༔ ཚུར་འཕྲོས་དངོས་གྲུབ་བདག་ལ་བསྩལ༔ བསྙེན་སྒྲུབ་རྣམ་བཞི་ཚད་དང་སྦྱར༔ རྒྱས་པར་སོ་སོའི་སྙིང་པོ་བཟླ༔ ཡང་ན་ཀུན་དྲིལ་སྤྱི་འཛབ་ནི༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ རྟགས་ཚད་ལྡན་ན་དངོས་གྲུབ་བླང༔ ཏ་ན་གྷ་ཎ་ལས་ལ་སྦྱར༔ གཞན་ཡང་ཐུན་མཚམས་རྣམས་སུ་ནི༔ ཛཔ྄་བསྟོད་བཤགས་པ་དམ་ཡེ་བསྟིམ༔ རྗེས་ཀྱི་བྱ་བ་ཚོགས་མཆོད་ནི༔ ལོངས་སྤྱོད་ཅི་འབྱོར་བདུད་རྩིར་བསག༔ ཚོགས་གཞོང་ཉི་མ་འབར་བ་དང༔ ཚོགས་རྫས་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཡེ་ཤེས་ལྔ་ཡི་འོད་ཟེར་གྱིས༔ འདོད་ཡོན་ལྷ་མོའི་རོལ་པར་བསམ༔ ཨོཾ་ཨཱཿཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྣམས༔ རང་སྣང་དག་པའི་ཚུལ་གྱིས་ནི༔ ཉེ་བར་དགོངས་ཏེ་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ མཆོད་སྤྲིན་ཕྱི་ནང་གསང་བས་མཆོད༔ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡི་ཚོགས་མཆོད་འདི༔ ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ༔ ཨོཾ་ག་ཎ་ཙཀྲ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧོ༔ ཚེ་རབས་ཐོག་མ་མེད་པ་ཚུན་ཆད་ནས༔ ད་ལྟའི་ལུས་འདི་བླང་བ་ཕན་ཆད་དུ༔ ལུས་ཀྱིས་སྡིག་བྱས་སྤྱོད་པ་ངན་དུ་སྤྱོད༔ ངག་གིས་ཚིག་རྩུབ་འཁྱལ་སྨྲ་ངན་དུ་བརྗོད༔ སེམས་ཀྱིས་བློ་ནོར་ལོག་པར་སེམས་ལ་སོགས༔ འདོད་ཁྲོ་གཏི་མུག་དབང་གིས་ནོངས་བགྱིས་པ༔ བཀྲམ་པའི་ལྷ་ཚོགས་རྣམས་ལ་བཟོད་པར་གསོལ༔ ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང༔ དེ་ཡི་འཁོར་དུ་གཏོགས་པའི་ལྷ་སྲིན་རྣམས༔ མི་ཡི་སྐྱོན་མཐོང་ཙམ་ནས་བར་ཆད་བརྩམ༔ ནོངས་ཤིང་འགལ་འཁྲུལ་ཅི་བགྱིས་མཐོལ་ལོ་བཤགས༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཡིག་བརྒྱ་བཟླས༔ བརྡ་དང་བརྡ་ཡི་འབུལ་ལེན་གྱིས༔ ཟབ་མོ་ནང་གི་སྦྱིན་བསྲེག་བྱ༔ ལྷག་མའི་མཎྜལ་མཆོད་གཏོར་བཤམ༔ རྩ་བ་ལས་ཀྱི་དཀྱིལ་འཁོར་རྣམས༔ བྷྲཱུྃ་ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ༔ ཟླ་བ་ལ་གནས་འབྲུ་གསུམ་གྱིས༔ འདོད་ཡོན་གསང་བའི་ལོངས་སྤྱོད་བསམ༔ ཨེ་ཨཱ་རལླི་ཧྲིཾ་ཧྲིཾ༔མགྲོན་རྣམས་བཀུག་ནས་ཟིལ་གྱིས་མནན༔ ཧཱུྃ་ཧཱུྃ་ཧཱུྃ༔ རིགས་ལྔ་རྣམས་དང་མཉམ་པར་སྦྱོར༔ ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཏ་ཧཱུྃ་ཕཊ༔ བུདྡྷ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཏ་ཨོཾ་ཕཊ༔ རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཏ་ཏྲཱཾ་ཕཊ༔ པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཏ་ཧྲཱིཿཕཊ༔ ཀརྨ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཏ་ཨཱཿཕཊ༔ ཧཱུྃ༔ སྔོན་ཚེ་བཅོམ་ལྡན་རིགས་ལྔ་ཡིས༔ མཁའ་འགྲོ་སུམ་ཅུ་རྩ་གཉིས་པོ༔ སླས་སུ་མཛད་ནས་ཁས་བླངས་བཞིན༔ གསང་བའི་དམ་རྫས་འདི་བཞེས་ལ༔ འདི་ན་ཡང་དག་དོན་སྤྱོད་ཀྱི༔ ཕྲིན་ལས་མ་ལུས་ཁྱེད་ཀྱིས་སྒྲུབས༔ ཡ་ཧི་གཙྪས་རང་གནས་གཤེགས༔ གཏོར་མ་མུ་རན་བར་དུ་བསྐྱལ༔ ཧཱུྃ༔ ལྷག་དཀྱིལ་རང་གི་སྙིང་གར་བསྡུ༔ སྲུང་མའི་གཏོར་མ་བྱིན་གྱིས་བརླབ༔ རཾ་ཡཾ་ཁཾ༔ བྷྲཱུྃ་ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ སྔོན་ཚེ་གསང་བའི་གནས་མཆོག་ཏུ༔ རྒྱལ་བ་སེམས་དཔའ་རྣལ་འབྱོར་མའི༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ བཀའ་ཡི་སྲུང་མ་འཁོར་དང་བཅས༔ དམ་རྫས་གཏོར་མ་འདི་ལོངས་ལ༔ ཞལ་བཞེས་དམ་བཅའ་དེ་བཞིན་དུ༔ སྒྲུབ་པའི་སྟོངས་གྲོགས་ཕྲིན་ལས་མཛོད༔ བརྟན་མའི་གཏོར་མ་བྱིན་གྱིས་བརླབ༔ ཏྲཱཾ་རཏྣ་ཏྲཻ་ལོ་ཀྱ་ཕཊ༔ གཏོར་མ་རྡུལ་ཕྲན་རེ་རེ་བཞིན༔ རིན་ཆེན་གུར་ཁྱིམ་ལོངས་སྤྱོད་གྱུར༔ འབྲུ་གསུམ་དག་གིས་བྱིན་གྱིས་བརླབ༔ ཡང་དག་ཟླ་གམ་ལྔ་བཅུ་རྩ་བརྒྱད་པའི་བརྟན་མ་ནི༔ ཧཱུྃ༔ ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད༔ ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ༔ ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས༔ འདིར་བྱོན་དམ་སྐོང་དངོས་གྲུབ་སྩོལ༔ བརྟན་མ་སྐྱོང་མཛད་མ་དང་སྲིང༔ དཔལ་གནས་མ་དང་ཡང་དག་ཤེས༔ ཁྱུང་བཙུན་ཀོང་ལྷ་གཡུ་བུན་མ༔ མེ་ཏོག་ཟླ་འོད་བྱང་རྒྱལ་མ༔ གསེར་ཐང་ཀུན་བཟང་ཤཱིནྟཾ་དཔལ༔ ཀླུ་མོ་གཟི་འབར་ལ་སོགས་པའི༔ བརྟན་མ་བཅུ་གཉིས་འཁོར་དང་བཅས༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ སློབ་དཔོན་པདྨ་འབྱུང་གནས་དང༔ རླངས་ཆེན་དཔལ་གྱི་སེང་གེ་ཡི༔ སྤྱན་སྔར་ཁས་བླངས་དམ་བཅས་བཞིན༔ དམ་རྫས་བཀའ་ཡི་གཏོར་མ་ལོངས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ལ་ལཱ༔ ལེ་ལེ༔ ཏཾ་ཏཾ༔ ཏེ་ཏེ༔ ཁ་རགྨ༔ མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ་ཧཱུྃ༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ སྲུང་མ་གཙྪས་གཤེགས་པར་བྱ༔ གཏོར་གཞོང་སྦུབས་ལ་བྲོ་ཡང་བརྡུང༔ ཡཱ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ ཡེ་ཤེས་ཞི་བ་ཆེན་པོ་རྣམས༔ ཐུགས་རྗེ་ཆེན་པོའི་བྲོ་བརྡུངས་པས༔ གཏི་མུག་རྡོ་རྗེ་འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན༔ ཉོན་མོངས་བདུད་དང་མི་མཐུན་ཚོགས༔ ཡུད་ཙམ་གྱིས་ནི་ཞི་མཛད་པའི༔ ཞི་བའི་ལས་རྣམས་འགྲུབ་པར་མཛོད༔ མཱ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ ངོ་མཚར་བརྗིད་པ་ཆེན་པོ་རྣམས༔ རྔམས་པའི་ཡིད་ཀྱིས་བྲོ་བརྡུངས་པས༔ ང་རྒྱལ་རྡོ་རྗེ་འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན༔ དཔལ་དང་གཟི་བརྗིད་ཆེན་པོ་རྣམས༔ ཡུད་ཙམ་གྱིས་ནི་རྒྱས་པར་མཛད༔ རྒྱས་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཝཾ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ༔ བདེ་བ་ཆེན་པོའི་གར་བསྒྱུར་ཞིང༔ ཆགས་པའི་ཡིད་ཀྱིས་བྲོ་བརྡུངས་པས༔ འདོད་ཆགས་རྡོ་རྗེ་འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན༔ རྒྱལ་བློན་ཕོ་མོ་འབྲུ་ནོར་རྣམས༔ ཡུད་ཙམ་གྱིས་ནི་དབང་དུ་སྡུད༔ དབང་གི་ཕྲིན་ལས་འགྲུབ་པར་མཛོད༔ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ འབར་བ་གཏུམ་ཆེན་རྔམ་པ་རྣམས༔ ཁྲོས་པའི་ཡིད་ཀྱིས་བྲོ་བརྡུངས་པས༔ ཞེ་སྡང་རྡོ་རྗེ་འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན༔ རུ་དྲ་དགྲ་བགེགས་མ་ལུས་པ༔ ཡུད་ཙམ་གྱིས་ནི་བརླག་པར་མཛད༔ དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ གཏང་རག་མཆོད་བསྟོད་ནོངས་པ་བཤགས༔ ཧཱུྃ༔ སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་དེ༔ ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང༔ མཆོག་དང་ཐུན་མོང་དངོས་གྲུབ་དམ་པ་རྣམས༔ བདག་ལ་བསྩལ་ཞིང་བརྟན་པར་བཞུགས་སུ་གསོལ༔ ཀཱ་ཡ་ཝཱཀ་ཙིཏྟ་ཏིཥྛ་བཛྲ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་དཀྱིལ་འཁོར་འོད་དུ་ཞུ༔ ལྷར་སྣང་འོད་གསལ་ངང་དུ་བསྡུ༔ ཕཊ་ཕཊ་ཕཊ༔ བདག་ཉིད་རྡོ་རྗེ་སེམས་དཔའི་སྐུ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཧཾ་ཞུ་ཁྲོ་བོས་ལུས་གཏམས་ནས༔ ཡེ་ཤེས་ལྔ་ཡི་དབང་དང་ལྡན༔ སྣང་སྲིད་ཕྱག་རྒྱ་བཞི་རུ་གྱུར༔ བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ་ཧཱུྃ་ཧཱུྃ༔ ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ༔ སྤྱོད་ལམ་ཀུན་ཏུ་ཕྱག་རྒྱར་ལྡན༔ དགེ་བ་བསྔོ་ཞིང་བཀྲ་ཤིས་བྱ༔ འདི་ནི་ལམ་གྱི་མཐར་ཐུག་ཡིན༔ དེ་ཕྱིར་རྩེ་གཅིག་ཉམས་ལེན་བྱ༔ ས་མ་ཡ༔ རྒྱ་རྒྱ༔ ཁོ་བོ་མཆོག་གྱུར་གླིང་པས་ནམ་མཁའ་མཛོད་ནས་སྤྱན་དྲངས་ཤིང་ཟངས་ཤོག་ལས་ཞལ་བཤུས་པའོ། སརྦ་མངྒ་ལཾ།། །།
པདྨའི་ཞལ་གདམས་གྲོལ་ཐིག་མཐོང་བ་རང་གྲོལ་ལས༔ བླ་མ་རིག་འཛིན་ཀུན་འདུས་ཀྱི་བདག་མདུན་དབང་དོན་དེ་ཉིད་གསལ་བ་ (Volume 8, Text 4)
འུ་འུ་འུ༔ པདྨའི་ཞལ་གདམས་གྲོལ་ཐིག་མཐོང་བ་རང་གྲོལ་ལས༔ བླ་མ་རིག་འཛིན་ཀུན་འདུས་ཀྱི་བདག་མདུན་དབང་དོན་དེ་ཉིད་གསལ་བ་ཞེས་བྱ་བ་བཞུགས་སོ༔ ྈ བདེ་གཤེགས་བླ་མ་ཡོངས་རྫོགས་འདུས་པའི་སྐུ༔ ཨོ་རྒྱན་པདྨའི་སྐུ་གསུང་ཐུགས་ལ་འདུད༔ བདེ་གཤེགས་བླ་མ་ཡོངས་རྫོགས་དབང་ཐོབ་ནས༔ དལ་འབྱོར་ལས་འབྲས་མི་རྟག་ཉེས་དམིགས་བསྒོམ༔ ཕྱི་ནང་ལོངས་སྤྱོད་རྫས་དང་མཐུན་རྐྱེན་བསག༔ ཕུན་ཚོགས་ལྔ་པོས་སྒྲུབ་པའི་གཞི་བཟུང་ལ༔ དཀོན་མཆོག་གསུམ་དང་བླ་མ་བདེ་གཤེགས་ལྷ༔ མདུན་གྱི་ནམ་མཁར་གསལ་བསྒོམ་སྐྱབས་འགྲོ་དང༔ ཚད་མེད་འགྲོ་ལ་སྙིང་རྗེས་ཕན་སེམས་བསྐྱེད༔ ཡན་ལག་བཅུ་ཡིས་ཚོགས་གསག་ཚད་མེད་བསྒོམ༔ ཚོགས་བསགས་སྐྱབས་གྱུར་ཛཿཧཱུྃ་བཾ་ཧོཿས་བསྟིམ༔ སྣོད་བཅུད་སྟོང་གསལ་རྡོ་རྗེའི་གུར་ནང་དུ༔ རང་གི་མདུན་དུ་ཏྲཱཾཿལས་རབ་བསྐྱེད་པའི༔ པད་སྡོང་དཀར་དམར་འདབ་སྟོང་རྒྱས་པའི་དབུས༔ ཨ་ལས་ཟླ་བ་མ་ལས་ཉི་སྟེང་ཧཱུྃ༔ དེ་ལས་འོད་འཕྲོས་ཡོངས་སུ་གྱུར་པ་ལས༔ བདེ་གཤེགས་ཀུན་འདུས་མ་ཧཱ་གུ་རུ་ཉིད༔ ཞལ་གཅིག་ཕྱག་གཉིས་དཀར་དམར་འཛུམ་མདངས་ལ༔ མཛེས་པའི་སྤྱན་གཉིས་གདུལ་བྱའི་ཡུལ་ལ་གཟིགས༔ ཤངས་ཀྱི་དབྱིབས་རྣོ་སྨིན་མ་འཁྱུག་ཅིང་གསལ༔ ཞལ་གྱི་དཀྱིལ་འཁོར་ཟླ་རྒྱས་པདྨའི་མདངས༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་མཁའ་ལ་གདེངས༔ གཡོན་པ་པད་ཕོར་བདུད་རྩིས་གང་བ་ནི༔ ལྟེ་བར་བསྣམས་ནས་གསང་བའི་ཡུམ་ལ་འཁྱུད༔ གྲུ་མོར་འཆང་བ་རྡོ་རྗེ་ཁ་ཊྭཱཾ་ག༔ མེ་ལོང་དར་དཔྱང་སྟག་རས་གཟིག་རས་དང༔ ཌཱ་རུ་གཡེར་ཁ་སིལ་ཁྲོལ་ཚངས་སྐུད་ལྡན༔ མཛེས་པའི་པད་ཞྭ་འདབ་ལྡན་བརྒྱན་པ་ལ༔ ཟ་འོག་པདྨ་སྣ་ཚོགས་རྡོ་རྗེས་སྤྲས༔ རྡོ་རྗེ་གཙུག་ཏོར་དར་སྣའི་ཅོད་པན་ཅན༔ ཉི་ཟླའི་མཐོངས་གསལ་མེ་ལོང་ལྔ་ཡིས་བརྒྱན༔ དཀར་དམར་སྤེལ་བའི་ན་བཟའ་དྲི་མ་མེད༔ མཐིང་ནག་དར་གྱི་ཕོད་ཆེན་རྡོ་རྗེ་ཡི༔ གང་ཐོད་བྱི་ཐིར་ཁ་མཚམས་སྟག་རས་ཅན༔ ཆོས་གོས་དར་དམར་བེར་ཕྱམ་སྐུ་ལ་གསོལ༔ སྙན་ཆ་མགུལ་དོ་རིན་ཆེན་རུས་པས་མཛེས༔ འོད་ལྔའི་ཀློང་ན་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ མཚན་དང་དཔེ་རྫོགས་ཡན་ལག་དྲུག་ཅུའི་དབྱངས༔ བསམ་ཡས་ཏིང་འཛིན་ངང་དུ་མི་གཡོ་བ༔ དེ་ཡི་པང་དུ་ལྷ་ལྕམ་མནྡཱ་ར༔ དཀར་དམར་མདངས་ལྡན་ཕྱག་གཉིས་གྲི་ཐོད་འཛིན༔ སྒེག་བཞད་འཛུམ་པས་ཡབ་ཀྱི་མགུལ་ནས་འཁྲིལ༔ དབུ་སྐྲ་ཕྱེད་བཅིང་ཅུང་ཟད་ཐུར་དུ་གྲོལ༔ རིན་ཆེན་རུས་རྒྱན་ཕྱག་རྒྱ་རྣམ་ལྔ་འཆང༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་པར་གྱུར༔ པདྨའི་སྡོང་པོ་ཡལ་ག་ལོ་འདབ་ལྡན༔ ཕྱོགས་མཚམས་བརྒྱད་དུ་འབར་བའི་པད་སྟེང་དུ༔ ཕྱི་ལྟར་བྱང་སེམས་ནང་ལྟར་སྒྲུབ་སྡེ་བརྒྱད༔ གསང་བ་སློབ་དཔོན་བཀའ་བབས་རྣམ་བརྒྱད་དང༔ ཡང་གསང་དུར་ཁྲོད་གནས་ཀྱི་མཚན་བརྒྱད་ཉིད༔ གཞན་ཡང་སྲིད་གསུམ་དཔའ་བོ་རྣལ་འབྱོར་མ༔ སྤྱོད་ཚུལ་སྐྱེ་མཆེད་སྐུ་མདོག་མ་ངེས་ཤིང༔ ཞལ་གཅིག་ཕྱག་གཉིས་གྲི་གུག་ཐོད་ཁྲག་ཐོགས༔ རུས་རྒྱན་དུར་ཁྲོད་ཆས་ལྡན་བརྐྱང་བསྐུམ་གར༔ ཟག་མེད་ཡར་མར་དགའ་བཞིའི་ངོ་བོར་བཞུགས༔ གུ་རུའི་སྤྱི་གཙུག་འོད་ཁྱིམ་ཐིག་ལེའི་དབུས༔ རྒྱལ་བའི་མཆོག་གྱུར་འཕགས་པ་སྤྱན་རས་་་གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་པད་དཀར་གྱི་ཡུ་བ་འཛིན་པ་གཡོན་དཀོན་མཆོག་གསུམ་གྱི་ཕྱག་རྒྱ་ཐུགས་ཀར་གཏད་པའོ་་་གཟིགས༔ ཞལ་གཅིག་ཕྱག་གཉིས་དུང་མདོག་རྒྱན་དང་ལྡན༔ དེ་ཡི་སྤྱི་གཙུག་སངས་རྒྱས་སྣང་མཐའ་ཡས༔ དམར་གསལ་ཞལ་གཅིག་ཕྱག་གཉིས་ལྷུང་བཟེད་བསྣམས༔ དར་དམར་ཆོས་གོས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཧཱུྃ༔ ཀུན་ཀྱང་གནས་གསུམ་འོད་ཀྱི་ཞིང་ཁམས་ནས༔ རིག་འཛིན་བརྒྱུད་པ་སྒྲུབ་སྡེ་བརྒྱད་ཀྱི་ལྷ༔ མཁའ་འགྲོ་དམ་ཅན་འཁོར་དང་བཅས་པ་རྣམས༔ སྒྲུབ་མཆོག་བདག་ལ་བྱིན་གྱིས་བརླབ་ཕྱིར་གཤེགས༔ གུ་རུ་དྷེ་ཝ་ཌྷཱ་ཀི་ནཱི་ས་མ་ཡ་ཛཿཛ༔ དགྱེས་ཤིང་མི་གཡོ་ཀུན་ཀྱང་བརྟན་པར་བཞུགས༔ དབང་སྐུར་བྱིན་རློབས་མཆོག་གི་དངོས་གྲུབ་སྩོལ༔ སྐྱབས་སུ་འགྲོ་བ་ནི། ཧཱུྃ༔ བླ་མ་ཡི་དམ་ཌཱ་ཀི་ཀུན་གྱི་མཆོག༔ སྐུ་གསུང་ཐུགས་ནི་དཀོན་མཆོག་གསུམ་གྱི་དཔལ༔ སྒོ་གསུམ་དད་པས་འདི་བཟུང་བྱང་ཆུབ་བར༔ བདག་སོགས་འགྲོ་ཀུན་གུས་པས་སྐྱབས་སུ་མཆི༔ ལན་གསུམ༔ སེམས་བསྐྱེད་པ་ནི༔ ཧཱུྃ༔ བླ་མ་རྩ་གསུམ་སྐྱབས་ཀྱི་མཆོག་ཏུ་འཛིན༔ འགྲོ་བའི་དོན་དུ་སྨོན་འཇུག་སེམས་བསྐྱེད་དེ༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་གསང་སྔགས་ཀྱི༔ དམ་ཚིག་སྡོམ་པ་རྟག་ཏུ་བསྐྱང་བར་བགྱི༔ ལན་གསུམ༔ ཡན་ལག་བདུན་པ་ནི༔ ཧཱུྃ༔ བླ་མ་ཡི་དམ་ཌཱ་ཀིའི་ལྷ་ཚོགས་རྣམས༔ ཚོགས་གཉིས་གསག་ཕྱིར་རྟེན་གྱི་མཆོག་ཏུ་འཛིན༔ དགའ་མགུ་རངས་པའི་སེམས་ཀྱིས་གུས་ཕྱག་འཚལ༔ དངོས་སུ་འབྱོར་དང་ཡིད་སྤྲུལ་མཆོད་པས་མཆོད༔ སྡིག་པའི་ཚོགས་དང་དམ་ཚིག་ཉམས་ཆག་བཤགས༔ དགེ་ཚོགས་མཛད་པ་ཀུན་ལ་ཡི་རང་ངོ༔ ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ འགྲོ་ལ་ཕན་མཛད་མྱ་ངན་མི་འདར་བཞུགས༔ བདག་གཞན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ༔ དེ་ལྟར་ཉམས་བླངས་དགེ་ཚོགས་ལ་བརྟེན་ནས༔ མཁའ་ཁྱབ་འཁྲུལ་པའི་སེམས་ཅན་ཐམས་ཅད་ལ༔ བྱམས་དང་སྙིང་རྗེའི་དགའ་བ་ཚད་མེད་དང༔ བཏང་སྙོམས་ལ་བརྟེན་མཉམ་ཉིད་ཆོས་ཀྱི་སྐུ༔ འགྲོ་བ་ཀུན་གྱིས་ཡང་དག་གནས་ཐོབ་ཤོག༔ ཧཱུྃ༔ དེང་ནས་བདག་དང་སེམས་ཅན་རྣམས༔ ཡེ་ནས་གཉིས་སུ་མེད་པ་ལ༔ རང་སྣང་འཐས་པས་གཉིས་སུ་བཟུང༔ མཐའ་མེད་འཁོར་བར་སྡུག་བསྔལ་མྱང༔ ད་ནི་སྲིད་པའི་མཐའ་གྲོལ་ནས༔ ཡེ་ཤེས་ཀློང་ནས་སངས་རྒྱས་ཕྱིར༔ སྙིང་ནས་གདུང་བའི་ཤུགས་བསྐྱེད་དོ༔ མོས་གུས་བསྐྱེད་ཅིང་མཆི་མ་བླག༔ འདི་ལྟར་གསོལ་བ་གདབ་པར་བྱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བསྙེན་པའོ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཉེ་བསྙེན་ནོ༔ ཞེས་འདི་ང་རོས་བརྒྱ་སྟོང་ཁྲི་འབུམ་བཟླ༔ གསོལ་བཏབ་བསྙེན་པས་མདུན་གྱི་ལྷ་ཚོགས་ལས༔ དཀར་དམར་མཐིང་ཚོགས་བསམ་ཡས་འོད་ཟེར་གྱིས༔ གནས་གསུམ་གང་བས་སྒོ་གསུམ་རིམ་པར་སྦྱངས༔ སྐུ་གསུང་ཐུགས་སུ་བྱིན་གྱིས་རློབ་པ་དང༔ འོད་ཟེར་ཕར་འཕྲོས་སྐུ་གསུང་ཐུགས་ལ་ཐིམ༔ ཕྱི་ནང་གསང་བའི་མཆོད་པས་མཉེས་པ་དང༔ བར་དུ་འོད་ཟེར་སྣོད་བཅུད་ཐམས་ཅད་གང༔ བླ་མ་ཡི་དམ་མཁའ་འགྲོར་གསལ་བའི་ངང༔ རིག་པ་གཟེངས་བསྟོད་བླ་མར་མོས་གུས་ཀྱིས༔ ང་རྒྱལ་དྲག་པོས་ཐུན་གྱི་སུམ་ཆ་བཟླ༔ དེ་ནི་བསྙེན་པའི་བསྙེན་པ་ཞེས་བྱ་སྟེ༔ ཕྱོགས་བཅུ་དུས་གསུམ་བླ་མ་རྩ་གསུམ་གྱི༔ བྱིན་རླབས་ཡེ་ཤེས་དངོས་གྲུབ་འབེབ་པའི་གནད༔ ཛཔ྄་དབྱངས་ངང་པའི་སྐད་ལྟར་བཟླ་བར་བྱ༔ ཐུན་མཚམས་འོད་ཟེར་སྤྲོ་བསྡུའི་དབང་བཞི་བླང༔ ཚོགས་ཞིང་འོད་ཞུ་རང་དང་གཉིས་མེད་བསྟིམ༔ མ་བཅོས་ཁྱབ་བརྡལ་ཟུང་འཇུག་ངང་ལ་བཞག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ དངོས་གཞི་རྟེན་མཆོད་ལག་ལེན་རྒྱས་པར་བཤམ༔ ཁྲུས་བྱས་གོ་བགོས་བདུད་རྩི་ཡང་དག་མྱང༔ ཐོད་རྔ་ཅང་ཏེའུ་རྔ་དང་དྲིལ་བུ་དང༔ སྤོས་དང་དར་འཕན་བླ་བྲེ་ཡོལ་བས་བརྒྱན༔ སྒྲུབ་པའི་གྲོགས་དང་བཅས་ཏེ་ཕྱི་རོལ་དུ༔ སྔོན་འགྲོའི་གཏོར་མ་པདྨའི་དབྱིབས་ཅན་ལ༔ དཀར་གསུམ་སྨན་ཆུ་ཆང་དང་བདུད་རྩིས་བྲན༔ དང་པོ་བགེགས་ལ་གཏོར་མ་སྦྱིན་པ་ནི༔ རཾ་ཡཾ་ཁཾ་གསུམ་ཨོཾ་ཨཱཿཧཱུྃ་གསུམ་གྱིས༔ བསྲེགས་གཏོར་སྦྱངས་དང་བྱིན་བརླབ་ཚུལ་བཞིན་བྱ༔ ཧཱུྃ༔ ཡུལ་ཕྱོགས་འདི་དག་ཀུན་ལ་གནས་པ་ཡི༔ ལྷ་ཀླུ་གནོད་སྦྱིན་སྲིན་པོ་འབྱུང་པོ་དང༔ ཡི་དྭགས་ཤ་ཟ་བརྗེད་བྱེད་སྨྱོ་བྱེད་དང༔ མཁའ་འགྲོ་མ་མོ་འཁོར་དང་བཅས་པ་རྣམས༔ མཆོད་སྦྱིན་གཏོར་མ་བཟང་པོ་འདི་ཉིད་བཞེས༔ བར་དུ་གཅོད་པའི་བསམ་སྦྱོར་ཀུན་སྤོངས་ལ༔ ཞི་དང་ཕན་པའི་སེམས་ཀྱིས་གནས་པར་གྱིས༔ མ་ཧཱ་པཉྩ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ གཉིས་པ་བཀའ་བསྒོ་ཞིང་མཚམས་བཅད་པ་ནི༔ ཧཱུྃ༔ ཡེ་ཤེས་རོལ་པ་དཔལ་གྱི་སྐུར་གསལ་བའི༔ སྐུ་གསུང་ཐུགས་ལས་སྤྲུལ་པའི་ཁྲོ་ཚོགས་ཀྱིས༔ བགེགས་རིགས་མ་ལུས་རྒྱ་མཚོའི་མཐར་བསྐྲད་བགྱི༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྷྲྀཧྞ་གྷྲྀཧྞ་ཧཱུྃ༔ གྷྲྀཧྞ་པ་ཡ་གྷྲྀཧྞ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་ཝཱན་བིདྱཱ་རཱ་ཛཱ་ཡ་ཧཱུྃ་ཕཊ༔ སྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ ཡེ་ཤེས་རོལ་པ་དཔལ་གྱི་ཐུགས་ལས་བྱུང༔ རྡོ་རྗེ་འཁོར་ལོ་རལ་གྲི་རྒྱ་གྲམ་དང༔ མདའ་མཚོན་ཕུར་བུ་མེ་དཔུང་ཕྱོགས་མཚམས་གཏམས༔ བསྐལ་པའི་རླུང་ཡང་གནས་འདིར་ལྡང་མི་འགྱུར༔ ཨོཾ་བཛྲ་ཙཀྲ་ཏཱིཀྵྞ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཧཱུྃ༔ ཡེ་ཤེས་རོལ་པ་དཔལ་གྱི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་སྤྲུལ་པ་ཁྲོ་བོའི་ཚོགས༔ འཇིགས་སྐུ་རྔམ་བཀྲག་རྣོ་བའི་མཚོན་ཆར་འབེབ༔ བར་མཚམས་མེད་པ་ཁྲོ་བོའི་སྤྲིན་ཆེན་འཁྲིགས༔ ཨོཾ་བཛྲ་ཀྲོ་དྷ་སརྦ་ས་མ་ཡ་རུ་ལུ་རུ་ལུ་ཧཱུྃ་ཕཊ༔ གསུམ་པ་བརྡ་སྒོ་དབྱེ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་ཌཱ་ཀིའི་དཀྱིལ་འཁོར་ནི༔ ཀུན་ནས་མ་འདྲེས་ཡོངས་སུ་ཁྱབ་ཅིང་བརྡལ༔ རང་ངོ་མ་ཤེས་ཡུལ་དྲུག་རྟོག་པས་བཅིངས༔ རང་རིག་དོན་གྱི་འཆར་སྒོ་དབྱེ་རུ་གསོལ༔ བྷྲཱུྃ་པྲ་ཝེ་ཤ་ཡ་ཕཊ༔ བཞི་པ་བརྡ་ཕྱག་འཚལ་བ་ནི༔ ཧཱུྃ༔ རྩ་གསུམ་ཀུན་སྣང་རང་རིག་ལྷ་ཡི་ཚོགས༔ སྤྲོ་དང་བསྡུ་བའི་ཡོངས་དབྱེ་མི་འཚལ་ཡང༔ རང་ངོ་མ་འཚལ་ཐ་དད་བློས་བཅིངས་པ༔ རང་ཤེས་འཁྲུལ་པ་བྲལ་ཕྱིར་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ལྔ་པ་དམ་བཅའ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་ཌཱ་ཀིའི་ལྷ་ཚོགས་རྣམས༔ ཡེ་ནས་རང་དང་ཐ་དད་གཉིས་མེད་པ༔ མ་རིག་དབང་གིས་གཉིས་སུ་བཟུང་ལགས་ཀྱང༔ དེང་ནས་གཉིས་མེད་ཡེ་ཤེས་གཅིག་ཏུ་བཟུང༔ ཨོཾ་བཛྲ་ཙིཏྟ་ཧཱུྃ༔ དྲུག་པ་བྱིན་དབབ་པ་ནི༔ ཧཱུྃ༔ བླ་མ་ཡི་དམ་ཌཱ་ཀིའི་སྐུ་གསུང་ཐུགས༔ རང་རྩལ་འགག་མེད་ནམ་མཁའི་མཐའ་དང་མཉམ༔ ཛཿཧཱུྃ་བཾ་ཧོཿས་ཆོས་དབྱིངས་གནས་ནས་གཤེགས༔ གཉིས་མེད་བརྟན་བཞུགས་བྱིན་དབང་བསྐུར་དུ་གསོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿཛ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨཱ་ཝེ་ཤ་ཡ་ཨ་ཨ་ཨཱ༔ ཞེས་པའི་རྗེས་ལ་ཡི་གེ་བརྒྱ་པའི་བཤགས་པ་བྱའོ༔ བདུན་པ་མཆོད་པ་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ བླ་མ་རྩ་གསུམ་སྣང་སྲིད་དག་པ་ལ༔ རང་རྩལ་མ་འགག་མཆོད་པའི་ཆོ་འཕྲུལ་གྱིས༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་བྱིན་བརླབས་ནས༔ ཡེ་ཤེས་ལྔ་རྫོགས་སྐུ་གསུང་ཐུགས་སུ་བརླབ༔ ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ༔ མ་ཧཱ་བཛྲ་ཧཱུྃ༔ གྷཎྜེ་ཧཱུྃ༔ དེ་ལྟར་ལས་རིམ་བདུན་གྱིས་སྔོན་འགྲོ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དངོས་གཞིའི་ཆོས་ནི་ཉི་ཤུ་རྩ་ལྔ་སྟེ༔ དང་པོ་དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི༔ ཧཱུྃ༔ ཆོས་རྣམས་སྐྱེ་མེད་འོད་གསལ་ནམ་མཁའི་དབྱིངས༔ གཟུང་དང་འཛིན་བྲལ་རང་བྱུང་ཀུན་ཏུ་རིག༔ གཅིག་དང་དུ་མའི་རྣམ་པ་ཀུན་བྲལ་བ༔ སྙིང་པོ་མཆོག་གི་ཏིང་འཛིན་ཡོངས་ལ་ཁྱབ༔ ཨོཾ་མ་ཧཱ་ཤཱུཎྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ གཉིས་པ་ཀུན་ཏུ་སྣང་བའི་ཏིང་འཛིན་ནི༔ ཧཱུྃ༔ མ་འགག་གསལ་བ་རིག་པའི་རྩལ་སྣང་ནི༔ ཀུན་ཏུ་མ་འདྲེས་ཀུན་ལ་ཁྱབ་པ་ཡི༔ སྙིང་རྗེ་ཆེན་པོ་འོད་ལྔའི་མདངས་ལྡན་པ༔ ནམ་མཁའ་བཞིན་དུ་ཕྱོགས་རིས་མེད་པར་བསྒོམ༔ ཨོཾ་དྷརྨ་དྷཱ་ཏུ་ས་མཱ་དྷི་ཧཱུྃ༔ གསུམ་པ་རྒྱུའི་ཏིང་འཛིན་ནི༔ ཧཱུྃ༔ སྟོང་པ་ཉིད་ཀྱི་རང་བཞིན་སྙིང་རྗེ་ཆེ༔ སྙིང་རྗེའི་རང་བཞིན་སྟོང་ཉིད་རྡོ་རྗེ་སེམས༔ ཟུང་འཇུག་འོད་གསལ་རྡོ་རྗེ་སྔོན་པོ་ནི༔ རྩེ་ལྔ་ཧཱུྃ་བཅས་སྟོང་དབྱིངས་མཁའ་ལ་གསལ༔ ཨོཾ་བ་ོདྷི་ཙིཏྟ་ས་མཱ་དྷི་ཧཱུྃ༔ གཉིས་པ་འབྱུང་བ་རིམ་བརྩེགས་བསྐྱེད་པ་ནི༔ ཧཱུྃ་ལས་ཆོས་འབྱུང་འོད་ལྔ་ཆད་པ་ལས༔ མེ་ཆུ་རླུང་གིས་ཐམས་ཅད་སྟོང་པར་སྦྱངས༔ ཨེཿཡཾཿརཾཿབཾཿསུཾཿཀེཾཿའབྱུང་རིམ་ལྔ༔ ནམ་མཁའ་རླུང་མེ་ཆུ་ས་རི་རབ་བརྩེགས༔ མ་ཧཱ་བཛྲ་མཎྜལ་ཧཱུྃ༔ གསུམ་པ་གཞལ་ཡས་གདན་བཅས་བསྐྱེད་པ་ནི༔ ཧཱུྃ་ལས་བྷྲཱུྃ་འཕྲོས་འོད་དུ་ཞུ་བ་ལས༔ རིན་ཆེན་འབར་བའི་གཞལ་ཡས་གྲུ་བཞི་པ༔ སྒོ་བཞི་རྩིག་པ་རྟ་བབས་འདོད་ཡོན་དང༔ རིན་ཆེན་ཕ་གུ་དྲྭ་བ་དྲྭ་ཕྱེད་དང༔ མདའ་ཡབ་པུ་ཤུ་ཕྱོགས་མཚམས་ཀུན་ནས་མཛེས༔ ཕྱི་རོལ་པདྨ་འདབ་སྟོང་གེ་སར་ལ༔ མཆོད་པའི་ལྷ་མོ་དཔག་མེད་མཆོད་རྫས་ཐོགས༔ དེ་ཡི་ཕྱི་རོལ་རྡོ་རྗེའི་གུར་ཁང་སྲ༔ རབ་འཇིགས་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ་ལ༔ རོ་དང་ཀེང་རུས་འདྲེ་དང་སྲིན་པོ་དང༔ རོ་ལངས་མཁའ་འགྲོ་རིག་འཛིན་གཙོ་མཆོག་བརྒྱད༔ མེ་ཆུ་སྤྲིན་དང་རི་དང་མཆོད་པའི་རྟེན༔ སྟེང་འོག་ཕྱོགས་མཚམས་ཡེ་ཤེས་རྣམ་ལྔའི་གུར༔ ཁ་དོག་ལྔ་ལྡན་མེ་དཔུང་ཀུན་ནས་འབར༔ བཞི་པ་ལྷ་ཚོགས་བསྐྱེད་པ་ནི༔ ཕོ་བྲང་དབུས་སུ་རིན་ཆེན་ཟུར་བརྒྱད་མཛེས༔ ལྟེ་དབུས་པདྨ་ཉི་ཟླ་བརྩེགས་པའི་སྟེང༔ མཐིང་མདོག་རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ༔ རང་རིག་རྣམ་པ་མ་བཅོས་མཐིང་གསལ་ལས༔ འོད་འཕྲོས་དོན་བྱས་བདག་ཉིད་པདྨ་འབྱུང༔ ཀུན་ཏུ་བཟང་པོ་རྡོ་རྗེ་ཐོད་ཕྲེང་རྩལ༔ ཞལ་གཅིག་ཕྱག་གཉིས་མཐིང་གསལ་རྡོར་དྲིལ་བསྣོལ༔ ཀུན་བཟང་ཡུམ་ཆེན་མཚོ་རྒྱལ་པད་མདོག་འཁྲིལ༔ གྲི་གུག་ཐོད་འཛིན་དར་དང་རུས་རྒྱན་སྤྲས༔ མཉམ་སྦྱོར་བདེ་བས་དབང་བསྐུར་བྱིན་གྱིས་བརླབས༔ ཡེ་ཤེས་འོད་ལྔ་འབར་བའི་ཀློང་ན་བཞུགས༔ ལྷན་སྐྱེས་མི་གཡོ་ཟུང་འཇུག་སྒྱུ་མའི་སྐུ༔ བདེ་སྟོང་དབྱེར་མེད་སྐུ་གསུང་ཐུགས་སུ་གྲུབ༔ དེ་ཡི་སྤྱི་གཙུག་པདྨ་ཉི་ཟླའི་སྟེང༔ དགའ་རབ་རྡོ་རྗེ་དཀར་གསལ་རྡོར་དྲིལ་འཛིན༔ རིན་ཆེན་རུས་རྒྱན་མཛེས་པའི་གར་དགུར་ལྡན༔ དེ་ཡི་སྤྱི་གཙུག་གསང་བདག་རྡོ་རྗེ་སེམས༔ དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ༔ རྡོ་རྗེ་དྲིལ་བུ་འགྱིང་ཚུལ་ཕྱག་རྒྱས་འཁྲིལ༔ རིན་ཆེན་རུས་རྒྱན་དར་དང་མཚན་དཔེར་ལྡན༔ དེ་ཉིད་སྤྱི་གཙུག་པདྨ་ཉི་ཟླའི་སྟེང༔ ཐོག་མའི་རྒྱལ་བ་ཀུན་བཟང་ཡབ་ཡུམ་སྐུ༔ ཞལ་གཅིག་ཕྱག་གཉིས་མཉམ་གཞག་ཕྱག་རྒྱའི་སྟེང༔ ཨུཏྤ་ལར་གནས་རྡོ་རྗེ་དྲིལ་བུ་འཛིན༔ བཟང་མོ་ཐལ་སྦྱར་བདེ་སྟོང་རིག་པའི་སྐུ༔ འོད་ལྔའི་ཀློང་ན་མཚན་དཔེ་གསལ་རྫོགས་ལྡན༔ དེ་ལྟར་གསལ་བའི་པདྨའི་སྡོང་པོ་ལས༔ ཕྱོགས་མཚམས་རྒྱས་པའི་པད་སྡོང་ཉི་ཟླའི་སྟེང༔ ཆེ་མཆོག་ལ་སོགས་སྒྲུབ་སྡེ་བརྒྱད་ཀྱི་ལྷ༔ སྐུ་མདོག་ཞལ་ཕྱག་མ་འདྲེས་ལྷུན་གྱིས་གྲུབ༔ གཙོ་དང་འཁོར་བཅས་བསམ་ལས་འདས་པར་བསྒོམ༔ དེ་ལྟར་བདག་ཉིད་གསལ་བའི་སྙིང་ག་རུ༔ པདྨ་འདབ་བརྒྱད་དཀར་དམར་མདངས་ལྡན་དབུས༔ ཉི་ཟླ་ལྷ་ཀླུ་བྱོལ་སོང་བརྩེགས་པའི་སྟེང༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ མཐིང་ནག་སྐུ་ལ་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་ཐོད་ཁྲག་དཀྲུགས་འཐུང་བརྐྱང་བསྐུམ་གར༔ གནམ་ཞལ་ཡུམ་དང་གཉིས་མེད་གཙོ་འཁོར་་་ཡུམ་རྣམས་ཕྱག་གཉིས་གྲི་ཐོད་འཛིན་པ་་་གསལ༔ ཀུན་གཞི་རྣམ་ཤེས་རྣམ་དག་ལྷུན་གྱིས་གྲུབ༔ ཚོགས་བརྒྱད་དག་པ་སྙིང་གི་ཕྱོགས་མཚམས་སུ༔ ཤར་གྱི་འདབ་སྟེང་རུ་དྲ་ཉི་ཟླའི་སྟེང༔ མེ་ལོང་ཡེ་ཤེས་བཛྲ་ཧེ་རུ་ཀ༔ མཐིང་ནག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན༔ ཁྲོ་མོ་དབང་ཕྱུག་ཡུམ་དང་གཉིས་སུ་མེད༔ ལྷོ་ཡི་འདབ་སྟེང་ཆུ་གླང་ཉི་ཟླའི་སྟེང༔ མཉམ་ཉིད་ཡེ་ཤེས་འཇམ་དཔལ་གཤིན་རྗེའི་གཤེད༔ མཐིང་ནག་ཕྱག་གཉིས་འཁོར་ལོ་སྡིགས་མཛུབ་ལྕགས་ཀྱུ་མཛད༔ རོ་ལངས་ཁྲོ་མོ་ཡུམ་དང་གཉིས་སུ་མེད༔ ནུབ་ཀྱི་འདབ་སྟེང་ཆུ་བདག་ཉི་ཟླའི་སྟེང༔ སོར་རྟོག་ཡེ་ཤེས་པདྨ་དབང་གི་རྒྱལ༔ དམར་ནག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན༔ རལ་གཅིག་ཁྲོ་མོ་ཡུམ་དང་གཉིས་སུ་མེད༔ བྱང་གི་འདབ་སྟེང་དབང་ཕྱུག་ཉི་ཟླའི་སྟེང༔ བྱ་གྲུབ་ཡེ་ཤེས་རྡོ་རྗེ་གཞོན་ནུའི་སྐུ༔ མཐིང་ནག་ཕྱག་གཉིས་རྡོ་རྗེ་ཕུར་པ་འདྲིལ༔ འཁོར་ལོ་རྒྱས་འདེབས་ཡུམ་དང་གཉིས་སུ་མེད༔ ཤར་ལྷོའི་འདབ་སྟེང་མ་བདུད་ཉི་ཟླའི་སྟེང༔ དབྱིངས་གྲོལ་ཡེ་ཤེས་བླ་མེད་མ་མོ་ཧེ་རུ་ཀ༔ མཐིང་ནག་ཕྱག་གཉིས་རྡོ་རྗེ་ཐོད་ཁྲག་འཛིན༔ ཀུན་ཏུ་བཟང་མོ་ཡུམ་དང་གཉིས་སུ་མེད༔ ལྷོ་ནུབ་འདབ་སྟེང་སྲིན་པོ་ཉི་ཟླའི་སྟེང༔ འདའ་ཀ་ཡེ་ཤེས་རིག་འཛིན་དྲག་པོ་རྩལ༔ མཐིང་ནག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན༔ རྡོ་རྗེ་ཕག་མོ་ཡུམ་དང་གཉིས་སུ་མེད༔ ནུབ་བྱང་འདབ་སྟེང་དྲེགས་པ་ཉི་ཟླའི་སྟེང༔ ཀློང་གྱུར་ཡེ་ཤེས་དྲེགས་པ་ཀུན་འདུལ་དཔལ༔ མཐིང་ནག་ཕྱག་གཉིས་རྡོ་རྗེ་ཐོད་ཁྲག་བསྣམས༔ ཁམས་གསུམ་སྤྱི་འདུལ་ཡུམ་དང་གཉིས་སུ་མེད༔ བྱང་ཤར་འདབ་སྟེང་ལྷ་ཆེན་ཉི་ཟླའི་སྟེང༔ མཐའ་གྲོལ་ཡེ་ཤེས་སྟོབས་ལྡན་ནག་པོའི་སྐུ༔ མཐིང་ནག་ཕྱག་གཉིས་རྡོ་རྗེ་ཙིཏྟ་བསྣམས༔ འབྱུང་ལྔའི་བདག་མོ་ཡུམ་དང་གཉིས་སུ་མེད༔ རང་རང་འཁོར་ཚོགས་ཡེ་ཤེས་རོལ་པའི་སྐུ༔ ཧཱུྃ༔ བར་མཚམས་འདབ་བརྒྱད་ཐིག་ལེའི་དབུས༔ ཤར་དུ་ཧཱུྃ་ཆེན་ཀཱ་ར་ཉིད༔ དཀར་གསལ་ཕྱག་གཉིས་རྡོར་དྲིལ་འཛིན༔ ལྷོ་རུ་འཇམ་དཔལ་བཤེས་གཉེན་དཔལ༔ དམར་སྨུག་བེ་ཅོན་སྡིགས་མཛུབ་མཛད༔ ནུབ་ཏུ་ཀླུ་སྒྲུབ་གུར་གུམ་མདོག༔ གཙུག་ཏོར་ཆོས་འཆད་ཕྱག་རྒྱ་ཅན༔ བྱང་དུ་པྲ་བྷ་ཧསྟི་རྩལ༔ དཀར་དམར་ཕྱག་ཤིང་པུསྟི་འཛིན༔ ཤར་ལྷོར་དྷ་ན་སཾསྐྲྀ་དམར༔ ཐོད་རྔ་པད་ཕོར་བདུད་རྩི་འཛིན༔ ལྷོ་ནུབ་བི་མ་མི་ཏྲ་སྔོ༔ རྡོ་རྗེ་རྩེ་ལྔ་ཚེ་བུམ་འཛིན༔ ནུབ་བྱང་གུ་ཧྱ་ཙནྡྲ་དམར༔ ཕྱག་གཉིས་ལྕགས་ཀྱུའི་ཕྱག་རྒྱ་མཛད༔ བྱང་ཤར་ཤཱནྟིཾ་དམར་སྨུག་མདོག༔ འཁོར་ལོ་གྲི་གུག་གཡས་གཡོན་འཛིན༔ ཀུན་ཀྱང་མཉེན་ཞུ་ཕོད་ཆེན་དང༔ རིན་ཆེན་རུས་རྒྱན་ཆོས་གོས་གསོལ༔ འཇའ་འོད་འཁྲིགས་པའི་ཀློང་དཀྱིལ་ན༔ དགྱེས་པའི་ཚུལ་གྱིས་བཞུགས་པར་གྱུར༔ ཧཱུྃ༔ དེ་ཡི་ཕྱི་རིམ་འདབ་བརྒྱད་ལ༔ ཐབས་ཤེས་དཀར་དམར་གདན་གྱི་སྟེང༔ རིམ་བཞིན་པདྨ་འབྱུང་གནས་མཐིང༔ རྡོ་རྗེ་གཡས་ལ་སྡིགས་མཛུབ་གཡོན༔ རང་འོད་ཡུམ་དང་གཉིས་མེད་འཁྲིལ༔ པདྨ་སཾ་བྷ་དཀར་སྨུག་ཞལ༔ རྡོ་རྗེ་ཐོད་པ་གཡས་དང་གཡོན༔ དགེ་སློང་ཚུལ་ཅན་འོད་ཟེར་དམར༔ བློ་ལྡན་མཆོག་སྲེད་དཀར་གསལ་མདོག༔ ཐོད་རྔ་པད་ཕོར་དར་དཀར་གསོལ༔ པདྨ་རྒྱལ་པོ་དམར་གསལ་སྐུ༔ ཐོད་རྔ་ལྕགས་སྒྲོག་མེ་ལོང་འཛིན༔ ཉི་མ་འོད་ཟེར་དམར་སེར་སྐུ༔ ཁ་ཊྭཱཾ་ཉི་ཟེར་རུས་རྒྱན་ཅན༔ ཤཱཀྱ་སེང་གེ་གསེར་མདོག་འོད༔ སྐྱིལ་ཀྲུང་དར་དམར་ས་གནོན་ཅན༔ སེང་གེ་སྒྲ་སྒྲོག་མཐིང་ནག་ཁྲོས༔ རྩེ་ལྔ་རྡོ་རྗེ་སྡིགས་མཛུབ་བཞེངས༔ རྡོ་རྗེ་གྲོ་ལོད་དམར་སྨུག་ཁྲོས༔ རྡོ་རྗེ་རྩེ་ལྔ་ཕུར་པ་འདེབས༔ ལ་ལ་དུར་ཁྲོད་རིན་ཆེན་ཆས༔ ལ་ལ་བཞེངས་བཞུགས་རོལ་སྟབས་ཅན༔ རིགས་བཞི་དཔའ་བོ་མཁའ་འགྲོས་བསྐོར༔ ༼གསང་བ་ཡེ་ཤེས་གཙོ་དང་སྦྱོར༔ འཁོར་དུ་རིག་འཛིན་མཁའ་འགྲོས་བསྐོར༔༽ གནས་བཞིར་འབྲུ་གསུམ་ཧྲཱིཿདང་མ༔ འོད་ཟེར་ཀུན་ནས་འཕྲོ་བཞིན་བཞུགས༔ ཧཱུྃ༔ གྲུ་ཆད་བཞི་ལ་མཆོད་པའི་ལྷ་མོ་བརྒྱད༔ གསེར་ཁྱམས་རིགས་ཀྱི་མཁའ་འགྲོ་འབུམ་སྡེ་དང༔ ཁྲག་ཁྱམས་ཆོས་སྐྱོང་དམ་ཅན་སྐར་ལྟར་འཁྲིགས༔ སྒོ་བཞིར་དཔའ་བོ་སྡེ་བཞི་དཔུང་དང་བཅས༔ ཁོར་ཡུག་རྒྱལ་ཆེན་ཕྱོགས་སྐྱོང་ཚོགས་ཀྱིས་བསྐོར༔ སྟེང་འོག་འདོད་ཡོན་སྣམ་བུ་ལྷ་མོས་གཏིབས༔ གསལ་ལ་མ་འདྲེས་འཛུམ་བཞད་ཧཱུྃ་སྒྲ་སྒྲོག༔ བདེ་ཆེན་འོད་གསལ་ཐུགས་དང་རོ་གཅིག་ཤར༔ བདག་ཉིད་ཐོད་ཕྲེང་སྐུ་ལ་སངས་རྒྱས་ཞིང༔ སྤྱི་བོར་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དང༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ཡབ་ཡུམ་ལ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མང་པོས་བསྐོར༔ མགྲིན་པར་རིན་ཆེན་མཁའ་འགྲོ་ཡབ་ཡུམ་ལ༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་མང་པོས་བསྐོར༔ སྙིང་གར་བུདྡྷ་མཁའ་འགྲོ་ཡབ་ཡུམ་ལ༔ བུདྡྷ་རིགས་ཀྱི་མཁའ་འགྲོ་མང་པོས་བསྐོར༔ ལྟེ་བར་པདྨ་མཁའ་འགྲོ་ཡབ་ཡུམ་ལ༔ པདྨ་རིགས་ཀྱི་མཁའ་འགྲོ་མང་པོས་བསྐོར༔ གསང་བར་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་ལ༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་མང་པོས་བསྐོར༔ རྩ་ཆེན་རྩ་ཕྲན་གྲངས་ལས་འདས་པ་རྣམས༔ མཁའ་འགྲོ་དཔའ་བོ་བསམ་ཡས་ལྷུན་གྱིས་གྲུབ༔ ཕུང་པོ་དག་པ་རིགས་ཀྱི་སངས་རྒྱས་ལྔ༔ འབྱུང་བ་དག་པ་རིགས་ཀྱི་ལྷ་མོ་ལྔ༔ རྣམ་ཤེས་དག་པ་ནང་གི་རྒྱལ་སྲས་བཞི༔ དབང་པོ་དག་པ་ཕྱི་ཡི་སེམས་དཔའ་བཞི༔ ཡུལ་བཞི་དག་པ་སྒེག་སོགས་སེམས་མ་བཞི༔ དུས་བཞི་དག་པ་མཆོད་པའི་ལྷ་མོ་བཞི༔ རིགས་བཞི་དག་པ་ཁྲོ་ཚོགས་སྒོ་བ་བཞི༔ མུ་བཞི་དག་པ་ཁྲོ་མོ་དབང་ཕྱུག་བཞི༔ སྒལ་ཚིགས་དག་པ་དབང་ཕྱུག་ཉི་ཤུ་བརྒྱད༔ ཡེ་ནས་ལྷུན་གྲུབ་མ་བསྐྱེད་རང་བྱུང་ཤར༔ སྐུ་གསུང་ཐུགས་ནི་རྡོ་རྗེ་གསུམ་དུ་གསལ༔ རང་དབང་རང་ཐོབ་རིགས་ལྔས་དབུ་ལ་བརྒྱན༔ རིག་པ་རང་གསལ་ཡེ་ཤེས་ཐུགས་སྲོག་ཧཱུྃ༔ ཧཱུྃ༔ གཞན་ཡང་རྩ་ཁམས་ཉི་ཁྲི་ཆིག་སྟོང་ན༔ དབྱིངས་དང་ཡེ་ཤེས་ལས་ལས་གྲུབ་པའི་རྩལ༔ ཞི་ཁྲོའི་ལྷ་ཚོགས་ཏིལ་གྱི་གོང་བུ་ལྟར༔ སྣང་སྟོང་ཡེ་ཤེས་བདེ་སྟོང་ལྷུན་གྱིས་གྲུབ༔ གཉིས་མེད་འཁྲིལ་སྦྱོར་རྒྱན་དང་ཆ་ལུགས་ལྡན༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང༔ རྒོད་དང་གཤེ་དང་འཇིགས་པར་སྟོན་པ་དང༔ སྙིང་རྗེ་རྔམ་དང་ཞི་བ་ལ་སོགས་པའི༔ དྲག་པོའི་གར་དགུའི་ཚུལ་གྱི་སྒྱུ་མའི་སྐུ༔ དྭངས་གསལ་མཛེས་སྡུག་ལྷུན་སྟུག་དཔའ་བ་དང༔ སྒེག་ཅིང་རོལ་པ་སྣང་ལ་རང་བཞིན་མེད༔ ཞི་བའི་ཉམས་དགུ་དག་དང་ལྡན་པའི་ལྷ༔ བསམ་གྱིས་མི་ཁྱབ་བདེ་སྟོང་ལྷ་སྐུར་བཞུགས༔ ཧཱུྃ༔ ཐོད་ཕྲེང་དབུ་གཙུག་ཀུན་བཟང་རྡོ་རྗེ་སེམས༔ ཚོམ་བུ་དགུ་ལྡན་ཞི་བའི་ལྷ་ཚོགས་རྣམས༔ ཡེ་ཤེས་རོལ་པའི་རང་སྣང་རང་རྩལ་ལས༔ ཞི་ཚུལ་དགུ་ལྡན་རྒྱན་ཆ་བཅུ་གསུམ་མཛེས༔ དབུ་རྒྱན་ལྷག་པའི་ལྷ་ཚོགས་ལྷུན་གྱིས་གྲུབ༔ དུག་ལྔ་དག་པ་ཡེ་ཤེས་ལྔ་ཡི་ཀློང༔ བཞི་བཅུ་རྩ་གཉིས་དམ་པ་རིགས་བརྒྱའི་སྐུ༔ དུ་མར་སྣང་ཡང་གཅིག་གི་ངོ་བོར་བཞུགས༔ ཚོགས་བརྒྱད་དག་པ་རིག་འཛིན་བརྒྱད་དུ་སྣང༔ ཡུལ་བརྒྱད་སྣང་བ་དུར་ཁྲོད་བརྒྱད་དུ་ཤར༔ འདོམ་གང་གྲུ་བཞིའི་ལུས་འདི་གཞལ་ཡས་ཁང༔ ཁ་སྣ་གསང་བ་གཤང་གཅིའི་སྒོ་བཞི་གསལ༔ མིག་གཉིས་དང་ནི་རྣ་བ་གཉིས་ཀྱི་སྒོ༔ ལྐོག་གྱུར་ཡེ་ཤེས་གསང་བའི་སྒོ་བཞི་དང༔ སྙིང་གི་སྒོ་ནས་ཕྱོགས་བཞིར་འབྱུང་བཞིའི་རླུང༔ རྟག་ཏུ་རྒྱུ་བས་བར་གྱི་སྒོ་བཞི་གསལ༔ རྐང་བརྒྱད་ཀ་བ་རྩ་བརྒྱད་ཀ་གདུང་དང༔ ཚིལ་བུ་ཕ་གུ་ཤ་ཉིད་འདོད་པའི་ཁྱམས༔ རྩ་ཕྲན་དྲལ་ཕྱམ་རྩིག་པ་རྟ་བབས་དང༔ རྣ་བ་རི་དྭགས་སྨིན་མ་བྱ་རུ་དང༔ ཐོད་པ་གདུགས་དང་སྐྲ་ཡི་དར་དཔྱང་དང༔ ཚངས་བུག་ཏོག་དང་རྩ་ཡི་དྲྭ་བ་དང༔ པགས་པ་རྭ་གུར་བ་སྤུ་མེ་རི་འབར༔ པགས་པའི་ཕྱི་རྩ་འཁོར་ལོ་རྩིབས་སྟོང་གསལ༔ ཁམས་ལྔ་དག་པ་ལུས་རྣམས་འབྱུང་བཞི་དང༔ རི་རབ་བརྩེགས་པ་རང་བཞིན་ལྷུན་གྱིས་གྲུབ༔ ཀུན་ཀྱང་འོད་གསལ་མེ་ལོང་འོད་ལྔའི་དཀྱིལ༔ གསལ་ལ་མ་འདྲེས་རང་བྱུང་དཀྱིལ་འཁོར་རྫོགས༔ རང་བྱུང་རང་ཤར་རང་རིག་གསལ་བར་བསྒོམ༔ ཧཱུྃ༔ གཞི་དུས་དྭངས་མའི་རྩ་ཐིག་རླུང་གསུམ་ལས༔ རྟེན་ནི་གཞལ་ཡས་བརྟེན་པ་ལྷ་དང་བཅས༔ དེ་ལྟར་རང་ཉིད་གསལ་བའི་མདུན་དཀྱིལ་དུ༔ རྒྱུ་དུས་ཕྱི་ཡི་དཀྱིལ་འཁོར་རྣམ་ལྔ་ལ༔ དབང་བཞི་ཡུལ་གྱི་ལྷ་ཚོགས་མ་བསྒྲིབས་པར༔ གསལ་ལ་མ་འདྲེས་ནམ་མཁའི་འཇའ་ཚོན་དང༔ སྣང་ལ་མ་གྲུབ་ཆུ་ཟླ་ཇི་བཞིན་དུ༔ རིག་འཛིན་བླ་མ་ཞི་ཁྲོ་ཌཱ་ཀི་རྣམས༔ བདག་མདུན་དབྱེར་མེད་ཡེ་ཤེས་སྤྱན་དྲངས་བསྟིམ༔ ཕྱི་ནང་མཆོད་བསྟོད་བསྙེན་སྒྲུབ་ལས་ལ་འབད༔ དབང་བཞི་བླང་ཞིང་དོན་གྱི་ངོ་བོར་བཞག༔ རྒྱུན་ཁྱེར་ཚོམ་དཀྱིལ་གཏོར་མ་ལ་བརྟེན་ནས༔ རྒྱས་པའི་དུས་སུ་དཀྱིལ་འཁོར་རྣམ་བདུན་དང༔ མཆོད་ཚོགས་དང་བཅས་མདའ་གྲི་རྒྱན་རྣམས་བཀྲམ༔ ལམ་དབང་ཉིད་ནི་ཡབ་ཡུམ་སྐུ་ལས་ལེན༔ འབྲས་དབང་ཉམས་མྱོང་ལམ་རྟགས་ཉིད་ལས་གསལ༔ མ་བསྒོམ་མ་བསྐྱེད་གཡོ་མེད་བཞག་པ་ལས༔ ལྔ་ལྡན་ཚོམ་བུའི་ངང་དུ་ལྷ་རྣམས་རྫོགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ ལྔ་པ་སྤྱན་འདྲེན་པ་ནི༔ ཧཱུྃ༔ གསལ་བརྟན་ཡེ་ཤེས་རོལ་པ་ལས༔ བླ་མ་ཡི་དམ་ཌཱ་ཀིའི་ཚོགས༔ དམིགས་མེད་མཁའ་ལྟར་དག་པའི་གནས༔ ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ༔ ཧཱུྃ༔ འོག་མིན་ཞིང་དང་ཨོ་རྒྱན་གནས༔ རྔ་ཡབ་གླིང་དང་དུར་ཁྲོད་བརྒྱད༔ རང་བཞིན་གནས་ནས་འདིར་གཤེགས་ཤིག༔ འཁོར་དུ་སྤྲུལ་པ་བསམ་མི་ཁྱབ༔ རིག་འཛིན་གཙོ་བོ་པདྨ་འབྱུང༔ ཀུན་བཟང་རྡོ་རྗེ་ཐོད་ཕྲེང་རྩལ༔ སྒྲུབ་སྡེ་བརྒྱད་ཀྱི་ལྷ་ཚོགས་དང༔ སྤྲུལ་སྐུ་རིག་འཛིན་ཆེན་པོ་བརྒྱད༔ ཡང་སྤྲུལ་མཚན་བརྒྱད་རྣམ་རོལ་དང༔ མཁའ་འགྲོ་སྲུང་མ་དམ་ཅན་རྣམས༔ སྐུ་ནི་མཚན་མཆོག་མདངས་དང་ལྡན༔ གསུང་ནི་དོན་དམ་ཆོས་ཀྱི་སྒྲ༔ ཐུགས་ནི་འོད་གསལ་བདེ་ཆེན་འབར༔ རྣམ་འགྱུར་ཡོན་ཏན་བསམ་མི་ཁྱབ༔ རྒྱན་དང་ཆ་ལུགས་བསམ་ལས་འདས༔ སྒྲུབ་མཆོག་བདག་ལ་བརྩེར་དགོངས་ལ༔ གནས་མཆོག་འདི་རུ་གཤེགས་སུ་གསོལ༔ ཉི་ཟླ་པདྨའི་གདན་བཞུགས་ལ༔ སྐུ་གསུང་ཐུགས་ཀྱིས་བྱིན་རློབས་ཤིག༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ཨེ་ཨཱ་རལླི་ཧྲཱིང་ཧྲཱིང་ཛཿཛ༔ དྲུག་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ གདོད་ནས་གཉིས་མེད་མཉམ་པའི་ངང་ཉིད་ལས༔ བློ་སྦྱང་ཕྱིར་དུ་དམ་ཚིག་ཡེ་ཤེས་སེམས༔ ཆུ་ལ་ཆུ་བཞག་སྒྱུ་མ་ཇི་བཞིན་དུ༔ དུ་མར་སྣང་ལ་རོ་གཅིག་བརྟན་པར་བྱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ་ལྷན༔ བདུན་པ་བྱིན་དབང་བསྐུར་བ་ནི༔ ཧཱུྃ༔ ཐམས་ཅད་སྐུ་གསུང་ཐུགས་དང་ཡེ་ཤེས་ལྡན༔ དབང་ཆེན་དབང་སྐུར་མཐུ་རྩལ་བྱིན་གྱིས་རློབས༔ ཕྱག་རྒྱ་བཞི་ལྡན་ཡེ་ནས་གྲུབ་པའི་ངང༔ ཐམས་ཅད་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ༔ ཨོཾ་ཧཱུྃ་སྭཱ་ཧྲཱིཿཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ བརྒྱད་པ་ཕྱག་འཚལ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་ཞི་ཁྲོ་ཌཱ་ཀིའི་ཚོགས༔ རང་ཤེས་འཁྲུལ་བྲལ་བརྡ་དང་གར་གྱི་ཕྱག༔ རྣམ་དག་ཡེ་ཤེས་ཆེན་པོར་རྟོགས་བྱའི་ཕྱིར༔ སྲི་ཞུ་གུས་པས་འཕྲུལ་དགའི་ཚུལ་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ དགུ་པ་ཕྱག་རྒྱ་གར་གྱི་མཆོད་པ་ནི༔ ཧཱུྃ༔ ཐ་མལ་རྟོག་པ་རྣམ་དག་ཕྱག་རྒྱའི་བརྡ༔ གར་གྱིས་རབ་མཚོན་དོན་གྱི་ལྷར་གསལ་ཕྱིར༔ གཙོ་དང་འཁོར་བཅས་ཏིང་འཛིན་ཆོ་འཕྲུལ་གྱིས༔ རོལ་པ་མ་འདྲེས་ཕྱག་རྒྱའི་མཆོད་པ་འབུལ༔ མ་ཧཱ་མུ་དྲ་པཱུ་ཛ་ཧོ༔ བཅུ་པ་གླུ་བྲོ་ཡེ་ཤེས་ཀྱི་མཆོད་པ་ནི༔ ཧཱུྃ༔ ཡེ་ཤེས་གླུ་བྲོ་དོན་གྱི་བརྡ་མཚོན་ནས༔ དགའ་བ་བཅུ་དྲུག་གླུ་དབྱངས་བྲོ་གར་དང༔ ཡང་དག་དོན་རྟོག་རང་བྱུང་རང་ལ་མཆོད༔ མི་རྟོག་ཡེ་ཤེས་རང་གནས་བསྟན་དུ་གསོལ༔ མ་ཧཱ་ཛྙཱ་ན་ཏེ་ཏེ་ཧཱུྃ༔ ཏེ་ཏེ་ཏེ་ན་ཧཱུྃ༔ བཅུ་གཅིག་པ་ཉེར་སྤྱོད་དང་འདོད་ཡོན་དྲུག་གི་མཆོད་པ་ནི༔ ཧཱུྃ༔ ཏིང་འཛིན་ཆོ་འཕྲུལ་ཡེ་ཤེས་རོལ་པ་ལས༔ ཕ་རོལ་ཕྱིན་པ་དྲུག་རྫོགས་མཆོད་པའི་སྤྲིན༔ ནམ་མཁའི་ཁམས་སུ་སྒྱུ་མའི་ཚུལ་བསྟན་ནས༔ རང་བྱུང་རིག་པ་དོན་གྱི་ལྷ་ལ་འབུལ༔ ཨོཾ་བཛྲ་ཨཱ་ཧ་ར་ཨཱ་ཧ་ར་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནེ་ཝིདྱཱ་ཤབྡ་པཱུ་ཛ་ཧོ༔ ཧཱུྃ༔ གསང་བ་ཡུམ་གྱི་བདེ་བ་དམ་པ་ནི༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་རྣམས་ཏེ༔ འདོད་ཡོན་མ་འགག་རང་བྱུང་ལྷ་མོ་ཡིས༔ འདོད་ཡོན་རྣམ་དྲུག་སེམས་ཀྱི་རྒྱན་དུ་འབུལ༔ པཉྩ་ཀཱ་མ་གུ་ཎ་པཱུ་ཛ་ཨཱཿཧཱུྃ༔ བཅུ་གཉིས་པ་གསང་བ་དུག་ལྔའི་མཆོད་པ་ནི༔ ཧཱུྃ༔ རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་དམ་པ་ནི༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང༔ ཕྲག་དོག་རྣམ་དག་སྐུ་ལྔ་ཡེ་ཤེས་ལྔ༔ སྦྱོར་སྒྲོལ་དག་པ་ལམ་གྱི་མཆོད་པ་འབུལ༔ ཧ་ལ་པཉྩ་པཱུ་ཛ་ཧོ༔ བཅུ་གསུམ་པ་དུག་གསུམ་གྱི་མཆོད་པ་ནི༔ ཧཱུྃ༔ འདོད་ཆགས་ཞེ་སྡང་གཏི་མུག་རྣམ་པ་གསུམ༔ ཤ་ཁྲག་རུས་པའི་རྫས་སུ་ལྷུན་གྱིས་གྲུབ༔ ཁམས་གསུམ་དག་པ་སྐུ་གསུང་ཐུགས་དང་ལྡན༔ དམ་ཚིག་གསུམ་གྱི་མཆོད་པ་དམ་པ་འབུལ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་པཱུ་ཛ་ཧོ༔ བཅུ་བཞི་པ་ཆེ་བའི་ཡོན་ཏན་བརྗོད་དེ་འབུལ་ཞིང་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ རང་བྱུང་གདོད་ནས་དག་པ་རྫས་ཀྱི་མཆོག༔ ཤ་ལྔ་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ༔ དག་མཉམ་རྟོགས་པས་རང་བྱུང་རང་ལ་མཆོད༔ སྐུ་གསུང་ཐུགས་ཀྱི་སིདྡྷི་བསྩལ་དུ་གསོལ༔ སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཨོཾ་ཨཱཿཧཱུྃ་ཧྲཱི༔ བཅོ་ལྔ་པ་དམ་རྫས་གཏོར་མའི་མཆོད་པ་ནི༔ ཧཱུྃ༔ ཁྱད་པར་རྨད་བྱུང་དམ་རྫས་འདོད་ཡོན་ལྔ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་མཆོག་གི་རྟེན༔ ཟག་མེད་བདུད་རྩིའི་གཏོར་མ་ལོངས་སྤྱོད་རྒྱན༔ བླ་མ་ཡི་དམ་ཌཱ་ཀིའི་ཚོགས་ལ་འབུལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ བཅུ་དྲུག་པ་མ་ཆགས་རཀྟའི་མཆོད་པ་ནི༔ ཧཱུྃ༔ བདེ་ཆེན་ཡེ་ཤེས་འབྱུང་བའི་གནས་གཅིག་པུ༔ པདྨ་རཀྟ་ཆགས་པ་ཆེན་པོའི་ཚོགས༔ མ་ལུས་གཅིག་བསྡུས་འཁོར་སྐྱོན་དག་པའི་རྫས༔ བླ་མ་ཡི་དམ་ཌཱ་ཀིའི་ཚོགས་ལ་འབུལ༔ མ་ཧཱ་རཀྟ་ཁཱ་ཧི༔ བཅུ་བདུན་པ་གསང་ནན་ཛ་གད་ཀྱི་མཆོད་པ་ནི༔ ཧཱུྃ༔ རྡོ་རྗེ་སེམས་དཔའ་བདུད་རྩི་འཆི་མེད་རྫས༔ རྒྱུ་གཉིས་རྐྱེན་གསུམ་བདུད་རྩི་བཞི་སྦྱར་ནས༔ དཀར་དམར་ཁམས་ཀྱི་བདེ་བ་བསྐྱེད་པའི་ཕྱིར༔ བླ་མ་ཡི་དམ་ཌཱ་ཀིའི་ཚོགས་ལ་འབུལ༔ སརྦ་པཉྩ་ཨ་མྲྀཏ་ཛ་གད་ཁཱ་ཧི༔ བཅོ་བརྒྱད་པ་གཉིས་སྦྱོར་གྱི་མཆོད་པ་ནི༔ ཧཱུྃ༔ ཐབས་ཀྱི་རྡོ་རྗེ་བདེ་ཆེན་ཝཾ་གི་དཔལ༔ ཤེས་རབ་པདྨ་ཨེ་ཡིག་རྣམ་ཐར་གསུམ༔ ཐབས་ཤེས་གཉིས་ཀྱི་དགའ་བ་མཉམ་སྦྱོར་བ༔ ཟག་མེད་རྫུ་འཕྲུལ་ལམ་གྱི་མཆོད་པ་འབུལ༔ སྙོམས་འཇུག་དགའ་བའི་རོལ་པ་ལས་བྱུང་བ༔ མི་ཤིགས་ཐིག་ལེ་མཆོག་གི་རོལ་མོའི་སྒྲ༔ ཨ་ཧཾ་བདེ་བའི་མདངས་སུ་ཤར་བ་རྣམས༔ ཐབས་ཤེས་དབྱེར་མེད་ཟུང་འཇུག་མཆོད་པར་འབུལ༔ ཨོཾ་པདྨོ་ཡོ་གི་ནཱི་བཛྲ་པྲ་ཝེ་ཤ་ཡ་ཕཊ༔ བཅུ་དགུ་པ་བདག་རྟོག་བསྒྲལ་བའི་མཆོད་པ་ནི༔ ཧཱུྃ༔ ཡང་དག་རྟོགས་པའི་ཡེ་ཤེས་རྡོ་རྗེ་ཡིས༔ འཁོར་བའི་བག་ཆགས་གཏན་ནས་བཅོམ་བྱས་ཏེ༔ གནས་ངན་སྒྲིབ་པའི་དགྲ་དཔུང་གཞོམ་པའི་ཕྱིར༔ གསང་བ་མཁའ་གསང་དབྱིངས་སུ་བསྒྲལ་མཆོད་འབུལ༔ མ་ཏྲཾ་རུ་དྲ་པྲ་བྷཉྫ་ཡ་ཧཱུྃ་ཕཊ༔ ཏི་ཧཱུྃ་ཨེ་སྥ་ར་ཎ་ཧཱུྃ་ཕཊ༔ ཉི་ཤུ་པ་ཡེ་ཤེས་ལྷ་ཡི་བསྟོད་པ་ནི༔ ཧཱུྃ༔ སྒྱུ་འཕྲུལ་རྡོ་རྗེ་ནམ་མཁའི་མདུད་གྲོལ་ཞིང༔ ཐབས་ཤེས་དབྱེར་མེད་བདེ་ཆེན་འགྱུར་བ་མེད༔ ཅིར་ཡང་མི་གཡོ་མ་འདྲེས་ལྷམ་མེ་བ༔ རྡོ་རྗེ་ཐོད་ཕྲེང་ཡབ་ཡུམ་ཉིད་ལ་བསྟོད༔ སྣང་ཡུལ་ཡེ་ཤེས་གཅིག་གི་ངོ་བོ་ཉིད༔ གཅིག་དང་དུ་མ་བྲལ་བའི་བདག་ཉིད་ཅན༔ སྣ་ཚོགས་སྣང་བརྙན་རིག་པའི་རྩལ་ཆེན་པོ༔ ལྷུན་གྱིས་གྲུབ་པའི་རིག་འཛིན་བརྒྱད་ལ་བསྟོད༔ དངོས་གྲུབ་ཀུན་འབྱུང་དུར་ཁྲོད་བརྒྱད་རྣམས་སུ༔ སྔོན་གྱི་སྨོན་ལམ་རང་བྱུང་ཡེ་ཤེས་མཐུས༔ གང་ལ་ཅིས་འདུལ་རྣམ་འཕྲུལ་བརྒྱད་དུ་ཤར༔ སྤྲུལ་པའི་གུ་རུ་མཚན་བརྒྱད་ཉིད་ལ་བསྟོད༔ གཉིས་མེད་ཟུང་འཇུག་ཆེ་མཆོག་ཧེ་རུ་ཀ༔ མ་བཅོས་སྤྲོས་བྲལ་མཐིང་ནག་ཆོས་ཀྱི་སྐུ༔ ཞལ་གཅིག་འགྱུར་མེད་ཕྱག་གཉིས་ཐབས་ཤེས་སྦྱོར༔ ཞབས་གཉིས་མཐའ་གནོན་ཡེ་ཤེས་གར་དགུར་ལྡན༔ དུག་ལྔ་མ་སྤངས་རིན་ཆེན་དུར་ཁྲོད་ཆས༔ བདེ་སྟོང་མཉམ་སྦྱོར་ཡབ་ཡུམ་ཚོགས་ལ་བསྟོད༔ མཉམ་ཉིད་དག་པ་རྒྱལ་བའི་ཡེ་ཤེས་སྐུ༔ རྩོལ་མེད་རང་བྱུང་ཨཱ་ལི་ཀཱ་ལིའི་སྒྲ༔ རྟོག་མེད་སྤྲོས་བྲལ་འོད་གསལ་ཐིག་ལེའི་ཐུགས༔ རྩོལ་བ་བྲལ་བ་ལྷུན་གྲུབ་ཡོན་ཏན་གཏེར༔ རང་བཞིན་མ་ངེས་ཕྲིན་ལས་ལྷུན་གྱིས་གྲུབ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་བསྟོད༔ ཉེར་གཅིག་པ་བསྙེན་ཅིང་སྒྲུབ་པའི་དམིགས་པ་ནི༔ རང་འདྲའི་ཡེ་ཤེས་སེམས་དཔའི་ཐུགས་དཀྱིལ་དུ༔ ཐུགས་ཀར་པདྨ་དམར་པོ་སྲན་གཤགས་ཙམ༔ གེ་སར་དབུས་སུ་རྡོ་རྗེ་རྩེ་དགུ་པ༔ ལྟེ་བ་ཉི་ཟླའི་སྟེང་དུ་སྤུ་ཤད་ལྟར༔ གསལ་བ་ཧཱུྃ་ཡིག་སྔགས་ཀྱི་ཕྲེང་བས་བསྐོར༔ འབྲུག་ལྟར་གསལ་བའི་མདངས་ལྡན་མེ་འོད་འཕྲོ༔ སྣོད་བཅུད་སྦྱངས་ནས་རྣམ་དག་ལྷ་རུ་བསྒོམ༔ འོད་ཟེར་འདུས་ནས་དངོས་གྲུབ་སྙིང་ནང་བསྟིམ༔ ཉེར་གཉིས་པ་ཛཔ྄་བསྐུལ་ནི༔ ཧཱུྃ༔ བླ་མ་རྩ་གསུམ་ལོངས་སྤྱོད་རྫོགས་པའི་སྐུ༔ གསུང་ནི་སྙིང་པོ་སྒྲ་སྒྲོག་སྔགས་ཀྱི་སྒྲ༔ ཐུགས་ནི་དབྱིངས་རིག་གཉིས་མེད་བྱང་ཆུབ་སེམས༔ ཛཔ྄་ཀྱིས་རྒྱུད་བསྐུལ་རྡོ་རྗེའི་ལུ་གུ་རྒྱུད༔ ཨཱཿལས་འཕྲོས་པས་སྟོང་གསུམ་འོད་ཀྱིས་གང༔ ཧཱུྃ་གིས་བསྡུས་པས་ཡུམ་གྱི་མཁའ་ལ་འཁྱིལ༔ ཡབ་ཡུམ་གསང་བའི་གནས་ནས་ཐུགས་ཀར་ཐིམ༔ མ་འགྲུབ་བར་དུ་ཏིང་འཛིན་མི་གཏང་ངོ༔ ཡེངས་མེད་རྩེ་གཅིག་གུས་པས་བསྒྲུབ་པར་བགྱི༔ ཉེར་གསུམ་པ་སྒྲུབ་སྔགས་བཟླ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧ་རི་ནི་ས་སིདྡྷི་ཧཱུྃ༔ གསལ་འཚེར་དྭངས་མ་འོད་ཀྱི་འཕྲོ་འདུ་ལས༔ རང་ལུས་ལྷ་སྐུ་ཁོང་པའི་རྩ་ཁམས་གང༔ རྩ་ཁམས་གནས་པའི་མཁའ་འགྲོ་བདེ་བས་ཚིམས༔ བུང་བའི་ཚང་ལྟར་ཧ་རི་ནི་ས་སྒྲོག༔ མཁའ་འགྲོའི་འོད་ཟེར་རིག་འཛིན་སྐུ་ལ་ཐིམ༔ ཟག་མེད་བདེ་བས་སྒོ་གསུམ་སྨིན་པར་བསྒོམ༔ སྣང་བ་སྐུ་ལ་གྲགས་པ་སྔགས་དང་ནི༔ དྲན་རིག་བླ་མའི་མོས་གུས་འོད་གསལ་ངང༔ བྱིང་རྒོད་གཉིས་ཕྲལ་སྒྲུབ་པའི་སྔགས་ལ་འབད༔ དེ་དུས་རྟགས་དང་མཚན་མ་བཟང་པོ་མཐོང༔ ཐུན་གཅིག་སྐུ་ཡི་ཀློང་དུ་གསལ་བར་བལྟ༔ ཐུན་གཅིག་ཁ་སྦྱོར་རླུང་གི་གནད་ལ་འཇོག༔ ཐུན་གཅིག་མ་ཡེངས་ལྟ་བའི་ངང་དུ་བཞག༔ ཉེར་བཞི་སྒྲུབ་པ་ཆེན་པོ་ནི༔ དེ་ལ་སྣང་བ་ཐོབ་ནས་སྒྲུབ་པ་དངོས༔ གསང་བ་ཡོངས་རྫོགས་ཡང་སྙིང་འདི་ཉིད་བཟླ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མཱུཾ་ཧྲཱིཿཧཱུྃ་ཨཱ༔ ཨོཾ་ཤྲཱི་བཛྲ་མ་ཧཱ་ཀྲོ་དྷ་ཧཱུྃ༔ ཧཱུྃ་བཛྲ་ཧེ་རུ་ཀ༔ ཨཱེཿཡ་མཱནྟ་ཀ༔ ཧྲཱིཿཔདྨཱནྟ་ཀྲྀཏ༔ ཧཱུྃ་བཛྲ་ཀཱི་ལ་ཡ༔ མ་མ་ཀྲོ་དྷཱི་ཤྭ་རི༔ ཧཱུྃ་བཛྲ་མ་ཧཱ་གུ་རུ༔ ཧཱུྃ་བཛྲ་ཙནྜ༔ སརྦ་དུཥྚཾ་ཨེ་ཛཿབྷྱོ༔ ཁྲོཾ་བཛྲ་ག་རུ་ཌཱ༔ སརྦ་ཌཱ་ཀི་ནཱི༔ ས་མ་ཡ་ཧྲཱིང་ཧྲཱིང་ཛ༔ བཛྲ་ཡཀྴ་ཀྲོ་ཏ༔ མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ༔ ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ འོད་ཟེར་ཕར་འཕྲོས་མགར་གྱི་སོལ་དམར་གྱི༔ མེ་སྟག་ལྟར་འཕྲོས་སྣང་བ་ཁྲལ་ཁྲོལ་གང༔ སྐུ་ལས་གསུང་བྱུང་འབྲུག་གི་སྒྲ་ལྟར་སྒྲོག༔ འོད་ཟེར་ཚུར་འཕྲོས་ཕྱི་ནང་ལྷ་ཚོགས་ཀྱི༔ སྦྱོར་མཚམས་ནས་ཞུགས་སྙིང་གར་ཧཱུྃ་ལ་ཐིམ༔ མ་གསལ་བར་དུ་ལྷ་ཚོགས་བསྐྱེད་ཅིང་བསྒོམ༔ མ་འགྲུབ་བར་དུ་བདེ་སྟོང་ངང་ནས་བསྒྲུབ༔ གཉིས་པ་འཁྲུལ་འཁོར་ལུས་ཀྱི་གནད་དང་བསྟུན༔ གསུམ་པ་ལྟ་སྟངས་རླུང་དང་བསྟུན་ནས་བསྒོམ༔ སྟེང་རླུང་རྔུབས་པས་སྣང་བ་དབང་དུ་འདུ༔ འོག་རླུང་རྔུབས་པས་སྟོང་པ་དབང་དུ་འདུ༔ བར་རླུང་བསྐྱིལ་ཞིང་དཀྲུགས་པས་ཟུང་དུ་ཆུད༔ གཡས་རླུང་རྔུབས་པས་ཕོ་རྒྱུད་དབང་དུ་འདུ༔ གཡོན་རླུང་རྔུབས་པས་མོ་རྒྱུད་དབང་དུ་འདུ༔ དབུ་མར་ཐིམ་པས་མ་ནིང་སྲོག་རྒྱུད་འདུ༔ སྲིད་དང་ཞི་བ་གཉིས་མེད་བྱང་ཆུབ་ཐོབ༔ ཉེར་ལྔ་གསོལ་བ་གདབ་ཅིང་དག་པར་བསྒོམ་པ་ནི༔ ཧཱུྃ༔ ཆོས་དབྱིངས་མ་བཅོས་སྐྱེ་བ་མེད་པའི་ངང༔ འགག་མེད་རང་རྩལ་ལོངས་སྤྱོད་རྫོགས་སྐུར་གསལ༔ ཐུགས་རྗེ་སྨོན་ལམ་བསམ་འདས་སྤྲུལ་པའི་སྐུ༔ སྐུ་གསུམ་དབྱེར་མེད་རྗེ་བཙུན་པདྨ་འབྱུང༔ འཁོར་དུ་རང་རྩལ་རིག་འཛིན་མཁའ་འགྲོས་བསྐོར༔ གསོལ་བ་འདེབས་སོ་དྲི་མེད་སྤྱན་གྱིས་གཟིགས༔ བདག་དང་རྗེས་འཇུག་རྣམས་ལ་ཐུགས་རྗེས་ཟུངས༔ འཁོར་བའི་སྡུག་བསྔལ་བདེ་བ་ཆེན་པོར་སྒྱུར༔ དབང་སྐུར་བྱིན་རློབས་རང་གྲོལ་དངོས་གྲུབ་སྩོལ༔ རྣམ་ཤེས་ཚོགས་བརྒྱད་སྒྲུབ་པའི་དཀྱིལ་འཁོར་བརྒྱད༔ ཡེ་ཤེས་ལྔ་ལྡན་མ་བཅོས་ལྷུན་གྱིས་གྲུབ༔ རིག་འཛིན་སྡེ་བརྒྱད་སྤྲུལ་པའི་མཁའ་འགྲོར་བཅས༔ དངོས་དང་བརྒྱུད་པར་དགོས་འདོད་འབྱུང་བའི་དཔལ༔ སྒྲུབ་མཆོག་བདག་ལ་ཐུགས་རྗེས་དགོངས་མཛོད་ལ༔ དྲི་མེད་སྤྱན་གྱིས་རྟག་ཏུ་གསལ་བར་གཟིགས༔ འཁོར་བའི་སྡུག་བསྔལ་བདེ་བ་ཆེན་པོར་སྒྱུར༔ དབང་སྐུར་བྱིན་རློབས་རང་གྲོལ་དངོས་གྲུབ་སྩོལ༔ ཧཱུྃ༔ རང་རིག་རྣམ་དག་རྡོ་རྗེ་ཐོད་ཕྲེང་རྩལ༔ གཅིག་ཏུ་མ་ངེས་སྣ་ཚོགས་ཅིར་ཡང་སྣང༔ དབྱིངས་ལས་མ་གཡོས་ཐིག་ལེ་ཆེན་པོའི་ངང༔ བླ་མ་རིག་འཛིན་ཞི་དང་ཁྲོ་བོ་དང༔ དཔའ་བོ་ཌཱ་ཀི་དམ་ཅན་རྒྱ་མཚོར་སྣང༔ ཕྱི་ནང་གསང་བ་གཉིས་མེད་ཡེ་ཤེས་ཀྱི༔ མཆོད་པས་མཆོད་བཞེས་དབང་དང་དངོས་གྲུབ་སྩོལ༔ སྣང་བ་ཐམས་ཅད་རང་རིག་འདུས་པའི་སྐུ༔ སྒྲ་རྣམས་སྔགས་ཡིན་དྲན་རིག་རང་གྲོལ་བ༔ མ་བཅོས་འཛིན་མེད་མཐའ་བྲལ་ལྟ་བ་ཡིན༔ མ་ཡེངས་ཇི་ལྟར་དྲན་པའི་བྱ་ར་བ༔ རང་གསལ་ངང་བཞག་མ་བཅོས་སྡོམ་པའི་མཆོག༔ སྤྱོད་ལམ་ཅི་བྱེད་བསྐྱེད་རྫོགས་ངང་ནས་སྤྱོད༔ སྐྱེ་འཆི་བར་དོར་སྐུ་གསུམ་ལྷུན་གྱིས་གྲུབ༔ དེ་ནི་སྒྲུབ་པའི་དངོས་གཞི་ཨེ་མ་ཧོ༔ དེ་ནས་ལས་ལ་སྦྱར་བ་རྣམ་པ་གསུམ༔ སྦྱོར་བ་རྩ་དང་རླུང་གི་རྣལ་འབྱོར་སྦྱར༔ སྒྲོལ་བ་རྟོག་མེད་རིག་པའི་རྩལ་ཁ་བསྐྱེད༔ ཟུང་འཇུག་འོད་གསལ་སྣང་བཞིའི་དོན་ལ་བཞག༔ ཀུན་ལ་ཐོག་མར་དབང་བཞིའི་རྣལ་འབྱོར་བླང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ བླ་མ་རིག་འཛིན་བདེ་གཤེགས་ཀུན་འདུས་ཀྱི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བ་ནི༔ ཁྲུས་བྱས་བགེགས་གཏོར་སྦྱིན་ཏེ༔ དཀྱིལ་འཁོར་དུ་འཇུག་པའི་ཡོན་དུ་མཎྜལ་ཕུལ་ནས༔ ཨོཾ་ཨཱ་ཁཾ་བཱི་ར་ཧཱུྃ༔་་་་མེ་ཏོག་འགྱེད་པའི་སྔགས་སོ། །ཨོཾ་ཙཀྵུརྦྷནྡྷ་བཱ་ར་མ་ཎཱ་ཡ༔་་་མིག་དར་འཆིང་བར་བྱེད་པའི་སྔགས་སོ། །མིག་དར་བཅིངས་ཤིང་སྙིམ་པ་མེ་ཏོག་དང་བཅས་ཏེ༔ སློབ་བུས་གསོལ་བ་གདབ་པ་ནི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ སྔོན་ཆད་ལམ་ལོག་འཁོར་བར་འཁྱམས༔ སྲིད་པའི་མཚོ་ལས་བསྒྲལ་སླད་དུ༔ བླ་མ་རྩ་གསུམ་དཀྱིལ་འཁོར་དུ༔ བདག་ཉིད་འཇུག་པ་འཚལ་བར་བགྱི༔ བླ་མས་དམ་བསྒྲགས་ཏེ་གནང་བ་སྦྱིན་པ་ནི༔ ཧོ༔ བུ་ཁྱོད་ང་ལ་ལེགས་པར་ཉོན༔ གསང་བ་སྔགས་ཀྱི་དཀྱིལ་འཁོར་འདིར༔ འཇུག་པར་དཀའ་ལ་ཉེས་དམིགས་ཆེ༔ དམ་ཚིག་ཉམས་ན་བརླག་པར་འགྱུར༔ དམ་ཚིག་བསྲུང་ན་དབང་བསྐུར་སྦྱིན༔ སློབ་བུས་ལན་གསོལ་བ་ནི༔ གསང་སྔགས་མཆོག་གི་དཀྱིལ་འཁོར་འདིར༔ སྔོན་ནས་དད་པའི་སྐལ་ལྡན་བདག༔ ལུས་དང་སྲོག་ལ་མི་ལྟོས་པས༔ དམ་ཚིག་མཆོག་བསྲུང་དབང་བསྐུར་སྩོལ༔ ཞེས་ཁས་བླངས་རྗེས་ཡན་ལག་བཅུ་པས་ཚོགས་གསག་པ་ནི༔ ཧཱུྃ༔ རྣམ་དག་མཉམ་པའི་ངང་ཉིད་ལས༔ བླ་མ་རྩ་གསུམ་ལྷ་ཚོགས་གཤེགས༔ པདྨ་ཉི་ཟླའི་སྟེང་དུ་བཞུགས༔ ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐུལ༔ བཞུགས་གསོལ་འདེབས་སོ་དགེ་རྩ་བསྔོ༔ ཡང་དག་རྡོ་རྗེ་འཆང་ཐོབ་ཤོག༔ སྟོན་པ་ཁྱོད་ནི་དགའ་ཆེན་ཏེ༔ བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ༔ མགོན་པོ་ཆེན་པོ་བདག་འཚལ་ལོ༔ དམ་ཚིག་དེ་ཉིད་བདག་ལ་སྩོལ༔ བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ མགོན་པོས་བདག་ནི་གཞུག་ཏུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ་རྗེས༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སྡིག་པ་ཐམས་ཅད་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ བདག་གཞན་དོན་ནི་རབ་བསྒྲུབ་ཕྱིར༔ བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས༔ སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ ཅེས་སོགས་ཀྱིས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་དེ༔ རྡོ་རྗེ་སྙིང་གར་བཞག་ལ༔ ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡ་མི༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་པ་དེ་ཉིད༔ ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་དེའི་སྟེང་དུ༔ དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་ལྔ་ཀུན་ནས་འཕྲོ་བ་དང་བཅས་པ་གཅིག་ཏུ་གྱུར༔ རྡོ་རྗེ་ལག་ཏུ་གཏད་ལ༔ ཨོཾ་སུ་ར་ཏི་ས་མ་ཡ་སཏྭཾ་ཧོ༔ སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ༔ ཞེས་བརྗོད༔ ཧོ༔ བླ་མ་ཡི་དམ་ཌཱ་ཀི་རྣམས༔ ཡེ་ནས་རང་བྱུང་ཁྱོད་ལ་རྫོགས༔ དམ་ཚིག་ཉམས་ན་དེ་ལ་སྒྲིབ༔ དེ་བས་དམ་ཚིག་གཅེས་པར་སྲུངས༔ ཞེས་རྡོ་རྗེ་སྤྱི་བོར་བཞག་ལ༔ འདི་ནི་དམ་ཚིག་བདུད་རྩིའི་ཆུ༔ བུ་ཁྱོད་ལ་ནི་སྦྱིན་པར་བྱ༔ དམ་བསྲུངས་དངོས་གྲུབ་སྣ་ཚོགས་ཐོབ༔ ས་མ་ཡ་ཨི་དམ་ན་ར་ཀན༔ ཞེས་བདུད་རྩི་སྦྱིན༔ སླར་ཡང་སྡོམ་པ་བཟུང་བ་ནི༔ རྩ་གསུམ་རྒྱལ་བ་རབ་འབྱམས་རྣམས༔ ཡུད་ཙམ་བདག་ལ་རབ་དགོངས་ཤིག༔ བདག་ཉིད་རྡོ་རྗེ་ཆེ་གེ་མོ་ཞེས་མིང་བསྒྱུར༔ དུས་འདི་ནས་བཟུང་བྱང་ཆུབ་བར༔ ཁྱེད་དང་གཉིས་མེད་སྐྱབས་སུ་མཆི༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་སྡོམ་པའི་ཚོགས༔ འདི་ནས་བྱང་ཆུབ་མ་ཐོབ་བར༔ ཡང་དག་ཉིད་དུ་བཟུང་བར་བགྱི༔ ཨེ་མ་ཧོ༔ ཁྱད་པར་དུ་ཡང་རིགས་ལྔ་ཡི༔ དམ་ཚིག་སྡོམ་པ་བདག་གིས་བཟུང༔ འགྲོ་བ་མ་བསྒྲལ་བ་རྣམས་བསྒྲལ༔ མ་གྲོལ་བ་རྣམས་དགྲོལ་བར་བགྱི༔ དབུགས་མ་ཕྱིན་རྣམས་དབུགས་དབྱུང་ཞིང༔ སེམས་ཅན་མྱ་ངན་འདས་ལ་འགོད༔ ཕྱག་རྒྱ་བཞོན་པ་མི་སྨད་ཅིང༔ ལྷ་དང་ལྷ་མིན་གསང་བ་པ༔ ལྷ་དང་མཉམ་སྦྱོར་བརྙས་པ་སྤོང༔ བླ་མ་སངས་རྒྱས་དྲན་དུས་མཆོད༔ རྒྱལ་བས་བསྒྲགས་པ་གང་ཡིན་པ༔ དེ་དག་ཐམས་ཅད་བདག་གིས་བཟུང༔ ཞེས་པས་སྟ་གོན་འཇུག་པའི་ཆོས༔ མདོར་བསྡུས་ནས་ནི་བརྟན་པོར་བཟུང༔ སླར་ཡང་དཀྱིལ་འཁོར་དབང་རྫས་རྣམས༔ ཐོག་མ་ཉིད་ནས་ལྷུན་གྱིས་གྲུབ༔ བསྐུར་ཐོབ་གཉིས་མེད་རྣལ་འབྱོར་ཆེ༔ ལྷ་ཆེན་འཕྲུལ་དགའ་ཇི་བཞིན་དུ༔ སྒྱུ་མ་ལྟ་བུས་འདི་ལྟར་སྦྱང༔ ཨེ་མ་ཧོ༔ རང་བྱུང་ཡེ་ཤེས་ཕྱི་ནང་མཆོད་པའི་ཚོགས༔ མ་ལུས་མངོན་བྱས་རྩ་བ་གསུམ་ལ་འབུལ༔ ཨོཾ་བཛྲ་ཨུཏྤ་ཏ་ཡ༔ ས་མ་ཡ་པྲ་ཝེ་ཤ་ཡ་ཧཱུྃ༔ ཤར་སྒོ་ནས་བཟུང་སྟེ་སྒོ་བཞི་ཕྱེ་བར་བསམ་ཞིང༔ ཨོཾ་ན་མ་ཏེ་ཧཱུྃ༔ ཨོཾ་ན་མཱ་མི་ཧཱུྃ༔ ཨོཾ་ན་མོ་ན་མ་ཧཱུྃ༔ ཞེས་ཕྱག་བྱས་ནས༔ དཀྱིལ་འཁོར་གྱི་ཤར་སྒོའི་སྟེགས་བུའི་གདན་ལ་འཁོད་པ་ལ༔ གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་བྱུང༔ རང་གི་རྣམ་སྨིན་གྱི་ཕུང་པོ་སྦྱངས༔ རྣམ་པར་ཤེས་པ་ཧཱུྃ་མཐིང་གར་གྱུར་པ་ཡབ་ཀྱི་ཞལ་ནས་དྲངས༔ སྐུའི་དབྱིབས་བརྒྱུད་ཡུམ་གྱི་པདྨར་བབས༔ ཕྱིར་བྱུང་ནས་རང་གི་གདན་ལ་འཁོད་པར་བསམ༔ དེ་ཉིད་སྐད་ཅིག་གིས་ཀུན་བཟང་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་དུ་གསལ་བའི་གནས་གསུམ་བྱིན་གྱིས་བརླབས་ཏེ༔ བྱིན་དབབ་པ་ནི༔ ཧཱུྃ༔ ཐུགས་སྲོག་ཧཱུྃ་ལས་འོད་ཟེར་འཕྲོས༔ ཕྱོགས་བཅུ་དུས་གསུམ་རྒྱལ་བ་རྣམས༔ མཁའ་ལས་ཆར་ལྟར་བབས་ནས་ཀྱང༔ རྣལ་འབྱོར་སྒོ་གསུམ་རྡོ་རྗེར་མཛོད༔ བླ་མ་རིག་འཛིན་ལྷ་ཚོགས་རྣམས༔ བར་སྣང་གློག་ལྟར་འཁྱུག་ནས་ཀྱང༔ རྩ་ཁམས་རླུང་ལ་ཡེ་ཤེས་སྦོར༔ ཡི་དམ་མཁའ་འགྲོ་སྲུང་མའི་ཚོགས༔ ས་ནས་རླངས་ལྟར་བརྡོལ་ནས་ཀྱང༔ རིག་པའི་རྩལ་ཆེན་རང་ལ་སྤོར༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་ས་མ་ཡ་ཨཱ་རལླི་ཕེཾ་ཕེཾ་ཕེཾ༔ སརྦ་ས་མ་ཡ་ཨཱ་ཝེ་ཤ་ཡ་ཨ་ཨ་ཨཱ༔ ཏིཥྛ་བཛྲ་ས་མ་ཡ་ཧཱུྃ༔ ཞེས་བརྗོད་ནམ་མཁའི་དབྱིངས་ཉིད་དུ༔ རིག་པ་སེམས་ཀྱིས་ལུས་འདི་བཏེག༔ ཉམས་བསྐྱང་རྟོག་བྲལ་རང་ངོ་བལྟ༔ རིག་པའི་མེ་ཏོག་ནམ་མཁར་འབུལ༔ པྲ་ཏཱིཙྪ་བཛྲ་ཧོ༔ ཀུན་བཟང་ཐུགས་ནས་སྤྱི་བོར་ཐིམ༔ དབང་རྟགས་མེ་ཏོག་སྤྱི་བོར་བཞག༔ པྲ་ཏཱི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ ལྷ་དང་གཉིས་མེད་མཉམ་པར་བཞག༔ མཉམ་ཉིད་ཆོས་སྐུའི་ངང་ཉིད་ལས༔ ཀུན་བཟང་ཐུགས་མཆོག་རྡོ་རྗེ་རྩལ༔ ནམ་མཁའི་ལྷ་ཚོགས་ཐམས་ཅད་ཀྱང༔ མགྲིན་གཅིག་དབྱངས་གཅིག་དག་ཏུ་ཡང༔ བརྗོད་པར་བསམ་ཞིང་དེ་ལྟ་བུར༔ བདག་ཉིད་འགྱུར་བར་བསྒོམ་པར་བྱ༔ རྡོ་རྗེ་མིང་གི་དབང་མཆོག་ཐོབ༔ སངས་རྒྱས་དང་ཡང་མཉམ་པར་སྦྱོར༔ རྡོ་རྗེ་ཐུར་མས་མིག་དར་དབྱེ༔ ཧོ༔ ལེགས་འོང་བུ་ཁྱོད་སྐལ་པ་བཟང༔ མ་རིག་ལིང་ཏོག་ང་ཡིས་བསལ༔ བླ་མ་རྩ་གསུམ་དཀྱིལ་འཁོར་བསྟན༔ དགའ་དང་འདུན་དང་སྤྲོ་སེམས་ཀྱིས༔ དཀྱིལ་འཁོར་འདིར་ལྟོས་དམ་ཚིག་སྲུངས༔ བཛྲ་ཙཀྵུཿཔྲ་ཝེ་ཤ་ཡ་ཕཊ༔ དེ་ནས་ཕྱི་ནང་གི་དཀྱིལ་འཁོར་བསྟན་པ་ནི༔ ཧོ༔ སྒྱུ་མ་ལུས་འདི་རང་བྱུང་ཡང༔ འཁྲུལ་རྟོག་རྩ་ཡིས་ཀུན་ནས་བཅིངས༔ རྣམ་དག་སྤྲུལ་སྐུའི་དཀྱིལ་འཁོར་ནི༔ བདེ་བ་ཆེན་པོའི་ཡེ་ཤེས་ཏེ༔ རྡུལ་ཚོན་རྫས་དང་བུམ་པའི་ལྷ༔ རྣམ་དག་ཡེ་ཤེས་ངང་དུ་ལྟོས༔ ཧོ༔ གྲགས་སྟོང་ངག་འདི་རང་བྱུང་ཡང༔ འཁྲུལ་རྟོག་རླུང་གིས་ཀུན་ནས་བཅིངས༔ རྣམ་དག་ལོངས་སྐུའི་དཀྱིལ་འཁོར་ནི༔ གསལ་བ་ཆེན་པོའི་ཡེ་ཤེས་ཏེ༔ རང་བྱུང་ཐོད་པ་རྫས་ཀྱི་ལྷ༔ རྣམ་གྲོལ་ཡེ་ཤེས་ངང་དུ་ལྟོས༔ ཧོ༔ བདེ་སྟོང་ཁམས་འདི་རང་བྱུང་ཡང༔ འཁྲུལ་རྟོག་ཡིད་ཀྱིས་ཀུན་ནས་བཅིངས༔ རྣམ་དག་ཆོས་སྐུའི་དཀྱིལ་འཁོར་ནི༔ མི་རྟོག་ཆེན་པོའི་ཡེ་ཤེས་ཏེ༔ དྭངས་གསལ་མེ་ལོང་སིནྡྷུ་ལྟར༔ རྣམ་མཁྱེན་ཡེ་ཤེས་ངང་དུ་ལྟོས༔ ཧོཿ རིག་སྟོང་སྐྱོན་བྲལ་རང་བྱུང་ཡང༔ གློ་བུར་ལས་དང་བག་ཆགས་བཅིངས༔ རྣམ་མཁྱེན་རིག་པའི་དཀྱིལ་འཁོར་ནི༔ གདོད་ནས་ལྷུན་གྲུབ་དཀྱིལ་འཁོར་ཏེ༔ ཤེལ་དང་ལྷ་སྐུ་གཏོར་མ་དང༔ རང་རིག་བླ་མ་རྩ་གསུམ་ལྷ༔ སངས་རྒྱས་སྐུ་ལྔའི་བདག་ཉིད་ལྟོས༔ བལྟས་པས་ཕྱི་རོལ་བརྡ་མཚོན་ལ༔ དོན་གྱི་ཡེ་ཤེས་རང་ལས་མཐོང༔ རྟག་ཏུ་ཉིད་ལ་བལྟ་བར་བྱོས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ སླར་ཡང་གསོལ་བ་གདབ་པ་ནི༔ བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ༔ ཇི་ལྟར་མཆོག་ཆེན་བསྩལ་པ་བཞིན༔ བདག་ཀྱང་ཡོངས་སུ་བསྐྱབ་པའི་ཕྱིར༔ ནམ་མཁའི་རྡོ་རྗེ་དེང་བདག་སྩོལ༔ ཞེས་གསོལ་བ་བཏབ་པས༔ མདུན་བསྐྱེད་ཀྱི་གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀ་ནས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་དབང་རྫས་རྣམས་བྱུང༔ བདག་ལ་མངོན་པར་དབང་བསྐུར་བར་གྱུར་པར་བསམས་ཏེ༔ ཧཱུྃ༔ དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ༔ ཁམས་གསུམ་ཀུན་གྱིས་ཕྱག་བྱས་པས༔ སངས་རྒྱས་ཀུན་གྱི་གསང་གསུམ་གྱི༔ གནས་ལས་བྱུང་བ་སྦྱིན་པར་བྱ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ བཛྲ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ སྣོད་བཅུད་རབ་འབྱམས་བུམ་པའི་དབང༔ སྐུ་ལྔ་ཡེ་ཤེས་ལྔ་རྫོགས་ཤོག༔ ཧཱུྃ་བཛྲ་ཨུ་ད་ཀ་ཧཱུྃ༔ ཧཱུྃ༔ རིན་ཆེན་དབུ་རྒྱན་རིགས་ལྔའི་དབང༔ དུག་ལྔ་རྣམ་དག་ཡོངས་རྫོགས་ཤོག༔ ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ༔ རཏྣ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཐབས་ཀྱི་རྡོ་རྗེ་ཕྱག་རྒྱའི་དབང༔ ཡེ་ཤེས་ལྔ་ལྡན་ཡོངས་རྫོགས་ཤོག༔ མ་ཧཱ་བཛྲ་ཨཱ་ཝེ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཤེས་རབ་དབྱངས་ཀྱི་རྗེས་འགྲོའི་དབང༔ ཡན་ལག་དྲུག་ཅུའི་དོན་རྟོགས་ཤོག༔ ཧཱུྃ་བཛྲ་གྷཱཎྜེ་ཨ་བྷི་ཥིཉྩ་ཧཱུྃ༔ སྔར་གྱི་མིང་དྲན་པར་བྱས་ལ༔ རྡོར་དྲིལ་མགོར་དཀྲོལ་ཏེ༔ སློབ་དཔོན་གྱིས་མིང་ནས་བོས་ལ༔ བཛྲ་ནཱམ་ཨ་བྷི་ཥིཉྩ་ཧཱུྃ༔ མིང་དབང་ངོ༔ ཧཱུྃ༔ རིན་ཆེན་དར་དཔྱང་དུར་ཁྲོད་དབང༔ ཕྱི་ནང་བརྡ་རྟགས་དོན་རྟོགས་ཤོག༔ བུདྡྷ་རཏྣ་ཤྲཱི་ཨ་བྷི་ཥིཉྩ་ཧཱུྃ༔ སྨན་རཀ་གཏོར་མ་བསྙེན་སྒྲུབ་རྟེན༔ ལྷ་དང་མཁའ་འགྲོའི་རྟེན་དབང་བསྐུར༔ པཉྩ་རཀྟ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ༔ ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ༔ སྣོད་བཅུད་དག་པ་རྩ་བ་གསུམ༔ རང་དང་གཉིས་མེད་རྟག་ཏུ་སྒོམས༔ རོལ་མོས་བྱིན་དབབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ སླར་ཡང་གསོལ་བ་གདབ་པ་ནི༔ ཧཱུྃ༔ རང་བྱུང་རྩ་གསུམ་དཔལ་ཆེན་པོ༔ མཐུ་རྩལ་ཡོངས་རྫོགས་ཡེ་ཤེས་ལྷ༔ སྐུ་གསུང་ཐུགས་སུ་བྱིན་དབང་སྐུར༔ ཡེ་ཤེས་ལྔ་རྫོགས་རང་གནས་སྟོན༔ སྤྱི་བོར༔ ཧཱུྃ༔ དུག་ལྔ་དག་པ་ཞི་བའི་སྐུ༔ བཞི་བཅུ་རྩ་གཉིས་དབང་ཐོབ་ཤོག༔ ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འཁོར་ལོའི་གནས་བཞིར་བདེ་གཤེགས་བཞི༔ བདུད་བཞི་འཇོམས་པའི་དབང་ཐོབ་ཤོག༔ མཱུཾ་ཧྲཱིཿཧཱུྃ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྤྱི་བོར༔ ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་ཡོངས་རྫོགས་ལྷ༔ ཆེ་མཆོག་ཡོངས་རྫོགས་དབང་བསྐུར་རོ༔ ཧཱུྃ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ས་མ་ཡ༔ ཨ་བྷི་ཥིཉྩ་ཧཱུྃ༔ དཔྲལ་བར༔ ཧཱུྃ༔ མཉམ་ཉིད་ཡེ་ཤེས་ཡོངས་རྫོགས་ལྷ༔ འཇམ་དཔལ་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་ཧྲཱིཿཥྚི་ཝི་ཀྲྀ་ཏཱ་ན་ན་སརྦ་ས་མ་ཡ༔ ཨ་བྷི་ཥིཉྩ་ཧཱུྃ༔ མགྲིན་པར༔ ཧཱུྃ༔ སོར་རྟོག་ཡེ་ཤེས་ཡོངས་རྫོགས་ལྷ༔ རྟ་མགྲིན་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་ཧ་ཡ་གྲཱི་ཝ་སརྦ་ས་མ་ཡ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར༔ ཧཱུྃ༔ མེ་ལོང་ཡེ་ཤེས་ཡོངས་རྫོགས་ལྷ༔ ཡང་དག་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་སརྦ་ས་མ་ཡ༔ ཨ་བྷི་ཥིཉྩ་ཧཱུྃ༔ ལྟེ་བར༔ ཧཱུྃ༔ བྱ་གྲུབ་ཡེ་ཤེས་ཡོངས་རྫོགས་ལྷ༔ ཕུར་པ་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ་སརྦ་ས་མ་ཡ༔ ཨ་བྷི་ཥིཉྩ་ཧཱུྃ༔ གསང་གནས༔ ཧཱུྃ༔ དབྱིངས་གྲོལ་ཡེ་ཤེས་ཡོངས་རྫོགས་ལྷ༔ མ་མོ་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་སརྦ་ས་མ་ཡ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྤྱི་བོར༔ ཧཱུྃ༔ འདའ་ཀ་ཡེ་ཤེས་ཡོངས་རྫོགས་ལྷ༔ རིག་འཛིན་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་ས་མ་ཡ༔ ཨ་བྷི་ཥིཉྩ་ཧཱུྃ༔ བརླ་གཡས༔ ཧཱུྃ༔ ཀློང་གྱུར་ཡེ་ཤེས་ཡོངས་རྫོགས་ལྷ༔ འཇིག་རྟེན་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་སརྦ་ས་མ་ཡ༔ ཨ་བྷི་ཥིཉྩ་ཧཱུྃ༔ བརླ་གཡོན༔ ཧཱུྃ༔ ལྷུན་གྲུབ་ཡེ་ཤེས་ཡོངས་རྫོགས་ལྷ༔ དྲག་སྔགས་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་བཛྲ་སརྦ་དུཥྚཱན་ཨེ་ཛཿབྷྱོ་སརྦ་ས་མ་ཡ༔ ཨ་བྷི་ཥིཉྩ་ཧཱུྃ༔ དཔུང་པ་གཉིས༔ ཧཱུྃ༔ མཁའ་ཀློང་དབྱིངས་གྲོལ་ཡོངས་རྫོགས་ལྷ༔ མཁའ་ལྡིང་མཁའ་འགྲོའི་དབང་བསྐུར་རོ༔ ཁྲོཾཿག་རུ་ཌ་སརྦ་ཌཱ་ཀི་ནཱི་སརྦ་ས་མ་ཡ༔ ཨ་བྷི་ཥིཉྩ་ཧཱུྃ༔ རྩ་ཁམས་རྩ་གསུམ་ཡོངས་རྫོགས་སྐུ༔ ཡེ་ཤེས་ཆེན་པོར་རྟག་ཏུ་སྒོམས༔ བྱིན་དབབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ ཕྱི་ནང་བུམ་པའི་དབང་བཞི་རྫོགས༔ སྣང་སྟོང་ཟུང་འཇུག་དོན་ལ་བལྟ༔ ཐུན་གཅིག་ལྷ་ཡི་རྣལ་འབྱོར་བསྒོམ༔ གཉིས་པ་ཡིད་ངག་གཉིས་མེད་བསྲེ༔ གསུམ་པ་སྐུ་ངག་སྒྱུ་མར་བསྲེ༔ ཧཱུྃ༔ བདེ་གཤེགས་ཀུན་གྱི་རྩ་བའི་སྔགས༔ རྐྱེན་དང་སྦྱར་ཞིང་འཁོར་ལོ་བཞིར༔་་་བདེ་སྟོང་ཕྱག་རྒྱའི་བཟླས་པ༔ བསྐོར་ཞིང་དྲག་ཏུ་བཟླས་པས་འགྲུབ༔ གོང་གི་བསྙེན་པའི་བཟླས་ལུང་སྦྱིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ ལུས་ཀྱི་སྒྲིབ་དག་ཀུན་ཏུ་འོད༔ ས་ནོན་ཞི་བའི་ལས་རྣམས་འགྲུབ༔ སྤྲུལ་སྐུ་མངོན་དུ་བྱས་པ་འོ༔ དེ་ལྟར་བུམ་དབང་དང་འབྲེལ་བའི་ལྷ་དབང་མངོན་དུ་ཐོབ་པས༔ བདུད་རྩི་འོད་ཟེར་དང་བཅས་པ་སྤྱི་བོ་ནས་ཞུགས༔ ལུས་གང་བས་གཙོ་བོར་ལུས་རགས་པ་རིལ་པོར་འཛིན་པ་དང༔ ཕྲ་བ་ལུས་གནས་ཀྱི་རྩ་རྣམས་སྦྱངས༔ ལམ་བསྐྱེད་པའི་རིམ་པ་དང་དགའ་བའི་ཡེ་ཤེས་ལ་བརྟེན་པའི༔ འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ བུམ་དབང་གི་གཏང་རག་དང་གསང་དབང་ཞུ་བའི་དོན་དུ་མཎྜལ་ཕུལ་ནས་གསོལ་བ་གདབ་པ་ནི༔ ཧཱུྃ༔ བདེ་གཤེགས་བླ་མ་ལོངས་སྤྱོད་རྫོགས༔ གསང་དབང་རང་བྱུང་བསྐུར་དུ་གསོལ༔ ཧཱུྃ༔ ནམ་མཁར་བཞུགས་པའི་བདེ་གཤེགས་རྣམས༔ མཁའ་གསང་སྦྱར་བའི་སྒྲས་བསྐུལ་ཏེ༔ ཇི་ལྟར་སྔོན་གྱི་སངས་རྒྱས་ཀྱིས༔ དབང་བསྐུར་སྲས་ལ་བྱིན་པ་ལྟར༔ གཉིས་མེད་སྦྱར་བའི་བདུད་རྩིའི་ཆུ༔ གདན་གསུམ་ངོ་བོས་ཁྱོད་དབང་བསྐུར༔ ཨོཾ་ཧེ་རུ་ཀ་ས་མ་ཡ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མགྲིན་པ་ནས་བརྒྱུད་རྩ་ཁམས་གང༔ གསང་བའི་དབང་ཐོབ་ངག་སྒྲིབ་དག༔ རྒྱས་པའི་ལས་གྲུབ་པད་ཅན་ནོན༔ རང་བྱུང་རྣམ་བཞི་མངོན་དུ་གྱུར༔ སྐྱོན་ཅན་རླུང་ནི་ཕྱི་ལ་འབུད༔ ཡོན་ཏན་རླུང་ནི་ནང་ན་རྔུབ༔ རོ་རྐྱང་དབུ་མར་ཡང་དག་གདབ༔ ལྟེ་བར་གནམ་ཞལ་འབར་བ་ཡིས༔ འཁོར་ལོ་བཞི་བཏེགས་སླར་གཡོས་ཏེ༔ སྤྱི་བོར་ཧེ་རུ་ཀ་དང་སྦྱོར༔ འབར་འཛག་དྲོད་ཀྱི་ཡེ་ཤེས་སྒོམས༔ གཡས་སུ་བསྐོར་ཞིང་གཡོན་དུ་གཅུ༔ འོག་ནས་དྲངས་ཤིང་སྟེང་ནས་རྡེག༔ དེ་བཞིན་གོ་བཟློག་སྦྱོར་བ་དང༔ སྤྲུག་པ་དགུ་དང་རྡེག་པ་དགུ༔ བསྐོར་བ་དགུ་དང་འབུད་པ་དགུ༔ རྔུབ་པ་དགུ་དང་དགང་གཞིལ་དགུ༔ བསྒོམས་པས་འགྲུབ་པ་ལོངས་སྤྱོད་རྫོགས༔ དེ་ལྟར་ཐོད་པའི་རྫས་ཀྱིས་གསང་དབང་བསྐུར་པ་ལ་བརྟེན་པའི་ཞུ་བདེ་མགྲིན་པ་ནས་བརྒྱུད་པས༔ ཕྲ་བ་རླུང་དང་རགས་པ་ངག་གི་སྒྲིབ་པ་སྦྱངས༔ ཤ་ལྔ་བདུད་རྩི་ལྔ་བརྟེན་ཞིང་ལམ་རླུང་སྔགས་བསྒོམ་པ་ལ་དབང༔ མཆོག་དགའི་ཡེ་ཤེས་ལ་བརྟེན་པའི་འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་བྱས་སོ༔ བཱཀ་བཛྲ་ཁཾཐ༔ གསང་དབང་གི་གཏང་རག་དང་ཤེར་དབང་ཞུ་བའི་དོན་དུ་གསོལ་བ་གདབ་ཅིང་མཎྜལ་ཕུལ༔ ཧཱུྃ༔ བདེ་གཤེགས་བླ་མ་ཆོས་ཀྱི་སྐུ༔ ཤེས་རབ་ཡེ་ཤེས་བདག་ལ་སྩོལ༔ ཧཱུྃ༔ ཐོད་ཕྲེང་ཐུགས་ཀ་ནས་བྱུང་བའི༔ ལྷ་མོ་དགའ་སྟེར་གནས་སྟེར་མ༔ གཟུགས་དང་ལང་ཚོ་ཀུན་ལྡན་ཞིང༔ འདི་ཁྱེར་རྟག་ཏུ་མཆོད་པར་གྱིས༔ རིག་མ་དེས་ཀྱང༔ ལྷ་མོ་ང་ནི་བདེ་ཆེན་མ༔ ཆོ་གས་ཚུལ་བཞིན་བསྟེན་ནུས་སམ༔ ཞེས་པའི་ལན་བཏབ་པ་ནི༔ ཇི་ལྟར་གསུངས་པའི་ཆོ་གས་བསྒྲུབ༔ སྤྲོ་བས་བསྟེན་ནོ་མཛེས་ལྡན་མ༔ སླར་ཡང་རིག་མས་ཀྱང༔ ང་ཡི་བྷ་ག་ཆོས་ཀྱི་དབྱིངས༔ འདི་བསྟེན་བདེ་བ་མ་ལུས་ཐོབ༔ མ་སྤང་སྤངས་ན་མཆོག་མེད་དོ༔ འདིར་ཞུགས་འདིར་ལྟོས་འདི་དོན་སྤྱོད༔ པདྨ་བྷཉྫ་མོཀྵ་ཧོ༔ ཛཿཧཱུྃ་བཾ་ཧོཿདཔལ་དང་ལྡན༔ སྣང་སྟོང་རྡོ་རྗེ་པདྨ་ལས༔ བྱུང་བའི་ཡིད་ཀྱི་བདུད་རྩིའི་ཆུ༔ འཁོར་ལོ་བཞིར་དབབ་བཟློག་ཁྱབ་ཀྱིས༔ སྲིད་པ་ངོ་བོ་ཉིད་ཀྱི་ངང༔ ཐུངས་ཤིག་ཐུངས་ཤིག་དཔའ་བོ་ཆེ༔ བདེ་མཆོག་བདེ་བའི་དོན་སྡོམས་ཤིག༔ ཧཱུྃ་ཧཱུྃ་ཧྲཱིཿཧྲཱིཿཧ་ཧ་ཧཱུྃ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ལྷ་མོ་རྡོ་རྗེའི་ལམ་དུ་ཞུགས༔ སྙིང་ག་བརྒྱུད་དེ་སྤྱི་བོར་ཐིམ༔ མས་བརྟན་དགའ་བཞིའི་མཐར་བསྐྱལ་ལོ༔ ཤེར་དབང་ཐོབ་ནས་ཡིད་སྒྲིབ་དག༔ དབང་གི་ལས་འགྲུབ་ཚོགས་ཆེན་ནོན༔ དགའ་བཞིའི་ཡེ་ཤེས་མངོན་དུ་གྱུར༔ དངོས་སམ་ཡིད་ཀྱིས་བསྟེན་བྱ་བ༔ སྣ་ཚོགས་གཟུགས་ཅན་ཡིད་ལ་སྒོམས༔ འབུད་པ་གསུམ་དང་རྔུབ་པ་གསུམ༔ འདུ་ཤེས་གསུམ་དང་སྙོམས་འཇུག་དང༔ བཟློག་ཁྱབ་བདེ་སྟོང་ཆེན་པོར་བསྐྱལ༔ དལ་བུས་དལ་བུས་མ་ལུས་བྱ༔ ཡེ་ཤེས་རྣམ་རོལ་དགའ་བཞི་འཁྲབ༔ རྣམ་སྣང་ཆོས་བདུན་ངང་དུ་བསྐྱལ༔ ཐུན་ཡང་ཉུང་མིན་ཉེར་གཅིག་སོགས༔ རབ་ཏུ་འབད་པས་རྣམ་པར་གྲོལ༔ དེ་ལྟར་མེ་ལོང་སིནྡྷུ་ར་ལ་བརྟེན་པའམ༔ རིག་མ་ལས་རྙེད་པའི་ཤེར་དབང་གིས༔ ཁྱད་པར་གྱི་དགའ་བ་དང༔ ལྷན་སྐྱེས་ཡེ་ཤེས་ཀྱི་རགས་པ་ཚོགས་བདུན་གྱི་བག་ཆགས་དང༔ ཕྲ་བ་ཡིད་ཀྱི་དྲི་མ་སྦྱངས༔ དེ་ཉིད་རྣམ་པ་བཅུ་དྲུག་ལ་བརྟེན་ནས༔ དོན་གྱི་འོད་གསལ་ལ་གོམས་པས་འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ ཤེར་དབང་གི་གཏང་རག་དང་ཚིག་དབང་ཞུ་བའི་དོན་དུ༔ སྨག་་ཁཾཐ༔ དབང་བཞི་པའི་དོན་དུ་མཎྜལ་ཕུལ་ནས༔ ཧཱུྃ༔ བདེ་གཤེགས་བླ་མ་ངོ་བོ་ཉིད༔ བཞི་པའི་དབང་མཆོག་བདག་ལ་སྩོལ༔ ལན་བཏབ་པ༔ གསུམ་པའི་ཉམས་མྱོང་དྲན་བྱས་ཏེ༔ མཁའ་དབྱིངས་རྡོ་རྗེ་མེ་ལོང་དང༔ རྡོ་རྗེ་དྲིལ་བུ་དྲན་པར་གྱིས༔ ཧཱུྃ༔ བདེ་ལ་སེམས་བཟུང་སྟོང་ཉིད་ངང༔ སྲིད་པ་ངོ་བོ་ཉིད་དག་པ༔ སྣང་སྟོང་ཟུང་འཇུག་མཐའ་ལས་འདས༔ རང་བཞིན་དག་པའི་དོན་བསྒོམ་བྱ༔ ཤེལ་རྡོ་དང་བླ་མའི་སྐུ་འབག་སྤྱི་བོར་བཞག་ལ༔ ཨ་ཏི་ཧོ་བྷེརྱ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ བཞི་པའི་དབང་ཐོབ་རྦ་རླབས་དང༔ དྲག་པོའི་ལས་འགྲུབ་བླ་མའི་ས༔ ནོན་ཞིང་སྒོ་གསུམ་དམ་ཚིག་འཛིན༔ ངོ་བོ་ཉིད་སྐུ་ཧེ་རུ་ཀ༔ མ་བཅོས་རྫོགས་པ་ཆེན་པོ་འགྲུབ༔ སྒོ་གསུམ་ཀློད་ལ་རླུང་གསུམ་འབུད༔ སོ་མ་རང་དྭངས་ལེགས་པར་བཞག༔ རྟོག་མེད་རང་གསལ་དོན་ལ་བལྟ༔ མི་འགུལ་གསུམ་དང་དལ་བ་གསུམ༔ ཐུན་བཞི་ཐུན་དྲུག་དག་ཏུ་བསྐྱང༔ དེ་ལྟར་བརྡ་ཡི་དབང་བཞི་བསྐུར་པས༔ ལམ་ཟུང་འཇུག་ལ་བརྟེན་ནས༔ ཤིན་ཏུ་ཕྲ་བའི་ལུས་ངག་ཡིད་གསུམ་སྐྱེད་བྱེད་ཀྱི་རྩ་ཐིག་རླུང་ཕྲ་བ་དྲི་བཅས་དང༔ ཀུན་གཞི་ཤེས་བྱའི་དྲི་མ་དང་བཅས་པ་སྦྱངས༔ སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང༔ བདག་ལུས་རྡུལ་དང་བྲལ་བའི་དྭངས་མ་གསུམ་ལྷན་ཅིག་ཏུ་འདྲེས༔ ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ནོན༔ འབྲས་བུ་ངོ་བོ་ཉིད་སྐུ་མངོན་དུ་བྱས་པའོ༔ མཐའ་རྟེན་ལྕགས་ཀྱི་ཕུར་བུ་ལ་བརྟེན་ནས་དྲག་སྔགས་སོ་ལྔ་པ་བཟླ་ཞིང༔ ཧཱུྃ༔ བདེ་གཤེགས་ཡོངས་རྫོགས་འདུས་པའི་སྐུ༔ ཕུར་པ་བསྒྲིལ་ཞིང་འདེབས་པར་བྱ༔ ཡུལ་གསུམ་གསལ་བ་དང་བཅས་པས༔ དགྲ་གསུམ་སྐུ་གསུམ་ཀློང་དུ་གསོད༔ བདུད་བཞི་སྐྱེ་མེད་ངང་དུ་བསྒྲལ༔ འཕྲང་གསུམ་དཔལ་ཆེན་རང་ངོར་བསལ༔ དེ་ལྟར་རང་གིས་དབང་བསྐུར་བས༔ བླ་མ་དཔལ་ཆེན་ཡོངས་རྫོགས་ལྷ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ དེ་ནས་བཀའ་རབ་འབྱམས་ཀྱི་དབང་གི་དོན་དུ་གསོལ་བ་གདབ་པ་ནི༔ ཧཱུྃ༔ དུས་གསུམ་རྒྱལ་བ་མ་ལུས་དགོངས་མཛོད་དང༔ བླ་མེད་གསང་སྔགས་བཀའ་གསང་ཟབ་མོའི་ཆོས༔ དབང་དང་ཆོས་བཀའ་གང་ཐོབ་བགྱིས་པ་རྣམས༔ སྤྲོས་མེད་དོན་གྱི་སྙིང་པོ་ཐོབ་པའི་ཕྱིར༔ སྲོག་གི་ཕྱིར་ཡང་མི་གཏོང་བསྒྲུབ་པར་བྱ༔ བདག་ཅག་མཆེད་ལྕམ་མ་ལུས་ཐམས་ཅད་ལ༔ རྡོ་རྗེ་སློབ་དཔོན་བྱིན་གྱིས་བརླབ་ཏུ་གསོལ༔ སྙིགས་མ་ལྔ་བདོ་དུས་ཀྱི་བསྟན་པའི་མཐར༔ རྒྱལ་བ་རྣམས་ཀྱི་མཛད་པ་བདག་གིས་བསྒྲུབ༔ དམ་ཚིག་གཅིག་ཏུ་འབྲེལ་བའི་ཕྲེང་བ་ལ༔ མཆེད་ལྕམ་ཟུང་དུ་འཇུག་པའི་ལུ་གུ་རྒྱུད༔ བླ་མེད་སངས་རྒྱས་མ་ཐོབ་དེ་ཡི་བར༔ ལུས་དང་སྲོག་གི་ཕྱིར་ཡང་མི་གཏང་ངོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ དེ་ནས་དབང་རྫས་ཕྱོགས་གཅིག་ཏུ་བྱས་ཏེ༔ ཧཱུྃ༔ མཉམ་མེད་གུ་རུ་པདྨ་ཐོད་ཕྲེང་རྩལ༔ ལྷ་ལྕམ་ཡུམ་དང་གཉིས་མེད་བདེ་ཆེན་རོལ༔ རིག་འཛིན་བརྒྱད་དང་སྒྲུབ་སྡེ་མཚན་བརྒྱད་དང༔ སྤྲུལ་དང་ཡང་སྤྲུལ་རིག་འཛིན་དུ་མར་བཅས༔ དཔའ་བོ་མཁའ་འགྲོ་སྒོ་སྐྱོང་ལྷ་མོའི་ཚོགས༔ སྐུ་གསུང་ཐུགས་ཀྱི་འོད་ཟེར་ཆེན་པོ་ཡིས༔ མོས་པའི་བུ་ལ་རབ་འབྱམས་བཀའ་ཡི་དབང༔ དངོས་གྲུབ་དམ་པ་དེང་འདིར་བསྩལ་དུ་གསོལ༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་ཕྱིར༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དང༔ རྫས་ཀྱི་དབང་མཆོག་དམ་པ་འདི་བསྐུར་བས༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བདག་གི་ལུས་དང་ལོངས་སྤྱོད་ཀུན༔ ཁྱེད་ལ་འབུལ་གྱིས་ཡོངས་སུ་བཞེས༔ ཁྱེད་ཀྱི་ཐུགས་རྗེས་བདག་ལ་ཟུངས༔ ཀུན་ཀྱང་ཡེ་ཤེས་མཆོག་ཐོབ་ཤོག༔ རྩ་བ་ཡན་ལག་དམ་ཚིག་རྣམས༔ ལུས་དང་སྲོག་གི་ཕྱིར་མི་གཏང༔ རིན་ཆེན་གླང་པོ་ནོར་བུ་རྟ༔ བུ་དང་བུ་མོ་ཡོ་བྱད་རྣམས༔ ཡུལ་འཁོར་ལོངས་སྤྱོད་བཅས་ཀུན་འབུལ༔ ཚེ་གཅིག་གྲོལ་གྱུར་གདམས་མཆོག་སྩོལ༔ ཛཿཧཱུྃ་བཾ་ཧོཿས་དབང་ལྷ་རྣམས༔ ཡི་གེ་གསུམ་གྱི་རྣམ་པར་ཐིམ༔ ལྟ་བ་བསྐྱང་ཞིང་རིམ་ལྔ་དང༔ སྦྱོར་སྒྲོལ་ལམ་གྱིས་མཚམས་སྦྱར་ཏེ༔ ཕན་ཡོན་དབྱིངས་རིག་གཉིས་མེད་བསྲེ༔ འཕོ་བ་རླུང་སེམས་ཡུལ་ལ་སྦྱང༔ རྒྱུན་དུ་བླ་མ་སྤྱི་བོར་བསྒོམ༔ གསོལ་གདབ་སྙིང་དབུས་བཞུགས་སུ་གསོལ༔ ལྟ་བ་བསྐྱང་ཞིང་སྒོམ་པ་གསལ༔ སྤྱོད་པས་མཚམས་སྦྱར་གསང་ཞིང་སྤྱད༔ རི་ཁྲོད་འགྲིམ་ཞིང་རྣལ་འབྱོར་བརྩོན༔ འགྲུབ་འགྱུར་འདི་ནི་གནད་ཀྱི་མཆོག༔ དེ་ལས་གཞན་དུ་བསྟན་པ་མེད༔ སྒྲུབ་པ་དངོས་གཞིའི་བསྙེན་སྒྲུབ་ཏུ༔ ལས་ལ་སྦྱར་བའི་གདམས་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ རྗེས་ཀྱི་ལས་ཁྲིགས་བཅུ་གཅིག་བསྟན་པ་ནི༔ དང་པོ་ཚོགས་རྫས་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ རུས་སྦལ་ཁོག་པའི་སྣོད་ཡངས་སུ༔ ཤ་ལྔ་བདུད་རྩི་རྣམ་ལྔ་དང༔ དབང་པོ་ལྔ་དང་གོ་རོ་ཙ༔ བ་སུ་ཏ་དང་ནང་ཁྲོལ་ལྔ༔ བཟའ་དང་བཏུང་བ་འབྲས་བུར་བཅས༔ ཚོགས་རྫས་ཡུལ་གྱི་འདོད་ཡོན་རྣམས༔ འབྲུ་གསུམ་འོད་ཀྱིས་བྱིན་བརླབས་ཤིང༔ མི་གཙང་རྟོག་སྒྲིབ་སྦྱངས་སྤེལ་ནས༔ ཨོཾ་ཨཱཿཧཱུྃ་དང་ཧ་ཧོ་ཧྲཱིཿས༔ བྱིན་བརླབས་བདུད་རྩིའི་རྒྱ་མཚོར་གྱུར༔ གཉིས་པ་ཚོགས་ལ་སྤྱན་འདྲེན་པ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དང༔ དམ་ཅན་རྒྱ་མཚོའི་ཚོགས་བཅས་རྣམས༔ ཚོགས་གཏོར་མགྲོན་དུ་སྤྱན་འདྲེན་ནོ༔ གནས་མཆོག་དམ་པ་ཉམས་རེ་དགའ༔ བདེ་ལྡན་པདྨ་འོད་ཀྱི་ཞིང༔ ཚོགས་དང་གཏོར་མ་མདངས་དང་ལྡན༔ དཔལ་ལྡན་མཛེས་པའི་ཕོ་བྲང་ཡིན༔ འདིར་ཚོགས་རྣལ་འབྱོར་དམ་རེ་གཙང༔ འདོད་ཡོན་རེ་སྐོང་ལྷུན་གྱིས་གྲུབ༔ འོག་མིན་གནས་དང་པོ་ཏ་ལ༔ དུར་ཁྲོད་བརྒྱད་དང་གནས་ཡུལ་དང༔ ཨོ་རྒྱན་གནས་ནས་གཤེགས་སུ་གསོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་དྷརྨ་པཱ་ལ་བཛྲ་ས་མཱ་ཛཿ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ཕོ་བྲང་ཡིད་འོང་མཛེས་པ་འདིར༔ བླ་མ་ཡི་དམ་མཁའ་འགྲོ་རྣམས༔ བདག་དང་འགྲོ་ལ་ཞལ་བསྟན་ཕྱིར༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ པདྨ་ཙནྡྲ་སཱུརྻ་སཏྭཾ༔ བཞི་པ་ཚོགས་ཕུད་དང་པོ་འབུལ་བ་ནི༔ ཧཱུྃ༔ གཙང་སྦྱར་མཆོད་ཡོན་རྣམ་པ་བཞི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་རོལ་མོའི་ཚོགས༔ བླ་མ་ཡི་དམ་མཁའ་འགྲོར་འབུལ༔ ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷཻ་ནཻ་ཝིདྱ་ཤབྡ་པཱུ་ཛ་ཧོ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ མཛེས་པའི་གཟུགས་དང་སྙན་པའི་སྒྲ༔ དྲི་རོ་རེག་བྱ་ཆོས་ཡིད་ཚིམ༔ འདོད་ཡོན་དྲུག་གི་མཆོད་པ་འབུལ༔ ཤ་ལྔ་བདུད་རྩིའི་གཏོར་མར་བཅས༔ སྨན་རཀ་རྒྱན་ལྡན་མཆོད་སྤྲིན་འདི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་དམ་ཅན་སྲུང་མའི་ཚོགས༔ དགྱེས་མཆོད་ཚུལ་གྱིས་བཞེས་སུ་གསོལ༔ མ་ཧཱ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལྔ་པ་ཐུགས་དམ་སྐོང་བ་ནི༔ ཧཱུྃ༔ སྣོད་ཀྱི་འཇིག་རྟེན་ཡངས་པ་རུ༔ བཅུད་སོགས་འདོད་ཡོན་དྲུག་ལྡན་འདི༔ ཏིང་འཛིན་སྔགས་ཀྱིས་བྱིན་བརླབས་པའི༔ ཚོགས་མཆོད་གཏོར་མས་ཐུགས་དམ་བསྐང༔ དཔག་བསམ་ཤིང་ཆེན་རེ་སྐོང་ཞིང༔ ཡིད་བཞིན་ནོར་བུ་དགོས་འདོད་ཆར༔ ཀུན་བཟང་མཆོད་སྤྲིན་མཁའ་ཁྱབ་པས༔ རིགས་ཀྱི་བླ་མ་འགྲོ་བའི་མགོན༔ ཁྱབ་བདག་ཡི་དམ་མཁའ་འགྲོའི་ཚོགས༔ བཀའ་སྲུང་གཉེར་གཏད་དམ་ཅན་རྣམས༔ ཐུགས་དམ་གཉན་པོ་དེས་བསྐངས་ལ༔ ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ༔ དྲུག་པ་ཚོགས་བར་པས་བཤགས་པ་བྱ་བ་ནི༔ ཧོ༔ ཡེ་ཤེས་སྤྱན་ལྡན་ཐུགས་རྗེའི་ཚོགས༔ ཡུད་ཙམ་བདག་ལ་ཉེར་དགོངས་ལ༔ མཚམས་མེད་ལྔ་དང་ཉེ་བ་ལྔ༔ ལྕི་བ་བཞི་དང་ལོག་པ་བརྒྱད༔ ཁ་ན་མ་ཐོ་སྡིག་པའི་ལས༔ གནོང་འགྱོད་དབང་གིས་མཐོལ་ལོ་བཤགས༔ ཡིག་བརྒྱ༔ བདུན་པ་ཚོགས་ཐ་མ་དགུག་ཅིང་བསྒྲལ་བའི་མཆོད་པ་ནི༔ ཧཱུྃ༔ སྣང་སྲིད་ཡེ་ནས་དག་པ་ལ༔ ཡེ་ཤེས་རྩལ་ལ་དགྲར་འཛིན་མཁན༔ རང་རང་ལས་ལ་གཞན་དུ་སྣང༔ ཐམས་ཅད་རོ་མཉམ་མཚོན་ཆས་སྒྲོལ༔ མཱ་ར་ཡ་རྦད༔ བརྒྱད་པ་གནས་སྤར་བ་ནི༔ འོད་གསལ་འཆི་མེད་རྡོ་རྗེའི་ཚེ༔ ཡེ་ཤེས་ལྔ་ཡི་ཀློང་དུ་བསྟིམ༔ ཧཱུྃ༔ ཨཱ་ཡུཿནྲྀཿབྷྲཱུྃ་རྒྱ༔ བདག་སོགས་འཁྲུལ་འཁོར་ཅིར་ཡང་སྣང༔ སྐད་ཅིག་མཉམ་གཞག་ངང་དུ་སྦྱང༔ སརྦ་བི་ཤུདྡྷོ྅་ཧཾ༔ ཡུམ་མཁའ་ཆོས་འབྱུང་ཨེ་དབྱིངས་སུ༔ རང་ཤེས་རིག་པས་གནས་སུ་བཏབ༔ ཨ་ཨཾ་ཨུ་ཏི་ཛ༔ སྥ་ར་ཎ་ཕཊ༔ དེ་ནི་ཚེ་གནས་སྤར་བའི་གནད་དོ༔ དགུ་པ་བསྟབ་པ་ནི༔ ཧཱུྃ༔ བདག་ཏུ་འཛིན་པ་རང་གི་སེམས༔ སྣང་བ་ཡེ་ཤེས་ཀློང་དུ་བསྟབ༔ འཁྲུལ་རྟོག་ལས་ཀྱི་ཚོགས་བརྒྱད་རྣམས༔ སྐྱེ་མེད་རྟོགས་པའི་མཚོན་གྱིས་གཏུབས༔ བསྟབ་པོ་ཀུན་བཟང་ཀློང་དུ་བསྟབ༔ མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ག་ཎ་ཙཀྲ་ལ་ཁཱ་ཧི༔ སརྦ་པཉྩ་ཨ་མྲྀཏ་ཛ་གད་ཁཱ་ཧི༔ བཅུ་པ་པད་སྐོར་དང་བཅས་ཏེ་ཚོགས་འདྲེན་པ་ནི༔ ཧོ༔ ཀུན་བཟང་བླ་མ་ཐོད་ཕྲེང་དགོངས་སུ་གསོལ༔ སྣང་སྟོང་དབྱེར་མེད་ཚོགས་ཀྱི་ལོངས་སྤྱོད་འདི༔ བདེ་སྟོང་དབྱེར་མེད་ཚུལ་གྱིས་བཞེས་སུ་གསོལ༔ བླ་མས་ལན་ནི༔ ཀྱེ་ཧོ༔ སྣང་སྲིད་དག་པ་ཞི་ཁྲོའི་ལྷ་ཚོགས་དགོངས༔ ཡེ་ནས་མཉམ་ཉིད་ཚོགས་ཀྱི་ལོངས་སྤྱོད་འདི༔ རྟོག་པའི་བློ་ལ་དག་སྣང་གིས་འབུལ་ན༔ འཁྲུལ་མེད་དག་པའི་ངང་ནས་བཞེས་ཤིང་རོལ༔ དེ་ནས་མཆེད་ལྕམ་རྣམས་ལ་ཞུ་བ་ནི༔ ཀྱེ༔ རྡོ་རྗེའི་མཆེད་ལྕམ་རིག་རྩལ་དགོངས་སུ་གསོལ༔ དགའ་མགུ་རངས་པའི་ཚོགས་ཀྱི་ལོངས་སྤྱོད་འདི༔ སོ་སོར་མ་མཆིས་གཡར་དམ་ཚུལ་དུ་འབུལ༔ འཁོན་འཛིན་མེད་པའི་ཚུལ་གྱིས་བཞེས་སུ་གསོལ༔ མཆེད་ལྕམ་རྣམས་ཀྱིས་ལན་བཏབ་པ་ནི༔ ཨེ་མ་ཧོ༔ སྐུ་གསུམ་དག་པ་ཞིང་ཁམས་གཅིག་ཏུ་མཐོང༔ བླང་དོར་མི་འཚལ་ཡི་རང་དགའ་མགུས་རོལ༔ ཨ་ལ་ལ་ཧོ༔ བཅུ་གཅིག་པ་ལྷག་མཆོད་བྱ་བ་ནི༔ ཞིང་ལྤགས་ཀྱི་སྟེང་དུ་ཕུད་ལྷག་གི་མཆོད་པ་བཞག་ལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོ་ཧྲཱི༔ ཧྲཱི༔ ཡེ་ཤེས་རོལ་པ་ལྷ་ཡི་ཚོགས་རྣམས་དང༔ ལས་ལ་གྲུབ་པའི་མཁའ་འགྲོ་དབང་ཕྱུག་གིང༔ མ་བདུན་སྲིང་བཞི་འདིར་གཤེགས་མཆོད་པ་བཞེས༔ འབར་མ་དང་ནི་སྤོར་མ་ཕོ་ཉའི་ཚོགས༔ ལྷ་སྲིན་སྡེ་བརྒྱད་བཀའ་ཡི་སྲུང་མར་བཅས༔ མ་ལུས་འདིར་བྱོན་ཟག་མེད་བདུད་རྩི་ལ༔ རྔམས་ཤིང་དགྱེས་པའི་ཚུལ་གྱིས་རོལ་དུ་གསོལ༔ མ་མ་ཤཱ་ཏྲཱུཾ་ཨ་མུ་ཀཾ༔ ཁྲོཾ་ཡཀྴ་བཛྲ་བི་ཛྭ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ལྟར་ཕྱི་ནི་འདོད་ཡོན་ཚོགས་ཡིན་ཏེ༔ དཀྱིལ་འཁོར་ལྷ་དང་གཞལ་ཡས་ཁང་གི་རྫས༔ ནང་གི་ཚོགས་ནི་ཕུང་ཁམས་སྐྱེ་མཆེད་རྣམས༔ རང་བྱུང་དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ༔ གསང་བ་ཡུམ་གྱི་བྷ་ག་བདེ་ཆེན་ཚོགས༔ རྩ་རླུང་སྦྱོར་བས་རླུང་ཁམས་དྭངས་སྙིགས་འབྱེད༔ འཛག་མེད་ཡོན་ཏན་ས་ལམ་འབྲས་བུ་འབྱིན༔ ཚེ་གཅིག་སངས་རྒྱས་སྒྲུབ་པའི་མགྱོགས་བྱེད་ལམ༔ བཅུ་གཉིས་པ་གཏོར་མ་སྐྱོང་བ་ནི༔ ཧཱུྃ༔ སྔོན་དུས་ཡོངས་རྫོགས་བསྐལ་པའི་དང་པོ་ལ༔ འོག་མིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ཏུ༔ ངེས་པ་ལྔ་ལྡན་རྒྱལ་བ་རིགས་ལྔ་ཡིས༔ རྟོག་ཚོགས་རང་གྲོལ་ཞི་ཁྲོ་བཀའ་བརྒྱད་ཀྱི༔ སྐུ་དང་ཡེ་ཤེས་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཕུང་ཁམས་སྐྱེ་མཆེད་རང་རྩལ་འཁོར་འདུས་ཤིང༔ གདན་གསུམ་ཚང་བའི་རང་རང་གཟུགས་བསྟན་ནས༔ སྤྱོད་ཡུལ་ཡོངས་སུ་དག་པར་མ་ཆད་དམ༔ ཐ་མལ་དགྲར་འཛིན་འདུལ་བར་མ་ཆད་དམ༔ དབྱིངས་རིག་རང་གསལ་གཏོར་མ་འདི་ལོངས་ལ༔ རྒྱུད་གསུམ་ཆོས་འཁོར་བསྐོར་བའི་ཕྲིན་ལས་མཛོད༔ཧཱུྃ༔ དེ་འོག་བར་གྱི་བསྐལ་པ་དབུས་མ་ལ༔ དགའ་ལྡན་བརྩེགས་དང་རྡོ་རྗེ་གདན་རྣམས་སུ༔ བདེ་གཤེགས་སྟོན་པ་དམ་པ་བཅུ་གཉིས་ཀྱིས༔ རང་རང་འཁོར་གྱི་དཀྱིལ་འཁོར་ཡོངས་འདུས་ནས༔ ཐེག་པ་སྣ་ཚོགས་ཆོས་འཁོར་བསྐོར་བའི་ཚེ༔ སྐལ་ལྡན་ལས་ཅན་འཁོར་གྱི་ཚོགས་རྣམས་ཀྱིས༔ སྨོན་ལམ་དག་པ་རང་གི་གཟུགས་བསྟན་ནས༔ འགྲོ་རྣམས་སྨིན་གྲོལ་འགོད་པར་མ་ཆད་དམ༔ སྐྱོན་བྲལ་རང་དག་གཏོར་མ་འདི་ལོངས་ལ༔ རང་རང་ཁས་བླངས་དམ་བཅས་ཕྲིན་ལས་མཛོད༔ ཧཱུྃ༔ དེ་འོག་བསྐལ་པ་དུས་ཀྱི་ཐ་མ་ལ༔ ཨོ་རྒྱན་བསམ་ཡས་འཛམ་གླིང་གནས་རྣམས་སུ༔ རིག་འཛིན་སློབ་དཔོན་པདྨ་ཐོད་ཕྲེང་དང༔ རྒྱ་བོད་རིག་འཛིན་མཁའ་འགྲོའི་ཚོགས་བཅས་ཀྱིས༔ ཐེག་དགུ་ཡོངས་རྫོགས་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ སྐལ་ལྡན་ལས་ཅན་འཁོར་གྱི་ཚོགས་འདུས་ཤིང༔ གང་ལ་གང་འདུལ་རང་རང་གཟུགས་བསྟན་ནས༔ འགྲོ་རྣམས་སྨིན་གྲོལ་འགོད་པར་མ་ཆད་དམ༔ དབང་དང་དམ་ཚིག་གཏོར་མ་འདི་ལོངས་ལ༔ བསྐྱེད་རྫོགས་སྒྲུབ་པའི་དམ་བཅས་ཕྲིན་ལས་མཛོད༔ དེ་འོག་རྩོད་དུས་སྙིགས་མ་ལྔ་བདོ་ལ༔ རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་སུ༔ རིག་འཛིན་སློབ་དཔོན་པདྨ་ཐོད་ཕྲེང་གིས༔ སློབ་མ་འགྲོ་འདུལ་སྣ་ཚོགས་རང་གྲོལ་ལ༔ རིག་འཛིན་ཀུན་འདུས་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བཀའ་སྲུང་གཏེར་བདག་དམ་ཅན་ཚོགས་འདུས་ཤིང༔ རང་རང་སོ་སོའི་གཟུགས་མཆོག་དངོས་བསྟན་ནས༔ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་ལོངས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ས་མ་ཡ་ཨི་དན་ན་ར་ཀན༔ གཏོར་མའི་སྒོ༔ ཛཿཧཱུྃ་བཾ་ཧོ༔ པྲ་ཝེ་ཤ་ཡ་ཕཊ༔ཀྱིས་དབྱེ༔ བཅུ་གསུམ་པ་ཐུགས་དམ་བསྐུལ་ཞིང་བཟློག་བསྒྱུར་ནི༔ ཧཱུྃ༔ གཏོར་ཟོར་སྐུ་དང་མཚོན་ཐོག་འོད་ཟེར་འཕྲོ༔ བདག་རྟོག་ཡུལ་དང་མཚན་མ་གཉིས་འཛིན་བཅོམ༔ ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ ང་ནི་རྡོ་རྗེ་ཐོད་ཕྲེང་རྩལ༔ རང་རྩལ་སྐུ་དང་ཡེ་ཤེས་གསལ༔ གཟུང་འཛིན་གཉིས་སྣང་རྡུལ་དུ་རློག༔ བསྡུས་པས་འོད་གསལ་ཀློང་དུ་འཁྱིལ༔ ཧཱུྃ༔ ངས་ནི་མ་ཉེས་མ་ཐོ་ཞིང༔ གློ་བུར་འཁྲུལ་རྟོག་དགྲ་བགེགས་དཔུང༔ ཡེ་ཤེས་རིག་པའི་གཏོར་མས་ཟློག༔ དབྱིངས་དང་རིག་པ་རྟོག་མེད་ལ༔ ཐ་དད་རྟོག་པའི་ཕུང་སྲི་ཟློག༔ ཐ་སྙད་བྲལ་བའི་ཡེ་ཤེས་ལ༔ བློས་བརྟགས་ཅན་གྱི་བྱོལ་ཟོར་ཟློག༔ གནད་ཀྱི་སངས་རྒྱས་ལག་བཅངས་ལ༔ ཐེ་ཚོམ་ལོག་ལྟའི་ཕུར་ཁ་ཟློག༔ གཏིང་གསལ་འཕེལ་འགྲིབ་མེད་པ་ལ༔ བདེན་ཞེན་གཏད་ཁྲམ་བྱེད་པ་ཟློག༔ འཁོར་བའི་དགྲ་ལ་གཏོར་ཟོར་ཕོབ༔ བག་ཆགས་བགེགས་ལ་གཏོར་ཟོར་ཕོབ༔ ལོག་ལྟའི་བདུད་ལ་གཏོར་ཟོར་ཕོབ༔ ཐམས་ཅད་ཆོས་ཉིད་ཀློང་དུ་བྷྱོ༔ བྷྱོ་བྷྱོ་བྷྱོ་ལ་ཟློག་ཀྱང་ཟློག༔ པྲ་མོ་ཧ་སརྦ་ཤཱ་ཏྲཱུཾ་མཱ་ར་ཡ་རྦད༔ ཛ་ཡེ་ཛ་ཡེ་སྭཱ་ཧཱ༔ བི་ཛ་ཡེ་བི་ཛ་ཡེ་སྭཱ་ཧཱ༔ བཅུ་བཞི་པ་བརྟན་མ་སྐྱོང་བ་ནི༔ ཧཱུྃ་བྷྱོ༔ རྟེན་འབྲེལ་བཅུ་གཉིས་མ་མོ་བརྟན་མའི་ཚོགས༔ ནག་མོ་དམར་མོ་དཀར་མོ་འབུམ་ཕྲག་རྣམས༔ གཏོར་མ་འདི་བཞེས་རྣལ་འབྱོར་བདག་ཉིད་ཀྱིས༔ ཇི་ལྟར་བཅོལ་པའི་ལས་ལ་འབྲས་བུ་སྩོལ༔ མ་མཱ༔ ཁ་ཁཱ༔ ལ་ལཱ༔ ལེ་ལཱ༔ ཏ་ཏཱ༔ ཏེ་ཏཱེ་སྲིང་འགྲོ་མ༔ པཉྩ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཅོ་ལྔ་པ་སྒོ་དྲུང་དུ་དམ་སྲི་མནན་པ་ནི༔ ཧཱུྃ༔ རྣམ་པ་རི་རབ་སུམ་བརྩེགས་ལ༔ དོན་དུ་སྐུ་གསུང་ཐུགས་སུ་གསལ༔ དོང་གཏིང་ལོག་ལྟའི་དཔུང་རྣམས་ནི༔ མ་ལུས་ལུས་པ་མེད་པར་བསྐྱུར༔ སྟེང་དུ་དཔལ་ཆེན་ལྷ་ཚོགས་ཀྱིས༔ བྲོ་བརྡུང་ཞི་རྒྱས་དབང་དྲག་བཅས༔ ཧཱུྃ་ཧཱུྃ་ཧཱུྃ་ཨོཾ་ནན༔ ཧཱུྃ་ཧཱུྃ་ཧཱུྃ་ཨཱཿནན༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ནན༔ སྟམྦྷ་ཡ་ནན༔ རཀྴ་ནན༔ མཇུག་བསྡུ་བ་རྣམ་པ་ལྔ་ལས༔ དང་པོ་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ བདག་གཞན་གཉིས་དག་དཀྱིལ་འཁོར་ཀུན་སྣང་དུ༔ རྨད་བྱུང་བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ དངོས་གྲུབ་བསྩལ་དང་སྩོལ་བར་མི་དམིགས་ཀྱང༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྣམས༔ ད་ལྟ་ཉིད་དུ་བསྩལ་ཞིང་བརྟན་པར་མཛོད༔ ཕྲིན་ལས་རྣམ་བཞི་མྱུར་དུ་འགྲུབ་པ་དང༔ དགོས་འདོད་རེ་སྐོང་ཡིད་བཞིན་གཏེར་གྱི་མཛོད༔ མཐོང་ཆོས་དབང་དང་ཐུན་མོང་ཡོན་ཏན་བརྒྱད༔ མངོན་ཤེས་དྲུག་ལྡན་དངོས་གྲུབ་བདག་ལ་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ རྫས་རྣམས་ཀུན་ལས་དབང་དང་དངོས་གྲུབ་བླང༔ རིག་འཛིན་རྣམ་བཞིའི་གྲལ་ལ་དེས་ཕྱིན་ནོ༔ བདུད་རྩི་གཡས་དང་གཏོར་མ་གཡོན་ནས་བསྐོར༔ གཉིས་པ་རྟག་ཆད་ཀྱི་མཐའ་བསལ་བ་ནི༔ ཧཱུྃ༔ རང་རིག་ཐིག་ལེ་གཅིག་ཏུ་གསལ་བ་ལ༔ སྤྲོ་དང་བསྡུ་བར་བྱ་བ་མི་དམིགས་ཀྱང༔ མ་རྟོགས་འཁྲུལ་པའི་རྟག་ལྟ་སྦྱང་བྱའི་ཕྱིར༔ ཐམས་ཅད་ཐིག་ལེ་ཆེན་པོར་བསྡུ་བར་བྱ༔ བཛྲ་མུཿདང༔ ཨཱ་ལི་ཀཱ་ལི་དང༔ ཡིག་བརྒྱ་བཟླའོ༔ ཧཱུྃ༔ རྟག་ཏུ་མི་འགྱུར་ཐིག་ལེ་ཆེན་པོའི་ངང༔ བསྐྱེད་དང་རྫོགས་པའི་མཐའ་གཉིས་བྲལ་བ་ལ༔ ཆད་པའི་སྟོང་ཉིད་མེད་པ་ལས་གྲོལ་ཕྱིར༔ རྫོགས་རིམ་ལྷ་སྐུ་བླ་མ་རྩ་གསུམ་ལྷ༔ སྣང་ལ་མ་གྲུབ་འཇའ་ཚོན་ལྟ་བུར་ཤར༔ གསུམ་པ་སྦྱིན་སྲེག་བྱ་བ་ནི༔ དེ་ནས་དངོས་གྲུབ་རྫས་རྣམས་ཆ་གསུམ་དུ༔ མཉམ་པོར་བགོས་ལ་གཅིག་ནི་སྦྱིན་སྲེག་བྱ༔ ལེགས་པར་བརྩིགས་པའི་ཐབ་ཁུང་ཟླ་གམ་དབྱིབས༔ ཡང་ན་བྲིས་ཏེ་དབུས་སུ་པད་འདབ་བཞི༔ ལྟེ་བར་བཅས་ལ་བླ་མ་མཁའ་འགྲོ་ཡི༔ མཚན་མའམ་ཡང་ན་མེ་ཏོག་ཚོམ་བུ་བཀོད༔ བདུད་རྩིས་གཏོར་མ་བསང་ཞིང་སྟོང་པར་བསམ༔ དེ་ནས༔ བྷྲཱུྃ་ལས་དབང་གི་གཞལ་ཡས་མཚན་ཉིད་ལྡན༔ ཟླ་གམ་དམར་པོ་གདོང་ལ་ཁྲུ་གང་པ༔ ཁ་ཁྱེར་མུ་རན་པདྨ་དམར་པོའི་ཕྲེང༔ ནང་ནི་དབང་གི་ལྷ་རྫས་བུད་ཤིང་གང༔ ཨོཾ་ཨགྣ་ཡེ་ཛྭ་ལ་རཾ༔ བྷྲཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ༔ པདྨ་ཉི་ཟླ་བམ་ཆེན་རོ་ཡི་སྟེང༔ དབུས་སུ་དབང་ཆེན་རྟ་མཆོག་ཡབ་ཡུམ་ལ༔ སྤྱི་བོར་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ༔ ཡབ་ཡུམ་གཉིས་མེད་བདེ་སྟོང་སྙོམས་པར་ཞུགས༔ ཕྱོགས་བཞིར་རིགས་བཞི་དཔའ་བོ་མཁའ་འགྲོ་རྣམས༔ ཡབ་ཡུམ་འཁྲིལ་སྦྱོར་རིགས་བཞི་ཡབ་ཡུམ་གྱིས༔ དབུ་རྒྱན་མཛད་པའི་སྐུ་གསུང་ཐུགས་ཀ་ནས༔ འོད་ཟེར་དམར་པོ་ལྕགས་ཀྱུའི་རྣམ་པ་འཕྲོས༔ ཚིག་བདུན་དབྱངས་དང་སྔགས་ཀྱིས་སྤྱན་དྲངས་བསྟིམ༔ ཕྱི་ནང་གསང་བ་རྫས་ཀྱི་སྦྱིན་སྲེག་ནི༔ ལྷ་རྣམས་ཞལ་དུ་ཕུལ་བས་དགྱེས་པར་བསམ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ སརྦ་པཉྩ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་མ་ཧཱ་ཨ་ན་ལ་མ་ཧཱ་བུདྡྷ་ཛཿབྷསྨིན་ཀུ་རུ་ཡེ་སྭཱ་ཧཱ༔ དགང་གཟར་གྱིས་མཆོད༔ ཨོཾ་མ་མ་སརྦ་ཀུ་རུ་ཧཱུྃ༔ དགང་བླུགས་འབུལ་བའོ༔ ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ༔ ཏིལ་འབུལ་བ༔ ཨོཾ་བཛྲ་པུཥྤེ་ཧཱུྃ༔ མེ་ཏོག་འབུལ་བ༔ ཨོཾ་སརྦ་ཡ་ཛྙཱ་ཡེ་སྭཱ་ཧཱ༔ ཡམ་ཤིང་འབུལ་བ༔ ཨོཾ་པཱུ་ཛ་མེ་གྷ་ལོ་ཀེ་ཤྭ་ར་ཧཱུྃ༔ འཇིག་རྟེན་དབང་དུ་བྱེད་པའི་མཆོད་པ༔ ཨོཾ་དྷཱུ་པེ་དཱི་པ་པཱུ་ཤ་གྷནྡྷེ་སྭཱ་ཧཱ༔ དངོས་སུ་འབྱོར་བའི་མཆོད་པ༔ ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ༔ ཀུ་ཤ་འབུལ་བ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ དཱུར་ཝ་འབུལ་བ༔ ཤཱནྟིཾ་ཀུ་རུ་ཨོཾ༔ པུཥྚིཾ་ཀུ་རུ་ཨོཾ༔ པ་ཤཾ་ཀུ་རུ་ཧོ༔ མཱ་ར་ཡ་སརྦ་ཨུ་ཙ་ཏ་ཡ་ཕཊ༔ གང་འདོད་ལས་ཀྱི་ཤམ་བུར་འདོད་གསོལ་གདབ༔ ཕྱེ་སྨན་གོས་དང་བདུད་རྩི་ལྔ་རྣམས་ཀྱང༔ བྱིན་བརླབས་བདུད་རྩིར་བསམས་ལ་བརྒྱ་རྩ་བརྒྱད༔ ལེགས་པར་ཕུལ་ལ་སྨན་རཀ་གཏོར་མས་མཆོད༔ མཆོད་བསྟོད་ཕྲིན་ལས་བཅོལ་ལ་ལྷ་རྣམས་བསྡུ༔ ཐལ་བ་སྤོས་ཆུས་བྲན་ཞིང་རྒྱ་མཚོར་བསྐྱལ༔ ཕྱི་ཡི་ཧོམ་དེས་ལས་བཞི་མ་ལུས་འགྲུབ༔ སྔགས་ཀྱི་ནུས་པ་གསོ་བསྐྱེད་ལྷ་དང་སྦྱར༔ ནང་གི་སྦྱིན་སྲེག་ལྟེ་བར་གཏུམ་མོ་བསྐྱེད༔ བཟའ་བཏུང་བསྲེག་རྫས་ཚོགས་སུ་ཤེས་པར་བྱ༔ གསང་བའི་སྦྱིན་སྲེག་སྙོམས་འཇུག་དྲོད་ཀྱི་མེས༔ ཁམས་རྒྱས་རྫས་ཀྱི་ཞུ་བདེས་རྣམ་རྟོག་འཇོམས༔ དོན་དམ་སྦྱིན་སྲེག་སྟོང་ཉིད་ཡེ་ཤེས་མེས༔ གློ་བུར་སྒྲིབ་སྦྱོང་འགྱུར་མེད་ཐིག་ལེར་འབར༔ བཞི་པ་བུམ་གཏེར་སྦ་བ་ནི༔ ས་ཡི་ལྷ་མོ་སེར་མོ་ཕག་ལ་གནས་པའི་ཕྱག་གཉིས་གཏེར་གྱི་བུམ་པ་འཛིན་པ༔ དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པའི་གནས་གསུམ་དུ་གསལ་བའི་ས་བོན་ལས་འོད་ཟེར་འཕྲོས༔ ཡེ་ཤེས་པ་སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ དབང་བསྐུར་རིགས་བདག་གི་རྒྱས་གདབ་མཆོད་པ་འབུལ་ནས༔ ཧཱུྃ༔ ས་ཡི་ལྷ་མོ་རིན་ཆེན་ཡུམ་གྱི་མཁར༔ བདག་ཅག་ཡུན་དང་སྲིད་ཀྱི་བདེ་ལེགས་དོན༔ རིན་ཆེན་འབྲུ་སྨན་རྫས་དང་ཆོས་ཀྱི་གཏེར༔ གཏམས་སོ་གཏད་དོ་མི་འགྱུར་ཚེ་དང་དཔལ༔ ཆོས་དང་ལོངས་སྤྱོད་རྒྱལ་སྲིད་དབང་ཐང་ནོར༔ རྟག་ཏུ་མི་ཉམས་ཡུན་དུ་གནས་ཕྱིར་འབུལ༔ དུས་སུ་དགོས་འདོད་ཡིད་བཞིན་དངོས་གྲུབ་སྩོལ༔ བྷྲཱུྃ༔ རཏྣ་སིདྡྷི་པཱུ་ཛ་ཧོ༔ ཤིས་བརྗོད་རྒྱས་གདབ་རྟེན་འབྲེལ་རབ་གནས་དང༔ གང་འདོད་ཡིད་བཞིན་འགྲུབ་པའི་སྨོན་ལམ་གདབ༔ ཕྱི་ཡི་གཏེར་གྱིས་ཕྱི་ཡི་རེ་བ་སྐོང༔ ནང་གི་གཏེར་གྱིས་རྩ་རླུང་ཡེ་ཤེས་འཕེལ༔ གསང་བའི་གཏེར་གྱིས་ཆོས་ཉིད་མངོན་སུམ་མཐོང༔ དེ་ཕྱིར་ལས་ཀྱི་མཐའ་བསྒྱུར་ཁྱད་པར་འཕགས༔ ལྔ་པ་དགེ་བ་ཡོངས་སུ་བསྔོ་ཞིང་བཀྲ་ཤིས་ཀྱང་བརྗོད་པར་བྱའོ༔ ཧཱུྃ༔ དུས་གསུམ་མི་དམིགས་སྒྱུ་མར་སྣང་བའི་ཆོས༔ མིག་འཕྲུལ་ཇི་བཞིན་དགེ་ཚོགས་བྱང་ཆུབ་ཏུ༔ ཡོངས་སུ་བསྔོས་པས་རྩ་གསུམ་དཀྱིལ་འཁོར་གྱི༔ གོ་འཕང་མཆོག་ལ་འགྲོ་ཀུན་སྤྱོད་གྱུར་ཅིག༔ མཁའ་འགྲོའི་ཟབ་ལམ་གསང་བ་རྨད་ཀྱི་ཆོས༔ ལྔ་ལྡན་བུ་དང་གཅིག་བརྒྱུད་མ་གཏོགས་པ༔ སུ་ལའང་མ་སྤེལ་མཁའ་འགྲོའི་བཀའ་ཆད་འབྱུང༔ བླ་མ་རིག་འཛིན་ཀུན་འདུས་བདག་མདུན་དབང༔ གསལ་བྱེད་ཚིག་ཕྲེང་འདི་ལ་ཞུས་ཏིག་གྱིས༔ ཕྱི་རབས་བརྒྱུད་འཛིན་འགྲོ་བའི་དཔལ་དུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ ཟབ་རྒྱ༔ སྦས་རྒྱ༔ སྨོན་ལམ་གྱི་རྒྱ༔ སྨག་ཁཾཐ༔ པདྨའི་ཞལ་གདམས་གྲོལ་ཐིག་དགོངས་པ་རང་གྲོལ་ལས། བླ་མ་རིག་འཛིན་ཀུན་འདུས་ཀྱི་བདག་མདུན་དབང་དོན་དེ་ཉིད་གསལ་བ་འདི། ཤོག་སེར་ལས་སྔ་སོར་ཕབ་གྲུབ་པ་ཞིག་ཡིན་ཡང་། སླད་ནས་ཆོག་བསྒྲིག་ཁྱེར་བདེ་བ་ཞིག་དགོས་ཞེས་དད་ལྡན་མང་པོ་ཞིག་གིས་བསྐུལ་མ་མཛད་པ་དང་། ཁྱད་པར་རིག་འཛིན་པདྨཱ་ཀ་ར་དང་གཉགས་ཛྙཱ་ན་ཀུ་མཱ་རའི་སྨོན་ལམ་གྱིས་ཉེ་བར་བསྐྱངས་པའི། ཀརྨ་རྒྱལ་སྲས་ཀུན་བཟང་གིས་ནན་གྱིས་བསྐུལ་བ་ལྟར། མཁའ་འགྲོའི་ཟབ་ལམ་གསང་བ་རྨད་དུ་བྱུང་བའི་ལས་བྱང་གིས་ཁ་བསྐངས་ཏེ། སྔོན་གྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་དུ་མས་ཞབས་ཀྱི་པདྨོས་བྱིན་གྱིས་བརླབས་པའི་ཡུལ་གྱི་བདེ་ལེགས་མཐའ་དག་གི་འདུན་ས་འཕྱིང་བར་སྟག་རྩེའི་ཕོ་བྲང་ཆེན་པོར། དུས་མཐའི་སྙོམ་ལས་པ་པྲ་ཛྙཱ་རསྨིའམ་མིང་གཞན་སྣ་ཚོགས་རང་གྲོལ་ཞེས་བྱ་བས་དག་པར་ཕབ་པའི་ཡི་གེ་པ་ནི་ཨུ་པ་སི་ཀ་ཀུན་བཟང་འོད་ཟེར་ཉིད་དོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།
ཕུར་པ་དྲག་སྔགས་ལས་ཕུར་པ་བྱིན་རླབས་ (Volume 32, Text 4)
ཕུར་པ་དྲག་སྔགས་ལས་ཕུར་པ་བྱིན་རླབས་བཞུགས་སོ། །༁ྃ༔ ཐུགས་དམ་གསང་བའི་ལྷ་ལ་ཕྱག་འཚལ་ལོ༔ ཕུར་པ་བྱིན་གྱིས་བརླབ་པའི་ཆོ་ག་བྱ་སྟེ༔ བདག་ཉིད་དཔལ་ཆེན་པོར་གསལ་བའི་ལག་པ་གཡས་ཀྱི་སོར་མོ་ལྔ་ལ་མ་སཱུརྱ་མཎྜ་ལ་ཉི་མའི་གདན་རེ་རེ་ལ་ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ་ལས་རིགས་ལྔ་ཡབ་ལྔ༔ གཡོན་གྱི་སོར་མོ་ལྔ་ལ་ཨ་ཙནྡྲ་མཎྜ་ལ་ཟླ་བའི་གདན་རེ་རེ་ལ་མཱུཾ་ལཱཾ་མཱཾ་པྱཱཾ་ཏཱཾ་ལས་ཡུམ་ལྔ༔ བཛྲ་ཨཉྫ་ལི་སོར་མོ་བསྣོལ་བས་རིགས་ལྔ་ཡབ་ཡུམ་སྦྱོར་བ་མཛད༔ བཛྲ་བྷནྡྷ་བཛྲ་ཨ་ཝེ་ཤ་ཡ་ཨཱ༔ སྦྱོར་མཚམས་ལས་བྱང་ཆུབ་ཀྱི་སེམས་ཕུར་པ་རྣམས་ལ་ཐིམ༔ ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ ལོངས་སྤྱོད་རྫོགས་སྐུ་ཁྲོ་བོར་ཤར༔ སྤྲུལ་སྐུ་ཁྲོ་ཚོགས་འཕྲོ་འདུ་ཡིས༔ དགྲ་བགེགས་ཐལ་བའི་རྡུལ་དུ་རློགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧ་ན་ཧ་ན་དིཔྟ་ཙཀྲ་ཧཱུྃ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧྲི་ད་ཡ་པདྨ་ཧྲི་ཧཱུྃ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་ཏཱ་རཱ་ཛ་ཧཱུྃ༔ སྐུ་གསུང་ཐུགས་ཀྱིས་ཁམས་གསུམ་སྒྲོལ་བའི་དབང་དང་ལྡན་པར་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བེ་ཏ་ལཱི་མ་ཏ་རཀྵ་རཀྵ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་གུ་ཏ་ལ་པྲ་ཏ་ལ་ཨ་ཏི་ཏིཥྛ་ཧཱུྃ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་རཀྟ་ཛྭ་ལ་ནི་ཧཱུྃ་ཕཊ༔ བྱུག་བདུག་བྲབ་གསུམ་བྱའོ༔ ཧཱུྃ༔ སྐུ་སྟོད་ཁྲོ་བོ་ཆེན་པོ་ལ༔ སྐུ་སྨད་ཟུར་གསུམ་དབལ་དང་ལྡན༔ ཁྲོ་བཅུ་ཁྲོ་བོའི་ལྷ་ཚོགས་རྣམས༔ གདུག་པ་འདུལ་བའི་ཕྲིན་ལས་མཛོད༔ ཕུར་པ་བྱིན་གྱིས་བརླབས་པའི་ཆོ་གའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཆོས་རྗེ་གླིང་པའི་གཏེར་མའོ།། །།
རྡོ་རྗེ་བདུད་རྩི་གསང་བ་ཆེན་པོའི་མན་ངག་སྙིང་ཐིག་ཟབ་མོ་ (Volume 30, Text 4)
ྈ རྡོ་རྗེ་བདུད་རྩི་གསང་བ་ཆེན་པོའི་མན་ངག་སྙིང་ཐིག་ཟབ་མོ་བཞུགས་སོ༔ རྒྱ་གར་སྐད་དུ༔ བཛྲ་ཨ་མྲྀཏ་མ་ཧཱ་གྷུ་ཧྱ་ཨུ་པ་དྷེ་ཤ༔ བོད་སྐད་དུ༔ རྡོ་རྗེ་བདུད་རྩི་གསང་བ་ཆེན་པོའི་མན་ངག༔ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སྟོང་ཉིད་རྡོ་རྗེ་བདེ་བ་ཆེའི༔ བདུད་རྩི་དབྱེར་མེད་ཐིག་ལེའི་སྐུ༔ ཧེ་རུ་ཀ་ལ་གུས་བཏུད་ནས༔ གསང་བ་ཆེན་པོའི་མན་ངག་བཤད༔ ས་མ་ཡ༔ ྈྈྈྈྈྈྈྈྈྈྈ བྱང་ཆུབ་སེམས་འབྱོངས་དབང་མཆོག་ཐོབ༔ གསང་བའི་དམ་ཚིག་རྣམ་དག་པས༔ གཞན་དོན་སངས་རྒྱས་མྱུར་བསྒྲུབ་ཕྱིར༔ ཟབ་མོའི་ལམ་འདི་བསྒོམ་པར་བྱ༔ རི་བོ་སྨན་གྱི་ནགས་ཚལ་དང༔ དུར་ཁྲོད་ཆེན་པོའི་ས་ཕྱོགས་སོགས༔ དབེན་ཞིང་བྱིན་རླབས་ཟིལ་ལྡན་པར༔ བདེ་བ་མཆོག་གི་དངོས་གྲུབ་འགྲུབ༔ བདུད་རྩི་ཆུ་ཡིས་ཁྲུས་བྱས་ནས༔ བདེ་བའི་སྟན་ལ་ལུས་གནད་བསྲང༔ རླུང་རོ་བསལ་ཞིང་ངེས་འབྱུང་དང༔ བྱང་ཆུབ་སེམས་གཉིས་ཡིད་ལ་བྱ༔ བླ་མ་ཁྲག་འཐུང་རྡོ་རྗེ་ཅན༔ མདུན་གྱི་ནམ་མཁར་སྤྱན་དྲངས་ལ༔ ལུས་ངག་ཡིད་གསུམ་རྩེ་གཅིག་པས༔ སྐྱབས་སུ་འགྲོ་ཞིང་དམ་བཅའ་གཟུང༔ ཧཱུྃ༔ འཁོར་འདས་རྡོ་རྗེ་བདུད་རྩི་ཆེ༔ དབྱེར་མེད་ཟུང་འཇུག་ཧེ་རུ་ཀ༔ བླ་མ་མཁའ་འགྲོའི་ཚོགས་བཅས་ལ༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ མཐའ་ཡས་འགྲོ་བ་ཐམས་ཅད་ལ༔ དམིགས་མེད་སྙིང་རྗེས་ཀུན་བསླངས་ཏེ༔ བདེ་ཆེན་ས་ལ་འགོད་པའི་ཕྱིར༔ ཁྲག་འཐུང་ཆེན་པོའི་རྣལ་འབྱོར་བསྒོམ༔ སྡིག་སྒྲིབ་ཉེས་ལྟུང་བཤགས་ཤིང་བསྡམ༔ རྩ་བ་ཡན་ལག་དམ་ཚིག་བཟུང༔ གསང་བ་མཆོག་གི་སྤྱོད་པ་ཡིས༔ རྡོ་རྗེའི་ཡེ་ཤེས་གྲུབ་གྱུར་ཅིག༔ ཚོགས་ཞིང་རང་ལ་གཉིས་མེད་བསྟིམ༔ ཧཱུྃ༔ ང་ནི་དཔལ་ལྡན་རྡོ་རྗེ་འཆང༔ བཀའ་ཡི་འཁོར་ལོ་སྦྱོར་བ་ཡིས༔ དངོས་པོ་ཐམས་ཅད་འཇིག་འགྱུར་ན༔ བར་ཆད་བགེགས་ལ་སྨོས་ཅི་དགོས༔ ཉོན་ཅིག་ལོག་འདྲེན་འབྱུང་པོའི་ཚོགས༔ རྡོ་རྗེ་བདུད་རྩིའི་བཀའ་ཐོས་ནས༔ རྒྱ་མཚོའི་ཕ་མཐར་མྱུར་དུ་དེངས༔ འདས་ན་བརླག་པར་གདོན་མི་ཟ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃཿ འདི་ལྟར་སྣང་ཞིང་འབྱུང་བ་ཀུན༔ ཧེ་རུ་ཀ་ཡི་གསང་བ་གསུམ༔ མི་ཕྱེད་རྡོ་རྗེའི་དམ་ཚིག་གིས༔ གཟུང་འཛིན་འབྱུང་པོ་མཚམས་བཅད་དོ༔ ཨོཾ་ཨཱཿཧཱུྃ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ༔ རིན་ཆེན་ཉི་མ་རྟག་པའི་དབྱིངས༔ རྒྱུན་དང་ཤུགས་ཀྱི་ཐུགས་རྗེར་སྣང༔ བསྐུལ་ཞིང་གསོལ་བ་བཏབ་པ་ཡིས༔ ཡེ་ཤེས་སྒྱུ་འཕྲུལ་ཅིར་ཡང་སྟོན༔ དམ་ཚིག་ཆེན་པོའི་དུས་ལ་གསན༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབ༔ བདེ་ཆེན་བདུད་རྩིའི་དབང་མཆོག་སྐུར༔ རྣལ་འབྱོར་མཐུ་དང་ལྡན་པ་ཡི༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ༔ ཨེ་ཨཱ་རལླི་ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཧཱུྃ༔ གནས་ཡུལ་དུར་ཁྲོད་རོལ་པའི་ཞིང༔ མཆོད་རྫས་བསོད་ནམས་ཡེ་ཤེས་རྒྱུ༔ བདེ་བ་ཆེན་པོའི་རྣམ་པར་རོལ༔ འགྲིབ་མེད་རྟག་པའི་རྒྱན་དུ་ཤར༔ ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་སརྦ་པཱུ་ཛ་ས་མ་ཡེ་ཨཱཿཧཱུྃ༔ ཧཱུྃ༔ རྡོ་རྗེ་དེ་བཞིན་ཉིད་ཀྱི་དབྱིངས༔ བདུད་རྩི་བདེ་ཆེན་སྙིང་རྗེའི་སྤྲིན༔ ཟུང་འཇུག་རང་རྩལ་ཡི་གེ་ཧཱུྃ༔ ཡེ་ཤེས་འབར་བའི་ཆོ་འཕྲུལ་གྱིས༔ གཟུང་འཛིན་ཆོས་ཀུན་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་འབྱུང་རིམ་སྟེང༔ རིན་ཆེན་དུར་ཁྲོད་གཞལ་ཡས་དབུས༔ སྣ་ཚོགས་པད་ཟླའི་གདན་གྱི་སྟེང༔ ཧཱུྃ་ཡིག་ཡོངས་གྱུར་སྐད་ཅིག་གིས༔ རིན་ཆེན་ཉི་མ་དེ་བཞིན་གཤེགས༔ རྡོ་རྗེ་བདུད་རྩི་སྐུ་མདོག་ལྗང༔ བཙོ་མ་གསེར་གྱི་མདངས་འོད་འཚེར༔ ཞལ་གསུམ་ཕྱག་དྲུག་ཞི་བའི་ཚུལ༔ ཁྲོ་ཆགས་སྒེག་ལྡན་སྤྱན་གསུམ་གཡོ༔ གཡས་དཀར་གཡོན་དམར་འཛུམ་འོད་འཕྲོ༔ རྩ་ཕྱག་རྡོ་རྗེ་དྲིལ་བུ་འཛིན༔ རང་འདྲའི་ཡུམ་འཁྱུད་མཉམ་པར་སྦྱོར༔ ལྷག་མ་འཁོར་ལོ་རལ་གྲི་གཡས༔ ཞགས་པ་ལྕགས་ཀྱུ་གཡོན་ན་བསྣམས༔ དར་དང་རིན་ཆེན་རུས་པས་བརྒྱན༔ སྐྱིལ་ཀྲུང་ཕྱེད་པའི་རོལ་པ་ཡིས༔ འོད་ཟེར་འབར་འཕྲོའི་ཀློང་ན་བཞུགས༔ ཕྱི་རོལ་པདྨ་འདབ་བརྒྱད་ལ༔ ཤར་དུ་དཀར་མོ་ཞི་བ་མ༔ ལྷོ་རུ་སེར་མོ་ཞི་གདོང་མ༔ ནུབ་ཏུ་དམར་མོ་ཟླ་ཅན་མ༔ བྱང་དུ་ལྗང་མོ་རི་བོང་ཅན༔ ཤར་ལྷོར་སྔོན་མོ་ཟླ་དཀྱིལ་མ༔ ལྷོ་ནུབ་ལྗང་གསལ་ཟླ་མཛེས་མ༔ ནུབ་བྱང་སྔོ་བསངས་ཡིད་འོང་མ༔ བྱང་ཤར་སྔོན་མོ་སིམ་བྱེད་མ༔ ཀུན་ཀྱང་རྡོ་རྗེ་དྲིལ་བུ་བསྣམས༔ བུད་མེད་སྒྱུ་མའི་སྒེག་འཆང་ཞིང༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ རང་འོད་ཀློང་ན་ཕྱེད་སྐྱིལ་རོལ༔ སྒོ་བཞིར་དཀར་སེར་དམར་ལྗང་གི༔ ལྷ་མོ་ཕྱག་རྒྱ་བཞི་འཛིན་པ༔ གཡོན་པས་དྲིལ་འཁྲོལ་ཁྲོ་འཛུམ་ཉམས༔ རིན་ཆེན་དར་དཔྱང་རྒྱན་དང་ལྡན༔ པད་ཟླའི་སྟེང་ན་གར་ཐབས་བཞེངས༔ བར་མཚམས་ཕྱི་ནང་མཆོད་སྤྲིན་ཚོགས༔ བདེ་ཆེན་ཆར་འབེབ་ལྷ་མོས་གང༔ གཙོ་བོའི་ཐུགས་ཀར་པད་ཉིའི་སྟེང༔ རྡོ་རྗེ་བདུད་རྩི་ཧེ་རུ་ཀ༔ མཐིང་ནག་ཁྲོ་ཚུལ་འཇིགས་པའི་ཉམས༔ རྡོ་རྗེ་གདེངས་ཤིང་ཁ་ཊྭཱཾ་གསོར༔ སྦྲུལ་དང་སྟག་ཤམ་རུས་པས་བརྒྱན༔ རང་འོད་ཡུམ་འཁྱུད་མེ་ཕུང་དབུས༔ གར་དགུའི་རོལ་པས་རྣམ་པར་འགྱིང༔ གཙོ་འཁོར་ཀུན་གྱི་གནས་གསུམ་དུ༔ ཨོཾ་ཨཱཿཧཱུྃ་གིས་རྒྱས་བཏབ་པས༔ སངས་རྒྱས་ཀུན་གྱི་གསང་གསུམ་དང༔ དབྱེར་མེད་བདེ་ཆེན་འོད་ཟེར་གྱིས༔ ཡེ་ཤེས་དགྱེས་པ་ཆེན་པོའི་ལྷ༔ ནམ་མཁའ་གང་བར་སྤྱན་དྲངས་བསམ༔ ཧཱུྃ༔ རྡོ་རྗེ་ཉི་མ་ལས་བྱུང་བ༔ བདེ་ཆེན་བདུད་རྩིས་དགྱེས་པ་ཅན༔ ཧེ་རུ་ཀ་དང་བཙུན་མོར་བཅས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས༔ ཨོཾ་ཤྲཱི་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཧེ་རུ་ཀ་མཎྜ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཧཱུྃ༔ རྡོ་རྗེ་དགའ་བ་རྣམ་པ་བཞིའི༔ ཕྱག་རྒྱས་དགུག་བཅིང་ཉེ་བར་གཞུག༔ དབྱེར་མེད་དགྱེས་པ་ཆེན་པོ་ཡི༔ དམ་ཚིག་མཆོག་གི་གནས་ལ་རོལ༔ མ་ཧཱ་སུ་ཁ་ཛྙཱ་ན་ཛཿཧཱུྃ་བཾ་ཧོ༔ དམ་ཚིག་ཡེ་ཤེས་ལྡན་བྱས་པའི༔ ཐུགས་ཀའི་འོད་ཀྱིས་དབང་ལྷའི་ཚོགས༔ སྤྱན་དྲངས་མངོན་པར་དབང་བསྐུར་བསམ༔ ཨོཾ་ ལྷ་ཡི་བདུད་རྩི་དྲི་མ་མེད༔ ཡེ་ཤེས་ལྔ་དང་ཡང་དག་སྦྱོར༔ བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས༔ རྟོག་པའི་དྲི་མ་སྦྱང་བར་བྱ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བོ་དྷི་ཙིཏྟ་ཨ་མྲྀཏ་ཏྲཱཾ་ཧཱུྃ་ཨོཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་མི༔ བོ་དྷི་ཙིཏྟ་བདེ་བ་ཆེས༔ དབང་བསྐུར་རིགས་ལྔས་དབུར་བརྒྱན་བསམ༔ ཕྱག་དང་མཆོད་པས་ཉེ་བར་བསྙེན༔ ཧཱུྃ༔ རྡོ་རྗེ་རྐང་ལག་མཛེས་པའི་གར༔ དགའ་བའི་གླུ་དང་རབ་ཏུ་སྦྱོར༔ ངོ་མཚར་ཆེན་པོའི་དམ་ཚིག་གིས༔ རྗེས་སུ་ཆགས་པའི་ཕྱག་བགྱི་འོ༔ ཤྲཱི་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ན་མཱ་མི༔ ཨོཾ་ཨཱཿཧཱུྃ༔ ནམ་མཁའ་ལས་བྱུང་ཡེ་ཤེས་སྤྲིན༔ ལྷ་ཡི་མེ་ཏོག་དམར་བའི་མདངས༔ རྡོ་རྗེ་རྗེས་སུ་ཆགས་པའི་སྤོས༔ རིན་ཆེན་གཟི་ལྡན་སྒྲོན་མ་ཆེ༔ སྣ་ཚོགས་དྲི་ཞིམ་བསིལ་བའི་ཆབ༔ རོ་བཅུད་ནུས་ལྡན་འཆི་མེད་བཤོས༔ འཇིག་རྟེན་དགེ་བའི་དམ་ཚིག་གིས༔ མཆོད་པས་བདག་ལ་དགྱེས་པར་མཛོད༔ ཧཱུྃ་བཛྲ་པུཥྤཾ་དྷཱུ་པཾ་དཱི་པཾ་གནྡྷཾ་ནཻ་ཝིདྱཱ་པཱུ་ཛ་ཧོ༔ ཧཱུྃ༔ དྲུག་ལས་སྐྱེས་སོགས་གླུ་བླངས་ཤིང༔ ཀུན་ཏུ་བཟང་པོའི་རོལ་མོ་ཆེ༔ ནམ་མཁའ་གང་བའི་གར་བཅས་པས༔ རྡོ་རྗེ་རྗེས་སུ་ཆགས་པར་མཛོད༔ ཧཱུྃ་ཤྲཱི་བཛྲ་རཱ་ག་གཱིརྟི་ནཱིརྟི་ཤབྡ་པཱུ་ཛ་ཧོ༔ ཨོཾ་ཨཱཿཧཱུྃ༔ ལྕགས་ཀྱུ་ལྔ་ཡི་རྒྱ་མཚོ་ཆེ༔ ཤ་ཆེན་ལྔ་དང་ཡང་དག་ལྡན༔ རྡོ་རྗེ་གསུམ་དང་མཉམ་སྦྱོར་བ༔ བདུད་རྩི་མཆོག་གིས་མཆོད་པར་བགྱི༔ བཛྲ་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ༔ ཨ་མྲྀཏ་སིདྡྷི་ཀུ་རུ་ཧོ༔ ཧཱུྃ༔ ཁ་དོག་དྲི་རོ་ནུས་བཅུད་ལྡན༔ དམར་གྱི་ཨརྒྷཾ་བཏུང་བས་བྲན༔ འདོད་ཡོན་རྣམ་པ་ཐམས་ཅད་པའི༔ གཏོར་མའི་མཆོད་པ་བཞེས་སུ་གསོལ༔ བཛྲ་ཨ་མྲྀཏ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཤྲཱི་ཧེ་རུ་ཀ་རཀྟ་པི་པཱ་ཧོ༔ ཧཱུྃ༔ མ་རྒད་ལྷུན་པོའི་སྐུ་ཅན་ཉི་མ་འབུམ་གྱི་གཟི༔ རྡོ་རྗེ་བདུད་རྩིའི་སྣང་བས་ཁམས་གསུམ་སད་པར་མཛད༔ ཤེས་རབ་མ་དང་མཉམ་སྦྱོར་དཔའ་མོའི་ཚོགས་སུ་སྤྱོད༔ ཧེ་རུ་ཀ་དཔལ་བཙུན་མོར་བཅས་ལ་ཕྱག་འཚལ་འདུད༔ གང་ཞིག་ཡིད་ལ་དྲན་པས་ཀྱང༔ དངོས་གྲུབ་མཆོག་ཀུན་སྩོལ་མཛད་པ༔ དཔལ་ལྡན་བདེ་ཆེན་མགོན་པོ་ཀྱེ༔ བདག་ལ་རྗེས་སུ་དགོངས་པར་མཛོད༔ ས་མ་ཡ་སིདྡྷི་ཨ་ལ་ལ་ཧོ༔ བསྐྱེད་དང་བཟླས་པས་བསྒྲུབ་པར་བྱ༔ བསམ་དུ་མེད་ཅིང་བརྗོད་དུ་མེད༔ ཟད་མེད་ཤིན་ཏུ་ཕྲ་བ་སྟེ༔ བརྟག་དཀའ་དབང་པོའི་ཡུལ་ལས་འདས༔ ཡེ་ཤེས་ནམ་མཁའི་གཟུགས་ཅན་ནི༔ སེམས་ཅན་ཀུན་ཡིད་ཁྱབ་གནས་པ༔ དམ་པའི་རྡོ་རྗེ་བདུད་རྩི་ཆེ༔ ཞལ་ཕྱག་རྣམ་པའི་གཟུགས་ཅན་ནི༔ ལྷ་ཡི་སྐུ་རུ་གསལ་བར་བརྟག༔ རྩེ་གཅིག་བསམ་གཏན་ཆོ་ག་ཡིས༔ ཡང་ནས་ཡང་དུ་མཉམ་པར་གཞག༔ དབང་པོ་གང་དང་གང་སྣང་བ༔ དེ་དེ་རྡོ་རྗེ་བདུད་རྩིའི་ལྷ༔ བཅོས་ཤིང་བརྟགས་པ་མེད་ཤར་ན༔ ཐ་མལ་སྣང་ཞེན་རབ་ཞིག་ནས༔ དངོས་གྲུབ་ཐམས་ཅད་བསྡུས་པ་འགྲུབ༔ ཡང་ནི་རྡོ་རྗེའི་སྔགས་ཀྱི་མེ༔ བཟླས་བརྗོད་རླུང་གིས་བསྐུལ་བ་ལས༔ སྒྲིབ་པའི་བུད་ཤིང་སྲེག་པར་བྱེད༔ ཡེ་ཤེས་སེམས་དཔའི་ཐུགས་དབུས་སུ༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཧཱུྃ༔ སྔགས་མཚན་འབར་བའི་འོད་ཟེར་གྱིས༔ སྒྲིབ་བྱང་ཡེ་ཤེས་བསྐྱེད་པར་བསམ༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་སིདྡྷི་སྭཱ་ཧཱ༔ སླར་ཡང་ཧེ་རུ་ཀ་དཔལ་གྱི༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འཕྲོས༔ རྒྱལ་བ་མཆོད་ཅིང་འགྲོ་སྒྲིབ་སྦྱངས༔ ཐམས་ཅད་ལྷ་སྔགས་ཆོས་སྐུར་བརྟག༔ ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ་བྷྱོ་སྭཱ་ཧཱ༔ འདི་དག་འབུམ་ཕྲག་བཞི་བཟླས་པས༔ དངོས་གྲུབ་མཚན་མ་ཐོབ་པར་འགྱུར༔ དེ་ནས་སྒྲུབ་པ་ཆེན་པོའི་སླད༔ བྷནྡྷ་མཚན་བཟང་བདུད་རྩིས་གཏམས༔ དུར་ཁྲོད་ཞུན་གྱི་མར་མེ་སྦར༔ ཐོ་རངས་དུས་སུ་དངོས་གྲུབ་གསོལ༔ ཨོཾ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེའི༔ ཡེ་ཤེས་མཆོག་དང་མཉམ་སྦྱོར་བའི༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དབྱིག༔ དེང་འདིར་བདག་ལ་བསྩལ་དུ་གསོལ༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ བསྐུལ་བས་ཐོད་པའི་ནམ་མཁའ་རུ༔ ལྷ་རྣམས་ཡབ་ཡུམ་རྗེས་ཆགས་ཀྱིས༔ འཁོར་འདས་ཀུན་གྱི་དངོས་གྲུབ་བསྡུས༔ འོད་ཞུ་བདུད་རྩིར་རོ་གཅིག་བསམ༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་བརྗོད་གནས་གསུམ་རེག་བྱས་ལ༔ བདུད་རྩི་བཏུང་ཞིང་བདེ་ཉམས་བསྐྱང༔ དངོས་གྲུབ་ཐམས་ཅད་ཐོབ་པར་བསམ༔ མ་ད་ན་དང་བྷ་ལ་སོགས༔ ཚོགས་ཀྱི་མཆོད་པ་འདུ་བྱས་ལ༔ བདུད་རྩིས་བསང་སྦྱང་བྱིན་བརླབ་འབུལ༔ ཧཱུྃ༔ སྣོད་ནི་ཨཱ་ལས་ཀ་པཱ་ལ༔ མཚན་ལྡན་སྟོང་གསུམ་ཁྱོན་དང་མཉམ༔ བཅུད་མཆོག་ལྕགས་ཀྱུ་སྒྲོན་མ་ལྔ༔ ཡེ་ཤེས་འདོད་ཡོན་ཕུང་པོར་བསམ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཧཱུྃ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེ༔ ཞི་ཁྲོ་འདུས་པའི་ལྷ་ཚོགས་དང༔ གནས་ཡུལ་དཔའ་བོ་མཁའ་འགྲོ་ཀུན༔ དམ་ཚིག་ལོངས་སྤྱོད་ཆེན་པོར་གཤེགས༔ ཨཱ་ལི་ཀཱ་ལི་སྙོམས་ཞུགས་པའི༔ འཆི་མེད་པཉྩ་ཨ་མྲྀ་ཏ༔ བཟའ་བཅའ་བཏུང་བར་ཡང་དག་ལྡན༔ འདོད་པའི་ཡོན་ཏན་བསམ་མི་ཁྱབ༔ བཞེས་ཤིག་བདེ་བ་ཆེན་པོར་བཞེས༔ སྡོམ་དང་དམ་ཚིག་ཉམས་ཆག་བཤགས༔ སྒྲིབ་མེད་ཚངས་པར་དབུགས་ཕྱུང་ནས༔ དངོས་གྲུབ་འབྲས་བུ་མཆིས་པར་མཛོད༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་མཎྜ་ལ་སརྦ་ག་ཎ་ཙཀྲ་ས་མ་ཡ་ཧོ༔ ཧེ་རུ་ཀ་ཡི་ཡིག་བརྒྱ་བཟླ༔ རྒྱུད་དག་དངོས་གྲུབ་མཆོག་ཐོབ་བསམ༔ དམ་ཚིག་རྫས་ལ་ལོངས་སྤྱོད་ཅིང༔ ལྷག་མ་བསྡུས་ཏེ་བདུད་རྩིས་བསང༔ ཧཱུྃ་ཧོཿཧྲཱིཾ་ཧྲཱིཾ་ཕེཾ༔ འབྱུང་པོ་ལྷག་གི་གཉེར་འཛིན་ཀུན༔ དམ་ཚིག་བདུད་རྩིའི་ཚོགས་ལྷག་བཞེས༔ རྣལ་འབྱོར་ལམ་གྱི་བར་ཆད་སོལ༔ བཅོལ་པའི་ལས་ཀུན་འགྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ རྡོ་རྗེ་ཉི་མའི་རིགས་ལས་ཡང་དག་བྱུང་གྱུར་ཅིང༔ བདེ་ཆེན་བདུད་རྩིས་བརྟན་གཡོའི་དངོས་ཀུན་ཁྱབ་པར་མཛད༔ ཞི་ཁྲོ་འདུས་པ་བཙུན་མོའི་ཚོགས་དང་བཅས་པ་ཡིས༔ འབྱུང་པོ་ཀུན་ལ་རྟག་ཏུ་དགེ་ལེགས་སྦྱིན་གྱུར་ཅིག༔ འཇིག་རྟེན་ཉེ་བར་འཚེ་བ་དང༔ རྣལ་འབྱོར་ཟབ་མོའི་བར་ཆད་ཞི༔ བདེ་བའི་གནས་ནས་བདེ་བའི་ལམ༔ བདེ་ཆེན་འབྲས་བུ་མྱུར་ཐོབ་ཤོག༔ མཆོད་ཅིང་བསྟོད་ལ་ནོངས་པ་བཤགས༔ སྣོད་བཅུད་འོད་གསལ་ཐིག་ལེར་ཐིམ༔ སླར་ཡང་སྣང་བ་ལྷ་ཡི་སྐུ༔ བརྗོད་པའི་ངག་ཀུན་སྔགས་ཀྱི་ཚིག༔ ཡེ་ཤེས་སྒྱུ་མའི་རོལ་པར་སྤྱོད༔ ཨོཾ་ཨཱཿཧཱུྃ༔ ཨོཾ༔ དགེ་བ་འདི་ཡིས་བདག་དང་མཐའ་ཡས་སེམས་ཅན་ཀུན༔ རྡོ་རྗེ་བདུད་རྩིའི་བདེ་བ་མཆོག་དང་མཉམ་སྦྱོར་བས༔ ཐུན་མོང་དངོས་གྲུབ་དཀའ་བ་མེད་པར་འཐོབ་པ་དང༔ མཆོག་གི་ཡེ་ཤེས་མྱུར་དུ་འགྲུབ་པའི་བཀྲ་ཤིས་ཤོག༔ དེ་ལྟར་རྣལ་འབྱོར་ཟབ་མོ་ཡིས༔ ལྷ་སྔགས་དྲོད་ནི་ཐོབ་པ་དང༔ མན་ངག་རྫོགས་པའི་རིམ་པ་ཡིས༔ བདེ་བ་ཆེན་པོ་བསྒྲུབ་པར་བྱ༔ བསམ་གཏན་སྣོད་དུ་རུང་བྱས་ཏེ༔ གསང་གསུམ་ཡེ་ཤེས་ཕྱག་རྒྱ་བསྒོམ༔ སྐུ་ཡི་ཕྱག་རྒྱ་ཆེ་མཆོག་ནི༔ ཇི་ལྟར་མེ་ལོང་དག་པ་ལ༔ ཕྱི་རོལ་གཟུགས་བརྙན་འདུས་པ་ལྟར༔ སྣང་ཙམ་དངོས་པོ་སེམས་སུ་བརྟག༔ རང་གི་ལུས་དང་དབྱེར་མེད་ཤེས༔ དེ་ལས་རླུང་དང་སེམས་ཚོགས་པ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེ༔ ནམ་མཁའི་འཇའ་ཚོན་ལྟ་བུར་གསལ༔ དེ་ཡི་དབུས་ན་གནས་པའི་རྩ༔ མི་གསལ་གསལ་བ་ཆེན་པོ་སྟེ༔ དྭངས་པ་ཤེལ་གྱི་སྦུ་གུའི་གཟུགས༔ དཀར་ལ་དམར་བའི་མདངས་ལྡན་པའི༔ ཨ་ཝ་དྷཱུ་ཏིའི་དབུས་སུ་ནི༔ སྲན་མ་ཙ་ན་ཀ་ཡི་དབྱིབས༔ ཐིག་ལེ་ཕྲ་མོ་སྙིང་ཁར་བསྒོམ༔ གཡས་གཡོན་ཐབས་དང་ཤེས་རབ་ཀྱི༔ རྩ་གཉིས་ཡང་དག་འཁྱུད་ལྡན་པ༔ འཁོར་ལོ་བཞི་དང་བཅས་པ་བསམ༔ རླུང་ནི་དལ་བུས་དབྱུང་བའི་ཚེ༔ སྙིང་ཁའི་འོད་ཀྱིས་སྣོད་བཅུད་ཁྱབ༔ མ་དག་བསྲེགས་ཤིང་དག་པའི་བཅུད༔ བཞུ་བཏུལ་རྔུབ་པའི་སྦྱོར་བས་དྲང༔ མི་ཤིགས་ཐིག་ལེར་རོ་གཅིག་པའི༔ གཟི་བརྗིད་ཆེན་པོའི་འོད་གསལ་ལས༔ མཁའ་ཁྱབ་དཀྱིལ་འཁོར་སྤྲོ་དང་བསྡུ༔ དེ་ལྟར་ཡང་ཡང་གོམས་པ་ཡིས༔ སྣང་བ་སྒྱུ་མའི་ལྷ་སྐུར་ཤར༔ སྐུ་ཡི་རྡོ་རྗེའི་ཕྱག་རྒྱ་འགྲུབ༔ གསུང་གི་ཕྱག་རྒྱ་ཆེ་མཆོག་ནི༔ ཇི་ལྟར་དབུགས་ཀྱི་སྦྱོར་གཅིག་ལས༔ སྣ་ཚོགས་གླིང་བུའི་སྐད་འབྱུང་ལྟར༔ གྲགས་ཙམ་དངོས་པོ་རླུང་དུ་བརྟག༔ རང་སྔགས་ནཱ་ད་དབྱེར་མི་ཤེས༔ དེ་ལས་སྙིགས་མའི་རླུང་བསལ་ཏེ༔ དྭངས་མ་སྦྱོར་བཞིས་རབ་ཏུ་གཟུང༔ བུམ་པ་ལྟ་བུར་དགང་བ་ཡིས༔ ཕྱི་ནང་རྒྱུ་བ་འགགས་པ་དང༔ ལུས་སེམས་བདེ་བ་སིམ་པ་ན༔ ལྟེ་བའི་གཏུམ་མོ་སྦར་བ་ལས༔ གློག་གི་ཟེར་མ་ལྟ་བུའི་འོད༔ ཤིན་ཏུ་ཚ་ཞིང་གཡོ་བ་ཅན༔ འཁོར་ལོའི་གནས་བཞིར་ཐོགས་མེད་ཞུགས༔ སྙིགས་མའི་ཁམས་རྣམས་རང་བཞིན་སྦྱང༔ དྭངས་མ་འཕེལ་ནས་བདེ་བ་རྒྱས༔ མཐར་གྱིས་ཧཾ་ཡིག་ཐིག་ལེའི་གཟུགས༔ བདེ་ཆེན་བསྐུལ་བས་རབ་འཛག་སྟེ༔ དགའ་མཆོག་ཁྱད་པར་ལྷན་སྐྱེས་ཀྱི༔ བདུད་རྩི་འཕེལ་བས་གནས་རྣམས་གང༔ སླར་ཡང་ཆེས་ཆེར་འབར་འཛག་གིས༔ དྲོད་དང་བདེ་བ་ཡང་ཡང་སྤེལ༔ སད་པ་བདེ་ཆེན་སྒྱུ་མའི་ལྷ༔ གཉིད་ལོག་འོད་གསལ་རྟོག་པ་མེད༔ རྨི་ལམ་བདེ་རླུང་ལྷ་ཡི་སྐུ༔ སྙོམས་འཇུག་བདེ་བའི་རང་ངོ་བསྐྱང༔ དེ་ལྟར་རྟག་ཏུ་སྦྱོར་ལྡན་པས༔ དྲོད་དང་བདེ་བ་ལ་བརྟེན་ནས༔ གསལ་ལ་འཛིན་མེད་ཡེ་ཤེས་ཀྱིས༔ གསུང་གི་བདུད་རྩི་འཆི་མེད་འགྲུབ༔ ཐུགས་ཀྱི་ཕྱག་རྒྱ་ཆེ་མཆོག་ནི༔ ཇི་ལྟར་སྒྱུ་མའི་སྔགས་ཀྱིས་སུ༔ སྣ་ཚོགས་གཟུགས་བརྙན་མཐོང་བ་ལྟར༔ ཁམས་གསུམ་སེམས་ཙམ་དེ་ཉིད་ཀྱང༔ བདེ་བ་ཆེ་ལས་ཡང་དག་སྣང༔ བདེ་དེ་ཕྱག་རྒྱའི་པདྨར་གནས༔ བཅུད་དགུག་པས་ནི་གསལ་བར་འགྱུར༔ མ་དང་སྲིང་མོ་བུ་མོ་དང༔ སྣག་གི་གཉེན་མཚམས་བྲན་མོ་སྟེ༔ རིགས་ཅན་རྣམ་པ་ལྔར་ཡང་ཤེས༔ མ་ནི་པདྨ་ཅན་མཆོག་སྟེ༔ སྲིང་མོ་དུང་ཅན་མ་རུ་གྲགས༔ བུ་མོ་རི་དྭགས་ཅན་མ་སྟེ༔ སྣག་གི་གཉེན་མཚམས་གླང་པོའི་སྣ༔ བྲན་མོ་རི་མོ་ཅན་དུ་གསུངས༔ གང་ཡང་ཐབས་ཀྱིས་དབང་བྱས་ཏེ༔ ཐུན་མོང་ཁྱད་པར་ལམ་ལ་གཞུག༔ ཏིང་འཛིན་ལས་སུ་རུང་བ་ན༔ རྡོ་རྗེ་བདུད་རྩི་མཱ་མ་ཀཱིའི༔ ང་རྒྱལ་བརྟན་པོས་རྩ་རླུང་སྦྱང༔ ཤ་ལྔ་བདུད་རྩི་རབ་བཟའ་ཞིང༔ ཁམས་ཀྱི་དྭངས་མ་ལྷག་པར་སྤེལ༔ འོ་བྱེད་པས་ནི་དགའ་བྱས་ལ༔ བརྟན་པོར་འཁྱུད་པས་དོན་ལ་བསྐུལ༔ ཆགས་པའི་གླུ་ཡི་སིལ་སྙན་སྦྱོར༔ བུང་བ་པདྨར་རྩེ་ཚུལ་གྱིས༔ རྡོ་རྗེ་བདུད་རྩི་ཨཱ་རལླིའི༔ དལ་བུས་བསྲུབས་ཤིང་ངལ་ཡང་གསོ༔ དེ་ཚེ་མཁའ་གསང་ཨེ་དང་ཝཾ༔ པདྨ་བཛྲ་ཡང་དག་ཤེས༔ སེམས་ཅན་དོན་ལ་རྗེས་ཆགས་པས༔ ཆགས་པའི་མེ་ཆེན་རབ་ཏུ་སྦར༔ ཁམས་གཡོས་པ་ན་སེམས་བཟུང་སྟེ༔ གནས་བཞིར་དགའ་བའི་དོན་ལ་བལྟ༔ རྡོ་རྗེ་ནོར་བུའི་རྩེར་སོན་པར༔ བདུད་རྩི་དབབ་བསྐྱིལ་མཉམ་པར་གཞག༔ རེག་བྱ་རྨད་བྱུང་བདེ་བ་ཆེར༔ རྟོག་ཚོགས་རགས་པ་ཐིམ་གྱུར་ནས༔ རླུང་གི་གཞུ་ལ་ཏིང་འཛིན་མདའ༔ ཧཱུྃ་གདངས་རྒྱུད་དང་འཕྲུལ་འཁོར་གྱིས༔ ཆུ་སྐྱེས་སྦུབས་ནས་བདུད་རྩི་བཞིན༔ སྐད་ཅིག་གྱེན་ལ་དྲངས་ཤིང་དགྲམ༔ བདེ་ཆེན་ཧཾ་དང་མི་ཕྱེད་པས༔ སུམ་ཅུ་རྩ་གཉིས་དགའ་བ་ནི༔ དེ་ཁོ་ཉིད་ལ་ཡང་དག་རྫོགས༔ རྟོག་ཚོགས་ཕྲ་བའང་ཐིམ་གྱུར་པས༔ སངས་རྒྱས་ཡེ་ཤེས་མཚོན་བྱེད་པ༔ ལྷན་ཅིག་སྐྱེས་པ་ཆེན་པོ་འཆར༔ སྙིགས་མ་དྭངས་མས་ཕུག་པའི་ལུས༔ འཇའ་ཚོན་ལྟ་བུར་རང་ཤར་ནས༔ བདེ་བ་ཆེ་དང་མི་ཕྱེད་པའི༔ ཐུགས་ཀྱི་རྡོ་རྗེ་རྟག་པ་འགྲུབ༔ ཡེ་ཤེས་ཕྱག་རྒྱ་ཆེ་མཆོག་ནི༔ ཇི་ལྟར་སྣོད་བཅུད་ཐམས་ཅད་ཀུན༔ ནམ་མཁའི་དབྱིངས་སུ་རོ་གཅིག་བཞིན༔ འཁོར་དང་འདས་པའི་ཆོས་རྣམས་ཀུན༔ རིག་པ་དྲི་མེད་གཅིག་པུར་འདུས༔ དེ་ནི་རྟོག་གེའི་གནས་མིན་ཏེ༔ ཉན་ཐོས་རང་རྒྱལ་ལམ་ལས་འདས༔ བྱང་ཆུབ་སེམས་དཔའི་ཡིད་དཔྱོད་མིན༔ སེམས་དཔའ་ཆེ་མཆོག་སྔགས་ཀྱི་སྒོ༔ རྡོ་རྗེའི་བརྟུལ་ཞུགས་སྤྱོད་པ་རྣམས༔ བླ་མའི་བྱིན་རླབས་ལ་བརྟེན་ནས༔ སྐད་ཅིག་ཉིད་ལ་ཚུལ་འདི་མཐོང༔ དེ་ནི་སེམས་ཅན་ཀུན་གྱི་སྲོག༔ ནམ་དུའང་གཞིག་པ་མེད་པ་སྟེ༔ རྒྱུན་མི་ཆད་པས་རྟག་པ་ཉིད༔ བསམ་གྱིས་མི་ཁྱབ་ཐོག་མ་མེད༔ དབང་པོ་རྣམས་ལས་ཡང་དག་འདས༔ ངོ་བོ་ཉིད་ཀྱིས་ཡོད་མིན་ཞིང༔ མཚན་ཉིད་ཙམ་དུ་མེད་པའང་མིན༔ སྣ་ཚོགས་རྣམ་པར་འབྱུང་འགྱུར་ཞིང༔ བྱུང་བའི་དུས་ནས་སྐྱེ་བ་མེད༔ མ་སྐྱེས་འགག་མེད་འགྱུར་བ་བཅས༔ ཇི་ལྟ་བུར་ནི་བསམ་པར་བྱ༔ ཀུན་ཏུ་རྟོག་པས་མ་མཐོང་བ༔ དེ་ཉིད་མཐོང་བ་ཆེན་པོ་ནི༔ འཕགས་པའི་བདེན་པར་མངོན་ཤེས་པ༔ ལམ་གྱི་ས་མཚམས་ཙམ་དུ་དབྱེ༔ འདི་ལྟར་ཕུང་པོ་ཁམས་སྐྱེ་མཆེད༔ སྣ་ཚོགས་བརྟན་དང་གཡོ་བ་སོགས༔ ཁམས་གསུམ་པོ་ནི་ཐམས་ཅད་ཀུན༔ སེམས་ཙམ་ཉིད་དུ་རྣམ་པར་བརྟག༔ སེམས་ཙམ་རྣམ་པར་ཤེས་པ་སྟེ༔ དེ་ཡི་ཆོས་ཉིད་མཐའ་ལས་འདས༔ ཤེས་དང་ཤེས་བྱ་རོ་གཅིག་པར༔ གང་ཚེ་རྣལ་འབྱོར་མངོན་སུམ་མཐོང༔ དེ་ཚེ་ཆོས་རྣམས་རོ་གཅིག་པ༔ བདེ་བའི་བབས་ཀྱིས་གསལ་བྱས་ཏེ༔ ཡང་དང་ཡང་དུ་མཉམ་གཞག་ན༔ སྒྲིབ་པ་ཐམས་ཅད་སྤང་བར་འགྱུར༔ གང་ཞིག་ཡིད་ན་མི་གཡོ་ཞིང༔ རླུང་ཡང་རང་བབ་ངང་དུ་འཆིང༔ བྱ་རྩོལ་བྲལ་བའི་དེ་ཁོ་ན༔ ཆུ་བོ་རྒྱུན་གྱི་ཏིང་འཛིན་ནོ༔ མཉམ་པར་བཞག་པ་འོད་གསལ་ཏེ༔ ལྡང་ཚེ་བདེ་ཆེན་ཟུང་དུ་འཇུག༔ འཕོ་བ་མཐའ་དག་རབ་བཅོམ་པའི༔ ཡེ་ཤེས་རྡོ་རྗེ་མཐར་ཐུག་འགྲུབ༔ དེ་ལྟ་བུ་ཡི་ཟབ་མོའི་ལམ༔ ཟླ་དྲུག་ལོ་གསུམ་བཅུ་གཉིས་ནས༔ གོམས་པ་བརྟན་པོའི་སྦྱོར་བ་ཡིས༔ རྡོ་རྗེ་བདུད་རྩིའི་སྐུ་ཐོབ་འགྱུར༔ རྩ་རླུང་ཐིག་ལེ་སེམས་དང་བཅས༔ གཡོ་བ་མཐའ་དག་རབ་ཞི་བའི༔ ནམ་མཁའ་ལྟ་བུའི་ཏིང་འཛིན་ལས༔ འཇུག་དང་ལྡང་བར་བྱར་མེད་ཀྱང༔ འགྱུར་མེད་བདེ་བ་སྙིང་རྗེའི་སྟོབས༔ སྟོང་པའི་སྲོག་ཏུ་རྫོགས་པ་ལས༔ མཁའ་ཁྱབ་ཡེ་ཤེས་སྒྱུ་མ་ཡིས༔ འཁོར་བ་ཇི་སྲིད་གཞན་དོན་འབྱུང༔ དཔལ་རྡོ་རྗེ་བདུད་རྩི་རྩ་བའི་ཏིང་ངེ་འཛིན་གྱི་རིམ་པར་ཕྱེ་བ་སྟེ་དང་པོའོ༔ ས་མ་ཡ༔ ྈྈྈྈྈ དེ་ནས་ལས་ཀྱི་ཡན་ལག་ལ༔ སྒྲིབ་པའི་དྲི་མ་ཞི་བའི་ཕྱིར༔ རྡོ་རྗེ་ཆུ་ཡི་ཏིང་འཛིན་ནི༔ བདུད་རྩི་འཁྱིལ་བས་རབ་བསྒྲུབ་བྱ༔ སྒྲིབ་སེལ་བུམ་པ་བཟང་པོའི་འདབ༔ ནད་རྣམས་སེལ་བའི་པྲི་ཡངྐུ༔ གདོན་རྣམས་སེལ་བྱེད་སྤང་སྤོས་རྩ༔ བགེགས་སེལ་གཞན་གྱིས་མི་ཐུབ་་་ཤུ་དག་དཀར་པོ།དཀར༔ གྲིབ་སེལ་མཁན་པའི་ལོ་མར་བཅས༔ གཙོར་བྱས་ལྔ་ཚན་གཞན་ཡང་སྦྱར༔ ཙནྡན་ག་བུར་དྲི་ལྡན་པའི༔ རྒྱུན་འབབ་ཆུ་བོ་གཙང་མ་དང༔ ལྷན་ཅིག་བུམ་པའི་བཅུད་དུ་བསྐྱིལ༔ བདག་གི་རྣལ་འབྱོར་སྔོན་འགྲོ་བས༔ ཨོཾ་བཛྲ་ཨ་མྲྀཏ་ཧཱུྃ་ཕཊ༔ ཨོཾ་སྭཱ་བྷཱ་ཝ་བི་ཤུདྡྷོ྅་ཧཾ༔ སྟོང་པའི་ངང་ལས་པད་ཟླའི་སྟེང༔ བྷྲཱུྃ་ལས་རིན་ཆེན་བུམ་པ་ནི༔ དག་བྱེད་བདུད་རྩིའི་བཅུད་ལྡན་དབུས༔ པད་ཉིའི་གདན་ལ་ཧཱུྃ་དུད་ཀ༔ འབར་བ་ཆེན་པོའི་འོད་ཟེར་གྱིས༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ རྡོ་རྗེ་བདུད་རྩི་ཡང་དག་བསྡུས༔ ཐིམ་པར་གྱུར་ལས་སྐད་ཅིག་གིས༔ བཅོམ་ལྡན་རྡོ་རྗེ་བདུད་རྩི་འཁྱིལ༔ ལྗང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་མཆེ་བ་གཙིགས༔ གཡས་གསུམ་དགྲ་སཏྭ་འབར་བ་དང༔ ཡེ་ཤེས་རལ་གྲི་རྡོ་རྗེ་གདེངས༔ གཡོན་གསུམ་གདུག་པ་སྡིགས་མཛད་ཅིང༔ གཏུན་ཤིང་འཕྱར་ཞིང་ཞགས་པ་འཕེན༔ ཞལ་གདངས་སྤྱན་གསུམ་སྨར་སྨིན་དང༔ དབུ་སྐྲ་དམར་སེར་རབ་ཏུ་འབར༔ ཁྲོ་གཏུམ་སྐུ་ཆེ་ཡན་ལག་རགས༔ སྤྱི་བོར་བདུད་རྩིའི་གླེགས་བམ་འཆང༔ སྟག་ཤམ་དང་ནི་སྦྲུལ་གྱིས་བརྒྱན༔ ཞབས་ཟུང་གྱད་ཀྱི་དོར་སྟབས་ཀྱིས༔ བགེགས་ཀྱི་རྒྱལ་པོ་ཕོ་མོ་མནན༔ ཡེ་ཤེས་མེ་ཕུང་འབར་བའི་དབུས༔ རང་འོད་རྡོ་རྗེ་བདུད་རྩི་མ༔ ཁྲོ་ཆགས་ཉམས་ལྡན་པདྨ་དང༔ བདུད་རྩིའི་ཐོད་པ་བསྣམས་པས་འཁྱུད༔ ཐབས་དང་ཤེས་རབ་སྙོམས་ཞུགས་སྒྲས༔ ཡེ་ཤེས་སྤྱན་དྲངས་དབྱེར་མེད་བསམ༔ ཧཱུྃ༔ བདེ་གཤེགས་རྣམས་ནི་ཐམས་ཅད་ཀྱི༔ ཡེ་ཤེས་རྡོ་རྗེ་བདུད་རྩིར་འཁྱིལ༔ སྒྲིབ་གཉིས་དྲི་མ་སྦྱོང་མཛད་ལྷ༔ འདིར་ནི་ཡང་དག་ཉེ་བར་མཛོད༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཨེ་ཧྱེ་ཧི༔ བཛྲ་ས་མཱ་ཛ༔ གཉིས་སུ་མེད་བསྟིམ་དབང་ཡང་བསྐུར༔ ཕྱག་དང་མཆོད་པ་ཅི་རིགས་བྱ༔ ཧཱུྃ༔ གང་ཞིག་དྲན་པ་ཙམ་གྱིས་ཀྱང༔ འཇིག་རྟེན་གསུམ་པོ་གཡོ་བར་མཛད༔ དག་པའི་བདུད་རྩིའི་མཆོག་ཆེན་སྩོལ༔ དོན་ཀུན་སྒྲུབ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་བཟླས་པས་བསྐུལ་བ་ནི༔ རང་གི་ཐུགས་ནས་འོད་ཟེར་འཕྲོས༔ བུམ་པའི་ལྷ་ཡི་སྦྱོར་མཚམས་ཞུགས༔ བདེ་བ་ཆེན་པོའི་རླབས་གཡོས་པས༔ ཐུགས་ཀར་ཉི་སྟེང་ཧཱུྃ་གི་མཐར༔ སྔགས་ཀྱིས་མཚན་པའི་ཡེ་ཤེས་བསྐུལ༔ དེ་ལས་རྡོ་རྗེ་བདུད་རྩིའི་རྒྱུན༔ ཡབ་ཡུམ་མཁའ་དབྱིངས་སྦུབས་སུ་བསྐྱིལ༔ ཆར་ལྟར་བབས་ནས་བཅུད་ལ་ཐིམ༔ ནུས་པ་མཆོག་ཏུ་བསྐྱེད་པར་བསམ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ དེ་ནི་རྩ་བའི་བསྙེན་པ་སྟེ༔ འབུམ་ཕྲག་གཅིག་ཏུ་བཟླ་བར་བྱ༔ དེ་ནས་ལས་ཀྱི་སྦྱོར་བའི་སྔགས༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཤོ་དྷ་ནེ་ཤོ་དྷ་ནེ་བི་ཤོ་དྷ་ནེ་ཧཱུྃ་སྭཱ་ཧཱ༔ ཁྲི་ཕྲག་གཅིག་གིས་འགྲུབ་པར་འགྱུར༔ ཐུན་མཐར་མཆོད་བསྟོད་འོད་དུ་ཞུ༔ བུམ་པའི་ཆུ་དང་དབྱེར་མེད་བསམ༔ གང་གིས་འཐོར་འཐུང་ཁྲུས་བྱས་པས༔ སྒྲིབ་གཉིས་བག་ཆགས་ཀུན་སྦྱོང་ན༔ ནད་གདོན་བགེགས་དང་མི་གཙང་རིགས༔ ཐམས་ཅད་སེལ་བ་སྨོས་ཅི་དགོས༔ ཁྱད་པར་བསྒྲུབ་བྱ་རྗེས་འཛིན་ན༔ བགེགས་ཀྱི་སྦྱོར་བ་རིང་དུ་བསྐྲད༔ བདུད་རྩིའི་བུམ་པ་སྤྱི་བོར་བཞག༔ ཨོཾ༔ རྡོ་རྗེ་རྟག་པའི་ཡེ་ཤེས་ཆུ༔ བདུད་རྩི་འཁྱིལ་བའི་རང་བཞིན་གྱིས༔ ལུས་ཀྱི་སྡིག་སྒྲིབ་ནད་གདོན་བགེགས༔ མི་མཐུན་ཕྱོགས་ཀུན་ཞི་གྱུར་ཅིག༔ སྔགས་ཀྱི་མཐར་ཀཱ་ཡ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གཞན་ཡང་སྤེལ་ཚིག་གང་འདོད་སྦྱར༔ ལུས་ཀྱི་སྒྲིབ་ཀུན་དག་པར་བསམ༔ དེ་བཞིན་བུམ་པ་མགྲིན་པར་བཞག༔ ཨཱ༔ རྡོ་རྗེ་གར་དབང་ཡེ་ཤེས་ཆུ༔ བདུད་རྩི་འཁྱིལ་བའི་རང་བཞིན་གྱིས༔ ངག་གི་སྡིག་སྒྲིབ་ནད་གདོན་བགེགས༔ མི་མཐུན་ཕྱོགས་ཀུན་ཞི་གྱུར་ཅིག༔ སྔགས་ཀྱི་མཐར་ཝཱ་ཀ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བུམ་པ་སྙིང་ཁར་བཞག་བྱས་ལ༔ ཧཱུྃ༔ རྡོ་རྗེ་སེམས་དཔའི་ཡེ་ཤེས་ཆུ༔ བདུད་རྩི་འཁྱིལ་བའི་རང་བཞིན་གྱིས༔ ཡིད་ཀྱི་སྡིག་སྒྲིབ་ནད་གདོན་བགེགས༔ མི་མཐུན་ཕྱོགས་ཀུན་ཞི་གྱུར་ཅིག༔ སྔགས་མཐར་ཙིཏྟ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཀུན་ལ་བཀྲུ་ཞིང་འཐོར་འཐུང་བྱ༔ དེ་ནས་རྟེན་འབྲེལ་རྫས་ཀྱིས་བྱབ༔ ཧཱུྃ༔ རྡོ་རྗེ་སྟོང་པ་ཉིད་དབྱིངས་ལས༔ བདེ་ཆེན་བདུད་རྩིའི་ཆུ་རྒྱུན་འབེབ༔ ཟུང་འཇུག་གཅིག་ཏུ་འཁྱིལ་བ་ཡི༔ ཡེ་ཤེས་སྒྱུ་མའི་འོད་ཟེར་གྱིས༔ བརྟན་གཡོའི་ཐ་མལ་སྣང་ཞེན་ལས༔ བྱུང་བའི་སྡིག་སྒྲིབ་བག་ཆགས་དང༔ ནད་གདོན་གྲིབ་དང་མི་གཙང་བ༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཨ་པཱ་ན་ཡ་སྭཱ་ཧཱ༔ རྡོ་རྗེའི་གོ་ཆས་བསྲུང་བར་བྱ༔ ཧཱུྃ༔ སྟོང་པའི་གོ་ཆ་བླ་ན་མེད༔ རྡོ་རྗེ་བདུད་རྩི་འཁྱིལ་བ་ཡི༔ ཕྱག་རྒྱའི་གཟུགས་སུ་ཡོངས་ཤར་བས༔ སྒོ་གསུམ་མཚན་མའི་རྣམ་རྟོག་བསྲུང༔ ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་རཀྵ་རཀྵ་སྭཱ་ཧཱ༔ བདེན་པའི་སྟོབས་དང་ཤིས་པ་བརྗོད༔ ཟླ་བ་གཟའ་ལས་གྲོལ་བ་བཞིན༔ ནད་གདོན་སྡིག་སྒྲིབ་གཡུལ་ལས་རྒྱལ༔ ཞི་དང་བཀྲ་ཤིས་བདེ་ལེགས་འགྱུར༔ དཔལ་རྡོ་རྗེ་བདུད་རྩི་འཁྱིལ་བའི་ཞི་བ་རྡོ་རྗེ་ཆུའི་ཏིང་ངེ་འཛིན་གྱི་རིམ་པར་ཕྱེ་བ་སྟེ་གཉིས་པའོ༔ ས་མ་ཡ༔ ྈྈྈྈྈྈ གདོན་དང་བགེགས་དང་འབྱུང་པོ་དང༔ ནད་རིམས་གྲིབ་དང་མི་གཙང་བ༔ དྲག་ཤུལ་མཐུ་ཡིས་སྐྲོད་བྱེད་པ༔ རྡོ་རྗེ་བདུག་པའི་སྦྱོར་བ་ནི༔ ཧཱུྃ་མཛད་ཆེན་པོས་བསྒྲུབ་པར་བྱ༔ སྤང་སྤོས་གླ་རྩི་ཤུ་དག་གིས༔ འབྱུང་གདོན་ཐམས་ཅད་སྐྲོད་པར་བྱེད༔ གུ་གུལ་ཡུངས་དཀར་ཨ་ག་རུས༔ བགེགས་རྣམས་ཐམས་ཅད་རྒྱང་རིང་འབྲོས༔ ཡུང་བ་དྲི་ལྡན་གཉིས་་་་ཏོང་ཀུ་དང་སྤྲུ་ནག།བཅས་ཀྱིས༔ ནད་དང་རིམས་ཀུན་འབྱེར་བར་བྱེད༔ རྒྱ་སྤོས་ཤིང་ཚྭ་མཁན་པའི་རྩྭས༔ གྲིབ་དང་མི་གཙང་གཡེང་རྣམས་སེལ༔ གུར་གུམ་ཙནྡན་རུ་རྟ་ཡིས༔ མི་མཐུན་ཕྱོགས་ཀུན་རབ་ཏུ་སྦྱོང༔ དེ་ལྟར་གསུམ་ཚན་ལྔ་དང་ནི༔ ཁྱད་པར་སྡིག་སྒྲིབ་འཇིག་བྱེད་པ༔ སྐྱེ་བདུན་རིང་བསྲེལ་ཨ་མྲྀ་ཏ༔ ཇི་ལྟར་རྙེད་པའི་ཕབས་དང་བཅས༔ རྡོ་རྗེའི་ཆུ་་་ལོ་བརྒྱད་དྲི་ཆུ་བར་པ།ཡིས་རིལ་བུར་དྲིལ༔ ཡང་ན་རེངས་བུའམ་ཕུར་མ་བྱ༔ དེ་ནས་བྱིན་གྱིས་བརླབ་པ་ནི༔ རྫས་ཉིད་ཐོད་པའི་སྣོད་དུ་བཞག༔ བདག་གི་རྣལ་འབྱོར་སྔོན་འགྲོ་བས༔ རྫས་ཀྱི་དངོས་པོ་བསང་ཞིང་སྦྱང༔ སྟོང་པའི་ངང་ལས་ཀ་པཱ་ལ༔ རང་བྱུང་སྣོད་མཆོག་ཡངས་པའི་དབུས༔ ཧཱུྃ་ལས་རྡོ་རྗེ་བདུག་པའི་ཚོགས༔ ཁ་དོག་དྲི་དང་ནུས་པར་ལྡན༔ བརྟན་གཡོའི་སྟོབས་བཅུད་ཀུན་འདུས་པ༔ ཡེ་ཤེས་རང་བཞིན་ཆེན་པོའི་སྟེང༔ པདྨ་ཉི་མ་འོད་འབར་དབུས༔ ཧཱུྃ་ཡིག་མཐིང་ནག་འཕྲོ་འདུ་ཡིས༔ གདུག་པ་ཅན་རྣམས་སྤ་བཀོང་ཞིང༔ སངས་རྒྱས་བྱང་ཆུབ་ཐུགས་དམ་བསྐུལ༔ སྲིད་ཞིའི་སྟོབས་བཅུད་ཐམས་ཅད་བཀུག༔ ཡོངས་གྱུར་རྡོ་རྗེ་ཧཱུྃ་ཀཱ་ར༔ མཐིང་དཀར་དམར་བའི་ཞལ་གསུམ་པ༔ གཏུམ་ཞིང་ཁྲོ་ལ་བཞད་པའི་ཉམས༔ ཕྱག་དྲུག་གཡས་གཡོན་དང་པོ་གཉིས༔ བགེགས་འདུལ་ཕྱག་རྒྱ་བརྟན་པར་འཆིང༔ བར་པས་ཐབས་ཤེས་མདའ་གཞུ་བཀང༔ ཐ་མས་རང་འདྲའི་མཱ་མ་ཀཱིའི༔ རྒྱབ་ནས་འཁྱུད་ཅིང་ནུ་མ་འཛིན༔ ཞལ་གདངས་མཆེ་གཙིགས་སྤྱན་གསུམ་བགྲད༔ དཔའ་གཏུམ་ཁྲོ་བོའི་ཆགས་ཉམས་རྒྱས༔ སྟག་ཤམ་སྦྲུལ་དང་རུས་པས་བརྒྱན༔ ཞབས་ཟུང་ལྷ་ཆེན་ཕོ་མོའི་སྟེང༔ དྲག་པོའི་མེ་དཔུང་དབུས་ན་འགྱིང༔ ཡབ་ཡུམ་སྙོམས་པར་ཞུགས་པའི་སྒྲས༔ ཡེ་ཤེས་མཁའ་ཁྱབ་སད་པར་བསམ༔ ཧཱུྃ༔ མགོན་པོ་ཀུན་གཤེགས་ཐུགས་དམ་ཅན༔ བཅོམ་ལྡན་རྡོ་རྗེ་བདུད་རྩིའི་ལྷ༔ གདུག་པ་ཅན་རྣམས་འདུལ་བའི་ཕྱིར༔ ཧཱུྃ་མཛད་ཁྲོ་བོ་ཆེན་པོར་བཞེངས༔ ཨོཾ་བཛྲ་ཨ་མྲྀཏ་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨོཾ་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛ༔ དགུག་བསྟིམ་དབང་བསྐུར་མཆོད་ཅིང་བསྟོད༔་་་ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་སོགས། ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང༔ ཧཱུྃ་ཡིག་འབར་བ་ཆེན་པོའི་སྔགས༔ ཆོས་ཉིད་རང་སྒྲས་བསྐུལ་བ་ལས༔ ལྷ་མོ་རྡོ་རྗེ་སྙིང་པོ་མ༔ མཐིང་ག་པདྨ་བདུག་སྤོས་བསྣམས༔ ནམ་མཁའ་གང་བའི་སྤྲིན་སྤྲོས་པས༔ འཕགས་མཆོད་འགྲོ་བའི་སྒྲིབ་གཉིས་སྦྱངས༔ ནད་གདོན་བགེགས་ཚོགས་རྒྱང་རིང་བསྐྲད༔ ཡེ་ཤེས་རྡོ་རྗེའི་གུར་གྱིས་བསྲུངས༔ ཚུར་འདུས་འཁོར་འདས་ནུས་སྟོབས་བཅུད༔ བདུག་པའི་སྤྲིན་དང་རོ་གཅིག་པར༔ སྤྱན་དྲངས་རྫས་ལ་བསྟིམས་པ་ཡིས༔ ནུས་པ་འབུམ་དུ་བསྐྱེད་པར་བསམ༔ ཧཱུྃ་ཞེས་རྩ་བའི་འབྲུ་གཅིག་པོ༔ འབུམ་ཕྲག་གཅིག་ཏུ་བཟླས་པ་ཡིས༔ རྫས་ལ་དྲི་དང་འོད་དང་སྒྲ༔ ཡ་མཚན་རྟགས་ནི་ཅི་ཡང་འབྱུང༔ ཨོཾ་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ༔ སརྦ་བིགྷྣཱན་བནྡྷ་བནྡྷ་ཧ་ན་ཧ་ན་ད་ཧ་ད་ཧ་ཨུ་ཙཊྚཱ་ཡ་ཨུ་ཙཊྚཱ་ཡ་ཧཱུྃ་ཧཱུྃ་ཕཊ༔ ལས་སྦྱོར་ཁྲི་ཕྲག་གཅིག་གིས་འགྲུབ༔ མཐར་ནི་ལྷ་ཉིད་རྫས་ལ་བསྟིམས༔ ཧཱུྃ་མཛད་ནུས་སྟོབས་རྫོགས་པར་བསམ༔ རྟེན་འབྲེལ་སྙིང་པོས་བརྟན་པར་བྱ༔ དེ་ལྟར་བསྒྲུབས་པའི་རྫས་ཀྱི་མཆོག༔ བཟའ་བྱུག་བདུག་དང་འཆང་བ་དང༔ དྲི་ཚོར་ཙམ་གྱིས་ནད་གདོན་ཞི༔ བགེགས་ཚོགས་རྒྱང་རིང་སྐྲོད་ཅིང་སྲུང༔ བདེ་ཆེན་ཡེ་ཤེས་འབེབ་པར་འགྱུར༔ ཁྱད་པར་བྱིན་རླབས་རིམ་པ་ནི༔ བསྒྲུབ་བྱ་རྒྱུད་སྦྱང་སྤྱི་བོར་ལྷ༔ བསྐྱེད་ཅིང་སྤྱན་དྲངས་གཉིས་མེད་བསམ༔ སྦྱོར་བ་མི་མཐུན་སྦྱང་བའི་ཕྱིར༔ བདུག་རྫས་གུ་གུལ་དང་བཅས་སྦྱར༔ ཧཱུྃ་མཛད་ཆེན་པོས་བཀའ་བསྒོས་བསམ༔ ཧཱུྃ༔ ང་ནི་རྡོ་རྗེ་ཧཱུྃ་ཀཱ་ར༔ འཇིག་རྟེན་འདི་ན་སུ་ཡང་རུང༔ སྒྲུབ་ལ་བར་དུ་གཅོད་པ་ཡི༔ སྡིག་སྒྲིབ་ནད་གདོན་བགེགས་རིགས་ཀུན༔ ང་ཡི་བཀའ་ལས་འདའ་མ་བྱེད༔ བྱེར་ཅིག་དེངས་ཤིག་གཞན་དུ་སོང༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ སྔགས་མཐར་མཚོན་ཆའི་ཤམ་བུ་གདགས༔ སརྦ་པཱ་པཾ་ཨུ་ཙཊྚཱ་ཡ་ཧཱུྃ་ཕཊ༔ སརྦ་ཨཱ་བ་ར་ཎ་ཨུ་ཙཊྚཱ་ཡ་ཧཱུྃ་ཕཊ༔ སརྦ་གྲ་ཧ་ཨུ་ཙཊྚཱ་ཡ་ཧཱུྃ་ཕཊ༔ སརྦ་བིགྷྣཱན་ཨུ་ཙཊྚཱ་ཡ་ཧཱུྃ་ཕཊ༔ སརྦ་ཛྭ་ར་ཨུ་ཙཊྚཱ་ཡ་ཧཱུྃ་ཕཊ༔ སརྦ་མ་ལ་ཨུ་ཙཊྚཱ་ཡ་ཧཱུྃ་ཕཊ༔ ཅེས་བརྗོད་ཉུངས་དཀར་ཐུན་གྱིས་བྲབས༔ ལྟ་སྟངས་རོལ་མོའི་ཚམ་རྔམ་བྱ༔ བདུག་པའི་སྤྲིན་ལས་ཁྲོ་ཚོགས་འཕྲོས༔ མི་མཐུན་ཐམས་ཅད་ཚར་བཅད་ནས༔ རྡོ་རྗེའི་ཕྱག་རྒྱས་བསྲུངས་བར་བསམ༔ དངོས་གཞི་བྱིན་གྱིས་རླབས་པའི་ཕྱིར༔ ལས་བྱེད་རྡོ་རྗེ་སྙིང་པོ་མ༔ ནམ་མཁའ་གང་བར་རབ་སྤྲོས་ཏེ༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་བསམ༔ བདུག་པ་དྲི་ཡི་རྫས་དང་སྦྱར༔ ཧཱུྃ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེ༔ སྒྲུབ་ལ་བྱིན་གྱིས་རློབ་པའི་ཕྱིར༔ ཧཱུྃ་མཛད་ཁྲོ་བོ་ཆེན་པོར་བཞེངས༔ སྐུ་ཡི་གཟི་བྱིན་ལུས་ལ་ཕོབ༔ ལུས་ཀྱི་ནད་གདོན་སྡིག་སྒྲིབ་སོལ༔ རྡོ་རྗེའི་སྐུ་རུ་བྱིན་གྱིས་རློབས༔ བཛྲ་ཀཱ་ཡ་ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཧཱུྃ་གི་གླུ་བླང་ཏིང་འཛིན་སྤར༔ རྫས་ཀྱི་བདུད་རྩི་ལྕེ་ལ་བཞག༔ ཧཱུྃ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེ༔ སྒྲུབ་ལ་བྱིན་གྱིས་རློབ་པའི་ཕྱིར༔ ཧཱུྃ་མཛད་ཁྲོ་བོ་ཆེན་པོར་བཞེངས༔ གསུང་གི་ནུས་པ་ངག་ལ་སྤོར༔ ངག་གི་ནད་གདོན་སྡིག་སྒྲིབ་སོལ༔ རྡོ་རྗེའི་གསུང་དུ་བྱིན་གྱིས་རློབས༔ བཛྲ་ཝཱ་ཀ་ཛྙཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ དམ་ཚིག་ཐིག་ལེ་སྙིང་ལ་གདབ༔ ཧཱུྃ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེ༔ སྒྲུབ་ལ་བྱིན་གྱིས་རློབ་པའི་ཕྱིར༔ ཧཱུྃ་མཛད་ཁྲོ་བོ་ཆེན་པོར་བཞེངས༔ ཐུགས་ཀྱི་ཡེ་ཤེས་ཡིད་ལ་སྩོལ༔ ཡིད་ཀྱི་ནད་གདོན་སྡིག་སྒྲིབ་སོལ༔ རྡོ་རྗེའི་ཐུགས་སུ་བྱིན་གྱིས་རློབས༔ བཛྲ་ཙིཏྟ་ཛྙཱ་ན་ས་མ་ཡ་སཏྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ རྗེས་སུ་ལྷ་བསྟིམ་གཉིས་མེད་བསམ༔ སློབ་མ་རྡོ་རྗེ་ཧཱུྃ་མཛད་གསལ༔ བཟླས་པའི་ལུང་སྦྱིན་ཤིས་པ་བརྗོད༔ འདིས་ནི་སྡིག་སྒྲིབ་ཐམས་ཅད་སྲེག༔ ཡེ་ཤེས་སྣང་བ་རྒྱུད་ལ་འཆར༔ ནད་དང་རིམས་ཀྱིས་འཚེ་མི་ནུས༔ གདོན་བགེགས་འབྱུང་པོ་ཚར་གཅོད་ཅིང༔ རྡོ་རྗེའི་གོ་ཆ་ཆེན་པོར་འགྱུར༔ དེ་ཕྱིར་གསང་ཆེན་སྒྲུབ་པ་ཡི༔ ལམ་གྱི་གེགས་སེལ་ཡང་དག་གོ༔ དཔལ་རྡོ་རྗེ་བདུད་རྩི་ཧཱུྃ་ཀཱ་རའི་རྡོ་རྗེ་བདུག་པའི་ཏིང་ངེ་འཛིན་གྱི་རིམ་པར་ཕྱེ་བ་སྟེ་གསུམ་པའོ༔ ས་མ་ཡ༔ ྈྈྈྈྈྈ འཇིག་རྟེན་འཇིག་རྟེན་འདས་པ་ཡི༔ དངོས་གྲུབ་ཐམས་ཅད་དབང་བྱེད་པ༔ མ་ད་ན་ཡི་སྦྱོར་བ་ནི༔ རིན་ཆེན་མཱ་མ་ཀཱི་ཡིས་བསྒྲུབ༔ གཙང་ཞིང་དབེན་པའི་གནས་མཆོག་ཏུ༔ ནས་འབྲས་གྲོ་དང་མེ་ཏོག་དམར༔ སེ་འབྲུ་སྐྱུ་རུ་ཤི་ཀྲུ་་་ཕོ་རིལ་དཀར་པོ།སྦྲང༔ བཟང་ཞིང་དྲི་ལྡན་སྨན་དང་ནི༔ ཤིང་ཏོག་གཞན་བཅས་ལེགས་པར་སྦྱར༔ རྒྱུན་འབབས་ཆུ་དང་བཅས་ཏེ་འཚོད༔ མཆོག་གི་བདུད་རྩིའི་ཕབས་ཀྱིས་བྲན༔ ཀུ་ཤ་བཏིང་བའི་ས་གཞི་ལ༔ ཐོད་པ་རིན་ཆེན་སྣོད་ནང་བླུག༔ སྒྱེད་བུ་གསུམ་གྱི་ཁར་བཞག་ཅིང༔ དྲོད་ལྡན་གཙང་མའི་གོས་ཀྱིས་གཡོགས༔ བདག་གི་རྣལ་འབྱོར་སྔོན་འགྲོ་བས༔ ཁྲུས་བྱས་བགེགས་ཚོགས་བསྐྲད་ཅིང་བསྲུང༔ གནས་མལ་ཀླུ་རྒྱལ་གསུམ་དུ་བསྐྱེད༔ སརྫ་རཱ་ཛའི་སྤོས་ཀྱིས་བདུག༔ ཀླུ་སྨན་འོ་མའི་གཏོར་མ་སྦྱིན༔ ཨོཾ་ཝ་རུ་ཎཱ་ཡ་སྭཱ་ཧཱ༔ ཨོཾ་ཨ་ནནྟཱ་ཡ་སྭཱ་ཧཱ༔ ཨོཾ་བཱ་སུ་ཀཱི་ཡ་སྭཱ་ཧཱ༔ བཛྲ་ཨ་མྲྀཏ་བ་ལིཾ་ཏ་བྷཱུཉྫ་ཧོ༔ ཨོཾ༔ ཀླུ་རྒྱལ་ཆུ་བདག་ཝ་རུ་ཎ༔ མཐའ་ཡས་ནོར་རྒྱས་འཁོར་དང་བཅས༔ བདུད་རྩི་འོ་མའི་གཏོར་མ་བཞེས༔ རྡོ་རྗེ་བདུད་རྩིའི་བཀའ་བཞིན་དུ༔ རང་རང་མཐུ་རྩལ་དཔུང་སྐྱེད་ལ༔ བཅུད་ཀུན་དགུག་པའི་ཕྲིན་ལས་མཛོད༔ སརྦ་ནཱ་ག་རཱ་ཛ་ས་མ་ཡ་སཏྭཾ༔ དམ་མནོས་བཀའ་བཞིན་བགྱིད་པར་བསམ༔ མདུན་རྟེན་བདུད་རྩིའི་དཀྱིལ་འཁོར་བསྐྱེད༔ མཆོད་བསྟོད་བཟླས་པས་ཐུགས་དམ་བསྐུལ༔ ཨོཾ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེའི༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀུན༔ སྔོན་གྱི་ཐུགས་དམ་རྗེས་སུ་དགོངས༔ འཁོར་འདས་དྭངས་བཅུད་དབབ་ཏུ་གསོལ༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཛྙཱ་ན་ལོ་ཀ་ར་སཱ་ཡཱ་ན་ས་མ་ཡ་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཞེས་བསྐུལ་ལྷ་ཚོགས་ཐམས་ཅད་ཀུན༔ རྗེས་ཆགས་གཟི་བྱིན་རབ་འབར་བསམ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨ་ནུ་རཱ་གཱ་ཡ་ཧོ༔ ཨ་ནུ་རཱ་གཱ་ཡཱ་མི༔ ཛཿཧཱུྃ་བཾ་ཧོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་གཱ་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ སྙོམས་ཞུགས་བདེ་བའི་འོད་ཟེར་གྱིས༔ སྲིད་ཞིའི་ཁམས་ཀུན་དབང་མེད་གཡོས༔ དྭངས་བཅུད་བདེ་ཆེན་བདུད་རྩིར་བཀུག༔ ཞལ་ཞུགས་གསང་བའི་པདྨོར་འཁྱིལ༔ རྗེས་ཆགས་ཆེན་པོར་འོད་ཞུ་ནས༔ ཡེ་ཤེས་བདུད་རྩིའི་གཟུགས་སུ་བསམ༔ དེ་ལས་སླར་ཡང་སྐད་ཅིག་གིས༔ རིན་ཆེན་བདུད་རྩི་མཱ་མ་ཀཱི༔ དམར་སེར་ཉི་མ་འཆར་ཁའི་འོད༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ༔ རྗེས་ཆགས་བཞད་པའི་ཉམས་དང་ལྡན༔ ཕྱག་གཡས་ནོར་བུའི་ལྕགས་ཀྱུ་ཡིས༔ འཁོར་འདས་ཀུན་གྱི་དྭངས་བཅུད་འགུགས༔ གཡོན་པས་རིན་ཆེན་ཀ་པཱ་ལར༔ བདེ་ཆེན་དངོས་གྲུབ་རྒྱ་མཚོར་བསྐྱིལ༔ དར་དང་རིན་ཆེན་རུས་པ་དང༔ མེ་ཏོག་དམར་པོའི་རྒྱན་གྱིས་སྒེག༔ ཞབས་ཟུང་པད་ཉི་བམ་རོའི་སྟེང༔ བདུད་རྩིའི་རྒྱ་མཚོའི་ཀློང་ན་བཞུགས༔ ཐུགས་ཀར་པདྨ་ཉི་མའི་དབུས༔ བརྟན་གཡོ་སྲིད་ཞི་ཀུན་གྱི་སྲོག༔ བཾ་ཡིག་དམར་སེར་སྔགས་ཀྱིས་བསྐོར༔ བཟླས་པས་ཐུགས་དམ་རྒྱུད་བསྐུལ་ཏེ༔ རང་འདྲའི་ཕོ་ཉ་གྲངས་མེད་འཕྲོས༔ འཇིག་རྟེན་བརྟན་གཡོའི་དྭངས་མ་དང༔ བདེ་གཤེགས་སྲས་བཅས་ཡེ་ཤེས་བཅུད༔ ལྕགས་ཀྱུས་དྲངས་ཤིང་ཐོད་པར་བསྐྱིལ༔ ཞལ་དུ་བསྟིམ་ཞིང་བདེ་བས་མྱོས༔ པདྨོའི་སྦུབས་ནས་ཆར་ལྟར་བབས༔ མ་ད་ན་དང་རོ་གཅིག་འདྲེས༔ མཐོང་ཐོས་མྱོང་ཚོར་འཁོར་འདས་སྲོག༔ ཐམས་ཅད་མ་ལུས་དབང་བྱེད་པའི༔ ར་སཱ་ཡཱ་ནའི་མཆོག་ཏུ་བསམ༔ ཨོཾ་བཾ་རཏྣ་མཱ་མ་ཀཱི་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་མ་ད་ན་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ འབུམ་ཕྲག་གཅིག་ཏུ་བཟླས་ཤིང་བསྒྲུབ༔ ཚོགས་ཀྱི་མཆོད་པས་དགྱེས་པ་སྐྱེད༔ བར་ཆད་བགེགས་བྱུང་ཕུར་བུས་གདབ༔ བྱིན་ཆེན་དབབ་ཅིང་བརྟུལ་ཞུགས་སྐྱེད༔ འོད་དང་སྒྲ་དང་དྲིས་ཁྱབ་སོགས༔ ཁྱད་པར་ཅན་གྱི་རྟགས་བྱུང་ན༔ དངོས་གྲུབ་བླངས་ཤིང་གནས་གསུམ་བཞག༔ ལྷ་མོ་བདུད་རྩིའི་གཟུགས་སུ་བསམ༔ ཕུད་ཀྱི་ལྷ་མཆོད་བར་པ་མྱང༔ དངོས་གྲུབ་དབང་དུ་གྱུར་པར་མོས༔ བདུད་རྩི་མཆོག་གི་ཆུ་ཡིས་བསིང༔ སྒྲུབ་དང་མཆོད་པའི་དུས་སོགས་ཚེ༔ བླ་མ་མཆོད་པས་བྱིན་རླབས་འབེབ༔ ཡི་དམ་ལྷ་མཆོད་དངོས་གྲུབ་མྱུར༔ མཁའ་འགྲོ་མཆོད་ན་གྲོགས་སུ་འདུ༔ ཆོས་སྐྱོང་མཆོད་པས་བཀའ་བཞིན་བྱེད༔ བཟང་སྨན་ཤིང་སྣའི་དུད་པར་བྲན༔ སྟེང་གི་ལྷ་རྣམས་དབང་དུ་འགྱུར༔ ཆར་ཆུ་འབེབ་ཅིང་ལོ་ཕྱུགས་ལེགས༔ ནད་མུག་འཁྲུགས་རྩོད་ཐམས་ཅད་ཞི༔ ནཱ་གའི་སྨན་སྦྱར་ཀླུ་གནས་པའི༔ མཚོ་དང་ཆུ་མིག་སོགས་སུ་བླུགས༔ ཀླུ་རྣམས་དབང་དུ་འདུས་ནས་ཀྱང༔ སྣོད་བཅུད་འབྱོར་པ་རྒྱས་པར་བྱེད༔ རིན་ཆེན་འབྲུ་སྣ་ཚོགས་ཚད་སྦྱར༔ མཛོད་ཀྱི་ཕུག་ཏུ་བྲན་པ་ཡིས༔ གནོད་སྦྱིན་གཏེར་འཆང་དབང་དུ་འདུ༔ འདོད་རྒུའི་ལོངས་སྤྱོད་སྤྲིན་ལྟར་རྡོལ༔ བྱང་སེམས་དཀར་དམར་སིནྡྷུར་སྦྱར༔ རྡོ་རྗེ་མཱ་ཀཱིའི་ཏིང་འཛིན་གསལ༔ གང་དམིགས་ལ་སྦྱིན་དགའ་འདུན་སྤེལ༔ མི་རྣམས་ཡིད་ནི་དབང་མེད་འཕྲོག༔ ཁྲག་ཆེན་དང་བཅས་ཧེ་རུ་ཀའི༔ ཏིང་ངེ་འཛིན་དང་བཅས་ཏེ་གཏོར༔ འབྱུང་པོ་གདུག་པ་དབང་དུ་འགྱུར༔ ཅི་བགྱིའི་བྲན་དང་འབངས་སུ་བྱེད༔ ཁྱད་པར་དམ་ཚིག་དག་པ་དང༔ དངོས་གྲུབ་མྱུར་དུ་ཐོབ་བྱའི་ཕྱིར༔ དཔའ་བོ་དཔའ་མོའི་སྟོན་མོ་ནི༔ སྔགས་པས་འབད་དེ་སྤྱད་པར་བྱ༔ ཡར་དང་མར་གྱི་ཚེས་བཅུ་སོགས༔ མཁའ་འགྲོ་འདུ་བའི་དུས་ཆེན་པོར༔ རིགས་བཟང་དམ་ལྡན་སྐྱོན་མེད་པའི༔ གཞོན་ནུའམ་ནི་གཞོན་ནུ་མ༔ ལང་ཚོ་ལ་བབས་དགུ་ལ་སོགས༔ ཇི་ལྟར་རིགས་པར་སྙན་གསན་དབབ༔ དགའ་ཞིང་ཤིས་པའི་སྤྱོད་ལམ་བཅས༔ ཁྲུས་བྱས་རྒྱན་གདགས་སྤྱན་དྲངས་ལ༔ བརྡ་དང་བརྡ་ཡི་ལན་བཅས་པས༔ བསང་གཏོར་སྒྲུབ་པའི་ཁང་པར་གཞུག༔ བགེགས་བསྐྲད་སྲུང་བའི་འཁོར་ལོས་བཅིང༔ སིནྡྷུ་ར་ཡི་དགའ་འཁྱིལ་དང༔ ཀུ་ཤར་བཅས་པའི་འབོལ་སྟན་ལ༔ ཚོམ་བུའི་གྲལ་གྱི་རིམ་པས་དགོད༔ བདག་ཉིད་རྣལ་འབྱོར་ནུས་ལྡན་བྱ༔ ཕོ་རྣམས་རྡོ་རྗེ་བདུད་རྩི་དང༔ མོ་རྣམས་མཱ་མ་ཀཱི་ལ་སོགས༔ རིག་པའི་ལྷ་མོའི་ཚོགས་སུ་སྐྱེད༔ དཔའ་བོ་རྣལ་འབྱོར་མ་ཚོགས་ཀུན༔ ཉི་ཟེར་རྡུལ་ལྟར་སྤྱན་དྲངས་ནས༔ ཐབས་གཅིག་ཏུ་ནི་འཁོད་པར་བསམ༔ དཔྲལ་བར་སིནྡྷུའི་དགའ་འཁྱིལ་བྲི༔ སརྦ་ཝཱི་ར་ཡོ་གི་ནཱི་བཛྲ་ས་མ་ཡ་སཏྭཾ༔ ཞེས་པས་དམ་ཚིག་གནས་ལ་བཞག༔ མཆོད་ཡོན་ལ་སོགས་ཉེར་སྤྱོད་འབུལ༔ ཨོཾ༔ ལྷ་ཡི་མཆོད་ཡོན་ཡིད་དུ་འོང༔ དག་པའི་ཉེར་སྤྱོད་དྲི་མ་མེད༔ བཞེས་ཤིག་བདེ་བ་ཆེན་པོར་བཞེས༔ རྡོ་རྗེའི་དམ་ཚིག་དག་པར་མཛོད༔ ཨོཾ་ཤྲཱི་བཛྲ་རཱ་ག་ཨརྒྷཾ་ཨཱཿཧཱུྃ༔ ཞེས་སོགས་རིམ་པར་སྤེལ་ཏེ་བྱ༔ དེ་བཞིན་མིག་སྨན་མིག་ལ་བྱུག༔ ཨོཾ༔ བདེ་ཆེན་རོལ་མོ་ལས་བྱུང་བའི༔ རྡོ་རྗེའི་མིག་སྨན་བླ་མེད་པའི༔ མཆོད་པས་བདག་ལ་དགྱེས་མཛད་ནས༔ དགའ་བཞིའི་ཡེ་ཤེས་བསྐྱེད་དུ་གསོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་ཨཉྫ་ནཾ་ཨཱཿཧཱུྃ༔ དེ་བཞིན་རྡོ་རྗེའི་སོ་རྩི་དབུལ༔ ན་བཟའ་མེ་ཏོག་དམར་པོས་བརྒྱན༔ ཨོཾ་ཤྲཱི་བཛྲ་རཱ་ག་ཏམྦུ་ལཱ་ཡ་ཨཱཿཧཱུྃ༔ ཨོཾ་ཤྲཱི་བཛྲ་རཱ་ག་ཝསཏྲཱ་ཡཱ་ཨཿཧཱུྃ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་མཱ་ལཱ་ཡ་ཨཱཿཧཱུྃ༔ བསྟོད་དང་ཚོགས་ཀྱི་མཆོད་པ་དང༔ སྭསྟི་ཀ་ཡི་ཞལ་ཟས་སྦྱིན༔་་་བུར་སྦྲང་མར་ནག་ཆང་གིས་སྦྲུས་པའི་བཤོས་བུ་དམར་པོ་དགའ་འཁྱིལ་གྱི་དབྱིབས་ཅན་ནོ། ཁྱད་པར་གྲུབ་པ་མ་ད་ན༔ ཐོད་པ་ལ་སོགས་སྣོད་དུ་བསྐྱིལ༔ རང་དང་བསྒྲུབ་བྱའི་མདུན་བསྟར་ལ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ སྐུ་གསུང་ཐུགས་ཀྱི་མ་ད་ན༔ ཁ་དོག་དྲི་དང་རོར་ལྡན་པ༔ བླ་ན་མེད་པའི་དམ་ཚིག་གིས༔ ཀུན་ནས་འདུས་པའི་ཚོགས་ལ་མཆོད༔ གཉིས་མེད་མཉམ་པའི་ངང་དུ་བཞེས༔ ཉམས་ཆག་སྡིག་སྒྲིབ་དག་པ་དང༔ ལྷན་སྐྱེས་བདེ་བའི་ཡེ་ཤེས་ཕོབ༔ འཁོར་བ་དང་ནི་མྱང་འདས་ཀྱི༔ དྭངས་བཅུད་མི་ཤིགས་ཐིག་ལེར་སྡུས༔ རྩ་རླུང་ཁམས་ཀྱི་བར་ཆད་སོལ༔ ཐུན་མོང་ལས་ཀྱི་དངོས་གྲུབ་དང༔ མཆོག་གི་ཡེ་ཤེས་བསྩལ་དུ་གསོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་མ་ད་ན་ཨ་མྲྀཏ་མ་ཧཱ་སུ་ཁ་ཨཱཿཧཱུྃ༔ ཞེས་མཆོད་རྟེན་གྱིས་བཞེས་པ་ཡི༔ ལྷག་མ་རང་གི་སྣོད་དུ་བསྩལ༔ དཔའ་བོ་དང་ནི་རྣལ་འབྱོར་མའི༔ བྱང་སེམས་བདུད་རྩི་དངོས་སུ་བསམ༔ ཨོཾ་སརྦ་ཝཱི་ར་ཡོ་གི་ནཱི་མ་ཧཱ་སུ་ཁ་མ་ད་ན་ཨ་མྲྀཏ་སིདྡྷི་ཀུ་རུ་ཀུ་རུ་ཧོ༔ ཞེས་བརྗོད་ལྷག་མ་མེད་པར་བཏུང༔ རྩ་ཁམས་བདུད་རྩིའི་རྒྱུན་གྱིས་གང༔ ལུས་དཀྱིལ་ལྷ་རྣམས་རབ་ཏུ་མཉེས༔ ཟག་མེད་བདེ་བས་དགྱེས་པར་བསམ༔ བདེ་ཆེན་མཆོག་གི་བརྟུལ་ཞུགས་སྐྱེད༔ ནུས་པ་ཐོབ་ན་གསང་སྤྱོད་བྱ༔ ཡང་ན་ཡུལ་གྱི་གཟུགས་སྒྲ་དང༔ དྲི་རོ་རེག་བྱའི་བདེ་བ་མཆོག༔ ཡིད་ལ་བྱས་ཏེ་བདེ་ཆེན་སྤེལ༔ བསམ་གྱིས་མི་ཁྱབ་ངང་དུ་བཞག༔ རྩ་བའི་ལྟུང་བའང་བྱང་འགྱུར་ཞིང༔ ཕྱག་རྒྱའི་ཡེ་ཤེས་མྱུར་འགྲུབ་འགྱུར༔ རྗེས་ནི་གོས་དང་རྒྱན་གྱི་རིགས༔ དམར་པོའི་ཡོན་གྱིས་མཉེས་བྱས་ལ༔ ཨོཾ༔ རྡོ་རྗེ་རྗེས་ཆགས་རང་བཞིན་ཉིད༔ གོས་དང་རྒྱན་གྱི་ཁྱད་པར་དག༔ ཅི་བདེ་བར་ནི་བཞེས་ནས་ཀྱང༔ བདེ་ཆེན་རྟག་པའི་བཀྲ་ཤིས་སྩོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་ཝཱསཏྲ་ཨ་ལཾ་ཀ་ར་ཨཱཿཧཱུྃ༔ ལྷག་མ་གཏོང་ཞིང་གླུ་གར་བྱ༔ སྨོན་ལམ་བཀྲ་ཤིས་རྒྱས་པར་བརྗོད༔ ནོངས་པ་བཤགས་ལ་རང་གནས་གཤེགས༔ དེ་ལྟར་འདུ་དང་གནས་པ་དང༔ འགྲོ་བའི་དུས་ཀྱི་གནས་སྐབས་སུ༔ བདེ་ཆེན་འབར་བ་རབ་ཡིན་ཏེ༔ ཆགས་དང་ཡིད་དགའ་འཛུམ་སོགས་འབྲིང༔ ཐ་མལ་གནས་པ་ཐ་མ་སྟེ༔ དེ་ལས་ལྡོག་སྟེ་ན་ཚ་དང༔ རྩོད་དང་ཁྲོ་སོགས་ངན་པར་བཤད༔ ངན་ན་རྡོ་རྗེའི་བདུག་པས་བསང༔ མཉམ་པ་ཉིད་ཀྱི་ལྟ་གདིང་སྐྱེད༔ སླར་ཡང་བསྐྱར་བས་འགྲུབ་པར་འགྱུར༔ འདིས་ནི་དཔའ་བོ་དཔའ་མོ་ཀུན༔ དངོས་སུ་མཆོད་པའི་བསོད་ནམས་འཐོབ༔ བསོད་ནམས་སྟོབས་ཀྱིས་སྡིག་སྒྲིབ་དག༔ ལྷག་པར་དམ་ཚིག་ཉམས་ཆག་སྐོང༔ གནས་ཡུལ་མཁའ་འགྲོ་མཁའ་འགྲོ་མ༔ དབང་འདུས་ལམ་གྱི་གྲོགས་སུ་འགྱུར༔ སྲིད་དང་མྱ་ངན་འདས་པ་ཡི༔ ཡེ་ཤེས་དྭངས་མ་འདུས་པ་ལས༔ ཐུན་མོང་དངོས་གྲུབ་ཚེགས་མེད་ཅིང༔ མཆོག་གི་ཡེ་ཤེས་མྱུར་དུ་འཆར༔ དེ་ཕྱིར་སྔགས་ཀྱི་རྣལ་འབྱོར་པས༔ ཤིན་ཏུ་གསང་བས་སྤྱད་པར་བྱ༔ གསང་ཆེན་རྫས་ཀྱི་བྱིན་རླབས་ནི༔ རྒྱུད་སྦྱང་སློབ་མ་མཱ་མ་ཀཱིའི༔ དམ་ཚིག་ཕྱག་རྒྱར་གསལ་བཏབ་ལ༔ གསང་གསུམ་ཡེ་ཤེས་བསྟིམ་པའི་ཕྱིར༔ གྲུབ་པའི་དམ་རྫས་སྤྱི་བོར་བཞག༔ ཨོཾ༔ ཇི་སྙེད་འཁོར་འདས་ཐམས་ཅད་ཀྱི༔ གཟི་བརྗིད་དྭངས་མ་འདུས་པའི་བཅུད༔ རྡོ་རྗེ་བདུད་རྩི་མཱ་མ་ཀཱིའི༔ སྐུ་ཡི་དབྱིག་ཏུ་དབང་བསྐུར་རོ༔ ཨོཾ་བཛྲ་ཨ་མྲྀཏ་མཱ་མ་ཀཱི་མ་ཧཱ་སུ་ཁ་མ་ད་ན་ཀཱ་ཡ་ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨོཾ༔ སྐུ་ལས་སྐུ་འཕྲོས་གཉིས་པ་ཐིམ༔ རྡོ་རྗེའི་སྐུ་རུ་གྱུར་པར་བསམ༔ མགྲིན་པར་བཞག་ཅིང་ལྕེ་ལ་སྦྱིན༔ ཨཱ༔ ཇི་སྙེད་འཁོར་འདས་ཐམས་ཅད་ཀྱི༔ སྲོག་གི་དྭངས་མ་འདུས་པའི་བཅུད༔ རྡོ་རྗེ་བདུད་རྩི་མཱ་མ་ཀཱིའི༔ གསུང་གི་དབྱིག་ཏུ་དབང་བསྐུར་རོ༔ ཨོཾ་བཛྲ་ཨ་མྲྀཏ་མཱ་མ་ཀཱི་མ་ཧཱ་སུ་ཁ་མ་ད་ན་ཝཱ་ཀ་ཛྙཱ་ན་ས་མ་ཡ་ཨ་ཨཱ༔ ལྷ་ཉིད་འོད་ཞུ་བདུད་རྩི་ཡིས༔ རྡོ་རྗེའི་གསུང་དུ་བསྒྲུབས་པར་བསམ༔ སིནྡྷུར་ཞུན་མར་དང་བཅས་སྦྱར༔ སྙིང་ཁར་བཞག་ཅིང་བཀུ་མཉེ་བྱ༔ ཧཱུྃ༔ ཇི་སྙེད་འཁོར་འདས་ཐམས་ཅད་ཀྱི༔ ཡེ་ཤེས་དྭངས་མ་འདུས་པའི་བཅུད༔ རྡོ་རྗེ་བདུད་རྩི་མཱ་མ་ཀཱིའི༔ ཐུགས་ཀྱི་དབྱིག་ཏུ་དབང་བསྐུར་རོ༔ ཨོཾ་བཛྲ་ཨ་མྲྀཏ་མཱ་མ་ཀཱི་མ་ཧཱ་སུ་ཁ་མ་ད་ན་ཙིཏྟ་ཛྙཱ་ན་ས་མ་ཡ་སཏྭཾ་ཧཱུྃ་ཧཱུྃ་ཧཱུྃ༔ བདེ་ཆེན་མཆོག་གི་ཡེ་ཤེས་འབར༔ ཐུགས་ཀྱི་རྡོ་རྗེ་མངོན་གྱུར་བསམ༔ ཤིས་པ་བརྗོད་པས་མངའ་ཡང་གསོལ༔ དབང་འདི་ལན་གཅིག་ཐོབ་པས་ཀྱང༔ རྩ་བ་ཡན་ལག་ཉམས་ཆག་འདག༔ འཁོར་འདས་ཡེ་ཤེས་དབང་དུ་འདུ༔ དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར༔ དེ་ཕྱིར་གསང་མཆོག་སྤྱོད་པ་ཡི༔ ལམ་གྱི་བོགས་འདོན་ཡང་དག་གོ༔ དཔལ་རྡོ་རྗེ་བདུད་རྩི་མཱ་མ་ཀཱི་མ་ད་ནའི་ཏིང་ངེ་འཛིན་གྱི་རིམ་པར་ཕྱེ་བ་སྟེ་བཞི་པའོ༔ ས་མ་ཡ༔ ྈྈྈྈྈྈྈ རྡོ་རྗེའི་ཚེ་དང་ལང་ཚོ་དང༔ ཡེ་ཤེས་ལྷག་པར་རྒྱས་པའི་ཕྱིར༔ བདུད་རྩི་མཆོག་གི་དངོས་གྲུབ་ནི༔ རིགས་བཞི་ཡོངས་རྫོགས་སྒོ་ནས་བསྒྲུབ༔ གངས་ཁྲོད་ནགས་ཚལ་མཚོ་གླིང་སོགས༔ བཀྲ་ཤིས་དབེན་ཞིང་ཉམས་དགའ་བར༔ ས་ཡི་ཆོ་ག་ཚུལ་བཞིན་བྱ༔ ལས་སུ་རུང་བར་གྱུར་པ་ན༔ ཕྱི་འཁོར་མཚམས་ཀྱི་སྲུང་མ་ནི༔ མཐུ་ཆེན་རྒྱལ་པོ་སྡེ་བཞིར་བཅོལ༔ སྐུའམ་སྔགས་བྱང་མཆོད་གཏོར་བཤམ༔ རང་ཉིད་རྡོ་རྗེ་བདུད་རྩི་ཡི༔ ཐུགས་ནས་འོད་ཟེར་འཕྲོས་པ་ཡིས༔ མཆོད་གཏོར་འདོད་ཡོན་ཕུང་པོར་བསྒྱུར༔ རྒྱལ་ཆེན་འཁོར་བཅས་སྤྱན་དྲངས་བསམ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཧཱུྃ༔ བདུད་རྩི་གསང་བའི་དཀྱིལ་འཁོར་ཆེའི༔ མཚམས་ཀྱི་ཕྲིན་ལས་མཛད་པའི་ཕྱིར༔ མཐུ་ཆེན་རྒྱལ་པོ་ཆེན་པོ་བཞི༔ འཁོར་བཅས་འདིར་གཤེགས་བརྟན་པར་བཞུགས༔ ཨེ་ཧྱེ་ཧི༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཨོཾ་དྷྲྀཥྚ་རཱཥྚཱ་ཡ་སྭཱ་ཧཱ༔ ཨོཾ་བཻ་རུ་ཌྷ་ཀཱ་ཡ་སྭཱ་ཧཱ༔ ཨོཾ་བི་རཱུ་པཀྵཱ་ཡ་སྭཱ་ཧཱ༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་བྷུཉྫ་ཧོ༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཱུ་ཛ་ཧོ༔ ཏིང་འཛིན་སྔགས་རྒྱས་བྱིན་བརླབས་པའི༔ མཆོད་གཏོར་བཟང་པོ་འདི་བཞེས་ལ༔ བར་ཆད་བགེགས་ཚོགས་སྲུང་བ་ཡི༔ རྡོ་རྗེ་མཚམས་ཀྱི་ཕྲིན་ལས་མཛོད༔ ཅེས་གསོལ་སྔགས་ཀྱིས་བརྟན་པར་བྱ༔ ཤིས་པ་བརྗོད་ཅིང་མེ་ཏོག་འཐོར༔ བར་དུ་བགེགས་ཚོགས་གནོན་པའི་ཕྱིར༔ སྒོ་དྲུང་གཟུགས་བརྙན་སྦྱོར་བ་ལ༔ སྒྲུབ་པའི་བར་ཆད་ཐམས་ཅད་བསྟིམ༔ ཧཱུྃ་མཛད་ཆེན་པོའི་ང་རྒྱལ་གྱིས༔ ཕུར་བུས་གདབ་ཅིང་གར་གྱིས་མནན༔ ཧཱུྃ༔ རྡོ་རྗེ་བདུད་རྩི་ཧཱུྃ་མཛད་ཆེ༔ སྟོད་ནི་ཁྲོ་རྒྱལ་འཇིགས་པ་ལ༔ སྐུ་སྨད་ཕུར་བུའི་དབལ་ལྡན་པས༔ སྒྲུབ་ལ་འཚེ་བའི་སྙིང་ཁར་གདབ༔ ཨོཾ་བཛྲ་ཧཱུྃ་ཀཱ་ར་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་མཱ་ར་ཡ་ཕཊ༔ ཧཱུྃ་ཧཱུྃ༔ རྡོ་རྗེ་ཁྲོ་བོའི་གར་མཛད་པས༔ རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང༔ ཚངས་པའི་ཡུལ་ས་གནོན་བགྱིད་ན༔ བར་ཆད་བགེགས་ལ་སྨྲོས་ཅི་དགོས༔ ཨོཾ་བཛྲ་ཧཱུྃ་ཀཱ་ར་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་སཏྭཾ་བྷ་ཡ་ཧཱུྃ་ཧཱུྃ༔ སྒོ་གོང་ཕུར་བུ་སྔགས་བཅས་གདགས༔ དམ་ཚིག་བསྐྱེད་ཅིང་ཡེ་ཤེས་བསྟིམ༔ མཆོད་གཏོར་འབུལ་ཞིང་ཕྲིན་ལས་བཅོལ༔ ཨོཾ་བཛྲ་ཧཱུྃ་ཀཱ་ར་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་བྷཱུཉྫ་ཧོ༔ ཨོཾ་ཤྲཱི་ཧེ་རུ་ཀ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱཱ་ཤབྡ་ཨཱཿཧཱུྃ༔ ཧཱུྃ༔ རྡོ་རྗེ་ཡེ་ཤེས་བདུད་རྩི་ཆེ༔ ཧཱུྃ་གི་སྒྲ་མཛད་བགེགས་དཔུང་འདུལ༔ ཁྲོ་རྒྱལ་ཆེན་པོ་འདིར་བཞུགས་ལ༔ སྲུང་བ་མཚམས་ཀྱི་ཕྲིན་ལས་མཛོད༔ བརྟན་བཞུགས་གསོལ་ཞིང་བཀྲ་ཤིས་བརྗོད༔ གསང་བ་སྣོད་བཅུད་བྱིན་བརླབ་ཕྱིར༔ རང་ཉིད་རྡོ་རྗེ་ཁྲག་འཐུང་ཆེ༔ མཱ་མ་ཀཱི་དང་མཉམ་སྦྱོར་བ༔ སྙོམས་ཞུགས་རྗེས་ཆགས་འོད་དང་སྒྲས༔ རྒྱལ་བ་མཆོད་ཅིང་ཐུགས་དམ་བསྐུལ༔ འཇིག་རྟེན་གཡོས་ཤིང་ཉོན་མོངས་སྦྱངས༔ ཁམས་གསུམ་དྲེགས་པ་དབང་མེད་བཀུག༔ ཞལ་དུ་ཞུགས་ཤིང་ལྟེ་བ་ནས༔ ཡེ་ཤེས་མེ་ཡིས་སྙིགས་མ་བསྲེགས༔ དྭངས་མ་བྱང་སེམས་བདུད་རྩི་དང༔ ལྷན་ཅིག་ཡུམ་གྱི་མཁའ་རུ་འཁྱིལ༔ དེ་ལས་ཆར་ལྟར་བབས་པ་ཡིས༔ སྣོད་བཅུད་དངོས་འཛིན་དྲི་མ་སྦྱངས༔ ཧེ་རུ་ཀ་ཡི་ཞིང་དུ་བསམ༔ བྱང་སེམས་བདུད་རྩི་ཕྱོགས་ཀུན་སྦྲེང༔ ཧཱུྃ༔ རྡོ་རྗེ་ཁྲག་འཐུང་ཡབ་དང་ཡུམ༔ མཉམ་པར་སྦྱོར་བའི་བྱང་ཆུབ་སེམས༔ འཇིག་རྟེན་དྲེགས་པ་བཏུལ་བའི་བཅུད༔ འཁོར་འདས་སྲོག་གི་དྭངས་མ་ཡི༔ སྣོད་བཅུད་གཟུང་འཛིན་ཡོངས་སུ་སྦྱངས༔ བར་ཆད་བདུད་བགེགས་ཆོས་དབྱིངས་ཐིམ༔ མ་འགགས་རོལ་པ་ཆེན་པོ་ལས༔ ཕྱི་སྣོད་འོག་མིན་མཆོག་གི་ཞིང༔ ནང་བཅུད་ཧེ་རུ་ཀ་ཡི་ལྷ༔ སྒྱུ་འཕྲུལ་རྒྱན་དུ་འབར་གྱུར་ཅིག༔ ཨོཾ་བཛྲ་ཨ་མྲྀཏ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུྃ་ཧཱུྃ་ཕཊ༔ གནས་ཡུལ་དུར་ཁྲོད་ས་སྣ་དང༔ བཀྲ་ཤིས་ས་ལས་སྟེགས་བུ་བཞེངས༔ བདུད་རྩི་འཁྱིལ་པའི་ང་རྒྱལ་གྱིས༔ རྡོ་རྗེའི་ཆུ་ཡིས་ཆག་ཆག་གདབ༔ ཧཱུྃ༔ རྡོ་རྗེ་བདུད་རྩི་འཁྱིལ་བ་ཡི༔ བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོ༔ རྟོག་པའི་དྲི་མ་ཞི་བ་དང༔ དེ་ཉིད་བདེ་ཆེན་སྣོད་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཧཱུྃ༔ དེ་དབུས་པདྨ་འདབ་བཞི་བྲི༔ ཡེ་ཤེས་ལྔ་ཡི་དོན་མཚོན་བསམ༔ ཨོཾ་བཛྲ་པཉྩ་ཛྙཱ་ན་མཎྜ་ལ་ཨཱཿཧཱུྃ༔ དེ་ནས་སྒྲུབ་རྫས་དགོད་པ་ནི༔ མཚན་ཉིད་ལྡན་པའི་ཀ་པཱ་ལར༔ དབུས་སུ་གཙོ་བོར་གྱུར་པ་ནི༔ ན་རའི་ཤ་་་མིའི་ཤ།དང་མཱུ་ཏྲ་་་དྲི་ཆུ།སྟེ༔ བརྡ་དང་རིགས་སུ་གྱུར་པའི་སྨན༔ རུ་རྟ་གླ་རྩི་སྤོས་དཀར་དང༔ པྲི་ཡཾ་ཏིགཏ་པི་ལིང་སོགས༔ ཁ་དང་ཚ་བའི་རོ་རྣམས་གསག༔ ཤར་དུ་ག་བི་་་བ་ལང་ཤ།བིཥྛ་་་དྲི་ཆེན།དང༔ ར་མོ་ཤག་སོགས་རྩ་བ་དྲུག༔་་་རྩ་བ་ལྔ་དང་གྲོ་མ། བྲག་ཞུན་ཛཱ་ཏི་ཨ་རུ་ར༔ ཤིང་མངར་སྦྲང་རྩི་ཀ་ར་སོགས༔ མངར་བའི་རིགས་རྣམས་ཚོགས་པར་བྱ༔ ལྷོ་རུ་ཧ་ཡ་་་རྟ་ཤ་དང་།ཤུ་ཀྲ་་་ཁུ་བ།དང༔ དབང་ལག་ག་བུར་ཐལ་དཀར་རྡོར༔ སུག་སྨེལ་ཅུ་གང་སྐྱུ་རུ་ར༔ སྟར་བུ་བསེ་ཡབ་ལ་སོགས་པ༔ སྐྱུར་བའི་རོ་དང་ལྡན་པ་གསག༔ ནུབ་ཏུ་ཤྭ་ན་་་ཁྱི་ཤ་དང་།རཀྟ་་་ཁྲག།དང༔ ག་དུར་སིནྡྷུ་ཙན་དན་དམར༔ ལི་ཤི་རྒྱམ་ཚྭ་མཆོག་ལ་སོགས༔ ལན་ཚྭའི་རོ་རྣམས་ཚོགས་པར་བྱ༔ བྱང་དུ་ཧསྟི་་་གླང་ཆེན་ཤ་དང་།གོ་རོ་་་ཀླད་པ།ཙ༔ ག་བུར་ཅོང་ཞི་ཙན་དན་དཀར༔ ཞོ་ཤའི་རིགས་དང་རྟག་ཏུ་ངུ༔ ཀཎྜ་ཀཱ་རི་སླེ་ཏྲེས་སོགས༔ སྐ་བ་གཙོར་གྱུར་ཐམས་ཅད་གསག༔ རྫས་ཀྱི་བགེགས་དང་དྲི་སྦྱང་ཕྱིར༔ རྡོ་རྗེ་བདུག་པས་རབ་ཏུ་བདུག༔ བདུད་རྩི་འཁྱིལ་བའི་ང་རྒྱལ་བཅས༔ རྡོ་རྗེ་ཆུ་ཡིས་བཀྲུ་བར་བྱ༔ དར་སྣས་དྲིལ་ཞིང་ཚོན་སྐུད་ཀྱིས༔ བཅིངས་ཏེ་བཞག་པའི་མཐའ་སྐོར་དུ༔ ཕྱི་ནང་མཆོད་ཚོགས་རྒྱས་པར་བཤམ༔ རྡོ་རྗེ་མཱ་མ་ཀཱི་ཡིས་བྲན༔ ཡེ་ཤེས་དབབ་ཅིང་གཟི་བྱིན་སྐྱེད༔ དེ་ནི་སྦྱོར་བའི་རིམ་པ་འོ༔ དངོས་གཞི་བསྙེན་དང་ཉེར་སྒྲུབ་དང༔ སྒྲུབ་དང་སྒྲུབ་པ་ཆེན་པོ་བཞི༔ དང་པོ་བསྙེན་པའི་རིམ་པ་ནི༔ བདག་གི་རྣལ་འབྱོར་སྔོན་འགྲོ་བས༔ མདུན་རྟེན་བསང་ཞིང་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ སྣོད་ནི་པདྨ་བྷཉྫ་ཆེ༔ རྡོ་རྗེ་བཙུན་མོའི་བྷ་ག་དང༔ དབྱེར་མེད་གསང་བ་མཆོག་གི་ཞིང༔ རང་བྱུང་མཚན་ཉིད་ཡོངས་རྫོགས་དབུས༔ བཅུད་རྣམས་རིགས་ལྔ་ཡེ་ཤེས་ལྔ༔ བདུད་རྩིའི་རྒྱ་མཚོ་ཆེན་པོར་འཁྱིལ༔ མཁའ་ཁྱབ་འོད་ཟེར་འཕྲོ་བའི་ཀློང༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རིགས་ཀྱི་ས་བོན་འབྲུ་བཅུ་ལས༔ རྡོ་རྗེ་སེམས་དཔའ་རྟག་པ་དང༔ རིན་ཆེན་ཉི་མ་གར་གྱི་དབང༔ རྟ་ཡི་རྒྱལ་པོ་བདུད་རྩི་འཁྱིལ༔ མཐིང་དཀར་སེར་དམར་ལྗང་གུའི་མདོག༔ ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ༔ དགྲ་སཏྭ་རལ་གྲི་རྡོ་རྗེ་གཡས༔ སྡིགས་མཛུབ་གཏུན་ཤིང་ཞགས་པ་གཡོན༔ མཆེ་བ་གཙིགས་ཤིང་སྤྱན་གསུམ་བགྲད༔ དབུ་སྐྲ་སྨར་སྨིན་མེ་ལྟར་འབར༔ སྤྱི་བོར་བདུད་རྩིའི་གླེགས་བམ་འཆང༔ སྟག་ཤམ་རིན་ཆེན་སྦྲུལ་གྱིས་བརྒྱན༔ རང་འདྲའི་ཡུམ་འཁྱུད་བགེགས་ཀྱི་སྟེང༔ གཡོན་བརྐྱང་འཇིགས་པའི་ཚུལ་གྱིས་བཞུགས༔ དཔའ་བོ་དང་ནི་རྣལ་འབྱོར་མ༔ སྨན་གྱི་ལྷ་དང་ལྷ་མོའི་ཚོགས༔ བྱེ་བ་བསམ་ཡས་འཁོར་གྱིས་བསྐོར༔ རྡོ་རྗེ་གསུམ་དང་མི་ཕྱེད་པའི༔ བདེ་བ་ཆེན་པོའི་འོད་ཟེར་གྱིས༔ ཡེ་ཤེས་འཁོར་ལོ་སྤྱན་དྲངས་བསམ༔ སྤྱན་འདྲེན་ལ་སོགས་ལས་རིམ་ནི༔ ཇི་ལྟར་རིགས་པ་སྦྱར་བྱས་ལ༔ མཐེབ་སྲིན་རྡོ་རྗེའི་གཟུངས་ཐག་བཅས༔ རང་གི་ཐུགས་ནས་འོད་འཕྲོས་པས༔ མདུན་བསྐྱེད་ལྷ་ཚོགས་ཐུགས་རྒྱུད་བསྐུལ༔ དེ་ཡི་ཐུགས་ཀའི་འོད་ཟེར་གྱིས༔ འཁོར་འདས་རིགས་ལྔ་ཡེ་ཤེས་ལྔའི༔ དྭངས་བཅུད་རང་དབང་མེད་པར་བཀུག༔ ཞལ་ཞུགས་བྱང་སེམས་བདུད་རྩི་དང༔ དབྱེར་མེད་གསང་བའི་སྦུབས་སུ་འཁྱིལ༔ ཆར་ལྟར་བབས་ཏེ་རྫས་ལ་ཐིམ༔ མ་དག་སྐྱོན་རྣམས་ཀུན་སྦྱངས་ཤིང༔ དག་པ་རིགས་ལྔ་ཡེ་ཤེས་ལྔས༔ ཉོན་མོངས་ཕུང་པོ་ནད་གདོན་གྱི༔ རྟོག་པ་སྦྱོང་བའི་བདུད་རྩིར་བསམ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ རྩ་བ་དང་ནི་ལས་ཀྱི་སྔགས༔ ཨོཾ་ཨཱཿཧཱུྃ་མཱུཾ་ཨོཾ་ལཱཾ་སྭཱ་མཱཾ་ཨཱཿཔཱཾ་ཧཱ་ཏཱཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཧཱུྃ༔ གྲྭ་ཟུར་མ་ཉམས་ཆད་མེད་བཟླ༔ ཐུན་དྲུག་ཚོགས་ཀྱི་མཆོད་པ་བྱ༔ བར་ཆད་རྟགས་བྱུང་ཧཱུྃ་མཛད་ཀྱི༔ ང་རྒྱལ་དང་བཅས་ཕུར་བུས་གཟིར༔ ཧཱུྃ༔ ང་ནི་རྡོ་རྗེ་ཧཱུྃ་ཀཱ་ར༔ ཁྲག་འཐུང་ཀུན་གྱི་ནུས་སྟོབས་རྫོགས༔ ཕྲིན་ལས་ཕུར་བུ་འབར་བ་ཡིས༔ བར་ཆད་བགེགས་ཚོགས་སྙིང་ལ་གཟིར༔ ཨོཾ་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཧཱུྃ༔ ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱན་ཕཊ༔ ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨ་ཛྙཱ་པཱ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཧཱུྃ་སྒྲ་བརྗོད་ཅིང་དཀྱིལ་འཁོར་བསྐོར༔ ཕྱོགས་མཚམས་ཀུན་ནས་ལྟ་སྟངས་གཟིར༔ རྡོ་རྗེ་བདུག་པའི་སྦྱོར་བས་བསྐྲད༔ ཐུན་བྲབས་རོལ་མོའི་ཚམ་རྔམ་བྱ༔ ཡེ་ཤེས་གཟི་བྱིན་དབབ་པ་དང༔ ཐུགས་དམ་གནད་ནས་བསྐུལ་བའི་ཕྱིར༔ རྡོ་རྗེ་མཱ་ཀཱིའི་ཏིང་འཛིན་གསལ༔ བདུད་རྩི་འཐོར་ཞིང་སྤོས་ཀྱིས་བདུག༔ རྩེ་གཅིག་གདུང་བའི་དབྱངས་དང་བཅས༔ ཧཱུྃ༔ མཁའ་ལྟར་ཁྱབ་པའི་ཞིང་ཁམས་ནས༔ རིག་འཛིན་ས་ལ་གཤེགས་པ་ཡི༔ དུས་གསུམ་རྩ་བརྒྱུད་བླ་མ་རྣམས༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ གློག་ལྟར་མྱུར་བའི་ཐུགས་རྗེ་ཡིས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྒྲུབ་གནས་འདི་ལ་བྱིན་ཆེན་ཕོབ༔ རྣལ་འབྱོར་རྣམས་ལ་དབང་མཆོག་སྐུར༔ སྒྲུབ་རྫས་ཡེ་ཤེས་བཅུད་དུ་སྐྱིལ༔ བདེ་ཆེན་བདུད་རྩིའི་དངོས་གྲུབ་སྩོལ༔ ཨོཾ་སརྦ་མ་ཧཱ་གུ་རུ་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཧཱུྃ༔ འོག་མིན་རྡོ་རྗེ་བཙུན་མོའི་མཁའ༔ གསང་བ་མཆོག་གི་དགྱེས་པ་ན༔ ཐམས་ཅད་བདག་ཉིད་རྟག་བཞུགས་པའི༔ སྐུ་མཆོག་རྡོ་རྗེ་ཧེ་རུ་ཀ༔ གསུང་མཆོག་བཛྲ་ཧཱུྃ་ཀཱ་ར༔ ཐུགས་མཆོག་རྡོ་རྗེ་བདུད་རྩི་ཆེ༔ ཡོན་ཏན་རིན་ཆེན་མཱ་མ་ཀཱི༔ ཕྲིན་ལས་བདེ་ཆེན་འཁྱིལ་བ་ཡི༔ ཐམས་ཅད་བདུད་རྩིའི་དཀྱིལ་འཁོར་ལྷ༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ གློག་ལྟར་མྱུར་བའི་ཐུགས་རྗེ་ཡིས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྒྲུབ་གནས་འདི་ལ་བྱིན་ཆེན་ཕོབ༔ རྣལ་འབྱོར་རྣམས་ལ་དབང་མཆོག་སྐུར༔ སྒྲུབ་རྫས་ཡེ་ཤེས་བཅུད་དུ་སྐྱིལ༔ བདེ་ཆེན་བདུད་རྩིའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨ་མྲྀཏ་སརྦ་མཎྜལ་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧཱུྃ༔ འཇིག་རྟེན་ཞིང་ཁམས་རབ་འབྱམས་ནས༔ ཡེ་ཤེས་དཔའ་བོ་རྣལ་འབྱོར་མ༔ ལས་ཀྱི་ཚུལ་སྣང་ཕོ་ཉའི་ཚོགས༔ ཁྱད་པར་བཛྲ་ཨ་མྲྀ་ཏའི༔ དམ་ཚིག་མཆོག་ལ་གནས་པ་ཡི༔ བདུད་རྩིའི་ལྷ་མོ་འོད་འཆང་མ༔ སྨན་གྱི་ལྷ་མོ་ཡིད་འཕྲོག་མ༔ རྩི་ཡི་ལྷ་མོ་གྲུབ་པ་མོ༔ བཅུད་ཀྱི་ལྷ་མོ་མྱོས་བྱེད་མ༔ མེ་ཏོག་ལྷ་མོ་མདངས་ལྡན་མ༔ འབྲས་བུའི་ལྷ་མོ་ནོར་རྒྱུན་མ༔ ནགས་ཀྱི་ལྷ་མོ་རྨ་བྱའི་མགྲིན༔ རང་རང་འཁོར་ཚོགས་བསམ་མི་ཁྱབ༔ ལྷ་དང་དྲང་སྲོང་གྲུབ་པའི་ཚོགས༔ ཀུན་ཀྱང་བླང་དོར་མེད་པ་ཡི༔ བརྟུལ་ཞུགས་མཆོག་གི་གཟི་བྱིན་སྐྱེད༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ གློག་ལྟར་མྱུར་བའི་ཐུགས་རྗེ་ཡིས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྒྲུབ་གནས་འདི་ལ་བྱིན་ཆེན་ཕོབ༔ རྣལ་འབྱོར་རྣམས་ལ་དབང་མཆོག་སྐུར༔ སྒྲུབ་རྫས་ཡེ་ཤེས་བཅུད་དུ་སྐྱིལ༔ བདེ་ཆེན་བདུད་རྩིའི་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཝཱི་ར་ཡོ་གི་ནཱི་བྷཻ་ཥ་ཛྱཱ་དེ་ཝཱི་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་བསྐུལ་ནམ་མཁའ་གང་བ་ཡི༔ བླ་མ་ཡི་དམ་ཕོ་ཉའི་ཚོགས༔ བདུད་རྩི་སྨན་གྱི་ཆར་འབེབ་བཞིན༔ སྒྲུབ་པའི་རྫས་ལ་ཐིམ་པར་བསམ༔ ཧཱུྃ་གི་གླུ་བླངས་གར་བསྐོར་བྱ༔ དེ་ལྟར་རྩེ་གཅིག་བརྩོན་པ་ཡིས༔ བཟླས་བརྗོད་ཁྲི་ཕྲག་གསུམ་བཟླས་པས༔ འོད་དང་སྒྲ་དང་དྲི་དང་ནི༔ ཉམས་དགའ་རླུང་རིག་དྭངས་པར་འཆར༔ དེ་ཚེ་མཆོད་བསྟོད་དངོས་གྲུབ་གསོལ༔ ལྷ་རྣམས་ཡི་གེའི་གཟུགས་སུ་གྱུར༔ དེ་ཡང་རྫས་ལ་ཐིམ་པ་ཡིས༔ དྲི་མེད་ཡེ་ཤེས་རིགས་ལྔའི་དངོས༔ བདུད་རྩིའི་ཕུང་པོ་མཆོག་ཏུ་བསམ༔ ཧཱུྃ་མཱུཾ་ཨོཾ་ལཱཾ་སྭཱ་མཱཾ་ཨཱཿཔཱཾ་ཧཱ་ཏཱཾ་ཧཱུྃ་ཧཱུྃ་ཧཱུྃ༔ རྗེས་ཀྱི་ལས་རིམ་མཐར་ཕྱིན་བྱ༔ བདུད་རྩི་འཁྱིལ་བ་ལ་བསྟེན་ནས༔ ཞི་བ་མཆོག་གི་དཀྱིལ་འཁོར་དུ༔ ཁྲོལ་བུ་སྒྲུབ་པའི་རིམ་པ་སྟེ༔ དམ་རྫས་བསྙེན་པའི་ཏིང་འཛིན་ནོ༔ གཉིས་པ་ཉེ་བར་སྒྲུབ་པ་ནི༔ ཧཱུྃ་ཞེས་བརྗོད་ཅིང་སྲད་བུ་དང༔ དར་གྱི་དཀྲིས་རྣམས་བསལ་བྱས་ལ༔ རྫས་ཀུན་སོ་སོར་གཏུན་དུ་བསྩལ༔ རང་དང་རིག་མ་ཧཱུྃ་ཀཱ་ར༔ ཡབ་ཡུམ་ང་རྒྱལ་ཆེར་བསྐྱེད་ལ༔ ཧཱུྃ༔ ཨེ་དབྱིངས་ཡུམ་གྱི་གཏུན་ཁུང་དུ༔ ཝཾ་ཡིག་རྡོ་རྗེའི་གཏུན་བུ་ཡིས༔ ཐ་མལ་སྣང་ཞེན་རགས་པ་ཀུན༔ བྱང་ཆུབ་སེམས་ཀྱི་ཐིག་ལེར་བསྟིམ༔ ཨོཾ་བཛྲ་ཧཱུྃ་ཀཱ་ར་མཱ་མ་ཀཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་དང་ཧཱུྃ་གི་དབྱངས་བཅས་བཏུལ༔ དྲོད་ཐོབ་སྙོམས་པར་འཇུག་བཞིན་པས༔ བདེ་ཆེན་གཟི་བྱིན་མཆོག་ཏུ་སྦར༔ ཕྱེ་མ་སྔར་ལྟར་ཚོམས་སུ་བཅད༔ རྒྱ་དང་བཅས་བཞག་མཆོད་གཏོར་བཤམ༔ བདག་གི་རྣལ་འབྱོར་སྔོན་འགྲོ་བས༔ མདུན་རྟེན་བསང་ཞིང་སྦྱང་བྱས་ཏེ༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ སྣོད་བཅུད་སྔར་ལྟར་གསལ་བཏབ་ལ༔ སྣོད་ནི་པདྨ་བྷཉྫའི་སོགས་ནས། འཕྲོ་བའི་ཀློང༔ ཞེས་པའི་བར་བརྗོད། པདྨ་ཉི་མའི་གདན་གྱི་སྟེང༔ ཧཱུྃ་ཡིག་རིགས་ལྔ་ཡོངས་གྱུར་ལས༔ རྡོ་རྗེ་བདུད་རྩི་ཧཱུྃ་ཀཱ་ར༔ མཐིང་དཀར་སེར་དམར་ལྗང་བའི་མདོག༔ ཞལ་གསུམ་ཕྱག་དྲུག་ཞབས་གཉིས་བགྲད༔ སྤྱན་གསུམ་སྨར་སྨིན་དབུ་སྐྲ་འབར༔ རྡོ་རྗེ་བདུད་རྩིའི་ཅོད་པཎ་ཅན༔ རྩ་ཕྱག་ཧཱུྃ་མཛད་ཕྱག་རྒྱ་འཆིང༔ བར་པ་གཉིས་ཀྱིས་མདའ་གཞུ་འགེངས༔ ཐ་མས་རང་འདྲའི་ཡུམ་ལ་འཁྱུད༔ སྟག་ཤམ་སྦྲུལ་རྒྱན་མི་སྡུག་ཆས༔ ཡེ་ཤེས་མེ་ཕུང་རབ་འབར་དབུས༔ ལྷ་ཆེན་ཕོ་མོའི་གདན་ལ་འགྱིང༔ དཔའ་བོ་དང་ནི་རྣལ་འབྱོར་མ༔ སྨན་གྱི་ལྷ་དང་ལྷ་མོས་བསྐོར༔ ཡབ་ཡུམ་སྙོམས་ཞུགས་ཧཱུྃ་གི་སྒྲས༔ རྡོ་རྗེའི་ལུས་སུ་བྱིན་བརླབས་ཤིང༔ ཡེ་ཤེས་འཁོར་ལོ་སྤྱན་དྲངས་བསམ༔ ལས་ཀྱི་རིམ་པ་ཅི་རིགས་བྱ༔ རང་གི་ཐུགས་ནས་འོད་ཟེར་འཕྲོས༔ མདུན་བསྐྱེད་བདེ་ཆེན་གཟི་བྱིན་བསྐུལ༔ ཧཱུྃ་གི་སྒྲ་ཡིས་སངས་རྒྱས་མཆོད༔ བྱང་ཆུབ་སེམས་དཔའི་ཐུགས་དམ་བསྐུལ༔ ཉན་རང་འགོག་པའི་གཉིད་ལས་བསླངས༔ གདུག་པ་ཅན་རྣམས་སྤ་བཀོང་ཞིང༔ འཁོར་འདས་རང་དབང་མེད་པར་གཡོས༔ དྭངས་བཅུད་ཧཱུྃ་ཡིག་རྣམ་ལྔའི་སྤྲིན༔ ཕྲ་རབ་རྡུལ་གྱི་ཆར་དུ་བབས༔ ཞལ་ཞུགས་སྦྱོར་མཚམས་ནས་བརྒྱུད་དེ༔ སྨན་གྱི་ཕྲ་རབ་རྡུལ་ལ་ཐིམ༔ རྡུལ་སྙེད་སྲིད་དང་ཞི་བ་ཡི༔ ཡེ་ཤེས་སྙིང་པོ་འདུས་པར་བསམ༔ ཧཱུྃ་ཡིག་ལྔ་སྦྲེལ་ཁྲི་རུ་བཟླ༔ སྐབས་སུ་ལས་སྔགས་འདི་ཡང་སྦྱར༔ ཨོཾ་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་མཱུཾ༔ བུདྡྷ་ཧཱུྃ་ཀཱ་ར་ཨོཾ་ལཱཾ༔ རཏྣ་ཧཱུྃ་ཀཱ་ར་ཏྲཱཾ་མཱཾ༔ པདྨ་ཧཱུྃ་ཀཱ་ར་ཧྲཱིཿཔཱཾ༔ ཀརྨ་ཧཱུྃ་ཀཱ་ར་ཧཱ་ཏཱཾ༔ པཉྩ་མཱཾ་ས་ཨ་མྲྀཏ་སརྦ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཚོགས་མཆོད་བགེགས་འདུལ་བྱིན་དབབ་སོགས༔ ཇི་ལྟར་སྨྲས་པ་བཞིན་དུ་བྱ༔ དྲི་བཟང་རྡུལ་གྱི་ཆར་འབེབས་ཤིང༔ འཇའ་སྤྲིན་མེ་ཏོག་རོལ་མོའི་སྒྲ༔ དེ་སོགས་ཡ་མཚན་རྟགས་བྱུང་ན༔ དངོས་གྲུབ་བླང་ཞིང་ཧཱུྃ་ལྔ་བརྗོད༔ ཧཱུྃ༔ བགེགས་འདུལ་རྡོ་རྗེ་ཧཱུྃ་ཀཱ་ར༔ རིགས་ལྔ་ཡབ་ཡུམ་ཧཱུྃ་དུ་གྱུར༔ སྨན་གྱི་རྡུལ་དང་དབྱེར་མེད་འདྲེས༔ ཉོན་མོངས་བགེགས་འདུལ་མཆོག་ཏུ་བསམ༔ ཧཱུྃ་བཛྲ་པཉྩ་ཧཱུྃ་ཀཱ་ར་ས་མ་ཡ་སཏྭཾ༔ བདུད་རྩི་ཧཱུྃ་མཛད་ལ་བསྟེན་ནས༔ གཏུམ་ཆེན་མཆོག་གི་དཀྱིལ་འཁོར་དུ༔ ཕྱེ་མ་སྒྲུབ་པའི་རིམ་པ་སྟེ༔ ཉེ་བར་སྒྲུབ་པའི་ཏིང་འཛིན་ནོ༔ གསུམ་པ་སྒྲུབ་པ་བྱ་བ་ནི༔ ཕྱེ་མ་ཕྱོགས་གཅིག་བསྡུས་བྱས་ལ༔ མཆོག་ཏུ་སྙོམས་ཞུགས་ཟིལ་པའམ༔ རིན་ཆེན་མཱ་མ་ཀཱི་ཡིས་སྦོལ༔ སྐྱེ་བདུན་དྭངས་མ་རོ་ཙ་ན༔ མཆོག་གྲུབ་གདུང་དང་བྱང་སེམས་སོགས༔ དངོས་གྲུབ་དགུག་པའི་སླད་དུ་གདབ༔ ཅི་རིགས་གོང་བུའི་ཚུལ་དུ་གཅད༔ སྣོད་དུ་བསྩལ་ལ་རྒྱ་ཡིས་གདབ༔ དཀྱིལ་འཁོར་ཚུལ་བཞིན་བཞེངས་པའི་ཁར༔ དྲོད་འབེབ་སྦྱོར་བ་དང་བཅས་དགོད༔ རྒྱན་དང་མཆོད་གཏོར་མཛེས་པར་བྱ༔ བདག་གི་རྣལ་འབྱོར་སྔོན་འགྲོ་བས༔ མདུན་རྟེན་བསང་ཞིང་སྟོང་པར་སྦྱང༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ སྣོད་བཅུད་སྔར་ལྟར་གསལ་བཏབ་ལ༔ སྣ་ཚོགས་པད་ཟླའི་གདན་གྱི་སྟེང༔ རྡོ་རྗེ་བདུད་རྩི་ཡབ་ཡུམ་ནི༔་་་ཧཱུྃ་ཡིག་ཡོངས་གྱུར་སོགས་ནས། ཕྱེད་སྐྱིལ་རོལ༔ ཞེས་པའི་བར་བརྗོད། དཔའ་མོ་བརྒྱད་ཀྱིས་བསྐོར་བར་གསལ༔ གཞན་ཡང་དཔའ་བོ་རྣལ་འབྱོར་མ༔ སྨན་གྱི་ལྷ་དང་ལྷ་མོའི་ཚོགས༔ སྙོམས་འཇུག་ཆགས་པ་ཆེན་པོ་ཡིས༔ འཁོར་འདས་དྭངས་བཅུད་དབང་མེད་འགུགས༔ གཙོ་བོའི་ཐུགས་ཀར་ཁྲག་འཐུང་དཔལ༔ གསལ་གདབ་ཡེ་ཤེས་སྤྱན་དྲངས་སོགས༔ ཇི་ལྟར་སྨོས་པ་བཞིན་དུ་བྱ༔་་་གཙོ་བོའི་ཐུགས་ཀར་པད་ཉིའི་སོགས་ནས། བསྟོད་པའི་བར་སྒྲུབ་ཐབས་ལྟར། བདག་སྲོག་རྡོ་རྗེའི་སྔགས་ཀྱི་འོད༔ བྱང་ཆུབ་སེམས་ཀྱི་ཐིག་ལེའི་སྤྲིན༔ སྦྱོར་བའི་པདྨོ་ནས་བྱུང་སྟེ༔ མདུན་བསྐྱེད་ལྷ་ཚོགས་ཀུན་ལ་ཕོག༔ ཤིན་ཏུ་ཆགས་པ་ཆེན་པོ་ཡིས༔ སྙོམས་ཞུགས་བདེ་བའི་གཟི་བྱིན་འབར༔ རྡོ་རྗེ་ཨཱ་རལླི་ཡི་སྒྲས༔ འཁོར་འདས་དངོས་ཀུན་ཤིག་ཤིག་གཡོས༔ འཕགས་པ་ཀུན་གྱི་ཐུགས་དམ་བསྐུལ༔ འཇིག་རྟེན་དྭངས་བཅུད་དབང་མེད་འཕྲོག༔ ཀུན་ཀྱང་གྲུབ་པའི་ར་སཱ་ཡཱ༔ འཆི་མེད་བདུད་རྩིའི་རྒྱུན་ཆེན་པོར༔ ཞལ་དུ་དྲངས་ཤིང་ཐུགས་ཀར་ཐིམ༔ སྔགས་དང་ལྷན་ཅིག་བདུད་རྩིའི་རྒྱུན༔ རྡོ་རྗེའི་ལམ་ནས་པདྨར་བསྐྱིལ༔ པྲ་བེ་ཤ་ཡིས་གསང་སྒོ་བྱེ༔ ཨཱ་བེ་ཤ་ཡིས་ཆར་ལྟར་ཕབ༔ ཀུཎྜ་ལཱི་ཡིས་བཅུད་ལ་བསྟིམས༔ མཐོང་ཚོར་མྱོང་རེག་ཐམས་ཅད་ཀུན༔ བདེ་ཆེན་ཡེ་ཤེས་དབང་བྱེད་པའི༔ དངོས་གྲུབ་གོང་བུར་འདྲིལ་བར་བསམ༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་སརྦ་སིདྡྷི་ཧཱུྃ་ཧྲཱིཿཋཱ༔ དེ་ནི་རྩ་བའི་རིག་པ་སྟེ༔ ཁྲི་ཕྲག་གཅིག་ཏུ་བཟླ་བར་བྱ༔ ཨེ་ཨཱ་རལླི་སརྦ་ཛྙཱ་ན་ཨ་མྲྀཏ་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་ཝཱ་ཤཾ་ཀུ་རུ་ཧོ༔ བདུད་རྩི་དགུག་པའི་རིམ་པ་འོ༔ ཛྙཱ་ན་ཨ་མྲྀཏ་ར་སཱ་ཡཱ་ན་ཧཱུྃ་ཧཱུྃ༔ དགུག་བསྟིམ་གྱི་སྔགས་འདི་གཉིས་རྩ་སྔགས་དང་སྦྲེལ་ནས་བཟླ། བཀུག་པའི་བདུད་རྩི་ཐུགས་ཀར་བསྟིམ༔ ཨོཾ་བཛྲ་ཨ་མྲྀཏ་ཨེ་ཝྃ་པྲ་བེ་ཤ་ཡ་ཕཊ༔ གསང་བ་ཆེན་པོའི་སྒོ་ཕྱེས་ལ༔ ཨོཾ་བཛྲ་ཨ་མྲྀཏ་ཛྙཱ་ན་སིདྡྷི་ཨཱ་བེ་ཤ་ཡ་ཨ་ཨཱ༔ བདུད་རྩི་བདེ་བའི་ཆར་ཆེན་དབབ༔ ཨོཾ་བཛྲ་པཉྩ་མཱཾ་ས་ཨ་མྲྀཏ་མ་ཧཱ་སུ་ཁ་ཛྙཱ་ན་ཀུཎྜ་ལཱི་ཧཱུྃ་ཧཱུྃ༔ ཞེས་པས་དམ་ཡེ་དབྱེར་མེད་བསྟིམ༔ དེ་རྣམས་ཇི་ལྟར་རིགས་པ་བཟླ༔ ཚོགས་ཀྱི་མཆོད་པ་ལ་སོགས་པ༔ གོང་དུ་སྨོས་པ་ཇི་བཞིན་སྤྱད༔ ཡ་མཚན་གཟུགས་དང་སྙན་པའི་སྒྲ༔ བདེ་ཆེན་འབེབས་དང་བཅུད་རྣམས་ལས༔ དྲི་རོ་འོད་དང་འཕེལ་བ་སོགས༔ རྟགས་མཚན་ཐོན་ནས་དངོས་གྲུབ་བླང༔ མཐར་ནི་ཐོད་པར་མཱ་ཀཱི་བྲན༔ ཧཱུྃ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེ༔ རྗེས་ཆགས་རོལ་པའི་ཡེ་ཤེས་དབྱིག༔ གྲུབ་པའི་རྫས་དང་དབྱེར་མེད་པའི༔ ཐུགས་རྗེའི་གཟི་བྱིན་བསྐྱེད་དུ་གསོལ༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ སུ་ར་ཏཱ་སཏྭཾ་ཛཿཧཱུྃ་བཾ་ཧོ༔ ཧཱུྃ་ཧཱུྃ་ཧཱུྃ༔ རྡོ་རྗེའི་སྔགས་ཀྱིས་བསྐུལ་བ་ལས༔ ལྷ་རྣམས་གོང་བུར་འདྲིལ་བར་བསམ༔ སླར་ཡང་བྱིན་དབབ་བརྟན་པར་བྱ༔ རྡོ་རྗེ་བདུད་རྩི་ལ་བསྟེན་ནས༔ རྗེས་ཆགས་དབང་གི་དཀྱིལ་འཁོར་དུ༔ གོང་བུ་སྒྲུབ་པའི་རིམ་པ་སྟེ༔ བདེ་ཆེན་སྒྲུབ་པའི་ཏིང་འཛིན་ནོ༔ བཞི་པ་སྒྲུབ་པ་ཆེན་པོ་ནི༔ དེ་ནས་དམ་ཚིག་ལྡན་པ་ཡིས༔ ཡིད་གཞུངས་བློ་ནི་རྩེ་གཅིག་པས༔ ཁྲག་འཐུང་ཆེན་པོའི་ང་རྒྱལ་གྱིས༔ ལེགས་པར་བསྣུར་ལ་རིལ་བུ་ནི༔ སྲན་ཆུང་ཙམ་དུ་བསྒྲིལ་བྱས་ལ༔ གུར་གུམ་གི་ཝང་ཁ་དོག་བསྒྱུར༔ སྔར་ལྟར་ཐོད་པའི་སྣོད་དུ་བསྩལ༔ དར་གྱིས་དྲིལ་ཞིང་སྲད་བུས་དཀྲི༔ དཀྱིལ་འཁོར་དབུས་བཞག་གཟི་བྱིན་དབབ༔ དུར་ཁྲོད་རྫས་ཀྱི་མཆོད་གཏོར་བཤམ༔ བདག་གི་རྣལ་འབྱོར་སྔོན་འགྲོ་བས༔ མདུན་དཀྱིལ་བསང་ཞིང་སྟོང་པར་སྦྱང༔ སྟོང་པའི་ངང་ལས་འབྱུང་རིམ་དང༔ རིན་ཆེན་རི་རབ་འབར་བའི་སྟེང༔ ཕྱི་ལྟར་པདྨ་བྷཉྫའི་སྣོད༔ ཡངས་ཤིང་རྒྱ་ཆེ་མཐའ་དབུས་བྲལ༔ ནང་ན་ཡེ་ཤེས་གཞལ་མེད་ཁང༔ རཏྣ་དུར་ཁྲོད་རྫས་ཀྱིས་སྤྲས༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་པ༔ གསལ་དག་འོད་ཟེར་འབར་བའི་ཀློང༔ རིལ་བུ་ཡོངས་གྱུར་སྐད་ཅིག་གིས༔ སྣ་ཚོགས་པད་ཟླ་ཉི་མའི་སྟེང༔ ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན༔ སྤྲོ་བསྡུས་འོད་ཀྱི་གོང་བུ་ལས༔ རྡོ་རྗེ་བདུད་རྩི་ཧེ་རུ་ཀ༔ སྐུ་དང་རྩ་ཞལ་ནམ་མཁའི་མདོག༔ གཡས་སྨུག་གཡོན་སེར་རྒྱབ་ཞལ་དཀར༔ རྣམ་འགྱུར་མི་བཟད་ཁྲོ་བོའི་ཉམས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་གསུམ་དབུ་སྐྲ་སྨར་སྨིན་འབར༔ བདུད་རྩིའི་གླེགས་བམ་སྤྱི་བོར་འཆང༔ གཡས་བཞི་རྡོ་རྗེ་རྒྱུ་མའི་ཕྲེང༔ ཚངས་པའི་མགོ་བོ་རྩེ་གསུམ་བསྣམས༔ གཡོན་བཞི་ཁ་ཊྭཱཾ་ཐོད་ཁྲག་དང༔ སྲིན་པོ་འཆིང་ཞིང་རུས་ཕྲེང་འཕྱར༔ སྟག་ཤམ་རིན་ཆེན་རུས་པ་དང༔ རྒྱུ་མ་མེ་ཏོག་ཕྲེང་བས་བརྒྱན༔ རང་འོད་མཱ་ཀཱི་ཁྲོས་མས་འཁྱུད༔ ཡེ་ཤེས་མེ་ལྕེ་འབར་བའི་ཀློང༔ གཡོན་བརྐྱང་དྲེགས་པའི་སྟེང་ན་འགྱིང༔ ཐུགས་ཀར་བདུད་རྩི་བདེ་བ་ཆེ༔ ལྗང་སེར་རྡོ་རྗེ་དྲིལ་བུ་བསྣམས༔ རང་འདྲའི་ཡུམ་འཁྱུད་པད་ཟླའི་སྟེང༔ ཁ་སྦྱོར་བདེ་བས་དགྱེས་པར་བཞུགས༔ ཡབ་ཡུམ་མཉམ་སྦྱོར་བྱང་ཆུབ་སེམས༔ ཧཱུྃ་ཡིག་བརྒྱད་ཀྱི་སྤྲིན་སྤྲོས་པས༔ སྣ་ཚོགས་པདྨའི་འདབ་མ་ལ༔ ཤར་དུ་སེར་མོ་གཙིགས་བྱེད་མ༔ ལྷོ་རུ་དམར་མོ་རབ་གཙིགས་མ༔ ནུབ་ཏུ་སྔོན་མོ་གདོལ་པ་མོ༔ བྱང་དུ་གཡུང་མོ་དུ་བའི་མདོག༔ ཤར་ལྷོར་སེར་སྐྱ་གཏུམ་མིག་མ༔ ལྷོ་ནུབ་ནག་མོ་རིགས་ཅན་མ༔ ནུབ་བྱང་སེར་མོ་དྲག་ཤུལ་ཅན༔ བྱང་ཤར་ནག་མོ་འཇིགས་བྱེད་མ༔ ཀུན་ཀྱང་རལ་གྲི་ཐོད་ཁྲག་འཛིན༔ ཁྲོ་མོའི་ཉམས་དང་ཆས་ཀྱིས་བརྒྱན༔ པད་ཉི་དུར་ཁྲོད་རོ་སྟེང་བཞེངས༔ སྒོ་བཞིར་ལྕགས་ཀྱུ་ཞགས་པ་དང༔ ལྕགས་སྒྲོག་དྲིལ་བུའི་ཕྱག་རྒྱ་ཅན༔ དཀར་དམར་སེར་དང་དུ་བའི་མདོག༔ གཡོན་རྣམས་སྡིགས་མཛུབ་ཐུགས་ཀར་འཆིང༔ རྡོ་རྗེའི་གཙུག་ཕུད་ཅོད་པན་འཆང༔ འོད་དམར་ཕྲེང་བའི་ཀློང་ན་རོལ༔ བར་ཁྱམས་མཆོད་པའི་ལྷ་མོ་དང༔ དུར་ཁྲོད་ཤ་ཟའི་ཚོགས་ཀྱིས་བསྐོར༔ རྡོ་རྗེ་པདྨར་བསྩལ་བ་ལས༔ བདེ་ཆེན་ཐིག་ལེའི་གཟི་བྱིན་འབར༔ རོལ་པ་ཆེན་པོའི་འོད་ཟེར་གྱིས༔ མཁའ་ཁྱབ་ཡེ་ཤེས་སད་པར་བསམ༔ ཧཱུྃ༔ རྡོ་རྗེ་བདུད་རྩི་ཉེ་བར་ཞི་བ་མཆོག་གི་དབྱིངས༔ འཇིགས་བྱེད་ཆེན་པོ་ཧེ་རུ་ཀ་ཡི་རྣམ་པར་བཞེངས༔ སྤྲུལ་པའི་མཁའ་འགྲོ་ཁྲག་འཐུང་མང་པོའི་འཁོར་དང་བཅས༔ དམ་ཚིག་དབང་གིས་མྱུར་དུ་དགོངས་ཤིང་གཤེགས་སུ་གསོལ༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཤྲཱི་ཧེ་རུ་ཀ་ཨེ་ཧྱེ་ཧི༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་ཕེཾ༔ ཧཱུྃ༔ དམ་ཚིག་རྫས་དང་དབྱེར་མེད་པའི༔ ཕྱག་རྒྱ་སྒྱུ་མའི་གྲོང་ཁྱེར་དུ༔ ཡེ་ཤེས་རྡོ་རྗེ་ཁྲག་འཐུང་ལྷ༔ ཛཿཧཱུྃ་བཾ་ཧོཿདགྱེས་པར་རོལ༔ ས་མ་ཡ་ཏིཥྛནྟུ༔ སླར་ཡང་རོལ་པའི་འོད་ཟེར་གྱིས༔ དབང་ལྷ་ནམ་མཁའ་གང་བར་བསམ༔ བྱང་ཆུབ་སེམས་ཀྱི་དབང་བསྐུར་བས༔ རིགས་ལྔའི་ཕྱག་རྒྱས་དབུར་བརྒྱན་བསམ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ་སཏྭཾ༔ ཧོ༔ འཇིགས་བྱེད་ཆེན་པོ་མཆེ་བ་གཙིགས༔ བདུད་འཇོམས་རྒྱུ་མའི་ཕྲེང་བས་བརྒྱན༔ དམ་ཚིག་ཤ་ཆེན་ཁྲག་ལ་གསོལ༔ ཧེ་རུ་ཀ་དཔལ་ཕྱག་འཚལ་འདུད༔ ཤྲཱི་ཧེ་རུ་ཀ་མཎྜ་ལ་ན་མཱ་མི༔ ཧཱུྃ༔ ནམ་མཁའ་ལས་བྱུང་ལྷ་མོ་ནི༔ དྲག་ཤུལ་འཇིགས་པ་ཆེན་མོའི་ཚོགས༔ དུར་ཁྲོད་རྫས་མཆོག་དང་སྦྱར་ཏེ༔ ཁྲག་འཐུང་དགྱེས་པའི་གར་གྱིས་མཆོད༔ ཨོཾ་ཤྲཱི་ཧེ་རུ་ཀ་མཎྜ་ལ་ས་པ་རི་ཝཱ་ར་མ་ཧཱ་ཤྨཱ་ཤ་ན་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱཱ་ཤབྡ་པཱུ་ཛ་ཧོ༔ སྨན་དང་གཏོར་མ་རཀྟས་མཆོད༔ ཧཱུྃ༔ མཆོག་ཏུ་ཞི་བ་སྙིང་རྗེ་ངོམ་པའི་ཡེ་ཤེས་ནི༔ རྒོད་གཤེ་དྲག་ཤུལ་སྔགས་ཀྱི་སྲོག་ཏུ་ཞུགས་པ་ལས༔ སྒེག་དཔའ་འཇིགས་རུང་ཕྱག་རྒྱ་ཆེན་པོའི་སྐུར་སྣང་བ༔ ཧེ་རུ་ཀ་དཔལ་བཙུན་མོར་བཅས་ལ་ཕྱག་འཚལ་འདུད༔ གཞན་ཡང་བསྟོད་པ་ཅི་རིགས་བྱ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །ཞེས་པ་ལྟ་བུའི་ཁྲོ་བོའི་བསྟོད་པ་གང་རིགས། ཨོཾ༔ དཔལ་ལྡན་རྡོ་རྗེ་བདུད་རྩིའི་བདག༔ ཧེ་རུ་ཀ་དཔལ་ཆེ་བའི་མཆོག༔ རིགས་ཀྱི་ཡུམ་དང་རབ་སྦྱོར་བའི༔ ཁྲག་འཐུང་ལྷ་ཚོགས་བདག་ལ་དགོངས༔ བདག་ཅག་གསང་བའི་སྒོར་ཞུགས་ཀྱང༔ ཉོན་མོངས་དབང་གིས་དམ་འགལ་བ༔ བཟོད་བཞེས་ཚངས་པར་མཛད་ནས་ཀྱང༔ དངོས་གྲུབ་ཆེན་པོ་བསྩལ་དུ་གསོལ༔ ཨོཾ་ཤྲཱི་ཧེ་རུ་ཀ་ས་མ་ཡ་སིདྡྷི་ཀུ་རུ་ཧོ༔ ཧཱུྃ༔ རྡོ་རྗེ་པདྨ་མཉམ་སྦྱོར་བས༔ རྣམ་པར་རྟོག་པ་དབྱིངས་སུ་སྦྱངས༔ མཉམ་པ་ཆེན་པོའི་ཡེ་ཤེས་ཀྱིས༔ བདེ་ཆེན་བདུད་རྩི་རྒྱས་པར་མཛོད༔ ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་སིདྡྷི་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་བསྐུལ་རྡོ་རྗེའི་རྒྱུན་ཐག་བཟུང༔ བདག་ཉིད་ཡབ་ཡུམ་སྙོམས་ཞུགས་པའི༔ བྱང་ཆུབ་སེམས་ཀྱི་འོད་ཟེར་ནི༔ ཁྲག་འཐུང་ཡབ་ཡུམ་སྦྱོར་མཚམས་ཞུགས༔ རྗེས་ཆགས་བཛྲ་ཨཱ་རལླིས༔ ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཆེའི༔ ཐུགས་དབུས་ཉི་ཟླ་ཁ་སྦྱོར་ཧཱུྃ༔ རྡོ་རྗེའི་སྔགས་ཀྱིས་མཚན་པ་བསྐུལ༔ འབར་བའི་འོད་དང་ཧཱུྃ་གི་སྒྲས༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཆོད༔ དབང་བཅུའི་ཡེ་ཤེས་ཐིག་ལེར་ཐིམ༔ ཡི་དམ་ལྷ་ཚོགས་དགྱེས་པ་བསྐྱེད༔ དངོས་གྲུབ་ཐམས་ཅད་དབང་དུ་གྱུར༔ དཔའ་བོ་མཁའ་འགྲོའི་དམ་ཚིག་བསྐུལ༔ བརྟན་གཡོའི་དྭངས་བཅུད་ཐོགས་མེད་བཀུག༔ རིགས་དྲུག་འགྲོ་བའི་ཉོན་མོངས་དང༔ ཁམས་གསུམ་དྲེགས་པའི་ཕུང་པོ་བསྒྲལ༔ སྙིགས་མ་ཡེ་ཤེས་མེ་ཡིས་བཞུ༔ དྭངས་མ་མི་ཤིགས་རྡོ་རྗེའི་དབྱིག༔ རྫས་དང་དབྱེར་མེད་ལྷ་ལ་ཐིམ༔ ཡེ་ཤེས་རིག་རྩལ་ལྷག་པར་རྒྱས༔ འཁོར་འདས་ཀུན་གྱི་སྲོག་ཏུ་བསམ༔ ཨོཾ་ཤྲཱི་ཧེ་རུ་ཀ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུྃ་ཕཊ༔ བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ་ཧྲཱིཿཋཱ༔ ཁྲི་ཕྲག་བཞི་བཟླས་རྟགས་རྣམས་འབྱུང༔ རྟགས་ནི་སྒྲུབ་ཁང་འོད་ཀྱིས་ཁེངས༔ རིལ་བུ་འཕེལ་དང་དྲི་བཟང་ཁྱབ༔ བདེ་ཆེན་སྐྱེ་ཞིང་རླུང་སེམས་ཐིམ༔ ཕྱི་ནང་གསང་བའི་མཚན་མར་བཤད༔ ཐུན་མཚམས་ཀུན་ཏུ་ཚོགས་མཆོད་འབུལ༔ བགེགས་ལ་རྡོ་རྗེ་ཕུར་བུས་གདབ༔ བདུད་རྩིས་མཆོད་ཅིང་བྱིན་ཡང་དབབ༔ དེ་ནས་ལས་ཀྱི་མཐའ་རྒྱས་ལ༔ ཚེ་ཡི་དངོས་གྲུབ་རྒྱས་པའི་ཕྱིར༔ མདུན་བསྐྱེད་ཐུགས་ནས་འོད་ཟེར་འཕྲོས༔ པདྨ་གར་དབང་ཚེ་དཔག་མེད༔ ཡབ་ཡུམ་མཉམ་སྦྱོར་སྤྱན་དྲངས་ནས༔ ཐུགས་ཀའི་འོད་ཀྱིས་འཁོར་འདས་ཀྱི༔ ཚེ་ཡི་བཅུད་དང་དྭངས་མ་བསྡུས༔ ཞལ་ཞུགས་སྐུ་ཡི་དབྱིབས་ལས་བརྒྱུད༔ སྦྱོར་མཚམས་ནས་བབས་བདེ་བའི་བཅུད༔ ལྷ་དང་སྒྲུབ་རྫས་དབྱེར་མེད་ལ༔ ཐིམ་པས་འཆི་མེད་གཟི་བྱིན་འབར༔ འགྱུར་མེད་རྡོ་རྗེ་སེམས་དཔའ་ཡི༔ ཚེ་དང་ལང་ཚོ་སྟེར་བར་བསམ༔ ཨོཾ་བཛྲ་ཨ་མྲྀཏ་ཨཱ་ཡུ་ཥེ་སྭཱ་ཧཱ༔ སླར་ཡང་འོད་ཀྱི་སྣང་བ་ལས༔ རིན་ཆེན་ལྷ་མོ་མཱ་མ་ཀཱི༔ ནམ་མཁའ་གང་བའི་འཕྲོ་འདུ་ཡིས༔ སྲིད་ཞིའི་དཔལ་འབྱོར་དྭངས་བཅུད་ཀུན༔ འོད་ཟེར་གཟི་བརྗིད་རྣམ་པར་བསྡུས༔ ལྷ་དང་སྒྲུབ་རྫས་དབྱེར་མེད་ལ༔ བསྟིམས་པས་འདོད་དོན་ཀུན་སྩོལ་བའི༔ ཡིད་བཞིན་རིན་ཆེན་མཆོག་ཏུ་བསམ༔ ཨོཾ་བཛྲ་ཨ་མྲྀཏ་ཤྲཱི་བཱ་སུ་སིདྡྷི་སྭཱ་ཧཱ༔ སླར་ཡང་འོད་ཟེར་ལྕགས་ཀྱུ་ཡིས༔ རྡོ་རྗེ་བདུད་རྩི་སེམས་དཔའ་ཆེ༔ ཁ་སྦྱོར་བདེ་བའི་ཕྱག་རྒྱ་དང༔ སྔགས་དང་ཕྱག་མཚན་ཚུལ་དུ་བྱོན༔ ལྷ་དང་སྒྲུབ་རྫས་དབྱེར་མེད་ལ༔ ཐིམ་པས་བདེ་ཆེན་གཟི་བྱིན་འཕེལ༔ མཐོང་ཐོས་མྱོང་བས་གྲོལ་བ་ཡི༔ ཡེ་ཤེས་སྙིང་པོ་རྒྱས་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་སཏྭ་ཨ་མྲྀཏ་མ་ཧཱ་སུ་ཁ་ཛྙཱ་ན་སིདྡྷི་ཧཱུྃ་ཧོ༔ འདི་རྣམས་ཁྲི་ཡིས་ལས་འགྲུབ་འགྱུར༔ རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་དུ༔ འབར་བའི་བརྟུལ་ཞུགས་ལ་བརྟེན་ནས༔ རིལ་བུ་སྒྲུབ་པའི་རིམ་པ་སྟེ༔ སྒྲུབ་པ་ཆེན་པོའི་ཏིང་འཛིན་ནོ༔ རྗེས་ཀྱི་ལས་རིམ་གསུམ་ཡིན་ཏེ༔ རང་དོན་དངོས་གྲུབ་བླང་བ་ནི༔ སྔགས་ཀྱི་གྲངས་དང་མཚན་མ་འམ༔ དུས་ཀྱི་ངེས་པ་བསྙེན་པ་དང༔ ཉེར་སྒྲུབ་གཉིས་ལ་ཞག་གསུམ་སྟེ༔ སྒྲུབ་དང་སྒྲུབ་ཆེན་ཞག་གཉིས་གཉིས༔ དབང་པོ་རབ་ཀྱིས་འགྲུབ་པར་འགྱུར༔ འབྲིང་ལ་ཉིས་འགྱུར་ཐ་མས་ཀྱང༔ གསུམ་བལྡབ་བརྩོན་པས་ངེས་པར་འགྲུབ༔ དེ་ཚེ་དངོས་གྲུབ་གསོལ་བའི་ཕྱིར༔ དཀྱིལ་འཁོར་ཤར་སྒོར་ཁྲིའུའི་ཁར༔ བྷནྡྷ་གྲུབ་པའི་བཅུད་ཀྱིས་བཀང༔ གཞན་ཡང་མཆོད་ཚོགས་བཟང་དུ་བཤམ༔ བདག་མདུན་ལྷར་བསྐྱེད་བཟླས་བརྗོད་བྱ༔ ཁྱད་པར་ཚོགས་ཀྱི་མཆོད་པ་འབུལ༔ རྩ་བ་ཡན་ལག་ཉམས་པ་རྣམས༔ འགྱོད་པས་བཤགས་བསྡམ་དག་པར་བྱ༔ བཅུད་ཀྱི་དབུས་སུ་མཱ་མ་ཀཱི༔ ཏིང་འཛིན་རྩེ་གཅིག་གསལ་བཏབ་ལ༔ རང་གི་ཐུགས་ནས་འོད་འཕྲོས་པས༔ རིན་ཆེན་མཱ་ཀཱིའི་ཐུགས་རྒྱུད་བསྐུལ༔ དེ་ལས་རྗེས་ཆགས་འོད་ཟེར་དམར༔ ཉི་མ་འཆར་ཁའི་མདངས་ཅན་འཕྲོས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཐིམ༔ ཟག་མེད་བདེ་བས་རབ་ཏུ་མཉེས༔ དངོས་གྲུབ་ཡེ་ཤེས་དབང་གྱུར་བསམ༔ ཨོཾ་བཾ་རཏྣ་མཱ་མ་ཀཱི་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་སརྦ་ཛྙཱ་ན་སིདྡྷི་ཝཱ་ཤཾ་ཀུ་རུ་ཧོ༔ སྟོང་ཕྲག་སྙེད་དུ་དག་པར་བཟླ༔ བ་སྤུ་གཡོ་དང་བདེ་ཆེན་འབེབ༔ དེ་སོགས་གསང་བའི་རྟགས་མཐོང་ཚེ༔ ཡེ་ཤེས་གཟི་བྱིན་ལྷག་པར་དབབ༔ བརྟུལ་ཞུགས་བསྐྱེད་ལ་དངོས་གྲུབ་གསོལ༔ ཨོཾ༔ འོག་མིན་གསང་བའི་པདྨོ་ཆེ༔ བདེ་ཆེན་དབྱིངས་ཀྱི་བྷ་ག་རུ༔ དེ་བཞིན་གཤེགས་ཀུན་སྐུ་གསུང་ཐུགས༔ སྙིང་པོ་བདུད་རྩིའི་དཀྱིལ་འཁོར་ཤར༔ རྡོ་རྗེ་དགྱེས་པའི་རོལ་པ་ཡིས༔ ས་བཅུ་རྒྱུན་མཐའི་བྱང་སེམས་ལ༔ ལྷག་པའི་དངོས་གྲུབ་བསྩལ་པ་ལྟར༔ དེང་འདིར་བདག་ལའང་བསྩལ་དུ་གསོལ༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ༔ ངོ་མཚར་གནས་མཆོག་སིངྒའི་གླིང༔ ནགས་ཚལ་ཤེལ་གྱི་ཕུག་པ་རུ༔ སློབ་དཔོན་རྡོ་རྗེ་གསང་བ་དང༔ བྲམ་ཟེའི་བུ་མོ་བདེ་ལྡན་མས༔ བདུད་རྩིའི་དཀྱིལ་འཁོར་ཞལ་ཕྱེ་ཚེ༔ རྣམ་སྨིན་ལུས་དག་སྐྱེ་ཤི་བྲལ༔ ཡེ་ཤེས་དངོས་གྲུབ་བརྙེས་པ་ལྟར༔ དེང་འདིར་བདག་ལའང་བསྩལ་དུ་གསོལ༔ ཨོཾ་མ་ཧཱ་གུ་རུ་ཨ་མྲྀཏ་གུ་ཧྱ་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ༔ བྱིན་རླབས་གྲུབ་གནས་བལ་པོའི་ཡུལ༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ སློབ་དཔོན་བདེ་བ་ཆེན་པོ་དང༔ རྒྱལ་རིགས་ཤཱཀྱ་དེ་ཝཱི་ཡིས༔ བདུད་རྩིའི་གསང་མཆོག་སྒྲུབ་པའི་ཚེ༔ དཀྱིལ་འཁོར་གཙོ་བོ་ཡབ་ཡུམ་དང༔ དབྱེར་མེད་དངོས་གྲུབ་བརྙེས་པ་ལྟར༔ དེང་འདིར་བདག་ལའང་བསྩལ་དུ་གསོལ༔ ཨོཾ་བཛྲ་གུ་རུ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ བདུད་རྩི་གསང་བའི་དཀྱིལ་འཁོར་ནས༔ བདེ་ཆེན་དངོས་གྲུབ་སྩོལ་བའི་ལྷ༔ འཆི་མེད་རྡོ་རྗེ་ཧེ་རུ་ཀ༔ གཙོ་འཁོར་སྤྲུལ་དང་ཕོ་ཉའི་ཚོགས༔ སྔོན་གྱི་ཐུགས་དམ་དུས་ལ་བབ༔ དགྱེས་པ་ཆེན་པོའི་གཟི་བྱིན་སྐྱེད༔ ངོ་མཚར་རྟགས་ཀྱི་མཚན་མ་དང༔ ཆོ་འཕྲུལ་འབྱུང་བའི་དུས་ལ་བབ༔ ཧཱུྃ༔ བདག་ཅག་གསང་བའི་རྣལ་འབྱོར་པས༔ སྒྲུབ་པའི་དམ་རྫས་ཚུལ་བཞིན་སྦྱར༔ གཟུང་འཛིན་སྣང་བ་དབྱིངས་སུ་བསྟིམས༔ ཡུལ་དང་ཡུལ་ཅན་ཞེན་པ་བཏུལ༔ དངོས་གྲུབ་ཡེ་ཤེས་དབང་དུ་བྱས༔ བདེ་ཆེན་གཟི་བྱིན་ལྷག་པར་སྤེལ༔ ལྷ་སྔགས་ཏིང་འཛིན་རྒྱུན་མ་བཅད༔ རྩེ་གཅིག་གུས་པས་བསྒྲུབས་ལགས་ན༔ དགྱེས་པ་ཆེན་པོའི་རོལ་པ་ཡིས༔ དངོས་གྲུབ་རྣམ་གཉིས་བསྩལ་དུ་གསོལ༔ ཧཱུྃ༔ རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་ལྷ༔ ཧེ་རུ་ཀ་དཔལ་འཁོར་བཅས་ཀྱིས༔ བདེ་ཆེན་སྐུ་ཡི་དངོས་གྲུབ་སྩོལ༔ འཇའ་ཚོན་ལྟ་བུའི་ལུས་ཐོབ་མཛོད༔ རྡོ་རྗེ་གསུང་གི་དངོས་གྲུབ་སྩོལ༔ གཡུང་དྲུང་ལྟ་བུའི་སྲོག་ཐོབ་མཛོད༔ ཡེ་ཤེས་ཐུགས་ཀྱི་དངོས་གྲུབ་སྩོལ༔ འོད་གསལ་དགོངས་པ་མངོན་གྱུར་མཛོད༔ ཐུན་མོང་ལས་ཀྱི་དངོས་གྲུབ་སྩོལ༔ ཚར་གཅོད་རྗེས་འཛིན་ཐོགས་མེད་མཛོད༔ ཁྱད་པར་རྫས་ཀྱི་དངོས་གྲུབ་སྩོལ༔ མཁའ་སྤྱོད་ལ་སོགས་གྲུབ་པར་མཛོད༔ མཆོག་ཏུ་དབང་བཅུའི་དངོས་གྲུབ་སྩོལ༔ བདེ་ཆེན་ལོངས་སྤྱོད་རྒྱས་པར་མཛོད༔ མ་གཡེལ་རྡོ་རྗེ་བདུད་རྩིའི་ལྷ༔ དེང་འདིར་དངོས་གྲུབ་མ་ལུས་སྩོལ༔ ཞེས་བརྗོད་སྣོད་བཅུད་སྤྱི་བོར་བླང༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཛྙཱ་ན་ཀཱ་ཡ་སིདྡྷི་ཨོཾ༔ རྫས་དང་དབྱེར་མེད་ལྷ་ཚོགས་ལས༔ སྒྲ་འོད་ཟེར་གསུམ་བསམ་ཡས་འཕྲོས༔ བདག་རྟོག་ཕུང་པོའི་སྒྲིབ་པ་སྦྱངས༔ འཇའ་ཚོན་ལྟ་བུའི་སྐུ་ཐོབ་བསམ༔ རིལ་བུའི་ལྷ་ལས་ཧེ་རུ་ཀའི༔ ཡེ་ཤེས་ཕྱག་རྒྱ་ཆར་ལྟར་བབས༔ མཱ་མ་ཀཱི་དང་མཉམ་སྦྱོར་བས༔ རྗེས་ཆགས་བདུད་རྩིར་ཞུ་བར་བསམ༔ དམ་རྫས་དང་སྦྱར་མ་ད་ནའི༔ ཕུད་ཀྱིས་བླ་མ་ལྷར་བཅས་མཆོད༔ དགྱེས་པ་ཆེན་པོ་བསྐྱེད་པ་ལས༔ ལྷ་ཉིད་རྡོ་རྗེ་རིལ་བུའི་གཟུགས༔ དངོས་གྲུབ་རྟག་པ་དམ་པའི་དབྱིག༔ ཡེ་ཤེས་མཆོག་གི་བཅུད་དུ་བསམ༔ དམ་རྫས་སྣོད་བཅས་མགྲིན་པར་བཞག༔ གྲུབ་པའི་བདུད་རྩི་ལྷག་མེད་བཏུང༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཝཱ་ཀ་ཨཱ་ཡུ་ཥེ་སརྦ་སིདྡྷི་ཨཱ༔ རྩ་ཁམས་འཆི་མེད་བདུད་རྩིས་གང༔ སྒོ་གསུམ་བར་ཆད་སྒྲིབ་ཀུན་དག༔ རྡོ་རྗེའི་ཚེ་དང་ལང་ཚོ་འབར༔ གཡུང་དྲུང་ལྟ་བུའི་སྲོག་ཐོབ་བསམ༔ རིལ་བུ་སྙིང་ཁར་གཏུགས་ཤིང་མྱང༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཙིཏྟ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ལྷ་ཉིད་རྡོ་རྗེ་རིལ་བུའི་གཟུགས༔ སྙིང་ཁའི་མི་ཤིགས་ཐིག་ལེར་ཐིམ༔ བདེ་སྟོང་ཟུང་འཇུག་ཏིང་འཛིན་འབར༔ ཡེ་ཤེས་དགོངས་པ་མངོན་གྱུར་བསམ༔ གཞན་ཡང་ཚོགས་ཀྱི་ཡོ་བྱད་སོགས༔ དམ་ཚིག་དངོས་གྲུབ་རྫས་རྣམས་ལ༔ བདེ་ཆེན་མཐུ་ཡིས་ལོངས་སྤྱོད་པས༔ དངོས་གྲུབ་ཡེ་ཤེས་རྒྱས་པར་མོས༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཛྙཱ་ན་ཀརྨ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་བརྗོད་བདེ་བའི་བརྟུལ་ཞུགས་སྐྱེད༔ རྡོ་རྗེའི་གླུ་བླང་གར་ཡང་བྱ༔ གཞན་ཡང་རྗེས་ཀྱི་བྱ་བ་རྣམས༔ ཇི་སྐད་སྨྲོས་པ་བཞིན་དུ་སྤྱད༔ ཁྱད་པར་སྨོན་ལམ་རྩེ་གཅིག་གདབ༔ ཨོཾ༔ བདུད་རྩི་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ བདག་ཅག་རྡོ་རྗེའི་རྣལ་འབྱོར་འཁོར་བཅས་ཀྱིས༔ མཆོག་གི་དམ་རྫས་ཚུལ་བཞིན་བསྒྲུབས་པའི་མཐུས༔ ཧེ་རུ་ཀ་དང་སྤྱོད་ཡུལ་མཉམ་པར་ཤོག༔ དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར༔ གསང་ཆེན་སྔགས་ཀྱི་རིགས་སུ་སྐྱེ་བ་དང༔ བླ་མ་ལྷ་དང་སྐད་ཅིག་མི་འབྲལ་བས༔ མཆོག་ཐུན་དངོས་གྲུབ་མྱུར་དུ་འགྲུབ་པར་ཤོག༔ སྐུ་ཡི་ཕྱག་རྒྱས་སྣང་བ་ལྷ་སྐུར་ཤར༔ གསུང་གི་ཕྱག་རྒྱས་རླུང་སེམས་དབང་དུ་འདུས༔ ཐུགས་ཀྱི་ཕྱག་རྒྱས་བདེ་ཆེན་ཏིང་འཛིན་བརྟན༔ ཡེ་ཤེས་ཕྱག་རྒྱ་ཆེན་པོ་མངོན་གྱུར་ཤོག༔ གཞན་ཡང་བཀྲ་ཤིས་རྒྱས་པར་སྤེལ༔ དེ་ནས་དངོས་གྲུབ་བླངས་བྱས་ནས༔ གཞན་དོན་བདུད་རྩིའི་དབང་བསྐུར་ནི༔ སྣོད་ལྡན་སློབ་མས་མཎྜལ་ཕུལ༔ མཱ་མ་ཀཱི་དང་མཉམ་སྦྱོར་བའི༔ བདེ་ཆེན་བདུད་རྩིའི་སློབ་དཔོན་གྱིས༔ འཆི་མེད་རྟག་པའི་ཡེ་ཤེས་ཀྱི༔ དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་པས་གསོལ་གདབ་རྒྱུད་སྦྱངས་ལ༔ མ་ད་ན་ཡི་བདུད་རྩི་སྦྱིན༔ ཨོཾ༔ རྡོ་རྗེ་བདུད་རྩི་མཱ་མ་ཀཱིའི༔ དངོས་གྲུབ་ལྷག་པའི་དམ་རྫས་མཆོག༔ དེང་འདིར་ཁྱོད་ལ་སྦྱིན་པ་ཡིས༔ རྟོག་པའི་དྲི་མ་ཀུན་དག་ཤོག༔ ཨོཾ་བཛྲ་རཏྣ་མཱ་མ་ཀཱི་མ་ད་ན་ཨ་མྲྀཏ་ཧཱུྃ་ཧོ༔ བདུད་རྩིས་ལུས་གང་བདེ་བས་མྱོས༔ སྤང་བླང་རྟོག་པའི་དྲི་མ་དག༔ དངོས་གྲུབ་ཡེ་ཤེས་མཆོག་གི་སྣོད༔ རིན་ཆེན་མཱ་ཀཱིའི་སྐུར་གྱུར་བསམ༔ བྱིན་ཆེན་དབབ་ཅིང་བརྟན་པར་བྱ༔ དེ་ནས་དམ་རྫས་སྣོད་དང་བཅས༔ སྤྱི་བོར་བཞག་ཅིང་བྱིན་གྱིས་བརླབ༔ ཨོཾ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེའི༔ ཡེ་ཤེས་སྐུ་ཡི་དབང་བསྐུར་བས༔ ལུས་ཀྱི་སྒྲིབ་པ་ཀུན་དག་ནས༔ འཇའ་ཚོན་ལྟ་བུའི་སྐུ་ཐོབ་ཤོག༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རིལ་བུའི་ལྷ་ལས་འོད་ཟེར་འཕྲོས༔ སློབ་མའི་ཐ་མལ་སྣང་ཞེན་སྦྱངས༔ སྐུ་ཡི་ཕྱག་རྒྱ་མངོན་གྱུར་བསམ༔ ལྷ་ཉིད་རིལ་བུའི་གཟུགས་གྱུར་པ༔ མགྲིན་པར་བཞག་ཅིང་མཱ་མ་ཀཱིའི༔ བདུད་རྩི་དང་སྦྱར་ལྕེ་ལ་སྦྱིན༔ ཨཱ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེའི༔ བདེ་ཆེན་གསུང་གི་དབང་བསྐུར་བས༔ ངག་གི་སྒྲིབ་པ་ཀུན་དག་ནས༔ གཡུང་དྲུང་ལྟ་བུའི་སྲོག་ཐོབ་ཤོག༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཝཱ་ཀ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཨཱ༔ རིལ་བུ་ལྷ་དང་དབྱེར་མེད་པ༔ ལྕེ་ལ་བཞག་ཅིང་སྙིང་དབུས་བསྟིམ༔ ཧཱུྃ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེའི༔ འོད་གསལ་ཐུགས་ཀྱི་དབང་བསྐུར་བས༔ ཡིད་ཀྱི་སྒྲིབ་པ་ཀུན་དག་ནས༔ བདེ་ཆེན་ཡེ་ཤེས་འགྲུབ་པར་ཤོག༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིལ་བུའི་དམ་རྫས་ཀྱི༔ ཐིག་ལེ་སྙིང་ཁར་བཀོད་པ་ལས༔ སློབ་དཔོན་ཐུགས་ནས་ཧཱུྃ་འཕྲོས་ཐིམ༔ དོན་གྱི་ལྷན་སྐྱེས་མངོན་གྱུར་བསམ༔ ཨ༔ རྡོ་རྗེ་སྤྲོས་བྲལ་སྟོང་པ་ཉིད༔ བདུད་རྩི་བདེ་ཆེན་དྲི་མ་མེད༔ ཟུང་འཇུག་ཤིན་ཏུ་རྣམ་པར་དག༔ མཁའ་ཁྱབ་དགོངས་པ་མངོན་གྱུར་ཤོག༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ་ཧཱུྃ༔ འགྲོ་དོན་ལས་སྦྱོར་ཅི་རིགས་སྦྱིན༔ ཡོན་ཏན་བརྗོད་ཅིང་བསྒྲུབ་པར་གདམས༔ མཐའ་རྟེན་བཀྲ་ཤིས་གླུ་ཡང་བླང༔ དབང་འདིར་གང་གིས་འབྲེལ་པ་ཀུན༔ མཚམས་མེད་ལས་ཀྱང་ཀུན་བྱང་ནས༔ རིག་འཛིན་གྲུབ་པ་མཆོག་རྣམས་དང༔ སྐལ་བ་མཉམ་པ་ཁོ་ན་འོ༔ དེ་ལྟར་དོན་གཉིས་མཐར་ཕྱིན་ཕྱིར༔ འགྲོ་དོན་ལས་སྦྱོར་རྣམ་དྲུག་ནི༔ ཕྱི་ནང་མཚམས་ཀྱི་སྲུང་མ་ལ༔ གཏང་རག་དབུལ་ཞིང་གཤེགས་སུ་གསོལ༔ སླར་ཡང་ཤིས་པ་རྒྱ་ཆེར་བརྗོད༔ སྒྲུབ་པའི་དཀྱིལ་འཁོར་ཡོ་བྱད་བསྡུ༔ རིལ་བུ་བཀུར་སྟི་དང་བཅས་པས༔ མཆོད་པའི་གྲལ་དུ་སྤྱན་དྲངས་ལ༔ ཆ་གཅིག་རིན་ཆེན་འབྲུ་སྨན་བཅས༔ བུམ་པ་བཟང་པོའི་བཅུད་དུ་གཏམས༔ ལྷ་དང་གཞལ་ཡས་ཁང་དུ་བསམ༔ དཔལ་ཅན་རི་བོའི་སྒང་ལ་སྦས༔ ཨོཾ༔ བཀྲ་ཤིས་མི་འགྱུར་བརྟན་པའི་དངོས༔ སངས་རྒྱས་སྤྱན་མའི་མཁའ་དབྱིངས་སུ༔ བདེ་ཆེན་བདུད་རྩིའི་གཏེར་སྦས་པས༔ དངོས་གྲུབ་ཡེ་ཤེས་རྒྱས་གྱུར་ཅིག༔ ཨོཾ་བུདྡྷ་ལོ་ཙ་ནི་དྷཱ་ཏུ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་སིདྡྷི་ཏིཥྛནྟུ༔ ཞེས་དང་བཀྲ་ཤིས་མངའ་གསོལ་བྱ༔ རྡོ་རྗེ་བདུད་རྩིའི་བྱིན་རླབས་ཀྱིས༔ ཡུལ་དེར་ནད་མུག་མཚོན་འཁྲུགས་ཞི༔ རི་དེ་མཐོང་བ་ཙམ་གྱིས་ཀྱང༔ བྱང་ཆུབ་ས་བོན་ཐེབས་པར་འགྱུར༔ རི་བོ་མཐོང་གྲོལ་ལས་སྦྱོར་རོ༔ ཆ་གཅིག་དྲི་བཟང་གི་ཝང་བཅས༔ དུང་དང་གཎྜི་སིལ་སྙན་སོགས༔ རོལ་མོའི་རིགས་ལ་བྱུགས་ཤིང་གདགས༔ ཨོཾ༔ བཀྲ་ཤིས་ཆོས་ཀྱི་སྒྲ་ཆེན་ལྡན༔ རྡོ་རྗེ་སྙེམས་མའི་ཡེ་ཤེས་དང༔ བདེ་ཆེན་བདུད་རྩི་མཉམ་སྦྱོར་བས༔ སངས་རྒྱས་གསུང་དང་དབྱེར་མེད་ཤོག༔ ཨོཾ་ཧཱུྃ་སཏྭ་བཛྲཱི་ཎཱི་ཤབྡ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ རོལ་མོའི་སྒྲ་དེ་ཐོས་ཙམ་གྱིས༔ གནོད་པ་ཞི་ཞིང་དངོས་གྲུབ་རྒྱས༔ བྱང་ཆུབ་མཆོག་གི་རིགས་ཅན་འགྱུར༔ རོལ་མོ་ཐོས་གྲོལ་ལས་སྦྱོར་རོ༔ ཆ་གཅིག་ཟས་མཆོག་བདུད་རྩི་སྦྱར༔ རྒྱས་པའི་སྲེག་བླུགས་ཚུལ་བཞིན་དབུལ༔ གཞན་ཡང་བཟང་ཤིང་དུད་པ་དང༔ མཐུན་པའི་རླུང་སྦྱར་ཁྱབ་པར་སྤེལ༔ ཨོཾ༔ བཀྲ་ཤིས་ཟག་མེད་ཡེ་ཤེས་དྲི༔ དམ་ཚིག་སྒྲོལ་མའི་ཤུགས་འཆང་བ༔ བདེ་ཆེན་རྡོ་རྗེ་བདུད་རྩི་ཡི༔ ཡེ་ཤེས་འབེབ་པ་ཉིད་གྱུར་ཅིག༔ ཨོཾ་ཏཱཾ་ཏཱ་ར་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཛྙཱ་ན་ཨཱ་ཝེ་ཤ་ཡ་ཧཱུྃ་ཧཱུྃ༔ གང་གིས་དྲི་ཙམ་ཚོར་བས་ཀྱང༔ ནད་ཞི་གདོན་སེལ་ཚེ་བསོད་འཕེལ༔ བྱང་ཆུབ་ལམ་དུ་ཞུགས་པར་འགྱུར༔ བདུག་པ་ཚོར་གྲོལ་ལས་སྦྱོར་རོ༔ ཁྱད་པར་བདུད་རྩི་མྱང་ཚུལ་ནི༔ རང་ཉིད་རྡོ་རྗེ་བདུད་རྩིའི་ལྗགས༔ པདྨ་དམར་པོ་འདབ་བརྒྱད་པའི༔ ཟེའུ་འབྲུར་ཨཱཿཡིག་དམར་པོས་མཚན༔ མཐེ་བོང་པདྨ་གར་དབང་དང༔ སྲིན་ལག་གོས་དཀར་ཡུམ་དུ་གསལ༔ བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན༔ ལྗགས་ཀྱི་ཨཱཿལ་ཐིམ་པ་ཡིས༔ རྡོ་རྗེ་བདུད་རྩི་བདེ་བ་ཆེའི༔ ཡེ་ཤེས་ཆུ་རྒྱུན་རབ་ཏུ་འཕེལ༔ མགྲིན་པ་ནས་བརྒྱུད་ལུས་ཀུན་གང༔ ནད་གདོན་སྡིག་སྒྲིབ་རྣམ་རྟོག་སྦྱངས༔ བདེ་ཆེན་ཡེ་ཤེས་མཆོག་ཏུ་རྒྱས༔ དངོས་གྲུབ་ཐམས་ཅད་ཐོབ་པར་བསམ༔ ཨོཾ༔ བཀྲ་ཤིས་འཆི་མེད་བདུད་རྩིའི་བཅུད༔ གོས་དཀར་ཡུམ་གྱི་པདྨ་ལས༔ རྡོ་རྗེའི་ལྗགས་ཀྱིས་རབ་མྱངས་པས༔ དངོས་གྲུབ་རྣམ་གཉིས་བརྟན་པར་ཤོག༔ ཨོཾ་པཱཾ་པཎྜ་ར་བ་སི་ནཱི་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་སརྦ་སིདྡྷི་ཨོཾ་ཨཱཿཧཱུྃ་ཧོ༔ དེ་ལྟར་ཡུན་དུ་བསྟེན་པ་ཡིས༔ འཇའ་ཚོན་ལུས་དང་གཡུང་དྲུང་སྲོག༔ འོད་གསལ་ཡེ་ཤེས་མངོན་དུ་འགྱུར༔ གཞན་ཡང་དམ་ཚིག་ཉམས་ཆག་འདག༔ སྔགས་ཀྱི་ནུས་པ་འཕེལ་ཞིང་བརྟན༔ ནད་གདོན་བགེགས་དང་བར་ཆད་སྲུང༔ དངོས་གྲུབ་ཐམས་ཅད་རང་དབང་འདུ༔ གཞན་ལའང་ཚུལ་འདིས་བྱིན་པ་ཡིས༔ འབྲེལ་ཚད་བྱང་ཆུབ་སྐལ་ལྡན་འགྱུར༔ རྫས་མཆོག་མྱོང་གྲོལ་ལས་སྦྱོར་རོ༔ ཆ་གཅིག་ག་བུར་ལ་སོགས་པའི༔ དྲི་དང་སྦྱར་ཞིང་ལུས་ལ་བྱུག༔ རིན་ཆེན་ཟེ་འུར་མགུལ་དུ་བཅང༔ མཚན་ལྡན་ཕྱག་རྒྱ་ལ་ཡང་གདགས༔ ཨོཾ༔ བཀྲ་ཤིས་ཡིད་བཞིན་རིན་ཆེན་བཅུད༔ རེག་བྱ་མཱ་མ་ཀཱི་དང་སྦྱར༔ གང་གིས་འཆང་དང་རེག་པ་ཀུན༔ བདེ་ཆེན་ཡེ་ཤེས་རྒྱས་པར་ཤོག༔ ཨོཾ་བཾ་མཱ་མ་ཀཱི་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་སིདྡྷི་ཏིཥྛནྟུ་པུཥྚིཾ་ཀུ་རུ་ཨོཾ༔ རང་ཉིད་ཚེ་རིང་ནད་གདོན་ཞི༔ བསམ་རྒུ་འགྲུབ་ཅིང་བདེ་ཆེན་འཕེལ༔ གཞན་གྱི་ལུས་ལ་རེག་པས་ཀྱང༔ བྱང་ཆུབ་ལམ་དུ་ངེས་པར་འགྱུར༔ སྙིང་པོ་རེག་གྲོལ་ལས་སྦྱོར་རོ༔ ཆ་གཅིག་ཀླུ་ཡི་སྨན་དང་སྦྱར༔ རྒྱུན་འབབ་ཆུ་བོའི་འགྲམ་ངོགས་སུ༔ མཎྜལ་དབུས་སུ་ཚོམ་བུ་དང༔ སྨན་མཆོག་རིལ་བུ་དང་བཅས་བཤམ༔ རྡོ་རྗེ་བདུད་རྩི་མཱ་མ་ཀཱི༔ ཀླུ་ཆེན་བརྒྱད་ཀྱིས་བསྐོར་བར་བསྐྱེད༔ ཡེ་ཤེས་ལྷ་ལ་མཆོད་ཅིང་བསྟོད༔ ཀླུ་ལ་འོ་མའི་གཏོར་མ་སྦྱིན༔ ཨོཾ༔ ཀླུ་རྒྱལ་བྱང་ཆུབ་སེམས་དཔའ་རྣམས༔ རྡོ་རྗེའི་དམ་ཚིག་དང་དུ་ལོངས༔ ཡེ་ཤེས་བདུད་རྩིའི་ཕྲིན་ལས་ཀྱིས༔ མཁའ་ཁྱབ་འགྲོ་དོན་ལྷུན་གྲུབ་མཛོད༔ ཨོཾ་སརྦ་ནཱ་ག་ཨ་དྷི་པ་ཏི་བཛྲ་ཨ་མྲྀཏ་སརྦ་ཀརྨ་སིདྡྷི་ཀུ་རུ་ཧོ༔ དེ་ལྟར་གཉེར་དུ་གཏད་པ་ཡིས༔ གུས་ཤིང་དགའ་བས་དང་བླང་བསམ༔ ཡེ་ཤེས་རང་ཐིམ་ཀླུ་རྒྱལ་རྣམས༔ དགྱེས་ཤིང་མཆོད་པ་ཆེན་པོ་ཡིས༔ བཀུར་སྟི་དང་བཅས་རིལ་བུ་རྣམས༔ རྒྱ་མཚོའི་འཇིངས་སུ་སྤྱན་དྲངས་ཏེ༔ ཡིད་བཞིན་ནོར་བུའི་མཆོག་ཏུ་བཟུང༔ ཆུ་བོས་ཁྱབ་ཚད་གྲོལ་བར་བསམ༔ བདེན་ཚིག་སྨོན་ལམ་འདི་ཡང་བྱ༔ ཨོཾ༔ རྡོ་རྗེ་བདུད་རྩིའི་བྱིན་རླབས་དང༔ རིན་ཆེན་མཱ་ཀཱིའི་བདེན་སྟོབས་ཀྱིས༔ སྲིད་པའི་རླན་གྱིས་ཁྱབ་ཚད་ཀུན༔ བདེ་ཆེན་ཡེ་ཤེས་ལྷུན་གྲུབ་ཤོག༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་སརྦ་ཨརྠ་སིདྡྷི་སིདྡྷི་སྭཱ་ཧཱ༔ དེས་ནི་སྲིད་པའི་ཆུ་ཀླུང་དེས༔ ཁྱབ་ཅིང་མྱངས་པ་ཐམས་ཅད་ཀྱང༔ རྩོལ་མེད་ཕྲིན་ལས་ཤུགས་ཆེན་པོས༔ བྱང་ཆུབ་རིགས་སུ་སད་པར་འགྱུར༔ ཆུ་བོ་དབྱིངས་ཁྱབ་ལས་སྦྱོར་རོ༔ དེ་ལྟའི་ལས་སྦྱོར་རིམ་པ་རྣམས༔ བདུད་རྩིའི་སྦྱོར་བ་ཐམས་ཅད་དང༔ མྱང་གྲོལ་ཀུན་ལ་རིག་པས་སྦྱར༔ སངས་རྒྱས་ཕྲིན་ལས་མངོན་སུམ་བྱེད༔ དེ་ལྟར་མཆོག་གི་ལས་སྦྱོར་ནི༔ དངོས་གྲུབ་ཡེ་ཤེས་རྒྱས་པའི་ཐབས༔ རྡོ་རྗེ་བདུད་རྩིའི་དམ་རྫས་ཆེའི༔ ཡོན་ཏན་ཟབ་མོའི་རྒྱུད་སྡེ་ལས༔ རྡོ་རྗེ་ན་རའི་བཟའ་བ་ཡིས༔ ལུས་སེམས་སྡོམ་ལྡན་ཞེ་སྡང་དང༔ དེས་བསྐྱེད་ནད་གདོན་བགེགས་རིགས་སེལ༔ རྡོ་རྗེ་གསུམ་མཆོག་མངོན་དུ་བྱེད༔ རྡོ་རྗེ་ག་བིའི་བཟའ་བ་ཡིས༔ ལུས་སེམས་བརྟན་ཅིང་ང་རྒྱལ་དང༔ དེས་བསྐྱེད་ནད་གདོན་བགེགས་རིགས་སེལ༔ རྟག་པ་དམ་པའི་མཆོག་ཐོབ་འགྱུར༔ རྡོ་རྗེ་གྷོ་རའི་བཟའ་བ་ཡིས༔ བློ་གསལ་ཡིད་གཞུངས་འདོད་ཆགས་དང༔ དེས་བསྐྱེད་ནད་གདོན་བགེགས་རིགས་སེལ༔ ཀུན་མཁྱེན་ཉིད་ཀྱང་ཐོབ་པར་འགྱུར༔ རྡོ་རྗེ་ཤྭ་ནའི་བཟའ་བ་ཡིས༔ བྱིང་རྨུགས་ཞི་ཞིང་གཏི་མུག་དང༔ དེས་བསྐྱེད་ནད་གདོན་བགེགས་རིགས་སེལ༔ རིག་པ་འཛིན་པའི་གཟུགས་སུ་འགྱུར༔ རྡོ་རྗེ་ཧསྟིའི་བཟའ་བ་ཡིས༔ ཀུན་གྱི་ཡིད་འཕྲོག་ཕྲག་དོག་དང༔ དེས་བསྐྱེད་ནད་གདོན་བགེགས་རིགས་སེལ༔ སྟོབས་བཅུ་དག་ཀྱང་ཐོབ་པར་འགྱུར༔ བདུད་རྩི་མུ་ཏྲའི་དམ་ཚིག་གིས༔ ནད་ཀུན་སེལ་ཞིང་དབྱངས་སྙན་བྱེད༔ འགོ་བའི་ནད་དང་རིམས་རྣམས་སྲུང༔ མི་བསྐྱོད་རྡོ་རྗེའི་ཡེ་ཤེས་ཐོབ༔ བདུད་རྩི་བིཥྛའི་དམ་ཚིག་གིས༔ མདོག་བཟང་གཟི་བརྗིད་ཆེན་པོར་བྱེད༔ སྦྱར་དང་གྱུར་པའི་དུག་ཀུན་འཇོམས༔ རྡོ་རྗེ་རྟག་པའི་ཚེ་ཐོབ་འགྱུར༔ བདུད་རྩི་ཤུ་ཀྲའི་དམ་ཚིག་གིས༔ གཟུངས་དྲན་མངོན་ཤེས་སྣ་ཚོགས་འཆར༔ ནུས་པར་ལྡན་ཞིང་འདོད་རྒུ་འགྲུབ༔ རྡོ་རྗེ་སྟོབས་ཀྱི་མཆོག་ཐོབ་འགྱུར༔ བདུད་རྩི་རཀྟའི་དམ་ཚིག་གིས༔ རྒས་པ་མེད་པའི་དབང་པོ་གསལ༔ འབྱུང་བཞིར་དབང་བསྒྱུར་རྫུ་འཕྲུལ་སྟོབས༔ རྡོ་རྗེ་དབང་བཅུའི་མཆོག་ཐོབ་འགྱུར༔ བདུད་རྩི་གོ་རོ་ཙ་ན་ཡིས༔ འདོད་པའི་བདེ་བ་རབ་ཏུ་འཕེལ༔ ལས་རྣམས་ཐོགས་མེད་མཐུ་དང་ལྡན༔ རྡོ་རྗེ་སེམས་དཔའི་ལུས་ཐོབ་འགྱུར༔ དེ་རྣམས་ཐམས་ཅད་རབ་སྦྱར་བས༔ དུག་ལྔ་སེལ་ཞིང་ནད་ལྔ་ཞི༔ གདོན་ལྔ་འཇོམས་ཤིང་སྟོབས་ལྔ་ཐོབ༔ སྐུ་ལྔ་ཡེ་ཤེས་ལྔ་འགྲུབ་འགྱུར༔ རྣམ་མང་སྨན་དང་སྦྱར་བ་ཡིས༔ འདུ་བའི་ནད་རྣམས་འབྱང་བ་དང༔ ཚེ་རིང་རྒས་སྲ་དབང་པོ་གསལ༔ རྩ་རླུང་ཐིག་ལེ་ལས་རུང་བྱེད༔ ཁྱད་པར་མཆོག་ཏུ་བྱིན་བརླབས་པས༔ ཕྱི་ནང་དཔའ་བོ་མཁའ་འགྲོ་འདུ༔ ཡུལ་ཕྱོགས་དགེ་ཞིང་བཀྲ་ཤིས་འཕེལ༔ སྒྲུབ་གནས་བྱིན་ཆགས་ཡེ་ཤེས་སྐྱེ༔ འཇའ་ཚོན་ལུས་དང་གཡུང་དྲུང་སྲོག༔ འོད་གསལ་དགོངས་པ་མངོན་གྱུར་ནས༔ རྡོ་རྗེ་བདུད་རྩི་བདེ་བ་ཆེའི༔ གོ་འཕང་དཀའ་བ་མེད་པར་ཐོབ༔ རིལ་བུ་གང་གིས་མཐོང་བ་འམ༔ དྲི་ཚོར་མགུལ་དུ་འཆང་བ་དང༔ ཅུང་ཟད་མྱང་བ་ཐམས་ཅད་ཀྱང༔ ལྕགས་ལ་གསེར་འགྱུར་རྩིས་བཏབ་བཞིན༔ བདེ་བ་ཆེན་པོས་བྱིན་བརླབས་པས༔ འཁོར་བ་ངན་སོང་ལས་གྲོལ་ཞིང༔ མཐོ་རིས་ཐར་པའི་བདེ་བ་དང༔ བྱང་ཆུབ་མཆོག་གི་རིགས་སུ་སྐྱེ༔ ལྷ་དང་རིལ་བུ་དབྱེར་མེད་པ༔ མཐོང་བས་བུམ་དབང་རྟོགས་པ་ཐོབ༔ མྱངས་པས་གསང་བའི་ཡེ་ཤེས་དང༔ བྱང་སེམས་འཕེལ་བས་དགའ་བཞི་སྐྱེ༔ དེ་ཉིད་ངང་དུ་མཉམ་བཞག་པས༔ སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཀུན༔ དོན་གྱི་བདུད་རྩིར་རྣམ་དག་པའི༔ བཞི་པའི་ལམ་མཆོག་ཚེ་འདིར་འགྲུབ༔ དེ་ཕྱིར་གསང་བའི་རྒྱུད་ཆེན་པོ༔ མཐའ་དག་ཀུན་གྱི་སྙིང་པོའི་བཅུད༔ མཆོག་གི་རྫས་ཀྱི་སྦྱོར་བ་འདི༔ རྣལ་འབྱོར་རྣམས་ཀྱིས་འབད་དེ་སྒྲུབས༔ ཐུན་དྲུག་བཞི་འམ་རེ་རེ་འམ༔ དཀར་ནག་ཕྱོགས་ཀྱི་ཚེས་གཅིག་ལ༔ སྔགས་པས་རབ་ཏུ་བསྟེན་བྱ་སྟེ༔ སངས་རྒྱས་དམ་ཚིག་མཆོག་ཏུ་གསུངས༔ དེ་ལྟར་གྲོལ་བ་བླ་མེད་པ༔ རྡོ་རྗེ་བདུད་རྩིའི་རིལ་བུ་ནི༔ ཟུང་འཇུག་ཡེ་ཤེས་མཆོག་འགྲུབ་པའི༔ ལམ་གྱི་མཚམས་སྦྱོར་ཡང་དག་གོ༔ དཔལ་རྡོ་རྗེ་བདུད་རྩི་ཡོངས་རྫོགས་འཆི་མེད་བདུད་རྩིའི་ཏིང་ངེ་འཛིན་གྱི་རིམ་པར་ཕྱེ་བ་སྟེ་ལྔ་པའོ༔ ས་མ་ཡ༔ ྈྈྈྈྈ ཞི་བ་དང་ནི་རྒྱས་པ་དང༔ དབང་དང་མངོན་སྤྱོད་མཆོག་གི་ལས༔ ཐམས་ཅད་མེ་ཡིས་བྱེད་པ་སྟེ༔ སོ་སོའི་རིགས་ཀྱིས་བསྒྲུབ་པར་བྱ༔ སྔགས་མཁན་བྱང་ཆུབ་སེམས་ལྡན་པས༔ ཞི་ཞིང་རབ་ཏུ་སྙེམས་པ་དང༔ ཆགས་དང་ཁྲོ་གཏུམ་བདེ་བ་ཆེའི༔ བསམ་དང་སྦྱོར་བ་སྔོན་འགྲོ་བས༔ ས་གཞི་གར་གྱིས་སྦྱང་བ་འམ༔ ཡང་ན་གཏོར་མ་བྱིན་པས་བསླང༔ རྡོ་རྗེའི་ཆུ་དང་བདུད་རྩིས་གཏོར༔ རྒྱུད་དག་རིག་མ་དང་བཅས་ཏེ༔ རྣལ་འབྱོར་ལས་ལ་རབ་ཏུ་འཇུག༔ བདག་ཉིད་ལྷ་ཡི་སྦྱོར་ལྡན་པས༔ སྙོམས་ཞུགས་བདེ་ཆེན་གཟི་བྱིན་སྐྱེད༔ དེ་ནས་ཐབ་ཁུང་འདུ་བྱའི་ཕྱིར༔ ཁྲུ་གང་དཀར་ཟླུམ་ཞི་བ་སྟེ༔ ཁྲུ་དོ་སེར་པོ་གྲུ་བཞི་རྒྱས༔ ཁྲུ་ལྷག་་་སོར་བཅུ་དྲུག།དམར་པོ་ཟླ་གམ་དབང༔ སོར་མོ་ཉི་ཤུ་མཐིང་ནག་མདོག༔ ཟུར་གསུམ་མངོན་སྤྱོད་ལས་སུ་ཤེས༔ མཆོག་ལ་རྒྱས་པ་ཅི་བཞིན་སྦྱར༔ ཁུང་བུ་འབྲུ་འམ་རི་མོས་མཚོན༔ སོ་སོའི་བུད་ཤིང་ལེགས་པར་བརྩིག༔ ཕྱོགས་དུས་གོས་རྒྱན་འདུག་སྟངས་སོགས༔ གསང་བ་སྤྱི་དང་མཐུན་པར་བརྟག༔ ཐུགས་གསུང་སྐུ་ཡི་དམ་ཚིག་གཟུང༔ མཆོད་དང་བསྲེག་བྱའི་རྫས་རྣམས་བརླབ༔ ལས་མཐུན་རྡོ་རྗེའི་མེ་ལྕེ་སྦར༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཛྭ་ལ་རཾ༔ དག་བྱེད་ཀུ་ཤའི་ཆུན་པོ་དགྲམ༔ འབར་བའི་དབུས་སུ་མེ་ལྷ་བསྐྱེད༔ ཨོཾ་སརྦ་དེ་ཝ་པཱུ་ཛ་མ་ཧཱ་ཏེ་ཛ་ཨགྣི་ཨེ་ཧྱེ་ཧི༔ དགུག་བསྟིམ་མཉེས་པའི་མཆོད་པ་འབུལ༔ ཕྲིན་ལས་གསོལ་ཞིང་འབར་བའི་ཀློང༔ ལས་དང་རྗེས་མཐུན་ལྷ་བསྐྱེད་དེ༔ བདུད་རྩི་འཁྱིལ་པས་ཞི་བ་ཉིད༔ བདུད་རྩི་ཁྲག་འཐུང་རྒྱས་པར་བརྟག༔ བདུད་རྩི་མཱ་ཀཱིས་དབང་བྱེད་དེ༔ བདུད་རྩི་ཧཱུྃ་གིས་བགེགས་ཀུན་སྲེག༔ རྡོ་རྗེ་བདུད་རྩི་བདེ་བ་ཆེས༔ མཆོག་གི་ཡེ་ཤེས་རྒྱས་པར་འགྱུར༔ དེ་ལྟར་དམ་ཚིག་གསལ་བཏབ་ལ༔ ཡེ་ཤེས་དགུག་བསྟིམ་རང་དབང་བསྐུར༔ ཕྱག་མཆོད་བསྟོད་པ་སྔོན་འགྲོ་བས༔ རང་སྔགས་ལས་ཀྱི་སྦྱོར་ལྡན་པས༔ བདུད་རྩིའི་སྤྲིན་གྱི་ཏིང་འཛིན་བཅས༔ མར་དང་ཡམ་ཤིང་མེ་ཏོག་དཀར༔ ཡུངས་དཀར་ཏིལ་གྱིས་ཞི་བར་བྱེད༔ ཨོཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རིན་ཆེན་འབེབ་པའི་ཏིང་འཛིན་དང༔ མར་དང་ཡམ་ཤིང་མེ་ཏོག་སེར༔ རིན་ཆེན་ཟས་མཆོག་རྒྱས་པར་བྱེད༔ སྭཱ་པུཥྚིཾ་ཀུ་རུ་ཨོཾ༔ རྡོ་རྗེ་ལྕགས་ཀྱུའི་ཏིང་འཛིན་དང༔ མར་དང་ཡམ་ཤིང་མེ་ཏོག་དམར༔ ཆང་དང་སྦྲང་རྩིས་འགུགས་པར་བྱེད༔ ཨཱཿཝཱ་ཤཾ་ཀུ་རུ་ཧོ༔ མཚོན་ཆའི་ཆར་འབེབ་ཏིང་འཛིན་དང༔ མར་དང་ཡམ་ཤིང་མེ་ཏོག་ནག༔ ཁྲག་དང་དུག་གིས་བརླག་པར་བྱེད༔ ཧཱ་མཱ་ར་ཡ་ཕཊ༔ སྙོམས་འཇུག་བདེ་བའི་ཏིང་འཛིན་དང༔ མར་དང་ཡམ་ཤིང་མེ་ཏོག་སྔོ༔ ཤ་ལྔ་བདུད་རྩིས་མཆོག་འགྲུབ་འགྱུར༔ ཧཱུྃ་མ་ཧཱ་སུ་ཁ་ས་མ་ཡ་སིདྡྷི་ཧོ༔ གར་དང་ཚོགས་དང་མ་ད་ན༔ གོས་ཟུང་སོ་རྩི་དག་ཀྱང་དབུལ༔ གཏང་རག་བྱ་ཞིང་ནོངས་པ་བཤགས༔ ཡེ་ཤེས་ལྟེ་བའི་ཨ་ལ་བསྡུ༔ དམ་ཚིག་འབར་བ་མེ་ཡི་ལྷར༔ བསྲེག་རྫས་ལྷག་མ་བྱིན་ནས་ཀྱང༔ ཤིས་པར་གསོལ་ལ་རང་གནས་གཏང༔ ལས་ཀྱི་རྗེས་རྣམས་ཚུལ་བཞིན་བསྡུ༔ དགའ་སྟོན་བྱ་ཞིང་སྨོན་ལམ་གདབ༔ བཀྲ་ཤིས་མེ་ཏོག་ཆར་དུ་དབབ༔ འདིས་ནི་དམ་ཚིག་ཉམས་ཆག་འདག༔ སྔགས་ཀྱི་ནུས་པ་རབ་ཏུ་འབྱིན༔ བསམ་པའི་དོན་ཀུན་རྫོགས་བྱེད་པའི༔ ལས་ཀྱི་རིམ་པ་ཡང་དག་གོ༔ དཔལ་རྡོ་རྗེ་བདུད་རྩི་ལས་ཐམས་ཅད་རབ་ཏུ་སྒྲུབ་པ་འབར་བ་ཆེན་པོའི་ཏིང་ངེ་འཛིན་གྱི་རིམ་པར་ཕྱེ་བ་སྟེ་དྲུག་པའོ༔ ས་མ་ཡ༔ ྈྈྈྈྈྈ དེ་ལྟར་ལས་དང་ཡེ་ཤེས་ཀྱི༔ དངོས་གྲུབ་མཆོག་གི་སྣོད་རུང་ཕྱིར༔ སྨིན་བྱེད་དབང་གི་ཆོ་ག་ནི༔ ཡོངས་རྫོགས་བདུད་རྩིའི་སྒོ་ནས་སྦྱིན༔ སློབ་དཔོན་སྔགས་ཤེས་རྒྱུད་རིག་པ༔ ཏིང་འཛིན་ལས་སུ་རུང་བ་ཡིས༔ ལྷ་ལ་དབང་མི་ཟ་བའི་ཕྱིར༔ ཐོག་མར་བསྙེན་པས་ནུས་པ་དབྱུང༔ ཕྱི་ནས་ས་གཞི་བརྟགས་བྱས་ལ༔ བསླང་དང་སྦྱང་དང་སྲུང་བ་སོགས༔ ཇི་ལྟར་རིགས་པ་རབ་སྦྱར་ནས༔ གནས་ཁང་ལས་སུ་རུང་བར་བྱ༔ དེ་ནས་སྙན་གསན་དབབ་པའི་ཕྱིར༔ ཐུགས་ཀའི་འོད་ཀྱིས་དཀྱིལ་འཁོར་པ༔ ནམ་མཁའ་གང་བ་སྤྱན་དྲངས་ཏེ༔ མཆོད་ཅིང་བསྟོད་ལ་གསོལ་བ་གདབ༔ ཨོཾ༔ རྡོ་རྗེ་བདུད་རྩི་བཅོམ་ལྡན་འདས༔ དགྱེས་པ་ཆེན་པོའི་ལྷ་ཚོགས་ཀྱིས༔ ས་གཞི་ཡོངས་སུ་དག་པ་དང༔ བདག་དང་སློབ་མར་བྱིན་བརླབ་གསོལ༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ས་མ་ཡ་སཏྭཾ༔ ཞེས་གསོལ་དགྱེས་པས་ཞལ་བཞེས་ཤིང༔ དགའ་བའི་སྒྲར་བཅས་ས་ལ་ཐིམ༔ བདེ་བ་ཆེན་པོའི་རང་བཞིན་གྱི༔ ཡེ་ཤེས་གཟི་བྱིན་འབར་བར་བརྟག༔ བུམ་པ་ཆས་སུ་གཞུག་བྱས་ལ༔ ཧཱུྃ་གི་སྒྲ་ཡིས་སྐད་ཅིག་གིས༔ ལྷ་གསལ་བཟླས་པས་ཐུགས་དམ་བསྐུལ༔ འོད་ཞུ་ནུས་པ་ལྡན་པར་བསམ༔ སློབ་མ་སྣོད་ལྡན་ཁྲུས་ནས་དབྱུང༔ བགེགས་བསལ་རྡོ་རྗེའི་སྲུང་འཁོར་བསྒོམ༔ མཎྜལ་དང་བཅས་གུས་བཏུད་ནས༔ དཀྱིལ་འཁོར་གཙོ་བོ་སློབ་དཔོན་ཆེས༔ བདག་ལ་ཐུགས་བརྩེས་ཉེར་དགོངས་ནས༔ སྔགས་ཀྱི་ཆོ་གའི་མཐུ་ཆེན་པོས༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཞེས་གསོལ་ལན་གྱིས་སྤྲོ་བ་སྐྱེད༔ ཨེ་མ་ཚུལ་ཆེན་སྔགས་ཀྱི་མཆོག༔ དུས་གསུམ་རྒྱལ་བའི་ལམ་ཆེན་པོ༔ ཁྱོད་ལ་རབ་ཏུ་བསྟན་པར་བྱ༔ སྤྲོ་བ་སྐྱེད་ལ་གུས་པ་ཡིས༔ རང་རྒྱུད་ཡོངས་སུ་དག་པ་དང༔ རྡོ་རྗེའི་དམ་ཚིག་ཚུལ་བཞིན་སྲུངས༔ ཞེས་གདམས་སྐྱབས་སེམས་སྔོན་འགྲོ་བས༔ སྔགས་ཀྱི་སྡོམ་པ་སྦྱིན་པར་བྱ༔ བླ་མ་རྡོ་རྗེ་བདུད་རྩིའི་ལྷ༔ དཔའ་བོ་རྣལ་འབྱོར་མ་ཚོགས་ཀུན༔ བདག་ལ་དགོངས་པར་མཛད་དུ་གསོལ༔ བདག་གིས་བྱང་ཆུབ་སྙིང་པོའི་བར༔ མཐའ་ཡས་འགྲོ་རྣམས་བསྒྲལ་བའི་ཕྱིར༔ གསང་བ་མཆོག་གི་སྒོར་ཞུགས་ནས༔ ཉེས་སྤྱོད་ཆ་དང་བཅས་པ་སྡོམ༔ དགེ་བའི་ཆོས་རྣམས་རབ་ཏུ་སྡུད༔ སེམས་ཅན་དོན་ནི་མཉམ་མེད་སྤྱད༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ མ་ལུས་བཟུང་ཞིང་བསྲུང་བར་བགྱི༔ ལན་གསུམ་བརྗོད་པས་དམ་བཅའ་གཟུང༔ གཞི་ལུས་རྡོ་རྗེ་བདུད་རྩིར་བསྐྱེད༔ རྡོ་རྗེ་གསུམ་དུ་བྱིན་བརླབས་ལ༔ མེ་ཏོག་སྤོས་སོགས་མཆོད་པས་མཆོད༔ རྡོ་རྗེ་ཁྲག་འཐུང་སོ་ཤིང་སྦྱིན༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུྃ་ཕཊ༔ བུས་ཀྱང་བླངས་ལ་ཐལ་མོས་བཟུང༔ སྔགས་བཅས་སོ་ཤིང་ར་བར་དོར༔ ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ཧ་ས་ཧཾ༔ ལྟས་དང་སྦྱར་ཏེ་ལུང་ཡང་བསྟན༔ བདུད་རྩི་མཱ་ཀཱིའི་ཁྱོར་ཆུ་ཡིས༔ མཚན་མའི་རྣམ་པར་རྟོག་པ་སྦྱང༔ ཨོཾ་བཛྲ་ཨ་མྲྀཏ་མཱ་མ་ཀཱི་སརྦ་སཾ་ཀལྤ་བི་ཤོ་དྷ་ན་སྭཱ་ཧཱ༔ རྡོ་རྗེ་ཧཱུྃ་གི་སྐུད་པས་བཅིང༔ ཨོཾ་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཧཱུྃ་ཧཱུྃ༔ བདུད་རྩི་འཁྱིལ་བའི་རང་བཞིན་གྱི༔ དག་བྱེད་རྩྭ་ཡི་སྔས་སྟན་གཏད༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཨ་པྲ་ཏི་ཧ་ཏ་ཧཱུྃ་ཕཊ༔ སླར་ཡང་སྔགས་ལ་བློ་བརྟན་ཕྱིར༔ འཇིག་རྟེན་སངས་རྒྱས་འབྱུང་བ་ལས༔ རབ་ཏུ་དཀོན་པའི་རྡོ་རྗེའི་ཐེག༔ དེ་རིང་རྙེད་དོ་སྐལ་བཟང་རྣམས༔ ཚུལ་ཆེན་འདི་ལ་གནས་པར་གྱིས༔ རྨི་ལམ་བརྟག་ཅིང་མཚན་མ་བཤད༔ དེ་ནས་འཇམ་པའི་སྟེགས་བུ་ལ༔ བདུད་རྩིའི་ཆུ་ཡིས་སྐྱང་ནུལ་བྱ༔ ཅི་རིགས་མཚན་མའི་དཀྱིལ་འཁོར་དང༔ བུམ་པ་ལ་སོགས་འདུ་བྱས་ལ༔ སྐུ་ཡི་རྟེན་དུ་མཁས་པས་བརྟག༔ གསུང་ནི་དེ་བཞིན་བདུད་རྩི་སྟེ༔ ཐུགས་ནི་མེ་ལོང་སིནྡྷུ་ར༔ དགའ་འཁྱིལ་བཾ་གྱིས་མཚན་པ་བཤམ༔ གཞན་ཡང་ཤར་དུ་རྡོ་རྗེ་ཆུ༔ ལྷོ་རུ་རྡོ་རྗེ་བདུག་པ་དང༔ ནུབ་ཏུ་རྡོ་རྗེ་མ་ད་ན༔ བྱང་དུ་རྡོ་རྗེ་བདུད་རྩི་མཆོག༔ དངོས་གྲུབ་ཚོགས་ཀྱི་རྫས་རྣམས་དགོད༔ མཐའ་སྐོར་མཆོད་གཏོར་ཕྲེང་བ་དང༔ བ་དན་རྒྱལ་མཚན་དྲྭ་བ་སོགས༔ མཛེས་ཤིང་བརྗིད་དང་ལྡན་པར་བཀླུབས༔ རྡོ་རྗེ་བདུད་རྩི་བདེ་བ་ཆེའི༔ ཕྲིན་ལས་རིམ་པ་ཚུལ་བཞིན་བསྒྲུབ༔ ཚོགས་དང་བདུད་རྩིའི་མཆོད་པ་བྱ༔ བདག་ཉིད་ནུས་ཐོན་སློབ་དཔོན་གྱིས༔ རྡོ་རྗེའི་སློབ་མ་རྗེས་བཟུང་ཕྱིར༔ དཀྱིལ་འཁོར་འཇུག་དང་དབང་བསྐུར་དང༔ རྗེས་སུ་གནང་བ་རྣམ་གསུམ་གྱིས༔ གོ་འཕང་ཆེན་པོའི་མཆོག་ལ་བཞག༔ དེ་ལ་ཕྱི་འཇུག་སྦྱོར་བ་ནི༔ བདུད་རྩི་འཁྱིལ་བའི་ཁྲུས་ནས་དབྱུང༔ ཧཱུྃ་གིས་བགེགས་བསྐྲད་སྲུང་མཚམས་གཅད༔ རྡོ་རྗེའི་གྲལ་འཁོད་མཎྜལ་དབུལ༔ མིག་དགབ་མེ་ཏོག་ཕྲེང་བ་གཏད༔ དངོས་གཞི་གསོལ་གདབ་སྡོམ་གཟུང་བར༔ ལྷག་གནས་ཆོ་ག་བཞིན་དུ་བྱ༔ གསང་སྔགས་ནང་གི་སེམས་བསྐྱེད་བརྟན༔ ཨོཾ་བོ་དྷི་ཙིཏྟ་བཛྲ་ས་མ་ཡ་ཨ་ཨཱ༔ ཨོཾ་བོ་དྷི་ཙིཏྟ་བཛྲ་ས་མ་ཡ་སཏྭཾ༔ དེ་ནས་རྡོ་རྗེ་སྤྱི་བོར་བཞག༔ དེང་ཁྱོད་རྡོ་རྗེ་བདུད་རྩི་ཡི༔ དཀྱིལ་འཁོར་ཆེན་པོར་གཞུག་པར་བྱ༔ གསང་བ་མཆོག་གི་སྤྱོད་པ་འདི༔ གཞན་དུ་སྨྲས་ན་ཉམས་པར་འགྱུར༔ མ་ཧཱ་ས་མ་ཡ་སཏྭཾ༔ ཞེས་གདམས་དཀྱིལ་འཁོར་ནང་དུ་གཞུག༔ བཛྲ་པྲ་བེ་ཤ་ཡ་ཕཊ༔ ཛཿཧཱུྃ་བཾ་ཧོ༔ སྦྱོར་བ་གུས་པས་ཕྱག་བྱ་ཞིང༔ ཨོཾ་གུ་རུ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་མཎྜ་ལ་ན་མཱ་མི༔ སླར་ཡང་ཤར་སྒོར་འཁོད་པ་ལ༔ མཱ་མ་ཀཱི་ཡི་བདུད་རྩི་སྦྱིན༔ ཐུངས་ཤིག་རྡོ་རྗེ་མཱ་མ་ཀཱིའི༔ ཡེ་ཤེས་བདུད་རྩི་འདི་ཐུངས་ཤིག༔ དམ་ཚིག་ཉམས་ན་རབ་ཏུ་སྲེག༔ བསྲུངས་ན་ཚེ་འདིར་དངོས་གྲུབ་ཐོབ༔ ས་མ་ཡ་བཛྲ་མཱ་མ་ཀཱི་ཨ་མྲྀཏ་ཨུ་ད་ཀ་ཋ་ཋཱ༔ དེ་ལྟར་བདུད་རྩི་མྱངས་པ་ལས༔ ལུས་གང་སྒྲིབ་པ་ཐམས་ཅད་དག༔ བདེ་ཆེན་ཡེ་ཤེས་འབར་བ་ཡིས༔ སྐད་ཅིག་རྡོ་རྗེ་བདུད་རྩི་ཆེ༔ ཁ་སྦྱོར་སྐུ་རུ་ལམ་གྱིས་གསལ༔ དངོས་གཞི་ཡེ་ཤེས་དབབ་ཅིང་བརྟན༔ རིགས་བརྟག་སླད་དུ་མེ་ཏོག་དོར༔ ཨོཾ་བཛྲ་པུཥྤེ་ས་མ་ཡ་ཨཱཿཧཱུྃ༔ གང་བབས་རིགས་སུ་ངེས་བྱས་ལ༔ སླར་ཡང་མེ་ཏོག་སྤྱི་བོར་འཆིང༔ ཨོཾ་བཛྲ་པུཥྤེ་ས་མ་ཡ་སཏྭཾ༔ ཡེ་ཤེས་ཐུར་མས་མིག་ཀྱང་དབྱེ༔ ཨོཾ་ཛྙཱ་ན་བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ལྟོས་ཤིག་སྐལ་ལྡན་རིགས་ཀྱི་བུ༔ ཕྱག་རྒྱའི་དཀྱིལ་འཁོར་འདི་ལ་ལྟོས༔ ཁྱོད་ནི་སྒྲིབ་དག་ཡེ་ཤེས་མཐོང༔ རྡོ་རྗེ་བདུད་རྩིའི་རིགས་སུ་སྐྱེས༔ སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས༔ དངོས་གྲུབ་དམ་པ་འཐོབ་པར་འགྱུར༔ ཞེས་པས་སྤྲོ་བ་བསྐྱེད་བྱས་ལ༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྟན༔ དེ་ནི་འཇུག་པའི་རིམ་པ་འོ༔ དེ་ནས་དངོས་གཞིའི་དབང་བསྐུར་ལ༔ བུམ་པ་གསང་བ་ཤེས་རབ་དང༔ དེ་ཉིད་ངོ་སྤྲོད་བཞི་པ་སྟེ༔ རྣམ་པ་བཞི་ཡིས་སྨིན་པར་བྱ༔ དང་པོ་བུམ་པའི་དབང་གི་སླད༔ མཎྜལ་འབུལ་ཞིང་གསོལ་བ་གདབ༔ ཇི་ལྟར་རྡོ་རྗེ་བདུད་རྩི་ཆེས༔ རིགས་ཀྱི་སྲས་རྣམས་དབང་བསྐུར་ལྟར༔ བདག་ཀྱང་ཡོངས་སུ་གཟུང་བའི་ཕྱིར༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ནམ་མཁའ་གང་བའི་དབང་ལྷ་དང༔ སློབ་དཔོན་ལྷན་ཅིག་དབང་བསྐུར་བསམ༔ རྡོ་རྗེ་བདུད་རྩིའི་ཆུ་དབང་སྦྱིན༔ ཧཱུྃ༔ རྡོ་རྗེ་བདུད་རྩིའི་ཡེ་ཤེས་ནི༔ བྱང་ཆུབ་སེམས་ཀྱི་རྒྱུན་དང་སྦྱར༔ དག་པའི་དེ་ཉིད་བདེ་བ་ཆེས༔ སངས་རྒྱས་ཐུགས་སུ་དབང་བསྐུར་རོ༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་སུ་ར་ཏཱ་སཏྭཾ་ཨ་ཧཾ༔ མཱ་མ་ཀཱི་ཡི་དབུ་རྒྱན་བཅིང༔ ཏྲཱཾ༔ རིན་ཆེན་མཱ་ཀཱིའི་ཡེ་ཤེས་ནི༔ བདེ་གཤེགས་ལྔ་བདག་ཅོད་པན་ཆེ༔ དར་དཔྱང་དག་དང་རབ་ལྡན་པས༔ སངས་རྒྱས་ཡོན་ཏན་དབང་བསྐུར་རོ༔ ཨོཾ་རཏྣ་མཱ་མ་ཀཱི་བཛྲ་མུ་ཀུཊ་པ་ཊ་ལཾ་བྷ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་མཛད་ཆེན་པོའི་རྡོ་རྗེ་གསོར༔ ཧྲཱི༔ ཧཱུྃ་མཛད་ཆེན་པོའི་ཡེ་ཤེས་ནི༔ ཐབས་ཀྱི་རྡོ་རྗེ་བདེ་བ་ཆེ༔ རབ་ཏུ་གསོར་ཞིང་བསྐྱོད་པ་ཡིས༔ སངས་རྒྱས་གསུང་གི་དབང་བསྐུར་རོ༔ ཨོཾ་བཛྲ་ཧཱུྃ་ཀཱ་ར་བཛྲ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ བདུད་རྩི་འཁྱིལ་བའི་དྲིལ་བུ་འཁྲོལ༔ ཧཱ༔ བདུད་རྩི་འཁྱིལ་བའི་ཡེ་ཤེས་ནི༔ ཤེས་རབ་དྲིལ་བུའི་སྒྲ་ཆེན་པོས༔ འཁོར་འདས་ཐམས་ཅད་སད་མཛད་པས༔ སངས་རྒྱས་ཕྲིན་ལས་དབང་བསྐུར་རོ༔ ཨོཾ་བཛྲ་ཨ་མྲྀཏ་ས་མ་ཡ་གཎྜེ་ཨ་ཨཱ༔ བདུད་རྩི་ཁྲག་འཐུང་མིང་ཡང་གདགས༔ ཨོཾ༔ དཔལ་ལྡན་ཁྲག་འཐུང་ཡེ་ཤེས་ནི༔ རྡོ་རྗེའི་མིང་དང་གཉིས་སུ་མེད༔ སྲིད་པ་ཀུན་ཏུ་རབ་གྲགས་པས༔ སངས་རྒྱས་སྐུ་ཡི་དབང་བསྐུར་རོ༔ ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་ནཱམ་ཨ་བྷི་ཥེ་ཀ་ཏ་ཨོཾ༔ སློབ་དཔོན་ཆེན་པོར་རབ་བསྒྲུབ་ཕྱིར༔ གསང་བའི་བུམ་པ་་་ཐོད་པ་བདུད་རྩིས་གང་བ།གནས་གསུམ་བཞག༔ ཨོཾ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེའི༔ ཐུགས་གསུང་སྐུ་རུ་དབང་བསྐུར་བས༔ དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས༔ དཀྱིལ་འཁོར་བདག་པོའི་རྗེས་སུ་སྤྱོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཧཱུྃ་ཨཱཿཨོཾ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ༔ གསང་སྔགས་དངོས་གྲུབ་བསྒྲུབ་པའི་ཕྱིར༔ སོ་སོའི་བཟླས་པའི་ལུང་ཡང་སྦྱིན༔ བརྟན་ཕྱིར་སློབ་མས་མེ་ཏོག་ཕུལ༔ རྡོ་རྗེའི་གསང་སྔགས་བསྩལ་ལགས་ཀྱིས༔ ཡེ་ཤེས་བརྟན་པར་མཛད་དུ་གསོལ༔ སློབ་དཔོན་གྱིས་ཀྱང་མེ་ཏོག་སྦྱིན༔ རྡོ་རྗེ་བདུད་རྩིའི་གསང་བའི་སྔགས༔ འདི་ལ་རབ་ཏུ་བསྩལ་ལགས་ཀྱིས༔ རྟག་ཏུ་བྱིན་གྱིས་བརླབས་ནས་ཀྱང༔ དངོས་གྲུབ་ཐམས་ཅད་བསྩལ་དུ་གསོལ༔ བཛྲ་མནྟྲ་ཛྙཱ་ན་ས་མ་ཡ་སཏྭཾ༔ དོན་གྱི་དེ་ཉིད་ངོ་སྤྲོད་བྱ༔ འདི་ལྟར་ཆོས་རྣམས་ཐམས་ཅད་ཀུན༔ རང་གི་སེམས་ཙམ་ཉིད་དུ་བརྟག༔ སེམས་ཙམ་རྣམ་པར་ཤེས་པ་སྟེ༔ རྣམ་ཤེས་གདོད་ནས་སྐྱེ་བ་མེད༔ སྐྱེ་མེད་རང་བཞིན་ལྷར་ཤར་བ༔ གཟུགས་ནི་དཔལ་ལྡན་ཁྲག་འཐུང་སྟེ༔ ཚོར་བ་རིན་ཆེན་མཱ་མ་ཀཱི༔ འདུ་ཤེས་བཛྲ་ཧཱུྃ་ཀཱ་ར༔ འདུ་བྱེད་རྡོ་རྗེ་བདུད་རྩི་འཁྱིལ༔ རྣམ་ཤེས་བདུད་རྩི་བདེ་བ་ཆེ༔ ཐམས་ཅད་དབྱེར་མེད་འོད་གསལ་ལས༔ ལྷ་དང་སྔགས་ནི་ཅིར་ཡང་འཆར༔ བུ་ཁྱོད་དེ་ལྟར་རབ་རྟོགས་པས༔ དབང་པོར་གང་དང་གང་སྣང་བ༔ དེ་དེ་ལྷ་སྔགས་ཡེ་ཤེས་ཀྱི༔ རྡོ་རྗེ་བདུད་རྩིར་རྟག་ཏུ་ལྟོས༔ མ་ཧཱ་བཛྲ་ས་མ་ཡ་ཧོ༔ བུམ་པའི་དབང་ཐོབ་ལུས་སྒྲིབ་དག༔ སྐུ་ཡི་ཕྱག་རྒྱ་བསྒྲུབ་ལ་དབང༔ སྤྲུལ་སྐུ་ཐོབ་པའི་སྐལ་ལྡན་བསམ༔ གདམས་ངག་དག་ཀྱང་དབོག་པར་བྱ༔ གཉིས་པ་གསང་བའི་དབང་གི་སླད༔ བླ་མ་ཡབ་ཡུམ་བྱང་སེམས་སྦྱིན༔ ཧོ༔ མུ་ཏིག་ལྟར་དཀར་བདེ་བ་ཆེ༔ སྟོང་ཉིད་ཡེ་ཤེས་དམར་འོད་འཕྲོ༔ དབྱེར་མེད་བྱང་ཆུབ་སེམས་ཆེན་པོས༔ སངས་རྒྱས་སྲས་སུ་དབང་བསྐུར་རོ༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཨོཾ་ཨཱཿཧཱུྃ་ཧོ༔ བུས་ཀྱང་རྟོག་པ་མེད་སེམས་ཀྱིས༔ ཨ་ཧོ་མ་ཧཱ་སུ་ཁ་ཞེས༔ མྱངས་པས་རྩ་ཁམས་བདུད་རྩིས་ཁྱབ༔ གསལ་སྟོང་ཡེ་ཤེས་སྐྱེས་པར་བསམ༔ རྗེས་འབྲེལ་བྱང་ཆུབ་ལུང་སྟོན་ཕྱིར༔ མི་འཇིགས་སྦྱིན་པའི་ཕྱག་རྒྱར་བཅས༔ ཨོཾ༔ བླ་མ་དཀྱིལ་འཁོར་ལྷ་ཚོགས་ཀྱིས༔ དེང་ཁྱོད་བྱང་ཆུབ་ལུང་སྟོན་ཏེ༔ རྡོ་རྗེ་བདུད་རྩི་དཔལ་ཞེས་པའི༔ མཚན་གྱིས་ས་གསུམ་དགེ་བར་འགྱུར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ནཱམ་ས་མ་ཡ་སཏྭཾ༔ གསང་བའི་དབང་ཐོབ་ངག་སྒྲིབ་དག༔ གསུང་གི་ཕྱག་རྒྱ་བསྒོམ་ལ་དབང༔ ལོངས་སྐུ་ཐོབ་པའི་སྐལ་ལྡན་བསམ༔ རྗེས་འབྲེལ་གསང་བའི་གདམས་ངག་འབོག༔ གསུམ་པ་ཤེས་རབ་མར་བསྟེན་ནས༔ ཡེ་ཤེས་བདེ་བ་སྐྱེད་པའི་ཕྱིར༔ སིནྡྷུ་ར་ཡི་དཀྱིལ་འཁོར་ནི༔ རྡོ་རྗེ་མཱ་མ་ཀཱི་རུ་གསལ༔ མཚན་ལྡན་རིག་མར་བསྟིམ་ཞིང་སྦྱིན༔ ཧོ༔ ཁྱོད་ནི་རྡོ་རྗེ་བདུད་རྩི་སྟེ༔ ཤེས་རབ་མཱ་མ་ཀཱི་དང་སྦྱོར༔ འདོད་ཆགས་ཆེན་པོའི་རོལ་པ་ཡིས༔ དགའ་བཞིའི་ཡེ་ཤེས་བསྐྱེད་པར་གྱིས༔ ཨོཾ་བཛྲ་ཨ་མྲྀཏ་མཱ་མ་ཀཱི་མ་ཧཱ་སུ་ཁ་ཛྙཱ་ན་ས་མ་ཡ་སཏྭཾ༔ ལྷར་གསལ་མཁའ་གསང་བྱིན་གྱིས་བརླབ༔ བྱང་ཆུབ་འདོད་པ་མཉམ་ལྡན་པས༔ འདོད་པའི་སྒྱུ་རྩལ་བསྐུལ་བྱས་ལ༔ རྒྱུ་འབྲས་དགའ་བ་རབ་ཏུ་སྐྱེད༔ རྗེས་འབྲེལ་རྡོ་རྗེའི་བརྟུལ་ཞུགས་ཀྱི༔ ལམ་དང་འབྲས་བུར་དབུགས་རབ་དབྱུང༔ སྐལ་བཟང་འདོད་ལ་སྤྱོད་པ་ཁྱོད༔ ལམ་ལ་ཐེ་ཚོམ་མེད་སྦྱར་བའི༔ འབྲས་བུ་སངས་རྒྱས་ཐམས་ཅད་ཀྱི༔ གསང་བ་མཆོག་ལ་ཞུགས་པ་ཡིན༔ མ་ཧཱ་སུ་ཁ་ས་མ་ཡ་ཧོ༔ གསུམ་པའི་དབང་ཐོབ་ཡིད་སྒྲིབ་དག༔ ཐུགས་ཀྱི་ཕྱག་རྒྱ་བསྒོམ་ལ་དབང༔ ཆོས་སྐུ་ཐོབ་པའི་སྐལ་ལྡན་བསམ༔ རྗེས་སུ་ཆགས་པའི་གདམས་ངག་སྦྱིན༔ བཞི་པ་དོན་གྱི་དབང་བསྐུར་ནི༔ གསུམ་པའི་ལྷན་སྐྱེས་དཔེས་མཚོན་ཏེ༔ ཟུང་འཇུག་ཤིན་ཏུ་རྣམ་དག་པའི༔ དེ་ཁོ་ན་ཡི་དགོངས་པ་བསྐྱང༔ ཨ༔ བདེ་བའི་ཡེ་ཤེས་རྟོག་པ་སྟེ༔ རང་བཞིན་གདོད་ནས་སྟོང་པ་ཉིད༔ རྡོ་རྗེ་བདུད་རྩི་དེ་ཁོ་ན༔ བསམ་མི་ཁྱབ་པར་རབ་ཏུ་སྒོམས༔ ཨོཾ་ཤྲཱི་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཤཱུནྱ་ཏཱ་ཨཱཏྨ་ཀོ྅་ཧཾ༔ ཚིག་གིས་གསལ་གདབ་དོན་ངོ་སྤྲད༔ བྱང་ཆུབ་མཆོག་ཏུ་གཟེངས་བསྟོད་བྱ༔ ཨེ་མ་དོན་གྱི་དཀྱིལ་འཁོར་འདིར༔ ཞུགས་པ་དང་ནི་རབ་རྟོགས་པས༔ སྲིད་དང་ཞི་བ་ལས་འདས་པའི༔ ཡེ་ཤེས་མཆོག་ཏུ་གྲུབ་པ་འོ༔ ཛྙཱ་ན་ས་མ་ཡ་ཨ་ལ་ལ་ཧོ༔ བཞི་པའི་དབང་ཐོབ་ཤེས་སྒྲིབ་དག༔ ཡེ་ཤེས་ཕྱག་རྒྱ་བསྒོམ་ལ་དབང༔ ངོ་བོ་ཉིད་སྐུའི་སྐལ་ལྡན་བསམ༔ ཕྱག་རྒྱ་ཆེན་པོའི་དེ་ཉིད་བསྟན༔ དེ་རྣམས་དངོས་གཞིའི་དབང་བསྐུར་རོ༔ དེ་ནས་རྗེས་ཀྱི་བྱ་བ་ལ༔ ཐོག་མར་རྗེས་སུ་གནང་བ་ནི༔ ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར༔ རྡོ་རྗེ་བདུད་རྩིའི་ཁྲུས་ནས་དབྱུང༔ བར་ཆད་ཉོན་མོངས་བསྐྲད་པའི་ཕྱིར༔ རྡོ་རྗེ་ཧཱུྃ་གི་བདུག་པ་སྦྱར༔ སྣང་སེམས་དབང་དུ་སྒྱུར་བའི་ཕྱིར༔ མཱ་མ་ཀཱི་ཡི་བདུད་རྩི་སྦྱིན༔ ཡེ་ཤེས་མཆོག་ཏུ་རྒྱས་པའི་ཕྱིར༔ བདུད་རྩི་ཆེན་པོའི་དབང་ཡང་བསྐུར༔ ལས་ཀུན་མྱུར་དུ་བསྒྲུབ་པའི་ཕྱིར༔ རྡོ་རྗེ་དགང་བླུགས་གཏད་བྱས་ལ༔ ཨོཾ༔ རྡོ་རྗེ་བདུད་རྩིའི་ཕྲིན་ལས་ཀྱིས༔ རང་དང་གཞན་དོན་རྫོགས་པའི་ཕྱིར༔ རྡོ་རྗེ་མེ་ཡི་སྦྱོར་བ་ཡིས༔ ཞི་དང་རྒྱས་དང་དབང་མངོན་སྤྱོད༔ བདེ་ཆེན་མཆོག་ཏུ་མི་འགྱུར་བའི༔ ཡེ་ཤེས་ཐམས་ཅད་སྒྲུབ་པར་གྱིས༔ བཛྲ་ཨཱ་ན་ལ་སརྦ་ཀརྨ་ཀུ་རུ་ཧོ༔ སོ་སོའི་གདམས་ངག་རྣམས་ཀྱང་དབོག༔ སློབ་མ་རྗེས་སུ་བཟུང་བའི་ཕྱིར༔ དུང་དང་དྲིལ་བུ་གླེགས་བམ་གཏད༔ དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས༔ བསྡུ་བ་རྣམ་བཞིའི་དུང་བུས་ལ༔ ཆོས་ཀྱི་དྲིལ་བུའི་སྒྲ་ཆེན་པོས༔ སེམས་ཅན་ཁམས་རྣམས་སད་པར་གྱིས༔ བཛྲ་བྷཱ་ཥ་གཎྜེ་དྷརྨ་ཙཀྲ་ཀུ་རུ་ཧོ༔ དེ་ནས་རྩ་བ་ཡན་ལག་གི༔ དམ་ཚིག་བསྒྲག་ཅིང་ཁས་བླང་བྱ༔ གཙོ་བོ་ཁྱོད་ཀྱིས་གང་གསུངས་པ༔ དེ་ལྟར་བདག་གིས་རབ་ཏུ་གཟུང༔ སྲོག་ལ་བབ་ཀྱང་སྒྲུབ་ལགས་ན༔ རྟག་ཏུ་བྱིན་གྱིས་བརླབ་མཛད་གསོལ༔ སླར་ཡང་གཏང་རག་མཎྜལ་དང༔ ལུས་དང་ལོངས་སྤྱོད་ལྟོས་མེད་དབུལ༔ དེང་ནས་བྱང་ཆུབ་སྙིང་པོའི་བར༔ བདག་ནི་གཙོ་བོ་ཁྱེད་ཀྱི་འབངས༔ ལུས་དང་ལོངས་སྤྱོད་ཐམས་ཅད་ཀྱང༔ ཆ་ཤས་སྤྱད་ཅིང་བཞེས་མཛད་གསོལ༔ མཐར་ནི་དཔོན་སློབ་ཐུན་མོང་དུ༔ དངོས་གྲུབ་ཚོགས་ཀྱི་དགའ་སྟོན་བྱ༔ རྡོ་རྗེའི་གླུ་དང་གར་ལ་སོགས༔ གསང་བའི་སྤྱོད་པ་ཡང་དག་སྤྱད༔ དཀྱིལ་འཁོར་རྗེས་ཀྱི་བྱ་བ་རྣམས༔ ཇི་ལྟར་རིགས་པས་མཐར་དབྱུང་ངོ༔ མཚན་ཉིད་ལྡན་པའི་སློབ་དཔོན་གྱིས༔ དད་བརྩོན་སྐལ་ལྡན་སློབ་མ་ལ༔ དབང་འདི་ལན་གཅིག་བསྐུར་བས་ཀྱང༔ རྡོ་རྗེ་བདུད་རྩིའི་རིགས་སུ་འགྱུར༔ ཚེ་རིང་ནད་ཉུང་སྡིག་ལྟུང་ཞི༔ མཐོ་རིས་ཐར་པའི་རྒྱལ་སྲིད་ལ༔ དབང་བསྒྱུར་ཡེ་ཤེས་སྐུ་ཐོབ་འགྱུར༔ དེ་ཕྱིར་ཤིན་ཏུ་གཅེས་པར་ཟུངས༔ དཔལ་རྡོ་རྗེ་བདུད་རྩིའི་དབང་བསྐུར་བའི་ཏིང་ངེ་འཛིན་གྱི་རིམ་པར་ཕྱེ་བ་སྟེ་བདུན་པའོ༔ ས་མ་ཡ༔ ྈྈྈ དེ་ལྟར་རབ་ཏུ་གསང་བའི་མཆོག༔ འོག་མིན་བཙུན་མོའི་བྷ་ག་རུ༔ སྐུ་གསུང་ཐུགས་ཀྱི་སྙིང་པོ་ཆེ༔ རྡོ་རྗེ་བདུད་རྩི་རྟག་བཞུགས་ཏེ༔ ཉིད་དང་གཉིས་མིན་སེམས་དཔའ་ལ༔ རྡོ་རྗེ་ནཱ་དའི་སྔགས་ཀྱི་རྒྱུད༔ ཟབ་ཅིང་རྒྱ་ཆེ་བསམ་ཡས་བསྟན༔ འཛམ་གླིང་སྐལ་པར་ལྡན་པའི་དུས༔ ངོ་མཚར་གནས་མཆོག་སིངྒའི་ཡུལ༔ ནགས་ཚལ་ཤེལ་གྱི་ཕུག་པ་རུ༔ སློབ་དཔོན་བདུད་རྩི་གསང་བ་དང༔ བྲམ་ཟེའི་རིགས་སྐྱེས་བདེ་ལྡན་མས༔ གསང་བའི་མཆོག་འདི་བསྒྲུབས་པའི་ཚེ༔ ཁྱབ་བདག་དགྱེས་པའི་ལུང་བསྩལ་ཞིང༔ ཡེ་ཤེས་སྐུ་རུ་མངོན་སུམ་སྨིན༔ དེ་ལས་རང་བྱུང་པདྨ་ཡིས༔ རྒྱུད་དང་མན་ངག་ཀུན་མནོས་ཏེ༔ མ་གུ་ཏ་ཡིས་བཟུང་བའི་ཡུལ༔ ལྷ་མིན་མངོན་སུམ་འདུ་བའི་གནས༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ བདག་ཉིད་བདེ་བ་ཆེན་པོ་དང༔ རིགས་ལྡན་ཤཱཀྱ་དེ་ཝཱི་ཡིས༔ མ་ཧཱ་སུ་ཁ་སྒྲུབ་པའི་ཚེ༔ བདུད་རྩི་འཁྱིལ་བས་དྲི་མ་སྦྱངས༔ རྡོ་རྗེ་ཧཱུྃ་གིས་བགེགས་ཚོགས་བསྐྲད༔ རིན་ཆེན་མཱ་ཀཱིའི་བཅུད་བླངས་ཏེ༔ རྡོ་རྗེ་བདུད་རྩི་ཞི་ཁྲོ་ཡི༔ གསང་བ་གསུམ་དང་མཉམ་པར་སྦྱར༔ དེ་ཚེ་ས་ཡང་རྣམ་དྲུག་གཡོས༔ མཁའ་ལས་ཧཱུྃ་གི་སྒྲ་ཆེན་བསྒྲགས༔ སྤྲུལ་པའི་དཀྱིལ་འཁོར་མངོན་སུམ་པར༔ ཡེ་ཤེས་ལྷགས་པའི་བྱིན་རླབས་མཛད༔ བདག་ཉིད་དཀྱིལ་འཁོར་གཙོ་བོ་དང༔ དབྱེར་མེད་ལྷུན་གྲུབ་རིགས་སུ་གྱུར༔ རིག་མ་མཱ་ཀཱིའི་དངོས་གྲུབ་ཐོབ༔ སྔོན་ཚེ་ཇི་ལྟར་གྲུབ་པའི་ལམ༔ བདུད་རྩི་དགྱེས་པ་རྩ་བའི་རྒྱུད༔ བདུད་རྩི་རོལ་པ་བཤད་པའི་རྒྱུད༔ བདུད་རྩི་སྙིང་པོ་བསྡུས་པའི་རྒྱུད༔ ཆ་མཐུན་ཡོན་ཏན་བདུད་རྩིའི་རྒྱུད༔ དེ་རྣམས་ཀུན་གྱི་གསང་བའི་དོན༔ གདུལ་བྱའི་དབང་པོ་དང་འཚམ་པར༔ ཤིན་ཏུ་གསལ་ཞིང་དོན་འདྲིལ་བ༔ ཏིང་འཛིན་བདུན་གྱིས་བསྡུས་ཏེ་བསྟན༔ འདི་ནི་འཛམ་གླིང་བོད་ཡུལ་དུ༔ མ་བྱུང་འབྱུང་བར་དཀའ་བ་སྟེ༔ གཅེས་ཚད་མིག་དང་ཕངས་ཚད་སྙིང༔ སྙིང་གི་ཟུངས་ཁྲག་ལྟ་བུ་གང༔ གཞན་དུ་བསྟན་པའི་གནས་མེད་ཀྱང༔ དེང་འདིར་ཉེ་བའི་སྐལ་ལྡན་ལ༔ གསང་བའི་ཡི་དམ་སྙིང་པོར་གདམས༔ རང་རང་ཉམས་ལེན་བརྩོན་པས་སྒྲུབས༔ དཔེ་རྒྱུད་མ་འོངས་དོན་ཆེད་དུ༔ ཡོན་ཏན་བདུད་རྩི་གནས་ཀྱི་མཆོག༔ བདེ་ཆེན་ཤེལ་གྱི་བྲག་ཕུག་འདིར༔ མི་ཤིགས་རྒྱ་ཡིས་ཐོབས་ཏེ་སྦོས༔ རལ་གཅིག་མ་མོར་གཉེར་དུ་གཏོད༔ མ་འོངས་དྲུག་ཅུ་ཁ་རལ་དུས༔ ཡར་སྟོད་ར་མོ་ཆབ་ཀྱི་ཁར༔ ལོ་ཙཱ་ཁྱོད་ཀྱིས་བྱིན་བརླབས་པ༔ ཆུ་ཁམས་ལུག་ལོ་ཡེ་ཤེས་མིང༔ གསོ་ཐབས་མཁས་པ་དེ་དང་འཕྲད༔ དེ་དུས་གཞན་དོན་ཆེར་མི་འབྱུང༔ རང་ཉམས་བླངས་ནས་གྲོལ་བ་ཐོབ༔ འབྲེལ་ཐོགས་འབུམ་ཕྲག་ཐར་ལམ་འགོད༔ སླར་ཡང་རྩུབ་འགྱུར་སྙིགས་མའི་དུས༔ རྗེ་གཅིག་ཚངས་པའི་མེ་ཏོག་གི༔ སྨོན་ལམ་ལས་སད་སྤྲུལ་པའི་སྐུ༔ བི་མ་མི་ཏྲས་བྱིན་བརླབས་པ༔ ལྕགས་ཁམས་འབྲུག་ལོ་པདྨའི་མིང༔ མཁའ་འགྲོའི་མིང་པོ་དཔའ་བོ་ཆེར༔ བདུད་རྩི་གསང་བའི་སྲུང་མ་ཡིས༔ གཏེར་དཔེ་མངོན་སུམ་སྤྲད་ནས་ཀྱང༔ མཚོ་སྐྱེས་བདག་གིས་བྱིན་བརླབས་ནས༔ དབང་དང་མན་ངག་རྫོགས་པར་བྱེད༔ དེས་ཀྱང་བརྡལ་པོར་མི་གཏོད་པར༔ ད་ལྟའི་དུས་ཀྱི་དག་པའི་འཁོར༔ ཛྙཱ་ན་སཱ་ར་དེ་ཝཱི་མ༔ བཻ་རོ་ཙ་ན་ཀུ་མཱ་ར༔ བུདྡྷ་ཛ་ཡ་ཁ་གརྦྷ༔ བཛྲ་རཏྣ་ཤྲཱི་སིཾ་ཧ༔ དེ་སོགས་བསམ་བཞིན་གཞན་དོན་དུ༔ སྲིད་པའི་མྱུ་གུ་བཟུང་བ་ལ༔ དངོས་དང་བརྒྱུད་ནས་ཡང་དག་སྟོན༔ འགྲོ་འདུལ་ཐབས་ལ་མཁས་སྤྱོད་པས༔ གསང་སྔགས་བསྟན་པའི་བཙས་སུ་བྱེད༔ འབྲེལ་ཚད་པདྨ་ཅན་དུ་སྐྱེ༔ རང་གཞན་དོན་མང་འགྲུབ་པར་འགྱུར༔ ས་མ་ཡ༔ བླ་ན་མེད་པའི་གསང་བ་ཆེན་པོའི་མན་ངག་གི་གཞུང་འདི་ནི༔ བོད་ཡུལ་བཀྲ་ཤིས་འབྱུང་བའི་གནས་ཀྱི་སྙིང་པོ༔ ཡུལ་ཡར་མོ་ལུང་གི་ཐིག་ལེ༔ དཔལ་ཆེན་པོ་དགྱེས་པའི་ཕོ་བྲང༔ བསམ་འགྲུབ་ཤེལ་གྱི་བྲག་ཕུག་ཏུ་ཨོ་རྒྱན་གྱི་པཎྜི་ཏ་ཆེན་པོ་དེ་ཉིད་དང༔ ལོ་ཙཱ་བ་འཕྱོས་ཀྱི་གཉགས་བན་ཛྙཱ་ན་ཀུ་མཱ་རས་བསྒྱུར་ཅིང་ཞུས་ཏེ༔ གུ་རུ་རིན་པོ་ཆེ་ཡབ་ཡུམ་བདུད་རྩི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་བཞུགས་པའི་སྤྱན་སྔར༔ ཆོས་རྒྱལ་ཆེན་པོ་ཡབ་སྲས་དང༔ ལོ་ཙཱ་བ་ཆེན་པོ་མཆེད་སོགས་བདག་ཅག་རྣམས་ཀྱིས་རིན་པོ་ཆེའི་མེ་ཏོག་དང་བཅས་གསོལ་བ་བཏབ་པ་ལྟར་དགྱེས་བཞིན་དུ་ཡེ་ཤེས་ཀྱི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང་བཅས་སྨིན་གྲོལ་ཆིག་རྫོགས་སུ་མཛད༔ ཉམས་སུ་བླངས༔ དཔེ་རྒྱུད་དང་དམ་ཚིག་གི་རྫས་རྣམས་རྡོ་རྗེའི་ལུང་བཞིན་པདྨ་བརྩེགས་པའི་ཕུག་པར་རྒྱས་བཏབ༔ གཏེར་སྲུང་རལ་གཅིག་མ་མོ་ལ་གཉེར་དུ་གཏད༔ མ་འོངས་སྐལ་ལྡན་རྣམས་ཀྱིས་སྤྱོད་ཅིང་འབྲེལ་ཚད་ཐམས་ཅད་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་རིག་པ་མཆོག་གི་ཕྱག་རྒྱའི་ཡེ་ཤེས་གྲུབ་པར་གྱུར་ཅིག་ཅེས་སྨོན་ལམ་དུ་བཏབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ གུ་ཧྱ་ས་མ་ཡ༔
རྡོར་སེམས་སྙིང་ཐིག་གི་ཆོས་སྤྱོད་ངག་འདོན་གྱི་རིམ་པ་ཆུ་འབབ་ཏུ་བཀོད་པ་ (Volume 58, Text 4)
༄༅། །རྡོར་སེམས་སྙིང་ཐིག་གི་ཆོས་སྤྱོད་ངག་འདོན་གྱི་རིམ་པ་ཆུ་འབབ་ཏུ་བཀོད་པ་བཞུགས་སོ། ། ན་མོ་བཛྲ་སཏྭ་ཧཱུྃ། རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །ཐིག་ལེ་ཉག་གཅིག་རྡོ་རྗེ་སེམས། །དམ་པ་དང་པོའི་མགོན་དེ་ཡི། །ངོ་བོ་རྩ་བའི་བླ་མར་འདུད། །ཐེག་དགུའི་རྩེ་རྒྱལ་རྫོགས་པ་ཆེན་པོ་ཡི། །རྒྱུད་སྡེ་འབུམ་ཕྲག་དྲུག་ཅུའི་ཡང་སྙིང་བཅུད། །དཔལ་ལྡན་རྡོར་སེམས་སྙིང་གི་ཐིག་ལེ་ཡི། །འཇུག་ངོགས་ཆོས་སྤྱོད་ངག་འདོན་འདི་ན་བཀོད། །དེ་ལ་རིམ་པ་ལྔ་ཡི། དང་པོ་སྐྱབས་སུ་འགྲོ་བ་ནི། ཨོཾ་ཨཱཿཧཱུྃ༔ རྐང་གཉིས་གཙོ་བོ་སངས་རྒྱས་དང༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་ཞིང་གྱུར་དགེ་འདུན་ལ༔ བདག་དང་འགྲོ་དྲུག་སྐྱབས་སུ་མཆི༔ བྱིན་རླབས་འབྱུང་བའི་བླ་མ་རྗེ༔ དངོས་གྲུབ་འབྱུང་བའི་ཡི་དམ་ལྷ༔ བར་ཆད་སེལ་བའི་མཁའ་འགྲོ་མ༔ བདག་དང་འགྲོ་དྲུག་སྐྱབས་སུ་མཆི༔ བརྡལ་ཁྱབ་ཆེན་པོ་ཆོས་ཀྱི་སྐུ༔ གསལ་མདངས་ཆེན་པོ་ལོངས་སྤྱོད་རྫོགས༔ སྣ་ཚོགས་འཛིན་གྲོལ་སྤྲུལ་པའི་སྐུར༔ བདག་དང་འགྲོ་དྲུག་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་སྡོམ་གཟུང་ལ། སྨོན་པ་སེམས་བསྐྱེད་ནི། ཧོ༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་དགོངས༔ འདི་ནས་བྱང་ཆུབ་མ་འཐོབ་བར༔ འགྲོ་དྲུག་མ་བུའི་འདུ་ཤེས་ཀྱིས༔ བྱང་ཆུབ་སྨོན་པའི་སེམས་བསྐྱེད་དོ༔ འཇུག་པ་སེམས་བསྐྱེད་ནི། ཧོ༔ སྔོན་གྱི་རྒྱལ་བས་སྡོམ་བཟུང་ལྟར༔ ད་ནས་འཁོར་བ་མ་སྟོངས་བར༔ མ་གྲོལ་སྒྲོལ་དང་མ་བསྒྲལ་བསྒྲལ༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ སྔགས་ཀྱི་སྡོམ་པ་གཟུང་བ་ནི། ཧོ༔ དཀོན་མཆོག་གསུམ་བཟུང་མི་གཏང་ངོ༔ བླ་མ་ཡི་དམ་མི་སྤང་ངོ༔ སྐུ་གསུམ་ཉིད་དང་འབྲལ་མི་བྱ༔ རང་སེམས་གཙང་མར་དཔང་འཛུག་གོ༔ གསུམ་པ་ཚོགས་གསག་མཎྜལ་ལ། །ཡན་ལག་བཅུ་གཉིས་ཚོགས་གསག་ནི། ཨོཾ་ཨཱཿཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ༔ རང་བཞིན་གནས་ནས་འདིར་གཤེགས་ཤིག༔ སྤྱི་གཙུག་པདྨ་ཉི་ཟླའི་སྟེང༔ གཉིས་སུ་མེད་པར་བཞུགས་སུ་གསོལ༔ ལུས་ངག་ཡིད་གསུམ་གུས་པ་ཡིས༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་རྣམས༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ༔ ལུས་ངག་ཡིད་གསུམ་སྡིག་པ་རྣམས༔ རབ་གནོང་འགྱོད་པས་བཤགས་པར་བགྱི༔ གསང་སྔགས་བླ་མེད་སྒྲུབ་པ་ལ༔ བདག་ནི་རྗེས་སུ་ཡི་རང་ངོ༔ ནམ་མཁའ་མཉམ་པའི་སེམས་ཅན་ལ༔ སྨིན་གྲོལ་ཆོས་འཁོར་བསྐོར་བར་སྐུལ༔ འཁོར་བ་དོང་ནས་མ་སྤྲུགས་བར༔ སེམས་ཅན་དོན་ལ་བཞུགས་སུ་གསོལ༔ དུས་གསུམ་བསགས་པའི་དགེ་བ་རྣམས༔ ཐམས་ཅད་མཁྱེན་པའི་ས་རུ་བསྔོ༔ བདག་གཞན་སེམས་ཅན་མ་ལུས་ཀུན༔ བླ་མེད་གོ་འཕང་མྱུར་ཐོབ་ཤོག༔ མཎྜལ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ༔ ཕྱི་ནང་སྣོད་བཅུད་འཇིག་རྟེན་ཞིང་ཁམས་འདིར༔ དངོས་འབྱོར་ཡིད་སྤྲུལ་བླ་མེད་མཆོད་པའི་སྤྲིན༔ རང་སྣང་དག་པས་བཤམས་པའི་མཎྜལ་འདི༔ སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་འབུལ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་འབུལ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ་འབུལ༔ བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས༔ སྐུ་གསུམ་ལྷུན་གྲུབ་འབྲས་བུ་ཐོབ་པར་ཤོག༔ བཞི་པ་ཡི་གེ་བརྒྱ་པའི་སྒོམ་བཟླས་ནི། ཨོཾ་ཨཱཿཧཱུྃ༔ རིག་པ་སྟོང་གསལ་འཇའ་འོད་ཞིང་ཁམས་སུ༔ ཧཱུྃ་ལས་རྡོར་སེམས་སྐུ་མདོག་དཀར་ལ་འཚེར༔ ཞལ་གཅིག་འཛུམ་མདངས་རིན་ཆེན་རྒྱན་གྱིས་མཛེས༔ བལྟ་བས་མི་ངོམས་རྡོ་རྗེ་དྲིལ་བུ་འཛིན༔ ཉི་ཟླ་པད་གདན་ཕྱེད་སྐྱིལ་འགྱིང་ཚུལ་བཞུགས༔ སྙིང་ནང་སངས་རྒྱས་སུམ་ཅུ་རྩ་དྲུག་དང༔ དུང་ཁང་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དང༔ རྩ་ནང་ཐུབ་དྲུག་དཔའ་བོ་མཁའ་འགྲོས་ཁེངས༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་མཉེན་ལྕུག་འཁྲིལ༔ གནས་གསུམ་ཐིག་ལེ་འབྲུ་གསུམ་དཀར་དམར་མཐིང༔ སྤྱི་གཙུག་ཨུ་རྒྱན་བཻ་རོ་བི་མ་ལ༔ རྩ་བརྒྱུད་རིག་འཛིན་བླ་མའི་ཚོགས་ཀྱིས་བསྐོར༔ ཆུ་ཟླ་འཇའ་ཚོན་སྣང་གསལ་ལྟ་བུར་བསྐྱེད༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ༔ ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ སརྦ་སིདྡྷིམྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏཱ་ཧྲྀ་ད་ཡ༔ བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་བཛྲ་སཏྭ་ཨཱ༔ ཞེས་ཡི་གེ་བརྒྱ་པ་ཅི་ནུས་བཟླ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་རྡོ་རྗེ་སེམས་དཔའ་ལའོ། །བདག་ནི་མི་ཤེས་རྨོངས་པ་སྟེ། །སོགས། ལྔ་པ་བླ་མའི་རྣལ་འབྱོར་ལ། བསྐྱེད་པ་ནི། མདུན་གྱི་ནམ་མཁར་སེང་གེའི་ཁྲི། །པདྨ་ཉི་ཟླ་དར་ཟབ་སྟེང་། །ཡིད་ཆེས་བླ་མ་ཐོད་ཕྲེང་རྩལ། །སྐུ་མདོག་མཐིང་གསལ་ནམ་མཁའི་མདོག །ཞལ་ཚུར་གཟིགས་ནས་གཟི་བརྗིད་ལྡན། །ཆོས་གསུང་ཐུགས་ཀྱིས་བརྩེ་བར་མཛད། །རིན་ཆེན་རྒྱན་ལྡན་མཚན་དཔེས་སྤྲས། །ཕྱག་གཡས་དབང་སྐུར་བུམ་པ་འཛིན། །གཡོན་པས་ངོ་སྤྲོད་པོ་ཏི་བསྣམས། །གསང་ཡུམ་དམར་མོ་སྐུ་ལ་འཁྲིལ། །གཉིས་མེད་བདེ་བའི་ཉམས་དང་ལྡན། །རིག་འཛིན་འདུས་པའི་བླ་མས་བསྐོར། །སྣང་ལ་རང་བཞིན་མ་གྲུབ་པ། །གསལ་ལ་ཞེན་པ་མེད་པ་ནི། །འཇའ་འོད་གུར་གྱི་དབུས་སུ་བཞུགས། །སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས། །རྒྱལ་བ་ཀུན་འདུས་དབྱེར་མེད་པའི། །བུམ་པས་དབང་བསྐུར་སྨིན་པར་བྱས། །པོ་ཏིས་ངོ་སྤྲད་གྲོལ་བྱས་ནས། །ཕར་ཐིམ་ཚུར་ཐིམ་གཉིས་མེད་བསྲེས། །བཀྲག་དང་གཟི་མདངས་ལྡན་པར་བསྒོམ། །ཨོཾ་ཨཱཿཧཱུྃ་གུ་རུ་པདྨ་བཛྲ་སཏྭ་ཨ་ཧ་རི་ནི་ས་སིདྡྷི་ཧཱུྃ། བརྒྱུད་པའི་གསོལ་འདེབས་ནི། ཨོཾ་ཨཱཿཧཱུྃ། ཆོས་དབྱིངས་དག་པའི་གནས་མཆོག་ཏུ། །སངས་རྒྱས་ཀུན་ཡབ་དང་པོའི་མགོན། །ཆོས་སྐུ་ཀུན་ཏུ་བཟང་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལྔ་ལྡན་ཐིག་ལེའི་གནས་མཆོག་ཏུ། །མཚན་དཔེ་ཡོངས་རྫོགས་བདེ་ཆེན་མགོན། །ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཐུགས་རྗེ་ཀུན་ཁྱབ་གནས་མཆོག་ཏུ། །ས་བཅུའི་དབང་ཕྱུག་བྱམས་པ་མགོན། །སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བྱིན༴ གར་བཞུགས་དག་པའི་གནས་མཆོག་ཏུ། །རྒྱལ་ཀུན་ཕྲིན་ལས་བསྡུས་པའི་མགོན། །སངས་རྒྱས་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་བྱིན༴ མཛད་པ་མཐར་ཕྱིན་གནས་མཆོག་ཏུ། །འཕགས་པ་སྤྲུལ་པའི་འཇིག་རྟེན་མགོན། །མཁས་མཆོག་བཻ་རོ་ཙ་ན་ལ། །གསོལ་བ་འདེབས་སོ་བྱིན༴ འོད་གསལ་བདེ་བའི་གནས་མཆོག་ཏུ། །རྒྱལ་བ་ཀུན་གྱི་མངའ་བདག་མགོན། །མཁའ་འགྲོ་བདེ་ཆེན་རྒྱལ་མོ་ལ། །གསོལ་བ་འདེབས་སོ་བྱིན༴ བསམ་བཞིན་སྤྲུལ་པའི་གནས་མཆོག་ཏུ། །རྡོར་སེམས་སྙིང་ཐིག་དང་པོ་རུ། །ཟངས་ཀྱི་མཚོ་བྲག་ནས།་་་སྟོན་མཛད་རྡོ་རྗེ་གླིང་པ་ལ། །གསོལ་བ་འདེབས་སོ་བྱིན༴ ཕྲིན་ལས་སྐྱོང་བའི་གནས་མཆོག་ཏུ། །རྡོར་སེམས་སྙིང་ཐིག་གཏེར་གཉིས་པ། །ཟབ་ཕུ་མ་ཚོར་རྡོ་རྗེ་སྐྱེ་བྲག་ནས།་་་སྟོན་མཛད་ཀུན་སྐྱོང་གླིང་པ་ལ། །གསོལ་བ་འདེབས་སོ་བྱིན༴ ཡེ་ཤེས་ཡོངས་གྲུབ་གནས་མཆོག་ཏུ། །རྡོར་སེམས་སྙིང་ཐིག་གཏེར་གསུམ་པ། །བར་ཁམས་ཕྲ་མོ་བྲག་ནས།་་་སྟོན་གྱུར་སྟག་ཤམ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བྱིན༴ འོད་གསལ་རྒྱུན་མཐའི་གནས་མཆོག་ཏུ། །རྡོར་སེམས་སྙིང་ཐིག་བཀའ་བབས་གསུམ། །གཅིག་འདུས་བདེ་ཆེན་གླིང་པ་ལ། །གསོལ་བ་འདེབས་སོ་བྱིན༴ སྒྱུ་འཕྲུལ་རྡོ་རྗེའི་གནས་མཆོག་ཏུ། །སྙིང་ཐིག་བསྟན་འཛིན་རྒྱལ་བའི་སྲས། །རིག་འཛིན་ཚེ་དབང་ནོར་བུ་ལ། །གསོལ་བ་འདེབས་སོ་བྱིན༴ སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །རྒྱལ་བ་ཀུན་གྱི་གདུང་འཚོབ་པ། །དྲིན་ཆེན་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བྱིན༴ གདོད་ནས་རང་ཤར་གནས་མཆོག་ཏུ། །འདུས་མ་བྱས་པ་ལྷུན་གྲུབ་སྐུ། །ཡི་དམ་རྡོ་རྗེ་སེམས་དཔའ་ལ། །གསོལ་བ་འདེབས་སོ་བྱིན༴ སྙིང་ག་དུང་ཁང་གནས་མཆོག་ཏུ། །རང་བྱུང་རྒྱལ་བའི་དཀྱིལ་འཁོར་མཆོག །ཞི་ཁྲོ་དམ་པ་རིགས་བརྒྱ་ལ། །གསོལ་བ་འདེབས་སོ་བྱིན༴ རྩ་ཐིག་རླུང་དག་གནས་མཆོག་ཏུ། །སྒྱུ་འཕྲུལ་རོལ་པ་རྒྱ་མཚོའི་བདག །དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་བྱིན༴ བཀའ་དང་དམ་ཚིག་གནས་མཆོག་ཏུ། །ལེགས་ཉེས་སྟངས་འཛིན་རྨད་བྱུང་བ། །ཆོས་སྐྱོང་གཏེར་བདག་ཕོ་མོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བསྡུས་པ་བརྒྱུད་པ་དགུ་ལྡན་གསོལ་འདེབས་ནི། རྒྱལ་བ་དགོངས་པའི་བརྒྱུད་པར་གསོལ་བ་འདེབས། །རིག་འཛིན་བརྡ་ཡི་བརྒྱུད་པར་གསོལ་བ་འདེབས། །གང་ཟག་སྙན་ཁུངས་བརྒྱུད་པར་གསོལ་བ་འདེབས། །མཁའ་འགྲོ་གཏད་རྒྱའི་བརྒྱུད་པར་གསོལ་བ་འདེབས། །ཚིག་རྒྱུད་ཤོག་སེར་བརྒྱུད་པར་གསོལ་བ་འདེབས། །བཀའ་བབས་ལུང་བསྟན་བརྒྱུད་པར་གསོལ་བ་འདེབས། །སྨོན་ལམ་དབང་བསྐུར་བརྒྱུད་པར་གསོལ་བ་འདེབས། །གྲུབ་ཐོབ་རྣལ་འབྱོར་བརྒྱུད་པར་གསོལ་བ་འདེབས། །བྱིན་རླབས་དམ་རྫས་བརྒྱུད་པར་གསོལ་བ་འདེབས། །ཀུན་འདུས་བླ་མ་མཆོག་ལ་གསོལ་བ་འདེབས། །ཞེས་བརྒྱུད་འདེབས་དེ་གཉིས་ཀ་ཆབས་ཅིག་འདོན་ན་གོང་གི་གོ་རིམ་ལྟར་གྱི་རྗེས་ཐུན་མོང་དུ་དང་། གང་རུང་ཞིག་འདོན་ན་དེའི་མཇུག་ཏུ་སྟེ། འདོད་དོན་གསོལ་གདབ་ནི། འཇའ་ལུས་བུམ་པའི་དབང་མཆོག་བསྐུར་དུ་གསོལ། །ཡེ་ཤེས་རླུང་གི་གསང་དབང་བསྐུར་དུ་གསོལ། །བདེ་ཆེན་ཐིག་ལེའི་ཤེར་དབང་བསྐུར་དུ་གསོལ། །མངོན་སུམ་རིག་པའི་རྩལ་དབང་བསྐུར་དུ་གསོལ། །ཆོས་ཉིད་མངོན་སུམ་མཐོང་བར་བྱིན་གྱིས་རློབས། །ཉམས་སྣང་གོང་དུ་འཕེལ་བར་བྱིན་གྱིས་རློབས། །རིག་པ་ཚད་ལ་ཕེབས་པར་བྱིན་གྱིས་རློབས། །ཆོས་ཉིད་ཟད་སར་འཁྱོལ་བར་བྱིན་གྱིས་རློབས། །བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཨོཾ་ཨཱཿཧཱུྃ་ཧྲཱིཿསརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཕུར་ཚུགས་སུ་གསོལ་བ་གདབ་པ་ནི། ན་མོ། སངས་རྒྱས་ཀུན་གྱི་ངོ་བོ། །དམ་ཆོས་ཀུན་གྱི་འབྱུང་གནས། །དགེ་འདུན་ཀུན་གྱི་སྤྱི་དཔལ། །དཀྱིལ་འཁོར་ཡོངས་ཀྱི་གཙོ་བོ། །རིགས་རྣམས་ཀུན་གྱི་བདག་པོ། །དགོས་འདོད་འབྱུང་བའི་ནོར་བུ། །མ་རིག་སེལ་བའི་སྒྲོན་མེ། །ཐར་ལམ་སྐྱེལ་བའི་རྟ་མཆོག །དུག་ལྔ་ཟློག་པའི་དམག་དཔོན། །བཀའ་དྲིན་ཅན་གྱི་བླ་མ། །འདུག་ས་འདི་རུ་བྱིན་གྱིས་རློབས་ཤིག །གདན་ཐོག་འདི་རུ་བྱིན་གྱིས་རློབས་ཤིག །ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག །སྐད་ཅིག་ཉིད་ལ་བྱིན་གྱིས་རློབས་ཤིག །ཁྱེད་རང་ལྟ་བུར་བྱིན་གྱིས་རློབས་ཤིག །དབང་ལེན་པ་ནི། དེ་རྗེས་བླ་མའི་གནས་བཞི་ཡི། །ཡི་གེ་ཨོཾ་ཨཱཿཧཱུྃ་ཧྲཱིཿལས། །འོད་ཟེར་དཀར་དམར་མཐིང་ལྗང་འཕྲོས། །བདག་གི་གནས་བཞིར་ཐིམ་པ་ཡིས། །བུམ་གསང་ཤེས་རབ་རྩལ་དབང་ཐོབ། །ལུས་ངག་ཡིད་གསུམ་སྒྲིབ་པ་བཅོམ། །ཕུང་ཁམས་རྩ་རླུང་ཐིག་ལེར་སྦྱངས། །བསྐྱེད་གཏུམ་ཕྱག་རྒྱ་རྫོགས་ཆེན་འབྱོངས། །སྤྲུལ་ལོངས་ཆོས་སྐུ་མངོན་འབྲས་ཐོབ། །ཐུགས་ཡིད་བསྲེ་བ་ནི། སླར་ཡང་བླ་མ་བདུད་རྩིར་ཞུ། །བདག་གི་སྙིང་གའི་དབུས་སུ་ཐིམ། །དབྱེར་མེད་རྒྱལ་བའི་ས་ཐོབ་གྱུར། །སྨོན་ལམ་ནི། དེ་ལྟར་བླ་མའི་བསྙེན་སྒྲུབ་ལ། །འབད་མཐུས་བདག་གིས་ཚེ་རབས་སུ། །རྡོར་སེམས་བླ་མའི་སྐལ་པར་ཐོབ། །མཉེས་པའི་ཞབས་ཏོག་ཀུན་འགྲུབ་ཅིང་། །མི་མཉེས་སྐད་ཅིག་ཡང་མི་སྤྱད། །བླ་མའི་ཐུགས་གཅེས་སྲས་གྱུར་ཅིང་། །བཀའ་བྱོ་སྨིན་གྲོལ་ཀུན་ཐོབ་ནས། །ཉིན་མཚན་ཆོས་ལ་བར་མེད་སྤྱོད། །དེས་ཀྱང་བླ་མའི་མོས་གུས་རྒྱས། །སྟོང་ཉིད་སྙིང་རྗེ་མངོན་དུ་གྱུར། །དམ་པ་སྐུ་གཉིས་ཐོབ་ནས་ཀྱང་། །འགྲོ་དྲུག་སངས་རྒྱས་སར་འདྲེན་ཤོག །གཞན་ཡང་སྨོན་ལམ་བཟང་པོ་ཅི་རིགས་པ་བཏབ་བོ། །རྒྱ་ཆེན་དོན་ཀུན་གཅིག་ཏུ་བསྡུས་པ་ཡི། །གསང་ཆེན་རིགས་གཅིག་རིགས་རྣམས་ཀུན་གྱི་བདག །གང་གི་སྙིང་ཐིག་དགའ་རབ་པད་འབྱུང་གི། །སྙན་བརྒྱུད་ཡང་ཟབ་རྫོགས་ཆེན་འདི་རྨད་བྱུང་། །དེ་ཡི་འཇུག་ངོགས་ངག་འདོན་ནི། ཁྱེར་བདེ་དོན་ཆེ་དོན་བཟང་པོ། །འདི་ལྟར་སྦྱར་པའི་དགེ་བས་ཀྱང་། །མཁའ་མཉམ་འགྲོ་ཀུན་རྒྱལ་གྱུར་ཅིག །དེ་ལྟར་གཏེར་གཞུང་ཚིག་ལ་ཁ་སྐོང་འོས་པ་སྦྱར་ཞིང་། དབང་ཁྲིད་ལུང་གི་རིགས་བརྒྱུད་པའི་རྣམ་གྲངས་དུ་མ་ཁོ་བོས་ཐོས་ན་ཡང་། གཏེར་ཁ་གསུམ་དུ་བྱོན་པའི་བཀའ་བབས་ཆུ་བོ་མི་ནས་མིར་བརྒྱུད་པ་ཀུན་པདྨ་བདེ་ཆེན་གླིང་པར་འདུས་པ་མ་ཟད། སྟག་ཤམ་པ་སྐུ་དངོས་མཐུན་སྣང་དང་། རྡོར་གླིང་ཀུན་སྐྱོང་གི་ཡེ་ཤེས་སྐུ་ཐུན་མིན་གྱི་སྣང་བ་བཅས་བརྒྱུད་གཅིག་བྱིན་རླབས་འཕོ་བའི་དབང་བརྙེས་ཤིང་། རང་གི་ཡང་གནས་ལུགས་དོན་གྱི་རྟོགས་པ་རྗེ་བཙུན་བླ་མ་དེ་ལས་ཐོབ་པ་དང་། གཞན་རྣམས་ཀྱི་བློར་ཡང་བཀླག་བདེ་བར་གཉེར་བས་ཚུལ་འདི་ཀོང་ཡུལ་ཙཱ་ནང་དུ་ཀཿཐོག་རིག་འཛིན་སྤྲུལ་སྐུ་ཚེ་དབང་ནོར་བུས་སྦྱར་བ་དགེའོ། །དགེའོ། །མངྒ་ལཾ།། །།
བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྒྲུབ་ཐབས་ཁྲིད་ཀྱི་ཡི་གེ་སྐུ་གསུམ་ལམ་རིམ་མཆོག་གི་སྒོ་འབྱེད་ (Volume 21, Text 4)
༄༅། །བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྒྲུབ་ཐབས་ཁྲིད་ཀྱི་ཡི་གེ་སྐུ་གསུམ་ལམ་རིམ་མཆོག་གི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭ་བྷྱཿ བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་འོད་དཔག་ཏུ་མེད་པའི་སྒྲུབ་ཐབས་ཁྲིད་ཀྱི་ཡི་གེ་སྐུ་གསུམ་ལམ་རིམ་མཆོག་གི་སྒོ་འབྱེད་ཅེས་བྱ་བ། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གཙོ་འོད་སྣང་མཐའ་ཡས། །ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ། །འོད་མི་འགྱུར་བ་གདོད་མའི་མགོན་པོ། །དེ་ལ་མགོ་བོས་རྟག་འདུད་ཕྱག་འཚལ། །གང་གི་སྒྲུབ་ཐབས་ཁྲིད་ཡིག །སྐལ་ལྡན་འཇུག་ངོགས་ལམ་རིམ། །མཆོག་གི་སྒོ་འབྱེད་ཅེས་བྱ། །འདི་རུ་ཆ་ཤས་བཤད་བྱ། །དེ་ལ་དམ་པ་ཆོས་ཀྱི་སྐལ་པ་དང་ལྡན་པའི་གང་ཟག་བྱང་ཆུབ་སེམས་ལ་བློ་སྦྱངས་ཤིང་། རིམ་པར་རྒྱུད་སྨིན་པར་བྱས་ནས་གདམས་པ་བསྟན་པ་འདི་ལ་དོན་གསུམ་སྟེ། ཕྱི་བདེ་ཆེན་ཞིང་སྦྱོང་གི་བསྙེན་པ། ནང་བསྐྱེད་བཟླས་རྫོགས་པས་བསྒྲུབ་པ། གསང་བ་རྡོ་རྗེའི་རྣལ་འབྱོར་གྱིས་ལས་ལ་སྦྱར་བའོ། །དང་པོ་ནི། ཁྲུས་དང་གཙང་སྦྲ་ལ་གནས་པས་དབེན་པའི་གནས་སུ་བདེ་བའི་གདན་ལ་གདོང་ནུབ་ཏུ་ཕྱོགས་ཏེ་འཁོད་ཅིང་ཐུན་གྱི་ཐོག་མར་སྐྱབས་སེམས་བྱ་སྟེ། དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནམ་མཁའ་ལ་སྐར་མ་བཀྲ་བ་ལྟ་བུ་དང་། རང་གི་མདུན་གྱི་སྟེང་ཏཱ་ལའི་སྲིད་ཙམ་དུ་རྩ་བའི་བླ་མ་བཞུགས་པར་བསམ་ལ། མཁའ་ཁྱབ་སེམས་ཅན་ཐམས་ཅད་སྙིང་ཁོང་དུ་བཅུག་པའི་ལྷག་བསམ་གྱིས་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཚིག་འདི་ལྟར་བརྗོད་དེ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་དུ་འགྲུབ་པར་བགྱིའོ། །ཞེས་པདྨའི་ལམ་རིམ་གྱི་ཆོས་སྤྱོད་སིལ་བུ་ནས་འབྱུང་བའི་ཚིགས་བཅད་དེ། རང་གིས་སྐྱབས་སེམས་ཚིག་དེ་བརྗོད་པ་དང་ལྷན་ཅིག་དགྲ་གཉེན་བར་མའི་འགྲོ་བ་དང་འབྱུང་བཞི་རྡུལ་ཕྲ་རབ་ནས་ཀྱང་འུར་ལྡིར་གྲགས་པར་བསམ་ལ་ཅི་ནུས་སུ་བརྗོད། ཐུན་སྨད་དུ་སངས་རྒྱས་བྱང་སེམས་ཐམས་ཅད་རྩ་བའི་བླ་མ་ལ་ཐིམ་ཞིང་། རྩ་བའི་བླ་མ་རང་གི་སྤྱི་བོའི་སྟེང་ཐད་དུ་རྡོ་རྗེ་སེམས་དཔའི་རྣམ་པར་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས་ནས། སྒོ་གསུམ་སྡིག་སྒྲིབ་ཤ་ཁྲག་རུས་པ་དང་བཅས་པ་ཐམས་ཅད་དག་ནས་རང་ལུས་ཤེལ་སྒོང་དྲི་མ་མེད་པ་ལྟ་བུར་བསམ་ལ་ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླ། མཐར་བསྟོད་བཤགས་བྱས་ཏེ་བླ་མ་རྡོ་རྗེ་སེམས་དཔའ་ཚངས་པའི་བུ་ག་ནས་རང་ལ་ཐིམ་པས་གཉིས་སུ་མེད་པ་རྣམ་པར་མི་རྟོག་པའི་ངང་དུ་དར་གཅིག་བློ་བཞག །རྗེས་དགེ་བ་བསྔོ། དེ་ནས་ཞིང་སྦྱོང་ཉམས་ལེན་དངོས་གཞིར་འཇུག་པ་ལ། རང་གི་མདུན་ནུབ་ཕྱོགས་ཀྱི་ཆར་མི་མཇེད་འཇིག་རྟེན་ལས་ཅུང་ཟད་སྟེང་དུ་འཕགས་པ་སངས་རྒྱས་ཀྱི་ཞིང་ཁམས་བདེ་བ་ཅན་རྒྱ་ཁྱོན་ཚད་མེད་པ་དབྱིབས་ཟླུམ་པོའི་རྣམ་པ། དཔེ་མཎྜལ་བར་སྣང་དུ་བཞག་པ་ལྟ་བུ་སྟེ། ཞིང་དེའི་ཆེ་བའི་ཡོན་ཏན་འོད་དཔག་མེད་ཀྱི་མདོར་ཇི་ལྟར་གསུངས་བཞིན་དྲན་པར་བྱས་ཏེ། མོས་པས་ཞིང་ཁམས་གསལ་བཏབ་པའི་དབུས་སུ་རིན་པོ་ཆེའི་ཁྲི་རྨད་དུ་བྱུང་བ་ལ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ། མཆོག་གི་སྤྲུལ་པའི་སྐུའི་ཆ་བྱད་ཆོས་གོས་གསུམ་གསོལ་ཞིང་ཕྱག་མཉམ་གཞག་བཻཌཱུརྻའི་ལྷུང་བཟེད་བདུད་རྩིས་བཀང་བ་བསྣམས་པ། མཚན་དཔེ་ཡོངས་སུ་རྫོགས་ཤིང་དབུའི་གཙུག་ཏོར་བལྟར་མི་ཚུགས་པ་འོད་ཟེར་མུ་མཐའ་མེད་པར་འཕྲོ་བ་སྐུ་རྒྱབ་བྱང་ཆུབ་ཤིང་ལ་ཕྱོགས་ཏེ་བཞུགས་པ། སངས་རྒྱས་བྱང་སེམས་ཉན་ཐོས་ཚད་མེད་པས་བསྐོར་བར་བསྒོམ་ལ། མི་མཇེད་ཞིང་འདིར་བདག་གིས་ལུས་ཐ་ལམ་དུ་གནས་པས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ལུས་མ་ལྔ་ས་ལ་ཕབ་པའི་ཕྱག་འཚལ་ཞིང་། རང་གི་ལུས་རྡུལ་སྙེད་དུ་མོས་པས་སྤྲུལ་པ་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས་ཕྱག་འཚལ་བར་བསམ་ལ། ན་མོ་མཉྫུ་ཤྲཱི་ཡེ་སྭཱ་ཧཱ། ན་མོ་ཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། ན་མཿསུ་ཤྲཱི་ཡེ་སྭཱ་ཧཱ། ཞེས་ཕྱག་བརྒྱ་སྟོང་ཅི་ནུས་ཐུན་དུ་བཅད་དེ་འབུལ་བ་ནི་ཐུན་ཕྲན་དང་པོའོ། །ཡང་མགོན་པོ་འོད་དཔག་མེད་ལ་སངས་རྒྱས་སུམ་ཅུ་རྩ་ལྔས་བསྐོར་ཏེ་བཞུགས་པར་བསམ་ལ། དེའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་དང་། ཁྱད་པར་དུ་ཚེ་འདིར་བསགས་པའི་སྡིག་པ་ཅི་བགྱིས་ཡིད་ལ་དྲན་པར་བྱས་ཏེ། འགྱོད་པ་དྲགས་པོས་ངག་ནས་མཐོལ་ཞིང་བཤགས་པ་དང་། སླད་མར་སྡོམ་སེམས་བཅས་ཕུང་པོ་གསུམ་པའི་མདོ་ཞེས་བྱང་ཆུབ་ལྟུང་བཤགས་ཅི་ནུས་བཀླགས་ནས་ཕྱག་འཚལ་བ་ནི་ཐུན་ཕྲན་གཉིས་པའོ། །དེ་ནས་རང་ལུས་བྱང་ཆུབ་སེམས་དཔའ་འཁོར་ལོས་སྒྱུར་བའི་གཟུགས་ཅན་ལྟ་བུར་མོས་ཏེ་བཟང་སྤྱོད་ནས་བྱུང་བའི་ཡན་ལག་བདུན་པ་དམིགས་པ་གསལ་བས་ཚར་གང་མང་བརྗོད་པ་ནི་ཐུན་ཕྲན་གསུམ་པའོ། །དེ་ནས་མཎྜལ་གྱི་བྱ་བ་རང་ཉིད་ཨཱརྻ་ཛམྦྷ་ལ་ལྟ་བུ་གསལ་ཏེ། ཕྱི་འཇིག་རྟེན་ཁམས་ཀྱི་ལྷ་མིའི་དཔལ་འབྱོར་མ་ལུས་པ་དང་། ནང་རང་གི་དགྲ་གཉེན་བར་མའི་འགྲོ་བ་འདོད་དགུའི་ལོངས་སྤྱོད་བཅས་པ་དང་། བར་བདག་གི་ལུས་སྲོག་ཚེ་བསོད་ནམས་འདུས་དང་འདུས་མ་བྱས་པའི་དགེ་ཚོགས་བཅས་ཁ་ཙམ་མ་ཡིན་པ་སྙིང་ཐག་པ་ནས་མགོན་པོ་འོད་དཔག་མེད་འཁོར་དང་བཅས་པ་ལ་འབུལ་བར་བསམ་སྟེ། ངག་ཏུ། བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་བཅས། །རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་བཅས་པ། །བློ་ཡིས་དམིགས་ནས་བླ་མ་དཀོན་མཆོག་རྣམས་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་སོགས་མཎྜལ་སྤྱི་ལུགས་ངག་ཚིག་ཇི་སྙེད་པ་བརྗོད་ཅིང་དམིགས་པ་གསལ་བས་འབུལ་བ་ཐུན་ཕྲན་བཞི་པའོ། །དེ་ལྟར་ཐུན་ཕྲན་བཞི་བསྡམས་པས་ཐུན་ཆེན་གཅིག་སྟེ་ཚོགས་ལམ་ལ་བློ་སྦྱོང་བའི་རིམ་པ་ཆོས་ཐུན་དང་པོའོ། །རང་ཉིད་ཛམྦྷ་ལའི་ལུས་དྭངས་ཤིང་གསལ་བའི་དབུས་སུ་དབུ་མ་རག་དུང་ཁ་གྱེན་བསྟན་ལྟ་བུ་ཤེལ་དྭངས་པ་ལྟར་རྙོག་མ་དང་བྲལ་བའི་སྙིང་གའི་ཐད་དུ་རྣམ་ཤེས་ཐིག་ལེ་དཀར་པོ་ཤིན་ཏུ་འཚེར་བ་སྐྱུང་ཀའི་སྒོ་ང་ཙམ་ཞིག་གནས་པ་དང་། བདེ་བ་ཅན་དུ་སངས་རྒྱས་འོད་དཔག་མེད་པའི་མདུན་ཕྱོགས་སུ་རིན་པོ་ཆེའི་པདྨོ་ཁ་འབུས་གཅིག་ཀྱང་གསལ། དེ་ནས་སྔར་བཞིན་ཡན་ལག་བདུན་ལན་ཁ་ཤས་བྱ་བ་ནི་ཐུན་ཕྲན་དང་པོའོ། །དེ་ནས་སངས་རྒྱས་འོད་དཔག་མེད་པའི་དཔྲལ་བའི་མཛོད་སྤུ་ལས་འོད་ཟེར་དཀར་པོ་ཤེལ་གྱི་སྦུ་གུ་ལྟ་བུ་ཞིག་བྱུང་ནས་བདག་གི་ལུས་དེའི་ནང་དུ་ཆུད་པས་དགའ་བདེ་ཚད་མེད་པར་སྐྱེས་པར་བསམ་པ་ཐུན་ཕྲན་གཉིས་པའོ། །སླར་ཡང་རྒྱལ་བ་འོད་དཔག་མེད་ཀྱི་མཛོད་སྤུ་ནས་འོད་ཟེར་ཕྲ་གྲིམ་རྩེ་མོ་རྣོ་བ་ལྕགས་ཀྱུའི་དབྱིབས་ཅན་གཅིག་སྔར་གྱི་འོད་སྦུགས་དེའི་ནང་ནས་ཚུར་བྱུང་། རང་གི་ཚངས་བུག་ནས་མར་བརྒྱུད་སྙིང་གའི་ཐིག་ལེ་དེ་ལ་རེག་མ་ཐག་རྩེན་གྱིས་བླངས། སྐད་ཅིག་གིས་བདེ་བ་ཅན་དུ་དྲངས་ནས་མདུན་གྱི་པདྨོའི་དབུས་སུ་ཐིག་ལེ་ཞུགས་ཤིང་འོད་ཀྱི་སྦུ་གུ་ཡང་རིམ་ཡལ། ལུས་ཕྱི་ཁོག་དེ་ཇེ་མཐོ་ཇེ་འཕེལ་ནམ་མཁའ་ལ་སོང་སྟེ་མཆོད་པའི་སྤྲིན་ཕུང་ཆེན་པོར་གྱུར་ནས་རྒྱལ་བ་སྲས་བཅས་མཆོད་ཅིང་། སེམས་ཅན་རྣམས་ལ་ཟས་སྐོམ་གོས་སྨན་འབྲས་བུ་རིན་པོ་ཆེའི་ཆར་རྒྱུན་ཆད་པ་མེད་པར་བབས་ནས་སྡུག་བསྔལ་སེལ་བར་བསམ་པ་ནི་ཐུན་ཕྲན་གསུམ་པའོ། །རང་སེམས་ཐིག་ལེའི་རྣམ་པ་པདྨོའི་སྦུབས་སུ་ཞུགས་པ་དེ་བྱང་ཆུབ་སེམས་དཔའ་ལྷའི་ཁྱེའུའི་གཟུགས་མཚར་སྡུག་ཡིད་དུ་འོང་བ་ཞིག་ཏུ་གྱུར་ཅིང་། དེ་མ་ཐག་སངས་རྒྱས་འོད་དཔག་མེད་པའི་འོད་ཟེར་གྱིས་རེག་པས་པདྨ་ཁ་རབ་ཏུ་གྱེས་ཏེ་སངས་རྒྱས་ཀྱི་ཞལ་དངོས་སུ་མཇལ་བར་བསམ་པ་ནི་ཐུན་ཕྲན་བཞི་སྟེ། ཐུན་ཆེན་གཅིག་སྦྱོར་ལམ་འཕོ་བའི་རིམ་པ་ཆོས་ཐུན་གཉིས་པའོ། །རང་ཉིད་བྱང་སེམས་ལྷའི་ཁྱེའུ་དེས་སངས་རྒྱས་འོད་དཔག་ཏུ་མེད་པ་ཞལ་མཇལ་བས་དགའ་བ་དང་བདེ་བ་སིམ་པ། དད་པ་མོས་གུས་ཀྱི་ཤུགས་ཚད་མེད་དཔག་ཏུ་མེད་པ་ཐོབ་ནས་ཕྱག་འཚལ་བ་དང་། སྡིག་པ་བཤགས་པ་དང་མཎྜལ་འབུལ་བ། ཡན་ལག་བདུན་གྱི་བྱ་བ་རིམ་པར་བྱས་པ་ནི་ཐུན་ཕྲན་དང་པོའོ། །དེ་ནས་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་ཕྱག་གླང་པོ་ཆེའི་སྣ་ལྗགས་ལྟ་བུ་ཕྱག་མཐིལ་བཀྲ་ཤིས་པའི་རི་མོ་བརྒྱ་ཕྲག་གིས་གཏམས་པ་དེ། བདག་གི་སྤྱི་བོར་བཞག་ནས་རིགས་ཀྱི་བུ་ཁྱོད་རིང་པོར་མི་ཐོགས་པར་སེམས་ཅན་གྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་རོ། །ཞེས་བཀའ་ཡི་གནང་བ་བྱིན་པས་རབ་ཏུ་དགའ་བའི་ས་ཐོབ་ནས་མཚན་དཔེས་རྗེས་མཐུན་དུ་སྤྲས་པར་བསམ་པ་ནི་ཐུན་གཉིས་པའོ། །དེ་ནས་རང་གཞན་གྱི་དོན་ཚད་མེད་པ་འགྲུབ་པ་ལ་མཆོག་ཏུ་དགའ་བ་ཆེན་པོས་དེ་བཞིན་གཤེགས་པ་འོད་དཔག་མེད་ལ་བཀའ་དྲིན་ཆེད་དུ་མཆོད་སྤྲིན་གྱིས་མཆོད་པར་བསམ་ལ། མཆོད་སྤྲིན་གྱི་གཟུངས་སྔགས་ཚར་གསུམ་གྱི་རྗེས་སུ། མདོ་དཀོན་མཆོག་ཏ་ལ་ནས་གསུངས་པའི་མཆོད་ཚིག །མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་བྲེ་དང་། །ཞེས་པ་ལ་སོགས་པའི་མཆོད་པ་འབུལ། མེ་ཏོག་བྱིན་གྱིས་རླབས་པའི་སྔགས་ཀྱིས་མེ་ཏོག་ཕུལ་ནས་མེ་ཏོག་སངས་རྒྱས་ཀྱི་དབུ་གཙུག་ཏུ་གདུགས་ལྟར་འཁྱིལ་བར་བསམ་པ་ནི་ཐུན་ཕྲན་གསུམ་པའོ། །དེ་ནས་རང་ཉིད་གནས་དེ་ལས་མ་གཡོས་བཞིན་ཏུ་སྤྲུལ་པའི་ལུས་བརྒྱ་ཕྲག་ཏུ་བྱས་པ་སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་ཏུ་ཞུགས་ནས་སངས་རྒྱས་བརྒྱ་ལ་དགྱེས་པའི་མཆོད་པ་སྤྲོས་ཤིང་། སངས་རྒྱས་རེ་རེ་ལས་ཏིང་ངེ་འཛིན་གྱི་སྒོ་རེ་རེ་ཐོབ་ཅིང་དེ་ལ་སྙོམས་པར་འཇུག་པ་དང་ལྡང་བ་སོགས་ཡོན་ཏན་བརྒྱ་ཕྲག་དུ་མ་ལ་དབང་འབྱོར་ཞིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཙོ་བོར་སྤྱོད་པས་སེམས་ཅན་བརྒྱ་ཕྲག་མང་པོའི་དོན་བྱེད་པར་བསམ་པ་ཐུན་ཕྲན་བཞི་པ་སྟེ། དེ་བཞི་བསྡོམས་པས་ཐུན་ཆེན་གཅིག་མཐོང་ལམ་དབུགས་དབྱུང་གི་རིམ་པ་ཆོས་ཐུན་བཞི་པའོ། །འདི་ཡན་ཆད་ཞིང་སྦྱོང་རྩ་བའི་དམིགས་ཐུན་དངོས་ཡིན་ནོ། །རང་ཉིད་བྱང་ཆུབ་སེམས་དཔའ་མཚན་དཔེ་རྗེས་མཐུན་པས་བརྒྱན་པ་བདེ་བ་ཅན་དུ་མགོན་པོ་འོད་དཔག་མེད་ཀྱི་སྤྱན་སྔར་གནས་པ་གོང་ལྟར་ལ་སྤྲུལ་པའི་ལུས་སྟོང་དང་། དེ་ནས་འབུམ་དང་། དེ་ནས་བྱེ་བ་ཕྲག་བརྒྱ་དང་། སྟོང་དང་། བྱེ་བ་ཕྲག་འབུམ་དང་། བྱེ་བ་ཕྲག་ཁྲག་ཁྲིག་གི་བར་ཐུན་གོ་རིམ་བཞིན་སྤྲོས་ཏེ། དེ་རྣམས་སངས་རྒྱས་ཀྱི་ཞིང་དེ་སྙེད་དུ་འཇུག་ཅིང་། རྫོགས་པའི་སངས་རྒྱས་སྟོང་ནས་བྱེ་བ་ཕྲག་ཁྲག་ཁྲིག་ལ་མཆོད་པའི་སྤྲིན་གྱིས་ཡོངས་སུ་མཆོད་པའི་མོས་འདུན་རྣམ་དག་བྱས་པས་སངས་རྒྱས་རྣམས་ཀྱི་ཕྱག་གིས་རང་གི་སྤྱི་བོར་བྱུགས་ནས། བྱང་ཆུབ་མཆོག་ཏུ་ལུང་སྟོན་པས་ཏིང་ངེ་འཛིན་གྱི་སྒོ་སྟོང་ནས་བྱེ་བ་ཕྲག་ཁྲག་ཁྲིག་གི་བར་ཐོབ་ཅིང་ཕ་རོལ་ཏུ་ཕྱིན་པ་ཚུལ་ཁྲིམས་ནས་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་བརྟན་པ། ལུས་མཚན་དཔེ་ཡང་ཇེ་གསལ་དུ་སོང་ཞིང་ས་གཉིས་པ་དྲི་མེད་ནས་བདུན་པ་རིང་དུ་སོང་བའི་བར་ཐུན་གོ་རིམ་བཞིན་བསྒོམ་པ་ཐུན་ཕྲན་དྲུག་གོ །དེ་ནས་རང་གི་ལུས་མཚན་དཔེས་བརྒྱན་པ་སྔ་མ་ལས་ཆེས་ཁྱད་པར་དུ་འཕགས་པ་སངས་རྒྱས་དང་རྗེས་སུ་མཐུན་པ་ལས་སྤྲུལ་པ་སྟོང་གསུམ་འཇིག་རྟེན་ཁམས་འབུམ་ཕྲག་གི་རྡུལ་ཕྲ་རབ་དང་མཉམ་པ་དང་། དེ་ནས་འཇིག་རྟེན་ཁམས་གྲངས་མེད་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་དང་། དེ་ནས་ཕྱོགས་བཅུའི་ཞིང་ཁམས་བརྗོད་དུ་མེད་པ་ཡང་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་དེ་སྙེད་དུ་སངས་རྒྱས་དེ་སྙེད་མཉེས་པར་བྱས་ཤིང་། ཕྱི་མའི་སྐབས་སུ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་མཆོད་ཅིང་། སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་ཆེན་པོས་དབང་བསྐུར་བ་དངོས་དང་། སྔ་མ་གཉིས་ལ་ཡང་དེ་དང་ཕྱོགས་མཐུན་པར་བསམ། དབང་བསྐུར་བ་པོ་སངས་རྒྱས་དེ་རྣམས་ཀྱང་། སྔར་སངས་རྒྱས་མཆོག་གི་སྤྲུལ་སྐུར་སྣང་བ། སྐབས་འདིར་རང་གི་སྒྲིབ་པ་སྤངས་པའི་རིམ་པས་ལོངས་སྤྱོད་རྫོགས་པའི་སྐུའི་ཆ་དང་། དངོས་དང་མཐར་ཐུག་པ་ཉིད་དུ་མོས་པར་བྱ་དགོས་ལ། སེམས་ཅན་གྱི་ཡང་དོན་འགྲུབ་ཚུལ་སངས་རྒྱས་དང་རྗེས་སུ་མཐུན་པ་དང་། མཐུན་པ་ཉིད་དང་ཇི་བཞིན་པ་མཛད་པ་སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ས་བརྒྱད་པ་དང་། དགུ་པ་དང་བཅུ་པ་རྣམས་རིམ་པས་ཐོབ་པར་མོས་པའི་དམིགས་པ་ཐུན་ཕྲན་གསུམ་མོ། །ཐུན་ཕྲན་དགུ་པོ་གཅིག་ཏུ་བསྡམས་པས་ཐུན་ཆེན་གཅིག་སྒོམ་ལམ་སེམས་ལ་སྦྱང་བའི་རིམ་པ་སྟེ་ཆོས་ཐུན་བཞི་པའོ། །རང་ཉིད་མཚན་དཔེ་སངས་རྒྱས་དང་ཆ་མཐུན་པའི་ལུས་ཅན་ཞིང་ཁམས་རབ་འབྱམས་སུ་སྐུའི་བཀོད་པ་བསམ་མི་ཁྱབ་པ་དང་ལྡན་པ། དཔེ་བྱས་པ་མེད་པ་རང་བཞིན་གྱི་མཆོད་སྤྲིན་ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བ་ལྟ་བུ་ནམ་མཁའི་ཁམས་ཡོངས་སུ་ཁེངས་པས་རྫོགས་པའི་སངས་རྒྱས་མ་ལུས་ལུས་པ་མེད་པར་མཆོད་ཅིང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་ལས་བྱུང་བའི་མཆོད་པས་རང་ཉིད་ལ་ཉེ་བར་མཆོད་པ་དང་བཅས། སངས་རྒྱས་ཐམས་ཅད་ཀྱིས་དུས་གཅིག་ཏུ་འོད་ཟེར་ཆེན་པོའི་དབང་བསྐུར་བ་དང་ལྷན་ཅིག་པར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྤང་བྱ་མཐའ་དག་བཅོམ་སྟེ་མངོན་པར་སངས་རྒྱས་པའི་གོ་འཕང་བརྙེས་པའི་སྐུའི་ཆ་བསམ་དུ་མེད་ཀྱང་། གདུལ་བྱའི་སྣང་ངོ་ཙམ་དུ་གཟུགས་ཀྱི་རང་བཞིན་སངས་རྒྱས་འོད་དཔག་མེད་པའི་སྐུར་གྱུར་པ་དེ་དང་། བདེ་ལྡན་ཞིང་གི་བདག་པོ་དབྱེར་མེད་རོ་གཅིག་པ་ཆུ་ཆུ་དང་མཉམ་པ་བཞིན་ཏུ་གྱུར་ནས་གདུལ་བྱ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་མཛད་པ་ཕྲིན་ལས། རྒྱ་མཁའ་ཁྱབ་རྒྱུན་དུས་ཇི་སྲིད་དུ་ཆད་པ་མེད་པར་སྟོན་པར་བསམ་ལ་སེམས་ཅི་གནས་སུ་མཉམ་པར་བཞག་པ་ནི་མཐར་ལམ་མི་སློབ་པའི་ང་རྒྱལ་བཟུང་བ་སྟེ་ཆོས་ཐུན་ལྔ་པའོ། །ཆོས་ཐུན་ཕྱི་མ་འདི་གཉིས་ལམ་ཚང་ཕྱིར་གོང་གི་འཕྲོས་སུ་བཀོད་པ་སྟེ་འབྲས་བུ་ལ་མོས་པས་ལམ་དུ་བྱེད་པའི་ཕྱིར་ཡོན་ཏན་ཁྱད་པར་ཅན་གྱི་ས་བོན་རྒྱས་པར་བྱེད་པའོ། །དེ་རྣམས་ཀྱིས་ཕ་རོལ་ཕྱིན་པའི་ལམ་སྔགས་ཕྱི་རྒྱུད་ཀྱི་ཕྱོགས་དང་མཐུན་པའི་ཉམས་ལེན་ཕྱི་བསྙེན་པའི་རིམ་པ་སྤྲུལ་པའི་སྐུ་ལམ་དུ་ཁྱེར་ཚུལ་གྱི་སྐབས་ཏེ་དང་པོའོ།། །།དེ་ནས་སྤྱི་དོན་གཉིས་པ་ཚེ་དང་ཡེ་ཤེས་འོད་དཔག་ཏུ་མེད་པའི་སྒོམ་སྒྲུབ་བསྟན་པ་ལ་ཐུན་གྱི་ཐོག་མར་སྐྱབས་སེམས་སྔར་ལྟར་སོང་མཚམས་ཡན་ལག་བདུན་པའི་དམིགས་པ་ནན་ཏན་དུ་བྱས་ལ་མཐར་སྐྱབས་ཡུལ་ཀུན་རྩ་བའི་བླ་མར་འདུས་ཤིང་། དེ་སངས་རྒྱས་འོད་དཔག་མེད་མཆོག་གི་སྤྲུལ་པའི་སྐུའི་ཆ་ལུགས་ཅན་རང་གི་སྤྱི་བོར་བྱོན་ཏེ་བཞུགས་པར་བསམ་ལ་འོད་དཔག་མེད་ཀྱི་གཟུངས་སྔགས་བཟླ་བར་བྱ་སྟེ། དེ་ཡང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྻ་ཨ་མི་ཏ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཨ་མི་ཏེ། ཨ་མི་ཏོདྦྷ་ཝེ། ཨ་མི་ཏ་སཾ་བྷ་ཝེ། ཨ་མི་ཏ་གརྦྷེ། ཨ་མི་ཏ་སིདྡྷི། ཨ་མི་ཏ་ཏེ་ཛོ། ཨ་མི་ཏ་བི་ཀྲཱནྟ་གཱ་མི་ནེ། ཨ་མི་ཏ་ག་ག་ན་ཀཱིརྟི་ཀཱ་རི། ཨ་མི་ཏ་དུནྡུ་བྷི་སྭ་རེ། སརྦ་ཨརྠ་སཱ་དྷ་ནེ། སརྦ་ཀརྨ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཞེས་གསལ་ལ་དག་པར་ཅི་ནུས་བཟླས་པས་འོད་དཔག་མེད་པའི་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བྱུང་། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་བབ། ལུས་ཀྱི་ཕྱི་བཀྲུས། ཚངས་བུག་ནས་ནང་དུ་ཞུགས་པས་བདག་གཞན་གྱིས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་མཐའ་དག་སང་སང་དག་ཅིང་རང་གི་ལུས་ནང་གི་ཤ་ཁྲག་རུས་པ་ནང་ཁྲོལ་ཐམས་ཅད་འོག་སྒོ་ནས་ཕྱིར་ཐོན། ས་རིམ་པ་དགུའི་འོག་ཏུ་སོང་ཞིང་རང་ལུས་དྲི་མ་མེད་པ་ཤེལ་གྱི་གོང་བུ་ལྟ་བུར་བསམ་ལ། དེ་ནས་བླ་མའི་དཔྲལ་མགྲིན་སྙིང་ག་ལྟེ་བ་ལས་དཀར་དམར་མཐིང་ལྗང་འོད་ཟེར་ཐིག་ལེ་བར་མི་ཆད་པ་རང་གི་གནས་བཞིར་ཐིམ་པས་དབང་བཞི་ཐོབ། སྒྲིབ་བཞི་དག །ལམ་བཞི་འབྱོངས། འབྲས་བུ་སྐུ་བཞི་ཐོབ་པར་བསམ། མཐར་བླ་མ་རང་ལ་ཐིམ། རང་གི་ལུས་ངག་ཡིད་གསུམ་དང་རྒྱལ་བའི་སྐུ་གསུང་ཐུགས་དབྱེར་མེད་དུ་སེམས་ཇི་གནས་སུ་མཉམ་པར་བཞག་པ་ནི་སྦྱོར་བ་སྔོན་དུ་འགྲོ་བ་སྟེ་ཆོས་ཐུན་དང་པོའོ། །དེ་ནས་དངོས་གཞི་བསྐྱེད་བཟླས་རྫོགས་གསུམ་ལས། དང་པོ་སྐུ་བསྐྱེད་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ་ཨཱཏྨ་ཀོ྅་ཧཾ། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྟོང་པར་གྱུར། སྟོང་ཉིད་རང་གི་རིག་པ་སྙིང་རྗེ་སྒྱུ་མ་ལྟ་བུའི་རྐྱེན་ལ་བརྟེན་ཡི་གེ་ཧྲཱིཿདམར་དུ་གྱུར། དེ་སྐད་ཅིག་གིས་ཚེ་དང་ཡེ་ཤེས་འོད་དཔག་ཏུ་མེད་པ་ལོངས་སྤྱོད་རྫོགས་སྐུ་ཁ་དོག་དམར་པོ་པདྨ་རཱ་གའི་ལྷུན་པོ་བྱེ་བའི་འོད་འཕྲོག་ཅིང་ཉི་ཟླ་ཁྲག་ཁྲིག་ཟིལ་གྱིས་གནོན་པ། མཚན་དཔེ་མཆོག་ཏུ་འབར་བ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་པདྨ་དང་ཉི་ཟླའི་གདན་ལ་བཞུགས་ཤིང་། ཕྱག་མཉམ་གཞག་གི་ཕྱག་རྒྱས་འཆི་མེད་བདུད་རྩིས་གང་བའི་བུམ་པ་དཔག་བསམ་ཤིང་ཡིད་བཞིན་ནོར་བུའི་འབྲས་བུ་ཅན་གྱི་ཁ་རྒྱན་ཅན་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་དུ་མས་ཡོངས་སུ་མཛེས་ཤིང་ཞལ་གྱི་དཀྱིལ་འཁོར་གྱིས་མཚོན་བ་སྤུ་རེའི་ཁྱོན་ཡང་བསྐལ་པ་རྒྱ་མཚོར་བལྟས་ཀྱང་ངོམས་པ་མེད་པ། རང་བཞིན་ལྷུན་གྱིས་གྲུབ་པའི་སྐུ་རང་འོད་ཀྱི་ཡུམ་བདེ་བ་ཆེན་པོར་ལོངས་སྤྱོད་པ་རྙོག་པ་དང་བྲལ་བ་ཟླ་བའི་རྒྱབ་ཡོལ་བྱས་པའི་སྐུ་རུ་གསལ་བཏབ་སྟེ། སྐུའི་ཆ་ཤས་ཕྲ་རགས་ལ་སེམས་རིམ་པར་བཟུང་ཞིང་གོམས་ནས་སྐུ་ཡོངས་རྫོགས་ལ་ཡིད་མ་ཡེངས་པར་ཇི་གནས་སུ་མཉམ་པར་བཞག་པ་སྟེ་ཆོས་ཐུན་གཉིས་པའོ། །དེ་ནས་གསུང་བཟླས་པའི་རིམ་པ་ལ། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཧྲཱིཿགསེར་ཞུན་མ་ལྟ་བུ་དེ་ལས་འོད་ཟེར་འཕྲོས། ཕྱོགས་དུས་རྒྱལ་བ་མ་ལུས་ཤིང་ལུས་པ་མེད་པའི་ཐུགས་རྗེ་བྱིན་རླབས་ཚེ་བཅུད་དང་ལྷན་ཅིག་འབྱུང་བ་ལྔ་ཁམས་གསུམ་གྱི་དྭངས་མ་ཐམས་ཅད་དངོས་གྲུབ་ཀྱི་ཚུལ་དུ་བསྡུས་ཏེ་རང་ལ་ཐིམ་པར་བསམ་ལ་ཚེའི་སྙིང་པོ་འདི་ལྟ་སྟེ། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀཿཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་ཡིད་མ་ཡེངས་པར་ཅི་ནུས་སུ་བཟླ་བ་སྟེ་དེའི་ཕན་ཡོན་ནི་ཇི་སྐད་དུ། ཞག་རེ་ལ་ནི་བརྒྱ་རྩ་བཟླ༔ དེ་ལྟར་རྒྱུན་དུ་བཟླས་གྱུར་ན༔ ཚེ་སྲོག་ཡུན་དུ་བརྟན་པར་འགྱུར༔ འདས་ཚེ་ནུབ་ཕྱོགས་བདེ་བ་ཅན༔ འོད་དཔག་མེད་ཀྱི་སྤྱན་སྔར་སྐྱེ༔ འདི་ལ་ཐེ་ཚོམ་ཡོད་རེ་ཀན༔ ཞེས་གསུངས་སོ། །ཆོས་ཐུན་གསུམ་པའོ། །དེ་ནས་ཐུགས་རྫོགས་པའི་རིམ་པ་ནི། རང་གི་སྙིང་གར་པདྨ་དམར་པོ་ལ་ཟླ་བའི་དཀྱིལ་འཁོར་དེ་ལ་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་འོད་དཔག་ཏུ་མེད་པ་ཡབ་ཡུམ་ཁ་སྦྱོར་བདེ་བ་ཆེན་པོའི་སྐུ་རྡོ་རྗེ་དང་པདྨའི་སྐྱིལ་ཀྲུང་གིས་བཞུགས་པ། ཟླ་བ་ཆུ་ཤེལ་དབང་པོ་ལྟར་དཀར་བ་མཉམ་གཞག་ཚེ་བུམ་བསྣམས་པ་ལོངས་སྐུའི་རྒྱན་ཆ་བྱད་རྫོགས་པ་གསལ་བཏབ། འཇམ་རླུང་བུམ་པ་ཅན་བཟུང་བས་ཡབ་ཡུམ་སྦྱོར་མཚམས་ནས་བདུད་རྩི་དཀར་དམར་འདྲེས་པ་གྲོང་པའི་འོ་མ་འཇོས་མ་ཐག་པ་ཙམ་བབས་ནས། ལུས་ཀྱི་ནང་ཐམས་ཅད་མེར་གྱིས་གང་བའི་ཟེགས་མ་བ་སྤུའི་བུ་ག་ཟླ་བ་ལ་རྡོ་རྗེ་ཕྱེད་པ་ཕྲ་མོ་འབའ་ཞིག་པས་གཏམས་ཤིང་། ཟབ་གསལ་བདེ་བ་ཆེན་པོའི་ཡེ་ཤེས་ཡང་དག་པ་རྒྱུད་ལ་སྐྱེས་པར་བསམ། རླུང་བུམ་པ་ཅན་ཅི་ནུས་སུ་འབད། མཐར་རྣམ་པར་རྟོག་པ་གསུམ་བྲལ་བ་རང་རིག་དམིགས་མེད་རང་བབ་གཉུག་མ་སོ་མ་ལྷུག་པར་ཇི་གནས་སུ་མཉམ་པར་བཞག་པའོ། །དེའི་ཕན་ཡོན་ཡང་འདི་སྐད་ཅེས། ནད་གདོན་ཚེ་ཡི་བར་གཅོད་ནི༔ དུས་རྣམས་ཀུན་ཏུ་འབྱུང་མི་འགྱུར༔ དུས་མིན་ཚེ་ཡི་བར་ཆོད་ནི༔ འབྱུང་བའི་དྭངས་མ་འཁྲུགས་པ་ཡིས༔ ཚེ་ཡི་བར་གཅོད་བྱེད་པ་ཡིན༔ དེ་བས་དམིགས་པ་འདི་བསྒོམ་ན༔ རྒྱུན་དུ་འབྱུང་བ་མི་འཁྲུགས་པས༔ ལོ་བརྒྱའི་བར་དུ་འཆི་མི་འགྱུར༔ ཅེས་པ་སྟེ་ཆོས་ཐུན་བཞི་པའོ། །མཐར་སྣོད་ཀྱི་འཇིག་རྟེན་བདེ་བ་ཅན་གྱི་ཞིང་དང་། བཅུད་ཀྱི་སེམས་ཅན་ཀུན་ཚེ་དང་ཡེ་ཤེས་འོད་དཔག་ཏུ་མེད་པ། སྒྲར་གྲགས་པ་ཐམས་ཅད་གཞོམ་དུ་མེད་པ་ཚེའི་རང་སྒྲ །དྲན་རྟོག་ཐམས་ཅད་རང་གྲོལ་ཆོས་ཉིད་གཉུག་མའི་ངང་དུ་བསྐྱང་ཞིང་སྐབས་སུ་འོད་གསལ་འཇུག་ལྡང་བྱ་ལ། མཚན་མོ་ཉལ་བའི་སྐབས་རང་གི་སྙིང་འོད་ཀྱི་གོང་བུའི་དབུས་སུ་ཐིག་ལེ་མེ་ལོང་ལྟ་བུ་རྙོག་པ་མེད་པ་ཤིན་ཏུ་དྭངས་པའི་ནང་དུ་བདེ་བ་ཅན་གྱི་ཞིང་གཟུགས་བརྙན་ལྟར་གསལ་བའི་དབུས་སུ་ཚེ་འོད་དཔག་མེད་ཀྱི་སྐུ་གསལ་བཏབ་སྟེ། སེམས་མ་ཡེངས་པར་ཡང་ཡང་བསླབ། རྨི་ལམ་དུ་བདེ་བ་ཅན་གྱི་ཞིང་བལྟ་བར་བྱའོ་སྙམ་པའི་འཛིན་སྟངས་ཀྱང་ནན་ཏན་བྱས་པས། རྨི་ལམ་དུ་བདེ་བ་ཅན་གྱི་ཞིང་དང་། སངས་རྒྱས་འོད་དཔག་ཏུ་མེད་པ་མཇལ་བར་འགྱུར་ཏེ། ལམ་གྱི་ཁྱེར་སོ་རྗེས་ཀྱི་རིམ་པ་ཉལ་བའི་རྣལ་འབྱོར་གྱི་ཆོས་ཐུན་ལྔ་པའོ། །དེ་ལྟར་ཆོས་ཐུན་ལྔ་པོ་དེས་ནི་སྔགས་བླ་མེད་དང་མཐུན་པའི་ཉམས་ལེན་ནང་སྒྲུབ་པའི་རིམ་པ་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་མོས་པས་ལམ་དུ་བྱེད་པའི་ཚུལ་ཏེ་སྐབས་གཉིས་པའོ།། །།ད་ནི་སྤྱི་དོན་གསུམ་པ་རྫོགས་པའི་རིམ་པ་དངོས་ཉམས་སུ་ལེན་པ་ལ། ཐུན་གྱི་ཐོག་མར་སྐྱབས་སེམས་ཡན་ལག་བདུན་པ་སྒྲིབ་སྦྱོང་དབང་བཞི་བླང་བ་རྣམས་གོང་ལྟར་བྱས་ཤིང་། བསམ་གཏན་གྱི་གདན་ལ་ལུས་རྣམ་སྣང་གི་ཆོས་བདུན་ལྡན་དུ་བཅས་ཏེ་ངག་རླུང་རོ་ལན་གསུམ་དུ་བསལ་རྗེས་རླུང་རང་བབ་ཏུ་བཞག །སྒོ་མིག་ཕྱེད་བཀབ་ཕྱེད་བལྟ་གཡོ་འགུལ་མེད་པར་ཡུལ་སྤྲིན་བྲལ་གྱི་ནམ་མཁའ་འམ། གསེང་མེད་ཀྱི་མུན་པར་ཡང་སྟེ། དེ་ལ་སེམས་ཡུལ་ལ་དམིགས་གཏད་མེད་པའི་ལྷུག་པ། བསྒོམ་བྱ་དང་བྲལ་བའི་ཐ་མལ། བཅས་བཅོས་མེད་པའི་གཉུག་མ། ལུང་མ་བསྟན་དང་རྣམ་རྟོག་གིས་བསྐྱོད་པའི་མཐའ་སྤང་བའི་སོ་མ་སྟེ་མཚན་ཉིད་བཞི་ལྡན་གྱི་ངང་དུ་མཉམ་པར་བཞག །དེ་ལྟར་ཡུན་རིང་དུ་བསྒོམས་པས། སྣང་ཉམས་དང་། ཤེས་ཉམས་བསམ་གྱིས་མི་ཁྱབ་པ་འཆར་བ་དེ་ཀུན་ལ་ཡང་དགའ་བྲོད་སྙེམས་འཕྲིག་མེད་པར་རིག་པའི་རང་གདངས་སུ་ཤེས་བཞིན་ལམ་དུ་ཁྱེར་བ་སྟེ་ཆོས་ཐུན་དང་པོའོ། །དེ་ནས་རང་ཉིད་བཅོམ་ལྡན་འདས་ཚེ་འོད་དཔག་ཏུ་མེད་པའི་སྐུ་སྣང་ལ་རང་བཞིན་མ་གྲུབ་པ་མེ་ལོང་གི་གཟུགས་བརྙན་ལྟ་བུར་གསལ་ལ། རླུང་རོ་ལན་གསུམ་དུ་བསལ་ནས་དབུགས་རང་བབ་ཏུ་བཞག་པའི། ནང་དུ་རྔུབ་ཚེ་ཨོཾ་དཀར་པོ་འོད་ཟེར་དང་བཅས་པ་སྣ་བུག་གཡོན་ནས་ཞུགས། ཁོང་དུ་གནས་པའི་སྐབས་སུ་ཨཱཿདམར་པོ་འོད་ཟེར་འཕྲོ་བཞིན་ལྟེ་བར་སྣང་བ་དང་། ཕྱིར་དབྱུང་ཚེ་ཧཱུྃ་མཐིང་ག་འོད་ཟེར་དང་བཅས་སྣ་བུག་གཡས་ནས་ཐོན་པ་ལ་ཡིད་མ་ཡེངས་རྩེ་གཅིག་ཏུ་བྱས་པས། ཡོན་ཏན་ཁྱད་པར་འཕགས་པ་རྣམས་རྒྱུད་ལ་སྐྱེ་བར་འགྱུར་ཏེ་ཆོས་ཐུན་གཉིས་པའོ། །ཡང་རང་ཉིད་ཚེ་འོད་དཔག་མེད་སྐུའི་ནང་དབུས་སུ་རྩ་ཨ་ཝ་དྷཱུ་ཏི་ཕྱི་དཀར་ནང་དམར། སྲབ་དྭངས་རྙོག་པ་མེད་པ་མདའ་སྨྱུག་འབྲིང་པོ་ཙམ་ཡར་སྣེ་ཚངས་པའི་སྒོ །མར་སྣ་ལྟེ་འོག་སོར་བརྒྱད་དུ་བརྟན་ཅིང་ཤིན་ཏུ་དྲང་བ། ཡས་སྣ་ལ་ཉེ་བར་ཧྲཱིཿདཀར་པོ་མགོ་བོ་ཐུར་དུ་བསྟན་པ། ལྟེ་འོག་སོར་བཞིའི་མཚམས་སུ་ཧྲཱིཿདམར་པོ། སྙིང་གར་ཧྲཱིཿམཐིང་ག་རྣམས་གསལ་ཞིང་། རླུང་བཟུང་བ་དབུ་མའི་མས་སྣ་ནས་ཞུགས་ཏེ་ཧྲཱིཿཡིག་དམར་པོ་ལ་ཕོག་པས་གཏུམ་མོའི་མེ་འབར། སྙིང་གའི་ཧྲཱིཿཕུག་སྤྱི་བོའི་ཧྲཱིཿལ་རེག་པས་དེ་ལས་བདུད་རྩིའི་རྒྱུན་བྱུང་། སྙིང་གའི་ཧྲཱིཿལ་ཕོག་གཟི་འོད་ཤིན་ཏུ་འབར་ཞིང་། དེ་ལས་བརྒྱུད་བདུད་རྩིའི་རྒྱུན་ལྟེ་བའི་ཧྲཱིཿལ་བབ་པའི་འབར་འཛག་སྐྲ་ཤད་འཛིངས་པ་ལྟ་བུ་བར་མཚམས་མེད་པ་ལ་སེམས་གཏད་བཞིན་རླུང་སྦྱོར་ཅི་ནུས་དང་། ལུས་སྦྱོང་ཡང་བྱ་ལ། ཐུན་མཐར་རྣམ་པར་མི་རྟོག་པའི་རིག་པ་ནམ་མཁའ་ལྟར་རྒྱ་ཡན་དུ་བཞག་པ་སྟེ་ཆོས་ཐུན་གསུམ་པའོ། །རང་ཉིད་ཚེ་འོད་དཔག་མེད་དུ་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཧྲཱིཿཡིག་དང་བཅས་པ་སྐབས་གཉིས་པར་བཤད་བཞིན་གསལ་བཏབ་སེམས་ཅི་གནས་སུ་བཟུང་། དེ་ནས་རང་གི་གདན་རྒྱབ་ཡོལ་རྒྱན་ཆ་རྣམས་སྐུ་ལ་ཐིམ། ལྷ་སྐུ་ཡང་མེ་ལོང་ལ་ཧས་བཏབ་པ་ལྟར་དབུས་སུ་འདུས་པ་སྙིང་གའི་ཡེ་ཤེས་སེམས་དཔའ་ལ་ཐིམ། ཡེ་ཤེས་སེམས་དཔའི་རྒྱན་སོགས་སྐུ་དང་། སྐུ་ཐུགས་ཀའི་ཧྲཱིཿཡིག་ལ་ཐིམ། དེའི་རྣམ་བཅད་ར་ཡིག་དང་། དེ་ཧ། དེ་གི་གུ་ལ་ཐིམ། དེ་ནཱ་དའི་རང་བཞིན་ཏུ་ཇེ་ཕྲ་ཇེ་ཕྲ་ཤིན་ཏུ་ཕྲ་བ། སྐྲ་རྩེ་བརྒྱ་སྟོང་གི་ཚད་ཙམ་ནས་ཡལ་བར་བསམ་ལ། སེམས་དམིགས་མེད་སྤྲོས་བྲལ་ངང་དུ་ཅི་ནུས་བཞག །སླར་ཡང་སྔར་ལྟར་ལྷ་སྐུ་སེམས་དཔའ་སུམ་བརྩེགས་སུ་གསལ་ནས་ཡང་སྡུད་པ་ལ་གོང་བཞིན་ཡང་ནས་ཡང་དུ་བསླབ་པ་ནི། རིལ་འཛིན་གྱི་འོད་གསལ་སྟོང་པ་ཉིད་དུ་བསྡུ་བ་སྟེ་ཆོས་ཐུན་བཞི་པའོ། །ཡང་སྔར་བཞིན་སེམས་དཔའ་སུམ་བརྩེགས་སུ་གསལ་བའི་ཏིང་འཛིན་སེམས་དཔའ་ཧྲཱིཿལས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་ལ་ཕོག །ཤིན་ཏུ་འཚེར་བའི་སྐུ་དེའི་འོད་ཟེར་གྱིས་དམ་ཚིག་སེམས་དཔའ་ལ་ཕོག །རབ་ཏུ་གསལ་བའི་འོད་ཀྱིས་འཇིག་རྟེན་ཁམས་ཁྱབ། སྣོད་ཐམས་ཅད་རང་བཞིན་རྣམ་དག་འོད་གསལ་དག་པའི་ཞིང་ཁམས། བཅུད་ཀྱི་སེམས་ཅན་ཚེ་དང་ཡེ་ཤེས་འོད་དཔག་ཏུ་མེད་པར་གྱུར་ཅིང་། དེ་ནས་ཞིང་ཁམས་ལྷ་སྐུ་ལ་ཐིམ། ལྷ་སྐུ་དམ་ཚིག་སེམས་དཔའ་ལ་ཐིམ། དེ་ཡེ་ཤེས་སེམས་དཔའ་ནས། ནཱ་ད་སྟོང་པར་ཡལ་བ་དམིགས་མེད་སྤྲོས་བྲལ་དུ་བཞག་པ་རིལ་འཛིན་སྐབས་ལྟར་དང་། སླར་འོད་གསལ་ལས་ལྷ་སྐུར་ལྡང་ཞིང་ཡང་འཇུག་པར་ཡང་ཡང་དུ་བསླབ་པ་ནི། སྤྲོ་བ་དང་བཅས་པའི་སྡུད་རིམ་རྗེས་གཞིག་འོད་གསལ་སྟོང་ཉིད་ཀྱི་རྣལ་འབྱོར་ཏེ་ཆོས་ཐུན་ལྔ་པའོ། །དེ་ལྟར་ཆོས་ཐུན་ལྔ་པོ་ནི་སྔགས་བླ་ན་མེད་པའི་མན་ངག་རྡོ་རྗེའི་རྣལ་འབྱོར་གསང་བ་ལས་ལ་སྦྱར་བ་ཆོས་ཀྱི་སྐུ་ལམ་དུ་བྱེད་པའི་རིམ་པ་སྟེ་སྐབས་གསུམ་པའོ།། །།སྐབས་གསུམ་པོ་དེ་རེ་རེས་ཀྱང་ཁྲིད་བཀའ་ཚང་བ་ཡིན་པས་སོ་སོའི་བློ་དང་མཐུན་པར་གང་འདོད་དུམ་དུམ་དུ་འཆད་པ་དང་། རིམ་པ་གསུམ་ཀ་དྲིལ་བས་ཁྲིད་ཀྱི་ལུས་མཐའ་རྒྱས་སུ་འགྱུར་ཞིང་། ཁྲིད་རིམ་དང་པོའི་སྐབས་ཐོག་མཐའ་གང་བདེ་རུ་འོད་དཔག་ཏུ་མེད་པ་བཀོད་པའི་མདོ་ཞེས་བམ་པོ་གསུམ་པ་བཀླགས་ཤིང་དོན་བཀྲོལ་ནས་ཕན་ཡོན་གྱིས་སྤྲོ་བ་བསྐྱེད་པ་དང་། བདེ་བ་ཅན་དུ་སྐྱེ་བའི་ལས་སེམས་བསྐྱེད་འགྱུར་བ་བཅུར་གསུངས་པ་ནི། རྫོགས་པའི་སངས་རྒྱས་ཀྱི་སྐུ་བརྙན་གཙུག་ལག་ཁང་དང་། སངས་རྒྱས་ཀྱི་བཀའ་གླེགས་བམ་དང་རིང་བསྲེལ་གསུམ་གང་རིགས་གཞུག་པའི་མཆོད་རྟེན་ཏེ། སྐུ་གསུང་ཐུགས་ཀྱི་རྟེན། སེམས་ཅན་སྤྱི་ལ་ཕན་པ་ཟམ་པ། བྱེ་བྲག་པར་སྲོག་བསླུ་སྟེ་དེ་ལྔ་རང་གིས་བསྒྲུབ་པ་དང་། གཞན་ལ་བསྐུལ་བ་གཉིས་སུ་ཕྱེས་པས་བཅུ་ཡིན་ནོ། །གཞན་ཡང་སངས་རྒྱས་མཐོང་བ་དང་མི་འབྲལ་བའི་ལས་བརྒྱད་ནི། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། ཀླུའི་བདག་པོ་ཆོས་བརྒྱད་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་མཐོང་བ་དང་འབྲལ་བར་མི་འགྱུར་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་རྗེས་སུ་དྲན་པ་ཡིད་ལ་བྱེད་པ་དང་། དེ་བཞིན་གཤེགས་པ་ལ་བསྙེན་བཀུར་དང་། མཆོད་པ་བྱེད་པ་དང་། དེ་བཞིན་གཤེགས་པའི་བསྔགས་པ་རྒྱུན་དུ་བརྗོད་པ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་དུ་འཇུག་པ་དང་། དེ་བཞིན་གཤེགས་པ་བལྟ་བ་ལ་སེམས་ཅན་ཡང་དག་པར་འཛུད་པ་དང་། སངས་རྒྱས་ཀྱི་ཞིང་གང་ན་དེ་བཞིན་གཤེགས་པ་བཞུགས་པ་དེར་སྐྱེ་བར་སྨོན་ལམ་འདེབས་པ་དང་། རྒྱུད་ཞུམ་པ་མེད་ཅིང་རྒྱ་ཆེན་པོ་ལ་མོས་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་འདོད་པ་སྟེ། ཀླུའི་བདག་པོ་ཆོས་བརྒྱད་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་མཐོང་བ་དང་བྲལ་བར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་ཏེ། དེ་བཞིན་གཤེགས་པ་ལ་བསྙེན་བཀུར་དང་མཆོད་པ་བྱེད་པ་ནི་དུས་སྐབས་འདིར་སངས་རྒྱས་ཀྱི་རིང་བསྲེལ་ལམ། བྱང་ཆུབ་ཀྱི་ཤིང་ངམ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་ལ་མཆོད་པ་འབུལ་བ་དང་། སངས་རྒྱས་ཀྱི་དུས་ཆེན་སྐབས་སུ་དགེ་བའི་རྩ་བ་བསྐྲུན་པ་སོགས་སངས་རྒྱས་དགྱེས་པའི་ལས་སུ་དམིགས་པ་མཐའ་དག་པ་ཡིན་ནོ། ཁྲིད་རིམ་ཕྱི་མ་དག་གི་སྐབས་སུ། ལྡང་བ་དང་། ཁྲུས་དང་། གོས་བགོ་བ། ཟས། འགྲོ་སྡོད་ཉལ་བ་རྨི་ལམ་གྱི་རྣལ་འབྱོར་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པ་སྤྱི་ལྟར་ཤེས་པ་དང་། ཆོས་ཐུན་ལ་ཞུགས་པའི་ཐོག་མར་སྐྱབས་སེམས་དང་མཐར་དགེ་ཚོགས་རྫོགས་བྱང་དུ་བསྔོ་སྨོན་གྱི་རྒྱས་ཐེབས་པར་བྱས་ལ། དུས་ཀུན་ཉིན་སྣང་ཐམས་ཅད་སྒྱུ་མ་ལྟར་ཤེས་ཤིང་རྨི་ལམ་དུ་ངོ་ཤེས་པ་དང་། སྲིད་པ་བར་དོ་ཡིན་པའི་མོས་སྟངས་དང་། སྲིད་པའི་སྡུག་བསྔལ་གྱིས་ཡིད་དུབ་ཅིང་། མི་རྟག་འཆི་བ་སྙིང་ནས་དྲན་པས་འདི་སྣང་གི་ཞེན་པ་ལྡོག་པ་དང་། དེ་བཞིན་གཤེགས་པའི་གསུང་ལ་ཡིད་ཆེས་པས་ལས་འབྲས་ཀྱི་འདོར་ལེན་བསླབ་སྡོམ་སྤྱི་དང་།བླ་མའི་མོས་གུས་སྟོབས་སུ་གྱུར་པ་དང་། ལེ་ལོའི་དབང་དུ་མ་སོང་བར་དམ་པའི་ཆོས་ལ་ཤིན་ཏུ་བརྩོན་པ་རྣམས་ནི་ལམ་རིམ་སྤྱིའི་ཆོས་ཏེ་འབད་པར་གདམས་བྱའོ། །འདིར་སྨྲས་པ། རྒྱལ་བའི་ཞིང་མཆོག་བདག་པོ། །ཆོས་ཀྱི་རྡོ་རྗེའི་སྒྲུབ་ཐབས། །ཕུན་ཚོགས་དཔལ་ཀུན་འབྱུང་གནས། །འཆི་མེད་ལམ་འདི་རྨད་བྱུང་། །ཀུན་ཏུ་དགེ་ལེགས་སྩོལ་མཛད་ལྷ་མཆོག །ཚེ་འོད་དཔག་མེད་ལམ་རིམ་བཤད་འདིའི། །དགེ་བས་སེམས་ཅན་དཔལ་མགོན་དབང་ཕྱུག །བྱང་ཆེན་ནོར་བུ་མྱུར་ཐོབ་རྒྱུར་ཤོག །ཅེས་ཚུལ་འདི་ནི་འཇིག་རྟེན་མགོན་པོས་བྱིན་གྱིས་བརླབས་པ། རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་ངེས་པ་དོན་གྱི་བདག་ཉིད་ཆེན་པོ་སི་ཏུ་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས་ཞབས་ཀྱིས་བཀའ་ཡིས་བསྐུལ་བ་ལ་བརྟེན། རྫོགས་པའི་སངས་རྒྱས་ཡུལ་དུས་གདུལ་བྱའི་སྣང་ངོ་དང་འཚམ་པར་རྡོ་རྗེ་སློབ་དཔོན་གྱི་སྐུར་སྤྲུལ་པའི་རིག་འཛིན་བརྒྱུད་པའི་ཞལ་ལུང་ལས་བྱོན་པ་ལ་རུང་མཐུན་མན་ངག་གིས་ཁ་བསྐངས་ཏེ་ཁྲིད་ཀྱི་གཞུང་རང་རྐང་ཚུགས་པ་ཉིད་དུ། རིག་པ་འཛིན་པ་རྒྱལ་ཁམས་པ་ཚེ་དབང་ནོར་བུས་གངས་རིའི་ཁྲོད་ཀྱི་གྲུབ་པའི་རྒྱན་གྱུར་རས་པ་མི་ལ་ཡབ་སྲས་ཀྱི་སྒྲུབ་གནས་མངའ་རི་གུང་ཐང་ར་ལ་ཟ་འོག་ཕུག་ཏུ། དཀར་པོའི་ལོ་དབོ་ཟླའི་ཡར་ཚེས་རྒྱལ་བ་གཉིས་པར་དབུ་བརྩམས་རྒྱལ་བ་གསུམ་པའི་ཐུན་མཚམས་སུ་གྲུབ་པར་སྦྱར་བའོ།། །།
གུ་རུའི་རྣམ་ཐར་རྡོ་རྗེའི་རྒྱན་ཕྲེང་ (Volume 1, Text 4)
༔གུ་རུའི་རྣམ་ཐར་རྡོ་རྗེའི་རྒྱན་ཕྲེང་བཞུགས་སོ༔ ༔ ཨེ་མ་ཧོ༔ རྒྱ་ཆད་ཕྱོགས་ལྷུང་སྤྲོས་པ་བྲལ་བའི་ཞིང༔ བདེ་ཆེན་པདྨོ་བཀོད་པའི་ཕོ་བྲང་ནས༔ སྐུ་གསུམ་བདག་ཉིད་འོད་དཔག་མེད་པ་ཡིས༔ འཁོར་བའི་སེམས་ཅན་དམུ་རྒོད་འདུལ་བ་དང༔ མུ་སྟེགས་ལྟ་བ་ལོག་པ་ཚར་བཅད་ནས༔ ཡང་དག་ཆོས་ཀྱི་སྒྲོན་མེ་སྦར་བའི་ཕྱིར༔ སངས་རྒྱས་སྤྲུལ་པའི་མཆོག་ཅིག་འགྱེད་པར་དགོངས༔ དེ་ཡང་མངལ་སྐྱེས་ཞིག་གིས་མི་འདུལ་བས༔ བརྫུས་སྐྱེས་ལྷ་འདྲེ་མི་གསུམ་ཐམས་ཅད་ཀུན༔ དབང་དང་དྲག་པོའི་ལས་ཀྱིས་འདུལ་བའི་ཕྱིར༔ ཡེ་ཤེས་རྡོ་རྗེའི་ཐུགས་ཀྱི་དཀྱིལ་འཁོར་ནས༔ པདྨ་བདག་ཉིད་ཧྲཱིཿཡིག་ཚུལ་དུ་སྤྲུལ༔ དྲི་མེད་བརྒྱད་ལྡན་ཀོ་ཤའི་མཚོ་གླིང་དུ༔ མ་ཆགས་པདྨ་གེ་སར་སྦུབས་སུ་བལྟམས༔ མེ་ཏོག་ཚད་ནི་ཤིང་རྟའི་འཕང་ལོ་ཙམ༔ འོད་དང་གཟི་བརྗིད་ཤིན་ཏུ་འབར་བ་ལ༔ ཉིན་མོར་ཉི་མའི་འོད་ཀྱིས་སྟེང་དུ་འབྱིན༔ རྒྱ་མཚོ་ཆེན་པོ་བྱིན་ལེགས་མཛེས་པར་བྱེད༔ མཚན་མོར་རྒྱ་མཚོའི་ཁར་ཐོན་འཇའ་འོད་འཁྲིགས༔ གེ་སར་མེ་ཏོག་གཞན་རྣམས་ཐམས་ཅད་ཀུན༔ ལོ་རེ་བཞིན་དུ་གསར་རྙིང་བརྗེ་ནས་སྐྱེ༔ མཚོ་དཀྱིལ་ཨུ་དུམྦ་རའི་སྡོང་པོ་ནི༔ དབྱར་དགུན་གཉིས་ལ་དར་རྒུད་མ་བྱུང་ཞིང༔ ཁ་ཡང་མ་བྱེ་ཐམས་ཅད་ངོ་མཚར་སྐྱེས༔ རྒྱལ་པོའི་ཕོ་ཉ་བ་ཡིས་མཐོང་ནས་སུ༔ དེ་ལྟར་འདུག་པ་རྗེ་ཡི་སྙན་དུ་གསོལ༔ བློན་ལ་གྲོས་བྱས་བྱ་ར་གྱིས་ཤིག་གསུངས༔ གེ་སར་པདྨའི་སྡོང་པོ་དེ་ཉིད་ལ༔ ཉིན་མཚན་རྒྱུན་དུ་ཐུན་བཟུང་བསྲུང་བར་གྱུར༔ སྤྲེལ་ལོ་སྤྲེལ་ཟླ་ར་བའི་ཚེས་བཅུ་ཉིན༔ པདྨའི་སྡོང་པོ་ཁ་བྱེ་ཟེའུ་འབྲུའི་དབུས༔ ཁྱེའུ་ལྟ་སྡུག་མཛེས་པ་ཞིག་བཞུགས་པས༔ གནམ་ལ་འཇའ་ཤར་མེ་ཏོག་ཆར་པ་བབས༔ འབྲུག་གི་སྒྲ་ལྡིར་ས་གཡོས་ལྟས་བཟང་བྱུང༔ ལྷོ་ཕྱོགས་རྒྱལ་པོ་ཆེན་པོ་འཁོར་བཅས་རྣམས༔ ཡིད་མ་ཆེས་ནས་རྒྱ་མཚོའི་ཁ་རུ་འོང༔ ཁྱེའུ་ལྟ་སྡུག་ཟིལ་པ་ཁྲོམ་མེར་མཐོང༔ ངོ་མཚར་སྐྱེས་ནས་ཕྱག་འཚལ་བསྟོད་པ་བྱས༔ བུ་སྐལ་ཡིན་སྲིད་ཁྱེར་སྙམ་གྲུ་བཙུགས་ནས༔ ཕྱིན་ཡང་མ་ཐར་རང་གི་ཡུལ་དུ་ལོག༔ ཨོ་རྒྱན་རྒྱལ་པོ་དྷ་ན་པཱ་ལ་ཡིས༔ རྒྱལ་བུ་མེད་ནས་ལོངས་སྤྱོད་སྦྱིན་པར་བཏང༔ ལོ་མང་སོང་བས་དཀོར་མཛོད་ནོར་ཟད་ནས༔ རྒྱ་མཚོའི་གླིང་དུ་ནོར་བུ་ལེན་དུ་ཕྱིན༔ ཚུར་འོང་ལམ་དུ་དེ་ལྟར་འདུག་པ་མཐོང༔ ང་ཡི་བུ་སྐལ་ཡིན་ཟེར་གྲུ་ལ་ཞུགས༔ པདྨའི་སྡོང་པོ་ཁྱེ་འུ་བཅས་པ་ཁྱེར༔ ཕོ་བྲང་ནང་དུ་སྤྱན་དྲངས་རྒྱལ་སྲིད་ཕུལ༔ རྒྱལ་པོས་ཡིད་བཞིན་ཆར་འབེབས་ནོར་བུ་ལ༔ གསོལ་བ་བཏབ་པས་ལོངས་སྤྱོད་སྔར་ལྟར་འཕེལ༔ ལོ་ལྔའི་བར་དུ་ཕོ་བྲང་དེ་རུ་བཞུགས༔ རྒྱལ་སྲིད་ཆོས་དང་མཐུན་པས་བདེ་བར་བསྐྱང༔ གུ་རུའི་རྣམ་ཐར་རྡོ་རྗེའི་རྒྱན་ཕྲེང་ལས༔ སྐུ་འཁྲུངས་ཤིང་ཨོ་རྒྱན་ཡུལ་དུ་རྒྱལ་སྲིད་བཟུང་བའི་ལེའུ་སྟེ་དང་པོའོ༔ ༔རེ་ཞིག་དུས་ན་དགོངས་པར་བཞུགས་པའི་དུས༔ རྡོ་རྗེ་སེམས་དཔས་ཞལ་གཟིགས་ལུང་བསྟན་ནས༔ རྒྱལ་སྲིད་བཟུང་བས་འགྲོ་དོན་ག་ལ་འགྲུབ༔ དབང་རྟགས་ལས་ཀྱིས་འགྲོ་ཀུན་ཐུལ་ཅིག་གསུང༔ གུ་རུའི་ཐུགས་ལ་དེ་བཞིན་བྱ་དགོངས་ནས༔ རྒྱལ་སྲིད་སྤོང་བའི་ཐབས་ཤིག་བྱ་དགོས་པས༔ ང་ཡི་བརྟུལ་ཞུགས་སྤྱོད་པ་མངོན་བྱས་ན༔ རྗེ་བློན་མི་དགའ་ང་ཉིད་འགྲོ་ཐབས་འོང༔ དེ་ལྟར་དགོངས་ནས་བརྟུལ་ཞུགས་སྤྱོད་པ་མཛད༔ བདུད་བློན་ཕལ་ཆེར་མ་དགའ་གྲོས་འཆམས་ནས༔ རྒྱལ་པོའི་དྲུང་དུ་ཕྱིན་ནས་འདི་སྐད་ཞུས༔ རྒྱལ་བུ་ལོ་གཞོན་སྤྱོད་པ་ཚབ་ཚུབ་མང༔ འདི་ལྟར་བྱས་ན་ཡུལ་ཁམས་ཕུང་བར་འགྱུར༔ ད་རེས་འདི་དེ་ཡུལ་གཞན་བསྐྲད་དགོས་ཟེར༔ རྗེ་ཡིས་མི་འོས་གསུངས་ཀྱང་མ་ཕན་ནས༔ རྒྱ་གར་དུར་ཁྲོད་བསིལ་བའི་ཚལ་དུ་སྤྱུགས༔ མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་བསྡུས༔ སྦྱོར་བ་བཞི་མཛད་མ་རུངས་ཐམས་ཅད་བསྒྲལ༔ ལོ་ལྔའི་བར་དུ་མཁའ་འགྲོར་ཆོས་འཁོར་བསྐོར༔ བདུད་རྩི་ཡོན་ཏན་ལྷ་ཚོགས་སྒྲུབ་པའི་ཚེ༔ དངོས་སུ་འགྲུབ་ཅིང་ཞལ་གཟིགས་ལུང་ཡང་བསྟན༔ མཚན་ཡང་པདྨ་ཡོན་ཏན་འབྱུང་གནས་གྲགས༔ གུ་རུའི་རྣམ་ཐར་རྡོ་རྗེའི་རྒྱན་ཕྲེང་ལས༔ རྒྱལ་སྲིད་སྤངས་ནས་དུར་ཁྲོད་བསིལ་བའི་ཚལ་དུ་བཞུགས་པའི་ལེའུ་སྟེ་གཉིས་པའོ༔ ༔དེ་ནས་ཧཱུྃ་ཆེན་བྲག་ཏུ་བྱོན་ནས་སུ༔ ཐུགས་ཀྱི་རིག་འཛིན་ཆེན་པོ་ཞིག་སྒྲུབ་དགོངས༔ ཡང་དག་ཧེ་རུ་ཀ་ཡི་ལྷ་ཚོགས་བསྒྲུབས༔ ཕོ་བྱུང་བསད་ཅིང་མོ་བྱུང་སྦྱོར་བ་མཛད༔ བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་ལོ་ལྔ་བཞུགས༔ མཁའ་འགྲོ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་ཞལ་མཐོང་ཞིང༔ མཆོག་དང་ཐུན་མོང་དངོས་གྲུབ་གཅིག་ཆར་ཐོབ༔ མིང་ཡང་པདྨ་ཡང་དག་འབྱུང་གནས་གྲགས༔ དེ་ནས་དུར་ཁྲོད་འཇིགས་བྱེད་ཚལ་དུ་བྱོན༔ གཤིན་རྗེ་གཤེད་པོའི་ལྷ་ཚོགས་བསྒྲུབས་ནས་བཞུགས༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་མཛེས་པར་བརྒྱན༔ མཁའ་འགྲོ་དབང་སྡུད་ཚོགས་དཔོན་ཆེན་པོ་མཛད༔ སྦྱོར་དང་སྒྲོལ་བ་མཐར་ཕྱིན་དངོས་གྲུབ་ཐོབ༔ འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ཞལ་མཐོང་ནས༔ མངོན་སྤྱོད་ལས་ཆེན་བཅུ་གཉིས་ལ་དབང་ཐོབ༔ མཆོད་རྟེན་རྒྱབ་བརྟེན་ལོ་ལྔའི་བར་དུ་བཞུགས༔ མིང་ཡང་པདྨ་མཁྱེན་རབ་འབྱུང་གནས་གྲགས༔ དེ་ནས་པདྨ་བརྩེགས་པའི་དུར་ཁྲོད་ཕྱིན༔ རྟ་མགྲིན་པདྨ་དབང་གི་ལྷ་ཚོགས་རྣམས༔ བསྒྲུབས་ནས་བཞུགས་ཤིང་སྦྱོར་སྒྲོལ་ཕྲིན་ལས་མཛད༔ མཁའ་འགྲོ་མ་ལ་གསང་སྔགས་ཆོས་འཁོར་བསྐོར༔ པདྨ་དབང་གི་ལྷ་ཚོགས་ཞལ་མཐོང་ནས༔ གསུང་གི་རིག་འཛིན་ཆེན་པོའི་མཆོག་དབང་ཐོབ༔ མིང་ནི་པདྨ་རྟ་མགྲིན་འབྱུང་གནས་གྲགས༔ ལོ་ལྔའི་བར་བཞུགས་འགྲོ་དོན་དཔག་མེད་མཛད༔ དེ་ནས་དུར་ཁྲོད་རོ་ལང་ཚལ་དུ་བྱོན༔ ཕྲིན་ལས་ཕུར་པའི་ལྷ་ཚོགས་བསྒྲུབས་ནས་བཞུགས༔ མ་མོ་མཁའ་འགྲོ་ཐམས་ཅད་དབང་བསྡུས་ནས༔ སྦྱོར་སྒྲོལ་དབང་བསྐུར་གསང་སྔགས་ཆོས་འཁོར་བསྐོར༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཞལ་གཟིགས་ནས༔ བར་ཆད་བདུད་དཔུང་ཚར་གཅོད་དབང་རྣམས་ཐོབ༔ ལོ་ལྔ་ཟླ་བདུན་ཞག་བཅུའི་བར་དུ་བཞུགས༔ མིང་ནི་པདྨ་ཕྲིན་ལས་འབྱུང་གནས་གྲགས༔ གུ་རུའི་རྣམ་ཐར་རྡོ་རྗེའི་རྒྱན་ཕྲེང་ལས༔ ཡི་དམ་ལྷ་ཡི་ཞལ་མཐོང་ཞིང་དངོས་གྲུབ་བརྙེས་པའི་ལེའུ་སྟེ་གསུམ་པའོ༔ དེ་ནས་དུར་ཁྲོད་ལྷུན་གྲུབ་བརྩེགས་པར་ཕྱིན༔ རྦོད་གཏོང་མ་མོའི་དཀྱིལ་འཁོར་བསྒྲུབ་པ་མཛད༔ བམ་རོ་ཟས་གསོལ་རོ་གོས་ན་བཟར་མནབས༔ ཕོ་བྱུང་བསྒྲལ་ཞིང་མོ་བྱུང་སྦྱོར་བ་མཛད༔ མཁའ་འགྲོ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར༔ མ་མོ་རྦོད་གཏོང་ལྷ་ཚོགས་ཞལ་གཟིགས་ནས༔ མཆོག་ཐུན་ཕྲིན་ལས་རབ་འབྱམས་དབང་རྣམས་ཐོབ༔ ལོ་ལྔའི་བར་བཞུགས་བརྟུལ་ཞུགས་མཐའ་རུ་ཕྱིན༔ མིང་ནི་པདྨ་རྦོད་གཏོང་འབྱུང་གནས་གྲགས༔ དེ་ནས་དུར་ཁྲོད་བདེ་ཆེན་བརྡལ་དུ་བྱོན༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་བསྒྲུབ་པ་མཛད༔ དྲེགས་པ་ཕོ་རྒྱུད་མོ་རྒྱུད་མ་ནིང་རྒྱུད༔ མཁའ་འགྲོ་ལྷ་སྲིན་སྡེ་བརྒྱད་དབང་དུ་བསྡུས༔ ལས་བཞིའི་ཕྲིན་ལས་སྒྲུབ་པའི་ཕོ་ཉར་བསྐོས༔ བཀའ་བསྒོས་དམ་བཞག་གསང་བའི་དམ་རྫས་བླུད༔ འཇིག་རྟེན་དྲེགས་པ་ཡོངས་ཀྱི་གཙོ་བོར་མཛད༔ དུག་ལྔ་བསྒྲལ་ཞིང་སྐུ་ལྔའི་དབྱིངས་སུ་སྦྱོར༔ མཆོད་བསྟོད་དཀྱིལ་འཁོར་ཞལ་གཟིགས་དངོས་གྲུབ་བརྙེས༔ ལོ་ལྔ་ཟླ་ལྔ་ཞག་ལྔའི་བར་དུ་བཞུགས༔ མིང་ཡང་པདྨ་མཆོད་བསྟོད་འབྱུང་གནས་གྲགས༔ དེ་ནས་ལང་ཀ་བརྩེགས་པའི་དུར་ཁྲོད་བྱོན༔ མ་རུངས་སྨོན་ལོག་བདུད་སྲིན་རིགས་མང་བས༔ དེ་དག་མ་ལུས་འདུལ་བར་བྱ་བའི་ཕྱིར༔ ཚར་གཅོད་དྲག་པོའི་མཐུ་ཞིག་བསྒྲུབ་པར་དགོངས༔ དམོད་པ་དྲག་སྔགས་དཀྱིལ་འཁོར་ཞལ་ཕྱེས་ནས༔ མངོན་སྤྱོད་དམོད་པའི་ཏིང་ངེ་འཛིན་ལ་བཞུགས༔ ཉམས་བླང་འབྱུང་པོ་བདུད་ཀྱི་རིགས་གྱུར་ཀུན༔ མནན་དང་བསྲེག་པ་འཕང་བའི་ལས་སྦྱོར་གྱིས༔ ཆོམ་ལ་ཕབ་ཅིང་ཕོ་བྱུང་ཐམས་ཅད་བསད༔ མོ་བྱུང་སྦྱོར་བ་བྱས་ནས་དབང་དུ་བསྡུས༔ ལྟ་བ་ལོག་པ་ཐམས་ཅད་རྡུལ་དུ་བརླག༔ སྟོབས་ལྡན་ནག་པོའི་ལྷ་ཚོགས་ཞལ་གཟིགས་ནས༔ བསྟན་དགྲ་བསྒྲལ་བའི་དབང་དང་དངོས་གྲུབ་ཐོབ༔ ལོ་ལྔ་ཟླ་དགུ་ཞག་དགུའི་བར་དུ་བཞུགས༔ མིང་ནི་པདྨ་དབང་དྲག་འབྱུང་གནས་གྲགས༔ གུ་རུའི་རྣམ་ཐར་རྡོ་རྗེའི་རྒྱན་ཕྲེང་ལས༔ དུར་ཁྲོད་བརྒྱད་དུ་སྒྲུབ་པ་མཛད་ནས་སྦྱོར་སྒྲོལ་བརྟུལ་ཤུགས་ཀྱི་སྤྱོད་པ་མཐར་ཕྱིན་པའི་ལེའུ་སྟེ་བཞི་པའོ༔ ༔དེ་ནས་གུ་རུ་པདྨ་འབྱུང་གནས་ཉིད༔ རྒྱ་གར་ཡུལ་གྲུ་ཀུན་ཏུ་བྱོན་ནས་སུ༔ དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་དགོངས༔ ཀུན་ལ་ང་ཡིས་ཡང་དག་ཆོས་འཆད་གསུང༔ ཀུན་གྱིས་ཁྱེད་ཀྱི་བླ་མ་སུ་ཡིན་ཟེར༔ ང་ནི་རང་བྱུང་སྟོན་པ་སངས་རྒྱས་ཡིན༔ བླ་མ་མེད་ཀྱང་ཡང་དག་ཆོས་ཤེས་གསུང༔ ཤཱཀ་ཐུབ་མ་གཏོགས་རང་བྱུང་སྟོན་པ་མེད༔ འདི་ནི་བདུད་ཡིན་ཟེར་ཞིང་ཆོས་མི་ཉན༔ གུ་རུའི་ཐུགས་ལ་ཡང་དག་ཆོས་ཡོད་ཀྱང༔ བླ་མ་མེད་ན་འགྲོ་དོན་མི་འདུག་པས༔ མཚན་ལྡན་བླ་མ་མང་པོ་བསྟེན་དགོངས་ནས༔ འཇམ་དཔལ་བཤེས་གཉེན་ཤྲཱི་སིང་ཧ་དང༔ བི་མ་ལ་སོགས་རྒྱ་གར་པཎ་གྲུབ་རྣམས༔ མཁས་ཤིང་གྲུབ་པ་བརྙེས་པ་མང་ཡོད་པས༔ དེ་ཡི་ནང་ནས་བརྒྱ་དང་རྩ་བརྒྱད་བསྟེན༔ མདོ་སྔགས་ཕྱི་ནང་གསང་བའི་ཆོས་རྣམས་སྦྱངས༔ ཁྱད་པར་གསང་སྔགས་རྫོགས་པ་ཆེན་པོ་དང༔ རླུང་དང་གཏུམ་མོ་བདེ་སྟོང་ལམ་ཁྱེར་བསླབས༔ རིག་པའི་གནས་ལྔ་གང་ཡང་མ་རྨོངས་མཁྱེན༔ ཆོས་རྣམས་ཐམས་ཅད་ཕྱོགས་ཙམ་བསྟན་པས་ཤེས༔ མཁས་ཤིང་གྲུབ་བརྙེས་ཟ་ཧོར་ཡུལ་དུ་བྱོན༔ ཡུལ་དེའི་རྒྱལ་པོ་གཙུག་ལག་འཛིན་ཞེས་པ༔ བཙུན་མོ་བློན་འབངས་མང་ཞིང་ལོངས་སྤྱོད་ཆེ༔ སྲས་ནི་མི་མངའ་སྲས་མོ་ཞིག་ཡོད་པས༔ མིང་ནི་ལྷ་ལྕམ་མནྡཱ་ར་བ་ཟེར༔ མཚན་ཉིད་ཀུན་ལྡན་ལྷ་ཡི་བུ་མོ་འདྲ༔ གཅིག་དང་མི་འདྲ་ཤིན་ཏུ་གཟུགས་མཛེས་པས༔ རྒྱ་གར་རྒྱ་ནག་ལི་དང་ཁ་ཆེ་འཇང༔ ཨོ་རྒྱན་བལ་པོ་སྟག་གཟིག་གེ་སར་སོགས༔ རྒྱལ་པོ་མང་པོས་གྲོགས་ལ་ཐོབ་ཤ་བྱེད༔ སུ་དང་མ་འགྲོགས་འཁོར་བའི་སྐྱོན་མ་གོས༔ ལྷ་ཆོས་མཛད་པས་ཕོ་བྲང་ལོགས་སུ་བཞུགས༔ གུ་རུས་བདེ་སྟོང་གསང་བའི་གདུལ་བྱར་གཟིགས༔ བདེ་ཆེན་དགའ་བཞིའི་ཡེ་ཤེས་ཆོས་འཁོར་བསྐོར༔ བདེ་སྐྱིད་ཕུན་སུམ་ཚོགས་ཤིང་བཞུགས་པ་ལ༔ ཕྱུགས་རྫི་ལྡོམ་བུ་བ་ཞིག་དེར་འོངས་ནས༔ མནྡཱ་ར་བ་དཔོན་གཡོག་ལོ་རྒྱུས་བཤད༔ ཁྱིམ་དུ་གཏམ་གླེང་དེ་ནས་ཀུན་གྱིས་ཐོས༔ རྒྱལ་པོའི་སྙན་དུ་ཞུས་པས་གཏུམ་ཞིང་ཁྲོས༔ དགེ་སྦྱོང་དེ་ལ་མེ་ཡི་ཁྲིམས་ཆོད་ཅིག༔ བུ་མོ་གཡོག་དང་བཅས་པ་ཁྲི་མུན་ཚུད༔ གཏམ་འདི་ཉན་ཆེ་གསང་རྒྱ་མ་དམ་ན༔ མཐའ་ཡི་རྒྱལ་ཁམས་ཐམས་ཅད་དགྲར་ལངས་པས༔ སུས་མཐོང་མ་འཇུག་དེ་ལྟར་ཁྲིམས་ཐོངས་གསུང༔ བློན་རྣམས་གྲོས་བྱས་གཙོ་བོ་ཉི་ཤུ་བཏང༔ གུ་རུའི་རྫུ་འཕྲུལ་བཀོད་པ་མ་མཛད་ནས༔ ཐ་མལ་ཚུལ་འཆང་ཕོ་ཉ་བ་ཡིས་བཟུང༔ ཚ་བའི་ཤིང་ལ་ཏིལ་གྱིས་ངར་བཏབ་ནས༔ གུ་རུའི་སྐུ་དེ་དམ་དུ་བཅིངས་ནས་བསྲེགས༔ དེ་ནས་རང་རང་ཡུལ་དུ་ལོག་པར་གྱུར༔ ལྷ་ལྕམ་དཔོན་གཡོག་ཁྲི་མུན་ནང་དུ་བཙུད༔ ཚེར་ལྕག་གི་བྲབ་ཤིན་ཏུ་སྡུག་བསྔལ་བཏང༔ ཞག་བདུན་སོང་ཚེ་རྒྱལ་པོའི་ཞལ་ན་རེ༔ མཐའ་མི་བན་སྤྲང་གསོན་བསྲེགས་བྱས་པ་དེའི༔ དཔྲལ་བའི་རུས་པ་དུམ་གཅིག་ཁུར་ཤོག་གསུང༔ ཕོ་ཉ་བ་བཏང་ལེན་དུ་ཕྱིན་ཙ་ན༔ དུད་པ་འཕྱུར་ཞིང་མེ་ཡང་འབར་གྱིན་འདུག༔ དབུས་སུ་རྒྱ་མཚོ་འཁྱིལ་ཞིང་པད་སྡོང་སྐྱེས༔ ཟེའུ་འབྲུའི་དཀྱིལ་དུ་གུ་རུ་རིན་པོ་ཆེ༔ ལོ་བརྒྱད་ན་ཚོད་གྲང་གྲང་བསིལ་བསིལ་བཞུགས༔ ཕོ་ཉ་ཡ་མཚན་སྐྱེས་ནས་ལྷ་ཕྱག་འཚལ༔ མྱུར་བ་ཉིད་དུ་ཕྱིན་ནས་རྒྱལ་པོར་ཞུས༔ ཡིད་མ་ཆེས་ནས་བཙུན་བློན་འབངས་དང་བཅས༔ བལྟ་རུ་ཕྱིན་ནས་ཇི་ལྟ་བ་བཞིན་འདུག༔ རྒྱལ་བློན་བཙུན་མོ་དམངས་ཕལ་ཐམས་ཅད་ཀྱིས༔ འགྱོད་བཤགས་བཟོད་གསོལ་ཕུལ་ནས་ཞབས་སྤྱིར་བླངས༔ ཕོ་བྲང་ནང་དུ་སྤྱན་དྲངས་ཆོས་འཁོར་བསྐོར༔ མནྡཱ་ར་བ་གཏན་གྱི་གྲོགས་སུ་ཕུལ༔ ཟ་ཧོར་རྒྱལ་ཁམས་ཐམས་ཅད་ཆོས་ལ་བཙུད༔ གསང་སྔགས་སྦྱོར་སྒྲོལ་གཉིས་ལ་དབང་ཡང་འབྱོར༔ གུ་རུའི་རྣམ་ཐར་རྡོ་རྗེའི་རྒྱན་ཕྲེང་ལས༔ ཟ་ཧོར་རྒྱལ་ཁམས་ཆོས་ལ་བཙུད་ཅིང་ཕྱག་རྒྱ་ཆེན་པོའི་རིག་འཛིན་བརྙེས་པའི་ལེའུ་སྟེ་ལྔ་པའོ༔ ༔དེ་ནས་གུ་རུ་པད་འབྱུང་ཡབ་ཡུམ་གྱིས༔ ཨོ་རྒྱན་རྒྱལ་ཁམས་ཐམས་ཅད་ཆོས་ལ་བཙུད༔ རྡོ་རྗེ་གདན་དུ་མུ་སྟེགས་ཐམས་ཅད་བཏུལ༔ ཡངས་པ་ཅན་དུ་རྫུ་འཕྲུལ་སྣ་ཚོགས་མཛད༔ གཞན་ཡང་ཁ་ཆེ་ལི་ཡུལ་སོག་པོའི་ཡུལ༔ ཐམས་ཅད་མ་ལུས་ཡང་དག་ཆོས་ལ་བཙུད༔ དེ་ནས་བོད་ཀྱི་ཡུལ་དུ་བྱོན་ཚུལ་ནི༔ འཇམ་དབྱངས་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་གྱིས༔ ཡབ་དང་མེས་པོ་ཀུན་གྱི་ཐང་ཡིག་གཟིགས༔ རྒྱལ་པོ་སྔོན་བྱུང་མི་རབས་གསུམ་ཚུན་ཆད༔ དམ་པའི་ཆོས་ཀྱིས་སྲོལ་ཙམ་གཏོད་འདུག་པས༔ ད་རེས་ངས་ཀྱང་ཆོས་ཤིག་བཙལ་དགོས་སྙམ༔ བོད་ཀྱི་བློན་པོ་ཀུན་ལ་གྲོས་བྱས་ནས༔ བསྟན་པའི་གཞི་མ་བསམ་ཡས་གཙུག་ལག་བཞེངས༔ འབྱུང་པོ་མ་རུངས་གདུག་པའི་ཆོ་འཕྲུལ་གྱིས༔ ཉིན་པར་མིས་བརྩིགས་མཚན་མོར་ལྷ་འདྲེས་བཤིགས༔ ས་རྡོ་ཤིང་བཅས་རང་རང་གནས་མལ་བསྐྱལ༔ བློན་པོ་ཀུན་གྱིས་མི་འགྲུབ་བཞུག་ཞུས་ཀྱང༔ རྗེ་ཡིས་མ་གནང་ལས་འདི་མ་འགྲུབ་ན༔ བདག་ཉིད་མ་ཤི་གསོན་པ་དོན་མེད་ཡིན༔ རྒྱ་གར་ཡུལ་ན་པཎ་གྲུབ་མང་བཞུགས་པས༔ ས་འདུལ་མཁན་ཞིག་གདན་དྲངས་བཞེངས་པར་གྲོས༔ རྐང་མགྱོགས་བརྫངས་ནས་རྒྱ་གར་ཡུལ་དུ་ཕྱིན༔ མཁན་ཆེན་བྷོ་དྷི་སཏྭ་གདན་དྲངས་ནས༔ བོད་དུ་བྱོན་ནས་ས་འདུལ་ཆོ་ག་མཛད༔ ཞི་བའི་ལས་ཀྱིས་ཅིས་ཀྱང་མ་ཐུལ་ནས༔ མཁན་པོས་མངའ་བདག་རྗེ་ལ་ལུང་བསྟན་གནང༔ བོད་ཀྱི་ཡུལ་འདི་མཐའ་འཁོབ་འདྲེ་ཡི་གླིང༔ དྲེགས་པ་སྡེ་བརྒྱད་ཤིན་ཏུ་སྟོབས་ཆེ་བས༔ མངལ་སྐྱེས་དང་ནི་ཞི་བས་མི་འདུལ་འདུག༔ རྫུས་སྐྱེས་པདྨ་འབྱུང་གནས་སྤྱན་དྲངས་ཏེ༔ ས་འདུལ་མཛད་ན་རྗེ་ཡི་ཐུགས་དགོངས་འགྲུབ༔ དེ་མིན་གང་གིས་ཐུལ་བར་མི་འགྱུར་གསུངས༔ བཀའ་བཞིན་བསྒྲུབས་ནས་བང་ཆེན་རྒྱ་གར་བརྫང༔ སློབ་དཔོན་ཆེན་པོས་བོད་ཀྱི་དོན་ལ་བྱོན༔ ལམ་དུ་བལ་ཡུལ་ཐམས་ཅད་ཆོས་ལ་བཙུད༔ སྡེ་བརྒྱད་དྲེགས་པའི་སྡེ་ཚོགས་ཐམས་ཅད་དང༔ ཁྱད་པར་བར་སྣང་ཁམས་ཀྱི་གློག་མ་སྤྲིན༔ གནོད་སྦྱིན་རྒོད་མ་ཁ་དང་ཀླུ་གྱོང་པོ༔ ཕུང་བྱེད་དམ་སྲི་རྣམ་གསུམ་དབང་དུ་བསྡུས༔ དམ་ལ་བཞག་ཅིང་ཐ་ཚིག་གཉན་པོ་བསྒོས༔ བལ་པོའི་ཡུལ་དུ་གཏེར་ཁ་དཔག་མེད་སྦས༔ དེ་ནས་རིམ་བཞིན་བོད་ཀྱི་ཡུལ་དུ་བྱོན༔ ལྷ་སྲིན་ཆེ་དགུ་དམ་བཏགས་གཏེར་གཉེར་གཏད༔ བསམ་ཡས་ལ་ཕེབས་མངའ་བདག་མཇལ་འཕྲད་མཛད༔ ས་འདུལ་མཛད་པས་ལྷ་འདྲེས་གནོད་མ་ནུས༔ དབུ་རྩེ་རིགས་གསུམ་ཟངས་མདོག་དཔལ་རིའི་ཚུལ༔ གླིང་བཞི་གླིང་ཕྲན་བརྒྱད་དང་ལྕགས་རིས་བསྐོར༔ ཉིན་པར་མིས་བརྩིགས་མཚན་མོར་ལྷ་འདྲེས་བརྩིགས༔ སྟག་ལ་རྨང་བརྩགས་ཆུ་ཕོ་རྟ་ལ་འབྱོངས༔ མངའ་བདག་རྗེ་བློན་འཁོར་བཅས་བསམ་པ་འགྲུབ༔ གུ་རུའི་རྣམ་ཐར་རྡོ་རྗེའི་རྒྱན་ཕྲེང་ལས༔ བོད་ཀྱི་ཡུལ་དུ་བྱོན་ནས་བསམ་ཡས་བཞེངས་པའི་ལེའུ་སྟེ་དྲུག་པའོ༔ ༔དེ་ནས་ཁྲི་སྲོང་ལྡེའུ་བཙན་ཐུགས་དགོངས་ལ༔ ཕྱི་ཡི་གཙུག་ལག་ཁང་ཆེན་འགྲུབ་ན་ཡང༔ སྐུ་གསུང་ཐུགས་ཀྱི་རྟེན་ནི་མ་གྲུབ་པས༔ མཁན་སློབ་གཉིས་ལ་ཞུ་ནས་རྟེན་བཞེངས་དགོངས༔ གུ་རུའི་བཀའ་བཞིན་སྐུ་དང་ཐུགས་རྟེན་བཞེངས༔ གསུང་རྟེན་དམ་ཆོས་བོད་དུ་བསྒྱུར་བར་ཞུས༔ བཻ་རོས་གཙོར་བྱས་ལོ་ཙཱ་གསུམ་ལུང་བསྟན༔ སྒྲ་བསྒྱུར་བསླབས་པས་ཇི་བཞིན་ཤེས་པར་གྱུར༔ གཞན་ཡང་བྱིས་པ་མང་བསྡུས་ལོ་ཙཱ་བསླབ༔ རྒྱ་གར་ཡུལ་བཏང་དམ་ཆོས་མང་པོ་བསྒྱུར༔ ལྟ་ལོག་བོན་རྣམས་བསྣུབ་ཅིང་ཡང་དག་བཞག༔ ཐེག་པ་ཆེན་པོ་མདོ་སྔགས་ཟུང་འབྲེལ་སྤེལ༔ ཁ་ཆེའི་པཎ་ཆེན་བི་མ་མི་ཏྲས་གཙོས༔ གྲུབ་ཐོབ་ལོ་པཎ་མང་པོ་སྤྱན་དྲངས་ནས༔ བཀའ་དང་བསྟན་བཅོས་རྒྱ་གར་གྲགས་ཚད་བསྒྱུར༔ མདོ་སྔགས་བསྟན་པ་ཉི་མ་ཤར་བ་འདྲ༔ པད་འབྱུང་བསྟན་པ་བོད་ཀྱི་ཡུལ་ན་རྒྱས༔ གུ་རུའི་རྣམ་ཐར་རྡོ་རྗེའི་རྒྱན་ཕྲེང་ལས༔ བོད་ཡུལ་མུན་པའི་གླིང་དུ་ཆོས་ཀྱི་སྒྲོན་མེ་སྦར་བའི་ལེའུ་སྟེ་བདུན་པའོ༔ ༔དེ་ནས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི༔ ཐུགས་ཀྱི་བཞེད་དོན་ཡོངས་རྫོགས་འགྲུབ་ནས་སུ༔ དགའ་སྟོན་ལོངས་སྤྱོད་དཔག་ཏུ་མེད་པ་བྱས༔ ལོ་པཎ་རྣམས་ལ་ཟང་ཟིང་ནོར་མང་ཕུལ༔ རང་རང་ཡུལ་ཁམས་སྐྱེལ་མ་དང་བཅས་བཏང༔ བྷོ་དྷི་སཏྭ་པདྨ་འབྱུང་གནས་གཉིས༔ བོད་ཀྱི་ཡུལ་དུ་བཞུགས་པར་ཞུས་ནས་གནང༔ སློབ་དཔོན་ཆེན་པོ་བསམ་ཡས་མཆིམས་ཕུར་བྱོན༔ མཁན་ཆེན་ཞི་བ་མཚོ་ནི་དབུ་རྩེར་བཞུགས༔ རེ་ཞིག་དུས་ན་རྒྱལ་པོ་བསྙུན་གྱིས་ཟིན༔ སློབ་དཔོན་ལ་ཞུས་གཡའ་མ་ལུང་དུ་ཕེབས༔ མགོན་པོ་ཚེ་དཔག་མེད་པ་བསྒྲུབས་ནས་སུ༔ ཞག་པོ་ཉེར་གཅིག་ལོན་པའི་དུས་སྐབས་སུ༔ འཆི་མེད་མགོན་པོའི་ལྷ་ཚོགས་ཞལ་མཐོང་ནས༔ རྗེ་ལ་ཚེ་དབང་གནང་དགོས་ཤོག་གསུང་ཡང༔ མ་དག་བློན་པོ་རྣམས་ཀྱིས་བར་ཆད་བྱས༔ རྒྱལ་པོ་བྱོན་པ་མ་གྲུབ་དུས་ལས་ཡོལ༔ གུ་རུའི་ཚེ་རྫས་དཀྱིལ་འཁོར་ཆས་རྣམས་ཀུན༔ གཡའ་མ་ལུང་དུ་མི་ཤིགས་གཏེར་དུ་སྦས༔ རྒྱལ་པོ་བློན་པོ་རྣམས་ཀྱིས་མ་མཐོང་བར༔ རྟ་མཆོག་བཅིབས་ནས་གུ་རུའི་དྲུང་དུ་ཕྱིན༔ དབང་བསྐུར་ཞུས་པས་གུ་རུའི་ཞལ་ན་རེ༔ བཏང་དུས་མི་འོང་ད་ནི་དབང་རྫས་མེད༔ དཀྱིལ་འཁོར་ཆས་རྣམས་གཏེར་དུ་སྦས་སོ་གསུང༔ རྒྱལ་པོ་འགྱོད་ཅིང་ཅིས་ཀྱང་དབང་བསྐུར་ཞུས༔ སློབ་དཔོན་ཚེ་རྫས་གཏེར་ནས་ཚུར་བླངས་ཏེ༔ རྒྱལ་པོར་དབང་མཛད་སྐབས་སུ་འདི་སྐད་གསུང༔ ཁར་སང་དུས་ལས་མ་ཡོལ་དབང་ཞུས་ན༔ རྗེ་ཉིད་འཆི་མེད་རྡོ་རྗེའི་སྲོག་འགྲུབ་ཀྱང༔ བདུད་བློན་འགོང་པོའི་ཚོགས་ཀྱིས་བར་ཆད་བྱས༔ འོན་ཀྱང་རྒྱལ་པོའི་སྔོན་གྱི་སྨོན་ལམ་མཐུས༔ བློ་མ་འགྱུར་ཞིང་དབང་ཞུས་པ་ཡི་སྟོབས༔ མི་ལོ་བཅུ་གསུམ་སླར་ཡང་བསྲིང་བར་གསུང༔ དཀྱིལ་འཁོར་ཚེ་རྫས་སླར་ཡང་གཏེར་དུ་སྦས༔ གཞན་ཡང་བོད་ཀྱི་རྒྱལ་ཁམས་ཀུན་ཏུ་བྱོན༔ སྒྲུབ་གནས་བརྒྱ་དང་རྩ་བརྒྱད་བྱིན་གྱིས་བརླབས༔ ཟབ་པའི་ཆོས་ནོར་དཔག་མེད་གཏེར་དུ་སྦས༔ འགྲོ་དོན་གོང་ནས་གོང་འཕེལ་འགྲུབ་པར་གྱུར༔ གུ་རུའི་རྣམ་ཐར་རྡོ་རྗེའི་རྒྱན་ཕྲེང་ལས༔ བོད་ཀྱི་ཡུལ་དུ་གཏེར་སྦས་ཤིང་རྗེའི་ཐུགས་དགོངས་རྫོགས་པར་མཛད་པའི་ལེའུ་སྟེ་བརྒྱད་པའོ༔ ༔དེ་ནས་རེ་ཞིག་དུས་ན་རྒྱལ་པོ་ཡིས༔ མཁན་སློབ་གཙོས་བྱས་ལོ་ཙཱ་ཐམས་ཅད་བསྡུས༔ བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྒྲུབ་པ་མཛད༔ རྗེས་སུ་དགའ་སྟོན་དཔག་ཏུ་མེད་པ་བྱས༔ དེ་ཚེ་བོད་ཀྱི་ལོ་གསར་བྱེད་རན་པས༔ སློབ་དཔོན་ཞལ་ནས་ལོ་གསར་མ་བྱེད་གསུང༔ བློན་པོའི་ཚོགས་དང་བཙུན་མོ་གྲོས་བྱས་ནས༔ བདེ་སྐྱིད་མ་གཏོགས་སྡུག་བསྔལ་གང་ཡང་མེད༔ ལོ་སར་མི་བྱེད་པ་འདི་མི་འཐད་པས༔ རྗེ་ལ་ནང་གྲོས་འདོན་ཟེར་ལོ་སར་བྱས༔ བསམ་ཡས་མཚོ་མོ་མགུལ་གྱི་གཡས་འགྲམ་དུ༔ མགྱོགས་པའི་རྟ་རྒྱུག་སྐྱེན་པོའི་མདའ་འཕེན་ཟེར༔ སློབ་དཔོན་ཞལ་ནས་རྟ་རྒྱུག་མ་བྱེད་གསུང༔ བློན་རྣམས་མ་ཉན་གྲོས་འཆམ་རྟ་ལ་རྒྱུག༔ ལྷ་བཟང་ཀླུ་དཔལ་བོན་ལ་དགའ་བའི་ཕྱིར༔ ཆོས་ལ་མི་དགའ་རྗེ་ལ་ཕྲག་དོག་བྱས༔ རྒྱལ་པོ་རྟ་ལ་རྒྱུག་ཚེ་ཁྲམ་གསེབ་ནས༔ མདའ་འཕང་རྗེ་ཡི་སོག་རྩིབ་ཕོག་ནས་བཀྲོང༔ ཀུན་གྱིས་བལྟས་ནས་ཤིང་རྩ་ཟུག་འདུག་ཟེར༔ ཅི་ཡིན་རྩད་མེད་རྒྱལ་པོ་ཚེ་དུས་བྱས༔ མུ་ཏིག་བཙད་པོས་རྒྱལ་སྲིད་བཟུང་ནས་སུ༔ ཡབ་ཀྱི་མཛད་པ་ལུགས་སྲོལ་མ་ནུབ་བྱས༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཉིད༔ མ་འོངས་ཕྱི་མའི་འགྲོ་བ་རྣམས་ཀྱི་དོན༔ བོད་ཁམས་མཐའ་དབུས་མེད་པ་ཐམས་ཅད་ཀུན༔ སྒྲུབ་གནས་བྱིན་བརླབས་ཟབ་གཏེར་མང་དུ་སྦས༔ མཐའ་དབུས་ཡང་དག་གཙུག་ལག་ཁང་དང་ནི༔ མཆོད་རྟེན་བདུད་འདུལ་བརྒྱ་དང་རྩ་བརྒྱད་བཞེངས༔ བསམ་ཡས་ཧས་པོ་རི་ཡི་རྩེ་མོ་རུ༔ གུ་རུ་པདྨ་མུ་ཏིག་བཙན་པོས་གཙོས༔ རྗེ་འབངས་འདུས་པ་བརྒྱ་ཕྲག་མང་པོ་བཅས༔ ཚོགས་ཀྱི་འཁོར་ལོ་བརྒྱ་དང་རྩ་བརྒྱད་བསྐོར༔ ནག་ཕྱོགས་མི་མིན་དྲེགས་པ་ཡོངས་རྫོགས་བསྡུས༔ བཀའ་བསྒོ་དམ་བཞག་ཁས་བླངས་སྲོག་སྙིང་ཕུལ༔ བོད་དུ་སྐུ་དངོས་གདུལ་བྱ་རྫོགས་པར་བྱས༔ དེ་ནས་གུ་རུའི་ཐུགས་ཀྱི་དགོངས་པ་ལ༔ ད་ནི་སྲིན་པོ་འདུལ་བའི་དུས་བབ་དགོངས༔ མུ་ཏིག་བཙན་པོ་མདུན་དུ་བོས་ནས་སུ༔ སྲས་ཁྱོད་ཆུང་ནས་ད་ལྟའི་བར་དག་ཏུ༔ ང་ཡི་བྱིན་བརླབས་ཐུགས་ཀྱི་སྙིང་པོ་ཡིན༔ ད་ནི་ཁྱོད་ཀྱང་ཡབ་ཀྱི་སྡུག་བསྔལ་སངས༔ རྒྱལ་ཁམས་བདེ་ཞིང་སངས་རྒྱས་བསྟན་པ་དར༔ མི་དགའ་མེད་ཅིང་ལེགས་ཚོགས་གོང་འཕེལ་སྐབས༔ ངོས་ཀྱང་བོད་འདིར་སྐུ་དངོས་གདུལ་བྱ་རྫོགས༔ ལྷོ་ནུབ་སྲིན་པོ་འདུལ་བའི་དུས་ལ་བབ༔ གུ་རུ་བདག་མ་གཏོགས་པ་སུས་མི་ཐུལ༔ འདི་མ་བཏུལ་ན་སངས་རྒྱས་བསྟན་པ་འཇིག༔ སེམས་ཅན་མི་བདེའི་གཞི་མ་ཞིག་ཡིན་པས༔ དུས་ལ་བབ་འདུག་སྲས་གཅིག་སྐུ་ཁམས་བཟང༔ ང་ཉིད་མ་བརྗེད་རྒྱུན་དུ་གསོལ་བ་ཐོབ༔ རང་ལ་དད་མོས་བྱིན་རླབས་སྣོད་ཡོད་ན༔ ང་དང་འབྲལ་མེད་གར་ཡང་མ་བཞུད་ཡོད༔ ཞེས་གསུངས་མུ་ཏིག་བཙན་པོ་མ་དགྱེས་ཏེ༔ བདག་དང་སློབ་དཔོན་ནམ་ཡང་འབྲལ་མི་ཕོད༔ ཐུགས་རྗེས་བཟུང་འཚལ་བོད་དུ་བཞུགས་པར་ཞུ༔ ཡབ་རྗེ་རྒྱལ་པོ་མི་བཞུགས་དགུང་ལ་གཤེགས༔ གུ་རུ་མི་བཞུགས་སྲིན་པོའི་ཡུལ་བྱོན་ན༔ བོད་ཁམས་ལུང་པ་སྟོང་པར་མི་འགྲོ་འམ༔ སེམས་ཅན་སྙིང་རྗེའི་གནས་སུ་མ་གྱུར་ཏམ༔ ཅིས་ཀྱང་མི་བཞུད་བོད་དུ་བཞུགས་པར་ཞུས༔ གུ་རུའི་ཞལ་ནས་མུ་ཏིག་བཙན་པོ་ཉོན༔ ང་ནི་སེམས་ཅན་སྤྱི་མཐུན་བླ་མ་ཡིན༔ ཁྱོད་ཀྱིས་ང་ལ་སེམས་བསྐྱེད་ཉམས་འཇུག་གམ༔ ལྷོ་ནུབ་སྲིན་པོའི་ཡུལ་གླིང་མ་བཏུལ་ན༔ སེམས་ཅན་ཐམས་ཅད་སྡུག་བསྔལ་འདམ་ལ་ཚུད༔ དམ་པའི་ཆོས་ཀྱི་སྒྲ་ཡང་མི་ཐོས་ན༔ དེ་ལ་དགའ་འམ་སྤྲོ་བ་ཡིན་ནམ་ཅི༔ ང་ནི་མི་འདུག་སྲིན་པོ་འདུལ་དུ་འགྲོ༔ དད་གུས་མོས་པས་གསོལ་བ་འདེབས་ནུས་ན༔ པད་འབྱུང་གར་ཡང་མ་བྱོན་སྒོར་ཉལ་ཡོད༔ ནངས་རེ་དགོང་རེ་ཉི་ཟེར་འཆར་སྡུད་དང༔ དུས་ཀྱི་རྒྱལ་པོ་ཚེས་བཅུ་ནམ་ཤར་ཚེ༔ བོད་ཀྱི་དོན་ལ་རྒྱུན་ཆད་མེད་པར་འོང༔ ང་དང་མ་འཕྲད་མ་འོང་རྗེས་འཇུག་རྣམས༔ སྐུ་གསུང་ཐུགས་རྟེན་སྒྲུབ་གནས་ཐམས་ཅད་ལ༔ ཕྱག་དང་མཆོད་པ་ཅི་ནུས་བསྒྲུབ་ལ་རེམ༔ འཕགས་པའི་དགེ་འདུན་རྣམས་ལ་བསྙེན་བཀུར་གྱིས༔ ཨོ་རྒྱན་པད་འབྱུང་མཆོད་དང་ཁྱད་པར་མེད༔ ང་ཡི་ཐུགས་རྗེ་ནམ་ཡང་མི་གཡེལ་ཞིང༔ བོད་འབངས་དོན་བྱེད་དུས་ཀུན་སྐྱོབ་བོ་གསུངས༔ རྗེ་འབངས་ཐམས་ཅད་ཡིད་ཆད་མང་དུ་ངུས༔ ཅིས་ཀྱང་མ་དགའ་སྨྲེ་སྔགས་ཀུ་ཅོ་འདོན༔ བོད་ཀྱི་མི་སྐྱ་ཕོ་མོ་ཐམས་ཅད་འདུས༔ མ་ཧཱ་གུ་རུའི་ཞབས་པད་སྤྱི་བོར་ལེན༔ ཅི་འབྱོར་ཡོ་བྱད་ཐམས་ཅད་མཆོད་པ་འབུལ༔ མུ་ཏིག་བཙན་པོ་བློན་བཙུན་འཁོར་བཅས་ཀྱིས༔ གསེར་དངུལ་རིན་པོ་ཆེ་ཡི་རིགས་བྱེད་དང༔ སྣ་ཚོགས་རེག་འཇམ་ལོངས་སྤྱོད་སྲིད་ཚད་ཕུལ༔ གུ་རུའི་ཞལ་ནས་བོད་ཀྱི་རྗེ་འབངས་ཉོན༔ དལ་འབྱོར་རྙེད་དཀའ་ཨུ་དུམ་བཱ་ར་འདྲ༔ མི་ཚེ་མི་རྟག་དགུན་གྱི་ཉི་ཟེར་འདྲ༔ འཁོར་བའི་སྡུག་བསྔལ་ཟད་པའི་མཐར་ཐུག་མེད༔ དེ་ཕྱིར་དགེ་བ་སྒྲུབས་དང་ཕན་ཡོན་འཕེལ༔ ཚེ་འདིར་ལེགས་པ་བྱས་དང་ཉེས་པ་བྱས༔ དེ་ཡི་འབྲས་བུ་ཕྱི་མར་ཆུད་མི་ཟ༔ དེ་ཕྱིར་རྩེ་གཅིག་བློ་སྣ་ཆོས་ལ་དྲིལ༔ མཚན་ཉིད་དད་ལྡན་བླ་མ་སྤྱི་བོར་ཁུར༔ སྐྱབས་འགྲོ་སེམས་བསྐྱེད་སྒྲིབ་སྦྱང་བསྒོམ་བཟླས་དང༔ ཚོགས་བསགས་མཎྜལ་བླ་མའི་རྣལ་འབྱོར་སྒོམས༔ དབང་བཞི་བླངས་ནས་ཐུགས་ཡིད་གཅིག་ཏུ་བསྲེས༔ ཤར་གྲོལ་བློ་འདས་ཆེན་པོའི་གནད་སྐྱོངས་ལ༔ འབྲས་བུ་སྐུ་བཞི་ལྷུན་གྲུབ་ཕ་མཐར་སྐྱོལ༔ ཞེས་གསུངས་གཞན་ཡང་ཞལ་གདམས་མང་དུ་གནང༔ གུ་རུའི་རྣམ་ཐར་རྡོ་རྗེའི་རྒྱན་ཕྲེང་ལས༔ བོད་དུ་འགྲོ་དོན་མཐར་ཕྱིན་ནས་ཡུལ་གཞན་དུ་བྱོན་པར་ཆས་པའི་ལེའུ་སྟེ་དགུ་པའོ༔ ༔དེ་ནས་གུ་རུ་སྲིན་ཡུལ་བཞུད་པ་ལ༔ རྗེ་འབངས་ཀུན་ཀྱང་སྐྱེལ་ཐུང་བ་ལ་ཆས༔ མང་ཡུལ་གོང་ཐང་ལ་ཁར་བསྐྱལ་ནས་སུ༔ སློབ་དཔོན་འཁོར་དང་བཅས་པ་ཞག་གསུམ་བཞུགས༔ རྗེ་འབངས་མ་ལུས་འཁོར་དང་བཅས་རྣམས་ལ༔ མི་རེ་བཞིན་དུ་ཞལ་གདམས་ཆོས་རེ་གནང༔ དེ་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས༔ གསེར་གཡུ་རིན་ཆེན་མཎྜལ་ཕུལ་ནས་སུ༔ དུས་གསུམ་ཀུན་མཁྱེན་གུ་རུ་རིན་པོ་ཆེ༔ བོད་དུ་མི་བཞུགས་སྲིན་ཡུལ་ཕེབས་པ་ན༔ སྐྱེ་དམན་བུད་མེད་ཡེ་ཤེས་མཚོ་རྒྱལ་ཡང༔ ཤུལ་དུ་མ་བཞག་ཐུགས་རྗེས་འཛིན་པར་ཞུ༔ དེ་ལ་གུ་རུ་པདྨས་བཀའ་བསྩལ་པ༔ ཁྱོད་ཀྱི་སྐུ་དངོས་སྲིན་པོའི་ཡུལ་མི་བགྲོད༔ རེ་ཞིག་བོད་ཀྱི་འགྲོ་དོན་སྐྱོངས་ཤིག་དང༔ ང་དང་འབྲལ་མེད་རིག་འཛིན་གྲལ་དུ་མཇལ༔ ཞེས་གསུངས་བཞུད་པར་མ་གནང་འགྲོ་དོན་བཞུགས༔ གུ་རུས་ལྕགས་ཀྱུའི་ཕྱག་རྒྱ་བསྡམས་ནས་སུ༔ ཛཿཧཱུྃ་བཾ་ཧོཿཧཱུྃ་ཧཱུྃ་ཛཿཧཱུྃ་གསུངས༔ སྤྲིན་གྱི་གསེབ་ནས་རྒྱལ་ཆེན་སྡེ་བཞི་བྱོན༔ རྟ་མཆོག་ཁྲིད་ནས་གུ་རུའི་མདུན་དུ་འཁོད༔ ལྷ་ལྕམ་མནྡཱ་ར་བ་ཡིན་ཟེར་བའི༔ འཇའ་འོད་དཀྱིལ་ན་བདུད་རྩིའི་བུམ་པ་ཐོགས༔ སློབ་དཔོན་མདུན་བྱོན་ཁ་ཊྭཱཾ་ག་ལ་ཐིམ༔ གུ་རུ་རཏྣ་རྟ་མཆོག་ཆིབས་ཁར་ཐོན༔ རྒྱལ་ཆེན་བཞི་ཡིས་ཆིབས་ཀྱི་རྐང་ལག་བརྟེན༔ ལྷོ་ནུབ་ཕྱོགས་ཀྱི་ནམ་མཁའི་དབྱིངས་ལ་འཕུར༔ སྲིན་པོའི་རྒྱལ་པོ་གནས་སྤར་གསོབ་ཏུ་བརྫུས༔ རྒྱལ་ཁམས་ཐམས་ཅད་ཡང་དག་ཆོས་ལ་བཙུད༔ འགྲོ་དོན་བསྟན་པ་མཐའ་རུ་རྒྱས་པར་འགྱུར༔ གུ་རུའི་རྣམ་ཐར་རྡོ་རྗེའི་རྒྱན་ཕྲེང་ལས༔ ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད་པའི་ལེའུ་སྟེ་བཅུ་པའོ༔ རྣམ་ཐར་འདི་ཉིད་ཁོ་མོ་མཚོ་རྒྱལ་བདག་གིས་མཁའ་འགྲོའི་བརྡ་རིས་སུ་བསྒྱུར་ཏེ་གཏེར་དུ་སྦས་པ་མ་འོང་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ འཕྲད་ནས་འགྲོ་དོན་རྒྱས་གྱུར་ཅིག༔ ས་མ་ཡ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ པདྨ་གར་དབང་འཆི་མེད་བསྟན་གཉིས་གླིང་པ་ལ་དངོས་གྲུབ་ཏུ་ཐོབ་པའོ།། །།རབ་འབྱམས་ཞིང་ན་དུས་གསུམ་སངས་རྒྱས་ཀྱི། །གསང་གསུམ་ཡོན་ཏན་ཕྲིན་ལས་མ་ལུས་པའི། །སྒྱུ་འཕྲུལ་ཆོས་ཀྱི་དབྱིངས་སུ་འབྱམས་ཀླས་པ། །མཚོ་སྐྱེས་རྡོ་རྗེའི་རྣམ་ཐར་བློ་ལས་འདས། །འོན་ཀྱང་སྐལ་ལྡན་གདུལ་བྱའི་འཇུག་སྒོ་རུ། །གོ་སླ་ཉན་བདེ་བློ་ཡུལ་གསལ་བ་ཡི། །རྡོ་རྗེའི་ཞལ་ཆེམས་ཉུང་ངུ་འདི་ཙམ་ཞིག །མཇལ་བ་འཇམ་མགོན་འཇིག་རྟེན་མིག་དེའི་དྲིན། །དེ་སླད་དུ་མར་སྤེལ་བའི་སྤར་གྱི་འཕྲུལ། །བླ་མ་བསོད་ནམས་ཚེ་བརྟན་ལྷག་བསམ་གྱིས། །བསྒྲུབས་པའི་དགེ་ཚོགས་འདིས་ཀྱང་ཕ་མས་གཙོས། །འགྲོ་ཀུན་བླ་མའི་ཞབས་དྲུང་སྐྱེ་ཕྱིར་བསྔོ། །ཞེས་པའི་སྤར་བྱང་སྨོན་ཚིག་ཉུང་ངུ་འདིའང་མཁྱེན་སྤྲུལ་པས་བྲིས་པ་དགེ། །།
འཇམ་དཔལ་ནཱ་ག་རཀྴའི་རྒྱུན་ཁྱེར་ (Volume 19, Text 4)
འཇམ་དཔལ་ནཱ་ག་རཀྴའི་རྒྱུན་ཁྱེར་བཞུགས་སོ། །བླ་མ་མཆོག་གསུམ་རིག་པའི་རྒྱལ་པོ་ལ། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ་བ་རྣམས། །གཏི་མུག་གདུག་པ་ཀླུ་ཡི་ནད་གདོན་ལས། །སྐྱོབ་ཕྱིར་འཇམ་དཔལ་དཔའ་བོ་བསྒྲུབ་པར་བགྱི། །ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་རང་སེམས་ཡི་གེ་ཕེ། །ནག་པོ་འབར་བའི་འོད་ཟེར་འཕྲོ་བར་གྱུར། །ཕེ་རཀྵ་ཀུ་རུ་བྷྲཱུྃ། འཁོར་འདས་སོ་མཚམས་རྒྱ་མཚོ་ཆེན་པོའི་ཀློང་། །མེ་ཏོག་ནོར་བུ་གཅལ་དུ་བཀྲམ་པའི་དབུས། །རིན་ཆེན་ཕོ་བྲང་ཀླུ་བརྒྱད་ཀ་བ་ཅན། །སྟེང་འོག་ཕྱོགས་མཚམས་སྦྲུལ་གྱིས་དཀྲིས་པའི་ནང་། །ཀླུ་གཉན་ས་བདག་འབུམ་སྡེའི་གདན་སྟེང་དུ། །རིག་པའི་རྒྱལ་པོ་ནཱ་ག་རཀྴ་པ། །སྟང་ཟིལ་མདོག་ཅན་རྩ་ཞལ་སྲིན་པོའི་གདོང་། །རབ་ཁྲོས་སྦྲུལ་མགོ་དགུ་ཡི་གདེངས་ཀ་འཕྱོ། །དབུས་དམར་པྲོག་ཞུ་མི་བསྐྱོད་ཅོད་པན་ཅན། །བཅུ་དྲུག་ཕྱག་གི་གཡས་བརྒྱད་གྲི་གུག་དང་། །གཡོན་བརྒྱད་སྦྲུལ་ཞགས་དང་པོ་ཐུགས་ཀར་བསྣོལ། །ལྷག་མ་རབ་གདེངས་རྔམ་བརྗིད་བཟོད་དཀའི་སྐུ །རི་རབ་ལ་བརྟེན་མཇུག་མ་རྒྱ་མཚོར་འཁྱིལ། །ཞལ་ནས་ཨིག་ཤའི་སྒྲ་སྒྲོག་མཆེ་བ་གཙིགས། །གྲུ་གསུམ་སྤྱན་བགྲད་སྦྲུལ་ནག་རལ་པ་ལས། །སྡོམ་སྡིག་མེ་ཡི་ཚྭ་ཚྭ་ཕྱོགས་བཅུར་འཕྲོ། །སྦྲུལ་རིགས་ལྔ་དང་རཏྣ་དུ་མས་བརྒྱན། །དྲེགས་པ་ཐམས་ཅད་དངངས་ཤིང་སྐྲག་པའི་གཟུགས། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་བརྗིད། །ཐུགས་ཀར་ཡེ་ཤེས་སེམས་དཔའ་སྦྲུལ་དཀར་པོ། །གཡས་འཁྱིལ་མགོ་བོ་གྱེན་གདེངས་སྙིང་གར་ཕེ། །མདོག་ནག་ཡི་གེ་བཞི་པས་གཡས་སུ་བསྐོར། །འོད་འཕྲོས་ཡེ་ཤེས་སེམས་དཔའ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། །ཕེ་ལས་འབར་བའི་འོད་ཟེར་ལྔ་ལྡན་འཕྲོས། །ལུས་ཀྱི་ནད་གདོན་ཐམས་ཅད་བ་སྤུ་དང་། །དབང་པོའི་སྒོ་ནས་ཕྱི་རོལ་འཐོན་པར་གྱུར། །ཨོཾ་ཕེ་ལཾ་ཧཱུྃ། ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྴ་ཨོཾ་ཕེ་ལཾ་ཧཱུྃ། ཕྱི་ནང་སྣོད་བཅུད་འོད་ཞུ་རང་ལ་ཐིམ། །རང་ཉིད་ཕེ་དང་ཕེ་ཡང་སྟོང་པར་གྱུར། །དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །གདུག་པ་ཀླུ་ཡི་ནད་གདོན་ལས་ཐར་ཞིང་། །བླ་ན་མེད་པའི་བདེ་དགའ་རྒྱ་མཚོ་ཡིས། །ཀུན་མཁྱེན་ཡེ་ཤེས་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་དོན་གཉེར་ཅན་དུ་མས་བསྐུལ་བ་ལས་འགྱུར་མེད་རྡོ་རྗེས་སྨྲས་པའོ།། །།
རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་ཕྲིན་ལས་དགོས་འདོད་ཀུན་འབྱུང་ (Volume 26, Text 4)
༄༅༔ རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་ཕྲིན་ལས་དགོས་འདོད་ཀུན་འབྱུང་བཞུགས་སོ༔ རྒྱ་གར་སྐད་དུ༔ ཡེ་སརྦ་མ་ཡ༔ ཧ་ཡཾ་གྲཱི་ཝ་རཱ་ཙ་དྷེ་ཝ་བྷ་ཀརྨ་ནཱ་མ༔ བོད་སྐད་དུ༔ དཔལ་རྟ་མགྲིན་རྒྱལ་པོ་དྲེགས་པ་ཐམས་ཅད་དབང་དུ་སྡུད་པ་ལ་དྲག་པོའི་ལྷ་ཚོགས་ཀྱི་ཕྲིན་ལས་ཞེས་བྱ་བ༔ བཅོམ་ལྡན་འདས་དབང་གི་ལྷ་ཚོགས་དྲེགས་པ་ཐམས་ཅད་དབང་དུ་སྡུད་པ་ལ་ཕྱག་འཚལ་ལོ༔ དབང་དྲག་སྒྲུབ་པའི་རྣལ་འབྱོར་པས༔ དབེན་པའི་གནས་སུ་ཡོ་བྱད་སོགས༔ སྒྲུབ་རྫས་མཆོད་གཏོར་ལེགས་པར་བཤམས༔ བདེ་བའི་གདན་ལ་སྐྱིལ་ཀྲུང་བཅའ༔ དང་པོ་སྐྱབས་འགྲོ་བྱ་བ་ནི༔ ན་མོ༔ དུས་གསུམ་སངས་རྒྱས་འདུས་པའི་ཐུགས་རྗེ་ཆེ༔ དྲེགས་པ་ཟིལ་གྱིས་གནོན་པའི་རྟ་མགྲིན་ལྷ༔ བདག་ནི་སྐྱབས་མཆི་ཡི་དམ་ཁྱེད་བསྒྲུབས་ཏེ༔ གདུག་པ་ཚར་གཅོད་སེམས་ཅན་དྲང་བར་བྱའོ༔ རང་ཉིད་དཔལ་ཆེན་སྐུར་གསལ་བགེགས་གཏོར་བཤམས་ལ་བཀའ་བསྒོ་བ་ནི༔ ཧྲཱི༔ རིག་པ་ཡེ་ཤེས་ཆེན་པོ་བསྐྱེད་པའི་ལྷ༔ སྲིད་གསུམ་དབང་སྡུད་ཡེ་ཤེས་ལྷ་ཡི་ལྷ༔ རལ་པ་དམར་པོ་སྤྲིན་ཕུང་འཁྲིགས་པ་འདྲ༔ སྤྱན་མིག་དམར་པོ་ཤིན་ཏུ་ལྡོག་པ་ཡིས༔ བསྐལ་པའི་མེ་དཔུང་དུ་མ་འཁྲུག་ཅིང་འཕྲོ༔ དགྲ་བགེགས་བར་གཅོད་ཐམས་ཅད་སྲེག་པར་བྱེད༔ ཨེ་རཾ་ནྲྀ་ཏྲི་སརྦ་མཱ་ར་ཡ་རྦད༔ མཚམས་གཅོད་པ་ནི༔ ཧྲཱི༔ བདག་ཉིད་དཔལ་ཆེན་ཁྲོ་རྒྱལ་ཐུགས་ཀ་ནས༔ ཧཱུྃ་ལས་དྲག་པོའི་མཚོན་ཆ་སྣ་ཚོགས་འཕྲོས༔ རྡོ་རྗེ་འཁོར་ལོ་དབྱུག་ཐོ་རལ་གྲི་དང༔ རྡོ་རྗེ་རྒྱ་གྲམ་ཕྱོགས་བཅུར་གུར་དུ་གཏམས༔ ཨོཾ་བཛྲ་ཙཀྲ་རཏྣ་གྲྀཧྣ་ཀརྨ་རཀྵ་རཀྵ་ཧཱུྃ༔ དེ་ནས་བརྡའ་སྒོ་དབྱེ་བ་ནི༔ ཧྲཱི༔ སྲིད་གསུམ་གཞལ་ཡས་རང་བཞིན་གསལ༔ དེ་ནས་དབྱིངས་ཀྱི་དཀྱིལ་འཁོར་དུ༔ གསང་བའི་དངོས་གྲུབ་འཐོབ་བྱའི་ཕྱིར༔ དབང་ཆེན་གཞལ་ཡས་སྒོ་ཕྱེས་ཤིག༔ ཧྲཱིཿཔྲ་བེ་ཤ་ཡ་ཕཊ༔ དེ་ནས་བཤགས་པ་བྱ་བ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་དགོངས་སུ་གསོལ༔ བདག་ཅག་མ་རིག་ཉོན་མོངས་འཁྲུལ་པའི་བློས༔ ཕྱི་ནང་གསང་སྔགས་ཐེག་པ་ཆེན་པོ་ཡི༔ དམ་ཚིག་ཉམས་ཆག་འཁྲུལ་པ་ཅི་མཆིས་རྣམས༔ རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ ས་མ་ཡ༔ དེ་ནས་བྱིན་འབེབ་པ་ནི༔ ཧྲཱི༔ བླ་མ་དཔལ་ཆེན་དབང་དྲག་ལྷ་ཚོགས་དང༔ མཁའ་འགྲོ་ཆོས་སྐྱོང་ཕྱི་ནང་སྲུང་མ་རྣམས༔ འདིར་གཤེགས་སྒྲུབ་རྫས་རྣམས་ལ་བྱིན་རློབས་ལ༔ སྒྲུབ་མཆོག་བདག་ལ་དབང་དང་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ དེ་ནས་མཆོད་རྫས་བྱིན་གྱིས་བརླབ་པ་ནི༔ ཧྲཱི༔ ཨརྒྷཾ་མེ་ཏོག་བདུག་སྤོས་མར་མེ་དང༔ དྲི་ཆབ་ཞལ་ཟས་སྙན་པའི་རོལ་མོ་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ ཐམས་ཅད་འདོད་ཡོན་ལྷ་མོར་བྱིན་གྱིས་བརླབས༔ ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་ཧཱུྃ༔ ཧྲཱི༔ རང་བྱུང་རྣམ་དག་རང་བྱུང་བདུད་རྩི་དང༔ འདོད་ཡོན་ལོངས་སྤྱོད་དཔལ་གྱི་གཏོར་ཆེན་དང༔ སྲིད་གསུམ་རྒྱུད་དྲུག་བསྒྲལ་བའི་རཀྟ་རྣམས༔ ཐམས་ཅད་ཀུན་བཟང་མཆོད་པར་བྱིན་གྱིས་བརླབས༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ༔ ཨོཾ་མ་ཧཱ་བ་ལིཾ་ཏ་པཱུ་ཛི་ཏེ་ཧཱུྃ༔ ཨོཾ་མ་ཧཱ་པདྨ་རཀྟ་ཧཱུྃ༔ ཏིང་འཛིན་རྣམ་གསུམ་བསྒོམ་པ་ནི༔ ཨེ༔ ཆོས་སྐུ་སྐྱེ་མེད་ནམ་མཁའ་ལྟ་བུ་ལ༔ སྙིང་རྗེ་ཆེན་པོས་སེམས་ཅན་ཀུན་ལ་ཁྱབ༔ རྒྱུ་ལས་ཀུན་བསྐྱེད་ཡི་གེ་ཧཱུྃ་དུ་ཤར༔ ཧཱུྃ་ལས་འོད་འཕྲོས་འབྱུང་བ་རིམ་བརྩེགས་ཆགས༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ༔ གཞལ་ཡས་ཁང་བསྐྱེད་པ་ནི༔ ཧྲཱི༔ ཨེ་ལས་ནམ་མཁའ་མཐིང་ནག་གྲུ་གསུམ་བརྡལ༔ ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་སྔོན་གཡོ༔ ར་ལས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས༔ སུཾ་ལས་ཞིང་ཆེན་ས་གཞི་བརྡལ་བར་ཆགས༔ ཀེཾ་ལས་རུས་པའི་རི་རབ་བརྗིད་པས་བཟང༔ རཾ་ལས་བསྐལ་པའི་མེ་དཔུང་འབར་བའི་ཀློང༔ དབང་དྲག་ཡེ་ཤེས་ཆེན་པོའི་ཕོ་བྲང་གསལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ༔ བྷྲཱུྃ་ལས་དབང་དྲག་འབར་བའི་གཞལ་ཡས་ཁང༔ དམར་ནག་གྲུ་གསུམ་དབང་གི་ཟླ་གམ་དབུས༔ འཁོར་ལོ་རྩིབས་བཞི་གྲུ་ཆད་བར་ཁྱམས་དང༔ སྒོ་བཞི་རྟ་བབས་རབ་ཏུ་མཛེས་པར་བརྒྱན༔ ཕྱི་རོལ་ཁོར་ཡུག་རྡོ་རྗེ་མེ་རིས་བསྐོར༔ ཡེ་ཤེས་ལྷུན་གྲུབ་གཞལ་ཡས་ཁང་གི་དབུས༔ ལྷ་བསྐྱེད་པ་ནི༔ བདག་ཉིད་དབང་གི་རྒྱལ་པོ་རྟ་མཆོག་གི༔ དབུ་ནི་ཚངས་པའི་འཇིག་རྟེན་སླེབ་པར་བྱེད༔ ཞབས་ནི་རྒྱ་མཚོའི་སྟེང་དུ་རྐྱོང་བར་བྱེད༔ གཡས་ཀྱི་ཕྱག་གིས་གཟུགས་ཁམས་འདེགས་པར་བྱེད༔ གཡོན་གྱི་ཕྱག་གིས་འདོད་ཁམས་ས་གཞིར་གནོན༔ ཉི་ཟླ་གཟའ་རྐར་རྐེད་ལ་འཁོར་བ་དང༔ སྐུ་མདོག་བསྐལ་པའི་མེ་ལྟར་འབར་བ་ཡི༔ སྐུ་སྟེགས་རི་རབ་སྟེང་ན་བརྗིད་ཆགས་ཏེ༔ དབུ་གཙུག་རྟ་མགོ་རྟ་སྐད་འཚེར་བ་ཡིས༔ གཡས་ཀྱིས་རྟ་སྐད་ཐེངས་གསུམ་བསྒྲགས་པ་ལ༔ སྲིད་པ་ཕོ་རྒྱུད་ཐམས་ཅད་དབང་དུ་སྡུད༔ གཡོན་གྱིས་རྟ་སྐད་ཐེངས་གསུམ་བཏོན་པ་ཡིས༔ སྲིད་པ་མོ་རྒྱུད་ཐམས་ཅད་དབང་དུ་སྡུད༔ ཧྲཱིཿཧཱུྃ་ཕཊ་ཀྱི་གསང་སྔགས་བསྒྲགས་པ་ཡིས༔ འབྲུག་སྟོང་མ་ལུས་དུས་གཅིག་ལྡིར་བ་ཙམ༔ ཁམས་གསུམ་ཐམས་ཅད་དབང་དུ་སྡུད་པར་བྱེད༔ སྲིད་གསུམ་ཟིལ་གྱིས་གནོན་པ་བསྒོམ་པར་བྱ༔ ཕྱི་རོལ་དམ་ཅན་སྲུང་མས་བསྐོར་བ་བསྐྱེད༔ ཀུན་ཀྱང་ཡེ་ཤེས་མེ་དཔུང་ཀློང་ན་བཞུགས༔ དེ་ནས་སྤྱན་དྲང་བ་ནི༔ ཧྲཱི༔ པདྨ་ཧེ་རུ་ཀ་ནི་དབྱིངས་ནས་བཞེངས༔ དབང་གི་རྒྱལ་པོ་པདྨ་རིགས་ཀྱི་གཙོ༔ ཐུགས་རྗེ་ཐབས་མཁས་འགྲོ་བ་འདུལ་མཛད་པ༔ དབང་དྲག་པདྨའི་ལྷ་ཚོགས་གཤེགས་སུ་གསོལ༔ ཨོཾ་ཧ་ཡཾ་གྲཱི་ཝ་ཨེ་ཧྱེ་ཧི་ས་མ་ཡ་ཧཱུྃ་ཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧྲཱི༔ དམར་ནག་གྲུ་གསུམ་དབང་གི་དཀྱིལ་འཁོར་དུ༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་གདན༔ ཐབས་ཤེས་པདྨ་ཉི་ཟླའི་གདན་སྟེངས་སུ༔ དབང་དྲག་པདྨའི་ལྷ་ཚོགས་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་བཛྲ་ཧཱུྃ༔ དེ་ནས་ཕྱག་འཚལ་བ་ནི༔ ཧྲཱི༔ རང་བྱུང་དབྱིངས་ལས་སྤྲུལ་པའི་ཁྲོ་རྒྱལ་མཆོག༔ ཐུགས་རྗེ་ཆེན་པོས་ཐབས་ལ་མཁས་པ་ཡིས༔ གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་པའི༔ དབང་དྲག་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧྲཱི༔ དྲི་མེད་ཡིད་འོང་གཙང་མར་སྦྱར་བ་ཡི༔ ཨརྒྷཾ་བདུག་སྤོས་མེ་ཏོག་མར་མེ་དང༔ དྲི་ཆབ་ཞལ་ཟས་སྙན་པའི་རོལ་མོ་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ རང་བྱུང་རྣམ་དག་ཡེ་ཤེས་བདུད་རྩི་དང༔ འདོད་ཡོན་ལོངས་སྤྱོད་དཔལ་གྱི་གཏོར་ཆེན་དང༔ སྲིད་གསུམ་རྒྱུད་དྲུག་བསྒྲལ་བའི་རཀྟ་རྣམས༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་དང༔ ཕྱག་རྒྱ་གར་དང་སྦྱོར་སྒྲོལ་ལ་སོགས་དང༔ གསང་བ་བླ་མེད་མཐུན་པའི་དམ་རྫས་རྣམས༔ དབང་དྲག་དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཨརྒྷཾ༔ དྷཱུ་པེ༔ པུཥྤེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་ཝིདྱ༔ ཤབྡ་ཨཱཿཧཱུྃ༔ རཱུ་པ༔ ཤབྡ༔ གནྡྷེ༔ ར་ས༔ སྤརྴེ་ཨཱཿཧཱུྃ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་པཱུ་ཙ་ཁཱ་ཧི༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ཨ་ལ་ལ་ཧོ༔ བསྟོད་པ་བྱ་བ་ནི༔ འདི་རུ་སྒྲུབ་ཐབས་ལྟར་བསྟོད་པར་འཇུག༔ ཧྲཱི༔ དབང་ཆེན་ལས་ལ་མངའ་མཛད་ཁྲོ་བོའི་རྗེ༔ སྐུ་མདོག་དམར་ནག་ཐམས་ཅད་དབང་དུ་སྡུད༔ དབུ་ནི་ནམ་མཁའི་ཁམས་སུ་རྟ་སྐད་འཚེར༔ ཞབས་ནི་རྒྱ་མཚོའི་གཏིང་དུ་ཀླུ་རྣམས་གནོན༔ གཡས་ཀྱི་ཕྱག་གིས་སྣང་སྲིད་གཟུགས་ཁམས་འདེགས༔ གཡོན་གྱི་ཕྱག་གིས་འདོད་ཁམས་ས་གཞི་གནོན༔ ཉི་ཟླ་གཟའ་སྐར་རྐེད་བཅིངས་གཟའ་རྣམས་འདུལ༔ དུར་ཁྲོད་ཆས་བརྒྱད་ལྷ་སྲིན་སྡེ་བརྒྱད་འཇིགས༔ རྟ་སྐད་འཚེར་བས་ཁམས་གསུམ་དབང་དུ་སྡུད༔ ཧྲཱིཿཡི་སྒྲ་ཆེན་སྲིད་གསུམ་འགུལ་ཞིང་སྔངས༔ ཕཊ་ཀྱིས་ཐོག་འབེབ་བདུད་དཔུང་སྤྱི་ནས་འཇོམས༔ ཧཱུྃ་གི་ང་རོས་གདུག་པ་བྲན་དུ་འཁོལ༔ ཕྱག་མཚན་མཚོན་ཆས་རི་རབ་རྡུལ་དུ་འཇིག༔ བསྐལ་པའི་མེ་འབར་འཇིག་རྟེན་མ་ལུས་སྲེག༔ འཇིག་རྟེན་དྲེགས་པས་ཁེངས་པའི་སྡེ་བརྒྱད་ནི༔ དྲེགས་པ་གཟའ་དང་སྡེ་བརྒྱད་ཀླུ་ལ་སོགས༔ འཆི་བདག་གཤིན་རྗེ་ནད་གཏོང་མ་མོ་དང༔ ཆེ་བཙན་རྒྱལ་པོ་རོལ་པ་བཙན་གྱི་ཚོགས༔ ནག་པོ་བདུད་དང་ཐེའུ་རང་བགེགས་ཀྱི་ཚོགས༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དབང་པོ་ཆེ༔ རང་དབང་མེད་པར་དབང་སྡུད་ཟིལ་གྱིས་གནོན༔ མཐུ་དང་རྫུ་འཕྲུལ་སྟོབས་དང་གཟི་བརྗིད་འཕྲོག༔ རང་བྱུང་ཐུགས་རྗེའི་དཔལ་ལ་ཕྱག་འཚལ་བསྟོད༔ དེ་ནས་བསྙེན་པ་བྱ་བ་ནི༔ ཧྲཱིཿམ་ཧཱ་ཀྲོ་ཏ་པདྨཱནྟ་ཀྲྀཏ་ཧ་ཡཾ་གྲཱི་ཝ་ཧཱུྃ་ཧཱུྃ་ཕཊ༔ ཡ་མ་ར་ཙ་དུ་ཏྲི་ཕུ་ཏི་ཧྲཱིཿཧཱུྃ་ཕཊ༔ ཅེས་བརྒྱ་སྟོང་ཁྲི་འབུམ་རྟགས་དང་སྦྱར་བའོ༔ དེ་ནས་ཚོགས་བྱིན་བརླབ་བྱ་བ་ནི༔ བདུད་རྩི་ཚོགས་ལ་གཏོར་ལ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཧྲཱི༔ ཁམས་གསུམ་དབང་སྡུད་ཡེ་ཤེས་ལྷ་ཡི་ལྷ༔ ཀུན་ལ་དབང་བསྒྱུར་རྟ་མགོ་ལྗང་གུའི་ཞལ༔ དབང་དྲག་པདྨའི་ལྷ་ཚོགས་འཁོར་བཅས་རྣམས༔ ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཧ་ཡཾ་གྲཱི་ཝ་བཛྲ་ས་མ་ཡ་ཛ་ཛ༔ ཚོགས་དང་པོ་འབུལ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་འཁོར་བཅས་དང༔ དམ་ཅན་ཆོས་སྐྱོང་སྲུང་མ་ཐམས་ཅད་ལ༔ འདོད་ཡོན་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ མ་ཧཱ་སརྦ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ཚོགས་བར་པ་བཤགས་པ་བྱ་བ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་འཁོར་བཅས་ཀྱིས༔ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་ཅི་མཆིས་རྣམས༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བསྐང་བར་མཛོད༔ ས་མ་ཡ་ཨ༔ དེ་ནས་ཚོགས་ཐ་མ་བསྟབ་པ་བྱ་བ་ནི༔ དགྲ་བགེགས་ཀྱི་ལིང་ག་བཅས་པ་དགུག་གཞུག་བྱས་ཏེ༔ ཨེ་རཾ་ཕཊ་རཾ༔ ཛྭ་ལ་རཾ་ནྲྀ་ཡཾ་ཛ༔ ཧྲཱི༔ དམར་ནག་གྲུ་གསུམ་དབང་གི་དཀྱིལ་འཁོར་ནས༔ དབང་དྲག་པདྨའི་ལྷ་ཚོགས་སྐུ་བཞེངས་ལ༔ གནོད་བྱེད་དགྲ་བགེགས་ལིང་ག་འདི་ལ་ཁུག༔ འཇམ་དཔལ་གཤིན་རྗེ་རྡོ་རྗེ་གཞོན་ནུ་དང༔ ཕྱག་ན་རྡོ་རྗེ་ཁྱུང་ཆེན་རིགས་ལྔ་དང༔ ཡེ་ཤེས་སྒོ་མ་བཞི་ཡི་དུས་ལ་བབས༔ གནོད་བྱེད་དགྲ་བགེགས་ལིངྒ་འདི་ལ་ཁུག༔ མྱུར་དུ་བསྒྲལ་བའི་ཕྲིན་ལས་དུས་ལ་བབས༔ ནྲྀ་ཏྲི་ཤ་ཏྲཱུན་མཱ་ར་ཡ་རྦད༔ ཅེས་བསྐུལ་ཞིང་ལིང་ག་གཏུབས་ལ་གཏོར་མ་ལ་འབུལ་ལོ༔ དེ་ནས་ཞལ་དུ་བསྟབ་པ་ནི་འདི་སྐད་དོ༔ ཧྲཱི༔ དབང་དྲག་པདྨའི་ལྷ་ཚོགས་ཞལ་ཕྱེས་ཤིག༔ དགྲ་བགེགས་བར་གཅོད་དམ་སྲི་གནོད་བྱེད་འདི༔ རྔམ་གཏུམ་རབ་འཁྲུགས་ཁྱེད་ཀྱི་ཞལ་དུ་བསྟབ༔ དགྲ་བགེགས་ཤ་རུས་རྔམས་ཟས་ཁྱུར་མིད་རོལ༔ མ་ཧཱ་མཱཾ་ས༔ རཀྟ༔ ཙིཏྟ༔ གོ་རོ་ཙ་ན༔ བ་སུ་ཏ༔ ཀིཾ་ནི་རི་ཏི་ཁཱ་ཧི་ཁཱ་ཧི༔ དེ་ནས་ལྷག་མ་བྱ་བ་ནི༔ ཧྲཱི༔ དཔལ་ཆེན་ཡབ་ཡུམ་ཕུད་ཀྱི་བདག༔ མ་མོ་མཁའ་འགྲོ་ཚོགས་ལ་དགྱེས༔ དཔལ་གྱི་བྲན་གཡོག་ལྷག་ལ་དབང༔ ཧྲཱི༔ དཔལ་གྱི་བཀའ་ཉན་ལྷག་སྡུད་ནི༔ དབང་ཕྱུག་ཆེན་མོ་ཉི་ཤུ་བརྒྱད༔ སྐྱེས་བུ་གིང་ཆེན་བཅོ་བརྒྱད་དང༔ མཁའ་འགྲོ་སུམ་ཅུ་རྩ་གཉིས་དང༔ མ་མོ་བདུན་དང་སྲིང་མོ་བཞི༔ འབར་མ་བརྒྱད་དང་ཞིང་སྐྱོང་དང༔ ཕོ་ཉ་དྲུག་ཅུ་རྩ་བཞི་དང༔ ལང་ཀའི་དུར་ཁྲོད་བདག་པོ་དང༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ༔ ལྷག་མའི་གཏོར་མ་འདི་ལོངས་ལ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ མ་ཧཱ་སརྦ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་ཆད་མདོ་བྱ་བ་ནི༔ ཧཱུྃ་ཧྲཱི༔ བཅོམ་ལྡན་རྟ་མཆོག་རྒྱལ་པོ་འཁོར་བཅས་ཀྱིས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ༔ བར་ཆད་བདུད་ཀྱི་དམག་ཚོགས་མེད་པ་དང༔ གནོད་པའི་དགྲ་བགེགས་མ་ལུས་ཐལ་བར་རློགས༔ སྡུག་བསྔལ་མེད་ཅིང་རྣམ་རྟོག་ཞི་བར་མཛོད༔ དངོས་གྲུབ་བར་ཆད་ཉམས་གྲིབ་བསལ་དུ་གསོལ༔ ཚེ་དང་བསོད་ནམས་ལོངས་སྤྱོད་རྒྱས་པར་མཛོད༔ དམྱལ་སོགས་མི་བཟད་འཁོར་བའི་ནད་ལས་སྐྱོབས༔ མཆོག་དང་ཐུན་མོང་དངོས་གྲུབ་གནས་འདིར་སྩོལ༔ དང་པོའི་ཞལ་བཞེས་དམ་ལས་མ་འདའ་བར༔ དགྲ་བགེགས་ཤ་ཁྲག་གཏོར་མ་གཟུགས་ཕུང་བཅས༔ མཆོད་གཏོར་བཞེས་ལ་ཕྲིན་ལས་སྒྲུབ་པར་མཛོད༔ ཅེས་སོ༔ བརྟན་མ་སྐྱོང་བ་ནི༔ གཏོར་མ་ཕྱིར་བཏེགས་ཏེ་འདི་སྐད་དོ༔ ཧཱུྃ་ཧྲཱི༔ དགུང་སྔོན་སྟེང་དང་གངས་རི་གཡའ་རྩེ་དང༔ སྤང་ལྗོངས་སྐྱེད་མོས་ཚལ་དང་ནགས་འདབས་དང༔ ཕྱོགས་མཚམས་སྟེང་འོག་དག་ན་གནས་པ་ཡི༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་རྣམས༔ སློབ་དཔོན་པདྨའི་སྤྱན་སྔར་ཁས་བླངས་བཞིན༔ རང་རང་གནས་ནས་འདིར་གཤེགས་གཏོར་མ་ལོངས༔ མི་མཐུན་བར་ཆད་བཟློག་པའི་ཕྲིན་ལས་མཛོད༔ རྣལ་འབྱོར་བདག་ཅག་འཁོར་སྲུངས་རྐྱེན་ངན་ཟློག༔ བདག་དང་བླ་མའི་སྐུ་ཚེ་བསྲིང་བ་དང༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་མཛོད༔ ཞེས་དུལ་མོ་བརྡབ་བོ༔ གཏོར་མནན་བྱ་བ་ནི༔ རང་ཉིད་དཔལ་ཆེན་དུ་བསྐྱེད་ལ༔ རྟ་བྲོ་འདི་སྐད་བརྡུང་བར་བྱའོ༔ ཧཱུྃ་ཧཱུྃ་ཧྲཱི༔ དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར༔ ང་བདག་རུ་དྲ་ཀུན་བཏུལ་ནས༔ ཁམས་གསུམ་མ་ལུས་དབང་དུ་སྡུད༔ དབང་དྲག་འཇོམས་པའི་དཀྱིལ་འཁོར་འདིར༔ རྟ་བྲོ་འཁོར་གསུམ་ཆེམས་སེ་ཆེམ༔ དཔལ་གྱི་རྟ་སྐད་ཙེ་རེ་རེ༔ དང་པོ་དཔེ་དཀར་རྒྱལ་འགོང་དང༔ གཤིན་རྗེ་ཕོ་རྒྱུད་ཐམས་ཅད་ཀུན༔ ཞབས་འོག་རྡུལ་ཕྲན་བཞིན་དུ་བརྡུང༔ གཉིས་པ་སྲིན་པོ་ཕོ་མོ་དང༔ མོ་རྒྱུད་ཐམས་ཅད་ཞབས་འོག་བརྡུང༔ རྡུལ་ཕྲན་བཞིན་དུ་བརྡུང་བར་བྱ༔ ཐ་མ་དགྲ་བགེགས་གནོད་བྱེད་དང༔ བསྟན་པ་སྣུབ་བྱེད་ཞིང་བཅུ་ཚང༔ བརྣག་པའི་དགྲ་བགེགས་ཐམས་ཅད་བསྒྲལ༔ བཀའ་ལས་འགལ་བའི་དམ་ཉམས་ཀུན༔ རྡུལ་ཕྲན་ཕྱེ་མར་འཐག་པའི་བྲོ༔ བྲོ་ནི་དྲག་པོ་རྟ་མགྲིན་བྲོ༔ གླུ་ནི་མ་སྲིང་འདུས་པའི་གླུ༔ ཚིག་ནི་དོན་དམ་རྟོགས་པའི་ཚིག༔ གླུ་བྲོ་ཚིག་གསུམ་དབྱེར་མེད་བྲོ༔ སྟོང་གསུམ་ཙམ་ཡང་འཇིག་པར་བྱེད༔ སྲིད་གསུམ་འཁྲུགས་ཤིང་ཉི་ཟླ་འབེབ༔ རྡོ་རྗེའི་བྲོ་ར་ཁྲིགས་སེ་ཁྲིག༔ ཁྱུང་ཆེན་གཤོག་པ་ལྗིབས་སེ་ལྗིབ༔ ལས་གྲུབ་དངོས་གྲུབ་ཆེན་པོའི་བྲོ༔ དགྲ་བགེགས་ཐལ་བར་རློག་པའི་བྲོ༔ ཨོཾ་བཛྲ་རུ་ལུ་རུ་ལུ་ཧཱུྃ་ཕཊ༔ ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སཏྭམ་བྷ་ཡ་ནན༔ དཀྱིལ་འཁོར་བསྡུ་བ་ནི༔ ཧཱུྃ༔ ཆོས་དབྱིངས་ངང་ལས་སྐུ་སྤྲུལ་རྟ་མགྲིན་རྒྱལ༔ ལོངས་སྐུ་དབང་ཆེན་གདུག་པ་འདུལ་བྱེད་པའི༔ དྲག་པོའི་ཕྲིན་ལས་མ་ལུས་རྫོགས་བྱས་ལ༔ སླར་ཡང་ཆོས་དབྱིངས་སྐྱེ་མེད་ཀློང་དུ་ཨ༔ ཨོཾ་བཛྲ་མུ༔ ཞེས་བརྗོད༔ དམ་ཚིག་པ་རང་ལ་བསྡུ༔ ཡེ་ཤེས་པ་གཤེགས་སུ་གསོལ༔ ལྷག་ཆད་བསྐང་ཕྱིར་ཡེ་གེ་བརྒྱ་པ་བཟླས༔ སྤྲོས་བྲལ་གྱི་ངང་ལ་བཞག་གོ༔ སྨོན་ལམ་བཏབ་པ་ནི༔ ཧོ༔ བདག་ཅག་རིག་འཛིན་སྒྲུབ་མཆོག་གིས༔ དྲག་པོའི་ལྷ་ཚོགས་བསྒྲུབས་པའི་མཐུ་སྟོབས་ཀྱིས༔ མི་མཐུན་དགྲ་བགེགས་གདུག་པ་ཅན་བཏུལ་ནས༔ མཆོག་ཏུ་སྐུ་ལྔ་ལྷུན་གྱིས་འགྲུབ་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དམ་རྒྱ༔ རིག་འཛིན་ཆེན་པོས་ཟང་ཟང་ལྷ་བྲག་ནས་གདན་དྲངས་པའོ།། །།
གཡུ་ཐོག་སྙིང་ཐིག་གི་བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ཀྱི་གསོལ་འདེབས་ (Volume 29, Text 4)
༄༅། །གཡུ་ཐོག་སྙིང་ཐིག་གི་བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ཀྱི་གསོལ་འདེབས་བཞུགས་སོ། ། ན་མོ་གུ་རུ་བྷཻ་ཥ་ཛྱེ། འདི་ནས་ཤར་གྱི་ཕྱོགས་རོལ་ནས། །བཻ་ཌཱུརྻ་སྣང་ཞིང་ཁམས་ན། །བཞུགས་པའི་བཅོམ་ལྡན་སྨན་གྱི་བླ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ལྟ་ན་སྡུག་པའི་ཕོ་བྲང་ན། །ཤཱཀ་ཐུབ་བཅོམ་ལྡན་སྨན་གྱི་བླ། །རིག་པའི་ཡེ་ཤེས་ཡིད་ལས་སྐྱེས། །གསོལ་བ་འདེབས་སོ༴ གངས་ཅན་བོད་ཀྱི་ཞིང་ཁམས་ན། །སྤྱན་རས་གཟིགས་དང་དབྱེར་མེད་པའི། །གཡུ་ཐོག་མགོན་པོ་སྨན་གྱི་བླ། །གསོལ་བ་འདེབས་སོ༴ བདུད་རྩི་སྨན་གྱི་རིག་འཛིན་མཆོག །གསོ་རིག་བསྟན་པ་རྒྱས་མཛད་པ། །ཟུར་མཁར་ཆོས་རྗེ་གོང་འོག་ལ། །གསོལ་བ་འདེབས་སོ༴ བླ་མ་སྨན་རྒྱལ་རིགས་ལྔ་དང་། །ཡི་དམ་རྟ་ཕག་གཙོ་དང་འཁོར། །ཆོས་སྐྱོང་དམ་ཅན་སྡེ་དགུ་ལ། །གསོལ་བ་འདེབས་སོ༴ བདག་དང་བདག་ལ་འབྲེལ་ཐོབ་རྣམས། །ནད་རིགས་ཐམས་ཅད་ཞི་བ་དང་། །བྱང་ཆུབ་སེམས་ཉིད་འབྱོངས་པ་དང་། །བྱང་ཆུབ་ཐོབ་པར་མཛད་དུ་གསོལ། །ཅེས་པ་འདི་གཡུ་ཐོག་གི་བླ་སྒྲུབ་ཞག་བདུན་བྱས་དུས་རྨི་ལམ་དུ་རྒྱལ་ཚབ་གྲགས་པ་མཆོག་དབྱངས་ཐུགས་ཤིན་ཏུ་དགྱེས་ཤིང་དབང་སྒྲུབ་མཛད་པའི་དབང་གྲལ་དུ་ཁོ་བོ་བཙུད་པ་དང་། བཀའ་བཀོད་མང་དུ་གནང་། ནམ་མཁའ་བར་སྣང་ཐམས་ཅད་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་གིས་གང་བ་ཡིན་སྙམ་ཡང་། སྐུ་བཞིན་གསལ་བར་མ་མཐོང་སྟེ། ཞི་བའི་ཞལ་གསུམ་དཀར་པོ་ཞི་ཞིང་འཛུམ་པ་ཁོ་ནས་བར་སྣང་ཐམས་ཅད་གང་སྟེ་འཛུམ་ཞིང་བདག་ལ་སྤྱན་གྱིས་གཟིགས་པ་གཅིག་རྨིས། གཉིད་ལ་མ་ཡིན་ཉམས་ཀྱི་སྣང་བར་ཨ་རུ་ར་རློན་པ་ལོ་མ་དང་བཅས་པ་མི་མགོ་ཙམ་ཞིག་སྟེར་བྱུང་བ་དང་། གཞན་བཀའ་སྲུང་དམ་ཅན་སྡེ་དགུའི་རྨིས་ལྟས་མང་དུ་བྱུང་བས་ཀརྨ་ཨ་རཱ་གས་བྲིས་པའོ།། ༈ གཡུ་ཐོག་པའི་རྣམ་ཐར་དང་དགོངས་པ་ཡང་ཟབ་ནས་བླ་སྒྲུབ་སྤྱི་ཡི་སྔགས་དམིགས་གསུངས་པ་རྣམས་ཨ་རཱ་གས་བསྒྲིགས་པ་ཡོད། གཡུ་ཐོག་པའི་སྔགས་འབུམ་དཀར་པོ་ལས་ཚེ་ཡི་བར་ཆད་བསྲུང་བ་ལ་རང་ཉིད་སྤྱན་རས་གཟིགས་ལྟ་བུ་ལྷ་གསལ་ཞིང་བསྒོམ་ལ་ཞེས་གསུངས་པའི་དོན་རང་ཐ་མལ་པའམ་ཡི་དམ་དུ་གསལ་བ་ལས། སྤྱི་གཙུག་ཏུ་པདྨ་ཆེན་པོ་འདབ་མ་བཞི་པའི་ལྟེ་བར་གཡུ་ཐོག་ཡོན་ཏན་མགོན་པོ་དེ་ཉིད་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན། དར་དཀར་པོའི་ན་བཟའ་ལ་གཟན་མཆིན་ཁ་སྐུ་རེག་ཅན་དབུ་སྐྲ་ལྕང་ལོ་སིལ་བུ། ཕྱག་གཡས་ཨ་རུ་ར་གསེར་མདོག་རློན་པ་ལོ་འབྲས་མེ་ཏོག་དང་བཅས་པ། གཡོན་རིན་པོ་ཆེའི་བུམ་པའི་ནང་དུ་ཚེ་དཔག་མེད་བཞུགས་པ། གུར་གུམ་གྱི་ཁ་རྒྱན་དང་བཅས་པ་བསྣམས་པ། དེའི་སྐུ་ཡི་གནས་ལྔར་སངས་རྒྱས་སྨན་བླ་དཀར་དམར་མཐིང་སེར་ལྗང་གུ་ལྔ། པདྨ་འདབ་བཞི་ལ་སྨན་གྱི་ལྷ་མོ་བཞི་་་་མདུན་དུ་ལྷ་མོ་དཀར་མོ་རིན་པོ་ཆེའི་པི་ཝཾ་བསྒྱུར་བ། གཡས་སུ་སེར་མོ་བྱ་རྒོད་ཀྱི་རྐང་གླིང་བསྒྱུར་བ། རྒྱབ་ཏུ་དམར་མོ་མི་རྐང་གི་གླིང་བུ་བསྒྱུར་བ། གཡོན་དུ་ལྗང་མོ་དངུལ་དཀར་གྱི་མེ་ལོང་ཐོགས་པ། མཆན།་་་ཡིས་འདོད་ཡོན་མཆོད་པའི་འོད་ཟེར་གྱི་དྲྭ་བ་ཀུན་ཏུ་འཁྲིགས་པ། དེ་དག་གི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ནས་དེ་འདྲ་བ་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཐིམ་པར་གྱུར། བཅོམ་ལྡན་འདས་དཔའ་བོ་གཅིག་པ་ལ་ཕྱག་འཚལ་ལོ། །བདག་ལ་ཚེ་དང་ཡོན་ཏན་ཕུན་སུམ་ཚོགས་པ་བསྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་ལ། དེ་དག་གི་སྐུ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རྟེན་སྣོད་ཀྱི་འཇིག་རྟེན་ཁམས་ཀྱི་འབྱུང་བ་བཞིའི་བཅུད་ནུས་པ་ཇི་སྙེད་ཡོད་པ་ཐམས་ཅད་འོད་ཟེར་ལྔ་ལྡན་གྱི་བདུད་རྩིར་བཀུག །དེ་བཞིན་དུ་རང་གི་བླ་ཚེ་ཉམས་པ་དང་ཐོར་པ་དང་། འབྱུང་པོ་སྡེ་བརྒྱད་ཀྱིས་བརྐུས་པ་དང་ཕྲོགས་པ་ཐམས་ཅད་དང་། ལྷ་མི་ལ་སོགས་འགྲོ་བ་རིགས་དྲུག་མཆོག་དམན་བར་མའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཡོན་ཏན་མཁྱེན་བརྩེ་ཕྲིན་ལས་ནུས་མཐུ་ཐམས་ཅད་འོད་ཟེར་ལྔ་ལྡན་གྱི་བདུད་རྩིར་བཀུག །གཙོ་བོ་རྣམས་ཀྱི་སྐུ་དང་ཚེ་ཡི་བུམ་པའི་ནང་དུ་བསྟིམ་པར་གྱུར། ཨོཾ་ཨཱཿཧཱུྃ་གུ་རུ་གུ་ཎ་ནཱ་ཐཱ་བཛྲ་སཏྭ་དྷརྨ་ཀཱ་ཡ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧཱུྃ། ཅེས་པ་ཅི་འགྲུབ་བཟླས། ཚེ་བུམ་ནང་ནས་བདུད་རྩི་ཕྱུར་ཞིང་སྐུ་ཡི་ཆ་ཐམས་ཅད་ནས་ནད་སེལ་བའི་འཆི་མེད་སྨན་གྱི་བདུད་རྩི་བབས། ཚངས་བུག་ནས་ཞུགས་ལུས་ཐམས་ཅད་གང་ནས་འདུ་བཞིའི་ནད་རྣམས་སངས་སེ་དག །ལུས་འཆི་མེད་རྡོ་རྗེའི་སྐུར་གྱུར། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཞེས་བརྒྱ་ཙམ་བཟླས་རྗེས། བཅོམ་ལྡན་འདས་དཔའ་བོ་གཅིག་པ་ལ་ཕྱག་འཚལ་ལོ། །བདག་ལ་ཚེ་དང་ཡོན་ཏན་ཕུན་སུམ་ཚོགས་པ་བསྩལ་དུ་གསོལ། ཞེས་གོང་ལྟར་གསོལ་འདེབས་ལན་གསུམ་བྱས་པས། གཙོ་འཁོར་འོད་དུ་ཞུ་ནས་རང་ལ་ཐིམ་པས་བླ་མ་དང་རང་སེམས་སངས་རྒྱས་དབྱེར་མེད་པའི་དོན་དམ་པའི་བདེན་པ་མངོན་དུ་གྱུར། ཞེས་མཉམ་པར་གཞག །འདི་ནངས་རེ་བཞིན་མ་ཆག་པར་བྱས་ན་ཚེ་ལོ་བརྒྱ་ཐུབ་པར་གསུངས་སོ། །གཡུ་ཐོག་པ་ཉིད་ཀྱི་ཞལ་ནས་ཁྱད་པར་རྒྱ་གར་དུ་འཚོ་བྱེད་གཞོན་ནུ། གུ་རུ་པདྨ། སློབ་དཔོན་དཔའ་བོ། ཕ་དམ་པ། བིར་ཝ་པ། སྐྱེས་བུ་མེ་ལྷ། བོད་དུ་སྲོང་བཙན་སྒམ་པོ། དྭགས་པོ་ལྷ་རྗེ་རྣམས་ཁོ་བོ་ཡིན་ཅིང་། བླ་མ་གཞན་ལ་གསོལ་བ་མི་ཚེ་གང་བཏབ་པ་བས། ཁོ་བོ་ལ་ལོ་རུ་བཏབ་པ་བྱིན་རླབས་ཆེ། གཞན་ལ་ལོ་རུ་བཏབ་པ་བས་ཁོ་བོ་ལ་ཟླ་བར་བཏབ་པ། གཞན་ལ་ཟླ་བར་བཏབ་པ་བས་ཁོ་བོ་ལ་ཞག་དང་ཟ་མ་སྐད་ཅིག་ཐང་ཅིག་ལ་བཏབ་པ་མྱུར་ཏེ། དེ་མི་བདེན་པར་གདའ་ན་ཁོ་བོས་སེམས་ཅན་བསླུས་པ་ཡིན་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་བདག་གི་མགོ་བོ་ཨརྫ་ཀའི་རྡོག་པོ་ལྟ་བུར་ཚལ་པ་བརྒྱར་ཁོས་ཤིག་གསུངས། དེ་ཨི་བདེན་སད་པའི་ཕྱིར་སྨན་གྱི་བླ་སྒྲུབ་ཞག་བདུན་བྱེད་པའི་ཚེ་ཉམས་དང་རྨི་ལམ་གྱི་མཚམས་སུ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་སྐུ་མི་མཐོང་བར་དེའི་ཞལ་ངོ་ནམ་མཁའ་གང་བ་དང་། ཨ་རུ་ར་གསེར་མདོག་རློན་པ་རྟ་ཡི་མགོ་ཙམ་ལོ་མ་དང་བཅས་པ་གཏད་བྱུང་བ་སོགས་དང་། རྟགས་མཚན་བཟང་པོ་བྱུང་ནས་ཡིད་ཆེས། རང་གི་རྒྱུན་ཁྱེར་གྱི་ཉམས་ལེན་ཐུན་རེ་བྱ་ཕྱིར་རྣམ་ཐར་དང་དགོངས་པ་ཡང་ཟབ་ནས་བླ་སྒྲུབ་སྤྱིའི་སྔགས་དམིགས་པ་གསུངས་པ་རྣམས་བསྒྲིགས་པའི་ཡི་གེ་པ་ནི་ཉེ་གནས་ཐབས་མཁས་སོ། །ཀརྨ་ཨ་རཱ་གས་བསྒྲིགས་པའོ།། །།
དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལསཿ གྷུ་རུ་རྡོ་རྗེ་ཁྲོ་ལོད་ཀྱི་ལས་བྱང་ནོར་བུའི་ཕྲེང་བ་ཞེས་བྱ་བ་རིག་འཛིན་བདུད་འདུལ་རྡོ་རྗེའི་སྙིང་ཐིག་ཟབ་མོ་ (Volume 13, Text 4)
དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལསཿ གྷུ་རུ་རྡོ་རྗེ་ཁྲོ་ལོད་ཀྱི་ལས་བྱང་ནོར་བུའི་ཕྲེང་བ་ཞེས་བྱ་བ་རིག་འཛིན་བདུད་འདུལ་རྡོ་རྗེའི་སྙིང་ཐིག་ཟབ་མོ་བཞུགས་སོ༔ ྈྈྈྈྈྈྈྈ བདག་འདྲ་བདུད་འདུལ་རྡོ་རྗེ་ངས༔ གནོད་སྦྱིན་རྫོང་གི་དུར་ཁྲོད་དུ༔ རང་གི་སྒྲུབ་པ་རང་གིས་བྱས༔ ཁྱད་པར་གངས་ཅན་རི་ལྗོངས་འདིར༔ ཡང་གསང་སྒྲུབ་པ་མང་སྦས་ཀྱང༔ འདི་ནི་སྙིང་གི་ནང་གི་ཡང་སྙིང་མིན་རེ་ཀན༔ དཔེར་ན་སྙིང་ཁྲག་དངོས་དང་མཚུངས༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཐམས་ཅད་ཀྱི༔ ངོ་བོ་གཅིག་ཏུ་འདུས་པའི་མཆོག༔ དཔལ་ཆེན་ཀུན་འདུས་ངོ་བོ་ཉིད༔ བདེར་གཤེགས་འདུས་པའི་གསང་སྒྲུབ་འདི༔ མ་འོངས་ང་ཡི་རྗེས་འཇུག་ཀུན༔ འདི་ཉིད་ཉམས་སུ་སུས་བླངས་པ༔ འཇིག་རྟེན་དྲེགས་པ་མ་ལུས་འདུལ་བ་དང༔ ཁྱད་པར་རྒྱལ་བསེན་དམ་སྲི་ཐམས་ཅད་དང༔ འཇིག་རྟེན་ལོག་གཤེད་བདུད་རིགས་མ་ལུས་ཀུན༔ སྲོག་སྙིང་ཕུལ་ཞིང་བྲན་དུ་ཁོལ༔ བཀའ་ཉན་གསུང་སྡོད་བྱེད་པར་འགྱུར༔ མངོན་སངས་རྒྱས་པའི་འབྲས་བུ་ཐོབ༔ འདི་ཉིད་སྒྲུབ་པའི་གང་ཟག་ཀུན༔ སྐད་ཅིག་ཚེ་འདི་ཉིད་ལ་ནི༔ དཔལ་རི་པདྨ་འོད་ཀྱི་གཞལ་ཡས་སུ༔ རིག་འཛིན་ས་ལ་མ་འགོད་ན༔ པདྨ་ང་ཡིས་ཕྱི་རབས་སྐལ་ལྡན་བསླུས་པ་ཡིན༔ དེ་ཕྱིར་ཉམས་སུ་ལོངས་ཤིག་ང་ཡི་རྗེས་འཇུག་ཀུན༔ འོན་ཀྱང་དུས་ངན་སེམས་ཅན་ལས་ངན་དབང་ཆེ་བས༔ སྦྱངས་པ་སྔོན་སོང་སྐལ་ལྡན་རེ་འགའ་ཙམ་རེ་མ་གཏོགས་པ༔ འདི་ཉིད་ཉམས་སུ་ལེན་པའི་སྐྱེས་བུ་ཤིན་ཏུ་དཀའ༔ དཔེར་ན་མེ་ཏོག་ཨུ་དུམ་ཝཱ་ར་དག་དང་མཚུངས༔ ཡང་ཟབ་འདི་ཉིད་འཕྲད་པའི་སྐྱེས་བུ་ཤིན་ཏུ་དཀོན༔ དཔེར་ན་ཉིན་མོའི་སྐར་མ་དག་དང་མཚུངས༔ འདི་ཉིད་སྒྲུབ་མཆོད་སུས་བྱེད་པ༔ ཨོ་རྒྱན་ང་ཉིད་དངོས་ཡིན་པདྨའི་བཀའ༔ འཇིག་རྟེན་དྲེགས་པ་མ་ལུས་འདུལ་བ་དང༔ ལྷ་འདྲེ་མི་གསུམ་དབང་དུ་འདུ་བ་དང༔ ཚེ་འདིར་རིག་འཛིན་ས་ལ་འགོད་འདོད་ན༔ སྙིང་ཐིག་ཟབ་མོ་འདི་ཉིད་ཉམས་སུ་ལོངས༔ སྙིང་ཐིག་འདི་འདྲ་འཇིག་རྟེན་གསུམ་ན་དཀོན༔ བདེན་རྫུན་ལག་ཏུ་ལོངས་དང་གསལ༔ དཀོན་མོད་རྒྱལ་ཁམས་འགྲིམ་དང་གསལ༔ ཡང་ཟབ་སྙིང་ཐིག་ཟབ་མོ་འདི༔ དུས་ངན་ཐ་མ་སུམ་ཅུ་ཁ་རལ་ཉེ་བའི་དུས༔ པདྨ་བདུད་འདུལ་ང་ཡི་སྲས་གཅིག་པོ༔ ཐོགས་མེད་བདུད་འདུལ་རྡོ་རྗེ་རྩལ་དང་འཕྲད་པར་སྨོན༔ བདུད་མགོན་སེང་གེའི་གདོང་ཅན་ཁྱོད་ལ་གཏད༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ སྔོན་བྱུང་གི་ལོ་རྒྱུས་ཏེ་དང་པོའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་སྒྲུབ་པའི་ལག་ལེན་འདི་བཞིན་ནོ༔ དེ་ཡང་སྒྲུབ་པའི་གནས་ནི༔ རབ་དུར་ཁྲོད༔ འབྲིང་ནགས་ཁྲོད༔ ཐ་མ་ཡང་དགྲ་རྐུན་གྱི་འཚེ་བ་མེད་པ༔ དབེན་ཞིང་ཉམས་དགའ་བའི་སར༔ དུས་བཟང་ཡར་ཚེས་ཁྱད་པར་ཅན༔ ཚེས་པ་བཅུའི་ཉི་མ་སྔ་དྲོ་ལ༔ མ་དྷལ་ཟླུམ་པོ་མུ་ཁྱུད་གསུམ་བསྐོར་བྱ༔ ལྟེ་བར་ཆོས་འབྱུང་བསྣོལ་མ་དམར་པོ་བྱ༔ མཚམས་དྲུག་སྔོན་པོ་རེ་ཁཱ་དམར་པོ་བྱ༔ སྒོ་གྲུ་ལ་སོགས་སྤྱི་དང་མཐུན༔ ཆོས་འབྱུང་ལྟེ་བར་པདྨ་འདབ་བཞི་ཁ་ཁྱེར་ལྗང༔ དེ་སྟེང་མཉྫི་ལ་ཁྲིའུའི་ཁར༔ ཐོད་པ་མཚན་ལྡན་དུམ་བུ་གཅིག་པའི་ནང༔ གྷུ་རུ་རྩ་བ་གསུམ་གྱི་སྙིང་པོ་བྲི༔ དེ་སྟེང་རྩ་བ་གསུམ་གྱི་རིལ་བུས་བཀང༔ དེ་སྟེང་མེ་ལོང་སིནྡྷུ་ར་ཡིས་བཀབ༔ དེ་སྟེང་དར་གྱིས་ཁ་ཁེབས་བྱ༔ དེ་སྟེང་བླ་རྡོ་ཙཀྲ་དང༔ སྐུ་འབག་ལ་སོགས་འབྲལ་མེད་ཀྱི་རྟེན་གསུམ་ལ་སོགས་བཀོད༔ དེ་སྟེང་དར་དམར་གྱི་གུར་ཕུབ༔ སྒྲུབ་པའི་དབང་རྟེན་ནོར་བུ་དམར་པོ་ཙཀྲ་དང་བཅས་པ་དར་དམར་པོ་ལེ་བརྒན་གྱིས་ཐུམ་ལ་བཞག༔ བླ་མ་ཡི་དམ་གྱི་གཏོར་མ་དཔེའུ་ཆུང་ལྟར་བརྗིད་ལྡན་བཤམ༔ གཞན་ཡང་ཕྱི་ནང་གསང་མཆོད་གྷ་ཎའི་ལོངས་སྤྱོད་སོགས༔ སྤྱན་གཟིགས་རིམ་པ་རྣམས་རྒྱས་པར་བཤམ༔ ཕྱི་རྒྱུད་སྐྱོང་བ་རྣམས་ལ་དཀར་གཏོར་འབུལ༔ བཀའ་བསྒོ་བྱ༔ སྒྲུབ་གཞུང་གི་ལེའུ་སྟེ་གཉིས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་མཚམས་བཅད་པ་ནི༔ ཧཱུྃ་ཧྲཱི༔ བདག་ཉིད་དཔལ་ཆེན་རྡོ་རྗེ་ཁྲོ་ལོད་ནི༔ ཡེ་ནས་མ་བཅོས་ཀུན་བཟང་རྩལ་རྫོགས་ལྷ༔ ཕྱི་སྣོད་འཇིག་རྟེན་ནང་བཅུད་ལྷ་རུ་གསལ༔ ཐམས་ཅད་རང་གྲོལ་ཆོས་སྐུའི་ངང་ཉིད་ལས༔ གནོད་བྱ་གནོད་བྱེད་བགེགས་ཚོགས་ག་ལ་ཡོད༔ དེ་ལྟར་མ་རྟོགས་སེམས་ཅན་ཐམས་ཅད་ལ༔ བདག་འཛིན་རུ་དྲའི་བགེགས་ཚོགས་མཚམས་བཅད་དོ༔ ཨོཾ་ཧཱུྃ་ཧྲཱིཿབཛྲ་རཀྵ་ཛྭ་ལ་རཾ་རཾ༔ དེ་ནས་བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ་ཧྲཱི༔ ང་ནི་ཆེ་མཆོག་རྡོ་རྗེ་ཁྲོ་བོ་ལོད༔ གཏུམ་དྲག་དམར་ནག་མེ་ཡི་ཕྲེང་བ་ཅན༔ སྐུ་ལས་སྤྲུལ་པའི་ལྕགས་སྡིག་གྲངས་མེད་འཕྲོ༔ ཡང་གསང་འདི་ལ་བལྟ་བར་མི་དབང་ཀུན༔ ལན་ཆགས་རེ་བའི་གླུད་གཏོར་འདི་ཁྱེར་ལ༔ གནས་འདིར་མ་འདུག་རང་རང་གནས་སུ་དེངས༔ རྩ་སྔགས་ཤམ་བུར་སུམ་བྷ་ནི་བརྗོད༔ དེ་ནས་སྐྱབས་སུ་འགྲོ་བ་ནི༔ ཨོཾ་ཨཱཿཧཱུྃ༔ དུས་འདི་ནས་བཟུང་བྱང་ཆུབ་མ་ཐོབ་བར༔ སྐྱབས་གནས་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ ཡང་གསང་བླ་མེད་ལམ་ཟབ་འདི་བསྒྲུབས་ནས༔ རང་བྱས་ལས་ཀྱིས་མནར་བའི་ཕ་མ་རྣམས༔ འགྲོ་ཀུན་འཁོར་བ་དོང་སྤྲུགས་སེམས་བསྐྱེད་དོ༔ ཨོཾ་ཨཱཿཧཱུྃ༔ ཆོས་རྣམས་ཐམས་ཅད་བྱ་རྩོལ་འཛིན་བྲལ་བས༔ ཐམས་ཅད་རོ་གཅིག་ངང་དུ་ཕྱག་འཚལ་ལོ༔ སྤང་བླང་འཛིན་བྲལ་ཀློང་ཡངས་ངང་དུ་མཆོད༔ རང་རིག་ཆོས་སྐུར་མ་རྟོགས་མཐོལ་ལོ་བཤགས༔ ཆོས་གསུང་བསྐུལ་ཞིང་མྱ་ངན་མི་འདའ་བཞུགས༔ རང་གཞན་དགེ་བསྔོ་ཚོགས་རྫོགས་སངས་རྒྱས་ཤོག༔ དེ་ནས་བྱིན་འབེབ་པ་ནི༔ ཧཱུྃ་ཧཱུྃ༔ མཁའ་དབྱིངས་ཨོ་རྒྱན་དག་པའི་ཞིང་ཁམས་ནས༔ གྷུ་རུ་ཆེ་མཆོག་རྡོ་རྗེ་ཁྲོ་བོ་ལོད༔ རིག་པའི་རང་རྩལ་མཁའ་འགྲོ་སྡེ་བཞིར་བཅས༔ གནས་འདིར་བྱོན་ལ་དབང་སྐུར་བྱིན་ཕོབ་ཅིག༔ བཛྲ་གྷུ་རུ་ཁྲོ་བོ་ལོད་མ་ཧ་རི་ནི་ས་ཧྲིཾ་ཧྲིཾ་ཛཿཛ༔ ཨཱ་ཝེ་ཤ་ཡ་ཨ་ཨཱ༔ མཆོད་པ་བྱིན་བརླབ་ནི༔ རཾ་ཡཾ་ཁཾ༔ རང་ཉིད་ལྷར་གསལ་ཐུགས་ཀའི་འབྲུ་གསུམ་ལས༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་སྤྲོས༔ མཆོད་པའི་ཡོ་བྱད་རྣམ་རྟོག་བག་ཆགས་ཀུན༔ བསྲེགས་གཏོར་སྦྱངས་བཀྲུས་ཟག་མེད་བདུད་རྩིར་གྱུར༔ ཧྲཱིཿསརྦ་གྷ་ཎ་པཱུ་ཙ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ལྷ་བསྐྱེད་པ་ནི༔ ཧཱུྃ་ཧྲཱི༔ རང་བྱུང་ཡེ་ཤེས་ལྔ་ལྡན་དལ་དབུས་སུ༔ གྲུ་གསུམ་དམར་ནག་ཆོས་འབྱུང་བསྣོལ་མའི་དབུས༔ པདྨ་ཉི་མ་བསྣོལ་བའི་གདན་སྟེངས་སུ༔ དགྲ་བགེགས་བདུད་དཔུང་རྒྱལ་བསེན་བསྣོལ་བའི་སྟེང༔ རང་ཉིད་སྐད་ཅིག་རིག་རྩལ་དྲན་རྫོགས་སུ༔ གནམ་ལྕགས་ལས་གྲུབ་ཕུར་པ་ཧཱུྃ་དམར་མཚན༔ འོད་འཕྲོས་དམ་སྲི་བདུད་དཔུང་མ་ལུས་བསྒྲལ༔ ཚུར་འདུས་གཏུམ་དྲག་རྡོ་རྗེ་ཁྲོ་ལོད་ནི༔ སྐུ་མདོག་དམར་སྨུག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནམ་མཁར་ཕྱར༔ གཡོན་པས་ཕུར་བུ་དང་བཅས་སྡིགས་མཛུབ་མཛད༔ སྡིགས་མཛུབ་རྩེ་ལས་ལྕགས་སྡིག་མགོ་དགུ་པ༔ དྲི་མ་མི་ཞིམ་དཔག་ཚད་རྒྱང་གྲགས་འཕྲོ༔ ས་བདག་ཀླུ་གཉན་མ་ལུས་བརྒྱལ་ཞིང་འབོག༔ སྐར་ལྟར་འཁྲུགས་ཤིང་རྒྱལ་བསེན་སྙིང་ཁྲག་འཇིབ༔ སྤྱན་གསུམ་སྡང་མིག་བར་སྣང་ཁམས་སུ་གཟིགས༔ ཞལ་གྱི་མཆེ་བ་རྣོ་དཀར་མན་དུ་གཙིགས༔ སྨ་ར་སྨིན་མ་དམར་སེར་མེ་ལྟར་འབར༔ དབུ་སྐྲ་སྣུམ་པོ་ཝང་མིག་གཡས་སུ་འཁྱིལ༔ སྐུ་སྟོད་ཟ་འོག་སྨུག་བེར་ལྷུབ་ཆེན་གསོལ༔ སྐུ་སྨད་མཐང་ཤམས་དམར་སྨུག་རླུང་གིས་གཡེང༔ བརྒྱ་ཕྱེད་ཁྲག་འཛག་མགོ་ཕྲེང་དོ་ཤལ་མཛད༔ སྙན་གཉིས་རྒྱན་ཆ་དུང་གི་ཝང་མིག་མཛེས༔ ཆོས་གོས་དམར་པོ་གསེར་གྱི་ཧ་རིས་གསོལ༔ ཞབས་གཉིས་འདོར་ཐབས་འགྱིང་བག་ཅན༔ སྟག་མོ་གྲུས་མའི་སྟེང་ན་བརྗིད་པར་འགྱིང༔ བདུད་དཔུང་མ་ལུས་ཟིལ་གནོན་ཅིང༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་དུ་བསྐྱེད༔ དེ་ཡི་སྤྱི་གཙུག་ཉི་ཟླའི་སྟེང༔ སྣང་སྲིད་དབང་སྡུད་པདྨ་རྒྱལ་པོ་ནི༔ སྐུ་མདོག་དམར་གསལ་རོལ་པའི་སྟབས་སུ་བཞུགས༔ ཕྱག་གཡས་དབང་སྡུད་རྡོ་རྗེ་ནམ་མཁར་ཕྱར༔ གཡོན་པས་ལྕགས་སྒྲོག་དྲིལ་བུ་བསྣམས༔ སྤྱི་གཙུག་རལ་གསེབ་རྟ་སྐད་འཚེར༔ སྣང་སྲིད་མ་ལུས་དབང་སྡུད་བསམ༔ དེ་ཡི་པང་དུ་བདེ་སྦྱོར་ཌཱ་ཀི་ནཱི༔ ཡུམ་མཆོག་རྡོ་རྗེ་ཕག་མོ་སྐུ་མདོག་དམར༔ ཕྱག་གཡས་དབང་སྡུད་གྲི་གུག་མཁའ་ལ་ཕྱར༔ གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ༔ བདེ་བས་མི་བཟོད་ཡབ་ཀྱི་སྐེད་ལ་འཁྲིལ༔ རལ་པའི་གསེབ་ནས་ཕག་ཞལ་ངུར་སྒྲ་སྒྲོག༔ རུས་པའི་རྒྱན་དྲུག་སྐུ་ལ་གསོལ༔ མོ་རྒྱུད་ཐམས་ཅད་དབང་སྡུད་བསམ༔ དེ་ཡི་ཕྱི་རིམ་འདབ་བརྒྱད་ལ༔ ཕྱོགས་བཞིར་མཁའ་འགྲོ་སྡེ་བཞི་སྐུ་མདོག་དམར༔ གཡས་རྣམས་དབང་སྡུད་གྲི་གུག་བསྣམས༔ གཡོན་རྣམས་བྷནྡྷ་ཁ་ཊྭཱཾ་ག༔ སྤྱི་གཙུག་རལ་གསེབ་ཕག་ཞལ་མཐིང༔ གཅེར་བུ་རུས་པའི་རྒྱན་དྲུག་མཛེས༔ ཁམས་གསུམ་མ་ལུས་དབང་སྡུད་བསམ༔ མཚམས་བཞིར་གིང་ཆེན་སྡེ་བཞི་སྐུ་མདོག་དམར༔ གཅེར་བུ་ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམས༔ རང་རྟགས་དར་ཐོད་རྒྱན་རྣམས་མཛེས་པར་གསོལ༔ དྲེགས་པ་ཅན་རྣམས་མ་ལུས་དབང་སྡུད་བསམ༔ སྒོ་བཞིར་སྲུང་མཛད་རྒྱལ་ཆེན་སྡེ་བཞི་ནི༔ སྐུ་མདོག་དམར་པོ་རང་རྟགས་ཕྱག་མཚན་བསྣམས༔ དངོས་གྲུབ་མ་ལུས་སྟེར་ཞིང་བར་ཆད་སེལ༔ ཕྲིན་ལས་རྣམ་བཞི་མ་ལུས་སྒྲུབ་པར་བསམ༔ དངོས་གཞི་ལྷ་བསྐྱེད་པའི་ལེའུ་སྟེ་བཞི་པའོ༔ དེ་ནས་སྤྱན་འདྲེན་པ་ནི༔ སྤོས་སྣ་ཚོགས་བསྲེག་རོལ་མོ་སྣ་ཚོགས་བསྒྲགས་ལ་འདི་སྐད་དོ༔ ཧཱུྃ་ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་རྒྱ་མཚོའི་གླིང༔ གེ་སར་པད་སྡོང་མེ་ཏོག་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ རྗེ་བཙུན་པདྨ་འབྱུང་གནས་ལ༔ གྷུ་རུ་པདྨ་རྒྱལ་པོ་ཞེས་སུ་གྲགས༔ འཁོར་དུ་མ་ཚོགས་མཁའ་འགྲོ་འབུམ་གྱིས་བསྐོར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་ཧྲཱིཿ བསིལ་བའི་ཚལ་དང་གནོད་སྦྱིན་རྫོང་གནས་སུ༔ བདུད་སྡེ་དཔུང་ཚོགས་འདུལ་བའི་དངོས་གྲུབ་བརྙེས༔ གྷུ་རུ་ཆེ་མཆོག་རྡོ་རྗེ་ཁྲོ་ལོད་ལ༔ རིག་འཛིན་མཁའ་འགྲོ་རྒྱ་མཚོ་འབུམ་གྱིས་བསྐོར༔ གིང་ཆེན་སྡེ་བཞི་རྒྱལ་ཆེན་སྡེ་བཞི་སོགས༔ གནོད་སྦྱིན་ནོར་ལྷ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྣང་སྲིད་དབང་དུ་སྡུད་ཕྱིར་གཤེགས༴ ལྷ་སྲིན་སྡེ་བརྒྱད་འདུལ་ཕྱིར་གཤེགས༴ རྒྱལ་འགོང་དམ་སྲི་འདུལ་ཕྱིར་གཤེགས༴ མཐའ་ཡི་དམག་དཔུང་བཟློག་ཕྱིར་གཤེགས༴ མི་ནད་ཕྱུགས་ནད་བཟློག་ཕྱིར་གཤེགས༴ ནད་མུག་མཚོན་འཁྲུགས་བཟློག་ཕྱིར་གཤེགས་སུ་གསོལ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱི༔ གྷུ་རུ་རྡོ་རྗེ་ཁྲོ་ལོད་ལྷ་ཡི་ཚོགས༔ དྲེགས་པ་རྒྱལ་བསེན་པདྨ་ཉི་མའི་སྟེང༔ རང་རང་དགྱེས་པའི་གདན་ཁྲི་ལ༔ མི་གཡོ་དགྱེས་ཤིང་བརྟན་པར་བཞུགས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་ཡུམ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ རྩ་གསུམ་དབྱེར་མེད་ལྷ་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤཱ་ཡ་ཧོ༔ ཕྱག་འཚལ་བའི་ལེའུ་སྟེ་ལྔ་པའོ༔ མཆོད་པ་འབུལ་བ་ནི༔ ཧཱུྃ་ཧྲཱི༔ རྡོ་རྗེ་ཁྲོ་ལོད་མཁའ་འགྲོའི་ཚོགས༔ བདུད་འདུལ་དཔའ་བོ་འཁོར་བཅས་ལ༔ གདུང་བ་དྲག་པོས་མཆོད་པ་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་དང༔ རྣམ་ཤེས་ལ་སོགས་མཆོད་པ་འབུལ༔ སེམས་དང་ནམ་མཁའ་ཤ་དང་ས༔ ཁྲག་དང་ཆུ་སེར་དྲོད་དང་མེ༔ དབུགས་རླུང་ལ་སོགས་མཆོད་པ་བཞེས༔ དྲི་ཆེན་དྲི་ཆུ་བྱང་སེམས་དཀར་དམར་དང༔ གོ་རོ་ཙ་ན་ཁྲག་སྣ་སོགས༔ ཤ་སྣ་ལྔ་ཡི་མཆོད་པ་འབུལ༔ མི་རྟ་གླང་ཆེན་ཁྱི་དང་རྨ་བྱ་སོགས༔ དུག་ལྔ་བསྒྲལ་མཆོད་བཞེས་སུ་གསོལ༔ དགེ་སྡིག་ལ་སོགས་སྤང་བླང་ཀུན༔ དགའ་བཞི་རྣམས་ཀྱི་མཆོད་པ་འབུལ༔ ཡབ་ཡུམ་བདེ་སྦྱོར་མཁའ་གསང་དུ༔ བྱང་སེམས་དཀར་དམར་བདེ་བའི་བཅུད༔ བདེ་བའི་རོ་སྙོམས་མཆོད་པ་འབུལ༔ སྐུ་ལུས་རྒྱས་ཕྱིར་བཞེས་སུ་གསོལ༔ མུ་དྲཱ་པྲ་ཝེ་ཤ་ཡ་ཕཊ༔ འདིར་བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་དོན་སྦྱར༔ མཆོད་འབུལ་གྱི་ལེའུ་དྲུག་པའོ༔ དེ་ནས་བསྟོད་པ་ནི༔ ཧཱུྃ་ཧྲཱི༔ བདེ་ཆེན་ཆོས་དབྱིངས་རོལ་པའི་དཀྱིལ་འཁོར་ནས༔ ཆོས་སྐུ་ཀུན་བཟང་རིག་རྩལ་རྫོགས་པའི་ལྷ༔ དམ་སྲི་རྒྱལ་འགོང་མ་ལུས་འདུལ་མཛད་པ༔ རྡོ་རྗེ་ཁྲོ་ལོད་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿ བདེ་ཆེན་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནས༔ པདྨ་རྒྱལ་པོ་དབང་གི་ལྷ༔ སྐུ་མདོག་དམར་པོ་དབང་གི་སྐུ༔ སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན༔ སྤྱི་གཙུག་རལ་པའི་སྐྲ་གསེབ་ནས༔ རྟ་མགོ་ལྗང་ཁུས་རྟ་སྐད་འཚེར༔ རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཁམས་གསུམ་མ་ལུས་དབང་དུ་སྡུད༔ སྲིད་གསུམ་མ་ལུས་ཟིལ་གྱིས་གནོན༔ དབང་སྡུད་མཛད་ལ་ཕྱག་འཚལ་བསྟོད༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་པ༔ རྡོ་རྗེ་ཕག་མོ་ཡུམ་ལ་ཕྱག་འཚལ་བསྟོད༔ མེ་ལོང་ཡེ་ཤེས་དབྱིངས་ལས་སྐུར་བཞེངས་པ༔ རྡོ་རྗེ་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད༔ ནན་ཏན་ཡེ་ཤེས་དབྱིངས་ནས་སྐུར་བཞེངས་པ༔ རིན་ཆེན་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད༔ སོར་རྟོག་ཡེ་ཤེས་དབྱིངས་ནས་སྐུར་བཞེངས་པ༔ པདྨ་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད༔ བྱ་གྲུབ་ཡེ་ཤེས་དབྱིངས་ནས་སྐུར་བཞེངས་པ༔ ལས་ཀྱི་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཕྲིན་ལས་རྣམ་བཞི་སྒྲུབ་མཛད་པ༔ གིང་ཆེན་སྡེ་བཞིའི་སྐུ་ལ་ཕྱག་འཚལ་བསྟོད༔ བར་ཆད་སེལ་ཞིང་དངོས་གྲུབ་སྟེར༔ རྒྱལ་ཆེན་སྡེ་བཞིའི་ཚོགས་ལ་ཕྱག་འཚལ་བསྟོད༔ དམ་ཅན་རྩ་གསུམ་ལྷ་ཚོགས་རྣམས༔ ཀུན་ཀྱང་ཆོ་རོལ་མ་ངེས་ཏེ༔ གཡས་པས་ཅང་ཏེའུ་མཁའ་ལ་དཀྲོལ༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ བམ་རོའི་སྟེང་ན་གར་སྟབས་མཛད༔ ཤངས་ནས་ཧཱུྃ་གི་སྣ་གླུ་ལེན༔ ཞལ་ནས་ར་ཙ་ཧྲི་ཡ་སྒྲོག༔ ཁམས་གསུམ་མ་ལུས་དབང་དུ་སྡུད༔ འཇིག་རྟེན་འདས་དང་མ་འདས་པའི༔ མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ལྷ་འདྲེ་མི་གསུམ་དབང་དུ་སྡུད༔ ལུས་ངག་ཡིད་གསུམ་བྱིན་གྱིས་རློབས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ འཁོར་སྲུངས་རྐྱེན་ཟློགས་བར་ཆད་སོལ༔ ཚེ་སྲིངས་ནོར་སྤེལ་བསམ་དོན་ཡིད་བཞིན་སྒྲུབས༔ ཚེ་རབས་གཏན་གྱི་འདྲེན་སྟོན་མཛད་དུ་གསོལ༔ བསྟོད་པའི་ལེའུ་སྟེ་བདུན་པའོ༔ དེ་ནས་འཛབ་བཟླ་བ་ནི༔ ཨོཾ་ཨཱཿཧཱུྃ་བཛྲ་གྷུ་རུ་ཁྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ རྩ་གསུམ་སྤྱི་དྲིལ་དུ་བསྙེན་པ་ནི༔ ཨོཾ་བཛྲ་གྷུ་རུ་ཁྲོ་བོ་ལོད་མ་ཧ་རི་ནི་ས་ལོ་ཀ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཆོས་ཉིད་རོལ་པ་ཆེན་པོའི་ངང་ནས་བཟླས་པ་བྱའོཿ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་པདྨ་འོད་འབར་གྱི་ཐུགས་ཀྱི་འོད་ཟེར་ལས་སྤྲུལ་པ། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ། རིག་འཛིན་བདུད་འདུལ་རྡོ་རྗེས་ཚ་བ་སྒྲོ་བྲག་ཅེས་གུ་རུའི་གསང་ཕུག་ནས་གདན་དྲངས་པའོ། མ་ནུས་རྫུན་རྒན་ཟེར་ཡང་ཞེ་བློ་བདེ། སརྦ་མངྒ་ལཾ། ཡི་གེ་པ་ནི་བསྟན་པ་རྒྱ་མཚོའོ།། ྈ དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ གྷུ་རུ་རྡོ་རྗེ་ཁྲོ་ལོད་ཀྱི་ཚོགས་མཆོད་ཟབ་མོ་བཞུགས་སོ༔ ྈྈྈྈྈྈྈ རང་གསལ་རྩ་གསུམ་ལྷ་ལ་འདུད༔ དེ་ནས་ཚོགས་མཆོད་ནི༔ རཾ་ཡཾ་ཁཾ༔ རྣམ་རྟོག་མཚན་མའི་བག་ཆགས་ཀུན་སྦྱངས་ནས༔ ཟག་མེད་བདུད་རྩི་ཆེན་པོར་བྱིན་གྱིས་རློབས༔ སླར་ཡང་སྙིང་པོ་འབྲུ་གསུམ་འཕྲོས་པ་ཡིས༔ ཟག་མེད་བདུད་རྩིས་སྣང་སྲིད་ཐམས་ཅད་གང༔ ཨོཾ་ཨཱཿཧཱུྃཿ ལན་གསུམ༔ ཧྲཱི༔ སྐུ་གསུམ་རང་གསལ་ཕོ་བྲང་དམ་པ་ནས༔ བླ་མ་རིག་འཛིན་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་སྲུང་མ་གནས་སྲུང་གཏེར་བདག་དང༔ རྒྱལ་ཆེན་སྡེ་བཞི་ནོར་ལྷ་རྒྱ་མཚོར་བཅས༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ལ༔ མ་ཚོགས་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ སྣང་སྲིད་ཐམས་ཅད་འཇའ་འོད་ལམས་སེ་ལམ༔ དབུ་སྐྲ་མཛེས་པའི་ཐོར་ཚུགས་ཤིགས་སེ་ཤིག༔ རིན་ཆེན་རུས་པའི་རྒྱན་ཆ་ཁྲ་ལ་ལ༔ དར་སྣ་ལྔ་ཡི་ཅོད་པན་པུ་རུ་རུ༔ བརྡ་དང་རོལ་མོ་མང་པོ་འུ་རུ་རུ༔ དཔའ་བོ་མཁའ་འགྲོ་སྤྲིན་ལྟར་ཐིབས་སེ་ཐིབ༔ ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་གང༔ གཞལ་ཡས་ཁང་པ་འདི་ལ་བྱིན་ཞིག་ཕོབ༔ ཚོགས་རྫས་བདུད་རྩིའི་རྒྱ་མཚོར་བསྒྱུར་དུ་གསོལ༔ དེ་ནས་ཚོགས་ཕུད་འབུལ་བ་ནི༔ བཅུད་ལྡན་དཔལ་གྱི་ཞལ་ཟས་འདི༔ གྷུ་རུ་པད་འབྱུང་རྩ་གསུམ་ལྷ་ཡི་ཚོགས༔ མཆོད་འོས་སྐྱེས་མཆོག་རྣམས་ལ་འབུལ༔ ཉེས་བྱས་འགལ་འཁྲུལ་ཐམས་ཅད་བཤགས༔ མ་རིག་འཁྲུལ་སྣང་རུ་དྲ་འདི༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ གྷུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ག་ཎ་ཙཀྲ་པཱུ་ཙ་ལ་ཁ་རཾ་ཁཱ་ཧི༔ དེ་ནས་ལྷག་གཏོར་གཏང་བ་ནི༔ ཨོཾ་ཨཱཿཧཱུྃ༔ ལྷག་ལ་དབང་བ་དྲེགས་པའི་སྡེ་ཚོགས་རྣམས༔ ཤ་ཁྲག་བརྒྱན་པའི་ཚོགས་ལྷག་འདི་བཞེས་ལ༔ དམ་ཉམས་བསྟན་དགྲ་མ་ལུས་ཟས་སུ་ཟོ༔ བྱང་ཆུབ་སྒྲུབ་པའི་བར་ཆད་བཟློག་པ་དང༔ ཕྲིན་ལས་རྣམ་བཞི་ཐོགས་མེད་འགྲུབ་པར་མཛོད༔ དེ་ནས་ཆད་མདོ་ནི༔ ཧཱུྃ་བྷྱོ༔ ཐོག་མཐའ་བར་གསུམ་རྩོད་པའི་དུས༔ འོག་མིན་ལྷ་གནས་སྒྲུབ་པའི་གནས་རྣམས་སུ༔ གདོད་མའི་ཀུན་བཟང་རྡོ་རྗེ་སེམས་དཔའ་དང༔ རང་སྣང་སྟོན་པ་རང་རིག་པད་འབྱུང་གིས༔ ཡིད་སྣང་སློབ་མ་མཚོ་རྒྱལ་འབྲོག་བན་ལ༔ རང་གསལ་དག་པའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ འགྱུ་བྱེད་བཀའ་ཡི་ལྷ་སྲིན་སྡེ་བརྒྱད་ཀྱིས༔ དྲན་ཤེས་ཡིད་ཀྱིས་སྲོག་སྙིང་མངོན་དུ་ཕུལ༔ བདག་འཛིན་འཁྲུལ་སྣང་རུ་དྲ་བསྒྲལ་བར་མཛད༔ ཡེ་གྲོལ་གཉུག་མའི་གཏོར་མ་འདི་བཞེས་ལ༔ དབྱིངས་རིག་མ་བུའི་བྱུར་འདྲེ་དབྱིངས་སུ་ཟློག༔ ཡར་བདུད་སངས་རྒྱས་རེ་བ་དབྱིངས་སུ་ཟློག༔ མར་བདུད་ངན་འགྲོར་དོགས་པ་དབྱིངས་སུ་ཟློག༔ ང་བདག་འགོང་པོའི་བྱུར་འདྲེ་དབྱིངས་སུ་ཟློག༔ ཆེ་འདོད་ང་རྒྱལ་དབྱིངས་སུ་ཟློག༔ ཨ་འཐས་ཞེན་ཆགས་དབྱིངས་སུ་ཟློག༔ དམ་ཆོས་བར་ཆད་དབྱིངས་སུ་ཟློག༔ སྙན་གྲགས་ཐར་པའི་སྲོག་གཅོད་དབྱིངས་སུ་ཟློག༔ གཉིས་སྣང་མཐའ་ཡི་དམག་དཔུང་དབྱིངས་སུ་ཟློག༔ རང་འཁྲུལ་དམ་སྲི་འགོང་པོ་དབྱིངས་སུ་ཟློག༔ ཐམས་ཅད་ཆོས་ཉིད་རོལ་པའི་དབྱིངས་སུ་ཟློག༔ དེ་ནས་བརྟན་མ་སྐྱོང་བ་ནི༔ ཧཱུྃ་བྷྱོ༔ ཆོས་དབྱིངས་ཡེ་ཤེས་རང་གསལ་གནས་མཆོག་ཏུ༔ རྒྱུ་རྐྱེན་ལས་འདས་པདྨ་འབྱུང་གནས་ཀྱིས༔ རང་སྣང་ལྷུན་གྲུབ་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཡེ་གྲོལ་པདྨ་འབྱུང་གནས་བཀའ་ཉན་ཚོགས༔ རྐྱེན་སྣང་བོད་སྐྱོང་བརྟན་མ་འཁོར་དང་བཅས༔ དྲན་ཤེས་སོ་མའི་གཏོར་མ་འདི་བཞེས་ལ༔ རང་རིག་རྣམ་རྟོག་རྐུན་བུ་དབྱིངས་སུ་སྒྲོལ༔ མ་རྟོགས་རང་འཁྲུལ་འགྱུ་བ་བུན་པོ་འདི༔ རང་ཤར་རང་གྲོལ་ཆོས་སྐུའི་ཀློང་དུ་བཞེས༔ དགྲ་བགེགས་མཐའ་ཡི་དམག་དཔུང་རྡུལ་དུ་རློགས༔ ཨེ་མ་ཧོ༔ ཡང་གསང་བླ་མེད་ལམ་ཟབ་འདི་བསྒྲུབས་པས༔ སྡིག་སྒྲིབ་ཉམས་ཆག་མ་ལུས་ཀུན་བྱང་ནས༔ སྐྱེ་འགྲོ་མ་ལུས་སངས་རྒྱས་ལམ་ལ་སྦྱོར༔ ཚེ་གཅིག་ཉིད་ལ་རིག་འཛིན་མཆོག་འགྲུབ་ཤོག༔ རྗེས་སྤྱོད་སྨོན་ལམ་གྱི་ལེའུ་སྟེ་བརྒྱད་པའོ༔ པདྨ་བདུད་འདུལ་རྡོ་རྗེ་ཁྲོ་ལོད་ལས་བྱང་འདི༔ རིག་འཛིན་པདྨ་བདུད་འདུལ་བཀའ་བཞིན་དུ༔ བུད་མེད་མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ མ་འོངས་ལས་ཅན་བུ་དང་འཕྲད་པར་ཤོག༔ མ་འོངས་དུས་ངན་སྙིགས་མ་ལྔ་བརྒྱའི་ཚེ༔ ཐེག་ཆེན་བསྟན་པ་དར་ལ་མ་སྨིན་དུས༔ གསང་སྔགས་ཟེར་ཞིང་བཅོས་མའི་ཆོས་ཀྱིས་གང༔ ཆོས་རྣམས་ཐམས་ཅད་ཚོང་དུས་འོ་མ་འདྲ༔ དཔེར་ན་ནས་ལ་ཕུབ་མ་བསྲེས་དང་མཚུངས༔ ལྟར་སྣང་ལེགས་ཀྱང་གྲུབ་རྟགས་ཐོན་མི་མེད༔ གལ་སྲིད་ཐོན་ཀྱང་ཕུགས་སུ་བཀྲ་མི་ཤིས༔ དེ་ཕྱིར་མཁས་འདོད་སྤྲེལ་འདྲའི་སློབ་དཔོན་འགས༔ པདྨའི་བཀའ་གཙང་འདི་ལ་བཟོ་བཅོས་མ་བྱེད་ཕྱི་རབས་ཀུན༔ ཤོག་སེར་ཉིད་ལ་འབྲུ་ཆད་ཡོད་སྲིད་ཀྱི༔ ཚིག་ཆད་མི་སྲིད་གཏེར་སྟོན་རིག་པས་དཔྱོད༔ ཆད་ལྷག་ཁ་སྐོང་མ་གཏོགས་པར༔ ཕ་ཆོས་བུ་ཡིས་མ་བསླད་པདྨའི་བཀའ༔ བཀའ་འདི་གཟའ་བདུད་དུག་གདོང་ཁྱོད་ལ་གཏད༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསང་བ་སྐུ་གསུང་ཐུགས་ཀྱི་རྒྱ་ཡོད༔ རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཐུགས་ཀྱི་འོད་ཟེར་ལས་སྤྲུལ་པ། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ། རིག་འཛིན་བདུད་འདུལ་རྡོ་རྗེས་ཚ་བ་སྒྲོ་བྲག་ཅེས་གྷུ་རུའི་གསང་ཕུག་ནས་གདན་དྲངས་པའོ། །མ་ནུས་རྫུན་རྒན་ཟེར་ཡང་ཞེ་བློ་བདེ། །ཡི་གེ་པ་ནི་བསྟན་པ་རྒྱ་མཚོའོ། །སརྦ་མངྒ་ལཾ།། །། ༈ ྈྈ གྷུ་རུ་རྡོ་རྗེ་ཁྲོ་ལོད་ཀྱི་སྔགས་བྱང་ཟབ་མོ་བཞུགས་སོ༔ ༔ྈྈྈྈྈྈ ཨོཾ་ཨཱཿཧཱུྃ༔ བཛྲ་གྷུ་རུ་ཁྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཆོས་ཉིད་རོལ་པ་ཆེན་པོའི་ངང་དུ་བཟླ༔ རྩ་གསུམ་སྤྱི་དྲིལ་བསྙེན་པ་འདི་བཞིན་བྱ༔ ཨོཾ་ཨཱཿཧཱུྃ་བཛྲ་གྷུ་རུ་ཁྲོ་བོ་ལོད་མ་ཧ་རི་ནི་ས་ལོ་ཀ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ དེ་ནས་ཤམ་བུ་ནི༔ སྡེ་བརྒྱད་གདུག་པའི་ཁ་ཆུ་འདི་ཉིད་བཟླ༔ ཨོཾ་བཛྲ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ སྐབས་སུ་རིག་པ་ངར་བསྐྱེད་ལ༔ ཧཱུྃ་དང་ཕཊ་ཀྱིས་གནད་གཟིར་བྱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཉན་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ པདྨ་འོད་དུ་ཨ་ཐཾ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་རིག་འཛིན་བདུད་འདུལ་རྡོ་རྗེས། ཀ་ནམ་རྒྱལ་པོའི་ཕོ་བྲང་དུ་ཤོག་སེར་ངོས་ནས་དག་པར་ཕབ་པའོ། །སརྦ་ཛ་ག་ཏཾ།། །།
ཐུགས་དམ་ཟབ་པ་སྐོར་བདུན་གྱི་བཀའ་སྲུང་མ་ཧཱ་ཀཱ་ལའི་སྒྲུབ་ཐབས་ (Volume 37, Text 4)
༁ྃ༔ ཐུགས་དམ་ཟབ་པ་སྐོར་བདུན་གྱི་བཀའ་སྲུང་མ་ཧཱ་ཀཱ་ལའི་སྒྲུབ་ཐབས་བཞུགས༔ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ མ་ཧཱ་ཀཱ་ལ་སྒྲུབ་པར་འདོད་པས༔ ཡི་དམ་ལྷའི་བསྙེན་པ་ཐེམས་ནས༔ དུར་ཁྲོད་ཀྱི་གནས་སུ་སྟེགས་བུའི་ཁར་རྡོར་རྭ་མེ་རི་དུར་ཁྲོད་དབུས་ཐོད་མཁར་གྲུ་བཞི་སྒོ་བཞི༔ ནང་ཁྲག་ཞག་འཁྲུགས་པའི་དབུས་སུ་འཁོར་ལོ་ནག་པོ་རྩིབས་བཞི་པ་བྲི༔ ཞིང་ཆེན་དང་རོ་རས་ལ་ཡབ་ཡུམ་སྲས་འཁོར་དང་བཅས་པའི་སྐུ་ཚུལ་བཞིན་དུ་བྲི༔ རྡོ་ནག་གྲུ་གསུམ་ལ་ཧཱུྃ་གིས་མཚན་པ༔ ཞིང་ཆེན་དང་དར་ནག་ལ༔ མཚལ་དང་གྲི་ཁྲག་གསེར་ལ་སོགས་པས་སྲོག་སྔགས་རྣམས་བྲི༔ འཁོར་རྣམས་ལ་ཕ་བོང་ལོང་བུ༔ ལྷ་མོ་ལ་མཚོ་རྡེལ་གྲུ་གསུམ་རྣམས་ལ་སྲོག་ཡིག་བྲི༔ ཞིང་ཆེན་ནམ༔ རོ་རས་ལ་འཁོར་ལོ་རྩིབས་བཞི་པའི་ནང་དུ་ཡབ་ཡུམ་སྲས་གསུམ༔ རྩིབས་བཞི་ལ་འཁོར༔ མུ་ཁྱུད་ལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཤཱ་ས་ན༔ ཨུ་པ་ཧཱ་རི་ནི༔ ཨེ་ཥཱཔཉྩི་མ༔ ཀཱ་ལོ༔ ཨ་ཡཾ༔ ཨི་དཾ་རཏྣ་ཏྲ་ཡཱ་ཡ༔ ཨ་པ་ཀཱ་རི་ཎི༔ ཡ་དི་པྲ་ཏཱིཛྙཱཿ སྨ་ར་སི་ཏ་དཱ༔ ཨི་དཾ་དུཥྚཱན༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ སྨ་ར་སྨ་ར༔ གྲྀཧྞ་གྲྀཧྞ༔ བྷནྡྷ་བྷནྡྷ༔ ཧ་ན་ཧ་ན༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ་ཧཱུྃ༔ སོ་སོའི་མཐར༔ རྟེན་འདིར་བརྟན་པར་བཞུགས་ནས་བདག་སྒྲུབ་པ་པོ་ཡི་བར་ཆད་བཟློག་པ་དང༔ དངོས་གྲུབ་འགྲུབ་པའི་ཕྲིན་ལས་མཛོད་ཅིག༔ གྲི་སྙིང༔ རྟ་ནག༔ གཡག་ནག༔ བྱ་ནག་གི་སྙིང༔ ཤ་ཁྲག༔ མཚལ་གྱི་ཐིག་ལེ༔ མི་དབང་གི་འབྲས་བུ༔ ཤིང་ལོ་རླུང་ཁྱེར༔ གླང་དམར་གྱི་སྙིང༔ བྱ་རོག་གི་སྙིང༔ གྲི་ལྕགས་ཀྱི་གྲི་གུག༔ གསེར་གྱི་རལ་གྲི༔ དར་ནག་གི་རུ་མཚོན་རྣམས་ཁྲུས་དང་བགེགས་བསྐྲད་བྱ་ཞིང་མགོན་པོ་གཙོ་འཁོར་དུ་བསྒོམ་ཞིང་རབ་ཏུ་གནས་པ་དཀྱིལ་འཁོར་གྱི་དབུས་སུ་བཞག༔ དེའི་མདུན་དུ་འབྲུ་སྣ་ལྔའི་རྗེན་ཕྱེ་ཁྲག་ཆང་དང་མར་ཁུས་སྦྲུས་པ༔ བདུད་རྩི་གྲི་ཁྲག་དུག་གིས་པར་བཏབ་པ༔ ཟུར་གསུམ་ཁྲུ་གང་པ༔ དམར་གྱི་གུར་ཕུབ༔ དཀར་གྱི་ཐིག་བཏབ་པ༔ ཤ་ཁྲག་དང་འབྲས་ཆན༔ ཁུར་བ་སྒོག་ཙོང་སྤོད་ཀྱིས་བསྐོར༔ མདའ་རྒོད་སྒྲོ་མ་ལ་དར་ནག་དང་མེ་ལོང་བཏགས་པ་འཛུགས༔ འཁོར་རྣམས་ལའང་གཏོར་མ་དེ་འདྲ་བ་རེ་རེ་བཤམ༔ ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས༔ དེ་རྣམས་ཀྱིས་དཀྱིལ་འཁོར་གྱི་མཐའ་སྐོར༔ བགེགས་བསྐྲད༔ མཚམས་བཅད༔ སྐྱབས་འགྲོ༔ སེམས་བསྐྱེད༔ ཚོགས་བསགས་ཤིང༔ ཡི་དམ་ལྷའི་སྐུར་བསྒོམ༔ མཆོད་པ་རྣམས་བྱིན་གྱིས་བརླབ༔ རྟེན་རྣམས་ཆོས་ཉིད་དག་པའི་སྔགས་ཀྱིས་སྟོང་པར་སྦྱང༔ དུར་ཁྲོད་ཀྱི་ས་གཞིའི་དབུས་སུ་གཞལ་ཡས་ཁང་གཙོ་འཁོར་དང་བཅས་པ་བསྒོམ༔ གནས་གསུམ་བྱིན་གྱིས་བརླབ༔ ཡེ་ཤེས་པ་སྤྱན་དྲང༔ བཞུགས་སུ་གསོལ་ནས་དམ་ཡེ་བསྲེ༔ ཛཿཡིས་བཀུག༔ ཧཱུྃ་གིས་བསྟིམ༔ བཾ་གྱིས་དབྱེར་མེད་དུ་བྱ༔ ཧོཿཡིས་དགྱེས་པ་བསྐྱེད༔ ཐུགས་དམ་བསྐུལ་ཞིང་ཕྱག་བྱ༔ ཕྱི་མཆོད་དུར་ཁྲོད་ཀྱི་རྫས་དང་འདོད་ཡོན་གྱི་མཆོད་སྤྲིན༔ ནང་མཆོད་སྨན་རག་གཏོར་གསུམ༔ གསང་མཆོད་སྦྱོར་སྒྲོལ༔ དེ་ཁོ་ན་ཉིད་ལྟ་བའི་མཆོད་པ་འབུལ༔ དོན་བསྟོད་དང་རྟགས་བསྟོད་གང་ཤེས་བྱ༔ རང་ཧེ་རུ་ཀར་གསལ་བའི་ཐུགས་ཀའི་ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཟེར༔ ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ལ་སོགས་པའི་སྲོག་གི་ཡི་གེ་ལ༔ སྙིང་པོས་བསྐོར་བ་ལ་ཕོག༔ སྔོན་གྱི་ཐུགས་དམ་རྒྱུད་བསྐུལ་བར་བསམ་ལ༔ ཡི་དམ་གྱི་བཟླས་པ་ཅུང་ཟད་བྱ༔ རང་རང་གི་སྲོག་སྔགས་བཟླས་པས་ཅི་བསྒོ་བའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་བསམ་ལ་བཟླས་པ་རྩེ་གཅིག་ཏུ་བྱ༔ རྟགས་བྱུང་ན༔ ཧཱུྃ༔ སྲིན་པོའི་གཟུགས་ཀྱི་གདུག་པ་ཅན༔ ཧེ་རུ་ཀ་ཡི་ཕོ་ཉ་བ༔ མཁའ་འགྲོ་ཀུན་གྱི་གཙོ་བོ་ཆེ༔ དངོས་གྲུབ་ཀུན་གྱི་བདག་ཉིད་མཆོག༔ མ་ཧཱ་ཀཱ་ལ་དགོངས་སུ་གསོལ༔ ཡབ་ཡུམ་སྲས་འཁོར་ཕོ་ཉར་བཅས༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ སྒྲུབ་མཆོད་བསྙེན་པ་མཐའ་རུ་ཕྱིན༔ མ་ཧཱ་ཀཱ་ལའི་ཞལ་སྟོན་ལ༔ སྲས་མཆོག་ནག་པོས་དངོས་གྲུབ་སྩོལ༔ ཀྲོ་དྷཱི་ཤྭ་རཱིས་ཡེ་ཤེས་སྐྱེད༔ ལས་མཁན་བཞི་ཡིས་ཕྲིན་ལས་མཛོད༔ མྱུར་བ་ཉིད་དུ་དངོས་གྲུབ་སྩོལ༔ ཅེས་བསྐུལ་ཞིང་ཚོགས་ཀྱི་འཁོར་ལོ་སྐོང་བཤགས་བྱས་ནས་ལྷ་རྣམས་རྟེན་ལ་བསྟིམ་མོ༔ འཁོར་གྱི་གཏོར་མ་རྣམས་ཕྱིར་འབུལ༔ སྨོན་ལམ་གྱི་རིམ་པ་བྱའོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་དམ་ཟབ་པ་སྐོར་བདུན་གྱི་བཀའ་སྲུང་ལེགས་ལྡན་གྱི་སྲུང་ཟློག་གསད་གསུམ་གྱི་འཁོར་ལོ་བཞུགས་སོ༔ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སྲུང་བའི་འཁོར་ལོ་བྲི་བ་ནི༔ དར་རམ་ཤོག་བུ་ལ་འཁོར་ལོ་རྩིབས་བཞི་པ༔ མུ་ཁྱུད་རྡོར་རྭ་མེ་རི་དང་བཅས་པ་བྲི༔ དབུས་དང་རྩིབས་རྣམས་ལ་ལྷ་སྔགས་སོ་སོའི་མཐར༔ ཆེ་གེའི་ལུས་ངག་ཡིད་གསུམ་རཀྵ་རཀྵ༔ མུ་ཁྱུད་ལ་དྲག་སྔགས༔ ཕྱི་པ་མུ་སྟེགས་པའི་དམོད་པ་ཐམས་ཅད་རཀྵ་རཀྵ༔ ནང་པ་སངས་རྒྱས་པའི་དམོད་པ་ཐམས་ཅད་རཀྵ་རཀྵ༔ ནད་གདོན་བར་ཆད་ཆག་ཆེ་ཉམ་ང་ཐམས་ཅད་རཀྵ་རཀྵ༔ ལྟས་ངན་ཆོ་འཕྲུལ་རྨི་ལམ་ངན་པ་ཐམས་ཅད་རཀྵ་རཀྵ༔ སྡང་བའི་དགྲ༔ གནོད་པའི་བགེགས༔ ཟ་བའི་འདྲེ༔ ཕུང་བའི་སྲི་ཐམས་ཅད་རཀྵ་རཀྵ༔ ཞེས་བྲིས་ལ་བདུད་རྩི་ལྔ་བྱུགས༔ ལྷར་བསྐྱེད་ཅིང་བལྟབས་ལ་དར་གྱིས་དྲིལ་ལ་མགུལ་དུ་བཏགས་པས་བར་ཆད་ཐམས་ཅད་བསྲུང་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟློག་པའི་འཁོར་ལོ་ནི༔ ཞིང་ལྤགས་སམ་རོ་རས་ལ་འཁོར་ལོ་རྩིབས་བཞི་མུ་ཁྱུད་མཚོན་ཆ་མེ་དཔུང་ཕྱིར་འབར་བ༔ ལྷ་སྔགས་རྣམས་ཀྱི་མཐར༔ སྒྲུབ་པ་པོ་ལ་བར་དུ་གཅོད་པ་ཐམས་ཅད་བྷྱོ་བྷྱོ་ཟློག་ཟློག༔ ཕྱི་པ་མུ་སྟེགས་པའི་བདེན་པ་དགྲ་ལ་བྷྱོ༔ ནང་པ་སངས་རྒྱས་པའི་བདེན་པ་དགྲ་ལ་བྷྱོ༔ བན་བོན་སྔགས་པའི་བསམ་སྦྱོར་ངན་པ་དགྲ་ལ་བྷྱོ༔ ནད་གདོན་བར་ཆད་ཐམས་ཅད་དགྲ་ལ་བྷྱོ༔ ཆག་ཆེ་ཉམ་ང་ཐམས་ཅད་དགྲ་ལ་བྷྱོ༔ ལྟས་ངན་ཆོ་འཕྲུལ་ཐམས་ཅད་དགྲ་ལ་བྷྱོ༔ ཞེས་བྲིས་ལ་དུག་ཁྲག་དང་གུ་གུལ་བྱུགས༔ གཏོར་མའི་རྩེར་སྦྱར་ལ་འཕང་ངོ༔ བྱད་ཁ་དང་བར་ཆད་ཐམས་ཅད་བཟློག་གོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ བསད་པ་མཚོན་ཆའི་འཁོར་ལོའི་ནང་དུ་ལིངྒ་ཟག་རྫས་དང་བཅས་པ་བཅུག༔ མུ་ཁྱུད་ལ༔ དྲག་སྔགས༔ རྩིབས་སྟེང་དུ་ལྷ་སྔགས་ཤམ་བུ༔ དགྲ་བགེགས་མྱུར་དུ་ཁུག༔ ལྷ་དང་ཕྲོལ༔ མཐུ་དང་རྫུ་འཕྲུལ་མེད་པར་གྱིས༔ རྣམ་ཤེས་རྟེན་ལ་ཕོབ༔ བྱད་དུ་ཆུག༔ སྨྱོ་བར་གྱིས༔ སྲོག་རྩ་ཆོད༔ སྙིང་ཁྲག་ཐུངས༔ ཞེས་བྲིས་ལ་དུག་ཁྲག་བྱུགས༔ འགུགས་གཞུག་དང་ལྷ་དབྱེ་བྱས་ལ་གཏོར་མའི་ཞབས་སུ་བཅུག་གོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ༁ྃ༔ ཟབ་བདུན་བཀའ་སྲུང་ལེགས་ལྡན་གྱི་སྲུང་ཟློག་གསད་གསུམ་གྱི་མན་ངག་ནི༔ རང་ཉིད་མགོན་པོ་ལེགས་ལྡན་དུ་གསལ་བའི་ཐུགས་ཀའི་ཧཱུྃ་གིས་སངས་རྒྱས་རྣམས་ཀྱི་ཡེ་ཤེས་བསྐུལ༔ འཁོར་ལོ་རྩིབས་བཅུ་པར་གྱུར༔ མགོན་པོའི་ཐུགས་ཀའི་ཧཱུྃ་ལས་ཁྲོ་བོ་བཅུ་གྲི་གུག་དང་ཐོད་ཁྲག་འཛིན་པ༔ ཕྱི་རོལ་དུ་རྡོ་རྗེ་རིན་པོ་ཆེ་པདྨ་རྒྱ་གྲམ་ཕུར་པ་རལ་གྲི༔ ཡེ་ཤེས་ཀྱི་མེ་དཔུང་གི་གུར་དུ་བསམ་མོ༔ ས་མ་ཡ༔ ༁ྃ༔ ཟློག་པའི་མན་ངག་ནི༔ མགོན་པོའི་ཐུགས་ལས་ཁྲོ་བོ་བཅུ་འཁོར་ལོ་དང་ཐུན་ཁྲག་འཛིན་པ་གྲངས་མེད་པ་སྤྲོས་ནས་བྱད་མ་ལྷ་སྲུང་ཐུན་ཁྲག་གིས་མྱོས་ཤིང༔ འཁོར་ལོས་གཏུབས་ནས་ཕར་ལ་བཟློག་པར་བསམ༔ ས་མ་ཡ༔ ༁ྃ༔ གསད་པའི་མན་ངག་ནི༔ མགོན་པོའི་མདུན་དུ་བྲུབ་ཁུང་གྲུ་གསུམ་འཇིགས་སུ་རུང་བའི་ནང་དུ་དགྲ་བོ་ཚུད༔ ཁྲོ་བོ་རྣམས་ཀྱིས་གཡོན་པའི་ལྕགས་ཀྱུས་བཟུང༔ གཡས་པའི་མཚོན་ཆའི་འཁོར་ལོས་གློ་སྙིང་གཏུབས་པར་བསམ༔ ས་མ་ཡ༔ ༁ྃ༔ སྲེག་པའི་མན་ངག་ནི༔ མེ་ཧོམ་ནང་དུ་མགོན་པོ་འཁོར་བཅས་ཞལ་ཧོམ་ཁུང་དུ་གདངས་པའི་ནང་དུ་དགྲ་བོ་གྱུར་མིད་དུ་གསོལ་ནས་ཐུགས་ཀའི་ཡེ་ཤེས་ཀྱི་མེ་དཔུང་ཆེན་པོས་ཐུལ་ཐུལ་བསྲེགས་པར་བསམ༔ ས་མ་ཡ༔ ༁ྃ༔ འཕང་བའི་མན་ངག་ནི༔ མགོན་པོ་འཁོར་བཅས་ཞལ་ཕར་ལ་གཟིགས་ནས་ཀུ་སྒྲ་དང་བསོ་སྒྲ་སྒྲོག་ཅིང༔ གཏོར་མ་ནད་མཚོན་དུག་གི་རྣམ་པ་ལྟར་ཐོག་རྒྱུག་པ་ལྟར་དགྲ་བོའི་ཡུལ་དུ་སོང་བས་ཚང་ཚིང་དུ་ཐོག་རྒྱབ་པ་ལྟར་མུན་པ་འཁྲུགས་ཤིང་སྒྲ་དང་བཅས་ཏེ་དམིགས་མེད་དུ་བརླགས་པར་བསམ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ མནན་པའི་མན་ངག་ནི༔ ལྷ་སྲིན་དྲག་པོ་གང་ཡིན་དེའམ༔ ལས་གཤིན་ནག་པོ་ས་འོག་ནས་འོངས་ཏེ་ཁ་གདངས་པའི་ནང་དུ་དགྲ་བོ་འཕངས་པས་ཁོང་དུ་མིད་དེ་རིམ་པ་དགུའི་ས་འོག་ཏུ་སོང་བར་བསམ༔ རི་རབ་ནག་པོ་ཧཱུྃ་ཡིག་གིས་མཚན་པ༔ དུག་དང་མཚོན་ཆའི་ཆར་འབེབ་པས་ཁ་བཅད༔ ས་གཞི་རྡོ་རྗེའི་རང་བཞིན་དུ་བསམ་ལ་བྲོ་བརྡུང་ངོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་དམ་ཟབ་པ་སྐོར་བདུན་གྱི་བཀའ་སྲུང་ལེགས་ལྡན་གྱི་ལས་སྦྱོར་དགྲ་བགེགས་འདུལ་བའི་སྨད་ལས་བཞུགས་སོ༔ ༁ྃ༔ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ བསྟན་པ་སྲུང་བའི་ལས་རིམ་རྣལ་འབྱོར་པ་དམ་ཚིག་ལྡན་ཞིང་མ་ཧཱ་ཀཱ་ལའི་བསྙེན་སྒྲུབ་མཐར་ཕྱིན་པས༔ ཞིང་བཅུ་ལྡན་པའི་དགྲ་བོ་བསྒྲལ་བ་ལ༔ ལས་སྦྱོར་འདི་བྱའོ༔ དུར་ཁྲོད་ཀྱི་གནས་སུ་ཕུང་ཤུལ་གྱི་ས་ལ་སྟེགས་བུ་གྲུ་གསུམ་པའི་ནང་བྲུས་པ་བཅོས་ཐོད་ངན་གྱི་ནང་དུ་དགྲའི་ལིངྒ་བཅའ༔ སྟེང་དུ་ཐུན་སྒྲོམ་ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་རྣམས་ཀྱིས་བཀང་བ༔ དེའི་རྒྱབ་ཕྱོགས་སུ་མགོན་པོའི་སྐུ་རྟེན་བཤམས་པའི་མདུན་དུ་གཏོར་མཆོད་རྣམས་ལེགས་པར་བཀྲམ༔ བདག་ཉིད་ལྷའི་ང་རྒྱལ་གྱིས་མདུན་དུ་མགོན་པོ་འཁོར་བཅས་བསྐྱེད༔ གསད་པའི་སྔགས་བཟླས་ཤིང་མགོན་པོའི་སྐུ་ལས་འོད་ཟེར་འཕྲོས་པས་ཕོ་ཉ་རྣམས་བསྐུལ༔ ལྷ་ཚོགས་རྣམས་ཀྱི་སྤྲུལ་པ་དང་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པས་དགྲ་བགེགས་ཐམས་ཅད་ལྕགས་ཀྱུས་བཟུང༔ ཞགས་པས་བཅིངས༔ ལྕགས་སྒྲོག་གིས་བསྡམས༔ དྲིལ་བུས་མྱོས་པར་བྱས༔ རྫས་ངན་གྱི་ཆར་ཕབ་པས་ལྷ་སྲུང་གཞན་དུ་བསྐྲད༔ རྣམ་ཤེས་རྟེན་དང་གཉིས་མེད་དུ་བསྟིམ༔ སྐུའི་འོད་ཟེར་གྱིས་ཚེ་དང་བསོད་ནམས༔ དབང་དང་དམ་ཚིག་ཐམས་ཅད་འཕྲོག་ནས་དགྲ་བོ་ནག་ཧྲུལ་གྱིས་སོང་བར་བསམ༔ ཕོ་ཉ་རྣམས་ཀྱིས་བྱད་ཀྱི་དྲྭ་བས་བཅིངས༔ སྨྱོ་ཁྲག་གི་ཆར་ཕབ་པས་དྲན་མེད་དུ་སོང་བར་བསམ༔ ཁུག་རྟགས་བྱུང་ན་མགོན་པོའི་ཕྱག་གཡས་ཀྱི་གྲི་གུག་དགྲ་བོའི་སྙིང་དཀར་ནག་མཚམས་སུ་བཏབ་པས་རྣམ་ཤེས་ནག་ཐུམ་གྱིས་བསད༔ ཁོང་ཁྲག་ལྷུད་ཀྱིས་ལུད་པས་ཤ་ཁྲག་རྣམས་ལྷག་མེད་དུ་ཕོ་ཉ་རྣམས་ཀྱིས་ཧབ་ཐོབ་ཟོས་པར་བསམ༔ ཤིང་ཚེར་མ་ཅན་གྱི་ཧོམ་དུ་མགོན་པོ་འཁོར་བཅས་ཞལ་རབ་ཏུ་གདངས་པར་བསྐྱེད༔ ལིངྒ་གྲི་ལྕགས་གྲི་གུག་གིས་གཏུབས་ལ༔ དགྲ་བགེགས་ལྷག་ལྷག་གསོལ་བར་བསམ་ལ་ལིངྒ་དང་ཐུན་རྫས་མེར་བསྲེག༔ ཐལ་བ་མཆོད་རྟེན་ནམ༔ ལྷ་སྲིན་དྲག་པོ་གནས་པའི་སར་མནན༔ མགོན་པོ་འཁོར་བཅས་ལ་གཏོར་མ་འབུལ་ཞིང་དམར་གཏོར་ཟོར་དུ་འཕང༔ ལྷ་རྟེན་ལ་བསྟིམ༔ དེ་ལྟར་བྱས་པས་དགྲ་བོ་གྲི་ཐབས་སུ་འཆིའོ༔ ༁ྃ༔ འདིའི་རྗེས་གནང་བྱ་བ་ནི༔ སློབ་མས་མཚོན་ཆ་ལ་སོགས་པའི་ཡོན་ཕུལ༔ སློབ་དཔོན་གྱིས་རྫས་རྣམས་གཏད་ལ༔ ཧཱུྃ༔ གསད་པ་སྤུ་གྲི་འབར་བ་དང༔ སྲུང་བ་རྡོ་རྗེ་ཕ་ལམ་ཆེ༔ ཟློག་པ་མཚོན་ཆའི་འཁོར་ལོ་འབར༔ སྲེག་པ་ཧོམ་གྱི་སྦྱོར་བ་དང༔ འཕང་བ་གནམ་ལྕགས་ཐོག་དང་འདྲ༔ མནན་པ་རི་རབ་འབར་བ་ཡི༔ འཁོར་ལོ་ཐུན་རྫས་གཏད་པ་ཡིས༔ དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག༔ དྲག་སྔགས་བརྗོ་ཅིང་གཏད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་དམ་ཟབ་པ་སྐོར་བདུན་གྱི་བཀའ་སྲུང་ལེགས་ལྡན་གྱི་བེང་སྒྲུབ་པ་བཞུགས་སོ༔ ༁ྃ༔ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ མགོན་པོ་ལེགས་ལྡན་གྱི་བེང་སྒྲུབ་ནི༔ ཚེར་མ་ཅན་གྱི་ཤིང་ལ་རབ་འདོམ་གང༔ འབྲིང་ཁྲུ་གསུམ༔ ཡང་ན་ཁྲུ་གང༔ རྩེ་མོར་ཏོག་ནོར་བུའི་དབྱིབས་ཅན༔ མཇུག་ཕུར་བུ་དབལ་གསུམ་པ༔ རྐེད་པ་སྒྲོམ་གྲུ་བཞི༔ ཟླུམ་པོ༔ ཟླ་གམ༔ གྲུ་གསུམ་རྣམས་ཀྱི་སྒོ་བཞི་དང་ལྡན་པ༔ སྟོད་དུ་མགོན་པོ་ལ་སྲོག་འཁོར༔ བླ་རྡོ༔ སྐུ་གཟུགས་རྣམས་བཞག༔ སྨད་དུ་གསད་སྔགས་དང་ཐུན་རྫས་ཀྱིས་གཏམས༔ དཀྱིལ་འཁོར་གྱི་དབུས་སུ་བཞག་ལ་གཏོར་མཆོད་ལེགས་པར་བཤམ༔ མགོན་པོའི་སྐུར་བསྐྱེད་ལ༔ མཆོད་བསྟོད་བཟླས་པ་བྱ༔ བེང་སྟོད་ནས་ལྷ་དམག་འབུམ༔ བེང་སྨད་ནས་བདུད་དམག་ཉིས་ཁྲི་ཆིག་སྟོང་འགྱེད་པས་དམིགས་པའི་དགྲ་བགེགས་རྣམས་ཀྱི་ཤ་ཟོས༔ ཁྲག་འཐུང༔ རྐྱེན་དང་བར་ཆད་བྱད་ཁ་རྦོད་གཏོང་སྡེ་བརྒྱད་ཀྱི་དམག་དཔུང་ཐམས་ཅད་ཕར་ལ་བཟློག་པར་བསམ༔ དྲག་སྔགས་དྲུག་ཅུ་རྩ་བརྒྱད་པ་ཤམ་བུ་ཅན་བཟླས་ཤིང་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ ཀོ་ཀ་ཐང་དམར་ཁྲག་མཚོའི་ཀློང༔ མ་ལ་ཡ་ཡི་དྲག་ཤུལ་དོ༔ ཐོད་མཁར་འབར་བའི་ནང་ཤེད་ན༔ ཡབ་གཅིག་མགོན་པོ་བཞུགས་པ་ནི༔ དབུ་ནི་སྲིད་པའི་རྩེ་མོར་སླེབ༔ ཞབས་གཉིས་རྒྱ་མཚོའི་གཏིང་དུ་བསྒྲད༔ རི་རབ་འབར་བའི་ཟོམ་ལ་བརྟེན༔ ནམ་མཁའི་ཁམས་ལ་རྒྱུ་བ་ཡི༔ སྲིད་པ་གསུམ་དང་མཉམ་པའི་སྐུ༔ ཕྱག་ཞབས་ཐོག་སེར་འབབ་པ་འདྲ༔ སྐུ་ནི་ཆར་སྤྲིན་གཏིབས་པ་བཞིན༔ ཉི་མ་འབུམ་གྱི་འོད་ཟེར་འཕྲོ༔ བསྐལ་པའི་མེ་ཆེན་ཕྱོགས་བཅུར་འཕྲོ༔ དྲེགས་པ་ཐམས་ཅད་ལས་ལ་འགྱེད༔ ཁྱོད་ཀྱི་རྫུ་འཕྲུལ་ཕྱག་མཚན་ནི༔ དམག་གི་རྫོང་ཆེན་བེང་ཕུར་འཛིན༔ ཙནྡན་བེང་གི་བེང་སྟོད་ནས༔ སྤྲུལ་པའི་ལྷ་དམག་འབུམ་འབུམ་འགྱེད༔ དཀར་པོ་དངུལ་དང་སེར་པོ་གསེར༔ ཤེལ་གྱི་གོ་མཚོན་ཐོགས་པ་ནི༔ བ་དན་དཀར་པོ་ལྷབས་སེ་ལྷབ༔ སྤྲུལ་པའི་དམག་ཚོགས་ཤ་ར་ར༔ དམག་རྫོང་བེང་གི་སྨད་དག་ནས༔ དམར་པོ་ཟངས་དང་ནག་པོ་ལྕགས༔ བསེ་ཡི་གོ་ཆ་མཚོན་ཆ་ཐོགས༔ བ་དན་ནག་པོ་མུན་ལྟར་གཏིབས༔ བདུད་དམག་ཉིས་ཁྲི་ཆིག་སྟོང་འགྱེད༔ སྤྲུལ་པའི་དམག་ཚོགས་ཤ་ར་ར༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ བྷྱོ་བྷྱོ་གནོད་པའི་བགེགས་ལ་བྷྱོ༔ དམ་ཉམས་དགྲ་བོ་ལས་ངན་གྱི༔ སྲོག་རྩ་ཆོད་ལ་སྙིང་ཁྲག་ཐུངས༔ ལོ་དང་ཟླ་བར་མ་བཞག་ལ༔ ད་ལྟ་ཉིད་དུ་སྒྲོལ་ལ་ཤོག༔ ཞེས་རཀྟ་ཕྱར་ཞིང་བསྐུལ་ལོ༔ དེ་ནས་ཟློག་པ་བྱ་བ་ནི༔ ཧཱུྃ༔ ནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་ནས༔ དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་ནི༔ མཐིང་ནག་འབར་བ་བཻ་ཌཱུརྻ་ཡི་རི༔ ཉི་མ་འབུམ་གྱི་འོད་ཟེར་སྟོང་གིས་འཁྱུད༔ ཞལ་གྱི་ཁྲོ་གཉེར་སྤྲིན་ནག་འཁྲུགས་པ་འདྲ༔ སྤྱན་ནས་ཉི་མ་འབར་ཞིང་སྤྱན་རྩ་ཁྲག་མཚོ་འཁྲུགས༔ བར་སྣང་ཙམ་གྱི་ཞལ་གདངས་ཧ་ཧ་སྒྲོག༔ ལྗགས་ནི་གློག་དམར་ལྟ་བུར་རབ་འཁྲུགས་ཤིང༔ མཆེ་བ་ཟླ་བ་ཕྱེད་པས་རབ་ཏུ་གཏམས༔ ཚེམས་ནི་སྤུ་གྲི་འབར་བ་རྣོ་དབལ་ཅན༔ དམ་ཉམས་དགྲ་བོ་ཧབ་ཧབ་ཟས་སུ་གསོལ༔ ཕྱག་གིས་བེང་ཆེན་འབར་བ་ཀླད་ལ་བསྐོར༔ བདུད་འདུལ་ཙནྡན་བེང་གི་བེང་སྟོད་ནས༔ ལྷ་དམག་འབུམ་ཕྲག་དུ་མ་ལས་ལ་འགྱེད༔ དམག་རྫོང་ཆེན་པོ་ཙནྡན་བེང་སྨད་ནས༔ བདུད་དམག་ཉིས་ཁྲི་ཆིག་སྟོང་ལས་ལ་འགྱེད༔ གཡས་ལ་ཕྱར་བས་ཕོ་རྒྱུད་རྩད་ནས་གཅོད༔ གཡོན་པས་བསྒྲིལ་བས་མོ་རྒྱུད་རྡུལ་དུ་བརླག༔ བན་བོན་སྔགས་པའི་བསམ་སྦྱོར་ངན་པ་ཟློག༔ ལྷ་འདྲེ་སྟོང་གི་ཟ་ཁ་ཟུག་པ་ཟློག༔ མོ་རྩིས་རྨི་ལམ་ངན་པ་ཐམས་ཅད་ཟློག༔ ལྟས་ངན་ཆོ་འཕྲུལ་ཐམས་ཅད་བཟློག་ཏུ་གསོལ༔ ཧཱུྃ༔ ཁྱོད་ཀྱི་འཁོར་བཅས་ཐུགས་དམ་བསྐངས་པའི་མཐུས༔ ནད་ཁ་ཡམས་ཁ་ཐམས་ཅད་དགྲ་ལ་ཟློག༔ མོ་ངན་རྩིས་རྩུབ་ཐམས་ཅད་དགྲ་ལ་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དགྲ་ལ་ཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དགྲ་ལ་ཟློག༔ གློ་བུར་དགུ་བཅུ་རྩ་གཅིག་དགྲ་ལ་ཟློག༔ བྱད་ཁ་ཕུར་ཁ་ཐམས་ཅད་དགྲ་ལ་ཟློག༔ ནད་རིགས་བཞི་བརྒྱ་རྩ་བཞི་དགྲ་ལ་ཟློག༔ གདོན་རིགས་ཉིས་ཁྲི་ཆིག་སྟོང་དགྲ་ལ་ཟློག༔ ལོ་ཀག་ཟླ་ཀག་ཞག་ཀག་དགྲ་ལ་ཟློག༔ ཕོ་བདུད་དལ་ཁ་ཐམས་ཅད་གཡས་སུ་སྒྱུར༔ མོ་བདུད་དལ་ཁ་ཐམས་ཅད་གཡོན་དུ་སྒྱུར༔ སྤྱི་བདུད་དལ་ཁ་ཐམས་ཅད་མཁའ་ལ་སྒྱུར༔ ཟློག་གོ་སྒྱུར་རོ་བེང་ཆེན་ཕུར་པས་ཟློག༔ ཞེས་བེང་ཕྱར་ཞིང་བསྒྲིལ་ལ་ཕྱིར་གཡུག་ཅིང་འཕང་ངོ༔ བེང་ཆེན་ཕུར་བུའི་ལས་མཐའ་དྲག་སྔགས་ཀུན་གྱི་གཟེར་ཁ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨོ་རྒྱན་མཆོག་གྱུར་གླིང་པའི་གཏེར་མའོ།། །།
བླ་མ་རྒྱལ་བ་འདུས་པ་ལས། རིགས་འདུས་རྡོ་རྗེ་སེམས་དཔའི་སྨིན་བྱེད་བཀླག་ཆོག་ཏུ་བཀོད་པ་རྣམ་གྲོལ་སྤྲིན་གྱི་མྱུ་གུ་ (Volume 27, Text 4)
༄༅། །བླ་མ་རྒྱལ་བ་འདུས་པ་ལས། རིགས་འདུས་རྡོ་རྗེ་སེམས་དཔའི་སྨིན་བྱེད་བཀླག་ཆོག་ཏུ་བཀོད་པ་རྣམ་གྲོལ་སྤྲིན་གྱི་མྱུ་གུ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་བཛྲ་སཏྭ་ཡ། སྲིད་ཞི་ཀུན་ཁྱབ་བདེ་བ་ཆེ། །མཚན་ཙམ་འཛིན་པས་སྒྲིབ་གཉིས་མུན། །འཇོམས་མཛད་ཟླ་ཤེལ་བདུད་རྩིའི་ཞལ། །སེམས་དཔའ་རྡོ་རྗེ་ཅན་དེར་འདུད། །མ་ཧཱ་གུ་རུ་གསང་བ་ལྟར། །སྒྲུབ་ཐབས་གདམས་ཟབ་བྱེ་བའི་བཅུད། །ཧཱུྃ་མཛད་རོལ་པའི་རྡོ་རྗེ་ཅན། །གང་དེའི་གསང་ཆེན་བཅུད་འདི་འོ། །བླ་མ་རྒྱལ་བ་ཀུན་འདུས་ཀྱི་གསང་སྒྲུབ་རིགས་འདུས་རྡོ་རྗེ་སེམས་དཔའི་དབང་བསྐུར་བ་ལ། སྟེགས་བུའི་སྟེང་མཎྜལ་ལ་པདྨ་འདབ་བརྒྱད་ལྟེ་བར་ལྷ་སྐུ་ཕྱག་རྒྱའི་མཚན་མའམ་འབྲུ་ཚོམ་གཅིག་བཀོད་པའི་ཁར། ཁྲིའུ་ལ་བུམ་པ་རིགས་ལྔའི་ཕྱག་རྒྱས་སྤྲས་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་གསེབ་རྡོར་སེམས་སྐུ་ཙཀ་གིས་སྤྲས་པ་བཀོད། དེའང་རྒྱས་པར་སྤྲོ་ན་སྤྱི་གནད་མུ་ཏིག་ཕྲེང་བ་ལྟར་བགེགས་བསྐྲད་ནས་བརྟན་བཞུགས་ཀྱི་བར་གྱི་སྔགས་རྣམས་བརྗོད། བསྡུས་པའི་སྐབས་འདིར་མི་དགོས། དབང་ཚིག་ཟུར་དུ་ཡོད་པ་ལྟར་རིགས་ལྔའི་ཕྱག་རྒྱ་སྤྱི་བསྡུས་ཀྱི་ཙཀླི་ཟུར་དུ་བཞག་ཀྱང་ལེགས། གཡས་སུ་ཤེལ་ཕྲེང་དང་བནྡྷར་ཆོས་སྨན་བཏབ་པའི་བདུད་རྩི། གཡོན་དུ་མེ་ལོང་ལ་སིནྡྷུ་རའི་ཐིག་ལེ་བྱས་པའི་སྟེང་ཤེལ་རྡོ་ཤེལ་གོང་གང་རུང་བཞག །རྒྱབ་ཏུ་ཟླུམ་གཏོར་པདྨ་འདབ་བཞིས་མཚན་པ་རྒྱན་སྤྲོས་ཅན། མདུན་དུ་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། བརྒྱུད་འཛིན་སློབ་མར་ཕྲིན་ལས་ཀྱི་དབང་བསྐུར་ན། འཁོར་ལོ། དུང་། དྲིལ་བུ། པུསྟི། རྒྱ་གྲམ། དགང་གཟར་བླུགས། མཆོད་གཏོར། ཕུར་བུ་བརྒྱད་པོ་དངོས་དང་བྲིས་པའི་ཙཀླི་གང་འཛོམས་ཡང་བཀོད། གཞན་ཡང་ལས་བུམ་སྔོན་གཏོར། ཚོགས་ཆད་བརྟན། བཀའ་སྲུང་གཏོར་འབུལ་སོགས་ཕྲིན་ལས་ལ་མཁོ་བ་རྣམས་ཀྱང་ཚོགས་པར་བྱའོ། །དེ་ནས་ཚིག་བདུན་གསོལ་འདེབས། དྲག་ཁྲོས་ལྟར་སྐྱབས་སེམས། ཟུར་ཕྱུང་དཀར་བགེགས། རྒྱལ་བ་ཀུན་འདུས་ཀྱི་བཀའ་བསྒོ་ནས་མཆོད་པ་བྱིན་རླབས་ཡན་བཏང་། དེ་ནས་རང་གཞུང་སྒྲུབ་ཐབས་ལྷ་བསྐྱེད་ནས་བཟླས་པའི་བར་གྱིས་བདག་མདུན་དབྱེར་མེད་དུ་བསྒྲུབ། བཟླས་པའི་དབུར་སྤྱི་ལྟར་ཛཔ྄་ཁང་ཕྱེས་ཀྱང་ཆོག །སྔགས་རྣམས་གཞུང་གསལ་འགྲོས་དང་སྦྱར་བའི་མང་ཉུང་ཆ་ཕྱེད་པར་བཟླས་ལ་ཁ་སྐོང་དང་བསྙེན་བསྟོད་བྱ། བུམ་བསྐྱེད་ནི། ཧཱུྃ༔ ཆགས་མེད་པདྨ་ཟླ་བའི་སྟེང༔ བྷྲཱུྃ་ལས་བྱུང་བའི་རིན་ཆེན་བུམ༔ ཁ་གཡེལ་ཞབས་ཞུམ་མགྲིན་པ་ཕྲ༔ མཆུ་འཕྱང་ལྟོ་བ་ཡངས་ཤིང་ཟླུམ༔ ནང་ནི་སྣ་ཚོགས་བཅུད་ཀྱིས་བཀང༔ དཔག་བསམ་ཤིང་གི་ཁ་རྒྱན་དང༔ མགུལ་ཆིངས་སྣ་ཚོགས་དར་ལས་བྱས༔ དེ་དབུས་ཆུ་ལས་སྐྱེས་པ་ཡི༔ པདྨ་འདབ་བཞིའི་གདན་སྟེང་དུ༔ ཟླ་དཀྱིལ་ཧཱུྃ་གི་འཕྲོ་འདུ་ལས༔ བླ་མ་ཆེན་པོ་རྡོ་རྗེ་སེམས༔ སྐུ་མདོག་སྟོན་ཀའི་ཟླ་ལྟར་དཀར༔ ཞལ་གཅིག་ཕྱག་གཉིས་ལོངས་སྤྱོད་རྫོགས༔ རྡོ་རྗེ་དྲིལ་བུ་དཀུ་ལ་བརྟེན༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཞི་འཛུམ་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ པང་དུ་རང་འོད་རིག་མས་འཁྱུད༔ ཟུང་འཇུག་བདེ་སྟོང་ངང་དུ་བཞུགས༔ གནས་ལྔར་རིགས་ལྔ་ཡབ་ཡུམ་དང༔ ཐུགས་ཀར་ལྷུན་གྲུབ་བཅས་པ་གསལ༔ རྒྱལ་བ་རྒྱ་མཚོའི་འཁོར་ལོ་དང༔ རྩ་གསུམ་ཞི་ཁྲོ་རབ་འབྱམས་ཚོགས༔ དཔག་མེད་སྤྲིན་ལྟར་གཏིབས་པས་བསྐོར༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ རིགས་ཀྱི་བདག་པོ་འཁོར་བཅས་རྣམས༔ སྐད་ཅིག་ཉིད་ལ་སྤྱན་དྲངས་ཏེ༔ དམ་ཚིག་པ་དང་དབྱེར་མེད་གྱུར༔ གུ་རུ་བཛྲ་སཏྭ་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ ཧཱུྃ༔ རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ༔ མཆོད་ཡོན་མེ་ཏོག་བདུག་སྤོས་མེ༔ དྲི་མཆོག་ཞལ་ཟས་རོལ་མོ་དབྱངས༔ བཅོམ་ལྡན་བུམ་པའི་ལྷ་ལ་འབུལ༔ བརྩེ་བ་ཆེན་པོས་བཞེས་ནས་ཀྱང༔ འགྲོ་བའི་དོན་ཆེན་མཛད་པ་དང༔ སྨིན་ཅིང་གྲོལ་བའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཱུ་ཙ་ཨཱཿཧཱུྃ༔ ཧཱུྃ༔ མཁའ་ཁྱབ་མི་གཡོ་རྡོ་རྗེ་ཅན༔ ཀུན་འདུས་ཕྲིན་ལས་རྡོ་རྗེའི་བདག༔ ཐོག་མཐའ་མེད་པའི་རྡོ་རྗེ་སེམས༔ གསང་གསུམ་རྡོ་རྗེ་ཁྱོད་ལ་བསྟོད༔ རང་གི་ཐུགས་ཀའི་ས་བོན་ལས༔ འོད་ཟེར་གཟུངས་ཐག་ཞོན་ནས་འཕྲོས༔ བུམ་བསྐྱེད་ལྷ་ཡི་ཐུགས་ཀར་ཕོག༔ རྒྱུད་བསྐུལ་ཞལ་ནས་བདུད་རྩི་བབས༔ བུམ་པ་ཁེངས་ཏེ་བདུད་རྩིའི་ནང༔ རྡོ་རྗེ་རིན་ཆེན་པདྨ་དང༔ རྒྱ་གྲམ་གཟུགས་བརྙན་འཆར་ནས་ནི༔ འོད་ཟེར་སྣ་ལྔ་འཕྲོ་བར་གྱུར༔ ཅེས་དམིགས་ལ་གཟུངས་ཐག་བླངས་ཏེ་གཙོ་འཁོར་གྱི་བཟླས་པ་བྱས་པའི་མཐར། བུམ་པའི་ལྷ་རྣམས་འོད་དུ་ཞུ༔ བུམ་པའི་ཆུ་དང་དབྱེར་མེད་འདྲེས༔ དེ་ཉིད་ནུས་མཐུ་ལྡན་པར་གྱུར༔ ཅེས་དམིགས། ལས་བུམ་ནང་དུ་རྟ་མགྲིན་དམར། །ཐོད་དབྱུག་ཞགས་འཛིན་འདོར་ཐབས་བཞུགས། །སྐུ་ལས་བདུད་རྩིའི་རྒྱུན་བབས་པས། །བུམ་པ་ཡོངས་སུ་གང་བར་གྱུར། །ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ། ཅེས་བཟླ། དེ་ནས་བཀའ་གཏེར་སྲུང་མའི་གཏོར་འབུལ་ཉུང་བསྡུས་དང་། ཚོགས་བྱིན་རླབས་དང་བསྒྲལ་བཏབ་བར་བྱ། རྒྱལ་འདུས་བསྙེན་པའི་མཇུག་གི་ཐུགས་དམ་གནད་བསྐུལ་བྱས་ལ་ཏིང་འཛིན་གྱི་དབང་བླང་ངོ་། །དབང་དངོས་ལ་སློབ་མ་རྣམས་ལས་ཆུས་ཁྲུས་བྱ། བགེགས་གཏོར་གཏང་ཞིང་བཀའ་བསྒོ་མཚམས་བཅད་བྱས་ལ་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། དེའང་སངས་རྒྱས་ཀུན་དངོས་རྗེ་བཙུན་པདྨ་ཐོད་ཕྲེང་རྩལ་ཉིད་མོན་ཁ་སེང་གེའི་རྫོང་དུ་བཞུགས་པའི་ཚེ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཞུས་པའི་ངོར། ཁྱབ་བདག་གདོད་མའི་མགོན་པོས་དཔལ་རྡོ་རྗེ་སེམས་དཔར་དང་། དེས་གུ་རུ་རིན་པོ་ཆེ་ཉིད་ལ་གདམས་པ་ཟབ་པ་དང་རྒྱ་ཆེ་བའི་བཅུད་མཆོག་གསང་བ་ཡེ་ཤེས་སྙིང་པོ་ཞེས་བྱ་བའི་རྒྱུད་ཅུང་ཟད་བཀྲོལ་ནས་བཤད། དེའི་རྒྱུད་དོན་མན་ངག་ལག་ལེན་དུ་དྲིལ་བ་ཕྱི་སྒྲུབ་བླ་མ་རྒྱལ་བ་ཀུན་འདུས། ནང་སྒྲུབ་བླ་མ་ཧེ་རུ་ཀ །གསང་སྒྲུབ་རིགས་འདུས་རྡོ་རྗེ་སེམས་དཔའ། ཡང་གསང་ཚེ་དཔག་མེད་པ་ཡབ་ཡུམ་དང་རྡོ་རྗེ་གྲོ་ལོད། དྲག་པོ་དམར་ནག་ལས་མཐའ་རྒྱས་དང་བཅས་པ་སྐལ་ལྡན་འགའ་ཞིག་གི་དོན་དུ་བསྟན། མཁའ་འགྲོ་ཆེན་མོས་རྫུ་འཕྲུལ་གྱི་ཡི་གེར་བཏབ། གུ་རུའི་ཕྱག་རྟགས་དང་བཅས་ཏེ་གཏེར་སྒྲོམ་ཁྱད་པར་ཅན་བདུན་དུ་བཅུག །མདོ་ཁམས་འགྲོ་འདུལ་ཕྲིན་ལས་ཀྱི་གནས་མཆོག་རྒྱམ་རྒྱལ་རྡོ་ཏི་གངས་དཀར་གྱི་ཉེ་ཞོལ། གཏན་འཁྱིལ་གཡུ་མཚོ་ཆེན་པོར་རྒྱས་བཏབ་པ། སྙིགས་དུས་འདུལ་བའི་སྐབས་སུ་བབས་པ་ན་གྲུབ་ཆེན་ཧཱུྃ་ཀཱ་ར་དང་འཁོན་སྟོན་ཀླུ་དབང་སྲུང་བའི་རྣམ་རོལ། སྤྲུལ་པའི་གཏེར་སྟོན་རོལ་པའི་རྡོ་རྗེས་ངོ་མཚར་རྫུ་འཕྲུལ་གྱི་བཀོད་པ་དང་བཅས་ཏེ་སྤྱན་དྲངས་པ་མཚོ་གཏེར་གྱི་སྐོར་དུ་གྲགས་པ་ལས། བླ་མའི་གསང་སྒྲུབ་རིགས་འདུས་རྡོ་རྗེ་སེམས་དཔའི་དབང་བསྐུར་བ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ རབ་འབྱམས་རྒྱལ་བའི་ཐུགས་རྗེ་གཅིག་བསྡུས་པ༔ མཚུངས་བྲལ་རྡོ་རྗེ་རྒྱལ་པོ་དགོངས་སུ་གསོལ༔ བདག་གི་རྒྱུད་སྨིན་སངས་རྒྱས་སར་གནས་ཕྱིར༔ དབང་མཆོག་དམ་པ་སྐུར་མཛོད་གསོལ་བ་འདེབས༔ ལན་གསུམ། སློབ་དཔོན་གྱིས། ཀྱེ་ཧོ་ལེགས་སོ་སྐལ་ལྡན་རིགས་ཀྱི་བུ༔ དེ་ལྟར་འདོད་ན་སྐྱབས་འགྲོ་སོགས་མཛོད་ལ༔ གསང་བ་སྔགས་ཀྱི་དམ་སྲུངས་བདག་ཉིད་ཀྱིས༔ བསྒོས་པ་བཞིན་བྱོས་དངོས་གྲུབ་མྱུར་འཐོབ་འགྱུར༔ བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པ་རིགས་ཀུན་འདུས་པའི་བདག་ཉིད་དཔལ་རྡོ་རྗེ་སེམས་དཔའ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ངོ་བོར་བཞུགས་པ་ལ། བདག་གཞན་འགྲོ་བ་མཐའ་དག་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི་ཞིང་གཞན་དོན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཕྱག་འཚལ་ཞིང་མཆོད་པ་འབུལ་བ་སོགས་ཚོགས་གསག་ཡན་ལག་བདུན་པ་ཚུལ་བཞིན་དུ་བགྱི་བའི་བློས་འདིའི་རྗེས་ཟློས། ཧོ༔ དཀོན་མཆོག་གསུམ་དང་རྩ་གསུམ་སྐྱབས་འོས་ལ༔ བདག་ཅག་མི་འབྲལ་རྟག་ཏུ་སྐྱབས་སུ་མཆི༔ སྔོན་བྱོན་རྒྱལ་བ་རྒྱལ་སྲས་བྱང་ཆུབ་མཆོག༔ ཐུགས་བསྐྱེད་ཇི་བཞིན་མ་ནོར་བདག་གིས་བསྐྱེད༔ ཕྱག་འཚལ་མཆོད་འབུལ་མ་དག་འཁྲུལ་བྱས་བཤགས༔ ཐབས་ཤེས་ཆོས་ལ་ཡི་རང་འགྲོ་ཀུན་གྱི༔ དོན་ཕྱིར་ཐེག་དགུའི་ཆོས་འཁོར་བསྐོར་བར་བསྐུལ༔ ཇི་སྲིད་འཁོར་བའི་རྒྱ་མཚོ་མ་སྐེམ་བར༔ དེ་སྲིད་རྒྱལ་བའི་སྤྲུལ་པ་གྲངས་མེད་ཀྱིས༔ འགྲོ་དོན་མཛད་གསོལ་དགེ་བ་གང་མཆིས་པས༔ བདག་སོགས་འགྲོ་ཀུན་ལམ་མྱུར་ཟབ་མོའི་ཆོས༔ མཐར་ཕྱིན་ཀུན་བཟང་ཡབ་ཡུམ་དང་མཚུངས་ཤོག༔ ལན་གསུམ། དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་དམ་ཚིག་གི་ལྷ་སྐུ་འདི་བཞིན་དུ་གསལ་ཐོབ་ཅིག །ཨོཾ་སྭ་བྷཱ་བ་སོགས་སྒྲུབ་ཐབས་ལྟར་ལ། དཔྲལ་མགྲིན་ཐུགས་ཀར་ཨོཾ་ཨཱཿཧཱུྃ་ཡིག་མཚན༔ དེ་དང་སློབ་དཔོན་འོད་ཀྱིས་ཕྱོགས་བཅུ་ནས༔ རབ་འབྱམས་རྒྱལ་བ་ཞི་ཁྲོ་མཆོག་རྣམས་ཀུན༔ ཉི་ཞུར་རྡུལ་ལྟར་བབས་ནས་སློབ་མར་བསྟིམ༔ རྩ་སྔགས་དང་སྙིང་པོའི་མཐར། པྲ་བེ་ཤ་ཡ་ཨ་ཨ་ཕེཾ་ཕེཾ་ཧྲིང་ཧྲིངཿཛཿཛཿཧཱུྃ༔ ཞེས་བརྗོད་ཅིང་རོལ་མོ་དང་འབེབ་པའི་རྫས་སྦྱོར་རྣམས་ཀྱིས་དབབ། དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་པ་ཁྱེད་རང་གི་སྒོ་གསུམ་ལ་ཇི་སྲིད་བྱང་ཆུབ་སྙིང་པོའི་བར་བརྟན་པར་གྱུར་པའི་མོས་པ་མཛོད། མེ་ཏོག་འཐོར་ཞིང་ཡེ་དྷར་བརྗོད། དེ་དག་གིས་སྔོན་དུ་འགྲོ་བའི་ཆོ་ག་རྣམས་གྲུབ་ནས། དངོས་གཞིའི་དབང་བསྐུར་བ་ལའང་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རིམ་པ་བཞིར་འབྱུང་བ་ལས། ཐོག་མར་སྐུ་རྡོ་རྗེའི་དབང་གི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། བུམ་པ་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་སྐུ་བརྙན་དཀྱིལ་འཁོར་གྱི་ལྷ་ཚོགས་དངོས་སུ་གསལ་བ་ལས་བདུད་རྩིའི་རྒྱུན་བབས་པས་སྒོ་གསུམ་གྱི་དྲི་མ་གཏོར་ཅིང་བཀྲུས། ལྷ་སྐུ་ཕྱག་རྒྱ་གཉིས་པ་འཕྲོས་ནས་ཐིམ་པས་ལུས་སྒྲིབ་བྲལ་སྣང་སྟོང་འཇའ་ལུས་རྡོ་རྗེར་དངོས་སུ་གྱུར་པར་མོས་ཤིག །བུམ་པ་ཐོགས་ལ། ཧཱུྃ༔ སྟོང་ཆེན་ཆོས་སྐུའི་དཀྱིལ་འཁོར་ནས༔ རང་བྱུང་ལོངས་སྐུ་མ་འགགས་གསལ༔ གཉིས་མེད་སྤྲུལ་སྐུ་བདེ་བ་ཆེ༔ ཡོངས་རྫོགས་སློབ་མར་མྱུར་ཐོབ་ཤོག༔ ཧཱུྃ༔ ཡེ་ཤེས་བདུད་རྩིས་སྒྲིབ་གསུམ་སྦྱོང༔ དར་སྣའི་མགུལ་ཆིངས་ཡེ་ཤེས་ལྔ༔ གཟུངས་ཐག་རྡོ་རྗེ་བདེ་སྟོང་རྒྱས༔ ཁ་རྒྱན་འདི་ལས་དགོས་འདོད་འབྱུང༔ དཀྱིལ་འཁོར་ལྷ་རྫོགས་བུམ་པ་འདིས༔ སློབ་མ་ཁྱོད་ལ་དབང་བསྐུར་བས༔ སྐུ་གསུམ་ལྷུན་རྫོགས་ཡེ་ཤེས་ལྔ༔ རབ་ལྡན་འཇའ་ལུས་ཡེ་ཤེས་སེམས༔ གྱུར་ནས་ཕྲིན་ལས་ཐོགས་མེད་འགྲུབ༔ ཞིང་ཁམས་སྐུར་རྫོགས་སྐུས་ཞིང་ཁམས༔ ཁྱབ་པར་འགྱུར་བ་དེ་སོགས་སྨོན༔ མཆོག་གསུམ་བདེན་པས་འགྲུབ་པར་ཤོག༔ མ་ཧཱ་ཨ་བྷི་ཥིཉྩ་མཱཾ༔ བུམ་པ་མགོར་བཞག་བུམ་ཆུ་བླུད། མེ་ཏོག་འཐོར། སླར་ཡང་རིགས་ལྔའི་ཕྱག་རྒྱ་འོད་ཟེར་འབར་བ་འཕྲོས་ནས་གནས་ལྔར་ཐིམ་པས་ཕུང་ཁམས་གནས་སུ་དག །དུག་ལྔ་ཡེ་ཤེས་ལྔར་གནས་གྱུར་པར་མོས་ཤིག །རིགས་ལྔའི་ཕྱག་རྒྱའམ་བུམ་པ་ཉིད་གནས་ལྔར་བཞག་ལ། ཧཱུྃ༔ སངས་རྒྱས་རྡོ་རྗེ་རིན་ཆེན་པདྨ་ལས༔ རིགས་ཀྱི་དཀྱིལ་འཁོར་གསལ་བ་སློབ་མར་ཐིམ༔ ཕུང་ལྔ་ཁམས་ལྔ་དུག་ལྔ་གནས་སུ་དག༔ ཡེ་ཤེས་ལྔ་ལྡན་སྒོ་གསུམ་རྒྱུ་རྐྱེན་རྣམས༔ ལྷ་ཡི་དཀྱིལ་འཁོར་ཡོངས་སྨིན་ཐེག་པ་དགུའི༔ མ་ནོར་ལམ་བཟང་མཐར་ཕྱིན་སངས་རྒྱས་ཤོག༔ མ་ཧཱ་ཨ་བྷི་ཥིཉྩ་མཱཾ༔ གཉིས་པ་གསུང་རྡོ་རྗེའི་དབང་བསྐུར་བའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང་། ཞལ་ནས་ཐོན། ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་སྲོག་ཧཱུྃ་ཡིག་གི་མཐར་འཁོད་པའི་མོས་པ་དང་བཅས་ཏེ་འདི་རྣམས་ཀྱི་རྗེས་ཟློས། ཕྲེང་བ་སྤེལ་ལ་སྔགས་རྣམས་རྗེས་ཟློས་ལན་གསུམ་རེ་བྱ། བནྡྷའི་བདུད་རྩི་རང་བྱུང་གི་སྔགས་ཕྲེང་ཐབས་ཤེས་ཀྱི་རང་སྒྲ་བདེ་སྟོང་ཟུང་དུ་འཇུག་པའི་རང་བཞིན་ཅན། ཁྱེད་རང་རྣམས་ཀྱི་ལྕེར་རིགས་ལྔའི་ཕྱག་རྒྱ་གསལ་བ་ནས་བརྒྱུད་དེ་ལུས་གང་བས་ངག་སྒྲིབ་བྲལ་གྲགས་སྟོང་གཞོམ་མེད་རྡོ་རྗེའི་རང་སྒྲར་སྨིན་པའི་མོས་པ་མཛོད་ཅིག །ཐོད་པའི་བདུད་རྩི་སྦྱིན་ལ། ཧཱུྃ༔ བྷནྡྷའི་བདུད་རྩི་སྔགས་ཕྲེང་བླ་ན་མེད༔ བདེ་སྟོང་ཟུང་འཇུག་ཐབས་ཤེས་ཨ་ཧཾ་སྒྲ༔ ཕོ་རྒྱུད་མོ་རྒྱུད་ཡེ་ཤེས་ལྷ་ཚོགས་ཀྱིས༔ ཁྱོད་ལ་དབང་བསྐུར་རྩ་རླུང་ཐིག་ལེ་སོགས༔ སྐུ་གསུམ་ལྷ་ཡི་འཁོར་ལོར་གྱུར་ཁ་སྦྱོར༔ བཞི་ཡི་བདེ་ཆེན་གསང་ལམ་མཐར་ཕྱིན་ཤོག༔ ཁྱོད་ཀྱི་ལྕེ་ཡང་རིགས་ལྔའི་ཕྱག་རྒྱར་གྱུར༔ དམ་ཆོས་ཀུན་དང་སྔགས་ཀྱི་སྒྲ་སྒྲོགས་ཤིག༔ མ་ཧཱ་ཨ་བྷི་ཥིཉྩཱ་མཱཾ༔ གསུམ་པ་ཐུགས་རྡོ་རྗེའི་དབང་གི་སླད་དུ། མེ་ལོང་དྲི་མེད་དབྱིངས་སྟོང་པ་ཉིད། ཤེལ་དཀར་གོང་བུ་རང་རིག་འོད་གསལ་ཟང་ཐལ། དེ་གཉིས་ཟུང་དུ་འཇུག་པ་ཐབས་ཤེས་དབྱེར་མེད་བདེ་ཆེན་ཕྱག་རྒྱ་ཆེན་པོའི་རང་བཞིན་མངོན་དུ་རྟོགས་པས་ཡིད་སྒྲིབ་བྲལ་རིག་སྟོང་འོད་གསལ་ཡེ་ཤེས་ཀྱི་འཁོར་ལོར་དག་པར་མོས་ཤིག །མེ་ལོང་ཤེལ་བཅས་སྙིང་གར་བཞག་ལ། ཧཱུྃ༔ སྣང་སྲིད་འཁོར་འདས་ཆོས་ཐམས་ཅད༔ སྟོང་གསལ་གཉིས་ལས་མ་འཕྲོས་མེད༔ དེ་ནི་ཐབས་ཤེས་ཟུང་ལ་བྱ༔ མཚོན་བྱེད་སིནྡྷུ་ར་ཤེལ་གཟུགས༔ མེ་ལོང་ནང་དུ་ཤར་ཡང་སྟོང༔ ཡ་བྲལ་བྱས་ན་གྲོལ་མི་འགྱུར༔ དེ་ཕྱིར་ཟུང་འཇུག་ལྷ་ཡི་ཚོགས༔ སློབ་མ་ཁྱོད་ལ་ཡོངས་རྫོགས་བསྐུར༔ སྣང་སྲིད་འཁོར་འདས་བསྡུས་པའི་ཆོས༔ ཐ་དད་མེད་པར་རྟོགས་པར་བྱོས༔ ལྷ་ཡང་རང་ཡིན་རང་ཉིད་ལྷ༔ གཉིས་མེད་ཡེ་གནས་ངོ་མཚར་ཆེ༔ ཟབ་རྒྱ་བླ་མེད་དོན་རྣམས་ཀུན༔ སློབ་མ་འདི་ལ་ཡོངས་རྫོགས་ནས༔ ཇི་ལྟ་ཇི་སྙེད་ཀུན་མཁྱེན་པ༔ མཆོག་གསུམ་བདེན་པས་མྱུར་འགྲུབ་ཤོག༔ མ་ཧཱ་ཨ་བྷི་ཥིཉྩ་མཱཾ༔ བཞི་པ་ཡོན་ཏན་ཕྲིན་ལས་ཡོངས་རྫོགས་ཡེ་ཤེས་རྡོ་རྗེའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། གཏོར་སྣོད་ཡེ་ཤེས་རོལ་པའི་གཞལ་ཡས་ཁང་དུ་གཏོར་མ་སྐུ་གསུམ་ཡོངས་རྫོགས་དཀྱིལ་འཁོར་གྱི་འཁོར་ལོ་འདུ་འཕྲོའི་ཆོ་འཕྲུལ་དཔག་ཏུ་མེད་པ་དང་བཅས་པ། ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་པས་རྡོ་རྗེའི་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཕེབས་པའི་མོས་པ་མཛོད་ཅིག །གཏོར་མ་སྤྱི་བོར་བཞག་ལ། ཧཱུྃ༔ ཕྱོགས་བཅུ་དུས་གསུམ་གཤེགས་བཞུགས་འབྱོན༔ མཆོག་དང་རྩ་བ་སྐུ་གསུམ་སོགས༔ འགྲོ་བའི་དོན་མཛད་མཆིས་སོ་ཅོག༔ ཐམས་ཅད་ཐམས་ཅད་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་འདི་ལ་འདུས༔ དེ་རིང་བུ་ལ་དབང་བསྐུར་བས༔ མ་ལུས་སྒྲིབ་དག་དབང་བསྐུར་རྫོགས༔ ཐེག་དགུའི་ས་ལམ་ཡོན་ཏན་མཆོག༔ མཐར་ཕྱིན་དག་པ་སྐུ་བཞི་དང༔ ཡེ་ཤེས་ལྔ་ལྡན་ལྷུན་གྱིས་གྲུབ༔ དེ་ཡང་ཆོས་སྐུ་ཉག་ཅིག་པུ༔ འུབ་ཆུབ་འདུ་འཕྲོ་གང་བྱེད་ཀྱང༔ མ་འགགས་སྒྱུ་འཕྲུལ་དྲྭ་བ་ཅན༔ རྟག་ཆད་མཚན་བདག་མཐར་མ་ལྷུང༔ ཀུན་ཁྱབ་མཉམ་ཉིད་བློ་ལས་འདས༔ བྱར་མེད་བདེ་ཆེན་དབང་ཐོབ་ཤོག༔ མ་ཧཱ་ཨ་བྷི་ཥིཉྩ་མཱཾ༔ གཏོར་མའི་ལྷ་འོད་དུ་ཞུ་སྟེ་ཁྱེད་རང་ལ་ཐིམ་པས་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག །སྒོ་གསུམ་སྐུ་གསུང་ཐུགས་སུ་སྨིན། སྟོང་གསལ་ཀ་དག་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་དུ་མཉམ་པར་ཞོག་ཅིག །ཧཱུྃ༔ དེ་ཡང་སྐྱེས་བུའི་ལོག་རྟོག་གི༔ འཁྲུལ་པ་བསལ་ཕྱིར་ཙམ་དུ་ཟད༔ ངས་ནི་ཅི་ཡང་བསྟན་དུ་མེད༔ དེ་ཕྱིར་བློ་འདས་ངང་ལ་ཞོག༔ ཨ༔ ཞེས་ཅུང་ཟད་འཇོག །བརྒྱུད་འཛིན་སློབ་མ་ལ་སྐབས་འདིར་ཕྲིན་ལས་ཀྱི་དབང་བརྒྱད་བསྐུར་ན། དེ་དག་གིས་དངོས་གཞི་གྲུབ་པ་ལགས། དེ་ནས་དཀྱིལ་འཁོར་གྱི་བདག་པོ་རྡོ་རྗེ་སློབ་དཔོན་ཆེན་པོའི་གོ་འཕང་དུ་མངའ་གསོལ་བའི་ཕྱིར། ཁྱེད་རང་རྡོ་རྗེ་སེང་གེའི་ཁྲི་སྟེང་མཆོད་པའི་བཀོད་པ་དཔག་ཏུ་མེད་པའི་དབུས་སུ་དཀྱིལ་འཁོར་གྱི་འཁོར་ལོས་སྒྱུར་བའི་རྣམ་པས་འཁོད་པ་ལ་ཕྲིན་ལས་རབ་འབྱམས་སྒྲུབ་པའི་ཆས་རྣམས་ཀྱིས་རིམ་པར་མངའ་གསོལ་བར་མོས་ཤིག །འཁོར་ལོ་གཏད་ལ། ཧཱུྃ༔ རྒྱལ་ཀུན་ཕྲིན་ལས་བཟང་ཟབ་ལྟར༔ རིགས་དྲུག་ཁ་ལོ་གྱེན་སྒྱུར་བའི༔ གསེར་གྱི་ཙཀྲ་འདི་གཏད་པས༔ འཁོར་ལོ་བླ་མེད་ཁྱོད་ཀྱིས་སྐོར༔ ཨོཾ་དྷརྨ་ཙཀྲ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ དུང་གཏད་ལ། ཧཱུྃ༔ རྙོག་མེད་འཁྲུལ་མེད་ཡིད་འོང་མཆོག༔ རྡོ་རྗེའི་གསུང་ཆོས་སྒྲ་གཅིག་གིས༔ འགྲོ་བ་སོ་སོར་ཆོས་སྟོན་གྱི༔ བུ་ཁྱོད་དེ་བཞིན་སྟོན་ནུས་ཤོག༔ ཨོཾ་ཤཾ་ཁ་དྷརྨ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ དྲིལ་བུ་གཏད་ལ། ཧཱུྃ༔ ཕྱི་ནང་གསང་བ་ཡང་གསང་གི༔ ཐེག་པ་སྣ་ཚོགས་ཆོས་ཀྱི་སྒོ༔ མ་འདྲེས་སོ་སོར་ཀུན་མཁྱེན་སྟོན༔ སྟོང་པའི་རང་སྒྲ་རང་སྒྲོག་ཤོག༔ ཨོཾ་གནྜེ་དྷརྨ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ པུསྟི་གཏད་ལ། ཧཱུྃ༔ ཐེག་པའི་འཇུག་སྒོ་མཐའ་ཡས་ལ༔ འཆད་འགྲོལ་རྒྱས་བསྡུས་ཡོངས་སུ་གསལ༔ ཐོག་མཐའ་བར་དགེ་མི་མཐུན་མེད༔ དོན་བཟང་ཡོངས་རྫོགས་གཞན་སྟོན་ཤོག༔ ཨོཾ་དྷརྨ་མ་ཧཱ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ རྒྱ་གྲམ་གཏད་ལ། ཧཱུྃ༔ རྟག་ཆད་མཚན་བདག་ལ་མི་གནས༔ ཚད་མེད་བསྡུ་དངོས་ཕྲིན་ལས་བཞིས༔ གདུལ་བྱའི་རེ་བ་ཡོངས་སྐོང་ཞིང༔ མི་གནས་མྱང་འདས་ས་ཐོབ་ཤོག༔ ཨོཾ་ཀརྨ་བཛྲ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ དགང་བླུགས་གཏད་ལ། ཧཱུྃ༔ མ་དག་འཁོར་བའི་ཚང་ཚིང་ནགས༔ དག་པ་ཡེ་ཤེས་མེས་བསྲེགས་ནས༔ རྒྱལ་མཉེས་ཕྲིན་ལས་ཀུན་བསྒྲུབ་ཕྱིར༔ ཁྱོད་ཀྱིས་སྦྱིན་སྲེག་ཆོ་ག་བྱོས༔ ཨོཾ་བཛྲ་ཧོམ་ཡེ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ མཆོད་གཏོར་གཏད་ལ། ཧཱུྃ༔ ཚོགས་རྫོགས་དངོས་གྲུབ་ཀུན་འབྱུང་ཕྱིར༔ རྩ་གསུམ་ཆོས་སྐྱོང་དཀྱིལ་འཁོར་ལ༔ དམ་རྫས་གཏོར་མས་དགྱེས་པར་གྱིས༔ དེ་ཡི་སྒོ་ནས་ཕྲིན་ལས་སྒྲུབས༔ ཨོཾ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ ཕུར་བུ་གཏད་ལ། ཧཱུྃ༔ ང་བདག་གཉིས་འཛིན་འཁྲུལ་སྣང་བདུད༔ ཏིང་འཛིན་ཕུར་བུས་དབྱིངས་སུ་སྒྲོལ༔ རྒྱལ་བའི་བསྟན་ལ་འཚེ་བ་དག༔ རྡོ་རྗེ་ཕུར་བུས་ཁྱོད་ཀྱིས་སྒྲོལ༔ ཨོཾ་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ༔ བླ་མ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་དབྱངས་སུ་ལེན་ཞིང་མེ་ཏོག་མནྡཱ་ར་བའི་ཆར་བསྙིལ་བས་དགེ་ལེགས་རྟག་པ་དམ་པའི་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་རྒྱས་པར་མོས་ཤིག །མེ་ཏོག་འཐོར་ལ་ཤིས་བརྗོད་བྱ། དེ་དག་གི་སྒོ་ནས་བླ་མའི་གསང་སྒྲུབ་རིགས་འདུས་རྡོ་རྗེ་སེམས་དཔའི་དབང་བསྐུར་ཡོངས་སུ་རྫོགས་པ་གྲུབ་པ་ཡིན་པས། རྩ་བ་དང་ཡན་ལག་གི་དམ་ཚིག་ཚུལ་བཞིན་བསྲུང་ཞིང་སྒོ་གསུམ་བྲན་དུ་འབུལ་བའི་མོས་པས་འདིའི་རྗེས་ཟློས། ཧོ༔ རྡོ་རྗེ་རྒྱལ་པོས་གང་བསྩལ་པའི༔ རྩ་བ་ཡན་ལག་དམ་ཚིག་བསྲུང༔ བདག་ཅག་ཁྱེད་ཀྱི་བྲན་དུ་མཆི༔ མ་ནོར་ལམ་མཆོག་མཐར་ཕྱིན་ཤོག༔ ལན་གསུམ། དབང་བསྐུར་རྫོགས་པར་ཐོབ་པའི་གཏང་རག་ཏུ་དམིགས་ནས་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་དང་དགེ་བསྔོ་བྱ། སློབ་དཔོན་གྱིས་ཚོགས་ལ་རོལ། ལྷག་མ་ཕྱིན་ཆད་ལས་བྱང་དཀྱུས་ལྟར་ལ་རྟ་བྲོའི་རྗེས་སུ་མཆོད་བསྟོད་ནོངས་བཤགས། རས་བྲིས་དཀྱིལ་འཁོར་སོགས་རྟེན་ཡོད་ན་མདུན་བསྐྱེད་བརྟན་བཞུགས་དང་། གཤེགས་བསྡུ་ཤིས་བརྗོད་བསྔོ་སྨོན་སོགས་བྱའོ། །འདིར་ལག་ལེན་རྒྱས་པ་ལྟར་སྨོས་ཀྱི་དཀྱུས་ཙམ་དུ་བསྡུ་ན་མགོ་མཇུག་གི་ཕྲིན་ལས་རྣམས་རྒྱལ་འདུས་མི་སྦྱོར་བར་ལུགས་འདིའི་རྩ་གསུམ་སྤྱིའི་ལས་བྱང་གིས་བཀབ་ནའང་ཆོག་པ་ཡིན་ནོ། །དྲི་མེད་ནོར་བུའི་སྒྲོན་མེ་ཡིས། །མུན་པའི་དཔུང་ཚོགས་བཅོམ་པ་བཞིན། །གང་འདིའི་ཕྱག་རྒྱ་སྔགས་བྱིན་གྱིས། །སྒྲིབ་གཉིས་གཡུལ་ལས་རྣམ་རྒྱལ་ཤོག །ཅེས་ཟབ་ཅིང་རྨད་དུ་བྱུང་བའི་གསང་བ་སྐལ་བཟང་ཀུན་ལ་རྣམ་པར་རྒྱས་པའི་འདུན་པས་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཤྲཱི་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་འོད་གསལ་ཡེ་ཤེས་ཀྱི་འཁོར་ལོར་བགྱིས་པ་དགེ་ལེགས་འཕེལ།།།།
ཚེ་སྒྲུབ་བཻ་རོའི་ཐུགས་ཏིག་གི་བརྒྱུད་འདེབས་ (Volume 40, Text 5)
ཨེ་མ་ཧོ། ཁྱབ་བདལ་ཐིག་ལེ་ཉག་གཅིག་ཀློང་ཡངས་སུ། །བོན་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས། །ཀུན་སྙོམས་ཐུགས་རྗེ་ཆེན་པོའི་གཞལ་ཡས་སུ། །རྫོགས་སྐུ་ཚད་མེད་འོད་ལྡན་ལ་གསོལ་བ་འདེབས། །སྣ་ཚོགས་འགྲོ་བ་འདུལ་བའི་ཞིང་ཁམས་སུ། །སྤྲུལ་སྐུ་འཆི་མེད་གཙུག་ཕུད་ལ་གསོལ་བ་འདེབས། །གཡུང་དྲུང་རིན་ཆེན་གསང་བའི་བྲག་ཕུག་ཏུ། །གྱེར་སྤུངས་དྲན་པ་ནམ་མཁའ་ལ་གསོལ་བ་འདེབས། །གཉིས་འཛིན་རང་གྲོལ་བདེ་ཆེན་ཕོ་བྲང་དུ། །ལོ་ཆེན་གན་ཇག་ཐང་ཏ་ལ་གསོལ་བ་འདེབས། །ཅིར་སྣང་བོན་སྐུར་དག་པའི་གཞལ་ཡས་སུ། །ལང་གྲོ་དཀོན་མཆོག་འབྱུང་གནས་ལ་གསོལ་བ་འདེབས། །མཁྱེན་བརྩེ་ནུས་པའི་གཟི་བརྗིད་འབར་བ་ན། །མི་ཤིགས་གཡུང་དྲུང་འབྱུང་གནས་ལ་གསོལ་བ་འདེབས། །གང་འདུལ་འགྲོ་དོན་མཛད་པའི་ཕོ་བྲང་དུ། །དྲིན་ཆེན་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས། །ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོ་དང་། །བཀའ་སྐྱོང་སྲུང་མའི་ལྷ་ཚོགས་ལ་གསོལ་བ་འདེབས། །ཕྱི་ནང་འབྱུང་བའི་དྭངས་མ་དབང་དུ་གྱུར། །བདུད་བཞི་འཆི་བདག་གཡུལ་ལས་རྣམ་པར་རྒྱལ། །སྐྱེ་འཆི་མེད་པ་ཚེ་དབང་རིག་འཛིན་ཐོབ། །མི་འགྱུར་རྟག་པ་གཡུང་དྲུང་སྐུ་མཉེས་ཤོག །བསྙེན་སྒྲུབ་མཐར་ཕྱིན་ལྷག་པའི་ལྷ་ཞལ་འཁུམས། །རིག་སྟོང་རྩལ་རྫོགས་སྒྲིབ་བྲལ་གཞའ་ཚོན་ལུས། །ཐུགས་སྤྲུལ་ཁོད་སྤུངས་གཤེན་དང་དབྱེར་མེད་པར། །མཁའ་མཉམ་ཀློང་བདལ་དོན་གཉིས་མཐར་ཕྱིན་ཤོག །བསྟན་པའི་སྣང་ཆེན་ས་གསུམ་ཡོངས་ལ་ཁྱབ། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་རྟག་ཅིང་བརྟན། །བསྟན་པ་རྗེས་བཞག་མཛད་པ་མཐའ་རུ་ཕྱིན། །བསྟན་འགྲོའི་དགེ་ལེགས་རབ་ཏུ་རྒྱས་གྱུར་ཅིག །ཅེས་ཚེ་སྒྲུབ་བཻ་རོའི་ཐུགས་ཏིག་གི་བརྒྱུད་འདེབས་འདིའང་། མཁས་གྲུབ་རིག་འཛིན་ཡོངས་ཀྱི་འཁོར་ལོས་སྒྱུར་བ་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་སྨིན་གྲོལ་བདུད་རྩི་ཐོག་མར་ཐོབ་པའི་སྐལ་བཟང་ཅན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་བགྱིས་པ་དགེ་ལེགས་འཕེལ།། །།
དྲང་སྲོང་དྲི་མེད་ཀུན་ཏུ་དགེ་བ་ཞི་བའི་སྒོ་ནས་འཆི་མེད་རྡོ་རྗེའི་སྲོག་སྒྲུབ་པའི་མན་ངག་རིག་པ་འཛིན་པའི་སྙིང་ཏིག་ (Volume 34, Text 5)
༄༅། །དྲང་སྲོང་དྲི་མེད་ཀུན་ཏུ་དགེ་བ་ཞི་བའི་སྒོ་ནས་འཆི་མེད་རྡོ་རྗེའི་སྲོག་སྒྲུབ་པའི་མན་ངག་རིག་པ་འཛིན་པའི་སྙིང་ཏིག་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བི་མ་ལ་ཡ། དྲང་སྲོང་དྲི་མེད་ཐུགས་རྗེའི་ཟླ། །སྙིང་དབུས་མཁའ་ལ་རྟག་འཆར་བས། །འཆི་མེད་རྡོ་རྗེའི་སྲོག་སྒྲུབ་པའི། །གདམས་ཟབ་ཀུ་མུད་འབྱེད་ལ་དབང་། །གང་ཞིག་རིགས་དང་སྐལ་བར་ལྡན་པ་སྨིན་བྱེད་ཀྱིས་རྒྱུད་སྦྱངས་པ། དམ་ཚིག་དང་སྡོམ་པའི་ཀུན་སྤྱོད་ལ་ཉེ་བར་གནས་པའི་གང་ཟག་གིས་རྡོ་རྗེ་སྔགས་ཀྱི་མཐུ་ལ་བརྟེན་ནས་འཆི་བ་མེད་པའི་གོ་འཕང་དོན་དུ་གཉེར་བས་འདི་བསྒོམ་པར་བྱའོ། །འདི་ལ་གསུམ། སྒྲུབ་པའི་ཐབས། དབང་གི་ཆོ་ག །ལས་ཚོགས་མཐའ་རྒྱས་བསྟན་པའོ། །དང་པོ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ནི། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་མངོན་སུམ་དུ་དམིགས་ཏེ། ཨཿ རྟག་པ་མ་ཡིན་ཆོས་ཀྱི་སྐུ །ཆད་པ་མ་ཡིན་ལོངས་སྤྱོད་རྫོགས། །སོ་སོ་རང་རིག་དྲི་མ་མེད། །སྤྲུལ་པའི་འཁོར་ལོར་སྐྱབས་སུ་མཆི། །ལན་གསུམ་གྱིས་སྐྱབས་སུ་འགྲོ །ཧོཿ རྒྱལ་ཀུན་གསང་བ་འཛིན་པའི་བདག །དྲང་སྲོང་གྲུབ་པའི་རྣལ་འབྱོར་ལ། །བརྟེན་ནས་རྫོགས་པའི་བྱང་ཆུབ་ཕྱིར། །འཆི་མེད་རིག་འཛིན་བསྒྲུབ་པར་བགྱི། །ལན་གསུམ་གྱིས་སེམས་བསྐྱེད། མཐར་སྐྱབས་ཡུལ་རང་ལ་བསྟིམ། མཆོད་པའི་ཡོ་བྱད་རྣམས། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་གནས་ཡུལ་ཀུན། །དག་པ་རབ་འབྱམས་ཞིང་ཁམས་ཆེར། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས། །ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར། །ཨོཾ་ཨཱཿཧཱུྃ་གིས་བརླབ། གཉིས་པ་དངོས་གཞི་ལ། དྲང་སྲོང་དྲི་མེད་ལ་བརྟེན་ནས། །དབྱིབས་སྔགས་ཆོས་ཀྱི་ཏིང་འཛིན་གྱིས། །རྡོ་རྗེའི་སྐུ་དང་བདེ་ཆེན་གསུང་། །འཆི་མེད་གཉུག་མའི་ཡེ་ཤེས་བསྒྲུབ། །ཅེས་པས་དང་པོ་དབྱིངས་ཀྱི་རྣལ་འབྱོར་ལ་བརྟེན་ནས་རྡོ་རྗེའི་སྐུ་སྒྲུབ་པ་ནི། ཨཿ རིག་སྟོང་གཉུག་མ་དེ་བཞིན་ཉིད། །ཀུན་སྣང་སྙིང་རྗེ་སྒྱུ་མའི་ཚུལ། །རྒྱུ་ཡི་ཏིང་འཛིན་ཨཿདཀར་པོ། །སྙིང་དབུས་མི་ཤིགས་ཐིག་ལེའི་ཀློང་། །ཆུ་སྐྱེས་ཉི་ཟླའི་ག་འུར་ཤར། །དེ་ལས་འཕྲོས་པའི་འོད་ཟེར་གྱིས། །ལུས་གང་ནད་གདོན་སྡིག་སྒྲིབ་སྦྱངས། །སླར་ཡང་སྤྲུལ་པའི་འཁོར་ལོའི་འོག །པདྨ་དམར་པོ་འདབ་བཞིའི་དབུས། །ཡི་གེ་ཨཿལས་རྡོ་རྗེའི་མེས། །ཐ་མལ་ལུས་ཀྱི་བུད་ཤིང་བསྲེགས། །འོད་གསལ་ངང་ལས་སྐད་ཅིག་གིས། །བདག་ཉིད་དྲང་སྲོང་དྲི་མ་མེད། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །དཀའ་ཐུབ་ཆ་བྱད་སྐེམ་ཞིང་རིད། །སྨ་ར་སྨིན་མ་རིང་དུ་འཕྱང་། །རས་དཀར་དྲི་མེད་སྨད་གཡོགས་ཤིང་། །ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་གིས། །པད་དཀར་ཟླ་བའི་གདན་ལ་འགྱིངས། །ཕྱག་གཡས་བདུད་རྩི་སྤྱི་བླུགས་སྦྲེང་། །གཡོན་པས་ལུང་ཏང་ཕྲེང་བ་འདྲེན། །འཆི་མེད་གྲུབ་པའི་དྲང་སྲོང་ཚོགས། །འབུམ་ཕྲག་དུ་མའི་འཁོར་དང་བཅས། །བརྟན་གཡོའི་སྲིད་ཞིའི་དྭངས་བཅུད་ཀུན། །མ་ལུས་འདུས་པའི་ངོ་བོར་གསལ། །གནས་གསུམ་དེ་བཞིན་གཤེགས་ཀུན་གྱི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ནི། །ཡི་གེ་གསུམ་ལས་འོད་འཕྲོས་པས། །རི་བོ་ཀུན་ནས་འདུས་པའི་རྩེ། །ནགས་ཚལ་དྲྭ་བ་ཅན་གྱི་གནས། །འཕགས་པ་དགྱེས་པའི་ཕོ་བྲང་ནས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར། །ཨོཾ། མགོན་པོ་ཀུན་གཤེགས་ཐུགས་རྗེའི་གཏེར། །ད་ལྟ་སྙིགས་མ་ལྔ་ཡི་དུས། །རྣལ་འབྱོར་སྒྲུབ་ལ་བརྩོན་པ་རྣམས། །དུས་མིན་འཆི་བའི་འཇིགས་པ་དང་། །བར་ཆད་ཀུན་ལས་སྐྱོབ་པའི་ཕྱིར། །སྙིང་རྗེ་ཆེན་པོས་སྐུར་བཞེངས་ལ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབ། །འཆི་མེད་རྡོ་རྗེའི་དབང་མཆོག་སྐུར། །ཐུན་མོང་མཆོག་གི་དངོས་གྲུབ་སྩོལ། །ཨོཾ་བཛྲ་མ་ཧཱ་རྀ་ཥི་བི་མ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཛཿཧཱུྃ་བཾ་ཧོཿ ཧོཿ དམ་ཚིག་འོད་གསལ་གཉུག་མའི་ཀློང་། །ཡེ་ཤེས་ཕྱག་རྒྱ་དབྱེར་མེད་བཞུགས། །ཟུང་འཇུག་འདུས་མ་བྱས་པའི་ལྷར། །རང་ཞལ་མཇལ་བའི་ཕྱག་གིས་འདུད། །ཛྙཱ་ན་ས་མ་ཡ་ཏིཥྛནྟུ། ཨ་ཏི་པཱུ་ཧོཿ ན་མ་དྷཱིཿ ཨོཾ་ཨཱཿཧཱུྃ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ལས། །མཁའ་ཁྱབ་འདོད་ཡོན་རྒྱ་མཚོའི་གཏེར། །བདེ་བ་ཆེན་པོར་བཞེས་སུ་གསོལ། །ཨོཾ་བཛྲ་མ་ཧཱ་རྀ་ཥི་བི་མ་ལ་ས་པ་རི་ཝཱ་ར་སརྦ་པཱུ་ཛ་ས་མ་ཡ་ཨཱཿཧཱུྃ། ཨོཾ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་གསང་བ་འཛིན། །དྲང་སྲོང་ཆེན་པོ་དྲི་མ་མེད། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །བརྟན་གཡོ་སྲིད་ཞིའི་ཚེ་དཔལ་ཀུན། །རྣལ་འབྱོར་སྒོ་གསུམ་རྡོ་རྗེར་སྡོམས། །འཆི་མེད་གཉུག་མའི་ཡེ་ཤེས་སྐུ །མངོན་སུམ་འགྲུབ་པར་མཛད་དུ་གསོལ། །ཞེས་དམ་ཡེ་དབྱེར་མེད་དུ་བསྒྲུབས་པའི་ལྷ་སྐུ་ཕྱག་རྒྱ་ཆེན་པོ་ལ་མཆོད་བསྟོད་གསོལ་བ་གདབ་པ་སྔོན་དུ་འགྲོ་བས་ལུས་གནད་བཅས་རླུང་རོ་བསལ། རང་ལུས་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་སྙིང་པདྨ་དམར་པོ་འདབ་མ་བརྒྱད་པ་ཁ་ཅུང་ཟད་བྱེ་བ་ལྟ་བུའི་ཟེའུ་འབྲུར་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་ཏྲང་ཡིག་དཀར་པོ་མར་མེ་ལྟར་འབར་བ་ལ་སེམས་ཞུགས་པ་བཞིན་ཆེར་གྱིས་གཏད་པས། དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང་། ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བ་བག་ཆགས་དང་བཅས་པ་སྦྱངས། བ་སྤུའི་བུ་ག་ནས་ཕྱིར་ཐོན། མ་དག་པ་འབྱུང་བ་བཞིའི་དྭངས་བཅུད་དང་། དག་པ་ཡུམ་བཞིའི་ཡེ་ཤེས་དབྱེར་མེད་པ་འོད་ཟེར་སྣ་བཞིའི་རྣམ་པར་ནམ་མཁའ་གང་བར་སྤྱན་དྲངས་ཏེ། རང་གི་ལུས་ལ་ཐིམ་པས་ཤ་ཁྲག་དྲོད་དབུགས་ཀྱི་ཁམས་ནས་ཚེ་ཉམས་པ་སོར་ཆུད། གནས་པ་གོང་དུ་སྤེལ། འཕེལ་བ་བརྟན་ཅིང་ནུས་པ་དང་ལྡན་པས་གཞོམ་མེད་རྡོ་རྗེའི་སྐུར་གྱུར་པའི་གཟི་བྱིན་ཉི་མ་འབུམ་གྱི་སྣང་བ་ལྟར་འབར་བས་འཇིག་རྟེན་ཀུན་ཏུ་ཁྱབ་པར་བསམ་ལ་ལྷ་སྐུའི་གསལ་སྣང་ཁོ་ནར་སེམས་རྩེ་གཅིག་ཏུ་གཟུང་། མཐར་རླུང་བུམ་པ་ཅན་ཁ་སྦྱར་བ་བདུན་ནམ་ཉེར་གཅིག་གིས་བརྟན་པར་བྱ་བ་ནི་ཐུན་མོང་གི་ཚེ་སྒྲུབ་པའོ། །གཉིས་པ་སྔགས་ཀྱི་རྣལ་འབྱོར་ལ་བརྟེན་ནས་བདེ་ཆེན་གྱི་གསུང་སྒྲུབ་པ་ནི། སྙིང་གའི་ས་བོན་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་འོད་ཟེར་དཀར་པོ་འཕྲོ་བཞིན་པ་ལ་སེམས་གཏད་པས། དེ་ལས་འོད་འཕྲོས། ལུས་ཀྱི་ནང་གང་། མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟར་གདོད་ནས་གྲུབ་པའི་རྩ་རླུང་ཐིག་ལེའི་དཀྱིལ་འཁོར་གསལ་བར་བྱས། ཁྱད་པར་རྩ་གསུམ་འཁོར་ལོ་བཞི་ལྷག་པར་གསལ་བའི་སྨིན་མཚམས་ཀྱི་དབུ་མའི་ནང་དུ་ཐིག་ལེ་དཀར་པོ་དང་། ལྟེ་འོག་ཏུ་དམར་གསལ་སྲན་མ་ཙམ་པ་བདེ་སྟོང་གི་ངོ་བོར་གསལ་བ་ལ་ཡིད་གཏད་དེ་སྔགས། ཨོཾ་ཏྲང་དུ་ཏྲི་ན་ཏྲང་དུ་ཛ་ཛཿ མ་མ་ཨཱ་ཡུར་ཚེ་བྷྲཱུྃ་ནྲྀ་ཛ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་ཡིད་ཀྱིས་བཟླས་པས། ཐིག་ལེ་དང་སྔགས་ཕྲེང་ལས་འོད་ཟེར་འཕྲོས། མ་དག་ཁམས་གསུམ་གྱི་འགྲོ་བའི་ཚེ་བསོད་དཔལ་འབྱོར་ཏིང་འཛིན་ནུས་སྟོབས་ཐམས་ཅད་དང་། དག་པ་རྒྱལ་བ་སྲས་དང་བཅས་པའི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཐམས་ཅད་འཆི་མེད་བདུད་རྩིའི་རྣམ་པར་སྤྱན་དྲངས། ཐིག་ལེ་གཉིས་ལ་ཐིམ། དེ་དག་ལས་བདུད་རྩི་དཀར་དམར་བདེ་དྲོད་ཀྱི་རང་བཞིན་ཅན་དཔག་ཏུ་མེད་པ་བབས་ཤིང་འཕྱུར་བས་རྩ་གསུམ་འཁོར་ལོ་བཞིའི་ནང་གང་། དྭངས་མ་སྙིང་གའི་ས་བོན་ལ་ཐིམ། བ་སྤུའི་བུ་ག་ཚུན་ཆད་བདུད་རྩིའི་ཟིལ་པ་ལས་གྲུབ་པའི་དངུལ་ཆུ་ལྟ་བུས་ཕྲོམ་མེར་གཏམས་པས་རླུང་སེམས་ཐིག་ལེའི་སྒོ་ནས་ཚེ་ཉམས་པ་སོར་ཆུད། གནས་པ་སྤེལ། འཕེལ་བ་བརྟན་ཅིང་ནུས་པ་དང་ལྡན་པས་ལས་ཀྱི་རླུང་དབུ་མར་ཐིམ་ནས་བདེ་བ་ཆེན་པོ་འཆི་མེད་རྡོ་རྗེའི་སྲོག་འགྲུབ་པར་བསམ་ལ་རླུང་ཁ་སྦྱར་ཞིང་སྔགས་ཡིད་བཟླས་བྱ་བ་ནི་ཁྱད་པར་གྱི་ཚེ་སྒྲུབ་པའོ། །དེས་སྐྱོ་ན་འོད་ཟེར་སྤྲོ་བསྡུ་གོང་བཞིན་དམིགས་ལ་ངག་བཟླས་ཀྱང་ཅི་རིགས་པར་བྱའོ། །གསུམ་པ་ཆོས་ཀྱི་རྣལ་འབྱོར་ལ་བརྟེན་ནས་འོད་གསལ་ཡེ་ཤེས་ཆེན་པོའི་ཐུགས་སྒྲུབ་པ་ནི། ཐུན་མཐར་འཁོར་འདས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་འོད་ཟེར་འཇའ་ཚོན་གྱི་རྣམ་པས་ཐིག་ལེ་གཉིས་ལ་ཐིམ། ཐིག་ལེ་གཉིས་བདེ་སྟོང་ཆེན་པོའི་ངོ་བོར་ཞུ་ནས་སྙིང་གའི་ཏྲང་ལ་ཐིམ། ཏྲང་མར་མེ་ལྟར་འབར་བའི་འོད་ཀྱིས་ཉི་ཟླའི་གའུ་སྲ་ཞིང་བརྟན་པར་བྱས། པདྨ་ཁ་ཟུམ་པས་བར་ཆད་གང་གིས་ཀྱང་མི་ཚུགས་པར་སྲུང་ཞིང་། ཡེ་ཤེས་ཀྱི་ཁམས་ནས་ཚེ་ཉམས་པ་སོར་ཆུད། གནས་པ་སྤེལ། འཕེལ་བ་བརྟན་ཅིང་ནུས་པ་དང་ལྡན་པར་བསམ་ལ་འཇམ་རླུང་རང་བབས་སུ་བཟུང་། མིག་ནམ་མཁར་གཏད། རིག་པ་འཛིན་མེད་དུ་བཞག་པ་ནི་ཐུན་མོང་མ་ཡིན་པའི་ཚེ་སྒྲུབ་པའོ། །གསུམ་པ་རྗེས་ནི། ཐུན་ལས་ལྡང་བ་ན་དབྱངས་གསལ་རྟེན་སྙིང་ཡི་གེ་བརྒྱ་པ་ལན་གསུམ་རེས་ལྷག་ཆད་ཁ་བསྐང་ཞིང་ནུས་པ་སྤེལ། མཆོད་བསྟོད་གསོལ་བ་གདབ། སྤྲོ་ན་ཐུགས་དམ་བསྐུལ་བ་ནི། ཨོཾ། ངོ་བོ་འོད་གསལ་ཆོས་སྐུའི་དབྱིངས། །ཀུན་ཏུ་བཟང་པོའི་ཐུགས་དམ་བསྐུལ། །ཡེ་ཤེས་ཆེན་པོའི་ཚེ་བཅུད་སྡུས། །འཆི་མེད་གཉུག་མའི་དངོས་གྲུབ་སྩོལ། །རང་བཞིན་བདེ་སྟོང་ལོངས་སྤྱོད་རྫོགས། །གསང་བདག་དཔའ་བོའི་ཐུགས་དམ་བསྐུལ། །བདེ་བ་ཆེན་པོའི་ཚེ་བཅུད་སྡུས། །མི་འགྱུར་རྟག་པའི་དངོས་གྲུབ་སྩོལ། །ཐུགས་རྗེས་འགྲོ་འདུལ་སྤྲུལ་པའི་སྐུ །དྲང་སྲོང་དྲི་མེད་ཐུགས་དམ་བསྐུལ། །བརྟན་གཡོ་ཀུན་གྱི་ཚེ་བཅུད་སྡུས། །རིག་འཛིན་གྲུབ་པའི་དངོས་གྲུབ་སྩོལ། །རྩ་ཁམས་འཕོ་མེད་རྡོ་རྗེའི་སྐུ །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །རླུང་ལྔ་དབུ་མར་ཐིམ་པའི་གསུང་། །ནད་མེད་བཅུད་ཀྱི་དངོས་གྲུབ་སྩོལ། །ཐིག་ལེ་བདེ་སྟོང་ཆེན་པོའི་ཐུགས། །འཛད་མེད་ནོར་གྱི་དངོས་གྲུབ་སྩོལ། །ཡེ་ཤེས་བསམ་མི་ཁྱབ་པའི་དབྱིངས། །ཐོགས་མེད་ཤེས་རབ་དངོས་གྲུབ་སྩོལ། །ཨོཾ་ཏྲང་དུ་ཏྲི་ན་ཏྲང་དུ་ཛ་ཛཿ མ་མ་ཨཱ་ཡུར་ཚེ་བྷྲཱུྃ་ནྲྀ་ཛ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་པའི་སྔགས་མཐར། སརྦ་སིདྡྷི་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨ་ཛཿཧཱུྃ་བཾ་ཧོཿ ཞེས་མང་དུ་བརྗོད། ཚོགས་ཀྱི་མཆོད་པ་བྱེད་ན། དཀར་གསུམ་མངར་གསུམ་གྱི་བཟའ་བཏུང་གཙང་ཞིང་གྱ་ནོམ་པ། རཾ་ཡཾ་ཁཾ་གིས་བསང་། ཞལ་ཟས་ཚོགས་ཀྱི་ལོངས་སྤྱོད་ཀུན། །ལྷག་མཐོང་མེ་ཡིས་དངོས་འཛིན་བསྲེགས། །ཆོས་ཉིད་རླུང་གིས་བག་ཆགས་གཏོར། །ཞི་གནས་ཆུ་ཡིས་རྟོག་པ་སྦྱངས། །སྟོང་གསལ་འདུས་མ་བྱས་པའི་ངང་། །ལྷུན་གྱིས་གྲུབ་པའི་སྣོད་མཆོག་ཏུ། །ཟག་མེད་བདེ་ཆེན་བདུད་རྩིའི་བཅུད། །འདོད་ཡོན་རྒྱ་མཚོའི་སྤྲིན་དུ་གྱུར། །ཨོཾ་ཨཱཿཧཱུྃ། ཨོཾ། ཀུན་ཏུ་བཟང་པོ་རྡོ་རྗེ་འཛིན། །དྲང་སྲོང་དྲི་མེད་ཚེ་ཡི་བདག །རྩ་གསུམ་རྒྱ་མཚོ་འཁོར་དང་བཅས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །དམ་ཚིག་ཉམས་ཆག་ཉེས་ལྟུང་བཤགས། །དུས་མིན་འཆི་བའི་བར་ཆད་སོལ། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྤེལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་གུ་རུ་བཛྲ་མ་ཧཱ་རྀ་ཥི་བི་མ་ལ་དྷེ་བ་དྷཱ་ཀི་ནཱི་ག་ཎ་པཱུ་ཛ་ཁཱ་ཧི། ཞལ་ཟས་བདུད་རྩིར་བསམ་སྟེ་རོལ། །ལྷག་མ་འབྱུང་པོའི་ཚོགས་ལ་སྦྱིན། །གསང་བདག་དྲང་སྲོང་དྲི་མེད་ཀྱི། །ཡེ་ཤེས་ཐུགས་རྗེའི་རྣམ་འཕྲུལ་དང་། །བཀའ་ཉན་འཇིག་རྟེན་སྐྱོང་བའི་ཚོགས། །ལྷག་གཏོར་འདི་བཞེས་ཕྲིན་ལས་སྒྲུབས། །ཨོཾ་ཨུཙྪིཥྚ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ མཐར་འོད་གསལ་དུ་བསྡུ་བ་ནི། སྐུ་གསུམ་མི་ཕྱེད་ལས་བྱུང་བའི། ཁམས་གསུམ་བརྟན་གཡོའི་སྣང་ཆ་ཀུན། །རང་རིག་སྐྱེ་མེད་ཏྲང་ལ་ཐིམ། །དེ་ཡང་འོད་གསལ་དབྱིངས་སུ་ཡལ། །ཨ་ཨ་ཨ། ཟུང་འཇུག་གི་སྐུར་ལྡང་བ་ནི། ཤིན་ཏུ་ཕྲ་བའི་རླུང་སེམས་ལས། །དྭངས་མ་མི་ཤིགས་གསུམ་ལྡན་པའི། །བརྟན་གཡོ་ཀུན་ཁྱབ་རིག་པ་འཛིན། །མཁའ་ལ་འཇའ་ཚོན་བཞིན་དུ་ཤར། །ཧཱུྃ་ཧཱུྃ་ཧཱུྃ། ཧོ། འཆི་མེད་གྲུབ་པའི་དྲང་སྲོང་གི །རྡོ་རྗེ་གསུམ་དང་མཉམ་སྦྱར་བས། །མཁའ་ཁྱབ་འགྲོ་བ་མ་ལུས་ཀུན། །ཡེ་ཤེས་གཉུག་མའི་སྐུ་ཐོབ་ཤོག །བྱིན་རླབས་གཟི་བརྗིད་འོད་དུ་འབར། །དངོས་གྲུབ་འདོད་དགུའི་རྒྱ་མཚོ་འཁྱིལ། །ཕྲིན་ལས་ཐོགས་མེད་རྩལ་འཆང་བ། །རྩ་གསུམ་འཁོར་ལོའི་བཀྲ་ཤིས་ཤོག །ཅེས་བསྔོ་སྨོན་ཤིས་བརྗོད་ཀྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ ༈ །བསྙེན་སྒྲུབ་འབྲེལ་མར་བྱེད་ན། གནས་གཙང་ཞིང་བཀོད་པས་མཛེས་པར་དཀྱིལ་འཁོར་གྱི་དབུས་སུ་མཎྜལ་པད་འདབ་བཞི་པར་མེ་ཏོག་སིལ་མའི་ཚོམ་བུ་བཀོད་པའི་སྟེང་དུ་མཉྫིའི་ཁར་བུམ་པ་བཅུད་ལྡན། གཡས་སུ་ཚེ་རིལ། གཡོན་དུ་ཚེའི་བདུད་རྩི་འོ་མ་དང་དཀར་གསུམ་སྦྱར་བ། མདུན་དུ་འབུལ་གཏོར་དཀར་ཟླུམ་དཀར་མངར་ཤིང་ཏོག་སྣ་ཚོགས་ཀྱིས་བརྒྱན་པ་བཤམ། མཆོད་པའི་ཡོ་བྱད་རྣམས་ཚོགས་པར་བྱ། མཚམས་དམ་དུ་བཅད་ལ་བདག་དང་སྒྲུབ་རྟེན་དབྱེར་མེད་དུ་གསལ་གདབ་ཅིང་རྣལ་འབྱོར་གསུམ་ཇི་སྐད་བཤད་པ་བཞིན་ལ་ངག་བཟླས་གཙོ་བོར་བཏོན། ཐུན་མཚམས་གཏོར་མ། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཞལ་ཟས་གཏོར་མའི་ལོངས་སྤྱོད་ཀུན། །ཅེས་སོགས་ཀྱིས་བྱིན་བརླབས་ལ། ཨོཾ་བཛྲ་མ་ཧཱ་རྀ་ཥི་བི་མ་ལ་ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་བྷུཉྫ་ཧོ། ཞེས་ལན་བདུན་གྱིས་འབུལ། མཆོད་བསྟོད་འདོད་དོན་གསོལ། མདའ་དར་ཡོད་ན་གཡབ་ཅིང་ཚེ་འགུགས་བསྐུལ་པའི་དངོས་གྲུབ་བདག་དང་སྒྲུབ་རྫས་ལ་བསྟིམ། མ་རྙེད་ཡོངས་སུ་མ་ཚང་དང་། །སོགས་ཀྱིས་ནོངས་པ་བཤགས། བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བྱ། དེ་ལྟ་བུའི་རིམ་པས་སྔགས་འབུམ་ཕྲག་བཞི་བཟླ་བ་ནི་གྲངས། བདུན་ཕྲག་གསུམ་དུས། ཞལ་མཐོང་། སྔགས་ཐོས། ཏིང་འཛིན་འཕེལ། རྨི་ལམ་དུ་ཉི་ཟླ་འཆར་བ་སོགས་ནི་རྟགས་ཀྱི་རིམ་པ་སྟེ། དངོས་གྲུབ་འདོད་པས་རྟགས་མཐོང་བའི་བར་དུ་བརྩོན། ཁྲུས་དང་གཙང་སྦྲ་གཙོ་བོར་འདོན། གསང་བའི་དམ་ཚིག་ཏུ་བཅའ་གཞི་མིས་མ་མཐོང་བར་བྱ། རྟགས་མཐོང་ན་དངོས་གྲུབ་བླང་ཞིང་ཚོགས་ཀྱི་མཆོད་པ་བཟང་པོས་ཞལ་བསྲོའོ།། ༈ །།གཉིས་པ་དབང་གི་ཆོ་ག་ནི། རྣལ་འབྱོར་གསུམ་གྱི་དབང་ཡང་བསྐུར། །ཞེས་པས། སྦྱོར་བ་ཡོ་བྱད་ཀྱི་གཤོམ་གོང་དུ་བཤད་པ་ལྟར་འདུ་བྱས་ཏེ། བདག་མདུན་ཐ་དད་དམ། དབྱེར་མེད་དུ་བསྒྲུབ། ཚོགས་ཀྱིས་མཆོད། བདག་འཇུག་རྒྱས་བསྡུས་གང་རིགས་བླང་། སློབ་མ་ཁྲུས་བྱ། བགེགས་ཕྲལ། སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ནས་མཚམས་སྦྱོར་གྱི་ཁྱད་པར། དེ་ལ་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པའི་མཐུ་སྟོབས་ཀྱི་རྩལ་འཆང་བ་དཔལ་གསང་བའི་བདག་པོའི་ཡེ་ཤེས་ཀྱི་སྐུ་གཟུགས་གཞན་དུ་བསྒྱུར་བ་ན། དྲང་སྲོང་ཆེན་པོ་དྲི་མ་མེད་པ་ཞེས་འཆི་མེད་གྲུབ་པའི་རིག་འཛིན་ཆེན་པོའི་ཚུལ་གྱིས་འགྲོ་བ་མཐའ་ཡས་པའི་དོན་མཛད་ཅིང་། ཞི་བ་ལྟར་བསྙེན་པས་རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོའི་དངོས་གྲུབ་ཀྱི་འབྱོར་པ་ཆེན་པོ་རྒྱས་པ་དང་། དྲག་པོར་བསྒྲུབས་པས་སྡེ་བརྒྱད་གདུག་པ་ཅན་ཟིལ་གྱིས་གནོན་ཅིང་ས་གསུམ་གྱི་བྱད་ཕུར་རྦོད་གཏོང་ཟློག་པ་ལ་མཆོག་ཏུ་བསྔགས་པ། རིག་པའི་གཟུངས་དྲག་པོ་འབུམ་ཕྲག་ཀུན་གྱི་མཐར་ཐུག་གནམ་ལྕགས་ཀྱི་ཐོག་ལྟ་བུ་སྔགས་རྒོད་ལོཀྟྲི་པཱ་ལ་ཞེས་འཇིག་རྟེན་ན་ཉི་ཟླ་ལྟར་གྲགས་པ་ལས། འདིར་ཞི་བ་ཚེ་སྒྲུབ་པའི་མན་ངག་དང་རྗེས་སུ་འབྲེལ་བར་བྱིན་རླབས་ཀྱི་གཟི་བྱིན་རིག་འཛིན་གྲུབ་པའི་ཞལ་ལུང་ཉམས་པ་མེད་པ་མངོན་སུམ་ཡེ་ཤེས་ཆེན་པོའི་ཟུངས་སུ་སྨིན་པའི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་ནི། ཡེ་ཤེས་ལུས་ཅན་བླ་མ་ནི། །དྲང་སྲོང་དྲི་མེད་སྐུར་བཞེངས་པས། །བདག་ལ་ཚེ་དང་ཡེ་ཤེས་ཀྱི། །དབང་བསྐུར་དམ་པ་བསྩལ་དུ་གསོལ། །ལན་གསུམ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་སོགས་རྒྱུན་བཤགས་ལན་གསུམ། ཚེ་འགུགས་བསྐུལ། སྐུ་ཡི་དབང་བསྐུར་བའི་སླད་དུ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས། ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱུང་བཞིའི་དྭངས་བཅུད་ཐམས་ཅད་འོད་ཟེར་ཁ་དོག་སྣ་བཞིའི་རྣམ་པར་བཀྲ་ཤིས་རྣམ་པར་རྒྱལ་བའི་བུམ་པའི་ནང་དུ་ཞུགས། ཞུ་ཞིང་ཁོལ་བས་ཚེ་ཡི་བདུད་རྩི་འཇའ་ཚོན་ལྟ་བུར་གྱུར་པ་ཁ་ནས་ལུད། སློབ་མའི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་གང་། འབྱུང་བཞིའི་སྒོ་ནས་ཚེ་ཉམས་པ་སོར་ཆུད། སྡིག་སྒྲིབ་བག་ཆགས་དང་བཅས་པ་དག་པའི་རྐྱེན་གྱིས་སྐད་ཅིག་གིས་ཕྱི་དབྱིབས་ཀྱི་ལུས་འཆི་མེད་དྲང་སྲོང་གྲུབ་པའི་སྐུར་ལམ་སྟེ་གྱུར་པར་བསམ་ལ། བུམ་པ་སྤྱི་བོར་བཞག །ཨོཾ། བཀྲ་ཤིས་བུམ་པའི་ཕྱག་རྒྱ་རུ། །འཁོར་འདས་འབྱུང་བཞིའི་བཅུད་བསྡུས་ཏེ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །རྡོ་རྗེའི་སྐུ་རུ་འགྲུབ་པར་ཤོག །སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། མཐར་སློབ་དཔོན་དང་དྲང་སྲོང་དྲི་མེད་ཐ་མི་དད་པའི་སྨིན་མཚམས་ནས་རང་འདྲ་བའི་ཡེ་ཤེས་ཀྱི་སྐུ་གཉིས་པ་བྱུང་། སློབ་མའི་སྨིན་མཚམས་སུ་ཐིམ་པས་དམ་ཚིག་ཡེ་ཤེས་དབྱེར་མེད་པར་རྒྱུད་བྱིན་གྱིས་བརླབས་པར་མོས་པ་བྱ། དེས་སྐུ་ཡི་དབང་ཐོབ། ལུས་ཀྱི་དྲི་མ་དག །དབྱིབས་ཀྱི་རྣལ་འབྱོར་ལ་བརྟེན་ནས་འཆི་མེད་རྡོ་རྗེའི་སྐུ་འགྲུབ་པ་ལ་དབང་བར་བྱས་པ་ཡིན་ནོ། །གསུང་གི་དབང་བསྐུར་བའི་སླད་དུ། ཚེ་ཡི་བདུད་རྩི་དཀར་ལ་དམར་བའི་མདངས་ཆགས་པ་སྟོང་པའི་ངོ་བོ་བདེ་བའི་རང་བཞིན། ཐུགས་རྗེའི་འོད་ཟེར་ཀུན་ཏུ་འཕྲོས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཅུད་དང་དགེ་མཚན་ཐམས་ཅད་འོད་ཟེར་དཀར་དམར་གྱི་རྣམ་པར་སྤྱན་དྲངས། བདུད་རྩིར་ཐིམ་པ་དེ་ཉིད་སློབ་མར་བྱིན་པས་བདེ་བ་ཆེན་པོའི་གཟི་བྱིན་མཆོག་ཏུ་འབར། རྩ་གསུམ་འཁོར་ལོ་བཞི་ལྷག་པར་གསལ། དྭངས་བཅུད་ཐམས་ཅད་དབུ་མའི་སྟེང་འོག་གི་ཐིག་ལེ་དཀར་དམར་ལ་ཐིམ། དེ་ལས་བྱུང་བའི་བདུད་རྩིའི་རྒྱུན་གྱིས་སྙིང་གའི་ས་བོན་ཏྲང་ཡིག་དཀར་པོ་གསོས་བཏབ་པས་བདེ་སྟོང་གི་ཡེ་ཤེས་བརྟན་པར་མོས་ཏེ། བདུད་རྩི་སྦྱིན་ལ། ཨཱཿ འཇིག་རྟེན་འཇིག་རྟེན་འདས་པའི་བཅུད། །ཡེ་ཤེས་ཆེན་པོའི་བདུད་རྩི་འདི། །སྐལ་ལྡན་བུ་ལ་སྦྱིན་པ་ཡིས། །བདེ་ཆེན་གསུང་དུ་འགྲུབ་པར་ཤོག །ཝཱཀ་ཨ་བྷི་ཥིཉྩ་ཨཱཿ མཐར་བདེ་རླུང་སེམས་གསུམ་དབྱེར་མེད་པའི་རྡོ་རྗེའི་སྔགས་སྒྲས་ཞིང་ཁམས་ཐམས་ཅད་ཡོངས་སུ་གང་བར་བསམ་ལ་སྔགས་ལན་གསུམ་བཟླར་གཞུག །དེས་གསུང་གི་དབང་ཐོབ། ངག་གི་དྲི་མ་དག །སྔགས་ཀྱི་རྣལ་འབྱོར་ལ་བརྟེན་ནས་བདེ་བ་ཆེན་པོ་འཆི་མེད་རྡོ་རྗེའི་གསུང་འགྲུབ་པ་ལ་དབང་བར་བྱས་པ་ཡིན་ནོ། ཐུགས་ཀྱི་དབང་བསྐུར་བའི་སླད་དུ། སློབ་དཔོན་གྱིས་ཨ་ཨ་ཨ་ཞེས་བརྗོད་པས་འཁོར་འདས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་བཅུད་ལེན་གྱི་རིལ་བུ་ལ་ཐིམ། རིལ་བུ་སྲིད་ཞིའི་དྭངས་མ་འོད་འབར་བ་སློབ་མའི་ཁ་སྒོ་ནས་ཞུགས། སྙིང་གའི་ཏྲང་ལ་ཐིམ་པར་མོས་ཏེ། ཧཱུྃ། འཁོར་འདས་སྣོད་བཅུད་ཐམས་ཅད་ཀྱི། །དྭངས་མ་འཆི་མེད་ར་སཱ་ཡཱན། །སྐལ་ལྡན་བུ་ལ་སྦྱིན་པ་ཡིས། །འོད་གསལ་ཐུགས་སུ་འགྲུབ་པར་ཤོག །ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། མཐར་སྣང་ཆའི་ལྷ་སྐུ་ས་བོན་ལ་ཐིམ། དེ་འོད་གསལ་གྱི་དབྱིངས་སུ་སྦྱངས་ཏེ་མཉམ་པར་བཞག་པས་སྟོང་པ་ཉིད་ཀྱི་ངང་དུ་ཚེ་སྦ། དེས་ཐུགས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ཆོས་ཀྱི་རྣལ་འབྱོར་ལ་བརྟེན་ནས་འཆི་མེད་འོད་གསལ་གྱི་ཐུགས་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །སླར་ཡང་འོད་གསལ་གྱི་ངང་ལས་མི་ཤིགས་དྭངས་མ་གསུམ་ལྡན་འཆི་མེད་དྲང་སྲོང་གྲུབ་པའི་སྐུར་གྱུར་པ་བརྟན་པར་བྱ་བའི་སླད་དུ་ཤིས་པ་བརྗོད་པ་རྒྱ་ཆེར་སྤེལ་ཞིང་། རྗེས་ཀྱི་བྱ་བ་སྤྱི་ལྟར་བྱའོ།། ༈ །།གསུམ་པ་ལས་ཚོགས་མཐའ་རྒྱས་བསྟན་པ་ལ། སྡོམ་ནི། འཁོར་ལོས་སྲུང་དང་རིལ་བུས་བྱེར། །ནད་ཞི་ཤེས་རབ་རྒྱས་པ་དང་། །ནོར་འགུགས་དམོད་པའི་མངོན་སྤྱོད་བརྩམ། །བཅུད་ཀྱིས་ལེན་དང་འདོད་དོན་སྒྲུབ། །དྲང་སྲོང་དྲི་མེད་གྲུབ་པ་ཡི། །ལས་ཚོགས་མཐའ་རྒྱས་བསྟན་པ་འོ། །དེ་ལ་དང་པོ་འཁོར་ལོ་ལ་བརྟེན་ནས་ཚེ་གེགས་སྲུང་བ་ནི། ཙཀྲ་མུ་ཁྱུད་ལྔ་ལྡན་ལྟེ་བར་ཧཱུྃ་གི་མཐར། ཨོཾ་བཛྲ་པཱ་ཎི་ཧཱུྃ་མ་མ་ཀཱ་ཝཱ་ཙི་རཀྵ་རཀྵཿ མུ་ཁྱུད་དང་པོར་ཚེ་སྔགས་ཨོཾ་ཏྲང་དུ་ཏྲི་ན་ཏྲང་དུ་ཛ་ཛཿ མ་མ་ཨཱ་ཡུར་ཚེ་བྷྲཱུྃ་ནྲྀ་ཛ་སརྦ་སིདྡྷི་ཕ་ལ་ཧཱུྃ། མཐར་གོང་གི་སྤེལ་ཚིག །མ་མ་ཀཱ་ཝཱ་ཙི་རཀྵ་རཀྵཿ གཉིས་པར་རྩིབས་བརྒྱད་ལ། ཨོཾ་ལོཀྟྲི་པཱ་ལ་ནན་སྲུངས། ས་ག་པཱ་ཤ་ནན་སྲུངས། ནཱ་ག་དུ་དུ་ནན་སྲུངས། མ་མཾ་མ་མཾ་སྲུངས། ཙིར་ཙར་ཙིར་ཙར་སྲུངས། བཾ་རུ་ལུ་བཾ་རུ་ལུ་སྲུངས། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་སྲུངས། ཧོ་ར་ཧོ་ར་སྲུངས་བར་སྔགས་ཚན་བརྒྱད། རྩིབས་མཆན་ལ། འཇིག་རྟེན་མགོན་པོས་སྲུངས། ས་བདག་གིས་སྲུངས། ཀླུ་བདུད་ཀྱིས་སྲུངས། མ་མོས་སྲུངས། བཙན་གྱིས་སྲུངས། བདུད་ཀྱིས་སྲུངས། གཟའ་བདུད་ཀྱིས་སྲུངས། རྒྱལ་པོས་སྲུངས། ཞེས་སོ་སོར་གཡས་སྐོར་དུ་བྲི། གསུམ་པ་རྩིབས་བཞིར། ཙི་དུ་སོད་ཙི་དུ་སོད་སརྦ་བིགྷྣཱན་ཤཱ་ཏྲུན་ཨ་པ་ཀཱ་ར་བྷྱོ་བྷྱོ་ཟློག་ཟློག །ཤིགས་ལྷུ་རུ་གཏུབས་སརྦ་བིགྷྣཱན་ཤཱ་ཏྲུན་ཨ་པ་ཀཱ་ར་བྷྱོ་བྷྱོ་ཟློག་ཟློག །ཧ་ལ་པ་ཏི་ནན་སརྦ་བིགྷྣཱན་ཤཱ་ཏྲུན་ཨ་པ་ཀཱ་ར་བྷྱོ་བྷྱོ་ཟློག་ཟློག །འཁོར་བ་ཐུལ་སརྦ་བིགྷྣཱན་ཤཱ་ཏྲུན་ཨ་པ་ཀཱ་ར་བྷྱོ་བྷྱོ་ཟློག་ཟློག་གི་བར་སྔགས་ཚན་བཞི་གཡོན་སྐོར་དུ་བྲི། བཞི་པར་དབྱངས་གསལ་རྟེན་སྙིང་གི་མཐར་སྲུང་བའི་སྤེལ་ཚིག་གང་ཤེས་རྒྱས་པར་བཏགས་པ་གཡས་སྐོར་དང་། ལྔ་པར་རྡོར་རྭ་མེ་འོད་འཕྲོ་བས་བསྐོར། གུར་གུམ། གི་ཝང་། ཤུ་དག་གི་ཆུས་བྱུགས། ཡུངས་དཀར། གུ་གུལ། ཤིང་ཀུན་དང་ལྷན་ཅིག་ཏུ་འཁོར་ལོ་མཎྜལ་གྱི་སྟེང་དུ་བཞག །བདག་གི་རྣལ་འབྱོར་ལ་གནས་པས་ཙཀྲ་བསང་སྦྱང་། སྟོང་པའི་ངང་ལས་སྐད་ཅིག་གིས། །རྡོ་རྗེ་སྲུང་བའི་གུར་ཆེན་དབུས། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །ཆོས་སྲུང་རྒྱ་མཚོའི་སྤྲིན་ཕུང་འཁྲིགས། །དེ་དབུས་པད་ཉི་དགྲ་བགེགས་སྟེང་། །ལོཀྟྲི་པཱ་ལ་ཤིན་ཏུ་འཇིགས། །མཐིང་ནག་དབུ་བརྒྱ་ཕྱག་སྟོང་འབར། །ཕྱག་མཚན་མཚོན་ཆ་སྣ་ཚོགས་གདེངས། །དེ་ཡི་ཐུགས་ཀར་དྲང་སྲོང་་་ཕྱག་བཞི།ཁྲོས། །ཡེ་ཤེས་སེམས་དཔའ་སྤྲུལ་སྐུར་བཞེངས། །དེ་ཡི་ཐུགས་ཀར་དྲི་མེད་ཞི། །ལོངས་སྤྱོད་ཡོངས་སུ་རྫོགས་པའི་ཚུལ། །དེ་ཡི་ཐུགས་ཀར་རྡོ་རྗེ་འཛིན། །ཆོས་ཀྱི་སྐུ་དང་དབྱེར་མེད་བཞུགས། །གནས་གསུམ་བྱིན་རླབས་ནས་མཆོད་བསྟོད་བར་གོང་གི་སྒྲུབ་ཐབས་ལྟར་བྱ། ཐུགས་སྲོག་ཧཱུྃ་གི་ཐིག་ལེ་དང་། །བསྲུང་བྱའི་སྒོ་གསུམ་དབྱེར་མེད་འདྲེས། །མི་ཤིགས་གསུམ་ལྡན་འོད་ཟེར་སྤྲིན། །མེ་མཚོན་ཁྲོ་བོའི་ཚུལ་དུ་སྤྲོས། །ཕྱོགས་དུས་རྒྱལ་བ་མཆོད་པས་མཉེས། །གནོད་བྱེད་འབྱུང་པོ་རྡུལ་དུ་བརླག །བྱད་ཕུར་རྦོད་གཏོང་དབྱིངས་སུ་ཟློག །ཐམས་ཅད་རིག་རྩལ་གཉུག་མའི་ངང་། །ཚུར་འདུས་ཐུག་སྲོག་ཐིག་ལེར་ཐིམ། །བྱིན་རླབས་ནུས་སྟོབས་འབར་བར་གྱུར། །འཁོར་ལོ་ལ་བཀོད་པའི་སྔགས་རྣམས་དང་། གཙོ་བོར་ཞི་སྔགས་སྤེལ་ཚིག་ཅན་བཟླ། མཐར་མཆོད་བསྟོད་འདོད་དོན་གསོལ། རྟེན་སྙིང་མང་དུ་བཟླས་པའི་མེ་ཏོག་འཐོར་ལ་བརྟན་བཞུགས་བྱས་རྗེས། སྲུང་འཁོར་ཡོངས་གྱུར་མུ་ཁྱུད་དང་། །ལྷ་རྣམས་སྔགས་ཀྱི་ཡི་གེ་སྟེ། །བསྲུང་བྱ་མིང་སྤེལ་དབྱེར་མེད་པའི། །ཡེ་ཤེས་ཙཀྲ་མཆོག་ཏུ་གྱུར། །སླར་ཡང་བརྟན་བཞུགས་ཤིས་བརྗོད་རྒྱས་པར་བྱ། ལྟེ་བ་མ་ཉམས་པར་བལྟེབས་ལ་འབྱུང་བཞི་མཐུན་བསྡེབ་ཀྱི་ཆིངས་དང་བཅས་མགུལ་དུ་དྲོད་དང་མ་བྲལ་བར་འཆང་བས་རྡོ་རྗེའི་མཁར་དུ་ཚུད་པ་དང་འདྲ། སྲུང་དམིགས་རྒྱུན་ཁྱེར་བྱེད་ན། སྐྱབས་སེམས་སྔོན་འགྲོས་གོང་ལྟར་བདག་བསྐྱེད་ཀྱི་ཚུལ་དུ་གསལ་བཏབ་ལ། ཞི་སྔགས་གཉིས་དང་། ལོཀྟྲི་སྲུང་སྤེལ་ཅན་འཁོར་ལོར་བཀོད་པ་དང་འདྲ་བའི། ཙི་དུ་སོད་ཙི་དུ་སོད། ཤིགས་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། གནོད་བྱེད་འབྱུང་པོ་ཀཱ་ཝཱ་ཙི་བརླག་བརླག་ནྲྀ་བྷྲཱུྃ་ཧཱུྃ་ཛཿ མ་མ་སརྦ་རཀྵ་རཀྵཿ ཞེས་སྦྲེལ་བ་ཅི་རིགས་བཟླས་མཐར་ཉེར་བསྡུ་སོགས་སྤྱི་ལྟར་རོ། ༈ །གཉིས་པ་རིལ་བུ་ལ་བརྟེན་ནས་ཚེ་གེགས་བྱེར་བ་ནི། འདི་ཉིད་ཀྱི་རྒྱུད་ལས། སྟག་གི་སྡེར་མོ་མུ་ཟི་དང༔ སྤྱང་ཀིའི་བྲུན་དང་གླི་རྩི་དང༔ ཕོ་རོག་མགོ་དང་གུ་གུལ་ནག༔ ཐལ་ཆེན་བདུད་རྩི་་་དྲི་ཆེན།མ་ནུ་དང༔ གསེར་དང་ཚིལ་ཆེན་ཕ་བོང་དྲེག༔་་་ཕ་བོང་བྱང་བལྟ་དམར་པོའི་དྲེག་པ། གླང་དམར་པོའི།་་་རྭ་གཞོབ་སྐེ་ཚེ་བཙན་དུག་དང༔ པདྨ་རཀྟ་གུ་གུལ་དཀར༔ འདི་རྣམས་སྦྱར་ནས་ལུས་ལ་བཅང༔ དེས་ནི་གདོན་བགེགས་འཚེ་མི་འགྱུར༔ ཀླུ་ཡང་དྲི་ཚོར་ཙམ་གྱིས་འབྲོས༔ ཞེས་པའི། རྫས་སྣ་བཅུ་བདུན་ཁྲོལ་བུར་འཆང་བའམ། ཕྱེ་མར་བྱས་ཏེ་ལོ་བརྒྱད་ཀྱི་དྲི་ཆུ་བར་པ་ཤིང་ཀུན་དང་སྦྱར་བས་རིལ་བུར་དྲིལ། གང་ལྟར་ཡང་། རྫས་ལྷ་སྔགས་ཀྱི་རང་བཞིན་མེ་འོད་འཕྲོ་བར་བསམ་ལ་ཞི་སྔགས་ཅུང་ཟད་དང་། གཙོ་བོར་ལོཀྟྲི་སྤེལ་ཚིག་མེད་པའི་སྤྱི་འགྲོ་སྟོང་ཕྲག་ལས་མི་ཉུང་བས་བསྔགས་ཏེ་མགུལ་དུ་འཆང་བས་ནད་གདོན་བགེགས་རིགས་སོགས་ཚེའི་བར་ཆད་ཕྱོགས་སུ་ཉེ་མི་ནུས་ཤིང་བྱེར་བར་འགྱུར། དེས་མཚོན་ཏེ་དུ་བས་བདུག་པ་དང་། ཐིག་ལེ་བྱ་བ་སོགས་རྫས་སྲུང་སྤྱི་ལྟར་རོ། ༈ །གསུམ་པ་དྲང་སྲོང་དཀར་པོ་ལ་བསྟེན་ནས་ནད་ཞི་བ་ནི། རང་དྲང་སྲོང་དྲི་མེད་ཟླ་བ་ལྟར་དཀར་ཞིང་། ཕྱག་གཡས་སྨན་གྱི་བདུད་རྩིས་གང་བའི་སྤྱི་བླུགས་དང་། གཡོན་ཨ་རུ་རའི་ཕྲེང་བ་བསྣམས་པ། བ་སྤུའི་ཁུང་བུ་ཀུན་ནས་སྨན་གྱི་བདུད་རྩི་ན་བུན་ལྟར་འཕྲོ་བར་གསལ་བཏབ་ནས། ཞི་སྔགས་ལ། སརྦ་བྱཱ་དྷི་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཏགས་པ་བཟླ། ཨ་རུ། ཅོང་ཞི། བྲག་ཞུན། སྤང་རྩི། ཨུཏྤལ་རྣམས་སེང་ལྡེང་གི་ཁཎྜས་སྦྱར་བའི་རིལ་བུ་ལ་བརྟན་གཡོའི་སྨན་བཅུད་ཐམས་ཅད་བསྟིམས་ནས་སྔགས་ཀྱིས་ངར་གདགས་པ་བསྟེན་ན་ནད་ཐམས་ཅད་ཞི་བར་འགྱུར་རོ། ཁྱད་པར་མིག་ནད་ལ། ཕྱག་གཡོན་མིག་འབྱེད་ཀྱི་ཕྱག་རྒྱ་ཅན་དུ་བསྒོམ། སྔགས་ཤམ། སརྦ་ཙཀྵུཿབྱཱ་དྷི་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། བཛྲ་ཨཀྵི་ཕུ་པྲ་བེ་ཤ་ཡ་ཕཊ། ཅེས་བཟླ། ཁ་ཆེ། ཡུང་བ། ཨ་རུ། རྟག་ངུ་། ཨ་བྷི་ཥ་རྣམས་ལོ་བརྒྱད་ཀྱི་དྲི་ཆུ་བར་པར་གླ་རྩི་དྲི་ཐོན་སྦྱར་བས་རིལ་བུར་དྲིལ་བ་ལ་བཏབ་ནས་བྱུགས་པའམ་ཁོང་དུ་བཏང་བས་མིག་ནད་ཐམས་ཅད་བྱང་ཞིང་རྡོ་རྗེའི་མིག་ཐོབ་པར་འགྱུར་རོ། ༈ །བཞི་པ་དྲང་སྲོང་སེར་པོ་ལ་བསྟེན་ནས་ཤེས་རབ་སྤེལ་བ་ནི། རང་དྲང་སྲོང་དྲི་མེད་གསེར་མདོག་རལ་གྲི་དང་། ཤེལ་ཕྲེང་འཛིན་པ། བ་སྤུའི་ཁུང་བུ་ཀུན་ནས་འོད་ཟེར་ཉི་མ་འཆར་ཀའི་མདངས་ཅན་འཕྲོ་བས་འཁོར་འདས་ཐམས་ཅད་ཀྱི་ཤེས་རབ་དང་ཡེ་ཤེས་རང་དབང་མེད་པར་བསྡུ་བའི་སྐུར་གསལ་ལ། ཞི་སྔགས་མཐར། པྲ་ཛྙཱ་སིདྡྷི་ཕ་ལ་ཧཱུྃ། ཞེས་བཏགས་པ་བཟླ། ཟླ་བ་ཉ་བའི་དུས་སུ་རིན་པོ་ཆེའི་སྣོད་དུ་ཆུ་གཙང་མར་ཤུ་དག་དཀར་པོའི་ཕྱེ་མ་བཏབ་པར་བསྔགས་ཏེ་མཚན་ཐོག་ཐག་ཏུ་བཟླ། ནངས་པར་བཏུང་བས་ཤེས་རབ་ཕྱོགས་མེད་དུ་སྐྱེ་ཞིང་། ཁྱད་པར་སྤོབས་པ་གཞན་གྱིས་མི་འཕྲོག་པར་འགྱུར་རོ། ༈ །ལྔ་པ་དྲང་སྲོང་དྲི་མེད་དམར་པོ་ལ་བསྟེན་ནས་ནོར་དགུག་པ་ནི། མདུན་དུ་ཟངས་ཀྱི་མཎྜལ་སྟེང་གཏོར་མ་ཟླ་གམ་དམར་པོ་ལ་མེ་ཏོག་དམར་པོ་དང་ཤིང་ཏོག་གིས་བསྐོར། བདག་བསྐྱེད་སྔོན་དུ་འགྲོ་བས། མདུན་གྱི་གཏོར་མའི་སྟེང་གི་ནམ་མཁར། དྲང་སྲོང་དྲི་མེད་པདྨ་རཱ་གའི་མདངས་འོད་འཚེར་བ། ཞི་ཞིང་ཆགས་པའི་ཉམས་ཅན། གཡས་པདྨའི་ལྕགས་ཀྱུ་དང་། གཡོན་ཞགས་པ་བསྣམས་པ། བ་སྤུའི་ཁུང་བུ་ཀུན་ནས་འོད་ཟེར་བྱེ་རུའི་ཞུན་མ་ལྟ་བུ་འཕྲོ་བས་འཁོར་འདས་ཀྱི་དྭངས་བཅུད་དབང་དུ་མཛད་པའི་སྐུར་གསལ། གནས་གསུམ་བྱིན་རླབས་ནས་མཆོད་བསྟོད་བར་བྱ། ཞི་སྔགས་མཐར། སརྦ་བཱ་སུ་སིདྡྷི་ཝཱ་ཤཾ་ཀུ་རུ་ཧོཿ ཞེས་བཏགས་པ་བཟླ། ཐུན་མཚམས་སུ་གཏོར་འབུལ་བྱ། མེ་ཏོག་དམར་པོའི་མཎྜལ་འབུལ་མཐར་ལྷ་འོད་དུ་ཞུ་གཏོར་མའི་རྫས་ལ་ཐིམ་པས་འདོད་རྒུ་འབྱུང་བའི་ནོར་བུར་བསམ་ལ་མཛོད་ཀྱི་ཕུགས་སུ་ནོར་གང་འདོད་པ་དང་ལྷན་ཅིག་ཏུ་སྦས་པས་འབྱོར་པའི་ཚོགས་ངང་གིས་འདུ་བར་འགྱུར་རོ། ༈ །དྲུག་པ་དྲང་སྲོང་དྲི་མེད་མཐིང་ག་ལ་བསྟེན་ནས་མངོན་སྤྱོད་དམོད་པའི་ལས་རྩོམ་པ་ནི། མདུན་དུ་ཕུང་སའི་ཧོམ་ནང་དུ་དགྲ་བགེགས་ཀྱི་ལིངྒ་བཅུག །དེ་སྟེང་མཎྜལ་འཁོར་ལོ་རྩིབས་བརྒྱད་པའི་ཁར་དམར་གཏོར་གཙོ་འཁོར་དགུ་པ་ཤ་ཁྲག་མཚེ་ཡུངས་སོགས་ཀྱིས་བརྒྱན་པ་དྲག་མཆོད་བཅས་བཤམ། བདག་བསྐྱེད་སྔོན་དུ་འགྲོ་བས། མདུན་དུ་གནམ་ལྕགས་འཁོར་ལོ་ནི། །རྩིབས་བརྒྱད་རྣོ་དབལ་ལྡན་པའི་དབུས། །པད་ཉི་དྲེགས་པའི་གདན་གྱི་སྟེང་། །མངོན་སྤྱོད་དམོད་པ་སྟོབས་ཀྱི་ལྷ། །ཞེ་སྡང་རྡོ་རྗེ་གསང་བའི་བདག །འཇིག་རྟེན་སྒྲོལ་མཛད་སྐུ་མདོག་མཐིང་། །ཕྱག་བཞི་ཐོ་བ་རལ་གྲི་དང་། །ཐ་གཉིས་གནམ་ལྕགས་ཕྱག་མཐིལ་ལ། །ལྕགས་སྡིག་སོར་མོ་འབར་བ་གདེངས། །གཅེར་བུ་རྒྱན་མེད་ཤིན་ཏུ་འཇིགས། ཡེ་ཤེས་མེ་དབུས་དོར་སྟབས་རོལ། །རྩིབས་བརྒྱད་རང་འདྲའི་སྤྲུལ་པ་བརྒྱད། །སྤྱི་བོར་རིགས་བདག་པད་འབྱུང་དང་། །ཐུགས་ཀར་དྲང་སྲོང་དྲི་མེད་བཞུགས། །མཐའ་སྐོར་ཡེ་ཤེས་འཇིག་རྟེན་གྱི། །ཆོས་སྲུང་རྒྱ་མཚོ་སྤྲིན་ལྟར་གཏིབས། །གནས་གསུམ་བྱིན་རླབས་ནས་མཆོད་བསྟོད་བར་བྱ། ཐོག་མར་སྲུང་དམིགས་བཅས་སྲུང་སྔགས་ཅུང་ཟད་བཟླ། དེ་ནས། འོག་ཏུ་གནམ་ལྕགས་ཁང་སྒྲོམ་དབུས། །དགྲ་བགེགས་བྱད་མ་དངོས་སུ་གསལ། །ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་ཐིམ། །མདུན་བསྐྱེད་ཕྱག་མཚན་ཐོ་བ་དང་། །རལ་གྲིའི་ཆར་ཕབ་བསད་བཅད་གཏུབ། །སོར་མོའི་ལྕགས་སྡིག་གྲངས་མེད་པས། །ཤ་ཁྲག་ཧབ་ཧབ་ཟོས་པར་བསམ། །ལོཀྟྲིའི་མཐར། ཨ་ཡ་མ་དུ་རུ་ཙ་ཤ་ན་གནོད་བྱེད་དགྲ་བགེགས་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག །ཐུམ་རིལ་མྱོགས་རྨུགས་མཱ་ར་ཡ་རྦད་རྦད། ཅེས་བྲག་ཁ་ནས་ཆུ་འབབ་པ་ལྟར་བཟླ། ཐུན་རྫས་ལའང་བསྔགས་ཤིང་བརྡེག །མཐར་མདུན་བསྐྱེད་ཀྱི་འཁོར་རྣམས་ཞལ་ཕྱིར་གཟིགས། ཟློག་སྔགས་བཟླས་པ་དང་ལྷན་ཅིག་ཏུ་རང་འདྲའི་སྤྲུལ་པ་དང་ལས་བྱེད་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པས་མི་མཐུན་པའི་ཚོགས་ཐམས་ཅད་ཕྱིར་ཟློག་པར་བསམ་ལ། ཨོཾ་ལོཀྟྲི་པཱ་ལ་ནན། ས་ག་པཱ་ཤ་ནན། ནཱ་ག་དུ་དུ་ནན། མ་མཾ་མ་མཾ། ཙིར་ཙར་ཙིར་ཙར། བཾ་རུ་ལུ་བཾ་རུ་ལུ། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ། ཧོ་ར་ཧོ་ར། ཙི་དུ་སོད་ཙི་དུ་སོད། ཤིགས་ལྷུར་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག །ཕྱག་ཐལ་མོ་བརྡབ་པའི་བར་དུ་བྱད་མ་འཁོར་བཅས་སྒོ་ང་བྲག་བར་བཅར་བ་ལྟར་དམིགས་མེད་དུ་བརླགས་པར་བསམ་ལ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའྎ ཆོས་ཀྱི་བཀའྎ དགེ་འདུན་གྱི་བཀའྎ གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་བཅོམ་ལྡན་འདས་དྲང་སྲོང་ཁྲོ་བོའི་རྒྱལ་པོ་ཞེ་སྡང་རྡོ་རྗེའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ངན་པ་ཐམས་ཅད་དང་། ཁྱད་པར་བན་བོན་སྔགས་པའི་མཐུ་བྱད་རྦད་འདྲེ་རྦོད་གཏོང་ཐན་དང་ལྟས་ངན་མི་མཐུན་པའི་ཕྱོགས་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག །བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག །སྲིད་པ་སྤྱི་ནས་ཤིགས་ཤིག །སྲིད་གསུམ་རྨང་ནས་སྒྱེལ་ཅིག །འཁོར་བ་གཏིང་ནས་ཕྱུངས་ཤིག །བསྐལ་པའི་མེས་སྲེགས་ཤིག །དམ་ཚིག་དམོད་པས་སྡིགས་ཤིག །བཀའ་ཡི་ཆད་པས་ཆོད་ཅིག །གནམ་ལྕགས་རལ་གྲིས་སྤྱི་བོའི་གཙུག་ནས་ཁོས་ཤིག །སུམྦྷ་ནིས་ནོན་ཅིག །སྲིད་གསུམ་གར་སྐྱེས་གང་གནས་ཀྱང་སྡིག་ཅན་འདིའི་སྟེང་དུ་གནམ་ལྕགས་རྡོ་རྗེའི་ཆར་ཆེན་པོ་ཕོབ་ཅིག །གནོད་བྱེད་ཤཱ་ཏྲུན་མཱ་ར་ཡ་རྦད། སྦྱོར་བ་ངན་པ་ཐམས་ཅད་འདིས་ཐུལ་ཅིག །ཅེས་བདེན་སྟོབས་བརྗོད་པ་དང་དམོད་པས་གཟིར་ཞིང་ཐལ་མོ་བརྡབ་པ་ལན་གསུམ་བྱ། ཐུན་མཚམས་སུ་མཆོད་བསྟོད་ཚོགས་མཆོད་བྱའོ། །དེ་ནས་བསད་རྟགས་བྱུང་ནས་ལིངྒ་བསྒྲལ་བསྟབ་བྱ་བའམ། དྲག་པོའི་སྦྱིན་སྲེག་གིས་སྦྱངས་ཏེ་ཐལ་བ་ལམ་རྒྱ་གྲམ་དུ་མནན། གཏོར་མ་དྲག་སྔགས་བཟླ་བཞིན་ཟོར་དུ་འཕང་བ་ཙམ་གྱིས་བྱད་མ་མཁན་སྟོང་གི་ནུས་པའང་སྐད་ཅིག་ལ་བཟློག་པར་འགྱུར་ལ། ཅུང་ཟད་སྤྲོས་པ་ལ་དགའ་ན། ཐུན་མཚམས་ཐམས་ཅད་དུ་གསེར་སྐྱེམས་གཟུ་དཔང་སྔོན་དུ་འགྲོ་བའི་བསྒྲལ་བསྟབ་ཟློག་བྱང་མདོར་བསྡུས། ལས་མཇུག་བསྡུ་བ་སོགས་གཞུང་རྒྱས་པ་ལྟར་སྙིང་པོར་དྲིལ་ཏེ་བྱའོ། ༈ །བདུན་པ་གྲུབ་པའི་རྫས་ལ་བརྟེན་ནས་བཅུད་ཀྱིས་ལེན་པ་ལ། གཙོ་བོ་ནི་རྡོ་རྗེ་སེམས་དཔའི་ཐིག་ལེ་ཅོང་ཞི་བཟང་པོ། དེའི་ཕྱེད་བཙུན་མོའི་རཀྟ་བྲག་ཞུན། དེའི་ཕྱེད་བདེ་བ་ཆེན་པོ་མ་ནིང་གི་གཟུགས་ཅན་དངུལ་ཆུ་བཙོ་བཀྲུ་སྦྱང་བ་རྒྱས་འབྲིང་གང་རུང་ཚད་ལྡན་དུ་བྱས་པ། དེའི་ཕྱེད་རྟག་ངུ་། ཨ་རུ་ར། དབང་ལག །ར་མོ་ཤག་རྣམས་སྦྱར་ཏེ། སྦྲང་རྩིའི་ཉིང་ཁུས་རིལ་བུ་ལུག་རིལ་ཙམ་དྲིལ་ཏེ་ཐོད་པར་བླུགས། དེའི་སྟེང་དུ་དྲང་སྲོང་དྲི་མེད་སྐུ་མདོག་ལྗང་གུ་ཕྱག་གཡས་བཅུད་ཀྱིས་གང་བའི་སྤྱི་བླུགས་དང་། གཡོན་པདྨའི་ཞགས་པ་བསྣམས་པ། བ་སྤུའི་ཁུང་བུ་ནས་འོད་ཟེར་མརྒད་ལྟ་བུས་བརྟན་གཡོའི་དྭངས་བཅུད་རང་དབང་མེད་པར་འགུགས་པའི་སྐུ་ལས་བཅུད་ལེན་གྱི་བདུད་རྩི་ཆར་བཞིན་དུ་བབ། རྫས་ལ་ཐིམ་པས་གྲུབ་པའི་བཅུད་ལེན་སྨན་གྱི་ནོར་བུར་བསམ་ལ། ཞི་སྔགས་མཐར། སརྦ་ཨ་མྲྀཏ་ར་སཱ་ཡཱ་ནཾ་སིདྡྷི་ཕ་ལ་ཧཱུྃ། ཞེས་ཁྲི་བཟླ། ཐུན་མཚམས་ཚོགས་མཆོད་བྱ། མཐར་ལྷ་འོད་དུ་ཞུ་ནས་རིལ་བུ་ལ་ཐིམ་པར་བསམ། ར་བ་བཞིའི་ཚེས་གཅིག་ནས་བརྩམ་སྟེ་རགས་པའི་ཟས་སྐོམ་སྤངས་ལ་བསྟེན་པས་ཚེ་དང་ལང་ཚོའི་བཅུད་ལེན་མཆོག་ཏུ་གྲུབ་པར་འགྱུར་རོ། ༈ །བརྒྱད་པ་མེ་ལ་བརྟེན་ནས་འདོད་པའི་ཕྲིན་ལས་ཐམས་ཅད་ཅིག་ཅར་བསྒྲུབ་པ་ནི། ས་སྟེགས་ཀྱི་ཁར་པདྨ་འདབ་བཞིའི་དབུས་སུ་ཚོན་ཕུང་ལྗང་གུ་དགོད། དེ་སྟེང་རུང་བའི་བུད་ཤིང་བརྩིག །མདུན་དུ་མཆོད་གཏོར་དང་། ཡམ་ཤིང་དང་མར་ཁུ། ཁྱད་པར་གྱི་རྫས་རྣམས་འདུ་བྱ། བདག་བསྐྱེད་སྔོན་དུ་འགྲོ་བས། རྫས་རཾ་ཡཾ་ཁཾ་བསང་སྦྱང་། མཆོད་དང་བསྲེག་བྱའི་ལོངས་སྤྱོད་ཀུན། །ལྷག་མཐོང་མེ་ཡིས་དངོས་འཛིན་བསྲེགས། །ཆོས་ཉིད་རླུང་གིས་བག་ཆགས་གཏོར། །ཞི་གནས་ཆུ་ཡིས་རྟོག་པ་སྦྱངས། །སྟོང་གསལ་འདུས་མ་བྱས་པའི་ངང་། །ལྷུན་གྱིས་གྲུབ་པའི་སྣོད་མཆོག་ཏུ། །ཟག་མེད་བདེ་ཆེན་བདུད་རྩིའི་བཅུད། །འདོད་ཡོན་རྒྱ་མཚོའི་སྤྲིན་དུ་གྱུར། །ཨོཾ་ཨཱཿཧཱུྃ། ཞེས་བརླབ། སྔགས་མཐར། པཱཾ་པཱཾ་པཱཾ་ཛྭ་ལ་རཾ་བཏགས་པ་གསུམ་གྱིས་མེ་སྦར། ཏཱཾ་ཏཱཾ་ཏཱཾ་ཞེས་རླུང་གཡབ། མཱཾ་མཱཾ་མཱཾ་ཞེས་བསང་ཆུ་འཐོར་ལ། ལཱཾ་ལཱཾ་ལཱཾ། མཱ་མ་ཀཱི་ཡི་བདུད་རྩི་ཡིས། །ཐབ་ཀྱི་འབག་བཙོག་དབྱིངས་སུ་སྦྱངས། །སྤྱན་མའི་རང་བཞིན་ཐབ་ཀྱི་དབུས། །གོས་དཀར་རྡོ་རྗེ་ཡེ་ཤེས་མེ། །དམ་ཚིག་སྒྲོལ་མའི་རྐྱེན་སྦྱར་བས། །རབ་ཏུ་འབར་ཞིང་འཁྱིལ་བའི་དབུས། །པདྨ་ཉི་ཟླའི་གདན་གྱི་སྟེང་། །དབྱིངས་ཕྱུག་ཆོས་དབྱིངས་ཡེ་ཤེས་མདངས། །ཏྲང་ཡིག་སྣ་ཚོགས་མདོག་ཅན་ལས། །འོད་འཕྲོས་སྐད་ཅིག་དྲན་རྫོགས་སུ། །དྲང་སྲོང་དྲི་མེད་ཀུན་ཏུ་དགེ །དཱུརྦའི་འདབ་མའི་ཁ་དོག་ཅན།་་་ལྗང་སེར། ཕྱག་གཡས་བདུད་རྩིའི་སྤྱི་བླུགས་སྦྲེང་། །གཡོན་པས་ལུང་ཏང་ཕྲེང་བ་འདྲེན། །དྲང་སྲོང་ཆ་ལུགས་འཁོར་དང་བཅས། །བྱིན་རླབས་གཟི་བརྗིད་དཔལ་དུ་འབར། །རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་སྤྲོ། །གནས་གསུམ་བྱིན་རླབས་ནས་མཆོད་བསྟོད་བར་བྱ། དེ་ནས་ཞི་སྔགས་མཐར། ཨོཾ་ཨགྣ་ཡེ་སྭཱ་ཧཱ། བདུན་གྱི་མཐར། སརྦ་ཀརྨ་ཀུ་རུ་ཧོཿ ཞེས་བཏགས་པ་ཚར་གསུམ་གྱིས་བྱོན་སྐྱེམས་དབུལ། གཙོ་འཁོར་ཐམས་ཅད་ཀྱི་བ་སྤུའི་ཁུང་བུ་ནས། འོད་ཟེར་དཀར་པོ་ཟླ་བའི་བདུད་རྩི་ལྟ་བུ་མཁའ་ཁྱབ་ཏུ་སྤྲོ་བ་དང་བསྡུ་བའི་སྒོ་ནས་ཞི་བའི་ལས་རབ་འབྱམས་ཐམས་ཅད་བསྒྲུབ་པར་བསམ་ལ། ཡམ་ཤིང་ཉེར་གཅིག །མར་ཁུ་ཉེར་གཅིག །ཁྱད་པར་གྱི་རྫས་ཏིལ་དང་ཡུངས་དཀར་མེ་ཏོག་དཀར་པོ་བསྲེས་པ་བརྒྱ་སྟོང་སོགས་འབུལ་བའི་སྔགས་ནི། ཞི་སྔགས་ཁོ་ན་ལ། མཚམས་སུ། རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྤེལ། འོད་ཟེར་ཉི་མ་འཆར་ཀའི་མདངས་ལྟ་བུ་སྤྲོ་བསྡུས་རྒྱས་པའི་ལས་རབ་འབྱམས་ཐམས་ཅད་སྒྲུབ་པར་བསམ་ལ། ཡམ་ཤིང་། མར་ཁུ། ཁྱད་པར་གྱི་རྫས་ཟས་མཆོག་ལ་དར་ཟབ་དང་རིན་པོ་ཆེ་སྦྱར་བ། སྤེལ་ཚིག །རྣལ་འབྱོར་པ་སོགས་ནས། འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། འོད་ཟེར་དམར་པོ་ཐུན་མཚམས་ཀྱི་དམར་འོད་ལྟ་བུ་སྤྲོ་བ་དང་བསྡུ་བས་བརྟན་གཡོ་སྣོད་བཅུད་ཐམས་ཅད་དབང་དུ་བྱས་པར་བསམ་ལ། ཡམ་ཤིང་། མར། ཁྱད་པར་གྱི་རྫས་མེ་ཏོག་དམར་པོ། རྒུན་འབྲུམ། སིནྡྷུ་ར་རྣམས་སྦྱར་བ། སྤེལ་ཚིག །འཁོར་དང་བཅས་པའི་དབང་དུ་བརྟན་གཡོ་སྣོད་བཅུད་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོཿ འོད་ཟེར་མཐིང་ནག་ཚ་ཞིང་རྩུབ་པ་སྤྲོ་བསྡུས་མི་མཐུན་པ་ཐམས་ཅད་ཚར་བཅད་པར་བསམ་ལ། ཡམ་ཤིང་། མར། ཁྱད་པར་གྱི་རྫས་ལན་ཚྭ། ཡུངས་དཀར། སྐྱེར་པའི་མེ་ཏོག་རྣམས་སྦྱར་བ། སྤེལ་ཚིག །འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་འབྱུང་པོ་མི་མཐུན་པའི་ཕྱོགས་ཐམས་ཅད་མཱ་ར་ཡ་ཕཊ། ཅེས་ལས་བཞི་རིམ་བཞིན་དུ་བྱ་བའམ། དམིགས་བསལ་སོ་སོར་བྱ་བ་གང་ཡང་རུང་། འོད་ཟེར་ལྗང་གུ་ནོར་བུ་མརྒད་ཀྱི་མདངས་སྤྲོ་བསྡུས་གང་འདོད་པའི་དོན་ཡིད་བཞིན་དུ་འགྲུབ་པར་བསམ་ལ། ཡམ་ཤིང་། མར། ཁྱད་པར་གྱི་རྫས་མེ་ཏོག་ལྗང་གུ །ཤུ་དག །ཡུངས་དཀར་རྣམས་སྦྱར་བ། སྤེལ་ཚིག །འཁོར་དང་བཅས་པའི་ཡིད་ལ་འདོད་རྒུ་སརྦ་ཨརཐ་སིདྡྷི་སིདྡྷི་ཀུ་རུ་སྭཱ་ཧཱ། ཞེས་འབུལ། རྫས་རྫོགས་པ་ན། ཨོཾ་བཛྲ་ཝསཏྲཾ་ཡ་སྭཱ་ཧཱས་གོས་ཟུང་ལྗང་གུ་དང་། ཨོཾ་བཛྲ་ཏམྦུ་ལཱ་ཡ་སྭཱ་ཧཱས་གོ་ཡུ་དང་སེང་ལྡེང་ཅོང་ཞི་སྦྱར་བའི་སོ་རྩི་འབུལ། ཚོགས་མཆོད་བྱ། མཆོད་བསྟོད་འདོད་དོན་གསོལ། བྱོན་སྐྱེམས་ལྟར་གཤེགས་སྐྱེམས་དབུལ། ནོངས་པ་བཤགས་ཤིང་། བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་གི་ལྟེ་བའི་ཨ་ལ་བསྡུ། བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱའོ། །གཞན་ཡང་གོང་གི་ནད་ཞི་བ་སོགས་ལས་བཞིའི་དྲང་སྲོང་སོ་སོ་ལ་བསྟེན་པའི་སྦྱིན་སྲེག་བྱེད་ན། རབ་ཏུ་འབར་ཞིང་འཁྱིལ་བའི་དབུས། །པདྨ་ཉི་ཟླའི་གདན་གྱི་སྟེང་། །ཞེས་པའི་མཚམས་སུ་སོ་སོའི་མངོན་རྟོགས་ལྟར་གསལ་བཏབ། རྫས་འབུལ་སྐབས་རང་རང་གི་སྔགས་ཀྱིས་གྲངས་གཟུང་བ་སོགས་ཁྱད་པར་ཕྲ་མོ་ཁ་བསྒྱུར་བ་ཙམ་གྱིས་ལེགས་པར་གྲུབ་བོ།། ༈ །།ཞར་བྱུང་འདི་ཡི་ཁྱད་པར་གྱི་བཀའ་སྲུང་འཆི་མེད་ཙཎྜི་ཀཱ་མཆོད་པ་ནི། གཏོར་མ་དམར་པོ་ཟླ་གམ་ལ་བ་ལང་གི་ཤ་དང་ཆང་ཕུད་མ་ཉམས་པས་བྲན་ལ་བྱིན་གྱིས་བརླབས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ནགས་ཚལ་དྲྭ་བ་ཅན་གྱི་ནུབ་ཕྱོགས་པདྨའི་དྲྭ་བས་ཁེབས་པའི་མཚོ་རྫིང་ནས་འཆི་མེད་ཉེ་དབང་ཙཎྜི་ཀཱ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ཧཱུྃ་ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་འཆི་མེད་ཙཎྜི་ཀཱ། །ཉེ་བའི་དབང་མོ་བདེ་ཆེན་ལྕམ། །མཆེད་བདུན་སྤྲུལ་པ་ཡང་སྤྲུལ་བཅས། །ཨོ་རྒྱན་པདྨ་སཾ་བྷ་དང་། །དྲང་སྲོང་འཆི་མེད་ཀུན་ཏུ་དགེས། །བཀའ་དང་ཐ་ཚིག་གཉན་དགོངས་ལ། །དམ་ཚིག་དག་པའི་གནས་འདིར་བྱོན། །པད་ཉི་རིན་ཆེན་མཛེས་ཁྲིར་བཞུགས། །ཕྱི་ནང་གསང་བ་བླ་མེད་པའི། །མཆོད་སྤྲིན་རྒྱ་མཚོས་དགྱེས་པར་མཛོད། །ཨོཾ་མ་ཧཱ་སུ་ཁ་ཙཎྜི་ཀཱ་ཙིཏྟ་ཧྲཱིང་ཧྲཱིང་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ སརྦ་པཱུ་ཛ་ས་མ་ཡ་ཧོཿ ཧཱུྃ། སོར་རྟོག་ཡེ་ཤེས་པདྨའི་རིགས། །གོས་དཀར་ཡུམ་གྱི་རང་གདངས་ལས། །བསྟན་པ་བསྲུང་ཕྱིར་འཇིག་རྟེན་ཚུལ། །དགྱེས་ཆགས་སིནྡྷུ་ཝཱ་རའི་མདངས། །སྲིད་གསུམ་ཁྱབ་པའི་གཟི་འོད་འབར། །ཕྱག་གཡས་ལྕགས་ཀྱུས་སྣང་སྲིད་འགུགས། །གཡོན་པས་ཚེ་བུམ་འཆི་མེད་སྩོལ། །དར་དང་རིན་ཆེན་རྒྱན་གྱིས་མཛེས། །རིན་ཆེན་པདྨ་ཉི་མའི་ཁྲིར། །བཙུན་མོ་རོལ་པའི་སྟབས་ཀྱིས་འགྱིངས། །རང་འདྲའི་སྤྲུལ་པ་དྲུག་གིས་བསྐོར། །ཡང་སྤྲུལ་འཁོར་ཚོགས་བསམ་མི་ཁྱབ། །བདེ་བ་ཆེན་པོའི་ཕྲིན་ལས་ཀྱིས། །ཚེ་དབང་དངོས་གྲུབ་སྩོལ་ལ་བསྟོད། །མཆོད་གཏོར་བདུད་རྩི་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །འཚོ་བའི་ཚེ་སྲིངས་འབྱོར་པ་སྤེལ། ཁམས་གསུམ་སྣོད་བཅུད་དབང་དུ་སྡུས། །སྙན་དང་གྲགས་པས་སྟོང་གསུམ་ཁོངས། །མདོར་ན་ཡིད་ལ་བསམ་པའི་དོན། །འབད་མེད་མྱུར་དུ་འགྲུབ་པར་མཛོད། །ཅེས་ཕྲིན་ལས་བཅོལ། མཆོད་གཏོར་གཙང་སར་གཤེགས། འདི་ནི་བཀྲ་ཤིས་བྱིན་ཆེ་ལ་མྱུར་བ་ཡིན་ནོ། །ཆོས་ཀྱི་དབང་ཕྱུག་རིག་པ་འཛིན། །ལེགས་བྱས་གཟི་ལྡན་གྲུབ་པའི་རྗེའི། །ཞལ་ལུང་བདུད་རྩི་འདི་སྤེལ་བས། །འགྲོ་ཀུན་འཆི་མེད་སྐུ་འགྲུབ་ཤོག །ཅེས་རྒྱུད་དང་མན་ངག་གི་ངེས་པ་གྲུབ་པའི་ལུང་གིས་ལེགས་པར་ཕྱེ་བའི་རྗེས་སུ་འབྲངས་ཏེ། རིག་པ་འཛིན་པའི་བཙུན་པ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་རྡོ་རྗེ་གཟི་བརྗིད་རྩལ་གྱིས། གཉིས་མེད་དང་པོའི་སངས་རྒྱས་ཀྱི་ཆོས་ཕུང་བདུད་རྩིས་ས་གསུམ་ཀུན་ཏུ་དགེ་བས་ཁྱབ་པར་མཛད་པའི་དུས་ཀྱི་རྒྱལ་པོའི་དཀར་ཕྱོགས་ཀྱི་ཚེས་བཅུ་ལྷ་དང་དྲང་སྲོང་རིག་འཛིན་ཌཱ་ཀི་ཀུན་ཏུ་དགྱེས་རྒུར་སྤྱོད་པ་ན་རྫོགས་པར་བྲིས་པ་འདིས་ཀྱང་རིས་མེད་པའི་བསྟན་འཛིན་གྱི་སྐྱེས་བུ་དང་། བསྟན་པ་མཆོད་པའི་ཆོས་ལྡན་གྱི་ས་སྤྱོད་རྣམས་ཞབས་པད་བརྟན་ཅིང་ཕྲིན་ལས་རྒྱས་པ་དང་། འགྲོ་ཀུན་དྲི་མེད་གཉུག་མའི་རྡོ་རྗེའི་སྲོག་འགྲུབ་པའི་རྒྱུར་སིདྡྷི་རསྟུ།། །།
གྲོལ་ཐིག་བླ་སྒྲུབ་ཀྱི་སྨན་མཆོད་ (Volume 8, Text 5)
སྨན་མཆོད་ནི། སྟོན་པ་ཀུན་བཟང་རྒྱལ་ཚབ་རིགས་ལྔ་མཆོག །དགའ་རབ་ལ་སོགས་བརྡ་བརྒྱུད་རིག་འཛིན་རྣམས། །གྲགས་ཆེན་གསལ་བའི་སྟོན་པ་བཅུ་གཉིས་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། རིགས་གསུམ་སེམས་དཔའ་ལུང་བསྟན་རྡོ་རྗེ་དང་། །ཨུ་པ་རཱ་ཛ་འབྱོར་པའི་དབང་པོ་སོགས། །རོ་ལངས་བདེ་བ་རྡོ་རྗེ་བཞད་རྩལ་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། དམ་པའི་རིགས་ཅན་ལྔ་དང་རྒྱལ་པོ་ཛ། །ཀུ་ཀུ་རཱ་ཛ་ཨིནྡྲ་བྷཱུ་ཏི་སོགས། །སྒེག་རྡོར་སངས་རྒྱས་གསང་བ་བི་མ་ལར། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། རྣམ་གསུམ་ཡོ་གའི་བདག་པོ་ཨོ་རྒྱན་རྗེ། །རྒྱལ་ཡུམ་མཚོ་རྒྱལ་ལོ་ཆེན་བཻ་རོའི་ཞབས། །གཏེར་ཆེན་བླ་མ་རྒྱལ་སྲས་རྣམ་གཉིས་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཆོས་དབྱིངས་རང་གྲོལ་ཟ་ཧོར་སྔགས་སྨྱོན་མཆོག །བཛྲ་ཀྵ་ར་ཀུན་བཟང་པདྨ་དབང་། །གུ་རུ་འོད་ཟེར་ནམ་མཁའི་རྣལ་འབྱོར་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། བརྒྱུད་པ་བདུན་ལྡན་ཀློང་ཆེན་རབ་འབྱམས་དང་། །དབྱེར་མེད་མཁྱེན་བརྩེའི་འོད་ཟེར་འཇིགས་མེད་གླིང་། །བརྒྱུད་པ་ཀུན་འདུས་ཀུན་བཟང་གཞན་ཕན་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཀུན་ཏུ་བཟང་པོ་ཐོད་ཕྲེང་ཡབ་ཡུམ་དང་། །རྩ་གསུམ་འདུས་པ་རབ་འབྱམས་དཀྱིལ་འཁོར་ལྷ། །གནས་གསུམ་མཁའ་འགྲོ་ཞིང་སྐྱོང་གཞི་བདག་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། རྗེས་འབྲེལ་དུ་དངོས་གྲུབ་བླང་བ་ནི། བདུད་རྩི་སྙིང་པོ་ཅན་གྱི་དབུས། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡི་གེ་གསུམ་གྱི་རྣམ་པ་ཅན། །དམ་ཚིག་ཕྱག་རྒྱ་གཉན་པོས་བླང་། །ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱིཿ
ཐུགས་དམ་གསང་བའི་ལྷ་མཆོག་རྡོ་རྗེ་ཕུར་པ་ཐུགས་ཀྱི་ཐིག་ལེའི་དབང་སྐུར་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་བཅུད་འདྲེན་ (Volume 32, Text 5)
༄༅། །ཐུགས་དམ་གསང་བའི་ལྷ་མཆོག་རྡོ་རྗེ་ཕུར་པ་ཐུགས་ཀྱི་ཐིག་ལེའི་དབང་སྐུར་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་བཅུད་འདྲེན་ཞེས་བྱ་བ་བཞུགས་སོ།། བླ་མ་དང་དཔལ་ཆེན་ཀརྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དབྱིངས་ལས་སྐུར་བཞེངས་དབང་སྔོན་བརྗིད་པའི་རིར། །མི་གནས་ཡེ་ཤེས་ཉི་ཟེར་འབུམ་འཕྲོ་བས། །སྒོ་གསུམ་འཕོ་བཅས་སྒྲིབ་པའི་མུན་སེལ་བ། །བླ་མ་རྡོ་རྗེ་གཞོན་ནུས་རྗེས་བརྩེར་མཛོད། །གཞིར་གནས་རྡོ་རྗེ་བཞི་ཡི་ས་བོན་ནི། །སད་བྱེད་རྒྱུ་དུས་དབང་བསྐུར་འཕྲུལ་གྱི་གསང། །ལེགས་པར་འབྱེད་བྱེད་བརྒྱུད་པའི་ཕྱག་བཞེས་ཉིད། །འཁྲུལ་མེད་གོ་སླའི་ཚིག་ཏུ་བསྡེབ་པར་བྱ། །འདིར་ཨོ་རྒྱན་ཆོས་རྗེ་གླིང་པའི་ཟབ་གཏེར་ཕུར་པ་ཐུགས་ཀྱི་ཐིག་ལེའི་རྩ་བའི་དབང་སྐུར་བསྒྲུབ་པ་ལ། དབང་ཐོབ་དམ་ཚིག་ལ་གནས་ཤིང་ཉེ་བར་བསྙེན་པ་སྙིང་རྗེས་གཞན་ལ་ཕན་པར་འདོད་པ་རྡོ་རྗེ་སློབ་དཔོན་དུ་འོས་པའི་སྔགས་པས། གཞུང་ལས་བཤད་པའི་སྒྲུབ་གནས་ཁྱད་པར་ཅན་ནམ། ཡིད་མཐུན་འགལ་རྐྱེན་དང་བྲལ་བའི་གནས་དེར་སློབ་མ་རྗེས་སུ་འཛིན་པའི་བྱ་བར་འཇུག་པ་ལ། རྒྱས་པ་སྒྲུབ་ཆེན་དང་འབྲེལ་མ། འབྲིང་པོ་དབང་སྐུར་ཉིན་གཅིག་མ། བསྡུས་པ་བདག་འཇུག་ལ་བསྒྲལ་དབང་སྦྱར་བའི་ཕྱག་སྲོལ་གསུམ་དུ་མཆིས་པའི་དང་པོ་ནི་དབང་སྐུར་དཀྱུས་མ་ཙམ་ལ་ལག་ཏུ་མི་ལོན་ཞིང་། ཕྱི་མས་ནི་སྨིན་སློབ་རྩ་དབང་གི་གོ་མི་ཆོད་པས། བར་མ་ཉིད་འདིར་འཆད་པར་བྱའོ། །དེའང་རས་བྲིས་སམ་ཚོམ་བུའི་དཀྱིལ་འཁོར་ལ་བརྟེན་པའི་སྤྲོས་པ་ཉེར་བསྡུའི་དབང་དུ་བྱས་ཏེ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་བྱ་བ་གསུམ་མོ། །དང་པོ་ལ་ལྔ། ས་ཆོག །ལྷ། བུམ་པ། སློབ་མ་སྟ་གོན། དཀྱིལ་འཁོར་སྒྲུབ་རྫས་འདུ་བྱ་བའོ། །དང་པོ་ས་ཆོག་ནི་རས་བྲིས་དང་སྒྲུབ་གནས་རྙིང་པ་ལ་མི་དགོས་པས་འདིར་མ་སྤྲོས། གཉིས་པ་ལྷ་སྟ་གོན་ནི། སྟེགས་བུ་ཁེབས་ལྡན་གྱི་ཁར་མཎྜལ་དྲི་བཟང་གིས་བྱུགས་པ་ལ་ལྷ་གྲངས་དང་མཉམ་པའི་ཚོམ་བུ་བཀོད། མཐའ་སྐོར་དུ་སྨན་རཀ་གཏོར་མཆོད་འདུ་བྱས་ལ། རང་ཉིད་སྐད་ཅིག་གིས་ཆུ་ལས་ཆུ་ལྦུར་བཞིན་དུ་གཉུག་མའི་དཔལ་ཆེན་པོ་ཧེ་རུ་ཀ་ཡུམ་དང་བཅས་པའི་སྐུར་གྱུར་པར་མོས་ལ། ཀཱི་ལ་ཡ་བརྒྱ་རྩ་བཟླ། སྐྱབས་སེམས་སྔོན་དུ་འགྲོ་བའི་བཀའ་བསྒོ་ནས་བསྟོད་པའི་བར་ལས་བྱང་གཏེར་གཞུང་དང་། མཆོད་པ་བྱིན་རླབས་སོགས་ཆོག་སྒྲིག་ནས་སྦྱོར་བ་རྒྱས་བསྡུས་དམིགས་ཕྱེད་པར་བྱས་ལ་བཟླས་པ་དང་མཆོད་བསྟོད་མདོར་བསྡུས་བྱ། གསུམ་པ་བུམ་པ་སྟ་གོན་ནི། རྣམ་རྒྱལ་བུམ་པ་མགུལ་ཆིངས་སྔོན་པོ་སོ་ལྔའི་བཅུད་ལྡན། ལས་བུམ་མགུལ་ཆིངས་ལྗང་གུ་ཁ་རྒྱན་གཟུངས་རྡོར་དུང་ཆུ་བཅས་འདུ་བྱས་ལ་རྣམ་རྒྱལ་བུམ་པ་དཀྱིལ་འཁོར་དབུས་དང་། ལས་བུམ་བྱང་ཤར་ཕྱོགས་སམ་མདུན་དུ་བཞག །མཆོད་གཏོར་གྱིས་བསྐོར་ལ་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་བུམ་པ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རྣམ་པར་རྒྱལ་བའི་བུམ་ནང་དུ་འཁོར་ལོ་སྔོན་པོ་རྩིབས་བཅུ་པའི་ལྟེ་བར། ཨེ་གྲུ་གསུམ་མཐིང་ནག་རབ་ཏུ་འབར་བའི་ཀློང་དུ་པདྨ་ཉི་མ་རུ་དྲ་དྲེགས་པ་ཅན་གྱི་གདན་ལ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ། རྩིབས་བཅུར་ཁྲོ་བོ་བཅུ་ཡབ་ཡུམ་ཁྲ་ཐབས་དང་བཅས་པ། ཕྱོགས་བཞིར་སྒོ་མ་བཞི་རྣམས་སྐུ་མདོག་ཕྱག་མཚན་རྒྱན་དང་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ་སོ་སོར་མ་འདྲེས་པ་མེ་ལོང་ནང་གི་འཇའ་ཚོན་གསལ་བ་ལྟར་རྣམ་པར་བཀྲ་བ། ལས་ཐམས་ཅད་པའི་བུམ་ནང་དུ་པདྨའི་སྡོང་པོ་དང་ཉི་མ་ལ་གནས་པའི་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་གུ་ཕྱག་གཉིས་ཐལ་སྦྱར་གྱི་བར་དུ་བདུད་རྩིའི་བུམ་པ་འཛིན་པ། ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པའོ། །ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས་བཛྲ་ས་མཱ་ཛཿ ཧཱུྃ། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ དམ་ཡེ་གཉིས་མེད་དུ་མོས། ཧཱུྃ། འབར་བའི་དཀྱིལ་འཁོར་ཁྲོ་ཆེན་ལྷ་ཚོགས་ལ། །ཞེས་སོགས་ནས། ཤབྡ་པཱུ་ཛ་ཧཱུྃ། མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོཿ ཞེས་པ་ཙམ་གྱིས་མཆོད། ཧཱུྃ། སྲིད་གསུམ་གདུག་པ་བསྒྲལ་བ་དང་། །ང་རྒྱལ་ཞེན་པ་གཞོམ་པའི་ཕྱིར། །རྡོ་རྗེ་སྲིན་པོའི་ཚོགས་བཅས་ལ། །རྩེ་གཅིག་གུས་པས་ཕྱག་འཚལ་བསྟོད། །ཅེས་ཤྭ་ལོ་ཀ་གཅིག་གིས་བསྟོད། གཟུངས་ཐག་དྲངས་ལ། བདག་གི་ཐུགས་ལས་སྔགས་ཀྱི་ཕྲེང་བ་ནི། །བར་མ་ཆད་པར་གཟུངས་ཐག་བརྒྱུད་དེ་སོང་། །བུམ་ལྷའི་ཐུགས་ཀར་ཕོག་པས་ཐུགས་སྲོག་དང་། །སྦྱོར་མཚམས་སྐུ་ཡི་ཆ་ལས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཅེས་མོས་ལ་ཀཱི་ལ་ཡ་དང་ལས་བུམ་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱི་བདུད་རྩི་འཁྱིལ་པའི་སྔགས་ཅི་ནུས་བཟླ་ཞིང་། མཐར་དུང་ཆོས་བདུད་རྩིས་སྦགས་པའི་དྲི་ཆུ་བླུག་པ་བུམ་པར། ཨོཾ་ཨཱཿཧཱུྃ་གིས་ཕུལ་བས། རྣམ་རྒྱལ་བུམ་པའི་ལྷ་རྣམས་ཆགས་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་བུམ་ཆུ་དང་གཉིས་མེད་དུ་གྱུར། ལས་བུམ་གྱི་ལྷ་འོད་དུ་ཞུ་སྟེ་ཆུར་ཐིམ་པས་དེའི་རྡུལ་ཕྲ་རབ་ཀྱི་གྲངས་སྙེད་པའི་ཁྲོ་བོར་གྱུར་པས་ཕྲིན་ལས་མཛད་པར་གྱུར་པར་བསམ་ལ་དཀྱིལ་འཁོར་ཡོལ་བས་བསྒྲིབས་ཏེ་བཞག་གོ །བཞི་པ་སློབ་མ་སྟ་གོན་ནི། བགེགས་གཏོར། སྟ་གོན་རྫས་བཞི་ཉེར་སྤྱོད་ལྔ་སོགས་འདུ་བྱ། ཟུང་དུ་མ་གྱུར་པའི་སློབ་མ་རྣམས་སྒོ་དྲུང་དུ་ལས་བུམ་གྱི་ཆུས་ཁྲུས་བྱ། ཕྱག་བྱས་གྲལ་ལ་འཁོད། བགེགས་གཏོར་བཏང་ལ་སྲུང་འཁོར་བསྒོམ། ལས་ཀྱི་རྡོ་རྗེས་མེ་ཏོག་བཀྱེ་བསྡུ་བྱས་ལ། དང་པོ་ཀུན་སློང་འཆོས་པ་ནི། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཁམས་གསུམ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་ཐར་བར་བྱས་ནས་ཐར་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་འཐོབ་པར་བྱ། དེའི་ཕྱིར་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ་འཇུག་པའི་སྔོན་འགྲོ་སྟ་གོན་གྱི་ཆོས་ཟབ་མོ་ཞུ་བར་བགྱིའོ་སྙམ་པའི་མོས་བསམ་རྣམ་པར་དག་པ་དང་ལྡན་པས་གསན་འཚལ། དེ་ལ་རང་གཞན་ཐམས་ཅད་ཀྱིས་རྙེད་པར་དཀའ་ཞིང་། རྙེད་པ་དོན་ཆེན་པོ་དང་ལྡན་པའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཆོས་བཅོ་བརྒྱད་དང་ལྡན་པ་འདི་ཉིད་ད་རེས་ཉིན་གྱི་སྐར་མའམ་རྒྱ་མཚོའི་གླིང་གི་ཡིད་བཞིན་གྱི་ནོར་བུ་ལྟར་ལན་གཅིག་ཐོབ་པའི་དུས་འདིར་ཤེས་ལྡན་གྱི་གང་ཟག་སྙིང་པོ་ལེན་པའི་ཐབས་ལ་འབད་རིགས་ཏེ། སློབ་དཔོན་ཆེན་པོས་རྒྱལ་སྲས་ལྷ་རྗེར་གདམས་པའི་བསླབ་བྱ་ཐ་ཚིག་གསེར་ཕྲེང་ལས། སྤྱིར་ན་བདེ་འགྲོར་སྐྱེ་བ་ཆེས་ཉུང་ལ༔ དེ་བས་མི་ལུས་རིན་ཆེན་མཆོག་ཏུ་དཀོན༔ མི་ལུས་ཐོབ་ཀྱང་ཆོས་ཐོབ་སྲིད་པ་ཙམ༔ དལ་འབྱོར་སྟོང་ལོག་མ་གཏོང་གསུང་གི་སྲས༔ ཞེས་གསུངས་པ་ལྟར་རྒྱུ་དང་ངོ་བོ་གྲངས་དང་དཔེ་སོགས་རྒྱུ་མཚན་དང་གཏན་ཚིགས་དུ་མའི་སྒོ་ནས་རྙེད་པར་དཀའ་ཞིང་། རྙེད་པ་དེའང་། བརྒྱ་ལ་སྲིད་པའི་དལ་འབྱོར་ཐོབ་ན་ཡང༔ ནམ་འཆི་ཆ་མེད་གློག་གི་རྩེ་དགའ་བཞིན༔ ངེས་མེད་ཞག་དང་ཟ་མས་ཚེ་འཛད་ན༔ ཆོས་ལ་ཕྱི་བཤོལ་མི་ཉན་གསུང་གི་སྲས༔ ཞེས་གསུངས་པ་ལྟར་འདུས་བྱས་ཐམས་ཅད་གཡོ་ཞིང་འཇིག་པའི་ཆོས་ཁོ་ན་ཉིད་ཡིན་པའི་ཕྱིར་ཡུན་དུ་གནས་པའི་མཐུ་སྐད་ཅིག་ཀྱང་མེད་པར་འཆི་བར་ངེས་ལ། ཤི་བའི་འོག་ཏུ་ཡང་རང་ལས་གཅེས་ཤིང་སྙིང་དུ་སྡུག་པའི་མཛའ་བཤེས་གཉེན་འཁོར་གནས་གྲོགས་ལོངས་སྤྱོད་སུ་དང་ཡང་འགྲོགས་པའི་དབང་མེད་པར་རང་ཉིད་གཅིག་པུ་མར་གསེབ་ནས་སྤུ་ཉག་བཏོན་པ་ལྟར་དགེ་སྡིག་དཀར་ནག་གི་ལས་ཁོ་ན་ཙམ་ཞིག་ལྷན་ཅིག་འགྲོགས་ལ། རྣམ་པར་སྨིན་པ་བདེ་སྡུག་རྒྱུ་འབྲས་ཀྱི་ངང་ཚུལ་མི་བསླུ་བར་ཉམས་སུ་མྱོང་ཞིང་སྲིད་རྩེ་ནས་མནར་མེད་ཀྱི་བར་འགལ་མེའི་འཕྲུལ་འཁོར་ལྟར་འཁོར་བར་འགྱུར་ལ། དེ་ཉིད་སྡུག་བསྔལ་གསུམ་གྱི་རང་བཞིན་ཉམ་ཐག་འཐོན་པར་དཀའ་བ་སོགས་ཉེས་དམིགས་དང་སྐྱོན་གྱི་འབྱུང་གནས་ཡིན་པས་ན་མྱུར་བ་ཉིད་དུ་ཐར་པ་དམ་པའི་གོ་འཕང་དོན་དུ་གཉེར་དགོས་ཤིང་དེ་ཐོབ་པའི་ཐབས་སུ་ཟབ་མོའི་ཆོས་ལ་འཇུག་པར་བྱ་དགོས། དེ་ལའང་གང་ཟག་དམན་པ་འགའ་ཞིག་ཚེ་འདིའི་ནད་གདོན་ཞི་ཞིང་ཚེ་དཔལ་སྙན་གྲགས་སྟོབས་འབྱོར་ཙམ་ཞིག་རེ་བའི་བློས་འཇུག་པ་དང་། འགའ་ཞིག་ངན་སོང་གསུམ་གྱི་སྡུག་བསྔལ་ལ་ཞེ་འཚེར་བས་དེ་ལས་ལྷ་མིའི་རྟེན་བཟང་ཐོབ་པའི་འདོད་པས་དོན་དུ་གཉེར་བ་ཡོད་མོད་ཀྱི། དེ་གཉིས་ཀ་ཡང་དག་པའི་བློ་ཅན་མ་ཡིན་ཏེ། ཞུས་ལེན་ལས། འཁོར་བ་སྤེལ་བའི་མངའ་ཐང་མཐོ་གྱུར་ཀྱང༔ རང་གཞན་གཉིས་ཕུང་གཏན་གྱི་སྡུག་ལ་སྦྱོར༔ དུག་འདྲེས་འབྲས་ཆན་ལོངས་སུ་སྤྱོད་དང་མཚུངས༔ སྲིད་འབྱོར་ཞེན་པ་སྤོངས་ཤིག་གསུང་གི་སྲས༔ ཞེས་གསུངས་པ་ལྟར་ཡིན་ལ། འོ་ན་ཇི་ལྟ་བུ་ཞིག་བྱ་སྙམ་ན། ཁམས་གསུམ་གྱི་འཁོར་བ་ནི་མཐོ་དམན་གང་དུ་སྐྱེས་ཀྱང་རྣམ་མང་སྡུག་བསྔལ་ཁོ་ནའི་རང་བཞིན་དུ་ཤེས་པས་གནས་སྐབས་ལྟར་སྣང་གི་བདེ་བ་སྒྲུབ་པའི་རྒྱུ་འབྲས་ཀྱི་ཆོས་དང་། སྲིད་པའི་བདེ་འབྱོར་གང་ལ་ཡང་མ་ཆགས་པས་སྙིང་པོ་མེད་པ་སྦུན་པ་ལྟར་ངེས་པ་ཞིག་དང་། དེར་མ་ཟད་ཇི་སྐད་དུ། ཆོས་ཀྱི་རྩ་བ་བྱང་ཆུབ་སེམས་གསུམ་ཡིན༔ དེ་ཉིད་སྐྱེད་ཐབས་བྱམས་དང་སྙིང་རྗེ་སྟེ༔ འཇིག་རྟེན་འདི་ན་སྡུག་པ་ཕ་མ་ཡིན༔ ཀུན་ལ་ཕ་མར་ཤེས་མཛོད་གསུང་གི་སྲས༔ སེམས་ཅན་ཡོངས་ཀྱིས་བདག་གི་ཕ་མ་བྱས༔ ལན་རེ་མ་ཡིན་ཀུན་ཏུ་བྱམས་པས་བསྐྱངས༔ དྲིན་ཅན་མར་གྱུར་འགྲོ་འདི་སྡུག་བསྔལ་ན༔ འགྲོ་དོན་ཐུགས་རྗེ་ཆེར་སྐྱེད་གསུང་གི་སྲས༔ ཞེས་གསུངས་པ་བཞིན་ཐེག་པ་འོག་མ་ལྟར་རང་ཉིད་གཅིག་པུ་ཐར་འདོད་ཀྱི་བློས་རང་དོན་ཞི་བདེ་ཕྱོགས་གཅིག་ཏུ་ཞེན་པ་མ་ཡིན་པར་སེམས་ཅན་ཐམས་ཅད་ཕ་མར་ཤེས་པའི་སྙིང་རྗེ་ཚད་མེད་པས་ཀུན་ནས་བླངས་ཏེ་དེ་དག་ཐམས་ཅད་བྱང་ཆུབ་སྙིང་པོར་སྦྱོར་འདོད་ཀྱི་བསམ་པ་ཐུན་མོང་མིན་པས་གསང་སྔགས་ཟབ་མོའི་ཆོས་དོན་དུ་གཉེར་བ་ཞིག་དགོས། དེ་ལྟར་བགྱིས་ན་གནས་སྐབས་ཀྱི་བདེ་འབྱོར་མི་འདོད་ཀྱང་ཞར་ལ་འབྱུང་བ་ནི། ཇི་སྐད་དུ། དཔེར་ན་སྐྱེས་བུ་ལ་ལས་འབྲས་བུའི་ཕྱིར། །སཱ་ལུ་བསྐྱེད་ཀྱི་སོག་མའི་ཕྱིར་མིན་ཡང་། །སཱ་ལུ་རྙེད་ནས་སྒྲིམ་པ་མེད་པར་ནི། །སོག་མའི་ཕུང་པོ་ཞར་ལ་འབྱུང་བ་ཡིན། །དེ་བཞིན་བྱང་ཆུབ་འབྲས་བུ་འདོད་པའི་ཕྱིར། །བསོད་ནམས་སྒྲུབ་ཀྱི་ལོངས་སྤྱོད་ཕྱིར་མིན་ཡང་། །སོག་མའི་ཕུང་པོ་དག་དང་མཚུངས་པར་ཡང་། །མ་བསྒྲིམས་བཞིན་དུ་མི་ཡི་ལོངས་སྤྱོད་འགྲུབ། །ཅེས་འཇིག་རྟེན་ན་སོ་ནམ་དོན་དུ་གཉེར་བ་དག་འབྲས་བུའི་ཞོར་ལ་སོག་ཕུབ་འབྱུང་བ་ཆོས་ཉིད་ལྟར། བྱང་ཆུབ་དོན་དུ་གཉེར་ན་གནས་སྐབས་ཀྱི་ཕུན་ཚོགས་ཤུགས་ལ་འགྲུབ་ཚུལ་དཔེ་དང་བཅས་ཏེ་གསུངས་པ་ལྟར་ལགས་ན། དེ་བས་ཐར་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་དོན་དུ་གཉེར་བ་ཡང་དག་བསམ་པ་ཆེན་པོ་དང་ལྡན་པས་སྔོན་འགྲོ་སྟ་གོན་གྱི་ཆོས་ཟབ་མོ་རྣམས་རིམ་པར་ཞུ་བའི་ཡོན་དུ་མཎྜལ་འབུལ་དུ་གཞུག །དེ་ལྟར་མཎྜལ་ཕུལ་ནས་གཉིས་པ་གསོལ་བ་འདེབས་ཤིང་གནང་བ་སྦྱིན་པ་ནི། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ སྲིད་པ་རྡོ་རྗེ་སྒྲུབ་པའི་ལྷ༔ དུས་གསུམ་རྒྱལ་བའི་གདུང་གསོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཞུ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་སྣོད་དུ་དགོངས་ནས་སྤྲོ་བ་བསྐྱེད་ཅིང་གནང་བ་བྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ། ཨེ་མ་དུས་གསུམ་བྱོན་པ་ཡི༔ དཔའ་བོས་ཆོ་ག་འདི་མཛད་པས༔ བྱང་ཆུབ་སྤྱོད་པ་བླ་མེད་ཐོབ༔ བདུད་སྡེ་དཔུང་བཅས་མི་བཟད་བཅོམ༔ དེ་ཕྱིར་དེ་རིང་ཁྱོད་ཉིད་ཀྱང༔ དཔའ་བོ་མཆོག་གི་རྗེས་གཞུག་ཕྱིར༔ རྡོ་རྗེའི་དབང་བསྐུར་ཆོ་ག་སྦྱིན༔ གསུམ་པ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། དེ་ནས་ཆོས་ཐམས་ཅད་ཀྱི་འཇུག་སྒོའམ་རྨང་གཞིར་གྱུར་པ་སྐྱབས་སུ་འགྲོ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་ཡི་དམ་དབྱེར་མེད་དུས་གསུམ་གྱི་དཀོན་མཆོག་སྐྱབས་ཡུལ་ཀུན་འདུས་སུ་ངེས་པའི་སྤྱན་སྔར། དགྲ་གཉེན་རིས་སུ་མ་ཆད་པའི་མར་གྱུར་གྱི་འགྲོ་བ་མཐའ་དག་འཁོར་བ་ལས་བསྒྲལ་ཕྱིར་སྙིང་པོ་བྱང་ཆུབ་མ་ཐོབ་བར་དུ་སྐྱབས་ཀྱི་སྙིང་པོར་བཟུང་བའི་བློས་འདིའི་རྗེས་ཟློས་མཛོད། ན་མོ། དཔལ་ཆེན་ཁྲག་འཐུང་སོགས་སྐྱབས་འགྲོ་ལན་གསུམ། དེ་ནས་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་སེམས་བསྐྱེད་པ་ལ་སྤྱིར་ཁམས་གསུམ་གྱི་འགྲོ་བ་སྒོས་ལས་ངན་གྱི་རང་གཟུགས་ཞིང་བཅུའི་དགྲ་བགེགས་འདི་དག་སྙིང་རྗེས་བསྒྲལ་འདྲེན་གྱིས་གཞན་ཕན་བྱང་ཆུབ་ཀྱི་གོ་འཕང་ལ་བཞག་པར་བགྱིའོ་སྙམས་པས་འདིའི་རྗེས་ཟློས། ནམ་མཁའི་མཐའ་ཁྱབ་སོགས་ཀྱིས་སེམས་བསྐྱེད་ལན་གསུམ་བྱ། བར་འདིར་གསར་རྙིང་གི་དབང་ཆོག་རྣམས་ལས་སྟ་གོན་སྐབས་སྡོམ་བཟུང་ཡོད་མེད་སྣ་ཚོགས་སྣང་ཡང་། ཨོ་རྒྱན་ཆེན་པོའི་རྒྱ་གཞུང་རྩོད་མེད་ཕུར་པའི་དཀྱིལ་ཆོག་རྡོ་རྗེ་ལས་རིམ་ལས་སྟ་གོན་སྐབས་ཚོགས་གསག་སྡོམ་གཟུང་རྒྱས་པར་གསུངས་པར་མ་ཟད་དབང་གཞུང་འདི་གའི་དངོས་བསྟན་གྱི་སྟ་གོན་སྤྲོ་བསྐྱེད་སྡོམ་བཟུང་གཉིས་པོ་འདིར་སྣང་བ་ལྟར། བཞི་པ་ཚོགས་གསག་ཅིང་སྡོམ་པ་གཟུང་བ་ནི། སླར་ཡང་ཚོགས་ཀྱི་ཞིང་དེ་རྣམས་ལ་སྐྱབས་སུ་འགྲོ་བ་དང་། བླ་ན་ཡོད་པ་དང་མེད་པའི་མཆོད་སྤྲིན་རྒྱ་མཚོས་མཆོད་པ་དང། ཟབ་ལམ་གྱི་དངོས་གྲུབ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་ཚོགས་མཐའ་དག་བཤགས་པ་དང་། རང་གཞན་སྐྱེ་འཕགས་ཀུན་གྱི་དགེ་བ་རྨ་མེད་པ་ལ་རྗེས་སུ་ཡི་རང་བ་དང་། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་དོན་དམ་བྱང་ཆུབ་ཀྱི་སེམས་ཚུལ་བཞིན་དུ་བསྐྱེད་པ་དང་། བདེ་གཤེགས་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་ལུས་ངག་ཡིད་གསུམ་ལྟོས་པ་མེད་པར་བྲན་དང་འབངས་སུ་དབུལ་བར་མོས་པ་དང་། ཐོག་མེད་ནས་བསགས་པའི་དགེ་ཚོགས་ཇི་སྙེད་ཅིག་མཆིས་པ་ཐམས་ཅད་གཅིག་ཏུ་བསྡོམས་ནས་འགྲོ་ཀུན་བྱང་ཆུབ་སྙིང་པོ་ཐོབ་པའི་རྒྱུར་བསྔོ་བར་བགྱིའོ་སྙམ་པས་རྒྱུན་བཤགས་འདི་ཉིད་ཀྱི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དེ་ལྟར་ཚོགས་བསགས་སྔོན་དུ་འགྲོ་བས་ཕྱི་ཉེས་སྤྱོད་སྡོམ་པ་སོ་ཐར་གྱི་ཚུལ་ཁྲིམས། ནང་གཞན་ལ་ཕན་པ་སྒྲུབ་པ་བྱང་ཆུབ་སེམས་དཔའི་བསླབ་བྱ། གསང་བ་རང་རྒྱུད་ཐབས་ཤེས་དབྱེར་མེད་ཟག་མེད་བདེ་བ་ཆེན་པོའི་རང་བཞིན་གཅིག་ཏུ་སྡོམ་པ་རིག་འཛིན་སྔགས་ཀྱི་སྡོམ་པ་མཐའ་དག་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་འདིར༔ སོ་སོ་ཐར་པའི་སྡོམ་པ་དང༔ བྱང་ཆུབ་སེམས་དཔའི་བསླབ་བྱ་དང༔ རིག་འཛིན་སྔགས་ཀྱི་དམ་ཚིག་རྣམས༔ དེང་ནས་བདག་གིས་བརྟན་པོར་གཟུང༔ ལན་གསུམ། ལྔ་པ་གནས་གསུམ་བྱིན་གྱིས་བརླབ་པ་ནི། སློབ་དཔོན་རྡོ་རྗེ་གཞོན་ནུར་གསལ་བའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་འོད་སྤྲོས་པས་ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་བསྲེགས། རིག་པ་ཧཱུྃ་ལས་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་བྷནྡྷ་འཛིན་པའི་སྐུར་གྱུར། སློབ་དཔོན་གྱིས་གཡོན་དྲིལ་བུ་དང་བཅས་དུང་ཞལ་བཟུང་། གཡས་རྡོ་རྗེ་དང་བཅས་པའི་སྲིན་ལག་གིས་དང་པོར་གནས་གསུམ་གྱི་ཐུགས་ཕྱག་མཚན་གསལ་གདབ་ཕྱིར་དཔྲལ་བ་ནས་བཟུང་ཡས་ནས་མར་དྲིའི་ཐིག་ལེ་བྱ་ཞིང་། ཨོཾ་ཨཱཿཧཱུྃ། དེའི་དབུས་གསུང་ཡིག་འབྲུ་གསལ་གདབ། སླར་མས་ནས་ཡར་རེག་ཅིང་། ཧཱུྃ་ཨཱཿཨོཾ། དེ་ལས་སྐུ་རྡོ་རྗེ་གསུམ་གྱི་ལྷ་ཡོངས་རྫོགས་གསལ་འདེབས་ཕྱིར་ཡས་ནས་མར་རེག་ལ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད། དེ་ཉིད་ཚིག་གིས་གསལ་གདབ་པ་ནི། སྤྱི་བོར་ཟླ་བའི་གདན་ལ་ཨོཾ་ལས་སྐུ་རྡོ་རྗེ་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པའི་ཐུགས་ཀར་ཨོཾ་དཀར་པོ། མགྲིན་པར་པདྨའི་གདན་ལ་ཨཱཿལས་གསུང་རྡོ་རྗེ་དམར་པོ་པདྨ་དང་དྲིལ་བུ་འཛིན་པའི་ཐུགས་ཀར་ཨཱཿདམར་པོ། ཐུགས་ཀར་ཉི་མའི་གདན་ལ་ཧཱུྃ་ལས་ཐུགས་རྡོ་རྗེ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར་པར་མོས་ལ་ང་རྒྱལ་གཟུང་བ་འདིའི་རྗེས་ཟློས་མཛོད། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་ང་རྒྱལ་བརྟན་པར་བྱ། དེ་ལྟར་ཁྱེད་རང་རྣམས་སྒོ་གསུམ་ལྷའི་བདག་ཉིད་ཡེ་ནས་ཡིན་ལ། དེ་ཉིད་ཡིན་པར་གསལ་བཏབ་ཕྱིར་མཆོད་པའི་ཡུལ་དུ་བཟུང་བ་ཡིན་པས་དེ་ལ་སློབ་དཔོན་གྱིས་མཆོད་པ་བགྱིས་པའི་མོས་པ་མཛོད། བྱས་ལ་ཉེར་སྤྱོད་སོ་སོར་སློབ་དཔོན་གྱིས་འབུལ་བའི་ཚུལ་གྱིས། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ཤབྡའི་བར་གྱིས་རོལ་མོར་བཅས་པས་མཆོད། འདིའང་སྤྲོས་པ་བསྡུ་ན་སྔགས་རྒྱ་དམིགས་པ་ཙམ་གྱིས་འཐུས་སོ། །དྲུག་པ་སྲུང་སྐུད་གདགས་པ་ནི། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་དམ་ཚིག་པའི་སྲུང་སྐུད་ཁ་དོག་ལྔ་ལྡན་སློབ་མའི་ལུས་ཚད་དང་མཉམ་ཞིང་རྡོ་རྗེའི་མདུད་པ་དང་ལྡན་པ་ལ། སྟ་གོན་གྱི་ལྷའི་ཐུགས་ཀ་ནས་ཡེ་ཤེས་པའི་སྲད་བུ་བསམ་གྱིས་མི་ཁྱབ་པ་བྱུང་སྟེ་དམ་ཚིག་པའི་སྲུང་སྐུད་ལ་ཐིམ་པས། ཁྲོ་བོ་བདུད་རྩི་འཁྱིལ་པའི་རང་བཞིན་སློབ་མའི་སྒོ་གསུམ་གྱི་བར་གཅོད་སྲུང་བའི་ནུས་པ་དང་ལྡན་པར་གྱུར། སྲུང་སྐུད་ཐལ་མོའི་བར་དུ་མཉེ་ཞིང་། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ༔ ལན་ཉེར་གཅིག་སོགས་བཟླས་ལ་སྔགས་རྗེས། བྱང་ཆུབ་ཀྱི་སེམས་འཕོ་བའི་གེགས་བསྲུང་བ་གཙོ་ཕྱིར་སྐྱེས་པའི་དཔུང་པ་གཡོན་དང་། བུད་མེད་ཀྱི་དཔུང་པ་གཡས་སུ་ཉིས་བསྐོར་གྱིས་བཅིངས་ལ་མདུད་རྒྱ་བཏབ། ཧཱུྃ༔ ཡེ་ཤེས་ལྔ་ལྡན་སྲད་བུ་འདི༔ ལུས་ཀྱི་ཉེས་པ་སེལ་བའི་ཕྱིར༔ ཡི་དམ་སྙིང་པོའི་སྔགས་ཀྱིས་བཏབ༔ བར་ཆད་བདུད་ལས་རྒྱལ་གྱུར་ཅིག༔ རྩ་སྔགས་དང་འཁྱིལ་པའི་སྔགས་མཐར་བཛྲ་རཀྵ་ཧཱུྃ་ཕཊ༔ ཅེས་བཅིངས་ལ་མདུད་རྒྱ་དྲིའི་ཐིག་ལེ་དང་རྡོ་རྗེའི་རྒྱས་གདབ་ཀྱང་བྱ། དེ་ཡང་སྲུང་སྐུད་འཁོར་གཉིས་སུ་བཅིངས་པས་ཉིན་མཚན་གྱི་བར་ཆད་སྲུང་། འདོམ་གང་པས་གཙོ་བོར་ལུས་ཀྱི་གེགས་སྲུང་བ་མཚོན། སུམ་ལྟེབས་སུ་བགྱིས་པས་སྦྱང་གཞི་ལུས་ངག་ཡིད་གསུམ་དང་། ཁ་དོག་ལྔ་ལྡན་རྡོ་རྗེའི་མདུད་པ་གསུམ་བཏབ་པས་ཕུང་ཁམས་ཡེ་ཤེས་ལྔར་དག་པ་དང་། སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་རློབ་པ་མཚོན། དེས་གཙོ་བོར་ལུས་སྒྲིབ་དག་པ་དང་། གནས་སྐབས་དོ་ནུབ་རྨི་ལམ་བརྟག་པའི་བར་ཆད་སྲུང་། མཐར་ཐུག་སྐུ་གསུམ་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་ནས་བདུད་བཞིའི་དཔུང་ལས་རྣམ་པར་རྒྱལ་བའི་རྟེན་འབྲེལ་མངོན་དུ་བགྱིས་པ་ཡིན་ནོ། །བདུན་པ་སོ་ཤིང་སྦྱིན་པ་ནི། བསང་སྦྱང་། སྟོང་པའི་ངང་ལས་སོ་ཤིང་མཚན་ཉིད་དང་ལྡན་པ་ཁྲོ་བོ་རྟ་མགྲིན་གྱི་རང་བཞིན་སློབ་མའི་དངོས་གྲུབ་ཀྱི་ལྟས་བརྟག་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་བ་ཧཱུྃ༔ ཞེས་བཟླས་པས་བརླབ། སློབ་དཔོན་གྱིས། ཨོཾ་བཛྲ་ཧཱ་ས་ཧ༔ ཞེས་བརྗོད་བཞིན་དུ་སོ་ཤིང་བྲིམ། དེ་ཡང་སློབ་དཔོན་གྱིས་སོ་ཤིང་སྦྱིན་པའི་དུས་ཐལ་སྦྱར་བར་དུ་བླང་། རྗེས་ཟློས་ཀྱི་ཚེ་མཁའ་དབྱིངས་ཀྱི་ཕྱག་རྒྱ་ཞེས་མཐེ་བོང་ལྟོ་སྦྱར་བའི་བར་སོ་ཤིང་གི་རྩ་བ་བཟུང་ནས་སོས་འཆའ་བའི་ཚུལ་དང་། སོར་མོ་རྣམས་ཐད་ཀར་བརྐྱང་བའི་གུང་མོའི་བར་སོ་ཤིང་གི་རྩེ་མོ་མེ་ཏོག་དང་ལྡན་པ་བཟུང་། དེ་ལྟ་བུའི་ཕྱག་རྒྱས་སོ་ཤིང་ཅུང་ཟད་སོས་འཆའ་བ་དང་ལྷན་ཅིག །དམིགས་པ་སོ་ཤིང་ལས་བྱུང་བའི་འོད་ཟེར་གྱིས་ཁོང་པའི་ནང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྨན་པ་མཁས་པས་སྐྱུག་སྨན་བཏང་བ་བཞིན་ནག་འདུར་གྱིས་ཕྱིར་འཐོན་ཏེ་དབང་ཆེན་གསེར་གྱི་ས་གཞིར་ཐིམ་སོང་སྙམ་པ་དང་རྩེ་མོའི་མེ་ཏོག་འདོར་ཡུལ་གྱི་མཎྜལ་ལ་གཏད་དེ་དངོས་གྲུབ་ཀྱི་མཚན་མ་གསལ་པོར་སྟོན་ཅིག་སྙམ་པས་འདིའི་རྗེས་ཟློས་མཛོད། ཧོ༔ བླ་མས་གནང་བའི་སོ་ཤིང་འདི༔ གསང་སྔགས་ལྷ་ཚོགས་ངོས་འཛིན་ཕྱིར༔ མཎྜལ་དབུས་སུ་བདག་འདོར་རོ༔ གང་ཡིན་ཕོ་བྲང་ལྷ་དེར་བོབ༔ ཨོཾ་བཛྲ་ཧཱ་ས་ཧ༔ ཞེས་སོ་ཤིང་འགྲིམ་དཀྱིལ་དུ་དོར་དུ་གཞུག་ལ་ལྟས་བརྟག །དེ་ལྟར་སོ་ཤིང་དོར་བས་གནས་སྐབས་ངག་གི་སྒྲིབ་པ་དག་པ་དང་། རྩེ་མོ་དབུས་སུ་ཕོག་ནས་རང་ལ་བསྟན་ན་མཆོག་དང་གཙོ་བོའི་རིག་འཛིན། ཕྱོགས་མཚམས་དང་སྟེང་འོག་ཏུ་བལྟ་ན་འཁོར་གྱི་ལྷ་དང་དེའི་རིགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་བ་ནི་མཆོག་གི་དང་། ཕྱོགས་བཞིར་བལྟ་ན་རིམ་པ་བཞིན་ཕྲིན་ལས་བཞི་དང་སྟེང་འོག་མཁའ་སྤྱོད་དང་ས་སྤྱོད། མཚམས་བཞིར་བུམ་པ་དང་དཔག་བསམ་ཤིང་དང་བ་དང་ལོ་ཏོག་ལ་སོགས་འཇིག་རྟེན་པའི་དངོས་གྲུབ་ཀྱི་ལྟས་ཡིན་ལ། གོང་གི་འབྲས་བུ་དེ་དག་ཀྱང་སོ་ཤིང་ལན་གཅིག་དོར་བས་ཕོག་ན་ཚེ་འདི། གཉིས་ཀྱི་བར་དོ། གསུམ་གྱིས་འཇིག་རྟེན་ཕྱི་མར་ཐོབ་འགྱུར་དུ་ངེས་ལ། དེར་ཡང་མ་ཆུད་པར་ཕྱི་རོལ་དུ་ལྷུང་ན་རེ་ཞིག་དངོས་གྲུབ་ཀྱི་སྐལ་བ་ཆད་པར་བཤད་པས་ཚོགས་གསག་དང་ཉམས་ཆག་སྐོང་བ་ལ་འབད་པར་རིགས་སོ། །ཞེས་བརྡ་དོན་སྤྲད། བརྒྱད་པ་ཁྱོར་ཆུ་བླུད་པ་ནི། དུང་ཞལ་གྱི་དྲིའི་ཆུ་བསང་སྦྱང་། སྟོང་པའི་ངང་ལས་དུང་ཆུ་ཁྲོ་ཆེན་གཞན་གྱིས་མི་ཐུབ་པའི་རང་བཞིན་སློབ་མའི་ཡིད་ཀྱི་སྒྲིབ་པ་སྦྱོང་ནུས་པའི་རང་བཞིན་དུ་གྱུར། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ༔ ཞེས་བཟླས་ལ་བརླབ། སྔགས་དེ་ཉིད་བཟླ་བཞིན་དུ་སློབ་མའི་ཁྱོར་བ་གཡོན་པར་བླུགས་ལ་ཧུབ་གསུམ་བཏུང་རྗེས་ལྷག་མ་རྒྱབ་ངོས་སུ་དོར་དུ་བཅུག །དེ་ལྟར་ཧུབ་གསུམ་བཏུང་བ་ནི་སྒོ་གསུམ་གྱི་དྲི་མ་སྦྱོང་བ་དང་། ལྷག་མ་རྒྱབ་ཏུ་དོར་བ་མི་དགེ་བ་ལས་རྒྱབ་ཀྱིས་ཕྱོགས་པའི་དོན་ཡིན། དེ་ཡང་ཁྱོར་ཆུས་གནས་སྐབས་སུ་རྨི་ལམ་གསལ་བ་དང་། སྒོ་གསུམ་སྤྱི་དང་ཁྱད་པར་ཡིད་ཀྱི་སྒྲིབ་པ་སྦྱོང་། མཐར་ཐུག་སྒྲིབ་གསུམ་བག་ཆགས་དང་བཅས་བྱང་ཞིང་དག་པ་སྐུ་གསུམ་གྱི་འབྲས་བུ་མངོན་དུ་བྱེད་པའི་རྟེན་འབྲེལ་ལོ། །དགུ་པ་ཀུ་ཤ་སྦྱིན་པ་ནི། ཀུ་ཤའི་ཕོན་པོ་ཆེ་ཆུང་སློབ་མའི་གྲངས་མཉམ་བསང་སྦྱང་། སྟོང་པའི་ངང་ལས་དྷཱིཿདང་ཧཱུྃ་ལས་སྐྱེས་པའི་ཀུ་ཤ་སྔོ་ལྗང་རྨ་བྱའི་མགྲིན་མདོག་ལྟར་འཇམ་ལ་རེག་ན་བདེ་བ། སློབ་མ་རྣམས་ཀྱི་རྨི་ལམ་མི་འཁྲུགས་ཤིང་གསལ་བའི་ནུས་པ་དང་ལྡན་པར་གྱུར། དྷཱིཿཧཱུྃ༔ བདུན་ཙམ་བཟླས་རྗེས། ཧོ༔ ལས་འཕྲོ་སྐལ་ལྡན་རིགས་ཀྱི་བུ༔ ཀུ་ཤ་གཙང་མའི་རྩྭ་མཆོག་འདི༔ དངོས་གྲུབ་མཚན་རྟགས་གསལ་བྱའི་ཕྱིར༔ ཁྱོད་ཀྱི་ཉལ་བའི་སྔས་སུ་སྦྱིན༔ རྨི་ལམ་བཟང་ངན་ང་ལ་སྨྲོས༔ ཞེས་ཀུ་ཤ་ཕོན་ཆེ་བ་སློབ་དཔོན་གྱི་གཡས་དང་། ཆུང་བ་གཡོན་དུ་བསྣམས་ཏེ་ཕྱག་རྒྱ་བསྣོལ་མར་གཏད། སློབ་མས་ཐལ་མོ་རང་སར་བཀན་ཏེ་མ་འཆོལ་བར་ལེན། དེ་ལྟར་ཀུ་ཤ་ནི་དག་བྱེད་ཀྱི་རྩྭ་གཙང་ཞིང་དགེ་བ་ཡིན་པས་རྨི་ལམ་མི་འཁྲུགས་ཤིང་བར་ཆད་ཐམས་ཅད་སྲུང་བ་ནི་གནས་སྐབས་དང་། མཐར་ཐུག་རྡོ་རྗེའི་གདན་བྱང་ཆུབ་ཆེན་པོའི་ཤིང་དྲུང་དུ་ཀུ་ཤའི་གདིང་བར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་མངོན་དུ་བྱེད་པའི་རྟེན་འབྲེལ་ཁྱད་པར་ཅན་སྒྲིག་པ་ཡིན་ནོ། །ཞེས་དོན་བཤད། བཅུ་པ་ཆོས་བཤད་པ་ནི། དེ་ནས་སྤྲོ་བ་བསྐྱེད་པ་འདི་ལ་གསན་པས་ཁྱབ་པར་གདའ། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ ཕུར་པའི་དཀྱིལ་འཁོར་འཇུག་པ་ནི༔ ཨུ་དུམྦ་རའི་མེ་ཏོག་བཞིན༔ བརྒྱ་ལམ་ན་ནི་རེས་འགའ་ཙམ༔ འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༔ བསྐལ་པ་བྱེ་བ་བསམ་ཡས་སུ༔ སྔོན་དུ་སྡིག་པ་བྱས་པ་གང༔ དཀྱིལ་འཁོར་བཟང་པོ་མཐོང་མ་ཐག༔ དེ་རྣམས་འཛད་པར་འགྱུར་ཡིན་ན༔ ཚུལ་འདིར་ཞུགས་ན་སྨྲོས་ཅི་དགོས༔ གང་གི་སྤྱོད་པ་མཆོག་འདི་ལ༔ བློ་གྲོས་མི་གཡོ་རབ་གནས་ན༔ གོ་འཕང་བླ་ན་མེད་པར་འགྱུར༔ དེ་ཕྱིར་ཁྱེད་རྣམས་སྐལ་བཟང་ཅན༔ རྡོ་རྗེ་གཞོན་ནུའི་རིགས་མཆོག་སྟེ༔ མ་ནོར་ཚུལ་བཞིན་འཇུག་པར་གྱིས༔ ཀྱེ་རིགས་ཀྱི་བུ་རྣམས། འཇིག་རྟེན་ན་ཨུ་དུམྦ་རའི་མེ་ཏོག་བརྒྱ་ལམ་ན་འབྱུང་སྲིད་ཀྱི་དེ་བས་སངས་རྒྱས་འཇིག་རྟེན་དུ་འབྱོན་པ་དཀོན། དེ་ལས་གསང་སྔགས་རྡོ་རྗེ་ཐེག་པ་འབྱུང་བ་ནི་ཤིན་ཏུ་དཀོན་པས་རྙེད་པར་དཀའ་བ་རྙེད་ན་དོན་ཆེ་བ་དཀྱིལ་འཁོར་ཆེན་པོ་ལན་གཅིག་མཐོང་བས་ཀྱང་བསྐལ་པ་བྱེ་བར་བསགས་པའི་སྡིག་པ་འདག་པར་གསུངས་ན། དཀྱིལ་འཁོར་དུ་ཞུགས་ནས་དབང་བསྐུར་བ་ཐོབ་པར་གྱུར་ན་སྨྲོས་ཀྱང་ཅི་དགོས་ཏེ། ཐབས་མང་དཀའ་བ་མེད་པའི་ཚུལ་གྱིས་རིང་པོར་མི་ཐོགས་པར་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཏུ་ཐོབ་པར་བྱེད་པ་མྱུར་ལམ་རྡོ་རྗེ་ཐེག་པའི་རིགས་སུ་སྐྱེས་པ་ནི། ཁྱེད་རྣམས་རྙེད་པ་ལེགས་པར་རྙེད་པ་ཡིན་པས་སྤྲོ་བ་ཆེན་པོ་བསྐྱེད་ལ་ཡང་དག་པའི་བློ་གྲོས་དང་བསམ་པ་དེ་ལས་ནམ་ཡང་མི་འགྱུར་བར་གྱིས་ཤིག །ཅེས་གདམས། འདིར་རྨི་ལམ་བརྟགས་ཤིང་བཟང་ན་སྤྲོ་བ་བསྐྱེད་པ་དང་ངན་ན་ཟློག་པའི་ཐབས་སོགས་སྤྱི་དང་མཚུངས་སོ། །དེ་ལས་བྱུང་བའི་དགེ་བ་རྣམས་ཀྱང་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་ཞུ། བསོད་ནམས་འདི་ཡིས་སོགས་དགེ་བསྔོ་དཔོན་སློབ་ལྷན་ཅིག་པར་བརྗོད་ལ་སློབ་མ་རྣམས་རང་གནས་སུ་གཏང་ངོ་། དེ་ནས་མཆོད་པ་ཁ་གསོས་ལ་བྱིན་བརླབ། ཧཱུྃ། འབར་བའི་དཀྱིལ་འཁོར་ཁྲོ་ཆེན་ལྷ་ཚོགས་ལ། །སོགས་ཉེར་སྤྱོད་ཕྱི་ནང་དང་། སྔགས་ཙམ་གྱིས་སྨན་རཀ་གཏོར་གསུམ་འབུལ། སྲིད་གསུམ་གདུག་པ་སོགས་ཤྭ་ལོ་ཀ་གཅིག་གིས་བསྟོད། །དེ་རྗེས་སྟ་གོན་གྱི་ལྷ་ལ་གནང་བ་ཞུ་བ་ནི་སྤོས་རོལ་དང་བཅས། ཀྱེ། དགོངས་ཤིག་དཔལ་ཆེན་ལྷ་ཡི་ཚོགས། །བདག་ཅག་ཕྲིན་ལས་རིག་འཛིན་རྣམས། །དཀྱིལ་འཁོར་ཟབ་མོ་སྒྲུབ་འཚལ་གྱིས། །ཐུགས་རྗེས་དགོངས་ལ་བྱིན་གྱིས་རློབས། །ལན་གསུམ་གྱིས་གནང་བ་གསོལ་བས་ཐོབ་པར་མོས། བཛྲ་ཨུཏྟིཥྛ། ཞེས་རྡོ་རྗེ་གཙུག་ཏོར་གྱི་སྔགས་རྒྱ་དང་བཅས་སྟ་གོན་གྱི་ལྷ་ནམ་མཁར་བཏེག་པ་འོད་ཀྱི་དྲྭ་གུར་དུ་བཞུགས་པར་མོས་ལ། དབྱངས་གསལ་དང་ཡེ་དྷར་ཚར་གཅིག་བརྗོད་པས་བརྟན་པར་བསམ་ལ་ཚོམ་བུ་དང་མཆོད་གཏོར་བསྡུའོ། །ལྔ་པ་དཀྱིལ་འཁོར་བྲི་ཞིང་སྒྲུབ་རྫས་འགོད་པ་ནི། རས་བྲིས་ཡོད་ན་བཏིང་། མེད་ན་མཎྜལ་དྲི་བཟང་གིས་ཆག་ཆག་བཏབ་པར་ཁྲག་ཆང་གིས་གཤེར་བའི་འབྲུ་ནག་ཚོམ་བུ་ལྷ་གྲངས་མཉམ་པ་གཙོ་འཁོར་གྱི་གནས་མ་འཆོལ་བར་བཀོད། རྡུལ་ཚོན་ལ་ཕུར་པ་ཚང་མ་བཀྲམ་དགོས་ཀྱང་། རས་བྲིས་སོགས་ལ་བརྟེན་པའི་ཕྱོགས་འདིར་ཡང་གཙོ་ཕུར་གཅིག །ཁྲོ་བཅུ་ལ་གཅིག །དམ་ཅན་ལ་གཅིག་སྟེ་གསུམ་ཙམ་དང་། ལས་ཕུར་བཅས་མེད་ཐབས་མེད་པས་དེ་རྣམས་དར་ནག་གི་ཅོད་པན་སྟེགས་དང་བཅས་སློབ་དཔོན་མདུན་དུ་བཀོད། བྱང་གཏེར་སྤུ་གྲི་དང་སྟག་ཚང་ཕུར་པ་ཚིག་དོན་མཚུངས་པར་བྱིན་རླབས་ཚུལ་བརྒྱད་གསུངས་པ་ལྟར་གལ་ཆེ་ཡང་། སྤྲོས་པ་བསྡུ་བའི་སྐབས་འདིར་བྱུག་བདུག་བྲབ་པའི་རྫས་འདུ་བྱས་ལ་གཏེར་གཞུང་དྲག་སྔགས་ཀྱི་ཕུར་པ་བྱིན་བརླབ། བདག་ཉིད་དཔལ་ཆེན་པོར་གསལ་བའི་སོགས་གཏང་བ་ལས། ཚིགས་གཅད་དང་པོའི་སྐབས་ཕུར་པ་ཐལ་སྦྱར་བར་དུ་བཟུང་། སྔགས་ཀྱི་སྐབས་བསྒྲིལ། བེ་ཏ་ལཱི་སོགས་ལ་ཡུངས་དཀར་གྱིས་བྲབ། མ་གུ་ཏ་ལ་སོགས་ལ་གུ་གུལ་གྱིས་བདུག །མ་ཧཱ་རཀྟ་སོགས་ལ་ཕུར་རྩེ་རཀྟས་བྱུག །ཧཱུྃ༔ སྐུ་སྟོད་ཁྲོ་བོ་སོགས་དང་། ཆོག་བསྒྲིག་གི །ཧཱུྃ། ཁྲག་འཐུང་ཁྲོ་བོ་རོལ་པའི་སོགས། ཚིགས་གཅད་བརྗོད་དེ་དཀྱིལ་འཁོར་གྱི་དབུས་དང་མདུན་རྒྱབ་ཏུ་ཨེ་ཁྲོམ་ལ་བཀོད། དེའི་སྟེང་ལྡིང་ཁྲིའི་ཁར་རྣམ་རྒྱལ་བུམ་པ་ཆས་ལྡན། ཤར་དུ་འཛོམ་ན་གཙོ་བོ་ཁྲོ་བཅུ་དང་བཅས་པའི་སྐུ་ཙཀ །ཕྱག་མཚན་བྲིས་འབུར་གང་རིགས། མིང་དབང་གི་རྡོར་དྲིལ་བསྣོལ་མ། ལྷོར་མེ་ཏོག་གི་ཕྲེང་བ་དབུ་རྒྱན་དར་དཔྱང་དང་བཅས་པ། ནུབ་ཏུ་རྡོ་རྗེ་དང་བདུད་རྩིའི་ཐོད་པར་དར་དམར་གྱི་ཁེབས་ལྡན་ཁར་མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་ཆོས་འབྱུང་བསྣོལ་མ་ཁུག་དྲུག་ཏུ་དགའ་འཁྱིལ་གཡོན་སྐོར་རེ་དང་ལྟེ་བར་མཱུཾ་ཡིག་གིས་མཚན་པའི་ཁར་སྔགས་བྱང་དང་ཤེལ་རྡོ། བྱང་དུ་དྲིལ་བུ་དང་དཔལ་དང་དུར་ཁྲོད་ཀྱི་རྒྱན་ཆས་ཀྱི་ཙཀླི་ཡོངས་རྫོགས། དཔལ་གྱི་གཏོར་ཆེན་འཁོར་ལོའི་གདན་ཅན་རྒྱན་སྤྲོས་བཟང་པོས་བརྗིད་ཅིང་སྐུ་ཙཀ་དར་མཐིང་གི་གདུགས་དང་བཅས་པ། བྱང་ཤར་དུ་ལས་བུམ། དཀྱིལ་འཁོར་གྱི་ཤར་ངོས་སུ་དབུས་སུ་མཆོད་གཏོར་བཤམས་པའི་གཡས་གཡོན་དུ་སྨན་རཀ །རྒྱབ་ངོས་སུ་ཕུར་སྲུང་དང་གཏེར་སྲུང་སྤུ་གྲི་མཆེད་གསུམ་གྱི་གཏོར་མ་དང་ཆད་བརྟན། མཐའ་སྐོར་བྱང་ཤར་དུ་མཚམས་འཛིན་མེ་ཏོག་ནས་བཟུང་གཡས་སྐོར་གྱིས་ཆུ་གཉིས་ཉེར་སྤྱོད། ཤར་ལྷོ་ནས་གཡོན་སྐོར་གྱིས་དབང་པོའི་མེ་ཏོག་སོགས་ནང་མཆོད་རྣམ་ལྔ། དེ་དག་གི་ཉེ་ལོགས་ཅི་བདེ་བར་སྟེགས་ཁར་བསྒྲལ་དབང་གི་ཆས་ཟན་ལིང་དང་ཤོག་གུའི་ལིངྒ། རལ་གྲི་ཐོ་གཏུན་སོགས། པུ་རི་མཆོད་རྟེན་དཀར་ནག་གམ་སཱཙྪ་གཉིས། ཟློག་པའི་དམར་གཏོར་མཚེ་ཡུངས་ཀྱིས་བརྒྱན་པ། དགང་གཟར་བླུག །དམར་གཏོར། མནན་ཆས་ཕུང་རེ་བྱད་ཐག་མནན་སྣོད་དུར་གཡམ་རྒྱ་གྲམ་བྲིས་པ། དྲག་ཤིང་གི་ཧོམ། སྔོན་གཏོར། ཚོགས་ཀྱི་ཡོ་བྱད་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་དངོས་གཞིའི་རིམ་པ་ལ་གཉིས། སྒྲུབ་ཅིང་བདག་ཉིད་འཇུག་པ། སློབ་མ་རྗེས་སུ་འཛིན་པའོ། །དང་པོ་ནི། ཚིག་བདུན་གསོལ་འདེབས་དང་བརྒྱུད་འདེབས། སྐྱབས་ཡུལ་གསལ་འདེབས་ནས་གཟུང་མཆོད་རླབས་རྫོགས་པའི་བར་མཐར་ཆགས་སོང་ནས་དངོས་གཞི་དཀྱིལ་འཁོར་རྣམ་གསུམ་གསལ་གདབ་པ་ལ། ཏིང་འཛིན་རྣམ་པ་གསུམ། འབྱུང་རིམ་རི་རབ་དང་བཅས་པའི་དཀྱིལ་འཁོར་གྱི་རྟེན་གཞི་བསྒོམས་རྗེས། རི་རབ་ལ་ཕུར་པ་བཏབ་པའི་ཚུལ་གྱིས་རྒྱ་མདུད་གོང་མ་ཏོག་ལྟར་རི་རབ་ཀྱི་ཁར་ཐོན་པ། དེ་ཕྱིན་རི་རབ་ཀྱི་ཁོང་དུ་ཚུད་པའི་དབལ་ལ་ངན་སོང་གནས་བཅུ། རྒྱ་མདུད་འོག་མ་ལ་འདོད་ཁམས་གནས་དྲུག །འཆང་བཟུང་ཟུར་བརྒྱད་ཀྱི་རྐེད་མནན་གཟུགས་ཁམས་གནས་རིས་བཅུ་བདུན། ཡན་ཆད་ལ་གཟུགས་མེད་སྐྱེ་མཆེད་མུ་བཞི་སྟེ་སྲིད་པ་ཕུར་བུའི་དཀྱིལ་འཁོར་གཅིག་ཏུ་རྫོགས་པའི་རྒྱ་མདུད་གོང་མའི་ནང་ཁོངས་སུ། བདག་བསྐྱེད་སྲུང་འཁོར་གཞལ་ཡས་ཁང་དང་བཅས་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་རང་ཉིད་གཙོ་བོ་ཡབ་ཡུམ། གནས་རྣམས་སུ་ཁྲོ་བཅུ་ཁྲ་ཕྱག་དང་བཅས་མེ་ལོང་དང་གཟུགས་བརྙན་བཞིན་སྣང་ལ་མ་འདྲེས་གསལ་རྫོགས་སུ་བསྒོམ་པ་བདག་ཉིད་རྩ་བའི་དཀྱིལ་འཁོར། ཕྱོགས་མཚམས་ཁྲོ་བཅུ་ཁྲ་ཕྱག་སྒོ་མ་དང་བཅས་པ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར། བདག་ཉིད་རྩ་བའི་དལ་དང་ཤར་གྱི་ཁྲོ་བོ་རྣམ་རྒྱལ་གྱི་བར་བྲིས་པའི་དཀྱིལ་འཁོར་མཚན་མ་བསྒྲུབ་རྫས་དང་བཅས་པ་རང་ལ་ཞལ་སྤྲོད་ཀྱི་ཚུལ་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་ཞིག་མདུན་བསྐྱེད་ཀྱི་ཚུལ་དུ་གསལ་འདེབས་པ་ནི་མཚན་མ་རྫས་ཀྱི་དཀྱིལ་འཁོར་ཏེ། དེ་ལྟར་དཀྱིལ་འཁོར་གསུམ་ཀ་གྱེར་ཚིག་གཅིག་ཁོ་ནས་གསལ་འདེབས་ལ་བྱིན་རླབས་དབང་སྐུར་རྒྱས་གདབ་བྱ། ཡེ་ཤེས་པ་སྤྱན་འདྲེན་པའི་སྐབས་སྔར་སྟ་གོན་གྱི་ལྷ་ནམ་མཁར་བཏེག་པའང་སྤྱན་དྲངས་ལ་བསྟིམས་ཏེ་བཞུགས་གསོལ་ཕྱག་མཆོད་བསྟོད་པ་ཛཔ྄་བསྐུལ་གྱི་བར་བཏང་། སྒྲུབ་མཆོད་མིན་པའི་དབང་སྒྲུབ་དཀྱུས་མ་ཙམ་གྱི་སྐབས་མཆོད་པའི་རིགས་གཏེར་གཞུང་ཁོ་ནས་ཆོག་ཅིང་མཆོད་ཕྲེང་ཚིག་ཚོགས་གཞན་མི་དགོས་སོ། །བདག་ཉིད་རྩ་བའི་དཀྱིལ་འཁོར་གྱི་དཔལ་ཆེན་པོའི་ཐུགས་རིན་ཆེན་ཟུར་བརྒྱད་པའི་དབུས་སུ་པད་དཀར་འདབ་བརྒྱད་ཀྱི་ལྟེ་བར་ཡེ་ཤེས་སེམས་དཔའ་དཀར་པོ་ཚོན་གང་བ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཞབས་ཅུང་ཟད་བརྐྱང་བསྐུམ་དུ་བཞུགས་པ་ལོངས་སྐུ་ཞི་བའི་རྒྱན་ཆ་ལུགས་རྫོགས་པའི་ཐུགས་ཀར་ཉི་ཟླ་བརྩེགས་མའི་དབུས། རྡོ་རྗེ་ནས་འབྲས་ཙམ་པའི་ལྟེ་བར་ཧཱུྃ་མཐིང་ཡུངས་འབྲུ་ཙམ་པའི་མཐར་ཀཱི་ལ་ཡའི་སྔགས་ཕྲེང་ལྗང་གུ་སྤུ་ཤད་ཀྱིས་བྲིས་པ་ལྟ་བུ་མར་མེ་ལྟར་འབར་བ། དེ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་རྒྱལ་བ་རྣམས་དང་ཁྲོ་བོའི་ལྷ་ཚོགས་ལ་ཕོག །རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་ཕུལ། རྩ་བ་གསུམ་གྱི་ཐུགས་དམ་བསྐུལ། སྲུང་མ་རྣམས་ལས་ལ་བཙུད་ནས་གདུག་པ་ཅན་ཚར་བཅད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས་ཚུར་འདུས་པས་བསྒྲུབ་རྫས་མཚན་མའི་དཀྱིལ་འཁོར་ལ་དབང་བསྐུར་བྱིན་གྱིས་བརླབས་པས་ནུས་མཐུ་གཟི་བྱིན་དང་ལྡན་པར་བྱས། སླར་ཡང་བདག་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་པ་དང་། ཡང་བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། མདུན་བསྐྱེད་གཙོ་བོའི་ཐུགས་རྒྱུད་བསྐུལ། དེ་ལས་འཕྲོས་པའི་འོད་ཟེར་ཕྱོགས་བཅུའི་ཁྲོ་བོ་སྲས་མཆོག་སྒོ་སྐྱོང་ཕུར་སྲུང་ཐམས་ཅད་ལ་ཕོག་པས་དགྱེས་པ་བསྐྱེད། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་སྔགས་ཕྲེང་མུ་ཏིག་དམར་པོའི་ཆུན་པོ་ལྟར་བྱུང་བ་རང་གི་ལྟེ་བར་ཐིམ་པར་མོས་པ་སྟེ་དེ་ལྟར་འགལ་མེ་ལྟར་འཁོར་བ་དོ་ལིའི་དམིགས་པ་དང་བཅས། གཙོ་བོ་བསྙེན་སྔགས་འབྲུ་བཅུ་བཞི་པ་དང་། རྗེས་སུ་བཞི་སྙིང། ཁྲོ་བཅུ། སྲས་མཆོག་བཅས་པ་ཡང་ཆ་ཤས་རེ་བཟླ། དབྱངས་གསལ་ཡིག་བརྒྱ་སྦྲེལ་མ་གསུམ་གྱིས་ལྷག་ཆད་བསྐངས་ལ་སྟོང་ཚིགས་འབུལ། བུམ་སྒྲུབ་སྟ་གོན་སྐབས་སོང་ཟིན་པས་ལོགས་སུ་མ་བསྒྲུབ་ཀྱང་ཆོག་ལ་སྤྲོ་ན་འདིར་བསྐྱེད་བཟླས་འོད་ཞུ་བཅས་བྱ། དེ་ནས་བཀའ་གཏེར་སྲུང་མའི་གཏོར་འབུལ། ཚོགས་སྐོང་བསྒྲལ་བསྟབ་ཡན་གྲུབ་པ་དང་སྤྲོ་ན་བདག་འཇུག་བླང་། བསྡུ་ན་རིག་པའི་མེ་ཏོག་དོར་བས་སྐབས་དོན་འགྲུབ་བོ། །གཉིས་པ་སློབ་མ་རྗེས་སུ་འཛིན་པའི་བྱ་བ་ལ་གསུམ། འཇུག་པ། དབང་སྐུར། རྗེས་རིམ་མོ། །དང་པོ་ལ་གཉིས། ཕྱི་འཇུག་དང་། ནང་འཇུག་གོ །དང་པོ་ནི། དཀྱིལ་འཁོར་ཡོལ་བས་བསྒྲིབས། སྟ་གོན་གྱིས་སྣོད་རུང་དུ་བྱས་པའི་སློབ་མ་རྣམས་སྒོའི་ཕྱི་རོལ་དུ། ཇི་ལྟར་བལྟམས་པ་སོགས་བརྗོད་ལ་ལས་བུམ་གྱིས་ཁྲུས་བྱ། ལས་གཞུང་སྔོན་འགྲོའི་སྐབས་ཀྱི་བགེགས་གཏོར་བཏང་ཞིང་ཚིགས་བཅད་དྲག་སྔགས་རོལ་མོ་ཡུངས་ཐུན་སོགས་ཀྱི་ཚམ་རྔམ་བཅས་བགེགས་བསྐྲད། ཧཱུྃ། ང་ནི་རང་བྱུང་ནས། བཛྲ་རཀྵ་མཱཾ། ཞེས་པའི་བར་བརྗོད་ལ་སྲུང་འཁོར་བསྒོམ། བླ་མ་ཡི་དམ་དབྱེར་མེད་ཀྱི་སྤྱན་སྔར་དབང་བཞི་ཡོངས་རྫོགས་ཞུ་བའི་ཡོན་དུ་དམིགས་ནས་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་རྒྱས་པར་འབུལ་གཞུག་ལ། འོ། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གནས་སྐབས་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བར་བྱས་ཏེ། མཐར་ཐུག་དཔལ་ཆེན་ཧེ་རུ་ཀའི་གོ་འཕང་ཚེ་འདི་ཉིད་ལ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཕྱིར་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་སྨིན་བྱེད་དབང་བསྐུར་གྱི་རིམ་པ་གསན་ལ་དོན་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཀུན་སློང་རྣམ་པར་དག་པ་དང་། ཆོས་ཉན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་ལེགས་པར་གསལ་བཏབ་ལ་གསན་འཚལ། དེའང་འོ་སྐོལ་གྱི་སྟོན་པ་ཐབས་ལ་མཁས་ཤིང་ཚད་མེད་ཐུགས་རྗེའི་བདག་ཉིད་ཅན་དེས། སེམས་ཅན་གྱི་མོས་བསམ་ཁམས་དབང་སྐལ་པའི་བྱེ་བྲག་མ་འདྲེས་པར་མཁྱེན་པས་དེ་དང་རྗེས་སུ་མཐུན་པའི་དམ་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པར་སྟོན་པར་མཛད་པ་དེ་དག་ཀྱང་མདོར་བསྡུ་ན་ཐེག་གསུམ་ཁོ་ནར་འདུ་མོད་ཀྱི་ནང་གསེས་ཀྱི་དབྱེ་བས་རྣམ་གྲངས་དུ་མར་བཤད་པ་ཡང་མི་འགལ་ཏེ། ཇི་སྐད་དུ། ལྷ་ཡི་ཐེག་དང་ཚངས་པའི་ཐེག །དེ་བཞིན་ཉན་ཐོས་རང་རྒྱལ་གྱི། །ཐེག་པ་སྣ་ཚོགས་ངས་བསྟན་ཏེ། །སེམས་ཅན་འཇུག་པ་ཡོད་ཀྱི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་གསུངས་པ་ལྟར་ཡིན་ལ། བྱེ་བྲག་སྔ་འགྱུར་རང་སྐད་ཀྱི་དབང་དུ་བྱས་ན། སྤྱི་མདོ་དགོངས་འདུས་ལས། ལངྐའི་བདག་པོ་གཞན་ཡང་གང། །དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་གནས་པ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པ་འོ། །ཞེས་སྡེ་ཚན་གསུམ་པོར་ནང་གསེས་གསུམ་གསུམ་དུ་དབྱེ་བས་དགུར་འགྱུར་ལ། དེ་ཉིད་བསྡུ་ན་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུ་ཞིང་། དེ་ལས་འདིར་རྒྱུ་ཕར་ཕྱིན་ཐེག་པ་ལས། མྱུར་བ་དང་། བདེ་བ་དང་། ཐབས་ལ་མཁས་པ་གསུམ་གྱིས་ཁྱད་པར་དུ་འཕགས་པ་འབྲས་བུ་རྡོ་རྗེ་ཐེག་པ་སྟོན་པ་ཡིན། དེ་ལ་བོད་ཡུལ་འདིར་གསང་སྔགས་གསར་རྙིང་གི་ལུགས་སྲོལ་གཉིས་སུ་གྲགས་པ་ལས་སྔ་འགྱུར་རྙིང་མ། དེ་ལ་བཀའ་གཏེར་དག་སྣང་གི་བཀའ་སྲོལ་གསུམ་དུ་ཡོད་པའི་ནང་ཚན་ཁྱད་པར་གྱི་བརྒྱུད་པ་གསུམ་དང་ལྡན་ཅིང་དུས་དང་འཚམ་ལ་བསྲེ་བསླད་མ་ཞུགས་པས་ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་ཕྱོགས་ཡིན་ཅིང་། དེ་ལའང་གཏེར་ཆོས་ཀྱི་དབྱེ་བས་གཏེར་ཆེན་དང་གཏེར་ཕྲན། གཏེར་གནས་ཀྱི་དབྱེ་བས་ཕྱོགས་བཞི་དབུས་ལྔའི་གཏེར་ཁ། འདོན་དུས་ཀྱི་དབྱེ་བས་གཏེར་རྙིང་དང་གཏེར་གསར་སོགས་སུ་མཆིས་པ་ལས། ཤར་གཏེར་འདྲིལ་བ་སྡོང་པོ་ལྟ་བུའི་སྐོར་དུ་གཏོགས་ཤིང་བརྒྱུད་པ་མང་པོས་བར་མ་ཆད་པའི་གཏེར་གསར་བྱིན་རླབས་ཀྱི་གཟི་བྱིན་དང་ལྡན་པ། སྒྲུབ་སྡེ་བརྒྱད་ལས་ཕྲིན་ལས་རོལ་པ་རྡོ་རྗེ་ཕུར་པའི་ཟབ་ཆོས་ཏེ། འདོན་པ་པོའི་གང་ཟག་ཀྱང་ཇི་སྐད་དུ། མཛའ་བོ་ནང་འཛུགས་ཚེར་མས་མཐའ་མི་འབོད༔ ས་སྟེང་གཡོ་བའི་བདུད་ཀྱི་སྤྲུལ་པ་འབྱུང༔ ཡུམ་བུ་བླ་སྒང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང༔ ཨོ་རྒྱན་རོག་རྗེ་གླིང་པ་ཞེས་བྱ་འབྱུང༔ ཞེས་ལུང་གིས་བསྟན་པ་ཨོ་རྒྱན་ཆེན་པོའི་གསུང་གི་འོད་ཟེར་རྒྱལ་སྲས་ལྷ་རྗེའི་སྐུའི་རྣམ་རོལ་གཏེར་སྟོན་རྐྱང་པའི་སྐྱེ་སྲིད་བཅུ་གསུམ་ལེན་པར་གསུངས་པའི། བཅུ་གཉིས་པ་རིག་འཛིན་ཆེན་པོ་འགྲོ་འདུལ་ཆོས་རྗེ་གླིང་པ་འཛམ་གླིང་ནམ་མཁར་སྤྱོད་པ་དང་། ཟབ་དོན་གྱི་གདམས་པར་དགོངས་སྤྱོད་རོ་གཅིག་པ་ཨ་ཙརྻ་ས་ལེའི་རྣམ་འཕྲུལ་གཏེར་ཆེན་རིག་འཛིན་སྟག་ཤམ་པ་ནུས་ལྡན་རྡོ་རྗེ་ཟུང་ལ་བཀའ་བབས་པ་སྟེ། དེའང་ཡང་ཟབ་དྲག་པོ་ལྕམ་དྲལ་སྦྲགས་མའི་ཆོས་སྐོར་གྱི་ཆ་ལག་ཏུ་སྟོད་ལས་ཚེ་གཅིག་བྱང་ཆུབ་སྒྲུབ་པའི་ཆོས་སྡེ་ཡང་དག་བདེ་ཆེན་སྙིང་པོ་ཧེ་རུ་ཀའི་སྒྲུབ་སྐོར་དང་། སྨད་ལས་གདུག་ཅན་དགྲ་བགེགས་སྒྲོལ་བ་མངོན་སྤྱོད་ཕྲིན་ལས་ཀྱི་ལམ་གཙོ་བོར་སྟོན་པ་ཐུགས་དམ་གསང་བའི་ལྷ་མཆོག་རྡོ་རྗེ་ཕུར་པ་སྟེ། ཡང་ཕུར་སྦྲགས་མའི་ཆོས་བཀའ་འདི་དག་རྒྱ་ནག་སྤྲིན་ཤོག་སེར་པོའི་ངོས་གུ་རུ་རིན་པོ་ཆེ་ཉིད་ཀྱི་ཤངས་མཚལ་གྱིས་བརྡ་ཡིག་འཕྲུལ་གྱི་པ་ཏྲར་མཛད་པ་ཙནྡན་ས་མཆོག་གི་དྲིལ་ཤིང་དང་། རྒྱལ་པོའི་མཐའ་བེར་གྱི་ན་བཟའ། ཇོ་མོ་མཚོ་རྒྱལ་གྱི་དབུ་སྐྲས་ཆིངས་སུ་བྱས། རྡོ་རྗེ་ཀླུའི་འཇིམ་པས་བྱིལ་པོར་བརླན་གྱིས་མི་འཇིགས་པར་མཛད་དེ། ཤར་ཕྱོགས་པདྨ་སྦས་པའི་ཡུལ་གྱི་བྱེ་བྲག་དྲག་པོ་ཕྲིན་ལས་ཀྱི་གནས། ཁ་རག་མགོ་དགུ་བདུད་ཀྱི་ཡུལ། གནམ་ལྕགས་འབར་བ་ཡང་རྫོང་གི་འདབས། བདུད་མཚོ་ཞིང་ལྤགས་བཀྲམ་པ་འདྲ་བར་མཚོ་གཏེར་དུ་བཞུགས་པ་ལས། རིག་འཛིན་ཆོས་རྗེ་གླིང་པས་རྫུ་འཕྲུལ་གྱི་ཆོ་འཕྲུལ་ངོ་མཚར་བ་སྐལ་ལྡན་ཀུན་གྱི་མིག་ལམ་དུ་སྟོན་བཞིན་པར་སྤྱན་དྲངས་ཤིང་། བསྙེན་སྒྲུབ་ཕྲིན་ལས་རྒྱ་ཆེ་ལ་རྒྱུན་ཆགས་པས་གངས་ལྗོངས་དུས་ཀྱི་རྒུད་པ་སྤྱི་དང་། ཁྱད་པར་སྒྲུབ་བརྒྱུད་བསྟན་པའི་འགལ་བྱེད་ཚར་བཅད་ཅིང་བསྟན་འགྲོའི་བདེ་སྐྱིད་ཀྱི་ལང་ཚོ་སྤེལ་བར་མཛད་པའི་ཟབ་ཆོས་འདི་ཉིད་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཐོག་མར། ཁྱེད་རང་རྣམས་སྔོན་ཆད་ལྷན་ཅིག་སྐྱེས་པའི་མ་རིག་པས་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བསྒྲིབས་པ་མཚོན་བྱེད་མིག་དར་དམར་སེར་འདི་ཉིད་འཆིང་བ་དང་། དཀྱིལ་འཁོར་ཆེན་པོ་མཇལ་རྟེན་གྱི་ཚུལ་དུ་ངོ་བོ་ཡེ་ཤེས་ལྔའི་རང་བཞིན་རྣམ་པ་རིན་ཆེན་སྣ་ལྔའི་མེ་ཏོག་ཕྲེང་བ་རེ་ཕྱག་རྟེན་དུ་གཏད་པའི་མོས་པ་མཛོད། བྱས་ལ། ཨོཾ་ཨཱཿཧཱུྃ་གིས་མིག་དར་དང་། ཨོཾ་ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་ཕྲེང་བ་ཐལ་སྦྱར་བར་དུ་གཏད། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་དྲུང་དུ་ཐལ་མོ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་ཆེན་པོ༔ སངས་རྒྱས་ཀུན་བདག་དཀྱིལ་འཁོར་གཙོ༔ བླ་མེད་གསང་ཆེན་དཀྱིལ་འཁོར་དུ༔ བདག་སོགས་འཇུག་པར་མཛད་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་མཁྱེན་བརྩེ་ཡེ་ཤེས་ཆེན་པོས་བཀའི་གནང་བ་སྦྱིན་པར་བྱ་བ་ཡིན་ཏེ། ཨེ་མ་དུས་གསུམ་བྱོན་པ་ཡི༔ སོགས་སྟ་གོན་སྐབས་ལྟར་བརྗོད། དེ་ནས་རྒྱུད་དག་པར་བྱ་བའི་སླད་དུ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དཔལ་ཆེན་པོ་ཐ་མི་དད་པའི་སྟེང་གི་ཆ་ལ་རིག་འཛིན་བརྒྱུད་པའི་བླ་མ་དང་སངས་རྒྱས་བྱང་སེམས། གཞན་ཡང་ཡི་དམ་ཞི་ཁྲོ་རབ་འབྱམས། བཀའ་སྡོད་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་བགྱིད་སྙམ་པའི་འདུན་པས་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས། དེ་ནས་སྡོམ་གཟུང་མཚམས་སྦྱོར་བཅས་སྟ་གོན་སྐབས་ལྟར་བྱས་ཏེ་དམ་ལ་བཞག་པ་ནི། སྣོད་མ་ཡིན་པ་ལ་གསང་བ་བསྒྲག་པ་སོགས་དམ་ཚིག་ལས་འགལ་ན་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་མཐོང་བ་ལ་སྒྲིབ་པར་འགྱུར་བས་དེ་བས་ཤིན་ཏུ་གཅེས་པར་དམ་ཚིག་ཐུབ་པར་སྲུངས་ཤིག་ཅེས་ཉེས་དམིགས་གཙོ་བོར་བཤད་་་པའི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ནི༔ ཡེ་ནས་རང་བྱུང་སེམས་ལ་རྫོགས༔ དམ་ཚིག་ཉམས་ན་དེ་ལ་སྒྲིབ༔ དེ་བས་ཤིན་ཏུ་དམ་ཚིག་སྲུངས༔ བཛྲ་ཙིཏྟ་ས་མ་ཡ༔ དམ་ཚིག་བདུད་རྩིའི་ཆུ་འདི་བྱིན་པས། དཔལ་ཆེན་ཡེ་ཤེས་སེམས་དཔའི་བྱིན་རླབས་སྙིང་གར་ཞུགས་པས་མཆོག་ཐུན་གྱི་དངོས་གྲུབ་འབད་མེད་དུ་ཐོབ་པར་འགྱུར་བ་དང་། དམ་ལས་འགལ་ན་སྲོག་གཅོད་ཀྱི་བདུད་དང་གཤེད་མར་གྱུར་ནས་ཚེ་འདིར་མཐོང་ཆོས་ཀྱི་འབྲས་བུ་མི་བཟད་པ་དང་། ཕྱི་མ་མནར་མེད་པའི་དམྱལ་མེས་བསྲེག་པར་འགྱུར་བས་ན། ལེགས་ཉེས་ཀྱི་ཤན་འབྱེད་ཁྲིམས་དཔང་ལྟ་བུ་སྟེ་ཕན་ཡོན་དང་ཉེས་དམིགས་གཉིས་ཀ་བསྟན་པའི་སྒོ་ནས་དམ་ལ་བཞག་པ་ནི། འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ༔ དམ་ཚིག་ལོག་ན་སྲེག་པར་བྱེད༔ ས་མ་ཡ་ཨ་མྲྀཏོ་ཨུ་ད་ཀ་ཐ༔ ཞེས་དམ་ཆུ་བླུད་དོ། །གཉིས་པ་དཀྱིལ་འཁོར་ནང་འཇུག་གི་རིམ་པ་ནི། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་ཐུགས་ཀ་ནས་ཚད་མེད་བཞིའི་ཡེ་ཤེས་ཀྱི་རང་གཟུགས་སུ་བྱེ་བའི་ལས་ཀྱི་རྡོ་རྗེས་ཕྱག་གིས་ཁྲིད་དེ་དཀྱིལ་འཁོར་གྱི་ནང་དུ་དྲངས་ནས་དཀྱིལ་འཁོར་ལ་དད་པའི་ཡིད་ཀྱིས་བསྐོར་བ་ལན་གསུམ་བགྱིས་པའི་མོས་པ་མཛོད། ཅེས་བྱས་ལ་སློབ་དཔོན་གྱི་ལག་གི་རྡོ་རྗེ་ལ་འཇུར་བཅུག་ནས། ཛཿཧཱུྃ་བཾ་ཧོ༔ ཡེ་ཤེས་རང་གསལ་གྱི་སྒོ་བཞི་ཤག་གིས་ཕྱེ་བའི་མོས་པ་མཛོད། དབྱེ་བའི་ཕྱག་རྒྱ་དང་བཅས། བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད་པ་དང་ལྷན་ཅིག་ལས་རྡོར་གྱིས་ཡོལ་བ་བསལ། དེ་ནས་ཁྱེད་རང་རྣམས་དཀྱིལ་འཁོར་ཆེན་པོའི་ཤར་ཁྱམས་སུ་གནས་པས་ལྷ་ཚོགས་ཐམས་ཅད་ལ་ཕྱག་འཚལ་བའི་མོས་པ་དང་བཅས་ཐལ་མོ་སྤྱི་མགྲིན་སྙིང་གར་བཏུད་ནས་འདིའི་རྗེས་ཟློས་མཛོད། ཨོཾ་ན་མ་སྟེ་ཧཱུྃ། ཨོཾ་ན་མ་མཱི་ཧཱུྃ། ཨོཾ་ན་མ་ན་མཿཧཱུྃ། ལན་གསུམ་གྱིས་ཕྱག་བྱ། དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛད་པར་ཞུ། འོ་སྐོལ་གནས་པའི་ས་ཕྱོགས་འདི་ཡང་ཐ་མལ་གདོས་བཅས་སུ་མ་ཡིན་པ་དཔལ་ཆེན་རོལ་པའི་དུར་ཁྲོད་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་རྒྱ་ཁྱོན་བཀོད་པ་ཚད་མེད་པར་གྱུར་པའི་དབུས་སུ། བདག་རྡོ་རྗེ་སློབ་དཔོན་ཡང་རྒྱལ་བ་ཀུན་གྱི་ཐུགས་རྗེ་དང་ཕྲིན་ལས་གཅིག་ཏུ་བསྡུས་པ་དཔལ་ཆེན་ཆེ་མཆོག་བཛྲ་ཀུ་མཱ་རར་གསལ་བའི་ངེས་ཤེས་བསྐྱེད་པ་དང་། ཁྱེད་རང་རྣམས་ཀྱང་སྐད་ཅིག་དྲན་རྫོགས་ནམ་མཁའ་ལ་འཇའ་ཚོན་ཤར་བ་ལྟར་འཁོར་འདས་ཀུན་གྱི་སྤྱི་དཔལ་རྡོ་རྗེ་གཞོན་ནུའི་སྐུར་ལམ་གྱིས་གསལ་བར་གྱུར་པ་ནི། སྐུ་མདོག་མཐིང་ལ་གནག་པ། ཞལ་གསུམ་ཕྱག་དྲུག་གི་རྩ་ཞལ་མཐིང་ཁ་གཏུམ་ལ་རྔམ་པ། གཡས་ཞལ་དཀར་པོ་སྒེག་ཅིང་བཞད་པ། གཡོན་ཞལ་དམར་པོ་ཁྲོ་ཞིང་ཆགས་པ། སྤྱན་དགུ་སྡང་མིག་ཕྱོགས་བཅུར་འཁྱིལ་བ། ཞལ་གདངས་ཤིང་མཆེ་བ་རྣམ་པར་གཙིགས་པ། ལྗགས་འདྲིལ་ཧཱུྃ་ཕཊ་ཀཱི་ལ་ཡའི་ང་རོས་ས་གསུམ་གཡོ་བ། དབུ་སྐྲ་དང་སྨར་སྨིན་དམར་སེར་དུས་ཀྱི་མེ་ལྕེ་ལྟར་བསྐྱོད་པ། ཕྱག་གཡས་ཀྱི་དང་པོ་དང་གཉིས་པས་རྡོ་རྗེའི་མཚོན་ཆ་རྩེ་དགུ་དང་རྩེ་ལྔ་གདེངས་པ། གཡོན་གཉིས་ཀྱིས་མེ་དཔུང་དང་ཁ་ཊྭཱཾ་ག་གསོར་ཞིང་འཛིན་པ། ཕྱག་ཐ་མ་གཉིས་ཀྱིས་རི་རབ་ཕུར་བུ་བསྒྲིལ་བ། ཐོད་སྐམ་ལྔའི་དབུ་རྒྱན། ཐོད་པ་ཚར་གསུམ་གྱི་ཕྲེང་བས་དོ་ཤལ། ཞིང་དང་གླང་ཀོས་སྟོད་གཡོགས་ཤིང་སྟག་ལྤགས་རློན་པས་སྨད་དཀྲིས་པ། ཐལ་ཆེན་ཚོམ་བུ་རཀྟའི་ཐིག་ལེ་ཞག་གི་སོར་རིས་རྡོ་རྗེའི་གཤོག་པ་རིན་པོ་ཆེ་དང་རུས་པ་སྦྲུལ་རིགས་ལྔའི་ཆུན་པོ་སོགས་དཔལ་དང་དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་པ། ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་སུ་པད་ཉི་རུ་དྲ་ཕོ་མོ་བསྣོལ་བའི་གདན་ལ་བཞེངས་ཤིང་འགྱིང་བ། པང་ན་དབྱིངས་ཡུམ་འཁོར་ལོ་རྒྱས་འདེབས་མ་མཐིང་ཁ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རྡོ་རྗེ་དང་། གཡོན་དུང་དམར་གཙོ་བོའི་ཞལ་དུ་སྟོབ་པ། ཞབས་གཡོན་ཡབ་ལ་འཁྲིལ་ཤིང་གཡས་ཡབ་དང་ལྷན་ཅིག་པར་བརྐྱང་བ་དུར་ཁྲོད་ཀྱི་ཆས་ཅན། ཡབ་ཡུམ་གཉིས་ཀའང་སྣང་སྟོང་དབྱེར་མེད་གར་དགུའི་ཉམས་ལྡན་གཏུམ་རྔམས་གཟི་བརྗིད་ཀྱི་དཔལ་དུ་འབར་བའི་ཡབ་ཀྱི་སྐུའི་གཙུག་ཏོར་དུ་ཧཱུྃ་ཀཱ་ར། དཔྲལ་བར་གཤིན་རྗེའི་གཤེད། མགྲིན་པར་དཔལ་རྟ་མགྲིན། ཐུགས་ཀར་རྣམ་པར་རྒྱལ་བ། ལྟེ་བར་འདོད་རྒྱལ། གསང་གནས་སུ་བདུད་རྩི་འཁྱིལ་བ། དཔུང་གཡས་དབྱུག་སྔོན། དཔུང་གཡོན་མི་གཡོ་བ། བརླ་གཡས་ཁམས་གསུམ་རྣམ་རྒྱལ། བརླ་གཡོན་སྟོབས་པོ་ཆེ། ཐམས་ཅད་རང་རང་གི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་མ་འདྲེས་ཡོངས་རྫོགས་མེ་ལོང་ནང་གི་གཟུགས་བརྙན་ལྟར་གསལ་བའི། རྣམ་རྒྱལ་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྡོར་སེམས་མཐིང་གའི་ཙིཏྟ་ཟུར་བརྒྱད་རིན་པོ་ཆེའི་གུར་ཁྱིམ་ལྟ་བུའི་དབུས་སུ་ཉི་གདན་ལ་ཏིང་འཛིན་སེམས་དཔའ་ཧཱུྃ་མཐིང་འོད་ཟེར་མར་མེ་ལྟར་འབར་བ། སྤྱི་བོའི་སྟེང་གི་ནམ་མཁར་པད་ཟླའི་གདན་ལ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་བརྒྱུད་པ་ལྔ་ལྡན་གྱི་བླ་མ་རིག་འཛིན་གྲུབ་ཐོབ་བརྒྱུད་པར་བཅས་པ་ཐམས་ཅད་འཇའ་འོད་ཐིབས་སེ་བཞུགས་པའི་མོས་པ་མཛོད། དེ་ལྟར་གསལ་བཏབ་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་གསུམ་གྱིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། འོག་མིན་སྐུ་གསུམ་གྱི་ཞིང་ཁམས་རབ་འབྱམས་ནས་རིག་འཛིན་གྲུབ་ཐོབ་བདེ་གཤེགས་རྒྱལ་བ་ཞི་ཁྲོ་དཔའ་བོ་དང་རྣལ་འབྱོར་མ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱི་སྐུར་བཞེངས་ཏེ་སྟེང་ནས་ཆར་བབས་པ་ལྟ་བུ། འོག་ནས་ས་རླངས་འཐོན་པ་ལྟ་བུ། བར་ནས་བུ་ཡུག་འཚུབས་པ་ལྟར་བྱོན་པ། ཁྱེད་རང་རྣམས་ལྷར་གསལ་བའི་སྐུ་ལུས་ཀྱི་ཆ་ཐམས་ཅད་དང་ཁྱད་པར་སྙིང་གའི་ཏིང་འཛིན་སེམས་དཔའ་ལ་སིབ་སིབ་ཐིམ་པས་ཡེ་ཤེས་ཆེན་པོས་བདག་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་བརྟན་པོ་གནང་བར་ཞུ། ཞེས་དམིགས་པ་སྤྲད་ལ། ཁྱད་པར་གྱི་འབེབ་རྫས་སམ་གུལ་ནག་སོགས་སྦྱར་སྤོས་བསྲེག །ཌཱ་དྲིལ་རོལ་མོའི་སྒྲ་མྱུར་དལ་སྤེལ་མ་དབྱངས་དང་བཅས་པས། ཧཱུྃ། མཁའ་དང་མཉམ་པའི་སོགས་ལས་གཞུང་ལྟར་གྱི་བྱིན་འབེབ་མཐར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་ཀུ་མཱ་ར་ཀྲོ་དྷ་རཱ་ཛ་བཛྲ་ས་མ་ཡ་ཛ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་དྲག་ཏུ་བརྗོད་ཅིང་ཏིང་འཛིན་བརྟན་པས་བྱིན་དབབ། དེ་ལྟར་ཕབ་པའི་ཡེ་ཤེས་པ་དེ་ཉིད་བརྟན་པར་བགྱིས་པའི་མོས་པ་མཛོད། མེ་ཏོག་དང་བཅས་པའི་རྡོ་རྗེ་རྒྱ་གྲམ་དུ་སྤྱི་བོར་བཞག་ལ། ཏིཥྛ་བཛྲ། ཞེས་བརྟན་པར་བྱ། དེ་ལྟར་ཁྱེད་རང་རྣམས་དམ་ཡེ་དབྱེར་མེད་ཀྱི་ངོ་བོར་གྱུར་པ་ལ་ཆེ་བའི་ཡོན་ཏན་མ་ལུས་པ་རྫོགས་པའི་བརྡར། དཔལ་ཆེན་ཁྲོ་རྒྱལ་འབར་བའི་རྒྱན་ཆས་རྟགས་ཀྱི་དབང་བསྐུར་ཞིང་གཏད་པས། མ་མོ་མཁའ་འགྲོ་དམ་ཅན་ཐམས་ཅད་ཀྱིས་རྗེ་དང་གཙོ་བོར་མཐོང་ཞིང་བཀུར་བ་དང་། འཇིག་རྟེན་ཁམས་ཀྱི་དྲེགས་པ་ཅན་མ་ལུས་པ་ཟིལ་གནོན་དབང་དུ་སྡུད་པའི་མཐུ་དབང་ཐོབ་པའི་མོས་པ་མཛོད་ཅིག །དུར་ཁྲོད་ཆས་གཏད་ལ། ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས༔ བདུད་དཔུང་རུ་དྲ་བསྒྲལ་པའི་ཚེ༔ དཔའ་བརྗིད་རྒྱན་དུ་བྱས་པ་ལྟར༔ དེ་བཞིན་ཁྱོད་ལ་དབང་བསྐུར་བས༔ རྣམ་ཤེས་ཚོགས་བརྒྱད་རང་སར་དག༔ དཔལ་ཆེན་སྐུ་རུ་ཁྱོད་གྱུར་ནས༔ དྲེགས་པ་ཚར་གཅོད་དབང་ཐོབ་ཤོག༔ ཅེས་བརྗོད། དེ་ནས་མེ་ཏོག་དོར་བ་ནི། ཚོམ་བུའི་དཀྱིལ་འཁོར་འདུ་བྱས་ལ། ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་རང་གི་ཚེ་རབས་གོང་ནས་བསྙེན་ཅིང་སྒྲུབ་པའི་ལས་འཕྲོ་གང་ཡོད་ཀྱི་ལྷས་བཞེས་པར་སྨོན་པས་འདིའི་རྗེས་ཟློས་དང་བཅས་དོར་བར་ཞུ། ཧོ༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་འདི་ཕུལ་བས༔ སྔོན་ནས་ལས་འཕྲོ་གང་ཡོད་ལྷས༔ རྗེས་འཛིན་བྱིན་གྱིས་རློབ་པར་ཤོག༔ པྲ་ཏཱིཙྪ་བཛྲ་ཧོ༔ ཞེས་དོར་དུ་གཞུག་པ། དབུས་སུ་བབས་ན་རྡོ་རྗེ་གཞོན་ནུ་རྩལ། ཤར་དུ་རྡོ་རྗེ་ཐུགས་མཆོག་རྩལ། ལྷོར་རིན་ཆེན་ཡོན་ཏན་རྩལ། ནུབ་ཏུ་པདྨ་བདེ་མཆོག་རྩལ། བྱང་དུ་ཕྲིན་ལས་གྲུབ་པ་རྩལ། ཤར་ལྷོར་རྡོ་རྗེ་གསང་བདག་རྩལ། ལྷོ་ནུབ་ཏུ་རྡོ་རྗེ་དྲག་པོ་རྩལ། ནུབ་བྱང་དུ་རྡོ་རྗེ་མེ་ཏོག་རྩལ། བྱང་ཤར་རྡོ་རྗེ་སྟོབས་མཆོག་རྩལ་རྣམས་དང་། བུད་མེད་རིགས་ལ། འཁོར་ལོའི་དབང་ཕྱུག་མ། རྡོ་རྗེ་བདུད་འདུལ་མ་སོགས་རིགས་འགྲེ་བར་གདགས། དེ་ལྟར་ཁྱེད་རང་རྣམས་ཀྱི་མེ་ཏོག་དབུས་དང་ཕྱོགས་མཚམས་གང་དུ་ཕོག་ཀྱང་འདྲ་སྟེ། ཐམས་ཅད་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་དཔལ་ཆེན་གཙོ་བོའི་ཐུགས་ཀ་ཁོ་ནར་བབས་པ་ཡིན་ཏེ། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀྱང་གཙོ་བོའི་ཡེ་ཤེས་ཀྱི་རང་མདངས་གང་འདུལ་གྱི་རོལ་པར་འཆར་བ་ཡིན་པའི་ཕྱིར། ཁྱེད་ཅག་རྣམས་ཀྱི་ལྷ་སྐལ་དུ་ཡི་དམ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཉིད་བསྙེན་ཅིང་སྒྲུབ་པར་བྱ། ལྷ་དང་མི་འབྲལ་ཞིང་རང་རྒྱུད་བྱིན་གྱིས་བརླབས་པའི་བརྡར་མེ་ཏོག་དེ་ཉིད་དབང་རྟགས་སུ་སྤྱི་བོར་བཅིངས་པའི་མོས་པ་མཛོད། པྲ་ཏཱིཙྪ་གྲྀཧྞ་སཏྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལ༔ ཞེས་མེ་ཏོག་སྤྱི་བོར་བཅིང་། དེ་ནས་སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་གསེར་ཐུར་གྱིས་མིག་དར་བསལ་ལ། ཁྱེད་རང་རྣམས་ཐོག་མེད་ནས་ལྡོངས་པའི་མ་རིག་པའི་ལིང་ཏོག་གཉིས་འཛིན་གྱི་བདེན་རྟོག་འཐུག་པོ་དེ་ཉིད་བསལ་ཏེ་ཡེ་ཤེས་ཀྱི་མིག་གསར་དུ་སྦྱིན་པའི་མོས་པ་མཛོད། ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་གདོང་གཡོགས་བསལ། དེ་ལྟར་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་ཙམ་གྱིས་ཕྱི་ཀུན་རྫོབ་མཚན་མ་རྫས་ཀྱི་དཀྱིལ་འཁོར་ཆེན་པོའི་རྟེན་དང་བརྟེན་པར་བཅས་པའི་གནས་ལུགས་བཞུགས་ཚུལ། ནང་རང་ལུས་ཕུང་ཁམས་སྐྱེ་མཆེད་གདོད་ནས་རྟེན་བརྟེན་པའི་ངོ་བོར་རྫོགས་པ། གསང་བ་རང་རིག་གདོད་མའི་གཤིས་ལུགས་འཕོ་འགྱུར་བསལ་བཞག་བྲི་གང་དང་བྲལ་བ་མཚོན་བྱ་དོན་དམ་རང་བྱུང་རིག་པའི་དཀྱིལ་འཁོར་ཆེན་པོར་ཡེ་ནས་ལྷུན་གྱིས་གྲུབ་པ་སྟེ། དེ་ལྟར་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕྱི་ནང་གསང་བའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལྷ་དང་བླ་མའི་བྱིན་རླབས་ཀྱི་མཐུས་སྒྲིབ་མེད་གཅེར་མཐོང་དུ་ལྷག་གེར་མཇལ་བའི་མོས་པས་དད་གདུང་གི་སྤྲོ་དགའ་རྒྱ་ཆེན་པོ་བསྐྱེད་པར་ཞུ། ཞེས་དཀྱིལ་འཁོར་དོན་བསྡུས་སུ་ངོ་སྤྲད། དེ་དག་གིས་འཇུག་པའི་རིམ་པ་སོང་ནས་ཞུགས་ནས་མངོན་པར་དབང་སྐུར་བ་ཞུ་བའི་སླད་དུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །གཉིས་པ་དབང་སྐུར་དངོས་གཞི་ལ་གཉིས། སྟོད་ལས་དབང་བཞི་མཐའ་རྟེན་དང་བཅས་པ། སྨད་ལས་མངོན་སྤྱོད་ཕྲིན་ལས་ཀྱི་རྗེས་སུ་གནང་བའོ། །དང་པོ་ལ་ལྔ། བུམ་དབང་། གསང་དབང་། ཤེར་དབང་། ཚིག་དབང་། བྱིན་རླབས་གཏོར་མའི་དབང་སྐུར་བའོ། །དང་པོ་ནི། དེ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་པ་ལྟར། །བདག་ཀྱང་དྲང་བའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ལན་གསུམ། ཁྱེད་རང་རྣམས་དཀྱིལ་འཁོར་ཆེན་པོའི་ཤར་སྒོའི་ཁྱམས་ལ་སེང་གེས་བཏེག་པའི་ཁྲི་པད་ཟླའི་གདན་ལ་གཙོ་བོའི་གཟུགས་ཀྱིས་འཁོད་པར་གྱུར་པའི་མོས་པ་མཛོད། སློབ་དཔོན་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། འོག་མིན་གྱི་ཞིང་ནས་དབང་ལྷ་དེ་བཞིན་གཤེགས་པ་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས། བཛྲ་ས་མཱ་ཛཿ ཨོཾ་བཛྲ་པུཥྤེ་ནས། ཤབྡའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་སྒྲུབ་པའི་དཀྱིལ་འཁོར་པ་རྣམས་དང་མདུན་གྱི་ནམ་མཁར་སྤྱན་དྲངས་པའི་གདན་གསུམ་ཚང་བའི་དབང་ལྷ་རྡོ་རྗེ་རྒྱལ་པོ་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སེམས་དཔའ་སེམས་མ་རྣམས་ཀྱིས་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད། གིངྐ་ར་རྣམས་ཀྱིས་བགེགས་བསྐྲད། བུམ་འཛིན་རིག་པའི་ལྷ་མོ་རྣམས་ཀྱིས་བཛྲ་ཧེ་རུ་ཀའི་ངོ་བོར་གྱུར་པའི་རིན་པོ་ཆེའི་བུམ་པ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིས་བཀང་བས་རྒྱལ་ཐབས་སྤྱི་བླུགས་སུ་མངོན་པར་དབང་བསྐུར་བའི་མོས་པ་མཛོད། རྣམ་བུམ་སྤྱི་བོར་བཞག་ལ། ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་བཞུགས༔ དེ་རིང་ཁྱོད་ལ་དབང་བསྐུར་བས༔ རྡོ་རྗེའི་སྐུ་རུ་འགྲུབ་པར་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥེ་ཀ་ཏ་ཤྲཱི་ཧཱུྃ༔ ཞེས་དབང་བསྐུར་ཞིང་བུམ་ཆུ་སྦྱིན། དེས་ཆུ་དབང་ཐོབ། ཞེ་སྡང་གི་དྲི་མ་སྦྱངས། རྣམ་ཤེས་ཕུང་པོ་གནས་གྱུར། ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱས། བཛྲ་ཀཱི་ལ་ཡའི་གོ་འཕང་མངོན་དུ་བྱེད་པའི་ནུས་པ་བཞག །རྡོ་རྗེའི་རིགས་ཀྱི་དངོས་གྲུབ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །སླར་ཡང་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་དགོངས་པ་མཛད། རིག་པའི་ལྷ་མོ་རྣམས་ཀྱིས་རཏྣ་ཧེ་རུ་ཀའི་ངོ་བོར་གྱུར་པའི་རིན་པོ་ཆེའི་དབུ་རྒྱན་དར་དཔྱང་དང་ལྡན་པས་དབང་བསྐུར་ཞིང་སྤྱི་བོར་བཅིངས་པའི་མོས་པ་མཛོད། ཅོད་པན་མགོ་བོར་བཞག་ལ། སངས་རྒྱས་ཀུན་གྱི་དབུ་རྒྱན་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་མཆོག་ཏུ་རབ་བསྒྲུབ་ཕྱིར། །དབུ་རྒྱན་འདི་ཡིས་མཛེས་པར་བྱོས། །ཨོཾ་རཏྣ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་ཅོད་པན་གྱི་དབང་ཐོབ། ང་རྒྱལ་གྱི་དྲི་མ་སྦྱངས། ཚོར་བའི་ཕུང་པོ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རཏྣ་ཀཱི་ལ་ཡའི་གོ་འཕང་མངོན་དུ་བྱེད་པའི་ནུས་པ་རྒྱུད་ལ་བཞག །རིན་ཆེན་རིགས་ཀྱི་དངོས་གྲུབ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །ཡང་ནམ་མཁར་བཞུགས་པའི་ཡུམ་རིག་པའི་ལྷ་མོ་རྣམས་ཀྱིས་པདྨ་ཧེ་རུ་ཀའི་རང་བཞིན་རྡོ་རྗེ་རྩེ་དགུ་པས་མངོན་པར་དབང་བསྐུར་བའི་མོས་པ་མཛོད། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་མཆོག་གི་རྣལ་འབྱོར་ཆེ། །རྡོ་རྗེ་འདི་ནི་རྟག་ཏུ་ཟུངས། །ཨོཾ་མ་ཧཱ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གནས་གསུམ་དུ་གཏུགས་རྗེས་མཐར་ལག་པ་གཡས་སུ་གཏད་པ་གསོར་བའི་ཚུལ་གྱིས་སྙིང་གར་གཟུང་དུ་གཞུག །དེ་ལྟར་རྡོ་རྗེས་དབང་བསྐུར་པས་འདོད་ཆགས་ཀྱི་དྲི་མ་སྦྱངས། འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། པདྨ་ཀཱི་ལ་ཡའི་གོ་འཕང་མངོན་དུ་བྱེད་པའི་ནུས་པ་བཞག །པདྨ་རིགས་ཀྱི་དངོས་གྲུབ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །ཡང་ནམ་མཁར་བཞུགས་པའི་ཡུམ་རིག་པའི་ལྷ་མོས་ཀརྨ་ཧེ་རུ་ཀའི་བདག་ཉིད་དྲིལ་བུས་མངོན་པར་དབང་བསྐུར་བའི་མོས་པ་མཛོད། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཆོས་ཀྱི་དབྱིངས་ཀྱི་རྗེས་འགྲོར་བཤད། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས། །ཨོཾ་མ་ཧཱ་གཎྜེ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དྲིལ་བུ་སྨིན་མཚམས་སུ་དཀྲོལ་མཐར་སློབ་མའི་ལག་གཡོན་དུ་སྦྱིན་ལ་དཀྲོལ་དུ་གཞུག་རྗེས་དཀུར་བརྟེན་པའི་ཚུལ་བྱེད་དུ་བཅུག །དེ་ལྟར་དྲིལ་བུས་དབང་བསྐུར་པས་ཕྲག་དོག་གི་དྲི་མ་སྦྱངས། འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། ཀརྨ་ཀཱི་ལ་ཡའི་གོ་འཕང་མངོན་དུ་བྱེད་པའི་ནུས་པ་བཞག །ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །ཡང་ནམ་མཁར་བཞུགས་པའི་དབང་ལྷ་དེ་བཞིན་གཤེགས་པ་རིགས་ཀྱི་ཡུམ་དང་བཅས་པ་ཐམས་ཅད་ཀྱིས་མགྲིན་གཅིག་དབྱངས་གཅིག་ཏུ་བུདྡྷ་ཧེ་རུ་ཀའི་རང་བཞིན་རྡོ་རྗེའི་མིང་གིས་དབང་བསྐུར་བའི་མོས་པ་མཛོད། རྡོར་དྲིལ་བསྣོལ་མ་སྤྱི་བོར་འཁྲོལ་ཞིང་། སངས་རྒྱས་ཀུན་གྱི་མིང་གི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ཅིས་ཀྱང་མི་ཆོད་མི་ཤིགས་པའི། །རྡོ་རྗེའི་མིང་ནི་རབ་ཏུ་གྲགས། །ཀྱེ་ཤྲཱི་ཧེ་རུ་ཀ་ཕྲིན་ལས་འདུས་པ་ལས་རབ་བདེ་བ་རྩལ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་མིང་གདགས། དེ་ལྟར་མིང་དབང་ཐོབ་པས་གཏི་མུག་གི་དྲི་མ་སྦྱངས། གཟུགས་ཀྱི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། བུདྡྷ་ཀཱི་ལ་ཡའི་གོ་འཕང་མངོན་དུ་བྱེད་པའི་ནུས་པ་རྒྱུད་ལ་བཞག །སངས་རྒྱས་རིགས་ཀྱི་དངོས་གྲུབ་སྒྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་རྣམས་ཀྱི་མཐའ་རྟེན་དུ་བུམ་པའི་ཆུས་དབང་བསྐུར་བའི་མོས་པ་མཛོད། ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་མཱཾ། ཞེས་རྣམ་བུམ་སྤྱི་བོར་བཞག་ལ་བུམ་ཆུ་གཏིགས། དེ་ལྟར་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་པས་ལུས་གང། བདེ་བ་ཆེན་པོ་ཉམས་སུ་མྱོང་། ཆུ་ལྷག་སྤྱི་བོར་འཁྱིལ་བ་ལས་རིགས་ཐམས་ཅད་འདུས་པའི་སྤྱི་གཟུགས་རྡོ་རྗེ་སེམས་དཔའ་མཐིང་གས་དབུ་བརྒྱན་པར་གྱུར་ཅིང་། སྤྱན་དྲངས་པའི་དབང་ལྷ་རྣམས་ཀྱང་ཁྱེད་རང་རྣམས་ལ་དབྱེར་མེད་དུ་སིབ་ཀྱིས་ཐིམ་པས་ཡེ་ཤེས་བརྟན་པར་བགྱིས་པའི་མོས་པ་མཛོད། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་མེ་ཏོག་འཐོར་ལ་བརྟན་པར་བྱས། ཁྱེད་རང་རྣམས་ཡི་དམ་ལྷ་དང་དབྱེར་མེད་པ་མཁའ་མཉམ་འགྲོ་བའི་དེད་དཔོན་ཆེན་པོར་འགྱུར་བའི་རྟེན་འབྲེལ་གྱི་ས་བོན་རྒྱུད་ལ་བཞག་པ་དེ་ལ་མངའ་དབུལ་གྱི་ཚུལ་དུ་སློབ་དཔོན་གྱིས་མཆོད་པ་བགྱིས་པའི་མོས་པ་མཛོད། ཨོཾ་བཛྲ་པུཥྤེ་སོགས་སྔགས་རྒྱ་དང་བཅས་དངོས་སུ་བཤམས་པས་ཀྱང་མཆོད་དོ། །རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་ནི། མདུན་བསྐྱེད་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་རང་འདྲ་བའི་སྐུའི་སྒྱུ་འཕྲུལ་གར་དགུའི་ཉམས་ཀྱི་རོལ་པ། ཉི་མ་འབུམ་གྱི་གཟི་མདངས་ལྟར་འབར་བཞིན་བྱོན་པ་སྤྱི་བོ་ལ་སོགས་གནས་སོ་སོའི་ལྷ་ལ་དབྱེར་མེད་དུ་ཐིམ་པས་ཕུང་ཁམས་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གཟོད་ནས་ལྷུན་གྱིས་གྲུབ་བཞིན་པ་ལ། སླར་ཡང་ཆན་ལ་ཕབས་ཀྱིས་ཐེབས་པ་ལྟར་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་བྱིན་རླབས་ནུས་པ་བརྟན་པའི་མོས་པ་མཛོད་ཅིག །དེ་ནས་གཞུང་དངོས་བསྟན་ལྟར་ན། གཙོ་བོའི་སྐུ་སྤྱི་བོར་བཞག་ལ། ཧཱུྃ༔ རྡོ་རྗེ་གཞོན་ནུ་ལྷ་ཡི་དབང༔ གཙོ་དང་འཁོར་དུ་ཤར་བ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡེ་ཤེས་སྐུ་རུ་འགྲུབ་གྱུར་ཅིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར་རོ། །རྒྱས་པར་སྤྲོ་ན་ལྷ་དབང་ཟུར་བྱང་ལྟར་གཙོ་བོ་ཁྲོ་བཅུ་རྣམས་ཀྱི་ཙཀ་ལི་གནས་སོ་སོའམ་སྤྱི་བོར་བཞག་ལ། ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་ལྟེ་བ་ནས༔ སོགས་ནས། པྲ་མརྡྷ་ནཱ་ཡ་ཧཱུྃ་ཕཊ༔ བར་བརྗོད་ལ་ཙཀ་ལི་མ་འཛོམ་ན་གཙོ་ཕུར་དང་། ཁྲོ་བཅུའི་ཕུར་པ་ཕྱོགས་བསྡུས་ཀྱིས་དབང་བསྐུར་ཡང་རུང་ལ། དམ་ཅན་རྣམས་ལ་ནི་སྦམ་ཕུར་དུ་དམིགས་པའི་ཕུར་པ་དེ་ཀས་བསྐུར་རོ། །དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་བདེ་གཤེགས་ཞི་ཁྲོའི་གསུང་གསང་སྔགས་རིག་སྔགས་ཀྱི་བྱིན་རླབས་ཐམས་ཅད་ཀཱི་ལ་ཡའི་སྔགས་ཕྲེང་མཐིང་ཞུན་གྱི་མདངས་ཅན་འོད་ཟེར་ཉི་མ་ལྟར་འབར་བའི་རྣམ་པ་ཅན་བར་མ་ཆད་པར་བྱུང་། ཁྱེད་རང་རྣམས་ཀྱི་ལྗགས་སྟེང་པད་ཟླའི་སྟེང་ན་སྔགས་ཀྱི་འཁོར་ལོ་འོད་འབར་ལུ་གུ་རྒྱུད་དུ་འཁོར་བས་ངག་མི་ཟད་རྒྱན་གྱི་འཁོར་ལོའི་རང་བཞིན་དུ་རྒྱས་བཏབ་པའི་མོས་པ་མཛོད། ཅེས་སྔགས་བྱང་མགྲིན་པར་བཞག་ཅིང་། ཕྲེང་བ་ནས་འཛིན་དུ་བཅུག་ལ་སྙིང་པོ་ལན་གསུམ་རྗེས་ཟློས་བྱ། རིག་སྔགས་ཀྱི་ནུས་པ་བརྟན་པར་བྱ་ཕྱིར་ཁྱེད་རང་རྣམས་སློབ་དཔོན་ལ་མེ་ཏོག་འཐོར་བ་དང་བཅས་འདིའི་རྗེས་ཟློས། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །ལན་གསུམ། ཁྱེད་རང་རྣམས་ཀྱིས་ཕུལ་པའི་མེ་ཏོག་དེ་ཉིད་ངོ་བོ་རིག་སྔགས་ལ་རྣམ་པ་མེ་ཏོག་གི་ཚུལ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གསུང་གསང་སྔགས་ཀྱི་ནུས་པ་འཇུག་པར་གྱུར་ཅིག །ཅེས་མེ་ཏོག་སྤྱི་བོར་བཞག་ལ་འཐོར། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཐུགས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོའི་རང་རྩལ་འགྲོ་འདུལ་ཕྲིན་ལས་ཀྱི་ཕྱག་རྒྱ་རྣམ་པ་ཐམས་ཅད་པར་འཆར་བ། རྡོ་རྗེ་ཁ་ཊྭཱཾ་ཕུར་བུ་ལ་སོགས་པའི་ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་པ་ཁྱེད་རང་རྣམས་ཀྱི་སྙིང་ཁར་སིབ་ཀྱིས་ཐིམ་པས་ཐུགས་མི་ཟད་རྒྱན་གྱི་འཁོར་ལོ་རྟོགས་པར་བྱས་པའི་མོས་པ་མཛོད། ཕྱག་མཚན་སྙིང་གར་གཏུགས་ཤིང་ལག་ཏུ་གཏད། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ ཕྱག་རྒྱ་རྟགས་ཀྱི་དབང་བསྐུར་བས༔ ཉོན་མོངས་རྩད་གཅོད་དབྱིངས་སུ་སྦྱོར༔ ཡེ་ཤེས་ཐུགས་སུ་འགྲུབ་པར་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ འགྲོ་དོན་རྗེས་སུ་གནང་བ་ནི། ཁྱེད་རང་སེང་གེ་ལ་སོགས་པའི་ཁྲི་ལ་དཔལ་ཆེན་པོ་དངོས་སུ་གསལ་བར་གྱུར་པའི་སྤྱི་བོར་གདུགས་དཀར་པོ་དབུབ། གཡས་གཡོན་དུ་རྒྱལ་མཚན་དང་བ་དན་སྒྲེང་། ཕྱག་ཏུ་བུམ་པ་དང་པུསྟི་གཏད། མཐའ་སྐོར་དུ་མཆོད་པའི་བྱེ་བྲག་དུ་མ་དང་བཅས་ཏེ་མངའ་གསོལ་བས་སྲིད་ཞིར་དབང་དུ་སྒྱུར་བའི་འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེན་པོར་མངའ་དབང་རྫོགས་པར་མོས་མཛོད། མེ་ཏོག་འཐོར་ལ་རྟེན་སྙིང་བརྗོད། ཇི་སྲིད་ནམ་མཁའ་དེ་སྲིད་དུ༔ སྐལ་ལྡན་གདུལ་བྱ་རྣམ་མང་པོར༔ ཆོས་སྟོན་ཆོས་ཀྱི་རྒྱལ་མཚན་ཟུངས༔ ཐེག་མཆོག་ལམ་དུ་དབུགས་ཕྱུངས་ཤིག༔ ཅེས་བརྗོད། དེ་ལྟར་ན་ཕྱི་ཀུན་རྫོབ་མཚན་མ་རྫས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ཕུང་ཁམས་སྣོད་བཅུད་ཐ་མལ་དུ་ཞེན་པའི་རྟོག་ཚོགས་སྦྱངས་ཏེ་ལུས་ཀྱི་སྒྲིབ་པ་དག །ལམ་དུས་སུ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་། སྣོད་བཅུད་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་གཅིག་ཏུ་རྫོགས་ནས། འབྲས་བུ་སྐུ་རྡོ་རྗེ་མཆོག་གི་སྤྲུལ་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་དབང་ནི། སློབ་དཔོན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ་རྗེས་ཆགས་བདེ་ཆེན་གྱི་མཉམ་སྦྱོར་མཛད་པའི། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་བུ་ག་ཧཱུྃ་གིས་མཚན་པ། ཡུམ་གྱི་མཁའ་གསང་ཨཱ་ལས་པདྨའི་ཟེའུ་འབྲུ་ཨཱཿས་མཚན་པར་གྱུར། ཛཿཧཱུྃ་བཾ་ཧོཿ ཡབ་ཡུམ་མཉམ་པར་སྦྱོར་བའི་དགའ་བའི་སྒྲ་དང་འོད་ཟེར་དམར་པོའི་འཕྲོ་འདུས། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་སྤྱན་དྲངས་པ་ཡབ་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཆགས་པ་ཆེན་པོའི་མེས་ཞུ་བ་སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ལས་ཡུམ་གྱི་པདྨར་བབས། བྱང་སེམས་དཀར་དམར་རོ་གཅིག་ཏུ་འདྲེས་པའི་རྒྱུན་མུ་ཏིག་གི་མདངས་ཆགས་པ། ཐོད་པའི་བདུད་རྩི་དང་དབྱེར་མེད་དུ་གྱུར་པ་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བླུད་པའི་ཚེ་བྱང་སེམས་ཡི་གེའི་སྤྲིན་ཨཱ་ལི་ཀཱ་ལིའི་རྣམ་པར་འཆར་བས་རྩ་གནས་ཐམས་ཅད་གང་བས་རྩའི་འཆིང་བྱེད་ཀྱི་མདུད་པ་དཀྲོལ། གཟུང་འཛིན་བརྒྱད་ཅུའི་རྟོག་པ་འགགས། ཐིག་རླུང་སེམས་གསུམ་ཡེ་ཤེས་ཆེན་པོའི་ངོ་བོར་བྱིན་གྱིས་བརླབས་པས་བདེ་བའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། ཅེས་བརྗོད་ནས་གསང་ཐོད་ཐོགས་ལ། ཧཱུྃ༔ ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས༔ རྒྱལ་སྲས་ཚོགས་ལ་དབང་བསྐུར་བཞིན༔ གཉིས་མེད་མཉམ་སྦྱོར་བྱང་སེམས་རོས༔ བུ་མཆོག་ཁྱོད་ལ་དབང་བསྐུར་རོ༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་མགྲིན་པར་བཞག་ལ་བདུད་རྩི་བྱིན། སློབ་མས། ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ ཞེས་བརྗོད་ལ་མྱང་། དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསུང་གསང་བའི་དབང་ཐོབ། རླུང་ཐ་མལ་དུ་འཛིན་པའི་བག་ཆགས་སྦྱངས་ཏེ་ངག་གི་སྒྲིབ་པ་དག །ལམ་དུས་སུ་བདག་བྱིན་རླབས་རྫོགས་རིམ་ཙཎྜ་ལཱིའི་རྣལ་འབྱོར་བསྒོམ་པ་ལ་དབང་། སྒྲ་སྐད་དང་རླུང་འབྱིན་འཇུག་གསང་སྔགས་སུ་དག་སྟེ། འབྲས་བུ་གསུང་རྡོ་རྗེ་ལྔ་ལྡན་ལོངས་སྤྱོད་རྫོགས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། གསུམ་པ་ཤེར་དབང་ནི། ཁྱོད་རང་རྣམས་དཔལ་ཆེན་པོ་སྣང་སྟོང་སྒྱུ་མ་ལྟ་བུར་གསལ་བ་ལ། སློབ་དཔོན་གྱིས་ཡུམ་འཁོར་ལོ་རྒྱས་འདེབས་མ་ལས། རིགས་མཐུན་གྱི་ལས་རྒྱ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་ཞིག་རྣམ་པར་འཕྲུལ་པའི་ལག་གཡོན་པ་བཟུང་སྟེ། རྒྱལ་བ་ཐམས་ཅད་དཔང་པོར་གསོལ་ནས་ཁྱེད་རྣམས་ཀྱི་ལག་གཡས་སུ་གཏད་པའི་མོས་པ་མཛོད། སིནྡྷུ་རའི་དཀྱིལ་འཁོར་ལག་གཡས་སུ་གཏད་ཅིང་སྙིང་གར་ཐིག་ལེ་བྱས་ལ། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ༔ སྣ་ཚོགས་སྒྱུ་རྩལ་ཡིད་དུ་འོང༔ ཁྱེར་ལ་རྟག་ཏུ་པདྨར་རོལ༔ བདེ་ཆེན་མཆོག་གི་དངོས་གྲུབ་ཐོབ༔ པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད། དེ་ལྟར་གཏད་པའི་རིག་མ་དེ་དང་འདུ་ཤེས་གསུམ་ལྡན་གྱིས་རོལ་པས་རྗེས་ཆགས་བདེ་ཆེན་གྱི་ཡེ་ཤེས་ཆེས་ཆེར་འབར་བས་གཉིས་སྣང་གི་རྟོག་པ་ཐམས་ཅད་དབྱིངས་སུ་ནུབ་སྟེ། བྱང་སེམས་མགྲིན་པར་བྱོན་པས་དགའ་བ། སྙིང་གར་མཆོག་དགའ། ལྟེ་བར་དགའ་བྲལ། མཁའ་གསང་གི་རྩེར་དཀར་དམར་གྱི་འདུ་འཕྲོ་ཞལ་མཇལ་བས་ལྷན་སྐྱེས་ཀྱི་དགའ་བ་ཉམས་སུ་མྱང་བར་བྱས། སླར་ཡང་རླུང་འཕོ་བ་མེད་པའི་སྟོབས་ཀྱིས་ཧཱུྃ་ཞེས་ཡུམ་གྱི་དམར་ཆ་དང་ལྷན་ཅིག་གྱེན་དུ་དྲངས་པས་མས་བརྟན་གྱི་དགའ་བ་བཞི་ཉམས་སུ་མྱང་བར་བྱས་ཏེ། མཚོན་བྱེད་དཔེའི་ཡེ་ཤེས་བདེ་སྟོང་ལྷན་སྐྱེས་ཀྱི་རང་ངོ་བརྗོད་བྲལ་གྱི་ངང་མདངས་ཅུང་ཟད་བསྐྱང་བར་ཞུ། ཞེས་དར་གཅིག་བཞག །དེ་ལྟར་གསང་བ་ཆོས་ཐམས་ཅད་འབྱུང་བའི་དཀྱིལ་འཁོར་དུ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། གཟུང་འཛིན་གཉིས་སྣང་གི་རྟོག་ཚོགས་སྦྱངས་པས་ཡིད་ཀྱི་སྒྲིབ་པ་དག །ལམ་དུས་སུ་ཕོ་ཉ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་གསེང་ལམ་བསྒོམ་པ་ལ་དབང་། བདེ་སྡུག་བྱུང་ཚོར་ཐམས་ཅད་ལྷན་སྐྱེས་ཡེ་ཤེས་སུ་དག་སྟེ། འབྲས་བུ་ཐུགས་རྡོ་རྗེ་དག་པ་གཉིས་ལྡན་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཁྱད་པར་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། བཞི་པ་ཚིག་དབང་ནི། དེ་ནས་དབང་རྣམས་ཀུན་གྱི་མཐར་ཐུག་བཞི་པ་ཚིག་དབང་རིན་པོ་ཆེ་བརྡ་དང་བྱིན་རླབས་ཀྱི་སྟོབས་ཀྱིས་ངོ་སྤྲོོད་པ་ལ། སྒོ་གསུམ་མ་བཅོས་པར་རང་བབས་སུ་ལྷོད་ཀྱིས་གློད་ནས་མན་ཤེལ་འདི་ཉིད་ལ་མིག་དབང་གཏོད་པར་ཞུ། ཞེས་མན་ཤེལ་དྲི་མེད་བསྟན་ལ། ཧཱུྃ༔ འདི་ལྟར་ཆོས་རྣམས་ཐམས་ཅད་ཀུན༔ ཐོག་མཐའ་དབུས་མེད་གསལ་ཞིང་སྟོང༔ སྨྲ་བསམ་བརྗོད་མེད་ཡེ་ཤེས་ལམ༔ བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག༔ འདི་ནི་སངས་རྒྱས་དགོངས་པ་འོ༔ ཛྙཱ་ན་བཛྲ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ དེའང་མན་ཤེལ་འདིའི་དཔེས་མཚོན་ནས། རང་སེམས་སྟོང་གསལ་རིག་པའི་སྙིང་པོ་ཅན་འདི་ནི། ཤེལ་གོང་དྭངས་པ་ལ་གཟུགས་བརྙན་གྱི་ཚོན་རིས་སྣ་ཚོགས་སུ་འཆར་ཡང་ཤར་བ་ཉིད་དངོས་པོར་མ་གྲུབ་པ་བཞིན་དུ། རང་སེམས་ཡེ་ནས་དངོས་པོ་དང་མཚན་མར་གྲུབ་པ་ནི་རྡུལ་ཕྲ་རབ་ཙམ་ཡང་མེད་ཕྱིར་གཤིས་གང་དུ་ཡང་མ་གྲུབ་པ། མེད་པའི་རང་མདངས་འགག་མེད་དུ་ལྷང་ངེ་བ། སྟོང་གསལ་གཉིས་མེད་ཀྱི་རང་རྩལ་སྣ་ཚོགས་པར་ཤར་ཡང་། དོན་ལ་བདེན་པས་དབེན་པ་འདི་ནི་སེམས་ཀྱི་གནས་ལུགས་དྲི་མ་མེད་པ་ཡིན་ལ། དེའི་ངོ་བོ་སྟོང་པ་ཆོས་སྐུ །རང་བཞིན་གསལ་བ་ལོངས་སྐུ །ཐུགས་རྗེའི་རྩལ་སྣང་འགག་མེད་སྤྲུལ་པའི་སྐུ །དེ་གསུམ་ཡང་ཐ་དད་མ་ཡིན་པ་ད་ལྟའི་ཐ་མལ་གྱི་ཤེས་པ་བཟོ་བཅོས་མ་བྱས་རྐྱེན་གྱིས་མ་བསྒྱུར་འཛིན་པས་མ་བསླད་པ། བསྒོམ་བྱ་སྒོམ་བྱེད་ལས་འདས་པའི་རང་ངོ་གསལ་རིག་རྗེན་ནེ་ཧྲིག་གེ་བ། སྤྲོས་པ་ཐམས་ཅད་དང་བྲལ་བ་འདི་ཀ་ལས་གཞན་གང་དུ་ཡང་ཡོད་པ་མ་ཡིན་པས། འདི་ནི་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་ཡང་ཡིན་ལ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དཔལ་ཆེན་ཧེ་རུ་ཀའི་དགོངས་པའང་འདི་ཀ་ཡིན་པས་དེའི་ངང་ལ་མཉམ་པར་ཞོག་མཛོད། དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རིག་པའི་རྩལ་དབང་ཐོབ། སྒོ་གསུམ་ཐ་དད་འཛིན་པའི་ཤེས་བྱའི་སྒྲིབ་པ་ཆེས་ཕྲ་བ་སྦྱང་། ལམ་དུས་ཁྲེགས་ཆོད་ཐོད་རྒལ་ཟུང་འཇུག་རྫོགས་རིམ་མཐར་ཐུག་པའི་རྣལ་འབྱོར་ཆེན་པོ་བསྒོམ་པ་ལ་དབང་། སྣང་བཞི་ཟད་སར་འཁྱོལ་ཏེ། འབྲས་བུ་ངོ་བོ་ཉིད་སྐུ་གདོད་མའི་མགོན་པོ་ཀུན་བཟང་ཧེ་རུ་ཀའི་གོ་འཕང་མངོན་དུ་བྱེད་པའི་སྐལ་པ་ཁྱད་པར་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། ལྔ་པ་བྱིན་རླབས་གཏོར་དབང་ནི། དཔལ་གྱི་གཏོར་མ་འདི་ཉིད་དཔལ་ཆེན་ཁྲག་འཐུང་འབར་བའི་ལྷ་ཚོགས་དྭངས་པའི་མཚོ་ལ་གཟའ་སྐར་བཞིན་བཀྲ་ལམ་མེར་གསལ་བའི། སྟེང་གི་ཆར་རིག་འཛིན་གྲུབ་ཐོབ་བརྒྱུད་པའི་བླ་མ་ཐམས་ཅད་སྤྲིན་གཏིབས་པ་ལྟར་དགྱེས་འཛུམ་བྱིན་གྱིས་བརླབ་པའི་དགོངས་པ་དང་ལྡན་པས་བཞུགས་ལ། ཁྱོད་རང་རྣམས་ཀྱིས་མོས་འདུན་དྲག་པོས་གསོལ་བ་བཏབ་པས། སྐུ་ལས་འོད་ཟེར་ལྷ་སྐུ་ཕྱག་མཚན་ཡིག་འབྲུའི་ཚོགས་ཆར་བཞིན་དུ་བབས་པས་ལུས་ངག་ཡིད་གསུམ་གྱི་འགལ་རྐྱེན་ནད་གདོན་བར་ཆད་སྡིག་སྒྲིབ་ཐམས་ཅད་སྦྱངས། ལས་བཞི་གྲུབ་པ་ཆེན་པོ་བརྒྱད་དང་མཆོག་གི་དངོས་གྲུབ་མ་ལུས་པ་གནང་ཞིང་ཐོབ་པར་གྱུར་པའི་མོས་པ་མཛོད་ཅིག །ཧཱུྃ༔ ཕྱི་ནི་བ་ལིཾ་དམ་རྫས་གཟུགས༔ ནང་དུ་དཔལ་ཆེན་ལྷ་ཚོགས་བཞུགས༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་པས༔ སྒོ་གསུམ་ལས་ཉོན་དྲི་མ་སྦྱངས༔ སྣང་གྲགས་ལྷ་སྔགས་རིག་སྟོང་ངང༔ རྡོ་རྗེ་གསུམ་དུ་འགྲུབ་པར་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གནས་ལྔར་བཞག་རྗེས་སླར་ཡང་སྤྱི་བོར་བཞག་ལ། རྒྱས་པར་ན་བཀའ་བསྒོ་སྤྱི་བཞིན་བྱ། བསྡུ་ན། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་གཏོར་མའི་ལྷ་ཚོགས་རྣམས་འོད་དུ་ཞུ་ཁྱེད་རང་རྣམས་ལ་སིབ་ཀྱིས་ཐིམ་པས་དཔལ་ཆེན་པོའི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པའི་ངོ་བོར་ལྷུན་གྱིས་གྲུབ་པའི་མོས་པ་མཛོད་ཅིག །བྱས་ལ་གཏོར་མའི་རས་མ་བདུད་རྩི་དང་བསྲེས་པ་དངོས་གྲུབ་ཏུ་སྦྱིན་ནོ། །གཉིས་པ་སྨད་ལས་མངོན་སྤྱོད་ཕྲིན་ལས་ཀྱི་རྗེས་སུ་གནང་བ་ལ་གཉིས། དང་པོ་སྲུང་ཟློག་བསད་གསུམ། མཐའ་སྡུད་སྲེག་མནན་འཕང་གསུམ་མོ། །དེ་དག་སྤྱིའི་དོན་དུ། རྡོ་རྗེ་ཕུར་པ་དྲག་སྔགས་ཀྱི་སྐོར་དང་འབྲེལ་བ་ཐུན་མོང་མ་ཡིན་པ་མངོན་སྤྱོད་ཕྲིན་ལས་ཀྱི་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ། ཞེས་མཚོན་ཆའི་མཎྜལ་འབུལ་ལོ། །དེ་ནས་ལས་སྦྱོར་དངོས་གཞི་ལ་གསུམ་གྱི་དང་པོ་བདག་འཁོར་སྲུང་བའི་ཕྲིན་ལས་རྗེས་སུ་གནང་བ་ལ་དམིགས་པ་འདི་བཞིན་དུ་མཛོད། བདག་ཉིད་རྩ་བའི་དཀྱིལ་འཁོར་དུ་གསལ་བའི་ཕྱི་རོལ་དུ་གནམ་ལྕགས་ཀྱི་འཁོར་ལོ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་ཏེ་རྩིབས་བཅུ་རྒྱ་ཕོར་ཁ་སྦྱོར་ལྟ་བུ་བར་མཚམས་སྲུབས་མེད་པ། ནང་སྦུབས་སྟོང་ཡངས་ཤིང་རྒྱ་ཆེ་བའི་རྩིབས་རྣམས་ལ་ཁྲོ་བཅུ་ཡབ་ཡུམ་ཕྱག་བརྙན་ཁྲ་ཐབས་དང་བཅས་པ་ཐམས་ཅད་ཀྱང་སྐུ་མདོག་ནག་པོ་ཕུར་ཞབས་ཅན་རྡོ་རྗེའི་གོ་ཁྲབ་གསོལ་བ། འཁོར་ལོའི་ཕྱི་རོལ་དུ་ཐོ་བ། རལ་གྲི །དབྱུག་ཏོ། ལྕགས་ཀྱུ། དགྲ་སཏྭ་སྟེ་མཚོན་ཆ་ལྔའི་གུར། དེའི་ཕྱི་རོལ་མེ་རི་ཁ་དོག་ལྔ་བར་དུ་ནམ་མཁའ་སྔོ་སངས་དང་བཅས་པ། དཔལ་ཆེན་པོ་དམ་ཡེ་གཉིས་སུ་མེད་པའི་ཐུགས་རིན་པོ་ཆེ་ཟུར་བརྒྱད་པ་མཆོང་གུར་ལྟ་བུའི་ནང་དུ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པ་རྭ་གདེངས་པ། དེའི་ལྟེ་བར་ཉི་ཟླ་ཁ་སྦྱོར་གྱི་གའུའི་ནང་དུ་ཏིང་འཛིན་སེམས་དཔའ་ཧཱུྃ་སྔོན་པོ། དེ་ལ་བསྲུང་བྱ་གང་ཡོད་ཐམས་ཅད་འདུས་པར་བསམ། ཧཱུྃ་གི་མཐའ་སྐོར་དུ་རྩ་བའི་སྙིང་པོ། རྡོ་རྗེའི་མཐའ་སྐོར་དུ་སྲུང་བའི་སྔགས་ཀྱི་ཕྲེང་བ་ཁ་དོག་མཐིང་ནག་གཡས་སྐོར་དུ་ཀྱི་ལི་ལི་འཁོར་བ། དེ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་ཐམས་ཅད་མཆོད། བྱིན་རླབས་དངོས་གྲུབ་ཐམས་ཅད་ཚུར་བསྡུས། སྲུང་བའི་གུར་ཁང་དང་བདག་ཉིད་ལ་ཐིམ། པུ་རི་དཔལ་ཆེན་ཡོངས་རྫོགས་ཀྱི་ཕོ་བྲང་དུ་གསལ་བ་སྤྱི་བོར་བཞག་པས་སྒོ་གསུམ་མི་མཐུན་པའི་ཕྱོགས་ལས་སྲུང་བའི་སྟོབས་བསྐྱེད་པར་མོས་མཛོད། པུ་རི་དཀར་པོ་སྤྱི་བོར་བཞག་ལ། ཧཱུྃ༔ སྲུང་བ་རྡོ་རྗེའི་རྫོང་ཆེན་ནི༔ ཁྲོ་རྒྱལ་ཡོངས་རྫོགས་ལྷ་ཚོགས་གསལ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྒོ་གསུམ་བར་ཆད་བསྲུང་བར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ། རཀྵ་རཀྵ་ཨ་བྷི་ཥིཉྩ་ཧཱུྃ༔ ནུས་པ་བརྟན་པར་བྱ་བའི་ཕྱིར་དུ་སྲུང་བའི་སྔགས་ཀྱི་རྗེས་ཟློས་མཛོད། སྙིང་པོའི་མཇུག་ཏུ། ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲ་སྲུངས་ཤིག༔ ཧེ་ཀ་ཡ་མ་དུ་རུ་ཙཀྲ་སྲུངས་ཤིག༔ གྷྲི་མ་ཡ་མ་དུ་རུ་ཙཀྲ་སྲུངས་ཤིག་རཀྵ་རཀྵ༔ ལན་གསུམ། གཉིས་པ་མི་མཐུན་ཟློག་པའི་ཕྲིན་ལས་རྗེས་སུ་གནང་བ་ལ་དམིགས་པ་འདི་ལྟར་མཛད་འཚལ། ཁྲོ་བཅུ་ཁྲ་ཐབས་ཞལ་ཕྱི་རོལ་དུ་གཟིགས་ཤིང་སྐུ་དང་སྔགས་ཕྲེང་ལས་ཁྲོ་ཆུང་དང་མཚོན་ཆ་མེའི་ཚྭ་ཚྭ་སོགས་འཕྲོས། བྱད་མ་དགྲ་བགེགས་ཀྱི་སྟེང་དུ་བབས་པས་ཁོའི་སྲུང་བའི་གུར་ཁང་བཤིགས། མགོན་བྱེད་ཀྱི་ལྷ་དང་ཕྲལ། གནོད་བྱེད་ཀྱི་བདུད་དང་སྤྲད། ཚེ་དང་བསོད་ནམས་མཐུ་སྟོབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བདག་ལ་བསྡུས། གཟུགས་བྱེ་མའི་ཁང་བུ་ཆུས་བཤིག་པ་བཞིན་དུ་བཅོམ། སྲོག་མེ་སྟག་ཙམ་དུ་གནས་པ་དེ་ཐུམ་གྱིས་བསད། ཁྲོ་འདུས་དྲག་པོ་མཚོན་ཆའི་འཁོར་ལོ་ཕྱག་ཏུ་གཏད་པས་རྐྱེན་ངན་བར་ཆད་ཟློག་པའི་མཐུ་ཐོབ་པར་མོས་མཛོད། པུ་རི་ནག་པོ་ལག་ཏུ་གཏད་ལ། ཧཱུྃ༔ ཁྲོ་རྒྱལ་ཡོངས་རྫོགས་འདུས་པ་ཡི༔ ཟློག་པའི་འཁོར་ལོ་འདི་བསྐོར་བས༔ ཕས་རྒོལ་རིག་སྔགས་བྱད་ཕུར་སོགས༔ མི་མཐུན་ཟློག་པའི་དབང་བསྐུར་རོ༔ རྩ་སྔགས་ཀྱི་ཤམ་བུར། མཱ་ར་ཡ་བྷྱོ་ཟློག༔ ཨ་བྷི་ཥིཉྩ་ཧཱུྃ༔ ནུས་པ་བརྟན་པར་བྱ་བའི་ཕྱིར་དུ་ཟློག་སྔགས་དང་བདེན་སྟོབས་དམོད་པའི་ལད་མོ་མཛོད། ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲ་ཟློག༔ ཧེ་ཀ་ཡ་མ་དུ་རུ་ཙཀྲ་ཟློག༔ གྷྲི་མ་ཡ་མ་དུ་རུ་ཙཀྲ་ཟློག༔ སརྦ་ཙིཏྟ་གཟེར་ཐུཾ་བིག་ནན་ཏྲིག་ནན༔ རྦད་ཡ༔ ཟློག་ཡ༔ བྱད་མའི་ཤ་རུས་སྙིང་ལ་མཱ་ར་ཡ༔ དབུགས་རྒྱུད་སྲོག་ལ་མཱ་ར་ཡ་ཟློག༔ ཁྲག་རྒྱུད་རྩ་ལ་མཱ་ར་ཡ་ཧཱུྃ་ཕཊ༔ ཟློག་ཡ༔ ན་མོ། སངས་རྒྱས་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བཀའ། བླ་མ་ཡི་དམ་མཁའ་འགྲོ་སྟེ་བདེར་གཤེགས་རྩ་བ་གསུམ་གྱི་བྱིན་རླབས། ཏིང་འཛིན་འཕྲོ་འདུ་སྔགས་རྒོད་རྫས་ཀྱི་སྦྱོར་བའི་ནུས་མཐུ། ཆོས་ཉིད་དེ་བཞིན་ཉིད་དང་། ཆོས་ཅན་རྒྱུ་འབྲས་མི་བསླུ་བའི་བདེན་པས་བདག་ཅག་རྒྱུ་སྦྱོར་འཁོར་དང་བཅས་པར་སྔོན་གྱི་ལས། འཕྲལ་གྱི་རྐྱེན། ཕ་རོལ་གྱི་རྦོད་གཏོང་རིག་སྔགས་ཀྱི་སྦྱོར་བས་མནན་བསྲེགས་གཏད་ཅིང་གཟིར་བ་བསམ་ངན་སྦྱོར་རྩུབ་ཆག་ཆེ་ཉམ་ང་རྨི་ལྟས་མཚན་མ་ངན་པ་ཐམས་ཅད་བྱད་མ་རང་གཤེད་རང་ལ་ཟུག་སྟེ་ཕྱིར་ཟློག་པར་གྱུར་ཅིག །མེད་པར་གྱུར་ཅིག །ཞི་བར་གྱུར་ཅིག །ཅེས་ཐལ་མོ་ལན་གསུམ་བརྡེབ་ཏུ་གཞུག །དེ་ནས་བསྒྲལ་དབང་ནི། སྤྲོས་བཅས་རྒྱས་པར་སྤྲོ་ན་དྲག་པོའི་ཆས་སུ་ཞུགས་ཞིང་སྨད་ལས་ཁྱབ་འཇུག་མཚོན་འཁོར་གྱི་གཟུ་དཔང་ནས་ཞལ་བསྟབ་ཀྱི་བར་དུ་གཏང་ཞིང་ཁྱད་པར་གྱི་གདབ་ཁ་དྲུག་ཀྱང་སྦྱོར་བ་དང་དམིགས་པའི་མཚམས་སྦྱོར་རྒྱས་པར་སྤྲོ་བ་ཕྱིས་ཀྱི་ཕྱག་སྲོལ་དུ་སྣང་ཡང་། གཏེར་གཞུང་གཏེར་ཆེན་ཉིད་ཀྱི་ཕྱག་བཞེས་ལྟར་སྤྲོས་པ་འཚམ་པར་བྱེད་ན། སློབ་དཔོན་གྱི་མདུན་དུ་བྲུབ་ཁྲུང་ཉ་བོར་བཅས་པ། གདབ་ཕུར། གཡབ་དར། ལྷ་དབྱེའི་རྫས། སྒྲོལ་གྲི །སྐམ་ཐུན། ཐོ་གཏུན་སོགས་འདུ་བགྱིས། སྒྲུབ་གྲོགས་ཡོད་ཚེ་རོལ་མོའི་བྱེ་བྲག་དང་ལྡན་པས་འཁོད་པ་ལ། སློབ་དཔོན་གྱིས། དེ་ནས་ཁམས་གསུམ་པ་དགྲ་བགེགས་གདུག་པ་འདུལ་ཕྱིར་དྲག་པོའི་བསྒྲལ་དབང་གི་རིམ་པ་བསྐུར་བ་ལ། མཁྱེན་པར་གསོལ་ཞིང་གཟུ་དཔང་བྱ་བ་དང་། བྲུབ་ཁུང་དམིགས་བྱ་བསྐྱེད་པ། དམིགས་བྱ་འགུགས་པ། ཕོ་ཉ་འགྱེད་པ་དང་། ལྷ་དང་དབྱེ་བ། ཚེ་ཁྲུས་ཀྱི་དགོངས་པར་ལྡན་པས་བསྒྲལ་བ། ཐུན་རྡེག་པ། གཏུན་ཏུ་བརྡུང་བ། ཞལ་དུ་སྟོབ་པ་རྣམས་རིམ་པར་བྱ་དགོས་པ་ཡིན་པས་ཚིག་རིས་དང་མཐུན་པར་དམིགས་པ་གསལ་འདེབས་པར་འཚལ། ཞེས་མཚམས་སྦྱར་ལ། གསེར་སྐྱེམས་འཐོར་བཞིན་དུ། ཧཱུྃ༔ རྩ་བརྒྱུད་བླ་མ་ཕུར་པའི་ལྷ་ཚོགས་རྣམས༔ དེང་འདིར་དགོངས་ཤིག་སངས་རྒྱས་བསྟན་བཤིག་ཅིང༔ མཚན་ལྡན་བླ་མའི་སྐུ་དགྲ་སྒྲོལ་བགྱིད་ན༔ གསེར་སྐྱེམས་མཆོད་པ་འདི་བཞེས་གཟུ་དཔང་མཛོད༔ གཙུག་ལག་ཆོས་འཁོར་འཇིག་ཅིང་དགེ་འདུན་གསོད༔ ལུས་ཅན་ཀུན་འཚེ་མཚམས་མེད་ལྔ་སྤྱོད་པའི༔ རིག་འཛིན་རྣལ་འབྱོར་སྒོས་དགྲ་སྒྲོལ་བགྱིད་ན༔ གསེར་སྐྱེམས་མཆོད་པ་འདི་བཞེས་གཟུ་དཔང་མཛོད༔ དགེ་བཅུའི་ལུགས་སྨད་མི་དགེའི་སྲོལ་ངན་གཏོད༔ སྣ་ཚོགས་ཐབས་ཀྱིས་ངན་གཡོའི་སེམས་འཆང་བའི༔ མི་བསྲུན་གདུག་པའི་དགྲ་བགེགས་སྒྲོལ་བགྱིད་ན༔ གསེར་སྐྱེམས་མཆོད་པ་འདི་བཞེས་གཟུ་དཔང་མཛོད༔ བྲུབ་ཁུང་དམིགས་བྱ་བསྐྱེད་པ་ནི། ཉ་བོར་རཀྟ་བྲན། ཨེ། ཞེས་བརྗོད་པས་དེ་ལས་སྤྲོས་པའི་གནམ་ལྕགས་ཀྱི་ཁང་སྒྲོམ་ཟུར་གསུམ་པ་ཁ་རུབ་ལ་གཏིང་ཟབ་པ། སྟེང་ནས་ཞེ་སྡང་གི་མེ་འབར་ཞིང་། འོག་ནས་འདོད་ཆགས་ཀྱི་ཆུ་འབྲུབ་པ། ལོགས་ལ་གཏི་མུག་གི་དུད་མུན་འཁྲིགས་ཤིང་། ཁ་ཁྱེར་ལ་གཤིན་རྗེའི་ལས་མཁན་སྣ་ཚོགས་མཚོན་ཆ་ཐོགས་པས་བསྐོར་བ། ཐར་མེད་བདུད་ཀྱི་བཙོན་ཁང་དེའི་ནང་དུ་ནྲྀ་ཏྲི་ལས་སྡང་བྱེད་ཀྱི་དགྲ་དང་གནོད་པར་བྱེད་པའི་བགེགས་དེ་ཉིད་དངོས་བཞིན་ལས་མགོན་སྐྱབས་དང་བྲལ་ཞིང་མྱ་ངན་གྱིས་གདུངས་པའི་རྣམ་པ་ཅན་དུ་གྱུར། བདེན་སྟོབས་བརྗོད་ཅིང་འགུགས་པ་ནི། ན་མོ། སངས་རྒྱས་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ། ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ། ཁྱད་པར་དཔལ་ཆེན་པོ་འཁོར་འདས་ཐམས་ཅད་ཀྱི་སྤྱི་དཔལ་རྡོ་རྗེ་གཞོན་ནུ་བདུད་འདུལ་ཁྲོ་བཅུ་ཁྲ་ཕྱག་ཟ་གསོད་སྒོ་མ་དང་བཅས་པ། ལས་བྱེད་ཕོ་ཉ་ཕུར་སྲུང་དྲེགས་པ་རྣམས་ཀྱི་བཀའ་བདེན་པ་དང་། རྣལ་འབྱོར་པ་བདག་གི་ལྷག་བསམ་རྣམ་པར་དག་ཅིང་རྒྱུ་འབྲས་མ་འཆོལ་མི་བསླུ་བའི་བདེན་པ་དང་། ཏིང་འཛིན་སྔགས་རྒོད་རྫས་དང་སྦྱོར་བའི་འཕྲུལ་འཁོར་གྱི་ནུས་པས་ཞིང་བཅུ་ཚང་བའི་ལས་ངན་སྡང་བྱེད་ཀྱི་དགྲ། གནོད་བྱེད་ཀྱི་བགེགས། རྒྱབ་རྟེན་བྱད་མ་ལྷ་སྲུང་དང་བཅས་པ་རང་དབང་མེད་པར་གླ་བ་ཁྱིས་དེད་པའམ་སྦུར་མ་རླུང་གིས་བསྐྱོད་པ་ལྟར་གཟུགས་དང་ལིངྒ་འདི་ལ་ཁུག་ཅིག །ཨ་མུ་ཀ་སརྦ་ནྲྀ་ཏྲི་ཨཾ་ཀུ་ཤ་ཛཿཛཿ ལན་གསུམ་གྱིས་གཟུག་ལ་བསྟིམ། ཕོ་ཉ་འགྱེད་ཅིང་ཕྱག་རྒྱ་བཞིས་བཅིང་བ་ནི། ཛ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ མཐུ་རྩལ་འབྱིན་པའི་དུས་ལ་བབ༔ དགྲ་བགེགས་བསྒྲལ་བའི་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ བླ་སྲོག་རྣམ་པར་ཤེས་པ་ཀུན༔ མ་ཤོར་མ་གཏང་ཁུག་ལ་ཤོག༔ བཏབ་པའི་དུས་ལས་མ་འདའ་བར༔ ཞིང་བཅུ་ཚང་བའི་དགྲ་དང་བགེགས༔ ཐམས་ཅད་མ་ལུས་མྱུར་དུ་ཁུག༔ ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས༔ ཞགས་པ་ཅན་གྱིས་ཡན་ལག་ཆིངས༔ ལྕགས་སྒྲོག་ཅན་གྱིས་དྲྭ་བར་ཆུགས༔ དྲིལ་བུ་ཅན་གྱིས་སྨྱོ་རུ་ཆུགས༔ ལས་ཀྱི་རླུང་གིས་རྒྱབ་ནས་འཕུལ༔ བསྐལ་པའི་མུན་པས་མདུན་ནས་སུས༔ སྐད་ཅིག་ཐང་ཅིག་ཡུད་ཙམ་ལ༔ རང་དབང་མེད་པར་ཁུག་ལ་ཤོག༔ བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གཎྜེ་ཧོ༔ པྲ་བེ་ཤ་ཡ་ཕཊ༔ ཨཱ་བེ་ཤ་ཡ་ཨཱ༔ ཞེས་འགུགས་འཆིང་སྡོམ་མྱོས་དབྱེ་དབབ་ཀྱི་ཕྱག་རྒྱ་བྱ། དེ་ནས་ལིངྒར་གུ་གུལ་གྱིས་བདུག །བྱ་འུག་གི་དང་རུས་དབྱེ་བའི་རྒྱ་དང་བཅས། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ ལྷ་དང་དབྱེ་བའི་དུས་ལ་བབ༔ བདུད་དང་སྤྲོད་པའི་དུས་ལ་བབ༔ ལས་ངན་སྡིག་ཅན་དགྲ་བོ་འདི༔ སྲུང་ཞིང་སྐྱོབ་པར་བྱེད་པ་ཡི༔ ཡེ་ཤེས་འཇིག་རྟེན་ལྷ་ཡི་ཚོགས༔ ཕྲོལ་ཅིག་ཕྱེ་ཞིག་རྣམ་པར་ཕྱེས༔ ལྷན་ཅིག་སྐྱེས་པའི་བདུད་དང་སྤྲོད༔ དེ་བ་ཨཱ་ཀརྴ་ཡ་ཤག་ཕྱེ༔ ཞེས་ཁ་སྦྱོར་དབྱེ། དེ་ནས་བསྒྲལ་དབང་གི་དངོས་གཞི་ལས་མཐར་དབྱུང་བ་ཚེ་ཁྲུས་ཀྱི་དགོངས་པས་གནས་སྤོར་བ་ནི་དགོས་དོན་གྱི་གཙོ་བོ་ཡིན་ཕྱིར་དམིགས་པ་འདི་བཞིན་ཐུགས་ལ་ངེས་པར་འཚལ། དེ་ཡང་སློབ་དཔོན་ཆེན་པོས། ཚེ་ལུང་ཁྲུས་ལུང་གི་དགོངས་པ་མ་ཤེས་ན་ངན་སྔགས་དང་ཁྱད་མེད༔ གནས་སྤོར་བའི་ཆོ་ག་མ་ཤེས་ན་ཤན་པ་དང་ཁྱད་མེད༔ ཅེས་གསུངས་པ་ལྟར་ངེས་པ་གལ་ཆེ་བས། དེ་ལ་དང་པོར་མི་ལྡོག་པའི་ཕྱིར་རང་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུ་དངོས་སུ་གསལ་བ་དང་། མི་རྡུགས་པའི་ཕྱིར་ཕྱག་མཚན་ཕུར་པ་སྲས་མཆོག་དངོས་སུ་གསལ་བ་དང། མི་འབྱམས་པའི་སླད་ལིངྒ་དགྲ་བོ་དངོས་སུ་གསལ་བ་ནི་གསལ་བ་གསུམ་ལྡན་གྱི་ཏིང་ངེ་འཛིན་ཡིན་ལ། བདག་ཉིད་རྩ་བའི་དཀྱིལ་འཁོར། མཚན་མ་རྫས་ཀྱི་དཀྱིལ་འཁོར། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་གསུམ་པོའི་ལྷ་ཚོགས་ཐམས་ཅད་ཀྱི་གནས་གསུམ་དུ་ཨ་དཀར་པོ་རེ་རེ་གསལ་བ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཨ་དཀར་པོ་བྱ་དཀར་གདང་ལ་བསྒྲིགས་པ་ལྟ་བུའི་རྣམ་པར་བྱོན་ནས་དཀྱིལ་འཁོར་གསུམ་ལ་ཐིམ་པས། བདག་གི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས་ཏེ་བདེ་སྟོང་གི་ངང་དུ་རོ་གཅིག་པར་བསམ་པ་ནི་བདག་རྣལ་འབྱོར་པའི་ཁྲུས་ལུང་། ཡང་དཀྱིལ་འཁོར་གསུམ་པོའི་གནས་གསུམ་གྱི་ཨ་དཀར་ལས་འཕྲོས་པའི་འོད་ཀྱིས་འཕགས་པ་མཆོད་བྱིན་རླབས་བསྡུས། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ཡི་དམ་ལྷའི་གོ་འཕང་ལ་བཀོད་པར་བསམ་པ་ནི་ཁམས་གསུམ་སེམས་ཅན་གྱི་ཁྲུས་ལུང་། ཡང་འོད་ཟེར་ཚུར་འདུས་དགྲ་བགེགས་ཀྱི་གནས་གསུམ་དུ་ཐིམ་པས། ཁོའི་ལས་ངན་གྱི་སྡིག་སྒྲིབ་སྦྱངས་བསྒྲལ་བའི་སྐལ་ལྡན་དུ་གྱུར་པར་མོས་པ་ནི་གཟས་པ་པོ་དགྲ་བགེགས་ཀྱི་ཁུས་ལུང་སྟེ་ཁྲུས་ལུང་རྣམ་པ་གསུམ་ཡིན་ཅིང་། དེའི་དང་པོ་ནི་འདྲ་བ་དཔེའི་སྒོ་ནས་ཨ་དཀར་བྱ་དཀར་གྱི་དགོངས་པ་དང་། གཉིས་པ་བདག་ཕུར་ལིངྒ་གསུམ་དགོངས་པ་གཅིག་གིས་འབྲེལ། དམ་ཚིག་གཅིག་གིས་འབྲེལ། ཆོས་ཉིད་གཅིག་གིས་འབྲེལ་སླད་ཐུགས་རྗེ་འབྲེལ་ཐག་གི་དགོངས་པ་ཞེས་བྱ་ལ། དེའི་སྟེང་སྤྱིར་སེམས་ཅན་ཐམས་ཅད་དང་སྒོས་བསྒྲལ་བྱའི་ཞིང་དེ་ཉིད་མྱུར་དུ་མ་བསྒྲལ་ན་ལས་ངན་ཚབས་པོ་ཆེ་བསགས་ཏེ་འཁོར་བར་འཁྱམས་དགོས་པར་མཐོང་ནས་ཚད་མེད་སྙིང་རྗེས་མི་གཏོང་བ་གདུང་སེམས་ལུ་གུ་རྒྱུད་ཀྱི་དགོངས་པ་བྱ་བ་ཡིན་ཏེ། དེས་དགོངས་པ་རྣམ་གསུམ་གྱི་དོན་ཚང་། དེ་ནས་བདག་རྣལ་འབྱོར་པའི་ཚེ་ལུང་བྱ་བ་ནི། ལིངྒ་དགྲ་བགེགས་དངོས་སུ་གསལ་བའི་སྙིང་དཀར་ནག་མཚམས་སུ་སྲོག་གི་ངོ་བོ་ཚེ་རྟེན་སྡོམ་གྱི་བལ་རྒྱ་འདྲ་བ། དེའི་ནང་ཁྲག་སྦལ་བྱིའུ་ལན་པའི་མགོ་བོ་ཙམ་གྱི་དབུས་ཀུན་གཞིའི་རྣམ་ཤེས་ཀྱི་ངོ་བོར་གྱུར་པའི་ཡི་གེ་ཨ་དཀར་པོའི་ཁོང་པར་ཐིག་ལེ་འོད་ཀྱི་རང་བཞིན་ཅན་གྱི་ལྟེ་བར་ཡི་གེ་ནྲྀ་དུད་ཁ་མར་མེ་འཆི་ཁ་མའི་འོད་ལྟ་བུ་སྔོ་སྐམ་སྐམ་པ་ཞིག་ཡོད་པར་དམིགས། དེ་ལ་དམིགས་ཏེ་ཕུར་རྩེ་སྒྲིལ་ཞིང་བསྣུན་པས་ཕུར་རྩེའི་འོད་ཟེར་མེའི་ཚྭ་ཚྭ་ལྟ་བུ་དང་རྩེ་མོའི་རྣོ་དབལ་གྱིས་ཚེ་སྲོག་བལ་རྒྱ་འདྲ་བ་དེ་དབྲལ་རྣམ་ཤེས་མར་མེ་ལ་ཕུས་བཏབ་པ་ལྟར་ནག་ཐུམ་གྱིས་སོང་། ནྲྀ་ཐིག་ལེ་ཨ་དང་བཅས་པ་ཏོག་གིས་བླངས་ནས་ཕུར་རྩེ་ལ་ཡེར་རེ་ཡོད་པ་རང་གི་སྙིང་གར་ཐིམ་པས་ཚེ་བསོད་གཟི་མདངས་རྒྱས་པར་བསམ་པ་ནི་བདག་རྣལ་འབྱོར་པའི་ཚེ་ལུང་ངོ་། །དེ་ནས་ཕུར་བུ་བདག་དང་དགྲ་བོ་གསུམ་གྱི་གསོ་བའི་ལུང་བྱ་བ་ནི། ཕུར་པའི་དབལ་ནས་བཟུང་སྟེ་ཀླད་ལ་ལན་གསུམ་བསྐོར་བས་དེ་ལས་རང་འདྲའི་ཕུར་བུ་དཔག་མེད་འཕྲོས་པས་སྣང་སྲིད་ཐམས་ཅད་ཕུར་བུས་གང་ཞིང་གཟི་བརྗིད་འབར་བར་བསམ་ལ་ཀཱི་ལ་ཡ་བརྗོད་པར་ཞུ། དངོས་སུ་སློབ་དཔོན་གྱིས་བསྐོར་ཞིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཞེས་ལན་གསུམ་བརྗོད་ཅིང་སློབ་མ་རྣམས་ཀྱིས་ཀྱང་བརྗོད་པ་དང་ལག་གཡས་ཀླད་ལ་བསྐོར་བའི་ཚུལ་བྱ། ཡང་བདག་གི་ཐུགས་ཀ་ནས་འོད་ཟེར་གྱི་སྣེ་ལ་མཆོད་པའི་ལྷ་མོ་འདོད་ཡོན་ཐོགས་པ་དཔག་མེད་འཕྲོས། སྣང་སྲིད་ཕུར་བུའི་ལྷ་ཚོགས་མཆོད་པས་མཉེས་ཤིང་ཚིམས། སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་བྱུང་བ་རང་ལ་ཐིམ་པར་བསམ། དེ་ནས་ཕུར་རྩེ་གྱེན་དུ་བསྟན་པ་དང་ལྷན་ཅིག་ཧཱུྃ་ཧཱུྃ་ཧཱུྃ། ཞེས་དྲག་པོར་བརྗོད་པའི་རྐྱེན་གྱིས་བདག་གི་ཐུགས་ཀ་ནས་འོད་ཟེར་བ་ཐག་ལྟ་བུའི་སྣེ་ལ་དགྲ་བགེགས་ཀྱི་རྣམ་ཤེས་ཨ་དཀར་པོ་ཙེན་གྱིས་བླངས་ནས་སྐར་མདའ་འཕངས་པ་ལྟར་སོང་། ཕཊ་ཕཊ་ཕཊ་དྲག་པོ་གསུམ་བརྗོད་པའི་རྐྱེན་གྱིས་འོག་མིན་དུ་རྡོར་སེམས་ཡབ་ཡུམ་གྱི་སྦྱོར་མཚམས་སུ་འཕངས་པས་རྒྱལ་བའི་སྲས་སུ་སྐྱེས་པའི་དམིགས་པ་ཁྱད་པར་བ་དེ་ལྟ་བུ་གསལ་འདེབས་པར་འཚལ། ཞེས་བརྡ་དོན་འཕྲོད་པར་སྤྲད་ལ། གདབ་ཕུར་བླངས་ཏེ་སློབ་མའི་ལག་ཏུ་གཏད། བླ་སློབ་དགོངས་པ་ལྷན་ཅིག་པས། ཧཱུྃ༔ ང་ནི་ཀརྨ་ཧེ་རུ་ཀ༔ སྲས་མཆོག་བཛྲ་ཀཱི་ལ་ཡ༔ བཏབ་ན་ལྷ་ཡང་བརླག་པར་བྱེད༔ གནོད་བྱེད་བགེགས་ལ་སྨྲོས་ཅི་དགོས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད༔ ཅེས་བསྒྲལ་ལ། སླར་ཡང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཀྱི་སྲོག་རྩ་ལ་ཡཾ་ཡཾ༔ སྙིང་རྩ་ལ་ཕྲིལ་ཕྲིལ༔ ཐུཾ་རིལ་རྦད་སོད༔ ཅེས་བཟླ་བཞིན་དུ་སྒྲོལ་གྲིས་དུམ་བུར་གཏུབས་ལ་སྔགས་ཀྱི་རྗེས་ཟློས་བྱར་གཞུག །དེ་ནས་སྐམ་ཐུན་བརྡེག་ལ། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱཾ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཤམ་བུར། དགྲ་བོའི་སྲོག་ལ་ཐུཾ་རིལ་ཙིཏྟ་བཾ་ལཾ་ཐུན་རྦད༔ རཀྟ་ཐིབ་སྲོག་ལ་བྲེང་ཤག་རྦད༔ ཐུཾ་རིལ་དབུགས་ལ་ཐུཾ་ཐུཾ༔ རྩ་ལ་རྦད་རྦད༔ ཁོང་ཁྲག་ལ་རྦུད་རྦུད༔ ཅེས་པའི་སྔགས་ཀྱང་རྗེས་ཟློས་བྱར་གཞུག །ཐོ་གཏུན་གྱི་བར་དུ་བརྡུངས་ལ། ཧཱུྃ༔ བཀའ་ལས་འདའ་བྱེད་སྡིག་ཅན་རྣམས༔ ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ ཁྲོ་བོ་རྡོ་རྗེ་ཐོ་བས་རྡུང༔ ལྷ་ཡང་རུང་སྟེ་བརླག་བྱེད་ན༔ དགྲ་དང་བགེགས་ལ་སྨྲོས་ཅི་དགོས༔ པདྨ་ཨ་ཀོ་ཊ་ཡ་ཁ་ཐཾ་ཁ་ཐཾ༔ ལིང་རོ་བྷནྡྷའི་སྐྱོགས་སུ་བླུགས་པ་སྨན་རཀ་གིས་བྲན་ལ། ཧཱུྃ༔ ཕྱེ་ཞིག་ཁྲོ་རྒྱལ་ཞལ་ཕྱེས་ཤིག༔ གནམ་ས་ལྟ་བུའི་ཞལ་གདོངས་ཤིག༔ གངས་རི་ལྟ་བུའི་མཆེ་བ་གཙིགས༔ གློག་སྟོང་འཁྱུག་འདྲའི་ལྗགས་དམར་སྐྱོད༔ མཉམ་ཉིད་ཡངས་པའི་ཞལ་དུ་སྟོབས༔ འགག་མེད་རོལ་པའི་མགུལ་དུ་སྟིམས༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ དགྲ་བགེགས་ཀྱི་མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ་ཀིཾ་ནི་རི་ཏི་ཁཱ་ཧི༔ ཞེས་སྟོབ་པའི་ཚུལ་བྱས་ལ་ཕུད་ཟུར་དུ་བཞག །བར་པ་སློབ་མ་ལྷར་གསལ་བ་ལ་བཀྱེ། ལྷག་མ་ཚོགས་ལྷག་ཏུ་བླུག་གོ །གཉིས་པ་མཐའ་སྡུད་ལས་ལ་སྦྱོར་བའི་རྗེས་གནང་གསུམ་གྱི་དང་པོ་སྲེག་པ་ཧོམ་གྱི་རྗེས་སུ་གནང་བ་ལ་དམིགས་པ་འདི་བཞིན་དུ་མཛོད། མེ་ཐབ་བསང་སྦྱང་། སྟོང་པའི་ངང་ལས་དྲག་པོའི་ཐབ་ཁུང་གྲུ་གསུམ་མེ་ཕུང་འབར་བ་རབ་ཏུ་འཇིགས་པའི་དབུས་སུ་དཔལ་ཆེན་ཀརྨ་ཧེ་རུ་ཀ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཁྲོ་བཅུ་ཁྲ་ཐབས་སྒོ་སྲུང་ཕྱག་བརྙན་བཅས་པ་ཤིན་ཏུ་རྔམ་པའི་ཆ་ལུགས་སུ་གསལ་བའི་ཞལ་དུ། དགྲ་བགེགས་ཀྱི་ཤ་ཁྲག་བསྟབས་པས་དགྱེས་ཤིང་ཚིམས་པར་མོས་པ་མཛོད། དགང་གཟར་བླུག་མར་ཁུ་ལིངྒའི་དུམ་བུ་རྣམས་གཏད་ཅིང་འབུལ་དུ་གཞུག་ལ། ཧཱུྃ༔ ཡེ་ཤེས་མེ་ལྕེ་རབ་གསལ་བར༔ དཔལ་ཆེན་ཡབ་ཡུམ་དཀྱིལ་འཁོར་རྫོགས༔ རྣམ་རྟོག་མཚན་མའི་དགྲ་དང་བགེགས༔ མ་ལུས་སྲེག་པའི་དབང་བསྐུར་རོ༔ རྩ་སྔགས་ཀྱི་མཇུག་ཏུ། ཨགྣེ་ཛྭ་ལ་རཾ་ཨ་བྷི་ཥིཉྩ་ཧཱུྃ༔ བསད་པའི་ལས་ཀྱི་མཐའ་སྡུད་སྲེག་པ་ཧོམ་གྱི་ཕྲིན་ལས་ལ་མཐུ་དབང་ཐོབ་པར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་བཛྲ་ཛྭ་ལ་མ་ཧཱ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྚཱཾ་ཤ་ཏྲུཾ་རཱུ་པ་ཙིཏྟ་ཨགྣི་ཛྭ་ལ་རཾ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ། གཉིས་པ་མཐའ་གཏད་མནན་པའི་རྗེས་སུ་གནང་བ་ལ་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་འདི་ཉིད་ཡབ་ཀླུ་བདུད་ནཱ་ག་རཀྴ་སྐུ་མདོག་དམར་ནག་དབུ་དགུ་ལྕགས་སྡིག་གི་མགོ་ཅན་གཡས་སྦྲུལ་ཞགས་གཡོན་དུག་གི་སྤུ་གྲི་བསྣམས་པ། ཡུམ་ཀླུ་མོ་སྦལ་མགོ་སྐུ་མདོག་ལྗང་ནག་གཡས་སྦྲུལ་ཞགས་གཡོན་དུག་གི་བུམ་པ་བསྣམས་པ་གཉིས་ཀ་སྨད་སྦྲུལ་མཇུག་སྟོད་ཁྲོ་བོ་དུག་སྦྲུལ་གྱི་གདེངས་ཀ་ཅན་རྒྱ་མཚོའི་ཀློང་ན་བཞུགས་པར་གསལ་བ་དེ་ཉིད་ཁྱེད་རང་རྣམས་དཔལ་ཆེན་པོར་གསལ་བའི་བྲན་དང་ཕོ་ཉར་གཏད་པར་མོས་ཤིག །དམར་གཏོར་ལག་ཏུ་གཏད་ལ། ཧཱུྃ༔ གདུག་པའི་དགྲ་དང་གནོད་བྱེད་བགེགས༔ ལྡང་མེད་མནན་དང་གཏད་པ་ཡི༔ དྲག་པོའི་ཕྲིན་ལས་སྒྲུབ་མཛད་པ༔ ནཱ་ག་རཀྴ་ཡབ་ཡུམ་གྱིས༔ སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས་ཀྱི་མཇུག་ཏུ། ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྴ་ཧཾ་ཤཾ་མ་བྷྱོ་ས་མ་ཡ་ཧཱུྃ༔ ཀླུ་བདུད་ནཱ་ག་རཀྴས་སྐལ་ལྡན་གྱི་སློབ་མ་འདི་རྣམས་ལ་བསྲུང་བ་དང་། སྐྱབས་པ་དང་། སྦ་བར་མཛད་དུ་གསོལ། ཞེས་བཀའ་བསྒོ །མནན་ཆས་གཏད་ལ། ཧཱུྃ༔ དམ་ཉམས་ལས་ངན་དགྲ་བོ་རྣམས༔ བྱང་ཆུབ་མཆོག་སེམས་མ་སྐྱེས་བར༔ ཀླུ་བདུད་ནག་པོའི་ལྟོ་བ་རུ༔ ལྡང་མེད་མནན་པའི་དབང་བསྐུར་རོ༔ དྲག་པོའི་ཕྲིན་ལས་འགྲུབ་པར་ཤོག༔ སྲུང་བའི་ལས་ཀྱི་མཐའ་སྡུད་པ་གཏད་ཁྲོམ་མནན་པའི་ཕྲིན་ལས་ལ་མཐུ་དབང་ཐོབ་པར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྚཱཾ་ཏྲཱིག་ནན༔ རཱ་ཛ་ཊི་ཧཾ་ཤཾ་ཏྲཾ༔ སཏྭཾ་བྷ་ཡ་རྦད་ནན༔ ཧཱུྃ་མཾ་ཀཱ་ཝཱ་ཙི་མཱ་ར་ཡ་ནན༔ ལན་གསུམ། གསུམ་པ་འཕང་བ་ཟོར་གྱི་རྗེས་སུ་གནང་བ་ལ་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་ལས་སྤྲུལ་པའི་ཁྲོ་བཅུའི་རྫོང་ཆེན་ཕ་རོལ་བྱད་མ་དགྲ་བགེགས་ཐམས་ཅད་སྐད་ཅིག་ལ་རྡུལ་དུ་བརླག་པའི་ནུས་པ་ཅན་སྐུ་ལས་ཁྲོ་ཆུང་དང་ཐོག་སེར་མཚོན་ཆའི་ཚོགས་འཕྲོ་བར་གསལ་ཐོབ་མཛོད། ཟློག་གཏོར་ལག་ཏུ་གཏད་ལ། ཧཱུྃ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ མ་ལུས་ཐལ་བར་རློག་བྱེད་པ༔ དྲག་པོའི་ཟོར་གྱི་དབང་བསྐུར་རོ༔ དྲག་པོའི་ཕྲིན་ལས་འགྲུབ་པར་ཤོག༔ ཟློག་པའི་ལས་ཀྱི་མཐའ་སྡུད་པ་འཕང་བ་ཟོར་གྱི་ཕྲིན་ལས་ལ་མཐུ་དབང་ཐོབ་པར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཙཎྜ་སརྦ་དུཥྚཱཾ་ནྲྀ་ཏྲི་ཤ་ཏྲུཾ་ཨེ་ཛ་བྷྱོཿཧུར་ཐུཾ་རྦད༔ ལན་གསུམ། འདིར་སྤྲོ་ན་སྨད་ལས་ཁྱབ་འཇུག་མཚོན་འཁོར་ལྟར། ཧཱུྃ༔ རྩ་བརྒྱུད་བླ་མ་སོགས་སམ། སྤྱི་འགྲེ །རིག་འཛིན་རྩ་བརྒྱུད་སོགས་ཀྱིས་གསེར་སྐྱེམས་འབུལ་ཞིང་ཟོར་སྒོ་དབྱེ། གཏེར་གཞུང་སྨད་ལས་ཟློག་པའི་མཇུག །ཧཱུྃ༔ ང་ནི་རྡོ་རྗེ་གཞོན་ནུ་ཆེ༔ སོགས་ཀྱིས་གཟའ་རྒོད་ཀྱི་འགྱུ་ཕྱོགས་དང་བསྟུན་གར་འཆམས་དང་བཅས་ཏེ་འཕེན། བསྡུ་ན་གོང་གི་སྔགས་དེ་ཉིད་དཔོན་སློབ་ལྷན་ཅིག་པས་བརྗོད་ལ་གནོད་པའི་ཕྱོགས་སུ་འཕེན་ནོ། །དེ་ལྟར་ཕྲིན་ལས་དྲག་པོ་སྒྲོལ་བའི་དབང་མཐའ་སྡུད་དང་བཅས་པ་ཐོབ་པས། དེང་ཕྱིན་ཆད་ཁྱེད་ཅག་འགལ་རྐྱེན་བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་ཞིང་ཞིང་བཅུའི་དགྲ་བགེགས་སྒྲོལ་བ་སོགས་མངོན་སྤྱོད་ཀྱི་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་དུ་འགྲུབ་པ་ལ་དབང་བར་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད་དོ། །གསུམ་པ་རྗེས་རིམ་ལ། ཤིས་པ་བརྗོད་པ་ནི། དེ་ལྟར་དབང་བསྐུར་པ་ལས་སྐྱེས་པའི་ཡེ་ཤེས་དང་བྱིན་རླབས་ནུས་པའི་མཐུ་རྣམས་བརྟན་ཅིང་གོང་འཕེལ་འགྱུར་བའི་ཕྱིར། ནམ་མཁའ་གང་བའི་སྲས་བཅས་རྒྱལ་བ་ཞི་ཁྲོའི་ཚོགས་དང་བཅས་པས་ཤིས་པ་རྒྱ་ཆེར་བརྗོད་པའི་མོས་པ་མཛོད། བྱས་ལ་ལས་བྱང་ལྟར་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར། དམ་ཚིག་བསྒྲག་གཟུང་ནི། དེ་དག་རྣམས་ཀྱིས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཐུགས་ཀྱི་ཐིག་ལེའི་དཀྱིལ་འཁོར་དུ། དབང་བཞི་ཡོངས་རྫོགས་དྲག་སྔགས་ཕྲིན་ལས་དང་བཅས་པའི་སྨིན་བྱེད་ཟབ་མོ་ལེགས་པར་ཕུལ་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ། གཙོ་བོས་ཇི་ལྟར། གཏང་རག་མཎྜལ། སླར་ཡང་བདག་ལུས་ལོངས་སྤྱོད་བླ་མའི་བྲན་འབངས་སུ་དེང་ནས་ལྟོས་པ་མེད་པར་དབུལ་བར་བགྱི་ན་ཆ་ཤས་སོ་སོ་ནས་ལོངས་སྤྱད་དེ་བྱང་ཆུབ་སྙིང་པོའི་བར་དུ་རྗེས་སུ་ཟུངས་ཤིག་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བྱང་ཆུབ་ཆེན་པོའི་བར༔ ལུས་དང་ལོངས་སྤྱོད་མ་ལུས་པ༔ རྡོ་རྗེ་འཛིན་ལ་དབུལ་བར་བྱ༔ རྟག་པར་ཐུགས་རྗེས་བསྐྱང་དུ་གསོལ༔ ལན་གསུམ། དགེ་བ་རྫོགས་བྱང་དུ་བསྔོས་ལ་སློབ་མ་རྣམས་གྲོལ་ལོ། །རྩ་བའི་གསུམ་པ་དཀྱིལ་འཁོར་གྱི་རྗེས་ཆོག་ནི། ཚོགས་ལ་རོལ། ལྷག་མ་གཏང་། ཐུགས་དམ་བསྐུལ་ཞིང་ཆད་བརྟན་རྟ་བྲོ། དངོས་གྲུབ་བླང་བ། གཏང་རག་གི་མཆོད་བསྟོད་ནོངས་བཤགས། བརྟན་བཞུགས། བསྡུ་ལྡང་། སྨོན་ལམ། ཤིས་བརྗོད་དང་བཅས་པས་མཐའ་རྒྱས་སུ་བྱའོ། །ཕུར་པ་ཐུགས་ཀྱི་ཐིག་ལེའི་དབང་སྐུར་ཁྲིགས། །རང་བཞེད་འདོད་སྦྱར་འགའ་ཙམ་མཆིས་མོད་ཀྱི། །རྒྱས་དང་བསྡུས་དང་སྐབས་དོན་མིན་པའི་སྐྱོན། །མཐོང་ནས་གཞུང་དོན་ཁྱེར་བདེ་བཀླག་ཆོག་སྤེལ། །ཉེས་གྱུར་རྩ་གསུམ་འཁོར་ལོས་བཟོད་བཞེས་ལ། །ཕྲིན་ལས་རྒྱ་མཚོར་དབང་སྐུར་དཔལ་ཆེན་པོའི། །གསང་བ་གསུམ་དང་མཉམ་པ་ཉིད་ཐོབ་ནས། །འགྲོ་ཀུན་སྨིན་ཅིང་གྲོལ་བའི་མཐུ་ཐོབ་ཤོག །ཅེས་གཏེར་གཞུང་གི་དགོངས་དོན་སྙིང་པོར་དྲིལ། བརྒྱུད་ལྡན་གོང་མའི་ཕྱག་བཞེས་ཀྱི་རྩ་བའི་དོན་ཆད་ལྷག་མེད་པར་གཙོ་བོར་རང་འདྲའི་འདོད་ཆེན་ལས་མ་ནུས་པ་རྣམས་ལ་རས་བྲིས་སོགས་ལ་བརྟེན་པའི་ཁྱེར་བདེར་དམིགས་ནས། པདྨའི་རྗེས་འཇུག་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་དཔལ་ཆེན་པོའི་ཐུགས་མཛོད་དུ་སྦྱར་བ་དགེ་ལེགས་འཕེལ།། །།
དཔལ་རྡོ་རྗེ་བདུད་རྩིའི་སྔགས་ཀྱི་སྲུང་མའི་སྒྲུབ་ཐབས་ (Volume 30, Text 5)
ྈ དཔལ་རྡོ་རྗེ་བདུད་རྩིའི་སྔགས་ཀྱི་སྲུང་མའི་སྒྲུབ་ཐབས་བཞུགས་སོ༔ ྈྈྈྈ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ བདུད་རྩི་གསང་བའི་སྲུང་མ་ཆེ༔ ཨེ་ཀ་ཛཱ་ཊིའི་སྒྲུབ་ཐབས་ནི༔ དུར་ཁྲོད་ལ་སོགས་དྲག་པོའི་སར༔ སྐུ་རྟེན་དར་ནག་ཕྱག་རྒྱས་མཚན༔ གསུང་རྟེན་སྔགས་ཀྱི་བྱང་བུས་བརྒྱན༔ ཐུགས་ཀྱི་རྟེན་དུ་ནལ་བུའི་སྙིང༔ འཁོར་ལོའི་སྲོག་དང་ལྡན་པ་འཆང༔ དེ་ལ་འཁོར་ལོ་འདི་ཡིན་ཏེ༔ རོ་རས་ཁྲག་གིས་སྦགས་པ་ལ༔ རྩིབས་བཞི་མུ་ཁྱུད་ལྡན་པའི་དབུས༔ བྷྱོ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ རྩིབས་བཞིར་ཤར་ནས་རིམ་པ་བཞིན༔ ཀཱ་ཡ་མ་མ་ཧཱུྃ་བྷྱོ་བཛྲ་ས་མ་ཡ་སཏྭཾ༔ གུ་ཎ་མ་མ་ཧཱུྃ་བྷྱོ་བཛྲ་ས་མ་ཡ་སཏྭཾ༔ ཝཱ་ཀ་མ་མ་ཧཱུྃ་བྷྱོ་བཛྲ་ས་མ་ཡ་སཏྭཾ༔ ཀརྨ་མ་མ་ཧཱུྃ་བྷྱོ་བཛྲ་ས་མ་ཡ་སཏྭཾ༔ དེ་རྒྱབ་དབྱངས་གསལ་སྤེལ་ཚིག་དགོད༔ དང་པོའི་མཚལ་དང་ཤུ་ཀྲས་བྱུག༔ དེ་རྗེས་རབ་གནས་ཚུལ་བཞིན་བྱ༔ ཡོན་ཏན་རྟེན་དུ་གཏོར་མ་དང༔ ཕྲིན་ལས་མཐུན་རྫས་ཚོགས་ཚད་བཤམ༔ བདག་ཉིད་རྡོ་རྗེ་ཁྲག་འཐུང་གི༔ མདུན་དུ་མ་མོ་འཁོར་བཅས་བསྐྱེད༔ བྷྱོ༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ སྐྱེ་བའི་ཆོ་འཕྲུལ་ཡུམ་གྱི་མཁའི༔ སྣང་སྲིད་ཆོས་འབྱུང་འབར་བའི་དབུས༔ གནམ་ལྕགས་ཙ་ཀྲ་རྩིབས་བཞིས་མཚན༔ ཕྱི་ནང་མེ་རླུང་ཁྲག་མཚོ་འཁྱིལ༔ ལྟེ་བར་པད་ཉི་བམ་རོའི་སྟེང༔ དུས་གསུམ་བདེ་གཤེགས་ཐུགས་ཀྱི་ཡུམ༔ སྔགས་སྲུང་ཆེན་མོ་རལ་གཅིག་མ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་དང་ཚེམས་དང་མཆེ་བ་གཅིག༔ ཉག་གཅིག་རལ་པ་མཁའ་ལ་སྒྲེང༔ ཕྱག་གཡས་ཞིང་དབྱུག་ཀླད་ལ་འཕྱར༔ གཡོན་པས་ཉམས་པའི་ཙིཏྟ་ཟ༔ རབ་ཁྲོས་ལྕགས་སྤྱང་ཕོ་ཉར་འགྱེད༔ ཡེ་ཤེས་མེ་ཕུང་ཆེར་འཁྲུགས་ཀློང༔ རང་འདྲའི་སྤྲུལ་པ་འབུམ་དང་བཅས༔ ཞབས་ཟུང་དོར་སྟབས་འཇིགས་པས་བཞུགས༔ སྟག་ཤམ་སྤྲིན་དཀར་སྟོད་གཡོགས་གསོལ༔ སྦྲུལ་དང་རུས་པའི་རྒྱན་གྱིས་བརྒྱན༔ ཤར་དུ་སྐུ་སྤྲུལ་དཀར་མོ་འབུམ༔ བཞད་ཅིང་གཏུམ་པའི་ཚུལ་དུ་སྟོན༔ ལྷོ་རུ་ཡོན་ཏན་སེར་མོ་འབུམ༔ སྒེག་ཅིང་གཟི་བརྗིད་རབ་ཏུ་འབར༔ ནུབ་ཏུ་གསུང་སྤྲུལ་དམར་མོ་འབུམ༔ ཤིན་ཏུ་ཆགས་པའི་གར་ཐབས་སྒྱུར༔ བྱང་དུ་ཕྲིན་ལས་ལྗང་མོ་འབུམ༔ དྲག་ཤུལ་ཆེན་པོས་རྒྱུག་ཅིང་འཕྱོ༔ གཞན་ཡང་ལས་དང་འཇིག་རྟེན་གྱི༔ མ་མོ་བསམ་ཡས་གྲངས་མེད་པ༔ བདུད་རྩི་གསང་བའི་སྲུང་མའི་ཚོགས༔ ཉི་ཟེར་རྡུལ་ལྟར་འཁྲིགས་པ་ཡི༔ ཐུགས་ཀར་ཉི་སྟེང་བྷྱོ་ཡིག་དང༔ རང་གི་ཐུགས་ནས་འོད་འཕྲོས་པས༔ ཡེ་ཤེས་འཁོར་ལོ་སྤྱན་དྲངས་བསམ༔ ཧཱུྃ་བྷྱོ༔ བདེ་ཆེན་དབྱིངས་ལས་མ་གཡོས་ཀྱང༔ བསྟན་པ་བསྲུང་ཕྱིར་འབར་བའི་ཚུལ༔ སྔགས་སྲུང་ཆེན་མོ་རལ་གཅིག་མ༔ འབུམ་ཕྲག་མཁའ་འགྲོའི་འཁོར་དང་བཅས༔ དམ་ཚིག་དབང་གིས་སྤྱན་འདྲེན་ན༔ གསང་ཆེན་བསྟན་པ་སྐྱོང་བ་དང༔ ཉམས་པའི་དགྲ་བགེགས་བསྒྲལ་བའི་ཕྱིར༔ མ་ཐོགས་མྱུར་དུ་ད་ཚུར་བྱོན༔ བྷྱོ་མ་མ་ཨེ་ཀ་ཛཱ་ཊི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛ༔ བྷྱོ༔ དུར་ཁྲོད་དྲག་པོའི་གནས་འདི་རུ༔ དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང༔ ཧེ་རུ་ཀ་དཔལ་རིག་འཛིན་ཆེའི༔ འདའ་ཀའི་དམ་ཚིག་གཉེར་དུ་ལོངས༔ བྷྱོ་མ་མ་ཨེ་ཀ་ཛཱ་ཊི་ས་པ་རི་ཝཱ་ར་ཏིཥྛནྟུ༔ བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ༔ ཧཱུྃ༔ དངོས་བཤམས་ཡིད་ཀྱིས་རབ་སྤྲུལ་པའི༔ དུར་ཁྲོད་དྲག་པོའི་ཉེར་སྤྱོད་དང༔ སྨན་རཀ་གཏོར་ཚོགས་མཆོད་སྤྲིན་གྱིས༔ མ་མོ་འཁོར་བཅས་མཉེས་གྱུར་ཅིག༔ ཨོཾ་ཤྲཱི་ཨེ་ཀ་ཛཱ་ཊི་ས་པ་རི་ཝཱ་ར་མ་ཧཱ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱཱ་ཤབྡ་སརྦ་པཱུ་ཛ་ཧོ༔ མ་ཧཱ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ བྷྱོ་མ་མ་ཨེ་ཀ་ཛཱ་ཊི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་བྷྱོ༔ གཟུང་འཛིན་ཀུན་རྟོག་རལ་པའི་ཚོགས༔ ཉག་གཅིག་སྐྱེ་བ་མེད་པར་སྒྲེང༔ སྲིད་ཞི་ཀུན་ལ་ཁྱབ་པའི་བདག༔ དབྱིངས་ཀྱི་མ་མོར་ཕྱག་འཚལ་བསྟོད༔ མ་ནི་མྱང་འདས་ཡུམ་གྱི་མཁའ༔ མོ་ནི་འཁོར་བ་སྐྱེད་པའི་ཀློང༔ དབྱེར་མེད་དབྱིངས་ལས་ཅིར་ཡང་སྟོན༔ ཡེ་ཤེས་མ་མོར་ཕྱག་འཚལ་བསྟོད༔ ཞི་བའི་ཐབས་ཀྱིས་གདུལ་དཀའ་བར༔ ཁྲོ་འཁྲུགས་རྣམ་འགྱུར་མི་བཟད་འབར༔ འཇིག་རྟེན་ལས་ཀྱི་མ་མོའི་ཚོགས༔ འབུམ་ཕྲག་འཁོར་བཅས་ཀུན་ལ་བསྟོད༔ མདུན་བསྐྱེད་ཐུགས་ཀར་ཉི་མའི་སྟེང༔ བྷྱོ་ཡིག་སྲོག་གི་སྔགས་ཀྱིས་མཚན༔ བདག་ཉིད་རྡོ་རྗེ་ཁྲག་འཐུང་གི༔ ཐུགས་སྲོག་འབར་བའི་འོད་ཟེར་གྱིས༔ རབ་ཏུ་བསྐུལ་ཞིང་དྲྭ་བས་བཅིངས༔ ཆགས་དང་རྔམས་པའི་སྟོབས་བསྐྱེད་པས༔ མ་མོ་འཁོར་བཅས་དམ་ལ་གཟིར༔ གང་འདོད་ལས་ཀུན་སྒྲུབ་པར་བསམ༔ བྷྱོ་མ་མ་ཨེ་ཀ་ཛཱ་ཊི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ འབུམ་ཕྲག་གསུམ་གྱིས་ལས་ཀུན་བྱེད༔ སྔགས་ཤམ་ལས་བཞིའི་སྤེལ་ཚིག་སྦྱར༔ སརྦ་རོ་ག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ སརྦ་ཨཱ་ཡུར་པུཎྱེ་པུཥྚིཾ་ཀུ་རུ་ཨོཾ༔ སརྦ་ལོ་ཀ་ཝཱ་ཤཾ་མ་ན་ཡ་ཧོ༔ སརྦ་ཤ་ཏྲཱུན་མཱ་ར་ཡ་ཕཊ༔ དྲག་པོའི་ལས་ལ་རྦད་པ་ན༔ དགྲ་བགེགས་དགུག་བསྒྲལ་ཞལ་དུ་བསྟབ༔ བྷྱོ་མ་མ་རཀྴ་སཱི་རུ་ལུ་རུ་ལུ་མ་ཧིཾ་བྷྱོ༔ སརྦ་ཤ་ཏྲཱུན་ཙྪིནྡྷ་ཙྪིནྡྷ་བྷིནྡྷ་བྷིནྡྷ་མཱ་ར་ཡ་ཕཊ༔ ཅེས་བཟླས་བསྐུལ་བྱ་ཐུན་གཏོར་འཕང༔ བདུན་རྒྱུད་རྩད་ནས་གཅོད་པར་འགྱུར༔ དཔལ་རྡོ་རྗེ་བདུད་རྩིའི་སྔགས་ཀྱི་སྲུང་མའི་སྒྲུབ་ཐབས་ཀྱི་རིམ་པ་སྟེ་དང་པོའོ༔ ས་མ་ཡ༔ ཐུན་མཚམས་ཐུགས་དམ་བསྐང་བའི་ཕྱིར༔ དམ་རྫས་འདོད་ཡོན་སྤྲིན་དུ་བརླབ༔ ཐོད་རྔ་བརྡུང་ཞིང་རྐང་གླིང་འབུད༔ དར་ནག་གཡབ་ཅིང་གཟི་བྱིན་བསྐྱེད༔ ཧཱུྃ་བྷྱོ༔ དུར་ཁྲོད་དྲག་ཤུལ་ཆེན་པོའི་ཞིང༔ སྣོད་བཅུད་འབར་བ་ཨེ་ཡི་ཀློང༔ ཐོད་པའི་སྐུ་མཁར་བརྗིད་དང་ལྡན༔ མི་རོ་རྟ་རོ་གཅལ་དུ་བཀྲམ༔ ཤ་སྣ་སྙིང་སྣའི་རྒྱལ་མཚན་ཕྱར༔ རཀྟ་འབར་བའི་རྦ་ཀློང་འཁྲུགས༔ རྔམ་བརྗིད་ཆེན་པོའི་མཆོད་སྤྲིན་གྱིས༔ བདུད་རྩི་གསང་བའི་གཉེར་འཛིན་པའི༔ སྔགས་སྲུང་འཁོར་བཅས་ཐུགས་དམ་བསྐང༔ དམ་ཚིག་ཉམས་ཆག་ཉེས་ལྟུང་བཤགས༔ མ་མོ་འཁྲུགས་པ་ཞི་བར་མཛོད༔ ནད་ཡམས་མཚོན་འཁྲུགས་བར་ཆད་སོལ༔ སྣོད་བཅུད་རྒུད་པ་དབྱིངས་སུ་སྟིམས༔ དཔལ་འབྱོར་ལོངས་སྤྱོད་ཚེ་གཡང་སྤེལ༔ རླུང་སེམས་སྣང་བ་དབང་དུ་སྡུས༔ ལོག་ལྟའི་དགྲ་བགེགས་ཆམ་ལ་ཕོབ༔ གསང་ཆེན་བསྟན་པ་དར་བ་དང༔ འགྲོ་ཀུན་བདེ་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཉམས་པའི་དགྲ་བགེགས་བསྒྲལ་བ་ཡི༔ དབང་པོའི་མེ་ཏོག་ཚིལ་གསུར་སྤོས༔ ཞུན་ཆེན་མར་མེ་མཁྲིས་པའི་དྲི༔ ཤ་རུས་ཞལ་ཟས་རྐང་གླིང་དུང༔ འཇིགས་རུང་གཟུགས་དང་རྔམ་པའི་སྒྲ༔ མི་སྡུག་དྲི་དང་བཅུད་ཆེན་རོ༔ ཁྲག་འཛག་པགས་པའི་གོས་ལ་སོགས༔ དུར་ཁྲོད་རྫས་ཀྱི་མཆོད་སྤྲིན་གྱིས༔ བདུད་རྩི་གསང་བའི་གཉེར་འཛིན་པའི༔ སྔགས་སྲུང་འཁོར་བཅས་ཐུགས་དམ་བསྐང༔ དམ་ཚིག་ཉམས་ཆག་ཉེས་ལྟུང་བཤགས༔ མ་མོ་འཁྲུགས་པ་ཞི་བར་མཛོད༔ ནད་ཡམས་མཚོན་འཁྲུགས་བར་ཆད་སོལ༔ སྣོད་བཅུད་རྒུད་པ་དབྱིངས་སུ་སྟིམས༔ དཔལ་འབྱོར་ལོངས་སྤྱོད་ཚེ་གཡང་སྤེལ༔ རླུང་སེམས་སྣང་བ་དབང་དུ་སྡུས༔ ལོག་ལྟའི་དགྲ་བགེགས་ཆམ་ལ་ཕོབ༔ གསང་ཆེན་བསྟན་པ་དར་བ་དང༔ འགྲོ་ཀུན་བདེ་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ལྕགས་ཀྱུ་ལྔ་དང་སྒྲོན་མ་ལྔ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི༔ བདུད་རྩི་སྨན་ཕུད་མཚོ་ལྟར་བསྐྱིལ༔ འདོད་ཡོན་རྒྱ་མཚོའི་གཏེར་ཆེན་པོའི༔ དཔལ་གྱི་གཏོར་མ་ལྷུན་པོར་སྤུངས༔ ཁམས་གསུམ་གདུག་པ་བསྒྲལ་པ་ཡི༔ རཀྟའི་ཞམ་ཆུ་ཆར་བཞིན་འབེབ༔ རྨད་དུ་བྱུང་བའི་མཆོད་སྤྲིན་འདིས༔ བདུད་རྩི་གསང་བའི་གཉེར་འཛིན་པའི༔ སྔགས་སྲུང་འཁོར་བཅས་ཐུགས་དམ་བསྐང༔ དམ་ཚིག་ཉམས་ཆག་ཉེས་ལྟུང་བཤགས༔ མ་མོ་འཁྲུགས་པ་ཞི་བར་མཛོད༔ ནད་ཡམས་མཚོན་འཁྲུགས་བར་ཆད་སོལ༔ སྣོད་བཅུད་རྒུད་པ་དབྱིངས་སུ་སྟིམས༔ དཔལ་འབྱོར་ལོངས་སྤྱོད་ཚེ་གཡང་སྤེལ༔ རླུང་སེམས་སྣང་བ་དབང་དུ་སྡུས༔ ལོག་ལྟའི་དགྲ་བགེགས་ཆམ་ལ་ཕོབ༔ གསང་ཆེན་བསྟན་པ་དར་བ་དང༔ འགྲོ་ཀུན་བདེ་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྐུ་དང་སྔགས་བྱང་འཁོར་ལོ་སོགས༔ མ་མོའི་སྲོག་གི་རྟེན་དུ་བཅས༔ ཡོན་ཏན་གཏོར་ཆེན་བརྗིད་དང་ལྡན༔ ཕྲིན་ལས་མཐུན་རྫས་སྐར་ལྟར་བཀྲ༔ ཞིང་ལྤགས་བླ་བྲེ་མཁའ་ལ་བྲེས༔ དོན་སྣོད་དྲྭ་བས་བར་སྣང་ཁྱབ༔ འདོད་ཡོན་ཚོགས་ཀྱི་ལོངས་སྤྱོད་སོགས༔ མཐུན་པའི་རྫས་ཀྱི་མཆོད་སྤྲིན་འདིས༔ བདུད་རྩི་གསང་བའི་གཉེར་འཛིན་པའི༔ སྔགས་སྲུང་འཁོར་བཅས་ཐུགས་དམ་བསྐང༔ དམ་ཚིག་ཉམས་ཆག་ཉེས་ལྟུང་བཤགས༔ མ་མོ་འཁྲུགས་པ་ཞི་བར་མཛོད༔ ནད་ཡམས་མཚོན་འཁྲུགས་བར་ཆད་སོལ༔ སྣོད་བཅུད་རྒུད་པ་དབྱིངས་སུ་སྟིམས༔ དཔལ་འབྱོར་ལོངས་སྤྱོད་ཚེ་གཡང་སྤེལ༔ རླུང་སེམས་སྣང་བ་དབང་དུ་སྡུས༔ ལོག་ལྟའི་དགྲ་བགེགས་ཆམ་ལ་ཕོབ༔ གསང་ཆེན་བསྟན་པ་དར་བ་དང༔ འགྲོ་ཀུན་བདེ་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ མ་ནི་ངོ་བོ་སྟོང་པའི་དབྱིངས༔ མོ་ནི་རང་བཞིན་གསལ་ཁྱབ་ཤར༔ གཉིས་མེད་ཐུགས་རྗེའི་འདུ་འཕྲོ་ལས༔ རྟོག་འདུལ་དམ་ཚིག་ཇི་སྙེད་པའི༔ རྣམ་འགྱུར་འགག་པ་མེད་པའི་རྩལ༔ ཅིར་ཡང་འཆར་ཞིང་འབྱུང་བ་ཀུན༔ ཐིག་ལེ་ཆེན་པོ་གཅིག་ཏུ་བརྡལ༔ བླ་ན་མེད་པའི་མཆོད་སྤྲིན་འདིས༔ བདུད་རྩི་གསང་བའི་གཉེར་འཛིན་པའི༔ སྔགས་སྲུང་འཁོར་བཅས་ཐུགས་དམ་བསྐང༔ དམ་ཚིག་ཉམས་ཆག་ཉེས་ལྟུང་བཤགས༔ མ་མོ་འཁྲུགས་པ་ཞི་བར་མཛོད༔ ནད་ཡམས་མཚོན་འཁྲུགས་བར་ཆད་སོལ༔ སྣོད་བཅུད་རྒུད་པ་དབྱིངས་སུ་སྟིམས༔ དཔལ་འབྱོར་ལོངས་སྤྱོད་ཚེ་གཡང་སྤེལ༔ རླུང་སེམས་སྣང་བ་དབང་དུ་སྡུས༔ ལོག་ལྟའི་དགྲ་བགེགས་ཆམ་ལ་ཕོབ༔ གསང་ཆེན་བསྟན་པ་དར་བ་དང༔ འགྲོ་ཀུན་བདེ་བའི་ཕྲིན་ལས་མཛོད༔ ཅེས་བརྗོད་ཡི་གེ་བརྒྱ་པ་བཟླ༔ དམ་སྐོང་ཕྲིན་ལས་དངོས་གྲུབ་འགྱུར༔ མ་མོ་མཁའ་འགྲོ་འཁྲུགས་པ་ལས༔ ཕྱི་ནང་བར་ཆད་མང་དུ་འབྱུང༔ དེ་ཕྱིར་ཁྱད་པར་སྐོང་བ་ནི༔ མ་ད་ན་ཡི་སྒོ་ནས་བསྒྲུབ༔ རིན་ཆེན་བདུད་རྩི་མཱ་མ་ཀཱིས༔ ལེགས་པར་སྦྱར་བའི་ཕུད་ཀྱི་མཆོག༔ ཚེ་དང་གལ་དུ་མཐུན་བསྡེབས་ནས༔ རི་རབ་ཆོས་འབྱུང་བཅས་པའི་སྟེང༔ དཔལ་གཏོར་བརྗིད་ལྡན་འཁོར་བཞི་དང༔ མཐེབ་ཀྱུས་བསྐོར་ཞིང་རྒྱན་གྱིས་བརྒྱན༔ དར་གྱི་གུར་ཕུབ་ནམ་མཁའ་དང༔ རྒྱང་བུ་ཤིང་རིས་མདའ་འཕང་གཟུག༔ བང་རིམ་རྣམས་སུ་སྲོག་ཆགས་མདངས༔ འབུར་རམ་རིས་སུ་གཏོད་པ་དང༔ གཞན་ཡང་མཐུན་རྫས་དཀོར་ཆའི་ཚོགས༔ ཇི་ལྟར་འབྱོར་པས་མཐའ་བསྐོར་ནས༔ རྟེན་གྱི་མདུན་དུ་མཛེས་པར་བཤམ༔ དེ་མདུན་ཕུད་ཀྱི་ཐོད་པ་དང༔ གཡས་སུ་བཟང་ཤིང་ཕུར་མ་བསྲེག༔ གཡོན་དུ་ཀུ་ཤའི་ཆུན་པོས་འཐོར༔ སྔགས་དང་ཕྱག་རྒྱ་དྲུག་གིས་བརླབ༔ དེ་ནས་སོ་སོར་སྨྲེང་གིས་བསྐང༔ ཧཱུྃ་བྷྱོ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེ༔ རིན་ཆེན་མཱ་མ་ཀཱི་དང་སྦྱོར༔ བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོ༔ ར་སཱ་ཡཱ་ནའི་བཅུད་དུ་བསྐྱིལ༔ ཚེ་དང་གལ་གྱིས་མཐུན་བསྡེབས་པར༔ རཏྣ་འབྲུ་སྨན་སྤོད་ཀྱིས་བྲན༔ དཔལ་གྱི་གཏོར་མ་བརྗིད་དང་ལྡན༔ རི་རབ་ཆོས་འབྱུང་འབར་བའི་དབུས༔ འདོད་ཡོན་རྣམ་པ་ཐམས་ཅད་པའི༔ མཆོད་པའི་ཕྱག་རྒྱ་ཆེན་པོར་རྫོགས༔ དབྱིངས་ཀྱི་ནམ་མཁའ་འོད་ལྔར་འབར༔ ཡེ་ཤེས་རྒྱང་བུ་སྐུ་གསུང་ཐུགས༔ ཐབས་ཤེས་ལས་ཀྱི་མདའ་འཕང་དང༔ འཇིག་རྟེན་མིག་སྒྱུར་ཤིང་རིས་བཀྲ༔ དགོས་འབྱུང་རིན་ཆེན་ནད་སེལ་སྨན༔ སྲོག་ཆགས་མདངས་དང་དཀོར་ནོར་དབྱིག༔ བཟའ་བཅའ་བཏུང་བའི་ལོངས་སྤྱོད་སོགས༔ གང་བཞེད་མཐུན་རྫས་སྤྲིན་ལྟར་གཏིབས༔ འདོད་འབྱུང་དཔལ་གྱི་དམ་ཚིག་འདིས༔ དབྱིངས་ཀྱི་མ་མོར་མཉེས་མཆོད་འབུལ༔ ཡེ་ཤེས་མ་མོའི་ཐུགས་དམ་བསྐང༔ ལས་ཀྱི་མ་མོ་དགྱེས་རྒུར་རོལ༔ འཇིག་རྟེན་མ་མོ་ཚིམ་པར་སྤྱོད༔ བདག་ཅག་དམ་ཚིག་ཉམས་ཆག་དང༔ དུས་ངན་སེམས་ཅན་འཁྲུལ་པ་ཡིས༔ ཐུགས་དང་འགལ་བའི་ལས་བགྱིས་པ༔ སྙིང་ནས་བཤགས་སོ་ཚངས་པར་སྩོལ༔ ཐུགས་རྗེ་ཁྲོས་པ་ཞི་བར་མཛོད༔ དམ་དང་འགལ་བ་བཟོད་པར་བཞེས༔ ཁོང་ནས་འཁྲུགས་པ་དབྱིངས་སུ་སྟིམས༔ རྔམས་པའི་བརྟུལ་ཞུགས་བགེགས་ལ་ཕོབ༔ ཁྱད་པར་ཉོན་མོངས་ང་རྒྱལ་དང༔ འབྱུང་བ་ས་ལས་གྱུར་པ་ཡི༔ མ་མོ་འཁྲུགས་པའི་རྒྱུ་རྐྱེན་དང༔ ནད་མཚོན་དུས་འཁྲུགས་འབྲས་བུའི་ཚོགས༔ མཁའ་ལ་སྤྲིན་ལྟར་དག་ནས་ཀྱང༔ ཞི་དང་བཀྲ་ཤིས་བདེ་ལེགས་སྩོལ༔ བྷྱོ་མ་མ་ཨེ་ཀ་ཛཱ་ཊི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ ཧཱུྃ་བྷྱོ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེ༔ རིན་ཆེན་མཱ་མ་ཀཱི་དང་སྦྱོར༔ བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོ༔ ར་སཱ་ཡཱ་ནའི་བཅུད་དུ་བསྐྱིལ༔ གཙང་མའི་ཕུད་དང་མཐུན་བསྡེབས་པར༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི༔ བདུད་རྩི་ཆེན་པོས་རབ་ཏུ་བྲན༔ ཡིད་བཞིན་མཚན་ལྡན་ཀ་པཱ་ལར༔ རྒྱ་མཚོ་བཞིན་དུ་འཁྱིལ་བ་ལས༔ འདོད་རྒུའི་རྦ་རླབས་མཁའ་ལ་འཕྲོ༔ ཁ་དོག་དྲི་དང་རོ་ལྡན་ཅིང༔ ནུས་པ་ཕུན་སུམ་ཚོགས་པ་ཡི༔ བདེ་ཆེན་བཅུད་ཀྱི་དམ་ཚིག་འདིས༔ དབྱིངས་ཀྱི་མ་མོར་མཉེས་མཆོད་འབུལ༔ ཡེ་ཤེས་མ་མོའི་ཐུགས་དམ་བསྐང༔ ལས་ཀྱི་མ་མོ་དགྱེས་རྒུར་རོལ༔ འཇིག་རྟེན་མ་མོ་ཚིམ་པར་སྤྱོད༔ བདག་ཅག་དམ་ཚིག་ཉམས་ཆག་དང༔ དུས་ངན་སེམས་ཅན་འཁྲུལ་པ་ཡིས༔ ཐུགས་དང་འགལ་བའི་ལས་བགྱིས་པ༔ སྙིང་ནས་བཤགས་སོ་ཚངས་པར་སྩོལ༔ ཐུགས་རྗེ་ཁྲོས་པ་ཞི་བར་མཛོད༔ དམ་དང་འགལ་བ་བཟོད་པར་བཞེས༔ ཁོང་ནས་འཁྲུགས་པ་དབྱིངས་སུ་སྟིམས༔ རྔམས་པའི་བརྟུལ་ཞུགས་བགེགས་ལ་ཕོབ༔ ཁྱད་པར་ཉོན་མོངས་འདོད་ཆགས་དང༔ འབྱུང་བ་ཆུ་ལས་གྱུར་པ་ཡི༔ མ་མོ་འཁྲུགས་པའི་རྒྱུ་རྐྱེན་དང༔ ནད་མཚོན་དུས་འཁྲུགས་འབྲས་བུའི་ཚོགས༔ མཁའ་ལ་སྤྲིན་ལྟར་དག་ནས་ཀྱང༔ ཞི་དང་བཀྲ་ཤིས་བདེ་ལེགས་སྩོལ༔ བྷྱོ་མ་མ་ཨེ་ཀ་ཛཱ་ཊི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ ཧཱུྃ་བྷྱོ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེ༔ རིན་ཆེན་མཱ་མ་ཀཱི་དང་སྦྱོར༔ བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོ༔ ར་སཱ་ཡཱ་ནའི་བཅུད་དུ་བསྐྱིལ༔ འབར་བའི་མེ་དང་མཐུན་བསྡེབས་པར༔ བཟང་ཤིང་སྣ་ཚོགས་དྲི་དང་སྦྱར༔ བཟའ་བཏུང་འབྲུ་སྨན་ཕུར་མས་བྲན༔ གཙང་ཞིང་ཡིད་འཕྲོག་དུད་སྤྲིན་གྱིས༔ འཇིག་རྟེན་ཁམས་ཀུན་ཡོངས་ཁྱབ་པས༔ གྲིབ་དང་མི་གཙང་ཐམས་ཅད་སེལ༔ དབང་ཡུལ་ཟག་མེད་བདེ་ཆེན་སྐྱེད༔ འདོད་པའི་ལོངས་སྤྱོད་ཆར་འབེབ་པའི༔ ངོ་མཚར་ཆེན་པོའི་མཆོད་སྤྲིན་འདིས༔ དབྱིངས་ཀྱི་མ་མོར་མཉེས་མཆོད་འབུལ༔ ཡེ་ཤེས་མ་མོའི་ཐུགས་དམ་བསྐང༔ ལས་ཀྱི་མ་མོ་དགྱེས་རྒུར་རོལ༔ འཇིག་རྟེན་མ་མོ་ཚིམ་པར་སྤྱོད༔ བདག་ཅག་དམ་ཚིག་ཉམས་ཆག་དང༔ དུས་ངན་སེམས་ཅན་འཁྲུལ་པ་ཡིས༔ ཐུགས་དང་འགལ་བའི་ལས་བགྱིས་པ༔ སྙིང་ནས་བཤགས་སོ་ཚངས་པར་སྩོལ༔ ཐུགས་རྗེ་ཁྲོས་པ་ཞི་བར་མཛོད༔ དམ་དང་འགལ་བ་བཟོད་པར་བཞེས༔ ཁོང་ནས་འཁྲུགས་པ་དབྱིངས་སུ་སྟིམས༔ རྔམས་པའི་བརྟུལ་ཞུགས་བགེགས་ལ་ཕོབ༔ ཁྱད་པར་ཉོན་མོངས་ཞེ་སྡང་དང༔ འབྱུང་བ་མེ་ལས་གྱུར་པ་ཡི༔ མ་མོ་འཁྲུགས་པའི་རྒྱུ་རྐྱེན་དང༔ ནད་མཚོན་དུས་འཁྲུགས་འབྲས་བུའི་ཚོགས༔ མཁའ་ལ་སྤྲིན་ལྟར་དག་ནས་ཀྱང༔ ཞི་དང་བཀྲ་ཤིས་བདེ་ལེགས་སྩོལ༔ བྷྱོ་མ་མ་ཨེ་ཀ་ཛཱ་ཊི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ ཧཱུྃ་བྷྱོ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེ༔ རིན་ཆེན་མཱ་མ་ཀཱི་དང་སྦྱོར༔ བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོ༔ ར་སཱ་ཡཱ་ནའི་བཅུད་དུ་བསྐྱིལ༔ གཡོ་བའི་རླུང་དང་མཐུན་བསྡེབས་ནས༔ དག་བྱེད་རྩྭ་ཡིས་ཕྱོགས་བཅུར་གཏོར༔ ལྷ་ལ་ཕོག་ན་དགྱེས་པ་བསྐྱེད༔ མཆེད་ལ་ཕོག་ན་ཉམས་ཆག་སྦྱོང༔ སྣོད་ལ་ཕོག་ན་བྱིན་འོད་ཆགས༔ བཅུད་ལ་ཕོག་ན་ནུས་སྟོབས་འབར༔ རྫས་ལ་ཕོག་ན་འདོད་རྒུར་སྤེལ༔ བགེགས་ལ་ཕོག་ན་རྒྱང་དུ་བྲོས༔ ཅིར་ཡང་འཆར་ཞིང་འབྱུང་བ་ཡི༔ མིག་འཕྲུལ་ལྟ་བུའི་དམ་ཚིག་འདིས༔ དབྱིངས་ཀྱི་མ་མོར་མཉེས་མཆོད་འབུལ༔ ཡེ་ཤེས་མ་མོའི་ཐུགས་དམ་བསྐང༔ ལས་ཀྱི་མ་མོ་དགྱེས་རྒུར་རོལ༔ འཇིག་རྟེན་མ་མོ་ཚིམ་པར་སྤྱོད༔ བདག་ཅག་དམ་ཚིག་ཉམས་ཆག་དང༔ དུས་ངན་སེམས་ཅན་འཁྲུལ་པ་ཡིས༔ ཐུགས་དང་འགལ་བའི་ལས་བགྱིས་པ༔ སྙིང་ནས་བཤགས་སོ་ཚངས་པར་སྩོལ༔ ཐུགས་རྗེ་ཁྲོས་པ་ཞི་བར་མཛོད༔ དམ་དང་འགལ་བ་བཟོད་པར་བཞེས༔ ཁོང་ནས་འཁྲུགས་པ་དབྱིངས་སུ་སྟིམས༔ རྔམས་པའི་བརྟུལ་ཞུགས་བགེགས་ལ་ཕོབ༔ ཁྱད་པར་ཉོན་མོངས་ཕྲག་དོག་དང༔ འབྱུང་བ་རླུང་ལས་གྱུར་པ་ཡི༔ མ་མོ་འཁྲུགས་པའི་རྒྱུ་རྐྱེན་དང༔ ནད་མཚོན་དུས་འཁྲུགས་འབྲས་བུའི་ཚོགས༔ མཁའ་ལ་སྤྲིན་ལྟར་དག་ནས་ཀྱང༔ ཞི་དང་བཀྲ་ཤིས་བདེ་ལེགས་སྩོལ༔ བྷྱོ་མ་མ་ཨེ་ཀ་ཛཱ་ཊི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེཨ་ཨ་སྭཱ་ཧཱ༔ ཧཱུྃ་བྷྱོ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེ༔ རིན་ཆེན་མཱ་མ་ཀཱི་དང་སྦྱོར༔ བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོ༔ ར་སཱ་ཡཱ་ནའི་བཅུད་དུ་བསྐྱིལ༔ ཆོས་ཀྱི་དབྱིངས་དང་མཐུན་བསྡེབས་ནས༔ རྣམ་རྟོག་ཐམས་ཅད་སེམས་སུ་བཅད༔ སེམས་ཉིད་སྐྱེ་མེད་གཉུག་མར་ཤེས༔ རང་བཞིན་ཡོངས་ཤེས་འོད་གསལ་ངང༔ རྩལ་དང་རོལ་པ་ཅིར་ཡང་འཕྲོ༔ སྣང་གྲགས་ཐམས་ཅད་ལྷ་དང་སྔགས༔ རྟོག་པའི་དྲྭ་བ་དབྱིངས་ཀྱི་རྒྱན༔ དབྱིངས་རིག་ཟུང་འཇུག་འདོད་རྒུའི་གཏེར༔ ནམ་མཁའ་མཛོད་དུ་ཡོངས་ཤར་བའི༔ བླ་ན་མེད་པའི་དམ་ཚིག་འདིས༔ དབྱིངས་ཀྱི་མ་མོར་མཉེས་མཆོད་འབུལ༔ ཡེ་ཤེས་མ་མོའི་ཐུགས་དམ་བསྐང༔ ལས་ཀྱི་མ་མོ་དགྱེས་རྒུར་རོལ༔ འཇིག་རྟེན་མ་མོ་ཚིམ་པར་སྤྱོད༔ བདག་ཅག་དམ་ཚིག་ཉམས་ཆག་དང༔ དུས་ངན་སེམས་ཅན་འཁྲུལ་པ་ཡིས༔ ཐུགས་དང་འགལ་བའི་ལས་བགྱིས་པ༔ སྙིང་ནས་བཤགས་སོ་ཚངས་པར་སྩོལ༔ ཐུགས་རྗེ་ཁྲོས་པ་ཞི་བར་མཛོད༔ དམ་དང་འགལ་བ་བཟོད་པར་བཞེས༔ ཁོང་ནས་འཁྲུགས་པ་དབྱིངས་སུ་སྟིམས༔ རྔམས་པའི་བརྟུལ་ཞུགས་བགེགས་ལ་ཕོབ༔ ཁྱད་པར་ཉོན་མོངས་གཏི་མུག་དང༔ འབྱུང་བ་ནམ་མཁའ་ལས་གྱུར་པའི༔ མ་མོ་འཁྲུག་པའི་རྒྱུ་རྐྱེན་དང༔ ནད་མཚོན་དུས་འཁྲུགས་འབྲས་བུའི་ཚོགས༔ མཁའ་ལ་སྤྲིན་ལྟར་དག་ནས་ཀྱང༔ ཞི་དང་བཀྲ་ཤིས་བདེ་ལེགས་སྩོལ༔ བྷྱོ་མ་མ་ཨེ་ཀ་ཛཱ་ཊི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨེ་ཧོ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ ཞེས་བརྗོད་དམ་ཚིག་རྫས་ཀུན་གྱི༔ རྟེན་འབྲེལ་བརྡ་ལ་ངེས་ཤེས་བསྐྱེད༔ དོན་གྱི་དེ་ཉིད་དྲན་བྱས་ལ༔ དབྱིངས་རིག་དབྱེར་མེད་དགོངས་པ་བསྐྱང༔ འདིས་ནི་མ་མོ་འཁྲུགས་པ་ཡི༔ རྒྱུ་འབྲས་སྐད་ཅིག་ཡུད་ལ་ཞི༔ སྲུང་མ་ལུས་དང་གྲིབ་བཞིན་འགྲོགས༔ དངོས་གྲུབ་མཚོ་ལྟར་རྒྱས་པར་འགྱུར༔ དེ་ནས་ཕྲིན་ལས་གསོལ་བ་ནི༔ ཧཱུྃ་བྷྱོ༔ དབྱིངས་ཀྱི་ཡུམ་མཆོག་ཀུན་ཏུ་བཟང༔ ཡེ་ཤེས་སྔགས་སྲུང་རལ་གཅིག་མ༔ འཇིག་རྟེན་ལས་ཀྱི་མ་མོའི་སྡེ༔ བདུད་རྩི་གསང་བའི་སྲུང་མ་ནི༔ འབུམ་ཕྲག་ཡངས་པའི་འཁོར་ཚོགས་ཀུན༔ སྔོན་ཚེ་ཧེ་རུ་ཀ་དཔལ་དང༔ རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ༔ ཇི་ལྟར་ཞལ་བཞེས་དམ་བཅས་ལྟར༔ སྨན་གཏོར་རཀྟའི་མཆོད་པ་དང༔ མྱོས་བྱེད་བདུད་རྩིའི་སྐྱེམས་ཕུད་བཞེས༔ དགྱེས་པའི་ཕྲིན་ལས་ཤུགས་ཕྱུངས་ལ༔ གསང་ཆེན་རྡོ་རྗེའི་བསྟན་པ་སྲུངས༔ བསྟན་འཛིན་སྐྱེས་བུའི་ཕྲིན་ལས་སྒྲུབས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ནད་གདོན་བར་ཆད་ཞི་བར་མཛོད༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྤེལ༔ སྣོད་བཅུད་ལེགས་ཚོགས་དབང་དུ་སྡུས༔ བསྟན་དང་འགྲོ་ལ་འཚེ་བ་ཡི༔ དགྲ་དཔུང་ཐལ་བའི་རྡུལ་དུ་རློགས༔ བགེགས་དཔུང་བདུན་རྒྱུད་རྩད་ནས་ཆོད༔ བྱད་ཕུར་རྦོད་གཏོང་ཐན་ལྟས་ཟློག༔ ཕྱི་ནང་འབྱུང་བ་འཁྲུགས་པ་ཡི༔ རྒུད་པ་ཐམས་ཅད་དབྱིངས་སུ་སོལ༔ བཤད་སྒྲུབ་བསྟན་པ་རྒྱས་པ་དང༔ འཇིག་རྟེན་བདེ་བའི་ཕྲིན་ལས་མཛོད༔ ཅེས་བརྗོད་ཕུད་དང་གཏོར་མ་གཤེགས༔ དེས་ནི་བར་ཆད་ཀུན་ཞི་ཞིང༔ འདོད་པའི་དོན་རྣམས་མྱུར་འགྲུབ་བྱེད༔ གཞན་ཡང་སྔོན་གྱི་སྲུང་མ་ལ༔ གཏོར་མ་སྦྱིན་ཞིང་ཐ་ཚིག་བསྒྲག༔ ལས་ཀྱི་གཉེར་ཡང་གཏད་པར་བྱ༔ ཧཱུྃ་བྷྱོ༔ སྔོན་ཚེ་འོག་མིན་བདེ་ཆེན་ཞིང༔ གསང་བ་མཆོག་གི་དགྱེས་པ་ན༔ བཅོམ་ལྡན་རྡོ་རྗེ་ཧེ་རུ་ཀས༔ ཐ་ཚིག་ཕོག་པའི་སྲུང་མ་ཀུན༔ འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས༔ རྣམ་བཞིའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་བྷྱོ༔ བར་དུ་ལྷ་མིན་འདུ་བའི་གནས༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ སློབ་དཔོན་བདེ་བ་ཆེན་པོ་ཡིས༔ དམ་ལ་བཞག་པའི་དྲེགས་ཚོགས་ཀུན༔ འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས༔ རྣམ་བཞིའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་བྷྱོ༔ ད་ལྟ་སྒྲུབ་པའི་གནས་མཆོག་འདིར༔ གསང་བའི་དཀྱིལ་འཁོར་ཞལ་ཕྱེ་ནས༔ རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ འབོད་ཅིང་བསྐུལ་བའི་སྲུང་མ་ཀུན༔ འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས༔ རྣམ་བཞིའི་ཕྲིན་ལས་འགྲུབ་པར་མཛོད༔ ཤྲཱི་བཛྲ་དྷརྨ་པཱ་ལ་སརྦ་ས་མ་ཡ་ཀརྨ་ཀུ་རུ་ཧོ༔ བཤལ་ཆུའི་བདུད་རྩིས་བརྟན་མ་མཆོད༔ ཧཱུྃ་བྷྱོ༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ སློབ་དཔོན་བདེ་བ་ཆེན་པོ་དང༔ རིགས་ལྡན་ཤཱཀྱ་དེ་ཝཱི་ཡིས༔ རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་དུ༔ གསང་བའི་དམ་ཚིག་གཉེར་གཏད་པའི༔ བརྟན་མ་སྐྱོང་མ་ཡ་མའི་ཚོགས༔ སྨན་ཕྲན་འབུམ་གྱི་འཁོར་དང་བཅས༔ ཚུར་གཤེགས་བཤལ་ཆུའི་བདུད་རྩི་བཞེས༔ བོད་ཁམས་སོ་ཁ་སྲུང་བ་དང༔ མཐའ་དམག་གདུག་པའི་འཚེ་བ་ཟློག༔ ནད་མུག་འཁྲུགས་རྩོད་དལ་ཡམས་སོལ༔ ལེགས་ཚོགས་རྒྱས་པའི་ཕྲིན་ལས་མཛོད༔ མ་མ་ཌཱ་ཀི་ནཱི་སརྦ་ས་མ་ཡ་ཨ་མྲྀཏ་པཱུ་ཛ་ཧོ༔ ཞེས་གསོལ་བཤལ་ཆུ་གཙང་སར་དོར༔ མཐའ་རྒྱས་གཏོར་མ་བསྐྱང་བ་འོ༔ དཔལ་རྡོ་རྗེ་བདུད་རྩིའི་སྔགས་ཀྱི་སྲུང་མའི་མཆོད་སྐོང་གི་རིམ་པ་སྟེ་གཉིས་པའོ༔ ས་མ་ཡ༔ སྲོག་གཏད་ཟབ་མོའི་མན་ངག་ནི༔ དམ་ཚིག་ལྡན་པའི་སྙིང་གི་བུས༔ དྲག་པོའི་རྫས་དང་མཎྜལ་ཕུལ༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ ཉམས་པའི་དགྲ་བགེགས་བསྒྲལ་བའི་ཕྱིར༔ བདུད་རྩི་གསང་བའི་སྲུང་མ་ཡི༔ སྲོག་གཏད་རྗེས་གནང་བསྩལ་དུ་གསོལ༔ ཞེས་གསོལ་དམ་ཚིག་བདུད་རྩི་སྦྱིན༔ སྔགས་སྲུང་མ་མོ་འབུམ་སྡེ་ཡི༔ སྲོག་གི་ཡེ་ཤེས་ཁྱོད་ལ་སྦྱིན༔ དམ་ལས་འདས་ན་གཤེད་དུ་འགྱུར༔ དེ་ཕྱིར་རྡོ་རྗེའི་དམ་ཚིག་སྲུངས༔ ས་མ་ཡ་རཀྵནྟུ༔ ཞེས་གདམས་དེས་ཀྱང་ཐ་ཚིག་འདོར༔ ས་མ་ཡ་བཛྲ་རཀྴ་སཱི་ན་ར་ཀན༔ དེ་ནས་རྒྱུད་སྦྱང་ཧེ་རུ་ཀར༔ བསྐྱེད་ཅིང་ཡེ་ཤེས་བརྟན་བྱས་ལ༔ སྐུ་ཡི་ཕྱག་རྒྱ་གཏད་པའི་ཕྱིར༔ གཏོར་མ་ལྷར་གསལ་ལག་ཏུ་བཞག༔ བྷྱོ༔ སྔགས་སྲུང་མ་མོ་འབུམ་སྡེའི་ཚོགས༔ དམ་ལྡན་རྡོ་རྗེ་སློབ་མ་འདིའི༔ ལུས་དང་གྲིབ་བཞིན་འགྲོགས་ནས་ཀྱང༔ རྣམ་བཞིའི་ཕྲིན་ལས་སྒྲུབ་པར་གྱིས༔ སྔགས་མཐར༔ ཀཱ་ཡ་བཛྲ་ས་མ་ཡ་སཏྭཾ༔ སྐུ་ལས་སྐུ་འཕྲོས་ཧེ་རུ་ཀའི༔ ཐུགས་སྲོག་གདན་ལ་ཐིམ་པར་བསམ༔ གསུང་གི་རིག་པ་གཏད་པའི་ཕྱིར༔ བཟླས་པའི་ལུང་སྦྱིན་སྔགས་བྱང་གཏད༔ བྷྱོ༔ མ་མོའི་སྲོག་གི་སྙིང་པོ་འདི༔ གཉེན་པོ་སྟོབས་དང་ལྡན་པར་ཟློས༔ མཆོད་བསྟོད་སྒྲུབ་ལ་བརྩོན་པར་གྱིས༔ དངོས་གྲུབ་རྣམ་གཉིས་འགྲུབ་པར་འགྱུར༔ ཝཱ་ཀ་བཛྲ་ས་མ་ཡ་སཏྭཾ༔ ཐུགས་ཀྱི་དེ་ཉིད་ངོ་སྤྲོད་ཕྱིར༔ གཏོར་མའི་ལྷ་ཚོགས་གཉིས་མེད་བསྟིམ༔ ཙིཏྟ་བཛྲ་ས་མ་ཡ་སཏྭཾ༔ དབྱིངས་རིག་ཟུང་འཇུག་ངང་དུ་བཞག༔ ཁྱད་པར་མན་ངག་སྦྱིན་པར་བྱ༔ བྷྱོ༔ འཇིག་རྟེན་མ་མོ་རྩ་ཡིན་ཏེ༔ འཁོར་ལོ་རྣམ་བཞི་དབུ་མར་གཞུག༔ ལས་ཀྱི་མ་མོ་རླུང་ཡིན་ཏེ༔ སྦྱོར་བ་བཞི་ཡིས་རབ་ཏུ་གཅུན༔ ཡེ་ཤེས་མ་མོ་ཐིག་ལེ་སྟེ༔ དགའ་བ་བཞི་ཡི་དབྱིངས་སུ་སྟིམས༔ དབྱིངས་ཀྱི་མ་མོ་སེམས་ཡིན་ཏེ༔ སྟོང་པ་བཞི་ཡི་ཡེ་ཤེས་སྐྱེད༔ སྟོང་སྲོག་རང་རིག་ཆོས་སྐུར་བཅད༔ དོན་གྱི་མ་མོ་འགྲུབ་པར་འགྱུར༔ ཛྙཱ་ན་དྷཱ་ཏུ་ཨ་ཨ༔ བདུད་རྩི་གསང་བའི་སྲུང་མ་ཆེ༔ སྔགས་ཀྱི་གཉེར་འཛིན་རལ་གཅིག་མའི༔ སྲོག་གི་རིམ་པ་འདི་གཏད་པས༔ མ་མོ་ནམ་ཡང་མི་འབྲལ་འགྲོགས༔ དམ་ཚིག་གཞུང་བཞིན་སྤྱོད་པ་ལ༔ དངོས་གྲུབ་ཐམས་ཅད་འབད་མེད་སྟེར༔ དམ་ལས་འགལ་ན་གཤེད་དུ་འབེབ༔ དེ་ཕྱིར་དམ་ཚིག་མཆོག་ཏུ་གཅེས༔ དཔལ་རྡོ་རྗེ་བདུད་རྩིའི་སྔགས་ཀྱི་སྲུང་མའི་སྲོག་གཏད་ཟབ་མོའི་རིམ་པ་སྟེ་གསུམ་པའོ༔ ས་མ་ཡ༔ བདུད་རྩི་གསང་བའི་སྲུང་མ་ཆེའི༔ སྒྲུབ་ཐབས་རིམ་པ་གསུམ་པ་འདི༔ ཨོ་རྒྱན་མཁན་པོའི་གསུང་བཞིན་དུ༔ ལོ་ཙཱ་བདག་གིས་ཡི་གེར་བྲིས༔ མ་འོངས་དོན་དུ་གཏེར་དུ་སྦས༔ སངས་རྒྱས་བསྟན་པ་སྲུང་བ་དང༔ རྣལ་འབྱོར་སྒྲུབ་པའི་དཔལ་དུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ གུ་ཧྱ་ས་མ་ཡ༔
རྡོ་རྗེ་སེམས་དཔའ་རྩ་བ་གསུམ་གྱི་ལས་བྱང་དོན་གྱི་གསལ་འདེབས་ལ་འཇུག་པ་ (Volume 58, Text 5)
༄༅། །རྡོ་རྗེ་སེམས་དཔའ་རྩ་བ་གསུམ་གྱི་ལས་བྱང་དོན་གྱི་གསལ་འདེབས་ལ་འཇུག་པ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། རྡོ་རྗེ་སེམས་དཔའ་རྩ་བ་གསུམ་གྱི་ལས་བྱང་དོན་གྱི་གསལ་འདེབས་ལ་འཇུག་པ་ཞེས་བྱ་བ། བླ་མ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཀུན་ཁྱབ་ཡེ་ཤེས་སྤྲོས་བྲལ་ཆོས་ཀྱི་སྐུ། །བྲི་གང་ལས་འདས་ཆོས་ཉིད་རྡོ་རྗེ་སེམས། །སྐྱེ་འགག་གནས་བྲལ་རང་བཞིན་རྫོགས་པ་ཆེ། །ཀུན་བཟང་དང་པོའི་མགོན་དེར་ཕྱག་འཚལ་འདུད། །རྫོགས་ཆེན་འབུམ་ཕྲག་དྲུག་ཅུ་ཡི། །ཡང་སྙིང་རྡོར་སེམས་སྙིང་ཐིག་གི །རྩ་གསུམ་སྒྲུབ་པའི་ལས་བྱང་བུ། །གསལ་བར་འདི་རུ་བཤད་པར་བྱ། །དེ་ཡང་མཚན་ཉིད་ལྡན་པའི་རྡོ་རྗེ་སློབ་དཔོན་ལས་དབང་བསྐུར་ཐོབ་ཅིང་དེའི་དམ་སྡོམ་བཅས་པ་ལ་གནས་པའི་སྒྲུབ་པ་པོས། ཐ་མལ་ཨ་འཐས་དངོས་འཛིན་གྱི་བག་ཆགས་སྦྱངས་ཤིང་དངོས་གྲུབ་གཉིས་འཐོབ་པའི་ཆེད་དུ་རང་གསལ་འགག་མེད་སྣང་སྟོང་སྒྱུ་མ་ལྟ་བུར་དཀྱིལ་འཁོར་གསུམ་ལ་སྦྱང་བར་བྱ་སྟེ། སྒྲུབ་མཆོད་སོགས་ལ་ཡིད་མཐུན་བྱིན་གྱིས་བརླབས་པའི་གནས་སུ། དཀྱིལ་འཁོར་རྟེན་དང་མཆོད་པའི་ཡོ་བྱད། ཚོགས་ཀྱི་འཁོར་ལོ་སོགས་ཇི་ལྟར་མཁོ་ཞིང་འབྱོར་བ་མཐའ་དག་འདུ་བྱས་ཤིང་། སྤྲོས་པ་མེད་པའི་གང་ཟག་དང་རྒྱུན་གྱི་ཉམས་ལེན་ལ་ནི་ཏིང་འཛིན་ཁོ་ནས་ཀྱང་རུང་ལ། ཕྲིན་ལས་ཀྱི་ཆོ་ག་དངོས་ནི་རིམ་པ་གསུམ་གྱི་དང་པོ་སྔོན་དུ་འགྲོ་བར། བདེ་བའི་གདན་ལ་འདུག་སྟེ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། བདག་སོགས་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་པ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ། དེ་ཐམས་ཅད་རྫོགས་པའི་སངས་རྒྱས་ལ་འགོད་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྩ་བ་གསུམ་གྱི་དཀྱིལ་འཁོར་ཆེན་པོ་བསྒོམ་པར་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །དགའ་བ་ཆེན་པོ་དེ་དང་དུས་རྟག་ཏུ་མི་འབྲལ་བར་གྱུར་ཅིག །བདེ་སྡུག་གི་ཆགས་སྡང་ཐམས་ཅད་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག །དེ་ནས་འགལ་རྐྱེན་བསལ་བ་དང་མཐུན་རྐྱེན་སྒྲུབ་པ་གཉིས་ཀྱི་དང་པོ་ལ། ས་གཞིའི་བདག་པོ་དང་བགེགས་ཞི་བའི་ཆེད་དུ་གཏོར་ཟླུམ་དཀར་པོ་རྒྱན་ལྡན་གསུམ་བཤམ། བདག་ཉིད་སྐད་ཅིག་གིས་དཔལ་ཧེ་རུ་ཀའི་སྐུར་གྱུར། གཏོར་མ། རཾ་ཡཾ་ཁཾ། མ་དག་པ་ཐམས་ཅད་བསྲེགས་གཏོར་བཀྲུས། སྣོད་བཅུད་རྣམ་པར་དག་པའི་གཏོར་མ་འདོད་ཡོན་ལྔ་ལྡན་ནུས་མཐུ་ཕུན་སུམ་ཚོགས་པ་ཇི་འདོད་པའི་ལོངས་སྤྱོད་འཛད་པ་མེད་པར་གྱུར། ཅེས་པས་བྱིན་གྱིས་བརླབ། པྲྀ་ཐི་ཝཱི་དེ་ཝཱི་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་མགྲོན་བཀུག །ཨོཾ་པྲྀ་ཐི་ཝཱི་དེ་ཝཱི་བྷྱཿན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྷྲྀཧྞེ་དཾ་བ་ལིཾ་ཏ་ཡེ་སྭཱ་ཧཱ། གཏོར་མ་དང་པོ་ས་ཡི་ལྷ་མོ་ལ་ཕུལ། བྷཱུ་མི་པ་ཏི་ས་པ་རི་ཝཱ་རེ་བྷྱཿན་མཿསརྦ་ཏ་ཐཱ་ག་ཏེ་སོགས་གོང་བཞིན་གཏོར་མ་གཉིས་པ་གཞི་བདག་འབྱུང་པོ་སྤྱི་ལ་འབུལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་འམ་ནི་གཞན། །དེ་དག་རྣམས་ལ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ་པས། དེ་རྣམས་ཀྱིས་གནང་བ་བྱིན་ནས་རང་གནས་སུ་གཤེགས། ཨོཾ་སརྦ་བིགྷྣཱན་བྷྱཿན་མཿསརྦ་ཏ་ཐཱ་ག་ཏེ་སོགས་གོང་བཞིན་གྱིས་གཏོར་མ་གསུམ་པ་བགེགས་ལ་བསྔོས་ཤིང་བཀའ་བསྒོ་བ་ནི། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ལུས་ངག་ཡིད་ལ་གནོད་པའི་བགེགས། །བར་ཆད་འབྱུང་པོ་ཐམས་ཅད་ཀུན། །འདི་རུ་མ་འདུག་གཞན་དུ་དེངས། །ང་ཡི་བཀའ་ལས་འདའ་གྱུར་ན། །ཐལ་བ་རྡུལ་བཞིན་བརླག་པར་འགྱུར། །ཧཱུྃ་ཧཱུྃ་ཨུཙྪཱ་ཊ་ཡ་ཕཊ། སུམྦྷ་ནི་དྲག་ཏུ་བཟླས་ཏེ་བདུག་གཏོར་རོལ་མོ་བཅས་པས་བགེགས་བསྐྲད། དེ་ནས་མཚམས་གཅད་པ་ལ། དང་པོ་ཁྲོ་བོ་རོལ་པའི་མཚམས་གཅད་པ་ནི། ཧཱུྃ། ང་ནི་ཁྲོ་བོའི་རྒྱལ་པོ་ཧེ་རུ་ཀ །སྐུ་མདོག་མཐིང་ནག་རྡོ་རྗེ་དྲིལ་བུ་བསྣམས། །སྐུ་ལས་འོད་འཕྲོས་ཕྱོགས་བཅུའི་མཐར་ཐུག་པ། །ཐམས་ཅད་རྒྱལ་བ་རྩ་གསུམ་ལྷ་ཚོགས་ཏེ། ཁམས་གསུམ་གདུག་པ་མ་ལུས་རྡུལ་དུ་རློག །ལྷ་ལས་མ་གཏོགས་བགེགས་ཀྱི་མིང་ཡང་མེད། །ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨོཾ་རཾ། ཨོཾ་བཛྲ་ཀྲོ་དྷ་ཧེ་རུ་ཀ་ལོ་ཀ་ཏི་ར་བཾ་སཏྭཾ་བྷ་རཀྵ་ཧཱུྃ་ཕཊ། གཉིས་པ་མཚོན་ཆ་འབར་བས་མཚམས་གཅད་པ་ནི། ཧཱུྃ། བདག་ལས་སྤྲུལ་པ་ཀུན་གྱི་འོད་ཟེར་ལས། །ཡི་གེ་འབྲུ་དྲུག་མཚོན་ཆ་ལྔ་དང་མེ། །ཕྱོགས་བཅུར་འཕྲོས་པས་བླ་རེ་ས་གཞི་དང་། །མཚོན་ཆའི་རྩིག་པ་མཚོན་ཆའི་གུར་དུ་གྱུར། །མེ་དཔུང་ཆེན་པོ་ལྔ་ལྡན་སྲིད་གསུམ་སྲེག །བར་མཚམས་མེད་པར་མེ་དང་མཚོན་ཆས་བལྟམས། །ཧཱུྃ་ཨོཾ་ཕཊ། ཨ་ཛྭ་ལ་རཾ། གསུམ་པ་གསང་བའི་མཚམས་གཅད་པ་ནི། ཧཱུྃ། གདོད་ནས་ཆོས་ཉིད་རོལ་པའི་དཀྱིལ་འཁོར་འདིར། །འཁོར་འདས་སྣོད་བཅུད་རབ་འབྱམས་མ་ལུས་ཀུན། །ཀློང་ཡངས་སྐྱེ་མེད་ངང་ལས་མ་གཡོས་ཀྱང་། །དབྱིངས་དང་ཡེ་ཤེས་དབྱེར་མེད་རིག་པའི་ལྷ། །མཉམ་ཡངས་ཆེན་པོར་མ་རྟོགས་མཐོལ་ཞིང་བཤགས། །གཉིས་མེད་རོལ་པ་ཆེན་པོར་རྟོགས་པར་ཤོག །ཨོཾ་སརྦ་དྷརྨ་དྷཱ་ཏུ་ཛྙཱ་ན་ས་མ་ཡ་ཨཿ བཞི་པ་དེ་ཁོ་ན་ཉིད་སྣང་གྲགས་རྟོག་ཚོགས་རྡོ་རྗེ་གསུམ་གྱི་རོལ་པས་མཚམས་གཅད་པ་ནི། ཧཱུྃ༔ ང་ནི་ཡེ་ནས་རྡོ་རྗེ་སེམས༔ སྐུ་ཡི་སྤྲུལ་པས་ནམ་མཁའ་གང༔ གསུང་གིས་སྟོང་གསུམ་སྒྲ་སྒྲོག་ཅིང༔ ཐུགས་ཀྱི་འོད་ཟེར་གློག་སྟོང་འཁྱུག༔ ཡེ་ཤེས་མེ་ཡིས་ཕྱོགས་མཚམས་གང༔ སྣོད་བཅུད་ལྷ་དང་གཞལ་ཡས་ཁང༔ བགེགས་དང་བར་ཆད་ག་ལ་ཡོད༔ ཡེ་གྲོལ་ཆེན་པོར་མཚམས་བཅད་དོ༔ ཨོཾ་ཨཱཿཧཱུྃ༔ ཕཊ་ཕཊ་ཕཊ༔ དེ་ནས་གཉིས་པ་མཐུན་རྐྱེན་སྒྲུབ་པ་ལ། ཐོག་མར་མཆོད་པ་བྱིན་གྱིས་བརླབ་པ་ནི། ཨོཾ་ཨཱཿཧཱུྃ༔ དངོས་འཛིན་རྣམ་རྟོག་གི་ཉེས་སྐྱོན་ཐམས་ཅད་བསལ༔ ཨོཾ་ཨཱཿཧཱུྃ་ནམ་མཁའི་མཐའ་དང་མཉམ་པར་སྤེལ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཡེ་ཤེས་ལྔ་ལྡན་གྱི་བདུད་རྩིར་གྱུར། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། དུག་ལྔ་བསྒྲལ་པའི་རཀྟར་གྱུར། ཨོཾ་ཨཱཿཧཱུྃ། འདོད་ཡོན་ལྔ་ལྡན་གྱི་གཏོར་མར་གྱུར། ཨོཾ་ཨཱཿཧཱུྃ། དངོས་གྲུབ་འབྱུང་བའི་ཚོགས་མཆོད་གྱུར། ཧཱུྃ། བྷནྡྷའི་ནང་དུ་ཤ་ལྔ་བདུད་རྩི་ལྔ། །ཉི་ཟླ་རྡོ་རྗེ་འབར་བས་རབ་བརྒྱན་ཏེ། །ཧཱུྃ་ལས་རླུང་གཡོས་མེ་སྦར་ཐོད་པ་དྲོས། །མ་དག་སྦྱངས་ཏེ་སྨན་རཀ་གཏོར་མར་སྤྲུལ། །འདོད་ཡོན་ལྔ་ལྡན་འཆི་མེད་བདུད་རྩིར་གྱུར། །ཟག་མེད་བདེ་བ་ཆེན་པོར་བྱིན་གྱིས་བརླབ། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ། ཧཱུྃ། མེ་རླུང་དྲག་པོ་འབར་བའི་སྦྱོར་བ་ཡིས། །སྨན་རཀ་གཏོར་གསུམ་བདུད་རྩི་ཁོལ་བ་ལས། །ཟེར་མ་ཕྱོགས་བཅུའི་འཇིག་རྟེན་ཁམས་འཕྲོས་པས། །སྣོད་ཀྱི་འཇིག་རྟེན་བདུད་རྩིའི་གཏོར་མ་ལ། །བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོའི་ངང་། །བདེ་བ་ཆེན་པོའི་འདོད་ཡོན་མེར་མེར་གང་། །ཧཱུྃ་ཡཾ་རཾ་ཨ་མྲྀཏ་བ་ལིཾ་ཏ་རཀྟ་སུ་ཁ་ཨོཾ་ཨཱཿཧཱུྃ། ཞེས་པས་ཁྱད་པར་གྱི་རྫས་རྣམས་བྱིན་གྱིས་བརླབ་ཅིང་། མཆོད་པའི་སྤྲིན་མཁའ་ཁྱབ་ཏུ་སྤེལ། དེ་ནས་རྒྱུད་དག་པའི་ཕྱིར་སྐྱབས་སེམས་ཚོགས་གསག་པར། ཚོགས་ཞིང་སྤྱན་དྲང་བ་ནི། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་རྣམས་སྐད་ཅིག་གིས་མདུན་གྱི་ནམ་མཁར་བྱོན་བཛྲ་ས་མཱ་ཛཿ དེ་ནས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། ཨོཾ་ཨཱཿཧཱུྃ༔ སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ༔ བདག་སོགས་སེམས་ཅན་སྐྱབས་སུ་མཆི༔ བླ་མ་ཡི་དམ་མཁའ་འགྲོ་གསུམ༔ བདག་སོགས་སེམས་ཅན་སྐྱབས་སུ་མཆི༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ༔ བདག་སོགས་སེམས་ཅན་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ༔ དཀོན་མཆོག་གསུམ་སོགས་དགོངས་སུ་གསོལ༔ དེང་གཟུང་བྱང་ཆུབ་མ་ཐོབ་བར༔ མ་གྲོལ་སྒྲོལ་དང་མ་བསྒྲལ་བསྒྲལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ དེ་ནས་ཡན་ལག་བཅུ་ཡིས་ཚོགས་གསག་པ་ནི། ཨོཾ་ཨཱཿཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ༔ རང་བཞིན་གནས་ནས་འདིར་གཤེགས་ཤིག༔ སྤྱི་གཙུག་པདྨ་ཉི་ཟླའི་སྟེང༔ གཉིས་སུ་མེད་པར་བཞུགས་སུ་གསོལ༔ ལུས་ངག་ཡིད་གསུམ་གུས་པ་ཡིས༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་མཆོད་པ་རྣམས༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ༔ ལུས་ངག་ཡིད་གསུམ་སྡིག་པ་རྣམས༔ རབ་གནོང་འགྱོད་པས་བཤགས་པར་བགྱི༔ གསང་སྔགས་བླ་མེད་སྒྲུབ་པ་ལ༔ བདག་ནི་རྗེས་སུ་ཡི་རང་ངོ༔ ནམ་མཁའ་མཉམ་པའི་སེམས་ཅན་ལ༔ སྨིན་གྲོལ་ཆོས་འཁོར་བསྐོར་བར་སྐུལ༔ འཁོར་བ་དོང་ནས་མ་སྤྲུགས་བར༔ སེམས་ཅན་དོན་ལ་བཞུགས་སུ་གསོལ༔ དུས་གསུམ་བསགས་པའི་དགེ་བ་རྣམས༔ ཐམས་ཅད་མཁྱེན་པའི་ས་རུ་བསྔོ༔ བདག་གཞན་སེམས་ཅན་མ་ལུས་ཀུན༔ བླ་མེད་གོ་འཕང་མྱུར་ཐོབ་ཤོག༔ བཛྲ་མུཿ ཚོགས་ཞིང་རྣམས་རང་ལ་ཐིམ། ས་གཞིའི་བདག་པོར་གཏོར་མ་དང་། །བགེགས་བསྐྲད་པ་དང་མཚམས་གཅད་པ། །མཆོད་པ་བྱིན་རླབས་སྐྱབས་སེམས་བསྐྱེད། །ཚོགས་གསག་སྔོན་འགྲོའི་རིམ་པ་འོ།། །།སྤྱི་དོན་གཉིས་པ་དངོས་གཞི་ལ། དང་པོ་དམ་ཚིག་དཀྱིལ་འཁོར་གདོད་ནས་ལྷུན་གྲུབ་ལ་གསལ་གདབ་པ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཆོས་ཐམས་ཅད་ཀྱི་གནས་ལུགས་ཆོས་དབྱིངས་སྟོང་ཉིད་སྤྲོས་བྲལ། རང་བཞིན་འོད་གསལ་བ་བློས་བྱས་མཐའ་དག་ཟད་དེ་རྫོགས་པའམ་མེད་པ་ཆེན་པོའི་ངང་ལས། དེ་ལྟར་མ་རྟོགས་པའི་སེམས་ཅན་སྒྱུ་མ་ལྟ་བུ་ལ་དམིགས་པ་མེད་པའི་སྙིང་རྗེ་ཡི་རོལ་པ་ཀུན་ལ་ཁྱབ་པར་སྣང་བའི། སྟོང་ཉིད་སྙིང་རྗེ་ཟུང་འཇུག་ངོ་བོའི་རྩལ་མ་འགགས་པ་རང་གི་རིག་པ་ཧཱུྃ་ཡིག་དཀར་པོ། མཐའ་ཡས་པའི་འོད་སྣང་ཅན་དུ་ནམ་མཁར་ཤར་བའི་ཡེ་ཤེས་ཀྱི་རང་མདངས་ཐིག་ལེ་འོད་གང་ཁྱབ་བརྡལ་ཆེན་པོའི་ཀློང་དུ། རང་བྱུང་ལྷུན་གྲུབ་ཀྱི་གཞལ་ཡས་ཁང་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་མཚན་ཉིད་ཅན། རྒྱན་གྱིས་རབ་ཏུ་བཀྲ་བའི་དབུས་སུ་སྡོང་པོ་དང་བཅས་པའི་སྣ་ཚོགས་པདྨ་འདབ་མ་བཞི་པའི་ལྟེ་བར་ཉི་ཟླའི་གདན་ལ། ཧཱུྃ་དེ་གནས་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་རིག་ཡི་དམ་དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་མཆོག་ཞི་ཁྲོ་རིགས་བརྒྱ་འདུས་པའི་སྤྱི་དཔལ་གསང་ཆེན་རིགས་གཅིག །དང་པོའི་སངས་རྒྱས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་ཁ་དོག་ཟླ་བའི་སྙིང་པོ་ནོར་བུ་ཆུ་ཤེལ་ལྟར་ཆེས་དཀར་ཞིང་དྭངས་པ། མཚན་དཔེ་ཡོངས་སུ་རྫོགས་པ་མཛེས་སྡུག་བལྟ་བས་ཆོག་མི་ཤེས་པ་ཞི་བའི་སྐུ་ཞལ་གཅིག་སྤྱན་གསུམ་ཅན། དབུ་ལ་དེ་བཞིན་གཤེགས་པ་ལྔས་མཚན་ཅིང་སྐྲ་ཐོར་ཚུགས་བཅིངས་པའི་ལྷག་མ་ཅུང་ཟད་ཕྲག་པ་གཡས་གཡོན་སྟེང་འཕྱང་བ། ཕྱག་གཉིས་གཡས་རྡོ་རྗེ་མཐེབ་སྲིན་གྱིས་ཐུགས་ཀར་གསོར་ཞིང་། གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཏེ། འཇའ་ཚོན་གྱི་སྨད་དཀྲིས་ཅན། ལྷ་ཡི་དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱིས་སྟོད་གཡོགས་ཤིང་། ཅོད་པན་ཟི་དིར་དར་དཔྱང་གིས་ལྷུན་སྡུག་པ། ཡིད་བཞིན་ནོར་བུ་མཆོག་གི་དབུ་སྙན་མགུལ་རྐེད་དཔུང་ཕྱག་ཞབས་རྒྱན་དང་། སེ་མོ་དོ་དང་དོ་ཤལ་གྱིས་ཤིན་ཏུ་མཛེས་ཤིང་ཞི་བའི་ཉམས་དགུ་རྒྱས་པ། པང་དུ་རང་འོད་ཀྱི་ཡུམ་ཀུན་ཏུ་བཟང་མོ་རྡོ་རྗེ་སེམས་མ་རང་འདྲ་བ་ཤེས་རབ་ཀྱི་ཡན་ལག་དང་ཡོན་ཏན་མ་ལུས་ཚང་བས་འཁྲིལ་བ་ལ་སྙོམས་པར་ཞུགས་ཏེ། བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་རོལ་པ། སྙིང་ག་དང་དུང་ཁང་དུ་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་རྫོགས་ཤིང་ཕུང་ཁམས་དབང་ཡུལ་རྣམས། གདན་གསུམ་ལྷ་ཡི་སྒྱུ་འཕྲུལ་རོལ་པ་འབྱམས་ཀླས་སུ་སྤྲོ་བསྡུ་བྱེད་པ། ཁ་དོག་ལྔ་ཡི་འོད་ཟེར་ཚད་མེད་པས་མཁའ་ཁམས་ཁྱབ་པ་ལས་རྣམ་པ་མཐའ་ཡས་པའི་རྒྱལ་བའི་སྤྲིན་ཕུང་འཆར་བ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་དང་ཕྲིན་ལས་མངའ་བདག་མཆོག་གི་སྐུ་རུ་གསལ་བ། དེའི་སྤྱི་བོར་པད་ཟླའི་སྟེང་དུ་རྩ་བའི་བླ་མ་དང་གཉིས་སུ་མེད་པ་ལ་བརྒྱུད་པའི་བླ་མ་དང་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྤྱི་གཟུགས། པདྨ་འབྱུང་གནས་རྡོ་རྗེ་ཐོད་ཕྲེང་རྩལ་སྐུ་མདོག་མཐིང་ག་ལྕང་ལོ་ཐོར་ཚུགས་བཅིང་འཕྱང་ཅན་རྡོ་རྗེ་སེམས་དཔའ་ལྟར་རྡོ་རྗེ་དང་དྲིལ་བུ་སྙེམས་པའི་ཚུལ་གྱིས་འཛིན་ནས། ཡུམ་མཚོ་རྒྱལ་དཀར་སྔོ་ལྷ་མོའི་མཚན་ཉིད་ལྡན་མ་རྡོ་རྗེ་དང་ཐོད་པ་བདུད་རྩིས་གང་བ་བསྣམས་པ་ལ་སྦྱོར་བ། གཉིས་ཀའང་ཞི་མ་ཁྲོ་སྤྱན་གསུམ་པ་གཅེར་བུ་རིན་ཆེན་རུས་པའི་རྒྱན་གྱིས་སྤྲས་ཏེ། ཡབ་རྡོ་རྗེ་དང་ཡུམ་པདྨའི་སྐྱིལ་ཀྲུང་གིས་ཡེ་ཤེས་འཇའ་ཚོན་འཕྲོ་བའི་ཀློང་ན་དགྱེས་པར་བཞུགས་པ། བདག་ཉིད་རྡོ་རྗེ་སེམས་དཔའི་ཕྱོགས་ཀྱི་པད་འདབ་བཞིར་བམ་རོ་མགོ་བོ་གཡོན་བསྟན་གན་རྐྱལ་རེའི་སྙིང་གར་ཡེ་ཤེས་མཁའ་འགྲོ་ཐམས་ཅད་འདུས་པའི་བདག་ཉིད། ཤར་དུ་རྡོ་རྗེ་མཁའ་འགྲོ་མ་དཀར་མོ། ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ། ནུབ་ཏུ་པདྨ་མཁའ་འགྲོ་མ་དམར་མོ། བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་མོ། ཀུན་ཀྱང་གཅེར་བུ་སྒེག་ཆགས་ཁྲོ་འཛུམ་བཞད་ལྡན་སྤྱན་གསུམ་པ། དབུ་སྐྲ་ནག་པོ་ཕྱེད་བཅིངས་ཕྱེད་གྲོལ། རྡོ་རྗེ་རིན་ཆེན་པདྨ་སྣ་ཚོགས་རྡོ་རྗེའི་གཙུག་རྒྱན་དང་། ཐོད་སྐམ་ལྔ་ཡི་དབུ་རྒྱན། རློན་པ་ལྔ་བཅུའི་དོ་ཤལ། རུས་པའི་ཕྱག་རྒྱ་ལྔ་དང་རིན་པོ་ཆེའི་མེ་ཏོག་རྣམས་ཀྱིས་མཚར་བ། ཕྱག་གཡས་རང་རྟགས་ཀྱིས་ཡུ་བ་བྱས་པའི་གྲི་གུག་དང་། གཡོན་ཁྲག་དང་བཅས་པའི་བདུད་བཞིའི་ཐོད་པ་འཆང་ཞིང་། གྲུ་མོར་ཁ་ཊྭཱཾ་ག་དཀར་པོ་བཅུག་སྟེ་ཞབས་གཡོན་བརྐྱང་གཡས་བསྐུམ་པའི་རྟིང་པ་བྷ་ག་ལ་གཏད་ནས་བདེ་བའི་གར་སྟབས་ཀྱིས་རང་འོད་ལས་མདོག་སྣ་ལྔ་སྤེལ་མའི་མེ་དཔུང་འབར་བའི་ནང་དུ་གནས་པ། གཞན་ཡང་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་གྲངས་མེད་གཏིབས་པ། དེ་ལྟར་རྟེན་དང་བརྟེན་པའི་དཀྱིལ་འཁོར་འཁོར་ལོ་ཐམས་ཅད། གདོད་མའི་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་སྣང་ལྷུན་གྲུབ་རང་གསལ་གདབ་པའི་ཚུལ་དུ། གཞུང་ཚིག་གིས་གསལ་གདབ་པ་ནི། ཧཱུྃ༔ སྟོང་གསལ་བྱ་རྫོགས་ཆེན་པོའི་ངང༔ དམིགས་མེད་སྙིང་རྗེས་ཀུན་ལ་ཁྱབ༔ འགག་མེད་རིག་པ་ཧཱུྃ་དུ་ཤར༔ ལྔ་ལྡན་ཡེ་ཤེས་གཞལ་ཡས་ཁང༔ པད་སྡོང་འདབ་བཞི་ཉི་ཟླའི་སྟེང༔ ཧཱུྃ་ལས་རང་ཉིད་རྡོ་རྗེ་སེམས༔ དཀར་གསལ་སྐྱིལ་ཀྲུང་རྡོར་དྲིལ་བསྣམས༔ རིན་ཆེན་རྒྱན་མཛེས་མཚན་དཔེར་ལྡན༔ སྤྱི་གཙུག་ཨོ་རྒྱན་ཡབ་ཡུམ་གསལ༔ འདབ་བཞིར་རིགས་བཞིའི་མཁའ་འགྲོ་བསྒོམ༔ ཡེ་རྫོགས་རྩ་གསུམ་ལྷ་ཚོགས་རྣམས༔ དམིགས་མེད་ཟང་ཐལ་ཀློང་དུ་གསལ༔ ཅེས་བརྗོད་ནས། ཨོཾ་ཨཱཿཧཱུྃ༔ ཞེས་པས། དེ་ལྟར་བདག་ཉིད་རྡོ་རྗེ་སེམས་དཔའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་མཐིང་ག་རྣམས་རང་འོད་ཀྱི་ཐིག་ལེ་མུ་ཁྱུད་ལྔ་དང་བཅས་པ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསང་བ་གསུམ་གྱི་རང་བཞིན་དུ་གདོད་ནས་གནས་བཞིན་པར་གསལ་གདབ། དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དོན་དམ་རང་རིག་ལྷ་དང་འདུ་འབྲལ་མེད་ཀྱང་ཀུན་རྫོབ་གཉིས་སྣང་རྟོག་པ་བསལ་ཕྱིར་སྤྱན་འདྲེན་པ་ནི། ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ བཀའ་བབས་ལུང་གི་ཕོ་བྲང་ནས༔ བརྒྱུད་པའི་བླ་མ་གཤེགས་སུ་གསོལ༔ སྐུ་གསུམ་རིག་རྩལ་ཞིང་ཁམས་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ ཕྲིན་ལས་རྣམ་བཞིའི་གཞལ་ཡས་ནས༔ མཁའ་འགྲོ་རིགས་བཞི་གཤེགས་སུ་གསོལ༔ བཀའ་དང་དམ་ཚིག་གཞལ་ཡས་ནས༔ བཀའ་སྲུང་གཏེར་བདག་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ཞེས་རང་གི་གནས་གསུམ་འོད་ཟེར་གྱིས་མཁའ་ཁྱབ་ཕྱོགས་བཅུ་དུས་བཞིའི་དཀོན་མཆོག་གསུམ། བླ་མ་ཡི་དམ་མཁའ་འགྲོ་རྣམས་ནམ་མཁའི་གནས་སུ་བྱིན་འཐིབས་ཀྱིས་བྱོན་པར་བསམ། དེ་ནས་དམ་ཡེ་དབྱེར་མེད་བཞུགས་སུ་གསོལ་བ་ནི། ཧཱུྃ༔ ཆོས་དབྱིངས་བརྡལ་བའི་དཀྱིལ་འཁོར་འདིར༔ འཁོར་བའི་སྐྱོན་བྲལ་པདྨའི་གདན༔ ཐབས་ཤེས་དབྱེར་མེད་ཉི་ཟླའི་སྟེང༔ ཡེ་ཤེས་རོལ་པའི་ལྷ་ཚོགས་རྣམས༔ བཞེངས་དང་བཞུགས་པ་མི་མངའ་ཡང༔ སེམས་ཅན་རྟོག་པ་སྦྱང་ཕྱིར་བཞུགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ས་མ་ཡ་ཏིཥྛ་ལྷན༔ དོན་དམ་དམ་ཡེ་དབྱེ་བ་མེད་ཀྱང་ཀུན་རྫོབ་དམ་ཚིག་གི་ཚུལ་ལ་ཡེ་ཤེས་པ་བཞུགས་ཏེ་དབྱེར་མེད་དུ་གྱུར་པར་བསམ། དེ་ནས་བདག་གི་སྒྱུ་འཕྲུལ་མཆོད་པའི་ལྷ་མོ་ཡིད་འཕྲོག་འཕྲོ་བཞིན་པས་མཆོད་པ་ལ་གསུམ་གྱི། དང་པོ་གུས་པའི་ཕྱག་འཚལ་གྱི་མཆོད་པ་ནི། ཧོ༔ སྐུ་གསུམ་ལྷུན་གྱིས་གྲུབ་པའི་སྐུ༔ བླ་མ་རྣམས་ལ་ཕྱག་འཚལ་ལོ༔ ཡེ་ནས་རང་བྱུང་རིག་པའི་གསུང༔ ཡི་དམ་ལྷ་ལ་ཕྱག་འཚལ་ལོ༔ འགག་མེད་རིག་རྩལ་རོལ་པའི་ཐུགས༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ཨོཾ་ཨཱཿཧཱུྃ་ནཱ་མོ་པུ་རུ་ཤ་ཡ་ཨ་ཏི་པཱུ་ཧོཿ གཉིས་པ་ཕྱི་ནང་གསང་བ་སྨན་རཀ་གཏོར་ཚོགས་ཀྱི་མཆོད་པ་ནི། ཧཱུྃ༔ རང་དང་གཉིས་སུ་མེད་པའི་ལྷ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ མེ་ཏོག་བདུག་སྤོས་མར་མེ་དང༔ དྲི་ཆབ་ཞལ་ཟས་སྒྲ་སྙན་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ རང་བྱུང་ནང་གི་མཆོད་པ་འབུལ༔ སྣང་སྟོང་གཉིས་མེད་བདེ་བ་ཆེ༔ གཉིས་མེད་གསང་བའི་མཆོད་པ་འབུལ༔ ཡེ་ཤེས་ལྔ་ལྡན་བདུད་རྩི་དང༔ དུག་ལྔ་བསྒྲལ་པའི་རཀྟ་དང༔ འདོད་ཡོན་ལྔ་ལྡན་གཏོར་མ་དང༔ དངོས་གྲུབ་འབྱུང་བའི་ཚོགས་མཆོད་རྣམས༔ རང་བཞིན་ལྷུན་གྲུབ་ཆེན་པོའི་རྩལ༔ རང་ལས་བྱུང་ཞིང་རང་ལ་མཆོད༔ རོལ་པ་ཆེན་པོའི་མཆོད་པ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ༔ མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཞེས་འཕྲུལ་དགའི་ལྷའི་འདོད་ཡོན་གྱི་རོལ་པ་ལྟར་རང་ལས་སྤྲུལ་ཞིང་རང་ལ་མཆོད་པས་གཉིས་སུ་མེད་པར་རོལ་ཏེ་དགྱེས་ཚིམས་ཐིམ་པར་བསམ། གསུམ་པ་བླ་མ་ཡི་དམ་མཁའ་འགྲོ་ལ་དོན་དམ་གསལ་འདེབས་པའི་སྒོ་ནས་བསྟོད་པས་མཆོད་པ་ནི། ཧཱུྃ༔ ངོ་བོའི་སྐུ་ནི་མཐའ་དང་བྲལ༔ རང་བཞིན་གསུང་ནི་གྲགས་ལ་སྟོང༔ ཐུགས་རྗེའི་ཐུགས་ནི་སྨྲ་བསམ་བྲལ༔ སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོད༔ འགྱུར་མེད་སྐུ་གསུང་ཐུགས་དང་ལྡན༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཕྲིན་ལས་རྣམ་བཞིས་རེ་འདོད་སྐོང༔ བླ་མའི་སྐུ་ལ་ཕྱག་འཚལ་བསྟོད༔ སངས་རྒྱས་ཀུན་གྱི་རང་བཞིན་ཅན༔ རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ༔ རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག༔ རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ སྐྱོན་མེད་རྣམ་དག་རྡོ་རྗེའི་སྐུ༔ འགག་མེད་རང་བཞིན་ཚངས་པའི་གསུང༔ ཆོས་དབྱིངས་ཡེ་ཤེས་མཁྱེན་པའི་ཐུགས༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ དེ་ནས་མཆོད་པའི་ལྷ་མོ་རྣམས་རང་ཉིད་ལ་འདུས། ཆོས་ཐམས་ཅད་གཉིས་མེད་བདེ་བ་ཆེན་པོས་མཉེས་པར་བསམ་མོ། །དེ་ནས་བཟླས་པ་སྔགས་ཀྱིས་ཐུགས་རྒྱུད་བསྐུལ་བ་ལ། དང་པོ་བསྙེན་པ། རྩ་བ་གསུམ་གྱི་གནས་གསུམ་རྡོ་རྗེ་གསུམ་གྱི་ཡི་གེ་འབྲུ་གསུམ་ཆོས་ཉིད་གཞོམ་མེད་ཀྱི་སྒྲ་དབྱངས་བརྗོད་ལས་འདས་པས། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ཅིང་། སེམས་ཅན་གྱི་ལུས་ངག་ཡིད་གསུམ་གྱི་དྲི་མ་སྦྱངས་ནས་རྡོ་རྗེ་གསུམ་ལ་བཀོད་པར་བསམ་ལ་མཆོག་ཏུ་གྱུར་པའི་སྔགས་འབྲུ་གསུམ་བཟླ། ཨོཾ་ཨཱཿཧཱུྃ༔ ཞེས་བྱེ་བ་གཅིག་ཏུ་བཟླ་བར་བྱའོ། །དེ་ནས་སྒྲུབ་པ་ནི། རྩ་བ་གསུམ་གྱི་ཐུགས་དཀྱིལ་སྲོག་གི་སྙིང་པོ་ཧཱུྃ་ཡིག་གི་མཐར་རྩ་བ་གསུམ་གྱི་སྔགས་ཀྱི་ཕྲེང་བ་འཁོར་བ། དེ་ལས་སྔགས་ཀྱི་རང་སྒྲ་དང་བཅས་འོད་ཟེར་འཕྲོས་ཏེ༔ བདེ་བར་གཤེགས་པ་ཐམས་ཅད་ལ་ཕོག༔ སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ༔ སེམས་ཅན་ཐམས་ཅད་ལ་ཕོག་སྡིག་སྒྲིབ་སྦྱངས༔ ཚུར་འདུས་ཡེ་ཤེས་ཀྱི་བདུད་རྩིས་ལུས་གང་བར་བསམ་ཞིང༔ ཨོཾ་ཨཱཿཧཱུྃ་གུ་རུ་པདྨ་བཛྲ་སཏྭ་ཨ་ཧ་རི་ནི་ས་སིདྡྷི་ཧཱུྃ༔ ཞེས་མ་ཡེངས་པར་འབྲུ་འབུམ་དུ་བཟླ་འོ། །དེ་ནས་ལས་སྦྱོར་ཚུལ་དུ། སྣང་སྲིད་སྣོད་བཅུད་གཟུགས་སུ་སྣང་བ་ཐམས་ཅད་ཡི་དམ་གྱི་ལྷ༔ སྒྲ་རུ་གྲགས་པ་ཐམས་ཅད་འབྲུ་གསུམ་གྱི་སྒྲ༔ དྲན་རྟོག་ཐམས་ཅད་ཆོས་ཉིད་ཀྱི་དགོངས་པ༔ དེ་ལས་མ་ཡེངས་པར་གསལ་སྟོང་གི་དོན་ལ་རྩེ་གཅིག་ཏུ་གནས་པར་བྱས་ཏེ༔ ཡིད་རྡོར་འགོག་བཟླས་རྣལ་འབྱོར་གང་བབ་ལ་འབད། སྐབས་སུ་སྙིང་གར་བདེ་གཤེགས་ཞི་བའི་དཀྱིལ་འཁོར་གནས་གསུམ་རྡོ་རྗེ་གསུམ་བཅས་གསལ་བཞིན་ཞི་བའི་ཛཔ྄་བསྐུལ་ཏེ་བཟླ་བ་ནི། ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཿ ཨོཾ་དང་ཨཱཿདང་ཧཱུྃ་དང་གསུམ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་སྙིང་པོ་ཡིན། །བོ་དྷི་ཙིཏྟ་བྱང་ཆུབ་སེམས། །མ་ཧཱ་སུ་ཁ་བདེ་བ་ཆེ། །ཛྙཱ་ན་དྷཱ་ཏུ་ཡེ་ཤེས་དབྱིངས། །ཨཿནི་སྐྱེ་མེད་ཆོས་ཀྱི་སྐུ། །ཞི་བ་བཞི་བཅུ་རྩ་གཉིས་ཀྱི། །སྙིང་པོ་ཐམས་ཅད་འདིར་འདུས་སོ། །ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཿ ཞེས་བཟླ། དེ་བཞིན་དུ་དུང་ཁང་ཁྲག་འཐུང་གི་དཀྱིལ་འཁོར་རྡོ་རྗེ་གསུམ་བཅས་གསལ་བཏབ་ལ། ཁྲོ་བོའི་ཛཔ྄་བསྐུལ་བཟླ་བ་ནི། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨོཾ་ནི་ཡེ་ཤེས་ལྔ་དང་ལྡན། །རུ་ལུ་གནས་ལུགས་ཆོས་ཀྱི་སྐུ། །རུ་ལུ་ཅིར་སྣང་སྤྲུལ་པའི་སྐུ། །ཧཱུྃ་ནི་འགག་མེད་ཐིག་ལེ་ཉིད། །བྷྱོ་ནི་སྐྱེ་མེད་མཁའ་ལ་འཁྱིལ། །ཧཱུྃ་ནི་སྐྱེ་འགག་གཉིས་སུ་མེད། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི། །སྙིང་པོ་ཐམས་ཅད་འདིར་འདུས་སོ། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བཟླའོ། །སྐབས་སུ་རྡོ་རྗེ་སེམས་དཔའི་ཐུགས་ཀྱི་ཡང་སྙིང་ཡི་གེ་བརྒྱ་པ་ཡང་། བདེ་གཤེགས་ཞི་ཁྲོ་རབ་འབྱམས་མ་ལུས་པའི་ཐུགས་རྒྱུད་ཡོངས་སུ་བསྐུལ་བའི་ཕྱིར་ཅི་ནུས་སུ་བཟླ་བར་བྱ་སྟེ། ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ༔ ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ སརྦ་སིདྡྷིམྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏཱ་ཧྲྀ་ད་ཡ༔ བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་བཛྲ་སཏྭ་ཨཱ༔ འདི་ཉིད་བཟླས་བརྗོད་བྱས་པའི་ཕན་ཡོན་ཡང་། ཀལྤ་དུམ་བུའི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ལས། འདི་དག་པར་དུས་གཅིག་ལ་ལན་བརྒྱ་རྩ་བརྒྱད་བཟླས་ན། ཆག་ཉམས་ཐམས་ཅད་བསྐངས་ཏེ། ངན་སོང་དུ་ལྟུང་བའི་ལས་ཀྱི་སྒྲིབ་པ་ལས་ཐར་བར་འགྱུར་རོ།། ཞེས་དང་། ཡི་གེ་བརྒྱ་པ་འདི་ཡི་དམ་དུ་བྱས་ནས་འདོན་ན། མི་དེ་ཚེ་འདི་ལ་ཡང་སངས་རྒྱས་ཐམས་ཅད་ཀྱི་སྲས་ཀྱི་དམ་པར་དགོངས་ནས་བསྲུང་ཞིང་སྐྱོབ་པར་མཛད་ལ། ཤི་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་ཐུ་བོར་འགྱུར་བར་གདོན་མི་ཟའོ། །ཞེས་གསུངས་པ་ལྟར་རོ། །བསྐྱེད་རྫོགས་ཟུང་འཇུག་ལ་བཟླ་བ་ནི། ཞི་དང་ཁྲོ་བོའི་ལྷ་ཚོགས་རྣམས། །རང་ལས་རང་གསལ་ཤར་བ་ལ། །རང་ཉིད་ལྷ་ལ་ལྷ་ཉིད་རང་། །རིག་པ་ཡེ་ཤེས་འོད་ཀྱི་སྐུ། །སྣང་ལ་རང་བཞིན་མ་གྲུབ་པའི། །སྣང་སྟོང་ཟུང་འཇུག་བདེ་བ་ཆེ། །ལྷན་སྐྱེས་ཡེ་ཤེས་ཧེ་རུ་ཀ །ཅིར་ཡང་མ་གྲུབ་ཅིར་ཡང་འཆར། །བསྐྱེད་དང་རྫོགས་པ་གཉིས་སུ་མེད། །ཨེ་མ་ངོ་མཚར་བསམ་མི་ཁྱབ། །སྨྲ་བསམ་ཡུལ་འདས་རྫོགས་པ་ཆེ། །གཉིས་མེད་ཡེ་ཤེས་ངང་ཉིད་ལས། །མ་ཡེངས་རྒྱུན་དུ་གནས་བགྱི་འོ། །ཞེས་མེ་ལོང་གི་གཟུགས་བརྙན་ལྟར་སྣང་སྟོང་ཟུང་འཇུག་རང་བཞིན་ལྷུན་གྲུབ་ཀྱི་ལྷ་སྐུ་ལ་ཅི་གནས་སུ་མཉམ་པར་གཞག །བཟླས་པའི་སྟོང་ཚིགས་ཐུན་མཚམས་ལ་འཇུག་པ་ན་སྔགས་ཁ་སྐོང་བ་དང་ཛཔ྄་བསྟོད་ཀྱང་བྱ་སྟེ། དེ་ཡང་སྔགས་ཁ་སྐོང་བར་དབྱངས་གསལ་ཡིག་བརྒྱ་རྟེན་འབྲེལ་སྙིང་པོ་ཁ་ཡར་བཀླག །ཛཔ྄་ཀྱི་བསྟོད་པ་གོང་ནས་འབྱུང་བ་དང་། འདི་གང་རུང་ངམ་གཉིས་ཀས་ཀྱང་བསྟོད་དོ། །ཧཱུྃ༔ དམིགས་གཏད་བྲལ་བའི་ཕོ་བྲང་ནས༔ གཟུང་ཡུལ་བྲལ་བའི་རྩ་གསུམ་ཤར༔ བླ་མ་ཀུན་བཟང་ཐིག་ལེའི་ལྷ༔ མ་འདྲེས་ཡོངས་རྫོགས་ཕྱག་འཚལ་བསྟོད༔ ཐུགས་རྗེའི་རོལ་པ་བསམ་མི་ཁྱབ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ༔ འགག་མེད་སྐུ་དང་ཞིང་ཁམས་རྒྱས༔ སྣང་བའི་སྐུ་ལ་ཕྱག་འཚལ་བསྟོད༔ ཁྲོ་བོའི་རྒྱལ་པོ་འདུས་པ་རྩལ༔ དམིགས་གཏད་བློ་ཡི་དྲི་མ་བྲལ༔ སྟོང་པའི་གཟུགས་ལ་གསལ་བར་སྣང༔ ཕྱོགས་བྲལ་རང་སྟོང་ཕྱག་འཚལ་བསྟོད༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ དབྱིངས་རིག་འགུལ་འཕྲིག་ཐུགས་རྗེའི་ཚུལ༔ ཐབས་ཤེས་གཉིས་ལྡན་ཚོམ་བུ་རྒྱས༔ ཁ་དོག་མ་འདྲེས་སྐུ་ལ་བསྟོད༔ རང་བྱུང་རང་ཤར་ཨཱ་ལིའི་སྒྲ༔ ཆོས་ཉིད་རོལ་པ་གྲགས་སྟོང་ངང༔ ཅིར་མི་དགོངས་པ་ཟང་ཐལ་ལེ༔ ཤར་གྲོལ་དུས་མཉམ་ཕྱག་འཚལ་བསྟོད༔ གཞོན་ནུ་བུམ་པ་སྐུ་ཡི་ངང༔ ཉག་གཅིག་ཟང་ཐལ་ལུ་གུ་རྒྱུད༔ བདེ་ཆེན་གདལ་བར་ལྷུན་སྡུག་གེ༔ རྩ་གསུམ་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་དོན་དམ་གསལ་འདེབས་འདིས་བསྟོད། ལྷ་བསྐྱེད་གནས་གསུམ་བྱིན་བརླབ་ཅིང་། །ཡེ་ཤེས་དགོངས་པ་དབྱེར་མེད་བཞུགས། །ཕྱག་འཚལ་མཆོད་བསྟོད་སྔགས་བཟླས་པ། ཁ་སྐོང་ཛཔ྄་བསྟོད་དངོས་གཞི་འོ།། །།དེ་ནས་སྤྱི་དོན་གསུམ་པ་རྗེས་ཀྱི་རིམ་པ་ལ། དང་པོ་ཚོགས་ཀྱི་མཆོད་པ་ནི། དེའི་རྫས་འོས་པ་ཇི་སྙེད་པ་རྣམས་འདུ་བྱས་ལ། དེ་ནས་བསང་ཆུ་དང་བདུད་རྩི། ཨོཾ་སརྦ་དྲ་བྱཾ་ཤྭ་དྷ་ནི་ཧཱུྃ་ཕཊ། ཅེས་པས་འཐོར། མ་དག་པ་སྦྱོང་བ་ནི། ཧཱུྃ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ བག་ཆགས་ཚོགས་ཀྱི་དྲི་མ་ཡིན༔ རང་སྟོང་རང་གསལ་རང་གྲོལ་གསུམ༔ དུག་གསུམ་ཆོས་ཀྱི་དབྱིངས་སུ་བཀྲུ༔ རཾ་ཡཾ་ཁཾ། ལན་གསུམ་གྱིས་ཚོགས་རྫས་མ་དག་པ་ཐམས་ཅད་བསྲེགས་གཏོར་བཀྲུས། དག་པར་སྤེལ་བ་ནི། ཧཱུྃ༔ བྱིན་གྱིས་རློབ་པའི་ཡི་གེ་གསུམ༔ སྤྲོས་ཀྱང་རང་སེམས་སྐྱེ་མེད་ངང༔ བསྡུས་ཀྱང་འཁོར་འདས་རྒྱ་ཡན་ཀློང༔ སྐུ་གསུམ་ངང་དུ་བདུད་རྩི་བསྐྱིལ༔ ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་ཚོགས་གཞོང་ཆོས་ཀྱི་དབྱིངས་སུ་ཚོགས་རྫས་འདོད་ཡོན་ལྷུན་གྲུབ་ཀུན་ཏུ་བཟང་པོའི་སྤྲིན་ཕུང་འཕྲོ་བས་མཁའ་ཁམས་ཡོངས་སུ་ཁེངས་ཤིང་རྒྱས་པར་བསམ། ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ། སྐུ་གསུམ་ཐིག་ལེའི་གཞལ་ཡས་ནས། །བླ་མ་ཡི་དམ་མཁའ་འགྲོ་རྣམས། །འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས། །ལྷུན་གྲུབ་དཀྱིལ་འཁོར་གནས་འདིར་བཞུགས། །ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཛཿཧཱུྃ་བཾ་ཧོཿ ཞེས་པས་དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ཚོགས་མདུན་གྱི་ནམ་མཁའ་ལ་སྐད་ཅིག་གིས་བྱོན་ཅིང་བཞུགས་པ་ལ། ཉེར་སྤྱོད་འདོད་ཡོན་གྱིས་སྤྱིར་མཆོད། ཚོགས་ཕུད་ཆ་གསུམ་དུ་སྤྲོས་ཏེ། དང་པོ་སྣང་སྲིད་ཐམས་ཅད་ཆོས་སྐུའི་རང་བཞིན་བླ་མའི་ངང་དུ་གསལ་བ་ལ་མཆོད་པ། ཧཱུྃ༔ ཞལ་ཟས་འབྱོར་ལྡན་དམ་པ་འདི༔ བརྟག་ཅིང་བརྟགས་པས་བྱུང་ཚོར་སྟོང༔ དཔག་མེད་དམིགས་མེད་འཛིན་པ་མེད༔ ཆོས་སྐུ་སྐྱེ་མེད་ཚོགས་ལ་རོལ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ གཉིས་པ་སྣང་སྲིད་ཀུན་ལོངས་སྐུ་ཡི་དམ་ཞི་ཁྲོ་རབ་འབྱམས་སུ་གསལ་བར་ཕུལ་ནས། བསྐང་ཞིང་བཤགས་པ། ཧཱུྃ༔ སྣང་སྲིད་ཡེ་སངས་རྒྱས་པ་ལ༔ རང་སྣང་བདག་ཏུ་སོ་སོར་བཟུང༔ ཨ་འཐས་དངོས་པོ་བདེན་པར་ཞེན༔ རིགས་དྲུག་ཁྱུ་རུ་འཁྱམས་པ་ཀུན༔ ལྷུན་གྲུབ་ལོངས་སྐུར་བསྐང་ཞིང་བཤགས༔ བཛྲ་ས་མ་ཡ་ཧོཿ ཡི་གེ་བརྒྱ་པ་ཡང་བཟླ། གསུམ་པ་སྣང་སྲིད་རྣམས་སྤྲུལ་སྐུ་མཁའ་འགྲོ་ཆོས་སྐྱོང་རྒྱ་མཚོར་གསལ་ནས། རང་ཉིད་སྐད་ཅིག་གིས་ཧེ་རུ་ཀའི་སྐུར་གྱུར། ཚོགས་སྣོད་གྲུ་གསུམ་གཤིན་རྗེའི་དོང་དུ་ཚོགས་རྫས་དགྲ་བགེགས་ཀྱི་གཟུགས་སུ་དམིགས་ཏེ། ལྕགས་ཀྱུའི་ཕྱག་རྒྱ་བཅས། བདེན་སྟོབས་བརྗོད་ལ། ནྲྀ་ཡཾ་ཛཿ ནྲྀ་བཛྲ་ཨཾ་ཀུ་ཤ་ཛཿ ཏྲི་ཡཾ་ཛཿ ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཞེས་པས་དམིགས་བྱ་རྟེན་ལ་བཀུག །ཛཿཧཱུྃ་བཾ་ཧོཿ དགུག་གཞུག་བཅིངས་མྱོས་པར་བྱས། ཧཱུྃ༔ ང་དང་བདག་ཏུ་འཛིན་པའི་སེམས༔ མྱ་ངན་མ་འདས་རུ་ཏྲ་འདི༔ རིག་པ་རྡོ་རྗེའི་མཚོན་གྱིས་བསྣུན༔ རྟོག་ཚོགས་སྤྲུལ་པའི་ཀློང་དུ་སྒྲོལ༔ བདག་འཛིན་རུ་ཏྲ་མཱ་ར་ཡ་ཕཊ༔ དྲག་པོ་མངོན་པར་སྤྱོད་པས་བསྒྲལ་པའི་ཤ་ཁྲག་རུས་པ་བདུད་རྩིར་སྤེལ་ནས་བསྟབས་པས། ཧཱུྃ། ཉོན་མོངས་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས། །ཕུང་ཁམས་སྐྱེ་མཆེད་བླ་ཚེ་རྣམ་ཤེས་བཅས། །ཞལ་དུ་སྟོབས་ཤིག་འགག་མེད་སྤྲུལ་སྐུ་ཡི། །ཆོས་དབྱིངས་བདེ་ཆེན་མཉམ་པའི་ཐུགས་སུ་སྟིམས། །མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི། དེ་ལྟར་བསྒྲལ་པའི་མཆོད་པའི་མཐར། ཁ་སྦྱོར་གྱི་དམ་ཚིག་གིས་དགྱེས་པར་བྱས། རང་ཉིད་རྡོ་རྗེ་སེམས་དཔའི་སྐུར་གྱུར། ནང་གི་སྲེག་བླུག་ཚོགས་ཀྱི་འཁོར་ལོ་བརྡའ་དང་བརྡའ་ལན་བཅས། ཧོཿ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །སྐུ་གསུང་ཐུགས་ཀྱི་དཀོན་མཆོག་ལ། །གཙང་སྨེ་གཉིས་མེད་བདུད་རྩི་འབུལ། །ཆོས་ཉིད་རོལ་པར་བཞེས་སུ་གསོལ། །ཞེས་གསོལ་བའི་ལན་དུ། ཨེ་མ་ཧོ། སྟོང་པའི་ཆོས་ནི་སྐྱེ་བ་མེད། །སྣང་བའི་ཆོས་རྣམས་འགག་པ་མེད། །སྣང་སྟོང་གཉིས་མེད་ཆོས་ཀྱི་སྐུ། །རོལ་པ་ཆེན་པོར་ཨ་ལ་ལ་ཧོཿ ཞེས་ཕུང་ཁམས་གདན་གསུམ་དུ་གསལ་བཏབ་སྟེ་རོལ། ལྷག་མར་དཔལ་གྱི་ཞལ་ཆབ་དང་བདུད་རྩིས་བྲན། ཨོཾ་ཧ་ཧོ་ཧྲཱིཿསྭཱ་ཧཱ། ལྷག་གཏོར་དགྲ་བགེགས་ཀྱི་ཤ་ཁྲག་བདུད་རྩིའི་རྒྱ་མཚོར་བསམ། ཨེ་ཨཱ་རལླི་ཧྲཱིང་ཧྲཱིང་། ཞེས་ལྷག་མགྲོན་བཀུག །ཉེར་སྤྱོད་ཀྱིས་མཆོད། གཏོར་མ། ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཞེས་དང་། ཧཱུྃ༔ རྟོག་ཚོགས་ཆོས་སྐུའི་ལྷག་མ་འདི༔ སོ་མ་ངང་དྭངས་མཁའ་རུ་བཞེས༔ དུག་ལྔ་ཡེ་ཤེས་ལྷག་མ་འདི༔ མ་བསྒྱུར་མ་སྤང་ངང་དུ་བཞེས༔ ཤ་ཁྲག་དྲོད་དབུགས་ལྷག་མ་འདི༔ འཇའ་འོད་ཐིག་ལེའི་ཀློང་དུ་བཞེས༔ སྡུག་བསྔལ་ཀུན་རྟོག་ལྷག་མ་འདི༔ རང་རིག་གཟུང་འཛིན་རང་གྲོལ་བཞེས༔ མ་རྟོགས་འགྱུ་བུན་ལྷག་མ་འདི༔ རྟོགས་ནས་ཐུགས་རྗེའི་དབྱིངས་སུ་བཞེས༔ ཕཊ་ཕཊ་ཕཊ༔ ཅེས་པས་བསྔོ། སྐབས་འདིར་སྤྲོ་ན་བསྟོད་པ་ཡང་རྒྱས་པར་བྱ། དེ་ནས་ཐུགས་དམ་བསྐུལ་བ་ནི། གཏོར་མར་སྨན་རཀ་བྲན། ཨོཾ་ཨཱཿཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཡིས༔ སྐུ་ཡི་ཕྲིན་ལས་རབ་སྒྲུབས་ལ༔ འདོད་ཁམས་བདེ་བ་ཆེན་པོར་སྒྲོལ༔ སེམས་ཅན་འདོད་ཆགས་སྒྲོལ་བར་མཛོད༔ བླ་མ་ཡི་དམ་མཁའ་འགྲོ་ཡིས༔ གསུང་གི་ཕྲིན་ལས་རབ་སྒྲུབས་ལ༔ གཟུགས་ཁམས་ཡེ་ཤེས་ལྔ་རུ་སྒྲོལ༔ སེམས་ཅན་ཞེ་སྡང་སྒྲོལ་བར་མཛོད༔ བླ་མ་ཡི་དམ་མཁའ་འགྲོ་ཡིས༔ ཐུགས་ཀྱི་ཕྲིན་ལས་རབ་སྒྲུབས་ལ༔ གཟུགས་མེད་ཀ་དག་ཆེན་པོར་སྒྲོལ༔ སེམས་ཅན་གཏི་མུག་སྒྲོལ་བར་མཛོད༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ རང་སྣང་དགོངས་རྒྱུད་དག་པར་བསྐུལ༔ དམ་རྫས་རྨད་བྱུང་གཏོར་མ་བཞེས༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་མཛོད༔ ཨོཾ་ཨཱཿཧཱུྃ༔ ཤཱནྟིཾ་པུཥྚིཾ་པཱ་ཤཾ་མཱ་ར་ཡ་ཕཊ༔ ཅེས་བསྐུལ་ཞིང་གཏོར་མ་འབུལ། དེ་ནས་དངོས་གྲུབ་བླང་བ་ནི། ཧཱུྃ། བཅོམ་ལྡན་རྒྱལ་བ་རྩ་གསུམ་ལྷ་ཚོགས་ཀྱིས། །འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །འགག་མེད་གསུང་གི་དངོས་གྲུབ་བསྩལ་དུ་གསོལ། །འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཡོན་ཏན་རེ་སྐོང་དངོས་གྲུབ་བསྩལ་དུ་གསོལ། །ཕྲིན་ལས་འགྲོ་འདུལ་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོཿ ཁྱད་པར་གྱི་རྫས་རང་གི་གནས་གསུམ་རེག་ཅིང་དངོས་གྲུབ་ཀྱི་རྫས་རྣམས་རོལ། དེ་ནས་ཆད་མདོ་བརྟན་མ་སྐྱོང་བ་ནི། ཨོཾ་ཨཱཿཧཱུྃ། རྒྱལ་བ་རྩ་གསུམ་ཞི་ཁྲོ་རིག་རྩལ་གྱིས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་དཀྱིལ་འཁོར་དུ། །ཡོན་ཏན་ཡོངས་རྫོགས་ཕྲིན་ལས་མཛད་པའི་ཚེ། །མ་དང་མཁའ་འགྲོ་ཆོས་སྐྱོང་དྲེགས་པའི་ཚོགས། །སོ་སོའི་སྐུ་གསུང་ཐུགས་སུ་བསྟན་ནས་ཀྱང་། །ཇི་ལྟར་ཁས་བླངས་དམ་བཅས་ཇི་བཞིན་དུ། །མཆོད་གཏོར་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད། །ཅེས་གཏོར་མ་ཕུལ། དེ་ནས་བཤལ་ཆུས་བརྟན་མ་སྐྱོང་བ་ནི། ཧཱུྃ། བསྟན་སྐྱོང་དཔལ་ལྡན་མ་དང་ཡང་དག་ཤེས། ཁྱུང་བཙུན་ཀོང་ལྷ་གཡུ་བུན་མེ་ཏོག་མ། །ཟླ་འོད་བྱང་རྒྱལ་གསེར་ཐང་ཀུན་བཟང་མ། །ཤཱནྟིཾ་དཔལ་དང་ཀླུ་མོ་གཟི་འབར་སོགས། །མ་སྲིང་འཁོར་བཅས་ཁྱེད་ཅག་དམ་ཚིག་ཅན། །བོད་ཁམས་རྟག་ཏུ་བདེ་བའི་ཕྲིན་ལས་མཛོད། །མ་མ་ས་མ་ཡ་ཀརྨ་ཧོཿ ཞེས་དེ་ནས་བཤལ་ཆུའི་གཏོར་མ་ཕུལ། གཏོར་བྲོ་ནི། ཧཱུྃ། དུག་ལྔ་འཇོམས་པའི་ཡེ་ཤེས་ལྔ་ལྡན་བྲོ། །ཡེ་ཤེས་ལྔ་ཡི་གླུ་བླངས་བྲོ་བརྡུངས་པས། །རྣམ་རྟོག་མཚན་མའི་དགྲ་བགེགས་རང་སར་གྲོལ། །མ་རིག་ཉོན་མོངས་ཀ་དག་དབྱིངས་སུ་ནོན། །ཨོཾ་ཨཱཿཧཱུྃ་སཏྭཾ་བྷ་ཡ་ནན། གཏང་རག་མཆོད་བསྟོད་ནི། ཧཱུྃ། བདེ་གཤེགས་རྩ་གསུམ་ཞི་ཁྲོ་རྒྱ་མཚོ་ལ། །ཕྱི་ནང་གསང་བའི་མཆོད་པ་དཔག་མེད་རྣམས། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ། །འགྲོ་བའི་དོན་དུ་འབུལ་གྱིས་བཞེས་སུ་གསོལ། །ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཛ་ཧོཿ ཆོས་སྐུ་ནམ་མཁའ་ལྟ་བུར་ཁྱབ་པ་ལ། །ལོངས་སྐུ་ཉིད་འོད་ལྟ་བུར་སོ་སོར་གསལ། །སྤྲུལ་སྐུ་འཇའ་ཚོན་ལྟ་བུར་འགྲོ་དོན་མཛད། །རྒྱལ་བ་རྩ་གསུམ་ཚོགས་ལ་ཕྱག་འཚལ་བསྟོད། །ཉེས་བྱས་བཤགས་པ་ནི། ཧོཿ བསྐྱེད་རྫོགས་མ་གསལ་བྱིང་རྒོད་ཤོར། །སྒོམ་སྒྲུབ་དུས་འདས་ལེ་ལོར་གྱུར། །ཛཔ྄་བསྙེན་གཞུང་བཞིན་མ་གྲུབ་ཅིང་། །ཚོགས་མཆོད་འབྱོར་ཚོགས་ཆུང་བ་རྣམས། །ཡང་དག་རིག་པའི་ལྷ་ཚོགས་ལ། །བཤགས་བྱ་བཤགས་བྱེད་གཉིས་མེད་ཀྱང་། །མ་རིག་འགྱུ་བའི་ལྷ་ཚོགས་ལ། །གསང་སྔགས་དམ་ཚིག་ཉམས་ཆག་རྣམས། །མཐོལ་ལོ་ཡེ་ཤེས་ལྷ་ལ་བཤགས། །ཀུན་བཟང་ཡུམ་གྱི་ཀློང་དུ་ཧོཿ ལྷག་ཆད་ཁ་སྐོང་བ་ནི། སྐུ་བསྐྱེད་རིམ་ཀྱི་ལྷག་ཆད་ཨཱ་ལི་ལན་གསུམ་གྱིས་བསྐང་། གསུང་བཟླས་པའི་ལྷག་ཆད་ཀཱ་ལི་ལན་གསུམ་གྱིས་བསྐང་། ཐུགས་ཏིང་ངེ་འཛིན་གྱི་ལྷག་ཆད་ཡིག་བརྒྱ་ལན་གསུམ་གྱིས་བསྐང་། དགེ་རྩ་བསྔོ་བ་ནི། ཧོ༔ རྩ་བ་གསུམ་གྱི་དཀྱིལ་འཁོར་དུ༔ བདག་གཞན་སེམས་ཅན་ཐམས་ཅད་ཀྱི༔ ཚོགས་གཉིས་བསགས་པའི་དགེ་རྩ་རྣམས༔ མཐར་ཕྱིན་ཡོངས་གྲོལ་ཆེན་པོར་བསྔོ༔ སྨོན་ལམ་གདབ་པ་ནི། ཧོཿ འདི་ལྟར་བསྒྲུབས་པའི་དགེ་བ་ཡིས། །འགྲོ་དྲུག་མར་གྱུར་སེམས་ཅན་རྣམས། །རྩ་གསུམ་གོ་འཕང་ཐོབ་ནས་ཀྱང་། །གདོད་མའི་དབྱིངས་སུ་གྲོལ་བར་ཤོག །ཨ་ཨ་ཨ། བཀྲ་ཤིས་ནི། ཨེ་མ་ཧོཿ སྟོང་དབྱིངས་ཆད་མཐའ་དག་གྱུར་པའི། །རིག་འཛིན་བརྒྱུད་པའི་བཀྲ་ཤིས་ཤོག །ཕུང་ཁམས་དབང་ཚོགས་དག་གྱུར་པའི། །ལྷུན་གྲུབ་ཡི་དམ་བཀྲ་ཤིས་ཤོག །འགྱུ་རྟོག་འཕྲོ་འདུ་དག་གྱུར་པའི། །མ་མོ་ཌཱ་ཀིའི་བཀྲ་ཤིས་ཤོག །བདག་འཛིན་རུ་ཊ་དག་གྱུར་པའི། །བསྟན་སྲུང་རྣམས་ཀྱི་བཀྲ་ཤིས་ཤོག །དཀྱིལ་འཁོར་བསྡུ་ཞིང་རྒྱུན་སྤྱོད་ནི། ཧོཿ སྐྱེ་མེད་ཆོས་སྐུའི་ངང་ཉིད་ལས། །འགག་མེད་རང་རྩལ་སྐུ་གསུམ་ཤར། །ཕྲིན་ལས་རྣམ་བཞི་མཐར་ཕྱིན་ནས། །སླར་ཡང་སྐྱེ་མེད་ཀློང་དུ་བསྡུའོ། །སྣང་སྲིད་དཀྱིལ་འཁོར་རང་བཞིན་བདག་ཉིད་རྩ་བའི་དཀྱིལ་འཁོར་དུ་འདུས། དེ་རང་རིག་ཀུན་བཟང་རྡོ་རྗེ་སེམས་དཔའི་ངོ་བོ་དང་། དེའི་ཐུགས་ཀའི་ས་བོན་ཧཱུྃ་ཡིག །ཧཱུྃ་ཟླ་ཚེས་ཐིག་ལེའི་བར་དུ་རིམ་པར་སྟོང་པའི་དབྱིངས་སུ་ཐིམ། རང་རིག་ཡེ་གྲོལ་ཆེན་པོ་སྟོང་གསལ་སྤྲོས་པ་དང་བྲལ་བའི་ཀློང་ཉིད་དུ་མཉམ་པར་གཞག་གོ །སླར་སྐད་ཅིག་གིས་རྡོ་རྗེ་སེམས་དཔའི་སྐུར་གྱུར་པའི་གནས་གསུམ་ཡི་གེ་འབྲུ་གསུམ་གྱི་རྣམ་པས་མཚན་པར་གྱུར། ཨོཾ་ཨཱཿཧཱུྃ༔ ཞེས་སྒོ་གསུམ་སྐུ་གསུང་ཐུགས་ཀྱི་རྒྱས་བཏབ་ནས། ལྟ་སྤྱོད་ཟུང་འབྲེལ་མཁྱེན་པས་སྤྱོད་ལམ་བྱ། མདུན་གྱི་དཀྱིལ་འཁོར་རྗེས་ཀྱི་བྱ་བ་ནི་སྤྱི་དང་མཐུན་པར་བྱའོ། །ཚོགས་མཆོད་བསྟོད་བསྐུལ་དངོས་གྲུབ་བླང་། །ཆད་མདོ་བརྟན་སྐྱོང་བྲོ་གཏང་རག །སྐོང་བཤགས་བསྔོ་སྨོན་བཀྲ་ཤིས་བརྗོད། །དཀྱིལ་འཁོར་བསྡུ་ལྡང་རྗེས་རིམ་མོ། །དེ་ལྟར་ཚུལ་འདི་ལྟ་བུ་ལ་བརྩོན་པས་རྒྱུན་ལྡན་ཉམས་སུ་བླང་ན། གནས་སྐབས་མཐར་ཐུག་ཀུན་ཏུ་ཅི་བསམ་འགྲུབ་ཅིང་། མཆོག་ཐུན་མོང་དངོས་གྲུབ་མྱུར་དུ་ཐོབ་པར་ཐེ་ཚོམ་མེད་དོ། །དེ་ལྟར་ཕྱོགས་དུས་རྒྱལ་ཀུན་གྱི། །གསང་གསུམ་མི་ཟད་རྒྱན་འཁོར་ལོ། །གཅིག་ཏུ་འཆར་བ་རིགས་བརྒྱའི་དབྱིག །རིགས་གཅིག་རྡོར་སེམས་སྒྲུབ་པའི་ཐབས། །གཏེར་ཁ་གསུམ་ལྡན་བྱིན་རླབས་གཟི་འོད་ཅན། །རིགས་མཐུན་གཞུང་ནས་མཛེས་སྤེལ་ཆོ་གའི་ཁྲིགས། །བགྱིས་འདིར་ཉེས་མཆིས་སྒྲིབ་མེད་དབུགས་དབྱུང་ཞིང་། །དགེ་བས་འགྲོ་ཀུན་རྡོ་རྗེ་སེམས་ཐོབ་ཤོག །དཔལ་རྡོ་རྗེ་སེམས་དཔའ་རྩ་བ་གསུམ་གྱི་ལས་བྱང་དོན་གྱི་གསལ་འདེབས་ལ་འཇུག་པ་ཞེས་བྱ་བ་འདི་ནི། རིག་འཛིན་ཆེན་པོ་སྟག་ཤམ་པ་དང་ཆོས་རྗེ་གླིང་པའི་ཆོས་ཀྱི་སྲས་བླ་མ་མགོན་པོ་ཡེ་ཤེས་དང་། ལྗོན་ལུང་སྒྲུབ་སྡེའི་བླ་མ་ཀུན་བཟང་ཕྲིན་ལས་ཀློང་གྲོལ་དང་། ཙ་གོང་ཉེ་བའི་ཁྱིམ་བདག་སྔགས་སྤྱོད་ཚེ་དབང་མཆོག་རྒྱལ་སོགས་དོན་གཉེར་ཅན་མང་པོས་རིང་ནས་གསོལ་བ་བཏབ་པ་དང་། ཁྱད་པར་དད་གུས་བློ་གྲོས་ཀྱི་ནོར་ལྡན་སྡེ་བ་ཚེ་དབང་ཕུན་ཚོགས་ཀྱིས་ལན་གཅིག་མ་ཡིན་པར་སྔ་ཕྱི་ཀུན་ཏུ་ནན་ཏན་ཆེན་པོས་བསྐུལ་བའི་ངོར། རིག་པ་འཛིན་པ་ཚེ་དབང་ནོར་བུ་རྡོ་རྗེ་གཟི་བརྗིད་ཀྱིས་ཀོང་ཡུལ་གུ་རུའི་གནས་ཆེན་ལྗོན་པ་ལུང་གི་བསམ་གཏན་གྱི་སྤྱིལ་པོར། ཤིང་གླང་མགོ་ཟླའི་དཀར་ཕྱོགས་དགའ་བ་གཉིས་པ་ཟླ་བ་གྲོ་ཞུན་ཐུན་མཚམས་བདུད་རྩིའི་འགྲུབ་སྦྱོར་བཟང་པོར་གྲུབ་པར་བྱས་པ་སྟེ། འགྲོ་ཀུན་རྡོ་རྗེ་སེམས་དཔའི་གོ་འཕང་ལ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།
བཅོམ་ལྡན་འདས་གསུང་རྡོ་རྗེ་སྣང་བ་མཐའ་ཡས་ཀྱི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་བདེ་ཆེན་ལམ་འདྲེན་ (Volume 21, Text 5)
༄༅། །བཅོམ་ལྡན་འདས་གསུང་རྡོ་རྗེ་སྣང་བ་མཐའ་ཡས་ཀྱི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་བདེ་ཆེན་ལམ་འདྲེན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨ་མི་ཏ་བྷཱ་ཡ། བཅོམ་ལྡན་གསུང་གི་དབང་ཕྱུག་དང་། །དབྱེར་མེད་ཆོས་རྗེ་ཀཿཐོག་པ། །འགྲོ་མགོན་སྤོབས་པ་མཐའ་ཡས་ལ། །གུས་པས་འདུད་དོ་བྱིན་རླབས་སྩོལ། །དེ་ལ་རྒྱལ་བས་དངོས་སུ་བསྩལ། །བརྒྱུད་པ་བར་མ་ཆད་པ་ལས། །ལེགས་བྱོན་སྒྲུབ་པའི་ཐབས་ཟབ་མོ། །སྲིད་ན་རྙེད་པར་དཀའ་འདི་འོ།། རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པས་རྒྱལ་བ་ཀཿཐོག་པ་ཆེན་པོ་དམ་པ་བདེ་བར་གཤེགས་པ་ལ་དགོངས་པའི་བྱིན་རླབས་རང་སྣང་གི་ཚུལ་དུ་བསྩལ་པའི་སྒྲུབ་ཐབས་བདག་མདུན་རྩ་བ་ལ། གཏེར་ཆེན་ཀློང་གསལ་སྙིང་པོའི་ཟབ་ཆོས་གསུང་རྡོ་རྗེ་དང་ཆུ་བོ་གཅིག་འདྲེས་སུ་གྱུར་པས་དབང་བསྐུར་སོགས་ཁ་འགེངས་མཛད་པ། གྲུབ་བརྙེས་བར་མ་ཆད་པ་ལས་བྱོན་པའི་བཀའ་སྲོལ་རྨད་དུ་བྱུང་བ་འདི་ཉིད་ཉམས་སུ་ལེན་པ་ལ་གསུམ། རང་དོན་བསྙེན་པ། གཉིས་དོན་སྒྲུབ་མཆོད། གཞན་དོན་གྱི་ཆོ་གའོ། །དང་པོ་ལ། སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། འོད་དཔག་མེད་སོགས་མཁའ་ཁྱབ་ཀྱི་རྒྱལ་བ་སྲས་བཅས་ཡིད་ཡུལ་དུ་བྱས་ཏེ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ལན་གསུམ་སྔོན་དུ་འགྲོ་བས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་གསུམ། རྗེས་སུ་དགའ་བ་བསྒོམ་པ་ནི། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་གྱུར་ཏོ། །ཞེས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཀྱིས་ཚད་མེད་བཞི་བསྒོམ། བདག་བསྐྱེད་པ་ནི། ཨོཾ་སྭ་བྷཱ་བས་སྦྱང་། སྟོང་པ་ཉིད་ཀྱི་ངང་ལས་གདན་སྣ་ཚོགས་པདྨ་ཉི་མ་ཟླ་བའི་ཐོག་ཏུ་རང་སེམས་ཨཱཾཿདམར་པོ་གཅིག་ཏུ་བསམ། དེ་ལས་འོད་འཕྲོས་ཏེ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྒྱུད་བསྐུལ། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས་ནས་སྣང་བ་མཐའ་ཡས་ཀྱི་སྐུར་གྱུར་ཏེ། སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཞབས་གཉིས་གདན་ལ་སྐྱིལ་ཀྲུང་བཞུགས་པ། ཕྱག་གཡས་པདྨ་དམར་པོ་བསྣམས་པ་དང་། གཡོན་པས་དྲིལ་བུ་ཅན་ཐུགས་ཀར་བསྣོལ་བ། དབུ་སྐྲ་རལ་པའི་ཐོར་ཚུགས་ནག་པོ་ཅན། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྙན་ཆ། མགུལ་རྒྱན། དཔུང་རྒྱན། གདུ་བུ། སེ་མོ་དོ། དོ་ཤལ། སྐུ་རེགས། ཞབས་གདུབ་རྣམས་རིན་པོ་ཆེ་སྣ་ཚོགས་ལས་བྱས་པ་ཞི་ཞིང་འཛུམ་པ་ལོངས་སྐུའི་ཆས་གོས་དང་ཤམ་ཐབས་ཀྱིས་བརྒྱན་པའོ། །དེ་ནས་བསྐུར་བརླབ་དྲང་བསྟིམ་ནི། ཨོཾ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་བཛྲ༴ ཨོཾ་མ་ཧཱ་ས་མཱ་ཏཱ་ཛྙཱ་ན་བཛྲ༴ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ༴ ཨོཾ་མ་ཧཱ་ཀྲྀཏྱཱནུཥྛ་ན་ཛྙཱ་ན་བཛྲ༴ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ༴ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ༴ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། བཛྲ་ས་མཱ་ཛཿཨེ་ཧྱེ་ཧི་ཛཿཧཱུྃ་བཾ་ཧོཿ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། མཆོད་པ་ནི། ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷུ། སྔགས་མགོ་འགྲེས་སྦྱར་ཏེ། པུཥྤེ་པུ། ཨཱ་ལོ་ཀེ་ཧྲཱིཿ གྷནྡྷེ་གྷན། བསྟོད་པ་ནི། ཧྲཱིཿ རང་བཞིན་དག་པས་གོས་པ་མེད། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །སངས་རྒྱས་ཀུན་གྱི་གསུང་གི་མཆོག །སྣང་བ་མཐའ་ཡས་ཁྱོད་ཕྱག་འཚལ། །བཟླས་པ་ནི། རང་གི་སྤྱི་བོར་ཟླ་བའི་ཐོག་ཏུ་ཨོཾ་དཀར་པོ། མགྲིན་པར་པདྨའི་ལྟེ་བར་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུྃ་སྔོན་པོ། ཧཱུྃ་གི་གཡོན་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་གྱི་ཐོག་ན་ཨཱཾཿདམར་པོ་ལ་ཨ་རོ་ལྀཀ྄་ཅེས་པའི་ཡིག་འབྲུ་ཡར་ལངས་ནས། མདུན་ནས་རྒྱབ་ཕྱོགས་སུ་ཀློག་པའི་ཚུལ་དུ་གཡས་ཕྱོགས་སུ་འཁོར་བ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས། ཕྱོགས་བཅུའི་སངས་རྒྱས་ཀྱིས་དབང་བསྐུར། དབང་རྟགས་ཀྱི་འབྲས་བུ་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་དམིགས་ལ། ཨཱཾཿཨཱ་རོ་ལྀཀ྄ །ཅེས་བཟླ། སྐབས་སུ་ཆོས་རྗེ་རིན་པོ་ཆེ་དང་དབྱེར་མེད་ཀྱི་མོས་པ་གཏིང་ཚུགས་ཀྱི་དད་པ་ཆེན་པོས། བདེ་བ་ཅན་དུ་བྱང་སེམས་བློ་གྲོས་སྙིང། ཁ་བ་ཅན་དུ་ཆོས་རྗེ་ཀཿཐོག་པ། །མ་བྱོན་བདེ་གཤེགས་ཚེ་དཔག་མེད་པ་ཞེས། །གྲགས་པའི་རྩ་བརྒྱུད་བླ་མར་གསོལ་བ་འདེབས། །བདེ་བ་ཅན་དུ་སྐྱེ་བར་ཐུགས་རྗེས་ཟུངས། །ཞེས་པའི་གསོལ་འདེབས་སྨོན་ལམ་རྩེ་གཅིག་ཏུ་བྱ། ཚེ་སྒྲུབ་བྱེད་ན། སྙིང་གར་ཨཱཾཿལས་འོད་ཟེར་ཀུན་དུ་འཕྲོས་པས་སངས་རྒྱས་བྱང་སེམས་ཉི་ཟླ་ལ་སོགས་པའི་ཚེ་བསོད་ནམས་གཟི་བརྗིད་ཐམས་ཅད་བསྡུས་ནས་རང་གི་ལུས་གང་བར་བསམ་ལ་རླུང་ཁ་སྦྱོར་གྱི་ངང་ནས་ཐུགས་སྲོག་ལ་སེམས་གཏད་དེ་ཡིད་བཟླས་བྱ། ཐུན་མཐར་སྣོད་བཅུད་འོད་དུ་ཞུ་བའི་དྭངས་མ་ཨཱཾཿལ་བསྡུས་པས་རྡོ་རྗེའི་སྲོག་ཐོབ་པར་མོས། དེ་དག་གང་ལའང་ཐུན་བསྡུ་བའི་ཚེ། དེ་བཞིན་གཤེགས་པའི་ཚེ་དང་བསོད་ནམས་དང་། །ཡོན་ཏན་ཡེ་ཤེས་གཟི་བརྗིད་ཚད་མེད་པ། །ཆོས་སྐུ་སྣང་བ་མཐའ་ཡས་འོད་དཔག་མེད། །བཅོམ་ལྡན་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། ཡེ་ཤེས་སེམས་དཔའ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་ཐུགས་ཀའི་ཨཱཾཿལ་བསྡུ། དེ་ཡང་སྟོང་པ་ཉིད་དུ་བསྟིམས་ལ་དེའི་ངང་དུ་བཞག །སྨོན་ལམ་ནི། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་གིས་བརྩོན་འགྲུས་རྒྱུན་ཆད་མེད་པར་བཟླས་པས་གསང་སྔགས་མངོན་དུ་གྱུར་ནས་སེམས་ཅན་ཐམས་ཅད་ཀྱི་འདྲེན་པ་མཆོག་ཏུ་གྱུར་ཅིག །དད་པ་མཆོག་ལྡན་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཡིས། །དམིགས་ཡུལ་མཆོག་ཏུ་གྱུར་པའི་ཡུལ་གྱི་བླ་མ་ལ། །མོས་གུས་འབྲས་བུ་དུས་གསུམ་སངས་རྒྱས་དབྱེར་མེད་གསུང་མཆོག་སྐུ །གསུང་གི་དབང་ཕྱུག་སྣང་བ་མཐའ་ཡས་ཉམས་བླངས་ཏེ། །རིག་འཛིན་ལམ་དང་མཐར་ཐུག་འབྲས་བུ་མཆོག་ཉིད་འཐོབ་གྱུར་ནས། །མཐའ་མེད་སྲིད་མཚོར་ཐར་པའི་དེད་དཔོན་མཆོག་ཐོབ་ཤོག །ཅེས་སོགས་རྒྱས་བསྡུས་ཅི་འགྲུབ་བྱ། དེ་ལྟ་བུའི་ཚུལ་གྱིས་རབ་ཆུ་བོའི་རྒྱུན། འབྲིང་དུས་གྲངས་མཚན་མའི་ཚད་ལྡན། ཐ་མའང་ཞག་བདུན་ཕྲག་ལ་སོགས་པར་རྣལ་འབྱོར་དུ་བྱས་པས་མདོ་རྒྱུད་རྣམས་ལས་ཇི་སྐད་གསུངས་པའི་ཕན་ཡོན་རྒྱ་ཆེན་པོ་འཐོབ་པར་འགྱུར་རོ། །གཉིས་པ་གཉིས་དོན་སྒྲུབ་མཆོད་ནི། གནས་གཙང་མ་བྱི་དོར་བྱས་ཤིང་རྒྱན་བཀོད་ཇི་ལྟར་འབྱོར་པས་སྤྲས་པའི་གུང་དུ་སངས་རྒྱས་སྣང་བ་མཐའ་ཡས་གཙོ་འཁོར་སོགས་དཀོན་མཆོག་གི་རྟེན་བཀྲམ་པའི་མདུན། བུམ་པ་ཉེར་ལྔའི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པ། མཆོད་པ་བཞི་བསྣོལ་སོགས་རབ་བརྒྱ་རྩ་ནས་བཅུ་ཕྲག་ཡན་ཅི་འབྱོར་བ་དང་། འབུལ་གཏོར་ཟླུམ་པོ་རྒྱན་ལྡན་རྣམས་གཙང་སྦྲ་བཅས་བཤམ། འཁྱིལ་པའི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་བསང་ཆུས་འཐོར་ཞིང་། འབྲུ་གསུམ་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་བརླབས། བདག་བསྐྱེད་བཟླས་པ་བསྡུ་རིམ་གྱི་བར་དུ་གྲུབ་ནས། སླར་སྐད་ཅིག་གིས་ལྷར་གསལ་ཏེ། མདུན་དུ་བུམ་པ་མི་དམིགས་པ་ལས། བྷྲཱུྃ་ཞིག་འོད་དུ་ཞུ་བ་ལས་རིན་པོ་ཆེའི་གཞལ་ཡས་ཁང་དུ་བསྒོམས་པའི་སུམ་ཆ་མན་ཆད་བདུད་རྩིའི་རྒྱ་མཚོར་འཁྱིལ་པའི་དབུས་སུ་སྣ་ཚོགས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཉི་ཟླའི་གདན་ལ་ཡི་གེ་ཧྲཱིཿདམར་པོ་བསྒོམ། དེ་འོད་དུ་ཞུ་བ་ལས་པདྨ་དམར་པོ་ཧྲཱིཿས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་བསྐུལ་དོན་གཉིས་བྱས། ཚུར་འདུས་པདྨ་ལ་ཐིམ་སྟེ་འོད་དུ་ཞུ་བ་ལས་སྣང་བ་མཐའ་ཡས་ཀྱི་སྐུར་གྱུར་ཏེ། སྐུ་མདོག་དམར་པོ་ཕྱག་རྒྱ་མཉམ་གཞག་མཚན་དཔེ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་གཡས་སུ་སྤྱན་རས་གཟིགས། གཡོན་དུ་ཕྱག་རྡོར། མཐའ་སྐོར་དུ་བསྐལ་བཟང་སངས་རྒྱས་སྟོང་། ཉན་རང་ལྷ་མིའི་རིགས་ཅན་མུ་མཐའ་བྲལ་བའི་འཁོར་ཚོགས་རྒྱ་མཚོ་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་གསལ་གྱིས་མཚན་པར་གྱུར། དེ་ནས། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས། སྔགས་ཀྱི་སྒྲ་གདངས་དང་རོལ་པ་གླུས་བསྐུལ་བས་བདེ་བ་ཅན་ནས་མགོན་པོ་འོད་དཔག་མེད་ལ་སངས་རྒྱས་བྱང་སེམས་ཉན་རང་དགྲ་བཅོམ་པའི་འཁོར་གྱིས་བསྐོར་བ་སྤྱན་དྲངས་པར་གྱུར། རྡོལ་དྲིལ་དང་བཅས་པས་སྤོས་ཐོགས་ཏེ། ཧྲཱིཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །སྤྱན་དྲངས་ལ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཞེས་པས་བཞུགས་སུ་གསོལ་ཞིང་། པདྨ་ཀ་མ་ལཱ་ཡ་སཏྭཾ་གྱིས་གདན་འབུལ། མཆོད་པ་ནི། ཧྲཱིཿ བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ཨོཾ་པ་ན་པེཾ། པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ། ས་མ་ཡོ་ཏ་མུ། སརྦ་མ་ཧཱ་སུ་ཁ་སིདྡྷི་ཧཱུ། ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷུ། སྔགས་མགོ་འགྲེས་སྦྱར་ཏེ། པུཥྤེ་པུ། ཨཱ་ལོ་ཀེ་ཧྲཱིཿ གྷནྡྷེ་གྷན། བསྟོད་པ་ནི། ཧྲཱིཿ རང་བཞིན་དག་པས་གོས་པ་མེད། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །སངས་རྒྱས་ཀུན་གྱི་གསུང་གི་མཆོག །སྣང་བ་མཐའ་ཡས་ཁྱོད་ཕྱག་འཚལ། །ཞེས་བསྟོད། བཟླས་པ་ནི། གཟུངས་ཐག་བཟུང་སྟེ། རང་གི་ཐུགས་ཀ་ནས་ཡིག་འབྲུ་དམར་པོ་འོད་ཟེར་དང་བཅས་པ་བྱུང་སྟེ་གཟུངས་ཐག་ལ་འཁྲིལ་ནས། དེ་མདུན་བསྐྱེད་ཀྱི་ཐུགས་ཀ་ན་ཟླ་བའི་སྟེང་དུ་ཧྲཱིཿདམར་པོ་ཡོད་པ་ལ་ཐིམ་པས་ཐུགས་རྒྱུད་བསྐུལ་ནས་དོན་གཉིས་བསྒྲུབས་པར་བསམ་ལ། ཨོཾ་ཨ་མི་དྷེ་ཝ་ཧྲཱིཿདང་། པདྨ་དྷེ་བ་ཧྲཱིཿཧཱུྃ། ཨཱཾཿཨཱ་རོ་ལིཀ྄ །ཅེས་པ་རྣམས་དང་། སྤྲོ་ཞིང་ནུས་ན་འོད་དཔག་མེད་ཀྱི་གཟུངས་རིང་ཡང་བཟླ། གང་ལྟར་བཟླས་པ་རྣམ་གསུམ་བརྒྱ་ཕྲག་རེའི་མཇུག་ཏུ་ཡན་ལག་བདུན་པ་སྔོན་དུ་འགྲོ་བའི་བཟང་སྤྱོད་སྨོན་ལམ་ཚར་རེ་བརྗོད། དེ་ལྟ་བུ་ཅི་ནུས་སུ་བསྐྱར་བ་ནི་གསོན་གཤིན་གཉིས་ཀའི་ཆོ་ག་ལ་གལ་ཆེ་སྟེ་འདི་ཉིད་ཚོགས་གསག་དང་ཞིང་སྦྱོང་གི་ལས་རིམ་གཙོར་སྟོན་ཡིན་པའི་ཕྱིར་རོ། །མཐར་ཆོས་རྗེ་རྣམ་གསུམ་གྱི་གསོལ་འདེབས་སྨོན་ལམ་བཅས་པའང་བྱ། བཟླས་པའི་མཐར། གཏོར་མ་འབུལ་ན། རིན་པོ་ཆེའི་སྣོད་དུ་གཏོར་མ་བདུད་རྩི་དཀར་དམར་གྱི་རྣམ་པར་བསམ་ལ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། བཅོམ་ལྡན་འདས་ཀྱི་ལྗགས་རྡོ་རྗེའི་སྦུ་གུར་གྱུར་ཏེ་གཏོར་མ་གསོལ་བས་མཉེས་པར་བསམ། ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་འབུལ། མཆོད་བསྟོད་སྔར་ལྟར་བྱ་ཞིང་། འདོད་པའི་དོན་ལ་གསོལ་བ་གདབ་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པས། བདག་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ནས་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་གྱུར་ཅིག །ཡིག་བརྒྱ་དང་། མ་འབྱོར་པ་དང་སོགས་བརྗོད་ལ་ནོངས་པ་བཤགས། ཨོཾ་ཨཿཧཱུྃ་གིས་མཆོད་ཡོན་ཕུལ་བས། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་གདན་དང་བཅས་པ་འོད་དུ་ཞུ་སྟེ། ཡེ་ཤེས་ཀྱི་བདུད་རྩི་དཀར་ལྟེམས་ཀྱིས་སོང་ནས་བུམ་པ་གང་བར་བསམ་ལ། གཞན་དོན་དང་མི་འབྲེལ་ན་བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་ནོ། །གསུམ་པ་གཞན་དོན་གྱི་ཆོ་ག་ལ་གསུམ། གསོན་པོའི་དོན། གཤིན་པོའི་དོན། སློབ་མའི་དོན་བྱ་བའོ། །དང་པོ་ནི། སྡིག་སྒྲིབ་ནད་གདོན་སོགས་ཞི་བའི་ཆེད་དུ་སྔགས་ཕྱི་པའི་ལུགས་ལྟར་གཟུངས་ཁྲུས་བྱེད་ན། བུམ་ལྷ་འོད་ཞུ་ཡན་སོང་བའི་རྗེས་སུ་བཀྲུ་བྱབས་སྲུང་གསུམ་སྤྱི་མཐུན་རྒྱས་པར་བྱ་བའམ། ཤིན་དུ་བསྡུ་ན། བསྒྲུབ་བྱའི་སྤྱི་བོ་ནས་ཁྲུས་བྱ་ཞིང་། ཡུལ་གང་ཡིན་དེའི་སྤྱི་བོ་ནས་ཁྲུས་བྱས་པས་ཡེ་ཤེས་ཀྱི་བདུད་རྩིས་བག་ཆགས་ཐམས་ཅད་དག་ནས་ལུས་ཤེལ་སྒོང་བཞིན་དག་པར་གྱུར། ཅེས་མོས་ལ། གཟུངས་བུམ་ཐོགས་ཏེ། འོད་དཔག་མེད་པའི་སྨོན་ལམ་དང་། །སངས་རྒྱས་བྱང་སེམས་ཐུགས་བསྐྱེད་དང་། །ཉན་རང་དགྲ་བཅོམ་བདེན་སྟོབས་ཀྱིས། །སེམས་ཅན་རྣམས་ལ་ཕན་འདོད་པའི། །སྦྱིན་པའི་ཆུ་བོ་ལ་བརྟེན་ནས། །སེར་སྣའི་རྒྱུ་འབྲས་དག་པར་ཤོག །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ པདྨ་དྷེ་བ་ཧྲཱིཿཧཱུྃ། ཨཱཾཿཨཱ་རོ་ལྀཀ྄ །ཨོཾ་ཨ་མི་ཏེ། ཨ་མི་ཏོཏབྷ་ཝེ། ཨ་མི་ཏ་བི་ཀྲཱནྟེ། ཨ་མི་ཏ་བི་ཀྲཱནྟེ་ག་མཱི་ནཱི། སརྦ་ཀརྨ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། རིག་པ་ཆེན་པོ་འདིའི་བྱིན་རླབས་ཀྱིས་སྡིག་སྒྲིབ་བག་ཆགས་ནད་གདོན་བར་ཆད་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། དེས་འགྲེས་ཏེ། ཚུལ་ཁྲིམས་ཆུ་བོ་དང་། འདོད་ཆགས་རྒྱུ་འབྲས། བཟོད་པའི་ཆུ་བོ། ཞེ་སྡང་རྒྱུ་འབྲས། བརྩོན་འགྲུས་ཆུ་བོ། ཕྲག་དོག་རྒྱུ་འབྲས། བསམ་གཏན་ཆུ་བོ། ང་རྒྱལ་རྒྱུ་འབྲས། ཤེས་རབ་ཆུ་བོ། གཏི་མུག་རྒྱུ་འབྲས། ཞེས་པ་རྣམས་ཁ་སྤོས་ཏེ་ཁྲུས་བྱས་ལ། བདེ་ལེགས་སུ་བྱེད་པའི་ཚིགས་སུ་བཅད་པ་དང་རྟེན་འབྲེལ་སྙིང་པོ་བརྗོད་ལ་མེ་ཏོག་འཐོར། ཁྲུས་བྱ་ཡུལ་བུད་མེད་ཡིན་ན་བུམ་ཆུ་སྣོད་གཞན་ཞིག་ཏུ་བླུགས་ལ་མི་གཞན་ཞིག་ལ་ཁྲུས་བྱ་བཅུག །རང་གིས་མི་བྱ་བར་བཤད་དོ། །གཉིས་པ་གཤིན་དོན་ནི། ཅུང་ཟད་རྒྱས་པར་སྤྲོ་ན་མིང་བྱང་སོགས་རྟེན་བཞག །དཀྱུས་ལ་དམིགས་པ་ཙམ་ལས་འཇོག་པར་མི་མཛད། གང་ལྟར་རྣམ་ཤེས་འགུགས་པ་ནི། ཨོཾ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་པད་ཟླའི་གདན་ལ་ནྲྀ་ལས་ཚེ་ལས་འདས་པའི་ཕུང་ཁམས་སྐྱེ་མཆེད་སོགས་གསོན་གྱི་གནས་སྐབས་ཇི་ལྟ་བར་གྱུར། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། དཀོན་མཆོག་གསུམ་གྱི་བཀའ༴ ཆོས་ཉིད་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བཀའ༴ བཅོམ་ལྡན་འདས་མགོན་པོ་འོད་དཔག་མེད་པའི་ཐུགས་བསྐྱེད་སྨོན་ལམ་བསམ་གྱིས་མི་ཁྱབ་པའི་བྱིན་རླབས་དང་བདེན་པའི་སྟོབས་ཀྱིས་ཚེ་ལས་འདས་པའི་རྣམ་པར་ཤེས་པ་རྟེན་འདི་ལ་ཁུག་ཅིག །ལན་གསུམ། བགེགས་གཏོར་བཤམ། ཨ་ཀཱ་རོས་བྱིན་བརླབས་ལ། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ལན་གསུམ། ཨོཾ་སུམྦྷ་ནི་གསུམ་གྱི་མཐར། བདེན་སྟོབས་བཅས། ཚེ་ལས་འདས་པའི་སྒྲིབ་པ་སྦྱང་བ་ལ་བར་དུ་གཅོད་པའི་བགེགས་རྣམས་གཏོར་མས་བརྔན་པ་ཏིང་ལོས་སྣང་བ་ཆངས་བུས་བཟའ་བ་གྱིས་ལ་སོང་ཞིག །སླར་བར་ཆད་མི་འཇུག་པའི་ཕྱིར། བཛྲ་རཀྵ་རཀྵ་ཧཱུྃ་གིས་བསྲུང་བ་བྱ། ཁྲུས་ནི་གཟུངས་བུམ་ཐོགས་ལ། འོད་དཔག་མེད་པའི་སྨོན་ལམ་དང་། །སངས་རྒྱས་བྱང་སེམས་ཐུགས་བསྐྱེད་དང་། །ཉན་རང་དགྲ་བཅོམ་བདེན་སྟོབས་ཀྱིས། །སེམས་ཅན་རྣམས་ལ་ཕན་འདོད་པའི། །ཕྱིན་དྲུག་ཆུ་བོ་ལ་བརྟེན་ནས། །དུག་ལྔའི་རྒྱུ་འབྲས་དག་པར་ཤོག །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ པདྨ་དྷེ་བ་ཧྲཱིཿཧཱུྃ། ཨཱཾཿཨཱ་རོ་ལིཀ྄ །ཨོཾ་ཨ་མི་ཏེ། ཨ་མི་ཏོྞབྷ་ཝེ། ཨ་མི་ཏ་བི་ཀྲཱནྟེ། ཨ་མི་ཏ་བི་ཀྲཱནྟེ་ག་མཱི་ནཱི། སརྦ་ཀརྨ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། རིག་པ་ཆེན་པོ་འདིའི་བྱིན་རླབས་ཀྱིས་སྡིག་སྒྲིབ་ངན་སོང་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་གང་མང་བརྗོད། བདེན་པས་དུག་སྦྱོང་བ་ནི། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་ཚེ་འདས་དུག་གསུམ་སྟེ། །བཅོམ་ལྡན་དཀོན་མཆོག་དུག་མི་མངའ། །དཀོན་མཆོག་བདེན་པས་དུག་བཅོམ་མོ། །ས་ཆུ་མེ་རླུང་བཞི་དག་ནི། །དུག་གི་ཕ་ཡིན་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་བརྗོད་པས། །དུག་གསུམ་འབྱུང་བཞིའི་ནང་དུ་སོང་། །རྩ་རིག་སྦྲེལ་མ་བཟླ། ཤིས་བརྗོད་ནི། སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱི་བསམ་པ་ཡིས། ཁྱོད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །སངས་རྒྱས་ཁྱོད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ཚངས་པའི་ལྷ་རྣམས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། ཁྱོད་ལ་རྟག་ཏུ་སྦྱིན་གྱུར་ཅིག །ཉིན་མོ་བདེ་ལེགས་སོགས་བརྗོད་ལ་མེ་ཏོག་འཐོར། དེ་ནས་ཟས་བསྔོ་བ་ནི། ཨོཾ་ཨ་ཀཱ་རོ་སོགས་ཀྱིས་བསྔོ། འགྲོ་བ་གང་དག་སྔ་མའི་ལུས་རྟེན་བོར་ཕྱི་མའི་ལུས་རྟེན་མ་རྙེད་སྲིད་པ་བར་དོར་ཉམ་ང་བའི་འཕྲང་ལ་སྐྱབས་དང་སྐྱོབ་པ་མེད་པ། མགོན་དང་དཔུང་གཉེན་བྲལ་བ། མིང་བཞི་འདུས་པའི་ཕུང་པོ་ཚོར་བ་སྡུག་བསྔལ་གྱི་རང་བཞིན། འཇིགས་སྐྲག་འཁྲུལ་སྣང་གིས་མནར་བ། གར་འགྲོའི་གཏད་སོ་དང་བྲལ་བའི་བར་དོའི་སེམས་ཅན་ཆེ་གེའི་གཙོར་བྱས་པ་རྣམས་ལ་འབུལ་ལོ། །བར་དོའི་འཇིགས་སྐྲག་དང་སྡུག་བསྔལ་བྲལ་ནས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །ན་མོ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ལམ་བསྟན་ནི། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །འཁོར་བ་སྡུག་བསྔལ་ཅན་ཕུང་པོ། །འགྱུར་དང་འདུ་བྱེད་ཉིང་འཁྲུལ་ཅན། །ལས་ལས་སྐྱེ་ཞིང་ལས་ལ་བརྟེན། །དེ་ཕྱིར་དེ་ལ་མ་ཆགས་པར། །བླ་མ་དཀོན་མཆོག་རྣམས་ཀྱི་མཐུ། །དད་པའི་ཡུལ་ལ་ཤིན་དུ་སྣང་། །མོས་གུས་སྐྱེད་ཅིག་རིགས་ཀྱི་བུ། །འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །བདེ་བ་ཅན་གྱི་ཞིང་ཁམས་ཡོད། །མགོན་པོ་འོད་དཔག་མེད་པ་བཞུགས། །གང་ཞིག་ཡིད་ལ་དྲན་པའི་མོད། ཁྱོད་ཀྱིས་དེ་རུ་ཕྱིན་འགྱུར་བས། །མགོན་པོ་དེ་ཡི་མཚན་ཟུངས་ལ། །ཡིད་གཉིས་སྤོངས་ལ་དེར་གཤེགས་ཤིག །རྣམ་ཤེས་ཧཱུྃ་གི་རྣམ་པ་བདེ་བ་ཅན་དུ་འཕངས་པའི་དེ་མ་ཐག་བྱང་བུ་ཡོད་ན་རྩ་སྔགས་ཀྱིས་བསྲེགས་ཤིང་། རྒྱལ་བའི་དཀྱིལ་འཁོར་སོགས་དང་། བདེ་ཆེན་ཞིང་གྲགས་རྒྱལ་བའི་ཞིང་ཁམས་སུ། །བཅོམ་ལྡན་མགོན་པོ་སྣང་བ་མཐའ་ཡས་དང་། །བློ་གྲོས་སྙིང་པོ་ཡབ་སྲས་ཞབས་དྲུང་དུ། །བདག་སོགས་འཁོར་གྱི་ཐོག་མར་སྐྱེ་བར་ཤོག །ཅེས་སྨོན་ལམ་གདབ་བོ། །གསུམ་པ་སློབ་མའི་དོན་ནི། མདུན་བསྐྱེད་དཀྱིལ་འཁོར་མཎྜལ་ཚོམ་བུ་གཙོ་འཁོར་གསུམ་བཀོད་པའི་སྟེང་དུ་བུམ་པ། གཡས་གཡོན་དུ་མེ་ལོང་ལ་སིནྡྷུ་ར་བརྡལ་ཞིང་ཧྲཱིཿཡིག་གི་མཐར་སྔགས་ཕྲེང་བྲིས་པ། ཤེལ་རྡོ། པདྨ་ལྷུང་བཟེད་དང་སྐུ་ཙཀ ལས་བུམ་སོགས་འདུ་བྱས་ལ། བདག་མདུན་སྒྲུབ་མཆོད། བུམ་ལྷ་འོད་ཞུ་ཡན་གྲུབ་པ་དང་། ལས་བུམ་ལ་དམིགས་ཏེ་རྟ་མགྲིན་སྔགས་ཀྱིས་བྱིན་བརླབ། སློབ་མ་རྣམས་ལ་ཁྲུས་དང་། བགེགས་གཏོར་སྲུང་འཁོར་སྤྱི་འགྲོ་བྱས། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེ་ལ་འདིར་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་མདངས་ལས་ཤར་བ། ནུབ་ཕྱོགས་འཇིག་རྟེན་གྱི་ཁམས་མང་པོ་འདས་པའི་ཕ་རོལ་ན། སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་བཅུ་རྩ་གཅིག་གི་ཡོན་ཏན་དང་བཀོད་པ་ཐམས་ཅད་གཅིག་ཏུ་འདུས་པའི་ཞིང་མཆོག་བདེ་བ་ཅན་ཞེས་བྱ་བ། རྒྱལ་བ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་ལ། ཉེ་བའི་སྲས་ཆེན་པོ་བརྒྱད་དང་། རྒྱལ་སྲས་ཉན་ཐོས་ཕྱིར་མི་ལྡོག་པའི་འཁོར་ཚོགས་རྒྱ་མཚོ་ལྟ་བུས་བསྐོར་བ་དེ་དག་ངེས་དོན་བཞུགས་པ་ལས་མ་གཡོས་བཞིན་དུ་ཐུགས་རྗེའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པས། ཕྱོགས་བཅུ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ལ་རྗེས་སུ་དགོངས་ཤིང་། གང་འདུལ་གྱི་སྣང་ཆར་མགོན་པོ་ཚེ་དཔག་མེད་དང་། པད་འབྱུང་། སྤྱན་རས་གཟིགས། སྒྲོལ་མ། རྟ་མགྲིན། ཐུབ་དྲུག །སངས་རྒྱས་སྟོང་སོགས་སྤྲུལ་པ་དང་། ཡང་སྤྲུལ། ཉིང་སྤྲུལ་བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་རྒྱ་མཚོ་ལྟ་བུས། སེམས་ཅན་རྒྱ་མཚོ་སྨིན་པར་མཛད་པའི་ཚུལ་གསུང་རབ་རྣམས་སུ་རྒྱ་ཆེར་འབྱུང་བ་དེ་ཉིད་སྒྲུབ་པའི་ཚུལ་ཡང་གསར་རྙིང་གི་བཀའ་སྲོལ་རྣམས་སུ་མཐའ་ཡས་པ་འབྱུང་བ་ལས་སྐབས་སུ་བབས་པ་འདི་ནི། བདེ་བ་ཆེན་པོ་པདྨ་བཛྲ་གྱི་རྡོ་རྗེའི་ལུང་ལས། དགེ་སློང་ལུས་ཐུང་ཤ་རྩ་དམར། །རྟག་ཏུ་ཞལ་ནི་ནུབ་ཏུ་གཟིགས། །སེམས་དཔའ་ང་ཡི་སྤྲུལ་པ་ཡིན། །ཞེས་སོགས་བསྔགས་པའི་རྔ་སྒྲ་ཡང་བསྒྲགས་ཤིང་། གངས་ཅན་གྱི་ལྗོངས་སུ་སྔ་འགྱུར་བསྟན་པའི་བདག་པོར་རྩོད་མེད་དུ་གྲུབ་པ། རྨད་དུ་བྱུང་བའི་སློབ་དཔོན་ཆེན་པོ་ཞི་བ་ལྷ་དང་། དཔལ་འཁོར་ལོ་སྡོམ་པའི་གྲུབ་བརྙེས་བལ་པོ་བྷ་དནྟ་པ་སོགས་ཀྱི་སྐྱེ་བའི་ཡང་སྲིད་ཤར་ཀཿཐོག་པ་ཆེན་པོ་དམ་པ་བདེ་གཤེགས། ཤེས་རབ་སེང་གེ །སྤོབས་པ་མཐའ་ཡས་སོགས་མཚན་གྱི་རྣམ་གྲངས་དུ་མར་གྲགས་པ་དེ་ཉིད་ལ། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཉིད་ཀྱིས་དགོངས་པའི་བྱིན་རླབས་རང་སྣང་གི་ཚུལ་དུ་སངས་རྒྱས་ཉིད་གསང་སྔགས་མ་ཧཱ་ཡོ་ག་ལྟར་སྒྲུབ་པའི་ཐབས་འདི་ཉིད་གནང་། དེས་སྲས་ཀྱི་དམ་པ་གྲུབ་ཆེན་ཀཧྞ་པ་ཆེན་པོའི་རྣམ་འཕྲུལ་ཀུན་དུ་འོད་ཀྱི་ས་ལ་བཞུགས་པ་བླ་མ་ཆེན་པོ་གཙང་སྟོན་རྡོ་རྗེ་རྒྱལ་མཚན་ལ་གནང་། དེས་སྤྱན་སྔ་རིན་པོ་ཆེ་ཆོས་རྗེ་བྱམས་པ་འབུམ་པ་ལ་གནང་ཞིང་དེ་དག་རྣམས་ནི་དག་པའི་སྣང་ཆར་བདེ་བ་ཅན་གྱི་ཞིང་ཁམས་སྟོན་འཁོར་འབྲལ་མེད་དུ་གཟིགས་ཤིང་ད་ལྟའང་བདེ་བ་ཅན་དུ་བྱང་སེམས་བློ་གྲོས་སྙིང་པོ། ཟླ་བའི་མྱུ་གུ །བདེ་བའི་མྱུ་གུ །ཞེས་པའི་མཚན་བཟུང་ནས་དངོས་སུ་བཞུགས་ལ། བརྒྱུད་འཛིན་དང་སྐལ་ལྡན་དད་གུས་ཅན་དག་ཀྱང་ཞིང་དེར་འཁྲིད་པར་ཞལ་གྱིས་བཞེས་པ་དང་། མ་འོངས་པ་བསྐལ་པ་སྐར་མ་བཀྲམ་པར་བདེ་གཤེགས་ཚེ་དཔག་ཏུ་མེད་པ། སེང་གེ་གཞོན་ནུ། འོད་ཟེར་རབ་ཏུ་འཕྲོ་བ་ཞེས་བྱ་བར་འཚང་རྒྱ་བར་འགྱུར་བའི་རྩོད་བྲལ་གྱི་སྐྱེས་ཆེན་དེ་དག་ལས་རིམ་པར་བརྒྱུད་པ་བར་མ་ཆད་དུ་བྱོན་ཅིང་། སྨིན་བྱེད་ཀྱི་ཆོ་ག་རིགས་མཐུན་ལས་བསབ་ཏུ་རུང་བར་རྡོ་རྗེའི་ལུང་གིས་རྗེས་སུ་བསྟན་པ་ལྟར། ཆོས་རྗེ་ཀཿཐོག་པའི་ཐུགས་སྲས་ལུང་བསྟན་བུ་བཞི་ལས་འབྲུ་ཚ་སྒང་པའི་རྣམ་འཕྲུལ་རྡོ་རྗེ་འཛིན་པ་ཆེན་པོ་རིག་འཛིན་ཀློང་གསལ་སྙིང་པོའི་གཏེར་བྱོན་ཀློང་གསལ་རྡོ་རྗེ་སྙིང་པོའི་ཆོས་སྡེའི་རྡོ་རྗེ་ཆོས་དང་བྱིན་རླབས་ཆུ་བོ་གཅིག་འདྲེས་སུ་གྱུར་པའི་དབང་བསྐུར་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །གསོལ་བ་གདབ་པ་འདིའི་རྗེས་ཟློས། ཨེ་མ་མགོན་པོ་ཐུགས་རྗེ་ཅན། །བདག་སོགས་འཁོར་བ་ལས་སྒྲོལ་ཕྱིར། །བདེ་གཤེགས་སྣང་བ་མཐའ་ཡས་ཀྱི། །དབང་མཆོག་དམ་པ་བསྐུར་དུ་གསོལ། །ལན་གསུམ། མདུན་གྱི་ནམ་མཁར་སངས་རྒྱས་སྣང་བ་མཐའ་ཡས་རྒྱལ་བ་སྲས་བཅས་འཁོར་ཚོགས་རྒྱ་མཚོ་སྤྲིན་གཏིབས་པ་ལྟ་བུར་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་སྙམ་པས་རྗེས་ཟློས། སངས་རྒྱས་ཆོས་ཚོགས་ལན་གསུམ། དབང་གི་གཞི་འགོད་པ་ལ་དམིགས་པ་འདི་བཞིན་དུ་མཛོད། ལས་ཆུས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཞིང་ཁམས་བདེ་བ་ཅན་དུ་གསལ་བའི་དབུས་སུ་རྨ་བྱ་ཟློས་གར་རྩེ་བ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཉི་ཟླའི་གདན་ལ་ཡི་གེ་ཧྲཱིཿདམར་པོ་བསྒོམ། དེ་འོད་དུ་ཞུ་བ་ལས་པདྨ་དམར་པོ་ཧྲཱིཿཡིག་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས་པས་བསྐུལ། དོན་གཉིས་བྱས་ཚུར་འདུས་པདྨ་ལ་ཐིམ་སྟེ་འོད་དུ་ཞུ་བ་ལས་སྣང་བ་མཐའ་ཡས་ཀྱི་སྐུར་གྱུར་ཏེ། སྐུ་མདོག་དམར་པོ་ཕྱག་རྒྱ་མཉམ་གཞག་མཚན་དཔེ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་གཡས་སུ་སྤྱན་རས་གཟིགས། གཡོན་དུ་ཕྱག་རྡོར། མཐའ་སྐོར་དུ་སངས་རྒྱས་སྟོང་ཉན་རང་ལྷ་མིའི་རིགས་ཅན་མུ་མཐའ་བྲལ་བའི་འཁོར་ཚོགས་རྒྱ་མཚོ་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་གསལ་གྱིས་མཚན་པར་གྱུར། དེ་ནས་ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པའི་སྔགས་ཀྱི་སྒྲ་གདངས་དང་རོལ་པ་གླུས་བསྐུལ་བས་བདེ་བ་ཅན་ནས་མགོན་པོ་འོད་དཔག་མེད་ལ་སངས་རྒྱས་བྱང་སེམས་ཉན་རང་དགྲ་བཅོམ་པའི་འཁོར་གྱིས་བསྐོར་བ་སྤྱན་དྲངས་པར་གྱུར། རོལ་མོའི་སྒྲ་བཅས། ཧྲཱིཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཨཱ་བེ་ཤ་ཡ་ཕེཾ་ཕེཾ། ཏིཥྛ་བཛྲས་བརྟན་པར་བྱ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་རྣམས་སོ་སོའི་བརྡ་དང་རྟགས་ཀྱི་རྫས་ལ་བརྟེན་ཏེ་རིམ་པར་བསྐུར་བས། ཁྱེད་རང་རྣམས་ཀྱི་སྒོ་གསུམ་བྱ་བ་དང་བཅས་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་ཆེན་པོ་ལྔར་སྨིན་པའི་མོས་པ་མཛོད། བུམ་པ་ཐོགས་ཏེ། ཨེ་མ་ཧོ། བདེ་ཆེན་ཞིང་གི་བཀོད་པ་ཀུན། །བུམ་པའི་གཞལ་ཡས་ཁང་ལ་རྫོགས། །གཞལ་ཡས་ལྷ་དང་བཅས་པའི་དབང་། སྐལ་ལྡན་བུ་ལ་ཡོངས་རྫོགས་ཤོག །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ ཀཱ་ཡ་ཨ་བྷི་ཥིཉྩ་མཱཾ། མེ་ལོང་ཧྲཱིཿཡིག་བྲིས་པ་གཏད་ལ། ཧྲཱིཿཡིག་ཐ་མར་སྔགས་ཀྱི་ཕྲེང་། །ཡི་དམ་བསྙེན་པའི་སྙིང་པོ་འདུས། །གསང་སྔགས་འདུས་པའི་དབང་བསྐུར་བས། །གྲགས་སྟོང་ཚངས་པའི་དབྱངས་ཐོབ་ཤོག །རྩ་སྔགས། ཝཱ་ཀ་ཨ་བྷི་ཥིཉྩ་མཱཾ། ཤེལ་རྡོ་གཏད་ལ། ཕྱི་ནང་སྟོང་གསལ་རིག་པའི་མདངས། །བརྡ་དང་བརྡ་མཚོན་འདི་ལ་འདུས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །རྒྱལ་བའི་ཐུགས་ཀྱི་དབང་ཐོབ་ཤོག །རྩ་སྔགས། ཙིཏྟ་ཨ་བྷི་ཥིཉྩ་མཱཾ། པདྨ་དང་ལྷུང་བཟེད་གཏད་ལ། རབ་མཛེས་ཆུ་སྐྱེས་དམར་པོ་དང་། །བཻ་ཌཱུརྻ་ཡི་ལྷུང་བཟེད་འདི། །སྐལ་ལྡན་ཁྱོད་ལ་གཏད་པ་ཡིས། །རྒྱལ་བའི་ཕྲིན་ལས་ཡོངས་རྫོགས་ཤོག །རྩ་སྔགས། སརྦ་གུ་ཎ་ཨ་བྷི་ཥིཉྩ་ཨཱཿ སྐུ་ཐོགས་ལ། ཧྲཱིཿ བཅོམ་ལྡན་སྣང་བ་མཐའ་ཡས་ཀྱི། །སྒྱུ་མའི་གཟུགས་སྐུ་མངོན་དུ་ཤར། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །སྐུ་བཞི་ཡོངས་རྫོགས་དབང་ཐོབ་ཤོག །རྩ་སྔགས། ཀཱ་ཡ་ཨ་བྷི་ཥིཉྩ་མཱཾ། འདིར་སྤྲོ་ན་མཐའ་རྟེན་རྟགས་རྫས་རྒྱལ་སྲིད་དབང་སྤྱི་འགྲེས་མངའ་གསོལ། སླར་ཡང་བདེ་བ་ཅན་ན་བཞུགས་པའི་བཅོམ་ལྡན་འདས་ཆོས་རྗེ་གཙོ་འཁོར་ཡིད་ལ་དྲན་པའི་གདུང་ཤུགས་དྲགས་པོས་མཆི་མ་འཁྲུགས་བཞིན་ཐལ་མོ་སྙིང་གར་སྦྱར་ལ་འདིའི་རྗེས་ཟློས་མཛོད། །བདེ་བ་ཅན་དུ་བྱང་སེམས་བློ་གྲོས་སྙིང་། ཁ་བ་ཅན་དུ་ཆོས་རྗེ་ཀཿཐོག་པ། །མ་བྱོན་བདེ་གཤེགས་ཚེ་དཔག་མེད་པ་ཞེས། །གྲགས་པའི་རྩ་བརྒྱུད་བླ་མར་གསོལ་བ་འདེབས། །བདེ་བ་ཅན་དུ་སྐྱེ་བར་ཐུགས་རྗེས་ཟུངས། །ཞེས་དུས་རྒྱུན་དུ་གསོལ་འདེབས་འདི་དང་སྒོམ་བཟླས་ལ་བརྩོན་ན་ཕན་ཡོན་བསམ་གྱིས་མི་ཁྱབ་ཅིང་། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་མདོ་སོགས་ལས་སྣང་བ་མཐའ་ཡས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་བསྒོམས་པའི་ཕན་ཡོན་མཐའ་ཡས་པར་གསུངས་པ་མ་ཟད། འོད་དཔག་མེད་ཉིད་ཀྱིས། སེམས་ཅན་གང་དག་ང་ཡི་མིང་ཐོས་པ། །ང་ཡི་ཞིང་དུ་རྟག་ཏུ་འོང་བར་ཤོག །ཅེས་ཐུགས་དམ་བཅས་པའི་སྨོན་ལམ་མཐར་སོན་པ་ཡིན་པ་དང་། མདོར་ན་གང་གི་མཚན་དང་སྒྲ་དང་ལྟ་བ་ཡིད་ལ་གོམ་པར་བྱས་པ་དང་། ཁ་ནུབ་ཏུ་བལྟས་ནས་མེ་ཏོག་འཐོར་ཞིང་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ཀྱི་མཚན་བརྗོད་ཅིང་ཕྱག་གཅིག་འཚལ་ནའང་ཞིང་དེར་སྐྱེ་བར། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེན་པར་སྨྲ་ཞིང་རྫུན་མེད་པས་ཡང་ཡང་གསུངས་པས་ཐེ་ཚོམ་སྤོངས་ལ་དད་གུས་རྩེ་གཅིག་པས་སྨོན་ལམ་འདིའི་རྗེས་ཟློས། འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །འོད་དཔག་མེད་པའི་ཞིང་ཁམས་ཡོད། །སུ་ཞིག་དེ་ཡི་མཚན་འཛིན་པ། །དེ་ནི་དེ་རུ་སྐྱེ་བར་འགྱུར། །བདེན་པར་གསུང་བ་མི་བསླུ་ཕྱིར། །བདག་ཀྱང་རྒྱལ་བའི་མཚན་འཛིན་པས། །འདི་ནས་ཚེ་འཕོས་གྱུར་མ་ཐག །ཞིང་མཆོག་དེ་རུ་སྐྱེ་བར་ཤོག །ཅེས་རྗེས་ཟློས་བྱར་གཞུག །དེས་ཆོས་རྗེ་ཀཿཐོག་པའི་ཉེ་བརྒྱུད་བཀའ་གཏེར་ཟུང་འབྲེལ་གསུང་རྡོ་རྗེ་སྣང་བ་མཐའ་ཡས་ཀྱི་དབང་བསྐུར་ལེགས་པར་ཐོབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་སོགས་སྤྱི་ལྟར་བྱའོ། །མཐའ་ཡས་འོད་མངའ་ཆོས་རྗེ་ཡབ་སྲས་ཀྱིས། །བདག་སོགས་འབྲེལ་བཅས་བདེ་ལྡན་ཞིང་མཆོག་ཏུ། །བརྩེ་ཆེན་ཐུགས་རྗེའི་ཕྱག་གིས་ལེགས་དྲངས་ཏེ། །བྱང་ཆུབ་མཆོག་ཏུ་ལུང་བསྟན་མཛད་གྱུར་ཅིག །ཅེས་པའང་འགྲོ་མགོན་ཤེས་རབ་སེང་གེའི་རྡོ་རྗེའི་གསུང་འཁྲུལ་པ་མེད་པ་ཉིད་བརྒྱུད་འཛིན་དམ་པ་གོང་མ་དག་གིས་བཀྲལ་བར་མཛད་པའི་གསལ་བྱེད་ཞབས་ཏོག་གི་ཚུལ་དུ། དམ་པ་དེ་དག་ལ་མི་ཕྱེད་པའི་དད་པ་མངའ་བ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས། གསུང་གི་དབང་ཕྱུག་འཇིག་རྟེན་མགོན་པོས་བྱིན་བརླབས་པའི་གནས་ཀྱི་ཤར་སྒོ་ཡེ་ཤེས་འཁོར་ལོའི་དབེན་པར་སྦྱར་བ་དགེ་ལེགས་འཕེལ།། །།
སྤྲུལ་པའི་ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར་པདྨའི་དགའ་ཚལ་ (Volume 1, Text 5)
༔སྤྲུལ་པའི་ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར་པདྨའི་དགའ་ཚལ་ཞེས་བྱ་བ་བཞུགས་སོ༔ ཨེ་མ་ཧོ༔ ཕྱོགས་དུས་བདེ་གཤེགས་རྒྱལ་བ་སྲས་དང་བཅས༔ སྟོན་པ་ཕུན་ཚོགས་མཉམ་མེད་ཤཱཀྱའི་རྒྱལ༔ གནས་མཆོག་འཛམ་གླིང་རྒྱ་གར་རྡོ་རྗེ་གདན༔ ཉན་ཐོས་བྱང་སེམས་འཁོར་དང་དམ་པའི་ཆོས༔ དུས་བཟང་ཕུན་སུམ་ཚོགས་པ་རྣམ་ལྔ་ལ༔ མི་ཕྱེད་གུས་པས་སྙིང་ནས་འདུད་པར་བགྱི༔ རྫོགས་ཆེན་བསྟན་པའི་མངའ་བདག་ཤྲཱི་སེང༔ སྣང་སྲིད་ཟིལ་གནོན་འཆི་མེད་པདྨ་འབྱུང༔ མཁས་གྲུབ་ཀུན་གྱི་གཙུག་རྒྱན་བི་མ་ལ༔ སྡོམ་བརྩོན་སྡེ་སྣོད་འཛིན་པ་ཞི་བ་འཚོ༔གངས་ཅན་བསྟན་པའི་རྩ་ལག་ཁྲི་སྲོང་རྗེ༔ བཀའ་དྲིན་ཟླ་མེད་རྣམས་ལ་ཕྱག་འཚལ་ལོ༔ ཆུ་མོ་ལུག་ལོ་སྟོན་ཟླ་འབྲིང་པོ་ཡི༔ ཡར་ངོའི་ཚེས་བཅུ་དུས་མཆོད་ཆེན་པོ་རུ༔ བཻ་རོ་བདག་དང་གཡུ་སྒྲ་སྙིང་པོ་དང༔ མདོ་གཞེར་ནག་པོ་མི་ཕམ་མགོན་པོ་སྟེ༔ ཁམས་ཀྱི་སྐལ་ལྡན་འབངས་གསུམ་གཙོས་བྱས་པའི༔ ལས་ཅན་འདུས་པ་བརྒྱ་ཕྲག་མང་པོར་བཅས༔ སྤྲིན་བཞིན་འདུས་ནས་བཻ་རོའི་ཞབས་སྤྱིར་བླངས༔ དེ་ནས་ཆོས་རྒྱལ་མདོག་ཞེར་ནག་པོ་ཡིས༔ ལོ་ཆེན་མཁས་པ་བཻ་རོ་ཙ་ན་ལ༔ སྐུ་ལ་མཛེས་པ་ཞལ་དུ་བདའ་བ་དྲངས༔ གསེར་གཡུ་རིན་ཆེན་མཎྜལ་ཕུལ་བྱས་ནས༔ འདྲེན་པའི་སྐྱེས་བུ་སློབ་དཔོན་བཻ་རོ་ལགས༔ བདག་ནི་སྔོན་སྦྱང་ལས་འཕྲོ་བསོད་ནམས་བསགས༔ དུས་གསུམ་མཁྱེན་པ་སློབ་དཔོན་ཉིད་དང་མཇལ༔ ཡང་དག་གསང་སྔགས་འབྲས་བུའི་ཆོས་དང་འཕྲད༔ ཤི་ཡང་འགྱོད་པ་མེད་པའི་ལྷ་ཆོས་འགྲུབ༔ བཀའ་དྲིན་རྨད་བྱུང་ཐུགས་རྗེའི་གཏེར་ཆེན་གྱི༔ མཛད་ཚུལ་རྣམ་ཐར་སྙིང་པོ་གསུང་བར་ཞུ༔ དེ་ལ་བཻ་རོ་ཙ་ནས་བཀའ་བསྩལ་བ༔ རྗེ་ཡི་གཙོར་བྱས་སྐལ་ལྡན་འབངས་གསུམ་ཉོན༔ ང་ཡི་རྣམ་ཐར་བསམ་གྱིས་མི་ཁྱབ་ཀྱང༔ འདི་རུ་བསྡུས་པར་བཤད་ཀྱིས་ཡིད་ལ་ཆོངས༔ སྔོན་ཚེ་རྒྱ་གར་འཕགས་པའི་ལྷ་ཡུལ་དུ༔ ཤཱཀྱ་ཐུབ་པའི་ཉེ་གནས་ཀུན་དགའ་བོ༔ རྣམ་སྣང་སྤྲུལ་པ་དགྲ་བཅོམ་མཆོག་ཆེན་ཉེ༔ དེ་ཉིད་མི་གནས་མྱང་འདས་བཻ་རོ་ང༔ བོད་ཡུལ་མུན་པའི་གླིང་ལྗོངས་འདི་ཉིད་དུ༔ ཡང་དག་ཆོས་ཀྱི་སྒྲོན་མེ་སྦར་བའི་ཕྱིར༔ འཇིག་རྟེན་འདི་རུ་སྤྲུལ་ཚུལ་བསྟན་པ་ནི༔ འཁོར་འདས་མཉམ་བརྡལ་འོད་གསལ་ཆོས་སྐུའི་ཀློང༔ གདོད་ནས་རྟག་བརྟན་ཡེ་ཤེས་མངོན་གྱུར་ཀྱང༔ གང་འདུལ་སྤྲུལ་པས་འགྲོ་བ་འདྲེན་པའི་ཕྱིར༔ དལ་བ་བརྒྱད་ལྡན་མི་ཡི་ལུས་སུ་སྤྲུལ༔ དེ་ནས་རིམ་བཞིན་ལོ་བརྒྱད་ཚུན་ཆད་དུ༔ ཕུན་སུམ་ཚོགས་པའི་འབྱོར་པ་བཅུ་ཡང་ཐོབ༔ ང་རྒྱལ་ཅན་རིགས་རྒྱལ་པོར་མ་སྐྱེས་ཤིང༔ ཕ་ནི་རིགས་བཟང་པ་གོར་ཧེ་འདོད་དང༔ མ་ནི་བྲན་ཀ་གཟའ་སྒྲོན་སྐྱིད་གཉིས་ལ༔ གླང་ལོ་དབྱར་ཟླ་ར་བའི་ཚེས་བཅུའི་དུས༔ ཕུར་བུ་དར་བ་རྒྱུ་སྐར་རྒྱལ་གྱི་ཉིན༔ ཉི་ཤར་འབྲུག་གི་དུས་ཚོད་ཤར་བའི་ཚེ༔ གནམ་ལ་འཇའ་སྤྲིན་མེ་ཏོག་ཆར་པ་བབས༔ ས་གཞི་གཡོ་ཞིང་བར་སྣང་འབྲུག་ཀྱང་ལྡིར༔ ཡུལ་མི་ཐམས་ཅད་ངོ་མཚར་ཧ་ལས་ནས༔ ཐམས་ཅད་འདུས་ནས་ཅི་ཡིན་བགྲོས་གླེང་བྱེད༔ ཡུལ་དེར་དྲང་སྲོང་ལེགས་པའི་བློ་གྲོས་ཞེས༔ རང་བྱུང་བདེན་མཐོང་གྲུབ་ཐོབ་ཞིག་བཞུགས་པར༔ གང་ཡིན་དེ་ལ་དྲིར་འགྲོ་གྲོས་འཆམས་ནས༔ བི་ར་ན་དང་ཚེ་དབང་ནམ་མཁའ་དང༔ བསོད་ནམས་འོད་ཟེར་ཟླ་བ་བཟང་པོ་བཞི༔ རྐང་མགྱོགས་བརྫངས་ནས་ལུས་བཀོལ་ཕྱིན་པ་དང༔ ནུབ་ཀྱི་ཕྱོགས་ནས་འོད་ལྔའི་འཇའ་སྤྲིན་ཞིག༔ པ་གོར་ཧེ་འདོད་ཕོ་བྲང་སྟེང་དུ་ཟུག༔ རྩེ་མོ་ཡར་གྱིས་སྤར་ཡང་ནུབ་ཕྱོགས་སོང༔ ཐ་མ་ཤར་གྱི་ཕྱོགས་སུ་ཟུག་པར་གྱུར༔ དེ་ཚེ་ཡུལ་མི་ཐམས་ཅད་གྲོས་འཆམས་ནས༔ པ་གོར་ཧེ་འདོད་ཕོ་བྲང་ནང་དུ་སོང༔ བྲན་གཟའ་མེ་ཏོག་དཔལ་གྱི་སྒྲོན་མ་ལ༔ རྣམ་སྣང་སྤྲུལ་པ་བཻ་རོ་ང་ཉིད་འཁྲུངས༔ གཞན་ལས་ཁྱད་འཕགས་བཟང་པོའི་མཚན་རྣམས་རྫོགས༔ སྐྱེས་མ་ཐག་ཏུ་སྐད་ཀྱང་འདི་སྐད་འདོན༔ ན་མོ་བུདྡྷ་དྷརྨ་སངྒྷ་ཡ༔ སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་འདུད༔ འགྲོ་དོན་བྱང་ཆུབ་སྤྱོད་པ་བདག་གིས་སྤྱད༔ མུན་གླིང་ཆོས་ཀྱི་སྒྲོན་མེ་སྦར་བར་ཤོག༔ དེ་སྐད་བརྗོད་པ་འདུས་པ་ཀུན་གྱིས་ཐོས༔ ཡིད་ལ་འཆང་ཞིང་ངག་ཏུ་ཟློ་བར་བྱེད༔ དེ་དུས་ལྷ་དང་ལྷ་མོ་མང་པོ་ཡིས༔ རོལ་མོའི་སྒྲ་ཐོས་བདུད་རྩིའི་ཁྲུས་གསོལ་ཚུལ༔ དྲི་བཟང་དང་ལྡན་བསིལ་འཇམ་ཆར་ཡང་བབ༔ དབུ་སྐྲ་མཐོན་མཐིང་ཞལ་ལ་ཚེམས་འཁོར་ཞིང༔ ཞི་འཛུམ་སྤྱན་དཀྱུས་རིང་ཞིང་ཤངས་དབྱིབས་མཐོ༔ ཤིན་ཏུ་མཛེས་པ་ལྷ་ཡི་བུ་དང་འདྲ༔ གཞན་གྱིས་མཐོང་བ་ཙམ་གྱིས་དད་མོས་སྐྱེ༔ ཐམས་ཅད་དགའ་བས་ཡིད་སྨོན་བྱེད་པ་ལ༔ རྐང་མགྱོགས་བཞི་ཡང་གནས་དེར་སླེབས་ནས་སུ༔ འདུས་པ་ཀུན་ལ་བརྩེ་བས་འདི་སྐད་ཟེར༔ ངེད་བཞིས་དྲང་སྲོང་ལེགས་པའི་བློ་གྲོས་ལ༔ ལྟས་འདི་ཇི་ཡིན་ལེགས་པར་དྲིས་པ་ལ༔ དྲང་སྲོང་བདེན་པའི་ཚིག་ནི་ལེགས་པར་གསུངས༔ འདི་འདྲའི་ལྟས་བཟང་སྔར་ཡང་བྱུང་མ་མྱོང༔ ད་ཡང་འབྱུང་མིན་འདི་ཡི་གནད་དོན་ནི༔ ངས་ཀྱང་མི་ཤེས་ལྷ་ལ་འདྲི་དགོས་གསུང༔ ཐུགས་དམ་མཉམ་བཞག་ཐལ་མོ་ས་ལ་བརྡབ༔ བདེན་པའི་ཚིག་བརྗོད་ས་ཡང་རབ་ཏུ་གཡོས༔ དྲང་སྲོང་མདུན་དུ་ལྷ་མོ་བརྟན་མ་བྱུང༔ དེ་འདྲ་བདེན་པའི་ཚིག་བརྗོད་ཅི་ཉེས་ཟེར༔ དྲང་སྲོང་ཞལ་ནས་ལྷ་མོ་བརྟན་མ་ལགས༔ སྔར་བྱུང་མ་མྱོང་ལྟས་བཟང་འདི་འདྲ་བ༔ འདི་ཉིད་མ་ཤེས་བདག་གིས་དམོད་པ་བོར༔ ཁྱོད་ཀྱིས་འདི་དོན་གང་ཡིན་བཤད་དུ་གསོལ༔ ལྷོ་མོ་ན་རེ་དྲང་སྲོང་ཆེན་པོ་ལགས༔ སྟེང་ཕྱོགས་འོག་མིན་སྟུག་པོ་བཀོད་ཞིང་ནས༔ རྣམ་སྣང་སྤྲུལ་པ་མི་ཡི་གཟུགས་སུ་གྲུབ༔ ཤཱཀ་ཐུབ་ཉེ་གནས་ཀུན་དགའ་ཚེ་འཕོས་པ༔ ད་ལྟ་པ་གོར་ཧེ་འདོད་སྲས་སུ་འཁྲུངས༔ ནམ་མཁའ་འཇའ་སྤྲིན་མང་པོས་ཁེངས་པ་ནི༔ བདེ་གཤེགས་རྒྱལ་ཀུན་སྲས་སུ་བྱིན་བརླབས་བརྡའ༔ སྣ་ཚོགས་བཀྲ་བའི་མེ་ཏོག་ཆར་པ་ནི༔ ལྷ་རྣམས་ཀུན་གྱིས་མངའ་གསོལ་བྱས་པའི་བརྡའ༔ ནུབ་ཀྱི་ཕྱོགས་ནས་འོད་ལྔའི་འཇའ་སྤྲིན་འཕྲོ༔ པ་གོར་ཧེ་འདོད་ཁང་སྟེང་ཟུག་པ་ནི༔ སྤྲུལ་པའི་སྐུ་མཆོག་འདི་ཡི་བདག་པོ་ཞིག༔ ནུབ་ཕྱོགས་བོད་ཀྱི་ཡུལ་ནས་འོང་བའི་བརྡའ༔ སླར་ཡང་འཇའ་རྩེ་བོད་ཕྱོགས་ཟུག་པ་ནི༔ གནས་འདིར་མི་བཞུགས་གཞན་དུ་གཤེགས་པའི་བརྡའ༔ ཐ་མ་འཇའ་རྩེ་དཀར་པོ་ཤར་དུ་ཟུག༔ གདུལ་བྱའི་ཞིང་མཆོག་ཤར་ཕྱོགས་ཚ་བའི་རོང༔ དོན་དམ་ཆོས་ཀྱིས་དཀར་པོར་བསྒྱུར་བའི་བརྡའ༔ ཨ་ལ་ལ་ཧོ་སངས་རྒྱས་མི་ཡུལ་བྱོན༔ སིདྡྷི་ཕ་ལ་ཆོས་ཀྱི་མཆོག་ཆེན་བྱོན༔ སདྒྷ་ཛྙཱ་ན་འཕགས་པའི་དགེ་འདུན་བྱོན༔ ཞེས་གསུང་ལྷ་མོ་མི་སྣང་བར་གྱུར་ཏོ༔ དེ་ནས་དྲང་སྲོང་ལེགས་པའི་བློ་གྲོས་ཀྱིས༔ ཁྱེད་རྣམས་མྱུར་སོང་འདུས་པ་རྣམས་ལ་ཤོད༔ དེ་སྐད་གསུངས་ནས་ངེད་བཞི་འོང་ཡིན་སྨྲས༔ ཡུལ་མི་ཀུན་དགའ་རང་རང་ཁྱིམ་དུ་སོང༔ ནོར་རྫས་མང་བླང་ཡབ་ཡུམ་སྲས་གསུམ་མཆོད༔ ལོ་བརྒྱད་བར་དུ་གནས་དེར་བཞུགས་པར་གྱུར༔ བཻ་རོའི་རྣམ་ཐར་པདྨའི་དགའ་ཚལ་ལས༔ བཻ་རོ་ཙ་ན་སྐུ་འཁྲུངས་པའི་ལེའུ་སྟེ་དང་པོའོ༔ ༔དེ་ནས་བུ་དེ་གཞན་དང་མི་འདྲ་བའི༔ ལོ་སྐྱེད་ཟླ་བ་ཞག་སོགས་ལོག་པོར་སྐྱེ༔ ཀུན་དང་མི་མཉམ་གཞན་ལས་ཆེར་ལྷག་པས༔ ཡུལ་མི་ཐམས་ཅད་ངོ་མཚར་མཆོག་ཏུ་གྱུར༔ དེ་ནས་ལོ་གསུམ་ལོན་པ་ཡོས་ཀྱི་ལོར༔ དྲང་སྲོང་ལེགས་པའི་བློ་གྲོས་མདུན་དུ་གཏུགས༔ རང་རྒྱལ་བདེན་པ་མཐོང་བའི་ཆོས་རྣམས་གསུངས༔ ཕྱོགས་ཙམ་བཤད་པས་དོན་རྣམས་ཁོང་དུ་ཆུད༔ མིང་ཡང་གན་ཇག་ཐང་ཏ་ཞེས་སུ་གྲགས༔ རེ་ཞིག་དུས་ན་མེ་ཏོག་འཐུ་རུ་ཕྱིན༔ གཉིད་དུ་སོང་བའི་རྨི་ལམ་དག་ཏུ་ནི༔ ལྷ་ཡི་བུ་མོ་མཛེས་མ་གཉིས་འོང་ནས༔ བདུད་རྩིའི་ཁྲུས་བྱས་བཟའ་བཏུང་སྣ་དགུ་དྲངས༔ ཁྱོད་ནི་འདི་ནས་དཔག་ཚད་གཅིག་སོང་དང༔ རྡོ་དཀར་ཕ་བོང་རིན་ཆེན་སྤུངས་འདྲའི་སར༔ མཁའ་འགྲོ་འདུ་བའི་གསང་ཕུག་ཆེན་མོ་ཡོད༔ དེ་རུ་སོང་དང་བདག་པོ་སླེབ་འོང་ཟེར༔ གཉིད་སད་ཙ་ན་རྨི་ལམ་དྲན་པས་ཟིན༔ ལུས་ཀུན་བདེ་བས་ཁེངས་ཤིང་ལྟོ་འགྲང་འདུག༔ དེ་ལྟར་ཡོད་དམ་མེད་སྙམ་ཕྱིན་པ་དང༔ ཤར་ལྷོའི་མཚམས་ནས་འཇའ་སྤྲིན་དཀར་པོ་ཞིག༔ དལ་བར་རྒྱུ་ཞིང་ཉེ་བའི་ས་དེར་ཟུག༔ དེ་རུ་ཕྱིན་པས་རྨི་ལམ་ལྟར་དུ་འདུག༔ ནང་དུ་སོང་བས་མི་རྒན་ཞིག་འདུག་ནས༔ ང་ཡི་བུ་བྱུང་ཟེར་ཞིང་ཐལ་མོ་རྡེབ༔ གན་ཇག་བྲེད་བསྔངས་རབ་ཏུ་འཇིགས་སྐྲག་ནས༔ ཁྱོད་ཀྱི་བུ་མིན་ང་ནི་ཕ་ཡི་བུ༔ འདི་རུ་མི་འདུག་ང་ནི་འགྲོ་དགོས་སྨྲས༔ རྒན་པོའི་ལག་གཡོན་གན་ཇག་ཐང་ཏ་འཇུས༔ ཏྲི་ར་མ་ཧཱུྃ་ཏྲི་ར་མ་ཧཱུྃ་ཟེར༔ གཡས་པས་རལ་གྲི་རྣོན་པོ་དབལ་ཅན་ཞིག༔ བྱིས་པའི་སྙིང་གི་གནས་སུ་གཟིར་ནས་སུ༔ ཨཱ་བ་ར་ཎ་པྲ་བེ་ཤ་ཡ་ཕཊ༔ ཛྙཱ་ན་པྲཛྙཱ་ཨཱ་བེ་ཤ་ཡ་ཧོ༔ དེ་སྐད་ཟེར་ཞིང་འོད་ཞུ་སྐད་ཅིག་གིས༔ འཇམ་དཔལ་དབྱངས་ཀྱི་སྐུ་རུ་ལམ་མེར་གསལ༔ དེ་ནས་སྔར་གྱི་ལྷ་ཡི་བུ་མོ་གཉིས༔ ཤིན་ཏུ་དགའ་ནས་བུ་ལ་འདི་སྐད་ཟེར༔ གན་ཇག་ཐང་ཏ་འདི་ནི་འཇམ་དཔལ་སྟེ༔ གུས་པས་ཕྱག་འཚོལ་ད་ལྟ་དབང་ཞུས་ཟེར༔ ང་ཡིས་ཕྱག་འཚལ་དབང་ཞུ་མི་ཤེས་སྨྲས༔ དེས་ན་བསླབ་ཆོག་འདི་བཞིན་གྱིས་ཤིག་ཟེར༔ དེ་ནས་ལྷ་ཡི་བུ་མོས་དབང་ཞུས་ནས༔ དེ་བཞིན་བྱས་པས་དབང་ཞུ་ཤེས་འདུག་ཟེར༔ འཇམ་དཔལ་སྐུ་གསུང་ཐུགས་ཀྱི་ས་བོན་ལས༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་ནས་སུ༔ གན་ཇག་ཐང་ཏའི་དབང་པོའི་སྒོ་གསུམ་ཐིམ༔ སྐུ་ནི་མི་སྣང་འོད་ཀྱི་རྣམ་པར་བསྡུས༔ སེམས་དང་འདྲེས་ནས་ཤེས་རིག་ས་ལེར་བཀྲ༔ དྲན་པ་སོ་ཟིན་ཅི་ཡང་མི་སྣང་འདུག༔ འཇིག་རྟེན་ཆོས་ཀུན་ཕྱོགས་ཙམ་བསྟན་པས་ཤེས༔ སྔར་ལས་ལྷག་པའི་ཤེས་རབ་མཆོག་ཏུ་གྱུར༔ ཁྱིམ་དུ་ཕྱིན་ནས་ཕ་མ་རྣམས་ལ་སྨྲས༔ ངོ་མཚར་ལྟས་ཡིན་སུ་ལ་མ་བཤད་ཟེར༔ བཻ་རོའི་རྣམ་ཐར་པདྨའི་དགའ་ཚལ་ལས༔ འཇམ་དཔལ་གྱིས་རྗེས་སུ་བཟུང་ཞིང་རིག་པའི་རྩལ་དབང་བསྐུར་བའི་ལེའུ་སྟེ་གཉིས་པའོ༔དེ་ནས་ལོ་ལྔ་ལོན་པའི་དུས་ཀྱི་ཚེ༔ པ་གོར་ཡབ་སྲས་ཡུལ་ལྷ་གསོ་རུ་ཕྱིན༔ ལམ་དུ་ཨར་རྒོད་ཞེས་བྱའི་ཚོང་པ་ཡིས༔ ཤ་ཆང་ལོངས་སྤྱོད་བཟའ་བཏུང་ཆེར་གསོས་ནས༔ ཁྱོད་ཀྱི་བུ་ཆུང་གན་ཇག་ཐང་ཏ་འདི༔ ང་ལ་བྱིན་དང་གང་དགོས་རིན་སྟེར་ཞིང༔ ལོངས་སྤྱོད་བཙུན་མོ་འཁོར་གཡོག་ཡན་ཆད་ཀུན༔ ང་ལ་བུ་མེད་ཁྱོད་ཀྱི་བུ་ལ་གཏད༔ གཞན་ནས་བུ་སྦྱིན་ཟེར་བ་མང་ཡོད་ཀྱང༔ ཁྱོད་ཀྱི་བུ་འདི་གཞན་ལས་ཆེར་ལྷག་པའི༔ ལང་ཚོ་མཛེས་ཤིང་རིག་པ་རྣོ་ལྡན་པས༔ ང་ལ་སྦྱིན་དང་ཁྱོད་རང་ཕ་མ་གཉིས༔ སྡུག་བསྔལ་མི་འཇུག་མགོན་སྐྱོབ་ང་ཡིས་བྱེད༔ དེ་སྐད་བྱས་པས་པ་གོར་ཧེ་འདོད་ཀྱིས༔ འདི་ལས་བུ་གཞན་ཡོད་ན་ལོས་སྦྱིན་གྱི༔ གཅིག་པུ་འདི་ལས་སྤུན་ཟླ་གང་ཡང་མེད༔ ཕྱིས་ནས་བྱུང་ན་ཁྱོད་ལ་འདི་འབུལ་ཆོག༔ སྐབས་ཤིག་དེ་སྐད་མ་གསུང་ཟེར་ནས་དེངས༔ དེ་ནས་ཕྱིན་པས་ལྗོན་པའི་ཚལ་ཞིག་ན༔ མེ་ཏོག་སྣ་ཚོགས་བཀྲ་བའི་དཀྱིལ་དུ་ཕྱིན༔ པ་གོར་ཧེ་འདོད་ལྷ་བསང་བཏང་ཕྱིན་ནས༔ གན་ཇག་ཐང་ཏ་མལ་དུ་སྡོད་པ་ལ༔ སྤེའུ་ཞིག་གིས་ཤིང་ཐོག་སྣ་ཚོགས་བཏུས༔ ཁྱེའུའི་དྲུང་དུ་ཞིམ་དགུ་ཕུལ་ནས་སུ༔ དགའ་ཞིང་སྤྲོ་བས་བརྩེ་ཡིན་འདུག་པ་ལ༔ ཕ་ཡིས་མཐོང་བས་བུ་ལ་དད་པ་སྐྱེས༔ གཞན་ཞིག་ཡིན་ན་སྤེའུ་སྐྲག་ཅིང་བྲོས༔ གན་ཇག་ཐང་ཏ་ལ་ནི་བརྩེ་ཞིང་བྱམས༔ ཤིང་ཐོག་ཞིམ་དགུ་སྣ་ཚོགས་ཕུལ་འདུག་པས༔ འདི་དེ་གཞན་ལས་ལྷག་པ་ཞིག་འདུག་སྙམ༔ བུ་ཡི་དྲུང་དུ་ཕྱིན་པས་སྤྲེ་འུ་བྲོས༔ གན་ཇག་ཐང་ཏས་ཤིང་ཏོག་ཕ་ལ་བྱིན༔ མང་དུ་མ་ཟོས་ཁྱིམ་དུ་ཁྱེར་ནས་སུ༔ ལོ་རྒྱུས་གཏམ་བཤད་བྲན་ཀ་བཟའ་ལ་བྱིན༔ ངོ་མཚར་སྐྱེས་ནས་བུ་ལ་བསྟོད་པ་བྱས༔ རེ་ཞིག་དུས་ན་ཁྲོམ་ཆེན་འདུས་པའི་སར༔ གན་ཇག་ཐང་ཏ་ལྟད་མོ་བལྟ་རུ་ཕྱིན༔ ལམ་དུ་རི་བོང་ཞིག་བརྒྱལ་འདུག་པ་ལ༔ སོར་རྡེའུ་ཞིག་འཕང་དེ་རུ་ཤི་བ་དང༔ བྲན་ཀ་བཟའ་སྒྲོན་སྐྱིད་ཀྱིས་མཐོང་ནས་སུ༔ བུ་ཁྱོད་ཆུང་ནས་ད་ལྟའི་བར་དག་ཏུ༔ གཞན་ལ་གནོད་མེད་ཀུན་དང་མཐུན་པ་ལ༔ ད་རེས་ཉེས་མེད་སེམས་ཅན་འདི་བསད་པས༔ ཤིན་ཏུ་ཉེས་ཆེ་ཁྱིམ་དུ་མ་འོང་ཟེར༔ དེ་ལ་གན་ཇག་ཐང་ཏས་བསམ་པ་ལ༔ ཨ་མ་བདེན་ཏེ་ངས་ཀྱང་བསད་མ་དྲན༔ ཕོད་བཙུགས་མིན་ཀྱང་ལས་ཀྱི་དབང་གིས་ཤི༔ ཇི་ལྟར་བྱ་སྙམ་ཤིན་ཏུ་སྐྲག་ནས་སུ༔ མ་ཁྱོད་དེ་སྐད་མ་ཟེར་བུ་ལ་ཉོན༔ བདག་གིས་དོ་བརྡོ་ཕོད་བཙུགས་བྱས་པ་མིན༔ སོར་རྡེའུ་ཆུང་ངུས་རི་བོང་ཤི་མིན་ཀྱང༔ ལས་དབང་བཙན་པས་སྲོག་གཅོད་ང་ཡིས་བྱས༔ གན་ཇག་ཐང་ཏས་གསོད་སེམས་མ་སྐྱེས་ནས༔ སྔོན་གྱི་ལས་འཕྲོས་རི་བོང་ཤི་ཡིན་ན༔ ད་ལྟ་ཤི་བ་སྐད་ཅིག་སོས་པར་ཤོག༔ དེ་ལྟར་སྨོན་ལམ་དྲག་པོ་བཏབ་པ་ཡིས༔ རི་བོང་གསོན་པོར་གྱུར་ནས་རི་ལ་སོང༔ མ་དེ་དགའ་ཞིང་ཁྲོམ་འཚོགས་ཧ་ལས་ནས༔ གན་ཇག་ཐང་ཏ་བསྟོད་ཅིང་སྨོན་པར་བྱེད༔ བཻ་རོའི་རྣམ་ཐར་པདྨའི་དགའ་ཚལ་ལས༔ རྫུ་འཕྲུལ་བསྟན་པའི་ལེའུ་སྟེ་གསུམ་པའོ༔ ༔དེ་ནས་ལོ་བརྒྱད་ལོན་པའི་དུས་ཀྱི་ཚེ༔ ཡུལ་མིའི་བྱིས་པ་མང་པོ་ཀུན་ཚོགས་ནས༔ འོད་མ་ལས་བྱས་ཤིང་མདའ་ཤིང་གཞུ་ཐོགས༔ ས་རྡོའི་ཐོ་བརྩེགས་མདའ་འཕེན་འགྲན་པ་ལ༔ གན་ཇག་ཐང་ཏ་ཀུན་ལས་ཁྱད་དུ་འཕགས༔ རེ་ཞིག་ལོན་པར་བྱེད་པའི་ཆས་བསྡུས་ནས༔ པ་གོར་ཧེ་འདོད་བྲན་ཀ་གཟའ་སྒྲོན་གཉིས༔ ཁྲོམ་མང་འདུ་སར་ཚོང་དུས་ཕྱིན་པ་དང༔ ཉི་དྲོས་ཙ་ན་ཁྲི་སྲོང་ལྡེའུ་བཙན་ཉིད༔ དཔོན་གཡོག་མང་བཅས་གནས་དེར་ལྷགས་པ་དང༔ གན་ཇག་ཐང་ཏ་བོས་ནས་དྲུང་དུ་ཕྱིན༔ རྒྱལ་པོས་གཏམ་སྨྲས་བྱིས་པ་ཆུང་ངུ་ཁྱོད༔ འདུག་གནས་གང་ཡིན་ཕ་མ་ཇི་སྐད་ཡིན༔ ཁྱོད་མིང་ཇི་ཡིན་ལེགས་པར་ཤོད་དང་གསུངས༔ ཁྱེའུས་བདེན་ཚིག་རྒྱལ་པོ་ཉིད་ལ་སྨྲས༔ ང་ཡི་ཕ་ནི་པ་གོར་ཧེ་འདོད་ཡིན༔ མ་ནི་བྲན་ཀ་བཟའ་སྒྲོན་སྐྱིད་ཅེས་ཟེར༔ ང་ལ་གན་ཇག་ཐང་ཏ་ཟེར་བ་ཡིན༔ གནས་ཁང་འདི་ཡིན་ཟེར་ནས་སྒོ་མོ་སྟོན༔ དེ་ལ་རྒྱལ་པོ་ངོ་མཚར་སྐྱེས་ནས་སུ༔ ཟས་སྣ་ཁྱད་འཕགས་བདུན་གྱི་སྐྱེམས་བཟང་དྲངས༔ བློན་འཁོར་རྣམས་ལ་རྗེ་ཡིས་འདི་སྐད་གསུངས༔ ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ལོ་ཙཱར་ལུང་བསྟན་བུ་དེ་འདི་ཡིན་འདུག༔ སྦ་མི་ཁྲི་བཞེར་འདི་ལ་གཏམ་དྲིས་གསུངས༔ དེ་ནས་བློན་པོས་བྱིས་པ་ཆུང་ངུ་ཁྱོད༔ ཕ་མ་ཡོད་དམ་གར་སོང་སྨྲས་པ་དང༔ ང་ཡི་ཕ་ནི་ཚོང་དུས་ཤ་ཉོར་སོང༔ མ་ནི་ཏིལ་མར་ཉོ་རུ་སོང་བ་ཡིན༔ ཞག་གསུམ་ཚུན་ཆད་ལོ་གསར་བྱེད་དགོས་ཟེར༔ རྒྱལ་པོས་བུ་ཁྱོད་འདི་རུ་ཅི་ལ་སྡོད༔ ང་ཡི་ཕྱི་ལ་འགྲོ་དགོས་ཆོས་ཤིག་སྨྲས༔ ཕ་མ་གཉིས་ཀའི་བཀའ་ཡིས་གནང་ཐོབ་ནས༔ ཁྱོད་ཀྱི་རྟ་མཇུག་བསྐྱོན་དང་འགྲོ་ཆོག་ཟེར༔ དམ་ཆོས་སྒྲ་སྒྱུར་ལོ་ཙཱ་ཤེས་སམ་དྲིས༔ ད་ལྟ་མི་ཤེས་བསླབ་ན་ཤེས་ཡོང་ཟེར༔ ཐག་རིང་ལམ་དུ་ཁྱོད་འགྲོ་ཨེ་ནུས་དྲིས༔ ཕ་མས་གནང་ན་གར་ཡང་འགྲོ་ནུས་ཟེར༔ རྒྱལ་པོ་དགྱེས་ནས་རྟེན་འབྲེལ་ལེགས་འགྲིགས་འདུག༔ བུ་འདི་ད་ལྟ་སྔོན་ལ་ཁྲིད་སོང་དང༔ ང་ཡིས་གཏམ་བཤད་རིན་སྦྱིན་འོང་གི་གསུང༔ གན་ཇག་ཐང་ཏས་རྗེ་ལ་ལན་བཏབ་པ༔ ཕ་མར་མ་དྲིས་སྔོན་ལ་འགྲོ་མི་ཕོད༔ འཐེན་དང་ད་ལྟ་སླེབ་ནས་འོང་གི་ཟེར༔ རྒྱལ་པོས་བདེན་གསུངས་ཡུན་ཅིག་བཞུགས་པ་ལ༔ པ་གོར་ཧེ་འདོད་ཤ་དང་ཆང་ཁུར་ནས༔ བྲན་བཟའ་སྒྲོན་སྐྱིད་ཏིལ་མར་ཁུར་ནས་བྱུང༔ རྒྱལ་པོའི་ཞལ་ནས་ཁྱེ་འུ་ཆུང་ཁྱོད་ཀྱི༔ ཕ་མ་གཉིས་ཀ་འདི་དེ་རེད་དམ་སྨྲས༔ དེ་ཀ་རེད་ཟེར་རྒྱལ་པོ་དགྱེས་ནས་སུ༔ པ་གོར་ཧེ་འདོད་འདི་རུ་ཤོག་དང་གསུང༔ དགའ་ཞིང་དྲུང་དུ་ཕྱིན་ནས་ཞབས་སྤྱིར་བླང༔ རྗེ་ཉིད་འདིར་བྱོན་ཞབས་དོན་ཅི་བདོག་ཞུས༔ རྗེ་ཡི་ཞལ་ནས་པ་གོར་ཧེ་འདོད་ལགས༔ ང་ལ་འདིར་འོང་ཅིའང་དོན་གཞན་མེད༔ ཁྱོད་ཀྱི་བུ་ཆུང་གན་ཇག་ཐང་ཏ་འདི༔ རྒྱ་གར་ཡུལ་དུ་དམ་ཆོས་མང་བཞུགས་པས༔ བོད་དུ་བསྒྱུར་ཕྱིར་ང་ཉིད་སློང་དུ་འོང༔ རིག་འཛིན་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཁྱོད་ཀྱི་བུ་འདི་མིན་པས་མི་འོང་གསུངས༔ རྒྱལ་བའི་བཀའ་གནང་འཕགས་པའི་ལུང་གིས་གྲུབ༔ ང་ལ་སྦྱིན་དང་ཅི་དགོས་རིན་སྟེར་གསུང༔ པ་གོར་ཧེ་འདོད་ཤིན་ཏུ་འཇིགས་སྐྲག་ནས༔ ཆོས་རྒྱལ་ཆེན་པོ་དེ་སྐད་གསུང་མི་འཚལ༔ ཕ་མ་གཉིས་ལ་སྙིང་བརྩེ་གཅིག་པུ་འདི༔ ཡུལ་ཕྱོགས་གཞན་གཏོང་སུ་ཡི་སྙིང་ལ་ཕོད༔ བྱིས་པ་ལོ་བརྒྱད་ལས་ནི་མ་ལོན་པ༔ རྒྱ་གར་ཡུལ་དུ་བགྲོད་པར་ག་ལ་འགྱུར༔ ཕལ་པའི་གཏམ་ཡང་འདི་ཡིས་བཤད་མི་ཤེས༔ དབང་པོ་ངན་ཅིང་ཤེས་རབ་ཤིན་ཏུ་ཞན༔ སང་ཀྲྀ་ཏ་ཡི་སྐད་བསྒྱུར་ག་ལ་ཤེས༔ ངེད་ཅག་ཕ་མ་གཉིས་ཀྱང་རྒས་འཁོག་ཅིང༔ བུ་ནི་གཞན་མེད་བློ་གཏད་སུ་ལ་འཆའ༔ བསད་ཀྱང་མི་འབུལ་རྒྱལ་པོའི་ཐུགས་དགོངས་ལྷོད༔ དེ་སྐད་ཞུས་པས་རྗེ་ཡི་ཞལ་ནས་སུ༔ པ་གོར་ཧེ་འདོད་དེ་སྐད་མ་ཟེར་ཅིག༔ ཁྱོད་ཀྱི་བུ་འདི་ད་ལྟ་ལོ་གཞོན་ཡང༔ ན་ཚོད་མ་དར་བར་དུ་གཏོང་རྒྱུ་མིན༔ དབང་པོ་ཤེས་རབ་བློ་རྩལ་ཞན་ན་ཡང༔ གུ་རུའི་བཀའ་ལ་བསླུ་བ་ཡོད་མི་སྲིད༔ ལོ་ཟླ་རེ་བཞིན་ཤེས་རབ་སྐྱེད་ཆེར་འཕེལ༔ ཕ་མ་གཉིས་ལ་སྙིང་བརྩེ་གཞན་མེད་པ༔ དེ་ཀ་བདེན་ཡང་སྐྱིད་སྡུག་ངས་ཤེས་གསུངས༔ བཙན་པོའི་ཐབས་ཀྱིས་བུ་དེ་རྟ་ལ་བསྐྱོན༔ རྐང་མགྱོགས་ཉི་ཤུའི་དཀྱིལ་བཅུག་སྔོན་ལ་བཏང༔ གསེར་དང་དངུལ་གྱི་དོང་རྩེ་སྟོང་ཕྲག་རེ༔ རྟ་བརྒྱ་དྲེལ་བརྒྱ་མཛོ་བརྒྱ་འབྲི་བརྒྱ་དང༔ ཇ་དར་གོས་ཡུག་རས་ཡུག་སྟོང་ཕྲག་རེ༔ པ་གོར་ཧེ་འདོད་ཡབ་ཡུམ་གཉིས་ལ་བྱིན༔ ཆོས་རྒྱལ་ཞལ་ནས་ཡབ་ཡུམ་དབུགས་དབྱུང་བ༔ ཁྱོད་གཉིས་མྱ་ངན་སྡུག་བསྔལ་མ་བྱེད་པར༔ བུ་ཡི་ཕྱི་ལ་ཉེ་བའི་ས་རུ་འགྲོ༔ ང་ཡིས་བྱམས་ཤིང་བརྩེ་བས་སྐྱོང་ངོ་གསུང༔ དེ་ནས་ཡབ་ཡུམ་གཉིས་ཀྱང་རྗེས་སུ་འབྲང༔ ཡར་ཀླུང་ཟོ་བ་ཐང་དུ་བཞག་ནས་སུ༔ གན་ཇག་ཐང་ཏ་བསམ་ཡས་དབུ་རྩེར་ཕེབས༔ བཻ་རོའི་རྣམ་ཐར་པདྨའི་དགའ་ཚལ་ལས༔ བོད་ཀྱི་ཡུལ་དུ་སྤྱན་དྲངས་པའི་ལེའུ་སྟེ་བཞི་པའོ༔ ༔དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས༔ བསམ་ཡས་དབུ་རྩེའི་བར་ཁང་ཆེན་མོ་རུ༔ གསེར་གྱི་ཁྲི་ལ་སློབ་དཔོན་བཞུགས་གསོལ་མཛད༔ དངུལ་གྱི་ཁྲི་ལ་མཁན་ཆེན་བོ་དྷི་བཞུགས༔ གབ་རྩེ་སུམ་བརྩེགས་གན་ཇག་ཐང་ཏ་བཞུགས༔ གསེར་དངུལ་གཡུ་དང་བྱེ་རུའི་མཎྜལ་ཕུལ༔ བོད་དུ་དམ་ཆོས་གསུང་པའི་ཞུ་བ་ཕུལ༔ སློབ་དཔོན་ཆེན་པོས་འཇམ་དཔལ་རིག་གཏད་གསུང༔ དོན་རྣམས་གན་ཇག་ཐང་ཏའི་བློ་ལ་ཆུད༔ བོ་དྷི་སཏྭས་གསོ་རིག་གསུངས་པ་དང༔ དེས་ཀྱང་དོན་རྣམས་མ་ལུས་ཁོང་དུ་ཆུད༔ དེ་ནས་སྒྲ་སྒྱུར་བསླབ་པའི་ཐོག་མར་ནི༔ འཇམ་དཔལ་རྣོན་པོ་སྒྱུ་འཕྲུལ་དྲྭ་བའི་རྒྱུད༔ ཡེ་ཤེས་སྙིང་པོ་སྒྱུ་འཕྲུལ་གཅིག་པའི་རྒྱུད༔ གསང་སྔགས་ཐབས་ལམ་མདོར་བསྡུས་ལ་སོགས་པ༔ བོད་དུ་སྒྱུར་ཞིང་ལོ་ཙཱ་ཤེས་པར་གྱུར༔ མིང་ཡང་བཻ་རོ་ཙ་ན་ཞེས་སུ་གྲགས༔ ལོ་བདུན་བར་དུ་བསམ་ཡས་དབུ་རྩེར་བཞུགས༔ ཁྲི་སྲོང་ལྡེའུ་བཙན་སྲས་ཀྱི་སྐལ་བ་མཛད༔ བཻ་རོའི་རྣམ་ཐར་པདྨའི་དགའ་ཚལ་ལས༔ གན་ཇག་ཐང་ཏ་དང་མཁན་སློབ་ཆོས་གསུམ་མཇལ་འཕྲད་མཛད་ཅིང་ཆོས་བསྒྱུར་བའི་ལེའུ་སྟེ་ལྔ་པའོ༔ ༔དེ་ནས་མཁན་སློབ་ཆོས་རྒྱལ་རྣམ་གསུམ་པོ༔ བཻ་རོ་ཙ་ན་བཙུན་མོ་བློན་འབངས་བཅས༔ བསམ་ཡས་ཧས་པོ་རི་ཡི་རྩེ་མོར་བྱོན༔ དགའ་སྟོན་ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་བསྐོར༔ དེ་ནས་གུ་རུ་པདྨས་བཀའ་བསྩལ་པ༔ རྗེ་ཡི་གཙོར་བྱས་ཐམས་ཅད་གསོན་མཛོད་དང༔ རང་འདོད་ལྟ་བུའི་ཆོས་བཤད་གོ་མི་ཆོད༔ མཁན་ཆེན་ཉིད་དང་བདག་གིས་བསྒྱུར་པའི་ཆོས༔ སྒྲོ་འདོགས་གཅོད་ཕྱིར་བཻ་རོ་ཙ་ན་དང༔ གཞན་ཡང་ལོ་ཙཱ་ཤེས་རྣམས་རྒྱ་གར་གཏང༔ མཁན་པོས་ལེགས་གསུང་ཆོས་རྒྱལ་ཞལ་ན་རེ༔ ང་ནི་མཁན་སློབ་གཉིས་ལ་རྩེ་གཅིག་འདུན༔ སྒྲོ་འདོགས་མ་ཆོད་དོགས་པ་གང་ཡང་མེད༔ བདག་གི་བུ་གཅིག་བཻ་རོ་ཙ་ན་ཡང༔ ད་ལྟ་ལོ་གཞོན་སྒྲ་སྒྱུར་གཅིག་པུ་འདི༔ རྒྱ་གར་བཏང་ན་ས་ལམ་ཆོད་དཀའ་བས༔ རེ་ཞིག་བར་དུ་མཁན་སློབ་རྣམ་གཉིས་ཀྱིས༔ ཡང་དག་དམ་ཆོས་ཟབ་མོ་གསུང་བར་ཞུ༔ དེ་ལ་བོ་དྷི་སཏྭས་བཀའ་བསྩལ་པ༔ ཆོས་རྒྱལ་ཆེན་པོ་ལེགས་པར་བདག་ལ་གསོན༔ ཁྱོད་མིན་གཞན་ཡང་འགྲོ་རྣམས་ཡིད་ཆེས་ཕྱིར༔ བུ་འདི་རྒྱ་གར་རྡོ་རྗེ་གདན་དུ་བརྫངས༔ མདོ་སྔགས་གཉིས་ལྡན་བསྟན་པ་བོད་དུ་བསྒྱུར༔ ཡངས་པའི་རྒྱལ་ཁམས་དམ་པའི་ཆོས་ལ་ཚུད༔ བཻ་རོ་ཕྱིན་ན་ལམ་ལ་བར་ཆད་མེད༔ ཡང་ཟབ་ཁྱད་འཕགས་དམ་པའི་ཆོས་མང་ལོན༔ དེ་སྐད་གསུངས་པས་རྒྱལ་པོ་རབ་དགྱེས་ནས༔ བཻ་རོ་ཙ་ན་གཙང་སྔོན་ལེགས་གྲུབ་སོགས༔ དཔོན་གཡོག་བཞི་བཅས་རྒྱ་གར་ཡུལ་དུ་ཆས༔ གསེར་ཕྱེ་བྲེ་ཁལ་ལྔ་བཅུ་རྩ་གཅིག་དང༔ དངུལ་གྱི་དོང་ཙེ་སྟོང་ཕྲག་བདུན་རེ་བཅས༔ བརྫངས་ཏེ་མཁན་སློབ་ཆོས་རྒྱལ་རྣམ་གསུམ་གྱིས༔ སྨོན་ལམ་དང་བཅས་ཤུལ་ལམ་ཞུགས་པར་གྱུར༔ ལམ་དུ་བཻ་རོ་ཙ་ནས་བསམ་པ་ལ༔ སྔོན་གྱི་སྨོན་ལམ་མཐུ་ཞིག་ཡོད་སྲིད་ན༔ རྒྱ་གར་ཡུལ་དུ་ཕྱིན་ཀྱང་ལམ་བགྲོད་འགྱུར༔ བག་ཆགས་བཟང་པོ་སྔོན་དུ་སོང་ཡིན་ན༔ ཡང་དག་དམ་པའི་ཆོས་ཀྱང་ལོན་པར་སྲིད༔ ལས་དབང་བཙན་པོའི་ཤུགས་ཤིག་ཡོད་སྲིད་ན༔ རྒྱ་གར་པཎྜི་ཏ་དང་འཕྲད་ཀྱང་སྲིད༔ དེ་སྔོན་ཤེས་པའི་ཆོས་ལ་བདེན་ཡོད་ན༔ བདག་གི་བསམ་པ་ཆོས་བཞིན་འགྲུབ་པར་ཤོག༔ སྨོན་ལམ་བཏབ་ནས་རྒྱ་གར་ཡུལ་དུ་སོང༔ བལ་བོད་གཉིས་ཀྱི་མཚམས་སུ་བསླེབས་པ་དང༔ གྲོ་འདེབ་ཇ་ཆུ་བཙལ་བས་མ་རྙེད་ཅིང༔ ས་སྟོང་མུན་རུབ་གྲོང་ཁྱེར་གཞན་ཡང་མེད༔ ལེགས་གྲུབ་ན་རེ་ད་ནི་ས་མི་བགྲོད༔ འདི་རུ་ཉལ་དང་སང་ཞོགསཆུ་ཡང་རྙེད༔ དེ་སྐད་ཟེར་ཞིང་པདྨའི་ཚལ་དུ་ཉལ༔ བཻ་རོའི་ཞལ་ནས་རྒྱ་བོད་གཏམ་དཔེ་ལ༔ ཐག་རིང་མགྲོན་པོའི་གྲོས་ཁ་མ་བསྟུན་ན༔ བྱ་རོག་འུག་པ་བྱང་དུ་ཐུག་དང་འདྲ༔ དེ་ལྟར་མི་བྱེད་ཅི་གསུང་ལེགས་འདུག་གསུངས༔ བཻ་རོས་གཟིགས་པས་མདའ་རྒྱང་གཉིས་ཀྱི་སར༔ མེ་འབར་དུ་བ་ཕྱུར་ཕྱུར་འདུག་པ་མཐོང༔ ལེགས་གྲུབ་ལ་སོགས་གྲོགས་པོ་ཀུན་གསོན་དང༔ འདི་ནས་ཡར་ལ་མི་རིང་ཉེ་བའི་སར༔ མེ་ཞིག་འབར་འདུག་ཅི་ཡིན་ལྟོས་དང་གསུངས༔ གཡོག་པོ་གཉིས་ཀྱིས་བལྟ་རུ་ལངས་འགྲོ་ཟེར༔ ལེགས་གྲུབ་ན་རེ་ཚོང་པ་ཁྱུ་གཅིག་ཡིན༔ མཚན་འགྲོས་བྱས་ན་ཁྱི་ཡིས་གསོན་པོར་ཟ༔ སྐད་སྒྲ་མ་ཆེ་ཁ་རོག་ཉོལ་སྡོད་ཟེར༔ བཻ་རོས་ཐུགས་ལ་གང་ཡིན་བལྟ་དགོངས་ནས༔ སྒོམ་རྟེན་དཀྲོལ་ནས་ཤུར་ཤུར་ཕྱིན་པ་དང༔ མེ་ནི་ཇེ་ཆུང་འོད་ནི་ཇེ་ཆེར་སོང༔ ཐུགས་དོགས་ཟོས་ནས་ཕྱིར་ལོག་སྙམ་པ་དང༔ ལེགས་གྲུབ་སྡོད་ཟེར་མ་ཉན་ང་རང་འོང༔ ད་ནི་མི་ལོག་རྣམ་རྟོག་འདྲེ་ཡིན་ལ༔ འདྲེ་འདི་སེམས་དང་འདྲེས་ན་བཻ་རོ་མིན༔ དེ་སྐད་སེམས་ལ་ཡི་གེར་བྲིས་ནས་སུ༔ ཆོས་ཉིད་ཀློང་དུ་དར་གཅིག་མཉམ་པར་བཞག༔ དེ་ནས་བལྟས་པས་འོད་ཀྱི་གོང་བུ་ཞིག༔ པདྨའི་ཚལ་ཀུན་འོད་ཀྱིས་གང་བར་མཐོང༔ དེ་རུ་ཕྱིན་པས་ཉ་མོ་ཆེ་གཉིས་ནི༔ སྐམ་ལ་ཕྱུང་ནས་ལིང་ལིང་འཕར་གྱིན་འདུག༔ བཻ་རོས་ཐུགས་ལ་འདི་འདྲའི་ངོ་མཚར་བ༔ ས་ཕྱོགས་འདི་ན་ཆུ་ནི་མི་འདུག་པས༔ ཉ་མོ་འདི་གཉིས་ཡོང་བར་མི་སྲིད་པས༔ འདི་དེ་བཟང་ངན་གཉིས་ཀྱི་དབྱེ་བར་དཀའ༔ ཡང་དག་ཟབ་མོའི་དམ་ཆོས་བཙལ་བ་ལ༔ བར་ཆད་ཡིན་སྲིད་ཐུགས་དམ་ལ་བཞུགས་དགོངས༔ རིག་སྔགས་རྡོ་རྗེ་འཆང་གི་ཏིང་འཛིན་ལ༔ བཞུགས་ཏེ་ཕྱག་མཁར་ཉ་ཡི་སྐེད་ལ་བཙུགས༔ མཚོ་སྨན་དེ་ཕུར་མཆེད་གཉིས་ཡིན་པར་ཤེས༔ བཻ་རོས་མི་འཇིགས་བཞི་ཡི་མགུར་འདི་གསུང༔ ལྟ་བ་ཡེ་ཤེས་ཀ་དག་བཻ་རོ་ང༔ མ་རིག་འཁྲུལ་པ་བག་ཆགས་འཐུག་པོ་དང༔ ལྷ་འདྲེ་གཉིས་འཛིན་རྣམ་པར་རྟོག་པ་འགྱུ༔ རྟག་ཆད་གཉིས་ཀྱི་འཕྲང་ལ་ང་མི་འཇིགས༔ བསྒོམ་པ་རང་གྲོལ་བཻ་རོ་ཙ་ན་ང༔ བསྐྱེད་རིམ་སྣང་སྟོང་ལྷ་སྐུ་ཆུ་ཟླའི་གར༔ དངོས་པོ་གདོས་གཟུགས་མཚན་མའི་སྐྱོན་དང་བྲལ༔ གཉིས་སྣང་ཆོ་འཕྲུལ་འཕྲང་ལ་ང་མི་འཇིགས༔ སྤྱོད་པ་བརྟུལ་ཞུགས་རྩལ་འཆང་བཻ་རོ་ང༔ རེ་དང་དོགས་པ་དགའ་དང་སྡུག་བསྔལ་བྲལ༔ སྲིད་གསུམ་ཞིག་ཀྱང་ཡེ་ཤེས་རྡོ་རྗེ་ལ༔ སྐྱེ་འཆིའི་འཇིགས་བྲལ་གཞན་ལ་ང་མི་འཇིགས༔ འབྲས་བུ་སྐུ་བཞི་ལྷུན་གྲུབ་བཻ་རོ་ང༔ ངོ་བོ་རྣམ་པར་དག་པ་ཆོས་ཀྱི་སྐུ༔ རང་གསལ་ལོངས་སྐུ་ཐུགས་རྗེ་སྤྲུལ་པའི་སྐུ༔ འཁོར་འདས་ཡེ་གྲོལ་སུ་ལའང་ང་མི་འཇིགས༔ འཁྲུལ་རྟོག་ཡིད་གཟུགས་མཚོ་སྨན་མཆེད་གཉིས་ཁྱོད༔ བར་ཆད་མ་བྱེད་བཀའ་དང་དམ་ཚིག་སྲུངས༔ སྤྲང་པོ་བཻ་རོ་རྒྱ་གར་འགྲོ་བ་ལ༔ ནོར་མེད་ཙ་ན་ཁྱོད་ལ་དངོས་གྲུབ་ཞུ༔ དེ་སྐད་བཀའ་བསྩལ་ཧཱུྃ་སྒྲ་དྲག་པོ་གསུངས༔ མཚོ་སྨན་བྲེད་སྔངས་ཉ་གཉིས་འབྲུག་ཏུ་སྤྲུལ༔ ནམ་མཁར་འཕུར་ནས་ངར་སྒྲ་ལྡིར་ལྡིར་འབྱིན༔ བཻ་རོ་དངོས་ཀྱིས་སེང་གེ་གཉིས་སུ་སྤྲུལ༔ སྡང་མིག་བགྲད་པས་འབྲུག་གཉིས་ས་ལ་ལྷུང༔ བུ་མོ་མཛེས་མ་གཉིས་སུ་གྱུར་ནས་སུ༔ རིག་སྔགས་འཆང་ཆེན་བཻ་རོ་ཙ་ན་ལགས༔ དམ་ཆོས་བཙལ་ན་བར་ཆད་བྱེད་མི་ཕོད༔ དགོངས་པ་ཀློད་དང་ཅི་བགྱིས་བྲན་དུ་མཆི༔ ཞེས་ཟེར་གསེར་ཕྱེ་ལྷུང་བཟེད་གང་ཕུལ་ནས༔ སྲོག་སྙིང་ཕུལ་ཞིང་ཁས་བླངས་དམ་ལ་བཏགས༔ བཻ་རོས་གཟིགས་པས་ས་ཕྱོགས་ཐམས་ཅད་ཀུན༔ རྒྱ་མཚོ་དང་ནི་ཆུ་ཕྲན་དག་གིས་གང༔ ཁར་སང་ཡུལ་འདིར་ཆུ་ཡི་མིང་ཡང་མེད༔ དེ་རིང་ཡུལ་ཀུན་རྒྱ་མཚོ་འཁྱིལ་འདུག་པས༔ མཚོ་སྨན་གཉིས་ཀྱིས་ཆུ་བསྐུང་ཡིན་པར་ངེས༔ ལེགས་གྲུབ་ལ་སོགས་གྲོགས་རྣམས་གར་ཡོད་སྙམ༔ བཙལ་དུ་ཕྱིན་པས་པདྨའི་ཚལ་དུ་འདུག༔ ཕྱོགས་མཚམས་མ་ལུས་ཆུ་ཡིས་གང་བ་ལ༔ ངོ་མཚར་རབ་སྐྱེས་བཻ་རོས་ལོ་རྒྱུས་གསུངས༔ ལྷུང་བཟེད་གསེར་གྱིས་བཀང་བ་བསྟན་པ་ཡིས༔ ཤིན་ཏུ་དགའ་ཞིང་ངོ་མཚར་མཆོག་ཏུ་གྱུར༔ བཻ་རོའི་རྣམ་ཐར་པདྨའི་དགའ་ཚལ་ལས༔ མཚོ་སྨན་མཆེད་གཉིས་ཀྱིས་ཆུ་བསྐུང་ཞིང་དམ་བཏགས་དངོས་གྲུབ་བརྙེས་པའི་ལེའུ་སྟེ་དྲུག་པའོ༔ ༔དེ་ནས་ཞགསཔོ་སུམ་ཅུ་རྩ་ལྔ་ནས༔ རྒྱ་གར་བལ་པོ་གཉིས་ཀྱི་མཚམས་སུ་སླེབས༔ ལྗོན་པའི་ནགས་ཚལ་ཆེན་པོ་ཞིག་ཏུ་ཕྱིན༔ ཨ་ཙ་ར་ཞིག་ཤིན་ཏུ་རྒྱུག་ཅིང་འོང༔ ལག་ན་ཤྭ་ཡི་རྡེའུ་གསུམ་ཐོགས་ནས༔ དྷར་བི་སུ་ལ་ཨར་སིང་ན་ཡ་ཟེར༔ སྐད་ནི་མ་གོ་མཉམ་དུ་བསྡོངས་ནས་ཕྱིན༔ རེ་ཞིག་ལོན་པའི་དུས་སུ་པདྨའི་ཚལ༔ བཻ་རོ་མནལ་དུ་འཐུམས་པའི་རྨི་ལམ་ལ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཡིན་ཟེར་བའི༔ ལྕགས་ཀྱི་སྤྱང་ཀི་ཁ་ནས་མེ་འབར་བ༔ འཇིགས་སུ་རུང་བ་གཅིག་བྱུང་འདི་སྐད་ཟེར༔ བོད་ཀྱི་བནྡེ་བླུན་རྨོངས་མགོ་འཁོར་ཁྱོད༔ ཡང་དག་ཆོས་ཤིག་བཙལ་བར་འགྲོ་ཡིན་ན༔ ཨ་ཙར་འདི་དང་གྲོགས་འགྲོགས་ག་ལ་རུང༔ འདི་ཡི་ཡུལ་ནི་སྲིན་པོའི་གླིང་ཡིན་པས༔ མི་རྣམས་སུ་བྱུང་གསོན་པོར་ཟ་བའི་ས༔ གཡས་ཀྱི་ལུང་པ་བལ་ཡུལ་ཤུ་ཕུ་ཞེས༔ དེ་རུ་ཕྱིན་ན་རྒྱ་གར་བགྲོད་པའི་ལམ༔ དམ་ཆོས་ལ་ཡང་ཐེག་པ་རིམ་པ་དགུ༔ གང་ཟག་དབང་པོ་རབ་འབྲིང་ཐ་མར་བསྟུན༔ འཆད་པའི་པཎྜི་ཏ་ཡང་དེ་བཞིན་ནོ༔ ཆོས་ཀྱི་མཆོག་གྱུར་དབང་པོ་རབ་དང་བསྟུན༔ མ་ཧཱ་ཡོ་ག་ཨ་ནུ་ཨ་ཏི་དང༔ སྤྱི་ཏི་ཡང་ཏི་ཡོངས་རྫོགས་མཐའ་ཆེན་པོ༔ པཎ་གྲུབ་མཆོག་གྱུར་རིག་འཛིན་ཤྲཱི་སིཾ་ཧ༔ ཨོ་རྒྱན་སློབ་དཔོན་ཆེན་པོ་པདྨ་འབྱུང༔ ཁ་ཆེའི་པཎ་ཆེན་བི་མ་མི་ཏྲ་གསུམ༔ རྩེ་མོ་བྱུང་རྒྱལ་རྫོགས་པ་ཆེ་ལ་མཁས༔ དེ་ཕྱིར་བུ་ཁྱོད་འདི་གསུམ་བླ་མར་བསྟེན༔ གཞན་ཡང་རྒྱ་གར་མཁས་གྲུབ་ཐམས་ཅད་ལ༔ གདམས་ངག་མང་ཞུས་བཟང་ངན་དབྱེ་མ་ཕྱེ༔ མི་མཁོ་བ་ཞིག་རྒྱལ་བས་མི་གསུངས་ཀྱིས༔ དེས་ན་དབང་པོས་ཁྱབ་ཚད་ཡིད་ལ་ཆོངས༔ རྒྱ་གར་ཡུལ་མི་བསྟན་པའི་སྦྱིན་བདག་གིས༔ ཆོས་ལ་ཤ་ཚ་ཕྲག་དོག་བྱེད་སྲིད་པས༔ ཆོས་བསྒྱུར་ཡིན་ཟེར་མ་བསྒྲག་གསང་རྒྱ་སྡོམས༔ ང་ཡིས་ཁྱོད་ལ་རྟག་ཏུ་མགོན་སྐྱོབ་བྱེད༔ ཅེས་ཟེར་ནམ་མཁའི་དབྱིངས་ལ་འཕུར་ནས་སོང༔ གཉིད་སད་ཙ་ན་གྲོགས་པོ་རྣམས་ལ་བཤད༔ དེ་ལྟར་བྱ་ཟེར་གཡས་ལུང་ནང་དུ་སོང༔ རྒྱ་གར་འཕགས་པའི་ཡུལ་དུ་ས་ལམ་བགྲོད༔ པཎ་ཆེན་མཁས་པ་གང་དག་སུ་ཡོད་དྲིས༔ རྒྱལ་པོའི་བླ་མཆོད་པཎ་ཆེན་ལྔ་བརྒྱའི་ནང༔ མཁས་གྲུབ་མཆོག་ཆེན་བི་མ་མི་ཏྲ་དང༔ ཧཱུྃ་ཆེན་ཀ་ར་ཤཱཀྱ་ནཱི་ལ་གསུམ༔ ཉི་འོག་ས་སྟེང་འགྲན་ཟླ་མེད་ཅེས་ཟེར༔ དེ་ནས་ཡང་ཕྱིན་རྫ་མཁན་ཞིག་ལ་དྲིས༔ རིག་འཛིན་ཆེན་པོ་ཤྲཱི་སེང་ཧ་ནི༔ གང་དང་འགྲན་མེད་དེ་ནས་བི་མ་ལ༔ གཞན་ཡང་མཁས་གྲུབ་ཁོ་ན་མ་གཏོགས་པ༔ ཕལ་པ་ཆོས་གྲྭ་ཕྱིན་ན་རྒྱལ་ཁྲིམས་གཅོད༔ གང་ལྟར་ཡིན་ཡང་མཁས་པ་ཡིན་ནོ་ཟེར༔ དེ་ནས་རྒྱལ་པོའི་བླ་མཆོད་ལྔ་བརྒྱའི་ནང༔ པཎ་ཆེན་བི་མ་མི་ཏྲ་ཉིད་ལ་གཏུགས༔ གསུང་ནི་མ་གོ་སྐུ་ལ་དད་མོས་སྐྱེས༔ གསེར་ཕྱེ་བྲེ་གསུམ་གསེར་གྱི་པ་ཏྲ་གཅིག༔ ཏ་ལའི་ལོ་མར་སྒྲ་འདི་བྲིས་ནས་ཕུལ༔ དྷརྨ་ཛྙཱ་ན་སིདྡྷི་ཕ་ལ་ཧོ༔ གུ་རུ་རཏྣ་ཨ་ཏི་པ་ཤཾ་ཧཱུྃ༔ བི་མས་གཟིགས་ནས་བཞད་ཅིང་ཕྱག་རྡེབ་མཛད༔ དྷརྨ་པྲ་ཛྙཱ་ཛྙཱ་ན་སིདྡྷི་བྷྲཱུྃ༔ ཨ་ལ་ལ་ཧོ་ཀཱ་མ་དཱ་ན་ཧི༔ ཞེས་པའི་སྒྲ་དེ་བསྒྱུར་ན་འདི་ལྟ་སྟེ༔ ཆོས་ཀྱི་ཤེས་རབ་ཡེ་ཤེས་དངོས་གྲུབ་མཛོད༔ དེ་ལྟར་ཞུ་བ་སྟེར་ཆོག་ངོ་མཚར་ཆེ༔ ཞེས་པའི་བརྡའ་གོ་རེ་ཞིག་བསྡད་པ་ལ༔ བི་མ་མི་ཏྲས་འདི་རུ་ཤོག་དང་གསུང༔ ཁྱོད་ཀྱི་མིང་ནི་ཅི་ཟེར་རིགས་གང་ཡིན༔ ཨོ་རྒྱན་པདྨ་འབྱུང་གནས་ངོ་ཤེས་སམ༔ ཟ་ཧོར་མཁན་པོ་བོ་དྷི་སཏྭ་ཉིད༔ ད་ལྟ་གར་བཞུགས་ཆོས་ཅི་སྟོན་འདུག་དྲིས༔ ང་ཡི་མིང་ནི་བཻ་རོ་ཙ་ན་ཡིན༔ རིགས་ནི་ཕལ་པ་བདག་པོ་བོད་ཀྱི་ཡུལ༔ འཇམ་དབྱངས་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་ཡིན༔ ཨོ་རྒྱན་པད་འབྱུང་བྷོ་དྷི་སཏྭ་གཉིས༔ ད་ལྟ་བོད་བཞུགས་ང་ཡི་བླ་མ་ཡིན༔ གསང་སྔགས་ཕྱི་ནང་ཟབ་ཆོས་མང་པོ་བསྒྱུར༔ ལོ་ཙཱ་ང་ཡིན་སྒྲོ་འདོགས་གཅོད་ཕྱིར་དུ༔ མཁན་སློབ་གཉིས་དང་རྒྱལ་པོས་བཏང་བ་ཡིན༔ བདག་ལ་ཐུགས་རྗེའི་བརྩེ་བས་རབ་དགོངས་ནས༔ དོན་དམ་ཟབ་ཆོས་ཡང་དག་སྟོན་པར་ཞུ༔ དེ་ལ་བི་མ་མི་ཏྲས་བཀའ་བསྩལ་པ༔ དབང་པོ་རྣོ་ན་ས་སྟེང་ཆོས་ཀྱིས་གང༔ སྣོད་དུ་གྱུར་ན་གསང་སྔགས་ཆོས་ཀྱང་ཡོད༔ བོད་ཀྱི་བནྡེ་བཻ་རོ་ཙ་ན་ཁྱོད༔ ང་དང་འཕྲད་པ་སྐྱེ་སྔོན་ཚོགས་རེ་བསགས༔ དང་པོ་སོ་ཐར་འདུལ་བ་མདོ་ཡི་སྐོར༔ སངས་རྒྱས་གསུང་འདི་རྩོད་མེད་ཡོངས་གྲགས་ཏེ༔ སྔོན་ལ་མདོ་བསྒྱུར་དེ་ནས་སྔགས་བསླབ་གསུང༔ ཐོག་མར་འདུལ་བ་ལུང་དང་བླ་མ་དང༔ བྱང་ཆུབ་སྤྱོད་མདོ་ངན་སོང་རྣམ་སྦྱོང་མདོ༔ ཡེ་ཤེས་སྙིང་པོ་དོན་ཡོད་ཞགས་པའི་མདོ༔ ལས་རྣམ་འབྱེད་དང་མདོ་སྡེ་ལས་བརྒྱ་པ༔ བཀའ་འདུས་དོན་ཡོད་ཞགས་རྒྱུད་གཞུང་བླ་མ༔ མདོ་སྔགས་འདྲེས་མ་རྩིས་སྨན་འདྲེས་མ་དང༔ ཆོས་བོན་འདྲེས་མ་ལ་སོགས་མང་དུ་བསྒྱུར༔ དེ་ནས་གསང་སྔགས་ཕྱི་ནང་ཡང་གསང་རྒྱུད༔ བྱ་སྤྱོད་རྣལ་འབྱོར་ཡོ་ག་བླ་མེད་རྒྱུད༔ ཀྲི་ཡོག་སྡེ་གསུམ་ཡོ་ག་སྡེ་གསུམ་དང༔ སྤྱི་ཏི་ཡང་ཏི་མཐའ་ཆེན་བྱུང་རྒྱལ་རྒྱུད༔ བཅུད་ལེན་སྣ་ཚོགས་གཏུམ་མོའི་རྩ་རླུང་རྣམས༔ མཚན་མར་བསྒྱུར་ཞིང་ལག་ལེན་གནད་དུ་བསྣུན༔ སེམས་སྡེ་བཅོ་བརྒྱད་ཀློང་སྡེ་མ་བུ་དང༔ མན་ངག་སྣ་ཚོགས་རྫོགས་ཆེན་ཆོས་སྐོར་དང༔ ངན་སྔགས་སྣ་ཚོགས་དྲག་སྔགས་ལས་སྦྱོར་བསྒྱུར༔ གཞན་ཡང་པཎ་གྲུབ་མཁས་པ་མང་པོའི་སར༔ རིག་གནས་སྣ་ཚོགས་ལག་ལེན་དང་བཅས་བསླབ༔ བཻ་རོའི་རྣམ་ཐར་པདྨའི་དགའ་ཚལ་ལས༔ རྒྱ་གར་ཡུལ་དུ་ཆོས་བསྒྱུར་བའི་ལེའུ་སྟེ་བདུན་པའོ༔ ༔དེ་ནས་ལོ་ཙཱ་བཻ་རོ་ཙ་ན་ཡིས༔ གཞན་ཡང་རྒྱ་གར་མཁས་པ་ཉི་ཤུ་བསྟེན༔ མཁས་ཤིང་གྲུབ་བརྙེས་བོད་དུ་འགྲོ་བར་ཆས༔ བི་མ་མི་ཏྲས་སྙིང་གཏམ་ཞིག་གསུངས་པ༔ ཆོས་བསྒྱུར་བསླབ་ན་ཕུལ་དུ་ཕྱིན་དགོས་པས༔ རེ་ཞིག་སྡོད་དང་རིམ་བཞིན་མཁས་ནས་འོང༔ བོད་དང་རྒྱ་གར་བར་ལམ་ས་ཐག་རིང༔ ནམ་ཡིན་མི་བགྲོད་ད་རེས་ལྷོད་དང་གསུང༔ གྲོགས་པོ་ལེགས་གྲུབ་ན་རེ་འདི་སྐད་ཟེར༔ ད་ནི་རང་ཕྱོགས་བོད་དུ་མ་སོང་ན༔ ཆོས་མཁས་ཆེ་ན་རྒྱ་གར་མི་རྣམས་ཀྱིས༔ བོད་དུ་མི་གཏོང་རང་གི་སྲོག་ལ་འོང༔ ཡུན་རིང་འགྱངས་ན་རྗེ་ཡིས་རྒྱལ་ཁྲིམས་གཅོད༔ ད་ནི་མི་འདུག་རང་གི་ཁྱིམ་འགྲོ་ཟེར༔ དེ་ལ་བཻ་རོ་ཙ་ནས་འདི་སྐད་གསུང༔ བླ་མའི་བཀའ་ནི་ཤིན་ཏུ་གཉན་པའི་ཕྱིར༔ སྐབས་ཤིག་སྡོད་དང་དེ་ནས་མཉམ་དུ་འགྲོ༔ འོ་ཅག་ཇི་ལྟར་མཁས་ཀྱང་རྒྱ་གར་ཡུལ༔ པཎྜི་ཏ་མང་མངོན་དུ་ག་ལ་འགྱུར༔ དེ་ལྟར་གསུངས་ཀྱང་མ་ཉན་སྔོན་ལ་སོང༔ བཻ་རོའི་སེམས་སྨད་ལྔ་སྦྱོང་བཞུགས་པ་ལ༔ ཉིན་གཅིག་དུས་ན་རྒྱལ་པོའི་གྲོང་ཁྱེར་ནས༔ བང་ཆེན་གསུམ་བྱུང་བི་མ་གདན་དྲངས་སོང༔ དེ་ནས་ཧཱུྃ་ཀ་ར་ཡི་དྲུང་དུ་ཕྱིན༔ རྫོགས་པ་ཆེན་པོ་ཡེ་ཤེས་གཅིག་པའི་རྒྱུད༔ ཐིག་ལེ་ཀློང་ཡངས་སེམས་རིག་ཤན་འབྱེད་བསྒྱུར༔ ཕྱི་ནང་འཁོར་འདས་རུ་ཤན་དབྱེ་བ་དང༔ རྒྱ་མཚོ་ཁྲུས་ལུང་སྨིན་བྱེད་དབང་བསྐུར་རྒྱུད༔ ཀློང་སྡེ་མ་བུ་མན་ངག་སྡེ་མང་བསྒྱུར༔ གཞན་ཡང་མཁས་གྲུབ་པཎ་ཆེན་མང་པོའི་སར༔ མདོ་སྔགས་ཕྱི་ནང་གསང་བའི་ཆོས་རྣམས་བསྒྱུར༔ ཁྱད་པར་རིག་འཛིན་ཤྲཱི་སིང་ཧ་ལས༔ རྫོགས་པ་ཆེན་པོའི་རྒྱུད་ལུང་མ་ལུས་ཞུས༔ མཁས་པའི་མཆོག་བརྙེས་བདེ་ཞིང་སྐྱིད་པ་ལ༔ དེ་ཚེ་ཡུལ་མི་ཀུན་གྱིས་དོགས་པ་ཟོས༔ བོད་ཀྱི་བནྡེ་འགའ་ཞིག་རྒྱ་གར་སོང༔ ཡང་དག་དམ་ཆོས་བོད་དུ་ཁྱེར་བར་གོ༔ གཅིག་ནས་གཉིས་གླེང་རེ་ཞིག་བཙུན་མོས་ཐོས༔ དེ་ཚེ་བློན་དང་གྲོས་བྱས་རྒྱལ་པོར་བསྒྲགས༔ དང་པོ་གཏམ་ཁུངས་མི་དེ་ཁྲིད་ཤོག་གསུང༔ རིམ་བཞིན་ཁྲིམས་ཀྱིས་རྩད་གཅོད་བྱས་པ་ཡིས༔ གྲོང་ཁྱེར་ཝར་ཏེ་ཞེས་བྱའི་གླིང་ཞིག་ན༔ ཁ་ཟས་བཙོང་བའི་ཆང་མ་ཞིག་འདུག་པས༔ དེ་ཡིས་ངས་གོ་བོད་ཕྲུག་འདི་རུ་བྱུང༔ ང་ལ་ཟས་ཉོས་གཏམ་དྲིས་ཆོས་བསྒྱུར་ཟེར༔ ཡི་གེའི་དཔེ་ཆ་མང་ཁུར་ཐལ་ལོ་སྨྲས༔རྒྱལ་བློན་གྲོས་བྱས་རྐང་མགྱོགས་མི་བདུན་བཏང༔ བོད་ཕྲུག་སོད་ལ་མགོ་སྙིང་ཁུར་ཤོག་ཟེར༔ རྐང་མགྱོགས་འོང་བ་ལེགས་གྲུབ་ཀྱིས་མཐོང་བས༔ ཤིང་ལྗོན་ཚལ་དུ་གབ་ནས་བསྡད་པ་ལ༔ རྐང་མགྱོགས་ཨ་ཙར་མངོན་ཤེས་ཕྲའུས་བརྟགས༔ བོད་ཕྲུག་འདི་རུ་སྔོན་ལ་སོང་མི་འདུག༔ གཅན་འཕྲང་བཀག་ན་བསླེབ་ནས་འོང་གི་ཟེར༔ དཔག་ཚད་གསུམ་ཕྱིན་འཕྲང་བཀག་གབ་ནས་ཉལ༔ མུན་རུབ་ཙ་ན་ལེགས་གྲུབ་ཕྱིན་པ་ལ༔ ལམ་དུ་འཕྲང་སྲུང་བ་དང་འཕྲད་ནས་བཅོམ༔ མགོ་བཅད་སྙིང་ཕྱུང་རྒྱལ་པོའི་དྲུང་དུ་ཕུལ༔ རྒྱལ་པོ་དོགས་པས་བློན་ལ་གྲོས་བྱས་ནས༔ དེ་མིན་གཞན་ཡང་བོད་ཕྲུག་ཡོད་སྲིད་པས༔ འཕྲང་སྲུང་མང་བཏང་ལམ་ཁ་དགག་དགོས་ཟེར༔ ཨ་ཙ་ར་ནི་ཉི་ཤུ་རྩ་ལྔ་དང༔ མི་གཞན་མང་མངགས་གཅན་འཕྲང་བ་རུ་བསྐོས༔ བཻ་རོ་ཙ་ནས་གཏམ་ཐོས་འཇིགས་སྐྲག་ནས༔ པཎྜི་ཏ་ལ་ཅི་དགོས་བློ་དྲིས་པས༔ བླ་མའི་བཀའ་བསྒྲུབ་མིག་བཞིན་བསྟེན་ཤེས་ན༔ ཐུགས་རྗེའི་མཐུ་ཡིས་འཇིགས་པ་གང་ཡང་སྐྱོབ༔ བསྟེན་མ་ཤེས་ཚེ་དཔེར་ན་གང་ཞིག་གིས༔ གྲུ་ལ་བརྟེན་ནས་ཆུ་ལས་སྒྲོལ་འདོད་ཚེ༔ ཐབས་མ་མཁས་ན་རང་གཞན་གཉིས་ཀ་ཕུང༔ སུ་ཞིག་བླ་མ་བསྟེན་ནས་བཀའ་བཅག་ན༔ ཕྱི་མ་ངན་ལྟུང་ད་ལྟ་བཀྲ་མི་ཤིས༔ བརྡ་དེ་གོ་བར་གྱིས་དང་བཻ་རོ་ཁྱོད༔ མཚན་ཉིད་ལྡན་པའི་བླ་མ་སྤྱི་བོར་བསྟེན༔ མི་འཇིགས་དཔའ་བའི་མན་ངག་གོ་ཁྲབ་གྱོན༔ ངན་སྔགས་སྤུ་གྲི་དམར་ནག་མཚོན་ཆ་ཐོགས༔ བདས་པས་མི་སླེབ་རྐང་མགྱོགས་དངོས་གྲུབ་སྒྲུབས༔ སུས་མི་མཐོང་བའི་སྒྲིབ་ཤིང་ལུས་ལ་ཆོངས༔ ཆོས་བསྒྱུར་མི་བརྗེད་པ་ཡི་གཟུངས་ཀྱིས་ཟུངས༔ མི་ཐུབ་པ་རྣམས་དཔེ་བྲིས་རྒྱབ་ཏུ་ཁུར༔ མ་སྲིང་མཁའ་འགྲོ་ཆོས་སྐྱོང་སྐྱེལ་མ་ཁྲིད༔ མདའ་འཕེན་ཤེས་ན་གར་ཡང་ཐོགས་པ་མེད༔ གཤོག་པ་ཡོད་ན་མཁའ་ལ་འཕུར་བ་སླ༔ མན་ངག་ཡོད་ན་སུ་ལ་འཇིགས་མི་སྲིད༔ གཞན་ཡང་བརྡའ་ཡི་ཚུལ་དུ་མང་པོ་གསུང༔ བཻ་རོས་ལེགས་སོ་དེ་ལྟར་སློབ་པར་ཞུས༔ པཎ་གྲུབ་རྣམས་ཀྱིས་མན་ངག་སྦྱིན་གསུངས་ནས༔ མི་བརྗེད་གཟུངས་སྒྲུབ་རྐང་མགྱོགས་སྒྲིབ་ཤིང་དང༔ མན་ངག་མང་བསླབ་བཻ་རོ་ཙ་ན་ཉིད༔ མི་འཇིགས་གདེང་ཐོབ་བོད་དུ་འགྲོ་བར་ཆས༔ བཻ་རོའི་རྣམ་ཐར་པདྨའི་དགའ་ཚལ་ལས༔ རྒྱ་གར་ཡུལ་དུ་ཆོས་བསྒྱུར་ཞིང་བོད་དུ་འབྱོན་པར་ཆས་པའི་ལེའུ་སྟེ་བརྒྱད་པའོ༔ ༔དེ་ནས་བི་མ་ལ་དང་ཧཱུྃ་ཀ་ར༔ ཤྲཱི་སིང་ཧ་གཞན་ཡང་པཎ་གྲུབ་ཀྱིས༔ བཻ་རོ་ཙ་ན་ཁྱོད་དང་གཞན་མི་མཉམ༔ ཐུགས་ཀྱི་སྲས་སུ་བྱིན་གྱིས་བརླབ་བོ་གསུང༔ ད་ནི་གདམས་ངག་ཡང་ཟབ་ཐམས་ཅད་ཀུན༔ ཁྱོད་ཀྱིས་ཐོབ་འདུག་ཤིན་ཏུ་གསང་རྒྱ་གྱིས༔ བོད་དུ་ཕྱིན་ན་མན་ངག་འདི་རྣམས་ཀུན༔ སྔོན་ལ་མ་སྟོན་ལོག་ལྟའི་གནས་སུ་འགྱུར༔ ཅི་ཕྱིར་ཆོས་འདི་བློ་ལ་ཤོང་དཀའ་བས༔ མདོ་ཆོས་རྣལ་མ་སྟོན་ལ་སྤེལ་ཅིག་དང༔ མན་ངག་འདི་སྟོན་དུས་གཅིག་ཤར་ནས་འོང༔ སྣོད་མིན་འདུག་ན་ཟབ་ཆོས་བཅུད་མ་སྤེལ༔ ནན་ཏན་དོན་གཉེར་ཅན་ཞིག་མ་གཏོགས་པ༔ ཁ་ཙམ་དད་པ་དག་ལ་ཆོས་མ་བཤད༔ མན་ངག་རིག་དང་རིག་པ་བརྗེ་བ་ལ༔ ཟང་ཟིང་སྒྱུ་མའི་ནོར་ལ་ཚོང་མ་བྱེད༔ རྒྱལ་པོ་ཡིན་པས་སུ་ལ་དབང་ཆེ་ཡང༔ ཆོས་ལ་མི་དབང་བཀའ་རྒྱས་བཏབ་མ་དཀྲོལ༔ མཁས་པར་གྲགས་ན་རྒྱ་གར་ཕྲ་མ་འོང༔ སྙན་གྲགས་མ་སྒྲགས་མེད་དང་མི་ཤེས་གྱིས༔ བོད་ཡུལ་མཐའ་འཁོབ་འདྲེ་ཡི་གླིང་ཡིན་པས༔ ཐེ་ཚོམ་ཆེ་ཞིང་བདུད་ཀྱི་བར་ཆད་འོང༔ མན་ངག་ཡོད་ན་གར་སོང་གདུལ་བྱའི་ཞིང༔ ཆོས་དཔེ་མ་སྟོན་འགྲོ་བར་ཆས་ལ་སྡོད༔ བླ་མ་མ་བརྗེད་གསོལ་བ་སྙིང་ནས་ཐོབ༔ དམ་ཚིག་སྲུང་དང་ཐུགས་རྗེ་སྐྱོབ་བོ་གསུང༔ བཻ་རོས་གསེར་ཕྱེ་བྲེ་རེ་གཏང་རག་ཕུལ༔ སློབ་དཔོན་རྣམས་ཀྱིས་ཐུགས་དམ་རྟེན་རེ་གནང༔ ཕྱི་ཕྱག་འཚལ་ནས་བོད་དུ་འོང་བ་ལ༔ རྐང་མགྱོགས་གྲུབ་པས་མཁའ་ལ་བྱ་འཕུར་འདྲ༔ སྒྲིབ་ཤིང་ཡོད་པས་མིག་ཅན་སུས་མ་མཐོང༔ འཕྲང་སྲུང་བ་དང་འཕྲང་ལ་ཐུག་པའི་ཚེ༔ བཻ་རོས་གཞན་སྣང་ཟིལ་གནོན་ཐུགས་དམ་མཛད༔ གསེར་ཕྱེ་བྱིན་ནས་བློ་བསླུས་ལམ་ལས་ཐར༔ ཟླ་བ་གཅིག་གིས་བོད་ཀྱི་ཡུལ་དུ་བསླེབས༔ ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང༔ དུས་གསུམ་མཁྱེན་པ་མཁན་སློབ་རྣམ་གཉིས་མཇལ༔ ཐམས་ཅད་འདུས་ནས་དགའ་སྟོན་ཆེན་པོ་བྱས༔ དེ་ནས་རྒྱལ་པོས་དབུ་རྩེ་ཆེན་མོ་རུ༔ བཻ་རོ་སྤྱན་དྲངས་ཆོས་གསུང་ཞུ་བ་ཕུལ༔ ཐོག་མར་བྱང་ཆུབ་སྤྱོད་པའི་མདོ་རྣམས་གསུངས༔ དེ་ནས་འདུལ་བ་ལུང་གི་ཆོས་ལ་སོགས༔ སྣ་ཚོགས་ཆོས་འཁོར་བསྐོར་ནས་བཞུགས་པ་ལ༔ རྒྱ་གར་བ་རྣམས་མ་དགའ་གྲོས་བྱས་ནས༔ བོད་ལ་ངན་བྱེད་རྐང་མགྱོགས་བཏང་དགོས་ཟེར༔ ཨ་ཙར་མི་གསུམ་བཏང་ནས་བོད་དུ་བསླེབས༔ ཚོང་འདུས་ཁྲོམ་ཚོགས་སར་ཕྱིན་འདི་སྐད་ཟེར༔ བླུན་རྨོངས་མགོ་འཁོར་བོད་ཀྱི་རྒྱལ་པོ་ཡིས༔ བཻ་རོ་ཟེར་བའི་ངན་སྔགས་ཕྲ་མ་མཁན༔ བཙལ་དུ་བཏང་པའི་ཡང་དག་ཆོས་མ་ལོན༔ ཕུང་བྱེད་ངན་སྔགས་མང་པོ་བོད་དུ་ཁྱེར༔ འཆད་སྤེལ་བྱས་ན་བོད་ཁམས་ཕུང་བར་འགྱུར༔ འདི་དེ་མ་བཞག་བསད་ན་ལས་ཀ་འགྲིགས༔ རྒྱ་གར་ཆོས་ཀྱི་རྒྱལ་པོ་ཐུགས་བསྐྱེད་ཅན༔ བོད་ལ་ཕན་ཕྱིར་ངེད་གསུམ་བཏང་ཡིན་སྨྲས༔ བཙུན་མོ་དང་ནི་བོན་བློན་ཀུན་འཚོགས་ནས༔ དེ་ཀ་བདེན་ཟེར་ཨ་ཙར་མི་གསུམ་མཆོད༔ བཀའ་གྲོས་བྱས་ནས་རྗེ་ཡི་དྲུང་དུ་འདུས༔ གཡོ་སྒྱུ་རྫུན་ཅན་བཻ་རོ་ཙ་ན་འདིས༔ བཙལ་དུ་བཏང་བའི་དམ་ཆོས་མ་རྙེད་ནས༔ ངན་སྔགས་ཕུང་བྱེད་སྣ་དགུ་ཁུར་འོང་འདུག༔ རྒྱ་གར་རྒྱལ་པོ་ཐུགས་བསྐྱེད་མཆོག་ཏུ་གྱུར༔ བོད་ཕུང་འགྲོ་བར་དགོངས་ནས་རྐང་མགྱོགས་བཏང༔ བོད་ཕྲུག་ཆོས་མ་རྙེད་ནས་ངན་སྔགས་བསླབས༔ ཕུང་བྱེད་མཁན་དེ་མ་བཞག་སོད་གསུངས་འདུག༔ འདི་དེ་རྗེ་ལ་ངན་བྱེད་ཡིན་འདུག་པས༔ བཀའ་ཆད་གཅོད་འཚལ་དེ་སྐད་ཞུས་པ་དང༔ རྒྱལ་པོས་མི་བདེན་ཕྲག་དོག་ཕྲ་མ་ཡིན༔ རྐང་མགྱོགས་མི་གསུམ་ཟུངས་ལ་ཁྲི་མུན་ཚུད༔ བཻ་རོ་ཙ་ན་ང་ཡི་བླ་མ་ཡིན༔ ཉེས་མེད་ཆད་པ་གཅོད་པ་སུ་ཡི་ཁྲིམས༔ རྒྱལ་པོ་ཁྲོས་ནས་བློན་རྣམས་དབྱུག་པས་བརྡུང༔ ཐམས་ཅད་ཧ་ལས་ག་ཆད་སྐྲག་ནས་བྲོས༔ ཆོས་ཀྱི་བློན་པོ་རྡོ་རྗེ་སྤྲེལ་ཆུང་གིས༔ འཁོར་གཡོག་མང་བསྐུལ་ཨ་ཙར་མི་གསུམ་བཟུང༔ ཁྲི་མུན་ནང་བཙུད་ཡན་ལག་སྒྲོག་གིས་བསྡམས༔ ཞག་བདུན་བར་དུ་རྒྱལ་ཁྲིམས་སྡུག་བསྔལ་གཏང༔ དེ་ནས་ཁ་ལ་ཐལ་སྐྱོ་རེ་སྦྱར་བཏང༔ བཙུན་མོ་དང་ནི་བོན་བློན་མ་དགའ་ནས༔ གཙང་གི་བློན་པོ་རྡོ་རྗེ་སྤྲེལ་ཆུང་ལ༔ ཁྱེད་ཀྱིས་ཕྲ་མན་ངན་སྔགས་ཕུག་སྦས་ནས༔ སེམས་དག་པ་ལ་ཆད་པ་གཅོད་འདུག་པས༔ བོད་ཀྱི་རྒྱལ་ཁམས་སྤྱི་དང་རྗེ་ཉིད་ལ༔ མི་མཐུན་ཉེས་པ་བྱུང་ན་ཁྱོད་ལེན་ཟེར༔ བློན་པོས་ངས་ནི་རྗེ་ཡི་བཀའ་བཞིན་བསྒྲུབས༔ མི་དགེའི་ཟུག་རྔུ་རང་འདོད་བྱས་པ་མིན༔ རྒྱལ་པོའི་བཀའ་བཞིན་བསྒྲུབས་ལ་ཉེས་ཡོད་ན༔ ཁྱེད་རྣམས་ཐམས་ཅད་རྗེ་ལས་ལྷག་པར་འདུག༔ བསད་ཀྱང་མི་འཇིགས་མ་ཤི་ཚེ་ཐར་མེད༔ ང་འགྲོ་རྗེ་ཡི་སྙན་དུ་ཞུ་འོ་སྨྲས༔ བཙུན་མོ་བོན་བློན་ཐམས་ཅད་གྲོས་འཆམས་ནས༔ བཻ་རོ་ཙ་ན་མེ་ལ་གསོན་བསྲེག་བྱེད༔ གལ་ཏེ་རྗེ་ཡིས་མགོན་སྐྱབས་བྱེད་པ་ན༔ དམ་དུ་བཟུང་ནས་ལ་ཡོག་གཏང་གི་ཟེར༔ བཙུན་མོས་རྡོ་རྗེ་སྤྲེལ་ཆུང་གསོད་དགོས་ཟེར༔ བློན་པོ་གཞན་གྱིས་འདི་ནི་བསད་མི་འོས༔ རྗེ་ཡི་བཀའ་བཞིན་སྒྲུབ་པ་བདེན་འདུག་ཟེར༔ དེ་ནས་གྲོས་འཆམས་རྒྱལ་པོའི་དྲུང་དུ་ཕྱིན༔ བཻ་རོ་ཙ་ན་ཕུང་བྱེད་མཁན་འདི་ནི༔ ཕུག་ཏུ་བཞག་ན་དོན་མེད་ད་ལྟ་གསོད༔ རྗེ་ཡིས་སྙན་གསོན་གལ་ཏེ་མི་ཉན་ན༔ འདི་དེ་ཉེས་ཆེ་རྒྱལ་པོས་ཐུགས་བསམ་ཐོངས༔ དེ་ནས་ཁྲི་སྲོང་ལྡེའུ་བཙན་ཐུགས་དགོངས་ལ༔ ད་ནི་གཞན་གྱི་ཐབས་ནི་མི་འདུག་པས༔ དེ་ཀ་རེད་ཟེར་རྫུན་གྱིས་མགོ་བསྐོར་བསམ༔ ངེས་པར་ཕྲ་མེན་མཁན་ཞིག་ཡིན་གྱུར་ན༔ ཟངས་ཆེན་ཁ་སྦྱར་ནང་བཙུད་ཆུ་ལ་བསྐུར༔ དེ་ལྟར་གསུངས་པས་བཙུན་མོ་བློན་བཅས་དགའ༔ ཟངས་མོ་ཆེ་གཉིས་རྒྱལ་པོའི་མདུན་དུ་ཁུར༔ ད་ལྟ་སྐད་ཅིག་ཆུ་ལ་བསྐུར་དགོས་ཟེར༔ རྒྱལ་པོའི་ཞལ་ནས་ཕུང་བྱེད་ངན་སྔགས་མཁན༔ ཉི་ཐལ་ཆུ་ལ་བསྐུར་ན་ལྟས་ལེགས་གསུངས༔ ཀུན་གྱིས་འཐད་ཟེར་བློ་ནི་ནང་དུ་བགྲོས༔ མི་འདོད་མེད་ཅིང་བདེན་པའི་གྲོས་མཐུན་ཚེ༔ རྒྱལ་པོས་ནང་བློན་སྟག་རྣ་གདོང་གཟིགས་དང༔ རྡོ་རྗེ་སྤྲེལ་ཆུང་གཉིས་ལ་གྲོས་བྱས་ནས༔ མཐའ་མི་ལྡོམ་བུ་པ་ཞིག་མགོ་བསྐོར་ཟུངས༔ རིན་ཆེན་མང་བྱིན་མི་འཆི་བ་ཞིག་བྱས༔ ཆུ་ལས་ཐར་བའི་མན་ངག་བཻ་རོས་གནང༔ བདེ་ལེགས་སྨོན་ལམ་གསུངས་ནས་ཟངས་སུ་བཙུད༔ ལ་ཆེའི་རྒྱ་གར་བཀའ་རྟགས་ཕྱག་རྒྱས་གནང༔ ནང་དུ་ཆུ་མི་འགྲོ་བར་བྱས་ནས་སུ༔ རྔ་བོ་ཆེ་བརྡུང་བཙུན་མོ་བློན་འབངས་བསྡུས༔ ཕུང་བྱེད་མཁན་འདི་ཕྱེད་རྔ་རྐང་གླིང་དང༔ གླུད་དང་ཐལ་བ་འབྲུ་སྣས་བརྫང་ཐོབ་ལ༔ ད་ལྟ་མ་བཞག་ཆུ་ལ་སྐུར་ཅིག་གསུངས༔ སྤྲང་པོ་སྐྲག་ནས་ངུ་སྒྲ་འབྱིན་པ་དང༔ བཙུན་མོས་སྐད་ཤེས་ཡིད་མ་ཆེས་ནས་སུ༔ ཟངས་འདི་ཁ་ཕྱེ་བལྟས་ནས་བསྐུར་དགོས་ཟེར༔ སྟག་རྣ་གདོང་གཟིགས་ཁ་བཙན་ཆེ་བ་ཡིས༔ ཉི་དྲོས་ནས་བཟུང་ད་ལྟ་མུན་རུབ་བར༔ བཻ་རོ་ནང་བཙུད་ཤོར་དོགས་རྒྱ་བསྡམས་ནས༔ བལྟ་དགོས་ཙ་ན་སྔ་དྲོ་མི་འོང་བར༔ ཅོལ་ཆུང་ངན་སྔགས་མཁན་དེ་མི་ཤེས་སམ༔ འདི་ལ་ངན་སྔགས་སྣ་ཚོགས་ཡོད་འདུག་པས༔ ཁ་ཕྱེ་ཙ་ན་ཤོར་སྲིད་བཞག་ན་དགའ༔ རྗེ་ཡི་ཞལ་ནས་མི་དགེའི་ཁྲམ་མ་ཁྱོད༔ ཕུང་བྱེད་ངན་སྔགས་མཁན་དེ་ཕུགས་སྦས་ནས༔ རང་གི་རང་ལ་ངན་བྱེད་མི་སྲིད་ཀྱིས༔ མི་དགོས་ས་ནས་དོགས་པ་ཅི་ལ་ཟ༔ འདི་ནི་བཻ་རོ་མིན་རེ་བྲག་བཙན་དཔང༔ ཅེས་གསུངས་བཙུན་མོའི་འགྲམ་ལ་ཐལ་མོ་བརྡབ༔ ཐམས་ཅད་མ་ལུས་ཁོ་ཐག་ཆོད་ནས་སུ༔ གླུད་བརྫངས་ཐལ་བ་གཏོར་ཞིང་ཀུ་ཅོ་བསྒྲགས༔ ཟངས་ཆེན་ཁ་སྦྱར་སྤྲང་པོ་ཆུ་ལ་བསྐུར༔ བཻ་རོ་དང་ནི་རྗེ་ཡི་སྨོན་ལམ་གྱིས༔ ཟངས་དེ་ཆུས་ཁུར་འོབ་ཀའི་ས་རུ་བསླེབས༔ ཆུ་མཐའ་ཞིག་ཏུ་མ་ཁྱེར་བསྡད་པ་ལ༔ ཡུལ་མི་ཀུན་འཚོགས་ཁ་ཕྱེས་བལྟས་པ་ཡི༔ སྤྲང་པོ་མ་ཤི་ཟིལ་པ་ཕྲམ་མེར་འདུག༔ ཆུར་བླངས་ཡུལ་དེར་ཕོ་བྲང་གནས་བཅས་ནས༔ མིང་ཡང་ཟངས་ཁ་ཆུ་ཡི་ཚོང་དཔོན་གྲགས༔ ཆོས་རྒྱལ་དེ་ཉིད་ཐབས་ལ་མཁས་པར་གྱུར༔ བཻ་རོའི་རྣམ་ཐར་པདྨའི་དགའ་ཚལ་ལས༔ ཆོས་གསུང་བ་ལ་ཕྲ་མ་བྱུང་ཞིང་བར་ཆད་བཟློག་པའི་ལེའུ་སྟེ་དགུ་པའོ༔ ༔དེ་ནས་བཻ་རོ་ཙ་ནའི་ཐུགས་དགོངས་ལ༔ བོད་འདིར་བསྡད་པས་འགྲོ་དོན་མི་འདུག་པས༔ རྒྱ་གར་སློབ་དཔོན་རྣམས་ཀྱི་ཞལ་ནས་ཀྱང༔ མན་ངག་ཡོད་ན་གར་སོང་འདུལ་ཞིང་ཡིན༔ ཟབ་ཆོས་མ་སྤེལ་འགྲོ་ཆས་གྱིས་གསུང་འདུག༔ དེ་ཡི་དུས་ལ་བབ་པ་ཡིན་འདུག་པས༔ རྗེ་ལ་ཞུས་ནས་མི་འདུག་འགྲོ་དགོངས་ཏེ༔ བྱང་ཆུབ་སྤྱོད་མདོ་ངན་སོང་སྤྱོད་པའི་མདོ༔ མདོ་སྡེ་ལྟ་བ་སྤྱི་འབྱམས་སྒྲོམ་དུ་བཙུད༔ ཆོས་རྒྱལ་ཆེན་པོ་བཻ་རོ་བདག་ལ་གསོན༔ ཆུང་ནས་དྲིན་གྱིས་བསྐྱངས་པའི་རྒྱལ་པོ་ཁྱོད༔ དམ་ཆོས་འདི་ལ་དད་མོས་གུས་པར་གྱིས༔ བདུད་ཀྱིས་བརླམས་པའི་བཙུན་མོ་བློན་འབངས་ཀྱིས༔ ཡང་དག་ཆོས་ལ་མི་དགའ་ཕྲག་དོག་བྱེད༔ ང་ཡིས་བསྒྱུར་པའི་ཟབ་ཆོས་རིན་ཆེན་འདི༔ ནུབ་པར་མི་འགྱུར་བླ་མས་ལུང་བསྟན་ཡོད༔ སྐབས་ཤིག་དུས་ལ་བབ་མིན་ང་གཞན་འགྲོ༔ རྗེ་ཉིད་སྐུ་ཁམས་བདེར་བཞུགས་ཉིན་གཅིག་མཇལ༔ དམ་པའི་ཆོས་ཀྱི་འཆད་ཉན་སྤེལ་ཆོག་གསུང༔ རྒྱལ་པོ་མ་དགྱེས་དེ་སྐད་མ་གསུང་བར༔ སྣོད་མེད་རྣམས་ལ་ཆོས་བཤད་མི་དགོས་ཀྱི༔ ང་ཡིས་དད་འདུན་ཆོས་ཟབ་བཤད་པར་ཞུ༔ བཻ་རོས་ཤ་ཚ་རྗེ་ལ་ལེགས་སོ་ཞུས༔ དེ་ནས་གཞན་གྱིས་མཐོང་བར་དོགས་ནས་སུ༔ ཀ་བའི་ལོགས་ལ་བོལ་བྲུས་ནང་དུ་བཞུགས༔ ཉིན་མོ་ཆོས་ཀྱང་མ་གསུང་བཅུད་ལེན་མཛད༔ དགོང་མོ་རྒྱལ་པོས་ཆོས་ཞུས་ཚ་བྲོ་དྲང༔ རེ་ཞིག་དུས་ན་བཙུན་མོའི་བསམ་པ་ལ༔ ནུབ་ཀྱི་རེས་བཞིན་རྗེ་ཉིད་མི་བཞུགས་པས༔ ང་ལས་གཞན་ཞིག་བུད་མེད་བཙལ་འདུག་བསམ༔ དོགས་པ་ཟོས་ནས་རྒྱལ་པོ་གར་འགྲོ་བལྟས༔ བཻ་རོས་ཆོས་གསུང་བཀུར་སྟི་བྱེད་པ་མཐོང༔ དམར་རྒྱན་མ་ཡིས་རྔ་བོ་ཆེ་ལ་བརྡུང༔ བློན་པོ་ཐམས་ཅད་དུས་གཅིག་འདུས་པར་གྱུར༔ བཙུན་མོ་ན་རེ་འདུས་པ་ཀུན་ཉོན་དང༔ ཆུ་ལ་བསྐུར་དེ་གཞན་ཞིག་ཡིན་པར་འདུག༔ ངན་སྔགས་མཁན་པོ་ཕུགས་སུ་སྦས་ནས་སྣང༔ རྗེ་ཡིས་ཕུང་བྱེད་སྣ་ཚོགས་བསླབས་ནས་འདུག༔ ད་ལྟ་ཟུངས་ལ་དངོས་ཀྱིས་མཐོང་ས་རུ༔ སྤུ་གྲི་རྣོན་པོས་རྐེ་བཅད་གསོད་དགོས་ཟེར༔ ཐམས་ཅད་གྲོས་འཆམས་རྒྱལ་པོའི་དྲུང་དུ་ཕྱིན༔ རྟ་ར་ཀླུ་གོང་ཁྲོས་ཏེ་འདི་སྐད་ཟེར༔ རང་མགོ་རང་བསྐོར་བོད་ཀྱི་རྒྱལ་པོ་ཁྱོད༔ ཆོས་བསྒྱུར་ཟེར་ནས་ངན་སྔགས་སྣ་ཚོགས་བསླབ༔ མནའ་ཟོས་དོན་མེད་སྤྲང་པོ་ཆུ་ལ་བསྐུར༔ ཡུལ་ཁམས་ཕུང་སྲི་བནྡེ་ཕུགས་སུ་སྦས༔ ཕ་མྱེས་བསྟེན་པའི་བོན་སྐྱོང་ཐམས་ཅད་བསྣུབས༔ ཆོས་དང་ཅི་ཆོས་འདི་འདྲའི་ལས་བྱེད་པ༔ ངན་སྔགས་མཁན་པོ་ད་ལྟ་ཉིད་དུ་གསོད༔ མགོ་དང་ཡན་ལག་ཕོ་བྲང་རྒྱན་དུ་འདོགས༔ རྒྱལ་པོས་མ་བཟོད་ཞེ་སྡང་སྤར་གྱིས་འཕར༔ ཀུན་གྱི་བརྩི་བར་འོས་པ་རྒྱལ་པོའི་ཁྲིམས༔ དེ་ཡིས་ཅི་གསུངས་སྒྲུབ་ལ་བློན་པོ་ཟེར༔ མགོ་ལས་མཇུག་ཆེ་འབུ་སྲིན་གྲོག་མ་འདྲ༔ བཻ་རོ་ཡང་དག་ཆོས་སྟོན་བླ་མ་ཡིན༔ གསོད་ལ་དགའ་ན་ཁྱོད་རང་བསད་ཆོག་གསུང༔ རལ་གྲི་མི་རྒོད་དཔུང་ཆོད་ཕྱག་ཏུ་བླང༔ སྐུ་མདོག་གློ་བ་ཁྲག་གིས་སྦྲུས་ལྟར་དམར༔ བཙུན་མོ་བློན་འབངས་བཅས་པ་ཟིལ་གྱིས་མནན༔ ཅི་ཡང་ཞུ་མ་ཕོད་པར་ལྷན་ནེར་བསྡད༔ རྟ་ར་ཀླུ་གོང་སྐྲག་ནས་ལྷ་ཕྱག་འཚལ༔ ཆོས་རྒྱལ་སྐུ་བཞེངས་ས་བཤིགས་རྡོ་བླངས་པས༔ དམར་རྒྱན་བློན་འབངས་དང་བཅས་སྐྲག་ཅིང་བྲོས༔ མངའ་བདག་ཁྲི་སྲོང་བཻ་རོའི་མདུན་དུ་ཕྱིན༔ མང་དུ་བཤུམ་ཞིང་སྙིང་བརྩེའི་བུ་གཅིག་ལགས༔ མ་དག་བཙུན་མོ་བློན་འབངས་ཐམས་ཅད་ཀྱིས༔ འདི་རུ་བཞུགས་པ་གོ་འདུག་ཅི་བྱ་གསུངས༔ བཻ་རོའི་ཞལ་ནས་ཡབ་གཅིག་དམ་པ་ལགས༔ ད་ནི་ཁོང་རྣམས་འདོད་པ་བསྐང་བའི་ཕྱིར༔ ཅི་དགོས་ཟེར་བ་རྗེ་ཡིས་གནང་བར་ཞུ༔ ལས་འཕྲོ་མེད་ན་འདོད་ཚད་འོང་རྒྱུ་མེད༔ ལས་དབང་བཙན་པོའི་བག་ཆགས་འཕྲོ་ཡོད་ན༔ བསད་ཀྱང་མི་འཇིགས་ཤི་ཡང་འགྱོད་པ་མེད༔ སྦྱངས་པའི་ཆོས་འདིས་ད་ལྟ་མ་ཕན་ཀྱང༔ སྐྱེ་བ་ཕྱི་ནས་འགྲོ་དོན་འོང་སྨོན་འདེབས༔ དེ་སྐད་སྨྲས་པས་རྗེ་ཡིས་མ་གནང་ནས༔ ལས་ཀྱི་བུ་གཅིག་བཻ་རོ་ཙ་ན་ཁྱོད༔ སྲོག་གི་གཤེད་མའི་ལག་ཏུ་ག་ལ་བཞག༔ འོན་ཀྱང་ཆོས་ལ་བར་ཆད་ཆེ་འདུག་པས༔ ཧ་ཅང་ཐག་མི་རིང་བའི་ས་ལ་སོང༔ ཕྱིས་ནས་ཞལ་མཇལ་ཐབས་ཤིག་ཡོད་ཀྱིས་གསུངས༔ བཀའ་གྲོས་མང་བྱས་དེ་ནས་རྒྱལ་པོ་ཡིས༔ ཁྲིམས་རྔ་བརྡུངསནས་བཙུན་མོ་བློན་འབངས་བསྡུས༔ ཡང་དག་བླ་མ་བཻ་རོ་ཙ་ན་འདི༔ ཕུང་བྱེད་ཁྱེད་རྣམས་མི་དགའ་སྙིང་ན་ན༔ མི་བཞག་མཐའ་མེད་ཡུལ་དུ་སྤྱུག་གི་གསུང༔ ཁྱད་པར་རྟ་ར་ཀླུ་གོང་ཁྱོད་རང་གིས༔ ང་ལ་ཕོད་བཙུག་ཡ་བཟུང་བྱས་པ་ཡིས༔ བློན་བྱས་མི་ཆོག་རྟ་རྫི་འབངས་གྱིས་གསུང༔ དེ་ནས་རྗེ་ཡིས་བཻ་རོ་ཙ་ན་ལ༔ གསེར་ཕྱེ་བྲེ་ཁ་བཅུ་དང་པ་ཏྲ་གཅིག༔ སུས་མི་མཐོང་བར་ཕུལ་ནས་འདི་སྐད་ཞུས༔ བུ་གཅིག་འགྲོ་བའི་ཡུལ་ཕྱོགས་གང་ན་དགའ༔ དེ་རུ་སྤྱུག་གི་ང་ལ་ཤོད་དང་གསུང༔ བཻ་རོས་ཤར་ཕྱོགས་རྒྱལ་མོ་ཚ་བའི་རོང༔ ལས་འཕྲོ་ཞིག་ཡོད་དེ་རུ་འགྲོ་བར་ཞུས༔ ཆོས་དཔེ་ཁུར་ནས་བཤུལ་ལམ་ཞུགས་པར་གྱུར༔ རྒྱལ་པོས་རྟ་ར་ཀླུ་གོང་ཁྲིད་ཤོག་གསུང༔ ཁྲིམས་སྣ་བདུན་བཏང་རྟ་རྫི་བ་ལ་བརྐོས༔ བོན་བློན་རྣམས་ཀྱིས་ལྐོག་ཏུ་གླེང་བ་ལ༔ བོད་ཀྱི་རྒྱལ་པོ་བོན་ལ་མི་མོས་ཤིང༔ ཆོས་ལ་དགའ་བས་ཅི་ཡང་ཞུ་དཀའ་འདུག༔ རྟ་ར་ཀླུ་གོང་ལ་ཡང་ཉེས་ཆུང་ཡང༔ རྒྱལ་ཁྲིམས་བཅད་ནས་འབངས་ཀྱི་ཐ་མར་བསྐོས༔ ཤིན་ཏུ་མ་བརྟགས་དྲན་ཚད་ཞུ་མི་འཚལ༔ དེ་ལྟའི་གྲོས་བྱས་ཡིད་བདེར་གནས་པར་གྱུར༔ བཻ་རོའི་རྣམ་ཐར་པདྨའི་དགའ་ཚལ་ལས༔ བོན་བློན་རྣམས་ཀྱི་ཕྲ་མ་བྱུང་ཞིང་རྒྱལ་མོ་ཚ་བའི་རོང་དུ་སྤྱུགས་པའི་ལེའུ་སྟེ་བཅུ་པའོ༔ ༔དེ་ནས་ལོ་ཆེན་བཻ་རོ་ཙ་ན་ཉིད༔ རྐང་མགྱོགས་གྲུབ་པས་རྒྱལ་མོ་ཚ་རོང་ཕྱིན༔ ལྗོན་པའི་ཤིང་ལྗོངས་མེ་ཏོག་ཚལ་ཞིག་ན༔ སྤྲ་དང་སྤྲེའུ་ཁྱུ་གཅིག་འཚོགས་ནས་རྩེ༔ ཤིན་ཏུ་ཉམས་སྤྲོ་སྐྱིད་པའི་གནས་དེར་བྱོན༔ ཞག་བདུན་བར་དུ་རིག་བྱེད་ལྷ་མོ་བསྒྲུབས༔ བྱ་ཚོགས་སྤེའུ་རྣམས་ཀྱིས་ཤིང་ཐོག་བསྡུས༔ སློབ་དཔོན་ཆེན་པོ་བཻ་རོ་ཙ་ན་མཆོད༔ ངན་སོང་རྣམ་སྦྱོང་རིན་ཆེན་གཙུག་ཏོར་རྒྱུད༔ སྤྲ་སྤྲེའུ་རྣམས་ལ་ཆོས་གསུངས་བཞུགས་པ་ལ༔ ཡུལ་དེར་རྒྱལ་པོས་རི་དྭགས་གསོན་པོར་འཛིན༔ ཤ་བ་བཤོར་དུ་རྔོན་པ་མི་བདུན་བྱུང༔ སྤྲ་སྤྲེའུ་ཆོས་ཉན་ཤིང་ཐོག་ཕུལ་བ་མཐོང༔ བཟུང་སྟེ་རྒྱལ་པོར་འབུལ་དགོས་བསམ་པ་དང༔ བཻ་རོས་རྔོན་པ་མི་བདུན་རེངས་སུ་བཅུག༔ རྒྱུག་ཅིང་འགྲོ་བ་མ་ཤེས་ས་དེར་ལུས༔ ལུང་པའི་མིང་ཡང་རེངས་ཀ་ཞེས་སུ་གྲགས༔ ནམ་ལངས་རྔོན་པ་མི་བདུན་རང་ཡུལ་སོང༔ རྒྱལ་པོ་ལ་ཞུས་དེ་ལྟར་འདུག་གོ་སྨྲས༔ དེ་དེ་མི་ཞིག་ཡིན་པར་མི་འདྲ་བས༔ གཞི་བདག་སྐུ་ལྷ་གཡུ་རྩེ་མ་ཡིན་ནམ༔ ཅི་ཡིན་ལྟར་སོང་ཡོད་ན་ཁྲིད་ཤོག་གསུངས༔ བློན་པོས་དམག་མི་བརྒྱ་ཕྲག་གཅིག་བཏང་ནས༔ རྗེ་ཡི་གསུང་བསྒྲགས་དེ་ལྟར་གྱིས་ཤིག་བསྒོས༔ བལྟར་སོང་ཙ་ན་དེ་བཞིན་འདུག་ནས་སུ༔ རྒྱལ་པོའི་བཀའ་བསྒྲགས་ད་ལྟ་འགྲོ་དགོས་སྨྲས༔ བཻ་རོའི་ཞལ་ནས་ཁྱེད་རྣམས་སྙིང་རེ་རྗེ༔ གོ་ཁྲབ་ལུས་གྱོན་རྡོ་མཚོན་ལག་ཏུ་ཐོགས༔ དགྲ་རུ་བཟུང་བས་ང་ལ་འཇིགས་སྐྲག་མེད༔ འོན་ཀྱང་སྔོན་གྱི་ལས་འཕྲོ་ཡོད་པའི་ཕྱིར༔ ཁྱེད་རྣམས་དགྲ་མིན་ང་ཡི་བསུ་མ་སྟེ༔ རྒྱལ་པོ་མདོག་ཞེར་ནག་པོའི་དྲུང་དུ་མཆི༔ ཞེས་གསུང་དམག་མི་རྣམས་དང་བསྡོངས་ནས་བྱོན༔ རྒྱལ་པོའི་ཕོ་བྲང་གཟི་འགག་འོད་འབར་ཞེས༔ རྒྱ་ཁྱོན་ཆེ་ཞིང་རྒྱུ་ནི་ལེགས་མཛེས་པ༔ དེ་ན་སྲིད་སྐྱོང་མདོག་ཞེར་ནག་པོ་བཞུགས༔ བཙུན་མོ་བདུན་ཡོད་སྲས་ནི་གཅིག་མེད་པས༔ ཕྱི་བློན་བརྒྱ་དང་ནང་བློན་བཅུ་ཡིས་བསྐོར༔ ལོངས་སྤྱོད་མངའ་ཐང་རྒྱས་ཤིང་འཁོར་གཡོག་མང༔ དེ་ཡི་ཕོ་བྲང་ཕྱི་སྒོའི་ཁྱམས་ཤིག་ན༔ བཻ་རོ་བཞག་ནས་ལོ་རྒྱུས་རྒྱལ་པོར་ཞུས༔ རྗེ་བློན་གྲོས་བྱས་འདི་དེ་གང་ཡིན་ཀྱང༔ གཞན་དང་མི་འདྲ་བཟང་ངན་རྟོགས་དཀའ་བས༔ དང་པོ་ཅི་ཡིན་ཉམས་སད་བྱེད་དགོས་གྲོས༔ ཚ་བ་རོང་གི་ཤིག་དོང་ནང་དུ་བསྐྱུར༔ བདུན་གསུམ་ཉི་ཤུ་རྩ་གཅིག་བར་དུ་བཞག༔ དེ་ནས་བལྟས་པས་ཅི་ཡང་མ་གནོད་ཅིང༔ སྐུ་མདངས་གཟི་བྱིན་འོད་ཟེར་འབར་ནས་བཞུགས༔ རྒྱལ་པོའི་དྲུང་དུ་དེ་ལྟར་འདུག་གོ་ཞུས༔ འདི་དེ་གཞན་ལས་ཁྱད་འཕགས་ངོ་མཚར་ཅན༔ ང་ལ་རྒྱུད་མེད་བུ་སྐལ་ཡིན་སྲིད་པས༔ ལོ་རྒྱུས་གཏམ་དྲིས་ཇི་ཡིན་ལྟོས་དང་གསུང༔ བློན་པོ་ངག་དབང་དཔལ་ལྡན་དྲུང་དུ་ཕྱིན༔ མི་ཁྱོད་ཅི་མིང་རིགས་རྒྱུད་ཅི་ལྟར་ཡིན༔ ག་ནས་འོང་ཡིན་གང་དུ་འགྲོ་བ་ཡིན༔ ཞབས་བདོན་ཅི་འདོག་ཞུས་པས་བཀའ་བསྩལ་པ༔ ང་ཡི་མིང་ནི་བཻ་རོ་ཙ་ན་ཡིན༔ རིགས་ནི་རྣམ་པར་སྣང་མཛད་སྐུ་ཡི་རིགས༔ རུས་ནི་ཨ་ཕོ་གདོང་ཡིན་བོད་ནས་འོང༔ འགྲོ་བའི་ཡུལ་དང་གཞན་གྱི་དོན་ནི་མེད༔ སྔོན་གྱི་ལས་འཕྲོས་འདུལ་ཞིང་འདི་ཡིན་པས༔ ཡང་དག་དམ་པའི་ལྷ་ཆོས་སྟོན་དུ་འོང༔ དེ་སྐད་གསུངས་པ་རྒྱལ་པོ་ལ་ཞུས་པས༔ མི་དེ་ཀུན་དང་མི་མཉམ་ཆེར་ལྷག་པ༔ ལྷ་ཡི་བུ་འམ་ཆོ་འཕྲུལ་ཅན་ཞིག་འདུག༔ གདུག་རྩུབ་སྦལ་པའི་དོང་དུ་ཞག་བདུན་ཚུད༔ མ་ཤི་འདུག་ན་ང་ཡི་བུ་སྐལ་ཡིན༔ ཅི་གསུང་བཀའ་སྒྲུབ་སྤྱི་བོར་ཁུར་དགོས་གསུང༔ སྦལ་དོང་ནང་བསྐྱུར་ཞག་བདུན་ལོན་པ་དང༔ རྒྱལ་བློན་བཙུན་མོ་འཁོར་བཅས་བལྟ་རུ་ཕྱིན༔ རྒྱལ་བའི་སྐུ་དེ་ཇི་ཡང་མ་ཉེས་ཤིང༔ རྣམ་པར་སྣང་མཛད་དབུ་ཡི་རྒྱན་དུ་བཞུགས༔ རུས་སྦལ་ཐམས་ཅད་ཕྱི་ལ་ཁ་ཕྱོགས་འདུག༔ ངོ་མཚར་སྐྱེས་ནས་དོང་གི་ནང་ནས་བཏོན༔ རྒྱལ་པོ་འགྱོད་ནས་འཇིགས་སྐྲག་མང་དུ་བཤུམ༔ རྣམ་སྣང་སྤྲུལ་པ་སངས་རྒྱས་སྐུ་དངོས་ལ༔ མི་འཚམས་ལས་བྱས་ང་འདྲ་ལས་ངན་ཟེར༔ ཞབས་པད་སྤྱི་བོས་མཆོད་ཅིང་བླ་མར་བཀུར༔ རྒྱལ་པོ་ཉིད་ཀྱི་ཞྭ་གོས་ལྷམ་བཅས་ཕུལ༔ ཕོ་བྲང་དབུ་རྩེར་སྤྱན་དྲངས་བཟའ་བརྒྱ་དྲངས༔ ས་ག་ཟླ་བའི་ཡར་ངོའི་ཚེས་བརྒྱད་ལ༔ རྒྱལ་བློན་བཙུན་མོ་འབངས་བཅས་འདུས་ནས་སུ༔ གསེར་དངུལ་རིན་ཆེན་སྣ་ཚོགས་མཎྜལ་ཕུལ༔ ཆོས་གསུང་ཞུ་བ་ཕུལ་བ་འདི་སྐད་དོ༔ ཀྱེ་མ་རིག་འཛིན་མཆོག་ཆེན་བཻ་རོ་ལགས༔ བསྒྲུབས་ཀྱང་མི་འགྲུབ་བཙལ་ཀྱང་མི་རྙེད་པ༔ ལས་འཕྲོའི་དབང་གིས་མི་མཆོག་ཁྱེད་དང་མཇལ༔ ཡང་དག་ཟབ་མོའི་དམ་ཆོས་གསུང་བ་དང༔ ངེད་ཅག་རྒྱལ་བློན་བཙུན་མོ་འབངས་འཁོར་བཅས༔ སྨིན་ཅིང་གྲོལ་ནས་ཚེ་དུས་མ་བྱས་བར༔ གར་ཡང་མི་བཞུད་གནས་འདིར་བཞུགས་པར་ཞུ༔ སློབ་དཔོན་ཞལ་ནས་རྒྱལ་བློན་འཁོར་བཅས་ཉོན༔ ལོ་བརྒྱད་ལོན་ནས་བོད་ཀྱི་ཡུལ་དུ་ཕྱིན༔ བཅོ་ལྔའི་ལོ་ལ་རྒྱ་གར་ཡུལ་དུ་བགྲོད༔ ཡང་དག་ཟབ་ཆོས་མང་པོ་བོད་དུ་བསྒྱུར༔ རྒྱལ་ཁམས་ཆོས་ཀྱིས་ཁ་ལོ་བསྒྱུར་སྙམ་ཡང༔ མ་དག་བཙུན་མོ་བློན་འབངས་གྲོས་བྱས་ནས༔ བོན་ལ་དགའ་ཞིང་ཆོས་ལ་མི་མོས་པས༔ ཕྲ་མ་བྱས་ཏེ་ང་ཉིད་མཐའ་ལ་སྤྱུགས༔ ཁྱོད་རང་འཁོར་བཅས་དེ་ལྟར་མ་མཛད་དང༔ ང་ཡིས་ཆོས་ཀྱིས་སྨིན་ཅིང་གྲོལ་བར་བྱ༔ སྔོན་ཚེ་ཡུལ་འདིར་རང་རྒྱལ་དགེ་སྦྱོང་ནི༔ པུར་ཎ་ཛྙཱ་ན་ཞེས་བྱའི་ལུས་བླངས་ཚེ༔ ངུར་སྨྲིག་ན་བཟའ་ཉི་མའི་འོད་ལ་བསྟན༔ འདབ་ཆགས་བྱ་ལ་ཤིག་ཐུར་བཅུག་པ་ཡི༔ དེ་ཡི་འབྲས་བུ་ཤིག་དོང་ནང་དུ་བསྐྱུར༔ གླེན་ལྐུགས་དུད་འགྲོ་ལུག་གི་ལུས་བླངས་ཚེ༔ ཡུལ་འདིའི་སྦལ་པ་མང་པོ་གསོན་པོར་ཟོས༔ དེ་ཡི་འབྲས་བུ་སྦལ་དོང་ནང་དུ་སླེབས༔ ལས་དང་རྒྱུ་འབྲས་ཆུད་མི་ཟ་བ་ཡིན༔ དེ་ཕྱིར་ཁྱེད་རྣམས་ལས་འབྲས་ཕྲ་ཞིབ་གཟོབ༔ ཅེས་པ་ལ་སོགས་རྒྱུ་འབྲས་མང་དུ་གསུངས༔ དེ་ནས་ཆོས་བསྒྱུར་ལོ་ཙཱ་བཅོལ་བ་ལ༔ བཻ་རོས་ལུང་བསྟན་གཡུ་སྒྲ་སྙིང་པོ་དང༔ རྒྱལ་པོའི་སྲས་མོ་གཡུ་སྒྲ་དཔལ་སྒྲོན་གཉིས༔ གཞན་ཡང་རིགས་བཟང་ཤེས་རབ་ཅན་བསྡུས་ནས༔ མང་པོའི་ནང་ནས་སྒྲ་བསྒྱུར་བདུན་བྱུང་བ༔ ཟླ་འོད་བཟང་དང་ཚེ་དབང་ཆོས་རྒྱལ་དང༔ མ་ཎི་དོན་ཡོད་པཱུ་ཎ་པ་ལ་བཞི༔ ཀུན་དགའ་དྷྭ་ཛ་པྲ་ཛྙཱ་བཛྲ་མིང༔ སཱུརྻ་མངྒ་བློན་པོའི་བུ་དང་བདུན༔ སྒྲ་བསྒྱུར་བསླབས་ནས་ཕུལ་ཕྱིན་མཁས་པར་ཤེས༔ ཐོག་མར་འདུལ་བ་ལུང་དང་བླ་མ་དང༔ ངན་སོང་རྣམ་སྦྱོང་ན་རག་དོང་སྤྲུགས་དང༔ དོན་ཡོད་ཞགས་རྒྱུད་པདྨ་དྲི་མེད་མདོ༔ གཞན་ཡང་མདོ་ཆོས་དཔག་ཏུ་མེད་པ་བསྒྱུར༔ གསང་བ་སྔགས་དང་རྒྱུད་འབུམ་ཆེན་མོ་དང༔ རླུང་དང་གཏུམ་མོ་རྫོགས་ཆེན་སེམས་སྡེ་དང༔ ཀློང་སྡེ་མ་བུ་མན་ངག་སྡེ་མང་བསྒྱུར༔ བཅུད་ལེན་སྣ་བདུན་ཕན་པའི་མན་ངག་བརྒྱ༔ ཨ་ཙར་ངན་སྔགས་ཚར་གཅོད་མིག་འཕྲུལ་བསྒྱུར༔ ཚ་བའི་རོང་གི་ཕོ་མོ་ཐམས་ཅད་འདུས༔ བཻ་རོ་ཙ་ན་མཆོད་ཅིང་བསྔགས་པར་བྱེད༔ བཻ་རོའི་རྣམ་ཐར་པདྨའི་དགའ་ཚལ་ལས༔ རྒྱལ་མོ་ཚ་བའི་རོང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་བཅུ་གཅིག་པའོ༔ ༔དེ་ནས་ཡུལ་མི་ཐམས་ཅད་དགའ་ཞིང་འདུན༔ བཻ་རོ་བླ་མར་བཀུར་ཞིང་དམ་ཆོས་ཉན༔ ཐམས་ཅད་མདོ་སྔགས་སྨིན་གྲོལ་ཆོས་ཀྱིས་ཚིམས༔ རེ་ཞིག་དུས་ན་རྒྱལ་པོ་བསྙུང་གིས་ཟིན༔ བློན་རྣམས་གྲོས་བྱས་སློབ་དཔོན་དྲུང་དུ་ཕྱིན༔ རིག་འཛིན་ཆེན་པོ་བཻ་རོ་ཙ་ན་ལགས༔ ཆོས་ཀྱི་རྒྱལ་པོ་མདོ་གཞེར་ནག་པོ་ཉིད༔ སྐུ་ཁམས་མ་བདེ་བསྙུང་གིས་ཟིན་འདུག་པས༔ རྒྱུ་རྐྱེན་ཅི་ཡིན་སྐུ་གེགས་ཡོད་དམ་མེད༔ ཟློག་པའི་རིམ་གྲོ་ཅི་དགོས་མཛད་པར་ཞུ༔ བཻ་རོའི་ཞལ་ནས་རྒྱུ་འབྲས་དབང་བཙན་པས༔ ང་ལ་དང་པོ་ཆད་པ་བཅད་རྐྱེན་གྱིས༔ རྗེ་ཉིད་བསྙུང་གིས་ཟིན་པའི་རྒྱུ་རྐྱེན་འདུག༔ ན་རག་དོང་སྤྲུགས་ཆོ་ག་བྱས་ན་ཕན༔ ཞེས་གསུངས་བློན་རྣམས་དགའ་ནས་རང་གནས་སོང༔ བཻ་རོས་ན་རག་དོང་སྤྲུགས་ཆོ་ག་མཛད༔ རྒྱལ་པོས་ཕྱག་འཚལ་ཡི་གེ་བརྒྱ་པ་བཟླས༔ སྤོས་དང་མར་མེ་ཚོགས་གཏོར་འབུམ་ཚོ་རེ༔ མཆོད་པའི་རིགས་བྱེད་དཔག་ཏུ་མེད་པ་ཕུལ༔ ཟས་དང་ནོར་གྱི་བང་མཛོད་གཅིག་གཏིབས་ནས༔ དབུལ་ཕོངས་རྣམས་ལ་ཕོངས་མེད་སྦྱིན་པ་བཏང༔ ཕོ་བྲང་མཐའ་སྐོར་མཆོད་རྟེན་བརྒྱ་རྩ་བརྒྱད༔ བཟོ་བོ་མང་བསྡུས་རྨང་བཏིང་བརྩིགས་སུ་བཅུག༔ བཻ་རོས་རྡོར་སེམས་རྒྱན་གཅིག་དབང་ཁྲིད་གནང༔ ཞག་གསུམ་སོང་ནས་རྒྱལ་པོ་ནད་ལས་གྲོལ༔ བཙུན་མོ་བློན་པོ་འབངས་འཁོར་ཡིད་བདེར་གྱུར༔ དེ་ནས་རྒྱལ་པོའི་ཞལ་ནས་འདི་སྐད་གསུང༔ སློབ་དཔོན་ཆེན་པོ་བཻ་རོ་ཙ་ན་ལགས༔ ཁྱེད་ཀྱི་ཐུགས་རྗེས་ཚ་རོང་ཆོས་ལ་བཙུད༔ ང་ཡང་མ་ཤི་ཚེ་གེགས་བར་ཆད་བཟློག༔ སྐུ་དྲིན་ཆེ་བའི་ལོ་རྒྱུས་མང་གསུངས་ནས༔ ཆོས་གོས་ལྷུང་བཟེད་ཐང་ཤམ་ལ་སོགས་པའི༔ དགེ་སློང་ཆས་རྣམས་ཡོངས་རྫོགས་བཟང་པོར་ཕུལ༔ ཡུལ་འདིར་རབ་ཏུ་བྱུང་བའི་སྡེ་ཞིག་དང༔ སྔགས་པའི་སྡེ་ཞིག་ཡོད་ན་ལེགས་འདུག་པས༔ མང་པོའི་ནང་ནས་ཉུང་བསྡུས་སྡེ་གཉིས་བྱ༔ དེ་ལ་སྡོམ་དང་དམ་ཚིག་གཏད་པར་ཞུ༔ བཻ་རོས་ལེགས་འདུག་དེ་ལྟར་བྱ་འོ་གསུངས༔ གཡུ་སྒྲས་གཙོར་བྱས་རབ་བྱུང་བརྒྱ་ཕྲག་གསུམ༔ བདུད་འདུལ་རྡོ་རྗེས་གཙོར་བྱས་སྔགས་པའི་སྡེ༔ བདུན་བརྒྱ་ཉི་ཤུ་རྩ་ལྔ་སོ་སོར་ཕྱེས༔ མདོ་སྔགས་རང་རང་སྡོམ་པ་དམ་ཚིག་གཏད༔ རྒྱལ་པོའི་ཕོ་བྲང་གཡས་གཡོན་ལོགས་སུ་བཞུགས༔ ཆོས་ཀྱི་རྒྱལ་པོ་མདོ་གཞེར་ནག་པོ་ཡིས༔ ཕྱི་བློན་ནང་བློན་གཙོ་བོའི་ཚོགས་རྣམས་བསྡུས༔ ད་ནི་སློབ་དཔོན་བཻ་རོའི་སྐུ་དྲིན་ལས༔ མདོ་སྔགས་ཆོས་སྡེ་ཆེན་པོ་གཉིས་བཞུགས་ནས༔ གཙུག་ལག་ཁང་ཞིག་བཞེངས་པར་བློན་དང་བགྲོས༔ བློན་པོས་དེ་ལྟར་ངེས་པར་ལེགས་འདུག་པས༔ བཻ་རོ་ལ་ཞུས་བཀོད་པ་གནང་དུ་འཇུག༔ གང་གསུང་ད་ལྟར་འཁོར་བསྡུས་བྱེད་པར་བགྲོས༔ དེ་ནས་རྒྱལ་པོས་བཻ་རོ་ཉིད་ལ་ཞུས༔ ས་འདུལ་ཆོ་ག་མཛད་ནས་བྱིན་གྱིས་བརླབས༔ དེ་ནས་ས་ཕོ་འབྲུག་ལོ་དབྱར་ར་བའི༔ ཚེས་བརྒྱད་པ་སངས་དར་བ་སྦྲུལ་གྱི་ཉིན༔ བརྩིགས་པའི་རྨང་བཏིང་དེ་ནས་རིམ་བཞིན་བཟོས༔ མདོ་སྔགས་གཉིས་ཀྱི་ཆོས་སྡེ་རེ་རེ་ལ༔ གཙུག་ལག་ཁང་ཡང་རེ་རེ་བཞེངས་པ་ལ༔ བར་ཆད་མེད་པར་ལྕགས་ཕོ་རྟ་ལ་གྲུབ༔ རབ་བྱུང་བཞུགས་ཁང་ནོར་བུའི་གླིང་ཞེས་གསོལ༔ སྔགས་པའི་སྒྲུབ་ཁང་གཤིན་རྗེ་སྒྲུབ་པ་ཡི༔ ཁྲོ་ཆུ་བདུད་འདུལ་བདེ་ཆེན་གླིང་ཞེས་བཏགས༔ བཻ་རོའི་རྣམ་ཐར་པདྨའི་དགའ་ཚལ་ལས༔ ཆོས་རྒྱལ་མདོ་གཞེར་ནག་པོས་གཙུག་ལག་ཁང་བཞེངས་པའི་ལེའུ་སྟེ་བཅུ་གཉིས་པའོ༔ ༔ནོར་བུའི་གླིང་ཞེས་རབ་བྱུང་གཙུག་ལག་ནི༔ ཐོག་ཕུབ་ལྔ་པ་རྒྱ་གར་ལུགས་སུ་བཞེངས༔ སྔགས་པའི་གཙུག་ལག་བདུད་འདུལ་བདེ་ཆེན་གླིང༔ ཐོག་ཕུབ་གསུམ་པ་རྒྱ་ནག་ལུགས་སུ་བཞེངས༔ དེ་ནས་མདོ་གཞེར་ནག་པོའི་ཐུགས་དགོངས་ལ༔ གསུང་རྟེན་ཆོས་དང་གཙུག་ལག་ཁང་གྲུབ་ཀྱང༔ སྐུ་རྟེན་དང་ནི་ཐུགས་རྟེན་མ་འགྲུབ་པས༔ བཻ་རོ་ལ་དྲི་ཐུགས་དམ་བཞེངས་དགོས་སྙམ༔ གསེར་བཟོ་དངུལ་བཟོ་ཟངས་ལྕགས་ལྷ་བཟོ་བསྡུས༔ བཻ་རོས་བཀོད་པ་མཛད་ནས་བཞེངས་སུ་བཅུག༔ རབ་བྱུང་གླིང་དུ་འོག་ཁང་གཙོ་བོ་རུ༔ གསེར་ལས་བྱས་པའི་ཤཱཀ་ཐུབ་ཐོག་ཚད་གཅིག༔ དངུལ་གྱི་ཉེ་སྲས་བརྒྱད་པོ་ལུས་ཚད་བརྒྱད༔ གནས་བརྟན་བཅུ་དྲུག་རང་རྒྱལ་བཅུ་གཉིས་དང༔ བཻ་རོའི་འདྲ་སྐུ་རྒྱལ་ཆེན་སྡེ་བཞི་བཞེངས༔ དེ་ཡི་སྟེང་ཁང་མི་གཡོ་དབུས་ཀྱི་གླིང༔ གསེར་ཟངས་ལས་བྱས་རྣམ་པར་སྣང་མཛད་དང༔ རྒྱལ་བ་རིགས་ལྔ་སེམས་དཔའ་བཅུ་དྲུག་བཞེངས༔ དེ་སྟེང་རྡོ་རྗེ་མི་འགྱུར་འཆི་མེད་གླིང༔ རྟེན་གྱི་གཙོ་བོ་མགོན་པོ་ཚེ་དཔག་མེད༔ ཚེ་ལྷ་རིགས་ལྔ་སྒྲོལ་མ་ཉེར་གཅིག་བཞེངས༔ དེ་ཡི་སྟེང་ཁང་ཐུགས་རྗེ་ཆེན་པོའི་གླིང༔ རྟེན་གཙོ་ཕྱག་སྟོང་སྤྱན་སྟོང་བཅུ་གཅིག་ཞལ༔ མཐུ་ཆེན་ཐོབ་དང་སྒྲིབ་པ་རྣམ་པར་སེལ༔ མཆོད་རྟེན་ཆ་བརྒྱད་སྟོན་པའི་རིང་བསྲེལ་བཞུགས༔ དེ་སྟེང་བསམ་གཏན་གླིང་ན་རྟེན་གཙོ་ནི༔ འོད་དཔག་མེད་པ་ཐོག་ཚད་གཅིག་པ་དང༔ གཡས་གཡོན་སྤྱན་རས་གཟིགས་དང་ཕྱག་རྡོར་གཉིས༔ བྱམས་པ་མགོན་པོ་རྡོར་སེམས་རིགས་ལྔ་བཞེངས༔ རབ་བྱུང་གླིང་དུ་རི་མོ་བྲིས་པ་ནི༔ བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་དང༔ ཤཱཀྱ་ཐུབ་པའི་སྐྱེས་རབས་རྣམ་ཐར་བྲིས༔ བདེ་གཤེགས་མཆེད་བརྒྱད་ཚེ་ལྷ་སྟོང་སྐུ་དང༔ རྒྱ་གར་མཁས་དང་བཻ་རོའི་རྣམ་ཐར་བྲིས༔ སྔགས་པ་གླིང་དུ་འོག་ཁང་རྟེན་གཙོ་ནི༔ ཟངས་ལས་བྱས་པའི་གུ་རུ་ཐོག་ཚད་གཅིག༔ གཡས་གཡོན་ཞི་བ་འཚོ་དང་བི་མ་ལ༔ འཕགས་པའི་རིག་འཛིན་རྣམ་བརྒྱད་མི་ཚད་བཞེངས༔ གུ་རུ་མཚན་བརྒྱད་བསྟན་གཉིས་སྐོར་གསུམ་དང༔ དྲག་པོ་ཡེ་ཤེས་རབ་འབར་ལྷ་ཚོགས་བཞེངས༔ རི་མོར་གུ་རུའི་རྣམ་ཐར་རྒྱས་པ་དང༔ རྒྱལ་པོ་མདོ་གཞེར་ཉིད་ཀྱི་ཐང་ཡིག་བྲིས༔ བར་ཁང་གཙོ་བོ་གཤིན་རྗེ་གཤེད་རྒྱལ་ལ༔ འཁོར་དུ་ལྷ་ཚོགས་བརྒྱ་དང་ཉེར་ལྔ་བཞེངས༔ རི་མོར་འཇམ་དཔལ་དབྱངས་ཀྱི་རྒྱུད་རིས་བྲིས༔ སྟེང་ཁང་གཙོ་བོ་ཕྱག་ན་རྡོ་རྗེ་ལ༔ གཏུམ་པོ་རིགས་བཞི་ཁྲོ་བཅུ་ཁྱུང་ལྔས་བསྐོར༔ རི་མོར་ལག་ན་རྡོ་རྗེའི་རྒྱུད་རིས་བྲིས༔ ཆོས་སྐུའི་མཆོད་རྟེན་བརྒྱ་དང་རྩ་བརྒྱད་བྲིས༔ བཻ་རོ་དགྱེས་ཤིང་རྒྱལ་པོའི་ཐུགས་དགོངས་རྫོགས༔ མདོ་སྔགས་གཉིས་ལྡན་བསྟན་པ་དར་ཞིང་རྒྱས༔ བཻ་རོའི་རྣམ་ཐར་པདྨའི་དགའ་ཚལ་ལས༔ ཆོས་རྒྱལ་མདོ་གཞེར་ནག་པོས་ཐུགས་དམ་རྟེན་བཞེངས་ཤིང་འགྲོ་དོན་འཕེལ་བའི་ལེའུ་སྟེ་བཅུ་གསུམ་པའོ༔ ༔དེ་ནས་མདོ་སྔགས་གཉིས་ཀྱི་གཙུག་ལག་ཏུ༔ འཆད་གྲྭ་སྒྲུབ་གྲྭ་སྒོམ་གྲྭའི་བསྟན་པ་བཙུགས༔ བཻ་རོས་འགྲོ་དོན་གྲུབ་པའི་མགུར་འདི་གསུང༔ རེ་དགའ་རེ་སྐྱིད་ཤི་ཡང་འགྱོད་པ་མེད༔ རྒྱ་གར་ཡུལ་ཕྱིན་མཁས་གྲུབ་མང་པོ་བསྟེན༔ ཡང་དག་ཆོས་ལོན་བོད་ཀྱི་ཡུལ་དུ་འོང༔ སྤྱུགས་ཀྱང་མ་གནོད་འགྲོ་དོན་འཕེལ་བས་དགའ༔ ཤར་ཕྱོགས་རྒྱལ་མོ་ཚ་བའི་རོང་ཆེན་དུ༔ ཕྱག་རྡོར་སྤྲུལ་པའི་རྒྱལ་པོ་དང་འཕྲད་ནས༔ ཡང་དག་ཟབ་མོའི་ཆོས་ཀྱི་སྒྲོན་མེ་སྦར༔ ཡོན་ཏན་ཆུད་ཟོས་མ་སོང་ང་རེ་དགའ༔ ལས་འཕྲོའི་འདུལ་ཞིང་རྒྱལ་མོ་རོང་ཆེན་འདིར༔ ནམ་ལངས་མུན་སང་ཉི་མ་ཤར་བ་བཞིན༔ དཀར་པོར་བསྒྱུར་ཞིང་ཐམས་ཅད་སྨིན་ཅིང་གྲོལ༔ ཤི་ཡང་འགྱོད་པ་མེད་དེ་ང་རེ་དགའ༔ དགེ་མེད་གླིང་དུ་ཡང་དག་ཟབ་ཆོས་བསྒྱུར༔ རྒྱལ་བའི་ཐུགས་དམ་སྐུ་གསུང་ཐུགས་རྟེན་བཞེངས༔ མདོ་སྔགས་བཤད་དང་སྒྲུབ་པའི་ཆོས་སྡེ་བཙུགས༔ བསྟན་པའི་ཞབས་ཏོག་འགྲུབ་བོ་ང་རེ་དགའ༔ ཞེས་གསུང་ཆོས་རྒྱལ་མདོ་གཞེར་ནག་པོ་ཡིས༔ ད་ནི་གཙུག་ལག་སྐུ་གསུང་ཐུགས་རྟེན་ལ༔ རབ་གནས་དང་ནི་སྲུང་བའི་ཆོས་སྐྱོང་རེ༔ བཞུགས་སུ་གསོལ་ན་ལེགས་འདུག་སྙམ་ནས་ཞུས༔ དེ་ལ་བཻ་རོ་ཙ་ནས་བཀའ་བསྩལ་པ༔ རབ་གནས་སླ་སྟེ་ཆོས་སྐྱོང་རྟེན་འཛུགས་ན༔ མགོན་ཁང་བཞེངས་དགོས་གསུང་ནས་དེ་བཞིན་བསྒྲུབས༔ རབ་བྱུང་གླིང་དུ་དཔལ་ལྡན་མགོན་པོ་དང༔ མ་གཅིག་དཔལ་ལྷ་ཚེ་རིང་མཆེད་ལྔ་བཞེངས༔ རྟེན་བཙུགས་མངའ་གསོལ་སྒྲུབ་པ་པོ་ཡང་བཞག༔ སྔགས་པའི་གླིང་དུ་ཨེ་ཀ་ཛཱ་ཊི་དང༔ ཁྱབ་འཇུག་རྡོར་ལེགས་ལས་ཀྱི་གཤིན་རྗེ་གཤེད༔ རང་རང་རྟེན་བཙུགས་མངའ་གསོལ་སྒྲུབ་སྡེ་བཙུགས༔ ལྕགས་ཕོ་རྟ་ལོ་སྟོན་ཟླ་ར་བ་ཡི༔ ཉི་མ་དར་བ་རྒྱུ་སྐར་རྒྱལ་གྱི་ཉིན༔ རབ་ཏུ་གནས་པའི་ཆོ་ག་བརྩམ་པ་ལ༔ རྒྱལ་བློན་བཙུན་མོ་འཁོར་བཅས་ཐམས་ཅད་འདུས༔ གཞན་ཡང་ཡུལ་མི་ཕལ་པ་དྲག་ཞན་ཀུན༔ དགའ་སྟོན་བྱེད་ཐོས་རྒྱན་བཏགས་རྟ་ཞོན་ནས༔ བསིལ་བའི་ཁྲུས་བྱས་འཛུམ་པའི་བཞིན་རྒྱས་བྱོན༔ རྒྱལ་པོས་གླང་པོ་ཆེ་ལ་རྒྱན་དྲུག་སྤྲས༔ ཞོན་ནས་དགའ་བའི་མཚར་གླུ་སྣ་ཚོགས་ལེན༔ བཙུན་མོ་བློན་གཞན་རྣམས་ཀྱང་རྟ་ལ་ཞོན༔ རྟ་པ་ཞུབ་ཆེན་སུམ་བརྒྱ་དྲུག་གིས་བསྐོར༔ གཙུག་ལག་ཁང་ལ་མཐའ་བསྐོར་གཟིགས་སུ་ཕེབས༔ བཻ་རོས་རབ་གནས་མེ་ཏོག་འཐོར་བའི་ཚེ༔ གནམ་ལ་འཇའ་ཤར་བར་སྣང་འབྲུག་ཀྱང་གྲགས༔ མེ་ཏོག་ཆར་བབ་ལེགས་པའི་ལྟས་བཟང་དང༔ ཁྱད་པར་གཙུག་ལག་ཁང་ཀུན་འོད་ཀྱིས་གང༔ ལྷ་ཚོགས་དངོས་སུ་ཐིམ་པ་ཀུན་གྱིས་མཐོང༔ ཐམས་ཅད་ངོ་མཚར་དགའ་ཞིང་རྩེ་བར་གྱུར༔ རྒྱལ་པོའི་ནོར་གྱིས་བང་མཛོད་གཅིག་གཏིབས་ནས༔ མདོ་སྔགས་གཙུག་ལག་ཁང་ཆེན་རྣམ་གཉིས་ལ༔ ཕྱི་མཆོད་ནང་མཆོད་གསང་མཆོད་ཆེན་པོ་མཛད༔ དགའ་སྟོན་ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་བསྐོར༔ འདུས་པ་ཀུན་ལ་ཕོངས་མེད་སྦྱིན་པ་གཏང༔ ཞག་བདུན་བར་དུ་སྐྱིད་པའི་གླུ་ལེན་ཞིང༔ དགའ་བའི་བྲོ་བརྡུང་མགྱོགས་པའི་རྟ་ཡང་རྒྱུག༔ རྩལ་ཆེན་མདའ་འཕེན་རྩེ་ཞིང་གནས་པར་གྱུར༔ བཻ་རོའི་རྣམ་ཐར་པདྨའི་དགའ་ཚལ་ལས༔ ཐུགས་དགོངས་རྫོགས་ཤིང་གཙུག་ལག་ཁང་ལ་རབ་གནས་བྱས་པའི་ལེའུ་སྟེ་བཅུ་བཞི་པའོ༔ ༔དེ་ནས་བཻ་རོ་ཙ་ནའི་དགོངས་པ་ལ༔ ད་ནི་འགྲོ་དོན་གོང་ནས་གོང་འཕེལ་འགྲུབ༔ མཆོག་གི་རིག་འཛིན་ཞིག་སྒྲུབ་དགོས་འདུག་སྙམ༔ ཚ་རོང་དུང་རི་ཞེས་བྱའི་གནས་སུ་བྱོན༔ ཟླ་གསུམ་བཞུགས་པས་དངོས་གྲུབ་མངོན་དུ་གྱུར༔ དེ་ནས་རྒྱལ་པོས་གདན་འདྲེན་བྱུང་ནས་ཕེབས༔ མདོ་གཞེར་ནག་པོས་ཕྱག་འཚལ་མཎྜལ་ཕུལ༔ དུས་གསུམ་མཁྱེན་པ་བཻ་རོ་ཙ་ན་ལགས༔ བསྟན་པའི་གཞི་བཙུགས་གཙུག་ལག་ཁང་ཡང་འགྲུབ༔ འཆད་གྲྭ་སྒོམ་གྲྭ་སྐུ་གསུང་ཐུགས་རྟེན་བཞེངས༔ ང་ཡང་ལོངས་སྤྱོད་ཆེ་ལ་འཁོར་འབངས་རྒྱས༔ བུ་ནི་གཞན་མེད་ཐ་མ་ཇི་ཡོང་དོགས༔ ཐབས་མང་མངའ་བ་བཻ་རོ་ཙ་ན་ལགས༔ རྒྱལ་སྲིད་མི་ཆད་ཆོས་སྲིད་མི་ཉམས་པའི༔ ཐུགས་རྗེའི་བཀའ་དྲིན་ཐབས་ཤིག་བསྩལ་དུ་གསོལ༔ བཻ་རོ་ཙ་ནས་བདེན་པའི་ཚིག་གསུང་པ༔ ཆོས་ཀྱི་རྒྱལ་པོ་མདོ་གཞེར་ནག་པོ་ལགས༔ འཇིག་རྟེན་ཆོས་ལ་རྟག་པའི་མཐའ་མེད་པས༔ རྗེ་ཡི་རྒྱལ་སྲིད་བརྟན་པ་ཐོབ་རྒྱུ་མེད༔ ཁྱོད་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ མི་རབས་གསུམ་གྱི་བར་དུ་རྟག་ཅིང་གནས༔ དེ་ནས་རྒྱལ་པོ་གཞོན་ནུའི་མིང་ཅན་འབྱུང༔ བུ་བདུན་ཡོད་པས་མི་འགྲིགས་ཁ་འཐོར་ནས༔ རྒྱལ་སྲིད་བགོ་ཞིང་དཔོན་ཁག་མང་དུ་གྱེས༔ མདོ་སྔགས་གཙུག་ལག་ཁང་ཆེན་གཉིས་ལ་ཡང༔ ཐོབ་ཤ་བྱེད་ཅིང་སྐུ་གསུང་ཐུགས་རྟེན་བགོ༔ གཞན་གྱི་ཐབས་མེད་སྔོན་གྱི་ལས་ཡིན་གསུངས༔ དེ་ལ་རྒྱལ་པོ་ཤིན་ཏུ་སྡུག་བསྔལ་ནས༔ ཟློག་ཐབས་མེད་དམ་བྱས་ཚད་ཆུད་རེ་ཟོས༔ ཞེས་གསུངས་མང་དུ་བཤུམ་ཞིང་དབུ་བཏུམས་བཞུགས༔ དེ་ལ་བཻ་རོ་ཙ་ནས་བཀའ་བསྩལ་པ༔ གསོན་ཅིག་ཆོས་ཀྱི་རྒྱལ་པོ་ཆེན་པོ་ལགས༔ རྒྱལ་སྲིད་མ་ཞིག་རྟག་བརྟན་སུ་ལའང་མེད༔ ཆོས་སྲིད་མི་ནུབ་མཐའ་རུ་རྒྱས་དགོངས་ན༔ ཤིན་ཏུ་ཟབ་པ་ས་ཡི་གཏེར་སྦས་འཚལ༔ དེ་སྐད་ཞུས་པས་རྒྱལ་པོའི་ཞལ་ནས་སུ༔ ལེགས་སོ་ལེགས་སོ་བློ་གྲོས་བཻ་རོ་ལགས༔ དམ་ཆོས་མི་ནུབ་ཡུན་དུ་གནས་པའི་ཕྱིར༔ གཏེར་དུ་སྦས་ན་དགོས་པ་ང་ཡིས་སྒྲུབ༔ མ་འོངས་འགྲོ་དོན་ཐུགས་རྗེས་བརྩེར་དགོངས་ལ༔ དམ་ཆོས་མི་ནུབ་གཏེར་དུ་བཞུགས་གསོལ་ཞུས༔ བཻ་རོའི་ཞལ་ནས་དེ་ཉིད་ཤིན་ཏུ་ལེགས༔ གཏེར་ཤོག་བྲི་རྒྱུ་གསེར་དངུལ་ཟངས་མཚལ་སྣག༔ གཏེར་སྒྲོམ་རྒྱུ་ཡང་དེ་བཞིན་ཤེས་པར་བྱ༔ ལ་བསེ་རོ་སོལ་སྣ་ཚོགས་སོལ་བ་དང༔ ཞ་ཉེ་ཤུག་ཤུན་ཡོས་ཚིག་སྨན་ཕྱེ་དང༔ གསེར་དངུལ་ཟངས་ཕྱེ་ལྕགས་ཆུའི་ཕྱེ་མ་དང༔ ས་སྣ་ལ་སོགས་གཏེར་ལྕིབས་དགོས་ཆས་བསགས༔ བཻ་རོ་དང་ནི་རྒྱལ་པོ་མདོ་གཞེར་ནག༔ གཡུ་སྒྲ་སྙིང་པོ་གསུམ་གྱིས་ཡི་གེར་བཏབ༔ ལ་ལ་བོད་ཡིག་རེས་འགའ་བརྡའ་ཡིག་དང༔ ལ་ལ་རྒྱ་གར་ཁ་ཆེའི་ཡི་གེར་བཏབ༔ བཟང་དྲུག་སྨན་སྣའི་དྲིས་བགོས་སྒྲོམ་དུ་བཅུག༔ ནོར་གཏེར་ལ་ཡང་དེ་བཞིན་ཤེས་པར་བྱ༔ རྒྱལ་པོའི་བང་མཛོད་ཡོངས་རྫོགས་བཀང་བྱས་ནས༔ རིན་ཆེན་སྣ་ཚོགས་གོས་དར་སྣ་ཚོགས་དང༔ ཁྱད་འཕགས་དཀོན་པའི་ནོར་སྣ་ཐམས་ཅད་ཀུན༔ རིན་ཆེན་སྣ་ཚོགས་སྒྲོམ་བུའི་ནང་དུ་གཏམས༔ བཻ་རོའི་ཕྱག་བཟོ་སྐུ་དང་མཆོད་རྟེན་བཅས༔ འཕྲུལ་གྱིས་བཟོ་རྒྱལ་གྲུབ་པའི་བློ་གྲོས་ལ༔ དམ་ཅན་ཕབ་བྱས་སྐུ་ཚབ་སྣ་ཚོགས་དང༔ ཐུགས་རྟེན་ཡོན་ཏན་ཕྲིན་ལས་རྟེན་སོགས་བཟོས༔ སྒྲོམ་དུ་བཅུག་ནས་མི་ཤིགས་རྒྱ་ཡིས་བཏབ༔ རྒྱལ་པོའི་སྙིང་ནོར་བཙུན་མོའི་རྒྱན་ཆ་རྫས༔ མདུན་ཆས་གོས་བེར་བཻ་རོའི་དབུ་སྐྲ་དང༔ ན་བཟའ་གསོལ་ཞལ་ལྷུང་བཟེད་ལ་སོགས་པ༔ མ་འོངས་དོན་དུ་གཏེར་གྱི་ཀ་ཆ་གཏམས༔ དེ་ནས་བཻ་རོ་རྒྱལ་བློན་བཙུན་འབངས་བཅས༔ ཚ་བའི་རོང་གི་རྒྱལ་ཁམས་ཐམས་ཅད་ཉུལ༔ ཁྱད་པར་གནས་ཆེན་སུམ་ཅུ་རྩ་བརྒྱད་བཙལ༔ གནས་ཆེན་བྱིན་དབབ་ས་གཞི་བྱིན་གྱིས་བརླབས༔ ཟབ་མོའི་གཏེར་སྦས་སྲུང་མ་རྣམས་ལ་བཅོལ༔ བདེ་གཤེགས་སྤྱན་དྲངས་དངོས་སུ་བསྟིམས་བཞུགས་མཛད༔ རྒྱལ་བློན་འབངས་བཅས་བྱིན་ཆགས་བཞུགས་པ་ལ༔ བཻ་རོའི་ཐུགས་ལས་འོད་ཟེར་ནུབ་ཕྱོགས་འཕྲོས༔ རིག་འཛིན་གུ་རུ་པདྨ་འབྱུང་གནས་ལ༔ འཁོར་དུ་མཁའ་འགྲོ་སྡེ་བཞིས་བསྐོར་ནས་བྱོན༔ བཻ་རོའི་ཞལ་ནས་རྒྱལ་བློན་ཕྱག་འཚོལ་དང༔ འདི་ནི་ང་ཡི་བླ་མ་གུ་རུ་སྟེ༔ མཐོང་ཐོས་སྨིན་གྲོལ་ལམ་ལ་འགོད་དོ་གསུང༔ རྗེ་བློན་ཡིད་དགའ་ཕྱག་འཚལ་དབང་ཞུས་པས༔ གུ་རུའི་ཞལ་ནས་རྒྱལ་པོ་མདོ་ནག་ཁྱོད༔ སྐྱེ་བ་མང་སྔ་ད་ལྟ་ཐུག་གི་བར༔ ང་ཡིས་བྱིན་གྱིས་བརླབས་པ་ཡིན་ནོ་གསུངས༔ ཕྱི་ནང་གསང་བ་གསུམ་གྲོལ་མན་ངག་བསྟན༔ རྒྱལ་བློན་འཁོར་བཅས་ཐོས་པས་གྲོལ་བར་གྱུར༔ བཻ་རོའི་རྣམ་ཐར་པདྨའི་དགའ་ཚལ་ལས༔ རྒྱལ་མོ་ཚ་བའི་རོང་དུ་གཏེར་སྦས་ཤིང་ཆོས་རྒྱལ་མདོ་གཞེར་ནག་པོ་གུ་རུ་རིན་པོ་ཆེའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བའི་ལེའུ་སྟེ་བཅོ་ལྔ་པའོ༔ ༔དེ་ནས་སློབ་དཔོན་བཻ་རོ་ཙ་ན་དང༔ རྒྱལ་བློན་འཁོར་བཅས་ཕོ་བྲང་ནང་དུ་ལོག༔ རྒྱལ་པོའི་བཙུན་མོ་ཨརྻ་ཀུ་མཱ་ལ༔ ལུས་པོ་མ་བདེ་བུ་སྐྱེས་ལྟས་བྱུང་བས༔ འཕྲིགས་པ་ཤར་ཏེ་རིམ་གྲོ་མང་དུ་བྱས༔ རེ་ཞིག་དུས་ན་རྒྱལ་བུ་ཞིག་བཙས་པས༔ རྗེ་བློན་འཁོར་བཅས་དགའ་ཞིང་ཡིད་བདེ་ནས༔ བཙས་སྟོན་ཆེར་བྱས་བཻ་རོས་ཚེ་དབང་བསྐུར༔ མིང་ཡང་ཆོས་རྒྱལ་བསོད་ནམས་ལྡེའུ་བཙན་གསོལ༔ དེ་ནས་རྒྱལ་པོའི་ཚོང་དཔོན་གྱུར་ཏི་ཞེས༔ བོད་དུ་ཕྱིན་ནས་ཕོ་བྲང་བསླེབས་པ་ལ༔ བཻ་རོས་གཏམ་དྲིས་བོད་ཀྱི་རྒྱལ་ཁམས་སུ༔ རྒྱ་གར་པཎ་གྲུབ་གང་དག་ཡོད་དམ་མེད༔ ཡང་དག་ཟབ་ཆོས་འཆད་སྤེལ་བྱེད་འདུག་གམ༔ མཁན་པོ་ཞི་བ་འཚོ་དང་གུ་རུ་རྗེ༔ ད་ལྟ་བོད་བཞུགས་ཆོས་ནི་ཅི་སྟོན་དྲིས༔ ཚོང་དཔོན་ན་རེ་བླ་མ་བཻ་རོ་ལགས༔ བོད་ཀྱི་རྒྱལ་ཁམས་ཐམས་ཅད་བདེ་བར་འདུག༔ རྒྱ་གར་པཎ་ཆེན་བི་མ་མི་ཏྲ་བྱོན༔ སྒྲ་བསྒྱུར་མང་བསྡུས་ལོ་ཙཱ་བསླབས་ནས་བཞུགས༔ བོ་དྷི་སཏྭ་པདྨ་འབྱུང་གནས་གཉིས༔ བསམ་ཡས་ན་བཞུགས་ཆོས་ཅི་གསུང་མ་གོ༔ ཅེས་པ་ལ་སོགས་ལོ་རྒྱུས་མང་ཞུས་པས༔ བཻ་རོ་ཐུགས་དགྱེས་གཡུ་སྒྲ་སྙིང་པོ་ལ༔ ཁྱོད་ནི་མ་འདུག་བོད་ཀྱི་ཡུལ་དུ་སོང༔ ལོ་པཎ་སུ་བཞུགས་ཆོས་ཅི་འཆད་འདུག་ལྟོས༔ ཕལ་པའི་ཆས་ཞུགས་སྦས་པའི་རྣལ་འབྱོར་གྱིས༔ སུ་ལ་མ་བཤད་གར་སོང་ཆ་མེད་སོང༔ ཞེས་གསུངས་གཡུ་སྒྲ་སྙིང་པོ་བོད་དུ་ཕྱིན༔ བསམ་ཡས་དབུ་རྩེར་ཕེབས་ནས་ཁྲོམ་ཚོགས་ཉུལ༔ ཀུན་ལ་གཏམ་དྲིས་བི་མ་བཞུགས་པ་ཐོས༔ ཆོས་གྲར་ཕྱིན་ནས་འདུས་པའི་དཀྱིལ་དུ་ལངས༔ ཀ་ཀ་པ་རི་ཟེར་ནས་ཡུན་གཅིག་བསྡད༔ བི་མ་མི་ཏྲས་སངྒ་བརྡའ་ཐིམ་གསུང༔ རབ་ཏུ་ཐུགས་དགྱེས་བཞད་ཅིང་གཡུ་སྒྲར་གཟིགས༔ མངའ་བདག་རྒྱལ་པོ་རྗེ་འབངས་དོགས་པ་ཟོས༔ གཡུ་སྒྲ་སྙིང་པོ་ཁྲོམ་ཚོགས་དཀྱིལ་དུ་ཕེབས༔ རྗེ་ཡི་ཞལ་ནས་སློབ་དཔོན་བི་མ་ལ༔ མཐའ་མི་བནྡེ་དེ་ཡི་བཙན་ཚིག་གཏམ༔ ཀ་ཀ་པ་རིའི་སྒྲ་དེ་ཇི་ལགས་ཞུས༔ བི་མའི་ཞལ་ནས་འུ་ཅག་ཀུན་ལ་ཟེར༔ ང་ལ་ཐེག་ཆེན་ཆོས་རྣམས་མི་འཆད་པར༔ དབང་པོ་ཐ་མའི་ཆོས་སྟོན་ཅི་བྱེད་ཟེར༔ ཁྱེད་ཅག་རྗེ་འབངས་རྣམས་ལ་ཟེར་བ་ནི༔ ཡོན་ཏན་མི་ཤེས་སྐྱོན་མཐོང་ལོག་ལྟ་ཅན༔ ཐེག་ཆེན་ཆོས་ཀྱི་སྣོད་མེད་ལས་ངན་པ༔ བྱིས་པས་ཆོས་ལ་ཉན་པ་ཨ་རེ་སྡུག༔ དེ་སྐད་ཟེར་བ་ཡིན་ནོ་རྗེ་འབངས་གསུངས༔ མི་དེ་མཁས་པ་ཞིག་ཡིན་ཚོད་འདུག་པས༔ གར་སོང་ལྟོས་ལ་ནང་དུ་ཁྲིད་ཤོག་གསུངས༔ བོད་ཆེན་རྣམས་ཀྱིས་སྤྱན་དྲངས་དབུ་རྩེར་ཕེབས༔ བི་མ་ཐུགས་དགྱེས་བཻ་རོའི་ལོ་རྒྱུས་དྲིས༔ རྒྱལ་མོ་ཚ་བའི་རོང་ཀུན་ཆོས་ལ་བཙུད༔ འགྲོ་དོན་ཕྲིན་ལས་རྒྱས་འདུག་ཞུས་པ་ཡིས༔ མཁན་སློབ་བི་མ་རྒྱལ་པོ་དང་བཅས་དགྱེས༔ དེ་ནས་གཡུ་སྒྲས་ཀྱང་ནི་ཆོས་རྣམས་བསྒྱུར༔ བཻ་རོའི་ཅི་མཁྱེན་གཡུ་སྒྲ་སྙིང་པོས་ཤེས༔ རྫོགས་ཆེན་སེམས་སྡེ་མ་བུ་བཅོ་བརྒྱད་བསྒྱུར༔ དེ་ནས་གཡུ་སྒྲ་བོད་ནས་རང་ཡུལ་བྱོན༔ ཕོ་བྲང་གཟི་འགག་འོད་འབར་ནང་དུ་ཕེབས༔ བཻ་རོའི་མདུན་ཕྱིན་ལོ་རྒྱུས་ཞིབ་ཏུ་ཞུས༔ དེ་ལ་བཻ་རོ་དགྱེས་ནས་འདི་སྐད་གསུངས༔ ང་ཡི་ཐུགས་སྲས་གཡུ་སྒྲ་སྙིང་པོ་ཁྱོད༔ བོད་ཀྱི་ཡུལ་ཕྱིན་གཏམ་ཁུངས་ཆོད་པས་དགའ༔ རྒྱ་གར་པཎ་གྲུབ་མང་པོའི་ནང་ནས་ཀྱང༔ མཆོག་ཏུ་གྱུར་པ་པཎ་ཆེན་བི་མ་ལ༔ ང་ཡི་བླ་མ་ཡིན་པས་བོད་བྱོན་དགའ༔ ཨོ་རྒྱན་པད་འབྱུང་བོ་དྷི་སཏྭ་གཉིས༔ གང་དང་འགྲན་མེད་མ་བཞུད་བོད་བཞུགས་དགའ༔ མངའ་བདག་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཡང༔ ཆོས་ལ་དགའ་ཕྱིར་བསམ་པ་འགྲུབ་པས་དགའ༔ ད་ནི་ངས་ཀྱང་ཡུལ་འདི་ཆོས་ལ་ཚུད༔ འགྲོ་དོན་འགྲུབ་འདུག་རེ་ཞིག་བོད་ལ་འགྲོ༔ དེ་ལ་རྒྱལ་པོ་མདོ་གཞེར་མ་དགྱེས་ནས༔ ང་ཡི་བླ་མ་བཻ་རོ་ཙ་ན་ལགས༔ འགྲོ་བའི་དོན་མཛད་བཀའ་དྲིན་དཔག་ཏུ་མེད༔ ད་ཡང་མ་བཞུད་འདི་རུ་བཞུགས་པར་ཞུ༔ བོད་དང་རྒྱལ་མོ་རོང་ཆེན་རྒྱ་ནག་གསུམ༔ རྗེ་ལ་བཟང་ངན་འཁོར་ལ་མང་ཉུང་མེད༔ ད་རུང་རྨུ་རྒོད་མཐའ་འཁོབ་ཡུལ་ཡོད་པས༔ བཻ་རོ་བྱོན་ནས་རྒྱ་ནག་ཆོས་ལ་ཚུད༔ འདི་ན་ཉིད་ལས་བླ་མ་གཞན་མི་འདུག༔ བོད་ཀྱི་ཡུལ་ན་པཎ་གྲུབ་མང་བཞུགས་པས༔ ཉི་གཅིག་ཡོད་ན་ཟླ་མ་ཤར་ཀྱང་རུང༔ ཇི་ལྟར་ཞུས་ཀྱང་བཻ་རོས་མ་གནང་སྟེ༔ འདུལ་ཞིང་མེད་ན་སུས་ཀྱང་བཏུལ་དུ་མེད༔ རྒྱ་ནག་ཡུལ་དུ་སྤྱིར་ན་འགྲོ་དགོས་ཀྱི༔ སྐབས་ཤིག་དུས་ལ་མ་བབས་བོད་དུ་འགྲོ༔ ཡུན་རིང་མི་འགྱངས་རྗེ་དང་མཇལ་ལོ་གསུངས༔ བླ་མ་བསྟེན་ཚུལ་དང་པོ་ཕྱི་ནས་བསྟེན༔ སྨིན་གྲོལ་ཆོས་ཞུ་མཉེས་པའི་ཞབས་ཏོག་བསྒྲུབ༔ གཉིས་པ་བླ་མ་ནང་ནས་བསྟེན་ཚུལ་ནི༔ ཅི་གསུང་བཀའ་སྒྲུབ་ལུས་དང་ལོངས་སྤྱོད་ཕུལ༔ བག་ཡོད་དྲན་ཤེས་མིག་བཞིན་བསྟེན་པའོ༔ གསུམ་པ་བླ་མ་གསང་བར་བསྟེན་ཚུལ་ནི༔ སྤྱི་བོར་བསྒོམ་ཞིང་གསོལ་འདེབས་དབང་བཞི་བླང༔ ཐ་མ་འོད་ཞུ་རང་གི་སེམས་དང་བསྲེ༔ དབྱེར་མེད་རོ་མཉམ་ཆུ་ལ་ཆུ་བཞག་བཞིན༔ ཤར་གྲོལ་དེ་བཞིན་ཉིད་ཀྱི་གནད་སྐྱོང་ངོ༔ བཞི་པ་འཆི་དུས་འོད་གསལ་བསྲེ་ཚུལ་ནི༔ རང་བྱུང་ངོ་བོ་དོན་དམ་གདོད་མའི་ཀློང༔ བླ་མ་དང་ནི་རང་སེམས་དབྱེར་མེད་དུ༔ མི་དམིགས་སྤྲོས་བྲལ་ཆོས་སྐུའི་དབྱིངས་སུ་འཕོ༔ གཞན་ཡང་ཞལ་གདམས་མང་གསུང་བོད་དུ་ཆས༔ རྒྱལ་པོས་ཁྲིམས་རྔ་བརྡུངས་ནས་བློན་རྣམས་བསྡུས༔ སློབ་དཔོན་མི་བཞུགས་བོད་དུ་བྱོན་དགོས་གསུངས༔ ཇི་ལྟར་བཞུགས་པར་ཞུས་ཀྱང་བཤོལ་མ་ཐེབས༔ ད་ནི་བོད་དུ་སྐྱེལ་ཞིང་གཏོང་རག་འབུལ༔ ང་ཡིས་གཙོར་བྱས་རྒྱལ་བློན་འབངས་བཅས་ཀྱིས༔ ཁམས་ཀྱི་དབྱར་མོ་ཐང་བར་སྐྱེལ་ཐུང་བྱེད༔ གཡུ་སྒྲས་གཙོར་བྱས་མདོ་སྔགས་ཆོས་སྡེའི་ནང༔ བཻ་རོའི་ཐུགས་ལ་སུ་བབ་བོད་དུ་གཏང༔ དེ་ལྟར་གསུང་ཞིང་བློན་ལ་གྲོས་འཆམས་ནས༔ རྐང་མགྱོགས་མང་བཏང་ཡུལ་མི་ཐམས་ཅད་བསྡུས༔ སློབ་དཔོན་མི་བཞུགས་བོད་དུ་བྱོན་ངེས་པས༔ ཅི་འབྱོར་མཆོད་པ་ཕུལ་ལ་སྐྱེལ་མར་གྱིས༔ དེ་ལྟར་བསྒོས་པས་ཐམས་ཅད་སྤྲིན་བཞིན་འདུས༔ བཻ་རོས་ཞི་ཁྲོ་དོང་སྤྲུགས་དབང་ཞིག་མཛད༔ རྒྱལ་པོའི་ཕོ་བྲང་གཟི་འགག་འོད་འབར་དུ༔ གསེར་ཁྲིའི་སྟེང་དུ་ཟ་འོག་དགུ་བརྩེགས་བཏིང༔ དེ་སྟེང་སློབ་དཔོན་བཻ་རོ་ཙ་ན་བཞུགས༔ གཡས་སུ་གབ་རྩེ་སུམ་བརྩེགས་གཡུ་སྒྲ་བཞུགས༔ ལོ་ཙཱ་གཞན་རྣམས་གབ་རྩེ་རེ་རེར་བཞུགས༔ གཡོན་དུ་དངུལ་གྱི་ཁྲི་ལ་རྒྱལ་པོ་བཞུགས༔ གབ་རྩེ་སུམ་བརྩེགས་རྗེ་ཡི་བཀའ་བློན་གཙོ༔ ཀོང་རོང་བློན་པོ་ལི་ཙ་ཁྲོ་འབར་བཞུགས༔ བློན་པོ་གཞན་རྣམས་གབ་རྩེ་རེ་རེར་བཞུགས༔ དེ་ནས་རིམ་བཞིན་འཁོར་རྣམས་གྲལ་དུ་འཁོད༔ རྒྱབ་ཀྱི་གཡོན་གྲལ་སྔགས་པ་ཐམས་ཅད་འཚོགས༔ རྒྱལ་པོའི་ཞལ་ནས་བཻ་རོ་སྐུ་དྲིན་ཆེ༔ མུན་པའི་གླིང་དུ་ཆོས་ཀྱི་སྒྲོན་མེ་སྦར༔ བདག་ཀྱང་ཚོགས་བསགས་ཟབ་མོའི་ཆོས་དང་འཕྲད༔ བཙུན་མོ་བློན་འབངས་འཁོར་བཅས་ཆོས་ལ་ཚུད༔ བཀའ་དྲིན་རྨད་བྱུང་ལོ་རྒྱུས་མང་དུ་ཞུས༔ གསེར་ཕྱེ་བྲེ་ཁལ་ལྔ་བརྒྱ་རྩ་གཅིག་དང༔ དངུལ་གྱི་དོང་ཙེ་སྟོང་ཕྲག་བདུན་རྣམས་དང༔ རྟ་བརྒྱ་དྲེལ་བརྒྱ་ཇ་རྒྱབ་དོས་བཅས་ཕུལ༔ བཙུན་མོའི་རིན་ཆེན་རྒྱན་ཆ་ཡོངས་རྫོགས་དང༔ བློན་པོའི་ཚོགས་དང་དམངས་ཕལ་ཐམས་ཅད་ཀྱིས༔ ཅི་འབྱོར་རེ་ཕུལ་སྐྱེལ་ཐུང་བ་ལ་ཆས༔ བཻ་རོའི་ཞལ་ནས་རྒྱལ་བློན་འབངས་བཅས་གསོན༔ ང་ནི་ནོར་འདོད་ཟང་ཟིང་བླ་མ་མིན༔ གསེར་དངུལ་དང་ནི་བཙུན་མོའི་རྒྱན་ཆ་རྣམས༔ མ་འོངས་དོན་དུ་གཏེར་དུ་སྦ་བར་བྱ༔ ནོར་གཞན་མི་མཁོ་རང་རང་ཕར་ཁྱེར་གསུངས༔ ཅིས་ཀྱང་བཞེས་པར་ཞུས་ཀྱང་མ་གནང་སྟེ༔ རྒྱལ་པོའི་བླ་གཡུ་སྐུ་རྒྱན་ཡོངས་རྫོགས་ཕུལ༔ འདི་མ་བླངས་ན་ང་ཉིད་བསད་དང་མཚུངས༔ རྗེ་ཡིས་མནའ་བོར་བཻ་རོས་བཞེས་ནས་སུ༔ བྲག་དམར་རྨོག་བཟང་ཞེས་བྱའི་འགྲམ་དུ་སྦས༔ གསེར་དངུལ་གཞན་རྣམས་མང་དུ་བགོས་ནས་སུ༔ གནས་ཆེན་སུམ་ཅུ་སོ་བརྒྱད་དག་ལ་སྦས༔ བཻ་རོའི་རྣམ་ཐར་པདྨའི་དགའ་ཚལ་ལས༔ རྒྱལ་མོ་ཚ་རོང་ཆོས་ལ་བཙུད་ཅིང་བོད་དུ་བྱོན་པར་ཆས་པའི་ལེའུ་སྟེ་བཅུ་དྲུག་པའོ༔ དེ་ནས་ཆོས་རྒྱལ་མདོ་གཞེར་ནག་པོ་གཙོས༔ བཙུན་མོ་བློན་འབངས་དཔོན་གཡོག་ལྔ་བརྒྱ་བཅས༔ ཚ་བ་རོང་གི་མི་རྣམས་ཐམས་ཅད་འདུས༔ བཻ་རོས་རྟ་མཆོག་རག་པ་གདོང་ནག་ཆིབས༔ ངུར་སྨྲིག་གོས་བགོས་འདུལ་འཛིན་ཆ་ལུགས་མཛད༔ མདོ་སྔགས་གཉིས་ཀྱི་ཆོས་གྲལ་ལ་ཞུགས་པ༔ རང་རང་ཆས་འཛིན་རོལ་མོ་འཕེན་གདུགས་འཕྱར༔ དཔལ་ཡུལ་ཀོང་ཡག་ཐང་དུ་སྐྱེལ་ཐུང་བྱས༔ རྫུ་འཕྲུལ་མཆོད་རྟེན་བརྒྱ་དང་རྩ་བརྒྱད་བཞེངས༔ ཁྱད་དུ་འཕགས་པའི་གཏེར་ཁ་མང་དུ་སྦས༔ བཻ་རོའི་ཞལ་ནས་རྒྱལ་བློན་འབངས་བཅས་ཀུན༔ ད་ནི་མ་ཡོངས་འདི་ནས་ཕར་ལོག་སོང༔ མཆོག་གི་སློབ་མ་གཡུ་སྒྲ་སྙིང་པོ་དང༔ ནམ་ཡང་མི་འབྲལ་མཉམ་དུ་འགྲོ་དགོས་གསུངས༔ ཁམས་ཀྱི་དབྱར་མོ་ཐང་བར་སྐྱེལ་ཞུས་ཀྱང༔ མ་གནང་རྗེ་བློན་འཁོར་བཅས་ཡིད་འགྱོད་ཅིང༔ མང་དུ་ངུས་ཤིང་རང་གི་ཡུལ་ཕྱོགས་ལོག༔ བཻ་རོ་དཔོན་གཡོག་གཉིས་བྱས་བོད་དུ་བྱོན༔ ལམ་དུ་གཏེར་ཁ་བརྒྱ་དང་རྩ་བརྒྱད་སྦས༔ བསམ་ཡས་ཚེས་བཅུའི་དུས་མཆོད་ཆེན་པོའི་སྐབས༔ ལོ་པཎ་ཐམས་ཅད་འཚོགས་པའི་ཆོས་གྲར་ཕེབས༔ མཁན་ཆེན་གུ་རུ་གཉིས་དང་བི་མ་ལ༔ ཆོས་རྒྱལ་ལོ་པཎ་ཐམས་ཅད་ཐུགས་དགྱེས་གྱུར༔ བཻ་རོའི་རྣམ་ཐར་པདྨའི་དགའ་ཚལ་ལས༔ ཚ་བའི་རོང་ནས་བོད་དུ་བྱོན་པའི་ལེའུ་སྟེ་བཅུ་བདུན་པའོ༔ ༔དེ་ནས་བི་མ་ལ་དང་བཻ་རོ་ཡིས༔ གསང་སྔགས་ཕྱི་ནང་གསང་བའི་རྒྱུད་མང་བསྒྱུར༔ བོ་དྷི་སཏྭ་གཡུ་སྒྲ་སྙིང་པོ་གཉིས༔ འདུལ་བ་མདོ་ཡི་གཞུང་ལུགས་བསྟན་བཅོས་བསྒྱུར༔ ཨོ་རྒྱན་པད་འབྱུང་ནམ་མཁའི་སྙིང་པོ་གཉིས༔ ཐབས་ལམ་ཟབ་པ་རྩ་རླུང་གཏུམ་མོ་བསྒྱུར༔ གཞན་ཡང་པཎ་གྲུབ་རེ་དང་ལོ་ཙཱ་རེ༔ མདོ་སྔགས་གཉིས་ཀ་རྒྱ་གར་བཞུགས་ཚད་བསྒྱུར༔ བོན་ལུགས་ཡང་དག་བཞག་ཅིང་བོན་ལོག་བསྣུབས༔ དེ་དུས་བཙུན་མོ་དང་ནི་བོན་བློན་ཀུན༔ བཻ་རོ་མཐོང་དུས་ངོ་ཚ་འགྱོད་ཅིང་དོགས༔ ཆོས་བློན་རྣམས་དང་འཁོར་འབངས་ཀུན་དགའ་ནས༔ བཻ་རོའི་ཞལ་མཇལ་ཞབས་པད་སྤྱི་བོར་བླངས༔ མདོ་སྔགས་ཟུང་འབྲེལ་བསྟན་པ་དར་ཞིང་རྒྱས༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཐུགས་དགོངས་འགྲུབ༔ མཁན་སློབ་རྣམ་གཉིས་མ་བཞུད་བོད་དུ་བཞུགས༔ རྒྱལ་པོས་གཏོང་རག་མཎྜལ་རྒྱ་ཆེར་ཕུལ༔ བི་མ་མི་ཏྲ་རྒྱ་ནག་ཡུལ་དུ་བྱོན༔ ལོ་པཎ་གཞན་རྣམས་རང་གནས་རྒྱ་གར་ཕེབས༔ བལ་བོད་གཉིས་ཀྱི་ས་མཚམས་སྐྱེལ་མ་བྱོན༔ བཻ་རོ་ཙ་ན་གཡའ་མ་ལུང་དུ་བཞུགས༔ རྒྱལ་པོའི་ཐུགས་ལ་ཅི་བབས་བཀའ་བཞིན་བསྒྲུབ༔ རེ་ཞིག་ལོ་སར་བྱེད་པའི་ཆས་བསྡུས་ནས༔ རྒྱལ་པོས་རྟ་རྒྱུག་དེ་རུ་ཚེ་དུས་བྱས༔ མཁན་སློབ་གཉིས་གཙོས་ལོ་ཙཱ་ཐམས་ཅད་ཚོགས༔ ཞི་ཁྲོ་དོང་སྤྲུགས་ལ་སོགས་གཤིན་ཆོག་མཛད༔ མུ་ཏིག་བཙན་པོར་རྒྱལ་སྲིད་གཏད་ནས་སུ༔ ཁྲི་སྲོང་ལྡེའུ་བཙན་མཛད་པ་ཅི་བཞིན་དུ༔ རྒྱལ་སྲིད་ཆོས་ཀྱིས་འཚོ་ཞིང་བདེ་ལ་བཀོད༔ སློབ་དཔོན་ཆེན་པོ་བསམ་ཡས་མཆིམས་ཕུར་བྱོན༔ བོ་དྷི་སཏྭ་ཕོ་བྲང་དབུ་རྩེར་བཞུགས༔ ལོ་ཆེན་མཁས་པ་བཻ་རོ་ཙ་ན་ཉིད༔ ཡེར་པ་གཙུག་རུམ་འབར་བའི་ནགས་ཚལ་ཕྱིན༔ རྫོགས་པ་ཆེན་པོའི་ཏིང་ངེ་འཛིན་ལ་བཞུགས༔ རེ་ཞིག་དུས་ན་ལི་ཡི་ཡུལ་གྲུ་ན༔ རྒྱལ་པོ་ཙན་དྲ་ཛྙཱ་ན་ཚེ་འཕོས་ནས༔ སྲས་ནི་གཅིག་མེད་སྲས་མོ་ཞིག་ཡོད་པས༔ མིང་ནི་ལྷ་ལྕམ་བྱང་ཆུབ་སྒྲོན་མ་ཞེས༔ ཆོས་ལ་དད་ཅིང་བླ་མ་ལ་གུས་ལྡན༔ སྒྲོལ་དཀར་སྤྲུལ་པ་ཁྱད་འཕགས་ཞིག་བཞུགས་པ༔ དེ་ཡིས་བང་ཆེན་མི་གསུམ་བཏང་ནས་སུ༔ བཻ་རོའི་མདུན་སླེབས་གདན་འདྲེན་བཏང་ཡིན་ཟེར༔ ཞུ་འཕྲིན་ཡི་གེ་ཕྱག་རྟེན་དང་བཅས་ཕུལ༔ བཻ་རོ་མཁན་སློབ་གཉིས་ཀྱི་དྲུང་དུ་ཕྱིན༔ ལོ་རྒྱུས་ཞུས་ནས་ཇི་ལྟར་བྱ་ལགས་དྲིས༔ གུ་རུའི་ཞལ་ནས་དུས་ལ་བབས་འདུག་པས༔ མྱུར་དུ་བྱོན་ན་འགྲོ་དོན་འཕེལ་ལུང་བསྟན༔ བཀའ་བཞིན་བསྒྲུབས་ནས་ལི་ཡི་ཡུལ་དུ་བྱོན༔ ཕོ་བྲང་རཏྣ་མ་ཎིའི་གླིང་ཞེས་པ༔ ངོ་མཚར་བཀོད་པ་གཞལ་དུ་མ་གྲུབ་པ༔ དེ་ཡི་དབུ་རྩེར་བཻ་རོ་སྤྱན་དྲངས་ནས༔ ཞིམ་དགུའི་སྐྱེམས་དྲངས་རིན་ཆེན་མཎྜལ་ཕུལ༔ ལྷ་ལྕམ་བྱང་ཆུབ་སྒྲོན་མ་བློན་འབངས་བཅས༔ ཐམས་ཅད་འདུས་ནས་དགའ་ཞིང་ཡི་རངས་ནས༔ གུས་པས་ཕྱག་འཚལ་ཞབས་པད་སྤྱི་བོར་བླངས༔ རིག་འཛིན་གཙོ་མཆོག་སློབ་དཔོན་བཻ་རོ་ལགས༔ ལི་ཡི་ཡུལ་འདིར་དམ་པའི་ཆོས་དར་ཡང༔ ཡང་དག་གྲོལ་བ་ཐོབ་པའི་བླ་མ་དཀོན༔ ཡབ་གཅིག་རྒྱལ་པོ་མི་བཞུགས་དགུང་དུ་གཤེགས༔ སྲས་གཅིག་མེད་ནས་རྒྱལ་སྲིད་བདག་གིས་བཟུང༔ རིགས་ངན་སྐྱེ་དམན་ཟ་མ་མོ་ཡི་ལུས༔ ཚོགས་མ་བསགས་པས་རྒྱལ་སྲིད་འཁོར་བར་ལྷུང༔ ངེས་དོན་སྟོན་པའི་བཻ་རོ་དངོས་ཉིད་ཀྱིས༔ ཐུགས་རྗེས་རྗེས་བཟུང་རང་བྱུང་ངོ་སྤྲོད་སྩོལ༔ ཡང་ཡང་ཞུས་པས་བཻ་རོས་བཀའ་བསྩལ་པ༔ སྣོད་ལྡན་བྱང་ཆུབ་སྒྲོལ་མ་བདག་ལ་གསོན༔ ད་ལྟ་སྐྱེ་བ་དམན་ཡང་རིགས་རྒྱུད་བཟང༔ ལས་འཕྲོ་ལྡན་པས་ཡང་དག་ཆོས་ལ་མོས༔ མོ་ལུས་ཡིན་ཀྱང་བྱང་ཆུབ་སྒྲུབ་ལམ་ཡོད༔ ང་ཡིས་ལྕམ་ཁྱོད་སྨིན་ཅིང་གྲོལ་བར་བྱ༔ ཞེས་གསུང་སེམས་ཀྱི་རྒྱུད་ལུང་མ་ལུས་བཤད༔ སེམས་དང་རིག་པ་གཅིག་གམ་གཉིས་ཡིན་དང༔ ཡེ་ཤེས་དང་ནི་རྣམ་ཤེས་གཅིག་གམ་ཞུས༔ བཻ་རོའི་ཞལ་ནས་བྱང་ཆུབ་སྒྲོན་མ་ཉོན༔ འཕྲོ་བ་སེམས་ལ་ངོ་བོ་རིག་པ་ཡིན༔ གདོད་ནས་དག་པར་རྟོགས་ན་གཅིག་ཏུ་འདོད༔ རྣམ་པར་ཤེས་པ་ཡེ་དག་ཡེ་ཤེས་ཡིན༔ མཉམ་པར་བཞག་དུས་སྟོང་པར་གནས་པ་ནི༔ ཆོས་སྐུར་ངོས་འཛིན་གསལ་བ་ལོངས་སྐུར་འདོད༔ འཕྲོ་བ་སྤྲུལ་སྐུ་དེ་གསུམ་དབྱིངས་སུ་གཅིག༔ ནམ་ཡང་གཡོ་མེད་མཉམ་པ་ཉིད་གནས་ན༔ ཆོས་ཟད་བློ་འདས་ངོ་བོ་ཉིད་སྐུ་འོ༔ ཅེས་པ་ལ་སོགས་གྲོལ་ཆོས་མང་དུ་གསུངས༔ བྱང་ཆུབ་སྒྲོལ་མས་ཉམས་མྱོང་གནད་ཐོག་ཁེལ༔ རང་བྱུང་ཡེ་ཤེས་ངོས་ཟིན་གྲོལ་བར་གྱུར༔ གཞན་ཡང་ལས་ཅན་སུམ་ཅུ་རྩ་བདུན་གྲོལ༔ ཡང་ཟབ་རྫོགས་པ་ཆེན་པོའི་ཆོས་རྣམས་གསུངས༔ ཡུལ་དེར་འཇའ་ལུས་གྲུབ་པ་དྲུག་ཅུ་བྱུང༔ ལི་ཡི་ཡུལ་ཁམས་གདུལ་བྱའི་ཞིང་དུ་གྱུར༔ བཻ་རོའི་རྣམ་ཐར་པདྨའི་དགའ་ཚལ་ལས༔ ལི་ཡི་ཡུལ་དུ་འགྲོ་དོན་མཛད་པའི་ལེའུ་སྟེ་བཅོ་བརྒྱད་པའོ༔ ༔དེ་ནས་རྣམ་སྣང་ལོ་ཙཱའི་ཐུགས་དགོངས་ལ༔ ད་ནི་ཡུལ་འདིར་འགྲོ་དོན་རྫོགས་འདུག་པས༔ བོད་དང་རྒྱལ་མོ་ཚ་རོང་བྱོན་དགོངས་ནས༔ བཙུན་མོ་བློན་འབངས་བཅས་པ་ཐམས་ཅད་ལ༔ ད་ནི་ཁྱེད་རྣམས་འདོད་པ་འགྲུབ་འདུག་པས༔ བོད་ཀྱི་རྒྱལ་ཁམས་གདུལ་བྱའི་འཕྲོ་ཡོད་ཀྱི༔ མི་བཞུགས་བྱོན་པར་གསུངས་པས་ལྷ་ལྕམ་གྱིས༔ བཞུགས་པར་ནན་ཏན་ཞུས་ཀྱང་མ་གནང་ངོ་༔ དེ་ནས་གསེར་དངུལ་རིན་ཆེན་མང་པོ་ཕུལ༔ བོད་དུ་བྱོན་ནས་མཁན་སློབ་རྣམ་གཉིས་མཇལ༔ མདོ་གཞེར་ནག་པོས་ཕོ་ཉ་བཏང་དང་འཕྲད༔ རྒྱ་ནག་ཡུལ་དང་རྒྱལ་མོ་རོང་ཆེན་དུ༔ གདུལ་བྱ་འཕྲོ་རྣམས་སྐྱོང་ཕྱིར་འབྱོན་པར་ཞུས༔ ཕྲིན་ཡིག་རྟེན་བཅས་བཻ་རོའི་ཕྱག་ཏུ་སྤྲད༔ སློབ་དཔོན་ལ་ཞུས་ཡི་གེ་བསྟན་པ་ཡིས༔ རྒྱ་ནག་འདུལ་བའི་དུས་ལ་བབ་འདུག་པས༔ བཻ་རོ་བྱོན་ན་ང་ཡང་འབྲལ་མེད་འོང༔ ཞེས་གསུང་གུ་རུའི་ལུང་བསྟན་ཅི་བཞིན་དུ༔ ནམ་མཁའི་སྙིང་པོ་ཡེ་ཤེས་མཚོ་རྒྱལ་དང༔ རླངས་ཆེན་དཔལ་སེང་རྒྱལ་བའི་བློ་གྲོས་བཞི༔ དཔལ་གྱི་དབང་ཕྱུག་གཡུ་སྒྲ་སྙིང་པོ་བཅས༔ དཔོན་སློབ་བདུན་བྱས་རྒྱལ་མོ་ཚ་རོང་བྱོན༔ གདུལ་བྱ་འཕྲོ་བསྐྱངས་རྒྱ་ནག་ཡུལ་དུ་བྱོན༔ ཟབ་གཏེར་མང་སྦས་རྒྱལ་ཁམས་ཆོས་ལ་བཙུད༔ གུ་རུའི་ཡེ་ཤེས་སྐུ་ཡང་འབྲལ་མེད་བྱོན༔ སྐལ་བ་ལྡན་པ་རེ་འགས་ཞལ་མཐོང་ངོ་༔ ལོ་ལྔའི་བར་དུ་རྒྱ་དང་ཚ་རོང་བཞུགས༔ རྣམ་ཐར་འདི་ཡང་དེ་ཡི་དུས་ན་མཛད༔ མདོ་གཞེར་ནག་པོ་ཚེ་ཡི་དུས་བྱས་ནས༔ གཤིན་ཆོག་མཛད་ནས་ཐར་པའི་ལམ་ལ་བཀོད༔ སྲས་ལ་རྒྱལ་སྲིད་གཏད་ནས་མངའ་གསོལ་མཛད༔ བཻ་རོས་སྨིན་གྲོལ་ཆོས་གསུང་སྨོན་ལམ་བཏབ༔ སྲས་ཀྱིས་བཞུགས་པར་ཞུས་ཀྱང་མ་གནང་སྟེ༔ ཕྱག་རྟེན་མང་ཕུལ་དབྱར་མོ་ཐང་བར་བསྐྱལ༔ བཻ་རོ་འཁོར་བཅས་བསམ་ཡས་དབུ་རྩེར་ཕེབས༔ མཁན་སློབ་རྣམས་དང་མཇལ་འཕྲད་བགྲོ་གླེང་མཛད༔ དེ་ནས་བྲག་དམར་གཡའ་མ་ལུང་དུ་བྱོན༔ རྫོགས་པ་ཆེན་པོ་ཉམས་བཞེས་མཐར་ཕྱིན་ནས༔ ཕུང་པོ་ལྷག་མ་མེད་པར་སངས་རྒྱས་སོ༔ བཻ་རོའི་རྣམ་ཐར་པདྨའི་དགའ་ཚལ་ལས༔ མངོན་པར་སངས་རྒྱས་ནས་མཇུག་སྡུད་ཀྱི་ལེའུ་སྟེ་བཅུ་དགུ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྣམ་ཐར་འདི་ཉིད་མ་འོངས་པའི་འགྲོ་དོན་དུ་དགོངས་ནས་ཡེ་ཤེས་མཚོ་རྒྱལ་བདག་གིས་མཇུག་བསྡུས་ཤིང༔ འཕྲུལ་གྱི་ཡི་གེར་བཏབ་ནས་གཏེར་དུ་སྦས་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གུ་ཧྱ༔ ཁ་ཐཾ༔ འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ལ་དངོས་གྲུབ་ཏུ་ཐོབ་པའོ།། །།འཇིག་རྟེན་མིག་གཅིག་རྣམ་སྣང་ལོ་ཙཱ་བ། །བཻ་རོའི་རྣམ་ཐར་པདྨའི་དགའ་ཚལ་ཞེས། །མ་འོང་བདག་སོགས་དད་པའི་གསོས་འདི་ནི། །ཀུན་མཁྱེན་བླ་མ་གར་དབང་དགོངས་གཏེར་ཉིད། །བསོད་ནམས་རྒྱ་མཚོ་སྤེལ་སླད་འཛད་མེད་ཀྱི། །ཆོས་སྦྱིན་འདི་ཡང་རག་ཉག་བླ་མ་ཡི། །དད་པའི་བློ་དང་བཏང་བའི་དངོས་རྫས་ཀྱིས། །དཔལ་སྤུངས་གདན་སར་བཞེངས་པའི་དགེ་བ་དེས། །དཔལ་ལྡན་བླ་མ་མཉེས་པའི་རྒྱུར་འགྱུར་ཞིང་། །བདག་སོགས་འདི་ནས་བྱང་ཆུབ་མ་ཐོབ་བར། །དམ་ཆོས་བདུད་རྩིའི་ཟས་ལ་ལོངས་སྤྱོད་བཞིན། །ཐུགས་རྗེའི་གྲིབ་བསིལ་རྟག་ཏུ་ངལ་འཚོར་ཤོག །ཅེས་པའང་མཁྱེན་སྤྲུལ་པས་སྨྲས་པ་དགེ། །།
རིག་པའི་རྒྱལ་པོ་ནཱ་ག་རཀྴའི་སྒྲུབ་ཐབས་སྙིང་གི་དུམ་བུ་ (Volume 19, Text 5)
༄༅། །རིག་པའི་རྒྱལ་པོ་ནཱ་ག་རཀྴའི་སྒྲུབ་ཐབས་སྙིང་གི་དུམ་བུ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། ཇི་སྲིད་སྙིང་པོ་བྱང་ཆུབ་བར། །སངས་རྒྱས་ལ་ནི་སྐྱབས་སུ་མཆི། །དམ་པའི་ཆོས་ལ་བདག་སྐྱབས་མཆི། །དགེ་འདུན་ལ་ཡང་མི་ཕྱེད་དད། །བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། འདི་ལྟར་འཁོར་འདས་ཆོས་རྣམས་མ་ལུས་པ། །སྟོང་ཞིང་བདག་མེད་སྤྲོས་བྲལ་བདེ་བ་ཆེ། །བསམ་བརྗོད་དམིགས་བཅས་བློ་ཡི་ཡུལ་ལས་འདས། །གདོད་ནས་རྣམ་དག་རང་བཞིན་འོད་གསལ་ངང་། །སྐད་ཅིག་རང་རིག་ངོ་བོ་ཕེ་ཡིག་ནག །དེ་ལས་འོད་ཟེར་མཐིང་ནག་རབ་འཕྲོས་པས། །སངས་རྒྱས་ཀུན་མཆོད་སེམས་ཅན་སྡིག་སྒྲིབ་སྦྱངས། །ཚུར་འདུས་རྒྱལ་ཀུན་བྱིན་རླབས་ཕེ་ལ་ཐིམ། །ཕེ་རཀྵ་ཀུ་རུ་བྷྲཱུྃ། ཕྱོགས་ཀུན་དུག་གི་རྒྱ་མཚོ་ཁོལ་བའི་ཀློང་། །ཐམས་ཅད་སྦྲུལ་ལས་བྱས་པའི་གཞལ་ཡས་ཁང་། །སྣ་ཚོགས་རིན་པོ་ཆེ་ཡིས་མཛེས་པའི་དབུས། །ས་བདག་ཀླུ་གཉན་རྒྱལ་བསེན་གཅལ་དུ་བཀྲམ། །འབྱུང་པོ་ཕོ་མོ་བསྣོལ་བའི་གདན་གྱི་ཁར། །པདྨ་ཉི་མ་འབར་བའི་དཀྱིལ་འཁོར་སྟེང་། །ཕེ་ཡིག་ཡོངས་གྱུར་འཆི་བདག་གཤིན་རྗེ་གཤེད། །རིག་པའི་རྒྱལ་པོ་དམར་ནག་ཁྲག་རུལ་མདོག །མི་སྲུན་གཤིན་རྗེ་དྲག་ཏུ་ཁྲོས་པའི་གདོང་། །སྤྱན་གསུམ་སྡང་མིག་ཁྲག་གི་མཚོ་ལྟར་ཁོལ། །ཞལ་གདངས་ལྗགས་འདྲིལ་མཆེ་བ་ཟང་ཡག་གཙིགས། །ཤངས་ནས་བསྐལ་པ་འཇིགས་པའི་འཐོར་རླུང་འཕྱོ། །སྙན་ནས་སྟོང་གསུམ་འཆི་བའི་དུད་སྤྲིན་འཐུལ། །ཞལ་ནས་ཚ་གྲང་འཁྲུག་པའི་དུག་རླངས་འཕྱོ། །འཇིག་དུས་མེ་ལྟར་དབུ་སྐྲ་དམར་སེར་འབར། །ཤིན་ཏུ་མི་བཟད་སྦྲུལ་གྱི་གདེངས་ཀ་དགུ །འཇིགས་པའི་ཞལ་གདངས་མཆེ་གཙིགས་གློག་ལྕེ་བསྐྱོད། །ཕྱོགས་མཚམས་ཀུན་གཟིགས་ཞལ་ནས་ཨིག་ཤ་སྒྲོག །དབུས་མར་རིན་པོ་ཆེ་ཡི་པྲོག་ཞུ་བཅིངས། །བླ་མ་མི་བསྐྱོད་རྡོ་རྗེ་འཆང་གིས་བརྒྱན། །རལ་པའི་གསེབ་ནས་ཁྱུང་ཆེན་སྐར་ལྟར་འཁྲུག །སྤུ་གསེབ་སྡོམ་སྡིག་སྦལ་སྦྲུལ་ཆར་ལྟར་འབེབ། །ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་འདོར་སྟབས་བགྲད། །སྦྲུལ་མཇུག་སྔོ་དམར་དུག་གི་རྒྱ་མཚོར་འཁྱིལ། །བཅུ་དྲུག་གཡས་ཀྱི་ཕྱག་བརྒྱད་གྲི་གུག་གདེངས། །དགྲ་དང་བགེགས་ཀྱི་མགོ་སྙིང་དུམ་བུར་གཏུབས། །གཡོན་གྱི་ཕྱག་བརྒྱད་སྦྲུལ་ཞགས་ནད་རྐྱལ་གྱིས། །དགྲ་བགེགས་འཆིངས་ཤིང་མཛེ་ནད་བཅོ་བརྒྱད་འབེབ། །ཆེ་བའི་ཀླུ་བརྒྱད་སྐུ་ཡི་རྒྱན་དུ་བྱས། །རུས་པའི་ཁོག་སྦུབས་སྦྲུལ་ལྤགས་ན་བཟའ་གསོལ། །དུག་གི་མེ་རླུང་འཇིག་དུས་བཞིན་འཁྲིགས་དབུས། །རྒྱབ་ཡོལ་རི་རབ་ལྷུན་པོར་མཛད་དེ་བཞུགས། །དཔྲལ་བར་ཨོཾ་ལས་བཅོམ་ལྡན་འདས་འཇམ་དཔལ། །གསེར་མདོག་ཕྱག་གཡས་འབར་བའི་རལ་གྲི་འཛིན། །མགྲིན་པར་ཨཱཿལས་འཕགས་པ་སྤྱན་རས་གཟིགས། །དམར་པོ་ཕྱག་ན་པདྨའི་དབྱུག་ཏོ་བསྣམས། །ཐུགས་ཀར་ཧཱུྃ་ལས་དཔལ་ཆེན་གསང་བའི་བདག །མཐིང་ནག་འབར་བའི་རྡོ་རྗེ་རྩེ་དགུ་གསོར། །ཀུན་ཀྱང་སྤྱན་གསུམ་ཕྱག་གཡོན་སྡིགས་མཛུབ་མཛད། །ཉི་གདན་ལ་བཞུགས་རིན་ཆེན་རུས་རྒྱན་སྤྲས། །རིག་རྒྱལ་སྙིང་དབུས་ཉི་མར་ག་རུ་ཌ། །གསེར་མདོག་བརྐྱང་བསྐུམ་སྦྲུལ་ཞགས་ནད་རྐྱལ་འཛིན། །དེ་ཡི་སྙིང་དབུས་ཕ་ལམ་རྡོ་རྗེ་ཡི། །ལྟེ་བར་ཕེ་ཡིག་མཐའ་མར་སྔགས་ཕྲེང་འཁོར། །གནས་གསུམ་འོད་ཀྱིས་དེ་བཞིན་གཤེགས་ཀུན་གྱི། །སྐུ་གསུང་ཐུགས་བྱིན་མ་ལུས་གཅིག་བསྡུས་ཐིམ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཨོཾ་ཨཱཿཧཱུྃ། ཞེས་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། ཧཱུྃ་ཨོཾ་སྭཱ་ཨཱཿཧཱ། ཞེས་རིགས་ལྔས་དབང་བསྐུར། ཨོཾ་ནཱ་ག་རཀྴ་ཨེ་ཧྱེ་ཧི་བྷ་ག་བཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སཏྭཾཿ ཛཿཧཱུྃ་བཾ་ཧོཿ ནཱ་ག་རཱ་ཛ་ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཧྲིཾ་ཛཿ ཞེས་ཡེ་ཤེས་པ་སྤྱན་དྲངས། སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་ལ་ལ་ཧོཿ བཛྲ་ཨཾ་གུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གཎྜེ་ཧོཿ ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ས་མ་ཡ་ཏིཥྛ་ལྷན། ཞེས་དམ་ཚིག་པ་ལ་བསྟིམ། ཨ་ཏི་པཱུ་ཧོཿ པྲ་ཏཱི་ཛ་ཧོཿ ཞེས་ཕྱག་འཚལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་བིདྱ་ ཤབྡ་ཨཱཿཧཱུྃ། ཞེས་ཕྱི་མཆོད། རྩ་སྔགས་ལ་སྨན་རཀ་གཏོར་སྔགས་སྦྲེལ་བ་ནང་མཆོད། མ་ཧཱ་བཛྲ་པདྨོ་ཡོ་གི་ནཱི་ཨ་ཧོ་མ་ཧཱ་སུ་ཁ་ཧོཿ མ་ཏྲཾ་རུ་དྲ་པྲ་བྷཉྩཀྲ་ཧཱུྃ་ཕཊ། སྦྱོར་སྒྲོལ་གསང་བའི་མཆོད་པའོ། །དེ་ནས་བསྟོད་པ་ནི། ཧཱུྃ། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་དེར་འདུད། །ཀླུ་གཉན་ས་བདག་དྲེགས་པ་འདུལ་མཛད་པ། །རིག་པའི་རྒྱལ་པོའི་སྐུ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། དེ་ནས་བཟླས་པའི་དམིགས་པ་གསལ་བཏབ་ལ། ཨོཾ་ཕེ་ལཾ་ཧཱུྃ། ཞེས་ཞི་སྔགས་དང་། ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྴ་ཕེ་ལཾ་ཧཱུྃ། ཞེས་པའམ། ཨོཾ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྴ་ཙཀྲ་ཕེ་ལཾ་ཧཱུྃ་ཕཊ། ཅེས་དྲག་པོའི་སྔགས་རང་བཞིན་དུ་ཅི་ནུས་དང་། གཞན་སྒང་གཤོང་འཐེན་གསུམ་གྱི་མན་ངག་དང་ལྡན་པར་བཟླའོ། །ཐུན་བསྡུ་ན་སྣོད་བཅུད་ལྷའི་དཀྱིལ་འཁོར་འོད་གསལ་སྟོང་པ་ཉིད་ཀྱི་དབྱིངས་སུ་བཅིལ་ཞིང་། སླར་ཡང་སྒྱུ་མ་བཞིན་སྔར་ལྟར་ལྷར་ལྡང་། དགེ་བ་བསྔོ། སྨོན་ལམ་གདབ། ཐུན་མཚམས་སུ་གཏོར་མ་འབུལ་བ་ནི། ཨ་མྲྀ་ཏས་བསང་། སྭ་བྷཱ་བས་སྦྱང་། ཨཱཿལས་གཏོར་སྣོད་ཀ་པཱ་ལའི་ནང་དུ། ཨོཾ་ལས་གཏོར་མ་ཤ་ལྔ་བདུད་རྩི་ལྔ། ཧཱུྃ་གིས་ཡེ་ཤེས་བདུད་རྩི་བཀུག་ཅིང་དམ་ཚིག་གི་བདུད་རྩི་དང་འདྲེས། ཧ་ཧོ་ཧྲཱིཿ འདོད་ཡོན་ནམ་མཁའི་ཁམས་ཁེངས་པར་གྱུར། བཛྲ་ས་མཱ་ཛཿ ཞེས་པས་གཏོར་མགྲོན་མདུན་དུ་བཀུག །སྙིང་པོའི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་གསུམ་མམ་བདུན་གྱིས་འབུལ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། བསྟོད་པ་ནི། ཧཱུྃ། འཇིག་རྟེན་འདས་དང་མ་འདས་མཚམས་ཤེད་ན། །རྒྱ་མཚོ་ཆེན་པོའི་ཀློང་ཡངས་དྭངས་པའི་དབུས། །བསྐལ་པའི་སྦྲུལ་ནག་འཁྱིལ་བའི་དཀྱིལ་འཁོར་ནས། །རིག་པའི་རྒྱལ་པོ་ཀླུ་བདུད་མགོ་དགུ་པ། །བདུད་ཀྱི་བདུད་གཅིག་འཆི་བདག་ཀླུ་ཡི་བདུད། །སྐུ་ནི་རི་རབ་ངོས་ལ་བརྟེན། །མཇུག་མ་རྒྱ་མཚོའི་གཏིང་དུ་འཁྱིལ། །དབུ་ནི་བར་སྣང་ཁམས་སུ་འཕྱོ། །ཞལ་ནས་གདུག་པའི་སྒྲ་སྐད་ནི། །འཇིགས་པའི་ཨིག་ཤའི་སྒྲ་ཡང་སྒྲོག །སྤྲུལ་ནག་རལ་པ་སྤྲུགས་པ་ལས། །སྡོམ་དང་སྡིག་པའི་ཚྭ་ཚྭ་འཕྲོ། །སྤྱན་ནི་དྲག་པོ་ཧུར་ཐུམས་གཟིགས། །མཆེ་བ་རྣོ་དབལ་དམར་ནག་གཏམས། །ཀླུ་གཉན་ས་བདག་གདུག་པ་ཅན། །བ་སུ་རིགས་དྲུག་ཟས་སུ་ཟ། །རྒྱལ་རིགས་མགུལ་ཆུ་དོ་ཤལ་བྱས། །བྲམ་ཟེའི་རིགས་ཀྱི་ཕྱག་གདུབ་བྱས། །དམངས་རིགས་ཀླུ་ཚོགས་སྐེད་ལ་དཀྲིས། །རིགས་ངན་གདོལ་པ་ཞབས་འོག་གནོན། །གདུག་པའི་ས་བདག་ཀླུ་གཉན་རྣམས། །སྐད་ཅིག་ཙམ་ལ་བརླག་པར་མཛད། །འཇམ་དཔལ་ཐུགས་ལས་སྤྲུལ་པ་ཡི། །ཀླུ་བདུད་ནག་པོ་ཁྱོད་ལ་བསྟོད། །ཅེས་པས་བསྟོད་པའི་མཐར། རིག་པའི་རྒྱལ་པོ་འཁོར་དང་བཅས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་སྩོལ་ཞིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་གཏོར་མ་བསྟབས་ཤིང་ཕྲིན་ལས་བཅོལ། ཨོཾ་བཛྲ་མུཿས་གཏོར་མགྲོན་གཤེགས་སུ་གསོལ། བཀྲ་ཤིས་བསྔོ་སྨོན་བྱའོ། །བསྙེན་སྒྲུབ་སྐབས་སུ་རང་ངམ་མཐུན་པའི་གྲོགས་ཀྱིས་ཆུ་གཏོར་ཀླུ་གཏོར་བཏང་བ་ཡང་ངེས་པར་དགོས། རིག་པའི་རྒྱལ་པོའི་སྒྲུབ་ཐབས་འདི་ནི་འཆི་བདག་སྲོག་གི་འཁོར་ལོའི་རྒྱུད་ཀྱི་དགོངས་པ་ཇི་ལྟ་བ་བཀའ་གཏེར་དུ་མ་མཐུན་པར་འབྱུང་བཞིན་གཞིར་བཞག །མན་ངག་སྙན་བརྒྱུད་འགའ་ཡང་ད་ནི་ཆད་པར་ཉེ་ན་ལྷག་བསམ་བཟང་པོས་ཇི་རིགས་པར་གསལ་བར་བཀོད་པ་ཡིན་ནོ། །རིག་རྒྱལ་ནཱ་ག་རཀྴ་ཡི། །སྒྲུབ་ཐབས་རྣོ་ལ་ཚན་ཆེ་བ། །སྙིང་གི་དུམ་བུ་ཇི་འདྲ་བའི། །མན་ངག་དཀོན་ནོ་ལྷུག་པར་སྤེལ། །དེ་ལས་བྱུང་བའི་དགེ་བ་ཡིས། །ལུས་ཅན་མ་རིག་ནད་ལས་གྲོལ། །རང་རིག་འཇམ་དཔལ་དཔའ་བོའི་སྐུ །མྱུར་བ་ཉིད་དུ་ཐོབ་གྱུར་ཅིག །ཅེས་པའང་རབ་བྱུང་བཅུ་གསུམ་པ་མེ་ཡོས་གྲོ་ཞུན་ཟླ་བའི་དམར་ཕྱོགས་བཟང་པོ་གསུམ་པ་ལ་བོད་ཡུལ་གངས་རིའི་ཁྲོད་ཀྱི་རྡོ་རྗེ་གདན་ལྷ་ལྡན་གཙུག་ལག་ཁང་ཆེན་པོའི་འདབས་རྒྱལ་པོའི་ཕོ་བྲང་དུ། སའི་དབང་ཕྱུག་གནམ་བསྐོས་ཆོས་རྒྱལ་མཆོག་གི་དགོངས་བཞེད་བསྐང་སླད་ཡི་གེར་རྒྱལ་ཁམས་པ་རིག་འཛིན་ཚེ་དབང་ནོར་བུས་བཀོད་པའོ།། ༈ ཨོཾ་སྭསྟི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་རང་སེམས་ཕེ་མཐིང་ནག །ཕེ་ཡིག་གྲངས་མེད་འཕྲོ་འདུས་ཡོངས་གྱུར་པས། །ཕེ་རཀྵ་ཀུ་རུ་བྷྲཱུྃ། རིན་ཆེན་བཀྲམ་པའི་རྒྱ་མཚོར་སྦྲུལ་རིགས་ཀྱི། །གཞལ་ཡས་ཁང་དབུས་ས་བདག་ཀླུ་གཉན་སྟེང་། །རང་ཉིད་རིག་རྒྱལ་ནཱ་ག་རཀྴ་ནག །དབུ་དགུ་སྲིན་པོ་ལྟ་བུར་ཆེས་ཆེར་ཁྲོས། །སྦྲུལ་མགོ་དགུ་ཡི་གདེངས་ཀ་དབུས་མ་ལ། །རིན་ཆེན་པྲོག་ཞུ་མི་བསྐྱོད་རྒྱལ་བས་བརྒྱན། །ཕྱག་རྒྱ་བཅུ་དྲུག་གཡས་བརྒྱད་རལ་གྲི་དང་། །གཡོན་བརྒྱད་སྦྲུལ་ཞགས་ཞབས་གཉིས་བརྐྱང་བསྐུམ་བཞུགས། །སྐུ་སྨད་སྦྲུལ་མཇུག་རྒྱ་མཚོའི་གཏིང་དུ་འཁྱིལ། །རི་རབ་ལྷུན་པོར་རྒྱབ་ཡོལ་ཚུལ་དུ་མཛད། །དབུ་སྐྲའི་གསེབ་ནས་གདུག་པའི་སྲོག་ཆགས་འགྱེད། །ཨིག་ཤའི་སྒྲ་སྒྲོག་མེ་དཔུང་ཀློང་དུ་བཞུགས། །གནས་གསུམ་འབྲུ་གསུམ་རྡོ་རྗེ་གསུམ་རང་བཞིན། །སྙིང་དབུས་མཁའ་ལྡིང་གསེར་གྱི་ཁ་དོག་ཅན། །དེ་ཡི་སྙིང་གར་པད་སྟེང་རྡོ་རྗེའི་ལྟེར། །ཕེ་ལ་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར། །ཨོཾ་ཕེ་ལཾ་ཧཱུྃ། ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྴ་ཨོཾ་ཕེ་ལཾ་ཧཱུྃ། ཐུན་མཚམས་སུ་དགེ་བའིརྩ་བ་བྱང་ཆུབ་ཏུ་བསྔོ་ཞིང་དམིགས་མེད་དུ་བཞག །ཅེས་རིག་པའི་རྒྱལ་པོ་ནཱ་ག་རཀྴའི་རྒྱུན་གྱི་ཉམས་ལེན་ཤིན་ཏུ་ཁྱེར་བདེར་བྱས་པ་འདིའང་གཙང་རུ་ལག་གི་ཆ། པྲད་རིན་ཆེན་རྩེའི་སྐྱེད་མོས་ཚལ་དུ་རབ་མྱོས་སྣྲོན་ཟླ་བའི་དཀར་ཕྱོགས་ཀྱི་གང་བ་ལ་རིག་པ་འཛིན་པས་སྦྱར་བའོ།། ༈ ནཱ་ག་རཀྴའི་དམིགས་པའི་མན་ངག་ཞལ་རྒྱུན་ཤིན་ཏུ་ཟབ་པ་བཞུགས་སོ། །ཨོཾ་སྭསྟི། བླ་མ་དང་འཇམ་དཔལ་རྡོ་རྗེ་གཉིས་སུ་མེད་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་དུས་དང་རྣམ་པ་ཐམས་ཅད་དུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འདིར་འཇམ་དཔལ་ནཱ་ག་རཀྴའི་ཐུན་མོང་མ་ཡིན་པའི་བཟླས་དམིགས་སྙན་བརྒྱུད་ཞལ་ཤེས་ཟིན་བྲིས་སུ་བཀོད་པར། ཕྱག་རྒྱ་བཞིའི་རྒྱས་བཏབ་པ་ལ། ཡེ་ཤེས་ཀྱི་ཕྱག་རྒྱ་ལྷ་ལ་བཏབ་པ། དམ་ཚིག་གི་ཕྱག་རྒྱ་རང་ལ་འདེབས་པ། ལས་ཀྱི་ཕྱག་རྒྱ་ཀླུ་ལ་འདེབས་པ། ཀླུའི་ཕྱག་རྒྱ་དགྲ་ལ་འདེབས་པ་དང་བཞིའོ། །དེ་ལ་དང་པོ་ཡེ་ཤེས་ཀྱི་ཕྱག་རྒྱ་ལྷ་ལ་བཏབ་པ་ནི། བསྐྱེད་རིམ་མ་བྱས་པར་གནས་ལུགས་ཀྱི་ངང་ནས་འབྲུ་བཞི་ས་ཡ་ཙམ་འགྲུབ་ན་རབ། ཐ་མའང་འབུམ་གཅིག་བཟླ། གཉིས་པ་དམ་ཚིག་གི་ཕྱག་རྒྱ་རང་ལ་འདེབས་པ་ནི། བསྐྱེད་རིམ་གསལ་ཞིང་། ཡེ་ཤེས་སེམས་དཔའ་གསེར་གྱི་བྱ་ཁྱུང་། དེའི་ཐུགས་ཀར་པདྨ་འདབ་མ་བརྒྱད་པའི་སྦུབས་སུ་རྡོ་རྗེ་རྩེ་ལྔ་ཕྱེད་པ། ལྟེ་བར་ཡི་གེ་ཕེ་ནག་པོའི་མཐར་འབྲུ་བཞི་བཀོད། འདབ་མ་བརྒྱད་ལའང་ཀླུའི་སྲོག་སྔགས་ཐུན་མོང་མིན་པ་སྤྲོ་ན་བཀོད་དེ། ས་ཡའམ་འབྲུ་འབུམ་ཕྲག་སོགས་བཟླས་པས་སྡེ་བརྒྱད་ཐམས་ཅད་བཀའ་འོག་ཏུ་འདུས་སོ་སྙམ་པ་དང་། རྐང་མཐིལ་ཟ་བ་དང་། ལུས་ལ་ཚ་ཞུམ་པ་དྲོད་སྐྱེ་བའོ། །དེ་ལས་ཐལ་ན་དམ་ཚིག་གི་ཕྱག་རྒྱ་དངོས་སུ་ཐེབས་རྟགས་འོང་། གསུམ་པ་ལས་ཀྱི་ཕྱག་རྒྱ་ཀླུ་ལ་འདེབས་པ་ནི། རང་འཇམ་དཔལ་གྱི་ཞབས་གཡས་བསྐུམ་གཡོན་བརྐྱང་བའི་འོག་ཏུ་རུ་སྦལ་ཆེན་པོ་ཞིག་བསམ། དེ་ལ་གནོད་བྱེད་ཀླུ་རིགས་ཐམས་ཅད་བསྟིམས་ནས་རང་གི་ལུས་ལས་ཀླུའི་དུག་རྣམས་དེ་ལ་བསྟིམ། བཞི་པ་ཀླུའི་ཕྱག་རྒྱ་དགྲ་ལ་འདེབས་པ་ནི། དེ་ཉིད་རང་གི་དགྲ་བོ་ལ་བསྟིམ་པར་བྱ། ཐུན་མོང་མ་ཡིན་པའི་མན་ངག་གི་གནད་གལ་པོ་ཆེ་སྒང་གཤོང་འཐེན་གསུམ་ལས། དང་པོ་ཞག་བདུན་གྱི་རིང་ལ་ཤིན་ཏུ་བརྩོན་པས་སྔགས་བཟླ་བ་ནི་སྒང་། དེ་ནས་ཞག་བདུན་གྱི་རིང་སྔགས་ཅུང་ཟད་ལས་མི་བཟླ་བ་ནི་གཤོང་། དེ་ནས་ཞག་བདུན་གྱི་རིང་སྔགས་ཡེ་ནས་མི་བཟླ་བར་རང་དང་ཀླུ་གདོན་གཉིས་ཀའི་སྤྱི་བོར་རྡོ་རྗེ་སེམས་དཔའ་བསྒོམས་ནས་ཡིག་བརྒྱ་བཟླས་ཏེ་ནད་གདོན་སྡིག་སྒྲིབ་ཐམས་ཅད་བཀྲུ་བའི་དམིགས་པ་ལ་འབད་པ་ནི་འཐེན་པ་སྟེ། ཚུལ་དེ་བཞིན་དུ་འབད་པ་ཤིན་ཏུ་གལ་ཆེ། འདིའི་སྒོ་ནས་ཀླུ་གཏད་བྱེད་སྐབས་སུ་ཀླུ་རྒྱལ་རིགས་ཀྱི་སྤྱི་གཙུག་ནོར་བུ་དབང་རྒྱལ། རྗེའུ་རིགས་ཀྱི་ཕྲག་པ་གཡས་སུ་ནོར་བུ་འབར་བ། བྲམ་ཟེའི་ནུ་མ་གཡས་སུ་ཁྲུས་ཀྱི་བུམ་པ། དམངས་རིགས་ཀྱི་བྱིན་པ་དང་། གདོལ་པའི་གསང་གནས་རྣམས་སུ་ཀླུ་གཏད་བྱས་ཀྱང་དགྲ་ལ་མི་གནོད་པར་བཟང་བར་འགྱུར་བས་སྤང་བར་བྱ་དགོས། ཞེས་པ་དེ་རྣམས་དཔལ་རིག་པ་འཛིན་པ་ཆེན་པོ་རྡོ་རྗེ་ཚེ་དབང་ནོར་བུའི་ཞལ་སྔ་ནས་ཇི་ལྟར་བསྩལ་པ་རྣམས་ངག་དབང་ཆོས་ཀྱི་རྒྱ་མཚོས་ཟིན་བྲིས་སུ་བཏབ་པ་མངྒ་ལཾ།། །།
བྱིན་རླབས་བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ཕྱི་ནང་གསང་གསུམ་ཉམས་སུ་ལེན་པའི་ཟིན་བྲིས་བཀླག་ཆོག་ཏུ་བཀོད་པ་ཡོན་ཏན་འབྱུང་གནས་ (Volume 29, Text 5)
༄༅། །བྱིན་རླབས་བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ཕྱི་ནང་གསང་གསུམ་ཉམས་སུ་ལེན་པའི་ཟིན་བྲིས་བཀླག་ཆོག་ཏུ་བཀོད་པ་ཡོན་ཏན་འབྱུང་གནས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་གུ་ཎ་ནཱ་ཐཱ་ཡ། དུས་གསུམ་གཤེགས་པའི་རྣམ་འདྲེན་མཆོག་རྣམས་ཀྱི། །ཐུགས་བསྐྱེད་ཐུགས་རྗེ་གཅིག་བསྡུས་གཡུ་ཐོག་པ། །བསིལ་ལྡན་སྨན་གྱི་སྟོན་པ་ཡོན་ཏན་མགོན། །གྲོལ་བ་བཞི་ལྡན་དེ་ཡིས་བདག་བྱིན་རློབས། །ཕྱི་ལྟར་ལྔ་རིག་མཐར་ཕྱིན་པཎྜཱི་ཏ། །ནང་ལྟར་གྲུབ་ཐོབ་རྒྱ་མཚོའི་ཚོགས་ཀྱི་རྗེ། །གསང་བ་བཻ་ཌཱུརྻ་འོད་བཅོམ་ལྡན་འདས། །གང་དེའི་སྒྲུབ་ཐབས་རྨད་བྱུང་ཡིད་བཞིན་ནོར། །ཀུན་ལས་ཁྱད་འཕགས་བྱིན་རླབས་གཟི་བརྗིད་ཅན། །རིང་པོར་མི་ཐོགས་གྲུབ་གཉིས་འདོད་འཇོ་བ། །ཇི་ལྟར་ཉམས་སུ་ལེན་ཚུལ་གོ་བདེའི་ཟིན། །བཀོད་ལ་རྩ་གསུམ་སྲུང་མས་གནང་བ་སྩོལ། །དེ་ལ་རྫོགས་པའི་སངས་རྒྱས་སྨན་གྱི་བླ་མ་ཉིད་གདོང་དམར་བོད་ཀྱི་རྒྱལ་ཁམས་སུ་འཚོ་མཛད་གྲུབ་པའི་དབང་ཕྱུག་གི་སྐུར་བཞེངས་པ་རྗེ་བཙུན་གཡུ་ཐོག་པ་ཆེན་པོས། སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་བརྩེ་བས་དགོངས་ཏེ་རྡོ་རྗེའི་གསང་ཚིག་ཏུ་གདམས་པ། ཐུན་མོང་མ་ཡིན་པའི་ཡང་ཟབ་མཐར་ཐུག་སྙིང་གི་ཐིག་ལེའི་བསྙེན་སྒྲུབ་ཀྱི་ཟིན་བྲིས་ཅུང་ཟད་འགོད་པ་ལ་གཉིས། བསྐྱེད་རྫོགས་ཀྱི་སྤྱི་དོན་མདོ་ཆིངས་ས་བཅད་དུ་བསྟན་པ། བསྙེན་སྒྲུབ་ལག་ལེན་དངོས་ཉིད་ཞིབ་པར་སྨོས་པའོ། །དང་པོ་ལ་གཉིས། རིམ་གཉིས་སྤྱིའི་དོན། བྱེ་བྲག་གཞུང་འདི་ཉིད་ཀྱི་བཞུགས་ཚུལ་ལོ། །དང་པོ་ལ་དྲུག །ངོ་བོ། དབྱེ་བ། སྒྲ་དོན། གྲངས་ངེས། གོ་རིམ། གྲོལ་བའི་འཐད་པའོ། །དང་པོ་ནི། ཡིད་མཚན་རྟོག་ལས་བདེ་མྱུར་དུ་སྐྱོབ་པའི་ཐབས་ཁྱད་པར་ཅན་ཏེ། བདེ་སྟོང་གི་ཡེ་ཤེས་ལྷ་སྐུའི་རྣམ་པ་དང་འབྲེལ་བའོ། །སྔ་རབས་པ་རྣམས་ཀྱིས་བསྐྱེད་རིམ་མཚན་ཉིད་བཞི། རྫོགས་རིམ་གསུམ་ལྡན་དུའང་གསུངས་སོ། །གཉིས་པ་དབྱེ་བ་ལ་བསྐྱེད་རིམ་དང་རྫོགས་རིམ་གཉིས། དང་པོ་ལ་དབྱེ་ན། ཏིང་འཛིན་གསུམ། བསྙེན་སྒྲུབ་ཡན་ལག་བཞི་ལ་སོགས་པ་དང་། གཉིས་པ་ལ་རང་བྱིན་བརླབ་པ་དང་། དཀྱིལ་འཁོར་འཁོར་ལོའམ། རྫོགས་པ་དང་རྫོགས་པ་ཆེན་པོ་སོགས་སུ་དབྱེར་ཡོད་དོ། །གསུམ་པ་སྒྲ་དོན་ནི། འཕགས་སྐོར་བ་རྣམས་ཀྱིས་སྦྱང་གཞི་ལས་བརྩམ་སྟེ། ཐ་མལ་གྱི་སྐྱེ་འཆིའི་རིམ་པ་སྦྱོང་བ་དང་མཐུན་པར་བསྐྱེད་རྫོགས་སུ་གདགས་པར་བཞེད། དུས་འཁོར་བ་རྣམས་འབྲས་བུ་ལས་བརྩམ་སྟེ། བསྐྱེད་པའི་དོན་ཐུན་མོང་དང་། རྫོགས་པའི་དོན་མཆོག་གི་དངོས་གྲུབ། རིམ་པ་ནི་དེ་གཉིས་མངོན་དུ་བྱེད་པའི་ལམ་ལ་གདགས་པར་བཞེད། བི་རཱུ་པས། རྣམ་རྟོག་གི་རྩོལ་བས་བསྐྱེད་པ་དང་། ལུས་ངག་ཡིད་གསུམ་ཇི་ལྟར་གནས་པ་དང་མཐུན་པར་རྫོགས་པ་ལ་དེའི་སྒྲར་སྦྱོར་བར་བཞེད་པ་ནི་སྔ་འགྱུར་བ་རྣམས་དང་ཡང་མཐུན་པ་ཡིན་ནོ། །བཞི་པ་གྲངས་ངེས་ནི། སྤང་བྱ་ཐ་མལ་གྱི་རྣམ་རྟོག་དང་། གྱ་ནོམ་ལྷར་ཞེན་གཉིས། ཐོབ་བྱ་གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུ་གཉིས། སྦྱང་གཞི་ལུས་དང་སེམས། སྦྱངས་འབྲས་སྐུ་དང་ཡེ་ཤེས་རྟེན་བརྟེན་པར་འབྲེལ་བའི་ཕྱིར་རིམ་པ་གཉིས་སུ་གྲངས་ངེས་པ་ཡིན་ནོ། །ལྔ་པ་གོ་རིམ་ནི། འཕགས་སྐོར་བ་བསྐྱེད་རིམ་བརྟན་ནས་རྫོགས་རིམ་བསྒོམ་པར་འདོད། སེམས་འགྲེལ་བ་ཁ་ཅིག་བསྐྱེད་རིམ་བརྟན་རུང་མི་བརྟན་རུང་ལོ་བཅུ་བཞི་བར་སྔོན་དུ་སོང་ནས་རྫོགས་རིམ་ལ་འཇུག་པར་བཤད། ཁ་ཅིག་བསྐྱེད་རིམ་ལ་རྫོགས་རིམ་གྱི་རྒྱས་བཏབ་ནས་བསྒོམ་པ་དང་། ནཱ་རོ་ཏ་པ་སོགས་ཐུན་སྟོད་ལ་བསྐྱེད་རིམ་དང་ཐུན་སྨད་ལ་རྫོགས་རིམ་བསྒོམ་པར་བཞེད་ཅིང་། གསར་རྙིང་སྤྱིར་དབང་རྣོན་ལ་ངེས་པ་མེད་ཅིང་དབང་པོ་འབྲིང་དང་ཐ་མས་བསྐྱེད་རིམ་སྔོན་དུ་སོང་ནས་རྫོགས་རིམ་ལ་འཇུག་ཅིང་གོམས་ནས་བསྐྱེད་རྫོགས་ཟུང་འཇུག་ཏུ་བྱ་བར་བཞེད་པ་ནི་མཐུན་ནོ། །དྲུག་པ་གྲོལ་བའི་འཐད་པ་ནི། སེམས་དང་སེམས་ཀྱི་སྣང་ཆ་བཞིན་ལག་ལ་སོགས་པར་སྣང་བ་ནི་རིགས་སམ་རྒྱུ་ཡིན་ལ། འདྲ་བ་ལམ་དུ་བྱས་པས་རིགས་གཉིས་མངོན་དུ་འགྱུར་བ་དང་། རིགས་འདྲ་དང་ལྡོག་པ་དང་རྣམ་པ་དང་བརྣན་པ་སྟེ་གཉེན་པོར་ཆེ་བ་བཞིའི་སྒོ་ནས་ཐབས་ཁྱད་པར་ཅན་གྱིས་ཟིན་པ་སོགས་ཀྱི་ཕྱིར་གྲོལ་བར་འཐད་པ་ཡིན་ནོ། །གཉིས་པ་བྱེ་བྲག་གཞུང་འདི་ཉིད་ཀྱི་བཞུགས་ཚུལ་མདོ་ཙམ་སྨོས་པ་ལའང་གཉིས། བཞུགས་ཚུལ་སྤྱི། དེ་དག་ཉམས་སུ་ལེན་ཚུལ་བྱེ་བྲག་ཏུ་སྨོས་པའོ། །དང་པོ་ནི། སྤྱིར་གཞུང་འདི་ལ་སྨིན་བྱེད། གྲོལ་བྱེད། ཆ་ལག་སྟེ་སྐོར་གསུམ། དང་པོ་ལའང་། དབང་རྟུལ་སྤྲོས་པ་ལ་དགའ་བ་རྗེས་སུ་བཟུང་བ་གནས་གྲོགས་ཡོ་བྱད་དུས་ཚོད་ཕུན་སུམ་ཚོགས་པའི་སྒོ་ནས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དབང་བསྐུར་བ་སྔོན་དུ་སོང་ནས། སྣོད་ལྡན་ལ་གདམས་པའི་གཉེར་གཏད་པ་དང་བཅས་པ་རྒྱས་པའི་ལུགས་དང་། དབང་རྣོན་སྤྲོས་མེད་ལ་དགའ་བ་རྗེས་སུ་བཟུང་བ་གཏོར་མ་ལ་བརྟེན་པའི་དོན་དབང་མཐའ་རྟེན་དང་བཅས་པ་བསྡུས་པའི་ལུགས་དང་། གཉིས་ཀ་ལ་མཁོ་བ་ཚེ་དབང་འཆི་བདག་བདུད་འཇོམས་ལྷན་ཐབས་དང་བཅས་པ། དབང་བསྐུར་ཐོབ་ནས་བསྲུང་བར་བྱ་བའི་དམ་ཚིག །ཕྱི་ལྟར་བློ་བཞག་དྲུག །གཟུང་བྱ་གཉིས། ཤེས་བྱ་གསུམ། ནང་ལྟར་རྩ་བ་སྐུ་གསུང་ཐུགས། ཡན་ལག་ཉི་ཤུ་རྩ་ལྔ། གསང་བ་བྱང་ཆུབ་ཀྱི་སེམས་དང་བདེ་གསལ་མི་རྟོག་པའི་དམ་ཚིག་རྣམས་ལེགས་པར་སྲུང་བའི་ཚུལ་གསལ་བ་དམ་ཚིག་རྡོ་རྗེ་རྒྱ་མདུད་ཞལ་གདམས་དང་བཅས་པ་རྣམས་སོ། །གཉིས་པ་གྲོལ་བྱེད་ལ་གཉིས། བསྐྱེད་རིམ་དང་། རྫོགས་རིམ་གྱི་སྐོར་རོ། །དང་པོ་ལ། བླ་མ་ཚོགས་ཞིང་ལྟར་སྒོམ་པ་ཕྱི་སྒྲུབ། བླ་མ་སངས་རྒྱས་སུ་སྒོམ་པ་ནང་སྒྲུབ། བླ་མ་རྩ་གསུམ་ཀུན་འདུས་ཀྱི་དཀྱིལ་འཁོར་དུ་སྒོམ་པ་གསང་སྒྲུབ། རིགས་འདུས་རྡོ་རྗེ་སེམས་དཔར་སྒོམ་པ་དྲིལ་སྒྲུབ། དེ་དག་གི་ཞར་ལས་བྱུང་བའི་སྒྲུབ་ཐབས་རྣམས་སོ། །ཕྱི་མ་ལ་འཁོར་མཁའ་འགྲོ་སྡེ་བཞིའི་སྒོས་སྒྲུབ། གསང་སྒྲུབ་སྲོག་དྲིལ། བླ་མའི་རྣལ་འབྱོར་ཐུན་མོང་མིན་པའི་སྙན་བརྒྱུད་མ་ལ་སོགས་པ་རྣམས་སོ། །གཉིས་པ་རྫོགས་རིམ་ལ། ལུས་ལྷ་སྐུར་འཆར་བ་རྩ་སྦྱོང་བའི་ཁྲིད། ངག་སྔགས་སུ་འཆར་བ་རླུང་སྦྱོང་བའི་ཁྲིད། སེམས་ཆོས་སྐུར་འཆར་བ་ཐིག་ལེ་སྦྱོང་བའི་ཁྲིད་སྟོན་པ་སྐུ་གསུམ་རང་ཤར་གྱི་གཞུང་རྩ་བ་ཉམས་ལེན་ཐམས་ཅད་ཀྱི་ངོ་སྤྲོད་གཅིག་ཏུ་དྲིལ་བ་འཁོར་འདས་རང་གྲོལ་ཡན་ལག་ཏུ་འབྲེལ་བའོ། །གསུམ་པ་ཆ་ལག་གི་སྐོར་ལ། ཕྱི་འབྱུང་བ་ལུས་འཁྲུགས། ནང་ཏིང་ངེ་འཛིན་སེམས། གསང་བ་བར་ཆད་བདུད་ཀྱི་གེགས་བསལ་བ། བསྐྱེད་རྫོགས་གཉིས་ཀྱི་ལམ་རྟགས་གསལ་བྱེད། བསྙེན་སྒྲུབ་སྔོན་སོང་གི་ལས་ཀྱི་སྦྱོར་བ། བཀྲ་ཤིས་ཚེ། ལས་མྱུར་མེ། འཇིགས་སྐྱོབ་སྲུང་འཁོར། མངོན་ཤེས་པྲ། བསྟན་སྲུང་ཆོས་སྐྱོང་སྟེ་སོ་སོའི་ཆ་ལག་ནང་གསེས་དང་བཅས་པ་རྣམས་སོ། །གཉིས་པ་དེ་དག་ཉམས་སུ་ལེན་ཚུལ་བྱེ་བྲག་ཏུ་སྨོས་པ་ལ་གསུམ། སྤྲོས་བཅས་བསྐྱེད་རིམ། སྤྲོས་མེད་རྫོགས་རིམ། དེ་དག་བསྙེན་སྒྲུབ་ཡན་ལག་བཞིར་འབྲེལ་ཚུལ་ལོ། །དང་པོ་ནི། ཐོག་མར་ཕྱི་སྒྲུབ་སྔོན་འགྲོའི་ཚུལ་གྱིས་གསག་སྦྱོང་དང་གསོལ་འདེབས་གཙོ་བོར་བཏོན་ནས་རྒྱུད་སྦྱངས་ཏེ་བདག་རྒྱུད་ལ་བྱིན་རླབས་འཇུག་པའི་སྣོད་རུང་དུ་བྱེད་པ་ནི་བསྙེན་པ། ནང་སྒྲུབ་དངོས་གཞིའི་ཚུལ་དུ་སངས་རྒྱས་སྨན་གྱི་བླ་མའི་བསྐྱེད་རྫོགས་ཕྱི་ནང་གསང་བ་རྒྱུད་སྡེ་བཞི་དང་འབྲེལ་བར་སྟན་ཐོག་གཅིག་ཏུ་ཉམས་ལེན་གྱི་ས་བོན་གདབ་པ་ནི་སྒྲུབ་པ། གསང་སྒྲུབ་ཐུན་མོང་མ་ཡིན་པའི་ཉམས་ལེན་གཙོ་བོའི་ཚུལ་དུ་རྣལ་འབྱོར་བླ་ན་མེད་པའི་བསྐྱེད་རིམ་གྱི་ལུས་ཡོངས་སུ་རྫོགས་པས་བསྐྱེད་རིམ་གྱི་གྲུབ་མཐའ་ལམ་དུ་སློང་བ་དང་དྲིལ་སྒྲུབ་རྒྱུན་གྱི་ཉམས་ལེན་གྱིས་བསྐྱེད་བསྲིངས་པས་དངོས་གྲུབ་ཀྱི་འབྲས་བུ་མངོན་དུ་བྱེད་པ་ནི་སྒྲུབ་པ་ཆེན་པོའམ་ལས་ལ་སྦྱོར་བའི་ཚུལ་གྱིས་ཉམས་སུ་བླང་བར་བྱའོ། །གཉིས་པ་སྤྲོས་མེད་རྫོགས་རིམ་ནི། སྦྱང་གཞི་བདེ་བར་གཤེགས་པའི་སྙིང་པོ་སྟོང་གསལ་འགག་མེད་དུ་བཞུགས་པ་ལ། སྦྱང་བྱ་གློ་བུར་འཁྲུལ་པའི་ཆོས་ལུས་ངག་ཡིད་གསུམ་གྱི་རྣམ་པས་གོས་པ་ཉིད། སྦྱོང་བྱེད་རྡོ་རྗེ་གསུམ་གྱི་རྫོགས་རིམ་ཟབ་མོས་ཚུལ་བཞིན་དུ་སྦྱངས་པའི་འབྲས་བུ་སྐུ་གསུམ་མངོན་དུ་བྱེད་པ་སྟེ། དེའང་ཐོག་མར་ལུས་ལྷ་སྐུར་འཆར་བ་རྩ་སྦྱོང་བའི་ཁྲིད་ལ། ཕྱི་ལྷ་སྐུ །ནང་སྟོང་པ། གསང་བ་རྩ་འཁོར་ལ་སོགས་པ་གསལ་གདབ་ཅིང་ལུས་སྦྱོང་འཁྲུལ་འཁོར་ལ་འབད་པས་རྩའི་མདུད་པ་གྲོལ། རྟེན་འབྲེལ་ལུས་ལ་བསྒྲིགས་པས་རྟོགས་པ་སེམས་ལ་འཆར་བར་བྱེད། གཉིས་པ་ངག་སྔགས་སུ་འཆར་བ་རླུང་གི་རྣལ་འབྱོར་ལ། ལས་དང་པོ་པས་རྡོ་རྗེའི་བཟླས་པ་ཞི་བ་ལ་བསླབས་པས་རོ་རྐྱང་གི་རླུང་དབུ་མར་དང་པོར་འཇུག་པའི་རྟགས་བཅུ་མཐོང་། ཅུང་ཟད་གོམས་པས་བར་རླུང་དང་བུམ་པ་ཅན་གྱི་སྦྱོར་བ་ལ་བསླབ་པས་བདེ་དྲོད་ཀྱི་ཡོན་ཏན་སྐྱེ། གོམས་པའི་སྟོབས་བརྟན་དུ་སོང་ནས་དྲག་རླུང་གི་སྦྱོར་བ་ལ་འབད་པས་གོང་མ་གཉིས་ཀྱི་བོགས་ཐོན་ཏེ་བདེ་གསལ་མི་རྟོག་པའི་ཉམས་བསམ་གྱིས་མི་ཁྱབ་པ་སྐྱེ། རླུང་དབུ་མར་ཞུགས་གནས་ཐིམ་པ་མཐར་ཕྱིན་ཏེ་འབྱུང་ལྔའི་རླུང་ལ་རང་དབང་ཐོབ། རྨི་ལམ་འོད་གསལ་སྒྱུ་ལུས་དང་བཅས་པའི་རྩལ་རང་ཤུགས་སུ་འབྱོངས་ནས་གྲུབ་པ་གཉིས་ཀ་ཉམས་འོག་ཏུ་ཚུད་པར་འགྱུར་ལ། རླུང་གི་ནུས་སྟོབས་དམན་པའི་རྣལ་འབྱོར་པས་དྲོད་ཚད་མྱུར་དུ་འབྱིན་པ་ཟབ་མོ་གནད་ཀྱི་ཉམས་ལེན་རྨི་ལམ་ལ་སོགས་པ་སོ་སོའི་གདམས་ངག་གིས་རྩལ་སྦྱོང་བ་དང་། གོམས་པ་དམན་པས་ལམ་གྱི་ཆད་མཐུད་འཕོ་བ་བར་དོ་གྲོང་འཇུག་གི་གདམས་པ་ལ་བརྟེན་ཏེ་སྐྱེ་བ་བརྒྱུད་ནས་ཟུང་འཇུག་གི་གོ་འཕང་ལ་བགྲོད་པར་བྱེད། གསུམ་པ་ཡིད་ཆོས་སྐུར་འཆར་བ་ཐིག་ལེའི་རྣལ་འབྱོར་ལ། རླུང་ལ་གོམས་སྟོབས་ཆེ་ཆུང་དང་བསྟུན་པའི་རང་ལུས་ཐབས་ལྡན་སྔོན་དུ་སོང་ནས། གཞན་ལུས་བརྟགས་ཤིང་བཀུག་ནས་རྒྱུད་སྨིན་པ་ལ་བརྟེན། དྭངས་མ་འཛིན་འདྲེན་དགྲམ་པའི་སྦྱོར་བ་མཐར་ཕྱིན་པས་ཚེ་ལ་དབང་བའི་རིག་འཛིན་འགྲུབ་ཅིང་འཇའ་ལུས་མཁའ་སྤྱོད་ཀྱི་དངོས་གྲུབ་ཐོབ། ན་ཚོད་ཡོལ་བ་སོགས་ཀྱིས་གྲོལ་ལམ་ལ་བརྟེན་ཏེ་སེམས་གནས་པ་དང་། སྤྲོ་བ་དང་། བཟོ་བཅོས་རྩིས་གདབ་དང་བྲལ་བའི་བསམ་གཏན་ལ་རིམ་གྱིས་བསླབས་པས། མཐར་གནས་ལུགས་ཇི་བཞིན་པ་མཐོང་གོམས་རྩལ་རྫོགས་པའི་ཚུལ་གྱིས་ཚེ་གཅིག་ལ་ཀུན་བཟང་གུ་རུ་སྨན་པའི་རྒྱལ་པོའི་དགོངས་པ་མངོན་དུ་འགྱུར་བར་བྱེད་དོ། །གསུམ་པ་དེ་དག་བསྙེན་སྒྲུབ་ཡན་ལག་བཞི་དང་ཇི་ལྟར་འབྲེལ་ན། དེའང་བསྐྱེད་རིམ་རྐྱང་པའི་དབང་དུ་བྱས་ན། ཕྱི་སྒྲུབ་བསྙེན་པ། ནང་སྒྲུབ་སྐབས་རྒྱུད་སྡེ་འོག་མ་གསུམ་དང་སྒོ་བསྟུན་པའི་ཉམས་ལེན་རྣམས་ཉེ་བསྙེན། བླ་མེད་ཀྱི་ཉམས་ལེན་རྣམས་སྒྲུབ་པ། གསང་སྒྲུབ་དང་དྲིལ་སྒྲུབ་ནི་སྒྲུབ་པ་ཆེན་པོའི་ཚུལ་ལོ། །བསྐྱེད་རྫོགས་གཉིས་ཀ་བསྙེན་སྒྲུབ་ཡན་ལག་བཞིའི་སྒྲོམ་ནས་འདོན་པའི་དབང་དུ་བྱས་ན། སྔོན་འགྲོ་ཕྱི་སྒྲུབ་བསྙེན་པ། ནང་སྒྲུབ་ཉེ་བསྙེན། གསང་སྒྲུབ་དྲིལ་སྒྲུབ་སྒྲུབ་པ། རྫོགས་རིམ་སྐུ་གསུམ་རང་ཤར་སྒྲུབ་པ་ཆེན་པོ་སྟེ། ལམ་དང་སྦྱར་ན་གཙོ་བོར་ཚོགས་ལམ་དང་། སྦྱོར་ལམ་དྲོད་དང་། རྩེ་བཟོད་ཆོས་མཆོག་ཆེན་པོའི་ངོ་སྐལ་གྱི་ཉམས་ལེན་ཏེ། ཆོས་མཆོག་གི་རྟེན་དེར་རླུང་སེམས་ཙམ་གྱི་ལྷ་སྐུར་གྲུབ་པས་རྡོ་རྗེ་གསུམ་གྱི་རྫོགས་རིམ་ཟབ་མོའི་ཉེ་རྒྱུས་མཚམས་སྦྱར་ནས། མཆོག་གི་དངོས་གྲུབ་འོད་གསལ་གྱི་ལྷ་སྐུ་མངོན་དུ་བྱས་ཏེ་སློབ་པ་དང་མི་སློབ་པའི་ཟུང་འཇུག་གི་གོ་འཕང་རིམ་གྱིས་བགྲོད་པར་འགྱུར་རོ། ༈ །གཉིས་པ་བསྙེན་སྒྲུབ་ཀྱི་ལག་ལེན་དངོས་ཞིབ་པར་སྨོས་པ་ལ་ལྔ། གང་གིས་སྒྲུབ་པའི་གང་ཟག །གང་དུ་སྒྲུབ་པའི་གནས། གང་གི་ཚེ་སྒྲུབ་པའི་དུས། གང་ལ་བརྟེན་ནས་སྒྲུབ་པའི་ཡོ་བྱད། གང་ལྟར་སྒྲུབ་པའི་ཐབས་སོ། །དང་པོ་ནི། དབང་ཐོབ་ལ་དམ་ཚིག་དང་ལྡན་པ་སྟེ་དབང་མ་ཐོབ་པས་གསང་སྔགས་བསྒྲུབ་ཏུ་མི་རུང་ཞིང་དམ་ཚིག་དང་མི་ལྡན་ན་སྒྲུབ་པ་ཐམས་ཅད་ལོག་པར་འགྲོ་བའོ། །གཉིས་པ་སྒྲུབ་གནས་ནི། སྤྱིའི་གནས་དབེན་ཞིང་ཡིད་དང་མཐུན་པ། བྱེ་བྲག་གི་གནས་ལས་བཞིའི་མཚན་ཉིད་ཚང་བ། ཁྱད་པར་གྱི་གནས་གྲུབ་ཐོབ་གོང་མས་བྱིན་གྱིས་བརླབས་པ་སྟེ། ཐ་མལ་དང་འདུ་འཛི་ཅན་གྱི་གནས་སུ་བསྒྲུབས་ཀྱང་དངོས་གྲུབ་མི་འགྲུབ་ཅིང་བར་དུ་གཅོད་པས་གླགས་རྙེད་པར་འགྱུར་ལ། གནས་དེ་ལྟ་བུར་དེ་ལས་ལྡོག་པའི་ཡོན་ཏན་དང་བཅས་པའོ། །གསུམ་པ་སྒྲུབ་པའི་དུས་ལ་གཉིས། ནམ་སྒྲུབ་པའི་དུས་དང་། ཇི་ཙམ་སྒྲུབ་པའི་དུས་སོ། །དང་པོ་ནི། ཡོན་ཏན་གོང་དུ་འཕེལ་བའི་རྟེན་འབྲེལ་གྱིས་ཕྱི་སྒྲུབ་དཀར་ཕྱོགས་ཀྱི་གཟའ་སྐར་འཕྲོད་སྦྱོར་བཟང་བ་ལ་འཇུག །སངས་རྒྱས་སྨན་གྱི་བླ་མའི་དུས་ཆེན་ཡིན་པས་ནང་སྒྲུབ་དཀར་ཕྱོགས་ཀྱི་ཚེས་བརྒྱད་ལ་བརྩམ། དཔའ་བོ་མཁའ་འགྲོ་འདུ་བའི་ཕྱིར་གསང་སྒྲུབ་ཡར་ངོའི་ཚེས་བཅུའི་ཉིན་མོ་དང་མར་ངོའི་ཚེས་བཅུའི་མཚན་མོ་ལ་དབུ་འཛུག །དྲིལ་སྒྲུབ་དུས་ངེས་མེད་པར་རྒྱུན་གྱི་རྣལ་འབྱོར་དུ་བྱ་བར་གསུངས་སོ། །གཉིས་པ་ཇི་ཙམ་སྒྲུབ་དུས་ནི། གང་ཟག་རབ་དང་འབྲིང་གི་ལམ་རྟགས་གསལ་བྱེད་ནོར་བུའི་སྒྲོན་མེ་ལས་གསུངས་པ་བཞིན་སོ་སོའི་རྟགས་ཚད་མངོན་དུ་གྱུར་གྱི་བར་དུ་བསྒྲུབ། གང་ཟག་ཐ་མ་ཉམས་རྟགས་མི་གསལ་བ་རྣམས་ཀྱིས་སོ་སོ་ནས་བཤད་པའི་གྲངས་ཚད་ཅི་ནས་ཐེམས་པར་བྱའོ། །བཞི་པ་ཡོ་བྱད་ནི། སྤྱིར་འཚོ་བ་ཟས་ལ་སོགས་པའི་མཐུན་རྐྱེན་དང་དཀོན་མཆོག་གི་རྟེན་དང་མཆོད་པའི་ཡོ་བྱད་ཇི་ལྟར་འབྱོར་པ། བྱེ་བྲག་སྒྲུབ་ཐབས་སོ་སོར་བཤད་པའི་རྟེན་རྣམས་སོ་སོའི་སྐབས་སུ་ཚོགས་པར་བྱའོ། །འབྱོར་པ་དང་ལྡན་ཀྱང་སྒྲུབ་པའི་རྟེན་དང་མཆོད་པའི་ཡོ་བྱད་གལ་ཆུང་དུ་བཏང་བ་ནི་ཉེས་པ་ལྗི་བས་ཤིན་ཏུ་མི་རུང་ཞིང་། རྟེན་ལ་རྟེན་འབྲེལ་གྱི་གནད་ཡོད་ཅིང་མཆོད་རྫས་ཚོགས་གཉིས་རྫོགས་པའི་རྒྱུ་ཡིན་པས་གཞུང་མཐུན་གཙང་མ་རྒྱས་པར་བྱ་དགོས་ལ། འབྱོར་པ་དམན་པས་སྒྲུབ་པ་བཤོལ་བ་ནི་གེགས་ཡིན་ཏེ་དད་མོས་ཀྱི་ཉེར་ལེན་དང་ནང་གི་རྣལ་འབྱོར་ཁོ་ནས་མཆོག་ཐུན་མོང་གཉིས་ཀ་འགྲུབ་པར་འགྱུར་བས་ཇི་ཙམ་འབྱོར་པ་ཁོ་ནས་ཆོག་གོ །ལྔ་པ་གང་ལྟར་སྒྲུབ་པའི་ཐབས་ལ་གཉིས། སྤྱི་དང་། བྱེ་བྲག་གོ །དང་པོ་ནི། སྒོ་གསུམ་རྣམ་པར་གཡེང་བ་མཐའ་དག་སྤངས་ནས་རྩེ་གཅིག་པའི་ཡིད་ཀྱིས་ཉམས་ལེན་ལ་འཇུག །དེའང་བསྒྲུབ་བྱའི་ལྷ་ལ་དད་པ་དང་མོས་གུས་ཀྱི་ཤུགས་དྲག་པོ། སྒྲུབ་ཐབས་ཀྱི་ཆོས་དང་དེ་ཉིད་གནང་བ་པོའི་བླ་མ་ལ་ཐེ་ཚོམ་མེད་པའི་ཡིད་ཆེས་རྩེ་གཅིག་པ་དང་། རྐྱེན་ཅི་བྱུང་ཡང་བར་དུ་མི་ཆད་པའི་དམ་བཅའ་བརྟན་པོ་དང་། སྙོམ་ལས་ལེ་ལོའི་དབང་དུ་ནམ་ཡང་མི་ཤོར་བའི་བརྩོན་འགྲུས་དྲག་པོ་དང་ལྡན་པས་མྱུར་དུ་སྒྲུབ་པ་མཐར་ཕྱིན་པར་འགྱུར་ཞིང་མཚམས་ཀྱི་སྤང་བླང་གཞན་རྣམས་ཀྱང་སྤྱི་ལྟར་ལག་ཏུ་བསྟར་བར་བྱའོ། །གཉིས་པ་བྱེ་བྲག་ཏུ་སྒྲུབ་པའི་ཚུལ་བཤད་པ་ལ་ལྔ། ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ། དྲིལ་སྒྲུབ། ཕྲིན་ལས་ཀྱི་སྦྱོར་བའོ། །དང་པོ་ཕྱི་སྒྲུབ་ཡིད་བཞིན་ནོར་བུ་ཉམས་སུ་ལེན་པ་ལ་གསུམ། སྔོན་འགྲོ་གསག་སྦྱོང་། དངོས་གཞི་སྒོམ་བཟླས། ལས་ཀྱི་ཁ་བསྒྱུར་རོ། །དང་པོ་ལ་གཉིས། རྟེན་བཤམ་པ། གསག་སྦྱོང་དངོས་སོ། །དང་པོ་ནི། གནས་ཁང་གཙང་མར་སྟེགས་བུ་ཁེབས་ལྡན་གྱི་སྟེང་དུ་དྲི་བཟང་པོས་བྱུགས་པའི་མཎྜལ་ལ་པདྨ་འདབ་བཞི་བྲིས་པའི་དབུས་དང་ཕྱོགས་བཞིར་འབྲུའི་ཚོམ་བུ་བཀོད་པའི་ཁར་རྗེ་བཙུན་གུ་ཎའི་སྐུ་བརྙན་རབ་གནས་དང་ལྡན་པ་བྲིས་འབུར་གང་རུང་བཞུགས་སུ་གསོལ་བའི་མདུན་དུ། ཨ་རུ་ར་གསེར་མདོག་དང་བཟང་པོ་དྲུག་ལ་སོགས་པའི་སྨན་དང་རིན་པོ་ཆེ་དང་དར་སྣ་ཚོགས་ཀྱི་སྤྱན་གཟིགས་བཀྲམ་པར་བྱའོ། །གཉིས་པ་གསག་སྦྱོང་ལ་དྲུག །སྐྱབས་འགྲོ །སེམས་བསྐྱེད། བསྟོད་ཕྱག །མཎྜལ། རྡོར་སེམས་སྒོམ་བཟླས། ཀུ་སུ་ལུའི་ཚོགས་གསོག་གོ །དང་པོ་ཐེག་པ་ཆེ་ཆུང་གི་ལམ་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་སུ་འགྲོ་བ་ནི། དལ་འབྱོར་རྙེད་པར་དཀའ་བ་དང་། སྣོད་བཅུད་མི་རྟག་པར་བསམ་པ་སོགས་ཞེན་ལོག་དང་ངེས་པར་འབྱུང་བས་བློ་ཆོས་ལ་བསྐུལ་ཞིང་སྟན་བདེ་བར་མི་ཕྱེད་གུས་པ་ཆེན་པོའི་དྲན་པ་ཉེ་བར་བཞག་སྟེ། སྐྱབས་ཡུལ་དཀོན་མཆོག་གསུམ་གྱི་ངོ་བོ་སངས་རྒྱས་སྨན་པའི་རྒྱལ་པོ་དང་། མཚུངས་མེད་གུ་ཎ་དབྱེར་མི་ཕྱེད་པ་སྐུ་གཟུགས་དེ་དང་ཐ་མི་དད་པར་མདུན་གྱི་ནམ་མཁར་མཚན་དཔེ་འོད་ཀྱི་ཕུང་པོར་བཞུགས་པ་ལ། བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པའི་བློ་རྩེ་གཅིག་པས། ན་མོ། རིགས་འདུས་བདེ་གཤེགས་རྡོ་རྗེ་འཆང། །ཕྱོགས་དུས་དཀོན་མཆོག་གསུམ་གྱི་དངོས། །བདག་གཞན་བྱང་ཆུབ་མ་ཐོབ་བར། །སྙིང་ནས་ཉེ་བར་སྐྱབས་སུ་མཆི། །ཞེས་བརྒྱ་རྩ་གཅིག་བརྗོད་ལ། བླ་མ་དཀོན་མཆོག་གི་སྐྱབས་འོག་ཏུ་ཚུད་པར་མོས་པ་ཀུན་རྫོབ་ཀྱི་སྐྱབས་འགྲོ་ལ་བསླབས་ནས། སྐྱབས་སུ་འགྲོ་བའི་ཡུལ་ཆོས་ཀྱི་དབྱིངས། འགྲོ་མཁན་རང་གི་སེམས། འགྲོ་ཐབས་དེའི་བྱེད་ལས་ཏེ། དེ་དག་གདོད་ནས་སྟོང་པ་ཉིད་དུ་རོ་མཉམ་པ་ཡིན་ལུགས་ཀྱི་རང་ངོར་བཞག་པ་དོན་དམ་པའི་སྐྱབས་འགྲོའི་རྒྱས་ཐེབས་པར་བྱའོ། །གཉིས་པ་ཐེག་པ་དམན་པ་ལས་ཁྱད་པར་དུ་བྱེད་པ་སེམས་བསྐྱེད་པ་ལ་གཉིས། སྨོན་སེམས་བསྐྱེད་པ། འཇུག་སེམས་ལ་བློ་སྦྱོང་བའོ། །དང་པོ་ནི། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་སྙིང་གི་དཀྱིལ་ནས་སྙིང་རྗེ་དུང་པ་རེ་བསྒོམ་ཞིང་། དེ་རྣམས་ཀྱི་དོན་དུ་ཚེ་འདི་ཉིད་ལ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་བླ་མ་སྒྲུབ་པ་ལ་བརྩོན་པ་ཆེན་པོས་འཇུག་པར་བགྱིའོ་སྙམ་པས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བརྒྱ་རྩ་བརྗོད། གཉིས་པ་འཇུག་སེམས་ནི། མཁའ་ཁྱབ་འགྲོ་ཀུན་འཕྲལ་ཡུན་བདེ་བ་དང་ལྡན་ཅིང་དེའི་རྒྱུ་དགེ་བ་ལ་སྤྱོད་པར་སྨོན་པའི་བྱམས་པ། སྡུག་བསྔལ་དང་བྲལ་ཞིང་དེའི་རྒྱུ་མི་དགེ་བ་ལ་མི་སྤྱོད་པར་སྨོན་པའི་སྙིང་རྗེ། རྟག་ཏུ་བདེ་བ་ཁོ་ན་དང་མི་འབྲལ་བར་སྨོན་པའི་དགའ་བ། ཐམས་ཅད་ཀྱང་ཕན་ཚུན་མ་གཅིག་པའི་བུ་ལྟར་ཆགས་སྡང་གི་བློ་དང་བྲལ་བར་སྨོན་པའི་བཏང་སྙོམས་ཏེ་ཚད་མེད་བཞི་རྒྱུད་ལ་བསྐྱེད་དེ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག །ཅེས་ལན་བདུན་ནམ་ཉེར་གཅིག་ལ་སོགས་པ་ཅི་འགྲུབ་བརྗོད། དེ་ལྟར་སྨོན་འཇུག་གི་བདག་ཉིད་ཅན་ཀུན་རྫོབ་དང་། བདག་དང་སེམས་ཅན་གདོད་ནས་མ་གྲུབ་པར་མཚན་རྟོག་དམིགས་པ་ཀུན་དང་བྲལ་བ་དོན་དམ་བྱང་ཆུབ་ཀྱི་སེམས་ཟུང་དུ་འཇུག་པ་ལ་བསླབ་བོ། །གསུམ་པ་གསག་སྦྱོང་གཉིས་ཀའི་མཆོག་དང་ཕུལ་དུ་གྱུར་པ་བསྟོད་ཅིང་ཕྱག་འཚལ་བ་ནི། རང་དང་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་འདུད་ཅིང་ཕྱག་འཚལ། ངག་གུས་པས་བསྟོད་དབྱངས་སྒྲོག །ཡིད་གུས་པས་གཞན་དུ་རྣམ་པར་མི་གཡེང་བར་རྩེ་གཅིག་ཏུ་འདུད་པར་མོས་ལ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་ཚིག་རེ་དང་ཕྱག་རེ་སྦྲགས་པ་བརྒྱ་རྩ་གཅིག་བྱ། བཞི་པ་རྒྱུད་ལ་ཡོན་ཏན་སྐྱེ་བའི་མཐུན་རྐྱེན་སྒྲུབ་པ་ཚོགས་གསག་གི་ཕུལ་དུ་གྱུར་པ་མཎྜལ་འབུལ་བ་ནི། རིན་པོ་ཆེ་ལ་སོགས་པའི་མཎྜལ་སྐྱོན་མེད་པ་དང་། ཚོམ་བུའི་རྒྱུ་འབྱོར་ན་རིན་པོ་ཆེ་དང་སྨན་འབྲུ། མ་འབྱོར་ན་འབྲུ་གཙང་མ་དྲི་བཟང་གི་རླན་གྱིས་གཤེར་བ་འདུ་བྱས་ལ། ཡིག་བརྒྱ་བརྗོད་ཅིང་མཎྜལ་ཕྱི་བ་དང་། ཚོམ་བུ་སོ་བདུན་མ་བཀོད་ཅིང་སྤྱི་ལྟར་འབུལ། དེའང་གནས་སྐབས་སོགས་ཀྱིས་ལྕོགས་ན་སོ་བདུན་མའམ་ཚོམ་བུ་བདུན་མ་ལྟ་བུ་བརྒྱ་རྩ་འབུལ་གྲུབ་ན་ཤིན་ཏུ་ལེགས་ལ། མ་ལྕོགས་ན་དེ་དག་ཇི་ཙམ་ནུས་པ་དང་། གྲངས་འཛིན་ས་གཞི་སྤོས་བྱུག་གམ། བདག་གཞན་ལུས་དང་ལོངས་སྤྱོད་དུས་གསུམ་གྱི། །དགེ་ཚོགས་དང་བཅས་རི་གླིང་ཉི་ཟླ་སོགས། །ཀུན་བཟང་མཆོད་སྤྲིན་བསམ་ཡས་སྤྲུལ་བྱས་ཏེ། །བླ་མ་དཀོན་མཆོག་ཐུགས་རྗེ་ཅན་ལ་འབུལ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པར་ཤོག །ཅེས་པ་ལ་གྲངས་བཟུང་ཡང་རུང་སྟེ་གང་ལྟར་བརྒྱ་རྩ་གཅིག་བྱ། གཞུང་ལས་མཎྜལ་རེ་དང་བསྐོར་བ་བཞི་རེ་སྦྲགས་པར་གསུངས་ཀྱང་ལག་ལེན་དུ་སྟབས་མི་བདེ་བས་མཎྜལ་གྲུབ་རྗེས་སུ། ན་མོ་ད་ཤ་དིཀྟྲི་ཀཱ་ལ་སརྦ་རཏྣ་ཏྲ་ཡཱ་ཡ། ན་མ་པྲ་དཀྵ། སུ་པྲ་དཀྵ། སརྦ་པཱ་པཾ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་དང་སྨན་བླའི་གཟུངས་ཐུང་འདོན་བཞིན་དུ་རྟེན་ལ་བསྐོར་བ་བརྒྱ་རྩ་བྱ། ཁང་ཁྱིམ་གྱི་གོ་ཡུལ་དོག་པ་ལྟ་བུས་དངོས་སུ་བསྐོར་བ་མི་འགྲུབ་ན་ཡིད་ཀྱིས་བསྐོར་བ་བྱས་པར་མོས་ལ། གོང་གི་གཟུངས་སྔགས་བརྒྱ་རྩ་བརྗོད། མཐར་ཚོགས་རྟེན་ལས་འོད་ཟེར་དཔག་ཏུ་མེད་པ་བྱུང་། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བསལ། ཚོགས་གཉིས་རྫོགས་པའི་སྐལ་པ་ཅན་དུ་བྱས། རྒྱུད་བྱིན་གྱིས་བརླབས་པར་མོས་ལ་བདག་གཞན་རྟེན་དང་བཅས་པ་མི་དམིགས་པའི་ངང་ལ་མཉམ་པར་བཞག་གོ །དེའང་མཁའ་ཁྱབ་ཀྱི་ཞིང་ཁམས་རྒྱ་མཚོ་བློས་བླངས་ཤིང་སྤྲུལ་ཏེ་སྒོ་གསུམ་གུས་པས་བསྟོད་ཕྱག་བསྐོར་བ་བཅས་འབུལ་བ་ཕྱིའི་མཎྜལ། རང་གཞན་གྱི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་རྩ་བཅས་འབུལ་བ་ནང་གི་མཎྜལ། འཁོར་གསུམ་རྣམ་པར་མི་རྟོག་པའི་སྤྲོས་པ་གཟོད་ནས་ཞི་བའི་རང་ངོ་ལ་མཉམ་པར་འཇོག་པ་གསང་བའི་མཎྜལ་རྣམས་ལྷན་ཅིག་ཏུ་འབྲེལ་བར་བྱའོ། །ལྔ་པ་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་ལ་མཆོག་ཏུ་བསྔགས་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། རང་གི་སྤྱི་གཙུག་པད་དཀར་ཟླ་བའི་སྟེང། །བླ་མ་རྡོ་རྗེ་སེམས་དཔའ་སྟོན་ཟླའི་མདོག །རྡོ་རྗེ་དྲིལ་འཛིན་དར་དང་རིན་ཆེན་བརྒྱན། །ཞབས་གཉིས་ཕྱེད་སྐྱིལ་འོད་ལྔའི་ཀློང་ན་བཞུགས། །ཐུགས་ཀར་ཟླ་སྟེང་ཧཱུྃ་མཐར་ཡིག་བརྒྱས་བསྐོར། །བཟླས་པས་རྒྱུད་བསྐུལ་འོད་འཕྲོས་དོན་གཉིས་བྱས། །ས་བོན་སྔགས་ལས་བདུད་རྩིའི་ཆུ་རྒྱུན་བྱུང་། །སྐུ་ལུས་ནང་གང་ཞབས་ཀྱི་མཐེ་བོང་ལས། །བབས་ཏེ་ཚངས་བུག་ནས་ཞུགས་ལུས་ཀུན་བཀྲུས། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་དྲི་མའི་ཚོགས། །དག་ཅིང་བྱང་ནས་གསལ་སྟོང་འོད་སྐུར་གྱུར། །ཅེས་མོས་ལ་ཡི་གེ་བརྒྱ་པ་བརྒྱ་རྩ་བཟླས་མཐར་ཐལ་མོ་སྦྱར་ཏེ། སྐྱབས་གནས་བདག་ལ་བརྩེར་དགོངས་མཛོད། །ཐོག་མེད་དུས་ནས་ད་ལྟའི་བར། །བདག་གཞན་ལུས་ངག་ཡིད་གསུམ་གྱིས། །མི་དགེ་གང་བགྱིས་མཐོལ་ལོ་བཤགས། །ཞེས་བཤགས་པ་ལན་གསུམ་བརྗོད་པས་སྡིག་སྒྲིབ་དག་པའི་གནང་བ་བསྩལ། རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རྡོ་རྗེའི་གསང་བ་གསུམ་གྱི་ངོ་བོར་གྱུར་པར་མོས། དེའང་ལྷ་གསལ་གདབ་པ་རྟེན་གྱི་སྟོབས། སྔར་བྱས་ཀྱི་ཉེས་ལྟུང་ལ་འགྱོད་པ་དྲག་པོ་སྐྱེད་པ་རྣམ་པར་སུན་འབྱིན་པའི་སྟོབས། བདུད་རྩི་འབེབ་སྦྱོང་གི་དམིགས་པ་བཅས་ཡིད་རྩེ་གཅིག་པས་སྔགས་བཟླ་བ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། ཕྱིན་ཆད་སྲོག་ལ་བབས་ཀྱང་ཉེས་ལྟུང་གི་བྱ་བ་མི་བགྱིད་པར་དམ་བཅའ་བ་ཉེས་པ་ལས་སླར་ལྡོག་པའི་སྟོབས་ཏེ་བཞི་པོ་ཚང་བ་བྱས་པའི་མཐར། སྦྱང་བྱའི་སྡིག་ལྟུང་། སྦྱོང་བྱེད་ཀྱི་གཉེན་པོ། སྦྱོང་མཁན་རང་གི་སེམས་རྣམས་གདོད་ནས་མ་གྲུབ་པར་ལྟ་བའི་ངང་ལ་མཉམ་པར་བཞག་གོ །དྲུག་པ་ཀུ་སུ་ལུའི་ཚོགས་གསོག་ནི། གསལ་འདེབས་པའི་ཚིག་ངག་ཏུ་བརྗོད་པ་དང་འབྲེལ་བར་འདོན་སྒོམ་ཆབས་ཅིག་ཏུ་བྱ་བ་བློ་དམན་རྣམས་ལ་འཆར་བདེ་བས། དེ་ལྟར་ན། མདུན་མཁར་བླ་མ་སྨན་པའི་རྒྱལ་པོ་ལ། །མགྲོན་རིགས་བཞིས་བསྐོར་སྤྲིན་ཕུང་གཏིབས་ལྟར་བཞུགས། །རང་སེམས་དབྱིངས་ཐོན་རྡོ་རྗེ་རྣལ་འབྱོར་མ། །དམར་མོ་གྲི་ཐོད་འཛིན་པའི་སྐུ་རུ་གྱུར། །བེམ་པོའི་ཐོད་པ་ཕྱག་གཡས་གྲི་གུག་གིས། །བྲེགས་ཏེ་རང་བྱུང་ཐོད་པའི་སྒྱེད་པུར་བཙུགས། །དེ་ནང་ཤ་རུས་ཏིལ་འབྲུ་ཙམ་དུ་བསིལ། །མེ་རླུང་སྦྱོར་བས་ཟག་མེད་བདུད་རྩིའི་མཚོ། །ནམ་མཁའི་ཁྱོན་གང་མཆོད་སྤྲིན་ཟད་མི་ཤེས། །མགྲོན་རིགས་སོ་སོའི་བཞེད་རྒུར་འཆར་བར་གྱུར། །ཐུགས་ལས་མཆོད་པའི་ལྷ་མོ་གྲངས་མེད་སྤྲོས། །དཀོན་མཆོག་རྩ་གསུམ་སྲི་ཞུའི་མགྲོན་རྣམས་ལ། །གུས་པས་འབུལ་ལོ་ཚོགས་གཉིས་མྱུར་རྫོགས་ཤོག །དཔལ་མགོན་ཆོས་སྐྱོང་ཡོན་ཏན་མགྲོན་རྣམས་ལ། །འབུལ་ལོ་ལས་དང་དངོས་གྲུབ་འགྲུབ་པར་མཛོད། །འགྲོ་བ་རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ། །སྦྱིན་པས་སྡུག་བསྔལ་ཀུན་ཞི་བདེ་ལྡན་ཤོག །སྡེ་བརྒྱད་འབྱུང་པོ་ལན་ཆགས་མགྲོན་རྣམས་ལ། །བསྔོས་པས་ཞི་བ་བྱང་ཆུབ་སེམས་ལྡན་ཤོག །ཀུན་ཀྱང་རིགས་འདུས་བླ་མའི་ཡེ་ཤེས་ཀྱི། །སྒྱུ་འཕྲུལ་རོལ་པ་ཅིར་ཡང་སྣང་བ་སྟེ། །ལུས་ཀྱི་མཆོད་སྦྱིན་ཕུལ་བས་དགྱེས་ཤིང་ཚིམས། །འགྲོ་ཀུན་སྡུག་བསྔལ་ཀུན་ལས་གྲོལ་བར་ཤོག །རང་སེམས་འཁྲུལ་པས་བསྒྲིབས་པའི་གཞན་དབང་ལས། །ཀུན་བརྟགས་གཉིས་སུ་སྣང་བའི་ཆོས་རྣམས་ཀུན། །གདོད་ནས་མི་དམིགས་སྤྲོས་བྲལ་ནམ་མཁའ་ལྟར། །ཡོངས་གྲུབ་དེ་བཞིན་ཉིད་ཀྱི་དབྱིངས་སུ་ཨ། །ཞེས་ལན་གཅིག་གམ་གསུམ་མམ་བདུན་ལ་སོགས་པར་འབུལ་ལོ། །དེ་ལྟར་བསྐོར་བ་དང་མཎྜལ་སྦྲགས་པ་གཅིག་ཏུ་བྱས་པའི་སྔོན་འགྲོ་བརྒྱ་ཕྲག་ལྔ་པོ་ཐུན་རེ་རེའི་ཁོངས་སུ་བར་མ་ཆད་པར་ཉམས་སུ་བླངས་ཏེ་རབ་ཚོགས་རྫོགས་ཤིང་སྡིག་པ་དག་པའི་རྟགས་ལེགས་པར་མ་མཐོང་བའི་བར་དུའམ། ཐ་ན་ཞག་བདུན་ལས་མི་ཉུང་བར་བྱ་བ་ནི་གཞུང་གི་དངོས་བསྟན་ཡིན་ལ། གལ་ཏེ་སྔོན་འགྲོ་རེ་རེ་བཞིན་འབུམ་ཕྲག་ལ་སོགས་པ་གསག་པར་སྤྲོ་ན། ཐོག་མར་སྐྱབས་འགྲོ །དེ་ནས་སེམས་བསྐྱེད་སོགས་སོ་སོ་ལ་བུངས་ལེན་ཞིང་ཐུན་རེ་རེའི་ཁོངས་སུ་གཞན་རྣམས་ཀྱང་མ་ཆད་ཙམ་བྱས་པས་ཆོག་གོ །གཉིས་པ་དངོས་གཞི་སྒོམ་བཟླས་བྱ་བ་ལ་གཉིས། ཕྱི་དཀྱིལ་སྤྱི་བོར་བསྒོམ་པ། ནང་དཀྱིལ་སྙིང་གར་བསྒོམ་པའོ། །དང་པོ་ནི། རྟེན་གྱི་མདུན་དུ་བླ་གཏོར་དཀར་ཟླུམ་པད་འདབ་བཞི་པ་མཚམས་སུ་མཐེབ་རིལ་གྱིས་མཚན་པ་རྒྱན་སྤྲོས་ཅན་བཀོད་པའི་གཡས་གཡོན་དུ་སྨན་རཀ །བཀའ་སྲུང་སྡེ་དགུའི་གཏོར་འབུལ་དམར་གཏོར་མཐེབ་རིལ་མཚན་པ་དང་། མཆོད་པ་རྣམས་གསར་དུ་བཤམ། ཐུན་བཞི་རེར་གཅད་པའི་ཐུན་ཐོག་མའི་འགོར་སྔོན་འགྲོ་གསག་སྦྱོང་གི་རིམ་པ་དེ་དག་གྲངས་ཀ་གསུམ་མམ་བདུན་ནམ་ཉེར་གཅིག་ཙམ་རེ་བྱས་པའི་ཚར་གཅིག་ཉིན་བཞིན་གྲུབ་ན་ལེགས་ལ། དེ་ལྟར་གྱི་ཚེ་ཀུ་སུ་ལུའི་ཚོགས་གསོག་གྲུབ་མཚམས་མངོན་རྟོགས་ལ་འཇུག །དེ་དག་མི་ལྕོགས་པའམ་ཐུན་གཞན་རྣམས་ཀྱི་འགོར་སྐྱབས་སེམས་ནི། ཕྱོགས་དུས་དཀོན་མཆོག་གསུམ་འདུས་པ། །བླ་མ་རྡོ་རྗེ་འཛིན་རྒྱལ་ལ། །བདག་དང་མཁའ་མཉམ་སེམས་ཅན་ཀུན། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ལན་གསུམ། མཐའ་ཡས་འགྲོ་བའི་དོན་གྱི་ཕྱིར། །རྡོ་རྗེ་འཛིན་པ་མཆོག་བསྒྲུབས་ནས། །ཞི་སོགས་ཕྲིན་ལས་རྣམ་བཞི་ཡིས། །འགྲོ་རྣམས་བདེ་ལ་འགོད་པར་བྱ། །ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་འདོན་སྒོམ་དུ་བྱ། རང་ཡི་དམ་གང་མོས་སུ་གསལ་གདབ་པར་གསུངས་ཀྱང་། སྤྱི་ཙམ་དུ། རང་ཉིད་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་དཀར་པོ་ཞལ་གཅིག་ཕྱག་བཞི་རྒྱན་ཆ་ལུགས་ཕྱག་མཚན་ཡོངས་སུ་རྫོགས་པར་གསལ་བའི། སྤྱི་བོར་པདྨ་འདབ་བཞི་ལྟེ་བ་དང་ལྔའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། སངས་རྒྱས་ཐམས་ཅད་ཀྱི་ཀཱ་ཝཱ་ཙི་འདུས་པའི་ངོ་བོ་མ་ཧཱ་གུ་ཎ་དང་། བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོ་དབྱེར་མེད་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན། གཟི་བརྗིད་ཀྱི་དཔལ་རབ་ཏུ་འབར་ཞིང་། ཞལ་གཅིག་ཕྱག་གཉིས་འགྲོ་ལ་ཆགས་པའི་སྤྱན་ཟུང་ཕྱོགས་བཅུར་གཟིགས་ཤིང་འཛུམ་པའི་འོད་ཀྱིས་ཡིད་འཕྲོག་པ། དབུ་སྐྲ་ཁམ་སེར་ཅུང་ཟད་ལི་བའི་ལྕང་ལོ་མེ་ཏོག་གི་ཕྲེང་བས་སྤྲས་པ། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་ཨུཏྤལ་རྒྱས་པའི་ཡུ་བ་བཟུང་ནས་སྙན་གྱི་ཐད་དུ་ཁ་བྱེ་བའི་སྟེང་དུ་རྒྱལ་ཡུམ་གྱི་པུསྟི་ཤེས་རབ་རལ་གྲིས་མཚན་པ། གཡོན་ཆོས་འཆད་ཀྱི་རྒྱས་པདྨོ་རྒྱས་པའི་ཡུ་བ་སྙན་ཐད་ཁ་བྱེ་བའི་སྟེང་དུ་བདུད་རྩིས་གང་བའི་བུམ་པ་གུར་གུམ་གཞོན་ནུའི་ཁ་རྒྱན་དང་བཅས་པ་ལ། ནོར་བུ་དབང་རྒྱལ་དང་གསེར་གྱི་རྡོ་རྗེ་སྨན་མཆོག་གསེར་མདོག་གིས་གཡས་གཡོན་དབུས་གསུམ་དུ་མཚན་པ་དར་སྣ་ཚོགས་ཀྱི་ན་བཟའ་ལྷབ་ལྷུབ་དུ་མས་མཛེས་ཤིང་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །ཕྱོགས་ཀྱི་པདྨ་འདབ་བཞི་ལ། མདུན་དུ་ལྷ་མོ་དཀར་མོ་རིན་པོ་ཆེའི་པི་ཝཾ་སྒྱུར་བ། གཡས་སུ་སེར་མོ་བྱ་རྒོད་ཀྱི་རྐང་གླིང་སྒྱུར་བ། རྒྱབ་ཏུ་དམར་མོ་མི་རྐང་གླིང་བུ་སྒྱུར་བ། གཡོན་ན་ལྗང་མོ་དངུལ་དཀར་གྱི་མེ་ལོང་སྟོན་པ། བཞི་ཀ་ཡང་བཅུ་དྲུག་ལོན་པའི་ན་ཚོད་ཅན་འཛུམ་སྒེག་འགྱིང་མཛེས་མཉེན་ལྕུག་འཁྲིལ་ལྡེམ་རྐེད་པར་རིན་པོ་ཆེའི་མེ་ཏོག་གི་ཕྲེང་བས་མཛེས་ཤིང་དབུ་སྐྲ་ལྕང་ལོ་སིལ་མ་མུ་ཏིག་དམར་པོའི་ལན་ཚར་དང་བཅས་པ། སྐུ་སྨད་དར་སྣ་ཚོགས་ཀྱི་ཤམ་ཐབས་དང་ལྡན་པས་གར་སྟབས་གཡོ་བའི་ཚུལ་གྱིས་གཙོ་བོ་ལ་བདེ་སྟོང་གི་མཆོད་པ་རྒྱུན་མི་ཆད་པར་འབུལ་བར་གྱུར། བླ་མའི་སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དང་། བཅོམ་ལྡན་འདས་སྨན་པའི་རྒྱལ་པོ་ལ་ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་མཉམ་མེད་སྤྲུལ་པའི་སྐྱེས་མཆོག་མ་ཧཱ་གུ་ཎ་དབྱེར་མ་མཆིས་པ་ལ་ལྷ་མོ་བཞིས་བསྐོར་བ་སྤྲིན་དཔུང་གཏིབས་པ་བཞིན་སྤྱན་དྲངས་སྤྱི་བོའི་གཙོ་འཁོར་ལ་ཐིམ་པར་གྱུར། རང་གི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་ཕྱི་ཉེར་སྤྱོད་བདུན། ནང་འདོད་ཡོན་ལྔ། གསང་བ་བདེ་སྟོང་གི་རོལ་མོས་མཆོད་པར་མོས། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པ། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཅེས་བརྗོད། མཎྜལ་ཚོམ་བུ་སོ་བདུན་མའམ་བདུན་མ་ཅི་རིགས་འབུལ། བསྡུ་ན་གོང་གི་ཚིགས་བཅད་ཁོ་ནས་འབུལ། སྙིང་ཁོང་རུས་པའི་གདིང་ནས་དད་མོས་ཀྱི་ཤུགས་དྲག་ཏུ་བསྐྱེད་ལ། བརྒྱུད་པའི་གསོལ་འདེབས་རྒྱས་བསྡུས་གང་རུང་ངམ། བསྡུ་ན། དུས་གསུམ་རྒྱལ་ཀུན་གསང་བ་གཅིག་བསྡུས་པ། །བླ་མ་སྨན་པའི་རྒྱལ་པོ་གཡུ་ཐོག་པར། །སྙིང་ཁོང་རུས་པའི་གདིང་ནས་གསོལ་བ་འདེབས། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབ་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཞེས་པ་དང་། བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གསོ་བ་རིག་པའི་གཞུང་ལུགས་ཐམས་ཅད་ལ་བློ་གྲོས་རྒྱས་ཏེ་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་ཉི་ཟླ་ལྟར་འབྱུང་བར་གྱུར་ཅིག །སྨྲས་ཚད་མངོན་ཤེས་སུ་གྱུར་ཅིག །སྦྱར་ཚད་སྨན་དུ་གྱུར་ཅིག །བཏང་ཚད་ཕན་པར་གྱུར་ཅིག །མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཞེས་ལན་བདུན་ལ་སོགས་པར་གསོལ་བ་དྲག་ཏུ་བཏབ་པས། སྤྱི་བོའི་གནས་བཞི་ལས་འོད་འཕྲོས་ལྷ་མོ་བཞི་ལ་ཕོག །ཐུགས་རྒྱུད་རང་དབང་མེད་པར་བསྐུལ། རང་གང་འདོད་ཀྱི་དངོས་གྲུབ་སྟེར་བར་བསམ། སླར་ཡང་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས། བརྟན་གཡོས་བསྡུས་པའི་སྣོད་བཅུད་ཐམས་ཅད་ཀྱི་དྭངས་མའི་བཅུད་དང་། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྗེ་བསྐུལ། འོད་ཟེར་རྣམ་པ་ལྔའི་ཚུལ་དུ་ཕྱག་མཚན་བུམ་པར་ཐིམ། དེ་ཉིད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པ་ཡར་ལུད། རང་གི་སྤྱི་བོ་ནས་ལུས་ཀྱི་ཕྱི་ནང་དུ་ཆི་ལི་ལི་སོང་བས་སྒོ་གསུམ་གྱི་ནད་གདོན་སྡིག་སྒྲིབ་སྦྱངས། ལུས་ཤེལ་སྒོང་གཡའ་དག་པ་ལྟར་གྱུར། སླར་རིམ་གྱིས་ལུས་ཐམས་ཅད་བདུད་རྩིས་ངང་ཆིལ་གྱིས་གང་། དབང་བཞི་ཐོབ། སྐུ་བཞིའི་ས་བོན་མངོན་དུ་བྱས་པར་བསམ་ལ། སྤྱི་བོའི་བླ་མ་ལ་གུས་པས་སེམས་རྩེ་གཅིག་ཏུ་གཏད་ནས། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་གུ་ཎ་སརྦ་སིདྡྷི་ཧཱུྃ་ཛཿ དེ་ཝ་ཌཱ་ཀི་ནཱི་ཧ་རི་ནི་ས་ཙིཏྟ་ཧྲཱིང་ཧྲཱིང་ས་མ་ཡ་ཛཿཧཱུྃ་བཾ་ཧོཿ ཞེས་གསོལ་འདེབས་ཀྱི་ཚུལ་དུ་བཟླ། དེའང་དབང་བཞིའི་སྐབས་བདུད་རྩིའི་རྒྱུན་གྱིས་ཐོག་མར་སྤྱི་བོའི་ནང་གང་། ལུས་ཀྱི་སྒྲིབ་པ་དག །བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས། མགྲིན་པ་ཡན་ཆད་གང་། ངག་གི་སྒྲིབ་པ་དག །གསང་བའི་དབང་ཐོབ། གསུང་གི་བྱིན་རླབས་ཞུགས། སྙིང་ག་ཡན་ཆད་གང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་ཞུགས། ལྟེ་བ་སོགས་ལུས་ཐམས་ཅད་གང་། སྒོ་གསུམ་ཆ་སྙོམ་གྱི་སྒྲིབ་པ་དག །ཡེ་ཤེས་ཀྱི་བྱིན་རླབས་ཞུགས་པར་མོས་ལ་རེ་རེ་བཞིན་དུ་སེམས་ཡུན་རིང་དུ་གཏད་ཅིང་ཐུན་རེ་རེ་ལའང་དམིགས་པ་ཚང་བ་བརྒྱ་ཕྲག་ལ་སོགས་པ་བསྐྱར་ནས་བྱའོ། །ཐུན་མཐར་གཏོར་མ་འབུལ་བ་ནི། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས། རཾ་ཡཾ་ཁཾ། ལན་གསུམ། རཾ་ལས་མེ་བྱུང་དངོས་པོའི་ཉེས་སྐྱོན་བསྲེགས། །ཡཾ་ལས་རླུང་བྱུང་མཚན་མའི་བག་ཆགས་གཏོར། ཁཾ་ལས་ཆུ་བྱུང་གཉིས་འཛིན་དྲི་མ་བཀྲུས། །ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་ཨོཾ་ལས་བདུད་རྩི་རིགས་ལྔ་འོད་དུ་ཞུ་བའི་བྱང་སེམས་དཀར་པོར་གྱུར། ཨཱཿཡིས་རཀྟ་འཁོར་བ་ཡོངས་བསྒྲལ་བྱང་སེམས་དམར་པོར་གྱུར། ཧཱུྃ་གིས་གཏོར་མ་འདོད་ཡོན་ལྔའི་ཕུང་པོ་སྣོད་བཅུད་ནམ་མཁའི་མཐའ་དང་མཉམ་པར་གྱུར། ཧྲཱིཿས་མཆོད་རྫས་ཐམས་ཅད་མཚན་བཅས་དེར་འཛིན་གྱི་རྣམ་རྟོག་ཐམས་ཅད་དང་བྲལ་བའི་གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མངར་རེག་འཇམ་ཕུན་སུམ་ཚོགས་པར་གྱུར། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་མགྲོན་རྣམས་སྤྱན་དྲངས་པར་བསམ་ལ་བཛྲ་ས་མ་ཡ་ཛཿ ཞེས་སྔགས་ལན་གསུམ་བརྗོད། ས་མ་ཡ་སཏྭཾ་གྱིས་གདན་ཕུལ་བས་སྤྱི་བོའི་བླ་མའི་འཁོར་དུ་མགྲོན་ཐབས་ཀྱི་ལྷ་རྣམས་སྤྲིན་གཏིབས་པ་ལྟར་བཞུགས་པར་མོས། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུའི་འོད་ཟེར་གྱིས་སྨན་རཀ་གཏོར་མའི་བཅུད་དྲངས་ཏེ་བཞེས་ནས་ཟག་པ་མེད་པའི་བདེ་བས་ཐུགས་རྒྱུད་ཚིམས་པར་གྱུར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་གུ་ཎ་དེ་ཝ་ཌཱ་ཀི་ས་པ་རི་བཱ་ར་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་སརྦ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་ལྔའམ་བདུན་གྱིས་ཕུལ་ནས་འདོད་པའི་དོན་ལ་གསོལ་བ་གདབ་པ་ནི་ཐལ་མོ་སྦྱར་ཏེ། ཕྱོགས་དུས་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོར་གྱུར་པ་རིགས་བདག་བླ་མ་སྨན་རྒྱལ་ཡི་དམ་ལྷ་ཚོགས། སྨན་གྱི་དྲང་སྲོང་རིག་འཛིན་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཁྱེད་རྣམས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་ཅག་སྙིང་ནས་ཉེ་བར་སྐྱབས་སུ་མཆིའོ། །གསོལ་བ་འདེབས་སོ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབ་པའི་ནུས་མཐུ་དཔག་ཏུ་མེད་པ་མངའ་བ་ལགས་པས། བདག་ཅག་ལ་སོགས་པ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉམས་ཆག་ཉེས་ལྟུང་བག་ཆགས་དང་བཅས་པ་ཐམས་ཅད་བྱང་། ཚོགས་གཉིས་ཡོངས་སུ་རྫོགས་ཏེ། མྱུར་དུ་མངོན་པར་རྫོགས་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། གནས་སྐབས་སུ་ཆོས་སྒྲུབ་པའི་འགལ་རྐྱེན་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང་། མཐུན་རྐྱེན་བསམ་པ་ཐམས་ཅད་འགྲུབ་ཅིང་། ཁྱད་པར་དུ་གསོ་བ་རིག་པའི་རྒྱུད་བཞིའི་ཚིག་དོན་མ་ལུས་པ་ཁོང་དུ་ཆུད་ནས། ལུས་ཅན་མཐའ་དག་ཕན་བདེའི་དཔལ་ལ་འགོད་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ལུས་ལ་བདེ་བ་དང་ངག་ལ་ནུས་པ་དང་སེམས་ལ་རྟོགས་པ་ཕུལ་དུ་བྱུང་བ་འཆར་ཞིང་། རང་གཞན་གྱི་ནད་གདོན་བར་ཆད་ཐམས་ཅད་ཞི་ཞིང་ཚེ་དབང་ལོངས་སྤྱོད་རྒྱས། ཁམས་གསུམ་དབང་དུ་འདུས། ལོག་འདྲེན་ཚར་གཅོད་པར་བྱིན་གྱིས་བརླབ་ཏུ་གསོལ། ད་ལྟ་ཉིད་དུ་གནས་མཆོག་འདི་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་རྒྱས་པར་ལན་གསུམ། བསྡུ་ན་ཚར་གཅིག་བརྗོད་ལ་བསྟོད་པ་ནི། ན་མོ་གུ་རུ། གང་གི་སྐུ་ཡི་གསང་ཆེན་མཆོག །དངོས་པོ་ཀུན་ཁྱབ་བདེ་བ་ཆེ། །རྣམ་ཀུན་མཆོག་ལྡན་རྡོ་རྗེའི་དབྱིངས། །མཚུངས་བྲལ་གུ་ཎའི་སྐུར་ཕྱག་འཚལ། །གང་གི་གསུང་གི་གསང་ཆེན་མཆོག །སྒྲ་གྲགས་ཀུན་ཁྱབ་གཞོམ་བྲལ་བ། །བརྒྱད་ཁྲི་བཞི་སྟོང་ཆོས་སྒྲ་སྒྲོག །མཚུངས་བྲལ་གུ་ཎའི་གསུང་ཕྱག་འཚལ། །གང་གི་ཐུགས་ཀྱི་གསང་ཆེན་མཆོག །སྤྲོས་པ་ཀུན་བྲལ་བདེ་བ་ཆེ། །ཤེས་རབ་ཕ་རོལ་ཕྱིན་ལ་གནས། །མཚུངས་བྲལ་གུ་ཎའི་ཐུགས་ཕྱག་འཚལ། །རྒྱལ་བ་ཀུན་ཀྱང་འདྲེན་པ་ཁྱེད། ཁྱེད་ལས་གཞན་པའི་སྐྱོབ་པ་ནི། །འགྲོ་བ་ཀུན་ལ་འགའ་མ་མཆིས། །དེ་ཕྱིར་ཁྱེད་ལ་སྐྱབས་སུ་མཆི། །བྱིས་པས་ཁྱོད་མཚན་མ་ཐོས་པའམ། །ཐོས་ཀྱང་གུས་པར་མི་བསྟེན་པ། །དེ་ལས་སྙིང་རྗེ་གཞན་མེད་པས། །བརྩེ་བས་ཁྱོད་ཀྱིས་རྗེས་སུ་ཟུངས། ཁྱོད་ཀྱི་མཚན་ཐོས་སྐྱབས་སོང་བ། །དེ་ནི་ནམ་ཡང་སྲིད་མཚོར་མིན། །དེ་ཕྱིར་མིག་ཆུ་གཡོ་བཞིན་དུ། །སྙིང་ནས་དུས་ཀུན་གསོལ་བ་འདེབས། །རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་མཆོག །གསང་ཆེན་ཁྱེད་སྐུར་རོ་གཅིག་པས། །དེ་རིང་ཁོ་ནར་མངོན་སུམ་དུ། །མཁའ་ཁྱབ་འགྲོ་བས་ཐོབ་པར་ཤོག །ཅེས་པའི་མཐར། ལས་བྱང་ལྟར། ཧཱུྃ། རིགས་འདུས་བླ་མ་རྒྱལ་བའི་གཙོ། །བདེ་ཆེན་ཚད་མེད་ཐུགས་རྗེས་དགོངས། །བདག་ཅག་བྱིས་པའི་རང་བཞིན་པས། །ལྷག་ཆད་ནོར་འཁྲུལ་བཟོད་པར་བཞེས། །ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ས་མ་ཡ་ཨ་ཨ་ཨཱཿ ཞེས་པས་ནོངས་པ་བཤགས། བཛྲ་མུཿས་མགྲོན་ཐབས་ཀྱི་ལྷ་རྣམས་གཤེགས། འཁོར་གྱི་མཁའ་འགྲོ་བཞི་པོ་འོད་དུ་ཞུ་ནས་གཙོ་བོ་ལ་ཐིམ། གཙོ་བོ་རིགས་འདུས་སྨན་པའི་རྒྱལ་པོ་ཐུགས་དགྱེས་པ་ཆེན་པོས་འོད་དུ་ཞུ་སྟེ་རང་ལ་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་པར་གྱུར། ཅེས་མོས་ལ་མཉམ་པར་བཞག །དེ་ལས་ལྡང་བ་ན་ལས་བྱང་ལྟར། ཧོཿ བདག་གཞན་དུས་གསུམ་དགེ་བ་རྣམས། །མ་ལུས་དམིགས་མེད་གཅིག་བསྡུས་ནས། །རིགས་འདུས་རྒྱལ་བའི་སྐུ་གསུང་ཐུགས། །མཁའ་ཁྱབ་འགྲོ་བས་ཐོབ་པར་ཤོག །དེ་མ་ཐོབ་ཀྱི་གནས་སྐབས་སུ། །བར་ཆད་མེད་པར་དལ་འབྱོར་ཐོབ། །བཤེས་གཉེན་དམ་པས་རྗེས་སུ་བཟུང་། །བཀའ་བཞིན་སྒྲུབ་ལ་ནན་ཏན་ཤོག །ཆོས་རྣམས་སེམས་སུ་བློ་ཐག་ཆོད། །སེམས་ཉིད་ཆོས་སྐུར་རང་ངོ་ཤེས། །གཟུང་འཛིན་འཁྲུལ་སྣང་བག་ཆགས་ཞིག །གོམས་འདྲིས་བརྟན་པ་ཐོབ་པར་ཤོག །ཤིས་བརྗོད་ནི། ཆོས་ཀྱི་དབྱིངས་ལས་བྱུང་བའི་བཀྲ་ཤིས་མཆོག །བླ་མ་ཡི་དམ་མཁའ་འགྲོ་འཁོར་བཅས་དང་། །ཆོས་སྐྱོང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཀྱིས། །དགེ་ལེགས་དཔལ་འབྱོར་གང་ལ་མྱུར་ཐོབ་ཤོག །ཅེས་བསྔོ་སྨོན་བཀྲ་ཤིས་བཅས་བརྗོད་པར་བྱའོ། །སླར་ཡང་ཐུན་ལ་འཇུག་པ་ན་གཏོར་མཆོད་རྣམས་ཁ་གསོས་ནས། སྐྱབས་སེམས་ནས་བཀྲ་ཤིས་ཀྱི་བར་བསྐྱར། སྲོད་ཐུན་གཏོར་འབུལ་གྲུབ་མ་ཐག་པར་དམ་ཅན་སྡེ་དགུའི་གཏོར་འབུལ་རེའང་བྱ་སྟེ། དེ་ལྟ་བུའི་ཚུལ་གྱིས་གྲངས་དུས་ཀྱི་ཚད་གང་རུང་རྫོགས་པར་བྱའོ། །གཉིས་པ་ནང་དཀྱིལ་སྙིང་གར་སྒོམ་པ་ནི། སྔ་མའི་བསྙེན་པ་གྲུབ་ནས་ཐུན་གཅོད་ཚུལ་གོང་དང་འདྲ་བ་ལས། སྐྱབས་སེམས་ཚད་མེད་བཞི་དང་བདག་བསྐྱེད་ཀྱི་ཡོངས་སུ་རྫོགས་པར་གསལ་བའི་ཞེས་པའི་བར་གོང་ལྟར་ལ། དེ་ནས། རང་གི་མགོ་གྱེན་བསྟན་སྙིང་པདྨ་འདབ་མ་ལྔར་གྱེས་པའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། སངས་རྒྱས་ཐམས་ཅད་ཀྱི་སོགས་ནས། སྐྱིལ་མོ་ཀྲུང་གིས་བཞུགས་པའོ་ཞེས་པའི་བར་བརྗོད་ལ་གསལ་འདེབས། དེ་ནས་གུས་པ་ཆེན་པོས་གསོལ་འདེབས་ཚིགས་བཅད་ལྷུག་ཚར་ཅི་རིགས་བརྗོད། བླ་མའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དངུལ་ཆུའི་མདོག་ལྟ་བུའི་མཐར་ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་གུ་ཎ་སིདྡྷི་ཧཱུྃ། ཞེས་པའི་སྔགས་ཀྱི་ཕྲེང་བ་གཡས་སྐོར་དུ་དཀར་ཕྲོམ་མེར་འཁོད་པར་གསལ་ལ་བཟླས་པ་བྱས་པས། སྔགས་ཕྲེང་དེ་ཉིད་འོད་ཟེར་གྱི་རྣམ་པར་བླ་མའི་ཞལ་ནས་ཡར་ཕྱིན། བདག་བསྐྱེད་ཀྱི་ཞལ་ནས་ཐོན། འོད་ཟེར་མཆོད་པའི་སྤྲིན་རུམ་དུ་གྱུར་པས་ཕྱོགས་བཅུའི་ཞིང་ཐམས་ཅད་དུ་ཁྱབ། དཀོན་མཆོག་རྩ་གསུམ་སྲུང་མ་དང་བཅས་པ་མཆོད་ཅིང་བྱིན་རླབས་བསྡུས། འོད་ཟེར་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག །འོད་ཟེར་གྱི་ཕྲེང་བ་རང་གི་སྙིང་ག་ནས་བྱུང་། བླ་མའི་ཐུགས་ཀར་ཞུགས་ཏེ་ཧཱུྃ་མཐར་སྔགས་ཕྲེང་དུ་གྱུར་ནས་འཁོད་པར་མོས་ལ་བཟླ། སླར་ཡང་ཞལ་ནས་འཐོན་པ་སོགས་འཁོར་བའི་བཟླས་པ་རྩེ་གཅིག་ཏུ་བྱ། ཐུན་འཇོག་པ་ན་ལྷ་སྒོམ་སྔགས་བཟླས་སྟོང་ཉིད་གསུམ་ལ་འཁྲུལ་པ་སེལ་བའི་ཁ་སྐོང་དུ་དབྱངས་གསལ་དང་ཡིག་བརྒྱ། ནུས་པ་བརྟན་བྱེད་རྟེན་འབྲེལ་སྙིང་པོ་བཅས་ལན་གསུམ་གསུམ་བཟླ། གོང་ལྟར་གསོལ་འདེབས་འདོད་གསོལ་བཅས་ལན་གསུམ་བྱས། བླ་མ་རིགས་འདུས་སྨན་པའི་རྒྱལ་པོ་ཐུགས་དགྱེས་པ་སོགས་བརྗོད་ལ་སྙིང་གའི་ལྷ་འོད་དུ་ཞུ། མཉམ་གཞག །སྨོན་ལམ། བཀྲ་ཤིས་བཅས་བྱ། ཐུན་མཚམས་སུ་གཏོར་འབུལ་སྤྲོ་ན་བྱ་ཆོག་ལ། དེ་ལྟར་གྱི་ཚེ་སྤྱིར་སྔར་ལྟར་ལས། གདན་ཕུལ་བས་མདུན་གྱི་ནམ་མཁར་སྤྲིན་གཏིབས་པ་ལྟར་བཞུགས་པར་མོས་ལ་བྱ། ནོངས་བཤགས་མཐར་རྟེན་ཡོད་ན་བརྟན་བཞུགས་དང་གོང་བཞིན་བླ་མ་རིགས་འདུས་སོགས་འོད་ཞུ་མན་བྱ་བ་ལས་གཞན་འདྲའོ། །འདི་ལ་འབྲུ་འབུམ་ལ་སོགས་པ་གྲུབ་པར་བྱ་ཞིང་ཕྱི་སྒྲུབ་རྒྱུན་ཁྱེར་འདོད་ནའང་འདི་ཉིད་ལ་བྱ་སྟེ་སྔ་མ་ཐུན་མོང་དང་། ཕྱི་མ་ཁྱད་པར་བའི་སྒྲུབ་ཐབས་སུ་ཤེས་པར་བྱའོ། །ལོང་སྐབས་ཆུང་བ་སོགས་ཀྱིས་ཕྱི་ནང་གཉིས་སྦྲེལ་ནས་ཉམས་སུ་ལེན་པར་འདོད་ན། ཐུན་གྱི་ཕྱེད་ཆ་ཡན་ཕྱི་དཀྱིལ་བཟླས་བསྒོམ་གཏོར་འབུལ་ནོངས་བཤགས་སོགས་བྱས་ལ། གཤེགས་བསྡུའི་གཙོ་བོ་རིགས་འདུས་སྨན་པའི་རྒྱལ་པོ་ཐུགས་དགྱེས་པ་ཆེན་པོས་རང་གི་སྤྱི་བོ་ནས་མར་བྱོན། རང་གི་སྙིང་མགོ་གྱེན་བསྟན་པདྨ་འདབ་མ་ལྔར་གྱེས་པའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས་པར་གྱུར། བླ་མའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སོགས་བཟླས་སྒོམ་དང་། ཐུན་བསྡུ་ཚུལ་གོང་སྨོས་ལྟར་བྱའོ། །གསུམ་པ་ལས་ཀྱི་ཁ་བསྒྱུར་བ་ནི། ཕྱི་སྒྲུབ་ཀྱི་བསྙེན་པ་སྔོན་དུ་སོང་ནས། ཞི་རྒྱས་དབང་དྲག་གི་སྒོ་ནས་བླ་མ་ལ་གསོལ་བ་གདབ་པ། ལས་ཚོགས་ཁྲུས་ཆུ། གཞན་ལ་བྱིན་རླབས། སྔགས་མདུད། ལམ་སྲུང་རྣམས་ནི་རྩ་བའི་གཞུང་དུ་གསལ་བ་ལྟར་སྐབས་སུ་གང་བབ་ལག་ཏུ་ལེན་པར་བྱའོ། །འདི་དག་ཀྱང་བསྙེན་སྒྲུབ་ཡན་ལག་བཞི་དང་སྦྱར་ན། སྔོན་འགྲོ་གསག་སྦྱོང་བསྙེན་པ། ཕྱི་དཀྱིལ་ཉེ་བསྙེན། ནང་དཀྱིལ་སྒྲུབ་པ། ལས་བཞིའི་གསོལ་གདབ་སྒྲུབ་པ་ཆེན་པོའི་ཚུལ་ཡིན་ལ། དེ་བཞི་པོ་རྒྱུད་སྡེ་བཞིའི་ཉམས་ལེན་དང་ཡང་དོན་གྱིས་འབྱོར་པ་ཡིན་ནོ། །ཕྱི་སྒྲུབ་ཟླ་བ་གཅིག་བྱེད་ན་སྔོན་འགྲོ་ཞག་བདུན། ཕྱི་དཀྱིལ་བདུན་ཕྲག་གཉིས། ནང་དཀྱིལ་ཞག་བཅུ་ཙམ་བྱ། ཞག་བདུན་ལས་མི་བྱེད་ན། སྔོན་འགྲོ་ཞག་གསུམ། ཕྱི་དཀྱིལ་ནང་དཀྱིལ་ཐུན་སྟོད་སྨད་དུ་འབྲེལ་བ་ཞག་བཞི་བར་རྣམས་དང་། དེ་དག་ལས་ལྷག་པ་གྲུབ་ན་རིགས་པས་འཕྲུལ་བར་བྱའོ། ༈ །གཉིས་པ་ནང་སྒྲུབ་དགོས་འདོད་ཀུན་འབྱུང་ཉམས་སུ་ལེན་པ་ལ་གཉིས། ཐུན་མོང་བ་སངས་རྒྱས་སྨན་གྱི་བླ་མའི་བསྐྱེད་རྫོགས་ཟུང་འཇུག་སྟན་ཐོག་གཅིག་ཏུ་ཉམས་སུ་བླང་བ་དང་། ཁྱད་པར་རིག་པའི་ཡེ་ཤེས་རིགས་ལྔ་ལ་བསྟེན་ཏེ་རྒྱུད་ཆེན་བཞིའི་ངེས་དོན་གནད་ཀྱི་ཉམས་ལེན་ནོ། །དང་པོ་ལ་གཉིས། ཉམས་ལེན་དམིགས་པའི་གནད། གོ་དོན་ཤེས་བྱའི་གནད་དོ། །དང་པོ་ལ་གཉིས། བསྐྱེད་རིམ་དང་། རྫོགས་རིམ་མོ། །དང་པོ་ནི། ཚོགས་གསག་དང་སེམས་འཛིན་གྱི་རྟེན་དུ་སྨན་བླའི་སྐུ་བརྙན་ལྟ་བུའི་རྟེན་དང་མཆོད་པ་ཅི་འབྱོར་པ་བཤམ། ཕྱི་སྒྲུབ་སྔོན་དུ་མ་སོང་ན་སྔོན་འགྲོའི་རིམ་པ་རྣམས་ཅི་འགྲུབ་བྱ། སོང་ན་ཐུན་དང་པོའི་འགོ་ལྟ་བུར་སྔར་བཤད་པའི་སྔོན་འགྲོ་རྣམས་ཚར་རེ་གཏང་གྲུབ་ན་ལེགས། སྤྲོས་པས་མ་ལྕོགས་ན་དམིགས་སུ་དགོས་པ་རང་མ་ཡིན་ནོ། །གང་ལྟར་བདེ་བའི་གདན་ལ་ལུས་གནད་བཅས་ཏེ། རང་ཐ་མལ་པའི་ངང་ནས་ཧཱུྃ་ཞེས་བརྗོད་པས་རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་སྨན་གྱི་བླ་ཞལ་གཅིག་ཕྱག་གཉིས། སྐུ་མདོག་མཐིང་ག་མདངས་དང་ལྡན་པ། ཞབས་སྐྱིལ་ཀྲུང་གིས་པད་ཟླ་ལ་བཞུགས་པ། ཕྱག་གཡས་ཨ་རུ་ར་རྣམ་པར་རྒྱལ་བ་དང་གཡོན་ལྷུང་བཟེད་བདུད་རྩི་སྨན་གྱིས་གང་བ་བསྣམས་པ། སྤྲུལ་པ་སྐུའི་ཆ་བྱད་ཅན། སྐུ་ལ་ཆོས་གོས་རྣམ་པ་གསུམ་གྱིས་བཀླུབས་པར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གྱུར། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཨ་བ་དྷཱུ་ཏིའི་ལམ་བརྒྱུད། བཤང་སྒོ་ནས་འོག་ཏུ་ཐོན་པ་ཡི་གེ་རཾ་དམར་པོར་གྱུར། དེ་འོད་དུ་ཞུ་བ་ལས་ཉི་མའི་དཀྱིལ་འཁོར་ཡངས་ཤིང་རྒྱ་ཆེ་བར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དྷཱུ་ཏིའི་ལམ་བརྒྱུད་ཆུ་སོ་ནས་ཐོན་པ་ཉི་མའི་སྟེང་དུ་སྣ་ཚོགས་རྡོ་རྗེ་ཆེན་པོ་ཞིག་ཏུ་གྱུར། དེ་ཕྱོགས་བཞིར་འཕེལ་ཏེ་ཆེར་སོང་བའི་རྭ་སྟེང་མ་རྣམས་གྱེན་དུ་ལངས་པ་ལས་རྡོ་རྗེའི་རྩིག་པ་ཤིན་ཏུ་བརྟན་པ། རྭ་རྩེ་སྟེང་དུ་བསྣོལ་བ་ལས་རྡོ་རྗེའི་གུར་ཁང་ཏོག་དང་བཅས་པར་གྲུབ་པ་ལས། ཉི་མའི་འོད་ཀྱིས་ཕྱི་རོལ་ཐམས་ཅད་ཞུ་ཞིང་འདྲེས་པས་སྲུབ་དང་བར་མཚམས་མེད་པར་གྱུར། སླར་ཡང་སྙིང་ག་ནས་འོད་ཟེར་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་མདུན་གྱི་ནམ་མཁར་སྤྱན་དྲངས། རྭ་གུར་གྱི་སྟེང་གི་ཆར་སྣ་ཚོགས་པདྨ་འདབ་མ་འབུམ་ལྡན་གྱི་གདན་ལ་བཞུགས་པར་མོས་ལ། ཕྱི་སྒྲུབ་ཏུ་བཤད་པ་ལྟར་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྒོམ་པའི་ཚིག་རྣམས་ལན་གསུམ་ལ་སོགས་པ་བརྗོད་ཅིང་། སེམས་ཅན་ལ་སྙིང་རྗེ་དྲག་ཏུ་བསྒོམས་པའི་རྐྱེན་གྱིས། ནམ་མཁའི་ལྷ་ཚོགས་ཐུགས་རྗེའི་དབང་གིས་རང་གི་མདུན་དུ་བྱོན། དེ་དག་གི་འོད་ཟེར་རང་ལ་ཕོག་པས་སྡིག་སྒྲིབ་མཐའ་དག་དག་ནས་རང་ལུས་ལྷ་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟར་ཤིན་ཏུ་གསལ་ཞིང་བརྟན་པ་ལ། མདུན་གྱི་ལྷ་ཚོགས་རྣམས་ཀྱང་རང་ཉིད་ལ་ཐིམ་སྟེ་གཉིས་སུ་མེད་པར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། ལྟེ་བར་ཏྲཱཾ་སེར་པོ། གསང་བར་ཧྲཱིཿལྗང་གུས་མཚན་པའོ། །དེ་ཡན་ཆད་སྔོན་དུ་འགྲོ་བའི་དོན་ཡིན་ནོ། །དེ་ནས་རང་གི་སྙིང་རྩེ་མོ་གྱེན་དུ་བལྟས་པ་པདྨ་འདབ་བརྒྱད་དུ་གྱུར་པའི་ཟེའུ་འབྲུར་ཟླ་བ་ལ་ཧཱུྃ་ཡིག་མཐོན་ཀ་ཆེན་པོའི་ཁ་དོག་ཅན། དེ་ཞུ་བ་ལས་བཻ་ཌཱུརྻ་ཡི་ལྷུང་བཟེད་ཀྱི་ནང་དུ་བཾ་ལས་བདུད་རྩིའི་རྒྱ་མཚོ། དེའི་སྟེང་དུ་པད་ཟླ་ལ་གནས་པའི་ཡི་གེ་ཧཱུྃ་མཐིང་ག །དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བསལ་ནས་བཅོམ་ལྡན་འདས་སྨན་གྱི་བླ་མའི་སྐུར་གྱུར། ཡང་འོད་ཟེར་འཕྲོས། རྒྱལ་བ་སྲས་དང་བཅས་པ་མཆོད། དེ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ཐམས་ཅད་ཐུགས་ཀ་ནས་ཧཱུྃ་སྔོན་པོའི་རྣམ་པ་བསམ་གྱིས་མི་ཁྱབ་པ་བྱུང་ནས་རང་གི་སྙིང་གའི་ཧཱུྃ་ཡིག་ལྷུང་བཟེད་བཅས་པ་ལ་ཐིམ་སྟེ་འོད་དུ་ཞུ་བ་ལས་བཅོམ་ལྡན་འདས་སྨན་གྱི་བླ་ཞལ་གཅིག་ཕྱག་གཉིས། སྐུ་མདོག་མཐིང་ག་མདངས་དང་བཅས་པ། ཞབས་སྐྱིལ་ཀྲུང་གི་པད་ཟླ་ལ་བཞུགས་པ། ཕྱག་གཡས་ཨ་རུ་ར་རྣམ་པར་རྒྱལ་བ་དང་གཡོན་ལྷུང་བཟེད་བདུད་རྩི་སྨན་གྱིས་གང་བ་བསྣམས་པ། སྤྲུལ་པ་སྐུའི་ཆ་བྱད་ཅན། སྐུ་ལ་ཆོས་གོས་རྣམ་པ་གསུམ་གྱིས་བཀླུབས་པར་གསལ་བའི་ཕྱག་གཡས་ཨ་རུ་ར་རྣམ་པར་རྒྱལ་བས་གཡོན་ལྷུང་བཟེད་ཀྱི་བདུད་རྩི་དཀྲུགས་པས་ཐིག་ལེ་འོད་ཟེར་གྱི་ཚུལ་དུ་ཕྱོགས་མཚམས་བརྒྱད་ཀྱི་པདྨའི་འདབ་མ་ལ་འཕྲོས། ཐམས་ཅད་ཀྱང་ཧཱུྃ་ལས་ལྷུང་བཟེད་ཧཱུྃ་གིས་མཚན་པར་གྱུར། དེ་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བསལ། འཕགས་པ་མཆོད་བྱིན་རླབས་བསྡུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་སྨན་གྱི་བླ་ཆ་ལུགས་གཙོ་བོ་དང་མཚུངས་པ་བརྒྱད། ཞལ་ནང་དུ་བསྟན་ཏེ་བཞུགས་པར་གྱུར། དེ་དག་གི་སྐུའི་སྣང་བ་ལས་འོད་ཟེར་དཀར་པོ་རང་གི་སྤྱི་བོར་འཕྲོས། ཨོཾ་དཀར་པོར་གྱུར་པའི་འོད་ཀྱིས་དོན་གཉིས་བྱས་ཏེ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། གསུང་གི་སྣང་བ་ལས་འོད་ཟེར་དམར་པོ་མགྲིན་པར་འཕྲོས། ཨཱཿདམར་པོར་གྱུར་པའི་འོད་ཀྱིས་དོན་གཉིས་བྱས་ཏེ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་སྣང་བ་མཐའ་ཡས་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། ཡོན་ཏན་གྱི་སྣང་བ་ལས་འོད་ཟེར་སེར་པོ་ལྟེ་བར་འཕྲོས། ཏྲཱཾ་སེར་པོར་གྱུར་པའི་འོད་ཀྱིས་དོན་གཉིས་བྱས་ཏེ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་སེར་པོ་མཆོག་སྦྱིན་དང་མཉམ་གཞག་གི་ཕྱག་རྒྱ་མཛད་པ། གསུམ་ཀའང་སྤྲུལ་སྐུའི་ཆ་ལུགས་པད་ཟླ་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྲིན་ལས་ཀྱི་སྣང་བ་ལས་འོད་ཟེར་ལྗང་དམར་གསང་གནས་སུ་འཕྲོས། དོན་གཉིས་བྱས་ཏེ་ཡོངས་སུ་གྱུར་པ་ལས་རྟ་མགྲིན་དབང་གི་འཁོར་ལོ་དམར་ལ་ལྗང་བའི་མདངས་ཅན་ཕྱག་གཉིས་གྲི་ཐོད་འཛིན་ཅིང་དུར་ཁྲོད་ཀྱི་ཆས་དང་ལྡན་པ། ཞབས་འདོར་ཐབས་པད་ཉིའི་གདན་ལ་འགྱིང་བ། ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པ་དྭངས་པའི་མཁའ་ལ་འཇའ་ཚོན་ཤར་བ་ལྟར་མ་འདྲེས་ཡོངས་རྫོགས་སུ་གསལ་བར་གྱུར། དེ་དག་ལས་འོད་ཟེར་གྱི་སྣང་བ་དཔག་ཏུ་མེད་པ་འཕྲོས། རང་བཞིན་ཆོས་ཀྱི་དབྱིངས་དང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ནས་བླ་མ་སྨན་པའི་རྒྱལ་པོ་རིགས་ལྔའི་སངས་རྒྱས་དབང་གི་ལྷ་དང་བཅས་པ་བཛྲ་ས་མཱ་ཛཿ ཞེས་པ་ཙམ་མམ། སྤྲོ་ན། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སཏྭཾ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡ་སཏྭཾ། མདུན་གྱི་ནམ་མཁར་པདྨའི་གདན་ལ་བཞུགས་པར་མོས། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ཐུགས་རྗེ་ཀུན་ལ་སྙོམ་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྻ་ཡི་འོད་ལ་ཕྱག་འཚལ་བསྟོད། །ཅེས་དང་། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་པ་ལ་ཐིམ་སྟེ་གཉིས་སུ་མེད་པར་གྱུར། སྔར་སྤྱན་དྲངས་པའི་དབང་གི་ལྷ་ལ་དམིགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུང་ཞིང་བུམ་པའི་བདུད་རྩིས་སྤྱི་བོ་ནས་བླུགས་ཏེ་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་སྤྱི་བོར་འཁྱིལ་པ་ལས་རིགས་ཀྱི་བདག་པོས་དབུ་བརྒྱན་ཅིང་དབང་ལྷ་རྣམས་ཀྱང་རང་ཉིད་ལ་ཐིམ་པར་གྱུར། དེ་ལྟར་ཡན་ལག་བཞི་ལྡན་གྱིས་ལྷར་བསྐྱེད་པ་དེ་ཉིད། གསལ་ལ་མ་འདྲེས་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ། སྣང་ལ་རང་བཞིན་མ་གྲུབ་པ་ནམ་མཁའི་ངོས་སུ་འཇའ་ཚོན་ཤར་བ་ལྟ་བུ། གཅིག་དང་དུ་མ་ལས་འདས་ཤིང་གར་ཡང་ཁྱབ་པ་ཆུའི་ཟླ་བ་ལྟ་བུ་སྟེ་ཁྱད་ཆོས་གསུམ་དང་ལྡན་པའི་རྣམ་པ་གསལ་བ། རང་གི་མིང་རུས་མཚན་མའི་བླ་དྭགས་སྤངས་ཏེ་གདོད་མ་ཉིད་ནས་སྐུ་ལྔའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་རིགས་འདུས་བཅོམ་ལྡན་འདས་སྨན་གྱི་བླ་མ་དངོས་ཡིན་ཅིང་། དེའི་ཡོན་ཏན་ཕྲིན་ལས་དང་བཅས་པ་བདག་ལ་ཡོད་དོ་སྙམ་དུ་ང་རྒྱལ་བརྟན་པ། དེ་ལྟར་བསྐྱེད་པའི་སྣང་བ་ཐམས་ཅད་རང་གི་སེམས། སེམས་ཉིད་གདོད་མ་ནས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་སྣང་དུས་ཉིད་ནས་རང་བཞིན་གྱིས་སྟོང་། སྟོང་པའི་རང་མདངས་གསལ་བ་ལྷུན་གྲུབ་ཏུ་ཤར། དེ་གཉིས་ཀྱང་ཡ་བྲལ་ཐ་དད་མ་ཡིན་པར་གདོད་ནས་ཟུང་དུ་འཇུག་པ་དོན་དམ་རང་བྱུང་གི་སྨན་བླ་སྐུ་གསུམ་ཡོངས་སུ་རྫོགས་པའི་བདག་ཉིད་དུ་ཤེས་པ་རྣམ་དག་དྲན་པ་རྣམས་ལ་བསླབ་ཅིང་ཅི་གནས་སུ་མཉམ་པར་གཞག །དེ་ལ་མི་གནས་ན་ཏིང་ངེ་འཛིན་རྩལ་སྦྱོང་གི་ཚུལ་དུ། སྤྱི་བོའི་རྣམ་སྣང་སྨན་གྱི་བླ་མ་ལས་སྐུའི་སྣང་བ་དཀར་པོ་འཕྲོས། ལུས་ཐམས་ཅད་དུ་ཁྱབ། གཟུགས་ཀྱི་ཕུང་པོའི་རྟོག་སྒྲིབ་དག །བུམ་པའི་དབང་ཐོབ། བདེ་བའི་ཉམས་རྒྱུད་ལ་སྐྱེས། ཆོས་དབྱིངས་ཡེ་ཤེས་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པར་མོས་ལ་མཉམ་པར་བཞག་པ་འོག་མ་རྣམས་ལའང་འགྲེ། མགྲིན་པའི་སྣང་བ་མཐའ་ཡས་སྨན་གྱི་བླ་མ་ལས་གསུང་གི་སྣང་བ་དམར་པོ་འཕྲོས། ལུས་ཐམས་ཅད་དུ་ཁྱབ། འདུ་ཤེས་ཀྱི་ཕུང་པོའི་རྟོག་སྒྲིབ་དག །གསང་བའི་དབང་ཐོབ། གསལ་བའི་ཉམས་རྒྱུད་ལ་སྐྱེས། སོར་རྟོག་ཡེ་ཤེས་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས། ལྟེ་བའི་རིན་འབྱུང་སྨན་བླ་ལས་ཡོན་ཏན་གྱི་སྣང་བ་སེར་པོ་འཕྲོས། ལུས་ཐམས་ཅད་དུ་ཁྱབ། ཚོར་བའི་ཕུང་པོའི་རྟོག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། མི་རྟོག་པའི་ཉམས་རྒྱུད་ལ་སྐྱེས། མཉམ་ཉིད་ཡེ་ཤེས་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས། ཐུགས་ཀའི་མི་བསྐྱོད་སྨན་བླ་གཙོ་འཁོར་ལས་ཐུགས་ཀྱི་སྣང་བ་སྔོན་པོ་འཕྲོས། ལུས་ཐམས་ཅད་དུ་ཁྱབ། རྣམ་ཤེས་ཀྱི་ཕུང་པོའི་རྟོག་སྒྲིབ་དག །དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། སྟོང་པ་ཆེན་པོའི་ཉམས་རྒྱུད་ལ་སྐྱེས། མེ་ལོང་ཡེ་ཤེས་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས། གསང་གནས་ནས་དོན་གྲུབ་སྨན་བླའི་ངོ་བོ་རྟ་མགྲིན་དབང་གི་འཁོར་ལོ་ལས་ཕྲིན་ལས་ཀྱི་སྣང་བ་ལྗང་གུ་འཕྲོས། ལུས་ཐམས་ཅད་དུ་ཁྱབ། འདུ་བྱེད་ཀྱི་ཕུང་པོའི་རྟོག་སྒྲིབ་དག །ཡེ་ཤེས་རབ་འབྱམས་ཀྱི་དབང་ཆེན་ཐོབ། དབྱེར་མེད་ཟུང་འཇུག་གི་ཉམས་རྒྱུད་ལ་སྐྱེས། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པར་མོས་ལ་ཐུན་གྱི་ཕྱེད་ཡན་དུ་ཏིང་ངེ་འཛིན་དེ་དག་ཅི་ནུས་སུ་བསྒོམ་པ་ནི་བསྐྱེད་རིམ་དངོས་གཞིའོ། །གཉིས་པ་རྫོགས་རིམ་ནི། ལུས་གནད་ཆོས་བདུན་ནམ་དྲང་པོར་བསྲང་། ངག་གནད་རླུང་རང་བབ་ཏུ་བཞག །སེམས་གནད་གཞན་དུ་མ་ཡེངས་པར་ཐོག་མར་བླ་མ་དང་རིགས་ལྔ་སོ་སོ་དབྱེར་མེད་ལ་མོས་གུས་དུང་བ་རེ་སྔོན་དུ་འགྲོ་བས་དངོས་གཞིའི་ཏིང་ངེ་འཛིན་འདི་ལྟར་བསྒོམ་པར་བྱ་སྟེ། སྤྱི་བོའི་རྣམ་སྣང་མོས་གུས་ཀྱི་རྐྱེན་གྱིས་འོད་དུ་ཞུ། ཐིག་ལེ་དཀར་པོ་རྒྱ་སྲན་ཙམ་པ་འོད་ཟེར་དཀར་ལྷག་ལྷག་འཕྲོ་བ། མེ་ལོང་ལ་ཉི་ཟེར་ཕོག་པ་བཞིན་བལྟ་བས་མི་བཟོད་པ་ཞིག་ཏུ་གྱུར་པ་ལ་སེམས་གཏད་དེ་ཅི་གནས་སུ་བསྒོམ། དེ་ནས་འོད་དེ་ཇེ་གསལ་ཇེ་ཆེ་ལ་སོང་ཁོང་པའི་ནང་ཐམས་ཅད་ཁེངས་པ་དང་། ལུས་ཀྱི་ནང་ཐམས་ཅད་ཀྱང་ཐིག་ལེ་དཀར་པོའི་རང་བཞིན་དུ་གྱུར་པ་དང་། དེ་ལ་ཏིང་ངེ་འཛིན་བྱང་ན་སྣང་བ་ཐམས་ཅད་ཀྱང་འོད་དང་ཐིག་ལེ་དཀར་པོའི་རང་བཞིན་དུ་གྱུར་པ་ལ་སེམས་གཏད་དེ་བསྒོམ། དེའི་ཚེ་སྒོམ་མཁན་སེམས་ཀྱི་ངོ་བོ་ལ་བལྟས་པས་བསྒོམ་བྱའི་ཐིག་ལེ་དང་སྒོམ་མཁན་གྱི་སེམས་གཉིས་སུ་མ་གྲུབ་པའི་སྟོང་གསལ་རིག་པའི་སྙིང་པོ་ཅན། ངོ་བོ་ངོས་བཟུང་དང་བྲལ་བ་ཉམས་སུ་མྱོང་ཞིང་བརྗོད་པ་དང་བྲལ་བ་དེའི་ངང་དུ་བཟོ་བཅོས་ཀྱི་རྟོག་པས་མ་བསླད་པར་བསྐྱངས་པས་གོམས་པ་ན་ངོ་བོ་སྟོང་ཉིད་དུ་སང་ངེ་། རྣམ་པ་འོད་དང་ཐིག་ལེར་ལམ་མེ། དེ་གཉིས་དབྱེར་མེད་ཤེལ་གོང་དང་འཇའ་ཚོན་ལྟར་གོ་བའི་བློ་བཟོ་མ་ཡིན་པར་གདིང་ནས་རྟོགས་པའི་ངེས་ཤེས་ལ་འཕོ་འགྱུར་མེད་པར་མ་གྱུར་གྱི་བར་དུ་བསྐྱར་བར་བྱའོ། །དེས་འགྲེས་ཏེ། མགྲིན་པའི་ལྷ་འོད་དུ་ཞུ། ཐིག་ལེ་དང་འོད་ཟེར་དམར་པོ། ལྟེ་བ་སེར་པོ། སྙིང་ག་མཐིང་ག །གསང་བ་ལྗང་གུ་རྣམས་ལ་སྦྱང་སྤེལ་ཅི་ནུས་བྱ་ཞིང་། ཐུན་གྱི་ཕྱེད་མན་ཆད་རྫོགས་པར་བྱ། ཐུན་མཐར་རང་ལུས་ལྷར་སྣང་བའང་སྟོང་ཉིད་དུ་བསྡུས་ཏེ་མཉམ་པར་བཞག་ཅིང་། དེ་ལས་ལྡང་བ་ན་ནམ་མཁའ་ལ་སྤྲིན་ལྡང་བ་ལྟར་ཟུང་འཇུག་སྒྱུ་མའི་ལྷ་སྐུ་བཅོམ་ལྡན་འདས་སྨན་གྱི་བླ་གནས་གསུམ་རྡོ་རྗེའི་འབྲུ་གསུམ་གྱིས་མཚན་པ། སྣང་བ་ལྷ། གྲགས་པ་སྔགས། རྟོག་ཚོགས་ཆོས་ཉིད་ཀྱི་རོལ་པར་མོས་ཏེ་བསྔོ་སྨོན་སྤྱི་ལྟར་བྱ་ཞིང་སྤྱོད་ལམ་ལ་འཇུག་གོ །དེ་དག་གི་སྐབས་སུ་བྱིང་རྨུགས་བྱུང་ན་དེ་དག་གི་དབང་དུ་མ་ཤོར་བ་དང་། ཉམས་བདེ་གསལ་མི་རྟོག་པ་གང་སྐྱེས་ཀྱང་དེ་ལ་མ་ཞེན་པ་དང་། སེམས་འཕྲོ་གནས་གང་བྱེད་ཀྱང་བཟོ་བཅོས་དགའ་སྡུག་མི་བྱ་བར་གང་ཤར་ངོས་ཟིན་པར་བྱས་ལ་རང་བབ་ཀྱི་ངང་དུ་ལྷོད་ཀྱིས་ཀློད་ལ་བཞག་པར་བྱའོ། །གཉིས་པ་གོ་དོན་ཤེས་བྱའི་གནད་ནི། ཕྱི་ལྟར་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཕྱོགས་བཞི་དབུས་ལྔ་ནས་གང་འདོད་པའི་དཀྱིལ་འཁོར་གྱི་ལྷར་སྣང་བ་ནི་མཚོན་པའི་དཔེ། ནང་ལྟར་རང་ལུས་སྤྱི་བོ་ལ་སོགས་པའི་གནས་ལྔར་སྨན་བླ་རིགས་ལྔ་རང་བཞིན་ལྷུན་གྲུབ་ཏུ་བཞུགས་པས་གང་བསྒོམ་པ་དེ་ལྟར་སྣང་བ་ནི་མཚོན་ཚུལ་གྱི་རྟགས། གསང་བ་བདེ་གསལ་མི་རྟོག་སྟོང་པ་ཟུང་འཇུག་ལྔ་པོ་མཚན་མའི་སྒོམ་པ་ལ་བརྟེན་ནས་མཚན་མ་མེད་པའི་ཚུལ་དུ་སྐྱེ་བ་མཚོན་བྱའི་དོན། དེ་དག་ཀྱང་དེ་ཁོ་ན་ཉིད་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཀློང་དུ་གདོད་ནས་རོ་མཉམ་པ་ནི་གནས་ལུགས་ཀྱི་གཤིས་སུ་གྲུབ་པ་སྟེ་རྒྱས་པར་རྩ་བའི་གཞུང་ལས་ཤེས་པར་བྱའོ། །གཉིས་པ་ནང་སྒྲུབ་ཀྱི་ཉམས་ལེན་ཁྱད་པར་བ་ཞལ་གདམས་དངོས་གྲུབ་ཀྱི་རྫིང་བུ་ལས་གསུངས་པ་ནི། རྟེན་མཆོད་གོང་སྨོས་དེ་ཙམ་གྱིས་ཆོག །སྔོན་འགྲོ་སྤྱི་དང་བྱེ་བྲག་ཀྱང་བཤད་མ་ཐག་པ་དང་འདྲ་བ་ལས། སྐབས་འདིར་ཕྱི་དཀྱིལ་ཡང་སྨན་བླ་ལོངས་སྐུར་བསྒོམ་དགོས་པས། རང་ཐ་མལ་པའི་སོགས་ནས། བདུད་རྩི་སྨན་གྱིས་གང་བ་བསྣམས་པ། ལོངས་སྤྱོད་རྫོགས་པ་སྐུའི་ཆ་ལུགས་ཅན་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། སོགས་སྲུང་འཁོར། སྐྱབས་སེམས་རྫོགས་པའི་མཇུག །གསང་བར་ཧྲཱིཿལྗང་གུས་མཚན་པའོ། །ཞེས་པའི་བར་འདོན་བསྒོམ་དུ་བྱ། སྤྱི་བོའི་ཨོཾ་ལས་སྐུའི་རིག་པའི་ཡེ་ཤེས་སྐུ་མདོག་དཀར་པོ་གཡས་སྨན་གྱི་འཁོར་ལོ། མགྲིན་པའི་ཨཱཿལས་གསུང་གི་རིག་པའི་ཡེ་ཤེས་དམར་པོ་གཡས་པདྨ། སྙིང་གའི་ཧཱུྃ་ལས་ཐུགས་ཀྱི་རིག་པའི་ཡེ་ཤེས་སྔོན་པོ་གཡས་རྡོ་རྗེ། ལྟེ་བའི་ཏྲཱཾ་ལས་ཡོན་ཏན་རིག་པའི་ཡེ་ཤེས་སེར་པོ་གཡས་རིན་པོ་ཆེ། གསང་གནས་ཀྱི་ཧྲཱིཿལས་ཕྲིན་ལས་རིག་པའི་ཡེ་ཤེས་ལྗང་གུ་གཡས་རྒྱ་གྲམ། སྙིང་གའི་དབུས་སུ་རིགས་འདུས་ཀུན་བཟང་སྨན་པའི་རྒྱལ་པོ་མཐིང་ག་གཡས་སྨན་མཆོག་རྣམ་པར་རྒྱལ་བ་འཛིན་ཅིང་། གཡོན་པ་རྣམས་བདུད་རྩི་སྨན་གྱིས་གང་བའི་ལྷུང་བཟེད་མཉམ་གཞག་གི་སྟེང་དུ་བསྣམས་པ། མཚན་དཔེའི་རྒྱན་རྫོགས་ལོངས་སྤྱོད་རྫོགས་པ་སྐུའི་ཆ་ལུགས་ཅན། དར་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་སྐྱིལ་མོ་ཀྲུང་གིས་པད་ཟླ་ལ་བཞུགས་པ། དེ་དག་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་རིགས་ལྔ་སོ་སོའི་ས་བོན་དང་། རིགས་འདུས་སྨན་པའི་རྒྱལ་པོའི་ཐུགས་ཀར་ཧཱུྃ་མཐིང་གསལ། སོ་སོའི་སྔགས་ཀྱི་ཕྲེང་བ་གཡས་སྐོར་དུ་གསལ་བར་གྱུར། ཞེས་མོས་ལ། ཐོག་མར་སྙིང་གའི་ཐུགས་རྡོར་སེམས་རིག་པའི་ཡེ་ཤེས་ཀྱི་ཐུགས་ཀའི་ཧཱུྃ་སྔགས་ཕྲེང་དང་བཅས་པ་ལ་སེམས་རྩེ་གཅིག་ཏུ་གཏད་ནས། ཨོཾ་ཨཱཿབཛྲ་གུ་རུ་གུ་ཎ་སིདྡྷི་ཧཱུྃ། ཞེས་བཟླས་པའི་དངོས་གཞི་བྱ། ཐུན་མཐར་སྨན་གྱི་དངོས་གྲུབ་བསྡུ་བའི་སྔགས་ནི། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཨ་མྲྀཏ་ཛཱི་བནྟི་བྷཻ་ཥ་ཛྱེ་སརྦ་སིདྡྷི་ཧཱུྃ་ཧོཿསྭཱ་ཧཱ། ཞེས་བརྒྱ་འམ་ཉེར་གཅིག་བཟླ། དངོས་སུ་འབྱོར་དང་སོགས་སྔགས་དང་བཅས་པས་མཆོད། རྣམ་ཤེས་རྣམ་དག་མེ་ལོང་ཡེ་ཤེས་སྐུ །མཐིང་གསལ་རྡོ་རྗེ་སྨན་གྱི་ལྷུང་བཟེད་བསྣམས། །ཐུགས་མཆོག་མི་བསྐྱོད་རིག་པའི་ཡེ་ཤེས་ཆེ། །འགྲོ་བའི་ཞེ་སྡང་འཇོམས་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། བཅོམ་ལྡན་འདས་རྡོར་སེམས་རིག་པའི་ཡེ་ཤེས་ཁྱེད་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་དཔག་ཏུ་མེད་པ་མངའ་བས། བདག་ལ་བདེ་གཤེགས་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་ཞུགས་ཤིང་། རྩ་བ་ཐུགས་ཀྱི་རྒྱུད་ཀྱི་ཚིག་དོན་མ་ལུས་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་དུང་དུང་པ་ལན་བརྒྱ་རྩ་གཅིག་བཏབ་པས། དེའི་ཐུགས་ཀ་ནས་འོད་མཐིང་གསལ་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དང་། སྨན་གྱི་རིག་འཛིན་དང་། དྲང་སྲོང་མངོན་པར་ཤེས་པ་མངའ་བ་ཐམས་ཅད་རྡོར་སེམས་རིག་པའི་ཡེ་ཤེས་ཀྱི་རྣམ་པར་སྤྱན་དྲངས། དེ་རྣམས་མདུན་གྱི་ནམ་མཁར་སྤྲིན་ཕུང་ལྟར་གཏིབས་ནས་བཞུགས་པའི་ཐུགས་རྗེའི་འོད་ཟེར་གྱིས། འགྲོ་བ་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས། སླར་ཡང་དེ་རྣམས་རང་གི་ཐུགས་ཀར་བཞུགས་པའི་རིག་པའི་ཡེ་ཤེས་ལ་དབྱེར་མེད་དུ་ཐིམ། དེ་ཉིད་ཀྱང་འོད་དུ་ལྟེམ་གྱིས་ཞུ་བ་ལས། རྩ་བ་ཐུགས་ཀྱི་རྒྱུད་བཻ་ཌཱུརྻ་ལས་གྲུབ་པའི་ཡི་གེའི་རྣམ་པར་སྙིང་གའི་རྩ་འཁོར་ཐམས་ཅད་ཁྱབ། ཞེ་སྡང་གིས་བསྐྱེད་པའི་རྟོག་པ་དང་། དེས་བསྐྱེད་པའི་ནད་གདོན་དག །ཐུགས་ཀྱི་བྱིན་རླབས་ཞུགས། རྩ་བ་ཐུགས་ཀྱི་རྒྱུད་ཀྱི་ཚིག་དོན་མ་ལུས་པ་ཁོང་དུ་ཆུད་པར་གྱུར། ཞེས་མོས། དེས་འགྲེས་ཏེ། སྤྱི་བོའི་སྐུ་རྣམ་སྣང་རིག་པའི་ཡེ་ཤེས་ཀྱི་ཐུགས་ཀའི་ཨོཾ་སྔགས་ཕྲེང་དང་བཅས་པ་ལ་དམིགས་ཏེ། ཨོཾ་ཨཱཿབུདྡྷ་གུ་རུ་གུ་ཎ་སིདྡྷི་ཧཱུྃ། ཞེས་དང་ཐུན་མཐར་དངོས་གྲུབ་སྡུད་སྔགས་བཟླ། གོང་ལྟར་མཆོད་ཅིང་། བསྟོད་པ་ནི། གཟུགས་ཕུང་རྣམ་དག་ཆོས་དབྱིངས་ཡེ་ཤེས་སྐུ །དུང་མདོག་འཁོར་ལོ་སྨན་གྱི་ལྷུང་བཟེད་བསྣམས། །སྐུ་མཆོག་རྣམ་སྣང་རིག་པའི་ཡེ་ཤེས་ཆེ། །འགྲོ་བའི་གཏི་མུག་འཇོམས་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་རྣམ་སྣང་རིག་པའི་ཡེ་ཤེས་ཁྱེད་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་དཔག་ཏུ་མེད་པ་མངའ་བས། བདག་ལ་བདེ་གཤེགས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཞུགས་ཤིང་། བཤད་པ་སྐུའི་རྒྱུད་ཀྱི་ཚིག་དོན་མ་ལུས་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་དུང་དུང་པ་ལན་བརྒྱ་རྩ་གཅིག་བཏབ་པས། དེའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དང་། སྨན་གྱི་རིག་འཛིན་དང་། དྲང་སྲོང་མངོན་པར་ཤེས་པ་མངའ་བ་ཐམས་ཅད་རྣམ་སྣང་རིག་པའི་ཡེ་ཤེས་ཀྱི་རྣམ་པར་སྤྱན་དྲངས། དེ་རྣམས་མདུན་གྱི་ནམ་མཁར་སྤྲིན་ཕུང་ལྟར་གཏིབས་ནས་བཞུགས་པའི་ཐུགས་རྗེའི་འོད་ཟེར་གྱིས། འགྲོ་བ་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས། སླར་ཡང་དེ་རྣམས་རང་གི་སྤྱི་བོའི་རིག་ཡེ་ལ་བསྟིམ། དེ་ཉིད་ཀྱང་འོད་དུ་ལྟེམ་གྱིས་ཞུ་བ་ལས། བཤད་པ་སྐུའི་རྒྱུད་ཟླ་ཤེལ་ལས་གྲུབ་པའི་ཡི་གེའི་རྣམ་པར་སྤྱི་བོའི་རྩ་འཁོར་ཐམས་ཅད་ལ་ཁྱབ། གཏི་མུག་གིས་བསྐྱེད་པའི་རྟོག་པ་དང་། དེས་བསྐྱེད་པའི་ནད་གདོན་དག །སྐུའི་བྱིན་རླབས་ཞུགས། བཤད་པ་སྐུའི་རྒྱུད་ཀྱི་ཚིག་དོན་མ་ལུས་པ་ཁོང་དུ་ཆུད་པར་མོས། དེ་བཞིན་དུ། ལྟེ་བའི་ཡོན་ཏན་རིན་འབྱུང་རིག་པའི་ཡེ་ཤེས་ཀྱི་ཐུགས་ཀའི་ཏྲཱཾ་ཡིག་སྔགས་ཕྲེང་དང་བཅས་པ་ལ་དམིགས་ཏེ། ཨོཾ་ཨཱཿརཏྣ་གུ་རུ་གུ་ཎ་སིདྡྷི་ཧཱུྃ། ཞེས་དང་ཐུན་མཐར་དངོས་གྲུབ་སྡུད་སྔགས་བཟླ། མཆོད་ཅིང་བསྟོད་པ་ནི། ཚོར་བ་རྣམ་དག་མཉམ་ཉིད་ཡེ་ཤེས་སྐུ །གསེར་མདོག་རིན་ཆེན་སྨན་གྱི་ལྷུང་བཟེད་བསྣམས། །ཡོན་ཏན་རིན་འབྱུང་རིག་པའི་ཡེ་ཤེས་ཆེ། །འགྲོ་བའི་ང་རྒྱལ་འཇོམས་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་རིན་འབྱུང་རིག་པའི་ཡེ་ཤེས་ཁྱེད་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་དཔག་ཏུ་མེད་པ་མངའ་བས། བདག་ལ་བདེ་གཤེགས་ཐམས་ཅད་ཀྱི་ཡོན་ཏན་གྱི་བྱིན་རླབས་ཞུགས་ཤིང་། མན་ངག་ཡོན་ཏན་རྒྱུད་ཀྱི་ཚིག་དོན་མ་ལུས་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་དུང་དུང་པ་ལན་བརྒྱ་རྩ་གཅིག་བཏབ་པས། དེའི་ཐུགས་ཀ་ནས་འོད་ཟེར་སེར་པོ་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དང་། སྨན་གྱི་རིག་འཛིན་དང་། དྲང་སྲོང་མངོན་པར་ཤེས་པ་མངའ་བ་ཐམས་ཅད་རིན་འབྱུང་རིག་ཡེའི་རྣམ་པར་སྤྱན་དྲངས། དེ་རྣམས་མདུན་གྱི་ནམ་མཁར་སྤྲིན་ཕུང་ལྟར་གཏིབས་ནས་བཞུགས་པའི་ཐུགས་རྗེའི་འོད་ཟེར་གྱིས། འགྲོ་བ་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས། སླར་ཡང་དེ་རྣམས་རང་གི་ལྟེ་བའི་རིག་ཡེ་ལ་བསྟིམ། དེ་ཉིད་ཀྱང་འོད་དུ་ལྟེམ་གྱིས་ཞུ་བ་ལས། མན་ངག་ཡོན་ཏན་རྒྱུད་གསེར་ཞུན་ལས་གྲུབ་པའི་ཡི་གེའི་རྣམ་པར་ལྟེ་བའི་རྩ་འཁོར་ཐམས་ཅད་ལ་ཁྱབ། ང་རྒྱལ་གྱིས་བསྐྱེད་པའི་རྟོག་པ་དང་། དེས་བསྐྱེད་པའི་ནད་གདོན་དག །ཡོན་ཏན་གྱི་བྱིན་རླབས་ཞུགས། མན་ངག་ཡོན་ཏན་རྒྱུད་ཀྱི་ཚིག་དོན་མ་ལུས་པ་ཁོང་དུ་ཆུད་པར་མོས། དེ་ནས། གསང་བའི་ཕྲིན་ལས་དོན་གྲུབ་རིག་པའི་ཡེ་ཤེས་ཀྱི་ཐུགས་ཀའི་ཧྲཱིཿསྔགས་ཕྲེང་དང་བཅས་པ་ལ་དམིགས་ཏེ། ཨོཾ་ཨཱཿཀརྨ་གུ་རུ་གུ་ཎ་སིདྡྷི་ཧཱུྃ། ཞེས་པ་དང་ཐུན་མཐར་དངོས་གྲུབ་སྡུད་སྔགས་བཟླ། མཆོད་ཅིང་བསྟོད་པ་ནི། འདུ་བྱེད་རྣམ་དག་བྱ་གྲུབ་ཡེ་ཤེས་སྐུ །ལྗང་གསལ་རྒྱ་གྲམ་སྨན་གྱི་ལྷུང་བཟེད་བསྣམས། །ཕྲིན་ལས་དོན་གྲུབ་རིག་པའི་ཡེ་ཤེས་ཆེ། །འགྲོ་བའི་ཕྲག་དོག་འཇོམས་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་དོན་གྲུབ་རིག་པའི་ཡེ་ཤེས་ཁྱེད་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་དཔག་ཏུ་མེད་པ་མངའ་བས། བདག་ལ་བདེ་གཤེགས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བྱིན་རླབས་ཞུགས་ཤིང་། ཕྱི་མ་ཕྲིན་ལས་རྒྱུད་ཀྱི་ཚིག་དོན་མ་ལུས་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་དུང་དུང་པ་ལན་བརྒྱ་རྩ་གཅིག་བཏབ་པས། དེའི་ཐུགས་ཀ་ནས་འོད་ཟེར་ལྗང་གུ་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དང་། སྨན་གྱི་རིག་འཛིན་དང་། དྲང་སྲོང་མངོན་པར་ཤེས་པ་མངའ་བ་ཐམས་ཅད་དོན་གྲུབ་རིག་ཡེའི་རྣམ་པར་སྤྱན་དྲངས། དེ་རྣམས་མདུན་གྱི་ནམ་མཁར་སྤྲིན་ཕུང་ལྟར་གཏིབས་ནས་བཞུགས་པའི་ཐུགས་རྗེའི་འོད་ཟེར་གྱིས། འགྲོ་བ་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས། སླར་ཡང་དེ་རྣམས་རང་གི་གསང་བའི་རིག་ཡེ་ལ་བསྟིམ། དེ་ཉིད་ཀྱང་འོད་དུ་ལྟེམ་གྱིས་ཞུ་བ་ལས། ཕྱི་མ་ཕྲིན་ལས་རྒྱུད་གཡུ་ཞུན་ལས་གྲུབ་པའི་ཡི་གེའི་རྣམ་པར་གསང་བའི་རྩ་འཁོར་ཐམས་ཅད་ལ་ཁྱབ། ཕྲག་དོག་གིས་བསྐྱེད་པའི་རྟོག་པ་དང་། དེས་བསྐྱེད་པའི་ནད་གདོན་དག །ཕྲིན་ལས་ཀྱི་བྱིན་རླབས་ཞུགས། ཕྱི་མ་ཕྲིན་ལས་རྒྱུད་ཀྱི་ཚིག་དོན་མ་ལུས་པ་ཁོང་དུ་ཆུད་པར་མོས། དེ་ནས་མགྲིན་པའི་གསུང་མཐའ་ཡས་རིག་པའི་ཡེ་ཤེས་ཀྱི་ཐུགས་ཀའི་ཨཱཿདང་སྔགས་ཕྲེང་ལ་དམིགས་ཏེ། ཨོཾ་ཨཱཿཔདྨ་གུ་རུ་གུ་ཎ་སིདྡྷི་ཧཱུྃ། ཞེས་པ་དང་ཐུན་མཐར་དངོས་གྲུབ་སྡུད་སྔགས་བཟླ། མཆོད་ཅིང་བསྟོད་པ་ནི། འདུ་ཤེས་རྣམ་དག་སོར་རྟོག་ཡེ་ཤེས་སྐུ །དམར་གསལ་པདྨ་སྨན་གྱི་ལྷུང་བཟེད་བསྣམས། །གསུང་མཆོག་མཐའ་ཡས་རིག་པའི་ཡེ་ཤེས་ཆེ། །འགྲོ་བའི་འདོད་ཆགས་འཇོམས་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་མཐའ་ཡས་རིག་པའི་ཡེ་ཤེས་ཁྱེད་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་དཔག་ཏུ་མེད་པ་མངའ་བས། བདག་ལ་བདེ་གཤེགས་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་ཞུགས་ཤིང་། རྒྱུད་ཆེན་བཞིའི་ཚིག་དོན་ལ་མི་བརྗེད་པའི་གཟུངས་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་དུང་དུང་པ་ལན་བརྒྱ་རྩ་གཅིག་བཏབ་པས། དེའི་ཐུགས་ཀ་ནས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དང་། སྨན་གྱི་རིག་འཛིན་དང་། དྲང་སྲོང་མངོན་པར་ཤེས་པ་མངའ་བ་ཐམས་ཅད་མཐའ་ཡས་རིག་ཡེའི་རྣམ་པར་སྤྱན་དྲངས། དེ་རྣམས་མདུན་གྱི་ནམ་མཁར་སྤྲིན་ཕུང་ལྟར་གཏིབས་ནས་བཞུགས་པའི་ཐུགས་རྗེའི་འོད་ཟེར་གྱིས། འགྲོ་བ་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས། སླར་ཡང་དེ་རྣམས་རང་གི་མགྲིན་པའི་རིག་ཡེ་ལ་བསྟིམ། དེ་ཉིད་ཀྱང་འོད་དུ་ལྟེམ་གྱིས་ཞུ་བ་ལས། རྒྱལ་བ་སྲས་དང་བཅས་པའི་མཁྱེན་རབ་གཟུངས་དང་སྤོབས་པ་གསུང་དབྱངས་ཡན་ལག་དྲུག་ཅུ་ཐམས་ཅད་པདྨ་རཱ་ག་ལས་གྲུབ་པའི་ཨཱ་ལི་ཀཱ་ལིའི་རྣམ་པར་མགྲིན་པའི་རྩ་འཁོར་ཐམས་ཅད་ལ་ཁྱབ། འདོད་ཆགས་ཀྱིས་བསྐྱེད་པའི་རྟོག་པ་དང་། དེས་བསྐྱེད་པའི་ནད་གདོན་དག །གསུང་གི་བྱིན་རླབས་ཞུགས། མི་བརྗེད་པའི་གཟུངས་དང་མི་འཕྲོག་པའི་སྤོབས་པ་ཐོབ་པར་མོས། དེ་ནས། སྙིང་དབུས་རིགས་འདུས་ཀུན་བཟང་སྨན་པའི་རྒྱལ་པོའི་ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལ་དམིགས་ཏེ། ཨོཾ་ཨཱཿབཛྲ་གུ་རུ་གུ་ཎ་སིདྡྷི་ཧཱུྃ། ཞེས་དང་ཐུན་མཐར་དངོས་གྲུབ་སྡུད་སྔགས་བཟླ། མཆོད་ཅིང་བསྟོད་པ་ནི། མ་རིག་རྣམ་དག་རང་བྱུང་ཡེ་ཤེས་སྐུ །བཻ་ཌཱུརྻ་འོད་སྨན་མཆོག་ལྷུང་བཟེད་བསྣམས། །རིགས་དྲུག་ཁྱབ་བདག་ཀུན་བཟང་སྨན་གྱི་བླ། །འགྲོ་བའི་སྐྱབས་མགོན་ཁྱོད་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་རིགས་འདུས་ཀུན་བཟང་སྨན་པའི་རྒྱལ་པོ་ཁྱེད་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་དཔག་ཏུ་མེད་པ་མངའ་བས། བདག་ལ་བདེ་གཤེགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ཡོངས་རྫོགས་ཞུགས་ཤིང་། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཆེན་བཞིའི་ཚིག་དོན་མ་ལུས་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་དུང་དུང་པ་ལན་བརྒྱ་རྩ་གཅིག་བཏབ་པས། དེའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ལྔ་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དང་། སྨན་གྱི་རིག་འཛིན་དང་། དྲང་སྲོང་མངོན་པར་ཤེས་པ་མངའ་བ་ཐམས་ཅད་རིགས་འདུས་ཀུན་བཟང་སྨན་པའི་རྒྱལ་པོའི་རྣམ་པར་སྤྱན་དྲངས། དེ་རྣམས་མདུན་གྱི་ནམ་མཁར་སྤྲིན་ཕུང་ལྟར་གཏིབས་ནས་བཞུགས་པའི་ཐུགས་རྗེའི་འོད་ཟེར་གྱིས། འགྲོ་བ་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས། སླར་ཡང་དེ་རྣམས་རང་གི་སྙིང་དབུས་སྨན་བླ་ལ་བསྟིམ། དེ་ཉིད་ཀྱང་འོད་དུ་ཞུ་བ་ལས། སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་རང་བཞིན་རྒྱུད་ཆེན་བཞི་པོ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཡི་གེའི་རྣམ་པར་ལུས་ཀྱི་རྩ་གནས་ཐམས་ཅད་དུ་ཁྱབ། མ་རིག་པས་བསྐྱེད་པའི་རྟོག་པ་དང་། དེས་བསྐྱེད་པའི་ནད་གདོན་དག །བྱིན་རླབས་ཡོངས་རྫོགས་ཞུགས། རྒྱུད་བཞི་ཆ་ལག་དང་བཅས་པའི་ཚིག་དོན་མ་ལུས་པ་ཁོང་དུ་ཆུད་པར་མོས། ཕྱི་མ་གཉིས་ཀྱི་བཟླས་བསྒོམ་གཞུང་ནས་ཧ་ཅང་མི་གསལ་ཡང་ལྷ་བསྒོམ་པར་གསུངས་པ་དང་། སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་ཀྱི་འབྲེལ་ལས་ཆད་དུ་མི་རུང་བས་ཤུགས་ཀྱིས་ཐོབ་པ་ཡིན་ནོ། །ཐུན་འཇོག་པ་ན། བདག་ཉིད་ལྷར་གསལ་བ་ཡང་རིམ་གྱིས་འདུས་ཏེ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་བར་མོས་ལ་མཉམ་པར་གཞག །སླར་སྒྱུ་མ་ལྟ་བུའི་གཟུགས་ཀྱི་སྐུས་འགྲོ་བའི་དོན་བྱེད་པར་མོས་ལ་ལྡངས་ཤིང་། གནས་གསུམ་འབྲུ་གསུམ་གྱིས་བྱིན་གྱིས་བརླབ་པ་དང་ཁྱེར་སོ་གསུམ་གྱི་གྲུབ་མཐའ་ལམ་དུ་བསླངས་ཤིང་བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་ཏེ་སྤྱོད་ལམ་ལ་འཇུག་གོ །འདི་དག་གི་སྐབས་སུ་སྲོད་ཐུན་གྱི་མཇུག་ལྟ་བུར་དམ་ཅན་སྡེ་དགུའི་གཏོར་ཆོག་ཚར་རེ་ཐོན་ན་ལེགས་ལ། ཡང་ན་གཏོར་མའི་ལྷན་ཐབས་ཚོགས་གཉིས་མྱུར་རྫོགས་ལྟར་གཙོ་འཁོར་ཀུན་ལ་ཐུན་མོང་དུ་འབུལ་ཡང་ཆོག་གོ །ཕྱི་མ་ལྟར་ན་ཕྱི་སྒྲུབ་ལྟར་འབུལ་གཏོར་སོགས་སྔོན་ནས་བཀོད་ཅིང་གཏོར་མ་བྱིན་བརླབ་ཕྱི་སྒྲུབ་ལྟར་བྱའོ། །འདིར་ཤེས་པར་བྱ་བའི་གནད་ཅུང་ཟད་བཀོད་ན། རང་ཐ་མལ་པའི་ངང་ནས་ངག་ཏུ་ཧཱུྃ་ཞེས་བརྗོད་པའི་རྐྱེན་གྱིས་སྐད་ཅིག་གིས་ལྷ་སྐུར་དྲན་པ་ཙམ་བྱས་ཏེ་གནས་གསུམ་བྱིན་གྱིས་བརླབ་པ་ནི་བྱ་རྒྱུད་ཀྱི་ཉམས་ལེན་དང་སྒོ་མཐུན་པ་སྟེ། སྤྱིར་བྱ་རྒྱུད་ལ་བདག་བསྐྱེད་ཡོད་མེད་རྩོད་གཞི་ཆེ་ཡང་། རྙིང་མ་རང་ལུགས་ལ་ཁྱད་པར་བདག་གི་རྣལ་འབྱོར་བཞེད་པར་མ་ཟད། བདག་བསྐྱེད་མི་བཞེད་པའི་ཕྱོགས་ལའང་སྔགས་དང་ཕྱག་རྒྱ་སོགས་ཀྱིས་གཞི་ལུས་བྱིན་གྱིས་བརླབས་པར་བཤད་པས། སྐབས་འདིར་ཡང་གཞི་ལུས་བྱིན་གྱིས་བརླབ་པའི་ཕྱིར་ལྷར་དྲན་པ་ཙམ་ལས་བསྐྱེད་རིམ་དངོས་གཞི་མ་ཡིན་པའི་ཕྱིར་འགལ་བ་མེད། དེ་ནས་སྲུང་འཁོར་བསྒོམ་པ་སོགས་ཀྱི་རྗེས་ཡེ་ཤེས་པ་སྤྱན་དྲངས་ཏེ། དེའི་འོད་ཟེར་གྱིས་རང་ལུས་ལྷར་དྲན་པའི་གསལ་སྣང་སྔར་ལས་གསལ་ཞིང་བརྟན་པར་བསྒོམ་པ་སྤྱོད་རྒྱུད་ཀྱི་ཉམས་ལེན། ཡེ་ཤེས་པ་རང་ལ་བསྟིམས་ནས་གནས་ལྔར་འབྲུ་ལྔས་རྒྱས་གདབ་པ་རྣལ་འབྱོར་རྒྱུད་ཀྱི་ཉམས་ལེན། ཐུན་མོང་བར་སྙིང་མགོ་ཐུར་དུ་བལྟ་བ་བློས་གྱེན་དུ་བསླང་བའི་པདྨ་འདབ་བརྒྱད་ཀྱི་དབུས་དང་འདབ་མར་རྡོ་རྗེའི་ཆོ་ག་གསུམ་བསྐྱེད་ཚུལ་གྱིས་སྨན་བླ་དགུ་དང་། དེ་བཞིན་གནས་གཞན་གྱི་ལྷ་བསྒོམ་པ་དང་། དེ་རྣམས་ལ་སེམས་འཛིན་པ་དང་། བསྐྱེད་རིམ་ལ་ལྟོས་པའི་རྫོགས་རིམ་ལྷ་སྐུ་བདེ་གསལ་སྟོང་ཉིད་དུ་བསྒོམ་པ་དང་། ཁྱད་པར་བ་ལ་གནས་ལྔར་རིགས་ལྔའི་བཟླས་སྒོམ་བྱ་བ་བླ་མེད་ཀྱི་ཉམས་ལེན་ཡིན་པས། དོན་དུ་རྒྱུད་སྡེ་བཞིའི་ཉམས་ལེན་ཐམས་ཅད་སྟན་ཐོག་གཅིག་ཏུ་ཚང་བའི་གདམས་པ་ཁྱད་པར་ཅན་ཡིན་པར། རྗེ་བཙུན་ཐམས་ཅད་མཁྱེན་པ་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཐུན་མོང་མ་ཡིན་པའི་གསང་བའི་གནད་ལྷུག་པར་བཀྲོལ་ཏེ་བཀའ་བསྩལ་ཏོ། །འདི་ལ་བསྙེན་སྒྲུབ་ལས་གསུམ་དུ་དབྱེ་ན། སྔོན་འགྲོ་དང་བསྐྱེད་རིམ་ནི་བསྙེན་པ། རྫོགས་རིམ་སྒྲུབ་པ། ཁྱད་པར་བ་ལས་ལ་སྦྱོར་བའི་དོན་ཡིན་ཞིང་། སྤྱིར་ནང་སྒྲུབ་དངོས་གཞི་ཐུན་མོང་གི་བསྐྱེད་རྫོགས་དེ་དག་ཡིན་པས་སྔ་མའི་ཏིང་ངེ་འཛིན་བརྟན་ནས་ཕྱི་མ་ཕྱི་མ་ལ་འཇུག་པ་སྔགས་སྤྱིའི་ལུགས་ཡིན་ཀྱང། དེང་སང་འབྲེལ་འཇོག་དང་གྲངས་བསྙེན་ལྷུར་བྱེད་པ་དག་གིས་ནང་སྒྲུབ་ཟླ་གཅིག་ལྟ་བུ་བྱེད་ན་ཐུན་མོང་བ་ལ་ཞག་བཅུ། ཁྱད་པར་བ་ལ་ཞག་ཉེར་གཅིག་བྱས་པའི་ཁོངས་སུ་རིགས་ལྔ་གཙོ་བོ་དང་བཅས་པ་ཆ་སྙོམས་ཏེ་རེ་རེ་ལ་འབུམ་ཕྲག་རེ། དངོས་གྲུབ་སྡུད་སྔགས་རེ་རེ་བཞིན་སྟོང་ཕྲག་ལྷག་རེ་འགྲོ་བར་བྱ། དེའང་ཁྱད་པར་བ་ལ་ཐུན་རེ་རེ་བཞིན་ཟླས་སྒོམ་ཚང་མ་ཁྱུག་ཙམ་འགྲོ་བར་བྱས་ནས་གྲངས་གསག་བྱ་སྐབས་སུ་བབ་པ་དེ་ཉིད་ལ་གཙོ་བོར་བཏོན་པའམ། དེ་ཙམ་མ་ལྕོགས་ན་གནས་ལྔའི་ལྷ་རྫོགས་པར་བསྒོམ། ཐོག་མར་རྡོར་སེམས་རིག་ཡེའི་བསྙེན་གྲངས་མ་རྫོགས་བར་དེ་ཁོ་ན་བཟླས་པས་མཆོད་བསྟོད་སོགས་བྱ་ཞིང་། གཞན་རྣམས་ཐུན་མཇུག་ཏུ་བཟླས་པ་བདུན་གསུམ་ཙམ་བྱ་བ་ལས། མཆོད་བསྟོད་གསོལ་འདེབས་རྣམས་བསྐྱུར། དེ་ནས་རྡོར་སེམས་རིག་ཡེའི་བསྙེན་པ་ཁྱུག་ཙམ་ལས་མཆོད་བསྟོད་གསོལ་འདེབས་བཞག་ལ། རྣམ་སྣང་རིག་ཡེའི་བཟླས་པ་མཆོད་བསྟོད་སོགས་བྱ་བའི་རིགས་འགྲེས་ཀྱིས་བཟླས་གྲངས་རྫོགས་པར་བྱ་ཞིང་། ཞག་གྲངས་དེ་ཙམ་མི་ལྕོགས་ན། ཐུན་མོང་བ་ཞག་གསུམ། ཁྱད་པར་བ་ཞག་བདུན་ཏེ། བཅུ་ཕྲག་གཅིག་གི་ཁོངས་སུ་འགྲུབ་པར་བྱའོ། ༈ །གསུམ་པ་གསང་སྒྲུབ་སྐལ་ལྡན་མྱུར་འདྲེན་ཉམས་སུ་ལེན་པ་ལ་གསུམ། བསྐྱེད་རིམ། རྫོགས་རིམ། ཟུང་འཇུག་གི་ངོ་སྤྲོད་དོ། །དེ་ལ་ཕྱི་མ་གཉིས་རྫོགས་རིམ་སྐུ་གསུམ་རང་ཤར་ཆ་ལག་དང་བཅས་པ་ལས་ཤེས་པར་བྱ། འདིར་བསྐྱེད་པའི་རིམ་པ་བཤད་པ་ལའང་གཉིས། ཐུན་མོང་ཕྱིའི་དཀྱིལ་འཁོར་ལ་བརྟེན་པ་དང་། ཁྱད་པར་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་པའོ། །དང་པོ་ནི། དེའང་གསང་སྒྲུབ་འདོན་བསྒོམ་སྦྲགས་མར་བཀོད་པ་ནི་ལས་གཞུང་དངོས་གྲུབ་བང་མཛོད་ཉིད་ཡིན་ལ། དེ་ཉིད་བལྟས་ཆོག་ཏུ་བསྡེབས་པ་ལས་བྱང་བདུད་རྩིའི་རྫིང་བུ་ལས་ཇི་སྐད་བཤད་པ་ལྟར་ལག་ཏུ་བསྟར་བས་ཁྱབ་པ་ལས། སྦྱོར་བ་བཤམ་བཀོད་ཀྱི་སྐབས། དམ་ཚིག་གི་སྐུ་བརྙན་རབ་གནས་ལྡན་པ། དཀྱིལ་འཁོར་སྤྲོས་བཅས་རྡུལ་ཚོན་དང་རས་བྲིས། སྤྲོས་མེད་ཚོམ་བུ་ལ་བརྟེན་པའི་གཏོར་མཆོད་བཀོད་པའི་ཁྱད་པར་ཇི་ལྟར་འབྱོར་པ་རྒྱས་སྤྲོས་སུ་བཤམ། དངོས་གཞི་ཐུན་དང་པོར་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་ཕྱི་གཏོར་བསྔོས་པས་ཀུན་ཚིམས་ལྟར་ཕྱོགས་སྐྱོང་གཞི་བདག་ལ་གཏོར་མ་བྱིན་ལ་བཀའ་བསྒོ །འབྱུང་པོ་རྣམས་ལ་གཏོར་མ་བྱིན་བདེན་པ་བདར་ལ་བསྐྲད། ཡི་དམ་གྱི་ང་རྒྱལ་དང་ལྡན་པའི་ངང་ནས། རང་འདྲའི་ཁྲོ་ཚོགས་དཔག་ཏུ་མེད་པ་འཕྲོས་པས་བགེགས་རིགས་ཐམས་ཅད་ལྕགས་རི་ཆེན་པོའི་མཐར་དེད་པར་བསམ་ཞིང་། གུ་གུལ་གྱི་དུད་པ་བཏང་། རོལ་མོ་དང་བཅས་ནས་མཚམས་བཅད། སྲུང་འཁོར་བརྟན་པར་བསྒོམ། དེ་ནས་བཟུང་སྟེ་མཚམས་དམ་པར་བཅད་ཅིང་དེའི་སྤང་བླང་སྤྱི་ལྟར་བྱ། སྐྱབས་སེམས་ནས་བརྩམ་རྗེས་བསྡུའི་བར་ཚིག་རྗེས་སུ་དོན་དྲན་པའི་འདོན་བསྒོམ་སྦྲགས་ཏེ་བྱ་དགོས་པའི་བསྒོམ་དོན་ལས་བྱང་གི་ཚིག་རིས་ལས་གསལ་བ་ལྟར་ལ། བསྐྱེད་རིམ་དངོས་གཞིའི་ཐོག་མར་གལ་ཆེ་བ། ཆོས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་གྱི་ངང་ལ་མཉམ་པར་བཞག་པ་དེ་བཞིན་ཉིད་ཀྱི་ཏིང་འཛིན། དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་ལ་སྙིང་རྗེ་བསྐྱེད་པ་ཀུན་ཏུ་སྣང་བའི་ཏིང་འཛིན། སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་རང་རྩལ་རང་རིག་གསེར་གྱི་རྡོ་རྗེར་བསྒོམ་པ་རྒྱུའི་ཏིང་འཛིན་ཏེ་དེ་གསུམ་ནི་འཆི་བར་སྐྱེ་གསུམ་གྱི་སྲིད་པ་སྦྱོང་ཞིང་། སྐུ་གསུམ་གྱི་གསོས་འདེབས་པར་བྱེད་པས་ཆད་དུ་མི་རུང་བའི་དོན་གལ་པོ་ཆེ་ཡིན། རྒྱུའི་རྡོ་རྗེ་དེ་ལས་ཨེ་སོགས་རིམ་པར་སྤྲོས་ཏེ་སྣོད་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད། གདན་གྱི་སྟེང་དུ་རྡོ་རྗེ་ཉིད་ཧྲཱིཿདམར་བྱེ་རུའི་མདངས་ལྟ་བུ། ཕྱོགས་བཞིར་ཧ་རི་ནི་ས་མཐིང་སེར་དམར་ལྗང་རྣམས་སུ་གྱུར་པའི་འོད་ཀྱིས་དོན་གཉིས་བྱས། ཚུར་འདུས་ཏེ་དབུས་སུ་རྡོ་རྗེ་དང་གྲི་གུག །འདབ་བཞིར་གྲི་གུག་རེ་རེར་གྱུར། དེ་ཡོངས་སུ་གྱུར་པ་ལས་རྟ་མགྲིན་ཡབ་ཡུམ། རིགས་བཞིའི་མཁའ་འགྲོ་དབུ་གཙུག་བླ་མ་རིགས་ལྔ་བཅས་གསལ་བའི་ཐམས་ཅད་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྲན་མ་ཕྱེད་གཤགས་ཙམ་གྱི་སྟེང་དུ། བླ་མ་རྡོར་སེམས་ལ་ཧཱུྃ། རྣམ་སྣང་ལ་ཨོཾ། རིན་འབྱུང་ལ་སྭཱ། སྣང་བ་མཐའ་ཡས་ལ་ཨཱཿ དོན་གྲུབ་ལ་ཧཱ། ཡུམ་ལྔ་ལ་རིམ་བཞིན་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། རྟ་མགྲིན་ཡབ་ཡུམ་ལ་ཧྲཱིཿདང་མ། མཁའ་འགྲོ་བཞི་པོ་ལ་ཧ་རི་ནི་ས། ཐམས་ཅད་ཀྱང་སྤུས་བྲིས་པ་ལྟ་བུ་སོ་སོའི་རང་མདོག་འོད་ཟེར་མཐའ་ཡས་པ་འཕྲོ་བ། གཞན་ཡང་སྟེང་གི་ཆ་ལ་བཀའ་བརྒྱུད་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ་ཆོས་སྐྱོང་སྲུང་མ་རྣམས་སྤྲིན་བཞིན་གཏིབས་པར་བསམ། དེའང་བདག་དང་མདུན་དུ་བཤམས་པའི་དཀྱིལ་འཁོར་སྒྲུབ་རྫས་དང་བཅས་པ་སེམས་ཉིད་སྟོང་པའི་རང་མདངས་འཁྲུལ་པས་ཐ་དད་དུ་བརྟགས་ཀྱང་། དོན་གྱི་ངོ་བོ་རོ་མཉམ་དུ་རྫོགས་པར་ཤེས་པས་སྣང་སྲིད་ཐམས་ཅད་གཅིག་དང་ཐ་དད་ལས་འདས་པའི་རང་བྱུང་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཆེན་པོར་གདོད་ནས་གྲུབ་པའི་རྟོགས་པ་ཀློང་དུ་མ་གྱུར་ཀྱང་མོས་སྒོམ་གྱི་ངེས་ཤེས་བརྟན་པར་བྱའོ། །དེ་ནས་གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་གྱི་ཡིག་འབྲུ་ལས་འོད་ཟེར་འཕྲོས། རང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ཏེ་དམ་ཚིག་པ་ལ་ཐིམ་པས་གཉིས་མེད་དུ་གྱུར་པ་ལ། རང་ལུས་ཐ་མལ་གྱི་རྣམ་པ་དུ་མས་ཕྱག་འཚལ་ཞིང་། ལྷ་རྣམས་ཀྱང་དགྱེས་པས་བརྡའི་ལན་བསྩལ་བ་དང་། རང་ཉིད་རྟ་ཕག་ཡབ་ཡུམ་གྱི་སྦྱོར་མཚམས་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པས་ལྷའི་མཆོད་རྫས་དུ་མ་ཐོགས་ཏེ་མཆོད་ཅིང་དབྱངས་ཀྱི་ཡན་ལག་རྒྱ་མཚོས་བསྟོད་པར་བསམས་ལ་དེ་དག་གི་ཕྲིན་ལས་རྣམས་དལ་བར་གཏང་། དེའི་རྗེས་འབྲེལ་དུ་དབང་བླང་བ་ནི། སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་རིག་པའི་ཡེ་ཤེས་ཡབ་ཡུམ་ལ་མོས་གུས་དུང་བ་བྱས་ནས་བདག་ལ་དབང་མཆོག་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བདེ་བའི་སྒྲ་དང་འོད་ཟེར་སྣ་ལྔ་བདེ་བའི་རང་བཞིན་ཅན་དུ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཡབ་ཀྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། ཐུགས་ཀར་རྗེས་ཆགས་ཀྱི་མེས་ཞུ། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་ལྷུང་བའི་སྦྱོར་མཚམས་ནས། དངུལ་ཆུ་མུ་ཏིག་དྲི་མེད་ཞུ་བའི་ཁུ་བ་ལྟ་བུ་ངང་ཆི་ལི་ལི་རྒྱུན་མི་ཆད་བབས། རང་གི་ཚངས་བུག་ནས་ཞུགས། ཐོག་མེད་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དྲི་མའི་རྣམ་པར་ནག་ནུ་རུ་རུ་དེད། བ་སྤུའི་བུ་ག་དང་འོག་སྒོ་ནས་ཐོན། དབང་ཆེན་གསེར་གྱི་ས་གཞིའི་འོག་ཏུ་སོང་། ལུས་ཤེལ་གོང་གཡའ་དག་པའམ་ཕྲུ་མ་ཕུས་བཏབ་པ་ལྟར་ཕྱི་གསལ་ནང་གསལ་དུ་གྱུར་པ་ལས། བདུད་རྩི་དེ་ཉིད་ཡར་ལོག་ལྟེ་བའི་རྩ་འཁོར་མན་གང་བ་བུམ་དབང་། སྙིང་ག་མན་ཆད་གང་བ་གསང་དབང་། མགྲིན་པ་མན་ཆད་གང་བ་ཤེས་རབ་ཡེ་ཤེས། སྤྱི་བོ་མན་ཆད་གང་བས་དབང་བཞི་ཐོབ་ལུས་ཟག་མེད་ཀྱི་བདེ་བས་གང་བ་ལ་སེམས་ཅི་གནས་སུ་བཞག་གོ །བཟླས་པ་ལ་གཉིས། དངོས་གྲུབ་སྒྲུབ་པ་བདེ་ཆེན་གྱི་བཟླས་པ་དང་། ཐུགས་དམ་བསྐུལ་བ་སྤྲོ་བསྡུའི་བཟླས་པའོ། །དང་པོ་ནི། སྤྱི་བོའི་བླ་མའི་ཐུགས་སྲོག་ལས་སྔགས་ཕྲེང་མུ་ཏིག་དམར་པོ་བསྟར་ལ་བརྒྱུས་པ་བཞིན་དུ་བྱུང་གསང་གནས་ནས་བརྒྱུད། རང་གི་སྤྱི་བོའི་རྟ་མགོའམ་ཚངས་བུག་ནས་ཞུགས། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་ཞུགས། ཕག་ཞལ་གྱི་སྤྱི་བོ་ནས་ཐོན། སྤྱི་བོའི་བླ་མའི་ཡུམ་གྱི་བྷ་ག་ནས་ཞུགས། ཞལ་ནས་ཐོན་ཡབ་ཀྱི་ཞལ་དུ་འཁོར་བ་ལས་འོད་ཟེར་མཐའ་ཡས་མུ་མེད་པ་འཕྲོས་པས། སྤྱིར་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་ཀུན་ལ་མཉེས་པའི་མཆོད་པ་ཕུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས། སྔགས་ཕྲེང་ནང་དུ་འཇུག་པ་དང་ལྷན་ཅིག་རང་ལ་ཐིམ་པས་དངོས་གྲུབ་རྣམ་པ་གཉིས་ཐོབ། རང་ཉིད་རིགས་འདུས་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོར་གྱུར་པའི་ང་རྒྱལ་ལྷག་པར་བརྟན་པས་སྤྱི་སྔགས། ཨོཾ་ཨཱཿཧཱུྃ། བཛྲ་མ་ཧཱ་གུ་རུ་སརྦ་གུ་ཎ་སིདྡྷི་ཧཱུྃ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། ཧྲཱིཿམཿཧཿརིཿནིཿསཿ ཙིཏྟ་ཧྲཱིང་ཧྲཱིང་སརྦ་སིདྡྷི་ས་མ་ཡ། ཛཿཧཱུྃ་བཾ་ཧོཿ ཞེས་པ་བཟླ་སྟེ་གྲངས་ཚད་བྱེ་བའོ། །དེ་ནས་ཉེ་སྙིང་བཟླ་བའི་སྐབས། གཙོ་བོའི་ཐུགས་སྲོག་ལས་སྔགས་ཕྲེང་བཻ་ཌཱུརྻའི་ཕྲེང་བ་ལྟ་བུ་བྱུང་བ་དང་། འོད་ཀྱིས་འགྲོ་བའི་ཞེ་སྡང་སྒྲིབ་པ་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ལ་མཉེས་མཆོད་ཕུལ་བས་དེའི་བྱིན་རླབས་བསྡུས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ། རང་ཉིད་རྡོར་སེམས་རིག་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པར་མོས་པས། ཨོཾ་ཨཱཿབཛྲ་གུ་རུ་གུ་ཎ་སིདྡྷི་ཧཱུྃ། ཞེས་པ་འབུམ་ཕྲག་བཟླ། འཁོར་རིགས་བཞི་སོ་སོ་དང་སྦྱར་བའི་ཏིང་ངེ་འཛིན་དེ་ཡིས་རིགས་འགྲེས་ཏེ་ནང་སྒྲུབ་ཁྱད་པར་བར་བཤད་པའི་སྔགས་བཞི་པོ་ཁྲི་ཕྲག་རེ་བཟླ། རྟ་མགྲིན་གྱི་ཐུགས་ཀའི་ས་བོན་ལས་སྔགས་ཕྲེང་དམར་པོ་རང་གི་ཞལ་དང་ཡུམ་གྱི་ཞལ་བརྒྱུད། དེའི་གསང་བ་ནས་རང་གི་གསང་བར་ཞུགས། སྙིང་གར་ཐིམ་པའི་འོད་ཀྱིས་སྤྲོ་བསྡུ་སྔར་བཞིན་བྱས་ལ། དེ་བ་ཌཱ་ཀི་ནཱི་ཧ་རི་ནི་ས་ཙིཏྟ་ཧྲིང་ཧྲིང་སརྦ་སིདྡྷི་ཛཿཧཱུྃ་བཾ་ཧོཿ ཞེས་པའང་ཁྲིའམ་འབུམ་ཅི་འགྲུབ་བཟླའོ། །གཉིས་པ་ཐུགས་དམ་བསྐུལ་བ་སྤྲོ་བསྡུའི་ཟླས་པ་ནི། རྩ་བ་གསུམ་གྱི་དཀྱིལ་འཁོར་པ་རྣམས་ཀྱི་སྤྱི་བོ་ནས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས། བདེ་གཤེགས་ཐམས་ཅད་ཀྱི་སྐུ་ལ་ཕོག །མཆོད་པས་སྐུ་མཉེས་པར་བྱས། སྐུའི་དངོས་གྲུབ་བསྡུས། སེམས་ཅན་ཐམས་ཅད་ཀྱི་ལུས་སྒྲིབ་སྦྱངས། ལུས་དབང་དུ་བསྡུས་ནས། སླར་སྤྱི་བོར་ཐིམ་པར་བསམ་ལ་སྔགས་སྔ་མ་རྣམས་བཟླ། ཡང་མགྲིན་པ་ནས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། བདེ་གཤེགས་ཀུན་གྱི་གསུང་ལ་ཕོག །མཆོད་པས་གསུང་མཉེས་པར་བྱས། གསུང་གི་དངོས་གྲུབ་བསྡུས། སེམས་ཅན་གྱི་ངག་སྒྲིབ་སྦྱངས། ངག་དབང་དུ་བསྡུས་ནས། སླར་མགྲིན་པར་ཐིམ་པར་བསམ་ལ་བཟླ། ཐུགས་ཀ་ནས་འོད་ཟེར་མཐིང་གསལ་ཕྱོགས་བཅུར་འཕྲོས། བདེ་གཤེགས་ཀུན་གྱི་ཐུགས་ལ་ཕོག །མཆོད་པས་ཐུགས་མཉེས་པར་བྱས། ཐུགས་ཀྱི་དངོས་གྲུབ་བསྡུས། སེམས་ཅན་གྱི་ཡིད་སྒྲིབ་སྦྱངས། ཡིད་དབང་དུ་བསྡུས་ནས། སླར་ཐུགས་ཀར་ཐིམ་པར་བསམ་ལ་བཟླའོ། །དེའང་ཐུན་བཞིར་བཅད་པའི་ཐུན་གྱི་དངོས་གཞི་བདེ་ཆེན་གྱི་བཟླས་པ་བྱ་ཞིང་། ཐུན་སྨད་སུམ་ཆ་ཙམ་སྤྲོ་བསྡུའི་བཟླས་པ་དང་། ཐུན་མཐར་དངོས་གྲུབ་སྡུད་སྔགས་ཉེར་གཅིག་ཙམ་བཟླས་ལ་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ་གསུམ་བརྗོད་པས་ལྷག་ཆད་བསྐང་ཞིང་བརྟན་པར་བྱ། གཏོར་མཆོད་བྱིན་རླབས་གོང་དུ་སོང་བས་འཐུས་པས་གཏོར་འབུལ་དངོས་ནི། ཧཱུྃ་ཧྲཱིཿ རྒྱལ་བ་ཀུན་དངོས་བླ་མ་སྨན་གྱི་བླ། །སྐུ་ལྔའི་བདག་ཉིད་གཙོ་འཁོར་མ་ལུས་རྣམས། །གཤེགས་བྱོན་སྐྱེ་འཕྲི་འཁྲུལ་རྟོག་མི་མངའ་ཡང་། །འགྲོ་རྣམས་ཚོགས་རྫོགས་མཆོད་གཏོར་བཞེས་ཕྱིར་གཤེགས། །ལྷ་རྣམས་ཀྱི་རྡོ་རྗེའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་ཟག་མེད་ཀྱི་བདེ་བས་དགྱེས་པར་གྱུར། ཨོཾ་ཨཱཿཧཱུྃ། བཛྲ་མ་ཧཱ་གུ་རུ་སརྦ་གུ་ཎ་སིདྡྷི་ཧཱུྃ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། ཧྲཱིཿམ་ཧ་རི་ནི་ས་ཙིཏྟ་ཧྲཱིང་ཧྲཱིང་ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཛ་ཧོཿ རཱུ་པ། ཤབྡ། གནྡྷེ། ར་ས། སྤརྴེ་པཱུ་ཛ་ཧོཿ མ་ཧཱ་སརྦ་པཉྩ། མ་ཧཱ་རཀྟ། མ་ཧཱ་བ་ལིཾ་ཏ། མ་ཧཱ་མཱཾ་ས། མ་ཧཱ་རཀྟ། མ་ཧཱ་ཀིཾ་ནི་རི་ཏི་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ག་ཎ་གུ་ཧྱ་པཱུ་ཛ་ཧོཿ ཧཱུྃ་ཧྲཱིཿ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དང་། །ཆོས་སྐྱོང་དམ་ཅན་ནོར་ལྷ་གཞི་བདག་སོགས། །འཇིག་རྟེན་འདས་དང་མ་འདས་འཁོར་འདས་མགྲོན། །ཟག་མེད་བདེ་སྐྱེད་གཏོར་མའི་མཆོད་པ་བཞེས། །གཏོར་ནི་ཆགས་མེད་མ་ནི་ཀུན་ལ་ཁྱབ། །འཁོར་འདས་ཀུན་གྱི་བདེ་ལེགས་ཡོན་ཏན་གཏེར། །མ་ཚང་སྤངས་པའི་མཆོད་སྤྲིན་བླ་མེད་རྣམས། །མཁའ་ཁྱབ་བསྔོས་པས་དོན་གཉིས་ལྷུན་གྲུབ་ཤོག །ཅེས་དང་། ལས་བྱང་ནང་གི །ཧཱུྃ་ཧྲཱིཿ སྐྱེ་མེད་དབྱིངས་ལས་སོགས་མཆོད་བསྟོད་གསོལ་གདབ་མདོར་བསྡུས། ཧཱུྃ། རིགས་འདུས་བླ་མ་སོགས་གཤམ་གྱི་ནོངས་བཤགས་མགྲོན་ཐབས་ཀྱི་ལྷ་རྣམས་རྟེན་ལ་བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བཅས་བྱ་ཞིང་། དྲན་ཤེས་དང་ལྡན་པས་སྤྱོད་ལམ་སོ་སོར་ཡེ་ཤེས་སྒྱུ་མའི་རོལ་པར་ལམ་དུ་ཁྱེར་བའི་ཏིང་ངེ་འཛིན་ལ་བསླབ་བོ། །སླར་ཐུན་ལ་འཇུག་པ་ན་གཏོར་མཆོད་ཁ་གསོས། བརྒྱུད་འདེབས་ཉིན་རེ་ཚར་རེ་ཙམ་གྱིས་ཆོག །སྲུང་འཁོར་ཡང་ཚིག་ཏུ་བརྗོད་མ་བརྗོད་གང་བྱས་ཀྱང་རུང་ལ་དམིགས་པའི་གསལ་འདེབས་བསྐྱར་མར་བྱ། སྐྱབས་སེམས་ནས་བརྩམ་ཤིས་བརྗོད་ཀྱི་བར་སྔར་ལྟར་ཆད་ལྷག་མེད་པ་བྱ་བ་ལས། བསྟོད་པའང་ལས་བྱང་དང་གསང་སྒྲུབ་ཀྱི་ཚིག་གཉིས་རེས་མོས་སམ་གང་རུང་རེས་ཆོག །བསྙེན་ཚད་ཀྱང་གོང་སྨོས་ལྟར་གྲུབ་ན་མཆོག་ཡིན་ལ། དོན་དུ་སྤྱི་སྔགས་གཙོ་བོར་བཟླ། དེའི་བཅུ་ཆ་རྡོར་སེམས་རིག་ཡེ། དེའི་བཅུ་ཆ་འཁོར་བཞི། དེའི་བཅུ་ཆ་དངོས་གྲུབ་སྡུད་སྔགས། རྟ་ཕག་གང་འགྲུབ་བམ་འཁོར་བཞི་དང་འདྲ་བ་ཡིན་ལ། སྒྲུབ་པ་གྲོལ་ཁར་ཚེ་སྒྲུབ་དམིགས་བཟླས་ཅི་འགྲུབ། དངོས་གྲུབ་སྡུད་སྔགས་སྟོང་ཕྲག་གཅིག་འགྲོ་བར་བྱའོ། །དེའང་ཐོག་མར་སྤྱི་སྔགས་སོགས་སོ་སོའི་གྲངས་མ་སོགས་བར་དེ་ཉིད་ལ་བུངས་ལེན་ཞིང་ཐོག་མཐའ་གཞན་རྣམས་ཅུང་ཟད་རེ་བཟླ། གསང་སྒྲུབ་ཟླ་གཅིག་ལྷག་ཙམ་བྱེད་ན་བདུན་གསུམ་ལ་སྤྱི་སྔགས། བདུན་གཅིག་ལ་འཁོར་སྔགས། ཞག་གསུམ་ཚེ་སྒྲུབ། གྲོལ་བའི་ནངས་མོར་སྨན་གྱི་དངོས་གྲུབ་སྡུད་སྔགས་སྟོང་ཕྲག་གཅིག་འགྲོ་བར་བྱའོ། །དེ་ལ་ཚེ་སྒྲུབ་པའི་དམིགས་པ་ནི། གཙོ་འཁོར་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས། ཕྱི་སྣོད་ཀྱི་འཇིག་རྟེན་ཁམས་ཀྱི་འབྱུང་བ་ལྔའི་བཅུད་ཀྱི་དྭངས་མ། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་བཀྲག་དང་གཟི་བརྗིད་ཐམས་ཅད་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་མཐུ་དང་བྱིན་རླབས་ཐུགས་རྗེ་ཐམས་ཅད། འཆི་མེད་ཚེའི་བདུད་རྩི་འོད་ཟེར་གྱི་རྣམ་པ་ཆི་ལི་ལི་བྱུང་། སྤྱི་གཙུག་གི་རྡོ་རྗེ་སེམས་དཔའི་ཀ་པཱ་ལར་བསྡུས། དེ་ནས་ཕྱིར་ལུད། བདག་གི་ཚངས་བུག་ནས་ཞུགས། རྩ་འཁོར་རིམ་གྱིས་བརྒྱུད། ལུས་ཀྱི་ནང་བདུད་རྩིས་ལྟེམ་གྱིས་གང་བས་འཆི་མེད་རྡོ་རྗེའི་ཚེ་ཐོབ་པར་བསམ་ལ་སྔགས་ཤམ་བུ་ཅན་བཟླའོ། །སྲོད་ཐུན་ལ་གཏོར་འབུལ་དང་། མཆོད་བསྟོད་གསོལ་གདབ་ཟིན་ནས་དམ་ཅན་སྡེ་དགུའི་གཏོར་འབུལ། ཚོགས་མཆོད་རྟ་བྲོའི་བར་དུ་བྱ་ཞིང་། དངོས་གྲུབ་ལེན་ཆོག་བསྐྱུར་ནས་མཆོད་བསྟོད་སོགས་རྗེས་ཆོག་བྱས་པས་འགྲུབ་པ་ཡིན་ལ། ལྷག་མ་སྒྲུབ་པ་གྲོལ་གྱི་བར་ཕྱིར་མི་གཏང་བར་དཀྱིལ་འཁོར་གྱི་ལྷོ་ནུབ་ཏུ་སྣོད་དུ་བསགས་ལ་ཁེབས་ཀྱིས་བཀབ། ཆད་བརྟན་རྟ་བྲོ་རྣམས་ནུབ་རེ་བཞིན་མ་གྲུབ་ནའང་ཆོག །དུས་བཟང་དང་ཐོག་མ་སྒྲུབ་པ་ལ་འཇུག་སྐབས། གྲོལ་ཉིན་རྣམས་ལ་རྩ་གསུམ་མདངས་སྐོང་། དམ་ཅན་སྐོང་བ་སོགས་རྒྱས་པར་གྲུབ་ན་ཤིན་ཏུ་ལེགས་སོ། །དེ་ལྟར་སྒྲུབ་པ་གྲུབ་ནས་སང་གྲོལ་རྒྱུའི་དོ་དགོང་ནས་མཆོད་གཏོར་རྙིང་པ་གསོ་ཞིང་གསར་པ་བཟང་དུ་བཤམ། ཚོགས་མཆོད་གང་འབྱོར་རྒྱས་པར་བསྟར། དངོས་གྲུབ་ཀྱི་དམ་རྫས་དཀར་མངར་ཤ་ཆང་སོགས་ཀྱང་འདུ་བྱས་ཏེ་ཏིང་འཛིན་སྤྲོ་བསྡུས་འཁོར་འདས་ཀྱི་དྭངས་བཅུད་ཡང་ཡང་བསྡུས་ནས་བདག་དང་སྒྲུབ་རྫས་ལ་བསྟིམ། གྲོལ་བའི་ཐོར་ཐུན་ལས་བྱང་གི་བསྙེན་པའི་སྐབས་མདུན་བསྐྱེད་སྒྲུབ་རྫས་ཀྱི་གོ་སར་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་བདག་བསྐྱེད་ལས་བཞིན་དང་མེ་ལོང་ལྟར་ཕྱེས་ཏེ་བཟླས་པ་རྣམས་ཁྱུག་ཙམ་བྱ་ཞིང་། དངོས་གྲུབ་བསྡུ་སྔགས་གོང་དུ་གྲངས་མ་ཐེམ་ན་སྟོང་ཕྲག་འགྲོ་ངེས་བྱས་ལ། གཏོར་འབུལ་ཚོགས་འཁོར་རྟ་བྲོ་ཡན་བྱ་ཞིང་ལྷག་མའང་རྒྱབ་ཏུ་བཏང་། ཆད་མདོའི་སྐབས་ཆོས་སྐྱོང་གི་གཏོར་མའང་ཕྱི་རོལ་དུ་འབུལ་བར་བྱའོ། །དེ་ནས། དངོས་གྲུབ་ལ་བར་དུ་གཅོད་པའི་བགེགས་བསྐྲད་ཅིང་། སྲུང་བའི་འཁོར་ལོ་གསལ་གདབ། ཐུགས་དམ་གནད་ནས་བསྐུལ་ཏེ་བྱིན་དབབ་ཅིང་ཉམས་ཆག་བཤགས་པ་དང་ཡིིག་བརྒྱ་བརྗོད། འོད་ཟེར་སྤྲོ་བསྡུ་དང་བཅས་ཏེ་སྤྱི་སྔགས་ལ་དངོས་གྲུབ་བསྡུ་བའི་སྔགས་བཏགས་པ་བརྒྱ་རྩ་ཙམ་བརྗོད། མདུན་བསྐྱེད་ཀྱི་གནས་ལྔ་ནས་ཡིག་འབྲུ་ཕྱག་མཚན་ཐིག་ལེ་དཔག་ཏུ་མེད་པ་འཕྲོས་ཏེ་རང་གི་གནས་ལྔར་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པར་ཐོབ་པར་མོས་ལ་དངོས་གྲུབ་ལེན་པའི་ཚིག་བརྗོད་ཅིང་། གཏོར་ཆེན་གནས་ལྔར་གཏུགས། དངོས་གྲུབ་ཀྱི་རྫས་ལ་ལོངས་སྤྱད། དེ་ནས་མཆོད་བསྟོད་སོགས་རྗེས་ཆོག་བྱ་ཞིང་ཡེ་ཤེས་ཀྱི་འཁོར་ལོ་རང་ལ་བསྡུ། མགྲོན་ཐབས་ཀྱི་ལྷ་རྣམས་བརྟན་བཞུགས་དང་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱའོ། །དེ་ནས་སྦྱིན་སྲེག་ལས་ཀུན་མྱུར་འགྲུབ་ལྟར་བསྙེན་པའི་ཁ་སྐོང་དུ་ཞི་བའི་སྲེག་བླུགས་བསྙེན་པ་ཇི་ཙམ་སོང་བའི་བཅུ་ཆ་གཅིག་འབུལ། གལ་ཏེ་སྲེག་བླུགས་མི་འགྲུབ་ན་བསྙེན་སྒྲུབ་ཀྱི་བཅུ་ཆ་བསྙེན་པ་རང་གིས་ཁ་སྐོང་བ་སྒྲུབ་པའི་སྐབས་ཉིད་དུ་གྲུབ་པར་བྱ་དགོས་སོ། །གཉིས་པ་ཐུན་མོང་མ་ཡིན་པ་ཁྱད་པར་བ་གསང་སྒྲུབ་སྲོག་དྲིལ་སྟན་ཐོག་གཅིག་མ་ནི། སྤྲོས་མེད་ཀྱི་ཉམས་ལེན་ཡིན་པས་དཀྱིལ་འཁོར་གཏོར་མཆོད་གང་ཡང་མི་དགོས་ཤིང་སྒོམ་བཟླས་ཁོ་ན་བྱ་བ་ཡིན་པས། དེའི་ཚུལ་ཞལ་གདམས་མཆོག་གི་བདེ་ལམ་ལས་འབྱུང་བ་ཉིད་བཀླག་ཆོག་ཏུ་བསྡེབ་ན། ན་མོ། རིགས་འདུས་བདེ་གཤེགས་སོགས་སྐྱབས་འགྲོ། ནམ་མཁས་ཁྱབ་པའི་སོགས་སེམས་བསྐྱེད། སྐྱབས་གནས་བདག་ལ་སོགས་ཀྱིས་སྡིག་པ་བཤགས། སྟོང་པའི་ངང་ལས་སྣང་སྲིད་ཀུན། །རང་བྱུང་དབང་གི་གཞལ་ཡས་ཁང་། །དེ་དབུས་པདྨ་ཟླ་ཉིའི་སྟེང་། །བདག་ཉིད་སྐད་ཅིག་དྲན་རྫོགས་སུ། །རྟ་མཆོག་ཡབ་ཡུམ་སྐུ་མདོག་དམར། །དབུ་གཙུག་རྟ་མགོས་རྟ་སྐད་འཚེར། །དབང་སྡུད་གྲི་གུག་ཕྱག་གཡས་ཕྱར། །བདུད་བཞིའི་ཁྲག་བཀང་ཐོད་པ་གཡོན། །བདུད་བཞིའི་སྟེང་དུ་བརྐྱང་བསྐུམ་བཞུགས། །རྡོ་རྗེ་ཕག་མོ་ཡུམ་དང་སྦྱོར། །དེ་ཉིད་ཆ་ལུགས་ཡབ་འདྲ་ལ། །སྤྱི་གཙུག་ཕག་གདོང་ངུར་སྒྲ་སྒྲོག །གྲི་ཐོད་འཛིན་པས་ཡབ་ལ་འཁྱུད། །བཅུ་དྲུག་ལང་ཚོ་ཆགས་པའི་ཉམས། །ནུ་མ་བྷ་ག་རྒྱས་པའི་ཚུལ། །བསྐལ་པའི་མེ་དབུས་བཞུགས་པ་ཡི། །སྤྱི་བོར་པདྨ་ཉི་ཟླའི་སྟེང་། །རིགས་འདུས་བླ་མ་རྡོ་རྗེ་སེམས། །མཐིང་གསལ་ཞལ་གཅིག་ཕྱག་གཉིས་པ། །ཆོས་ཉིད་མི་འགྱུར་རྡོ་རྗེ་གཡས། །ཟག་མེད་བདེ་རྒྱས་ཐོད་པ་གཡོན། །གཅེར་བུ་རིན་ཆེན་རུས་རྒྱན་སྤྲས། ཁྲོ་འཛུམ་འགྱིང་བག་སྐྱིལ་ཀྲུང་གི །པང་དུ་རང་རིག་ཡུམ་གྱིས་འཁྱུད། །སྔོ་སངས་གཞོན་ཚུལ་ཆགས་པའི་ཉམས། །རབ་མཛེས་ཡིད་འོང་གྲི་ཐོད་འཛིན། །བྱིན་རླབས་གཟི་བརྗིད་འབར་བར་བཞུགས། །རང་ལུས་སྟོང་གསལ་འོད་ཀྱི་དངོས། །དར་དམར་གུར་ཕུབ་ལྟ་བུའི་དབུས། །དབུ་མ་འོད་ཀྱི་སྦུ་གུ་ནི། །ཕྱི་དཀར་ནང་དམར་མདའ་སྨྱུག་ཙམ། །དེ་ནང་སྤྱི་བོ་ལ་སོགས་པའི། །གནས་ལྔར་འོད་ཀྱི་ཐིག་ལེ་ལྔ། །དཀར་དམར་མཐིང་སེར་ལྗང་གུའི་དབུས། །ཨོཾ་ཨཱཿཧཱུྃ་དང་སྭཱ་ཧཱ་རྣམས། །གནས་ལྔའི་རང་མདོག་འོད་དུ་འབར། །ཡུམ་གྱི་དྷཱུ་ཏིའི་གནས་ལྔ་རུ། །འོད་ཀྱི་ཐིག་ལེ་ཁ་དོག་ལྔ། །མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་གྱིས་མཚན། །ཀུན་ཀྱང་གསལ་སྟོང་འོད་དུ་འབར། །གདོད་ནས་དམ་ཡེ་དབྱེར་མེད་པའི། །རང་བྱུང་རྡོ་རྗེའི་དཀྱིལ་འཁོར་ཆེ། །ངག་རླུང་གཞོམ་མེད་སྔགས་ཀྱི་སྒྲ །རྟོག་ཚོགས་རང་བྱུང་ཡེ་ཤེས་དབྱིངས། །བཟའ་བཏུང་ཚོགས་མཆོད་སྨྲ་བརྗོད་ཀུན། །བསྟོད་གསོལ་སྤྱོད་ལམ་ཡེ་ཤེས་རྒྱན། །གང་ཤར་སྐུ་གསུམ་རོལ་པ་འོ། །ཞེས་གསལ་གདབ་ཅིང་ངེས་པའི་ཤེས་པ་བརྟན་པོས་ནུས་ན་བུམ་པ་ཅན་གྱི་རླུང་སྦྱོར་དང་། གོང་སྨྲོས་བདེ་ཆེན་བཟླས་པའི་དམིགས་པ་དང་བཅས། ཧཱུྃ་ཨོཾ་སྭཱ་ཨཱཿཧཱ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། ཞེས་གྲངས་མི་བཟུང་བར་ཡིད་ཀྱིས་བཟླ། རླུང་སྦྱོར་མི་ནུས་ན་བར་རླུང་ཙམ་གྱི་ངང་ཡིད་བཟླས་ངག་བཟླས་གང་རུང་གིས་ཆོག །མཐར་སྤྲོ་བསྡུའི་བཟླས་དམིགས་ཀྱང་སྦྱར་ཞིང་ངག་བཟླས་འབུམ་ཕྲག་ལྔའམ་བཅུ་འགྲོ་བར་བྱ། རིག་པའི་ཡེ་ཤེས་རེ་རེ་ནས་སྒེར་དུ་བསྒྲུབ་སྟེ། ཡབ་ཡུམ་གྱི་སྤྱི་བོའི་ཐིག་ལེ་དཀར་པོ་ཡིག་འབྲུ་དང་བཅས་པ་ལ་སེམས་གཏད་ཅིང་། ཨོཾ་ལཱཾ། ཞེས་བཟླས་པས་ཐིག་ལེ་ཡིག་འབྲུ་དང་བཅས་པ་ལས་འོད་ཟེར་འཕྲོས། རྒྱལ་བ་རྣམས་ཀྱི་སྐུ་མཉེས་པའི་མཆོད་པ་འབུལ། སྐུའི་དངོས་གྲུབ་བསྡུས། འགྲོ་བའི་གཏི་མུག་དང་ལུས་ཀྱི་སྒྲིབ་པ་སྦྱངས། ལུས་དབང་དུ་བསྡུས། སླར་འདུས་པས་འགྱུར་བ་མེད་པ་སྐུའི་དངོས་གྲུབ་ཐོབ། ཆོས་དབྱིངས་ཡེ་ཤེས་མངོན་དུ་གྱུར་པར་མོས། དེས་གཞན་རྣམས་ལ་འགྲེ །འོན་ཀྱང་སྤྱི་སྒྲུབ་ཀྱི་ཁོངས་སུ་སྒོས་སྒྲུབ་རྣམས་འདུ་བས་དམིགས་པའི་སྤྲོ་བསྡུ་སོ་སོར་སྦྱར་ཞིང་བཟླས་པ་དྲིལ་སྒྲུབ་ལྟར་བྱས་ན་ད་ལྟའི་ཉམས་ལེན་ལ་སྟབས་བདེའོ། །ཐུན་མཐར་ལྷ་མི་དམིགས་པར་བཞག་ཅིང་ཟུང་འཇུག་གི་སྐུར་ལྡངས་ཏེ་བསྔོ་སྨོན་གྱིས་རྒྱས་གདབ། གསང་སྒྲུབ་སྔ་མའི་གཤམ་དུ་འདི་ཉིད་ཞག་གྲངས་གང་འགྲུབ་བྱ། སྤྱིར་ཕྱི་ནང་གསང་གསུམ་གྱི་སྒྲུབ་པ་ཁྱད་པར་བ་རྣམས་དེ་དག་སོ་སོའི་རྒྱུན་གྱི་ཉམས་ལེན་ལ་ཟབ་ཅིང་སྟབས་བདེ་བར་སྣང་ངོ་། །ནང་སྒྲུབ་ཀྱི་ལུས་དཀྱིལ་ནི། ཐུན་མོང་བ་ལུས་ལ་ལྷ་བཀོད་པ་ཙམ་ལས། རྫོགས་རིམ་ཐུན་མོང་མ་ཡིན་པའི་སྨིན་བྱེད་དུ་འགྲོ་བའི་ལུས་དཀྱིལ་དངོས་མ་ཡིན་ཏེ། འདི་ཙམ་རྣལ་འབྱོར་རྒྱུད་དུའང་སྙིང་གའི་བདག་འཇུག་ལ་དགོངས་པའི་ལུས་དཀྱིལ་ཙམ་པོ་བ་ཞིག་གསུངས་པ་དང་སྒོ་མཐུན་པའི་ཕྱིར། གསང་སྒྲུབ་ཀྱི་ལུས་དཀྱིལ་ནི། ལྷ་ཉིད་སྔགས་ཀྱི་གཟུགས་ཀྱིས་ནི། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །ཞེས་པ་ལྟར་ངོ་བོ་ལྷ་ལ་རྣམ་པ་ཡི་གེར་བསྒོམས་པའི་ཟབ་མོའི་ལུས་དཀྱིལ་ཕྲ་ཐིག་སོགས་བསྐྱེད་རིམ་ལ་ལྟོས་པའི་རྫོགས་རིམ་རྣམས་དང་སྒོ་མཐུན་པས་ཁྱད་པར་དུ་འཕགས་པའོ། །བསྐྱེད་རིམ་ཀུན་ལ་མོས་པ་དང་ལྷའི་རྣམ་པ་བསྒོམས་པས་གྲོལ་བར་འགྱུར་བས་དེ་དག་ཤིན་ཏུ་བརྟན་པ་གལ་ཆེ། དེའི་རྒྱུ་མཚན་ཡང་ལམ་བྱེད་བཞི་ཚང་བའི་རྒྱུ་མཚན་གྱིས་ཡིན་ཏེ། དེའང་བསྐྱེད་རིམ་གྱི་དམིགས་པ་ལ་འབྲས་བུ་སངས་རྒྱས་ཀྱི་གསང་གསུམ་ཕྲིན་ལས་དང་བཅས་པར་མོས་ཤིང་ཞེན་པ་འབྲས་བུ་ལམ་བྱེད། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་པ་ཡིད་ལ་བྱེད་པ་རྣམ་པ་ལམ་བྱེད། སྒོམ་པའི་དཀྱིལ་འཁོར་དེ་དེ་བཞིན་གཤེགས་པ་རྣམས་ཀྱི་དཀྱིལ་འཁོར་དངོས་སུ་མོས་པ་མོས་པ་ལམ་བྱེད། དེ་ལྟར་རྟོག་ཅིང་མོས་པས་ལྷག་པའི་ལྷས་བྱིན་གྱིས་རློབ་པར་འགྱུར་བ་བྱིན་རླབས་ལམ་དུ་བྱེད་པའོ། །གསང་སྒྲུབ་ནི་བླ་མེད་ཀྱི་བསྐྱེད་རིམ་ཐུན་མོང་མ་ཡིན་པའི་ལུས་ཡོངས་སུ་རྫོགས་པ་ཡིན་པས་བླ་མེད་སྤྱིའི་བསྐྱེད་རིམ་དང་ཁྱད་པར་སྔ་འགྱུར་རྙིང་མའི་ལུགས་ཀྱི་རིམ་པ་དང་པོའི་གོ་དོན་ཆགས་པ་གལ་ཆེ་བར་སྣང་ངོ་། ༈ །བཞི་པ་དྲིལ་སྒྲུབ་ཡེ་ཤེས་འཁོར་ལོ་ནི། ན་མོ། རིགས་འདུས་བདེ་གཤེགས་སོགས་སྐྱབས་སེམས་ལན་གསུམ། ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་ནས། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ་གིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རང་ཉིད་བཅོམ་ལྡན་འདས་སྨན་གྱི་བླ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་ག་མདངས་དང་བཅས་པ། ཞབས་སྐྱིལ་ཀྲུང་། གཡས་ཨ་རུ་ར། གཡོན་ལྷུང་བཟེད་བདུད་རྩི་སྨན་གྱིས་གང་བ། མཚན་དཔེའི་རྒྱན་རྫོགས། ལོངས་སྤྱོད་རྫོགས་པ་སྐུའི་ཆ་ལུགས་ཅན། དར་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྙིང་མེ་ཏོག་པདྨ་སྔོན་པོ་ཁ་བྱེ་བའི་སྟེང་དུ། ཨ་ལས་ཟླ་བ། རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། སངས་རྒྱས་ལ་མཆོད་པ་ཕུལ། སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས། སྣོད་བཅུད་སྨན་དང་རིན་པོ་ཆེ་ཐམས་ཅད་ཀྱི་ནུས་པ་རོ་བཅུད་བསྡུས། ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་བླ་མ་རིགས་འདུས་རྡོ་རྗེ་སེམས་དཔའ་སྨན་རྒྱལ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་གཡས་པ་རྡོ་རྗེ། གཡོན་ཚེ་བུམ་བསྣམས་པ། ཞབས་སྐྱིལ་ཀྲུང་དུ་བཞུགས་པའི་བར་དུ་ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་ཐོད་འཛིན་པས་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་ཤིང་། ཁྲོ་འཛུམ་འགྱིང་བག་བདེ་སྟོང་ཉམས་ཀྱིས་དགྱེས་བཞིན་པར་གྱུར། དངོས་སུ་འབྱོར་དང་སོགས་ཤློ་ཀ་གཅིག་གི་གཤམ་དུ། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ག་ཎ་གུ་ཧྱ་པཱུ་ཛ་ཧོཿ ཞེས་མཆོད། ཧཱུྃ། ཆོས་སྐུའི་བླ་མ་སྤྲོས་མེད་ཁྱབ་གདལ་ངང་། །ལོངས་སྤྱོད་རྫོགས་སྐུ་བདེ་ཆེན་རོལ་པའི་དབྱིངས། །སྤྲུལ་སྐུ་གང་ལ་གང་འདུལ་འགྲོ་དོན་མཛད། །རིགས་འདུས་བླ་མ་སྨན་རྒྱལ་རྡོ་རྗེ་འཛིན། །ཀུན་བཟང་འགྱུར་མེད་སྐུ་ལ་ཕྱག་འཚལ་བསྟོད། །འགག་མེད་ཚངས་དབྱངས་གསུང་ལ་ཕྱག་འཚལ་བསྟོད། །མཐའ་བྲལ་དྲི་མེད་ཐུགས་ལ་ཕྱག་འཚལ་བསྟོད། །ལུས་བདེ་ངག་ནུས་སེམས་རྟོགས་བྱིན་གྱིས་རློབས། །ཞེས་བསྟོད། ཧཱུྃ། རིགས་འདུས་རྒྱལ་བ་རྡོ་རྗེ་སེམས། །རང་རིག་ཆོས་སྐུའི་བླ་མ་ལ། །སྒོ་གསུམ་གུས་པས་གསོལ་བ་འདེབས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཞུ། །ཞེས་གསོལ་བ་ལན་གསུམ་གདབ། བླ་མའི་ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཚོན་གང་བའི་ལྟེ་བར་ཉི་མའི་དཀྱིལ་འཁོར་སྲན་མ་ཕྱེད་གཤགས་ཙམ་གྱི་སྟེང་དུ། ཧཱུྃ་ཡིག་བཻ་ཌཱུརྻའི་མདོག་ཅན་སྤུས་བྲིས་པ་ཙམ་གྱི་མཐར། སྔགས་ཕྲེང་འཁོར་བ་ལས་འོད་ཟེར་འཕྲོས། ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཕོག་གཞལ་ཡས་ཁང་དུ་གྱུར། ནང་བཅུད་ཀྱི་སེམས་ཅན་ལ་ཕོག་ཡི་དམ་ལྷའི་གོ་འཕང་ལ་བཀོད། རྒྱལ་བ་ཐམས་ཅད་ལ་ཟག་པ་མེད་པའི་མཉེས་མཆོད་འབུལ། ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་བསྡུས། ཚུར་འདུས་རང་གི་ཐུགས་ཀར་ཐིམ་པས་འགྱུར་བ་མེད་པའི་བདེ་བ་ཆེན་པོ་རྒྱུད་ལ་སྐྱེས་པར་བསམ། ཨོཾ་བཛྲ་གུ་རུ་གུ་ཎ་སིདྡྷི་ཧཱུྃ། ཞེས་བཟླ། སླར་ཡང་ཐུགས་ཀའི་སྔགས་ཕྲེང་འོད་ཟེར་དང་བཅས་པ་གྱེན་དུ་བྱུང་། ཡབ་ཀྱི་ཞལ་ནས་ཐོན། ཡུམ་གྱི་ཞལ་དུ་ཞུགས། ཡུམ་གྱི་ཐུགས་རྒྱུད་མཉེས་པར་བྱས། ཡུམ་གྱི་གསང་གནས་ནས་ཐོན། ཡབ་ཀྱི་རྡོ་རྗེའི་ལམ་ནས་ཞུགས། ཐུགས་ཀར་འཁོར་བ་ལ་དམིགས་པ་གཏད་ལ་བཟླ། ཐུན་འཇོག་ཁར་སྨན་གྱི་དངོས་གྲུབ་བསྡུ་བའི་སྔགས་ཚར་ཁ་ཤས་ཀྱང་བཟླ་བར་བྱའོ། །འཆི་བ་བསླུ་ཞིང་ཚེ་བསྲིང་ན། ཐུགས་ཀའི་བླ་མ་ཡབ་ཡུམ་ཚེ་དཔག་མེད་དམར་པོ་ཚེ་བུམ་འཛིན་པར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་འཕྲོས་འཁོར་འདས་སྣང་སྲིད་ཐམས་ཅད་ཀྱི་ཚེ་བཅུད་དང་། རང་གི་བླ་ཚེ་ཡར་བ་ཐམས་ཅད་བདུད་རྩི་འོད་ཟེར་དམར་པོའི་ཚུལ་དུ་བསྡུས་ཕྱག་གི་ཚེ་བུམ་ལ་ཐིམ། དེ་ལ་གསོལ་བ་དུང་པ་བཏབ་པས། ཚེ་བུམ་ལུད་དེ་བདུད་རྩིས་ལུས་ཀྱི་ནང་གང་ནད་གདོན་སྡིག་སྒྲིབ་དང་། གདོན་གྱིས་བྱད་དུ་བཅུག་པ་ཐམས་ཅད་དག །བ་སྤུ་དང་དབང་པོའི་སྒོ་རྣམས་སུ་ཉུག་ཉུག་ཐོན་པ་ལས། གསེར་གྱི་རྡོ་རྗེ་ནས་འབྲས་ཙམ་གྱིས་གཏམས། འཆི་མེད་ཚེའི་རིག་འཛིན་ཐོབ་པར་བསམ་ནས་སྔགས་ཤམ་དུ། ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་ཧཱུྃ་བྷྲཱུྃ། ཞེས་བཟླས་པས་འཆི་ལྟས་ཐམས་ཅད་བཟློག་པར་འགྱུར་ཞིང་། ཚེ་ལ་དབང་བའི་རིག་འཛིན་ཐོབ་པར་གདོན་མི་ཟ་བར་གསུངས་སོ། །ཐུན་མཐར་གོང་བཞིན་མཆོད་བསྟོད་དང་འདོད་དོན་གསོལ་བ་གདབ་ལ། སྣང་སྲིད་དག་པའི་འཁོར་ལོར་གྱུར། །རང་ལ་ཐིམ་ཞིང་རང་ཉིད་ཀྱང་། །སྙིང་གའི་བླ་མ་ཉིད་ལ་ཐིམ། །དེ་ཡང་རིམ་འདུས་ཆོས་དབྱིངས་ཀློང་། །སླར་ཡང་སྐད་ཅིག་གཟུགས་ཀྱི་སྐུས། །འཁོར་བ་ཇི་སྲིད་འགྲོ་དོན་བྱ། །དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་སོགས་དགེ་བསྔོ་བྱའོ། །འདི་ནི་ཉམས་རྟགས་གསལ་བྱེད་ལྟར་ན། ཕྱི་ནང་གསང་བའི་བསྙེན་སྒྲུབ་རྒྱས་པ་སྔོན་དུ་སོང་ནས་སྤོོག་ཆོག་གི་ཚུལ་དུ་འདི་ལ་གནད་དུ་བསྣུན་པས་གྲུབ་པའི་རྟགས་མཐར་དབྱུང་བའི་ཚུལ་དུ་གསལ་ཞིང་། འོན་ཀྱང་ཕྱི་ནང་གསང་སྒྲུབ་ཀྱི་དོན་དངོས་སུ་ཚང་བའི་དྲིལ་སྒྲུབ་ནི་མིན་པས། སྔ་མ་རྣམས་སྔོན་དུ་སོང་རུང་མ་སོང་རུང་རྒྱུན་གྱི་ཉམས་ལེན་འཇུག་བདེ་སྙིང་པོར་དྲིལ་བ་ཟབ་ཅིང་བྱིན་རླབས་དང་ལྡན་པའོ། ༈ །ལྔ་པ་ཕྲིན་ལས་ཀྱི་སྦྱོར་བ་ནི། ཕྱི་ནང་གསང་བའི་སྒྲུབ་པ་སྔོན་དུ་སོང་ནས། འཆི་བདག་བདུད་འཇོམས་ལྟར་ཚེ་སྒྲུབ་པ་དང་། མཁའ་འགྲོ་བཞིའི་སྒོས་སྒྲུབ། དམ་ཅན་སྡེ་དགུ །ལྷ་སྨན་གྱི་པྲ་སྒྲུབ་ལ་སོགས་པའང་སྤྲོ་ཞིང་ནུས་ན་གཞུང་གསལ་ལྟར་བྱ་ཞིང་། དེ་ལས་ཚེ་སྒྲུབ་ནི། དེའི་བཅས་བཤམས་ལ་ལས་བྱང་མངོན་རྟོགས་མཆན་གསལ་ལྟར་ཁ་བསྒྱུར་རང་གཞུང་དམིགས་བཟླས་ཚེ་འགུགས་སྦྱར་བ་མ་གཏོགས་གཞན་ལས་བྱང་གིས་ཁོག་དབུབ་གསང་སྒྲུབ་ཐུན་མོང་བ་ལྟར་བྱས་པས་འགྲུབ། དམ་ཅན་སྡེ་དགུ་ལ་དེའི་རྟེན་བཤམས། བདག་བསྐྱེད་ལས་བྱང་དང་མདུན་བསྐྱེད་རང་གཞུང་བཏང་ལ་དམིགས་བཟླས་མཆོད་བསྟོད་གཏོར་འབུལ་སོགས་བྱ་ཞིང་དེ་དང་པྲ་སྒྲུབ་ལ་ཆགས་མེད་རིན་པོ་ཆེས་མཛད་པའི་ཟིན་དང་ཡིག་ཆ་ལུང་རྒྱུན་བཅས་བཞུགས་པར་སྣང་བ་མ་ཟད། གཞུང་ཞལ་གསལ་བས་འདིར་རྒྱས་པར་མ་སྤྲོས་སོ། །ཕྱི་ནང་གསང་དྲིལ་བཞི་པོ་དེའང་སྔ་མ་སྔ་མ་སྔོན་དུ་སོང་ནས་ཕྱི་མ་ཕྱི་མ་ལ་འཇུག་པ་དང་། དེའང་སོ་སོའི་གྲངས་ཚད་མཐར་དབྱུང་བ་སོགས་ནི་མཆོག་ཡིན་ལ། ཡིད་ལ་འཐད་ཅིང་ལག་ཏུ་ལེན་གང་བདེ་བ་དེ་ཉིད་ཁོལ་འདོན་དུ་བསྒྲུབས་ཀྱང་མི་རུང་བ་མེད་དོ། །ཕྱི་སྒྲུབ་བླ་མའི་རྣལ་འབྱོར་གྱི་ཚུལ། ནང་སྒྲུབ་སྨན་བླའི་བསྐྱེད་རྫོགས་ཁ་ཚང་། གསང་སྒྲུབ་རྩ་གསུམ་ཀུན་འདུས་ཀྱི་དཀྱིལ་འཁོར། དྲིལ་སྒྲུབ་ཉམས་ལེན་རྒྱུན་ཁྱེར་རེ་རེ་ནས་རང་རྐང་ཚུགས་པ་ཡིན་པའི་ཕྱིར་རོ། །སྙན་བརྒྱུད་གསང་སྒྲུབ་ཟུར་མཁར་བ་མཉམ་ཉིད་རྡོ་རྗེ་ལ་ཉེ་བརྒྱུད་དུ་བབས་པ་ཕྱི་ནང་གསང་གསུམ་གྱི་དོན་ཚང་བའི་སྤྲོས་མེད་རྒྱུན་གྱི་ཉམས་ལེན་ཟབ་མོའི་མཐར་ཐུག་ཏུ་གདམས་པར་མཛད་ཅིང་། འབྲེལ་འཇོག་ལ་གཞན་ཉམས་སུ་མ་ལོན་ཀྱང་འདི་ཉིད་ཞག་བདུན་ལ་སོགས་པ་ཆེད་དུ་ཉམས་ལེན་བགྱིས་ཀྱང་ཤིན་ཏུ་ལེགས་ལ། འོན་ཀྱང་བསྐྱེད་རིམ་མ་འབྱོངས་པའམ་མི་གསལ་བ་ལྟ་བུ་ལ་ཅུང་ཟད་བསྒོམ་དཀའ་བ་ལྟར་སྣང་བས་འདིར་དཀྱུས་སུ་མ་བྲིས་ཀྱང་གཞུང་ཉིད་དུ་ཆེས་གསལ་བས་ལྷན་ཐབས་མི་དགོས་པར་སྣང་ངོ་། །ཉམས་ལེན་ལ་ཆེད་དུ་སྤྲོ་བའི་གང་ཟག་འཇིག་རྟེན་གྱིས་མགོ་བོ་མ་འཁོར་བར། མི་ཚེ་སྟོང་ཟད་དུ་གཏང་མི་བྲ་བ་སྙིང་ལ་རུས་པ་ཡོད་པ་དག་གིས་ནི་བསྐྱེད་རིམ་ལ་བསྙེན་སྒྲུབ་སྔོན་དུ་སོང་ནས། རྫོགས་རིམ་སྐུ་གསུམ་རང་ཤར་ལ་འཇུག་སྟེ་ཚེ་གཅིག་གིས་འགྲོ་ཀུན་འཚོ་མཛད་རིགས་འདུས་བླ་མ་སྨན་པའི་རྒྱལ་པོའི་གོ་འཕང་ཐོབ་པར་བྱ་ཞིང་། དེའི་ཁྲིད་སྲོལ་གྱི་རྒྱུན་ཕུལ་དུ་བྱུང་བའང་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་ཐམས་ཅད་མཁྱེན་པ་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞབས་ལ་བཞུགས་པ་ཡིན་ནོ། །ཟབ་མོའི་བླ་སྒྲུབ་ཕུལ་དུ་བྱུང་བ་འདི་ཉིད་ཅུང་ཟད་ཙམ་བསྒྲུབས་པས་རྟགས་བྱིན་རླབས་ཡིད་ཆེས་པ་བྱུང་བ་སྐྱེས་ཆེན་མང་པོའི་གསུང་གི་རྒྱུན་ལས་གསལ་ཞིང་། དེའང་རྗེ་གཡུ་ཐོག་པ་ཉིད་ཀྱི་གསུངས་ལས། དུས་སྙིགས་མའི་སེམས་ཅན་བསོད་ནམས་ཆུང་། །ང་མཐོང་ང་མིང་ཐོས་པ་ཉུང་། །མཐོང་ཐོས་དྲན་རེག་དད་པ་ལ། །བྱང་ཆུབ་བླ་མེད་མྱུ་གུ་བསྐྲུན། །བསྐལ་པར་བསགས་པའི་སྡིག་པ་སྦྱངས། །ཚེ་འདིའི་མི་མཐུན་བར་ཆད་ཟློག །རང་འཚེངས་གཞན་འཚེངས་གཉིས་ཀ་འཚེངས། །དེ་ཡི་རྗེས་སུ་སློབ་ཚད་འཚེངས། །ང་ལ་ལོག་ལྟའི་སེམས་ཅན་ཡང་། །གནོད་བྱེད་བདེ་བར་འབྲེལ་བའི་ཕྱིར། །བདེ་ནས་བདེ་བར་འདྲེན་པར་བྱ། །འདི་ལ་ཐེ་ཚོམ་ཡོད་རེ་ཀན། །ལར་རང་ལ་བློ་སྙིང་གཏད་ནུས་ན། །གསོལ་བ་ཕུར་ཚུགས་འདེབས་ནུས་ན། །ཐེ་ཚོམ་ཡིད་གཉིས་སྤོང་ནུས་ན། །ཚེ་གཅིག་སྐྱབས་གནས་རེ་བ་ན། །དེ་མ་ཐག་ཏུ་སྒྲིབ་གཉིས་སྲབ། །དངོས་ཉམས་རྨི་ལམ་ང་འཕྲད་ནས། །གནས་སྐབས་མཐར་ཐུག་ལམ་མཆོག་སྟོན། །ཅེས་དང་། བླ་མ་གཞན་ལ་གསོལ་བ་མི་ཚེ་རིལ་པོར་བཏབ་པ་བས། ཁོ་བོ་ལ་ལོ་རུ་བཏབ་པ་བསོད་ནམས་ཆེ། གཞན་ལ་ལོ་རུ་བཏབ་པ་ལས་ཁོ་བོ་ལ་ཟླ་བ་རུ་བཏབ་པས་བསོད་ནམས་ཆེ། གཞན་ལ་ཟླ་བར་བཏབ་པ་བས་ཁོ་བོ་ལ་ཞག་དང་ཟ་མ་དང་སྐད་ཅིག་ཙམ་བཏབ་པ་བྱིན་རླབས་ཆེས་མྱུར་ཏེ། འདི་མི་བདེན་པར་གདའ་ན་ཁོ་བོ་ངས་སེམས་ཅན་བསླུས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་བདག་གི་མགོ་བོ་ཨརྫ་ཀའི་དོག་པ་བཞིན་དུ་ཚལ་པར་ཁོས་ཤིག་གསུངས་པ་ལྟར། སྤྱིར་ཐུགས་བསྐྱེད་སྨོན་ལམ་གྱི་མཐུས་སྙིགས་དུས་ཀྱི་གདུལ་བྱ་ལ་རྗེ་བཙུན་འདི་ཉིད་ཐུགས་རྗེ་དང་བྱིན་རླབས་ཁྱད་པར་འཕགས་པ་དང་། སྒོས་སུ་བླ་སྒྲུབ་འདི་བྱིན་རླབས་ཤིན་ཏུ་མྱུར་བའང་། དེ་ཉིད་ཀྱི་གསུང་ལས། སྒྲུབ་པ་དང་འགྲུབ་པ་དུས་མཉམ་གྱི་བྱིན་རླབས་མེད་ན་སྙིགས་མའི་སྐྱེ་བོ་འདོད་ཐག་ཉེ་ཞིང་སྙིང་རུས་ཆུང་བས་ཉམས་ལེན་ཡུན་བསྲིང་མི་ནུས་ཤིང་། ཁོ་བོའི་སྲོག་སྒྲུབ་འདི་ཉིད་གང་ཟག་དད་ཅན་གྱིས་མ་ཡེངས་པར་ཞག་བདུན་བསྒྲུབས་ན། རབ་དངོས། འབྲིང་ཉམས། ཐ་མ་རྨི་ལམ་དུ་བདག་གིས་ཞལ་ལེགས་པར་བསྟན་ནས། གདམས་པ་དང་རྗེས་སུ་བསྟན་པར་བགྱི་བ་དམ་བཅའ་ཡིན་ནོ། །ཞེས་པ་བདེན་གསུང་བསླུ་བ་མེད་པའི་སེང་གེའི་སྒྲ་དབྱངས་ཆེན་པོ་བསྒྲགས་པ་ལ་ཐེ་ཚོམ་མེད་པའི་ཡིད་ཆེས་དང་ལྡན་པས་རབ་བསྐྱེད་རྫོགས་ཀྱི་ཉམས་ལེན། འབྲིང་བསྙེན་སྒྲུབ་ཀྱི་བཟླས་སྒོམ། ཐ་མའང་འབྲེལ་འཇོག་དང་རྒྱུན་གྱི་རྣལ་འབྱོར་ཙམ་རེ་གཡར་དམ་དུ་འཆའ་བར་བྱས་ན་འབད་རྩོལ་མེད་པར་དོན་གཉིས་ལྷུན་གྱིས་གྲུབ་པར་འགྱུར་རོ། །གང་གི་ལྷག་པའི་བཀའ་དྲིན་ཐུགས་རྗེའི་སྟོབས། །མོས་པས་བསྔགས་དང་རབ་བརྟགས་ཙམ་མིན་པར། །ད་ལྟའང་སྐྱེ་བོ་ཀུན་ལ་མངོན་སུམ་པ། །འཚོ་མཛད་སྨན་པའི་རྒྱལ་པོ་གཡུ་ཐོག་པས། །གདུལ་བྱ་སྤྱི་ལ་གསོ་བ་རིག་པ་དང་། །ཐུན་མོང་མིན་ལ་ལམ་ཟབ་སྙིང་ཐིག་གིས། །གངས་ཅན་སྐྱེ་དགུ་མཐའ་དག་ཕྱམ་གཅིག་ཏུ། །ལྟ་ན་སྡུག་པའི་ཞིང་དུ་དབུགས་དབྱུང་མཛད། །ཟབ་མོ་བདག་ལྟའི་ཁོངས་སུ་ཆུད་མིན་ཀྱང་། །མུན་ལ་སྣང་བ་ཇི་བཞིན་ཀུན་མཁྱེན་རྗེའི། །བཀའ་དྲིན་ལ་བརྟེན་ཅི་ནུས་བཀྲོལ་བ་ལ། །ནོངས་གྱུར་རྩ་གསུམ་སྲུང་མར་བཅས་ལ་བཤགས། །འདི་བྲིས་དགེ་བས་མ་གྱུར་སྐྱེ་དགུ་ཀུན། །རིགས་འདུས་བླ་མ་མཆོག་གིས་རྗེས་བཟུང་སྟེ། །ཉེས་ལས་རྣམ་གྲོལ་བཻ་ཌཱུརྻ་ཡི་འོད། །བླ་མེད་སྨན་པའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདིའང་ཁྱབ་བདག་འཁོར་ལོ་སྡོམ་པ་བཀྲ་ཤིས་ཟུར་མང་གི་སེང་གེའི་ཁྲི་འཛིན་བསྟན་འཛིན་སྒྲུབ་བརྒྱུད་དགེ་ལེགས་ཉི་མའི་ཞལ་སྔ་ནས་སྐྱེས་དང་བཅས་ཡུན་རིང་ནས་བསྐུལ་མ་གནང་བ་དང་། ཉེ་ཆར་ཐམས་ཅད་མཁྱེན་གཟིགས་རིགས་ཀུན་བདག་པོ་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྨན་གྱི་ནོར་བུ་བཀྲ་ཤིས་པའི་གྲངས་ལྡན་སོགས་གྱ་ནོམ་པའི་སྐྱེས་དང་བཅས་རྗེས་སུ་གནང་བ་ལས། སླར་ཡང་རྗེ་ཉིད་ལ་བཀའི་གནང་བ་དང་དཀའ་བའི་གནད་ལ་བཀའ་འདྲི་ཞིབ་མོར་ཞུས་ཏེ། སྨན་བླ་གཉིས་པ་བསྟན་པའི་ཉིན་བྱེད་ཀྱི་བཀའ་བརྒྱུད་འཛིན་པའི་གཟུགས་བརྙན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས། ལྟ་ན་སྡུག་གཉིས་པ་དཔལ་ཀུན་སྤུངས་པའི་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་དགའ་ཚལ་དུ་སྦྱར་བ་དགེ་ལེགས་འཕེལ།།།།
དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས། བདུད་འདུལ་རྡོ་རྗེ་གྲོ་ལོད་ཀྱི་དབང་ཆོག་བྱིན་རླབས་སྤྲིན་འཕྲོ་བཀའ་རྒྱ་མ་མཚམས་སྦྱོར་གྱིས་བརྒྱན་པ་ (Volume 13, Text 5)
༄༅། །དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས། བདུད་འདུལ་རྡོ་རྗེ་གྲོ་ལོད་ཀྱི་དབང་ཆོག་བྱིན་རླབས་སྤྲིན་འཕྲོ་བཀའ་རྒྱ་མ་མཚམས་སྦྱོར་གྱིས་བརྒྱན་པ་བཞུགས་སོ། ། ན་མོ་གུ་རུ་པདྨ་ཀྲོ་དྷཱ་ཡ། བདུད་བཞིའི་དཔུང་འཇོམས་མ་རུངས་གདུག་པ་འདུལ། །དངོས་གྲུབ་མྱུར་སྩོལ་རྡོ་རྗེ་གྲོ་ལོད་དང་། །དབྱེར་མེད་ནུས་ལྡན་རྗེ་ལ་གུས་འདུད་ན། །གནང་བ་སྩོལ་ཞིང་ཡེ་ཤེས་མཆོག་སྦྱིན་མཛོད། །སངས་རྒྱས་ཀུན་འདུས་པདྨ་ཡི། །ཐུགས་ཐིག་རྗེན་ཕྱུང་ཡང་གསང་དབང་། །མཚན་ལྡན་སྣོད་བཅུད་འཛོམ་པའི་ཚེ། །གཞུང་མཐུན་ཕྱག་ལེན་འདི་ལྟར་བྱ། །བདེ་གཤེགས་འདུས་པའི་གསང་སྒྲུབ་ཟབ་མོ་འདིའི་སྒོ་ནས་སློབ་མ་རྗེས་སུ་བཟུང་བ་ལ་གསུམ། སྔོན་འགྲོ་བཤམ་བཀོད། དངོས་གཞི་སྒྲུབ་མཆོད་དང་དབང་། རྗེས་ཀྱི་བྱ་བའི་རིམ་པའོ། །དང་པོ་ནི། དབེན་ཞིང་བྱིན་རླབས་ཀྱི་ཟིལ་དང་ལྡན་པའི་གནས་སུ་ཡར་ངོའི་ཚེས་བཅུ་ཁེལ་ན་ལེགས་ཤིང་གང་ལྟར་དུས་ཁྱད་པར་ཅན་ལ་སྟེགས་བུའི་སྟེང་དུ་གཞུང་མཐུན་གྱི་དཀྱིལ་འཁོར་རམ། མཎྜལ་ལ་མེ་ཏོག་དམར་པོའི་ཚོམ་བུ་དབུས་སུ་གཅིག །དེ་རྒྱབ་བརྒྱད། དེ་རྒྱབ་ཕྱོགས་བཞིར་བཞི་བཀོད། དེ་སྟེང་མཉྫིར་བུམ་པ་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་གྱིས་སྤྲས་པ། རྒྱབ་ཏུ་དཔལ་གཏོར་དར་གདུགས་ཅན། མདུན་དུ་སྐུ་ཙཀ་གཙོ་འཁོར་བཅུ་བཞི་ཚང་བ། གཡས་གཡོན་དུ་བནྡྷ་མཚན་ལྡན་ནང་བདུད་རྩི་ཆོས་སྨན་དང་མངར་གསུམ་སྦྱར་བའི་ཆང་བླུགས་པ། ཕྱག་མཚན་རྡོ་རྗེ། ལྕགས་ཕུར་ལྕགས་སྡིག །ཧཱུྃ་ཡིག་འཇའ་འོད་ཅན་དང་རཀྵའི་ཕྲེང་བ། སྣ་ཚོགས་རྡོ་རྗེ་འཇའ་འོད་ཅན། ཧཱུྃ་ཡིག་རིགས་ལྔ་སོ་སོ་བ། ཧཱུྃ་དམར་ཉེར་གཅིག་ཕྱོགས་གཅིག་བྲིས་པའི་ཙཀ་ལི་རྣམས་བཞག །སྨན་རག་དང་མཆོད་པ་རྣམ་བདུན་སོགས་སྤྱི་ལྟར་བཤམ། ཚོགས་ཀྱི་ཡོ་བྱད་སོགས་འདུ་བྱའོ། །གཉིས་པ་ལ་ཐོག་མར་སྒྲུབ་མཆོད་ནི། གསོལ་འདེབས་དང་། ལས་གཞུང་ནོར་བུའི་ཕྲེང་བ་མཐར་ཆགས་སུ་བཏང་སྟེ་བདག་མདུན་དབྱེར་མེད་འཁོར་འདས་རོ་མཉམ་སྣང་སྲིད་དག་པ་རབ་འབྱམས་ཆེན་པོའི་ངང་རྩ་བསྙེན་དང་སྤྱི་དྲིལ་ཅི་ནུས་ཧཱུྃ་བཟླས་བཅས་བྱ། ལས་དང་པོ་པ་རྟོགས་པས་མ་ཆུན་ན་ཛཔ྄་ཁང་དབྱེ་བ་དང་བུམ་བཟླས་ཟུར་དུ་བྱས་ཀྱང་ཆོག །བཟླས་པ་གྲུབ་ནས་སྟོང་ཚིགས་ཕུལ། སྲུང་མ་ཞིང་སྐྱོང་དབང་པོ་སོགས་ཀྱི་གཏོར་འབུལ། ཚོགས་བྱིན་རླབས་ནས་ཞལ་བསྟབ་པར་བྱ། རིག་པའི་མེ་ཏོག་དོར་བའམ་གདོད་ནས་མཉམ་ཉིད་ཆེན་པོའི་དཀྱིལ་འཁོར་དུ་དོན་གྱི་དགོངས་པ་གཅིག་པས་འཇུག །དེ་ནས་དབང་བསྐུར་བ་ནི། སྣོད་དང་ལྡན་པའི་སློབ་མ་ཧ་ཅང་མང་པོ་མ་ཡིན་པ་ཁྲུས་ནས་དབྱུང་། བགེགས་གཏོར་བྱིན་རླབས་སྤྱི་ལྟར་བྱས་ལ་མགྲོན་འགུགས། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོ། ལས་བྱང་ལྟར། ཧཱུྃ་ཧྲཱི༔ ང་ནི་ཆེ་མཆོག་སོགས་ཀྱིིས་བཀའ་བསྒོ། ཧཱུྃ་ཧྲཱི༔ བདག་ཉིད་དཔལ་ཆེན་སོགས་ཀྱིས་མཚམས་བཅད་ལ་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། དེའང་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་གཅིག་ཏུ་བསྡུས་པ། དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་གུ་རུ་རིན་པོ་ཆེ་རྡོ་རྗེ་ཐོད་པའི་ཕྲེང་བ་རྩལ་འཆང་གང་ཉིད་བོད་ཡུལ་གདོང་དམར་མུན་པའི་གླིང་དུ་བསྟན་པའི་སྒྲོན་མེ་སྤར་བར་མཛད་པའི་སྐབས་སུ། མ་རུངས་གདུལ་བར་དཀའ་བའི་མི་དང་མི་མ་ཡིན་ལྷ་སྲིན་གདུག་པ་ཅན་མཐའ་དག་འདུལ་བའི་སླད་དུ་གསང་བ་བསམ་གྱིས་མི་ཁྱབ་པའི་ཆོ་འཕྲུལ་ཆེན་པོས། གཉེན་པོ་སྟོབས་ཀྱི་ཕྱག་རྒྱ་འབར་བའི་ཁྲོ་རྒྱལ་འཇིག་རྟེན་གསུམ་ན་ཆེ་བའི་མཆོག་གི་སྐུར་བཞེངས་པ་རྡོ་རྗེ་གྲོ་བོ་ལོད་ཅེས་མཚན་ཙམ་གྱིས་ཀྱང་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པར་མཛད་པའི་ཡེ་ཤེས་ཁྲོ་བོ་ཆེན་པོ་འདིའི་སྒྲུབ་ཐབས་རྒྱས་བསྡུས་མཐའ་ཡས་པ་མཆིས་པ་ལས། སྐབས་སུ་བབས་པ་འདི་ནི། གཏེར་གཞུང་ལས། བདག་འདྲ་བདུད་འདུལ་རྡོ་རྗེ་ངས༔ གནོད་སྦྱིན་རྫོང་གི་དུར་ཁྲོད་དུ༔ རང་གི་སྒྲུབ་པ་རང་གིས་བྱས༔ ཁྱད་པར་གངས་ཅན་རི་ལྗོངས་འདིར༔ ཡང་གསང་སྒྲུབ་པ་མང་སྦས་ཀྱང༔ འདི་ནི་སྙིང་གི་ནང་གི་ཡང་སྙིང་མིན་རེ་ཀན༔ དཔེར་ན་སྙིང་ཁྲག་དངོས་དང་མཚུངས༔ ཞེས་ཆེད་དུ་བསྔགས་པ་དོན་དང་ལྡན་པའི་བྱིན་རླབས་ནུས་སྟོབས་གཞན་ལས་ཀྱང་ཁྱད་པར་དུ་འཕགས་པའི་ཟབ་ཆོས་ཏེ། ས་བཅུའི་དབང་ཕྱུག་སྤྲུལ་པའི་གཏེར་ཆེན་བདུད་འདུལ་ནུས་ལྡན་རྡོ་རྗེས་ཚ་བ་སྒྲོ་བྲག་བན་རི་པདྨ་འོད་ནས་འགག་མེད་རྫུ་འཕྲུལ་གྱི་རོལ་པས་སྤྱན་དྲངས་པའི་དམ་ཆོས་སྤྲུལ་སྐུ་སྙིང་ཐིག་གི་ཆོས་སྡེ་ལས་བྱོན་པ་བླ་མའི་གསང་སྒྲུབ་ཀྱི་དབང་བསྐུར་བྱིན་རླབས་སྤྲིན་འཕྲོ་བཀའ་རྒྱ་ཅན་ཡིན་ཏེ། གཞུང་ལས། དབང་འདི་ལན་གཅིག་འབྲེལ་བས་ཀྱང༔ སྐྱེ་མེད་ཆོས་སྐུ་མ་འགྲུབ་ན༔ པད་འབྱུང་བཀའ་ལ་བདེན་པ་འགྲུབ་རེ་ཀན༔ འདས་ཚེ་འཇའ་འོད་ས་གཡོས་དང༔ གདུང་རིགས་ལྔ་དང་རིང་བསྲེལ་ཡིག་འབྲུ་ཕྱག་མཚན་ངེས་པར་འབྱུང༔ དབང་འདི་ལན་གཅིག་འབྲེལ་ཐོབ་ན༔ གསང་སྔགས་དཀྱིལ་འཁོར་ཀུན་གྱི་དབང་རྫོགས་ངེས༔ ཁོ་བོའི་སྒྲུབ་ཐབས་ཟབ་དོན་མང་སྦས་ཀྱང༔ བདེ་གཤེགས་ཀུན་འདུས་ཐུགས་ཐིག་དྭངས་མ་མཆོག༔ འདི་འདྲ་ས་འོག་ཀུན་ཏུ་ཡོད་རེ་ཀན༔ ཞེས་རྡོ་རྗེའི་གསུང་གིས་མངོན་པར་བསྔགས་པའི་སྨིན་བྱེད་ཟབ་མོ་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སྔོན་ཆད་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་། དཀྱིལ་འཁོར་པ་དང་མཇལ་བའི་ཕྱག་རྟེན་དུ་མེ་ཏོག་གི་ཕྲེང་བ་ཐོགས་པར་མོས་ལ་འབྲུ་གསུམ་བརྗོད། ཐོག་མར་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་བླ་མ་ཡེ་ཤེས་ཀྱི་དཀྱིལ་འཁོར་རྩ་གསུམ་རྒྱལ་བའི་ལྷ་ཚོགས་ཡེ་རྫོགས་ཁྱབ་བརྡལ་ཆེན་པོར་བཞུགས་པ་ལ་བདག་གཞན་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་སྒོ་གསུམ་རྩེ་གཅིག་གུས་པས་སྐྱབས་སུ་འགྲོ་བ་དང་། སེམས་ཅན་གྱི་དོན་དུ་བྱང་ཆུབ་མཆོག་ཏུ་སྨོན་པ་སེམས་བསྐྱེད་པ་དང་འཇུག་པའི་སྤྱོད་པ་ལ་བསླབ་པར་དམ་འཆའ་བ་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ༔ དུས་འདི་ནས་བཟུང་སོགས་ལས་བྱང་ལྟར་ལན་གསུམ། འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་ནས་སྐུ་གསུམ་གྱི་རང་བཞིན་ཁོ་ནར་རྫོགས་པ་ལ་འཁྲུལ་པ་ཡེ་དག་ཚོགས་ཆེན་ཡེ་རྫོགས་ཀྱི་དགོངས་པ་གསལ་འདེབས་བཞིན་པས་ཡན་ལག་བདུན་པ་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃ༔ ཆོས་རྣམས་ཐམས་ཅད་སོགས་ལན་གསུམ། བླ་མ་དཀྱིལ་འཁོར་གྱི་འཁོར་ལོ་ཐ་མི་དད་པའི་སྤྱན་སྔར་གུས་པ་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧྲཱི༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ རྗེ་བཙུན་བླ་མ་པདྨ་ཐོད་ཕྲེང་རྩལ༔ བདག་ཅག་སྐལ་ལྡན་བུ་མཆོག་ཀུན༔ དཔའ་བོ་ཆེན་པོས་རྗེས་ཟུངས་ལ༔ སྨིན་གྲོལ་དབང་མཆོག་དམ་པ་བསྐུར་དུ་གསོལ༔ ལན་གསུམ། དབང་གི་ཡེ་ཤེས་སྣོད་བཅུད་དཀྱིལ་འཁོར་གྱི་རྟེན་འབྲེལ་ཚོགས་པ་ལས་ཐོབ་ཀྱང་དེ་ཉིད་འཛིན་པ་ནི་དམ་ཚིག་དང་སྡོམ་པ་ལ་རགས་ལས་པས་ནུས་པ་འདྲི་བ་འདི་ལ་གསན་འཚལ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ་མཆོག་ཀུན༔ དལ་འབྱོར་མི་ལུས་ཐོབ་པ་གྲངས་མང་ཡང༔ ཡང་གསང་བླ་མེད་དཀྱིལ་འཁོར་འདིར༔ འཇུག་པའི་སྐལ་ལྡན་ལས་འཕྲོ་ཅན༔ བརྒྱ་ལམ་ན་ནི་རེས་འགའ་ཙམ༔ སྔོན་བསགས་བསོད་ནམས་ཚོགས་ལས་བྱུང༔ རྩ་གསུམ་དམ་ཚིག་བསྲུང་ནུས་སམ༔ ཞེས་དྲིས་པའི་ལན་གསོལ་བ་འདིའི་རྗེས་ཟློས༔ དུས་གསུམ་བླ་མ་དགོངས་སུ་གསོལ༔ སྔོན་ཆད་ཆགས་ཉམས་ཅི་མཆིས་པ༔ དུས་གསུམ་བླ་མའི་སྤྱན་སྔར་བཤགས༔ དེང་ནས་སྒོ་གསུམ་བླ་མ་རྗེ་ལ་འབུལ༔ ལེགས་ཉེས་སྐྱིད་སྡུག་ཐམས་ཅད་ཁྱེད་རང་ཤེས༔ དེ་ནས་དབང་གི་གཞི་རྟེན་ཡེ་ཤེས་པ་དབབ་པ་ལ་ཁྱེད་རང་རྣམས་ལུས་གནད་བསྲང་། ངག་རླུང་འཆིང་། སེམས་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྣམས་རྩེ་གཅིག་ཏུ་སྒོམས་ཤིག །ཧཱུྃ་ཧྲཱི༔ རང་བྱུང་ཡེ་ཤེས་ལྔ་ལྡན་དལ་དབུས་སུ༔ སོགས་ནས། ཡེ་ཤེས་མེ་དཔུང་འབར་བའི་ཀློང་དུ་བསྐྱེད༔ ཅེས་པའི་བར་ལས་བྱང་ལྟར་བརྗོད་ལ་དམ་ཚིག་པའི་ལྷ་སྐུར་གསལ་གདབ། དེ་ལྟར་གསལ་བའི་གནས་གསུམ་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དང་བླ་མ་དཀྱིལ་འཁོར་པའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་ནམ་མཁའ་ཁྱབ་པར་སྤྲོས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་དང་ཁྱད་པར་རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་ཆེན་པོ་ནས་གུ་རུ་པདྨ་ཐོད་ཕྲེང་རྩལ་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་བདུད་འདུལ་ཆེ་མཆོག་རྡོ་རྗེ་གྲོ་ལོད་རྩལ་གྱི་སྐུ་ཕྱག་རྒྱ། གསུང་སྙིང་པོ། ཐུགས་ཕྱག་མཚན་གྱི་རྣམ་པར་བཞེངས་ནས་ཆར་བབ་པ་ལྟར་བྱོན་ཏེ་ཁྱེད་རང་གི་སྒོ་གསུམ་ལ་དབྱེར་མེད་དུ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་འདུན་མཛོད་ཅིག །འབེབ་པའི་སྤོས་སྦྱོར། ཌཱ་དྲིལ་དབྱངས་དང་བཅས་པས་བསྐུལ་ཏེ་ལས་བྱང་ལྟར་སྔོན་བསྐལ་མ་ཚིག་རྐང་བརྒྱད་ཀྱི་འཕྲོས། ཧཱུྃ་ཧཱུྃ༔ མཁའ་དབྱིངས་ཨོ་རྒྱན་སོགས་བྱིན་འབེབ་ཤློཀ་སྔགས་བཅས། ཧཱུྃ་སུམ་སྦྲེལ་མང་དུ་བརྗོད་ལ་བྱིན་དབབ། ཡེ་ཤེས་པའི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ༔ ཞེས་རྡོ་རྗེ་རྒྱ་གྲམ་མགོར་བཞག །སྔར་བྱིན་པའི་མེ་ཏོག་དེ་ཉིད་ལྷག་པའི་ལྷ་ལ་འབུལ་བའི་མོས་པས་མེ་ཏོག་དོར་ལ་འདིའི་རྗེས་ཟློས། པྲ་ཏཱིཙྪ་བཛྲ་ཧོ༔ ཞེས་ཚོམ་བུའི་མཎྜལ་ལ་འདོར་དུ་གཞུག །མེ་ཏོག་དཀྱིལ་འཁོར་གྱི་གཙོ་བོ་ལ་ཕོག་པས་གསང་མཚན་རྡོ་རྗེ་བདུད་འདུལ་རྩལ་ཞེས་བྱ་བ་ཡིན་ནོ། །མ་རིག་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བས་རང་སྣང་དག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་སུམ་མཐོང་བར་མོས་ཤིག །ཨོཾ་ཨཱཿཧཱུྃ༔ ཞེས་མིག་དར་བསལ། རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་བྱང་ཆུབ་ཕྱོགས་ཀྱི་ཆོས་ཐམས་ཅད་རྫོགས་པའི་གཞལ་མེད་ཁང་མཐའ་དང་དབུས་མེད་པ་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་འབྱུང་བའི་གནས་དམར་ནག་གྲུ་གསུམ་བསྣོལ་མ་ཐབས་ཤེས་ཀྱི་རང་བཞིན་རྣམ་ཐར་སྒོ་གསུམ་མཚོན་པའི་དབུས་སུ་ཆགས་མེད་པདྨ་དང་ཤེས་རབ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རིག་པ་བྱང་ཆུབ་ཀྱི་སེམས་འབར་བའི་ཁྲོ་རྒྱལ་ཆེན་པོའི་སྐུར་སྣང་བ་གཏུམ་དྲག་རྡོ་རྗེ་གྲོ་བོ་ལོད་ཡེ་ཤེས་རང་རྩལ་དབྱིངས་ཀྱི་རྒྱན་དུ་རྫོགས་པའི་བརྡ་དོན་རྟགས་ཀྱི་ཕྱག་རྒྱར་འཆར་བར་པདྨའི་རིགས་ཀྱི་བདག་པོའི་ཅོད་པན་དང་བཅས་པ་འཁོར་ཐབས་དང་ཤེས་རབ་ཀྱི་དགའ་བ་བཞི་རྣམ་པར་དག་པ་གིང་ཆེན་བཞི་དང་མཁའ་འགྲོ་སྡེ་བཞི། ཚད་མེད་བཞིའི་རང་བཞིན་རྒྱལ་པོ་ཆེན་པོ་སྡེ་བཞི་སྟེ་འོད་གསལ་ཡེ་ཤེས་རོལ་པའི་ཆོ་འཕྲུལ་དུ་རང་ཤར་ལྷུན་གྱིས་རྫོགས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བར་མོས་ལ་དད་མོས་སྤྲོ་དགའི་ཤུགས་བསྐྱེད་པར་མཛོད་ཅིག་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་པའི་བྱིན་རླབས་ཀྱིས། མ་འོངས་པའི་ཚེ་ན་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ༔ སངས་རྒྱས་དུ་མ་རང་གསལ་ཞེས་བྱ་བར་འགྱུར་རོ༔ ཞེས་དཀྱིལ་འཁོར་གྱི་བརྡ་དོན་བརྗོད་ལ་ཞིང་དང་སངས་རྒྱས་སུ་ལུང་བསྟན། དེ་ལྟར་ཁྱེད་རང་རྣམས་དམ་ཚིག་ཡེ་ཤེས་དབྱེར་མེད་གདོད་ནས་གྲུབ་པའི་ཁྲོ་བོའི་རྒྱལ་པོ་ཆེན་པོའི་ཕྱག་རྒྱར་བཞེངས་པ་དེ་ཉིད། སླར་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབ་ཅིང་རབ་ཏུ་བརྟན་པར་བྱ་བའི་སླད་དུ་དབང་ལྔ་རིམ་གྱིས་བསྐུར་བའི་ཐོག་མར་སྐུའི་དབང་རྗེས་འབྲེལ་དང་བཅས་པ་བསྐུར་བ་ཡིན་པས་སོ་སོའི་དབང་ཚིག་དང་མཐུན་པའི་དོན་གྱི་དགོངས་པ་གསལ་འདེབས་པར་ཞུ། བུམ་པ་སྤྱི་བོར་བཞག་ལ། ཧཱུྃ་ཧྲཱི༔ བུམ་པ་ཆོས་སྐུ་སྟོང་གསལ་འཛིན་མེད་ངང༔ འགག་མེད་ལོངས་སྐུ་ཞི་ཁྲོ་རབ་འབྱམས་གསལ༔ རང་རྩལ་རིགས་འདུས་སྤྲུལ་སྐུས་འགྲོ་དོན་མཛད༔ སྐུ་གསུམ་ལྷུན་གྲུབ་རྡོ་རྗེ་ཁྲོ་བོ་ལོད༔ གཟི་བརྗིད་འོད་འབར་མཚན་དང་དཔེ་བྱད་འབར༔ སྐལ་ལྡན་བུ་མཆོག་འདི་ལ་དབང་བསྐུར་བས༔ བག་ཆགས་ཡིད་སྒྲིབ་མ་ལུས་སྦྱང་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཁྲོ་བོ་ལོད་མ་ཧ་རི་ནི་ས་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ༔ བུམ་ཆུ་སྦྱིན། ཧཱུྃ་སུམ་སྦྲེལ་གསུམ་སྟེ་དགུ་སྦྲེལ་གྱི་དབྱངས་བྱ་ཞིང་དབང་བསྐུར་བ་འོག་མ་ཐམས་ཅད་ལ་འགྲེའོ། །དཔལ་གཏོར་སྤྱི་བོར་བཞག་ལ། ཧཱུྃ་ཧྲཱི༔ ཆོས་དབྱིངས་རྣམ་དག་དམ་རྫས་བ་ལིནྟ༔ ཉག་གཅིག་ཟང་ཐལ་ཐིག་ལེ་འོད་སྐུར་ཤར༔ བདེ་གཤེགས་ཀུན་འདུས་རྡོ་རྗེ་གྲོ་བོ་ལོད༔ ཡེ་ནས་རང་གསལ་ཡི་དམ་ལྷ་ཡི་དབང༔ སྐལ་ལྡན་བུ་མཆོག་ཁྱེད་ལ་དབང་བསྐུར་བས༔ སྣང་སྟོང་འཇིགས་མེད་རྡོ་རྗེའི་སྐུ་འགྲུབ་ནས༔ ཀུན་ཁྱབ་ཁྱབ་བདལ་ཆེན་པོའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཁྲོ་བོ་ལོད་མ་ཧ་རི་ནི་ས་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་སྔགས་དང་ཧཱུྃ་དབྱངས་གོང་ལྟར། གྲོ་ལོད་སྐུ་སྤྱི་བོར་བཞག་ལ། ཧཱུྃ་ཧྲཱི༔ ངོ་བོ་ཀ་དག་རྒྱུན་ཆད་མེད་པའི་སྐུ༔ ཐབས་ཀྱིས་སྐུར་བཞེངས་སྐྱེ་འགྲོའི་གཉེན་གཅིག་པུ༔ རིགས་འདུས་ཁྲོ་བོ་ལོད་ཀྱི་དབང་བསྐུར་བས༔ ཡེ་གྲོལ་ཀུན་བྱེད་རྒྱལ་པོའི་དབང་ཐོབ་ཤོག །སྔགས་དང་ཧཱུྃ་དབྱངས། པདྨ་རྒྱལ་པོའི་སྐུ་སྤྱི་བོར་བཞག་ལ། ཧཱུྃ་ཧྲཱི༔ རང་རིག་ཡིད་བཞིན་བྱང་ཆུབ་སེམས་ཀྱི་འོད༔ རང་སྣང་སྐུ་ལྔ་ལྷུན་གྲུབ་ཚོམ་བུར་གསལ༔ རང་མདངས་ལོངས་སྐུ་གུ་རུ་པདྨའི་རྒྱལ༔ རང་སྣང་ཡེ་ཤེས་མི་ཟད་རྒྱན་འཁོར་དབང༔ སྐལ་ལྡན་བུ་མཆོག་ཁྱོད་ལ་ཡོངས་རྫོགས་ཤོག༔ སྔགས་དང་ཧཱུྃ་དབྱངས། དེ་དག་རྣམས་ཀྱིས་འཆོལ་བའི་ཁྲོ་རྒྱལ་ཆེན་པོའི་ཡེ་ཤེས་ཀྱི་སྐུར་རྫོགས་པ་ལ་རྟོག་འཁྲུལ་བདུད་འཇོམས་འབར་བའི་ཕྱག་མཚན་རྣམས་ཀྱིས་མངའ་གསོལ་བར་མོས་ཤིག །རྡོ་རྗེ་རྩེ་དགུ་ལག་ཏུ་གཏད་ལ། ཧཱུྃ་ཧྲཱི༔ རང་རིག་འགྱུར་མེད་གནམ་ལྕགས་རྡོ་རྗེ་འདི༔ ཡེ་གྲོལ་རང་མདངས་སེམས་ཉིད་གཉུག་མའི་དོན༔ རང་རིག་རང་གསལ་སྤང་རྟོག་བྲལ་བ་ཡི༔ དབྱེར་མེད་རྣམ་དག་བདེ་ཆེན་དབང་ཐོབ་ཤོག༔ སྔགས་དང་ཧཱུྃ་དབྱངས། ལྕགས་ཕུར་ལག་གཡོན་དུ་གཏད་ལ། ཧཱུྃ་ཧྲཱི༔ ཆོས་ཉིད་མ་རྟོགས་ལོག་རྟོག་དུག་གསུམ་པོ༔ རང་རིག་རང་གསལ་སྐུ་གསུམ་གནམ་ལྕགས་ཕུར༔ བལྟ་བྱ་ལྟ་བྱེད་གཉིས་མེད་ཡེ་གྲོལ་དབང༔ སྐལ་ལྡན་བུ་མཆོག་ཁྱོད་ལ་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཁྲོ་བོ་ལོད་མ་ཧ་རི་ནི་ས་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་སྔགས་དང་ཧཱུྃ་དབྱངས། ལྕགས་སྡིག་ལག་གཡོན་དུ་གཏད་ལ། ཧཱུྃ་ཧྲཱི༔ ཆོས་ཉིད་རྟོགས་བྱེད་ཡེ་ཤེས་རྣམ་དག་ལ༔ རང་འཁྲུལ་ང་བདག་གཟུང་འཛིན་འགོང་པོ་ལས༔ གཉིས་མེད་རང་གྲོལ་ལྕགས་སྡིག་ནག་པོའི་དབང༔ ང་བདག་རང་འཁྲུལ་ཁྱོད་ལ་དབང་བསྐུར་བས༔ དོན་དམ་སྤྲོས་མེད་རྟོགས་པའི་དབང་ཐོབ་ཤོག༔ སྔགས་དང་ཧཱུྃ་དབྱངས། དེ་དག་རྣམས་ཀྱིས་སྐུའི་དབང་བསྐུར་བ་ཐོབ། ལུས་ཀྱི་ནད་གདོན་སྡིག་སྒྲིབ་དག །སྣང་སྟོང་ལྷ་སྐུ་བསྒོམ་པ་ལ་དབང་། ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་རྩལ་གྱི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་མངོན་དུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསུང་གི་དབང་རྗེས་འབྲེལ་དང་བཅས་པ་བསྐུར་བ་ཡིན་པས་སོ་སོའི་དབང་ཚིག་དང་མཐུན་པའི་དོན་གྱི་དགོངས་པ་གསལ་འདེབས་པར་ཞུ། བྷནྡྷ་མགྲིན་པར་བཞག་ལ། ཧཱུྃ་ཧྲཱི༔ རང་གསལ་སྐྱེ་མེད་བྷནྡྷ་རུ༔ རང་རིག་འགག་མེད་བདུད་རྩི་འོད་དུ་འཁྱིལ༔ འཁོར་བ་རྩད་གཅོད་སྟོང་སྦྱར་ཨ་མྲྀཏ༔ ངག་སྒྲིབ་ཀུན་དག་གསུང་དབྱངས་དབང་ཐོབ་ཤོག༔ སྔགས་དང་ཧཱུྃ་བདུན་སྦྲེལ་གྱི་དབྱངས་བྱ་ཞིང་བདུད་རྩི་སྦྱིན། ཧཱུྃ་ཡིག་འཇའ་འོད་ཅན་མགྲིན་པར་བཞག་ལ། ཧཱུྃ་ཧྲཱི༔ གྲགས་གསལ་སྐྱེ་མེད་སྟོང་པ་ཧཱུྃ་གི་སྒྲ༔ དུས་གསུམ་བདེ་གཤེགས་ཀུན་གྱི་གསུང་གི་བཅུད༔ རང་རིག་འགག་མེད་གྲགས་སྟོང་ཧཱུྃ་སྒྲ་ལྡིར༔ གྲགས་ལ་ངར་ལྡན་སྙན་སྒྲ་ཡིས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ འཆལ་ཚིག་ཉེས་སྒྲིབ་མ་ལུས་སྦྱོང་བ་དང༔ ནུས་སྟོབས་འགག་མེད་ལོངས་སྐུ་འགྲུབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཁྲོ་བོ་ལོད་མ་ཧ་རི་ནི་ས་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་སྔགས་དང་ཧཱུྃ་བདུན་སྔ་མས་འགྲེ །ཕྲེང་བ་ལག་ཏུ་གཏད་ལ། ཧཱུྃ་ཧྲཱི༔ བརྗོད་བྱའི་ཚིག་དབང་ཧཱུྃ་སྒྲ་ལྡིར༔ བདེ་གཤེགས་ཀུན་གྱི་ཐུགས་རིག་ཡང་སྙིང་ཧཱུྃ༔ གྲགས་སྟོང་སྐྱེ་མེད་ཚངས་དབྱངས་ཆུ་རྒྱུན་བཞིན༔ ནུས་ལྡན་ཀུན་འགྲུབ་འགྲོ་དོན་ལྷུན་གྲུབ་ཤོག༔ སྔགས་དང་ཧཱུྃ་དབྱངས། ཨཱ་ལི་ཀཱ་ལི། ཡེ་དྷརྨཱ་བརྗོད་ལ་མེ་ཏོག་འཐོར། དེ་དག་རྣམས་ཀྱིས་གསུང་གི་དབང་བསྐུར་བ་ཐོབ། ངག་གི་ནད་གདོན་སྡིག་སྒྲིབ་དག །གྲགས་སྟོང་རྡོ་རྗེའི་བཟླས་པ་ལ་དབང་། ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་རྩལ་གྱི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་མངོན་དུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཐུགས་ཀྱི་དབང་རྗེས་འབྲེལ་དང་བཅས་པ་བསྐུར་བ་ཡིན་པས་སོ་སོའི་དབང་ཚིག་དང་མཐུན་པའི་དོན་གྱི་དགོངས་པ་གསལ་འདེབས་པར་ཞུ། སྣ་ཚོགས་རྡོ་རྗེ་འཇའ་འོད་ཅན་སྙིང་གར་བཞག་ལ། ཧཱུྃ་ཧྲཱི༔ སྐྱེ་མེད་སྣ་ཚོགས་གཟུགས་ཅན་འདི༔ འཁྲུལ་མེད་ལྷུན་གྲུབ་སྣ་ཚོགས་རྡོ་རྗེའི་ཚུལ༔ འཁོར་འདས་རྒྱལ་བའི་ཐུགས་བཅུད་ཡི་གེ་ཧཱུྃ༔ གསལ་འཚེར་ལྷུན་གྲུབ་ཐུགས་ཀྱི་དབང༔ སྐལ་ལྡན་བུ་མཆོག་ཁྱོད་ལ་ཡོངས་རྫོགས་ནས༔ རང་འཁྲུལ་ཡིད་སྒྲིབ་ཀུན་དག་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཁྲོ་བོ་ལོད་མ་ཧ་རི་ནི་ས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་དབྱངས་བདུན་སྦྲེལ་བྱ། ཧཱུྃ་དཀར་དཔྲལ་བར་བཞག་ལ། ཧཱུྃ་ཧྲཱི༔ རང་བྱུང་ཀ་དག་ལྷུན་གྲུབ་རྫོགས་པ་ཆེ༔ དམིགས་གཏད་ཡུལ་འདས་ལྟ་བ་མཁའ་ལྟར་དག༔ སྐྱེ་འགག་གཉིས་མེད་འཛིན་པ་རང་སར་གྲོལ༔ རང་རིག་ཡིད་བཞིན་ཧཱུྃ་དཀར་འོད་དུ་འབར༔ རང་རིག་རང་རྟོགས་ཀུན་བྱེད་རྒྱལ་པོའི་དབང༔ ཡེ་གྲོལ་གཤིས་ལུགས་ཁྱོད་ལ་དབང་བསྐུར་རོ༔ སྔགས་དང་ཧཱུྃ་དབྱངས། ཧཱུྃ་དམར་མགྲིན་པར་བཞག་ལ། ཧཱུྃ་ཧྲཱི༔ འཛིན་རྟོག་བློ་འདས་འཕེལ་འགྲིབ་མི་མངའ་ཞིང༔ ཉོན་མོངས་རྦ་རླབས་ཀུན་བྲལ་མི་གཡོ་བ༔ དམིགས་མེད་རང་རིག་ངོ་བོ་ཡེ་རེ་བ༔ རང་རིག་ཡིད་བཞིན་ཧཱུྃ་དམར་འོད་དུ་འབར༔ རང་རིག་རང་རྟོགས་ཀུན་བྱེད་རྒྱལ་པོའི་དབང༔ ཡེ་གྲོལ་གཤིས་ལུགས་ཁྱོད་ལ་དབང་བསྐུར་རོ༔ སྔགས་དང་ཧཱུྃ་དབྱངས། ཧཱུྃ་སྔོན་སྙིང་གར་བཞག་ལ། ཧཱུྃ་ཧྲཱི༔ འཛིན་ཆགས་ཀུན་བྲལ་སྣང་སྲིད་མ་ལུས་བྲལ༔ ཐོགས་རྡུགས་མི་མངའ་ཡ་ངའི་གཡང་དང་བྲལ༔ སྤང་བླང་ཀུན་བྲལ་རོལ་པ་ཆེན་པོའི་ངང༔ རང་རིག་ཡིད་བཞིན་ཧཱུྃ་སྔོན་འོད་དུ་འབར༔ རང་རིག་རང་གྲོལ་ཀུན་བྱེད་རྒྱལ་པོའི་དབང༔ ཡེ་གྲོལ་གཤིས་ལུགས་ཁྱོད་ལ་དབང་བསྐུར་རོ༔ སྔགས་དང་ཧཱུྃ་དབྱངས། ཧཱུྃ་སེར་ལྟེ་བར་བཞག་ལ། ཧཱུྃ་ཧྲཱི༔ ཡེ་གྲོལ་མཉམ་ཉིད་དགོངས་པ་རང་དག་ལ༔ ཅིར་སྣང་ངོ་བོ་རང་རིག་བྱང་ཆུབ་སེམས་ཀྱི་དབང༔ ཡེ་ཤེས་ངོ་བོ་འགག་མེད་ས་ལེ་བ༔ རང་རིག་ཡིད་བཞིན་ཧཱུྃ་སེར་འོད་དུ་འབར༔ རང་རིག་རང་གསལ་ཀུན་བྱེད་རྒྱལ་པོའི་དབང༔ ཡེ་གྲོལ་གཤིས་ལུགས་ཁྱོད་ལ་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཁྲོ་བོ་ལོད་མ་ཧ་རི་ནི་ས་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་སྔགས་དང་ཧཱུྃ་དབྱངས། ཧཱུྃ་ལྗང་གསང་གནས་སུ་བཞག་ལ། ཧཱུྃ་ཧྲཱི༔ འཁོར་འདས་ཀུན་གཟིགས་རང་རིག་སངས་རྒྱས་ཏེ༔ མ་རིག་རང་འཁྲུལ་རང་རིག་རྟོག་ལས་འདས༔ ས་ལེ་ལྟར་སྣང་ཡེ་ཤེས་རང་གནས་མཐོང༔ རང་རིག་ཡིད་བཞིན་ཧཱུྃ་ལྗང་འོད་དུ་འབར༔ རང་རིག་ཀུན་རྟོགས་ཀུན་བྱེད་རྒྱལ་པོའི་དབང༔ ཡེ་གྲོལ་གཤིས་ལུགས་ཁྱོད་ལ་དབང་བསྐུར་རོ༔ སྔགས་དང་ཧཱུྃ་དབྱངས། དེ་དག་རྣམས་ཀྱིས་ཐུགས་ཀྱི་དབང་བསྐུར་བ་ཐོབ། ཡིད་ཀྱི་ནད་གདོན་སྡིག་སྒྲིབ་དག །རིག་སྟོང་འོད་གསལ་བསྒོམ་པ་ལ་དབང་། ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་རྩལ་གྱི་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་མངོན་དུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་ཡོན་ཏན་གྱི་དབང་རྗེས་འབྲེལ་དང་བཅས་པ་བསྐུར་བ་ཡིན་པས་སོ་སོའི་དབང་ཚིག་དང་མཐུན་པའི་དོན་གྱི་དགོངས་པ་གསལ་འདེབས་པར་ཞུ། རྡོ་རྗེ་མཁའ་འགྲོའི་སྐུ་གཏད་ལ། ཧཱུྃ་ཧྲཱི༔ རང་རིག་གསལ་སྟོང་འགག་མེད་ས་ལེ་བ༔ བརྗོད་མེད་ཧཱུྃ་ལས་རྡོ་རྗེ་མཁའ་འགྲོར་ཤར༔ རང་གསལ་མཁའ་འགྲོ་དམར་མོས་དབང་བསྐུར་བས༔ བུ་ཁྱོད་རང་སྣང་མི་ཟད་རྒྱན་གྱི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རྡོ་རྗེ་ཁྲོ་བོ་ལོད་མ་ཧ་རི་ནི་ས་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་དབྱངས་ལྔ་སྦྲེལ་བྱ། རིན་ཆེན་མཁའ་འགྲོའི་སྐུ་གཏད་ལ། ཧཱུྃ་ཧྲཱི༔ རང་རིག་བརྗོད་མེད་མཉམ་ཉིད་རང་གྲོལ་ངང༔ བརྗོད་མེད་ཧཱུྃ་ལས་རིན་ཆེན་མཁའ་འགྲོར་ཤར༔ མཉམ་ཉིད་རིན་ཆེན་མཁའ་འགྲོས་དབང་བསྐུར་རོ༔ བུ་ཁྱོད་རང་སྣང་མི་ཟད་རྒྱན་གྱི་དབང་ཐོབ་ཤོག༔ སྔགས་དང་ཧཱུྃ་དབྱངས། པདྨ་མཁའ་འགྲོའི་སྐུ་གཏད་ལ། ཧཱུྃ་ཧྲཱི༔ རང་སྣང་འགག་མེད་སོ་སོར་ས་ལེ་བ༔ བརྗོད་མེད་ཧཱུྃ་ལས་པདྨ་མཁའ་འགྲོར་ཤར༔ སོར་རྟོག་པདྨ་མཁའ་འགྲོས་དབང་བསྐུར་བས༔ བུ་ཁྱོད་རང་སྣང་མི་ཟད་རྒྱན་གྱི་དབང་ཐོབ་ཤོག༔ སྔགས་དང་ཧཱུྃ་དབྱངས། ལས་ཀྱི་མཁའ་འགྲོའི་སྐུ་གཏད་ལ། ཧཱུྃ་ཧྲཱི༔ རང་རིག་རང་རྟོགས་བྱ་གྲུབ་ཡེ་ཤེས་ངང༔ བརྗོད་མེད་ཧཱུྃ་ལས་ལས་ཀྱི་མཁའ་འགྲོར་ཤར༔ བྱ་གྲུབ་ལས་ཀྱི་མཁའ་འགྲོས་དབང་བསྐུར་བས༔ བུ་ཁྱོད་རང་སྣང་མི་ཟད་རྒྱན་གྱི་དབང་ཐོབ་ཤོག༔ སྔགས་དང་ཧཱུྃ་དབྱངས། རྡོ་རྗེ་གིང་གི་སྐུ་གཏད་ལ། ཧཱུྃ་ཧྲཱི༔ དབྱིངས་རིག་སྙིང་རྗེའི་ཐབས་ཀྱིས་འགྲོ་འདུལ་ཕྱིར༔ འགག་མེད་རིག་པ་ཧཱུྃ་ཤར་རྡོ་རྗེ་གིང་ཆེན་གྱིས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ འཕོ་འགྱུར་མི་མངའ་རྡོ་རྗེའི་དབང་ཐོབ་ཤོག༔ སྔགས་དང་ཧཱུྃ་དབྱངས། རཏྣ་གིང་གི་སྐུ་གཏད་ལ། ཧཱུྃ་ཧྲཱི༔ དབྱིངས་རིག་སྙིང་རྗེའི་ཐབས་ཀྱིས་འགྲོ་འདུལ་ཕྱིར༔ འགག་མེད་རིག་པ་ཧཱུྃ་ཤར་རཏྣ་གིང་ཆེན་གྱིས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ རང་སྣང་མི་ཟད་ཕུན་ཚོགས་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཁྲོ་བོ་ལོད་མ་ཧ་རི་ནི་ས་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་སྔགས་དང་ཧཱུྃ་དབྱངས། པདྨ་གིང་གི་སྐུ་གཏད་ལ། ཧཱུྃ་ཧྲཱི༔ དབྱིངས་རིག་སྙིང་རྗེའི་ཐབས་ཀྱིས་འགྲོ་འདུལ་ཕྱིར༔ འགག་མེད་རིག་པ་ཧཱུྃ་ཤར་པདྨ་གིང་ཆེན་གྱིས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ རང་རིག་སྐྱོན་མ་གོས་ཀྱི་དབང་ཐོབ་ཤོག༔ སྔགས་དང་ཧཱུྃ་དབྱངས། ཀརྨ་གིང་གི་སྐུ་གཏད་ལ། ཧཱུྃ་ཧྲཱི༔ དབྱིངས་རིག་སྙིང་རྗེའི་ཐབས་ཀྱིས་འགྲོ་འདུལ་ཕྱིར༔ འགག་མེད་རིག་པ་ཧཱུྃ་ཤར་ཀརྨ་གིང་ཆེན་གྱིས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ བྱ་རྩོལ་འཛིན་བྲལ་ལྷུན་རྫོགས་དབང་ཐོབ་ཤོག༔ སྔགས་དང་ཧཱུྃ་དབྱངས། དེ་དག་རྣམས་ཀྱིས་ཡོན་ཏན་གྱི་དབང་བསྐུར་བ་ཐོབ། སྒོ་གསུམ་འཕོ་བའི་སྒྲིབ་པ་དག །བདེ་སྟོང་གི་ཡེ་ཤེས་བསྒོམ་པ་ལ་དབང་། ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་རྩལ་གྱི་ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོ་མངོན་དུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ལྔ་པ་ཕྲིན་ལས་ཀྱི་དབང་རྗེས་འབྲེལ་དང་བཅས་པ་བསྐུར་བ་ཡིན་པས་སོ་སོའི་དབང་ཚིག་དང་མཐུན་པའི་དོན་གྱི་དགོངས་པ་གསལ་འདེབས་པར་ཞུ། རྒྱལ་ཆེན་བཞི་ཀ་སྐུ་མདོག་དམར་པོ་བྱས་པ་ལས་ཡུལ་འཁོར་སྲུང་གི་སྐུ་གཏད་ལ། ཧཱུྃ་ཧྲཱི༔ རང་རིག་འཇིགས་བྲལ་ཅོག་གཞག་རྒྱལ་པོ་ལྟར༔ རི་རབ་ལྷུན་པོ་ལྟ་བུ་གཟི་བརྗིད་ཅན༔ དྲག་ཤུལ་སྟོབས་ཀྱིས་གཞན་སྣང་དབང་དུ་སྡུད༔ རང་སྣང་དབང་སྡུད་གཞན་སྣང་ཟིལ་གནོན་དབང༔ དྲན་རིག་རྒྱལ་པོ་ཁྱོད་ལ་དབང་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཁྲོ་བོ་ལོད་མ་ཧ་རི་ནི་ས་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་དྷྲྀཥྚ་རཱཥྚྲཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དང་ཧཱུྃ་དབྱངས་སུམ་སྦྲེལ་བྱ། འཕགས་སྐྱེས་པོའི་སྐུ་གཏད་ལ། ཧཱུྃ་ཧྲཱི༔ རང་རིག་འཛིན་བྲལ་ཅོག་གཞག་རྒྱལ་པོ་ལྟར༔ རི་རབ་ལྷུན་པོ་ལྟ་བུ་གཟི་བརྗིད་ཅན༔ དྲག་ཤུལ་སྟོབས་ཀྱིས་གཞན་སྣང་དབང་དུ་སྡུད༔ རང་སྣང་དབང་སྡུད་གཞན་སྣང་ཟིལ་གནོན་དབང༔ དྲན་རིག་རྒྱལ་པོ་ཁྱོད་ལ་དབང་རྫོགས་ཤོག༔ རྩ་བསྙེན་དང་། ཨོཾ་བྷེ་རཱུ་ཌྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་དབྱངས་བྱ། སྤྱན་མི་བཟང་གི་སྐུ་གཏད་ལ། ཧཱུྃ་ཧྲཱི༔ རང་རིག་མ་བཅོས་ཅོག་གཞག་རྒྱལ་པོ་ལྟར༔ རི་རབ་ལྷུན་པོ་ལྟ་བུ་གཟི་བརྗིད་ཅན༔ དྲག་ཤུལ་སྟོབས་ཀྱིས་གཞན་སྣང་དབང་དུ་སྡུད༔ རང་སྣང་དབང་སྡུད་གཞན་སྣང་ཟིལ་གནོན་དབང༔ དྲན་རིག་རྒྱལ་པོ་ཁྱོད་ལ་ཡོངས་རྫོགས་ཤོག༔ རྩ་བསྙེན་དང། ཨོཾ་བྷི་རཱུ་པཱཀྵཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་དབྱངས་བྱ། རྣམ་སྲས་ཀྱི་སྐུ་གཏད་ལ། ཧཱུྃ་ཧྲཱི༔ རང་རིག་མ་བཅོས་ཅོག་གཞག་རྒྱལ་པོ་ལྟར༔ རི་རྒྱལ་ལྷུན་པོ་ལྟ་བུ་གཟི་བརྗིད་ཅན༔ དྲག་ཤུལ་སྟོབས་ལྡན་གཞན་སྣང་དབང་དུ་སྡུད༔ རང་སྣང་དབང་སྡུད་གཞན་སྣང་ཟིལ་གནོན་དབང༔ དྲན་རིག་རྒྱལ་པོ་ཁྱོད་ལ་ཡོངས་རྫོགས་ཤོག༔ རྩ་བསྙེན་དང་། ཨོཾ་བཻ་ཤྲ་མ་ཎཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་དབྱངས་བྱ། སླར་ཡང་ཧཱུྃ་དམར་ཉེར་གཅིག་གིས་གནས་གསུམ་དུ་དབང་བསྐུར་བས་ཕྱི་ནང་སྣོད་བཅུད་སྣང་སྲིད་མ་ལུས་པ་ཧཱུྃ་གི་རང་བཞིན་དུ་གྱུར་ནས་རྡོ་རྗེའི་རང་སྒྲས་འཁོར་འདས་མ་ལུས་པ་ཁྱབ། རང་སྣང་དབང་དུ་འདུས། གཞན་སྣང་ཟིལ་གྱིས་ནོན། ཐུགས་རྗེ་ཕྲིན་ལས་ཀུན་ལ་ཁྱབ་པར་མོས་ཤིག །ཧཱུྃ་དམར་ཉེར་གཅིག་བྲིས་པའི་ཙཀ་ལི་གནས་གསུམ་དུ་བཞག་ལ། ཧཱུྃ་ཧྲཱི༔ རང་རིག་སྐྱེ་མེད་རང་རྩལ་ལས༔ འགག་མེད་སྣང་སྲིད་མ་ལུས་ཧཱུྃ་གིས་ཁེངས༔ ཕྱོགས་མཚམས་སྟེང་འོག་ཐམས་ཅད་ཀུན༔ སྐྱེ་མེད་ཆོས་ཉིད་ཧཱུྃ་སྒྲ་ཏི་རི་རི༔ ཐུགས་རྗེ་ཕྲིན་ལས་ཁྱབ་བདལ་དབང༔ ཡེ་གྲོལ་རྒྱལ་པོ་ཁྱོད་ལ་ཡོངས་རྫོགས་ཤོག༔ མོས་གུས་ཀྱི་གདུང་ཤུགས་དྲག་པོས་གསོལ་འདེབས་ཛཔ྄་དབྱངས་བཅས་དཔོན་སློབ་ལྷན་ཅིག་ཏུ་གནང་བར་ཞུ། ཞེས་མཚམས་སྦྱར་ལ་གཏེར་གཞུང་གསོལ་འདེབས་དང་མཐར་རྩ་བསྙེན། ཧཱུྃ་བདུན་ཚོ་གསུམ་བཅད་ལ་ཉེར་གཅིག་སྦྲེལ་བའི་དབྱངས་བཅས་བྱ། ལུས་ཀྱིས་གར་ཉམས། ཆོས་ཉིད་སྤྲོས་བྲལ་གྱི་ཉམས་བསྐྱང་། དགོངས་པ་གཡོ་མེད་ཀྱི་ངང་ནས་བརྟུལ་ཞུགས་ཀྱི་རོལ་རྩེད་ཅི་དགར་བསྒྱུར་དུ་གཞུག་གོ །དེ་དག་རྣམས་ཀྱིས་ཕྲིན་ལས་ཀྱི་དབང་བསྐུར་བ་ཐོབ། བྱ་བྱེད་གཡོ་རྩོལ་གྱི་རྟོག་སྒྲིབ་དག །འགྲོ་འདུལ་ཕྲིན་ལས་ཀྱི་འཁོར་ལོ་ཕྱོགས་མེད་དུ་བསྐོར་བ་ལ་དབང་། ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་རྩལ་གྱི་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་མངོན་དུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། མེ་ཏོག་འཐོར་ཞིང་ཤིས་བརྗོད་ཅི་རིགས་པ་བྱ། དེ་དག་རྣམས་ཀྱི་སྒོ་ནས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཐུགས་ཐིག་རྗེན་ཕྱུང་བདུད་འདུལ་རྡོ་རྗེ་གྲོ་ལོད་རྩལ་གྱི་དབང་བསྐུར་བཀའ་རྒྱ་མ་ལེགས་པར་བགྱིས་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་དང་གཏང་རག་མཎྜལ་སོགས་སྤྱི་ལྟར་བྱས་ལ་སློབ་མ་གྱེས། བླ་མས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་། ཆད་བརྟན་བསྔོ། མཆོད་པ་ཁ་གསོས་ལ་མཆོད་བསྟོད་མདོར་བསྡུས་དང་ནོངས་བཤགས་ཡིག་བརྒྱ་བརྗོད། ཚོགས་མགྲོན་བརྟན་བཞུགས་བྱས་ཀྱང་ཆོག །འོད་གསལ་འཇུག་ལྡང་བྱ། གཞུང་གསལ་བསྔོ་སྨོན་དང་ཤིས་བརྗོད་ཀྱིས་མཐའ་བརྒྱན་པས་ལེགས་པར་འགྲུབ་བོ། །བདུད་འདུལ་ཁྲོ་རྒྱལ་ཆེན་པོའི་ཀློང་ཡངས་སུ། །མངོན་བྱང་ཆུབ་ལས་ཕྱག་རྒྱའི་རྩལ་ཤར་ཏེ། ཁྲོ་ཆགས་འབར་བའི་ཆོ་འཕྲུལ་མཐའ་ཡས་པས། །བདུད་སྡེའི་དཔུང་གཞོམ་སྐལ་ལྡན་རྗེས་བཟུང་ཤོག །ཅེས་གཏེར་གཞུང་ཕལ་ཆེར་རྩ་ཐོ་ཙམ་དུ་སོང་བས་ཕྱག་ལེན་ཆད་ལྷག་འབའ་ཞིག་ཏུ་གྱུར་པ་ལ་ཕན་པའི་སེམས་ཀྱིས་པདྨ་གར་དབང་བདེ་བའི་རྡོ་རྗེས་གུ་རུ་རིན་པོ་ཆེར་གསོལ་བ་རྩེ་གཅིག་བཏབ་ནས་མགྱོགས་བྲིས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
ཐུགས་དམ་ཟབ་པ་སྐོར་བདུན་གྱི༔ བཀའ་སྲུང་མགོན་པོའི་ཕྲིན་ལས་ (Volume 37, Text 5)
༁ྃ༔ ཐུགས་དམ་ཟབ་པ་སྐོར་བདུན་གྱི༔ བཀའ་སྲུང་མགོན་པོའི་ཕྲིན་ལས་བཞུགས་སོ༔ བླ་མ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ བཀའ་སྲུང་ཀུན་གྱི་མཐར་ཐུག་པ༔ མ་ཧཱ་ཀཱ་ལའི་ཕྲིན་ལས་བཤད༔ དེ་ལ་སྦྱོར་དངོས་རྗེས་གསུམ་གྱི༔ དང་པོ་རང་ཉིད་ལྷ་རུ་བསྒོམ༔ མཆོད་པ་ཐམས་ཅད་བྱིན་གྱིས་བརླབ༔ གཉིས་པ་དངོས་གཞི་བསྐྱེད་རིམ་ནི༔ མདུན་དུ་ཁྲག་མཚོ་འཁྲུགས་པའི་ཀློང༔ མ་ལ་ཡ་ཡི་རི་བོའི་དོ༔ གནམ་ལྕགས་འབར་བའི་བྲག་སྟེང་དུ༔ བྷྲཱུྃ་ལས་དུར་ཁྲོད་གཞལ་ཡས་ཁང༔ འཁོར་ལོ་རྩིབས་བརྒྱད་ལྟེ་བ་ལ༔ པད་ཉིའི་སྟེང་དུ་ཧཱུྃ་ཡིག་ལས༔ གྲི་གུག་ཧཱུྃ་གིས་མཚན་པར་གསལ༔ དེ་ལས་རྡོ་རྗེ་སྲིན་པོའི་སྐུ༔ མ་ཧཱ་ཀཱ་ལ་ལེགས་ལྡན་ནི༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཞལ་གདངས་མཆེ་གཙིགས་རྐན་སྒྲ་རྡེབ༔ སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས༔ སྨིན་མ་ཁམ་ནག་སྐར་ཆེན་འཕྲོ༔ རལ་པ་མུན་ཆེན་ལྟར་གཏིབས་ཤིང༔ ཕྱག་གཡས་གྲི་གུག་འབར་བ་དང༔ གཡོན་པས་ཐོད་པ་ཁྲག་བཀང་འཛིན༔ མཆན་དུ་ཙནྡན་བིང་ཆེན་བརྟེན༔ ལྷ་དམག་བདུད་དམག་ཕོ་ཉར་འགྱེད༔ དར་ནག་བེར་ཆེན་བརྩེགས་མར་གསོལ༔ དབུ་རྒྱན་ཐོད་སྐམ་རིན་ཆེན་སོགས༔ དུར་ཁྲོད་ཆས་ཀྱིས་ལེགས་པར་བརྒྱན༔ སག་ལྷྭམ་གསོལ་ཞིང་འདོར་སྟབས་བཞེངས༔ ཡེ་ཤེས་མེ་ཕུང་འབར་བའི་ཀློང༔ གཡོན་དུ་ཀཾ་ལས་ཡུམ་མཆོག་ནི༔ ཀྲོ་དྷཱི་ཤྭ་རཱི་ཐལ་བའི་མདོག༔ རལ་པ་རྟིང་སླེབ་སྦྲུལ་ཞགས་དང༔ ཐོད་པ་ཁྲག་བཀང་གཡོན་པས་རོལ༔ རེ་ལྡེའི་ཤམ་ཐབས་དུར་ཁྲོད་ཆས༔ ཡབ་ལ་འདུན་པའི་ཚུལ་དུ་གནས༔ གཡས་སུ་ཧཱུྃ་ལས་ལས་མགོན་ནག༔ གྲི་གུག་དང་ནི་ཐོད་ཁྲག་འཛིན༔ མི་སྡུག་གཟུགས་ཅན་བེར་ནག་གསོལ༔ ཤར་དུ་ཧཱུྃ་ལས་ཀིང་ཀ་ར༔ མཐིང་ནག་དུར་ཁྲོད་ཆས་ཀྱིས་བརྒྱན༔ མཚོན་ཆའི་འཁོར་ལོ་ཐོད་ཁྲག་འཛིན༔ གྲི་ཐོགས་གིང་ཆེན་རྣམས་ཀྱིས་བསྐོར༔ ལྷོ་རུ་ཡ་ལས་གནོད་སྦྱིན་དམར༔ བསེ་རྨོག་བསེ་ཁྲབ་སྐུ་ལ་གསོལ༔ གསེར་གྱི་རལ་གྲི་གསེར་མདུང་བསྣམས༔ སྲིན་མོ་བསེ་གདོང་སྤུ་གྲི་འཛིན༔ བསེ་ཡི་སྐྱེས་བུ་བུ་མོ་དང༔ མི་དམར་ཤན་པའི་ཚོགས་ཀྱིས་བསྐོར༔ ནུབ་ཏུ་ཛཿལས་གཟའ་བདུད་སྨུག༔ མགོ་དགུ་བྱ་རོག་ཞལ་དང་བཅུ༔ གཡས་པས་གྲི་གུག་སྐྱིན་ཐང་འབེབ༔ གཡོན་པས་ཐོད་པ་ཁྲག་བཀང་འཛིན༔ ཆུ་སྲིན་ཞགས་འཕེན་སྦྲུལ་མཇུག་ཅན༔ གཟའ་སྐར་གདོང་མོའི་ཚོགས་ཀྱིས་བསྐོར༔ བྱང་དུ་མ་ལས་འདོད་ཁམས་མ༔ ནག་མོ་གཏུམ་ལ་སྒེག་པའི་ཚུལ༔ ཞལ་དུ་མི་རོ་རེངས་པ་གསོལ༔ སྙན་ལ་སེང་གེ་སྦྲུལ་གྱིས་བརྒྱན༔ ཁྲམ་ཤིང་དང་ནི་ནད་རྐྱལ་འཛིན༔ རྨ་བྱའི་ཟུར་ཕུད་མི་ལྤགས་གསོལ༔ ལྟེ་བའི་ཐད་ནས་ཉི་ཟླ་འཆར༔ ཞབས་གཉིས་བཙན་སྐྱིལ་རོལ་པའི་སྟབས༔ དྲེལ་རྟ་རྐང་གསུམ་སྟེང་དུ་བཞུགས༔ ནག་མོ་འབུམ་གྱི་ཚོགས་ཀྱིས་བསྐོར༔ ཁྲག་མཚོ་རླུང་འཚུབས་དབུས་སུ་བཞུགས༔ སྡེ་དཔོན་སུམ་ཅུ་བཀའ་ལ་ཉན༔ དྲེགས་ཆེན་བཅོ་བརྒྱད་ལས་ལ་འགྱེད༔ གནས་གསུམ་ཨོཾ་ཨཱཿཧཱུྃ་ཡིག་ལས༔ འོད་འཕྲོས་འཁོར་བཅས་སྤྱན་དྲངས་གྱུར༔ བཛྲ་ས་མཱ་ཛ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་དང༔ དུར་ཁྲོད་ཆེན་པོ་བརྒྱད་རྣམས་དང༔ ཀོ་ཀ་ཐང་དམར་རྒྱ་མཚོའི་དོ༔ དྲག་ཤུལ་ཅན་གྱི་རི་བོ་ནས༔ ཚོགས་རྗེ་ཚོགས་བདག་ནག་པོ་ཆེ༔ མ་ཧཱ་ཀཱ་ལ་གཤེགས་སུ་གསོལ༔ ལས་ཀྱི་མགོན་པོ་གཤེགས་སུ་གསོལ༔ ཀྲོ་ཏཱི་ཤྭ་རཱི་གཤེགས་སུ་གསོལ༔ སྒྲོལ་གིང་ནག་པོ་གཤེགས་སུ་གསོལ༔ གནོད་སྦྱིན་ཆེན་པོ་གཤེགས་སུ་གསོལ༔ གཟའ་བདུད་ཆེན་པོ་གཤེགས་སུ་གསོལ༔ འདོད་ཁམས་བདག་མོ་གཤེགས་སུ་གསོལ༔ དྲེགས་པ་སྡེ་བརྒྱད་གཤེགས་སུ་གསོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ཎ་པ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛ༔ ཧཱུྃ༔ དུར་ཁྲོད་རོལ་པའི་གཞལ་ཡས་ཁང༔ པདྨ་ཉི་མའི་གདན་སྟེང་དུ༔ ལྷ་ཆེན་འཁོར་དང་བཅས་པ་རྣམས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ སྔོན་ཚེ་ཧེ་རུ་ཀ་དཔལ་གྱིས༔ བདུད་ཀྱི་སྡེ་རྣམས་བཏུལ་བའི་ཚེ༔ མ་ཧཱ་ཀཱ་ལ་ཚོགས་ཀྱི་བདག༔ ཉེར་གནས་ཀྲོ་དྷཱི་ཤྭ་རཱི་མ༔ སླས་དང་བྱི་མོ་བྲན་མོའི་ཚོགས༔ དྲེགས་པ་སྡེ་བརྒྱད་འཁོར་དང་བཅས༔ དཔལ་གྱི་འབངས་སུ་ཞལ་འཆེས་ནས༔ བསྟན་པ་བསྲུང་བར་དམ་བཅས་ལྟར༔ དམ་ཚིག་གཉན་དགོངས་ཕྲིན་ལས་མཛོད༔ ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ གཏུམ་པོ་མི་བཟད་དྲག་ཤུལ་ཅན༔ དངོས་གྲུབ་ཀུན་གྱི་བདག་ཉིད་ཆེ༔ འཁོར་དང་བཅས་ལ་ཕྱག་འཚལ་ལོ༔ ན་མོ་ན་མཱ་མི༔ ཧཱུྃ༔ ཁྱོད་ལ་མཆོད་པ་འབུལ་བ་ནི༔ དགྲ་བགེགས་ཐམས་ཅད་བསྒྲལ་པ་ཡི༔ ཁྲག་ཆེན་ཨརྒྷཾ་ཆུ་བོ་འབབ༔ དུག་ཁྲག་ཞབས་བསིལ་མཚོ་ལྟར་བསྐྱིལ༔ དབང་པོའི་མེ་ཏོག་ནམ་མཁའ་གང༔ ཚིལ་ཆེན་གསུར་དུད་མུན་ལྟར་གཏིབས༔ ཞུན་ཆེན་སྒྲོན་མེ་བསྐལ་མེ་སྦར༔ དྲི་ཆེན་བྱུག་པ་རྦ་ཀློང་འཁྲུག༔ ཐོད་རྔ་རྐང་གླིང་འབྲུག་ལྟར་སྒྲོག༔ རྩུབ་འགྱུར་ཚལ་གྱི་མཆོད་སྤྲིན་བཞིན༔ དམ་ཅན་རྒྱ་མཚོ་རྣམས་ལ་འབུལ༔ ཧཱུྃ༔ འབྲུ་སྣའི་ཚོགས་དང་དཀར་མངར་དང༔ མྱོས་བྱེད་ལ་དུ་ཤིང་ཏོག་དང༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་པ༔ རོ་མངར་རེག་བྱ་འཇམ་པོའི་ཚོགས༔ ལྷ་ཡི་འདུན་ས་བཞིན་དུ་མཆོད༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཨརྒྷཾ་ནས། ཤབྡ་ཀཱ་མ་གུ་ཎ་པཱུ་ཛ་ཧོ༔ ཧཱུྃ༔ རྩ་བརྒྱད་སྟོང་ལ་སྦྱར་བ་ཡི༔ བདུད་རྩི་སྨན་གྱི་མཆོད་པ་འབུལ༔ ཆགས་ཆེན་རཀྟའི་རྦ་ཀློང་འཁྲུགས༔ མ་ཧཱ་ཀཱ་ལའི་ཚོགས་ལ་འབུལ༔ བཟའ་བཅའ་བཏུང་བ་བསམ་མི་ཁྱབ༔ འདོད་ཡོན་གཏོར་མའི་མཆོད་པ་འབུལ༔ གཉིས་མེད་བདེ་ཆེན་སྦྱོར་བ་ཡི༔ བྱང་ཆུབ་སེམས་ཀྱི་འཕྲོ་འདུས་མཆོད༔ མཁའ་དབྱིངས་ཨེ་ཡི་བྲུབ་ཁུང་དུ༔ མ་རིག་གཉིས་འཛིན་བདུད་དང་བགེགས༔ རྡོ་རྗེ་འབར་བའི་མཚོན་གྱིས་བསྒྲལ༔ ཕུང་པོ་ཤ་ཁྲག་རུས་པས་མཆོད༔ མ་རྟོགས་གཉིས་འཛིན་རུ་དྲའི་རྒྱུ༔ རྟོགས་ན་ཐམས་ཅད་ལྷ་ཡི་ངང༔ དངོས་གྲུབ་ཀུན་གྱི་འབྱུང་གནས་ཆེ༔ ཡེ་མཆོད་ཆེན་པོར་བཞེས་སུ་གསོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་བཱ་ར་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་ཨུ་ཙུཥྨ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ ཀྲོ་དྷཱི་ཤྭ་རཱི་ཨི་དཾ་བ་ལིཾ་ཏ༴ པཉྩ་ཨ་མྲྀཏ༴ མ་ཧཱ་རཀྟ༴ ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ་ཨི་དཾ༴ པཉྩ་ཨ༴ མ་ཧཱ་རཀྟ༴ ཨོཾ་མ་ཧཱ་ཀྲོ་དྷ་ཀིང་ཀ་ར་ས་པ་རི་བཱ་ར་ཨི་དཾ༴ པཉྩ་ཨ༴ མ་ཧཱ་རཀྟ༴ ཨོཾ་མ་ཧཱ་ཡཀྴ་ཙིཏྟ་ཧྲིང་ཧྲིང་ས་པ་རི་བཱ་ར་ཨི་དཾ༴ པཉྩ་ཨ༴ མ་ཧཱ་རཀྟ༴ ཨོཾ་རཱ་ཧུ་ལ་པཀྴ་མེ་ཀི་ས་པ་རི་བཱ་ར་ཨི་དཾ༴ པཉྩ་ཨ༴ མ་ཧཱ་རཀྟ༴ ཨོཾ་ཏྲཀ་རཀྴ་ཡཀྴ་བཻ་ཏཱ་ལི་ས་པ་རི་བཱ་ར་ཨི་དཾ༴ པཉྩ་ཨ༴ མ་ཧཱ་རཀྟ༴ སརྦ་དུཥྚཱན་ས་པ་རི་བཱ་ར་ཨི་དཾ༴ པཉྩ་ཨ༴ མ་ཧཱ་རཀྟ༴ དགྲ་བགེགས་ཆེ་གེ་ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཨོཾ་མ་ཧཱ་ཀཱ་ལ་དགྲ་བོ་མཱ་ར་ཡ་ཕཊ༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ༴ མ་ཧཱ་ཙིཏྟ༴ མ་ཧཱ་གོ་རོ་ཙ་ན༴ མ་ཧཱ་བ་སུ་ཏ༴ ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ ཧཱུྃ༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ ཐབས་ཀྱི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ༔ དཔལ་མགོན་ལེགས་ལྡན་ནག་པོ་ཚོགས་ཀྱི་བདག༔ བསྟན་སྲུང་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཡེ་ཤེས་གཟི་བརྗིད་འབར་ལ་ཕྱག་འཚལ་བསྟོད༔ མཐུ་རྩལ་རྫུ་འཕྲུལ་ལྡན་ལ་ཕྱག་འཚལ་བསྟོད༔ དངོས་གྲུབ་ཐོགས་མེད་སྩོལ་ལ་ཕྱག༴ ཕྲིན་ལས་མྱུར་དུ་སྒྲུབ་ལ་ཕྱག༴ སྒྲིབ་མེད་མངོན་ཤེས་ལྡན་ལ་ཕྱག༴ སྟོན་པས་ལུང་བསྟན་ཐོབ་ལ་ཕྱག་འཚལ་བསྟོད༔ སྔོན་གྱི་རྒྱལ་བ་རྣམས་དང་དགོངས་པ་གཅིག༔ རིག་འཛིན་གྲུབ་ཐོབ་རྣམས་དང་བྱིན་རླབས་གཅིག༔ མ་མོ་མཁའ་འགྲོའི་ཚོགས་དང་དམ་ཚིག་གཅིག༔ དྲེགས་པ་སྡེ་བརྒྱད་ཚོགས་དང་མཐུ་རྩལ་གཅིག༔ སྔོན་གྱི་དྲང་སྲོང་རྣམས་དང་སྨོན་ལམ་གཅིག༔ མ་ཧཱ་ཀཱ་ལ་ཁྱོད་ལ་བདག་བསྟོད་དོ༔ ཧཱུྃ༔ ལས་ལ་ཆས་པའི་སྲས་མཆོག་ནག་པོ་ནི༔ མཐུ་རྩལ་རབ་ལྡན་གྲི་གུག་ཐོད་ཁྲག་འཛིན༔ བེར་ཆེན་གསོལ་ནས་ལྷ་ཡི་དམག་དཔུང་སྡུད༔ གཏུམ་པོ་ནག་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ མཁའ་འགྲོའི་དབང་ཕྱུག་ཀྲོ་ཏཱི་ཤྭ་རཱི་མ༔ མ་རུངས་འཆིང་མཛད་སྦྲུལ་གྱི་ཞགས་པ་དང༔ ཐོད་པ་ཁྲག་ཆང་མར་ཁུས་བཀང་བ་གསོལ༔ གསང་བའི་ཡུམ་གྱུར་ཁྱོད་ལ་ཕྱག་འཚལ་བསྟོད༔ གཞན་ཡང་སྒྲོལ་གིང་གནོད་སྦྱིན་རཱ་ཧུ་ལ༔ འདོད་ཁམས་བདག་མོ་སྡེ་དཔོན་སྔགས་བདག་སོགས༔ དཔལ་ཆེན་ཧེ་རུ་ཀ་ཡི་བཀའ་ཉན་པ༔ ཚར་གཅོད་རྗེས་འཛིན་ཕྲིན་ལས་མཛད་ལ་བསྟོད༔ ཅེས་བསྟོད་ཅིང་ཕྲིན་ལས་གསོལ་བ་ནི༔ ཧོ༔ རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཤིང༔ ལོངས་སྤྱོད་རྫོགས་སྐུ་ཧེ་རུ་ཀ་དཔལ་མ་ཧཱ་ཀཱ་ལའི་སྐུར་བཞེངས་པ༔ སངས་རྒྱས་ཀྱི་བསྟན་སྲུང་ཆེན་པོ༔ རྣལ་འབྱོར་གྱི་དགྲ་བླ་ཆེན་པོ༔ གསང་སྔགས་བཀའི་སྲུང་མ༔ དམ་ཉམས་དགྲ་བོའི་གཤེད་མ༔ འཇིག་རྟེན་དྲེགས་པའི་གཙོ་བོ༔ ལེགས་ལྡན་ཚོགས་ཀྱི་བདག་པོ༔ ལས་མགོན་སྲས་མཆོག་ནག་པོ༔ ཡུམ་ཀྲོ་དྷཱི་ཤྭ་རཱི་མ༔ ཁྲོ་ཆེན་ཀིང་ཀ་ར༔ གནོད་སྦྱིན་དམར་པོ༔ གཟའ་མཆོག་རཱ་ཧུ་ལ༔ ལྷ་མོ་འདོད་ཁམས་ཀྱི་དབང་མོ་རེ་མ་ཏི༔ འཁོར་དང་བཅས་པ་རྣམས་ལ་མཆོད་དོ༔ བསྟོད་དོ༔ སངས་རྒྱས་ཀྱི་བསྟན་པ་སྲུངས༔ དཀོན་མཆོག་གི་དབུ་འཕང་བསྟོད༔ བླ་མའི་སྐུ་ཚེ་སྲིངས༔ དགེ་འདུན་གྱི་སྡེ་སྐྱོངས༔ བཤད་སྒྲུབ་ཀྱི་བསྟན་པ་སྤེལ༔ ནད་གདོན་བར་ཆད་ཞི་བ་དང༔ ཚེ་བསོད་དཔལ་འབྱོར་རྒྱས་པ་དང༔ ཡིད་ལ་འདོད་པ་ཐམས་ཅད་དབང་དུ་འདུ་བ་དང༔ དམ་ཉམས་དགྲ་བགེགས་ལོག་པར་སྤྱོད་ཅིང་བར་ཆད་ཀྱི་རྐྱེན་བྱེད་པ་ཐམས་ཅད་ཐལ་བ་རྡུལ་བཞིན་དུ་མཛོད་ཅིག༔ གསུམ་པ་རྗེས་ཀྱི་བྱ་བ་ལ༔ ཚོགས་དང་བཤགས་པ་སྐོང་བ་བྱ༔ རྟེན་ལ་བསྟིམ་མམ་རང་གནས་གཤེགས༔ བསྔོ་བ་སྨོན་ལམ་བཀྲ་ཤིས་བྱ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་དམ་ཟབ་པ་སྐོར་བདུན་གྱི་བཀའ་སྲུང་ལེགས་ལྡན་གྱི་རྟགས་བསྟོད་བཞུགས་སོ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་ཁྲོ་བོའི་སྐུར་སྟོན་པ༔ སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་བརྡ༔ རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་བརྒྱན་པ༔ བདེ་གཤེགས་རིགས་ལྔས་དབང་བསྐུར་མཛད་པའི་རྟགས༔ དབུ་སྐྲ་རལ་པ་གྱེན་དུ་སྤྲིན་ལྟར་གཏིབས༔ ལྟ་བ་རྣམ་དག་མཐའ་རུ་ཕྱིན་པའི་རྟགས༔ སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས་པ་ནི༔ རྒྱལ་བའི་སྐུ་གསུང་ཐུགས་རྣམས་རྫོགས་པའི་རྟགས༔ ཤངས་གཉེར་ཧཱུྃ་ཧཱུྃ་འཐོར་རླུང་འཕྱོ་བ་ནི༔ དངོས་འཛིན་རྣམ་རྟོག་ཐམས་ཅད་གཏོར་བའི་རྟགས༔ སྙན་ནས་སྒྲ་སྐད་འབྲུག་ལྟར་སྒྲོག་པ་ནི༔ ཆོས་རྣམས་མ་ལུས་ཐུགས་སུ་ཆུད་པའི་རྟགས༔ སྨ་ར་སྨིན་མ་ཁམ་ནག་སྐར་ཆེན་འཕྲོ༔ ཁྲོ་བོ་ཀུན་གྱི་མཐུ་སྟོབས་རྫོགས་པའི་རྟགས༔ ཞལ་གདངས་ལྗགས་འདྲིལ་རྐན་སྒྲ་རྡེབ་པ་ནི༔ ཆོས་ཀྱི་གསུང་ལྡན་སེམས་ཅན་སྒྲོལ་བའི་རྟགས༔ ཟླ་ཚེས་ལྟ་བུའི་མཆེ་བ་བཞི་གཙིགས་པ༔ མཐའ་བཞིར་འཛིན་པའི་ལོག་རྟོག་བཅོམ་པའི་རྟགས༔ དཔལ་གྱི་གཏུམ་རྔམ་སྲིན་པོ་ཁྲོས་པའི་ཞལ༔ ཆོས་རྣམས་རོ་གཅིག་སྣ་ཚོགས་སྣང་བའི་རྟགས༔ ཕྱག་གཉིས་ཞབས་ཟུང་གར་གྱི་སྟངས་སྟབས་ནི༔ ཚད་མེད་བཞི་ཡིས་བདུད་བཞི་བཅོམ་པའི་རྟགས༔ སྐུ་སྟོད་སེང་གེ་རབ་ཏུ་འགྱིང་འདྲ་བ༔ མི་འཇིགས་བཞི་ཡི་ཡོན་ཏན་རྫོགས་པའི་རྟགས༔ རྐེད་པ་གཞུ་ཡི་ཆངས་ཟུང་ལྟར་འདྲིལ་བ༔ དབང་བཅུ་མངའ་བ་ཐོགས་མེད་ཕྲིན་ལས་རྟགས༔ གསང་བ་རྡོ་རྗེ་ནོར་བུ་འབར་བ་ནི༔ ཡེ་སྦྱོར་ཡེ་སྒྲོལ་འགྲོ་དོན་མཛད་པའི་རྟགས༔ ཞབས་གཡས་བསྐུམས་པས་ཁམས་གསུམ་དབང་དུ་སྡུད༔ ཞབས་གཡོན་བརྐྱངས་པས་སྲིད་གསུམ་ཟིལ་གནོན་རྟགས༔ ས་གསུམ་དབང་སྒྱུར་བེར་ཆེན་སུམ་བརྩེགས་གསོལ༔ རིན་ཆེན་སྐ་རགས་དགོས་འདོད་སྩོལ་བའི་རྟགས༔ གཡས་པས་གྲི་གུག་སྐྱེ་ཤི་རྩད་ནས་གཅོད༔ གཡོན་པས་ཐོད་ཁྲག་འཁོར་བ་སྟོངས་པའི་རྟགས༔ བེང་ཆེན་ཕུར་བུས་དགྲ་བགེགས་མ་ལུས་བསྒྲལ༔ སྤྲུལ་པའི་དམག་འགྱེད་བདུད་ཀྱི་གཡུལ་ཟློག་རྟགས༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ་པ་ནི༔ མ་མོ་མཁའ་འགྲོ་དབང་དུ་སྡུད་པའི་རྟགས༔ ཡེ་ཤེས་མེ་ཕུང་ཀློང་དུ་བཞུགས་པ་ནི༔ མ་རིག་བག་ཆགས་རྣམ་རྟོག་སྲེག་པའི་རྟགས༔ པདྨ་ཉི་མའི་གདན་ལ་བཞུགས་པ་ནི༔ ཆེ་བའི་ཡོན་ཏན་མ་ལུས་རྫོགས་པའི་རྟགས༔ གཡས་གཡོན་གཉིས་ལས་སེང་གེ་འཕྱོ་བ་ནི༔ འཇིགས་བྱེད་ཆེན་པོ་ལས་ལ་འགྱེད་པའི་རྟགས༔ སྟ་ཟུར་གཉིས་ནས་འཕར་དྲེད་རྒྱུག་པ་ནི༔ དམ་ཉམས་དགྲ་བགེགས་སྲོག་ལ་རྔམས་མཛད་རྟགས༔ ཞབས་གཉིས་བརྡབས་པས་སྟག་མོ་འཕྲོ་བ་ནི༔ ཕྲ་མེན་མང་པོ་ལས་ལ་འགྱེད་པའི་རྟགས༔ སངས་རྒྱས་བསྟན་སྲུང་བཀའ་ཡི་བྱ་ར་བ༔ ཡེ་ཤེས་མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དེ་ཡི་ཡུམ་ཆེན་ཀྲོ་དྷཱི་ཤྭ་རཱི་མ༔ དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རྟགས༔ ཞལ་གཅིག་ཕྱག་གཉིས་ཐལ་སྐྱ་ལྟ་བུའི་མདོག༔ སྐྱེ་མེད་ཆོས་རྣམས་ཐུགས་སུ་ཆུད་པའི་རྟགས༔ ཕྱག་གཡས་སྦྲུལ་ཞགས་ནམ་མཁར་གཡུག་པ་ནི༔ ཉོན་མོངས་དངོས་མེད་རང་གྲོལ་མཁྱེན་པའི་རྟགས༔ གཡོན་པས་མར་ཁུ་ཁྲག་ཆང་གསོལ་པ་ནི༔ དུག་གསུམ་འཇོམས་ཤིང་དངོས་གྲུབ་སྩོལ་བའི་རྟགས༔ དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན་པ་ནི༔ མཁའ་འགྲོ་རྣམས་ཀྱི་གཙོ་མོ་མཛད་པའི་རྟགས༔ རེ་ལྡེའི་ཤམ་ཐབས་སྐུ་ལ་གསོལ་བ་ནི༔ ཡེ་ཤེས་འཇིག་རྟེན་མ་མོ་དབང་སྡུད་རྟགས༔ སྦྱོར་སྒྲོལ་མཛད་ཕྱིར་ཡབ་ལ་འདུན་པའི་ཚུལ༔ བདེ་ཆེན་ཡེ་ཤེས་ངང་དུ་རོལ་པའི་རྟགས༔ དབྱིངས་ཀྱི་ཡུམ་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ གཏུམ་ཆེན་མི་བཟད་སྲས་མཆོག་ནག་པོ་ནི༔ སྐུ་མདོག་མཐིང་ནག་ཆར་སྤྲིན་འཁྲུགས་པ་འདྲ༔ མི་འགྱུར་རྣམ་དག་ཡེ་ཤེས་མངའ་བའི་རྟགས༔ གྲི་གུག་ཕྱར་ཞིང་ཐོད་པ་ཁྲག་བཀང་འཛིན༔ དགྲ་བགེགས་སྒྲོལ་ཞིང་དངོས་གྲུབ་སྩོལ་བའི་རྟགས༔ བེར་ཆེན་ཕྱི་ནང་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཕོ་རྒྱུད་མོ་རྒྱུད་དབང་དུ་སྡུད་པའི་རྟགས༔ མིའུ་ཐུང་གེལ་པའི་གཟུགས་ཅན་འདོར་སྟབས་བཞེངས༔ དམ་ཅན་ཡོངས་ཀྱི་གཙོ་བོ་ཁྱོད་ལ་བསྟོད༔ ཧཱུྃ༔ བཀའ་སྡོད་ཆེན་པོ་ཁྲོ་ཆེན་ཀིང་ཀ་ར༔ མཐིང་ནག་མཚོན་ཆའི་འཁོར་ལོ་ཐུན་ཁྲག་འཕེན༔ དུར་ཁྲོད་ཆས་ཅན་སྒྲོལ་གིང་བཅུ་གཉིས་འགྱེད༔ ཉམས་པ་ཐམས་ཅད་ཐབས་ཀྱིས་བསྒྲལ་བའི་རྟགས༔ སངས་རྒྱས་བསྟན་སྲུང་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ གནོད་སྦྱིན་དམར་པོ་རབ་ཁྲོས་ཁྲག་གི་མདོག༔ བསེ་ཁྲབ་བསེ་རྨོག་དུར་ཁྲོད་ཆས་ཀྱིས་བརྒྱན༔ གསེར་གྱི་སྤུ་གྲི་གསེར་མདུང་དམར་སེར་རྡེབ༔ སྲིན་མོ་བསྭེ་གདོང་གསེར་གྱི་སྤུ་གྲི་འཛིན༔ བསེ་ཡི་སྐྱེས་བུ་བཞི་དང་བུ་མོ་བཞི༔ མི་དམར་ཤན་པ་བཞི་བཅུ་ལས་ལ་འགྱེད༔ གསང་སྔགས་བཀའ་ཡི་བྱ་ར་མཛད་པའི་རྟགས༔ བསྟན་སྲུང་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ གཟའ་བདུད་དུད་ཁ་མགོ་དགུ་བྱ་རོག་ཞལ༔ ཕྱག་གཡས་གྲི་གུག་རྩེ་ནས་སྐྱིན་ཐང་འབེབ༔ གཡོན་པས་ཆུ་སྲིན་ཞགས་འཕེན་ཐོད་ཁྲག་རོལ༔ སྤྱན་སྟོང་ལྡན་ཞིང་སྐུ་སྨད་སྦྲུལ་མཇུག་འཁྱིལ༔ གཟའ་བརྒྱད་རྒྱུ་སྐར་གདོང་མོ་ཕོ་ཉར་འགྱེད༔ སྡེ་བརྒྱད་ཀུན་གྱི་དམག་དཔོན་མཛད་པའི་རྟགས༔ དྲེགས་པ་ཡོངས་ཀྱི་གཙོ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ བྱང་ཤར་མུ་ལེ་ཁྲག་མཚོ་རླུང་ནག་དབུས༔ སྲིད་པའི་རྒྱལ་མོ་དཔལ་ལྡན་ལྷ་མོ་ནི༔ རྨ་བྱ་སེང་གེ་སྦྲུལ་གྱིས་དབུ་ལ་བརྒྱན༔ མཆེ་བ་བཞི་གཙིགས་མི་རོ་རེངས་པ་གསོལ༔ གཡས་པས་ཁྲམ་ཤིང་དགྲ་བོ་ཁྲམ་ལ་འདེབས༔ གཡོན་པས་ནད་རྐྱལ་དགྲ་ལ་ནད་ཡམས་འགྱེད༔ མི་ལྤགས་གཡང་གཞི་རེ་ལྡའི་ཤམ་ཐབས་གསོལ༔ དྲེལ་རྟ་རྐང་གསུམ་སྲིན་པོའི་སྒ་སྟན་ཅན༔ འཆིབ་ནས་སྟོང་གསུམ་མ་ལུས་ཡུད་ཀྱིས་བསྐོར༔ མཚོན་གྱི་དྲུ་བུ་ནད་ཀྱི་རྐྱལ་པ་དང༔ ཤྭ་རྡིལ་དཀར་ནག་བདུད་ཀྱི་ཁྲམ་ཤིང་དང༔ སྤྲུལ་པའི་མཚོན་ཆ་རྣམ་ལྔ་ཤ་ཐག་མཛད༔ དཀར་མོ་ནག་མོ་དམར་མོ་འབུམ་གྱིས་བསྐོར༔ ནག་མོ་རེ་མ་ཏི་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དྲེགས་པའི་སྡེ་དཔོན་སུམ་ཅུ་མཐུ་རྩལ་ཅན༔ ཆ་ལུགས་ཕྱག་མཚན་ཞོན་པ་སྣ་ཚོགས་ཅན༔ སྔགས་བདག་བཅོ་བརྒྱད་དམོད་པའི་མཚོན་ཆ་ཅན༔ འཇིགས་སུ་རུང་བའི་རྣམ་འགྱུར་ཅིར་ཡང་སྟོན༔ འཇིག་རྟེན་སྐྱོང་བའི་གཙོ་བོ་སྡེ་བརྒྱད་རྣམས༔ དམ་ཉམས་དགྲ་ཡི་ཤ་དང་ཁྲག་ལ་དགྱེས༔ དམ་ཚིག་དབང་གིས་སངས་རྒྱས་བསྟན་པ་སྲུང༔ བཀའ་སྡོད་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་པས་ལྷ་རྣམས་མཉེས་ཤིང་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་དམ་ཟབ་པ་སྐོར་བདུན་གྱི་བཀའ་སྲུང་མགོན་པོའི་སྐོང་བཤགས་བཞུགས་སོ༔ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཡེ་ཤེས་མགོན་པོའི་ཐུགས་དང་འགལ་བ་བཤགས་པ་ནི༔ གདུང་བ་དྲག་པོས་ཐལ་མོ་སྦྱར་ལ༔ ཧཱུྃ༔ མ་ཧཱ་ཀཱ་ལ་འཁོར་བཅས་དགོངས་སུ་གསོལ༔ གསང་སྔགས་ཐེག་པ་ཆེན་པོའི་སྒོར་ཞུགས་ནས༔ དམ་ཚིག་ཚུལ་བཞིན་སྲུང་བར་ཁས་བླངས་པར༔ ཉམས་ཆག་འགལ་འཁྲུལ་བྱུང་བ་མཐོལ་ལོ་བཤགས༔ འཁོར་བ་སྡུག་བསྔལ་མེ་འོབས་ལྟ་བུ་ལ༔ ཞེན་ཅིང་ཆགས་པ་ཐམས་ཅད་མཐོལ་ལོ་བཤགས༔ གཏན་གྱི་སྐྱབས་གནས་དཀོན་མཆོག་གསུམ་པོ་ལ༔ སྙིང་ནས་བློ་གཏད་མ་བགྱིས་མཐོལ་ལོ༴ འགྲོ་དྲུག་སེམས་ཅན་ཕ་མར་གྱུར་པ་ལ༔ སྙིང་རྗེས་ཕན་སེམས་ཆུང་བ་མཐོལ༴ ཉམས་ཆག་འགལ་འཁྲུལ་སྡིག་པའི་ཚོགས་རྣམས་ལ༔ མ་བཤགས་སྦས་གསང་འཆབ་པ་མཐོལ༴ མཆོད་པའི་ཞིང་དུ་གྱུར་པའི་མགྲོན་རིགས་ལ༔ སེར་སྣས་མཆོད་སྦྱིན་མ་བྱས་མཐོལ༴ གསང་སྔགས་སྟོན་པའི་རྡོ་རྗེ་སློབ་དཔོན་ལ༔ དད་ཅིང་མོས་པས་མ་བསྟེན་མཐོལ༴ དཀྱིལ་འཁོར་གཙོ་བོ་དཔལ་ལྡན་བླ་མ་ལ༔ སྙིང་ནས་ཐུགས་འགལ་བགྱིས་པ་མཐོལ༴ གསང་སྔགས་སྒྲུབ་པའི་མཆེད་དང་ལྕམ་དྲལ་ལ༔ བརྙས་ཤིང་བརྩེ་གདུང་ཆུང་བ་མཐོལ༴ ལྟ་བ་རང་བཞིན་མེད་པར་རྟོགས་པ་ལ༔ གཉིས་འཛིན་མཐའ་བཞིས་བཅིངས་པ་མཐོལ༴ ཡི་དམ་ལྷ་ཡི་བསྐྱེད་རིམ་བསྒོམ་པ་ལ༔ ཐ་མལ་ཨ་འཐས་འཁྲུལ་པ་མཐོལ༴ གསང་སྔགས་བཟླས་བརྗོད་ཚུལ་བཞིན་བགྱིད་རྒྱུ་ལ༔ ཆད་ལྷག་ཟུར་ཆག་ཉམས་པ་མཐོལ༴ བསྙེན་སྒྲུབ་ཐུན་བཞིའི་འཕྲང་ལ་བཅུག་པ་ལ༔ དོན་མེད་ལོང་གཏམ་གཡེངས་པ་མཐོལ༴ ཚོགས་དང་མཆོད་གཏོར་དུས་སུ་བརྩོན་པ་ལ༔ ལེ་ལོ་སྒྱིད་སྙོམ་གྱུར་པ་མཐོལ༴ ཕྱི་ནང་གསང་བའི་མཆོད་པ་ཐམས་ཅད་ལ༔ འབག་བཙོག་གཙང་སྨེ་མ་ཕྱེད་མཐོལ༴ དམ་རྫས་ཚུལ་བཞིན་བཤམ་པར་ཁས་བླངས་ནས༔ ཕུད་ལྷག་དྲི་མས་གོས་པ་མཐོལ༴ ཕྱི་ནང་གསང་རྟེན་བཙུགས་པར་ཁས་བླངས་ནས༔ ཚུལ་བཞིན་རྫས་མ་འཛོམས་པ་མཐོལ༴ མཐུན་རྫས་སྤྱན་གཟིགས་འབུལ་བར་ཁས་བླངས་ནས༔ ཡོ་བྱད་འབྱོར་ཚོགས་ཆུང་བ་མཐོལ༴ རྟེན་དང་ལྟ་སྤྱོད་ཟབ་མོ་གསང་བ་ལ༔ གཞན་ལ་འཆོལ་པར་སྨྲས་པ་མཐོལ༴ མན་ངག་གསང་ནས་སྒྲུབ་པར་ཁས་བླངས་ཀྱང༔ གཞན་ལ་བཤད་ཅིང་ངོམས་པ་མཐོལ༴ སློབ་དཔོན་བཀའ་དང་མཆེད་ཀྱིས་བསྒོས་པ་རྣམས༔ གཞན་ལ་མ་གསང་བཤད་པ་མཐོལ༴ དམ་ཅན་རྣམས་ཀྱིས་མཐུ་ནུས་རྟགས་བསྟན་པ༔ མ་གསང་གཞན་ལ་ངོམས་པ་མཐོལ༴ དུག་ལྔ་ཡེ་ཤེས་ལྔ་རུ་མ་རྟོགས་པར༔ ཉོན་མོངས་རང་གར་སྤྱད་པ་མཐོལ༴ ཤ་ལྔ་བདུད་རྩི་དང་དུ་མ་བླངས་ནས༔ སྦྱང་སྤེལ་བསྒྱུར་བར་མ་ནུས་མཐོལ༴ ཆོས་རྣམས་རྣམ་དག་ལྷ་རུ་མ་རྟོགས་པ༔ ཤེས་བྱའི་དམ་ལས་འགལ་བ་མཐོལ༴ དམ་ཅན་རྒྱ་མཚོ་རིགས་ལྔའི་ངང་དུ་གནས༔ བསྒྲུབ་བྱ་ཡིན་པར་མ་ཤེས་མཐོལ༴ ཐབས་ཤེས་སྦྱོར་བས་བདེ་ཆེན་ཡེ་ཤེས་རྟོགས༔ མཚན་ལྡན་རིག་མ་སྤངས་པ་མཐོལ༴ ལྷན་སྐྱེས་ཡེ་ཤེས་མ་རྟོགས་ཞེན་པས་བཅིངས༔ སྦྱོར་བ་ཕྱིན་ཅི་ལོག་པ་མཐོལ༴ ཞིང་བཅུ་ཚང་བའི་དགྲ་བགེགས་ཡལ་བར་དོར༔ ངན་སྔགས་མཐུ་ཡིས་མ་བསྒྲལ་མཐོལ༴ རང་འདོད་ཆགས་སྡང་རྫས་ངན་སྦྱོར་བས་བསྒྲལ༔ སྒྲོལ་བ་ཕྱིན་ཅི་ལོག་པ་མཐོལ༴ སེར་སྣ་ཅན་གྱི་ཟས་ནོར་ཐབས་ཀྱིས་བླངས༔ འགྲོ་དོན་མཆོད་སྦྱིན་མ་བྱས་མཐོལ༴ ཆགས་ཞེན་སྲེད་པས་དད་པའི་ནོར་བླངས་ནས༔ དངོས་པོ་ཆུད་ཟོས་སོང་བ་མཐོལ༴ རང་དང་གཞན་གྱི་གསང་བའི་དམ་ཚིག་རྣམས༔ རྫུན་གྱིས་གསང་བར་མ་ནུས་མཐོལ༴ མ་མཐོང་མཐོང་དང་མ་རྟོགས་རྟོགས་སོ་ཞེས༔ མི་ཆོས་བླ་མའི་རྫུན་སྨྲས་མཐོལ༴ སྡིག་སྤྱོད་བྱ་བ་ངན་པའི་ལས་རྩོམ་ལ༔ རྩུབ་པའི་ཚིག་གིས་མ་བཟློག་མཐོལ༴ ཞི་དུལ་ཆོས་ཀྱི་སྨྲ་བ་མི་བྱེད་པར༔ ཚིག་རྩུབ་ལོང་གཏམ་བྱས་པ་མཐོལ༴ རང་གི་གྲུབ་མཐའ་ཚུལ་བཞིན་མི་བཟུང་བར༔ དམ་ཚིག་ཉམས་དང་འདྲེས་པ་མཐོལ༴ ལྟ་སྤྱོད་སྒོམ་སྒྲུབ་ཚུལ་བཞིན་མི་བྱེད་པར༔ གསང་སྔགས་གཞུང་དང་འགལ་བ་མཐོལ༴ དེ་ལྟར་མ་རིག་དབང་དུ་སོང་བ་ཡིས༔ དམ་ཅན་རྒྱ་མཚོའི་ཐུགས་དང་འགལ་བ་བཤགས༔ ཕྱིན་ཆད་བདག་གིས་མི་འགལ་དམ་བཅའ་བས༔ མ་ཧཱ་ཀཱ་ལའི་ཚོགས་ཀྱིས་བཟོད་པར་མཛོད༔ དམིགས་མེད་ཀློང་དུ་ཚངས་པ་བསྩལ་ནས་ཀྱང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་ཡིག་བརྒྱ་བཟླ༔ ཧོ༔ མ་ཧཱ་ཀཱ་ལ་དམ་ཅན་རྒྱ་མཚོའི་ཚོགས༔ སྒྲུབ་པ་པོ་ལ་གསན་ཅིང་དགོངས་སུ་གསོལ༔ དུར་ཁྲོད་གསང་བའི་དཀྱིལ་འཁོར་ཆེན་པོ་འདིར༔ དད་པ་དམ་ཚིག་དབང་གིས་གཤེགས་སུ་གསོལ༔ གསང་བའི་རྟེན་མཆོག་རྣམས་ལ་བཞུགས་ནས་ཀྱང༔ ཕྱི་ནང་གསང་བའི་མཆོད་པ་བཞེས་སུ་གསོལ༔ རྡོ་རྗེའི་སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོད༔ བག་མེད་ཉམས་ཆག་འགལ་འཁྲུལ་ཐམས་ཅད་བཤགས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ མ་ཧཱ་ཀཱ་ལ་དགོངས་སུ་གསོལ༔ བདག་ནི་རིག་འཛིན་སྒྲུབ་པ་པོ༔ དམ་ལ་གནས་ཤིང་ལྷ་ལ་ཕྲེང༔ མཆོད་ཕྱིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱི་ཡི་མཆོད་པ་ཡིན་པའི་ཕྱིར༔ དམར་ཆེན་ཁྲག་གི་ཨརྒྷཾ་དང༔ དུག་ཆུ་ཁོལ་མའི་ཞབས་བསིལ་འབུལ༔ དབང་པོ་ལྔ་ཡི་མེ་ཏོག་དང༔ ཚིལ་ཆེན་གསུར་གྱི་དུད་སྤྲིན་གཏིབས༔ ཞིང་ཆེན་རོ་རས་སྤར་བའི་མེ༔ མྱོས་བྱེད་གི་ཝཾ་བྱུག་པའི་བཅུད༔ ཤ་རུས་ནང་ཁྲོལ་ཞལ་གྱི་ཟས༔ ཌཱ་མ་རུ་དང་རྐང་གླིང་སྒྲ༔ རྔ་ཆེན་དུང་ཆེན་ལ་སོགས་པས༔ མགོན་པོ་འཁོར་བཅས་ཐུགས་དམ་བསྐང༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་པ༔ རོ་མངར་རེག་བྱ་འཇམ་པ་དང༔ རྒྱལ་སྲིད་སྣ་བདུན་བཀྲ་ཤིས་པའི༔ རྫས་མཆོག་བརྒྱད་དང་རྟགས་བརྒྱད་དང༔ བཅུ་དྲུག་ལྷ་མོའི་རོལ་པ་ཡིས༔ མགོན་པོ་འཁོར་བཅས་ཐུགས་དམ་བསྐང༔ ནང་གི་མཆོད་པ་ཡིན་པའི་ཕྱིར༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ ཤ་ཆེན་ལང་ལིང་རཀྟར་བཅས༔ འབྲུ་སྣ་ཤིང་ཏོག་མེ་ཏོག་དང༔ དཀར་དམར་རྗེན་ཤ་སྤོད་ཀྱི་རིགས༔ ལ་དུ་ཁུར་བ་སྒོག་བཙོང་གི༔ དཔལ་གྱི་གཏོར་མ་བརྗིད་ལྡན་བཤམས༔ མགོན་པོ་འཁོར་བཅས་ཐུགས་དམ་བསྐང༔ གསང་བའི་མཆོད་པ་ཡིན་པའི་ཕྱིར༔ མཆོག་ཆེན་ཡབ་ཡུམ་མཉམ་སྦྱར་བའི༔ བྱང་ཆུབ་སེམས་ནི་བདེ་བའི་སྤྲིན༔ རུ་དྲ་དགྲ་བགེགས་བདུད་ཀྱི་ཚོགས༔ བསྒྲལ་པའི་ཤ་ཁྲག་བསམ་མི་ཁྱབ༔ ཆོས་རྣམས་མཉམ་ཉིད་རྟོགས་པ་ཡིས༔ མགོན་པོ་འཁོར་བཅས་ཐུགས་དམ་བསྐང༔ ཕྱི་ཡི་རྟེན་མཆོག་ཡིན་པའི་ཕྱིར༔ ཞྭ་ནག་གོས་ནག་སྐུ་འབག་དང༔ གོ་མཚོན་ཕྱག་མཚན་རུ་མཚོན་དང༔ རྟ་ནག་གཡག་ནག་ལུག་ནག་ཁྱི༔ བྱ་གཅན་རི་དྭགས་རིན་ཆེན་འབྲུ༔ དར་ཟབ་པགས་པ་དཀོར་ནོར་གྱིས༔ མགོན་པོ་འཁོར་བཅས་ཐུགས་དམ་བསྐང༔ ནང་གི་རྟེན་རྫས་ཡིན་པའི་ཕྱིར༔ ཐོད་པ་མཚན་ལྡན་ཞིང་ལྤགས་དང༔ ནལ་བུའི་པགས་པ་ཐོད་པ་དང༔ དཀྱིལ་འཁོར་དམ་རྫས་ལ་སོགས་པས༔ མགོན་པོ་འཁོར་བཅས་ཐུགས་དམ་བསྐང༔ གསང་བའི་རྟེན་མཆོག་ཡིན་པའི་ཕྱིར༔ གྲི་སྙིང་སྲོག་འཁོར་བླ་རྡོ་དང༔ ནལ་བུའི་སྙིང་དང་གསང་བའི་སྐུ༔ འབྲས་བུ་ལྔ་དང་ཤིང་ལོ་སོགས༔ སྲུང་མ་རྣམས་ཀྱི་སྲོག་སྔགས་ཀྱིས༔ མགོན་པོ་འཁོར་བཅས་ཐུགས༴ སྣང་སྟོང་བསྐྱེད་རིམ་གྲགས་སྟོང་སྔགས༔ མཚན་ཉིད་ལྡན་པའི་བཟླས་བརྗོད་དང༔ རྩ་རླུང་ཐིག་ལེ་བྱང་ཆུབ་པ༔ ཐབས་ཤེས་མཉམ་སྦྱར་དགའ་བཞི་བསྒོམ༔ མ་བཅོས་ལྟ་བའི་གནས་ལུགས་རྟོགས༔ ཞེན་འཛིན་མེད་པའི་སྤྱོད་པ་ཡིས༔ བསྙེན་སྒྲུབ་རྣམ་བཞི་མཐར་ཕྱིན་པས༔ མགོན་པོ་འཁོར་བཅས་ཐུགས༴ མནན་བསྲེག་འཕང་གསུམ་སྦྱོར་བ་ཡིས༔ བསྟན་པའི་དགྲ་བོ་བསྒྲལ་ནས་ཀྱང༔ སངས་རྒྱས་བསྟན་པ་སྤེལ་བ་ཡིས༔ མགོན་པོ་འཁོར་བཅས་ཐུགས༴ མ་ཧཱ་ཀཱ་ལའི་ཐུགས༴ ཚོགས་རྗེ་ཚོགས་བདག་ཐུགས༴ ལྷ་ཆེན་དཔལ་འབར་ཐུགས༴ ཆོས་སྐྱོང་ཆེན་པོའི་ཐུགས༴ སྲས་མཆོག་ནག་པོའི་ཐུགས༴ ཀྲོ་ཏཱི་ཤྭ་རཱིའི་ཐུགས༴ ཀིང་ཀ་ར་ཡི་ཐུགས༴ གནོད་སྦྱིན་ཆེན་པོའི་ཐུགས༴ གཟའ་མཆོག་ཆེན་པོའི་ཐུགས༴ དཔལ་ལྡན་ལྷ་མོའི་ཐུགས༴ གིང་ཆེན་རྣམས་ཀྱི་ཐུགས༴ ཤན་པ་རྣམས་ཀྱི་ཐུགས༴ གཟའ་སྐར་གདོང་མོའི་ཐུགས༴ མ་མོའི་ཚོགས་ཀྱི་ཐུགས༴ སྡེ་དཔོན་སུམ་ཅུའི་ཐུགས༴ སྔགས་བདག་བཅོ་བརྒྱད་ཐུགས༴ དྲེགས་ཆེན་སྡེ་བརྒྱད་ཐུགས༴ ཕོ་རྒྱུད་རྣམས་ཀྱི་ཐུགས༴ མོ་རྒྱུད་རྣམས་ཀྱི་ཐུགས༴ མ་ནིང་རྣམས་ཀྱི་ཐུགས༴ འཁོར་དང་བཅས་པའི་ཐུགས་དམ་བསྐང༔ ཐུགས་དམ་གཉན་པོ་བསྐངས་གྱུར་ནས༔ ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ༔ ཅེས་སྐོང་བ་ལ་འབད་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་དམ་ཟབ་པ་སྐོར་བདུན་གྱི་བཀའ་སྲུང་ལེགས་ལྡན་ནག་པོའི་ཚོགས་མཆོད་བཞུགས་སོ༔ ༁ྃ༔ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཞིང་ངམ་གཅན་གཟན་གྱི་པགས་པའི་སྟེང་དུ་ཚེ་གལ༔ མཱཾ་ས༔ ཟླ་རྒྱས༔ ཟླ་ཕྲོམ༔ ཁུར་བ༔ ལ་དུ་སོགས་བཟའ་བཏུང་རྣམས་བཤམ༔ རྣལ་འབྱོར་ཕོ་མོ་རྣམས་ཆས་ཀྱིས་བརྒྱན༔ བསང་ཆུ་འཐོར་ཞིང༔ རཾ་ཡཾ་ཁཾ༔ ཡེ་ཤེས་མེ་རླུང་ཆུ་ཡིས་དངོས་འཛིན་སྦྱངས༔ བྷྲཱུྃ་ལས་བྷཉྫ་འབར་བའི་སྣོད་རྣམས་སུ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿལས་བདུད་རྩི་ལྔ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་ཤ་ལྔ་གསལ༔ རླུང་མེ་སྦྱོར་བས་འོད་ཞུ་བདུད་རྩིར་འཁྱིལ༔ རླངས་པས་ཡེ་ཤེས་བཅུད་བསྡུས་དེ་ལ་ཐིམ༔ དམ་ཡེ་གཉིས་མེད་ཁ་དོག་དྲི་རོར་ལྡན༔ འདོད་ཡོན་ལྔ་ཡི་མཆོད་སྤྲིན་སྤྲོ་བར་བསམ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ རྩ་བརྒྱུད་བླ་མ་གཤེགས་སུ་གསོལ༔ རང་བཞིན་གནས་མཆོག་དམ་པ་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ དུར་ཁྲོད་བརྒྱད་དང་ཉེར་བཞིའི་གནས༔ དཔའ་བོ་མཁའ་འགྲོ་གཤེགས་སུ་གསོལ༔ རང་རང་གར་བཞུགས་གནས་མཆོག་ནས༔ མ་མགོན་ལྕམ་དྲལ་དམ་ཅན་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཧཱུྃ༔ འདོད་ཡོན་ལྔ་ཡི་མཆོད་སྤྲིན་འདི༔ བླ་མ་ཡི་དམ་མཁའ་འགྲོ་མ༔ མ་མགོན་ལྕམ་དྲལ་ལ་སོགས་པའི༔ དམ་ཅན་རྒྱ་མཚོ་རྣམས་ལ་འབུལ༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ཧཱུྃ༔ ཐོག་མེད་དུས་ནས་བསགས་པ་ཡི༔ མ་རིག་ཉམས་ཆག་འགལ་འཁྲུལ་རྣམས༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ ཡིག་བརྒྱ་བརྗོད༔ ཧཱུྃ༔ དུག་གསུམ་གདུག་པའི་དགྲ་དང་བགེགས༔ ཡེ་ཤེས་མཚོན་གྱིས་བསྒྲལ་ནས་སུ༔ ཤ་ཁྲག་རུས་པ་ནང་ཁྲོལ་བཅས༔ དམ་ཅན་སྲུང་མའི་ཞལ་དུ་བསྟབ༔ མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི༔ ཚོགས་ལ་ལོངས་སྤྱོད་ལྷག་མ་བསྡུས༔ ཨོཾ་ཨཱཿཧཱུྃ༔ ལྷག་ལ་དབང་བའི་དྲེགས་པ་ནི༔ མ་མོ་ལས་བྱེད་ཚོགས་དང་བཅས༔ མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ༔ དུར་ཁྲོད་ཀུན་ཉུལ་ཤ་ཆེན་ཟ༔ ཞིང་ལྤགས་གྱོན་ནས་བྷཉྫ་ཐོགས༔ རལ་པ་གཏིབས་ཤིང་བཤུགས་གླུ་ལེན༔ ལེགས་ཉེས་སྟངས་འཛིན་ཕྲིན་ལས་ནི༔ ཐོགས་མེད་སྒྲུབ་པའི་དམ་ཅན་རྣམས༔ ཚོགས་ལྷག་བདུད་རྩི་འདི་གསོལ་ལ༔ ཕྱི་ནང་གསང་བའི་བར་ཆད་སོལ༔ སྒྲུབ་པའི་སྡོངས་གྲོགས་མཛད་པ་དང༔ ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབས༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ལྷག་མ་རྣམས་ཕྱི་རོལ་དུ་བསྐྱལ་ལོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་དམ་ཟབ་པ་སྐོར་བདུན་གྱི་བཀའ་སྲུང་ལེགས་ལྡན་ནག་པོའི་ཕྲིན་ལས་བཅོལ་བའི་རིམ་པ་བཞུགས་སོ༔ ༁ྃ༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ མགོན་པོ་འཁོར་བཅས་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ ཆོས་དབྱིངས་ཡུམ་གྱི་མཁའ་ཀློང་ནས༔ མགོན་པོ་ཆེན་པོ་ཁྱོད་འོང་ཚེ༔ སངས་རྒྱས་རྣམས་ཀྱིས་དབང་བསྐུར་ལྟར༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ རུ་དྲ་ནག་པོ་བཏུལ་བའི་ཚེ༔ ཁྲོ་རྒྱལ་རྣམས་ཀྱིས་དབང་བསྐུར་ནས༔ མཐུ་རྩལ་རྨད་དུ་བྱུང་བ་བཞིན༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ དུར་ཁྲོད་ཆེན་པོ་བརྒྱད་རྣམས་སུ༔ ཚོགས་ཀྱི་སྤྱོད་པ་མཛད་པའི་ཚེ༔ རིག་འཛིན་རྣམས་ཀྱིས་བཀའ་བསྒོས་ལྟར༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཆད་ཐོ་བསྒྲག་པ་ནི༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་དུ༔ དཔལ་ཆེན་ཡང་དག་ཧེ་རུ་ཀས༔ མགོན་པོ་ནག་པོ་འཁོར་བཅས་ལ༔ དབང་བསྐུར་གསང་བའི་མཚན་བཏགས་ཚེ༔ ཇི་ལྟར་ཞལ་བཞེས་མ་གཡེལ་བར༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ལེགས་ལྡན་ནག་པོའི་གྲོང་ཁྱེར་དུ༔ བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས༔ རྡོ་རྗེ་གཙུག་ཏོར་རིགས་ལྔ་ཡིས༔ དབང་བསྐུར་དམ་ལ་བཞག་པ་བཞིན༔ ཇི་ལྟར་ཞལ་བཞེས་མ་གཡེལ་བར༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ རྒྱ་གར་རྡོ་རྗེ་གདན་དྲུང་དུ༔ རིག་འཛིན་སློབ་དཔོན་རྣམ་བརྒྱད་ཀྱིས༔ བསྟན་པ་སྲུང་བའི་བཀའ་བསྒོས་བཞིན༔ ཇི་ལྟར་ཞལ་བཞེས་མ་གཡེལ་བར༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ དཔལ་གྱི་བསམ་ཡས་གཙུག་ཕུག་ཏུ༔ སློབ་དཔོན་པདྨ་ཐོད་ཕྲེང་དང༔ དགེ་སློང་ནམ་མཁའི་སྙིང་པོ་ཡིས༔ བཀའ་ཡི་སྲུང་མར་བསྐོས་པ་བཞིན༔ ཇི་ལྟར་ཞལ་བཞེས་མ་གཡེལ་བར༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ད་ལྟ་སྒྲུབ་པའི་གནས་མཆོག་འདིར༔ མ་མགོན་ལྕམ་དྲལ་ཁྱེད་རྣམས་ལ༔ བསྙེན་སྒྲུབ་མཆོད་ཅིང་བསྟོད་དུས་སུ༔ སྔོན་གྱི་དམ་བཅའ་མ་གཡེལ་བར༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ སྲུང་བ་ལ་སོགས་པའི་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ མ་ཧཱ་ཀཱ་ལ་ཁྲོ་བོའི་རྒྱལ༔ དམ་ཅན་རྒྱ་མཚོ་ཁྱེད་རྣམས་ཀྱིས༔ ལུས་ངག་ཡིད་གསུམ་སྲུང་བ་དང༔ སྦས་ཤིང་འཇིགས་པ་བརྒྱད་ལས་སྐྱོབས༔ ནད་གདོན་བར་ཆད་ཞི་བ་དང༔ ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད༔ ཐོས་བསམ་སྒོམ་པ་འཕེལ་བ་དང༔ བསྟན་འཛིན་སྐྱེས་བུ་དར་བར་མཛོད༔ ཡིད་ལ་འདོད་པ་དབང་དུ་སྡུས༔ སྒྲུབ་གནས་གཙུག་ལག་སྲུང་བ་དང༔ འཁོར་དང་ལོངས་སྤྱོད་བསྐྱང་དུ་གསོལ༔ བྱང་ཆུབ་སྒྲུབ་ལ་བར་གཅོད་པའི༔ ཉེ་བར་འཚེ་བ་བསྲུང་དུ་གསོལ༔ ཟློག་པའི་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ དུར་ཁྲོད་རབ་འཇིགས་གཞལ་ཡས་ནས༔ མ་ཧཱ་ཀཱ་ལ་མཐུ་སྟོབས་ཅན༔ སྐུ་མདོག་མཐིང་ནག་འཇིགས་པའི་གཟུགས༔ རུ་ཏྲ་བདུད་ཀྱི་བར་ཆད་ཟློག༔ སྤྱན་གསུམ་སྡང་མིག་བགྲད་པ་ཡིས༔ འཕགས་པ་རྣམས་ཀྱི་བཀའ་ཆད་ཟློག༔ དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ༔ ལྷ་རྣམས་ཀུན་གྱི་བཀའ་ཆད་ཟློག༔ ཞལ་གདངས་ལྗགས་འདྲིལ་རྐན་སྒྲ་རྡེབ༔ མཁའ་འགྲོ་རྣམས་ཀྱི་བཀའ་ཆད་ཟློག༔ སྙན་ནས་འབྲུག་ལྟར་གསུང་སྒྲ་སྒྲོག༔ ནང་པ་ཆོས་ཀྱི་དམོད་པ་ཟློག༔ ཤངས་ནས་རྡོ་རྗེའི་འཐོར་རླུང་འཕྱོ༔ ཕྱི་པ་མུ་སྟེགས་དམོད་པ་ཟློག༔ སྨ་ར་སྨིན་མ་སྐར་ཆེན་འཕྲོ༔ གཟའ་སྐར་རྣམས་ཀྱི་ཆད་པ་ཟློག༔ གཡས་པས་གྲི་གུག་འབར་བ་འཛིན༔ གཤིན་རྗེ་རྣམས་ཀྱི་ཆད་པ་ཟློག༔ གཡོན་པ་ཐོད་པ་ཁྲག་བཀང་གསོལ༔ མ་མོ་རྣམས་ཀྱི་དམོད་པ་ཟློག༔ ཐོད་སྐམ་རིགས་ལྔས་དབུ་ལ་བརྒྱན༔ རིགས་ལྔའི་ཁྲག་འཐུང་བཀའ་ཆད་ཟློག༔ དར་ནག་བེར་ཆེན་སྐུ་ལ་གསོལ༔ མགོན་པོ་རྣམས་ཀྱི་བཀའ་ཆད་ཟློག༔ གསེར་སྐ་ནོར་བུ་རྐེད་དུ་བཅིངས༔ གནོད་སྦྱིན་རྣམས་ཀྱི་ཆད་པ་ཟློག༔ ཙནྡན་བིང་ཆེན་ཕྲག་ལ་ཕྱར༔ ལྷ་བདུད་རྣམས་ཀྱི་གཡུལ་ངོ་ཟློག༔ ཐོད་རློན་འབར་བའི་དོ་ཤལ་ཅན༔ དུར་ཁྲོད་མ་མོའི་ཆད་པ་ཟློག༔ སྟག་གི་པགས་པའི་ཤམ་ཐབས་ཅན༔ དྲེགས་པ་རྣམས་ཀྱི་ཆད་པ་ཟློག༔ ཞིང་ཆེན་ལྤགས་པས་སྟོད་གཡོགས་མཛད༔ སྲིན་པོ་རྣམས་ཀྱི་ཆད་པ་ཟློག༔ གླང་ཆེན་ཀོ་རློན་གོས་སུ་གྱོན༔ ལྷ་ཆེན་རྣམས་ཀྱི་ཆད་པ་ཟློག༔ ཞབས་ལ་སག་ལྷྭམ་ཡུ་རིང་གསོལ༔ མ་རུངས་པ་ཡི་ཚོགས་རྣམས་ཟློག༔ གཡས་པ་བསྐུམ་པའི་རོལ་སྟབས་ཀྱིས༔ ཁམས་གསུམ་གཡོ་འཁྲུགས་ཐམས་ཅད་ཟློག༔ གཡོན་པ་བརྐྱང་བའི་རོལ་སྟབས་ཀྱིས༔ སྲིད་གསུམ་དམོད་པ་ཐམས་ཅད་ཟློག༔ པདྨ་ཉི་མའི་གདན་ལ་བཞུགས༔ ཆེ་བཙན་རྣམས་ཀྱི་ཆད་པ་ཟློག༔ ཁྲག་ཞག་ཐལ་བས་སྐུ་ལ་བྱུགས༔ ཤ་ཟ་རྣམས་ཀྱི་ཆད་པ་ཟློག༔ ཧཱུྃ༔ ཡུམ་ཆེན་ཀྲོ་དྷཱི་ཤྭ་རཱི་མས༔ མོ་རྒྱུད་དམོད་པ་ཐམས་ཅད་ཟློག༔ སྐུ་ནི་ཐལ་སྐྱ་ལྟ་བུའི་མདོག༔ རོ་ལངས་རྣམས་ཀྱི་ཆད་པ་ཟློག༔ དབུ་སྐྲ་ཞོལ་པོ་རྟིང་པར་སླེབ༔ དྲང་སྲོང་རྣམས་ཀྱི་ཆད་པ་ཟློག༔ ཕྱག་གཡས་སྦྲུལ་ཞགས་འབར་བ་འཕེན༔ ཀླུ་གཉན་རྣམས་ཀྱི་གནོད་པ་ཟློག༔ མར་ཁུ་ཁྲག་ཆང་ཞལ་དུ་གསོལ༔ དབུལ་ཕོངས་སྡུག་བསྔལ་ཐམས་ཅད་ཟློག༔ ཕྱག་རྒྱ་ལྔ་ཡིས་སྐུ་ལ་བརྒྱན༔ རིགས་ལྔའི་མཁའ་འགྲོའི་བཀའ་ཆད་ཟློག༔ རེ་ལྡེའི་ཤམ་ཐབས་མཛད་པ་ཡིས༔ མ་མོ་རྣམས་ཀྱི་བཀའ་ཆད་ཟློག༔ ཡབ་ལ་རོལ་པའི་ཚུལ་དུ་བཞུགས༔ གསང་བ་སྤྱོད་ལ་བར་ཆོད་ཟློག༔ ཧཱུྃ༔ སྲས་མཆོག་ནག་པོ་འཇིགས་པའི་གཟུགས༔ ཕོ་རྒྱུད་རྣམས་ཀྱི་ཆད་པ་ཟློག༔ གྲི་གུག་འབར་བ་གཡས་ན་འཛིན༔ དགྲ་བོའི་ཕོ་རྒྱུད་རྩད་ནས་ཆོད༔ གཡོན་པས་ཐོད་ཁྲག་འབར་བ་འཛིན༔ དགྲ་བོ་མོ་རྒྱུད་མངལ་ནས་སྐོམས༔ དར་ནག་བེར་ཆེན་སྐུ་ལ་གསོལ༔ ནག་པོ་སྟོང་གི་དམོད་པ་ཟློག༔ ཞལ་གདངས་མཆེ་གཙིགས་ཧཱུྃ་སྒྲ་སྒྲོག༔ ཁྲོ་བོ་རྣམས་ཀྱི་ཆད་པ་ཟློག༔ སག་ལྷྭམ་གསོལ་ནས་འདོར་ཐབས་བསྒྲད༔ ལས་མགོན་རྣམས་ཀྱི་ཆད་པ་ཟློག༔ ཧཱུྃ༔ ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ན༔ ཁྲོ་བོ་ཆེན་པོ་ཀིང་ཀ་ར༔ ཁྲོ་བོ་ཁྲོ་མོའི་ཕོ་ཉ་ཟློག༔ སྐུ་མདོག་མཐིང་ནག་འོད་དུ་འབར༔ ཡ་བདུད་ཆད་པ་དགྲ་ལ་ཟློག༔ སྐུ་ལ་དུར་ཁྲོད་ཆས་བརྒྱད་རྫོགས༔ མ་བདུད་རྣམས་ཀྱི་ཆད་པ་ཟློག༔ ཕྱག་གཡས་མཚོན་ཆའི་འཁོར་ལོ་བསྐོར༔ གྲི་ཐབས་དགྲ་དང་བགེགས་ལ་ཟློག༔ གཡོན་པས་ཐོད་པ་ཁྲག་བཀང་གསོལ༔ ཁྲག་ནད་དགྲ་དང་བགེགས་ལ་ཐོངས༔ ཞབས་གཉིས་འདོར་སྟབས་དགྲ་བགེགས་མནན༔ དགྲ་བགེགས་སྦྱོར་བ་ངན་པ་ཟློག༔ གྲི་ཐོགས་གིང་ཆེན་བཅུ་གཉིས་ཀྱིས༔ གིང་ཆེན་དཀར་པོའི་དམོད་པ་ཟློག༔ ཧཱུྃ༔ ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན༔ གནོད་སྦྱིན་དམར་པོ་གཏུམ་རྔམ་འབར༔ གནོད་སྦྱིན་དམར་པོའི་ཆད་པ་ཟློག༔ ཕྱག་གཡས་གསེར་གྱི་རལ་གྲི་ཕྱར༔ མཚོན་ཆ་དབལ་གྱི་ཆད་པ་ཟློག༔ གཡོན་པས་གསེར་མདུང་དམར་པོ་ཕྱར༔ དགྲ་ཡི་རུ་མཚོན་ཕྱར་བ་ཟློག༔ བསེ་རྨོག་བསེ་ཁྲབ་སྐུ་ལ་གསོལ༔ ཞུབ་ཆེན་ལས་ལ་འགྱེད་པ་ཟློག༔ སག་ལྷྭམ་གསོལ་ནས་འདོར་སྟབས་བཞེངས༔ གྱད་ཆེན་རྣམས་ཀྱི་ཆད་པ་ཟློག༔ བསེ་གདོང་སྤུ་གྲི་ཐོད་ཁྲག་འཛིན༔ སྲིན་མོ་རྣམས་ཀྱི་གནོད་པ་ཟློག༔ བསེ་ཡི་སྐྱེས་བུ་རྣམ་བཞི་ཡིས༔ སྐྱེས་བུ་རྣམས་ཀྱི་ཆད་པ་ཟློག༔ བསེ་ཡི་བུ་མོ་རྣམ་བཞི་ཡིས༔ བསེ་མོ་རྣམས་ཀྱི་ཆད་པ་ཟློག༔ མི་དམར་ཤན་པ་བཞི་བཅུ་ཡིས༔ ཤན་པས་གྲི་ཐབས་གཏོང་བ་ཟློག༔ ཧཱུྃ༔ ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན༔ གཟའ་མཆོག་རྒྱལ་པོ་རཱ་ཧུ་ལ༔ སྐུ་མདོག་དུད་ཁ་འོད་དུ་འབར༔ སྡེ་བརྒྱད་རྣམས་ཀྱི་ཆད་པ་ཟློག༔ དབུ་དགུ་བྱ་རོག་ཞལ་དང་བཅུ༔ གཟའ་ཆེན་རྣམས་ཀྱི་ཆད་པ་ཟློག༔ གཡས་པས་གྲི་གུག་སྐྱིན་ཐང་འབེབ༔ ཐོག་དང་སེར་བ་འབེབ་པ་ཟློག༔ གཡོན་པས་ཆུ་སྲིན་ཞགས་པ་འཕེན༔ ས་བདག་རྣམས་ཀྱི་ཆད་པ་ཟློག༔ སྐུ་ལ་མིག་སྟོང་སྡང་མིག་བསྒྲད༔ ལྷ་འདྲེ་སྟོང་གི་གནོད་པ་ཟློག༔ སྐུ་སྨད་སྦྲུལ་མཇུག་འཁྱིལ་ཞིང་འཁྱུག༔ ཀླུ་ཆེན་རྣམས་ཀྱི་གནོད་པ་ཟློག༔ གཟའ་ཆེན་རྒྱུ་སྐར་རྣམས་ཀྱིས་བསྐོར༔ གཟའ་སྐར་དུས་ཚེས་ངན་པ་ཟློག༔ གདོང་མོ་བཞི་ནི་ཕོ་ཉར་འགྱེད༔ གཟའ་ཡི་ཀིང་ཀང་འབེབ་པ་ཟློག༔ ཧཱུྃ༔ བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་ན༔ དཔལ་ལྡན་ལྷ་མོ་རེ་མ་ཏི༔ མ་མོ་འབུམ་གྱི་ཕོ་ཉ་ཟློག༔ སྐུ་མདོག་ནག་མོ་སྐེམ་ཞིང་སྒེག༔ གཤིན་རྗེ་མོ་ཡི་ཆད་པ་ཟློག༔ དབུ་ལ་རྨ་བྱའི་ཐོར་ཚུགས་ཅན༔ གཙུག་ཕུད་ཅན་གྱི་ཆད་པ་ཟློག༔ ཞལ་དུ་མི་རོ་རེངས་པོ་གསོལ༔ རོ་ཟ་རྣམས་ཀྱི་ཆད་པ་ཟློག༔ རྣ་བ་གཡས་པ་སེང་གེས་བརྒྱན༔ རྣམ་ཐོས་སྲས་ཀྱི་གནོད་པ་ཟློག༔ རྣ་བ་གཡོན་པ་སྦྲུལ་གྱིས་བརྒྱན༔ ཀླུ་ཡི་རྒྱལ་པོའི་གནོད་པ་ཟློག༔ དེ་ལ་དྲིལ་ཆུང་བརྒྱན་པ་ཡིས༔ ལྷ་ཕྲན་རྣམས་ཀྱིས་གནོད་པ་ཟློག༔ ཕྱག་གཡས་ཁྲམ་ཤིང་འབར་བ་འཛིན༔ གཤིན་རྗེའི་ཁྲམ་ཁ་ཐམས་ཅད་ཟློག༔ གཡོན་པས་ནད་ཀྱི་རྐྱལ་པ་འཛིན༔ མ་མོའི་ནད་ཡམས་ཐམས་ཅད་ཟློག༔ ལྟེ་བའི་ཐད་ནས་ཉི་མ་འཆར༔ སྦྱར་དུག་དུག་ནད་ཐམས་ཅད་ཟློག༔ དེ་ལ་ཟླ་བའི་དཀྱིལ་འཁོར་གནས༔ རླུང་མཁྲིས་བད་ཀན་ནད་རྣམས་ཟློག༔ ཐོད་སྦྲུལ་ཞིང་གི་པགས་པས་བརྒྱནཿ དུར་ཁྲོད་བདག་པོའི་གནོད་པ་ཟློག༔ གླང་ཆེན་ཀོ་རློན་རེ་ལྡེ་གསོལ༔ དུར་ཁྲོད་བདག་མོའི་གནོད་པ་ཟློག༔ དྲེལ་རྟ་རྐང་གསུམ་ཆིབས་སུ་འཆིབ༔ མགྱོགས་བྱེད་རྣམས་ཀྱི་ཆད་པ་ཟློག༔ མ་མོ་འབུམ་གྱི་འཁོར་གྱིས་བསྐོར༔ འདྲེ་མོ་རྣམས་ཀྱི་གནོད་པ་ཟློག༔ ཧཱུྃ༔ དྲེགས་པའི་སྡེ་དཔོན་སུམ་ཅུ་ཡིས༔ དགྲ་དང་བགེགས་ཀྱི་གནོད་པ་ཟློག༔ སྔགས་བདག་དྲེགས་ཆེན་བཅོ་བརྒྱད་ཀྱིས༔ དམོད་པའི་མཚོན་ཆ་ཐམས་ཅད་ཟློག༔ བཀའ་སྲུང་དྲེགས་པ་སྡེ་བརྒྱད་ཀྱིས༔ སྣང་སྲིད་ལྷ་འདྲེའི་གནོད་པ་ཟློག༔ མགོན་པོ་འཁོར་དང་བཅས་རྣམས་ཀྱིས༔ ཤ་ཁྲག་མཆོད་པ་འདི་བཞེས་ལ༔ བཟློག་ཅིང་བསྒྱུར་བའི་དུས་ལ་བབ༔ བྷྱོ༔ ནམ་མཁའ་ལྷ་ཡི་བྱད་སྣ་ཟློག༔ བར་སྣང་གཉན་གྱི་བྱད་ཁ༴ ས་གཞི་ཀླུ་ཡི་བྱད་གཏད༴ གཤིན་རྗེའི་འཁོར་ལོ་བསྐོར་བ༴ མ་མོའི་ནད་རྐྱལ་ཕྱེ་བ༴ མགོན་པོའི་པར་བུ་བསྐོར་བ༴ མེ་ལྷའི་སྲེག་བླུག་བྱེད་པ༴ གཤིན་རྗེའི་ཁྲམ་ལ་བཏབ་པ༴ བདུད་ཀྱི་ཞགས་པ་ནག་པོ༴ བཙན་གྱི་གྲི་ཐབས་གཏོང་བ༴ གིང་གི་སྨྱོ་འབོག་གཏོང་བ༴ གཟའ་ཡི་ཀིང་ཀང་འབེབ་པ༴ ས་བདག་ཀླུ་གཉན་ཁྲོས་པ༴ གནོད་སྦྱིན་དལ་ཁ་འབེབ་པ༔ འགོང་པོའི་ཟ་ཁ་ཟུག་པ༴ ཐེའུ་རང་སྲིས་ལ་རྐུ་བ༴ ས་ལ་དུར་འདེབས་བྱེད་པ༴ གཟའ་སྐར་ཞག་རྩིས་འདེབས་པ༴ བདུད་ཀྱིས་ཚེ་ལ་རྐུ་བ༴ འདྲེ་ཡིས་བླ་ལ་འཇབ་པ༴ སྲོག་ལ་ཧུར་ཐུམས་བྱེད་པ༴ ཉིན་གྱི་ལྟས་ངན་ཐམས་ཅད༴ མཚན་གྱི་རྨི་ལམ་ངན་པ༴ སྤྱི་ཆག་སྒོས་ཆག་ཐམས་ཅད༴ ཡུལ་ཆག་གྲོང་ཆག་ཐམས་ཅད༴ མི་ལ་ན་ཚ་བྱུང་བ༴ ཕྱུགས་ལ་གོད་ཁ་བྱུང་བ༴ ཞིང་གི་བཙའ་སད་སེར་གསུམ༴ བསེ་རག་ཟས་ལ་རྐུ་བ༴ དུས་ཀྱི་གཡོ་འཁྲུག་ཐམས་ཅད༴ མི་མཐུན་རྐྱེན་རྣམས་ཐམས་ཅད་ཀུན༔ སྡང་བ་དགྲ་ཡི་སྟེང་དུ་ཟློག༔ གནོད་པ་བགེགས་ཀྱི་སྟེང་དུ༴ ཟ་བ་འདྲེ་ཡི་སྟེང་དུ༴ ཕུང་བ་སྲི་ཡི་སྟེང་དུ་ཟློག༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཟློག་སྔགས་དྲག་ཏུ་བཟླས་ལ་ཐལ་མོ་བརྡབ་བོ༔ གསད་པའི་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ ཡབ་གཅིག་མགོན་པོ་ནག་པོ་ནི༔ དམ་ཅན་རྣམས་ཀྱི་གཙོ་བོ་ཡིན༔ སྲས་མཆོག་ནག་པོ་ཆེན་པོ་ནི༔ ཕོ་རྒྱུད་ཡོངས་ཀྱི་གཙོ་བོ་ཡིན༔ ཀྲོ་ཏཱི་ཤྭ་རཱི་རེ་མ་ཏི༔ མོ་རྒྱུད་ཡོངས་ཀྱི་གཙོ་མོ་ཡིན༔ གིང་དང་གནོད་སྦྱིན་གཟའ་བདུད་གསུམ༔ དྲེགས་པ་རྣམས་ཀྱི་གཙོ་བོ་ཡིན༔ ལྷ་སྲིན་སྡེ་བརྒྱད་ཕོ་ཉར་འགྱེད༔ ཤ་ལ་དགའ་ཞིང་ཁྲག་ལ་དགྱེས༔ བསྟན་པ་གཉན་པོའི་མེལ་ཚེ་མཁན༔ ད་རེས་བསྟན་ལ་དགྲ་བྱུང་བས༔ མ་གཡེལ་ཆོས་སྐྱོང་དགྲ་ལ་ཆོས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བོ་བསྒྲལ་བའི་དུས་ལ་བབ༔ ཧཱུྃ༔ གཟུ་དང་དཔང་དུ་དཀོན་མཆོག་བཞུགས༔ ཞལ་ལྕེ་སྣང་སྲིད་ལྷ་འདྲེས་མཛོད༔ བདེན་རྫུན་ཆོས་སྐྱོང་ཁྱོད་ཀྱིས་ལྟོས༔ བདག་གིས་དཀོན་མཆོག་དཔང་བཙུགས་ནས༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ༔ སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར༔ བླ་མེད་སངས་རྒྱས་སྒྲུབ་པ་ལ༔ བར་དུ་གཅོད་པའི་དགྲ་བོ་འདིས༔ བདེན་པའི་ཚིག་ལ་མ་ཉན་ཅིང༔ བརྔན་པའི་ཟས་དང་ནོར་འཇལ་ཀྱང༔ ཤིན་ཏུ་འཁུ་ཞིང་རྩོད་པ་འགྱེད༔ ཉམ་ཆུང་རི་དྭགས་ལྟར་བྲོས་ནས༔ དབེན་པའི་རི་ལ་བསྒོམས་གྱུར་ཀྱང༔ དགྲ་བོས་གླགས་ལྟ་ཚོལ་དུ་བྱུང༔ ཡུན་རིང་བསྒྲུབས་ཤིང་བསྙེན་པའི་ལྷ༔ ཁྱོད་ལ་མཐུ་རྩལ་ཅི་འདུག་བལྟ༔ ཉེས་མེད་བདག་ལ་མགོན་སྐྱབས་མཛོད༔ དམ་ཉམས་དགྲ་བོ་ལས་ངན་གྱིས༔ སངས་རྒྱས་བསྟན་པ་བཤིགས་པ་དང༔ དཀོན་མཆོག་དབུ་འཕང་སྨད་པར་བྱས༔ ལྷ་དང་བླ་མ་དམོད་པ་དང༔ ཆོས་ཀྱི་ཡོ་བྱད་འཕྲོག་ཏུ་བྱུང༔ ཁྱོད་ཀྱི་མཐུ་རྩལ་ཐོགས་མེད་ཀྱིས༔ མངོན་སྤྱོད་མཛད་པའི་དུས་ལ་བབ༔ ཧཱུྃ༔ ཡེ་ཤེས་མགོན་པོ་མཐུ་རྩལ་ཅན༔ དྲེགས་པ་ཕོ་ཉ་ལས་ལ་འགྱེད༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ ཡིད་ལ་བརྣགས་པའི་དགྲ་བོ་ནི༔ མིང་དང་བྱང་བུར་བྱས་པ་འདི༔ སྲིད་གསུམ་གང་དུ་གནས་གྱུར་ཀྱང༔ ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས༔ ཞགས་པ་ཅན་གྱིས་རྐེ་ནས་ཆིངས༔ ལྕགས་སྒྲོག་འབར་བས་ཡན་ལག་སྡོམས༔ དྲིལ་བུ་ཅན་གྱིས་མྱོས་པར་གྱིས༔ ལས་ཀྱི་རླུང་གི་རྟ་ལ་སྐྱོན༔ སྔོན་ནས་ཁྲིད་ལ་ཕྱི་ནས་དེད༔ བཙོན་ཁང་འབར་བའི་ནང་དུ་ཆུག༔ ཧཱུྃ༔ ལས་ཀྱི་ཕོ་ཉ་མཐུ་རྩལ་ཅན༔ དགྲ་དང་བགེགས་རྣམས་སྐྱོབ་བྱེད་པའི༔ ལྷ་དང་སྲུང་མ་གང་ཡང་རུང༔ དམ་ཚིག་ཉམས་པ་སྐྱོབ་བྱེད་དེ༔ རྒྱལ་བའི་བཀའ་འགལ་དམ་ལས་འདས༔ ལྷ་ཡང་བསྒྲལ་བའི་འོས་ཡིན་པས༔ རྫས་ངན་ཆར་པས་བརྒྱལ་བར་གྱིས༔ ཧཱུྃ༔ དམ་ཉམས་དགྲ་བགེགས་སྡིག་ཆེན་དེ༔ རྣམ་པར་ཤེས་པ་རྟེན་ལ་ཕོབ༔ མཐུ་དང་རྫུ་འཕྲུལ་མེད་པར་གྱིས༔ བྱད་ཀྱི་དྲྭ་བའི་ནང་དུ་ཆུག༔ དུག་ཁྲག་འབར་བས་མྱོས་པར་གྱིས༔ ཧཱུྃ༔ མ་མོ་རྣམས་ཀྱང་ལས་ལ་ཆོས༔ ཀུན་ཀྱང་འཇིགས་ཚུལ་རྔམས་སྟབས་ཅན༔ རལ་པ་མདའ་ཙམ་ཤ་ར་ར༔ ཐུན་རྫས་ཕུར་བུ་ཕྱག་ན་འཛིན༔ ཀུན་ཀྱང་དྲེལ་རྟ་རྐང་གསུམ་ཆིབས༔ མཚེ་མདའ་དྲག་པོ་སྐར་ལྟར་འཕེན༔ ཡུངས་དཀར་སེར་བ་ཤ་ར་ར༔ དུག་གི་ཐུན་རླངས་ཐིབས་སེ་ཐིབ༔ ཁྲག་ནད་དམར་པོ་ཆར་དུ་འབེབ༔ མཚོན་ཆ་མང་པོ་སྐར་ལྟར་འཁྲུག༔ མདའ་རྒོད་དྲག་པོ་ཐོག་ལྟར་འབེབ༔ རྡོ་ཐུན་རྦབ་རྒོད་ཉི་ལི་ལི༔ དགྲ་བགེགས་ལུས་སྲོག་གཉིས་ལ་ཡ༔ ཧཱུྃ༔ ལས་ཀྱི་མགོན་པོ་མཐུ་རྩལ་ཅན༔ ཕྱག་ན་གྲི་གུག་འབར་བ་ཐོགས༔ ཡེ་ཤེས་མཚོན་ཆའི་རྣོ་ངར་གྱིས༔ དགྲ་བགེགས་སྙིང་གི་དཀྱིལ་དུ་ཡ༔ དཀར་ནག་གཉིས་ཀྱི་མཚམས་སུ་ཡ༔ སྲོག་རྩ་ཆོད་ལ་སྙིང་ཁྲག་ཕོས༔ རྣམ་ཤེས་རྟེན་དང་ད་ཕྲོལ་ཅིག༔ སྲོག་ལས་དམར་ནག་དུས་ལ་བབ༔ ཧཱུྃ༔ ཡེ་ཤེས་མགོན་པོ་ཁྱེད་རྣམས་ཀྱིས༔ དགྲ་བོ་བསད་པའི་ཤ་དང་ཁྲག༔ རུས་པ་པགས་པ་ནང་ཁྲོལ་བཅས༔ བཞེས་ཤིག་ལྷག་མ་མེད་པར་མཛོད༔ མིང་ཡང་མེད་པར་བརླགས་ནས་ཀྱང༔ དམིགས་མེད་ཀློང་དུ་བསྒྲལ་བར་མཛོད༔ འཕང་བའི་དུས་སུ་དམག་ལ་བསྐུལ་བ་ནི༔ ཧཱུྃ༔ མ་ཧཱ་ཀཱ་ལ་མཐུ་བོ་ཆེ༔ ལྷ་དམག་དཀར་པོའི་དབུགས་འབྱིན་ཅིང༔ ལྷ་མིན་ཚོགས་རྣམ་ཕམ་པར་མཛད༔ གནམ་ལྕགས་འབར་བའི་རྩེ་མོ་ནས༔ མ་ཧཱ་ཀཱ་ལ་སྐུ་བཞེངས་ཤིག༔ མ་ལ་ཡ་ཡི་རི་བོ་ནས༔ སྲས་མཆོག་ནག་པོ་སྐུ་བཞེངས་ཤིག༔ ཁྲག་མཚོ་འཁྲུགས་པའི་ཀློང་དཀྱིལ་ནས༔ ཀྲོ་དྷཱི་ཤྭ་རཱི་སྐུ་བཞེངས་ཤིག༔ མཚོན་ཆ་འཁྲུགས་པའི་ཀློང་དཀྱིལ་ནས༔ ཁྲོ་ཆེན་ཀིང་ཀར་སྐུ་བཞེངས་ཤིག༔ རྩུབ་འགྱུར་ཚལ་གྱི་གནས་མཆོག་ནས༔ གནོད་སྦྱིན་དམར་ནག་སྐུ་བཞེངས་ཤིག༔ ཀི་ལི་སྒྲོག་པའི་དུར་ཁྲོད་ནས༔ གཟའ་བདུད་ཆེན་པོ་སྐུ་བཞེངས་ཤིག༔ མུ་ལེ་ཁྲག་མཚོའི་གཞལ་ཡས་ནས༔ དཔལ་ལྡན་ལྷ་མོ་སྐུ་བཞེངས་ཤིག༔ འཇིག་རྟེན་དྲེགས་པའི་གནས་མཆོག་ནས༔ དྲེགས་ཆེན་སྔགས་བདག་སྐུ་བཞེངས་ཤིག༔ དྲེགས་པ་སྡེ་བརྒྱད་དགྲ་ལ་ཆོས༔ ཧཱུྃ༔ མགོན་པོ་ལས་ལ་ཆས་པའི་ཚེ༔ སྐུ་ལ་དར་ནག་བེར་ཆེན་གསོལ༔ ཕྱག་ན་རུ་མཚོན་བེང་ཆེན་བསྣམས༔ རྫུ་འཕྲུལ་ཤུགས་ལྡན་རྟ་ནག་འཆིབ༔ ནག་པོ་སྟོང་གི་ཚོགས་ཀྱིས་བསྐོར༔ སྲིད་པའི་རྒྱལ་མོ་དག་དང་སྦྱོར༔ ཕོ་རྒྱུད་མོ་རྒྱུད་ལས་ལ་རྒྱུག༔ མཚན་ནི་སྲོག་བདུད་ནག་པོ་ཞེས༔ སྲས་མཆོག་རྟ་ཞོན་ཇག་པར་རྒྱུག༔ ཀྲོ་ཏཱི་ཤྭ་རཱི་རླུང་ལྟར་འཚུབས༔ མ་མོ་དྲེལ་ཞོན་ལས་ལ་འགྱེད༔ གིང་དང་གནོད་སྦྱིན་གྲི་ཐབས་གཏོང༔ གཟའ་མཆོག་རྒྱལ་པོས་ཀིང་ཀང་འབེབ༔ སྟོང་གསུམ་ཐམས་ཅད་གཡོ་ཞིང་འཁྲུགས༔ ནད་དང་དུག་གི་ན་བུན་གཏིབས༔ འཇིགས་པའི་ང་རོ་འབྲུག་ལྟར་སྒྲོག༔ མཚོན་ཆའི་སེར་བ་ཐོག་མདའ་འཕེན༔ བྷྱོ༔ མགོན་པོའི་དམག་ཚོགས་དགྲ་ལ་ཆོས༔ བདུད་འདུལ་སྤྲུལ་པའི་བེང་ཆེན་ནི༔ དཀར་པོ་ལྷ་ཡི་དམག་ཚོགས་འབུམ༔ དངུལ་གྱི་གོ་ཁྲབ་སྐུ་ལ་གསོལ༔ དུང་རྟ་དཀར་པོ་འོག་ཏུ་ཞོན༔ དཀར་པོ་ཤེལ་གྱི་བ་དན་འཛིན༔ ལྷ་དམག་མང་པོ་སྤྲིན་ལྟར་གཏིབས༔ དོ་ནུབ་སྡང་བའི་དགྲ་ལ་ཡ༔ དོ་ནུབ་གནོད་པའི་བགེགས་ལ་ཡ༔ སེར་པོ་གཉན་གྱི་དམག་ཚོགས་འབུམ༔ གསེར་གྱི་གོ་ཁྲབ་སྐུ་ལ་གསོལ༔ གསེར་རྟ་སེར་པོ་འོག་ཏུ་ཞོན༔ བ་དན་སེར་པོ་ལྷབས་སེ་ལྷབ༔ གཉན་དམག་སེར་ལྟར་ཤ་ར་ར༔ དོ་ནུབ་སྡང་བའི་དགྲ་ལ་ཡ༔ དོ་ནུབ་གནོད་པའི་བགེགས་ལ་ཡ༔ དམར་པོ་བཙན་གྱི་དམག་ཚོགས་འབུམ༔ ཟངས་རྨོག་ཟངས་ཁྲབ་སྐུ་ལ་གསོལ༔ བཙན་རྟ་དམར་པོ་འོག་ཏུ་ཞོན༔ བ་དན་དམར་པོ་མེ་ལྟར་འབར༔ བཙན་དམག་རྦབ་ལྟར་ཧྲི་ལི་ལི༔ དོ་ནུབ་སྡང་བའི་དགྲ་ལ་ཡ༔ དོ་ནུབ་གནོད་པའི་བགེགས་ལ་ཡ༔ ནག་པོ་བདུད་ཀྱི་དམག་ཚོགས་འབུམ༔ བདུད་ཀྱི་གོ་ཁྲབ་སྐུ་ལ་གསོལ༔ བདུད་རྟ་ནག་པོ་འོག་ཏུ་ཞོན༔ བ་དན་ནག་པོ་མུན་ལྟར་གཏིབས༔ བདུད་དམག་རླུང་ལྟར་ཚུབས་སེ་ཚུབ༔ དོ་ནུབ་སྡང་བའི་དགྲ་ལ་ཡ༔ དོ་ནུབ་གནོད་པའི་བགེགས་ལ་ཡ༔ གིང་ཆེན་དགེ་སློང་མདོ་འདོན་བརྒྱ༔ སྔགས་པ་ནག་པོ་ཕུར་ཐོགས་བརྒྱ༔ བུད་མེད་ནག་མོ་དུལ་རྡེབ་བརྒྱ༔ སྐྱེས་པ་དཔའ་བོ་སྟག་ཆས་བརྒྱ༔ རུ་འདྲེན་སྡེ་བཞིའི་དམག་དང་བཅས༔ གཟའ་བདུད་རྒྱལ་པོས་དམག་སྣ་དྲོངས༔ ཀིང་ཆེན་ཤན་པ་ཇག་པར་རྒྱུགས༔ ལྷ་མོས་དུག་མཚོན་དཔོན་མོ་གྱིས༔ སྲས་མཆོག་ནག་པོས་ཇག་དཔོན་མཛོད༔ ཀྲོ་ཏཱི་ཤྭ་རཱིས་བྱ་ར་མཛོད༔ མ་ཧཱ་ཀཱ་ལས་རྟིང་ནས་ནོན༔ བཟློག་མེད་གཡུལ་ངོ་ཆེན་པོ་སྤྲོད༔ དགྲ་བགེགས་ཕུང་ཐལ་ཉིད་དུ་ཐོངས༔ ཧཱུྃ༔ ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས༔ མགོན་པོའི་སྐུ་གཅིག་བཞུགས་པ་ནི༔ དབུ་དང་ཕྱག་ཀྱང་གྲངས་མེད་དེ༔ སྐུ་ནི་སྲིད་གསུམ་གཏོས་དང་མཉམ༔ རུ་ལུ་རུ་ལུའི་སྒྲ་ཆེན་སྒྲོག༔ འཁོར་འདས་ཐམས་ཅད་དབང་དུ་སྡུད༔ མཐུ་རྩལ་ཁྱོད་ལས་ཆེ་བ་མེད༔ འཁོར་གྱི་སྲས་མཆོག་ལ་སོགས་པའི༔ མ་མགོན་ལྕམ་དྲལ་དྲེགས་པའི་ཚོགས༔ མངོན་སྤྱོད་དྲག་པོའི་དུས་ལ་བབ༔ དམ་ཉམས་དགྲ་དང་བགེགས་ཀྱི་དཔུང༔ བདུད་དང་བདུད་ཀྱི་ཕྱོགས་རྣམས་ལ༔ ནད་མཚོན་དུག་གི་ཆར་ཕོབ་ལ༔ མི་སོད་ཁྱིམ་ཤིགས་ནོར་ཕྲོགས་ལ༔ ཐལ་བ་རྡུལ་དུ་བརླག་པར་གྱིས༔ ཞེས་བསྐུལ་ཞིང་དུལ་མོ་བརྡབ་ལ་དམོད་མོ་བྱའོ༔ དགྲ་བགེགས་སྲེག་པའི་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ དྲེགས་པའི་མགོན་པོ་འཁོར་དང་བཅས༔ དྲག་པོ་ཞལ་གྱི་ཧོམ་ཁུང་དུ༔ དམ་ཉམས་དགྲ་བོ་ལས་ངན་གྱི༔ ལུས་དང་ལོངས་སྤྱོད་ཞལ་དུ་བསྟབ༔ སྲིད་པ་གསུམ་གྱི་བྱད་བྱེད་དང༔ སེམས་ཀྱི་སྦྱོར་བ་ངན་པ་དང༔ ངག་གི་སྨྲ་བ་ངན་པ་དང༔ ལུས་ལས་བྱུང་བའི་གདུག་རྩུབ་རྣམས༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ མགུལ་དུ་སྒྲིམ་མོ་ཨཱ་རལླི༔ མིང་ཡང་མེད་པར་ཛྭ་ལ་རཾ༔ ཞེས་མིང་བྱང་རྣམས་མེ་ལ་བསྲེག་གོ༔ མནན་པའི་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ མ་ཧཱ་ཀཱ་ལའི་བཀའ་ཉན་པ༔ ལས་ཀྱི་དྲེགས་པ་མཐུ་སྟོབས་ཅན༔ དམ་ཉམས་དགྲ་བོ་སྡིག་ཅན་འདི༔ ཁྱོད་ཀྱི་ཟ་སྐལ་འདི་ཁོ་ན༔ གཏད་དོ་གཉེར་རོ་མ་ཤོར་ཅིག༔ ས་འོག་རིམ་པ་དགུ་ཡི་གནས༔ བཙོན་ཁང་ནག་པོའི་ནང་དུ་ཆུག༔ ནམ་ཡང་གཏང་བར་མ་བྱེད་ཅིག༔ བྲོ་བརྡུང་བ་ནི༔ ཧཱུྃ༔ དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར༔ མ་ཧཱ་ཀཱ་ལས་བྲོ་བརྡུངས་པས༔ ལྷ་མོའི་ཚོགས་ཀྱང་དབྱིངས་སུ་རོལ༔ དྲེགས་པ་སྡེ་བརྒྱད་ལས་ལ་འགྱེད༔ བྱ་ནག་ཁྱི་ནག་སྤྲིན་ལྟར་གཏིབས༔ དུག་ལྔས་གཟིར་བའི་དགྲ་དང་བགེགས༔ ཡེ་ཤེས་ལྔ་ཡི་རྨང་དུ་མནན༔ སྐུ་ནི་གར་དགུས་བྲོ་ཆེན་བརྡུང༔ གསུང་ནི་ཧཱུྃ་ཕཊ་ང་རོའི་གླུ༔ ཐུགས་ནི་སྒྲོལ་མཛད་ཡེ་ཤེས་ཐུགས༔ སྐུ་གསུང་ཐུགས་ཀྱི་བྲོ་བརྡུངས་པས༔ དུག་གསུམ་དགྲ་བགེགས་རྡུལ་དུ་བརླག༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ དེ་ལྟར་ལས་བཅོལ་པས་ཕྲིན་ལས་ཐམས་ཅད་མི་འགྲུབ་མི་སྲིད་དོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ཨོ་རྒྱན་མཆོག་གྱུར་གླིང་པའི་གཏེར་མའོ།། །།
ཡང་གསང་མཁའ་འགྲོའི་སྙིང་ཁྲག་ལྟ་བུ་སྙན་བརྒྱུད་ཟབ་མོ་ལས་ཕྱུང་པ་རྒྱུན་གྱི་ཉམས་ལེན་ཤིན་དུ་གཅེས་པ་ཤོག་དྲིལ་གོང་ཁུག་མ་ (Volume 27, Text 5)
༁ྭྃ༁ྃྭ༔ ཡང་གསང་མཁའ་འགྲོའི་སྙིང་ཁྲག་ལྟ་བུ་སྙན་བརྒྱུད་ཟབ་མོ་ལས་ཕྱུང་པ་རྒྱུན་གྱི་ཉམས་ལེན་ཤིན་དུ་གཅེས་པ་ཤོག་དྲིལ་གོང་ཁུག་མ་ཡོད༔ ཆིག་ཆོག་རི་ཆོས་ཟབ༔ ྀཨཚ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ བླ་མ་རྡོ་རྗེ་སེམས་དཔར་ཕྱག་འཚལ་ནས༔ དེ་ཡི་མན་ངག་རྡོ་རྗེའི་རྣལ་འབྱོར་བྲི༔ དེ་ཡང་རྒྱས་པ་ནི་གཞན་དུ་བསྟན་པར་འགྱུར་ལ༔ འདིར་མན་ངག་དུམ་བུ་རྒྱུན་གྱི་ཉམས་ལེན་དྲིལ་ནས་བསྟན་པར་བྱ་ཡི༔ དེ་ལ་ཡང་སྦྱོར་དངོས་རྗེས་གསུམ་སྟེ༔ དང་པོ་སྐྱབས་སེམས་སྤྱི་དང་མཚུངས་ཤིང༔ ཡན་ལག་བདུན་པ་བཅས་སྔོན་དུ་འགྲོ་ལ༔ ཁྱད་པར་བདག་དང་ནམ་མཁའི་མཐའ་ཀླས་འགྲོ་རྣམས་དུས་འདི་ནས་རྡོ་རྗེ་སེམས་དཔའི་གོ་འཕང་མ་ཐོབ་བར་དུ་སྐྱབས་ཀྱི་དམ་པར་བླ་མ་དཀོན་མཆོག་གཟུང་བར་བྱ་ཞིང༔ འགྲོ་རྣམས་སྡུག་བསྔལ་མཚོ་ལས་བསྒྲལ་ཕྱིར་ཧེ་རུ་ཀ་དཔལ་རྡོ་རྗེའི་རྣལ་འབྱོར་ལ་འབད་དེ་ཟུང་འཇུག་རྡོ་རྗེ་སེམས་དཔའི་གོ་འཕང་དུས་འདི་ཉིད་དུ་བདག་གིས་ཐོབ་པར་བྱ་སྙམ་པར་ཁ་ཞེ་མེད་པར་བགྱིད་ལ༔ གཉིས་པ་དངོས་གཞི་ནི༔ རང་གི་ཕུང་ཁམས་སྣོད་བཅུད་ཐམས་ཅད་སྟོང་ཞིང་བདག་མེད་པ་ལ་དར་གཅིག་བློ་བཞག༔ དེའི་ངང་ལས་སྐད་ཅིག་གིས་ཆུ་ལས་ཉ་འཕར་བ་ལྟར་རང་ཉིད་དཔལ་རྡོ་རྗེ་སེམས་དཔའ་རང་འོད་ཡུམ་བཅས་ཀྱི་སྐུར་གྱུར་པར་བསམ་ལ༔ དེའི་སྤྱི་བོར་རྩ་བའི་བླ་མ་པདྨ་འབྱུང་གནས་ཀུན་བཟང་ཡབ་ཡུམ་གྱི་ཆ་ལུགས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་བསྒོམ་ཞིང༔ དེ་ལ་གསོལ་བ་བཏབ་པས་ཡབ་ཡུམ་ཟག་མེད་བདེ་བའི་རྒྱུན་སྦྱོར་མཚམས་ནས་བབས༔ རང་གི་སྤྱི་བོར་ཞུགས་དཔྲལ་བ་ཡན་ཆད་ཁེངས་པས་བུམ་པའི་དབང་གི་སྦྱངས་ཐོབ་སྨིན་པ་ཐམས་ཅད་གྲུབ༔ དེ་བཞིན་མགྲིན་པ་ཡན་ཆད་ཁེངས་པས་གསང་དབང༔ སྙིང་ག་ཡན་ཆད་ཁེངས་པས་ཚིག་དབང་སྟེ༔ རང་རང་གི་སྦྱངས་ཐོབ་སྨིན་པ་ཐམས་ཅད་མངོན་དུ་གྱུར་ཅིང༔ མཐར་བླ་མ་ཡབ་ཡུམ་ཟླ་བ་ལྟར་ཞུ་ནས་རང་ལ་ཐིམ་པས་གཉིས་སུ་མེད་པར་བསམ་པ་ཐུན་འགོ་ཐམས་ཅད་དུ་བྱ༔ དེ་ནས་རང་ལུས་དྲང་པོར་བསྲངས་ལ་རླུང་རོ་བསལ་ནས༔ དབུགས་རྔུབ་པ༔ ཁོང་དུ་གནས་པ༔ ཕྱིར་དབྱུང་བ༔ ཕྱི་ན་གནས་པ་སྟེ༔ དེ་ཆ་བཞི་རིང་ཐུང་ཤིན་ཏུ་སྙོམ་པར་བྱ་སྟེ༔ དེ་ཡང་དང་པོ་གཤིས་ནས་སྙོམ་པར་འགྱུ་ན་ལེགས་མོད༔ མ་གོམས་ན་སྙོམ་པར་མི་རྒྱུ་བ་དང༔ མི་རིགས་ལ་ལ་རྩ་རླུང་ཁམས་ཀྱི་རྒྱུ་བ་ཤིན་ཏུ་མི་སྙོམ་པ་ཡང་ཡོད་པས་དེ་དག་རིམ་གྱིས་སྙོམ་པར་སྦྱངས་པ་ལས༔ ཐོག་མ་ནས་ནན་གཅེར་གྱིས་སྙོམ་བློ་བྱས་ན་གེགས་ཀྱི་ཚོགས་སུ་འགྱུར་བས་སྤང་ཞིང༔ དེས་ན་བུམ་པ་ཅན་ལ་མ་གོམས་པ་རྣམས་ཐོག་མར་རང་སོ་ལ་བཞག་ནས་བགས་ཀྱིས་གཉུག་བསྲིང་སྟེ་བསླབ་པ་གནད་གལ་པོ་ཆེ་ཡིན་ནོ༔ མཐར་རྡོར་བཟླས་གོམས་ཚེ་གཡོ་བ་བཅུད་དུ་ཡུན་ཇེ་རིང་ཇེ་རིང་དུ་བསླབ་པར་བྱའོ༔ དེ་ལྟར་རླུང་གི་གནད་ངེས་པར་བྱས་ལ༔ དེ་ནས་དབུགས་ནང་དུ་རྔུབ་དུས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ཡེ་ཤེས་ཀྱི་དྭངས་མ་ཡི་གེ་ཨོཾ་དུ་གྱུར། སྣ་བུག་གཡོན་གྱི་སྒོར་ཞུགས་ཤིང་རླུང་ཁོང་དུ་གནས་པའི་ཚེ༔ ལྟེ་འོག་སོར་བཞིའི་ཐད་དུ་མི་ཤིགས་པའི་ས་བོན་རླུང་གི་ངོ་བོ་དྭངས་མ་ཧཱུྃ་མཐིང་ལ་འཁོར་འདས་ལས་དང་ཡེ་ཤེས་ཀུན་འདུས༔ དབུགས་ཕྱིར་དབྱུང་ཚེ་བདེ་བ་མཆོག་གི་རང་བཞིན་ཨཱཿདམར་པོ་སྤྲོས་ཏེ་རྒྱལ་བ་རྣམས་ཀྱི་ཐུགས་དམ་བསྐང་ཞིང་སེམས་ཅན་རྣམས་ཀྱི་སྡུག་བསྔལ་སྦྱངས་ནས་བདེ་བ་ལ་བཀོད་པར་བསམ༔ དེ་ལྟར་དབུགས་ཕྱི་ནང་འགྱུ་གནས་ལ་རིག་པ་མ་ཡེངས་པས་རྩེ་གཅིག་ཏུ་བྱ་ཞིང་རྣམ་རྟོག་གཞན་གྱིས་བར་མི་བྱེད་པར་ཉམས་སུ་བླངས༔ ཡང་སྐབས་སུ་ཨོཾ་ཨཱཿཧཱུྃ་གི་ཡི་གེ་གཟུགས་སུ་མི་བསྒོམ་པར་འབྲུ་གསུམ་རྔུབ་པར་ཨོཾ་གནས་པར་ཧཱུྃ་ཕྱིར་དབྱུང་བར་ཨཱཿའི་སྒྲ་དབྱངས་ལ་ཡིད་བཟུང་ནས༔ གོང་གི་དང་འདི་གཉིས་གང་བདེ་སྤེལ་བར་ཉམས་སུ་ལེན༔ ཡང་སྐབས་སུ་བསམ་གཏན་གྱི་ཚད་འཛིན་པའི་ཕྱིར་དབྱུང་རྔུབ་གནས་གསུམ་ཨོཾ་ཨཱཿཧཱུྃ་དུ་བྱས་པ་ལ་ཕྲེང་བ་རེ་རེ་བསྒྱུར་ཏེ་རྣམ་རྟོག་གི་བར་ཆོད་ཚེ་ཕྲེང་བ་སླར་འགོ་ནས་འདྲེན་པར་བྱས་པས༔ དང་པོ་རིག་པ་རྣམ་རྟོག་གི་བར་མ་ཆོད་པ་བཅུ་དང་བཅོ་ལྔ་ཉེར་གཅིག་སོགས་རིམ་བཞིན་བརྒྱ་ཕྲག་དང༔ མཐར་སྟོང་ཕྲག་གི་བར་དུ་རྣམ་རྟོག་འཕྲོ་རྒོད་ཀྱིས་མི་གནོད་པར་རིག་པ་རྗེན་པར་གནས་པར་འགྱུར༔ ཤིན་ཏུ་གོམས་ན་ཉིན་མཚན་འཁོར་ཡུག་བསམ་གཏན་ལ་སྤྱོད་པར་འགྱུར་རོ༔ མཐར་ཐུན་བསྡུ་ཚེ་སྣང་སྲིད་ཐམས་ཅད་འོད་ཀྱི་གོང་བུར་ཞུ་ནས་རང་ལ་ཐིམ༔ རང་ལུས་སྐད་ཅིག་གིས་ལྟེ་བའི་ཧཱུྃ་ལ་ཐིམ་པའམ༔ ཡང་ན་མེ་ལོང་ལ་ཧས་བཏབ་པ་ཡལ་བ་བཞིན་དབྱིངས་སུ་ཡལ་བར་བསྒོམས་ལ་དར་གཅིག་མཉམ་པར་བཞག༔ དེ་མཐར་ཕྱོགས་བཞི་ནས་ཨོཾ་ཨཱཿཧཱུྃ་ཧོ༔ ཞེས་པའི་སྒྲས་སྐད་ཅིག་གིས་རྡོ་རྗེ་སེམས་དཔའི་སྐུར་ལྡངས་ལ་བསྐྱེད་རྫོགས་ཟུང་འཇུག་ཏུ་མཉམ་པར་བཞག༔ གཉིད་ལོག་སྐབས་སྙིང་ཐིག་ལེ་རྨ་བྱའི་མདོངས་ལྟ་བུར་བླ་མའི་སྐུ་བསྒོམ་པར་ཡིད་གཏད་ལ་གཉིད་ལོག་གོ༔ སང་ཉིན་ལངས་པའི་དུས་ལ་བབ་ཚེ་སྔར་ལྟར་ཉམས་སུ་བླང་ངོ༔ གསུམ་པ་རྗེས་ཀྱི་བྱ་བ་ནི༔ དུས་ཀུན་ཏུ་ཆོས་རྣམས་སྒྱུ་མ་ལྟ་བུ་བདེན་མེད་དུ་ཤེས་པ་ཆེད་གཉེར་གྱིས་བསྒོམ་པ་མེད་ཀྱང༔ ཡེངས་རྐྱེན་འཁྲུལ་དབང་དུ་ནམ་ཡང་མི་ཤོར་བར་ལྷ་སྔགས་ཡེ་ཤེས་ཀྱི་ངོ་བོར་ལམ་ཁྱེར་དང༔ ཁྱད་པར་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་བླ་མའི་བྱིན་རླབས་ཉིད་ཡིན་པས་བླ་མ་ལ་མོས་གུས་དང༔ དམ་ཚིག་ལ་རབ་ཏུ་བརྩོན་ཞིང་རྒྱུ་འབྲས་ཀྱི་འདོར་ལེན་མི་ནོར་བར་བྱ་བ་གང་བྱས་པ་ཀུན་རང་འདོད་ཀྱི་འཁྲིས་མེད་པར་གཞན་ཕན་གྱི་སྙིང་པོ་རྒྱལ་བསྟན་རིན་པོ་ཆེའི་མཆེད་གྲོགས་དང་འགྲོ་ལ་རྟག་པར་སྙིང་རྗེའི་རྩིས་ཟིན་པར་བྱ་བ་ནི་གལ་ཤིན་ཏུ་ཆེ་ལ༔ ཐུན་མཚམས་སུ་ཀུན་རྫོབ་དོན་དམ་དགེ་ཀུན་མཁའ་ཁྱབ་སེམས་ཅན་དོན་དུ་ཟུང་འཇུག་རྡོ་རྗེ་སེམས་དཔའི་གོ་འཕང་བདག་གི་དུས་འདིར་སྐད་ཅིག་མ་ལ་ཐོབ་པར་གྱུར་ཅིག་སྙམ་ནས་བསྔོ་སྨོན་བཟང་པོས་རྒྱས་བཏབ་པར་བྱའོ༔ ཨེ་མ་རབ་ཟབ་མཁའ་འགྲོའི་སྙིང་གི་ཁྲག༔ ཟབ་གཉན་སྙན་བརྒྱུད་ཡིད་བཞིན་དབང་གི་ཆོས༔ བླ་མའི་ཞལ་ལུང་བྱིན་རླབས་ངད་པ་ཅན༔ ཡིད་ཆེས་གསུམ་ལྡན་སངས་རྒྱས་གསེང་ལམ་འདི༔ སྐལ་ལྡན་མང་པོས་གསོལ་བ་བཏབ་པའི་ངོར༔ ཚེ་དབང་ནོར་བུ་དོན་དམ་རྣལ་འབྱོར་དེས༔ གཞན་ཕན་ལྷག་བསམ་དག་པས་ཉེར་བཀོད་དོ༔ སྙན་བརྒྱུད་ཡིག་མེད་ཡི་གེར་བཀོད་པ་ལ༔ ནོངས་ན་རྩ་བ་གསུམ་ལ་མཐོལ་བཤགས་ཤིང༔ ལེགས་གྱུར་དགེ་བས་འགྲོ་བ་མ་ལུས་ཀུན༔ རྡོ་རྗེའི་རྣལ་འབྱོར་གཞུང་ལམ་འདིར་ཞུགས་ཏེ༔ ཚེ་འདི་ཉིད་ནས་ཟུང་འཇུག་ཐོབ་པར་ཤོག༔ ཅེས་སྔ་ཕྱིར་སྐལ་བཟང་མང་པོས་བསྐུལ་བ་དང་། ཁྱད་པར་མང་ཡུལ་གུང་ཐང་མ་ཆེས་མཁར་གྱི་འདུལ་འཛིན་གནས་བརྟན་ཆེན་པོ་ཐེག་ཆེན་མཆོག་ལ་སྤྱོད་པ་སུ་མ་དྷི་དྷརྨཱ་ཀིརྟི་ཤྲཱི་བྷ་དྲ་ཡི་གསུང་གིས་ཡང་ཡང་བསྐུལ་བར་གནང་བ་མ་གཅོག་ཙམ་དུ། ལྷ་རིགས་སྔགས་ཀྱི་རྣལ་འབྱོར་ཚེ་དབང་ནོར་བུའམ་མིང་གཞན་དུ་ན་པདྨ་ཐེག་མཆོག་བསྟན་པའི་གསལ་བྱེད་ངེས་གསང་གྲུབ་པའི་ཤིང་རྟ་ཕྱོགས་ལས་རྣམ་རྒྱལ་དབང་པོའི་སྡེ་ཞེས་པས། མང་ཡུལ་ནུབ་རི་ཀུན་གསལ་སྒང་པོ་ཆེར་ས་བྱ་ཧོར་ཟླ་དྲུག་པའི་ཚེས་བཟང་བཅུ་གཅིག་ཐུན་སྐབས་ཆ་ཤས་གཅིག་ཏུ་ཡོངས་སུ་གྲུབ་པར་བྲིས་ཀྱི་འདི་ལ་བསྲེ་བསླད་འདྲ་མིན་འཆོས་པ་བྱུང་ན་མ་གཟའ་དམ་གསུམ་གྱིས་བཀའ་ཆད་ཆོད་ཅིག །ཉམས་ལེན་བུ་ལ་རྟག་ཏུ་གྲོགས་མཛོད་ཅིག །ས་མ་ཡཱ་དཾ་ཛ༔ རྒྱཱ་རྒྱཱ་རྒྱཱ༔ འདི་སྐལ་ལྡན་ཆོས་སྙིང་ནས་དྲན་པ་དད་དམ་ཅན་ལ་སྦྱིན་གྱི་གཞན་ལ་གསང་ངོ་།། ྀཨཚ༔ དགེའོ།། །།
བཅོམ་ལྡན་འདས་ཕྱག་རྒྱ་ཟིལ་གནོན་གྱི་ལས་བྱང་རྡོ་རྗེའི་མེ་ཕྲེང་ (Volume 17, Text 5)
༄༅། །བཅོམ་ལྡན་འདས་ཕྱག་རྒྱ་ཟིལ་གནོན་གྱི་ལས་བྱང་རྡོ་རྗེའི་མེ་ཕྲེང་ཞེས་བྱ་བ་བཞུགས་སོ། ། བཅོམ་ལྡན་འདས་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་ལས་བྱང་རྡོ་རྗེའི་མེ་ཕྲེང་ཞེས་བྱ་བ། བླ་མ་དང་འཇམ་དཔལ་རྡོ་རྗེ་རབ་ཏུ་ཁྲོས་པ་ལ་ཕྱག་འཚལ་ལོ། ཁམས་གསུམ་ཉོན་མོངས་གཤིན་རྗེའི་དཔུང་ཚོགས་ཀུན། །གཉིས་མེད་ཡེ་ཤེས་རྡོ་རྗེས་རབ་བཅོམ་ནས། །བདེ་ཆེན་འགྱུར་མེད་འཁོར་འདས་ཕྱག་རྒྱ་ཀུན། །ཟིལ་གནོན་བཅོམ་ལྡན་ཁྲོ་བོའི་རྒྱལ་པོར་འདུད། །གདོད་མའི་རང་བཞིན་ཕྱག་རྒྱ་ཆེ། །སྒྲུབ་བྱེད་རིམ་པ་དངོས་གཞིའི་ཁྲིགས། །རྒྱུད་གཞུང་གྲུབ་པའི་ཞལ་ལུང་བཞིན། །སྙིང་པོར་དྲིལ་ཏེ་འདིར་བཤད་བྱ། །དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པ་རང་གཞན་གྱི་དོན་སྒྲུབ་པ་ལ་སྙིང་སྟོབས་མཆོག་ཏུ་གྱུར་པས། །དབེན་ཞིང་མཐུན་པའི་གནས་སུ་རྟེན་དགྲམ་ཞིང་། མཆོད་གཏོར་སོགས་དམ་ཚིག་གི་ཡོ་བྱད་རྣམས་ཚོགས་པར་བཤམས་ནས་རྣལ་འབྱོར་ལ་འཇུག་པར་བྱའོ། །དེའི་རིམ་པ་ནི། སྔོན་འགྲོ །དངོས་གཞི། རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་སྔོན་འགྲོ་ལའང་། སྐྱབས་སེམས་ཚོགས་གསག་མཚམས་གཅོད་དང་། །བཤགས་པ་དམ་བཅའ་བྱིན་འབེབ་བྱ། །མཆོད་པ་བྱིན་གྱིས་བརླབ་དང་བདུན། །དང་པོ་ནི། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྟེ་སྤྱི་ལྟར་བྱའོ། །གཉིས་པ་ནི། རང་ཉིད་སྐད་ཅིག་གིས་འཇམ་དཔལ་ཁྲོ་བོའི་སྐུར་གསལ་བའི་སྙིང་གར་པད་ཉི་ལ་གནས་པའི་ཧཱུྃ་ཡིག་ནག་པོ་དེ་ལས་བྱུང་བའི་འོད་ཟེར་གྱིས་བླ་མ་དང་འཇམ་དཔལ་ཁྲོ་བོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་་་་་་་་་་མཁར་བཛྲ་ས་མཱ་ཛཿས་སད་པའི་སྤྱན་སྔར། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་ལ་སོགས་པ་བརྗོད་ནས་ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་བསྟིམས་ཏེ་ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་བལྟའོ། །གསུམ་པ་ནི། སྟོང་པ་ཉིད་ཀྱི་ངང་ལས་རང་ཉིད་ཟིལ་གནོན་ཕྱག་རྒྱ་ཆེན་པོ་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་པ། གཡས་གསུམ་འཁོར་ལོ་རལ་གྲི་རྡོ་རྗེ། གཡོན་གསུམ་བེ་ཅོན་གཏུན་ཤིང་སྡིགས་མཛུབ། དུར་ཁྲོད་རོལ་པའི་ཆས་ཅན། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་སྔོན་པོ། དེ་ལས་ཁྲོ་བོའི་སྤྲིན་རབ་འབྱམས་འཕྲོ་བར་བསམ་ཞིང་། ཧཱུྃ། བདག་ཉིད་ཁྲོ་རྒྱལ་ཐུགས་ཀ་ནས། །མཐིང་ནག་ཧཱུྃ་གི་འོད་ཟེར་ལས། །སྟོང་གསུམ་ཁྲོ་བོས་རབ་གང་ཞིང་། །རྔམ་སྒྲས་འཇིག་རྟེན་ཀུན་ཁྱབ་པས། །གདུག་པ་གཡོ་འགུལ་མིང་ཡང་མེད། ཁྲོ་རྒྱལ་མཚོན་ཆ་མེ་འོད་འབར། །འབར་བའི་མཚམས་ལས་མ་འདའ་ཞིག །ཧཱུྃ་བཞི་པ་དང་། ཕཊ་རཾ། ཨེ་རཾ། ཛྭ་ལ་རཾ། ཞེས་བརྗོད་པས། ཁྲོ་བོ་དང་མཚོན་ཆ་རབ་ཏུ་འབར་བའི་མེ་དང་བཅས་པའི་སྲུང་བའི་གུར་ཁང་གིས་ཕྱོགས་ཀུན་ཁྱབ་པར་བསམ་མོ། །བཞི་པ་ནི། ཚོགས་ཞིང་སྔར་ལྟར་སད་པའི་སྤྱན་སྔར། ཧཱུྃ། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ །རང་རིག་ཡེ་ཤེས་ཀློང་དུ་མ་གྱུར་ཅིང་། །རྟགས་དང་མཚན་མ་མྱུར་དུ་མ་ཕྱིན་པས། །ཟིལ་གནོན་ལྷ་ཚོགས་ཐུགས་དང་ཅི་འགལ་བ། ཁྲོ་གཏུམ་ཐུགས་རྗེ་ཅན་ལ་བཟོད་པར་གསོལ། །དོན་དམ་ངང་ལ་དགེ་སྡིག་གཉིས་མེད་ཀྱང། །དེ་ལྟར་མ་རྟོགས་གཟུང་འཛིན་དབང་གིས་ནི། །ཉམས་ཆག་འགལ་འཁྲུལ་གྱུར་པ་ཅི་མཆིས་པ། །གནོང་འགྱོད་མོས་པའི་སེམས་ཀྱིས་མཐོལ་ལོ་བཤགས། །ཞེས་དང་ཡི་གེ་བརྒྱ་པ་ལན་མང་དུ་བཟླའོ། །ལྔ་པ་ནི། ཧཱུྃ། བདག་ནི་དེང་ནས་བྱང་ཆུབ་སེམས་བསྐྱེད་དེ། །བསྙེན་སྒྲུབ་ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས། །གསང་སྔགས་ཟབ་མོའི་སྤྱོད་པ་མཐར་དབྱུང་ཞིང་། །བླ་མེད་བྱང་ཆུབ་བསྒྲུབ་པར་དམ་བཅའ་འོ། །དྲུག་པ་ནི། ཧཱུྃ། རྟོག་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཉིད་ལས། །སྟོང་པའི་ཆོས་ཉིད་ཡེ་ཤེས་རང་སྣང་བ། །འཇམ་དཔལ་ཁྲོ་བོ་ཟིལ་གནོན་འཁོར་བཅས་ཀྱིས། །དབང་དང་བྱིན་རླབས་མཐུ་རྩལ་དངོས་གྲུབ་སྩོལ། །ཞེས་པས་མཁའ་ཁྱབ་ཀྱི་དཀྱིལ་འཁོར་ཐམས་ཅད་བདག་དང་གནས་ཡོ་བྱད་ཐམས་ཅད་ལ་ཐིམ་ནས་བྱིན་གྱིས་བརླབ་པར་བསམ་ལ། སྤོས་དང་རོལ་མོའི་སྒྲ་སྦྱར་ཞིང་། ཧཱུྃ་ཧཱུྃ་ཧཱུྃ་ཞེས་པས་བྱིན་བསྡུའོ། །བདུན་པ་ནི། བདག་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མཆོད་རྫས་དངོས་འཛིན་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་བསམས་པ་ནི་སྤྱིའི་སྦྱང་བའོ། ཁྱད་པར་སྨན་ཕུད། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པའི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ་ལ་ཧཱུྃ་ཡིག་དཀར་པོས་མཚན་པ་དེ་ལས་འོད་ཟེར་འཕྲོས་པས་འཁོར་འདས་ཀྱི་བདུད་རྩི་ཐམས་ཅད་བསྡུས་ནས་ཞུ་བ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱཿ ཞེས་ལན་བདུན་བརྗོད། རྟེན་གཏོར། སྟོང་པའི་ངང་ལས། གཏོར་སྣོད་བྷྲཱུྃ་ལས་དུར་ཁྲོད་ཀྱི་གཞལ་ཡས་ཁང་ཆེན་པོར་གཏོར་རྫས་ཟིལ་གནོན་ལྷ་ཚོགས་འདོད་ཡོན་གྱི་ལྷ་མོས་བསྐོར་བར་བསམ་ཞིང་། མཆོད་གཏོར་རྐྱང་པ་ལ། གཏོར་སྣོད་བྷཉྫ་འབར་བར། གཏོར་རྫས་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་པར་བསམས་ཏེ། གཉིས་ཆར་སྦྲེལ་བའམ་རྐྱང་པ་གང་ལའང་། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིནྟ་ཏེ་ཛོ་བ་ལིནྟ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ལན་གསུམ་བརྗོད། རཀྟ་སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པར། རཾ་ལས་ཉི་མའི་སྟེང་དུ་ར་ཡིག་ཞུ་བ་ལས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུག་པ་ལ། ཁམས་གསུམ་གྱི་རཀྟ་ཐམས་ཅད་བསྡུས་ཤིང་ཐིམ་པར་བསམ་ལ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱཿ ཞེས་ལན་གསུམ་བརྗོད། མཆོད་པ་ཐུན་མོང་བ་རྣམས། ཨ་ལས་བྷཉྫའི་སྣོད་དུ། ཨ་དྷཱུ་པུ་ཨཱ་གན་ནཻ་ཤ་རྣམས་ཞུ་བ་ལས་ཕྱི་ནང་གསང་བའི་མཆོད་པའི་དངོས་པོ་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པར་འཆར་བས་ནམ་མཁའ་གང་བར་བསམ་ཞིང་། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། པུཥྤེ་པུ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་གན། ནཻ་བིདྱ་ནཻ། ཤབྡ་ཨཱཿཧཱུྃ། ཞེས་བརྗོད་ཅིང་རོལ་མོ་བྱའོ། །གཉིས་པ་དངོས་གཞི་ལ། ལྷ་བསྐྱེད་སྤྱན་འདྲེན་བཞུགས་སུ་གསོལ། །ཕྱག་མཆོད་བཟླས་པ་བསྟོད་བསྐུལ་བདུན། །དང་པོ་ནི། ཨྱཻ་ཨྱཻ་ཨྱཻ། ཨྱེ་ཉིད་སྟོང་པ་ཆོས་འབྱུང་སྟེ། །མ་སྐྱེས་འགག་པ་མེད་པ་ལས། །རང་བཞིན་གནས་པ་དྲན་པར་བྱ། །ཨེ་ཡི་ཕོ་བྲང་ཟླ་གམ་གསུམ། །ཐོད་པའི་མཁར་བཞི་འཁོར་ལོ་བརྒྱད། །ལྕགས་མཁར་བཅུ་གཉིས་བར་ཁྱམས་བཞི། །སྒོ་བཞི་རྟ་བབས་བརྒྱད་དང་ལྡན། །འོབས་ཆེན་བཅུ་དྲུག་རྡོ་རྗེའི་གུར། །བྱས་པ་མེད་པར་ལྷུན་གྱིས་གྲུབ། །བཤིག་པ་མེད་པར་ངང་གིས་སྟོང་། །ཕྱི་དང་ནང་མེད་ཀུན་ཏུ་ནང་། །ཀླུ་འབུམ་གཉན་ཁྲི་ས་བདག་སྟོང། །ཕྱོགས་སྐྱོང་རུ་དྲ་མ་ཧེ་བརྒྱད། །ཉི་ཟླ་པདྨ་བརྩེགས་པའི་གདན། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ། །རྒྱུ་དང་རྐྱེན་ལས་མ་བསྐྱེད་པར། །རིག་པ་ཆུ་ལས་ཉ་འཕར་ཚུལ། །དྲུག་པ་རྡོ་རྗེ་འཆང་ཆེན་པོ། །རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཅན། །མཐིང་ནག་ཟིལ་གནོན་དྲེགས་པ་འདུལ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །འཁོར་ལོ་རལ་གྲི་རྡོ་རྗེ་གཡས། །བེ་ཅོན་གཏུན་ཤིང་སྡིགས་མཛུབ་གཡོན། །རིགས་ལྔའི་ཁྲོ་བོས་དབུ་ལ་བརྒྱན། །དཔལ་གྱི་ཆས་རྫོགས་དུར་ཁྲོད་བརྒྱན། །ཡུམ་ནི་གཉིས་མེད་ཆོས་ཀྱི་དབྱིངས། །མཐིང་ནག་ཙིཏྟ་བྷན་དམར་སྟོབས། །ཡེ་ཤེས་བཞི་ཡི་སྤྲུལ་པ་ལས། །ཐུགས་ཀར་་་མེ་ལོང་ཡེ་ཤེས།་་་ཡ་མ་རཱ་ཛ་ནི། །སྨུག་ནག་འཁོར་ལོ་ཙིཏྟ་འཛིན། །ཡ་མའི་ཐུགས་ཀར་་་མཉམ་ཉིད་ཡེ་ཤེས།་་་དྲེགས་པའི་བདག །ལྗང་ནག་རྡོ་རྗེ་སྙིང་ཕྲེང་འཛིན། །དྲེགས་པའི་ཐུགས་ཀར་ཁྱམས་ཁང་སྟེང་། །བྱ་གྲུབ་ཡེ་ཤེས།་་་འཇིགས་བྱེད་ཆེན་པོ་ཐུར་དུ་བལྟ། །ལྟོ་ན་སྲིད་གསུམ་ཚེ་སྲོག་འཆང་། །སྤྱི་གཙུག་་་སོར་རྟོག་ཡེ་ཤེས།་་་མཁའ་ལྡིང་གདུག་པ་འདུལ། །དཀར་པོ་ཟིལ་གནོན་རོ་ཉེ་ཟ། །ཕྲག་གོང་སྨུག་ནག་འཇིགས་པའི་ཁྱུང་། །སོག་ཁར་སྟག་མོ་རོ་ལ་རྔམས། །ནུ་ཁར་སེངྒེ་རལ་པ་སྤྲུག །སྟ་ཟུར་དུག་སྦྲུལ་ཁ་རླངས་འབྱིན། །རི་རབ་ལྟ་བུར་བརྗིད་པ་ཡི། །སྐུ་ལ་ཁྲོ་རྒྱལ་བཅུ་པོ་རྫོགས། །ཟླ་གམ་གསུམ་ལ་སྤྲུལ་པ་གསུམ། །སྐུ་སྤྲུལ་འཆི་བདག་བྱེ་བ་སྔོ། །གསུང་སྤྲུལ་སྲོག་བདག་དམར་པོ་བརྗིད། །ཐུགས་སྤྲུལ་ཚེ་བདག་མགོ་དགུ་པ། །ཕྱི་རིམ་ཐོད་པའི་མཁར་བཞི་ལ། །གཤེད་པོ་ཡ་མ་རཱ་ཛ་དང། །སྲིན་པོ་མྱོས་བྱེད་འབར་བ་དང་། །ཀླུ་བདུད་ཨཱརྻ་མེ་རུ་དང་། །གནོད་སྦྱིན་རལ་པ་ཚར་དགུ་བཞི། །དེ་ཡི་ཕྱི་རིམ་རྩིབས་བརྒྱད་ལ། །ཕྱོགས་བཞི་ལ་ནི་མོན་པ་བཞི། །མཚམས་བཞི་ལ་ནི་བདུད་བཞི་སྟེ། །དེ་དག་ཡུམ་དང་བཅས་པ་འོ། །ཕྱི་རིམ་ལྕགས་མཁར་བཅུ་གཉིས་ལ། །ལས་ཀྱི་འཆི་བདག་བཅུ་གཉིས་གནས། །དེ་ཡི་ཕྱི་རིམ་བར་ཁྱམས་ལ། །ཕོ་གཤེད་མོ་གཤེད་ལ་སོགས་པའི། །ཤ་ཟ་ཀིཾ་ཀང་མ་མོའི་ཚོགས། །སྒོ་བཞི་རུ་ནི་རྒྱལ་པོ་དང་། །མགོན་པོ་བདུད་དང་གནོད་སྦྱིན་བཞི། །ཕྱི་རོལ་འོབས་ཆེན་བཅུ་དྲུག་ལ། །འོབས་སྲུང་ཆེན་པོ་བཅུ་དྲུག་གནས། །དེ་ལྟར་དེ་དག་ཐམས་ཅད་ཀུན། །སེམས་ཉིད་སྟོང་པའི་ཆོ་འཕྲུལ་ཏེ། །ཆོས་ཉིད་དབྱིངས་ལས་ཤར་བས་ན། །བར་སྣང་ཁམས་ཀྱི་འཇའ་ཚོན་ནམ། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །སྣང་ལ་རང་བཞིན་མེད་པར་གྱུར། །གཉིས་པ་ནི། རང་གི་ཐུགས་ཀའི་འོད་ཟེར་གྱིས་འཇམ་དཔལ་ཁྲོས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་རྗེས་སུ་བསྐུལ་བར་བསམ་ཞིང་། ཨྱཻ། མི་རྟོག་ངང་ལས་ཐུགས་རྗེའི་སྐུ །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཟིལ་གནོན་ལྷ་ཚོགས་དབྱིངས་ནས་བཞེངས། །བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་རྒྱ་དང་བཅས་པས་སྙན་གསན་དབབ་ལ། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཁྲོ་རྒྱལ་གཤིན་རྗེའི་གཤེད། །གདུག་པའི་དགྲ་བགེགས་བསྒྲལ་བའི་ཕྱིར། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །ཟིལ་གནོན་སྐུ་ཡི་གཡོན་ཕྱོགས་ན། །ཡུམ་ཆེན་གསོད་བྱེད་རྒྱལ་མོ་ཡང་། །མ་མོ་ཡོངས་ཀྱི་གཙོ་མོ་སྟེ། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །ཟིལ་གནོན་སྐུ་ཡི་དཀྱིལ་འཁོར་ནས། །ཡ་མ་རཱ་ཛ་གཤེགས་སུ་གསོལ། །ཡ་མའི་ཐུགས་ཀྱི་དཀྱིལ་འཁོར་ནས། །ཕྱག་ན་རྡོ་རྗེ་གཤེགས་སུ་གསོལ། །དྲེགས་པའི་ཐུགས་ཀྱི་དཀྱིལ་འཁོར་ནས། །རུས་སྦལ་ཁྲོས་པ་གཤེགས༴ ཟིལ་གནོན་དབུ་ཡི་གཙུག་རུམ་ནས། །བྱ་ཁྱུང་རྒྱལ་པོ་གཤེགས༴ ཁམས་གསུམ་ཟིལ་གྱིས་གནོན་མཛད་པའི། ཁྱུང་ཆེན་སྨུག་ནག་གཤེགས༴ ཉམས་པའི་ཤ་ཁྲག་གསོལ་མཛད་པའི། །སྟག་ཆེན་རྔམ་པ་གཤེགས༴ གདུག་པ་ཟིལ་གྱིས་གནོན་མཛད་པའི། །སེང་ཆེན་བརྗིད་པ་གཤེགས༴ མཛེ་ཤུ་རྐང་ནད་འཇོམས་མཛད་པའི། །དུག་སྦྲུལ་ནག་པོ་གཤེགས༴ ཟླ་གམ་དབང་གི་གཞལ་ཡས་ནས། །སྤྲུལ་པ་རྣམ་གསུམ་གཤེགས༴ ཕོ་བྲང་ཕྱོགས་བཞིའི་ཐོད་མཁར་ནས། གཤེད་པོ་བཞི་རྣམས་གཤེགས༴ འཁོར་ལོ་འབར་བའི་རྩིབས་སྟེང་ནས། །མོན་པ་བཞི་དང་བདུད་པོ་བཞི། །ཡུམ་གྱི་ཚོགས་བཅས་གཤེགས༴ ལྕགས་མཁར་འབར་བ་བཅུ་གཉིས་ནས། །འཆི་བདག་བཅུ་གཉིས་གཤེགས༴ ཕོ་བྲང་ཕྱོགས་བཞིའི་སྒོ་བཞི་ནས། །སྒོ་བ་བཞི་རྣམས་གཤེགས༴ སྒྲོལ་གིང་ལས་གཤིན་ཕོ་ཉའི་ཚོགས། །བྱེ་བ་ས་ཡ་གཤེགས་སུ་གསོལ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་ཨེ་ཧྱེ་ཧི་ཛཿཧཱུྃ་བཾ་ཧོཿ ཞེས་རོལ་མོའི་སྒྲ་དང་བཅས་པས་སྤྱན་དྲངས་པས་མཁའ་ལ་སྤྲིན་གཏིབ་པ་བཞིན་བྱོན་པར་བསམ་མོ། །གསུམ་པ་ནི། ཨྱཻ། འཁོར་ལོ་འབར་བའི་ལྟེ་བ་ལ། །དུག་གསུམ་ཡི་དྭགས་མ་ཧེ་དང་། །ཕྱོགས་སྐྱོང་པདྨ་ཉི་ཟླའི་གདན། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ། །བརྐྱང་བསྐུམ་ཚུལ་གྱིས་བརྗིད་པར་བཞུགས། །སྤྲུལ་པ་གསུམ་སོགས་འཁོར་གྱི་ཚོགས། །གྲངས་མེད་རྣམས་ཀྱང་དཀྱིལ་འཁོར་འདིར། །དངོས་གྲུབ་སྒྲུབ་དང་འགྲོ་དོན་ཕྱིར། །མི་འགྱུར་བརྟན་པར་བཞུགས་སུ་གསོལ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་ས་མ་ཡ་ཏིཥྛ་བཛྲ། ཞེས་བཞུགས་སུ་གསོལ། བཞི་པ་ནི། ཐམས་ཅད་སྐུ་གསུང་ཐུགས་བདག་ཉིད། །ཡོན་ཏན་མ་ལུས་ཀུན་ལྡན་པའི། །ཕྱག་རྒྱ་ཆེན་པོ་ཟིལ་གནོན་ལྷ། །འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་ཨ་ཏི་པཱུ་ཧོཿ པྲ་ཏི་ཛ་ཧོཿ ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གི་ནཱི་ཨ་ལ་ལ་ཧོཿ ཞེས་དང་། ལྔ་པ་མཆོད་པ་ལ་བཞི་ལས། དང་པོ་སྨན་མཆོད་ནི། ཧཱུྃ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་སྒྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་བདུད་རྩི་འདི། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་དང་། གཞན་ཡང་བླ་བརྒྱུད་དང་། ལྷ་སོ་སོའི་མཚན་རྐང་ཐོན་དུ་སྦྱར་ནས་ཀྱང་མཆོད་པའི་མཐར། ཨོཾ་ཨཱཿཧཱུྃ། རྡོ་རྗེ་ལྕེ་ཡི་དམ་ཚིག་ལ། །རྡོ་རྗེ་ཅན་གྱི་འབྲུ་གསུམ་བསྒོམ། །བདུད་རྩི་ལྔ་དང་སྦྱར་བའི་སྨན། །ཟོས་ན་སྐུ་གསུང་ཐུགས་ཐོབ་འགྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་དངོས་གྲུབ་བླང་། གཉིས་པ་གཏོར་མའི་མཆོད་པ་ནི། ཨྱཻ། ཞིང་བཅུ་བསྒྲལ་པའི་ཤ་རུས་རྣམས། ཁྲག་ཆེན་དག་དང་སྦྱར་བ་ཡི། །དམར་གྱི་གཏོར་མའི་མཆོད་པ་འདི། །ཟིལ་གནོན་འཁོར་དང་བཅས་ལ་འབུལ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧི། ཞེས་ཕུལ་ལ། སླར་མ་ཧཱ་པཉྩ་ཨ་མྲྀཏ་སོགས་ཀྱིས་བདུད་རྩི་གཏོར་མ་ལ་ལན་གསུམ་སྦྲན་ཏེ་གསང་བསྣན་མཆོད་པའང་བྱའོ། །གསུམ་པ་རཀྟའི་མཆོད་པ་ནི། ཨྱཻ། ཉོན་མོངས་ཆགས་པ་རྩད་གཅོད་ཕྱིར། ཁམས་གསུམ་གདུག་པ་བསྒྲལ་པའི་ཁྲག །དམར་ཆེན་རཀྟའི་མཆོད་པ་འདི། །ཟིལ་གནོན་འཁོར་དང་བཅས་ལ་འབུལ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་མཆོད། བཞི་པ་ཐུན་མོང་གི་མཆོད་པ་ནི། ཧཱུྃ་ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ། ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། པུཥྤེ་པུ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་གན། ནཻ་བིདྱ་ནཻ། ཤབྡ་ཤ །ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ཞེས་སྤྱིར་མཆོད་དོ། །དྲུག་པ་འཛབ་བཟླ་བ་ནི། རང་གི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་ཡིག་མཐིང་ག་སྐུའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་པས་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམ་ལ། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། ཞེས་པ་ཕྱི་སྐོར་སྐུའི་བཟླས་པའོ། །བདག་གི་ལྗགས་ཀྱི་རྩེ་མོ་ལས་འོད་ཟེར་མེ་ཡི་ཚྭ་ཚྭ་ལྟར་འཕྲོས་པས་ལས་ངན་བག་ཆགས་ཐམས་ཅད་བསྲེག་པར་བསམ་ལ། ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན། ཞེས་པ་ནང་སྐོར་གསུང་གི་བཟླས་པའོ། །ཐུགས་ཀའི་ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཟེར་གྱིས་སྡིག་སྒྲིབ་ཐམས་ཅད་བསྲེག་པར་བསམ་ལ། ཨེ་དུན་ཀ་ཡཾ། ཞེས་གསང་སྐོར་ཐུགས་ཀྱི་བཟླས་པའོ། །བདག་ཉིད་ཟིལ་གནོན་ཕྱག་རྒྱ་ཆེན་པོའི་ཐུགས་རིན་པོ་ཆེའི་གུར་ཁང་དུ་ཉི་མའི་གདན་ལ་ཡ་མ་རཱ་ཛ། དེའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར་བ་ལས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའི་ཞལ་ནས་འཐོན། ལྗགས་དང་དུང་ཁང་སྔགས་ཕྲེང་བསྐུལ་ནས་མགལ་མེ་ལྟར་འཁོར་བས་སྒོ་གསུམ་གྱི་སྡིག་སྒྲིབ་སྦྱངས། འོད་ཟེར་ཕྱིར་འཕྲོས་པས་རྒྱལ་བ་རྣམས་ཀྱི་ཐུགས་དམ་བསྐུལ། བྱིན་རླབས་དང་དངོས་གྲུབ་ཐོབ། སླར་ཡང་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། གདུག་པ་ཅན་རྣམས་ཚར་བཅད་ནས་མཐུ་སྟོབས་དང་གཟི་བརྗིད་ཚུར་འདུས་པ་ལས་བ་སྤུའི་བུ་ག་ཐམས་ཅད་ཁྲོ་ཆུང་མང་པོས་གོ་མཚམས་མེད་པར་གཏམས་ཏེ་གཞོམ་མེད་རྡོ་རྗེའི་སྐུར་གྱུར་པར་བསམ་ཞིང་། ཨོཾ་ཨྱཻ་ཨྱཻ་ཨྱཻ། ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་ཡེ། ཀཱ་ལ་རཱུ་པ་ཀ་པ་ཡེ། ཧྲཱིཿཥྚི་ཨ་པ་ཡེ། ཨ་ཨ་ནེ་ཨ་ནེ། ཨུ་ཨུ་ནེ་ཨུ་ནེ། དུ་དུ་ནེ་དུ་ནེ། ཨ་ཨི་ཨུ་ཨེ་ཨོ་ཨཾ། ར་རཱི་ལ་ལཱི། དུ་རུ་ཡེ། བྱ་ཙ་ཡེ། སིཾ་ཧ་ཡེ། ཧྲྀ་ད་ཡེ། བྷི་ཏ་ཡེ། ཙིཏྟ་ཡེ། ཧ་ལ་ཡེ། མུ་ཀ་ཡེ། ཨུ་ཨུ་ནེ། ཨུ་ཨུ་ནེ། བྱི་ཏྲི་ཏ། ཨ་ཨ་ནན། ཡ་མ་རཱ་ཙ། ཡ་མ་རཀྴ། ཡ་མ་རཀ་ཨ། ཡ་མ་རཀྵ། བེ་ཏཱ་ལི། ཀྲོ་ཏཱི་ཤྭ་རཱི། མ་མ་ཨེ་ཀ་ཙཱ་ཏི། དེ་མ་ཁ་ལ་བམ་རིལ། རུ་ལུ་རུ་ལུ། ཤྲཱི་བཛྲ་ཀྲོ་དྷ། ཡ་མ་ཀརྨ་རོ་ཥ་ཎ། ཀྲོ་དྷཱ་ཙཎྜ་རཀྴ་མོན་ཏ། ཨཱཿཧཱུྃ་ཛཿ ཞེས་ཡང་གསང་དྲག་པོའི་སྔགས་རྒོད་དེ་ཅི་ནུས་བཟླ། སྟོང་ཚིགས་ཀྱི་མཆོད་པ་ཡང་སྤྱི་ལྟར་བྱའོ། །བདུན་པ་བསྟོད་པ་བྱ་བ་ནི། ཨྱཻ། ཆོས་ཉིད་སྐྱེ་བ་མེད་པ་ལས། །སྤྲོས་བྲལ་བདེ་ཆེན་དག་པའི་སྐུ །རང་བཞིན་གཉིས་མེད་དགའ་བའི་གསུང་། །མ་སྒྲིབ་དོན་དམ་རྫོགས་པའི་ཐུགས། །སྐུ་གསུང་ཐུགས་ཉིད་རྣམ་དག་གིས། །མཐའ་ཡས་འགྲོ་བའི་དོན་མཛད་པ། ཁྲོ་རྒྱལ་འདུས་པ་ཀུན་གྱི་གཙོ། །ཕྱག་རྒྱ་ཟིལ་གནོན་ལ་ཕྱག་འཚལ། །དབྱིངས་ལས་ཡེ་ཤེས་རིག་པར་ཤར། །རང་བཞིན་ལྷུན་གྲུབ་ཕྱག་རྒྱར་གསལ། །གཙོ་བོའི་ཐུགས་དམ་སྐོང་མཛད་པ། །གསོད་བྱེད་རྒྱལ་མོ་ལ་ཕྱག་འཚལ། །ཟིལ་གནོན་ཐུགས་ཀྱི་དཀྱིལ་འཁོར་ནས། །ཐུགས་ཀྱི་སྤྲུལ་པ་མངོན་ཕྱུང་པ། །སྡེ་བརྒྱད་ཀུན་གྱི་སྦྱོར་བ་འཇོམས། །ཡ་མ་རཱ་ཛ་ལ་ཕྱག་འཚལ། །ཡ་མའི་ཐུགས་ཀྱི་དཀྱིལ་འཁོར་ནས། །ཐུགས་ཀྱི་སྤྲུལ་པ་མངོན་ཕྱུང་པ། །ཕྲིན་ལས་སྣ་ཚོགས་རྫོགས་མཛད་པའི། །གསང་བདག་ཆེན་པོ་ལ་ཕྱག་འཚལ། །དྲེགས་པའི་ཐུགས་ཀྱི་དཀྱིལ་འཁོར་ནས། །ཐུགས་ཀྱི་སྤྲུལ་པ་མངོན་ཕྱུང་པ། །དུག་ལྔ་རྩད་གཅོད་འབྱུང་ལྔ་སྐེམ། །རུས་སྦལ་ཁྲོས་པ་ལ་ཕྱག་འཚལ། །ཟིལ་གནོན་དབུ་ཡི་གཙུག་རུམ་ནས། །ཐུགས་ཀྱི་སྤྲུལ་པ་མངོན་ཕྱུང་པ། ཁམས་གསུམ་ཟིལ་གྱིས་གནོན་མཛད་པའི། །བྱ་ཁྱུང་རྒྱལ་པོ་ལ་ཕྱག་འཚལ། །ཟིལ་གནོན་སྐུ་ཡི་དཀྱིལ་འཁོར་ནས། །ཐུགས་ཀྱི་སྤྲུལ་པ་མངོན་ཕྱུང་པ། །སྡེ་བརྒྱད་དྲེགས་པ་ཀུན་གྱི་གཤེད། །རྒྱན་གྱི་ལྷ་བརྒྱད་ལ་ཕྱག་འཚལ། །སྤྲུལ་པ་རྣམ་གསུམ་གཤེད་པོ་བཞི། །མོན་བཞི་བདུད་བཞི་ཡུམ་དང་བཅས། །འཆི་བདག་བཅུ་གཉིས་སྒོ་སྲུང་བཞི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་བསྟོད། །གསུམ་པ་རྗེས་ཀྱི་རིམ་པ་ལ། །ཚོགས་མཆོད་བརྟན་མ་དཀྱིལ་འཁོར་བསྡུ། །བསྔོ་ཞིང་རྒྱུན་གྱི་སྤྱོད་ལམ་མོ། །ཞེས་པའི་དང་པོ་ཚོགས་མཆོད་ལས། །བཤམ་ཞིང་བྱིན་གྱིས་རློབ་པ་ནི། ཚོགས་རྫས་རྣམས་བཤམས་ལ་བདུད་རྩི་གཏོར་ཏེ། ཨོཾ་སརྦ་དྲ་བྱམ་ཤོ་དྷ་ཡ་ཧཱུྃ་ཕཊ།ཀྱིས་བསང་། རཾ་ཡཾ་ཁཾ་གིས་སྦྱང་། སྟོང་པའི་ངང་ལས་ཚོགས་གཞོང་བྷཉྫ་འབར་བའི་སྣོད་དུ་ཚོགས་རྫས་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་པར་བསམ་ལ། གཏོར་སྔགས་སམ། འབྲུ་གསུམ་གྱིས་བྱིན་གྱིས་བརླབ། ཚོགས་ཞིང་སྤྱན་འདྲེན་ནི། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ཁྲོ་བདག་གཙོ། །རབ་ཏུ་མི་བཟད་འཇིགས་པའི་ཚོགས། །ཚོགས་ཀྱི་ལོངས་སྤྱོད་ཆེན་པོ་ལ། །གཏུམ་རྔམས་འཁྲུགས་པའི་ཚུལ་གྱིས་གཤེགས། །ཡ་མ་ཀྲོ་ཏ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོཿ ཞེས་པས་སྤྱན་དྲངས་ལ། ཚོགས་ཕུད་ཆ་གསུམ་མམ་བཞིར་སྤྲོས་ཏེ། དང་པོ་མཆོད་པ་ནི། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨེ་ཀ་ཡ་མ་ཀྲོ་དྷ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་མཆོད། བར་པ་ནི། ཧཱུྃ། ཕྱག་རྒྱ་ཟིལ་གནོན་འཁོར་བཅས་དགོངས་སུ་གསོལ། །བདག་ཅག་སྒོ་གསུམ་མ་རིག་དབང་གྱུར་པས། །འདོད་ཁྲོ་གཏི་མུག་དབང་གིས་ནོངས་བགྱིས་པ། །གནོང་ཞིང་འགྱོད་པས་བཤགས་སོ་ཚངས་པར་སྩོལ། །ཞེས་དང་ཡིག་བརྒྱ་བཟླས་པས་བཤགས། ཐ་མ་བསྒྲལ་སྟོབ་ནི། ལིངྒ་ལོགས་སུ་བཅས་པ་མེད་ན། ཚོགས་ཟན་གྱི་འདོད་ཡོན་ལྷ་མོ་བསྡུས་ལ། ཨྱཻ་རིང་ཚར་གཅིག་གིས་སྤྲུལ་པ་སྤྲོ། བདེན་པའི་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། ནྲྀ་ཛཿཏྲི་ཛཿཛཿཧཱུྃ་བཾ་ཧོཿ པྲ་བེ་ཤ་ཡ་ཕཊ། ཨཱ་བེ་ཤ་ཡ་ཨཱཿ ཨྱཻ། གྲུ་གསུམ་ཨེ་ཡི་སྣོད་ནང་དུ། །བདུད་རྩི་ལྔ་འམ་ཟས་ལྔ་ལ། །མཚན་མ་མིང་དུ་བཅས་པར་བྱ། །གཏུམ་རྔམས་འཁྲུགས་པའི་ལྷ་ཚོགས་ཀྱིས། །དགྲ་བགེགས་དབང་པོ་བཀུག་ལ་བསྟིམས། །ཕུར་བུས་ཐོབས་ལ་མཚོན་ཆས་གཏུབས། །ཨྱཻ། ཟིལ་གནོན་ལྷ་ཚོགས་འཁོར་བཅས་ཀྱི། །ཐུགས་དམ་ཆེན་པོའི་དུས་ལ་བབས། །གང་ལ་བྱ་བ་ཁྱོད་ཤེས་ཀྱིས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲེགས་པའི་སྦྱོར་བ་ཆོམས། །རྩ་རྒྱུས་ཁྲག་དང་བླ་མཚོ་སྐོམས། །སྲོག་ལུས་དབང་པོའི་དྭངས་སྙིགས་ཕྱེས། །ལུས་སྲོག་དབང་པོའི་རྟེན་དང་ཕྲོལ། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །སྡང་བའི་དགྲ་དང་གནོད་པའི་བགེགས། །མངོན་སྤྱོད་ཚུལ་བཞིན་སྒྲོལ་བར་མཛོད། །ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན་ནྲྀ་ཏྲི་སྲོག་ལ་ཧུར་ཐུམས་ཛཿརྩ་ཁྲག་སྙིང་ཐུམས་རིལ་རཾ་ཤག་རྦད། དགྲ་བོའི་ཙིཏྟ་པྲེ་ཏ་ཤག་ཛཿ སྲོག་ལ་ཧུར་ཐུམས་རྦད། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། དགྲ་བོ་ཨ་མུ་ཀ་སྲོག་ལ་ཐུམས་རྨུགས་བྷྱོ། སྲོག་ལ་ཁམ་ཤག་བྷྱོ། སྲོག་ལ་བྲེང་ཤག་བྷྱོ། སྲོག་ལ་ཡཾ་ཤག་བྷྱོ། དགྲ་བོའི་སྲོག་མཱ་ར་ཡ་རྦད། དགྲ་བོའི་སྲོག་ལ་སཏྭཾ་བྷ་ཡ་ནན། ཞེས་བསྒྲལ་པའི་ཤ་ཁྲག་བདུད་རྩིར་སྦར་བ་ཞལ་དུ་སྟོབ་ལ། ཨྱཻ། ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ། །བསྒྲལ་བའི་ཞིང་བཅུར་གྱུར་པ་འདི། །བདུད་རྩིར་བསྒྱུར་ནས་འབུལ་ལགས་ཀྱིས། །གཏི་མུག་ཤ་ཡི་ངོ་བོ་ཟོ། །འདོད་ཆགས་ཁྲག་གི་མཚོ་ལ་ཐུངས། །ཞེ་སྡང་རུས་པའི་རི་བོ་ཆོམས། །ང་རྒྱལ་མཁྲིས་པ་རྩད་ནས་ཆོད། །ཕྲག་དོག་དོན་སྙིང་ཞལ་དུ་གསོལ། །ཕུང་པོ་ལྔ་དང་འབྱུང་བ་ལྔ། ཁམས་དང་སྐྱེ་མཆེད་མ་ལུས་པ། །འབར་བ་གཤིན་རྗེའི་ཞལ་དུ་སྟོབས། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །མ་ཧཱ་མཱཾ་ས། མ་ཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་བ་སུ་ཏ། མ་ཧཱ་གོ་རོ་ཙ་ན། མ་ཧཱ་ཀིཾ་ནི་རི་ཏི་ཁཱ་ཧི། ཞེས་བསྟབ་པ་བྱ། དེ་ནས་བརྡ་དང་བརྡའི་འབུལ་ལེན་བྱས་ནས་རྣལ་འབྱོར་པ་རྣམས་ཚོགས་ལ་རོལ། ལྷག་མ་རྣམས་སྣོད་གཅིག་ཏུ་བསྡུས་པའི་དམེ་གཏོར་དང་། སྔར་གྱི་གཙང་ལྷག་བཅས་སོ་སོར་བཀོད་བདུད་རྩིས་བྲན་ལ། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་བྱིན་གྱིིས་བརླབས་ལ་འདོད་རྒྱལ་གྱི་རྒྱ་བཅིངས་ཏེ། ཨོཾ་ཊཀྐི་རཱ་ཛ་ཧཱུྃ་ཛཿ ཞེས་པས་མགྲོན་རྣམས་སྤྱན་དྲང་། ནམ་མཁའ་ལྡིང་གི་རྒྱ་བཅིངས་ཏེ། ཨོཾ་མཉྫུ་ཀྲོ་དྷ་ཛྙཱ་ན་དུཥྚཱན་སརྦ་བནྡྷ་ཡ་ཕཊ། ཞེས་ཟིལ་གྱིས་མནན་ཏེ་ཧེ་རུ་ཀའི་དམ་རྒྱ་བཅིངས་ཏེ། ས་མ་ཡ་དུ་མཱནྟ་ཀ་ར་ན་ཕཊ། ཅེས་དམ་བསྒྲགས་བེ་ཅོན་གྱི་རྒྱས། ཡ་མ་ཡེ་ཧྲཱིཿཥྚི་ས་མ་ཡ་ཕཊ། ཅེས་དམ་ཚིག་བསྟན། ཕུད་ལྷག་བསྲེ། ཁ་ཕྲུས་བཏབ་ནས་པྲ་བརྟགས་ལ། ཧཱུྃ། དམེ་གཏོར་སྨན་དང་ཞིང་བཅུའི་ཤ་རུས་དང་། །བདུད་རྩི་བྱིན་ནས་ཕྱག་རྒྱ་སྦྲེལ་བྱས་ཏེ། །ལོག་རྟོག་དབང་གིས་འཛིན་པའི་ཞིང་བཅུ་ལ། །མངོན་སྤྱོད་རྟགས་ཀྱི་ཕྲིན་ལས་འདི་སྤྱོད་ཅིག །ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ལྷག་སྡུད་ཀྱི་དམ་ཚིག་ལ་གཏོགས་པའི་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་འཁོར་དང་བཅས་པ་རྣམས་ལྷག་མའི་དམ་ཚིག་འདིས་ཚིམ་ཞིང་དགྱེས་པར་གྱུར་ནས། སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ཀྱིས་ཕྲིན་ལས་གསོལ་ནས། ཡ་ཧི་གཙྪས་རང་གནས་སུ་གཤེགས་པར་བསམ་ལ་རོལ་མོ་དང་བཅས་པས་གཏོར་མ་ཕྱིར་བསྐྱལ་ལོ། །གཉིས་པ་བརྟན་མ་བསྐྱང་བ་ནི། ཕྱི་རོལ་དུ་བརྟན་མའི་གཏོར་མ་བདུད་རྩིས་བྲན་པ། འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཧཱུྃ། བོད་ཁམས་སྐྱོང་བར་ཁས་བླངས་བརྟན་མའི་ཚོགས། །བདག་ཉིད་ཆེན་མོ་ལ་སོགས་བདུད་མོ་བཞི། །གངས་ཀར་ཤ་མེད་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་བཙུན་བཞི། །བརྟན་སྐྱོང་ཆེན་མོ་བཅུ་གཉིས་འཁོར་དང་བཅས། །སྔོན་ཚེ་ཇི་ལྟར་དམ་བཅས་ཇི་བཞིན་དུ། །མཆོད་གཏོར་འདི་བཞེས་བཅོལ་པའི་ཕྲིན་ལས་མཛོད། །ཅེས་དང་། མ་ཧཱ་པཉྩ་སོགས་ཀྱིས་ཀྱང་མཆོད་ལ། ཡ་ཧི་གཙྪས་གཤེགས་སུ་གསོལ། གསུམ་པ་དཀྱིལ་འཁོར་བསྡུ་བ་ནི། ཟོར་སྒྲུབ་སོགས་མདུན་བསྐྱེད་དང་འབྲེལ་བ་ལ་ནི་གཏང་རག་གི་མཆོད་པ་བསྟོད་པ་བཟོད་གསོལ་རྣམས་བྱ་ཞིང་། བདག་བསྐྱེད་རྐྱང་པ་ལ་ནི་དེ་དག་མ་བྱས་ཀྱང་རུང་མོད་གང་ལྟར་ཡང་། ཧཱུྃ་ཧཱུྃ་ཧཱུྃ། གཞལ་ཡས་རྩ་བའི་ལྷ་ལྔ་རྒྱན་ལྷ་བརྒྱད། །གཙོ་བོ་ཟིལ་གནོན་ཉིད་ཀྱི་ཐུགས་ཀར་བསྡུ། །ཟིལ་གནོན་ཉིད་ཀྱང་དམིགས་མེད་ཆོས་ཀྱི་དབྱིངས། །འཁོར་རྣམས་རང་རང་གནས་སུ་ལས་ལ་གཤེགས། །བཛྲ་མུཿ ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། ཞེས་པས་ཐུན་མཚམས་ཀྱི་སྐུར་ལྡང་ངོ་། །བཞི་པ་བསྔོ་བ་ནི། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཞེས་སོགས་སོ། །ལྔ་པ་ཤིས་བརྗོད་ནི་ཇི་ལྟར་རིགས་པ་བྱའོ། །དྲུག་པ་རྒྱུན་གྱི་རྣལ་འབྱོར་ནི། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཉིད། །སྟོང་པ་ཆེན་པོའི་ངང་ཉིད་ལས། །རང་སྣང་རོལ་པའི་ཕྱག་རྒྱར་གསལ། །ལས་དང་སྦྱོར་བ་དུ་མ་ཀུན། །སྒྱུ་མ་ལྷུན་གྲུབ་རོལ་པར་ཤར། །ཞེས་པ་བཞིན་སྤྱོད་ལམ་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པ་ལས་མི་འདའ་བར་སྤྱད་དོ། །སྲིད་གསུམ་ཉོན་མོངས་གཤིན་རྗེའི་དཔུང་། །མཐར་བྱེད་འཇམ་དཔལ་ཁྲོ་བོའི་རྒྱལ། །སྒྲུབ་ཐབས་རྡོ་རྗེ་འབར་བའི་མེ། །བདུད་སྡེའི་བུད་ཤིང་ཟད་བྱེད་བྱུང་། །འདི་ལས་དགེ་བ་གང་ཐོབ་དེས། །མཐའ་ཡས་འགྲོ་བ་མ་ལུས་ཀུན། ཁམས་གསུམ་དབང་ཕྱུག་དུས་ཀྱི་དགྲའི། །གོ་འཕང་མྱུར་དུ་ཐོབ་པར་ཤོག །ཕྱག་རྒྱ་ཟིལ་གནོན་ཚེ་བདག་ནག་པོའི་ལས་བྱང་རྡོ་རྗེའི་མེ་ཕྲེང་ཞེས་བྱ་བ་འདི་ནི་རྒྱུན་གྱི་ཉམས་ལེན་ལ་འཇུག་པ་བདེ་བ་སྙིང་པོར་བྱས་ཏེ་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་ཆུ་ཕོ་སྤྲེའུའི་ལོར་སྦྱར་བའི་ཡི་གེ་པ་ནི་མཁན་ཆེན་ལོ་ཙཱ་བ་དྷརྨ་ཤྲཱིའོ།། །།
རྡོ་རྗེ་ཕག་མོའི་གསང་བའི་སྒྲུབ་པ་ (Volume 36, Text 5)
ྈ རྡོ་རྗེ་ཕག་མོའི་གསང་བའི་སྒྲུབ་པ་བཞུགས་སོ༔ ྈྈྈྈྈྈ ྈ ྈ དུས་གསུམ་རྒྱལ་བ་སྐྱེད་པའི་ཡུམ༔ མཁའ་འགྲོ་ཀུན་གྱི་གཙོ་མོ་སྟེ༔ བྱིན་རླབས་དངོས་གྲུབ་དབང་གི་བདག༔ རྡོ་རྗེ་ཕག་མོའི་སྐུ་ལ་བསྟོད༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་རྣལ་འབྱོར་དོན་ཆེད་དུ༔ རྡོ་རྗེ་ཕག་མོའི་གསང་སྒྲུབ་འདི༔ ཟིལ་ཆེན་གསང་བའི་ཕུག་པ་རུ༔ ཡེ་ཤེས་མཚོ་རྒྱལ་མ་ལ་བཤད༔ འདི་ཉིད་ཉམས་སུ་བླངས་གྱུར་ན༔ ཁམས་གསུམ་མ་ལུས་དབང་སྡུད་ཅིང༔ འཇའ་ལུས་མཁའ་སྤྱོད་འགྲུབ་པར་འགྱུར༔ ཉམས་སུ་བླང་བའི་རིམ་པ་ནི༔ མཎྜལ་མདའ་གང་གྲུ་བཞི་ལ༔ མཚལ་དང་ཁྲག་གིས་ཆག་ཆག་གདབ༔ དངུལ་ལམ་གསལ་བའི་མེ་ལོང་ངོས༔ སིནྡྷུ་ར་ཡི་ཐིག་ལེ་བཀོད༔ བྱ་རྒོད་སྙིང་དང་དྲི་བཟང་སྤོས༔ ལེ་བརྒན་དར་གྱི་ནང་དུ་དྲིལ༔ སྲོག་སྔགས་བྲིས་ཏེ་ལུས་ལ་བཅང༔ སྨན་གཏོར་རཀྟ་མཆོད་རྫས་བཤམ༔ རྐང་གླིང་རོལ་མོའི་སྒྲ་ཡིས་བསྐུལ༔ ཁྱད་པར་ལྟག་སྤྲོད་རྔ་བརྡུངས་ནས༔ མ་ཡེངས་ངང་དུ་འདི་ལྟར་བསྐྱེད༔ བྷྱོ༔ སྒྱུ་ལུས་ཤ་ཁྲག་ཕུང་པོ་འདི༔ དམིགས་མེད་འཇའ་ལྟར་ཡལ་ནས་ཀྱང༔ རང་སེམས་མ་འགགས་རིག་རྩལ་ནི༔ སྐུ་གསུམ་ལྷུན་གྲུབ་པདྨ་འབྱུང༔ དཀར་དམར་མདངས་ལྡན་ཞི་མ་ཁྲོ༔ རྡོ་རྗེ་ཐོད་པ་ཁ་ཊྭཱཾ་བསྣམས༔ པད་ཞྭ་ཆོས་གོས་ཤམ་ཐབས་གསོལ༔ སྣང་སྲིད་ཟིལ་གནོན་ཚུལ་དུ་གསལ༔ དེ་ནས་བདག་མདུན་དབྱེར་མེད་པས༔ རྡོ་རྗེ་ཕག་མོ་འདི་ལྟར་བསྒོམ༔ བྷྱོ༔ འཁོར་འདས་སྣང་སྲིད་སྟོང་པ་ལ༔ ཀུན་ཁྱབ་སེམས་ཀྱི་ཆོ་འཕྲུལ་གྱིས༔ སྟོང་གསལ་མ་འགགས་དཀྱིལ་འཁོར་ཤར༔ དུར་ཁྲོད་ཆེན་པོ་འཇིགས་སུ་རུང༔ མི་རོ་ཀེང་རུས་རྫ་ལྟར་འཁྲོལ༔ ཁྲག་གི་ཞམ་ཆུ་ཕྱོགས་བཞིར་འབབ༔ རོ་དྲི་བསྣམས་ཤིང་དུར་ཤིང་བསྐྱོད༔ བྱ་དང་གཅན་གཟན་རྒྱུག་འདྲལ་བྱེད༔ དེ་དབུས་འོད་ལྔའི་གཞལ་ཡས་ཁང༔ མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས༔ པད་འདབ་ཕྱི་ནང་མུ་ཁྱུད་ལྡན༔ འཁོར་ཡུག་དུར་ཁྲོད་བརྒྱད་ཀྱིས་བསྐོར༔ དབུས་ལྟེར་འཇའ་ཚོན་སྣ་ལྔའི་གུར༔ གསལ་འཚེར་ཐིག་ལེའི་དཀྱིལ་འཁོར་དུ༔ ཐབས་ཤེས་ཉི་ཟླ་འོད་ཟེར་འབར༔ བདག་མེད་བམ་རོ་བསྣོལ་བའི་ཁྲིར༔ ཧཱུྃ་ལས་ཡེ་ཤེས་མཁའ་འགྲོ་མ༔ རྡོ་རྗེ་ཕག་མོ་སྐུ་མདོག་དམར༔ བཅུ་དྲུག་ལོན་པའི་ན་ཚོད་ལྡན༔ ལང་ཚོ་དར་ལ་བབ་པ་མོ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ༔ རྐེད་པ་སྒེག་ལ་ནུ་མ་འབུར༔ ཞལ་གདངས་མཆེ་བ་ཅུང་ཟད་གཙིགས༔ དབུ་སྐྲ་དམར་སེར་གྱེན་ཐུར་བསྐྱོད༔ སྤྱི་གཙུག་ཕག་ཞལ་ངུར་སྒྲ་སྒྲོག༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ རློན་པ་ལྔ་བཅུའི་དོ་ཤལ་བྱས༔ རིན་ཆེན་རུས་པའི་རྒྱན་དྲུག་གསོལ༔ མི་ལྤགས་གཡང་གཞིའི་སྟོད་གཡོགས་དང༔ གཟིག་ལྤགས་རློན་པའི་ཤམ་ཐབས་དཀྲིས༔ དར་སྣ་ལྔ་ཡི་ཅོད་པན་བསྐྱོད༔ ཕྱག་གདུབ་ཞབས་གདུབ་དྲིལ་བུ་འཁྲོལ༔ གསེར་གྱི་སྙན་ཆ་མགུལ་རྒྱན་དང༔ མེ་ལོང་སྣ་ལྔས་མཛེས་པར་བྱས༔ ཕྱག་གཡས་གྲི་གུག་ནམ་མཁར་གདེངས༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྐྱིལ༔ ཁ་ཊྭཱཾ་རྩེ་གསུམ་གྲུ་ལ་བརྟེན༔ གཡས་བསྐུམ་རྟིང་པས་འོག་ཕྱོགས་མནན༔ གཡོན་བརྐྱང་རོ་ཡི་སྙིང་གར་བརྫིས༔ ཧཱུྃ་དང་ཕེཾ་གྱིས་སྒྲ་ཆེན་སྒྲོག༔ རྐང་པ་རྡོ་རྗེའི་སྒེག་འགྲོས་ཅན༔ ཐོགས་མེད་མཁའ་ལ་བུན་ནེ་བུན༔ ལག་པ་གསེར་གྱི་གདུ་བུ་ཅན༔ སྣ་ཚོགས་གར་སྟབས་ཁྱུགས་སེ་ཁྱུག༔ ཆ་ལུགས་རྣམ་པ་སྣ་ཚོགས་འགྱེད༔ འོད་ཟེར་འཇའ་ཚོན་སྣ་ལྔ་ཤར༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ སངས་རྒྱས་མཁའ་འགྲོ་འབུམ་གྱིས་བསྐོར༔ བྷྱོ༔ ཤར་དུ་རྡོ་རྗེ་མཁའ་འགྲོ་མ༔ སྐུ་མདོག་དཀར་མོ་གཟི་བརྗིད་ཅན༔ བཅུ་དྲུག་ལོན་པའི་ན་ཚོད་ལྡན༔ ལང་ཚོ་དར་ལ་བབས་པ་མོ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ༔ སྐེད་པ་སྒེག་ལ་ནུ་མ་འབུར༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ རློན་པ་ལྔ་བཅུའི་དོ་ཤལ་ཅན༔ མི་ལྤགས་གཡང་གཞིའི་སྟོད་གཡོགས་དང༔ གཟིག་གི་པགས་པའི་ཤམ་ཐབས་དཀྲིས༔ དར་དང་རུས་པའི་རྒྱན་དྲུག་བཀླུབས༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན༔ ཞབས་གཉིས་བརྐྱང་བསྐུམ་གར་སྟབས་མཛད༔ ཁ་ཊྭཱཾ་རྩེ་གསུམ་དཀུ་ལ་བརྟེན༔ རྐང་པ་རྡོ་རྗེའི་སྒེག་འགྲོས་ཅན༔ ཐོགས་མེད་མཁའ་ལ་བུན་ནེ་བུན༔ ལག་པ་གསེར་གྱི་གདུ་བུ་ཅན༔ སྣ་ཚོགས་གར་སྟབས་ཁྱུགས་སེ་ཁྱུག༔ ཆ་ལུགས་རྣམ་པ་སྣ་ཚོགས་འགྱེད༔ འོད་ཟེར་འཇའ་ཚོན་དཀར་པོ་ཤར༔ ཞི་བའི་ཕྲིན་ལས་ལྷུན་གྱིས་གྲུབ༔ རྡོ་རྗེ་མཁའ་འགྲོ་འབུམ་གྱིས་བསྐོར༔ བྷྱོ༔ ལྷོ་རུ་རིན་ཆེན་མཁའ་འགྲོ་མ༔ སྐུ་མདོག་སེར་མོ་གཟི་བརྗིད་ཅན༔ བཅུ་དྲུག་ལོན་པའི་ན་ཚོད་ལྡན༔ ལང་ཚོ་དར་ལ་བབས་པ་མོ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ༔ སྐེད་པ་སྒེག་ལ་ནུ་མ་འབུར༔ ཐོད་སྐམ་ལྔ་ཡི་དབུ་རྒྱན་དང༔ རློན་པ་ལྔ་བཅུའི་དོ་ཤལ་བྱས༔ མི་ལྤགས་གཡང་གཞིའི་སྟོད་གཡོགས་དང༔ གཟིག་གི་པགས་པའི་ཤམ་ཐབས་དཀྲིས༔ དར་དང་རུས་པའི་རྒྱན་དྲུག་བཀླུབས༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན༔ ཞབས་གཉིས་བརྐྱང་བསྐུམ་གར་སྟབས་མཛད༔ ཁ་ཊྭཱཾ་རྩེ་གསུམ་དཀུ་ལ་བརྟེན༔ རྐང་པ་རྡོ་རྗེའི་སྒེག་འགྲོས་ཅན༔ ཐོགས་མེད་མཁའ་ལ་བུན་ནེ་བུན༔ ལག་པ་གསེར་གྱི་གདུ་བུ་ཅན༔ སྣ་ཚོགས་གར་སྟབས་ཁྱུགས་སེ་ཁྱུག༔ ཆ་ལུགས་རྣམ་པ་སྣ་ཚོགས་འགྱེད༔ འོད་ཟེར་འཇའ་ཚོན་སེར་པོ་ཤར༔ རྒྱས་པའི་ཕྲིན་ལས་ལྷུན་གྱིས་གྲུབ༔ རིན་ཆེན་མཁའ་འགྲོ་འབུམ་གྱིས་བསྐོར༔ བྷྱོ༔ ནུབ་ཕྱོགས་པདྨ་མཁའ་འགྲོ་མ༔ སྐུ་མདོག་དམར་མོ་གཟི་བརྗིད་ཅན༔ བཅུ་དྲུག་ལོན་པའི་ན་ཚོད་ལྡན༔ ལང་ཚོ་དར་ལ་བབས་པ་མོ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ༔ སྐེད་པ་སྒེག་ལ་ནུ་མ་འབུར༔ ཐོད་སྐམ་ལྔ་ཡི་དབུ་རྒྱན་དང༔ རློན་པ་ལྔ་བཅུའི་དོ་ཤལ་བྱས༔ མི་ལྤགས་གཡང་གཞིའི་སྟོད་གཡོགས་དང༔ གཟིག་གི་པགས་པའི་ཤམ་ཐབས་དཀྲིས༔ དར་དང་རུས་པའི་རྒྱན་དྲུག་བཀླུབས༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན༔ ཞབས་གཉིས་བརྐྱང་བསྐུམ་གར་སྟབས་མཛད༔ ཁ་ཊྭཱཾ་རྩེ་གསུམ་དཀུ་ལ་བརྟེན༔ རྐང་པ་རྡོ་རྗེའི་སྒེག་འགྲོས་ཅན༔ ཐོགས་མེད་མཁའ་ལ་བུན་ནེ་བུན༔ ལག་པ་གསེར་གྱི་གདུ་བུ་ཅན༔ སྣ་ཚོགས་གར་སྟབས་ཁྱུགས་སེ་ཁྱུག༔ ཆ་ལུགས་རྣམ་པ་སྣ་ཚོགས་འགྱེད༔ འོད་ཟེར་འཇའ་ཚོན་དམར་པོ་ཤར༔ དབང་གི་ཕྲིན་ལས་ལྷུན་གྱིས་གྲུབ༔ པདྨ་མཁའ་འགྲོ་འབུམ་གྱིས་བསྐོར༔ བྷྱོ༔ བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མ༔ སྐུ་མདོག་ལྗང་མོ་གཟི་བརྗིད་ཅན༔ བཅུ་དྲུག་ལོན་པའི་ན་ཚོད་ལྡན༔ ལང་ཚོ་དར་ལ་བབས་པ་མོ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ༔ སྐེད་པ་སྒེག་ལ་ནུ་མ་འབུར༔ ཐོད་སྐམ་ལྔ་ཡི་དབུ་རྒྱན་དང༔ ཐོད་རློན་ལྔ་བཅུའི་དོ་ཤལ་བྱས༔ མི་ལྤགས་གཡང་གཞིའི་སྟོད་གཡོགས་དང༔ གཟིག་གི་པགས་པའི་ཤམ་ཐབས་དཀྲིས༔ དར་དང་རུས་པའི་རྒྱན་དྲུག་བཀླུབས༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན༔ ཞབས་གཉིས་བརྐྱང་བསྐུམ་གར་སྟབས་མཛད༔ ཁ་ཊྭཱཾ་རྩེ་གསུམ་དཀུ་ལ་བརྟེན༔ རྐང་པ་རྡོ་རྗེའི་སྒེག་འགྲོས་ཅན༔ ཐོགས་མེད་མཁའ་ལ་བུན་ནེ་བུན༔ ལག་པ་གསེར་གྱི་གདུ་བུ་ཅན༔ སྣ་ཚོགས་གར་སྟབས་ཁྱུགས་སེ་ཁྱུག༔ ཆ་ལུགས་རྣམ་པ་སྣ་ཚོགས་འགྱེད༔ འོད་ཟེར་འཇའ་ཚོན་ལྗང་གུ་ཤར༔ དྲག་པོའི་ཕྲིན་ལས་ལྷུན་གྱིས་གྲུབ༔ ལས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར༔ བྷྱོ༔ ཤར་སྒོར་མཁའ་འགྲོ་ཁྲ་གདོང་མ༔ སྐུ་མདོག་དཀར་མོ་ལྕགས་ཀྱུ་འཛིན༔ ལྷོ་སྒོར་མཁའ་འགྲོ་ཕག་གདོང་མ༔ སྐུ་མདོག་སེར་མོ་ཞགས་པ་འཛིན༔ ནུབ་སྒོར་མཁའ་འགྲོ་ཁྱི་གདོང་མ༔ སྐུ་མདོག་དམར་མོ་ལྕགས་སྒྲོག་འཛིན༔ བྱང་སྒོར་མཁའ་འགྲོ་འུག་གདོང་མ༔ སྐུ་མདོག་ལྗང་མོ་དྲིལ་བུ་འཛིན༔ ཀུན་ཀྱང་ཁྲོ་གཏུམ་རྔམས་ཤིང་བརྗིད༔ དུར་ཁྲོད་རུས་པའི་རྒྱན་དྲུག་གསོལ༔ ཕྱི་རིམ་བར་ཁྱམས་ཁོར་ཡུག་ལ༔ དཀར་མོ་འབུམ་དང་སེར་མོ་འབུམ༔ དམར་མོ་འབུམ་དང་ལྗང་མོ་འབུམ༔ ཡེ་ཤེས་འབུམ་དང་འཇིག་རྟེན་འབུམ༔ ལས་བྱེད་འབུམ་དང་ཤུགས་འགྲོ་འབུམ༔ ཤ་ཟ་འབུམ་དང་དམན་མོ་འབུམ༔ ཀུན་ཀྱང་ཆ་ལུགས་སྣ་ཚོགས་འཆང༔ འཇིག་རྟེན་ཁམས་ཀུན་གཡོ་བར་བྱེད༔ སྣང་སྲིད་འཁོར་འདས་འཇིགས་པར་བྱེད༔ རི་རབ་རྨིང་ནས་སྒྱེལ་བར་བྱེད༔ རི་བྲན་ཚོག་པོར་འཕེན་པར་བྱེད༔ ཉི་ཟླ་ཆ་ལང་རྡེབ་པར་བྱེད༔ གནམ་ས་སྟེང་འོག་སྒྱུར་བར་བྱེད༔ མཚོན་ཆ་རྣོ་བའི་འཁོར་ལོ་བསྐོར༔ ཁྲག་གི་ཆར་པ་དམར་པོ་འབེབ༔ ཐོག་དང་སེར་བའི་བུ་ཡུག་འཚུབས༔ མི་ལྤགས་གཡང་གཞིའི་གཡབ་མོ་རྡེབ༔ ཚིལ་ཆེན་དུད་པ་སྤྲིན་ལྟར་གཏིབས༔ མི་རྐང་གླིང་བུ་འབྲུག་ལྟར་སྒྲོག༔ འཇའ་འོད་ཐིག་ལེས་འཇིག་རྟེན་ཁེངས༔ གསང་བ་མཁའ་འགྲོའི་ལྷ་ཚོགས་རྣམས༔ སྣང་སྟོང་ཟུང་འཇུག་ཆུ་ཟླ་ལྟར༔ མ་འདྲེས་ཡོངས་རྫོགས་ངང་ཉིད་དུ༔ འབད་མེད་གཟི་བརྗིད་ཆེན་པོར་གསལ༔ ཧྲཱིཿཌཱ་ཀི་ནཱི་བཛྲ་བྷ་ར་ཧི་ཧ་རི་ནི་ས་ཙིཏྟ་བཛྲ་ས་མ་ཡ་མ་བྷྱོ་ཛཿསིདྡྷི་ཕ་ལ་ཧཱུྃ༔ ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ དེ་ནས་ཡེ་ཤེས་པ་སྤྱན་འདྲེན་ནི༔ སྤོས་དང་ཤ་ཆེན་ཚིལ་ཆེན་བསྲེག༔ དབྱངས་སྙན་རོལ་མོའི་སྒྲ་ཡིས་བསྐུལ༔ མ་ཡེངས་ངང་དུ་འདི་སྐད་དོ༔ བྷྱོ༔ ཨོ་རྒྱན་མཁའ་སྤྱོད་ཞིང་ཁམས་ནས༔ གསང་སྔགས་མ་རྒྱུད་མཁའ་འགྲོའི་ཚོགས༔ རང་བཞིན་གནས་ནས་སྐུར་བཞེངས་ལ༔ སྐད་ཅིག་ཉིད་ལ་འདིར་གཤེགས་ཤིག༔ བྷྱོ༔ གསང་བ་མཆོག་གི་དུར་ཁྲོད་ནས༔ མཁའ་འགྲོའི་གཙོ་མོ་ཕག་ཞལ་ཅན༔ འཁོར་ཚོགས་སྤྲུལ་པའི་མཁའ་འགྲོ་འབུམ༔ ཡང་སྤྲུལ་བྱེ་བ་ས་ཡ་རྣམས༔ སྐད་ཅིག་ཉིད་ལ་འདིར་གཤེགས་ཤིག༔ བསིལ་བ་ཚལ་གྱི་དུར་ཁྲོད་ནས༔ རྡོ་རྗེ་མཁའ་འགྲོ་གཤེགས་སུ་གསོལ༔ གད་རྒྱངས་སྒྲོག་པའི་དུར་ཁྲོད་ནས༔ རིན་ཆེན་མཁའ་འགྲོ་གཤེགས་སུ་གསོལ༔ པདྨ་འཁྱིལ་བའི་དུར་ཁྲོད་ནས༔ པདྨ་མཁའ་འགྲོ་གཤེགས་སུ་གསོལ༔ ཀཱི་ལ་ཡ་ཡི་དུར་ཁྲོད་ནས༔ ལས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ༔ གཞན་ཡང་སྒོ་སྲུང་མཁའ་འགྲོ་དང༔ ཤ་ཟ་ཞིང་སྐྱོང་ཤུགས་འགྲོ་སོགས༔ རང་རང་སྤྲུལ་པ་བྱེ་བ་འབུམ༔ སྐད་ཅིག་ཉིད་ལ་འདིར་གཤེགས་ཤིག༔ བྷྱོ༔ སྐུ་ཡི་རིགས་ཀྱི་མཁའ་འགྲོ་མ༔ དཀར་མོ་འབུམ་སྡེ་གཤེགས་སུ་གསོལ༔ གསུང་གི་རིགས་ཀྱི་མཁའ་འགྲོ་མ༔ དམར་མོ་འབུམ་སྡེ་གཤེགས་སུ་གསོལ༔ ཐུགས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ ནག་མོ་འབུམ་སྡེ་གཤེགས་སུ་གསོལ༔ ཡོན་ཏན་རིགས་ཀྱི་མཁའ་འགྲོ་མ༔ སེར་མོ་འབུམ་སྡེ་གཤེགས་སུ་གསོལ༔ ཕྲིན་ལས་རིགས་ཀྱི་མཁའ་འགྲོ་མ༔ ལྗང་མོ་འབུམ་སྡེ་གཤེགས་སུ་གསོལ༔ གནས་དང་ཡུལ་གྱི་ཞིང་ཁམས་ནས༔ ཡེ་ཤེས་དང་ནི་ལས་ལས་གྲུབ༔ མཁའ་འགྲོ་བྱེ་བ་ས་ཡའི་ཚོགས༔ འཁོར་དང་བཅས་པ་མ་ལུས་ཀུན༔ བདག་གི་དད་པས་སྤྱན་འདྲེན་ན༔ ཐུགས་དམ་དབང་གིས་གཤེགས་སུ་གསོལ༔ བྷྱོ༔ མ་རྒྱུད་མཁའ་འགྲོའི་ལྷ་ཚོགས་རྣམས༔ མཁའ་སྤྱོད་གནས་ནས་གཤེགས་ཙ་ན༔ གར་དང་སྟངས་སྟབས་ཁྱུགས་སེ་ཁྱུག༔ གསང་བའི་གླུ་ལེན་ཀྱུ་རུ་རུ༔ ཞིང་ཆེན་ཌཱ་རུ་ཁྲོ་ལོ་ལོ༔ རུས་པའི་རྒྱན་ཆ་ཁྲ་ལ་ལ༔ མི་རྐང་གླིང་བུ་ཙེ་རེ་རེ༔ མི་ལྤགས་གཡང་གཞི་ལྷུབས་སེ་ལྷུབ༔ ཞུན་ཆེན་མར་མེ་ཏ་ལ་ལ༔ མི་གསུར་དུད་པ་ཕྱུ་རུ་རུ༔ མི་མགོའི་ཕྲེང་བ་ཁྲིགས་སེ་ཁྲིག༔ ཞིང་ཆེན་གཡབ་མོ་ལིངས་སེ་ལིང༔ གཡུ་ཡི་ན་བུན་ཐིབས་སེ་ཐིབ༔ ཤེལ་གྱི་ཁུ་འཕང་ཧྲི་ལི་ལི༔ གསེར་གྱི་ཉི་མ་ཀྱི་ལི་ལི༔ དུང་གི་ཟླ་བ་སྒ་ར་ར༔ དར་གྱི་ཅོད་པན་པུ་རུ་རུ༔ རྔ་དུང་རོལ་མོ་ལྡི་རི་རི༔ ཤ་རུས་དོན་སྙིང་ཉི་ལི་ལི༔ རལ་པའི་ཐོར་ཚུགས་ལྡེམས་སེ་ལྡེམ༔ ཕྱག་གདུབ་ཞབས་གདུབ་སི་ལི་ལི༔ ཧ་སྒྲ་བསོ་སྒྲ་ཏི་རི་རི༔ སྟོང་གསུམ་ཀུན་ཀྱང་ཤིགས་སེ་ཤིག༔ གནམ་ས་ཀུན་ཀྱང་འུ་རུ་རུ༔ ལྷ་སྲིན་སྡེ་བརྒྱད་ཤ་ར་ར༔ རིགས་དྲུག་སེམས་ཅན་ཉི་ལི་ལི༔ སྟོང་གསུམ་འཇིག་རྟེན་འཆོལ་ཞིང་འཁྲུགས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བྱིན་ཆེན་ཕོབ་ལ་དབང་ཆེན་སྐུར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ བྷྱོ༔ འདིར་བཤམས་འབར་བའི་གནས་མཆོག་ནི༔ པདྨ་གེ་སར་ཆགས་པ་མེད༔ ཉི་ཟླའི་འོད་མདངས་མ་རིག་འཇོམས༔ རྟོག་མེད་བམ་རོའི་ཁྲི་སྟེང་དུ༔ མཁའ་འགྲོ་འཁོར་བཅས་བཞུགས་ནས་ཀྱང༔ སྒྲུབ་པའི་བུ་ལ་གཟིགས་སུ་གསོལ༔ ལམ་གྱི་བར་ཆད་ཞི་བ་དང༔ ཁམས་གསུམ་དབང་སྡུད་དངོས་གྲུབ་སྩོལ༔ དེ་ནས་གུས་པས་ཕྱག་འཚལ་ཏེ༔ ཨེ་མ་ཧོ༔ བདེ་བ་ཆེན་པོའི་ངོ་བོ་ཉིད༔ ཕ་རོལ་ཕྱིན་དྲུག་རང་བཞིན་ཅན༔ རྡོ་རྗེ་ཕག་མོ་འཁོར་བཅས་ལ༔ བདག་ཉིད་གུས་པས་ཐལ་མོ་སྦྱར༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧོ༔ མཛེས་ཤིང་ཡིད་འོང་མེ་ཏོག་ཕྲེང༔ བཟང་པོའི་དྲི་ལྡན་ལྷ་རྫས་སྤོས༔ མ་རིག་མུན་སེལ་གསལ་བའི་མེ༔ སྨན་དང་སྦྱར་བའི་དྲི་ཆབ་ཆུ༔ རོ་བརྒྱ་ལྡན་པའི་འབྲུ་བཅུད་ཟན༔ ཡན་ལག་བརྒྱད་ལྡན་རོལ་མོའི་སྒྲ༔ མ་རྒྱུད་མཁའ་འགྲོའི་ཚོགས་ལ་འབུལ༔ བརྩེ་བ་ཆེན་པོས་བཞེས་སུ་གསོལ༔ ཧོ༔ གཟུགས་དང་སྒྲ་དང་དྲི་དང་རོ༔ རེག་དང་འདོད་ཡོན་ལྔ་ལ་སོགས༔ ནང་གི་མཆོད་པ་དམ་པ་འདི༔ མ་རྒྱུད་མཁའ་འགྲོའི་ཚོགས་ལ་འབུལ༔ ཧོ༔ དབང་པོའི་མེ་ཏོག་གསུར་ཆེན་དྲི༔ ཞུན་ཆེན་མར་མེ་ཁྲག་གི་ཆབ༔ ཤ་རུས་ཞལ་ཟས་རྐང་གླིང་སྒྲ༔ ཤིན་ཏུ་གསང་བའི་མཆོད་པ་འབུལ༔ ཧོ༔ བདུད་རྩི་སྨན་དང་རཀྟ་དམར༔ བ་ལིཾ་གཏོར་མ་མྱོས་བྱེད་ཆང༔ ཤ་སྣ་སྙིང་སྣ་ཁྲག་སྣའི་ཚོགས༔ མ་རྒྱུད་མཁའ་འགྲོའི་ཚོགས་ལ་འབུལ༔ རུས་པའི་རྒྱན་དང་ཞིང་ལྤགས་གོས༔ བྷནྡྷའི་སྐྱོགས་དང་བམ་རོའི་ཁྲི༔ ཀེང་རུས་ཁང་བཟང་སྐྲ་ཡི་གཡབ༔ གཡང་གཞིའི་གདུགས་དང་ཙིཏྟའི་ཏོག༔ རུས་ཆེན་དྲྭ་བ་དྲྭ་ཕྱེད་འཕྱང༔ དུར་ཁྲོད་བཀོད་པའི་ཡུལ་ལྗོངས་འདི༔ མ་རྒྱུད་མཁའ་འགྲོའི་ཚོགས་ལ་འབུལ༔ བརྩེ་བ་ཆེན་པོས་བཞེས་སུ་གསོལ༔ ཧྲཱིཿམ་ཧ་རི་ནི་ས་ཨརྒྷཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ཧོ༔ རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པཱུ་ཛ་ཧོ༔ སརྦ་པཉྩ་ཨ་མྲྀཏ་བ་ལིཾ་ཏ་རཀྟ་ལ་ཁཱ་ཧི༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ སརྦ་སིདྡྷི་མྨེ་པྲ་ཡ་ཙྪནྟུ་སྭཱ་ཧཱ༔ དེ་ནས་བསྟོད་པ་བྱ་བ་ནི༔ བྷྱོ༔ ཨོ་རྒྱན་ཡུལ་གྱི་དུར་ཁྲོད་ནས༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ནི༔ སྐུ་མདོག་དམར་སྨུག་མདངས་དང་ལྡན༔ ཁམས་གསུམ་དབང་དུ་སྡུད་པའི་བརྡ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་འབུར༔ སྐུ་གསུམ་ལྷུན་གྱིས་གྲུབ་པའི་བརྡ༔ ཞལ་གདངས་མཆེ་བ་ཅུང་ཟད་གཙིགས༔ སྐྱེ་འཆི་རྩད་ནས་གཅོད་པའི་བརྡ༔ དཀར་འཛིན་ཆུ་འཛིན་བདེ་བ་རྒྱས༔ དངོས་གྲུབ་སྣ་ཚོགས་སྟེར་བའི་བརྡ༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ལྡན༔ བདེ་སྟོང་རྒྱུན་ཆད་མེད་པའི་བརྡ༔ ཕྱག་གཡས་གྲི་གུག་ངར་ལྡན་ཕྱར༔ དུག་ལྔ་རྣམ་རྟོག་གཅོད་པའི་བརྡ༔ གཡོན་པས་བནྡྷ་ཁྲག་བཀང་གསོལ༔ འཁོར་བའི་འཁོར་ལོ་གཞོམ་པའི་བརྡ༔ ཐོད་སྐམ་ལྔ་ཡི་དབུ་རྒྱན་ནི༔ རིགས་ལྔས་འགྲོ་དོན་མཛད་པའི་བརྡ༔ ཐོད་རློན་ལྔ་བཅུའི་དོ་ཤལ་བྱས༔ འདུ་བྱེད་ལྔ་བཅུ་ཟད་པའི་བརྡ༔ མི་ལྤགས་གཡང་གཞིའི་སྟོད་གཡོགས་གསོལ༔ འདུན་འགྲོས་སྒྱུ་མར་སྟོན་པའི་བརྡ༔ གཟིག་ལྤགས་རློན་པའི་ཤམ་ཐབས་དཀྲིས༔ ལོག་འདྲེན་གདུག་པ་འདུལ་བའི་བརྡ༔ རུས་པའི་རྒྱན་དྲུག་གསོལ་བ་ནི༔ ཕར་ཕྱིན་དྲུག་དང་ལྡན་པའི་བརྡ༔ ཁ་ཊྭཱཾ་རྩེ་གསུམ་གྲུ་ལ་བརྟེན༔ དུག་གསུམ་དབྱིངས་སུ་བསྒྲལ་པའི་བརྡ༔ ཕྱག་ཞབས་གསེར་གྱི་གདུ་བུས་བརྒྱན༔ ཕྲིན་ལས་རྣམ་བཞི་འགྲུབ་པའི་བརྡ༔ སྐུ་ལ་ཁྲག་ཞག་ཐིག་ལེས་བརྒྱན༔ མི་རྟག་རྒྱུད་ལ་བསྐུལ་བའི་བརྡ༔ ཞབས་གཉིས་བརྐྱང་བསྐུམ་གར་སྟབས་མཛད༔ འཁོར་བ་དོང་ནས་སྤྲུགས་པའི་བརྡ༔ མེ་ལོང་དྲིལ་བུ་འཁྲོལ་བ་ནི༔ སྟོང་གསུམ་ཆོས་སྒྲ་སྒྲོག་པའི་བརྡ༔ དར་སྣ་ལྔ་ཡི་ཅོད་པན་བསྐྱོད༔ ཡེ་ཤེས་ལྔ་དང་ལྡན་པའི་བརྡ༔ ཧཱུྃ་སྒྲ་ཕེཾ་སྒྲ་སྒྲོག་པ་ནི༔ མཁའ་འགྲོའི་དམག་ཚོགས་འདུ་བའི་བརྡ༔ མ་རྒྱུད་ཡོངས་ཀྱི་ཆེ་བཙན་མཆོག༔ རྡོ་རྗེ་ཕག་མོ་ཁྱོད་ཉིད་ལ༔ མི་ཕྱེད་དད་པས་ཕྱག་འཚལ་ཞིང༔ སྒོ་གསུམ་གུས་པས་བསྟོད་པར་བགྱི༔ བྷྱོ༔ ཡེ་ཤེས་དབྱིངས་ཀྱི་རང་བཞིན་མ༔ སངས་རྒྱས་རིགས་ཀྱི་མཁའ་འགྲོ་འབུམ༔ ལས་རྣམས་ཐམས་ཅད་མཐར་ཕྱིན་མཛད༔ གཙོ་མོ་འབུམ་ལ་ཕྱག་འཚལ་བསྟོད༔ བྷྱོ༔ མི་འགྱུར་རྡོ་རྗེ་རིགས་ཀྱི་ཡུམ༔ མཁའ་འགྲོ་དཀར་མོ་གཟི་བརྗིད་ཅན༔ མི་མཐུན་ཕྱོགས་ཀུན་ཞི་བར་མཛད༔ དཀར་མོ་འབུམ་ལ་ཕྱག་འཚལ་བསྟོད༔ བྷྱོ༔ འཕེལ་བྱེད་རིན་ཆེན་རིགས་ཀྱི་ཡུམ༔ མཁའ་འགྲོ་སེར་མོ་གཟི་བརྗིད་ཅན༔ ཚེ་དབང་ལོངས་སྤྱོད་རྒྱས་པར་མཛད༔ སེར་མོ་འབུམ་ལ་ཕྱག་འཚལ་བསྟོད༔ བྷྱོ༔ འགུགས་བྱེད་པདྨ་རིགས་ཀྱི་ཡུམ༔ མཁའ་འགྲོ་དམར་མོ་གཟི་བརྗིད་ཅན༔ ལྷ་འདྲེ་མི་གསུམ་དབང་དུ་སྡུད༔ དམར་མོ་འབུམ་ལ་ཕྱག་འཚལ་བསྟོད༔ བྷྱོ༔ སྒྲོལ་བྱེད་ལས་ཀྱི་རིགས་ཀྱི་ཡུམ༔ མཁའ་འགྲོ་ལྗང་ནག་གཟི་བརྗིད་ཅན༔ དགྲ་བགེགས་གཏན་ནས་བརླག་པར་མཛད༔ ལྗང་མོ་འབུམ་ལ་ཕྱག་འཚལ་བསྟོད༔ བྷྱོ༔ ཤར་གྱི་མཁའ་འགྲོ་ཁྭ་གདོང་མ༔ སྙིང་རྗེ་ཆེན་པོའི་ལྕགས་ཀྱུ་འཛིན༔ མངོན་སྤྱོད་ཚུལ་བཞིན་བསྟན་པ་སྲུང༔ ཤར་སྒོ་སྲུང་མཛད་ཁྱོད་ལ་བསྟོད༔ བྷྱོ༔ ལྷོ་ཡི་མཁའ་འགྲོ་ཕག་གདོང་མ༔ བྱམས་པ་ཆེན་པོའི་ཞགས་པ་འཛིན༔ མངོན་སྤྱོད་ཚུལ་བཞིན་བསྟན་པ་སྲུང༔ ལྷོ་སྒོ་སྲུང་མཛད་ཁྱོད་ལ་བསྟོད༔ བྷྱོ༔ ནུབ་ཀྱི་མཁའ་འགྲོ་ཁྱི་གདོང་མ༔ དགའ་བ་ཆེན་པོའི་ལྕགས་སྒྲོག་འཛིན༔ མངོན་སྤྱོད་ཚུལ་བཞིན་བསྟན་པ་སྲུང༔ ནུབ་སྒོ་སྲུང་མཛད་ཁྱོད་ལ་བསྟོད༔ བྷྱོ༔ བྱང་གི་མཁའ་འགྲོ་འུག་གདོང་མ༔ བཏང་སྙོམས་ཆེན་པོའི་དྲིལ་བུ་འཛིན༔ མངོན་སྤྱོད་ཚུལ་བཞིན་བསྟན་པ་སྲུང༔ བྱང་སྒོ་སྲུང་མཛད་ཁྱོད་ལ་བསྟོད༔ བྷྱོ༔ གནས་དང་ཡུལ་གྱི་ཞིང་ཁམས་ནས༔ རང་རང་ཕྲིན་ལས་མྱུར་དུ་སྒྲུབ༔ དཀར་སེར་དམར་ལྗང་རལ་པ་ཅན༔ མ་མོ་མཁའ་འགྲོ་ཤུགས་འགྲོ་དང༔ གིང་ཆེན་གིང་ཆུང་ཞིང་སྐྱོང་ཚོགས༔ ཤ་ཟ་དམན་མོ་ཕྲ་མེན་བཅས༔ འཇིགས་གཟུགས་རྔམས་པའི་ང་རོ་འཆང༔ བསྟན་པ་སྲུང་མཛད་ཁྱོད་ལ་བསྟོད༔ དེ་ནས་བཤགས་པ་བྱ་བ་ནི༔ ཧོ༔ རིགས་ལྔའི་མཁའ་འགྲོ་དགོངས་སུ་གསོལ༔ བདག་ཅག་མ་རིག་རྐྱེན་དབང་གིས༔ དམ་རྫས་མ་ཚང་ཕུད་ཉམས་དང༔ གསང་བ་བསྒྲགས་དང་གསང་སྔགས་སྨད༔ ཕྱི་ཡི་དམ་ཚིག་ཉམས་པ་རྣམས༔ མཁའ་འགྲོའི་ཚོགས་ལ་མཐོལ་བཤགས་ན༔ བཟོད་པར་བཞེས་ལ་ཚངས་པར་སྩོལ༔ ཕྲིན་ལས་རྣམ་བཞི་འགྲུབ་གྱུར་ཅིག༔ ཧོ༔ བསྐྱེད་རིམ་མ་གསལ་སྔགས་ཟུར་ཉམས༔ དམ་རྫས་མ་བསྟེན་འབྱོར་ཚོགས་ཆུང༔ རྫོགས་རིམ་མ་རྫོགས་དྲེད་ཆོས་རྩིང༔ ནང་གི་དམ་ཚིག་ཉམས་པ་རྣམས༔ གནོང་འགྱོད་དྲག་པོའི་སེམས་ཀྱིས་ནི༔ མཁའ་འགྲོའི་ཚོགས་ལ་མཐོལ་བཤགས་ན༔ བཟོད་པར་བཞེས་ལ་ཚངས་པར་སྩོལ༔ ཕྲིན་ལས་རྣམ་བཞི་འགྲུབ་གྱུར་ཅིག༔ ཧོ༔ ཐུགས་དམ་མ་བསྐངས་དུས་མཆོད་གཡེལ༔ བཀའ་ལུང་དབང་དང་མི་ལྡན་ཞིང༔ བསྙེན་སྒྲུབ་མ་བྱས་ལས་ལ་བསྐུལ༔ གསང་བའི་དམ་ཚིག་ཉམས་པ་རྣམས༔ གནོང་འགྱོད་དྲག་པོའི་སེམས་ཀྱིས་ནི༔ མཁའ་འགྲོའི་ཚོགས་ལ་མཐོལ་བཤགས་ན༔ བཟོད་པར་བཞེས་ལ་ཚངས་པ་སྩོལ༔ ཕྲིན་ལས་རྣམ་བཞི་འགྲུབ་གྱུར་ཅིག༔ ཡི་གེ་བརྒྱ་པ་བརྗོད༔ དེ་ནས་བཟླས་པའི་དཀྱིལ་འཁོར་ནི༔ རང་ལུས་རྡོ་རྗེ་ཕག་མོ་བསྒོམ༔ རྩ་འཁོར་ལྔ་ཡི་ནང་ཐམས་ཅད༔ མཁའ་འགྲོ་ལྔ་ཡིས་ཁེངས་པར་དམིགས༔ གཞན་ཡང་རྩ་གནས་མ་ལུས་ཀུན༔ མཁའ་འགྲོ་ཏིལ་གྱི་གོང་བུ་ལྟར༔ དཔག་ཏུ་མེད་པས་ཁེངས་ནས་ནི༔ གསང་སྔགས་རང་སྒྲ་སྒྲོག་པར་དམིགས༔ སྙིང་གར་པདྨ་འདབ་བཞི་ལ༔ གསང་བ་ཐུགས་ཀྱི་ཕག་མོ་ལྔ༔ གཅེར་བུ་རྒྱན་མེད་གྲི་ཐོད་འཛིན༔ བརྐྱང་བསྐུམ་གར་གྱི་རོལ་པར་བཞུགས༔ སངས་རྒྱས་མཁའ་འགྲོའི་ཐུགས་ཀ་རུ༔ ཨོཾ་ཨཱཿཧཱུྃ་གི་ཡི་གེ་བསྒོམ༔ མཐའ་མར་སྔགས་ཕྲེང་བསྐོར་བའི་སྒྲས༔ མཚོ་ལ་ཆར་བབས་ཇི་བཞིན་དུ༔ རང་ལ་སིབ་སིབ་ཐིམ་པར་དམིགས༔ མཁའ་འགྲོ་རྣམས་ཀྱི་གསང་གནས་ནས༔ འོད་དམར་ལྕགས་ཀྱུའི་དབྱིབས་ཅན་འཕྲོས༔ འབྱུང་བའི་བཅུད་དང་སྐྱེ་འགྲོའི་ཚེ༔ དཔལ་འབྱོར་ལོངས་སྤྱོད་དབང་དུ་བསྡུས༔ རང་གི་གསང་བར་ཐིམ་པར་བསམ༔ ཕག་ཞལ་ངུར་སྒྲ་སྒྲོག་པ་ཡིས༔ རྒྱལ་བ་ཞི་ཁྲོ་མ་ལུས་ཀུན༔ འུར་འུར་ཤིག་ཤིག་བྱས་ནས་སུ༔ སྐད་ཅིག་ཉིད་ལ་གཤེགས་གྱུར་ཅིང༔ སྤྱི་བོའི་གཙུག་ནས་མར་ལ་ཐིམ༔ སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ཏེ༔ སྐུ་བཞིའི་དབང་མཆོག་ཐོབ་པར་བསམ༔ སྲོག་སྔགས་ཆུ་ཡི་རྒྱུན་ལྟར་བཟླས༔ ཧྲཱིཿཌཱ་ཀི་ནཱི་བཛྲ་བྷ་ར་ཧི་ཧ་རི་ནི་ས་ཙིཏྟ་བཛྲ་ས་མ་ཡ་མ་བྷྱོ་ཛཿསིདྡྷི་ཕ་ལ་ཧཱུྃ༔ འབུམ་ཕྲག་གཅིག་གིས་འགྲུབ་པར་འགྱུར༔ ཉམས་སྣང་རྨི་ལམ་སྣང་ཡུལ་དུ༔ བུད་མེད་འདུ་ཞིང་གསང་རྟགས་སྟོན༔ བདུད་རྩི་ཆང་དང་འོ་མ་སོགས༔ མཁའ་འགྲོ་རྣམས་ཀྱིས་རང་ལ་འཐོར༔ མེ་ཏོག་སྔོན་པོའི་ཕྲེང་བ་དང༔ མེ་ལོང་རྐང་གླིང་ཌཱ་རུ་དྲིལ༔ རང་གི་ལུས་ལ་འདོགས་པ་སོགས༔ ཕྱི་ཡི་རྟགས་རྣམས་འབྱུང་བར་འགྱུར༔ དངོས་སུ་བྱ་རྒོད་དྲི་མ་འཐུལ༔ སྣ་བུག་གཡོན་ནས་རཀྟ་འབབ༔ བ་སྤུ་གཡོ་ཞིང་བདེ་བ་རྒྱས༔ རིག་པ་གསལ་ཞིང་མགུར་དབྱངས་འདོད༔ དེ་ནི་ནང་གི་འགྲུབ་རྟགས་ཡིན༔ མཐུ་དང་བྱིན་རླབས་བསམ་མི་ཁྱབ༔ ཁམས་གསུམ་མ་ལུས་རང་ལ་འདུ༔ ཚེ་རིང་ལོངས་སྤྱོད་ཆར་ལྟར་འབེབ༔ དེ་ནི་གསང་བའི་འགྲུབ་རྟགས་ཡིན༔ ཕྲིན་ལས་བཞི་སྦྱོར་འདི་ལྟ་སྟེ༔ རྣལ་འབྱོར་དམ་ལྡན་འགའ་ཞིག་གིས༔ མི་མཐུན་ཕྱོགས་ཀུན་ཞི་འདོད་ན༔ སྲོག་སྔགས་ཤམ་བུར་འདི་ལྟར་སྦྱར༔ སརྦ་དུཥྚཱཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཡུངས་དཀར་བསྔགས་ནས་ལུས་ལ་བཅང༔ ཚེ་དང་ལོངས་སྤྱོད་རྒྱས་འདོད་ན༔ སྲོག་སྔགས་ཤམ་བུར་འདི་ལྟར་སྦྱར༔ ཨཱ་ཡུཿཔུཎྱེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རིན་ཆེན་འབྲུ་སྣ་བསྔགས་ནས་འཆང༔ ཁམས་གསུམ་དབང་དུ་བསྒྱུར་འདོད་ན༔ སྲོག་སྔགས་ཤམ་བུར་འདི་ལྟར་སྦྱར༔ ཁམས་གསུམ་སྲིད་གསུམ་ཝ་ཤཾ་ཀུ་རུ་སྭཱ་ཧཱ༔ ཕ་ཝཾ་ལོང་བུ་བསྔགས་ནས་འཆང༔ གདུག་པའི་དགྲ་བགེགས་བརླག་འདོད་ན༔ སྲོག་སྔགས་ཤམ་བུར་འདི་ལྟར་སྦྱར༔ སརྦ་ཤ་ཏྲཱུཾ་མཱ་ར་ཡ་ཕཊ༔ ལྕགས་ཀྱི་ཕུར་བུར་བསྔགས་ནས་འཆང༔ ཕ་རོལ་རྦོད་གཏོང་བཟློག་འདོད་ན༔ སྲོག་སྔགས་ཤམ་བུར་འདི་ལྟར་བྱ༔ ཨེ་ས་བྷྱོ་ཟློག༔ ཀི་ས་བྷྱོ་ཟློག༔ མནྟྲ་བེངྒ་བྷྱོ་ཟློག༔ བྱ་རོག་ཤ་ཁྲག་བསྔགས་ནས་འཆང༔ མཚོན་ཆ་རྣོ་བའི་ཁ་བསྲུང་ན༔ སྲོག་སྔགས་ཤམ་བུར་འདི་ལྟར་སྦྱར༔ སི་ལི་སི་ལི་ཕཊ༔ མཚོན་གྱི་ངར་ཞི༔ རྣོན་པོ་མདུན་དིག༔ མགར་བའི་ཧ་ལོག༔ ནས་ནག་མཚོན་གྱིས་མ་བཅད་སྔགས༔ ལྟོ་རུ་བཏང་སྟེ་བུད་མེད་སྤང༔ སྦྱར་དུག་ནག་པོ་བསྲུང་འདོད་ན༔ སྲོག་སྔགས་ཤམ་བུར་འདི་ལྟར་སྦྱར༔ ཀ་རོ་ཧྲིཾ་ཧྲཱིཾ༔ ནན་གྱི་སོད༔ སོད་གྱི་ནན༔ རྨ་བྱའི་སྒང་ཐུར་བསྔགས་ནས་འཆང༔ རྒྱ་ནད་རྒྱུག་གཟེར་བསྲུང་འདོད་ན༔ སྲོག་སྔགས་ཤམ་བུར་འདི་ལྟར་སྦྱར༔ ནག་པོ་ཐུཾ་རིལ་སོད༔ རྒྱུག་གཟེར་ནག་པོ་ཨ་རྦད་སོད༔ དགུ་སྦྱོར་ཡུངས་འབྲུ་བདུན་ལ་སྔགས། ཁ་རུ་ཟོས་ཤིང་ཤ་ཆང་བསྲུང༔ ནམ་མཁའི་གནམ་ལྕགས་བསྲུང་འདོད་ན༔ སྲོག་སྔགས་ཤམ་བུར་འདི་ལྟར་སྦྱར༔ ནཱ་ག་ཕུ་རཾ་རྦད༔ ཧ་ལ་ཧ་ལ་ཕྱུང༔ པྲ་མ་པྲ་མ་ཤིག༔ ཀ་ལ་རཀྴ་ཐི་ཐུན༔ ཁྱུང་ལྔ་ལྡོང་རོས་བསྔགས་ནས་འཆང༔ གང་ལ་གང་དགོས་རིག་པས་དཔྱད༔ བརྒྱ་སྟོང་ཁྲི་སོགས་གྲངས་དང་སྦྱར༔ ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར༔ ཁྱད་པར་དབང་གི་ལས་རྣམས་འགྲུབ༔ ས་མ་ཡ་ཁ་ཐཾ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ དེ་ནས་བསྐུལ་ཞིང་ཕྲིན་ལས་བཅོལ༔ བྷྱོ༔ དམ་ཚིག་ཆེན་པོའི་ཚུལ་སྟོན་པ༔ མཁའ་འགྲོ་ཆེན་མོ་གཤེགས་སུ་གསོལ༔ དམར་སྨུག་མདངས་ལྡན་ཕག་ཞལ་ངུར༔ གྲི་གུག་ཐོད་ཁྲག་ཁ་ཊྭཱཾ་ཐོགས༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔ བརྐྱང་བསྐུམ་གར་གྱི་རོལ་པར་རྩེ༔ རང་འདྲའི་སྤྲུལ་པ་འབུམ་གྱིས་བསྐོར༔ རྡོ་རྗེ་ཕག་མོའི་དུས་ལ་བབ༔ མི་མཐུན་ཕྱོགས་ཀུན་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་མཛོད༔ ཁམས་གསུམ་དབང་དུ་འདུ་བར་མཛོད༔ དགྲ་བགེགས་གཏན་ནས་བརླག་པར་མཛོད༔ སྔོན་གྱི་དམ་ཚིག་རྗེས་དགོངས་ནས༔ སྒྲུབ་པའི་རྣལ་འབྱོར་བདག་ཅག་ལ༔ རྟགས་དང་མཚན་མ་བསྟན་པ་དང༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བྷྱོ༔ ཞི་བའི་ཕྲིན་ལས་སྒྲུབ་མཛད་མ༔ རྡོ་རྗེ་མཁའ་འགྲོ་གཤེགས་སུ་གསོལ༔ སྐུ་མདོག་དཀར་ལ་འོད་ཟེར་འབར༔ གྲི་གུག་ཐོད་ཁྲག་ཁ་ཊྭཱཾ་ཐོགས༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔ བརྐྱང་བསྐུམ་གར་གྱི་རོལ་པར་རྩེ༔ རང་འདྲའི་སྤྲུལ་པ་འབུམ་གྱིས་བསྐོར༔ སྐྱེད་བྱེད་མཁའ་འགྲོའི་དུས་ལ་བབ༔ མི་མཐུན་ཕྱོགས་ཀུན་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་མཛོད༔ ཁམས་གསུམ་དབང་དུ་འདུ་བར་མཛོད༔ དགྲ་བགེགས་གཏན་ནས་བརླག་པར་མཛོད༔ སྔོན་གྱི་དམ་ཚིག་རྗེས་དགོངས་ནས༔ སྒྲུབ་པའི་རྣལ་འབྱོར་བདག་ཅག་ལ༔ རྟགས་དང་མཚན་མ་བསྟན་པ་དང༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བྷྱོ༔ རྒྱས་པའི་ཕྲིན་ལས་སྒྲུབ་མཛད་མ༔ རིན་ཆེན་མཁའ་འགྲོ་གཤེགས་སུ་གསོལ༔ སྐུ་མདོག་སེར་ལ་འོད་ཟེར་འབར༔ གྲི་གུག་ཐོད་ཁྲག་ཁ་ཊྭཱཾ་ཐོགས༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔ བརྐྱང་བསྐུམ་གར་གྱི་རོལ་པར་རྩེ༔ རང་འདྲའི་སྤྲུལ་པ་འབུམ་གྱིས་བསྐོར༔ སྲེག་བྱེད་མཁའ་འགྲོའི་དུས་ལ་བབ༔ མི་མཐུན་ཕྱོགས་ཀུན་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་མཛོད༔ ཁམས་གསུམ་དབང་དུ་འདུ་བར་མཛོད༔ དགྲ་བགེགས་གཏན་ནས་བརླག་པར་མཛོད༔ སྔོན་གྱི་དམ་ཚིག་རྗེས་དགོངས་ནས༔ སྒྲུབ་པའི་རྣལ་འབྱོར་བདག་ཅག་ལ༔ རྟགས་དང་མཚན་མ་བསྟན་པ་དང༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བྷྱོ༔ དབང་གི་ཕྲིན་ལས་སྒྲུབ་མཛད་མ༔ པདྨ་མཁའ་འགྲོ་གཤེགས་སུ་གསོལ༔ སྐུ་མདོག་དམར་ལ་འོད་ཟེར་འབར༔ གྲི་གུག་ཐོད་ཁྲག་ཁ་ཊྭཱཾ་ཐོགས༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔ བརྐྱང་བསྐུམ་གར་གྱི་རོལ་པར་རྩེ༔ རང་འདྲའི་སྤྲུལ་པ་འབུམ་གྱིས་བསྐོར༔ རྨོངས་བྱེད་མཁའ་འགྲོའི་དུས་ལ་བབ༔ མི་མཐུན་ཕྱོགས་ཀུན་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་མཛོད༔ ཁམས་གསུམ་དབང་དུ་འདུ་བར་མཛོད༔ དགྲ་བགེགས་གཏན་ནས་བརླག་པར་མཛོད༔ སྔོན་གྱི་དམ་ཚིག་རྗེས་དགོངས་ནས༔ སྒྲུབ་པའི་རྣལ་འབྱོར་བདག་ཅག་ལ༔ རྟགས་དང་མཚན་མ་བསྟན་པ་དང༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བྷྱོ༔ དྲག་པོའི་ཕྲིན་ལས་སྒྲུབ་མཛད་མ༔ ལས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ༔ སྐུ་མདོག་ལྗང་ལ་འོད་ཟེར་འབར༔ གྲི་གུག་ཐོད་ཁྲག་ཁ་ཊྭཱཾ་ཐོགས༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔ བརྐྱང་བསྐུམ་གར་གྱི་རོལ་པར་རྩེར༔ རང་འདྲའི་སྤྲུལ་པ་འབུམ་གྱིས་བསྐོར༔ ཙནྟི་ཀ་ཡི་དུས་ལ་བབ༔ མི་མཐུན་ཕྱོགས་ཀུན་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་མཛོད༔ ཁམས་གསུམ་དབང་དུ་འདུ་བར་མཛོད༔ དགྲ་བགེགས་གཏན་ནས་བརླག་པར་མཛོད༔ སྔོན་གྱི་དམ་ཚིག་རྗེས་དགོངས་ནས༔ སྒྲུབ་པའི་རྣལ་འབྱོར་བདག་ཅག་ལ༔ རྟགས་དང་མཚན་མ་བསྟན་པ་དང༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བྷྱོ༔ ཚད་མེད་རྣམ་བཞིས་འགྲོ་བ་འདུལ༔ སྒོ་མ་བཞི་ཡི་དུས་ལ་བབ༔ རང་རང་ཕྱོགས་ནས་བསྟན་པ་སྲུངས༔ དུར་ཁྲོད་མཁའ་འགྲོའི་དུས་ལ་བབ༔ མི་མཐུན་ཕྱོགས་ཀུན་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་མཛོད༔ ཁམས་གསུམ་དབང་དུ་འདུ་བར་མཛོད༔ དགྲ་བགེགས་གཏན་ནས་བརླག་པར་མཛོད༔ སྔོན་གྱི་དམ་ཚིག་རྗེས་དགོངས་ནས༔ སྒྲུབ་པའི་རྣལ་འབྱོར་བདག་ཅག་ལ༔ རྟགས་དང་མཚན་མ་བསྟན་པ་དང༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཁྱད་པར་སྙིགས་མ་ལྔ་ཡི་དུས༔ ཆོས་མིན་ཆོས་དང་བསྟན་བཤིགས་རྣམས༔ ལུས་ངག་ཐལ་བ་རྡུལ་དུ་རློགས༔ ཧུར་ཐུམས་མྱུར་བ་ཉིད་དུ་སོད༔ མཁའ་འགྲོ་དངོས་གྲུབ་མ་གཡེལ་ཅིག༔ ཤུགས་འགྲོ་ལས་ལ་མ་བུལ་ཅིག༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ སརྦ་ཌཱ་ཀི་ནཱི་ཨི་དཾ་བ་ལིཾ་ཏ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཀརྨ་ཙ་ཏུར་སིདྡྷི་ཕ་ལ་ཧཱུྃ་བྷྲཱུྃ༔ ཤ་ཁྲག་རྒྱན་གྱི་གཏོར་མ་འབུལ༔ བསྟོད་ཅིང་བསྐུལ་ལ་ཕྲིན་ལས་བཅོལ༔ མདོར་ན་འདི་ཉིད་ཟབ་ཅིང་གཉན༔ བྱིན་རླབས་དངོས་གྲུབ་གཏེར་མཛོད་ཡིན༔ གསང་བ་གསུམ་གྱི་སྒྲུབ་ཐབས་འདི༔ རྒྱལ་བ་ཀུན་འདུས་ཆ་ལག་ཏུ༔ པད་འབྱུང་ཇི་ལྟར་གསུངས་པ་བཞིན༔ བདག་འདྲ་ཡེ་ཤེས་མཚོ་རྒྱལ་གྱིས༔ ཟིལ་ཆེན་གསང་བའི་ཕུག་ཏུ་བཀོད༔ ཁམས་ཕྱོགས་མཚོ་ལ་གཏེར་དུ་སྦས༔ སྐལ་པ་ཅན་དང་འདི་འཕྲད་ཤོག༔ ཨོཾ་ཤྲཱི་སྨེ་ཤ་ན་ཨ་དྷི་པ་ཏི་ས་མ་ཡ་ཧ་ན་ཧ་ན་རཀྵ་རཀྵ༔ བཀའ་འདི་དཔལ་དུར་ཁྲོད་བདག་པོ་ཡབ་ཡུམ་གྱིས་ཐུབ་པར་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔
ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ་ལས། དབང་བཞི་རྡོ་རྗེ་སྤྱི་བླུགས་སུ་བསྐུར་བའི་གསལ་བྱེད་ཟབ་པ་ཀུན་དྲིལ་ (Volume 25, Text 5)
༄༅། །ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ་ལས། དབང་བཞི་རྡོ་རྗེ་སྤྱི་བླུགས་སུ་བསྐུར་བའི་གསལ་བྱེད་ཟབ་པ་ཀུན་དྲིལ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་པདྨ་ནཱིརྟེ་ཤྭ་ར་ཡ། མ་བཅིངས་མ་གྲོལ་མཁའ་མཉམ་འགྲོ །ཡོངས་གྲོལ་དགོངས་པས་དོང་ནས་སྤྲུགས། །གར་དབང་པདྨ་དགྱེས་པའི་ཞལ། །གུས་ཡིད་མེ་ལོང་ངོས་གསལ་མཛོད། །ཟབ་ཆོས་འདིའི་སྨིན་བྱེད་རྣམས་ཀྱི་སྙིང་པོར་གྱུར་པ་འདི་ཉིད་སྒྲུབ་པ་ལ་སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བ་གསུམ། དང་པོ་ནི། སྟེགས་བུ་བདུད་རྩིས་ཆག་ཆག་བཏབ་པར་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། མ་འབྱོར་ན་མཎྜལ་ལ་ཚོམ་བུ་ལྷ་གྲངས་བཀོད་པས་ཀྱང་རུང་། དེ་སྟེང་ཁྲིའུ་ལ་བུམ་པ་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་གཟུངས་རྡོར་བཅས་པ་བཤམ། གཡས་སུ་ཐོད་པ་བདུད་རྩིས་བཀང་བ། གཡོན་དུ་རིག་ཙཀ་དང་ཤེལ་རྡོ། རྒྱབ་ཏུ་དབང་གཏོར་བང་རིམ་གྲུ་བཞི་བཞི་བརྩེགས་སྟེང་རིན་ཆེན་འབར་བ་པད་འདབ་བཞི་ལྡན་རྒྱན་གྱིས་སྤྲས་པ། དེའི་གཡས་གཡོན་དུ་སྨན་རཀ །མཐའ་སྐོར་ཕྱི་མཆོད་བསྐོར་བཤམ། ལས་བུམ་དང་ཕྲིན་ལས་ལ་དགོས་པའི་ཚོགས་ཀྱི་ཡོ་བྱད་སོགས་ཚང་བར་བྱའོ། །དབང་དོན་སྒྲུབ་མཆོད་ནི། ཆོས་སྤྱོད་ནས་འབྱུང་བའི་སྐྱབས་སེམས་ཡན་ལག་བདུན་པ་ཚད་མེད་བཞི་བཅས་སྔོན་དུ་བཏང་ནས། ནང་སྒྲུབ་ཕྲིན་ལས་ལྟར་བགེགས་བསྐྲད་ནས་བརྩམ་སྟེ་མཐར་ཆགས་སུ་གཏང་། བདག་མདུན་དབྱེར་མེད་དུ་བསྒོམ། ཛཔ྄་ཁང་ཕྱེས་ནས་སྤྲོ་བསྡུའི་དམིགས་པ་བཅས་ཡིག་བདུན་ཅི་ནུས་བཟླ། གཟུངས་ཐག་བླངས་ཏེ། བུམ་པ་རང་བྱུང་གཞལ་ཡས་ཁང༔ ནང་དུ་ལྷ་ཚོགས་ཐམས་ཅད་གསལ༔ རང་གི་ཐུགས་ཀའི་སྔགས་ཕྲེང་ལས༔ འོད་ཟེར་འཕྲོས་པས་གཟུངས་ཐག་བརྒྱུད༔ བུམ་པའི་ལྷ་ཚོགས་ཐུགས་རྒྱུད་བསྐུལ༔ མཉམ་སྦྱོར་བྱང་ཆུབ་སེམས་སྤྲིན་གྱིས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཅེས་པའི་ཏིང་འཛིན་གསལ་བས་ཡིག་བདུན་བཟླ། ལས་ཀྱི་བུམ་པར་པད་ཉིའི་སྟེང༔ རྟ་མགྲིན་པདྨ་ཀྲོ་ཏཱིར་བཅས༔ མཉམ་སྦྱོར་ཐོད་དབྱུག་ཐོད་ཁྲག་འཛིན༔ ཁྲོ་བོའི་ཆས་རྫོགས་མེ་ཀློང་བཞུགས༔ ཐུགས་ཀའི་འོད་ཀྱིས་རྒྱུད་བསྐུལ་ནས༔ སྦྱོར་མཚམས་བྱང་ཆུབ་སེམས་ཀྱི་སྤྲིན༔ མེ་འབར་ཚྭ་ཚྭ་འཕྲོ་བ་བབས༔ བུམ་པ་ཡོངས་སུ་གང་བ་ཡིས༔ བར་ཆད་བགེགས་འཇོམས་ནུས་ལྡན་གྱུར༔ ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ བརྒྱ་རྩ་བཟླ། ལས་བྱང་ལྟར་སྟོང་ཚིགས་མཆོད་བསྟོད་འབུལ། ཨོཾ་ཨཱཿཧཱུྃ༔གིས་དུང་ཞལ་གྱི་བདུད་རྩི་བུམ་པ་གཉིས་ཀར་ཕུལ་ལ། ལྷ་རྣམས་བདེ་བ་ཆེན་པོར་ཞུ༔ བུམ་པའི་ཆུ་དང་རོ་གཅིག་གྱུར༔ དེ་ནས་རྒྱས་པར་ལྕོགས་ན་བདག་འཇུག་གི་དབང་ཡོངས་རྫོགས་བླང་། བསྡུ་ན་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །གཉིས་པ་དངོས་གཞི་ལའང་སྔོན་འགྲོ་འཇུག་པ། དབང་དངོས་གཉིས་ལས་དང་པོ་ནི། སློབ་མ་ལ་ལས་བུམ་གྱིས་ཁྲུས་བྱ། བགེགས་གཏོར་བསང་སྦྱང་བྱིན་རླབས་བསྔོ་བ་སྤྱི་ལྟར་བྱས་ལ་བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ་པ་ལས་བྱང་ལྟར་བྱ། སེམས་བསྐྱེད་གསལ་བཏབ། ཆོས་བཤད་ཀྱི་ཁྱད་པར། དེ་ལ་རྒྱལ་བ་ཀུན་གྱི་ཡབ་གཅིག །རྒྱལ་སྲས་ཡོངས་ཀྱི་ཐུ་བོ། གངས་ཅན་མགོན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་རྒྱུད་དང་སྒྲུབ་ཐབས་གདམས་ངག་གི་རིམ་པ་ཐེག་རིམ་དང་རྒྱུད་སྡེ་གོང་འོག་ནས་གསུངས་པ་མཐའ་ཡས་པ་ཞིག་བཞུགས་པ་ལས། སྐབས་སུ་བབས་པ་འདི་ནི། དཔལ་གྱི་བསམ་ཡས་ཨརྻ་པ་ལོའི་གླིང་དུ་གུ་རུ་རིན་པོ་ཆེ་ལ་རྗེ་འབངས་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོ་ཕུལ་ནས། རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་ནང་ནས་ཚེ་གཅིག་སངས་རྒྱས་འགྲུབ་པའི་གདམས་ངག་ཁ་ཚང་དོན་འདྲིལ༔ སྐུ་གཅིག་བསྒོམས་པས་བདེ་བར་གཤེགས་པ་མ་ལུས་པ་རྣམས་ཀྱི་སྐུ་བསྒོམ་པར་འགྱུར་བ༔ སྙིང་པོ་གཅིག་བཟླས་པས་གསང་སྔགས་ཀྱི་བཟླས་བརྗོད་ཐམས་ཅད་དེ་རུ་འདུས་པ༔ ཏིང་ངེ་འཛིན་གཅིག་བསྒོམས་པས་མན་ངག་མ་ལུས་པའི་དོན་ཐམས་ཅད་རྟོགས་པ༔ དངོས་གྲུབ་ལོ་ཟླ་ཙམ་གྱིས་འགྲུབ་པ༔ བར་ཆད་མེད་ཅིང་སྒྲུབ་པའི་འབྲས་བུ་མཆིས་པའི་ལྷ་སྔགས་མན་ངག་གི་གནད་སྩོལ་བར་གསོལ་བ་བཏབ་པས། དམ་ཆོས་ཀུན་གྱི་སྙིང་པོ་ཐུགས་རྗེ་ཆེན་པོ་པདྨ་གར་དབང་སྒྱུ་འཕྲུལ་དྲྭ་བ་ཞེས་བྱ་བའི་རྒྱུད་དང་སྒྲུབ་ཐབས་མན་ངག་ལས་ཚོགས་བཅས་རྫོགས་པར་གནང་བའི་མཐར། འདི་ཉིད་སྟོན་དང་ཉན་དང་སྒྲུབ་པ་དང༔ ཚུལ་བཞིན་བྲི་རྣམས་སྤྱན་རས་གཟིགས་དང་མཚུངས༔ བཀའ་ཡི་གླེགས་བམ་གང་དུ་བཞུགས་པའི་སར༔ དེ་ན་ཐུགས་རྗེ་ཆེན་པོ་བཞུགས་པ་ཡིན༔ འབྲེལ་ཚད་ཐམས་ཅད་ཐར་པའི་གནས་སུ་འདྲེན༔ འདི་ཉིད་སྒྲུབ་པའི་རི་བོ་དེ་དག་ལ༔ སྤྱན་རས་གཟིགས་དབང་དངོས་སུ་བྱོན་ནས་སུ༔ སྒྲུབ་པའི་གནས་ལ་བྱིན་གྱིས་རློབ་པ་དང༔ སྒྲུབ་པ་པོ་ལ་དངོས་གྲུབ་རྣམ་གཉིས་སྩོལ༔ གནས་དེར་བགྲོད་ཚད་ཐུགས་རྗེའི་སྤྱན་གྱིས་གཟིགས༔ བདེ་བ་ཅན་གྱི་ཞིང་དུ་ལམ་སྣ་འདྲེན༔ ཐུགས་རྗེ་ཆེན་པོ་སུ་དང་སུས་བསྒོམ་པ༔ རབ་ནི་གྲུབ་ཐོབ་དེ་རུ་མངོན་སངས་རྒྱས༔ འབྲིང་ནི་ཚེ་གཅིག་དག་གིས་སངས་རྒྱས་འགྲུབ༔ ཐ་མ་བར་དོའི་གནས་ནས་བྱང་ཆུབ་ཐོབ༔ ཅེས་སོགས་ཕན་ཡོན་དང་ཞལ་གདམས་ཤིན་ཏུ་རྒྱས་པར་བཀའ་བསྩལ་ནས་མ་འོངས་པའི་དོན་དུ་གཏེར་དུ་སྦས་པ། དེང་སང་ལུང་ནས་བསྟན་པའི་རྟགས་རྣམས་མངོན་དུ་གྱུར་པ་ན་དཔལ་ལྷའི་སྲས་པོ་དམ་འཛིན་མུ་རུབ་བཙད་པོའི་རྣམ་པར་འཕྲུལ་པ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་མཆོག་གྱུར་གླིང་པས་མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་ཐུགས་ཀྱི་ཡོན་ཏན་གནས་མཁའ་འགྲོ་འབུམ་རྫོང་གུ་རུའི་གསང་ཕུག་ཆེན་མོ་ནས་རང་བྱུང་ཐུགས་རྗེའི་སྒྲོལ་སྐུ །བྲམ་ཟེ་པྲ་བྷ་ཧསྟིས་བསྒྲུབས་པའི་དམ་རྫས་མྱང་གྲོལ་དང་ལྷན་ཅིག་སྤྱན་དྲངས་ཏེ་སྐལ་ལྡན་རྣམས་ལ་སྤེལ་བར་མཛད་པ་འདི་ལ་ཕྱི་ནང་གསང་བའི་དབང་སོ་སོར་རྒྱས་པར་བསྐུར་བ་དང་། སྙིང་པོའི་དབང་བཞི་རྡོ་རྗེ་སྤྱི་བླུགས་སུ་བསྐུར་བ་གཉིས་ཡོད་པ་ལས་འདིར་ཕྱི་མ་ཉིད་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ བླ་མ་སངས་རྒྱས་དགོངས་སུ་གསོལ༔ བདག་ནི་འཁོར་བའི་གནས་ནས་དྲོངས༔ བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་དུ༔ བདག་ཅག་འཇུག་པར་མཛད་དུ་གསོལ༔ ལན་གསུམ། བདག་གཞན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བླ་མ་སྤྱན་རས་གཟིགས་དཀོན་མཆོག་རྩ་གསུམ་ཀུན་འདུས་ལ་སྐྱབས་སུ་འགྲོ་བའི་འདུན་པ་རྩེ་གཅིག་པས་འདིའི་རྗེས་ཟློས། ན་མོ༔ བདག་དང་མཁའ་མཉམ་སོགས་ལན་གསུམ། འཕགས་མཆོག་སྤྱན་རས་གཟིགས་རྒྱལ་བ་སྲས་དང་བཅས་པས་ཐུགས་ཇི་ལྟར་བསྐྱེད་ཅིང་བསླབ་པ་ལ་བསླབས་པ་དེ་བཞིན་དུ་གཞན་གྱི་དོན་དུ་སེམས་བསྐྱེད་ཅིང་བསླབ་པ་ལ་སློབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཧོ༔ སྔོན་གྱི་རྒྱལ་བ་སོགས་གསུམ། ཚོགས་གསག་ཡན་ལག་བདུན་གྱི་སྒོ་ནས་རྒྱུད་སྦྱོང་བའི་ཚིག་རྗེས་དོན་དྲན་གྱི་ཏིང་ངེ་འཛིན་དང་ལྡན་པས་འདིའི་རྗེས་ཟློས། ཧཱུྃ༔ བླ་མ་སྤྱན་རས་གཟིགས་སོགས། སོ་ཐར་བྱང་སེམས་སྔགས་ཀྱིས་བསྡུས་པའི་སྡོམ་པ་གསུམ་པོ་ཡང་དག་པར་བླངས་ནས་གཞུང་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས། ཧོ༔ བདེ་གཤེགས་རྒྱལ་བ་ཐམས་ཅད་དགོངས༔ རིག་པ་འཛིན་པ་བདག་གིས་ནི༔ འདི་ནས་བྱང་ཆུབ་སྙིང་པོའི་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ ཉི་ཤུ་བརྒྱད་དང་ཁྱད་པར་དུ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི༔ སྲོག་གི་ཕྱིར་ཡང་མི་གཏོང་བསྲུང༔ རྡོ་རྗེ་མགོར་བཞག །བདུད་རྩིའི་དམ་ཆུ་སྦྱིན་ལ། དེ་ལྟར་ཡིན་ན་རྡོ་རྗེའི་ཆུས༔ ཉམས་ན་ཕམ་ཞིང་དམྱལ་བར་ལྟུང༔ བསྲུངས་ན་དངོས་གྲུབ་འདིས་ཐོབ་བྱེད༔ དམ་ལས་མི་འདའ་བྲོ་བོར་ཅིག༔ ཁས་བླངས་པའི་དམ་ཚིག་ལས་འདའ་བར་མི་བྱ་སྙམ་པས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ས་མ་ཡ་ཨི་དན་ན་ར་ཀན༔ དེ་ནས་དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་ལུས་དང་ངག་གི་གནད་གཅུན། ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་སྒོམས་ཤིག །སློབ་མ་མི་དམིགས་སྟོང་པའི་ངང༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧྲཱིཿལས་སྤྱན་རས་གཟིགས་དབང་ཕྱུག༔ དམར་གསལ་ཞལ་གཅིག་ཕྱག་བཞི་པ༔ མཚན་དཔེ་ལོངས་སྤྱོད་རྫོགས་པའི་སྐུ༔ ཐུགས་ཀར་རྡོ་རྗེ་ཐལ་མོ་སྦྱར༔ གཡས་གཡོན་ཤེལ་ཕྲེང་པད་དཀར་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ སྐྱིལ་ཀྲུང་འོད་འབར་ལྷམ་མེར་གསལ༔ དེ་ཡི་ཐུགས་ཀར་པད་ཟླའི་སྟེང༔ ཧྲཱིཿཡིག་མར་མེ་ལྟར་འབར་བའི༔ འོད་ཀྱིས་དཀྱིལ་འཁོར་ལྷ་ཚོགས་བསྐུལ༔ དེ་དག་རྣམས་ཀྱི་ཐུགས་ཀ་ནས༔ སྐུ་དང་ཕྱག་མཚན་སྲོག་ཡིག་རྣམས༔ ཁ་བ་བུ་ཡུག་འཚུབ་བཞིན་སྤྲོས༔ བ་སྤུའི་བུ་ག་རྣམས་ནས་ཞུགས༔ ལུས་ཀྱི་ནང་གང་ཧྲཱིཿལ་ཐིམ༔ སྐུ་གསུང་ཐུགས་དང་དབྱེར་མེད་བསམ༔ རྩ་སྔགས་ཡི་གེ་བདུན་པའི་མཐར། ཛྙཱ་ན་ཨཱ་བེ་ཤ་ཡ་ཨཱ༔ རཱ་རཱ་རཱ་རཱ་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཨ་ཧཾ་ཛྷཻཾ༔ ཞེས་བཏགས་པ་དྲག་ཏུ་བཟླ་ཞིང་སྦྱར་སྤོས་རོལ་མོ་མོས་གུས་སྟོབས་ཀྱིས་བྱིན་དབབ། ཡེ་ཤེས་པའི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་མཛོད། རྡོ་རྗེ་རྒྱ་གྲམ་མགོར་བཀོད་ལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ༔ དེ་རྣམས་ཀྱིས་སྔོན་འགྲོ་འཇུག་པའི་ཆོས་རྣམས་གྲུབ་ནས་དངོས་གཞིའི་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་སྤྱན་རས་གཟིགས་དབང་ཕྱུག༔ རྒྱལ་བ་སྲས་བཅས་དགོངས་སུ་གསོལ༔ བདེ་བར་གཤེགས་པའི་དཀྱིལ་འཁོར་དུ༔ དབང་མཆོག་མ་ལུས་བསྐུར་དུ་གསོལ༔ ལན་གསུམ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་རྣམས་ཀྱིས། བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བར་གྱུར། རྣམ་བུམ་ཐོགས་ལ། ཧཱུྃ༔ གསལ་སྟོང་ཆོས་དབྱིངས་བུམ་པ་རུ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཞུ༔ སྣོད་བཅུད་དག་པའི་དབང་བསྐུར་བས༔ ལྷ་དབང་ལུས་ལ་ཡོངས་རྫོགས་ཤོག༔ སྔགས་མཐར་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་པ་མགོར་བཞག །བུམ་ཆུ་འཐོར་འཐུང་བྱ། ཆུ་ཡིས་ལུས་གང་སྒྲིབ་པ་དག༔ བདུད་རྩི་གྱེན་དུ་འཁྱིལ་པ་ལས༔ འོད་དཔག་མེད་ཀྱིས་དབུ་བརྒྱན་གྱུར༔ བུམ་པའི་དབང་བསྐུར་ལུས་སྒྲིབ་དག༔ སྣང་སྲིད་ལྷ་རུ་བསྒོམ་ལ་དབང༔ འབྲས་བུ་སྤྲུལ་སྐུ་ཐོབ་པ་འོ༔ བླ་མ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ཡུམ་གསང་བ་ཡེ་ཤེས་མཉམ་པར་སྦྱོར་བའི་ཀུནྡ་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་སྦྱར་ནས་ལྗགས་ལ་བསྩལ་བར་མོས་ཤིག །བདུད་རྩི་སྦྱིན་ལ། ཧཱུྃ༔ བླ་མའི་ལྷ་ཚོགས་མཉམ་སྦྱོར་བའི༔ བདེ་སྟོང་བྱང་ཆུབ་སེམས་ཀྱི་རྒྱུན༔ སློབ་མའི་ངག་ལ་བྱིན་པ་ཡིས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ སྔགས་མཐར་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ༔ བྱང་ཆུབ་སེམས་ཀྱིས་རྩ་གནས་གང༔ བྱང་སེམས་བདེ་ཆེན་ཡེ་ཤེས་འཕེལ༔ གསང་བའི་དབང་ཐོབ་ངག་སྒྲིབ་དག༔ རྩ་རླུང་ཐིག་ལེ་བསྒོམ་ལ་དབང༔ འབྲས་བུ་ལོངས་སྐུ་ཐོབ་པ་འོ༔ གཟུགས་དང་ལང་ཚོ་ཕུལ་དུ་བྱུང་བས་སྤྲས་ཤིང་མཚན་ཉིད་དང་ལྡན་པའི་རིག་མ་གསང་བ་ཡེ་ཤེས་ཀྱི་ངོ་བོ་ཅན་པང་དུ་འཁོད་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ༔ བླ་མེད་གསང་བའི་དབང་བསྐུར་བས༔ བདེ་སྟོང་ཡེ་ཤེས་རྩལ་ཆེན་བསྐྱེད༔ གསང་བ་ཡུམ་གྱི་དབང་བསྐུར་བས༔ ལྷན་སྐྱེས་བདེ་ཆེན་རྟོགས་པར་ཤོག༔ སྔགས་མཐར་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ འདུ་ཤེས་གསུམ་དང་ལྡན་པའི་རྣལ་འབྱོར་གྱིས་སྙོམས་པར་ཞུགས་པས་ཡས་བབས་དང་མས་བརྟན་གྱི་མཐར་སྐྱེས་པའི་མཆོག་བདེ་མི་འགྱུར་བ་ཉམས་སུ་མྱོང་བར་མོས་ཤིག །ཤེས་རབ་ཡེ་ཤེས་དབང་ཐོབ་ནས༔ ཡིད་སྒྲིབ་དག་ནས་བདེ་སྟོང་བསྒོམ༔ འབྲས་བུ་ཆོས་སྐུ་ཐོབ་པ་འོ༔ རྡོ་རྗེ་སེམས་དཔའི་མེ་ལོང་གིས་དཔེར་མཚོན་ནས་རང་གི་རིག་པ་སྟོང་གསལ་འགག་མེད་སྐུ་དང་ཡེ་ཤེས་གསུམ་ལྡན་གྱི་རང་བཞིན་དུ་ཤེས་པར་མཛོད་ལ་དབྱིངས་ཀ་དག་གི་དགོངས་པའི་ངང་དུ་མཉམ་པར་འཇོག་པར་ཞུ། ཤེལ་རྡོ་བསྟན་ལ། ཧཱུྃ༔ ཡེ་ནས་དག་པའི་ཡེ་ཤེས་ནི༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ སྣ་ཚོགས་ཅིར་ཡང་དབྱེར་མི་ཕྱེད༔ མ་ཡེངས་གང་ཤར་འཛིན་མེད་བཞག༔ རིག་པ་རྩལ་གྱི་དབང་ཐོབ་ཤོག༔ སྔགས་མཐར། དྷརྨ་དྷཱ་ཏུ་གརྦྷ་ཨ༔ ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པའི་དབང་ཐོབ་བག་ཉལ་དག༔ རྫོགས་པ་ཆེན་པོ་བསྒོམ་ལ་དབང༔ འབྲས་བུ་ངོ་བོ་ཉིད་སྐུ་ཐོབ༔ རྨ་བྱའི་མདོངས་སྒྲོས་དཔེར་མཚོན་ཏེ་བཞུགས་སྟངས་གསུམ་དང་གཟིགས་སྟངས་ཀྱིས་གནད་གཅུན་པས། སྒྲོན་མ་དྲུག་གི་ལམ་དུ་སྣང་བཞིའི་ཉམས་ཟད་སར་བསྐྱལ་བ་ལྷུན་གྲུབ་ཐོད་རྒལ་གྱི་གསེང་ལམ་དུ་ཞུགས་པར་མོས་ཤིག །རྨ་བྱའི་སྒྲོ་མདོངས་བསྟན་ལ། ཧཱུྃ༔ གནས་ལུགས་དབྱིངས་དང་ཐིག་ལེ་ལས༔ རྩལ་གྱི་དབྱིངས་དང་ཐིག་ལེ་འཆར༔ གཟིགས་སྟངས་གསུམ་གྱིས་གནད་གཅུན་པས༔ ཕྱི་ནང་དབྱེར་མེད་སྣང་བཞི་རྫོགས༔ སྔགས་མཐར། མ་ཧཱ་དྷརྨ་དྷཱ་ཏུ་ཨ་ཏི༔ དེ་རྣམས་ཀྱིས་དབང་བཞི་དངོས་གྲུབ་ནས་མཐའ་རྟེན་གཏོར་མའི་དབང་བསྐུར་བ་ལ། གཏོར་སྣོད་གཞལ་ཡས་ཁང་གི་ནང་དུ་གཏོར་མ་ཐུགས་རྗེ་ཆེན་པོ་སྒྱུ་འཕྲུལ་དྲྭ་བའི་ལྷ་ཚོགས་མངོན་སུམ་བཞུགས་པའི་གནས་བཞི་ནས་འབྲུ་བཞི་འོད་ཟེར་དང་བཅས་པ་འཕྲོས། ཁྱེད་རང་གི་གནས་བཞིར་ཐིམ་པས་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་བྱིན་རླབས་ནོས། དབང་བཞི་ཡོངས་རྫོགས་དུས་གཅིག་ཏུ་ཐོབ་པར་མོས་མཛོད། དཔལ་གཏོར་ཐོགས་ལ། ཧཱུྃ༔ གཏོར་མའི་ངོ་བོ་གཞལ་ཡས་ཁང༔ སྤྱན་རས་གཟིགས་ཀྱི་ལྷ་ཚོགས་བཞུགས༔ ངེས་ཚིག་སྐུ་གསུང་ཐུགས་ཀྱི་ངང༔ གཏོར་ཀྱུ་འདོད་ཡོན་མཆོད་སྤྲིན་སྤྲོ༔ ལྷ་རྣམས་ཐམས་ཅད་དགྱེས་པ་བསྐྱེད༔ སྐུ་གསུང་ཐུགས་ཀྱི་འཕྲོ་འདུ་ཡིས༔ སློབ་མའི་ལུས་ངག་ཡིད་གསུམ་སྦྱངས༔ འཕགས་པ་ཐུགས་རྗེ་ཆེན་པོ་ཡི༔ སྐུ་གསུང་ཐུགས་ཀྱི་དབང་ཐོབ་ཤོག༔ སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཞེས་གཏོར་མ་གནས་བཞིར་བཞག་ལ་ཤིས་བརྗོད་ཇི་ལྟར་རིགས་པ་བྱ། གསུམ་པ་རྗེས་རིམ་ནི། དེས་ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བའི་སྨིན་བྱེད་སྙིང་པོ་དབང་བཞི་རྡོ་རྗེ་སྤྱི་བླུགས་སུ་བསྐུར་བ་ལེགས་པར་ཐོབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ། གཙོ་བོས་ཇི་ལྟར་སོགས་དམ་ཚིག་ཁས་བླང་། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ། སློབ་དཔོན་གྱིས་གཏེར་སྲུང་གཏོར་འབུལ་དང་ཚོགས་བྱིན་རླབས་ནས་བརྩམ་ལས་བྱང་རྗེས་རིམ་ཚང་བར་གཏང་། དངོས་གྲུབ་ལེན་ཆོག་རྗེས་མཆོད་བསྟོད་མདོར་བསྡུས། ནོངས་བཤགས་སྤྱི་ལྟར་བྱས་ལ། བསྡུ་རིམ། སྨོན་ལམ། བཀྲ་ཤིས་བཅས་བརྗོད་ལ་རྒྱུན་སྤྱོད་བྱའོ། །རྒྱལ་བ་སྤྱི་སྒྲུབ་ཟབ་པའི་ཕུལ། །འདིར་འཇུག་སྣོད་ལྡན་སྨིན་བྱེད་ཀྱི། །བདུད་རྩིའི་ཆུ་ཀླུང་ཕྱོགས་ཀུན་ཏུ། །ཁྱབ་ཅིང་སྐྱེ་དགུའི་ཉེར་འཚོར་ཤོག །ཅེས་པའང་སྤྲུལ་པའི་གཏེར་ཆེན་ཉིད་ཀྱིས་བཀའ་ཡིས་རྗེས་སུ་གནང་ཞིང་སྲས་ཡུམ་ཟུང་གིས་གསུང་བསྐུལ་མཛད་པ་ལྟར། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་ཕོ་བྲང་ཆེན་པོའི་མདུན་རོལ་གྲུབ་པའི་བསྟི་གནས་བྱང་ཆུབ་ཤིང་གི་སྐྱེད་ཚལ་གྱིས་མཛེས་པའི་དབེན་ཁྲོད་ཀུན་བཟང་བདེ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
ལམ་ཁྱེར་གསུམ་གྱི་ཟིན་ཏིག་ (Volume 6, Text 5)
རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ གསང་འདུས་བླ་མའི་ལམ་ཁྱེར་ཆོས༔ དང་པོ་སྣང་བ་ལམ་ཁྱེར་ནི༔ བདག་ཉིད་བླ་མ་ལྷར་གསལ་ནས༔ སྣང་སྲིད་སྣོད་ཀྱི་འཇིག་རྟེན་ཀུན༔ བླ་མའི་གཞལ་ཡས་ཁང་དུ་བལྟ༔ གང་ལྟར་བལྟ་བ་དེ་ལྟར་གནས༔ འགྲོ་བ་སེམས་ཅན་མ་ལུས་ཀུན༔ བླ་མ་ཡི་དམ་ལྷ་རུ་གནས༔ གང་ལྟར་བསམ་པ་དེ་ལྟར་ངེས༔ ཅི་ཕྱིར་སྣང་བ་རང་སེམས་ཡིན༔ འདུན་པས་བཟུང་སྟེ་རྨི་ལམ་དུ༔ དེ་ལྟར་བརྟག་ཅིང་བརྟན་པར་བྱ༔ སྣོད་བཅུད་གཞལ་ཡས་ལྷར་གསལ་ནས༔ བྱ་བྱེད་རྟོག་པ་རང་སར་གྲོལ༔ རྨི་ལམ་སྒྱུ་མ་བཞིན་དུ་བསམ༔ སྣང་ལ་མ་ཞེན་བླ་མའི་ལམ༔ ཉིན་མཚན་མེད་པར་འབད་སྦྱངས་ན༔ བར་དོར་སྤྲུལ་པའི་སྐུ་ཐོབ་འགྱུར༔ དེར་ཡང་མ་ཞེན་སྒྱུ་མར་སྦྱོངས༔ སྣང་བ་སྐུའི་ལམ་ཁྱེར་རྫོགས་པའི་ཟིན་ཐིག་ྀཨཚ༔ རྒྱ་རྒྱ་རྒྱ༔ གཉིས་པ་གྲགས་པ་སྒྲའི་ལམ་ཁྱེར་ནི༔ ལྷ་དང་བླ་མའི་བསྙེན་རྫོགས་ནས༔ སྒྲ་རུ་གྲགས་པ་ཇི་སྙེད་ཀུན༔ ཨོཾ་དང་ཨཱཿདང་ཧཱུྃ་གསུམ་གྱི༔ སྒྲར་སྣང་བླ་མའི་གསུང་སྒྲར་བརྟགས༔ འབྱིན་འཇུག་གནས་གསུམ་དབུགས་འདི་ཡང༔ འབྲུ་གསུམ་བཟླས་པར་མཁས་པས་བརྟགས༔ ཇི་ལྟར་བསམ་པ་དེ་ལྟར་ངེས༔ ཅི་ཕྱིར་གྲགས་སྟོང་རང་སྒྲ་ཡིན༔ རྨི་ལམ་དུ་ཡང་དེ་ལྟར་བརྟགས༔ གྲགས་ཚད་སྔགས་ཀྱི་སྒྲར་འབྱོངས་ནས༔ སྒྲ་འཛིན་རྟོག་པ་རང་སར་གྲོལ༔ རླུང་དང་བྲག་ཆའི་སྒྲ་བཞིན་བསམ༔ གྲགས་ལ་མ་ཞེན་བདེ་གཤེགས་གསུང༔ སྙན་དང་མི་སྙན་ཁྱད་མེད་ན༔ བར་དོར་འབྱུང་བའི་སྒྲ་རྣམས་གྲོལ༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་ཐོབ༔ དེར་ཡང་ཞེན་མེད་རྣམ་རྟོག་སྦྱོངས༔ སྒྲ་གྲགས་གསུང་གི་ལམ་ཁྱེར་རྫོགས༔ སྒྲ་གྲགས་གསུང་དུ་རྫོགས་པའི་ཟིན་ཏིག་ྀཨཚ༔ རྒྱ་རྒྱ་རྒྱ༔ གསུམ་པ་དྲན་རྟོག་ལམ་ཁྱེར་ནི༔ ལྷ་དང་བླ་མར་སེམས་རྟོགས་ན༔ སེམས་ཀྱི་འགྱུ་བ་དྲན་རྟོག་ཀུན༔ ཆོས་ཉིད་རོལ་པའི་རྒྱན་དུ་བལྟ༔ གསལ་ལ་འཛིན་མེད་མ་བཅོས་བཞག༔ དག་སྣང་འདུན་པས་རྨི་ལམ་བཟུང༔ སེམས་ཆོས་དབྱེར་མེད་ནམ་མཁའ་ལས༔ མ་འགག་དུག་ལྔའི་རྟོག་ཚོགས་ཤར༔ སླར་ཡང་སེམས་ཉིད་ནམ་མཁར་དག༔ དཔེར་ན་ནམ་མཁའི་སྤྲིན་བཞིན་དུ༔ རང་ཤར་རང་གྲོལ་སེམས་འབྱོངས་ན༔ རིག་པ་ཡེ་ཤེས་ཆོས་ཀྱི་སྐུ༔ འཕོ་འགྱུར་མེད་པར་ལྷུན་གྱིས་གྲུབ༔ ཟང་ཐལ་ཡེ་ཤེས་ཆེན་པོ་ལ༔ བར་དོ་བྱ་བ་ག་ལ་ཡོད༔ སྐུ་གསུམ་ཡེ་ཤེས་ངང་ལ་རྫོགས༔ དྲན་རྟོག་ཐུགས་སུ་རྫོགས་པའི་ཟིན་ཏིག་ྀཨཚ༔ རྒྱ་རྒྱ་རྒྱ༔
སེང་གདོང་མའི་སྒྲུབ་ཐབས་ (Volume 33, Text 5)
༄༅། །སེང་གདོང་མའི་སྒྲུབ་ཐབས་བཞུགས་སོ། ། དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང་། །འགྲོ་བའི་དོན་དུ་བྱང་ཆུབ་བསྒྲུབ། ཨོཾ་སྭ་བྷཱ་བ༴ རང་སེམས་ཧཱུྃ་གི་འཕྲོ་འདུ་ལས། །སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན། །གནམ་ལྕགས་འཁོར་ལོ་རྩིབས་སྟོང་དང་། །རྒྱ་གྲམ་མཁའ་འགྲོ་གྲི་གུག་དང་། །ཕུར་པ་དགྲ་སཏྭ་ཁ་ཊྭཱཾ་དང་། །རལ་གྲི་མེ་དཔུང་འབར་བའི་གུར། །བར་མཚམས་ལས་བྱེད་མཁའ་འགྲོས་གང་། །བར་ཆད་དགྲ་བགེགས་ཐལ་བར་བརླག །དེ་དབུས་གནམ་ལྕགས་སྒོ་མེད་མཁར། །གྲུ་བཞི་མེ་དཔུང་ཚྭ་ཚྭ་འཕྲོ། །དེ་ནང་གནམ་ལྕགས་མཆོད་རྟེན་དབུས། །གསེར་གྱི་རྡོ་རྗེའི་ལྟེ་བ་རུ། །ཉི་ཟླའི་ནང་དུ་འོད་ལྔའི་གུར། །དེ་དབུས་ཆོས་འབྱུང་པད་ཉི་རོ་ཡི་སྟེང་། །རང་ཉིད་ཡེ་ཤེས་མཁའ་འགྲོ་སྐུ་མདོག་མཐིང་། །སེང་ཞལ་དཀར་ཁྲོ་སྤྱན་གསུམ་གཡུ་རལ་སྔོ། །གྲི་ཐོད་ཁ་ཊྭཱཾ་བསྣམས་ཤིང་གར་སྟབས་འགྱིང་། །རྡོར་ཁྲབ་དུར་ཁྲོད་ཆས་བརྒྱད་དར་ནག་གསོལ། །ཕུང་ཁམས་སྐྱེ་མཆེད་བ་སྤུ་མཁའ་འགྲོས་གཏམས། །གནས་གསུམ་འབྲུ་གསུམ་ཧཱུྃ་ལས་འོད་འཕྲོས་པས། །ཡེ་ཤེས་པ་དང་དབང་ལྷ་སྤྱན་དྲངས་ཏེ། །ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། །དབང་ལྷས་དབང་བསྐུར་མི་བསྐྱོད་རྒྱས་གདབ་པའི། །ཐུགས་ཀར་ཉི་སྟེང་འཁོར་ལོའི་ལྟེ་བར་ཧཱུྃ། །བཅུ་བཞིའི་རྩིབས་སྟེང་སྔགས་ཕྲེང་གཡོན་དུ་འཁོར། །ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ ཨརྒྷཾ་སོགས། དཔལ་ལྡན་རྡོ་རྗེ་ལྷ་མོ་ནི། །སོགས་བསྟོད་པ་གང་རུང་བྱ། རྩིབས་ནང་དཀར་མོ་སྟོང་གིས་ནང་གཟིགས་སྲུང་། །གནས་གསུམ་འོད་ཀྱིས་འཁོར་འདས་མཐུ་བྱིན་བསྡུས། །བསྲུང་བྱ་ལ་ཐིམ་གཟི་བརྗིད་ནུས་མཐུ་རྒྱས། །ཨཿཀཿསཿམཿརཿཙཿཤཿཕཊཿ རྩིབས་ནང་ནག་མོ་སྟོང་གིས་ཕྱིར་གཟིགས་ཟློག །གཟུགས་སྣང་མཁའ་འགྲོ་སྒྲ་གྲགས་བཅུ་བཞི་པ། །སྲིད་གསུམ་གཡོ་འགུལ་དྲེགས་པ་སྔངས་ཤིང་བརྒྱལ། །ལས་བྱེད་མཁའ་འགྲོས་བྱད་མ་ལྷ་སྲུང་བཀུག །མཚོན་ཆའི་བར་བསྐྱུར་མཚོན་ཆ་གཡོན་དུ་འཁོར། །ཤ་ཁྲག་ཕྱེ་མར་སོང་བ་མཁའ་འགྲོས་གསོལ། །མཐེ་བོང་ཟངས་གྲི་མཛུབ་མོ་གཏན་པའི་བར། །དགྲ་མགོ་བྲེགས་པ་ཧོམ་ནང་གཤིན་རྗེས་མིད། །ལག་གཡས་ཉི་མ་རྩིབས་སྟོང་མེ་དཔུང་འབར། །གཡོན་པས་ཟླ་བ་རྩིབས་སྟོང་ཆུ་བོ་འབྲུབ། །བརྡབས་པས་བཅིར་བསྲེགས་བཀྲུས་ཐལ་གཤིན་རྗེས་ཟོས། །སྔགས་བཅུ་བཞི་སོགས། འོག་ཕྱོགས་བསད་ཁང་གྲུ་གསུམ་མེ་འབར་ནང་། །མཁའ་འགྲོས་དགྲ་བགེགས་བཀུག་ཅིང་མཚོན་ཆར་ཕབ། །རྣམ་ཤེས་ནག་ཐུམ་བསད་ཅིང་ལུས་སྲོག་གཏུབ། །ཡཿམཿརུཿཊཿཤཿདཿརཿསཿམཿརཿཡཿཕཊཿསོདཿསོདཿ རང་ལུས་རྩ་གསུམ་འཁོར་ལོ་བཞི་ལྡན་པའི། །སུམ་མདོར་ཉི་སྟེང་མཁའ་འགྲོ་སོར་གང་དམར། །དེ་ལས་མེ་བྱུང་སྤྱི་བོའི་དཀར་མོར་ཕོག །དེ་ལས་བདུད་རྩིའི་རྒྱུན་བབས་དགའ་བཞི་མྱོང་། །སྣོད་བཅུད་ཧཱུྃ་ཐིམ་དེ་ཡང་མི་དམིགས་པ། །སྟོང་གསལ་ཡེ་དྭངས་ཉིད་དེ་ནམ་མཁའ་འདྲ། །དགེ་བས་འགྲོ་ཀུན་རྡོ་རྗེ་འཆང་འགྲུབ་ཤོག །ཅེས་པ་འདིའི་གཞུང་ལུགས་མན་ངག་ཡུན་རིང་དུ་གོམས་པར་བྱས་པ་ཀརྨ་ཨ་རཱ་གས་སྦྱར་ཞིང་རང་གིས་ཀྱང་ཉམས་སུ་མྱོང་བར་བྱས་སོ།། །ྀཨཚ། ཧྲཱིཿཧཱུྃ་བྷྱོ་ཟློག་ཕཊཿཡཿརཿམཿསཿརཿདཿཤཿཙཿརཿམཿསཿཀཿཨཿ ཡ་མ་རུ་ཊ་ཤ་ད་ར་ས་མ་ར་ཡ་ཕཊཿསོད་སོདཿ ཨེ་ཀ་དུ་ན་རཀྵ། མ་ཧཱ་དུ་ན་རཀྵ། ཙ་དུར་སྙིང་ན་རཀྵ། ཙ་ར་དུ་ན་རཀྵ། སུ་ཏྲི་དུ་ན་རཀྵ། མ་ར་དུ་ན་རཀྵ། ཨེ་ཀ་དུ་ན་ཟློག །མ་ཧཱ་དུ་ན་ཟློག །ཙ་དུར་སྙིང་ན་ཟློག །ར་ཙ་དུ་ན་ཟློག །སུ་ཏྲི་དུ་ན་ཟློག །མ་ར་དུ་ན་ཟློག། །།
གུ་རུ་རིན་པོ་ཆེའི་ཚེས་བཅུའི་རྣམ་ཐར་གསོལ་འདེབས་བྱིན་རླབས་ཐིག་ལེ་ (Volume 11, Text 5)
གུ་རུ་རིན་པོ་ཆེའི་ཚེས་བཅུའི་རྣམ་ཐར་གསོལ་འདེབས་བྱིན་རླབས་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། སངས་རྒྱས་སྣང་བ་མཐའ་ཡས་སྐུ་ལས་སྤྲུལ། །འགྲོ་འདུལ་སྤྱན་རས་གཟིགས་དབང་གསུང་གི་འོད། །རྒྱལ་སྲས་ཀུན་གྱི་ཐུགས་ཀྱི་གསང་བ་འཛིན། །གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས། །གདོད་ནས་རང་བྱུང་མགོན་པོ་བདེ་བ་ཆེ། །སྲིད་ཞིའི་ཁྱབ་བདག་ཀུན་བཟང་གསང་བ་་་འདུས། །ཐོད་ཕྲེང་རྩལ་འཆང་ལོངས་སྤྱོད་ཡོངས་རྫོགས་སྐུ །སྤྲུལ་བསྒྱུར་བསམ་ཡས་འགྱེད་ལ་གསོལ་བ་འདེབས། །དུས་ཆེན་བཅུ་གཉིས་ཡར་ངོའི་ཚེས་བཅུ་ལ། །རྟེན་འབྲེལ་བཅུ་གཉིས་གནས་སུ་དག་པའི་སྐུས། །ཡན་ལག་བཅུ་གཉིས་གསུང་རབ་ཆོས་འཁོར་བསྐོར། །བདེན་དོན་བཅུ་གཉིས་ཐུགས་རྗེའི་ཡེ་ཤེས་རྒྱས། །མཚན་གྱི་རྣམ་གྲངས་ངོ་མཚར་བཅུ་གཉིས་གྲགས། །རྨད་བྱུང་མཛད་པ་ཆེན་པོ་བཅུ་གཉིས་བསྟན། །དངོས་གྲུབ་བཅུ་གཉིས་སྐལ་པ་བཞིན་དུ་སྩོལ། །རྣམ་ཐར་རྗེས་སུ་དྲན་པས་གསོལ་བ་འདེབས། །སྤྲེལ་ཟླའི་ཚེས་བཅུར་དྷ་ན་ཀོ་ཤའི་མཚོར། །ངོ་མཚར་རང་བྱུང་པདྨའི་སྙིང་པོར་འཁྲུངས། །མཚོ་གླིང་མཁའ་འགྲོ་རྣམས་ལ་ཆོས་འཁོར་བསྐོར། །གུ་རུ་མཚོ་སྐྱེས་རྡོ་རྗེར་གསོལ་བ་འདེབས། །ནད་གདོན་བགེགས་དང་འགལ་རྐྱེན་བར་ཆད་ཞི། །ཚེ་བསོད་དཔལ་རྒྱས་ཉམས་རྟོགས་མངོན་ཤེས་འཆར། །གུ་རུའི་ཞལ་མཐོང་ཆོས་ཐོས་དཔལ་གྱི་རིར། །སྐྱེས་ནས་ཐུགས་ཀྱི་སྲས་འགྱུར་བྱིན་གྱིས་རློབས། །སྟག་ཟླའི་ཚེས་བཅུར་ཨོ་རྒྱན་རྒྱལ་སར་ཕེབས། །ཨིནྡྲ་བྷཱུ་ཏིའི་སྲས་ཀྱི་སྐལ་པར་མཛད། །འོད་འཆང་ཁབ་བཞེས་འཁོར་ལོས་སྒྱུར་རྒྱལ་གྱུར། །གུ་རུ་པདྨ་རྒྱལ་པོར་གསོལ་བ་འདེབས། །གཟི་བརྗིད་སྟོབས་རྒྱས་ནད་རིགས་འབྱུང་འཁྲུགས་ཞི། །དབང་ལྔ་ལས་རུང་ཡིད་བདེ་སྤོབས་པ་མྱུར། །མི་དང་མི་མིན་རླུང་སེམས་དབང་དུ་འདུས། །བསམ་དོན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཡོས་ཟླའི་ཚེས་བཅུར་རྐྱེན་དང་བརྡས་བསྐུལ་ཏེ། །རྒྱལ་སྲིད་སྤངས་ནས་བསིལ་བའི་ཚལ་དུ་ཕེབས། །འབྲེལ་ཚད་དོན་ལྡན་སྦྱོར་སྒྲོལ་བརྟུལ་ཞུགས་གྲུབ། །ཤཱནྟ་རཀྵི་ཏ་ལ་གསོལ་བ་འདེབས། །མངའ་ཐང་ལོངས་སྤྱོད་འཕེལ་ཞིང་རྐང་འགྲོས་འདུ། །འགྲོ་ཀུན་དབང་འདུས་གཞི་བདག་བྲན་བཞིན་ཉན། །རྨི་ལམ་རྟགས་མཚན་བཟང་པོར་མཐོང་བ་དང་། །གྲུབ་གཉིས་གཏེར་ཁ་བརྡོལ་བར་བྱིན་གྱིས་རློབས། །འབྲུག་ཟླའི་ཚེས་བཅུར་ཀུན་དགར་རབ་ཏུ་བྱུང་། །ཤེས་བྱ་མཐར་ཕྱིན་མཁས་གྲུབ་དུ་མ་ལས། །མདོ་སྔགས་ཀུན་ཆུབ་ཤཱཀྱ་སེང་གེར་གྲགས། །བློ་ལྡན་མཆོག་སྲེད་ཞབས་ལ་གསོལ་བ་འདེབས། །འཆི་བདག་གཟའ་བདུད་སྡེ་བརྒྱད་གནོད་འཚེ་ཞི། །ཚུལ་ཁྲིམས་རྣམ་དག་བསླབ་གསུམ་ཡོངས་སུ་རྫོགས། །རིག་པའི་གནས་དང་མདོ་རྒྱུད་ཐམས་ཅད་ལ། །མཁྱེན་རབ་ཕྱོགས་མེད་རྒྱས་པར་བྱིན་གྱིས་རློབས། །སྦྲུལ་ཟླའི་ཚེས་བཅུར་ཟ་ཧོར་རྒྱལ་པོ་ཡིས། །མེར་བསྲེགས་མཚོར་སྒྱུར་པད་སྡོང་དབུས་སུ་བཞུགས། །ལྷ་ལྕམ་ཡུམ་བསྟེན་རྡོ་རྗེའི་སྐུ་རུ་གྱུར། །འཆི་མེད་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །གཟའ་སྐར་ཕྱོགས་ངན་དགྲ་རྐུན་གནོད་འཚེ་ཞི། །གཞི་བྱེས་ཀུན་ཏུ་བཀྲ་ཤིས་བདེ་ལེགས་འཕེལ། །དཀར་ཕྱོགས་སྲུང་མས་རྟག་ཏུ་སྡོང་གྲོགས་མཛད། །བསམ་རྒུ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །རྟ་ཟླའི་ཚེས་བཅུར་ཨོ་རྒྱན་བདུད་བློན་གྱིས། །བསྲེགས་ཀྱང་མ་ཚིག་ངོ་མཚར་རྫུ་འཕྲུལ་བསྟན། །བཀའ་འདུས་ཆོས་བསྟན་འཁོར་བཅས་བྱང་ཆུབ་བཀོད། །པདྨ་བཛྲ་རྩལ་ལ་གསོལ་བ་འདེབས། །བདུད་སྡེ་ལྷ་མིན་གདུག་པའི་ས་བདག་ཀླུའི། །གནོད་པ་ཀུན་ཞི་བསྒོ་བའི་བཀའ་ལ་ཉན། །ཆོས་སྐྱོང་སྲུང་མས་ཅི་བཅོལ་ལས་སྒྲུབ་ཅིང་། །འགོ་བའི་ལྷ་ཡིས་སྐྱོབ་པར་བྱིན་གྱིས་རློབས། །ལུག་ཟླའི་ཚེས་བཅུར་རྒྱ་གར་ལྷོ་ཕྱོགས་སུ། །མུ་སྟེགས་ལྷ་སྲུང་དང་བཅས་ཐལ་བར་བརླགས། །སངས་རྒྱས་བསྟན་པའི་རྒྱལ་མཚན་དགུང་དུ་ཕྱར། །སེང་གེ་སྒྲ་སྒྲོག་རྩལ་ལ་གསོལ་བ་འདེབས། །བར་ཆད་ཀུན་ཞི་ཚེ་དཔལ་ཡོན་ཏན་རྒྱས། །སྣང་བ་དབང་འདུས་ཕས་རྒོལ་རྩད་ནས་ཆོམས། །བདུད་བཞི་ལས་རྒྱལ་ཁམས་གསུམ་འགྲོ་ཀུན་ལ། །སྦྱིན་བཏང་ཕན་ཡོན་ཐོབ་པར་བྱིན་གྱིས་རློབས། །བྱ་ཟླའི་ཚེས་བཅུར་ཟངས་གླིང་མུ་སྟེགས་ཀྱིས། །གངྒཱའི་ཆུར་བསྐྱུར་གར་མཛད་ཆུ་བཟློག་པས། །གནས་ཡུལ་ཉེན་ཚེ་སྐྱབས་གསོལ་བསྟན་ལ་བཀོད། །གུ་རུ་མཁའ་ལྡིང་རྩལ་ལ་གསོལ་བ་འདེབས། །གཅོང་ནད་ཀུན་བྱང་འཁོར་མང་བསམ་དོན་འགྲུབ། །བང་མཛོད་འབྲུ་དང་མཁོ་རྒུའི་ཡོ་བྱད་འཕེལ། །སེམས་བདེ་ངག་ལ་ནུས་པ་འབར་བ་དང་། །ཏིང་འཛིན་མཆོག་གྱུར་སྐྱེ་བར་བྱིན་གྱིས་རློབས། ཁྱི་ཟླའི་ཚེས་བཅུར་མུ་སྟེགས་དུག་སྦྱོར་གྱིས། །མ་ཚུགས་བདུད་རྩིར་བསྒྱུར་ནས་གཟི་མདངས་འབར། །འཁོར་བཅས་དད་ཐོབ་ནང་གི་བསྟན་ལ་བཅུག །བདེ་ཆེན་ཉི་མ་འོད་ཟེར་ལ་གསོལ་བ་འདེབས། །ལོ་ཟླ་ཞག་དུས་ཀེག་དང་ལྟས་ངན་ཞི། །ཆོས་དང་ཐར་པའི་བར་དུ་གཅོད་པ་སེལ། །དབང་ཐང་ཀླུང་རྟ་གུད་སོགས་སོར་ཆུད་ཅིང་། །ཕྱོགས་ལས་རྣམ་པར་རྒྱལ་བར་བྱིན་གྱིས་རློབས། །ཕག་ཟླའི་ཚེས་བཅུར་བལ་ཡུལ་ལྷ་འདྲེ་རྣམས། །ཕུར་བུས་བཏུལ་ནས་ཡང་དག་སྒྲུབ་པ་མཛད། །ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་གྲུབ། །རྡོ་རྗེ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས། །གཤིན་རྗེ་མ་མོ་འབྱུང་པོའི་ནད་དང་གདོན། །གློ་བུར་ཡེ་འདྲོག་དུས་མིན་འཆི་བ་ཞི། །གཏད་སེལ་ལས་གྲོལ་ལྷ་འདྲེས་ཅི་བཅོལ་ཉན། །རང་ལུས་རྡོ་རྗེར་འགྱུར་བར་བྱིན་གྱིས་རློབས། །བྱི་ཟླའི་ཚེས་བཅུར་བོད་ཡུལ་ལྷ་འདྲེ་བཏུལ། །བསམ་ཡས་ལེགས་བཞེངས་དམ་ཆོས་སྒྲོན་མེ་སྦར། །སྐལ་ལྡན་རྗེ་འབངས་སྨིན་ཅིང་གྲོལ་བར་མཛད། །པདྨ་སཾ་བྷ་བ་ལ་གསོལ་བ་འདེབས། །ངག་འཁྱལ་ཚིག་རྩུབ་རྫུན་སྨྲས་སྐུར་པ་བཏབ། །ཉན་ཐོས་འདུལ་ཁྲིམས་བྱང་སེམས་བསླབ་པ་ཉམས། །གསང་སྔགས་དམ་ཚིག་འགལ་སོགས་ཉེས་ལྟུང་རྣམས། །བྱང་ཞིང་བདག་རྒྱུད་དག་པར་བྱིན་གྱིས་རློབས། །གླང་ཟླའི་ཚེས་བཅུར་མཆོད་ཡོན་བཀའ་བགྲོས་ཏེ། །གངས་ཅན་མཐའ་དབུས་གཏེར་ཁ་བྱེ་སྙེད་སྦས། །བསྟན་ཞབས་གཏེར་སྐྱོང་བཀའ་དྲིན་རྒྱུན་ཆད་མེད། །རྡོ་རྗེ་གྲོ་ལོད་རྩལ་ལ་གསོལ་བ་འདེབས། །དུས་མིན་འཆི་སོགས་འཕྲལ་རྐྱེན་མི་འབྱུང་ཞིང་། །འཕོས་མ་ཐག་ཏུ་བདེ་ཆེན་ཞིང་ཁམས་དང་། །པདྨ་འོད་དུ་གུ་རུའི་དྲུང་སྐྱེས་ནས། །འགྲོ་དོན་དཔག་མེད་འབྱུང་བར་བྱིན་གྱིས་རློབས། །ཚེས་བཅུ་ཀུན་ལ་ངོ་མཚར་མཛད་པ་རེས། །བྱིན་གྱིས་རླབས་ཕྱིར་མཆོད་ཅིང་གསོལ་འདེབས་ན། །མི་འདོད་ཀུན་ཞི་འཕྲལ་ཡུན་ལེགས་ཚོགས་རྣམས། །འགྲུབ་པའི་རྡོ་རྗེའི་གསུང་ཉིད་བསླུ་མེད་མཛོད། །ཚེས་བཅུ་བྱུང་རེས་བོད་དུ་ཕེབས་པ་ཡི། །ཞལ་བཞེས་རྗེས་དྲན་རྩེ་གཅིག་གུས་པ་ཡི། །གདུང་ཤུགས་དྲག་པོས་སྙིང་ནས་གསོལ་བ་འདེབས། །གདུལ་བྱ་ཡལ་བར་མ་འདོར་ཐུགས་རྗེ་ཅན། །སྙིགས་མའི་རྒུད་པས་གཙེས་པའི་བོད་འབངས་རྣམས། །མགོན་པོ་ཁྱོད་ལས་རེ་ས་གཞན་མེད་པས། །སྔོན་གྱི་ཐུགས་དམ་དུས་ལ་བབ་ལགས་ན། །ཡེ་ཤེས་ཆེན་པོའི་གཟིགས་པ་མ་གཡེལ་བར། །འཇིག་རྟེན་བདེ་ཞིང་དགེ་བའི་ཆོས་ལ་སྤྱོད། །བསམ་པའི་དོན་ཀུན་ཆོས་ལྡན་ཡིད་བཞིན་འགྲུབ། །དཀའ་བ་མེད་པ་རྡོ་རྗེའི་གསེང་ལམ་བགྲོད། །ཕྱམ་གཅིག་གདོད་མའི་ཀློང་དུ་གྲོལ་མཛད་གསོལ། །ཅེས་གངས་ཅན་པ་རྣམས་ཀྱིས་མི་བྱར་མི་རུང་བ་གུ་རུ་རིན་པོ་ཆེའི་དུས་ཆེན་ཚེས་བཅུའི་མཆོད་པ་དང་ཟུང་དུ་འབྲེལ་བའི་གསོལ་འདེབས་འདིའང་། རྗེ་བླ་མ་ཐམས་ཅད་མཁྱེན་པ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞལ་སྔ་ནས་ཚུལ་འདི་དགོས་པ་དང་གནད་གལ་ཆེ་བའི་རྒྱུ་མཚན་བཅས་བཀའ་ཡི་རྗེས་སུ་གནང་བ་ལྟར། རྗེ་ཉིད་ཀྱི་ཟབ་གཏེར་བླ་མ་སྐུ་བཞིའི་ལོ་རྒྱུས་དང་། ལྷོ་བྲག་མགོན་པོ་རིན་ཆེན་གྱི་གཏེར་བྱོན་ཚེས་བཅུའི་ཕན་ཡོན་དག་ལ་གཞི་བྱས་ཏེ། པདྨའི་རིག་འཛིན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་གུས་པ་ཆེན་པོས་བགྱིས་པ་དགེ་ལེགས་འཕེལ།། །།
ཚོགས་བསྡུས་ (Volume 67, Text 5)
རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ དབྱིངས་ཀྱི་བྷནྡྷར་རིག་པའི་ཚོགས་གཏོར་བཤམས༔ སྒྲོན་དྲུག་འཇའ་ཟེར་ཐིག་ལེའི་འདོད་ཡོན་བཀྲ༔ ངོ་མཚར་བསམ་མི་ཁྱབ་པའི་དམ་ཚིག་འདིས༔ རང་རིག་རྩ་བ་གསུམ་གྱི་ལྷ་ཚོགས་ལ༔ གཉིས་མེད་མཉམ་པའི་ངང་དུ་མཆོད་པ་འབུལ༔ རྟོག་པའི་གྲྭ་ཟུར་ཐིག་ལེ་ཆེན་པོར་བཤགས༔ གཟུང་འཛིན་དགྲ་བགེགས་སྐྱེ་མེད་དབྱིངས་སུ་སྒྲོལ༔ འཁྲུལ་སྣང་གཞི་ཐོག་སད་པའི་ཕྲིན་ལས་སྒྲུབས༔ ལྷུན་གྲུབ་སྣང་བཞིའི་ཡེ་ཤེས་མཐར་ཕྱིན་ནས༔ ཀ་དག་གཞོན་ནུ་བུམ་སྐུར་བྱང་ཆུབ་ཤོག༔ ཅེས་པའང་རང་ལོ་སུམ་ཅུ་རྩ་གསུམ་པ་མེ་བྱི་ཟླ་ ༡ ཚེས་ ༡༧ ལ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རང་ཉིད་ཁམས་འདུས་ཀྱི་རིམ་གྲོར་རྫོགས་ཆེན་པ་འཁྲུལ་ཞིག་རྡོ་རྗེས་མཁའ་འགྲོའི་ཚོགས་སྐོང་བརྒྱ་ཕྲག་བསྒྲུབས་པའི་ནུབ་ཀྱི་ཐོ་རང་རྨི་ལམ་དུ་བུད་མེད་ཅིག་གིས་ཚིག་འདི་ལྷང་ལྷང་འདོན་པར་ཐོས་པ་གཉིད་སད་པ་ནའང་མ་བརྗེད་པར་འདུག་པས་འཁྲུལ་སྣང་གི་རི་མོ་ཡི་གེར་བཏབ་པ་སྟེ། དེའི་ཕྱིར་ཉིན་ནས་ནད་ལས་གྲོལ་བའི་དགེ་མཚན་ཡང་བྱུང་ངོ་།། །། ༄༅། །རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། གུ་རུ་རྩ་གསུམ་ལྷ་ཚོགས་ལ། །འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལ། །དམ་ཚིག་ཉམས་ཆག་ཐམས་ཅད་བཤགས། །ཉོན་མོངས་དགྲ་བགེགས་ཞལ་དུ་བསྟབ། །ཕྲིན་ལས་རབ་འབྱམས་ལྷུན་གྲུབ་མཛོད། །ཚོགས་གཉིས་མྱུར་རྫོགས་དངོས་གྲུབ་སྩོལ། །གྷ་ཎ་ཙཀྲ་པཱུ་ཛ་ཧོཿ ཛྙཱ་ནས་སོ།། །།
རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར། མན་ངག་ཐམས་ཅད་ཀྱི་རྒྱལ་པོ་ཀློང་ལྔའི་ཡི་གེ་དུམ་བུ་གསུམ་པ་ (Volume 56, Text 5)
རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར། མན་ངག་ཐམས་ཅད་ཀྱི་རྒྱལ་པོ་ཀློང་ལྔའི་ཡི་གེ་དུམ་བུ་གསུམ་པ་བཞུགས་སོ༔ ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག ། རང་བྱུང་རིག་པའི་ལྷ་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་རྒྱལ་པོ་དང༔ ཚོར་བའི་རྒྱལ་པོ་དང༔ འདུ་ཤེས་ཀྱི་རྒྱལ་པོ་དང༔ འདུ་བྱེད་ཀྱི་རྒྱལ་པོ་དང༔ རྣམ་པར་ཤེས་པའི་རྒྱལ་པོ་རྣམས་གཅིག་ཏུ་བསྡུས་པའི་ཡེ་ཤེས་ཀྱི་སྐུ་བརྙེས་པ་དཔལ་ཧེ་རུ་ཀ་རྣལ་འབྱོར་གྱི་དབང་ཕྱུག་སིཾ་ཧེ་ཤྭ་ར་དེ་ཉིད༔ པདྨའི་རིགས་མཆོག་གར་གྱི་དབང་པོའི་ཞིང་ཁམས༔ བོད་ཁ་བ་ཅན་གྱི་ལྗོངས༔ ཡུལ་ལ་མིང་དུ་ཆགས་པ་འོ་ཡུག་ཤུག་པའི་གླིང་གི་མགོ༔ བཀྲ་ཤིས་ལ་ཟིལ་ཆེ་བ༔ བྱིན་ཆགས་ལ་རླུང་རིག་དྭངས་པ༔ མཁའ་འགྲོ་ཕྱི་གོང་རྫའི་ར་བ་སྨན་ཤིང་ནགས་ཀྱི་ཚལ་ཆེན་པོར་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་རྒྱ་མཚོ་ལ་སྙོམས་པར་ཞུགས་སོ༔ དེའི་ཚེ་དེའི་དུས་ན༔ ལན་གཅིག་སྟོན་ཟླ་ར་བའི་ཚེས་བཅུ་ལ་ཡེ་ཤེས་དང༔ ལས་དང༔ འཇིག་རྟེན་གྱི་མཁའ་འགྲོ་མ་སྤྲིན་བཞིན་དུ་གཏིབས་ནས་ཚོགས་ཀྱི་འཁོར་ལོའི་འདུ་བ་རྒྱ་ཆེན་པོ་ལ་ལོངས་སྤྱོད་པའི་ཚེ༔ ཨོ་རྒྱན་གྱི་ཌཱ་ཀིའི་གཙོ་མོ་དཔལ་གྱི་བློ་གྲོས་མས་རྡོ་རྗེའི་བལྟ་བས་བལྟས་ཏེ༔ ཕྱག་རྣལ་འབྱོར་གྱི་ལུགས་སུ་འཚལ་ནས་འདི་སྐད་ཅེས་གསོལ་ཏོ༔ ཨེ་མ་ཨེ་མ༔ མ་འོངས་པའི་ཚེ་ན་སྙིང་ཏིག་སྙིང་པོའི་རྣལ་འབྱོར་པ་རྣམས་ཀྱིས་ཉམས་ལེན་གྱི་མཐར་ཐུག་གང་ལ་བགྱི༔ ཕྲིན་ལས་ཀྱི་གཞུང་གང་ལྟར་བསྲང༔ སྙིང་པོའི་མཐར་ཐུག་གང་དུ་ལ་བཟླ་ཞེས་གསོལ་བ་ན༔ ཤྲཱི་ཧེ་རུ་ཀ་སིཾ་ཧེ་ཤྭ་ར་ཉིད་དར་ཅིག་དབྱིངས་ཀ་དག་ཟང་ཐལ་གྱི་ཏིང་འཛིན་ལ་སྙོམས་པར་ཞུགས་པས་སྐུ་མི་སྣང་བ་འོད་ཀྱི་རང་བཞིན་དུ་གྱུར་ཏོ༔ དེའི་ཚེ་མཁའ་འགྲོ་མ་རྣམས་ཀྱིས་མགྲིན་གཅིག་ཏུ་གདུང་བའི་དབྱངས་ཀྱིས༔ ཀྱེ་མ་ཀྱི་ཧུད་ཀྱེ་མ་བློང༔ སྟོན་པ་སྒྲོན་མེའི་འོད་ནུབ་ན༔ འཇིག་རྟེན་མུན་པ་གང་གིས་སེལ༔ ཡེ་ཤེས་སྐུ་ཡི་ཉི་མ་ཡིས༔ མ་རིག་འཐིབས་པོ་བསལ་དུ་གསོལ༔ རྡོ་རྗེའི་གསུང་གི་བདུད་རྩི་ཡིས༔ འཁོར་བའི་ཚ་གདུང་བསིལ་བར་མཛོད༔ ཅེས་གསོལ་བ་བཏབ་པས་ལྷུན་གྲུབ་རིག་རྩལ་གྱི་ཏིང་ངེ་འཛིན་ལ་འཕོས་པའི་དེ་མ་ཐག་པར་ཡེ་ཤེས་ཀྱི་སྐུ་མངོན་སུམ་དུ་སྣང་བར་མཛད་ནས་ཆོས་ཉིད་རྡོ་རྗེའི་རང་སྒྲ་འདི་སྐད་ཅེས་བཀའ་བསྩལ་ཏོ༔ ཨེ་མ་ཨེ་མ༔ མ་འོངས་པ་ཕྱི་མ་ཕྱི་མའི་དུས་ཀྱི་ཚེ་སྙིང་ཏིག་སྙིང་པོའི་དོན་ལ་སྦྱོར་བའི་རྣལ་འབྱོར་པ་རྣམས་ཀྱིས་ཚེ་འདི་ཁོ་ན་ལ་གྲོལ་བར་འདོད་ན་ལྕེ་བཙུན་སིཾ་ཧེ་ཤྭ་ར་བདག་ཉིད་བསྒོམ་པར་བྱའོ༔ དེ་ལ་ཐོག་མར་རིམ་པ་བྱ་སྟེ༔ དུར་ཁྲོད་དམ༔ རི་རྩེའམ༔ གངས་ལྟོངས་སམ༔ མཚོ་གླིང་སོགས་ཤིན་ཏུ་དབེན་ཞིང་ཟིལ་ཆེ་བའི་གནས་སུ་ཚེས་བཅུ་སོགས་དུས་ཁྱད་པར་ཅན་གྱི་ཚེ༔ སློབ་དཔོན་བདག་ཉིད་རང་བཞིན་གཞིའི་ཀུན་ཏུ་བཟང་པོ་ལས་བླ་མ་ཧེ་རུ་ཀའི་སྐུར་བཞེངས༔ སྟེགས་བུའི་དབུས་སུ་འོད་ལྔའི་དཀྱིལ་འཁོར་གྱི་སྟེང་བུམ་པ་ཨ་ཡིས་མཚན་པ༔ དེའི་སྟེང་དུ་བྷནྡྷ་བདུད་རྩིས་གང་བ་དང༔ རྡོ་རྗེ་སེམས་དཔའི་མེ་ལོང་རྣམས་བརྩེགས་མར་བཤམ༔ མཆོད་ཚོགས་རྒྱས་པར་འདུ་བྱ༔ དོན་གྱི་ཕྲིན་ལས་བསྲང་སྟེ་བདག་དང་རྫས་ནུས་ལྡན་དུ་བསྒྲུབས་ནས༔ དམ་ཚིག་བསྲུང་ཞིང་བསྒྲུབ་པར་ནུས་ངེས་པའི་སློབ་མ་གཅིག་གམ༔ གསུམ་མམ༔ བདུན་བོས་ལ་གསེར་གྱི་མེ་ཏོག་དང་བཅས་པའི་མཎྜལ་ཕུལ་ཞིང་གསོལ་བ་གདབ་པ་ནི༔ ཀྱེ་ཀྱེ་བླ་མ་འགྲོ་བའི་མགོན༔ བདག་ལ་ཐུགས་རྗེས་དགོངས་སུ་གསོལ༔ དྲི་མེད་བདུད་རྩིའི་ཆར་རྒྱུན་གྱིས༔ ཡེ་ཤེས་སྨིན་ཞིང་བསྐྱེད་དུ་གསོལ༔ གནས་ལུགས་རང་ཞལ་མཐོང་བ་དང༔ མངོན་སུམ་རིག་པ་བསྟན་དུ་གསོལ༔ ལན་གསུམ་དུ་ཞུ་འོ༔ དེ་ལ་སློབ་དཔོན་གྱིས༔ ཨེ་མ་རིགས་ཀྱི་བུ༔ རང་བཞིན་ཐེག་མཆོག་རྒྱལ་པོའི་སྒོར་ཞུགས་པ་ལ༔ དམ་ཚིག་གི་གནས་གཅན་འཕྲང་དང་འདྲ་བ་ནི་ཤིན་ཏུ་བསྲུང་བར་དཀའ་ན༔ སྲོག་ལ་བབས་ཀྱང་སྲུང་བར་ནུས་སམ༔ སྒྲུབ་པ་སྙིང་པོར་མི་བྱེད་ན༔ གདམས་ངག་ཆུད་འཛའ་ཞིང་མཁའ་འགྲོ་རྣམས་འཁྲུག་པར་འགྱུར་བས༔ རྩེ་གཅིག་ཏུ་བསྒྲུབ་པར་བགྱིད་དམ༔ ཞེས་དྲིས་པ་ལ༔ སློབ་མ་རྣམས་ཀྱིས་ཀྱང་ལེགས་པར་བརྟགས་ལ་ཁས་བླང་བ་ནི༔ ཨེ་མ་བླ་མ་རིན་པོ་ཆེ༔ ཐེག་མཆོག་རྒྱལ་པོའི་སྒོར་ཞུགས་ནས༔ སྲོག་ལ་བབས་ཀྱང་དམ་ཚིག་སྲུང༔ སྙིང་པོའི་སྒྲུབ་པ་ཚུལ་བཞིན་བགྱི༔ ཞེས་གསོལ་པ་ལ༔ བཛྲ་ས་མ་ཡ་ཨ་མྲྀཏ་ཋ་ཋ་ཋ༔ ཞེས་པས་དམ་ཚིག་གི་བདུད་རྩི་སྦྱིན༔ བཛྲ་ས་མ་ཡ་ན་ར་ཀན༔ ཞེས་རྡོ་རྗེའི་བྲོ་བོར་དུ་གཞུག་གོ༔ དེ་ནས་བླ་མས༔ ཨེ་མ་རིགས་ཀྱི་བུ་རྣམས༔ འདི་ལྟར་འདུས་བྱས་ཐམས་ཅད་ནི་མི་རྟག་པ་སྟེ་ཆུའི་ལྦུ་བ་ལྟ་བུ་འོ༔ འཁོར་བའི་བདེ་བ་ཐམས་ཅད་ནི་འཕྲལ་བདེ་བ་ལྟར་སྣང་ཡང་དོན་ལ་སྡུག་བསྔལ་ཏེ་དུག་གི་འབྲས་བུ་སྨིན་པ་ལྟ་བུ་འོ༔ རྐྱེན་སྣ་ཚོགས་པ་ཐམས་ཅད་ནི་ཟིན་པའི་དུས་མེད་པ་སྟེ་སྨིག་རྒྱུའི་ཆུ་ལ་སྙེག་པ་ལྟ་བུ་འོ༔ ཚེ་འདིའི་བྱ་བ་ཐམས་ཅད་ནི་རྣམ་པ་ཀུན་དུ་དོན་མེད་པ་སྟེ་གཉིད་ཐུན་གཅིག་གི་རྨི་ལམ་བཟང་ངན་ལྟ་བུ་འོ༔ ཐར་པ་དམ་པའི་འབྲས་བུ་ནི་ནམ་ཡང་སྡུག་བསྔལ་བར་མི་ལྡོག་སྟེ་འབྲུམ་ནད་བྱང་པའི་སྐྱེས་བུ་ལྟ་བུ་འོ༔ བླ་མ་དམ་པའི་གདམ་ངག་ནི་ཐར་པའི་ཁང་བཟང་དུ་འཛེག་པའི་ལམ་སྟེ་ཐེམ་སྐས་བཟང་པོ་ལྟ་བུ་འོ༔ རྣམ་པར་མི་རྟོག་པའི་བསམ་གཏན་ནི་ཏིང་ངེ་འཛིན་ཐམས་ཅད་སྐྱེ་བའི་གཞི་སྟེ་ཞིང་ས་དུལ་བ་ལྟ་བུ་འོ༔ ཨེ་མ་རིགས་ཀྱི་བུ༔ དེའི་ཕྱིར་ངེས་འབྱུང་གི་བློ་སྐྱེད༔ ལུས་སེམས་ཁོང་ལྷོད༔ མིག་ཧར་རེ་གཞག༔ སེམས་རྟོག་མེད་ཀྱི་ངང་དུ་དར་ཅིག་མཉམ་པར་འཇོག་མཛོད༔ དེ་ལ་སེམས་ཟིན་པ་ན༔ སྐྱབས་འགྲོ་དང་སེམས་བསྐྱེད༔ སྒྲིབ་སྦྱོང་ཚོགས་གསག་རྣམས་ཀྱི་ཐབས་ཀྱིས་གཟུང་ངོ༔ དེ་ནས་བླ་མའི་རིམ་པས་བྱིན་གྱིས་བརླབ་པར་བྱ་སྟེ༔ སྣང་སྲིད་ཐམས་ཅད་དུར་ཁྲོད་རོལ་པའི་ཞིང་ཁམས་ཆེན་པོའི་དབུས་སུ༔ སློབ་མ་དཔལ་ཧེ་རུ་ཀ་སིཾ་ཧེ་ཤྭ་ར༔ སྟེང་ན་བརྒྱུད་པའི་བླ་མ་བྱིན་འཐིབས་སེ་བཞུགས་པར་བསམ་ལ༔ ཤ་ཆེན་གྱི་སྤོས་བསྲེག༔ ཐོད་པའི་རྔ་སྒྲས་བསྐུལ་ཏེ་ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམ༔ མཐར་བརྒྱུད་པའི་བླ་མ་རྣམས་ཀྱང་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་པས་བྱིན་རླབས་ཀྱི་ཟིལ་འབར༔ སྣང་བ་བདེ་ཆེན་དུ་ཤར༔ ཤེས་པ་གཏད་མེད་ཟང་ཐལ་གྱི་ཉམས་སྐྱེས་པར་བསམ༔ འོ་མ་དང་བཅས་པའི་དྲིའི་ཐིག་ལེ་གནས་གསུམ་དུ་རེག་སྟེ༔ ཨོཾ་ཨཱཿཧཱུྃ༔ ཞེས་བརྟན་པར་བྱ་འོ༔ དེ་ནས་སྤྲོས་བཅས་བུམ་པའི་དབང་བསྐུར་བ་ནི༔ ཨོཾ༔ ཀ་དག་དབྱིངས་ཀྱི་བུམ་པ་ན༔ ལྷུན་གྲུབ་རིག་པའི་ལྷ་ཚོགས་བཞུགས༔ ཟུང་འཇུག་བདུད་རྩིའི་དབང་བསྐུར་བས༔ སྒོ་གསུམ་གཟུང་འཛིན་དག་པར་ཤོག༔ དབྱངས་གསལ་དང་རྟེན་འབྲེལ་སྙིང་པོ་བརྗོད༔ བུམ་ཆུ་གནས་བཞིར་གཏོར་ལ་ཁྲུས་བྱས་པས༔ ཕྱི་གཟུང་བའི་ཡུལ་འོད་ཕུང་དུ་དྭངས༔ ནང་འཛིན་པའི་སེམས་བདེ་ཆེན་དུ་གྲོལ༔ རྩ་གནས་ཐམས་ཅད་འོད་གསལ་བའི་ཡི་གེས་ཤིགས་སེ་གང་བར་བསམ་ལ༔ ཨོཾ་ཨོཾ་ཨོཾ༔ ཞེས་མི་ལྡོག་པར་རྒྱས་གདབ་བོ༔ དེ་ནས་སྤྲོས་མེད་བདུད་རྩིའི་དབང་ནི༔ ཨཱ༔ རྩ་རླུང་བྱང་སེམས་བྷནྡྷ་རུ༔ བདེ་ཆེན་ཡེ་ཤེས་བདུད་རྩིས་གཏམས༔ བརྡལ་ཁྱབ་ཆེན་པོའི་དབང་བསྐུར་བས༔ མཚན་མའི་རྟོག་པ་རང་གྲོལ་ཤོག༔ དབྱངས་གསལ་དང༔ ཨཱཿཨཱཿཨཱ༔ ཞེས་བརྗོད་ལ་བདུད་རྩི་བྱིན་པས༔ བདུད་རྩིའི་དྭངས་མ་སྤྱི་བོའི་འཁོར་ལོའི་དབུས་ཀྱི་ཐིག་ལེ་སྟོང་པའི་སྒྲོན་མ་ལ་ཐིམ༔ དེ་ལས་བདུད་རྩི་ཆེར་འཕེལ་བས་རྩ་གནས་ཐམས་ཅད་ཁྱབ་པས་བདེ་གསལ་རྣམ་པར་མི་རྟོག་པའི་ཉམས་སྐྱེས་པར་བསམ་ལ༔ རླུང་བུམ་པ་ཅན་དྲག་ཏུ་གཅུན༔ མཐར་རྩ་གནས་ཀྱི་ཡི་གེ་རྣམས་ཀྱང་འོད་གསལ་དུ་ཐིམ་པས་མཚན་མའི་རྟོག་པ་ཐམས་ཅད་དབྱིངས་སུ་ནུབ་པར་བསམ་ལ༔ ཨཱཿཨཱཿཨཱ༔ ཞེས་རྒྱས་གདབ་བོ༔ དེ་ནས་ཤིན་ཏུ་སྤྲོས་མེད་བརྡའི་དབང་ནི༔ སློབ་མ་རྣམས་ཀྱི་ལུས་རྡོ་རྗེ་རྩེ་ལྔ་མེ་འོད་འབར་བར་བསྒོམས་ལ་རྡོ་རྗེའི་འདུག་སྟངས་བྱ༔ ངག་ཏུ་ཧཱུྃ་གི་གླུ་བླང་ཞིང་སྣང་སྲིད་ཐམས་ཅད་ཧཱུྃ་གི་གཟུགས་སྒྲས་གང་བར་བསམ༔ ཡིད་དུས་གསུམ་གྱི་སྤྲོས་པ་བཅད་ལ་མཉམ་པར་གཞག༔ སླར་བླ་མས་ཕཊ྄་ཅེས་དྲག་ཏུ་བརྗོད་པས་ཉམས་དེ་ལས་སད་པ་ན༔ རིགས་དྲུག་གི་འགྲོ་བ་ཐམས་ཅད་ཀྱི་ལུས་ཀྱི་རྣམ་འགྱུར༔ ངག་གི་སྒྲ་སྐད༔ སེམས་ཀྱི་བདེ་སྡུག་ཐམས་ཅད་ཝལ་གྱིས་ཡིད་ལ་བྱས་ཏེ་སྐྱེ་འགག་གནས་གསུམ་དང་བྲལ་བའི་དབྱིངས་སུ་ངལ་གསོ་འོ༔ དེ་ནས་རྡོ་རྗེ་སེམས་དཔའི་མེ་ལོང་ལ་འཇའ་ཚོན་འཕྲོ་བ་བསྟན་ཏེ༔ ཧཱུྃ༔ མ་སྐྱེས་སྟོང་པ་ཤེལ་ལྟ་བུ༔ མ་འགགས་གསལ་བ་འཇའ་ཚོན་བཞིན༔ དབྱེར་མེད་རིག་པའི་སྙིང་པོ་ཅན༔ འོད་གསལ་ངེས་དོན་རྟོགས་པར་གྱིས༔ ྷྷ༔ ཞེས་ངོ་སྤྲད༔ མི་འགྱུར་བའི་གཟེར་གདབ་པའི་ཕྱིར༔ ལུས་དྲང་པོར་བསྲང༔ རླུང་རྩོལ་མེད་དུ་བཞག༔ མིག་བར་སྣང་དུ་ཧར་རེ་བལྟ༔ སེམས་ད་ལྟར་གྱི་ཤེས་པ་སྐད་ཅིག་མའི་ངང་དུ་འཛིན་མེད་ལྷུག་པར་འཇོག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་རྒྱས་གདབ་བོ༔ དེ་ནས་རབ་ཏུ་སྤྲོས་མེད་དོན་གྱི་དབང་ནི༔ དཔོན་སློབ་ཐམས་ཅད་ལུས་གཅེར་བུར་ཕྱུང༔ སློབ་དཔོན་མཉམ་གཞག་སྐྱིལ་ཀྲུང་དྲང་པོར་དགོངས་པ་ལ་གནས་པའི་ཐུགས་ཀར་ཨ་ཡིག་མཐིང་གསལ་མར་མེ་ལྟར་འབར་བ་ལ་སེམས་གཟུང་དུ་གཞུག༔ ཟིན་པ་ན༔ ཧཱུྃ་ཧཱུྃ་ཧཱུྃ་ཞེས་དྲག་པོས་བྱིན་དབབ༔ ཉམས་སྐྱེས་པ་ན་ཕཊ྄་ཅེས་འཕྲོ་བཅད་ལ་མ་བཅོས་པའི་ངང་དུ་གློད༔ དེའི་ཚེ་སེམས་ཉིད་སྟོང་པ༔ གསལ་བ༔ རིག་པའི་སྙིང་པོ་ཅན་དུ་མཐོང་བ་ནི་སྐུ་གསུམ་གྱི་དཀྱིལ་འཁོར་དུ་གཞུག་པའོ༔ དངོས་གཞིར་སློབ་མ་རྣམས་ལུས་འདུག་སྟངས་གསུམ་བྱ༔ ངག་རླུང་ཤིན་ཏུ་དལ་བར་བརྟེན༔ མིག་གཟིགས་སྟངས་གསུམ་གྱིས་དབྱིངས་ལ་གཟིར༔ དབྱིངས་རིག་དབྱེར་མེད་དུ་མཉམ་པར་འཇོག༔ སློབ་དཔོན་གྱིས་དགོངས་པ་མི་གཡོ་བའི་ངང་ནས༔ ཨ༔ སྐུ་གསུམ་བཞུགས་སྟངས་གཟིགས་སྟངས་ཀྱིས༔ དབང་པོའི་མཆོག་ནི་དབྱིངས་ལ་གཟིར༔ མངོན་སུམ་མཐོང་བ་གོང་འཕེལ་ནས༔ ཚད་ཕེབས་ཟད་སར་ཕྱིན་པར་འགྱུར༔ ཞེས་ངོ་སྤྲད༔ ཨ་ཨ་ཨ༔ ཞེས་མི་ལྡོག་པར་རྒྱས་གདབ་བོ༔ ཁྱད་པར་གྱི་བྱིན་རླབས་གུད་དུ་སྦས་པ་ནི༔ དབང་བཞི་སོ་སོའི་དངོས་གཞིའི་མཐར་བརྟན་བྱེད་དུ༔ སློབ་དཔོན་གྱི་སྐུ་ལས་སྐུ་གཉིས་པ་དང༔ མགྲིན་པ་ནས་ཨཱ་ལི་ཀཱ་ལི་དང༔ ཐུགས་ཀ་ནས་ཨ་དང༔ ཙིཏྟ་རིན་པོ་ཆེའི་སྦུབས་ནས་འོད་ལྔའི་གོང་བུ་ཚོན་གང་བ་རྣམས་སྤྲོས་ཏེ་སློབ་མའི་གནས་སོ་སོར་བསྟིམས་ལ་རྒྱས་གདབ་པར་བྱའོ༔ གཞན་ཡང་འདིའི་སྐབས་སུ་དཔོན་སློབ་གཉིས་ཀའི་རྒྱུད་དག་པ་ཤིན་ཏུ་གལ་ཆེ་བས་ཐོག་མར་བརྗོད་མེད་དོན་གྱི་བཤགས་པ་སོགས་ཀྱང་ནན་ཏན་དུ་གཅེས་སོ༔ དེ་ནས་རྗེས་ཚོགས་ཀྱི་རྫས་ལ་ལོངས་སྤྱོད་ཅིང་ལྷག་མ་བསྔོས་ཏེ་རྡོ་རྗེའི་གླུ་བླང་ཞིང་སྨོན་ལམ་རྒྱ་ཆེར་གདབ་བོ༔ འདི་ནི་གདམས་ངག་དབང་གི་ལུགས་སུ་གདབ་པ་ཞེས་བྱ་སྟེ་སྨིན་གྲོལ་གཉིས་ཟུང་དུ་འཇུག་པ་ཡིན་ནོ༔ ཨ དེ་ནས་བླ་མའི་བྱིན་རླབས་ལམ་དུ་བྱ་སྟེ༔ གནས་ཤིན་ཏུ་དབེན་པར་མཚམས་དམ་དུ་བཅད་ལ༔ སྔོན་འགྲོའི་སྦྱོང་བས་རྒྱུད་དག་པར་བྱ༔ རླུང་རོ་བསལ་ལ་ཤེས་པ་རྣལ་དུ་དབབ༔ ཀ་དག་གི་ངང་ལས་གཉུག་མའི་ལྷ་དང་བླ་མ་དབྱེར་མེད་པར་བདག་ཉིད་སིཾ་ཧེ་ཤྭ་ར་བསྒོམ་པར་བྱའོ༔ དེ་ལ་སེང་གེ་དང་པདྨ་ཉི་མའི་ལྟེ་བར་རྣལ་འབྱོར་སྤྱོད་པ་ཁྲོ་འཛུམ་སྒེག་པའི་ཉམས་ཅན་ཁ་དོག་དམར་ཞིང་མཉམ་གཞག་དང་སྐྱིལ་ཀྲུང་ཅན༔ དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ༔ བ་སྤུའི་ཁུང་བུ་ཐམས་ཅད་ནས་རྡོ་རྗེ་ཡེ་ཤེས་ཀྱི་མེ་ཁྲོ་ཆུང་གི་ཚོགས་དང་བཅས་པ་འཕྲོ་བས་བདུད་དང་བར་དུ་གཅོད་པ་ཐམས་ཅད་སྲེག་པར་མཛད་པ༔ འཁོར་དུ་བརྒྱུད་གསུམ་གྱི་བླ་མ་དང༔ དཔའ་བོ་དང༔ མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ༔ སྨིན་མཚམས་སུ་ཆོས་འབྱུང་གི་ནང་དུ་དགའ་བ་འཁྱིལ་བ་དྲག་ཏུ་འཁོར་བ༔ དེའི་ཐད་ཀའི་ནམ་མཁར་རིགས་ཀྱི་བདག་པོ་བི་མ་ལ་དགྱེས་ཡེ་རེ་བཞུགས་པ༔ སྣང་སྲིད་ཐམས་ཅད་འཇའ་ཟེར་ཐིག་ལེར་མེར་མེར་ཤིག་ཤིག་གཡོ་བར་གསལ་བཏབ་ལ༔ ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམ༔ མདུན་གྱི་བླ་མ་ལ་གསོལ་བ་གདབ་པ་ནི༔ འོད་གསལ་སྣང་བཞི་མཐར་ཕྱིན་ནས༔ རིག་པ་མི་འགྱུར་སྐུ་ལྔར་བཞེངས༔ འཇའ་ལུས་འཕོ་ཆེན་དྭངས་མའི་གཟུགས༔ འཆི་མེད་བི་མ་མི་ཏྲ་ཀྱེ༔ བདག་ལ་ཐུགས་རྗེས་བརྩེར་དགོངས་ནས༔ མངོན་སུམ་བྱིན་རླབས་དེང་སྩོལ་ཅིག༔ ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧཱུྃ་ཧཱུྃ༔ ཉམས་སྐྱེས་པ་ན་དབང་བཞི་བླངས་ནས༔ མཐར་འོད་དུ་ཞུ༔ སྨིན་མཚམས་ཀྱི་དགའ་བ་འཁྱིལ་བའི་དབུས་སུ་ཐིམ་པས་ཐིག་ལེ་དཀར་པོ་ཨ་ཡིག་གིས་མཚན་པ་སྲན་མ་ཙམ་དུ་གྱུར་པར་བསམ༔ སྤྲོས་པ་ལ་དགའ་ན་མཆོད་བསྟོད་སོགས་བྱ༔ ལྷའི་གསལ་སྣང་འཇའ་ཚོན་ལྟ་བུ་ལ་ཡུན་རིང་དུ་མཉམ་པར་འཇོག༔ མཐར་ཐིག་ལེ་ལ་སེམས་གཟུང༔ སྤྲོ་ན༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སིཾ་ཧེ་ཤྭ་ར་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དབྱངས་དང་བཅས་པའམ༔ ཇི་ལྟར་རིགས་པས་བཟླ༔ མཐར་རྡོ་རྗེའི་བཟླས་པ་དལ་བུ་ལ་སེམས་འཛིན༔ སྐྱོ་ན་སྨིན་མཚམས་ཀྱི་ཐིག་ལེ་ལས་འོད་ཟེར་འཕྲོས༔ དག་པའི་ཞིང་རབ་འབྱམས་ཐམས་ཅད་དུ་ཁྱབ༔ དེ་དག་ན་གནས་པའི་སྐྱབས་གནས་དཀོན་མཆོག་རྒྱ་མཚོ་ཐམས་ཅད་དང༔ ཁྱད་པར་དུ་འོད་གསལ་སྙིང་ཏིག་གི་བརྒྱུད་པའི་བླ་མ་རྣམས་ཀྱི་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་ཆར་དྲག་ཏུ་བབས་པ་ཙམ་དུ་སྤྱན་དྲངས་ནས་ཐིག་ལེ་ལ་ཐིམ་པས་ལུས་ཐམས་ཅད་ཁྱབ་པར་བསམ༔ ཡང་འཕྲོས་མ་དག་པའི་ཞིང་ཁམས་རབ་འབྱམས་ཐམས་ཅད་ལ་ཁྱབ༔ བརྟན་གཡོ་སྣོད་བཅུད་ཐམས་ཅད་དག་པའི་ཞིང་ཁམས་རབ་འབྱམས་སུ་བསྒྱུར་པར་བསམ་མོ༔ དེ་ནས་སྣོད་བཅུད་ཐམས་ཅད་རིལ་གྱིས་བསྡུས་ཏེ་རང་གི་ལུས་ལ་གཞུག༔ དེ་ཡང་བསྡུས་ཏེ་སྨིན་མཚམས་ཀྱི་ཐིག་ལེ་ལ་ཐིམ་པས་ཤིན་ཏུ་འོད་གསལ་བར་བསམ་ལ་སེམས་ཡུན་རིང་དུ་འཇོག་པས་རྣམ་རྟོག་གི་རྦ་རླབས་ཞི་བའི་ཏིང་ངེ་འཛིན་མུ་མཐའ་མེད་པར་སྐྱེ་འོ༔ མཐར་དེ་ཡང་འཇའ་ཚོན་མཁའ་ལ་ཡལ་བ་ལྟར་དམིགས་སུ་མེད་པའི་ངང་དུ་མཉམ་པར་འཇོག་གོ༔ དེའི་ཚེ་འདི་ལྟར་ངེས་པར་བྱ་སྟེ༔ འདི་ལྟར་སྣང་བ་ཐམས་ཅད་བློས་བཀོད༔ བྱུང་ཚོར་དང་བཅས་པའི་བློ་ནི་མེད་པ་གསལ་བར་སྣང༔ དེའི་དབྱིངས་ནི་བསམ་པའི་ཡུལ་ལས་འདས༔ སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རྟེན་མེད་པར་མཐོང་བ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཀ་དག་གཏིང་གསལ་འདུས་མ་བྱས་པའོ༔ དེ་ལྟར་ཁོང་དུ་ཆུད་པས་ནམ་མཁའ་རྣལ་འབྱོར་དུ་བྱ་སྟེ༔ མི་བསྒོམ་པའི་ཚུལ་གྱིས་དོན་དང་མི་འབྲལ་བ་ལ་བསླབ་བོ༔ ཚོགས་དྲུག་གི་སྣང་བ་བཀྲ་ལམ་གྱིས་ཤར་ན་དེ་ལ་མི་དཔྱོད་པར་ཆོས་ཉིད་རང་གི་ངོ་བོའི་ངང་དུ་རྩོལ་བ་གློད་ལ་ལས་ཟིན་པའི་སྐྱེས་བུ་ལྟར་སྤྱོད་དོ༔ དེའི་ཚེ་རླུང་སེམས་ཟིན་པའི་རྟགས་རྣམས་ཀྱང་རྩོལ་མེད་དུ་འབྱུང་ཞིང་འོད་གསལ་བའི་ལྷག་མཐོང་གྲུབ་པས་ཞི་བར་གནས་པ་ཉིད་དོ༔ རྣལ་འབྱོར་འདི་བདུན་ཕྲག་གཅིག་ཏུ་གཡེང་བ་ཐམས་ཅད་སྤངས་ཏེ་བསྒོམས་པས་ཀྱང་དངོས་སམ་ཉམས་དང་རྨི་ལམ་དུ་གྲུབ་པ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་བརྙེས་པ་བི་མ་མུ་ཏྲ་དང༔ བདག་ཉིད་སིཾ་ཧེ་ཤྭ་རས་ངེས་པར་བྱིན་གྱིས་བརླབ་སྟེ༔ དེའི་ཚེ་སྔར་མ་ཤེས་པའི་ཟབ་མོའི་ཚིག་དོན་མང་དུ་ཤེས་པ་དང༔ ཏིང་ངེ་འཛིན་གྱི་སྒོ་རྙེད་པར་གདོན་མི་འཚལ་ལོ༔ ཤ ལམ་གྱི་ཡན་ལག་ནི་འདི་དག་ཡིན་ཏེ༔ སྔོན་དུ་ལྟེ་འོག་སོར་བཞིའི་ཐད་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བསྒོམས་ལ་སྔགས་བཟླས་པའི་རྐྱེན་གྱིས་ཡེ་ཤེས་ཀྱི་མེ་འབར་བས་འཁོར་ལོ་བཞིའི་གནས་ཐམས་ཅད་ཁྱབ་པས་སྒྲིབ་པ་བཞི་བསྲེག་པར་བསམ་མོ༔ མཐར་སྤྱི་བོའི་ཧྃ་ཡིག་ལ་རེག་པས་སངས་རྒྱས་ཐམས་ཅད་འདུས་པའི་བདུད་རྩིའི་རྒྱུན་བྱུང་བས་འཁོར་ལོ་བཞིའི་གནས་གསོས་བཏབ་སྟེ་བླ་མ་སྐུ་བཞིའི་དཀྱིལ་འཁོར་མཆོག་ཏུ་མཉེས་པར་བསམ་ལ༔ མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་ཧཾ༔ ཞེས་བརྗོད་པར་བྱའོ༔ ཉིན་པར་དུས་སུ་སྒོ་ཡུལ་རླུང་རིག་གི་གནད་ལ་བརྟེན་ནས་རླུང་སེམས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་དྲྭ་བར་བཙུད་ལ་ལྷུན་གྲུབ་བསྒོམ་མོ༔ མཚན་མོ་སྙིང་དབུས་སམ་སྨིན་མཚམས་ཀྱི་ཐིག་ལེ་ཨ་ཡིག་དང་བཅས་པ་ལ་སེམས་རྩེ་གཅིག་ཏུ་གཟུང་ཞིང་འོད་གསལ་བ་བསྒོམ་མོ༔ ཐོ་རངས་ཧ་ཧ་ཞེས་རླུང་བསངས་ནས་ནམ་མཁའི་དཀྱིལ་དུ་རང་བྱུང་གསང་བ་ཆེན་པོའི་ཡི་གེ་ཨ་གསལ་ཞིང་འབར་བ་ལ་ཡིད་མིག་རླུང་གསུམ་མདུང་ཚུགས་སུ་གཏད་དེ་རིག་པ་གྲུངས་སུ་གཞུག་གོ༔ རྣམ་པ་ཀུན་ཏུ་རང་རིག་པ་སྐད་ཅིག་མའི་ངང་བསྐྱངས་པས་འཁྲུལ་པའི་རྟོག་ཚོགས་ཐམས་ཅད་སྤྲིན་ནམ་མཁའ་ལ་དེངས་པ་ལྟར་རང་གྲོལ་བ་ལ་བསླབ་བོ༔ ཚེ་འདི་ཉིད་ལ་གོ་འཕང་མཆོག་མ་འགྲུབ་ན་ནམ་མཁའ་སུམ་ཕྲུགས་ཀྱི་སྦྱོར་བས་མྱ་ངན་ལས་འདའ་བར་བྱའོ༔ ཡང་ན་རླུང་སེམས་ཐིག་ལེ་ཨ་ཡིག་དང་བཅས་པ་ལ་སེམས་རྩེ་གཅིག་ཏུ་བསྡུས་ཏེ་ཚངས་པའི་ལམ་ནས་བླ་མའི་ཐུགས་ཀར་བསྟིམས་ལ་མེ་རི་འབར་བ་ལ་སོགས་པར་གཤེགས་སུ་གསོལ་བར་བྱའོ༔ གལ་ཏེ་བར་དོའི་སྣང་བ་ཅི་ཤར་ཡང་རིག་པ་རང་མལ་ལས་མ་གཡོས་པ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གནད་དྲན་པར་བྱའོ༔ ཅུང་ཟད་སྤྲོས་པ་དང་བཅས་པས་ནི་ཚོགས་ཀྱི་འཁོར་ལོའི་འདུ་བ་ལ་སོགས་པ་ཇི་ལྟར་རིགས་པའི་དུས་སུ་ལོངས་སྤྱད་དོ༔ ཁྱད་པར་བཅོས་མ་མ་ཡིན་པའི་མོས་གུས་དྲགས་པོས་བླ་མ་ལ་ནན་ཏན་དུ་གསོལ་བ་གདབ་པ་ནི་གེགས་སེལ་དང་བོགས་འདོན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ༔ ངེས་འབྱུང་སྙིང་ལ་གཅག༔ མོས་གུས་རྩལ་དུ་འདོན༔ སྙིང་རྗེ་ཤས་མི་བཟོད་པ་དབྱུང༔ ཡུལ་གྱི་བདུད་རྩི་བརྟེན༔ སྤྲོས་པ་ནང་དུ་བསྡུ༔ རླུང་རྒྱ་ཡན་དུ་འཇོག༔ ལུས་གནད་དང་མ་བྲལ་བར་བྱ༔ དབང་པོའི་མཆོག་དབྱིངས་ལ་གཟིར༔ སྐབས་སྐབས་སུ་བུམ་པ་ཅན་འཇམ་པོ་གཟུང༔ དུས་རྟག་ཏུ་རིག་སྟོང་རྗེན་ནེ་བའི་ངང་གཟུང་ལ་གནད་དུ་གཏོང་ངོ༔ མདོར་བསྡུས་པའོ༔ སྤྲོས་པའི་སྒྲོ་འདོགས་ནི་སྙིང་ཏིག་ལས་ཆོད་པར་བྱའོ༔ ཞིབ་ཏུ་བླ་མ་ལས་མཉན་ནོ༔ ས དེ་ལྟར་ནན་ཏན་དུ་བརྩོན་པས་རབ་ཟླ་བ་དྲུག༔ འབྲིང་ལོ་གསུམ༔ ཐ་མའང་ལོ་བཅུ་གཉིས་ནས་ཟག་བཅས་ཀྱི་ཕུང་པོ་འོད་དུ་དེངས་པར་འགྱུར་རོ༔ སྒྲ་ཚིག་དབུ་མར་དེངས་པར་འགྱུར་རོ༔ རྟོག་ཚོགས་ནང་གསལ་དུ་དེངས་པར་འགྱུར་རོ༔ འདོད་ན་ལུས་དང༔ ངག་དང༔ ཡིད་ཐམས་ཅད་པའི་མཆོག་འགྲུབ་པར་འགྱུར་རོ༔ དེ་བས་ན་འདི་ཁོ་ན་ལྟར་བརྩོན་པར་བྱའོ༔ མ འདི་ནི་མ་འོངས་སྙིགས་མ་ལྔ་ཆེས་བདོ་ཞིང་བོད་ཁམས་ཀླ་ཀློའི་འཇུག་པས་བསྟན་ཞབས་སྡུད་པ་ལ་ཉེ་བ་ན༔ སྙིང་ཏིག་སྙིང་པོའི་དོན་ལ་མོས་པའི་རྣལ་འབྱོར་པ༔ ལྟར་སྣང་ཐ་མལ་བ་རྣམས་དང་ཤིན་ཏུ་མཉམ་པར་སྤྱོད་པ༔ གསང་བ་སུས་ཀྱང་བརྟག་པར་དཀའ་བ༔ ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཉམས་འོག་ཏུ་ཚུད་པས་གང་གིས་ཀྱང་ཟིལ་གྱིས་མི་ནོན་པ༔ སྨིན་མཚམས་སུ་དཔའ་བོའི་རྒྱ་རྟགས་ཀྱིས་སྤྲས་པ༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་བྱིན་གྱིས་བརླབས་པས་ཐུག་ཕྲད་ཤེས་རབ་ཀྱི་གཏེར་བརྡོལ་བ༔ ཁྱད་པར་ངེས་པའི་དོན་ལ་ངེས་ཤེས་རྙེད་ཅིང་བདག་དང་བདག་གི་བཀའ་སྲོལ་ཟོལ་མེད་པ་ཁོ་ན་ལ་མོས་པ་མི་འཕྲོག་པར་བརྟན་པ་འོད་གསལ་སྤྲུལ་པའི་རྡོ་རྗེ་ཞེས་བྱ་བ་དུས་རིང་མོ་ནས་འབྱུང་བར་འགྱུར་བའི་དོན་དུ་བསྟན་ཏོ༔ དེའི་ཕྱིར་དེའི་སླད་དུ༔ རེ་ཞིག་ཡེ་ཤེས་དབྱིངས་ཀྱི་དྷཱ་ཀི་མ་རྣམས་ཀྱིས་ཀློང་ལྔའི་ཡི་གེར་ཟུངས་ལ༔ དུས་སུ་བབས་པའི་ཚེ་གང་ཟག་དེའི་རྒྱུད་ལ་བྱིན་གྱིས་བརླབས་པས་སད་པར་གྱིས་ཤིག༔ སྐལ་ལྡན་ཅིག་ཅར་བའི་རིགས་ཅན་འགའ་ཞིག་ལ་ཕན་པར་འགྱུར་རོ༔ ཧ ཞེས་གསུངས་སོ༔ མན་ངག་གི་རྒྱལ་པོ་ཀློང་ལྔའི་ཡི་གེ་ལས༔ དུམ་བུ་དང་པོ་འོ༔ དེ་ནས་གཞན་ཡང་གསང་བ་དོན་གྱི་ཕྲིན་ལས་བཤད་པར་བྱ་སྟེ༔ ཨ༔ ཀ་དག་གཏིང་གསལ་ཆོས་ཀྱི་སྐུ༔ ལྷུན་གྲུབ་རིག་རྩལ་ལོངས་སྤྱོད་རྫོགས༔ དབྱེར་མེད་ཐུགས་རྗེ་སྤྲུལ་པའི་སྐུར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཧོ༔ གློ་བུར་འཁྲུལ་པའི་འགྲོ་བ་ཀུན༔ གདོད་ནས་རྣམ་དག་དབྱིངས་ཀྱི་ངང༔ ཡེ་ཤེས་རིག་པས་རང་གྲོལ་ཕྱིར༔ ཅོག་གཞག་ཆེན་པོར་སེམས་བསྐྱེད་དོ༔ ཨ༔ སྣང་བཞི་མཐར་ཕྱིན་བླ་མ་ལ༔ འདུ་འབྲལ་མེད་པར་ཕྱག་འཚལ་ལོ༔ རླུང་སེམས་དག་པའི་མཆོད་སྤྲིན་འབུལ༔ སྡིག་ལྟུང་འདུས་མ་བྱས་པར་བཤགས༔ གཉིས་འཛིན་བྲལ་བས་རྗེས་ཡི་རང༔ བརྗོད་མེད་ཆོས་འཁོར་བསྐོར་བཞིན་དུ༔ ཡོངས་གྲུབ་ཆེན་པོར་བཞུགས་གསོལ་འདེབས༔ དགེ་ཚོགས་འོད་གསལ་དབྱིངས་སུ་བསྔོ༔ ཨ༔ ཡིད་བྱེད་ལྟར་སྣང་བགེགས་ཀྱི་ཚོགས༔ རང་བཞིན་བདེན་མེད་གཏོར་མ་ལོངས༔ འཁོར་ཡུག་འོད་གསལ་ཕྱག་རྒྱ་ལས༔ མི་འདའ་རྡོ་རྗེའི་མཚམས་བཅད་དོ༔ ཧཱུྃ་ཧཱུྃ་ཨ༔ ཨ༔ ཡེ་ཤེས་དབྱིངས་ལས་རིག་པའི་རྩལ༔ ལྷུན་གྲུབ་ཆེན་པོར་བྱིན་བརླབས་པས༔ སྣང་སྲིད་གཞིར་བཞེངས་མཆོད་པའི་སྤྲིན༔ འཕེལ་འགྲིབ་བྲལ་བའི་རྒྱན་དུ་ཤར༔ ཨོཾ་ཨཱཿཧཱུྃ༔ ཨ་ལ་ལ་ཧོ༔ ཀ་དག་གཏིང་གསལ་དེ་བཞིན་ཉིད༔ ལྷུན་གྲུབ་ཀུན་སྣང་རིག་པར་ཤར༔ ཟུང་འཇུག་རྡོ་རྗེ་ལུ་གུ་རྒྱུད༔ ཟག་མེད་ཡེ་ཤེས་འབྱུང་བའི་རྒྱུ༔ ཆོས་ཉིད་མངོན་སུམ་ཡུམ་ལྔའི་ཀློང༔ ཉམས་སྣང་གོང་འཕེལ་གཞལ་ཡས་དབུས༔ རིག་པ་ཚད་ཕེབས་ཕྱག་རྒྱའི་གཟུགས༔ བློ་འདས་ཆོས་ཟད་ངོ་བོ་ཉིད༔ འཇའ་ལུས་འཕོ་ཆེན་རྡོ་རྗེའི་སྐུ༔ མ་འཁྲུལ་གདོད་མའི་ཧེ་རུ་ཀ༔ སིཾ་ཧེ་ཤྭ་ར་རྣལ་འབྱོར་དབང༔ དམར་སྨུག་ཁྲོ་འཛུམ་སྒེག་པའི་ཉམས༔ རྡོ་རྗེའི་སྐྱིལ་ཀྲུང་མཉམ་གཞག་ཅན༔ འོད་གསལ་ལྟ་སྟངས་དབྱིངས་ལ་གཟིར༔ དར་དང་རིན་ཆེན་རུས་པའི་རྒྱན༔ བརྟུལ་ཞུགས་གྲུབ་པའི་ཕྱག་རྒྱས་སྤྲས༔ བ་སྤུའི་ཁུང་བུ་ཐམས་ཅད་ནས༔ འོད་གསལ་རྡོ་རྗེའི་མེ་འོད་དང༔ རིག་རྩལ་ཁྲོ་ཆུང་སྐར་ལྟར་འཕྲོ༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ༔ སྣང་སྲིད་འོད་ལྔར་འཁྲུགས་པའི་དབྱིངས༔ རྩ་བརྒྱུད་བླ་མ་སྤྲིན་ལྟར་གཏིབས༔ ཡི་དམ་མཁའ་འགྲོ་བསམ་མི་ཁྱབ༔ རྡོ་རྗེའི་ཆོས་སྲུང་ལས་ལ་འདུ༔ སྨིན་མཚམས་ཆོས་ཀྱི་འབྱུང་གནས་དབུས༔ བདེ་ཆེན་ཐིག་ལེ་འོད་དུ་འབར༔ དེ་ཡི་ནམ་མཁར་ཐིག་ལེའི་ཀློང༔ གདོད་མའི་མགོན་པོ་བི་མ་ལ༔ དཀར་གསལ་གཟི་བརྗིད་མཚུངས་པ་མེད༔ ཤངས་རྩེར་སྐྱེ་མེད་ཨ་ཡིས་མཚན༔ མཉམ་གཞག་ཐོད་པ་བཅུད་བཀང་བསྣམས༔ དར་སྔོན་སྟོད་གཡོགས་ཆོས་གོས་གསོལ༔ མངོན་སུམ་བྱིན་བརླབས་འོད་ཀྱི་སྐུ༔ འཁོར་འདས་ཐམས་ཅད་ཟིལ་གནོན་པ༔ རིག་པ་རང་བྱུང་དཀྱིལ་འཁོར་ལྷ༔ སྣང་སྟོང་ཟུང་འཇུག་ཆེན་པོའི་ངང༔ མ་བཅོས་ཐིག་ལེ་གཅིག་ཏུ་འཁྱིལ༔ ཨ༔ རྩ་རླུང་ཐིག་ལེའི་རྟོག་ཚོགས་ཀུན༔ རྡོ་རྗེ་གསུམ་དུ་རྒྱས་གདབ་ཅིང༔ འོད་ལྔ་རྣམ་པར་དག་པའི་སྐུ༔ ཡེ་ཤེས་ལྔ་རུ་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨ༔ ངོ་བོ་ཆོས་སྐུའི་གཞལ་ཡས་ནས༔ ཀ་དག་བླ་མ་གཤེགས་སུ་གསོལ༔ རང་གྲོལ་ཆེན་པོར་བྱིན་ཕོབས་ལ༔ འཁྲུལ་པ་དག་པའི་དབང་མཆོག་སྐུར༔ རང་བཞིན་ལོངས་སྐུའི་ཞིང་ཁམས་ནས༔ ལྷུན་གྲུབ་བླ་མ་གཤེགས་སུ་གསོལ༔ རིག་རྩལ་ཆེན་པོར་བྱིན་ཕོབས་ལ༔ ཡེ་ཤེས་རྒྱས་པའི་དབང་མཆོག་སྐུར༔ ཐུགས་རྗེ་སྤྲུལ་སྐུའི་དཀྱིལ་འཁོར་ནས༔ དབྱེར་མེད་བླ་མ་གཤེགས་སུ་གསོལ༔ སྣང་སྲིད་གཞིར་བཞེངས་བྱིན་ཕོབས་ལ༔ འཇའ་ལུས་རྡོ་རྗེའི་དབང་མཆོག་སྐུར༔ ཧཱུྃ་ཧཱུྃ༔ ཡུལ་གྱི་མིང་ནི་བདེ་བ་ཆེ༔ མཁའ་འགྲོ་གསང་བའི་གནས་མཆོག་ནས༔ གདོད་མའི་མགོན་པོ་ཧེ་རུ་ཀ༔ སིཾ་ཧེ་ཤྭ་ར་གཤེགས་སུ་གསོལ༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ན༔ བྱིན་གྱིས་བརླབ་ཕྱིར་གནས་འདིར་དགོངས༔ གློ་བུར་འཁྲུལ་པའི་བར་ཆད་སོལ༔ འདུ་འབྲལ་མེད་པར་དབང་སྐུར་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཨ༔ དབྱིངས་ནས་སྤྱན་དྲངས་ཡེ་ཤེས་པ༔ རིག་རྩལ་ལས་བྱུང་དམ་ཚིག་གི༔ ཕྱག་རྒྱའི་དཀྱིལ་འཁོར་ཆེན་པོ་འདིར༔ བྱང་ཆུབ་བར་དུ་བརྟན་པར་བཞུགས༔ ཛྙཱ་ན་ཏིཥྛ་ཨ༔ ཨ༔ ནང་གསལ་གཞོན་ནུ་བུམ་སྐུ་ལས༔ རིག་པ་མི་འགྱུར་དཀྱིལ་འཁོར་ཤར༔ རང་ངོ་ཤེས་པའི་བརྡ་ཡི་ཕྱག༔ བླང་དོར་མེད་པའི་ངང་དུ་འཚལ༔ ཨ་ལ་ལ་ཧོ༔ ཨ༔ ཡུལ་དང་དབང་པོའི་རྟོག་ཚོགས་ཀུན༔ མཆོད་པའི་ཕྱག་རྒྱ་ཆེན་པོར་རྫོགས༔ རིག་པ་རང་སྣང་རྣམ་འཕྲུལ་གྱིས༔ ཆོས་དབྱིངས་རྒྱས་པར་བཀང་སྟེ་འབུལ༔ ཨོཾ་ཨཱཿཧཱུྃ་ཛྙཱ་ན་དྷཱ་ཏུ་པཱུ་ཛ་ཧོ༔ ཨ༔ སྣང་སྲིད་ཐམས་ཅད་ཀློང་ལྔའི་དབྱིངས༔ ཡེ་ཤེས་རང་གསལ་འདོད་ཡོན་ཚོགས༔ སྨན་གཏོར་རཀྟ་བྱང་ཆུབ་སེམས༔ གསལ་སྟོང་འདུས་མ་བྱས་པར་བཞེས༔ ཨོཾ་ཨཱཿཧཱུྃ༔ ཨ༔ ཀ་དག་ངང་དུ་ཆོས་ཀུན་སྦྱོར༔ ལྷུན་གྲུབ་རིག་པས་གཟུང་འཛིན་བསྒྲལ༔ ཟུང་འཇུག་འོད་གསལ་རྫོགས་པ་ཆེ༔ སྤང་བླང་བསལ་བཞག་བྲལ་བར་མཆོད༔ ཨ་ཨ༔ ཨོཾ༔ བརྟན་གཡོའི་གཟུགས་རྣམས་ཐམས་ཅད་ཀུན༔ སྣང་སྟོང་འདུས་མ་བྱས་པར་ཐིམ༔ ཟག་པ་ཟད་པའི་འོད་ཀྱི་ལུས༔ ཕྱག་འཚལ་ཡེ་ཤེས་སྐུ་མཆོག་ལ༔ ཨཱ༔ ཕྱི་ནང་སྒྲ་སྐད་ཇི་སྙེད་པ༔ གྲགས་སྟོང་འགྲོ་འོང་བྲལ་བར་ཐིམ༔ འབྱུང་བ་རང་དེངས་གཞོམ་མེད་སྐད༔ ཕྱག་འཚལ་རྡོ་རྗེའི་གསུང་མཆོག་ལ༔ ཧཱུྃ༔ གློ་བུར་གཟུང་འཛིན་རྟོག་པའི་ཚོགས༔ རིག་སྟོང་འོད་གསལ་དབྱིངས་སུ་ཐིམ༔ དྲན་པ་རང་གྲོལ་གཉུག་མའི་ཡིད༔ ཕྱག་འཚལ་གདོད་མའི་གནས་ལུགས་ལའོ༔ ཨ༔ ཨོཾ་ནི་ངོ་བོ་ཆོས་ཀྱི་སྐུ༔ ཨཱཿཡིག་རང་བཞིན་ལོངས་སྤྱོད་རྫོགས༔ ཧཱུྃ་ནི་ཐུགས་རྗེ་སྤྲུལ་པའི་སྐུ༔ བཛྲ་དབྱེར་མེད་བློ་འདས་དབྱིངས༔ གུ་རུ་ཡེ་ཤེས་བླ་མར་ཤར༔ སིཾ་ཧེ་ཤྭ་ར་འཇིགས་མེད་པ༔ དཀྱིལ་འཁོར་དབང་ཕྱུག་ཆེན་པོར་བཞེངས༔ སིདྡྷི་དབྱིངས་རིག་དངོས་གྲུབ་མཆོག༔ ཧཱུྃ་གིས་བདག་དང་གཉིས་སུ་མེད༔ ཕྱི་སྣོད་ཀློང་ལྔ་དབྱིངས་ཀྱི་དལ༔ ནང་བཅུད་ལྷུན་གྲུབ་རིག་པའི་ལྷ༔ སྒྲ་གྲགས་འགྲོ་འོང་བྱ་རྩོལ་བྲལ༔ དྲན་རྟོག་ཀ་དག་ཟང་ཐལ་ངང༔ མི་གཡོ་མི་སྨྲ་བསམ་བརྗོད་བྲལ༔ ཁྱབ་བརྡལ་ཆེན་པོའི་ངང་ནས་བཟླ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སིཾ་ཧེ་ཤྭ་ར་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ ཨ༔ ཆོས་ཉིད་མངོན་སུམ་བྷནྡྷ་རུ༔ ཉམས་སྣང་གོང་འཕེལ་ཚོགས་གཏོར་བཤམས༔ རིག་པ་ཚད་ཕེབས་འདོད་ཡོན་སྤྲིན༔ བློ་འདས་གདོད་མའི་ལྷ་ལ་འབུལ༔ མཆོད་པའི་ཕྱག་རྒྱ་ཆེན་པོར་བཞེས༔ ཡིད་བྱེད་མཚན་མའི་འཁྲུལ་པ་བཤགས༔ རླུང་སེམས་ཀ་དག་དབྱིངས་སུ་སྒྲོལ༔ རགས་ལུས་ལྷུན་གྲུབ་ཆེན་པོར་ཟློག༔ སྒོ་ཡུལ་རླུང་རིག་འོད་གསལ་ངང༔ སྣང་བཞི་མཐར་ཕྱིན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་ཛྙཱ་ན་ག་ཎ་ཙཀྲ་པཱུ་ཛ་ཧོ༔ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དུ༔ གདོད་ནས་དག་པའི་དཀྱིལ་འཁོར་པ༔ ཆོས་ཉིད་གསལ་ཁྱབ་ཆེན་པོའི་ངང༔ ཟག་མེད་བདེ་བའི་ཕྱག་རྒྱས་རོལ༔ ཨ་ལ་ལ་ཧོ༔ ཨ༔ སེམས་བྱུང་ལྟར་སྣང་ལྷག་སྡུད་ཚོགས༔ སེམས་ཉིད་སྐྱེ་མེད་ཚོགས་ལྷག་བཞེས༔ གཟུང་འཛིན་གློ་བུར་བར་ཆད་དང༔ འཁྲུལ་སྣང་ཞི་བའི་ཕྲིན་ལས་མཛོད༔ ཨ༔ དབྱིངས་ལས་ཡེ་ཤེས་རང་ཤར་བའི༔ ཨེ་ཀ་ཛཱ་ཊི་རལ་གཅིག་མ༔ འོད་གསལ་རིག་པ་ཟང་ཐལ་སྐུ༔ ཁྱབ་འཇུག་ཆེན་པོ་སྒྲ་གཅན་འཛིན༔ ཟུང་འཇུག་དྭངས་མའི་ཐིག་ལེ་འཛིན༔ རྡོ་རྗེ་དགྲ་འདུལ་ལེགས་པ་རྩལ༔ ཐུགས་རྗེའི་ཆོ་འཕྲུལ་བསམ་ཡས་པ༔ འབུམ་ཕྲག་དྲེགས་པའི་སྡེ་ཚོགས་ཀུན༔ དགོངས་བརྡ་སྙན་ནས་བརྒྱུད་པ་ཡི༔ རྒྱལ་བ་རིག་འཛིན་རྣལ་འབྱོར་དབང༔ ཇི་སྙེད་འདུས་པའི་ཚོགས་ཆེན་དང༔ འཁོར་འདས་ཟིལ་གནོན་ཧེ་རུ་ཀ༔ དཔལ་ཆེན་སིཾ་ཧེ་ཤྭ་ར་ཡིས༔ ཇི་ལྟར་བཀའ་བསྒོས་དམ་བཞག་བཞིན༔ དུར་ཁྲོད་རོལ་པའི་གནས་འདིར་སྤྱོན༔ ཁམས་ལྔ་དག་པའི་སྨན་ཕུད་དང༔ འབྱུང་ལྔའི་དྭངས་མ་བ་ལིཾ་ཏ༔ དུག་ལྔ་བསྒྲལ་པའི་དམར་ཆེན་པོ༔ དཔལ་གྱི་ཕམ་ཕབ་ཆེན་པོར་བཞེས༔ ཐེག་མཆོག་ལམ་དུ་ཞུགས་པ་ལ༔ གློ་བུར་བདུད་བཞིའི་བར་ཆད་ཟློག༔ འཁོར་འདས་རུ་ཤན་དབྱེ་བའི་ཚེ༔ གཟུང་འཛིན་འཁྲུལ་པའི་ས་བོན་སྒྲོལ༔ རིག་པ་ཀ་དག་བལྟ་བ་ལ༔ ཡིད་བྱེད་མཚན་མའི་རྟོག་པ་སྲུངས༔ རིག་རྩལ་མངོན་སུམ་སྣང་བའི་ཚེ༔ རླུང་སེམས་འགྱུ་བ་དབྱིངས་སུ་ནོན༔ མཐར་ཐུག་གཞི་དབྱིངས་གཉུག་མའི་ཀློང༔ གཞི་སྣང་རིག་པའི་ཕྲིན་ལས་སྒྲུབས༔ ས་མ་ཡ་ཧོ༔ ཨ༔ མངོན་སུམ་ཡེ་ཤེས་ལས་བྱུང་བའི༔ ཉམས་སྣང་གོང་འཕེལ་ཕོ་བྲང་ནས༔ ཚད་ཕེབས་དོན་གྱི་ལྷ་ཚོགས་ཀྱིས༔ བློ་འདས་ཆོས་ཟད་དངོས་གྲུབ་སྩོལ༔ ཨ༔ གཟུང་འཛིན་རྣམ་རྟོག་ལས་བྱུང་བའི༔ ལས་དང་ཉོན་མོངས་སྡིག་སྒྲིབ་ཀུན༔ རང་བཞིན་སྐྱེ་མེད་ངང་ཉིད་དུ༔ འཁོར་གསུམ་མཚན་མ་བྲལ་བར་བཤགས༔ ཨ༔ གཞི་སྣང་ཕྱག་རྒྱའི་དཀྱིལ་འཁོར་ལྷ༔ གཞི་དབྱིངས་གདོད་མའི་ཀློང་དུ་ཐིམ༔ སླར་ཡང་ཕྱིར་གསལ་གཟུགས་ཀྱི་སྐུ༔ དུས་གསུམ་དུས་མེད་རྟག་ཏུ་ཤར༔ ཨ་ཨ་ཨ༔ ལྷུན་གྱིས་གྲུབ་པའི་དགེ་ཚོགས་ཀུན༔ ཀ་དག་གཞོན་ནུ་བུམ་སྐུར་བསྔོ༔ ཟུང་འཇུག་ཁྱད་ཆོས་དྲུག་ལྡན་གྱི༔ ཡེ་ཤེས་ཆེན་པོར་རོ་གཅིག་ཤོག༔ ཧོ༔ ལྟ་བ་ངང་བཞག་བློ་ལས་འདས༔ ཆོས་ཀྱི་སྐུ་ཡི་བཀྲ་ཤིས་ཤོག༔ སྒོམ་པ་མངོན་སུམ་ཚད་ལ་ཕེབས༔ ལོངས་སྤྱོད་རྫོགས་སྐུའི་བཀྲ་ཤིས་ཤོག༔ སྤྱོད་པ་དབྱིངས་རིག་འདུ་འབྲལ་མེད༔ སྤྲུལ་པའི་སྐུ་ཡི་བཀྲ་ཤིས་ཤོག༔ འབྲས་བུ་གཞི་སྣང་ཐིག་ལེ་ཆེར༔ དབྱེར་མེད་ཆེན་པོའི་བཀྲ་ཤིས་ཤོག༔ འདི་ནི་རང་བཞིན་རྫོགས་པ་ཆེན་པོ་གསང་བ་མན་ངག་སྡེའི་ཀུན་བཟང་དོན་གྱི་ཕྲིན་ལས་རྡོ་རྗེ་སེམས་དཔའི་གསང་ཚིག་གོ༔ མན་ངག་གི་རྒྱལ་པོ་ཀློང་ལྔའི་ཡི་གེ་ལས༔ དུམ་བུ་གཉིས་པའོ༔ དེ་ནས་གསང་བ་ངེས་པའི་གནད་ཐམས་ཅད་གཅིག་ཏུ་བསྡུས་པ་མཐར་ཐུག་ཏུ་ལ་བཟླ་བའི་ཚིག་ཕྱི་མའི་ཕྱི་མ་ནི་འདི་འོ༔ ཨེ་མ་ཨེ་མ་མ་འོངས་པའི་སྐལ་ལྡན་རྣམས་སྙིང་ཏིག་སྙིང་པོའི་དོན་ལ་བསླབ་པར་འདོད་ན༔ གསང་བའི་གནད་གསུམ་གྱིས་ཉམས་སུ་བླང་བར་བྱའོ༔ ཨ་ཨ་ཨ༔ སྔོན་འགྲོ་འཁྲུལ་གཞི་རྩད་ནས་གཅོད་པའི་གནད༔ དངོས་གཞི་འཁྲུལ་པ་རང་སར་གྲོལ་བའི་གནད༔ རྗེས་འཁྲུལ་སྣང་ཡེ་ཤེས་སུ་རང་ཤར་བའི་གནད་དོ༔ ས་མ་ཡ༔ སྔོན་འགྲོ་འཁྲུལ་གཞི་རྩད་ནས་གཅོད་པའི་གནད་ནི༔ ལུས་མི་འགྱུར་བ་རྡོ་རྗེའི་འདུག་སྟངས་ལ་གནས་པར་བྱའོ༔ ངག་མི་སྨྲ་བ་ཧཱུྃ་གི་རང་སྒྲར་འཆར་བར་བྱའོ༔ ཡིད་མ་ཡེངས་པར་བྱུང་གནས་འགྲོ་གསུམ་གཏན་ལ་དབབ་པར་བྱའོ༔ དེ་ཐམས་ཅད་དབྱིངས་ལས་བྱུང་ཞིང་དབྱིངས་སུ་བསྐྱལ་ལ་དབྱིངས་ལས་མ་གཡོས་པ་ནི་གནད་དོ༔ ས་མ་ཡ༔ དངོས་གཞི་འཁྲུལ་པ་རང་སར་གྲོལ་བའི་གནད་ནི༔ ལུས་མི་འགྱུར་བ་རི་བོ་ཅོག་གཞག་གིས་གཞི་གཟུང་ངོ༔ ངག་མི་སྨྲ་བར་རྒྱ་མཚོ་ཅོག་གཞག་ཨར་ལ་གཏད་དོ༔ སེམས་མ་ཡེངས་པར་རིག་པ་ཅོག་གཞག་ལ་བཟླ་འོ༔ དེ་ཐམས་ཅད་ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་པ་ནི་གནད་དོ༔ ས་མ་ཡ༔ རྗེས་འཁྲུལ་སྣང་ཡེ་ཤེས་སུ་རང་ཤར་བའི་གནད་ནི༔ ལུས་མི་གཡོ་བ་བཞུགས་སྟངས་གསུམ་གྱིས་གཞི་གཟུང་ངོ༔ ངག་མི་སྨྲ་བར་གཟིགས་སྟངས་གསུམ་གྱིས་ཨར་ལ་གཏད་དོ༔ སེམས་མ་འཁྲུལ་བར་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྦུབས་སུ་གཞུག་གོ༔ དེ་ཐམས་ཅད་ཀྱང་དབྱིངས་དང་རིག་པ་དབྱེར་མེད་པར་མཉམ་པར་སྦྱར་བ་ནི་གནད་དོ༔ ས་མ་ཡ༔ ཨ་ཨ་ཨ༔ ཨེ་མ་སྨྱོན་པ་སེང་དབང་ང༔ ལས་ཀྱི་རླུང་ཟད་ཡེ་ཤེས་རྒྱས༔ མ་རིག་སྒོ་ངའི་སྦུབས་ལས་གྲོལ༔ རང་རིག་འོད་གསལ་སྦུབས་སུ་ཞུགས༔ སྒོ་གསུམ་གྱི་འཁྲུལ་པ་ཞིག་ཙ་ན༔ འཁྲུལ་གཞི་ཐམས་ཅད་ཡ་རེ་ཆ༔ འཁྲུལ་སྣང་གི་མདུད་པ་ཆོད་ཙ་ན༔ སེམས་འཛིན་ཟེར་བ་ཐང་རེ་ཆད༔ འཁྲུལ་པ་ཡེ་ཤེས་སུ་ཤར་ཙ་ན༔ དག་སྣང་ཐམས་ཅད་བསླུ་བའི་ཆོས༔ ཐམས་ཅད་དབྱིངས་སུ་ཐིམ་ཙ་ན༔ ཅི་ཡང་མ་ཡིན་ཅིར་ཡང་འཆར༔ ཨེ་མ་ཨེ་མ་དམ་པའི་སྐུ་དྲིན་ལགས༔ ཨེ་མ་འདའ་ཀའི་ཚིག་འདི་སྙིང་པོའི་དོན༔ སྙིང་ཕྱུང་ལག་མཐིལ་བཞག་པ་འདི་ལས་མེད༔ ཚིག་གི་ཐ་མ་དུས་མཐར་སྣང་བར་ཤོག༔ ཟག་པ་རང་ཟད་འབྱུང་བ་རང་སར་དེངས༔ དྲན་པ་རང་གྲོལ་ཟང་ཐལ་འོད་ཀྱི་ལུས༔ སེང་གེ་དབང་ཕྱུག་ཉིད་དང་མཉམ་པར་ཤོག༔ ཅེས་གསུངས་ནས་འོད་གསལ་ཐིག་ལེ་ཆེན་པོ་ཡི་གེ་མེད་པའི་དབྱིངས་སུ་སྙོམས་པར་ཞུགས་སོ༔ མན་ངག་གི་རྒྱལ་པོ་ཀློང་ལྔའི་ཡི་གེ་ལས༔ དུམ་བུ་གསུམ་པའོ༔ ས་མ་ཡ༔ སིཾ་ཧེ་ཤྭ་ར་ཡེ་ཤེས་སྐུའི༔ རྡོ་རྗེའི་ཞལ་ཆེམས་གནད་གཟེར་འདི༔ ཕྱི་རབས་ལས་ལྡན་སྐྱེས་བུས་ཀྱང༔ དབང་བཞིའི་དུས་སུ་སློབ་མ་ལ༔ རིག་རྩལ་ངོ་སྤྲོད་མགུར་དུ་གདབ༔ ཁྲིད་ཀྱི་དུས་སུ་ཉམས་ལེན་གྱི༔ ས་བཅད་མདོ་ཆིངས་ཉིད་དུ་བྱ༔ ཉམས་ལེན་དུས་སུ་མི་འབྲལ་བར༔ གསེར་གྱིས་བྲིས་ཏེ་གཙུག་ཏུ་འཆང༔ དུས་རྣམས་ཀུན་ཏུ་གདམ་ངག་གི༔ རྒྱབ་ཡིག་གཅུད་ཕུར་ཆེན་པོར་ཟུངས༔ མཐོང་བས་ཉམས་ཀྱི་བབ་འབྱུང་ན༔ འཆང་བས་དངོས་གྲུབ་སྟེར་བ་དང༔ བསྒོམས་པས་གྲོལ་བ་སྨྲོས་ཅི་དགོས༔ དེ་ཕྱིར་སྙིང་ཏིག་མཐར་ཐུག་གོ༔ ཞེས་ཡེ་ཤེས་ཀྱི་མཁའ་འགྲོ་མ་དཔལ་གྱི་བློ་གྲོས་མས་གསུངས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ དྷ་ཐིམ༔ འོད་གསལ་སྤྲུལ་པའི་རྡོ་རྗེས་གསང་བའི་གནས་རྗེས་སུ་དྲན་པའི་ཆོ་འཕྲུལ་གྱིས་གཏན་ལ་ཕབ་པ་སྟེ། འདིའི་སྣོད་དུ་གྱུར་པ་ཐམས་ཅད་འོད་གསལ་ཐེག་པ་མཆོག་གི་ལམ་ཁོ་ནས་གཞི་སྣང་ཐིག་ལེ་ཆེན་པོར་མྱུར་དུ་ཕྱིན་པར་གྱུར་ཅིག། །།
རྩ་གསུམ་འོད་གསལ་སྙིང་ཏིག་ལས། ཡང་གསང་བླ་མ་དྲག་པོ་ཡི་དམ་དགོངས་འདུས་རྒྱུན་ཁྱེར་ (Volume 63, Text 5)
རྩ་གསུམ་འོད་གསལ་སྙིང་ཏིག་ལས། ཡང་གསང་བླ་མ་དྲག་པོ་ཡི་དམ་དགོངས་འདུས་རྒྱུན་ཁྱེར་བཞུགས། །ན་མོ་གུ་རུ་པདྨ་ཀྲོ་དྷ་ཡེ། བླ་མ་དྲག་པོ་ཡི་དམ་དགོངས་འདུས་རྒྱུན་གྱི་རྣལ་འབྱོར་དུ་བརྩོན་པར་འདོད་པས། དང་པོ་སྐྱབས་སེམས་ནི། ཧཱུྃ༔ བདེར་གཤེགས་ཀུན་འདུས་ཐོད་ཕྲེང་རྩལ༔ པདྨ་དྲག་པོར་སྐྱབས་སུ་མཆི༔ འགྲོ་ཀུན་བྱང་ཆུབ་འཐོབ་བྱའི་ཕྱིར༔ བསྐྱེད་རྫོགས་ཟུང་འཇུག་ཕྲིན་ལས་བསྒྲུབ༔ ལན་གསུམ། གཉིས་པ་དངོས་གཞི་བསྐྱེད་བཟླས་ནི། ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན༔ གདོད་ནས་སྤྲོས་བྲལ་དེ་བཞིན་ཉིད༔ ཀུན་སྣང་སྙིང་རྗེ་ཁྲོས་པའི་རྩལ༔ རྒྱུ་ཡི་ཏིང་འཛིན་ཡི་གེ་ཧཱུྃ༔ དེ་ལས་འོད་འཕྲོས་འཕགས་པ་མཆོད༔ སྡེ་བརྒྱད་འབྱུང་པོ་བརླག་ཅིང་གཟིར༔ འགྲོ་ཀུན་སྒྲིབ་སྦྱངས་སྣོད་དང་བཅུད༔ འོག་མིན་པདྨ་བརྩེགས་པའི་ཞིང༔ རབ་འཇིགས་དུར་ཁྲོད་འབར་བའི་ཀློང༔ དྲག་པོའི་གཞལ་ཡས་མཚན་ཉིད་རྫོགས༔ དེ་དབུས་རང་རིག་ཧཱུྃ་དམར་ནག༔ ཡོངས་གྱུར་སྐད་ཅིག་དྲན་རྫོགས་སུ༔ དྲེགས་པ་པད་ཉི་ཟླ་བའི་སྟེང༔ དབྱིངས་དང་ཡེ་ཤེས་དབྱེར་མེད་པའི༔ བདེ་གཤེགས་ཀུན་འདུས་ཆེ་བའི་མཆོག༔ འཇིགས་བྱེད་པདྨ་ཧེ་རུ་ཀ༔ དམར་སྨུག་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་རྡོ་རྗེ་ནམ་མཁར་འཕྱར༔ རྩེ་ལས་སྤྲུལ་པའི་ལྕགས་སྡིག་འཕྲོ༔ གཡོན་པས་ཕུར་པ་བགེགས་ལ་གཟིར༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཞབས་གཉིས་དོར་སྟབས་ཚུལ་གྱིས་བཞུགས༔ ཤེས་རབ་དབྱིངས་ཕྱུག་ཁྲོས་པའི་ཡུམ༔ རྡོ་རྗེ་དུང་ཁྲག་བསྣམས་པས་འཁྲིལ༔ གར་དགུའི་གཟི་བྱིན་མཆོག་ཏུ་འབར༔ བདེ་ཆེན་འཁོར་ལོར་ཐོད་ཕྲེང་རྩལ། །མགྲིན་པར་པདྨ་བཛྲ་དང་། །ཐུགས་ཀར་ཆེ་མཆོག་ཧེ་རུ་ཀ༔ ལྟེ་བར་ཡེ་ཤེས་ཌཱ་ཀི་ལྔ། །གསང་གནས་མགོན་པོ་མ་ནིང་ནག །འཁོར་དུ་རྩ་གསུམ་དྲེགས་སྡེས་བསྐོར། །ཡེ་ཤེས་ཁྱུང་གི་ཚྭ་ཚྭ་འཕྲོ། །གནས་གསུམ་རྡོ་རྗེའི་ཡི་གེས་མཚན། །གདོད་ནས་དམ་ཡེ་གཉིས་སུ་མེད། །ཅེས་གསལ་སྣང་རྩེ་གཅིག་ཏུ་བཏོན་ལ། ཧཱུྃ༔ བདག་ཉིད་དྲག་པོའི་ཐུགས་ཀ་རུ༔ ཀུན་བཟང་ཆེ་མཆོག་ཧེ་རུ་ཀའི༔ ཐུགས་དབུས་པདྨ་ཉི་ཟླའི་སྟེང༔ རྡོ་རྗེ་རྩེ་དགུའི་ལྟེ་བར་ཧཱུྃ༔ མཐའ་བསྐོར་སྔགས་ཕྲེང་གཡས་སུ་འཁོར༔ དེ་ལས་འོད་ཟེར་ཕོ་ཉ་ཡིས། །རྒྱལ་མཆོད་སྒྲིབ་སྦྱངས་སྡེ་བརྒྱད་གཟིར། །སྣང་གྲགས་སྐུ་གསུང་ཐུགས་སུ་རྫོགས། །ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་ཀྲོ་དྷ་ཨརྩིག་ནིརྩིག་སརྦ་སིདྡྷི་ཧཱུྃ་ཕཊ྄༔ གཙོ་བོར་བཟླ། སྤྲོ་ན་རྩ་གསུམ་ཡོངས་རྫོགས་ཀྱི་བཟླས་པ་ནི། སླར་ཡང་ཐུགས་སྲོག་ཧཱུྃ་འོད་ཀྱིས། །འཁོར་ལོ་རྣམ་ལྔའི་ལྷ་ཚོགས་བསྐུལ། །མཉམ་སྦྱོར་སེམས་རྒྱུན་དབང་བཞི་ཐོབ། །བྱང་སེམས་ཧཱུྃ་གི་སྤྲིན་འཕྲོས་པས༔ འཕགས་མཆོད་འགྲོ་ཀུན་སྒྲིབ་གཉིས་སྦྱང༔ གང་འདུལ་ཕྲིན་ལས་ལྷུན་གྱིས་གྲུབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་སརྦ་ཌཱ་ཀི་ནཱི་ཧཱུྃ་བྷྱོ་ཧཱུྃ་ཕཊ྄༔ ཅེས་བཟླ། ཡང་གསང་ཧཱུྃ་བཟླས་ནི། བདག་ཉིད་བདེར་གཤེགས་ཡོངས་རྫོགས་ཀྱི༔ ཐུགས་ལས་འོད་འཕྲོས་ཧཱུྃ་དུ་གྱུར༔ སྐུ་ཡི་དབྱིབས་བརྒྱུད་ཞལ་ནས་ཐོན༔ སྣང་སྲིད་སྣོད་བཅུད་ཧཱུྃ་སྒྲས་ཁེངས། །དྲག་པོ་རིགས་ལྔས་བརྟན་གཡོ་ཁྱབ། །འོད་ཟེར་རྣམ་ལྔས་ལས་བཞི་སྒྲུབ། །ཐམས་ཅད་ཀ་དག་ཆེན་པོར་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ཅི་ནུས་བཟླ། གསུམ་པ་རྗེས་རིམ་ནི། མཐར་ནི་སྣོད་བཅུད་ཧཱུྃ་ལ་བསྡུ༔ དེ་ཡང་མི་དམིགས་སྟོང་གསལ་ངང༔ རང་རིག་ཡེ་གྲོལ་གཉུག་མའི་གཤིས༔ སྣོད་བཅུད་ལྷ་སྔགས་ཆོས་སྐུར་ཤར། །དགེ་བ་འདི་ཡིས་མྱུར་དུ་བདག །པདྨ་དྲག་པོ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་ཤིས་བརྗོད་དང་། རྡོ་རྗེ་གསུམ་གྱི་ལམ་ཁྱེར་ལ་བསླབ་པར་བྱའོ། །ཞེས་པའང་ཕྱི་རྒྱལ་ཕ་རན་སིའི་སྒྲུབ་པ་པོ་པདྨ་སྙིང་པོས་བསྐུལ་ངོར་གཏེར་གཞུང་དགོངས་དོན་མ་ཉམས་པར་ཁྱེར་བདེའི་ཚུལ་དུ་རྒན་པོ་མངྒ་ལས་བྲིས་པ་དངོས་གྲུབ་མཆོག་གི་དགའ་སྟོན་དུ་གྱུར་ཅིག །སརྦ་མངྒ་ལཾ། །དགེའོ།། །།
རོལ་རྡོར་སྣང་སྲིད་ཞི་བའི་ཟིན་བྲིས་ (Volume 48, Text 5)
༄༅། །རོལ་རྡོར་སྣང་སྲིད་ཞི་བའི་ཟིན་བྲིས་བཞུགས་སོ། ། ཕྱོགས་བཅུའི་བདེ་གཤེགས་རྒྱལ་བ་མ་ལུས་དང་། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཕྱག་འཚལ་ལོ། །དེ་ཡང་འདིར་སྣང་སྲིད་ཞི་བ་དཀར་པོའི་ཆོ་གའི་འདོན་འགྲིག་གཏེར་ཆེན་རིན་པོ་ཆེ་ཉིད་ཀྱི་ཕྱག་བཞེས་འཁྲུལ་མེད་ཟིན་ཐོར་སྤེལ་བ་ལ། སྟེགས་བུ་ཐབ་ཤིང་རྫས་སོགས་གཞུང་ལྟར་འཁྲུལ་མེད་དང་། ཡར་གཞི་ཞི་གཏོར་སྨན་རཀ་མཆོད་པ་སྣ་ཚོགས་འབུལ་གཏོར་ཆད་ཐོ་བརྟན་མ་སོགས་ཚོགས་པར་བཤམ། ཐོག་མར་སྐྱབས་འགྲོ། མདུན་གྱི་ནམ་མཁར་སོགས་ནས་དཀར་བགེགས་ནས་གཟུང་རྒྱལ་བ་ཀུན་འདུས་ཀྱི་ལས་བྱང་བསྙེན་པའི་བར་མ་ཆད་པར་བྱ། དེ་ནས་ཞི་བ་རང་གཞུང་ལྟར། ཧོ༔ ཕྱོགས་དུས་བདེ་གཤེགས་སོགས་ནས་སྐྱབས་འགྲོ་སེམས་བསྐྱེད་དེ་ལན་གསུམ་དང་། སྣང་སྲིད་སྟོང་པའི་ངང་ལས་སོགས་ནས། རབ་འབུལ་གུས་བསྟོད་ནོངས་པ་བཤགས༔ ཡན། དེ་ནས་མཆོད་རྫས་ལ་བསང་ཆུ་གཏོར། ཨོཾ་སྭ་བྷཱ་ཝ་སོགས་ནས། བྷྲཱུྃ་ཁཾ་སྭཱ་ཧཱ༔ ཞེས་མཆོད་པ་བྱིན་རླབས་བྱ། ཞི་ཐབ་དཀྱིལ་འཁོར་བསང་ཆུས་བྲན། ཨོཾ་སྭ་བྷཱ་ཝ་སོགས་ཐབ་བསྐྱེད་ལ།་་་འདི་ནས་མེ་བཞག །མཆན། ཨགྣི་རཱ་ཛ་སོགས་མེ་དར་གཡབ། ཨོཾ༔ འབྱུང་བ་མེ་ལས་སོགས་སྤྱན་འདྲེན་དང་། ཨོཾ༔ དྲང་སྲོང་མེ་ལྷ་སོགས་མཆོད། དེ་ནས་ཤིང་བྱང་ཐོགས་ལ། ཨོཾ༔ དྲང་སྲོང་མེ་ལྷ་སོགས་ནས། བསྲེག་རྫས་རྣམས་ཡོངས་རྫོགས་དང་། མཐར་མཆོད་པ་རྣམས་ཁ་གསོ། ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ༔ ཚངས་དབང་མགོན་སྲས་དྲང་སྲོང་རྗེ༔ སོགས་པས་བསྟོད། དེ་ནས། མེ་ལྷའི་ལྟོ་བར་རིན་ཆེན་སྣ་ཚོགས་ཁྲི༔ སོགས་མགྲོན་ཚན་བསྐྱེད། མེ་དར་རོལ་མོ་བཅས་སྤྱན་འདྲེན། ཨོཾ༔ འགྲོ་འདུལ་སྤྲུལ་སྐུའི་ཞིང་ཁམས་ནས༔ སོགས་ནས་མཆོད་པ་བསྟོད་པ་བཅས་བྱ། དེ་ནས་བསྲེག་རྫས་འབུལ་བ་ནི། ཤིང་བྱང་ཐོགས་ལ། ཨོཾ༔ དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ལ༔ ཞི་ཤུག་སོགས་ནས་མཆོད་རྫས་རྣམས་འབུལ། གྲངས་བརྒྱ་སོགས་སྐབས་བསྟུན་བྱ། དེ་བཞིན་དུ། མགོན་པོ་ཡོན་ཏན་མགྲོན། རིགས་དྲུག་སྙིང་རྗེའི་མགྲོན། བགེགས་རིགས་ལན་ཆགས་མགྲོན། སྟོང་གསུམ་གཞི་བདག་མགྲོན། དེ་རྣམས་ལ་སྔ་མ་ལྟར་མཆོད་རྫས་སོ་སོ་གྲངས་གཅད་འབུལ། དེ་ནས་མཆོད་པ་ཁ་གསོ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། གོང་གི་བསྟོད་པ། ཨོཾ༔ ཕྱོགས་བཅུའི་སངས་རྒྱས་སོགས་ནས། འཇིག་རྟེན་མགྲོན་དུ་གྱུར་རྣམས་བསྟོད༔ བར་འདོན། སླར་ཡང་ཤིང་སྣ་ཤུག་པ་སོགས་ཀྱི་བསང་དུད་ཕྱུར་བུར་བཏང་ལ་ཞི་བསང་བྱ་བ་ནི། ཀྱེ༔ དད་པ་དང་ནི་དམ་ཚིག་གིས༔ སོགས་ནས། ཡུལ་ཁམས་བདེ་ཞིང་སྐྱིད་གྱུར་ཅིག༔ ཅེས་དང་། བཤགས་པ་ནི། ཧོ༔ དགོངས་ཤིག་དཀོན་མཆོག་སྲི་ཞུའི་མགྲོན༔ སོགས་ནས། མཐོལ་ལོ་བཤགས་སོ་ཚངས་པ་སྩོལ༔ བར་འདོན། དེ་ནས་མེ་ལྷའི་གཤེགས་སྐྱེམས་ལ། ཨོཾ་ཨགྣེ་ཡེ་སྭཱ་ཧཱ༔ སརྦ་དུཥྚཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པའི་སྔགས་དང་མཆོད་པ་ཤིང་བྱང་ནས་གཟུང་ཡོངས་རྫོགས་བདུན་ནམ་གསུམ་རེ་ཕུལ་མཐར། ཨརྒྷཾ་སོགས་རོལ་མོ་བྱ། བསྟོད་པ། ཨོཾ༔ ཚངས་དབང་མགོན་སྲས་སོགས་ཀྱིས་བསྟོད་ལ། དེ་ནས་ཕྲིན་ལས་བཅོལ་བ། ཀྱཻ༔ མགྲོན་ལྔ་མཉེས་ཤིང་ཚིམས་གྱུར་ནས༔ སོགས་ནས། ཅི་བསམ་ཐོགས་མེད་འགྲུབ་པར་མཛོད༔ ཅེས་དང་། དེ་ནས་གཡང་ལེན་ནི། མདའ་དར་ཕྱེ་མར་རྫས་སྣ་རྣམས་སྦྱིན་བདག་སོགས་ཀྱིས་ཐོགས་ཏེ། ཀྱཻ༔ བླ་མའི་བྱིན་རླབས་སོགས་ནས། གཡང་སྲོག་མི་འགྱུར་རྡོ་རྗེ་རྟག་བརྟན་ཤོག༔ དེ་ནས་གཤེགས་གསོལ་སོགས་ནི། ཨོཾ་ཨཱཿཧཱུྃ། ཕྱི་ནང་གསང་བ་སོགས་ནས། མྱུར་བ་ཉིད་དུ་འགྲུབ་པ་ཉིད་གྱུར་ཅིག །ཅེས་གཏེར་ཆེན་རིན་པོ་ཆེས་མཛད་པ་དེས་ཞི་བ་རང་གི་མཐའ་བསྡུའོ། །དེ་ནས་རྒྱལ་བ་ཀུན་འདུས་ཀྱི་ཚོགས་བྱ། མཆོད་བཤགས་བསྒྲལ་བསྟབ་ཚར་ནས། བཀའ་སྲུང་རྣམས་ཀྱི་གཏོར་འབུལ་ཡོངས་སུ་རྫོགས་པ། ཚོགས་སྤེལ་ཞིང་ལྷག་མ་ཆད་ཐོ་བརྟན་སྐྱོང་གཏོར་བྲོ་བསྡུ་རིམ་བཀྲ་ཤིས་བསྔོ་སྨོན་གྱི་རྒྱས་གདབ་བོ། །ཞེས་པ་འདི་ཡང་ཤཱཀྱའི་བཙུན་པ་ཨོ་རྒྱན་བསྟན་འཛིན་གྱིས་ཕྱག་ལེན་ངེས་འདྲོང་དགོས་ཞེས་བསྐུལ་བར་རྗེ་གཏེར་ཆེན་རིན་པོ་ཆེ་ཉིད་ཀྱི་ཇི་ལྟར་ཕྱག་བཞེས་འཁྲུལ་མེད་དུ་གཏེར་དབོན་མིང་འཛིན་ཨོ་རྒྱན་ལྷུན་གྲུབ་ཀྱིས་བྲིས་པའོ། །མངྒ་ལཾ།། །། ༈ ཞི་ཆོག་འདི་ལ་ལྟོ་འཕྱེ་བརྟག་པ་དང་ས་སློང་སོགས་མི་དགོས། དཀྱིལ་འཁོར་གྱི་ལྟོ་བར་དུང་ཁ་མ་ཡོ་བ་གཅིག་བཞག་ནས་གྲོལ་དུས་བྱིན་རྟེན་ཚུལ་དུ་ཡོན་བདག་གིས་འཆང་། ཤིང་རྩི་ཡང་གཞུང་ནས་གསུངས་ལྟར་བསང་ཁང་ཚུལ་དུ་བྱ། དུ་བས་གནོད་དོགས་ཀྱིས་ཤིང་སྐམ་སོགས་ཀྱིས་བྱ་བ་མི་འཐད། མེ་ཡང་སྦྱིན་སྲེག་སྤྱི་འགྲོས་ལྟར་དཔལ་འབར་གྱིས་སྤར་བ་སོགས་མི་བྱ་ཞིང་། བསང་མེ་ལྟར་བཞག་ནས་སྒོ་ཁྱིམ་གང་ལ་ཡིན་ཡང་དུ་བ་མ་ཆད་པར་བྱ། ཁྱིམ་ལྷས་ཞིང་ཁང་གང་འོས་སུ་བྱ་བ་ལ་འགལ་བ་མེད། གྲོལ་དུས་དཀྱིལ་འཁོར་གྱི་ཐལ་བ་ཁང་ཐོག་ཞིང་ལྷས་སོགས་གང་དགོས་སར་བླུག །ཆུར་དོར་བ་སོགས་བྱ་སྲོལ་མེད་གསུངས། གཏེར་དབོན་རིན་པོ་ཆེ་ཉིད་ཀྱི་ཞལ་ཁྲིད་ལགས་སོ། །ཞི་ཆོག་འདིས་གསོན་གཤིན་འགྲམས་འཁྲུགས་ནད་རིམས་དལ་ཡམས་གོད་ཁ་ས་བདག་འཁྲུགས་པ་སོགས་ཉེས་པ་མཐའ་དག་སེལ་ནུས་ལ། གཞན་ཡང་ཁྱིམ་གསར་ཕུབ། བག་མའི་གཏོང་ལེན། ཁྱེའུ་གསར་སྐྱེས་སོགས་ལས་གང་བྱེད་ཀྱང་དགོས་པ་བྱུང་བའི་འདོད་གསོལ་ནི་མི་མཐུན་པ་གང་ཡིན་པ་དེ་ཡི་མིང་མཐར་ཞི་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སྦྱར་དགོས། གཞུང་གི་ཟིན་ལས་ཁ་བསྒྱུར་དམིགས་བསལ་མི་དགོས། དགེའོ། །བཀྲ་ཤིས་པར་གྱུར་ཅིག ༈ །ཞི་བ་དཀར་པོའི་ཐིག་གདབ་ལུགས་ཐིག་ཆེན་བརྒྱད་པོ་ལེགས་པར་གདབ། དབུས་ནས་ཁུག་སོར་བཞི་བསྐོར་པད་ལྟེ་བྱ། །དེ་རྒྱབ་ཁུག་སོར་བརྒྱད་བསྐོར་པད་འདབ་བརྒྱད། །དེ་རྒྱབ་མུ་རན་བསྐོར་བ་རིགས་པས་དཔྱད། །དེ་རྒྱབ་ཁ་ཁྱེར་རྩེ་སོར་གསུམ་བསྐོར་ལ། །དེ་རྒྱབ་གྲྭ་བཞིར་བཅད་པ་སྤྱི་དང་མཚུངས། །དེ་རྒྱབ་ཐབ་ཐིག་རྩེ་མོ་བཞི་བཅད་པ། །དཀྱིལ་འཁོར་ཐིག་གི་རིམ་པ་དེ་གང་ཡིན། །དབུས་དང་འདབ་བརྒྱད་མཛེས་པའི་ཚོན་གྱིས་དབྱེ། །དེ་ལ་ཨཱཿདཀར་རིང་ཆ་ཚེག་དྲག་བཅས། ཁ་ཁྱེར་རྡོ་རྗེ་དཀར་པོའི་ཕྲེང་བས་བསྐོར། །གྲྭ་རྣམས་ཕྱོགས་མདོག་ཟླ་ཕྱེད་རྡོ་རྗེ་འགོད། །དེ་རྒྱབ་ཐབ་ཐིག་དཀར་པོ་གྲུ་བཞི་བྱ།། ༈ སྲུང་མ་དམ་ཅན་ལྷ་ཀླུ་ས་བདག་ཆེ་ཕྲ་ཀུན་ལ་ཕོག་ཐུག་འགྲམས་འཁྲུགས་སོང་བའི་རྐྱེན་ལས་བྱུང་བའི་མིའི་ནད་ཡམས་ཞིང་ལ་བཙའ་སད་སེར་གསུམ་རྟ་ནོར་ལུག་གསུམ་གནག་ཕྱུགས་རྐང་བྲན་ཆེ་ཕྲ་ཐམས་ཅད་ཀྱི་ནད་གདོན་གོད་ཡམས་མཁོན་གྲིབ་མི་གཙང་བ་དང་འཇིགས་བརྒྱད་མི་མཐུན་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སྤྱི་མཐུན་རྒྱས་པར་མོས་ན་དེ་ཙམ་དང་། སོ་སོར་བྱ་ན་འདི་ལྟར་རོ། །བདག་ཅག་རྣམས་ཀྱི་ནད་གདོན་འགལ་རྐྱེན་བར་ཆད་ཞིང་ལ་བཙའ་སད་སེར་གསུམ་མི་མཐུན་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ༈ བདག་ཅག་རྣམས་ཀྱི་རྟ་ནོར་ལུག་གསུམ་གནག་ཕྱུགས་ཐམས་ཅད་ཀྱི་ནད་རིམས་གོད་ཡམས་རྐྱེན་སྲི་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ༈ བདག་ཅག་རྣམས་ལ་ལྷ་མཁོན་ས་བདག་ཀླུ་གཉན་གསོན་གཤིན་འགྲམས་འཁྲུགས་གཟའ་སྐར་སྤར་སྨེའི་ཉེས་སྐྱོན་མི་མཐུན་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ༈ སྦྱིན་པའི་བདག་པོའི་སྦྲ་ཁང་གསར་འབུབ་ཁྱེའུ་གསར་སྐྱེས་བག་མ་གཏོང་ལེན་རྣམས་ལ་བར་དུ་གཅོད་པའི་མཁོན་གྲིབ་ནད་གདོན་མི་མཐུན་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་རྣམས་དང་། ༈ ཤིན་ཏུ་བསྡུ་ན། བདག་ཅག་འཁོར་བཅས་ཀྱི་མི་ཕྱུགས་ཡམས་ནད་ཞི་ཞིང་བཙའ་སད་སེར་བ་འགྲམས་འཁྲུགས་གེགས་སྐྱོན་མི་མཐུན་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཉེ་བར་མཁོ་བ་འདི་ལྟར་དགོས་ཞེས་ཨོ་རྒྱན་བསྟན་འཛིན་གྱིས་བསྐུལ་ལྟར་རིག་འཛིན་ཡོངས་གྲུབ་རྡོ་རྗེས་བྲིས། དགེའོ།། །།
བླ་མ་དགོངས་པ་འདུས་པ་ལས། མཁའ་འགྲོའི་རྒྱབ་ཆོས་བྱིན་རླབས་དབང་གི་ལག་ལེན་སྨིན་བྱེད་བདུད་རྩིའི་ཐིགས་པ་བལྟས་ཆོག་ཏུ་བཀོད་པ (Volume 35, Text 5)
༄༅། །བླ་མ་དགོངས་པ་འདུས་པ་ལས། མཁའ་འགྲོའི་རྒྱབ་ཆོས་བྱིན་རླབས་དབང་གི་ལག་ལེན་སྨིན་བྱེད་བདུད་རྩིའི་ཐིགས་པ་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ། ། ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཡཻ། འཁོར་འདས་ཀུན་སྐྱེད་ཟབ་ཞི་ཨེ་ཡི་དབྱིངས། །རྟགས་ཀྱི་ཕྱག་རྒྱ་བདེ་ཆེན་དགྱེས་མའི་སྐུ །རབ་འབྱམས་དཀྱིལ་འཁོར་བདག་མོར་ཤར་དེ་ཡང་། ཁྱབ་བདག་བླ་མའི་རོལ་པར་ངེས་པས་འདུད། །རྡོ་རྗེ་བཙུན་མོའི་སྒྲུབ་ཐབས་བྱེ་བའི་བཅུད། །ཅི་འདོད་ཀུན་འབྱུང་དབྱིག་གི་སྙིང་པོ་ནི། །དགོངས་འདུས་ནོར་བུའི་སྒྲོམ་ལས་ཕྱུང་འདི་ཡང་། །ལས་དང་དངོས་གྲུབ་བདེ་བླག་བསྒྲུབ་ཕྱིར་རོ། །རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་འདིར་སྐལ་ལྡན་གྱི་སློབ་མ་གཞུག་པ་ལ་ལག་ལེན་དོན་བསྡུ་ན་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། དང་པོ་བྱ་བའི་སྔོན་འགྲོ་ནི། གནས་དབེན་ཅིང་མཁའ་འགྲོ་འདུ་བས་བྱིན་རླབས་ཀྱི་ཟིལ་དང་ལྡན་པ་ལ། དུས་ཡར་མར་གྱི་ཚེས་བཅུ་ལ་སོགས་པར། སློབ་དཔོན་བསྙེན་སྒྲུབ་ཀྱི་དྲོད་ཐོབ་པས། སློབ་མ་ཐ་མལ་སྐྱེ་བོ་སོགས་མ་ཡིན་པ་སྣོད་དང་ལྡན་ངེས་པ་ལ་དབང་བསྐུར་བའི་ཐོག་མར་ཡོ་བྱད་མཁའ་འགྲོའི་རྟེན་བཀྲམ་པའི་མདུན་དུ། སྟེགས་བུར་ཆང་དང་སིནྡྷུ་ར་སྦྱར་བས་ཆག་ཆག་བཏབ་པ་ལ། དཀྱིལ་འཁོར་རྡུལ་ཚོན་ནམ་རས་བྲིས་ཀྱི་དབུས་ཆོས་འབྱུང་བསྣོལ་མ་དམར་སེར། ཁ་ཁྱེར་དམར་པོ་ལ་ས་བོན་ཧྲཱིཿམ། རྩིབས་མཆན་དྲུག་ལ་དགའ་འཁྱིལ་དཀར་དམར་གཡས་སྐོར་རེ་རེ། ཆོས་འབྱུང་འོག་གཞི་ལྗང་གུ །དེ་རྒྱབ་སྔོ་དམར་དཀར་བའི་མུ་ཁྱུད་རིམ་གསུམ། དེ་རྒྱབ་པདྨ་འདབ་བཞི་ཕྱོགས་མདོག་ལ་ཤར་དུ་རྡོ་རྗེ་སྔོན་པོ་སོགས་རིགས་རྟགས་བཞིའི་ལྟེ་བར་ཧ་རི་ནི་སའི་ཡིག་འབྲུ་ཅན། དེ་རྒྱབ་པདྨ། རྡོ་རྗེ། འཇའ་འོད། མེ་རི་སྟེ་རིམ་པ་བཞིས་བསྐོར་བའི་དབུས་སུ་མཉྫི་ལ་བུམ་པ་ཉེར་ལྔའི་རྫས་ལྡན་མགུལ་ཆིངས་དམར་པོ་གཟུངས་ཐག་དང་བཅས་པའི་ཁར་ཀ་པཱ་ལ་མཚན་ལྡན་ཆང་ལ་བདུད་རྩི་ཆོས་སྨན་བཏབ་པ་བཀོད་པའི་ཁ། མེ་ལོང་ལ་ཚིལ་ཆེན་བྱུགས་ཤིང་སིནྡྷུ་ར་བརྡལ་བར་ཆོས་འབྱུང་བསྣོལ་མའི་རྩེ་དྲུག་ལ་དགའ་འཁྱིལ་དང་བཅས་པའི་ལྟེ་བར་པདྨ་འདབ་བཞི་པའི་དབུས་ལྟེར། ཧྲཱིཿམ་བཾ། འདབ་བཞིར་ཧ་རི་ནི་ས་བྲིས་པས་བཀབ་ལ་དར་དམར་གྱི་གུར་ཕུབ་པའི་ཕྱོགས་བཞིར་དབང་རྫས། རྡོ་རྗེ། རིན་ཆེན། པདྨ། རྒྱ་གྲམ། ལྷོར་དབུ་རྒྱན། དབུས་སུ་འཁོར་ལོ་བཅས། གཞན་ཡང་མེ་ལོང་གསལ་བ། མཁའ་འགྲོའི་སྐུ་རྟེན། སྒྲུབ་དཔེ་གླེགས་བམ། བགྲང་ཕྲེང་། ཅོད་པན་སྣ་ལྔ་རྣམས་ཀྱང་བཀོད། རྒྱབ་ངོས་རྩ་གསུམ་སྤྱི་དང་བྱེ་བྲག་མཁའ་འགྲོའི་གཏོར་མ་གཙོ་འཁོར་ལྔ་པ་རྒྱན་ལྡན་དར་གདུགས་དང་བཅས་པའི་གཡས་གཡོན་དུ་སྨན་རཀ །ཕྱི་མཆོད་ཕྲེང་ཚར་རམ་བསྐོར་བཤམ་གང་བདེ། བྱང་ཤར་དུ་ལས་བུམ། བཀའ་སྲུང་གཏོར་འབུལ། ཚོགས་ཆས། སྔོན་གཏོར་སོགས་ཉེ་བར་མཁོ་བ་ཐམས་ཅད་ཚགས་སུ་ཚུད་པར་བྱའོ། །གཉིས་པ་ཕྲིན་ལས་ཀྱི་སྔོན་འགྲོ་ལ་གསོལ་འདེབས་སྔོན་དུ་འགྲོ་བས་མཁའ་འགྲོའི་ཚོགས་མཆོད་ལས་བྱང་པདྨོའི་ཟིའུ་འབྲུ་ལྟར་སྐྱབས་སེམས་ལན་གསུམ། དཀར་གཏོར་བྱིན་བརླབས་ལ་ལུགས་འདིའི་ལྷ་ཀླུ་གནོད་སྦྱིན་སོགས་ཀྱིས་ཕུལ། མི་ཤེས་ན་སྤྱི་འགྲོས་ཆོག །དེ་ནས་བདག་བསྐྱེད་ལུས་དཀྱིལ་བསྒོམ་པ་ཡན་གྲུབ་ནས། བསྙེན་པ་ཐུགས་སྒྲུབ་གའུ་ཁ་སྦྱོར་ལས་འབྱུང་བ། ཨོཾ་ཨཱཿཧཱུྃ་ཧྲཱི༔ བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པ་ཅུང་ཟད་བཟླ། དེ་ནས་བགེགས་གཏོར་བྱིན་བརླབས་ནས་བསྔོས་ལ་བགེགས་བསྐྲད་ནས་མཆོད་པ་བྱིན་རླབས་ཀྱི་བར་བཏང་ངོ་། །གཉིས་པ་དངོས་གཞི་ལ་གཉིས། དབང་དོན་སྒྲུབ་མཆོད་དང་། དབང་བསྐུར་བའོ། །དང་པོ་ནི། ཏིང་འཛིན་གསུམ་ནས་བརྩམ་མདུན་དཀྱིལ་མཁའ་འགྲོའི་དཀྱིལ་འཁོར་དམ་ཚིག་པར་བསྐྱེད་གྲུབ་མཚམས་གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གསལ་བ་ལས་འོད་འཕྲོས་རང་བཞིན་གྱི་གནས་ནས་མཁའ་འགྲོ་མ་གཙོ་འཁོར་ཡེ་ཤེས་སེམས་དཔའི་ཚོགས་བཞུགས་པའི་སྐུ་གསུང་ཐུགས་ལ་ཕོག༔ ཐུགས་དམ་གྱི་རྒྱུད་བསྐུལ་ནས་ཚུར་བྱོན་ཅིང༔ དམ་ཚིག་པ་རྣམས་ལ་ཐིམ་ནས་ཆུ་དང་འོ་མ་འདྲེས་པ་ལྟར་གཉིས་སུ་མེད་པར་གྱུར༔ ཅེས་བརྗོད་ཅིང་དོན་གསལ་བཏབ་ལ་ལས་བྱང་གི་སྤྱན་འདྲེན་ནས་བསྟོད་པ་ཡན་ཚང་བར་བཏང་ལ། མདུན་བསྐྱེད་ཐུགས་ཀར་ཛཔ྄་དཀྱིལ་དང་སྤྲོ་བསྡུ་སྤྱི་ལྟར་གསལ་བཏབ་ལ་རྩ་བའི་བསྙེན་པ། ཨོཾ་བཛྲ་བྷ་ར་ཧི༔ ཧྲཱིཿམ་དྷཱ་ཀི་ནཱི་ཧ་རི་ནི་ས༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པ་ཅི་འགྲུབ་དང་། གཟུངས་ཐག་བླངས་ལ། བདག་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་བརྒྱུད་དེ༔ མདུན་གྱི་དཀྱིལ་འཁོར་དང༔ བུམ་པ་ཀ་པཱ་ལ་མེ་ལོང་ལ་བསྐྱེད་པའི་ལྷ་རྣམས་ཀྱི་ཐུགས་ཀར་ཕོག་པས་ཐུགས་དམ་རྒྱུད་བསྐུལ་ཞིང༔ སྐུ་གསུང་ཐུགས་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་ནས་དབང་རྫས་རྣམས་ལ་ཐིམ་པས་དབང་རྫས་བྱིན་རླབས་དང་ལྡན་པར་གྱུར༔ བདག་གི་ལུས་ངག་ཡིད་གསུམ་ལ་ཕོག་པས་ནུས་པ་དང་ལྡན་ཞིང་རྒྱུད་བྱིན་གྱིས་བརླབས༔ དབང་སློབ་ལ་སོགས་པའི་འགྲོ་བ་ཐམས་ཅད་ལ་ཕོག་པས༔ ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་ཐམས་ཅད་དག་ནས་ཡེ་ཤེས་ལྷ་ཡི་རང་བཞིན་དུ་གྱུར་ཅེས་དམིགས་ལ། ཨོཾ་བཛྲ་བྷ་ར་ཧི༔ ཧྲཱིཿམ་དྷཱ་ཀི་ནཱི༔ ཧ་རི་ནི་ས༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ དྷརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནིརྨཱ་ཀཱ་ཡ༔ སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་མཱཾ༔ ཞེས་བརྒྱ་སྟོང་ཅི་ལྕོགས་བཟླ། མཐར་དབྱངས་གསལ་ཡིག་བརྒྱས་ཁ་བསྐང་། ཡེ་ཤེས་ལྷ་ཚོགས་ཀྱིས་སྟོང་ཚིགས་མཆོད་བསྟོད་ཕུལ། ལྷ་རྣམས་ཡེ་ཤེས་སེམས་དཔའ་རང་གི་ཐུགས་ཀར་བསྡུ༔ དམ་ཚིག་པ་དབང་རྫས་ལ་བསྟིམ་ཞིང་རང་གཞན་ཐམས་ཅད་ཅི་ཡང་མི་དམིགས་པའི་ངང་ལ་དར་གཅིག་བཞག༔ སླར་དམིགས་མེད་ཀྱི་ངང་ལས་བདག་མདུན་དཀྱིལ་འཁོར་གསལ་བར་མོས། ལས་བུམ་དུ་བདུད་རྩི་འཁྱིལ་བའི་བསྐྱེད་བཟླས་བྱ། སྲུང་མ་སྤྱི་དང་བྱེ་བྲག་འདི་ཉིད་ཀྱི་བཀའ་གཏེར་ཆོས་སྲུང་གསུམ་ལ་གཏོར་འབུལ་རྒྱས་བསྡུས་གང་འགྲུབ་བྱ། དེ་ནས་ཚོགས་བྱིན་རླབས་གོང་གི་གཏོར་མ་ལྟར་བྱས་ལ། སྤྱན་འདྲེན་ནས་བསྒྲལ་བསྟབ་བར་གཏང་། འདིའི་རང་ལུགས་བདག་འཇུག་གི་དོད་གོང་སྨྲོས་དེ་ཡིན་ཀྱང་སྤྱི་འགྲོ་རིག་པའི་མེ་ཏོག་དོར་ཡང་མི་འགལ་ལ། གང་ལྟར་སློབ་མ་གཞུག་པར་གནང་བ་ནོད་དོ། །གཉིས་པ་དབང་བསྐུར་བ་ལའང་གཉིས། འཇུག་པ་དང་དངོས་གཞིའོ། །དང་པོ་ནི། སློབ་མ་རྣམས་ཕྱི་རོལ་དུ་ལས་ཆུས་ཁྲུས་བྱ་ཞིང་། བདེ་གཤེགས་རྒྱལ་བ་སོགས་བརྗོད། བགེགས་གཏོར་བཏང་ལ། ལས་བྱང་གི་བཀའ་བསྒོ་དྲག་སྔགས་ཡུངས་ཐུན་སོགས་ཀྱིས་བགེགས་བསྐྲད་སྲུང་འཁོར་བསྒོམ། མིག་དར་ཨཱ་ཁཾ་བཱི་ར་ཧཱུྃ་གིས་སྤྱིན། ཁྱེད་རང་རྣམས་ཐལ་མོ་སྦྱོར་ལ་མོས་གུས་བསྐྱེད་དེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ གཙོ་མཆོག་བླ་མ་འགྲོ་བ་ཡོངས་ཀྱི་མགོན༔ བདག་ཅག་འཁོར་བའི་འདམ་དུ་བྱིང་རྣམས་ལ༔ ཐུགས་རྗེས་གཟིགས་ཤིང་མཁའ་འགྲོའི་དཀྱིལ་འཁོར་དུ༔ གཞུག་ཅིང་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་སྣོད་དུ་གཟིགས་ནས་གནང་བ་སྦྱིན་པའི་མོས་པ་མཛོད། ཀྱེ་ཧོ༔ འདུས་པའི་མཆེད་དང་ལྕམ་དྲལ་ང་ལ་ཉོན༔ ཁྱེད་རྣམས་མཁའ་འགྲོའི་དཀྱིལ་འཁོར་དམ་པ་འདིར༔ འཇུག་པར་སྤྲོ་ཞིང་བྱིན་རླབས་དབང་འདོད་ན༔ བླ་མ་དང་ནི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཐ་དད་མ་ཡིན་དབྱེར་མེད་གཅིག་ཏུ་ཟུངས༔ ངེས་པར་དབང་དང་བྱིན་རླབས་དངོས་གྲུབ་རྣམས༔ བདག་གིས་ཁྱེད་རྣམས་ལ་ནི་སྦྱིན་པར་བྱ༔ ཇི་ལྟར་བསྔགས་པའི་ལུང་རྣམས་དམ་དུ་ཆོངས༔ དེ་ནས་སེམས་བསྐྱེད་གསལ་གདབ་ལ། ཆོས་བཤད་ཇི་ལྟར་འོས་པ་བྱ། བྱེ་བྲག་ཏུ། དེའང་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་ཐམས་ཅད་ཀྱི་ཡང་ཟབ། བདེ་ཆེན་ཡེ་ཤེས་སྒྲུབ་པའི་ཉེ་ལམ་ཁྱད་པར་ཅན་རྣལ་འབྱོར་མ་རྒྱུད་ཀྱི་དཀྱིལ་འཁོར་ཇི་སྙེད་ཅིག་མཆིས་པ་རྣམས་ཀྱི་ནང་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་ལ་ཆེས་ཟབ་ཅིང་མྱུར་བ། རྒྱལ་ཀུན་སྐྱེད་ཡུམ་རྡོ་རྗེ་བཙུན་མོ་ཉིད་ཡང་གསང་ཁྲོས་མ་ནག་མོའི་ཚུལ་དུ་སྒྲུབ་པ་འདི་ལའང་གྲུབ་པའི་དབང་ཕྱུག་སོ་སོའི་བཀའི་བབ་སོའི་ངེས་པས་གསར་རྙིང་བཀའ་གཏེར་གྱི་རིང་ལུགས་འགའ་ཞིག་བྱོན་པ་རྣམས་ཀྱི་ནང་ནས་ཁྱད་པར་དུ་འཕགས་པ་ཧེ་རུ་ཀ་དངོས་པདྨ་ཐོད་ཕྲེང་རྩལ་གྱི་ཞལ་ལུང་། ཤར་གཏེར་འདྲིལ་བ་སྡོང་པོ་ལྟ་བུའི་ནང་ཚན། རིགས་ལྔའི་ཚུལ་དུ་བྱོན་པའི་མཆོག་གི་གླིང་པ་ལྔའི་གཙོ་བོ། སྤྲུལ་པའི་སྐྱེས་མཆོག་ཨོ་རྒྱན་སངས་རྒྱས་གླིང་པས་པུ་རི་ཕུག་མོ་ཆེ་ནས་སྤྱན་དྲངས་པ། བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་བླ་མ་དགོངས་པ་འདུས་པ་ཞེས་ཉི་ཟླ་ལྟར་གྲགས་པའི་ཆོས་སྡེ་ལས་བྱོན་པ། མཁའ་འགྲོའི་རྒྱབ་ཆོས་བྱིན་རླབས་དབང་གི་ལག་ལེན་སྨིན་བྱེད་བདུད་རྩིའི་ཐིགས་པ་བསྒྲུབ་པ་ལ་སོགས་སྦྱར་ནས་མཎྜལ་འབུལ་དུ་གཞུག །དེ་ལ་སྣོད་བཅུད་ཐ་མལ་དུ་འཛིན་པས་དབང་གི་ཡེ་ཤེས་སྐྱེད་ནུས་པ་མ་ཡིན་པས། ཡུལ་ཕྱོགས་འདི་དག་ཨོ་རྒྱན་གྱི་ཡུལ༔ གནས་ཁང་འདི་དག་གཞལ་ཡས་ཀྱི་ཁང་པ༔ བླ་མ་ཡུམ་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པའི་རང་བཞིན༔ མཆེད་ལྕམ་ཐམས་ཅད་མཁའ་འགྲོའི་ངོ་བོ་འབའ་ཞིག་ཏུ་མོས་ཤིག༔ སྨིན་མཚམས་སུ་སིནྡྷུ་རའི་ཐིག་ལེ་བྱ་ཞིང་། ཨོཾ་བཛྲ་བྷ་ར་ཧི༔ བཛྲ་བཻ་རོ་ཙ་ནཱི་ཡཻ་ཨཱ༔ ཧ་རི་ནི་ས་ཨོཾ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་པས་རྒྱས་གདབ་ཅིང་བྱིན་གྱིས་བརླབ་བོ། །ཐོག་མར་རྒྱུད་དག་ཅིང་དབང་གི་སྣོད་རུང་དུ་བསྒྲུབ་པའི་སླད་དུ། བླ་མ་རྩ་གསུམ་ཀུན་འདུས་ཀྱི་བདག་ཉིད་ཆེན་པོ་དང་ཡེ་ཤེས་མཁའ་འགྲོ་རྡོ་རྗེ་ཁྲོས་མའི་དཀྱིལ་འཁོར་ལ་སྐྱབས་ཡུལ་རབ་འབྱམས་རྒྱ་མཚོས་བསྐོར་ཏེ་ཞལ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར། བདག་སོགས་སེམས་ཅན་ཐམས་ཅད་རྩེ་གཅིག་གུས་པ་ཆེན་པོས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པ་དང་། ནམ་མཁའ་དང་མཉམ་པའི་ཕ་མ་རིགས་དྲུག་གི་འགྲོ་བ་མཐའ་དག་མྱུར་དུ་ཀུན་བཟང་ཤེས་རབ་ཕར་ཕྱིན་གྱི་གོ་འཕང་ལ་འགོད་པའི་ཆེད་དུ། ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ནས་ལམ་རིམ་གཉིས་ཟབ་མོ་རྣལ་འབྱོར་དུ་བྱའོ་སྙམ་དུ་བྱང་ཆུབ་མཆོག་གི་སེམས་བསྐྱེད་པ་གསལ་ཐོབས་ལ་འདིའི་རྗེས་ཟློས་ལན་གསུམ་མཛད་པར་ཞུ། ལས་བྱང་གི་སྐྱབས་སེམས་ཤློ་ཀ་གསུམ་པོ་ལན་གསུམ་བྱ། དེ་ནས་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་དར་དང་རིན་པོ་ཆེས་བརྒྱན་པ། ཞབས་སྐྱིལ་ཀྲུང་གིས་པད་ཟླའི་གདན་ལ་སྟོང་གསལ་འོད་ཕུང་ཆེན་པོར་བཞུགས་པའི་ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། ཕྱི་ནང་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་བདག་གཞན་འགྲོ་བ་མཐའ་དག་གི་རྟོག་སྒྲིབ་ཉམས་ཆག་མ་ལུས་པ་སྐད་ཅིག་གིས་དག་པར་གྱུར་སྙམ་པའི་ཏིང་ངེ་འཛིན་གསལ་ཐོབས་ལ་ཡི་གེ་བརྒྱ་པ་བཟླ་བར་ཞུ། ཞེས་ཉེར་གཅིག་གམ་བདུན་ཙམ་བརྗོད། དེ་ནས་རྡོ་རྗེ་བདུད་རྩིའི་དམ་ཆུ་སྦྱིན་པ་ལ་སོགས་པས་དམ་ཚིག་བསྒོ་བའི་རིམ་པ་རྣམས་འབྱུང་བ་ཡིན་པས་ཐུགས་ལ་ངེས་པར་གྱིས་ཤིག །ནང་མཆོད་ཀྱི་བདུད་རྩི་སྦྱིན་ལ། ཐུངས་ཤིག་རྡོ་རྗེ་དམ་ཚིག་ཆུ༔ དམ་ཚིག་བསྲུངས་ན་དངོས་གྲུབ་བརྙེས༔ ཉམས་ན་དམྱལ་བར་སྲེག་པའི་ཆུ༔ དེ་ཕྱིར་དམ་ཚིག་ཐུབ་པར་སྲུངས༔ ཨོཾ་བཛྲ་བྷ་ར་ཧི༔ ཧྲཱིཿམ་དྷཱ་ཀི་ནཱི༔ ཧ་རི་ནི་ས༔ ཨ་མྲྀཏ་ས་མ་ཡ་རཀྵ་རཀྵ་ཧཱུྃ་སྭཱ་ཧཱ༔ ཞེས་པ་དང་། སླར་ཡང་རྡོ་རྗེ་སྙིང་ཁར་གཏད་དེ། ཀྱེ་ཧོ༔ བུ་ཁྱོད་རྣལ་འབྱོར་མ་ཡི་རིགས་སུ་སྐྱེ༔ ཁྱོད་ལ་ང་ཡིས་ཡེ་ཤེས་རྡོ་རྗེ་སྦྱིན༔ བྱིན་རླབས་དངོས་གྲུབ་མ་ལུས་ཐོབ་པར་འགྱུར༔ གང་ཞིག་དཀྱིལ་འཁོར་འདི་འདྲ་མ་མཐོང་བའི༔ མདུན་དུ་ནམ་ཡང་སྨྲ་བར་མ་བྱེད་ཅིག༔ གལ་ཏེ་བག་མེད་སྨྲས་ན་ཉམས་པར་འགྱུར༔ དེ་བས་ང་རྒྱལ་ལ་སོགས་བཅོམ་ནས་ནི༔ བདག་ཉིད་མ་འཁྲུལ་རབ་ཏུ་ཤེས་པར་གྱིས༔ དྷཱ་ཀི་ནཱི་ཧ་རི་ནི་ས༔ ཙིཏྟ་ས་མ་ཡ་རཀྵ་ཧཱུྃ༔ ཞེས་པ་དང་། ཡང་རྡོ་རྗེ་སྤྱི་བོར་བཞག་ལ། དུས་འདི་ནས་ནི་བུ་ཁྱོད་ཀྱི༔ རྡོ་རྗེ་འཛིན་པ་ང་ཡིན་གྱིས༔ ང་ཡིས་ཇི་ལྟར་བཀའ་བསྩལ་པ༔ ཁྱོད་ཀྱིས་སྐྱོ་དུབ་མེད་པར་གྱིས༔ གང་ཡང་ང་ལ་མ་གུས་མིན༔ དེ་བཞིན་གུས་པར་མ་བྱས་ན༔ བདུད་ཀྱིས་བཅོམ་ནས་ངན་འགྲོར་འགྲོ༔ དེ་བས་དམ་ཚིག་གནས་པར་གྱིས༔ དེང་ནས་བརྩམ་སྟེ་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་བྱེ་བྲག་ཁྱད་པར་གསུམ་ཁོང་པའི་སྙིང་ལྟར་བསྲུང་བར་བྱ་དགོས་སོ། །རྡོ་རྗེ་གསུམ་གྱི་དམ་ཚིག་གི་དབང་རྟགས་སུ་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་གས་མཚན་པར་སྒོམས་ཤིག །དེ་ནས་ཅོད་པན་ཁ་དོག་ལྔ་ལྡན་ལག་ཏུ་གཏད། རྡོར་དྲིལ་དང་བཅས་པས་གནས་གསུམ་དུ་དྲིའི་ཐིག་ལེ་བྱ་ཞིང་རྩ་སྔགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་ཧོཿཔྲ་ཏི་གྷྲྀཧྞ་མ་ཧཱ་བ་ལ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཧཱུྃ་སྭཱ་ཧཱ༔ འགྱུར་མེད་སྐུ་ལ་འགག་མེད་གསུང༔ འཁྲུལ་པ་མེད་པའི་ཐུགས་རྡོ་རྗེ༔ ཡོན་ཏན་རེ་སྐོང་ཅོད་པན་ཟུངས༔ ཕྲིན་ལས་ཐོགས་མེད་དངོས་གྲུབ་རྣམས༔ མྱུར་དུ་སྩོལ་ཕྱིར་རྟགས་ཀྱི་རྒྱ༔ དཀྱིལ་འཁོར་ལྷ་ཚོགས་མཁའ་འགྲོས་སྩོལ༔ ཅེས་པས་གནས་གསུམ་དུ་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་ཤིང༔ དབང་རྟགས་ཅོད་པན་གཏད་པས་རྒྱས་བཏབ་པར་མོས་ཤིག༔ དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ དུས་གསུམ་སངས་རྒྱས་བླ་མ་རྗེ༔ བཅོམ་ལྡན་རྡོ་རྗེ་ཕག་མོའི་སྐུ༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོའི་ཚོགས༔ ཁྱོད་ཀྱིས་ཡེ་ཤེས་སེམས་དཔའ་རྣམས༔ དུས་འདིར་བདག་ལ་བསྩལ་དུ་གསོལ༔ བརྩེ་ལྡན་ཐུགས་རྗེས་ད་ཟུངས་ཤིག༔ ལན་གསུམ། དེ་ལ་ཁྱེད་རང་རྣམས་ཐ་མལ་གྱི་སྣང་བ་ཐམས་ཅད་སྤོངས་ལ། བླ་མ་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཐམས་ཅད་ཀྱི་ངོ་བོར་གྱུར་པ་ཡིན་ལ༔ དཀྱིལ་འཁོར་བུམ་པ་ཐོད་པ་བདུད་རྩི༔ མེ་ལོང་གི་དལ་ལ་སོགས་པ་རྣམས་ནི་ཞིང་ཁམས་རྣམ་པར་དག་པའི་ཕོ་བྲང་གཞལ་ཡས་ཁང༔ གནས་ཉི་ཤུ་རྩ་བཞི༔ ཡུལ་སུམ་ཅུ་སོ་གཉིས༔ དུར་ཁྲོད་ཆེན་པོ་བརྒྱད་ཀྱི་རང་བཞིན་ཏེ༔ ཕོ་བྲང་དེ་དག་གི་ནང་དུ་ཡུམ་རྡོ་རྗེ་ཕག་མོ་ལ་འཁོར་རིགས་ཀྱི་དཔའ་བོ་མཁའ་འགྲོ་བསམ་གྱིས་མི་ཁྱབ་པས་བསྐོར་ནས་བཞུགས་པའི་མོས་པ་བརྟན་པོའི་ངང༔ ལུས་གནད་རྣམ་སྣང་གི་ཆོས་བདུན། ངག་གནད་སྲོག་རྩོལ་ཁ་སྦྱོར། སེམས་ཀྱི་གནད་དམིགས་པ་འདི་བཞིན་རྩེ་གཅིག་ཏུ་སྒོམས་ཤིག །རང་རང་སྐད་ཅིག་གིས་འོད་ཟེར་དམར་པོ་སྟོང་ཁམས་ཁེངས་པར་འབར་བའི་དབུས་སུ་རྗེ་བཙུན་མ་རྡོ་རྗེ་ཕག་མོ་སྐུ་མདོག་མཐིང་ནག་ཁྲོས་པའི་ཉམས་ཅན། སྤྱན་གསུམ་མཆེ་བ་བཞི་གཙིགས་ཤིང་ལྗགས་གློག་ལྟར་འཁྱུགས་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ་ལ་ཕག་ཞལ་ངུར་སྒྲ་སྒྲོག་པ། ཕྱག་གཡས་པས་གྲི་གུག་ནམ་མཁར་ཕྱར་ཞིང་། གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་པ། གྲུ་མོ་གཡོན་ན་ཁ་ཊྭཱཾ་རྩེ་གསུམ་པ་བརྟེན་ཅིང་ཐོད་སྐམ་ལྔའི་དབུ་རྒྱན་ཐོད་རློན་གྱི་དོ་ཤལ་རུས་པའི་ཕྱག་རྒྱ་ལྔས་སྤྲས་པ། གླང་ཀོའི་སྟོད་གཡོགས་ཞིང་ལྤགས་ཀྱི་རྐེད་དཀྲིས་སྟག་པགས་ཀྱི་ཤམ་ཐབས་གསོལ་བ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་གར་ཐབས་ཅན། པད་ཉི་བམ་རོ་དགའ་བ་འཁྱིལ་བའི་གདན་ལ་ཡེ་ཤེས་ཀྱི་མེ་ཕུང་བདེ་དྲོད་འཁྲིགས་པའི་ཀློང་ན་བཞུགས་པ། སྐུའི་ནང་དུ་རྩ་གསུམ་འཁོར་ལོ་ལྔ་དང་བཅས་པའི་སྤྱི་བོའི་རྩ་འཁོར་དུ་སངས་རྒྱས་མཁའ་འགྲོ་དཀར་མོ་ལ་འཁོར་སུམ་བརྒྱ་དྲུག་ཅུ། མགྲིན་པར་པདྨ་མཁའ་འགྲོ་དམར་མོ་ལ་འཁོར་བཅུ་དྲུག །སྙིང་གར་རྡོ་རྗེ་མཁའ་འགྲོ་མཐིང་ག་ལ་འཁོར་སུམ་ཅུ་རྩ་གཉིས། ལྟེ་བར་རིན་ཆེན་མཁའ་འགྲོ་སེར་མོ་ལ་འཁོར་དྲུག་ཅུ་རྩ་བཞི། གསང་བར་ལས་ཀྱི་མཁའ་འགྲོ་ལྗང་གུ་ལ་འཁོར་ཉེར་བརྒྱད་ཀྱིས་བསྐོར་བ། ཐམས་ཅད་ཀྱང་ཕྱག་གཡས་རང་རྟགས་ཀྱིས་ཡུ་བ་བྱས་པའི་གྲི་གུག་དང་གཡོན་ཐོད་ཁྲག་བསྣམས་པ། རྒྱན་ཆ་ལུགས་ཐམས་ཅད་གཞི་ལུས་ཀྱི་གཙོ་མོ་དང་མཚུངས་པར་གསལ་བའི་ལྟེ་བའི་འོག་རྩ་གསུམ་འདུས་པའི་མདོར༔ ཆོས་འབྱུང་དམར་པོ་བསྣོལ་བའི་དཀྱིལ་དུ་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ཧྲཱིཿམ༔ འདབ་མ་བཞི་ལ་ཧ་རི་ནི་ས༔ དཔྲལ་བར་དགའ་བ་འཁྱིལ་བ་དམར་པོ་གཡས་སུ་འཁོར་བ་ལ་ཤེས་པ་གཏོད་ལ༔ ཁྱད་པར་གྱི་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཡུམ་བླ་མ་རྡོ་རྗེ་ཕག་མོ་དང་བཅས་པ་རྣམས་བདག་ལ་དགོངས་སུ་གསོལ༔ ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་ཐུགས་རྗེ་ཡེ་ཤེས་ཀྱི་བྱིན་རླབས༔ བདག་ཅག་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་དབབ་ཏུ་གསོལ༔ མྱུར་དུ་དབབ་ཏུ་གསོལ༔ ཡེ་ཤེས་སེམས་དཔའི་ཚོགས་ཐམས་ཅད་བདག་ལ་འགོ་བར་མཛད་དུ་གསོལ༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ལན་གསུམ། བླ་མས་མེ་ཏོག་ལ་སྔགས་བཏབ་སྟེ་རྩ་སྔགས་མཐར། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ༔ ཨེ་ཨཱ་རལླི་ཨཱ་བེ་ཤ་ཡ་ཧྲིང་ཧྲིང་ཕེམ་ཕེམ༔ དྷཱ་ཀི་ནཱི་ཧ་རི་ནི་ས་སརྦ་ཨཾ་གུ་ཤ་མ་མ་ཁ་ཤི་བཾ༔ དྷཱ་ཀི་ནཱི་ཛྙཱ་ན་སཏྭ་ཙིཏྟ་ཧྲིང་ཧྲིང་ཛཿཛཿཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བདུན་ལ་སོགས་པས་སྔགས་ལ། འབེབ་པའི་རྫས་བསྲེག །མེ་ཏོག་གཏོར་བ་ཙམ་གྱིས་ཁྱེད་རང་རྣམས་ཀྱི་དཔྲལ་བའི་དགའ་བ་འཁྱིལ་བ་གཡས་སྐོར་དུ་དྲག་ལ་མྱུར་བར་འཁོར་བ་ལས་འོད་ཟེར་དམར་པོའི་ཚྭ་ཚྭ་ལྕགས་ཀྱུའི་རྣམ་པ་འཕྲོས་པས་ཕྱོགས་བཅུ་དུས་གསུམ་གྱི་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་རྣམས་དང༔ ཁྱད་པར་དུ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ནས་ཡུམ་རྡོ་རྗེ་ཕག་མོ་ལ་མཁའ་འགྲོ་གྲངས་མེད་པས་བསྐོར་བ་ལ་ཕོག་པ་ཙམ་གྱིས་རྒྱུད་བསྐུལ་ནས་ཚུར་བྱོན་ཅིང༔ ལྟེ་བའི་ཆོས་འབྱུང་པདྨའི་ཡིག་འབྲུ་དང་བཅས་པ་ལ་ཕོག༔ ཆོས་འབྱུང་གཡོན་དུ་དམར་ཀྱི་ལི་ལི་འཁོར་བ་ལས་གཏུམ་མོའི་མེ་དམར་ལྷུབ་ཀྱིས་འབར་བའི་མེ་ལྕེ༔ སྤྱི་བོར་ཧཾ་མགོ་ཐུར་དུ་ལྟ་བ་ལ་ཐིམ༔ ཧཾ་ཆི་ལི་ལི་ཞུ་བའི་བདུད་རྩི་མཁའ་འགྲོ་འཁོར་དང་བཅས་པ་ལ་ཕོག་པས༔ བདེ་བའི་ཡེ་ཤེས་རབ་ཏུ་གཡོས་པའི་ངར་གྱིས༔ ལུས་ཀྱི་ནང་ཐམས་ཅད་དུ་མཁའ་འགྲོ་མ་རྣམས་བདེ་ཉམས་ཀྱི་གར་སྟབས་ཁྱུག་ཁྱུག་མཛད་ཅིང༔ ཞལ་ནས་ཨེ་ཨཱ་རལླི་ཧྲིང་ཧྲིང་ཕེམ་ཕེམ་གྱི་སྒྲ་སྒྲོག་པས༔ བླ་མ་ཡི་དམ་མཁའ་འགྲོ་ལ་སོགས་པ་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས་ཤིང༔ འཚོགས་པ་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པ་ཙམ་གྱིས༔ ལུས་ལ་བདེ་བ་རྒྱས༔ ངག་ལ་ནུས་པ་འབར༔ སེམས་ལ་རྟོགས་པ་ཤར་བའི་དམིགས་འདུན་དང་མོས་གུས་གདུང་ཤུགས་དྲག་ཏུ་སྐྱེད་ཅིག །བྱས་ལ་སྤྲོ་ན་ལས་བྱང་གི་སྤྱན་འདྲེན་བརྗོད། གང་ལྟར་མེ་ཏོག་འཐོར། གོང་གི་འབེབ་སྔགས་དྲག་ཏུ་བརྗོད། ཌཱ་དྲིལ་རྐང་གླིང་སོགས་རོལ་མོའི་སྒྲ་དྲག་པོ་བྱའོ། །དེ་ལྟར་དབབ་པའི་ལྷ་ཡེ་ཤེས་པ་དང༔ བདག་དམ་ཚིག་པ་དབྱེར་མེད་དུ་གྱུར་པའི་ངང་ལ་སེམས་བཅོས་བསླད་མེད༔ ལུས་གཡོ་འགུལ་མེད༔ ངག་སྨྲ་བརྗོད་མེད་པར་ལྷན་ནེར་ཞོག་ཅིག༔ ཅེས་བྱས་ལ་སྤྱི་བོར་རྡོ་རྗེ་བཞག་སྟེ། ཨོཾ་ཏིཥྛ་ཛྙཱ་ན་བཛྲ་ས་མ་ཡ་ཧཱུྃ༔ ཞེས་བརྟན་པར་བྱའོ། །སྔར་བྱིན་པའི་ཅོད་པན་ཚེ་རབས་ནས་འབྲེལ་བའི་རང་རིགས་ཀྱི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་པའི་བློས་འདིའི་རྗེས་ཟློས་དང་བཅས་འདོར་བར་ཞུ། ཧོ༔ མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་དུ༔ མེ་ཏོག་ཅོད་པན་འདི་འབུལ་བས༔ སྔོན་ཚེ་གང་ལ་སྦྱངས་པའི་ལྷ༔ གང་ཡིན་དེ་ལ་ཕོག་པར་ཤོག༔ རྩ་སྔགས་ཀྱི་མཐར། པྲ་ཏཱིཙྪ་མ་ཧཱ་པཱུ་ཙ་ཧོ༔ ཞེས་འགྲིམ་དཀྱིལ་དུ་འདོར་གཞུག་ལ་གསང་མཚན་སྤྱི་འགྲེ་གདགས། སྤྱན་དར་གྱི་འོག་ནས་དཀྱིལ་འཁོར་གྱི་བར་སྣང་ལ་ལྟོས་ལ་ཁ་དོག་ཇི་ལྟར་མཐོང་བ་སྨྲོས་ཤིག །བྱས་ལ་དཀར་པོས་ཞི་བ་སོགས་ལུང་བསྟན། སྔར་དཀྱིལ་འཁོར་དུ་ཕུལ་བའི་ཅོད་པན་དེ་ཉིད་དབང་རྟགས་ཀྱི་ཚུལ་དུ་སྤྱི་བོར་བཅིང་པར་མོས་ཤིག །ཀྱེ་ཧོཿསྐལ་ལྡན་རིགས་ཀྱི་བུ༔ མཁའ་འགྲོ་རྣམས་ཀྱིས་ལེགས་བྱིན་པའི༔ བྱིན་རླབས་དབང་བསྐུར་ཅོད་པན་འདི༔ ཁྱོད་ལ་སྦྱིན་གྱིས་བརྟན་པར་ཟུངས༔ རྩ་སྔགས་ཀྱི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ༔ པྲ་ཏི་གྷྲྀཧྞ༔ སརྦ་སིདྡྷི་ཕ་ལ༔ ཨ་བྷི་ཥིཉྩ་མཱཾ༔ ཞེས་ཅོད་པན་སྤྱི་བོར་བཞག །ཡེ་ཤེས་ཀྱི་རང་བཞིན་གསེར་གྱི་ཐུར་མས་མ་རིག་པའི་སྒྲིབ་གཡོགས་བསལ་བར་མོས་ཤིག །གསེར་ཐུར་གྱིས་མིག་དར་བསལ་ལ། སྤྱན་ལྔ་རྣམ་དག་ངོ་བོ་དབྱེར་མེད་དེ༔ དབྱེ་དང་མི་དབྱེའི་རང་བཞིན་མཉམ་ཉིད་ཀྱང༔ སྲི་ཞུའི་ཚུལ་དུ་གསེར་གྱི་ཐུར་མ་ཡིས༔ སྣ་ཚོགས་ཡངས་པའི་སྤྱན་ནི་དབྱེ་བགྱིས་པས༔ སྤྱི་དང་རང་གི་མཚན་ཉིད་ཆོས་རྣམས་ཀུན༔ ཇི་ལྟར་མཁྱེན་ཅིང་ཐམས་ཅད་གཟིགས་པ་ལྟར༔ སངས་རྒྱས་ཡེ་ཤེས་སྤྱན་གྱི་དངོས་གྲུབ་དེས༔ ཁྱེད་ཀྱི་མ་རིག་མུན་པ་བསལ་ནས་ཀྱང༔ མཁྱེན་བརྩེའི་ཡེ་ཤེས་རྒྱས་པའི་སྤྱན་ཐོབ་ཤོག༔ ཨོཾ་བཛྲ་ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་ཕྱེས་པ་ཙམ་གྱིས་མ་རིག་པའི་འཐིབ་པོ་བཅོམ་ནས༔ མཁྱེན་བརྩེ་ཡེ་ཤེས་རྒྱས་པའི་སྤྱན་དང་ལྡན་པར་གྱུར་ཏེ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་མཇལ་བར་གྱུར་པར་མོས་ལ། ལྷ་དང་བརྡ་དོན་བསྟན་པ་འདི་ལ་གསན་འཚལ། ཨེ་མ་འདིར་འཚོགས་སྐལ་ལྡན་ཉོན༔ འདི་ལྟར་གནས་ནི་ཨོ་རྒྱན་ཡུལ༔ ཕོ་བྲང་རིན་ཆེན་གཞལ་ཡས་ཁང༔ གཞི་མ་མཐིང་ནག་བསྟན་པ་ནི༔ ཆོས་ཉིད་འགྱུར་བ་མེད་པའི་རྟགས༔ མེ་རི་མེ་ཕུང་འབར་བ་ནི༔ ཉོན་མོངས་བུད་ཤིང་བསྲེགས་པའི་རྟགས༔ ནང་སྒོར་མུ་ཁྱུད་དཀར་ནག་མཐིང༔ སྐུ་གསུང་ཐུགས་མཆོག་ལྷུན་གྲུབ་བརྡ༔ ལྟེ་བ་ཆོས་འབྱུང་བསྣོལ་མ་ནི༔ དུག་གསུམ་གནས་སུ་དག་པ་སྟེ༔ དེ་ལ་ཡིག་འབྲུ་ཕྱག་མཚན་དེ༔ སྙིང་པོ་ཡེ་ཤེས་རང་ཆས་བརྡ༔ པདྨ་འདབ་མ་བཞི་ལྡན་པ༔ མཐིང་སེར་དམར་དང་ལྗང་བ་ཡང༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཅིང༔ བདུད་བཞི་ཟིལ་གྱིས་གནོན་པའི་བརྡ༔ དེ་ལ་ཕྱག་མཚན་རྣམ་བཞི་དང༔ ཡི་གེ་འབྲུ་བཞིས་སྤྲས་པ་ནི༔ རིགས་ཀྱི་མཁའ་འགྲོ་བཞུགས་པ་དང༔ དམ་ཚིག་ཡེ་ཤེས་དབྱེར་མེད་བརྡ༔ ཕྱི་རིམ་རྡོ་རྗེ་པདྨ་དང༔ འཇའ་འོད་སྣ་ལྔས་བསྐོར་བ་ནི༔ ཐབས་དང་ཤེས་རབ་གཉིས་མེད་པས༔ དྲི་མེད་ཆགས་བྲལ་འགྱུར་བ་མེད༔ སྐུ་ལྔ་ཡེ་ཤེས་ལྔ་མཚན་བརྡ༔ དེ་ལྟར་དཀྱིལ་འཁོར་བཀོད་པ་ནི༔ སྣོད་ཀྱི་འཇིག་རྟེན་གཞལ་ཡས་དང༔ སྒྱུ་ལུས་ལྷ་ཡི་བཞུགས་གནས་བརྡ༔ བུམ་པ་བདུད་རྩི་ཀ་པཱ་ལ༔ མེ་ལོང་ཡིག་འབྲུས་མཚན་པ་དང༔ སྐུ་དང་ཕྱག་མཚན་བཀོད་པ་ནི༔ དབང་བསྐུར་རྟགས་ཀྱི་ཕྱག་རྒྱ་སྟེ༔ སློབ་མ་སྨིན་ཅིང་གྲོལ་བྱེད་བརྡ༔ ནང་དུ་ལྷ་རྣམས་བཞུགས་པ་ནི༔ དབུས་སུ་རྡོ་རྗེ་ཕག་མོའི་སྐུ༔ འཁོར་བཅས་མོ་རྒྱུད་གཙོ་མོ་སྟེ༔ སྤྱི་དཔལ་ཆེན་མོ་མཛད་པའི་བརྡ༔ ཤར་དུ་རྡོ་རྗེ་མཁའ་འགྲོ་མ༔ ཐུགས་ཀྱི་མཁའ་འགྲོ་ཡོངས་འདུས་པའི༔ གཙོ་མཆོག་ཞི་བའི་ལས་མཛད་ཅིང༔ བདེ་གཤེགས་ཐུགས་ཀྱི་གསང་འཛིན་བརྡ༔ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མ༔ སྐུ་ཡི་མཁའ་འགྲོ་ཡོངས་འདུས་པའི༔ གཙོ་མཆོག་རྒྱས་པའི་ལས་མཛད་ཅིང༔ བདེ་གཤེགས་སྐུ་ཡི་གསང་འཛིན་བརྡ༔ ནུབ་ཕྱོགས་པདྨ་མཁའ་འགྲོ་མ༔ གསུང་གི་མཁའ་འགྲོ་ཡོངས་འདུས་པའི༔ གཙོ་མཆོག་དབང་གི་ལས་མཛད་ཅིང༔ བདེ་གཤེགས་གསུང་གི་གསང་འཛིན་བརྡ༔ བྱང་དུ་ལས་ཀྱི་མཁའ་འགྲོ་མ༔ ཕྲིན་ལས་མཁའ་འགྲོ་ཡོངས་འདུས་པའི༔ གསང་མཆོག་དྲག་པོའི་ལས་མཛད་ཅིང༔ བདེ་གཤེགས་ཕྲིན་ལས་གསང་འཛིན་བརྡ༔ གཞན་ཡང་མཁའ་འགྲོ་མང་པོའི་ཚོགས༔ བསམ་གྱིས་མི་ཁྱབ་བཞུགས་པ་ནི༔ འགྲོ་དོན་མཛད་དང་བསྟན་བསྲུང་ཕྱིར༔ སྤྲུལ་དང་ཡང་སྤྲུལ་འགྱེད་པའི་བརྡ༔ དེ་ལྟར་ལྷ་ཚོགས་ཐམས་ཅད་ཀྱང༔ ནང་བཅུད་སྐྱེ་འགྲོ་ཕོ་མོ་རྣམས༔ དཔའ་བོ་དཔའ་མོའི་རང་བཞིན་དང༔ རྟོག་ཚོགས་ཁམས་དང་སྐྱེ་མཆེད་རྣམས༔ ལྷ་དང་ལྷ་མོའི་རང་བཞིན་བརྡ༔ གཏོར་ཚོགས་མཆོད་སྤྲིན་ལ་སོགས་པའི༔ སྐུ་རྟེན་སྤྱན་གཟིགས་བཀྲམ་པ་ནི༔ འགྲོ་བ་བསོད་ནམས་གསག་པའི་ཕྱིར༔ ལོངས་སྤྱོད་རྒྱན་དུ་བཀྲམ་པའི་ལྷ༔ མཆེད་ལྕམ་དཔོན་སློབ་ལྷན་ཅིག་ཏུ༔ དཀྱིལ་འཁོར་རྡུལ་དུ་འཁོད་པ་ནི༔ ཕོ་བྲང་ཞིང་ཁམས་གང་དུ་ཡང༔ འདུ་འབྲལ་མེད་པ་ལྷན་ཅིག་ཏུ༔ མངོན་པར་རྫོགས་པར་འཚང་རྒྱའི་རྟགས༔ དེ་ལྟར་འདིར་འཚོགས་ཡིད་ལ་ཟུངས༔ དེ་རྣམས་ཀྱིས་སྔོན་འགྲོ་དཀྱིལ་འཁོར་ཕྱི་ནང་དུ་འཇུག་པའི་རིམ་པ་རྣམས་ལེགས་པར་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧྲཱི༔ བླ་མ་རྡོ་རྗེ་འཛིན་པ་དང༔ ཡུམ་ཆེན་རྡོ་རྗེ་ཕག་མོའི་སྐུ༔ ལྷ་ཚོགས་འཁོར་དང་བཅས་རྣམས་ཀྱིས༔ བདག་ལ་དབང་བསྐུར་མཛད་དུ་གསོལ༔ ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱུན༔ བཅུད་ཆར་དུས་འདིར་དབབ་ཏུ་གསོལ༔ མྱུར་དུ་སྨིན་ཅིང་གྲོལ་ནས་ཀྱང༔ བདག་གཞན་དོན་འབྲས་འགྲུབ་པར་མཛོད༔ ལན་གསུམ། དེ་ནས་དབང་དངོས་ལ་བུམ་གསང་ཤེས་རབ་ཡེ་ཤེས་བཞི་པ་རྣམས་དང་མཐའ་རྟེན་བཅས་རྣམ་པ་ལྔར་ཡོད་པ་ལས། དང་པོ་བུམ་དབང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་སྔར་བསྟན་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་ཕག་མོར་གསལ་ཐོབ། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་མོ་གཉིས་སུ་མ་མཆིས་པའི་ཐུགས་ཀ་ནས་རྡོ་རྗེ་ཕག་མོ་གཉིས་པ་ཞིག་འཕྲོས། དེས་དབང་རྫས་རྣམས་རིམ་པར་ཐོགས་ནས་དབང་བསྐུར་བའི་ལས་མཛད་པར་མོས་ཤིག །རྣམ་རྒྱལ་བུམ་པ་ཐོགས་ལ། བུམ་པ་གཞལ་ཡས་ཁང་གི་ནང་དུ་ཡུམ་རྡོ་རྗེ་ཕག་མོ་འཁོར་དང་བཅས་པའི་སྐུ་ལས་འོད་ཟེར་དཀར་པོ་འཕྲོས་པས་རང་གི་ལུས་ལ་ཕོག །ལུས་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་ནས་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་སྒོམས་ཤིག །ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ བསྒྲུབས་ཤིང་བྱིན་གྱིས་བརླབས་པ་ཡི༔ སྐུ་མཆོག་བདུད་རྩི་བུམ་པའི་དབང༔ སྐལ་ལྡན་བུ་ལ་བསྐུར་བར་བྱ༔ ཡེ་ཤེས་བཅུད་འདི་ཁྱོད་ཀྱིས་ལོངས༔ སྤྱི་བླུགས་ཆེན་པོའི་དབང་ཐོབ་ཤོག༔ ཨོཾ་བཛྲ་བྷ་ར་ཧི༔ ཧྲཱིཿམ་དྷཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ༔ ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཀཱ་ཡ་ཨ་བྷི་ཥིཉྩ་ཏུ་མཱཾ༔ ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུགས། སླར་ཡང་ཡེ་ཤེས་ཀྱི་མཁའ་འགྲོ་མས་སྟེང་ནས་བདུད་རྩིའི་ཆར་ཕབ་ཅིང༔ ལུས་ཕྱི་ནང་གི་སྡིག་སྒྲིབ་དག་ནས༔ སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོས་འགྲོ་བ་སེམས་ཅན་གྱི་དོན་ཐོགས་མེད་དུ་འགྲུབ་པར་མོས་ཤིག །བུམ་ཆུ་སྤྱི་བོར་ཁྲུས་བྱས་ལ། ཧཱུྃ༔ ཇི་ལྟར་བལྟམས་པ་ཙམ་གྱིས་ནི༔ ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར༔ ལྷ་ཡི་ཆུ་ནི་དག་པ་ཡིས༔ དེ་བཞིན་བདག་གིས་ཁྲུས་བགྱི་འོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ༔ དེས་རྒྱུད་ཡོན་ཏན་རིན་པོ་ཆེའི་བཅུད་ཀྱིས་གང་བར་འགྱུར་བ་ཡིན་ནོ༔ དེའི་རྗེས་འབྲེལ་རིག་པའི་དབང་ལྔ་བསྐུར་བ་ཡིན་པས་ཁྱེད་རང་རྣམས་རྡོ་རྗེ་མཁའ་འགྲོ་སྔོན་མོ་རྡོ་རྗེ་གྲི་ཐོད་ཐོགས་པར་སྒོམས༔ གཙོ་མོའི་ཐུགས་ཀ་ནས་རྡོ་རྗེ་མཁའ་འགྲོ་མ་ཐུགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ་བྱོན་ནས་སློབ་མའི་རྒྱུད་ལ་ཐིམ་པ་ཙམ་གྱིས་ཉོན་མོངས་པ་ཞེ་སྡང་གནས་སུ་དག་ནས༔ ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་སྒོམས་ཤིག༔ རྡོ་རྗེ་ལག་ཏུ་གཏད་ཅིང་བུམ་ཆུ་འཐོར་ལ། ཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ བསྒྲུབས་ཤིང་བྱིན་གྱིས་བརླབས་པ་ཡི༔ ཐུགས་མཆོག་འགྱུར་མེད་རྡོ་རྗེའི་དབང༔ སྐལ་ལྡན་ཁྱོད་ལ་བསྐུར་བར་བྱ༔ མེ་ལོང་ཡེ་ཤེས་དབང་འདི་ལོངས༔ རྡོ་རྗེ་མཁའ་འགྲོའི་དབང་ཐོབ་ཤོག༔ ཨོཾ་བཛྲ་བྷ་ར་ཧི་བཛྲ་དྷཱ་ཀི་ནཱི་བཛྲ་ཨཱ་དར་ཤ་ཛྙཱ་ན་ཨ་བྷི་ཥིཉྩ་ཏུ་མཱཾ༔ ཞེས་བརྗོད་ཅིང་དབང་བསྐུར་པས༔ རྣམ་པར་ཤེས་པའི་ཕུང་པོ་རྡོ་རྗེ་མཁའ་འགྲོའི་རང་བཞིན་དུ་གནས་བསྒྱུར༔ ཉོན་མོངས་པ་ཞེ་སྡང་དག༔ མེ་ལོང་ལྟ་བུའི་ཡེ་ཤེས་རྒྱུད་ལ་སྐྱེ༔ དབང་རྟགས་སུ་མི་བསྐྱོད་པས་དབུར་བརྒྱན་པར་མོས་ཤིག༔ ཁྱེད་རང་རྣམས་རིན་ཆེན་མཁའ་འགྲོ་སེར་མོ་རིན་ཆེན་གྲི་ཐོད་ཐོགས་པར་སྒོམས༔ གཙོ་མོའི་ལྟེ་བ་ནས་རིན་ཆེན་མཁའ་འགྲོ་ལ་ཡོན་ཏན་གྱི་ལྷ་ཚོགས་མང་པོས་བསྐོར་བ་བྱོན་ནས་སློབ་མའི་རྒྱུད་ལ་ཐིམ་ཞིང༔ ཉོན་མོངས་པ་ང་རྒྱལ་གནས་སུ་དག་ནས༔ ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་སྒོམས་ཤིག༔ དབུ་རྒྱན་མགོར་བཅིང་། རིན་པོ་ཆེ་ལག་ཏུ་གཏད། བུམ་ཆུ་འཐོར་ལ། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ བསྒྲུབས་ཤིང་བྱིན་གྱིས་བརླབས་པ་ཡིས༔ ཡོན་ཏན་ནོར་བུ་རིན་ཆེན་དབང༔ སྐལ་ལྡན་ཁྱོད་ལ་བསྐུར་བར་བྱ༔ མཉམ་ཉིད་ཡེ་ཤེས་དབང་འདི་ལོངས༔ རིན་ཆེན་མཁའ་འགྲོའི་དབང་ཐོབ་ཤོག༔ ཨོཾ་བཛྲ་བྷ་ར་ཧི་རཏྣ་དྷཱ་ཀི་ནཱི་རཏྣ་ས་མཱ་ཏཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཏུ་མཱཾ༔ ཞེས་དབང་བསྐུར་པས༔ ཚོར་བའི་ཕུང་པོ་རིན་ཆེན་མཁའ་འགྲོར་གནས་བསྒྱུར༔ ཉོན་མོངས་པ་ང་རྒྱལ་དག་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེ༔ དབང་རྟགས་སུ་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པར་མོས་ཤིག༔ ཁྱེད་རང་རྣམས་པདྨ་མཁའ་འགྲོ་དམར་མོ་པདྨ་གྲི་ཐོད་ཐོགས་པར་སྒོམས༔ གཙོ་མོའི་མགྲིན་པ་ནས་པདྨ་མཁའ་འགྲོ་ལ་གསུང་གི་ལྷ་ཚོགས་ཀྱིས་བསྐོར་བ་བྱོན་ཅིང་སློབ་མའི་རྒྱུད་ལ་ཐིམ་པ་ཙམ་གྱིས༔ ཉོན་མོངས་པ་འདོད་ཆགས་གནས་སུ་དག་ནས༔ གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་སྒོམས་ཤིག༔ པདྨ་ལག་ཏུ་གཏད། བུམ་ཆུ་འཐོར་ལ། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ བསྒྲུབས་ཤིང་བྱིན་གྱིས་བརླབས་པ་ཡི༔ གསུང་མཆོག་དྲི་མེད་པདྨའི་དབང༔ སྐལ་ལྡན་ཁྱོད་ལ་བསྐུར་བར་བྱ༔ སོར་རྟོག་ཡེ་ཤེས་དབང་འདི་ལོངས༔ པདྨ་མཁའ་འགྲོའི་དབང་ཐོབ་ཤོག༔ ཨོཾ་བཛྲ་བྷ་ར་ཧི་པདྨ་དྷཱ་ཀི་ནཱི་པདྨ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་ཨ་བྷི་ཥིཉྩ་ཏུ་མཱཾ༔ ཞེས་པས་དབང་བསྐུར་པས༔ འདུ་ཤེས་ཀྱི་ཕུང་པོ་པདྨ་མཁའ་འགྲོར་གནས་བསྒྱུར་ཏེ༔ ཉོན་མོངས་པ་འདོད་ཆགས་གནས་སུ་དག་ནས༔ སོ་སོར་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས༔ དབང་རྟགས་སུ་སྣང་བ་མཐའ་ཡས་ཀྱིས་དབུར་བརྒྱན་པར་མོས་ཤིག༔ ཁྱེད་རང་རྣམས་ལས་ཀྱི་མཁའ་འགྲོ་ལྗང་གུ་རྒྱ་གྲམ་གྲི་ཐོད་ཐོགས་པར་སྒོམས་ཤིག༔ གཙོ་མོའི་གསང་གནས་ནས་ལས་ཀྱི་མཁའ་འགྲོ་ལ་ཕྲིན་ལས་ལྷ་ཚོགས་ཀྱིས་བསྐོར་བ་བྱོན་ཅིང་སློབ་མའི་རྒྱུད་ལ་ཐིམ་པ་ཙམ་གྱིས༔ ཉོན་མོངས་པ་ཕྲག་དོག་གནས་སུ་དག་ནས༔ ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་སྒོམས་ཤིག༔ རྒྱ་གྲམ་ལག་ཏུ་གཏད། བུམ་ཆུ་འཐོར་ལ། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ བསྒྲུབས་ཤིང་བྱིན་གྱིས་བརླབས་པ་ཡི༔ ཕྲིན་ལས་སྣ་ཚོགས་རྡོ་རྗེའི་དབང༔ སྐལ་ལྡན་ཁྱོད་ལ་བསྐུར་བར་བྱ༔ བྱ་གྲུབ་ཡེ་ཤེས་དབང་འདི་ལོངས༔ ལས་ཀྱི་མཁའ་འགྲོའི་དབང་ཐོབ་ཤོག༔ ཨོཾ་བཛྲ་བྷ་ར་ཧི་ཀརྨ་དྷཱ་ཀི་ནཱི་ཀརྨ་ཀྲྀ་ཏྱ་ནུཥྛཱ་ན་ཛྙཱ་ན་ཨ་བྷི་ཥིཉྩ་ཏུ་མཱཾ༔ ཞེས་དབང་བསྐུར་པས༔ འདུ་བྱེད་ཀྱི་ཕུང་པོ་ལས་ཀྱི་མཁའ་འགྲོར་གནས་བསྒྱུར་ཏེ༔ ཉོན་མོངས་པ་ཕྲག་དོག་གནས་སུ་དག་ནས༔ བྱ་བ་གྲུབ་པའི་ཡེ་ཤེས་རྒྱུད་ལ་སྐྱེས༔ དབང་རྟགས་སུ་དོན་ཡོད་གྲུབ་པས་དབུ་བརྒྱན་པར་མོས་ཤིག༔ ཁྱེད་རང་རྣམས་སངས་རྒྱས་མཁའ་འགྲོ་དཀར་མོ་འཁོར་ལོ་གྲི་ཐོད་ཐོགས་པར་སྒོམས། གཙོ་མོའི་སྤྱི་བོ་ནས་སངས་རྒྱས་མཁའ་འགྲོ་ལ་སྐུའི་ལྷ་ཚོགས་དཔག་ཏུ་མེད་པས་བསྐོར་བ་བྱོན་ནས༔ སློབ་མའི་རྒྱུད་ལ་ཐིམ་པ་ཙམ་གྱིས་ཉོན་མོངས་པ་གཏི་མུག་གནས་སུ་དག་ནས༔ སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་སྒོམས་ཤིག༔ འཁོར་ལོ་གཏད། བུམ་ཆུ་འཐོར་ལ། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ བསྒྲུབས་ཤིང་བྱིན་གྱིས་བརླབས་པ་ཡི༔ སྐུ་ཡི་ཕྱག་རྒྱ་འཁོར་ལོའི་དབང༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཆོས་དབྱིངས་ཡེ་ཤེས་དབང་འདི་ལོངས༔ སངས་རྒྱས་མཁའ་འགྲོའི་དབང་ཐོབ་ཤོག༔ ཨོཾ་བཛྲ་བྷ་ར་ཧི་བུདྡྷ་དྷཱ་ཀི་ནཱི་ཙཀྲ་དྷཱ་ཏུ་ཨ་བྷི་ཥིཉྩ་ཏུ་མཱཾ༔ ཞེས་དབང་བསྐུར་པས༔ གཟུགས་ཀྱི་ཕུང་པོ་སངས་རྒྱས་མཁའ་འགྲོར་གནས་བསྒྱུར༔ ཉོན་མོངས་པ་གཏི་མུག་གནས་སུ་དག་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས༔ དབང་རྟགས་སུ་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་མོས་ཤིག༔ དེ་ལྟར་རིག་པའི་དབང་ལྔ་ལུས་ལ་བསྐུར་བ་ལ་བརྟེན་ནས༔ མཁའ་འགྲོ་མའི་སྒོ་ནས་ཕྱི་སྤྲོས་བཅས་བུམ་པའི་དབང་ཐོབ༔ ལུས་ཀྱི་སྒྲིབ་པ་དག༔ བསྐྱེད་རིམ་ལྷའི་རྣལ་འབྱོར་ལ་དབང་བར་བྱས༔ འབྲས་བུ་སྤྲུལ་པའི་སྐུ་འཐོབ་པར་འགྱུར་བ་ཡིན་ནོ༔ གཉིས་པ་གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་པ་དང༔ ཡུམ་ཆེན་རྡོ་རྗེ་ཕག་མོའི་སྐུ༔ ཁྱོད་ལ་གསོལ་བ་གདབ་པ་ནི༔ གསང་དབང་ངག་ལ་བསྐུར་དུ་གསོལ༔ གསུམ། ཐོག་མར་གསུང་གི་བྱིན་གྱིས་བརླབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད། ཕག་མོའི་མགྲིན་པ་ནས་གསུང་གི་ལྷ་ཚོགས་འོད་ཟེར་དམར་པོ་དང་བཅས་པ་བྱོན་ནས་ངག་ལ་ཕོག༔ ངག་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་ནས༔ གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་བདེ་བ་ཆེན་པོའི་དབང་ཐོབ་པར་སྒོམས་ཤིག༔ གསང་ཐོད་མགྲིན་པར་གཏུགས་ཤིང་བདུད་རྩི་སྦྱིན། སླར་གསང་དབང་དངོས་གཞིའི་དོན་དུ་དམིགས་པ་འདི་བཞིན་མཛོད། ཐོད་པའི་སྟེང་དུ་བླ་མ་དང་ཡུམ་རྡོ་རྗེ་ཕག་མོ་གཉིས་སུ་མེད་པར་སྙོམས་འཇུག་མཛད་པའི་སྦྱོར་མཚམས་ནས་བདུད་རྩི་དཀར་དམར་གྱི་རྒྱུན་བབས་པས་སློབ་མའི་ཞལ་དུ་ཞུགས༔ སློབ་མ་ཡབ་ཡུམ་རྡོ་རྗེ་ཕག་མོར་གསལ་བའི་ལུས་ལ་ཁྱབ་པས་ལུས་ཐམས་ཅད་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་ཀྱི་ཉམས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མོས་ཤིག༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ བསྒྲུབས་ཤིང་བྱིན་གྱིས་བརླབས་པ་ཡི༔ གསུང་མཆོག་ཐོད་པ་བདུད་རྩིའི་དབང༔ སྐལ་ལྡན་ཁྱོད་ལ་བསྐུར་བར་བྱ༔ གསང་བའི་དབང་འདི་ཡོངས་རྫོགས་ཤོག༔ ཨོཾ་གུ་རུ་བཛྲ་བྷ་ར་ཧི་སརྦ་དྷཱ་ཀི་ནཱི་གུ་ཧྱ་པཉྩ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཏུ་མཱཾ༔ སངས་རྒྱས་ཐམས་ཅད་འདུས་པའི་བྱང་ཆུབ་སེམས་ཀྱི་དམ་ཚིག་ཁྱེད་རང་རྣམས་ཀྱིས་མགྲིན་པར་བསྟེན་པའི་མོས་པས་སྔགས་འདིའི་རྗེས་ཟློས་དང་བཅས་ཏེ་བདུད་རྩི་མྱང་བར་ཞུ། ཨ་ཧོ་མ་ཧཱ་སུ་ཁ་སརྦ་སིདྡྷི་ཧཱུྃ༔ ཞེས་བདུད་རྩི་སྦྱིན། བྱང་ཆུབ་སེམས་ཀྱི་བདུད་རྩི་ཁྱེད་རང་རྣམས་ཀྱི་རྩ་གསུམ་འཁོར་ལོ་ལྔ་ལ་བརྒྱུད་དེ་ལུས་ཐམས་ཅད་མེར་གྱིས་ཁེངས་ཤིང་བདེ་སྟོང་གི་ཡེ་ཤེས་སྐྱེས་པར་སྒོམས་ཤིག༔ དེས་ནང་སྤྲོས་མེད་གསང་བའི་དབང་ཐོབ༔ ངག་གི་སྒྲིབ་པ་དག༔ རླུང་སྐྱེ་མེད་རྡོ་རྗེའི་བཟླས་པ་སྔགས་ཀྱི་འཕྲུལ་འཁོར་བསྐོར་བ་ལ་དབང་བར་བྱས༔ འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འཐོབ་པར་འགྱུར་བ་ཡིན་ནོ༔ གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ ཡུམ་ཆེན་རྡོ་རྗེ་ཕག་མོ་དགོངས༔ བཟང་མོའི་ཀློང་ནས་རང་བྱུང་བ༔ བདེ་ཆེན་ཤེས་རབ་ཡེ་ཤེས་དབང༔ དེང་འདིར་བདག་ལ་བསྐུར་དུ་གསོལ༔ གསུམ། ཆོས་འབྱུང་ཕོ་བྲང་གི་དབུས་སུ་རྡོ་རྗེ་ཕག་མོ་འཁོར་དང་བཅས་པ་བཞུགས་པའི་ཐུགས་ཀ་ནས༔ ཐུགས་ཀྱི་ལྷ་ཚོགས་འོད་ཟེར་སྔོན་པོ་དང་བཅས་པ་བྱོན་ཅིང༔ ཁྱོད་རང་རྣམས་ཀྱི་སེམས་ལ་ཐིམ་པ་ཙམ་གྱིས༔ ཡིད་ཀྱི་སྒྲིབ་པ་དག་ནས་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་སྒོམས་ཤིག༔ སིནྡྷུ་རའི་མེ་ལོང་སྙིང་གར་བཞག་ལ། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ བསྒྲུབས་ཤིང་བྱིན་གྱིས་བརླབས་པ་ཡི༔ ཐུགས་མཆོག་མེ་ལོང་ཡིག་འབྲུའི་དབང༔ སྐལ་ལྡན་ཁྱོད་ལ་བསྐུར་བར་བྱ༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་བཛྲ་བྷ་ར་ཧི་དྷཱ་ཀི་ནཱི་ཧ་རི་ནི་ས་པྲ་ཛྙཱ་ཛྙཱ་ན་ཙ་ཏུར་ཨ་བྷི་ཥིཉྩ་ཏུ་མཱཾ༔ མེ་ལོང་གི་སིནྡྷུ་ར་སློབ་མའི་གནས་གསུམ་དུ་བྱུགས་ལ༔ ཨོཾ༔ དུས་གསུམ་སངས་རྒྱས་ཀུན་གྱི་སྐུ༔ བླ་མའི་བྱིན་རླབས་འདིར་སྩོལ་ཅིག༔ ཨཱཾ༔ དུས་གསུམ་སངས་རྒྱས་ཀུན་གྱི་གསུང༔ ཡི་དམ་དངོས་གྲུབ་འདིར་སྩོལ་ཅིག༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས༔ མཁའ་འགྲོའི་ཕྲིན་ལས་འདིར་སྩོལ་ཅིག༔ ཅེས་པས་རྒྱས་གདབ༔ དེས་གསང་བ་རབ་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ཡིད་ཀྱི་སྒྲིབ་པ་དག༔ ཁམས་ཐིག་ལེ་བྱང་ཆུབ་ཀྱི་སེམས་ཀུན་རྫོབ་སྒྱུ་མའི་ཐིག་ལེ་མ་ཉམས་པར་རྩལ་སྦྱངས་པས༔ དོན་དམ་ཡེ་ཤེས་ཐིག་ལེ་གཏན་ལ་ཕབ་ནས་བདེ་སྟོང་གི་ཉམས་ལྷ་རྟ་ཕག་ཡབ་ཡུམ་ཞལ་སྦྱོར་དུ་བསྒོམ་པ་དང༔ བསྐྱེད་རྫོགས་ཟུང་དུ་འཇུག་པ་ལ་དབང་བར་བྱས༔ གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་གཉིས་ཀའི་དབང་རྟགས་སུ༔ བླ་མ་དང་ཡུམ་རྡོ་རྗེ་ཕག་མོ་གཉིས་སུ་མེད་པར་སྤྱི་བོར་འབྲལ་མེད་དུ་བཞུགས་པ་ཡིན་པས་དེ་ལྟར་མོས་པ་དང་། འབྲས་བུ་ཆོས་ཀྱི་སྐུ་འཐོབ་པར་འགྱུར་བ་ལགས་སོ། །བཞི་པ་ཚིག་དབང་རིན་པོ་ཆེ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་ཆེན་པོ༔ བདག་ལ་དོན་དམ་ངེས་པའི་དབང༔ རྒྱལ་བའི་དགོངས་པ་མཐར་ཐུག་མཆོག༔ ཚིག་དབང་རིན་ཆེན་བསྐུར་དུ་གསོལ༔ ལན་གསུམ། དེ་ནས་ཁྱེད་རང་རྣམས་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱ༔ ངག་ཅ་ཅོ་མེད་ཅིང་དབུགས་ཀྱི་འགྱུ་བ་ཟོ་ལྷོད་དེ་བཞག༔ སེམས་དུས་གསུམ་རྟོག་པའི་རྗེས་ཕྱིར་མི་འབྲང་བར་ཡུལ་འདས་ཀྱི་ངང་ལ་ཕྱམ་གྱིས་བཏང་ལ་མཉམ་པར་ཞོག་ཅིག༔ མེ་ལོང་གསལ་བ་བསྟན་ལ། བུ་ཁྱོད་ལྟོས་ཤིག་ཕྱི་རུ་མེ་ལོང་ལྟོས༔ བལྟ་བྱ་ལྟ་བྱེད་བལྟ་བའི་ཡུལ༔ ཐམས་ཅད་གང་ནས་བྱུང་བ་འམ༔ དེ་བཞིན་འགྲོ་དང་གནས་མེད་པ༔ ཐམས་ཅད་དུ་མ་རོ་གཅིག་གོ༔ དེ་བཞིན་ནང་དུ་སེམས་ལ་ལྟོས༔ བལྟ་བྱ་ལྟ་བྱེད་བལྟ་བའི་ཡུལ༔ ཐམས་ཅད་བྱུང་གནས་འགྲོ་འོང་བྲལ༔ མཐའ་དབུས་མེད་པ་དེ་བཞིན་ཉིད༔ བཟང་ངན་བླང་དོར་དགག་སྒྲུབ་དང༔ དུ་མ་རོ་གཅིག་ཆོས་ཀྱི་དབྱིངས༔ ཀུན་བཟང་ཀློང་དུ་མ་བུ་འདྲེས༔ ཐ་སྙད་སྤྲོས་པའི་ཚིག་ལས་འདས༔ དེ་བཞིན་སྐལ་ལྡན་ཉམས་སུ་ལོངས༔ མཁའ་འགྲོ་ཡོངས་ཀྱི་དབང་ལུང་རྫོགས༔ སྨིན་གྲོལ་མཐར་ཕྱིན་འབྲས་བུ་བརྙེས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཨཱ༔ བཛྲ་བྷ་ར་ཧི་དྷཱ་ཀི་ནཱི་ཧ་རི་ནི་ས་མ་ཧཱ་ཤཱུ་ཛྙཱ་ཏཱ་ཛྙཱ་ན་སྭ་བྷཱ་བ་ཙིཏྟ་དྷ་ཐིམ་ཨ་བྷི་ཥིཉྩ་ཏུ་མཱཾ༔ ཞེས་པས་བརྡ་དོན་ངོ་སྤྲད་དེ་དབང་བསྐུར༔ དེས་དེ་ཁོ་ན་ཉིད་ཤིན་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེ་ཐོབ༔ ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་དྲི་མ་ལ་སོགས་པ་གཉིས་འཛིན་གྱི་དྲི་མ་དག༔ ཆོས་ཐམས་ཅད་སྤྲོས་པའི་མཐའ་དང་བྲལ་བ་རྫོགས་རིམ་གྱི་ངང་དུ་གཞག་པ་ལ་དབང་བར་བྱས༔ དབང་རྟགས་སུ་བདག་དང་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་དབྱེར་མེད་པར་ལྷུན་གྲུབ་རང་ཆས་སུ་གདོད་མ་ནས་བཞུགས༔ འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པར་འགྱུར་བ་ཡིན་ནོ༔ དེ་ལྟར་དབང་བཞི་རྫོགས་པར་བསྐུར་ནས༔ མཐའ་རྟེན་རྗེས་སུ་གནང་བ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ མཁའ་འགྲོ་ཐམས་ཅད་འདུས་པའི་གཙོ༔ བླ་མ་དཔལ་ཆེན་ཧེ་རུ་ཀ༔ གཉིས་མེད་ཡུམ་ཆེན་ཕག་མོའི་སྐུ༔ རིགས་ལྔ་མཁའ་འགྲོ་འཁོར་བཅས་དགོངས༔ བདག་ཅག་བརྩེ་བས་རྗེས་བཟུང་ཕྱིར༔ ཞི་རྒྱས་དབང་དྲག་ལ་སོགས་པའི༔ ཕྲིན་ལས་སྣ་ཚོགས་རྗེས་གནང་ཀུན༔ དུས་འདིར་ཡོངས་རྫོགས་བསྩལ་དུ་གསོལ༔ དེ་ནས་ཁྱེད་རང་རྣམས་སྐད་ཅིག་གིས་འོད་ཟེར་དམར་པོ་སྟོང་ཁམས་ཁེངས་པར་འབར་བའི་དབུས་སུ་རྗེ་བཙུན་རྡོ་རྗེ་ཕག་མོ་སྐུ་མདོག་མཐིང་ནག་སོགས་ནས། གཞི་ལུས་ཀྱི་གཙོ་མོ་དང་མཚུངས་པར་གསལ་ཐོབས་ཤིག །ཅེས་པའི་བར་བྱིན་འབེབ་སྐབས་ལྟར་བརྡ་སྤྲད། དེ་ལྟར་ཁྱེད་རང་དཀྱིལ་འཁོར་གྱི་གཙོ་མོ་དངོས་སུ་གསལ་བ་ལ་སློབ་དཔོན་དང་དཀྱིལ་འཁོར་པའི་ལྷ་རྣམས་ཀྱིས་སྤྱི་བོར་དབང་རྟགས་རིགས་ལྔའི་དབུ་རྒྱན་བསྐོན། རྒྱལ་ཐབས་སྤྱི་བླུགས་ཀྱི་བུམ་པས་དབང་བསྐུར། མི་འབྲལ་བ་དམ་ཚིག་གི་སྐུ་རྟེན་སྙིང་གར་བཞག །ལག་གཡས་གཡོན་དུ་སྒྲུབ་དཔེ་དང་བགྲང་ཕྲེང་། གཏོར་མཆོད་སྒྲུབ་རྫས་རྣམས་མདུན་དུ་བཀྲམ། སྙན་པའི་དབྱངས་དང་རོལ་མོའི་སྒྲ་སྣ་ཚོགས་པ་དང་མེ་ཏོག་ཆར་དུ་བསྙིལ་ནས་རང་གཞན་དོན་གཉིས་བསྒྲུབ་པར་རྗེས་སུ་གནང་ཞིང་མངའ་གསོལ་བར་མོས་ཤིག །བྱ་བ་དེ་རྣམས་ཚིག་དང་མཐུན་པར་བྱེད་བཞིན་པས། ཨེ་མ་ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཡུམ་གྱུར་རྡོ་རྗེ་ཕག་མོ་ཡིས༔ གཙོར་མཛད་མཁའ་འགྲོ་རྒྱ་མཚོ་རྣམས༔ དགྱེས་པར་དགོངས་ནས་དབང་བསྐུར་ཞིང༔ བྱིན་གྱིས་བརླབས་པར་མཛད་ནས་ཀྱང༔ རྗེས་སུ་གནང་བ་འདི་དག་ཀུན༔ བུ་ཁྱོད་ཀྱིས་ནི་དང་དུ་ལོངས༔ བསྐྱེད་རིམ་ལྷ་སྔགས་སྒྲུབ་ལ་བརྩོན༔ རྫོགས་རིམ་སྤྲོས་བྲལ་ངང་དུ་ཞོག༔ གཉིས་མེད་བདེ་སྟོང་དོན་ལ་སྤྱོད༔ ཞི་དང་རྒྱས་ལ་སོགས་པ་ཡི༔ ཕྲིན་ལས་ཐམས་ཅད་ཁྱོད་ཀྱིས་སྒྲུབས༔ རང་གཞན་སྨིན་གྲོལ་ལམ་ལ་སྦྱོར༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན༔ བླ་མེད་འཁོར་ལོ་བསྐོར་བར་གྱིས༔ དངོས་གྲུབ་རྣམ་གཉིས་ད་ལོངས་ལ༔ སྟོན་པ་ཆེན་པོར་ཁས་ལོངས་ཤིག༔ ཅེས་བསྒོས་པ་ལ་ཤིན་ཏུ་སྤྲོ་ཞིང་གུས་པ་དང་བཅས་པས་ཁས་བླང་བ་འདིའི་རྗེས་ཟློས། བླ་མས་ཇི་ལྟར་བསྔགས་པའི་ཚུལ༔ བདག་ནི་སྤྲོ་བས་རྗེས་བསྒྲུབ་ཅིང༔ སྐྱོ་དུབ་མེད་པའི་བརྩོན་འགྲུས་ཀྱིས༔ འགྲོ་དོན་སྤྱོད་པར་དམ་བཅའ་འོ༔ ཞེས་བརྗོད་དུ་གཞུག །དེས་ནི་དེང་ཕྱིན་ཆད་མཁའ་འགྲོ་རྒྱ་མཚོའི་ཆོས་དང་སྒྲུབ་སྡེ་རྣམས་ལ་དབང་འབྱོར་ཅིང༔ བདག་གཞན་གྱི་དོན་བྱེད་པ་ལ་དབང་འབྱོར་ཞིང་རྗེས་སུ་གནང་བ་ཐོབ་པ་ཡིན་ནོ༔ དེ་ནས་སྤྱི་ལྟར་མཚམས་སྦྱོར་བཅས་བྱིན་གྱིས་བརླབས་པའི་མེ་ཏོག་འཐོར་ཞིང་ཤིས་བརྗོད་རྒྱས་པར་བྱ། དམ་ཚིག་བསྒྲག་གཟུང་། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོའི་བར་རྫོགས་པར་བྱས་ལ་སློབ་མ་རང་གནས་སུ་གཏང་ངོ་། །གསུམ་པ་རྗེས་ཀྱི་བྱ་བ་ནི། ནུས་ཤིང་ལྕོགས་ན་སླར་ཡང་གཏང་རག་ཏུ་ཚོགས་ཀྱི་འཁོར་ལོ། སྐོང་བཤགས་རྒྱས་པར་བྱ་ཞིང་ཡེ་ཤེས་མཁའ་འགྲོའི་བཤགས་པ་བརྗོད། མི་འགྲུབ་ན་སྤྱི་བཤགས་ཙམ་དང་ཡིག་བརྒྱ་བཟླ། ཚོགས་ལ་རོལ་ཞིང་རྡོ་རྗེའི་གླུ་གར་སོགས་ཀྱང་ས་བཅད་མ་སྟོང་ཙམ་བྱ། ལྷག་མ་གཏང་། མཁའ་འགྲོ་འབུམ་བསྐུལ་བྱ་ཞིང་འདས་མ་འདས་གཏོར་མ་བསྐྱང་། ཆད་བརྟན་རྟ་བྲོ་གྲུབ་ནས། མཆོད་པ་ཁ་གསོས་དཀྱིལ་འཁོར་ལ་མཆོད་བསྟོད་བྱ། སྤྲོ་ན་དངོས་གྲུབ་བླང་། ནོངས་བཤགས། བཀྲ་ཤིས། རྟེན་བཞུགས། བསྡུ་ལྡང་གི་བར་དུ་བྱས་ལ་ཐེག་པ་ཆེན་པོའི་བསྔོ་སྨོན་གྱི་རྒྱས་གདབ་བོ། །འདི་རྣམས་སྔ་འགྱུར་རིང་ལུགས་འཛིན་ཀུན་ལ། །གྲགས་ཆེ་ལག་ལེན་གསལ་བས་མ་དགོས་ཀྱང་། །རིན་ཆེན་གཏེར་གྱི་རྒྱ་མཚོར་དོན་འགའ་འགས། །བཞུགས་སུ་གསོལ་ཕྱིར་བལྟས་པས་ཆོག་པར་བསྡེབས། །སྣང་ཞེན་རྡོ་རྗེའི་བཙུན་མོའི་ཕྱག་རྒྱར་སད། །རྩ་རླུང་ཐིག་ལེ་དྷཱུ་ཏིའི་བྷ་གར་ཐིམ། །རིག་སྟོང་བཟང་མོའི་རང་ཞལ་མཇལ་ནས་ཀྱང་། །བརྗོད་དུ་མེད་པའི་མཁའ་ལ་སྤྱོད་པར་ཤོག །རིན་པོ་ཆེ་གཏེར་གྱི་མཛོད་ལ་ཆེད་དུ་འོས་པའི་ནོར་བུ་དབྱིག་གི་ཕྲེང་བ་ལོངས་པར་བྱ་བའི་ཆ་རྐྱེན་དུ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་ཤངས་ཀྱི་ཟབ་ལུང་གཉིས་པ་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བསྡེབས་པ་དགེ་ལེགས་འཕེལ།། །།
དམ་ཆོས་ཀློང་གསལ་སྙིང་ཐིག་ལས༔ རྟ་མགྲིན་གསང་བའི་ལས་བྱང་ (Volume 57, Text 5)
<!TCC Tibetan character 3,182 undefined in unicode!>༔ དམ་ཆོས་ཀློང་གསལ་སྙིང་ཐིག་ལས༔ རྟ་མགྲིན་གསང་བའི་ལས་བྱང་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈ་་་་ཨོ་རྒྱན་གྱི་ཡི་གེ་བཀྲ་ཤིས་དགེ་བ། ྈྈྈྈྈྈྈྈྈྈྈ་་་་་མཁའ་འགྲོའི་བརྡ་ཡིག །ྈྈྈྈྈྈྈ་་་་གཏད་རྒྱའི་ཡི་གེ །ྈྈྈྈྈྈྈྈྈ་་་་གསང་རྒྱ་ཟབ་མོ། །ྈྈྈ ཐུགས་དམ་གསང་བའི་ལྷ་ལ་ཕྱག་འཚལ་ལོ༔ བདེ་གཤེགས་རྒྱལ་བ་མི་འགྱུར་འོད་ཀྱི་སྐུ༔ ཞི་ཁྲོ་རབ་འབྱམས་དབང་ཆེན་གསུང་གི་བདག༔ གར་གྱི་བདག་ཉིད་ཁྲག་འཐུང་རོལ་པའི་སྐུ༔ རྟ་མགྲིན་དབང་གི་ལས་བྱང་འདིར་བཤད་བྱ༔ དེ་ལ་སྔོན་འགྲོ་རྗེས་དང་གསུམ༔ དེ་ལ་སྔོན་འགྲོའི་ཆོས་ལྔ་སྟེ༔ མཚམས་གཅད་བྱིན་རླབས་དམ་བཅའ་གཟུང༔ ཡེ་ཤེས་བྱིན་དབབ་བཤགས་པ་བྱའོ༔ དངོས་གཞིའི་ལས་ཁྲིགས་ཉི་ཤུ་སྟེ༔ ཏིང་འཛིན་རྣམ་གསུམ་གཞལ་ཡས་བསྐྱེད༔ ལྷར་བསྐྱེད་སྤྱན་འདྲེན་བཞུགས་ཕྱག་འཚལ༔ ཕྱི་ནང་གསང་མཆོད་ཁོ་ན་ཉིད༔ སྨན་གཏོར་རཀྟ་སྦྱོར་སྒྲོལ་མཆོད༔ གླུ་བྲོ་བསྟོད་པ་ཛཔ྄་བཟླས་སོ༔ རྗེས་ཀྱི་ལས་ཁྲིགས་ལྔ་ཡིན་ཏེ༔ ཚོགས་དང་ལྷག་མ་ལས་ལ་བསྐུལ༔ བརྟན་མ་རྟ་བྲོ་ལས་རྗེས་བསྡུ༔ དེ་ལྟར་ལས་གཞུང་རྩ་ཐོར་བསྡེབ༔ སྐལ་པ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དང་པོ་བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ༔ ལྟ་བའི་བདེན་པ།་་་ཐམས་ཅད་བདེ་བར་གཤེགས་པའི་རང་བཞིན་ལ༔ ང་བདག་གཟུང་འཛིན་རྡུལ་ཙམ་མི་དམིགས་ཀྱང༔ དམ་ཅན་འདུ་བའི་ལྷ་ལ་མ་གཏོགས་པ༔ ལོག་འདྲེན་བར་ཆད་བགེགས་རྣམས་ཕྱིར་དེངས་ཤིག༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་ཝཱན༔ བིདྱཱ་རཱ་ཛཱ་ཡ་ཧཱུྃ་ཕཊ༔ ཧཱུྃ༔ བདེན་པའི་སྟོབས་ཀྱིས་བཀའ་བསྒོ་བ།་་་ང་ནི་འཇིགས་བྱེད་དབང་ཆེན་འབར་བའི་སྐུ༔ ལོག་འདྲེན་གདུག་པའི་བགེགས་ཀྱི་ཚོགས་རྣམས་ཀུན༔ གལ་ཏེ་ང་ཡི་བཀའ་ལས་འདས་གྱུར་ན༔ ཐལ་བ་རྡུལ་བཞིན་ལུས་སེམས་བརླག་བྱེད་འགྱུར༔ ཨོཾ་ཤྲཱི་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ར་ཙ་ཧྲི་ཡ་ཧ་རི་ནི་ས་རཀྟ་ཨུཙྪ་ཏ་ཡ་ཧཱུྃ་ཕཊ༔ དེ་ནས་མཚམས་གཅད་པ་ནི༔ ཧཱུྃ༔ རྡོ་རྗེ་གཏུམ་པོ་རི་རབ་རྩེ་བརྒྱད་ན༔ འབར་བའི་ལྷ་བརྒྱད་དབང་ཆེན་ཀ་སྟེང་དུ༔ ཤིན་ཏུ་མི་བཟད་དབང་ཆེན་གཙོ་དང་འཁོར༔ རྟ་སྐད་ཐེངས་གསུམ་གར་དགུའི་ཚུལ་གྱིས་རོལ༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲཱི་བ་དགྲ་བགེགས་འབྱུང་པོ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དེ་ནས་དྲག་པོ་མེའི་མཚམས་ནི༔ ཧཱུྃ༔ སྟེང་འོག་ཕྱོགས་མཚམས་མེ་ཡི་རྦ་ཀློང་འཁྲུགས༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཏེ༔ ཕྲག་དོག་ཉོན་མོངས་ལྔ་ནི་སྲེག་བྱེད་ན༔ ཡེ་ཤེས་ལྔ་ཡི་མེ་ནི་ཕྱོགས་བཅུར་འཕྲོས༔ ཕྱོགས་མཚམས་མེ་ཡི་འཁོར་ལོས་གཏམས་པ་ལས༔ མེ་ཡི་མཚམས་ལས་བགེགས་རྣམས་མ་འདའ་ཞིག༔ རཾ་རཾ་ཛྭ་ལ་རཾ༔ ཕཊ་རཾ༔ ཏྲག་རཾ༔ ཁཾ་རཾ་ཧཱུྃ་ཕཊ༔ དེ་ནས་སྐབས་འདིར་མཆོད་པ་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ དམ་ཚིག་གསང་བའི་དཀྱིལ་འཁོར་འདིར༔ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས༔ ཐུགས་དམ་བསྐང་ཕྱིར་འབུལ་གྱིས་བཞེས༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ འགྲེས་སོ། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་པཱུ་ཙ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཕཊ༔ དེ་ནས་དམ་བཅའ་གཟུང་བར་བྱ་སྟེ༔ ཧཱུྃ༔ དབང་དྲག་དཀྱིལ་འཁོར་བདེར་གཤེགས་ལྷ་ཡི་ཚོགས༔ མ་བཅོས་སྤྲོས་བྲལ་བདེ་ཆེན་རང་རིག་ལྷ༔ ཡེ་ནས་རང་ཉིད་རང་རིག་རང་གསལ་གདབ༔ འདུ་འབྲལ་མེད་པའི་ངང་དུ་བསྒྲུབ་ལགས་སོ༔ བཛྲ་ས་མཱ་ཏི་ཧཱུྃ༔ དེ་ནས་བྱིན་དབབ་པ་ནི༔ ཧཱུྃ༔ ཆོས་སྐུ་སྐྱེ་བ་མེད་པའི་ངང་ཉིད་ལས༔ ཐུགས་རྗེ་འགགས་མེད་དངོས་གྲུབ་ཀུན་གྱི་གཏེར༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་དབབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཨོཾ་བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཧཱུྃ༔ བཤགས་པ་བྱ་བ་ནི༔ བླ་མ་ཡི་དམ་ཌཱ་ཀི་ཆོས་སྐྱོང་དགོངས༔ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི༔ རང་སེམས་གནོང་འགྱོད་དྲག་པོས་མཐོལ་བཤགས་ན༔ མཉམ་ཉིད་ཀློང་ཡངས་ངང་དུ་བཟོད་པར་གསོལ༔ བཛྲ་ས་མ་ཡ་སྭ་བྷཱ་ཝ་བི་ཤུདྡྷོ྅་ཧཾ༔ དེ་ཡན་ཆད་རང་བྱུང་སྔོན་དུ་འགྲོ་བའི་ལས་རིམ་མོ༔ དེ་ནས་ས་མཱ་ཏི་རྣམ་གསུམ་ལས༔ དང་པོ་དེ་བཞིན་ཉིད་ནི༔ ཧཱུྃ༔ མ་བཅོས་ལྷུན་གྲུབ་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་རང་གསལ་གཏིང་མཐའ་མེད་པའི་ཀློང༔ མི་གནས་མི་དམིགས་སྤྲོས་པ་མེད་པའི་ངང༔ བརྗོད་མེད་མཉམ་ཉིད་རིག་པའི་ཀློང་དུ་རྫོགས༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ གཉིས་པ་ཀུན་ཏུ་སྣང་བ་ནི༔ ཧཱུྃ༔ ཐམས་ཅད་སྙིང་པོ་བྱང་ཆུབ་སེམས་ཀྱི་ངང༔ མ་རྟོགས་རང་བྱུང་རང་གསང་ཐབས་ཀྱིས་བཅད༔ གཉིས་མེད་དོན་གྱི་རང་བཞིན་རྟོགས་བྱའི་ཕྱིར༔ འགྲོ་ཀུན་སྙིང་རྗེའི་ངང་དུ་རྗེས་སུ་གཟུང༔ བོ་དྷི་ཙིཏྟ་ས་མ་ཡ་ཧཱུྃ༔ གསུམ་པ་རྒྱུའི་ཏིང་ངེ་འཛིན་ནི༔ ཧཱུྃ༔ དམིགས་མེད་མཐའ་དང་བྲལ་བའི་ངང་ཉིད་ལས༔ རང་བྱུང་ཡེ་ཤེས་མ་འགགས་ཐུགས་རྗེའི་རྩལ༔ དམིགས་མེད་ངང་ནས་འགྲོ་དོན་རང་བྱུང་རྫོགས༔ རང་རིག་རང་གསལ་རྒྱུ་ཡི་ཡི་གེ་ཧྲཱི༔ བཛྲ་ས་མ་ཡ་ཙིཏྟ་ཧྲཱི༔ དེ་ནས་ཡུལ་གཞན་ལས་བྱུང་བ་གཉིས་མེད་དུ་སྒྲུབ་པའི་ལས་ཁྲིགས་ལས༔ དང་པོ་གཞལ་ཡས་ཁང་བསྐྱེད་པ་ནི༔ ཧཱུྃ༔ རང་སེམས་ཡི་གེ་ཧྲཱིཿཡི་བྱིན་རླབས་ལས༔ འབྲུ་ལྔ་སྤྲོས་པས་དབང་ཆེན་ཡུམ་ལྔ་རྫོགས༔ སྨུག་ནག་བྷྲཱུྃ་ལས་འབར་བའི་གཞལ་ཡས་ནི༔ མ་བསྒྲིབས་ཡེ་ཤེས་གསལ་བའི་ཕོ་བྲང་མཆོག༔ ཨེ་ཡཾ་ར་སཾུ་ཀེཾ་རཾ་བྷྲཱུྃ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བྷྲཱུྃ༔ ཛྙཱ་ན་ཙཀྲ་ཨེ་བྷྲཱུྃ༔ བཾ་རུ་ཏྲ་ཏི་ར་བཾ༔ མ་སུརྻ་མ་དྷ་ལ༔ ཨ་ཙནྡྲ་མ་དྷ་མ༔ ཧྲཱིཿསྥ་ར་ཎ་ཕཊ༔ ཡཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་མ་ཧཱ་ཀྲོ་ཏ་ཧྱ་གྲཱི་བ་ཧཱུྃ་ཛ༔ དེ་ནས་དམ་ཚིག་གི་ལྷ་བསྐྱེད་པར་སྟོན་ཏེ༔ ཧཱུྃ༔ ཡི་གེ་ཧྲཱིཿཡི་འཕྲོ་འདུ་ལས༔ ཆུ་བདག་བདུད་བཞི་བསྣོལ་བའི་སྟེང༔ བདག་ཉིད་མ་བཅོས་རྫོགས་པའི་སྐུ༔ དབང་ཆེན་ཞལ་གཅིག་ཕྱག་གཉིས་པ༔ སྐུ་མདོག་དམར་ནག་མེ་ཀློང་བཞུགས༔ ཕྱག་གཡས་གྲི་གུག་སྐྱེ་ཤི་གཅོད༔ ཕྱག་གཡོན་དུག་གསུམ་ཐོད་ཁྲག་གསོལ༔ རྟ་སྐད་འཚེར་ཞིང་ཧཱུྃ་སྒྲ་སྒྲོག༔ སྙིང་སྦྲུལ་ཐོད་ཕྲེང་རྒྱན་གྱིས་བཀླུབས༔ ཁ་ཊྭཱཾ་མཆན་བཅུག་རུས་རྒྱན་འཁྲོལ༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས༔ ཐུགས་ཀར་རང་སེམས་སྲོག་དང་བཅས༔ རྡོ་རྗེ་ཕག་མོ་དཔལ་གྱི་ཡུམ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ གཡས་པས་གྲི་གུག་གཙོ་ལ་འཁྱུད༔ གཡོན་པས་ཐོད་ཁྲག་གཙོ་ལ་སྟོབ༔ བརྐྱང་བསྐུམ་ཞབས་འཁྲིལ་རྒྱན་དྲུག་མཛེས༔ བསྐལ་པའི་མེ་ཕུང་ཀློང་ན་བཞུགས༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ར་ཧོ་ཧཾ༔ རཱ་ག་ཡཱ་མི༔ ཨོཾ་བཛྲ་པག་ཤུ་ཏ་མུ་ག་ཧཱུྃ་ཛ༔ ཧཱུྃ༔ ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས༔ དབང་ཆེན་རིགས་བཞི་གསུང་གི་སྲས༔ འཇིགས་བྱེད་ཕྲ་མེན་ཆེན་མོ་བརྒྱད༔ སྐུ་མདོག་ཕྱག་མཚན་སྣ་ཚོགས་འཛིན༔ དབང་ཆེན་རྒྱལ་བའི་དཀྱིལ་འཁོར་འདིར༔ བྱིན་ཆེན་བྱིན་ཕོབས་དབང་ཆེན་སྐུར༔ མ་འདྲེས་ཡོངས་སུ་རྫོགས་པར་གསལ༔ ཨོཾ་ཨཱཿཧཱུྃ་ཧྲིཾ་ཧྲིཾ་ཛ་ཛ༔ ཧྱ་གྲཱི་བ་ཧུ་ལུ་ཧུ་ལུ་ཨེ་ཀ་ཙཱ་ཏི་བཻ་རོ་ཙ་ནི་ཡཻ་ཧཱུྃ་ཕཊ༔ དེ་ནས་ཡེ་ཤེས་པ་སྤྱན་འདྲེན་པ་ནི༔ ཧཱུྃ༔ བདེར་གཤེགས་ཡོངས་རྫོགས་རང་བྱུང་དབང་གི་ལྷ༔ རྟ་མཆོག་དབང་གི་དཀྱིལ་འཁོར་མ་ལུས་ཀུན༔ རྟ་གདོང་ཞལ་གྱི་ཕྱག་རྒྱས་སྤྱན་འདྲེན་ན༔ དབང་གི་རྟ་སྐད་འཚེར་ཞིང་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ པདྨ་བྷ་མུ་ཀ་ཡོ་གཱི་ཤྭ་རཱི་ཧྱ་གྲཱི་བ་ཧཻ་ཧྲིཾ་ཧྲིཾ་ཛཿཛ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ སྤྲོས་མེད་བདེ་ཆེན་གཞལ་ཡས་དམ་པ་འདིར༔ བདག་དང་གཉིས་མེད་ངང་དུ་བསྒྲུབ་སླད་དུ༔ དབང་དྲག་འཛོམས་ཤིང་སྲིན་པོ་འདུལ་བའི་ལྷ༔ རྔམ་བརྗིད་འགྱིང་བའི་ཚུལ་གྱིས་བཞུགས་སུ་གསོལ༔ ཧྱ་གྲཱི་བ་བྷ་ར་ཧི་པྲ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་དྷི་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ དབང་ཆེན་ཀུན་འདུས་རྟ་མགྲིན་དབང་གི་ལྷ༔ གསང་བའི་ཡུམ་མཆོག་ཨེ་ཀ་ཕག་མོའི་སྐུ༔ རྟ་གདོང་དབང་དྲག་འཁོར་དང་བཅས་པ་ལ༔ བརྐྱང་བསྐུམ་སྲིན་པོའི་ཚུལ་གྱིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ ཨ་ལ་ལ་ཧོ༔ དེ་ནས་ཕྱི་ནང་གསང་གསུམ་གྱི་མཆོད་པ་ལས༔ དང་པོ་ཕྱི་མཆོད་ནི༔ ཧཱུྃ༔ དབང་ཆེན་གསང་བའི་དཀྱིལ་འཁོར་དུ༔ བདུག་སྤོས་མེ་ཏོག་མར་མེ་དྲི༔ ཞལ་ཟས་སིལ་སྙན་མཆོད་པའི་སྤྲིན༔ སྣང་སྲིད་མཆོད་པར་འབུལ་གྱིས་བཞེས༔ ཨོཾ་བཛྲ་པུཥྤེ་སོགས་བརྗོད༔ ནང་མཆོད་འབུལ་བ་ནི༔ དབང་པོ་ལྔ་ཡི་མེ་ཏོག་དང༔ གསུར་ཆེན་བདུག་སྤོས་དྲི་ཡིས་མཆོད༔ ཞུན་ཆེན་སྣང་གསལ་མར་མེ་དང༔ རྡོ་རྗེ་དྲི་ཆུའི་བྱུགས་པས་མཆོད༔ བདུད་རྩི་དྲི་ཆེན་ཞལ་ཟས་དང༔ རྐང་གླིང་ཐོད་པའི་རྔ་སྒྲས་མཆོད༔ དུག་གསུམ་སྐུ་གསུང་ཐུགས་སུ་མཆོད༔ དུག་ལྔ་ཡེ་ཤེས་ལྔ་རུ་མཆོད༔ སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད༔ མ་ཧཱ་པཉྩ་སརྦ་པཱུ་ཛ་ཧོ༔ གསང་མཆོད་འབུལ་བ་ནི༔ ཧཱུྃ༔ ཡབ་ཡུམ་ཐབས་ཤེས་སྦྱོར་བ་ལས༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་རྒྱུ༔ སྨྲར་མེད་བདེ་བའི་གསང་མཆོད་ཀྱིས༔ དབང་ཆེན་ལྷ་ཚོགས་མཉེས་གྱུར་ཅིག༔ བོ་དྷི་ཙིཏྟ་མ་ཧཱ་པཉྩ་ས་མ་ཡ་པཱུ་ཛ་ཧོ༔ དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི༔ ཧཱུྃ༔ ཐམས་ཅད་མཉམ་རྫོགས་བྱང་ཆུབ་སེམས༔ སྣང་གྲགས་དྲན་རྟོག་ཡེ་ཤེས་ལྷ༔ ཐམས་ཅད་ཀུན་བཟང་ཁྱབ་བརྡལ་ངང༔ དམིགས་མེད་ངང་དུ་མཆོད་པར་བཞེས༔ ས་མཱ་ཏི་ཨཱ་བེ་ཤ་ཡ་པཱུ་ཛ་ཧོ༔ དེ་ནས་སྨན་མཆོད་ནི༔ ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་བདུད་རྩི་ཨ་མྲྀཏ༔ དུག་ལྔ་གནས་གྱུར་ཡེ་ཤེས་སྒྲུབ་པའི་རྫས༔ རོ་མཆོག་ཡོན་ཏན་ཀུན་དང་ལྡན་པ་འདི༔ གསོལ་ཞིང་མཆོད་དོ་འགྲོ་བའི་དོན་དུ་བཞེས༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཐཱ༔ ཞེས་དང་ལྷ་ཚོགས་རྣམས་ལ་ཡང་མཚན་དོན་སྦྱར་རོ། །དེ་ནས་གཏོར་མ་འབུལ་བ་ནི༔ ཧཱུྃ༔ ཕྱི་ནང་གསང་བའི་དམ་རྫས་གཏོར་ཆེན་པོ༔ སྣང་སྲིད་གཞིར་བཞེངས་འདོད་ཡོན་རོལ་མཚོར་སྤུངས༔ ཤ་ཁྲག་དམར་དང་ཞག་གི་སྤྲིན་དུ་གཏིབས༔ དབང་ཆེན་ལྷ་ཚོགས་ཞལ་དུ་རོལ་ཅིག་བཞེས༔ མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ རཀྟ་འབུལ་བ་ནི༔ ཧཱུྃ༔ དུག་གསུམ་རྩད་གཅོད་དགྲ་བགེགས་བསྒྲལ༔ འཁོར་ལོ་མཉམ་རྫོགས་བྷནྡྷར་བསྐྱིལ༔ དུག་ལྔ་གནས་སུ་གཞོམ་པའི་ཕྱིར༔ དབང་གི་ལྷ་ཚོགས་ཞལ་དུ་འབུལ༔ མ་ཧཱ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ དེ་ནས་སྦྱོར་སྒྲོལ་གྱི་མཆོད་པ་ནི༔ ཧཱུྃ༔ ཡབ་ཡུམ་ཐབས་ཤེས་སྦྱོར་བ་ལས༔ རྡོ་རྗེ་པདྨའི་འདུ་བྱེད་ཀྱིས༔ ཉོན་མོངས་འདོད་ཆགས་ཐལ་བར་བརླག༔ སྦྱོར་བའི་མཆོད་པ་བཞེས་སུ་གསོལ༔ སྐབས་འདིར་དབང་གི་རྟ་བྲོའི་གླུ་མཆོད་བྱ་སྟེ༔ མཆེད་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ལ༔ ཧཱུྃ༔ གླུ་དྲུག་ཚངས་པའི་དབྱངས་སུ་སྦྱོར༔ ཁྲོ་བོའི་གླུ་ནི་བདུད་བཞི་འདུལ༔ ཞི་བའི་གླུ་དྲུག་དབྱིངས་སུ་གསལ༔ ལྟ་བའི་གླུ་དྲུག་མཐའ་དང་བྲལ༔ དབུ་མའི་གླུ་ནི་དགོངས་རྒྱུད་གསལ༔ གདུང་བའི་གླུ་ནི་མ་སྲིང་བརྟེན༔ ལས་ཀྱི་གླུ་ནི་ཕོ་ཉར་འགྱེད༔ ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་པཱུ་ཛ་ཧོ༔ བྲོའི་མཆོད་པ་ནི༔ ཧཱུྃ༔ ཁྲོ་བོའི་བྲོ་བརྡུང་དྲེགས་པ་འཇོམས༔ དཔལ་གྱི་རྟ་བྲོ་བདུད་བཞི་འདུལ༔ དབང་གི་བྲོ་བརྡུང་སྲིན་པོ་འདུལ༔ ལས་ཀྱི་བྲོ་བརྡུང་ཕོ་ཉར་འགྱེད༔ རྣལ་འབྱོར་བྲོ་བརྡུང་ཐམས་ཅད་བསྐུལ༔ ཏེ་ཏེ་ཧཱུྃ༔ ཏེ་ན་ཧཱུྃ༔ ཧཱུྃ༔ འདི་ནི་དཔལ་གྱི་ཐུགས་དམ་ཡིན༔ འདི་ནི་ཡུམ་གྱི་གསང་ཚིག་སྟེ༔ འདི་ནི་མ་སྲིང་དངོས་གྲུབ་སྡུད༔ འདི་ནི་དཔལ་གྱི་ཕོ་ཉ་ཡིན༔ འདི་ནི་རྣལ་འབྱོར་ལྟ་བའི་བྲོ༔ དགྲ་བགེགས་བདུད་བཞི་འཇོམས་པའི་བྲོ༔ དེ་ཕྱིར་གླུ་བྲོ་རྒྱུན་མི་གཅད༔ ཨེ་ཧོཿས་མ་ཡ་པཱུ་ཙ་ཧོ༔ དེ་ནས་ཆེ་བའི་ཡོན་ཏན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་བསྟོད་པ་ནི༔ ཧཱུྃ༔ མ་བཅོས་ཡོངས་རྫོགས་རྟ་མགྲིན་དབང་གི་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་ལ་འཚེར༔ རྒྱན་དང་ཕྱག་མཚན་རབ་རྫོགས་འཇིགས་པའི་སྐུ༔ སྐྱེ་མེད་དབང་གི་སྐུ་ལ་ཕྱག་འཚལ་བསྟོད༔ གྲགས་སྟོང་གསུང་གི་ང་རོ་འབྲུག་སྟོང་ལྡིར༔ དབང་གི་རྟ་སྐད་འཚེར་ཞིང་སྲིད་གསུམ་སྡུད༔ ཐམས་ཅད་ཡོངས་རྫོགས་དབང་ཆེན་གསུང་གི་ངང༔ འགག་མེད་དབང་གི་གསུང་ལ་ཕྱག་འཚལ་བསྟོད༔ སྐྱེ་མེད་ཐུགས་ལ་སྲིད་ཞི་མཉམ་པར་སྦྱོར༔ ཐུགས་རྗེའི་ངང་ཉིད་སྲིད་པའི་མཐའ་ལ་གཟིགས༔ ཟུང་འཇུག་བདེ་ཆེན་འགྱུར་མེད་སྙིང་རྗེའི་ཐུགས༔ འཁྲུལ་མེད་དབང་གི་ཐུགས་ལ་ཕྱག་འཚལ་བསྟོད༔ གསང་བའི་ཡུམ་མཆོག་འཇིགས་བྱེད་ཁྲོས་མའི་སྐུ༔ གར་དགུའི་ཉམས་ཅན་བདེ་སྟོང་ཟུང་དུ་འཇུག༔ ཆགས་མེད་སྐྱོན་བྲལ་དགའ་བའི་ངང་ཚུལ་ཅན༔ རྡོ་རྗེ་ཕག་མོའི་སྐུ་གསུང་ཐུགས་ལ་བསྟོད༔ སྐྱེ་མེད་ངང་ལས་སྤྲུལ་པའི་འཁོར་ཚོགས་ནི༔ ཡོན་ཏན་རབ་རྫོགས་ཕྲིན་ལས་རྣམ་བཞི་སྒྲུབ༔ ཐུགས་སྲས་ཕྲ་མེན་སྒོ་སྐྱོང་འཁོར་དང་བཅས༔ ཐམས་ཅད་ཡོངས་རྫོགས་སྐུ་ལ་ཕྱག་འཚལ་བསྟོད༔ ཛཔ྄་འབུལ་བ༔ ཧཱུྃ༔ སྐྱེ་མེད་ངང་ལས་ཐམས་ཅད་སྐུ་ཡི་ངང༔ ཐུགས་སྲོག་ཧྲཱིཿམ་གྲགས་སྟོང་གསུང་གི་སྒྲ༔ རང་བྱུང་ཐུགས་ལ་ལྷུན་གྲུབ་དབྱིངས་ཀྱི་ངང༔ སྐུ་གསུང་ཐུགས་ཡོན་སྙིང་པོ་ཛཔ྄་ཀྱིས་བསྒྲུབ༔ ཨོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛ༔ ཞེས་གྲངས་དང་རྟགས་ལ་སྦྱར་རོ༔ དེ་ནས་རྗེས་ཀྱི་ལས་ཁྲིགས་ལྔ་ལས་དང་པོ་ཚོགས་མཆོད་བྱ་བ་ནི༔ ཚོགས་རྒྱས་པར་བཤམས་ལ་བདུད་རྩིས་བསང༔ སྭ་བྷཱ་ཝའི་སྔགས་བརྗོད༔ ཧཱུྃ༔ རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས༔ ཆོས་རྣམས་སྒྱུ་མར་རིག་པའི་ཕྱིར༔ དངོས་དང་དངོས་འཛིན་བག་ཆགས་ཀུན༔ ཡི་གེ་རཾ་ཡཾ་ཁཾ་གསུམ་གྱིས༔ བསྲེགས་ཤིང་བཀྲུས་ཏེ་གཏོར་བར་བྱས༔ དག་པར་མ་གྱུར་གང་ཡང་མེད༔ རཾ་ཡཾ་ཁཾ་སྭཱ་ཧཱ༔ གཉིས་པ་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཏྲཱཾ༔ ཡེ་ཤེས་རྣམ་ལྔའི་རང་བཞིན་ལས༔ ཞལ་ཟས་དངོས་པོ་ཡི་གེ་ལྔ༔ ཡི་གེ་སྒྲ་དང་བཅས་པ་ཡིས༔ ཚོགས་ཀྱང་འོད་དུ་ལྟེམ་གྱིས་ཞུ༔ འོད་ཕུང་འབར་བའི་བྱིན་རླབས་ཀྱིས༔ རྒྱལ་བའི་ཐུགས་དམ་བསྐང་གྱུར་ཅིག༔ ཞེས་བྱིན་གྱིས་བརླབ་བོ༔ དེ་ནས་ཚོགས་དང་པོ་འབུལ་བ་ནི༔ ཧཱུྃ༔ དུས་གསུམ་བླ་མ་ཡི་དམ་ལྷ༔ རྟ་མགྲིན་ཡབ་ཡུམ་གཙོ་དང་འཁོར༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བར་པས་བསྐང་བ་ནི༔ བླ་མ་ཡི་དམ་དབང་ཆེན་ཚོགས༔ བདག་ཅག་ལུས་ངག་ཡིད་གསུམ་གྱིས༔ བག་མེད་ཉམས་ཆག་འགལ་འཁྲུལ་རྣམས༔ ཚོགས་ཀྱིས་མཆོད་པས་བསྐང་ཞིང་བཤགས༔ ཞེས་བསྐང་ཞིང་བཤགས་སོ༔ ཐ་མ་ལ་བསྒྲལ་མཆོད་བྱ་བ་ནི༔ དགྲ་བགེགས་ཀྱི་རཱུ་པ་བྱ་སྟེ༔ ཨ་མུ་ཀ་ནྲྀ་ཏྲི་ཨཾ་གུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷཎྜེ་ཧོ༔ ཞེས་དགུག་ཅིང་བསྟིམ་པར་བྱས་ལ༔ ཨོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་པས་བདག་ཉིད་སྟོད་རྟ་མགྲིན་གཞུང་བཞིན་ལ་སྨད་ཕུར་པ་མགར་གྱི་སོལ་མལ་ནས་ཕྱུང་པ་ལྟར་བསྐྱེད་ལ༔ ཧཱུྃ༔ ང་ནི་རྟ་མགྲིན་ཡབ་ཡུམ་སྟེ༔ སྟོད་ནི་ཞལ་གཅིག་ཕྱག་གཉིས་པ༔ གནམ་ལྕགས་ངར་མའི་ཕུར་པ་འདྲིལ༔ སྨད་ནི་ལྕགས་ཕུར་ཚྭ་ཚྭ་འཕྲོ༔ ནམ་མཁའི་མཐོངས་ན་འདྲིལ་ཞིང་འདེབས༔ བཏབ་ན་ལྷ་ཡང་བརླག་པར་འགྱུར༔ གནོད་བྱེད་དགྲ་བགེགས་སྨྲོས་ཅི་དགོས༔ རྒྱ་མདུད་རྩེ་ནས་འབྲུག་སྟོང་ལྡིར༔ འཆང་གཟུང་མཚམས་ནས་གློག་སྟོང་འཁྱུག༔ ཆུ་སྲིན་ཁ་ནས་ཚྭ་ཚྭ་འཕྲོ༔ གཟིར་བ་ཙམ་གྱིས་རྡུལ་དུ་རློག༔ དགྲ་བགེགས་སྟེང་དུ་མཱ་ར་ཡ༔ ཨ་མུ་ཀ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཅེས་བསྒྲལ་ལ་ཞལ་དུ་བསྟབ་བོ༔ དེ་ནས་ལྷག་ཆོག་བཤམ་སྟེ༔ བྷྱོ༔ དབང་གི་བཀའ་ཉན་ལྷག་སྡུད་མ༔ ལས་ཀྱི་མཁའ་འགྲོ་མི་བསྲུན་མ༔ ཤིན་ཏུ་རབ་འཇིགས་ཀིང་རུས་གཟུགས༔ ཡན་ལག་རུས་པའི་འཁོར་ལོས་བརྒྱན༔ སྙིང་ཁྲག་འཐུང་ཞིང་རྐན་སྒྲ་རྡེབ༔ རྐང་མགྱོགས་བརྟུལ་ཞུགས་རྫུ་འཕྲུལ་ལྡན༔ ལྷག་མའི་མཆོད་གཏོར་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོ༔ འཇིག་རྟེན་མཁའ་འགྲོ་རྫུ་འཕྲུལ་ཅན༔ ཤ་ཟ་མཁའ་འགྲོ་ཡང་སྤྲུལ་བཅས༔ ལྷག་སྡུད་མ་མོ་མཁའ་འགྲོའི་ཚོགས༔ སྐུ་མདོག་ཕྱག་མཚན་མ་ངེས་ཏེ༔ རྣམ་པ་སྣ་ཚོགས་ངེས་མེད་ཅན༔ དམ་ཉམས་དགྲ་བོའི་ཤ་ཁྲག་རོལ༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ལྷག་མ་བཏང་ངོ༔ དེ་ནས་ལས་ལ་བསྐུལ་བ་ནི༔ གཏོར་མ་ལ་ཕུད་དང་རཀྟ་སྦྲེང༔ ཤ་ཆེན་གྱི་དུད་པ་བཏང༔ རོལ་མོའི་སྒྲ་བསྒྲགས་ཏེ༔ བྷྱོ༔ དུར་ཁྲོད་རབ་འཇིགས་མེ་ཕུང་ཀློང༔ དུར་ཁྲོད་རབ་འཇིགས་ཁྲག་མཚོའི་དཀྱིལ༔ ཤ་ཟ་གཅན་གཟན་མང་པོའི་གནས༔ ཁྲོ་བཅུ་རྒྱུ་བར་མི་ནུས་ཤིང༔ ཕྱག་ན་རྡོ་རྗེ་ཡང་མི་ནུས༔ དེ་འདྲའི་གནས་མཆོག་ཆེན་པོ་ན༔ དུས་གསུམ་སངས་རྒྱས་ཀུན་གྱི་གཙོ༔ བདེ་གཤེགས་དབང་ཆེན་ཡབ་ཡུམ་བཞུགས༔ ཡབ་ཡུམ་སྐུ་ཡི་འཁོར་ལོ་ལ༔ མཁའ་འགྲོ་འབུམ་ཚོ་ཉི་ཤུ་རྫོགས༔ བསྐུལ་ལོ་གཙོ་འཁོར་ལས་ལ་བསྐུལ༔ ཤ་ཁྲག་དམར་གཏོར་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོ༔ གཞན་ཡང་ཡེ་ཤེས་སྣོད་བཅུད་དང༔ ཕྱི་ནང་ལས་ལས་གྲུབ་པའི་ཚོགས༔ ཉི་ཤུ་རྩ་ལྔའི་གནས་རྣམས་ཉུལ༔ སྲས་དང་ཕྲ་མེན་དབང་ཕྱུག་ཚོགས༔ སྐུ་མདོག་ཕྱག་མཚན་མ་ངེས་ཏེ༔ གྲི་གུག་ཁ་ཊྭཱཾ་ཐོད་ཁྲག་དང༔ རྔེའུ་ཆུང་རྡེག་འཇོམས་མཚོན་ཆ་འཛིན༔ སྐུ་རེགས་དྲིལ་བུ་གཡེར་ཁས་བརྒྱན༔ དར་དཔྱང་རུས་པའི་རྒྱན་དྲུག་གསོལ༔ དབུ་རྒྱན་དར་དཔྱང་ཅོད་པན་ཅན༔ རླུང་གིས་སྐྱོད་ཅིང་པུ་རུ་རུ༔ རྐང་པ་རྡོ་རྗེའི་སྒེག་འགྲོས་ཅན༔ མཁའ་ལ་ཐོགས་མེད་བུན་ནེ་བུན༔ ལག་པ་གསེར་གྱི་གདུ་བུ་ཅན༔ སྣ་ཚོགས་གར་བྱེད་ཁྱུགས་སེ་ཁྱུག༔ ཕྲིན་ལས་གཅིག་ཏུ་མ་ངེས་ཏེ༔ ཕྲིན་ལས་རྣམ་བཞི་ཐོགས་མེད་སྒྲུབ༔ ཤ་ཁྲག་དམར་གཏོར་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་དྲག་ཏུ་བསྐུལ་ན་ཕྲིན་ལས་ཐོགས་མེད་དུ་འགྲུབ་པར་འགྱུར་རོ༔ དེ་ནས་ཟོར་ལམ་དབྱེ་བ་ཆད་མདོ་རྣམས་བཀའ་བརྒྱད་ཀྱི་གཞུང་དུ་བསྙག་གོ༔ དེ་ནས་བརྟན་མ་སྐྱོང་བ་ནི༔ བྷྱོ༔ དཔལ་ཆེན་ཡབ་ཡུམ་བཀའ་ཉན་པའི༔ རྡོ་རྗེ་རིགས་ཀྱི་དྷཱ་ཀི་བདུན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ ཞི་བའི་ཕྲིན་ལས་འགྲུབ་པར་མཛོད༔ རིན་ཆེན་རིགས་ཀྱི་དྷཱ་ཀི་བདུན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ རྒྱས་པའི་ཕྲིན་ལས་འགྲུབ༴ པདྨ་རིགས་ཀྱི་དྷཱ་ཀི་བདུན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ དབང་གི་ཕྲིན་ལས་འགྲུབ༴ ལས་ཀྱི་རིགས་ཀྱི་དྷཱ་ཀི་བདུན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོ༔ དཔལ་ཆེན་ཡབ་ཡུམ་བཀའ་ཉན་ཚོགས༔ དབང་ཕྱུག་ཉེར་བརྒྱད་སུམ་ཅུ་གཉིས༔ གིང་དང་ལངྐ་དུར་ཁྲོད་བདག༔ མ་བདུན་སྒོ་བཞི་སྲིང་མོ་དང༔ འབར་བརྒྱད་དྲུག་ཅུ་རྩ་བརྒྱད་སོགས༔ དབང་ཆེན་པདྨའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་དེ་བཞིན་དུ༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་བརྟན་མ་སྐྱོང༔ དེ་ནས་རྟ་བྲོ་བྱ་བ་ནི༔ གཏོར་གཞོང་ཁ་སྦུབ་པའི་འོག་ཏུ་ལིང་ག་བཞག་ལ་འདི་སྐད་དོ༔ ཧྲཱི༔ དམར་ནག་གྲུ་གསུམ་དཀྱིལ་འཁོར་ན༔ ཁྲོ་རྒྱལ་རྟ་མགྲིན་ཁྲོས་པའི་སྐུ༔ གཉིས་མེད་རྡོ་རྗེ་ཕག་མོ་ཡུམ༔ གྲི་གུག་ཐོད་ཁྲག་ཁ་ཊྭཱཾ་འཛིན༔ རྟ་མགོ་ཕག་ཞལ་སྒྲ་སྒྲོག་ཅིང༔ སྡུག་བསྔལ་ནད་ཀྱི་ཆུ་བོ་ལ༔ རོལ་པའི་རྟ་བྲོ་ཆེམས་སེ་ཆེམ༔ རྟ་བྲོ་འཁོར་གཅིག་དང་པོ་ལ༔ བདུད་འདུལ་འཇོམས་པ་ཆེན་པོའི་བྲོ༔ ང་རྒྱལ་འཇོམས་པའི་མཁའ་འགྲོ་མ༔ ཞིང་བཅུའི་ཚོགས་ལ་ད་རྡུངས་ཤིག༔ རྟ་བྲོ་འཁོར་གཉིས་བར་མ་ལ༔ སྲིན་པོ་ཤ་ཟའི་ལོངས་སྤྱོད་བྲོ༔ ཞེ་སྡང་འཇོམས་པའི་མཁའ་འགྲོ་མ༔ འབྱུང་པོའི་ཚོགས་ལ་ད་རྡུངས་ཤིག༔ རྟ་བྲོ་འཁོར་གསུམ་ཐ་མ་ལ༔ ཁམས་གསུམ་ཁྲག་འཐུང་ནད་ཀྱི་བྲོ༔ གཏི་མུག་འཇོམས་པའི་མཁའ་འགྲོ་མ༔ འཁོར་བའི་གཅོང་ནད་སྐྲན་ལ་རྡུངས༔ རྡུལ་དུ་རློགས་ཤིག་དགྲ་དང་བགེགས༔ རྒྱ་མཚོའི་གཏིང་སྦ་རི་རབ་མནན༔ འཁོར་བསྐྱོན་ཆུ་སྲིན་ཁ་རུ་བོར༔ ཨོཾ་ཨཱཿཧཱུྃ་སཏྭཾ་བྷ་ཡ་ནན༔ ཅེས་ལུ་གུ་རྒྱུད་སྦྲེལ་ཏེ་བྲོ་བརྡུང་ངོ༔ དེ་ནས་བཀྲ་ཤིས་བརྗོད་པ་ནི༔ ན་མོ༔ ཆོས་སྐུ་མཐའ་ཡས་ལོངས་སྐུ་དབང་ཆེན་སྐུ༔ སྤྲུལ་སྐུ་པདྨ་རིགས་བཞིའི་མཁའ་འགྲོ་དང༔ དབང་ཆེན་པདྨ་གར་གྱི་ལྷ་ཚོགས་རྣམས༔ ཕྱི་ནང་བསྟན་སྲུང་དམ་ཅན་རྒྱ་མཚོར་བཅས༔ བདེར་གཤེགས་ཐམས་ཅད་འདུས་པའི་བཀྲ་ཤིས་ཤོག༔ ཅེས་རྒྱ་ཆེར་གཞན་ཡང་བརྗོད༔ ལྷ་གཤེགས་དཀྱིལ་འཁོར་བསྡུ་ཞིང་སྨོན་ལམ་གདབ༔ རང་ཉིད་ང་རྒྱལ་བརྟན་པའི་རྒྱུན་སྤྱོད་བྱའོ༔ རྟ་མགྲིན་གསང་སྒྲུབ་དབང་གི་ལས་བྱང་འདི༔ ཀློང་གསལ་སྙིང་ཐིག་ཆོས་བཀའ་ཚང་བའི་ཕྱིར༔ ཡེ་ཤེས་མཚོ་རྒྱལ་ནམ་མཁའི་སྙིང་པོ་གཉིས༔ སྣོད་དུ་གཟིགས་ནས་ཆོས་བཀའ་ཚང་བར་གཏད༔ མ་འོངས་དོན་དུ་རིན་ཆེན་གཏེར་དུ་སྦས༔ ལྔ་བཅུ་ཁ་རལ་དུས་ཀྱི་ཐ་མ་ལ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ྈྈྈ ཁ་ཐཾ༔ གུ་ཧྱ༔ གཏེར་རྒྱ༔ སྦས་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ྈྈྈྈྈྈྈྈ བདག་འདྲ་གཏེར་སྟོན་རཏྣ་ངས། །མོན་ཁ་ནེ་རིང་སེང་གེ་རྫོང་། །གསང་བའི་ཕུག་ནས་བཏོན་པ་ཡིན། །སྐལ་ལྡན་བྱུང་ན་སྟེར་བ་ཡིན། ཤོག་སེར་ལ་གོང་འོག་གབ་འཁྲུགས་ཆད་ལྷག་ཅུང་ཟད་སྣང་ན་འཆོས་པར་རྗེས་སུ་གནང་ངོ་། །ཞེས་པའང་འདུག །ཤོག་སེར་ནམ་མཁའི་སྙིང་པོའི་ཕྱག་བྲིས་ལས་བཤུས་གསུང་།
དིལ་ཆེན་རིན་པོ་ཆེས་རིན་གཏེར་ཁ་སྐོང་སྐོར་གྱི་དབང་གི་བཅས་བཤམ་ (Volume 2, Text 5)
དིལ་ཆེན་རིན་པོ་ཆེས་རིན་གཏེར་ཁ་སྐོང་སྐོར་གྱི་དབང་གི་བཅས་བཤམ། ༈ མཆོག་གླིང་ཐུགས་སྒྲུབ་བླ་མ་མཆོད་ཆོག་དབང་ལ། རྩ་གསུམ་གྱི་རྟེན་བཀྲམ་པའི་སྤྱན་སྔར་མཎྜ་ལར་འབྲུ་དཀར་གྱི་ཚོམ་བུ་ལྔ་བཀོད་པའི་སྟེང་དུ་འཕྲུལ་སྟེགས་ཀྱི་ཁར། བུམ་པ་སོ་ལྔའི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་ཅན། ཀ་པཱ་ལ་གསང་རྫས་སྦྱར་བའི་ཆང་གིས་བཀང་བ། བླ་མའི་གཏོར་ཆེན། སྐུ་འབག བདུད་རྩི། རཀྟ །མཆོད་གཏོར། བགེགས་གཏོར། ལས་བུམ་ཆིངས་དམར། མཐའ་རྟེན་རྫས་རྟགས་སྣ་བདུན་བཅས་ཙཀ་ལི་གསུམ། མཐར་ཆུ་གཉིས་ཉེར་སྤྱོད། ཚོགས་ཀྱི་ཡོ་བྱད་སོགས་མཆོད་པའི་བྱེ་བྲག་རྣམས་བཀོད་མཛེས་སུ་བཤམ་མོ། ༈ །གསང་ཐིག་སྔགས་སྲུང་མ་ལ། གང་དུ་བྱ་བའི་གནས་སུ་མ་མོའི་སྐུའམ་རྟེན་བཀྲམ་པའི་མདུན་སྟེགས་ལ་གྲུ་གསུམ་མཐིང་ནག་སྟེང་མཉྫི་ལ། མ་མོའི་གཏོར་མ་གྲུ་གསུམ་དམར་པོ་རྒྱན་སྤྲོས་ཅན་གྱི་རྩེར་སྐུ་རྟེན་དར་གདུགས་དང་བཅས་པའི་མདུན་དུ་མཆོད་གཏོར་སྨན་རཀ་ཉེར་སྤྱོད་བཅས་བཤམ་མོ། ༈ །ཁྲི་སྲོང་བླ་སྒྲུབ་དབང་ལ། སྟེགས་མཐོ་བར་ཞི་དཀྱིལ་དབུས་པད་འདབ་བརྒྱད་ལྡན་བཀྲམ་པའི་སྟེང་བུམ་པ་སོ་ལྔའི་རྫས་ལྡན། བདུད་རྩིའི་བཀང་བའི་བྷནྡྷ། མེ་ལོང་སིནྡྷུ་རས་བྱུགས་པར་མཚན་སྔགས་བྲིས་ནས་སྐུ་གསུང་ཐུགས་ཀྱི་རྟེན་དུ་བཤམ། ཉེར་སྤྱོད་སྨན་རཀ་བླ་གཏོར། ཚོགས་མཆོད། བཀའ་སྲུང་མ་གཟའ་དམ་གསུམ་གྱི་མཆོད་གཏོར་བཅས་འདུ་བྱའོ། ༈ །མཁྱེན་བརྩེའི་དག་སྣང་བླ་སྒྲུབ་སྐུ་གསུམ་རིགས་འདུས་རྩ་དབང་རྒྱས་པ་ལ། དུས་དགེ་བར་གཞུང་མཐུན་ཞིང་བཀོད་ཀྱི་བྲིས་ཐང་སོགས་བཀྲམ་པའི་སྤྱན་སྔར་སྟེགས་ཡངས་པར་རྡུལ་ཚོན་ནམ་རས་བྲིས་པདྨ་འདབ་བརྒྱད་མཛེས་ཚོན་ཅན་གྱི་སྟེང་མཉྫི་ལ་བུམ་པ་བཅུད་ལྡན་མགུལ་ཆིངས་དམར་པོ་ཅན་གྱི་མདུན་དུ་རྡོ་དྲིལ་བསྣོལ་མ། གཡས་སུ་དབུ་རྒྱན། རྒྱབ་ཏུ་རྡོ་རྗེ། གཡོན་དུ་དྲིལ་བུ་དང་། གཞུང་མཐུན་ལྷ་ཙཀ་རྣམས་དང་། གསང་ཐོད། རིག་ཙཀ །ཤེལ་རྡོ། སྔགས་ཕྲེང་། མེ་ལོང་། བར་དོ་དྲུག་གི་ངོ་སྤྲོད་ཀྱི་ཆས་ལ། པདྨའི་མྱུ་གུའི་སྐུའམ། ཞི་ཁྲོའི་ལྷ་ཙཀ་གཅིག་བསྡུས། མར་མེ། ཐིག་ལེ་དམར་པོ་ཧྲཱིཿས་མཚན་པ། ཨ་ཡིག་དཀར་པོ། རྡོར་སེམས་ལྟ་བུའི་སྐུ། དེའི་སྔགས་བྱང་། ཕྱག་མཚན་གྱི་ཙཀ་ལི་རྣམས་དང་། ཚེ་འབྲང་། ཚེ་རིལ་ཚེ་ཆང་། ཆོས་སྲུང་གི་གཏོར་སྤུངས། བང་རིམ་གྲུ་བཞི་བཞི་བརྩེགས་སྟེང་ཆོས་འབྱུང་སྟེང་ཟླུམ་གཏོར་དམར་པོ་རྒྱན་སྤྲོས་དར་གདུགས་ཅན་དང་། སྨན་རཀ་ཉེར་སྤྱོད། མིག་དར། མེ་ཏོག །ཚོགས་ཆད་བརྟན། དཀར་བགེགས། ལས་བུམ་ཆིངས་དམར་བཅས་འདུ་བྱའོ། ༈ །བཀའ་བརྒྱད་ཡང་གསང་དྲེགས་འདུལ་དབང་ལ། གཞུང་མཐུན་དཀྱིལ་འཁོར་དང་། མ་འབྱོར་ན་ཚོམ་བུ་དགུའི་སྟེང་མཉྫི་ལ་བུམ་པ་བཅུད་ལྡན་རྫས་སོ་ལྔ་ཅན། ཤར་དུ་དཔལ་གཏོར་གཙོ་འཁོར་དགུ་དང་སྨན་རཀ །དཔལ་གྱི་ལྷ་ཙཀ །ལྷོར་དབུ་རྒྱན། ནུབ་ཏུ་རྡོར་དྲིལ། དུར་ཁྲོད་དཔལ་ཆས། བྱང་དུ་ཐོད་ཆང་། རིག་ཙཀ །ཤེལ་རྡོ་བཅས་བཤམ་ལ་ཉེར་སྤྱོད་མཆོད་པས་བསྐོར། མིག་དར། མེ་ཏོག །ཚོགས་མཆོད། བཀའ་སྲུང་གཏོར་འབུལ། ཆད་བརྟན། དཀར་བགེགས་རྣམས་དང་། ལས་བུམ་བཅས་འདུ་བྱའོ། ༈ །སེམས་ཉིད་ངལ་བསོའི་རྩ་དབང་ལ། གང་དུ་བྱ་བའི་གནས་བྱི་དོར་དང་རྒྱན་བཀོད་ཀྱིས་མཛེས་པའི་གུང་དུ་རྟེན་བཀྲམ་པའི་སྤྱན་སྔར་གཞུང་མཐུན་དཀྱིལ་འཁོར་བཀྲམ་པའམ་མ་འཛོམ་ན་མཎྜ་ལར་འབྲུ་དཀར་གྱི་ཚོམ་བུ་དབུས་སུ་ཆེ་བ་གཅིག །དེ་རྒྱབ་བརྒྱད། དེ་རྒྱབ་ཤར་ནུབ་ཏུ་ལྷ་ཙཀ་དྲུག །དེ་རྒྱབ་བཞི་བཅས་བཀོད་པའི་ལྟེ་བར་རྣམ་རྒྱལ་བུམ་པ་བཅུད་ལྡན་གྱི་ཁར་བྷཉྫ་མཚན་ལྡན་གསང་རྫས་ཀྱི་བདུད་རྩིའི་གཏམས་པའི་སྟེང་། འཁར་བའི་མེ་ལོང་སིནྡྷུ་རའི་རྡུལ་གྱིས་བཅགས་པར་ཆོས་འབྱུང་བསྣོལ་མའི་ལྟེ་བར། ཧྲཱིཿམ། ཧ་རི་ནི་ས། ར་ཙ་ཧྲི་ཡའི་ས་བོན་མཇུག་སྤྲོད་ཞལ་སྦྱོར་གྱི་ཚུལ་དུ་བཀོད་པ་དར་དམར་གྱིས་བཀབ་། དེ་སྟེང་རྡོ་རྗེ་སེམས་དཔའི་མེ་ལོང་རྣམས་བརྩེགས་མར་བཤམ། དཀྱིལ་འཁོར་ཤར་དུ་ཁྲུས་བུམ་མགུལ་ཆིངས་དམར་པོ། ལྷོར་ཚེ་བུམ། ཚེ་རིལ་ཆང་བཅས། ནུབ་ཏུ་ཐོད་པར་མྱང་གྲོལ་རིལ་བུ་མྱོས་བྱེད་ལ་སིནྡྷུ་ར་བཏབ་པས་བཀང་ཞིང་དར་དམར་བཀབ། བྱང་དུ་དཔལ་གཏོར་དམར་པོ་དར་གདུགས་རྟ་མགྲིན་གྱི་སྐུ་ཙཀ་ཅན་དང་། རིན་པོ་ཆེའི་ཟ་མ་ཏོག་གི་ནང་མྱོང་གྲོལ་རིལ་བུས་བཀང་བ་བུམ་པའི་རྒྱབ་ཏུ་བཞག །གཞན་ཡང་དབུ་རྒྱན། རྡོ་རྗེ། དྲིལ་བུ། རྡོར་དྲིལ་བསྣོལ་མ། ལྷ་ཙཀ་ཡོངས་རྫོགས། སྔགས་བྱང་། མེ་ལོང་། རྡོ་རྗེ། ཞི་ཆས། སྣ་ཚོགས་རྡོ་རྗེ། སྒོམ་དབང་རྟེན་དཀྱིལ་འཁོར། ཉན་དབང་གླེགས་བམ། སྒྲུབ་དབང་ཕྲེང་བ་བཅས་དང། མདུན་རྒྱབ་གང་བདེར་སྨན་རཀ་གཏོར་མ། ཉེར་སྤྱོད་ཀྱི་མཆོད་པས་བསྐོར། གཞན་ཡང་ཆོས་སྲུང་གཏོར་སྤུངས། ཆད་བརྟན། ཚོགས་ཀྱི་དམ་རྫས། དཀར་བགེགས། མིག་དར། མེ་ཏོག །ལས་བུམ་ཆིངས་དམར་སོགས་ཉེར་མཁོ་རྣམས་ཚོགས་པར་བྱའོ། ༈ །གསང་ཐིག་ཚེ་རྟ་ཟུང་འབྲེལ་ལ། བཀྲ་ཤིས་ཡིད་དང་མཐུན་པའི་གནས་སུ་བཀྲ་ཤིས་པའི་ས་ལ་མཎྜལ་གྲུ་བཞིར་བྱས་ཏེ་ཕོ་བྲང་སྤྱི་མཐུན་བྲིས་པའི་ལྷ་གནས་པདྨ་འདབ་བརྒྱད་མཛེས་ཚོན་བྱ། དབུས་སུ་རྟ་མགྲིན་དབང་གི་སྐུ་མངོན་རྟོགས་དང་མཐུན་པའམ། ཡང་ན་ཧྲཱིཿདམར་པོ་བྲི། རིན་པོ་ཆེའི་བུམ་པ་ཆག་གས་མེད་པའི་ནང་དུ་རྒྱུན་འབབས་ཀྱི་ཆུ་དང་བ་དམར་གྱི་འོ་མ། བུམ་རྫས་ཉེར་ལྔ་དང་བདུད་རྩི་ལྔ་རྣམས་ཀྱིས་སུམ་གཉིས་བཀང་བ་མགུལ་ཆིངས་དམར་པོ་དང་འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན། གཟུངས་ཐག་སེར་པོའམ་སྣ་ལྔ་བཏགས་ལ་དལ་གྱི་དབུས་སུ་བཀོད། གཏོར་མ་རིན་ཆེན་འབར་བ་དང་། ཚེ་འབྲང་དམར་པོ། ཚེ་རིལ་ཆང་དང་བཅས་པ། ཕྱི་ནང་གསང་མཆོད་ཀྱིས་བསྐོར། ཚེ་འགུགས་པའི་རྟེན་དུ་མདའ་མ་ཉམས་པ་ལ་དར་སྣ་ལྔ་དང་གསེར་དངུལ་གཡུ་གསུམ་གྱིས་བརྒྱན་པ། གཞན་ཡང་ཕྲེང་བ་དམར་པོ། རྡོ་རྗེ་རྩེ་ལྔ་པ། ལས་བུམ་ཆིངས་དམར། ཚོགས་དཀར་བགེགས་བཅས་ཚོགས་པར་བྱའོ། ༈ །འཇམ་མགོན་གསང་ཐིག་ཡང་དག་ལ། སྟེགས་གཙང་མར་མདུད་རྩི་ལྔས་ཆག་ཆག་བཏབ་པ་ལ། དཀྱིལ་འཁོར་སྒོ་རྫོགས་རྟ་བབ་བཞི་ལྡན་ལྟེ་བ་ཟླ་གམ་དམར་པོ་སྒོ་གཅིག་ལྷ་མཚན་ཅན་གྱི་རས་བྲིས་བཀྲམ། མ་འབྱོར་ན་མཎྜ་ལར་མེ་ཏོག་མཐིང་གའི་ཚོམ་བུ་གཅིག་བཀོད་པའི་ཁར་མཉྫའི་སྟེང་འབྲུའི་གཞོང་པ་བཞག་པའི་དབུས་སུ་ཕོ་ཐོད་མཚན་ལྡན་གྱི་ནང་དུ་རབ་གསེར་རམ། ཡང་ན་ཁྲག་ཆེན་གྱིས་ཁྲོ་སྐུ་མངོན་རྟོགས་ལྟར་བྲིས་པའི་སྐུ་རྟེན་ནམ། མ་འབྱོར་ན་ཐོད་པར་འཁོར་ལོ་རྩིབས་བརྒྱད་ཀྱི་ལྟེ་བར་ཧཱུྃ། རྩིབས་བརྒྱད་ལ་རུ་ལུ་འབྲུ་བརྒྱད་བཀོད་པ་བཞག །དེའི་མདུན་དུ་བུམ་པ་སོ་ལྔའི་བཅུད་ལྡན་དར་མཐིང་གའི་མགུལ་ཆིངས་དང་ཁ་རྒྱན་ཅན། གཡས་སུ་ཐོད་པར་བདུད་རྩི་བཏབ་པའི་གསང་ཐོད། རྒྱབ་ཏུ་སྔགས་བྱང་གསེར་རམ་མཚལ་གྱིས་རུ་ལུ་བྲིས་པ། གཡོན་དུ་རིག་ཙཀ་བཀོད་པའི་མདུན་རྒྱབ་གང་བདེར། སྨན་གཏོར་རཀྟ་དང་སྲུང་མའི་གཏོར་མ། མཐའ་སྐོར་དུ་ཉེར་སྤྱོད་གཡས་བསྐོར་དུ་བཤམ། གཞན་ཡང་ཚོགས་དང་དཀར་བགེགས། ཆད་བརྟན། ལས་བུམ་ཆིངས་ལྗང་། མེ་ཏོག་སོགས་འདུ་བྱའོ། ༈ །རྒྱུད་སྡེ་བཞི་འབྲེལ་སྒྲོལ་མའི་དབང་ལ། སྟེང་གཙང་མར་གཞུང་མཐུན་གྱི་རྟེན་བཀྲམ་པའི་སྤྱན་སྔར་ཞི་དཀྱིལ་སྒོ་རྫོགས་ཅན་ལྟེ་བར་པདྨ་འདབ་བརྒྱད་ཨུཏྤ་ལའམ་ཏཱྃ་གྱིས་མཚན་པའི་དབུས་སུ་རྣམ་རྒྱལ་བུམ་པ་ཉེར་ལྔའི་རྫས་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པ། ཤར་དུ་སྒྲོལ་ལྗང་གི་སྐུ་དང་སྔགས་བྱང་ཕྱག་མཚན། ལྷོར་དབུ་རྒྱན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། དབུས་སུ་རྡོར་དྲིལ་བསྣོལ་མ་བཅས་བཀོད་ལ་ཉེར་སྤྱོད་མཆོད་པ་བདུན་གྱིས་གཡས་སུ་བསྐོར། གཏོར་མ་དཀར་ཟླུམ་རྒྱན་ལྡན། སྔོན་འགྲོ་དཀར་བགེགས། ལས་བུམ་ཆིངས་ལྗང་། སྲུང་མའི་གཏོར་མ་བཅས་འདུ་བྱའོ། ༈ །ལྔ་པའི་རྒྱ་ཅན་གཉེན་པོ་ལྷ་བཞིའི་དབང་ལ། དཀྱིལ་འཁོར་རས་བྲིས་སམ་ཚོམ་བུའི་དབུས་སུ་བུམ་པ། གཡས་སུ་གསང་རྫས། རྒྱབ་ཏུ་རིག་ཙཀ །གཡོན་དུ་ཤེལ་རྡོ། མདུན་དུ་དབང་གཏོར། དེའི་མདུན་སྨན་གཏོར་རཀྟ་ཉེར་སྤྱོད། ལས་བུམ་ཆིངས་ལྗང་། བགེགས་གཏོར་བཅས་ཚོགས་པར་བྱའོ། ༈ །ནོར་རྒྱུན་མའི་དབང་ལ། སྟེགས་བུའི་དབུས་སུ་རས་བྲིས་བཀྲམ་པའམ། མ་འབྱོར་ན་མཎྜལར་རིན་པོ་ཆེའམ་མེ་ཏོག་སེར་པོའི་ཚོམ་བུ་དབུས་སུ་ཆེ་བ་གཅིག །དེ་རྒྱབ་ཕྱོགས་མཚམས་བརྒྱད་དང་། དེ་རྒྱབ་ཕྱོགས་བཞིར་རེ་རེ་བཀོད་པའི་ཁར་ཁྲིའུ་ལ་གཞུང་གསལ་གཏེར་བུམ་མཚན་ལྡན་བཞུགས་སུ་གསོལ། ཤིན་ཏུ་མ་འབྱོར་ན་བུམ་པར་ཉེར་ལྔའི་རྫས་དང་བྱིན་རླབས་ཀྱི་རྟེན་བཅས་དྲི་བཟང་གི་ཆུར་སྦྱར་བའི་བཅུད་ལྡན་ཆིངས་སེར་ཁ་རྒྱན་ཅན་བཀོད། གང་ལྟར་ཡང་གཟུངས་ཐག་བཏགས། དབུས་སུ་གཙོ་མོའི་སྐུ་རྟེན། གཡས་སུ་སྔགས་བྱང་གསེར་བྲིས། རྒྱབ་ཏུ་ཕྱག་མཚན་བི་ཛ་པུ་ར་དང་འབྲས་སྙེ། གཡོན་དུ་རིན་ཆེན་དར་གོས་དང་། བཀྲ་ཤིས་རྫས་རྟགས་ཟས་སྣ་ཚོགས། མདུན་དུ་གཏོར་མ་རིན་ཆེན་འབར་བའི་དབྱིབས་སེར་པོ་དར་གདུགས་སེར་པོས་སྤྲས་ཤིང་ཟས་སྣ་བཟང་རྒུས་བསྐོར་བ། གཡས་གཡོན་དུ་སྨན་རཀ །མདུན་ངོས་སུ་ཆུ་གཉིས་ཉེར་སྤྱོད། མཆོད་པའི་མཎྜལ་ཚོམ་བུ་བདུན་པ་བཀོད། དྲི་ཞིམ་སྦྱར་བའི་སྤོས། བསང་ཆུ། ལས་བུམ་ཆིངས་ལྗང་། སྔོན་གཏོར། དཀར་མངར་གཙོ་བོར་གྱུར་པའི་ཐབས་ཤེས་ཀྱི་ཚོགས་རྫས་སོགས་མཁོ་བའི་ཡོ་བྱད་ཚོགས་པར་བྱའོ།། །།
སྲིད་ཞིའི་དྭངས་བཅུད་རིག་འཛིན་དགོངས་བཅུད་ཀྱི༔ བསྟན་སྲོག་ཌཱ་ཀིའི་སྙིང་བཅུད་ཐིག་ལེ་ཡི༔ བསྟན་སྲུང་རྡོ་རྗེའི་མེ་རླུང་འཁྲུགས་པའི་ངར༔ དྲག་སྔགས་ལས་ཀྱི་ཐོག་རྒོད་འདིར་ (Volume 39, Text 5)
ྈ སྲིད་ཞིའི་དྭངས་བཅུད་རིག་འཛིན་དགོངས་བཅུད་ཀྱི༔ བསྟན་སྲོག་ཌཱ་ཀིའི་སྙིང་བཅུད་ཐིག་ལེ་ཡི༔ བསྟན་སྲུང་རྡོ་རྗེའི་མེ་རླུང་འཁྲུགས་པའི་ངར༔ དྲག་སྔགས་ལས་ཀྱི་ཐོག་རྒོད་འདིར་བཞུགས་སོ༔ རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ སྲོག་སྒྲུབ་ཡང་གསང་ཆོས་སྲུང་སྡེ་བཞིའི་སྐོང་གསོ་ཉུང་ངུར་བསྡུས་པ་ནི། དག་པའི་མཁའ་སྤྱོད་ཆེན་པོ་དེ་ཉིད་ཀྱི་འཁོར་ཡུག་ཏུ། ཨེ་ཀ་ཛཱ་ཊི་དང་རྡོ་རྗེ་ལེགས་པའི་སྤྲུལ་པ་དགེ་བསྙེན་དང་བུད་མེད་གཞོན་ནུ་མའི་ཆ་བྱད་དུ་ཞུགས་པའི་སྐྱེས་བུ་ཞིག་གིས་རང་སྣང་དག་པའི་འཁོར་ལོ་ཇི་ལྟར་བཀོད་པ་བཞིན་ལས། རྒྱུད་གཞན་ལ་བརྟེན་པ་ནི་མེད་པས་དག་སྣང་ཁོ་ན་ཉིད་དོ། །འདིར་ཐོག་མར་བཅའ་གཞི་ལ། ཤར་དུ་ཀླུ་བདུད་མུན་པ་ནག་པོའི་གཏོར་མ་གྲུ་གསུམ་སྨད་སྦྲུལ་སྔོ་དམར་གྱིས་དཀྲིས་པ། བར་སྡིག་པ་ནག་པོ། རྩེ་མོ་ཁྱུང་གདོང་མེ་རི་མེ་ཕུང་གི་སྤྲས་པའི་འཁོར་དུ། སྲིད་པའི་ས་བདག་རྗེ་བློན། བསྡུ་ན་དཔལ་མགོན་བདུན་ཅུ། དེ་ཡང་བསྡུ་ན་སྡེ་བརྒྱད་ཀྱི་གཏོར་མ་ཚར་རེས་བསྐོར་བ་དང་། ལྷོ་རུ་སྲིན་པོ་ལངྐ་མགྲིན་བཅུ། སྲིན་མཁར་མི་མགོས་བརྒྱན་པའི་རྩེ་མོར་དཔལ་བཤོས་ཟུར་གསུམ་རྟ་ཕག་གི་དབུ་ཅན་མེ་རི་མེ་ཕུང་། དབྱུག་ཐོ། བེ་ཅོན། གྲི་ཁུག་གིས་བརྒྱན་པ་ལ། འཁོར་དཔའ་བོ་ཌཱ་ཀི་གཤིན་རྗེ་ལས་བྱེད་ཤ་ཟ་གིང་ཆེན་སོགས་ཀྱིས་བསྐོར་བ། ནུབ་ཏུ་ཤ་ཟ་ཁྲག་རལ་མ་ལ་ཆོས་འབྱུང་བསྣོལ་མའི་སྟེང་དུ་དཔལ་གཏོར་ཟུར་གསུམ། ཞིང་དབྱུག་རྒྱུ་ཞགས་ཀྱིས་མཚན་པ་འཁོར་མ་མོ་འབུམ་སྡེ། བྱང་དུ་ཤན་པ་སྤུ་གྲི་དམར་པོ་ལ་མཁར་ཐབས་ར་མགོས་མཚན་པ། འཁོར་སྐྱེས་བུ་སུམ་བརྒྱ་དྲུག་ཅུ་ལ་ཟུར་གསུམ་ཁྲག་ཀོང་གིས་མཚན་པ། ཐམས་ཅད་ལ་ཤ་ཚར་དར་རྩང་ཡུངས་དཀར་ལིངྒ་སྙིང་སྣ་དབང་པོའི་རྒྱལ་མཚན། ཁོག་ཆེན་གྱི་འཕན་གདུགས་སོགས་འཇིགས་ཤིང་རྔམ་པར་བརྒྱན་བྱས་ལ། སྤྱན་གཟིགས་རྟེན་རྫས་རྣམས་བཀྲམ། ཞི་རྒྱས་དབང་དྲག་གི་མཆོད་པ་མི་ཟད་པ་བཤམས་ལ། སྟན་བདེ་བ་ལ་འདུག་སྟེ་ལས་བྱང་ཆེན་མོའམ་ཚེ་སྒྲུབ་ཀྱི་གཞུང་བསྲངས། ཏིང་འཛིན་གྱི་ངར་དང་ལྡན་པས་འདི་སྐད་དོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ གདོད་གཞི་ཆོས་དབྱིངས་ཐིག་ལེ་ཆེན་པོའི་སྦུབས༔ རབ་འབྱམས་དཀྱིལ་འཁོར་རྫོགས་པའི་རིགས་བདག་གཙོ༔ ལྷུན་གྲུབ་རིག་པ་འཛིན་པའི་དྲང་སྲོང་ཚོགས༔ ཉོན་མོངས་སྡེ་བརྒྱད་སྲིན་པོ་འདུལ་བའི་ཕྱིར༔ རང་སྣང་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཞེངས༔ སྤྲུལ་པ་བཀའ་སྲུང་དམ་ཅན་ལས་བྱེད་ཚོགས༔ ཕྱག་རྒྱ་ཆེན་པོའི་དབྱིངས་སུ་བྱང་ཆུབ་ནས༔ འགྱུར་མེད་འོད་གསལ་སྙིང་པོའི་བསྟན་པ་སྲུང༔ ཐབས་ཤེས་དྭངས་མ་སྙིང་རྗེ་རོ་གཅིག་ཀྱང༔ བརྩེ་བས་ཁྲོས་པའི་རྔམ་བརྗིད་མི་བཟད་པ༔ སྣ་ཚོགས་སྒྱུ་མའི་ཕྱག་རྒྱར་ཤར་བ་ནི༔ གཞོམ་མེད་རྡོ་རྗེ་དབྱིངས་ཀྱི་སྙིང་རྗེས་བརྒྱན༔ སྐད་ཅིག་དྲན་རྫོགས་རྔ་ཡབ་གླིང་གི་དབུས༔ གཏོར་ཚོགས་པདྨ་འོད་དང་དུར་ཁྲོད་བརྒྱད༔ སྡེ་བརྒྱད་འདུལ་བའི་བཤན་ར་ཆེན་པོའི་དབུས༔ སྤྲུལ་པ་སྲིན་པོའི་དྲང་སྲོང་ཆེན་པོ་བཞི༔ ཤར་དུ་རྡོ་རྗེ་གློག་གི་ཤུགས་ཅན་དང༔ ལྷོ་རུ་ཟིལ་གནོན་འཆི་བདག་གཤིན་རྗེའི་དབང༔ ནུབ་ཏུ་དམར་ནག་སྐྱེ་འགྲོའི་སྲོག་གི་བདག༔ བྱང་དུ་མི་བཟད་ལས་ཀྱི་དབང་པོ་སོགས༔ རཀྴ་ཁྲོས་ཚུལ་ཨ་ར་སྨིན་མ་དང༔ རལ་པའི་ཐོད་བཅིངས་རུས་རྒྱན་རིན་ཆེན་དང༔ སྟག་ཤམ་མི་ལྤགས་གཡང་གཞིའི་གདན་སྟེང་དུ༔ རིགས་ལྔའི་སྐུ་མདོག་རྐང་གླིང་བེ་ཅོན་དང༔ ལྕགས་ཀྱུ་སྤུ་གྲི་འབར་བའི་ཕྱག་མཚན་གཡས༔ གཡོན་གྱི་སྡིགས་མཛུབ་གཟིགས་སྟངས་ཕྱེད་སྐྱིལ་བཞུགས༔ དེ་དག་སོ་སོའི་ཐུགས་ཀའི་ཧཱུྃ་ཉིད་ལས༔ འབར་བའི་སྐུ་མཆོག་ལས་ཀྱི་ཚེ་སྲོག་བདག༔ ཤར་དུ་ཕུཿལས་ཀླུ་བདུད་མུན་པ་ནག༔ རུས་སྦལ་གུར་ཁང་བརྩེགས་པའི་གཞལ་ཡས་སུ༔ སྐུ་སྨད་སྦྲུལ་ལ་སྐུ་རྐེད་སྡིག་པའི་གཟུགས༔ དབུ་དགུ་ཕྱག་དྲུག་གྲི་གུག་སྦྲུལ་ཞགས་འཛིན༔ ཁྱུང་གི་གཙུག་རྒྱན་རྡོ་རྗེ་འབར་བའི་གསེབ༔ དམར་སེར་དབུ་སྐྲ་བསྐལ་པའི་མེ་འབར་ཞིང༔ ཕྱག་ཞབས་སྦྲུལ་རིགས་ལྔ་དང་མི་མགོ་ཡི༔ ཐོད་པ་སྐམ་རློན་རྒྱན་ཕྲེང་དུར་ཁྲོད་ཆས༔ ཡོངས་རྫོགས་སྤུ་གྲི་གཤོག་པའི་རྩེ་མོ་ནས༔ གཟའ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད་ཀྱིས་བསྐོར༔ ལོ་ཟླ་ཞག་དུས་ཚེས་ཀྱི་ས་བདག་དང༔ རྗེ་བློན་སྣང་སྲིད་སྡེ་བརྒྱད་དྲེགས་པའི་ཚོགས༔ སྤར་སྨེའི་གུར་ཕུབ་དུད་རླུང་མེ་ཕུང་དང༔ ཐོག་སེར་མཚོན་ཆ་འཁྲུགས་པའི་དབུས་ཉིད་དུ༔ སྐྱེས་ཆེན་སྒྲུབ་མཆོག་སྐྱོང་དང་བསྟན་བསྲུང་ཕྱིར༔ ཁྲག་གི་རྒྱ་མཚོའི་ཀློང་དུ་གསལ་བར་བསྐྱེད༔ ལྷོ་རུ་ཡཿལས་ཤ་ཟན་སྤུ་གྲི་ནི༔ སྲིན་པོ་ལངྐ་མགྲིན་བཅུ་དུར་ཁྲོད་བདག༔ ཁྲོ་རྒྱལ་ཆ་ལུགས་དབུ་དགུ་ཕྱག་དྲུག་པ༔ ཨེ་ཀ་ཙཱ་ཏི་ཡུམ་དང་གཉིས་མེད་དུ༔ གསོད་བྱེད་གྲི་གུག་དགྲ་བོའི་སྙིང་དམར་འཆང༔ གཡས་གསུམ་ལྕགས་ཀྱུ་དགྲ་སྙིང་གློག་ཞགས་དང༔ གཡོན་གསུམ་བེ་ཅོན་ལྕགས་སྒྲོག་ཐོད་ཁྲག་འཛིན༔ ཞབས་བཞི་བདུད་དང་རུ་དྲ་བསྣོལ་བའི་སྟེང༔ དཔལ་ཆེན་དུར་ཁྲོད་ཆས་རྣམས་རྫོགས་པ་ཡི༔ སྐུ་ལས་བསྐལ་པའི་མེ་ཕུང་དུད་སྤྲིན་དང༔ གནམ་ལྕགས་མཚོན་ཆར་འཁྲུགས་པའི་དབུས་ཉིད་དུ༔ ཕྱི་ནང་གསང་བའི་སྲིན་པོ་སྡེ་བརྒྱད་དང༔ ཁྱད་པར་ལས་བྱེད་གཤིན་རྗེ་ཚེ་སྲོག་བདག༔ ཆོ་འཕྲུལ་ལས་ལ་དབང་བའི་ཕོ་ཉ་རྣམས༔ དྲག་སྔགས་མཐུ་ཡི་བདག་པོར་གཏུམ་འཇིགས་ལ༔ ཟ་གསོད་སྒྲོལ་བྱེད་གིང་བཤན་འབུམ་ཕྲག་སོགས༔ སྲིད་ཞིའི་རང་བཞིན་དབྱིངས་དང་རྡུལ་ཕྲན་ཁྱོན༔ ཏིང་འཛིན་སྔགས་དང་དམིགས་པ་ལས་ཀྱི་མཚོན༔ ཞིང་བཅུ་འགུགས་ཤིང་སྒྲོལ་བའི་ཤན་པ་རྣམས༔ བཤད་སྒྲུབ་བསྟན་པ་བསྲུང་ཕྱིར་གསལ་བར་བསྐྱེད༔ ནུབ་ཏུ་བྷྱོཿལས་ཤ་ཟ་ཁྲག་རལ་མ༔ ཁྲག་མཚོའི་དབུས་ནང་དུག་ལྔའི་རླུང་དམར་ཁྲོད༔ འཇའ་ཚོན་གློག་གི་སྤྲིན་ཕུང་ན་བཟའ་ཅན༔ འོད་ཀྱི་འཁོར་ལོ་མ་མོ་འབུམ་ཕྲག་རྣམས༔ བ་སྤུ་སྐྲ་རྩེ་མེ་ལྕེ་བསིལ་བའི་ཁྲོད༔ ཉེར་བཞི་དུར་ཁྲོད་ཌཱ་ཀིའི་ཚོམ་བུར་འབར༔ གྲུ་གསུམ་ཞལ་གདངས་སྤྱན་གསུམ་ཁྲག་མཚོར་ཁོལ༔ མཆེ་གཙིགས་ལྗགས་ཀྱི་གློག་དམར་སྟོང་གསུམ་འཁྲུགས༔ ཞིང་དབྱུག་རྒྱུ་མའི་ཞགས་པ་གཡུག་ཅིང་འཕྱོ༔ སྐད་ཅིག་སྟོང་གསུམ་བསྐོར་བའི་རྫུ་འཕྲུལ་ཅན༔ ཉམས་དགྲ་ཟས་སུ་ཟ་བའི་མགོན་དུ་བཞུགས༔ འཁོར་རྣམས་ཆ་ལུགས་གཙོ་མོ་ཡུམ་དང་མཐུན༔ སྐམ་རློན་ཐོད་པ་སྦྲུལ་གྱི་ག་ཤལ་བརྒྱན༔ སྤྱི་བོར་ཕག་རྒོད་གནམ་ལྕགས་ཟེ་བ་ཅན༔ རབ་འཇིགས་གསང་གསུམ་སྲིད་ཞིའི་སྲོག་དབུགས་བདག༔ སྒྲུབ་བརྒྱུད་བསྟན་པ་སྲུང་བའི་བྱ་ར་མཛད༔ བྱང་དུ་སཿལས་ཤན་དམར་སྤུ་གྲི་དབང༔ དུར་ཁྲོད་རོ་གླིང་ཤ་ཁྲག་སྤུངས་པའི་དཀྱིལ༔ སེང་གེའི་སྟེང་ན་རབ་འགྱིང་ཁྲོ་བོའི་ཆས༔ གར་དགུར་འོད་འབར་ཐོ་ཆེན་སྦུད་པ་འཛིན༔ ཡེ་ཤེས་རླུང་གིས་སྟོང་གསུམ་མཚན་མ་གཏོར༔ རང་སེམས་ཞུས་ལ་འདེབས་པའི་མགར་བ་ནག༔ སྐྱེས་བུ་སུམ་བརྒྱ་དྲུག་ཅུའི་གཙོ་བོ་ཁྱོད༔ སྡེ་བརྒྱད་ལས་ལ་སྐུལ་བའི་དམག་དཔོན་ཁྱོད༔ མཐུ་རྩལ་མེ་ལས་ཚ་བའི་བསྟན་སྲུང་ཁྱོད༔ དབུ་ལ་སྨྱུག་ཞྭ་མེ་ལོང་རྨ་བྱའི་མདོངས༔ ཉི་ཟླས་བརྒྱན་པའི་འོད་ཀྱིས་ནམ་མཁའ་འགེངས༔ ཕྱི་འཁོར་འཛམ་གླིང་གཞི་ཡི་བདག་པོ་དང༔ དགེ་བསྙེན་བརྟན་མ་གཙང་རིས་དཔལ་མགོན་པོ༔ ཁྱོད་ནི་ལས་བྱེད་ཕོ་ཉའི་སྤྲུལ་པ་རུ༔ རྒྱལ་ཀུན་ནུས་དབང་རྫོགས་པའི་མཐུ་སྟོབས་བདག༔ དམ་ཉམས་དགྲ་བོའི་སྲོག་དབུགས་མགྲོན་དུ་བཞུགས༔ སྤྱན་འདྲེན་ནི༔ ཧཱུྃ༔ ལྷ་ཚོགས་ཀུན་གྱི་སྐུ་གསུང་ཐུགས་ཡིག་ལས༔ སྲིད་ཞིའི་ཁམས་ཀུན་ཁྱབ་པའི་འོད་ཟེར་འཕྲོས༔ སྣང་སྲིད་སྣང་བ་རབ་འབྱམས་རྒྱལ་བའི་སྐུ༔ དམ་ཚིག་པ་ལྟར་ཤིག་ཤིག་ཡོམ་ཡོམ་དུ༔ ཚུར་བྱོན་གཉིས་མེད་ཐིམ་པས་དབང་བཞི་རྫོགས༔ རིགས་ཀྱི་བདག་པོ་ཀུན་གྱིས་དབུ་བརྒྱན་གྱུར༔ དོན་དབང་དགོངས་བཅུད་རིག་འཛིན་འདུས་པའི་སྲོག༔ པདྨ་འབྱུང་གནས་དགོངས་པ་སྐྱེ་མེད་ཨ༔ ཧཱུྃ་བཛྲ་ཕེ་ལཾ་ས་མ་ཡ་ཛཿཛ༔ ཧཱུྃ་བཛྲ་ཡ་མ་རཱ་ཙ་ས་མ་ཡ་ཛཿཛ༔ ཧཱུྃ་བཛྲ་ཏྲཀ་རཀྴ་ས་མ་ཡ་ཛཿཛ༔ ཧཱུྃ་བཛྲ་སཱ་དྷུ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ བསྒྲལ་མཆོད་ནི། ལིངྒ་བཤམས་ཏེ། བདག་ཉིད་ཏིང་འཛིན་གསལ་བས༔ ཧཱུྃ༔ ལྷ་ཚོགས་ཀུན་གྱི་ཐུགས་ཀའི་ཨེ་འཕྲོ་འདུས༔ ཟུར་གསུམ་བྲུབ་ཁུང་གཏིང་དོག་ཁ་ཁྱེར་ཡངས༔ མནར་མེད་སྲིད་ཞི་ཡོངས་ཁྱབ་ཁྱོན་ཆེན་པོ༔ དུག་ལྔ་དུག་གསུམ་འདུས་པའི་ཚ་གྲང་འཐབ༔ འོག་ནས་འདོད་ཆགས་ཁྲག་གི་རྒྱ་མཚོ་ཁོལ༔ སྟེང་ནས་གཏི་མུག་མུན་པས་གནམ་ས་ཁེབས༔ ང་རྒྱལ་བྲག་རི་གཅན་གཟན་མ་རུངས་དང༔ ལས་བྱེད་གཤིན་རྗེའི་ཕོ་ཉ་བུ་ཡུག་འཚུབ༔ ལས་དབང་ནད་མཚོན་བགེགས་དཔུང་མུན་པ་འཐིབས༔ རྔམས་བརྗིད་གཤིན་རྗེའི་ཕོ་ཉ་འཇིགས་ཤིང་སྐྱོ༔ ལྕགས་ཁང་གྲུ་གསུམ་དེ་ཡི་ཕྱི་ཐམས་ཅད༔ འབྱུང་བ་དགྲ་གཤེད་འཐབ་པའི་རང་སྒྲ་དང༔ བསྐྲད་གཟིར་སྨྱོ་རེངས་མཚོན་ཚོགས་བསྒྲལ་མཆོད་རྫས༔ གནམ་ལྕགས་མདའ་རྡོ་མཚེ་ཡུངས་གཏོར་ཟོར་ཁྲམ༔ མ་རུངས་ལས་ལ་གྲུབ་པའི་མཚོན་མང་པོ༔ ཆག་ཆེ་ཉམ་ངའི་རྫས་རྒོད་སྨྱོ་ཐུན་བཅས༔ མི་རྟག་ལས་ཀྱིས་འདུས་པའི་ས་འདི་རུ༔ དུས་གསུམ་དངོས་བརྒྱུད་གནོད་བྱེད་དགྲ་དང་བགེགས༔ བྱད་སྔགས་རྦོད་གཏོང་དྲག་པོའི་ལས་བརྩམས་པ༔ གཤེད་མར་གྱུར་ནས་བྱིའུ་ཆུང་ཁྲས་བདས་བཞིན༔ ནག་བྱང་ལ་བཀོད་དམར་བྱང་ཕྲེང་བར་དཀྱུས༔ གཟུགས་བྲིས་བླ་རུས་མིང་དུ་བཀོད་པ་འདིར༔ ཡེ་ཤེས་པ་དང་འཇིག་རྟེན་ལས་ལ་གྲུབ༔ ཐམས་ཅད་འོད་གསལ་དབྱིངས་ཀྱི་ཐིག་ལེ་གཅིག༔ ཡིན་ཡང་མ་རིག་འཁོར་བར་གཏིང་འཁྱམས་པའི༔ ད་ལྟ་བསྒྲལ་བའི་ཞིང་བཅུར་ཚང་བ་རྣམས༔ མ་བསྒྲིབས་ཡེ་ཤེས་སྤྱན་གྱིས་སྲིད་ཞིའི་ཁམས༔ ས་ལེར་གཟིགས་ནས་སྙིང་རྗེའི་དཔུང་ཁྲོས་པའི༔ ཧཱུྃ༔ ཤར་ནས་ཀླུ་བདུད་མུན་པ་ནག་པོ་ལ༔ སྣང་སྲིད་ས་བདག་ཀླུ་གཉན་སྡེ་བརྒྱད་བཅས༔ ལས་མཁན་ཕོ་ཉ་དྲག་པོའི་དཔུང་རྣམས་བསྐུལ༔ དངོས་བརྒྱུད་དུས་གསུམ་དགྲ་བོའི་བླ་སྲོག་ཁུག༔ ཧཱུྃ༔ ལྷོ་ནས་ཞེ་སྡང་སྲིན་པོའི་དམག་དཔོན་ནི༔ སྲིད་པ་གསུམ་གྱི་གནས་ཡུལ་དུར་ཁྲོད་དུ༔ ལང་ཀ་མགྲིན་བཅུར་གནས་པའི་ཕོ་ཉ་བསྐུལ༔ ཨ་ཏིའི་བསྟན་ལ་དུས་གསུམ་གནོད་བྱེད་བཞེས༔ ཧཱུྃ༔ ནུབ་ནས་བྷྱོཿལས་མ་མོ་ཁྲག་རལ་མའི༔ འབུམ་ཕྲག་ཡངས་པའི་དཔའ་བོ་མཁའ་འགྲོ་དང༔ ལས་བྱེད་སྤྲུལ་པའི་མ་སྲིན་མ་ལུས་བསྐུལ༔ ཟབ་མོ་སྦྱོར་སྒྲོལ་བསྟན་བཤིག་སྒོས་རྒྱུད་ཆོད༔ ཧཱུྃ༔ བྱང་ནས་སྐྱེས་བུ་སུམ་བརྒྱ་དྲུག་ཅུ་དང༔ ཡང་འཁོར་གིང་དང་ཤ་ཟ་ལས་བྱེད་བསྐུལ༔ སྨྱོ་རེངས་འཇིག་རྟེན་སྲིད་པའི་ལྟས་ངན་གྱིས༔ སྔགས་འཆང་བདག་གི་སྒོས་དགྲ་ཕྱེ་མར་ཐུལ༔ རྒྱུགས་ཤིག་ཡེ་ཤེས་སྤྲུལ་པའི་ཕོ་ཉ་རྣམས༔ རང་རང་གཤེད་དང་ལས་ཀྱི་ཤན་པར་གྱུར༔ ཚེ་སྲོག་སྲིད་གསུམ་གར་འདུག་གནས་དེ་ནས༔ ཤར་ནས་རྡོ་རྗེའི་ཕོ་ཉ་དྲུག་ཅུས་ཁུག༔ ལྷོ་ནས་གཤིན་རྗེ་བྱེ་བ་དགུ་ཁྲིས་ཁུག༔ ནུབ་ནས་ནད་གཏོང་མ་མོ་འབུམ་ཁྲིས་ཁུག༔ བྱང་ནས་སྐྱེས་བུའི་ཕོ་ཉ་རྣམས་ཀྱིས་ཁུག༔ སྟེང་ནས་བླ་མ་ཡི་དམ་བདེན་པས་ཁུག༔ འོག་ནས་ཆོས་སྲུང་དམ་ཅན་མཐུ་རྩལ་ཁུག༔ བར་ནས་ལས་དང་ལ་ཡོགས་རྣམ་སྨིན་ཁུག༔ མྱུར་བར་སྔགས་འཆང་བདག་གི་བདེན་པས་ཁུགཿ རིངས་པར་བསྟན་སྲུང་ཕོ་ཉས་ད་ལྟ་ཁུག༔ ཧོཿ དགྲ་བོ་འདི་ཉི་མ་ཕྱོགས་བཞི་མཚམས་བརྒྱད། འབྱུང་བ་ལྔ། སྤར་སྨེ་ལོ་འགྲོས། ཞི་རྒྱས་དབང་དྲག་ལས་དཀར་ནག་གང་གི་གནས་དང་རྟེན་ན་ཡོད་ཀྱང་། སྔོན་ལས་ཀྱི་དབང་དུ་མ་བཞག །སྐྱོབ་བྱེད་མགོན་བརྟེན་གྱི་སྲུང་མ་རྣམས་ཀྱི་སྣང་ངོར་མ་ལུས་པར་སྲུང་བའི་གུར་བཤིག །ད་ལའི་དཀྱིལ་བཅོམ། རི་བོའི་རྩེ། མནར་མེད་ཀྱི་གནས། སྣང་སྲིད་ཀྱི་ཁྱོན་གང་ན་ཡོད་ཀྱང་ལྕགས་ཀྱུས་ཁུག །ཞགས་པས་ཆིངས། ལྕགས་སྒྲོག་གིས་སྡོམས། དྲིལ་བུས་མྱོས། རྫས་རྒོད་ཐུན་ཆར་གྱིས་སྨྱོ་རེངས་འབོག་པར་གྱུར་ཏེ། རང་དབང་མེད་པར་སྡེ་བརྒྱད་ཀྱི་བཤན་ར་ཆེན་པོ་འདིར་ཁུག་ཅིག །ཛཿཛཿ ཧཱུྃ༔ འཇིག་རྟེན་འདི་ན་སྲིད་པའི་མགོ་བརྙན་དང༔ གཏུམ་འཇིགས་མི་བཟད་སྐུ་ནི་ཅིར་ཡང་སྤྲུལ༔ རྣོ་བའི་མཚོན་ཆར་བུ་ཡུག་འཁྲུགས་པའི་དཀྱིལ༔ དམར་ནག་རླུང་དང་ཐོག་རྒོད་ཆེམས་སེ་ཆེམ༔ རྒྱོབ་སོད་བཞེས་སྒྲའི་འབྲུག་སྒྲ་འུ་རུ་རུ༔ སྲིད་ཞིའི་ཆ་ཤས་རྡུལ་ཙམ་མ་ལུས་པ༔ ཉུལ་ནས་དགྲ་བོའི་བླ་སྲོག་དམར་ཙ་རེ༔ བྲིས་པའི་གཟུགས་བརྙན་འདི་ལ་ད་སྟིམས་ཤིག༔ ཧཱུྃ༔ འདས་དང་མ་འོངས་ད་ལྟ་དུས་གསུམ་གྱི༔ སངས་རྒྱས་བསྟན་དགྲའི་རྣམ་ཤེས་ཁུག་ལ་ཤོག༔ དཀོན་མཆོག་ཡོངས་ཀྱི་སྐུ་དགྲ་ཁུག་ལ་ཤོག༔ སྔགས་འཆང་བདག་གི་སྒོས་དགྲ་ཁུག་ལ་ཤོག༔ ཕོ་སྲི་མོ་སྲི་དམ་སྲི་བར་ཆད་བགེགས༔ བདུད་དང་གནོད་བྱེད་འདྲེ་སྲིན་འབྱུང་པོ་དང༔ ཐར་གླིང་རིན་ཆེན་ཞི་བའི་ལམ་སྒོ་བགགས༔ མནར་མེད་ངན་སོང་ལམ་སྟོན་ཀུན་ཁུག་ཅིག༔ དེ་ནས་བསྒྲལ་མཆོད་ནི༔ ཧཱུྃ༔ མདོ་རྒྱུད་བསྟན་བཅོས་བཀའ་གཏེར་མན་ངག་དང༔ གནས་ཡུལ་གཙུག་ལག་བཤད་སྒྲུབ་སྡེའི་སྲུང་མ༔ དབེན་གནས་གཉན་དང་སློབ་དཔོན་སྒོས་རྒྱུད་ཀྱི༔ སྲུང་མའི་ཚོགས་དང་རྔ་ཡབ་གླིང་མཆོག་གི༔ བཀའ་སྲུང་དྲེགས་པ་མཐུ་རྩལ་ཅན་རྣམས་ཀྱི༔ སྙིང་རྗེས་སྲིད་གསུམ་དགྲ་བོའི་ཤན་པར་བཞེངས༔ སྟེང་འོག་མཚོན་ཆར་བུ་ཡུག་འཚུབས་པའི་དབལ༔ དམིགས་བྱའི་དགྲ་བོ་དམ་ཉམས་ལས་ངན་འདི༔ ཕྱི་ནང་འབྱུང་བ་སྤར་སྨེ་ལོ་འགྲོས་དང༔ སྲོག་ལུས་དབང་ཐང་རླུང་རྟ་ཉམས་པའི་དུས༔ རྣམ་ཤེས་ཚེ་སྲོག་མེ་ལྕེས་སྤུ་ལྟ་བུར༔ ཉམས་ནས་དྷཱུ་ཏིའི་དྭངས་མ་སྙིང་བཅུད་ཁྲག༔ ཟད་པས་ལུས་གུད་ཁ་ངུ་མིག་ཤི་མིག༔ ལག་པ་མྱ་ངན་ཕྱག་རྒྱ་ཅན་འདིའི་སྟེང༔ འདྲེན་མཆོག་ཀུན་གྱི་ཐུགས་རྗེའི་འོད་ཟེར་གྱིས༔ བདེ་གཤེགས་སྙིང་པོ་འོད་གོང་ཧྲཱིཿཡིག་ཏུ༔ ཟག་མེད་མཁའ་ལ་སྤྱོད་དང་འོག་མིན་ཆེར༔ མི་བཟད་མཚོན་ཆར་འཕངས་དང་ལྷན་ཅིག་པར༔ ལུས་གཏུབས་རྣམ་ཤེས་རྒྱལ་བའི་ཐུགས་ཀར་འཕངས༔ གདུག་པ་མི་བཟད་རྣོ་ངར་མཚོན་ཆའི་ཚོགས༔ ལྷ་དང་སྡེ་བརྒྱད་མི་དང་མི་མ་ཡིན༔ ཞེ་སྡང་དྲག་པོའི་མཚོན་ཆར་ཇི་སྙེད་པ༔ གཅིག་ཅར་རྒྱོབ་ལ་རྡུལ་ཕྲན་སིལ་བུར་ཐོངས༔ ཕོ་ཉའི་ཚོགས་ཀྱིས་ད་དུང་དགྲ་བོའི་དཔུང༔ གང་ན་འདུག་ཀྱང་མི་རབས་དགུ་རྒྱུད་ཆོད༔ བསྒྲལ་པའི་རྣམ་ཤེས་སྲིད་ཞིར་ལྷན་ཅིག་ཏུ༔ གཞོམ་བྲལ་རྡོ་རྗེའི་མཁའ་སྤྱོད་ཆེན་པོ་རུ༔ ཟག་བྲལ་བདེ་ཆེན་འོད་ཕུང་འགྱུར་མེད་གཞིར༔ རྒྱལ་བ་ཡོངས་ཀྱི་གཞོམ་མེད་རྡོ་རྗེའི་རྒྱས༔ བསྟབ་བོ་འོད་མི་འགྱུར་བར་བརྟན་གྱུར་ཅིག༔ ཨ་ཨ༔ དེ་ལྟར་བསྟབ་ཅིང་ཐུགས་དམ་བསྐང་བ་ནི༔ ཧཱུྃ༔ ཟག་བྲལ་སྣང་སྲིད་ཆོས་དབྱིངས་ཀ་པཱ་ལར༔ བསྒྲལ་པའི་ལྔ་ཕུང་སྟེང་དུ་རྡོ་རྗེའི་བཅུད༔ ནུས་ལྡན་གསང་སྔགས་རིག་སྔགས་གཟུངས་སྔགས་ཀྱིས༔ སྦྱངས་སྤེལ་བསྒྱུར་ཅིང་རང་བཞིན་བྱིན་བརླབས་པའི༔ ཆོས་དབྱིངས་ཁྱོན་ཀུན་འོད་ལྔའི་འཇའ་གུར་འཁྲུགས༔ ཤ་ཡི་རི་བརྩེགས་སྙིང་ཁྲག་རྒྱ་མཚོར་ཁོལ༔ པགས་པའི་ཐང་ལ་དབང་པོའི་མེ་ཏོག་བཀྲམ༔ ཡན་ལག་ལྕང་ལོར་ལྡན་པའི་མགོ་བོ་རྣམས༔ སྔོ་ཟིང་འབིགས་པའི་མདུང་འཕེན་རྩེ་ན་ཕྱར༔ ཕྱོགས་དང་ཕྱོགས་མཚམས་ལས་བཞིའི་མཆོད་སྤྲིན་གྱིས༔ ཕུན་ཚོགས་འཇའ་ཟེར་འཁྱིལ་བའི་རྡོ་རྗེ་འཛིན༔ ཀུན་ཏུ་བཟང་པོའི་ཞིང་གི་ཕ་མཐར་བརྡལ༔ སྣང་སྲིད་འོད་གསལ་རྫོགས་པ་ཆེན་པོའི་གཞིར༔ ཞིང་རྡུལ་མ་ལུས་ཡི་དམ་ལྷར་གསལ་བའི༔ འཕྲོ་འདུ་དཔའ་བོ་ཌཱ་ཀི་ཆོས་སྲུང་དུ༔ ལྷུན་གྱིས་གྲུབ་པའི་ལྷ་ཚོགས་ཐུགས་དམ་བསྐང༔ རིག་འཛིན་འདུས་པ་འོད་ཀྱི་འཁོར་ལོའི་དབྱིངས༔ མི་ཟད་ལྷུན་གྲུབ་སྣང་བ་རྒྱན་གྱི་མཛོད༔ མཐུ་ལྡན་དྲག་སྔགས་སྡེ་བརྒྱད་བཀའ་སྲུང་མ༔ ཞི་རྒྱས་དབང་དྲག་ལས་བཞིས་ཐུགས་དམ་བསྐང༔ རིག་འཛིན་རྒྱལ་བ་བླ་མའི་ཞལ་དུ་སྟོབ༔ སྣང་སྲིད་རྣམ་དག་ཡི་དམ་ཞལ་དུ་སྟོབ༔ ལས་བཞི་ཀུན་འགྲུབ་ཌཱ་ཀིའི་ཞལ་དུ་སྟོབ༔ ཀླུ་བདུད་མུན་པ་ནག་པོའི་ཞལ་དུ་སྟོབ༔ སྲིན་པོ་ལང་ཀ་མགྲིན་བཅུའི་ཞལ༴ མ་མོ་ཁྲག་རལ་ནག་མོའི་ཞལ༴ ཤན་པ་སྤུ་གྲི་དམར་པོའི་ཞལ༴ དྲང་སྲོང་གློག་གི་ཤུགས་ཅན་ཞལ༴ འཆི་བདག་གཤིན་རྗེའི་དབང་པོའི་ཞལ༴ སྐྱེ་འགྲོ་སྲོག་གི་བདག་པོའི་ཞལ༴ མི་བཟད་ལས་ཀྱི་དབང་པོའི་ཞལ༴ སྤྲུལ་པའི་དྲང་སྲོང་མཆེད་ལྔའི་ཞལ༴ སོ་སོའི་བྲན་གཡོག་འབངས་འཁོར་ཞལ༴ ལས་བྱེད་ཕོ་ཉའི་དམག་དཔུང་ཞལ༴ མ་རུངས་རྟགས་མཚན་སྟོན་བྱེད་ཞལ༴ བླ་སྲོག་རྣམ་ཤེས་འགུགས་བྱེད་ཞལ༴ དབུགས་འཕྲོག་གཟི་མདངས་སྡུད་བྱེད་ཞལ༴ ཆོས་སྲུང་ལྷ་དང་དབྱེ་བྲལ་ཞལ༴ ནད་མཚོན་འབྱུང་བ་སྤྲུགས་བྱེད་ཞལ༴ རྣམ་ཤེས་ཆོས་དབྱིངས་སྤོར་བྱེད་ཞལ༴ དྲག་ལས་མྱུར་བར་སྒྲུབ་བྱེད་ཞལ༴ རླུང་དམར་ཁམས་གསུམ་དཀྲུག་བྱེད་ཞལ༴ གྱིམ་ཤང་དགྲ་དང་སྤྲོད་བྱེད་ཞལ༴ སྡེབ་ཤོར་རླུང་གི་ལས་བྱེད་ཞལ༴ བསྐྲད་གཟིར་དགྲ་བོ་སྨྱོ་རེངས་ཞལ་དུ་བསྟབ༔ བསྟབ་བོ་མ་རིག་འཁོར་བའི་བག་ཆགས་དང༔ ལས་ངན་སྡིག་སྒྲིབ་ཆ་ཙམ་མ་ལུས་པ༔ ཡེ་ཤེས་དཀྱིལ་འཁོར་ཆེན་པོའི་ཞལ་དུ་སྟོབ༔ གསལ་སྟོང་རྡོ་རྗེ་འོད་ལྔ་འབར་བའི་སྦུབས༔ ཟག་བཅས་འཇའ་གུར་དག་པའི་རང་སྣང་བཞིན༔ འོད་གསལ་ཐིག་ལེ་གཅིག་གི་དོན་རྟོགས་ནས༔ སྣང་སྲིད་བདུད་རྩིར་འཁྱིལ་བའི་ཚོགས་མཆོད་དང༔ དཀར་ནག་ལས་ཀྱི་བགྲོད་པ་མཐར་ཟད་པ༔ ས་བཅུའི་དབང་ཕྱུག་ཐུགས་རྗེ་རོལ་པའི་རྩལ༔ ལས་དང་ཡེ་ཤེས་རླུང་གི་རྒྱུ་བ་དང༔ དཀར་དམར་ཐིག་ལེའི་བགྲོད་པ་ནམ་མཁའི་ཁམས༔ འཁྱིལ་བའི་རྣམ་རོལ་ཆོས་སྲུང་དམ་ཅན་གྱི༔ རྡོ་རྗེའི་གཡར་དམ་སྲིད་ཞིའི་ཕ་མཐའ་འདིར༔ བསྐང་དུ་མེད་དེ་སྐྱེ་མེད་ངང་དུ་བསྐང༔ སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར༔ བསྒྲལ་དུ་མེད་དེ་མཉམ་ཉིད་དབྱིངས་སུ་བསྒྲལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང༔ དྭངས་མའི་སྲིད་ཞི་གཞི་རྩ་བྲལ་བའི་སྣོད༔ དག་པ་རབ་འབྱམས་རང་བྱུང་བདུད་རྩིས་གང༔ འཁོར་འདས་རྟེན་འབྲེལ་རཀྟ་དམར་པོའི་བཅུད༔ ལྷུན་གྲུབ་སྐུ་གསུམ་གཏོར་མ་ཡེ་ཤེས་བརྒྱན༔ སྟོང་གསུམ་སྣང་སྲིད་འདོད་རྒུར་འོད་འཁྲུགས་པའི༔ གསང་མཆོག་མི་ཟད་རྒྱན་གྱི་མཆོད་སྤྲིན་འདིས༔ སྲོག་སྒྲུབ་དམ་ཅན་ཆོས་སྲུང་ཐུགས་དམ་བསྐང༔ རབ་འབྱམས་ལས་ཀྱི་འཁོར་ལོར་བྱང་ཆུབ་ནས༔ གདོང་བཞིའི་དབང་ཕྱུག་སྙིང་རྗེའི་རྩེ་གར་གྱི༔ རོལ་པས་ཁམས་གསུམ་འགྲོ་ཀུན་སྲིད་རྩེར་སྒྲོལ༔ ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ ཞི་རྒྱས་དབང་དྲག་ནུས་པའི་འཁོར་ལོ་ཡི༔ ཆོས་སྲུང་ཁྱེད་ཀྱིས་སྣང་སྲིད་འཁོར་འདས་ཀུན༔ བཟོད་མེད་རང་རིག་ངོ་བོར་གཏན་ལ་ཕབ༔ རིག་རྩལ་ཕྱོགས་ལས་རྣམ་རྒྱལ་མི་ཟད་པའི༔ སྟོང་ཉིད་སྙིང་རྗེ་རྒྱན་གྱི་རྟེན་འབྲེལ་དུ༔ མཆོག་གསང་བླ་མེད་ཨ་ཏིའི་བསྟན་པ་སྤེལ༔ མཁའ་སྤྱོད་པདྨ་འོད་ཀྱི་འཁོར་ཡུག་ཏུ༔ གདུང་བས་རྗེས་སུ་ཆགས་པའི་ཌཱ་ཀི་མ༔ བྱམས་བརྩེས་སྒྲུབ་མཆོག་སྐྱོང་བའི་གདོང་མཛེས་མ༔ ལྟར་སྣང་མི་མཐུན་བར་ཆད་ཀུན་ཟློག་ཅིང༔ མཐར་ཐུག་རིན་ཆེན་ཞི་བའི་གླིང་མཆོག་དེར༔ བདེ་བར་གེགས་མེད་སྐྱོངས་ཤིག་བརྟན་མའི་ཚོགས༔ སྡང་དགྲ་གནོད་བྱེད་འོད་སྐུར་ལྷུན་གྲུབ་མཛེས༔ རང་རིག་སྲིད་ཞི་ཐིག་ལེ་དབྱེར་མེད་པ༔ ཆོས་སྲུང་དམ་ཅན་རྒྱ་མཚོ་དེ་ཁོ་ནས༔ གསང་ཆེན་ཨ་ཏིའི་བསྟན་པ་རྒྱས་པར་མཛོད༔ རིག་འཛིན་རྒྱལ་བའི་ཏིང་འཛིན་འབུམ་ཕྲག་གི༔ ཟག་མེད་རྙོག་བྲལ་ཐུགས་རྗེའི་གཟི་འབར་བས༔ མི་ཟད་སྙིང་རྗེའི་རྒྱན་རོལ་བཀའ་སྲུང་ཚོགས༔ རེ་སྐོང་ཡིད་ཀྱི་འདོད་དོན་རྡོ་རྗེའི་དབྱངས༔ ལས་རྣམས་ཀུན་ལ་དབང་སྒྱུར་མཐུ་སྟོབས་ཀྱིས༔ རྨད་བྱུང་གསང་བའི་བདག་པོའི་ས་ནོན་ཏེ༔ ཡང་གསང་ཨ་ཏིའི་རྡོ་རྗེ་སྙིང་པོའི་སྲོག༔ མི་མངོན་དབྱིངས་ལ་བཅིངས་ནས་སྣ་ཚོགས་ཀྱི༔ རང་བཟོས་བྱང་ལམ་འཁྱོག་པོར་སྟོན་བྱེད་པའི༔ དུས་མཐའི་ལོག་རྟོག་དགྲ་བོ་ད་སྒྲོལ་ཅིག༔ སྟོང་གསུམ་དབྱིངས་འདི་ཆོས་དབྱིངས་ཐིག་ལེ་གཅིག༔ ཨ་ཏིའི་དཀྱིལ་འཁོར་ཟབ་ཞིར་སྨིན་པར་མཛོད༔ སྣང་སྟོང་འོད་ལྔ་ལྷུན་གྲུབ་ཐིག་ལེ་ཡིས༔ སྣང་བཞི་རྡོ་རྗེ་རྩེ་མོར་བྱང་ཆུབ་ནས༔ སྣང་གྲགས་སྲིད་གསུམ་མཁའ་སྤྱོད་འཕོ་བ་ཆེ༔ སྣང་སྲིད་གཞོན་ནུ་བུམ་དབྱིངས་མཆོག་གྲོལ་ཤོག༔ བསྟོད་པ་ནི༔ ཧཱུྃ༔ འབྱུང་དང་འབྱུང་གྱུར་འབྱུང་གཟུགས་སྲིད་པའི་བདག༔ སྤར་སྨེ་ལོ་ཟླ་ཞག་དང་དུས་ཚོད་ལ༔ དབང་སྒྱུར་ས་བདག་རྗེ་བློན་བཅུ་བཞི་དང༔ སྲིད་པའི་ཀླུ་ཆེན་བརྒྱད་ལ་ཕྱག་འཚལ་བསྟོད༔ སྣང་ཆའི་རྟེན་འབྲེལ་སྤྲུལ་པའི་འཁོར་ལོ་ཀུན༔ སྟོང་ཉིད་གསང་བཞི་བདེ་ཆེན་མཆོག་ལྡན་རྩེར༔ འཇིག་རྟེན་འདས་དང་མ་འདས་དབྱེར་མེད་པའི༔ ཀླུ་བདུད་དྲེགས་པའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ རིག་དང་མ་རིག་སྲིད་པའི་ཉོན་མོངས་ཀྱིས༔ སྲོག་བདག་ལང་ཀ་མགྲིན་བཅུ་སྣང་སྲིད་ཀྱི༔ སྡེ་བརྒྱད་སྲིད་པའི་དམག་དཔུང་ཡོངས་ཀྱི་གཙོ༔ དྲེགས་པའི་ལས་བྱེད་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དབྱིངས་གཞིར་གདོད་ནས་མངོན་པར་བྱང་ཆུབ་པའི༔ འཁོར་བ་མྱང་འདས་རིག་དང་མ་རིག་ཚོགས༔ བློ་བྲལ་ཀུན་ཏུ་བཟང་པོའི་དགོངས་པའི་གཞིར༔ ཡོན་ཏན་རིག་པ་འཛིན་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ མ་མོ་སྲིད་གསུམ་གཡོ་བའི་མངའ་བདག་མོ༔ འབུམ་ཕྲག་ཌཱ་ཀི་ལས་བཞིའི་རྫུ་འཕྲུལ་གྱིས༔ ཅིར་ཡང་བསྟན་པ་སྲུང་བའི་སྡེ་དཔོན་མ༔ སྲིད་པ་མ་མོའི་གཙོ་མཆོག་ཁྱོད་ལ་བསྟོད༔ སྟོང་ཉིད་བྷ་གར་བདེ་ཆེན་རཀྟའི་མཚོ༔ གཡོ་བའི་ལང་ཚོས་རྡོ་རྗེའི་དབང་སྐུར་མཁན༔ རིག་འཛིན་འདུས་པའི་ཡུམ་མཆོག་ཀུན་ཏུ་བཟང༔ སྐྱེ་འགག་ཆོས་རྣམས་གསལ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ པདྨའི་བཀའ་ཉན་ཛམ་གླིང་གཏེར་གྱི་བདག༔ བོད་ཡུལ་རྗེ་ཡི་མགུར་ལྷ་ཡོངས་ཀྱི་གཙོ༔ མཆེད་འཁོར་སྐྱེས་བུ་སུམ་བརྒྱ་དྲུག་ཅུར་བཅས༔ དམ་ཅན་རྡོ་རྗེ་ལེགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ གཞོམ་བྲལ་གསང་བ་སྔགས་ཀྱི་རྡོ་རྗེ་འཆང༔ ཏིང་འཛིན་འབུམ་ཕྲག་བརྒྱན་པའི་འཁོར་ལོ་ཡིས༔ ཟབ་གསང་རྡོ་རྗེ་ཐེག་པའི་བསྟན་སྲུང་མཆོག༔ ལེགས་པའི་ལམ་མཆོག་སྟོན་ལ་ཕྱག་འཚལ་བསྟོད༔ དཔལ་རི་པདྨ་འོད་ཀྱི་གཞལ་ཡས་སུ༔ ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ༔ དུས་གསུམ་རིག་འཛིན་བླ་མའི་དམ་ནོད་པའི༔ ནུས་ལྡན་བཀའ་ཡི་སྲུང་མར་ཕྱག་འཚལ་བསྟོད༔ བྱམས་བརྩེ་མཐུ་སྟོབས་ནུས་རྩལ་མི་དམན་པས༔ གཞན་དུ་འཁྱོག་མིན་བདག་སོགས་ཞིང་དེ་ཁར༔ རྒྱལ་དབང་པདྨའི་ཐུགས་གསང་དྲི་མེད་ཀློང༔ གཉུག་མའི་གཏན་ཡུལ་ཟིན་པའི་ཕྲིན་ལས་སྒྲུབས༔ སྐུ་གསུམ་དྭངས་བཅུད་ཕོ་བྲང་རྡོ་རྗེའི་ཞིང༔ ཆོས་དབྱིངས་ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ༔ མཁའ་སྤྱོད་ད་ལར་གནས་པའི་བཀའི་སྲུང་མ༔ རྒྱལ་བའི་བསྟན་སྲུང་ཡོངས་ལ་ཕྱག་འཚལ་བསྟོད༔ སྲིད་གསུམ་རང་རིག་དབྱིངས་གཞིའི་དཀྱིལ་འཁོར་དུ༔ ཟུང་འཇུག་ཀུན་ཏུ་བཟང་པོའི་དམ་ནོས་ཤིང༔ རིག་རྟོགས་རྡོ་རྗེའི་ཐིག་ལེར་དབང་བསྐུར་བའི༔ ཐ་ཚིག་དེ་དགོངས་ལས་ཀུན་མྱུར་འགྲུབ་མཛོད༔ བརྗོད་པའི་ཚིག་འཕྲང་བློ་ཡི་བསམ་ཡུལ་འདས༔ རེ་དོགས་མཚན་འཛིན་དངོས་སྣང་གཟུང་སྤྲིན་དོར༔ མཁའ་ཡངས་འོད་གསལ་ལྷུག་པའི་ཀློང་ཆེན་པོར༔ སྣང་བ་བཞི་རྫོགས་ཐེག་རྩེར་དབུགས་དབྱུང་ཞིང༔ འཇའ་ཟེར་འོད་སྣང་རྡོ་རྗེ་ལྷུན་གྲུབ་སྦུབས༔ མཁའ་སྤྱོད་རྒྱལ་བའི་ཞིང་དུ་འགྲོ་ཀུན་སྡུས༔ མི་འགྱུར་སྲིད་ཞི་རྡོ་རྗེའི་བསྟན་སྲོག་ཆེ༔ ཨ་ཏིའི་བསྟན་མཆོག་མཁའ་ལྟར་རབ་རྒྱས་མཛོད༔ ཅེས་ཚོགས་ལས་བསྐུལ་བརྟན་སྐྱོང་སོགས་སྨད་ཀྱི་ལས་རིམ་རྣམས་ལས་བྱང་ནས་ལེན་པར་བྱོས་ཤིག །ཆོས་སྲུང་གི་སྐོང་གསོ་དྲག་པོའི་བསྒྲལ་མཆོད་གཙོ་བོར་སྟོན་པ་ཐུན་མོང་མ་ཡིན་པ་ཤིན་ཏུ་བཀའ་གཉན་ཞིང་རུ་ང་བ་ཞིག་འདུག་པས་བརྙས་བཅོས་སུ་སོང་ན་རྟགས་འཕྲལ་དུ་སྟོན་པར་ངེས་པས། འདི་ལ་ཡང་དག་པར་གཅེས་སྤྲས་སུ་མཛད་པར་ཁག་ཆེ་བར་འདུག་ཞུ་བ་ནི་སྙིང་གི་གཏམ་ཡིན། ས་མ་ཡ། རྒྱ་རྒྱ་རྒྱ། ཁ་ཐཾ།། །།
རྒྱལ་བསྟན་ཡུན་དུ་གནས་ཕྱིར་འཕགས་པའི་གནས་བརྟན་བཅུ་དྲུག་གི་ཆོ་ག་ཐུབ་བསྟན་ཉིན་བྱེད་ (Volume 52, Text 5)
༄༅། །རྒྱལ་བསྟན་ཡུན་དུ་གནས་ཕྱིར་འཕགས་པའི་གནས་བརྟན་བཅུ་དྲུག་གི་ཆོ་ག་ཐུབ་བསྟན་ཉིན་བྱེད་བཞུགས་སོ། ། ན་མོ་བུདྡྷ་ཡ། རྒྱལ་བ་མ་ལུས་ཐུགས་རྗེའི་དབྱིངས་སུ་དབྱེར་མེད་ཀྱང་། །བཅོམ་ལྡན་གདུལ་བྱ་བདག་གིར་མཛད་པའི་ཐུགས་སྐྱེད་སྟོབས། །དགུ་བརྒྱ་དགུ་བཅུ་རྩ་དགུའི་སྐལ་བཟང་འདྲེན་པ་ལས། །མཆོག་གྱུར་ཟས་གཙང་སྲས་དང་སྤྲུལ་བཅས་སྤྱི་བོས་མཆོད། །མགོན་དེའི་བསྟན་པ་དམ་ཆོས་འདུས་སྡེར་བཅས་པ་ཉིད། །དྲི་བྲལ་གོང་འཕེལ་ཡུན་དུ་གནས་ཕྱིར་དེ་སྐྱོང་བའི། །བསྟན་གཙོ་སྤྲུལ་པའི་གནས་བརྟན་འཁོར་བཅས་མཆོད་པའི་ཐབས། །མདོ་དང་བསྟན་བཅོས་རྣམ་དག་ལས་བཏུས་འདིར་འགོད་བྱ། །གང་ཞིག་སྲིད་དང་ཞི་བའི་གནས་སྐབས་མཐའ་དག་ཏུ་ཕན་པ་དང་བདེ་བ་བླ་ན་མེད་པའི་གཞིའམ་རྒྱུ་རྐྱེན་དངོས་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིད་ལ་རག་ལས་ཤིང་། དེའི་བདག་པོ་དང་འབྱུང་གནས་དང་རྩ་ལག་མཆོག་ཏུ་གྱུར་ པ་ཁམས་གསུམ་ན་འགྲན་ཟླ་དང་བྲལ་བའི་སྐྱབས་གནས་མཆོད་འོས་ཚོགས་ཞིང་གི་ཕུལ་དང་རབ་དང་། མཆོག་གི་རྩེ་མོར་གྱུར་པའི་སྟོན་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་འདི་དག་ལ་ཕྱག་མཆོད་བཀུར་སྟི་རིམ་གྲོར་བགྱིས་པའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་ཅིང་བརྗོད་པར་མི་ལང་བའི་ཚུལ། མདོ་སྡེ་རིན་པོ་ཆེ་དག་ལས་རྒྱ་ཆེར་འབྱུང་བ་ལ་ཡིད་ཆེས་ཀྱི་དད་པས་ཀུན་ནས་བླངས་ཏེ། གནས་སྐབས་དང་མཐར་ཐུག་གི་དོན་དང་དགོས་པ་ཁྱད་པར་ཅན་སྒྲུབ་པའི་སླད་དུ། འཕགས་པ་གནས་བརྟན་ཆེན་པོ་གཙོ་འཁོར་གྱི་ཆོ་གའི་ལས་རིམ་རྒྱས་པ་དག་ལས་ཉེར་བསྡུས་ལག་ཏུ་བླང་བ་བདེ་བ་ཞིག་འབྲི་བར་བྱ་བ་འདི་ལ་དོན་ཚན་རྣམ་པ་བདུན་གྱིས་སྟོན་ཏེ། གང་ཞེ་ན། སྐྱབས་སེམས་སྔོན་དུ་འགྲོ་བས་ས་གཞི་གནས་ཁང་མཆོད་རྫས་ཡོ་བྱད་བྱིན་གྱིས་བརླབ་པ། ༡ འགྲོ་བའི་དོན་ལ་གཤེགས་པར་སྙན་གསན་དབབ་ཅིང་སྤྱན་དྲང་བ། ༢ བྱོན་པ་རྣམས་ཀྱི་སྐུའི་བཀོད་པ་གསལ་གདབ་ཅིང་ཕྱག་འཚལ་བ། ༣ སོ་སོའི་སྟན་ལ་བཞུགས་སུ་གསོལ་ཞིང་ཁྲུས་ཆབ་བྲིམ་པ། ༤ མཆོད་པ་འབུལ་ཞིང་སྡིག་པ་བཤགས་ནས་ཆེ་བའི་ཡོན་ཏན་ལ་བསྟོད་པ། ༥ གཏོར་མ་འབུལ་ཞིང་འདོད་པའི་དོན་གྱི་གསོལ་བ་གདབ་པ། ༦ ཉེས་བྱས་བཟོད་གསོལ་སྨོན་ལམ་ཤིས་བརྗོད་གཤེགས་བསྟིམ་གྱི་ལས་དང་བདུན་གྱི། དང་པོ་ནི། བསླབ་གསུམ་རྣམ་པར་དག་པའི་དགེ་འདུན་ཇི་ཙམ་འདུས་པ་རྣམས་ཐུགས་སྤྱོད་མཐུན་ཞིང་ཁྲུས་དང་གཙང་སྦྲ་ཆོས་གོས་རྣམ་གསུམ་ལྡན་པ། དམ་པའི་ཆོས་འདུལ་བ་ནས་གསུངས་པའི་དབྱར་གནས་དང་གསོ་སྦྱོང་སོགས་དུས་སམ། དེ་ལས་གཞན་པ་རྒྱལ་བའི་དུས་ཆེན་བཞི་སོགས་ཅི་རིགས་ལ། གཙུག་ལག་ཁང་དང་ཀུན་དགའ་ར་བ་ཁྱམས་དང་བཅས་པ་བྱི་དོར་བྱ་ཞིང་རྒྱན་གྱི་ཁྱད་པར་དུ་མས་ལེགས་པར་མཛེས་པ་དང་། ཁ་ན་མ་ཐོ་བའི་རྫས་དང་གང་ཟག་གིས་དབེན་པར་བྱས་ལ། དཀྱིལ་འཁོར་ནི་འབྱོར་ན་རྡུལ་ཚོན་གྱིས་དཀྱིལ་འཁོར་སྒོ་རྐྱང་རྟ་བབས་དང་ཁོར་ཡུག་མེད་པ། མུན་སྣམ་ཀ་བ་ཀ་རྒྱན་སོགས་རྟ་བབས་ཀྱི་འདེགས་རྣམས་མི་དགོས་པ་ལས་གཞན་དུ་གཞལ་ཡས་ཁང་སྤྱི་མཐུན་གྱི་ལྟེ་བར། པདྨ་འདབ་མ་བཅུ་དྲུག་མཛེས་ཚོན་འོད་ཟེར་ཕྲེང་བས་བསྐོར་བ་བྲིས་པའི་དབུས་དང་པད་འདབ་རྣམས་སུ། གཙོ་བོ་དང་གནས་བརྟན་རྣམས་མཚོན་བྱེད་འབྲས་དཀར་དྲི་བཟང་གིས་སྦགས་པའི་ཚོམ་བུ་དགོད་ཅིང་། ཁྱམས་ཀྱི་བྱང་ཤར་དུ་དྷརྨ་ཏཱ་དང་སྒོ་བཞིར་རྒྱལ་ཆེན་བཞིའི་ཚོམ་བུ་རེ་ཡང་དགོད། ཅི་སྟེ་རྡུལ་ཚོན་གྱི་གཞལ་ཡས་ཁང་འབྲི་བ་མ་འབྱོར་ནའང་ཅོག་རྩེ་བཟང་པོ་ཁེབས་ལྡན་ལྟ་བུར་ཚོམ་བུ་འདི་དག་ཚང་བར་དགོད་དོ། །དེའི་མཐའ་སྐོར་དུ་གཙང་ཞིང་དག་པའི་མཆོད་པ་སྣ་ལྔ་པོ་ལྷ་གྲངས་དང་མཉམ་པའམ་མ་འཛོམ་ཡང་སྣ་རེ་རེ་ལ་བདུན་ཚར་རམ་ལྔ་ཚར་ནི་མེད་མི་རུང་དང་། རིན་ཆེན་གྱི་སྣོད་གཙང་ནང་དཀར་གསུམ་གྱིས་གཞི་བླངས་པའི་གཏོར་མ་གསུམ་མམ་གཅིག་གང་རུང་ཟླུམ་པོ་པད་འདབ་བཞི་པ་བྱས་ལ་བཤམ། གཞན་ཡང་འཕན་གདུགས་རྒྱལ་མཚན་བླ་བྲེ་སོགས་མཆོད་པའི་བྱེ་བྲག་གྱ་ནོམ་པར་བཀོད་དེ་རྒྱལ་བ་འཁོར་བཅས་སྤྱན་དྲང་བའི་གནས་སུ་རུང་བར་བྱའོ། །དེ་ནས་ཆོ་ག་དངོས་ལ། མཁན་སློབ་དགེ་འདུན་དང་བཅས་པས་བག་མེད་ཀྱི་བསམ་སྦྱོར་དང་མ་འདྲེས་པར་ཚིག་དང་དོན་ཟུང་དུ་འབྲེལ་བའི་སྒོ་ནས་གོང་དུ་སྨྲོས་པའི་རིམ་པ་བཞིན་གྱི་ཆོ་ག་གཞུང་བསྲང་སྟེ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་འཕགས་ཚོགས་མཆོད་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལག་མཐིལ་ལྟར་མཉམ་རིན་ཆེན་རྒྱན་གྱིས་སྤྲས། །ལྗོན་ཤིང་ཆུ་མཚོས་བརྒྱན་པའི་ས་གཞིའི་དབུས། །རིན་ཆེན་གཞལ་ཡས་གྲུ་བཞི་སྒོ་བཞི་པ། །པདྨ་ཉི་ཟླའི་གདན་བཅས་མཛེས་པར་གྱུར། །ལྷ་མིའི་མཆོད་རྫས་དངོས་འབྱོར་ཡིད་སྤྲུལ་ཚོགས། །དཀོན་མཆོག་བདེན་པའི་བྱིན་རླབས་མཐུ་ཆེན་པོས། །ཡོངས་སུ་དག་པར་སྦྱངས་ཤིང་སྤེལ་པ་ཡིས། །ཞིང་ཀུན་ཁྱབ་པའི་མཆོད་སྤྲིན་ཆེན་པོར་གྱུར། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། གཉིས་པ་དབབ་འདྲེན་ནི། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་དང༔ ཤེས་རབ་མེ་འབར་ཉོན་མོངས་མཚོ་སྐེམ་ཞིང༔ རྣམ་གྲོལ་བསོད་ནམས་ཞིང་དུ་བཀའ་སྡོད་པའི༔ ཕྱོགས་བཅུའི་ཉན་ཐོས་དགེ་འདུན་བཞུགས་སོ་འཚལ༔ ཡོན་སྦྱོར་མཆོད་པའི་གནས་སུ་སྤྱན་འདྲེན་ན༔ ཐུགས་རྗེས་བརྩེ་བར་དགོངས་ཏེ་གཤེགས་མཛད་གསོལ༔ ཞེས་སྙན་གསན་ཕབ་ལ་སླར་སྤོས་ཀྱི་སྤྲིན་སྤྲོ་ཞིང་དད་གདུང་གིས་སྤྱན་འདྲེན་བྱ་སྟེ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཡོན་ཏན་རིན་ཆེན་མང་པོའི་ཚོགས་མངའ་ཞིང་། །མཚན་རབ་ཡེ་ཤེས་ཡོངས་སུ་དག་པའི་སྐུ། །གསེར་གྱི་མདོག་ཅན་ལྷ་དང་མིས་མཆོད་པའི། །བཅོམ་ལྡན་ཤཱཀྱའི་དབང་པོ་གཤེགས་སུ་གསོལ། །སྤངས་དང་ཡེ་ཤེས་ཕུན་ཚོགས་སངས་རྒྱས་ཀྱང༔ གདུལ་བྱའི་དབང་གིས་ཉན་ཐོས་ཚུལ་འཛིན་པས༔ ཁྱད་པར་ཅན་གྱི་ཕྲིན་ལས་ཆོས་སྐྱོང་བའི༔ གནས་བརྟན་ཆེན་པོ་འཁོར་བཅས་འདིར་གཤེགས་ཤིག༔ ཏི་སེའི་གངས་ལ་དགྲ་བཅོམ་ཡན་ལག་འབྱུང༔ དྲང་སྲོང་རི་ངོགས་ཤེལ་ནགས་མི་ཕམ་པ༔ ལོ་མ་བདུན་རིར་བཙུན་པ་ནགས་ན་གནས༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ ཟངས་གླིང་དབུས་ན་རྒྱལ་སྲས་དུས་ལྡན་བཞུགས༔ སིངྒ་ལ་ན་རྡོ་རྗེ་མོ་ཡི་བུ༔ ཆུ་བོ་ཡ་མུ་ནཱའི་གླིང་བཟང་པོ་བཞུགས༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ ཁ་ཆེའི་ཡུལ་ན་ཐུབ་པ་གསེར་བེ་འུ༔ ནུབ་གླིང་བྷཱ་ར་དྷྭ་ཛ་གསེར་ཅན་མཆོག༔ སྒྲ་མི་སྙན་ན་འཕགས་ཆེན་བཀྐུ་ལ༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ པྲི་ཡང་ཀུ་གླིང་གནས་བརྟན་སྒྲ་གཅན་ཟིན༔ བྱ་རྒོད་སྤུངས་པར་དགེ་སྦྱོང་ལམ་ཕྲན་བསྟན༔ ཤར་གླིང་བྷཱ་ར་དྷྭ་ཛ་བསོད་སྙོམས་ལེན༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ སུམ་ཅུ་རྩ་གསུམ་འཕགས་པ་ལམ་བསྟན་བཞུགས༔ ངོས་ཡངས་རི་ལ་སྡོམ་བརྩོན་ཀླུ་ཡི་སྡེ༔ རི་རྒྱལ་བྷི་ཧུ་ལ་ན་སྦེད་བྱེད་བཞུགས༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ གངས་རིའི་རྒྱལ་པོ་ལ་ནི་མི་ཕྱེད་པ༔ ཀུན་གྱི་ཞབས་འབྲིང་དགེ་བསྙེན་དྷརྨ་ཏཱ༔ སྒོ་བཞི་སྐྱོང་མཛད་རྒྱལ་པོ་ཆེན་པོ་བཞི༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ དགེ་བསྙེན་སྐྱབས་གསོལ་བདེན་པའི་ཚིག་ཉན་པ༔ དཀོན་མཆོག་གསུམ་གྱི་ཞབས་འབྲིང་མཆིས་སོ་འཚལ༔ བསོད་ནམས་རིན་ཆེན་གླིང་འདིར་སྤྱན་འདྲེན་ན༔ འགྲོ་བའི་དོན་དུ་མཆོད་ཕྱིར་གཤེགས་སུ་གསོལ༔ གསུམ་པ་གསལ་ཞིང་ཕྱག་འཚལ་བ་ནི། དེ་ལྟར་མོས་གུས་དྲགས་པོས་སྤྱན་དྲངས་པ་ལ་བརྟེན་ནས་གཙོ་འཁོར་མ་ལུས་པ་ནམ་མཁའི་ལམ་ལས་རྫུ་འཕྲུལ་གྱིས་བྱོན་པ་རྣམས་རེ་རེ་བཞིན་སྐུའི་དཀྱིལ་འཁོར་ངོ་མཚར་གྱི་ཕུང་པོ་ལ་བལྟ་ཞིང་ཕྱག་བྱེད་པར་མོས་ལ། རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷང་ངེ་བ། །མགོན་པོ་མཆོག་ཉིད་ཁྱོད་ཞབས་ཕྱག་འཚལ་ལོ། །ཐུགས་རྗེའི་བདག་ཉིད་བརྩོན་འགྲུས་སྟོབས་ལྡན་པ། །འགྲོ་བའི་བླ་མ་གཞན་གྱིས་མ་བཏུལ་བའི། །སྐལ་ལྡན་གདུལ་ཕྱིར་ཤཱཀྱའི་རིགས་འཁྲུངས་པ། །ཐུབ་དབང་གཙོ་བོ་མཆོག་ལ་ཕྱག་འཚལ་ལོ། །ཏི་སེའི་གངས་བཞུགས་གནས་བརྟན་ཡན་ལག་འབྱུང་། །མཐོང་རེག་དྲི་ཡིས་ཚུལ་ཁྲིམས་རྣམ་དག་ཅིང་། །ཉོན་མོངས་ཀུན་སེལ་སྤོས་ཕོར་རྔ་ཡབ་བསྣམས། །དགྲ་བཅོམ་སྟོང་དང་སུམ་བརྒྱར་བཅས་ལ་འདུད། །དྲང་སྲོང་རི་ངོགས་གནས་བརྟན་མ་ཕམ་པ། །མཐོང་ཐོས་དྲན་པས་ཚུལ་ཁྲིམས་ལ་སོགས་པའི། །ཡོན་ཏན་འཕེལ་འགྱུར་མཉམ་གཞག་ཕྱག་རྒྱ་ཅན། །དགྲ་བཅོམ་བརྒྱ་ཕྲག་གཅིག་དང་བཅས་ལ་འདུད། །ལོ་མ་བདུན་མར་གནས་བརྟན་ནགས་ན་གནས། །གང་ལ་གཏད་པས་གནོད་པ་ཀུན་ཞི་ཞིང་། །སེར་བུས་སྡིག་སེལ་སྡིགས་མཛུབ་རྔ་ཡབ་ཅན། །དགྲ་བཅོམ་སྟོང་དང་བཞི་བརྒྱར་བཅས་ལ་འདུད། །ཟངས་གླིང་ཡུལ་ན་གནས་བརྟན་དུས་ལྡན་ནི། །མཐོང་དང་རེག་པས་སྤངས་རྟོགས་ཀུན་ཐོབ་ཅིང་། །སྐལ་ལྡན་འཁོར་འདུའི་གསེར་གྱི་རྣ་ཀོར་བསྣམས། །དགྲ་བཅོམ་སྟོང་དང་ཆིག་བརྒྱར་བཅས་ལ་འདུད། །སིང་གར་གནས་བརྟན་རྡོ་རྗེ་མོ་ཡི་བུ། །གཏད་པས་ཞི་ཞིང་འདུན་འགྱུར་སྡིགས་མཛུབ་ཅན། །མཐོང་རེག་དྲི་ཡིས་དོན་འགྲུབ་རྔ་ཡབ་བསྣམས། །དགྲ་བཅོམ་སྟོང་གི་ཚོགས་དང་བཅས་ལ་འདུད། །ཡ་མུ་ནཱ་གླིང་གནས་བརྟན་བཟང་པོ་ནི། །ཆོས་འཆད་ཕྱག་རྒྱས་ཆོས་ཀུན་དོན་རྟོགས་ཤིང་། །ཏིང་འཛིན་འབྲས་བཅས་འགྲུབ་པའི་མཉམ་གཞག་མཛད། །དགྲ་བཅོམ་སྟོང་དང་ཉིས་བརྒྱར་བཅས་ལ་འདུད། ཁ་ཆེའི་ཡུལ་ན་གནས་བརྟན་གསེར་བེ་འུ། །མཐོང་ཐོས་རེག་པས་གཟུངས་དང་སྤོབས་པ་སོགས། །ཡོན་ཏན་ཀུན་སྩོལ་གསེར་གྱི་ཞགས་པ་བསྣམས། །དགྲ་བཅོམ་ལྔ་བརྒྱའི་ཚོགས་དང་བཅས་ལ་འདུད། །ནུབ་གླིང་བྷཱ་ར་དྷྭ་ཛ་གསེར་ཅན་ནི། །གང་གི་མདུན་བཅས་ངན་འགྲོ་ལས་འགྲོལ་ཞིང་། །དགའ་བདེ་ཡེ་ཤེས་རྒྱས་མཛད་མཉམ་གཞག་ཅན། །དགྲ་བཅོམ་བདུན་བརྒྱའི་ཚོགས་དང་བཅས་ལ་འདུད། །དགྲ་མི་སྙན་ན་གནས་བརྟན་བཀྐུ་ལ། །མཐོང་ཞིང་རེག་པས་དཔལ་འབྱོར་ཀུན་སྩོལ་ཞིང་། །ཕ་རོལ་ཕྱིན་དྲུག་མྱུར་རྫོགས་ནེའུ་ལེ་བསྣམས། །དགྲ་བཅོམ་དགུ་བརྒྱའི་ཚོགས་དང་བཅས་ལ་འདུད། །པྲི་ཡང་ཀུ་ན་གནས་བརྟན་སྒྲ་གཅན་འཛིན། །རེག་ཅིང་མཐོང་ན་ཉེས་པ་ཀུན་སེལ་ཞིང་། །ཆོས་ཀྱི་ཚིག་དོན་རྟོགས་འགྱུར་པྲོག་ཞུ་བསྣམས། །དགྲ་བཅོམ་སྟོང་དང་ཆིག་བརྒྱར་བཅས་ལ་འདུད། །བྱ་རྒོད་ཕུང་པོར་གནས་བརྟན་ལམ་ཕྲན་བསྟན། །མཉམ་གཞག་ཕྱག་རྒྱས་ཕྱོགས་མེད་སེམས་ཅན་ཀུན། །ཉོན་མོངས་སྡུག་བསྔལ་མེ་དཔུང་ཞི་བར་མཛད། །དགྲ་བཅོམ་སྟོང་དང་དྲུག་བརྒྱར་བཅས་ལ་འདུད། །ཤར་གླིང་བྷཱ་ར་དྷྭ་ཛ་བསོད་སྙོམས་ལེན། །མཐོང་རེག་སྡུག་བསྔལ་ཞི་མཛད་གཡས་གླེགས་བམ། །ཕྱག་གཡོན་ལྷུང་བཟེད་དང་བཅས་མཉམ་གཞག་ཅན། །དགྲ་བཅོམ་སྟོང་གི་ཚོགས་དང་བཅས་ལ་འདུད། །སུམ་ཅུ་རྩ་གསུམ་གནས་ན་ལམ་བསྟན་ནི། །སྤོབས་པ་རྒྱ་ཆེན་སྐྱེད་མཛད་གླེགས་བམ་དང་། །བློ་གྲོས་སྣང་བ་འཕེལ་བའི་ཆོས་འཆད་མཛད། །དགྲ་བཅོམ་དགུ་བརྒྱའི་ཚོགས་དང་བཅས་ལ་འདུད། །ངོས་ཡངས་ལ་བཞུགས་གནས་བརྟན་ཀླུ་ཡི་སྡེ། །དགོས་འདོད་འབྱུང་བའི་བུམ་པ་བཟང་པོ་དང་། །སྒྲ་ཐོས་སྡུག་བསྔལ་ཀུན་སེལ་འཁར་གསིལ་བསྣམས། །དགྲ་བཅོམ་སྟོང་དང་ཉིས་བརྒྱར་བཅས་ལ་འདུད། །བྷི་ཧུ་ལ་ན་གནས་བརྟན་སྦེད་བྱེད་ནི། །མཐོང་རེག་འཆང་ན་གནས་ལྔ་ལ་མཁས་ཤིང་། །ཉོན་མོངས་ཐམས་ཅད་ཞི་མཛད་གླེགས་བམ་བསྣམས། །དགྲ་བཅོམ་སྟོང་དང་བཞི་བརྒྱར་བཅས་ལ་འདུད། །གངས་རིའི་རྒྱལ་པོར་གནས་བརྟན་མི་ཕྱེད་པ། །མཐོང་རེག་ཐོས་པས་འདོད་དོན་ཀུན་འགྲུབ་ཅིང་། །སྡིག་ཞི་བདེ་ལེགས་འབྱུང་བའི་མཆོད་རྟེན་བསྣམས། །དགྲ་བཅོམ་སྟོང་གི་ཚོགས་དང་བཅས་ལ་འདུད། །སྤྱན་རས་གཟིགས་དབང་དགེ་བསྙེན་ཚུལ་བཟུང་ནས། །གླེགས་བམ་ཁུར་ཞིང་རྔ་ཡབ་བུམ་པ་བསྣམས། །སྣང་མཐའ་ཞལ་གཟིགས་འཕགས་ཚོགས་ཞབས་འབྲིང་བརྩོན། །སྤྲུལ་པ་དུ་མའི་ཚོགས་དང་བཅས་ལ་འདུད། །རྒྱལ་བའི་བསྟན་པ་བསྲུང་མཛད་རྒྱལ་ཆེན་བཞི། །རྒྱུད་མངས་རལ་གྲི་མཆོད་རྟེན་རྒྱལ་མཚན་བསྣམས། །དཔའ་བརྗིད་ཆས་ལྡན་རང་རིགས་མཐུན་པའི་འཁོར། །གྲངས་མེད་བཀའ་སྡོད་སྡེ་དང་བཅས་ལ་འདུད། །བཞི་པ་བཞུགས་ཁྲུས་ནི། དེ་ལྟར་བྱོན་པ་རྣམས་ལ་ཕྱག་འཚལ་བའི་རྗེས་ཐོག་ཏུ་སོ་སོའི་སྟན་ལ་བཞུགས་སུ་གསོལ་ཏེ། རྒྱུ་ལ་བརྟེན་པའི་མཁས་པ་བཅོམ་ལྡན་འདས། །མཐའ་གཉིས་ལྟ་བར་རྟག་ཏུ་མི་གནས་ཀྱང་། །ལས་ཀྱི་རྣམ་སྨིན་འབྲས་བུ་ཁོ་ནར་སྟོན། །ལྟ་བའི་མུན་སེལ་མཆོག་ཁྱོད་འདིར་བཞུགས་གསོལ། །འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ་ཡིས། །སངས་རྒྱས་བསྟན་པ་གང་གི་ཕྱག་ཏུ་བཞག །གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་ན། །གནས་བརྟན་ཆེན་པོ་འཁོར་བཅས་བཞུགས་སུ་གསོལ། །རྒྱལ་བའི་བཀའ་སྡོད་སེམས་ཅན་དགའ་བར་མཛད། །བརྟུལ་ཕོད་སྲན་ཐུབ་སྙེམས་པ་མེད་པ་ཡིས། །ཐ་བ་སྤངས་ཤིང་ཡོན་ཏན་ལྡན་པའི་འཁོར། །དགེ་བསྙེན་སྒོ་སྐྱོང་ཚོགས་བཅས་བཞུགས་སུ་གསོལ། །ཞེས་བཞུགས་པ་རྣམས་ལ་རིན་པོ་ཆེའི་སྤྱི་བླུགས་བཟང་པོ་ནས་བདུད་རྩིའི་ཆུ་གཙང་བྲིམ་པར་མོས་ལ། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་ནས་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །རྒྱལ་བའི་སྐུ་ལ་ཉེས་སྒྲིབ་མི་མངའ་ཡང་། །འགྲོ་ཀུན་ཉོན་མོངས་བག་ཆགས་སྦྱང་སླད་དུ། །སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་ཕུལ་བས། ཁམས་གསུམ་གནས་པའི་དྲི་མ་དག་གྱུར་ཅིག །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་ནི། །ཐུབ་མཆོག་འཕགས་པའི་ཚོགས་ལ་ཕུལ་བ་ཡིས། །འགྲོ་ཀུན་ཚུལ་ཁྲིམས་གོས་བཟང་ལ་སྤྱོད་ཤོག །ལྔ་པ་མཆོད་བཤགས་བསྟོད་པ་ནི། ཐུབ་དབང་མཆོད་གནས་རྣམས་ལ་ཡིད་འོང་བའི། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་བཤོས། །དཔག་ཡས་ནམ་མཁའི་རྒྱན་གྱུར་མཆོད་པའི་སྤྲིན། །ཐུགས་རྗེའི་བདག་ཉིད་རྣམས་ལ་འབུལ་བར་བགྱི། །གཞན་ཡང་མཆོད་པར་འོས་པའི་དངོས་ཀུན་གྱིས། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐར་བཏུགས་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །འགྲོ་ཀུན་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག ༈ །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །མི་དགེ་བཅུ་དང་མཚམས་མེད་རྣམ་པ་ལྔ། །ཉེ་བ་ལྔ་དང་ལྕི་བཞི་ལོག་པ་བརྒྱད། །བསླབ་པ་གསུམ་དང་འགལ་བའི་བཅས་རང་གི །ཉེས་ལྟུང་མ་ལུས་བཤགས་པར་བགྱིད་ལགས་སོ། ༈ །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་བསྟོད། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་བསྟོད། །ཡན་ལག་འབྱུང་དང་མ་ཕམ་ནགས་ན་གནས། །དུས་ལྡན་རྡོ་རྗེ་མོའི་བུ་བཟང་པོ་དང་། །གསེར་བེ་འུ་བྷཱ་ར་དྷྭ་ཛ་གསེར་ཅན་ཏེ། །དགྲ་བཅོམ་གནས་བརྟན་རྣམས་ལ་ཕྱག་འཚལ་བསྟོད། །འཕགས་པ་བཀྐུ་ལ་དང་སྒྲ་གཅན་ཟིན། །ལམ་ཕྲན་བྷཱ་ར་དྷྭ་ཛ་བསོད་སྙོམས་ལེན། །ལམ་བསྟན་ཀླུའི་སྡེ་སྦེད་བྱེད་མི་ཕྱེད་པ། །དགེ་བསྙེན་རྒྱལ་ཆེན་འཁོར་བཅས་རྣམས་ལ་བསྟོད། །དྲུག་པ་གཏོར་འབུལ་འདོད་གསོལ་ནི། ཨཱོྃ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱདྱ་ནུཏྤནྣ་ཏྭཱ་ཏ་ཨཱོྃ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། རིན་ཆེན་སྣོད་བཟང་བདུད་རྩིའི་གཏོར་མས་བཀང་། །འདོད་ཡོན་རྨད་བྱུང་མི་ཟད་རྒྱན་གྱི་མཛོད། །སྔགས་དང་ཏིང་འཛིན་ཟབ་མོས་བྱིན་བརླབས་པས། །མཆོད་ཡུལ་མགྲོན་རྣམས་མཉེས་བྱེད་མཆོག་ཏུ་གྱུར། །ཐུབ་དབང་གནས་བརྟན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་སོགས་འགྲོ་ཀུན་ཐུགས་རྗེས་སྐྱོབས། །དགེ་བསྙེན་རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །མཉེས་ཤིང་སངས་རྒྱས་བསྟན་པ་སྲུང་མཛད་གསོལ། །འཇིག་རྟེན་ལྷ་ཀླུ་རིགས་དྲུག་ཀུན་ལ་བསྔོ། །ཚིམས་ཤིང་ཐར་པའི་ལམ་ལ་མྱུར་འཁོད་ཤོག །མཆོག་དམན་མགྲོན་ཀུན་གཏོར་མས་མཆོད་པའི་མཐུས། །བདག་གཞན་ཚོགས་རྫོགས་སྒྲིབ་བྱང་བྱང་ཆུབ་ཤོག ༈ །ཐུགས་རྗེ་ཆེ་མངའ་སྟོན་པ་འགྲོ་བའི་བླ། །འཕགས་པའི་ཚོགས་བཅས་བདག་གིས་གསོལ་འདེབས་དགོངས། ཁྱེད་ཀྱི་བསྟན་པ་རིན་ཆེན་ཉམས་དམའ་ཞིང་། །དྲི་མས་སྦགས་འདི་ཐུགས་རྗེའི་སྟོབས་བསྐྱེད་གསོལ། །བསྟན་པའི་དམ་ཆོས་ནུབ་མེད་འཕེལ་རྒྱས་ཤིང་། །བསྟན་འཛིན་བསླབ་གསུམ་མིག་བཞིན་བཙའ་བ་དང་། །ལུང་རྟོགས་ཐོས་བསམ་སྒོམ་ལ་བརྩོན་པའི་སྡེ། །སྦྱངས་ཡོན་བཅུ་གཉིས་སྤྱོད་ལ་གཅིག་གཞོལ་མཛོད། །བསྟན་ལ་འཚེ་བས་དབེན་ཞིང་ཀུན་གྱིས་བཀུར། །འཇིག་རྟེན་བདེ་འཕེལ་མི་དགེའི་མཚན་མ་ཞི། །བདག་ཅག་བྱང་ཆུབ་སྤྱོད་པ་མཐར་སོན་པར། །མཆོད་ཡུལ་རྣམས་ཀྱིས་བྱིན་བརླབ་མཛད་པར་གསོལ། །བདུན་པ་བཟོད་གསོལ་སྨོན་ཤིས་གཤེགས་སྟིམ་ནི། བདག་ཅག་སྙིགས་མའི་སེམས་ཅན་རྨོངས་པའི་བློས། །ཆོ་གའི་ཚུལ་འདིར་འགལ་འཁྲུལ་འབགས་བཙོག་དང་། །མ་འབྱོར་མ་ཤེས་ཉེས་བྱས་ཅི་མཆིས་པ། །ཐུབ་ཆེན་རྣམས་ཀྱིས་བཟོད་པར་བཞེས་སུ་གསོལ། ༈ ཁྱེད་རྣམས་མཆོད་པའི་དགེ་བ་འདིའི་མཚོན་ཏེ། །ཚེ་རབས་དགེ་ཀུན་འགྲོ་བ་སངས་རྒྱས་གྱུར། །ཇི་ལྟར་བསྔོས་བཞིན་ཟག་མེད་དགོངས་འཕེལ་གྱིས། །འབྲས་བུ་རྣམ་མཁྱེན་ཁྱོད་འདྲར་ཐོབ་གྱུར་ཅིག །བསོད་ནམས་རྒྱ་མཚོ་ཡོངས་སུ་རྫོགས་གྱུར་ཅིག །ཡེ་ཤེས་རྒྱ་མཚོ་རྣམ་པར་དག་གྱུར་ཏེ། །ཡོན་ཏན་རྒྱ་མཚོ་མ་ལུས་མངོན་གྱུར་པས། །སྲིད་པའི་རྒྱ་མཚོ་མྱུར་དུ་སྐེམ་པར་ཤོག ༈ །གསེར་གྱི་མདོག་ཅན་མཚན་དཔེའི་དཀྱིལ་འཁོར་རྒྱས། །མཁྱེན་བརྩེ་མཛད་འཕྲིན་ཐུགས་རྗེ་ཟླ་མེད་པ། །ལྷ་མིའི་འདྲེན་པ་བཅོམ་ལྡན་ཤཱཀྱའི་རྒྱལ། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །བརྒྱད་ཁྲི་བཞི་སྟོང་དམ་ཆོས་འཁོར་ལོས་སྒྱུར། །སྐྱེ་འཆིའི་ཚུལ་སྤངས་ཤཱཀྱའི་བསྟན་པ་སྐྱོང་། །འཕགས་ཆེན་གནས་བརྟན་བཅུ་དྲུག་འཁོར་བཅས་ཀྱི། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །བྱང་སེམས་ཆེན་པོ་དགེ་བསྙེན་དྷརྨ་ཏཱ། །རྒྱལ་ཆེན་སྡེ་བཞི་གཙང་རིས་བདུན་ཅུ་སོགས། །བསྟན་དང་བསྟན་འཛིན་སྐྱོང་མཛད་ཐམས་ཅད་ཀྱི། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཅེས་མེ་ཏོག་གི་ཆར་དང་ཤིས་བརྗོད་ཀྱི་བདེན་སྟོབས་རྒྱ་ཆེར་བྱས་པའི་མཐར། མཆོད་ཡུལ་གཙོ་འཁོར་མཐའ་དག་སླར་མི་གཤེགས་པར་གཙུག་ལག་རྟེན་གསུམ་རྣམས་ལ་བསྟིམ་པར་བྱ་ཞིང་། རྡུལ་ཚོན་དང་མཆོད་པའི་ཡོ་བྱད་རྣམས་སྒྲིབ་པ་མི་གསོག་པའི་ཐབས་ཟབ་ཀྱིས་གཤེགས་བསྡུ་བྱའོ། །དེ་ལྟར་འཕགས་མཆོག་གནས་བརྟན་གཙོ་འཁོར་གྱི་ཆོ་གའི་རིམ་པ་འདི་དག་གི་རྩ་བའི་ཁུངས་ནི། བྱམས་པ་ལུང་བསྟན་པའི་མདོ་དང་། འཕགས་པ་དགའ་བའི་བཤེས་གཉེན་གྱི་རྟོགས་བརྗོད་སོགས་ལས་བྱུང་བ་ལྟར། བསྟན་པ་སྔ་དར་གྱི་དུས་ན་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་ལྷ་སའི་གཙུག་ལག་ཆུས་མི་གཞིག་པའི་བརྟན་བཞུགས་རབ་གནས་ཀྱི་ཆེད་ཁོ་ནར་དགོངས་པས། ཆོ་ག་རྒྱས་བསྡུས་ཇི་སྙེད་ཅིག་མཛད་ནས་གཏེར་དུ་བལྟམས་པ་དག་གཏེར་སྟོན་སོ་སོའི་གཏེར་ཆོས་ཀྱི་ཁྲོད་དུ་བྱོན་མོད་ཀྱང་། ཆོས་རྒྱུད་གཞན་མས་ཚད་མར་འཛིན་མཁན་དཀོན་པར་གྱུར་པས་དར་ཆ་ཆུང་ལ། སླད་དུ་ཇོ་བོ་བཀའ་གདམས་ཀྱི་བསྟན་པ་དར་སྐབས་གནས་བརྟན་གྱི་སྤྲུལ་པ་པུ་ཏོ་བ་ཆེན་པོ་སོགས་ཀྱིས་སྲོལ་བཏོད། སླར་ཡང་ཁ་ཆེ་པཎ་ཆེན་རིན་པོ་ཆེ་ཤཱཀྱ་ཤྲཱི་དང་། སྣར་ཐང་མཆིམས་སྟོན་ཆེན་པོ། སྙག་དབོན་བསོད་ནམས་བཟང་པོ་སོགས་ཀྱིས་ཡིག་ཆ་མང་དུ་མཛད་ཅིང་ཆོས་རྒྱུད་ཕལ་མོ་ཆེ་ལ་དར་བར་གྱུར་མོད་ཀྱི། ཆོག་གཞུང་མདོར་བསྡུས་འདི་ནི། བདག་ཅག་སྙིགས་དུས་ཀྱི་གདུལ་བྱ་མཐའ་དག་པའི་སྐྱབས་མགོན་ཟླ་མེད་པར་གྱུར་པའི་མཆོག་གི་སྤྲུལ་པའི་སྐུ་དཔལ་ལྡན་མི་ཕམ་ཟླ་འོད་བསྟན་འཛིན་འཕྲིན་ལས་བཟང་པོའི་མཚན་གྱི་བཀའི་འོད་དཀར་ཟེར་མས་བདག་ཡིད་ཀུ་མུད་ཀྱི་གེ་སར་བཞད་པའི་མཐུ་ལས། མདོ་དང་བསྟན་བཅོས་ཁུངས་བཙུན་དེ་དག་སོར་བཞག་ལས་བརྗོད་བྱ་ཉུང་ངུར་བགྱིས་ཏེ་ཡི་གེའི་ལམ་དུ་བཀོད་པ་པོ་ནི། ཤཱཀྱའི་བཙུན་པ་མཁས་མཆོག་པདྨ་ལེགས་གྲུབ་རྩལ་གྱིས་ཆོས་དབྱིངས་འོད་གསལ་རྩེ་མོའི་རི་ཁྲོད་མེ་ཏོག་གི་སྐྱེད་མོས་ཚལ་དུའོ། །འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་དར་བའི་རྒྱུ་རྐྱེན་དུ་གྱུར་ཅིག །ཤུ་བྷཾ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
བཀའ་བརྒྱད་དྲག་པོ་བདེ་གཤེགས་ཡོངས་འདུས་ལས༔ ལམ་འབྲས་བུ་དང་བཅས་པའི་གདམས་པ་གསང་ཆེན་ཡེ་ཤེས་ཀྱི་སྙིང་པོ་ (Volume 16, Text 5)
༁ྃ༔ ༔བཀའ་བརྒྱད་དྲག་པོ་བདེ་གཤེགས་ཡོངས་འདུས་ལས༔ ལམ་འབྲས་བུ་དང་བཅས་པའི་གདམས་པ་གསང་ཆེན་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བ་བཞུགས་སོ༔ རིག་འཛིན་ཀློང་གསལ་སྙིང་པོའི་ཟབ་གཏེར་བཀའ་བརྒྱད་ཡོངས་འདུས་ཀྱི་ཁྲིད་ཡིག་ཁྲིགས་སུ་བསྡེབས་པའོ།། ྈྈྈྈྈྈ དཔལ་ཧེེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཆོས་དབྱིངས་ཡེ་ཤེས་འོད་གསལ་རྡོ་རྗེའི་ཞིང༔ ཟབ་ཞི་སྤྲོས་དང་བྲལ་བའི་བདག་ཉིད་ཀྱི༔ གོ་འཕང་དམ་པ་མངོན་དུ་བྱ་བའི་ཕྱིར༔ ཀུན་གྱི་གཞི་མ་་་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཉམ་ཉིད་ཡེ་ཤེས་འོད་གསལ་རྡོ་རྗེའི་ཆིངས་ལས་སོ། །མཆན། ཆོས་ཉིད་ཁ་བསྒྱུར་རོ༔ ས་མ་ཡ༔ ཆོས་ཉིད་མཉམ་པའི་གཞི་ཉིད་ལས༔ ཀུན་བཟང་རྟོགས་པས་རྒྱུད་གྲོལ་ནས༔ སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད༔ སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས༔ རྒྱལ་བ་ཀུན་གྱི་མེས་གྱུར་ཏེ༔ བསྟན་པ་གནས་དུས་བསྟན་སྐལ་བྱུང༔ བསྟན་པ་རིན་ཆེན་སྙིང་པོ་ལས༔ ཀུན་ཏུ་བཟང་པོ་ང་ཡི་སེམས༔ སུ་ཡིས་རིག་ཅིང་རྟོགས་པ་དེ༔ སངས་རྒྱས་སྟོང་དང་སྐལ་པ་མཉམ༔ དེ་ཡང་བདེ་གཤེགས་ཡོངས་འདུས་ཡིན༔ ཞེས་པའི་དོན་ལ་མངོན་གྱུར་ཕྱིར༔ སློབ་དཔོན་ཇི་ལྟ་བུ་ཡིས་ནི༔ སློབ་མ་ཇི་ལྟ་བུ་ཞིག་ལ༔དུས་དང་གནས་ནི་ཇི་ལྟ་བུ༔ གྲོགས་དང་རྫས་ཀྱི་ཁྱད་པར་དང༔ གདམས་པ་ཇི་ལྟར་བསྟན་པར་བྱ༔ བདུན་གྱི་སྒོ་ནས་ཡང་དག་བསྟན༔ དང་པོ་དད་བརྩོན་ཤེས་རབ་ཅན༔ ཐེག་པ་ཀུན་ལ་མཁས་པ་དང༔ ཁྱད་པར་ཐེག་ཆེན་ལ་མཁས་པ༔ བྱང་སེམས་སྙིང་རྗེ་སྒྲུབ་རྩོལ་ཅན༔ རྒྱུད་འཇམ་བློ་ཡངས་གཏོང་ཕོད་ཅན༔ མཚན་ཉིད་ལྡན་པའི་བླ་མ་ཡིས༔ དབང་བསྐུར་བྱས་ན་གཉིས་ཀ་གྲོལ༔ དེ་ལས་ལོག་པ་སྤང་བར་བྱ༔ གཉིས་པ་སློབ་བུ་དད་གུས་དང༔ ཕུ་དུད་སྲི་ཞུ་ཆེ་བ་དང༔ འཁོར་བར་ཞེན་པ་ལོག་པ་དང༔ ངེས་འབྱུང་སྒྲུབ་ལ་བརྩོན་པ་དང༔ བླ་མ་སངས་རྒྱས་མཐོང་བ་ཡི༔ དག་སྣང་མོས་གུས་ཆེ་བར་བསྟན༔ དེ་ལས་ལོག་པར་མ་ཡིན་ནོ༔ དུས་ནི་དབྱར་མ་སྟོན་དང་ནི༔ དཔྱིད་ཆུང་དགུན་དང་ཟེར་གཉིས་མཆོག༔ དུས་གསུམ་འདུ་འབྲལ་མེད་པ་ཡི༔ ཡེངས་མེད་བརྩོན་པ་དུས་ཡིན་ནོ༔ གནས་ནི་ཤར་གྱི་མདངས་འཕྲོག་ཅིག༔ ཉི་མ་སྔ་ཞིང་ནུབ་ཟེར་སྡུད༔ དགྲ་རྐུན་འཚེ་བ་དང་བྲལ་ཞིང༔ རྒྱལ་བས་ཞབས་བཅགས་དབེན་གནས་པ༔ ཡིད་དང་མཐུན་པ་མཆོག་ཏུ་གཅེས༔ གྲོགས་ནི་དུག་ལྔ་ཤས་ཆུང་བའི༔ ངང་རྒྱུད་རིང་ཞིང་ཁོག་ཡངས་པའི༔ བློ་བརྟན་ཞི་དུལ་གཞུང་བཟང་ཞིང༔ ཡིད་དང་མཐུན་པའི་གྲོགས་དང་འགྲོགས༔ རྫས་ནི་ཉམས་ལེན་ཞོར་སྤྱད་ཙམ༔ འཚོ་བ་མཆོད་རྫས་སྒྲུབ་པའི་ཆས༔ འབྱོར་ཚད་བསྟེན་པའི་ཆོག་ཤེས་བཅས༔ མེ་ཏོག་དབང་ཡོན་མཆོག་ཏུ་བསྔགས༔ གདམས་པ་ཇི་ལྟར་བསྟན་ཚུལ་ནི༔ རྒྱུད་པའི་ལོ་རྒྱུས་བཤད་པ་དང༔ དེ་ལས་བྱུང་བའི་གདམས་པ་འོ༔ དང་པོ་ཀུན་བཟང་རྡོ་རྗེ་འཆང༔ མ་རྟོགས་རུ་ཏྲ་བསྒྲལ་བའི་ཕྱིར༔ ཆེ་མཆོག་ཧེ་རུ་ཀར་གྱུར་ནས༔ རྒྱུད་སྡེ་ཐ་དད་གསུངས་པ་ཀུན༔ རྡོ་རྗེ་ཆོས་ཀྱིས་བསྡུས་ནས་ནི༔ རང་བྱུང་མཆོད་རྟེན་དཀྱིལ་འཁོར་གྱི༔ གསང་བ་སྙིང་པོའི་གཏེར་དུ་གྱུར༔ དེ་ནས་རྒྱ་གར་གྲུབ་ཆེན་རྣམས༔ སོ་སོའི་གནས་སུ་བསྒྲུབས་པ་ཡིས༔ གྲུབ་པའི་ཡི་དམ་ཐུགས་རྗེའི་བཅུད༔ དངོས་གྲུབ་སྐལ་བ་ལེན་ཕྱིར་དུ༔ རང་རང་རྟགས་བཞིན་ལྷགས་པ་ན༔ བདེ་བྱེད་བརྩེགས་པའི་མཆོད་རྟེན་གྱི༔ ཕྱོགས་མཚམས་བརྒྱད་དུ་དུས་གཅིག་འདུས༔ དེ་ནས་དོན་གཉིས་དངོས་གྲུབ་ཀྱི༔ རྒྱུད་བསྐུལ་བདེན་པ་བདར་བའི་ཚེ༔ བདེ་བྱེད་བརྩེགས་པའི་མཆོད་རྟེན་ནས༔ མཁའ་འགྲོ་ལས་ཀྱི་དབང་མོ་ཆེས༔ དཔལ་དགུའི་གཏེར་གྱི་སྒྲོམ་བུ་དགུ༔ གྲུབ་ཆེན་ཀུན་ལ་སོ་སོར་སྤྲད༔ དེ་ཚེ་པདྨ་ཧེ་རུ་ཀར༔ བདེ་གཤེགས་འདུས་པའི་བཀའ་བབས་པས༔ བདེ་གཤེགས་འདུས་པ་ལ་སོགས་པའི༔ བཀའ་བསྟན་མན་ངག་ཀློང་དུ་ཆུད༔ གཡའ་རི་གངས་སུ་སྒྲུབ་པ་མཛད༔ འཛམ་གླིང་བར་ཆད་ཞི་བར་བྱས༔ དེ་ནས་གཟིགས་པ་རྣམ་པ་བཞིས༔ ཁྲི་སྲོང་ལྡེའུ་བཙན་གདུལ་བྱར་གཟིགས༔ སངས་རྒྱས་བསྟན་པའི་རྨིང་དང་ནི༔ སེམས་ཅན་བསོད་ནམས་དོན་ཆེད་དུ༔ བོད་ཀྱི་ལྷ་འདྲེ་བཏུལ་བར་གཟིགས༔ ཐུགས་རྗེ་མངའ་བདག་ལ་ཕོག་པས༔ གདན་དྲངས་དཔལ་གྱི་བསམ་ཡས་བཞེངས༔ བཀའ་བརྒྱད་དཀྱིལ་འཁོར་ཞལ་ཕྱེས་ནས༔ མེ་ཏོག་གང་ལ་ཕོག་པ་ཡི༔ སོ་སོའི་ལྷ་རྒྱུད་སྒྲུབ་ཐབས་བཤད༔ གནུབས་བན་ནམ་མཁའི་སྙིང་པོ་ལ༔ ཡང་དག་རྒྱུད་དང་སྒྲུབ་ཐབས་བཤད༔ ཉི་ཟླ་གདན་དུ་བཏིང་བར་བྱས༔ བན་དེ་སངས་རྒྱས་ཡེ་ཤེས་ལ༔ གཤིན་རྗེའི་རྒྱུད་དང་སྒྲུབ་ཐབས་བཤད༔ བྲག་ལ་ཕུར་པ་ཐེབས་པར་བྱས༔ ངན་ལམ་རྒྱལ་བ་མཆོག་དབྱངས་ལ༔ རྟ་མགྲིན་རྒྱུད་དང་སྒྲུབ་ཐབས་བཤད༔ རྟ་སྐད་སྤྱི་བོར་ཐོན་པར་བྱས༔ ཇོ་མོ་མཁར་ཆེན་མཚོ་རྒྱལ་ལ༔ ཕུར་པའི་རྒྱུད་དང་སྒྲུབས་ཐབས་བཤད༔ མི་རོ་གསེར་བསྒྱུར་ནུས་པར་བྱས༔ འབྲོག་མི་དཔལ་གྱི་ཡེ་ཤེས་ལ༔ མ་མོའི་རྒྱུད་དང་སྒྲུབ་ཐབས་བཤད༔ མ་མོ་མངོན་དུ་འཁོལ་བར་བྱས༔ དཔལ་གྱི་སེང་གེ་ཕྱི་མ་ལ༔ མཆོད་བསྟོད་རྒྱུད་དང་སྒྲུབ་ཐབས་བཤད། ལྷ་སྲིན་བྲན་དུ་འཁོལ་བར་བྱས༔ པ་གོར་བཻ་རོ་ཙ་ན་ལ༔ དྲག་སྔགས་རྒྱུད་དང་སྒྲུབ་ཐབས་བཤད༔ དྲག་སྔགས་དམོད་པས་བསྒྲལ་བར་བྱས༔ ཚངས་པ་ལྷ་ཡི་མེ་ཏོག་ལ༔ ཆེ་མཆོག་རྒྱུད་དང་སྒྲུབ་ཐབས་བཤད༔ ཏིང་འཛིན་གཡོ་བ་མེད་པར་བྱས༔ དེ་ཚེ་ལང་གྲོ་ལོ་ཙཱ་བ༔ དད་པའི་ཡུས་ཀྱིས་མ་བཟོད་ནས༔ བཀའ་བབས་བརྒྱད་ལ་སྨན་པ་བཞིན༔ ཐེག་ཆེན་ཆོས་ལ་དད་པ་ནི༔ ཐེག་ཆེན་ཐུགས་རྗེའི་ཡེ་ཤེས་མཚོན༔ སྙིང་ལ་ཕོག་པ་བཞིན་དུ་བརྒྱལ༔ བརྒྱལ་ཞིང་ས་ལ་འགྱེལ་བ་ན༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ དེ་ཉིད་གདུལ་བྱར་གཟིགས་ནས་ནི༔ བདེ་གཤེགས་ཡོངས་འདུས་བཀའ་དང་ལུང༔ ལང་གྲོ་ལོ་ཙཱ་བ་ལ་གཏད༔ སྐུ་ཡི་བྱིན་རླབས་ལུས་ལ་ཕོག༔ རྒྱལ་བའི་བཀའ་རྣམས་འབྱེད་པར་བྱས༔ གསུང་གི་བྱིན་རླབས་ངག་ལ་ཕོག༔ མི་བརྗེད་གཟུངས་དང་ལྡན་པར་བྱས༔ ཐུགས་ཀྱི་བྱིན་རླབས་ཡིད་ལ་ཕོག༔ ཤེས་བྱ་ཐོགས་པ་མེད་པར་བྱས༔ ཡོན་ཏན་ཕྲིན་ལས་བྱིན་རླབས་ཀྱིས༔ དུས་ཚིག་ཕྱི་མར་གྱུར་པ་ན༔ འགྲོ་བའི་དོན་དུ་སྤྲུལ་པའི་གར༔ མཐའ་ནས་མཐའ་རུ་འབྱུང་བར་བྱས༔ དེ་ལས་བྱུང་བའི་གདམས་པ་ལ༔ སྨིན་པར་བྱེད་པའི་དབང་བསྐུར་དང༔ གྲོལ་བར་བྱེད་པའི་གདམས་པ་འོ༔ དང་པོ་དབང་བསྐུར་ཚུལ་བཞིན་གྱི༔ དབང་དོན་བསྒོམ་རིམ་དམ་ཚིག་བཅས༔ རྟེན་འབྲེལ་ཡན་ལག་ཀུན་ཚང་བ༔ ཕུང་ཁམས་སྨིན་པའི་ས་བོན་བཞག༔ གྲོལ་བར་བྱེད་པའི་རིམ་གཉིས་ལ༔ བསྐྱེད་པ་ཡི་ནི་རིམ་པ་དང༔ རྫོགས་པ་ཡི་ནི་རིམ་ཉིད་དོ༔ བསྐྱེད་རིམ་ཆུ་ཟླ་འཇའ་ཚོན་ལྟར༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ྈྈྈྈྈྈྈ བཀའ་བརྒྱད་དྲག་པོ་བདེ་གཤེགས་ཡོངས་འདུས་ལས༔ ལམ་འབྲས་བུ་དང་བཅས་པའི་གདམས་པ་གསང་ཆེན་ཡེ་ཤེས་སྙིང་པོ་ནི༔ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ རྡོ་རྗེ་ཐེག་པ་བླ་ན་མེད་པའི་ལམ་དང་འབྲས་བུ་ཐམས་ཅད་དབང་བཞིའི་ལམ་དང་འབྲས་བུར་འདུ་བ་ལས༔ དེ་ལ་དབང་དང་པོ་བུམ་པའི་དབང་དེའི་ལམ་རྒྱ་ཆེ་བ་ཟབ་མོའི་བསྐྱེད་རིམ༔ ལྟ་བ་ངོ་བོ་ཉིད་གསུམ༔ གྲུབ་མཐའ་འཁོར་འདས་དབྱེར་མེད༔ འདའ་ཀ་མ་འོད་ཀྱི་གོང་བུ་སྒྲས་འཕོ་བའོ༔ འབྲས་བུ་སྤྲུལ་པའི་སྐུ་རང་བཞིན་ལྷུན་གྱིས་གྲུབ་པའོ༔ ས་མ་ཡ༔ དེའང་དབང་གིས་སྨིན་པར་གྱུར་པས་རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་ལམ་དང་པོ་ཐུན་མོང་ཕྱིའི་བསྐྱེད་པའི་རིམ་པ་ཆུ་ཟླ་དང་འཇའ་ཚོན་ལྟ་བུ་སྣང་ལ་རང་བཞིན་མ་གྲུབ་པ༔ བདག་དམ་ཚིག་སེམས་དཔའ༔ ཐུགས་ཀར་ཡེ་ཤེས་སེམས་དཔའ༔ ཐུགས་སྲོག་ཏིང་འཛིན་སེམས་དཔའ་སྟེ་སེམས་དཔའ་གསུམ་གྱི་ངོ་བོར་བསྒྲུབ་ཅིང་སྙིང་པོ་ཡེ་ཤེས་རྫོགས་པའི་རིམ་པས་རྒྱས་ཐེབས་པར་བྱ༔ སྣང་ལ་རང་བཞིན་མ་གྲུབ་པའི་སྟོང་པ༔ གསལ་ལ་འཛིན་པ་མེད་པའི་རང་མདངས༔ རླུང་སེམས་དབྱེར་མེད་པའི་ཡེ་ཤེས་ཀྱི་རོལ་པ་གསལ་བ༔ བརྟན་པ༔ ཚད་དུ་ཕྱིན་པ་ལ་བསླབ་པར་བྱའོ༔ ས་མ་ཡ༔ བདེ་གཤེགས་ཡོངས་འདུས་གསང་བའི་ལམ་བཟང་འདི༔་་་་ལམ་མངོན་དུ་གསལ་བ་ཐུན་མོང་ལས་ཀྱི་ལམ་མོ། །མཆན། ཐོས་བསམ་སྒོམ་པའི་བཅུད་ལོངས་རྗེས་འཇུག་རྣམས༔ དལ་འབྱོར་རིན་ཆེན་ཤིན་ཏུ་རྙེད་དཀའ་ཞིང༔ ལམ་སྟོན་མཚན་ལྡན་བླ་མ་མཇལ་བ་དཀའ༔ ཐེག་ཆེན་གསང་སྔགས་ཆོས་དང་མཇལ་དཀའ་བས༔ ཐོབ་དཀའི་དོན་གྱི་འབྲས་བུ་མངོན་གྱུར་མཛོད༔ མྱུར་དུ་མ་བརྩོན་ནམ་འཆི་ཆ་མེད་ཅིང༔ འཆི་དུས་རང་རིག་གར་འཁྱམས་ཆ་མེད་ཀྱིས༔ དགེ་སྤྱོད་མཐོ་རིས་སྡིག་སྤྱོད་ངན་སོང་གི༔ ལམ་གྱི་བྱེ་བྲག་ཕྱེས་ཏེ་ཐར་ལམ་སྙོགས༔ སྡིག་སྒྲིབ་ངན་སོང་གཡང་སར་མ་འགྲོ་བར༔ གཏན་བདེའི་མཆོག་གསུམ་ལྷ་ལ་སྐྱབས་སུ་སོང༔ གསང་སྔགས་ལམ་གྱི་འཇུག་པ་མཐར་ཐུག་ནི༔ སྨོན་འཇུག་བདག་བས་གཞན་གཅེས་སྙིང་རྗེ་གཅེས༔ ལམ་གྱི་ཚོགས་གསག་སྒྲིབ་པ་སྦྱོང་བའི་ཐབས༔ བསོད་ནམས་ཚོགས་ཡུལ་བླ་མ་ལྷ་ལ་སྟེ༔ འབྲས་བུ་ཡེ་ཤེས་ལྷ་ཡི་ལྷར་གྱུར་ཏེ༔ སྦྱོང་གཞི་ཉོན་མོངས་སྦྱོང་བྱེད་སེམས་དཔའི་ཁྲུས༔ མཚན་ལྡན་བླ་མའི་ཐུགས་རྗེའི་བུམ་པ་ལས༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་འཇུག་པ་ཞུས༔ བུམ་པ་ལྷ་དབང་གསང་བ་ལས་བྱུང་བ༔ ཤེས་རབ་ལས་བྱུང་ཚིག་དང་རིག་རྩལ་གྱིས༔ ཕུང་ཁམས་བཅུད་ཀྱི་རྟོག་པའི་རྒྱུད་སྦྱངས་ཤིང༔ བསྐྱེད་རིམ་ལྷ་ཡི་རྫོགས་རིམ་སྨིན་པར་བྱ༔ སྨིན་གྲོལ་དབྱེར་མེད་ཟུང་འཇུག་ནུས་པས་བསྲེ༔ ལྟ་བས་རྩལ་འབྱིན་སྒོམ་པས་བོགས་འདོན་ཅིང༔ སྤྱོད་པས་ཆུན་བཅིངས་འབྲས་བུ་མངོན་དུ་བྱ༔ རང་དོན་འགྲུབ་ནས་གཞན་དོན་མི་གཡེལ་ཞིང༔ སྟོང་ཉིད་སྙིང་རྗེ་ཆེན་པོ་ལམ་དུ་ཁྱེར༔ དལ་འབྱོར་རིན་ཆེན་དོན་ལྡན་རྒྱལ་བའི་ལུས༔ རྒྱལ་བའི་དགོངས་པ་རྨད་བྱུང་དབྱེར་མེད་ཀྱིས༔ ཕོ་བྲང་རིགས་ལྔ་འབྱུང་བ་ཡུམ་ལྔའི་རྟེན༔ རྩ་ཁམས་དཔའ་བོ་དཔའ་མོའི་རང་བཞིན་ལ༔ ཐབས་མང་དཀའ་བ་མེད་པའི་བཅུད་བསྡུས་ཤིང༔ ཕོ་བྲང་ལུས་ཀྱི་དཀྱིལ་འཁོར་ལྷ་བསྒྲུབ་ཅིང༔ ཀ་དག་ཆོས་སྐུའི་དགོངས་པ་ངོ་བོ་ཉིད༔ ཕུང་པོ་འབྱུང་ལྔ་རིགས་ལྔ་མངོན་གྱུར་དུ༔ རྩ་ཁམས་དཔའ་བོ་མཁའ་འགྲོའི་ཕྲིན་ལས་བཅས༔ ལྷ་སྔགས་ཏིང་འཛིན་སྤྱོད་ལམ་ཆུན་གྱིས་གཅུན༔ བཞི་པ་རིགས་འདུས་རྡོ་རྗེ་དབྱིངས་ཀྱི་གཙོ༔ ཁྲོ་བོ་ཆེ་བཙན་ཆེ་མཆོག་ཧེ་རུ་ཀ༔ ཞི་རྒྱས་དབང་དྲག་ཁྲོ་རྒྱལ་སྟོབས་འདུས་པའི༔ ནུས་རྩལ་བཅུ་འདུས་འབྲེལ་བའི་དོན་ལྡན་གྱིས༔ ཚེ་འདིར་དགྲ་བགེགས་མི་མཐུན་ཀུན་ཞི་ནས༔ ཕྱི་མ་ལྷུན་གྲུབ་རྣམ་སྨིན་ཚེ་དབང་དང༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་མངོན་གྱུར་ནས༔ རང་དོན་ཆོས་སྐུ་གཞན་དོན་གཟུགས་སྐུ་ཡིས༔ འཁོར་བ་དོང་སྤྲུགས་དཔལ་འདིས་མངོན་དུ་གྱུར༔ བདེ་གཤེགས་ཐམས་ཅད་འདུས་པའི་ཡེ་ཤེས་བཅུད༔ ཞི་བ་ཁྲོ་བོ་གང་འདུལ་རིག་སྔགས་བཅུད༔ བསྐྱེད་བཟླས་ཏིང་འཛིན་ཡེ་ཤེས་བདུད་རྩི་འདི༔ ཕྱི་རབས་རྗེས་འཇུག་རྣམས་ཀྱིས་ལོངས་སྤྱོད་གྱིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁྱད་པར་ཟབ་མོ་ནང་གི་བསྐྱེད་རིམ་ལུས་དཀྱིལ་ལྷའི་ཕོ་བྲང་རང་བཞིན་ལྷུན་གྲུབ་ཏུ་བསྒོམ་པར་བྱ་བ་ནི༔ རང་གསལ་ཆེ་མཆོག་ཞལ་ཕྱག་ཡོངས་རྫོགས༔ སྐུ་ཆེ་ལ་ཡན་ལག་རགས་པ༔ གར་གྱི་རྣམ་འགྱུར་དགུ་དང་ལྡན་པ༔ ཁྲོ་བོའི་ཚུལ་དང་ཆ་བྱད་འབར་བ༔ ཡུམ་གནམ་ཞལ་གྱི་བདེ་བ་ཡོངས་སུ་རྒྱས་པའི་སྐུ་ཅན༔ སྣང་སྟོང་ཆུ་ཟླ་ལྟ་བུའི་ལུས་ཀྱི་དབུས་སུ་རྩ་གསུམ༔ འཁོར་ལོ་ལྔ༔ ཡན་ལག་གི་འཁོར་ལོ་དང་བཅས་པ་དྭངས་ཤིང་ཐོགས་པ་མེད་པའི་ཚུལ་དུ་ནན་ཏན་བསླབ༔ གསལ་བར་གྱུར་པ་ན་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་རྩ་མདུད་ཡི་གེ་ཨོཾ༔ དེ་ལས་བྱུང་བའི་དཔལ་ཆེན་གཤིན་རྗེ་གཤེད་ཡབ་ཡུམ་འཁོར་ཚོམ་བུ་དང་བཅས་པ༔ མགྲིན་པའི་ཨཱཿདབང་ཆེན་རྟ་མགྲིན་ཡབ་ཡུམ་འཁོར་ཚོམ་བུ་དང་བཅས་པ༔ སྙིང་ཁའི་ཧཱུྃ་ཁྲག་འཐུང་ཡང་དག་ཡབ་ཡུམ་འཁོར་ཚོམ་བུ་དང་བཅས་པ༔ ལྟེ་བའི་ཨ་བཅོམ་ལྡན་ཕུར་པ་ཡབ་ཡུམ་འཁོར་ཚོམ་བུ་དང་བཅས་པ༔ གསང་བའི་བྷྱོཿམངོན་རྫོགས་མ་མོ་ཡབ་ཡུམ་འཁོར་ཚོམ་བུ་དང་བཅས་པ༔ སྤྱི་གཙུག་གསེར་རྩའི་སྒོ་ཧྲཱིཿབླ་མ་རིག་འཛིན་ཡབ་ཡུམ་འཁོར་ཚོམ་བུ་དང་བཅས་པ༔ བརླ་གཡས་ཐབས་ཀྱི་ཧཱུྃ་གསང་བདག་དྲེགས་འདུལ་ཡབ་ཡུམ་འཁོར་ཚོམ་བུ་དང་བཅས་པ༔ བརླ་གཡོན་ཤེས་རབ་ཧཱུྃ་དཔལ་ཆེན་སྟོབས་ལྡན་ནག་པོ་ཡབ་ཡུམ་འཁོར་ཚོམ་བུ་དང་བཅས་པ༔ ཕྲག་གོང་གཡས་གཡོན་བསྐྱོད་པའི་ཁྲོཾ་དམར་ནག་ཁྱུང་ཁྲ་ཐབས་སུ་འཕྲོ་བ༔ གཞན་ཡང་ལུས་རྩའི་དཀྱིལ་འཁོར་གཞལ་ཡས་ཁང་དུ་ལམ་མེ༔ རྩ་ཡི་གེའི་དཀྱིལ་འཁོར་ལྷའི་སྐུ་ཤིགས་སེ༔ ཁམས་བདུད་རྩིའི་དཀྱིལ་འཁོར་བདེ་བའི་ཐུགས་སུ་ལྷན་ནེ༔ སྙིང་པོ་རླུང་ཡེ་ཤེས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རིག་སྟོང་དུ་ལྷང་ངེར་བསྒོམ་ནས་ཐུན་བཞི་ཐུན་དྲུག་ཏུ་རྡོ་རྗེའི་ཆིངས་ལས་མ་གཡོས་པར་ཕུང་ཁམས་སྐྱེ་མཆེད་ཕྲ་རགས་ཐམས་ཅད་ལྷ་སྐུར་འཆར་བ་དང༔ སྔགས་སུ་ཤེས་པ་དང༔ ཡེ་ཤེས་སུ་ཐེབས་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རྫོགས་པའི་རིམ་པ་གསུམ་ལ་བསླབ་སྟེ༔ ལུས་རྩའི་སྟོང་ར་འོད་ཀྱི་རང་བཞིན་ཤིན་ཏུ་གསལ༔ ངག་རླུང་གི་སྟོང་ར་འགྲོ་འོང་གནས་གསུམ་དང་སེམས་བསྲེ༔ ཡིད་ཏིང་ངེ་འཛིན་གྱི་སྟོང་ར་ལྷ་སྐུ་སྣང་སྟོང་བདེ་བ་ཆེན་པོར་རྒྱས་གདབ་ལམ་དུ་ཁྱེར༔ རྩ་སྦྱོང་བའང་ཤིན་ཏུ་གཅེས་ཤིང༔ ལུས་འཁྲུལ་འཁོར་ཡང་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་གསང་བའི་དབང་གི་ཉམས་ལེན༔ བདག་བྱིན་བརླབ་པའི་ལམ༔ ལྟ་བ་རང་བྱུང་ཡེ་ཤེས༔ གྲུབ་མཐའ་མ་འདྲེས་ཡོངས་རྫོགས༔ འདའ་ཀ་འོད་གསལ་གྱི་གདམས་ངག༔ འབྲས་བུ་ལོངས་སྤྱོད་རྫོགས་པའི་རང་བཞིན་ལམ་དུ་ཁྱེར་བའོ༔ དེ་ལ་ལུས་དང༔ རྩ་དང༔ རླུང་ལམ་འབྱོངས་པས༔ ལམ་གཉིས་པ་རྫོགས་རིམ་ལ་དང་པོ་རླུང་གི་རྣལ་འབྱོར་ལ་ནན་ཏན་ཏུ་བྱའོ༔ ལུས་ཀྱི་ཆུན་ལེགས་པར་བཙལ༔ རླུང་ཕྱིར་འགྲོ་བའི་སྐབས་གཡས་རོ་མ་མེའི་རང་བཞིན་དམར་པོ་ནས་ཕྱིར་སོང༔ ནང་དུ་འཇུག་པ་གཡོན་རྐྱང་མ་ཆུའི་རང་བཞིན་དཀར་པོ་ནས་བྱུང༔ རླུང་ནང་དུ་གནས་དུས་དབུ་མ་ལ་ཆོས་བཞི་ལྡན་ནང་དུ་བགང༔ དེའང་པདྨའི་སྣལ་མ་ལྟར་ཕྲ་བ༔ ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ༔ ཏིལ་གྱི་མར་མེ་ལྟར་གསལ་བ༔ རྒྱ་སྐྱེགས་ཀྱི་མེ་ཏོག་ལྟར་དམར་བའོ༔ དེ་ལྟར་དམིགས་བཅས་དམིགས་མེད་བསྲེས་ལ་ཉམས་སུ་བླང་ངོ༔ ས་མ་ཡ༔ དེ་ནས་གཏུམ་མོའི་རྣལ་འབྱོར་ལམ་དུ་བྱ་བ་ལ་དགུ་ལས༔ དམིགས་ཐུན་དང་པོ་ནི༔ དེ་ལྟར་གསལ་བཞིན་དུ་ལྟེ་བའི་འོག་སོར་བཞི་ན་ཀྵཿཡིག་དམར་ནག་མགོ་ཐུར་དུ་བལྟ་བ་གསལ༔ ལྟེ་བར་ཨཾ་ཁ་དོག་དམར་སྐྱ་གསལ༔ དེ་ནས་རླུང་མེ་མ་དང་གཉིད་མ་རྩེ་སྤྲད་པས་གསུམ་མདོར་མེ་འབར༔ ཀྵཿཡིག་ཆེར་འབར༔ མེ་ཨཾ་ལ་ཕོག་པས༔ ཨཾ་ལས་བདུད་རྩིའི་རྒྱུན་ཆ་ཕྲ་བ་བབས་པས་ཀྵཿའི་མེ་གཡོས༔ འབར་འཛག་ལ་དམིགས་ཤིང་རླུང་ཁ་སྦྱར༔ ལམ་སྦྱངས༔ ལྟ་བ་བསྐྱང༔ དྲོད་བྱུང་རྒྱལ་དུ་བཏང༔ ས་མ་ཡ༔ དམིགས་ཐུན་གཉིས་པ༔ རླུང་གིས་མེ་གཡོས་སྤྱི་བོའི་ཧཾ་གི་བྱང་ཆུབ་སེམས་ཀྱི་བདུད་རྩི་བསྐུལ༔ འབར་འཛག་གི་ཡེ་ཤེས་འདྲེས་ཏེ་གཅིག་ཏུ་གྱུར༔ དམིགས་པ་མེད་པར་བསྲེ༔ ས་མ་ཡ༔ དམིགས་ཐུན་གསུམ་པ༔ དབུ་མ་ཁ་དོག་དམར་པོ་རོ་རྐྱང་གཉིས་ཁ་དོག་དཀར་པོར་གསལ་བཏབ༔ འོག་རླུང་དང་ལྷན་ཅིག་ཏུ་མེ་སྦར་ཞིང༔ སྟེང་རླུང་དང་ལྷན་ཅིག་ཏུ་བྱང་སེམས་འཛག་པ་གཉིས་མེད་རོ་གཅིག་གིས་དམིགས་པ་མེད་པར་བསྐྱང༔ ས་མ་ཡ༔ དམིགས་ཐུན་བཞི་པ་འཁོར་ལོ་ལ་བརྟེན་པ་ལ༔ དང་པོ་ལྟེ་བའི་ཕྱི་སྐོར་རྩ་འདབ་དྲུག་ཅུ་རེ་བཞི་སྟོང་གསལ་དུ་རང་བཞིན་གྱིས་གསལ་ཞིང༔ ནང་སྐོར་རྩ་འདབ་བརྒྱད་ལ༔ ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་རྣམས་དམར་པོར་གསལ་བ་རང་མདངས་དང་བཅས་པ་གསལ༔ ལྟེ་བར་ཨཾ་གསལ༔ གསུམ་མདོར་མེ་སྦར༔ རླུང་ཁ་སྦྱར་བས་ལྟེ་བའི་ཨཾ་ལ་ཕོག༔ ཨཾ་ལས་མེ་ཁ་དོག་དམར་བ་རེག་བྱ་ཚ་བ་སྦར་རོ༔ ས་མ་ཡ༔ དམིགས་ཐུན་ལྔ་པ༔ འཁོར་ལོ་གཉིས་བསྒོམ་པའི་སྙིང་ཁའི་ཕྱི་འཁོར་ལོ་གཉིས་ནང་སྐོར་བཅས་སྟོང་གསལ༔ ལྟེ་བར་ཧཱུྃ་སྔོ་སྐྱ་མགོ་བོ་ཐུར་དུ་འཕྱང་བ་ཨཾ་དང་བཅས་གསལ༔ ཨཾ་ལས་མེ་ཆ་ཕྲ་བ་འབར་ཧཱུྃ་གིས་བྱང་སེམས་དཀར་པོ་བསྐུལ༔ འབར་འཛག་དཀར་དམར་དང་མེ་ཁ་སྦྱར༔ ལྟ་བ་བསྐྱང༔ ས་མ་ཡ༔ དེ་ལ་སྣང་རྟགས་ལྔ་ནི༔ གཡས་ཐབས་ཀྱི་དབང་སྟེ༔ དུ་བ་སྨིག་རྒྱུ་སྲིན་བུ་མེ་ཁྱེར༔ མར་མེ་མཁའ་སྣང་ལྟ་བུའོ༔ གཡོན་ཤེས་རབ་ཀྱིས་བསྡུས་པར༔ མུན་ནག༔ གཞའ་ཚོན༔ གློག༔ ཟླ་བའི་འོད་ཟེར༔ ཉི་མ་ལྟ་བུའོ༔ རྨི་ལམ་གྱི་མཐོང་སྣང་ཅི་རིགས་པ་དང༔ ཉམས་ཐམས་ཅད་བྱུང་རྒྱལ་དུ་བསྐྱང་ངོ༔ ས་མ་ཡ༔ དམིགས་ཐུན་དྲུག་པ༔ འཁོར་ལོ་གསུམ་པ་གསལ་བ་ནི༔ སྔགས་ཀྱི་འཁོར་ལོ་གཉིས་ཀྱང་གསལ་བ་ཙམ་གྱིས་ལྟེ་བའི་ཕྱི་འཁོར་རེ་བཞི་ལ༔ ཨཱ་ལི་ཕྲག་གཉིས་གཡོན་སྐོར་དང༔ ཀཱ་ལི་ཕྲག་གཉིས་ལྷག་པར་གཡས་སྐོར་དང༔ ནང་སྐོར་བརྒྱད་ལ་སྔ་མ་ལྟར་ཡི་གེ་བརྒྱད༔ ཡི་གེ་ཐམས་ཅད་ཁ་དོག་དམར་པོ་མགོ་གྱེན་ལ་བལྟ་བ༔ སྙིང་ཁར་རྩ་འདབ་བརྒྱད་ལ་བྷྲཱུྃ་ཧཱུྃ་ཟུང་བཞི་ཡིག་འབྲུ་ཁ་དོག་ནག་པོ་མགོ་ཐུར་དུ་བལྟ་བ༔ མགྲིན་པར་རྩ་འདབ་བཅུ་དྲུག་ལ་ཨཱ་ལི་བཅུ་དྲུག་གཡོན་སྐོར་ཁ་དོག་དམར་པོ་མགོ་གྱེན་ལ་བལྟ་བ༔ ལྟེ་བ་ཨཾ༔ སྤྱི་བོའི་འདབ་མ་སོ་གཉིས་ལ་ཀཱ་ལི་གཡས་སྐོར་ལྟེ་བར་ཧཾ་བཅས་དཀར་པོ་མགོ་ཐུར་དུ་བལྟ་བ༔ དེ་ལྟར་གསལ༔ དེ་རླུང་མེ་མ་དང༔ གཉིད་མ་རྩེ་སྤྲད༔ གསུམ་མདོར་མེ་སྦར༔ ལྟེ་བའི་ཨཾ་ལ་ཕོག༔ རླུང་དྲོད་ཀྱི་རང་བཞིན་ཅན་གཡས་རོ་མ་ནས་སོང༔ སྙིང་ཁའི་ཡིག་འབྲུ་རྣམས་བསྲེགས༔ ཡང་རོ་མ་ནས་སོང་མགྲིན་པའི་ཡིག་འབྲུ་རྣམས་བསྲེགས༔ ཡང་རོ་མ་ནས་སོང་སྤྱི་བོའི་ཧཾ་ལ་ཕོག༔ ཧཾ་འོད་དུ་ཞུ་རྐྱང་མ་ནས་བབས༔ མགྲིན་པའི་ཡིག་འབྲུ་སྔར་བཞིན་གསལ་གདབ་རྒྱས་པར་བྱ༔ ཡང་རྐྱང་མ་ནས་སོང༔ སྙིང་ཁའི་ཡིག་འབྲུ་རྣམས་གསལ་གདབ་རྒྱས་པར་བྱ༔ ཡང་རྐྱང་མ་ནས་སོང༔ ལྟེ་བའི་ཨཾ་ལ་ཕོག་པས་ཨཾ་ཆེར་འབར་ཏེ༔ དབུ་མ་ཅུང་ཟད་ཁ་བྱེ་ནས་གློག་གི་ཟེར་མའི་ཚུལ་གྱིས་དབུ་མ་ནས་སོང༔ སྙིང་ཁའི་ཧཾ་དང་མགྲིན་པའི་ཨཾ་གཉིས་ཀྱང་ཞེན་ཐོགས་མེད་པར་བཅོམ་ཏེ་རེག་པ་ཙམ་གྱིས་སྤྱི་བོའི་ཧཾ་ལས་བདུད་རྩིའི་རྒྱུན་དབུ་མ་ལས་བབས༔ ཨཾ་དང་བཅས་ཏེ་ལྟེ་བའི་སྟེང་སོར་བཞི་ཙམ་འབར་འཛག་གི་དམིགས་པ་བསྐྱང༔ ས་མ་ཡ༔ དམིགས་ཐུན་བདུན་པ༔ རང་གི་ལུས་སྟོང་པ་ལྟ་བུར་མེ་དམར་སྐྱས་ལུས་གང༔ ཡང་དམིགས་མེད་བསྐྱང༔ ཐུན་བཞི་རླུང་གྲངས་ཉེར་བཞི་ཉམས་བྱུང་རྒྱལ་དུ་བསྐྱང༔ ས་མ་ཡ༔ དམིགས་ཐུན་བརྒྱད་པ༔ རྐང་མཐིལ་གཉིས་སུ་རཾ་དམར་ནག་བསྒོམ་པ་ལས་མེ་འབར༔ ལོང་རྩ་ནས་བརླའི་རྩ་བོ་ཆེར་ཞུགས༔ གསང་བའི་གནས་སུ་འཛོམ༔ རྣོ་བ་མྱུར་བ་དྲག་པ་རྩུབ་པ་འབར་བའི་ཚུལ་སྔ་མ་བཞིན་ནོ༔ ས་མ་ཡ༔ དམིགས་ཐུན་དགུ་པ༔ རླུང་དང༔ མེ་དང༔ ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང༔ དོན་དམ་བྱང་ཆུབ་ཀྱི་སེམས་དབྱེར་མེད་རོ་གཅིག་གི་ཉམས་བསྐྱང༔ ས་མ་ཡ༔ དེ་ལྟར་ལྟ་བ་རང་བྱུང་གི་ཡེ་ཤེས་ནི༔ ཉོན་མོངས་པ་ཡེ་ཤེས་སུ་འཆར༔ དབྱངས་གསལ་ལ་དབང་ཐོབ༔ རིགས་དྲུག་གི་སྐད་ཤེས༔ སོ་སོ་ཡང་དག་པའི་རིག་པ་བཞི་ལ་དབང༔ རླུང་གི་རྐྱེན་གྱིས་འཆི་ཁ་མ་རླུང་དབུ་མར་ཞུགས་སྟོང་གསལ་མཆོག་གི་ཉམས་སྐྱེད༔ སྔར་གྱི་རང་བྱུང་ཡེ་ཤེས་དང་འདྲེས༔ འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་སྟེང་སྒོ་རྣམ་པར་གྲོལ་བའི་ལམ་དབང་གཉིས་པའི་གདམས་ངག་བསྟན་ཟིན་ཏོ༔ ས་མ་ཡ༔ དེ་དག་གི་ལུས་གནད་དུ༔ རྩ་ལ་མཉེན་ཕབ་པ་དང༔ རླུང་གི་ལམ་བསལ་བ་དང༔ ཐིག་ལེ་སྒྱུར་བར་བྱེད་པའོ༔ དང་པོ་ནི༔ རྩ་བྱུག་དང་ཡན་ལག་ལྔ་སྦྱོང་ངོ༔ གཉིས་པ་ནི༔ ལྟེ་བའི་རྩ་མདུད་གྲོལ་ཕྱིར༔ ཕོ་བསྐོར་གཡས་གཡོན༔ སྙིང་ཁའི་རྩ་མདུད་གྲོལ་ཕྱིར་རོ་སྟོད་གཡས་གཅུ་གཡོན་གཅུ༔ མགྲིན་པའི་རྩ་མདུད་གྲོལ་ཕྱིར་མགོ་བསྒྲིལ༔ སྤྱི་བོའི་རྩ་མདུད་གྲོལ་ཕྱིར་རྒྱབ་འཕང་མདུན་འཕང༔ ཡན་ལག་གི་རྩ་མདུད་གྲོལ་ཕྱིར་ཡན་ལག་གཡབ་པའོ༔ གསུམ་པ་ཐིག་ལེ་སྒྱུར་བར་བྱེད་པ་ནི༔ རྐང་འཐིལ་སྦྱར༔ ལག་པ་རྡོ་རྗེ་ཁུ་ཚུར་མཛུབ་མོ་བསྒྲེང་བ་རྐང་ཐོག་ཏུ་བཞག་ལ༔ སྟོང་འདྲེན་དང་སྦྲགས་ཏེ་སྤྲུག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈ དབང་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་ཉམས་ལེན་ལམ་དཀྱིལ་འཁོར་འཁོར་ལོ་ཐབས་ཀྱི་ལམ༔ ལྟ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡས་བབས་ཀྱི་དགའ་བ་བཞི༔ གྲུབ་མཐའ་བདེ་སྟོང་གི་ཡེ་ཤེས༔ འདའ་ཀ་མ་འཆི་བའི་ཚེ་རྡོ་རྗེ་སེམས་དཔའ་འབྱོན་པར་འགྱུར་བ༔ འབྲས་བུ་ཆོས་སྐུ་རང་བཞིན་ལྷུན་གྲུབ་ཀྱི་ལམ་ཁྱེར་ལ༔ བདག་ལུས་དང་གཞན་ལུས་གཉིས་ཀྱི་དང་པོ་ནི༔ མཉམ་མེད་དགའ་བ་བཞི་ཡི་བདེ་སྟོང་ཟག་པ་མེད་པའི་ཟུང་འཇུག་རྡོ་རྗེ་འཆང་གི་དགོངས་པ་མངོན་དུ་བླང་བའི་ཐབས་ཀྱི་ལམ་མཆོག་ཁྱད་པར་ཅན་ལ་བསླབ་པ་ལ་ལྔ་སྟེ༔ བསྐྱོད་པ་ལ་མཁས་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ༔ དབབ་པ་ལ་མཁས་པ་ལུགས་མཁན་གྱིས་ཞུན་བྱེད་པ་ལྟ་བུ༔ འཛིན་པ་ལ་མཁས་པ་རྫ་མའི་ཐེམ་བུ་བསྡམས་པ་ལྟ་བུ༔ འདྲེན་པ་ལ་མཁས་པ་ཁྲོན་ཆུ་གྱེན་དུ་འདྲེན་པ་ལྟ་བུ༔ དགྲམ་པ་ལ་མཁས་པ་སྦྱིན་ཤུགས་ཅན་ཡོ་ལང་འགྱེད་པ་ལྟ་བུ་ལྔའི་དང་པོ་ནི༔ བསྐྱེད་པའི་རིམ་པ་སྟོང་ར་སོགས་གོང་གི་ཉམས་སུ་ལེན་པ་ཐམས་ཅད་བསླབ་པར་བྱའོ༔ གཉིས་པ་འབེབ་པ་ལ་མཁས་པ་ལུགས་མཁན་ཞུན་བྱེད་པ་ལྟ་བུ་ནི༔ ཡིད་ཀྱི་རིག་མ་ཡུམ་གནམ་ཞལ་དབྱིངས་ཕྱུག་མ་གསལ་བཞིན་དུ་མཁའ་གསང་བྱིན་གྱིས་བརླབས༔ བདེ་ཆེན་བདེ་བའི་ངོ་བོ་སྣང་སྟོང་འདུས་མ་བྱས་པའི་སྐུར་བལྟའོ༔ བདེ་ཤས་ཆེ་ན་ཐིག་ལེ་འཆོར་བའི་སྐྱོན་ཡོང་བས་ཤེས་པར་བྱའོ༔ ས་མ་ཡ༔ འཛིན་པ་དང་འདྲེན་པའི་ཐོག་མར་སྦྱང་བ་ནི༔ ལུས་འཁྲུལ་འཁོར་རྐང་མཐིལ་གཉིས་སྦྱར་བའི་ཐོག་རྡོ་རྗེ་ཁུ་ཚུར་བསྡམས་པ་བཞག་སྟེ༔ རང་གི་གསང་བའི་ནོར་བུའི་རྩེར་ཧཱུྃ་མཐིང་ག་བསམ་པ་ཡར་དབུ་མ་ནས་དྲངས༔ སྤྱི་བོའི་ཧཾ་ལ་ཐིམ་པར་བསམ་པ་གྲངས་མང་དུ་སྦྱང་བ་དང་ལྷན་ཅིག་རླུང་གཞིལ་བའོ༔ ས་མ་ཡ༔ གསུམ་པ་འཛིན་པ་ལ་མཁས་པ་རྫ་མའི་ཐེམ་བུ་བསྡམས་པ་ལྟ་བུ་ནི༔ བདེ་བ་ཕྱིར་ཕེབས་པ་ན་རྣམ་པར་མི་རྟོག་པའི་ཉམས་བསྐྱང༔ སྤྱི་བོའི་ཧཾ་ལས་རྣམ་པར་མི་རྟོག་པའི་འབེན་བྱའོ༔ བཞི་པ་འདྲེན་པ་ལ་མཁས་པ་ཁྲོན་ཆུ་གྱེན་དུ་འདྲེན་པ་ལྟ་བུ་ནི༔ འཁྲུལ་འཁོར་གོང་བཞིན་གྱིས་ནོར་བུའི་རྩེ་ཐིག་ལེ་སྔོན་པོོ་ཡུངས་འབྲུ་ཙམ་གཏུམ་འདྲེན་སྦྲགས་ཏེ་དབུ་མའི་ལམ་ནས་སྤྱིར་བོར་སོང་བ་ཡང་ཡང་བསྒོམ༔ དམིགས་མེད་ཆོས་ཉིད་རོལ་པ་ཆེན་པོར་ལམ་དུ་ཁྱེར་བར་བྱའོ༔ ས་མ་ཡ༔ ལྔ་པ་དགྲམ་པ་ལ་མཁས་པ་སྦྱིན་ཤུགས་ཅན་གྱིས་མགྲོན་བྱེད་པ་ལྟ་བུ་ནི༔ དྲང་བའི་འཁྲུལ་འཁོར་ཧ་སྤྲུགས་དང་སྦྲགས་ཏེ༔ དམིགས་མེད་ངོ་བོ་ཉིད་ཀྱི་སྐུར་བལྟ་འོ༔ ས་མ་ཡ༔ གཉིས་པ་གཞན་ལུས་ལ་བསྟེན་པ་ནི༔ རང་ལུས་ཐབས་ལྡན་གྱི་གདམས་པ་རབ་ཏུ་འབྱོངས་པའི་གང་ཟག་གིས༔ ཕྱག་རྒྱའི་མཚན་ཉིད་བརྟག་པ་དང༔ དགུག་པ་དང༔ མི་སྣང་བར་སྦ་བ་དང༔ རྒྱུད་སྦྱང་བ་དང༔ ཁམས་སོགས་རྒྱུད་དང་མན་ངག་ལས་འབྱུང་བ་ལྟར་སྔོན་དུ་འགྲོ་བས༔ རང་དང་རྒྱུད་དག་པའི་རིག་མ་གཉིས་ཀས་བསྐྱེད་རིམ་སྒྱུ་མ་ལྟ་བུའི་ལྷ་སྐུའི་གསལ་སྣང་ཤིན་ཏུ་བརྟན་པར་བསླབ༔ དེ་ནས་གསལ་བ་གསུམ་དང་ལྡན་པས་འབེབ་པ་དང་འཛིན་པ་དང༔ འདྲེན་པ་དང༔ དགྲམ་པ་རྣམས་རང་ལུས་ལྟར་ལ་གོམས་པ་ཤིན་ཏུ་སྦྱངས་པས་འཛག་མེད་ཀྱི་བདེ་བ་ལ་ཡུན་རིང་དུ་སེམས་འཛིན་ཞིང་ཀ་དག་དེ་ཁོ་ན་ཉིད་བྱ་རྩོལ་བྲལ་བའི་ཉམས་བསྐྱངས་པས་དཔེ་དང་དོན་གྱི་ཡེ་ཤེས་རིམ་གྱིས་མངོན་དུ་འགྱུར་བར་བྱའོ༔ ས་མ་ཡ༔ དབང་བཞི་པ་ཚིག་དབང་རིན་པོ་ཆེའི་ཉམས་ལེན༔ ལམ་རྡོ་རྗེའི་རྦ་རླབས༔ རླུང་སེམས་ཤིན་ཏུ་དག་བྱེད༔ ལྟ་བ་ལྷན་ཅིག་སྐྱེས་པ་མས་བརྟན་གྱི་དགའ་བ་བཞི༔ གྲུབ་མཐའ་བདེ་སྟོང་རྒྱ་ཆེ་བ༔ འདའ་ཀ་ཕྱག་རྒྱ་ཆེན་པོ༔ འབྲས་བུ་ངོ་བོ་ཉིད་སྐུ་རང་བཞིན་ལྷུན་གྲུབ་ཀྱི་ལམ་ཁྱེར་ལ༔ ཐབས་ཀྱི་རྒྱུད་དང༔ ཤེས་རབ་ཀྱི་རྒྱུད་དང༔ གཉིས་ཀའི་དག་པར་བྱེད་པ་རྡོ་རྗེའི་རྦ་རླབས་ཐུན་མོང་དུ་བསྟན་པས་དོན་གྱི་ཡེ་ཤེས་མངོན་དུ་འགྱུར་བ་ཡིན་ལ༔ ཐུན་མོང་མ་ཡིན་པ་དབང་བཞི་པའི་སྙིང་པོ་མཐར་ཐུག་རྫོགས་པ་ཆེན་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བཅུག་ཅིང༔ མཉམ་ཉིད་ཡེ་ཤེས་འོད་གསལ་རྡོ་རྗེའི་ཆིངས་སུ་གཞུག་པར་བསྟན་པ་མདོར་དྲིལ་བ་ལ་གཉིས་ཏེ༔ དམིགས་མེད་ཁྲེགས་ཆོད་ཀྱི་གདམས་པ་དང༔ དམིགས་བཅས་ཐོད་རྒལ་གྱི་གདམས་པའོ༔ དང་པོ་ལའང་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་སྔོན་འགྲོ་ལ་བདུན་གྱི༔ དང་པོ་སྐྱབས་སུ་འགྲོ་བ་དང༔ གཉིས་པ་སེམས་བསྐྱེད་པ་སྤྱི་ལྟར༔ གསུམ་པ་བར་ཆད་སྲུང་བ་ནི༔ ཧཱུྃ་ལས་བདག་ཉིད་རྡོ་རྗེ་སེམས་དཔར་བསྐྱེད༔ ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་སྔོན་པོ༔ དེ་ལས་འོད་ཟེར་ཧཱུྃ་སྔོན་པོ་གྲངས་མེད་པ་འཕྲོས༔ ལུས་ཀྱི་ནང་ཐམས་ཅད་གང་བར་བསྒོམ༔ སྐབས་སུ་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་ལྟེ་བ་ཧཱུྃ་ཡིག་སྔོན་པོ་མེ་འབར་བས་མཚན་པ་བསྒོམ་མོ༔ བཞི་པ་རིགས་དྲུག་བསྲེག་སྦྱོང་ནི༔ སྤྱི་བོ་སྙིང་ཁ་མགྲིན་པ་དང༔ ལྟེ་བ་གསུམ་མདོ་རྐང་མཐིལ་དུ༔ ཨ་ནྲྀ་སུ་ཏི་པྲེ་དུ་གནས༔ རང་རིག་ཧཱུྃ་གི་མེ་འབར་གྱིས༔ རིགས་དྲུག་ས་བོན་བག་ཆགས་བསྲེགས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཐུན་མཚམས་རྒྱལ་བའི་སྐུ་གསུང་ཐུགས༔ ཡི་གེ་གསུམ་ལས་འོད་ཟེར་མེས༔ རིགས་དྲུག་ས་བོན་བསྲེགས་པར་བསྒོམ༔ ཨོཾ་ཨཱཿཧཱུྃ༔ རིགས་དྲུག་ས་བོན་བག་ཆགས་བཅས༔ ཐུལ་གྱིས་ཚིག་ནས་དག་པར་བསྒོམ༔ ལྔ་པ་འཁོར་འདས་རུ་ཤན་དབྱེ་བ་ནི༔ ལུས་ཀྱི་གར་དང་རྣམ་འགྱུར་སྣ་ཚོགས༔ ངག་གི་དབྱངས་དང་སྨྲ་བརྗོད༔ ཡིད་ཀྱི་དགའ་སྡུག་ཆགས་སྡང་སོགས་དྲན་ཚད་དུ་བྱས་ཏེ་སྙིང་པོ་ཅི་འདུག་བཙལ༔ བདེན་མེད་ཀྱི་མཚང་རིག་ན་མི་རྟོག་པའི་ངང་ཀར་དུ་ལྷོད་དེ་བཞག་གོ༔ དྲུག་པ་རྣལ་དུ་དབབ་པ་ནི༔ བདེ་བའི་སྟན་ལ་ལུས་རང་བབས་སུ་ཀློད༔ ངག་ཅིའང་མི་སྨྲ༔ ཡིད་དུས་གསུམ་གྱི་རྟོག་པའི་རྗེས་སུ་མ་འབྲང་བར་རྟོག་བྲལ་གཉུག་མའི་ངང་དུ་མཉམ་པར་བཞག་གོ༔ བདུན་པ་སོར་འཇུག་པ་ལ་གསུམ་ལས༔ དང་པོ་གནས་པར་བྱ་བ་ནི༔ ལུས་ཙོག་པུ་ཉན་ཐོས་ཀྱི་ལྟ་སྟངས༔ མིག་སྣ་རྩེར་དབབ༔ རྟོག་པ་གཉེར་མེད་དུ་བསྐྱང༔ འཕྲོ་ན་འཕྲོ་མཁན་བལྟ༔ རྒོད་ན་རྣལ་དུ་དབབ༔ འཐོར་ན་རྒྱང་སོ་བཙུག༔ བྱིང་ན་བསྲིང༔ རྨུགས་ན་ཧ་སྤྲུགས་བྱ༔ གཉིས་པ་བར་དུ་བརྟན་པར་བྱ་བ་ནི༔ ལུས་བྱང་ཆུབ་སེམས་དཔའི་སྐྱིལ་ཀྲུང་བདེ་ལུགས་བཅའ༔ ལྟ་སྟངས་ཐད་ཀར་ཟིམ་བུར་གཟིར༔ འཕྲོ་གནས་གཉིས་མེད་མཉམ་པའི་ངང་དུ་བཞག༔ བདེ་གསལ་མི་རྟོག་སྟོང་འཛིན་གྱི་འཛིན་ཞེན་བཅད༔ སྦྲུལ་མདུད་ནམ་མཁར་བོར་བ་ལྟར་གཉེན་པོ་དང་བྲལ་བའི་ངང་ལ་ཤིགས་སེ་བཞག་གོ༔ གསུམ་པ་ཐ་མ་གྲོལ་བར་བྱེད་པ་ནི༔ ལུས་ཁྲོ་བོའི་འཁྲུལ་འཁོར་གྱད་ཀྱི་དོར་སྟབས་བྱ༔ ལྟ་སྟངས་སྡང་མིག་ཏུ་གཟིར༔ ངག་ཧ་ཧ༔ ཧི་ཧི༔ ཧཱུྃ་ཧཱུྃ༔ ཕཊ་ཕཊ་སོགས་ཁྲོ་བོའི་གད་མོས་རྣལ་དུ་དབབ༔ ཡིད་རིག་པ་གསལ་བའི་ངར་དང་ལྡན་པའི་ངང་དུ་གནས་པར་བྱའོ༔ ས་མ་ཡ༔ གཉིས་པ་དངོས་གཞི་ལ་བཞི་སྟེ༔ རྟོག་པ་རྩད་གཅོད་པ༔ སེམས་ཀྱི་མཚང་བཙལ་བ༔ བྱུང་གནས་འགྲོ་གསུམ་བརྟག་པ༔ ངོ་སྤྲོད་ཀྱིས་མཐར་དབྱུང་བའོ༔ དང་པོ་རྟོག་པ་རྩད་བཅད་པ་ནི༔ ལུས་ངག་ཡིད་གསུམ་བྱ་བྱེད་ཀྱི་མཁན་པོ་བརྟག༔ འཕྲིགས་ཚུད་པ་ན་དེའི་ངོ་བོ༔ ཁ་དོག༔ དབྱིབས༔ གནས་ལ་དྲི་བ་སོགས་ཞིབ་ཏུ་བྱ༔ གཉིས་པ་སེམས་ཀྱི་མཚང་བཙལ་བ་ནི༔ ང་ཞེས་པའི་ང་རུ་འཛིན་མཁན་དེ་གང་དུ་འདུག་བཙལ༔ གང་དུ་གནས་འདྲི༔ འཛིན་པའི་མཁན་པོ་བཙལ༔ ངར་འཛིན་གྱི་ཁང་བུ་གཏིབ༔ གསུམ་པ་བྱུང་གནས་འགྲོ་གསུམ་ལ་བརྟག་པ་ནི༔ རྟོག་པ་ཐོལ་གྱིས་བྱུང་བའི་ཚེ་དང་པོ་གང་ནས་བྱུང༔ བར་དུ་ཇི་ལྟར་གནས༔ ཐ་མ་གང་དུ་འགྲོ༔ ཐབས་དུ་མའི་སྒོ་ནས་དྲི་ཞིང་རྩད་བཅད་པས༔ བྱུང་བའི་ཡུལ་སྟོང༔ གནས་པའི་འཛིན་པ་ཞིག༔ གཏད་མེད་དུ་སངས་ཀྱིས་དག་པར་ཤེས་ན་བྱུང་གནས་འགྲོ་གསུམ་གྱི་མཚང་བརྡོལ་པ་ཡིན་ནོ༔ བཞི་པ་ངེས་ཤེས་སྐྱེས་ནས་ངོ་སྤྲོད་པ་ལའང་བདུན་ལས༔ དང་པོ་རྣམ་རྟོག་སེམས་སུ་ངོ་སྤྲད་པ་ནི༔ ཉོན་མོངས་དང་བདག་འཛིན་སོགས་རྣམ་པར་རྟོག་པ་འདི་ཀ་ལས་མ་འདས་པས༔ དེ་སེམས་ལས་བྱུང་ཞིང་གནས་ལ་ཐིམ་པར་ངེས་ཤེས་བསྐྱེད༔ གཉིས་པ་སེམས་སྟོང་པར་ངོ་སྤྲད་པ་ནི༔ རྣམ་པར་རྟོག་པ་མཁན་པོ་དང་བཅས་པ་རང་བཞིན་གྱིས་མཚན་ཉིད་ཅིར་ཡང་མ་གྲུབ་པ་སྟོང་པ་ནམ་མཁའ་ལྟ་བུར་ཤེས་པའོ༔ གསུམ་པ་སྣང་བ་སྟོང་པར་ངོ་སྤྲད་པ་ནི༔ སྟོང་པའི་མདངས་འགག་མེད་ཀྱི་སྣང་བ་ཅིར་ཡང་འཆར་བ༔ ཤར་བའི་དུས་ཉིད་ནས་སྟོང་པའི་ངང་ལས་མ་གཡོས་པར་ཤེས་པའོ༔ བཞི་པ་སྣང་སྟོང་གཉིས་མེད་དུ་ངོ་སྤྲད་པ་ནི༔ རྟོག་ཚོགས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སྟོང་པ༔ སྟོང་པའི་རང་མདངས་འགག་མེད་དུ་འཆར་བའི་སྣང་བ༔ དེ་གཉིས་དབྱེར་མེད་པ་བཟང་ངན་བླང་དོར་དང་བྲལ་བར་ཐག་ཆོད་པའོ༔ ལྔ་པ་གཉིས་མེད་རང་གྲོལ་དུ་ངོ་སྤྲད་པ་ནི༔ བཟང་ངན༔ འཁོར་འདས༔ བླང་དོར༔ སྣང་སྟོང༔ འཕྲོ་གནས་ལ་སོགས་པ་གཉིས་སུ་འཛིན་པའི་ཆོས་ཐམས་ཅད་ངོ་བོ་གཉིས་མེད་མཉམ་པའི་ངང་དུ་རང་གྲོལ་བའོ༔ དྲུག་པ་དུག་ལྔ་རང་གྲོལ་ནི༔ དེ་ལྟ་བུ་རྟོགས་ཕན་ཆད་དུག་ལྔའི་རྟོག་པ་ཐམས་ཅད་ཆུ་ལ་རི་མོ་བྲིས་པ་ལྟར་རང་གྲོལ་བས་ཡེ་ཤེས་ལྔའི་དགོངས་པ་མངོན་དུ་གྱུར་པའོ༔ བདུན་པ་ཚོགས་དྲུག་རང་གྲོལ་ནི༔ དེས་མཚོན་ཏེ་ཚོགས་དྲུག་གི་ཡུལ་དུ་རྟོག་པ་གང་ཤར་ཡང་རང་རིག་པའི་ངང་དུ་བཞག་པས་གཟུགས་སྣང་སྟོང༔ སྒྲ་གྲགས་སྟོང༔ དྲི་ཚོར་སྟོང༔ རོ་མྱོང་སྟོང༔ རེག་བྱ་བདེན་སྟོང༔ ཆོས་རིག་སྟོང་དུ་ཤར་ནས་རྟོག་པ་ཐམས་ཅད་རང་གྲོལ་བའོ༔ དེ་ལྟར་ངོ་རང་ཐོག་ཏུ་སྤྲད་ནས་ཐག་གཅིག་ཐོག་ཏུ་བཅད་པའོ༔ བདེ་གཤེགས་རྒྱལ་བའི་དགོངས་པ་བཀའ་བསྟན་ཐམས་ཅད་ཀྱི་དོན་སེམས་ཉིད་གཅིག་པུའི་ཐོག་ཏུ་དབབ་པ་སྟེ༔ སྣང་བ་ཐ་དག་སེམས་ཉིད་ལས་ལོགས་སུ་མེད་པར་ཐག་བཅད་དེ༔ རྒྱུད་ལས༔ སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ༔ སངས་རྒྱས་ལོགས་སུ་མ་ཚོལ་ཅིག༔ ཅེས་གསུངས་པ་བཞིན་ནོ༔ གདིང་གྲོལ་ཐོག་ཏུ་བཅའ་བ་ནི༔ དེ་ལྟར་རང་གྲོལ་འཁོར་ཡུག་བློ་འདས་ཆོས་སྐུར་རོལ་པའི་གདངས་དེ་ཉིད་རང་གྲོལ་གྱི་ཐོག་ཏུ་ཡེངས་མེད་དུ་བཙལ་བ་ཁོ་ནའོ༔ དེ་ལྟར་ན་གཞི་ཐོག་ཏུ་སེམས་ཉིད་གཉེན་པོས་མ་བསྒོམས་པར་བསྐྱང་བ་ཁྲེགས་ཆོད་ཀྱི་གདམས་པ་ཟབ་མོ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀའི་ཐུགས་ཐིག་ཡང་དག་པའོ༔ ས་མ་ཡ༔ གསུམ་པ་རྗེས་ཀྱི་མཐར་ཕྱིན་པ་ལ་བསླབ་པ་ནི༔ དེ་ལྟར་ངོ་སྤྲོད་ཕན་ཆད༔ བསྒོམ་དུ་ཅིའང་མེད་ལ་ཡེངས་སུ་སྐད་ཅིག་ཀྱང་མེད་པའི་རང་རིག་བྱ་རྩོལ་དང་བྲལ་བའི་ངང་དུ༔ ཉམས་ལེན་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་ལྷུམས་སུ་ཞུགས་པས༔ དུས་གསུམ་གྱི་སྤྲོས་པ་ཆད་པའི་རིག་སྟོང་འཛིན་མེད་ཀྱི་གདིང་ཐོབ་སྟེ་རྟོག་ཚོགས་རང་གྲོལ༔ ཡེ་ཤེས་རང་ཤར༔ ཁོར་ཡུག་ཆོས་སྐུའི་རོལ་པར་ལ་བཟླ་བར་བྱའོ༔ ས་མ་ཡ༔ གཉིས་པ་ཐོད་རྒལ་གྱི་གདམས་པ་ལ་གསུམ་སྟེ༔ སྔོན་འགྲོ༔ དངོས་གཞི༔ རྗེས་སོ༔ དང་པོ་ནི་ལུས་ངག་ཡིད་གསུམ་རུ་ཤན་དབྱེ་བ་སྟེ༔ དང་པོ་ལུས་ཀྱི་སྔོན་འགྲོ་ནི༔ ལུས་གནད་རྡོ་རྗེ་རྩེ་གསུམ་པའི་འཁྲུལ་འཁོར་བཅའ༔ དམིགས་གནད་ལུས་རྡོ་རྗེ་རྩེ་གསུམ་མེ་འབར་བ་བསྒོམ༔ དེ་ལྟར་ཡང་ནས་ཡང་དུ་བསྐྱར་རོ༔ གཉིས་པ་ངག་གི་སྔོན་འགྲོ་ལ་བཞི་སྟེ༔ རྒྱས་གདབ་པ་ནི༔ ལུས་རྡོ་རྗེའི་སྐྱིལ་ཀྲུང་བྱ་ངག་ཏུ་ཧཱུྃ་ཧཱུྃ་ཞེས་བརྗོད༔ ཡིད་ཀྱིས་སྣ་བུག་ནས་ཧཱུྃ་གི་ཕྲེང་བ་བར་མ་ཆད་པར་བྱུང༔ སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཐེམ་མེར་གང་བར་བསྒོམ་པ་ནི་ཕྱི་སྣང་བ་ལ་རྒྱས་གདབ་པའོ༔ ཡང་ཧཱུྃ་ལས་ཧཱུྃ་བྱུང༔ ལུས་ཀྱི་ནང་ཐམས་ཅད་ཁྲིགས་མེེར་གང་བར་བསྒོམས་པ་ནི་ནང་ཕུང་པོ་ལ་རྒྱས་གདབ་པའོ༔ རྩལ་སྦྱང་བ་ནི༔ ཧཱུྃ་དྲག་ལ་ཐུང་བ་ངར་དང་བཅས་བརྗོད་པས༔ སྣ་བུག་ནས་ཧཱུྃ་འཕྲོས༔ ས་རྡོ་རི་བྲག་ཐམས་ཅད་ཟང་ཐལ་དུ་བསྒྱུར་བར་བསྒོམ་པ་ནི་ཕྱི་སྣང་བ་ལ་རྩལ་སྦྱང་བའོ༔ ཡང་རླུང་སེམས་ཧཱུྃ་དང་བཅས་པས་ལུས་ཀྱི་དངོས་པོ་ཕྱི་ནང་ཐམས་ཅད་ཟང་ཐལ་དུ་བསྒྱུར་བར་བསྒོམ་པ་ནི་ནང་ཕུང་པོ་ལ་རྩལ་སྦྱང་བའོ༔ མཉེན་བཙལ་བ་ནི༔ རང་གི་སྣ་བུག་གཡས་ནས་ཧཱུྃ་དམར་པོ་འཕྲོས༔ ཧཱུྃ་དེ་སྲིད་རྩེའི་བར་ལངས་ཐབས་གནས་པར་བསྒོམ༔ ཡང་སྣ་བུག་གཡོན་ནས་ཧཱུྃ་མཐིང་གཅིག་འཕྲོས༔ དེ་ལས་བར་མ་ཆད་པར་བྱུང་སྟེ་དེ་ལ་མདུང་དཀྲིས་སུ་དཀྲིས་པར་བསྒོམ༔ མཐར་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས་ཧཱུྃ་གི་ཐག་པ་གྲོལ་བར་བསྒོམ་མོ༔ ལམ་དུ་གཞུག་པ་ནི༔ ཧཱུྃ་ཞེས་བརྗོད་པས་ཧཱུྃ་ཐོལ་གྱིས་བྱུང༔ སྲིན་འགྲོས་ཀྱིས་ལམ་དུ་ཞུགས༔ སླེབ་མྱོང་བ་དང་མ་མྱོང་བའི་ལམ་མཐའ་མེད་དུ་སོང་བར་བསྒོམ༔ སླར་རང་སར་ལྡོག་གོ༔ གསུམ་པ་ཡིད་ཀྱི་སྔོན་འགྲོ་ལ༔ རྣལ་དུ་དབབ་པ་ལ་བཞག་ཐབས་དྲུག་སྟེ༔ ལུས་སོག་ཕོན་སྡོམ་ཐག་ཆད་པ་ལྟར་རང་སར་གློད༔ ངག་པི་ཝཾ་རྒྱུད་ཐག་ཆད་པ་ལྟར་སྨྲ་བ་བཅད༔ སེམས་མཁའ་ལ་བྱ་འཕུར་བ་ལྟར་རང་གྲོལ་རྗེས་མེད་དུ་བསྐྱང༔ ད་ལྟར་གྱིི་རྟོོག་པ་གང་ཤར་བུ་ཆུང་ལྷ་ཁང་བལྟ་བ་བཞིན་གསལ་ལ་འཛིན་མེད་དུ་ཁྱེར༔ འདས་པའི་བྱ་བ་ཐམས་ཅད་ལས་ཟིན་པའི་སྐྱེས་བུ་ལྟར་གཉེར་མེད་དུ་བཏང༔ མ་འོངས་པའི་བྱེད་འགྱུར་ཐམས་ཅད་ལྟག་ཆུ་བཅད་པའི་རང་འཐག་ལྟར་རྩོལ་མེད་དུ་བཞག་གོ༔ དེ་ནས་སོར་གཞུག་པ་ནི༔ དེ་ལྟར་གསལ་སྟོང་གི་ངང་ནས་གཉེན་པོ་དང་བྲལ་བར་རང་བབས་སུ་བསྐྱངས་པས༔ རྩོལ་སྒྲུབ་དང་བྲལ་བར་སྣང་སྟོང་གི་རོལ་པ་ཐ་དག་རང་གྲོལ་དུ་རྟོགས་པ་ནི་སོར་ཆུད་པའོ༔ གཉིས་པ་དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་མངོན་སུམ་དུ་གཏན་ལ་དབབ་པ་ལ་བཞི་སྟེ༔ དང་པོ་སྒོ་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་གཏང་བ་ནི༔ ལུས་ངག་ཡིད་གསུམ་གྱི་ཕྱི་འཇིག་རྟེན་པའི་འཁྲུལ་སྤྱོད༔ ནང་ཐེག་པ་ཐུན་མོང་གི་ཆོས་སྤྱོད༔ གསང་བ་སྔགས་ཐུན་མོང་བའི་ལམ་ཁྱེར་སོགས་ཐམས་ཅད་ལིང་གིས་བཏང་བའོ༔ གཉིས་པ་སྒོ་གསུམ་གྱི་གནད་བཅིང་བ་ནི༔ ལུས་གནད་ཆོས་སྐུ་སེང་གེ༔ ལོངས་སྐུ་གླང་ཆེན༔ སྤྲུལ་སྐུ་དྲང་སྲོང་ཙོག་པུའི་འདུག་སྟངས་གང་རུང་ལ་བསླབ༔ ངག་གནད་སྨྲ་བ་རྒྱུན་བཅད་ནས་རླུང་དལ་བུར་རྒྱུ་བ་ལ་བསླབ༔ སེམས་དབྱིངས་ལ་མདུང་ཚུགས་སུ་གཏད་པ་ལ་བསླབ་བོ༔ གསུམ་པ་གནད་གསུམ་གྱིས་འོད་གསལ་བལྟ་བ་ནི༔ སྒོའི་གནད་ཡེ་ཤེས་འཆར་བར་བྱེད་པའི་ལམ་མིག་ཡིན་པས༔ ཆོས་སྐུ་རྡོ་རྗེའི་གཟིགས་སྟངས་མིག་གྱེན་ལ་མི་འགུལ་བར་བལྟ༔ ལོངས་སྐུ་པདྨའི་གཟིགས་སྟངས་གཡས་གཡོན་དུ་ཟུར་གྱིས་ཧྲིལ་པོར་བལྟ༔ སྤྲུལ་སྐུ་ཆོས་ཉིད་ཀྱི་གཟིགས་སྟངས་མིག་ཡིད་ཙམ་ཕབ་སྟེ་བར་སྣང་ལ་བལྟའོ༔ འཆར་གཞི་ཡུལ་གྱི་གནད་ནི༔ ཕྱི་དབྱིངས་ནམ་མཁའ་སྟོང་པའི་ཀློང་དུ༔ ནང་དབྱིངས་རྣམ་པར་དག་པའི་སྒྲོན་མའི་ར་བར༔ གསང་དབྱིངས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བདག་པོ་དང་འདྲ་བ་བཙོན་དུ་འཛིན་ནོ༔ འཆར་ཆ་རིག་པའི་གནད་ནི༔ དང་པོ་མཐོང་བས་བྱེ་བྲག་ཕྱེད་པ༔ བར་དུ་རྟོགས་པས་མཚན་ཉིད་ཤེས་པ༔ མཐར་ཤེས་ཐོག་ཏུ་གྲོལ་བར་བྱེད་པ་སྟེ༔ མདོར་ན་དབྱིངས་རིག་དབྱེར་མེད་གཅེར་མཐོང་གཟུང་འཛིན་དང་བྲལ་བ་བསྐྱང་ངོ༔ བཞི་པ་ཉམས་ཀྱི་སྣང་བ་ཇི་ལྟར་འཆར་ཚུལ་ལ་བཞི་སྟེ༔ དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི༔ རང་གི་སྨིན་མཚམས་སུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་འཁྱིལ་པའི་དབུས་སུ༔ ཐིག་ལེ་སྟོང་པའི་སྒྲོན་མ་འོད་ལྔའི་ར་བར༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་ངོ་བོ་ཐིག་ལེ་ཉག་གཅིག་དབྱིངས་རིག་འདུ་འབྲལ་མེད་པ་བློ་དང་ཤེས་རབ་ཀྱི་རྟོག་དཔྱོད་ལས་འདས་པར་འཆར་བའོ༔ གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི༔ ཐིག་ལེ་རིམ་གྱིས་འཕེལ༔ འོད་སྣང་ཇེ་ཆེ་མཆེད༔ དབྱིངས་རིག་གར་བལྟས་སུ་སྣང༔ ལུ་གུ་རྒྱུད་འདབ་ཆགས་འཕུར་སྐྱེན་པ་ནས༔ བུང་བ་བཅུད་ལ་འཁོར་བ་ཙམ་གྱི་བར་ལ་གསལ་བར་འཆར་རོ༔ སླར་ཡང་སྦྱངས་པས་ཐིག་ལེ་ཡུལ་གྲུ་ཁེངས་ཙམ་དང༔ རིག་པའི་བར་དུ་སྐུ་རྐྱང་པ་ཕྲ་ཞིབ་ཅན་ཡང་འཆར་རོ༔ གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི༔ ཐིག་ལེ་དེ་རེ་རེའི་ནང་དུའང་སྐུ་ལྔ་ལྔ་ཤར་ཏེ༔ དེ་ཐམས་ཅད་ཀྱང་གྲངས་ལས་འདས་པ༔ གར་བལྟས་ཁྱབ་པ༔ འཕོ་འགྱུར་མེད་པ༔ གཟུང་འཛིན་དང་བྲལ་བ༔ ཡེ་ཤེས་སུ་ཕྱམ་གདལ་བའོ༔ བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི༔ ཉམས་ཀྱི་འཕེལ་ཆ་ཟད༔ སྣང་བའི་ངོ་བོ་ཀ་དག་ཏུ་ཐིམ༔ གཟུང་འཛིན་གྱི་འཁྲུལ་པ་ལས་གྲོལ༔ སྐྱེ་མེད་གདོད་མའི་དབྱིངས་སུ་མྱ་ངན་ལས་འདས༔ གསལ་ཆ་མ་འགགས་ཀྱང་འཛིན་ཆ་སྟོང་སྟེ་སྐུ་གསུམ་དབྱིངས་རིག་གཅིག་ཏུ་འཁྱིལ་བའོ༔ གསུམ་པ་རྗེས་ཀྱིས་མཐར་དབྱུང་བ་ལ་བཞི་ལས༔ དང་པོ་མི་འགུལ་བ་གསུམ་གྱིས་གཞི་བཅའ་བ་ནི༔ ལུས་བཞུགས་སྟངས་ལས་མི་འགུལ༔ མིག་ལྟ་ལྟངས་ལས་མི་འགུལ༔ སེམས་རྟོག་དཔྱོད་ཀྱིས་མི་འགུལ་བར་སྒོ་གསུམ་གཡོ་མེད་དུ་གནས་སོ༔ གཉིས་པ་སྡོད་པ་གསུམ་གྱིས་ཚད་བཟུང་བ་ནི༔ ཕྱི་སྣང་བ་ལ་སྡོད་པས་རྐྱེན་ངན་གྲོགས་སུ་འཆར༔ ནང་སྒྱུ་ལུས་ལ་སྡོད་པས་འཁྲུལ་པའི་བྱ་བ་བྲལ༔ གསང་བ་རླུང་སེམས་སྡོད་པ་རྣམ་རྟོག་རང་སར་དག་པ་སྟེ༔ འདི་དུས་སུ་ཚད་དང་རྟགས་རྣམས་ཀྱང་རིམ་གྱིས་འཆར་བར་ཤེས་པར་བྱའོ༔ གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི༔ སྐྱེ་བ་ལ་དབང་ཐོབ་པས་རང་ལུས་གདོས་བཅས་མི་སྣང་བའི་དུས༔ འདོད་ན་ཡེ་ཤེས་ཀྱི་ལུས་སྣང་བར་ནུས་པ་དང༔ སེམས་ཅན་གང་ལ་རིག་པ་གཏད་པ་ཙམ་གྱིས་འཚང་རྒྱ་ནུས་སོ༔ འཇུག་པ་ལ་དབང་ཐོབ་པས་ལུས་མི་སྣང་བ་དེ་ཉིད་རང་ལུགས་སུ་བཞག་པས་ལྷག་མེད་དུ་གྲོལ་བ་ཐོབ་པའོ༔ རླུང་སེམས་ལ་དབང་ཐོབ་པས་སེམས་ཅན་གཞན་ཚེ་འཕོས་པ་དེ་ལ་རིག་པ་བཅུག་པས་ལྷན་ཅིག་ཏུ་གྲོལ་བའོ༔ བཞི་པ་གདིང་བཞིས་གྲོལ་ཚད་བསྟན་པ་ནི༔ འཁོར་འདས་ཐམས་ཅད་དབྱིངས་རིག་གཅིག་ཏུ་བཟླུམས་པས༔ ཡར་སངས་རྒྱས་ཐོབ་ཏུ་རེ་བ༔ མ་ཐོབ་ཀྱི་དོགས་པ༔ མར་འཁོར་བའི་སྡུག་བསྔལ་མྱོང་དུ་དོགས་པ༔ མི་མྱོང་བའི་རེ་བ་ཟད་དེ་གདོད་མའི་དབྱིངས་སུ་རྣམ་པར་གྲོལ་བ་ཆེན་པོ་མངོན་དུ་འགྱུར་རོ༔ དེ་ལྟར་དབང་པོ་དང་སྐལ་པ་རབ་ཚེ་འདིར་གྲོལ་ལ༔ འབྲིང་ཆོས་ཉིད་བར་དོའི་སྒྲ་འོད་ཟེར་སོགས་རང་སྣང་དུ་ཤེས་པས་རང་གྲོལ༔ ཐ་མ་སྲིད་པ་བར་དོར་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས་གྲོལ་བ་ཐོབ་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དཔལ་ལྡན་ཡེ་ཤེས་ཀུན་ཏུ་བཟང༔ ཟུང་འཇུག་བདེ་བ་ཆེན་པོའི་གོ་འཕང་འདི༔ གང་ཟག་མཆོག་གི་མཆོག་ཏུ་གྱུར་པ་ལས༔ ཐུན་མོང་ཕལ་གྱིས་འདི་ལ་སྐྲག་པར་འགྱུར༔ བླ་མེད་ཡེ་ཤེས་ཟབ་མོའི་ལམ་བཟང་པོ༔ མངོན་རྫོགས་གོ་འཕང་འདི་ལས་གཞན་དུ་མིན༔ སྨིན་གྲོལ་རླུང་སེམས་ཡེ་ཤེས་མ་གཏོགས་པ༔ སྐུ་དང་ཡེ་ཤེས་མཛད་ཕྲིན་གཞན་དུ་མིན༔ འཕྲད་ཆོག་རང་གྲོལ་མངོན་སུམ་སྙིང་པོའི་ཆོས༔ བདེ་ཆེན་ཡེ་ཤེས་རྩེ་མོའི་གསང་བའི་ལམ༔ མ་བསྒྲོད་ས་ལམ་ཡོངས་རྫོགས་ཕར་ཕྱིན་ཚེ༔ མ་བཅོས་ཆོས་སྐུ་ཤུགས་ཀྱིས་མངོན་པར་རྫོགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དཔལ་མགོན་དྲེགས་པ་སྡེ་བརྒྱད་ཚོགས་ཀྱིས་བཀའ་འདི་སྲུངས༔ ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་རོལ་པ་བདེ་ཆེན་ཁང་ནས་ཀློང་གསལ་སྙིང་པོས་སྤྱན་དྲངས་པ་ཀཿཐོག་རྡོ་རྗེ་གདན་གྱི་གཙུག་ལག་ཁང་བརྩེགས་སྙིང་པོ་ཡེ་ཤེས་ཀྱི་བདེ་ཆེན་ཁང་དུ་ཤོག་སེར་ལས་དག་པར་ཕབ་པ། སླད་ནས་རིག་འཛིན་མཆོག་གི་ཞལ་ལུང་ལྟར་གཏེར་གཞུང་ལས་བསྡུས་ཏེ་ཁྲིགས་སུ་བཏབ་པའོ། །མངྒ་ལཾ། འདི་མཁས་གྲུབ་ཁྱབ་གདལ་ལྷུན་གྲུབ་ཀྱིས་གསུང་རྒྱུན་ཁྲིགས་སུ་བསྡེབས་པར་གྲགས་ནའང་ས་བཅད་ཆད་ལུས་སོགས་མ་དག་པ་ཤིན་ཏུ་མང་བ་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པས་དཔྱད་ཅིང་ཞུས་ཏེ་མཆོག་གི་རིག་འཛིན་རྣམས་ལ་ཁྲིད་རྒྱུན་ཡང་བྱིན་རླབས་ཉེ་བརྒྱུད་ཚུལ་གྱིས་ཕུལ་བ་ཡིན་ནོ། །མངྒ་ལཾ།། །།
ཕྱག་རྡོར་རྡོ་རྗེ་གཏུམ་པོའི་གཟའ་ཀླུ་སྡེ་བརྒྱད་ཀྱི་དུག་སྦྱོང་ཁྲུས་ཆོག་གདོན་འགྲོལ་གྱི་ལག་ལེན་ཆུ་འབབ་ཏུ་བཀོད་པ་བདུད་རྩིའི་སྙིང་པོ་ (Volume 47, Text 5)
༄༅། །ཕྱག་རྡོར་རྡོ་རྗེ་གཏུམ་པོའི་གཟའ་ཀླུ་སྡེ་བརྒྱད་ཀྱི་དུག་སྦྱོང་ཁྲུས་ཆོག་གདོན་འགྲོལ་གྱི་ལག་ལེན་ཆུ་འབབ་ཏུ་བཀོད་པ་བདུད་རྩིའི་སྙིང་པོ་བཞུགས་སོ། ། ཁྱོད་མཚན་ཉིན་མོར་བྱེད་པའི་འོད་བརྒྱ་པས། །གདེངས་ཅན་མུན་པའི་དུག་ཁམས་མཐར་བྱས་ནས། །ཕན་བདེའི་འདབ་བརྒྱ་བཞད་པའི་མཆོག་སྦྱིན་མཁན། །གང་དེར་ཕྱག་བྱས་བདུད་རྩིའི་སྙིང་པོ་སྤེལ། །ཕྱག་རྡོར་རྡོ་རྗེ་གཏུམ་པོའི་གཟའ་ཀླུའི་དུག་སྦྱོང་གི་ལག་ལེན་ལ། ཐོག་མར་སྟེགས་བུའི་སྟེང་བུམ་གདན་པདྨ་འདབ་མ་བརྒྱད་པའི་ཁར་བུམ་པ་མགུལ་ཆིངས་ཁ་རྒྱན་དུང་ཆོས་གཟུངས་ཐག་དང་ལྡན་པའི་ནང་དུ་བུམ་རྫས་ཀྲི་ཡ་དང་མཐུན་པར་བླུག །དེའི་མདུན་དུ་གསང་བདག་གི་འདས་གཏོར་ཟླུམ་པོ་མཐེབ་ཀྱུ་བཞིས་བསྐོར་བ་བཞག །མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ་སྦྲེང་ཚར་དུ་བཤམ། སྟེགས་བུ་དེའི་མདུན་དུ་དར་དཀར་པོའི་ཁར་ལྕགས་དང་རག་སོགས་མིན་པའི་རྫའམ་ཟངས་དམར་གྱི་སྣོད་དུ་ཟན་གྱི། ཀླུ་གཟུགས་སྟོད་ལྷའི་རྣམ་པ་སྦྲུལ་མགོ་དགུའི་གདེངས་ཀ་ཅན་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ། གཟའ་གཟུགས་སྟོད་སྲིན་པོ་ཁྲོས་པའི་གཟུགས་ཅན་བྱ་རོག་གི་མགྲིན་པ་ཡན་ཆད་སྤྱི་བོ་ནས་ཐོན་པ་གདོང་གཅིག་པ་ལག་གཉིས་ཐལ་མོ་སྦྱར་ནས་དམད་ཅིང་བདུག་པ། དེ་སོ་སོའི་མཐར་ཀླུ་བཤོས་ཟླུམ་པོ་བརྒྱད། གཟའ་བཤོས་གཡོན་གཅུས་བརྒྱད། རིལ་བུ་བརྒྱད་རེ། ཆངས་བུ་བརྒྱད་རེ་སོགས་དང་། རྒྱས་པར་ཀླུ་ནོར་དང་ཀླུ་སྨན། གཟའི་མཐུན་རྫས་ཡབ་ལ་ཤ་ཁྲག་གི་མཐེབ་ཀྱུ་དང་ཡུམ་ལ་ཀླུ་སྨན་རིལ་བུ་སོགས་ཀྱང་བཀོད། དེ་ལ་གདོང་ཕྱོགས་པར་ཡོན་བདག་གི་བསྒྲེས་གླུད་དྲི་མས་སྦགས་པའང་དཀོར་ནོར་ཡས་རྫས་སྣ་ཚོགས་བཅས་བཀོད། ཀླུ་གཟའི་གཟུགས་དང་སྐུ་གླུད་གཉིས་ཀྱི་མཐའ་སྐོར་དུ་ཀླུ་གཟའ་ལ་ཕོག་ཐུག་མི་ཡོང་བའི་རིན་ཆེན་སྨན་འབྲུ་ཟས་དར་གོས་ཆེན་སོགས་ཀྱིས་བསྐོར་ཞིང་ཀླུ་སྨན་ཡང་བཏབ། དེ་དང་ཉེ་བར་ཟངས་དམར་ལྟ་བུའི་གཏོར་སྣོད་དུ་ཀླུ་བཤོས་རྒྱབ་ཡོལ་མ་ཏིང་ལོ་མཐེབ་ཀྱུ་ཆངས་བུ་དང་བཅས་པ་དཀར་གསུམ་མངར་གསུམ་ཀླུ་སྨན་གྱིས་བརྒྱན་པ་དང་། གཟའ་བཤོས་གྲུ་གསུམ་དམར་པོ་གཡོན་གཅུས། འཁོར་རང་འདྲ་བརྒྱད་དང་ཕྱོགས་བཞིར་ཟླུམ་པོ་བཞིའི་མཐའ་སྐོར་དུ་ཡབ་ལ་ཤ་ཁྲག་གི་མཐེབ་ཀྱུ་དང་ཡུམ་ལ་ཀླུ་སྨན་རིལ་བུ་དང་གཟའི་མཐུན་རྫས་ཀྱིས་བརྒྱན་པ་བཞག །སློབ་དཔོན་རང་གི་མདུན་དུ་རྡོ་རྗེ་དྲིལ་བུ་ནས་ཟེ། ཁྲུས་དར་དང་བྱབ་རྫས་ཀྱི་རྨ་བྱའི་མདོངས། ཤིང་སྣའི་ཕོན་པོ། ས་རྡོག །ཆུ། རླུང་གཡབ། མེ་སྒྲོན། མེ་ལོང་དང་བཅས་བཞག་པ་རྣམས་བཅའ་གཞིའི་རིམ་པ་ཡིན་ནོ། །ལས་གཞུང་བསྲང་ཚུལ་ལ་རྒྱས་པའི་སྐབས་ནི་བདག་བུམ་གཉིས་ཀ་ཚིག་གཅིག་གིས་སྒོམ་བཟླས་བྱེད་པས་ལས་བྱང་གཏུམ་པོ་རང་གི་གནམ་ལྕགས་འོད་ཀྱི་དྲྭ་བར་བཀོད་པ་ནས་རྫོགས་པར་གྱེར་བའི་བསྟོད་པའི་མཇུག་ཏུ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་པ་བདག་བསྐྱེད་ལ་དམིགས་ནས་བརྒྱ་སྟོང་སོགས་བཟླས། དེ་ནས་གཟུངས་ཐག་ལ་འཇུས་ནས་བུམ་པར་སྔགས་གོང་མ་བརྒྱ་ཙམ་དང་ཨོཾ་ཨེ་ཧོ་ཤུདྡྷེ་སོགས་ཁྲུས་བདུན་གྱི་གཟུངས་ཀྱང་ཉི་ཤུ་རྩ་གཅིག་རེ་བཟླ། དེ་ནས་ཚོགས་བྱིན་བརླབ་ལྷག་གཏོར་ཡན་བཏང་ལ། སྐབས་འདིར་ཀླུ་གཟའི་གཟུགས་ལ་དགུག་བསྟིམ་གླུད་བསྔོ་སོགས་དུག་སྦྱོང་ཡོངས་རྫོགས་ཚར་ནས་ཡས་རྣམས་ཕྱིར་བསྐྱལ་ཚར་བའི་རྗེས་སུ་ལས་བྱང་གི་མཇུག་ཆོག་རྣམས་བྱེད། ཆོ་ག་འདི་ལྟར་ན་གོང་གི་གཤོམ་གྱི་སྐབས་སུ་ཡང་སྨན་རག་དང་ཆད་བརྟན་གཏོར་མ་བགེགས་གཏོར་ཚོགས་སོགས་ཀྱང་བཤམ་དགོས་ཤིང་འདི་ལྟར་བྱེད་ཀྱི་ལག་ཁྲིད་ཙམ་མ་གཏོགས། ད་ལྟ་ལག་ལེན་བསྟར་ཆགས་སུ་བྱེད་པའི་ཚུལ་ནི། བཅས་རྣམས་ལེགས་པར་བཤམས་ཚར་བའི་རྗེས་སུ། མདུན་གྱི་ནམ་མཁར་ཚོགས་ཞིང་ཕྱག་རྡོར་དམིགས་ནས་སྐྱབས་སེམས་སྤྱི་ལྟར་དང་། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་སོགས་ཀྱི་ཡན་ལག་བརྒྱད་པ་བྱ། ཚོགས་ཞིང་རྣམས་རང་ལ་བསྟིམ། མཆོད་རྫས་རྣམས་རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་མཆོད་པ་རྣམས་ནམ་མཁའ་གང་བར་སྤེལ་ལ། ཨརྒྷཾ་སོགས་བརྗོད། དེ་ནས། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམ། དེ་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ་གིས་སྦྱང་། སྟོང་པའི་ངང་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་འོད་གསལ་གྱི་རང་མདངས་རྡོ་རྗེ་སྲུང་བའི་འཁོར་ལོ་ཆེན་པོས་བར་མཚམས་མེད་པར་ཁྱབ་པའི་དབུས་སུ། པདྨ་དང་ཉི་ཟླ་བརྩེགས་པའི་ཁར་གཟའ་བརྒྱད་ཀླུ་བརྒྱད་བསྣོལ་བའི་སྟེང་དུ་རང་གི་རིག་པ་ཧཱུྃ་སྔོན་པོ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་གཏུམ་ཞིང་ཁྲོས་པའི་ཉམས་ཅན་ཞལ་གཅིག་ཕྱག་གཉིས་པ། སྐུ་ལུས་སྦོམ་ཞིང་ཐུང་ལ་གསུས་ཁྱིམ་ཆེ་བ། ཡན་ལག་རགས་པ། ཁྲོས་པའི་ཞལ་གདངས་ཤིང་ལྗགས་འདྲིལ་བ། སྤྱན་གསུམ་དམར་ལ་ཟླུམ་པ། སྨིན་མ་དང་སྨ་ར་དབུ་སྐྲ་གྱེན་དུ་འཁྱིལ་ཞིང་མེ་སྟག་གི་ཚྭ་ཚྭ་འཕྲོ་བ། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་ནམ་མཁའ་ལ་འཕྱར་ཞིང་། ཕྱག་གཡོན་སྡིགས་མཛུབ་ཀྱིས་དུག་སྦྲུལ་ཐུགས་ཀར་བཟུང་བའི་མགོ་བོ་ཞལ་དུ་གསོལ་བ། ཐོད་སྐམ་ལྔའི་དབུ་རྒྱན་སོགས་དུར་ཁྲོད་ཀྱི་ཆས་བརྒྱད་དང་སེང་གེའི་གོང་སླག་དར་སྔོན་པོའི་སྟོད་གཡོགས་ཅན། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་བཞེངས་པ་མི་བསྐྱོད་པའི་ཅོད་པན་ཅན། སྒེག་ཅིང་དཔའ་བའི་ཆ་བྱད་ཡོངས་སུ་རྫོགས་ཤིང་མེ་དཔུང་འབར་ཞིང་འཁྱིལ་བའི་ཀློང་ན་བཞུགས་པ། དེའི་སྤྱི་བོར་ཁྱུང་མཐིང་ག །དཔུང་པ་གཡས་སུ་ཁྱུང་དཀར་པོ། དཔུང་པ་གཡོན་དུ་ཁྱུང་སེར་པོ། པུས་མོ་གཡས་སུ་ཁྱུང་དམར་པོ། པུས་མོ་གཡོན་དུ་ཁྱུང་ལྗང་གུ་རྣམས་གནམ་ལྕགས་ཀྱི་མཆུ་སྡེར་ཅན་མེའི་གཤོག་པ་གཡབ་ཅིང་རྡེབ་པ་རྣམས་གསལ་བར་བསྒོམས་ལ་བདག་ཉིད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པར་བསམ་ལ། སྤྱན་འདྲེན་པ་ནི་རྡོར་དྲིལ་དང་བཅས་པས། ཧཱུྃ༔ ཀླུ་རྒྱལ་དབང་སྡུད་གཉེན་པོ་ཡེ་ཤེས་ལྷ༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ཀླུ་བདུད་སྦྲུལ་འཛིན་རྡོ་རྗེ་རྒྱལ་ཐབས་ཅན༔ རྡོ་རྗེ་རྩེ་བྲན་འབུམ་བརྒྱན་ཁྲོ་བོའི་རྗེ༔ རྡོ་རྗེ་ཀླུ་འཇོམས་ནག་པོ་གཤེགས་སུ་གསོལ༔ ཨོཾ་བཛྲ་པཱ་ཎི་ག་རུ་ཌཿཛཿཧཱུྃ་བཾ་ཧོ༔ ཞེས་སྤྱན་དྲང་། ཧཱུྃ༔ ཀླུ་གཉན་པདྨ་ཉི་ཟླའི་གདན་སྟེང་དུ༔ གསང་བདག་ཕྱག་ན་རྡོ་རྗེ་བཞུགས་སུ་གསོལ༔ འཁོར་ལོ་པདྨ་ལྔ་ཡི་གདན་སྟེང་དུ༔ མཁའ་ལྡིང་བྱ་ཁྱུང་ཀླུ་འདུལ་བཞུགས་སུ་གསོལ༔ བཛྲ་པཱ་ཎི་ག་རུ་ཌཿས་མ་ཡ་ཏིཥྛ་ལྷན༔ ཞེས་རང་དང་གཉིས་སུ་མེད་པར་བསམ། དེ་ནས་མཆོད་པ་འབུལ་བ་ནི། ཨོཾ་བཛྲ་པཱ་ཎི་ག་རུ་ཌཿས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པ་ནི། ཧཱུྃ༔ གདུག་པ་འདུལ་མཛད་རྡོ་རྗེ་ཅན་གྱི་སྐུ༔ མཐིང་ནག་འཇིགས་པ་རྡོ་རྗེའི་གར་སྟབས་ཅན༔ གདུག་པའི་ཀླུ་འདུལ་བྱ་ཁྱུང་རིགས་ལྔས་མཚན༔ གཉེན་པོར་གྱུར་པའི་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་པ་བྱ། དེ་ནས་བཟླས་པ་བྱ་བ་ནི། རང་གི་སྙིང་ཁར་ཉི་མ་ལ་གནས་པའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་སྔོན་པོ། དེའི་མཐར། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་པས་བསྐོར་བར་དམིགས་ནས་སྤྲོ་བསྡུའི་དམིགས་པ་རྒྱ་ཆེན་པོ་དང་བཅས་ནས་སྔགས་བརྒྱ་སྟོང་ཅི་ནུས་སུ་བཟླ་བ་ནི་བདག་བསྐྱེད་ཡིན་ནོ། །དེ་ནས་བུམ་བསྐྱེད་ནི། དྲེགས་འདུལ་ནང་སྒྲུབ་ཀྱི་ལས་ཚོགས་བུམ་པའི་ཆོ་ག་ལས། རིན་པོ་ཆེ་ཡི་བུམ་པའི་ནང༔ ཆུ་གཙང་སྨན་སྣ་ཚོགས་ཚད་བླུག༔ ཁ་རྒྱན་མགུལ་ཆིངས་རྒྱན་རྣམས་བཀོད༔ ཅེས་པའི་བཤམས་ཚུལ་གོང་དུ་སོང་ནས། བུམ་བསྐྱེད་ནི། དེ་ནས་བུམ་པ་བསྐྱེད་བྱ་སྟེ༔ སྭ་བྷཱ་ཝ་ཡིས་སྟོང་པར་སྦྱང༔ བྷྲཱུྃ་ལས་རིན་ཆེན་གཞལ་ཡས་ཁང༔ དེ་དབུས་ཧཱུྃ་ལས་གཏུམ་པོ་བསྐྱེད༔ ཡེ་ཤེས་སེམས་དཔའ་དགུག་ཅིང་བསྟིམ༔ ཞེས་གསུངས་པས། སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཉི་མའི་གདན་ལ་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ། ཕྱི་བུམ་པའི་མཚན་ཉིད་ཡོངས་སུ་རྫོགས་ཤིང་ནང་གཞལ་ཡས་ཁང་གི་རྣམ་པར་གནས་པའི་དབུས་སུ་པདྨ་ཉི་ཟླ་བརྩེགས་པའི་ཁར་གཟའ་བརྒྱད་ཀླུ་བརྒྱད་བསྣོལ་བའི་སྟེང་དུ་ཧཱུྃ་སྔོན་པོ་ལས། ཞེས་པ་ནས་བསྟོད་པའི་བར་བདག་བསྐྱེད་བཞིན་བྱ། བཟླས་པ་བྱ་བ་ནི། བུམ་པའི་ལས་ཚོགས་ལས། སྙིང་ཁའི་ས་བོན་སྔགས་ཀྱིས་བསྐོར༔ བདག་ཉིད་ཐུགས་ཀའི་ས་བོན་ལས༔ འོད་ཟེར་གཟུངས་ཐག་ལ་འཁྲིལ་ནས༔ བུམ་པའི་ལྷ་ཡི་ཐུགས་ཀར་ཐིམ༔ བུམ་པའི་ལྷ་ལས་འོད་འཕྲོས་པས༔ བདེ་གཤེགས་མཆོད་ནས་འོད་ཚུར་འདུས༔ བུམ་པའི་ནང་དུ་ཁྲོ་ཆུང་དང༔ ཁྱུང་དང་ཡེ་ཤེས་བདུད་རྩིར་བསམ༔ ཞེས་པའི་དོན་བཞིན་དམིགས་པའི་སྤྲོ་བསྡུ་དང་བཅས་ནས་གཟུངས་ཐག་ལ་འཇུས་ནས་རྩ་སྔགས། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ བརྒྱ་རྩ་སོགས་དང་། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཁཾ་ཧོ་ཤུདྡྷེ་ཤུདྡྷེ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཨེ་ཡཾ་རཾ་ཁཾ་ལཾ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ ཞེས་ཁྲུས་བདུན་གྱི་སྔགས་ཉེར་གཅིག་སོགས་བཟླས་པ་བྱས་ལ། ལས་ཚོགས་ལས། ཐུན་མཚམས་མཆོད་བསྟོད་གཏོར་མ་བསྔོ༔ ཞེས་པས་གོང་དུ་བཤམས་པའི་གསང་བདག་གི་འདས་གཏོར་རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། རྩ་སྔགས་ལ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་བདུན་ནམ་གསུམ་གྱིས་ཕུལ་བས། ལྗགས་རྡོ་རྗེའི་སྦུ་གུའི་འོད་ཀྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམ་ལ་ཕྲིན་ལས་གང་དགོས་བཅོལ། བུམ་ལྷར་དུང་ཆོས་ཀྱི་མཆོད་ཡོན་ཕུལ་ལ་བུམ་ལྷ་འོད་དུ་ཞུ་བ་བདུད་རྩིར་བསམ་མོ། །དེ་ནས་ཀླུ་གཟའི་གཟུགས་བསང་སྦྱང་། སྟོང་པའི་ངང་ལས། ཀླུ་ལ།་་་ཕུཿལས་གནོད་བྱེད་ཀྱི་དྲེགས་པ་ཀླུ་དེ་ཉིད་སྟོད་ལྷའི་ལུས་ལ་སྦྲུལ་མགོའི་གདེངས་ཀ་ཅན། སྨད་སྦྲུལ་མཇུག་ཏུ་འཁྱིལ་བ་དར་དང་རིན་པོ་ཆེས་བརྒྱན་པ་ཀླུ་བརྒྱད་གཉན་དགུ་སོགས་སོ་སོའི་གཟུགས་ཀྱི་རྣམ་པ་ཡོངས་སུ་རྫོགས་པ། གཟའ་ལ།་་་ཏྲིཿལས་གནོད་བྱེད་ཀྱི་དྲེགས་པ་གཟའ་རཱ་ཧུ་ལ་སྟོད་སྲིན་པོ་ཁྲོས་པའི་ལུས་ཅན་གདོང་གཅིག་གི་སྟེང་བྱ་རོག་གི་དབུ་མགྲིན་པ་ཡན་ཆད་སྤྱི་བོ་ནས་ཐོན་པ། ལུས་ཀུན་མིག་གིས་གང་ཞིང་འཇིགས་པའི་ཆ་བྱད་ཡོངས་སུ་རྫོགས་པ། འཁོར་གཟའ་བརྒྱད་གདོང་མོ་བཞི་དང་རྒྱུ་སྐར་ཉེར་བརྒྱད་སོ་སོའི་གཟུགས་ཀྱི་རྣམ་པ་ཡོངས་སུ་རྫོགས་པ། གཉིས་ཀ་ལ། སྡོང་ཟླ་སྡེ་བརྒྱད་ཀྱི་འཁོར་དང་བཅས་པའི་རྣམ་པར་གསལ་བར་གྱུར། དེ་ནས་རང་ཕྱག་རྡོར་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས་པས་གནོད་བྱེད་ཀྱི་གཙོ་བོ་ཀླུ་དང་གཟའ་ཡི་སྡེ་ཚོགས་རྣམས་རང་དབང་མེད་པར་བཀུག་ནས་གཟུགས་བརྙན་ལ་ཐིམ་པར་བསམ། རྡོར་དྲིལ་འཛིན་པས་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཏེ། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པའི་བཀའ༴ ཁྱད་པར་དུ་ཡང་གསང་སྔགས་དང་རིག་སྔགས་ཐམས་ཅད་འདུས་པའི་བདག་ཉིད་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པའི་མཐུས། ཞེས་བདེན་སྟོབས་སྔོན་དུ་འགྲོ་བས། གནོད་བྱེད་དྲེགས་པ་གཟའ་ཀླུ་སྡེ་བརྒྱད་སྡོང་ཟླ་སྣ་འདྲེན་རྒྱབ་རྟེན་འབྱུང་པོའི་ཚོགས་དང་བཅས་པ་ཨ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ལན་གསུམ་གྱིས་བསྟིམ། དེ་ནས་གླུད་གཟུགས་གཏོར་མ་དང་བཅས་པ་བསང་སྦྱང་། སྟོང་པའི་ངང་ལས་གླུད་གཟུགས་མཛེས་ཤིང་ཡིད་དུ་འོང་བ་འདོད་ཡོན་འཛད་པ་མེད་པའི་ལོངས་སྤྱོད་ཀྱི་དཀོར་ནོར་བསམ་གྱིས་མི་ཁྱབ་པ་དང་བཅས་པར་བསམ་ལ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབ། སམྦྷ་ར་ཚར་བདུན་སེ་གོལ་དང་བཅས་པས་མགྲོན་རྣམས་ལ་བསྔོས་པས་མཉེས་ཤིང་ཚིམས་ནས་གདུག་སེམས་ཞི་བར་བསམ་ལ། སྡིག་པ་ཅི་ཡང་མི་བྱ་ཞིང་། །ཞེས་ཆོས་སྦྱིན་ཡང་བྱའོ། །དེ་ནས་གདོན་འགྲོལ་དུག་སྦྱོང་བྱ་བ་དངོས་ནི། གང་ལ་བྱེད་རྒྱུའི་ནད་པ་དེ་བོས་ལ་དེའི་མདུན་དུ་རས་ཀྱི་ཁར་ཀླུ་དང་གཟའི་གཟུགས་ནད་པ་ལ་ཁ་ཕྱོགས་པ་དང་། གླུད་ཀྱང་ཀླུ་གཟའི་གཟུགས་ལ་གདོང་བསྟན་ནས་སྒྲིག །ནད་པའི་རྐང་པ་དང་གླུད་ཀྱི་བར་དྲི་ལམ་དར་རས་ནག་པོ་འམ་སྐུད་པ་ནག་པོས་སྦྲེལ་ལ། དང་པོ་ཕྲིན་ལས་བཅོལ་བ་ནི། འདི་ལྟར་བྱ། <!TCC Tibetan character 4,97 undefined in unicode!> སློབ་དཔོན་གསང་བའི་བདག་པོ་ཕྱག་ན་རྡོ་རྗེར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་སྤྲུལ་པའི་ཁྲོ་རྒྱལ་བཅུས་བསྐོར་བ་སྤྲིན་ཕུང་གཏིབས་པ་བཞིན་མདུན་གྱི་ནམ་མཁར་བྱོན་པར་གྱུར། ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་བྱོན་རྡོ་རྗེ་འཆང༔ ཤར་གྱི་ཕྱོགས་ནས་ཕྱོགས་སྐྱོང་ནི༔ ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ༔ སྐུ་མདོག་དཀར་པོ་འགྱིང་བག་ཅན༔ ཕྱག་ན་རང་རྟགས་རྡོ་རྗེ་གསོར༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་རྫོགས་ཕྱིར་དུ༔ གདོན་རྣམས་མ་ལུས་བསྲུང་བ་དང༔ བྱད་རྣམས་མ་ལུས་འགྲོལ་བ་དང༔ དུག་རྣམས་མ་ལུས་ཕྱུང་བ་དང༔ ནད་རྣམས་མ་ལུས་ཕན་བྱེད་ཅིང༔ སྒྲུབ་པའི་འབྲས་བུ་མཆིས་པར་མཛོད༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་ཕྱོགས་སྐྱོང་ནི༔ ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད༔ སྐུ་མདོག་སེར་པོ་བཞད་ཚུལ་ཅན༔ ཕྱག་ན་རང་རྟགས་རིན་ཆེན་འཛིན༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་རྫོགས་ཕྱིར་དུ༔ གདོན་རྣམས་མ་ལུས་བསྲུང་བ་དང༔ བྱད་རྣམས་མ་ལུས་འགྲོལ་བ་དང༔ དུག་རྣམས་མ་ལུས་ཕྱུང་བ་དང༔ ནད་རྣམས་མ་ལུས་ཕན་བྱེད་ཅིང༔ སྒྲུབ་པའི་འབྲས་བུ་མཆིས་པར་མཛོད༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་ཕྱོགས་སྐྱོང་ནི༔ ཁྲོ་བོ་ཆེན་པོ་རྟ་མཆོག་དཔལ༔ སྐུ་མདོག་དམར་པོ་འོད་ཟེར་འཕྲོ༔ ཕྱག་ན་རང་རྟགས་པདྨ་འཛིན༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་རྫོགས་ཕྱིར་དུ༔ གདོན་རྣམས་མ་ལུས་བསྲུང་བ་དང༔ བྱད་རྣམས་མ་ལུས་འགྲོལ་བ་དང༔ དུག་རྣམས་མ་ལུས་ཕྱུང་བ་དང༔ ནད་རྣམས་མ་ལུས་ཕན་བྱེད་ཅིང༔ སྒྲུབ་པའི་འབྲས་བུ་མཆིས་པར་མཛོད༔ ཧཱུྃ༔ བྱང་གི་ཕྱོགས་ནས་ཕྱོགས་སྐྱོང་ནི༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ སྐུ་མདོག་ལྗང་གུ་གཏུམ་ལ་རྔམ༔ ཕྱག་ན་རང་རྟགས་རལ་གྲི་བསྣམས༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་རྫོགས་ཕྱིར་དུ༔ གདོན་རྣམས་མ་ལུས་བསྲུང་བ་དང༔ བྱད་རྣམས་མ་ལུས་འགྲོལ་བ་དང༔ དུག་རྣམས་མ་ལུས་ཕྱུང་བ་དང༔ ནད་རྣམས་མ་ལུས་ཕན་བྱེད་ཅིང༔ སྒྲུབ་པའི་འབྲས་བུ་མཆིས་པར་མཛོད༔ ཧཱུྃ༔ སྟེང་འོག་མཚམས་ཀྱི་ཕྱོགས་སྐྱོང་དྲུག༔ དབྱུག་སྔོན་་་མེ་དབྱུག་མཐིང་།མི་གཡོ་་་རལ་ཞགས་ལྗང་།འདོད་པའི་རྒྱལ༔་་བྷནྡ་རྔ་ཡབ་ལྗང་། རྣམ་རྒྱལ་་་འཁོར་ལོ་བེ་ཅོན་དཀར།ཧཱུྃ་ཀཱར་་་རྡོར་ཐོད་མཐིང་།སྟོབས་པོ་ཆེ༔་་་ལྕགས་ཀྱུ་དུང་དམར་དུད་ཁ། རང་རང་སྐུ་མདོག་ཕྱག་མཚན་བསྣམས༔ རྣལ་འབྱོར་ཕྲིན་ལས་བཅོལ་བ་ནི༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་རྫོགས་ཕྱིར་དུ༔ གདོན་རྣམས་མ་ལུས་བསྲུང་བ་དང༔ བྱད་རྣམས་མ་ལུས་འགྲོལ་བ་དང༔ དུག་རྣམས་མ་ལུས་ཕྱུང་བ་དང༔ ནད་རྣམས་མ་ལུས་ཕན་བྱེད་ཅིང༔ སྒྲུབ་པའི་འབྲས་བུ་མཆིས་པར་མཛོད༔ ཅེས་པའི་བར་སོང་ནས། གཉིས་པ་བཀྲུ་བ་ནི། དེ་ལྟར་ཁྲོ་བོ་རྣམས་སྤྱན་དྲངས་ཤིང་འདོད་པའི་དོན་ལ་གསོལ་བ་བཏབ་པས་དེ་རྣམས་ཀྱིས་ནད་གདོན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་སེལ་བའི་ཕྲིན་ལས་མཛད་ཅིང་། སློབ་དཔོན་གསང་བའི་བདག་པོའི་ཕྱག་གི་བུམ་པ་ལས་བདུད་རྩིའི་རྒྱུན་ནར་གྱིས་བབས་པས། ཁྱེད་རང་གི་ལུས་ལ་གནས་པའི་གནོད་བྱེད་ཀྱི་དུག་རླངས་ངན་པའི་བྱད་གདོན་ཐམས་ཅད་སྦལ་སྦྲུལ་སྡོམ་སྡིག་རྟ་བླ་ལ་སོགས་ཏེ་སྲོག་ཆགས་ཀྱི་རྣམ་པར། སྦུར་མ་རླུང་གིས་དེད་པ་ལྟར་དྲི་ལམ་ནས་བརྒྱུད་ནས་གདོན་གཟུགས་ལ་ཐིམ་ཞིང་། ནད་ཐམས་ཅད་ཀྱང་རྣག་ཁྲག་ལ་སོགས་པའི་རྣམ་པར་དྲི་ལམ་ལས་བརྒྱུད་དེ་གླུད་ལ་ཐིམ་པར་མོས་པ་ནད་པ་དང་སློབ་དཔོན་གཉིས་ཀས་བྱས་ལ་བུམ་ཆུས་བཀྲུ་ཞིང་ཁྲུས་གསོལ་བ་ནི་འདི་སྐད་དོ། །ཧཱུྃ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ བྱེད་པ་སེམས་ཅན་ཀུན་དོན་བྱེད༔ ཕྱི་ནི་བུམ་པའི་རྣམ་པ་ལ༔ ནང་ནི་གསང་བདག་ཆུ་ཡིས་བཀང༔ སྐལ་ལྡན་བུ་ཡི་ལུས་བཀྲུས་པས༔ ནད་གདོན་སྡིག་སྒྲིབ་ཞི་གྱུར་ཅིག༔ ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཁཾ་ཧོ་ཤུདྡྷེ་ཤུདྡྷེ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཨེ་ཡཾ་རཾ་ཁཾ་ལཾ་ཤུདྡྷེ་ཤུདྡྷེ་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ བུམ་པ་ཤེལ་བུམ་དྲི་མེད་ཟླུམ༔ མེ་ལོང་ཡེ་ཤེས་ཆུ་ཡིས་བཀང༔ སྐལ་ལྡན་བུ་ཡི་ལུས་བཀྲུས་པས༔ ཞེ་སྡང་དེ་ལས་བཤོས་པ་ཡི༔ ནད་གདོན་སྡིག་སྒྲིབ་ཞི་གྱུར་ཅིག༔ ཨོཾ་ཨེ་ཧོ་ཤུདྡྷེ་སོགས་འགྲེ །བུམ་པ་གསེར་བུམ་དྲི་མེད་ཟླུམ༔ མཉམ་ཉིད་ཡེ་ཤེས་ཆུ་ཡིས་བཀང༔ སྐལ་ལྡན་བུ་ཡི་ལུས་བཀྲུས་པས༔ ང་རྒྱལ་དེ་ལས་བཤོས་པ་ཡི༔ ནད་གདོན་སྡིག་སྒྲིབ་ཞི་གྱུར་ཅིག༔ ཨོཾ་ཨེ་ཧོ་ཤུདྡྷེ་སོགས། བུམ་པ་པདྨ་རཱ་གའི་ནང༔ སོར་རྟོག་ཡེ་ཤེས་ཆུ་ཡིས་བཀང༔ སྐལ་ལྡན་བུ་ཡི་ལུས་བཀྲུས་པས༔ འདོད་ཆགས་དེ་ལས་བཤོས་པ་ཡི༔ ནད་གདོན་སྡིག་སྒྲིབ་ཞི་གྱུར་ཅིག༔ ཨོཾ་ཨེ་ཧོ་ཤུདྡྷེ་སོགས། བུམ་པ་ཨིནྡྲ་ནཱི་ལ་ཟླུམ༔ བྱ་གྲུབ་ཡེ་ཤེས་ཆུ་ཡིས་བཀང༔ སྐལ་ལྡན་བུ་ཡི་ལུས་བཀྲུས་པས༔ ཕྲག་དོག་དེ་ལས་བཤོས་པ་ཡི༔ ནད་གདོན་སྡིག་སྒྲིབ་ཞི་གྱུར་ཅིག༔ ཨོཾ་ཨེ་ཧོ་ཤུདྡྷེ་སོགས། བུམ་པ་མཐིང་ཁ་དྲི་མེད་ཟླུམ༔ ཆོས་དབྱིངས་ཡེ་ཤེས་ཆུས་ཡིས་བཀང༔ སྐལ་ལྡན་བུ་ཡིས་ལུས་བཀྲུས་པས༔ གཏི་མུག་དེ་ལས་བཤོས་པ་ཡི༔ ནད་གདོན་སྡིག་སྒྲིབ་ཞི་གྱུར་ཅིག༔ ཨོཾ་ཨེ་ཧོ་ཤུདྡྷེ་སོགས། བུམ་པ་རིན་ཆེན་གཞལ་ཡས་ཁང༔ ཕ་རོལ་ཕྱིན་དྲུག་ཆུ་ཡིས་བཀང༔ སྐལ་ལྡན་བུ་ཡིས་ལུས་བཀྲུས་པས༔ རྒྱུད་དྲུག་བག་ཆགས་རྟེན་བྱེད་ཅིང༔ ནད་གདོན་སྡིག་སྒྲིབ་ཞི་གྱུར་ཅིག༔ ཨོཾ་ཨེ་ཧོ་ཤུདྡྷེ་སོགས། ཞེས་པའི་བར་གྱིས་བཀྲུ་འོ། །གསུམ་པ་བྱབ་པ་ནི། སློབ་དཔོན་གྱི་ལག་གཡས་སུ་རྡོ་རྗེ་དང་རྨ་བྱའི་མདོངས་ཐོགས་པའི། མདོངས་ཀྱི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡེ་ཤེས་ལྔའི་རང་བཞིན་ཧཱུྃ་ཡིག་མཐིང་ག་འོད་ཟེར་འབར་བ། དེ་ལས་འོད་ཟེར་འཕྲོས་པས་ནད་གདོན་ཐམས་ཅད་སྦུར་མ་རླུང་གིས་དེད་པ་ལྟར་ནག་ཉིལ་གྱི་ཕྱགས་པ་དྲི་ལམ་ནས་བརྒྱུད་ནས་གདོན་གཟུགས་དང་གླུད་ལ་ཐིམ་པར་བསམ་ཞིང་བྱབ། ཧཱུྃ༔ གངས་རི་དཀར་པོའི་ཤར་ཕྱོགས་ནས༔ རྗེ་རིགས་ཀླུ་ཡི་ཚོགས་རྣམས་དང༔ ཕུར་བུ་ཤིང་གཟའ་ཉིད་ཡིན་ཏེ༔ རེངས་ཤིང་འཁུམ་པའི་ནད་གཏོང་བས༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ མཐོང་བའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ རེག་པའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ ཁ་རླངས་དུག་རྣམས་ཕྱིར༴ བསམ་སྦྱོར་ངན་པའི་དུག་རྣམས་ཕྱིར༴ དོ་ནུབ་དུག་རྣམས་མི་ཕྱུང་ན༔ དོ་ནུབ་བྱད་འདི་མི་འགྲོལ་ན༔ དོ་ནུབ་མི་འདི་མི་གཏོང་ན༔ དོ་ནུབ་ནད་འདིར་མི་ཕན་ན༔ ཕྱག་ན་རྡོ་རྗེའི་བཀའ་བྱུང་བས༔ ཁྱོད་རྣམས་སྲོག་སྙིང་གཅོད་པར་བྱེད༔ དེ་བས་བཀའ་ལས་མ་འདའ་བར༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ མཐོང་བའི་དུག་རྣམས་ཕྱིར༴ རེག་པའི་དུག་རྣམས་ཕྱིར༴ ཁ་རླངས་དུག་རྣམས་ཕྱིར༴ བསམ་སྦྱོར་ངན་པའི་དུག་རྣམས་ཕྱིར༴ མཛེ་དང་འབྲས་དང་ཕོལ་མིག་དང༔ སྐྲངས་པ་ཤུ་ཐོར་གཉན་གཟེར་དང༔ རྒྱུ་གཟེར་བཤལ་ནད་རེངས་པ་དང༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ ནཱ་ག་ཤིག་ཤིག༔ ནཱ་ག་ཁྲོལ་ཁྲོལ༔ ནཱ་ག་རྦུད་རྦུད༔ ས་བདག་དྲེགས་པ་གཟའ་ཀླུ་དང་སྡེ་བརྒྱད་ཀྱི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ གཤའ་མ་བདེ་བའི་བྱང་ཕྱོགས་ནས༔ གདོལ་པ་ཀླུ་ཡི་ཚོགས་རྣམས་དང༔ ཟླ་བ་ལྷག་པ་ཆུ་གཟའ་སྟེ༔ འཁྲུ་ཞིང་སྐྱུག་པའི་ནད་གཏོང་བས༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ མཐོང་བའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ རེག་པའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ ཁ་རླངས་དུག་རྣམས་ཕྱིར༴ བསམ་སྦྱོར་ངན་པའི་དུག་རྣམས་ཕྱིར༴ དོ་ནུབ་དུག་རྣམས་མི་ཕྱུང་ན༔ དོ་ནུབ་བྱད་འདི་མི་འགྲོལ་ན༔ དོ་ནུབ་མི་འདི་མི་གཏོང་ན༔ དོ་ནུབ་ནད་འདིར་མི་ཕན་ན༔ ཕྱག་ན་རྡོ་རྗེའི་བཀའ་བྱུང་བས༔ ཁྱོད་རྣམས་སྲོག་སྙིང་གཅོད་པར་བྱེད༔ དེ་བས་བཀའ་ལས་མ་འདའ་བར༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ མཐོང་བའི་དུག་རྣམས་ཕྱིར༴ རེག་པའི་དུག་རྣམས་ཕྱིར༴ ཁ་རླངས་དུག་རྣམས་ཕྱིར༴ བསམ་སྦྱོར་ངན་པའི་དུག་རྣམས་ཕྱིར༴ མཛེ་དང་འབྲས་དང་ཕོལ་མིག་དང༔ སྐྲངས་པ་ཤུ་ཐོར་གཉན་གཟེར་དང༔ རྒྱུ་གཟེར་བཤལ་ནད་རེངས་པ་དང༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ ནཱ་ག་ཤིག་ཤིག༔ ནཱ་ག་ཁྲོལ་ཁྲོལ༔ ནཱ་ག་རྦུད་རྦུད༔ ས་བདག་དྲེགས་པ་གཟའ་ཀླུ་དང་སྡེ་བརྒྱད་ཀྱི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ མཚམས་བཞི་གདོལ་པའི་གླིང་བཞི་ནས༔ དགའ་བོ་འཇོག་པོ་ཉེ་དགའ་བོ༔ པདྨ་དུང་སྐྱོང་ནོར་རྒྱས་དང༔ མཐའ་ཡས་རིགས་ལྡན་ཝ་རུ་ཎ༔ སྤེན་པ་རཱ་ཧུ་ས་གཟའ་སྟེ༔ ལྕི་ཞིང་འཐིབས་པའི་ནད་གཏོང་བས༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ མཐོང་བའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ རེག་པའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ ཁ་རླངས་དུག་རྣམས་ཕྱིར༴ བསམ་སྦྱོར་ངན་པའི་དུག་རྣམས་ཕྱིར༴ དོ་ནུབ་དུག་རྣམས་མི་ཕྱུང་ན༔ དོ་ནུབ་བྱད་འདི་མི་འགྲོལ་ན༔ དོ་ནུབ་མི་འདི་མི་གཏོང་ན༔ དོ་ནུབ་ནད་འདིར་མི་ཕན་ན༔ ཕྱག་ན་རྡོ་རྗེའི་བཀའ་བྱུང་བས༔ ཁྱོད་རྣམས་སྲོག་སྙིང་གཅོད་པར་བྱེད༔ དེ་བས་བཀའ་ལས་མ་འདའ་བར༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ མཐོང་བའི་དུག་རྣམས་ཕྱིར༴ རེག་པའི་དུག་རྣམས་ཕྱིར༴ ཁ་རླངས་དུག་རྣམས་ཕྱིར༴ བསམ་སྦྱོར་ངན་པའི་དུག་རྣམས་ཕྱིར༴ མཛེ་དང་འབྲས་དང་ཕོལ་མིག་དང༔ སྐྲངས་པ་ཤུ་ཐོར་གཉན་གཟེར་དང༔ རྒྱུ་གཟེར་བཤལ་ནད་རེངས་པ་དང༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ ནཱ་ག་ཤིག་ཤིག༔ ནཱ་ག་ཁྲོལ་ཁྲོལ༔ ནཱ་ག་རྦུད་རྦུད༔ ས་བདག་དྲེགས་པ་གཟའ་ཀླུ་དང་སྡེ་བརྒྱད་ཀྱི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྟེང་ལྷའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ འོག་ཀླུའི་དུག་རྣམས་ཕྱིར༴ གཟའི་དུག་རྣམས་ཕྱིར༴ དམུའི་དུག་རྣམས་ཕྱིར༴ བཙན་གྱི་དུག་རྣམས་ཕྱིར༴ མ་མོའི་དུག་རྣམས་ཕྱིར༴ གནོད་སྦྱིན་གྱི་དུག་རྣམས༴ བདུད་ཀྱི་དུག་རྣམས༴ ཡ་བདུད་ཀྱི་དུག་རྣམས༴ མ་བདུད་ཀྱི་དུག་རྣམས༴ རྒྱལ་པོའི་དུག་རྣམས༴ དཀོར་བདག་གི་དུག་རྣམས༴ འགོང་པོའི་དུག་རྣམས༴ ཐེ་བྲང་གི་དུག་རྣམས༴ གཉན་གྱི་དུག་རྣམས༴ སྲིན་པོའི་དུག་རྣམས༴ འབྱུང་པོའི་དུག་རྣམས༴ དམ་སྲིའི་དུག་རྣམས༴ གཤིན་རྗེའི་དུག་རྣམས༴ ཀླུ་རྗེ་རིགས་ཀྱི་དུག་རྣམས༴ དམངས་རིགས་ཀྱི་དུག་རྣམས༴ གདོལ་པའི་དུག་རྣམས༴ དགའ་བོའི་དུག་རྣམས༴ ཉེ་དགའ་བོའི་དུག་རྣམས༴ མཐའ་ཡས་ཀྱི་དུག་རྣམས༴ པདྨའི་དུག་རྣམས༴ དུང་སྐྱོང་གི་དུག་རྣམས༴ ནོར་རྒྱས་ཀྱི་དུག་རྣམས༴ རིགས་ལྡན་གྱི་དུག་རྣམས༴ ཝ་རུ་ཎའི་དུག་རྣམས༴ ས་བདག་ས་སྲིན་གྱི་དུག་རྣམས༴ འབྱུང་བ་སའི་དུག་རྣམས༴ འབྱུང་བ་ཆུའི་དུག་རྣམས༴ འབྱུང་བ་མེའི་དུག་རྣམས༴ འབྱུང་བ་རླུང་གི་དུག་རྣམས༴ འབྱུང་བ་ནམ་མཁའི་དུག་རྣམས༴ དེ་དག་རྣམས་ཀྱིས་མཐོང་བའི་དུག་རྣམས༴ རེག་པའི་དུག་རྣམས༴ ཁ་རླངས་ཀྱི་དུག་རྣམས༴ བསམ་སྦྱོར་ངན་པའི་དུག་རྣམས༴ དོ་ནུབ་དུག་རྣམས་མི་ཕྱུང་ན༔ དོ་ནུབ་བྱད་འདི་མི་འགྲོལ་ན༔ དོ་ནུབ་ནད་རྣམས་མི་ཕན་ན༔ དོ་ནུབ་མི་འདི་མི་གཏོང་ན༔ གསང་བདག་ཕྱག་ན་རྡོ་རྗེ་དང༔ མཁའ་ལྡིང་རྒྱལ་པོ་ག་རུ་ཊ༔ རྡོ་རྗེ་འཇིག་བྱེད་ཆེན་པོ་སོགས༔ དེ་དག་ཐམས་ཅད་ཐུགས་ཁྲོས་ནས༔ ཁྱོད་རྣམས་སྲོག་སྙིང་གཅོད་པར་བྱེད༔ དེ་བས་བཀའ་ལས་མ་འདའ་བར༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ གཟའ་ཉི་མའི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིག༔ གཟའ་ཟླ་བའི་དུག་ཐམས་ཅད་ཕྱིར༴ གཟའ་མིག་དམར་གྱི་དུག་ཐམས་ཅད་ཕྱིར༴ གཟའ་ལྷག་པའི་དུག་ཐམས་ཅད་ཕྱིར༴ གཟའ་ཕུར་བུའི་དུག་ཐམས་ཅད་ཕྱིར༴ གཟའ་པ་སངས་ཀྱི་དུག་ཐམས་ཅད་ཕྱིར༴ གཟའ་སྤེན་པའི་དུག་ཐམས་ཅད་ཕྱིར༴ གཟའ་རཱ་ཧུ་ལའི་དུག་ཐམས་ཅད་ཕྱིར༴ གདོང་མོ་མཆེད་བཞིའི་དུག་ཐམས་ཅད་ཕྱིར༴ སྐར་ཆེན་ཕོད་དཀར་གྱི་དུག་ཐམས་ཅད་ཕྱིར༴ དུ་བ་མཇུག་རིང་གི་དུག་ཐམས་ཅད་ཕྱིར༴ སྒྲ་གཅན་འཛིན་གྱི་དུག་ཐམས་ཅད་ཕྱིར༴ མ་རུ་ཙེའི་དུག་ཐམས་ཅད་ཕྱིར༴ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་དུག་ཐམས་ཅད་ཕྱིར༴ འཁོར་གྱི་ལྷ་སྲིན་སྡེ་བརྒྱད་ཀྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིག༔ ཅེས་པའི་བར་གྱིས་བྱབས་ནས་དྲི་ལམ་གླུད་ལ་དཀྲི་འོ། །དེ་ནས་སྟེང་གདོན་གཟའི་དུག་ཐམས་ཅད་གདོན་གཟུགས་ཀྱི་སྦྲུལ་མཇུག་གི་རྩེ་མོས་བླངས་ཏེ་ལུས་ཀྱི་ནང་བརྒྱུད་བྱ་རོག་གི་ཞལ་ནས་སྤྲིན་དང་ཁུ་རླངས་ཀྱི་རྣམ་པར་ནམ་མཁའ་ལ་ཡལ་བར་བསམ་ལ། རྨ་བྱའི་མདོངས་བླ་གབ་མེད་པའི་ནམ་མཁའ་ལ་འཕྱར་ཞིང་། གཟའ་ཉི་མ་ནམ་མཁའ་ལ་པྲ་ཤ་ར་ར་སྭཱ་ཧཱ༔ གཟའ་ཟླ་བ་ནམ་མཁའ་ལ་པྲ་ཤ་ར་ར་སྭཱ་ཧཱ༔ གཟའ་མིག་དམར་ནམ་མཁའ་ལ༴ གཟའ་ལྷག་པ་ནམ་མཁའ་ལ༴ གཟའ་ཕུར་བུ་ནམ་མཁའ་ལ༴ གཟའ་པ་སངས་ནམ་མཁའ་ལ༴ གཟའ་སྤེན་པ་ནམ་མཁའ་ལ༴ གཟའ་རཱ་ཧུ་ལ་ནམ་མཁའ་ལ༴ གདོང་མོ་མཆེད་བཞི་ནམ་མཁའ་ལ༴ སྐར་ཆེན་ཕོད་དཀར་ནམ་མཁའ་ལ༴ དུ་བ་མཇུག་རིང་ནམ་མཁའ་ལ༴ སྒྲ་གཅན་འཛིན་ནམ་མཁའ་ལ༴ མ་རུ་ཙེ་ནམ་མཁའ་ལ༴ རྒྱུ་སྐར་ཉེར་བརྒྱད་ནམ་མཁའ་ལ༴ འཁོར་གྱི་ལྷ་སྲིན་སྡེ་བརྒྱད་ནམ་མཁའ་ལ་པྲ་ཤ་ར་ར་སྭཱ་ཧཱ༔ དུག་ཐམས་ཅད་ནམ་མཁའི་དཀྱིལ་དུ་འདུས་ཤིང་ཡལ་བར་གྱུར༔ ཅེས་པའི་བར་བརྗོད། བཞི་པ་གནད་ལ་དབབ་པ་ནི། སློབ་དཔོན་གསང་བདག་ཕྱག་ན་རྡོ་རྗེ་གཏུམ་པོ་དྲག་པོ་ཤིན་ཏུ་ཁྲོས་པ་འཇིགས་གཟུགས་ཀྱི་རྣམ་པར་བཞེངས་པས། མདུན་གྱི་གཟའ་ཀླུ་མཐུ་བོ་ཆེ་སྲིད་གསུམ་འབྱུང་པོའི་ཚོགས་དང་བཅས་པ་རྣམས་ལ་བཀའ་བསྒོས་པ་ཙམ་གྱིས། འཇིགས་ཤིང་ཞུམས་པས་ཇི་ལྟར་བསྒོས་པ་བཞིན་དང་དུ་བླངས་ཏེ་བཅོལ་བའི་ནོར་བདག་པོས་སླར་ལེན་པ་བཞིན་དུ། དུག་དང་ནད་ཐམས་ཅད་བླངས་ཏེ་ཕྱིན་ཆད་མི་གནོད་པར་དམ་བཅས་པའི་མོས་པ་མཛོད། རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་ལ་ལྟ་སྟངས་དྲག་པོ་དང་བཅས། ཧཱུྃ༔ སྟེང་གདོན་གཟའ་དང་འོག་གདོན་ཀླུ༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ ཕྱག་ན་རྡོ་རྗེའི་བཀའ་ལས་འདའ་མ་བྱེད༔ གལ་ཏེ་བཀའ་ལས་འདའ་སྲིད་ན༔ རྡོ་རྗེ་གསོར་བའི་རྭ་ལ་བསྐྱོན༔ ཕུར་པ་བསྒྲིལ་བའི་དབལ་ལ་བསྐྱོན༔ གྲི་གུག་རྣོན་པོའི་རྩེ་ལ་བསྐྱོན༔ རལ་གྲི་ངར་མའི་སོ་ལ་བསྐྱོན༔ འཁོར་ལོ་འབར་བའི་རྩིབས་ལ་བསྐྱོན༔ མེ་འོབས་ཆེན་པོའི་ནང་དུ་བསྐྱུར༔ དུག་ཆུ་ཁོལ་མའི་ནང་དུ་བསྐྱུར༔ ཁྲོ་ཆུ་ཁོལ་མའི་ནང་དུ་བཙོ༔ རི་རབ་ཆེན་པོའི་རྨང་འོག་མནན༔ ཆུ་སྲིན་གདུག་པའི་མགྲིན་པར་བརྫང༔ མགོ་ཡང་ཚལ་པ་བརྒྱར་འགས་ཤིང༔ ལུས་ཀྱང་དུམ་བུ་སྟོང་དུ་འགྲོ༔ སྙིང་ཡང་ཚལ་པ་གཉིས་སུ་འགས༔ ལུས་སེམས་ཐལ་བའི་རྡུལ་དུ་རློག༔ དེ་བས་བཀའ་ལས་མ་འདའ་བར༔ རྒྱུ་འབྲས་ཆོས་བཤད་འདི་ལ་ཉོན༔ ས་བོན་མངར་བ་བཏབ་གྱུར་ན༔ འབྲས་བུ་མངར་བ་དག་ཏུ་འགྱུར༔ ས་བོན་ཁ་བ་བཏབ་གྱུར་ན༔ འབྲས་བུ་ཁ་བ་ཉིད་དུ་སྨིན༔ ལེགས་པའི་འབྲས་བུ་བདེ་བ་སྟེ༔ ཉེས་པའི་འབྲས་བུ་སྡུག་བསྔལ་མྱོང༔ སེམས་ཅན་ཀུན་ལ་གནོད་འཚེ་ན༔ དེ་ཡི་རྣམ་པར་སྨིན་པ་ཡིས༔ འཁོར་བ་ངན་སོང་གསུམ་དུ་ལྷུང༔ སེམས་ཅན་ཀུན་ལ་ཕན་པ་ན༔ དེ་ཡི་དགེ་བའི་རྩ་བ་ཡིས༔ མཐོ་རིས་ཐར་པ་ཐོབ་པར་འགྱུར༔ རང་གི་ལུས་ལ་དཔེ་ལོངས་ལ༔ གཞན་ལ་གནོད་པ་མ་བྱེད་ཅིག༔ ཞི་བ་བྱང་ཆུབ་སེམས་བསྒོམས་ནས༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་གློད་ལ་མནན་པ་ཐེགས༔ ཆག་ཆེ་ཉམ་ང་ཞི་བར་མཛོད༔ ཇི་ལྟར་བྱས་ཀྱང་མི་ཉན་ན༔ ཁྱོད་རྣམས་ཤི་ས་བསྟན་པ་ནི༔ དཔྱིད་ཟླ་གསུམ་ལ་ས་ཡང་འཆི༔ འབྱུང་བ་ས་ལ་ཤི་བའི་དཔེ་མེད་དེ༔ ཁྱོད་རྣམས་ཤ་ནི་ས་ཡི་ཁམས༔ དབྱེར་མེད་གཅིག་པའི་རང་བཞིན་ལ༔ ཁྱོད་རྣམས་ཤི་བའི་ཉེན་དུ་ཆེ༔ འཆི་བའི་ཉེན་དུ་མ་བསྡོ་བར༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ དབྱར་ཟླ་གསུམ་ལ་ནམ་མཁའ་འཆི༔ འབྱུང་བ་ནམ་མཁའ་ཤི་བའི་དཔེ་མེད་དེ༔ ཁྱོད་རྣམས་སེམས་དང་ནམ་མཁའི་ཁམས༔ དབྱེར་མེད་གཅིག་གི་རང་བཞིན་ཏེ༔ ཁྱོད་རྣམས་འཆི་བའི་ཉེན་དུ་ཆེ༔ འཆི་བའི་ཉེན་དང་མ་བསྡོ་བར༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ སྟོན་ཟླ་གསུམ་ལ་ཤིང་ཡང་འཆི༔ འབྱུང་བ་ཤིང་ལ་ཤི་བའི་དཔེ་མེད་དེ༔ ཁྱོད་རྣམས་རྩ་རྒྱུས་ཤིང་གི་ཁམས༔ དབྱེར་མེད་གཅིག་གི་རང་བཞིན་ཏེ༔ ཁྱོད་རྣམས་འཆི་བའི་ཉེན་དུ་ཆེ༔ འཆི་བའི་ཉེན་དང་མ་བསྡོ་བར༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ དགུན་ཟླ་གསུམ་ལ་ཆུ་ཡང་འཆི༔ འབྱུང་བ་ཆུ་ལ་ཤི་བའི་དཔེ་མེད་དེ༔ ཁྱོད་རྣམས་ཁྲག་དང་ཆུ་ཡི་ཁམས༔ དབྱེར་མེད་གཅིག་གི་རང་བཞིན་ཏེ༔ ཁྱོད་རྣམས་འཆི་བའི་ཉེན་དུ་ཆེ༔ འཆི་བའི་ཉེན་དང་མ་བསྡོ་བར༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ ཅེས་པའི་བར་རྫོགས་པར་བརྗོད་ཅིང་། ཕྱིར་ཕྱུངས་ཤིག་ཅེས་པའི་ཚེ་དར་དཀར་པོས་ནད་པའི་ལུས་འཕྱི་བའི་ཚུལ་ཀྱང་བྱེད་སྲོལ་འདུག་ཅིང་མ་བྱས་ཀྱང་མི་འགལ། ལྔ་པ་འབྱུང་བའི་དུག་བསྡུ་བ་ནི། ཤིང་གིས་བྱབས་ཤིང་། འབྱུང་བ་ཤིང་གི་དུག་ཁྱེད་རང་གི་རྩ་རྒྱུས་ལ་ཞུགས་པས་རེངས་ཤིང་འཁུམས་པའི་ནད་ཐམས་ཅད་ཤིང་སྣའི་ཕོན་པོ་འདི་ཉིད་ལ་ཐིམ་པའི་མོས་པ་མཛོད། ཨོཾ་བཛྲ་མ་མ་སྔོ་ཏ་སྔོ་ཏ་སྭཱ་ཧཱ༔ སས་བྱབས་ཤིང་། འབྱུང་བ་ས་ཡི་དུག་ཁྱེད་རང་གི་ཤ་རུས་ལ་ཞུགས་པས་ལྕི་ཞིང་འཐིབས་པའི་ནད་ཐམས་ཅད་སྲ་མཁྲེགས་ས་འདི་ཉིད་ལ་ཐིམ་པའི་མོས་པ་མཛོད། ཨོཾ་བཛྲ་སུ་སུ་ཏང་ཏང་སྭཱ་ཧཱ༔ ཆུས་བྱབས་ཤིང་། འབྱུང་བ་ཆུ་ཡི་དུག་ཁྱེད་རང་གི་ཁྲག་ལ་ཞུགས་པས་འཁྲུ་ཞིང་སྐྱུག་པའི་ནད་ཐམས་ཅད་བརླན་གཤེར་གྱི་ཆུ་འདི་ཉིད་ལ་ཐིམ་པའི་མོས་པ་མཛོད། ཨོཾ་བཛྲ་ཁཾ་ཁཾ་སྭཱ་ཧཱ༔ མེས་བྱབས་ཤིང་། འབྱུང་བ་མེ་ཡི་དུག་ཁྱེད་རང་གི་དྲོད་ལ་ཞུགས་པས་ཚ་ཞིང་བསྲེག་པའི་ནད་ཐམས་ཅད་མེ་འདི་ཉིད་ལ་ཐིམ་པའི་མོས་པ་མཛོད། ཨོཾ་བཛྲ་རཾ་རཾ་སྭཱ་ཧཱ༔ རླུང་གཡབ་ཅིང་། འབྱུང་བ་རླུང་གི་དུག་ཁྱེད་རང་གི་དབུགས་ལ་ཞུགས་པས་སྨྱོ་ཞིང་བརྒྱལ་འབོག་གི་ནད་ཐམས་ཅད་རླུང་འདི་ཉིད་ལ་ཐིམ་པའི་མོས་པ་མཛོད། ཨོཾ་བཛྲ་ཡཾ་ཡཾ་སྭཱ་ཧཱ༔ མེ་ལོང་བསྟན་ལ། འབྱུང་བ་ནམ་མཁའི་དུག་ཁྱེད་རང་གི་སེམས་ལ་ཞུགས་པས་རང་སྣང་འཁྲུལ་པའི་རྣམ་རྟོག་གི་ནད་ཐམས་ཅད་དམིགས་མེད་ནམ་མཁའི་རང་བཞིན་དུ་ཐིམ་པའི་མོས་པ་མཛོད། ཨོཾ་བཛྲ་ཁ་ཞུང་ཁ་ཞུང་སྭཱ་ཧཱ༔ ཞེས་པས་དུག་རྣམས་དམིགས་མེད་སྟོང་ཉིད་ནམ་མཁའི་རང་བཞིན་དུ་ཡལ་བར་གྱུར། དྲུག་པ་ཡས་བསྐྱལ་བ་ནི། མདུན་གྱི་གཏོར་མ་འདི་ཉིད་ཁྱེད་རང་ལ་གནོད་བྱེད་རྣམས་ལ་བསྔོ་རྒྱུ་ཡིན་པས་ངེད་ཀྱི་ཚིག་རིས་དང་མཐུན་པའི་དམིགས་པ་མཛོད། སྔར་གཏོར་སྣོད་དུ་གཟའ་ཀླུའི་གཏོར་མ་ཟུར་དུ་བཤམས་པ་དེ་གཏོར་མ་སྤྱི་འགྲོ་ལྟར། ཨོཾ་བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨ་ཀཱ་རོས་བརླབ། ཨོཾ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་པཱུ་ཛ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་ས་པ་རི་ཝཱ་ར་པཱུ་ཛ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་སོགས་གང་མང་གིས་ཀླུ་གཟའི་གདོན་ཚོགས་ལ་ཚིམས་པར་བསྔོ་ཞིང་། ཧཱུྃ། ཀླུ་བརྒྱད་གཟའ་བརྒྱད་འཁོར་བཅས་ལ། །མཆོད་སྦྱིན་གཏོར་མ་འདི་འབུལ་གྱི། །དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ། །གནོད་པའི་བསམ་སྦྱོར་ཞི་བར་མཛོད། །ཅེས་སོགས་ནད་གདོན་ཞི་བའི་འདོད་དོན་གསོལ་ནས་གཏོར་མ་ཡས་ཀྱི་ནང་བླུགས། དེ་ནས་གཤེགས་གསོལ་ནི། གླུད་གཏོར་དུག་དབྱུང་བའི་ཤིང་སྣ་སོགས་ཁྱོན་གཅིག་ཏུ་སྣོད་ཆེ་བ་གཅིག་ཏུ་བསྡུས་ཏེ། མདོས་ལམ་འཐེན་ལ། ཧཱུྃ༔ དང་པོ་སྟོན་པ་སངས་རྒྱས་བཀའ༔ བར་དུ་རིག་འཛིན་རྒྱལ་བའི་བཀའ༔ ད་ལྟ་སྔགས་འཆང་བདག་གི་བཀའ༔ བནྡྷེས་རྦད་པའི་བཀའ་མ་བཅག༔ བོན་པོས་རྦད་པའི་ངག་མ་བཅག༔ རྒྱུ་སྦྱོར་དྲིན་ལན་ཆུད་མ་གསན༔ འཁོར་འདིར་གནོད་པ་མ་མཛད་པར༔ གླུད་གཏོར་དམ་པ་འདི་བཞེས་ལ༔ རང་རང་སོ་སོའི་གནས་སུ་གཤེགས༔ ཞེས་པའི་བར་བརྗོད་ཅིང་། བདེན་སྟོབས་བརྗོད་པ་སྔར་བཞིན་སྔོན་དུ་འགྲོ་བས། བསྒྲུབ་བྱ་འདི་ཞེས་བྱ་བ་ལ་གནོད་པར་བྱེད་པའི་གདོན་བགེགས་ལན་ཆགས་འབྱུང་པོའི་ཚོགས་དང་བཅས་པ་ཁྱེད་རྣམས་ལ། མཆོད་སྦྱིན་གྱི་འདོད་ཡོན་དྲི་གླུད་དཀོར་ཆ་ཁྲུས་ཁུ་དང་བཅས་པ་ནམ་མཁའ་མཛོད་ཀྱི་རང་བཞིན་དུ་སྤེལ་བ་འདིས་ཚིམ་པར་གྱིས་ལ་ས་ཡི་ཕྱོགས་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་འཛིན་པ་རབ་ཏུ་ཁྲོས་པའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བས་ཁྱོད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་རོ། །ཞེས་ཡས་རྣམས་གནོད་པའི་ཕྱོགས་ཀྱི་གདོན་གནས་སར་བསྐྱལ། ཐུན་གྱིས་བྲབ། གུ་གུལ་བསྲེག །དྲག་སྔགས་བཟླ། བདུན་པ་སྲུང་འཁོར་ནི། ཁྱེད་རང་ངེད་ཀྱི་བརྗོད་པའི་ཚིག་རིས་དང་མཐུན་པར་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་གཏུམ་པོའི་སྐུར་འདི་ལྟར་གསལ་ཐོབ་མཛོད། ནད་པ་གོང་བཞིན་ཕྱག་ན་རྡོ་རྗེར་བསྐྱེད། གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་པ་བསྟིམ་ཞིང་། བཛྲ་ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨཱ༔ ཞེས་དབབ། སྤྱི་བོ་མགྲིན་པ་སྙིང་ཁ་གསུམ་དུ་རྡོ་རྗེས་རྒྱས་གདབ་ཅིང་ལུས་ངག་ཡིད་གསུམ་གཞོམ་དུ་མེད་པའི་རྡོ་རྗེའི་གོ་ཁྲབ་ཀྱིས་བཅིངས་པར་བསམ་ལ། རྩ་སྔགས་མཐར་ཀཱ་ཡ་བཛྲ་རཀྵ་རཀྵ༔ ཝཱ་ཀ་བཛྲ་རཀྵ་རཀྵ༔ ཙིཏྟ་བཛྲ་རཀྵ་རཀྵ༔ སླར་ཡང་རྡོ་རྗེ་སྤྱི་བོར་བཞག་སྟེ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང༔ གསང་བདག་ཕྱག་ན་རྡོ་རྗེའི་མཐུ་སྟོབས་ཀྱིས༔ འགྲོ་བ་འདི་དག་བདག་གིས་བསྲུང་ཟིན་གྱིས༔ འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག༔ ཅེས་མེ་ཏོག་འཐོར་ཞིང་བཀྲ་ཤིས་བརྗོད་ལ་རྗེས་ཀྱི་ཆོ་ག་བྱའོ། །ཚུལ་འདི་ནི་ལག་ལེན་ནག་པོ་འགྲོ་ཤེས་ལྟ་བུར་གཏེར་སྟོན་གྱི་དངོས་སློབ་སྤྲུལ་སྐུ་སྣ་ཚོགས་རང་གྲོལ། དེ་སྲས་ཀུན་དགའ་གྲགས་པ། ཀུན་མཁྱེན་མདོ་སྔགས་བསྟན་འཛིན་རྣམས་ཀྱི་ཕྱག་ལེན་འཁྲུལ་མེད་ཡིན་ཞེས་བདག་གི་བླ་མ་རིག་འཛིན་ཆེན་པོ་༧ཕྲིན་ལས་ལྷུན་གྲུབ་ཀྱིས་ཕྱག་ལེན་ཇི་ལྟར་མཛད་པའི་ཚུལ་ལ་བཟོ་བཅོས་མེད་པར་བྲིས་པ་ལགས་པས་ཡེ་ཤེས་ཀྱི་གཟིགས་པས་དཔྱད་པས་མཁྱེན་ཅིང་། ཕྱག་རྡོར་གྱི་སྤྱན་འདྲེན་བསྟོད་པ་སོགས་ཚིགས་བཅད་རྣམས་ནི་དྲེགས་འདུལ་གཏུམ་པོ་ཀླུ་སྒྲུབ་ཀྱི་ལས་བྱང་གི་ཚིག་ཡིན་ནོ། །འདི་ཉིད་རྟ་མགྲིན་ལོག་ཏྲི་སོགས་ཡི་དམ་ཀླུ་གཤེད་ཀྱི་རིགས་གཞན་ལ་ཡང་སྦྱར་ཆོག་མདོག་ཁ་ཡང་ད་ལྟ་ཕྱག་རྡོར་རང་ལ་བྱེད་པ་ལས་གཞན་གྱི་སྲོལ་མི་འདུག་ལགས། ཞེས་པའང་ཁམས་གསུམ་གྱི་མགོན་པོ་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་བཀའ་བསྩལ་གཙུག་གིས་མཆོད་དེ་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་བྲིས་པའོ། །གཟའ་དང་ཀླུ་ཡི་བྱད་འགྲོལ་སོ་སོར་བྱེད་ན་ཐོག་མཐའ་སྦྱོར་དངོས་ཀུན་ཏུ་ཁ་བསྒྱུར་དང་འདོར་ལེན་རིག་པས་འཕྲུལ་ཤེས་པར་བྱའོ། ༈ །ཐུན་མཐར། སྣོད་བཅུད་ཐམས་ཅད་འོད་ཞུ་བདག་ལ་ཐིམ། །བདག་ཉིད་ཐུགས་ཀའི་ཧཱུྃ་བསྡུས་གྱེན་རྫོགས་སུ། །མི་དམིགས་སྤྲོས་བྲལ་ཞི་བའི་ངང་དུ་ཐིམ། །ཧཱུྃ་ཧཱུྃ་ཧཱུྃ། ཞེས་རྟག་མཐའ་བསལ། ཕཊ་ཕཊ་ཕཊ། ཅེས་པས་ཆད་མཐའ་བསལ། སླར་ཡང་ཐུན་མཚམས་ལྷ་དང་གཞལ་ཡས་སུ། །སྣོད་བཅུད་དག་པ་རབ་འབྱམས་འཁོར་ལོར་གྱུར། །དགེ་བ་འདི་ཡིས་སོགས་བསྔོ་སྨོན་ཤིས་བརྗོད་ཇི་ལྟར་རིགས་པས་མཐའ་བརྒྱན་ནོ། །ཤུབྷཾ།། །། ༈ ཡིག་ཆ་གཞན་དང་གོ་བསྟུན་ནས་ཁ་གསལ་འདུས་ཚང་གི་ཕྱིར་ཞུ་བཅོས་ཅུང་ཟད་ཞེ་ཆེན་འཕྲུལ་པར་ཞུ་དག་ཐ་མའི་སྲི་ཞུ་པ་དྭགས་པོ་སྤྲུལ་སྐུས་བྱས་ཡོད་ཞུ།།
གསོལ་འདེབས་སོགས་ལྡེབ་ (Volume 7, Text 5)
གསོལ་འདེབས་བསྡུས་པ་ནི༔ ཧྲཱི༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ བྱིན་རླབས་རྩ་བ་ཨོ་རྒྱན་ཆོས་ཀྱི་རྗེ༔ འགྲོ་མགོན་པདྨ་འབྱུང་གནས་སྤྲུལ་པའི་སྐུ༔ དྲིན་ཅན་བླ་མ་མཆོག་ལ་གསོལ་བ་འདེབས༔ ཧྲཱི༔ ཞི་ཁྲོ་ཡི་དམ་འདུས་པའི་རང་བཞིན་ཅན༔ དངོས་གྲུབ་རྩ་བ་ཐུགས་རྗེ་སྤྱན་རས་གཟིགས༔ རྟ་མགྲིན་དབང་ཆེན་འཁོར་འདས་སྤྱི་དཔལ་གཙོ༔ ཡི་དམ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས༔ ཧྲཱི༔ མ་མོ་མཁའ་འགྲོ་ཡོངས་ཀྱི་གཙོ་མོ་སྟེ༔ བར་ཆད་སེལ་མཛད་རྡོ་རྗེ་ཕག་མོའི་སྐུ༔ རིགས་ཀྱི་ལྷ་མོ་གསང་བ་ཡེ་ཤེས་དབྱིངས༔ མ་མོ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ལ༔ བདག་གཞན་རབ་གུས་གདུང་བས་གསོལ་བ་འདེབས༔ ཁྱེད་ཀྱི་ཡེ་ཤེས་ཐུགས་རྗེའི་བྱིན་རླབས་ཀྱིས༔ མི་རྟོག་ཏིང་འཛིན་ཡེ་ཤེས་བསྐྱེད་དུ་གསོལ༔ ཉམས་རྟོགས་རིག་པའི་རྩལ་ཆེན་སྦར་དུ་གསོལ༔ སྐུ་གསུམ་ཞིང་ཁམས་འབྱོངས་པར་མཛད་དུ་གསོལ༔ བསྐྱེད་རྫོགས་བདེན་གཉིས་འབྲས་བུ་ཁོང་ཆུད་ཅིང༔ ཕྱིར་མི་ལྡོག་པའི་ས་ཆེན་ཐོབ་ནས་ཀྱང༔ སེམས་ཅན་ཐམས་ཅད་སངས་རྒྱས་མ་ཐོབ་བར༔ འགྲོ་བའི་དོན་གཉིས་ལྷུན་གྲུབ་འབྱུང་བར་ཤོག༔ ཅེས་གསོལ་བ་བཏབ༔ ཕུར་ཚུགས་སུ་གསོལ་བ་འདེབས་པ་ནི༔ མོས་གུས་རྩེ་གཅིག་པའི་སྒོ་ནས༔ ཧྲཱིཿ དུས་གསུམ་གྱི་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ་གྱུར་ཅིང་མཛད་པའི་ཕྲིན་ལས་ལ་ཐ་དད་མི་མངའ་བར་གྱུར་པ་ཨོ་རྒྱན་ཆེན་པོ་གུ་རུ་པདྨ་འབྱུང་གནས་ལ་གསོལ་བ་་་་་་་་འདེབས་སོ༔ ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཞེས་ཕུར་ཚུགས་སུ་མི་ཕྱེད་པའི་དད་པས་མོས་གུས་ཐུན་མོང་མ་ཡིན་པ་རྒྱུད་ལ་ལྷང་ལྷང་མ་སྐྱེས་བར་དུ་གསོལ་བ་གདབ་བོ༔ ཞེས་པའང་མཎྜལ་གྱི་ཆོ་ག་ཡིད་བཞིན་ནོར་བུ་ལས་སོ། །མཎྜལ་བསྡུས་པ་ནི། བདག་གཞན་གྱི་ལུས་ལོངས་སྤྱོད་ལ་སོགས་པ་མཆོད་པའི་དངོས་པོ་རྣམ་པར་དག་པ་ཅི་མཆིས་པ་ཐམས་ཅད་མཎྜལ་དུ་བློས་བླངས་ལ་འབུལ་ཞིང༔ ཕྱོགས་བཅུར་དུས་བཞིར་བཞུགས་པའི་སངས་རྒྱས་བྱང་སེམས་འཕགས་པའི་ཚོགས་རྣམས་དང༔ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོར་བཅས་པ་ལ༔ ལྷ་མིའི་འདོད་ཡོན་ལོངས་སྤྱོད་དཔལ་འབྱོར་བཟང་པོས་ཉེར་སྤྲས་མཎྜལ་འདི༔ བདག་གཞན་སྒོ་གསུམ་མོས་བློས་འབུལ་གྱིས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ སརྦ་བུདྡྷ་བོ་དྷི་སཏྭ༔ བཛྲ་མ་ཧཱ་ཀྲོ་ཏ༔ ཧ་རི་ནི་ས༔ ར་ཙ་ཧྲི་ཡ༔ མ་ཧཱ་ཀ་རུ་ཎི་ཀ་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཞེས་པས་མཎྜལ་ཕུལ་ལ༔ ལུས་ངག་ཡིད་གསུམ་གདུང་ཤུགས་མོས་གུས་དང་ལྡན་པས་ཐལ་མོ་སྦྱར་ནས༔ ཀྱེ་ཀྱེ༔ དུས་གསུམ་སངས་རྒྱས་བླ་མ་ཨོ་རྒྱན་རྗེ༔ དངོས་གྲུབ་གཏེར་འབྱུང་ཡི་དམ་ཞི་ཁྲོའི་ཚོགས༔ བར་ཆད་བགེགས་འདུལ་མཁའ་འགྲོ་ཆོས་སྐྱོང་རྣམས༔ འགྲོ་བ་སེམས་ཅན་ཀུན་གྱི་གཉེན་གཅིག་པོ༔ མགོན་པོ་མཆོག་གྱུར་རྣམས་ལ་གསོལ་བ་འདེབས༔ སྐྱབས་མེད་འཁོར་བར་འཁྱམས་ལ་ཐུགས་རྗེས་ཟུངས༔ བླ་མ་ཡི་དམ་མཁའ་འགྲོ་འདུས་པའི་སྐུ༔ རིགས་གཙོ་རྡོ་རྗེ་སེམས་དཔའ་འོད་དཔག་མེད༔ རེ་བའི་སྐྱབས་གནས་ལྟོས་པའི་གཉེན་གཅིག་པོ༔ བདག་སོགས་རེ་ས་ཁྱེད་ལས་གཞན་མེད་པས༔ འཁོར་བའི་གཅོང་རོང་ཟབ་མོ་ཉམ་ང་བ༔ ཉོན་མོངས་སྡུག་བསྔལ་འདམ་ནས་དྲང་དུ་གསོལ༔ འགྱུར་མེད་རྗེ་བཙུན་པདྨ་བཛྲ་རྩལ༔ ཁྱོད་ལ་བདག་ཉིད་སྒོ་གསུམ་བྲན་དུ་འབུལ༔ གནས་སྐབས་མཐར་ཐུག་བྱེ་བྲག་ཐམས་ཅད་དུ༔ བདེ་སྡུག་རེ་ལྟོས་འདུན་སྟངས་ཁྱེད་ཤེས་པས༔ བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཐུན་མོང་ཡིད་བཞིན་དངོས་གྲུབ་བསྩལ་དུ་གསོལ༔ གནས་སྐབས་བདེ་འབྲས་དངོས་གྲུབ་བསྩལ་དུ་གསོལ༔ བྱིན་རླབས་དབང་གི་དངོས་གྲུབ་བསྩལ་དུ་གསོལ༔ བླ་མ་ཡི་དམ་མཁའ་འགྲོས་ཕྲིན་ལས་མཛོད༔ དབང་བཞི་བསྐུར་ཅིང་རྒྱུད་བཞི་སྨིན་པ་དང༔ ཕྲིན་ལས་རྣམ་བཞིའི་འགྲོ་དོན་མཐར་ཕྱིན་ནས༔ བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀུན༔ ཁྱེད་དང་དབྱེར་མེད་གཅིག་པར་གྱུར་ནས་ཀྱང༔ འགྲོ་རྣམས་འདྲེན་པའི་བླ་མར་བདག་གྱུར་ཏེ༔ ཇི་སྲིད་འཁོར་བ་དོང་ནས་མ་སྤྲུགས་བར༔ དེ་སྲིད་ཐེག་ཆེན་ཆོས་ཀྱི་འཁོར་ལོ་ནི༔ སྐྱོ་དུབ་མེད་པར་ཁྱེད་ལྟར་བསྐོར་བར་ཤོག༔ སྤྱི་དྲིལ་ཆེན་མོ་ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་དྷེ་ཝ་དྷཱ་ཀི་ནཱི༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ༔ བཛྲ་མ་ཧཱ་ཀྲོ་དྷ་ཤཱནྟི་ཀ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་སིདྡྷི༔ ཀཱ་ཡ་ཝཱ་ཀ་ཙིཏྟ༔ ཛྙཱ་ན་སཏྭ་ཨ་མི་དྷེ་ཝ༔ མ་མ་ཙིཏྟ་སཾ་བྷ་ཝ་ཨ་དྷིཥྛ་ནཾ༔ མ་མ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ༔ བར་དང་། དྷརྨ་ཀཱ་ཡ་སརྦ་ཀརྨ་སིདྡྷི་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་བ་གདབ༔ ༈ ཛཔ྄་བསྐུལ་ཞིང་བཟླས་པ་བྱ་བ་ནི༔ ཧཱུྃ་ཧྲཱི༔ དུར་ཁྲོད་གསང་ཆེན་རོལ་པའི་དཀྱིལ་འཁོར་འདིར༔ ཟླ་གམ་འདབ་བརྒྱད་བརྩེགས་པའི་ཁྲི་སྟེང་དུ༔ ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ དུས་གསུམ་རྒྱལ་བ་འདུས་པའི་སྐུ་གསུང་ཐུགས༔ བླ་མ་ཡི་དམ་ཞི་ཁྲོ་དྷཱ་ཀི་དང༔ ཕྲིན་ལས་བཞི་སྒྲུབ་དཔའ་བོ་དཔའ་མོའི་ཚོགས༔ ཡབ་ཡུམ་འཁོར་བཅས་སྤྲུལ་པའི་ཆ་ལུགས་ནི༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང༔ རྒོད་དང་གཤེ་དང་སྙིང་རྗེ་རྔམ་པར་སྟོན༔ འབར་བ་ཞི་དང་ཁྲོ་སོགས་གར་དགུར་ལྡན༔ བརྗིད་པའི་སྐུ་ལ་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་གི་སྙིང་པོ་སྒྲ་སྒྲོག་སྔགས་དང་བཅས༔ ཐུགས་ནི་སྒྲོལ་འགྱུར་སྲོག་བཅས་ཡེ་ཤེས་སེམས༔ ཛཔ྄་ཀྱིས་རྒྱུད་བསྐུལ་མི་གཡོ་སྐུ་གསུང་ཐུགས༔ ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་སྐུ་ཡིས་གང༔ ཧཱུྃ་གིས་བསྡུས་པས་ཡུམ་གྱི་མཁའ་ལ་འཁྱིལ༔ ཡབ་ཡུམ་གསང་བའི་གནས་ནས་ཐུགས་ཀར་ཐིམ༔ མ་གསལ་བར་དུ་བསྐྱེད་ཅིང་འབད་པས་བསྒོམ༔ མ་གྲུབ་བར་དུ་ཏིང་འཛིན་མི་གཏང་ཞིང༔ ཡེངས་མེད་རྩེ་གཅིག་གུས་པས་བསྒྲུབ་པར་བགྱི༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་པདྨ་བཛྲ་ཧྲཱི༔ དྷཱུ་མ་གྷ་ཡེ་དྷཱ་ཀི་ནཱི་ན་མ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་བུདྡྷ་ཐོད་ཕྲེང་རྩལ་བཻ་རོ་ཙ་ན་ཨོཾ༔ སརྦ་བུདྡྷ་དྷཱ་ཀི་ནཱི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་བཛྲ་ཨཀྵོ་བྷྱ༔ བཛྲ་སུ་ཁ་དྷ་རི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་པདྨེ་བྷ་ཤ་ཧ༔ དྷཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་ཨ་ཙརྱ་མ་ཧཱ་བཛྲ་ཤིནྟཾ་པདྨ་གྷུ་རུ་ཏི་བྷྱོཿདྷཱ་ཀི་ནཱི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་བཛྲ་མ་ཧཱ་ཀྲོ་དྷ་ཨརྩིག་ནིརྩིག༔ མ་མ་རུ་ལུ་རུ་ལུ་ཧཱུྃ་བྷྱོཿཧཱུྃ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་བུདྡྷ་ཀ་པཱ་ལི་དཔའ་བོ་ཧཱུྃ༔ བུདྡྷི་པྲ་དྷཱ་ཀི་ནཱི་མ་མ་རུ་ལུ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ༔ མ་མ་ཨེ་ཀ་ཙ་ཏི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་བཛྲ་པཱ་ཎི་མ་ཧཱ་ཀྲོ་དྷ༔ མ་མ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་ཡཀྴ་ས་མ་ཡ༔ ཧྲཱིཿམ་ཧཱ་རི་ནི་ས༔ ར་ཙ་ཧྲི་ཡ༔ མ་མ་ཡོ་གི་ནི་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཧཱུྃ་ཧྲཱི༔ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱི་ནང་གསང་བའི་ཛཔ྄་བསྙེན་མཆོད་པར་འབུལ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོད༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་མཐོལ་ལོ་བཤགས༔ ཐོད་ཕྲེང་རྩལ་དང༔ བཛྲ་མ་ཧཱ་ཀྲོ་དྷ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲིཿཡ་སརྦ་དྷཱ་ཀི་ནཱི་ཧཱུྃ༔ ཞེས་པས་ཛཔ྄་བསྐུལ་བ་དང་ཛཔ྄་དང་ཛཔ྄་བསྟོད་རྣམས་བྱ༔ བསྟོད་པ་བསྡུས་པ་ནི། ཧཱུྃ་ཧྲཱི༔ འདུས་པ་ཡོངས་ཀྱི་གཙོ་མཆོག་ཧེ་རུ་ཀ༔ པདྨ་བཛྲ་ཚོགས་ལ་ཕྱག་འཚལ་བསྟོད༔ ཡེ་ཤེས་གཙོ་མཆོག་ཐུགས་མཆོག་འབར་བའི་ངང༔ བུདྡྷ་ཐོད་ཕྲེང་ཚོགས་ལ་ཕྱག་འཚལ་བསྟོད༔ འགྱུར་མེད་ཡོན་ཏན་ཐམས་ཅད་རབ་རྫོགས་པའི༔ མི་བསྐྱོད་རྡོ་རྗེའི་ཚོགས་ལ་ཕྱག་འཚལ་བསྟོད༔ མ་ཆགས་སྐྱོན་བྲལ་ཁམས་གསུམ་དབང་དུ་སྡུད༔ པདྨ་དབང་ཆེན་ཚོགས་ལ་ཕྱག་འཚལ་བསྟོད༔ ཕྲིན་ལས་མངའ་བདག་གདུག་པ་མ་ལུས་འདུལ༔ ཐོད་ཕྲེང་རྩལ་ཆེན་ཚོགས་ལ་ཕྱག་འཚལ་བསྟོད༔ ཁྲོ་གཏུམ་དྲག་ཤུལ་སྔགས་བདག་དྲེགས་པའི་གཙོ༔ མདོག་དམར་མེ་ཕྲེང་ཚོགས་ལ་ཕྱག་འཚལ་བསྟོད༔ དཔའ་བོ་དཔའ་མོ་གཙོ་མཆོག་འདུས་པའི་སྐུ༔ སངས་རྒྱས་དཔའ་བོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཁྲོ་རྒྱལ་དབང་ཆེན་འབར་བ་ཟིལ་གནོན་གཙོ༔ རྟ་མགྲིན་ཡབ་ཡུམ་ཚོགས་ལ་ཕྱག་འཚལ་བསྟོད༔ གཟའ་ཀླུ་ས་བདག་བྲན་བཀོལ་དམངས་སུ་འབེབ༔ ལག་ན་རྡོ་རྗེའི་ཚོགས་ལ་ཕྱག་འཚལ་བསྟོད༔ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོའི་ཚོགས༔ ཆོས་སྐྱོང་བཀའ་སྡོད་སྲུང་མ་ལས་མཁན་བཅས༔ ཐམས་ཅད་དགོངས་འདུས་ཞི་ཁྲོ་འབར་བའི་ཚོགས༔ ཆེ་བའི་ཆེ་མཆོག་ངོ་མཚར་རྨད་བྱུང་བ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྫོགས༔ ཐབས་མཁས་ཐུགས་རྗེས་སྤྲུལ་བསྒྱུར་དུ་མ་ཡིས༔ མཆོག་དང་ཐུན་མོང་དངོས་གྲུབ་ཡོངས་སྩོལ་ཞིང༔ སྐལ་ལྡན་རྣམས་ལ་ཡེ་ཤེས་སྤོར་མཛད་པ༔ བླ་མ་དགོངས་འདུས་དཀྱིལ་འཁོར་ལྷ་ཚོགས་ལ༔ དགའ་མགུ་དྭངས་བའི་ཚུལ་གྱིས་ཕྱག་འཚལ་བསྟོད༔ དབང་བཞི་བསྐུར་དང་རྒྱུད་བཞི་སྨིན་ལ་སོགས༔ ཕྲིན་ལས་རྣམ་བཞིའི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་པ་ལ་སོགས་པས་བསྟོད༔ ཞེས་པ་རྣམས་ལས་བྱང་ཚངས་པའི་སྒྲ་དབྱངས་ལས་ཁོལ་དུ་ཕྱུངས་པ་དགེ། ༈ རྩ་སྔགས་སྤྱི་དྲིལ་ཆེན་མོ་ནི། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་དྷེ་ཝ་དྷཱ་ཀི་ནཱི༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ༔ བཛྲ་མ་ཧཱ་ཀྲོ་དྷ་ཤཱནྟི་ཀ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་སིདྡྷི༔ ཀཱ་ཡ་ཝཱ་ཀ་ཙིཏྟ༔ ཛྙཱ་ན་སཏྭ་ཨ་མི་དྷེ་ཝ༔ མ་མ་ཙིཏྟ་སཾ་བྷ་ཝ་ཨ་དྷིཥྛ་ནཾ༔ མ་མ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ བསྡུས་པ་ཡང་སྙིང་དུ་དྲིལ་བ་ནི། ཨོཾ་ཨཱ་ཧཱུྃ་ཧྲཱི༔ བཛྲ་གྷུ་རུ་དྷེ་ཝ་དྷཱཀྐི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པའོ།། །།
རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ ཞེ་སྡང་རྡོ་རྗེའི་ཤོག་དྲིལ་ (Volume 55, Text 5)
རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ ཞེ་སྡང་རྡོ་རྗེའི་ཤོག་དྲིལ་བཞུགས་སོ༔ ན་མོ་གུ་རུ་བཛྲ་ཌཱ་ཀི་ནཱི༔ དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ༔ ཞེ་སྡང་ལམ་དུ་ཁྱེར་བ་འདི་ལ་དོན་གསུམ་སྟེ༔ སྔོན་འགྲོ༔ དངོས་གཞི་གཉིས་ཀྱི་སྒོ་ནས་སྟོན་པར་བྱ་སྟེ༔ ཐོག་མར་རི་ཁྲོད་དམ༔ གངས་ཁྲོད་དམ༔ ནགས་ཁྲོད་དམ༔ དབེན་པའི་གནས་སུ༔ བླ་མ་ལ་གསོལ་བ་ཉིན་མཚན་ཁོར་ཡུག་ཏུ་གདབ༔ མཎྜལ་འབུལ༔ མཁའ་འགྲོ་ལ་ཚོགས་དང་གཏོར་མ་བཤམ༔ གཞི་བདག་ལ་བདེན་པ་བདར༔ ལན་ཆགས་ལ་བགེགས་གཏོར་གཏང༔ འཁོར་བའི་ཉེས་དམིགས་བསྒོམ༔ བླ་མ་གྲུབ་ཐོབ་རྣམས་ཀྱིས་དཀའ་བ་སྤྱད་པའི་རྣམ་ཐར་ཚོ་ཡིད་ལ་དྲན་པར་བྱས་ལ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས༔ རྟོགས་ལྡན་གྱི་བླ་མ་དམ་པ་གཅིག་ལ་གསོལ་བ་འདེབས་ཤིང་མོས་གུས་དུང་པའི་སྒོ་ནས་གདམས་པ་ཞུ་ཞིང་ཉམས་སུ་ལེན་པར་བྱ་སྟེ༔ སྔོན་འགྲོ་འདི་རྣམས་ལ་ནན་ཏན་ཆེར་བྱ་བ་གལ་ཆེའོ༔ དེ་ནས་དངོས་གཞི་སྟོན་པར་བྱ་སྟེ༔ དང་པོ་ཞེ་སྡང་སྐྱེ་བའི་མཁན་པོ་རྩད་གཅད་པ་ནི༔ འདི་ལ་གཉིས་ཏེ༔ དང་པོ་ཀུན་གཞི་རང་ལ་བརྟེན་པའི་ཞེ་སྡང་དང༔ དེ་ལ་བརྟེན་ནས་འཁྲུལ་པ་མ་རིག་པའི་ཞེ་སྡང་གཉིས་སོ༔ ད་ནི་དང་པོ་རང་ལ་བརྟེན་པའི་ཞེ་སྡང་སྐྱེ་བའི་མཁན་པོ་རྩད་གཅད་པ་ནི༔ ཞེ་སྡང་གི་ངོ་བོ་གཅེར་གྱིས་བལྟས་ཏེ༔ ཞེ་སྡང་དེ་ལ་ངོ་བོ་ཅི་འདུག༔ གཟུགས་ཅི་འདུག༔ ཁ་དོག་ཅི་འདུག༔ དངོས་པོ་ཅི་འདུག་ལེགས་པར་ཐག་བཅད་དོ༔ ཞེ་སྡང་སྐྱེ་བའི་མཁན་པོ་དེ་རང་ཡིན་ནམ༔ གཞན་ཡིན༔ ཞེ་སྡང་སྐྱེས་པ་དེ་གང་ཡིན་ལྟོས༔ ཞེ་སྡང་སྐྱེ་བའི་མཁན་པོས་ཞེ་སྡང་རང་ལ་ངོ་བོ་དང་གཟུགས་མ་རྙེད༔ ཁ་དོག་དང་དངོས་པོ་མ་རྙེད་ན༔ ཡང་ཅི་ཡང་མེད་པའི་དྲན་མེད་གཅིག་ཡིན་ནམ༔ དྲན་པ་དང་བཅས་པ་གཅིག་ཡིན་ནམ་ལེགས་པར་ལྟོས་ཤིག༔ དེར་ཞེ་སྡང་སྐྱེ་བའི་མཁན་པོ་མ་རྙེད་ན༔ མ་རྙེད་པ་དེ་རང་གི་ངང་ལ་དར་ཅིག་ཞོག་ལ་ཐག་ཆོད་ཅིག༔ ཡང་ཅིས་ཀྱང་མ་རྙེད་ན༔ ཡར་སངས་རྒྱས་དང་གཅིག༔ མར་འཁོར་བའི་སེམས་ཅན་དང་གཉིས༔ སྐྱོན་ཡོན་གཉིས་ལ་སོགས་པ་ཡོང་དོན་མེད་པ་ལ༔ འདི་གང་ནས་བྱུང༔ ལེགས་པར་ཐག་ཆོད༔ དེ་ནས་ཞེ་སྡང་ལ་ངོ་བོ་དང་གཟུགས་མ་རྙེད་ན༔ དེ་ཁ་ཚུར་ལོག་ལ༔ ཡེ་གདོད་མ་ནས་ངོ་བོ་རང་བཞིན་གྱིས་སྟོང༔ རང་བཞིན་གྱིས་གསལ༔ ཡེ་ནས་མ་སྐྱེས་མི་འགག་པ་གཅིག་ཡིན་པ་ལ༔ དེ་ལྟར་དུ་མ་ཤེས་པས་འཁྲུལ་པའི་མ་རིག་པ་བྱུང་བ་ལགས་མོད༔ འཁོར་བར་འཁྱམས་ནས་སྡུག་བསྔལ་སྣ་ཚོགས་མྱོང་བ་ལགས་མོད༔ ད་རང་གི་ངོ་བོ་ཞེ་སྡང་དེ་སྟོང་པའི་ངོ་རང་ཐོག་ཏུ་འཕྲོད་ནས༔ ཞེ་སྡང་གི་རང་བཞིན་སྟོང་པ་ཡིན༔ ཞེ་སྡང་གི་རང་བཞིན་ཆོས་ཉིད་ཡིན༔ ད་ཞེ་སྡང་སྐྱེས་ཚད་ཐམས་ཅད་ཀྱི་ངོ་བོ་སྟོང༔ རང་བཞིན་གསལ༔ ཐུགས་རྗེ་འགག་པ་མེད༔ དུས་དེ་ཙམ་ན་ཞེ་སྡང་ཐམས་ཅད་རང་སེམས་ཀྱི་ཆོ་འཕྲུལ་མིན་པ༔ དོན་ལ་ལོགས་སུ་གྲུབ་པ་གཅིག་ཀྱང་མེད༔ རང་ཞེ་སྡང་ཡིན༔ ཞེ་སྡང་ཡང་རང་ཡིན༔ ངོ་བོ་གཅིག་ལ་གཉིས་སུ་བྱུང་བ་ཡིན༔ གཉིས་པོ་རང་ཡང་ངོ་བོ་སྟོང་པར་ཤེས་པས༔ ཞེ་སྡང་གི་ངོ་བོ་བྲལ༔ གཉིས་མེད་ཀྱི་དོན་རྟོགས་ཏེ་ཐམས་ཅད་རང་སེམས་སུ་ངོ་འཕྲོད༔ ཕྱི་རོལ་དུ་ཞེ་སྡང་སྐྱེས་པ་དང༔ ཞེ་སྡང་སྐྱེ་བའི་ཡུལ་དགྲ་སྡང་མི་སྡང་དང༔ གཉེན་བྱམས་མི་བྱམས་ཐམས་ཅད་ཀྱང༔ ངོ་འཕྲོད་ནས་སྤང་བླང་དང་བྲལ༔ དེ་ཙ་ན་རང་ལ་བརྟེན་པའི་ཞེ་སྡང་སྐྱེ་བའི་མཁན་པོ་རྩད་ཆོད་པ་ཡིན་ནོ༔ ད་ཕྱི་རོལ་ཡུལ་རྐྱེན་ལ་བརྟེན་ནས་འཁྲུལ་པ་མ་རིག་པའི་ཞེ་སྡང་རྩད་གཅད་པ་ནི༔ རང་ལ་སྙིང་ན་བའི་དགྲ་དང་འཕྲད་པའམ༔ དོན་མེད་པའི་མིས་རང་གི་དངོས་པོ་ཕྲོགས་པའམ༔ སེམས་ལ་ཕོག་པའི་གཏམ་མི་སྙན་པའམ༔ དེ་འདྲ་གཅིག་ལ་བརྟེན་ནས་ཞེ་སྡང་ལྷང་པ་གཅིག་སྐྱེས་འོང༔ དེ་རང་ལ་སྐྱེས་པ་ཡིན་ནམ༔ དགྲ་དེ་ལ་ཞེ་སྡང་སྐྱེས་པ་ཡིན༔ ལེགས་པར་ཐག་བཅད་མ་ཤེས་པར་ཞེ་སྡང་སྐྱེས་པ་ཡིན་མོད༔ ངོ་རང་ཐོག་ཏུ་འཕྲོད་ནས་ཞེ་སྡང་རང་སར་གྲོལ་ཙ་ན༔ ཕྱི་རོལ་དུ་དགྲ་དང་འཕྲད་ཀྱང་ཞེ་སྡང་མི་སྐྱེ༔ དངོས་པོ་ཕྲོགས་ཀྱང་ཞེ་སྡང་མི་སྐྱེ༔ གཏམ་མི་སྙན་པ་ཐོས་ཀྱང་ཞེ་སྡང་མི་སྐྱེ༔ གལ་ཏེ་སྐྱེས་ཀྱང་དེ་རང་གི་ངོ་བོ་ལ་བལྟས་པས་རང་སར་ཁྲོལ་གྱིས་འགྲོ༔ ཕྱི་རོལ་དུ་ཞེ་སྡང་སྐྱེ་བའི་ཡུལ་རྐྱེན་ཐམས་ཅད་རང་སེམས་ཀྱི་ངོ་བོ་རུ་ཤེས་ཙ་ན༔ ཕྱི་རོལ་ཞེ་སྡང་སྐྱེ་བའི་ཡུལ་དགྲ་དང་གཏམ་མི་སྙན་པ་ཅི་བྱུང་ཐམས་ཅད་གྲོགས་སུ་ཤར་ཏེ༔ མེ་འབར་བ་ལ་ཤིང་བསྣན་པ་དང་འདྲའོ༔ དཔེར་ན་མཚོ་ལ་རྦ་རླབས་འཕྲོས་ཀྱང་མཚོ་རང་གི་ཆོ་འཕྲུལ་ཡིན༔ ཤིང་ལ་ཡན་ལག་དང་མཛེར་པ་སྐྱེས་ཀྱང་ཤིང་རང་གི་ཆོ་འཕྲུལ་ཡིན༔ དེ་བཞིན་དུ་ཕྱི་ཡུལ་རྐྱེན་ལ་བརྟེན་ནས་ཞེ་སྡང་སྐྱེ་བའི་ཡུལ་ཐམས་ཅད་རང་གི་སེམས་ཀྱི་ཆོ་འཕྲུལ༔ ནང་ཞེ་སྡང་སྐྱེས་པ་ཐམས་ཅད་ཕྱི་ཡུལ་རྐྱེན་ལ་བརྟེན་ནས༔ ཞེ་སྡང་སྐྱེས་པ་ཡིན་ཏེ༔ ཡུལ་རྐྱེན་ཡང་རང་སེམས་ཀྱི་ཆོ་འཕྲུལ༔ མདོར་ན་ཐམས་ཅད་སེམས་སུ་མ་གྱུར་པ་གཅིག་ཀྱང་མེད་དོ༔ དེ་བས་ན་རང་གི་སེམས་ཀྱི་ངོ་བོ་སྟོང་པར་ཤེས་ཙ་ན༔ ཕྱི་རོལ་གྱི་དགྲ་དང༔ གཏམ་མི་སྙན་པ་ཐམས་ཅད་ཀྱང་སྟོང་པའི་རང་བཞིན་མཚན་མ་མེད་པ༔ སྤང་བླང་གཉིས་དང་བྲལ་བས་ངོ་བོ་མེད༔ ངོ་བོ་མེད་པས་དབྱེར་མི་ཕྱེད༔ དེ་ཙ་ན་ཕྱི་ཡུལ་རྐྱེན་ཞེ་སྡང་སྐྱེ་བའི་ཡུལ་རང་གི་སེམས༔ རང་གི་སེམས་ཀྱང་ཕྱིའི་ཡུལ་རྐྱེན༔ དོན་ལ་རོ་གཅིག་པས༔ དགག་སྒྲུབ་དང་བྲལ༔ དེ་ཙ་ན་ཞེ་སྡང་སྐྱེས་པ་ཐམས་ཅད་ཆོས་སྐུའི་ཡོ་ལང༔ ཞེ་སྡང་གཅིག་སྐྱེས་གཉིས་སྐྱེས་ཐམས་ཅད་ཡེ་ཤེས་ཀྱི་རང་བཞིན་དུ་ངོ་ཤེས་སོ༔ དེ་ནས་ལམ་དུ་ཁྱེར་བ་ནི༔ ཚོང་འདུས་སམ༔ མི་འཚོགས་ཆེ་སར་ཕྱིན་ལ༔ མི་དང་མི་མཐུན་པའི་སྤྱོད་པ་བྱས་ལ་བརྟུལ་ཞུགས་བསྐྱང་ངོ༔ དེ་ནས་མི་ཞེ་སྡང་ལངས་ནས༔ རང་བརྡུངས་པ་དང༔ དངོས་པོ་ཕྲོགས་པ་བྱུང་ན༔ སྔར་གྱི་ཉམས་ལེན་ལ་གནོད་དམ་མི་གནོད་བལྟའོ༔ མི་གནོད་པར་ལམ་དུ་འགྲོ་བར་འདུག་ན༔ ཉམས་རོ་འབྱངས་པ་ཡིན་པས༔ ད་དུང་དེའི་ངོ་བོ་ལ་བལྟ་ཞིང་སྤྱོད་པ་བྱའོ༔ ད་དུང་གཉེན་གྱིས་ཕན་ཅི་བཏགས༔ དགྲས་གནོད་པ་ཅི་བསྐྱལ་ལྟོས་ཤིག༔ དགྲ་གཉེན་གཉིས་ངོ་གཅིག་ཏུ་ཤེས་ན༔ ཕན་གནོད་གཉིས་པོ་ཡང་ངོ་གཅིག་ཏུ་ཤེས་སོ༔ ཕན་གནོད་གཉིས་གཅིག་ཏུ་ཤེས་ཙ་ན་ཞེ་སྡང་ལམ་དུ་ལོངས་པ་ཡིན་ནོ༔ ཡེ་ཤེས་ཀྱི་ཡོ་ལང༔ ཆོས་སྐུའི་རང་བཞིན་དུ་ཤར༔ ཕྱི་ཡུལ་རྐྱེན་ཞེ་སྡང་སྐྱེ་བའི་རྒྱུ་རང་རིག་པ་ཆོས་སྐུའི་རྩལ་ཡིན་ནོ༔ དེ་ལྟར་ངོ་ཤེས་ཙ་ན་ཞེ་སྡང་ལམ་དུ་ལོངས་པ་ཡིན་ནོ༔ དུག་ལྔའི་ནང་ནས་ཞེ་སྡང་འདི༔ འབྱུང་བ་ལྔ་དང་སྦྱར་ན་ཆུ་ཡིན་ནོ༔ ཁམས་ལྔའི་ནང་ནས་ཆུའི་ཁམས་ཡིན་ནོ༔ སྐུ་ལྔའི་ནང་ནས་རྡོ་རྗེ་སེམས་དཔའ་འོ༔ ཡེ་ཤེས་ལྔའི་ནང་ནས་མེ་ལོང་ཡེ་ཤེས་སོ༔ སྟོང་པ་ལྔའི་ནང་ནས་རིག་སྟོང་ཡིན་ནོ༔ ཞིང་ཁམས་ལྔའི་ནང་ནས་མངོན་པར་དགའ་བའོ༔ ཞེ་སྡང་ལམ་དུ་ཁྱེར་བའི་གདམས་ངག་འདི༔ ལམ་མྱུར༔ མ་བསྒོམ་པར་སངས་རྒྱ་བ༔ ངོ་ཤེས་པ་དང་གྲོལ་བ་དུས་མཉམ་པ༔ གདམས་པའི་ཁྱད་པར༔ ཞེ་སྡང་ལམ་ཁྱེར་གྱི་གདམས་ངག༔ ཞེ་སྡང་རྡོ་རྗེའི་ཤོག་དྲིལ་ཞེས་བྱ་བ་ལགས་སོ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་གདམས་པའོ༔ ཡུམ་རྡོ་རྗེ་ཕག་མོས་དུར་ཁྲོད་སོ་སའི་གླིང་དུ་ཡེ་ཤེས་མཚོ་རྒྱལ་ལ་གནང་བའོ༔ མཚོ་རྒྱལ་གྱིས་སྒྲགས་ཡང་རྫོང་ཤེལ་གྱི་འོད་གསལ་ཕུག་ཏུ་གཏེར་དུ་སྦས་པའོ༔ བཀའ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ། དེ་ནས་སློབ་དཔོན་མ་ཀུན་དགའ་འབུམ་གྱིས་གཏེར་ནས་བཏོན་པའི་ཤོག་སེར་གྱི་ཡང་ཚ་ལས་ཞལ་བཤུས་པའོ།། །།
རིག་འཛིན་པདྨ་གླིང་པས་གཏེར་གནས་སྣ་ཚོགས་ནས་སྤྱན་དྲངས་པའི་ཉེར་མཁོའི་གཏེར་ཕྲན་མན་ངག་བེ་བུམ་ (Volume 43, Text 5)
ྈ རིག་འཛིན་པདྨ་གླིང་པས་གཏེར་གནས་སྣ་ཚོགས་ནས་སྤྱན་དྲངས་པའི་ཉེར་མཁོའི་གཏེར་ཕྲན་མན་ངག་བེ་བུམ་ཞེས་བྱ་བ་བཞུགས་སོ༔ ༼༡༽གསོན་འདྲེའི་ཁ་ཆིངས་ཟབ་མོ་བཞུགས་སོ༔ ན་མོ་གུ་རུ༔ མན་ངག་འདིའི་ལོ་རྒྱུས་ནི༔ སློབ་དཔོན་པདྨ་བསམ་ཡས་མཆིམས་ཕུ་ན་ཏིང་ངེ་འཛིན་ལ་བཞུགས་ཡོད་དུས༔ གསོན་འདྲེ་ཕོ་མོ་ཐམས་ཅད་འདུས་ནས་མི་ནོར་ཀུན་ལ་གནོད་པ་བྱེད་པར་གཟིགས་ནས་འགྲོ་བ་རྣམས་ལ་ཕན་གདགས་དགོས་པར་མཁྱེན་ནས་གསོན་འདྲེ་ཁ་ཆིངས་ཀྱི་མན་ངག་འདི་མཛད་དོ༔ གྲོ་གའམ་ཤོག་བུ་ལ་འཁོར་ལོ་རྩིབས་བརྒྱད་པ་གཉིས་ལིང་ག་དང་བཅས་དཔེ་ཆུང་ལྟར་བྲིས་ལ་ཁ་སྦྱར༔ དེའི་བར་དུ་གསོན་འདྲེ་ཕོ་མོ་གང་གནོད་ཀྱི་གཟུགས་གྲོ་ཤོག་ལ་ལིང་ག་དཔེ་ཆུང་ལྟར་བྲིས་སྣ་ལྔས་བཅིང༔ དེ་ཤིང་སྟག་པ་དང་གླང་མ་གཉིས་གྲུ་བཞིར་བཞོགས་ལ་ཁ་སྦྱར༔ བར་དུ་འཁོར་ལོ་ལིང་ག་དང་བཅས་པ་གཞུག༔ འཁོར་ལོ་དང་ཤིང་གཉིས་ལ་བུག་པ་བྱ༔ ཤིང་འཁོར་ལོ་དང་བཅས་པ་སྣ་ལྔས་དམ་དུ་བཅིང༔ བུག་པ་ལ་གཞུ་རྒྱུད་བཅུག་སྟེ་འཁོར་ལོ་ཀུ་རུ་དང་སྦྲེལ༔ ཡང་ན༔ དེ་ཁྱིའི་མཇུག་སྤུ་དང༔ རའི་སྤུ་བསྲེས་པའི་ཐིག་གུ་གསུམ་སྒྲིལ་བྱས་དེ་འར་ལང་འུར་ལང་ལྟར་བསྐོར༔ ཡང་ན་ལག་པས་ཡོག་བྱེད་པ་ལྟར་བསྐོར་བ་ཡིན༔ འཁོར་ལོ་བསྐོར་དུས༔ གུ་གུལ་ནག་པོ༔ མུ་ཟི་ནག་པོ༔ བཙན་དུག༔ ར་གཞོབ༔ ཁྱི་ལུད༔ ཚིལ་ཆེན༔ ར་ཚིལ༔ རྟ་བོན༔ དེ་རྣམས་ཀྱི་དུད་པས་འདོམས་ནས་བདུག་ཅིང་འཁོར་ལོ་བསྐོར༔ བརྡུང་བ་དང་འཁོར་ལོ་བསྐོར་དུས་རང་རྟ་མགྲིན་དུ་བསྒོམ་པ་གནད་ཆེའོ༔ སྤོས་དཀར་གྱི་དུད་པས་མགོ་ལ་བདུག་གོ༔ སྲུང་བ་མི་ལ་འདོགས་ན་གང་གནོད་ཀྱི་གོས་ཀྱི་དུམ་བུས་བསྟུམས་སྐྲ་ཡང་དཀྲིའོ༔ ཡང་གསོན་འདྲེ་གང་གནོད་ཀྱི་གཟུགས་ཁམ་ས་ལ་བྱ༔ ཤོག་བུའི་ལིང་ག་མིང་རུས་དང༔ སྔགས་ཀྱིས་བསྐོར་བ་སྙིང་ཁར་གཞུག༔ ཁོ་རང་གནོད་བྱེད་དེ་ཡི་གོས་ཀྱིས་གྲིལ༔ ཁོ་རང་གི་སྐྲས་་་དཔེ་གཅིག་ལ་སྣ་ལྔས་འདུག།བཅིངས་ལ་དགུག་གཞུག་འཐེམས་པར་བྱའོ༔ དེ་ཐེམ་པའི་འོག་ཏུ་མནན་པར་བྱ༔ དེས་ཀྱང་ཐུབ༔ གནོད་དུ་ནམ་བྱུང་བའི་ཚེ་འཁོར་ལོ་བསྐོར༔ སྔགས་བཟླས་ལ་བརྡུངས་པས་གནོད་བྱེད་དེའི་སྙིང་འཕར་བ་དང༔ ན་བ་དང༔ རྨི་ལམ་དུ་ནམ་མཁའ་ནས་མི་དམར་པོས་ཁོའི་སྤྱི་གཙུག་ཏུ་འཁོར་ལོ་བསྐོར་བ་དང༔ ན་སོ་་་དཔེ་གཞན་ལ་ཉན་པོ།བཟོད་བླགས་མེད་པ་ཡོང་བར་བཤད་དོ༔ གསོན་འདྲེ་བརྡུང་ན་མུ་ཁྱུད་ཀྱི་སྔགས་བཟླས་ཤིང་བརྡུང་ངོ༔ འཁོར་ལོ་བྲི་བ་ནི་མུ་ཁྱུད་ཟླུམ་སྐོར་གསུམ་བྱ༔ འཁོར་ལོའི་ལྟེ་བར་གསོན་འདྲེའི་གཟུགས་བྲི༔ དེའི་ཁོང་པར་ནྲྀ་ཏྲི་ཛཿཞེས་སྙིང་ཁར་བྲི༔ དེའི་མཐར་གསོན་འདྲེ་ཆེ་གེ་ཁ་ཕུར༔ གནོད་འདྲེ་གནོད་བྱེད་ཁ་ཕུར༔ གསོན་འདྲེ་ཁ་ཏྲི་ཁ་ཕུར༔ ཁ་ཆིངས་ནན་བྲི༔ ལིང་གའི་ཕྱི་ལ་འཆང་བ་ལ་གནོད་བྱེད་ཆེ་གེ་ཕོ་མོའི་གནོད་པ་སྲུངས་ཤིག་རཀྵ༔ ཞེས་བྲི༔ དེའི་ཕྱི་རྩིབས་བརྒྱད་ལ༔ བྲ་དུ་ཤག་ཕྱེ་ནན་མེ་རུ་ཙ་ན་ཤག་སོད་བྱི་པུ་རུ་ཙ་ན་ཤག་སོད༔ བྱི་པུ་རུ་ཕྱེ༔ བྱི་པུ་ཕྱེ༔ གསོན་འདྲེ་ཕོ་མོ་ཏིང་ཕྱེ༔ གསོན་འདྲེ་ཕོ་མོ་ཏིང་ཛ༔ ཏིང་ནག་མོ་ལ་ཛ༔ ཤག་ཏིང་སྡེབས་ནན་ཁ་ཕུར༔ ཤག་ཤག་བམ་རུལ་རྦད་ཡཱ༔ ཞེས་བྲི༔ མུ་ཁྱུད་དང་ལྟེ་བ་དང༔ ལིང་ག་གོང་ལྟར་བྲི༔ དེ་ལྟར་འཁོར་ལོ་གཉིས་བྲིས་པའི་བར་དུ་གསོན་འདྲེ་ཕོ་མོའི་ལིང་ག་བྲི༔ ལྟེ་བར་མིང་རུས་དང༔ ཛ་ཛ་ཡ་ཡ་ནན་ནན་ཆིངས་ཆིངས་བྲི༔ ལིང་གའི་ཕྱི་ལ་སྲུང་ན༔ འདི་འཆང་བ་ལ་གསོན་འདྲེ་ཕོ་མོའི་གནོད་པ་སྲུངས་ཤིག་རཀྵ༔ བརྡུང་ན་གསོན་འདྲེ་ཕོ་མོ་མཱ་ར་ཡ་རྦད་ནན་སོད་ཆིངས་བྲི༔ དེ་འཁོར་ལོ་གཉིས་པོའི་བར་དུ་བཅུག༔ ཤིང་གཉིས་པོས་ལྟེམས་ལ་ནམ་གནོད་དུ་བྱུང་བ་དང་འཁོར་ལོ་བསྐོར༔ སྔགས་བཟླས་ཤིང་བརྡུང༔ འཁོར་ལོ་ལག་པ་གཡོན་པས་ཀུ་རུ་ལྟར་བསྐོར༔ དེས་གསོན་འདྲེ་ཁ་ཆིངས་ཤིང་ཐུབ་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨས་བསམ་ཡས་མཆིམས་ཕུར་གཏེར་དུ་སྦས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ࿊ ༼༢༽ཟབ་ངེས།་་་སྒོའི་སྒྲིབ་ཤིང་སྲུང་བ་ནི༔ རྒྱལ་འགོང་ཐང་ཐེབ་ཅན་རྒྱབ་ལག་རྐང་པ་ལྕགས་སྒྲོག་གིས་བསྡམས་པ་རྣ་བ་གཉིས་ནས་སྡིག་པས་འཇིབ་པ༔ སྡིག་པའི་མཇུག་མ་གཉིས་རྒྱལ་པོའི་རྐང་པ་གཉིས་ཀྱི་ཐད་དུ་འཕྲད་པ༔ དཔུང་པར་ཤི་བྷྲཱུྃ༔ ལག་ངར་གཡས་ལ་ཛ༔ གཡོན་ལ་ཧཱུྃ༔ བརླ་གཉིས་ལ་བླ་དྭགས༔ བྱིན་པ་གཡས་ལ་བཾ༔ གཡོན་ལ་ཧོ༔ སྙིང་གར་ཏྲི༔ བྲང་ནས་ལྟོ་བར་ཁྱིམ་སྒོ་འདི་ལ་རྒྱལ་བསེན་རཱ་ཙ་དཀར་ནག་གཤིན་འདྲེ་དམ་སྲི་འབྱུང་པོའི་སྲོག་ལ་ཡཾ་ཡཾ༔ མཱ་ར་ཡ་ཆིངས་སོད༔ ཡ་ཏྲི་སོད༔ མ་ཏྲི་སོད༔ ཆུ་ཏྲི་སོད༔ རཱ་ཙ་སོད༔ སྙིང་རྩ་ལ་རྦད་ཆིངས༔ བྲིའོ༔ སྤྲུལ་སྐུ་རིན་པོ་ཆེའི་ལུགས་སོ།། ࿊ ༼༣༽དུག་བསྲུང་ཟབ་པ་མྱོང་གྲུབ་མ་ནི༔ མུ་ཁྱུད་ལྔ་བསྐོར་བའི་ལྟེ་བ་ལ༔ འདི་འཆང་བ་ལ་དུག་རིགས་ཐམས་ཅད་སྲུངས་ཤིག་རཀྵ༔ དེའི་ཕྱི་ལ་རྩིབས་བཞིའི་ཤར་དུ་ཨོཾ༔ ལྷོར་ཨཱ༔ ནུབ་ཏུ་ཊཱུཾ༔ བྱང་དུ་ཐཊ༔བྲི༔ རྩིབས་མཆན་བཞི་ལ༔ ཤར་རྩིབས་ཀྱི་གཡས་ངོས་ནས༔ ཡིག་མགོ་ནང་དུ་བསྟན་ལ༔ གཡོན་སྐོར་དུ༔ ཧ་ལ་ནག་པོ་ཞི་ཞི༔ ཧ་ལ་ནག་པོ་ཕུར༔ ཧ་ལ་ནག་པོ་སོད༔ ཧ་ལ་ནག་པོ་ནན༔ དེའི་ཕྱི་མུ་ཁྱུད་ལ༔ ཤར་ནས་བརྩམ་སྟེ་གཡས་སྐོར་དུ༔ ཨོཾ་བཛྲ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙནྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ དུག་རིགས་སྲུངས་ཤིག་བྲི༔ དེའི་ཕྱིའི་མུ་ཁྱུད་ལ་ཡེ་དྷརྨཱ་བྲི༔ དེའི་རྩིབས་མཆན་ཡིག་མགོ་ནང་བསྟན་དང༔ གཞན་ཐམས་ཅད་ཕྱིར་བསྟན་ལ་ཡི་གེ་གཟབ་མ་ཚག་མེད་པར་བྲི༔ དེའི་ཕྱིར་རྨ་བྱའི་གཟུགས་སྒལ་པ་ཤར་དང་རྐང་པ་ནུབ་ཏུ་ཡོད་པ་བྲིའོ༔ འདི་རྣམས་ཀྱང་པདྨ་གླིང་པའི་ཕྱག་ནས་བྱུང་། ࿊ ༼༤༽ཀེག་བསྲུང་ལ༔ རུས་སྦལ་གན་རྐྱལ་གྱི་ལྟོ་བར་འཁོར་ལོ་མུ་ཁྱུད་གསུམ་དང་ལྡན་པའི་ལྟེ་བ་དང་མུ་ཁྱུད་ཕྱི་མའི་ནང་དུ་མཛེས་བྱེད་ཀྱི་མུ་ཁྱུད་ཆུང་བ་རེ་ཡང་བསྐོར་བའི་ལྟེ་བ་ལ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ འཁོར་ལོ་འདི་འཆང་བ་ལ་ལོ་ཀེག་ཟླ་ཀེག་ཞག་ཀེག་ཟ་ཀེག༔ སྔ་བསུ་དང་ཕྱི་སྐྱེལ་རང་ལོ་རང་ཀེག་གི་ཉེས་པ་ཐམས་ཅད་སྲུངས་ཤིག་རཀྵ༔ དེའི་ཕྱི་མུ་ཁྱུད་འཁོར་ལོ་རྩིབས་བཞི་གཉིས་བརྩེགས་ཀྱི་སྟེང་མ་ཕྱོགས་བཞི་དང་འོག་མ་མཚམས་བཞིར་བལྟ་བར་བྱ༔ ཕྱོགས་བཞིའི་རྩིབས་དང་མཚམས་བཞིའི་རྩིབས་ལ་ཡིག་མགོ་ནང་དུ་བྲིས་ཏེ༔ དེ་ཡང་ཕྱོགས་བཞིའི་རྩིབས་ལ༔ ཨོཾ་བྷ་ཡ་ས་ནི་ཏྲ་ནི༔ ཞེས་པ་རེ་རེ་བྲིཿ དབུས་ཀྱི་ཡིག་མགོ་གང་ཡོད་དང་རུས་སྦལ་ཁ་ཤར་དུ་བྱས་པའི་རྩིབས་འོག་མའི་བྱང་ཤར་དང་ཤར་ལྷོར་ཧོབ་ལེ་ཧབ་ལེ་ཧྲཱིང་ཧྲཱིང་ཞེས་པ་རེ་རེ་དང༔ ལྷོ་ནུབ་དང༔ ནུབ་བྱང་དུ༔ ནཱ་ག་ས་ཏྲ་སེལ་སེལ་ཞེས་པ་རེ་རེ་བྲི༔ དེའི་ཕྱིའི་མུ་ཁྱུད་ལ་མཚམས་བཞིར་རྡོ་རྗེ་དང༔ ཤར་དུ་ཨོཾ་ཧ་ཡ་པ་ཎི་ཡི་གེ་རྦད༔ ལྷོར་ཨོཾ་མ་ན་ཀྲུནྡྷ་ཤ་ཡ༔ ནུབ་ཏུ་ཨོཾ་ཧ་ཡ་པ་ནི་ཡི་གེ་རྦད༔ བྱང་དུ་ཡཀྵ་ནི་ཙ་ལ༔ ཞེས་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་ཡེ་དྷརྨཱ་བྲི༔ མུ་ཁྱུད་ཕྱི་མ་གཉིས་ཀྱི་ཡིག་མགོ་ཕྱིར་བསྟན་བྲི༔ པདྨ་གླིང་པའི་གཏེར་མའོ།། ࿊ ༼༥༽འཇུར་སྡོམ་ནི༔ རི་རབ་བང་རིམ་གསུམ་པ་བྲིས་པའི་སྟེང་དུ་ནོར་བུ་འབར་བ༔ རི་རབ་འོག་ཏུ་པདྨ་བྲི༔ པདྨ་ཡན་གྱི་རི་རབ་དང་ནོར་བུ་མེ་རིས་བསྐོར༔ རི་རབ་ཀྱི་བང་རིམ་གསུམ་ལ་ཀ་ཀ་མའི་ལམ་སྡོམས་ཤིག༔ ཀུ་ཀུ་མའི་ལམ་སྡོམས་ཤིག༔ འབྱུང་བ་ཆེན་པོ་ཆ་སྙོམས་པར་སྡོམས་ཤིག༔ འདི་འཆང་བ་ལ་ཁྱེའུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་པ་ཚར་རེ་རེ་བྲིའོ༔ ࿊ ༼༦༽གཟའ་བསྲུང་བ་ནི༔ ལྟེ་བར་འཁོར་ལོ་རྩིབས་བརྒྱད༔ དེའི་ཕྱིར་མུ་ཁྱུད་གཉིས་མཐའ་རིས་བསྐོར་བའི་དབུས་སུ་ཧཱུྃ་གཉིས་སྒྲིག་དང་རྩིབས་བརྒྱད་ལ་ཧཱུྃ་རེ་རེ༔ ལྟེ་བ་ལ་ཡིག་ཕྲེང་ཐད་ཀར་བྲིས་ཏེ༔ འཆང་བ་ལ་སྟེང་གདོན་གཟའི་གནོད་པ་ཐམས་ཅད་སྲུངས་ཤིག་བྲི༔ རྩིབས་མཆན་བརྒྱད་ལ་ཤར་ལྷོ་ནས་བརྩམ་སྟེ་གཡོན་སྐོར་དུ་གཟའ་ཉི་མ་ལ་སྭཱ་ཧཱ༔ གཟའ་ཟླ་བ་ལ་སྭཱ་ཧཱ༔ གཟའ་མིག་དམར་ལ་སྭཱ་ཧཱ༔ གཟའ་ལྷག་པ་ལ་སྭཱ་ཧཱ༔ གཟའ་ཕུར་བུ་ལ་སྭཱ་ཧཱ༔ གཟའ་པ་སངས་ལ་སྭཱ་ཧཱ༔ གཟའ་སྤེན་པ་ལ་སྭཱ་ཧཱ༔ གཟའ་རཱ་ཧུ་ལ་ལ་སྭཱ་ཧཱ༔ ཞེས་བརྒྱད་པོ་འདི་ཡིག་འགོ་ནང་བསྟན་བྲི༔ དེ་ལ་རབ་གནས་སོགས་སྤྱི་ལྟར་བྱས་པས་ཐུབ་ངེས་སོ༔ ࿊ ༼༧༽རང་ལུས་སྲུང་བའི་གདམས་པ་རྒྱ་གར་ཕྱག་ནའི་ལུགས་བཞུགས་སོ༔ རྒྱ་གར་སྐད་དུ༔ མ་ལ་ཀ་ཌ་ཧི་ལ་པ་ལ་རཀྵ༔ བོད་སྐད་དུ༔ རང་ལུས་སྲུང་བའི་ཐབས༔ སེམས་ཅན་ཀུན་ལ་ཐུགས་བརྩེ་བའི༔ བླ་མ་རྣམས་ལ་ཕྱག་འཚལ་ལོ༔ དང་པོ་བཅས་པས་ཆོག་པའི་ལུགས་འདི་བསྟན༔ འཁོར་ལོ་རྩིབས་བཅུ་ནང་མའི་ཟློག་སྔགས་འདིའོ༔ ཨོཾ་ཨེ་ཀ་དུ་ན་ཟློག༔་་་ཕོ་བདུད། མ་ཧཱ་དུ་ན་ཟློག༔་་་མོ་བདུད། ས་ག་དུ་ན་ཟློག༔་་་ས་བདག་ཀླུ་གཉན། རྩ་དུར་སྙིང་ན་ཟློག༔་་་བལ་མོ་དང་འདྲེ་མོ། རཱ་ཛ་དུ་ན་ཟློག༔་་་རྒྱལ་པོ། སུམ་ཏྲི་རཀྵ་དུ་ན་ཟློག༔་་་གནོད་སྦྱིན། རཀྴ་ཏི་ཕོར་དུ་ན་ཟློག༔་་་སྲིན་པོ། ཨོཾ་ཨ་ཀྲོ་ཏེ་ཀ་ཤྲཱི་་་གཤིན་རྗེ་དམར་པོ།མཉྫུ་ཡ་མ་རཱ་ཛ་ཟློག༔ ཡཾ་ཏེ་སྒྱུར་ཐོང་ཁྲོལ༔་་་རྡོ་རྗེ་ལེགས་པ། བ་ལ་དེ་ཝི་ཟློག༔་་་འགོང་པོ་དང་དམ་སྲི། གནོད་བྱེད་དགྲ་བགེགས།་་་ཆེ་གེ་མོ་ལ་བྷྱོ༔ བདག་་་སྔགས་པ་རང་།ལ་རཀྵ་སྲུངས་ཤིག་བྱ་བ་བྲི༔ ཙཀྲའི་ལྟོ་བ་གྲུ་གསུམ་བཅད་པའི་ནང་དུ་ཆེ་གེ་ལ་བྷྱོ༔ བདག་ལ་རཀྵ་སྲུངས་ཤིག་བྱ་བ་བྲིའོ༔ ཟླ་གམ་གསུམ་ལ་འདི་བྲིའོ༔ ཨོཾ་བཛྲ་ཀ་ཡ་གླིང་ཟློག༔ བཛྲ་ཧི་བཾ་གརྦྷ་ཡ་ཟློག༔ བཛྲ་ཧི་ཀ་ནན་ཟློག༔ ཅེས་བྲི༔ མུ་ཁྱུད་ནང་མ་ལ་ངན་སྔགས་འདིས་བསྐོར༔ ཧ་བེ་སྭཱ་རེ་ཡ་པ་རི༔ པ་རི་མ་ལ་ཙ་ཟློག་སོད༔ ཏྲི་ཡཾ་ཀ་ལ་མ་ཏི་ཟློག་སོད༔ ཝ་ར་ཧི་གྲུཾ་ཛ་ཛ་ཛཿཟློག་སོད༔ ཏྲག་རག་མ་ཏི་ཟློག་སོད༔ ནག་པོ་ཟློག་སོད༔ བྷྱོ་བྷྱོ་བྷྱོ༔ ཆེ་གེ་ལ་བྷྱོ༔ ཞེས་བྲི༔ མུ་ཁྱུད་ཕྱི་མ་ལ༔ སླར་ཟློག༔ ཧེ་ཏེ་ཟློག༔ ཧནྟེ་ཟློག༔ མ་མ་རཀྵ་ན་ཟློག༔ ཥྚ་ཥྚ་འཁྱུགས་ཟློག༔ ཆེ་གེ་ལ་རྒྱུག་རྒྱུག༔ སླར་སོད་སོད་བྷྱོ༔ བདག་ལ་རཀྵ་རཀྵ༔བྱ་བ་བྲི༔ ཙཀྲའི་རྩིབས་མཆན་ཕྱི་རོལ་དུ་བྱས་པ་བཤིག་པ་འདི་བྲི༔ ངག་མནན་པར་འགྲོ༔ ཨོཾ་བཛྲ་ཀ་ཡ་གླིང་ཟློག༔ བཛྲ་ཧི་བཾ་གརྦྷ་ཡ་ཟློག༔ བཛྲ་ཧི་ཀ་ནན་ཟློག༔ ཅེས་པ་བྲིའོ༔ འདི་བྲི་བའི་དུས་སུ་གཟའ་སྐར་བཟང་པོ་ལ་གཏད་ལ་སྨྱུ་གུ་ལ་གུ་གུལ་དུད་པས་བདུག༔ སྣག་ཚ་ལ་དྲི་བཟང་པོ་བླུག༔ ཁ་ཤར་དུ་བལྟས་ལ་བྲིའོ༔ འབྲང་རྒྱས་གསུམ་བྱའོ༔ གང་ལ་འདོགས་པའི་མི་ལ་ཁྲུས་བྱ༔ བཀྲ་ཤིས་སྣ་གསུམ་བྱ༔ དབྱར་རེ་དགུན་རེ་གསོ་བར་བྱ༔ ཙཀྲའི་ལྟེ་བ་ལ་མཐུ་བྱེད་པའི་མིང་རུས་བྲིས་པས་ཁོ་རང་འཆི༔ བགེགས་ཀྱི་མིང་བྲིས་ན་གནོད་པ་འཆད༔ མཐུ་གཏད་བྱེད་ན་སྲུང་བའི་མཆོག༔ ནད་རིགས་ཀུན་ཐུབ་བོ༔ ཁྱད་པར་དུ་མཐུ་བྱེད་པ་ཡོད་ན་ཁོའི་ནུས་པ་འཇིག༔ རང་གི་ནུས་པ་སྐྱེད་པས་ལྷག་པར་མཆོག༔ ཚེ་ནོར་ལོངས་སྤྱོད་ཐམས་ཅད་འཕེལ༔ རྒྱ་གར་བྲག་ནས་བཏོན་པའོ༔ ཁ་བསྒྱུར་ལྟེ་བའི་མིང་ཡིག་ཤེས༔ འཁོར་ལོ་མུ་ཁྱུད་ནང་མའི་སྔགས་དེ་ཁ་ནང་བསྟན་པ་བྲིས་པས༔ བསམ་ངན་སྦྱོར་རྩུབ་ཐམས་ཅད་གསོད་པར་བྱེད༔ མུ་ཁྱུད་ཕྱི་མའི་སྔགས་ཁ་ཕྱིར་བསྟན་པས་སྲུང་བར་འགྲོའོ༔ གཟུངས་སྔགས་སམ་སློབ་དཔོན་བྱིན་རླབས་ཅན་གྱི་སྔགས་ཆུས་བཀྲུའོ༔ སློབ་དཔོན་དང་རང་རེ་བཀྲ་ཤིས་གསོལ་བ་ཁ་ཤར་དུ་བསྟན༔ གདན་དཀར་པོ་བཏིང༔ འཁོར་ལོ་གུ་གུལ་གྱིས་བདུག་ལ༔ དེ་ནས་ག་པུར༔ གི་ཝཾ༔ གླ་རྩི༔ ཛཱ་ཏི༔ གུར་གུམ༔ ཙནྡན་དཀར་པོ༔ ལི་ཤི༔ ཀ་ཀོ་ལ༔ སུགྨེལ་ཏེ་དགུ་ཡོད༔ ཞིབ་ཏུ་བཏགས་ལ་ཟངས་གཞོང་དུ་ཆུ་གཙང་མས་སྦྱངས་ལ༔ པིར་གྱིས་ཡི་གེ་མ་སུབ་པར་བྱུག་གོ༔ འབྲང་རྒྱས་དབུས་མའི་སྟེང་དུ་བཞག་ལ་སྐྱབས་འགྲོ་སེམས་བསྐྱེད་བཀྲ་ཤིས་རྣམས་བྱས་པས་ཆོག༔ རྒྱ་གར་ཕྱག་ན་ལས་བརྒྱུད་དོ༔ བསྡུས་ཤིང་ཚང་བར་བྲིས་སོ༔ རྒྱ་གར་ཕྱག་ནའི་གདམས་པ་འདི་ཡང་པདྨ་གླིང་པ་ལས་བྱུང་བའོ།། ࿊ ༼༨༽མཁའ་འགྲོའི་གསང་སྒྲུབ་བཞུགས་སོ༔ མཁའ་འགྲོ་མ་མངོན་ཤེས་ཅན་ལ་ཕྱག་འཚལ་ལོ༔ རྟག་བྱེད་མཁའ་འགྲོ་མ་ལྔའི་དངོས་གྲུབ་སྒྲུབ་པ་ཇོ་མོ་བཀྲ་ཤིས་ཚེ་རིང་མ་འདིའི་གསང་བ་ཐུགས་ཀྱི་ཡང་སྙིང༔ ཚེ་སྔ་ཕྱི་བར་གསུམ་གར་སྐྱེ་བ་དང༔ ལྷ་དང་དམྱལ་བ་ཡི་དྭགས་མཐོང་བ་དང༔ ཤེས་ནས་གསལ་བར་སྟོན་པ་དང༔ དེ་ལྟ་བུའི་མངོན་པར་ཤེས་པ་དབང་སྡུད་ཆེན་མོ་སྒྲུབ་པར་འདོད་པའི་གང་ཟག་གིས་ཤིན་ཏུ་གཙང་ཞིང་ཉམས་དགའ་བའི་གནས་སུ༔ གད་བདར་དང་གཙང་སྦྲ་ལེགས་པར་བྱས་ལ༔ དེ་ནས་བདག་གི་མདུན་དུ་གཏོར་མ་གཅིག་བཤམས་ལ༔ དེ་ལ་དཀར་གསུམ་དང་མངར་གསུམ་དང་སྨན་བཟང་དྲུག་བཏབ་ལ༔ དེ་ཁྲིའམ་མན་ཛིའི་སྟེང་དུ་བཞག༔ གཏོར་མ་དེ་བྱིན་རླབས་སྤྱི་དང་མཐུན་པར་བྱས་ལ༔ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མ་རྣམས་ལ་བསྔོས་ལ་ཡང་ཡང་འབུལ༔ ཆང་ཕུད་དང་ཟས་སྣའི་ཕུད་ཀྱིས་མཆོད༔ དུས་འདི་ནས་བཟུང་ནས་བདག་དབང་སྡུད་དང་མངོན་ཤེས་སྒྲུབ་པ་ལ་བར་གཅོད་སོལ་ཅིག༔ ལམ་སྣ་དྲོངས་ཤིག༔ བསམ་པ་སྒྲུབས་ཤིག༔ རེ་བ་སྐོངས་ཤིག༔ སྟོངས་གྲོགས་གྱིས་ཤིག༔ འགྲོ་བ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ མྱུར་དུ་སྟོན་ཅིག༔ སྡུས་ཤིག༔ དེ་སྐད་ཡང་ཡང་བྱས་ལ་ཕུད་གཏོར༔ དེ་ནས་མཁའ་འགྲོ་མ་རྣམས་ཀྱི་སྲོག་གི་སྙིང་པོ་འདི༔ ཞག་གསུམ་སྨྲ་བ་བཅད་ལ་རྒྱུན་མ་ཆད་པར་བཟླས་སོ༔ ཞག་གཅིག་ལ་རྨི་ལམ་སྟོན༔ ཞག་གཉིས་ན་རྣ་བར་གཏམ་སྨྲ༔ ཞག་གསུམ་ན་ཐེ་ཚོམ་མེད་པར་འགྲུབ་བོ༔ སྔགས་ལ༔ ཨོཾ་པྲ་ཧེ་སྟོན་སྟོན༔ མུ་ཤུ་སྟོན་སྟོན༔ མུ་ཤག་སྟོན་སྟོན༔ ནི་ལ་ཤ་དྷ་སྟོན་སྟོན༔ ནི་མ་ཀ་ར༔ སར་སར་ཤག་ཤག་ནུར༔ སྡུས་སྡུས་པྲ་ཕོབ་པྲ་ཕོབ་སྟོན་ཡཱ༔ སྔགས་བཟླས་དུས་ཀྱི་ཏིང་ངེ་འཛིན་ནི༔ རང་གི་རྣ་བ་ན་ཚུར་མོན་མོ་དཀར་མོ་དང་སེར་མོ་དམར་མོ་སྔོན་མོ་ནག་མོ་དང་དེ་རྣམས་ཀྱིས་རང་ལ་གཏམ་སྨྲ་བར་བསམ་ཞིང༔ སྔགས་དྲག་ཏུ་གཉིད་མ་ལོག་པར་བཟླའོ༔ ནམ་མཁའ་དང་ས་གཞི་གང་བ་ཙམ་གྱིས་གཏམ་སྨྲ་བར་བསམ༔ དེ་དག་གིས་བདག་ནམ་འཆི་སྟོན་པ་དང༔ ཚེ་ཕྱི་མ་གར་སྐྱེ་སྟོན་པ་དང༔ འཇིག་རྟེན་ཁམས་ཀྱི་གཏེར་གང་ཡོད་ཤེས་པ་དང༔ གཞན་གྱི་བསམ་པ་ལ་ཅི་ཡོད་ཐམས་ཅད་སྟོན༔ ནད་པ་ཡོད་ན་འདྲེ་ཅིའི་གནོད་ལ་ཅི་བྱས་ན་ཕན༔ སྲོག་འཚོ་མི་འཚོ་དང༔ ཁྱིམ་ན་ཟས་ནོར་ཅི་ཡོད་དང༔ བདག་ལ་བསོད་ནམས་སྐྱེད་མི་སྐྱེད་དང༔ ཚེ་རིང་ཐུང་དང༔ ན་ཚ་ཡོང་མི་ཡོང༔ ཉེ་བ་མཆེད་གྲོགས་ཁམས་བཟང་ངན་དང་ཕྱུག་མི་ཕྱུག་གང་དྲིས་གསལ་བར་སྟོན་དུ་འོང༔ དོན་གཉེར་བ་དང་འཚོལ་དུ་འགྲོ་ན་མི་ཇི་ལྟ་བུ་དང་འཕྲད་གཏམ་ཅི་ལབ་གྲགས་ཡོང་མི་ཡོང་དགྲ་ཡོང་མི་ཡོང༔ དོན་འགྲུབ་མི་འགྲུབ་ལ་སོགས་ཐམས་ཅད་སྟོན་ནོ༔ མི་ནོར་ཟས་གསུམ་ཐམས་ཅད་དབང་དུ་འདུས༔ བླ་མ་སློབ་དཔོན་ནས༔ ཐ་མ་བུ་མོ་བྱིས་པ་ཡན་ཆད་ཀྱི་བཟའ་བཏུང་ནོར་གོས་ཐམས་ཅད་དབང་དུ་འདུའོ༔ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོའི་དབང་སྡུད་ཆེན་མོ༔ བཀྲ་ཤིས་ཚེ་རིང་མའི་གསང་སྒྲུབ་ྀཨཚ༔ ཟབ་རྒྱ༔ སྣོད་དང་མི་ལྡན་པ་ལ་མ་སྟོན་ཅིག༔ བཀའ་རྒྱ་ཡོད༔ འདོད་ན་རིན་ཆེན་གསེར་གྱིས་བསླུས༔ རྒྱ་རྒྱ་རྒྱ༔ དཀོན་མོད་རྒྱལ་ཁམས་མི་ལ་དྲིས༔ ྀཨཚ༔ ཡང་ཟབ་གནད་ཀྱི་གསང་སྔགས་འདི་བཟླས༔ ཨོཾ་ནུ་ར་སྲིང་ངི་ཤག༔ ས་ར་དྲ་པྲ་ཤ་མ་ནི་སྟོན་སྟོན་པྲ་ཤ་མ་ནི་སྟོན་པྲ་མུན་སྟོན༔ ཤོ་མུན་སྟོན་སྟོན་སྭཱ་ཧཱ༔ སྔགས་འདི་ཕྱི་མོ་གཞན་ན་འདུག་གོ༔ ࿊ ༼༩༽དྲག་སྔགས་བཀོལ་བ་བཞུགས་སོ༔ དྲག་པོ་ཁོ་ནའོ༔ རྒྱ་གར་ངན་སྔགས་སློབ་དཔོན་ཕུང་བྱེད་ཤཱནྟིཾ་གརྦྷས་མཛད་པ༔ འཇམ་དཔལ་གནོད་སྦྱིན་དམར་པོའི་སྙིང་ཕྱུང་དྲག་སྔགས་བཀོལ་བ་དྲག་པོ་ཁོ་ན་ཡིན་ནོ༔ ཝ་ཐོད་འཕྲུལ་འཁོར་གྱི་ནང་ནས་སྙིང་ཕྱུང་བ་འདི་ཁོ་ནའོ༔ རྣལ་འབྱོར་པ་དམ་ཚིག་དང་ལྡན་པས་བླ་མ་མཉེས་པའི་ཡོན་ཕུལ་ལ་མན་ངག་འདི་ནི་བསྲུང་བར་བྱའོ༔ དུར་ཁྲོད་ཀྱི་ས་ལ་གྲུ་གསུམ་མཐིང་ནག་བརྩིགས་ལ་ཁ་ཁྱེར་རྩང་གིས་བསྐོར་ལ༔ ནང་དུ་དུག་དང་ཁྲག་བྱུགས་ལ་ལིང་ག་དཔེ་ཆུང་ལྟར་བཅས་པ་ཝ་ཐོད་དུ་བཅུག་གམ་བསྙེན་པ་ཟིན་ནས་ལས་ལ་སྦྱར་ཁར་ཝ་ཐོད་དུ་བཅུག་ཀྱང་ཆོག༔ སྔོ་དམར་གྱིས་བཅིངས་ལ་བྲུབ་ཁུང་དུ་གཞུག་གོ༔ ར་དམར་ཁྱི་དམར༔ མཁའ་ལྡིང་དམར་པོའི་སྙིང་དང་གསུམ་དར་དམར་པོའི་ཁུག་མར་བཅུག་ལ༔ རང་གི་ལུས་ལ་བཅང་ངོ༔ དྲག་སྔགས་ནི་འདིའོ༔ ཨེ་རཀྴ་དུ་དུ་ཏྲག་རག་ཤ་ཤ་ལ་ཁྱི་སྤྱང་རོ་རྨུགས་ཏི་རྦད༔ མ་ཧཱ་དེ་བ་བི་ད་ཛ་ལ་བྷྱོ༔ ཆེ་གེ་ཁུག་སྲོག་ཁྱེར་བྷྱོ༔ ཛ་ཛ་ཕྱེ་ཕྱེ་མཱ་ར་ཡ་རྦད་ཛ༔ ལས་སྦྱོར་གྱི་ཤམ་བུར་གོང་གི་སྔགས་བརྒྱ་བརྒྱ་ལ་འདི་རེ་རེ་སྦྱོར༔ དྲག་སྔགས་འདི་ནི་གསད་པ་ཁོ་ན་ཡིན༔ རྟགས་ནི་མི་ཤར་མང་པོ་དང༔ བཙུན་པ་དང༔ བྱ་སྣ་ཚོགས་པ་འོང་ངོ༔ དེ་ལྟར་བྱུང་ན་ལས་ལ་སྦྱོར༔ ཞག་ནི་བདུན་དུ་བརྣག་པའི་ལས་བྱའོ༔ དུས་ནི་དགུན་ཟླ་ཐ་ཆུང་སྦྲུལ་ཟླ་ལ་བྱའོ༔ དེ་ནས་ལིང་ག་ཝ་ཐོད་དུ་བཅུག་ལ༔ དུར་ཁྲོད་དམ་རོ་ཁུང་ངམ་ཀླུ་ཡོད་ངེས་པར་གཏད་དོ༔ འདི་ནི་ཁ་བྱང་ཡང་མཛོད་དུ་གསལ་ལོ༔ འདི་ལ་འདྲ་མིན་དགུ་ཡོད་དོ༔ བདག་གིས་འདི་ཉམས་སུ་བླངས་པས་ཟབ་པར་བྱུང་ནས༔ ཁ་བྱང་ཡང་མཛོད་དུ་སྦས་སོ༔ ས་མ་ཡཱ༔ བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱིས༔ བ་སུ་དྷ་ར་དག་ལ་ཞུས༔ བརྒྱ་དང་བཅུ་གསུམ་ལོན་ཏེ་བུ་མེད་ནས༔ སྒྱུ་ལུས་རི་ལ་བཀོལ་ཏེ་སའི་གཏེར་དུ་སྦས༔ བཀའ་འདི་སྙིང་གི་དཀྱིལ་དུ་སྟིམས༔ ྀཨཚ༔ རྒྱ་གར་གྱི་ངན་སྔགས་གནམ་ལྕགས་ཀྱི་ཐོག་འདྲ་བ༔ དྲག་པོའི་ནང་ནས་དྲག་པོའི་སྙིང་ཕྱུང་བ༔ སྡེ་བརྒྱད་དྲེགས་པའི་དྲགས་སྔགས་འདི་བཟླས་པ་ཙམ་གྱིས་ལྷ་སྲིན་སྡེ་བརྒྱད་ཀྱི་སྙིང་འབྱིན་པ་སྙམ་བྱེད་པ༔ སྡང་བའི་དགྲ་བོ་གསོད་པར་བྱེད་པ༔ མཇུག་ཐོགས་ཀྱང་ལོ་དུས་ལས་མི་འགྱང་བ་ཡིན་ནོ༔ འདི་མགོན་པོ་དཔེ་དཀར་དང་ལྷ་མོ་ཨེ་ཀ་ཛཱ་ཊི་ལ་གཉེར་དུ་གཏད་དོ༔ རྒྱ་གར་གྱི་ཤྲཱིས་པདྨ་ལ་གདམས་པའོ༔ དུས་ཀྱི་མཐར་ཐུག་པའི་དུས་སུ་སྐལ་ལྡན་དགྲས་ཉེན་པ་གཅིག་དང་འཕྲད་པར་ཤོག༔ ࿊ ༼༡༠༽སྡེ་བརྒྱད་ཡོངས་བསྒྲིལ་ཀྱི་ཏི་ཀ་བསེ་སྒྲོམ་ནག་པོ་བཞུགས་སོ༔ ན་མོ་གུ་རུ༔ འདིའི་བཅའ་ཐབས་དང་རྫས་གསག་ཐབས་ནི༔ ཨེ་གྲུ་གསུམ་གཅིག་གི་ནང་དུ༔ ཝ་ཐོད་གས་ཆག་མེད་པར་བཅུག་ལ༔ དགྲ་བོ་གང་ཡིན་པའི་ལིང་ག་ནང་དུ་གཞུག་གོ༔ དགྲ་གཅིག་ལས་མེད་ཀྱང་ལིང་ག་གཉིས་བྱས་ལ༔ མགོ་མཇུག་བསྣོལ་བར་གཞུག༔ ལྷ་རྟགས་མ་བྱུང་བར་དུ་ཀླད་ཁུང་དུ་གཞུག༔ ལྷ་རྟགས་བྱུང་ནས་གསད་པའི་དུས་སུ་ཝ་ཐོད་ཁ་རུ་གཞུག༔ སྔགས་འདིའི་བར་དུ་དགྲ་བོའི་མིང་རུས་སྤེལ་མར་གཞུག༔ ཚོན་སྣ་ལྔས་བཅིང༔ རྗེས་སུ་འགྲོ་ན་རས་ནག་པོའི་སྒྱེའུར་བཅུག་ལ་མཆན་ཁུང་དུ་བཅང་ངོ༔ སྐབས་སུ་ཉུངས་དཀར་ལིང་ག་ལ་བྲབ་བོ༔ ལྷ་རྟགས་ནི༔ གཤིན་རྗེའི་མོན༔ དྲི་ཟའི་ཁྱི༔ མ་མོའི་བུད་མེད༔ བཙན་གྱི་རྟ་དང་དམག༔ ཀླུའི་ཆུ་ཆེན་པོ༔ རྒྱལ་པོའི་དར་ཆེན་པོ་འཕྱར་བ༔ བདུད་ཀྱི་བྱ་ནག༔ གནོད་སྦྱིན་གྱི་མི་རེངས༔ རྟགས་དེ་བརྒྱད་བརྒྱད་ཆར་འོང་ངོ༔ སྔགས་འདི་བཟླས་སོ༔ ཨཾ་ཧཾ་པྲ་མ་ཡཱ་རྦད༔ སྲི་ལ་མུ་ཁ་ཧེ་རྨུགས་ཐིབས་སོད༔ སྙིང་པོ་འབྲུ་བཅུ་བཞི་པ་ཐེམ་ཡིག་དང་ལྡན༔ གསད་པའི་དུས་སུ་ཨཾ་ཧཾ་པྲ་མ་ཡཱ་རྦད༔ སྲི་ལ་མུ་ཁ་ཧེ་དགྲ་བོ་ཆེ་གེ་མོ་རྨུགས་ཐིབས་སོད༔ དགྲ་བོ་འཆི་རྟགས་ནི༔ གཡག་དང༔ ར་གསོད་པ་དང༔ ཤིང་གཅོད་པ་དང༔ རྡོ་གཅོག་པ་རྣམས་རྨིས་ན་དགྲ་བོ་འཆི་རྟགས་ཡིན་ཏེ༔ ལིང་ག་གཉིས་བྱས་ལ་མགོ་འཕངས་བསྣོལ་ལ་མཐའ་ལ་སྔགས་ཀྱིས་བསྐོར་རོ༔ ལིང་ག་མིང་རུས་ཆེ་གེ་བྲི་འོ་མ་བསེ་བཀས་ལ་ཨེ་གྲུ་གསུམ་ནང་དུ་མནན་ནོ༔ རྨུགས་ཐིབས་སོད༔ ཅེས་པ་ནི་མནན་པའོ༔ བསྐུལ་དང་གཏོར་མ་བྱ་བ་མེད༔ རྒྱ་གར་དྲག་སྔགས་དམ་པ་འདི༔ ཆུ་སྲིན་མགྲིན་པ་བཞིན་དུ་གཏེར་དུ་འཆང༔ གཞན་དུ་མ་སྤེལ༔ སྡེ་བརྒྱད་ཀྱི་དྲག་སྔགས་ལ༔ དང་པོ་ལིངྒ་གཞུང་བཞིན་བཤམ༔ ཝ་ཐོད་ཀྱི་ལྟག་ཁུང་དུ་ལིང་ག་བཅུག་ལ༔ སྔགས་ཀྱི་བར་དུ་བསྒྲུབ་བྱའི་མིང་རུས་བཅུག་སྟེ༔ སྔགས་དྲག་ཏུ་བཟླས་སོ༔ དེ་ནས་རྟགས་ནི༔ ཤིང་གཅོད་པའམ་བྲག་གཤོག་པའམ༔ རྔོན་པ་བྱེད་པ་འབྱུང་སྟེ༔ དེ་རྣམས་འགྱུར་བ་མེད་པའི་རྟགས་སོ༔ རང་གིས་བསད་པའམ༔ ཤ་ཁྲག་དམར་ཉོག་བྱུང་ན་མི་འགྱུར་བའི་རྟགས་ཡིན་ནོ༔ དེ་ལྟར་རང་ལ་མི་འགྱུར་བའི་རྟགས་བྱུང་ན་དང༔ ལིང་ག་ཝའི་ཁ་ནས་བཏོན་ནས་ཡུངས་དཀར་གྱིས་བྲབ་བོ༔ ཕུར་པ་ཡང་གདབ་བོ༔ དེ་ནས་ལིང་ག་དེ་ཝའི་ཐོད་པའི་ཁར་བཅུག་ལ༔ ཚོན་སྐུད་ཀྱིས་བཅིངས་སོ༔ དེ་ལྟར་འཆི་རྟགས་མ་བྱུང་བར་དུ་བྱའོ༔ དགྲ་ལ་རྟགས་བྱུང་ནས་ལིང་ག་ཆམ་ཆམ་དུ་བསྲེགས་ནས་བྲུབ་ཁུང་རྙིང་པར་མནན་ནོ༔ སྡེ་བརྒྱད་བསྒྲིལ་བའི་ཡོན་ཏན་གྱི་དང་པོ་བསྙེན་སྒྲུབ་མི་དགོས་པ་དང༔ རྦོད་རྦད་གསད་པ་ལ་སོགས་ཏེ་སྔགས་མང་པོ་མི་དགོས་པ་དང༔ ཏིང་ངེ་འཛིན་མི་དགོས་པ་དང༔ དཀྱིལ་འཁོར་མི་དགོས་པ་དང༔ ཆོ་ག་མི་དགོས་པ་དང༔ རྫས་དང་ཡས་སྟགས་མི་དགོས་པ་དང༔ སྒོར་བསྐུལ་མི་དགོས་པ་དང༔ མཚམས་མ་བཅད་ཀྱང་བསྒྲུབ་ཏུ་བཏུབ་པ་དང༔ གཞན་གྱིས་ཁུངས་མི་ཆོད་པ་དང༔ ལྡོག་ཏུ་མི་བཏུབ་པ་དང༔ སྨན་རག་དང་མཆོད་པ་མི་དགོས་པ་དང༔ རྩེ་ལོག་མི་ཡོང་བའོ༔ སྡེ་བརྒྱད་ཡོངས་བསྒྲིལ་གྱི་ཏི་ཀ་བསེ་སྒྲོམ་ནག་པོ་རྫོགས་སོ༔ ལིངྒའི་མཐའ་མ་སྔགས་ཀྱིས་བསྐོར་རོ༔ སྔགས་མིང་རུས་སྤེལ་ལོ༔ དུས་ཚོད་གནས་སྐབས་གལ་ཆེའོ༔ སྙིང་ཁར་མིང་བྲི༔ འདོམས་སུ་རུས་བྲི༔ སྔགས་པའི་མདའ་འཕེན་ཁྱིམ་ནས་འཕང༔ གཞུ་རྩལ་ཆུང་ཡང་མདའ་རྒྱང་རིང༔ སྙིང་ཁའི་མཐའ་མ་སྔགས་ཀྱིས་བསྐོར༔ སྡེ་བརྒྱད་བསྒྲིལ་པའི་ཏི་ཀ་བསེ་སྒྲོམ་ནག་པོ་ཞེས་བྱ་བ་ལགས་སོ༔ ཟབ་རྒྱ་རྒྱ་རྒྱ༔ ࿊ ༼༡༡༽རྒྱ་གར་གྱི་ངན་སྔགས་དྲག་པོའི་ཐོག་དང་འདྲ་བ་ལྷ་མ་སྲིན་སྡེ་བརྒྱད་ཀྱི་དུག་མདའ་འཇིག་རྟེན་རླུང་དམར་གྱི་དྲག་སྔགས་ཚེགས་མེད་སྲོག་གི་ཇག་པ་ཡིན༔ འདི་ལ་རྫས་སུ་དགོས་པ་ནི༔ ཝ་དར་མའི་ཐོད་པའི་མཆེ་བ་ལ་ཧཱུཾ་བྲི༔ ཐོད་པ་ལ་སྔགས་བྲིས་ལ༔ དགྲ་གཅིག་ལས་མེད་ཀྱང་ལིང་ག་ཕོ་མོ་གཉིས་མགོ་བསྣོལ་ལ་བྲི༔ མཐའ་མ་སྔགས་ཀྱིས་བསྐོར༔ དགྲ་བོ་དགུག་གཞུག་ལིངྒ་ལ་བྱས་ལ༔ ཀླད་ཕོར་དུ་བཅུག་ལ་ཨཾ་ཧཾ་པྲ་མ་ཡཱ་རྦད༔ སྲི་ལ་མུ་ཁ་ཧེ་རྨུགས་ཐིབས་སོད༔ བསྙེན་པ་ཡི་གེ་བཅུ་བཞི་ཐེམ་དང་ལྡན༔ རྟགས་བྱུང་ནས་ལོ་དུས་ལས་ཕྱིར་འགྱང་བ་ནི༔ ཧེའི་གོང་དུ་ཆེ་གེ་མོ་བཅུག་ལ་བགྲང༔ ལིང་གའི་སྙིང་ཁར་མིང་རུས་བྲིས་ལ༔ ཝ་ཐོད་ཀྱི་ཁར་བཅུག་ཐུན་དང་ཕུར་པ་གདབ་བོ༔ སྤྱི་གཙུག་ཏུ་ཝ་ཐོད་སྐུད་པ་སྔོ་དམར་གྱིས་བཅིང༔ ཁམ་ས་ལ་བྲུབ་ཁུང་བྱས་ལ་རྩང་ཉེར་གཅིག་གིས་ཁ་བསྐོར༔ དེའི་ནང་དུ་ཝ་ཐོད་བཅུག་ལ་སྔགས་བཟླས་ཏེ༔ སྡེ་བརྒྱད་ཀྱི་རྟགས་ནི༔ ལིང་ག་གནོད་སྦྱིན་ལ་མི་རེངས་མང་པོ༔ བཙན་ལ་རྟ་པ༔ མ་མོ་ལ་བུད་མེད༔ བདུད་ལ་མོན་པ༔ རྒྱལ་པོ་ལ་བཙུན་པ༔ གཤིན་རྗེ་ལ་བནྡྷེ༔ དགྲ་ལྷ་ལ་བོན་པོ༔ སྡེ་བརྒྱད་ལ་ཞུབ་ཅན་མང་པོ་སོགས་ཅི་ཡང་སྟོན༔ མི་འདྲ་བ་མང་པོ་སྣ་ཚོགས་སྟོན༔ རྟགས་བྱུང་ནས་ལས་སྦྱོར་ལ་སྔགས་ཀྱི་ཧེའི་གོང་དུ་ཆེ་གེ་མོ་བཅུག་ལ་བསྒྲང་ངོ༔ ཡུངས་དཀར་དང་ཕུར་པས་ལིངྒ་བྲབ་ཅིང་གདབ་བོ༔ དེར་ཐ་མ་ར་དང་བ་གླང་དང་གཡག་དང་རི་དྭགས༔ རབ་ཁོ་རང་གསོད་པ་རྨིས་ན་གྲུབ་པ་ཡིན་ནོཿ གལ་ཏེ་བྱེས་སུ་བྱེད་ན་བྲུབ་ཁུང་དོད་པོ་ཞིང་ལྤགས་ལ་ཁུག་མ་གྲུ་གསུམ་བྱས་ལ༔ དེར་ཐོད་པ་བཅུག་ལ་རང་གི་མཆན་ཁུང་དུ་བཅང་ཞིང་གོང་ལྟར་བསྒྲུབ་བོ༔ གྲུབ་ནས་ལས་ཀྱི་མཐའ་བསྡུ་བ་ནི༔ ལིང་ག་ཚེར་མ་ཅན་གྱི་ཤིང་ལ་སྦྱིན་སྲེག་བྱས་ལ་གཏད་པ་རྣམ་པ་གསུམ་བྱ་སྟེ༔ མཛེ་ཕོ་གསོན་མ་ལ་གཏོད་ན༔ ཐལ་བ་དེ་ཁ་ཟས་ལ་བཏབ་ལ༔ ཁོའི་ལྟོ་དུས་སུ་བྱིན་ལ་ཟར་གཞུག་གོ༔ ཁོ་ཟ་བའི་དུས་སུ་སྔགས་འདི་བཟླའོ༔ ཨོཾ་ཁྱུར་མིད་ཁྱུར་མིད་གྲི་ཙ་ཏ་གྲི་ཙ་ཏ་བྱི་ཙ་ཏ་བྱི་ཙ་ཏ༔ ཤ་ཏ་ཤ་ཏ་སྭཱ་ཧཱ༔ ཁོས་ཟོས་པ་དང་གཏད་རྗེས་གཅོད་པ་ནི༔ ཀང་ཀ་ཐ་ནི་མ་ལ་ཟ་བ་ཟིན་པ་དང༔ ནཱ་ག་གུ་རཾ་གྲི་ས་ར་ཧ་ས་སྤུ་གྲི་ནཱ་ག་སོད་སོད༔ ནཱ་ག་བཾ་བཾ་ནཱ་ག་ཟློག་ཟློག༔ ཉི་ཤུ་རྩ་གཅིག་བཟླའོ༔ ཀླུ་ཁོ་རང་ལ་རང་ཆས་སུ་ཡོད་པས༔ ཀླུ་རིགས་བརྟག་མི་དགོས༔ དུས་ཚོད་ཟས་འདོད་པའི་དུས་ཡིན་ནོ༔ གཟའ་སྐར་དུས་ཚོད་མི་དགོས༔ ཁར་ཚུད་པས་ཆོག་ལོག་མི་ཡོང༔ ནངས་ནུབ་ལྟོ་སྟོང་ལ་སོང་བ་ནི་ལས་མྱུར་རོ༔ ཁོ་ཟས་འདོད་པའི་དུས་སུ་གདོན་ཡང་ཟས་འདོད་པ་ཡིན་ནོ༔ ལིངྒ་དེ་གླང་ནག་ཁྲ་ཤམ་བཅད་པའི་ཁར༔ ཐལ་ཆེན་དང་ཚྭ་བསྲེས་ལ་ཟར་གཞུག༔ ཡང་ན་ཐོད་པའི་ཁར་བཅུག་ལ་ཀླུ་བདུད་གནས་སར་མནན༔ སྔགས་དང་ཏིང་ངེ་འཛིན་གོང་དང་འདྲ༔ བཙན་ལ་གཏོད་ན་མི་གསུམ་བསད་པའི་མི་རྒོད་ཀྱི་ཐོད་པར་ལིང་ག་ཐལ་ཆེན་དང་བཅས་པ་བཅུག་ལ་མནན་ནོ༔ དགྲ་དེའི་དྲི་ཆེན་དྲི་ཆུ་རྐང་རྗེས་ས་སྐྲ་དང༔ གོས་ཀྱི་དྲི་མ་དང་བཅས་མནན་ན་ལས་མྱུར་རོ༔ སྔགས་དང་ཏིང་ངེ་འཛིན་གོང་དང་འདྲ༔ གུ་རུ་པདྨའི་བཀའ༔ འཇིག་རྟེན་རླུང་དམར་གྱི་ལས་མཐའ་འོ༔ ལྷ་སྲིན་སྡེ་བརྒྱད་མོ་སྒྲུབ་ཞེ་སྡང་བཅུད་ཕྱུང་ངན་སྔགས་མི་འདྲའོ༔ ཉེས་ཆུང་ཁ་འཐབ་ཙམ་ལ་འདི་མི་དབྱུང༔ རང་གི་སྲོག་ལ་བབ་ན་མཚོན་འདི་ཕྱུང༔ དཀོན་མཆོག་སྔགས་པ་དམོད་ན་མཚོན་འདི་ཕྱུང༔ བླ་མའི་སྐུ་ལ་བསྡོ་ན་མཚོན་འདི་ཕྱུང༔ ཞེས་སློབ་དཔོན་པདྨས་གསུངས་སོ༔ ཏྲག་རཀྵ་ཁ་མུན་ཙི་སྙིང་ཁ་རག་མོ་ཛ་དུན་བྷྱོ་བྷྱོ༔ རཀྟ་ཁ་ར་ཙི་ཏ་ཁ་རག་ནྲྀ་ཛ༔ ཆེ་གེ་མོ་མཱ་ར་ཡ་རྦད་ཕཊ༔ སུམ་ཅུ་སོ་གཅིག་གསད་པའི་མོ་སྔགས༔ དེའི་དུས་སུ་རྟ་ཤ་དང་བྱ་ཤ་མི་ཟ༔ གསེར་ལག་ཏུ་མི་བླང༔ ནམ་ཕར་ཕྱེད་ཚུར་ཕྱེད་ལ་མི་སྒྲ་དང་ཁྱི་སྒྲས་མ་ཆོད་པར་ནུབ་རེ་ལ་ལྔ་བཅུ་ལྔ་བཅུ་བཟླ༔ དེ་བས་མང་ན་སྨྱོ་འབོག་དང་བརྒྱལ་ནད་དང་ལྐུག་པ་དང་གློ་བུར་དྲག་པོ་རང་ལ་འོང་ངོ༔ འདི་ལ་འཇུག་པའི་དུས་སུ་ལང་ཀར་གཤེགས་པའི་མདོ་འདོན༔ སཱཙྪ་རང་གི་ལོ་གྲངས་འདེབས༔ ཆུ་གཏོར་གཏང༔ འདིའི་བཅའ་ཐབས་ལ་མི་རྟ་ཁྱི་གསུམ་ཁྲག་དང༔ ཁྲག་སྣ་ཚོགས་གོང་གི་ཐོད་་་མཚན་ངན།པའི་ནང་དུ་ཁོའི་མཚན་མ་་་དགྲའི་ཟག་པ།ལ་བྱས་ལིང་ག་ཁྲག་གི་ནང་དུ་གཞུག༔ ཡུངས་དཀར་ལ་སྔགས་ཐུན་བྲབ་བོ༔ ཐ་མ་ཐུན་ཁྲག་དགྲ་ལ་འཕངས་པས་ན༔ སྙིང་ལ་སིབ་སིབ་སོང་བར་བསམ༔ བླ་གསད་པ་སྤྱི་དང་འདྲ༔ ཟླ་དུས་ལས་འཆོར་མི་སྲིད་དོ༔ ཚད་ཉི་ཤུ་རྩ་གཅིག་ཞག་གིས་འགྲུབ༔ བྲམ་ཟེའི་སྤུ་གྲིའི་མན་ངག་ཨོ་རྒྱན་སློབ་དཔོན་པདྨས་རླན་ཁྲོ་སྒོ་ང་ཕུག་་་ལུང་ནག་ན་ཡོད།གི་ཤར་ཕྱོགས་ནེའུ་གྲུ་གསུམ་གྱི་གསང་ཚད་མཁར་གོང་གཡག་སྙིང་གི་འོག་ཏུ་སྦས་སོ༔ སྐལ་ལྡན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ࿊ ༼༡༢༽རྣོ་བའི་སྤུ་གྲི་ངན་ཐབས་ཐམས་ཅད་ཀྱི་མདེའུ་ཐུང་ཡོད༔ རྙིང་མའི་མཐུ། བསོད་ནམས་ཅན་གྱི་ལག་ཆ། སྔགས་ནག་གི་བསྟན་སྲུང་། སྔགས་པ་ཀུན་ལ་ཕྱག་མི་འཚལ།་་་ངན་སྔགས་གདུག་པའི་ལག་ཆ་འདི༔ དྲང་སྲོང་ཁྲོས་པའི་དམོད་པ་སྟེ༔ གྲིབ་སྐྱེས་་་སྐྱེར་པ།གསེར་གྱི་ཆུ་རིས་ཅན༔ ས་བདག།་་་གདུག་པ་གནས་པའི་ས་དག་ནས༔ མོ་ཤིང་་་གླང་མ།བཅད་དེ་གཉིས་སུ་གཤག༔ ཁོང་གསེང་ནང་དུ་སྔགས་རྒོད་བྲི༔་་་ཡ་རྐན་ལ་མནན་སྔགས། མ་རྐན་ལ་བྲུབ་སྔགས་བྲི། སྔོ་དམར་སྐུད་པས་་་སྦྲུལ་རིས་སུ།བཅིངས་ནས་ཀྱང༔ གླང་དམར་རྭ་ནང་བཅུག་ནས་ནི༔ གསད་པ་དྲག་པོའི་སྔགས་རྒོད་འདི༔ ལུང་པ་འགོལ་བར་སོང་ནས་ནི༔ སྨྲ་བ་བཅད་ལ་ཁྲི་ཕྲག་གཅིག༔ དྲག་པོས་་་ཞེ་སྡང་བསྐྱེད།བཟླས་ལ་དམིགས་པ་ཡི༔ ཁང་པའི་རྨང་དུ་སྦ་བར་བྱ༔ ཚང་མང་ངོས་སུ་བཅུག་བྱས་ན༔ བཟའ་མི་ཁ་འཕུང་འཆི་བར་འགྱུར༔ སྔགས་པ་ནང་རྒྱས་བྱུང་བའི་ཚེ༔ གཏོར་ཚུགས་འོག་ཏུ་སྦས་གྱུར་ན༔ ལྷོག་གག་རིམས་ཀྱིས་འཆི་བར་འགྱུར༔ ཙན་དན་བྱང་བུ་ལ་བྲིས་ཏེ༔ རྩི་སྨན་དྲི་ཡིས་བྱུགས་བྱས་ལ༔ གདུག་པ་དག་ལ་གཏད་པར་བྱ༔ གང་ལ་དམིགས་པ་མཛེ་ཡིས་ཁྱེར༔ ཕྱུགས་ར་རྟ་བྲེས་སྦས་གྱུར་ན༔ རྟ་ཕྱུགས་ཐམས་ཅད་བརླག་པར་འགྱུར༔ ནག་པོ་་་ཧལ་ཁྱི།རྒྱུ་བའི་ཕྱོགས་ནས་གཞུག༔ སྐར་མ་ཟློས་ངན་་་སྨིན་དྲུག་དབྱུག་པ་བྲ་ཉེ།དག་ལ་འོ༔ སྲི་ནོར་་་ཞིང་ལ་ས་སྲི་ཕག་པ། ཁྱིམ་ལ་གྲི་སྲི་ཤ་བ། དུར་ལ་དུར་སྲི་ཝའི་སྲེ་ལོང་ལ་ཁ་མིག་གཏོད།གསུམ་གྱི་ཚིགས་ཤིང་ལ༔ མཐེ་སྲང་གཟུགས་སུ་ལྟག་སྐྲ་་་སྲེ་མོའི་སྐྲ་དང་བཅས་པའོ།བཅའ༔ རང་ནོར་རླིད་བུ་་་བྱི་བའི་རླིད་བུ།སོ་ཙག་ཏུ༔ བྱི་བྲུན་ཡུངས་ནག་ཁྲག་སྣ་་་མཐེ་བྲང་གི་ནོར་བྱི་བའི་རླིད་བུའི་རྒྱབ་ཏུ་སྐུར་ཅིག།ཚོགས༔་་་རྐྱལ་བུར་བླུག །ཏིལ་ནག་སྐྱེ་ཚེ་རྣམས་་་རྒྱབ་ཏུ་བསྒྱུར།ལ་ནི༔ སྔགས་རྒོད་་་ཤི་ཏ་ར་ར།ཕྲག་གཅིག་བཟླས་ཏེ༔ བསྟན་པ་འཇིག་པའི་དགྲ་བོ་ལཿ ཞིང་ལ་་་ས་སྲི་ཕག་པ།བཅུག་ན་ལོ་མི་སྐྱེ༔ ཁྱིམ་ལ་་་གྲི་སྲི་ཤ་བ།བཅུག་ན་ཁ་ཕུང་འཆི༔ དུར་ལ་་་དུར་སྲི་ཝ།བཅུག་ན་རིགས་རྒྱུད་བརླག༔ དགྲ་བོ་ཞིང་དང་འབྲེལ་བའི་ལས༔ བ་ལུའམ་སྟག་པའི།་་་དོང་བུ་ཆག་གང་ནང་དུ་ནི༔ རི་བོང་སྤུས།་་་ཡོས་བུས་རེ་རེ་ནས་སྔགས་་་ཤི་ཏ་ར་ར།རྣམས་བྲི༔ བུད་སྣའི་ས་ལ་་་གཙང་པོའི་ཤོས་ཁྱེར་བའི་བྱེ་མ་དང་ས་སྣ་མང་ན་དགའ་གསུངས།སྟོང་རྩ་བརྒྱད༔ ཤིན་ཏུ་གྲིམས་ཏེ་བཟླས་པར་བྱ༔ དོང་བུ་ཆག་གང་ནང་དུ་བཙལ༔་་་ཐུན་དུ་བྲབ་ལ། དྲག་པོ་ཆུས་ཁྱེར་རྡོ་བ་ལ༔ ཞིང་གི་དབྱིབས་བྲི་་་ཞིང་དཀྱིལ་སྦ།དོང་ཁ་བཅད༔ སྔགས་བཟླས་་་ཤི་ཏ་ར་ར།དེ་ཡི་ཞིང་ལ་གཏོར༔ དེ་ཡིས་མི་སྐྱེ་ཞིང་འཆོར་སྤྲང༔ གླང་མའི་བྱང་བུའི་ཁོང་པ་རུ༔ སྔགས་དང་མིང་རུས་བྲི་བར་བྱ༔ ལུག་བའི་རྭ་ཡི་ནང་དུ་གཞུག༔ སྔོ་དམར་འོད་ཀྱིས་དམ་དུ་དཀྲི༔ ཡུངས་ནག་ཀེ་ཚེའི་ཐུན་གྱིས་བྲབ༔ ཀུན་ལ་མནྟྲ་འདི་ཡིས་བསྐུ༔་་་ས་ཞིང་ཁང་པ་ཕྱུགས། ཤི་ཏ་ར་ར་ཕུ༔ རུ་རུ་ཕུ༔ ཏེ་བ་ཏ་ས་ཤི་ཕུ༔ སུ་ག་ཏ་ས་ཤི་ཕུ༔ གསད་པ་དྲག་པོའི་ངན་སྔགས་འདི༔ དྲག་ཏུ་བཟླས་པས་ལས་མྱུར་བྱེད༔ མནན་ངག་འདི་བརྒྱའམ་བཅུ།་་་ཆེ་གེ་མོའི་ཤ་ལ་རྔམ་མོ་ཆུམ་ཆུམ༔ ཆེ་གེ་མོའི་ཤ་ལ་རྔམ་མོ་ཐུན་ཐུན༔ ཆེ་གེ་མོའི་ཤ་ལ་རྔམ་མོ་ནན་ནན༔ བཟླས་པ་བླ་མའི་ཞལ་ལས་དྲིས༔ ས་ས་རྦད༔ ཟི་ག་རྦད༔ གར་བ་རྦད༔ ཐིནྟུ་རྦད༔ མཁས་པས་མན་ངག་དག་གིས་སྦྱར༔ སྨྲ་བ་སྤངས་ཏེ་ཁྲི་ཕྲག་གཅིག༔ བཟླས་ཏེ་དམིགས་པའི་ཁང་རྨང་དུ༔ སྦས་ན་དམིགས་པའི་མི་ནོར་ཀུན༔ ཟླ་བ་གཅིག་གིས་བརླག་པར་འགྱུར༔ ལན་གསུམ་བསྐྱར་ན་འཆོར་མི་སྲིད༔ སྦེད་པའི་དུས་ནི་བཞི་འཛོམ་སྟེ༔ རྔམ་ཞིང་འཕྱོ་དང་བྱ་ར་བྱེད༔ ཟས་འཚོལ་བ་དང་བཞི་འཛོམ་ན༔ གཟས་པ་སོགས་ལ་སྨྲོས་ཅི་དགོས༔ བཞི་མ་འཛོམ་ཡང་གཉིས་དང་གསུམ༔ འཛོམ་པའི་དུས་སུ་གཞུག་པར་བྱ༔ ཁང་སྟོང་ཏུག་གི་གཉིས་པོ་ཡི༔ ལོ་དང་ཞག་དང་དུས་ཚོད་ལ༔ རྔམ་འཕྱང་བྱ་ར་ཟས་འཚོལ་ལོ༔ ཡུལ་འཁོར་སྲུང་བ་ལ་སོགས་པ༔ བླ་མའི་ཞལ་ལས་ཤེས་པར་བྱ༔ ལིང་ག་བྲི་བའི་མན་ངག་ནི༔ སྲོག་གི་དབུགས་ལེན་དུས་་་སྐར་མ་ནག་པ་དང་གཟའ་རྒྱུ་བ་འཛོམ་ན་སྒྲུབ་མི་དགོས།དག་ཏུ༔ སྐག་ལ་བྱ་ཡི་ཁྲག་གིས་བྲི༔ སྐག་ཇི་ཀུང་ཤང་བཞི་པོ་ལ༔ འབྲིང་པོ་་་རྟ་སྦྲུལ་མེ། གླང་ལུག་ཁྱི་འབྲུག་ས། སྟག་ཡོས་ཤིང་། བྱ་སྤྲེལ་ལྕགས།བཞི་ཡི་རཀྟས་བྲི༔ འུ་ལ་འབྲིང་མེད་འབའ་ཏེའི་ཁྲག༔ ཡང་ན་རང་ལོ་གང་ཡིན་ཁྲག༔ དུག་དང་དམེ་ཁྲག་སྦྱར་ལ་བྲི༔ དབང་པོ་ཡན་ལག་དོད་པ་གཅེས༔ གང་ཡིན་བཟའ་དཔོན་ལིངྒ་ཡི༔ སྙིང་ཁར་མིང་རུས་ཚང་བར་བྲི༔ མཐའ་མ་མནན་པའི་སྔགས་ཀྱིས་བསྐོར༔ མདེའུ་ཁའི་ལུང་ལ་གཅེས་པར་ཟུངས༔ ཧལ་ཁྱི་ནག་པོའི་གཏད་ཁྲམ་འདི༔ མེ་དང་འདྲ་སྟེ་སྲེག་པར་བྱེད༔ རི་ཉིལ་འདྲ་སྟེ་གནོན་པར་བྱེད༔ ཧ་ལ་ནག་པོ་ཟོས་པ་འདྲ༔ དཔེར་ན་ངར་བཏགས་སྤུ་གྲི་འདྲ༔ བདག་འདྲ་ཁམས་པ་ཁྲ་མོ་ཡིས༔ ཧལ་ཁྱི་ནག་པོའི་གཏད་ཁྲམ་འདི༔ རྒྱ་ནག་གཏིང་ནས་ཞུས་ཏེ་བསྒྱུར༔ སངས་རྒྱས་བསྟན་པ་བསྲུང་བར་ཤོག༔ ཧལ་ཁྱི་ནག་པོའི་གཏད་ཁྲམ་རྫོགས་སོ༔ ࿊ ༼༡༣༽དྲང་སྲོང་ཁྲོས་པའི་དམོད་ཁྱི་ནག་པོ་བཞུགས་སོ༔ དྲང་སྲོང་རྒྱལ་པོ་ཁྲོས་པའི་དམོད་པའི་རྟེན༔ ལུང་པ་ཁ་བྱང་དུ་བསྟན་པའི་གླང་མའམ༔ སྐྱེར་པ་བཅད་པ་ལ༔ དགྲ་ལྕགས་ཁམས་ཡིན་ན་སྐྱེར་པ་ལ་བྱ༔ ཁམས་གཞན་ལ་གླང་མ་ལ་བྱ༔ ཤིང་སོར་བཞི་པ་མགོ་རྩེ་མ་ལོག་པ་བཤགས་ལ༔ ཁོང་སྟོང་དུ་བྲུས༔ རྩེ་མོའི་ངོས་སུ་སྲན་མ་ཤོང་པ་ཙམ་གཅིག་ཨོལ༔ སྟེང་འོག་མ་ནོར་མཚན་མ་བཙལ་བར་གཟུག༔ ཡ་རྐན་ལ་མནན་པའི་སྔགས་བྲི༔ མ་རྐན་ལ་སྒྲུབ་པའི་སྔགས་བྲི༔ གྲོ་ག་ལ་མིང་རུས་ལིངྒ་བྲི༔ སྙིང་ཁར་བཟའ་དཔོན་དེའི་མིང་བྲི༔ མཐའ་མར་ཆེ་གེ་མོའི་ཤ་ལ་རྔམ་ཆུམ་ཆུམ་བྲི༔ ཞེས་ཚར་གསུམ་བྲི༔ དེ་ནས་ལིངྒ་བྱང་བུའི་བར་དུ་བཅུག་ལ་སྔོ་དམར་གྱིས་དཀྲིའོ༔ རྩེ་མོའི་ངོས་ལས་སྐུད་པ་བསྣོལ་ཏེ་རྒྱ་གྲམ་བཅིངས་ལ༔ རྩ་བ་ངོས་སུ་སོར་གསུམ་ལྷག་པར་བྱས་ལ་ཕྱིན་ཀ་ལོག་ཏུ་གྲིལ་ཏེ༔ དེ་ནས་སྒྲུབ་པའི་སྔགས་ཡུངས་དཀར༔ ཡུངས་ནག༔ ཀེ་ཚེ་གསུམ་ལ་བཟླས་ལ་བུ་གར་བླུག༔ ངག་བཟླས་ཁྲི་ཚོ་གཅིག་བསྐྱལ༔ ཞེ་སྡང་བསྐྱེད༔ དེ་ནས་ཁྱི་སྤུ་ཞིག་གིས་བུ་ག་བཀག༔ ནག་པོ་རྒྱུ་བའི་ཕྱོགས་སུ་གཞུག༔ སྐར་མ་ནག་པ་ལའོ༔ འཇུག་པའི་དུས་སུ་ཁྱི་སྤུ་ཕྱུངས་ལ་སྟེང་འོག་མ་ནོར་བར་གཞུག༔ རྩེ་མོ་ས་རུ་དངོས་སུ་བསྟན༔ ཕྱི་མིག་མི་བལྟ་ཁྱི་ནག་པོ་ཕང་པས་གདབ༔ ཡང་ན་ས་ས་རྦད་ཀྱི་སྔགས་རང་གི་ཁྱིམ་དུ་མ་ཕྱིན་གྱི་བར་དུ་བཟླའོ༔ ྀཨཚ༔ ࿊ ༼༡༤༽ཧལ་ཁྱི་ནག་པོའི་ཕྲིན་བཅོལ་བཞུགས༔ འཇིག་རྟེན་ཕུང་བྱེད་ས་བདག་ཧལ་ཁྱི་ལས༔ འཇིགས་པའི་ངན་སྔགས་བཙན་དུག་ལྟ་བུ་འདི༔ ཀུན་ལ་མི་སྤེལ་རྒྱལ་ཁམས་ཕུང་བ་སྟེ༔ དྲང་སྲོང་རྒྱལ་པོ་ཁྲོས་པའི་དམོད་མོ་འདི༔ དབེན་སྟོང་ལྷ་ཁང་བྲག་ཕུག་སྟོང་པ་རུ༔ རེ་བ་ནག་པོའི་སྟེང་དུ་བྱང་བུ་དང༔ ལྷ་བཤོས་ནག་པོ་བདུན་དང་གཏོར་ནག་བདུན༔ མེ་ཏོག་ནག་པོ་བདུན་དང་བྲ་སྲན་གཡེར་མ་རྣམས༔ བདུན་བདུན་བསགས་ལ་རེ་རེ་ནུབ་རེ་གཏང༔ གོས་ནག་གྱོན་ལ་ངོ་བྱད་ནག་པོར་བྱུག༔ ཞེ་སྡང་བསྐྱེད་ལ་གདུག་པའི་མན་ཏྲ་བཟླ༔ ནམ་ཕྱེད་དུས་སུ་ཕྲིན་ལས་བཅོལ་ཞིང་བསྐུལ༔ ས་བདག་ཧལ་ཁྱི་ནག་པོ་ཁྱོད༔ སྐུ་མདོག་དུག་སྡོང་ཧ་ལ་འདྲ༔ གཏི་མུག་ཕག་པའི་མགོ་བོ་ལ༔ ཕྲག་དོག་ཁྱི་ཡི་མཆེ་བ་ཅན༔ འདོད་ཆགས་བྱ་ཡི་གཤོག་པ་ཅན༔ ཞེ་སྡང་སྦྲུལ་གྱི་མཇུག་མ་ཅན༔ འཛིན་ཆགས་མི་ཡི་ལག་པ་ཅན༔ དཔའ་གཏུམ་སྟག་གི་སྡེར་མོ་ཅན༔ དགྲ་སཏྭ་གཡས་ལ་ལྕགས་ཀྱུ་གཡོན༔ ལྕགས་ཀྱུས་ཟུངས་ལ་དགྲ་སཏྭས་རྒྱོབ༔ དམིགས་པའི་དགྲ་བོ་ཕུང་དུ་ཆུག༔ དེ་སྐད་བརྗོད་ལ་སྐབས་སུ་ཕྲིན་ལས་བཅོལ༔ ཞག་བདུན་ཐེམས་ནས་རྫས་རྣམས་དམིགས་པ་ཡི༔ མཁར་ཁྱིམ་དུར་ཞིང་གང་ལ་བྱ་བ་ཡི༔ ནག་པོ་རྒྱུ་བའི་བྱེ་བྲག་བརྟགས་ལ་གཞུག༔ ཡང་ན་གཞུང་ལས་འབྱུང་བ་བྱ༔ འདི་ནི་བདུད་ཀྱི་མདེའུ་ཀ་འོ༔ རྒྱུད་ལས་ཟབ་པ་ཧ་ར་ནག་པོའི་སྐོར༔ ཧ་ཤང་ནག་པོ་རྒྱལ་པོ་ཁྱོད་ལ་གཏད༔ ཀྭའི་འགྲོ་བ་ཕུང་བས་སྤེལ་ན་ན་ར་ཀན༔ རྒྱུད་ལས་ཡུལ་འཁོར་སྲུང་དང་བྱ་ར་བྱེད༔་་་ཞིང་དང་འཆང་དང་བྱ་ར་བྱེད༔་་་ཟེར་བའང་སྣང་། ཡང་ཞེ་སྡང་རྒྱལ་པོ་དག་ལ་ཡུལ་འཁོར་སྲུང༔ ཞེ་སྡང་བློན་པོ་་་ཟླ་བ།དག་ལ་བྱ་ར་བྱེད༔ དམག་མིའི་དུས་སུ་འཆི་བདག་རྔམ་ཞིང་འཕྱོང༔ མཚོན་ཆ་དག་ལ་འཆི་བདག་སྲེ་འཚལ་ལོ༔ གཏི་མུག་རྒྱལ་བློན་་་དུས་ཚོད།མཚོན་ཆ་དག་པ་ལ༔ ཡུལ་འཁོར་སྲུང་དང་བྱ་ར་རྔམ་འགྲོ་འཚལ་ལོ༔ ཞེ་སྡང་དག་དང་མཚུངས་པས་གཏད་པར་བྱའོ༔ དྲང་སྲོང་ཁྲོས་པའི་དམོད་མོ་འདི༔ རྒྱ་ནག་ཧ་ར་ནག་པོ་ཡིས༔ ཕུང་བཤིག་ནག་པོའི་རྒྱུད་ལས་ཕྱུང༔ འཇིགས་ཤིང་སྐྱི་གཡའ་གསང་བར་བྱ༔ ས་ཡི་ཕུང་ཚོལ་ནག་པོ་ཟབ༔ ཧལ་ཁྱི་ནག་པོའི་གཏད་ཁྲམ་ཡིན༔ ༈ ས་བདག་ཕུང་བྱེད་ནག་པོའི་མདེའུ་ཁ་བཞུགས༔ ས་བདག་ཕུང་བྱེད་ནག་པོའི་མདེའུ་ཀ་འདི༔ བསྙེན་པ་ཐོན་ནས་ཚང་མང་ངོས་སུ་གཞུག༔ ལན་གསུམ་བསྐྱར་ན་འཆོར་མི་སྲིད༔ རང་གི་ཁྱིམ་དུ་མི་བྱ་འོ༔ བྱས་ན་རང་ཉིད་ཕུང་བར་འགྱུར༔ སྦྲང་རྒོད༔ མུ་ཟི༔ ཁྱི་ལུད་དང༔ ཏི་ཚ༔ ཤུག་པའི་ཐང་ཆུ་དང༔ ར་གཞོབ་དྲུག་གིས་ལིངྒ་བདུག༔ གཅིག་གིས་ཐད་ཀར་སྦ་བར་བྱ༔ ཤར་ལྷོ་ནུབ་བྱང་འགྲེའོ༔ དེ་ནས་ས་བདག་བསྐུལ་བ་ནི༔ དུག་ལྔ་འདུས་པའི་སྐུ་ལ་རྔམ་པའི་གཟུགས༔ དགྲ་བོ་སྒྲོལ་ལ་མཁས་པས་དུག་དང་འདྲ༔ ཕྱག་ན་ཕུར་པ་བསྣམས་པས་དགྲ་བོའི་ཟས་ནོར་འཐོར༔ གཏི་མུག་ཕག་པའི་མགོ་བོ་ནི༔ སངས་རྒྱས་ཡོན་ཏན་མ་དྲན་རྟགས༔ ཞེ་སྡང་ཁྱི་ཡི་མཆེ་བ་ནི༔ ལས་སུ་གསོད་ལ་དགའ་བའི་རྟགས༔ འདོད་ཆགས་བྱ་ཡི་གཤོག་པ་ནི༔ སངས་རྒྱས་བསྟན་པ་ཟིལ་གྱིས་གནོན་པའི་རྟགས༔ འཛིན་ཆགས་མི་ཡི་ལག་པ་ནི༔ ནོར་དང་དཀོར་ལ་དད་པའི་རྟགས༔ ཞེ་སྡང་སྦྲུལ་གྱི་མཇུག་མ་ནི༔ དུག་ལྔ་མེ་ལྟར་འབར་བའི་རྟགས༔ དུག་ལྔ་འདུས་པའི་སྐུ་ལ་ཕྱག་འཚལ་བསྟོད༔ དཔའ་གཏུམ་སྟག་གི་སེན་མོ་ནི༔ དམ་ཉམས་སྙིང་ནས་འདྲེན་པའི་རྟགས༔ དམིགས་པའི་དགྲ་བོ་བརླག་པར་གྱིས༔ ས་བདག་ཧལ་ཁྱིའི་མདེའུ་ཀའོ༔ ྀཨཚ༔ ࿊ ༼༡༥༽ཧལ་ཁྱི་ནག་པོའི་ངན་སྔགས་ནི༔ ཧལ་ཁྱི་ནག་པོའི་གཏད་ཁྲམ་དགྲ་བོ་ཕུང་བར་བྱེད་པའི་ཐབས་ལ༔ ལྕགས་ཕུར་ཁོང་སྟོང་གཅིག་བྱས་ལ༔ དེའི་ནང་དུ་ལིང་ག་འོད་ཀྱིས་དཀྲིས་ལ་གཞུག༔ ཕུར་པ་སྦྲང་རྒོད་མུ་ཟི་ཁྱི་ལུད་གསུམ་གྱི་དུད་པས་བདུག༔ ཕུར་པ་དེ་ཧལ་ཁྱི་གནས་ཕྱོགས་ཀྱི་རི་མཐོན་པོའི་ཁར་ཁྱེར་ལ༔ ཆས་ནག་པོ་གོན་གདོང་ནག་པོར་བྱུག༔ ཧལ་ཁྱི་གནས་པའི་ཕྱོགས་སུ་ཁ་བལྟས་ལ༔ འོ་དོད་འབོད༔ ཀྭའི་ས་བདག་ཧལ་ཁྱི་ནག་པོ༔ གནམ་ཁྱི་ནག་པོ༔ སེ་ཤར་མི་གསོད༔ ཐེ་ཁྱིམ་བཙུན་མོ༔ འཇིག་རྟེན་འདི་ན་ཁྱེད་མིང་སྲིང་བཞི་དབང་ཆེ་བས༔ ངས་མ་ལན༔ དགྲ་བོ་འདི་ཚོའི་དུར་ཁྱེད་ལ་འདེབས་པས་རྩ་བ་དགུ་རྒྱུད་ནས་ཆོད་ཅིག༔ བྱས་ལ་ལྕམ་དྲལ་བཞི་ལ་དམོད་གཟུག༔ དུས་དེར་གསེར་སྐྱེམས་གཏོར་ཞིང་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ལ་ཡང་དམ་བརྡར༔ དམོད་གཟུག་གོ༔ ཕུར་པ་འདེབས་པའི་ས་ནི་གྲོག་པོ་གསུམ་ཤར་གྱི་མདོ༔ ལུང་གསུམ་འདུས་པའི་མདོའམ༔ ལམ་རྒྱ་གྲམ་མམ༔ སྡིག་པའི་རྭ་ཕྲག་འདྲ་བའམ༔ སྦྲུལ་ནག་གཅུས་པ་འདྲ་བའི་ཁའམ༔ བྲག་ཕག་པ་གཅུས་པ་འདྲ་བའི་སྣ་ལ་གདབ་བོ༔ འདེབས་པའི་དུས་ནི་བླ་མའི་ཞལ་ལས་དྲིས༔ ཧལ་ཁྱིའི་ངན་སྔགས་ྀཨཚ༔ ࿊ ༼༡༦༽ཧལ་ཁྱི་བསྐུལ་བ་ནི༔ ས་བདག་ཧལ་ཁྱི་དགྲ་ལ་སྡང༔ གཏི་མུག་ཕག་པའི་མགོ་བོ་ཅན༔ འདོད་ཆགས་བྱ་ཡི་གཤོག་པ་ཅན༔ ཞེ་སྡང་སྦྲུལ་གྱི་མཇུག་མ་ཅན༔ ཕྲག་དོག་སྦལ་པའི་ལུས་པོ་ཅན༔ གཡས་ན་གཅོད་བྱེད་དགྲ་སཏྭ་བསྣམས༔ གཡོན་ན་འཛིན་བྱེད་ལྕགས་ཀྱུ་བསྣམས༔ ལྕགས་ཀྱུས་ཟུངས་ལ་དགྲ་སཏྭས་རྒྱོབ༔ ས་བདག་ལན་གཅིག་འཕུར་ཏེ་སོང༔ གནམ་གྱི་ལྷ་རྣམས་དབང་དུ་སྡུས༔ ས་ལ་མི་རྣམས་རླག་པར་བྱེད༔ དམག་དང་བག་མ་རོ་ལ་སོགས༔ ཁྱོད་དང་ཕྲད་ན་བརླག་པར་བྱེད༔ འོག་ཏུ་ས་བདག་ཀླུ་གཉན་བསྐུལ༔ ལེགས་ཉེས་སྟངས་ཀ་ཁྱོད་ཀྱིས་གཅོད༔ བདག་ལ་གནོད་པའི་དགྲ་བོ་འདི༔ སྐྱ་རེངས་མིག་གིས་གར་སོང་ལྟོས༔ བདུན་རྒྱུད་ཚུན་ཆད་ལྕགས་ཀྱུས་ཟུངས༔ སྤུ་གྲིའི་སོ་ཡིས་གཅོད་ཅིང་ཟོ༔ བཅོལ་པའིལས་འདི་མྱུར་དུ་གྱིས༔ ཤི་ཏ་ར་ར་ཕུ༔ རུ་རུ་ཕུ༔ ཏེ་བ་ཏ་ས་ཤི་ཕུ༔ སུ་ག་ཏ་ས་ཤི་ཕུ༔ ཟ་ན་དེ་ལྟར་ཟོ༔ འཆའ་ན་དེ་ལྟར་འཆོས༔ འཐུང་ན་དེ་ལྟར་འཐུང༔ འཇིག་ན་དེ་ལྟར་ཤིག༔ ཅེས་བསྐུལ་ལོ༔ བསྟན་པ་སྲུང་བའི་མན་ངག་འདི་ནི་གསང་ཞིང་གབ་པར་བྱའོ༔ ཨིནྡྲ་བ་ལོ༔ དར་ཆེན་ཐིག་ལེ༔ རྒྱ་ཁུ་ཡུག་སོགས་ལའོ༔ ྀཨཚ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ࿊ ༼༡༧༽གསོད་པའི་མཚོན་ཆ༔ དྲང་སྲོང་སྲོག་གི་སྔགས་རྒོད༔ གཟའ་སྤྱང་གི་ངན་སྔགས་བཅའ་ཐབས་ལ༔ བ་ལུའི་རྩ་བ་ལ་ཨུམྦྷི་བྱས་ལ༔ སྔགས་གོང་མ་བྲི༔ དེའི་ནང་དུ་ནད་ངན་གྱིས་ཤི་བའི་དབང་པོ་དང་སེན་མོ་ཕྱེ་མར་བཏགས་ཏེ་གིང་གི་སྔགས་དང་གཟའ་སྤྱང་གི་སྔགས་འདི་ཁྲི་ཚོ་གཅིག་བཏབ་སྟེ༔ ཁ་བལ་ནག་གིས་བཅད་ལ་ཐེམ་པའི་འོག་ཏུ་སྦའོ༔ བཟའ་མི་ཐམས་ཅད་ལོང་ཞིང་ལྐུག་པར་འགྱུར་རོ༔ སྔགས་ལ༔ མུག་རིག་མུག་རིག༔ མ་ནི་མ་ནི་ཐུམ་ཧུ་འུ་ཐུམ་ཐུམ༔ མ་ནི་ཐིབས་ཐིབས༔ ཞེས་ཁྲི་ཕྲག་གཅིག་བཟླས་ཏེ་སྦས་ན་བཟའ་མི་དུ་ཡོད་དེ་ལོང་བར་འགྱུར་རོ༔ ཁྱིམ་ལ་བྱས་ན་ཁྱིམ་ཕུགས་སུ་འཆིའོ༔ དུར་ལ་བྱས་ན་རྩ་རྒྱུད་དུ་འཆད༔ ཞིང་ལ་བྱས་ན་ལོ་མི་སྐྱེའོ༔ སྔགས་ནི༔ ཨོཾ་བྱི་ནག་བྱི་ནག་ཨཱ་ཀར་ཤ་ས་ཤ་ས་རྦད༔ བཛྲ་ནག་མོ་ཧག་རྦད༔ ཁེན་ས་མ་ཡ་ཤག་ཕྱེ༔ ཏིང་ཕུར་ནག་མོ་ཧོར་ཧོར༔ ཧེ་ཏྲ་ནག་མོ་སྐོམ་ལྟོག༔ བཛྲ་ཧེ་ར་ནག་མོ་སྲོག་རྦད༔ ཨེ་ཧ་ནག་མོ་སྲེག༔ ཨོཾ་བཛྲ་ཙང་གུ་གང་མ་སྭཱ་ཧཱ༔ སྦེད་ཁར་གཡབ་མོ་བྱ༔ མྱུར་དུ་འོང་ངོ༔ གཟའ་སྤྱང་གི་ངན་སྔགས་ྀཨཚ༔ ࿊ ༼༡༨༽ཧལ་ཁྱི་དང་སྦྲེལ་ཏེ་བླ་མ་ལ་རག་ལུས་སོ༔ ངན་སྔགས་འདི་ཐུན་གཅིག་ལ༔ དུ་རའམ་ཀུ་ཀུའམ་ཕྱི་བ་གང་རུང་དག་གི་སྲེ་ལོང་པ་ལ་ལྟག་སྐྲ་དང་བཅས་ལ༔ དེ་ལ་མིག་དང་ཁ་སྣ་ཚང་བར་གཏོད་ལ་གདོང་འབྲི་མོག་གིས་བྱུག༔ བ་ལིཾ་བཤམས་ལ་སྔགས་འདི་བགྲང་ངོ༔ ཏྲི་ཡང་དུ་ཏྲི་ཡང་ཡང་བ་ཏྲི་ཡ་ཏྲི་མ་རེ༔ ཞེས་བརྗོད་འདི་སྐད་བསྐུལ༔ སེར་སྐྱ་ལ་ཞུན་དམ་ལ་འདུས༔ ནག་པོ་ཁྲེལ་མེད་དམ་ལ་འདུས༔ ཕ་སྤུན་སྙིང་མེད་དམ་ལ་འདུས༔ ཐེའུ་རང་སྟོང་སྡེ་དམ་ལ་འདུས༔ ཐེའུ་རང་རྒྱལ་པོ་ཁྱེད་རྣམས་ཀུན༔ དམ་རྫས་འབར་བ་འདི་གསོལ་ལ༔ བཅོལ་བའིལས་རྣམས་འགྲུབ་པར་མཛོད༔ ཅེས་བརྗོད་ལ་ལས་བཅོལ༔ དགྲ་བོའི་ཁང་རྨིང་དུ་སྦའོ༔ དེས་ནི་ས་སྲིན་དང་ཕུང་སྲི་དང་ཐེའུ་རང་དང་བསྡོངས་ནས་དགྲ་ལ་གཏམ་བསྣོལ་དང་རྨི་ལམ་ལོག་པ་དང་ལྟས་ངན་སྣ་ཚོགས་འོང་ངོ༔ ཁང་པ་དེ་རྨིང་ནས་འཇིག་གོ༔ བྲག་ལ་བསྐྱལ་ན་བྲག་འཇིག༔ མཚོ་ལ་བསྐྱལ་ན་མཚོ་སྐམ༔ མི་ནོར་ཟས་གསུམ་བརླག་པར་བྱེད༔ ངན་ཐབས་ྀཨཚ༔ གཏོར་མ་བཅའ་ཐབས་ལ་སྦང་ཟན་གཡེར་ཆུ༔ ཆང་འདྲེས་ཁྱེར་བ་དེ་རྣམས་ལ་གཏོར་མ་བྱས་ལ་དགྲ་བོ་འདི་ཕུང་བར་གྱིས་ཤིག་ཅེས་བྱའོ༔ རྫས་དང་ཐབས་གོང་མ་བཞིན་བསགས༔ ཐོད་པ་མཚན་ངན་དུ་གོང་གི་གཏོར་མ་བཤམ༔ མིང་རུས་དང་ལིང་ག་ཕུང་ཤུལ་ཁྱིམ་ས་དང་སྔགས་དང་རྫས་རྣམས་སྦའོ༔ དམ་ཚིག་ཏུ་གླེང་དུ་མི་རུང་བརྗོད་དུ་མི་རུང༔ དགྲ་བོའི་ལིང་གའི་མཐའ་མ་སྔགས་ཀྱིས་བསྐོར༔ སྐར་མ་ངན་གསུམ་དེ་ཡང་དབྱུག་པ་ལ་བྱའོ༔ ཞག་གསུམ་ན་ཕྱི་རྟགས༔ ཞག་ལྔ་ལ་ནང་རྟགས་ཡོང་ངོ༔ ྀཨཚ༔ ༈ ངན་སྔགས་གདུག་པའི་ལག་ཆ་འདི༔་་་འདི་ལ་སྲོག་དང་གཅིག །ཁང་སེལ་དང་གཉིས། ཞིང་སེལ་དང་གསུམ། དུར་སེལ་དང་བཞི། ཕྱུགས་སེལ་དང་ལྔ། གཏད་དང་དྲུག །ནང་རྒྱས་བཟློག་པ་དང་བདུན། དེ་ལ་སོགས་པ་འགའ་བསྟན་ཀྱང་སྲོག་ལས་མ་འདས་སོ། །དྲང་སྲོང་ཁྲོས་པའི་དམོད་མོ་ཡིན༔ གྲིབ་སྐྱེས་གསེར་གྱི་མཆུ་རིས་ཅན༔་་་ལུང་པ་ཁ་བྱང་བལྟས་ཀྱི་སྐྱེར་པ། ཡང་ན་་་ས་བདག་གནས་སའི།གདུག་པའི་ས་ཕྱོགས་ནས༔ མོ་ཤིང་་་གླང་མའམ་ལྕང་མ།རྩེ་གཉིས་བཤགས་ལ་བྱ༔ ཁོང་གསེང་ནང་དུ་སྔགས་རྒོད་གཞུག༔ སྔོ་དམར་སྐུད་པས་་་སྦྲུལ་རིས་སུ།དམ་དུ་བཅིང༔ གླང་དམར་རྭ་ནང་བཅུག་ནས་ཀྱང༔ གསད་པ་དྲག་པོའི་སྔགས་རྒོད་་་འོག་ནས་འབྱུང་བ།འདི༔ གནས་དབེན་པར་སོང་ལ།་་་སྨྲ་བཅད་བྱས་ཏེ་ཁྲི་ཕྲག་གཅིག༔ འབད་ནས་བཟླས་ཏེ་གང་ཡིན་པའི༔ དེ་ལྟར་བྱས་པའི་བྱང་བུ་དེ༔ ཁང་པའི་རྨང་དུ་སྦས་གྱུར་ན༔ དགྲ་ལ།་་་ཕུང་ཁམས་ཆེན་པོ་ཡོང་བར་འགྱུར༔ དགྲའི།་་་ཚང་མང་ངོས་སུ་སྦས་གྱུར་ན༔ བཟའ་མི་ཁ་ཕུང་འཆི་བར་འགྱུར༔ རྟ་ཕྱུགས་བྲེས་འོག་སྦས་གྱུར་ན༔ རྟ་ཕྱུགས་ཐམས་ཅད་ཕུང་བར་འགྱུར༔ དུར་སེལ་བྱེད་ན་ཕག་གི་ཐོད།་་་དུར་གྱི་དཀྱིལ་དུ་སྦས་གྱུར་ན༔ རིགས་རྒྱུད་ཐམས་ཅད་བརླག་པར་འགྱུར༔ ཁང་སེལ་བྱེད་ན།་་་ཁང་པའི་རྨང་དུ་སྦས་གྱུར་ན༔ ཟླ་བ་དྲུག་ན།་་་བརླག་པར་འགྱུར་བར་གདོན་མི་ཟ༔ སྔགས་པ་ནང་རྒྱས་བྱུང་བའི་ཚེ༔ ཁོའི།་་་གཏོར་ཚུགས་འོག་ཏུ་སྦས་གྱུར་ན༔ དེ་ནི་མྱུར་དུ་བརླག་པར་བྱེད༔ ཞིང་སེལ་བྱེད་ན།་་་ཞིང་གི་དཀྱིལ་དུ་སྦས་གྱུར་ན༔ དེ་ནི་མོད་ལ་འབྱེར་བར་བྱེད༔ གཏད་དུ་བྱེད་ན།་་་ཙནྡན་བྱང་བུ་སོར་བཞི་ལ༔ སྔགས་དང་མིང་སྤེལ་་་དགྲའི་བྱང་བུ་གཉིས། ཤི་ཏ་ར་ར་ཕུ། རུ་རུ་ཕུ། ཏེ་བ་ཏ་ས་ཤི་ཕུ། ཆེ་གེ་མོའི་ཤ་ལ་རྔམ་མོ་ཆུམ་ཆུམ། ཤ་ལ་རྔམ་མོ་ཐུན་ཐུན། ཤ་ལ་རྔམ་མོ་ནན་ནན། སྐྱེར་པ་ལ་ཕོ་སྔགས། གླང་མ་ལ་མོ་སྔགས་བྲི། བར་དུ་མིང་རུས་དང་ཡུལ་མཁར་གང་ཡིན་བྲིའོ།བྲིས་ནས་ནི༔ བྱང་བུ་ལ།་་་མངར་གསུམ་དག་གིས་བྱུགས་ནས་ཀྱང༔ བསད་ཅིང་དྲག་པོའི་སྔགས་རྒོད་འདི༔་་་གོང་དུ་བཀོད་པ། ཁྲི་ཕྲག་གསུམ་དུ་་་བརྒྱ་རྩ་བརྒྱད་ཟེར་ཡང་ཞག་གཅིག་གཉིས།བཟླས་གྱུར་ནས༔ ཀླུ་ཡོད་གནས་སུ་སྦས་གྱུར་ན༔ དེ་ཉིད་མོད་ལ་མཛེ་ཡིས་འཛིན༔ འདི་ཡི་ལས་རྣམས་གང་བྱེད་ཀྱང༔ གཤེད་གཟའ་གཤེད་སྐར་དག་ལ་བྱ༔་་་ཁམས་ཀྱི་ཟླ་བ་ལ། བྱ་སྤྲེ་གསུམ་ལ་དཔྱིད་ཟླ་ལ་བྱ་དེས་འགྲེའོ། །མདོར་ན་མེ་ཁམས་པ་ལ་ཕག་དུས། ཆུ་ཁམས་ལུག་དུས། ས་ཁམས་སྟག་ཡོས་དེས་འགྲེའོ། །ཡང་ན་ཉི་མ་མགོ་དང་སྨིན་དྲུག །རྟ་ལ་སྣྲོན། ལུག་ལ་རྒྱལ། ར་ལ་ནག་པ། གནག་ལ་བི་རྫི། ནབས་སོ་བྲ་ཉེ་དབྱུག་པ་ཀུན་ལ་བྱའོ། །ནག་པོ་་་ཧལ་ཁྱི།རྒྱུ་བའི་ཕྱོགས་ནས་གཞུག༔ འདི་ཉིད་མ་ནོར་བྱས་གྱུར་ན༔ རྡོ་རྗེའི་ཚེ་ཡང་འཇིག་པར་འགྱུར༔ འཇིག་རྟེན་མི་ལ་སྨྲོས་ཅི་དགོས༔ གཟའ་ངན་བདུན་གྱི་ཉི་མ་དག་ལ་བྱ༔ འདྲེ་ངན་བདུད་གཅོད་མན་ངག་གིས་ཤེས་པར་བྱ༔ ཤིན་ཏུ་གཅེས་སོ་ཞལ་ལ་རག་ལས་སོ༔་་་ཁམས་རྩི་བ། ཤི་ཏ་ར་ར་སྤྲུ་སྤྲུ་ཕུ༔ རུ་རུ་ཕུ༔ ཏེ་བ་ཏ་ས་ཤི་ཕུ༔ སུ་ག་ཏ་ས་ཤི་ཕུ༔ ཡ་ཡ༔ ཟ་ཟ༔ འཆའ་འཆའ༔ རུག་རུག༔ ཟ་ན་དེ་ལྟར་ཟ༔ འཆའ་ན་དེ་ལྟར་འཆའ༔ འཐུང་ན་དེ་ལྟར་འཐུང༔ མཁར་དང་ཁང་པ་ལ།་་་འཇིག་ན་དེ་ལྟར་ཤིག༔ དུར་དུ་འཇུག་ན།་་་དུར་ཕུག་ཤི་བ་རྩད་ཆོད༔ རྩེ་ནས་ཕོབ༔ རྨང་ནས་སྒྱེལ༔ ཞིང་ལ།་་་དེངས་སུ་ཆུག༔ བྱེར་དུ་ཆུག༔ ས་ས་རྦད༔ ཟི་ག་རྦད༔ གར་པ་རྦད༔ ཐིན་དུ་རྦད༔་་་སྔགས་འདི་འཇུག་པའི་དུས་སུ། ཉི་ཤུ་རྩ་གཅིག་ཟེར་ཡང་བརྒྱ་རྩ་བརྒྱད་བཟླ། རྗེས་གཅོད་སྔགས་འདི་བཟླས་པར་བྱའོ། །དྲང་སྲོང་ཁྲོས་པའི་དམོད་མོ་འདི༔ གང་ལ་བཏབ་ཀྱང་བརླག་པར་འགྱུར་བ་གདོན་མི་ཟ༔ འགོར་ཡང་།་་་ཟླ་བ་གསུམ་ལས་འདའ་མི་སྲིད༔ མུ་སྟེགས་ཀྱི་ངན་སྔགས་ཕུང་བྱེད་སྲོག་གི་མཆན་པ༔ ཨ་མོ་ཅོག་འགྱེལ༔ སོ་ཕག་ཤི་ཐམ༔ རྣོ་བའི་སྤུ་གྲི་ངན་ཐབས་ཐམས་ཅད་ཀྱི་མདེའུ་ཐུང་རྫོགས་སོ༔ ས་མ་ཡ༔ ཧཱུྃ༔ གཏི་མུག་ཕག་གི་མགོ་བོ་ལ༔ འདོད་ཆགས་བྱ་ཡི་གཤོག་པ་ཅན༔ ཞེ་སྡང་སྦྲུལ་གྱི་མཇུག་མ་ཁྱུགས་སེ་ཁྱུག༔ འཛིན་ཆགས་མི་ཡི་ལག་པ་ལ༔ གཅན་གཟན་སྟག་གི་སྡེར་མོ་ཅན༔ གཡས་ན་གནམ་ལྕགས་སཏྭ་གྲི་བསྣམས༔ བདར་ཞིང་གཅོད་པའི་ལས་མཛོད་ཅིག༔ གཡོན་ན་ནད་ཀྱི་རྐྱལ་པ་བསྣམས༔ འཐོར་ཞིང་འབུད་པའི་ལས་མཛོད་ཅིག༔ དགྲ་བོ་ཕུང་བའི་ལས་མཛོད་ཅིག༔ དགེའོ༔ འཁོར་ལོ་འདི་ནམ་ཕྱེད་ན་དུག་ཁྲག་གིས་བྲིའོ༔ གཡོན་ནས་གྲིལ་ལ་གཡས་སྟེང་དུ་འདོན༔ མགོ་རྩེ་ངོས་སུ་བསྟན་ནོ༔ སྔོན་དམར་གྱིས་སྦྲུལ་རིས་སུ་དཀྲིའོ༔ ཧལ་ཁྱིའི་སྐྱས་དང་བསྟུན་ནོ༔ ࿊ ༼༡༩༽བུམ་ཐང་སྲོག་འཁོར་དགྲ་བོའི་སྲོག་གི་མཆན་པ་ནག་པོ་བཞུགས་སོ༔ རྒྱ་གར་སྐད་དུ༔ ཛི་ཡཾ་ཙཀྲ་ཀརྨ་ནཱ་མ༔ བོད་སྐད་དུ༔ འབྱུང་བ་རླུང་གི་འཁོར་ལོའི་ལས་ཞེས་བྱའོ༔ ལྷ་ཆེན་མ་ཧཱ་དེ་ཝ་དང༔ ལྷ་མོ་ཙ་མུནྟྲི་དང༔ འབྱུང་བའི་བདག་མོ་བཞི་ལ་ཕྱག་འཚལ་ལོ༔ འཁྲུག་བྱེད་རྒྱལ་པོའི་རྒྱུད་ནས་བསྡུས་པའི་མན་ངག་འདི་ལ་དོན་རྣམ་པ་ལྔའོ༔ སྔོན་ཇི་ལྟར་བྱུང་བའི་ཁུངས་དང་གླེང་གཞི་བསྟན་པ་དང་གཅིག༔ མཚན་གྱི་རྣམ་གྲངས་བསྟན་པ་དང་གཉིས༔ བཅའ་བའི་ཐབས་བསྟན་པ་དང་གསུམ༔ གྲུབ་པའི་རྟགས་བསྟན་པ་དང་བཞི༔ མ་གྲུབ་གནད་ལ་དབབ་པ་དང་ལས་ཀྱི་མཇུག་སྡུད་བསྟན་པ་དང་ལྔའོ༔ མདོར་བསྡུས་རྩ་བའི་ལེའུ་སྟེ་དང་པོའོ༔ དེ་ལ་དང་པོ་བྱུང་ཁུང་གླེང་གཞི་བསྟན་པ་ནི༔ རྒྱ་གར་གྱི་ཡུལ་གྲོང་ཁྱེར་བྷ་ར་ཏ་ཚ་བྱ་བ་མུ་སྟེགས་ཀྱི་གནས་གཅིག་ན༔ མུ་སྟེགས་ཀྱི་སྟོན་པ་ཁ་ཕུང་ནག་པོ་བྱ་བ་ལ༔ ཁོའི་བསྟན་པ་ལ་དགྲ་དར་ནས༔ ནང་པས་ཁོའི་དབེན་རིས་ཐམས་ཅད་བཅོམ༔ ཆོས་དང་དམ་རྫས་ཐམས་ཅད་ནི་མེས་བསྲེགས་ནས་མུ་སྟེགས་ཀྱི་བསྟན་པ་བསྣུབས་སོ༔ ནང་པ་དང་རྩོད་པ་ཆེར་ཤོར་ནས༔ དེ་ནས་དེར་མུ་སྟེགས་ཀྱི་སྟོན་པ་ཁ་ཕུང་ནག་པོ་བྱ་བ་དེས༔ འབྱུང་བ་འཁྲུག་བྱེད་ནག་པོའི་རྒྱུད་ཅེས་བྱ་བ་དེའི་ནང་ནས༔ འབྱུང་བ་རང་དབང་མེད་པར་ལས་ལ་བཀོལ་བ་འདི་བསྡུས་ནས་ལས་ལ་སྦྱར་བས༔ ཟླ་བ་དྲུག་ནས་ནང་པ་སངས་རྒྱས་པའི་མི་རྣམས་དང་ཆོས་པ་དེ་རྣམས་བརླགས་མེ་རྡུལ་འཐོར་བ་བཞིན་གྱུར་ཏོ༔ དེ་ནས་བསྟན་པ་ཡང་ཚུག་གོ༔ དེ་ནས་ཕྱི་རབས་ཀྱི་སྟོན་པ་རྣམས་བསྟན་པ་བསྲུང་བའི་དོན་ཕྱིར་དུ༔ བི་ཀྲ་མ་ལའི་བྱང་ཕྱོགས་ན༔ མུ་སྟེགས་ཀྱི་གཙུག་ལག་ཁང་རུ་པ་ཏ་ཚ་ཞེས་བྱ་བ་དེའི་གཙུག་ལག་ཁང་གི་དབུ་རྩེ་ན༔ དབང་ཕྱུག་ཆེན་པོའི་རྟེན་རྒྱུ་འཇིམ་པ་ལ་བྱས་པའི་མཚན་མ་ལ་ཟངས་ཀྱི་ཆུ་བྱུགས་ཡོད་པ་དེའི་ནང་དུ་སྦས་ཏེ༔ སྲུང་མ་ཡང་དབང་ཕྱུག་ཆེན་པོ་ཉིད་ལ་བཅོལ་ལོ༔ ཕྱི་རབས་བསྟན་པ་བསྲུང་བར་ཤོག༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་སྨོན་ལམ་བཏབ་བོ༔ ཟངས་ཀྱི་ཤོག་དྲིལ་ལ་དངུལ་གྱི་ཡི་གེ་བཏབ་ནས་སྦས་སོ༔ གུ་ཧྱ༔ དེ་ནས་ལོ་མང་ཞིག་ན་ཡང༔ ནང་པ་དང་རྩོད་པ་ཤོར་ནས༔ རུ་པ་ཏ་ཚ་བཤིགས་པ་ལས༔ དབང་ཕྱུག་ཆེན་པོའི་མཚན་མ་དེ་ལ་རླུང་ནག་གི་འཚུབས་མ་གཅིག་རྒྱུན་དུ་འཁོར་གྱིན་འདུག་ནས་སློབ་དཔོན་པདྨས་མཚན་མ་དེ་བཅག་པ་ལས༔ ཟངས་ལ་དངུལ་གྱི་ཡི་གེ་བཏབ་པའི་ཤོག་དྲིལ་དེ་བྱུང་ནས༔ དེ་ལ་སློབ་དཔོན་གྱིས་གཟིགས་པས༔ དེ་མུ་སྟེགས་ཀྱིས་བརྩམས་པ་ཡིན་ཡང་བསྟན་པ་བསྲུང་བ་ལ་འདི་ངོ་མཚར་ཆེ་བ་གཅིག་འདུག་སྙམས་ནས་ཐུགས་ལ་བཅངས་སོ༔ དེ་ནས་སློབ་དཔོན་གྱིས་བྱང་པྲ་དུན་རྩེར་གཏན་ལ་ཕབ་བོ༔ དེ་ནས་དུས་ཕྱིས་བུམ་ཐང་ལྷ་ཁང་བཞེངས་པའི་དུས་སུ༔ སློབ་དཔོན་པདྨས་ཤོག་དྲིལ་དུ་མཛད་ནས༔ སྒོ་སྲུང་ཁྲོ་བོ་རྟ་མགྲིན་གྱི་མཚན་མ་ལ་སྦས་སོ༔ བདག་འདྲ་བདག་གིས་སྤྲུལ་པ་སྟེ༔ སྙིགས་མའི་མཐུ་དང་ཆོས་ལ་བརྩི༔ དེ་ཡི་བསྟན་པ་འདི་ཡིས་སྲུང༔ གཏེར་སྲུང་རྣམས་ཀྱིས་དེ་ལ་བྱིན༔ ཅེས་སྨོན་ལམ་བཏབ་སྟེ་གཏེར་དུ་སྦས༔ བྱུང་ཁུངས་གླེང་གཞིའི་ལེའུ་སྟེ་དང་པོའོ༔ གཉིས་པ་མཚན་གྱི་རྣམས་གྲངས་བསྟན་པ་ནི༔ གཞི་འཁོར་ལོ་ལ་བཅའ་ཡང་ལས་རླུང་ལ་འཆོལ་བས་འབྱུང་བ་རླུང་གི་འཁོར་ལོ་ཞེས་ཀྱང་བྱ༔ དགྲ་ཉུང་ན་འཁོར་ལོ་མི་ཁེངས་པས་ནག་པོ་ཡོ་འདེད་ཅེས་ཀྱང་བྱ༔ སྔགས་ཀྱི་རང་བཞིན་དགྲ་བོ་སྲོག་གི་མཆན་པ་བས་རྣོ་བས་སྲོག་གི་ཤན་པ་ནག་པོ་ཞེས་ཀྱང་བྱ༔ ཡང་ན་དྲག་པོའི་སྔགས་མུ་སྟེགས་ལྟར་གཅིག་བསྐོར༔ ཆོས་བསྐོར་ལྟར་གཅིག་འཁོར་བས་དེའི་ཕྱིར་ན་མཆན་པའོ༔ ཡང་ན་རྩོམ་པ་པོ་མུ་སྟེགས་པ་ཡིན་ཡང༔ བཟས་པའི་དགྲ་བོ་ནང་འཐབ་པ་ཡིན་པས༔ མུ་སྟེགས་ཀྱི་གཟེ་མ་ཉེ་འབྱེད་ཅེས་ཀྱང་བྱ༔ ཕ་རོལ་པོ་མཐུ་ཆེ་ཞིང་ཟློག་པ་ཆེས་ཟབ་ཀྱང༔ འབྱུང་བ་དབང་དུ་སྡུད་པས་ནག་པོ་ཟློག་མེད་ཅེས་ཀྱང་བྱ༔ དེ་རྣམས་ནི་མཚན་གྱི་རྣམ་གྲངས་ཀྱི་ལེའུ་སྟེ་གཉིས་པའོ༔ གསུམ་པ་བཅའ་བའི་ཐབས་ལ་གཉིས༔ འཁོར་ལོ་བཅའ་གཞི་འབྲི་ཐབས་དང༔ ཤིང་གི་བཅའ་གཞི་གཉིས་སོ༔ དང་པོ་འཁོར་ལོ་བྲི་བ་ནི༔ ཤིན་ཏུ་གཙང་བའི་ཤོག་བུ་ལ༔ མཐོ་གང་གྲུ་བཞིའི་ཚད་དུ་བྱ༔ གྲི་ཁྲག་ལྡོང་རོས་མཚལ་སྣག་གསུམ༔ སེར་བ་བབས་པའི་ཆུའམ་ཆུ་མིག་བྱང་ལྟའི་ཆུས་སྣག་ཚྭ་སྦྱར་ལ་འཁོར་ལོ་རྩིབས་དྲུག་བྲི༔ མུ་ཁྱུད་ཕྱི་ནང་གཉིས་དང་ལྡན༔ ཕྱི་ཡི་མུ་ཁྱུད་དག་ལ་ནི༔ ཧེར་ནི་ཚན་དྲུག་མུ་སྟེགས་ལྟར༔ ནང་གི་མུ་ཁྱུད་དག་ལ་ནི༔ ཏར་ནི་ཚན་དྲུག་ནང་པ་ལྟར༔ ཆོས་སྐོར་དག་ཏུ་བྲི་བར་བྱ༔ འོག་ནས་འབྱུང་བ་བཞིན་དུ་བྲི༔ དབུས་སུ་ཉ་བོ་ལིང་ག་བྲི་བ་ཡང༔ མགོ་བོ་ཆེ་ལ་ཡན་ལག་ཕྲ༔ ཁོག་པ་སྟོང་པའི་ནང་དུ་ནི༔ བྲང་ལ་མིང་རུས་བླ་དྭགས་བྲི༔ ལྟེ་བར་ནྲྀ་ཞེས་རྣམ་ཤེས་ལིང་ག་བྲི༔ རྩིབས་དྲུག་དག་ལ་འགོད་བྱ་བ༔ གཟུགས་དང་མིང་རུས་བཅས་པ་སྟེ༔ ཧཱུྃ་དང་རྦད་ཀྱི་བར་དུ་བྲི༔ ཉ་བོ་མིང་རུས་དག་པ་སྙིང་ཁར་བྲི༔ ནྲྀ་ཞེས་ལིང་ག་དག་ལ་བྲི༔ ཛཿཧཱུྃ་བཾ་ཧོཿཡན་ལག་བཞི་ལ་བྲི༔ ཧཱུྃ་ཕཊ་ཛ་རྦད་ཛ་སད་ཧུར༔ ཛཿཧཱུྃ་བཾ་ཧོཿནི་རྩིབས་མཆན་ཀུན་ལ་བྲི་བར་བྱ༔ སྤྱིར་ན་འོག་གི་དཔེ་ཆུང་ལྟར༔ མཁས་པས་བསྒྲིམས་ཏེ་བྲི་བར་བྱ༔ གཉིས་པ་ཤིང་གི་བཅའ་གཞི་ནི༔ དཔུང་ཤིང་སྟག་པ་དག་ལ་བྱ༔ འཁོར་ཤིང་གླང་མ་དག་ལ་བྱ༔ སྲོག་ཤིང་གང་ཡང་རུང་བས་བྱ༔ དཔུང་ཤིང་འཁོར་ཤིང་དག་གི་དཔེ༔ གསོར་དང་གསོར་གཞུ་དག་གི་མཚུངས༔ གོང་དུ་བསྟན་པའི་འཁོར་ལོ་ཡང༔ སྙུག་མ་བཞི་སྒྲོམ་བར་དུ་གཞུག༔ རྒྱུས་ཆེན་དག་གིས་དམ་པར་བཙེམས༔ སྤྱིན་གྱི་རྩི་ཡིས་དམ་དུ་སྦྱར༔ དཔེ་ཆུང་ལྟར་ནི་མཁས་པས་བརྟགས་ལ་བྱ༔ དེ་ལྟར་བཅའ་གཞི་ལེགས་ཚར་ནས༔ དམིགས་པའི་དགྲ་བོ་བཀུག་བསྟིམ་བྱ༔ དངོས་སུ་གསལ་བར་བསམས་ནས་ཀྱང༔ དུག་དང་ཁྲག་གིས་དངོས་སུ་བྱུག༔ དགྲ་བོའི་བླ་ཚེ་རྒྱུ་དུས་སུ༔ ཉ་སྟོང་བརྒྱད་དང་ཉི་ཤུ་གཉིས༔ ནག་པོ་བདུད་ཀྱི་ཉི་མ་ལ༔ ཉི་ཟླ་གཉིས་ཀྱི་རླུང་བར་དུ༔ མཐུན་པའི་རླུང་དང་སྦྱར་བྱས་ལ༔ མཐོན་པོ་རི་ཡི་རྩེ་མོའམ༔ ལྷ་ཁང་མཆོད་རྟེན་རྙིང་པའི་རྩེ་མོའམ༔ ལུང་གསུམ་མདོའམ་ཡང་ན་རང་གི་གནས་སུ་གཟུག༔ མ་ནོར་བྲིས་ནས་རླུང་ལ་ཕྱར་ནས་ཀྱང༔ གང་ལ་དམིགས་པའི་དགྲ་བོ་ལ༔ འབྱུང་བ་ལས་ལ་བཀོལ་བར་བྱ༔ ཕོ་སྟེང་མོ་འོག་འཁོར་བ་འམ༔ ཕོ་གཡས་མོ་གཡོན་འཁོར་བར་བྱ༔ འགོར་ཡང་ཟླ་བ་དྲུག་ལ་འགྲུབ༔ དེ་ལས་ཕྱིར་ལ་འགྱང་མི་སྲིད༔ པྲ་ཁྲིད་ལག་ལེན་གྱི་ལེའུ་སྟེ་གསུམ་པའོ༔ སྔགས་ཀྱི་རྣམ་གྲངས་བསྟན་པ་ནི༔ མུ་ཁྱུད་ཕྱི་མ་དག་ལ་ནི༔ ལིང་གའི་མགོ་བོའི་ཐད་ནས་བསྐོར༔ ཨོཾ་ཧར་ནི་ཧར་ཡཾ་ཕྱེ༔ མུ་ཐུན་ཡཾ་ཕྱེ་ཧ་ཡཾ་ཕྱེ༔ སྙིང་ཤད་ཤ་ཡམ་ཕྱེ༔ ཨུར་ན་ཏྲེ་ཏྲོ་གཏུབས་ཛ༔ ཧང་ཏྲི་ཟང་ཟང་ཛཿཛ༔ ཤན་ནི་ཤན་རྦད་རྦད་ཛཿཛ༔ ཡིག་མགོ་ནང་དུ་བསྟན་ལ་བྲི༔ རང་འཐག་བསྐོར་དུ་བྲི༔ དེ་ལ་སྔགས་ཚན་དྲུག་ཡོད་དེ༔ ཡིག་འབྲུ་སུམ་ཅུ་སོ་དྲུག་ཡོད་དེ༔ ལྟེ་བའི་མུ་ཁྱུད་དག་ལ་ནི༔ ཏར་ནི་ཏྲ་ཏ་རྦད་ཛ༔ ཧུར་ནི་ར་དུ་རྦད་ཛ༔ ནིར་ནི་ཏ་ཏྲི་རྦད་ཛ༔ རད་ནི་ར་ཏ་རྦད་ཛ༔ ཧུར་ནི་ཏྲི་ར་རྦད་ཛ༔ ཧར་ནི་དུ་ཏྲི་རྦད་ཛ༔ དེ་ལ་སྔགས་ཚན་དྲུག་ཡོད་དོ༔ ཡིག་མགོ་དག་ནི་ཕྱིར་བསྟན་ལ༔ ཆོས་བསྐོར་དག་ཏུ་བྲི་བར་བྱ༔ ཡིག་འབྲུ་སུམ་ཅུ་སོ་དྲུག་ཡོད༔ དེའི་དབུས་ལིང་ག་བྲི་བ་ནི༔ ཉ་བོའི་ལྟོ་བར་བྲི་བ་ནི༔ ཧཱུྃ་ཧ་ཧི་ཡཾ༔ དགྲ་བོ་ཆེ་གེ་མོ་ཧབ་ཤད་ཕྱུང་རྦད༔ དེ་ལ་ཡིག་འབྲུ་བརྒྱད་ཡོད་དོ༔ བཞི་གཉིས་བར་དུ་མིང་རུས་གཞུག༔ ལིངྒའི་ལྟེ་བར་ནྲྀ་ཞེས་བྲི༔ སྙིང་ལ་ཏྲི་བྲི་དཔྲལ་བར་ཁྲོཾ་དང་རུས་བྲི༔ ལག་པ་གཡས་ལ་ཛ༔ གཡོན་པ་ལ་ཧཱུྃ༔ རྐང་པ་གཡས་པ་ལ་བཾ༔ གཡོན་ལ་ཧོ༔ ལིངྒ་དཔེ་ཆུང་བཞིན་མཁས་པས་བྲི༔ རྩིབས་དྲུག་ལའང་དེ་བཞིན་བྲི༔ ལར་ནི་ལྟེ་བ་ལའང་དེ་བཞིན་བྲི༔ རྩིབས་མཆན་ཀུན་ལ་བྲི་བ་ནི༔ ཧཱུྃ་ཕཊ་རྦད་ཏྲ་སོད་ཧུར༔ རྩིབས་མཆན་དྲུག་པོ་དག་ལ་བྲི༔ དེ་ལ་ཡིག་འབྲུ་དྲུག་ཡོད་དེ༔ སྔགས་ཀྱི་ཐེམས་སུ་བསྟན་པ་ཡིན༔ ཕོ་འཁོར་སྟེང་ལ་མོ་འཁོར་འོག༔ ཕོ་ནི་གཡས་སུ་འཁོར་བ་ལ༔ མོ་ནི་གཡོན་དུ་འཁོར་བར་བྱའོ༔ དཔེ་ཆུང་བཞིན་དུ་གོ་བར་མཛོད༔ འབྱུང་བ་རླུང་ལ་ལས་བཅོལ་ན༔ ཟླ་བ་དྲུག་ན་གདོན་མི་ཟ༔ ཁ་ཕུང་དུ་ནི་བརླག་པར་འགྱུར༔ པདྨ་བདག་གིས་གཏན་ལ་ཕབ༔ སྔགས་ཀྱི་པྲ་ཁྲིད་ཐེམ་ཡིག་གི་ལེའུ་སྟེ་བཞི་པའོ༔ འདིའི་རྟགས་རྣམས་བསྟན་པ་ནི༔ ཕྱི་རྟགས་དང་ནི་ནང་རྟགས་རྣམ་པ་གཉིས༔ ནང་རྟགས་རང་གིས་ཚོར་བ་ནི༔ འཁོར་ལོ་འོད་དུ་ཆགས་པ་དང༔ སྐད་ངན་སྣ་ཚོགས་འདོན་པ་འམ༔ སྒྲ་དང་ཐུག་ཆོམ་འདོན་པ་འམ༔ དེ་ལྟར་མིན་ཡང་རང་གི་སྲུང་མ་དང༔ སྡེ་བརྒྱད་ཀྱི་ལྷ་འདྲེ་དང༔ འབྱུང་བའི་བདག་པོས་རྨི་ལྟས་དག་ཏུ་སྟོན་པའོ༔ དེ་ལྟར་བྱུང་ན་ནང་རྟགས་ཡིན༔ ནང་རྟགས་ཀྱི་ལེའུ་ལྔ་པའོ༔ ཕྱི་ཡི་རྟགས་རྣམས་འདི་ལྟར་ཡོང༔ དགྲ་ལ་ཤི་ཁ་བྱེ་བ་འམ༔ ཡང་ན་སྨྱོ་འབོག་འབྱུང་བའམ༔ དགྲ་ལ་མི་འདོད་སྣ་ཚོགས་འབྱུང༔ ཕྱི་རྟགས་མི་ཡིས་ཚོར་བ་འབྱུང༔ དེ་ལྟར་བྱུང་ན་འབྱུང་བའི་བདག་པོ་དང༔ རང་གི་ཆོས་སྐྱོང་སྲུང་མ་དང༔ ལྷ་སྲིན་ལྡེ་བརྒྱད་རྣམས་ལ་གཏང་རག་གཏང༔ ཕྱི་རྟགས་བསྟན་པའི་ལེའུ་སྟེ་དྲུག་པའོ༔ ལོ་ཡི་བར་དུ་རྟགས་མེད་ན༔ སྤོགས་ཆོག་གནད་ཀྱི་གདམས་པ་ནི༔ མུ་ཁྱུད་ཕྱི་ནང་སྔགས་གཉིས་སྤོ༔ རྩིབས་དང་རྩིབས་མཆན་སྔགས་གཉིས་སྤོ༔ གཡས་སྐོར་གཡོན་སྐོར་སྤོ་བར་བྱ༔ འཁོར་ལོ་གུ་གུལ་དུད་པས་བདུགས༔ དེ་ལྟར་བྱས་ན་གདོན་མི་ཟ༔ མ་གྲུབ་སྤོགས་ཆོག་གནད་ལ་དབབ་པའི་ལེའུ་སྟེ་བདུན་པའོ༔ དོན་རྣམས་གྲུབ་པར་གྱུར་པ་ན༔ ཚེར་མ་ཅན་གྱི་ཤིང་རྣམས་ལ༔ འཁོར་ལོ་མེ་ལ་སྦྱིན་སྲེག་བྱ༔ ཐལ་བ་རླུང་ལ་དགྲ་ཕྱོགས་བསྐུར༔ དགྲ་བོ་བརླག་པར་ཐེ་ཚོམ་མེད༔ གྲུབ་ནས་ལས་ཀྱི་མཇུག་བསྡུ་བའི་ལེའུ་སྟེ་བརྒྱད་པའོ༔ པདྨ་འབྱུང་གནས་བདག་གིས་ཀྱང༔ ཕྱི་རབས་བསྟན་པ་བསྲུང་ཕྱིར་དུ༔ སྲོག་གི་མཆན་པ་ནག་པོའི་འཕྲུལ་འཁོར་འདི༔ རྟ་མགྲིན་རྒྱལ་པོ་ཉིད་ལ་གཏམས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ སློབ་དཔོན་པདྨས་པྲ་དུན་རྩེར་གཏན་ལ་ཕབ་ནས་རྟགས་བསྟན་ནོ༔ དེ་ནས་བུམ་ཐང་ལྷ་ཁང་བཞེངས་པའི་དུས་སུ་སྒོ་སྲུང་དཔལ་རྟ་མགྲིན་གྱི་མཚན་མ་ལ་སྦས་སོ༔ སངས་རྒྱས་ཀྱི་བསྟན་པ་རིམ་པ་ནས་རིམ་པར་བསྲུངས་སོ༔ སྲོག་གི་ཤན་པ་ནག་པོ་ཞེས་བྱ་བའི་གཟུངས་རྫོགས་སོ༔ ྀཨཚ༔ གསང་ངོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ༈ རླུང་འཁོར་གྱི་སྐད་ལ་བརྟག་པ་ནི༔ ཨུག་ཨུག་ཟེར་ན་འཁོར་ལ་བཟློག༔ ཀྲག་ཀྲག་ཟེར་ན་རང་ལ་བཟློག༔ ངར་ངར་ཟེར་ན་ཕྱུགས་ལ་བཟློག༔ ཏོག་ཏོག་ཟེར་ན་ཡོ་བྱད་གཟན༔ སྐད་མེད་ཆུ་བོ་འཁྱིལ་བ་འདྲ༔ དགྲ་ལ་འགྲོ་བས་བཟང་བ་ཡིན༔ གལ་ཏེ་ངན་པའི་རྟགས་བྱུང་ན༔ རྣམ་འཇོམས་འདོན་ཞིང་ཚེ་སྒྲུབ་བྱ༔ སྲུང་བའི་འཁོར་ལོས་རང་ཉིད་བསྲུང༔ ལས་རྣམས་ཀུན་ལས་ཁྱད་པར་འཕགས༔ རླུང་འཁོར་གྱི་སྐད་ལ་བརྟག་པའི་མན་ངག་ཆུ་བོ་ཀུན་འདུས་ཀྱི་རྒྱུད་ལེའུ་ལྔ་པ་ནས་བཏུས་པའོ༔ དོན་རྣམས་གྲུབ་པར་གྱུར་པ་ན༔ ཚེར་མ་ཅན་གྱི་ཤིང་རྣམས་ལ༔ འཁོར་ལོ་མེ་ལ་སྦྱིན་སྲེག་བྱ༔ ཐལ་བ་རླུང་ལ་དགྲ་ཕྱོགས་བསྐུར༔ ྀཨཚ༔ ࿊ ༼༢༠༽རླུང་འཁོར་གྱི་མན་ངག་ཤོག་དྲིལ་དྲུག་པ་བཞུགས་སོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་བསྟན་པ་བསྲུང་བ་ལ༔ དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕྱིར༔ གསད་པའི་ལས་བྱེད་འབྲུབ་ཁུང་བྱ༔ གཞི་དང་དབྱིབས་དང་ཚད་དང་ནི༔ ཞལ་པོ་བྱ་དང་བྲི་ཐབས་ལྔ༔ དང་པོ་གཞི་ཡི་བྱ་ཐབས་ལ༔ བླང་བའི་ས་ནི༔ ས་ཁམ་ས་ནག་པོ་ལ་གཞི་བྱས་པའི་གསེབ་ཏུ༔ རྒྱུད་ཆད་པའི་ས་དང༔ མི་ཕུང་བའི་ས་དང༔ རི་རུལ་གྱི་ས་དང༔ དམུ་བརྡོལ་བའི་ས་དང༔ ལྷོ་ནུབ་ནས་ས་བླངས་ལ་བསྲེས་ཤིང་བརྡུངས་ཏེ་གྲི་ཁྲག༔ དུག་ཆུ༔ བོང་བུའི་གཅིན༔ ཆང་གི་ཉིང་ཁུ༔ ཚེ་མའི་ཁུ་བས་སྦྲུ༔ དེ་ལ་ཤོག་འདག་གྲེས་མ་རེ་ལྕག་པ་ཐར་ནུ༔ ཤོག་བུ་ཤིང་ལྤགས་རྣམས་བརྡུངས་ཤིང་བསྲེས་པ་ལ་རྒྱུ་བྱའོ༔ དབྱིབས་ལ་གཉིས༔ རྐྱང་པར་བརྩིག་པ་དང་སུམ་བརྩེགས་སུ་བརྩིག་པའོ༔ སུམ་བརྩེགས་ལ་གཉིས་ཏེ་ནང་གི་སྟེང་ནས་ཕྱིར་རིམ་པ་རེ་རེ་ཆེར་ཡོང་བ་ལུགས་གཅིག་ཡིན༔ ནང་མདའ་འཐེན་ལ་ཕྱི་མཆོད་རྟེན་བང་རིམ་ལྟར་སྟེང་དུ་རིམ་པ་རེ་རེས་ཤད་ཀྱིས་ཆུང་དུ་སོང་བ་ལུགས་གཅིག་ཡིན༔ བང་རིམ་མེད་པའི་ཆིག་འཐེན་རྐྱང་པ་ལུགས་གཅིག་ཡིན་ནོ༔ སྔོན་མ་དེ་རྫས་ཟློག་ལ་སོགས་པ་ལ་དགོས༔ བར་མ་དེ་སྤྱིར་ལས་ཅི་བྱེད་ཀྱང་དགོས་པའི་བྲུབ་ཁུང་ རྐྱང་པ་དེ་ལག་སྒྱོགས་ལྟར་ཁྱེར་བདེ་བའོ༔ དེ་དབྱིབས་ཀྱི་ལུགས་གསུམ་མོ༔ ཚད་ནི་རང་གི་ཁྲུ་གང་གི་ཚད་དུ་བྱའོ༔ ཟབས་སུ་རང་གི་ཁྲུ་ཕྱེད་ཡིན་ནོ༔ རྩིག་པ་ཕྱིར་བརྩིགས་ཀྱང་ནང་དུ་བརྩིགས་ཀྱང༔ བང་རིམ་རེ་རེ་ལ་སོར་བཞི་བཞི་ཡིན་ནོ༔ དེ་ལ་ཞལ་པོ་བྱ་ཐབས་ནི༔ ནང་ལ་ཁྲག་སྣ་དང་དུག་སྣའི་ཞལ་པོ་བྱ༔ ཕྱི་ལ་ཤ་སྣ་སྙིང་སྣ་ལྕགས་ཕྱེ་བྱུག༔ ཟངས་ཕྱེ་དུག་ཁྲག་ཐལ་ཆེན་བྱུག༔ ཤ་ཆེན་ཆང་དང་སྦྱར་ལ་ཁ་ལ་བྱུག༔ མཐིལ་ལ་བྱུག༔ བྲི་ཐབས་ནི་ཁ་ལ་ཡི་དམ་ལྷའི་རྦོད་རྦད་གསད་གསུམ་བྲི༔ ནང་དུ་ལྷ་འབྱེད་ཀྱི་སྔགས་མང་པོ་བྲི༔ ཕྱི་ལ་ལྷ་སྲིན་སྡེ་བརྒྱད་ཀྱི་སྔགས་བྲིས་པའི་གཤམ་རེ་རེ་ལ་དགྲ་བོའི་བདུད་དང་གཤེད་མ་མཛོད་ཅིག་བྲིའོ༔ མཚན་ཉིད་བཅུ་བཞིར་ཚང་བའི་གསད་པའི་བྲུབ་ཁུང་འདི༔ རྟེན་འབྲེལ་ཚང་བས་འཇོམས་པའི་ནུས་པ་ཅན་དེ་རུ་དགྲ་བོའི་གཟུགས་བཅུག་ལ༔ ཐུན་དང་ཕུར་པ་བརྒྱབས་གྱུར་ན༔ རིང་པོར་མི་ཐོགས་མྱུར་དུ་བརླག་པར་འགྱུར༔ བྲུབ་ཁུང་གི་ལག་ལེན་གསལ་བར་བསྟན་པའོ༔ འདི་ཉིད་བྲུབ་ཁུང་གི་ལག་ལེན་ཡང་དག་པའོ༔ གཅེས་པའི་ཤོག་དྲིལ་དང་པོའོ༔ རྩང་བཅུ་ཁྲོ་བོ་བཅུར་བསྒོམ་སྟེ་འཛུག༔ རྩང་བཅོ་བརྒྱད་གིང་བཅོ་བརྒྱད་དུ་དམིགས་ལ་འཛུག༔ རྩང་ཉི་ཤུ་རྩ་བརྒྱད་དབང་ཕྱུག་ཉི་ཤུ་རྩ་བརྒྱད་དུ་དམིགས་ལ་འཛུག་གོ༔ ྀཨཚ༔ རྒྱ་རྒྱ་རྒྱ༔ ༈ ཐུགས་དམ་ལྷ་ལ་ཕྱག་འཚལ་ལོ༔ ད་ནི་ལིང་གའི་ལག་ལེན་ནི༔ རྒྱུ་དང་བྲི་ཐབས་ཁ་དོག་གསུམ༔ རྒྱུ་ནི་གྲོག་མཁར་ས་དང་ཕུང་ཤུལ་ས༔ དགྲ་བོའི་རྐང་རྗེས་ས་གསུམ་བསྲེས༔ ཟག་རྫས་མཆིལ་མ་སྣབས་ལུད་གསུམ༔ གཅིན་རྟུག་གོས་དང་སྐྲ་དང་གསུམ༔ དྲུག་པོ་ཚོགས་པ་དང་རྫས་གོང་མ་གསུམ་དང་ལེགས་པར་བསྲེས་ལ༔ རྡོ་གཞོང་གཙང་མ་རུ་རང་གི་ཁ་ལག་ལེགས་པར་བཀྲུས་ལ་ལག་པ་དར་གྱིས་གཏུམས་ལ་གདོང་ལ་ཤོག་འབག་གྱོན་ཏེ་བརྡུང༔ རང་གི་དྲི་མ་རྡུལ་མི་བཏང༔ མཛུབ་གང་མཁྱིད་གང་སོར་བཞི་བྱ༔ དེ་བས་ཆེ་ན་ལིངྒ་མིན༔ འདི་ཡི་དཔྲལ་བར་རུས་བྲི༔ གྲི་ཁྲག་གིས་སྦྱར༔ སྙིང་ཁར་ནྲྀ་བྲིས་མིང་གིས་བསྐོར་ལ་ཁྲག་གིས་སྦྱར༔ བརླ་གཉིས་ལ་བླ་དྭགས་བྲི༔ མཁལ་ཁུང་གཡས་སུ་ལོ་བྲི༔ གཡོན་དུ་ཁམས་བྲི༔ དཔུང་པ་གཡས་སུ་་་མི་འབྱམས་ཕྱིར།ཨ་མྱེ༔ གཡོན་དུ་ཨ་ཕྱི་འདི་ཡི་ཚ་བོ་ཞེས་པ་བྲི༔ འདོམས་སུ་ཡུལ་བྲི༔ ལག་པའི་བར་ལྷུ་གཡས་ལ་ཛ༔ གཡོན་ལ་ཧཱུྃ༔ རྐང་པ་གཡས་ལ་བཾ༔ གཡོན་པར་ཧོ༔ ཁ་ལ་དུང་དུང༔ བྱིན་པ་གཉིས་ལ་སྭི་སྭི༔ དཔུང་པ་གཉིས་ལ་ཡུཾ་ཤེ༔ སྤྱི་བོར་ཧཱུྃ་ལཾ༔ སྙིང་ཁར་མིང་རུས་བྲིས་ལ་ཛཿབརྒྱད་ཁ་སྤྲོད་དུ་བྲིའོ༔ དེ་ལྟར་རྫོགས་པའི་ལིང་ག་ལ༔ སྐེ་ལ་སྐུད་པ་དཀར་ནག་བཏགས༔ ཡན་ལག་བཞི་ལ་ཕུར་པས་བརྒྱང༔ སྙིང་ཁར་འགྱིང་ཕུར་ཆེན་པོ་གདབ༔ ལུས་པོ་བལ་ཚོན་སྣ་ལྔས་གྲིལ༔ བྲུབ་ཁུང་ནང་དུ་ལིང་ག་བཅུག༔ རྡོ་རྗེ་རྒྱ་གྲམ་་་གཡམ་པ་ལ་ར་ཁྲག།འོག་ཏུ་བྲི༔ འབོད་རྦད་གསད་གསུམ་མནན་སྔགས་བྲི༔ སྟེང་དུ་རི་རབ་གླིང་བཞི་བྲི༔ ལྟེ་བའི་བུག་པར་འགྱིང་ཕུར་དང༔ ལིང་གའི།་་་སྐེ་ཡི་སྐུད་པ་དཀར་ནག་འདོན༔ བྲུབ་ཁུང་ཁ་བཅད་གནམ་མི་སྟོན༔ དེ་ལྟ་བུ་ཡི་ལག་ལེན་མཛོད༔ ཤོག་དྲིལ་གཉིས་པ་ལིངྒའི་ཤོག་དྲིལ་ལོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ཐུགས་དམ་ལྷ་ལ་ཕྱག་འཚལ་ལོ༔ ད་ནི་ཐེབས་ལྡོག་བསྟན་པ་ནི༔ ནོར་བུ་ལུགས་སུ་བརྩི་བ་ནི༔ གཟའ་རྒྱུ་བ་ཡིན་ཏེ་ལོགས་སུ་ལྟོས༔ གཟའ་སྐར་ཐེབས་ལྡོག་བསྟན་པ་ལ༔ དང་པོ་སྐར་མ་བརྩི་བ་ནི༔ དཔྱིད་ར་དབྱར་ར་སྟོན་ར་དགུན་ར་ལ༔ སྐར་མ་རྟ་བ་ནམ་བྱུང་ཐེབས་པ་ཡིན༔ དཔྱིད་འབྲིང་དབྱར་འབྲིང་སྟོན་འབྲིང་དགུན་འབྲིང་ལ༔ སྐར་མ་རྟ་ཆུང་ནམ་བྱུང་ཐེབས་པ་ཡིན༔ དཔྱིད་ཐ་དབྱར་ཐ་སྟོན་ཐ་དགུན་ཐ་ལ༔ སྐར་མ་ཁྲ་ལ་ཐེབས་པར་བྱེད་པ་ཡིན༔ ཉི་མ་ལག་སོར་སྐྱིད་པོ་གསུམ༔ འཛོམས་པའི་ཉི་མ་བདུད་ཉི་ཡིན༔ རྒྱལ་དང་ཟླ་བ་བྲེ་གསུམ་འཛོམས༔ དེ་ཡང་བདུད་ཀྱི་ཉི་མ་ཡིནཿ སྒྲོག་དང་མིག་དམར་འཛོམས་ན་བདུད་ཉི་ཡིན༔ ལག་དང་དབྱུག་པ་འཛོམས་ན་བདུད་ཉི་ཡིན༔ མགོ་དང་ཕུར་བུ་འཛོམས་ན་བདུད་ཉི་ཡིན༔ སྐག་དང་པ་སངས་འཛོམས་ན་བདུད་ཉི་ཡིན༔ སྤེན་པ་བྱ་མ་འཛོམས་ན་བདུད་ཉི་ཡིན༔ དེ་ལྟར་བདུད་ཀྱི་ཉི་མ་སྤུན་བདུན་ལ༔ ལྷ་འབྱེད་བྱ་དང་ཕོ་ལྷ་བདུད་དུ་ཕབ༔ ཐུན་བྲབ་པ་དང་ཕུར་པ་གདབ་པར་བཟང༔ བདུད་ཉི་བདུན་གྱི་ཐེབས་བསྟན་པའི་ཤོག་དྲིལ་གསུམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ད་ནི་རཱ་ཧུ་ལའི་ཐེབས་དང་བསྟུན་པའི་གནད་བསྟན་པ་ནི༔ ཚེས་བཞིར་མ་མོར་སྤྲུལ་ནས་ནུབ་ནས་ཤར་དུ་རྒྱུ་དེ་དུས་སྤུ་གྲི་བཏགས།་་་ཏྲག་རག་མོ་ཧྲིལ་རྦད༔ མ་མོའི་དྲག་སྔགས་སོ༔ དགྲ་ལྷའི་རྒྱལ་མོར་སྤྲུལ་ནས་ཚེས་བརྒྱད་ཤར་ལྷོ་ནས་ནུབ་བྱང་དུ་རྒྱུ། དེ་དུས་སྤུ་གྲི་བཏགས།་་་ཨ་ས་ལེ་མ་བྷྱོ་རུ་ལུ་རུ་ལུ་མ་མ་ཏྲག་རཀྵ༔ དགྲ་ལྷའི་རྒྱལ་མོའི་སྔགས་སོ༔ བཅུ་གཅིག་འཇིང་ལ་བདུད་དུ་སྤྲུལ་ནས་བྱང་ནས་ལྷོར།་་་པ་ཤ་མི་ཀི་ཧ་རཱ་ཧུ་ལ་ཧཱུྃ་ཤག་ཤར་ཤར༔ དེ་ནི་བདུད་ཀྱི་དྲག་སྔགས་སོ༔ བཅོ་ལྔའི་ཉི་ཕྱེད་ལྷོ་ནུབ་ནས་བྱང་ཤར་དུ།་་་སེར་ཁྲག་ལ་མུ་ཤ་གཏུབས༔ སྲིན་པོའི་དྲག་སྔགས་སོ༔ བཅོ་བརྒྱད་ཉི་ཕྱེད་ཡོལ་ལ་ཤར་ནས་ནུབ།་་་རཾ་ཏྲི་ཐུན་ཤག་རིལ་རཾ་ཤག་བྷྱོ༔ དེ་ནི་དམུའི་དྲག་སྔགས་སོ༔ ཉེར་གཉིས་མྱུར་སྨད་ནུབ་བྱང་ནས་ཤར་ལྷོ།་་་ཡ་མ་རཱ་ཙ་རཾ་ཧྲིལ་ཤར་རཾ་རཾ༔ དེ་ནི་གཤིན་རྗེའི་སྤྲུལ་པའི་དྲག་སྔགས་སོ༔ ཉེར་ལྔའི་སྐྱ་རེངས་ལ་ལྷོ་ནས་བྱང་།་་་ནཱ་ག་ཧྲིལ་སོན་ཤག་སད་མུན་ས་མ་ཡ་ཧྲིལ༔ ཀླུ་བཙན་དྲག་སྔགས་སོ༔ ཉི་ཤུ་དགུའི་མྱུར་སྨད་བྱང་ཤར་ནས་ལྷོ་ནུབ།་་་ཡ་མ་སྙིང་ཡ་མ་ཁྲག་རཱ་ཧུ་ལ་ཧྲིལ་ཧྲིལ༔ ཤག་ཤག་སེན་སེན༔ ཡ་ཡ༔ ཞེས་པ་རཱ་ཧུ་ལའི་དྲག་སྔགས་སོ༔ སྔགས་བརྒྱད་ལ་ཤམ་བུར་དགྲ་བོའི་སྲོག་ལ་ཧྲིལ་ཧྲིལ་བྷྱོ༔ བྱ་བ་དེ་བཏགས་སོ༔ རྒྱུ་བའི་དུས་ལ་གཟའ་གང་རྒྱུ་བའི་སྔགས་འདི་རྣམས་རང་གང་བསྒྲུབ་པའི་གསད་སྔགས་ཀྱི་གཤམ་ལ་བཏགས་ལ་ལིངྒ་ལ་ཐུན་གྱིས་བྲབས་པས༔ མཐུ་གང་སྒྲུབ་གང་བཏང་ཡང་ནད་གནམ་གདོན་གྱིས་འཆི༔ ལས་མྱུར་ཕར་དགྲ་ལ་ཐེབས་པས༔ གཟའ་རྒྱུ་བ་ངོས་ནས་བྲབ་བོ༔ ཐུན་དང་ཟོར་གང་བྱེད་གཟའ་དང་གདོང་པའི་ལག་ལེན་གནད་དུ་ཆེ་བས་གསང་ངོ༔ གཟའ་ཡི་གནད་བསྟན་པའི་ཤོག་དྲིལ་བཞི་པའོ༔ ྈྈྈྈ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་མོ་དང་གཤིན་རྗེ་ཕུར་པ་ལ་སོགས་མཐུ་གཏད་དང་ངན་སྔགས་གང་བྱེད་ཀྱང་གཟའ་རྒྱུ་བ་དང་གདོང་ཟློག་པ་ལ་བྲོས། གནས་པ་ལ་འཛེམས་ཞེས་གསུངས་པས་ངན་སྔགས་ཐམས་ཅད་གཟའ་རྒྱུ་བ་དང་གདོང་ཐུག་ཅིང་། ཟློག་པ་ལ་ཡང་རང་དང་ཁ་ཐུག་ཡོང་བ་མི་བྱ། རང་ཁོའི་རྒྱབ་ངོས་ནས་ཁོ་དང་གདོང་ནས་བྱེད་པ་གནད་ཡིན། ལེགས་པར་བརྩི་བ་གལ་ཆེ་ཆེ། ཡང་གནད་བསྟན་པ་ནི༔ དཔྱིད་ཐ་ཆུང་ལ་གླང་ལུག་ཁྱི་འབྲུག་བཞི་དུར་དུ་གཞུག་གོ༔ དབྱར་ཐ་ཆུང་ལ་སྟག་ཡོས་གཉིས་དུར་དུ་གཞུག༔ སྟོན་ཐ་ཆུང་བྱི་ཕག་གཉིས་དུར་དུ་གཞུག༔ དགུན་ཐ་ཆུང་ལ་བྱ་སྤྲེལ་ལོ་པ་གཉིས་དུར་དུ་གཞུག་གོ༔ དེ་ལྟར་ལོ་གང་ཡིན་དུར་དུ་གཞུག་པའི་དགྲ་བོ་ལ་མནན་པ་དང་གཏད་ལ་སོགས་ནན་ལྟར་ཐེབས་པ་ཡིན་ནོ༔ རྩིས་དང་བསྟུན་པའི་གནད་ཀྱི་ཤོལ་དྲིལ་ལོ༔ ྈྈྈྈ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགྲ་ལ་མཐུ་མ་མཐོང་བ་ནི༔ ལྷ་དང་མ་ཕྱེད་པས་ལན་ཏེ་དགྲ་བོ་ལྷ་དང་དབྱེ་བ་ནི༔ གཟའ་སྐར་དང་བསྟུན་པའོ༔ ཉི་མ་ཁྲུམས་སྨད་གཉིས༔ ཟླ་བ་དང་ས་ག་གཉིས༔ མིག་དམར་དང་ལག་སོར་གཉིས༔ ལྷག་པ་དང་དབྱུག་པ་གཉིས༔ ཕུར་པ་དང་ལག་སོར་གཉིས༔ གཟའ་དང་སྐར་མ་དེ་རྣམས་འཛོམས་པའི་ཉི་མ་ལ་ལྷ་དབྱེ་བྱད་དུ་གཞུག་པ་ཐེབས་སོ༔ རང་གིས་གང་ཤེས་ཀྱི་ལྷ་དབྱེ་བྱའོ༔ སྤྱིར་ཡང་ཉི་ནག་ལ་བརྩམ༔ མི་འཕྲོད་པའི་ཉི་མ་ལ་གནོད་པའི་ལས་བྱ༔་་་དགྲ་བོ་ལྷ་དང་ཕྱེ་བར་བཟང་། མི་མཐུན་པའི་ཉི་མ་ལ་དགྲ་བོ་འབྱེད་པར་བྱའོ༔་་་གང་འཛའ་བ་ཕྱེད་ཅིག །འཇིག་པའི་ཉི་མ་ལ་གཏད་ཁྲམ་བྱ༔ བདུད་ཀྱི་ཉི་མ་ལ་ལིངྒར་ཕུར་པ་ཐོབས༔ དགྲ་བོ་དུར་དུ་གཞུག་པ་ལ་མནན་པ་བྱ༔ སྐར་མ་བིས་རྫི་ལ་དྲག་པོའི་ལས་བྱས་འགྲུབ་པ་མེད་དོ༔ ར་བ་བཞི་ལ་མནན་ན་ལྡོག་གོ༔ འབྲིང་པོ་བཞི་ལ་ཟོར་འཕངས་ན་ལྡོག་གོ༔ ཐ་ཆུང་བཞིའི་མར་ངོ་ལ་ལས་སྦྱོར་ཐེབས་པར་རྒྱུད་ཀུན་ལས་བཤད་དོ༔ ལྷ་དང་དབྱེ་བའི་རྫས་ནི༔ མཛེ་ཕོའི་འབོབ་ཀྱི་ནང་གི་དྲེག་པས་ཆོས་ཀྱི་སྲུང་མ་དང་འབྲལ་ལོ༔ ཁྱི་ལུད་དཀར་པོས་བན་གྱི་ལྷ་སྲུང་དང་འབྲལ་ལོ༔ ར་གཞོབ་ཀྱིས་ཕོ་ལྷ༔ མི་ཚིལ་གྱིས་དགྲ་ལྷ༔ རྟ་སྦངས༔ བོང་སྦངས༔ རྟ་བོན་པ་གསུམ་གྱིས་མ་ལྷ༔ ཞང་ལྷ༔ ཡུགས་ས་མོའི་དོར་རྟས་ཡུལ་ལྷ༔ ཏིལ་ནག་ཡུངས་ནག་གིས་སྲོག་ལྷ་དང་འབྲལ༔ གུ་གུལ་ནག་པོ་ར་ཐུག་ལུག་ཐུག་གི་སྦྲེ་ཚོ་སྦྱར་བའི་དུད་པས་འགོ་བའི་ལྷ་ལྔ་དང་འབྲལ་ལོ༔ སྐྱོབ་པའི་ལྷ་དགུ་དང་འབྲལ་ལོ༔ གནད་མ་ཤེས་ན་རང་གི་ཁྱིམ་དུ་དུད་པས་དགྲ་བོ་ལྷ་དང་མི་འབྲལ་ཞིང༔ རང་གི་ལྷ་དང་ཆོས་སྐྱོང་རྣམས་མཐའ་ནས་ཕར་འབྲོས་པ་སྲིད་པས་དེའི་གནད་ནི༔ དགྲའི་ལིངྒ་ཤོག་བུ་གཙང་པའི་ཁུག་མར་བཅུག་ནས་རེ་བས་གྲིལ་ལ་སྣོད་དུ་བཅུག་ལ༔ རང་གི་གནས་སམ་ནུབ་ཕྱོགས་སུ་ཁྱེར་ལ་ལྷ་འདྲེ་དྲག་པོ་དང་ཕོག་ཐུག་མི་ཡོང་བའི་སར་སོང་སྟེ༔ དེར་ས་ལ་ཡུར་བ་བྲུས་ལ་ཡུར་བའི་བར་དུ་སྒྲོམ་བྱས་ཏེ༔ སྟོད་དུ་རྫིང་ལྟ་བུ་གཡམ་ཐོག་ཡོད་པ་གཅིག་ཏུ་ལིངྒ་གཞུག་ལ༔ ཡུར་བའི་སྨད་དུ་བོང་མའི་མེ་བཞག༔ དེའི་སྟེང་དུ་སྤྲ་བའི་བལ་འདབ་བཞག༔ སྤྲ་བའི་སྟེང་དུ་ལྷ་འབྱེད་པའི་རྫས་ཕྱེ་མར་བཏགས་པ་ཕུལ་གང་གི་སུམ་ཆ་ཙམ་བླུག༔ དེ་ཡུར་བའི་སྒྲོམ་གྱི་སྨད་གཡམ་པས་སྒོ་བཅད་པས་བྱིབས་ལ༔ དུད་པ་ཡུར་བའི་སྒྲོམ་ན་ཡར་སོང་ནས་སྟོད་ཀྱི་ལིངྒ་ལ་ཕོག་པར་བྱས་ལ༔ དུད་པ་གཞན་དུ་ཕྱིར་མི་འཆོར་བར་བྱའོ༔ རང་ཤར་ངོས་སམ་རླུང་སྟབས་སུ་བསྡད་ལ་དུད་པ་མི་ཕོག་སར་སྡོད༔ དེའི་གནད་ནི་རང་གི་གནས་ཀྱི་ནུབ་ཕྱོགས་སུ་འཁྱེར་བ་ནི༔ གནས་ལ་དུད་པས་མི་ཕོག་པའི་དགོས་པ་ཡོད༔ ཡུར་བ་སྒྲོམ་དུ་བྱ་བ་ནི༔ མེ་འབར་ན་ལིངྒ་མི་ཚིག་གནད༔ སྟོད་དུ་རྫི་བ་འདྲ་ན་ལིངྒ་གཤོང་བའི་གནད༔ ཁ་གཡམ་པས་བཅད་པ་ནི་དུད་པ་ཕྱིར་མི་འཆོར་བའི་གནད༔ སྨད་དུ་བོང་མ་ཟེར་རུང་སྦངས་སམ༔ ལྕི་བའི་མེའི་སྟེང་དུ་སྤྲ་བ་བཞག་པ་ནི༔ མེ་འཕྲལ་ལ་འབར་ན་རྫས་ཚིག་སྟེ་རང་ལ་དུད་པ་ཕོག༔ སྤྲ་བས་འཕྲལ་ལ་མི་འབར་བར་ག་ལེར་འབར་བས་སྒོ་བཅད་ལོང་དང༔ རང་གཟུར་ལོང་ཡོང་བའི་གནད་ཡོད༔ ཡང་ན་རྫ་གཉིས་བརྩེགས་ལ་མར་ཁུང་གི་ཐབ་བཞིན་བྱས་ལ༔ སྟེང་དུ་ལིངྒ་བཞག་ལ་ཁ་བཅད༔ འོག་ཏུ་མེ་བཞག་སྤྲ་བ་གོང་བཞིན་བྱས་ལ་སྒོ་བཀག་རང་བཟུར་རོ༔ དེས་རང་གི་ལྷ་མི་ཡར༔ དགྲ་ལྷ་དང་མི་འབྲལ་བའི་གནད་དུ་ཆེའོ༔ ལན་གསུམ་བསྐྱར་ན་ལྷ་འབྱེད་གཅིག་པུས་ཆོག༔ ཡང་ཐག་ཉེ་ན་ལིང་ག་ལྔ་བྱས་ལ་གཅིག་ལ་ཕོ་ལྷ་ཛ༔ གཉིས་ལ་དགྲ་ལྷ་ཛ༔ གསུམ་ལ་ཡུལ་ལྷ་ཛ༔ བཞི་ལ་མ་ལྷ་ཞང་ལྷ་ཛ༔ ལྔ་ལ་སྲོག་ལྷ་ཛ༔ བྱ་བ་རེ་རེ་བྲིས་ལ༔ འགོ་བའི་ལྷ་ལྔ་དམིགས་པས་བཀུག་ལ་བསྟིམ༔ ཡེ་དྷརྨཱས་རབ་གནས་བྱ༔ དེ་ཁོའི་ཐེམ་པའི་འོག་གམ༔ མལ་མཇུག་གམ༔ རྟུག་ཁུང་ངམ༔ སྒྲེ་ཁུང་འོག་ཏུ་རུལ་མི་འགྲོ་བར་བྱས་ཏེ་སྦས་ན༔ ལྷ་ལ་འགོང༔ ལྷ་ལ་མནན༔ ལྷ་རྟུག་དྲི་དང་ངན་བཙོག་གིས་རང་མནན་དུ་སོང་ནས་ཁོ་རང་གི་བདུད་དུ་འབབ་བོ༔ གསང་ན་རང་ལེགས༔ བསྟན་ན་མི་ལེགས་སོ༔ ལྷ་འབྱེད་ཀྱི་ཤོག་དྲིལ་ལྔ་པའོ༔ ྈྈྈྈ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་ཕྱི་རབས་སྔགས་པའི་ཡིད་ལ་འདི་ལྟར་ཞོག༔ མཐུ་དགྲ་ལ་བྱས་པས་ཉེས་པ་རང་ལ་ཡོང་བའི་སྐྱོན་ནི་འདི་ལྟར་ཡིན༔ དང་པོ་རང་གི་ཡི་དམ་ལྷའི་བསྙེན་པ་མ་རྫོགས་ཤིང་ལྷའི་དམིགས་པ་ལ་བརྟན་པ་མ་ཐོབ་པ༔ སེམས་ཀྱི་ངོ་མ་འཕྲོད་པ༔ བྱང་ཆུབ་སེམས་དང་མི་ལྡན་པ༔ དམ་ཚིག་འབགས་འབོགས་བྱེད་པ་རྣམས་ཕར་ལ་མི་ཐེབས་ཚུར་ལ་ལྡོག༔ དམ་རྫས་ཐུན་རྫས་མ་ཚོགས་པར༔ ཆོས་སྐྱོང་སྒྲུབ་དད་ཆེ་ལ་རྦད་པ་རེམ༔ ཁོ་བྱུང་ན་རང་གི་ལྟ་བས་མི་ནོན་པར༔ རང་ཉིད་འཇིགས་ཤིང་རྣམ་རྟོག་ཟ༔ དེ་ཡང་མི་ཐེབས་རང་ལ་ངན༔ ལྷ་འདྲེ་གང་བསྒྲུབ་ཀྱང་འབོད་སྔགས་མ་ཐེམས་པར༔ དགྲ་ལ་རྦད་པ་སྔས་པ་དང་འབོད་སྔགས་ཐེམས་པའི་རྟགས་བྱུང་ཡང༔ རྦད་སྔགས་འདོགས་པ་ཕྱིས་པ་དང༔ འབོད་རྦད་ཐེམས་ནས་གསད་སྔགས་འདོགས་པ་ཕྱིས་པ་དང༔ གསད་སྔགས་ཚད་ལས་བརྒལ་བ་དང༔ དེ་ཡང་མི་ཐེབས་ལྡོག་པ་སྲིད༔ སྔགས་པའི་རླུང་རྟས་གནམ་ལོ་གཅོད་པ་དང༔ དགུ་དུར་ནང་དུ་མ་ཚུད་དང༔ སྔགས་གཡོག་ཆུང་མ་བྲན་ཁོལ་རྣམས༔ གཅེས་སེམས་བྱང་སེམས་ཆེ་བ་ཡིས༔ དམ་སེལ་མི་བྱེད་རང་ལ་ཉེན་པ་དང༔ རང་ཡང་སྙིང་རུས་བྱང་སེམས་དད་པ་ཆེ་བ་དགོས༔ དེ་འདྲ་མེད་ན་མི་ཐེབས་ལྡོག་པ་སྲིད༔ སེལ་གྱི་འཇུག་པ་བཙན་པ་དང༔ གཏད་ཀྱི་སྦེད་ས་གཉན་པ་དང༔ རང་འཁོར་ཁས་ཚུགས་གསང་བ་གཅེས༔ དེ་འདྲ་མེད་ན་མི་ཐེབས་ལྡོག་པ་སྲིད༔ མཁས་པའི་སློབ་དཔོན་བསྟེན་པ་དགོས༔ དེ་ལ་དམ་ཚིག་གཙང་བ་དགོས༔ བརྩེ་གདུང་མོས་གུས་རྐང་བཟང་དགོས༔ ལག་ལེན་འདི་ཚོ་མཁས་པ་དགོས༔ བསླབ་པ་དྲིན་དུ་འཁུར་བ་དགོས༔ སྟེང་ནས་ནམ་མཁའ་བརྡིབས་གྱུར་ཀྱང༔ འོག་ནས་རྒྱ་མཚོ་ལུད་གྱུར་ཀྱང༔ གནམ་ས་མགོ་ཞབས་ལོག་གྱུར་ནས༔ སྲིད་པ་བླ་འོག་འཕོས་གྱུར་ཀྱང༔ རང་གི་གློ་སྙིང་ཁྱེར་གྱུར་ཀྱང༔ ཡ་ང་བག་ཚ་མེད་པ་ཡིས༔ བློ་བརྟན་གདིང་དུ་ལྡན་པ་དགོས༔ དེ་རྣམས་མེད་ན་ཚུར་ལ་ལྡོག་སྲིད་དོ༔ འཁོན་ཟས་འཁོན་ཆུ་མི་གཙང་ཟས་ལ་འཛེམ༔ འཁོན་སྦྱོང་སྲུང་བ་སྐུ་རྟེན་རྣམས་ཀྱང་འདོགས༔ རང་གི་ཁྱིམ་དུ།་་་རྫས་ངན་ཀུན་ཐུབ་ཡིག་སྣ་ཀུན་ཐུབ་དང༔ ཐོད་ངན་ཀུན་ཐུབ་ལ་སོགས་སྲུང་བ་རྣམས༔ བྲིས་ནས་ཁྱིམ་དུ་འཆང་ན་གོད་འགྲམ་ཐུབ༔ དགྲ་ལ་ངག་གནོན་འགོངས་ཆོག་དགོས་པ་ཡིན༔ ཕ་རོལ་ཁོ་ཡི་ཟློག་པ་དང༔ རིམ་གྲོའི་ཁ་ཏོན་ཤེས་པར་བྱའོ༔ ྈྈྈ ཐེབས་ལྡོག་གི་གནད་བསྟན་པའོ༔ ཤོག་དྲིལ་དྲུག་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ࿊ ༼༢༡༽དྲག་སྔགས་བཅུད་ལ་བོར་བའི་གདམས་པ༔ གཞན་ལ་མེད་དོ༔ མ་ཧཱ་དེ་ཝ་ལ་ཕྱག་འཚལ་ལོ༔ འཁྲུག་བྱེད་རྒྱལ་པོའི་རྒྱུད་ལེའུ་བཅོ་བརྒྱད་པ་ནས་རླུང་ལྷ་ལས་ལ་བཀོལ་བ་འདི་བསྟན་ནོ༔ དེ་ལ་གཉིས་ཏེ༔ འབྱུང་བ་ལས་ལ་བཀོལ་བ་དང༔ དྲག་སྔགས་བཅུད་ལ་བོར་བའོ༔ དེ་ལ་འབྱུང་བ་ལས་ལ་བཀོལ་བ་གོང་གིས་ཤེས་སོ༔ འདི་དྲག་སྔགས་བཅུད་ལ་བོར་བའོ༔ དེ་ལ་དོན་རྣམ་པ་ལྔ་སྟེ་རྫས་དང་བཅའ་གཞི་བསྟན་པ་དང༔ སྔགས་དང་ཏིང་འཛིན་བསྟན་པ་དང༔ རྟགས་དང་མཇུག་སྡུད་བསྟན་པ་དང༔ མ་གྲུབ་གནད་ལ་དབབ་པ་དང་ལྔའོ༔ དང་པོ་འཁོར་ལོ་དང་རྫས་དང་བཅའ་ཐབས་གུད་ན་གསལ༔ འདི་སྒྲུབ་པ་ལ་དལ་དང༔ ལིངྒ་དང་ཐུན་ནོ༔ ད་ལ་གྲུ་བཞི་ལ་གྲུ་གསུམ་མཐོ་གང་ཐུར་དུ་བྲུ༔ དམེ་ཁྲག་རོ་སོལ་གྱིས་དམར་ནག་ཏུ་བྱུག༔ ལིངྒའི་རྒྱུ་ནི་དགྲ་བོའི་མཆིལ་སྣབས་ཟག་པའི་རྫས་དང་ཕུང་ཤུལ་ས་དང་ཁམ་ས་བསྲེ༔ གཟུགས་ནི་མཛུབ་གང་ཁ་མིག་ལ་སོགས་དབང་པོ་ཚང༔ ལིངྒ་ལ་གྲི་ཁྲག་གིས་བྱུག༔ སྙིང་ཁར་ཨེ་བྲུ་མིང་རུས་གཞུག༔ ཞབས་མས་གྲིལ་ལ་ཐོད་པར་གཞུག༔ གྲུ་གསུམ་ནང་དུ་བཅུག་ལ་ཁ་ལ་རྩང་ལ་གྲི་ཁྲག་བྱུགས་ལ་སྲིན་མོ་འགྲོས་སུ་བསྐོར༔ རས་ནག་དང་དར་ནག་གུར་ཕུབ་ལ༔ གཟུངས་ཐག་བཏགས་ལ་བསྒྲུབ་པར་བྱའོ༔ སྐབས་སུ་དྲག་པོའི་ཐུན་སྣ་ཚོགས་ཀྱིས་བྲབ༔ ལས་རྫོགས་རྟིང་ལ་ལིངྒ་ཚེར་མ་ཅན་གྱི་མེ་ལ་བསྲེགས་ཏེ་ཐལ་བ་རླུང་ལ་བསྐུར༔ ཉ་བོ་ཀླུ་གནས་སར་ཐོད་པ་དང་བཅས་པ་མནན༔ སྔགས་ལ་ཕོ་སྔགས་མོ་སྔགས༔ དེ་ཡང་མགོ་མནན་འབོད་རྦད་གསད་གསུམ་བསྒྲིལ་བ་ནི༔ མ་གྲུབ་གནད་ལ་བོར་བའོ༔ མགོ་མནན་ཨོཾ་ཅན་འཇམ༔ ཨོཾ་མེད་རྩུབ་བོ༔ བསྙེན་པའི་དུས་སུ་ཕྲལ་ལ་བཟླས་སོ༔ མཚམས་ཞག་བདུན་བཅད༔ སྒྲུབ་དུས་རླུང་བར་དུས་སུ་སྒྲིལ་ལ་བཟླས་སོ༔ ཕོ་སྔགས་ཡིན་ཏེ་སྔགས་འདིས་བསྐུལ༔ ཨོཾ་ཧར་ནི་ཧར་ཡཾ་ཕྱེ༔ མུ་ཐུན་ཡཾ་ཕྱེ་ཧ་ཡཾ་ཕྱེ༔ སྙིང་ཤད་ཤ་ཡམ་ཕྱེ༔ ཨུར་ན་ཏྲེ་ཏྲོ་གཏུབས་ཛ༔ ཧང་ཏྲི་ཟང་ཟང་ཛཿཛ༔ ཤན་ནི་ཤན་རྦད་རྦད་ཛཿཛ༔ ཕོ་སྔགས་ཚིག་དྲུག་ཡིག་འབྲུ་སུམ་ཅུ་སོ་དྲུག་ཡོད༔ འགྲེང་བུ་བཞི་དང་ཞབས་ཀྱུ་བཞི༔ གི་གུ་བཞི་དང་ཀླད་ཀོར་གསུམ༔ ར་བཏགས་གསུམ་གྱིས་བརྒྱན་པ་འདི༔ ཉིན་མོའི་སྔགས་སུ་ཤེས་པར་གྱིས༔ སྟོང་ཚོ་རེ་ལ་ཐུན་ཐེབས་རེ༔ ཡུངས་དཀར་ཉུངས་ནག་དག་གིས་བྲབ༔ གསད་པའི་ལས་སུ་ཤེས་པར་བྱ༔ ཏར་ནི་ཏྲ་ཏ་རྦད་ཛ༔ ཧུར་ནི་ར་དུ་རྦད་ཛ༔ ནིར་ནི་ཏ་ཏྲི་རྦད་ཛ༔ རད་ནི་ར་ཏ་རྦད་ཛ༔ ཧུར་ནི་ཏྲི་ར་རྦད་ཛ༔ ཧར་ནི་དུར་ཏྲི་རྦད་ཛ༔ ཚིག་དྲུག་ཡིག་འབྲུ་སུམ་ཅུ་སོ་དྲུག་ཡོད༔ གི་གུ་བདུན་ལ་ཞབས་ཀྱུ་བཞི༔ ར་བཏགས་བཞི་ཡིས་བརྒྱན་པ་ཡིས༔ མཚན་མོའི་སྔགས་སུ་ཤེས་པར་གྱིས༔ མོ་ཡི་སྔགས་སུ་བསྟན་པའོ༔ ཉིན་ནི་ཡུངས་དཀར་ཡུངས་ནག་བྲབ༔ མཚན་ནི་ཐང་ཕྲོམ་དུག་ཁྲག་བྲབ༔ ཧཱུྃ་ཧ་ཧི་ཡཾ་ཆེ་གེ་མོ་ཧབ་ཤད་ཕྱུང་རྦད༔ མིང་སྨྲོས་ཡི་གེ་འབྲུ་བརྒྱད་ཡོད༔ རྩུབ་ན་ཨོཾ་བཏགས་མེད་ན་མྱུར༔ ཕོ་ཡི་གསད་པར་ཤེས་པར་བྱ༔ ཧཱུྃ་ཕཊ་རྦད་ཆེ་གེ་ཛ་སད་ཧུར༔ མིང་སྨྲོས་ཡི་གེ་འབྲུ་དྲུག་ཡོད་དོ༔ མགོ་གནོན་ལ་ཨོཾ་བཏགས་འཇམ་ལ་མྱུར་བའོ༔ མོ་ཡི་གསད་པར་ཤེས་པར་བྱ༔ འབོད་རྦད་གཉིས་ལ་རྟགས་བྱུང་ན༔ གསད་པ་གཉིས་པོ་བཏགས་ལ་བསྒྲུབ༔ གསད་པའི་རྟགས་བྱུང་ལས་མཐའ་བཏུལ༔ ཉ་བོ་མནན་ཞིང་ལིངྒ་བསྲེག༔ ཤན་པའམ་ཡུགས་སའི་ཁྱིམ་ནས་མེ་བླངས་ལ༔ དགོང་མོ་ཉི་མའི་ཟེར་ལ་བསྲེག༔ ཐལ་བ་རླུང་ལ་དགྲ་ཕྱོགས་བསྐུར༔ ཏིང་འཛིན་རིམ་པ་འདི་ལྟར་རོ༔ རང་ཉིད་དབང་ཕྱུག་ཆེན་པོ་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དུད་ཁ༔ གཅེར་བུ་རལ་པས་ས་གཞི་ཁེབས༔ རལ་པ་མེ་དང་མཚོན་དུ་འཕྲོ༔ ཕྱག་གཡས་ལྕགས་ཀྱུས་དམིགས་པའི་སྙིང་ནས་བཟུང༔ གཡོན་པས་སྐྱུ་གཏོར་དགྲ་ལ་བརྡེག་པས་དགྲ་བོ་ལྷ་དང་བཅས་པ་མྱོས་པར་བསམ༔ དབང་ཕྱུག་ཆེན་པོའི་ཁ་མིག་སྣ་གསུམ་ནས༔ མེ་ནི་རབ་ཏུ་འབར་བ་ཡིས༔ དེ་ལས་རལ་གྲི་དང་མཚོན་ཆ་འཕྲོས་ནས་གང་ལ་དམིགས་པ་མེས་བསྲེགས༔ མཚོན་གྱིས་གཏུབས་པར་བསམ༔ རྡུལ་ལྟར་སོང་བར་བསམ་ཞིང་སྔགས་ཐུན་བྲབ༔ མཚན་མོའི་ཏིང་འཛིན་བསྟན་པ་ནི༔ བདག་ཉིད་ལྷ་མོ་ཙ་མུན་ཏྲི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་ནག༔ ཏྲི་ཤུལ་གཡས་ལ་ནད་རྐྱལ་གཡོན༔ ཏྲི་ཤུལ་བརྡེག་ཅིང་ནད་རྐྱལ་ན་བུན་གཏོང༔ དགྲ་བོ་ནད་ཀྱིས་མྱོས་ཏེ་གཏུབ་པར་བསམ༔ དེ་ཡང་ཐུན་མཚོན་ཆར་གསལ་བ༔ དགྲ་བོ་དངོས་སུ་གསལ་བ༔ ཡི་གེ་ཛཿཧཱུྃ་བཾ་ཧོཿས་རྣམ་ཤེས་བཀུག་ལ༔ ཐུན་བརྡེག་ཅིང་ཏིང་འཛིན་རིམ་པ་འདི་ལྟར་རོ༔ རྟགས་ཀྱི་རིམ་པ་འདི་ལྟ་སྟེ༔ བསྙེན་པའི་རྟགས་ལ་ལིངྒ་དང༔ རླུང་ལ་བསྐོར་བའི་འཁོར་ལོ་ལ༔ སྒྲ་དང་ཐུག་ཆོམ་འོད་དང་ཙེར་སྒྲ་འབྱུང༔ གཞན་ཡང་ཁྱི་དང་བུད་མེད་སྐྱེས་པ་སྤྱང༔ བསྙེན་པའི་རྟགས་སུ་ཤེས་པར་བྱ༔ ཤ་ཁྲག་གཏོར་དང་བཤས་བྱེད་དང༔ དགྲ་བོ་དངོས་སུ་བསད་པ་ནི༔ སྒྲུབ་པའི་རྟགས་སུ་ཤེས་པར་བྱ༔ མ་གྲུབ་སྔགས་རྣམས་དཀྲུགས་པ་ནི༔ མོ་སྔགས་འགོ་ལ་ཕོ་སྔགས་གཤམ༔ དེས་ནི་འགྲུབ་འགྱུར་ཐེ་ཚོམ་མེད༔ མཁས་པས་རྟགས་དང་བསྟུན་ལ་བཟླ༔ འཁོར་ལོ་ལ་ཡང་གཞུང་བཞིན་སྤོས༔ སྤྱིར་སྔགས་བསྒྲིལ་ལ་ཞེ་སྡང་དྲག་ཏུ་བསྐྱེད་ལ་བསྒྲུབ་བོ༔ རྒྱུན་གཏོར་མི་བཅག་དཔང་གཟུག་རྟག་ཏུ་བྱའོ༔ ཟློག་པ་གནད་ལ་དབབ་བོ༔ འཁོར་དུ་མི་གཙང་བ་དང་ཐབ་གཞོབ་ལ་སོགས་འཛེམ་པར་བྱའོ༔ རང་དང་འཁོར་བཅས་དམ་ཚིག་གཙང་མ་བསྲུང༔ གསེར་སྐྱེམས་རཀྟས་དབང་ཕྱུག་ཆེན་པོ་དང༔ ལྷ་མོ་ཙ་མུན་ཏྲིས་གཙོ་བྱས་ལྷ་སྲིན་སྡེ་བརྒྱད་མཆོད༔ དཔང་གཟུག་དམོད་མོ༔ བཅོལ་དམ་དྲག་ཏུ་བྱའོ༔ སྔགས་བར་མི་གཅད༔ མཚམས་བསྡམ༔ རང་གི་རྒྱབ་ཆོག་ལ་འབད་དོ༔ དེ་མན་ངག་གི་གནད་དམ་པའོ༔ སྲོག་གི་ཆན་པ་ནག་པོ་སྒྲུབ་ཐབས་མན་ངག་སྙིང་དང་འདྲ་བ་རྫོགས་སོ༔ གུ་ཡ༔ ས་མ་ཡ༔ ཁ་ཐཾ༔ སྒྲུབ་ཐབས་ཡིག་རིགས་འདི་མེད་ན༔ སྲོག་ལ་རྣོ་བའི་ཆན་པ་ཡང༔ ཁྱི་རྒན་འདབ་ཆགས་སྙེག་འདྲར་བཤད༔ འདི་དང་བསྟུན་ཏེ་ཉམས་བླངས་ན༔ ཏིལ་མར་ངར་བླུད་རལ་གྲི་འདྲ༔ གང་ལ་དམིགས་པ་བརླག་པར་བྱེད༔ ཅེས་པ་ཁ་ཕུང་ནག་པོས་གསུངས༔ པདྨ་བདག་གིས་གཏན་ལ་ཕབཿ ལས་ཅན་གཅིག་དང་འཕྲད་པར་ཤོག༔ སྲོག་གི་ཆན་པ་ནག་པོའི་སྒྲུབ་ཐབས༔ མན་ངག་སྙིང་དང་འདྲ་བས་སེམས་ལ་བཅང༔ སྤེལ་ན་ངན་སོང་ལྟུང་བར་ངེས༔ དེས་ན་རབ་ཏུ་བསྐྱིམ་པར་བྱོས༔ བུམ་ཐང་རིན་ཆེན་དགེ་གནས་ཀྱི། དཔལ་ཆེན་རྟ་མགྲིན་ཤངས་ནས་གཏེར་ནས་བཏོན་པའོ། །དགེའོ། །འདི་དང་ཚིག་དོན་འདྲ་བ། གཏེར་སྟོན་གཡས་བན་ཡ་བོན་གྱིས་པྲ་དུན་རྩེ། སྟོན་པ་ཤཱཀྱ་འོད་ཀྱིས་ལྷ་ས། སྦུར་བུ་བྱ་མགོན་གྱིས་བུམ་ཐང་དགེ་གནས་ནས་བཏོན་པ་རྣམས་ཞུས་དག་ཕེར་ཞིང་ཤིན་ཏུ་ཟབ་པ་མྱོང་གྲུབ་མའོ། ། ࿊ ༼༢༢༽ཚེ་འཕེལ་བའི་འཁོར་ལོ་བཞུགས་སོ༔ ཚེ་འཕེལ་བའི་འཁོར་ལོ་ནི༔ མུ་ཁྱུད་རིམ་པ་ལྔ་བསྐོར༔ དེའི་ཕྱིར་བུམ་པ་རྡོ་རྗེ་ཕྱེད་པའི་ཁ་རྒྱན་ཤིང་ལོ་དང་བཅས་པ༔ རྐེད་པར་མགུལ་ཆིངས་དང་བཅས་པའི་ལྟེ་བར་འཆང་བ་པོའི་ཚེ་སྤེལ་ཅིག༔ ཚེ་སྲིངས་ཤིག་བྲི༔ དེའི་ཕྱི་མུ་ཁྱུད་ལ་ཨོཾ་བུདྡྷ་ཨཱ་ཡུ་ཤེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཨ་མཱ་ར་ཎི་ཛཱི་ཝན་ཏི་ཡེ་སྭཱ་ཧཱ༔ ཀ་ར་རེ་ཤྭ་ར་རེ་ཧཱུྃ་བྷྲཱུྃ་བྲི༔ དེའི་ཕྱི་རིམ་ལ་པདྨ་འདབ་བཞིའི་ཤར་དུ༔ ཧཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ལྷོར༔ ཏྲཱཾ་རཏྣ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ནུབ་ཏུ༔ ཧྲཱིཿཔདྨ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ བྱང་དུ༔ ཧཱ་ཀརྨ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿབྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་བྷྲཱུྃ༔ གཡུ་བྷྲཱུྃ་ཚེ་བྷྲཱུྃ༔ ཨཱ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུྃ༔ ཨོཾ་པུཎྱེ་པུཎྱེ༔ མ་ཧཱ་པུཎྱེ་ཨ་པ་རི་མི་ཏཱ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་སྭཱ་ཧཱ༔ དེའི་ཕྱི་རིམ་མུ་ཁྱུད་ལ་མདོའི་ཚེ་གཟུངས་བྲི༔ དེའི་ཕྱི་རིམ་ལ་ཡེ་དྷརྨཱ་བྲིའོ༔ ࿊ ༼༢༣༽སྲི་སྲུང་བཞུགས་སོ༔ སྲི་སྲུང་ནི་མུ་ཁྱུད་རིམ་པ་ལྔ་བསྐོར་ལ་མཐའ་མེ་རིས་བསྐོར་བའི་ལྟེ་བར་འཆང་བ་ལ་ཕ་མེས་སྤུན་ཟླའི་སྲིའི་་་ཆེ་སྲི་ཆུང་སྲི་དུར་སྲི་ དགྲའི་སྲི།གནོད་པ་ཐམས་ཅད་སྲུངས་ཤིག་སྒྲིབས་ཤིག་རཀྵ་རཀྵ༔ ཞེས་བྲི༔ དེའི་ཕྱི་རིམ་རྩིབས་བཅུ་ལ་ཧཱུྃ་བཅུ་བྲི༔ རྩིབས་མཆན་བཅུ་ལ་ལྟེ་བའི་ཡིག་ མགོ་ངོས་ཤར་དུ་བྱས་པའི༔ བྱང་ཤར་ནས་བརྩམ་སྟེ་ཡིག་མགོ་ནང་དུ་བསྟན་ལ་གཡོན་སྐོར་དུ༔ ཨོཾ་སརྦ་ཏྲི་ནི་ཧཱུྃ་ཛ༔ ཨོཾ་སརྦ་ནི་ཏྲི་ནི་ཧཱུྃ་ཛ༔ ས་ཏྲི་ ནི་ཧཱུྃ་ཛ༔ ཤན་ཏྲི་ནི་ཧཱུྃ་ཛ༔ ཀ་ཏྲི་ནི་ཧཱུྃ་ཛ༔ དམ་སྲི་ཕོ་མོ་ཐམས་ཅད་ཀྱི་སྙིང་ལ་མཱ་ར་ཡ༔ ཛཿནན་སཏྭམྦྷ་ནི༔ སྲོག་ལ་ཧུར་ཐུམས༔ མཱ་ར་ཡ༔ ཆིངས་སོད༔ བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་ཨོཾ་ཡ་མཱན་ཏ་ཀ་ཧཱུྃ་ཕཊ༔ ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷ་ནཱན་བཾ་ཧཱུྃ་ཕཊ༔ གནོད་བྱེད་དམ་སྲིའི་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་ལ་ཧུར་ཐུམས་མཱ་ར་ཡ་སོད༔ དམ་སྲིའི་གནོད་པ་ལས་སྲུངས་ཤིག་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་དུ་རུ་དུ་རུ་ཙཀྲ༔ ཛ་ཡ་ཛ་ཡ་ཙཀྲ༔ ཧ་ན་ཧ་ན་ཙཀྲ༔ བྷུ་རུ་བྷུ་རུ་ཙཀྲ༔ ས་མཱ་ར་ཡ་ས་མཱ་ར་ཡ་ཙཀྲ༔ བྷིན་དུ་མ་ ལ་ནི་ཙཀྲ༔ ཛྭ་ལ་ཛྭ་ལ་ཙཀྲ༔ ཕཊ་ཕཊ་ཕཊ་ཙཀྲ༔ པ་ཙ་ཀ་ནི་ས་ར་ཡ་ཙཀྲ༔ སཱ་ལ་ཡ་སཱ་ལ་ཡ་ཙཀྲ༔ ནཱ་ག་ཤ་ཡ་ནཱ་ག་ཤ་ཡ་ཙཀྲ༔ ཧཱུྃ་ཧཱུྃ་ཕཊ་ཕཊ༔ བྷྲ་མ་ཡ་བྷྲ་མ་ཡ་ ཙཀྲ༔ ཧཱུྃ་ཧཱུྃ་ཕཊ༔ ས་མཱནྟ་ཀ་ར་ཛཱ་ཏིཔྟ་ཙཀྲ༔ སྲི་ལས་ཐར་བར་གྱུར་ཅིག༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བྲི༔ དེའི་ཕྱི་མུ་ཁྱུད་ལ་ཡེ་དྷརྨཱ་བྲིས་པའི་མཐར་རབ་ཏུ་གནས་པར་ གྱུར་ཅིག༔ ཅེས་ཡི་གེ་རྣམས་གཟབ་མ་ཚག་མེད་བྲིའོ༔ མངྒ་ལཾ༔ སྲི་སྲུང་དཔེའུ་རིས།་་་ ࿊ ༼༢༤༽ཀེག་སྲུང་བཞུགས་སོ༔ ཀེག་སྲུང་ནི༔ མུ་ཁྱུད་རིམ་པ་བཞི་བསྐོར་བའི་ཕྱིའི་གྲ་བཞིར་རྡོ་རྗེ་ཕྱེད་པ་དང་མཐའ་མེ་རིས་བསྐོར༔ ལྟེ་བ་ལ་འཆང་བ་པོ་ལ་ལོ་ཀེག་ཟླ་ཀེག་ཞག་ ཀེག་ཟ་མའི་ཀེག་རྣམས་སྲུངས་ཤིག་རཀྵ༔ དེའི་ཕྱི་རིམ་པད་འདབ་བཞི་ལ་དབུས་ཀྱི་ཡིག་མགོ་ངོས་སུ་མ་མ་སྔོ་ཏ་སྔོ་ཏ་སྭཱ་ཧཱ༔ དེ་ནས་གཡས་སྐོར་དུ༔ གཉིས་པར་མ་མ་རཾ་རཾ་སྭཱ་ཧཱ༔ གསུམ་པར་མ་མ་སུ་སུ་ཏང་ཏང་སྭཱ་ཧཱ༔ བཞི་པར་མ་མ་ཁམ་ཁམ་སྭཱ་ཧཱ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་ཝཱ་གཱི་ཤྭ་རི་མུཾ༔ ཨ་ཀ་ནི་ནི་ཀ་ནི༔ ཨ་བྱི་ལ་མཎྜ་ལ་མ་ ཡེ་སྭཱ་ཧཱ༔ ལོ་ཀེག༔ ཟླ་ཀེག༔ ཞག་ཀེག༔ ཟ་མའི་ཀེག་རྣམས་ཞི་བར་མཛོད་ཅིག༔ དེའི་ཕྱི་ལ་ཡེ་དྷརྨཱའོ༔ ཐམས་ཅད་ཡིག་མགོ་ཕྱིར་བསྟན་བྲིའོ༔ ྀཨཚ༔ ༼༢༥༽ས་བདག་བསྲུང་བ་བཞུགས་སོ༔ ས་བདག་བསྲུང་བ་ནི༔ མུ་ཁྱུད་རིམ་པ་བཞི་བསྐོར་བའི་ཕྱིར༔ ཕྱག་ན་རྡོ་རྗེ་གཡས་རྡོ་རྗེ་གཡོན་སྦྲུལ་ཞགས་འཛིན་པ་ཕྱག་གཉིས་ ཀ་འཕྱར་སྟབས༔ ཞབས་གཡས་བསྐུམ་གཡོན་བརྐྱང་མཐར་མེ་རི་དང་བཅས་པ་བྲིས་པའི་ལྟེ་བར་ཧཱུྃ་རྒྱབ་སྤྲོད་ཅིག་བྲིས་པའི་མཐར་འཆང་བ་ལ་ས་བདག་ཀླུ་གཉན་གྱི་གནོད་པ་ ཐམས་ཅད་སྲུངས་ཤིག་རཀྵ༔ ཞེས་ཐུགས་ཀ་ངོས་ནས་མགོ་བརྩམ་སྟེ་ཟླུམ་པོར་མགོ་ཕྱིར་བསྟན་བསྐོར་ཞིང་ཡི་གེའི་མཇུག་དབུས་སུ་ཡོང་བར་བྱས༔ དེའི་ཕྱིར་རིམ་རྩིབས་ བརྒྱད་ལ་ཧཱུྃ་བརྒྱད་བྲི༔ རྩིབས་མཆན་བརྒྱད་ལ་ཐུགས་ཀའི་གཡས་ངོས་ནས་གཡོན་སྐོར་དུ༔ ནཱ་ག་ཤིག་ཤིག༔ ནཱ་ག་ཁྲོལ་ཁྲོལ༔ ནཱ་ག་རྦུད་རྦུད༔ ནཱ་ག་སོད་སོད༔ ནཱ་ག་ཆིངས་ཆིངས༔ ནཱ་ག་བརླག་བརླག༔ ནཱ་ག་མྱོགས་མྱོགས༔ ནཱ་ག་ཧུར་ཐུམས༔ ཞེས་ཡི་གེ་གཟབ་མ་ལ་ཚག་མེད་མགོ་ནང་བསྟན་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་ཨོཾ་ཙཎྜ་མ་ཧཱ་ རོ་ཥ་ཎ་ཧཱུྃ་ཕཊ༔ ཨོཾ་བཛྲ་པཱ་ཎི་ནཱག་པོ་ཏི་པ༔ ཀཱ་ལ་རཱུ་པ༔ ཀརྨ་རཾ་རཾ༔ ཁྲོཾ་ག་རུ་ ཎ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཕུ་ཕུ་ཕུ༔ ཅེས་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་ཡེ་དྷརྨཱ་བྲིའོ༔ ཡི་གེ་ཐམས་ཅད་གཟབ་མ་ཚག་མེད་དུ་བྲིའོ༔ ས་བདག་སྲུང་བའི་དཔེའུ་རིས།་་་ འདི་རྣམས་རིག་འཛིན་ཆེན་པོའི་ཕྱག་ནས་བྱུང་བའོ། །མངྒ་ལཾ།། །། ཇག་ཆིངས་བཞུགས་སོ༔ སློབ་དཔོན་པདྨས་མཛད་པའི་ཇག་ཆིངས་རྒྱ་གར་ནས་བཏོན་པའི་གཏེར་མ་འདི་ལ༔ ལྷ་སྒོམ་མི་དགོས༔ གཏོར་མ་གཏོང་མི་དགོས༔ དུས་ཚོད་བརྩི་མི་དགོས༔ ཇག་ཆིངས་ཟབ་མོ་སྙིང་གི་དཀྱིལ་དུ་ཆོངས༔ རྒྱ་གར་ནག་གི་ཁང་བུ་ལྟས་ངན་གྱི་གཏེར་མཛོད༔ སྲོག་གཅོད་ཀྱི་སྤུ་གྲི༔ དགྲ་བོ་ཆམ་ལ་འབེབ་པའི་སྐས་ཐུང༔ དམ་ཉམས་སྲོག་རྩ་གཅོད་པའི་གྲི་གུག༔ དགྲ་བོ་གློ་བུར་བཙན་ཐབས་སུ་བཅིང་བའི་མན་ངག་ལ༔ རང་ཉིད་ཨ་ཙ་ར་སྐྲ་སྤྱི་གཙུག་ཏུ་བཅིངས་པ་ཞིག་བསྒོམ༔ རྫས་ནི་སྦ་ལྕག་དཀར་པོ་ཚིགས་གསུམ་པ་ལེགས་པར་གཤགས་ལ་ཁོང་པ་སྟོང་པར་བྱ༔ ནང་དུ་རྒྱ་ཤོག་ལ་སྲིན་བྱ་དང་འུག་པའི་སྒྲོ་གཉིས་ལ་སྨྱུ་གུ་བྱས་ལ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ནི་ནི་སད་ཨ་བྷི་ཤ་ཇག་པ་མཱ་ར་ཡ་ནན༔ ཞེས་ལིངྒ་འདི་བྲིས་ལ་སྦ་ལྕག་ནང་དུ་སྤུ་དང་བཅས་བཅུག་ལ་སྤྱིན་གྱིས་ཁ་སྦྱར༔ ཡར་མགོ་ལྕགས་ཀྱིས་བསྟུམ༔ མར་མགོ་ཟངས་ཀྱིས་བསྟུམ༔ དར་སྔོན་པོའི་རྒྱ་མདུད་སྦ་ལྕག་གི་དབུས་སུ་བྱ༔ ཇག་པ་མི་རྒོད་མཐོང་དུས་དེ་ལྟར་བསྒོམས་ལ་སྦ་ལྕག་དབྱུག་ཀླད་ལ་བསྐོར༔ ས་ལ་བརྡབ་པར་བྱ༔ གོམ་པ་གང་ཡང་འགྲོ་མི་ཤེས༔ འཇིགས་པ་ཐར་ནས་མདུད་པ་དགྲོལ་བར་བྱ༔ དེས་ནི་ཇག་པ་ལས་གྲོལ་བར་འགྱུར་རོ༔ མདུད་པ་བཤིག་ཅིང་མུན་ལོང་ཕར་ཕར་ཤིག་ཤིག་གྲོལ༔ ཞེས་པའོ༔ རྒྱ་རྒྱ་རྒྱ༔ ཟབ༔ ༼༢༧༽ ྈ མན་ངག་ཟབ་མོ་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་བཞུགས༔ ན་མོ་གུ་རུ༔ དངོས་གྲུབ་ཀུན་གྱི་རྩ་བ་སྟེ༔ རྡོ་རྗེ་པདྨ་ཐོད་ཕྲེང་རྩལ༔ མཚོ་རྒྱལ་ཡུམ་དང་བཅས་ལ་འདུད༔ བརྩེ་བ་ཆེན་པོས་བྱིན་གྱིས་རློབས༔ དེ་ཡི་གསུང་ལས་འོངས་པ་ཡི༔ མན་ངག་ཟབ་མོ་ཡིད་བཞིན་ནོར༔ དགོས་འདོད་ཀུན་འབྱུང་བྲི་བར་བྱ༔ དེ་ལ་དང་པོ་ལོ་རྒྱུས་དང་མན་ངག་གཉིས་ཏེ༔ ལོ་རྒྱུས་ནི་རྫོགས་པ་ཆེན་པོ་མཁའ་ཀློང་འོད་འཕྲོའི་སྐོར་དང༔ དེའི་ལས་མཐའ་ལས་མན་ངག་ནད་བརྒྱ་སྔགས་གཅིག་དང༔ རུ་དྲ་ཐར་པ་ནག་པོ་ཕུང་བྱེད་དང་ཇག་ཆིངས་འཇིགས་པ་ཀུན་གྲོལ་དང༔ སྒྲིབ་ཤིང་ལྕགས་ཀྱི་མཁར་སོ་དང༔ མཚོན་སྲུང་རྡོ་རྗེ་གོ་ཁྲབ་དང༔ གཞན་ཡང་ཕན་བྱེད་གནོད་བྱེད་ཀྱི་སྐོར་བསམ་གྱིས་མི་ཁྱབ་པ་རྣམས༔ སློབ་དཔོན་གྱིས་བལ་ཡུ་ལེ་ཤིན་ཏ་ཞེས་བྱ་བ་སྟོན་པ་སངས་རྒྱས་ཀྱི་བླ་ཤིང་གཅིག་འཁྲུངས་པའི་ས༔ བྲག་སེང་གེ་གནམ་དུ་མཆོང་བ་འདྲ་བར་ཕུག་པ་གྲུ་གསུམ་དུ་བ་འཐུལ་བའི་ས་དེར་སྦས་སོ༔ དེ་ནས་ཨོ་རྒྱན་རིན་པོ་ཆེའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་སྤྲུལ་པའི་སྐུ་མཆོག་པདྨ་བྷོ་དྲ་ཞེས་བྱ་བས་གཏེར་ནས་བཏོན་པའོ༔ ད་གཉིས་པ་མན་ངག་ལའང་གསུམ་སྟེ༔ ཕན་ཡོན་དང༔ སྔགས་དང༔ བྱེད་ཐབས་བཤད་པའོ༔ དང་པོ་ཕན་ཡོན་ནི༔ སྟོད་ནད་དང་ནི་གློ་ནད་དང༔ མགོ་ནད་དང་ནི་མིག་ནད་དང༔ གཟེར་བ་དང་ནི་སྐྲངས་ནད་དང༔ རྨ་དང་གག་པ་ལྷོག་པ་དང༔ འབྲུམ་པ་ལ་སོགས་ནད་ཀྱི་རིགས༔ ཚད་ནད་ཀུན་ལ་འདི་འགྲོ་འོ༔ འདི་ལ་རྫས་དང་སྨན་དང་ནི༔ དམིགས་པ་ལ་སོགས་གང་ཡང་མི་དགོས་སོ༔ གྲང་བའི་ནད་ལ་མི་འགྲོ་འོ༔ དང་པོ་གོང་བསྙེན་མང་ན་ལེགས༔ མེད་ཀྱང་འདི་ཡི་བྱིན་རླབས་ཀྱིས༔ ནད་གདོན་འཇོམས་པར་ཐེ་ཚོམ་མེད༔ ཀུན་ལ་མ་བསྟན་གསང་བར་མཛོད༔ གཉིས་པ་ནད་བརྒྱ་སྔགས་གཅིག་ནི༔ ཨོཾ་བྷི་ཧུ་ནཱ་ག་ཙན་དུ་ཧེ་ཧཱུ་བྷེ་ཤ་མ་ར་ཧི་ཧ་མ་ཀྲི་དུ་ཁེ་བྷི་ཤ་ནི་དཾ་བྷི་ན་ཡ་སྭཱ་ཧཱ༔ ྀཨཚ༔ གསུམ་པ་བྱེད་ཐབས་ནི༔ བསྙེན་པ་མི་དང་ངག་མ་འདྲེས་པར་བྱེད༔ ཆུ་གཙང་མ་ལ་སྔགས་བཟླས་ཏེ༔ སྟེང་ནས་གོས་དྲོ་བར་བཀོན་ནས་ཉལ་དུ་བཅུག༔ ནད་གང་ཡིན་ཡང་འདྲ་རྔུལ་བྱུང་བའམ༔ ཁོག་པ་འཁྲོག་ན་བཟང༔ ནད་ཚབས་ཆེ་ན་སྔགས་ཆུ་བསྟུད་ནས་གཏང༔ ཁ་སྲུང་མི་དགོས༔ སྨན་མི་དགོས་ཐམས་ཅད་འདིས་སོས་པར་ཐེ་ཚོམ་མེད་དོ༔ ྀཨཚ༔ ཨེ་མ་ཧོ༔ ཡིད་བཞིན་ནོར་བུ་ལྟ་བུ་ཡི༔ གདམས་པ་ཟབ་མོ་ཡ་མཚན་ཅན༔ ལག་ལེན་བརྒྱུད་པ་གཅིག་བརྒྱུད་ཡིན༔ སྔོན་ཆད་ཡི་གེར་བཏབ་པ་མེད༔ འོན་ཀྱང་བློ་དམན་འགའ་ཡི་དོན༔ སྙན་བརྒྱུད་ཡི་གེར་བྲིས་པ་ལ༔ མཁའ་འགྲོའི་ཚོགས་རྣམས་བཟོད་པར་གསོལ༔ ལས་ཅན་རྣམས་དང་འཕྲད་ནས་ཀྱང༔ བྱང་ཆུབ་སེམས་ཀྱིས་འགྲོ་དོན་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ གསོངས་ཤིག༔ སངས་རྒྱས་སྨན་གྱི་བླ་ལ་ཕྱག་འཚལ་ལོ༔ གདམས་པ་འདི་ལ་དོན་གསུམ་སྟེ༔ གླ་རྩི་བདུད་རྩི་མར་ཁུ་སྔགས་དང་གསུམ༔ ནད་ཀྲེ་ཀྲེ་ཧོའི་གཉེན་པོ་ཡིན༔ ནད་དེ་གནས་ནི་བར་སྣང་གི་ཁམས་སུ་གནས༔ ཁ་དོག་ནི་འཇའ་ལྟ་བུའོ༔ འཇུག་པ་ནི་བ་སྤུའི་བུ་ག་ལ་འཇུག་གོ༔ ཞུགས་པའི་རྟགས་སུ་གྲང་ཤུམ་བྱེད་དོ༔ ཀླད་པ་ལ་ཕོག་ན་ཀླད་གཟེར་མགོ་ཐོམ་ཞེས་ཟེར་རོ༔ མགོ་ན༔ སྐྱུག་མེར༔ ཉལ་ལང་བྱེད༔ སྐོམ་དད་ཆེ༔ གཉིད་ཆུང་ངོ༔ རྩ་ལ་ཕོག་ན་འཛུམ་ལྟག་སྒྱེད་ཟེར་རོ༔ རྩ་ཐམས་ཅད་རྒྱབ་ཏུ་འདུས་ནས་དབང་པོའི་སྒོ་བྱེ་ཡོང་ངོ༔ དོན་སྙིང་ལ་ཕོག་ན་རྒྱུག་འགྱེལ་ཟེར་རོ༔ གློ་བ་ལ་ཕོག་ན་སྟོང་སྦོས་རྩ་བྱེར་ཟེར་རོ༔ དབུགས་སྟོད་ལ་རྫོང་དཔུང་པ་གཟེར་ཡོང་ངོ༔ མཆིན་པ་ལ་ཁྲག་སྐྱུག་ཟེར༔ མིག་དོང་དུ་ཚུད༔ མཁྲིས་པ་ལ་ཕོག་ན་མཁྲིས་པ་ཁ་ཤོར་ཟེར༔ མིག་དང་ལག་མཐིལ་སེར་སྣ་ཆུ་ཡང་སེར་པོ་འབབ་བོ༔ ཕོ་བ་ལ་སྲིན་ཕོ་གླང་ཟེར་རོ༔ རྒྱུ་དཀར་ལ་ཕོག་ན་སྐྱ་བཤལ་གཟེར་ཐུང་ཟེར་རོ༔ མཁའ་མ་ལ་ཕོག་ན་དྲག་རྩ་ཆད་པ་ཟེར་རོ༔ རྒྱུ་ནག་ལ་ཕོག་ན་དམར་བཤལ་གཟེར་ཐུང་ཟེར་རོ༔ ཉ་ལ་ཕོག་ན་གཉན་ཉ་ལོག་འཁྲུ་སྐྱུག་ཟེར་རོ༔ ཀླད་པ་ལ་གླ་བའི་རྐང༔ རྒྱུད་པ་ལ་བྱ་རྒོད་སྤོས༔ གློ་བ་ལ་ཅུ་གང༔ སྙིང་ལ་སྙིང་ཞོ་ཤ༔ སྲོག་རྩ་ལ་ཕུར་མོང༔ མཆིན་པ་ལ་གུར་གུམ༔ མཁྲིས་པ་ལ་གི་ཝཾ༔ ཕོ་བ་ལ་པི་པི་ལིང༔ རྒྱུ་དཀར་ལ་སྒོག་སྐྱ༔ བཅའ་སྒ༔ རྒྱུ་ནག་ལ་མ་རུ་རྩེ༔ ཉ་ལོག་ལ་མིའི་ཏིང་ཆུ་བ༔ ནད་འདི་རྣམས་ལ་གོང་གི་སྨན་གཙོ་བོ་གཉིས་ལ་སྨན་རེ་རེ་བསྣན་ནས་སྨན་གསུམ་པོ་དེ་དང༔ སྔགས་ནི་ཨོཾ་བྷི་ཧུ་ནཱ་ཞེས་སོགས་ནད་བརྒྱ་སྔགས་གཅིག་གི་སྔགས་ལ་ལྟོས་ཤིག༔ ཀྱེ་ཧོ་བདུན་དྲུག་འཇོམས་པའི་ཐོ་བ་ཞེས་བྱ་སྟེ༔ ནུས་པ་ནམ་མཁའི་ཐོག་འདྲ་བས༔ ཀུན་ལ་ཐུན་མོང་མིན་པའི་གདམས་པའོ༔ ཟབ་ཟབ༔ ྀཨཚ༔ བདག་པདྨ་གླིང་པའི་གཏེར་མ་ཡང་ཟབ་སྙིང་གི་ཐིག་པ་ཨོ་རྒྱན་ཨུ་པ་དེ་ཤའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ࿊ ༼༢༨༽བསམ་གཏན་ཉལ་ཆོག་འཁོར་ལོ་པདྨ་གླིང་པའི་གཏེར་མ་བཞུགས་སོ༔ སྲུང་བ་འདི་བྲི་ཐབས་ནི༔ མུ་ཁྱུད་རིམ་པ་ལྔ་བསྐོར༔ ལྟེ་བར་སྔགས་འདི་བྲིས༔ ཨ་སྲ་དུད་ཧེ་བུདྡྷ་དེ་ཤན་ལ༔ འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་་་གནོད་ཅིང་འཚེ་བའི་ཕྱི་ནང་གསང་བའི་འགལ་རྐྱེན་བར་ཆད་ཐམས་ཅད་སྲུང་དུ་གསོལ།འདོད་གསོལ་བྲི༔ དབུས་སུ་ཨོཾ་ཨཱཿཧཱུྃ་གསུམ་བྲི༔ དེའི་ཕྱི་རིམ་རྩིབས་བརྒྱད་བྲིས༔ རྩིབས་ལ་ཡང་ཡང་གནམ་ལ་ཡང༔ རྩིབས་མཆན་ལ་ཟིམ་ཟིམ་ས་ལ་ཟིམ་བྲི༔ དེའི་ཕྱིའི་མུ་ཁྱུད་ལ་བྱེར་བྱེར་ནམ་མཁའ་སྟོང་པའི་ངང་ལ་ཡལ་བར་གྱུར་ཅིག༔ འཆང་བའི་ལུས་ངག་ཡིད་གསུམ་ལ་གང་སྲུང་གི་འདོད་གསོལ་བྲི༔ དེའི་ཕྱིར་ཨཱ་ལི་ཀཱ་ལི་དང་ཡེ་དྷརྨཱ་བྲི༔ ཟུར་བཞིར་རྡོ་རྗེ་ཕྱེད་པ་དང་མེ་རི་བྲིའོ༔ དབུས་མཛེས་ཚོན༔ རྩིབས་སྔོ༔ རྩིབས་མཆན་སེར༔ དེའི་རྒྱབ་དམར་དང་སྔོ༔ རྡོ་རྗེ་སེར་པོ༔ མེ་རི་དམར་པོ་བྱེད་དོ༔ འདི་ལ་ལྷ་སྒོམ་དུ་མེད༔ སྔགས་བཟླས་སུ་མེད༔ སྒྲུབ་མི་དགོས་པའི་གདམས་པ་ཡིན་ནོ༔ འདིའི་མིང་ནི་ལྷ་འདྲེ་སྟོང་ཟློག་ཅེས་ཀྱང་བྱ༔ ལྷ་སྲིན་སྙིང་འཛིན་ ཞེས་ཀྱང་བྱ༔ འབྱུང་པོ་ཁ་ཆིངས་ཞེས་ཀྱང་བྱ༔ གཉན་གྱི་ཁ་གནོན་ཞེས་ཀྱང་བྱ༔ ཚེ་སྒྲུབ་བཏགས་ཆོག་ཞེས་ཀྱང་བྱ༔ ས་བདག་འདྲེ་ཆིངས་ཞེས་ཀྱང་བྱ༔ ཐེའུ་རང་མནན་འཁོར་ཞེས་ཀྱང་བྱ༔ བསམ་གཏན་ཉལ་ཆོག་ཅེས་ཀྱང་བྱ༔ བྱད་མ་འབུམ་ཐུབ་ཅེས་ཀྱང་བྱ༔ ལྷ་འདྲེ་སྟོང་གི་སྒྲིབ་ཤིང་ཞེས་ཀྱང་བྱ༔ གདམས་ པ་གཏེར་གྱི་ཉིང་ཁུ་ཞེས་ཀྱང་བྱ༔ ཏོག་འཁོར་ཐུགས་ཀྱི་ཡང་གཅེས་ཞེས་ཀྱང་བྱ༔ བསྲུང་བ་ཉི་ཟླའི་གོ་ཆ་ཞེས་ཀྱང་བྱ༔ ཟློག་པ་མེའི་སྤུ་གྲི་དམར་ནག་ཅེས་ཀྱང་བྱ༔ གསད་པ་ལས་ཀྱི་ཤམ་བུ་ཞེས་ཀྱང་བྱ༔ བསྲུང་བ་ཐམས་ཅད་ཀྱི་མཐར་ཐུག་ཞེས་ཀྱང་བྱ༔ དུག་དང་ལྕགས་ཀྱི་སྤུ་གྲི་ཞེས་ཀྱང་བྱ༔ དགྲ་བོ་བྱད་མའི་ཤན་པ་ཞེས་ ཀྱང་བྱ༔ དཔའ་བོ་སྙིང་རུལ་གྱི་འཁོར་ལོ་ཞེས་ཀྱང་བྱ༔ གཤེད་བྱེད་དཔལ་གྱི་ཙཀྲ་ཞེས་ཀྱང་བྱ༔ སྒྲུབ་མི་དགོས་པ་འདི་གྲོགས་དང་འདྲ༔ ཁོང་པའི་སྙིང་དང་འདྲའོ༔ བདེན་རྫུན་ལག་ཏུ་ལོངས་དང་གསལ༔ དཀོན་མོད་རྒྱལ་ཁམས་འགྲིམས་དང་ཤེས༔ རང་ལུས་རྡོ་རྗེའི་ཁྲབ་ཏུ་འགྱུར༔ ཚེ་མི་ནུབ་པའི་རྒྱལ་མཚན་འཛུག༔ ཉམ་ང་མེད་པའི་གདིང་དང་ལྡན༔ གཞན་དང་མི་འདྲ་གདམས་པ་ཁྱད་པར་འཕགས༔ རྒྱལ་པོ་ཆེན་པོའི་ཐུགས་ལ་སྦོས་ཤིག༔ སྐལ་ལྡན་པདྨའི་མིང་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མངྒ་ལཾ། །དགེའོ།། །།
བྱང་གཏེར་རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་སྨིན་བྱེད་ཆོག་ཁྲིགས་རྒྱུད་གསུམ་དབང་བྱེད (Volume 26, Text 5)
༄༅། །བྱང་གཏེར་རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་སྨིན་བྱེད་ཆོག་ཁྲིགས་རྒྱུད་གསུམ་དབང་བྱེད་ཅེས་བྱ་བ་བཞུགས་སོ། ། འཁོར་འདས་དབང་སྒྱུར་གསུང་མཆོག་པདྨའི་ཞལ། །ཆོས་རྒྱལ་གདུང་རྒྱུད་སྐྱོབ་ཕྱིར་རྩོད་པའི་མཐར། །མཐིང་སྨུག་དབང་གི་མདོག་ཅན་སྐུར་བཞེངས་པ། །བརྒྱུད་པར་བཅས་ལ་སྒོ་གསུམ་གུས་པས་འདུད། །ལྷ་བྲག་ཟངས་མཛོད་ནས་བྱོན་པའི། །སྣོད་བཅུད་དབང་བྱེད་རྟེན་འབྲེལ་གྱི། །ཆོས་བདུན་ནང་ཚན་ཡི་དམ་ལྷ། །དྲེགས་པ་དབང་སྡུད་སྨིན་བྱེད་བཀོད། །འདི་ལ་སྦྱོར་བ་དཀྱིལ་འཁོར་དབུས་སུ་གྲུ་གསུམ་དམར་ནག་ཟླ་གམ་གསུམ། འཁོར་ལོ་ཕྱོགས་མདོག་ཅན་རྩིབས་བཞི་པ་གྲུ་ཆད་བར་ཁྱམས་སྒོ་བཞི་རྟ་བབས་རིམ་བཞི། ཁོར་ཡུག་རྡོར་ར་མེ་རི་སོགས་བྲི། པད་ར་དུར་ཁྲོད་གཞུང་ལས་མ་བཤད་པས་མི་དགོས། རས་བྲིས་སོགས་མེད་ན་མཎྜལ་ལ་ཚོམ་བུ་དམར་པོ་གཅིག་བཀོད་པའི་ཁར་མཉྫིའི་སྟེང་དུ་དཔལ་བཤོས་དམར་པོ་རྟ་མགོ་རྒྱན་སྤྲོས་མེ་རི་ལྷ་ཙཀ་གཏོར་གདུགས་དམར་པོ་སོགས་ཀྱིས་མཚན་པ་བཀོད། ཤར་དུ་རྣམ་བུམ་བཅུད་དང་རྒྱན་ལྡན། ལྷོར་གསང་རྫས་བདུད་རྩིའི་ཐོད་པ། ནུབ་ཏུ་ཤེར་དབང་མེ་ལོང་། བྱང་དུ་བཀའ་སྲུང་ཐང་ལྷའི་གཏོར་མ། གཡས་གཡོན་དུ་སྨན་རཀ །ཕྱི་མཆོད་བསྐོར་བཤམ། སྔོན་གཏོར་ཚོགས་མཆོད། མིག་དར་མེ་ཏོག་སོགས་ཀྱང་འདུ་བྱའོ། །དངོས་གཞི་ཐོག་མར་བདག་མདུན་སྒྲུབ་པ་ནི། ཚིག་བདུན་བརྒྱུད་འདེབས་ནས། ཕྲིན་ལས་དགོས་འདོད་ཀུན་འབྱུང་ལྟར་སྐྱབས་སེམས། བགེགས་གཏོར་བསང་སྦྱང་བྱིན་རླབས་སྤྱི་ལྟར་ལ། སཾ་བྷཱ་རའི་སྔགས་ཀྱིས་བསྔོ། ཧཱུྃ༔ ཡང་དག་དོན་ལ་མི་མོས་པ༔ མི་དང་མི་མིན་ལོག་འདྲེན་བགེགས༔ ལན་ཆགས་གླུད་གཏོར་འདི་ཁྱེར་ལ༔ གནས་འདིར་ཁོར་ཡུག་ཚུན་ཆད་དུ༔ སྐད་ཅིག་ཙམ་ཡང་འདའ་མ་བྱེད༔ གལ་ཏེ་ང་ཡི་བཀའ་འདས་ན༔ བདེ་གཤེགས་ཁྲོ་བོ་ཀུན་འདུས་ནས༔ ཁྱོད་ཀྱི་ལུས་ངག་རྡུལ་དུ་རློག༔ ཅེས་པ་དང་། ཕྲིན་ལས་གཞུང་གི་བཀའ་བསྒོ་བ་ནས་བརྩམ་བསྟོད་པའི་བར་བཏང་། ཛཔ྄་བཟླས་ཀྱི་སྐབས་གཙོ་བོར་ཀ་དག་གི་ལྟ་བའི་ངང་ནས་བཟླ་བ་དང་། སྤྱི་མཐུན་བདག་བྱིན་རླབས་པ་སོགས་བསྙེན་སྒྲུབ་ཡན་ལག་བཞིའི་དམིགས་པའང་སྦྱོར་ཆོག་ཅིང་། ཁྱད་པར་འདི་ཉིད་ཀྱི་རྩ་སྒྲུབ་ལས་གསུངས་པའི་རྟ་སྐད་ཐེངས་གསུམ་དང་། གདུག་པ་ཅན་ཁ་བཅིང་བའི་ཏིང་ངེ་འཛིན་ཡང་ཅི་རིགས་པར་སྦྱོར། བདག་མདུན་དབྱེར་མེད་ཁོ་ན་བྱ་ཆོག་ཅིང་རྟོགས་པས་མི་ཆུན་ན་ཛཔ྄་ཁང་སྤྱི་ལྟར་དབྱེ་ཞིང་། མཐར་བུམ་ནང་སྐད་ཅིག་གིས་དཀྱིལ་འཁོར་གསལ་བཏབ་ལ་ཛཔ྄་བཟླས་འཕྲོ་འདུ་འང་སྤྱི་ལྟར་བྱས་ལ། བདག་མདུན་སྤྱི་ལ་དམིགས་པའི་སྟོང་ཚིགས་མཆོད་བསྟོད་འབུལ། འབྲུ་གསུམ་གྱིས་མཆོད་ཡོན་ཕུལ་ནས་འོད་ཞུ་བྱ། ལས་བུམ་དུ་བདུད་རྩི་འཁྱིལ་པ་གསལ་བཏབ་ལ་དེའི་སྔགས་ཀྱིས་བྱིན་བརླབ། བཀའ་སྲུང་གཏོར་འབུལ། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཡན་སོང་བ་དང་རིག་པའི་མེ་ཏོག་དོར་རོ། །དེ་ནས་དབང་བསྐུར་བ་ལ་སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་རཾ་ཡཾ་ཁཾ་དང་འབྲུ་གསུམ་གྱིས་བསང་སྦྱང་། སམྦྷ་ར་གསུམ་གྱིས་བསྔོ། གོང་གསལ། ཧཱུྃ༔ ཡང་དག་དོན་ལ་སོགས་དང་། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་བསམ་པ་རྣམ་པར་དག་པའི་བདེན་པ་དང་། ཡི་དམ་ཁྲོ་བོའི་རྒྱལ་པོ་དབང་ཆེན་རྟ་མཆོག་རོལ་པ་དྲེགས་པ་དབང་སྡུད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་ནས། རྡོ་རྗེའི་སློབ་མ་རྣམས་ལ་བྱིན་རླབས་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་བགྱིད་པ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་ས་ཡི་ཕྱོགས་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་བ་རྣམས་ལུས་ངག་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་བགྱིའོ། །ཞེས་པས་བགེགས་གཏོར་བཏང་ཞིང་། ལས་བྱང་ལྟར། ཧྲཱི༔ རིག་པ་ཡེ་ཤེས་སོགས་ཀྱིས་བཀའ་བསྒོ །ཧྲཱི༔ བདག་ཉིད་དཔལ་ཆེན་སོགས་ཀྱིས་མཚམས་བཅད་ལ་སྲུང་འཁོར་བསྒོམ། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེ་ལ་བཀའ་གཏེར་དག་སྣང་གི་བཀའ་སྲོལ་ལས་བྱོན་པའི་དབང་ཆེན་རྟ་མགྲིན་དམར་ནག་གི་སྒྲུབ་ཐབས་རྒྱས་བསྡུས་མཐའ་ཡས་པ་ཞིག་བཞུགས་པ་ལས་བྱིན་རླབས་མྱུར་ཞིང་ཟབ་པ། ཁྱད་པར་དྲེགས་བྱེད་གདུག་ཅན་གྱི་རིགས་སུ་གྱུར་པ་མཐའ་དག་དང་པོ་ཁ་བཅིང་ཞིང་ཟིལ་གྱིས་གནོན། བར་དུ་དབང་དུ་འདུ་ཞིང་བཀའ་ལ་ཉན། ཐ་མ་ཕྲིན་ལས་ཅི་བཅོལ་སྒྲུབ་པའི་ཐབས་ཁྱད་པར་དུ་འཕགས་པ་འདི་ནི། སློབ་དཔོན་ཆེན་པོས་ཆོས་རྒྱལ་ཁྲི་སྲོང་གི་བཞེད་པ་སྒྲུབ་ཅིང་བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་འདུལ་བའི་ཕྱིར་དུ་དབང་ཆེན་འདུས་པའི་རྒྱུད་ཀྱི་བཅུད་ཕྱུངས་ནས་མཛད་དེ་ཟང་ཟང་ལྷ་བྲག་ཏུ་སྦས་པ། ཕྱིས་གཏེར་སྟོན་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་སྤྱན་དྲངས་པ་ནུབ་ཟངས་མཛོད་དམར་པོའི་ཆོས་སྡེ། གདུལ་བྱ་དབང་བྱེད་རྟེན་འབྲེལ་ཆོས་བདུན་གྱི་ནང་ཚན་ཙན་དན་གྱི་སྡོང་པོ་ལྟ་བུ་ཡི་དམ་གྱི་སྐོར་དུ་གཏོགས་པ་ཡིན་ཅིང་། དེ་ལའང་རྟ་མགྲིན་འཁོར་འདས་དབང་སྡུད་དང་དྲེགས་པ་དབང་སྡུད་གཉིས་སུ་མཆིས་པ་ལས་ཕྱི་མའི་སྨིན་བྱེད་སྒྲུབ་པ་སྐབས་སུ་བབས་པ་སྟེ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །དཀྱིལ་འཁོར་མ་མཐོང་བར་མཚོན་ཕྱིར་རས་ཡུག་དམར་པོས་གདོང་བཅིངས་པར་མོས་ཤིག །ཨ་ཁཾ་བཱི་ར་ཧུྃ༔ཐུང་ངུས་མིག་དར་སྦྱིན། ལྷ་དང་མཇལ་བའི་ཕྱག་རྟེན་དུ་མེ་ཏོག་གི་ཕྲེང་བ་ཐོགས་པར་མོས་ཤིག །ཨཱ་ཁཾ་བཱི་ར་ཧཱུྃ༔རིང་པོས་མེ་ཏོག་གཏད། ཐལ་མོ་མེ་ཏོག་དང་བཅས་གསོལ་བ་འདེབས་པའི་རྗེས་ཟློས། ཀྱེ༔ འགྲོ་བའི་མགོན་པོ་སྟོན་པ་བླ་ན་མེད༔ བདེ་གཤེགས་ཀུན་འདུས་བདག་ལ་དགོངས་སུ་གསོལ༔ མ་རིག་ལས་ཀྱིས་མནར་བའི་སེམས་ཅན་ལ༔ ཐུགས་རྗེས་བརྩེར་དགོངས་དབང་མཆོག་བསྐུར་དུ་གསོལ༔ ལན་གསུམ། ཀྱེ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་བདག་ལ་གསོན༔ གསང་བ་མཆོག་འདི་རབ་ཏུ་གཉན་པས་ན༔ མི་འདའ་རྡོ་རྗེའི་དམ་ཚིག་བསྲུང་ནུས་སམ༔ དེ་ལྟར་ཁས་ལེན་བདག་གིས་དབང་མཆོག་སྦྱིན༔ བླ་མས་ཇི་ལྟར་བཀའ་བསྒོས་པ་ལས་ནམ་ཡང་མི་འདའ་བར་དམ་ཚིག་ཚུལ་བཞིན་དུ་བསྲུང་བའི་བློས་རྡོ་རྗེ་བདུད་རྩིའི་ཆུ་འཐུང་བ་དང་ལྷན་ཅིག་འདིའི་རྗེས་ཟློས་མཛོད། དམ་ཆུ་སྦྱིན་ལ། ས་མ་ཡ་ཨི་དན་ན་ར་ཀན༔ ཞེས་བརྗོད་དུ་གཞུག །མདུན་གྱི་ནམ་མཁར་སྐྱབས་ཡུལ་དབང་ཆེན་རྟ་མཆོག་རོལ་པའི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ནས་བཞུགས་པའི་སྤྱན་སྔར། བདག་སོགས་མཁའ་ཁྱབ་ཀྱི་མར་གྱུར་སེམས་ཅན་ཐམས་ཅད་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་འདུན་པས་རྗེས་ཟློས། ན་མོ༔ དུས་གསུམ་སངས་རྒྱས་སོགས་ལས་བྱང་ལྟར་ལན་གསུམ་བྱ། དེ་ནས་བྱིན་དབབ་པའི་སླད་དུ་གསོལ་བ་བཏབ་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ བླ་མ་བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔ བྱིན་རླབས་ཡེ་ཤེས་བདག་ལ་དབབ་ཏུ་གསོལ༔ ལན་གསུམ། དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་ལྟར་དུ་སྒོམས་ཤིག །ཨོཾ་བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་གི་རྣམ་སྨིན་ཤ་ཁྲག་གི་ཕུང་པོ་འདི་ཉིད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཁྱེད་རང་རྣམས་ཐ་མལ་དུ་གསལ་བའི་སྙིང་གར་ཧྲཱིཿཡིག་དམར་པོ་གསལ་འཚེར་བཀྲག་མདངས་དང་ལྡན་པ་ཞིག་གསལ་བཏབ་པའི་འོད་ཟེར་གྱིས། ཕུང་ཁམས་སྐྱེ་མཆེད་དང་བཅས་པ་སྦྱངས་ཏེ་ཧྲཱིཿདམར་པོར་གྱུར། དེ་འོད་དུ་ཞུ་བ་ལས་ཁྱེད་རང་རྣམས་རྟ་མགྲིན་དྲེགས་པ་དབང་སྡུད་ཞལ་གཅིག་ཕྱག་གཉིས་པ་བྱེ་རུའི་ལྷུན་པོ་ལ་ཉི་མ་འབུམ་གྱིས་འཁྱུད་པ་ལྟར་དམར་ཞིང་འཚེར་བ། གཡས་ཀྱི་ཕྱག་རྒྱས་གཟུགས་ཁམས་འདེགས་ཤིང་། གཡོན་གྱི་ཕྱག་རྒྱས་འདོད་ཁམས་ས་གཞིར་གནོན་པ། དབུ་ཚངས་པའི་ཡུལ་རྩེར་སླེབ་ཅིང་རི་རབ་ལྷུན་པོ་ལ་སྐུའི་སྟེགས་བྱས་པ། ཉི་ཟླ་གཟའ་སྐར་རྐེད་ལ་འཁོར་ཞིང་ཞབས་རྒྱ་མཚོའི་གཏིང་དུ་བརྐྱངས་པས་གཟའ་ཀླུ་རྒྱལ་འགོང་དམ་སྲི་ཐེའུ་རང་གཤིན་རྗེ་འབྱུང་པོ་རྣམས་གནོན་པ། དབུ་གཙུག་རལ་པའི་གསེབ་ནས་རྟ་མགོ་ལྗང་ཞུར་རྟ་སྐད་གཡས་གཡོན་སྟེང་འོག་ཏུ་ཐེངས་གསུམ་གསུམ་སྒྲོག་པས་སྲིད་པའི་ཕོ་རྒྱུད་མོ་རྒྱུད་གཟའ་ཀླུ་ཐམས་ཅད་དབང་དུ་སྡུད་པ། ཧྲཱིཿཧཱུྃ་ཕཊ་གསུམ་གྱིས་དྲག་སྔགས་འབྲུག་སྟོང་དུས་གཅིག་ཏུ་གྲགས་པ་ལྟར་བསྒྲགས་པས་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་སྐུར་གསལ་བའི། སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་དང་ཧྲཱིཿདམར་པོས་མཚན་པ་དང་། སློབ་དཔོན་ཡང་དེར་གསལ་བའི་གནས་གསུམ་ལས་འོད་ཟེར་འཕྲོས། འོག་མིན་དབང་དྲག་རོལ་པ་དང་ལྷོ་ནུབ་དགའ་བ་ཚལ་གྱི་དུར་ཁྲོད་ལ་སོགས་པ་ནས་དབང་ཆེན་རྟ་མཆོག་རོལ་པའི་ལྷ་ཚོགས་ཆར་བབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་མོས་ཤིག །སྤོས་རོལ་དབྱངས་དང་བཅས། ཧྲཱི༔ ལྷོ་ནུབ་དགའ་བ་ཚལ་གྱི་དུར་ཁྲོད་ནས༔ ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དབང་གི་ལྷ༔ བདེ་གཤེགས་ཁྲོ་བོའི་ལྷ་ཚོགས་འཁོར་དང་བཅས༔ ཐུགས་རྗེས་བརྩེར་དགོངས་གནས་འདིར་བྱིན་ཕོབ་ཅིག༔ རྩ་སྔགས་དང་། ཧྲཱིཿཧྲཱིཿཧྲཱི༔ ཞེས་བརྗོད་ལ་བྱིན་དབབ། ཡེ་ཤེས་པ་བརྟན་པར་བྱས་པའི་མོས་པ་མཛོད། །ཏིཥྛ་བཛྲ། སྤྱི་བོར་རྡོ་རྗེ་རྒྱ་གྲམ་བཞག །དེ་ནས་སྔོན་དུ་བྱིན་པའི་མེ་ཏོག་གི་ཕྲེང་བ་དེ་ལྷག་པའི་ལྷ་ལ་ཕུལ་སྙམ་པས་འདིའི་རྗེས་ཟློས་དང་བཅས་ཏེ་འབུལ་བར་ཞུ། པུཥྤེ་སིདྡྷི་ཧཱུྃ༔ ཞེས་མེ་ཏོག་འབུལ་དུ་གཞུག །དེ་ལྟར་ཕུལ་བའི་མེ་ཏོག་དེ་ཉིད་དཀྱིལ་འཁོར་ནས་བླངས་ཏེ་མགོ་བོར་ལན་གསུམ་དཀྲིས་པས་དབང་དང་པོ་མེ་ཏོག་ཕྲེང་བའི་དབང་ཐོབ་པའི་མོས་པ་མཛོད། པུཥྤེ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྦྱིན། མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བས་དག་པ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་མོས་པ་མཛོད། ལེགས་འོང་བུ་ཁྱོད་སྐལ་བར་ལྡན༔ མ་རིག་ལིང་ཐོག་ང་ཡིས་བསལ༔ རྟ་མཆོག་རོལ་པའི་དཀྱིལ་འཁོར་ལྟོས༔ དམ་ཚིག་རྩེ་གཅིག་ཐུབ་པར་སྲུངས༔ ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་མིག་ཐུར་གྱིས་གདོང་བསལ། རྟེན་གཞལ་ཡས་ཁང་དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ། བརྟེན་པ་ཡེ་ཤེས་ཀྱི་ལྷ་རྟ་མགྲིན་དྲེགས་པ་དབང་སྡུད་དམ་ཅན་སྲུང་མའི་འཁོར་དང་བཅས་པ་མངོན་སུམ་དུ་མཇལ་བའི་མོས་པས་དད་སྤྲོ་སྐྱེད་ཅིག །བུམ་དབང་ནི། བླ་མ་དཀྱིལ་འཁོར་གྱི་ལྷ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་བུམ་པའི་དབང་བསྐུར་བ་ཙམ་གྱིས་བུམ་པའི་བདུད་རྩིས་ཁྱེད་རང་རྣམས་ཀྱི་ལུས་ཀྱི་ནང་གང་། སྒྲིབ་པ་བཞི་དག །སྐུ་བཞི་མངོན་དུ་བྱས་པའི་མོས་པ་མཛོད། རྣམ་བུམ་ཐོགས་ལ། ཧྲཱི༔ རིན་ཆེན་བུམ་པ་མཚན་ཉིད་ཡོངས་རྫོགས་ནང༔ དག་བྱེད་ཡེ་ཤེས་བདུད་རྩི་ལྷ་ཡི་ཆུ༔ བདེ་གཤེགས་དབང་ཆེན་འདུས་པའི་བུམ་པ་འདིས༔ སྐལ་ལྡན་དབང་བསྐུར་དབང་བཞིའི་སྣོད་གྱུར་ཅིག༔ ཧྲཱིཿཀ་ལཱ་ཤ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་ཞིང་བུམ་ཆུ་སྦྱིན། ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་དང་ཡི་དམ་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རིགས་ཀྱི་བུ་འདི་ཉིད་ཀྱི་ལུས་ངག་ཡིད་གསུམ་ལ་ཕོབ་ལ། དུས་ད་ལྟ་ཉིད་དུ་མྱུར་བ་ཉིད་དུ་འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག །ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་རློབས་ཤིག །མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས་ཤིག །མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །རྩ་སྔགས་མཐར། ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད་ལ་བྱིན་དབབ་སྤོས་དང་ཌཱ་དྲིལ་འཁྲོལ་ལ། དེ་ལྟར་བུམ་པའི་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག །སྐུ་ཡི་བྱིན་རླབས་ལུས་ལ་ཞུགས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསང་དབང་ནི། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་རང་འོད་ཀྱི་རིག་མ་དང་སྙོམས་པར་ཞུགས་པའི་བྱང་སེམས་བདུད་རྩིས་དབང་བསྐུར་བར་མོས་ཤིག །ཐོད་པ་མགྲིན་པར་གཏུགས་ལ། ཧྲཱི༔ ཆོས་སྐུ་སྣང་མཐའི་ངང་ལས་མ་གཡོས་ཀྱང༔ ལོངས་སྤྱོད་རྫོགས་སྐུ་སྣང་ཚུལ་ཅིར་ཡང་སྟོན༔ སྤྲུལ་སྐུ་ཁྲོ་རྒྱལ་རྟ་མགྲིན་དབང་གི་ལྷ༔ ཀུན་འདུས་བྱང་སེམས་བདུད་རྩིས་དབང་བསྐུར་རོ༔ ཧྲཱིཿབོ་དྷི་ཙིཏྟ་ཨ་མྲྀཏ་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བདུད་རྩི་བླུད། བདུད་རྩི་མྱང་བས་རྩ་ཁམས་ཐམས་ཅད་དཀར་དམར་བྱང་ཆུབ་སེམས་ཀྱིས་ཁྱབ། འཆིང་བྱེད་ཀྱི་མདུད་པ་གྲོལ། ངག་རླུང་ཨཱ་ལི་ཀཱ་ལིའི་སྔགས་ཀྱི་རང་སྒྲར་སྨིན་པར་མོས་ཤིག །དེ་ལྟར་གསང་བའི་དབང་བསྐུར་པས་ངག་གི་སྒྲིབ་པ་དག །གསུང་གི་བྱིན་རླབས་ངག་ལ་ཞུགས། ལམ་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཤེར་དབང་ནི། མེ་ལོང་སྙིང་གར་གཏད་ལ། མེ་ལོང་འདིས་མཚོན་བྱེད་དུ་བྱས་ནས་རང་སྣང་ཡེ་ཤེས་ཀྱི་རིག་མ་ལྷན་ཅིག་སྐྱེས་པའི་བདེ་བའི་རྟེན་དུ་གྱུར་པས་དབང་བསྐུར་བར་མོས་ཤིག །ཧྲཱི༔ རེག་བྱའི་བདེ་བ་འཇམ་ཞིང་ཡིད་དུ་འོང༔ སྟོང་གསལ་མཉམ་ཡངས་ཡེ་ཤེས་གསལ་འགྲིབ་མེད༔ སྣ་ཚོགས་འཆར་བ་ཤེས་རབ་དབང་མཆོག་འདི༔ སྐལ་ལྡན་གསང་སྔགས་དམ་པར་དབང་བསྐུར་རོ༔ ཧྲཱིཿཀརྨ་མུ་དྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ འདུ་ཤེས་གསུམ་དང་ལྡན་པས་ཐབས་ཤེས་སྙོམས་པར་ཞུགས་པ་ལས་ཡས་བབ་དང་མས་བརྟན་གྱི་དགའ་བཞིའི་རིམ་པས་ལྷན་སྐྱེས་བདེ་སྟོང་ཟུང་འཇུག་ཉམས་སུ་མྱོང་བར་མོས་ཤིག །དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས་ཡིད་ཀྱི་སྒྲིབ་པ་དག །ཐུགས་ཀྱི་བྱིན་རླབས་ཡིད་ལ་ཞུགས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཏོར་དབང་ནི། གཏོར་སྣོད་དུར་ཁྲོད་རྔམ་བརྗིད་རོལ་པའི་གཞལ་ཡས་སུ། གཏོར་མ་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པའི་སྐུ་དངོས་སུ་གསལ་བའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་བ་ཁྱེད་རང་གི་ལུས་ངག་ཡིད་གསུམ་དུ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་ཞུགས། ཀ་དག་ནམ་མཁའ་ལྟ་བུའི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། ཧྲཱི༔ སྣོད་བཅུད་རྣམ་དག་རྟེན་དང་བརྟེན་པར་བཅས༔ རང་ལུས་ཕུང་ཁམས་དང་བཅས་གཞལ་ཡས་ཁང༔ དོན་དམ་རིག་སྟོང་འགྱུར་མེད་བཞི་པའི་དབང༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཧྲཱིཿཏི་ལ་ཀ་ཛྙཱ་ན་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར། འདིར་གཏོར་མའི་བཀའ་བསྒོ་མཛད་པའི་ཕྱག་སྲོལ་ཡོད་འདུག་ཀྱང་སྐབས་དོན་མིན་པས་ཕྱིས་བྱུང་དུ་མངོན་ལ། སྤྲོ་ན་བརྒྱུད་པའི་མཚན་ནས་བརྗོད་དེ་བཀའ་བསྒོ་སྤྱི་ལྟར་བྱ་བ་ཉིད་དོ། གང་ལྟར་མཐར། འདི་ལྟར་སྣང་བའི་ཆོས་ཐམས་ཅད་རང་གི་རིག་པའི་རྩལ་ལས་གྲུབ་པར་ཤེས་པ་མཛོད་ལ། ཕྱི་སྣོད་ཀྱི་འཇིག་རྟེན་འོད་དུ་ཞུ་ནས་གཏོར་མའི་གཞལ་ཡས་ཁང་ལ་ཐིམ། ནང་བཅུད་ཀྱི་སེམས་ཅན་རང་ལུས་དང་བཅས་པ་གཏོར་མའི་ལྷ་ལ་ཐིམ། དེའང་གཞལ་ཡས་ཁང་རིམ་བཞིན་འོད་དུ་ཞུ་བ་གཏོར་མའི་ལྷ་ལ་ཐིམ། ལྷ་ཡི་དབུ་ཞབས་ནས་རིམ་བཞིན་འོད་དུ་ཞུ་ནས་ཐུགས་ཀའི་ཧྲཱིཿལ་བསྡུ། ཧྲཱིཿདེ་ཉིད་རིམ་བཞིན་འཇའ་ལྟར་ཡལ་ནས་དམིགས་མེད་སྤྲོས་བྲལ་གྱི་དོན་ལ་མཉམ་པར་ཞོག་ཅིག །ཅེས་དར་གཅིག་བཞག་ལ། དེས་དབང་བཞི་པ་རིག་པ་རྩལ་གྱི་དབང་ཐོབ། སྒོ་གསུམ་གྱི་སྒྲིབ་པ་དག །སྐུ་གསུམ་གྱི་བྱིན་རླབས་ལུས་ངག་ཡིད་གསུམ་ལ་ཞུགས། ལམ་དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པ་ཡིན་ནོ། །ཞེས་བརྗོད། རྩ་བར་སྐབས་འདིར་བཀའ་སྲུང་གི་གཏད་རྒྱ་བྱེད་པར་གསུངས་པ་ནི་སློབ་མ་གཞན་དོན་ནུས་པ་ལ་གུད་དུ་བྱ་དགོས་ཀྱི་དཀྱུས་སུ་མི་མཛད་དོ། །དེའང་རང་གཞུང་ལས། ཆོས་ཟབ་པདྨའི་སྙིང་ཁྲག་དྭངས་མ་འདི༔ རང་གི་མིག་དང་སྙིང་ལས་གཅེས་གྱུར་ཀྱང༔ མ་འོངས་ཕྱི་མ་བཞི་བཅུ་ཁ་རལ་དུས༔ དམ་སྲི་སྡེ་བརྒྱད་རྡུལ་དུ་བརླག་པ་དང༔ འགྲོ་བ་མཆོག་དམན་གང་གིས་ཉམས་བླངས་ཀྱང༔ ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ངེས༔ ཞེས་གསུངས་པ་ལྟར་ཚེ་འདིར་བར་ཆད་སེལ་བ་ལ་མཆོག་ཏུ་བསྔགས་ཤིང་ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་བྱེད་པ། རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་རྩ་བའི་དབང་བསྐུར་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་གཟུང་བ་ཕྱིན་ཆད་སྤྱི་ལྟར་བྱའོ། །རྗེས་ལྷག་མ་གཏང་བ་སོགས་ལས་བྱང་ལྟར་ལ། རྟ་བྲོའི་རྗེས་སུ་མཆོད་བསྟོད་ནོངས་བཤགས་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་རྣམས་ཀྱིས་མཐའ་བརྒྱན་ནོ། །དྲེགས་པ་དབང་འདུས་གང་བསམ་ལས། །འགྲུབ་ཅིང་རིགས་བདག་ཞིང་མཆོག་ཏུ། །ཚེ་གཅིག་བྱང་ཆུབ་ལ་སྦྱོར་བའི། །བདེན་གསུངས་བསླུ་བ་མེད་འགྲུབ་ཤོག །ཅེས་པའང་རྒྱལ་དབང་པདྨ་ཐོད་ཕྲེང་རྩལ་དང་རྣམ་དབྱེར་མེད་པའི་འདྲེན་མཆོག་རྣམ་པ་གསུམ་གྱི་གསུང་གི་བདུད་རྩི་ལ་ལོངས་སྤྱོད་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།
གཙུག་ལག་སྣང་སྲིད་སྤྱི་སྐོང་གི་མདོས་ཆོག་ (Volume 44, Text 5)
༄༅། །གཙུག་ལག་སྣང་སྲིད་སྤྱི་སྐོང་གི་མདོས་ཆོག་བཞུགས་སོ། ། རྩ་བ་གསུམ་ལ་གུས་པས་ཕྱག་འཚལ་ལོ། །འཕགས་པའི་ཡུལ་དུ་མི་ཟད་པ་ཞེས་གྲགས་མེ་ཕོ་ཁྱི་ལོ་ཟླ་བ་བཞི་པའི་ཚེས་གསུམ་ཐོ་རངས་ཀྱི་ཆར་འདི་ལྟར་རྨིས་སོ། །འབྱུང་བ་ནམ་མཁའི་མིང་འཛིན་པའི་འཕྲལ་ཤར་གྱི་སྐྱེ་བོ་ཞིག་གི་རྩར་འཛིན་སྣང་ཁོ་བོ་འཁྲུལ་པའི་སྐོར་ལ་འདོད་ཅིང་ཆགས་པར་འདུག་པའི་མོད། པདྨའི་མཚན་འཛིན་པའི་རང་ཤར་གྱི་སྐྱེས་བུ་ཞིག་མྱུར་དུ་བྱུང་ཞིང་། སྲིད་པ་ཀུན་གྱི་བདག་པོའི་སྐུའི་རིམ་གྲོར་སྣང་སྲིད་སྤྱི་སྐོང་ཞིག་བྱེད་དགོས་བྱུང་བ་ཁྱེད་སྔགས་པ་ཡིན་པས་ད་ལྟ་ཤོག་ཟེར་ནས། དེ་འཕྲལ་སྔགས་པའི་ཆེ་བསྟོད་ཀྱིས་ངའོ་སྙམ་གདིང་དང་བཅས་ཕྱིན་པས་དཔལ་ཁྱིམ་བཀྲ་ཤིས་པ་གཅིག་ཏུ་བསླེབས་པས། གཡུང་དྲུང་གི་བོན་པོ་སུམ་སྟོན་ཉི་མ་འོད་ཟེར་གྱི་མན་ངག་བླ་དཔེ་ཕྲིན་དུ་འབྱུང་བ་ལྟར། རིག་འཛིན་པདྨའི་གདུང་འཛིན་སྔགས་འཆང་རལ་པ་ཅན་ཞིག་ན་རེ། སྲིད་པ་སྐོང་གི་ལག་ལེན་འདི་དོན་ཟབ་ལ་བཅའ་བདེ་བ་འདི་ལྟར་གྱིས་ཤིག་ཟེར་བསླབ་བྱུང་བ་ལ། ཁོ་བོས་སྔགས་ཁུར་གྱི་ཁེངས་པ་དང་བཅས་སྤོབས་པ་གཟེང་མཐོ་བ་ཞིག་བྱུང་ནས་བཅས་འདི་ལྟར་ན། གསོག་ཐོག་ཏུ་གྱེར་འབབ་པ་ཞིག་དགོས་པ་དེ་ཇི་ལྟར་བྱེད། ཕོ་མདོས་མོ་ལ་གཏོང་ན་ཇི་ལྟར་བྱེད། མོ་མདོས་ཕོ་ལ་གཏོང་ན་ཇི་ལྟར་བྱེད། སྤྱི་མདོས་སྒོས་ལ་གཏོང་ན་ཇི་ལྟར་བྱེད། སྒོས་མདོས་སྤྱི་ལ་གཏོང་ན་ཇི་ལྟར་བྱེད། མི་གཏོ་ཕྱུགས་ལ་གཏོང་ན་ཇི་ལྟར་བྱེད། །སོགས་དྲིས་པས། སྤྲོ་བའི་འཛུམ་དགོད་དང་བཅས་ལག་ལེན་རྣམས་ལ་ནན་གྱི་ཚུལ་དུ་རི་རབ་རྒྱ་མདུད་འཕྲུལ་སེང་ཅན་གྱི་གནད་སོགས་ནན་ཏན་དུ་བསླབས་ནས། ཞལ་འཕང་འདྲ་ཞིག་བསྟན་ནས་མི་སྣང་བར་སོང་། དེ་འཕྲལ་ང་རང་བྱུང་གི་བོན་པོ་སྤང་སྟོན་ཆོས་ཀྱི་དབང་ཕྱུག་ཡིན་བྱ་བ་ཞིག་གིས་སྣང་སྲིད་སྤྱི་སྐོང་གི་ཤོམ་དེ་ལ་མཛུབ་ཁྲིད་དང་བསྟུན་གྱེར་ཚིག་ཆ་ཚང་བར་བསླབས། གནད་རྣམས་བསྟན་ཚེ། གཏེར་སྟོན་སུམ་པ་སྤྱང་ཐུལ་ཕྱིར་སློག་ཁ་དོག་སྔོན་པོ་ཞིག་མནབས་པ། བྱ་ཁྱུང་དམར་པོ་ཞིག་ལ་འཆིབ་ནས་འཁོར་ལོའི་གསང་ལུས་གོང་མ་རུ་འགྲོ་ཟེར་བའི་ཚེ། ཁྱུང་དེ་འཕུར་བཞིན་དུ་སོང་ངོ་། །ཆོས་ཀྱི་དབང་ཕྱུག་ནི་གཡུང་དྲུང་དམར་པོ་ལྟེ་བ་ལ་ཧྲཱིཿདམར་གྱིས་མཚན་པ་གཅིག་ཏུ་ལམ་གྱུར་ནས། ཆོས་ཀྱི་འཁོར་ལོར་ཐིམ་པའི་ཚེ། གཉིད་སད་ཐམས་ཅད་བཀྲ་ལམ་མེ་གདའ་འོ། །འཁྲུལ་སྣང་གི་ལོ་རྒྱུས་སོ།། ༈ ཡས་རྣམས་འབྲུ་གསུམ་གྱིས་སྦྱང་། གསུམ་གྱིས་སྤེལ། གནད་ཆེ་བའི་སྔགས་ཀྱིས་ལན་གསུམ་རྟེན་འབྲེལ་བྱའོ། །སྣང་སྲིད་སྤྱི་སྐོང་འདི་ལ་སྲིད་པ་འཕྲུལ་གྱི་རྫས་བཤམ་ཐབས། གྱེར་ཐིག །གནད་དང་གསུམ་མོ། །དང་པོ་ནི་ས་ཁམ་ས་ལ་འབྲུ་སྣ་སྦྱར་པའི་རི་རབ་འོག་མ་གྲུ་བཞི་གཡེལ་མ་ཡོད་པའི་སྟེང་ལེབ་ལ། སྲིད་པའི་མ་ཧཱ་རུས་སྦལ་གན་རྐྱལ་དེའི་ལྟེ་བ་དང་མཉམ་པར་རྒྱ་མདུད་གསང་བའི་འཕྲུལ་མིག་ཅན་གསུམ་བརྩེགས་སྟེང་སྦྱར་འགེད་མཉམ་པ་ཅན་བཤམ། ཁ་དོག་འབྱུང་བའི་མདོག་ཅན་སོགས་དཔེ་རིས་ལྟ་བུ། ཤིང་བྱང་། ནམ་མཁའ། རྒྱང་བུ། ཆངས་བུ་གཅིག་རྣམས་སྤྱིར་མཚུངས། བྱིས་པ་ཆུང་གི་མདོས་ལ། མགྲོན་བུ། ཀྱུ་ཆུང་། ཆང་ཟན་ཁབ་རྣམས་བཅུ་གསུམ་དང་ཤིང་བྱང་བསྒྱུར། ཕྱུགས་མདོས་ལ་བྱང་བུ་རྟ་གདོང་དུ་བསྒྱུར། ཁྱད་པར་ཅུང་ཟད་མ་གཏོགས་གཞན་ཕལ་ཆེར་འདྲའོ། །གཉིས་པ་གྱེར་བ་ནི། ཀྱེ་ཀྭ་ཡེ་ཕྱྭ་ཡེ་སྲིད་པ་ཡི། །དང་པོ་ཡེ་མེད་སྟོང་པ་ལ། །མཁའ་དབྱིངས་དག་པའི་ནམ་མཁའ་ལ། །སྲིད་པ་ཕྱི་ནང་གཉིས་སུ་བྱུང་། །འབྱུང་ལྔ་འདུས་པའི་སྣོད་བཅུད་ཆགས། །དེ་ལས་སྣང་སྲིད་ལྷ་འདྲེ་བྱུང་། །དེ་ནས་ཕན་དང་གནོད་པ་བྱུང་། །སྐྱོབ་པ་ལྷ་ལ་གནོད་པ་འདྲེ། །རིག་པ་དང་ནི་མ་རིག་པ། །ཀྱེ། སྔོན་གྱི་བསྐལ་པ་དང་པོ་ལ། །ཕྱྭ་གཤེན་བོན་པོ་ཐོད་དཀར་གྱིས། །ཞང་ཞུང་བོན་གྱི་རྒྱལ་ཁམས་སུ། །འགྲོ་བ་བདེ་ལ་བཀོད་པའི་ཕྱིར། །སྲིད་པ་སྤྱི་ཡི་སྐོང་བཤམས་ཤིང་། །གྱེར་གྱེར་དེ་ནི་བསྒོམས་བསྒོམས་ནས། །སྣང་སྲིད་ལྷ་འདྲེ་བསྐངས་ཤིང་བཟློགས། །དེ་ཡང་སྔོན་གྱི་ཐ་ཚིག་ཡིན། །དེ་ལྟར་སྔོན་གྱི་དམ་ཚིག་དགོངས། །དེ་ནས་བར་གྱི་བསྐལ་པ་ལ། །རྒྱ་ནག་ཀྲི་ཤིང་ཁྲི་སྒོ་རུ། །གཙུག་ལག་སྟོན་པ་དུ་ཧར་གྱིས། །སྲིད་པ་སྤྱི་ཡི་སྐོང་བཤམས་ཤིང་། །གྱེར་གྱེར་དེ་ནི་བསྒོམས་བསྒོམས་ནས། །སྣང་སྲིད་ལྷ་འདྲེ་བསྐངས་ཤིང་བཟློགས། །དེ་ཡང་སྔོན་གྱི་དམ་ཚིག་ཡིན། །དེ་དུས་ཁྱེད་ཀྱི་གཡར་དམ་ཡོད། །དེ་ལྟར་སྔོན་གྱི་དམ་ཚིག་དགོངས། །དེ་ལྟར་སྔོན་གྱི་བཀའ་བཞིན་དུ། །ད་ལྟ་རྒྱུ་སྦྱོར་ཡོན་བདག་གིས། །ཆག་ཆེ་ཉམ་ང་ཟློག་པ་དང་། །ནད་གདོན་གནོད་པ་ཞི་བ་དང་། །རྐྱེན་ངན་བར་ཆད་སེལ་བའི་ཕྱིར། །སྣང་སྲིད་སྲིད་པ་སྤྱི་སྐོང་བཤམས། །ཀྱེ། ཕ་ནི་གནམ་གྱི་གཟའ་ཆེན་དང་། །མ་ནི་ས་ཡི་ཀླུ་སྲིན་མོ། །ཚོགས་ཤིང་འདུས་པས་ཕྱོགས་མཚམས་སུ། །རྒྱུ་ཞིང་སྲིད་པའི་ལྷ་འདྲེའི་ཚོགས། །ཕན་གནོད་ལས་བྱེད་གྲུབ་པ་རྣམས། །དོ་ནུབ་སྲིད་པའི་སྐོང་ལ་བྱོན། །སྟེང་འོག་ཕྱོགས་མཚམས་སོ་སོ་ནས། །རང་རང་སྡེ་དང་འཁོར་བཅས་གཤེགས། །སྲིད་པ་ཕྱི་ནང་ཐམས་ཅད་ཀྱང་། །འདྲ་བས་འདྲ་བ་བསླུ་བའི་གླུད། །འདྲ་བས་འདྲ་བ་སྐོང་བའི་རྫས། །རིན་ཆེན་གསེར་གྱི་ས་མཆོག་ལ། །འབྱུང་བའི་དྭངས་མ་འབྲུ་སྣ་སྦྱར། །འཇིག་རྟེན་སྲིད་པའི་མཁའ་ཆེ་ནི། །རི་རབ་རྒྱ་མདུད་གསང་བའི་འཕྲུལ། །བཀོད་ལེགས་མདངས་བཀྲ་ཡིད་འོང་རྫས། །ཕྱི་སྣོད་གནས་ཀྱི་གླུད་དུ་གཏོང་། །ཡུལ་མཁར་ཁྱིམ་གྱི་གླུད་དུ་གཏོང་། །སྒྱུ་ལུས་གཟུགས་ཕུང་གླུད་དུ་གཏོང་། །རྒྱུ་སྦྱོར་ཡོན་གྱི་བདག་པོ་དང་། །སྔགས་མཁན་བདག་གི་གླུད་དུ་བསྔོ། །ལོ་ཟླ་ཞག་དུས་ཟ་མའི་ཀེག །མི་མཐུན་གནོད་པའི་ནད་གདོན་བགེགས། །བར་ཆད་ཆག་ཆེ་ཉམ་ང་ཟློགས། །སྲིད་པ་ཕྱི་ནང་ཐམས་ཅད་ཀྱང་། །འདྲ་བས་འདྲ་བ་བསླུ་བའི་གླུད། །འདྲ་བས་འདྲ་བ་སྐོང་བའི་རྫས། །དཔག་བསམ་ཤིང་གི་བྱང་རིས་ལ། །མཛེས་པའི་གཟུགས་བྲིས་ལུས་ཀྱི་ཚབ། །རང་རང་རྟགས་ནི་མི་འགྱུར་བརྟན། །ཤ་རུས་ཁྲག་དང་པགས་རུས་རྩ། །དབང་པོ་དོན་སྣོད་ལ་སོགས་པ། །ལུས་ཚབ་སྲོག་གི་གླུད་དུ་བསྔོ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་དང་། །སྔགས་མཁན་བདག་གི་གླུད་དུ་བསྔོ། །ལོ་ཟླ་ཞག་དུས་ཟ་མའི་ཀེག །མི་མཐུན་གནོད་པའི་ནད་གདོན་བགེགས། །བར་ཆད་ཆག་ཆེ་ཉམ་ང་ཟློགས། །སྲིད་པ་ཕྱི་ནང་ཐམས་ཅད་ཀྱང་། །འདྲ་བས་འདྲ་བ་བསླུ་བའི་གླུད། །འདྲ་བས་འདྲ་བ་སྐོང་བའི་རྫས། །ནམ་མཁའ་སྐུ་རྟེན་འཇའ་ཚོན་དང་། །གསུང་རྟེན་རྒྱང་བུ་ལྡེམས་སེ་ལྡེམ། །སྣ་ཚོགས་བྱ་ཡི་སྒྲོ་ཡི་ཕོད། །རྒྱ་དར་འཕན་དང་དཔྱང་ལག་བརྒྱན། །སྐུ་གསུང་ཐུགས་ཀྱི་རྟེན་དུ་འབུལ། །ལུས་ངག་ཡིད་གསུམ་གླུད་དུ་བསྔོ། །གོས་དང་རྒྱན་གྱི་གླུད་དུ་བསྔོ། ཁ་དོག་མདངས་ཀྱི་གླུད་དུ་བསྔོ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་དང་། །སྔགས་མཁན་བདག་གི་གླུད་དུ་བསྔོ། །ལོ་ཟླ་ཞག་དུས་ཟ་མའི་ཀེག །མི་མཐུན་གནོད་པའི་ནད་གདོན་བགེགས། །བར་ཆད་ཆག་ཆེ་ཉམ་ང་ཟློགས། །སྲིད་པ་ཕྱི་ནང་ཐམས་ཅད་ཀྱང་། །འདྲ་བས་འདྲ་བ་བསླུ་བའི་གླུད། །འདྲ་བས་འདྲ་བ་སྐོང་བའི་རྫས། །མ་ཧཱ་གསེར་གྱི་རུས་སྦལ་ལས། །སྤྲུལ་པ་ཕྱི་ནང་གསང་བ་ཡི། །ཕོ་བྲང་ལྷ་ཚོགས་ཐམས་ཅད་ལ། །རང་རང་མཐུན་རྫས་འདི་རྣམས་ཀྱང་། །ལོ་ཟླ་ཞག་དུས་གླུད་དུ་བསྔོ། །ཕྱི་ནང་གསང་བའི་གླུད་དུ་བསྔོ། །ཀྱེ་ཧོ་ཡེ། སྲིད་པ་ཕྱི་ནང་ཐམས་ཅད་ཀྱང་། །འདྲ་བས་འདྲ་བ་བསླུ་བའི་གླུད། །འདྲ་བས་འདྲ་བ་སྐོང་བའི་རྫས། །ཕ་གནམ་སྔོན་རྩིབས་བརྒྱད་འཁོར་ལོའི་འོག །མ་པདྨ་འདབ་བརྒྱད་དམར་པོའི་སྟེང་། །ཐབས་ཤེས་འདུས་ལས་སྲིད་པའི་བུ། །སྟེང་འོག་ཕྱོགས་མཚམས་ལ་གནས་པའི། །ཡེ་གྲུབ་སྣང་སྲིད་ལྷ་འདྲེའི་ཚོགས། །ཕྱོགས་མཚམས་ལོ་ཟླ་ཞག་དུས་བདག །དཀར་ནག་ཕན་གནོད་ལས་བྱེད་རྣམས། །ད་ལྟ་སྲིད་པའི་མདོས་ཀྱིས་བསྐང་། །ཤར་ཕྱོགས་ཤིང་ལས་སྤྲུལ་པའི་ལོ། །སྟག་དང་ཡོས་བུའི་མགོ་བོ་ཅན། །དཔྱིད་གསུམ་སྟག་སྤྲེའི་ཞག་དུས་ལ། །རྒྱུ་ཞིང་ཀོ་ལོང་སྡོམ་མཛད་པ། ཁྱེད་རྣམས་རང་རང་མཐུན་པའི་རྫས། །མདོས་ཆེན་གླུད་དུ་བཤམས་པ་འདི། །རྒྱུ་སྦྱོར་ཡོན་གྱི་བདག་པོ་དང་། །སྔགས་མཁན་བདག་གི་གླུད་དུ་བསྔོ། །ལོ་ཟླ་ཞག་དུས་ཟ་མའི་ཀེག །མི་མཐུན་གནོད་པའི་ནད་གདོན་བགེགས། །བར་ཆད་ཆག་ཆེ་ཉམ་ང་ཟློགས། །སྲིད་པ་ཕྱི་ནང་ཐམས་ཅད་ཀྱང་། །འདྲ་བས་འདྲ་བ་བསླུ་བའི་གླུད། །འདྲ་བས་འདྲ་བ་སྐོང་བའི་རྫས། །ལྷོ་ཕྱོགས་མེ་ལས་སྤྲུལ་པའི་ལོ། །རྟ་དང་སྦྲུལ་གྱི་མགོ་བོ་ཅན། །དབྱར་གསུམ་གླང་ལུག་ཞག་དུས་ལ། །རྒྱུ་ཞིང་ཀོ་ལོང་སྡོམ་མཛད་པ། ཁྱེད་རྣམས་རང་རང་མཐུན་པའི་རྫས། །མདོས་ཆེན་གླུད་དུ་བཤམས་པ་འདི། །རྒྱུ་སྦྱོར་ཡོན་གྱི་བདག་པོ་དང་། །སྔགས་མཁན་བདག་གི་གླུད་དུ་བསྔོ། །ལོ་ཟླ་ཞག་དུས་ཟ་མའི་ཀེག །མི་མཐུན་གནོད་པའི་ནད་གདོན་བགེགས། །བར་ཆད་ཆག་ཆེ་ཉམ་ང་ཟློགས། །སྲིད་པ་ཕྱི་ནང་ཐམས་ཅད་ཀྱང་། །འདྲ་བས་འདྲ་བ་བསླུ་བའི་གླུད། །འདྲ་བས་འདྲ་བ་སྐོང་བའི་རྫས། །ནུབ་ཕྱོགས་ལྕགས་ལས་སྤྲུལ་པའི་ལོ། །བྱ་དང་སྤྲེའུའི་མགོ་བོ་ཅན། །སྟོན་གསུམ་ཁྱི་འབྲུག་ཞག་དུས་ལ། །རྒྱུ་ཞིང་ཀོ་ལོང་སྡོམ་མཛད་པ། ཁྱེད་རྣམས་རང་རང་མཐུན་པའི་རྫས། །མདོས་ཆེན་གླུད་དུ་བཤམས་པ་འདི། །རྒྱུ་སྦྱོར་ཡོན་གྱི་བདག་པོ་དང་། །སྔགས་མཁན་བདག་གི་གླུད་དུ་བསྔོ། །ལོ་ཟླ་ཞག་དུས་ཟ་མའི་ཀེག །མི་མཐུན་གནོད་པའི་ནད་གདོན་བགེགས། །བར་ཆད་ཆག་ཆེ་ཉམ་ང་ཟློགས། །སྲིད་པ་ཕྱི་ནང་ཐམས་ཅད་ཀྱང་། །འདྲ་བས་འདྲ་བ་བསླུ་བའི་གླུད། །འདྲ་བས་འདྲ་བ་སྐོང་བའི་རྫས། །བྱང་ཕྱོགས་ཆུ་ལས་སྤྲུལ་པའི་ལོ། །བྱི་བ་དང་ནི་ཕག་མགོ་ཅན། །དགུན་གསུམ་ཕག་སྦྲུལ་ཞག་དུས་ལ། །རྒྱུ་ཞིང་ཀོ་ལོང་སྡོམ་མཛད་པ། ཁྱེད་རྣམས་རང་རང་མཐུན་པའི་རྫས། །མདོས་ཆེན་གླུད་དུ་བཤམས་པ་འདི། །རྒྱུ་སྦྱོར་ཡོན་གྱི་བདག་པོ་དང་། །སྔགས་མཁན་བདག་གི་གླུད་དུ་བསྔོ། །ལོ་ཟླ་ཞག་དུས་ཟ་མའི་ཀེག །མི་མཐུན་གནོད་པའི་ནད་གདོན་བགེགས། །བར་ཆད་ཆག་ཆེ་ཉམ་ང་ཟློགས། །སྲིད་པ་ཕྱི་ནང་ཐམས་ཅད་ཀྱང་། །འདྲ་བས་འདྲ་བ་བསླུ་བའི་གླུད། །འདྲ་བས་འདྲ་བ་སྐོང་བའི་རྫས། །ལྷོ་ནུབ་ས་ཆེན་སྤྲུལ་པའི་ལོ། །མི་ལུས་ལུག་གི་མགོ་བོ་ཅན། །ནུབ་བྱང་ས་གནམ་སྤྲུལ་པའི་ལོ། །མི་ལུས་ཁྱི་ཡི་མགོ་བོ་ཅན། །བྱང་ཤར་ས་རི་སྤྲུལ་པའི་ལོ། །མི་ལུས་གླང་གི་མགོ་བོ་ཅན། །ཤར་ལྷོ་ས་རླུང་སྤྲུལ་པའི་ལོ། །མི་ལུས་འབྲུག་གི་མགོ་བོ་ཅན། །ཐ་ཆུང་ཉི་ཟླ་ཨག་ཆེན་ལ། །རྒྱུ་ཞིང་ཀོ་ལོང་སྡོམ་མཛད་པ། ཁྱེད་རྣམས་རང་རང་མཐུན་པའི་རྫས། །མདོས་ཆེན་གླུད་དུ་བཤམས་པ་འདི། །རྒྱུ་སྦྱོར་ཡོན་གྱི་བདག་པོ་དང་། །སྔགས་མཁན་བདག་གི་གླུད་དུ་བསྔོ། །ལོ་ཟླ་ཞག་དུས་ཟ་མའི་ཀེག །མི་མཐུན་གནོད་པའི་ནད་གདོན་བགེགས། །བར་ཆད་ཆག་ཆེ་ཉམ་ང་ཟློགས། །སྲིད་པ་ཕྱི་ནང་ཐམས་ཅད་ཀྱང་། །འདྲ་བས་འདྲ་བ་བསླུ་བའི་གླུད། །འདྲ་བས་འདྲ་བ་སྐོང་བའི་རྫས། །འབྱུང་ལྔ་ཐབས་ཤེས་སྤྲུལ་པའི་སྲས། །ཐེ་སེ་འབྲུག་ལྷ་གྭ་པ་དང་། །བྱི་ལི་ཕག་མགོ་པི་ལིང་སོགས། །ས་བདག་རྗེ་བློན་འབངས་འཁོར་བཅས། །ཟླ་བ་ཞག་དང་དུས་ཚོད་འཁོར། །ཕྱག་རྒྱ་ལས་གྲུབ་སྤར་ཁ་ལི། ཁོན་དྭ་ཁེན་ཁམ་གིང་ཟིན་ཟོན། །མནོལ་ཞིང་མཁོན་དང་དམེ་བ་ལས། །གསུམ་དགུ་གཉིས་བདུན་གཅིག་དྲུག་བརྒྱད། །བཞི་ལྔ་རེ་རེ་ལས་སྤྲུལ་པའི། །ཕོ་བྲང་ལྷ་ཚོགས་བཞི་བཅུ་ལྔ། །ཀུན་འདུས་གསེར་གྱི་མ་ཧཱ་རུས་སྦལ་ལ། ཁྱེད་རྣམས་རང་རང་མཐུན་པའི་རྫས། །མདོས་ཆེན་གླུད་དུ་བཤམས་པ་འདི། །རྒྱུ་སྦྱོར་ཡོན་གྱི་བདག་པོ་དང་། །སྔགས་མཁན་བདག་གི་གླུད་དུ་བསྔོ། །ལོ་ཟླ་ཞག་དུས་ཟ་མའི་ཀེག །མི་མཐུན་གནོད་པའི་ནད་གདོན་བགེགས། །བར་ཆད་ཆག་ཆེ་ཉམ་ང་ཟློགས། །སྲིད་པ་ཕྱི་ནང་ཐམས་ཅད་ཀྱང་། །འདྲ་བས་འདྲ་བ་བསླུ་བའི་གླུད། །འདྲ་བས་འདྲ་བ་སྐོང་བའི་རྫས། །ཀྱེ། འབྱུང་བ་ཀུན་འདུས་གསང་བའི་མདོས། །རྒྱ་ཆེ་བཀོད་ལེགས་རྣམ་སྣང་ཞིང་། །མི་ཟད་ཀུན་འབྱུང་ནམ་མཁའི་མཛོད། །རང་རང་མཐུན་པའི་འདོད་ཡོན་གཏེར། །བསམ་སྐོང་དོན་འགྲུབ་རིན་པོ་ཆེ། །དག་ཅིང་གཙང་མར་སྦྱར་པ་འདིས། །ཕྱི་ནང་གསང་བ་དེ་ཁོ་ན། །སྣོད་བཅུད་སྣང་སྲིད་འཁོར་དང་གཙོ། །དཀར་ནག་ལྷ་འདྲེ་གཉིས་མེད་གཅིག །རང་བྱུང་རྣམ་པར་དག་པའི་ཚོགས། །ཀུན་ཁྱབ་ནམ་མཁའི་མདོས་ཆེན་འདིས། །བྱ་རྩོལ་བྲལ་བའི་དབྱིངས་སུ་བསྐང་། །རེ་དོགས་མེད་པའི་གླུད་དུ་བསྔོ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །སྐྱེས་པ་ཕོ་དང་ཟ་མ་མོ། །བྱིས་པ་ཆུང་དང་འདོད་ཡོན་ནོར། །གནས་པའི་ཡུལ་དང་རྐང་འགྲོས་ཕྱུགས། །མགོ་ལུས་ཡན་ལག་བུག་པ་དགུ །ཕྱི་ལྤགས་ནང་ཤ་གསང་བ་རུས། །དོན་སྣོད་དབང་པོ་རྩ་ཐིག་རླུང་། །རྣམ་ཤེས་ནམ་མཁའི་གླུད་དུ་བསྔོ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་དང་། །སྔགས་མཁན་བདག་གི་གླུད་དུ་བསྔོ། །ལོ་ཟླ་ཞག་དུས་ཟ་མའི་ཀེག །མི་མཐུན་གནོད་པའི་ནད་གདོན་བགེགས། །བར་ཆད་ཆག་ཆེ་ཉམ་ང་ཟློགས། །ཀྱེ། ད་ནི་མདོས་གཏོང་གང་དུ་གཏོང་། །ད་ནི་གླུད་གཏོང་གང་དུ་གཏོང་། །མདོས་གླུད་རང་རང་ཕྱོགས་སུ་གཏོང་། །གནོད་བྱེད་ལྷ་འདྲེའི་ཕྱོགས་སུ་གཏོང་། །གནོད་བྱེད་གདོན་བགེགས་ཕྱོགས་སུ་གཏོང་། །མི་མཐུན་གཤེད་ཀྱི་ཕྱོགས་སུ་གཏོང་། །མདོས་ཀྱི་ལམ་བསྟན་གང་དུ་བསྟན། །གླུད་ཀྱི་ལམ་བསྟན་གང་དུ་བསྟན། །མདོས་གླུད་ལམ་བསྟན་ཕྱོགས་མཚམས་བསྟན། །གནོད་བྱེད་ལྷ་འདྲེའི་ཕྱོགས་སུ་བསྟན། །མི་མཐུན་གཤེད་ཀྱི་སྟེང་དུ་བསྟན། །ད་ནི་མདོས་བསྐྱོད་གང་དུ་བསྐྱོད། །མདོས་གླུད་ལེན་པ་འདི་ལྟར་སྐྱོད། །ཐང་ཆེན་ཐང་ཆུང་ཆད་མ་ཆོད། །བརྒྱ་ལམ་སྟོང་ལམ་ཏ་ལ་ལ། །འཇག་སྐྱའི་གླུ་ལེན་ཀྱུ་རུ་རུ། །ལ་ཆེན་ལ་ཆུང་རོངས་སེ་རོང་། །ཆུ་ཆེན་ཆུ་བྲན་ཤ་ར་ར། །ལ་ཀླུང་ཆུ་དགུ་བསྒྲལ་བའི་ཕར། །སྲིད་པ་ཕར་འདས་གླུད་ཀྱི་ཡུལ། །སྐྱོད་ཅིག་མདོས་སྐྱོད་ཡུལ་དུ་སྐྱོད། །སྐྱོད་ཅིག་གླུད་སྐྱོད་གནས་སུ་སྐྱོད། །མདོས་གླུད་རང་རང་གནས་སུ་སྐྱོད། །རི་རབ་མཁར་དཔེ་ཁྲ་ལ་ལ། །ནམ་མཁའ་རྒྱང་བུ་རོངས་སེ་རོང་། །དར་དཔྱང་བྱ་སྒྲོ་པུ་རུ་རུ། །ཤིང་བྱང་གདོང་པ་ཡེ་རེ་རེ། །གཟུགས་གླུད་འགྲོས་སྟབས་ལོག་གེ་ལོག །མཁོ་དགུའི་དཀོར་ནོར་རྫས་དང་གླུད། །སྣ་འདྲེན་སྨྲ་མཁས་འགྲོ་ལ་མགྱོགས། །ཕོ་ལ་མོ་མཛེས་མོ་ལ་ཕོ། །ཡིད་འོང་རྒྱན་ལྡན་དཔའ་ཞིང་མཛངས། །དགྲ་གཤེད་སྣ་འདྲེན་ལས་ལ་གྲུབ། །ཕྱ་བཀོད་མདོས་གླུད་ཁྲིད་ལ་མཁས། །མི་འགྲོ་དབང་མེད་མདོས་ཀྱི་བྲན། །མདོས་གླུད་སྣ་ཁྲིད་མྱུར་དུ་སྐྱོད། །བཙོད་རོ་དམར་པོ་ལྟ་བའི་མིག །གཡེར་མ་ཁ་ཚགས་ཟ་བའི་ཁ། །སྐྱུར་ཟན་སྦང་མ་སྨྲ་བའི་ལྕེ། །ཟ་ལོ་སྔོ་སྐམ་བཟའ་བའི་ཟས། །རེ་ཚལ་ནག་པོ་གོན་པའི་གོས། །གོ་ཐལ་སྐྱ་བོ་ཉལ་བའི་གདན། །གླུད་ཕད་ནག་པོ་ཁྱོད་ཀྱི་ཁྱིམ། །མདོས་གླུད་སྣ་འདྲེན་སྟོབས་པོ་ཆེ། །མོ་ལ་ཕོར་བརྫུས་བདུད་ཀྱི་རྒྱལ། །དགའ་རབ་དབང་ཕྱུག་བགེགས་ཀྱི་གཙོ། །ཕོ་ལ་མོར་བརྫུས་ཁ་འབར་མ། །ལྷ་མོ་པདྨའི་ཕྲེང་བ་ཅན། །གཤེད་མ་རང་རང་དྲི་གཟུགས་སྟོན། །དོ་ནུབ་མདོས་གླུད་སྣ་འདྲོང་ཞིང་། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཕྱི་ནང་གསང་བའི་མི་མཐུན་རྐྱེན། །ནད་གདོན་ཆག་ཆེ་ཉམ་ང་ཟློགས། །བྱུར་དང་བཀྲ་མི་ཤིས་པ་རྣམས། །ཐམས་ཅད་མ་ལུས་ཟློག་གྱུར་ཅིག །སངས་རྒྱས་གཙོ་བོ་བདེན་པའི་བཀའ། །གཙུག་ལག་ལྷ་ཚོགས་ནུས་པའི་མཐུ། །འགྱུར་མེད་གཡུང་དྲུང་ཕྱྭའི་བདེན་པ། །ཕྱི་ནང་འབྱུང་བ་སྲིད་པའི་ལས། །བསླུ་མེད་བདེན་པས་འགྲུབ་གྱུར་ཅིག ༈ །གནད་ཀྱི་སྔགས་འདོན་འདོད་དོན་འགྲུབ། །སྣ་ཁྲིད་བསྒྱུར་བ་དོན་གྱི་གནད། །ཕོ་མོ་གོ་བཟློག་ངར་མི་གླུད། །ཕྱུགས་ལ་རང་རང་དགྲ་གཤེད་གཟུགས། །སྣ་ཁྲིད་ངར་གླུད་རང་རང་གཟུགས། །ཕོ་མོའི་རྟགས་མཚོན་གོ་མི་བཟློག །ཕོ་མོ་ཆུང་གསུམ་ཆ་ཚང་བ། །ཡོན་བདག་སྒོ་གཅིག་དོན་དུ་གཏོང་། །མཆུན་ཆེ་སོགས་ཀ་སྣ་ཁྲིད་གཅིག །གང་བྱེད་གཙོ་ཆེ་དེ་ལྟ་བཞིན། །ཕོ་མོ་ཆུང་གསུམ་གང་རུང་གཅིག །སྣ་ཁྲིད་གསུམ་ཚོགས་སྟེང་དུ་གཏང་། །འགྱུར་ཆེ་མི་བཞིན་ཕྱུགས་དགྲ་གཤེད། །སྣ་འདྲེན་གཏོང་སོགས་ལག་ཁྲིད་གཅེས། །དེ་ལྟར་ཡིད་ལ་བཀྲ་བའི་ངང་ནས་འདྲེ་སྲིན་ཕོ་གྲོགས་ཤིག་གི་གདོང་ཚན་མ་བཟོད་པར་སེམས་ཆུང་ནས་གཡེངས་སྟོབས་ཀྱིས་བྲི་ནོར་བྱུང་བས་འཕྲོ་བཤོལ། སླར་བྲི་བར་བྱ་སྙམ་པ་ལས། དམ་སེལ་རྐྱེན་འགའ་དང་འཕྲད་པ་ཡི་མུག་སེམས་ཚིག །བསམ་མནོ་བཏང་བས་ཅུང་ཟད་གསལ་བ་རྣམས་ཀྱང་གོ་རིམ་མ་འགྲིགས་པ་བཅས་མཐོང་བ་ལྟར་བློ་ལ་གསལ་བཞིན་ཚ་བས་མ་བཟོད་པར་དཔེའུ་རིས་སུ་བྲིས། གྱེར་འབྲི་འཕྲོ་ལ་བོར་བས་མི་གཙང་བའི་གྲིབ་ཕོག་པའི་རྨི་ལྟས་དེ་ནུབ་ཀྱང་གསལ་བར་བྱུང་། ཟླ་བ་དེ་ཀའི་བཅུའི་ཐོ་རངས་ཀྱི་མཇུག་བཅུ་གཅིག་གི་ཆ་ཟིན་ལ་གྲོ་བོ་ལུང་ཟངས་ཕུག་ཏུ་ཁྱེའུ་ཆུང་དཀར་པོ་ཞིག་གིས་པོད་ཆུང་སྦྱིན་པའི་སྣང་བས་དྲན་པ་གསལ་ཐེམས་ནས་མོད་ལ་བྲིས་ཤིག་པའི། འདྲེ་ཡས་འདོད་སེམས་འཁྲུགས་པ་སོགས་འདི་གལ་ཆེ་བའི་གནད་དུ་བསྟན་པ་ལྟར་གནད་གཉིས་ཙམ་མ་གཏོགས་ཡི་གེར་བྲིས་པའི་དགེ་བས་འགྲོ་ཀུན་ནད་གདོན་བར་ཆད་ཞི། བསམ་དོན་འགྲུབ་པའི་རྒྱུར་གྱུར་ཅིག །དགེའོ།། །།ཨཱོྃ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། ༈ གླིང་བཞི་སྲིད་པ་སྤྱི་མདོས་ཀྱི་ཟིན་བྲིས་སྔ་སོར་སྙན་དུ་ཕུལ་བ་ལྟར། ཕྲན་བུའི་ཉིང་འཁྲུལ་དུ། སང་ཉིན་མདོས་ཞིག་གཏོང་རྒྱུའི་ནུབ། ཆོས་མཛད་མང་ཐོས་ཡིན་ཟེར་བ་ཞིག་གིས། བཅས་རྣམས་ལེགས་པར་བསླབས་ཤིང་། གབ་ཚིག་རྣམས་ཞིབ་པར་བཀྲོལ་བ་ཞིག་བྱུང་ལགས་ཤིང་། དངོས་གཞི་མདོས་མཁན་སྤྱིའི་ངག་ཏུ། གསོག་ཐོག་ཏུ་གྱེར་འབབ་པ་དང་། གྱེར་ཐོག་ཏུ་གསོག་འབབ་པ་ཟེར་བ་འདུག་པ་ལྟར་དོན་ལ་གནས་ཤིང་། འདིར་ནི་གསོག་གིས་མ་ཐོན་པའི་གྱེར་ལ་བཤད་པའི། ཕོ་མོ་དང་། སྣ་ཁྲིད་སོགས་མང་ཞིང་། གྱེར་ལ་མ་བཤད་པའི་སོགས་རི་རབ་ཀྱི་འོག་ཏུ་འབྱུང་རིམ་དང་བཅས་ཁ་ཞིག་འདུག་ལ། དེ་ཡང་དཔེ་བྲིས་ཀྱི་རྒྱུན་ལ་ལམ་ཙམ་འདུག་ཀྱང་། སོ་སོའི་ཁ་དོག་དང་བཀོད་ཚུལ་ཞིབ་པར་མ་ཐོན་པ། ངེད་རང་གི་རྨི་ལམ་ལས་ཞིབ་པར་གསལ་བྱུང་བས། དེས་ན་རྨི་ལམ་ལུགས་དང་གྱེར་སོགས་ཀྱི་ཆ་ཚུལ་རྣམས་འགྲིགས་པར་བྱུང་བས། སྔར་ཕན་ལག་ལེན་དུ་དེ་བཞིན་བྱས་པ་ལགས། དེ་ཡང་ཐོག་མར་ལོ་རྒྱུས་མགོར། རྩ་བ་གསུམ་ལ་གུས་པས་ཕྱག་འཚལ་ལོ། །འཕགས་པའི་ཡུལ་དུ་མི་ཟད་པ་ཞེས་གྲགས་མེ་ཕོ་ཁྱི་ལོ་ཟླ་བ་བཞི་པའི་ཚེས་གསུམ་ཐོ་རངས་ཀྱི་ཆར་འདི་ལྟར་རྨིས་སོ། །འབྱུང་བ་ནམ་མཁའི་མིང་འཛིན་པའི་འཕྲལ་ཤར་གྱི་སྐྱེ་བོ་ཞིག་གི་རྩར་འཛིན་སྣང་ཁོ་བོ་འཁྲུལ་པའི་སྐོར་ལ་འདོད་ཅིང་ཆགས་པར་འདུག་པའི་མོད། པདྨའི་མིང་འཛིན་པའི་རང་ཤར་གྱི་སྐྱེས་བུ་ཞིག་མྱུར་དུ་བྱུང་ཞིང་། སྲིད་པ་ཀུན་གྱི་བདག་པོའི་སྐུའི་རིམ་གྲོར་སྣང་སྲིད་སྤྱི་སྐོང་ཞིག་བྱེད་དགོས་བྱུང་བ་ཁྱེད་སྔགས་པ་ཡིན་པས་ད་ལྟ་ཤོག་ཟེར་ནས། ཞེས་པའི་སྐབས་སུ། ངེད་ཀྱི་རྨི་ལམ་དུ། ཚིག་འདིའི་ལོ་རྒྱུས་དང་ལུང་བསྟན་གཉིས་གོ་ཆོད་པ་ཡིན་པས། དེ་སྐབས་དབང་པོའི་སྡེའི་ཞབས་དྲུང་དུ་པདྨའི་མིང་ཅན་དག་གིས་བསྐུལ་མ་བྱུང་བ་དང་། མ་འོངས་ཚེ་ན། པདྨའི་མིང་འཛིན་པའི་རང་ཤར་གྱི་སྐྱེས་བུ་ཞིག་མྱུར་དུ་འབྱུང་ཞེས་པ་ཁྱེད་རང་དང་། སྲིད་པ་ཀུན་གྱི་བདག་པོའི་སྐུའི་རིམ་གྲོར་སྣང་སྲིད་སྤྱི་སྐོང་གྱིས་ཞེས་པར་ལུང་བསྟན་པ་ཡང་ཡིན། ཟེར་བྱུང་ནས་འདྲ་པོ་ནི་སྣང་། གང་ལྟར་ལག་ལེན་དངོས་གཞིར་མི་གསལ་བ། འབྲུ་གསུམ་གྱིས་སྦྱང་། གསུམ་གྱིས་སྤེལ། གནད་ཆེ་བའི་སྔགས་ཀྱིས་ལན་གསུམ་རྟེན་འབྲེལ་བྱའོ། །ཞེས་པ། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། ཨཱོྃ་ཨཱཿཧཱུྃ་གསུམ་གྱིས་བདུད་རྩིའི་རང་བཞིན་དུ་བསྒྱུར་ཞིང་སྤེལ་ལོ། །གནད་ཆེ་བའི་སྔགས་ནི། མཇུག་ཏུ་གབ་པའི་ཚུལ་གྱིས་ཡེ་དྷར་བྲིས་ཡོད་པས། སྐབས་འདིར་རྟེན་འབྲེལ་སྙིང་པོ་ལན་གསུམ་འདོན་པ་ཡིན་ཟེར་བ་བྱུང་ལགས། སྦྱར་བྱང་གི་སྐབས་སུ། གནད་གཉིས་ཙམ་མ་གཏོགས་ཡི་གེར་བྲིས་ཟེར་བ་ལ་གནད་གཉིས་པོ། གྱེར་གྱི་སྐབས་སུ། ཕ་གནམ་སྔོན་རྩིབས་བརྒྱད་འཁོར་ལོའི་འོག །མ་པདྨ་འདབ་བརྒྱད་དམར་མོའི་སྟེང་། །ཟེར་བ་གཉིས་པོ་ཡིན་ལགས། དེ་ལག་ལེན་དུ་བྱེད་པའི་ཚེ། རུས་སྦལ་གྱི་ལྟོ་བར་པདྨ་དམར་པོ་འདབ་བརྒྱད་དང་། ནམ་མཁའི་རྩེར་དྲས་དྲུབ་ཀྱི་འཁོར་ལོ་རྩིབས་བརྒྱད་བཀོད་པ་ཡིན་ཟེར་བ་བྱུང་ཞིང་། དཔེ་བྲིས་ལ་ལར་འཁོར་ལོ་མི་འདུག་ཀྱང་པདྨ་བྲིས་པ་མཐོང་བ་ཡིད་ཆེས་ལགས། གཞན་མ་འོག་གི་རི་རབ་གྲུ་བཞི་གཡེལ་ཁ་ཅན་ལ་འབྱུང་རིམ་རྣམས་ཚང་ལུགས། གྲུ་བཞི་སེར་པོས་སའི་དཀྱིལ་འཁོར་མཚོན། ཕྱོགས་བཞིར་སྒོ་ཆུང་གྲུ་གསུམ་མཐིང་གས་ནམ་མཁའ་མཚོན། གྲུ་གསུམ་གྱི་ཕྱི་བཅད་དམར་པོས་མེའི་དཀྱིལ་འཁོར་མཚོན། གཡས་གཡོན་དུ་འཕན་ཆུང་ལྗང་གུས་རླུང་གི་དཀྱིལ་འཁོར་བ་དན་མཚོན། སྟེང་དུ་ཆུ་རིས་སྔོན་པོས་ཆུའི་དཀྱིལ་འཁོར་གྱི་མཚོན་དོན་ཡིན་འདུག་པ། འདི་རྣམས་ཀྱི་དག་སྦྱོར་དང་མེའི་དཀྱིལ་འཁོར་གྱི་མཐའ་བཅད་མཚོན་དོན་སོགས་ངེད་རང་གི་རྨི་ལམ་ལྟར་ལགས། དེའི་སྟེང་རུས་སྦལ་གན་རྐྱལ་མགོ་ཤར་ལྷོར་བལྟ་བའི་ལྟོ་བར་པདྨའི་སྟེང་། རི་རབ་རྒྱ་མདུད་འཕྲུལ་མིག་ཅན། གསུམ་བརྩེགས་ཆེ་ཆུང་མེད་པ་འཕྲུལ་མིག་ཅེས་མཚམས་རྣམས་ལ་བུག་པ་གཏོད་པ་ཡིན་ལ། བུག་པ་རྣམས་སྟོང་པར་མི་འཇོག་པར་འབྲུ་སྣས་འགེང་། ཁ་དོག་ནི་ནག་རྩིས་ལྟར། ཤར་ཤིང་ལྗང་གུ །ལྷོ་མེ་དམར་པོ། ནུབ་ལྕགས་དཀར་པོ། བྱང་ཆུ་སྔོན་པོ། མཚམས་རྣམས་སའི་རང་བཞིན་སེར་པོ། རྒྱ་མདུད་ནག་པོ། དེའི་སྟེང་ནམ་མཁའ་ཁོང་སྔོན་འཇའ་རིས་ཅན། རྒྱང་བུ་དང་བཅས་པ། དར་མཚོན་བྱ་སྤུ་ཡུངས་དཀར་གྱིས་བརྒྱན་པ། ནམ་མཁའི་མདུན་དུ་ཕོ་ཏང་། ཕོ་ཏང་གི་གཡས་སུ་མོ་ཏང་། གཡོན་དུ་བྱིས་ཏང་། ཕོ་ཏང་མདུན་དུ་ཕྱུགས་ཏང་ཆུང་ངུ། མདུན་དུ་ཕོ་གླུད་མོ་གླུད། བྱིས་གླུད། རྟ་གཡག་སོགས་ཕྱུགས་གླུད་རྣམས་ལ། སྤྱི་བྱེ་བྲག་གི་སྣ་ཁྲིད་ལག་ལེན་བཞིན་དང་། གླུད་རྫས་སྣ་ཚོགས་དང་དམིགས་བསལ་རྣམས་ཚང་། གླུད་གདན་གྱི་སྟེང་དུ་གོ་ཐལ་གདལ་བ་ལ་བཤམ་པ་ཡིན་ལགས། ༈ གཞུང་གི་གབ་ཚིག་གྱེར་གྱི་མཇུག་ཏུ། །གནད་ཀྱི་སྔགས་འདོན་འདོད་དོན་འགྲུབ། །སྣ་ཁྲིད་བསྒྱུར་བ་དོན་གྱི་གནད། །ཕོ་མོ་གོ་མདོག་ངར་མི་གླུད། །ཕྱུགས་ལ་རང་རང་དགྲ་གཤེད་གཟུགས། །སྣ་ཁྲིད་ངར་གླུད་རང་རང་གཟུགས། །ཕོ་མོའི་རྟགས་མཚོན་གོ་མི་བཟློག །ཕོ་མོ་ཆུང་གསུམ་ཆ་ཚང་བ། །ཡོན་བདག་སྒོ་གཅིག་དོན་དུ་གཏོང་། །མཆུན་ཆེ་སོགས་ཀ་སྣ་ཁྲིད་གཅིག །གང་བྱེད་གཙོ་ཆེ་དེ་ལྟ་བཞིན། །ཕོ་མོ་ཆུང་གསུམ་གང་རུང་གཅིག །སྣ་ཁྲིད་གསུམ་ཚོགས་སྟེང་དུ་བཏང་། །འགྱུར་ཆེ་མི་བཞིན་ཕྱུགས་དགྲ་གཤེད། །སྣ་འདྲེན་གཏོང་སོགས་ལག་ཁྲིད་གཅེས། །ཞེས་གསུངས་པ་ལ་གནད་ཀྱི་སྔགས་འདོན་འདོད་དོན་འགྲུབ་ཅེས་པ། རྟེན་འབྲེལ་སྙིང་པོ་ལན་གསུམ་བཏོན་པ་དེ་ཡིན། སྣ་ཁྲིད་བསྒྱུར་བ་དོན་གྱི་གནད་ཅེས་པ། གོང་དུ་ལོ་རྒྱུས་སྐབས། ཕོ་མདོས་མོ་ལ་གཏོང་ན་ཇི་ལྟར་བྱེད། །མོ་མདོས་ཕོ་ལ་གཏོང་ན་ཇི་ལྟར་བྱེད། །ཅེས་སོགས་དང་མཚུངས་པས། ཕོ་ལ་མོའི་སྣ་ཁྲིད། མོ་ལ་ཕོའི་སྣ་ཁྲིད། བྱིས་པ་ལ་ཡང་ཕོ་མོ་དེས་རིགས་འགྲེ །དེའི་རྒྱུ་མཚན་གྱེར་གྱི་སྐབས། སྣ་འདྲེན་སྨྲ་མཁས་འགྲོ་ལ་མགྱོགས། །ཕོ་ལ་མོ་མཛེས་མོ་ལ་ཕོ། །ཞེས་དང་། མདོས་གླུད་སྣ་འདྲེན་སྟོབས་པོ་ཆེ། །མོ་ལ་ཕོར་བརྫུས་བདུད་ཀྱི་རྒྱལ། །དགའ་རབ་དབང་ཕྱུག་བགེགས་ཀྱི་གཙོ། །ཕོ་ལ་མོར་བརྫུས་ཁ་འབར་མ། །ལྷ་མོ་པདྨའི་ཕྲེང་བ་ཅན། །ཞེས་སོགས་ཀྱིས་ཤེས་པར་ནུས། དེས་ན་ཕོ་མོ་ཆུང་གསུམ་གྱི་གླུད་ཀྱི་མདུན་དུ། སོ་སོའི་སྣ་ཁྲིད་རྣམས་ཀྱི་གཟུགས་བརྙན་བཤམས་པ་ཡིན། ཕོ་མོ་གོ་བཟློག་ངར་མི་གླུད། །ཅེས་པ་དེ་རྣམས་ཀྱི་དོན་སྟོན་པའི་སྡོམ་ཚིག་ནི། ཕྱུགས་ལ་རང་རང་དགྲ་གཤེད་གཟུགས། །ཞེས་པ། གྱེར་གྱི་སྐབས། དགྲ་གཤེད་སྣ་འདྲེན་ལས་ལ་གྲུབ། །ཅེས་དང་། གཤེད་མ་རང་རང་དྲི་གཟུགས་སྟོན། །ཞེས་སོགས་གསུངས་པས། རྟ་གླུད་ཀྱི་སྣ་འདྲེན་གཡག །གཡག་ཕྱུགས་གླུད་ཀྱི་སྣ་འདྲེན་རྟ་ཡིན་ཞེས་པའི་དོན། སྣ་ཁྲིད་ངར་གླུད་རང་རང་གཟུགས། །ཕོ་མོའི་རྟགས་མཚོན་གོ་མི་བཟློག །ཅེས་པ། སྣ་ཁྲིད་རྣམས་དེ་ལྟར་ཡིན་ལགས། ངར་གླུད་ནི་སྦྱིན་བདག་ཕོ་མོ་ཆུང་གསུམ་རང་རང་གི་གཟུགས་སྐྱེ་མཆེད་དོད་པ་ཕོ་མོ་གོ་མི་ཟློག་པ་རང་རང་རྟགས་ཀྱིས་མཚོན་པ་བཤམས་པ་ཡིན། ཕོ་མོ་ཆུང་གསུམ་ཆ་ཚང་བ། །ཡོན་བདག་སྒོ་གཅིག་དོན་དུ་གཏོང་། །ཞེས་པ། ལོ་རྒྱུས་ཀྱི་སྐབས། སྤྱི་མདོས་སྒོས་ལ་གཏོང་ན་ཇི་ལྟར་བྱེད། །ཅེས་གསུངས་པ་ལྟར་གོང་དུ་བཤད་པ་ཡིན། ཕོ་མོ་ཆུང་གསུམ་སོ་སོའི་སྣ་ཁྲིད་དང་བཅས་པའི་སྤྱི་མདོས་དེ། ཡོན་བདག་ཁྱིམ་གང་གི་སྒོས་མདོས་སུ་གཏོང་བ་ཡིན། མཆུན་ཆེ་སོགས་ཀ་སྣ་ཁྲིད་ཅིག །ཅེས་གསུངས་པ། དེ་ལྟར་བགྱིས་ན་མཆུན་དང་འགྱུར་ཆེ་ཞིང་། སོགས་ཀ་ཞེས་པ་མི་དང་། སྣ་ཁྲིད་ཅེས་པ་དགའ་རབ་དབང་ཕྱུག་སོགས་གོང་དུ་བཤད་པ་ལྟར་གཅིག་ཅེས་པའི་དོན། གང་བྱེད་གཙོ་ཆེ་དེ་ལྟ་བཞིན། །ཅེས་པ། ལོ་རྒྱུས་ལས། སྒོས་མདོས་སྤྱི་ལ་གཏོང་ན་ཇི་ལྟར་བྱེད། །ཅེས་པ་ལྟར། ཕོ་གཙོ་ཆེ་བ་ལ་ཕོ་གླུད་མོའི་སྣ་ཁྲིད་དང་བཅས་པ། མོ་གཙོ་ཆེ་བ་ལ་མོ་གླུད་ཕོའི་སྣ་ཁྲིད་དང་བཅས་པས་འཐུས་པས། ཕོ་མོ་ཆུང་གསུམ་ཐམས་ཅད་མི་དགོས་པར་དེ་ཁས་གོ་ཆོད་པའི་དོན་ཡིན། ཕོ་མོ་ཆུང་གསུམ་གང་རུང་གཅིག །སྣ་ཁྲིད་གསུམ་ཚོགས་སྟེང་དུ་གཏང་། །ཞེས་པ། ཡང་ན་སྣ་ཁྲིད་ཕོ་མོ་གཉིས་བྱིས་པ་ཕོ་མོ་གཉིས་ཀ་གང་ཡིན་གྱི་སྣ་ཁྲིད་གཅིག་སྟེ་གསུམ་གྱི་སྟེང་། ཡོན་བདག་གཙོ་ཆེ་བ་ཕོ་མོ་གང་ཡིན་ངར་གླུད་གཅིག་གིས་ཆོག །ཅེས་པའི་དོན། འགྱུར་ཆེ་མི་བཞིན་ཕྱུགས་དགྲ་གཤེད། །སྣ་ཁྲིད་གཏོང་སོགས་ལག་ཁྲིད་གཅེས། །ཞེས་པ། དེ་དག་འགྱུར་ཆེ་ཞིང་། མི་བཞིན་ཕྱུགས་གླུད་དུ་བསྒྱུར་ན་སྣ་ཁྲིད་དགྲ་གཤེད་མ་གཏོགས་ལག་ལེན་གཞན་རྣམས་འདྲ་བ་ཙམ་ཡིན་ལགས། མི་ཕྱུགས་ཐུན་མོང་གི་སྤྱི་བྱེ་བྲག་གི་དམིགས་བསལ་གཏོང་ལུགས་རྣམས་དེ་ལྟར་ཡིན། གཞན་སོ་སོར་གཏོང་ན། ཕོ་རྐྱང་ལ་ཤིང་བྱང་། གཞན་རྣམས་བཞག །ཕོ་ཏང་གཅིག་པོ་བཙུགས། གླུད་ཀྱང་ཕོ་གླུད་སྣ་ཁྲིད་དང་བཅས་པ། མོ་རྐྱང་ལ་ཤིང་བྱང་མོ་ཏང་། མོ་གླུད་སྣ་ཁྲིད་དང་བཅས་པ། བྱིས་པ་ལ་ཤིང་བྱང་བྱིས་ཏང་། བྱིས་གླུད་སྣ་ཁྲིད་དང་བཅས་པ། མགྲོན་བུ། སྐྱུ་ཆུང་། ཆང་ཟན། ཁབ་རྣམས། ཕྱུགས་ལ་ཤིང་བྱང་ཕྱུགས་ཏང་། ཕྱུགས་གླུད་སྣ་ཁྲིད་དང་བཅས་པའོ། །ནམ་མཁའ། རྒྱང་བུ། རི་རབ་སོགས་སྤྱི་མཚུངས་ཡིན། མདོས་གཏོང་སྐབས། གླུད་རྣམས་གླུད་ཕད་དུ་བླུགས། སྣ་ཁྲིད་རྣམས་སྔོན་ལ་ཁྱེར་དེ་རྗེས་གླུད་ཕད། དེ་ནས་མདོས་དང་བཅས་སྐྱེལ་དགོས་ལགས། འདི་སྐུ་རིམ་དམིགས་བསལ་གྲངས་ཁ་གསོག་ན་རྒྱབ་ཆོག་གང་རུང་གི་སྟེང་གནང་ཚེ་འགབ། གཞན་ལ་འཆར་ཁ་ལྟ་བུ་མདོས་ཆེན་ཞིག་དང་སྦྱར་ནས་གནང་ཚེ་ལེགས་པར་འདུག་ལགས། གཞུང་དུ་གསལ་བ་དེ་ཀ་བཞིན་ལགས། མི་གསལ་བ་རྣམས་ཟིན་བྲིས་ཀྱི་ཁུལ་ཡིན་པས། འདི་ལྟར་ཕུལ་བ་ལ་དབྱིངས་རིན་པོ་ཆེ་མི་ཁྲེལ་བར་མཁྱེན་ལགས།་་་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་དག་སྣང་ཡིན།
རྫོགས་པ་ཆེན་པོ་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པའི་བླ་མ་བརྒྱུད་པའི་གསོལ་འདེབས་ (Volume 59, Text 5)
༄༅། །རྫོགས་པ་ཆེན་པོ་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པའི་བླ་མ་བརྒྱུད་པའི་གསོལ་འདེབས་བཞུགས། ། ཨོཾ་ཨཱཿཧཱུྃ། རང་ཉིད་རྡོར་སེམས་དཀར་གསལ་འོད་ལྔ་འཚེར། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས། །རིན་ཆེན་རྒྱན་དང་དར་གྱི་ན་བཟས་མཛེས། །སྣང་ལ་དངོས་མེད་འཇའ་འོད་སྐུ་རུ་བསྒོམ། །སྤྱི་གཙུག་ཉི་ཟླ་པདྨ་བརྩེགས་པའི་སྟེང་། །ཀུན་བཟང་དྲིན་ཅན་རྩ་བའི་བླ་མའི་བར། །བྱིན་རླབས་འོད་འབར་སྣང་སྟོང་སྒྱུ་མའི་སྐུ། །ཡེ་ཤེས་རང་གསལ་ཐོ་བརྩེགས་ཚུལ་དུ་བསྐྱེད། །ཨོཾ་ཨཱཿཧཱུྃ། དང་པོའི་སངས་རྒྱས་ཀུན་བཟང་འོད་མི་འགྱུར། །རིགས་ཀྱི་བདག་པོ་དྲུག་པ་རྡོ་རྗེ་འཆང་། །རྒྱལ་བའི་དབང་པོ་བཅོམ་ལྡན་རྡོ་རྗེ་སེམས། །དཀྱིལ་འཁོར་མངའ་བདག་གསུམ་ལ་གསོལ་བ་འདེབས། །སྣང་སྲིད་འཁོར་འདས་རང་རིག་བྱང་ཆུབ་སེམས། །སྐྱེ་མེད་རང་གྲོལ་ཆོས་སྐུ་རྟོགས་པ་དང་། །འགག་མེད་འོད་གསལ་འཁོར་ཡུག་འཆར་བ་དང་། །ཡང་ཏིའི་ཟབ་ལམ་རྟོགས་པར་བྱིན་གྱིས་རློབས། །མ་ཆགས་པདྨའི་ཀློང་ལས་རང་བྱོན་པའི། །རང་བྱུང་སྤྲུལ་སྐུ་ཨོ་རྒྱན་ཐོད་ཕྲེང་རྩལ། །རྒྱལ་བ་ཀུན་གྱི་ཡུམ་མཆོག་མཁར་ཆེན་བཟའ། །བཀའ་དྲིན་བསམ་ལས་འདས་ལ་གསོལ་བ་འདེབས། །སྣང་སྲིད་འཁོར་འདས་རང་རིག་བྱང་ཆུབ་སེམས། །སྐྱེ་མེད་རང་གྲོལ་ཆོས་སྐུ་རྟོགས་པ་དང་། །འགག་མེད་འོད་གསལ་འཁོར་ཡུག་འཆར་བ་དང་། །ཡང་ཏིའི་ཟབ་ལམ་རྟོགས་པར་བྱིན་གྱིས་རློབས། །འགྲོ་བའི་མགོན་པོ་དུང་མཚོ་རས་པའི་ཞབས། །འཇའ་ལུས་སྐུ་བརྙེས་སངས་རྒྱས་དྲང་སྲོང་རྗེ། །འོད་སྐུར་བྱང་ཆུབ་བདེ་ཆེན་རས་པ་སྟེ། །རྒྱལ་བ་ཀུན་དངོས་གསུམ་ལ་གསོལ་བ་འདེབས། །སྣང་སྲིད་འཁོར་འདས་རང་རིག་བྱང་ཆུབ་སེམས། །སྐྱེ་མེད་རང་གྲོལ་ཆོས་སྐུ་རྟོགས་པ་དང་། །འགག་མེད་འོད་གསལ་འཁོར་ཡུག་འཆར་བ་དང་། །ཡང་ཏིའི་ཟབ་ལམ་རྟོགས་པར་བྱིན་གྱིས་རློབས། །གདོད་མའི་སར་གྲོལ་རང་རིག་ཟང་ཐལ་རྗེ། །ཡེ་ཤེས་བླ་མའི་ས་ནོན་རྣམ་གྲོལ་བཟང་། །ཉམས་རྟོགས་སྣང་བཞི་མཐར་ཕྱིན་རྒྱ་ལ་རས། །སྐུ་བཞིའི་བདག་ཉིད་གསུམ་ལ་གསོལ་བ་འདེབས། །སྣང་སྲིད་འཁོར་འདས་རང་རིག་བྱང་ཆུབ་སེམས། །སྐྱེ་མེད་རང་གྲོལ་ཆོས་སྐུ་རྟོགས་པ་དང་། །འགག་མེད་འོད་གསལ་འཁོར་ཡུག་འཆར་བ་དང་། །ཡང་ཏིའི་ཟབ་ལམ་རྟོགས་པར་བྱིན་གྱིས་རློབས། །འཁོར་ལོ་ཚོགས་ཆེན་སར་གཤེགས་རྒྱལ་མཚན་འོད། །ཡོན་ཏན་ལྷུན་རྫོགས་སངས་རྒྱས་བརྩོན་འགྲུས་ཞབས། །སྒྲོན་བཞིའི་རྩལ་འབྱོངས་རྒྱལ་མཚན་ཡེ་ཤེས་དཔལ། །ལམ་མཆོག་མཐར་ཕྱིན་གསུམ་ལ་གསོལ་བ་འདེབས། །སྣང་སྲིད་འཁོར་འདས་རང་རིག་བྱང་ཆུབ་སེམས། །སྐྱེ་མེད་རང་གྲོལ་ཆོས་སྐུ་རྟོགས་པ་དང་། །འགག་མེད་འོད་གསལ་འཁོར་ཡུག་འཆར་བ་དང་། །ཡང་ཏིའི་ཟབ་ལམ་རྟོགས་པར་བྱིན་གྱིས་རློབས། །སྐུ་གསུམ་ལྷུན་གྲུབ་སངས་རྒྱས་རྒྱལ་མཚན་ཞབས། །འོད་གསལ་མངོན་གྱུར་དགེ་འདུན་རིན་པོ་ཆེ། །དབྱིངས་རིག་གཅིག་འདྲེས་རྗེ་བཙུན་སཾ་གྷའི་མཚན། །གྲུབ་པ་མཆོག་བརྙེས་གསུམ་ལ་གསོལ་བ་འདེབས། །སྣང་སྲིད་འཁོར་འདས་རང་རིག་བྱང་ཆུབ་སེམས། །སྐྱེ་མེད་རང་གྲོལ་ཆོས་སྐུ་རྟོགས་པ་དང་། །འགག་མེད་འོད་གསལ་འཁོར་ཡུག་འཆར་བ་དང་། །ཡང་ཏིའི་ཟབ་ལམ་རྟོགས་པར་བྱིན་གྱིས་རློབས། །གཞོན་ནུ་བུམ་སྐུར་བྱང་ཆུབ་རིན་རྡོར་ཞབས། །ཡོངས་འཛིན་ཆོས་ཀྱི་རྒྱལ་པོ་ངག་དབང་གྲགས། །རྒྱལ་ཀུན་མཁྱེན་བརྩེ་གཅིག་བསྡུས་སོག་ཟློག་པ། །འབྲེལ་ཚད་དོན་ལྡན་གསུམ་ལ་གསོལ་བ་འདེབས། །སྣང་སྲིད་འཁོར་འདས་རང་རིག་བྱང་ཆུབ་སེམས། །སྐྱེ་མེད་རང་གྲོལ་ཆོས་སྐུ་རྟོགས་པ་དང་། །འགག་མེད་འོད་གསལ་འཁོར་ཡུག་འཆར་བ་དང་། །ཡང་ཏིའི་ཟབ་ལམ་རྟོགས་པར་བྱིན་གྱིས་རློབས། །གཞན་ཕན་ཕྲིན་ལས་མཐར་ཕྱིན་གོང་ར་བ། །རྟོགས་པའི་མངའ་བདག་ཚུལ་ཁྲིམས་རྒྱལ་མཚན་དང་། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་རྗེ། །སྙིགས་དུས་འདྲེན་པ་གསུམ་ལ་གསོལ་བ་འདེབས། །སྣང་སྲིད་འཁོར་འདས་རང་རིག་བྱང་ཆུབ་སེམས། །སྐྱེ་མེད་རང་གྲོལ་ཆོས་སྐུ་རྟོགས་པ་དང་། །འགག་མེད་འོད་གསལ་འཁོར་ཡུག་འཆར་བ་དང་། །ཡང་ཏིའི་ཟབ་ལམ་རྟོགས་པར་བྱིན་གྱིས་རློབས། །ཆོས་དབྱིངས་མི་འགྱུར་བདེ་གཤེགས་ཞི་བའི་ལྷ། །རོལ་པ་ཆེན་པོ་ཡེ་ཤེས་ཁྲོ་བོའི་ཚོགས། །དམ་ཚིག་རྗེས་གཅོད་མཁའ་འགྲོ་བཀའ་སྐྱོང་མ། །དངོས་གྲུབ་ཀུན་འབྱུང་གསུམ་ལ་གསོལ་བ་འདེབས། །སྣང་སྲིད་འཁོར་འདས་རང་རིག་བྱང་ཆུབ་སེམས། །སྐྱེ་མེད་རང་གྲོལ་ཆོས་སྐུ་རྟོགས་པ་དང་། །འགག་མེད་འོད་གསལ་འཁོར་ཡུག་འཆར་བ་དང་། །ཡང་ཏིའི་ཟབ་ལམ་རྟོགས་པར་བྱིན་གྱིས་རློབས། །སྣ་ཚོགས་ཅིར་ཡང་འགྱུ་བའི་སེམས་ཀྱི་རྩལ། །ཀུན་ཏུ་གཡོ་བའི་རྣམ་རྟོག་འཁྲུལ་པའི་རྒྱུན། །མ་སྤང་རང་གྲོལ་རིག་པའི་ངང་དུ་ཐིམ། །ཀ་དག་ཡིན་ལུགས་རྟོགས་པར་བྱིན་གྱིས་རློབས། །ཡེ་ནས་རང་གསལ་རྒྱལ་བའི་དགོངས་པ་མཆོག །འཇའ་འོད་སྐུ་དང་ཐིག་ལེ་ལུ་གུ་རྒྱུད། །ཀ་ཏའི་ལམ་ཐོན་དབྱིངས་ཀྱི་དཀྱིལ་འཁོར་དུ། །ཡེ་ཤེས་མངོན་གསུམ་མཐོང་བར་བྱིན་གྱིས་རློབས། །ཆོས་ཉིད་བར་དོའི་ཤེས་པ་རང་སོ་ཟིན། །འཇིགས་རུང་ཁྲོ་བོའི་སྐུ་དང་མཚོན་ཆའི་ཆར། །རྒྱོབ་སོད་ཧཱུྃ་ཕཊ་ཆོས་ཉིད་རང་བྱུང་སྒྲ། །རང་སྣང་ངོ་ཤེས་གྲོལ་བར་བྱིན་གྱིས་རློབས། །ཐེག་པའི་ཡང་རྩེ་དམ་ཆོས་ཀུན་གྱི་བཅུད། །གསང་བ་ཡང་གསང་མཁའ་འགྲོའི་སྙིང་གི་ཁྲག །ཀུན་ལས་ཁྱད་འཕགས་ཞག་བདུན་སངས་རྒྱས་སྦྱོར། །ཡང་ཏིའི་དགོངས་དོན་རྟོགས་པར་བྱིན་གྱིས་རློབས། །རིགས་འདུས་རྒྱལ་བ་མཉམ་མེད་བླ་མའི་ཚོགས། །རིམ་གྱིས་འོད་ཞུ་ཆུ་ལ་ཆུ་ལྟར་ཐིམ། །བདག་ལ་འོད་ཐིམ་དབང་གིས་རྒྱུད་སྨིན་ཏེ། །འོད་སྐུར་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཞེས་པ་ཁྲིད་ཀྱི་སྐབས་སུ་གསོལ་འདེབས་ཀྱི་ཚིག་གསལ་བར་མཛད་པ་མི་སྣང་བས། ཆོས་འདིའི་གནད་བླ་མ་ལ་མོས་གུས་ཀྱིས་གསོལ་བ་གདབ་པ་ལ་འདུས་པའི་ཕྱིར་ཤིན་ཏུ་གལ་ཆེ་བ་ལྟར་ལྷ་རྗེ་བློ་གྲོས་བཟང་པོས་ཁྲིགས་སུ་བཀོད་པའོ། །དགེ་བར་གྱུར་ཅིག། །།
གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་གསུང་རབ་ཟབ་མོ་ཉེ་བརྒྱུད་ཀྱི་ཆོས་སྡེ་རིན་ཆེན་གཏེར་མཛོད་ཆེན་པོའི་བཞུགས་བྱང་དཀར་ཆག་གསལ་བར་བཀོད་པ་འོད་གསལ་རྡོ་རྗེ་སྙིང་པོའི་གྲུ་གཟིངས་ (Volume 66, Text 5)
༄༅། །གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་གསུང་རབ་ཟབ་མོ་ཉེ་བརྒྱུད་ཀྱི་ཆོས་སྡེ་རིན་ཆེན་གཏེར་མཛོད་ཆེན་པོའི་བཞུགས་བྱང་དཀར་ཆག་གསལ་བར་བཀོད་པ་འོད་གསལ་རྡོ་རྗེ་སྙིང་པོའི་གྲུ་གཟིངས་ཞེས་བྱ་བ་བཞུགས་སོ། །
གསེར་གྱི་མདོག་ཅན་མཚན་དཔེའི་ལང་ཚོས་བྱེ་བ་ཕྲག་བརྒྱའི་ཞིང་ཀུན་གཏམས། །ངོ་མཚར་དམ་ཆོས་ཚངས་པའི་དབྱངས་ཀྱིས་སྲིད་གསུམ་ཆེ་རྒུ་ཟིལ་གྱིས་ནོན། །ཐོགས་མེད་མཁྱེན་བརྩེས་འཁོར་འདས་ཀུན་ཁྱབ་དྲང་སྲོང་རལ་པའི་གཙུག་ཏུ་བཀུར། ཁྱུ་མཆོག་སྟབས་གཤེགས་མི་ཡི་སེང་གེ་རྐང་གཉིས་གཙོ་བོར་ཕྱག་བགྱི་འོ། །མཁྱེན་རབ་ཀློང་ཆེན་ཡངས་པའི་དཀྱིལ་འཁོར་ཤེས་བྱ་མ་ལུས་ཐུགས་སུ་ཆུད། །གྲངས་མེད་རྡུལ་གྱི་ཕྲ་རབ་དག་ལའང་སྣོད་བཅུད་ཞིང་ཁམས་དཔག་མེད་གསལ། །མཉམ་སྦྱོར་དྲི་མ་ནམ་མཁའི་གླང་པོ་དུམ་བུར་གཅོད་པའི་རལ་གྲི་འབར། །ཡེ་ཤེས་ལུས་ཅན་ལྷུན་གྲུབ་རིག་འཛིན་སྨྲ་བའི་སེང་གེ་གཙུག་ན་མཆོད། །བདེ་གཤེགས་ཀུན་གྱི་གསང་བའི་གཉེར་འཛིན་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ཕུལ། །ལྕང་ལོའི་ཞིང་གང་གནོད་སྦྱིན་རིག་འཛིན་ཚོམ་བུ་རྒྱ་མཚོའི་དེད་དཔོན་ཆེ། །མ་རུངས་འདུལ་ལ་མིག་སྟོང་ལྡན་པའི་རྩེ་བརྒྱའང་འཇོམས་མཛད་རྡོ་རྗེ་འཛིན། །ཧེ་རུ་ཀཿདཔལ་རྡོ་རྗེ་གཞོན་ནུ་གསང་བདག་དཔའ་བོ་རྒྱལ་གྱུར་ཅིག །བསམ་ཡས་བསྐལ་པར་ཐུགས་རྗེའི་ཆུ་གཏེར་སྣ་ཚོགས་ནོར་བུའི་བ་གམ་རྩེན། །གང་གཱའི་ཇི་སྙེད་ཞིང་རྡུལ་ཀུན་ཏུ་སྣ་ཚོགས་གཟུགས་ཀྱི་སྤྱན་རས་གཡོ། །དྲི་མེད་མངོན་གྱུར་འགྲོ་ལ་རྗེས་ཆགས་སྣ་ཚོགས་ལུས་ཅན་སྐྱབས་གཅིག་པུ། །པོ་ཏཱ་ལར་གནས་སེམས་ཉིད་ངལ་གསོ་དོན་ཡོད་ཞགས་པས་ཤིས་པ་སྩོལ། །མཚོ་དབུས་འདབ་སྟོང་བཞད་པ་ལས་འཁྲུངས་མཚན་དཔེ་གསལ་རྫོགས་སྤྲུལ་པའི་སྐུ། །འོད་མཚན་སྟོང་འབར་སྒྱུ་འཕྲུལ་རོལ་མོ་མཁས་གྲུབ་རྒྱ་མཚོའི་གཙུག་ན་མཛེས། །རྒྱལ་ཀུན་གསང་གསུམ་མཁྱེན་རབ་ཡེ་ཤེས་མ་ལུས་སྤུངས་པའི་སྤྱི་དཔལ་ཆེ། །མཚོ་སྐྱེས་རྡོ་རྗེ་འགྲོ་བའི་དེད་དཔོན་བདེ་ཆེན་འཁོར་ལོའི་རྒྱན་དུ་མཆོད། །རང་གཞན་གྲུབ་མཐའ་རྒྱ་མཚོའི་མཐར་སོན་ཟུང་འཇུག་ལམ་གྱི་ཤིང་རྟར་བསྔགས། །དབུས་གྱུར་འཆང་གི་འདུལ་འཛིན་ཁྲོད་ན་གྲགས་པའི་བ་དན་རླུང་ལྟར་གསལ། །མཐུ་སྟོབས་དབང་ཕྱུག་ལག་ན་རྡོ་རྗེ་བསིལ་ལྗོངས་སྐྱེ་རྒུའི་གཉེན་གྱུར་གང་། །ངུར་སྨྲིག་འཛིན་པའི་ཁྱུ་མཆོག་དམ་པ་མཁན་ཆེན་ཞི་འཚོ་སྙིང་ནས་དྲན། །མཁྱེན་རབ་མངའ་བདག་འཇམ་དཔལ་གཞོན་ནུ་བསམ་བཞིན་ཆོས་སྐྱོང་རྒྱལ་པོའི་ཚུལ། ཁོར་ཡུག་གངས་རིས་བསྐོར་བའི་ལྗོངས་འདིར་ཆུ་སྲིན་རྒྱལ་མཚན་ལྷག་མར་བྱས། །རྒྱ་མཚོའི་གོས་ཅན་ཡོངས་ལ་དབང་བསྒྱུར་གསེར་གྱི་འཁོར་ལོ་རྩིབས་སྟོང་བཀྲ། ཁྲི་སྲོང་ཚངས་པ་ལྷ་ཡི་མེ་ཏོག་ས་གསུམ་སྐྱེ་རྒུའི་བླ་ན་བརྗིད། །གངས་རིའི་ཁྲོད་འདིར་རྡོ་རྗེ་རྩེ་མོའི་དབྱར་སྐྱེས་རྔ་གསང་བསྒྲགས་པའི་མོད། །རིང་ནས་ངན་གོམས་མཐར་འཛིན་ལྟ་བར་ལོག་སྲེད་ཅན་རྣམས་གཤེད་དུ་གྱུར། །ལས་འཕྲོ་ལྡན་ལ་མཆོག་ཏུ་ཤིས་པའི་སྣང་བ་དམ་པ་ཅི་དགར་འགྱེད། །པདྨའི་ཞལ་སྐྱིན་བཀའ་བབས་རིམ་བྱོན་གཏེར་སྟོན་ཚོགས་རྣམས་ཕྱག་གི་གནས། །མི་བཟད་དུས་འདིར་བཀའ་བབས་བདུན་གྱི་ཤིང་རྟར་རབ་གསལ་མདོ་སྔགས་གླིང་། །བོད་ཁམས་མཐའ་དབུས་ཟབ་གཏེར་སྒོ་འབྱེད་མཆོག་གྱུར་བདེ་ཆེན་གླིང་པའི་དཔལ། །མཛོད་ཆེན་རྣམ་ལྔའི་ཤིང་རྟ་འདྲེན་མཛད་སྐྱོབ་པ་བློ་གྲོས་མཐའ་ཡས་ཞབས། །རིགས་གསུམ་སེམས་དཔར་གྲགས་པ་རྣམ་གསལ་ས་བླའི་ཞིང་ཀུན་ཁྱབ་པར་འགེངས། །དགོངས་བརྡ་སྙན་བརྒྱུད་རིག་འཛིན་བླ་མའི་བྱིན་རླབས་བདུད་རྩིའི་སྤྲིན་ཕུང་གཡོ། །དངོས་གྲུབ་འདོད་འཇོ་ཡི་དམ་ལྷ་ཚོགས་གར་དགུ་འབར་བའི་ལང་ཚོ་ངོམས། །རྣམ་བཞིའི་ཕྲིན་ལས་ཕྱོགས་ཀྱི་འཁོར་ལོར་རྟག་ཏུ་སྤེལ་མཁས་ཌཱཀྐིའི་ཚོགས། །གསང་ཆེན་ཆོས་ཀྱི་བྱུང་བ་བརྗོད་ལ་འཛུམ་ཞལ་དགྱེས་པའི་གེ་སར་སྤྲོས། །འཕགས་བོད་རིག་འཛིན་ཞབས་སེན་ཆུ་སྐྱེས་རྡུལ་བྲལ་སྤྱི་བོའི་གཙུག་ན་བཀུར། །དམ་ཚིག་བདུད་རྩི་མུ་ཏིག་ཞུན་མའི་ཆུ་རྒྱུན་ལྗགས་ཀྱི་དབང་པོར་སིམ། །བཀའ་གསང་གཉན་པོའི་ཐ་ཚིག་ལ་གནས་ཡེ་ཤེས་སྤྱན་ལྡན་སྲུང་མའི་ཚོགས། །ཟབ་གཏེར་ཆོས་ཀྱི་དགའ་སྟོན་བཀྱེ་ལ་གསང་གསུམ་དག་པས་གནང་བ་སྩོལ། །དེ་ལ་འདིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་གསང་བ་ཟབ་མོ། ཞི་སྒོ་གཉིས་སུ་མེད་པའི་བགྲོད་པ་མཐར་ཐུག་པ། གསུང་རབ་ཐམས་ཅད་ཀྱི་ཡང་བཅུད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་མཛོད་དམ་པ། རྣལ་འབྱོར་རིག་པ་འཛིན་པ་ཡོངས་ཀྱི་ཉེ་ལམ་སྙིང་པོར་གྱུར་པའི་ཟབ་གཏེར་གྱི་ཆོས་མཛོད་ཆེན་མོ་འདི་ཉིད་སླར་ཡང་དཔལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གཙུག་ལག་ཁང་ཆེན་པོར་ཐབས་དང་ཤེས་རབ་ཀྱི་ཡིག་འབྲུ། ཟུང་འཇུག་དབྱངས་གསལ་རྟེན་འབྱུང་གི་འཁོར་ལོ། འཕྲུལ་ཡིག་མི་བཟད་པའི་ཕྱི་མོར་བསྐྲུན་པའི་ཚུལ་བཤད་པ་ལ། ༈ ཐོག་མར་དགེ་བ་ཆོས་ཚུལ་སྤྱི་ཡི་ཆིངས་ཡོངས་འདུས་ཐེག་མཆོག་སྙིང་པོའི་གྲུ་གཟིངས་བཤད་པ། བར་དུ་དགེ་བ་བཀའ་གཏེར་ཆོས་ཀྱི་ཆིངས་སྔ་འགྱུར་རིག་འཛིན་ཚོམ་བུའི་གྲུ་གཟིངས་བཤད་པ། མཐའ་མར་དགེ་བ་མཇུག་ཡོངས་སུ་རྫོགས་པའི་ཆིངས་ཡོངས་འདུས་རྡོ་རྗེ་རྩེ་མོའི་གྲུ་གཟིངས་བསྟན་པ་དང་གསུམ་ལས། དང་པོ་ལ་འཇིག་རྟེན་གྱི་ཞིང་ཁམས་བསྟན་པ་དང་། རྫོགས་པའི་སངས་རྒྱས་རྣམས་ཇི་ལྟར་བྱོན་པའི་ཚུལ་བཤད་པ་གཉིས་ལས། དང་པོ་ལ། སྤྱིར་བསྟན་པ་དང་། བྱེ་བྲག་མི་མཇེད་ཀྱི་འཇིག་རྟེན་བཤད་པ། ཁྱད་པར་ཛམྦུའི་གླིང་གི་ཞིང་བཤད་པའོ། །དང་པོ་ནི། དེ་ལ་འཇིག་རྟེན་གྱི་ཁམས་མི་མཇེད་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་ནང་དུ་ཆུད་པ་ནི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ཞེས་བྱ་བའམ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་གངས་ཆེན་མཚོའི་ཕྱག་གི་མཐིལ་དྲི་ཞིམ་སྨན་གྱི་རྒྱ་མཚོ་ཆེན་པོ་གནས་པའི་ནང་པདྨའི་སྡོང་པོ་ཟེའུ་འབྲུ་དཔག་ཏུ་མེད་པ་ལ་བརྟེན་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ལ་ནི་རབ་འབྱམས་ཀྱི་མཚམས་སྦྱོར་གཅིག་གོ །དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་ཀྱི་རྒྱུད་གཅིག་གོ །དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་ཀྱི་རྒྱུད་བར་མ་གཅིག་གོ །དེ་བྱེ་བ་ཕྲག་བརྒྱ་ལ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ཞེས་བྱ་སྟེ་རྡུལ་ཕྲ་རབ་གཅིག་གི་ནང་ན་གནས་པར་གསུངས་སོ། །ཕལ་པོ་ཆེ་ལས། བཅོམ་ལྡན་འདས་ཡེ་ཤེས་གངས་ཆེན་མཚོ་རྣམ་པར་སྣང་མཛད་ཀྱི་ཕྱག་ན་རྡུལ་ཤིན་ཏུ་ཕྲ་བའི་སྙིང་པོ་ཞེས་བྱ་བ་ཡོད་དེ། དེའི་ནང་ན་རྣམ་པར་ཤེས་པའི་ཁམས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་དེ། དེའི་སྟེང་ན་ཆོས་ཀྱི་དབྱིངས་ཀྱི་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་དོ། །དེའི་སྟེང་ན་ནམ་མཁའི་དབྱིངས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་དེ། དེའི་སྟེང་ན་མེའི་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་དོ། །དེའི་སྟེང་ན་ཆུའི་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་དོ། །དེའི་སྟེང་ན་སའི་ཁམས་རྒྱ་མཚོ་བཅུའི་རྡུལ་ཕྲ་བ་སྙེད་ཡོད་དོ། །དེའི་སྟེང་ན་མེ་ཏོག་མཚན་མ་མེད་པ་ལས་སྐྱེས་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་དོ། །དེའི་སྟེང་ན་འཇིག་རྟེན་གྱི་ཁམས་རྒྱ་མཚོ་འདི་གནས་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པའི་ཕྱག་གི་མཐིལ་ལ་རབ་ཏུ་གནས་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཞེས་བྱའོ། །ཞེས་དང་། འཇིག་རྟེན་གྱི་ཁམས་མི་མཇེད་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་ནང་དུ་ཆུད་པ་ནི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་ཞེས་བྱ་ཞིང་། དེ་ལྟ་བུ་བསམ་གྱིས་མི་ཁྱབ་པའི་ནང་དུ་ཆུད་པ་ནི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཞེས་བྱ་བ་ཡིན་ལ། དེ་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་གངས་ཆེན་མཚོའི་ཕྱག་གི་མཐིལ་ན་གནས་སོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཁོར་དང་བཅས་པ་གང་ན་བཞུགས་པ་དེ་ནི་སྟུག་པོ་བཀོད་པའི་ཞིང་ཁམས་ཞེས་བྱ་བ་ལོངས་སྤྱོད་རྫོགས་པའི་སྐུའི་གནས་ཡིན་ལ། དེའི་ནང་ན་ཡོད་པའི་དུམ་བུ་ཐམས་ཅད་ནི་སྤྲུལ་པ་སྐུའི་གནས་ཡིན་ནོ་ཞེས་གསུངས་སོ། །དེ་ཡང་ཐེག་དམན་པས། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཞེས་དང་། ཐེག་ཆེན་པས། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ཞེས་དང་། རེ་འགར་འཇིག་རྟེན་གྱི་ཁམས་གྲངས་མེད་བསམ་གྱིས་མི་ཁྱབ་པ་ཞེས་དང་། རེ་འགར་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཅེས་བྱ་བར་ཡང་གསུངས་སོ། །དེ་ལྟར་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་རང་སྣང་བ་དག་ཆོས་སྐུའི་དུས་སུ་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས་དང་། ལོངས་སྐུའི་དུས་སུ་ཚངས་པ་རྔ་སྒྲའི་ཞིང་ཁམས་དང་། སྤྲུལ་སྐུའི་དུས་སུ་ཚངས་ཆེན་གྱི་བསྐལ་པ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་ཆེན་པོའི་ནང་གི་དུམ་བུ་ཐམས་ཅད་དང་། སྐུའི་བ་སྤུའི་ཁུང་བུ་རེ་རེ་ནའང་སྤྲུལ་སྐུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་མང་པོ་འབྱམས་སུ་ཀླས་པ། ལ་ལ་ནི་ནམ་མཁའི་དབྱིངས་ཀྱི་གནས་ལ་གནས་པ། ལ་ལ་ནི་རིན་པོ་ཆེའི་འོད་ཀྱི་རྒྱ་མཚོ་ལ་གནས་པ། ལ་ལ་ནི་སངས་རྒྱས་ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་རྒྱ་མཚོ་ལ་གནས་པ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་སྟེ། ཕལ་པོ་ཆེ་ལས། དབྱིབས་ཀྱི་རྣམ་པར་ཕྱེ་བ་སྣ་ཚོགས་ཏེ། །ཕྱོགས་རྣམས་ཀུན་ནས་ཞིང་རྣམས་རྒྱ་མཚོ་སྣང་། །ལ་ལ་ཟླུམ་པོ་ལ་ལ་ཟུར་གསུམ་སྟེ། །དེ་དག་ལ་ལ་ཕྱོགས་ནང་གྲུ་བཞིར་གནས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམས་སུ་ཀླས་པ་དེ་དག་ཏུ་སངས་རྒྱས་འབྱུང་བའི་ཚུལ་དང་སེམས་ཅན་གྱི་མོས་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཉིད་དེ། ལ་ལ་ནི་ཆོས་ཀྱི་དབྱིངས་ཐམས་ཅད་གཟུགས་ཀྱི་སྐུས་གང་བར་སྟོན་པའོ། །ལ་ལ་ནི་སྐུ་ཚེ་རིང་པོར་སྟོན་པ་དང་། ལ་ལ་ནི་ཐུང་ངུར་སྟོན་པ་དང་། ལ་ལ་ཞིང་མང་པོ་སྦྱངས་པ་དང་། ལ་ལ་ཞིང་ཉུང་ངུ་སྦྱངས་པ་དང་། ཞིང་ལ་ལ་བཟང་པོར་སྣང་བ་དང་། ལ་ལ་ངན་པར་སྣང་བ་དང་། ལ་ལར་ཐེག་པ་མང་པོ་སྟོན་པ་དང་། ལ་ལར་ཐེག་པ་གཅིག་ཏུ་སྟོན་པ་དང་། ལ་ལས་སེམས་ཅན་ཧ་ཅང་མི་མང་བ་འདུལ་བ་དང་། ལ་ལས་སྐད་ཅིག་གཅིག་ལའང་གདུལ་བྱ་མཐའ་ཡས་པ་འདུལ་བར་སྟོན་པ་ལ་སོགས་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཕྲ་བ་སྙེད་དུ་ཤེས་པར་བྱ་དགོས་ཀྱི། བྱིས་པ་སོ་སོ་སྐྱེ་བོའི་བློ་ལས་རིང་དུ་འདས་པའི་ཕྱིར་མཐའ་གཅིག་ཏུ་ཞེན་པར་བགྱིར་མི་གཏུབ་པ་ཉིད་དེ། ཇི་སྐད་དུ། སྡོང་པོ་བཀོད་པ་ལས། སྤུ་ཡི་རྩེ་མོ་གཅིག་ལ་ཡང་། །ཞིང་ཁམས་བྱེ་བ་བསམ་མི་ཁྱབ། །སྣ་ཚོགས་དབྱིབས་ཀྱང་ཐ་དད་དེ། །དེ་དག་འདྲེས་པར་གྱུར་པ་མེད། །ཅེས་གསུངས་པ་ལྟར་རོ། ༈ །གཉིས་པ་བྱེ་བྲག་མི་མཇེད་ཀྱི་འཇིག་རྟེན་བཤད་པ་ནི། རྣམ་པར་སྣང་མཛད་གངས་ཆེན་མཚོའི་ཕྱག་གི་མཐིལ་གྱི་རྡུལ་ཕྲ་རབ་ལ་གནས་པའི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཁོར་ཡུག་ཆེན་པོའི་ནང་ན་སྤོས་ཆུའི་རྒྱ་མཚོར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་རྒྱ་མཚོའི་རྡུལ་སྙེད་ཀྱི་དབུས་སུ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་ལྔ་ཚན་ལྔར་ཕྱེ་བ་ལས་འཇིག་རྟེན་གྱི་ཁམས་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་ཤིང་ཐུགས་ཀྱི་ཐུགས་དཔལ་གྱི་བེའུར་བཅུ་གསུམ་པ་མི་མཇེད་འཇིག་རྟེན་འདི་ཉིད་གནས་སོ། །དེ་ལ་ཞིང་ཁམས་ཉི་ཤུ་རྩ་ལྔ་ནི། མི་མཇེད་འཇིག་རྟེན་འདིའི་འོག་ན་དཔལ་འབྱུང་བ་འོད་ཟེར་ཀུན་ནས་སྣང་བའི་ཞིང་ཁམས་སུ་དེ་བཞིན་གཤེགས་པ་དྲི་མེད་མར་མེ་ཞེས་བྱ་བ་བཞུགས་སོ། །དེ་ནས་རིམ་པར་སྟེང་ནས་སྟེང་དུ་དེ་བཞིན་གཤེགས་པ་སེང་གེའི་འོད་ཟེར་དྲི་མེད་ཀྱི་ཞིང་ཁམས་པདྨོ་དཔལ་གྱིས་བརྒྱན་པ། སངས་རྒྱས་རྡོ་རྗེ་འོད་ཟེར་གྱི་ཞིང་རིན་པོ་ཆེའི་རྒྱན་སྣང་བ་དང་། སངས་རྒྱས་འོད་ཟེར་དགའ་བའི་སྟོབས་ཀྱི་ཞིང་མེ་ཏོག་སིལ་མ་བཀྲམ་པ། སངས་རྒྱས་དབང་པོའི་དཔལ་གྱི་ཞིང་དགེ་བ་སྣ་ཚོགས་པ། སངས་རྒྱས་གྲགས་པ་དབང་ཕྱུག་གི་ཞིང་མེ་ཏོག་ཤིན་ཏུ་རྒྱས་པ། སངས་རྒྱས་ཡེ་ཤེས་རྒྱ་མཚོའི་ཞིང་ཡང་དག་པར་འབྱུང་བའི་གཟི་བརྗིད། སངས་རྒྱས་གཟི་བརྗིད་ཐུབ་མེད་ཀྱི་ཞིང་སྒྲ་དབྱངས་སྒྲོག་པ། སངས་རྒྱས་འཕགས་པའི་རྒྱལ་པོ་ཞེས་བྱ་བའི་ཞིང་རྡོ་རྗེ་རྒྱལ་མཚན། སངས་རྒྱས་ཆོས་ཉིད་ཚད་མེད་པའི་ཞིང་རྣམ་པར་སྣང་བ། སངས་རྒྱས་ཚངས་པའི་རྒྱལ་པོའི་ཞིང་སྣང་བའི་མདོག་ཅེས་བྱ་བ། སངས་རྒྱས་འོད་ཟེར་བཀོད་པའི་ཞིང་རྣམ་སྣང་དང་བ་ཞེས་བྱ་བ་རྣམས་བརྩེགས་མར་གནས་སོ། །བཅུ་གསུམ་པ་སངས་རྒྱས་སྟོང་རྩ་གཉིས་ཀྱི་ཞིང་མི་མཇེད་ཀྱི་འཇིག་རྟེན་འདི་ཉིད་དེ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་གདུལ་ཞིང་དུ་བསྔགས་པར་མཛད་དོ། །མི་མཇེད་ཀྱི་སྟེང་དང་སྟེང་དུ་རིམ་པར་སངས་རྒྱས་ཉི་མ་དྲི་མེད་སྤྱན་གྱི་ཞིང་འོད་འཕྲོ་སྣང་བ་དྲི་མེད་དང་། སངས་རྒྱས་ཆགས་མེད་ཡེ་ཤེས་ཀྱི་ཞིང་རིན་ཆེན་འབྱུང་གནས་རབ་ཏུ་བརྒྱན་པའི་སྙིང་པོ་དང་། སངས་རྒྱས་དཔལ་གྱི་རྒྱལ་མཚན་གྱི་ཞིང་རྡུལ་དང་བྲལ་བ་དང་། སངས་རྒྱས་ནམ་མཁའ་ཀུན་ཏུ་སྣང་བའི་འོད་ཀྱི་ཞིང་ཡོངས་དག་སྣང་བ། སངས་རྒྱས་བསོད་ནམས་སྤྲིན་གྱི་འཕགས་པའི་ཞིང་རིན་ཆེན་འོད་འཕྲོ་དང་། སངས་རྒྱས་སྣང་མཛད་མར་མེའི་རྒྱལ་པོའི་ཞིང་རབ་ཏུ་སྣང་བ། སངས་རྒྱས་འོད་ཟེར་བཀོད་པའི་ཞིང་སྣང་བྱེད་ཅེས་བྱ་བ་དང་། སངས་རྒྱས་ཀུན་ཏུ་གཟིགས་པའི་དབང་པོའི་ཞིང་འོད་བྱེད་ཅེས་བྱ་བ་དང་། སངས་རྒྱས་འོད་ཟེར་རྒྱལ་པོའི་ཞིང་འོད་འཕྲོ་བཀོད་པ། སངས་རྒྱས་ཀུན་ཏུ་སྣང་མཛད་ཀྱི་ཞིང་སྣང་ལྡན་ཞེས་བྱ་བ་དང་། སངས་རྒྱས་མེ་ཏོག་ཀུན་ཏུ་རྒྱས་པའི་ཞིང་ཁམས་རབ་མཛེས། སངས་རྒྱས་རབ་ཏུ་དགའ་བའི་ཞིང་ཁམས་མདངས་རབ་ཏུ་དགའ་བ་ཞེས་བྱ་བ་རྣམས་བརྩེགས་མར་གནས་པ་ཡིན་ནོ། །དེ་ལ་མི་མཇེད་ཅེས་བྱ་བ་ནི། བཟོད་པའམ་སྲན་ཐུབ་པའི་དོན་དུ་གསུངས་ཤིང་། ཞིང་འདིའི་སེམས་ཅན་རྣམས་ནི་ཉོན་མོངས་པ་དུག་གསུམ་ལས་མི་མཇེད་པའི་ཕྱིར་དང་། ཞིང་འདི་ན་ཡོད་པའི་བྱང་ཆུབ་སེམས་དཔའ་རྣམས་བཟོད་པ་དང་བརྟན་པ་ལ་རབ་ཏུ་གནས་པའི་ཕྱིར་ཡོན་ཏན་གྱི་ཁྱད་པར་ལས་ཀྱང་བཏགས་སོ། །བཅུ་གསུམ་པ་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ལ་དུས་ཀྱི་བྱེ་བྲག་གིས་བསྐལ་པ་བཟང་པོ་ཞེས་བྱ་བར་ཡང་གྲགས་ཏེ། སྔོན་བསྐལ་པ་འདི་ཉིད་ཐོག་མར་ཆགས་པའི་ཚེ་རྒྱ་མཚོ་ཆེན་པོའི་ནང་ནས་གསེར་གྱི་པདྨ་སྟོང་ཕྲག་གཅིག་ཤར་བ་ལ། གནས་གཙང་མའི་ལྷ་རྣམས་ཀྱིས་བརྟགས་པས་བསྐལ་པ་འདི་ལ་འདྲེན་པ་སྟོང་འབྱོན་པའི་ལྟས་སུ་ཤེས་ནས། ཨེ་མ་བསྐལ་པ་འདི་ནི་བཟང་པོ་འོ་ཞེས་ཆེད་དུ་བརྗོད་པས་དེ་སྐད་དུ་གྲགས་སོ། ཁྱད་པར་མདོ་སྔགས་ཀྱི་ཆོས་ཚུལ་དཔག་ཏུ་མེད་པ་བྱུང་བས་ན་ཀུན་བཟང་ཐུགས་ཀྱི་བསྟན་པ་ཞེས་བྱ་བར་ཡང་གསུངས་སོ། །དེ་ལྟར་མི་མཇེད་འཇིག་རྟེན་ཁོ་ན་ལའང་། དམ་པའི་ཆོས་མངོན་པ་མཛོད་ལས། གླིང་བཞི་པ་དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །ཞེས་པ་ལྟར་གླིང་བཞི་རི་རབ་དང་བཅས་པ་ལྕགས་རི་གཉའ་ཤིང་འཛིན་དང་མཐོ་དམན་མཉམ་པས་བསྐོར་བ་ནི་གླིང་བཞི་པའི་འཇིག་རྟེན་ནོ། །དེ་སྟོང་གི་མཐར་སུམ་ཅུ་རྩ་གསུམ་གྱི་གནས་དང་མཐོ་དམན་མཉམ་པའི་ལྕགས་རིས་བསྐོར་བ་ནི་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན་དང་། དེ་སྟོང་གི་མཐར་གཞན་འཕྲུལ་དབང་བྱེད་ཀྱི་གནས་དང་མཉམ་པའི་ལྕགས་རིས་བསྐོར་བ་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་དང་། དེ་སྟོང་གི་མཐར་ཚངས་པའི་འཇིག་རྟེན་དང་མཉམ་པའི་ལྕགས་རིས་བསྐོར་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ་མཆོག་གི་སྤྲུལ་སྐུ་གཅིག་གི་གདུལ་ཞིང་དུ་གསུངས་སོ། ༈ །གསུམ་པ་ཁྱད་པར་ཛམྦུའི་གླིང་གི་ཞིང་ངམ་གནས་བཤད་པ་ནི། དེ་ལ་ཇི་སྐད་སྨྲས་པའི་གླིང་གཞན་གསུམ་ནི་ལོངས་སྤྱོད་ཀྱི་ས་པ་དང་། ཛམྦུའི་གླིང་ནི་ལས་ཀྱི་ས་པ་ཞེས་དཔལ་དུས་ཀྱི་འཁོར་ལོ་སོགས་ལས་འབྱུང་ངོ་། །དེ་ལ་ཛམྦུའི་གླིང་ཞེས་བྱ་བ་ནི། དབུས་གྱུར་འཆང་མ་ག་དྷཱའི་བྱང་ནས་བྱང་དུ་རི་ནག་པོ་དགུ་བརྒྱུད་འདས་པའི་ཕ་རོལ་ན་རིའི་རྒྱལ་པོ་གངས་ཅན་དང་སྤོས་ཀྱི་ངད་ལྡན་ཞེས་བྱ་བ་ཡོད་དོ། །དེ་གཉིས་ཀྱི་ཚུ་རོལ་ན་ཀླུའི་རྒྱལ་པོ་མ་དྲོས་པ་གནས་པའི་མཚོ་མ་དྲོས་པ་ཞེས་བྱ་བ་ཡན་ལག་བརྒྱད་དང་ལྡན་པ་བསིལ་ཞིང་སྦྲང་རྩི་ལྟ་བུས་གང་བ་ལ། མེ་ཏོག་ཨུཏྤལ་དང་པདྨ་དང་ཀུ་མུ་དཱ་དང་པུཎྜ་རཱི་ཀ་རྣམས་ཀྱིས་ཁེབས་པ་དབྱིབས་ལེགས་ཤིང་ལྟ་ན་སྡུག་པ་དག་ཡོད་དོ། །དེའི་ཤར་དང་ལྷོ་དང་ནུབ་དང་བྱང་གི་ཕྱོགས་བཞི་ནས་གངྒཱ་དང་། སིནྡྷུ་དང་། པཀྵུ་དང་། སི་ཏཱ་སྟེ། ཆུ་བོ་དེ་དག་རེ་རེས་ཀྱང་མ་དྲོས་པའི་མཚོ་ལ་གཡས་སུ་ལན་བདུན་བདུན་དུ་བསྐོར་ནས་ཆུ་བྲན་ལྔ་བརྒྱ་ལྔ་བརྒྱ་དང་ལྷན་ཅིག་ཕྱོགས་བཞིའི་རྒྱ་མཚོ་ག་ལ་བར་ངང་གིས་འགྲོ་བར་བྱེད་དོ། །མཚོ་མ་དྲོས་པའི་འགྲམ་ལོགས་སུ་ཤིང་ཛམྦུ་བྲྀཀྵ་ཞེས་བྱ་བ་འབྲས་བུ་རོ་མཆོག་དང་ལྡན་པ་མཚོ་ནང་དུ་ལྷུང་བ་ལས་ཛམྦུ་ཞེས་བྱ་བའི་སྒྲ་བྱུང་ཞིང་། ཀླུའི་རྒྱལ་པོ་རྣམས་ཉར་སྤྲུལ་ནས་ཟ་བར་བྱེད་ཅིང་མ་ཟོས་པ་རྣམས་ནི་ཆུ་དང་ཕྲད་པའི་སྟོབས་ཀྱིས་ཛམྦུ་ཆུ་བོའི་གསེར་དུ་འགྱུར་བ་ཞིག་ཡོད་པར་གྲགས་ལ། ཤིང་དེས་ཉེ་བར་མཚོན་པའི་གླིང་ཡིན་པས་ཛམྦུའི་གླིང་དུ་བཏགས་སོ། །གཞན་ཡང་གླིང་འདི་ནི་གཞན་ལས་མངོན་པར་འཕགས་པའི་ཁྱད་པར་གྱི་ཆོས་མང་དུ་ཡོད་པར་གསུངས་ཏེ། མདོ་དྲན་པ་ཉེར་བཞག་ལས། གླིང་གསུམ་གྱི་ནང་ནས་འདི་ནི་ལས་ཀྱི་ས་པ་ཡིན། འདི་ནི་དགེ་བ་བཅུའི་ལས་ཀྱི་ལམ་དག་སེམས་པ་ཡིན། འདིར་ནི་སངས་རྒྱས་འབྱུང་བ་ཡིན། འདིར་ནི་མིའི་གནས་བཞི་དག་གི་རག་ལས་པ་ཡིན། འདིར་ནི་དགེ་བ་བཅུའི་ལས་ཀྱི་ལམ་དག་ངེས་པར་སེམས་ཤིང་རྣམ་པར་དཔྱོད་པ་ཡིན། འདིར་ནི་ཚངས་པར་སྤྱོད་པའི་གནས་ཡིན། འདིར་ནི་འཆི་བ་དང་སྐྱེ་བར་སེམས་པ་ཡིན། ཞེས་སོགས་གསུངས་པ་ལྟར། གླིང་འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཞིང་སྦྱོང་བའི་སྨོན་ལམ་གྱི་ཁྱད་པར་མང་པོས་བརྒྱན་པ་དང་། གདུལ་བར་བྱ་བའི་འགྲོ་བ་མཐའ་དག་གིས་ཀུན་ནས་བརྟེན་པའི་གནས་ཡིན་པའི་ཕྱིར་ཁྱད་པར་དུ་འཕགས་པའོ། །དེ་བཞིན་དུ་མ་འོངས་པར་ཡང་སྒྲོན་མེའི་བསྐལ་པ་འདི་ལ་སངས་རྒྱས་བཅོམ་ལྡན་འདས་སྟོང་ངམ་སྟོང་རྩ་གཉིས་འབྱོན་པར་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་འབྱུང་ལ། སྙིང་རྗེ་པདྨ་དཀར་པོ་ལྟར་ན་སྟོང་རྩ་ལྔ་འབྱུང་བར་གསུངས་ཤིང་། བྱང་ཆུབ་ཀྱི་སྙིང་པོ་མངོན་དུ་མཛད་དེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་སུ་འགྱུར་བའི་ཕྱིར་དང་། བྱེ་བྲག་ཏུ་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་ཐུབ་པའི་དབང་པོས་མཛད་པ་སྣ་ཚོགས་བསྟན་པའི་གནས་ཁྱད་པར་ཅན་ཏེ། ཇི་སྐད་དུ། རྫོགས་སངས་གང་དུ་བལྟམས་པ་དང་། །གང་དུ་བྱང་ཆུབ་ལ་རེག་དང་། །ཞི་བའི་འཁོར་ལོ་བསྐོར་བ་དང་། །ཟག་མེད་མྱ་ངན་འདས་པ་ཡི། །གནས་དེ་ལ་ནི་བདག་ཕྱག་འཚལ། །ཞེས་འབྱུང་བ་ལྟར་རོ། །གླིང་འདིའི་ནུབ་ཕྱོགས་སུ། རིག་པ་འཛིན་པ་རྣམས་ཀྱི་དགའ་བའི་ཚལ་ལྟ་བུའི་གནས་མཆོག་ཁྱད་པར་ཅན་ཨཽཌཱིཡན་དང་། ཤར་ཕྱོགས་སུ་རྗེ་བཙུན་བརྟན་པའི་འཁོར་ལོ་གཞོན་ནུའི་ཚུལ་གྱིས་བཞུགས་པའི་གནས་རྒྱ་ནག་རི་བོ་རྩེ་ལྔ། ལྷོ་ཕྱོགས་སུ་སྙིང་རྗེའི་གཏེར་ཆེན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞུགས་པའི་གཞལ་མེད་ཁང་རི་བོ་གྲུ་འཛིན། གཞན་ཡང་སྟོན་པ་ཤཱཀྱའི་རྒྱལ་པོ་ཟུང་འཇུག་གི་སྐུར་བཞེངས་ནས་དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་བསྟན་པའི་གནས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན། བྱང་ཕྱོགས་སུ་ཆོས་རྒྱལ་བདུན་དང་རིགས་ལྡན་ཉི་ཤུ་རྩ་ལྔས་ལེགས་པར་བསྲུངས་པ་ཀ་ལཱ་པ་ཞེས་བྱ་བའི་ཕོ་བྲང་ཆེན་པོ་མཐའ་སྐོར་དུ་གྲོང་ཁྱེར་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་དང་ལྡན་པའི་གནས་ཤམྦྷ་ལ་ཞེས་བྱ་བ་དང་། བྱང་ཕྱོགས་སུ་བཅོམ་ལྡན་འདས་བུ་རམ་ཤིང་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་རྣམ་འདྲེན་ལྔ་པ་མ་བྱོན་པའི་བར་ནུབ་པར་མི་འགྱུར་བའི་གནས་བོད་ཡུལ་ཁ་བ་ཅན་གྱི་ལྗོངས་ཞེས་བྱ་བར་སློབ་དཔོན་ཆེན་པོས་བྱིན་གྱིས་བརླབས་པ་སྐུའི་དབེན་གནས་སྒྲགས་ཀྱི་ཡང་རྫོང་། གསུང་གི་དབེན་གནས་བསམ་ཡས་མཆིམས་ཕུ། ཐུགས་ཀྱི་དབེན་གནས་ལྷོ་བྲག་མཁར་ཆུ། ཡོན་ཏན་གྱི་དབེན་གནས་ཡར་ཀླུངས་ཤེལ་བྲག །ཕྲིན་ལས་ཀྱི་དབེན་གནས་མོན་ཁ་ནེ་རིང་སེངྒེ་རྫོང་སོགས་སྒྲུབ་གནས་ཁྱད་པར་ཅན་མང་དུ་ཡོད་པ་ཡིན་ནོ། །སྤྱིར་ན་འཛམ་བུའི་གླིང་འདིར་མཁའ་འགྲོ་མ་རང་བཞིན་གྱིས་འདུ་བའི་གནས་བརྒྱ་དང་བཅུ་གསུམ་བཞུགས་ཤིང་། རྒྱ་གར་དུ་སུམ་ཅུ་སོ་གཉིས་དང་བོད་ཡུལ་དུ་ཙ་རི་ཊ་དང་གཞོ་སྟོད་ཏི་སྒྲོ་གཉིས་སོགས་བཞུགས་ཞེས་བི་མ་ལ་མི་ཏྲ་གསུང་ངོ་། ཁ་ཅིག་མདོ་རྒྱུད་རྣམས་ནས་འཇིག་རྟེན་གྱི་ཁམས་ཚད་མེད་པར་བསྟན་པ་དག་ལ་ཡིད་ཆེས་པའི་གོ་སྐབས་མ་རྙེད་པར་འཛམ་བུ་གླིང་པའི་སྤྱི་མཐུན་གྱི་སྣང་བ་འདི་ཙམ་ལས་གཞན་མེད་དོ་ཞེས་ཟེར་བ་ནི་ལྐོག་གྱུར་ཚད་མེད་པའི་གནས་རྣམས་ལ་སྐུར་པ་བཏབ་པ་རྒྱང་འཕེན་པའི་ཕྱོགས་སུ་ལྷུང་བ་འབའ་ཞིག་སྟེ། དྲང་སྲོང་ཕུར་བུས། བཟང་མོ་མང་ཐོས་གང་སྨྲས་པ། །གཡོ་བྱེད་སྤྱང་ཀིའི་རྗེས་དང་འདྲ། །ཇི་ཙམ་དབང་པོའི་སྤྱོད་ཡུལ་བ། །སྐྱེས་བུ་ཡང་ནི་དེ་ཙམ་མོ། །ཞེས་སྨྲ་བ་བཞིན་ནོ། །དེས་ན་བདག་ལེགས་སུ་འདོད་པ་རྣམས་ཀྱིས་སངས་རྒྱས་པའི་གཞུང་གང་དག་ལས་ཞིང་ཁམས་ཚད་མེད་པའི་རང་བཞིན་བསྟན་པ་ལ་ལུང་ཚད་མའི་རྗེས་སུ་དྲངས་པའི་བློས་གཞལ་ན་ལས་དང་ལས་ཀྱི་རྣམ་པར་སྨིན་པའི་ཚུལ་བསམ་གྱིས་མི་ཁྱབ་པ་དག་ལ་ཡིད་ཆེས་ཤིང་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཁ་ན་མ་ཐོ་བ་མེད་པ་རྒྱུད་ལ་སྐྱེ་བར་འགྱུར་བས་ན་དམ་པ་རྣམས་ཀྱི་རྗེས་སུ་ཕྱོགས་པ་ལས་གཞན་དུ་ཉེས་པ་སྣ་ཚོགས་བསྐྱེད་པ་ཡིན་ཏེ། མངོན་པ་ཀུན་ལས་བཏུས་པ་ལས། སེམས་ཅན་གྱི་འཇིག་རྟེན་གང་ཡིན་པ་དང་། སྣོད་ཀྱི་འཇིག་རྟེན་གང་ཡིན་པ་ལས་དང་ཉོན་མོངས་པས་བསྐྱེད་པ། ལས་དང་ཉོན་མོངས་པའི་དབང་གིས་བྱུང་བ་འདི་མཐའ་དག་ནི་སྡུག་བསྔལ་གྱི་བདེན་པའོ། །ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་དེ་དག་ནི་སྡུག་བསྔལ་གྱི་བདེན་པ་མ་ཡིན་པར་ལྟ་སྟེ། དེ་དག་ལས་དང་ཉོན་མོངས་པས་བསྐྱེད་པ་མ་ཡིན། ལས་དང་ཉོན་མོངས་པའི་དབང་གིས་འབྱུང་བ་མ་ཡིན་གྱི། སྨོན་ལམ་དང་དགེ་བའི་རྩ་བའི་དབང་གིས་འབྱུང་བ་དག་གོ །དེ་ལྟ་བས་ན་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར། སྐྱེ་བའི་གནས་དེ་དག་ནི་བསམ་གྱིས་མི་ཁྱབ་སྟེ། དེ་དག་ནི་བསམ་གཏན་པ་རྣམས་ཀྱི་བསམ་གཏན་གྱི་ཡུལ་ཡང་མ་ཡིན་ན། རྟོག་གེ་བ་རྣམས་ཀྱི་ཡུལ་མ་ཡིན་པ་ལྟ་སྨྲོས་ཀྱང་ཅི་དགོས། ཞེས་གསུངས་པ་ཡིན་ནོ། །གཞན་ཡང་། དཔལ་ཧེ་རུ་ཀའི་ཆོ་འཕྲུལ་གྱི་རྣམ་པར་རོལ་པའི་ཡུལ་ཆེན་པོ་སུམ་ཅུ་རྩ་གཉིས་དང་། གནས་ཉི་ཤུ་རྩ་བཞི། དུར་ཁྲོད་ཆེན་པོ་བརྒྱད་རྣམས་དང་། ཡུལ་འཁོར་ལྔ་བརྒྱ་དང་། ལྗོངས་ཆེན་པོ་བཅུ་དྲུག་དང་། ཡུལ་ཕྲན་སྟོང་ཕྲག་གཅིག་ལ་སོགས་པ་གནས་སོ། །དེ་ལ་ཡུལ་ཆེན་པོ་སོ་གཉིས་ནི། སམྦུ་ཊ་ལས། གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་ཅན། །ཚནྡྷོ་མངོན་དུ་གྱུར་པ་སྟེ། །ཉེ་བའི་ཚནྡྷོ་སྦྱང་དཀའ་བ། །འདུ་བ་རིང་དུ་སོང་བ་སྟེ། །ཉེ་བའི་འདུ་བ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཉིད། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཕ་རོལ་ཕྱིན་བཅུའི་ས་རྣམས་ལ། །རྣལ་འབྱོར་པ་ཡིས་ཀླ་ཀློའི་སྐད། །པུ་ལ་སོགས་པ་ཅི་གསུངས་པ། །ཕྱི་དང་ནང་དུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར། པུ་ལི་ར་མ། ཛཱ་ལན་དྷ་ར། ཨཽ་ཌཱི་ཡ་ན། ཨརྦུ་ཏ་སྟེ་གནས་བཞི་དང་། གཽ་དྷ་ཝ་རི། ར་མེ་ཤྭ་ར། དེ་བཱི་ཀོ་ཊ། མ་ལ་ཝར་ཏེ་ཉེ་བའི་གནས་བཞི་དང་། ཀཱ་མ་རཱུ་པ། ཨོ་ཊི་བི་ཤ་སྟེ་ཞིང་གཉིས་དང་། ཏྲི་ཤ་ཀུ་ནེ། ཀོ་ས་ལ་སྟེ་ཉེ་བའི་ཞིང་གཉིས་དང་། ཀ་ལིངྐ། ལམྦ་ཀ་སྟེ་ཚན་དྷོ་གཉིས་དང་། ཀཉྩི། ཧི་མ་ལ་སྟེ་ཉེ་བའི་ཚནྡྷོ་གཉིས། པྲེ་ཏ་པུ་རི། གྲི་ཧ་དེ་བ་སྟེ་འདུ་བའི་གནས་གཉིས་དང་། སཽ་རཱཥྚ། སུ་ཝརྞ་དྭཱི་པ་སྟེ་ཉེ་བའི་འདུ་བ་གཉིས། ནཱ་ག་ར། སིནྡྷུ་སྟེ་དུར་ཁྲོད་གཉིས་དང་། མ་རུ་ཏ། ཀུ་ལུ་ཏ་སྟེ་ཉེ་བའི་དུར་ཁྲོད་གཉིས་བཅས་བཞུགས་སོ། །དེ་དག་གི་སྟེང་དུ་དུར་ཁྲོད་ཆེན་པོ་བརྒྱད་གང་དུ་གནས་པའི་ཡུལ་རྣམས་བརྩིས་པས་ཡུལ་ཆེན་པོ་སུམ་ཅུ་རྩ་གཉིས་སོ། །དེ་ཡང་སྔར་དཔལ་ཆེན་པོས་རུ་དྲ་འཁོར་དང་བཅས་པ་བསྒྲལ་པའི་ཚེ་ནམ་མཁའ་ནས་ལྷ་བཞི་དང་དྲི་ཟ་བཞི་འཛམ་བུའི་གླིང་དུ་འོངས་ནས། པུ་ལི་ར་མ། ཛཱ་ལན་དྷ་ར། ཨོ་རྒྱན། ཨརྦུ་ཏ། གོ་དྷ་ཝ་རི། ར་མེ་ཤྭ་ར། དེ་བཱི་ཀོ་ཊ། མ་ལ་ཝར་རྣམས་བཟུང་སྟེ། དེ་བརྒྱད་ཀྱི་མིང་ལ་མཁའ་སྤྱོད་ཀྱི་གནས་བརྒྱད་ཅེས་གྲགས་སོ། །ཡང་གནོད་སྦྱིན་བཞི་དང་སྲིན་པོ་བཞི་ས་སྟེང་ནས་འཛམ་བུའི་གླིང་དུ་འོང་སྟེ། ཀཱ་མ་རཱུ་པ། ཨཽ་ཊི་བི་ཤ །ཏྲི་ཤ་ཀུ་ནེ། ཀོ་ས་ལ། ཀ་ལིངྐ། ལམ་བ་ཀ །ཀཉྩི། ཧི་མ་ལ་ཡའི་ཏི་སེ་བཅས་བཟུང་སྟེ། དེ་བརྒྱད་ཀྱི་མིང་ལ་ས་སྤྱོད་ཀྱི་གནས་བརྒྱད་ཅེས་གྲགས་སོ། །ཡང་ཀླུ་བཞི་དང་ལྷ་མིན་བཞི་ས་འོག་ནས་འཛམ་བུའི་གླིང་དུ་འོང་སྟེ། པྲེ་ཏ་པུ་རི། གྲི་ཧ་དེ་བ། སཽ་རཱཥྚ། སུ་ཝརྞ་དྭཱི་པ། ནཱ་ག་ར། སིནྡྷུ། མ་རུ་ཏ། ཀུ་ལུ་ཏ་རྣམས་བཟུང་སྟེ། དེ་བརྒྱད་ཀྱི་མིང་ལ་ས་འོག་སྤྱོད་ཀྱི་གནས་བརྒྱད་ཅེས་གྲགས་སོ། ཁྱད་པར་ནི་སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེའི་དྲི་ལན་རིན་ཆེན་ཕྲེང་བ་ལས། དེ་ལྟར་ཡུལ་ཉེར་བཞི་པོ་རྣམས་ལས་བྱེ་བྲག་མཁའ་འགྲོ་རྣམས་རྟག་ཏུ་བཞུགས་པ་དང་རེས་འགའ་ཙམ་བཞུགས་པའི་ས་ལས་གནས་དང་ཉེ་བའི་གནས་ཏེ་མཁའ་སྤྱོད་དོ། །རྟག་ཏུ་ལོངས་སྤྱོད་ཀྱི་ས་དང་རེ་འགའ་ལོངས་སྤྱོད་པས་ཞིང་དང་ཉེ་བའི་ཞིང་སྟེ་ལོངས་སྤྱོད་དོ། །རྟག་ཏུ་བཀའ་བགྲོ་བའི་ས་དང་རེས་འགའ་ཙམ་བཀའ་བགྲོ་བའི་ས་སྟེ་འདུ་བ་དང་ཉེ་བའི་འདུ་བ། རྟག་ཏུ་ཚོགས་འཁོར་བྱེད་ས་དང་རེས་འགའ་ཙམ་ཚོགས་འཁོར་བྱེད་པས་རྣམ་རྟོག་སྤོང་བའི་ས་སྟེ་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དེ་དག་ནི་ས་སྤྱོད་དོ། །ཞེས་གསུངས་སོ། །ཧེ་རུ་ཀའི་གནས་བཅུ་ནི། གལ་པོ་ལས། གནས་དང་ཉེ་བའི་གནས་གཉིས་དང་། །ཡུལ་ནི་རོལ་པ་ཉེ་ཡུལ་རོལ། །ཞིང་དང་ཉེ་བའི་ཞིང་དང་ནི། །འདུ་བ་ཉེ་བའི་འདུ་བ་དང་། །ཚནྡོ་ཉེ་བའི་ཚནྡོ་ཡིན། །ཞེས་སོ། །དུར་ཁྲོད་ཀྱི་གནས་བརྒྱད་ལ་ཕྱི་ནང་གསང་གསུམ་ལས། ཕྱི་ནི། གལ་པོ་ལས། ཡུལ་གྱི་མིང་ནི་རྒྱ་གར་ཡུལ། །དུར་ཁྲོད་ཆེན་པོ་བསིལ་བ་ཚལ། །ཡུལ་གྱི་མིང་ནི་སིངྷའི་ཡུལ། །དུར་ཁྲོད་ཆེན་པོ་སྐུ་ལ་རྫོགས། །ཡུལ་གྱི་མིང་ནི་ཁ་ཆེའི་ཡུལ། །དུར་ཁྲོད་ཆེན་པོ་ཧེ་ཆེན་བརྡལ། །ཡུལ་གྱི་མིང་ནི་ཐོ་གར་ཡུལ། །དུར་ཁྲོད་ཆེན་པོ་གསང་ཆེན་རོལ། །ཡུལ་གྱི་མིང་ནི་ཨོ་རྒྱན་ཡུལ། །དུར་ཁྲོད་ཆེན་པོ་པདྨ་བརྩེགས། །ཡུལ་གྱི་མིང་ནི་བལ་པོའི་ཡུལ། །དུར་ཁྲོད་ཆེན་པོ་ཡ་མ་ཁ། །ཡུལ་གྱི་མིང་ནི་ཟ་ཧོར་ཡུལ། །དུར་ཁྲོད་ཆེན་པོ་ཁྱུ་བྱུག་ཀློང་། །ཡུལ་གྱི་མིང་ནི་ལི་ཡི་ཡུལ། །དུར་ཁྲོད་ཆེན་པོ་མངོན་རྫོགས་ཡིན། །ཞེས་སོ། །ནང་གི་དུར་ཁྲོད་བརྒྱད་ནི། ཡན་ལག་ལྔ། སྙིང་ཁོག་པ་དང་བཅས་པ། ནང་ཁྲོལ། མཚན་མ་རྣམས་སོ། །གསང་བའི་དུར་ཁྲོད་ནི། རྣམ་ཤེས་ཚོགས་བརྒྱད་ཀྱི་ཆོ་འཕྲུལ་ལས་ཤར་བའི་མ་མོ་ཆེན་མོ་རྣམས་ཏེ། ཀུན་གཞི་རྣམ་ཤེས་གཽ་རཱི་མ། ཡིད་ཀྱི་རྣམ་ཤེས་ཙཽ་རཱི་མ། ཉོན་ཡིད་པྲ་མོ་ཧ། རེག་ཤེས་བཻཏཱ་ལི། མིག་ཤེས་པུཀྐ་སི། ལྕེ་ཤེས་གྷསྨ་རཱི། རྣ་བའི་ཤེས་པ་སྨེ་ཤ་ནི། སྣ་ཡི་ཤེས་པ་ཙཎྜ་ལཱི་རྣམས་སོ། །འདི་དག་གི་ཁྱད་པར་ནི་དགྱེས་པ་རྡོ་རྗེ་དང་འཁོར་ལོ་བདེ་མཆོག་གི་རྒྱུད་དང་དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་སོགས་ལས་རྟོགས་པར་འགྱུར་རོ།། ༈ གཉིས་པ་རྫོགས་པའི་སངས་རྒྱས་རྣམས་ཇི་ལྟར་བྱོན་པའི་ཚུལ་བརྗོད་པ་ལ། སྤྱིར་བསྟན་པ་དང་། བྱེ་བྲག་ཆོས་འཁོར་གྱི་རང་བཞིན། གཏད་རབས་དང་ལྷན་ཅིག་ཐུན་མོང་ཐུན་མིན་གྱི་བཀའ་ཡི་བསྡུ་བ་དང་བསྟན་པ་ཇི་ལྟར་བསྐྱངས་པའི་ཚུལ་བཤད་པ་དང་གསུམ་ལས། དང་པོ་སྤྱིར་བསྟན་ལ་དངོས་དང་། བྱེ་བྲག་ཏུ་བཤད་པ་གཉིས་ལས་དང་པོ་ནི། དེ་ཡང་སྔོན་འདས་པའི་དུས་ན་བསྐལ་པ་ཆེན་པོ་མངོན་པར་དགའ་བ་ལ་སངས་རྒྱས་སུམ་ཁྲི་སུམ་སྟོང་བྱོན། དེའི་འོག་ཏུ་མུན་པའི་བསྐལ་པ་བརྒྱ་བྱུང་། དེ་ནས་བསྐལ་པ་རྫོགས་ལྡན་ཞེས་བྱ་བ་ལ་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་བྱུང་། དེའི་འོག་ཏུ་མཐའ་འཁོབ་ཀྱི་བསྐལ་པ་བརྒྱ་བྱུང་། དེའི་འོག་ཏུ་བསྐལ་པ་བཟང་ལྡན་ཞེས་བྱ་བ་ལ་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་བྱུང་། དེའི་འོག་ཏུ་མུན་པའི་བསྐལ་པ་ལྔ་བརྒྱ་བྱུང་། དེ་ནས་བསྐལ་པ་མཐོང་ན་དགའ་བ་ལ་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་བྱུང་། དེའི་འོག་ཏུ་མུན་བསྐལ་བདུན་བརྒྱ་བྱུང་། དེ་ནས་བསྐལ་པ་དགའ་བ་དང་ལྡན་པ་ལ་སངས་རྒྱས་སྟོང་ཕྲག་དྲུག་ཅུ་བྱུང་། དེའི་རྗེས་ལ་བསྐལ་པ་བཟང་པོ་འདི་ཉིད་བྱུང་བར་དགོངས་འདུས་ལས་གསུངས་སོ། །ཡང་གསང་སྔགས་ཀྱི་བསྟན་པ་འབྱུང་བའི་ཚུལ་ནི། ཨོ་རྒྱན་སངས་རྒྱས་གཉིས་པས། སྔོན་བསྐལ་པ་ཐོག་མ་ལ་བསྐལ་པ་ཀུན་བཀོད་ཅེས་བྱ་བ་བྱུང་བའི་ཚེ༔ སངས་རྒྱས་སྔོན་བྱུང་གི་རྒྱལ་པོ་ཞེས་བྱ་བའི་བསྟན་པ་ལ་གསང་སྔགས་རྒྱ་ཆེར་བསྒྲགས་སོ༔ ད་ལྟར་གྱི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འདི་ལ་གསང་སྔགས་བྱོན་པའོ༔ ད་སྟེ་བསྐལ་པ་བྱེ་བ་འདས་པའི་འོག་ཏུ་བསྐལ་པ་མེ་ཏོག་བཀོད་ཅེས་བྱ་བ་འབྱུང་བའི་ཚེ༔ སངས་རྒྱས་འཇམ་དཔལ་དབྱངས་ཞེས་བྱ་བ་ད་ལྟའི་ང་དང་ཚུལ་མཐུན་པ་ཞིག་འབྱུང་སྟེ༔ དེས་གསང་སྔགས་རྒྱ་ཆེར་སྟོན་པར་འགྱུར་རོ༔ བསྐལ་པ་དེ་གསུམ་ནི་འགྲོ་བ་རྣམས་སྣོད་དུ་རུང་བའི་ཕྱིར་རོ༔ བསྐལ་པ་དེ་གསུམ་མ་ཡིན་པར་དུས་ནམ་ཡང་གསང་སྔགས་མི་འབྱུང་ངོ༔ ཞེས་བྱ་བ་གསུངས་སོ། །དེ་ལ་བསྐལ་པ་བཟང་པོ་འདིར། སངས་རྒྱས་སྟོང་འཇིག་རྟེན་འདིར་འབྱོན་པར་བཤད་པ་ནི་མཆོག་གི་སྤྲུལ་པའི་སྐུ་སྟེ། ཉན་ཐོས་བྱེ་བྲག་སྨྲ་བ་ནི་འགྲན་ཟླ་མེད་པའི་མཛད་པ་མངའ་བའི་ཕྱིར་འཇིག་རྟེན་གྱི་ཁམས་གཅིག་ན་སྟོན་པ་གཉིས་དང་གསུམ་ལ་སོགས་པ་དུས་གཅིག་ཏུ་མི་འབྱོན་པར་འདོད་ལ། མདོ་སྡེ་པ་ནི། སངས་རྒྱས་མང་པོ་ཐོག་མར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་། བར་དུ་ཚོགས་བསགས་པ་དང་། མཐའ་མར་སངས་རྒྱས་པ་ལ་དུས་མཉམ་པ་མང་དུ་ཡོད་པའི་ཕྱིར་གླིང་གཅིག་ན་སངས་རྒྱས་མང་པོ་དུས་གཅིག་ལ་བྱོན་ཀྱང་མི་འགལ་བར་འདོད་དོ། །དེ་ཡང་བསྐལ་པ་འདིར་སྐྱེ་དགུ་རྣམས་ཚེ་ལོ་བརྒྱད་ཁྲི་ཐུབ་པའི་དུས་སངས་རྒྱས་འཁོར་བ་འཇིག་དང་། བཞི་ཁྲི་པའི་དུས་སུ་གསེར་ཐུབ་དང་། ཉི་ཁྲིའི་དུས་སུ་འོད་སྲུངས་དང་། ཚེ་ལོ་བརྒྱ་པའི་དུས་སུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གླིང་འདིར་བྱོན་ནས་འགྲོ་བ་དཔག་ཏུ་མེད་པ་བྱང་ཆེན་གྱི་ས་ལ་བཀོད་པར་མཛད་དོ། །འོ་ན་སངས་རྒྱས་རྣམ་གཟིགས་དང་། རིན་ཆེན་གཙུག་ཏོར་ཅན་དང་། ལོག་པར་དད་སེལ་དང་། ཐམས་ཅད་སྐྱོབ་ལ་སོགས་པ་སྔར་བྱོན་པར་བཤད་པས་ན་སངས་རྒྱས་སྟོང་དུ་གྲངས་མ་ངེས་སོ་ཞེ་ན། དེ་དག་ནི་བར་གྱི་སངས་རྒྱས་ཞེས་བྱ་ཞིང་། མཛད་པ་བཅུ་གཉིས་སོགས་རྫོགས་པར་མི་སྟོན་པ་ཡིན་ལ། སྙིང་རྗེ་པདྨ་དཀར་པོ་ལས་སངས་རྒྱས་སྟོང་རྩ་ལྔར་བཤད་པ་ཡང་འདི་རྣམས་ལ་དགོངས་པའོ། ༈ །གཉིས་པ་བྱེ་བྲག་ཏུ་ཅུང་ཟད་ཕྱེ་སྟེ་བསྟན་པ་ལ། གདོད་མའི་མགོན་པོ་ཆོས་ཀྱི་སྐུར་མངོན་པར་བྱང་ཆུབ་པའི་ཚུལ། དེའི་རྣམ་འཕྲུལ་སྟོན་པ་ཐུབ་པའི་དབང་པོ་བྱང་ཆུབ་ཇི་ལྟར་བརྙེས་ཚུལ། དེ་ལས་གཟུགས་སྐུ་གཉིས་ཀྱི་སྤྲུལ་པ་སྣང་ཚུལ། འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་ཁྱད་པར་ཕྱེ་བའོ། །དང་པོ་ནི། ཞིང་འདིའི་གདུལ་བྱའི་དོན་དུ་ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ཉིད་ཐབས་ལ་མཁས་པའི་རྣམ་འཕྲུལ་ཆེན་པོས་སོ་སྐྱེ་རང་ག་མས་སེམས་བསྐྱེད་པ་ལྟར་བསྟན་ནས་སངས་རྒྱས་པ་དང་མཛད་པའི་རོལ་པ་བཀྱེ་བའི་ཚུལ་ནི་ཐུན་མོང་གི་ཐེག་པར་ཡང་། ཡབ་སྲས་མཇལ་བའི་མདོ་ལས། དཔའ་བོ་ཆེན་པོ་ཐབས་མཁས་ཏེ། །སེམས་ཅན་རྣམས་ཡོངས་སྨིན་བྱའི་ཕྱིར། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་དུ་ཡང་འདྲེན་པ་ཁྱོད། །སངས་རྒྱས་མཛད་པ་མང་སྟོན་མཛད། །ཅེས་དང་། འཕགས་པ་ཕལ་པོ་ཆེ་ལས། བྱང་ཆུབ་རྒྱ་མཚོ་རབ་བརྙེས་གྱུར་ནས་ཀྱང་། །སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱའི་ཕྱིར། །བྱང་ཆུབ་སེམས་བསྐྱེད་རྒྱ་མཚོ་སྟོན་མཛད་ཅིང་། །མི་འགྲིབ་སྤྱོད་པ་རྒྱ་མཚོ་དུས་ཀུན་སྟོན། །བདེ་གཤེགས་རྣམས་ཀྱི་རྣམ་འཕྲུལ་དེ་འདྲ་འོ། །ཞེས་གསུངས་པ་བཞིན། འདི་ནས་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་ཞིང་ཁམས་རང་བཞིན་རྣམ་པར་བཀོད་པ་ཞེས་བྱ་བར། ཐོག་མའི་མགོན་པོའི་རྣམ་པར་འཕྲུལ་པས་སངས་རྒྱས་མེ་ཏོག་མཛེས་པ་ཆེན་པོ་ལ་གསེར་གྱི་རྡོ་རྗེ་གཅིག་ཕུལ་ནས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། དེ་ནས་སྐྱེ་བ་གཉིས་འདས་པ་ན་ཁྱིམ་བདག་ལེགས་སྦྱིན་གྱི་སྲས་ནོར་བུའི་ཕྲེང་བ་ཞེས་པར་གྱུར་ནས་སངས་རྒྱས་འཁོར་ལོ་ལེགས་པར་སྤྱོད་པའི་དྲུང་དུ་ཆོས་མཉན། དེ་ནས་གློག་གི་འོད་ཅེས་བྱ་བའི་སྲས་བྲམ་ཟེའི་ཁྱེའུ་ལེགས་བྱིན་ཅེས་པར་གྱུར་ཏེ་སངས་རྒྱས་དགེ་བའི་བློ་གྲོས་ལས་ཆོས་ཉན་ཅིང་ལོ་བདུན་དུ་ཏིང་ངེ་འཛིན་ལ་གནས་ཤིང་། བདུན་ཅུ་རྩ་ལྔའི་མཐར་གྱིས་རིན་པོ་ཆེའི་ཕུང་པོ་རྣམ་པར་བཀོད་པ་ཞེས་བྱ་བའི་རིའི་རྩེ་མོར་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་ནས་ཆོས་སྐུའི་དགོངས་པར་བསྐལ་ཆེན་གཅིག་ཏུ་བཞུགས་ཤིང་། ལོངས་སྤྱོད་ཐམས་ཅད་རྫོགས་པའི་སྐུ་རྒྱན་དང་ཁ་དོག་གི་འཁོར་ལོར་རང་བྱོན་ཅིང་དེ་ཉིད་ཀྱི་ངང་ལས་རང་སྣང་གི་རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་གྲངས་ལས་འདས་པ་རང་བྱུང་ལ། སྣང་ཆ་ལས་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པ་རྡོ་རྗེ་འཆང་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་མཛད་པ་སུམ་ཅུ་རྩ་དྲུག་ལ་དབང་འབྱོར་བ་སྟེ་གསང་སྔགས་ཀྱི་རྒྱུད་ཕལ་ཆེར་ལས་སྟོན་པ་རྡོ་རྗེ་འཆང་དང་། སྙིང་ཐིག་ཡང་གསང་གི་རྡོ་རྗེའི་གནས་ཟབ་མོ་སྟོན་པ་ལ་ཀུན་ཏུ་བཟང་པོ་དང་། གཞན་དུ་དམ་པ་དང་པོའི་སངས་རྒྱས་དང་། རྡོ་རྗེ་སེམས་དཔའ་སོགས་མཚན་གྱི་རྣམ་གྲངས་དུ་མས་བསྙད་པ་སྟེ། དོན་ལ་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་གང་དུའང་དབྱེར་མི་ཕྱེད་པ་ཀུན་གྱི་སྔོན་རོལ་དུ། སྲིད་ཞི་ཡོངས་ལ་མངའ་དབང་སྒྱུར་བའི་སྟོན་པ་ཀུན་ཏུ་བཟང་པོ་ཉིད་དབྱིངས་བདེ་བར་གཤེགས་པའི་སྙིང་པོ་གདོད་མའི་གཞི་ལས་གཞི་སྣང་དུ་ཤར་བའི་སྐད་ཅིག་ལ། རང་སྣང་དུ་ངོ་ཤེས་པས་རང་རིག་པའི་ཡེ་ཤེས་ཉིད་རང་སར་གྲོལ་བས་དུས་གསུམ་གྱིས་བསྡུས་པའི་ཤེས་བྱ་ཐམས་ཅད་ལ་རྣམ་པར་མི་རྟོག་པ་རང་བྱུང་གི་ཡེ་ཤེས་སུ་ཁྱད་ཆོས་དྲུག་གི་ངོ་བོར་སངས་རྒྱས་པ་སྟེ། གཞི་ལས་འཕགས་པ། རང་ངོར་སྣང་བ། བྱེ་བྲག་ཕྱེད་པ། ཕྱེད་ཐོག་གྲོལ་བ། གཞན་ལས་མ་བྱུང་བ། རང་སར་གནས་པའོ། །དཔལ་གསང་བའི་སྙིང་པོ་ལས། ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །བཙལད་ཀྱང་རྒྱལ་བས་མི་བརྙེས་སོ། །ཞེས་དང་། ཐམས་ཅད་མཆོག་གི་སྙིང་པོ་ལས། །གཞན་དུ་རྒྱལ་བས་ཆོས་མི་བཙལ། །ཉིད་ལས་གཞན་ཞེས་བྱ་བའི་ཆོས། །བཙལད་ཀྱང་རྒྱལ་བས་མི་བརྙེས་སོ། །ཞེས་འབྱུང་ངོ་། །དེའི་བྱིན་རླབས་ལས་རང་སྣང་ཞིང་ཁམས་ལྷུན་གྲུབ་སྟུག་པོ་བཀོད་པ་བསམ་བརྗོད་དང་མཚན་མའི་ཡུལ་ལས་རིང་དུ་སོང་བ་རྒྱ་མ་ཆད་ཅིང་ཕྱོགས་སུ་མ་ལྷུང་པར། སངས་རྒྱས་ཉིད་ཀྱི་ཡེ་ཤེས་ཀྱིས་བསྡུས་པའི་རང་སྣང་ལོངས་སྤྱོད་རྫོགས་སྐུའི་དཀྱིལ་འཁོར་ངེས་པ་ལྔ་ལྡན་གྱི་བདག་ཉིད་རིགས་ལྔའི་སྟོན་པ་རྣམས་སྐུ་དང་ཡེ་ཤེས་ཐ་མི་དད་པའི་རོལ་པ་ཆེན་པོར་བཞུགས་པ་ལས། གཞན་དོན་དུ་རིགས་ལྔ་གངས་ཆེན་མཚོའི་ཕྱག་རྒྱའི་གནས་རྣམས་དང་། བ་སྤུའི་ཁུང་བུ་རེ་རེ་ལའང་འབྱུང་བ་བཞིའི་རྡུལ་ཕྲ་རབ་ཇི་སྙེད་པའི་གོ་ཐམས་ཅད་ན་ཞིང་ཁམས་ཆེན་པོ་དབྱིབས་དང་ཚད་དང་ཐོག་མཐའ་ལ་སོགས་པ་བརྗོད་པའི་ཡུལ་ཐམས་ཅད་ལས་འདས་པ་ཁོ་ནས་རྒྱས་པར་གཏམས་པ་ཡིན་ནོ། ༈ །གཉིས་པ་དེའི་རྣམ་འཕྲུལ་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་ཇི་ལྟར་བྱོན་པའི་ཚུལ་བཤད་པ་ལ། དང་པོ་བྱང་ཆུབ་ཀྱི་ཐུགས་བསྐྱེད་པའི་ཚུལ་ལ། ཉན་ཐོས་སྡེ་པ་ལྟར་ན། ལུང་སྨན་གྱི་གཞི་ལས། ཀུན་དགའ་བོས། འཇིག་རྟེན་གཙོ་བོ་རྣམ་འདྲེན་པ། །ཐུབ་པ་ཁྱོད་ཀྱིས་བྱང་ཆུབ་ཐུགས། །ཐོག་མར་གང་དུ་བསྐྱེད་པ་དག །སྐལ་ལྡན་ཆེན་པོ་བདག་ལ་གསུངས། །ཞེས་ཞུས་པ་ན། སངས་རྒྱས་འདོད་ཆགས་བྲལ་ཐོས་ཤིང་། །གླང་པོ་དྲེགས་པའི་ཤས་ཆེན་དང་། །འཇིག་རྟེན་སྡུག་བསྔལ་གྱུར་མཐོང་ནས། །ངས་ནི་བྱང་ཆུབ་སེམས་བསྐྱེད་དོ། །མི་དབང་འོད་ལྡན་གྱུར་པ་ན། །ངས་ནི་བྱང་ཆུབ་འདོད་པའི་ཕྱིར། །དེ་ཚེ་བརྟན་པོར་དམ་བཅས་ཏེ། །སྐྱོན་མེད་པ་ཡི་སྦྱིན་པ་བཏང་། །ཞེས་འབྱུང་བས་སྔོན་རྒྱལ་པོ་འོད་ལྡན་ནམ་ས་བདག་རབ་གསལ་ཞེས་བྱ་བར་གྱུར་པ་ན་ཐོག་མར་སེམས་བསྐྱེད་པར་འདོད་དོ། །ཐེག་ཆེན་པའི་ལུགས་ནི། མདོ་སྡེ་བསྐལ་པ་བཟང་པོ་ལྟར་ན། ང་ནི་སྔོན་ཚེ་དམན་པར་གྱུར་པ་ན། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ། །འཇམ་གང་ཞིག་གི་འབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་ཤཱཀྱ་ཐུབ་པ་ལས་དང་པོར་སེམས་བསྐྱེད་པར་གསུངས་ཤིང་། སྙིང་རྗེ་པདྨ་དཀར་པོ་ལས་ནི་བྲམ་ཟེ་རྒྱ་མཚོའི་རྡུལ་དུ་གྱུར་པ་ན་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་ལས་སེམས་བསྐྱེད་པར་གསུངས་པ་དང་། མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་ལས། སྔོན་ཚོང་དཔོན་གྱི་བུ་དྲི་མ་མེད་པའི་དཔུང་པ་ཞེས་བྱ་བར་གྱུར་པའི་ཚེ་འཕགས་པ་འཇམ་དཔལ་དགེ་སློང་ཆོས་སྨྲ་བ་ཡེ་ཤེས་རྒྱལ་པོར་གྱུར་པ་ལ་དང་པོར་སེམས་བསྐྱེད་པར་གསུངས་པ་དང་། དྲིན་ལན་བསབས་པའི་མདོ་ལས། བདག་ཅག་གི་སྟོན་པ་འདི་སྔོན་དམྱལ་བར་ཤིང་རྟ་འདྲེན་པའི་གྱད་བག་ཤི་ཏར་འཁྲུངས་པའི་ཚེ་གྲོགས་ཀ་མ་རཱུ་པ་ཞེས་བྱ་བ་ལ་མི་བཟོད་པའི་སྙིང་རྗེ་སྐྱེས་ཏེ་བྱང་ཆུབ་ཀྱི་ལམ་ལ་རིམ་གྱིས་བསླབས་པར་ཡང་གསུངས་སོ། ༧ །གཉིས་པ་ཚོགས་བསགས་པའི་ཚུལ་ནི། ཉན་ཐོས་པ་ལྟར་ན། སྔོན་ཡངས་པའི་གྲོང་ཁྱེར་དུ་རྫ་མཁན་ཡངས་པའི་འོད་ཅེས་བྱ་བར་གྱུར་པའི་ཚེ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་བསེར་མའི་སྙུན་གྱིས་ཟིན་པ་ལ་ཆུ་འཇམ་པོས་སྐུ་ཁྲུས་གསོལ་ཏེ། མར་དང་ཏིལ་མར་གྱིས་བྱུགས་ནས། བུ་རམ་ཆུའི་བཏུང་བ་དྲངས་པས་སྙུན་ལས་གྲོལ་བ་དང་། བདག་ཀྱང་རབ་ཏུ་སྦྱིན་པ་འདི་ཡིས་ཤཱཀྱའི་རིགས་སྐྱེས་པ། །ཡོན་ཏན་རིགས་དང་རུས་དག་མཉམ་པའི་སངས་རྒྱས་ཉིད་གྱུར་ཅིང་། །བདག་གིས་ཚངས་པའི་འཇིག་རྟེན་བར་གྱི་ཉམ་ཐག་འཆི་བའི་མི། །ཕ་རོལ་ཞི་བ་རྒྱ་ཆེན་འཇིགས་པ་མེད་པས་སྒྲོལ་བར་ཤོག །ཅེས་སྨོན་ལམ་བཏབ་བོ། །ཞེས་དང་། ང་ནི་རྫ་མཁན་གྱུར་པ་ན། །སངས་རྒྱས་ཤཱཀྱ་ཐུབ་མཐོང་ནས། །བྱང་ཆུབ་ཕྱིར་ནི་ཐོག་མར་ངས། །མར་དང་ཏིལ་མར་གྱིས་མཆོད་དོ། །ཞེས་འབྱུང་ངོ་། །དེ་ནས་བཟུང་སྟེ་བསྐལ་པ་གྲངས་མེད་དང་པོར་སངས་རྒྱས་བདུན་ཁྲི་ལྔ་སྟོང་ལ་བསྙེན་བཀུར་བྱས་པའི་མཐའ་མར་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་བྱུང་སྟེ། དེའི་ཚེ་བསྐལ་པ་གྲངས་མེད་དང་པོ་རྫོགས་སོ། །དེ་ནས་བཟུང་སྟེ་གྲངས་མེད་གཉིས་པར་སངས་རྒྱས་བདུན་ཁྲི་དྲུག་སྟོང་ལ་བསྙེན་བཀུར་བྱས་པའི་མཐའ་མར་སངས་རྒྱས་མར་མེ་མཛད་བྱུང་སྟེ། དེའི་ཚེ་གྲངས་མེད་གཉིས་པ་རྫོགས་སོ། །དེ་ནས་བཟུང་སྟེ་གྲངས་མེད་གསུམ་པར་སངས་རྒྱས་བདུན་ཁྲི་བདུན་སྟོང་ལ་བསྙེན་བཀུར་བྱས་པའི་མཐའ་མར་སངས་རྒྱས་རྣམ་པར་གཟིགས་བྱུང་སྟེ། དེའི་ཚེ་གྲངས་མེད་གསུམ་པ་རྫོགས་སོ། །དེ་དག་ཐམས་ཅད་ཀྱི་དང་པོ་ནི་སྔོན་གྱི་སངས་རྒྱས་ཤཱཀྱ་ཐུབ་པ་ཉིད་ཡིན་ནོ་ཞེས་འདོད་དོ། །ལུང་སྨན་གྱི་གཞི་ལས་ནི། ཀུན་དགའ་བོས། འཇིག་རྟེན་གཙོ་བོ་རྣམ་འདྲེན་པ། ཁྱོད་སྔོན་བྱང་ཆུབ་སྤྱོད་པ་ན། །སངས་རྒྱས་ཇི་སྙེད་དུས་གང་དུ། །ཇི་ལྟ་བུར་ནི་བསྙེན་བཀུར་མཛད། །ཅེས་དང་། རྒྱལ་པོོ་གསལ་རྒྱལ་གྱིས། བཙུན་པ་བཅོམ་ལྡན་འདས་བླ་ན་མེད་པའི་བྱང་ཆུབ་དོན་དུ་གཉེར་བའི་སླད་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་ལ་བསྙེན་བཀུར་བར་བགྱིས་ལགས་ཞེས་ཞུས་པ་ན། ལན་དུ། སངས་རྒྱས་ཤཱཀྱ་ཐུབ་པ་ནས། །འདྲེན་པ་ཡུལ་འཁོར་སྐྱོང་གི་བར། །བདུན་ཁྲི་དང་ནི་ལྔ་སྟོང་གི །སངས་རྒྱས་རྣམས་ནི་ངས་མཆོད་དོ། །སངས་རྒྱས་མར་མེ་མཛད་ནས་ནི། །ཐུབ་པའི་དབང་པོ་རྒྱལ་མཚན་བར། །བདུན་ཁྲི་དང་ནི་དྲུག་སྟོང་གི །སངས་རྒྱས་རྣམས་ནི་ངས་མཆོད་དོ། །སངས་རྒྱས་ལེགས་མཛད་ནས་བཟུང་སྟེ། །སངས་རྒྱས་འོད་སྲུངས་བར་དག་ཏུ། །བདུན་ཁྲི་བདུན་སྟོང་ང་ཡིས་མཆོད། །གྲངས་མེད་གསུམ་པོ་དེ་ལ་ནི། །རྒྱལ་བ་ངས་ནི་མཆོད་བྱས་ཏེ། །བྱང་ཆུབ་ཕྱིར་ནི་སྤྱད་པ་ན། །དེ་ཚེ་ང་ལ་སྐྱོ་སེམས་མེད། །ཅེས་བྱ་བ་གསུངས་སོ། །ཐེག་པ་ཆེན་པོ་ནི་རྒྱ་ཆེ་རོལ་པ་སོགས་ལས་སངས་རྒྱས་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པ་ལ་བསྙེན་བཀུར་བར་བཞེད་དོ། །ཀུན་མཁྱེན་ཀློང་ཆེན་པའི་བཞེད་པ་ནི། བསྐལ་པ་གྲངས་མེད་པའི་སྔོན་རོལ་དུ་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་འཇིག་རྟེན་དུ་བྱོན་པའི་ཚེ། སྟོན་པ་འདི་ཉིད་རྫ་མཁན་གྱི་ཁྱེའུ་སྣང་བྱེད་ཅེས་བྱ་བར་གྱུར་པས། གདུགས་གཅིག །མཆིལ་ལྷམ་ཟུང་གཅིག །འགྲོན་བུ་ལྔ་བརྒྱ་མེ་ཏོག་གི་ཚུལ་དུ་ཕུལ་ཏེ། བདེ་གཤེགས་ཁྱོད་ཀྱི་སྐུ་ནི་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། ཁྱོད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲར་བདག་ཀྱང་དེ་བཞིན་འགྲུབ་པར་ཤོག །ཅེས་གསུངས་ཏེ་སེམས་བསྐྱེད་པ་དང་། དེ་བཞིན་དུ་སངས་རྒྱས་དཀོན་ཅོག་ཡན་ལག་འཇིག་རྟེན་དུ་བྱོན་པ་དེའི་ཚེ་ཚོང་དཔོན་ཤེས་རབ་བཟང་པོ་ཞེས་བྱ་བར་གྱུར་ནས་སེམས་བསྐྱེད་པ་དང་། སངས་རྒྱས་འོད་མཛེས་འཇིག་རྟེན་དུ་བྱོན་པའི་ཚེ་རྒྱལ་པོ་དགེ་བར་གྱུར་ནས་སེམས་བསྐྱེད་པར་གསུངས་ཤིང་། ཚོགས་བསགས་པའི་ཚུལ་ཡང་གྲངས་མེད་དང་པོ་ལ་སངས་རྒྱས་ཡུལ་འཁོར་སྐྱོང་ལ་སོགས་པ་ལྔ་ཁྲི་ལྔ་སྟོང་ལ་བསྙེན་བཀུར་ཞིང་ཚོགས་གཉིས་ཕུལ་དུ་ཕྱིན་པས་ཚོགས་ལམ་དང་སྦྱོར་བའི་ལམ་མངོན་དུ་མཛད་དེ། ལུང་གཞི་ལས། གྲངས་མེད་དང་པོ་གྱུར་པའི་ཚེ། །འདྲེན་པ་ཡུལ་འཁོར་སྐྱོང་ནས་ནི། །དབང་པོ་རྒྱལ་མཚན་ཐུབ་པའི་བར། །ལྔ་ཁྲི་ལྔ་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དེ། །དེ་ཚེ་ང་ལ་སྐྱོ་སེམས་མེད། །ཅེས་དང་། གཉིས་པར་སངས་རྒྱས་ལེགས་མཛད་ལ་སོགས་པ་དྲུག་ཁྲི་དྲུག་སྟོང་མཆོད་དེ་ས་དང་པོ་ནས་བདུན་པའི་བར་རྫོགས་པར་མཛད་པ་ནི། དེ་ཉིད་ལས། སངས་རྒྱས་ལེགས་མཛད་ནས་བཟུང་སྟེ། །འདྲེན་པ་རྣམ་པར་གཟིགས་ཀྱི་བར། །དྲུག་ཁྲི་དྲུག་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དེ། །དེ་ཚེ་ང་ལ་སྐྱོ་སེམས་མེད། །ཅེས་སོ། །གསུམ་པ་ལ་སངས་རྒྱས་མར་མེ་མཛད་ནས་འོད་སྲུངས་ཀྱི་བར་བདུན་ཁྲི་བདུན་སྟོང་ལ་དགེ་བའི་རྩ་བ་བསྐྲུན་ཅིང་དག་པ་ས་གསུམ་མངོན་དུ་མཛད་པ་ཡང་དེ་ཉིད་ལས། སངས་རྒྱས་མར་མེ་མཛད་ནས་ནི། །རྒྱལ་བ་འོད་སྲུངས་བར་དག་ཏུ། །བདུན་ཁྲི་བདུན་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དེ། །དེ་ཚེ་ང་ལ་སྐྱོ་སེམས་མེད། །ཅེས་པའི་ལུང་དང་སྦྲགས་ཏེ་གསུངས་སོ། ༧ །གསུམ་པ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བཤད་པ་ནི། དེ་ལ་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་འོ་སྐོལ་གྱི་སྟོན་པ་འདི་རྒྱལ་བུ་དོན་གྲུབ་སྲིད་པ་མཐའ་མ་པ་སོ་སོ་སྐྱེ་བོ་འཆིང་བ་དང་བཅས་པ་ཞིག་རྡོ་རྗེ་གདན་དུ་ཚོགས་ལམ་ཆེན་པོའི་རྟེན་ཅན་གྱིས་སྦྱོར་མཐོང་སྒོམ་པ་མི་སློབ་པའི་ལམ་རྣམས་སྟན་ཐོག་གཅིག་ལ་ཐོབ་ནས་སངས་རྒྱས་པར་འདོད་དེ། མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་པ། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །དེ་ཡི་སྔོན་དུ་ཐར་ཆ་མཐུན། །ཞེས་སྟོན་པ་འཚང་རྒྱ་ཚུལ་རང་སངས་རྒྱས་དབང་པོ་རྣོན་པོ་བསེ་རུ་ལྟ་བུ་དང་འདྲ་བར་གསུང་ངོ་། །ཡང་ཐེག་ཆེན་ཐུན་མོང་ལ་གྲགས་པ་ལྟར་ན། ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་ས་བཅུ་པའི་བྱང་སེམས་སྐྱེ་བ་གཅིག་གིས་ཐོགས་པ་སྲིད་པ་མཐའ་མ་བ་ཞིག་རྒྱལ་བུ་དོན་གྲུབ་ཏུ་སྐྱེ་བ་བཞེས་ནས་ཞིང་འདིར་སངས་རྒྱས་པར་འདོད་དེ། ཡོན་ཏན་ཡོངས་སུ་བཀོད་པའི་མདོ་ལས། ངས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་དུ་བརྩོན་པ་ཆེན་པོས་ཚོགས་བསགས་ཤིང་། ཚེ་ལོ་བརྒྱ་པའི་ཚེ་སེམས་ཅན་ལོང་བ་འདྲེན་པ་མེད་པ་རྣམས་ལ་གཟིགས་ཏེ་འཛམ་བུའི་གླིང་འདི་ཉིད་དུ་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བསྐོར་ཏེ། །ཞེས་སོགས་གསུངས་སོ། །ཡང་གསང་སྔགས་ཀྱི་གཞུང་འགའ་ཞིག་ལས་ནི། ཆུ་ཀླུང་ནཻ་རཉྫཱ་ནཱའི་འགྲམ་དུ་མི་གཡོོ་བའི་ཏིང་ངེ་འཛིན་ལ་བཞུགས་པ་ན་བཏགས་པའི་ལུས་དེར་བཞག་ནས་ཡེ་ཤེས་ཀྱི་ལུས་འོག་མིན་དུ་བྱོན་ཏེ་མངོན་པར་བྱང་ཆུབ་པ་ལྔའི་ཐབས་ཀྱིས་སངས་རྒྱས་ནས། སླར་རྡོ་རྗེ་གདན་དུ་འཚང་རྒྱ་ཚུལ་བསྟན་པར་བཞེད་དོ། །ཐེག་ཆེན་ཐུན་མོང་མ་ཡིན་པ་ལྟར་ན། འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་སངས་རྒྱས་པའི་རྗེས་སུ་གཙང་མའི་གནས་དང་། རྡོ་རྗེ་གདན་དུ་རིམ་བཞིན་འཚང་རྒྱ་ཚུལ་བསྟན་པར་བཞེད་དེ། ལང་ཀར་གཤེགས་པ་ལས། གཙང་མའི་རིས་དག་རྣམ་སྤངས་པའི། །འོག་མིན་སྟུག་པོ་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ཞིག་འདིར་འཚང་རྒྱ། །ཞེས་གསུངས་སོ། །ངེས་དོན་བླ་ན་མེད་པའི་ཚུལ་ལྟར་ན། འོ་སྐོལ་གྱི་སྟོན་པ་འདི་ཐོག་མ་མེད་པའི་དུས་ནས་གཞི་གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་ཅིང་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་ལ་དེ་བཞིན་གཤེགས་པའི་རྣམ་པར་རོལ་པ་བསམ་གྱིས་མི་ཁྱབ་པར་སྣང་བས་གདུལ་བྱ་རྣམས་ཕྲིན་ལས་ཚད་མེད་པས་འདུལ་བར་མཛད་པ་སྟེ། རྩ་རྒྱུད་གསང་བ་སྙིང་པོ་ལས། ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་ཞེས་བྱ་བའི་རིག་པའི་སྐྱེས་བུ་ཐུབ་པ་དྲུག་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འཐོན་ཏོ། །ཐོན་ནས་ཀྱང་ལས་ཀྱི་དབང་གིས་སྣྲེལ་ཞི་དང་ཡན་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེེར། ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས་འདུལ་བ་རྣམ་པ་བཞིས་འགྲོ་བ་ལྔའི་དོན་མཛད་དེ། ཞེས་གསུངས་ཤིང་། དམ་ཆོས་པདྨ་དཀར་པོ་ལས་ཀྱང་། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པར། །དེ་ཡི་ཚད་ནི་ནམ་ཡང་མེད་པས་ན། །བྱང་ཆུབ་མཆོག་རབ་འདི་ནི་ངས་ཐོབ་སྟེ། །ངས་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །ཞེས་བྱ་བ་གསུངས་སོ། །ཀུན་མཁྱེན་ཀློང་ཆེན་པའི་གསུང་ལས་ནི། ཉན་ཐོས་པས་སོ་སོ་སྐྱེ་བོ་འཆིང་བ་མཐའ་དག་གིས་བཅིངས་པ། སྲིད་པ་མཐའ་མ་པ། རང་རྒྱལ་དབང་པོ་རྣོན་པོ་ཁ་ཅིག་ལྟར་འཚང་རྒྱ་བར་འདོད་དེ། འཕགས་པ་གནས་བརྟན་པའི་གཞུང་ལས། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པར་གསུངས། །ཞེས་འདོན་པར་བྱེད་ལ། ཐེག་པ་ཆེན་པོ་རྒྱུ་ལམ་དུ་བྱེད་པས་གཙང་མའི་འོག་མིན་ནམ་དབང་ཕྱུག་ཆེན་པོའི་གནས་སུ་ཐོག་མར་སངས་རྒྱས་ནས། གདོད་འཛམ་བུའི་གླིང་དུ་སངས་རྒྱས་པར་སྟོན་ཏེ། ཆོས་དང་ལོངས་སྤྱོད་མངོན་པར་སངས་རྒྱས་པའི་མདོ་ལས། རིན་ཆེན་སྣ་ཚོགས་མཛེས་པ་ཡི། །འོག་མིན་གནས་མཆོག་ཉམས་དགའ་བ། །གཙང་མའི་གནས་ཀྱི་སྟེང་བཞུགས་ཏེ། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་འཚང་རྒྱ། །ཞེས་པའི་ལུང་དང་བཅས་པ་གསུངས་སོ། ༈ །གསུམ་པ་གཟུགས་སྐུའི་སྤྲུལ་པ་སྣང་ཚུལ་ལ་གཉིས་ཏེ། ལོངས་སྐུ་དང་། སྤྲུལ་སྐུའོ། །དང་པོ་ནི། སངས་རྒྱས་གསང་བའི་ལམ་རིམ་ལས། ལྷུན་རྫོགས་རིག་པ་རང་སྣང་བའི། །ཞིང་དང་གཞལ་ཡས་གདན་ཁྲི་རྒྱན། །འོད་ཟེར་དུ་མར་སྣང་བ་སྟེ། །ཞེས་བཤད་པ་ལྟར། ཆོས་ཀྱི་སྐུ་ཆེན་པོ་ནང་གསལ་ཆོས་ཉིད་ཀྱི་ངང་དུ་བཞུགས་པ་དེ་ཉིད་རང་སྣང་གི་ཡུལ་ལ་ཕྱི་གསལ་མཆེད་པའི་ཡེ་ཤེས་ཀྱི་སྣང་ཆ་སྐུ་དང་ཞིང་ཁམས་ཚད་མེད་པ་ལ་ལོངས་སྤྱོད་པའི་གནས་སུ། སྤྲུལ་པའི་བཀོད་པ་རྣམ་པར་སྣང་མཛད་གངས་ཆེན་མཚོའི་ཕྱག་གི་མཐིལ་ན་པདྨའི་སྡོང་པོ་སྐྱེས་པའི་འདབ་མ་དང་ཟེ་འཕོལ་རྣམས་ལ་ཞིང་ཁམས་ཉི་ཤུ་རྩ་ལྔ་རེ་བརྩེགས་མར་གནས་ཤིང་། ཞབས་ཀྱི་སྐྱིལ་ཀྲུང་མན་ཆད་ལས་སྤོས་ཆུའི་རྒྱུན་འབབ་པ་དག་ཏུའང་ཞིང་ཁམས་བཅུ་དྲུག་རེ་ཡོད་པ་རྣམས་སུ་རིགས་ལྔའི་སངས་རྒྱས་ངེས་པ་ལྔ་ལྡན་གྱི་རང་བཞིན་མཚན་དང་དཔེ་བྱད་རྒྱ་མཚོའི་བདག་ཉིད་རྟག་པ་རྒྱུན་གྱི་འཁོར་ལོར་ལོངས་སྤྱོད་པ་གྲངས་ཀྱིས་མི་ལང་བར་བཀོད་པ་དེ་དག་ནི་ཡེ་ཤེས་གངས་ཆེན་མཚོའི་ཞིང་དང་སྐུའི་བཀོད་པ་ལོངས་སྤྱོད་ཆེན་པོའི་མཚན་གཞི་སྟེ། དེ་དག་རྡུལ་གཅིག་གི་སྟེང་ན་རབ་འབྱམས་རྒྱ་མཚོའི་རྡུལ་སྙེད་ཀྱི་ཞིང་ཡང་མི་འགལ་ཞིང་སྐུ་གཅིག་ལ་རབ་འབྱམས་རྒྱ་མཚོའི་སྐུ་འདུ་བ་དང་། སྐུ་རེ་རེས་ཀྱང་ཞིང་རབ་འབྱམས་རྒྱ་མཚོར་ཁྱབ་པ་སོགས་སྒྱུ་འཕྲུལ་རྡོ་རྗེའི་རོལ་མོ་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་སུ་ཤེས་པར་བྱ་སྟེ། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ལས། ཉན་ཐོས་རྣམས་ཀྱི་འབྱོར་པས་ནི། །འཇིག་རྟེན་པ་ཡི་ཟིལ་གྱིས་གནོན། །རང་སངས་རྒྱས་ཀྱི་ས་པ་ཡིས། །ཉན་ཐོས་ཀྱི་ཡང་ཟིལ་གྱིས་གནོན། །དེ་ཡིས་བྱང་ཆུབ་སེམས་པ་ཡི། །འབྱོར་པའི་ཆ་ཡང་མི་ཕོད་དོ། །དེ་ཡིས་དེ་བཞིན་གཤེགས་པ་ཡི། །འབྱོར་པའི་ཆ་ཡང་མི་ཕོད་དོ། །ཞེས་གསུངས་པ་བཞིན་ནོ། །ཞིང་ཁམས་དེ་དག་ལ་མངའ་དབང་མཛད་པའི་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་དེའང་རང་བཞིན་བདུན་གྱི་ཁྱད་པར་དང་ལྡན་པ་སྟེ། དེ་བཞིན་ཉིད་དུ་ནར་སོན་པའི་རང་བཞིན། ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ་པའི་རང་བཞིན། ཡེ་ཤེས་མཐའ་དབུས་དང་བྲལ་བའི་རང་བཞིན། འབྲས་བུ་ལ་མངའ་མཛད་ཀྱང་ངོ་བོ་བསྟན་དུ་མེད་པའི་རང་བཞིན། མཉམ་པ་ཉིད་མངོན་དུ་མཛད་ཀྱང་སྤྱོད་ཡུལ་དང་བྲལ་བའི་རང་བཞིན། གཅིག་དང་དུ་མ་ལས་གྲོལ་བའི་རང་བཞིན། དུས་གསུམ་འདུ་འབྲལ་མེད་པའི་རང་བཞིན་ཏེ་བདུན་གྱི་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པ་ཉིད། གདུལ་བྱའི་དབང་གིས་སྐུ་གསུང་ཐུགས་ཀྱི་མཚན་མ་སྣ་ཚོགས་པར་སྣང་བའི་རྣམ་འགྱུར་གྱི་ཆ་ལས་མཚན་དང་དཔེ་བྱད་ཀྱི་རྣམ་པ་འབར་བའི་གཟུགས་སྐུ་ཕྱག་ཞབས་འཁོར་ལོས་མཚན་པ་སོགས་མཚན་བཟང་པོ་སོ་གཉིས་དང་། སེན་མོ་ཟངས་མདོག་སོགས་དཔེ་བྱད་བརྒྱད་ཅུ་རྣམས་ཏེ་ཐུན་མོང་གི་མཚན་དཔེ་རྣམས་དང་། སྟོན་པའི་ཐུགས་མེ་ལོང་ལྟ་བུ་སོགས་ཡེ་ཤེས་བཞི་ལ་བཞི་བཞིས་ཕྱེ་བའི་རྩལ་ལས་ཕྱིའི་མཚན་དཔེ། རྩ་འཁོར་རྣམས་དག་པའི་ཆ་ལས་ནང་གི་མཚན་དཔེ། ཁམས་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའི་ཆ་ལས་གསང་བའི་མཚན་དཔེ་སྟེ། ལོངས་སྤྱོད་རྫོགས་པའིརྩ་ཁམས་རྣམ་པར་དག་པ་བདེ་བ་ཆེན་པོའི་རང་བཞིན་དུ་རོ་མཉམ་པར་བཞུགས་པ་ནི། སྒྱུ་འཕྲུལ་རྒྱ་མཚོ་ལས། ཨཱ་ལི་ཀཱ་ལི་བདེ་བ་གཉིས། །ཕན་ཚུན་མ་འདྲེས་གཅིག་པར་ཤེས། །བཅུ་དྲུག་ངོས་གཉིས་མཚན་དང་ལྡན། །ཕྱོགས་གཅིག་ཡེ་ཤེས་ལྔ་ལྡན་པ། །བརྒྱད་ཅུའོ་བཟོད་སོགས་རྒྱུ་ལས་འཕགས། །ཞེས་སོ། ༧ །གཉིས་པ་སྤྲུལ་པའི་སྐུ་ཐུན་མོང་བ་ནི། དེ་ཡང་གདུལ་བྱ་རང་རྒྱུད་ཀྱི་བདེ་གཤེགས་སྙིང་པོ་ལ་སྒྲིབ་བྱེད་ཀྱི་དྲི་མ་མ་དག་པ་དང་། ཅུང་ཟད་དག་པ། ཤིན་ཏུ་དག་པ་གསུམ་གྱི་གོ་རིམ་ལ་ལྟོས་ནས་ལུགས་འབྱུང་དུ་འདུལ་བྱེད་ཀྱི་སྟོན་པ་ཡང་དེ་ལྟར་སྣང་བ་ཡིན་ཏེ། ཤིན་ཏུ་དག་པ་ཆོས་ཀྱི་སྐུ་འཁོར་འདས་རོ་མཉམ་ཆེན་པོ་ཉིད་ཀྱི་ཕྱིར་དོན་དམ་པའི་དབྱིངས་ལས་མ་གཡོས་བཞིན་དུ་གཟུགས་ཀྱི་སྐུ་རྩོལ་བ་མེད་པའི་ཐུགས་རྗེ་ཆེན་པོའི་རྣམ་འཕྲུལ་འགག་པ་མེད་པའི་རོལ་པ་ཅི་ཡང་བཀྱེ་བ་ལས། གདུལ་བྱ་འདུལ་བྱེད་གཉིས་ལྟར་སྣང་བའི་གཞན་དབང་གི་ཚུལ་དུ་མོས་པའི་ཆུ་སྣོད་རྙོག་པ་མེད་པ་ཇི་སྙེད་དུ་སྤྲུལ་པའི་ཟླ་གཟུགས་ཀྱང་དེ་སྙེད་དུ་འཆར་བ་བཞིན་ཏེ། མ་ཕམ་པས། བརྒྱ་སྦྱིན་རྔ་སྤྲིན་ཚངས་པ་དང་། །ཉི་མ་ནོར་བུ་རིན་ཆེན་བཞིན། །དེ་བཞིན་གཤེགས་པ་སྒྲ་སྙན་བཞིན། །ནམ་མཁའ་དང་ནི་ས་བཞིན་ནོ། །ཞེས་གསུངས་པའི་རིམ་པ་ལྟར། སྐུ་སྣང་བ་ལྷ་དབང་བརྒྱ་སྦྱིན་ལྟ་བུ། གསུང་བརྗོད་པ་ལྷའི་རྔ་བོ་ཆེའི་སྒྲ་དབྱངས་ལྟ་བུ། ཐུགས་ཤེས་བྱ་ཐམས་ཅད་ལ་ཁྱབ་པ་ཆར་སྤྲིན་ལྟ་བུ། སྤྲུལ་པ་སྣ་ཚོགས་སྟོན་པ་ཚངས་པ་ལྟ་བུ། ཡེ་ཤེས་སྤྲོ་བ་ཉི་མ་ལྟ་བུ། ཐུགས་ཀྱི་གསང་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུ། གསུང་གི་གསང་བ་སྒྲ་བརྙན་ལྟ་བུ། སྐུའི་གསང་བ་ནམ་མཁའ་ལྟ་བུ། ཐུགས་རྗེ་ཆེན་པོ་ས་གཞི་ལྟ་བུར་གསུངས་སོ། །འདི་སྐད་དུ། ཇི་ལྟར་བཻ་ཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་སོགས་མང་དུ་གསུངས་པ་ལྟར་རོ། །དེ་ལ་དབྱེ་ན་གསུམ་སྟེ། རང་བཞིན་སྤྲུལ་པ། འགྲོ་འདུལ་སྤྲུལ་པ། སྣ་ཚོགས་སྤྲུལ་པའོ། །དང་པོ་རང་བཞིན་སྤྲུལ་པ་ནི། རྣམ་པར་དག་པའི་དབྱིངས་སྣང་ལོངས་སྐུ་ཆེན་པོའི་སྟོན་པ་དེ་ཉིད་ཇི་ལྟར་དྭངས་ཤེལ་ལ་གཟུགས་བརྙན་འཕོས་པ་ལྟར་ཅུང་ཟད་དག་པའི་གདུལ་བྱ་ས་བཅུའི་དབང་ཕྱུག་རྣམས་ལ་སྣང་བ་ནི། འདི་ལྟར་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་དབུས་ན་འོག་མིན་ཁང་བུ་བརྩེགས་པ་དང་། ཕྱོགས་བཞིར་རིམ་པ་བཞིན་མངོན་པར་དགའ་བ། དཔལ་དང་ལྡན་པ། པདྨ་བརྩེགས་པ། ལས་རབ་གྲུབ་པ་ལྔར། སྟོན་པ་དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་ལ་སོགས་པ་ལྔ་པོ་མཚན་དང་དཔེ་བྱད་རྒྱ་མཚོའི་བདག་ཉིད་ཅན་ཞི་བ་དང་ཁྲོ་བོའི་རྣམ་འགྱུར་དཔག་ཏུ་མེད་པའི་སྐུས་ཆོས་རྣམས་འཇལ་ཞིང་སྟོན་པ་དང་། གདུལ་བྱའི་ཉོན་མོངས་པ་ལྔའི་གཉེན་པོར་ཆེ་བའི་ཞིང་ཁམས་ལྔ་དང་། སྐུ་ལྔ་དང་། ཆོས་ལྔ་དང་། ཡེ་ཤེས་ལྔ་ལ་སོགས་པ་བརྗོད་དུ་མེད་ཅིང་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཉིད། སྟོན་པ་ལོངས་སྤྱོད་རྫོགས་སྐུ་དང་འཁོར་རྒྱུད་གཞན་གྱིས་བསྡུས་པའི་ཕྱིར་ཕྱེད་སྣང་རང་བཞིན་སྤྲུལ་པ་ཞེས་ཉི་ཟླ་ཁ་སྦྱོར་ཆེན་པོའི་རྒྱུད་སོགས་ལས་གསལ་བ་བཞིན་ནོ། །གཉིས་པ་འགྲོ་འདུལ་སྤྲུལ་པ་ནི། དེ་ཉིད་ཀྱི་ངང་ལས་འགྲོ་བ་འདུལ་བའི་སྤྲུལ་སྐུ་འཇིག་རྟེན་གྱི་ཁམས་མ་ལུས་པར་གདུལ་བྱའི་ཚོགས་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་ཐབས་ལ་མཁས་པས་རྣམ་པར་རོལ་པ་བསམ་གྱིས་མི་ཁྱབ་པའི་ཚུལ་སྟོན་པ་སྟེ། དགའ་ལྡན་གྱི་གནས་ནས་འཕོ་བ་དང་། ཡུམ་གྱི་ལྷུམས་སུ་ཞུགས་པ་དང་། སྐུ་བལྟམས་པ་དང་། སྒྱུ་རྩལ་གྱི་གནས་ལ་སྦྱངས་པ་དང་། མངོན་པར་འབྱུང་བ་དང་། ལོ་དྲུག་ཏུ་དཀའ་བ་སྤྱད་པ་དང། བྱང་ཆུབ་སྙིང་པོར་གཤེགས་པ་དང་། བདུད་ཀྱི་དཔུང་བཅོམ་པ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བར་སྟོན་པ་ལ་མཁས་པས་དུས་གཅིག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་སུ་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་མཆོག་གི་སྤྲུལ་པའི་སྐུ་སྟེ། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོ་འཁོར་དགྱེས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་པ་བཞིན་གདུལ་བྱ་རིགས་དྲུག་སོ་སོའི་དབང་ཤེས་ལ་རང་རང་གི་རིགས་དང་མཐུན་པས་འདུལ་བ་རིག་པའི་སྐྱེས་བུ་ཐུབ་པ་དྲུག་ཏུ་སྤྲུལ་ནས་དོན་མཛད་པ་སྟེ། སངས་རྒྱས་ཕལ་པོ་ཆེ་ལས། ཀྱེ་རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཚད་མེད་དེ། འགྲོ་བ་གང་དང་གང་འདུལ་བ་དེ་དང་དེའི་གཟུགས་དང་ཁ་དོག་དང་མིང་གིས་དོན་མཛད་དོ། །ཞེས་གསུངས་པ་བཞིན་ནོ། །འོ་ན་འགྲོ་བ་དྲུག་གི་གནས་དེར་ཐུབ་པ་ཇི་ལྟ་བུས་འགྲོ་དོན་མཛད་ཅེ་ན། སྒྱུ་འཕྲུལ་བླ་མ་ལས། ལྷ་ཡི་གནས་ན་བརྒྱ་བྱིན་མགོན། །ལྷ་མ་ཡིན་ལ་ཐགས་བཟང་རིས། །མི་ལ་བདུད་འདུལ་ཤཱཀྱའི་མགོན། །ཡི་དྭགས་གནས་ན་ཁ་འབར་ཏེ། །བྱོལ་སོང་སེང་གེ་ཉིད་དུ་སྨྲ། །དམྱལ་བར་ལས་ཀྱི་གཤིན་རྗེ་མགོན། །ཞེས་སོ། །དེ་ལྟར་གནས་རིགས་དྲུག་པོ་དེ་དག་གི་སྣང་ཚུལ་སྣོད་བཅུད་ཀྱི་དངོས་པོ་སོ་སྐྱེ་རང་ག་བ་རྣམས་ཀྱིས་བརྟག་མི་བཟོད་པ་དང་། མཐའ་འདི་ཙམ་ཞེས་མཚོན་དུ་མེད་པ་ནམ་མཁའི་རྗེས་སུ་སོང་བ་ཁོ་ན་སྟེ། སློབ་དཔོན་དབྱིག་གཉེན་གྱིས། དགྲ་བཅོམ་བསེ་རུ་སྟོན་རྣམས་ཀྱིས། །སྟོང་གཉིས་གསུམ་དང་གྲངས་མེད་མཐོང་། །ཞེས་དང་། མདོ་ལས། སྟོང་གསུམ་གྱི་ལྷ་དང་མི་རྣམས་ཀྱི་མཐོང་བ་ནི་ཆེས་ཉུང་གིས། ཕྱི་རོལ་པའི་དྲང་སྲོང་མངོན་པར་ཤེས་པ་དང་ལྡན་པ་གཅིག་གིས་ཤིང་རྟའི་ཕང་ལོ་ཙམ་གྱི་སའི་ཁྱོན་ལ་སེམས་ཅན་མཐོང་བ་ནི་ཆེས་མང་ངོ་། །དེ་དག་གི་སྟོང་གསུམ་མཐོང་བ་བས་ནི། ཉན་ཐོས་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པའི་གང་ཟག་གཅིག་གིས་ཤིང་རྟའི་ཕང་ལོ་ཙམ་ལ་མཐོང་བ་ཆེས་མང་ངོ་། །དེ་དག་གི་སྟོང་གསུམ་དུ་མཐོང་བ་བས་ནི་དེ་བཞིན་གཤེགས་པའི་སྤྱན་གྱིས་ཤིང་རྟའི་ཕང་ལོ་ཙམ་གྱི་སའི་ཁྱོན་ལ་གཟིགས་པ་ཆེས་མང་ངོ་། །ཞེས་གསུངས་པ་ལྟར། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་རབ་འབྱམས་རྒྱ་མཚོའི་ཞིང་ཀུན་ཏུ་གདུལ་བྱའི་ཁམས་དབང་སྤྱོད་ཚུལ་ཇི་སྙེད་པར་འདུལ་བྱེད་ཀྱི་སྒྲོན་མ་རྣམ་པར་བཀོད་དེ་སྐུ་བསོད་ནམས་ཆེན་པོས་འདུལ་བ། གསུང་རིག་པས་འདུལ་བ། ཐུགས་མངོན་སུམ་པས་འདུལ་བ། རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་འདུལ་བ་དང་རྣམ་པ་བཞིས་སེམས་ཅན་གྱི་དོན་ལ་སྤྱོད་པའོ། །གསུམ་པ་སྣ་ཚོགས་སྤྲུལ་པ་ནི། སེམས་ཅན་རྣམས་ལ་གང་ཕན་པ་ཆེན་པོའི་གཞིར་གྱུར་རོ་ཅོག་རྣམས་ཏེ། འདི་ལྟར་རང་བཞིན་དང་འདུ་བྱེད་ལས་བྱུང་བའི་གཟུགས་ཀྱི་སྐུ་དང་། ཁང་བཟང་། སྐྱེད་མོས་ཚལ། གནདྷོ་ལ། མྱ་ངམ་གྱི་ཐང་ལ་གྲོང་ཁྱེར་དུ་སྤྲུལ་པ་དང་། དཔག་བསམ་གྱི་ཤིང་། ཡིད་བཞིན་ནོར་བུ། གྲུ་གཟིངས། ཟམ་པ། ཤིང་རྟ། ཟས་གོས། སྨན་སོགས་བེམ་པོའི་དངོས་པོ་དང་། མུ་གེའི་ཚེ་ཉ་བོ་ཆེ། ནད་ཀྱིས་གདུང་པ་ལ་སྲོག་ཆགས་དེས་པ། སྲིན་མོའི་གླིང་དུ་ཅང་ཤེས་བྷ་ལ་ཧ། འདམ་ཁྲོད་དུ་གསེར་གྱི་བུང་བ་ལ་སོགས་པ་བཟོ་དང་སྐྱེ་བའི་སྤྲུལ་པ་སྣ་ཚོགས་པར་སྟོན་པ་དག་གསུངས་སོ། ༧ ཁྱད་པར་རྫོགས་ཆེན་ཐུན་མིན་གྱི་སྤྲུལ་པའི་སྐུས་དོན་མཛད་ཚུལ་ནི། ལོངས་སྤྱོད་རྫོགས་པའི་སྣང་ཆ་དེ་ཉིད་ལས་གནས་རིས་བཅུ་གཉིས་སུ་སྤྲུལ་པའི་སྐུ་སྟོན་པ་བཅུ་གཉིས་དང་། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་བསྟན་པའི་བཙས་ཆེན་པོ་གསུམ་དུ་སྣང་བས་འགྲོ་བ་རྣམས་ཀྱི་དོན་མཛད་པ་སྟེ། འཛམ་བུའི་གླིང་འདིར་ཆོས་སྐུའི་བསྟན་པ་དངོས་རྫོགས་པ་ཆེན་པོས་བྱིན་རླབས་ལས་རང་ཤར་བ་རིན་པོ་ཆེ་བརྒྱ་རྩ་ལས་འཁྲུངས་པའི་རྡོ་རྗེ་ཕྱག་གང་བ་དང་། ལོངས་སྤྱོད་ཡོངས་སུ་རྫོགས་པར་སྤྱོད་པའི་བསྟན་པ་དངོས་རང་བྱུང་བ་བསྟན་པ་བུ་གཅིག་པའི་བྱིན་རླབས་ལས་རིན་པོ་ཆེ་བརྒྱ་རྩ་གཅིག་པའི་གླེགས་བམ་སོར་བཞི་པ་ཆོས་ཉིད་ཀྱི་རང་སྒྲ་སྒྲོག་པ། སྤྲུལ་སྐུ་སྟོན་པ་བཅུ་གཉིས་ཀྱི་བྱིན་རླབས་ལས་རིན་པོ་ཆེ་བརྒྱ་རྩ་གཅིག་པའི་སྐུ་གཟུགས་འགྲོ་བའི་ལུས་བོངས་དང་མཉམ་པ་སྟེ། དེ་གསུམ་ནི་འདུས་མ་བྱས་པས་སྐྱེ་འཇིག་མེད་ཅིང་བྱིན་རླབས་ལས་རང་བྱུང་དུ་ཤར་བས་རྫུ་འཕྲུལ་དང་ཡོན་ཏན་དཔག་ཏུ་མེད་པས་འཇིག་རྟེན་གྱི་ཁམས་སུ་བྱོན་དང་འབྱོན་འགྱུར་གྱི་སངས་རྒྱས་སྤྲུལ་པའི་སྐུ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བསྟན་པ་འཕེལ་བར་བྱེད་པའི་རྟེན་ཡིན་ལ་མཐོང་ཐོས་རེག་པས་རྡོས་བཅས་རང་དེངས་སུ་འགྲོ་བའི་ཕྲིན་ལས་ཀྱི་བདག་ཉིད་ཅན་ནོ། །དེ་ཡང་རྟག་པ་རྒྱུན་གྱི་འཁོར་ལོའི་རང་བཞིན་གང་དུ་བཞུགས་པའི་གནས་ནི་སྐུ་གསུང་ཐུགས་ཀྱི་བསྟན་པས་འདུལ་བའི་དུས་ཀྱི་དབང་གིས་གནས་སོ་སོར་བཞུགས་ཤིང་། རྡོ་རྗེ་ནི། སྐུའི་བསྟན་པའི་དུས་སུ་ཨོ་རྒྱན་གྱི་ཡུལ་རྒྱ་མཚོའི་གླིང་ན་བཞུགས་ཤིང་འོད་དང་སྒྲ་དང་དགེ་སློང་རྫུ་འཕྲུལ་དང་ལྡན་པའི་སྤྲུལ་པ་གྲངས་མེད་པ་འབྱུང་བར་བྱེད། གསུང་གི་བསྟན་པའི་དུས་སུ་རི་མ་ལ་ཡ་ལག་ན་རྡོ་རྗེའི་གནས་སུ་གནོད་སྦྱིན་གྱི་རྒྱལ་པོ་རྣམས་ཀྱིས་ཕྱག་བྱེད་དོ། །ཐུགས་ཀྱི་བསྟན་པའི་དུས་སུ་རྡོ་རྗེ་གདན་གྱི་སྟེང་གི་ནམ་མཁའ་ལ་གནས་སོ། །གླེགས་བམ་ནི། སྐུའི་བསྟན་པའི་དུས་སུ་རྡོ་རྗེ་གདན་གྱི་སྟེང་དུ་དཔག་ཚད་ལྔ་བརྒྱར་འཕགས་པའི་ནམ་མཁའ་ལ་ཌཱ་ཀི་མ་རྣམས་ཀྱིས་བཟུང་ནས་གནས་སོ། །གསུང་གི་བསྟན་པའི་དུས་སུ་འདི་ཉིད་དང་ལྷན་ཅིག་ཏུ་གནས་སོ། །ཐུགས་ཀྱི་བསྟན་པའི་དུས་སུ་རབ་ཏུ་ཁྲོས་པ་དྲང་སྲོང་གི་ཕུག་པར་གནས་སོ། །སྐུ་གཟུགས་ནི། སྐུའི་བསྟན་པའི་དུས་སུ་འདི་ཉིད་ཀྱི་བྱིན་རླབས་ཀྱིས་སངས་རྒྱས་ཀྱི་སྐུ་དངོས་དང་། དེ་ཉིད་ཀྱི་སྤྲུལ་པ་དང་། ཡང་སྤྲུལ་རྣམས་དང་ལྷན་ཅིག་ཏུ་གནས་ཤིང་། དེ་དག་གི་ཞལ་གྱི་དཀྱིལ་འཁོར་ལ་དངོས་སུ་སྤྱོད་པའོ། །གསུང་གི་བསྟན་པའི་དུས་སུ་གཅིག་ཏུ་མ་ངེས་པར་འཛམ་གླིང་ཀུན་ཏུ་འཁོར་བར་གནས་ཏེ། ལྷ་དང་མིའི་འདུ་བ་ཁྱད་པར་ཅན་རྣམས་ཀུན་གྱིས་མཆོད་པའིགནས་སུ་འགྱུར་ཞིང་། སྐབས་སུ་བསྟན་པ་ལ་གནོད་པ་བྱུང་བའི་ཚེ་སྐུ་ལས་འོད་བྱུང་། ཞལ་ནས་ཧཱུྃ་བྱུང་། སྤྱན་ནས་ཡེ་ཤེས་ཀྱི་མེ་འབྱུང་ངོ་། །ཐུགས་ཀྱིས་འདུལ་བའི་བསྟན་པ་ལ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གཞལ་མེད་ཁང་ལག་ན་རྡོ་རྗེའི་ཁང་བརྩེགས་ཀྱི་ཡང་ཐོག་མཉམ་པའི་རང་བཞིན་ན་དཔལ་ཆེན་པོ་ཞེས་བྱ་བས་ཕྱག་མཛད་ཅིང་ཆོ་འཕྲུལ་རྒྱ་མཚོའི་བདག་ཉིད་དུ་བཞུགས་སོ། །དེ་དང་དུས་མཚུངས་པར་སྤྲུལ་པའི་སྐུ་སྟོན་པ་བཅུ་གཉིས་ཀྱང་གནས་རིས་བཅུ་གཉིས་སུ་བྱོན་ཏེ། གདུལ་བྱའི་གནས་བསྐལ་པ་དང་པོ་ལ་དགའ་ལྡན་བརྩེགས་པ་ཞེས་བྱ་བར། སྟོན་པ་ཁྱེའུ་སྣང་བ་དམ་པ་བསམ་གྱིས་མི་ཁྱབ་པ། འཁོར་སངས་རྒྱས་སྟོང་རྩ་གཅིག །བསྟན་པ་ཀུན་གྱི་རྩ་བ་སྒྲ་ཐལ་འགྱུར། སྡུད་པ་པོ་ལྷའི་བུ་དགའ་བྱེད་དབང་ཕྱུག་དང་གྲོགས་ལྷའི་བུ་ཉི་མ་རབ་ཏུ་སྣང་བྱེད། དུས་སེམས་ཅན་རྣམས་ཚེ་ལོ་དཔག་ཏུ་མེད་པ་ཐུབ་པའི་དུས་ནའོ། །གནས་འཇིག་རྟེན་མི་མཇེད་དུ། སྟོན་པ་ཁྱེའུ་འོད་མི་འཁྲུགས་པ། འཁོར་མཁའ་འགྲོ་མ་འབུམ་ཕྲག་གཉིས། བསྟན་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་ལྔ། དུས་ཚེ་ལོ་བྱེ་བའི་དུས་ནའོ། །གནས་དྲོད་གཤེར་འདུས་པ་འོད་ཀྱིས་སྤུངས་པར། སྟོན་པ་དཔལ་འཇིགས་པ་སྐྱོབ་པའི་ཡིད། འཁོར་བྱང་ཆུབ་སེམས་དཔའ་འབུམ་ཕྲག་དྲུག །བསྟན་པ་འཁོར་བ་དོང་སྤྲུག་དང་རྨ་བྱ་མཇིང་བསྣོལ། དཔལ་འབྱུང་བཞི་ཟད་པའི་རྒྱུད་རྣམས། དུས་ཚེ་ལོ་འབུམ་པའི་དུས་སུའོ། །གནས་ཆགས་འབྱུང་མངལ་དུ་སྣང་བར། སྟོན་པ་གཞོན་ནུ་རོལ་པ་རྣམ་པར་བརྩེ་བ། འཁོར་གནོད་སྦྱིན་དང་སྲིན་པོ་སྟོང་ཕྲག་གཅིག །བསྟན་པ་སེམས་སྡེ་རྩ་བའི་རྒྱུད་ལྔ་དང་ཡན་ལག་གི་རྒྱུད་དྲུག །དུས་ཚེ་ལོ་བརྒྱད་ཁྲིའི་དུས་སུའོ། །གནས་འཚོ་བྱེད་གཞོན་ནུའི་ལྡུམ་རར། སྟོན་པ་དྲུག་པ་རྡོ་རྗེ་འཆང་། འཁོར་སངས་རྒྱས་རབས་བདུན་ལ་སོགས་པ། བསྟན་པ་ཕ་རོལ་ཏུ་ཕྱིན་པ་དྲུག་སོགས། དུས་ཚེ་ལོ་བདུན་ཁྲིའི་དུས་སུའོ། །གནས་གསང་ཆེན་རོལ་པའི་དུར་ཁྲོད་མེ་རི་འབར་བར། སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན། འཁོར་བྱང་ཆུབ་སེམས་དཔའ་སྤྲིན་གྱི་ཤུགས་ཅན་སོགས་བདུན། ཆོས་ཕ་རྒྱུད་མ་རྒྱུད་ལ་སོགས་པ་རྒྱུད་སྡེ་དུ་མ། དུས་ཚེ་ལོ་དྲུག་ཁྲིའི་དུས་སུའོ། །གནས་སྲིན་ཕུག་རུ་ལུའི་སྒྲ་དང་ལྡན་པར། སྟོན་པ་དྲང་སྲོང་ཁྲོས་པའི་རྒྱལ་པོ། འཁོར་སྲིན་པོ་བྱེ་བ་གཅིག་ལ། ཆོས་རགས་པ་འདུལ་བའི་རྒྱུད་བཅུ་ལ་སོགས་པ། དུས་ཚེ་ལོ་ཁྲི་པའི་དུས་ནའོ། །གནས་བྱ་རྒོད་ཕུང་རིའི་རྒྱལ་པོའི་ཁབ་ན། སྟོན་པ་དགྲ་བཅོམ་པ་གསེར་འོད་དམ་པ། འཁོར་འཕགས་པ་ཉན་ཐོས་རྫུ་འཕྲུལ་དང་ལྡན་པ་དཔག་ཏུ་མེད་པ་ལ། དམ་པའི་ཆོས་འདུལ་བ་ཁྲི་ཕྲག་དཔག་ཏུ་མེད་པ། དུས་ཚེ་ལོ་ལྔ་སྟོང་ཐུབ་པའི་དུས་སུའོ། །གནས་སོག་པོ་གཡུའི་སྨིན་མ་ཅན་གྱི་བྱང་ཆུབ་ཀྱི་ཤིང་རྣམ་པར་རྒྱལ་བའི་དྲུང་དུ། སྟོན་པ་བརྩེ་བས་རོལ་པའི་བློ་གྲོས། འཁོར་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། ཆོས་ཕྲ་རྒྱུད་བདུན་པ་ལ་སོགས་པ། དུས་ཚེ་ལོ་སྟོང་གི་དུས་སུའོ། །གནས་བྱ་རྒོད་སྤུངས་པར། སྟོན་པ་འོད་སྲུངས་བགྲེས་པོ། འཁོར་ཚེ་དང་ལྡན་པ་བདུན། དམ་པའི་ཆོས་མདོ་སྡེ་དང་ཀྲི་ཡ། ལུང་ཨ་ནུའི་ཆོས་ཁྲི་ཕྲག་བརྒྱད་ལ་སོགས་པ། དུས་ཚེ་ལོ་ལྔ་བརྒྱ་པའི་དུས་སོ། །གནས་རྡོ་རྗེ་གདན་བྱང་ཆུབ་འབྱུང་བའི་ཤིང་དྲུང་དུ། སྟོན་པ་མངོན་རྫོགས་རྒྱལ་པོ། འཁོར་རིགས་གསུམ་མགོན་པོ་ལ། ཆོས་ངེས་པའི་དོན་འབའ་ཞིག །དུས་ཚེ་ལོ་སུམ་བརྒྱ་པའི་དུས་སོ། །གནས་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར། སྟོན་པ་ཤཱཀྱ་ཐུབ་པ། འཁོར་རྣམ་པ་བཞི་ལ། ཆོས་བདེན་པ་རྣམ་པ་བཞིའི་འཁོར་ལོ། དུས་ཚེ་ལོ་བརྒྱ་པའི་དུས་ནའོ། །དེ་ལྟར་གནས་རིས་བཅུ་གཉིས་སུ་བྱོན་པ་དེ་དག་ལ་ཕུན་སུམ་ཚོགས་པ་ལྔ་རེ་བསྡོམས་པས་ཆོས་ཀྱི་རྣམ་གྲངས་དྲུག་ཅུ་འབྱུང་ཞིང་། མཛད་པ་ཕྲིན་ལས་ཀྱི་སྒོ་ཡང་། གནས་རིས་མི་འདྲ་བ་བཅུ་གཉིས་སུ། སྟོན་པ་ཉིད་སྐུ་མདོག་ཕྱག་མཚན་མི་འདྲ་བ་བཅུ་གཉིས་སུ་སྤྲུལ་ནས་བྱོན་པས། གདུལ་བྱ་རིགས་མི་མཐུན་པ་བཅུ་གཉིས་ཀྱི་དོན་དུ་མཛད་པ་མི་འདྲ་བ་བཅུ་གཉིས་དང་། སྐུ་དེ་དག་གི་དུས་སུ་གསུང་ཆོས་ཀྱི་འཁོར་ལོ་མི་འདྲ་བ་བཅུ་གཉིས་གསུངས་པས། འགྲོ་བའི་ངག་གི་བཅིངས་པ་མི་འདྲ་བ་བཅུ་གཉིས་ལས་གྲོལ་བར་མཛད་པ་དང་། གསུང་དེ་ཙམ་ཞིག་གི་ཚེ་ན་ཐུགས་ཀྱི་དགོངས་པ་མི་འདྲ་བ་བཅུ་གཉིས་ཀྱིས་འགྲོ་བའི་རིགས་མི་འདྲ་བ་རྣམས་ཀྱི་རྟོག་པ་བཅུ་གཉིས་ལས་གྲོལ་བར་མཛད་ཅེས་གསུངས་སོ། །དེ་ལྟར་སྤྲུལ་པའི་སྐུ་གཅིག་ལ་ཆོས་ཀྱི་རྣམ་གྲངས་དགུ་བཅུ་རྩ་དྲུག་དང་ལྡན་པ་ནི་བསྟན་པའི་བདག་པོ་ཞེས་བྱ་ཞིང་། གལ་ཏེ་མི་ལྡན་ན་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ཁོལ་བུའི་བསྟན་པ་ཞེས་བྱ་བ་ཡིན་ནོ། །སྤྱིར་ན་བདེ་བར་གཤེགས་པ་ཐབས་ལ་མཁས་པས་གདུལ་བྱའི་ཞིང་ཁམས་རབ་འབྱམས་རྒྱ་མཚོའི་རྡུལ་གྱི་གྲངས་དང་རྗེས་སུ་མཐུན་པར་གཟུགས་ཀྱི་སྐུ་སྣང་ཞིང་། སངས་རྒྱས་ཀྱི་མཛད་པ་སྟོན་པའི་ཚུལ་ཐ་དད་པ་དག་ཀྱང་འགལ་བར་མི་སེམས་ཏེ་སངས་རྒྱས་ཀྱི་རྣམ་འཕྲུལ་ནི་བསམ་གྱིས་མི་ཁྱབ་པའི་གནས་ཡིན་པའི་ཕྱིར་སོ་སྐྱེ་ལྟ་ཞོག་འཕགས་ཆེན་རྣམས་ཀྱི་བློའི་སྤྱོད་ཡུལ་ཡང་མ་ཡིན་ལ། དུས་དང་གདུལ་བྱ་སོགས་མཐའ་གཅིག་ཏུ་ངེས་གཟུང་མ་མཆིས་པས་ཕྱོགས་གཅིག་མཐོང་བས་གཅིག་ཤོས་ལ་སྨད་པར་མི་བྱ་སྟེ། འདི་ལྟར་འཕགས་པ་ཆོས་ཐམས་ཅད་ཡང་དག་པར་སྡུད་པའི་མདོ་ལས། འཇིག་པའི་བསྐལ་པ་ཆགས་པའི་བསྐལ་པར་མོས་ནའང་འཇིག་པའི་བསྐལ་པ་ཆགས་པའི་བསྐལ་པར་འགྱུར་ཏེ། སེམས་ཅན་དེ་དག་གིས་ཀྱང་ཆགས་པའི་བསྐལ་པར་ཤེས་སོ། །ཆགས་པའི་བསྐལ་པ་འཇིག་པའི་བསྐལ་པར་མོས་ན་ཡང་ཆགས་པའི་བསྐལ་པ་འཇིག་པའི་བསྐལ་པར་འགྱུར་ཏེ། སེམས་ཅན་དེ་དག་གིས་ཀྱང་འཇིག་པའི་བསྐལ་པར་ཤེས་སོ། །འཇིག་པ་དང་ཆགས་པ་ཡང་གཞན་དུ་འགྱུར་བ་མ་ཡིན་ཏེ། མོས་པ་དེ་ལྟར་ཡང་འགྱུར་རོ། །དེ་བཞིན་བསྐལ་པ་གཅིག་སྔ་དྲོ་ཙམ་དུ་མོས་ན་ཡང་དེ་ན་སེམས་ཅན་དེ་དག་གིས་བསྐལ་པ་གཅིག་སྔ་དྲོ་ཙམ་དུ་ཤེས་སོ། །སྔ་དྲོ་བསྐལ་པ་ཙམ་དུ་མོས་ན་ཡང་དེ་བཞིན་དུ་འགྱུར་ཏེ། དེ་ན་སེམས་ཅན་དེ་དག་གིས་དེ་བཞིན་དུ་ཤེས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་མོས་པ་ལས་བྱུང་བའིརྫུ་འཕྲུལ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་ཀྱིས་འགྲོ་བའི་དོན་མཛད་པ་དེེ་ཡང་། རང་བཞིན་འགྲོ་འོང་འཕོ་འགྱུར་མེད་པར་ཏིལ་གྱི་ཁམས་ལ་སྣུམ་གྱིས་ཁྱབ་པ་བཞིན་རྣམ་དབྱེར་མེད་པའི་གཤིས་ལུགས་སུ་བཞུགས་ཀྱང་གདུལ་བྱ་རྣམས་ལ་ཕྲིན་ལས་སྣ་ཚོགས་འདུས་མ་བྱས་པའི་ངོ་བོས་རྟག་པ་དང་། ཁྱབ་པ་དང་། ལྷུན་གྱིས་གྲུབ་པའི་མཚན་ཉིད་ཅན་ཏེ། དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་མདོ་ལས། འཇམ་དཔལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་ན་མུ་སྟེགས་ཅན་གྱི་གནས་ཐམས་ཅད་དང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བྱ་བ་གང་ཅི་འབྱུང་བ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས་འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རོ། །ཞེས་དང་། རྒྱུད་བླ་མ་ལས། གདུལ་བྱའི་ཁམས་དང་འདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་ཀྱི་གདུལ་བྱའི་བྱ་བ་དང་། །དེ་ཡི་ཡུལ་དང་དུས་སུ་གཤེགས་པ་ལ། ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཅེས་པ་ལྟར་ལྷུན་གྲུབ་དང་རྒྱུན་མི་འཆད་པའི་ཚུལ་གཉིས་ལས། དང་པོ་ནི། གང་ཞིག་གང་གིས་གདུལ་བ་ཡི། །བྱ་གང་གང་དུ་གང་གི་ཚེ། །དེ་ཡི་རྣམ་རྟོག་སྐྱེ་མེད་ཕྱིར། །ཐུབ་པ་རྟག་ཏུ་ལྷུན་གྱིས་གྲུབ། །ཅེས་འབད་རྩོལ་ལ་ལྟོས་པ་མེད་པ་ལྷུན་གྲུབ་ཀྱི་ཚུལ་དང་། གཞན་གྱི་དབང་གིས་ངེས་འབྱུང་དང་། །བདག་དང་སེམས་ཅན་མཚུངས་གཟིགས་དང་། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲིད་དུ་མཛད་མི་འཆད། །ཅེས་རྒྱུན་མི་འཆད་པའི་དོན་དང་། །དེ་ལྟར་ནམ་མཁའ་མཐའ་ཀླས་ཀྱི། །འགྲོ་བ་རྟག་ཏུ་ལྷུན་གྲུབ་པར། །ཐོགས་མེད་བློ་ལྡན་དེ་ཡིས་ནི། །སེམས་ཅན་དོན་ནི་ཡང་དག་འཇུག །ཅེས་ཁྱབ་པའི་དོན་དང་། མདོ་སྡེ་ལས་བརྒྱ་པ་ལས། རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་མངའ། །ཞེས་གསུངས་པ་བཞིན་རྟག་པའི་བདག་ཉིད་ཀྱི་ཕྲིན་ལས་གདུལ་བྱ་སོ་སོའི་རྒྱུད་ལ་སྐལ་བ་དང་འཚམ་པར་འབད་རྩོལ་དང་རྣམ་པར་མི་རྟོག་བཞིན་དུ་བདེ་བར་གཤེགས་པའི་ཕྲིན་ལས་དང་ཐུགས་རྗེའི་རོལ་པ་རྨད་དུ་བྱུང་བ་སྣ་ཚོགས་པ་སྟེ། སྒྱུ་འཕྲུལ་རྒྱས་པ་ལས། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །འགྲོ་བའི་ཕྲིན་ལས་བསམ་མི་ཁྱབ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས། །གདུལ་བྱ་རྣམས་ནི་ཆུད་མི་གསོན། །ངན་སོང་སྦྱོངས་ཤིང་བྱང་ཆུབ་ཞིང་། །ཡེ་ཤེས་ཚོགས་རྫོགས་ཀུན་ཏུ་སྟོན། །ཞེས་དང་། འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་འགྱུར་ཞིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་སྒྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བར་འགྱུར། །ཞེས་སོགས་ཀྱང་འབྱུང་ངོ་། ༈ །བཞི་པ་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་ཁྱད་པར་བསྟན་པ་ནི། ཟུར་གྱི་མཁས་པ་རྣམས་ནི། སྐུ་གསུམ་པོ་དེའི་སྣང་ཆ་མ་འདྲེས་པའི་ཆ་ནས་མངོན་པར་བྱང་ཆུབ་པའི་སྐུ་དང་། ངོ་བོ་དབྱེར་མི་ཕྱེད་པའི་ཆ་ནས་རྡོ་རྗེའི་སྐུ་སྟེ་ལྔར་བཞེད་པས་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ནི་སྐུ་མཚན་ཉིད་པ་ཡིན་ལ། གཞན་གཉིས་རྣམ་པའི་ལྡོག་ཆ་དང་ངོ་བོ་དབྱེར་མི་ཕྱེད་པའི་ཆ་ནས་བཞག་པས་སྐུ་བཏགས་པ་བར་བཞེད་དོ། །ཀུན་མཁྱེན་ཀློང་ཆེན་པ་ནི། ཆོས་སྐུ་མངོན་བྱང་རྡོ་རྗེའི་སྐུ་གསུམ་པོ་སངས་རྒྱས་རང་སྣང་གི་སྐུ་མཚན་ཉིད་པ་དང་། ལོངས་སྤྲུལ་གཉིས་ནི་གདུལ་བྱ་གཞན་སྣང་གིས་བསྡུས་པའི་སྐུ་བཏགས་པ་བར་བཞེད། དེ་ལྟར་གདོད་ནས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་གྲོོལ་སའི་ཀ་དག་ཆེན་པོ་དབྱིངས་གཅིག་པའི་ཀློང་། ལམ་ཐམས་ཅད་ཀྱི་བགྲོད་པ་མཐར་ཕྱིན་པའི་ཆོས་ཉིད་དེ་ནི་རྣམ་པ་ཀུན་ཏུ་འཕོ་ཞིང་མི་འགྱུར་བས་རྟག་བརྟན་འདུས་མ་བྱས་པས་མི་འགྱུར་རྡོ་རྗེའི་སྐུ་དང་། གདོད་ནས་དྲི་མ་དང་བྲལ་བས་རང་བཞིན་རྣམ་དག་དང་། གློ་བུར་སྒྲིབ་གཉིས་ཆ་བཅས་ཤིན་ཏུ་རྣམ་པར་བྱང་བས་ན་དག་པ་གཉིས་ལྡན་གྱི་སངས་རྒྱས་ཞེས་ཀྱང་བྱ་སྟེ། ཡེ་ཤེས་དྲྭ་བ་ལས། དབྱིངས་ཀྱི་དག་པ་རྡོ་རྗེའི་སྐུ། །མི་འགྱུར་མི་ཤིགས་བསམ་ལས་འདས། །ཞེས་སོ། །དག་པ་གཉིས་ལྡན་དེ་ཉིད་ཀྱི་ངང་ལས་སྣང་ཆ་མཁྱེན་པའི་ཡེ་ཤེས་མ་འགགས་པའི་རྩལ་གྱིས་བྲལ་བའི་ཡོན་ཏན་སྟོབས་བཅུ། མི་འཇིགས་པ་བཞི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། ཐུགས་རྗེ་ཆེན་པོ་ལ་སོགས་པ་མཁྱེན་བརྩེ་ནུས་པའི་ཡོན་ཏན་རྣམས་མངའ་བའི་ཆ་ནས་མངོན་པར་བྱང་ཆུབ་པའི་སྐུ་ཞེས་བྱ་བ་མ་འདྲེས་པའི་ཆོས་ཐམས་ཅད་ཀྱི་འཆར་གཞིར་གནས་པ་སྟེ། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དོ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ལས། །ཡོན་ཏན་དབྱེ་བ་དྲུག་ཅུ་བཞི་འདི་དག །ཞེས་དང་། སྟོབས་ཉིད་མ་རིག་སྒྲིབ་ལ་རྡོ་རྗེ་བཞིན། །མི་འཇིགས་པ་ནི་འཁོར་ན་སེང་གེ་བཞིན། །དེ་བཞིན་གཤེགས་པའི་མ་འདྲེས་མཁའ་བཞིན་ཏེ། །ཐུབ་པའི་བསྟན་པ་རྣམ་གཉིས་ཆུ་ཟླ་བཞིན། །ཞེས་གསུངས་པ་ལྟར་སྟོབས་བཅུ་ནི་གནས་དང་གནས་མིན་མཁྱེན་པའི་སྟོབས་དང་། ལས་དང་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཀུན་ཏུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་རྣམས་སོ། །མི་འཇིགས་པ་བཞི་ནི། རང་དོན་དུ་སྤངས་རྟོགས་ཕུན་སུམ་ཚོགས་པ་ལ་དམ་བཅའ་བ་གཉིས་དང་། གཞན་དོན་དུ་ལམ་དང་ལམ་གྱི་གེགས་ལ་དམ་བཅའ་བ་གཉིས་ཏེ། དེ་རྣམས་ལ་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བཅས་པ། བྲམ་ཟེ་དང་བཅས་པ་གང་གིས་ཀྱང་རྒོལ་དུ་མེད་པས་བག་ཚ་བ་ཅུང་ཟད་ཀྱང་མི་མངའ་བའོ། །མ་འདྲེས་པ་བཅོ་བརྒྱད་ནི། སྐུ་ལ་འཁྲུལ་པ་མི་མངའ་བ་དང་། གསུང་ལ་ཅ་ཅོ་མི་མངའ་བ་དང་། ཐུགས་ལ་བསྙེལ་བ་མི་མངའ་བ་དང་། མཉམ་པར་མ་གཞག་པ་མི་མངའ་བ་དང་། འདུ་ཤེས་སྣ་ཚོགས་མི་མངའ་བ་དང་། མ་བརྟགས་པའི་བཏང་སྙོམས་མི་མངའ་བ་སྟེ་སྤྱོད་པས་བསྡུས་པ་དྲུག་དང་། འདུན་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཤེས་རབ་ཀྱི་ཕུང་པོ། རྣམ་པར་གྲོལ་བའི་ཕུང་པོ། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་རྣམས་ཉམས་པ་མི་མངའ་བ་སྟེ་རྟོགས་པས་བསྡུས་པ་དྲུག །སྐུ་གསུང་ཐུགས་ཀྱི་ཕྲིན་ལས་རྣམས་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲངས་པ་སྟེ་ཕྲིན་ལས་ཀྱིས་བསྡུས་པ་གསུམ་དང་། དུས་གསུམ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱི་གཟིགས་པ་ལ་འཇུག་པ་ནི་ཡེ་ཤེས་ཀྱིས་བསྡུས་པ་གསུམ་སྟེ་བཅོ་བརྒྱད་དང་། ཆུ་ནང་གི་ཟླ་གཟུགས་བཞིན་གདུལ་བྱའི་ངོར་སྣང་བའི་གཟུགས་སྐུ་གཉིས་ཀྱི་ཡོན་ཏན་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཏེ་སངས་རྒྱས་རྣམས་ལ་མདོར་བསྡུ་ན་ཡོན་ཏན་དྲུག་ཅུ་རྩ་བཞི་དང་ལྡན་པ་ཡིན་ལ། རྒྱས་པར་ནི་དེ་བཞིན་གཤེགས་པ་སྐུ་ཚེ་བྱིན་གྱིས་བརླབས་ཏེ་བསྐལ་པ་ནས་བསྐལ་པར་བསྟན་ཀྱང་མཐའ་མེད་ཅིང་བསམ་གྱིས་མི་ཁྱབ་པའི་བདག་ཉིད་དུ་གསུངས་སོ། །ཡེ་ཤེས་ཀྱི་ཚུལ་ནི། ཆོས་དབྱིངས་ཡེ་ཤེས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། ཡེ་ཤེས་ཕྱི་མ་བཞི་པོ་རྟེན་དང་བརྟེན་པའི་ཆ་ནས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སུ་བཤད་ཅིང་། ཕྱིས་ཀྱི་མཁས་པ་ཆེན་པོ་དག་གིས་ཀྱང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་དོན་དམ་པ་དང་། ཕྱི་མ་བཞི་པོ་ལ་ཀུན་རྫོབ་ཀྱི་ཆ་ཅི་རིགས་པར་འདྲེས་པར་བཤད་དོ། །ཡེ་ཤེས་དེ་དག་ཀྱང་སྔ་མ་ནི། རྒྱུད་བླ་མ་ལས། ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང་། །ཞེས་སོ། །ཕྱི་མ་བཞི་ནི་རིམ་བཞིན། མདོ་སྡེ་རྒྱན་དུ། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་ལ། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཅེས་དང་། མཉམ་ཉིད་ཡེ་ཤེས་སེམས་ཅན་ལ། །བསྒོམ་པ་དག་པ་ལ་འདོད་དོ། །མི་གནས་ཞི་བར་བཞུགས་པ་ནི། །མཉམ་ཉིད་ཡེ་ཤེེས་ཡིན་པར་འདོད། །དུས་རྣམས་ཀུན་ཏུ་བྱམས་པ་དང་། །ཐུགས་རྗེ་ཆེན་པོ་དག་དང་ལྡན། །སེམས་ཅན་རྣམས་ལ་མོས་པ་བཞིན། །སངས་རྒྱས་སྐུ་ནི་ངེས་པར་སྟོན། །ཞེས་དང་། སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི། །འབྱོར་བ་ཐམས་ཅད་སྟོན་མཛད་པ། །ཐེ་ཚོམ་ཐམས་ཅད་གཅོད་པ་ཡི། །ཆོས་ཆེན་ཆར་ནི་རབ་ཏུ་འབེབ། །ཅེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་ནི། ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང་། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་ཀུན་གྱི་དོན་སྒྲུབ་པའོ། །ཞེས་བྱ་བ་གསུངས་སོ། །འདི་ལ་ཀུན་མཁྱེན་ཆེན་པོ་ནི། ཆོས་དབྱིངས་མཉམ་ཉིད་གཉིས་གནས་ལུགས་གཟིགས་པའི་ཆ་ནས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། ཡེ་ཤེས་གཞན་གསུམ་པོ་འཆར་གཞི་དང་། ཡུལ་གཟིགས་པ་དང་། འགྲོ་དོན་མཛད་པའི་ཆ་ནས་ཇི་སྙེད་མཁྱེན་པའི་ཡེ་ཤེས་སུ་བཤད་དེ། ཐལ་འགྱུར་ལས། ཇི་ལྟ་མཁྱེན་པའི་དངོས་པོ་ཡིས། །གནས་ལུགས་རང་གི་དོན་དུ་ཤེས། །ཇི་སྙེད་པ་ཡིས་གདུལ་བྱ་ཡི། །བསམ་པ་ཇི་ལྟར་གནས་པ་ཤེས། །དེ་ལྟར་ཐུགས་རྗེའི་འཆར་ཚུལ་ལས། །གདུལ་བྱའི་འགྲོ་བ་ཐ་དད་ལ། །འདུལ་བྱེད་སྐུ་ཡང་དེ་ཙམ་མོ། །ཞེས་གསུངས་པ་བཞིན་འཆད་པར་མཛད་དོ།། ༈ གཉིས་པ་ཆོས་འཁོར་གྱི་རྣམ་གཞག་བྱེ་བྲག་ཏུ་བཤད་པ་ལ། མདོ་དང་གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་གཉིས་ལས། དང་པོ་ལ་མཚན་ཉིད། ངེས་ཚིག །དབྱེ་བ་བཤད་པའོ། །དང་པོ་མཚན་ཉིད་ནི། སྟོན་པའི་བདག་རྐྱེན་ལས་བྱུང་བའི་ཆོས་འཁོར་གང་ཞིག །གདུལ་བྱའི་རྒྱུད་ལ་འཕོ་ཞིང་མི་མཐུན་པའི་ཕྱོགས་མཐའ་དག་གཅོད་པར་བྱེད་པའོ། ༧ །གཉིས་པ་ངེས་ཚིག་ནི། ལེགས་སྦྱར་གྱི་སྐད་དུ་དྷརྨ་ཙཀྲ་ཞེས་བྱ་སྟེ་དྷརྨའི་སྒྲ་ནི་དམ་པའི་ཆོས་ལུང་དང་རྟོགས་པའི་བདག་ཉིད་ལ་འཇུག་པའོ། །ཙཀྲ་ཞེས་པ་འཕོ་བ་དང་། ཚོགས་པ་ལའང་འཇུག་པས། རྟོགས་པའི་ཆོས་འཁོར་གདུལ་བྱའི་རྒྱུད་ལ་འཕོ་བ་ལྟར་སྣང་བའི་ཕྱིར་དང་། ལུང་གི་ཆོས་འཁོར་ཆོས་ཕུང་མང་པོ་བསྡུས་པའི་བདག་ཉིད་ཡིན་པའི་ཕྱིར་དེ་སྐད་ཅེས་བྱ་སྟེ། དབུ་མ་པ་ཆོས་བཤེས་ཀྱིས། འཁོར་ལོ་ནི་གདུལ་བྱའི་རྒྱུད་ལ་འཕོ་བར་སྣང་བས་སམ། ཚོགས་ཀྱི་དོན་གྱི་ཕྱིར་འཁོར་ལོ་སྟེ་སྒྲའི་དོན་ནི་དེ་དག་དང་ཉེ་བའི་ཕྱིར་རོ་ཞེས་སོ། ༈ །གསུམ་པ་དབྱེ་བ་ལ། ལུང་དང་རྟོགས་པའི་ཆོས་འཁོར་གཉིས་ལས། དང་པོ་ལ། མཚན་ཉིད། མཚན་གཞི། དབྱེ་བ་བཤད་པའོ། །དང་པོ་ནི། སྟོན་པས་གསུངས་པའི་དམ་ཆོས་གང་ཞིག །མྱ་ངན་ལས་འདས་པའི་རྒྱུ་འབྲས་ངོ་བོ་ཉིད་གསུམ་གང་རུང་བརྗོད་བྱར་བྱེད་པའི་མིང་ཚིག་ཡི་གེའི་ཚོགས་སུ་སྣང་བའི་རྣམ་རིག་གོ ༧ །གཉིས་པ་མཚན་གཞི་ནི། བདག་རྐྱེན་སངས་རྒྱས་ཀྱི་ཡེ་ཤེས་དང་། རྒྱུའི་རྐྱེན་གདུལ་བྱའི་རྒྱུད་དག་པ་གཉིས་ལ་བརྟེན་ནས། གདུལ་བྱའི་ཤེས་པ་མིང་ཚིག་ཡི་གེའི་རྣམ་པར་སྣང་བ་ཉིད་ཡིན་གྱི། བཅོམ་ལྡན་འདས་ལ་ངག་ཀུན་ནས་སློང་བའི་བག་ཆགས་མི་མངའ་བའི་ཕྱིར་དང་། ནང་གི་ཤེས་པ་ཕྱི་རོལ་གྱི་སྒྲར་ཞེན་པའི་མ་རིག་པ་མེད་པའི་ཕྱིར་དོན་དམ་པར་དེ་བཞིན་གཤེགས་པས་བཞེད་པ་ལ་རག་ལས་པའི་དབང་གིས་བསྟན་པ་ནི་མ་ཡིན་ནོ། །དོན་གྱི་དབང་འདི་གཟིགས་ནས་དཀོན་མཆོག་བརྩེགས་པ་ལས། ཞི་བའི་བློ་གྲོས་གང་གི་མཚན་མོ་ལ་མངོན་པར་རྫོགས་པར་སངས་རྒྱས་པ་ནས། གང་གིས་མཚན་མོ་མྱ་ངན་ལས་འདས་པའི་བར་དུ། ངས་ཆོས་ཚིག་འབྲུ་གཅིག་ཙམ་ཡང་བསྟན་པ་མེད་དོ། །ཞེས་གསུངས་པའང་འདི་ལ་དགོངས་པར་མཛད་དོ། །འོ་ན་སྙིང་རྗེ་པདྨ་དཀར་པོ་ལས། བྱང་ཆུབ་སེམས་དཔའ་གང་དག་གཡོ་དང་སྒྱུ་མ་མཆིས་ལ་དྲང་བའི་རང་བཞིན་ཐེག་ཆེན་ལ་ཡང་དག་པར་ཞུགས་པ་དཔག་མེད་གྲངས་མེད་མཆིས་པ་དེ་དག་གི་རྒྱུད་ལ་ཚིག་གཅིག་བརྗོད་པས་ཀྱང་། ཆོས་ཀྱི་སྒོ་བརྒྱད་ཁྲི་བཞི་སྟོང་དང་། ཏིང་ངེ་འཛིན་གྱི་སྒོ་བརྒྱད་ཁྲི་བཞི་སྟོང་དང་། གཟུངས་བདུན་ཁྲི་ལྔ་སྟོང་པོའི་ཡོན་ཏན་དེ་དག་རབ་ཏུ་འགོད་པར་གྱུར་ཅིག །ཅེས་དང་། སེམས་ཅན་གཅིག་གི་དོན་གྱི་སླད་དུ་ཡང་བདག་ཆོ་འཕྲུལ་འབུམ་ཕྲག་དུ་མ་སྟོན་ཅིང་དེའི་སེམས་ཀྱི་རྒྱུད་ལ་ཡང་དག་པའི་ལྟ་བ་དང་། ཆོས་ཀྱི་དོན་དང་ཚིག་འབྲུ་སྟོང་ཕྲག་མང་པོ་དག་ཀྱང་བརྗོད་པར་གྱུར་ཅིག །ཅེས་དང་། བདག་བྱང་ཆུབ་ཐོབ་ནས་ཀྱང་ཚིག་གཅིག་བརྗོད་པས་ཆོས་སྟོན་པར་འགྱུར་བ་ན། ཉན་རང་ཐེག་ཆེན་གྱིས་འདུལ་བའི་སེམས་ཅན་སོ་སོར་རང་རང་གི་ཐེག་པའི་ཆོས་བསྟན་པར་འཚལ་བ་དང་། ཞེས་སོགས་ཀྱིས་ཆོས་གཅིག་བསྟན་པར་བཤད་པ་དང་། སྣ་ཚོགས་བསྟན་པར་གསུངས་པ་རྣམས་ཇི་ལྟར་མི་འགལ་བ་ཡིན་ཞེ་ན། དེ་ལ་ཆོས་ཅི་ཡང་མ་གསུངས་པར་བཤད་པ་ནི། ངེས་དོན་མཐར་ཐུག་པ་ཡིན་ལ། ཆོས་གཅིག་བསྟན་པ་དང་སྣ་ཚོགས་གསུངས་པར་བཤད་པ་གཉིས་ནི་རིམ་པར་གནས་སྐབས་ཀྱི་ངེས་དོན་དང་དྲང་དོན་དགོངས་པ་ཅན་དུ་མཁས་པ་རྣམས་བཞེད་པ་ཡིན་ནོ། །དུས་ཀྱི་བྱེ་བྲག་ལས་འཁོར་ལོ་གསུམ་རིམ་དང་ཅིག་ཅར་གང་གི་ཚུལ་གྱིས་བསྐོར་ཅེ་ན། མདོ་སྡེ་ཡོན་ཏན་བཀོད་པའི་རྒྱལ་པོ་ལས། ང་ཡིས་ཅི་ཡང་མ་གསུངས་པར། །སེམས་ཅན་རྣམས་ལ་ཁྱབ་བརྡལ་སྣང་། །གང་ཚེ་རིམ་གྱིས་མངོན་འདོད་པ། །དེ་དག་ཀུན་ལ་དེ་བཞིན་ཏེ། །དུས་གཅིག་ཉིད་དུ་འཇུག་པ་ལ། །ཆོས་ཀྱི་རྣམ་གྲངས་རྫོགས་པར་སྣང་། །ཡིད་བཞིན་རེ་བ་རྣམ་སྐོང་བའི། །གསུང་གི་ཆེ་བའི་དེ་ཉིད་དོ། །ཅེས་གསུངས་པ་ལྟར་གདུལ་བྱ་ཁ་ཅིག་ལ་ནི་གནས་གཅིག་ཏུ་དུས་ཐ་དད་པར་རིམ་གྱིས་གསུངས་པའང་ཡོད་དེ། འདུལ་བ་ལུང་ལས། ཆུ་ཀླུང་བཱ་ར་ཏའི་འགྲམ་དེ་ཉིད་དུ་ཀླུ་རྣམས་ལ་ནི་དགེ་བ་བཅུའི་ཆོས་ཀྱི་ཆར་ཆེན་པོ་གསུངས་སོ། །ཞེས་དང་། གནས་མཆོག་གི་བུ་འཁོར་ལྔ་བརྒྱ་དང་ལྷན་ཅིག་བླ་ན་མེད་པའི་བྱང་ཆུབ་ཀྱི་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྙེད་དོ། །ཞེས་སོ། །ཡང་གནས་གཅིག་ཏུ་དུས་གཅིག་ལ་གསུང་གཅིག་གིས་གདུལ་བྱ་སོ་སོར་ཐ་དད་པར་མཐོང་བ་ནི། ཟ་མ་ཏོག་བཀོད་པའི་མདོ་ལས། དེའི་ཚེ་བྱང་ཆུབ་སེམས་དཔའ་ཁ་ཅིག་གིས་ནི་སྙིང་རྗེ་ཆེན་པོའི་ཆོས་ཀྱི་སྒོའི་རྣམ་གྲངས་ཐོས་ལ། ཁ་ཅིག་གིས་ནི་མཚན་མ་མེད་པའི་ཆོས་ཀྱི་སྒོའི་རྣམ་གྲངས་ཐོས་སོ་ཞེས་འབྱུང་བ་ལྟར་རོ། ༧ །གསུམ་པ་དབྱེ་བ་ལ། ཆོས་འཁོར་གསུམ་དུ་བསྟན་པ། དྲང་ངེས་ཀྱི་ཚུལ་བཤད་པ། ཆོས་ཕུང་གི་རྣམ་པར་གཞག་པ་དང་གསུམ་ལས། དང་པོ་ལ། སྤྱིར་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ནི། བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར། བར་པ་མཚན་ཉིད་མེད་པའི་ཆོས་འཁོར། མཐའ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་རོ། །དེ་ལྟར་གསུམ་དུ་དབྱེ་རིགས་པའི་རྒྱུ་མཚན་ཡང་། གདུལ་བྱའི་གང་ཟག་ལ་ཐེག་དམན་གྱི་རིགས་སུ་ངེས་པ་དང་། ཐེག་ཆེན་གྱི་རིགས་སུ་ངེས་པ་དང་། རྐྱེན་གྱིས་འགྱུར་བས་རིགས་མ་ངེས་པ་དང་གསུམ་དུ་དབྱེ་བའམ། ཡང་ན་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས། རིགས་ཀྱི་བུ་དེ་བཞིན་དུ། དེ་བཞིན་གཤེགས་པས་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་རིག་ནས། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པས་ཡིད་འབྱུང་བར་འགྱུར་བའི་གཏམ་གྱིས་འཁོར་བ་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་ཡིད་འབྱུང་བར་བྱེད། འཕགས་པའི་ཆོས་འདུལ་བ་ལ་འཇུག་པར་བྱེད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པས་བརྩོན་འགྲུས་རྒྱུན་མི་གཅོད་ཅིང་། དེའི་འོག་ཏུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་ཁོང་དུ་ཆུད་པར་བྱེད་དོ། །དེ་ཙམ་གྱིས་ཀྱང་དེ་བཞིན་གཤེགས་པས་བརྩོན་འགྲུས་རྒྱུན་མི་གཅོད་ཀྱི། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་དང་། འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཛུད་དེ། ཞེས་ཆོས་འཁོར་གསུམ་ལ་གཏམ་གསུམ་གྱི་རྣམ་གཞག་མཛད་དེ། དང་པོ་འཁོར་བ་ལ་ཡིད་འབྱུང་བའི་གཏམ་དང་། གཉིས་པ་རྣམ་ཐར་སྒོ་གསུམ་གྱི་གཏམ་དང་། གསུམ་པ་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་མོ། །ཡང་ན་སློབ་དཔོན་ཀླུ་སྒྲུབ་ཀྱིས། དང་པོ་བདག་སྟོན་པའི་འཁོརལོ། བར་དུ་བདག་མེད་སྟོན་པའི་འཁོར་ལོ། མཐའ་མར་ལྟ་བ་ཀུན་ཟློག་གི་འཁོར་ལོ་ཞེས་ཐ་སྙད་མཛད་དེ། རྩ་ཤེས་ཀྱི་རབ་བྱེད་བཅོ་བརྒྱད་པ་ལས། བདག་གོ་ཞེས་ཀྱང་བཏགས་གྱུར་ཅིང་། །བདག་མེད་ཅེས་ཀྱང་བསྟན་པར་གྱུར། །སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན། །ཞེས་གསུངས་པ་དང་། འཕགས་པ་ལྷས་ཀྱང་། བསོད་ནམས་མ་ཡིན་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང་། །མཐའ་མར་ལྟ་བ་ཀུན་བཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། །ཞེས་བཤད་པས་སོ། ༧ །གཉིས་པ་སོ་སོའི་རྣམ་གཞག་ལ་གསུམ་ལས། འཁོར་ལོ་དང་པོ་ནི། གནས་ཕུན་སུམ་ཚོགས་པ་ཝ་རཱ་ཎ་སིར། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པས། འཁོར་ཕུན་སུམ་ཚོགས་པ་ལྔ་སྡེ་བཟང་པོ་ལྷ་བརྒྱད་ཁྲི་དང་བཅས་པ་ལ། ཆོས་ཕུན་སུམ་ཚོགས་པ་བཀའ་འཁོར་ལོ་དང་པོ་བདེན་པ་བཞིའི་རྣམ་གྲངས། དུས་ཕུན་སུམ་ཚོགས་པ་དགུང་ལོ་སུམ་ཅུ་རྩ་དྲུག་ནས་བཞི་བཅུ་རྩ་གཉིས་ཀྱི་བར་དུ་གསུངས་སོ། །དེའང་འདུལ་བའི་སྡེ་སྣོད་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་ལས་བརྩམས་ཏེ། འདུལ་བའི་འདུལ་བ་བཅས་པ་དང་རང་བཞིན་གྱི་རྣམ་པར་གཞག་པ་ཆེ་ལོང་རྣམས་དང་། འདུལ་བའི་མདོ་སྡེ་ཏིང་ངེ་འཛིན་དང་ཚངས་པར་སྤྱོད་པ་རྣལ་འབྱོར་དུ་བྱ་བའི་རིམ་པ་དང་། འདུལ་བའི་མངོན་པ་དེ་དག་གི་རབ་ཏུ་དབྱེ་བ་རྒྱ་ཆེར་བཤད་པ་ལ་སོགས་པ་རྣམས་སོ། །མཚན་ཉིད་ནི། སྟོན་པས་གསུངས་པའི་དམ་ཆོས་གང་ཞིག །ཐེག་ཆེན་གྱི་ལམ་སྟེགས་སུ་དགོངས་ནས་བདག་མེད་པའི་གནས་ལུགས་མདོར་མཚོན་པ་ཙམ་དུ་བསྟན་པའོ། །ཡང་ན་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་བདེན་པ་བཞི་ལན་གསུམ་དུ་བཟླས་པ་རྣམ་པ་བཅུ་གཉིས་སུ་བསྐོར་བའོ། །ཡང་ན་ལས་དང་པོ་པའི་ཚེ་གཟུང་འཛིན་རང་རྒྱུད་པས་བཅིངས་པའི་ཉོན་མོངས་པ་ལས་སེམས་བསྲུང་བའི་ཕྱིར་སྤང་གཉེན་བླང་དོར་དུ་བྱེད་པའི་རིམ་པ་གཙོ་བོར་སྟོན་པའོ། །མཚན་གཞི་ནི། ཉན་ཐོས་རྣམས་ལ་གྲགས་པའི་འདུལ་མངོན་མདོ་སྡེའི་གསུང་རབ་རྣམས་ཏེ། ལུང་སྡེ་བཞི་ལ་སོགས་པ་རྣམས་སོ། །དེ་ལ་ལན་གསུམ་དུ་བཟླས་པ་རྣམ་པ་བཅུ་གཉིས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ནི། བྱེ་སྨྲ་དག་འདི་ལྟར་འདོད་དེ། བདེན་པ་བཞི་པོ་སོ་སོར་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་སོགས་བསྟན་པ་བཟླས་པ་དང་པོ། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ་ཞེས་བསྟན་པ་བཟླས་པ་གཉིས་པ། སྡུག་བསྔལ་ཡོངས་སུ་ཤེས་སོ། །ཀུན་འབྱུང་སྤངས་སོ། །འགོག་པ་མངོན་དུ་བྱས་སོ། །ལམ་བསྒོམས་སོ། །ཞེས་བསྟན་པ་བཟླས་པ་གསུམ་པ། དེ་ལྟར་བཟླས་པ་རེ་རེ་ལ་མིག་སྐྱེས་སོ། །ཤེས་པ་དང་། རིག་པ་དང་། བློ་སྐྱེས་སོ། །ཞེས་བཞི་བཞི་སྦྱར་བས་རྣམ་པ་བཅུ་གཉིས་སུ་འགྱུར་བ་ཡིན་ནོ། །དེ་ལ་མིག་ཅེས་བྱ་བ་ཟག་མེད་ཀྱི་ཤེས་རབ། ཤེས་པ་ཞེས་པ་ཐེ་ཚོམ་མེད་པ། རིག་པ་ཞེས་པ་ཡང་དག་པའི་དོན། བློ་ཞེས་པ་རྣམ་པར་དག་པའི་བློ་སྟེ། རིམ་པ་བཞིན་ཕྱི་རོལ་པའི་བདེན་པ་མཐོང་བར་རློམ་པ་ནི་ལོག་ལྟ། ཐེ་ཚོམ། མ་རིག་པ། ཟག་བཅས་བཞི་ལས་མ་འདས་པས། དེ་དག་ལས་ཁྱད་པར་དུ་བྱ་བའི་ཕྱིར་སྨོས་པ་ཡིན་ཅེས་མཛོད་འགྲེལ་ལས་བཤད་དོ། །མདོ་སྡེ་པ་དག་གིས་ནི་ལན་གསུམ་དུ་བཟླས་པའི་ཚུལ་དེ་ལྟར་ཡིན་ན་ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བཟླས་པ་མི་འགྲུབ་སྟེ། ཁྱོད་ཀྱི་མཐོང་ལམ་ཁོ་ན་ཆོས་འཁོར་དུ་འདོད་པ་གང་ཞིག །དེ་དང་པོར་ལན་གཅིག་ལས་མ་སྨྲོས་པའི་ཕྱིར། དེ་ལ་རྣམ་པ་བཅུ་གཉིས་ཡིན་པའང་མི་འགྲུབ་ཏེ། མཐོང་ལམ་ལ་ལྟོས་པའི་མིག་སོགས་བཞི་ཚན་གཅིག་ཏུ་ཁྱེད་རང་གིས་ཁས་བླངས་པའི་ཕྱིར་རོ། །ཞེས་བྱེ་སྨྲའི་རྣམ་གཞག་དེ་དག་སུན་ཕྱུང་ནས་རང་ལུགས་འཇོག་པའི་ཚེ། བདེན་བཞི་རང་གི་ངོ་བོ་ལ་དམིགས་པའི་ཚུལ་གྱིས་བཟླས་པ་དང་པོ། བྱ་བའི་ངོ་བོ་ལ་དམིགས་པའི་ཚུལ་གྱིས་བཟླས་པ་གཉིས་པ། མཐར་ཐུག་པ་ལ་དམིགས་པའི་ཚུལ་གྱིས་བཟླས་པ་གསུམ་པ་སྟེ། བཟླ་བྱ་ནི་བདེན་བཞིའི་ཆོས་ཀྱི་རྣམ་གྲངས་ཉིད་ཡིན་ཞིང་། བཟླས་པ་གསུམ་ལ་བདེན་པ་བཞི་སོ་སོར་ངོ་བོ་བྱ་བ་འབྲས་བུ་རྣམས་ལ་དམིགས་པའི་རྣམ་པ་བཞི་བཞིར་འགྱུར་བའི་ཕྱིར་རྣམ་པ་བཅུ་གཉིས་ཡིན་ནོ་ཞེས་འདོད་དོ། ༧ །གཉིས་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་ནི། གནས་ཕུན་སུམ་ཚོགས་པ་བྱ་རྒོད་ཕུང་པོའི་རི་ལ། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པས། འཁོར་ཕུན་སུམ་ཚོགས་པ་ཐུན་མོང་གི་འཁོར་རྣམ་བཞི་དང་། མཆོག་ཟུང་གཉིས་སོགས་དགྲ་བཅོམ་པ་ལྔ་སྟོང་དང་སྲུ་སྐྱེ་དགུའི་བདག་མོ་ལ་སོགས་པ་དགེ་སློང་མ་ལྔ་བརྒྱ་ཙམ་དང་། ལྷ་དང་ཀླུ་དང་ལྷ་མ་ཡིན་དང་། དྲི་ཟ་ལ་སོགས་པ་རབ་ཏུ་མང་པོ་དང་། ཐུན་མོང་མ་ཡིན་པའི་འཁོར་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་བཟང་སྐྱོང་དང་། རིན་ཆེན་འབྱུང་ལྡན་དང་། དྲྭ་བ་སྦྱིན་ལ་སོགས་པ་རབ་ཏུ་མང་པོ་རྣམས་ལ། ཆོས་ཕུན་སུམ་ཚོགས་པ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་རྣམ་གྲངས། དུས་ཕུན་སུམ་ཚོགས་པ་དགུང་ལོ་བཞི་བཅུ་རྩ་གསུམ་ནས་བདུན་ཅུ་རྩ་གཉིས་ཀྱི་བར་དུ་གསུངས་སོ། །དེའང་མདོ་སྡེའི་སྡེ་སྣོད་གཙོ་བོར་སེམས་ཀྱི་བསླབ་པ་སྟོན་པ་ལས། མདོ་སྡེའི་འདུལ་བ་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚོམས་རྣམ་པར་གཞག་པ་དང་། མདོ་སྡེའི་མདོ་སྡེ་ཏིང་ངེ་འཛིན་ཟབ་ཅིང་རྒྱ་ཆེ་བ་དཔའ་བར་འགྲོ་བ་དང་། རྡོ་རྗེ་ལྟ་བུ་དང་། རིན་ཆེན་ཕྱག་རྒྱ་ལ་སོགས་པ་རྒྱས་པར་བསྟན་པ་དང་། མདོ་སྡེའི་མངོན་པ་ས་དང་ལམ་དང་གཟུངས་དང་ཏིང་ངེ་འཛིན་གྱི་རབ་ཏུ་དབྱེ་བ་ཇི་སྙེད་པ་རྣམས་སོ། །མཚན་ཉིད་ནི། སྟོན་པས་གསུངས་པའི་དམ་ཆོས་གང་ཞིག །ཐེག་པ་ཆེན་པོའི་ལམ་དངོས་ལ་དགོངས་ནས་གཙོ་བོར་བྱང་ཆུབ་སེམས་དཔའ་རྣམས་ལ་ཟབ་མོ་སྟོང་པ་ཉིད་ཀྱི་ཚུལ་ལས་བརྩམས་ཏེ་བསྟན་པའོ། །ཡང་ན། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་དབང་དུ་མཛད་ནས་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་མེད་པར་བསྟན་པ་རྣམས་སོ། །ཡང་ན་གཉེན་པོ་ལ་མངོན་པར་ཞེན་པ་དགག་པའི་ཕྱིར་ཆོས་ཐམས་ཅད་མཚན་ཉིད་མེད་པར་བསྟན་པའོ། །མཚན་གཞི་ནི། ཤེར་ཕྱིན་གྱི་མདོ་སྡེ་རྒྱས་འབྲིང་བསྡུས་གསུམ་ལ་སོགས་པ་རྣམས་སོ། །ཅིའི་ཕྱིར་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་ཞེས་བྱ་ཞེ་ན། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་རང་རང་གི་མཚན་ཉིད་ཤིན་ཏུ་དབེན་པ་སྨྲ་བསམ་བརྗོད་བྲལ་གྱི་དེ་ཁོ་ན་ཉིད་སྟོན་པར་སྣང་བའི་ཕྱིར་དེ་སྐད་ཅེས་བྱའོ། ༧ །འཁོར་ལོ་གསུམ་པ་ནི། གནས་ཕུན་སུམ་ཚོགས་པ་འཛམ་བུའི་གླིང་དང་། ལྷ་དང་ཀླུའི་གནས་ལ་སོགས་པ་ངེས་པ་མེད་པར། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པས། འཁོར་ཕུན་སུམ་ཚོགས་པ་དགེ་སློང་དང་དགེ་སློང་མ་དང་། ལྷ་དང་ཀླུ་དང་། བྱང་ཆུབ་སེམས་དཔའ་གྲངས་མེད་པ་ལ། ཆོས་ཕུན་སུམ་ཚོགས་པ་བཀའ་མཐའ་མ་ངེས་པ་དོན་གྱི་རྣམ་གྲངས། དུས་ཕུན་སུམ་ཚོགས་པ་དགུང་ལོ་བདུན་ཅུ་རྩ་གསུམ་ནས་བརྒྱད་ཅུ་རྩ་གཉིས་ཀྱི་བར་དུ་གསུངས་སོ། །དེ་ཡང་མངོན་པའི་སྡེ་སྣོད་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་ལས། མངོན་པའི་འདུལ་བ་ཚེགས་ཆུང་ཞིང་སླ་བའི་ཐབས་ཀྱིས་ཉོན་མོངས་པ་འདུལ་བ་རྣམས་དང་། མངོན་པའི་མདོ་སྡེ་དེ་ཁོ་ན་ཉིད་ལ་འཇུག་པའི་ཚུལ་རྒྱ་མཚོ་ལྟ་བུ་དང་། མངོན་པའི་མངོན་པ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། དབང་པོ་དང་། རྣམ་པར་ཤེས་པ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་ཁམས་རང་བཞིན་གྱིས་རྣམ་པར་དག་པའི་རབ་ཏུ་དབྱེ་བ་མཐའ་ཡས་པ་དང་བཅས་པ་རྣམས་སོ། །མཚན་ཉིད་ནི། སྟོན་པས་གསུངས་པའི་དམ་ཆོས་གང་ཞིག་མ་ངེས་པའི་རིགས་ཅན་རྣམས་ཐེག་པ་ཆེན་པོའི་ཚུལ་གྱིས་རྗེས་སུ་འཛིན་པའི་ཕྱིར་འཁོར་གསུམ་རྣམ་དག་གི་གཏམ་གཙོ་བོར་སྟོན་པའོ། །ཡང་ན་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་དབང་དུ་མཛད་དེ་དྲང་ངེས་སྣ་ཚོགས་པར་བསྟན་པའོ། །ཡང་ན་གཤིས་ལ་ཇི་ལྟར་གནས་པ་ལྟར་འོད་གསལ་བའི་རང་བཞིན་ཡང་དག་པར་བསྟན་པའོ། །མཚན་གཞི་ནི། ཕལ་པོ་ཆེ་དང་ལང་ཀར་གཤེགས་པ་དང་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་སོགས་དེ་བཞིན་གཤེགས་པའི་སྙིང་པོ་གཙོ་བོར་སྟོན་པའི་ངེས་དོན་གྱི་མདོ་སྡེ་རྣམས་སོ། །དེ་ལ་ཅིའི་ཕྱིར་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཞེས་བྱ་ཞེ་ན། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་དུ་ལེགས་པར་ཕྱེས་ནས་གསུངས་པའི་ཕྱིར་དེ་སྐད་ཅེས་བྱའོ། ༧ །གཉིས་པ་དྲང་ངེས་ཀྱི་རྣམ་པར་གཞག་པ་ནི། དེ་ལྟར་འཁོར་ལོ་གསུམ་པོ་དེ་ཉིད་དྲང་ངེས་སོ་སོར་ཕྱེ་ན། སློབ་དཔོན་ཐོགས་མེད་སྐུ་མཆེད་སོགས་ནི། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། འཁོར་ལོ་དང་པོ་ལ། ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིར་གྱུར་པ་ཞེས་དང་། གཉིས་པར་ཡང་དྲང་བའི་དོན་དང་། རྩོད་པའི་གཞི་གནས་སུ་གསུངས་ཤིང་། གསུམ་པར་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །ཞེས་གསུངས་པ་དང་། གཞན་ཡང་འཁོར་ལོ་མཐའ་མའི་མདོ་སྡེ་ཕལ་མོ་ཆེ་ལས། འཁོར་ལོ་བར་པར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ། མ་སྐྱེས་པ། མ་འགག་པ་ལ་སོགས་པར་གསུངས་པ་རྣམས་དགོངས་པ་ཅན་དུ་བསྟན་པའི་ཕྱིར་འཁོར་ལོ་མཐའ་མ་ཉིད་ངེས་དོན་མཐར་ཐུག་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བཞེད་དོ། །ཡང་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་རྣམས་ཀྱིས་ནི། ཡུམ་ལས། བརྒྱ་བྱིན་གྱིས་གསོལ་བ། བཅོམ་ལྡན་འདས་ཇི་སྲིད་དུ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ཆོས་གང་ཡང་མི་སྐྱེད་མི་འགོག་པ་དང་། ཆོས་ཐམས་ཅད་སྐྱེ་བ་མ་མཆིས་པ་དང་འགག་པ་མ་མཆིས་པའི་སླད་དུ་ཉེ་བར་གནས་ལ་གནས་པའང་མ་ལགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ངོ་མཚར་རོ། །ཞེས་སོགས་ཤིན་ཏུ་ཟབ་པ་སྟོང་པ་ཉིད་ཀྱི་ཚུལ་བསྟན་པ་འདི་ལ་རིགས་པའི་གནོད་བྱེད་གང་ཡང་མི་འཇུག་པའི་ཕྱིར་འཁོར་ལོ་བར་པ་ཁོ་ན་ངེས་དོན་མཐར་ཐུག་ཏུ་བཞེད་དོ། །དེས་ན་འཁོར་ལོ་དང་པོ་དྲང་དོན་ཡིན་པར་ནི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་དབུ་སེམས་གཉིས་ཀ་བཞེད་པ་མཐུན་ཞིང་། འཁོར་ལོ་བར་མཐའ་གཉིས་ལ་བཞེད་ཚུལ་ཐ་དད་པ་ལྟར་སྣང་ཡང་། འདིར་བར་པ་ངེས་དོན་མཐར་ཐུག་དང་། མཐའ་མ་ལ་དྲང་ངེས་ཅི་རིགས་ཀྱི་ཆ་ཡོད་པར་ཤེས་པར་བྱའོ། །དེ་ལྟར་དྲང་ངེས་གཉིས་སུ་དབྱེ་བའི་ཆོས་ནི། བློ་གྲོས་མི་ཟད་པས་བསྟན་པ་ལས། ཀུན་རྫོབ་སྒྲུབ་པ་སྟོན་པ་ནི་དྲང་བའི་དོན་ནོ། །དོན་དམ་སྒྲུབ་པ་སྟོན་པ་ནི་ངེས་པའི་དོན་ནོ། །ཞེས་གསུངས་པ་ལྟར་ཀུན་རྫོབ་ཀྱི་བདེན་པ་ལས་བརྩམས་ཏེ་རྒྱུ་ལམ་འབྲས་བུའི་ཚུལ་ལ་སོགས་པ་སྟོན་པ་རྣམས་དྲང་བའི་དོན་ཏེ། དེས་དོན་དམ་པའི་དེ་ཁོ་ན་ཉིད་ལ་རིམ་གྱིས་བཀྲི་བར་བྱེད་པའི་ཕྱིར་རོ། །དོན་དམ་པའི་བདེན་པ་ལས་བརྩམས་ཏེ་གཞི་ལམ་འབྲས་བུའི་གནས་ལུགས་སོགས་ཕྱིན་ཅི་མ་ལོག་པར་སྟོན་པ་ནི་ངེས་དོན་ཏེ་སྒྲོ་སྐུར་དང་བྲལ་བའི་དེ་ཁོ་ན་ཉིད་ཀྱི་དོན་ངེས་པར་སྟོན་པས་སོ། །བཀའ་བར་པ་ངེས་དོན་དུ་འདོད་པ་དག་གིས་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་ལུང་དེ་ཇི་ལྟར་འཐད་ཅེ་ན། འཇུག་པ་ལས། རྣམ་པ་འདི་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱས། །ཞེས་གསུངས་པ་ལྟར། མདོ་སྡེ་འདི་ལ་སོགས་པ་གང་དུ་རྣམ་པར་རིག་པ་ཙམ་གྱི་ཚུལ་སྟོན་པ་སྟེ། དེ་ཐམས་ཅད་ནི་དྲང་བའི་དོན་དུ་འཆད་པར་བྱེད་དོ། །འདི་དག་དྲང་དོན་ཡིན་པར་གང་ལས་ཤེས་ཤེ་ན། ལུང་དང་རིགས་པ་ལས་ཏེ། དེ་ལ་རེ་ཞིག་ལུང་ནི། འཕགས་པ་ལང་ཀར་གཤེགས་པ་ལས། ཇི་ལྟར་ནད་པ་ནད་པ་ལ། །སྨན་པས་སྨན་ནི་གཏོང་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །སེམས་ཙམ་དུ་ཡང་ཆོས་སྟོན་ཏོ། །ཞེས་གསུངས་སོ། །དགོས་པ་ནི། གཙོ་བོ་དང་། རྡུལ་དང་། དབང་ཕྱུག་ལ་སོགས་པ་རང་གཞན་གྱི་སྡེ་པ་དག་གིས་བརྟགས་པའི་བྱེད་པ་པོ་དང་། གང་ཟག་ལ་སོགས་པ་དགག་པའི་ཕྱིར་ཏེ། ཡང་དེ་ཉིད་ལས། གང་ཟག་རྒྱུན་དང་ཕུང་པོ་དང་། །དེ་བཞིན་རྐྱེན་དང་རྡུལ་དང་ནི། །གཙོ་བོ་དབང་ཕྱུག་བྱེད་པོ་རྣམས། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །རིགས་པ་ཡང་། ཅི་སྟེ་དགོངས་འགྲེལ་ལ་སོགས་པ་དག་ལས་གཞན་དབང་རྣམ་རིག་ཙམ་ཡོད་པར་བསྟན་པ་དེ་གལ་ཏེ་ངེས་པའི་དོན་ཡང་དག་པ་ཡིན་ན། རིགས་པས་གནོད་པར་མི་འགྱུར་བར་ཞིག་ན། འཁོར་ལོ་བར་པའི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་ཀྱི་ལུང་དང་རིགས་པས་རྣམ་ཤེས་བདེན་པར་གྲུབ་པ་བརྟག་མི་བཟོད་པའི་ཕྱིར་རོ། །དེ་བས་ན་མདོ་འདིར། བར་པ་དྲང་བའི་དོན་དང་མཐའ་མ་ངེས་པའི་དོན་དུ་གསུངས་པའི་དགོངས་པ་ནི། དམིགས་པ་ཅན་དུ་ལྟ་བ་སྟོང་པ་ཉིད་ལ་སྐྲག་པ་དག་རིམ་གྱིས་དྲང་བར་བྱ་བའི་ཕྱིར་དང་། ཐ་སྙད་དུ་སེམས་ཙམ་ལས་གཞན་པའི་བྱེད་པ་པོ་དང་། ཟ་བ་པོ་དགག་པའི་ཕྱིར་གསུངས་པར་ལུང་དང་རིགས་པས་ཤེས་ནུས་པ་ཡིན་ནོ། །ཡང་ན་དྲང་ངེས་ཀྱི་རྣམ་པར་གཞག་པ་གཞན་ནི། ཕལ་ཆེན་པའི་སྡེ་པ་དག་ནི་བདེ་བར་གཤེགས་པའི་གསུང་ཐམས་ཅད་ངེས་དོན་ནོ་ཞེས་ཟེར། གཞི་ཐམས་ཅད་ཡོད་པར་སྨྲ་བ་ལ་སོགས་པ་མང་པོ་ཞིག་གིས་ནི། དེ་བཞིན་གཤེགས་པའི་གསུང་ལ་དྲང་དོན་དང་ངེས་དོན་གཉིས་ཀ་ཡོད་དོ་ཞེས་འདོད་དོ། །ཐེག་པ་ཆེན་པོ་ལ་འཕགས་པ་ཐོགས་མེད་ཀྱི་རྗེས་སུ་འབྲངས་པ་རྣམས་ནི། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་ལུང་ལྟར། འཁོར་ལོ་དང་པོ་ནི་སྟོང་པ་ཉིད་འཁྱུད་ནས་ཡོད་པའི་རྣམ་པ་སྟོན་པ་དང་། བཀའ་བར་པའི་མདོ་སྡེ་རྣམས་ལས་ཀྱང་ཡོད་པ་འཁྱུད་ནས་སྟོང་པ་ཉིད་དུ་བསྟན་པའི་ཕྱིར་ངེས་དོན་མ་ཡིན་ལ། འཁོར་ལོ་མཐའ་མར་ནི་ངོ་བོ་ཉིད་གསུམ་གྱི་སྒོ་ནས་ཡོད་པ་དང་མེད་པ་སོ་སོར་ཕྱེས་ཏེ་བསྟན་པའི་ཕྱིར་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་མཐའ་གཉིས་ཀ་ལས་གྲོལ་བའི་ཕྱིར་ངེས་པའི་དོན་འབའ་ཞིག་གོ་ཞེས་འདོད། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲངས་པ་རྣམས་ནི། མདོ་གང་ཞིག་སྟོང་པ་ཉིད་འཁྱུད་ཅིང་ཀུན་རྫོབ་ཀྱི་བདེན་པ་གཙོ་བོར་སྟོན་པ་ནི་དྲང་བའི་དོན་ཡིན་ཞིང་། མདོ་གང་སྟོང་པ་ཉིད་དོན་དམ་པའི་བདེན་པ་གཙོ་བོར་སྟོན་པ་དེ་དག་ནི་ངེས་པའི་དོན་གྱི་མདོ་སྡེ་ཡིན་ནོ་ཞེས་བཞེད་དོ། །དེའི་ཕྱིར་འཁོར་ལོ་དང་པོར་ནི་གཟུགས་ལ་སོགས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཡོད་པར་རྣམ་པར་གཞག་ལ། མཐའ་མར་ནི་ཡང་དག་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡོད་པར་བསྟན་པའི་ཕྱིར་དྲང་བའི་དོན་ཡིན་ལ། འཁོར་ལོ་བར་པར་ནི་སྟོང་པ་ཉིད་ཀྱི་རང་བཞིན་གསལ་བར་བསྟན་པའི་ཕྱིར་ངེས་དོན་བླ་ན་མེད་པའོ་ཞེས་བཞེད་དོ། །དེ་ལྟར་ལུགས་དང་པོ་ནི་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་རྗེས་སུ་འབྲངས་པ་དང་། ཕྱི་མ་ནི་བློ་གྲོས་མི་ཟད་པ་ལ་སོགས་པ་ཟབ་མོའི་མདོ་སྡེ་རྣམས་ཀྱི་རྗེས་སུ་འབྲངས་པ་ཡིན་ལ། གཉིས་ཀ་ཡང་མཐར་ཐུག་གི་དགོངས་པ་ལ་འགལ་བ་རྡུལ་ཙམ་ཡང་མ་མཆིས་པ་སྟེ། ཇི་ལྟར་ན་རེ་ཞིག་མཚན་འཛིན་གྱི་སྤྲོས་པ་མཐའ་དག་གཅོད་པ་དང་། ཡུལ་ཆོས་དབྱིངས་གཏན་ལ་འབེབ་པ་ལ་ཀླུ་སྒྲུབ་ཀྱི་དགོངས་པ་གཙོ་ཆེ་ཞིང་། རྣལ་འབྱོར་པ་རྣམས་ཀྱི་སྒོམ་པ་གཙོ་བོར་བཏོན་པས་གནས་ལུགས་དེ་ཁོ་ན་ཉིད་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ཉམས་སུ་མྱོང་བྱར་གྱུར་པ་ཡུལ་ཅན་ཡེ་ཤེས་གཏན་ལ་འབེབ་པ་ལ་འཁོར་ལོ་མཐའ་མའི་ངེས་དོན་གྱི་མདོ་དང་བསྟན་བཅོས་རྣམས་ལས་བཀྲལ་པ་ཁོ་ན་ཟབ་པར་གནས་པ་ཡིན་ནོ། ༧ །གསུམ་པ་ཆོས་ཕུང་དུ་རྣམ་པར་གཞག་པ་ནི། དེ་ལྟར་ལུང་གི་ཆོས་ཐམས་ཅད་ལ་སྤྱིར་ཆོས་ཀྱི་ཕུང་པོ་ཞེས་བྱ་སྟེ། བརྗོད་བྱ་དོན་དང་རྗོད་བྱེད་ཀྱི་ཚིག་དུ་མ་སྤུངས་པའི་ཕུང་པོར་སྣང་བའི་ཕྱིར་རོ། །དེའང་ཉན་ཐོས་པ་དག་གི་འདོད་པ་ལྟར་ན། མཛོད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་སམ་འདུ་བྱེད་དག་ཏུ་འདུས། །ཞེས་གསུངས་པ་ལྟར། བྱེ་བྲག་ཏུ་སྨྲ་བ་དག་ནི་ངོ་བོ་མིང་གི་ཚོགས་ཡིན་པ། རྒྱུད་ཉན་པ་པོས་བསྡུས་པ། ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་ཕུང་པོས་བསྡུས་པར་འདོད་ལ། མདོ་སྡེ་པ་ནི་ངོ་བོ་ཚིག་གི་ཚོགས། རྒྱུད་འཆད་པ་པོས་བསྡུས་ལ། གཟུགས་ཀྱི་ཕུང་པོས་བསྡུས་པར་འདོད་དོ། །ཐེག་པ་ཆེན་པོ་ནི་རྒྱུད་བླ་མ་ལས། ཇི་ལྟར་སྒྲ་བརྙན་གྱི་ནི་སྒྲ། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་ཅིང་བཟོ་མེད་པ། །ཕྱི་དང་ནང་ན་མི་གནས་ལྟར། །དེ་ལྟར་དེ་བཞིན་གཤེགས་པའི་གསུང་། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་པར་རྟོག་མེད་བཟོ་མེད་ཅིང་། །ཕྱི་དང་ནང་ན་གནས་མ་ཡིན། །ཞེས་གསུངས་པ་ལྟར། ངོ་བོ་མིང་ཚིག་ཡི་གེར་སྣང་བ། གཙོ་བོར་ཉོན་ཤེས་ཀྱིས་བསྡུས་ཤིང་། གཟུགས་དང་འདུ་བྱེད་ཀྱི་ཕུང་པོ་གཉིས་ཀའི་རྣམ་པ་ཅན་དུ་ཀུན་མཁྱེན་ཀློང་ཆེན་པ་གསུང་ངོ་། །དེ་ལ་ཆོས་ཕུང་རེ་རེའི་ཚད་ནི། ཇི་སྐད་དུ། མཛོད་ལས། ཁ་ཅིག་བསྟན་བཅོས་ཚད་ཅེས་ཟེར། །ཕུང་པོ་ལ་སོགས་གཏམ་རེ་ཡིན། །སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་བཤད་པ་ལྟར། སྟོན་པས་གསུངས་པའི་ཆོས་ཐམས་ཅད་ཆོས་ཕུང་བརྒྱད་ཁྲིར་འདུས་ལ་དེའང་། བྱེ་སྨྲས་བཀའ་དང་། མདོ་སྡེ་པས་བསྟན་བཅོས་སུ་འདོད་པའི་མངོན་པ་སྡེ་བདུན་གྱི་ནང་ཚན། ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །ཞེས་བཤད་པ་དེ་ལ་གཞུང་ཚད་ཤླཽ་ཀ་དྲུག་སྟོང་ཡོད་པས། དེ་ཙམ་ནི་ཆོས་ཕུང་གཅིག་གི་ཚད་ཡིན་ཞིང་བརྒྱད་ཁྲིའི་ནང་ནས་དེ་ཙམ་ཞིག་ལུས་ཀྱི་གཞན་ནི་ནུབ་བོ་ཞེས་ཟེར་རོ། །ཡང་སྡེ་པ་ཁ་ཅིག་གིས་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་འབྲེལ་ལ་སོགས་པའི་རྣམ་གྲངས་རེ་རེའི་གཏམ་རྫོགས་པ་ལ་ཆོས་ཕུང་རེ་རེར་འགྱུར་བར་འདོད་དོ། །ཡང་མདོ་སྡེ་པ་རྣམས་ནི་ཉོན་མོངས་པ་འདོད་ཆགས། ཞེ་སྡང་། གཏི་མུག །ང་རྒྱལ། ལོག་ལྟ། ཐེ་ཚོམ་རྣམས་ནང་གསེས་སུ་དབྱེ་བ་དང་། ཕན་ཚུན་སྦྱོར་བ་སོགས་ཀྱིས་བརྒྱད་ཁྲིར་འགྱུར་ལ། དེ་དག་རེ་རེའི་གཉེན་པོར་ཆོས་ཕུང་རེ་རེ་བསྟན་ཅིང་། རང་རང་གི་གཉེན་པོའི་བྱ་བ་ཡོངས་སུ་རྫོགས་པར་སྟོན་པའི་གཏམ་ནི་དེའི་ཚད་དུ་འདོད་དོ། །ཐེག་པ་ཐུན་མོང་བ་དག་གི་ལུགས་ཀྱིས། ཆོས་ཕུང་གཅིག་གི་ཚད་ཡི་གེ་བརྒྱད་པ་རྗེས་བསྔགས་ཀྱི་སྡེབ་སྦྱོར་ལྟར་བྱས་པའི་ཤླཽཀ་སྟོང་ཡིན་ཞིང་། དེ་ལྟ་བུ་བརྒྱད་ཁྲི་བཞི་སྟོང་ཡོད་པ་བསྡོམས་པས་བྱེ་བ་ཕྲག་བརྒྱད་དང་འབུམ་ཕྲག་བཞི་བཅུར་འགྱུར་བར་འདོད་དོ། །ཐེག་པ་ཆེན་པོའི་དབང་དུ་བྱས་ན། སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱི་ཚིག་གསལ་ལས། ཐེག་པ་བླ་ན་མེད་པའི་དབང་དུ་བྱས་ཏེ། གླང་པོ་ཆེ་རབ་བརྟན་གྱིས་བཀུར་བར་འོས་པའི་སྣག་ཚས་ནི་ཆོས་ཀྱི་ཕུང་པོ་གཅིག་འབྲི་བར་ནུས་སོ་ཞེས་གསུངས་ཏེ། དེ་ལྟར་བྱས་ན་མདོ་གང་དག་ལས་འཕགས་པ་ལྷས་བྱིན་གྱིས་གླང་པོ་ཆེ་ལྔ་སྟོང་གིས་བཀུར་བར་བྱ་བའི་གླེགས་བམ་ཁ་ཏོན་དུ་རྗོད་པར་བྱེད་དོ་ཞེས་གསུངས་པ་འདི་ཡང་རིགས་པར་འགྱུར་རོ། །ཞེས་བཤད་ཅིང་མདོ་གང་དག་ལས་ཞེས་པ་ནི་དྲིན་ལན་བསབས་པའི་མདོར་གྲགས་པའོ། །འདིར་ཚད་གསལ་བར་མ་བསྟན་ཀྱང་མངོན་པ་ཀུན་ལས་བཏུས་པའི་འགྲེལ་པ་ལས་ཤླཽ་ཀ་སྟོང་ཕྲག་རེ་ལ་ཆོས་ཕུང་གི་ཚད་དུ་བཞག་གོ །འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་ནི་འོག་ཏུ་འཆད་པར་འགྱུར་ལ། སྤྱིར་ན་གསང་སྔགས་ཀྱི་རྒྱུད་ལ་ཚད་གཟུང་དུ་མེད་པར་གསུངས་ཤིང་། བོད་དུ་བསྒྱུར་བ་གསར་རྙིང་གི་རྒྱུད་སྡེ་ཆེ་ལོང་ཙམ་ནི་སེམས་ཉིད་ངལ་གསོའི་སྤྱི་དོན་ལེགས་བཤད་རྒྱ་མཚོ་ལས་གསལ་བར་འགྱུར་རོ། །འདིར་ཐུན་མོང་གི་རྒྱུད་སྡེ་རྣམས་ཀྱི་ཚད་ཕྱོགས་ཙམ་ནི། བདེ་མཆོག་སྡོམ་འབྱུང་ལས། རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་ཕྲག་ནི་དྲུག་ཏུ་ངེས། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲགས། །ཞེས་དང་། ལྷ་དང་ལྷ་མིན་རྣམས་ལ་ཕན་གདགས་སླད། །གསང་སྔགས་རིག་སྔགས་རྣམ་པ་སྣ་ཚོགས་དག །བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་དུ་ནི་རྒྱལ་བས་གསུངས། །ཞེས་དང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། བྱ་བའི་རྒྱུད་སྟོང་ཕྲག་བཞི། སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད། རྟོག་པའི་རྒྱུད་སྟོང་ཕྲག་བཞི། གཉིས་ཀའི་རྒྱུད་སྟོང་ཕྲག་དྲུག །རྣལ་འབྱོར་ཆེན་པོའི་རྒྱུད་སྟོང་ཕྲག་བཅུ་གཉིས་ཏེ། རྒྱས་པར་ཕྱེ་ན་གྲངས་མེད་དོ། །ཞེས་འབྱུང་ངོ་། །འོ་ན་ཆོས་ཕུང་དེ་སྙེད་ཅིག་བཅོམ་ལྡན་འདས་ཀྱིས་གསུངས་ན་ད་ལྟ་མི་བཞུགས་པ་ཅི་ཟེར་ན། དེའི་ཚུལ་ནི་སློབ་དཔོན་ཙནྡྲ་གཽཽ་མིའི་སློབ་སྤྲིང་ལས། བསྟན་པ་རིན་ཆེན་མཆོག་ལྟར་བཟང་ལ་འཕན་མེད་པ། །རྣམ་པར་དག་ཚུལ་གང་ཡིན་ཀླུ་སྦྲུལ་གདེངས་ཀ་ཅན། །ཆེན་པོ་རྣམས་ཀྱི་གཙུག་གི་རྒྱན་བཞིན་གུས་མཆོད་དེ། །ས་ཡི་གཏིང་ན་གནས་པའི་རབ་རིབ་གསལ་བར་བྱེད། །ཅེས་གསུངས་པ་ལྟར་རོ། །ཆོས་ཕུང་དེ་དག་ཀྱང་གསུང་རབ་ཡན་ལག་བཅུ་གཉིས་སུ་བསྡུས་པ་ཡིན་ཏེ། དེ་ལ་གསུང་རབ་རྣམས་ནི། ཇི་སྐད་དུ། ཟླ་བ་སྒྲོན་མེའི་མདོ་ལས། མདོའི་སྡེ་དང་། དབྱངས་སུ་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། གླེང་གཞིའི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། གཏན་ལ་ཕབ་པར་བསྟན་པའི་སྡེ་དང་། ཆོས་རྨད་དུ་བྱུང་བའི་སྡེ་རྣམས་ཏེ། ཞེས་སོ། །བསྟན་བཅོས་ལས་ཀྱང་། མདོ་སྡེ་དབྱངས་བསྙད་ལུང་བསྟན་ཚིགས་སུ་བཅད། །ཆེད་བརྗོད་རྟོགས་པ་བརྗོད་དང་དེ་ལྟར་བྱུང་། །གླེང་གཞི་ཤིན་ཏུ་རྒྱས་དང་སྐྱེས་རབས་བཅས། །གཏན་ཕབ་རྨད་དུ་བྱུང་བའི་སྡེ་རྣམས་སོ། །ཞེས་པ་ལྟར། དེའང་སྡེ་ཚན་མཐུན་པར་གཅིག་ཏུ་བསྡུས་པ་རྣམས་ནི་མདོའི་སྡེའོ། །དང་པོ་ལྷུག་པའི་མཐར་དེའི་དོན་ཚིགས་བཅད་ཀྱིས་བསྡུས་པ་ནི་དབྱངས་སུ་བསྙད་པའོ། །སངས་རྒྱས་ལ་སོགས་པར་ལུང་བསྟན་པ་ནི་ལུང་དུ་བསྟན་པའོ། །ཚིགས་བཅད་འབའ་ཞིག་པ་ནི་ཚིགས་སུ་བཅད་པའི་སྡེའོ། །ཆོས་ཉན་པ་པོ་ལ་བསྐུལ་ནས་བསྟན་པ་ནི་ཆེད་དུ་བརྗོད་པའོ། །རང་རང་གི་རྟོགས་པ་བརྗོད་པ་རྣམས་བྱིན་གྱིས་བརླབས་པ་ནི་རྟོགས་པ་བརྗོད་པའོ། །སྔོན་གྱི་རབས་བསྟན་པ་ནི་དེ་ལྟ་བུ་བྱུང་བའོ། །གཞི་འགའ་ཞིག་གི་རྐྱེན་ལས་བཅས་པ་ནི་གླེང་གཞིའོ། །གང་བྱང་ཆུབ་ཀྱི་སྤྱོད་པའི་ཚུལ་རྒྱས་པ་མཐའ་ཡས་པར་སྟོན་པ་ནི་ཤིན་ཏུ་རྒྱས་པའོ། །དད་པ་ལ་སོགས་པ་སྐྱེ་བའི་ཐབས་རྣམ་པར་ཐར་པའི་ཚོམས་བསྟན་པ་ནི་སྐྱེས་རབས་སོ། །དོན་གཅིག་མདོར་བསྟན་ནས་སླར་དེའི་དོན་འགྲེལ་བར་བསྟན་པ་ནི་གཏན་ལ་དབབ་པར་བསྟན་པའོ། །ངོ་མཚར་བ་སྙིང་པོའི་དོན་བསྟན་པ་ནི་རྨད་དུ་བྱུང་བའི་སྡེའོ། །ཡང་གསུང་རབ་ཡན་ལག་བཅུ་གཉིས་པོ་ཐམས་ཅད་ཀྱང་བརྗོད་བྱ་བསླབ་པ་གསུམ་གཙོ་བོར་སྟོན་པའི་སྒོ་ནས་རྗོད་བྱེད་སྡེ་སྣོད་གསུམ་དུ་འགྱུར་ཏེ། ལུང་ཕྲན་ཚེགས་ལས། མདོ་ཡི་སྡེ་དང་དབྱངས་སུ་བསྙད་པའི་སྡེ། །ལུང་བསྟན་ཚིགས་སུ་བཅད་པའི་སྡེ་དང་ནི། །ཆེད་དུ་བརྗོད་པ་ལྔ་ནི་མདོ་སྡེར་བསྡུས། །གླེང་གཞིའི་སྡེ་དང་རྟོགས་པ་བརྗོད་པ་དང་། །དེ་ལྟར་བྱུང་བའི་སྡེ་ཞེས་བྱ་བ་དང་། །སྐྱེས་པ་རབས་དང་བཞི་ནི་འདུལ་བར་བསྡུས། །ཤིན་ཏུ་རྒྱས་དང་རྨད་དུ་བྱུང་བ་དང་། །གཏན་ལ་ཕབ་པ་གསུམ་ནི་མངོན་པར་བསྡུས། །ཞེས་གསུངས་པ་དང་། མངོན་པ་ཀུན་བཏུས་ལྟར་ན། མདོ་སྡེ་སོགས་དང་པོ་ལྔ་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད། གཙོ་བོ་གླེང་གཞི། འཁོར་རྟོགས་བརྗོད། དེ་ལྟ་བུ་བྱུང་བ། སྐྱེས་རབས་དང་བཞི་འདུལ་བའི་སྡེ་སྣོད། རྨད་དུ་བྱུང་བ་དང་། ཤིན་ཏུ་རྒྱས་པ་གཉིས་བྱང་སེམས་ཀྱི་མདོ་སྡེའི་སྡེ་སྣོད། གཏན་ལ་དབབ་པར་བསྟན་པའི་སྡེ་ཐེག་པ་ཆེ་ཆུང་གཉིས་ཀའི་མངོན་པའི་སྡེ་སྣོད་དུ་འདུ་བར་གསུངས་སོ། །དེ་ཡང་ལྷག་པ་སེམས་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པའི་རིགས་སུ་གནས་པའི་གསུང་རབ་ནི་མདོ་སྡེའི་སྡེ་སྣོད་ཀྱི་མཚན་ཉིད། དེ་བཞིན་དུ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པའི་རིགས་སུ་གནས་པའི་གསུང་རབ་ནི་འདུལ་བའི་སྡེ་སྣོད། ལྷག་པ་ཤེས་རབ་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པའི་རིགས་སུ་གནས་པའི་གསུང་རབ་ནི་མངོན་པའི་སྡེ་སྣོད་ཀྱི་མཚན་ཉིད་དོ། །དེ་དག་གི་མིང་དོན་ཡང་། སྤྱིར་སྡེ་སྣོད་ཅེས་བྱ་བ་ལེགས་སྦྱར་བའི་པི་ཊ་ཀ་སྟེ། གང་བུ་དང་བྲེའོ་ཆེ་ལ་འཇུག་པའི་ཕྱིར། དོན་མང་པོ་འདུས་པས་བྲེའོ་ཆེ་ལྟ་བུ་སྟེ། བྲེའོ་ཆེ་ལ་བྲེའུ་ཆུང་མང་པོ་འདུས་པ་བཞིན་ནོ་ཞེས་འབྱུང་ངོ་། །དེ་ལྟར་ཡང་སློབ་དཔོན་ཐོགས་མེད་ཀྱིས། ཅིའི་ཕྱིར་སྡེ་སྣོད་ཅེས་བྱ་ཞེ་ན། སྨྲས་པ། བསྡུས་པའི་ཕྱིར་ཏེ་ཞེས་བྱ་བ་ནས་དོན་ཐམས་ཅད་བསྡུས་པའི་ཕྱིར་རོ། །ཞེས་བཤད་དོ། །བྱེ་བྲག་ཏུ་མདོ་སྡེ་ཞེས་བྱ་བ་སཱུ་ཏྲ་སྟེ་དོན་གྱི་སྡོམ་སྨྲོས་པ་ཡིན་ལ་དེའང་དོན་རྣམ་པ་བཞི་སྟེ། རྒྱན་ལས། གནས་རྣམས་དང་ནི་མཚན་ཉིད་དང་། །ཆོས་དོན་སྨྲོས་ཕྱིར་མདོ་ཡིན་ནོ། །ཞེས་འབྱུང་བ་ལྟར་ཡུལ་གང་དུ་གང་ཟག་གང་གི་ཕྱིར་གསུངས་པ་སྨྲོས་པས་གནས་དང་། ཀུན་རྫོབ་དང་དོན་དམ་པའི་བདེན་པའི་མཚན་ཉིད་སྨྲོས་པས་མཚན་ཉིད་དང་། ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་སྨྲོས་པས་ཆོས་དང་། དགོངས་པའི་དོན་ཟབ་མོ་དག་སྟོན་པས་དོན་ནོ། །འདུལ་བ་ཞེས་བྱ་བ་ནི་བི་ན་ཡ་སྟེ། དེ་ཉིད་ལས། ལྟུང་དང་འབྱུང་དང་ལྡང་བ་དང་། །ངེས་པར་འབྱུང་དང་གང་ཟག་དང་། །བཅས་པ་དང་ནི་རབ་དབྱེ་དང་། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །ཞེས་པ་ལྟར། ལྟུང་བ་ནི་སྡེ་ལྔ་དང་། དེ་དག་གང་ལས་འབྱུང་བ་ནི། མི་ཤེས་པ། བག་མེད་པ། ཉོན་མོངས་པ་མང་བ། མ་གུས་པ་རྣམས་དང་། དེ་དག་ལས་ལྡང་བ་ནི་སྤོང་བའི་སེམས་པ་སོར་ཆུད་པ་དང་། ལྟུང་བ་ལས་ངེས་པར་འབྱུང་བ་ནི། ཆད་པའི་ལས་ཁས་ལེན་པ་དང་། རྗེས་ནས་གནང་བ་དང་། བག་ཡངས་སུ་བྱ་བ་དང་། རྟེན་འགྱུར་བ་དང་། ཡང་དག་པར་སོ་སོར་རྟོག་པ་དང་། ཆོས་ཉིད་ཐོབ་པ་རྣམས་སོ། །གང་ལ་བརྟེན་ནས་བསླབ་པ་བཅའ་བ་གང་ཟག །བསླབ་པ་བཅས་པ་དངོས། དེའི་རབ་ཏུ་དབྱེ་བ། ལྟུང་བ་དང་ལྟུང་མེད་རྣམ་པར་ངེས་པ་རྣམས་སོ། །མངོན་པ་ཞེས་བྱ་བ་ནི། ཨ་བྷི་སྟེ། དེ་ལས། མངོན་དུའི་ཕྱིར་དང་ཡང་དང་ཡང་། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་པ་ལྟར་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པར་སྟོན་པའི་ཕྱིར་དང་། ཆོས་རེ་རེ་ལའང་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་སོགས་ཞིབ་མོར་ཕྱེ་ནས་ཡང་དང་ཡང་དུ་སྟོན་པའི་ཕྱིར་དང་། ཕས་རྒོལ་ཟིལ་གྱིས་གནོན་པའི་ཆོས་ཡིན་པའི་ཕྱིར་དང་། འདིས་མདོ་སྡེའི་དོན་རྟོགས་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་སྡེ་སྣོད་གསུམ་དུ་རྣམ་པར་གཞག་པའི་རྒྱུ་མཚན་ཅི་ཞེ་ན། ཐར་པ་སྒྲུབ་པ་རྣམས་ཀྱི་སྤང་བྱའི་གཙོ་བོ་ནི། ལམ་གོང་མ་ལ་ཐེ་ཚོམ་ཟ་བ་དང་། རང་ལམ་ལ་སྤྱོད་པ་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་སྟེ་གསུམ་གྱི་གཉེན་པོར་སྡེ་སྣོད་གསུམ་དུ་གསུངས་སོ། །ཡང་ན་བརྗོད་བྱ་བསླབ་པ་གསུམ་དུ་ངེས་པས། རྗོད་བྱེད་སྡེ་སྣོད་གསུམ་དུ་འཇོག་སྟེ། སློབ་དཔོན་ཐོགས་མེད་ཞབས་ཀྱིས། མདོ་སྡེས་ནི་བསླབ་པ་གསུམ་བཤད་དོ། །འདུལ་བས་ནི་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་སྒྲུབ་པ་ཡིན་ཏེ། ཚུལ་ཁྲིམས་དང་ལྡན་པ་ནི་འགྱོད་པ་མེད་པ་ལ་སོགས་པས་རིམ་གྱིས་ཏིང་ངེ་འཛིན་འཐོབ་པའི་ཕྱིར་རོ། །ཆོས་མངོན་པས་ནི་ལྷག་པའི་ཤེས་རབ་སྒྲུབ་པ་ཡིན་ཏེ། དོན་ཕྱིན་ཅི་མ་ལོག་པར་རབ་ཏུ་འབྱེད་པའི་ཕྱིར་རོ། །ཞེས་བཤད་པ་ལྟར་རོ། །ཡང་ན་ཤེས་པར་བྱ་བ་གསུམ་གྱི་ཕྱིར་སྡེ་སྣོད་གསུམ་དུ་འཇོག་སྟེ། ཆོས་དོན་བཤད་པ་དང་། ཆོས་དོན་སྒྲུབ་པ་དང་། ཆོས་དོན་འབེལ་བའི་གཏམ་གཏན་ལ་དབབ་པ་རྣམས་ཀྱི་ཆེད་དུ་རིམ་པ་བཞིན་གསུངས་པའི་ཕྱིར་རོ། །དེ་ལ་ཆོས་དང་དོན་ནི། མདོ་སྡེ་རྒྱན་གྱི་འགྲེལ་བཤད་ལས། མིང་དང་ཚིག་དང་ཡི་གེ་རྣམས་ལ་ནི་ཆོས་ཞེས་བྱའོ། །དེའི་བརྗོད་པར་བྱ་བ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལ་ནི་དོན་ཞེས་བྱའོ། །ཞེས་དང་། ཡང་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ལ་ནི་ཆོས་ཞེས་བྱའོ། །དགོངས་པ་བཞི་དང་ལྡེམ་པོའི་ངག་བཞི་ལ་ནི་དོན་ཞེས་བྱའོ། །ཡང་ན་མཐོ་རིས་ཐོབ་པར་བྱེད་པའི་རྒྱུ་དགེ་བ་བཅུ་ལ་ནི་ཆོས་ཞེས་བྱའོ། །མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་རྒྱུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་ལ་ནི་དོན་ཞེས་བྱ་སྟེ་ཞེས་འབྱུང་ཞིང་། འདི་དག་ལ་དགོངས་ནས་རྒྱན་དུ། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་། །བསྡུས་པའི་ཕྱིར་ན་རྒྱུ་ནི་དགུར་འདོད་དོ། །ཞེས་འབྱུང་ངོ་། །ཡང་ན་བཀའ་ཐམས་ཅད་སྡེ་སྣོད་གཉིས་སུ་ཕྱེ་སྟེ། གདུལ་བྱའི་གང་ཟག་གི་དབང་ལས་ཉན་ཐོས་ཀྱི་སྡེ་སྣོད་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་གཉིས་སོ།། ༈ གཉིས་པ་རྟོགས་པའི་ཆོས་འཁོར་ལ། མཚན་ཉིད། ངོ་བོ། མཚན་གཞི། དབྱེ་བ་བཤད་པ་དང་བཞི་ལས། དང་པོ་ནི། སྟོན་པའི་བདག་རྐྱེན་ལས་བྱུང་བའི་ཆོས་འཁོར་གང་ཞིག་གདུལ་བྱའི་རྒྱུད་ལ་མངོན་རྟོགས་ཁྱད་པར་ཅན་རིམ་དང་ཅིག་ཆར་གང་རུང་གིས་སྐྱེ་བའོ། །ཇི་སྐད་དུ། སྡུད་པ་ལས། རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་། །འཆད་དང་རིགས་པ་དག་དང་ལྡན་པར་བརྗོད་པ་དང་། །ཆེས་འཕགས་བདེ་བ་བྱེད་ཅིང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཞེས་པ་ལྟར་རོ། ༧ །གཉིས་པ་ངོ་བོ་ནི། སྟོན་པས་གསུངས་པའི་དམ་ཆོས་གང་ཞིག་མི་མཐུན་ཕྱོགས་འཇོམས་པར་ནུས་པ་སྟེ། མདོ་ལས། བཅོམ་ལྡན་འདས་དེ་ནི་ཚངས་པ་ཞེས་ཀྱང་བྱ། །ཞི་བ་དང་བསིལ་བར་གྱུར་པ་ཞེས་ཀྱང་བྱ། ཞེས་དང་། མཛོད་ལས། དེ་ཉིད་ཚངས་ཚུལ་ཚངས་པ་ཡི། །འཁོར་ལོ་ཚངས་པས་བསྐོར་ཕྱིར་རོ། །ཞེས་སོ། ༧ །གསུམ་པ་མཚན་གཞི་ནི། ཐེག་པ་གསུམ་གྱི་ལམ་མཉམ་གཞག་དང་རྗེས་ཐོབ་ཀྱི་ཡེ་ཤེས་ཁྱད་པར་ཅན་རྣམས་སོོ། ༧ །བཞི་པ་དབྱེ་བ་ནི། བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་མཐོང་ལམ་ཁོ་ན་ཆོས་འཁོར་དུ་འདོད་དེ། མཛོད་ལས། ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ། །མྱུར་བར་འགྲོ་སོགས་རྩིབས་སོགས་ཀྱིས། །ཞེས་བཤད་པ་ལྟར། འཁོར་ལོ་རིན་པོ་ཆེ་ནི་འདོད་པའི་སར་མྱུར་དུ་འགྲོ་བ་དང་། ཡུལ་གཞན་འདོར་ཞིང་གཞན་དུ་འཇུག་པ་དང་། གྲོང་དང་གྲོང་བརྡལ་སོགས་མ་རྒྱལ་བ་ལས་རྒྱལ་བ་དང་། རྒྱལ་བ་རྣལ་དུ་འགོད་པ་དང་། གནས་ལ་ལར་འཕར་ཞིང་ལ་ལར་འབབ་པ་ལྟར། སྐད་ཅིག་བཅོ་ལྔས་བདེན་པ་རྟོགས་པའི་ཕྱིར་མྱུར་དུ་འགྲོ་བ་དང་། བར་ཆད་མེད་ལམ་འདོར་བ་དང་། རྣམ་གྲོལ་ལམ་མངོན་དུ་བྱ་བའི་ཕྱིར་འཇུག་པའམ། བདེན་པའི་དམིགས་པ་གཞན་འདོར་ཞིང་། གཞན་ལ་འཇུག་པ་དང་། བར་ཆད་མེད་ལམ་གྱིས་འཇིག་ལྟ་སོགས་ཉོན་མོངས་པ་མ་རྒྱལ་བ་རྣམས་ལས་ཐོབ་པ་གཅོད་པའི་སྒོ་ནས་རྒྱལ་བར་བྱེད་པ་དང་། རྣམ་གྲོལ་ལམ་གྱིས་ཉོན་མོངས་པ་ལས་བྲལ་བའི་ཐོབ་པ་འཛིན་པ་དང་། ལྷན་ཅིག་སྐྱེས་པའི་སྒོ་ནས་རྒྱལ་བ་རྣལ་དུ་འགོད་པ་དང་། གཟུགས་དང་གཟུགས་མེད་པའི་ཁམས་ལ་དམིགས་ནས་འཕར་བ་དང་འདོད་པའི་ཁམས་ལ་དམིགས་ནས་འབབ་པ་ལ་སོགས་པ་རྣམས་ཀྱི་ཕྱིར། ཆོས་འཁོར་ནི་མཐོང་ལམ་ཁོ་ནའོ་ཞེས་སོ། །དེའི་ཁུངས་ཀྱང་། མཛོད་འགྲེལ་ལས་མཐོང་བའི་ལམ་ཆོས་ཀྱི་འཁོར་ལོ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེས་ཞེ་ན། འཕགས་པ་ཀཽཎྜི་ཡ་ལ་དེ་སྐྱེས་པ་ན་ས་བླའི་ལྷ་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་འོག་མིན་གྱི་བར་དུ་བསྒྲགས་པའི་ཕྱིར་ཞེས་ཟེར་རོ། །བཙུན་པ་དབྱངས་སྒྲོག་ནི་འཕགས་ལམ་ཡན་ལག་བརྒྱད་འཁོར་ལོ་དང་མཚུངས་པས་མཐོང་ལམ་ཁོ་ན་ལ་ཆོས་འཁོར་ཞེས་བྱ་སྟེ། ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། རྩོལ་བ་དང་། དྲན་པ་རྣམས་ནི་རྩིབས་ལྟ་བུ། ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་རྣམས་ནི་ལྟེ་བ་ལྟ་བུ། ཏིང་ངེ་འཛིན་ནི་མུ་འཁྱུད་ལྟ་བུ་ཡིན་པའི་ཕྱིར། ཞེས་མཛོད་ཊཱིཀ་ལས་འབྱུང་ངོ་། །མདོ་སྡེ་པ་རྣམས་ནི། མཐོང་སྒོམ་མི་སློབ་ལམ་གསུམ་ག་ཆོས་ཀྱི་འཁོར་ལོར་འདོད་དེ། ཇི་སྐད་དུ། མཐོང་བ་དང་སྒོམ་པ་དང་མི་སློབ་པའི་ལམ་ཡང་ཆོས་ཀྱི་འཁོར་ལོ་ཡིན་ཏེ། གདུལ་བའི་སྐྱེ་བོའི་རྒྱུད་ལ་འཇུག་པས་འཁོར་ལོ་ཞེས་བྱ་བའི་ཕྱིར་རོ། །ཞེས་བཤད་པས་སོ། །ཐེག་ཆེན་པ་ལྟར་ན། ཚོགས་ལམ་ནས་མི་སློབ་ལམ་གྱི་བར་ལམ་ལྔ་པོ་ཐམས་ཅད་ཆོས་ཀྱི་འཁོར་ལོ་ཡིན་ཏེ། དབུ་མ་པ་ཆོས་བཤེས་ཀྱིས། ཆོས་ཀྱི་འཁོར་ལོ་ཁ་ཅིག་ནི་ཚོགས་ཀྱི་ལམ་མོ། ཁ་ཅིག་ནི་སྦྱོར་བའི་ལམ་མོ། ཁ་ཅིག་ནི་བར་ཆད་མེད་པའི་ལམ་གྱི་བར་དག་གོ །ཞེས་བཤད་ཅིང་། འཕགས་པ་བརྒྱད་སྟོང་པ་ལས། བཅོམ་ལྡན་འདས་ཀྱིས་བསམ་གྱིས་མི་ཁྱབ་པ་དང་མཉམ་པ་མེད་པ་སོགས་ནས། མི་མཉམ་པ་དང་མཉམ་པ་འདི་དག་བཤད་པ་ན་ཡང་། དགེ་སློང་ལྔ་བརྒྱ་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །ཞེས་དང་། དགེ་བསྙེན་དྲུག་སྟོང་ཡང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ །བྱང་ཆུབ་སེམས་དཔའ་ཉི་ཁྲི་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་དག་ཀྱང་བསྐལ་པ་བཟང་པོ་འདི་ཉིད་ལ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །ཞེས་སོགས་གསུངས་པ་ལྟ་བུའོ།། ༈ གཉིས་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་རྣམ་པར་གཞག་པ་ལ། སློབ་དཔོན་ཉི་འོད་སེངྒེས་ནི། འོག་མིན་དུ་ལོངས་སྤྱོད་རྫོགས་པའི་སྐུས་གསང་སྔགས་ཀྱི་ཆོས་བསྟན་པའི་ཚེ། མི་ཡུལ་དུ་མཆོག་གི་སྤྲུལ་སྐུས་རྡོ་རྗེ་གདན་དུ་སངས་རྒྱས་ཚུལ་མ་བསྟན་པའི་གོང་དུ་གསུངས་པ་ཡིན་ཞེས་བཤད་དོ། །སློབ་དཔོན་སྒེག་པའི་རྡོ་རྗེས་ནི། མཆོག་གི་སྤྲུལ་སྐུས་མི་ཡུལ་དུ་ཐུན་མོང་གི་ཐེག་པ་བཤད་པ་དང་དུས་མཚུངས་པར་སྟོན་པས་འོག་མིན་དུ་གསང་སྔགས་ཀྱི་ཚུལ་ཟབ་ཅིང་རྒྱ་ཆེ་བ་རྣམས་གསུངས་པར་བཞེད་དོ། །དེ་ཡང་རྒྱལ་བ་ཀུན་ཏུ་བཟང་པོས་འོག་མིན་གྱི་གནས་སུ་ཉིད་ལས་མི་གཞན་པའི་འཁོར་རྒྱལ་ཚབ་སྟོན་པ་རིགས་ལྔ་ལ་སྐྱེ་མེད་དོན་གྱི་གསུང་གིས་བརྡ་སྤྲོད་པ་དང་། རིགས་ལྔས་རྒྱལ་སྲས་སེམས་དཔའ་སོགས་ལྷན་ཅིག་པའི་འཁོར་རྣམས་ལ་དགོངས་པ་བརྡའི་གསུང་གིས་གོ་བར་མཛད་ཅིང་། འོག་མིན་གྱི་གནས་རྣམས་དང་རྡོ་རྗེ་བཙུན་མོའི་བྷ་ག་སྟེ་ཆོས་ཀྱི་དབྱིངས་ཐར་པ་ཆེན་པོའི་ཕོ་བྲང་ལ་སོགས་པ་རྣམས་སུ། དྲག་པོ་དང་འཇིགས་བྱེད་ལ་སོགས་པའི་གདུལ་བྱ་གདུག་པ་ཅན་རྣམས་ཀྱི་དབང་ཤེས་སུ་སྣང་བར། ཆེ་མཆོག་ཧེ་རུ་ཀཿདང་། གཞོན་ནུ་དཔའ་བོ་སྟོབས་ལྡན་དང་། པདྨ་གར་གྱི་དབང་ཕྱུག་སོགས་དང་། གཞན་ཡང་ཧེ་བཛྲ། ཙཀྲ་སམྦར་དང་། དུས་ཀྱི་འཁོར་ལོ་སོགས་ཀྱི་སྐུར་བསྟན་པའི་སྒོ་ནས་གསང་སྔགས་ཀྱི་ཆོས་དཔག་ཏུ་མེད་པ་གསུངས་སོ། །དེ་དང་མཚུངས་པར་དགའ་ལྡན་དང་། རི་རབ་ཀྱི་རྩེ། ཨཽ་ཌཱི་ཡ་ན། ལྕང་ལོ་ཅན། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན། མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་མོ། ཤམྦྷ་ལ་ལ་སོགས་པ་ཀུན་རྫོབ་ཀྱི་གནས་རྣམས་སུའང་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་གྱི་རྒྱུད་རྣམས་ཆགས་བྲལ་གྱི་གཟུགས་ཀྱིས་སམ། འཁོར་ལོས་སྒྱུར་བའི་རྣམ་པས་བསྟན་པ་ལ་སོགས་པར་སྣ་ཚོགས་པ་སྣང་བའོ། །དེ་ཡང་འོག་མིན་གྱི་ཚུལ་ལ་མདོ་དང་བསྟན་བཅོས་ཕལ་མོ་ཆེ་ལས་གཟུགས་ཁམས་གནས་ཀྱི་འོག་མིན་དང་སྟུག་པོ་བཀོད་པའི་འོག་མིན་ཙམ་ལས་གསལ་བར་མ་བསྟན་ཀྱང་སྔ་འགྱུར་བའི་མཁས་གྲུབ་རྣམས་ནི་སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་སྤྱན་འགྲེལ་ལས་འབྱུང་བ་ལྟར་འདོད་དེ། ཇི་སྐད་དུ། དོན་གྱི་འོག་མིན་ཆོས་ཀྱི་དབྱིངས་ཏེ་སངས་རྒྱས་ཀྱི་བཞུགས་གནས་ཡིན་ཞིང་དེའི་གོང་ན་གཞན་མེད་པའི་ཕྱིར་རོ། །རྟགས་ཀྱི་འོག་མིན་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་རྟགས་སུ་གཞལ་ཡས་ཁང་གི་དབྱིབས་དང་ཁ་དོག་ཏུ་སྣང་བ་སྟེ་ལོངས་སྤྱོད་རྫོགས་སྐུའི་བཞུགས་གནས་ཡིན་ཞིང་ཆོས་ཀྱི་དབྱིངས་མཚོན་བྱེད་ཀྱི་རྟགས་དེའི་གོང་ན་གཞན་མེད་པའི་ཕྱིར་རོ། །རིག་པའི་འོག་མིན་དངོས་པོའི་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་པ་རིག་པའི་ཡེ་ཤེས་ཏེ་དག་པ་གཉིས་ལྡན་གྱི་ཆོས་སྐུའི་བཞུགས་གནས་ཡིན་ཞིང་དེའི་གོང་ན་རིག་པ་གཞན་མེད་པའི་ཕྱིར་རོ། །གསང་བའི་འོག་མིན་ཡུམ་གྱི་མཁའ་སྟེ། གསང་བ་སྐུའི་བཞུགས་གནས་ཡིན་ཞིང་། མི་གནས་པའི་ཡོན་ཏན་གོང་ན་གཞན་མེད་པའི་ཕྱིར་རོ། །རྟོགས་པའི་འོག་མིན་ལས་དང་པོ་པས་འོག་མིན་གྱི་གཞལ་ཡས་ཁང་བསྒོམ་པ་སྟེ། ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་བཞུགས་གནས་ཡིན་ཞིང་། དོན་སྤྱི་འཛིན་བྱེད་ཀྱི་རྟོག་པ་དེའི་གོང་ན་གཞན་མེད་པའི་ཕྱིར་རོ། །འཇིག་རྟེན་གནས་ཀྱི་འོག་མིན་གཙང་མ་རིས་ཀྱི་ལྷ་ལྔའི་ཡང་སྟེང་སྟེ། འཕགས་པ་རྣམས་ཀྱི་བཞུགས་གནས་ཡིན་ཞིང་གཟུགས་ཁམས་ཀྱི་གནས་དེའི་གོང་ན་གཞན་མེད་པའི་ཕྱིར་རོ། །ཞེས་དྲུག་ཏུ་བསྟན་པ་རྣམས་ཀྱང་ཀུན་མཁྱེན་ཀློང་ཆེན་པས་སྐུ་གསུམ་གྱི་འོག་མིན་དུ་འདུ་བར་བསྟན་ཏེ། དོན་དང་རིག་པའི་འོག་མིན་ཆོས་སྐུར་འདུ་ཞིང་། རྟགས་ཀྱི་ལོངས་སྐུ་དང་གཞན་གསུམ་སྤྲུལ་སྐུར་འདུ་སྟེ། གནས་ཀྱི་འོག་མིན་ཡིན་ལ། གསང་བ་དང་། རྟོགས་པའི་འོག་མིན་ནི་སྤྲུལ་སྐུའི་ལམ་ཉམས་སུ་ལེན་པས་དེའི་ཁོངས་སུ་འདུའོ། །ཞེས་གསུངས་སོ། །དེ་ལྟར་སྟོན་པ་རྣམ་འདྲེན་བཞི་པ་ཤཱཀྱའི་དབང་པོ་འདི་ཉིད་ལ་ལར་ཁ་སྦྱོར་བདུན་ལྡན་གྱི་ལོངས་སྤྱོད་རྫོགས་པའི་སྐུའི་ཚུལ་གྱིས། ལ་ལར་མཆོག་གི་སྤྲུལ་པའི་སྐུའི་ཚུལ་གྱིས། ལ་ལར་རྗེས་སུ་གནང་བ་དང་བྱིན་གྱིས་བརླབས་པའི་ཚུལ་གྱིས་དུས་རྒྱུན་མི་འཆད་པར་གདུལ་བྱ་རིག་པ་འཛིན་པ་དང་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ལ། བརྗོད་བྲལ་རང་བཞིན་རྣམ་པ་ཐམས་ཅད་པའི་གསུང་སྒྲ་བརྙན་གྱི་ཚུལ་གྱིས་གནས་ཐ་དད་པ་རྣམས་སུ་གསུངས་པ་ནི། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་བཤད་རྒྱུད་ལས། གླེང་གཞི་རྣམ་པ་གསུམ་ཡིན་ཏེ། །འོག་མིན་གནས་དང་རི་རབ་རྩེ། །འཛམ་བུ་གླིང་དུ་གྲགས་པ་ཡིན། །ཞེས་དང་། སྟོན་པ་ཡང་ནི་རྣམ་གསུམ་སྟེ། །སངས་རྒྱས་རྡོ་རྗེ་འཆང་ཆེན་དང་། །སྤྲུལ་སྐུ་འཁོར་ལོས་སྒྱུར་བ་དང་། །ཤཱཀྱ་ཐུབ་པ་ཉིད་ཀྱིས་གསུངས། །ཞེས་འབྱུང་བ་ལྟར་རོ། །གཞན་ཡང་སྟོན་པས་རི་རབ་རྩེ་མོ་དེ་ཉིད་ནས་སྤྲུལ་པ་དཔག་ཏུ་མེད་པ་འཛམ་བུའི་གླིང་ཡུལ་ཉི་ཤུ་རྩ་བཞིར་བཀྱེ་སྟེ། ལྷོ་ཕྱོགས་གྱད་ཀྱི་ཡུལ་དུ་ནགས་ཚལ་དྲྭ་བ་ཅན་གྱི་མདོ་དང་། སྐྱེས་བུ་འབྱུང་བའི་གནས་ཞེས་བྱ་བར་འཕགས་པ་འཇམ་དཔལ་དུ་སྤྲུལ་ནས་འཇམ་དཔལ་གྱི་ལེའུ་ཁྲི་དྲུག་སྟོང་དང་བཤད་རྒྱུད་ཆོ་ག་འདུས་པ་ལེའུ་བཞི་སྟོང་བདུན་བརྒྱ་པ་དང་། དཀའ་བ་ཡོངས་སུ་སྤྱོད་པའི་རྒྱུད་ཤླཽ་ཀ་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་གསུངས་སོ། །བསིལ་བའི་ཚལ་དུ་སྟོན་པ་རིགས་གསུམ་མགོན་པོས་ཀྲི་ཡ་ཐམས་ཅད་དང་། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་གྱི་གནྡྷོ་ལའི་དྲི་གཙང་ཁང་རེག་པ་མེད་པའི་གདུགས་ཅན་གྱི་ནང་དུ་སྟོན་པ་རྡོ་རྗེ་འཆང་ཧེ་བཛྲ་དུ་སྤྲུལ་ནས། དགྱེས་པ་རྡོ་རྗེ་འབུམ་ཚོ་ལྔའི་བདག་ཉིད་བཤད་རྒྱུད་བཞི་དང་བཅས་པ་གསུངས་སོ། །འཛམ་བུ་གླིང་གི་ཡུལ་ཉི་ཤུ་རྩ་བཞིར། སྟོན་པ་རྡོ་རྗེ་འཆང་ཆེན་པོས་བདེ་མཆོག་འཁོར་ལོའི་བཤད་རྒྱུད་དང་བཅས་པ་བསྟན། རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་མོར་འཇམ་དཔལ་གཤིན་རྗེའི་གཤེད་དུ་སྤྲུལ་ནས་གཤིན་རྗེའི་གཤེད་ཀྱི་རྒྱུད་ཁ་ཅིག་གསུངས་པར་གྲགས་སོ། །དུར་ཁྲོད་བརྒྱད་ཀྱི་གནས་སུ་སྟོན་པ་ཧེ་རུ་ཀས་སངས་རྒྱས་ཐོད་པ། རྡོ་རྗེ་གདན་བཞི། མ་ཧཱ་མཱ་ཡཱ་ལ་སོགས་པ་དང་། སྨྲེ་ཁྲོད་ཀྱི་གྲོང་ཁྱེར་དང་རི་བོ་བྱ་རྐང་ཅན་དུ་གསང་སྔགས་ནང་གི་རྒྱུད་སྡེ་མང་པོ་གསུངས་སོ། །འོ་ན་དགོངས་པ་ལུང་བསྟན་པའི་མདོ་ལས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་ཞུས་པའི་ལན་དུ། རྒྱུ་ལ་མོས་པར་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་སུ་འབྱུང་བར་འགྱུར། །ཞེས་གསུངས་པ་ཇི་ལྟར་བགྲང་ཞེ་ན། དེ་ལ་ཕྱེད་སྔ་མའི་ལུང་དོན་ནི་གདུལ་བྱ་ཕལ་ལ་མ་གྲགས་པའི་དབང་དུ་མཛད་ནས་གསུངས་ལ། ཕྱེད་ཕྱི་མའི་ལུང་དོན་ནི་ཁྱབ་བརྡལ་དུ་དར་བ་ལ་དགོངས་པ་ཡིན་ནོ།། ༈ གསུམ་པ་བསྟན་པའི་གཏད་རབས་དང་ལྷན་ཅིག་ཐུན་མོང་ཐུན་མིན་གྱི་བཀའ་ཡི་བསྡུ་བ་དང་འཕགས་ཡུལ་དུ་བསྟན་འཛིན་གྱི་སྐྱེས་བུ་ཇི་ལྟར་བྱོན་པའི་ཚུལ་མདོ་ཙམ་བསྟན་པ་ནི། གང་གི་ཚེ་སྟོན་པས་ཉན་ཐོས་འོད་སྲུངས་ཆེན་པོ་ལ་བསྟན་པ་འཁོར་རྣམ་བཞི་དང་བཅས་པ་གཏད་དེ་གྱད་ཡུལ་རྩ་མཆོག་གྲོང་དུ་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་པ་ན། དགྲ་བཅོམ་པ་ཁྲི་བརྒྱད་སྟོང་ཡང་བུད་ཤིང་ཟད་པའི་མེ་ལྟར་ཕུང་པོ་ལྷག་མ་མེད་པའི་དབྱིངས་མངོན་དུ་བྱས་སོ། །དེ་ནས་རིང་པོར་མ་ལོན་པར་ཤཱ་རིའི་བུ་དང་ལྷན་ཅིག་དགྲ་བཅོམ་པ་བརྒྱད་ཁྲི། མཽང་གལ་གྱི་བུ་དང་ལྷན་ཅིག་བདུན་ཁྲི་མྱ་ངན་ལས་འདས་པ་ན། ས་བླའི་ལྷ་རྣམས་ཀྱིས་ཀྱེ་མ་དགེ་སློང་དབང་ཡོད་པ་རྣམས་ནི་མྱ་ངན་ལས་འདས། འཛམ་བུའི་གླིང་དུ་དམ་པའི་ཆོས་ནི་མེ་ཤི་བའི་དུ་བ་ཙམ་དུ་གྱུར་ཏོ་ཞེས་འཕྱ་བ་ལ། སྟོན་པ་འདས་པའི་ཕྱི་ལོའི་དབྱར་ཐོག་རྒྱལ་པོའི་ཁབ་ཀྱི་འོད་སྲུངས་ཕུག་ཏུ། རྒྱལ་པོ་མ་སྐྱེས་དགྲའམ་མཐོང་ལྡན་དགེ་བ་ཞེས་བྱ་བས་སྦྱིན་བདག་བྱས་ཏེ་དགྲ་བཅོམ་པ་ལྔ་བརྒྱ་འདུས་པའི་དབུས་སུ་ཀུན་དགའ་བོས་མདོ་སྡེ། ཉེ་བར་འཁོར་གྱིས་འདུལ་བ། འོད་སྲུངས་ཆེན་པོས་མངོན་པ་སྟེ། སྡེ་སྣོད་གསུམ་ཡང་དག་པར་བསྡུས་ཤིང་། ལྷ་རྣམས་ནི་འཕེལ། ལྷ་མ་ཡིན་རྣམས་ནི་འགྲིབ། སྟོན་པའི་བསྟན་པ་ཡུན་རིང་དུ་གནས་པར་བྱས་སོ། །བསྡུ་བ་དང་པོའི་འོག་ཏུ་གནས་བརྟན་འོད་སྲུངས་ཆེན་པོས་ཕྱོགས་ཕྱོགས་སུ་བསྟན་པ་རྒྱས་པར་མཛད་ཅིང་། མཐར་འཕགས་པ་ཀུན་དགའ་བོ་ལ་བསྟན་པ་གཏད་ནས་རི་བོ་བྱ་རྐང་ཅན་དུ་སྐུ་གདུང་མི་འཇིག་པར་བྱིན་གྱིས་བརླབས་ཏེ་མྱ་ངན་ལས་འདས་སོ། །དེ་ནས་ཀུན་དགའ་བོས་རྒྱལ་པོའི་ཁབ་ཏུ་གཞོན་ནུ་གསེར་མདོག་ཅན་སོགས་ཆོས་ལ་བཀོད། ལྷོ་ཕྱོགས་ཀྱི་རྒྱུད་དུ་བྲམ་ཟེ་བྷ་ར་དྷྭ་ཛ་དང་རུས་གཅིག་པ་རྣམས་ཕྱི་རོལ་པ་ལས་ལྡོག་སྟེ་ཆོ་འཕྲུལ་གྱིས་ཚར་བཅད། ཡུལ་ཐ་དད་པ་རྣམས་སུ་ཆོས་བསྟན་ནས་ལྷ་དང་མིའི་དོན་རྒྱ་ཆེན་པོ་མཛད་དེ་ཤ་ནའི་གོས་ཅན་ལ་བསྟན་པ་གཏད། ཆུ་བོ་གངྒཱའི་དབུས་སུ་དྲང་སྲོང་ཉི་མ་གུང་པ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་པ་ལ་ཁ་ཆེའི་ཡུལ་དུ་བསྟན་པ་དར་བར་ལུང་བསྟན་ཏེ་མྱ་ངན་ལས་འདས་སོ། །ཤ་ནའི་གོས་ཅན་གྱིས་རྒྱལ་པོ་གཞུ་བཟང་འཁོར་བཅས་རབ་ཏུ་དབྱུང་ཞིང་སྐྱེ་བོ་རྣམས་ལ་ཆོས་བསྟན་པས་དགྲ་བཅོམ་པ་དང་བདེན་པ་མཐོང་བ་མང་དུ་བྱུང་ངོ་། །མཐར་སྤོས་ཚོང་སྦས་པའི་བུ་ཉེར་སྦས་ལ་བསྟན་པ་གཏད་དེ་ཡུལ་ཙམ་པ་ཀར་མྱ་ངན་ལས་འདས་སོ། །མཚན་མེད་པའི་སངས་རྒྱས་སུ་ལུང་བསྟན་པ་འཕགས་པ་ཉེར་སྦས་ཀྱིས་གདུལ་བྱ་མང་པོའི་དོན་མཛད་ཅིང་། ཁྱད་པར་ལུས་འཕགས་དང་། གནྡྷ་རི་དང་། གར་མཁན་དཔའ་བོའི་གཙུག་ལག་ཁང་རྣམས་སུ་ཆོས་བསྟན་པས་ཉིན་རེ་བཞིན་དགྲ་བཅོམ་པ་ཐོབ་པ་གྲངས་ལས་འདས་པ་དང་། བསྟན་པ་ལ་བར་དུ་གཅོད་པའི་བདུད་སྡིག་ཏོ་ཅན་སངས་རྒྱས་ཀྱི་ཆ་བྱད་དུ་སྤྲུལ་པ་ཡང་རྫུ་འཕྲུལ་གྱིས་བཏུལ་བ་སོགས་རྨད་བྱུང་གི་མཛད་པ་མང་དུ་མངའ་ཞིང་། མཐར་གྲོང་ཁྱེར་ཆེན་པོ་བཅོམ་བརླག་ཏུ་བྲམ་ཟེ་དྷཱི་ཏི་ཀ་རབ་ཏུ་བྱུང་ཞིང་དགྲ་བཅོམ་པ་ཐོབ་ལ་ཁད་པ་ལ་བསྟན་པ་གཏད་དེ་མྱ་ངན་ལས་འདས་སོ། །འཕགས་པ་དྷཱི་ཏི་ཀས་ཕྱོགས་མང་པོར་སྐྱེ་བོ་རྣམས་ལ་ཆོས་བསྟན་ཅིང་། ཁྱད་པར་ཐོ་གར་གྱི་རྒྱལ་པོ་དང་། ཤར་ཕྱོགས་ཀཱ་མ་རཱུ་པའི་བྲམ་ཟེ་སེང་གེ་འཁོར་བཅས། མལླ་ཝར་གྱི་བྲམ་ཟེ་དྲེགས་བྱེད་རྣམས་རྫུ་འཕྲུལ་གྱིས་དད་པའི་ས་ལ་བཀོད་ཅིང་རིམ་གྱིས་བདེན་པ་མངོན་པར་རྟོགས་པའི་ལམ་ལ་སྦྱོར་བར་མཛད། མཐར་ཤར་ཕྱོགས་ལངྐའི་ཡུལ་གྱི་ཚོང་དཔོན་ནག་པོ་པ་ཞེས་བྱ་བ་རྒྱ་མཚོའི་འཇིགས་པ་ལས་བསྐྱབས། རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར་པ་ལ་བསྟན་པ་གཏད་དེ་གྲོང་ཁྱེར་འཕགས་རྒྱལ་དུ་མྱ་ངན་ལས་འདས་སོ། །གང་གི་ཚེ་འཕགས་པ་དྷཱི་ཏི་ཀས་ཕྱོགས་མང་པོར་བྱོན་ནས་ཆོས་བསྟན་པའི་དུས་ཤིག་ན་ཡུན་རིང་པོར་བྲོ་ནད་འཚལ་བས་ཀཽ་ཤམྦྷིར་བཞུགས་ནས་འཁོར་རྣམས་ལ་ཆོས་བསྟན་པ་ལས། ཡངས་པ་ཅན་པའི་དགེ་སློང་དག་གིས་གནས་བརྟན་ནད་ཀྱིས་ཐེབས་པ་ལ་ཡང་དག་པའི་གདམས་ངག་ཅི་ཞིག་ཡོད་ཅེས་ཟེར་ཞིང་། དེའི་ཐད་དུ་མི་འགྲོ་བར། མི་རུང་བའི་གཞི་བཅུ་ལ་སྤྱོད་བཞིན་འདི་ནི་ཆོས་ཡིན། འདུལ་བ་ཡིན། སྟོན་པའི་བསྟན་པའང་ཡིན་ཞེས་བསྒྲགས་པས་རྨ་འབྱིན་པ་ལ། ཀུསྨ་པུ་རིའི་གཙུག་ལག་ཁང་དུ་ལི་ཅཱ་བིའི་རིགས་ལས་བྱུང་བའི་རྒྱལ་པོ་དགའ་བྱེད་ཀྱིས་ཡོ་བྱད་བསྟབས་ཏེ། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུར་ལོན་པ་ཙམ་ན། དགྲ་བཅོམ་པ་གྲགས་པ་ལ་སོགས་བདུན་བརྒྱས་མི་རུང་བའི་གཞི་རྣམས་སུན་ཕྱུངས་ཏེ་མཐུན་པ་དང་བཀྲ་ཤིས་པའི་གསོ་སྦྱོང་གིས་བསྡུ་བ་གཉིས་པ་མཛད་དོ། །འཕགས་པ་ནག་པོ་པས་ཁ་ཆེའི་ཡུལ་དུ་འཁོར་མང་པོ་ལ་ཆོས་བསྟན་པ་དང་སིང་ག་ལའི་རྒྱལ་པོ་འཁོར་བཅས་བདེན་པ་མཐོང་བ་ལ་བཀོད་པ་དང་ཕྱོགས་དེར་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེས་ཁྱབ་པར་མཛད། མཐར་ནུབ་ཕྱོགས་བྷ་རཱུ་ཀ་ཙར་སྐྱ་བསེང་གི་རིགས་ལས་བྱུང་བ་ལེགས་མཐོང་ལ་བསྟན་པ་གཏད་དེ་བྱང་ཕྱོགས་ཀུ་ཤའི་ཚལ་དུ་མྱང་ངན་ལས་འདས་སོ། །དེའི་འོག་ཏུ་ལེགས་མཐོང་ཆེན་པོས་འཁོར་རྣམས་ལ་ཆོས་བསྟན་པ་དང་། སྐྱེ་བོ་མང་པོ་དད་པའི་ས་ལ་བཀོད། ནུབ་ཕྱོགས་སིནྡྷུའི་ཡུལ་དུ་ཀླུ་དང་གནོད་སྦྱིན་ཕོ་མོ་ལྔ་བརྒྱ་ཙམ་ཆོས་ལ་བཙུད་དེ་བསྟན་པ་གསལ་བར་མཛད་དོ། །གང་གི་ཚེ་ལེགས་མཐོང་ཆེན་པོས་ཕྱོགས་ཕྱོགས་སུ་འཁོར་རྣམས་ལ་ཆོས་བསྟན་པའི་དུས་ཤིག་ན། ཚོང་དཔོན་གྱི་བུ་ལྷ་ཆེན་པོ་ཞེས་བྱ་བ་མཚམས་མེད་པའི་ལས་གསུམ་བྱས་པ་ཞིག་ཁ་ཆེར་སོང་ནས་དགེ་སློང་བྱས། སྡེ་སྣོད་གསུམ་བློ་ལ་བྱང་པར་ཤེས་ནས་དགོན་པར་གནས་པ་ལ་བདུད་ཀྱིས་བྱིན་གྱིས་བརླབས་ཏེ་ཐམས་ཅད་ཀྱིས་དགྲ་བཅོམ་པར་བཟུང་ངོ་། །ཇི་ཞིག་ན་གཙུག་ལག་ཁང་འདམ་བུ་ཅན་དུ་མདོ་འདོན་པའི་རེས་ལ་བབས་པའི་ཚེ། ལྷ་རྣམས་མ་རིག་པ་ཡིས་བསླུས། །ལམ་ནི་སྒྲ་ཡི་རྒྱུན་ལས་བྱུང་། །ཐེ་ཚོམ་ཅན་རྣམས་གཞན་གྱིས་འཇུག །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་འདོན་པ་ལ་དགེ་སློང་གཞན་གྱིས་མདོའི་ཚིག་མ་ཡིན་པར་སྨྲས་ཀྱང་མ་ལྡོག་པར་རྩོད་པའི་གཞིར་གྱུར་ཏོ། །སླད་དུ་དགེ་སློང་བཟང་པོ་ཞེས་བྱ་བས་ཀྱང་། གཞན་ལན་གདབ་དང་མི་ཤེས་དང་། །ཡིད་གཉིས་དང་ནི་ཡོངས་སུ་བརྟགས། །བདག་ཉིད་གསོ་བར་བྱེད་པ་སྟེ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་མདོའི་དོན་ལོག་པར་འདོན་ཏེ། གནས་བརྟན་ཀླུ་དང་ཡིད་བརྟན་ལ་སོགས་པ་ཐོས་པ་དང་མི་ལྡན་པ་རྣམས་དེ་ཡི་རྗེས་སུ་འབྲངས་ནས་མདོ་འདོན་པ་སྣ་ཚོགས་སུ་སོང་ནས་མ་མཐུན་པར་ཉན་ཐོས་རྣམས་རིམ་གྱིས་སྡེ་པ་བཅོ་བརྒྱད་དུ་གྱེས་སོ། །དེ་ཡང་ཆོས་རྒྱལ་མྱ་ངན་མེད་ཀྱི་རྒྱུད་ལས་བྱུང་བ་རྒྱལ་པོ་དཔའ་བོ་སྡེའི་ཚེ་སྨད་དང་། དགའ་བོ་དང་པདྨ་ཆེན་པོའི་ཚེ་རིལ་པོ། རྒྱལ་པོ་ཀ་ནིཥྐའི་ཚེ་སྟོད་ཡན་ཏེ། རྒྱལ་རབས་བཞིའི་སྐུ་རིང་ལ་དགེ་འདུན་རྣམས་རྩོད་པ་ཁོ་ནར་ལོ་བརྒྱར་ཉེ་བ་ཙམ་དུ་གནས་སོ། །དེ་ནས་སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱར་ཉེ་བ་ན། རྒྱལ་པོ་ཀ་ནིཥྐས་སྦྱིན་བདག་བྱས་ཏེ། ཁ་ཆེའི་ཡུལ་རྣ་རྒྱན་གྱི་གཙུག་ལག་ཁང་དུ་འཕགས་པ་རྩིབ་ལོགས་སྐྱེས་སོགས་སྡེ་སྣོད་འཛིན་པའི་དགེ་སློང་མཐའ་དག་འདུས་ནས་བཀའ་བསྡུ་གསུམ་པ་བྱས་ཞེས་ཁ་ཆེ་བྱེ་བྲག་སྨྲ་བ་རྣམས་བཤད་ལ། དབུས་ཀྱི་མཁས་པ་རྣམས་ནི་ཛ་ལན་དྷ་རའི་དགོན་པ་ཀུ་པ་ནའི་གཙུག་ལག་ཁང་དུ་བསྡུས་པར་འདོད། དེ་ཙམ་ན་སྡེ་པ་བཅོ་བརྒྱད་པོ་ཐམས་ཅད་བསྟན་པ་རྣམ་དག་ཏུ་བསྒྲུབས། མདོ་འདོན་པ་མཚུངས་པར་སྟོན་པའི་ཕྱིར་དམ་ཆོས་འདུལ་བའི་ཚོགས་རྣམས་ཡི་གེར་བཀོད། མདོ་སྡེ་དང་མངོན་པ་སྔར་མ་འཁོད་པ་དག་ཡི་གེར་བཀོད་ཅིང་། འཁོད་ཟིན་པ་རྣམས་ལའང་དག་ཐེར་མཛད་པར་གྲགས་སོ། ༧ །ཐེག་པ་ཆེན་པོ་ལས་རྒྱུ་མཚན་ཉིད་ཐེག་པའི་བསྡུ་བ་ནི། རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་བི་མ་ལ་སམ་བྷ་ཝའི་རི་ལ་བྱང་སེམས་འབུམ་ཕྲག་བཅུ་འདུས་ཏེ་འཕགས་པ་འཇམ་དཔལ་གྱིས་མངོན་པ། བྱམས་པས་འདུལ་བ། ཕྱག་ན་རྡོ་རྗེས་མདོ་སྡེ་རྣམས་བསྡུས་པར་གྲགས། རྟོག་གེ་འབར་བ་ལས། ཐེག་པ་ཆེན་པོ་སངས་རྒྱས་ཀྱིས་གསུངས་པ་ཡིན་ཏེ། རྩ་བའི་སྡུད་པར་བྱེད་པ་པོ་ཀུན་ཏུ་བཟང་པོ་དང་འཇམ་དཔལ་། གསང་བའི་བདག་པོ་དང་བྱམས་པ་ལ་སོགས་པ་རྣམས་ཀྱིས་བསྡུས་པའི་ཕྱིར་རོ། །བདག་ཅག་གི་རྩ་བའི་སྡུད་པར་བྱེད་པ་ཉན་ཐོས་ནི་མ་ཡིན་ཏེ། ཐེག་པ་ཆེན་པོའི་གསུང་ནི་དེ་དག་གི་ཡུལ་མ་ཡིན་པའི་ཕྱིར་རོ། །ཞེས་དང་། རྒྱལ་སྲས་ཞི་བ་ལྷས་ཀྱང་། ངག་གང་འོད་སྲུངས་ཆེན་པོ་ལ། །སོགས་པས་གཏིང་དཔོག་མ་གྱུར་པ། །དེ་ནི་ཁྱོད་ཀྱིས་མ་རྟོགས་པས། །གཟུང་བྱ་མིན་པར་སུ་ཞིག་བྱེད། །ཅེས་སོགས་ཐེག་ཆེན་བཀའ་སྒྲུབ་ལས་གསལ་བར་བསྟན་པ་ཡིན་ནོ། །ཐུན་མིན་གསང་སྔགས་ཀྱི་བསྡུ་བ་ནི། སྤྱིར་བླ་མེད་ཀྱི་རྒྱུད་སྡེ་དུ་མ་ཞིག་ནི་སྟོན་འཁོར་ཐ་མི་དད་པའི་ཚུལ་གྱིས་བསྡུས་པར་གསུངས་ཏེ། ཀྱཻ་རྡོ་རྗེ་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་བསྟན་ཉན་པོའང་ང་། །ཞེས་སོ། །བྱེ་བྲག་གི་རྒྱུད་ཕལ་མོ་ཆེ་ནི་རི་རབ་ཀྱི་བྱང་ཤར་ལྕང་ལོ་ཅན་གྱི་ཕོ་བྲང་དུ་བྱང་སེམས་རིག་པ་འཛིན་པའི་ཚོགས་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་འདུས་པའི་དབུས་སུ་དཔལ་ཕྱག་ན་རྡོ་རྗེ་ཉིད་ཀྱིས་བསྡུས་པར་བཤད་ལ། རྒྱུད་སྡེ་ཁ་ཅིག་དག་ནི་འཁོར་གྱི་ཞུ་བ་པོ་དེ་ཉིད་ཀྱིས་བསྡུ་བར་གསུངས་ཏེ། དུས་འཁོར་ཟླ་བ་བཟང་པོ། བརྟག་གཉིས་རྡོ་རྗེ་སྙིང་པོ། སྡོམ་འབྱུང་ཕྱག་རྡོར། རྡོ་རྗེ་མཁའ་འགྲོ་ཕག་མོས་བསྡུ་བར་གྲགས་ཤིང་། གཞན་ཡང་ལྷ་ཀླུ་གནོད་སྦྱིན་དང་དྲང་སྲོང་རིག་པ་འཛིན་པའི་ཚོགས་ཀྱིས་བསྡུ་བའང་མང་དུ་བྱུང་སྟེ། ཐེག་པ་ཆེན་པོ་གསང་སྔགས་ལ་མཐའ་འདི་ཙམ་ཞེས་གཟུང་དུ་མེད་པའི་ཕྱིར་རོ། །དེ་ལྟར་སྟོན་པ་མྱ་ངན་ལས་འདས་པའི་རྗེས་སུ་བསྟན་པ་སྐྱོང་བའི་སྐྱེས་བུ་སངས་རྒྱས་དང་འདྲ་བའི་ཉན་ཐོས་ཆེན་པོ་རྣམས་དང་། བླ་མ་གྲགས་པ་དང་། བསོས་བྱིན་ལ་སོགས་པ་དགྲ་བཅོམ་པའི་ཚོགས་དང་། བླ་མ་འོད་སྲུངས་ཡང་སྟོན། ཆོས་སྐྱོབ། དབྱིག་བཤེས། དབྱངས་སྒྲོག །སངས་རྒྱས་ལྷ་སོགས་བཙུན་པ་ཆེན་པོ་རྣམས་དང་། རྒྱལ་བ་ལེགས་རྒྱལ་དགེ་བ་སོགས་བྲམ་ཟེ་ཆེན་པོ་སྡེ་རྣམས་ཀྱིས་བསྟན་པ་བསྐྱངས་པར་མཛད། ཁྱད་པར་ཤིང་རྟའི་སྲོལ་འབྱེད་ཆེན་པོ་ཀླུ་ཐོགས་གཉིས་སོགས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་དང་། གཞན་ཡང་སློབ་དཔོན་དཔའ་བོ་དང་སྒྲ་གཅན་འཛིན་དང་། སློབ་དཔོན་ཡོན་ཏན་འོད་དང་ཆོས་སྐྱོང་སྟེ་ཆེན་པོ་བཞི་དང་། རྒྱལ་སྲས་ཞི་བ་ལྷ་དང་། ཙནྡྲ་གཽ་མི་སྟེ་རྨད་བྱུང་གི་སློབ་དཔོན་གཉིས་སུ་གྲགས་པ་སོགས་རྒྱལ་བའི་གསུང་རབ་ཀྱི་དོན་ལ་དབང་འབྱོར་བའི་སློབ་དཔོན་མཐའ་ཡས་པ་བྱོན་ཏེ་གཙོ་བོ་ཕ་རོལ་ཏུ་ཕྱིན་པའི་བསྟན་པ་གསལ་བར་མཛད། རྒྱ་གར་ཤར་ཕྱོགས་སུ་རྒྱལ་པོ་ཛཿཡབ་སྲས། སྒེག་པའི་རྡོ་རྗེ། སངས་རྒྱས་གསང་བ། སྠི་ར་མ་ཏི། བདེ་བ་གསལ་མཛད་རྣམས་ཀྱིས་བསྐྱེད་རྫོགས་བླ་ན་མེད་པའི་ཆོས་ཀྱིས་གདུལ་བྱ་མཐའ་ཡས་པ་བྱང་ཆུབ་ཀྱི་ལམ་ལ་བཀོད་པར་མཛད། འཕགས་ཡུལ་ལྷོ་ཕྱོགས་སུ་ཀླུ་སྒྲུབ་ཡབ་སྲས་སོགས་གྲུབ་ཆེན་རྣམས་ཀྱིས་གསང་སྔགས་ཕྱི་ནང་གི་རིམ་པ་སྣ་ཚོགས་པས་བསྟན་པ་གསལ་བར་མཛད། ནུབ་ཕྱོགས་སུ་སློབ་དཔོན་དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ་སོགས་ཀྱིས་མན་ངག་ཨ་ཏི་ཡོ་ག་ལ་བརྟེན་ནས་སྐལ་ལྡན་མང་པོ་སྨིན་ཅིང་གྲོལ་བར་མཛད། མདོར་ན་དཔལ་ས་ར་ཧ་སོགས་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི། ཡེ་ཤེས་ཞབས་དང་། མར་མེ་མཛད་བཟང་པོ་སོགས་རྣམ་གནོན་ཚུལ་གྱིས་བསྔགས་པའི་སློབ་དཔོན་བཅུ་གཉིས། སློབ་དཔོན་ཤེར་འབྱུང་བློ་གྲོས། ངག་གི་དབང་ཕྱུག་གྲགས་པ། བྲམ་ཟེ་རིན་ཆེན་རྡོ་རྗེ་སོགས་མཁས་པ་སྒོ་དྲུག་དང་། གཞན་ཡང་དཔལ་ན་ལེནྡྲ་དང་། བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་གི་པཎ་གྲུབ་ནམ་མཁའི་སྐར་ཚོགས་ལྟར་བྱོན་པ་རྣམས་ཀྱིས་ཆོས་ཚུལ་སྤྱི་དང་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བརྟེན་ནས་གདུལ་བྱ་བགྲང་བ་ལས་འདས་པ་བྱང་ཆུབ་ཀྱི་ས་ལ་བཀོད་པར་མཛད་དོ།། །། ༈ རྩ་བའི་ས་བཅད་གཉིས་པ་བར་དུ་དགེ་བ་བཀའ་གཏེར་ཆོས་ཀྱི་ཆིངས་སྔ་འགྱུར་རིག་འཛིན་ཚོམ་བུའི་གྲུ་གཟིངས་ལ། རིང་བརྒྱུད་བཀའ་མའི་ཆོས་ཚུལ་ཡོངས་འདུས་ཡེ་ཤེས་ཌཱཀྐིའི་སྤྲིན་ཕུང་། ཉེ་བརྒྱུད་གཏེར་གྱི་རྣམ་གཞག་ཡོངས་འདུས་ཟུང་འཇུག་ཌཱཀྐིའི་སྤྲིན་ཕུང་། བཀའ་གཏེར་ཆོས་ཀྱི་བསྡུས་དོན་ཡོངས་འདུས་རྩ་གསུམ་ཌཱཀྐིའི་སྤྲིན་ཕུང་བཤད་པ་དང་གསུམ་ལས། དང་པོ་ལ། བརྒྱུད་ཚུལ་དངོས་དང་། ལམ་རིམ་སྡེ་སྣོད་ངོས་འཛིན་དང་སྦྲེལ་ཏེ་བཤད་པའོ། །དང་པོ་ནི། དེ་ཡང་བཤད་རྒྱུད་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་བར་བརྒྱུད། །ཅེས་པ་ལྟར། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡ་ཡི་བརྒྱུད་པ། གང་ཟག་སྙན་ཁུང་གི་བརྒྱུད་པ་དང་གསུམ་མོ། །དེ་ཡི་ཚུལ་ལ་སྤྱི་དང་བྱེ་བྲག་གི་ངོས་འཛིན་ལུགས་གཉིས་ལས། དང་པོ་མ་ཧཱ་དང་ཨ་ནུའི་ལུགས་ལྟར་ན། རྒྱལ་བ་དགོངས་བརྒྱུད་ནི། ཆོས་སྐུ་ཀུན་ཏུ་བཟང་པོ་མཚན་རྫོགས་རྡོ་རྗེ་འཆང་གི་རྣམ་པར་བཞེངས་པས་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་སྣ་ཚོགས་པར་སྤྲུལ་པའི་སྒོ་ནས་ལྷན་ཅིག་པའི་འཁོར་རྣམས་ལ་ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་། ལོངས་སྐུ་དགོངས་པ་བརྡ་ཡི་གསུང་། སྤྲུལ་སྐུ་བརྗོད་པ་ཚིག་གི་གསུང་། མངོན་བྱང་རིག་པ་བྱིན་རླབས་ཀྱི་གསུང་དང་མི་འགྱུར་རྡོ་རྗེའི་གསུང་གིས་བརྡ་སྤྲོད་པའོ། ༧ །གཉིས་པ་རིག་འཛིན་བརྡ་བརྒྱུད་ལ། རིག་འཛིན་མི་མ་ཡིན་པ་དང་། མི་དང་མི་མ་ཡིན་པ་གཉིས་ཀ་ལས་བརྒྱུད་པའོ། །དང་པོ་ནི་ལྷན་ཅིག་པའི་འཁོར་གྱི་ནང་ནས་རིགས་གསུམ་སེམས་དཔའ་རྣམས་ཀྱིས་ལྷ་ཀླུ་གནོད་སྦྱིན་རྣམས་ལ་གསང་སྔགས་ཀྱི་ཆོས་བསྟན་པ་ཡིན་ལ། དེ་ཡང་འཕགས་པ་འཇམ་དཔལ་གཞོན་ཚུལ་མཛེས་པའི་སྐུར་བསྟན་པས་ལྷ་ཡི་གནས་སུ་ལྷ་གྲགས་ལྡན་མཆོག་སྐྱོང་ལ་བཤད་དེ་ལྷའི་རིག་འཛིན་རྣམས་ལ་དར་བར་བྱས། སྤྱན་རས་གཟིགས་བདུད་རྩི་སྨན་གྱི་སྐུར་བཞེངས་ནས་ཀླུའི་གནས་སུ་ཀླུ་རྒྱལ་མགྲིན་པ་ནག་པོ་ལ་བཤད་དེ་དར་བར་བྱས། ཕྱག་ན་རྡོ་རྗེ་འཇིགས་ཚུལ་བསྡིག་པའི་སྐུར་བསྟན་ནས་གནོད་སྦྱིན་གྱི་གནས་སུ་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་བཤད་དེ་དར་བར་བྱས་པའོ། །གཉིས་པ་མི་དང་མི་མ་ཡིན་པ་གཉིས་ཀ་ལས་བརྒྱུད་པ་ནི། བདེ་མཆོག་སྡོམ་འབྱུང་གི་རྒྱུད་ཕྱི་མ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་གྱི། །རྒྱལ་པོ་ཛཿཞེས་བྱ་བ་ལ། །བསོད་ནམས་ཆེན་པོའི་མཐུས་སྣང་བའི། །གསང་བའི་བདག་པོ་སྣང་བར་འགྱུར། །ཞེས་གསུངས་པ་དང་མཐུན་པར་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ན་ལྷ་གྲགས་ལྡན་མཆོག་སྐྱོང་། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། ཀླུ་རྒྱལ་འཇོག་པོ། མི་ཡི་རིག་འཛིན་ལི་ཙཱ་བི་དྲི་མེད་གྲགས་པ་རྣམས་ནང་དུ་ཡང་དག་འཇོག་ལས་ལངས་ཏེ་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་མོར་འདུས་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཡིད་ལ་བྱས་ཏེ། ཀྱེ་མ་ཀྱེ་ཧུད་ཀྱེ་མ་བློང་། །སྟོན་པ་སྒྲོན་མེའི་འོད་ནུབ་ཚེ། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་སོགས་གདུང་ཚིག་ཉི་ཤུ་རྩ་གསུམ་བཏོན་པ་ལ་དཔལ་ཕྱག་ན་རྡོ་རྗེས་སྔར་སྟོན་པས་འོག་མིན་དུ་གསུངས་པའི་རྒྱུད་སྡེ་རྣམས་སླར་ཡང་བཟླས་ཏེ་བསྟན་པར་མཛད། ཇི་སྐད་དུ། སེམས་ཀྱི་དཀྱིལ་འཁོར་མེ་ལོང་བཞིན། །བསྟན་པ་དེ་ལྟར་བདག་གིས་ཀྱང་། །ཐོག་མ་མཐའ་མ་མེད་པ་རུ། །བདག་གིས་དམ་བཅའ་མི་འདོར་བས། །བསྐུལ་བའི་དོན་ནི་གང་བྱུང་བ། །བདག་ཀྱང་དེ་བཞིན་ཆོ་འཕྲུལ་སྣང་། །ཞེས་སོ། །དེའི་ཚེ་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྻ་ཞུན་མས་ཡི་གེར་བྲིས་ཏེ་མི་སྣང་བར་ནམ་མཁའི་ཀློང་དུ་རྒྱས་བཏབ་པར་བྱས་སོ། ༧ །གསུམ་པ་གང་ཟག་སྙན་བརྒྱུད་ནི། གང་གི་ཚེ་མ་ལ་ཡར་ཕྱག་ན་རྡོ་རྗེས་ཆོས་བསྟན་པ་དེའི་ཚེ། ས་ཧོ་རའི་རྒྱལ་པོ་ཛཿལ་རྨི་ལྟས་ངོ་མཚར་ཅན་བདུན་བྱུང་བ་དང་མཐུན་པར་རྒྱུད་སྡེའི་གླེགས་བམ་རྣམས་མི་ཡུལ་དུ་དངོས་སུ་བབས་ཏེ། ལུང་ལས། སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། །རིན་ཆེན་གླེགས་བམ་བབས་པ་དང་། །ཆོས་ཀྱི་བགྲོ་བ་བྱས་པ་དང་། །ཀུན་གྱིས་དམ་པར་བསྒྲགས་པ་དང་། །མཆོད་པ་ཆེན་པོ་བྱས་པ་དང་། །རིན་ཆེན་ཆར་དུ་བབས་པ་དང་། །སངས་རྒྱས་ས་ལ་ལུང་བསྟན་པའོ། །ཞེས་འབྱུང་བ་ལྟར་ཀྲི་ཡའི་རྒྱུད་རྣམས་ཝ་རཱ་ཎ་སི། ཨུ་པ་ཡའི་རྒྱུད་རྣམས་རི་བོ་བྱ་རྐང་ཅན་དང་བསིལ་བའི་ཚལ། ཡོ་གའི་རྒྱུད་རྣམས་དུར་ཁྲོད་མེ་རི་འབར་བར། མ་ཧཱ་ཡོ་གའི་ཏནྟྲ་རྣམས་རྒྱལ་པོ་ཛའི་ཁང་སྟེང་། ཨ་ནུ་ཡོ་གའི་རྒྱུད་རྣམས་སིང་ག་ལའི་གླིང་གི་ནགས་ཚལ་དུ་བབས་པར་གྲགས་སོ། །དེ་ལྟར་མ་ཧཱ་ཡོ་གའི་རྒྱུད་རྣམས་ནི། སྐལ་ལྡན་རྒྱལ་པོ་ཛཿནས་ཀུ་ཀུ་རཱ་ཛ། ཨིན་དྲ་བོ་དྷི། སེང་ཧ་རཱ་ཛ། ཨུ་པ་རཱ་ཛ། སྲས་མོ་གོ་མ་དེ་ཝི། སློབ་དཔོན་སྒེག་པའི་རྡོ་རྗེ། སངས་རྒྱས་གསང་བ་རྣམས་ལས་སློབ་དཔོན་བི་མ་ལ་དང་སློབ་དཔོན་པདྨ་ལ་བརྒྱུད་དེ་རིམ་པར་བྱོན་པའོ། །ཨ་ནུ་ཡོ་གའི་རྒྱུད་རྣམས་ཀྱང་དཔལ་གསང་བའི་བདག་པོས་རྒྱལ་པོ་ཛཿའམ་ལུང་བསྟན་རྡོ་རྗེ་ལ་དབང་བསྐུར་ཞིང་བསྟན་པ་ཐམས་ཅད་ཀྱི་དོན་ཐུགས་སུ་ཆུད། ཚུར་མཐོང་གི་ངོར་དགེ་བསྙེན་ལི་ཙཱ་བི་དྲི་མེད་གྲགས་པ་ལ་བསྟེན་ནས་ཚིག་རྒྱུད་རྣམས་མཐར་ཕྱིན་པར་མཛད། དེ་ནས་རིམ་པར། ཨུ་པ་རཱ་ཛ། ཤསྟྲ་པུ་ཏྲི། ནཱ་ག་པུ་ཏྲི། གུ་ཧྱ་པུ་ཏྲི། རོ་ལངས་དེ་བ། པྲ་བྷ་ཧསྟི། རྡོ་རྗེ་ཧཱུྃ་མཛད། སྠིར་མ་ཏི། ཨཱ་ཙརྻ་དེ་བ་གསལ་མཛད། དྷརྨ་བོ་དྷི། མཁན་པོ་ཆོས་རྒྱལ་སྐྱོང་། བལ་པོ་ནོར་འཛིན། གཙུག་ལག་དཔལ་དགེ། བྲུ་ཤའི་སློབ་དཔོན་ཆེ་བཙན་སྐྱེས། དེ་ལས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་གསན་ཏེ་རིམ་པར་བྱུང་བ་ཡིན་ནོ། ༈ །གཉིས་པ་བྱེ་བྲག་ཐུན་མིན་རྫོགས་པ་ཆེན་པོའི་བརྒྱུད་པ་ལའང་གསུམ་ལས། དང་པོ་རྒྱལ་བ་དགོངས་བརྒྱུད་ནི། ཆོས་སྐུ་ཀུན་ཏུ་བཟང་པོས་སྟོན་པ་རྡོ་རྗེ་སེམས་དཔའ་སོགས་རང་སྣང་ལྷུན་གྱིས་གྲུབ་པའི་འཁོར་རྣམས་ལ་དོན་གྱི་འོག་མིན་དུ་བརྡ་ཚིག་བློ་ལས་འདས་པའི་ཆོས་བསྟན་པ་རྣམས་སོ། ༧ །གཉིས་པ་རིག་འཛིན་བརྡ་བརྒྱུད་ནི། གང་གི་ཚེ་རྒྱལ་པོ་ཛཿའི་ཁང་ཐོག་ཏུ་རྒྱུད་ཀྱི་གླེགས་བམ་རྣམས་དངོས་སུ་བབས་པའི་ཚེ། ཨ་ཏི་ཡོ་གའི་རྒྱུད་རྣམས་ཨོ་རྒྱན་དྷ་ན་ཀོ་ཤའི་གླིང་དུ་བབས་ཞེས་ལོ་རྒྱུས་རྣམས་ལས་བྱུང་ཡང་གླེགས་བམ་དངོས་སུ་བབས་པ་མེད་ཅིང་། རྡོ་རྗེ་སེམས་དཔའི་སློབ་མ་ལྷའི་བུ་ཀུན་དགའ་སྙིང་པོ་མི་ཡུལ་དུ་བྱོན་པ་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་རྡོ་རྗེ་སེམས་དཔའ་དངོས་སུ་ཞལ་མཇལ། རང་བཞིན་རྫོགས་པ་ཆེན་པོའི་དབང་དང་རྒྱུད་སྡེ་རྣམས་རྫོགས་པར་གཏད། རི་མ་ལ་ཡའི་རྩེ་མོར་མཁའ་འགྲོ་བདེ་བའི་རོ་ལྡན་མ་དང་བདེ་བྱེད་སེར་མོ་གཉིས་ཀྱིས་ལོ་གསུམ་དུ་ཡི་གེར་བཀོད་དེ་མཁའ་འགྲོ་མ་རྣམས་འདུ་བའི་ཕུག་ཏུ་བཞུགས་སོ། །སྤྲུལ་སྐུ་དགའ་རབ་རྡོ་རྗེ་ནས། རིམ་པར་སློབ་དཔོན་འཇམ་དཔལ་བཤེས་གཉེན། རིག་འཛིན་ཤྲཱི་སིང་ཧ། མཁས་པ་ཛྙཱ་ན་སཱུ་ཏྲ། པཎ་ཆེན་བི་མ་ལ་མི་ཏྲ་སྟེ་འདས་རྗེས་ཐོབ་པའི་རིག་འཛིན་གྱི་སློབ་དཔོན་བཞི་དང་། སློབ་དཔོན་པདྨ་འབྱུང་གནས། ལོ་ཆེན་བཻ་རོ་ཙ་ན་རྣམས་ལ་བཀའ་བབས་པ་དག་གོ ༧ །གསུམ་པ་གང་ཟག་སྙན་བརྒྱུད་ནི། བཤད་མ་ཐག་པ་སློབ་དཔོན་པད་འབྱུང་བི་མ་བཻ་རོ་གསུམ་ལས་བོད་ཀྱི་རྗེ་འབངས་རྣམས་ལ་བརྒྱུད་དེ་སེམས་སྡེ་རིམ་པ་ལྔ་དང་། ཀློང་སྡེ་རྣ་བརྒྱུད་ཟམ་མ་ཆད་པ་དང་། རྫོགས་ཆེན་མན་ངག་སྡེའི་ཆོས་སྐོར་རྣམས་བཀའ་གཏེར་གཉིས་ཀྱི་ཚུལ་ལས་སེམས་ཀློང་མན་ངག་གི་བཀའ་བབས་རིམ་བྱོན་གསན་ཡིག་ཆེན་མོ་རྣམས་ལས་བྱུང་བ་བཞིན། སྨིན་བྱེད་དབང་གི་ཆུ་བོ་བསྐུར་ཐབས་ངོ་སྤྲོད་དང་བཅས་པ། དཀྱུས་བཤད་གཞུང་གི་ཆུ་བོ་འགྲེལ་ཊཱིཀ་སྟོང་ཐུན་དང་བཅས་པ། སྙན་བརྒྱུད་གདམས་ངག་གི་ཆུ་བོ་གནད་ཡིག་དམར་ཁྲིད་དང་བཅས་པ། ཕྱག་བཞེས་འཕྲིན་སྒྲུབ་ཀྱི་ཆུ་བོ་བསྟན་སྲུང་དྲག་སྔགས་དང་བཅས་པ་སྟེ། འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་རིན་པོ་ཆེའི་བཀའ་བབས་ཀྱི་ཆུ་བོ་བཞི་རྣམས་ཐོག་མར་གཉགས་ལ་བབས། བར་དུ་གནུབས་ལ་བབས། མཐའ་མར་ཟུར་ལ་བབས་ཤིང་རིམ་པར་བཀའ་མས་ཁོག་ཕུབ། གཏེར་མའི་མན་ངག་གིས་ཟུར་བརྒྱན་ཏེ་ཟུང་འཇུག་ཏུ་ཉམས་སུ་ལེན་པ་ལས་བཀའ་མ་ལ་ལྟོས་མེད་ཀྱི་གཏེར་ཆོས་རང་ག་བ་གཅིག་ཀྱང་མེད་དེ། འགྱུར་མེད་ཕན་བདེ་འོད་ཟེར་གྱི་ཞལ་ནས། དབང་གི་ཆུ་བོས་བདག་རྒྱུད་རབ་ཏུ་སྨིན། །གཞུང་བཤད་ཆུ་བོས་བསྒོམ་བྱ་གཏན་ལ་འབེབ། །གདམས་པའི་ཆུ་བོས་ཉམས་ལེན་རང་བྱན་ཚུད། །མན་ངག་ཆུ་བོས་གནད་ཀྱི་གཟེར་ཐེབས་ཤོག །ཅེས་བྱ་བ་ཉེ་བརྒྱུད་གཏེར་མའི་ཆོས་ཚུལ་ལས་ཀྱང་འབྱུང་བ་བཞིན་ནོ།། ༈ གཉིས་པ་ལམ་གྱི་རིམ་པའི་སྡེ་སྣོད་ངོས་འཛིན་དང་སྦྲེལ་ཏེ་བཤད་པ་ལ་སྤྱིར་བསྟན་པ་དང་། སོ་སོར་བཤད་པ་གཉིས་ལས། དང་པོ་ནི། རིང་བརྒྱུད་བཀའི་ཆུ་བོ་མ་ཉམས་པར་བཞུགས་པ་ལ་རྒྱ་ཆེ་བ་རྩ་བར་གྱུར་པ་རྒྱུད་སྡེ་དང་། ཟབ་པ་མན་ངག་ཏུ་གྱུར་པ་སྒྲུབ་སྡེ་སྟེ། གསང་སྔགས་ཕྱི་རྒྱུད་རྣམས་ལས་ཁྱད་དུ་འཕགས་པའི་ལམ་ཟབ་མོ་བརྒྱུད་པ་ལ་སེལ་མེད་ཅིང་མན་ངག་གནད་དུ་ཕེབས་པ་དང་དམ་ཚིག་རྣམ་པར་དག་པས་སངས་རྒྱས་གཞན་ལས་མི་འཚོལ་ཞིང་ཚེ་གཅིག་གིས་གྲོལ་བར་བྱེད་པ་ནང་རྒྱུད་སྡེ་གསུམ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། བསྐྱེད་པ་མ་ཧཱ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་གཞི་ལྟ་བུའོ། །རྫོགས་པ་ཨ་ནུ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་ལམ་ལྟ་བུའོ། །རྫོགས་ཆེན་ཨ་ཏི་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་འབྲས་བུ་ལྟ་བུའོ། །ཞེས་པ་ལྟར་དེ་ཁོ་ཉིད་ལྟ་བ། ལ་དོར་བ་སྤྱོད་པ། བཀོད་པ་དཀྱིལ་འཁོར། རིམ་པ་བགྲོད་པ་དབང་། མི་འདའ་བ་དམ་ཚིག །དོན་དུ་གཉེར་བ་སྒྲུབ་པ། རོལ་པ་ཕྲིན་ལས། མི་གཡོ་བ་ཏིང་ངེ་འཛིན། གནས་སུ་སྟོབ་པ་མཆོད་པ། འཆིང་ཟློས་སྔགས་དང་ཕྱག་རྒྱ་སྟེ་རྒྱུད་ཀྱི་དངོས་པོ་བཅུ་རྒྱས་པར་སྟོན་པས་ན་གཞི་ལྟ་བུ་དང་། མཆོག་གི་དངོས་གྲུབ་ལ་སྦྱོར་བའི་ཉེ་རྒྱུ་རྩ་རླུང་ཐིག་ལེའི་བྱེད་བཅིང་ལ་བརྟེན་ནས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་ཐབས་རྫོགས་རིམ་རྒྱས་པར་སྟོན་པས་ལམ་ལྟ་བུ་དང་། བསྐྱེད་རྫོགས་ཀྱི་སྤྲོས་པ་རྩོལ་བཅས་ཀྱི་ཐབས་ལ་ལྟོས་པ་མེད་པར་རིག་སྟོང་སེམས་ཀྱི་གནས་ལུགས་ཁོ་ནས་གཞི་ཐོག་ཏུ་གྲོལ་བར་བྱེད་པས་ན་འབྲས་བུ་ལྟ་བུར་གསུངས་སོ། །དེ་ལྟར་མན་ངག་ཨ་ཏི་ཡོ་ག་ནི་ཐེག་པ་ཐམས་ཅད་ཀྱི་སྐྱེལ་སོ། ལམ་ཐམས་ཅད་ཀྱི་སྙིང་པོ། ཕྱོགས་བཅུ་སངས་རྒྱས་ཐམས་ཅད་ཀྱི་དགོངས་བཅུད་མ་ལུས་པ་འདུས་པའི་བདག་ཉིད་དེ། རྫོགས་ཆེན་བརྒྱུད་པའི་བླ་མ་བར་མ་ཆད་པ་ལས་བྱུང་བའི་ཐུན་མིན་མན་ངག་གི་ངོ་སྤྲོད་ཐེག་མཆོག་རིན་པོ་ཆེའི་མཛོད་སོགས་ལས་གསལ་བ་ལྟར། གསང་ཆེན་བས་ཀྱང་ཆེས་གསང་བའི་ལམ་ལ་བརྟེན་ནས། སྐྲ་དང་སེན་མོ་ཙམ་ལྷག་མར་བཞག་པ་ལས་ལུས་རྡུལ་ཕྲན་དུ་དེངས་པའམ། ལུས་མ་སྤངས་པར་འོག་མིན་མཁའ་སྤྱོད་དུ་གཤེགས་པའམ། ལུས་དེ་ཉིད་ཀྱིས་འཁོར་བ་མ་སྟོངས་བར་གནས་པ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་བརྙེས་པ་སོགས་མཐར་ཐུག་གི་གྲུབ་མཐར་བསྙེགས་པས་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ནོན་པའམ་ཆོས་སྐུ་འཕོ་འགྱུར་མེད་པའི་ཀློང་དུ་གཤེགས་པ་ནི། རྒྱུད་ཉི་ཟླ་ཁ་སྦྱོར་ལས། མེ་དཔུང་དང་རིག་འཛིན་གྱི་འཆི་ལུགས། ནམ་མཁའ་དང་མཁའ་འགྲོའི་འཆི་ལུགས་ཞེས་གསུངས་པའི་འབྲས་རྟགས་ངོ་མཚར་བའི་ཚུལ་ལོག་སྲེད་ཅན་གྱི་སྤྱོད་ཡུལ་དུ་མ་གྱུར་པ་སྟེ། གྲུབ་མཐའ་ཤེལ་དཀར་མེ་ལོང་ལས། མདོ་སྒྱུ་སེམས་གསུམ་སོགས་ཆོས་ཀྱི་སྙིང་པོ་རྣམས་ནི་ཀ་དག་གདོད་མའི་ཀློང་དུ་ཐིམ་ནས་རིང་ཞིག་ལོན། ད་ལྟའི་རྙིང་མ་པ་རྣམས་ལས་བྱང་གྱེར་བ་དང་། ཚོགས་འཁོར་གྱི་ཡོ་ལང་དང་། མནན་སྲེག་འཕང་གསུམ་སོགས་ལས་སྦྱོར་གྱི་གཟུགས་བརྙན་ཙམ་ལ་སྙིང་པོར་བྱེད་པ་ཙམ་མོ། །ཞེས་པ་ནི་ལྷག་བསམ་གྱིས་སྨྲས་པ་ཡིན་ན་དེར་ཟད། གཞན་དུ་སྐུར་འདེབས་སུ་འགྲོ་བ་ཤས་ཆེ་སྟེ། ཕྱི་དུས་སུའང་འཇའ་ལུས་སུ་གཤེགས་པ་དང་། གདུང་དང་རིང་བསྲེལ་བྱོན་པའི་སྐྱེས་བུ་མང་དུ་བྱོན་སྣང་བ་ནི། ས་སྐྱའི་གཏེར་སྟོན་མཁྱེན་བརྩེའི་དབང་ཕྱུག་དང་ཁྲག་འཐུང་བདུད་འཇོམས་གླིང་པའི་རྣམ་ཐར་སོགས་ལས་ཤེས་པར་འགྱུར་རོ། །ཅི་སྟེ་འཇའ་ལུས་གྲུབ་པ་མི་བདེན་ཟེར་ན། རྗེ་བཙུན་ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས་འཕགས་ཡུལ་དུ་འཇའ་ལུས་གཤེགས་པ་མང་རབས་ཞིག་གསུངས་འདུག་པ་ཡང་རྫུན་ནམ། རིག་འཛིན་འཇིགས་མེད་གླིང་པའི་ཞལ་ནས། གྲོང་ཁྱེར་མ་ཡི་བདེ་བས་མཚོན་མིན་འཕུར་འགྲོའི་ཐེག་པ་མཆོག་གི་ཟིལ། །བཟོད་པར་མ་ནུས་བརྟན་གཡོའི་ཁམས་ཀྱང་རང་མཚན་འཛིན་པའི་མཐུ་སྨད་ནས། །སྣང་སྲིད་མ་ལུས་བདེ་ལྡན་ཞིང་དུ་འཇའ་དང་འོད་སྐུར་དྭངས་པའི་གཏམ། །སྔོན་རབས་རྣམས་ལ་ཡོངས་སུ་གྲགས་པ་ད་དུང་མཐོང་བའི་ཆོས་ལ་གནས། །ཞེས་གསུངས་པ་ལས་ཤེས་སོ། །གདུང་དང་རིང་བསྲེལ་སོགས་མེད་ཅེ་ན་རྒྱུད་ཀྱི་དགོངས་པ་ལྟར་ཇོ་བོ་ཨ་ཏི་ཤ་ལ་སོགས་པས་ཀྱང་ཚད་མར་མཛད་པ་དེ་ཅི་ཡིན། ཇི་སྐད་དུ། བསྐྱེད་རིམ་ཅན་ལ་ལྷ་སྐུ་བྱོན། །ཚུལ་ཁྲིམས་གཙང་ལ་མེ་ཏོག་འབབ། །བྱང་ཆུབ་སེམས་ལ་རིང་བསྲེལ་འཛག །སྐྱེ་མེད་དོན་མཚོན་ཡི་གེ་ཨ། །ཕྱིར་མི་ལྡོག་པ་དུང་འཁྱིལ་ཏེ། །འཁོར་བ་མི་སྤོང་སེམས་དཔའ་ལ། །ཐུགས་དང་ལྗགས་ནི་འབྱོན་པར་བཤད། །ཅེས་ཀྱང་གསུངས་སོ། །དེས་ན་རང་ཕྱོགས་ལ་ཞུས་དག་ལམ་ཙམ་མེད་པར་སྨྲ་བ་ལྷུར་ལེན་པ་ཆོས་ཀྱི་སྙིང་པོ་ཡིན་ནམ། མདོ་རྒྱུད་རྣམས་ནས་བསྟན་པའི་གནས་ཚད་བཤད་པ་ཡང་འགྲིབ་ཚུལ་ལས་ཡིན་གྱི་ཉམས་སྐྱོན་མི་འབྱུང་ན་གནས་ཚད་བསྟན་པ་ཡང་དོན་མེད་པར་ཤེས་པར་གྱིས་ཤིག །དེ་ལྟར་ཚིག་ལ་རྟོན་ཅིང་ཞེན་པ་དང་བློ་གྲོས་དང་སྐལ་པ་མི་ལྡན་པ་དག་གིས་ཇི་ཙམ་དཔྱད་ཀྱང་རང་རྒྱུད་ཆུད་གཟན་པ་དང་། ལོག་ལྟའི་སྟོབས་ཀྱིས་རྣམ་སྨིན་ཡ་ང་བ་དག་ལ་བསྐལ་པ་མང་པོར་སྤྱོད་དགོས་པར་གསུངས་ཤིང་། ཆོས་དང་གང་ཟག་གང་ལའང་མ་བརྟགས་པར་སྐུར་པ་འདེབས་པ་སྤོང་སྟེ། བརྒྱད་སྟོང་པར། རབ་འབྱོར་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བསགས་པ་དེ་ནི་ངན་འགྲོ་ངན་སོང་ལོག་པར་ལྟུང་བ་རྣམས་སུ་སྐྱེ་ཞིང་། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྡུག་བསྔལ་ལོ། །དེར་ཡང་མེས་སྡུད་པའི་བསྐལ་པ་བྱུང་བ་དེའི་ཚེ་འཇིག་རྟེན་གྱི་ཁམས་གཞན་གྱི་དམྱལ་བ་ཆེན་པོ་རྣམས་སུ་སྐྱེ་ཞིང་། ཞེས་སོགས་དཔག་ཏུ་མེད་པ་གསུངས་ཤིང་། ཏིང་འཛིན་རྒྱལ་པོའི་མདོ་ལས། གང་གིས་འཛམ་བུ་གླིང་གི་ནི། །མཆོད་རྟེན་ཐམས་ཅད་བཤིག་པ་བས། །གང་གིས་མདོ་སྡེ་སྤོང་བྱེད་པ། །སྡིག་པ་འདི་ནི་ཆེས་ཁྱད་འཕགས། །ཞེས་དང་། རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས། བསྐལ་པ་དག་ནི་དུ་མར་ཡང་། །ལུས་ནི་དཔག་ཚད་ལྔ་བརྒྱར་འགྱུར། །དེ་ལ་མགོ་ཡང་ལྔ་བརྒྱ་སྟེ། །མགོ་རྣམས་རེ་རེ་དག་ལ་ཡང་། །ལྔ་བརྒྱའི་ལྕེ་ལས་ཉུང་མི་འགྱུར། །ལྕེ་གཅིག་ལ་ཡང་ཐོང་བཤོལ་དག །ལྔ་བརྒྱར་ཚད་ནི་མི་ཉུང་བར། །རབ་ཏུ་འབར་བས་རྨོ་བྱེད་དེ། །སྐུར་འདེབས་སྡིག་པའི་ལས་ཀྱིས་སོ། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་ལྟར་གསང་སྔགས་བླ་མེད་ཀྱི་ཚུལ་རྣམས་རེ་ཞིག་སྣོད་དང་མི་ལྡན་པ་དག་ནི་མཁས་སུ་ཟིན་ཀྱང་ཇི་ལྟ་བ་བཞིན་རྟོགས་པར་མི་འགྱུར་ཞིང་སེམས་དང་འདུ་ཤེས་དང་ལྟ་བ་ཕྱིན་ཅི་ལོག་ཏུ་གནས་པ་ཁོ་ནའོ། །ཞར་ལ་འཕྲོས་པའོ། །ནང་རྒྱུད་ཡོ་ག་གསུམ་གྱི་ཁྱད་པར་ལ། ཟུར་ཆུང་པས། རིག་པའི་ཆོ་འཕྲུལ་དུ་སྣང་བ་མ་ཧཱ། རིག་པའི་རྩལ་དུ་སྣང་བ་ཨ་ནུ། རང་རིག་པར་སྣང་བ་ཨ་ཏི་སྟེ། ཞེས་འདོད་པ་ལྟར་དགའ་རབ་རྡོ་རྗེས། ཆོ་འཕྲུལ་རྩལ་དང་རང་སྣང་བའོ། །ཞེས་ཀྱང་གསུངས་སོ། །དེའི་དོན་ནི། ཆོས་ཐམས་ཅད་སེམས་ཉིད་སྣང་སྟོང་དབྱེར་མེད་ཀྱི་ཆོ་འཕྲུལ་དུ་རྟོགས་པ་མ་ཧཱ་ཡོ་ག །ཆོས་ཐམས་ཅད་དབྱིངས་ཡེ་གཉིས་སུ་མེད་པའི་རྩལ་དུ་རྟོགས་པ་ཨ་ནུ། ཆོས་ཐམས་ཅད་སེམས་ཉིད་ཡེ་ནས་སྐྱེ་འགག་མེད་པ་རང་བྱུང་གི་ཡེ་ཤེས་སུ་རང་སྣང་བར་རྟོགས་པ་ཨ་ཏི་སྟེ་ལྟ་བའི་སྒོ་ནས་ཁྱད་ཕྱེ་བར་གསུངས་སོ། །ཡང་སྐྱོ་གོང་བུ་པའི་ཞལ་ནས། ཆེད་འཛིན་ཆེ་ཆུང་ཡིན་ཏེ། སྤྱོད་པ་གཙོ་ཆེ་བ་མ་ཧཱ། ཏིང་ངེ་འཛིན་གཙོ་ཆེ་བ་ཨ་ནུ། ལྟ་བ་གཙོ་ཆེ་བ་ཨ་ཏིའོ་གསུང་། ཡང་ལྷ་རྗེ་རོག་ནི། ཏིང་ངེ་འཛིན་གསུམ་གྱིས་ལྷ་རིམ་པར་བསྐྱེད་པའི་ཕྱིར་བསྐྱེད་པ་མ་ཧཱ། དེ་ལ་མི་བརྟེན་པར་ལྷ་རྫོགས་ཚུལ་དུ་བསྐྱེད་པ་རྫོགས་པ་ཨ་ནུ། བསྐྱེད་རྫོགས་གཉིས་ལས་གྲོལ་བས་བསྐྱེད་དུ་མེད་པ་ནི་རྫོགས་པ་ཆེན་པོ་ཨ་ཏིའམ། ཡང་ན་རྒྱུད་ཀྱི་དངོས་པོ་བཅུ་ལ་ཆེད་འཛིན་ཆེ་བ་མ་ཧཱ། དེ་བས་ཆུང་བ་ཨ་ནུ། ཆེད་འཛིན་ལས་གྲོལ་བ་ཨ་ཏིའོ་གསུངས། མེ་ཉག་འབྱུང་གྲགས་ཀྱི་ཞལ་ནས། ཡོད་བསྐྱེད་རྫོགས་གསུམ་ཀ་ཡོད་ཀྱང་། བསྐྱེད་རིམ་གཙོ་བོར་སྟོན་པ་མ་ཧཱ། རྫོགས་རིམ་གཙོ་བོར་སྟོན་པ་ཨ་ནུ། དེ་གཉིས་ཀྱི་རྩོལ་བ་དང་བྲལ་བ་རྫོགས་པ་ཆེན་པོའོ་གསུངས། ཀུན་མཁྱེན་ཆེན་པོ་ནི། གདུལ་བྱ་ཞེ་སྡང་ཤས་ཆེ་ཞིང་རྟོག་པ་མང་བའི་དོན་དུ་སྣང་བ་ཐབས་ཀྱི་རང་བཞིན་ཕ་རྒྱུད་མ་ཧཱ། འདོད་ཆགས་ཤས་ཆེ་ཞིང་སེམས་གནས་པ་ལ་དགའ་བའི་དོན་དུ་སྟོང་པ་དེ་ཁོ་ན་ཉིད་ཀྱི་རྫོགས་རིམ་ཤེས་རབ་མ་རྒྱུད་ཨ་ནུ། གཏི་མུག་ཤས་ཆེ་ཞིང་བྱ་རྩོལ་ལྷོད་པ་ཅན་གྱི་དོན་དུ་གཉིས་སུ་མེད་པའི་རང་བཞིན་ཨ་ཏི་ཡོ་ག་བསྟན་ཏེ། བཀོད་པ་ཆེན་པོ་ལས། སེམས་ཡས་པ་ལ་བསྐྱེད་པ་སྟེ། །སེམས་བཅུད་ཅན་ལ་རྫོགས་པ་འོ། །མཆོག་གསང་རབ་ལ་རྫོགས་པ་ཆེ། །ཞེས་གསུངས་པའི་ཕྱིར་གསུངས་ཤིང་། སེམས་ཉིད་ངལ་གསོ་ལས་ཀྱང་། མ་ཧཱས་རླུང་དང་བསྐྱེད་རིམ་ཐབས་གཙོ་ལ། །ཨ་ནུས་ཁམས་དང་རྫོགས་རིམ་ཤེས་རབ་གཙོ། །ཨ་ཏིས་ཐམས་ཅད་གཉིས་མེད་ཡེ་ཤེས་གཙོ། །ཞེས་སོ། ༈ །གཉིས་པ་སོ་སོར་བཤད་པ་ནི། ཇི་སྐད་དུ། དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་སྣང་བ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་པ་ལྟར་ཐེག་པའི་དབྱེ་གཞི་གསུམ་ལས། འདིར་དབང་བསྒྱུར་ཐབས་ཀྱི་ཐེག་པ་ནི་ཉོན་མོངས་མི་སྤོང་བར་ཐབས་ཀྱིས་ལམ་དུ་བྱེད་པ་ཡིན་ནོ། །དེ་ལ་དབྱེ་ན་བསྐྱེད་རྫོགས་རྫོགས་ཆེན་གསུམ་མམ་མདོ་སྒྱུ་སེམས་གསུམ་ལས། དང་པོ་སྐུའི་རྒྱུད་བསྐྱེད་པ་མ་ཧཱ་ཡོ་ག་ནི་ཏནྟྲ་ཆེན་པོ་བཅོ་བརྒྱད་ཀྱི་དགོངས་པ་བཞིན་གཉིས་མེད་ཀྱི་དོན་ལ་བློ་འབྱོར་བའི་ཕྱིར་རྣལ་འབྱོར་ཆེན་པོ་ཞེས་བྱའོ། །དེ་ཡང་གསང་བ་སྒྱུ་འཕྲུལ་བའི་ལུགས་ལ། གང་རྟོགས་པར་བྱ་བ་གཞིའམ་རྒྱུའི་རྒྱུད། གང་གིས་རྟོགས་ཤིང་བགྲོད་པ་ཐབས་སམ་ལམ་གྱི་རྒྱུད། གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་དང་གསུམ་གྱིས་ཆིངས་སུ་བཅིངས་ཏེ། གནས་ལུགས་ངོ་བོ་ཉིད་ཀྱི་གཞི་ལ་འཁྲུལ་པ་བཏགས་པའི་གཞི་ཡི་སྣང་ཚུལ་རྣམས་མ་གྲུབ་པར་ཚད་མ་བཀའ་གཞུང་གི་གཏན་ཚིགས། སྒྲ་མཐུན་དོན་སྤགས་ཀྱི་གཏན་ཚིགས། ཚིག་དོན་མི་མཐུན་པའི་གཏན་ཚིགས་རྣམས་སམ་ཀུན་ཁྱབ་ཚད་མ་གསུམ་གྱིས་གཏན་ལ་ཕབ་སྟེ་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ངེས་པ་སྔོན་དུ་འགྲོ་བས། ལམ་རྒྱུད་ཀྱི་ཐབས་སམ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ཐབས་གྲོལ་གྱི་ལམ་རྣམས་བསྒོམ་ཞིང་རྒྱུད་ཀྱི་དངོས་པོ་བཅུ་ལ་སློབ་པར་བྱེད། འབྲས་རྒྱུད་ལ་གནས་སྐབས་ལམ་འགྱུར་གྱི་འབྲས་བུ་རིག་འཛིན་བཞི་དང་མཐར་ཐུག་ཀུན་ཏུ་འོད་དང་མ་ཆགས་པདྨ་ཅན་དང་འཁོར་ལོ་ཚོགས་ཆེན་གྱི་ས་ཐོབ་པ་སྟེ་གཞི་ལམ་འབྲས་བུའི་རྒྱུད་དོན་མཐའ་དག་འདི་ཡི་ནང་དུ་འདུས་སོ། །ཇི་སྐད་དུ། ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་སོགས་གསུངས་པ་བཞིན་ནོ། །དེ་དག་སྟོན་པའི་སྡེ་སྣོད་ལ། རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས། དང་པོ་ལ། རྩ་བའི་རྒྱུད་དང་། བཤད་པའི་རྒྱུད་གཉིས་ལས། དང་པོ་ནི། སློབ་དཔོན་ཀུ་ཀུ་རཱ་ཛའི་དགོངས་པ་ལྟར་ཏནྟྲ་ཆེན་པོ་བཅོ་བརྒྱད་ཅེས་གྲགས་པ་རྣམས་ཏེ། དེ་ཡི་ངོས་འཛིན་ལ་ཟུར་ལུགས་པ་རྣམས་ནི། སྐུ་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་རྒྱུད་ཟླ་གསང་ཐིག་ལེ། ཐུགས་རྒྱུད་གསང་བ་འདུས་པ། ཡོན་ཏན་གྱི་རྒྱུད་དཔལ་མཆོག་དང་པོ། ཕྲིན་ལས་ཀྱི་རྒྱུད་ཀརྨ་མཱ་ལེ་དང་ལྔ་ནི་རྩ་བའི་རྒྱུད་སྡེའོ། །ཧེ་རུ་ཀཿརོལ་པའི་རྒྱུད། རྟ་མཆོག་རོལ་པའི་རྒྱུད། སྙིང་རྗེ་རོལ་པའི་རྒྱུད། བདུད་རྩི་རོལ་པའི་རྒྱུད། ཕུར་པ་བཅུ་གཉིས་པ་འབྱུང་བའི་རྒྱུད་རྣམས་ནི་སྒྲུབ་པ་ལག་ལེན་དུ་སྟོན་པ་རོལ་པའི་རྒྱུད་སྡེ་ལྔའོ། །རི་བོ་བརྩེགས་པ། ཡེ་ཤེས་རྔམ་གློག །དམ་ཚིག་བཀོད་པ། ཏིང་འཛིན་རྩེ་གཅིག །གླང་ཆེན་རབ་འབོག་གི་རྒྱུད་རྣམས་ནི་སྤྱོད་པ་ལག་ལེན་དུ་སྟོན་པའི་རྒྱུད་སྡེ་ལྔའོ། །རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་དང་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་བའི་རྒྱུད་གཉིས་ནི་མ་ཚང་བ་ཁ་སྐོང་བ་ཕྱི་མའི་རྒྱུད་དོ། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ནི་ཐམས་ཅད་ཀྱི་བསྡུས་དོན་དུ་གྱུར་པའོ། །ཡང་ན་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་བཞེད་པར། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལ་གསུམ་རེར་ཕྱེས་པའི་བཅོ་ལྔ་དང་། སྐུ་གསུང་ཐུགས་ཀྱི་སྤྱི་རྒྱུད་གསུམ་སྟེེ་བཅོ་བརྒྱད་དུ་འཇོག་གོ །དེ་ལ་དང་པོ་བཅོ་ལྔ་ནི། སྐུའི་སྐུ་རྒྱུད་གླང་པོ་རབ་འབོག །སྐུའི་གསུང་རྒྱུད་གླང་པོ་ཆུར་འཇུག །སྐུའི་ཐུགས་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་གི་སྐུ་རྒྱུད་རི་བོ་བརྩེགས་པ། གསུང་གི་གསུང་རྒྱུད་པདྨ་དབང་ཆེན། གསུང་གི་ཐུགས་རྒྱུད་ཟླ་གསང་ཐིག་ལེ། ཐུགས་ཀྱི་སྐུ་རྒྱུད་རྩེ་མོ་འདུས་པ། ཐུགས་ཀྱི་གསུང་རྒྱུད་གཅིག་ལས་འཕྲོས་པ། ཐུགས་ཀྱི་ཐུགས་རྒྱུད་གསང་བ་འདུས་པ། ཡོན་ཏན་གྱི་སྐུ་རྒྱུད་སྒྲོན་མེ་འབར་བ། ཡོན་ཏན་གྱི་གསུང་རྒྱུད་བདུད་རྩི་ས་མ་ཡ་འབུམ་སྡེ། ཡོན་ཏན་གྱི་ཐུགས་རྒྱུད་དཔལ་མཆོག་དང་པོ། ཕྲིན་ལས་ཀྱི་སྐུ་རྒྱུད་དཔལ་ཕྲེང་དཀར་པོ། ཕྲིན་ལས་ཀྱི་གསུང་རྒྱུད་མ་མོ་རྒྱུད་ལུང་། ཕྲིན་ལས་ཀྱི་ཐུགས་རྒྱུད་ཕུར་པ་བི་ཏོ་ཏ་མ་ལ་འབུམ་སྡེའོ། །གཉིས་པ་སྤྱི་རྒྱུད་གསུམ་ནི། སྤྱིའི་སྐུ་རྒྱུད་ཐབས་ཀྱི་ཞགས་པ། སྤྱིའི་གསུང་རྒྱུད་ས་མ་ཡ་བཀོད་པ། སྤྱིའི་ཐུགས་རྒྱུད་གསང་བ་སྒྱུ་འཕྲུལ་དང་བཅོ་བརྒྱད་དུ་བཞེད་དོ། ༧ །གཉིས་པ་བཤད་པའི་རྒྱུད་ལ། ཟུར་ལུགས་པ་ཕལ་ཆེར། སྒྱུ་འཕྲུལ་སྡེ་བརྒྱད་དང་། བཤད་རྒྱུད་སྡེ་བཞིར་དབྱེ་བར་མཛད་དེ། དེ་ལ་སྡེ་བརྒྱད་ནི། སེམས་དང་ཡེ་ཤེས་རང་སྣང་དུ་སྟོན་པ་རྩ་བའི་རྒྱུད་གསང་བ་སྙིང་པོ། རོལ་པ་མངོན་པར་བརྗོད་པ་ལྷ་མོ་སྒྱུ་འཕྲུལ་དྲྭ་བ། དཀྱིལ་འཁོར་རྫོགས་པར་སྟོན་པ་སྒྱུ་འཕྲུལ་བརྒྱད་པ། ཕྲིན་ལས་རྫོགས་པར་སྟོན་པ་བཞི་བཅུ་པ། དབང་གཙོ་བོར་སྟོན་པ་བླ་མ། ཡོན་ཏན་མཐར་ཕྱིན་པར་སྟོན་པ་བརྒྱད་ཅུ་པ། སྡེ་སྣོད་ཡོངས་ལ་ཁྱབ་པར་སྟོན་པ་འཇམ་དཔལ་སྒྱུ་དྲྭ། དམ་ཚིག་མཆོག་ཏུ་སྟོན་པ་ལེ་ལག་དང་བརྒྱད་དོ། །བཤད་རྒྱུད་སྡེ་བཞི་ནི། གྲོལ་ལམ་རིམ་ཅིག་ཅར་དུ་སྟོན་པ་ཡེ་ཤེས་སྙིང་པོ་དང་། རྡོ་རྗེ་མེ་ལོང་། ཐབས་ལམ་རིམ་ཅིག་ཅར་དུ་སྟོན་པ་རྒྱ་མཚོ་དང་། ཐལ་རྒྱུད་དོ། །ཀུན་མཁྱེན་ཆེན་པོ་ནི། སྒྱུ་འཕྲུལ་སྡེ་བཞིར་བཞེད་དེ། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སྣང་དབྱེར་མེད་དུ་སྟོན་པ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ། ལས་ཚོགས་རྒྱས་པར་སྟོན་པ་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བ། རོལ་པ་མངོན་དུ་སྟོན་པ་ལྷ་མོ་སྒྱུ་འཕྲུལ་དྲྭ་བ། ཐེག་པ་ཀུན་ལ་ཁྱབ་པར་སྟོན་པ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའོ། །རྡོར་སེམས་སྒྱུ་དྲྭ་ལའང་ནང་གསེས་ཀྱིས་དབྱེ་ན། རྩ་རྒྱུད་གསང་བ་སྙིང་པོ་དང་། བཤད་རྒྱུད་སྡེ་བརྒྱད་དུ་བཞེད་དེ། སེམས་དང་ཡེ་ཤེས་རང་སྣང་བར་སྟོན་པ་དཔལ་གསང་བའི་སྙིང་པོ་དང་། ཕྲིན་ལས་རྫོགས་པར་སྟོན་པ་བཞི་བཅུ་པ་དང་། དཀྱིལ་འཁོར་རྫོགས་པར་སྟོན་པ་བརྒྱད་པ་དང་། དབང་བསྐུར་བ་གསལ་བར་སྟོན་པ་བླ་མ་དང་། དམ་ཚིག་མཆོག་ཏུ་སྟོན་པ་ལེ་ལག་དང་། ཡོན་ཏན་རྒྱས་པར་སྟོན་པ་བརྒྱད་ཅུ་པ་དང་། ལྷའི་སྐུ་མདོག་དང་ཕྱག་མཚན་གསལ་བར་སྟོན་པ་རྡོ་རྗེ་མེ་ལོང་དང་། བསྐྱེད་རིམ་གསལ་བར་སྟོན་པ་རྒྱ་མཚོ་དང་། ཐབས་ལམ་གསལ་བར་སྟོན་པ་ཐལ་བ་དང་བརྒྱད་དོ། །གཞན་ཡང་རྡོ་རྗེ་གསང་བའི་སྙིང་པོ་དང་། སྒྱུ་འཕྲུལ་སྙིང་པོ་བཀོད་པ། ཁྲོ་བོ་སྟོབས་ཀྱི་རྒྱུད་སོགས་ཕྲན་ཚེགས་མང་དུ་བཞུགས་ཤིང་། སྤྱིར་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལ་རྒྱ་གར་ན་ལེའུ་འབུམ་ཕྲག་གཅིག་བཞུགས་པར་གྲགས་སོ། ༧ །གཉིས་པ་སྒྲུབ་སྡེ་ལ། བཀའ་གཏེར་གཉིས་ལས། དང་པོ་བཀའ་མ་རྣམས་ནི་རིམ་པ་བཞིན་སློབ་དཔོན་ཧཱུྃ་ཀ་ར་ལ་ཐུགས་མི་བསྐྱོད་པའི་རིགས་ཧེ་རུ་ཀཿགལ་པོ་སོགས་ཡང་དག་ཐུགས་ཀྱི་བཀའ་བབས། སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་སྐུ་རྣམ་སྣང་གི་རིགས་འཇམ་དཔལ་ཁྲོས་པ་གསང་རྒྱུད་སོགས་གཤིན་རྗེ་གཤེད་ཀྱི་བཀའ་རྣམས་དང་། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ལ་གསུང་སྣང་མཐའི་རིགས་རྟ་མཆོག་རོལ་པ་སོགས་པདྨ་གསུང་གི་ཏནྟྲ་རྣམས་དང་། སློབ་དཔོན་བི་མ་ལ་མི་ཏྲ་ལ་ཡོན་ཏན་རིན་འབྱུང་གི་རིགས་བདུད་རྩི་བམ་བརྒྱད་སོགས་རྡོ་རྗེ་བདུད་རྩིའི་བཀའ་རྣམས་དང་། སློབ་དཔོན་པྲ་བྷ་ཧསྟི་ལ་དོན་གྲུབ་ཀྱི་རིགས་ཕྲིན་ལས་ཕུར་པའི་རྒྱུད་རྣམས་ཀྱི་བཀའ་བབས་པ་ཡིན་ནོ། །བཀའ་བརྒྱད་བཀའ་མའི་ཆོས་སྐོར་རྣམས་ནི། རྒྱ་བོད་མཁས་པ་མི་བཞིས་དགོངས་ཉམས་གཅིག་ཏུ་དྲིལ་བ་བཀའ་བརྒྱད་རྫོང་འཕྲང་དུ་གྲགས་པ་སྟེ། དེའི་དཀར་ཆག་སྨིན་གླིང་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོས་མཛད་པ་ལས་ཤེས་པར་འགྱུར་རོ། ༧ །གཉིས་པ་གཏེར་མའི་ཕྱོགས་ནི་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་ཀྱིས་མཁའ་འགྲོ་མ་ལས་ཀྱི་དབང་མོ་ལ་གཏད། མཁའ་འགྲོ་མས་སྒྲུབ་པ་བཀའ་བརྒྱད་ཀྱི་རྒྱུད་སྡེ་རྣམས་རིན་པོ་ཆེའི་སྒྲོམ་བུར་བཅུག་སྟེ་དུར་ཁྲོད་བསིལ་བའི་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པར་རྒྱས་བཏབ་སྟེ་སྦས་པ་ལས། ཕྱིས་དུས་ལ་བབས་པ་ན་སྒྲོམ་བུ་རྣམས་སོ་སོར་བླངས་ཏེ། ཆེ་མཆོག་བསེ་སྒྲོམ་བི་མ་ལ། ཡང་དག་དངུལ་སྒྲོམ་ཧཱུྃ་ཀ་ར། གཤིན་རྗེའི་ལྕགས་སྒྲོམ་འཇམ་དཔལ་བཤེས་གཉེན། རྟ་མགྲིན་ཟངས་སྒྲོམ་ནཱ་གརྫུ་ན། ཕུར་པའི་གཡུ་སྒྲོམ་པདྨ་འབྱུང་གནས། མ་མོའི་བསེ་སྒྲོམ་དྷ་ན་སཾསྐྲིཏ། མཆོད་བསྟོད་མཆོང་སྒྲོམ་རམ་བུ་གུཧྱ། དྲག་སྔགས་གཟི་སྒྲོམ་ཞི་བའི་སྙིང་པོ་རྣམས་ལ་གཏད་ཅིང་དངོས་གྲུབ་བརྙེས། བདེ་གཤེགས་འདུས་པ་ཚོམ་བུ་གཅིག་ཏུ་འདུས་པའི་རྒྱུད་དང་མན་ངག་གི་བཀའ་རྣམས་ཕྱིས་སུ་སློབ་དཔོན་པདྨ་ལ་བབས་ཤིང་རིམ་པར་བོད་ཀྱི་རྗེ་འབངས་རྣམས་ལ་བརྒྱུད་པའོ། །དེ་ཡང་འཇམ་དཔལ་སྐུའི་རྒྱུད་ལ། དཔལ་ཟླ་གསང་ནག་པོ། མེ་ལྕེ་ཕྲེང་བ། པྲ་ཁོག་སྣང་། ཁྲོ་བོ་རྣམ་པར་རྒྱལ་བ། ཚེ་བདག་ནག་པོ། སྟོབས་ཆེན་གསང་བ། གཤིན་རྗེ་ཁ་ཐུན། ཆུ་ཐིགས་སྔོན་མོ། འཆར་ཀ་ནག་པོ། འཇམ་དཔལ་གསང་བའི་རྒྱུད་ལ་སོགས་པའོ། །པདྨ་གསུང་གི་རྒྱུད་ལ། དབང་ཆེན་འདུས་པ། རྟ་མཆོག་རོལ་པ། པདྨ་དབང་ཆེན་དྲེགས་པ་སྲུང་ཟློག །པདྨ་དབང་ཆེན་དྲེགས་པ་ཅན་གཟན་ལ་འབེབ་པ། པདྨ་དབང་ཆེན་དྲེགས་པ་ཚར་གཅོད། རྔོག་མ་ལེ་བརྒན། རྟ་མགྲིན་ནཱ་ག་ཀླུ་འདུལ། ཡང་གསང་ཁྲོས་པའི་རྒྱུད་ལ་སོགས་པ་དག་གོ །ཡང་དག་ཐུགས་ཀྱི་རྒྱུད་ལ། ཧེ་རུ་ཀཿགལ་པོ་ཆེ་ཆུང་། འཇིག་རྟེན་ལས་འདས་པའི་མདོ། ཁྲོ་བོ་པུཎྜ་རི་ཀ །དུར་ཁྲོད་མངོན་པར་འབྱུང་བ། ཧེ་རུ་ཀཿའདུས་པའི་རྒྱུད་ལ་སོགས་པ་རྣམས་སོ། །བདུད་རྩི་ཡོན་ཏན་གྱི་རྒྱུད་ལ། བདུད་རྩི་རོལ་པ་ལུང་བམ་པོ་བརྒྱད་པ། ཡེ་ཤེས་གསང་བ་འཁོར་ལོའི་རྒྱུད། འཁོར་ལོ་འབར་བ། རིན་པོ་ཆེ་ཕྲེང་བ། བདུད་རྩི་ལས་རྒྱ་མཚོ། བདུད་རྩི་བདེ་བ་ཆེན་པོ། ཆོས་ཉིད་གསང་བ། བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་ལ་སོགས་པའོ། །ཕྲིན་ལས་ཕུར་པའི་རྒྱུད་ལ། བིཏྟོ་མ་ལ་འབུམ་སྡེ། ཀཱི་ལ་ཡ་བཅུ་གཉིས་པ། རྣལ་འབྱོར་བླ་མེད་གསང་ཆེན་དམ་པ། སྐུའི་རྒྱུད་ཡེ་ཤེས་འཁོར་ལོ། གསུང་རྒྱུད་པདྨ་གསང་བ། ཐུགས་རྒྱུད་རྡོ་རྗེ་འབར་བ། ཡོན་ཏན་གྱི་རྒྱུད་རིན་པོ་ཆེའི་གཙུག་ལག །ཕྲིན་ལས་ཀྱི་རྒྱུད་ཀརྨ་མཱ་ལེ། གབ་པ་འཁོར་ལོ་ནག་པོ། ཀལྤ་དུམ་བུའི་རྒྱུད། འཇིག་རྟེན་སྣང་བྱེད། ཤྭ་ན་དཀར་ནག་གི་རྒྱུད་ལ་སོགས་པ་དག་གོ །མ་མོ་རྦོད་གཏོང་གི་རྒྱུད་ལ། མ་མོ་གསང་བ་གཏན་ཚིགས། མ་མོ་སྲིད་པ་བེམ། མ་མོ་སྲིད་པའི་རྒྱུད་ལུང་། མ་མོ་འབུམ་ཏིཀ །སྦས་པ་ནག་མོའི་རྒྱུད། མེ་ལྕེ་འབར་བ། བསྟན་མ་ལས་རྒྱ་མཚོ། རྡོ་རྗེ་ནག་མོ་དབང་ཕྱུག་མ། གསང་བ་འཁོར་ལོའི་རྒྱུད་ལ་སོགས་པ་རྣམས་སོ། །བསྟན་སྲུང་མཆོད་བསྟོད་ཀྱི་རྒྱུད་ལ། སྐུའི་རྒྱུད་དྲེགས་པ་འདུས་པ། གསུང་རྒྱུད་དྲག་སྔགས་ནག་པོ། ཐུགས་རྒྱུད་སྲོག་ཐིག་ནག་པོ། གཞན་ཡང་མེ་ལྕེ་ཕྲེང་བ། མཚོན་ཆ་འཁོར་ལོ་ལ་སོགས་པའོ། །དམོད་པ་དྲག་སྔགས་ཀྱི་རྒྱུད་ལ། སྐུའི་རྒྱུད་དྲག་སྔགས་ཤེལ་ཕྲེང་དཀར་པོ། གསུང་རྒྱུད་དྲག་སྔགས་འདུས་པ། ཐུགས་རྒྱུད་ཙིཏྟ་དམར་འབྱིན། བྱ་རོག་གདོང་ཅན། སྙིང་གཟེར་ནག་པོ། ལྷ་འདྲེ་སྟོང་གི་དྲྭ་བའི་རྒྱུད་ལ་སོགས་པ་དག་གོ །གཞན་ཡང་གསང་བ་འདུས་པ། གཤིན་རྗེ་གཤེད། ཟླ་གསང་ཐིག་ལེ། བདེ་མཆོག་སྡོམ་འབྱུང་། དུས་ཀྱི་འཁོར་ལོ་ལ་སོགས་པའང་སྒྲུབ་སྡེ་དེ་དག་གི་ནང་དུ་འདུ་བར་ཀུན་མཁྱེན་ཀློང་ཆེན་པ་གསུང་ངོ་། །བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར་ལ་རྒྱུད་ལུང་མན་ངག་གི་ཆོས་སྡེ་བརྒྱ་དང་སུམ་ཅུར་གྲགས་པ་ལས། དང་པོ་རྒྱུད་ལ་བདེ་གཤེགས་འདུས་པ་རྩ་བའི་རྒྱུད། ཕྱི་མ་ངེས་པར་འབྱུང་བའི་རྒྱུད། ཕྱི་མའི་ཕྱི་མ་སྔགས་ཀྱི་རྒྱུད། མ་ཚང་བ་ཁ་སྐོང་བའི་རྒྱུད། འབྱེད་པར་བྱེད་པ་ལྡེའུ་མིག་གི་རྒྱུད་དང་ལྔ་ནི་སྤྱི་རྒྱུད་དོ། །སྒོས་རྒྱུད་བཅུ་ནི། ཞི་བ་འདུས་པ་རྩ་བའི་རྒྱུད། ཆེ་མཆོག་འདུས་པ་རྩ་བའི་རྒྱུད། ཁྲག་འཐུང་འདུས་པ་རྩ་བའི་རྒྱུད། གཤིན་རྗེ་འདུས་པ་རྩ་བའི་རྒྱུད། དབང་ཆེན་འདུས་པ་རྩ་བའི་རྒྱུད། ཕྲིན་ལས་འདུས་པ་རྩ་བའི་རྒྱུད། མ་མོ་འདུས་པ་རྩ་བའི་རྒྱུད། མཆོད་བསྟོད་སྒྲུབ་པ་རྩ་བའི་རྒྱུད། དྲག་སྔགས་འདུས་པ་རྩ་བའི་རྒྱུད། རིག་འཛིན་འདུས་པ་རྩ་བའི་རྒྱུད་དང་བཅུའོ། །བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པའི་ལུང་ཆེན་ལྔ་ནི། ཐུགས་རྗེ་དཔྱང་ཐག་གནས་ཀྱི་ལུང་། མཛད་པ་ཆོ་འཕྲུལ་ལྷ་ཡི་ལུང་། ཕྲིན་ལས་མཐར་ཕྱིན་སྒྲུབ་པའི་ལུང་། གསང་སྔགས་ངེས་པ་དོན་གྱི་ལུང་། གསལ་བར་བྱེད་པ་སྒྲོན་མེའི་ལུང་དང་ལྔའོ། །དེ་ལྟར་རྒྱུད་ལུང་གི་ཆོས་སྡེ་ཉི་ཤུ་དང་། མན་ངག་གི་བསྟན་བཅོས་ལ། པད་འབྱུང་བི་མ་བཻ་རོ་ནམ་སྙིང་སྟེ་མཁས་པ་མི་བཞིས་དགོངས་ཉམས་གཅིག་པས་གཏན་ལ་ཕབ་པ་བདེ་གཤེགས་འདུས་པའི་འཆད་ཐབས་ལ། གསང་སྔགས་ལུང་གི་བང་མཛོད། གསང་སྔགས་བཀའ་ཡི་ཐ་རམ། གསང་སྔགས་བཀའ་ཡི་ལྡེའུ་མིག །སྒྲུབ་པ་ལུང་གི་བཀའ་མགོ །གསང་སྔགས་ལུང་གི་བཀའ་མགོ་རྣམས་ཀྱི་དགོངས་པ་ལྟར། ཕྱི་བཤད་ཐབས་གསལ་བྱེད་ཀྱི་མན་ངག་ཉི་ཤུ། ནང་སྒྲུབ་ཐབས་གསལ་བྱེད་ཀྱི་མན་ངག་ཏུ་ཞི་བ་ལ་ཆོས་ཚན་སུམ་ཅུ་དང་། ཁྲོ་བོ་ལ་རྩ་བ་དང་ཡན་ལག་གི་ཆོས་ཚན་སུམ་ཅུ་རྩ་ལྔ་སྟེ་དྲུག་ཅུ་རྩ་ལྔ་དང་། གསང་བ་ཉམས་ལེན་གསལ་བྱེད་ཀྱི་མན་ངག་ཉེར་ལྔ་བཅས་ཆོས་ཚན་བརྒྱ་དང་སུམ་ཅུར་བཞུགས་པ་སྟེ་རྒྱས་པར་བཀའ་བརྒྱད་རྣམ་བཤད་དང་སྟོང་ཐུན་སོགས་ལས་གསལ་བར་འགྱུར་རོ། །དེ་ཡང་འཇམ་དཔལ་སྐུའི་རྒྱུད་རྣམས་འཁོར་ལོ་བཞི་དང་། པདྨ་གསུང་གི་རྒྱུད་རྟ་སྐད་ཐེངས་གསུམ། ཡང་དག་ཐུགས་ཀྱི་རྒྱུད་རུ་ལུ་འབྲུ་བརྒྱད། ཆེ་མཆོག་ཡོན་ཏན་གྱི་རྒྱུད་བདུད་རྩི་རྣམ་དག །ཕུར་པ་ཕྲིན་ལས་ཀྱི་རྒྱུད་ཐལ་འབྱིན་རྣམ་བཞི། མ་མོ་རྦོད་གཏོང་གི་རྒྱུད་རྩ་རླུང་ཐིག་ལེ། འཇིག་རྟེན་མཆོད་བསྟོད་ཀྱི་རྒྱུད་མཆོད་སྒྲུབ་བསྟེན་གསུམ། དམོད་པ་དྲག་སྔགས་ཀྱི་རྒྱུད་རྫོང་འཕྲང་སྲོག་གསུམ་མམ་འབོད་རྦད་གསད་གསུམ་གྱི་དགོངས་པར་བསྡུ་ལ། བླ་མ་རིག་འཛིན་གྱི་ཚུལ་རྣམས་བསྙེན་སྒྲུབ་རྣམ་བཞིའི་དགོངས་པར་བསྡུས་སོ། །མདོར་ན་འཇིག་རྟེན་ལས་འདས་པ་ལྔ། འཇིག་རྟེན་པ་གཉིས། འདས་མ་འདས་ཀྱི་སོ་མཚམས་གཅིག་སྟེ་བརྒྱད་དོ། །ཐུགས་སྒྲུབ་དཔལ་ཆེན་འདུས་པའི་བསྙེན་ཡིག་ལས། སྐུ་དེ་བཞིན་གཤེགས་པའི་རིགས་འཇམ་དཔལ་གཤིན་རྗེ། །གསུང་པདྨའི་རིགས་རྟ་མགྲིན། །ཐུགས་རྡོ་རྗེའི་རིགས་ཡང་དག །ཡོན་ཏན་རིན་པོ་ཆེའི་རིགས་ཆེ་མཆོག་བདུད་རྩི། །འཕྲིན་ལས་ལས་ཀྱི་རིགས་ཕུར་པ། །དེ་ལས་འཕྲོས་པ་མ་མོ་རྦོད་གཏོང་དང་རིག་འཛིན་སློབ་དཔོན་གཉིས་དྲུག་པ་ཧེ་རུ་ཀའི་རིགས། མཆོད་བསྟོད་དང་དྲེགས་འདུལ་ཐུགས་རྡོ་རྗེའི་རིགས། དྲག་སྔགས་སྟོབས་ལྡན་ནག་པོ་ལས་རིགས་ཀྱི་དཀྱིལ་འཁོར་དུ་གཏོགས་པར་གསུངས་སོ། །དེ་ལྟ་བུའི་ཚུལ་རྣམས་ཞིབ་པར་ཤེས་པར་འདོད་པས་དཔལ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་སྤྱི་དོན་རྣམ་པར་བཤད་པ་དངོས་གྲུབ་སྙིང་པོ་དང་། རྒྱུད་འབུམ་རིན་པོ་ཆེའི་དཀར་ཆག་རྣམ་གཉིས། ཆོས་འབྱུང་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས། སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་གྱི་འགྲེལ་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་སོགས་ལས་ཤེས་པར་བྱའོ། །རྒྱུད་ཀྱི་དཀར་ཆག་ལས། མ་ཧཱ་ཡོ་ག་ལ་རྩ་རྒྱུད་དཔལ་གསང་བ་འདུས་པ་ནམ་མཁའ་དང་མཉམ་པའི་རྒྱུད། རི་རབ་ཟོམ་རྒྱ་མཚོ་དང་མཉམ་པའི་རྒྱུད། ཡེ་ཤེས་རྒྱས་པ་ས་གཞི་དང་མཉམ་པའི་རྒྱུད་སྡེ་གསུམ་དང་། མན་ངག་གི་རྒྱུད་ལ་གཟི་ལྡན་འབར་བ་མཚམས་ཀྱི་རྒྱུད། རྔོམ་བྱེད་མེ་ལྟར་འབར་བའི་རྒྱུད། ཟ་བྱེད་རོལ་པ་སྦྱིན་སྲེག་གི་རྒྱུད། སྟོབས་པོ་ཆེ་ཡོངས་གྲོལ་གྱི་རྒྱུད། ཟླ་གསང་ནག་པོའི་རྒྱུད། ཞི་བ་ལྷ་རྒྱུད་ལ་སོགས་པའོ་ཞེས་འབྱུང་ཡང་། སེམས་སྡེ་ཀུན་བྱེད་རྒྱལ་པོ་ལས། རྫོགས་ཆེན་འཁོར་བ་རྩད་གཅོད་ཀྱི་རྒྱུད་ལ་ནམ་མཁའ་དང་རྒྱ་མཚོ་དང་ས་གཞི་དང་ཉི་ཟླ་དང་རིན་པོ་ཆེ་དང་མཉམ་པའི་རྒྱུད་རྣམས་འབྱུང་བས་གཅིག་གམ་ཐ་དད་བརྟག །ཞི་བ་ལྷ་རྒྱུད་དང་ཆོས་ཉིད་ཞི་བའི་ལྷ་རྒྱུད། ཁྲོ་བོ་ལྷ་རྒྱུད་དང་ཁྲོ་བོ་ལྷ་རྒྱུད་ཀྱི་རྟོག་པ་ཆེན་པོ་རྣམས་ནི་ཨ་ནུ་ཡོ་གར་གཏོགས་པ་ཡིན་ནོ།། ༈ གཉིས་པ་གསུང་རྒྱུད་ཨ་ནུ་ཡོ་གའམ་འདུས་པ་མདོ་ནི་རྗེས་སུ་རྣལ་འབྱོར་ཞེས་བྱ་སྟེ། དོན་བསྡུས་ལས། ཀུན་བཟང་ཐུགས་རྗེས་འགྲོ་དོན་དུ། །ཐེག་པ་གསུམ་སྣང་འདུལ་མཛད་པའི། །དོན་དམ་ངེས་པའི་ཐེག་པ་ལས། །གསང་སྒོ་མཚོན་པའི་མདོ་རྒྱུད་དོན། །རྣམ་པ་གསུམ་དུ་ཤེས་བྱ་སྟེ། །བྱ་བ་རྒྱུ་དང་བྱེད་པ་རྐྱེན། །བྱ་བྲལ་འབྲས་བུའི་རྣལ་འབྱོར་དག །ཇི་སྙེད་ཆོས་ཀྱི་རྩ་བར་བཤད། །ཅེས་པ་ལྟར། གཞལ་བྱ་འཁོར་འདས་ཀྱི་ཆོས་རྣམས་འཇལ་བྱེད་མཐའ་དྲུག་ཚུལ་བཞི་ལ་བརྟེན་ནས། བྱ་བ་རྒྱུའི་རྣལ་འབྱོར་སྣང་སྲིད་ཐམས་ཅད་སྐྱེ་བ་མེད་པ་ཡུམ་ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་པར་དག་པ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་དང་། རྩལ་སྣང་འགགས་མེད་ཀུན་ཁྱབ་ཏུ་ཤར་བ་རང་བྱུང་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་དང་། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གཏན་ལ་ཕབ་ནས། བྱེད་པ་རྐྱེན་གྱི་རྣལ་འབྱོར་ཐབས་ཀྱི་ངེས་པའི་ལམ་རིམ་ཅིག་ཆར་གྱིས་ལྷན་སྐྱེས་ཡེ་ཤེས་འདྲེན་པ་དང་། ཤེས་རབ་རྣམ་པར་གྲོལ་བའི་ལམ་ནི། ཐོས་བསམ་རྟོག་དཔྱོད་ཀྱི་རྗེས་སུ་འཇུག་པས་གནས་ལུགས་ཀྱི་ལྟ་བ་ངེས་པ་སྔོན་དུ་བཏང་ནས། སྒོམ་ཐབས་ཡི་གེའི་རྗེས་སུ་འཇུག་པ་མཚན་བཅས་ལྷའི་རྣལ་འབྱོར་བསྐྱེད་སྔགས་བརྗོད་པ་ཙམ་གྱིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་མ་འདྲེས་ཡོངས་རྫོགས་བཀྲ་ལམ་གྱིས་གསལ་བའོ། །དོན་གྱི་རྗེས་སུ་འཇུག་པ་དེ་བཞིན་ཉིད་དམ་མཚན་མེད་ཀྱི་རྣལ་འབྱོར་རྣམ་པར་མི་རྟོག་པའི་རྫོགས་རིམ་ལ་གཞོལ་བ་སྟེ། དེ་ཉིད་ལས། ཐོས་བསམ་བསྒོམ་པའི་ཚུལ་འགྲོ་བའི། །དེ་ནི་འཇུག་པ་རྣམ་གསུམ་སྟེ། །རྟོག་དཔྱོད་དོན་དང་ཡི་གེ་ཉིད། །ཅེས་སོ། །བྱ་བྲལ་འབྲས་བུའི་རྣལ་འབྱོར་ནི། ཚོགས་ལམ་དུ་མོས་སྤྱོད་ཀྱི་ལྷ་སྐུ་ཤར་བ་འདུན་པ་སེམས་པའི་རྣལ་འབྱོར། སྦྱོར་ལམ་དུ་རླུང་སེམས་ཀྱི་ལྷ་སྐུ་འགྲུབ་པས་རིགས་ཆེན་འབྱེད་པའི་རྣལ་འབྱོར། མཐོང་ལམ་དུ་བདེ་སྟོང་འོད་གསལ་གྱི་ལྷ་སྐུ་འགྲུབ་པ་དབུགས་ཆེན་འབྱིན་པའི་རྣལ་འབྱོར། སྒོམ་ལམ་དུ་སློབ་པ་ཟུང་འཇུག་གི་ལྷ་སྐུ་རྒྱུན་མི་ཆད་པར་འགྲུབ་པ་ལུང་ཆེན་ཐོབ་པའི་རྣལ་འབྱོར་དང་། མཐར་ལམ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་གྱི་བར་ཆད་མེད་ལམ་ལ་འདོད་ཆགས་ཆེན་པོའི་དབང་བསྐུར་བརྙེས་པས་སྒོ་གསུམ་གྱི་བག་ཆགས་ཕྲ་བའང་གཏན་བཅོམ་སྟེ་མི་སློབ་ཟུང་འཇུག་གི་ལྷ་སྐུ་འབྲས་ཆོས་ཉེར་ལྔའི་ཡོན་ཏན་ལ་དབང་འབྱོར་ཞིང་རྟག་ཁྱབ་ལྷུན་གྲུབ་ཀྱི་ཕྲིན་ལས་ལ་འཇུག་པར་གསུངས་སོ། །རྒྱས་པར་གནུབས་ཀྱི་འདུས་འགྲེལ་མུན་པའི་གོ་ཆ་སོགས་ལས་ཤེས་པར་འགྱུར་རོ། །དེ་ལྟར་སྟོན་པའི་སྡེ་སྣོད་ནི། ཀུན་འདུས་རིག་པ་སོགས་རྩ་བའི་མདོ་བཞི། མཐའ་དྲུག་གསལ་བར་བྱེད་པའི་རྒྱུད་དྲུག །དཀོན་རྒྱུད་བཅུ་གཉིས། ལུང་གི་ཡི་གེ་བདུན་ཅུ་ལ་སོགས་པའོ། །རྩ་བའི་མདོ་བཞི་ནི། ཀུན་འདུས་རིག་པའི་མདོ། སེམས་ལུང་ཆེན་མོའི་མདོ། ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་མདོ། དུར་ཁྲོད་ཁུ་བྱུག་རོལ་པའི་མདོ་རྣམས་སོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ནི་བཀའ་ཐམས་ཅད་ཀྱི་དེམས་སུ་བཞག་གོ །མཐའ་དྲུག་གསལ་བར་བྱེད་པའི་རྒྱུད་དྲུག་ནི། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད། དབང་བསྐུར་རྒྱལ་པོའི་རྒྱུད། ཏིང་འཛིན་མཆོག་གི་རྒྱུད། སྐབས་སྦྱོར་བདུན་པའི་རྒྱུད། བརྩོན་པ་དོན་ལྡན་གྱི་རྒྱུད། དམ་ཚིག་བཀོད་པའི་རྒྱུད་རྣམས་སོ། །དཀོན་རྒྱུད་བཅུ་གཉིས་སུ་གྲགས་པ་ནི་ལས་ཁ་ཚར་གྱི་རྒྱུད་དེ། ཕྲིན་ལས་ཁ་སྐོང་ཆོས་ཉིད་གཏོར་མའི་རྒྱུད། སྤྱི་རྒྱུད་སྟོང་གིས་བརྒྱན་པའི་རྒྱུད། ཀརྨ་མཱ་ལེ། ཚོགས་རྒྱུད་ཆེ་ཆུང་། ནམ་མཁའ་མཛོད་ཀྱི་རྒྱུད། སྟོབས་པོ་ཆེ་ཡོངས་གྲོལ་གྱི་རྒྱུད། ཐིག་ལེ་ཀློང་ཡངས། གླང་པོ་རབ་འབོགས། སྦྱིན་སྲེག་གི་རྒྱུད་ཟ་བྱེད་རོལ་པ། གཏོར་རྒྱུད་ཆེ་ཆུང་། དཔལ་འབར་ཁྲོ་མོ། ཞིང་བཅུ་རོལ་པའི་རྒྱུད་རྣམས་སོ། །གཞན་ཡང་གདམས་པ་མན་ངག་གི་རྒྱུད་ལ། སྤྱི་རྒྱུད་ཧེ་རུ་ཀའི་ཏནྟྲ། སྒོས་རྒྱུད་ལ་ལྔ་སྟེ། སྐུ་རྒྱུད་བསྐལ་པ་མེ་ལྟར་འབར་བ། གསུང་རྒྱུད་དབང་ཆེན་འདུས་པ། ཐུགས་རྒྱུད་པུཎྜ་རི་ཀ །ཡོན་ཏན་གྱི་རྒྱུད་ལྷ་མོ་གསང་བ། ཕྲིན་ལས་ཀྱི་རྒྱུད་རིག་འཛིན་འདུས་པ་རྣམས་སོ། ཁྱད་པར་གྱི་རྒྱུད་ལ། སྐུ་རྒྱུད་ཟླ་གསང་ནག་པོ། གསུང་རྒྱུད་རྟ་མཆོག་རོལ་པ། ཐུགས་རྒྱུད་ཧེ་རུ་ཀཿགལ་པོ། ཡོན་ཏན་གྱི་རྒྱུད་བདུད་རྩི་རོལ་པ་ཆེ་ཆུང་། ཕྲིན་ལས་ཀྱི་རྒྱུད་ཕུར་པ་བྱིཏྟོ་མ་ལ་འབུམ་སྡེ། རྦོད་གཏོང་གི་རྒྱུད་མ་མོ་ཀུན་འདུས་རྣམས་སོ། །ཐང་ཡིག་ལས་མདོ་བདུན་དང་ལུང་བདུན་དུ་བཤད་དེ། སྔ་མ་ནི། རྩ་རྒྱུད་ཕྱག་རྒྱ་རོལ་པའི་མདོ། དབང་བསྐུར་རྒྱལ་པོའི་རྒྱུད། རིག་འཛིན་དྲུག་གི་མདོ། ཏིང་འཛིན་མཆོག་གི་མདོ། གསང་སྒོ་འགྲེལ་པའི་མདོ། ལྷ་མོ་གོ་ལ་མའི་མདོ། སྒྲོལ་མ་བརྩེགས་པའི་མདོ་རྣམས་ཏེ་གོང་གི་རྒྱུད་དྲུག་ཀྱང་ཕལ་ཆེར་འདི་དང་གཅིག་གམ་བརྟག་གོ །ཕྱི་མ་ལུང་བདུན་ནི། ཀུན་འདུས་རིག་པ་སོགས་བཞི་དང་། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ། གལ་པོ་ཆེ། འཇིག་རྟེན་ལས་འདས་པའི་མདོ་རྣམས་སོ། །ཀུན་མཁྱེན་ཡབ་སྲས་ཀྱི་དགོངས་པ་ལྟར་ན་མདོ་དྲུག་དང་རྩ་བའི་རྒྱུད་བཞིར་བཞེད་དེ། དང་པོ་དྲུག་ནི། ཀུན་འདུས་རིག་པ་སོགས་བཞི་དང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ། སེམས་དང་ཡེ་ཤེས་འབྱེད་པ་ཡི་གེ་རྣམ་དག་སྟེ་སྔགས་ཀྱི་མདོ་དྲུག་དང་། རྩ་བའི་རྒྱུད་ལ། ཐིག་ལེ་འདུས་པའི་རྒྱུད། སྒྱུ་མ་ཆེན་པོའི་རྒྱུད། ཟླ་གསང་ཐིག་ལེའི་རྒྱུད། རྡོ་རྗེ་གདན་བཞིའི་རྒྱུད་རྣམས་སོ། །གདམས་པ་མན་ངག་དང་ལས་ཁ་ཚར་གྱི་རྒྱུད་ནི་ཐང་ཡིག་དང་དགོངས་པ་གཅིག་གོ །གཞན་ཡང་བླ་མེད་དོན་རྫོགས་འདུས་པའི་རྒྱུད་དང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་། གཟི་ལྡན་འབར་བ་མཚམས་ཀྱི་རྒྱུད་ལ་སོགས་པ་མང་པོ་ལོ་པཎ་རྣམས་ཀྱིས་མཚན་དུ་བཏགས་པ་བཞིན་དེང་སང་དཀར་ཆག་རྣམས་སུ་ངོས་འཛིན་ཐད་ཀར་མི་སྣང་བས་བརྟག་གོ། ༈ གསུམ་པ་རྫོགས་ཆེན་སེམས་སྡེའི་ཕྱོགས་རྣམས་ནི་ཐུགས་ཀྱི་རྒྱུད་ཨ་ཏི་ཡོ་གའམ་ཤིན་ཏུ་རྣལ་འབྱོར་ཏེ། དེ་ཡང་སེམས་ཀློང་མན་ངག་གི་ཁོག་འབུབས་ནི། ངོ་མཚར་བའི་ཚིག་ཆེན་བརྒྱད་དང་། རྡོ་རྗེའི་གད་མོ་བཅུ་གཉིས་སོགས་གཏན་ཚིགས་ངོ་སྤྲོད་རིན་པོ་ཆེ་རྣམས་ལ་བརྟེན་ནས་དོན་དམ་ཀ་དག་བློ་འདས་ཆེན་པོ་དང་། ཀུན་རྫོབ་གཞི་སྣང་ལྷུན་གྱིས་གྲུབ་པའིདཀྱིལ་འཁོར་དུ་གཏན་ལ་ཕབ་ནས་ཀ་དག་གི་གནས་ལུགས་ཟབ་མོ་ཁྲེགས་ཆོད་ཀྱི་མན་ངག་ནམ་མཁའ་སུམ་ཕྲུགས་སམ་ཅོག་གཞག་བཞིའི་སྒོ་ནས་ཉམས་སུ་བླངས་ཤིང་། ལྷུན་གྲུབ་ཐོད་རྒལ་གྱི་རིམ་པ་རྣམས་བཅའ་བ་ལུས་ཀྱི་གནད་གསུམ། འཁྲིད་པ་དབྱིངས་ཀྱི་གནད་གསུམ། སྣང་བ་ཡུལ་གྱི་གནད་གསུམ་དུ་བསྡུས་ཏེ། སྒྲོན་མ་བཞིའི་ཚུལ་ལ་བརྟེན་ནས་དབྱིངས་ཀྱི་སྣང་བ་དང་། རིག་པ་རྡོ་རྗེ་ལུ་གུ་རྒྱུད་སྨིན་པ་ལས་སྣང་བཞི་ཚད་དུ་འཁྱོལ་ཏེ་བུམ་ནང་གི་མར་མེ་ལྟར་གནས་པའི་གཞིར་གནས་ཀྱི་ཡེ་ཤེས་མངོན་དུ་གྱུར་ནས་ནང་དབྱིངས་གཞོན་ནུ་བུམ་པའི་སྐུར་སངས་རྒྱས་ཤིང་འགྲོ་དོན་རྒྱུན་མི་འཆད་པར་འབྱུང་ངོ་། །སྤྱིར་རྩོལ་མེད་ཡེ་ཤེས་ཀྱི་ཐེག་པ་འདི་ལ་ཨ་ཏི་བཀོད་པ་ཆེན་པོ་ལས་བསྟན་པ་ལྟར། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། ནམ་མཁའ་ཅན་ལ་ཀློང་གི་སྡེ། རིམ་རྩོལ་བྲལ་ལ་མན་ངག་གོ །ཞེས་པ་ལྟར། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་སེམས་ཀློང་མན་ངག་གི་སྡེ་གསུམ་དུ་ཕྱེ་བ་ལས། ཆོས་ཐམས་ཅད་སེམས་ཉིད་ལས་གུད་ན་མེད་པ་སྤང་བྱའི་མཐའ་ལས་གྲོལ་བ་སེམས་སྡེ། ཆོས་ཅན་ཐམས་ཅད་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་དུ་འུབ་ཆུབ་པས་གཉེན་པོའི་མཐའ་ལས་གྲོལ་བ་ཀློང་སྡེ། དོན་རང་གི་མཚན་ཉིད་ཡིན་ལུགས་ལྟར་གཏན་ལ་འབེབས་པས་སྤང་གཉེན་གཉིས་ཀའི་མཐའ་ལས་གྲོལ་བ་མན་ངག་གི་སྡེ་ཞེས་གསུངས། གཞི་ལམ་འབྲས་བུའི་རྣམ་གཞག་མཐའ་ཡས་པ་བཞུགས་ཀྱང་འདིར་སྨྲས་པ་རྣམས་ནི་མན་ངག་གི་ལུགས་ལྟར་བྱས་པའོ། །དེ་ལྟར་སྟོན་པའི་སྡེ་སྣོད་ཀྱང་སེམས་སྡེ་ལ་རྗོད་བྱེད་ཀྱི་རྒྱུད་ཤླཽ་ཀ་འབུམ་ཕྲག་ཉི་ཤུ་རྩ་གཉིས་ཡོད་པར་གསུངས་ཤིང་། བསྡུ་ན། ཆོས་ཉིད་བརྗོད་དུ་མེད་པའི་ཀློང་དང་། ལྟ་བ་མིན་པ་མེད་པའི་ཀློང་དང་། སྤྱོད་པ་ཡིན་པ་མེད་པའི་ཀློང་གསུམ་པོ་ལ་བམ་པོ་དྲུག་སྟོང་སུམ་བརྒྱར་གནས་པར་གསུངས་པའང་བསྡུ་ན། གནས་པ་གཞི་ཐོག་འབེབ་པའི་འཕྱོང་། སྣང་བ་རང་སར་གྲོལ་བའི་འཕྱོང་། ངོ་མཉམ་ཐ་དད་མེད་པའི་འཕྱོང་གསུམ་དུ་འདུ་ལ། ཆོས་ཉིད་ལ་འཆུགས་པ་མེད་པའི་གཟེར་བུ་ལྔ་བཅུ། ཡུལ་སེམས་ལ་ལྟ་བའི་གནད་ལྔ་བརྒྱ་བཅུ་གཅིག །སྣང་སེམས་ཅིག་ཆར་དུ་ཤན་འབྱེད་པ་ཁྲི་ཕྲག་གཉིས། ལྟ་བ་ཐོད་རྒལ་དུ་ལ་ཟླ་བ་ལྔ་ཁྲི། སྒོམ་ཡོད་རྟོག་པ་གཅོད་པའི་གནད་ཆིག་སྟོང་རྣམས་རྒྱུད་སྡེ་ཆེན་པོ་སྟོང་ཕྲག་གསུམ་དུ་བཞུགས་པར་གསུངས་ལ། དེ་དག་ནི་ལྟ་སྒོམ་གནད་ཀྱི་གཟེར་བུ་ལྟ་བུ་གེགས་དང་གོལ་ས་གཅོད་པའི་བྱེད་ལས་གཉེན་པོའི་སྒོ་ནས་བསྟན་པ་ཡིན་ལ། བོད་དུ་འགྱུར་བའི་ཆོས་སྡེ་ཆེ་ལོང་ཙམ་ནི། རིག་པའི་ཁུ་བྱུག །རྩལ་ཆེན་སྤྲུག་པ། ཁྱུང་ཆེན་ལྡིང་བ། རྡོ་ལ་གསེར་ཞུན། མི་ནུབ་པའི་རྒྱལ་མཚན་ཏེ་བཻ་རོའི་སྔ་འགྱུར་ལྔ་དང་། རྩེ་མོ་བྱུང་རྒྱལ། ནམ་མཁའི་རྒྱལ་པོ། བདེ་བ་ཕྲ་བཀོད། རྫོགས་པ་སྤྱི་ཆིངས། བྱང་ཆུབ་སེམས་ཏིག །བདེ་བ་རབ་འབྱམས། སྲོག་གི་འཁོར་ལོ། ཐིག་ལེ་དྲུག་པ། རྫོགས་པ་སྤྱི་གཅོད། ཡིད་བཞིན་ནོརབུ། ཀུན་བཏུས་རིག་པ། རྗེ་བཙན་དམ་པ། སྒོམ་པ་དོན་གྲུབ་སྟེ་ཕྱི་འགྱུར་བཅུ་གསུམ་ནི་སློབ་དཔོན་བི་མ་ལ་དང་གཉགས་ཛྙཱ་ན་ཀུ་མཱ་ར། གཡུ་སྒྲ་སྙིང་པོ་གསུམ་གྱིས་བསྒྱུར་བ་བཅས་སེམས་མད་བཅོ་བརྒྱད་དོ། །དེ་དག་ནི་སྟེང་དུ་བཻ་རོས་སྔར་བསྒྱུར་བ་གཞན་ཀུན་བྱེད་རྒྱལ་པོ་དང་། མདོ་བཅུ་གསུམ་པའམ་ཁ་ཅིག་མདོ་བཅུ་གསང་བར་འབོད་པ་དང་། རྨད་བྱུང་རྒྱལ་པོའི་རྒྱུད་རྣམས་བསྡོམས་པས་སེམས་མད་ཉེར་གཅིག་ཀྱང་ཟེར་རོ། །གཞན་ཡང་ཨ་ཏི་བཀོད་པ་ཆེན་པོའི་རྒྱུད། རྨ་བྱ་འཇིང་བསྣོལ། ཡེ་ཤེས་གཏིང་རྫོགས། དམ་ཚིག་བཀོད་པའི་རྒྱུད། བང་མཛོད་འཕྲུལ་སྡེ། ཡང་འབྱེད་འཕྲུལ་ལྡེ། བང་མཛོད་འཕྲུལ་གྱི་མེ་ལོང་། ལྷ་རྒྱུད་རིན་ཆེན་སྤུངས་པའི་རྒྱུད་ལ་སོགས་པ་རྣམས་སོ། ༧ །ཀློང་སྡེ་ལ་བསྡུ་ན་དགུར་འདུ་བར་གསུངས་ཏེ། ལྟ་བ་འཕོ་འགྱུར་མེད་པའི་ཀློང་། སྒོམ་པ་ཡིན་མིན་མེད་པའི་ཀློང་། འབྲས་བུ་རེ་དོགས་མེད་པའི་ཀློང་། ངོ་བོ་གྲུབ་བསལ་མེད་པའི་ཀློང་། རང་བཞིན་མ་འགགས་པའི་ཀློང་། མཚན་ཉིད་སྣང་སེམས་གྲོལ་བའི་ཀློང་། དབྱིངས་འཕོ་འགྱུར་མེད་པའི་ཀློང་། རོལ་པ་འགག་མེད་རང་ཤར་གྱི་ཀློང་། ལྷུན་མཉམ་ཡེ་གྲོལ་ཅོག་གཞག་གི་ཀློང་དང་དགུའོ། །དེ་དག་ཀྱང་བསྡུ་ན། ལྷུན་གྲུབ་ཡངས་པ་ཆེན་པོོའི་ཀློང་། རང་གསལ་བྱ་རྩོལ་མེད་པའི་ཀློང་། མ་བྱས་ཡེ་ནས་གྲུབ་པའི་ཀློང་དང་གསུམ་དུ་འདུས་ཤིང་། དེ་དག་གི་ཚུལ་རྒྱས་པར་སྟོན་པའི་རྒྱུད་སྟོང་ཕྲག་གསུམ་ལ་ལེའུ་ཆིག་ཁྲི་ཆིག་སྟོང་། ཤླཽ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི། ལ་བཟླ་བ་ཁྲི་ཕྲག་བརྒྱད། ཤན་འབྱེད་ཁྲི་ཕྲག་གཉིས། འགགས་དགུ་བརྒྱ། གནད་ཉིས་སྟོང་། གཟེར་བུ་ལྔ་བཅུ་རྣམས་སུ་འདུ་བར་གསུངས་པ་དག་གོ །ངེས་བྱེད་སྡེ་ཚན་གྱི་དབང་དུ་ན་ཀློང་སྡེའི་རྒྱུད་ལ། འཁོར་བ་དོང་སྤྲུག །རིན་ཆེན་གསང་བའི་རྒྱུད། བྱ་རྩོལ་མེད་པའི་རྒྱུད། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལ་སོགས་པ་འབུམ་ཕྲག་བཅུ་གཅིག་ཏུ་བཞེད་དོ། །རྒྱུད་ཀྱི་དཀར་ཆག་གཞན་ལས། ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད། རིག་པ་རང་རྩལ་ཤར་བའི་རྒྱུད། ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད། སྣ་ཚོགས་འཁོར་ལོའི་རྒྱུད། འཕགས་ལམ་བཀོད་པའི་རྒྱུད། ནམ་མཁའ་དང་མཉམ་པའི་རྒྱུད། ཡེ་ཤེས་གསང་བ་མན་ངག་གི་རྒྱུད། རིན་ཆེན་འཁོར་ལོའི་རྒྱུད། ཡེ་ཤེས་རྫོགས་པའི་རྒྱུད། རྣམ་དག་སྟོན་པའི་རྒྱུད། རྡོ་རྗེ་འོད་འཕྲོའི་རྒྱུད་སོགས་བཤད་དོ། ༧ །མན་ངག་གི་སྡེ་ལའང་ཟབ་ལ་རྒྱ་ཆེ་བའི་རྒྱུད་སྡེ་མཐའ་ཡས་ཀྱང་བསྡུ་ན། སློབ་དཔོན་ཤྲཱི་སེང་ཧའི་དགོངས་པ་ལྟར། ལུས་དང་འདྲ་བ་ཕྱི་སྐོར། མིག་དང་འདྲ་བ་ནང་སྐོར། སྙིང་དང་འདྲ་བ་གསང་སྐོར། ཐམས་ཅད་རྫོགས་པ་དང་འདྲ་བ་ཡང་གསང་བླ་ན་མེད་པའི་སྐོར་དང་བཞི་རུ་འདུ་ཞིང་། དེ་དག་ལས་ཕྱི་སྐོར་རྣམས་ནི་སེམས་མད་མ་བུ་བཅོ་བརྒྱད་དང་། ནང་སྐོར་ཀློང་སྡེ་སྤྱི་དང་། རང་བྱུང་དུ་སྤྱོད་པ་དབང་བསྐུར་བ་རྣ་བརྒྱུད་རྡོ་རྗེ་ཟམ་པའི་ཆོས་སྐོར་རྣམས་སོ། །ཕྱི་མ་གཉིས་ནི་མན་ངག་གི་སྡེར་གཏོགས་པ་ལས་ཁ་ཅིག་གསང་སྐོར་རྒྱུད་བཅུ་བདུན་དང་། ཡང་གསང་བླ་ན་མེད་པ་ལ་ངོས་འཛིན་འདི་ཞེས་བསྟན་དུ་མེད་པར་ཅི་ཐོད་ཐོད་ཀྱིས་གཡམ་རྒྱུགས་བྱེད་པ་ཙམ་མོ། །དེས་ན་གསང་སྐོར་ནི་སེམས་ཀློང་མན་ངག་གསུམ་ཀའི་སྤྱི་རྒྱུད་དང་ཁ་སྐོང་གི་རྒྱུད་རྣམས་ཏེ་གཞན་དུ་སྤྱི་ཏི་དང་ཡང་ཏི་ཞེས་པ་རྣམས་སོ། །ཡང་གསང་བླ་ན་མེད་པའི་མན་ངག་སྙིང་པོར་དྲིལ་བ་ནི་རྒྱུད་བཅུ་བདུན་ཏེ་གཞན་དུ་སྨྲ་བར་མི་བྱ་ཞིང་འཐད་པའི་རྗེས་སུ་འཇུག་གོ །དེ་ལྟར་སྟོན་པའི་རྒྱུད་ཀྱང་ཚིག་རྒྱུད་ཁྲི་ཕྲག་གཉིས། ལེའུ་སྟོང་ཕྲག་སུམ་ཅུ་རྩ་ལྔ། ཤླཽ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི། གནད་སྟོང་ཕྲག་ལྔ། འཕྱོང་ཆེན་པོ་བརྒྱད། གཟེར་བུ་བརྒྱ་དང་བརྒྱད་ཅུ། འགགས་སྟོང་ཕྲག་དགུ་བརྒྱ། ཤན་འབྱེད་ཁྲི་ཕྲག་བདུན། ལ་བཟླ་བ་འབུམ་ཕྲག་ཕྱེད་དང་གཉིས་སོགས་ཚད་གཟུང་དུ་མེད་པར་གསུངས་སོ། །ངེས་བྱེད་ཆོས་སྡེ་ལ་པདྨ་ཀློང་གསལ། པདྨ་དབང་རྒྱལ། ཡིད་བཞིན་ཏོག་གི་རྒྱུད་ལ་སོགས་པ་ཁྲི་ཕྲག་ལྔ་དང་སྟོང་ཕྲག་གཅིག །གཞན་ཡང་སངས་རྒྱས་མཉམ་སྦྱོར། སྙིང་པོའི་རྒྱུད་ལྔ་སྟོང་སུམ་བརྒྱ་རྣམས་དང་། ཡང་ཟབ་སྙིང་པོར་དྲིལ་བ་གསང་ཆེན་ངེས་པའི་རྒྱུད་བཅུ་བདུན། སྔགས་སྲུང་ཁྲོས་མའི་རྒྱུད་དང་བཅ་ོབརྒྱད་དོ། །དེ་ལ་རྒྱུད་བཅུ་བདུན་ནི། སྒྲ་ཐལ་འགྱུར་རྩ་བའི་རྒྱུད། བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད། སྒྲོན་མ་འབར་བའི་རྒྱུད། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད། རིག་པ་རང་ཤར་གྱི་རྒྱུད། ནོར་བུ་ཕྲ་བཀོད་ཀྱི་རྒྱུད། ངོ་སྤྲོད་རིན་པོ་ཆེ་ཞིང་ཁམས་བསྟན་པའི་རྒྱུད། ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད། ཡི་གེ་མེད་པའི་རྒྱུད། སེང་གེ་རྩལ་རྫོགས་ཀྱི་རྒྱུད། མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད། རིག་པ་རང་གྲོལ་ཆེན་པོའི་རྒྱུད། རིན་ཆེན་སྤུངས་པའི་རྒྱུད། སྐུ་གདུང་འབར་བའི་རྒྱུད། ཉི་ཟླ་ཁ་སྦྱོར་གྱི་རྒྱུད། རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་རྣམས་སོ། །གསང་སྐོར་སེམས་ཀློང་མན་ངག་གསུམ་ཀའི་སྤྱི་རྒྱུད་ནི། ནམ་མཁའ་ཆེའི་རྒྱུད། ནམ་མཁའ་ཆེ་ཕྱི་མའི་རྒྱུད། ནམ་མཁའ་ཆེ་ཕྱི་མ་ཕྱི་མའི་རྒྱུད། ཆོས་ཉིད་རྒྱལ་པོའི་རྒྱུད། བྱང་སེམས་ཐིག་ལེའི་རྒྱུད། ཡེ་ཤེས་ཐིག་ལེའི་རྒྱུད། མན་ངག་ཕྲེང་བའི་རྒྱུད། གསང་བ་རྒྱལ་པོའི་རྒྱུད། ཡེ་ཤེས་དམ་པའི་རྒྱུད། མཁའ་དབྱིངས་རྣམ་དག་གི་རྒྱུད། མན་ངག་སྙིང་པོའི་རྒྱུད། སྙིང་པོ་གསང་བའི་རྒྱུད། ནམ་མཁའ་ཆེ་རྩ་བ་ཅན་གྱི་རྒྱུད། ཉག་གཅིག་དགོངས་པའི་རྒྱུད། བསམ་གཏན་ཆེན་པོའི་རྒྱུད། བསམ་གཏན་རྒྱུན་ཆགས་ཀྱི་རྒྱུད། སྒོ་མང་མདོའི་རྒྱུད། ནམ་མཁའ་ཆེ་དབང་གི་རྒྱུད། ནམ་མཁའ་ཆེ་ཡི་གེ་མེད་པའི་རྒྱུད། ནམ་མཁའ་ཆེ་གཞིའི་རྒྱུད། རིན་ཆེན་འབར་བའི་རྒྱུད། རིན་ཆེན་ཕྲེང་བའི་རྒྱུད། ཁམས་གསུམ་སྒྲོན་མེའི་རྒྱུད། ངེས་པ་སྙིང་པོའི་རྒྱུད། རྡོ་རྗེ་གསང་བའི་རྒྱུད། ཡེ་སངས་རྒྱས་པའི་རྒྱུད་བཅས་ཉི་ཤུ་རྩ་དྲུག་དང་། ལུང་བམ་པོ་བཅོ་བརྒྱད་ལ་སོགས་པ་བཞུགས་སོ། །གཞན་ཡང་ཁ་སྐོང་དྲི་མེད་ཀ་དག་གི་རྒྱུད། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལ་སོགས་པའོ། །རྒྱས་པར་གཟིགས་འདོད་པ་དག་གིས། སྒྱུ་འཕྲུལ་གསང་བ་སྙིང་པོའི་འགྲེལ་པ་རྣམས་དང་། རྒྱུད་འབུམ་རིན་པོ་ཆེའི་དཀར་ཆག །དགོངས་འདུས་རྣམ་བཤད་འོད་ཟེར་བརྒྱ་པ། སེམས་ཉིད་ངལ་གསོའི་སྤྱི་དོན་ལེགས་བཤད་རྒྱ་མཚོ། སྙིང་ཐིག་མ་བུའི་ལོ་རྒྱུས་སྟོང་ཐུན་ཆེན་མོ། སྔ་འགྱུར་བསྟན་པའི་རྣམ་གཞག་རིན་པོ་ཆེ་སོགས་ལས་མཁྱེན་པར་འགྱུར་རོ།། །། ༈ གཉིས་པ་ཉེ་བརྒྱུད་གཏེར་མའི་རྣམ་གཞག་ཡོངས་འདུས་ཟུང་འཇུག་ཌཱཀྐིའི་སྤྲིན་ཕུང་བཤད་པ་ལ། གང་ལས་བྱུང་བ་བརྒྱུད་སྲོལ་ཀུན་འདུས་ཨོ་རྒྱན་སངས་རྒྱས་གཉིས་པའི་རྣམ་ཐར་སྤྱི་དང་ཁྱད་པར་བ་བཤད་པ་དང་། ཉེ་བརྒྱུད་ཟབ་ཆོས་དངོས་ཀྱི་ཆེ་བ་བསྟན་པ་གཉིས་ལས། དང་པོ་ནི། དེ་ལ་རྣ་རྒྱུད་ལུང་གི་ཕྲེང་བ་ལས། རྒྱལ་བ་རྣམས་ནི་འཇིག་རྟེན་བྱོན་པའི་ཚེ། །དེ་ཡིས་གསུངས་པའི་ལུང་ཆེན་རྣམས་ལ་ནི། །ཕྱི་རོལ་རྒོལ་བ་ངན་པ་འབྱུང་སྲིད་ཀྱི། །དང་པོ་སྲིད་པ་ཆོས་ཀྱི་ལོ་རྒྱུས་སྨྲོས། །ཞེས་གསུངས་པ་ལ་རྗེས་སུ་ཕྱོགས་ཏེ། འདིར་མཚོ་སྐྱེས་རྒྱལ་བའི་རྣམ་ཐར་ཕྱོགས་ཙམ་བསྟན་པའི་ཞར་ལས་སྔ་འགྱུར་རྒྱལ་བློན་ལོ་པཎ་ཚོགས་ཀྱི་ཕྱག་རྗེས་རྣམས་གསལ་བར་ཁོང་དུ་ཆུད་ནུས་པའི་ཕྱིར་རེ་ཞིག་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝའི་རྣམ་པར་ཐར་པ་ནི། དེ་ཡང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་སྤྱི་གཟུགས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝའི་རྣམ་པར་ཐར་པའི་རིམ་པ་ཟབ་ལ་མང་བ་མཐའ་ཡས་པ་ཞིག་བཞུགས་པ་ལས། འདིར་ཡོངས་གྲགས་གཏེར་མའི་ལོ་རྒྱུས་བཞིན་ཅུང་ཟད་ཙམ་བཀོད་པ་ནི། ཇི་སྐད་དུ། མདོ་སྡེ་མྱང་འདས་ལས། ཤིང་སཱ་ལའི་དྲུང་རྩ་མཆོག་གཉིས་ཀྱི་བར་ན། བཅོམ་ལྡན་འདས་ལ་འོད་སྲུངས་དང་། གཅུང་དགའ་བོ་མ་གཏོགས་པ་དགེ་སློང་གི་དགེ་འདུན་བརྒྱ་ཕྲག་བཅུས་བསྐོར་ནས། ཉེ་གནས་ཆེན་པོ་ཀ་ཏ་ཡཱ་ན་དང་། ཙུན་ད་དང་། མ་འགགས་པ་དང་། ཀུན་དགའ་བོ་རྣམས་ལ་བཀའ་བསྩལ་པ། ང་ནི་ཡོངས་སུ་མྱ་ངན་ལས་འདའོ། ཁྱེད་རྣམས་མྱ་ངན་མ་བྱེད་ཅིག །མདངས་ལྡན་དྲི་མེད་མཚོ་དཀྱིལ་དུ། །ང་ལས་ལྷག་པའི་སྐྱེས་བུ་འབྱུང་། །ཞེས་དང་། བླ་མེད་དོན་རྫོགས་འདུས་པའི་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཅུ་རུ་གཉིས་ཆད་ན། འཇིག་རྟེན་ཀུན་ལས་རྒྱལ་བའི་མཆོག །ཨོ་རྒྱན་ཡུལ་དུ་ང་ཉིད་འབྱུང་། །པདྨ་འབྱུང་གནས་ཞེས་བྱ་བ། །པདྨ་ལས་ནི་འབྱུང་བར་འགྱུར། །ཞེས་དང་། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིག་སྔགས་འཆང་། །ཞེས་སོགས་མདོ་རྒྱུད་དྲི་མ་མེད་པ་རྣམས་སུ་དཔལ་གྱི་མགུལ་ལས་ཚངས་པའི་དབྱངས་ཀྱིས་ལུང་དུ་བསྟན་པ་བཞིན། སངས་རྒྱས་ཀྱི་འདས་ལོ་ལྔ་པ་ཤིང་སྤྲེལ་སྤྲེལ་ཟླའི་ཚེས་བཅུ་ལ་ནུབ་ཕྱོགས་ཨོ་རྒྱན་ཡུལ་གྱི་ལྷོ་ནུབ་སྲིན་ཡུལ་དང་ཐག་ཉེ་བའི་རྒྱ་མཚོའི་གླིང་དྲི་མེད་མདངས་ལྡན་ཞེས་བྱ་བར། པདྨའི་སྡོང་པོ་ཁ་དོག་སྣ་ཚོགས་པའི་སྦུབས་སུ་བདེ་གཤེགས་འོད་དཔག་མེད་པའི་ཡེ་ཤེས་ཀྱིས་སྒྱུ་འཕྲུལ་ལས། ཁྱེའུ་ཆུང་ལོ་བརྒྱད་ལོན་པའི་ན་ཚོད་ཅན། མཚན་དང་དཔེ་བྱད་ཀྱིས་རབ་ཏུ་བརྒྱན་པ་ཞིག་རང་བྱུང་དུ་འཁྲུངས་ཏེ། མཚོ་གླིང་གི་མཁའ་འགྲོ་རྣམས་ལ་སྤྲུལ་པའི་སྐུས་ཆོས་སྟོན་པར་མཛད་དོ། །དེའི་ཚེ་ཨོ་རྒྱན་གྱི་གྲོང་ཁྱེར་མཛེས་ལྡན་ཞེས་བྱ་བ་ན། ཆོས་སྐྱོང་བའི་རྒྱལ་པོ་ཨིནྡྲ་བོ་དྷི་ཞེས་བྱ་བ་ཞིག་གྲོང་ཁྱེར་ཆེན་པོ་བྱེ་བ་བཅོ་བརྒྱད་ལ་མངའ་དབང་མཛད་ཅིང་བཞུགས་སོ། །ཇི་ཞིག་ན་རྒྱལ་པོ་ལ་སྲས་མེད་ཅིང་ཡུལ་ལ་ལོ་ཉེས་ཆེན་པོ་ཞིག་ཀྱང་བྱུང་བར་བརྟེན། རྒྱལ་པོས་དཀོན་མཆོག་ལ་མཆོད་ཅིང་དཀོར་མཛོད་ཐམས་ཅད་སྦྱིན་པར་བཏང་བས་ཟད་དེ་རྒྱ་མཚོའི་གླིང་དུ་ཡིད་བཞིན་གྱི་ནོར་བུ་ལེན་པར་ཆས་སོ། །དེ་ནས་ཚུར་བྱོན་པའི་ལམ་དུ་ཆོས་བློན་ཀྲིཥྣ་འཛིན་གྱིས་སློབ་དཔོན་སྤྲུལ་པའི་སྐུ་དང་ཐོག་མར་མཇལ། དེ་ནས་མི་རིང་བར་རྒྱལ་པོ་འཁོར་དང་བཅས་པས་མཇལ་ཏེ་ངོ་མཚར་མཆོག་ཏུ་སྐྱེས་ཤིང་། ལྟ་ན་སྡུག་པའི་ཁྱེའུ་ཆུང་ཡ་མཚན་ཅན་དུ་མཐོང་ནས། རྒྱལ་བློན་འཁོར་བཅས་བརྗོད་མི་ཤེས་པའི་དགའ་བདེས་ལུས་སེམས་ཁྱབ་པར་གྱུར་ནས་སྲས་ཀྱི་སྐལ་པར་མཛད་དེ་ཕོ་བྲང་དུ་སྤྱན་དྲངས། མཚོ་སྐྱེས་རྡོ་རྗེ་ཞེས་པའི་མཚན་གསོལ། ནོར་བུའི་མཐུ་ལས་བྱུང་བའི་རིན་པོ་ཆེའི་ཁྲི་སྟེང་དུ་བཞུགས་སུ་གསོལ། ཟས་གོས་རིན་པོ་ཆེ་སྣ་ཚོགས་དང་། རྟ་དང་གླང་པོ་ཆེ་དང་ཁང་ཁྱིམ་དང་སྨན་ལ་སོགས་པའི་ཆར་གྱིས་སྐྱེ་བོ་ཐམས་ཅད་ཚིམ་པར་བྱས་སོ། །དེ་ནས་རྒྱལ་བུས་དགེ་བ་བཅུའི་ཁྲིམས་ཆེན་པོ་གསར་དུ་བཅས་པར་མཛད་དེ་ཨོ་རྒྱན་གྱི་རྒྱལ་ཁམས་ཐམས་ཅད་བདེ་སྐྱིད་ལ་བཀོད་པ་དང་། གཞན་ཡང་རྒྱལ་བུའི་བློ་གྲོས་ཀྱིས་གྱད་སྟོབས་པོ་ཆེ་དང་སྒྱུ་རྩལ་དང་། མཆོངས་དང་། རྒྱུག་དང་། གླུ་གར་དང་། སྙན་དངགས་དང་། རོལ་རྩེད་ལ་སོགས་པས་ཨོ་རྒྱན་གྱི་ཡུལ་གླིང་ཆེན་པོ་དགུ་དང་། གྲོང་ཁྱེར་ཆེན་པོ་བྱེ་བ་བཅོ་བརྒྱད་ཀྱི་རྒྱལ་ཕྲན་སུས་ཀྱང་འགྲན་པར་མི་ནུས་པའི་རྩལ་མཆོག་ཏུ་གྱུར་པས་འགྲོ་བ་རྣམས་ཡ་མཚན་པའི་གནས་སུ་བཀོད་པར་མཛད། སིངྒ་ལའི་རྒྱལ་པོ་ཟླ་བ་གཞོན་ནུའི་སྲས་མོ་འོད་འཆང་མ་དང་། གཞན་ཡང་བཙུན་མོ་ཉི་མའི་འོད་ཟེར་བརྒྱན་དང་། ཟླ་བའི་འོད་ཟེར་དང་། རྒྱལ་རིགས་མ་དང་། རྗེའུ་རིགས་མ་དང་། བྲམ་ཟེའི་རིགས་མ་ལ་སོགས་པ་ཁྱིམ་བདག་གི་བུ་མོ་ལྟ་ན་སྡུག་པ་ཡོན་ཏན་བརྒྱད་དང་ལྡན་པ་ལྔ་བརྒྱ་ཡང་དུས་གཅིག་ལ་ཁབ་ཏུ་བཞེས་ཏེ་ཨོ་རྒྱན་གྱི་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་པར་མཛད་པའི་ཚེ་རྒྱལ་པོ་ཐོར་ཅོག་ཅན་ནམ་གུ་རུ་པདྨ་རྒྱལ་པོར་གྲགས། དེའི་ཚེ་རྒྱལ་སྲིད་བཟུང་བས་གཞན་དོན་རླབས་པོ་ཆེ་མི་འགྲུབ་པར་དགོངས་ནས་ཡབ་ལ་ཞུས་ཀྱང་མ་གནང་བས། ཕོ་བྲང་གི་ཡང་རྩེར་སྟངས་སྟབས་ཕྱག་རྒྱའི་གར་མཛད་དེ་རྩེ་གསུམ་ཤོར་བའི་བརྫུ་བག་གིས་སྡིག་བློན་གྱི་ཕྲུག་གུ་དབྱིངས་སུ་སྤར། དེ་ལྟར་རྒྱལ་ཁྲིམས་ཤིན་ཏུ་གཉན་པས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་སྤྱུགས། དུར་ཁྲོད་དེར་མཆོད་རྟེན་བདེ་བྱེད་བརྩེགས་པར་སྐུ་རྒྱབ་གཏད་དེ་ལོ་ལྔ་རུ་བཞུགས་ནས་མཁའ་འགྲོ་མ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་དབང་དུ་བསྡུས་པར་མཛད་པའི་ཚེ་ཤཱནྟ་རཀྵི་ཏར་གྲགས། ཟ་ཧོར་ཡུལ་གྱི་དུར་ཁྲོད་ཆེན་པོ་དགའ་བའི་ཚལ་དང་། ཨོ་རྒྱན་གྱི་དུར་ཁྲོད་ཆེན་པོ་སོ་ས་གླིང་གཉིས་སུའང་ལོ་ལྔ་རེ་བཞུགས་ནས་མཁའ་འགྲོ་མ་རྣམས་ཀྱི་ཚོགས་དཔོན་མཛད། ཨོ་རྒྱན་དྷ་ན་ཀོ་ཤའི་མཚོ་གླིང་དུ་བྱོན་ནས་གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་ཐམས་ཅད་དབང་དུ་བསྡུས། མཁའ་འགྲོ་མ་ཞི་བ་འཚོས་དབང་བསྐུར་ཞིང་བྱིན་གྱིས་བརླབས། ཁྱད་པར་རྡོ་རྗེ་ཕག་མོ་ནི་རྟག་ཏུ་སློབ་དཔོན་དང་འདུ་འབྲལ་མེད་པར་བཞུགས་ཤིང་། རྒྱ་མཚོའི་ཀླུ་དང་བར་སྣང་གི་གཟའ་སྐར་ཐམས་ཅད་འདུས་པ་ལ་གསང་སྔགས་ཀྱི་ཆོས་འཁོར་དཔག་ཏུ་མེད་པ་བསྐོར། དེ་ནས་རྡོ་རྗེ་གདན་དུ་བྱོན་ནས་གླང་པོ་ཆེ་བརྒྱད་སྟོང་དུ་སྤྲུལ་ཏེ་རྟེན་རྣམས་ལ་མཆོད་པ་བྱེད་པ་སོགས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཆོ་འཕྲུལ་ཡ་མ་ཟུང་བསྟན་པ་ན། མི་རྣམས་ཀྱིས་ཁྱོད་གང་ནས་འོང་སུ་ཡིན་དྲིས་པ་ལ། རང་བྱུང་གི་སངས་རྒྱས་ཡིན་པརཞལ་གྱིས་བཞེས་ཀྱང་ཡིད་མ་ཆེས་པས་སྐུར་པ་བཏབ་པ་ན། དགོས་པའི་དབང་མང་དུ་གཟིགས་ཏེ་ཤཱཀྱའི་དྲང་སྲོང་སྲིད་སྒྲུབ་ལས་རྩིས་དང་། སྨན་པ་འཚོ་བྱེད་གཞོན་ནུའི་བུ་ལས་སྨན་དང་། ཉི་འོག་གི་ཨཱཙརྻ་ཀུན་གྱི་བཤེས་གཉེན་ལས་སྒྲ་དང་ཡི་གེའི་རིགས་རྣམས་དང་། བཟོ་བོ་བི་ཤྭ་ཀརྨ་ལས་གསེར་བསྒྱུར་གྱི་རྩི་སོགས་བཟོ་རིགས་མཐའ་དག་ལ་མཁས་པར་མཛད། གཞན་ཡང་ཕྱི་ནང་གི་པཎྜི་ཏ་རྣམས་ལས་ཚད་མ་བསླབས་པ་སོགས་མདོར་ན་རིག་པའི་གནས་ལྔ་ལ་སྦྱངས་པའི་ཚུལ་བསྟན་པས་གང་ལའང་ཐོགས་པ་མི་མངའ་བའི་མཁྱེན་རབ་ཀྱི་གྲགས་པས་སྐྱེ་བོ་ཐམས་ཅད་དད་པའི་ས་ལ་བཀོད་པར་མཛད་པའི་ཚེ་མཁས་པ་བློ་ལྡན་མཆོག་སྲེད་དུ་གྲགས། བྲག་དམར་བྱ་སྐྱིབས་ཚལ་གྱི་ཀེའུ་ཚང་དུ་སློབ་དཔོན་པྲ་བྷ་ཧསྟིའི་སྤྱན་སྔར་བྱོན། ངན་སོང་སྦྱོང་བའི་རྒྱུད་དང་། ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱི་རྒྱུད་སོགས་ཡོ་གའི་རྒྱུད་རྣམས་ཚར་བཅོ་བརྒྱད་རེ་གསན་པས་སྒྲུབ་མ་དགོས་པར་དེ་ཉིད་དུ་ཡོ་གའི་ལྷ་ཚོགས་སུམ་ཅུ་རྩ་གཉིས་ཀྱི་ཞལ་གཟིགས། དེ་ནས་སློབ་དཔོན་གྱིས་ལུང་བསྟན་པ་ལྟར་སྤྲེལ་ཟླ་རྭ་བའི་ཚེས་བཅུ་ལ་གནས་བརྟན་ཉི་མ་གུང་པ་དང་ལྷན་ཅིག་ཆུ་བོ་གངྒཱའི་དབུས་སུ་འཕགས་པ་ཀུན་དགའ་བོ་ལས་རབ་ཏུ་བྱུང་ཞིང་བསྟན་པའི་རྩ་བ་རྨད་དུ་བྱུང་བ་དགེ་སློང་གི་དངོས་པོ་བདག་གིར་བཞེས། དེའི་ཚེ་བསྟན་པའི་བདག་པོ་ཤཱཀྱ་སེང་གེའམ་དགེ་སློང་པུརྞ་ཤྲཱི་ཞེས་བྱ་བར་མཚན་གསོལ། འཕགས་པ་ཀུན་དགའ་བོ་ལས་འདུལ་བ་མདོ་སྡེ་མངོན་པ་སྟེ་རྒྱུ་མཚན་ཉིད་ཐེག་པའི་ཆོས་སྒོ་ཡོངས་རྫོགས་དང་། སྔགས་ཀྱི་རྒྱུད་སྡེའང་ཅི་རིགས་པ་གསན་ཏེ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པར་མཛད་དོ། །གཞན་ཡང་རྒྱ་གར་ལྷོ་ཕྱོགས་བེ་དའི་ཡུལ་གྱི་དུར་ཁྲོད་ཆེན་པོ་སྐུ་ལ་རྫོགས་དང་། ཁ་ཆེའི་ཡུལ་གྱི་དུར་ཁྲོད་ཆེན་པོ་ཧེ་ཆེན་བརྡལ་དང་། བལ་པོའི་ཡུལ་གྱི་དུར་ཁྲོད་ཆེན་པོ་ལྷུན་གྲུབ་བརྩེགས་དང་། ཟ་ཧོར་ཡུལ་གྱི་དུར་ཁྲོད་ཆེན་པོ་ལངྐ་བརྩེགས་རྣམས་སུ་ལོ་ལྔ་རེ་བཞུགས་ནས་མཁའ་འགྲོ་མའི་ཚོགས་རྣམས་སྨིན་ཅིང་གྲོལ་བར་མཛད། དེ་ནས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེའི་དྲུང་དུ་བྱོན་ནས། རྫོགས་ཆེན་སྙིང་ཐིག་གི་རྒྱུད་བཅུ་བདུན་དང་། སྔགས་སྲུང་ཁྲོས་མའི་རྒྱུད་དང་བཅོ་བརྒྱད། གཞན་ཡང་གོལ་ས་གཅོད་པ་གླང་པོ་སུན་འབྱིན་གྱི་རྒྱུད་སོགས་བགྲང་བ་ལས་འདས་པ་གསན། དཔལ་ཕྱག་ན་རྡོ་རྗེའི་རྣམ་འཕྲུལ་རིགས་ལྡན་བདེ་བ་བཟང་སྐྱོང་གི་སྤྱན་སྔ་ནས་རྫོགས་པ་ཨ་ནུ་ཡོ་གའི་ཆོས་སྐོར་མ་ལུས་པ་གསན། དེ་ནས་ལི་ཡུལ་གྱི་དུར་ཁྲོད་ཆེན་པོ་པདྨ་བརྩེགས་སུ་མཁའ་འགྲོ་མ་རྣམས་ལ་ཆོས་བསྟན་ཏེ་ལོ་ལྔ་རུ་བཞུགས། མཁའ་སྤྱོད་རིག་འཛིན་གྱི་གནས་མཆོག་ཙན་དན་ཚལ་གྱི་ནགས་ཁྲོད་བདེ་ཆེན་གསང་ལམ་བསྣོལ་བའི་དུར་ཁྲོད་དུ་མཁའ་འགྲོ་མ་ལས་ཀྱི་དབང་མོ་ལས་ཕྱི་ནང་གསང་བའི་དབང་བསྐུར་ཐམས་ཅད་རྫོགས་པར་གསན་པའི་ཚེ་གུ་རུ་རྡོ་རྗེ་གྲོ་ལོད་དུ་གྲགས། ཁྱད་པར་སློབ་དཔོན་ཤྲཱི་སིངྷའི་དྲུང་དུ་བྱོན་ནས་དོན་དམ་གནད་ཀྱི་ངོ་སྤྲོད་ཞུས་ཏེ་དགོངས་པ་མི་འགྱུར་བ་རྡོ་རྗེ་ལྟ་བུའི་ཀློང་དུ་ཐིམ་པར་གྱུར་ཏོ། །རྒྱ་ནག་པོའི་ཡུལ་དུ་གུ་རུ་འཇམ་དཔལ་བཤེས་གཉེན་གྱི་སྤྱན་སྔ་ནས་འཇམ་དཔལ་ཞི་ཁྲོའི་ཆོས་སྐོར་རྣམས་དང་། ཟ་ཧོར་དུ་སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ལས་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོའི་ཆོས་སྐོར་རྣམས་དང་། ལི་ཡི་ཡུལ་དུ་སློབ་དཔོན་ཧཱུྃ་ཆེན་ཀ་རའི་སྤྱན་སྔ་ནས་ཞི་ཁྲོ་ཡང་དག་གི་ཆོས་སྐོར་རྣམས་དང་། ཁ་ཆེའི་ཡུལ་དུ་གུ་རུ་བི་མ་ལ་མི་ཏྲ་ལས་བདུད་རྩི་ཡོན་ཏན་གྱི་ཆོས་སྐོར་རྣམས་དང་། ཟ་ཧོར་གྱི་ཡུལ་དུ་སློབ་དཔོན་པྲ་བྷ་ཧསྟི་ལས་ཕྲིན་ལས་ཕུར་པའི་ཆོས་སྐོར་རྣམས་དང་། ཏ་ཟིག་གི་ཡུལ་དུ་སློབ་དཔོན་དྷ་ན་སཾསྐྲིཏའི་ཞལ་སྔ་ནས་སྲིད་པ་མ་མོའི་ཆོས་སྐོར་རྣམས་དང་། ཡུལ་ཕུང་ལུང་ནག་པོར་སློབ་དཔོན་རམ་བུ་གུ་ཧྱ་ལས་འཇིག་རྟེན་མཆོད་བསྟོད་ཀྱི་ཆོས་སྐོར་རྣམས་དང་། མོན་གྱི་ཡུལ་དུ་སློབ་དཔོན་ཤཱནྟིཾ་གར་བྷའི་སྤྱན་སྔ་ནས་དམོད་པ་དྲག་སྔགས་ཀྱི་ཆོས་སྐོར་རྣམས་གསན་པ་སྟེ་རིག་འཛིན་ཆེན་པོ་བརྒྱད་ལས་སྒྲུབ་སྡེ་བརྒྱད་དང་། སློབ་དཔོན་སངས་རྒྱས་གསང་བ་ལས་སྒྱུ་འཕྲུལ་གྱི་ཆོས་སྐོར་གསན་པ་སོགས་འཕགས་ཡུལ་གྱི་མཁས་གྲུབ་དུ་མ་ལས། མདོ་རྒྱུད་རིག་པའི་གནས་རྣམས་ལ་སྦྱངས་པའི་ཚུལ་བསྟན་པས་ཆོས་གང་ལའང་ཆགས་ཐོགས་མི་མངའ་བ་མཁས་པའི་ཁྱུ་མཆོག་གཅིག་པུར་གྱུར་ཏོ། །དེ་ནས་སློབ་དཔོན་གྱིས་ཟ་ཧོར་ཡུལ་ཁམས་ཐམས་ཅད་གདུལ་བྱའི་ཞིང་དུ་གཟིགས་ཏེ། དྷ་ན་ཀོ་ཤའི་མཚོ་གླིང་ནས་རྫུ་འཕྲུལ་གྱིས་བྱོན་ཏེ་སྐྱེད་མོས་ཚལ་གྱི་བར་སྣང་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པ་དག །རྒྱལ་པོ་གཙུག་ལག་འཛིན་གྱི་སྲས་མོ་ལྷ་ལྕམ་མནྡཱ་རཿབ་འཁོར་དང་བཅས་པས་མཇལ་ནས་རིམ་གྱིས་ཕོ་བྲང་དུ་གདན་དྲངས་ཏེ་རིན་པོ་ཆེའི་ཁྲིའི་སྟེང་དུ་བཞུགས་སུ་གསོལ། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བཤམས་ཤིང་དཀོར་ནོར་ཆེ་རྒུ་ཐམས་ཅད་ཕྱག་རྟེན་དུ་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ལས། ཡོ་ག་རྣམ་པ་གསུམ་གྱི་ཆོས་གསུངས་ཏེ་ཐམས་ཅད་སྨིན་ཅིང་གྲོལ་བར་མཛད། དེའི་ཚེ་མནྡཱ་རཿབ་མཐའ་མི་དགེ་སྦྱོང་ཞིག་དང་བསྡེབས་ནས་གདའ་ཞེས་ཡུལ་མི་རྣམས་ཀྱིས་ཀླན་ཀ་འཚོལ་བ་ལ་བརྟེན། རྒྱལ་པོ་གཙུག་ལག་འཛིན་ཐུགས་རབ་ཏུ་འཁྲུགས་ཏེ་ཞེ་སྡང་མེ་ལྟར་འབར་བར་གྱུར་ནས། ཟ་ཧོར་གྱི་ཡུལ་མི་འབུམ་ཕྲག་བཅུ་བདུན་ཙམ་ལ་ཙན་དན་གྱི་ཤིང་དང་། ཏིལ་མར་གྱི་ཁྲལ་བསྡུས་ཏེ་གསོན་བསྲེགས་ཀྱིས་ལུང་པ་ཐམས་ཅད་མེ་དུད་ཆེན་པོས་གང་བར་བྱས་སོ། །དེའི་ཚེ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པ་དང་། རྒྱལ་ཆེན་རིས་བཞི་སོགས་དཀར་ཕྱོགས་ཀྱི་ལྷ་དང་དམ་ཅན་སྲུང་མ་སྐར་ཚོགས་བཀྲམ་པ་བཞིན་ར་མདར་བྱོན། སློབ་དཔོན་ཆེན་པོས་སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སྐད་ཅིག་ལ་མེ་དཔུང་ཆེན་པོ་མཚོ་རུ་བསྒྱུར། གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ཆོས་ཀྱི་སྒྲ་དབྱངས་སྒྲོག་པར་མཛད། ཐུགས་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་གྱིས་ཟ་ཧོར་ཡུལ་ཁམས་ཐམས་ཅད་ཀྱི་ཁམས་དང་། དབང་པོ་དང་། བསམ་པ་དང་། བག་ལ་ཉལ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པས་གདུལ་བྱའི་ཞིང་མཆོག་ཏུ་གྱུར་པར་གཟིགས་ཤིང་བཞུགས་པ་ན། རྒྱལ་པོ་གཙུག་ལག་འཛིན་འཁོར་དང་བཅས་པས་ངོ་མཚར་ཕུལ་དུ་བྱུང་བ་ཐོབ་ནས་འགྱོད་ཚངས་ཕུལ། སློབ་དཔོན་གྱི་སྐུ་ལ་རྒྱལ་པོའི་ན་བཟའ་རིན་ཐང་བརྗོད་དུ་མེད་པའི་ཟབ་བེར་སྔོ་ཁྲ་དང་། ལེ་བརྒན་གྱི་ན་བཟའ་སོགས་ཟ་འོག་གི་བེར་ཆེན་ལྔ་རིམ་གྱིས་བརྩེགས་མར་གསོལ། དབུ་ཞྭ་པད་འདབ་ཅན་སོགས་རྒྱལ་པོའི་རྒྱན་གོས་ཐམས་ཅད་རྫོགས་པར་ཕུལ་ཏེ་སྤྲས། རོལ་མོའི་ཚོགས་ཀྱི་མཆོད་པ་དུ་མས་མཆོད་ཅིང་ཤིང་རྟ་ལ་བཞུགས་སུ་གསོལ་ཏེ་ཕོ་བྲང་དུ་སྤྱན་དྲངས། དེ་ནས་ལྷ་ལྕམ་གཟུངས་མར་ཕུལ་ཏེ་རྒྱལ་པོས་དབུ་མཛད་རྗེ་འབངས་ཉི་ཤུ་རྩ་གཅིག་ལ་མཁའ་འགྲོ་འཁྲིགས་པའི་དབེན་གནས་དུར་ཁྲོད་ཆེན་པོ་དགའ་བའི་ཚལ་དུ། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས་གསང་སྔགས་ཀྱི་དབང་བསྐུར་ཐམས་ཅད་རྫོགས་པར་གནང་ཞིང་ཟ་ཧོར་ཡུལ་ཁམས་ཐམས་ཅད་ངེས་ལེགས་ཀྱི་ལམ་ལ་བཀོད་པར་མཛད་དོ། །དེ་ནས་འཆི་མེད་ཚེའི་རིག་འཛིན་བསྒྲུབ་པའི་ཕྱིར་བྲག་ཕུག་མཱ་ར་ཏི་ཀར་བྱོན་ཏེ་མགོན་པོ་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཤིང་ཚེ་ཡི་རིག་འཛིན་ཟླ་བ་གསུམ་དང་ཞག་བདུན་དུ་སྒྲུབ་པར་མཛད། དེའི་ཚེ་མདུན་གྱི་བར་སྣང་ལ་མགོན་པོ་ཚེ་དཔག་མེད་དངོས་སུ་བྱོན་པའི་ཞལ་གཟིགས། གུ་རུ་ཡབ་ཡུམ་གྱི་སྤྱི་བོར་བུམ་པ་བཞག །ཞལ་དུ་འཆི་མེད་ཚེ་ཡི་བདུད་རྩི་བླུད། ཚེ་རྒྱུད་བྱེ་བ་ཕྲག་བརྒྱ་གནང་ནས་འཁོར་བ་མ་སྟོངས་པའི་བར་དུ་རྡོ་རྗེའི་སྐུ་ལ་སྐྱེ་འཆི་མེད་པའི་དབང་བསྐུར་མཆོག་ཏུ་གྲུབ་པ་ཐོབ་པའི་ཚེ་འཆི་མེད་པདྨ་འབྱུང་གནས་སུ་གྲགས། དེ་ནས་སླར་ཡང་གུ་རུ་ཡབ་ཡུམ་ལྡོམ་བུ་བར་བརྫུས་ནས་ཨོ་རྒྱན་གྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ལ་བྱོན་པའི་ཚེ། ཁམས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་ངོ་ཤེས་ཏེ་བདུད་བློན་རྣམས་དང་ལྷན་ཅིག་རྒྱལ་པོ་ལ་གསང་ཐབས་ཀྱིས་སྡིག་པ་སྤྱི་ཁུར་བྱས་ཏེ། ཡབ་ཡུམ་ལྷན་ཅིག་ཙན་དན་གྱི་མེ་ལ་གསོན་སྲེག་ཞུས་པ་ན། ཏིལ་མར་ཞིང་དོར་ཙམ་ཞིག་མཚོར་འཁྱིལ་བའི་དབུས་སུ་སོལ་ཕུང་གི་དཀྱིལ་ན་མེ་ཏོག་པདྨའི་སྡོང་པོ་ཁྲི་འཕང་འཁོར་ལོ་བཞི་པའི་ཚད་ཙམ་གྱི་སྟེང་དུ་ཡབ་ཡུམ་གཉིས་སངས་རྒྱས་ལོངས་སྤྱོད་རྫོགས་པའི་ཆ་ལུགས་སུ་འཁྲིལ་སྦྱོར་མཛད་ཅིང་། འགྲོ་བ་རྣམས་ཐུགས་རྗེས་སྒྲོལ་བའི་བརྡར་ཐོད་ཕྲེང་དང་། རུས་པའི་རྒྱན་དྲུག་སྐུ་ལ་གསོལ་ཏེ་གཟི་བརྗིད་མངོན་པར་འཕགས་པ་བལྟ་བས་ཆོག་མི་ཤེས་པར་བཞུགས་པའི་ཚེ་པདྨ་ཐོད་ཕྲེང་རྩལ་ལམ་པདྨ་བཛྲ་རྩལ་དུ་གྲགས། རྒྱལ་པོ་འཁོར་དང་བཅས་པས་བཟོད་པར་གསོལ་བ་དང་། ཞབས་སྤྱི་བོར་བླངས་ཏེ་དབུའི་མཆོད་གནས་སུ་བཀུར་ཞིང་ཕོ་བྲང་དུ་སྤྱན་དྲངས། སློབ་དཔོན་གྱིས་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ཏེ་རྒྱལ་པོ་ཡབ་ཡུམ་འཁོར་དང་བཅས་པ་ལ་དབང་བསྐུར་ཞིང་གསང་སྔགས་ཀྱི་ཆོས་འཁོར་དཔག་ཏུ་མེད་པ་བསྐོར། རྒྱལ་པོའི་བླ་མཆོད་ལོ་བཅུ་གསུམ་མཛད་དེ་ཨིནྡྲ་བོ་དྷི་འཁོར་ལས་ཅན་གྱི་ཚོམ་བུ་ལྔ་བརྒྱ་དང་བཅས་པ་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་ཐོབ་ཅིང་ཕུང་པོ་ལྷག་མེད་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་གྲུབ། དེ་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱལ་པོ་ཀླུ་ཡི་ཁྱབ་འཇུག་ཅེས་བྱ་བས་མུ་སྟེགས་པའི་སྟོན་པ་བཞི་འཁོར་དང་བཅས་པ་རྡོ་རྗེ་གདན་དུ་བརྫངས་ནས་ནང་པའི་པཎྜི་ཏ་རྣམས་དང་ལྷན་ཅིག་རྩོད་པ་ལ་ཞུགས་པའི་ཚེ། མཁའ་འགྲོ་བདུད་འདུལ་མས་ལུང་བསྟན་པ་ལྟར་སློབ་དཔོན་ཆེན་པོ་ཛཱ་ལན་དྷ་རའི་དུར་ཁྲོད་ནས་རྡོ་རྗེ་གདན་དུ་རྫུ་འཕྲུལ་གྱིས་བྱོན་ཏེ་མུ་སྟེགས་པའི་སྟོན་པ་འཁོར་ལྔ་བརྒྱ་དང་བཅས་པ་རྩོད་པས་ཕམ་པར་མཛད། དེ་ནས་རྫུ་འཕྲུལ་འགྲན་པ་ན་སློབ་དཔོན་གྱིས་མཁའ་འགྲོ་བདུད་འདུལ་མའི་རིག་སྔགས་ལ་བརྟེན་ནས། གནམ་ལྕགས་ཀྱི་ཐོག་ཕབ་སྟེ་མུ་སྟེགས་པའི་གྲོང་ཁྱེར་ཐམས་ཅད་ཁ་དག་པར་མཛད་པའི་ཚེ་འཕགས་པ་སེང་གེ་སྒྲ་སྒྲོག་རྩལ་དུ་གྲགས། ཇི་ཞིག་ན་མཐའ་འཁོབ་ཟངས་གླིང་གི་མུ་སྟེགས་རྒྱལ་པོས་ཟངས་ཁ་སྦྱར་དུ་བཅུག་ནས་ལྕགས་གཟེར་བཏབ་སྟེ་ཆུ་བོ་གངྒཱ་ལ་བསྐྱུར་བ་ན། རྫུ་འཕྲུལ་གྱིས་ནམ་མཁའ་ལ་གར་མཛད་ཅིང་ཆུ་བོ་གྱེན་དུ་ལྡོག་སྟེ་འཁྱིལ་བས་རྒྱལ་པོའི་ཕོ་བྲང་ཡུལ་ལྗོངས་དང་བཅས་པ་འཇིག་ལ་ཉེ་བའི་དུས། བཟོད་པར་གསོལ་ཞིང་རྒྱལ་བློན་འཁོར་བཅས་ནང་པའི་བསྟན་པ་ལ་བཅུག་པའི་ཚེ་གུ་རུ་མཁའ་ལྡིང་རྩལ་དུ་གྲགས། སླར་མུ་སྟེགས་ཀུན་ཏུ་རྒྱུ་རྣམས་ཀྱིས་ནང་པའི་བསྟན་པ་དར་བ་ལ་མ་བཟོད་ནས་ངན་སྔགས་དུག་སྦྱོར་གྱིས་སྐུ་བཀྲོངས་བར་བརྩམས་པ་ན། རྩི་དུག་བདུད་རྩིར་བསྒྱུར་ཅིང་མཚན་དཔེ་གཟི་མདངས་སྔར་བས་ལྷག་པར་བསྟན་ཏེ་ཐམས་ཅད་དད་པའི་ས་ལ་བཀོད་པའི་ཚེ་གུ་རུ་ཉི་མ་འོད་ཟེར་དུ་གྲགས། དེ་ནས་རྒྱ་བལ་གྱི་སོ་མཚམས་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་བྱོན་ཏེ་རྒྱལ་པོ་རྒྱལ་འཛིན་གྱི་སྲས་མོ་ཤཱཀྱ་དེ་ཝཱི་སྒྲུབ་རྟེན་དུ་མཛད་དེ། དཔལ་ཡང་དག་གི་སྒོ་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་བསྒྲུབས། དེའི་ཚེ་ཧེ་རུ་ཀཿགལ་པོ་དང་ཕུར་པ་བི་ཏོ་ཏ་མ་འབུམ་སྡེ་ལ་བརྟེན་ནས་ཡང་ཕུར་སྦྲགས་མའི་སྒྲུབ་ཐབས་ཀྱི་བསྟན་བཅོས་ཀྱང་མང་དུ་མཛད། ཕུར་སྲུང་མ་མོ་བཅུ་གཉིས་དང་སྐྱེས་བུ་གིང་བཞི་རྣམས་ཀྱིས་སྲོག་སྙིང་ཕུལ་ཞིང་དམ་ལ་བཏགས་པའི་ཚེ་རྡོ་རྗེ་དྲག་པོ་རྩལ་དུ་གྲགས། གཞན་ཡང་སློབ་དཔོན་མཚོ་སྐྱེས་དང་། བྲམ་ཟེ་ས་ར་ཧ་དང་། བི་རཱུ་པ་དང་། ནག་པོ་སྤྱོད་པ་ཆེན་པོ་ལ་སོགས་པ་སྐུའི་བཀོད་པ་དང་མཚན་གྱི་རྣམ་གྲངས་སྣ་ཚོགས་པའི་སྒོ་ནས་བྷང་ག་ལ་དང་། ཏ་ཟིག་དང་། རྒྱ་ནག་དང་། ཟངས་གླིང་དང་། གསེར་གླིང་དང་། ཁ་ཆེ་དང་། ཞང་ཞུང་དང་། མ་རུ་རྩེ་དང་། འ་ཞ་དང་། བྲུ་ཤ་དང་། འགྲོ་ལྡིང་དང་། གེ་སར་དང་། ཐོ་གར་དང་། སྲིན་པོའི་ཡུལ་དང་། རུ་པ་ཏི་ལ་སོགས་པའི་ཡུལ་གྲུ་མང་པོར་དངོས་དང་རྫུ་འཕྲུལ་གྱིས་བྱོན་ནས་སྐལ་པ་དང་འཚམ་པར་ཆོས་བསྟན་ཅིང་། འཁོར་བ་དང་ངན་སོང་གི་དུཿཁ་ལས་བསྐྱབས་པར་མཛད་དོ། ༧ ཁྱད་པར་བོད་ཁ་བ་ཅན་གྱི་ལྗོངས་སུ་མཛད་པ་ཇི་ལྟར་བསྐྱངས་པའི་ཚུལ་ནི། འཇམ་དཔལ་རྩ་རྒྱུད་ལས། ཁ་བ་ཅན་དུ་མཚོ་བྲི་ནས། །ས་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟར། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་དྲག་པོ་ལྕགས་སྤྲེལ་ལ་མཚོ་བྲི་ཞིང་རིམ་གྱིས་མི་ཡི་འགྲོ་བ་ཆགས་ཏེ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་བྱར་གྱུར། བོད་ཀྱི་སྲིད་པ་ཆགས་པ་ནས་ཐོག་མར་མི་མ་ཡིན་གྱིས་བདག་ཏུ་བཟུང་ཞིང་རིམ་གྱིས་རྒྱལ་ཕྲན་སིལ་མ་བཞི་བཅུས་དབང་བྱས། དེ་ནས་འཇམ་དཔལ་རྩ་རྒྱུད་ལས་ལུང་བསྟན་པ་ལྟར་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་སྤྲུལ་པར་གྲགས་པ་རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་ནས་གནམ་གྱི་ཁྲི་བདུན། སྟོད་ཀྱི་སྟེང་གཉིས། བར་གྱི་ལེགས་དྲུག །ས་ལ་ལྡེ་བརྒྱད། འོག་གི་བཙན་ལྔར་གྲགས་པ་རྣམས་རིམ་པར་བྱོན་ཞིང་རྒྱལ་རབས་ཉེར་བདུན་ཙམ་གྱི་རིང་ཆབ་སྲིད་སྒྲུང་དང་། ལྡེའུ། བོན་གསུམ་གྱིས་བསྐྱངས། རྒྱལ་རབས་ཉེར་བརྒྱད་པ་བྱང་སེམས་ཀུན་ཏུ་བཟང་པོའི་སྒྱུ་འཕྲུལ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས། རྒྱལ་རབས་སོ་གསུམ་པ་དབང་ཆེན་རྟ་མཆོག་རྒྱལ་པོའི་རོལ་གར་སྐྱེ་བོ་མི་བསྲུན་པ་འདུལ་དཀའ་བ་རྣམས་ཀྱི་གཤེད་དུ་བྱོན་པ། མངའ་བདག་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་དམ་པའི་ཆོས་ཀྱི་སྲོལ་བཟང་པོ་གཏོད་པར་མཛད། དེ་ནས་རྒྱལ་རབས་སོ་བདུན་པ་རྗེ་བཙུན་བརྟན་པའི་འཁོར་ལོ་མི་ཡི་ཟོལ་གྱིས་བྱོན་པ། དཔལ་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་དགུང་ལོ་བཅོ་ལྔ་པ་ལ་རྒྱལ་སྲིད་བཟུང་། རིམ་གྱིས་ཡབ་མེས་རྣམས་ཀྱི་ཡིག་ཚང་གཟིགས་ནས་རྒྱལ་བའི་བསྟན་པ་བྱང་ཕྱོགས་སུ་དར་བར་མཛད་པའི་ཐུགས་བསམ་བསྐྱེད་དེ། ཞང་མ་ཞང་ཁྲོམ་པ་སྐྱེས་སོགས་བདུད་བློན་རྣམས་ཐབས་ལ་མཁས་པས་ཚར་བཅད་དེ་རྗེ་འབངས་ཐམས་ཅད་ཆོས་བྱེད་པའི་ཆད་སོ་གྲུབ། རྒྱ་གར་ནས་མཁན་པོ་བོ་དྷི་སཏྭ་སྤྱན་དྲངས། ཕོ་བྲང་རླུང་འཚུབས་ཀྱི་ཡང་ཐོག་ཏུ་བཞུགས་སུ་གསོལ་ཏེ་རྗེ་འབངས་རྣམས་ལ་དགེ་བ་བཅུ་དང་ཁམས་བཅོ་བརྒྱད་རྟེན་འབྲེལ་བཅུ་གཉིས་རྣམས་ལས་བརྩམས་ཏེ་ཆོས་གསུངས། ཐུགས་དམ་བསམ་ཡས་ཀྱི་རྨང་བཏིང་ཞིང་བརྩིག་པར་བརྩམས་པ་ན། བོད་ཀྱི་ལྷ་སྲིན་རྣམས་ཁྲོས་ཏེ་བརྩིག་ཏུ་མ་གཏུབ་པའི་ཚེ་མཁན་པོའི་ཞལ་ནས། སྔར་ཡབ་མེས་ཀྱི་སྐུ་རིང་ལ་གཙུག་ལག་ཁང་བཞེངས་པ་དང་། ཆོས་བསྒྱུར་བ་སོགས་མཛད་ན་ཡང་། ཆོས་ཚུགས་མ་ཐུབ་པར་རྐེད་ཉག་བྱུང་བ་དང་། རྒྱལ་པོ་འགའ་ཞིག་སྐུ་ཚེ་ཐུང་བ་དང་། ཆོས་འཆད་པའི་ཚེ་གཟིགས་ལྟས་ངན་པ་བྱུང་བ་དང་། བློན་པོ་ཆོས་ལ་མི་དགའ་བ་རྣམས་ཀྱི་དབང་དུ་འགྲོ་བ་འདི་རྣམས་ནི་བོད་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་མ་ཐུལ་བས་ལན། འོན་ཀྱང་རྒྱལ་པོའི་ཐུགས་དགོངས་འགྲུབ་པའི་ཐབས་ཡོད་དེ། ད་ལྟ་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་ན། ཨོ་རྒྱན་གྱི་སློབ་དཔོན་པདྨ་སམྦྷ་ཝ་ཞེས་བྱ་བ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཟློས་གར། མངལ་གྱི་དྲི་མས་མ་གོས་ཤིང་སིན་དྷུ་རྒྱ་མཚོའི་གླིང་དུ་སྐུ་འཁྲུངས་པ་ཚེ་ལ་དབང་བའི་རིག་འཛིན་དང་། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པ། དུས་གསུམ་ཅིག་ཅར་དུ་མཁྱེན་ཅིང་ལྷ་མ་སྲིན་སྡེ་བརྒྱད་བྲན་དུ་ཁོལ་བ། འཛམ་བུའི་གླིང་ན་རིག་སྔགས་འཆང་འདི་བས་མཐུ་དང་རྫུ་འཕྲུལ་ཆེ་བ་མེད་པས་དེ་ཉིད་སྤྱན་དྲོངས་ཤིག་ཅེས་ལུང་བསྟན་པ་ལྟར། སློབ་དཔོན་ཆེན་པོ་སྤྱན་འདྲེན་པའི་ཕོ་ཉར་སྦ་གསལ་སྣང་དང་། སེང་མགོ་ལྷ་ལུང་གཟིག་གཡོག་དང་བཅས་པར་ཕྱག་རྟེན་དུ་གསེར་གྱི་པ་ཏྲ་དང་གསེར་ཕྱེ་མང་པོ་བསྐུར་ཏེ་བརྫངས། སློབ་དཔོན་རྒྱ་གར་དྷ་ཧུ་ལའི་གཙུག་ལག་ཁང་དུ་བཞུགས་པ་ལས་མཁྱེན་ཏེ་བལ་པོར་བྱོན། བལ་ཡུལ་ཉི་མ་ཁུད་ཀྱི་མཚོ་འགྲམ་དུ་གདན་འདྲེན་པ་རྣམས་ཀྱིས་མཇལ། བོད་དུ་བྱོན་པར་ཞལ་གྱིས་བཞེས་ཏེ་ཁྱེད་རྣམས་ཀྱིས་ལྷ་འདྲེའི་གཟེར་མི་ཐུབ་པས་སྔོན་ལ་སོང་ཞིག །ངས་ལྷ་སྲིན་རྣམས་འདུལ་བཞིན་རྗེས་ལ་འོང་གི་གསུངས་ནས་ཕོ་ཉ་བ་རྣམས་སྔོན་ལ་བརྫངས། ཕེབས་ལམ་དུ་བལ་བོད་ཀྱི་ལྷ་སྲིན་གདུག་པ་ཅན་མང་པོ་དམ་ལ་བཏགས། དེ་ནས་བྱང་ལམ་བརྒྱུད་མངའ་རིས་སྐོར་གསུམ། དབུས་གཙང་རུ་བཞི། མདོ་ཁམས་སྒང་དྲུག་བཅས་བོད་ཀྱི་ས་གཞི་ལག་མཐིལ་ཙམ་ཡང་མ་ལུས་པར་ཞབས་ཀྱིས་བཅགས་ནས་ལྷ་སྲིན་ཐམས་ཅད་དམ་ལ་བཏགས་པའི་ཚེ་གུ་རུ་སྣང་སྲིད་ཟིལ་གནོན་དུ་གྲགས། ཁྱད་པར་བརྟན་མ་བཅུ་གཉིས། མགུར་ལྷ་བཅུ་གསུམ། དགེ་བསྙེན་ཉེར་གཅིག་གཙོ་བོ་གྱུར་པའི་མི་མ་ཡིན་མཐུ་བོ་ཆེ་ཐམས་ཅད་དམ་ལ་བཏགས་ཤིང་སྲོག་སྙིང་བླངས། བྲག་དམར་འོམ་བུའི་ཚལ་དུ་མངའ་བདག་རྗེ་འབངས་རྣམས་དང་མཇལ་ཞིང་། མཆོད་པའི་བཀོད་པ་བསམ་གྱིས་མི་ཁྱབ་པ་དང་བཅས་བྲག་དམར་མགྲིན་བཟང་དུ་གདན་དྲངས། དེ་ལྟར་མཁན་སློབ་ཆོས་གསུམ་ཞལ་འཛོམས་ཏེ་སླར་ཡང་གཙུག་ལག་ཁང་གི་ས་འདུལ་དང་ས་དཔྱད་མཛད། སློབ་དཔོན་ཆེན་པོ་དཔལ་རྡོ་རྗེ་གཞོན་ནུའི་སྐུར་བཞེངས་ཏེ་ཧས་པོ་རི་ཡི་སྟེང་གི་ནམ་མཁའ་ལ་རྡོ་རྗེའི་གར་མཛད་ཅིང་ས་གཞི་བྱིན་གྱིས་བརླབས། མཁན་པོའི་ལུང་བཞིན་རྒྱ་གར་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ལ་དཔེ་བླངས་ཏེ་ལྕགས་ཕོ་སྟག་གི་ལོ་ལ་རྨང་བཏིང་། སློབ་དཔོན་ཆེན་པོས་དྲེགས་པ་ཅན་ཐམས་ཅད་ལས་ལ་བཀོལ་བས་ཉིན་མོ་མི་ཡིས་བརྩིགས་པ་བས་མཚན་མོ་ལྷ་སྲིན་གྱིས་བརྩིགས་པ་མཐོ་བར་བྱུང་སྟེ། གཟའ་དང་རྒྱུ་སྐར་དགེ་བསྙེན་ཉེར་གཅིག་སོགས་གནམ་ས་བར་གྱི་ལྷ་སྲིན་ཀུན་གྱིས་ལས་བྱས། ཚངས་པ་དང་བརྒྱ་སྦྱིན། རྒྱལ་ཆེན་བཞི་ལ་སོགས་པས་གྱང་བཏང་། དེ་ལྟར་དབུ་རྩེ་རིགས་གསུམ་རི་རབ་ཀྱི་ཚུལ་དུ་བཞེངས་པ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཁོར་ཡུག་རྟེན་དང་བརྟེན་པར་བཅས་པ་ལོ་ལྔ་ལ་འབྱོངས། མཁན་སློབ་གཉིས་ཀྱིས་ཉིན་གསུམ་དུ་རབ་ཏུ་གནས་པར་མཛད། རྗེ་འབངས་ཐམས་ཅད་རབ་གནས་ཀྱི་དགའ་སྟོན་བཟང་པོ་ལོ་བཅུ་གཉིས་ཀྱི་བར་དུ་བྱས། དུས་དེ་ཙམ་ན་བོད་ཆེན་པོའི་རྒྱལ་ཁམས་ཐམས་ཅད་བདེ་སྐྱིད་ལྷ་དང་མཉམ་པར་གྲགས། རྒྱ་གར་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་བཅུ་གཉིས་སྤྱན་དྲངས། བོ་དྷི་སཏྭས་མཁན་པོ་མཛད་དེ་སད་མི་མི་བདུན་རབ་ཏུ་བྱུང་ནས་དགེ་འདུན་གྱི་སྡེ་བཙུགས། བོད་ཕྲུག་བློ་རྣོ་བ་མང་པོ་རྒྱ་གར་དུ་བརྫངས་ནས་སྒྲ་དང་ཡི་གེ་བསླབས་པས་སྐད་གཉིས་སྨྲ་བའི་དབང་ཕྱུག་དམ་པར་གྱུར། དེ་ལྟར་མཁན་སློབ་བི་མ་ལ་སོགས་རྒྱ་གར་ནས་པཎྜི་ཏ་བརྒྱ་རྩ་བརྒྱད་གདན་དྲངས། བཻ་རོ་སྐ་ཅོག་སོགས་བོད་ཀྱི་ལོ་ཙཱ་བ་བརྒྱ་རྩ་བརྒྱད་ཀྱིས་མཚམས་སྦྱར་ནས་རྒྱ་ཆོས་མ་ལུས་པ་བོད་སྐད་དུ་བསྒྱུར། རྣམ་དག་ཁྲིམས་ཁང་གླིང་དུ་འདུལ་ཁྲིམས་འབོགས། མི་གཡོ་བསམ་གཏན་གླིང་དུ་བསམ་གཏན་ལ་མཉམ་པར་བཞག །བརྡ་སྦྱོར་ཚང་མང་གླིང་དུ་བརྡ་སྦྱོར། དཀོར་མཛོད་པེ་ཧར་གླིང་དུ་ནོར་འཇོག །བཻ་རོ་ཙ་ནའི་གླིང་དུ་ཆོས་འཆད་པ་སོགས་མཉམ་མེད་བུ་རམ་ཤིང་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད། དེའི་ཚེ་རྒྱུད་ལུང་མན་ངག་གི་སྐོར་ཕལ་ཆེ་བ་ནི་རྒྱ་དཔེ་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་དང་། ཨོ་རྒྱན་མཁའ་འགྲོའི་གསང་མཛོད་དུ་བཞུགས་པ་རྣམས་སློབ་དཔོན་པདྨས་རྫུ་འཕྲུལ་གྱིས་སྐད་ཅིག་ལ་བླངས་ནས་སྒྲ་རང་འགྱུར་དུ་བསྒྱུར་བར་མཛད། ཕྱིས་ཇོ་བོ་རྗེ་བོད་དུ་བྱོན་ཏེ་བསམ་ཡས་སུ་ཕེབས་པའི་ཚེ། མདོ་རྒྱུད་ཀྱི་འགྱུར་རྣམས་ལ་གཟིགས་པས། སྔར་མ་མཇལ་བའི་སྔགས་ཀྱི་རྒྱུད་སྡེ་མང་དུ་བྱུང་བས། རྒྱུད་འདི་རྣམས་སློབ་དཔོན་ཆེན་པོས་ཨོ་རྒྱན་མཁའ་འགྲོའི་གསང་མཛོད་ནས་སྤྱན་དྲངས་པ་ཡིན་ཏེ་འོང་། རྒྱ་གར་ན་མིང་ཙམ་ཡང་མེད་ཅེས་གསུངས་སོ། །རྗེ་འབངས་སྐལ་བ་དང་ལྡན་པ་རྣམས་ལ་སློབ་དཔོན་ཆེན་པོས་གསང་སྔགས་ཐུན་མོང་དང་བླ་མེད་ཅི་རིགས་པའི་དབང་བསྐུར་བ་དང་། ཕུར་པ་འབུམ་སྡེ་དང་མན་ངག་ལྟ་བའི་ཕྲེང་བ་སོགས་གསུངས། སྐབས་འདི་དག་གི་ཚེ་གུ་རུ་པདྨ་སམྦྷ་ཝར་གྲགས། ཁྱད་པར་དུའང་བསམ་ཡས་མཆིམས་ཕུ་བྲག་དམར་ཀེའུ་ཚང་དུ། ཐུགས་སྲས་སྙིང་གི་བུ་དགུ་སོགས་རྗེ་འབངས་སྐལ་པ་དང་ལྡན་པ་རྣམས་ལ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དབང་བསྐུར་བའི་ཚེ། མངའ་བདག་ཆེན་པོ་སོགས་གཙོ་བོ་བཀའ་བབས་ཀྱི་སློབ་མ་བརྒྱད་དང་། ལས་ཅན་གྱི་སྐྱེས་བུ་མང་དུ་བྱུང་། སློབ་དཔོན་གྱིས་མན་ངག་དང་སྒྲུབ་ཐབས་བསྟན་པ་བཞིན་དབེན་གནས་རྣམས་སུ་སྒྲུབ་པ་མཛད། བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ་བའི་དངོས་གྲུབ་བརྙེས་ཤིང་རྫུ་འཕྲུལ་འགྲན་ཟླ་མེད་པའི་མངོན་རྟགས་འཆང་བ་ཤ་སྟག་བྱུང་། དེ་ལྟར་སྨིན་གྲོལ་དུ་བཀོད་པའི་སློབ་མ་ལའང་སྔ་ཐོག་བསམ་ཡས་ས་འདུལ་མཛད་སྐབས་རྗེ་འབངས་ཉེར་གཅིག །བར་དུ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དབང་བསྐུར་བསྩལ་བའི་ཚེ་མཆིམས་ཕུའི་རྗེ་འབངས་ཉེར་ལྔ་རྣམས་གཙོ་བོ་ཡིན་ལ། གཞན་ཡང་ཡེར་པའི་འོད་ལུས་གྲུབ་པ་བརྒྱད་ཅུ། ཆུ་བོ་རིའི་སྒོམ་ཆེན་བརྒྱ་རྩ་བརྒྱད། ཡང་རྫོང་གི་སྔགས་པ་སུམ་ཅུ། ཤེལ་བྲག་གི་རྟོགས་ལྡན་ང་ལྔ། མཁའ་འགྲོ་མ་ཉི་ཤུ་རྩ་ལྔ། རྣལ་འབྱོར་མ་བདུན་ལ་སོགས་པ་རྣམས་དང་། དཔལ་ལྡན་ས་སྐྱ་པའི་ཡང་མེས་འཁོན་ཀླུ་དབང་སྲུང་བ་དང་། ཕག་མོ་གྲུ་པའི་ཡང་མེས་པ་ཨ་མེས་བྱང་ཆུབ་འདྲེ་བཀོལ། གྲུབ་ཆེན་ཨོ་རྒྱན་པའི་ཡང་མེས་རྒྱུས་བྱང་ཆུབ་གཞོན་ནུ་རྣམས་ཀྱིས་མཚོན་རླངས། རྔོག །འཁོན། རོག །འགོས། སྤང་། སོ། ཟུར། གནུབས། རྒྱུས། སྐྱོ་ལ་སོགས་པའི་གདུང་རིགས་ལས་དམ་པའི་སྐྱེས་བུ་མང་དུ་བྱོན་པ་རྣམས་དང་། བོད་ཀྱི་ཆེ་རྒུ་ཕལ་མོ་ཆེའི་ཡང་མེས་ཐམས་ཅད་སློབ་དཔོན་ཆེན་པོའི་དངོས་སློབ་ཏུ་གྱུར་པ་ཤ་སྟག་གོ །གཞན་ཡང་མ་འོངས་པར་དབོན་སྲས་བདུད་ཀྱི་སྤྲུལ་པས་བསྟན་པ་བསྣུབ་པར་མཁྱེན་ནས་རྒྱལ་པོ་ལ་འབྱུང་འགྱུར་གྱི་ལུང་བསྟན་དང་། མཐའ་དམག་བཟློག་པའི་ཐབས་དང་མན་ངག་མང་པོ་མཛད། སློབ་དཔོན་ཆེན་པོ་དང་། པ་གོར་བཻ་རོ་ཙ་ན། གནུབས་ནམ་མཁའི་སྙིང་པོ་གསུམ་གྱིས་བསྟན་པ་སྲུང་བའི་དྲག་སྔགས་མང་པོ་བསྒྱུར་ཏེ་རྒྱལ་པོ་ལ་གནང་། གསང་སྔགས་ཀྱི་བསྟན་པ་མི་ནུབ་པ་དང་། རྟོག་གེ་བས་བསླད་ཅིང་བཅོས་སུ་མེད་པས་བྱིན་རླབས་མི་ཡལ་བ་དང་། གདུལ་བྱ་རིམ་པར་འབྱུང་བ་ལ་དགོངས་ནས་རྒྱལ་པོའི་བླ་གཏེར་བརྒྱད། ཐུགས་གཏེར་ཆེན་པོ་ལྔ། ཟབ་པའི་གཏེར་ཆེན་ཉེར་ལྔ་གཙོ་བོ་གྱུར་པའི་མིང་ཅན་མིང་མེད་ཀྱི་གཏེར་ཁ་གྲངས་ལས་འདས་པ་སྦས། དེ་དག་འདོན་པའི་དུས་དང་། རྟགས་དང་། འདོན་པའི་གང་ཟག །ལས་ཅན་ཆོས་བདག་སོགས་ལུང་བསྟན་རེ་རེ་བཞིན་བསྩལ། རྒྱས་པར་མངའ་བདག་ཉང་གི་ཟངས་གླིང་མ། ཨོ་རྒྱན་གླིང་པའི་ཤེལ་བྲག་མ། རྡོ་རྗེ་གླིང་པའི་གནམ་ལྕགས་མ། པདྨ་གླིང་པའི་བཀའ་རྒྱ་མ། སངས་རྒྱས་གླིང་པའི་པུ་རི་མ་སོགས་ཐང་ཡིག་རྣམས་ལས་ཤེས་སོ། །གཞན་ཡང་དུས་སྐབས་ཅི་རིགས་པར་སློབ་དཔོན་ཆེན་པོ་ལས་ཅན་གྱི་འཁོར་དང་བཅས་པ་གཞོ་སྟོད་ཏི་སྒྲོ་ནས་བརྩམས་བོད་ཀྱི་ས་གཞི་རྟ་རྨིག་ཙམ་ཡང་མ་ལུས་པར་ཞབས་ཀྱིས་བཅགས། ལས་ཅན་གྱི་འཁོར་རྣམས་ལ་ཟབ་རྒྱས་ཀྱི་གདམས་པ་དཔག་ཏུ་མེད་པ་གནང་། མངའ་རིས་སྐོར་དུ་གངས་བྲག་ཉི་ཤུ། དབུས་གཙང་དུ་སྒྲུབ་གནས་ཉེར་གཅིག །མདོ་ཁམས་ཁུལ་དུ་གནས་ཆེན་ཉེར་ལྔ། སྟོད་སྨད་བར་གསུམ་དུ་སྦས་ཡུལ་གྱི་རྒྱལ་པོ་གསུམ། ལུང་ལྔ། ལྗོངས་གསུམ། གླིང་གཅིག །དེ་རེ་རེ་ལ་ཡང་རྩ་བ་དང་ཡན་ལག་མེ་ཏོག་འབྲས་བུའི་ཚུལ་དུ་ཡོད་པ་སོགས་གངས་བྲག་རི་མཚོ་ཐམས་ཅད་སྒྲུབ་གནས་སུ་བྱིན་གྱིས་བརླབས། ཁྱད་པར་མོན་ཁ་ནེ་རིང་སེང་གེ་རྫོང་སོགས་སྟག་ཚང་མིང་ཅན་བཅུ་གསུམ་དུ་ཁྲོ་བོ་འཆོལ་བའི་སྐུར་བཞེངས་ནས། བོད་ཀྱི་ལྷ་སྲིན་ཆེ་ཕྲ་ཐམས་ཅད་དམ་ལ་བཏགས་ཤིང་གཏེར་གྱི་སྲུང་མར་བཞག་པའི་ཚེ་སླར་ཡང་གུ་རུ་རྡོ་རྗེ་གྲོ་ལོད་རྩལ་དུ་གྲགས། ཕྱི་རབས་ཡིད་ཆེས་བསྐྱེད་པའི་ཕྱིར་བུམ་ཐང་རྡོ་རྗེ་བརྩེགས་པའི་བྲག་སོགས་ལ་སྐུ་རྗེས། གནམ་མཚོ་ཕྱུག་མོ་སོགས་གྲགས་པའི་མཚོ་ཆེན་བཞི་ལ་ཕྱག་རྗེས། དེ་བཞིན་སྒྲུབ་གནས་ཐམས་ཅད་དུ་གུ་རུ་ཡབ་ཡུམ་གྱི་ཕྱག་ཞབས་ཀྱི་རྗེས་སོགས་ངོ་མཚར་བའི་བཀོད་པ་གྲངས་ལས་འདས་པར་བཞག་གོ །ལྷ་སྲས་མུ་ཁྲི་བཙན་པོའི་ཚེ་རྗེ་འབངས་ཉི་ཤུ་རྩ་གཅིག་ལ་སོགས་པ་ཡོན་མཆོད་རྣམས་ཁྲ་འབྲུག་ཏུ་བྱོན་ཏེ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྒྲུབ་ཆེན་མཛད་ཅིང་སྨིན་གྲོལ་གྱི་གདམས་པ་དཔག་ཏུ་མེད་པ་གནང་ངོ་། །དེ་ལྟར་སློབ་དཔོན་ཆེན་པོ་བོད་དུ་ལོ་ཧྲིལ་པོ་ལྔ་བཅུ་རྩ་བཞི་དང་ཟླ་བ་དྲུག་བཞུགས་ཏེ་ཤིང་སྤྲེལ་སྤྲེལ་ཟླའི་ཚེས་བཅུ་ལ་སྲིན་ཡུལ་དུ་གཤེགས་པར་བཞེད་པ་ན་རྗེ་འབངས་ཐམས་ཅད་མྱ་ངན་གྱིས་ནོན། སློབ་དཔོན་ལ་འཇིག་རྟེན་གྱི་ཟས་ནོར་རི་ལྟར་སྤུངས་པ་ཕུལ་ནས་བཤོལ་བཏབ་ཀྱང་མ་གསན། བཀའ་ལས། ངས་བོད་ཡུལ་དུ་ལྷ་སྲིན་དམ་འདོགས་ལན་གསུམ་བགྱིད་ཐུབ་པ་བྱུང་ན་ཆོས་རྒྱལ་གྱི་ཆབ་སྲིད་མཐའ་ནས་རྒྱས་ཤིང་། བོད་ཁམས་བདེ་སྐྱིད་ཡུན་དུ་གནས་པ་ཞིག་འབྱུང་བ་ཡིན་པ་ལ། བདུད་བློན་རྣམས་ཀྱིས་མཛད་པའི་འཕྲོ་བཤོལ་བར་བསྐུལ་བའི་དབང་གིས་ལྷ་ཀླུའི་དམ་བཞག་གསུམ་པ་དང་། བོད་ཀྱི་རྒྱལ་བརྒྱུད་མངའ་ཐང་འཕེལ་བའི་སྦྱིན་སྲེག་རྣམས་མ་གྲུབ་པར་འཕྲོ་ལ་ལུས་པས། མ་འོངས་པ་ན་ལྷ་སྲིན་སྡེ་བརྒྱད་རྣམས་ཁེངས་ལོག་ནས་མཐའི་འགོང་པོ་དང་བསྡོངས་ཏེ་རྒྱལ་ཁྲིམས་དང་ཆོས་ཁྲིམས་བཤིག །མཐའ་མ་བོད་ཁམས་ཧོར་གྱི་མངའ་འོག་ཏུ་ཚུད་ནས་སྡུག་བསྔལ་བཟོད་དཀའ་བས་མནར་བར་འགྱུར་ལ་འོན་ཀྱང་ངའི་སྤྲུལ་པ་རྣམས་ཀྱིས་ཅུང་ཟད་རེ་ཕྱིར་བསྲིང་བར་འགྱུར་རོ་ཞེས་གསུངས། དེ་ནས་ཡོན་མཆོད་རྣམས་ཟུར་མཁར་རྡོའི་མཆོད་རྟེན་དུ་ཆིབས་བཤོལ། རྗེ་འབངས་རྣམས་ལ་ཐུགས་རྗེ་ཆེན་པོའི་གདམས་པ་དང་། འཁོར་བའི་ཉེས་དམིགས། ཟབ་ལམ་བླ་མའི་རྣལ་འབྱོར་སོགས་རེ་རེ་བཞིན་རྒྱས་པར་བསྩལ། དེ་ནས་གཤེགས་པར་བརྩམས་པ་ན། ཐམས་ཅད་སྙིང་བཏོན་པ་ལྟར་གྱུར་ཏེ་སློབ་དཔོན་གྱི་ཞལ་ལ་བལྟ་ཞིང་སྨྲེ་ངག་འབྱིན་པ་ལ། འདི་སྐད་ཅེས། ད་ལྟ་སྨྲེ་ངག་འདོན་མི་འཚལ། ཁྱེད་རྣམས་ཟོ་མདོག་བདེ་དུས་འདིར། །ང་འགྲོ་སྲིན་པོའི་ཡུལ་དུ་འགྲོ། །ད་ལྟ་སྲིན་པོ་མ་བཏུལ་ན། །འཛམ་གླིང་སྲིན་གྱིས་སྟོངས་པར་བྱེད། །དེ་ཕྱིར་སྲིན་པོ་འདུལ་དུ་འགྲོ། །བོད་རྣམས་སྐུ་ཁམས་ཅི་བདེར་བཞུགས། །ཞེས་དང་། བོད་ལ་དྲིན་ཆེར་བྱས་ཀྱང་དྲིན་མི་དྲན། །དྲིན་དུ་ཚོར་ན་གསོལ་བ་སྙིང་ནས་ཐོབས། །དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ། །རྒྱུ་འབྲས་རྟེན་འབྲེལ་སྨོན་ལམ་ཁྱད་པར་གྱིས། །སངས་རྒྱས་གཞན་བས་བདག་ཉིད་ཐུགས་རྗེ་མྱུར། །བསླུས་ན་པད་འབྱུང་ཞན་ནོ་རྗེ་འབངས་ཀུན། །ཞེས་དང་། ང་ལ་མོས་ན་ཚེས་བཅུའི་མཆོད་རྒྱུན་ཟུངས། །བཀའ་བཞིན་བསྒྲུབ་པས་བོད་ཁམས་བདེ་ལ་འགོད། །ཐུགས་ལ་བཏགས་སོ་ལས་ཅན་ལྷ་ཡི་སྲས། །ང་དང་མཇལ་གྱི་རྗེ་འབངས་ཐུགས་མ་ཆད། །ཅེས་དང་། ནངས་རེ་དགོང་རེ་བོད་ཀྱི་དོན་ལ་བྱོན། །ཉི་ཟེར་འཆར་སྡུད་མདངས་ལ་ཆིབས་ཏེ་བྱོན། །ཡར་ངོ་ཚེས་བཅུའི་དུས་སུ་དངོས་སུ་བྱོན། །མདོར་ན་ང་ཡི་རྗེས་འཇུག་དད་ལྡན་རྣམས། །སྤོད་ལྡན་ཚོགས་གཏོར་རིན་ཆེན་འབར་བ་བཤམས། །ཚིག་བདུན་གསོལ་འདེབས་གདུང་བའི་དབྱངས་དང་བཅས། ཐོད་པ་ལྟག་སྤྲོད་རོལ་མོའི་སྒྲས་བསྐུལ་ན། ཨོ་རྒྱན་ང་ཉིད་རྔ་ཡབ་དཔལ་རི་ནས། །གཅེས་པའི་བུ་ངུས་མ་ཡིས་མི་བཟོད་ལྟར། །བྱིན་གྱིས་རློབ་འབྱོན་དམ་ཚིག་ན་ར་ཀན། །ཞེས་གསུངས་ཏེ་གུང་ཐང་ལ་ཐོག་ནས་སྤྱན་བར་སྣང་ལ་གཟིགས་པའི་མོད་སྤྲིན་གསེབ་ནས་རྟ་མཆོག་རིན་པོ་ཆེ་བྱུང་བ་ལ་ཆིབས་ཏེ་ལྷ་རྣམས་ཀྱིས་མཆོད་པའི་སྤྲིན་ཕུང་དང་། ལྷའི་རོལ་མོའི་གླུ་དབྱངས་དུ་མའི་བསྟོད་པ་དང་བཅས་ཏེ་ཡིད་ལྟར་མྱུར་བའི་རྫུ་འཕྲུལ་གྱིས་སྲིན་ཡུལ་རྔ་ཡབ་གླིང་དུ་གཤེགས། ཟངས་མདོག་དཔལ་རིའི་རྩེ་མོར་སྲིན་པོའི་རྒྱལ་པོ་རཀྴ་ཐོད་ཕྲེང་གནས་སྤར་ཏེ་དེའི་གསོབ་ཏུ་བཞུགས། ཕོ་བྲང་པདྨ་འོད་ཀྱི་ཞིང་དག་པའི་སྦྱོར་བའི་བཀོད་པ་བསམ་ལས་འདས་པར་སྤྲུལ། ཤར་ཞི་བ་ཆོས་ཀྱི་ཕོ་བྲང་སོགས་སྲིན་པོའི་གླིང་བརྒྱད་དུའང་སྤྲུལ་པ་རེ་རེ་རྒྱལ་པོའི་ཚུལ་དུ་བཞུགས། ཡུམ་ཡེ་ཤེས་མཚོ་རྒྱལ་ཡང་ཁྲོ་མོའི་རྣམ་པར་སྤྲུལ་ཏེ་བཞུགས་ཤིང་། རིག་འཛིན་འབུམ་ཕྲག་ཚོགས་ཀྱིས་བསྐོར་བས་སྲིན་པོ་རྣམས་ལ་ཆོས་སྟོན་པ་དང་། སྐྱེ་འཆི་མེད་པ་འཇའ་ལུས་རྡོ་རྗེའི་སྐུ་ལ་དབང་འབྱོར་བས་འཇིག་རྟེན་འདྲེན་པའི་དེད་དཔོན་ཆེན་པོར་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དེ་སྲིད་དུ་ལྷུན་གྲུབ་རིག་འཛིན་གྱི་ཚུལ་དུ་བཞུགས་སོ།། ༈ གཉིས་པ་ཉེ་བརྒྱུད་ཟབ་མོ་གཏེར་གྱི་ཆེ་བ་བཤད་པ་ལ། ཇི་སྐད་དུ་རྒྱུད་ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཞེས་པ་ལྟར་གངས་ཅན་གྱི་ལྗོངས་སུ་སློབ་དཔོན་ཆེན་པོའི་བདག་རྐྱེན་ལས་གཏེར་ཆོས་རྣམས་ཇི་ལྟར་བྱོན་པའི་ཚུལ་ནི། དེ་ཡང་ཀླུའི་རྒྱལ་པོས་ཞུས་པའི་མདོ་ལས། དཀོན་མཆོག་གསུམ་གྱི་གདུང་མི་ཆད་པའི་གཏེར་ཆེན་པོ་མི་ཟད་པ་དང་། ཆོས་རྟོགས་པ་ཆེན་པོ་ཚད་མེད་པའི་གཏེར་ཆེན་པོ་མི་ཟད་པ་དང་། སེམས་ཅན་མགུ་བར་བྱ་བའི་གཏེར་ཆེན་པོ་མི་ཟད་པ་དང་། ནམ་མཁའ་དང་མཉམ་པའི་གཏེར་ཆེན་པོ་མི་ཟད་པ་སྟེ། བཞི་པོ་དེ་དག་ནི་གཏེར་ཆེན་པོ་མི་ཟད་པ་ཡིན་ནོ། །ཞེས་པས་གཏེར་གྱི་ངོ་བོའམ་རང་བཞིན་བསྟན་ཅིང་། དེ་བཞིན་དུ་འཕགས་པ་བསོད་ནམས་ཐམས་ཅད་སྡུད་པ་ཏིང་ངེ་འཛིན་གྱི་མདོ་ལས། དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཆོས་ཀྱི་གཏེར་རི་དང་། རི་སུལ་དང་། ཤིང་དག་གི་ནང་དུ་བཅུག་པ་དག་ཡོད་དེ། གཟུངས་དང་ཆོས་ཀྱི་སྒོ་མཐའ་ཡས་པ་གླེགས་བམ་དུ་བྱས་པ་དག་ཀྱང་ལག་ཏུ་འོངས་པར་འགྱུར་རོ། །ཞེས་པས་ཀྱང་གཏེར་ཆོས། གཏེར་གནས། འདོན་པ་པོའི་གང་ཟག་བཅས་བསྟན་པ་དང་། བསམ་པ་ཕུན་སུམ་ཚོགས་པ་ལ་ནི་གལ་ཏེ་སངས་རྒྱས་མི་བཞུགས་ཀྱང་ནམ་མཁའི་དཀྱིལ་དང་རྩིག་པ་དང་ཤིང་རྣམས་ལས་ཆོས་འབྱུང་ངོ་། །ཞེས་པས་གནམ་ཆོས་སོགས་ཀྱང་བསྟན་པ་དང་། གཞན་ཡང་ཡོངས་སུ་གྲགས་པའི་མདོ་རྒྱུད་ཅི་རིགས་པ་ལས་གཏེར་གྱི་ངོ་བོ། ངེས་ཚིག །རྣམ་གྲངས། དགོས་པ་སོགས་ཡང་ནས་ཡང་དུ་བསྟན་པ་ནི་འཕགས་བོད་གཉིས་སུ་གྲགས་པ་ལས། བོད་ཡུལ་ལྟ་བུའི་གང་ཟག་རེ་རེས་གསར་དུ་བཅོས་པ་མིན་ཅིང་། གཏེར་དུ་སྦེད་པའི་དགོས་པའང་། ཆུ་ཀླུང་རོལ་པའི་མདོ་ལས། ང་ཡིས་བསྟན་པའི་ཆོས་ཀྱི་གཞུང་། །ཐུགས་ནས་ཐུགས་ཀྱི་གཏེར་དུ་སྦོས། །ཡང་ན་ས་ཡི་སྙིང་པོར་བྱ། །ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད། །དེས་དོན་དཀྲུག་པར་འགྱུར་ཏ་རེ། །དེ་ཕྱིར་ཆུ་ཀླུང་རྒྱུན་མི་གཅོད། །ཅེས་དང་། ཆོས་རྒྱལ་རཏྣ་གླིང་པའི་གཏེར་ལུང་ལས། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས༔ སྤྱིར་ཡང་བོད་རྣམས་གསར་ངས་ཆེ་བ་དང༔ སྙིགས་མའི་འགྲོ་ལ་ལྷག་པར་སྙིང་བརྩེ་བས༔ མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞག༔ ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབ༔ མ་འོངས་དུས་སུ་རྟོག་གེ་ཐ་སྙད་མཁན༔ སྒོམ་ཆེན་ལ་སོགས་ཕྱོགས་དང་རིས་དྲེགས་ཅན༔ རང་ཆེ་འབྱིན་ཅིང་གཏེར་ལ་རྩོད་ན་ཡང༔ སྙིགས་མའི་ཆོས་བྱེད་ཕལ་ཆེར་གཏེར་གྱིས་འདྲེན༔ ཟབ་ལ་ཁ་ཚང་མ་བསྒྲིབས་མཐའ་རྒྱས་ཤིང༔ གདམས་པ་སྣ་རེས་གང་ཟག་གྲོལ་བར་ངེས༔ དེ་བས་ལས་སད་སྐལ་ལྡན་སྦྱངས་པ་ཅན༔ འཆི་བ་དྲན་ན་གཏེར་ཆོས་ཉམས་སུ་ལོངས༔ ཚེ་གཅིག་ཐར་ལམ་ཐོབ་བོ་རྗེས་འཇུག་རྣམས༔ སྙིགས་དུས་གཏེར་ལ་མོས་པའི་སྐལ་ལྡན་ཀུན༔ དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་བཏབ༔ ཐམས་ཅད་ལས་ཅན་ཡིན་པས་དགའ་བ་སྒོམས༔ ཁོ་མོའི་ཚིག་འདི་རིན་ཆེན་གསེར་བས་དཀོན༔ ཅེས་སོགས་གཏེར་ཁ་གཞན་ལས་ཀྱང་མཐའ་ཡས་པ་འབྱུང་བ་ལྟར། བདུད་འཇོམས་འགྲོ་འདུལ་གླིང་པའི་གསུངས་ལས། སྙིགས་མའི་དུས་སུ་བཀའ་མ་རྣམས་ཚོང་དུས་ཀྱི་འོ་མ་བཞིན་དབང་དང་གདམས་ངག་གི་བཀའ་འཆལ་ཞིང་། བརྒྱུད་པ་མང་པོས་བར་དུ་ཆོད་པས་དམ་ཚིག་གི་སེལ་དང་འདྲེས་ཁྱེར་གྱི་བསླད་ཞུགས་པ་མང་བས་བྱིན་རླབས་ཀྱི་བབས་སོ་ཉམས་པར་འགྱུར་བ་ཡིན་ལ། གཏེར་དུ་བཞུགས་པ་རྣམས་ནི་གཏེར་སྟོན་སྤྲུལ་སྐུ་དེ་ཉིད་ཨོ་རྒྱན་ཆེན་པོ་དངོས་ཀྱིས་རྗེས་སུ་བཟུང་སྟེ་སྨིན་གྲོལ་དབང་དང་གདམས་པ་མ་ལུས་པའི་བཀའ་གཏད་ཐོབ་ཅིང་ཟབ་ཆོས་མཁའ་འགྲོའི་ཁ་རླངས་མ་ཡལ་བར་སྤྱན་དྲངས་པས་ན་ཉེ་བརྒྱུད་བྱིན་རླབས་ཀྱི་གཟི་བྱིན་འགྲན་ཟླ་དང་བྲལ་བའོ། །ཞེས་གསུངས། ཕྱོགས་ཙམ་མཚོན་པར་སྨྲོས་ན། བཀའ་བརྒྱད་གསང་རྫོགས་དང་རང་ཤར་གཉིས་ཀ་ཞལ་མཐུན་པར་གསུངས་ཏེ། དེ་ལྟར་དབང་གི་ཆུ་བོའི་བྱེ་བྲག་མ་ལུས་པ་ཨོ་རྒྱན་པདྨ་བདག་ལ་བབས་ཤིང༔ ཨོ་རྒྱན་བདག་གིས་ནི་བལ་ཡུལ་ཡང་ལེ་ཤོད་དུ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དབང་སྒོ་བི་མ་ལ་མི་ཏྲ་ལ་ཕྱེས་ནས་བསྐུར་རོ༔ བོད་ཀྱི་སྒྲུབ་གནས་བརྒྱད་དུ་བཀའ་བརྒྱད་བྱེ་བྲག་གི་དབང་ལས་ཅན་བརྒྱད་ལ་སོ་སོར་བསྐུར་རོ༔ བསམ་ཡས་དབུ་རྩེར་རྗེ་འབངས་ཉེར་ལྔ་ལ་བདེ་གཤེགས་འདུས་པའི་དབང་ཆེན་བསྐུར་རོ༔ དེ་རྗེས་རྗེ་འབངས་གྲོགས་གསུམ་ལ་སོགས་པ་སྙིང་གི་བུ་དགུ་ལ་གསང་བ་ཡོངས་རྫོགས་ཐམས་ཅད་ཀྱི་དབང་རྫོགས་པར་བསྐུར༔ དེ་ལྟར་དབང་གི་ཆུ་བོ་བར་མ་ཆད་པར་བབས་པའི་ཚུལ་བཤད་པ་ཡིན་ལ༔ ཕྱི་མའི་དུས་ན་དབང་གི་ཆུ་བོ་བར་ཆད་མེད་པར་འབྱུང་བར་ལུང་བསྟན་ནས༔ མ་འོངས་ང་ཡི་ཐུགས་སྲས་བྱང་ཆུབ་སེམས་དཔའི་གཏེར་སྟོན་ནི་ད་ལྟའི་དུས་འདིར་དབང་གི་ཆུ་བོ་བབས་པའི་ལས་ཅན་ཁྱེད་རྣམས་ལགས་པས་བཀའ་བབས་སྤྱོད་དེ༔ དེའི་ཚེ་ལས་ཅན་གྱི་སྐྱེས་བུ་ཁྱེད་རྣམས་ང་ཡི་གཏེར་ཆོས་འདི་རྣམས་དང་འཕྲད་པའི་ཚེ༔ ད་ལྟ་ཨོ་རྒྱན་ང་ཡིས་དབང་ཆེན་ཡོངས་རྫོགས་བསྐུར་བའི་བག་ཆགས་སད་པར་འགྱུར་རོ༔ ང་ཡི་གཏེར་འདི་དང་རྗེ་འབངས་གྲོགས་གསུམ་གྱི་བརྣོག་ཆོས་ལ་སོགས་པ་རྣམས་ཀྱི་གཏེར་སྒོ་ཡང་འབྱེད་པར་འགྱུར་གྱི༔ དབང་གི་ཆུ་བོའི་བབས་སོ་ལ་ཕྱི་རབས་རྣམས་ཐེ་ཚོམ་མ་ཟ་བར་སྒྲུབས་ཤིག༔ ཅེས་གསུངས་པ་དང་། ཐང་ཡིག་ལས། ང་ཡི་གཏེར་ཆོས་གཏད་དོ་གཉེར་ཆེན་པོ༔ སྟོང་གསུམ་ཆོས་ཀྱིས་བཀང་ངོ་ཨུ་དུམ་ཝར༔ མ་རིག་མུན་པ་སོལ་ཅིག་འོད་པོ་ཆེ༔ དུས་གསུམ་འགྲོ་བ་ཐུལ་ཅིག་ཕྱི་ཐག་ཅན༔ ཞེས་དང་། ང་ཡིས་བོད་ཁམས་གཏེར་གྱིས་བཀང་ནས་ཡོད༔ དངོས་གྲུབ་འདོད་ན་གཏེར་གནས་ཀུན་ནས་ལོངས༔ ང་ནི་མི་སྡོད་སྲིན་པོ་འདུལ་དུ་འགྲོ༔ གསོལ་བ་སྙིང་ནས་འདེབས་པའི་གང་ཟག་ལ༔ ང་ལ་འགྲོ་སྡོད་གཉིས་སུ་ག་ལ་ཡོད༔ ཅེས་སོགས་རྒྱ་ཆེར་གསུངས་སོ། །དེའང་གཏེར་མའི་ཕྱོགས་འདིར་དགོངས་བརྡ་སྙན་བརྒྱུད་ཀྱི་སྟེང་དུ་ཁྱད་པར་གྱི་བརྒྱུད་པ་གསུམ་དང་ལྡན་པའི་ཕྱིར་བརྒྱུད་པ་དྲུག་ལྡན་དུ་གྲགས་པ་སྟེ། དགོངས་བརྡའ་སྙན་བརྒྱུད་གསུམ་གོང་དུ་སྨྲོས་པ་ལྟར་ལ། ཕྱི་མ་གསུམ་ནི་དགོངས་འདུས་རྣམ་བཤད་ལས། སྨོན་ལམ་དབང་བསྐུར་ནི་གཏེར་ཁ་དེ་ཉིད་ལ་དབང་བའི་གང་ཟག་དེས་ཐོན་པར་ཤོག་ཅེས་བདེན་ཚིག་སྨོན་ལམ་གྱི་རྒྱས་བཏབ་པར་མཛད་པ་དང་། བཀའ་བབས་ལུང་བསྟན་ནི་གཏེར་འབྱིན་སྐྱེས་བུ་དེ་ལ་མཚོན་བྱ་དོན་གྱི་ཡེ་ཤེས་དགོངས་པའི་མཐིལ་གཏད་ནས་འབྱུང་འགྱུར་གྱི་ལུང་བསྟན་དང་བཅས་དབུགས་དབྱུང་བ་ལ་བྱ། མཁའ་འགྲོ་གཏད་རྒྱ་ནི་མཚོན་བྱེད་བརྡའི་ཡི་གེ་ཚིག་བརྒྱུད་དུ་བཀོད་ནས་རྡོ་རྗེའི་བྲག །གཡང་ཞག་གི་མཚོ། མི་འགྱུར་བའི་སྒྲོམ་ལ་སོགས་པར་གཏེར་བདག་སོ་སོ་ལ་གཉེར་བྱང་གཏད་ནས་མི་སྣང་བར་རྒྱས་བཏབ་པ་ཉིད་སླར་ལུང་བསྟན་དུས་ལ་བབས། སྨོན་ལམ་གྱི་མཐུ་སྨིན། ལས་ཀྱི་འཕྲོ་སད། གཏེར་བདག་གིས་བསྐུལ་མ་བྱས། ཁ་བྱང་ཡོད་པ་དང་མེད་པ་ཇི་སྙེད་པའི་ཟབ་གཏེར་གྱི་སྒྲོམ་བུ་ཇི་བཞིན་པ་ཕྱག་ཏུ་སོན་པ་ཡིན་ནོ། །ཞེས་སོ། །ཡང་ན་སྨོན་ལམ་དབང་བསྐུར་ནི་རིག་འཛིན་སློབ་དཔོན་རྣམས་ཀྱིས་ལྷན་ཅིག་པའི་འཁོར་དུ་འཁོད་པའམ་མ་འཁོད་པའི་ལས་ཅན་སྐྱེས་བུ་ལ་དགོངས་པ་གཏད་དེ་ཟབ་གཏེར་ཇི་སྙེད་སྦས་པ་རྣམས་བདེན་ཚིག་སྨོན་ལམ་གྱི་རྒྱས་བཏབ་པར་མཛད་པའོ། །བཀའ་བབས་ལུང་བསྟན་ནི་གཏེར་འབྱིན་སྐྱེས་བུ་གང་ལ་ཕྱི་ནང་གསང་བའི་དབང་དང་། ཕྲིན་ལས་རབ་འབྱམས་ཀྱི་བྱིན་རླབས་དང་ལུང་བསྟན་དབུགས་དབྱུང་བསྩལ་བའོ། །མཁའ་འགྲོ་གཏད་རྒྱ་ནི་གདུལ་བྱ་དུས་ལ་བབས་པའི་ཚེ་མ་སྲིང་མཁའ་འགྲོ་རྣམས་ཀྱིས་སྔར་འདྲིས་མི་དང་འཕྲད་པ་བཞིན་སྡོང་གྲོགས་དང་ལྷན་ཅིག་གཏེར་གནས་རྣམས་ལས་ཆོས་ནོར་དམ་རྫས་ཀྱི་གཏེར་ཁ་སྣ་ཚོགས་སྤྱན་དྲངས་ཏེ། སྙིགས་དུས་ཀྱི་རྒུད་པ་ཟློག་ཅིང་ལས་འཕྲོ་ལྡན་པ་རྣམས་འཁོར་བ་མཐའ་ཅན་དུ་མཛད་པའོ། །རབ་རྩལ་རྣམ་གནོན་གྱིས་ཞུས་པའི་མདོ་ལས་ཀྱང་། རབ་ཀྱི་རྩལ་གྱིས་རྣམ་པར་ནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱང་སྨོན་ལམ་གྱི་དབང་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བྱིན་གྱིས་བརླབས་ཀྱི་དབང་གིས་མི་འཇིགས་པ་བཞི་འཐོབ་པར་འགྱུར་རོ། །ཞེས་དང་། ཉན་ཐོས་ཀྱི་ཐེག་པ་ཅན་རྣམས་དང་། རང་སངས་རྒྱས་ཀྱི་ཐེག་པ་ཅན་རྣམས་ལ་མི་འཇིགས་པ་བཞི་མེད་དེ། དེ་དག་ལ་དེ་བཞིན་གཤེགས་པས་མི་འཇིགས་པ་བཞི་བྱིན་གྱིས་མི་རློབ་བོ། །ཞེས་དང་། ཤཱ་རིའི་བུ་ཆོས་བསྟན་པ་འདི་གང་ཟག་གང་གི་རྣ་ལམ་དུ་ཐོས་པའི་སེམས་ཅན་དེ་དག་ཀྱང་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་མ་ཡིན་ན། གང་དག་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་ལྟ་ཅི་སྨྲོས་ཏེ། དེ་དག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སངས་རྒྱས་ཀྱི་ཆོས་ལ་ལུང་བསྟན་ཏེ། ཇི་ལྟར་ད་ལྟར་ང་སེང་གེའི་སྒྲ་སྒྲོག་པ་དང་། འཇིགས་པ་མེད་པའི་སྒྲ་དང་། སྐྱེས་བུ་ཆེན་པོའི་སྒྲ་དང་། རང་བྱུང་གི་སྒྲ་སྒྲོག་པ་བཞིན་དུ་དེ་དག་ཀྱང་སེང་གེའི་སྒྲ་སྒྲོག་པར་འགྱུར་རོ། །ཞེས་དང་། ཤཱ་རིའི་བུ་ཆོས་ཀྱི་རྣམ་གྲངས་འདི་ནི་སེམས་ཅན་གང་དག་དགེ་བའི་རྩ་བ་འབར་བ་རྣམས་ཀྱི་ལག་ཏུ་འགྲོ་བར་འགྱུར་རོ། །ཞེས་པ་དང་ཚུལ་མཐུན་པ་ཡིན་ནོ། །ཡང་ན་མཚོན་བྱ་དོན་གྱི་མན་ངག་སྐལ་ལྡན་མཆོག་གི་སྙིང་ལ་སྨོན་ལམ་དབང་བསྐུར་གྱི་རྒྱས་བཏབ། མཚོན་བྱེད་བརྡ་ཡི་དཔེ་རྒྱུད་མཁའ་འགྲོ་དམ་ཅན་མངོན་ཤེས་མངའ་བ་རྣམས་ལ་གཉེར་གཏད། ཆོས་དེ་སྒོམ་སྒྲུབ་དང་འཆད་སྤེལ་གྱི་འཕྲོ་སྐྱོང་བའི་བརྒྱུད་འཛིན་ཆོས་བདག་གམ་བཀའ་བབས་ཀྱི་སྐྱེས་བུ་ལུང་བསྟན་པ་སྟེ། གསུམ་པོ་རིམ་བཞིན་གཏེར་རྙེད་པའི་སྔོན་གྱི་རྒྱུ་དང་། ད་ལྟར་གྱི་རྐྱེན་དང་། རྙེད་པ་དོན་ལྡན་དུ་འགྱུར་བ་གསུམ་ལ་སྦྱར་ན་ཕལ་ཆེར་འཐད་ཅེས་གཏེར་གྱི་རྣམ་བཤད་ངོ་མཚར་རྒྱ་མཚོ་ལས་གསལ་ལོ། །དེ་ལྟར་བརྒྱུད་ཚུལ་དྲུག་དང་བདུན་དང་དགུ་རྣམས་ལས། དང་པོ་ནི་རྩ་བའི་བརྒྱུད་པ་གསུམ་གྱི་སྟེང་། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ། ཤོག་སེར་ཚིག་གི་བརྒྱུད་པ་དང་གསུམ་སྟེ་དྲུག་གོ །གཉིས་པ་ནི་ཤོག་སེར་དོར་ཏེ་བཀའ་བབས་ལུང་བསྟན་དང་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་གཉིས་ཏེ་བདུན་ནོ། །གསུམ་པ་ནི་སྙན་བརྒྱུད་དམར་ཁྲིད་ཀྱི་བརྒྱུད་པ་དང་ཕྲིན་ལས་ཕྱག་བཞེས་ཀྱི་བརྒྱུད་པ་གཉིས་བསྣན་པས་དགུ་ཞེས་མཁན་པོ་ཡོན་ཏན་རྒྱ་མཚོ་གསུང་། ཁ་ཅིག་ཏུ་ནི་དམ་རྫས་མྱོང་གྲོལ་གྱི་བརྒྱུད་པ་ཞེས་ཕྱག་བཞེས་ཀྱི་དོད་དུ་འཇུག་པ་སོགས་འདྲེན་ཚུལ་དུ་མར་སྣང་ངོ་། །དཀྱུས་ཀྱི་དོན་འགྲོ་འདུལ་གླིང་པའི་གསུང་ལས། དེའང་བོད་ཀྱི་ཡུལ་འདིར་བསྟན་པའི་སྙིང་པོ་གསང་སྔགས་རྡོ་རྗེ་ཐེག་པ་སྤྱི་དང་ཁྱད་པར་ཟབ་མོ་གཏེར་གྱི་ཕྲིན་ལས་ཀྱིས་གདུལ་བྱ་མཐའ་ཡས་པ་གདུལ་བར་མཛད་པ་པོ་ནི་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཏེ། མྱང་འདས་ཀྱི་མདོ་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཅུ་དང་གཉིས་ཙམ་ན། །དྷ་ན་ཀོ་ཤའི་མཚོ་གླིང་དུ། །ང་བས་ལྷག་པའི་སྐྱེས་བུ་འབྱུང་། །ཞེས་ལུང་བསྟན་པ་ལྟར། སློབ་དཔོན་ཆེན་པོ་འདི་ཉིད་ལམ་རིམ་བགྲོད་ཀྱི་གང་ཟག་གམ་ས་ལ་གནས་པའི་འཕགས་པ་ཙམ་མ་ཡིན་པར། མི་དང་མི་མ་ཡིན་གདུལ་དཀའ་བ་རྣམས་ཐབས་སྣ་ཚོགས་པས་འདུལ་བའི་སླད་དུ་སངས་རྒྱས་འོད་དཔག་མེད་དང་མཉམ་མེད་ཤཱཀྱའི་རྒྱལ་པོ་སོགས་སྤྲུལ་པའི་སྐུར་བསྟན་པ་ཡིན་པས་དེའི་རྣམ་པར་ཐར་པ་འཕགས་ཆེན་རྣམས་ཀྱིས་ཀྱང་ཆ་ཙམ་བརྗོད་པར་མི་ནུས་མོད། ཕྲིན་ལས་ཀྱི་ཆེ་བའང་མ་འོངས་པའི་གདུལ་བྱ་དང་བསྟན་པའི་བཙས་སུ་དགོངས་ནས་རྒྱ་བལ་བོད་ཡུལ་རྣམས་སུ་ཆོས་ནོར་སྨན་རྩིས་རྟེན་དང་དམ་རྫས་ལ་སོགས་པ་གཏེར་ཁ་བགྲང་གིིས་མི་ལང་བ་ཞིག་སྦས་པར་མཛད། ཁྱད་པར་གཏེར་དུ་བཞུགས་པའི་ཟབ་ཆོས་ཕལ་མོ་ཆེ་མཁའ་འགྲོ་བརྡའི་ཡི་གེས་བཅིངས་པ་སྟེ། དེ་ནི་སྐལ་མཉམ་གྱི་གང་ཟག་ལས་གཞན་གྱིས་ཁྲོལ་མི་སྲིད་པས་ན། ཨོ་རྒྱན་ཆེན་པོའི་བཀའ་རྟགས་ཕྱག་རྒྱའི་རི་མོ་དངོས་ལ་ཐུག་པས་གང་ཟག་ཕལ་པའི་བརྒྱུད་པས་བར་དུ་མ་ཆོད་ཅིང་ཁུངས་བཙུན་པ་དང་། བརྡ་མ་བཅོས། ཚིག་མ་འཁྲུལ། དོན་མ་ནོར་བར་མཁའ་འགྲོ་གསང་བའི་བརྡ་བསྒྱུར་བས་གཞུང་ཟབ་ཅིང་བྱིན་རླབས་ཆེ་བ་དང་། སྐལ་བ་དང་མི་ལྡན་པའི་གང་ཟག་བློ་ཇི་ལྟར་སྒྲིན་ཀྱང་དམུས་ལོང་གིས་གླང་ཆེན་དཔྱད་པ་ལྟར་ཕྱོགས་ཙམ་ཡང་བརྟག་མི་བཟོད་པས་གཏེར་འབྱིན་སྐྱེས་བུ་ཉིད་ཕལ་པའི་སྤྱོད་ཡུལ་ལས་འདས་པར་ཡིད་ཆེས་ཤིང་། ཞེས་དང་། གང་འདུལ་གྱི་ཐབས་ལ་མཁས་པས་ཆོས་སྒོ་སྤྱི་དང་ཁྱད་པར་ཡོ་ག་རྣམ་པ་གསུམ་དང་འབྲེལ་བའི་རྒྱུད་ལུང་མན་ངག་ལས་ཚོགས་མཐའ་ཡས་པར་གསུངས། དེ་ཐམས་ཅད་གསང་བའི་བདག་མོ་དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་གྱིས་མི་བརྗེད་པའི་གཟུངས་ཀྱི་བཟུངས་ནས་བཀའི་བསྡུ་བ་མཛད། ཤོག་སེར་རིགས་ལྔར་མཁའ་འགྲོ་བརྡའི་ཡི་གེར་བཀོད། གཏེར་སྣོད་སྣ་ཚོགས་པར་འབྱུང་བས་མི་འཇིག་པའི་རྒྱས་བསྡམས། གཏེར་གནས་སོ་སོར་གུ་རུ་ཡབ་ཡུམ་ཁོ་ན་དང་རྗེ་འབངས་ལྷན་ཅིག་པ་བཅས་ཀྱིས་སྦས་ཏེ་གཏེར་སྲུང་ལ་གཉེར་དུ་གཏད། ཅེས་གསུང་ངོ་། །གཏེར་ཡིག་གི་དབྱེ་བ་ལའང་། ཡིག་རིགས་ཀྱི་སྒོ་ནས་བཞག་པ་དང་། ངོ་སྤྲོད་ཀྱི་སྒོ་ནས་དང་། གཏེར་ཤོག་ལ་འགོད་ཚུལ་གྱིས་དབྱེ་བ་སྟེ་གསུམ། དང་པོ་ལ་མཁའ་འགྲོའི་ཡི་གེ་ཡིན་མིན་གཉིས་ལས། དང་པོ་ཡིན་པ་ནི། ཐང་ཡིག །སྤུངས་ཡིག །བཤུར་ཡིག །ལྡེམ་ཡིག །སྦས་ཡིག །མཁར་བརྩེགས། ཐིག་ལེའི་ཡི་གེ །འཁྱིལ་ཆེན། འཁྱིལ་ཆུང་སོགས་དཔའ་བོ་དང་མཁའ་འགྲོ་རྣམས་ལ་གྲགས་པ་ཐུན་མིན་གྱི་ཡི་གེ་དང་། གཉིས་པ་མིན་པ་ནི། ལཉྩ། ཝརྟུ། བོད་ཡིག །རྫབ་གཤུར་སོགས་ཏེ། བོད་ཡིག་ལའང་ཚེག་མེད། འཕུལ་མེད། རྒྱན་མེད་དམ་འདོགས་མེད་དུ་བྲིས་པ་སོགས་དཀྱུས་དང་མི་འདྲ་བ་དང་། གཉིས་པ་ངོ་སྤྲོད་ཀྱི་སྒོ་ནས་དབྱེ་བ་ལ། ལྡེའུ་མིག་ཅན་དང་། རྐྱེན་ལས་ངེས་དང་། གཉིས་ལ་མི་ལྟོས་པ་ཞེས་གསུམ་དུ་འབྱུང་ངོ་། །གསུམ་པ་གཏེེར་ཤོག་ལ་འགོད་ཚུལ་གྱིས་དབྱེ་བ་ལའང་། སྣང་ཙམ་དང་། རྟེན་ཙམ་དང་། མཐར་ཆགས་གསུམ་དུ་འགོད་པ་སོགས་ཚུར་མཐོང་གི་གཞལ་བྱར་མ་གྱུར་པ་སློབ་དཔོན་ཆེན་པོའི་དོན་བརྒྱུད་བྱིན་རླབས་ཀྱི་ཕ་ཕོག་ཐོབ་པ་ཁོ་ན་ལ་རག་ལས་པ་ཡིན་ནོ། །ཤོག་སེར་རིགས་ལྔར་གྲགས་པ་ནི། དུང་ཤོག་དཀར་པོ། གསེར་ཤོག་སེར་པོ། མཆོང་ཤོག་སྨུག་པོ། གཡུ་ཤོག་ལྗང་སྐྱ། ལྕགས་ཤོག་ནག་པོ་ཞེས་འབྱུང་བས་ཐ་མལ་ཤོག་བུ་དང་མི་འདྲ། དེ་ཡང་ཕྱོགས་བཞི་དབུས་ལྔར་གཏེར་རིགས་བཅོ་བརྒྱད་སྦས་པ་ནི། ཤར་གཏེར་སྨིན་པ་འབྲས་བུའི་སྐོར། ལྷོ་གཏེར་འདྲིལ་པ་སྡོང་པོའི་སྐོར། ནུབ་གཏེར་གསལ་བ་མེ་ཏོག་གི་སྐོར། བྱང་གཏེར་གྱེས་པ་ཡལ་གའི་སྐོར། དབུས་གཏེར་ཟུག་པ་རྩ་བའི་སྐོར་དང་ལྔ། དེ་དག་རེ་རེར་ཡང་ཕྱི་ནང་གསང་བ་མ་ནིང་གི་དབྱེ་བས་གཏེར་རིགས་བཅོ་བརྒྱད་ཅེས་ཐང་ཡིག་དང་། དགོངས་འདུས་རྣམ་བཤད་སོགས་ལས་བཤད་དོ། །མདོར་ན་བསམ་ཡས་གཙུག་ལག་ཁང་གི་ཁོར་ཡུག་གཅིག་པུར་ཡང་འཛམ་གླིང་སྤྱི་ལ་དགོས་པའི་གཏེར་ཁ་ལྔ། བོད་ཁམས་སྤྱི་ལ་དགོས་པའི་གཏེར་ཁ་ལྔ། ས་ཡི་བཅུད་ལ་དགོངས་པ་འདོན་དུ་མི་གཏུབ་པའི་གཏེར་ཁ་ལྔ། བཏོན་ན་གཏེར་ཚབ་འཇུག་དགོས་པའི་གཏེར་ཁ་ལྔ། མ་བཏོན་ན་དངོས་གྲུབ་ཡལ་བར་གྱུར་པའི་གཏེར་ཁ་ལྔ་སྟེ་མིང་ཅན་ཉེར་ལྔ་དང་། མིང་མེད་གྲངས་ལས་འདས་པ་སྦས། ཐང་ཡིག་ལས། ལྷ་ཀླུ་མི་ཡི་ཡུལ་དུ་སྦས་པའི་གཏེར༔ གཏེར་གྱི་ངོ་བོ་ཟད་མི་ཤེས་པ་སྟེ༔ ངེས་ཚིག་མཚོན་དཔེ་ཡིད་བཞིན་ནོར་བུའི་གཏེར༔ དབྱེ་ན་གཏེར་གྱི་རིགས་བྱེད་བཅོ་བརྒྱད་དེ༔ གསང་གཏེར་ཟབ་གཏེར་ཐུགས་གཏེར་དགོངས་གཏེར་བཞི༔ རྫས་གཏེར་བླ་གཏེར་གཏེར་ཕྲན་གཏེར་སྨྱོན་དང༔ རྒྱ་གཏེར་བོད་གཏེར་རྗེ་གཏེར་ཡབ་གཏེར་བཞི༔ ཡུམ་གཏེར་མ་ནིང་གཏེར་དང་ཕྱི་གཏེར་གསུམ༔ ནང་གཏེར་བར་གཏེར་ནོར་གཏེར་བཅོ་བརྒྱད་དོ༔ ཞེས་སོ། །དེ་ཡང་གོ་བདེ་བར་བཀྲལ་ན། བླ་གཏེར་ཐུགས་གཏེར་ཟབ་གཏེར་གསུམ་ནི་བླ་རྫོགས་ཐུགས་གསུམ་མོ། །ཕྱི་གཏེར་ནང་གཏེར་གསང་གཏེར་གསུམ་ནི་བླ་སྒྲུབ་ཕྱི་ནང་གསང་གསུམ་མོ། །ཡབ་གཏེར་ཡུམ་གཏེར་ནི་ཡི་དམ་ཁྲོ་བོ་ཡབ་ཡུམ་གྱི་སྒྲུབ་ཐབས་སོ། །དགོངས་གཏེར་ནི་རིག་པ་འཛིན་པ་རྣམས་ཀྱི་མན་ངག་གི་བསྟན་བཅོས་རྒྱ་ཆེ་བ་རྣམས་སོ། །རྗེ་གཏེར་ནི་མན་ངག་ཟབ་མོའི་ཡི་གེ་རྣམས་སོ། །རྒྱ་གཏེར་ནི་ནག་རྩིས་དང་སྨན་དང་ས་བརྟག་འཁྱུད་སྤྱད་སྒྱུ་མའི་འཕྲུལ་འཁོར་ལ་སོགས་པའོ། །བོད་གཏེར་ནི་བོད་ཀྱི་སྨན་དང་རྩིས་ལ་སོགས་པ་བོན་ལ་གྲགས་པ་རྣམས་སོ། །གཏེར་ཕྲན་ནི་རྩ་བ་གསུམ་གྱི་སྒྲུབ་ཐབས་ཁ་ཡར་ཙམ་མོ། །གཏེར་སྨྱོན་ནི་ཕན་གནོད་ཀྱི་ལས་ཐབས་སྣ་ཚོགས་པའོ། །མ་ནིང་ནི་ཆོས་སྲུང་གི་སྒྲུབ་ཐབས་རྣམས་སོ། །བར་གཏེར་ནི་ཐུན་མོང་མདོ་སྔགས་གི་ཆོས་སྐོར་དང་། རྫས་གཏེར་ནོར་གཏེར་ནི་གོ་སླའོ། །དཀྱུས་མ་ཉིད་ནི། ཁྱད་པར་གུ་རུ་རྔ་ཡབ་གླིང་དུ་གཤེགས་རྗེས་མཚོ་རྒྱལ་ཉིད་མི་ལོ་བརྒྱ་ལྷག་ཙམ་བཞུགས་ནས་བོད་ཡུལ་སྟོད་སྨད་བར་གསུམ་དུ་གཏེར་ཁ་བསམ་གྱིས་མི་ཁྱབ་པ་སྦས་ནས་གཏེར་ཞབས་བསྡམས། གཞན་ཡང་པཎ་ཆེན་བི་མ་ལ་མི་ཏྲ། ཆོས་རྒྱལ་ཡབ་སྲས། ལོ་ཆེན་བཻ་རོ་ཙ་ན། གནུབས་སངས་རྒྱས་ཡེ་ཤེས་དང་ནམ་མཁའི་སྙིང་པོ། གཉགས་ཛྙཱ་ན་ཀུ་མཱ་ར་དང་སྣ་ནམ་རྡོ་རྗེ་བདུད་འཇོམས། ཉང་བན་ཏིང་འཛིན་བཟང་པོ་སོགས་ཀྱིས་ཀྱང་ཟབ་གཏེར་མང་དུ་སྦས་པ་རྣམས། ཕྱིས་འདུལ་བའི་དུས་སུ་སོན་པའི་ཚེ་བྱིན་རླབས་ལུང་བསྟན་དང་སྨོན་ལམ་ཐེབས་པའི་རྗེ་འབངས་སྐལ་ལྡན་རྣམས་ཀྱི་སྐྱེ་བ་དང་སྤྲུལ་པའི་སྒྱུ་འཕྲུལ་རིགས་དང་སྤྱོད་པ་མ་ངེས་པ་རིམ་པར་བྱོན་ནས་བསྟན་འགྲོའི་དོན་མཛད་པ་རྣམས་ནི་གཙོ་བོ་ས་གཏེར་གྱི་བྱོན་ཚུལ་ལོ། །ཡང་ཟབ་མོ་དག་སྣང་དང་དགོངས་གཏེར་གྱི་བྱུང་ཚུལ་ནི། དེའང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་ཁྱད་པར་ལས། ལུས་ཅན་རྣམས་ཀྱིས་བྱ་དང་ནི། །ཤིང་དང་འོད་ཟེར་ཐམས་ཅད་དང་། །ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། །རྒྱུན་མི་འཆད་པ་ཐོས་པར་ཤོག །ཅེས་པ་ལྟ་བུའི་སྨོན་ལམ་གྱི་མཐུ་བཙན་པའི་སྟོབས་ཀྱིས་འབྱུང་བའི་སྒྲ་དང་རི་དྭགས་ལྟ་བུ་ལས་ཀྱང་ཆོས་ཀྱི་སྒྲ་རྒྱུན་མི་འཆད་པར་གསན་ཅིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞལ་བསྟན་པ་དང་ཆོས་གསུང་བར་བཤད་དེ། བསོད་ནམས་ཐམས་ཅད་སྡུད་པ་ཏིང་ངེ་འཛིན་གྱི་མདོ་ལས། དྲི་མ་མེད་པའི་གཟི་བརྗིད། ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་བསམ་པ་ཕུན་སུམ་ཚོགས་པ་གུས་པ་དང་བཅས་པ་རྣམས་ནི། འཇིག་རྟེན་གྱི་ཁམས་གཞན་དུ་འདུག་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཞལ་སྟོན་པར་མཛད་ཅིང་ཆོས་ཀྱང་ཐོས་པར་མཛད་དོ། །ཞེས་གསུངས་ཤིང་། ཁྱད་པར་དུ་འཕགས་ཆེན་རྣམས་ཀྱི་གཟིགས་ངོར་དག་པའི་སྣང་བ་འབའ་ཞིག་ལས་མ་མཆིས་པས། དུས་གསུམ་རྟག་པ་རྒྱུན་གྱི་འཁོར་ལོར་རྩ་གསུམ་ལྷག་པའི་ལྷ་རབ་འབྱམས་དག་དང་ཆོས་ཀྱི་བགྲོ་བ་རྨད་དུ་བྱུང་བ་རྒྱུན་ཆགས་སུ་མཛད་པ་ལས་ཟབ་མོའི་གདམས་པ་མཐའ་ཡས་པ་བྱུང་བ་ནི། འཕགས་ཡུལ་གྱི་པཎ་གྲུབ་དུ་མ་དང་། བོད་ཡུལ་གྱི་གསར་རྙིང་རིས་མེད་དགེ་བའི་བཤེས་གཉེན་དང་གཏེར་སྟོན་གྲུབ་ཐོབ་རྣམས་ཀྱི་རྣམ་ཐར་ལས་བྱུང་བ་ལྟར་ཞེས་འབྱུང་བའི་དོན་ཕྱོགས་ཙམ་སྨྲ་ན། ཆོས་འབྱུང་ཁུངས་མ་རྣམས་ལས། འཇམ་དཔལ་རྩ་རྒྱུད་ནས་ལུང་བསྟན་པ་དགྲ་བཅོམ་པ་གྲགས་པས་བུམ་པ་བཟང་པོ་ཞིག་ནས་མདོ་ལ་སོགས་པའི་ཆོས་མང་པོ་བཏོན་པ་དང་། མདོ་མཛངས་བླུན་ལས་ཁྱིམ་བདག་ཞིག་གིས་ཀ་བ་ནས་བསྙེན་གནས་ཀྱི་ཆོ་ག་ཕྱུང་པར་སོག་ཟློག་པ་བློ་གྲོས་རྒྱལ་མཚན་པའི་བརྒལ་ལན་ལས་རྒྱས་པར་བསྟན་པ་དང་། ཐོ་གར་གྱི་ཡུལ་ནས་ཐེག་ཆེན་གྱི་མདོ་སྡེ་མང་པོ་དགེ་སློང་ནིར་ཝ་ན་རཀྵི་ཏས་ཕྱུང་པ་དང་། མངའ་བདག་མཻ་ཏྲི་པས་མཆོད་རྟེན་ཞིག་གི་སེར་ཁ་ནས་རྒྱུད་བླ་མ་དང་ཆོས་ཉིད་རྣམ་འབྱེད་ཕྱུང་པ་དང་། ཨོ་རྒྱན་གྱི་ཡུལ་ནས་ས་ར་ཧ་པས་སངས་རྒྱས་ཐོད་པ། ཀླུ་སྒྲུབ་ཀྱིས་རྡོ་རྗེ་གདན་བཞི། ལཱ་ལི་ཏས་འཇིགས་བྱེད་རྟོག་པ་བདུན་པ། ཀུ་ཀུ་རི་པས་མ་ཧཱ་མཱ་ཡཱ་རྣམས་སྤྱན་དྲངས་པ་དང་། དུར་ཁྲོད་དཔལ་གྱི་སྒྱུ་སྐར་རོལ་པ་ནས་དམ་པ་སངས་རྒྱས་པས་ཞི་བྱེད་ཀྱི་སྐོར་རྣམས་སྤྱན་དྲངས་པ་དང་། བ་རི་ལོ་ཙཱ་བས་སེང་གདོང་མའི་སྒྲུབ་སྐོར། གཉན་ལོ་ཙཱ་བ་དར་མ་གྲགས་ཀྱིས་ཀུ་རུ་ཀུལླེའི་སྒྲུབ་སྐོར། ཇོ་བོ་རྗེས་ལྷ་སའི་ཀ་བ་བུམ་པ་ཅན་ནས་ཇོ་ཁང་གི་དཀར་ཆག །ཀ་བ་ཤིང་ལོ་ཅན་ནས་བླ་མ་ཞང་དང་ཇོ་གདན་དཀོན་མཆོག་གྲགས་ཀྱིས་ཕན་གནོད་ཀྱི་ལས་ཚོགས་དང་། གཉལ་པ་ཉི་མ་ཤེས་རབ་ཀྱིས་བྱ་རྒོད་གཤོངས་ནས་རྣམ་སྲས་ཀྱི་སྒྲུབ་སྐོར། ལྷ་བཙུན་བྱང་ཆུབ་འོད་ཀྱིས་བསམ་ཡས་ནས་པུ་ཏྲ་མིང་སྲིང་གི་སྒྲུབ་སྐོར། རྒྱུད་ཆེན་སངས་རྒྱས་རྒྱ་མཚོས་ཆོས་རྒྱལ་གྱི་ལས་ཚོགས། ལྷོ་བྲག་གྲུབ་ཆེན་གྱི་ཕྱག་རྡོར་སྙན་བརྒྱུད། རྗེ་བཙུན་ས་སྐྱ་པ་ཆེན་པོ་ལ་འཇམ་དཔལ་གྱིས་གནང་བ་བློ་སྦྱོང་ཞེན་པ་བཞི་བྲལ་སོགས་མང་དུ་བྱུང་བ་རྣམས་སོ། །དཀྱུས་མ་ཉིད་སྨྲོས་ན། དེ་བཞིན་དུ་དགོངས་གཏེར་དུ་གྲགས་པ་རྣམས་ཀྱང་། མདོ་ལས། འཇམ་དཔལ་འབྱུང་བ་བཞི་ནི་ནམ་མཁའི་གཏེར་ནས་བྱུང་གི །དེ་བཞིན་དུ་ཆོས་ཐམས་ཅད་རྒྱལ་བའི་ཐུགས་གཏེར་ལས་འབྱུང་བས་གཏེར་གྱི་དོན་ལ་ལོངས་སྤྱོད་པ་ཤེས་པར་བྱོས་ཤིག །ཅེས་གསུངས་པ་དང་རྗེས་སུ་མཐུན་པར་འཕགས་པའི་གང་ཟག་རྣམས་ལ་དགོངས་པའི་ཀློང་ནས་ཆོས་ཀྱི་གཏེར་ཁ་བརྡོལ་དུ་ཡོད་པར་གསུངས་ཏེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་བསམ་པ་དག་པ་ལ་ནི་རང་གི་ཡིད་ཀྱིས་འདོད་པ་ཉིད་ལས་གདམས་ངག་དང་རྗེས་སུ་བསྟན་པ་ཐམས་ཅད་འབྱུང་ངོ་། །ཞེས་དང་། གཞན་ཡང་མདོ་ལས། དོན་ལ་ངེས་པའི་གདིང་རྙེད་ན། །སེམས་ལས་ཆོས་གཏེར་འབུམ་ཕྲག་བརྡོལ། །ཞེས་སོགས་གསུངས་པ་བཞིན་འཕགས་བལ་བོད་ལྗོངས་ཀུན་ཏུ་མཁས་གྲུབ་ཆེན་པོ་རྣམས་ཀྱི་ཟབ་མོ་དགོངས་པའི་གདམས་ཟབ་མཐའ་ཡས་པ་ཞིག་ད་ལྟའི་བར་དུ་བྱུང་བཞིན་པ་དང་། ཆོས་ནོར་དམ་རྫས་ལ་སོགས་པའི་སྒོ་འཕར་ཅི་དགར་འབྱེད་ཅིང་གྲོལ་བ་བཞི་ལྡན་གྱི་ཕྲིན་ལས་རྨད་དུ་བྱུང་བས་དུས་ངན་གྱི་མཐའ་མར་དམ་པའི་ཆོས་འཛིན་ཅིང་འདུལ་མདོའི་བསྟན་པ་མི་བཞུགས་པའི་གནས་སུའང་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་ནི་ཁོལ་བུ་ཁོལ་བུར་མི་ནུབ་དར་ཞིང་རྒྱས་ཏེ་འགྲོ་བ་འདུལ་དཀའ་བ་མཐའ་དག་སྒྲོལ་བའི་ཕྲིན་ལས་རྒྱ་ཆེ་ཞིང་རྒྱུན་ཆགས་པ་ཉིད་དེ། གུ་རུའི་གསུང་ལས། སྙིགས་མའི་དུས་སུ་བསྟན་མཐའ་གཏེར་གྱིས་སྐྱོང༔ ཞེས་ཇི་སྲིད་རྣམ་འདྲེན་ལྔ་པའི་བསྟན་པ་མ་ཤར་གྱི་བར་དུ་ཟབ་མོ་གཏེར་གྱི་ཕྲིན་ལས་ནམ་ཡང་མི་ནུབ་པར་གསུངས་སོ། །མདོར་ན་སྔོན་འཕགས་པའི་ཡུལ་དུ་གྲུབ་ཐོབ་ས་ར་ཧ་པ་དང་། དགའ་རབ་རྡོ་རྗེ། བི་རཱུ་པ། རྟ་མཆོག །ཀླུ་སྒྲུབ། པདྨ་འབྱུང་གནས། མཚོ་སྐྱེས། རོལ་པའི་རྡོ་རྗེ། སྤྱོད་འཆང་དབང་པོ་སོགས་ཀྱིས་སྤྱན་དྲངས་པར་བཤད་པའི་རྒྱུད་སྡེ་རྣམས་ཀྱང་དོན་དུ་གཏེར་གྱི་ཆོས་ཡིན་ཏེ། ཞེས་དང་། དེའི་ཕྱིར་མཚོན་བྱེད་ཡི་གེའི་རྒྱུད་རྣམས་རེ་ཞིག་བསྟན་པའི་སྣོད་མ་གཟིགས་པས་མི་མངོན་པའི་དབྱིངས་སུ་རྒྱས་བཏབ་ནས་མཁའ་འགྲོ་མ་རྣམས་ཀྱིས་གཉེར་བྱེད་ཅིང་བསྲུངས་པ་ལས། གྲུབ་པའི་སྐྱེས་བུ་དེ་དག་ལ་ལྷག་པའི་ལྷས་ལུང་བསྟན་ཅིང་དུས་ལ་བབས་པ་ན་ཨོ་རྒྱན་གྱི་གནས་དྷརྨ་གཉྫ་སོགས་སྔགས་ཀྱི་ཕོ་བྲང་ཆེན་པོ་རྣམས་སུ་མཁའ་འགྲོ་མའི་ཚོགས་ཀྱིས་གནང་བ་བྱིན་ཅིང་དབང་བསྐུར། གཏད་རྒྱ་བཀྲོལ་ནས་རྒྱུད་ཀྱི་གླེགས་བམ་བྱིན། ཞེས་དང་། དེ་བཞིན་དུ་བོད་ཀྱི་དབང་དུ་ན་སློབ་དཔོན་ཐམས་ཅད་གཟིགས་པས་ཕྱི་རབས་ཀྱི་གདུལ་བྱའི་སྣང་ཚུལ་ཇི་ལྟ་བར་མཁྱེན་ནས་ཟབ་ཅིང་རྒྱ་ཆེ་བའི་རྒྱུད་སྡེ་རྣམས་སྒྲུབ་ཐབས་ལས་ཚོགས་མན་ངག་སོགས་ལམ་གྱི་ཆ་རྐྱེན་ཚང་བ་རེ་མཛད་ཅིང་ཤོག་སེར་ཚིག་རྒྱུད་དུ་བཀོད་ནས་རིའི་སུལ། བྲག་གི་སྒྲོམ། གཡང་ཞག་གི་མཚོ་ལ་སོགས་པར་གཏེར་བདག་མི་མ་ཡིན་སོ་སོ་ལ་གཉེར་གཏད་ནས་མ་འོངས་པ་ན་ལས་སྐལ་དང་ལྡན་པའི་གང་ཟག་དེས་ཐོན་པར་ཤོག་ཅིག་པའི་སྨོན་ལམ་གྱི་གཏད་རྒྱ་དང་བཅས་མི་སྣང་བར་སྦས་པ། དུས་ཕྱིས་སྐལ་བ་དང་ལྡན་པའི་སྐྱེས་བུ་སྨོན་ལམ་གྱི་མཐུ་སད། དུས་རྟགས་དང་ལུང་བསྟན་འཛོམས། སློབ་དཔོན་ཆེན་པོས་དངོས་སུ་ཞལ་བསྟན་ཅིང་དབང་བསྐུར། གཏད་རྒྱ་ལུང་བསྟན་དང་བཅས་པས་དབུགས་དབྱུང་བ་ལ་བརྟེན། གཏེར་བདག་བཀའ་སྲུང་རྣམས་དམ་ཚིག་དང་བརྟུལ་ཞུགས་ཀྱི་ཟིལ་གྱིས་མནན་ནས་ཆོས་དང་ནོར་གྱི་གཏེར་ཅི་རིགས་པ་གཏེར་སྟོན་གྱི་ཕྱག་ཏུ་སོན་པས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་སྒྲུབ་པ་ནི་རྒྱལ་བའི་ཕྲིན་ལས་རླབས་པོ་ཆེའི་ཕྱོགས་གཅིག་ཡིན་ཏེ། འཕགས་པ་བསོད་ནམས་ཐམས་ཅད་སྡུད་པ་ཏིང་ངེ་འཛིན་གྱི་མདོ་ལས། དྲི་མ་མེད་པའིགཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི་སྔོན་སངས་རྒྱས་མཐོང་བའི་ལྷ་རྣམས་ཀྱིས་སྤོབས་པ་སྒྲུབ་པར་བྱེད་དོ། །དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཚེ་ཟད་ན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ལྷ་རྣམས་ཀྱིས་ཚེ་དང་སྟོབས་སྒྲུབ་པར་བྱེད་དོ། །སངས་རྒྱས་ཀྱི་བྱིན་གྱིས་བརླབས་དང་། ལྷའི་བྱིན་གྱིས་བརླབས་ཀྱིས་དེ་དག་འདོད་ན་ལོ་སྟོང་དུའང་འཁོད་དོ། །ཞེས་དང་། ཆོས་ཡང་དག་པར་སྡུད་པའི་མདོ་ལས། ཀུན་དགའ་བོ། གང་གིས་ཆོས་ཡོངས་སུ་གནས་པར་བྱ་བའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་དག་གླེགས་བམ་ལ་བྲིས་ཏེ་གཏེར་དུ་སྦས་ནས་མཆོད་ན། དེས་དེ་ཉིད་ཐོབ་པ་བཅུ་ཐོབ་སྟེ། ཀུན་དགའ་བོ། གང་གི་སྤྱན་རབ་ཏུ་ཐོབ་པས་སངས་རྒྱས་མཐོང་བའི་གཏེར་དང་། ལྷའི་རྣ་བ་རབ་ཏུ་ཐོབ་པས་ཆོས་ཉན་པའི་གཏེར་དང་། ཕྱིར་མི་ལྡོག་པའི་དགེ་འདུན་རབ་ཏུ་ཐོབ་པས་དགེ་འདུན་མཐོང་བའི་གཏེར་དང་། རིན་པོ་ཆེའི་ལག་པ་རབ་ཏུ་ཐོབ་པས་ཟད་མི་ཤེས་པའི་གཏེར་དང་། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པས་གཟུགས་ཀྱི་གཏེར་དང་། གཡོག་མི་ཕྱེད་པས་གཡོག་གི་གཏེར་དང་། སྤོབས་པ་རབ་ཏུ་ཐོབ་པས་དམ་པའི་གཏེར་དང་། ཕས་ཀྱི་རྒོལ་བ་ཚར་གཅོད་པས་མི་འཇིགས་པའི་གཏེར་དང་། སེམས་ཅན་ཉེ་བར་འཚོ་བས་འཚོ་བ་བསོད་ནམས་ཀྱི་གཏེར་རོ། །ཞེས་པ་ལ་སོགས་བདེ་བར་གཤེགས་པས་སེང་གེའི་སྒྲ་བསྙོན་དུ་མེད་པར་བསྒྲགས་པ་ལས་ལེགས་པར་ཁོང་དུ་ཆུད་པར་བྱའོ། །ཞེས་སོགས་རྒྱ་ཆེར་གསུངས་པ་ལས་ཤེས་སོ། ༧ །དེ་ལྟར་གསང་ཆེན་གཏེར་མའི་ཆོས་སྐོར་འདི་ལ་བཀའ་དགོངས་ཕུར་གསུམ་མམ། བླ་རྫོགས་ཐུགས་གསུམ་གཙོ་བོར་གྱུར་པའི་བསྐྱེད་རྫོགས་སྒྲུབ་འཕྲིན་དང་། མན་ངག་ལས་ཚོགས་ཟབ་ལ་མང་བ་བཞུགས། དེ་ལ་བཀའ་དགོངས་ཕུར་གསུམ་ནི་གཙོ་བོ་ཡི་དམ་གྱི་སྒྲུབ་ཐབས་འགངས་ཆེ་བ་དག་ཡིན་ཡང་དོན་དུ་རྩ་བ་གསུམ་གྱི་སྒྲུབ་ཐབས་ཆིག་དྲིལ་དུ་གནས་ཤིང་། བྱེ་བྲག་ཏུ་གཏེར་ཁ་སྣ་ཚོགས་ལས་བླ་མའི་སྒྲུབ་ཐབས་གཙོ་བོར་བྱས་པ་བླ་མ་བཀའ་བརྒྱད་དང་བླ་མ་དགོངས་འདུས། དེ་བཞིན་དུ་ཡི་དམ་དང་མཁའ་འགྲོ་གཙོ་བོར་བཞེངས་པ་ལ་ཡི་དམ་བཀའ་བརྒྱད་དང་ཡི་དམ་དང་མཁའ་འགྲོ་དགོངས་འདུས་སོགས་ཀྱང་ཡོད་པར་ཤེས་ནུས་སོ། །ནང་རྒྱུད་སྡེ་གསུམ་ལས་མ་ཧཱ་དང་ཨ་ནུའི་ཆོས་སྐོར་དུ་ངེས་ཀྱང་། ཁ་ཅིག་མན་ངག་སྙིང་ཐིག་གི་ལུགས་ལྟར་བཀྲལ་པའི་དབང་དུ་ན་ཨ་ཏིའི་མ་ཧཱ་དང་ཨ་ནུར་འཇོག་པར་རུང་ངོ་། །དེ་ལ་ཐོག་མར་སྒྲུབ་ཆེན་བཀའ་བརྒྱད་ཀྱི་གཞུང་རྣམས་ནི། ལོངས་སྤྱོད་རྫོགས་པའི་ཚོམ་བུ་ཞི་བ་ལྷུན་གྱིས་གྲུབ་པ་དང་ཁྲོ་བོ་མངོན་པར་འབྱུང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀུན་གྱི་མི་ཟད་རྒྱན་གྱི་འཁོར་ལོའམ་ངེས་དོན་སྒྱུ་འཕྲུལ་དྲྭ་བའི་ཡོན་ཏན་མ་ལུས་པ་འདུས་པའི་བདག་ཉིད། སྒྲུབ་སྡེ་བཀའ་བརྒྱད་ཀྱི་ལྷ་ཚོགས་ཁྱབ་བདག་སྤྲུལ་སྐུའི་རྣམ་པར་ཤར་བ་ཚོམ་བུ་ལྔའམ་བརྒྱད་དུ་བཞུགས་པ། རིག་འཛིན་གྱི་སློབ་དཔོན་ལྔ་ལ་སྒྲུབ་སྡེ་བཀའ་མའི་ཆོས་སྐོར་དང་། དུར་ཁྲོད་ཆེན་པོ་བསིལ་བ་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པ་ལས་སྒྲུབ་སྡེ་གཏེར་མའི་ཆོས་སྐོར་རྣམས་གྲུབ་པའི་སློབ་དཔོན་བརྒྱད་ལ་བཀའ་བབས་སོ་སོར་བརྙེས། བདེ་གཤེགས་འདུས་པ་ཚོམ་བུ་གཅིག་ཏུ་རྫོགས་པའི་དབང་དང་སྒྲུབ་ཐབས་ལས་ཚོགས་ཀྱི་བརྒྱུད་སྲོལ་ཡོངས་རྫོགས་ནི་སློབ་དཔོན་པདྨ་ཉིད་ལ་འདུས་ཤིང་། རིམ་པར་སློབ་དཔོན་ཆེན་པོས་ཟ་ཧོར་ཡུལ་ཁམས་ཐམས་ཅད་གདུལ་བྱའི་ཞིང་དུ་གཟིགས་ཏེ་མེ་དཔུང་མཚོ་རུ་བསྒྱུར་བའི་རྫུ་འཕྲུལ་གྱིས་ཐམས་ཅད་དད་པའི་ས་ལ་བཀོད། རྒྱལ་པོ་གཙུག་ལག་འཛིན་གྱིས་སྲས་མོ་ལྷ་ལྕམ་ཇོ་མོར་ཕུལ་ཏེ་ཕྱག་དགུ་ཕྲུགས་སུ་བཙལ་ནས་ཞུས་པ། ཀྱེ་སློབ་དཔོན་ཆེན་པོ་ལགས། བདག་ལ་གསང་སྔགས་ཀྱི་ཆོས་ཟབ་ལ་རྒྱ་ཆེ་བ། མདོ་རྒྱུད་ཀྱི་གནད་རྣམས་མ་ཚང་བ་མེད་པ། ཐོས་བསམ་དང་དཀའ་ཐུབ་རྒྱ་ཆེན་པོ་ལ་ལྟོས་མ་དགོས་པ། ཚེ་གཅིག་ལ་འཚང་རྒྱ་བའི་ཆོས་ཐེག་པ་ཀུན་གྱི་གནད་འདུས་པ། ཆ་ཚང་གཅིག་ཏུ་བསྒྲིལ་པའི་ཆོས་ཤིག་གནང་བར་མཛོད་ཅེས་གསོལ་བ་བཏབ་པ་བཞིན་རྒྱལ་པོས་དབུ་མཛད་རྗེ་འབངས་ཉི་ཤུ་རྩ་གཅིག་ལ། མཁའ་འགྲོ་འཁྲིགས་པའི་དབེན་གནས་དུར་ཁྲོད་ཆེན་པོ་དགའ་བའི་ཚལ་དུ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་དང་བཅས་བདེ་གཤེགས་འདུས་པའི་སྨིན་གྲོལ་གདམས་པ་རྣམས་རྫོགས་པར་བསྩལ། བར་དུ་ཨོ་རྒྱན་རྒྱལ་ཁམས་སུ་རྗེ་འབངས་འཁོར་དང་བཅས་པ་ལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དབང་བསྐུར་ཞིང་། རྒྱུད་བཤད་པ་དང་གསང་སྔགས་ཀྱི་ཆོས་འཁོར་དཔག་ཏུ་མེད་པ་བསྐོར་བས་རྒྱལ་པོ་ཨིནྡྲ་བོ་དྷི་འཁོར་ལས་ཅན་གྱི་ཚོམ་བུ་དང་བཅས་རིག་པ་འཛིན་པའི་ས་ལ་བཀོད་པར་མཛད། ཕྱིས་བོད་དུ་བྱོན་པའི་ཚེ་མངའ་བདག་ཁྲི་སྲོང་གིས་སློབ་དཔོན་ཆེན་པོ་ལ་སྤྱན་གཟིགས་ཀྱི་མཆོད་པ་དང་། ལོངས་སྤྱོད་ཀྱི་དངོས་པོ་དཔག་ཏུ་མེད་པ་ཕུལ་ཏེ་གསང་སྔགས་ཀྱི་དབང་བསྐུར་སྩོལ་བར་གསོལ་བ་བཏབ་པ་ལ། བསམ་ཡས་མཆིམས་ཕུ་བྲག་དམར་ཀེའུ་ཚང་དུ་རྒྱལ་པོས་དབུ་མཛད་རྗེ་འབངས་ཉེར་ལྔ་ལ་བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་བསྐུར་ཞིང་རྒྱུད་དང་མན་ངག་རྒྱ་ཆེར་བསྟན། ཕྱི་རབས་ཀྱི་དོན་དུ་ཡི་གེར་བཀོད་པ་ཟབ་གཏེར་བཀའ་རྒྱས་བཏབ་སྟེ་རྡོ་རྗེའི་ཆོས་སྲུང་རྣམས་ལ་གཉེར་བྱང་གཏད། སྲིན་ཡུལ་དུ་གཤེགས་ལ་ཉེ་བའི་ཚེ་ཁྲ་འབྲུག་ཏུ་ལྷ་སྲས་མུ་ཁྲི་བཙན་པོ་འཁོར་བློན་འབངས་དང་བཅས་པ་ལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྨིན་གྲོལ་གྱི་གདམས་པ་མང་དུ་གནང་བ་སོགས་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཆེ་བ་མིག་སྟོང་ལྡན་པས་འཇིག་རྟེན་ཀུན་ཏུ་བཙལ་ཀྱང་རྙེད་པར་མི་འགྱུར་བ་སྔ་འགྱུར་གྱི་ཁྱད་ཆོས་རྨད་དུ་བྱུང་བ་ཡིན་ལ། ཕྱིས་མངའ་བདག་ཉང་རལ་པ་ཅན་གྱི་ཆོས་རྒྱལ་ཆེན་པོའི་བླ་དཔེ་དངོས་བཀའ་བརྒྱད་བདེ་གཤེགས་འདུས་པ། གུ་རུ་ཆོས་ཀྱི་དབང་ཕྱུག་གི་བཀའ་བརྒྱད་གསང་བ་ཡོངས་རྫོགས། གུ་རུ་ཨོ་རྒྱན་གླིང་པའི་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་སྟེ་བཀའ་བརྒྱད་རྣམ་གསུམ་ཞེས་གཙོ་བོར་གྲགས་པ་དང་། གཞན་ཡང་རིག་འཛིན་རྒོད་ཀྱི་ལྡེམ་ཕྲུ་ཅན་གྱི་བཀའ་བརྒྱད་རང་བྱུང་རང་ཤར་སོགས་གཏེར་ཁ་གཞན་ལས་ཀྱང་རྒྱ་ཆེར་བྱུང་ངོ་། །བཀའ་བརྒྱད་སྟོང་ཐུན་ལས་གསལ་བ་ལྟར་ན། སྙིང་དང་འདྲ་བ་ཉང་གི་བདེ་གཤེགས་འདུས་པ། སྙིང་ཁྲག་དང་འདྲ་བ་ཆོས་དབང་གི་གསང་བ་ཡོངས་རྫོགས། དྭངས་མ་དང་འདྲ་བ་བྱང་གཏེར་རང་བྱུང་རང་ཤར་ཏེ་བཀའ་བརྒྱད་རྣམ་གསུམ་དང་། དེ་དག་གི་སྟེང་དུ་སྲོག་དང་འདྲ་བ་པདྨ་གླིང་པའི་ཐུགས་ཀྱི་མེ་ལོང་། ལུས་དང་འདྲ་བ་བསམ་གཏན་བདེ་ཆེན་གླིང་པའི་ཡང་གསང་དྲེགས་འདུལ་ཏེ་ཐུགས་གཏེར་ཆེན་པོ་ལྔ་དང་། དེ་རྣམས་ཀྱི་ཁར་རྡོ་རྗེ་གླིང་པའི་གསང་རྫོགས་དྲག་སྔགས་འདུས་པ། འཇའ་ཚོན་ཧཱུྃ་ནག་མེ་འབར་གྱི་དངོས་གྲུབ་སྙིང་པོ། ཀློང་གསལ་སྙིང་པོའི་བདེ་གཤེགས་ཡོངས་འདུས། པདྨ་འོད་གསལ་མདོ་སྔགས་གླིང་པའི་ཁྲག་འཐུང་བདེ་གཤེགས་འདུས་པ་རྣམས་བསྣན་པས་ཕྱི་དུས་སུ་བཀའ་བརྒྱད་རྣམ་དགུ་ཞེས་ཟེར་རོ། །ཐུགས་སྒྲུབ་དཔལ་ཆེན་འདུས་པའི་བསྙེན་ཡིག་ལས་དེང་སང་ཡང་བཀའ་བརྒྱད་ཀྱི་ལམ་སྲོལ་འདྲ་མིན་བཅུ་དགུ་ཙམ་ཡོད་པར་གསུངས་ལ། ཟབ་གཏེར་ཇི་སྙེད་པའི་སྙིང་པོར་གྱུར་པའང་མན་ངག་གི་གཞུང་ལས། གསང་ཆེན་རྒྱུད་སྡེ་རྒྱ་མཚོ་ཀུན༔ སྒྲུབ་སྡེ་ཆེན་པོ་བརྒྱད་ལ་འདུས༔ རིག་འཛིན་བརྒྱད་དང་མཁས་པ་བཞི༔ གོང་འོག་རྒྱ་མཚོ་ལྟ་བུའི་འཇིངས༔ བརྒལ་བར་མི་ནུས་བློ་ཅན་ལ༔ བཅུད་དྲིལ་འདི་ལས་གཞན་མ་གསུངས༔ ཞེས་དང་། ཨོ་རྒྱན་ཆེན་པོས། གསང་སྔགས་དོན་གྱི་སྙིང་པོ་འདི་ཁོ་ན༔ སྒྲུབ་ཆེན་འདི་ཡི་མིང་ཙམ་སུ་གང་འཛིན༔ ཨོ་རྒྱན་ང་དང་སྙིང་ཁྲག་གཅིག་ཏུ་འདྲེས༔ ཞེས་གསུངས་སོ། ༧ །བླ་མ་དགོངས་འདུས་ནི་སྔོན་ཨོ་རྒྱན་གྱི་ཡུལ་ལམ་འཕུར་འགྲོའི་རྒྱལ་ཁམས་སུ་སློབ་དཔོན་ཆེན་པོས་གསང་སྔགས་ཀྱི་ཆོས་འཁོར་མང་དུ་བསྟན་ཏེ་གདུལ་བྱ་ཐམས་ཅད་བདེ་ཆེན་གྱི་ས་ལ་བཀོད། རིམ་པར་སངས་རྒྱས་འོད་དཔག་མེད་ལས་རྩ་རྒྱུད་པད་སྡོང་བརྩེགས་པ་དང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་དྲུག་རྣམས་ཞུས། རྒྱུད་སྡེ་འདི་དག་ལ་བླ་མ་དགོངས་པ་འདུས་པ་ཞེས་བྱ་ཞིང་། གྲུབ་པ་དང་དྲང་སྲོང་རིག་པ་འཛིན་པའི་ཚོགས་དཔག་ཏུ་མེད་པ་གྲོལ་བར་མཛད། བོད་དུ་ཆོས་རྒྱལ་ཁྲི་སྲོང་ཡབ་སྲས་འཁོར་དང་བཅས་པས་གསུང་གི་དབེན་གནས་བསམ་ཡས་མཆིམས་ཕུར་སངས་རྒྱས་གཉིས་པ་ལ་མངའ་རིས་ལོངས་སྤྱོད་ཐམས་ཅད་ལྟོས་པ་མེད་པར་ཕུལ་ཏེ། སྨིན་གྲོལ་གྱི་གདམས་པ་གཞན་ལས་མ་བརྒྱུད་པ། གུ་རུ་ཉིད་ཀྱི་ཐུགས་མཛོད་དཔལ་བེའུ་ལས་ཕྱུང་པ་ཞིག་དགོས་ཞེས་གསོལ་བའི་ངོར། རྒྱུད་ལུང་མན་ངག་གི་གནད་ཐམས་ཅད་གཅིག་ཏུ་འདུས་པ། ལས་ཅན་གྱི་སྐྱེས་བུ་ཚེ་གཅིག་ལ་ཟུང་འཇུག་གདོད་མའི་རྒྱལ་སར་འཕོ་བར་བྱེད་པ། བླ་མ་དགོངས་པ་འདུས་པའི་རྒྱུད་སྒྲུབ་ཐབས་ལེ་ལག་དང་བཅས་པའི་སྨིན་གྲོལ་རྣམས་རྒྱས་པར་བསྩལ། སྒྲུབ་ཐབས་རྣམས་མི་བརྗེད་པའི་གཟུངས་ཐོབ་པ་རྣམས་ཀྱིས་འཕྲུལ་ཡིག་གསེར་གྱི་པ་ཏྲ་ལ་བཀོད། བཀའ་གཙིགས་ཀྱི་ཕྱག་རྒྱ་དང་བཅས་ཆོས་སྐོར་རྣམས་ཀོང་ཡུལ་གྱི་ལུང་ཕྲན་པདྨ་ཁ་ཕྱེས་པ་འདྲ་བའི་གནས་བྲག་རྫོང་པུ་རི་ཕུག་མོ་ཆེར་གཏེར་དུ་སྦས་ཤིང་། མ་འོངས་པ་ན་ལྷ་སྲས་འབྲིང་པོ་མུ་རུབ་བཙན་པོས་བཏོན་ཏེ་བསྟན་པ་མ་སྟོངས་ཀྱི་བར་དུ་འགྲོ་དོན་རྒྱ་ཆེར་འབྱུང་བར་ལུང་བསྟན་པ་བཞིན། ཕྱིས་སུ་ལྷ་སྲས་ཀྱི་རྣམ་སྤྲུལ་གཏེར་སྟོན་སངས་རྒྱས་གླིང་པས་དགུང་གྲངས་ཉེར་ལྔའི་ཐོག་བླ་མ་དགོངས་པ་འདུས་པའི་ཆོས་སྐོར་རྣམས་གདན་དྲངས་པ་ལས། ད་ལྟའི་བར་འགྲོ་དོན་མཐའ་རྒྱས་སུ་བཞུགས་སོ། །ཇི་སྐད་དུ། ཡབ་སྲས་རྣམས་ཀྱིས་ཡང་ཡང་ཞུས་པའི་དོན༔ རྒྱལ་བ་རྣམས་ཀྱི་དགོངས་དོན་མདོ་རྒྱུད་ཀྱི༔ གནད་སྡུད་ཨོ་རྒྱན་ཟབ་གཏེར་རིག་འཛིན་རྣམས༔ གྲོལ་ལམ་ཟབ་ཆིངས་མན་ངག་བསྐྱེད་རྫོགས་མཐིལ༔ དགོངས་འདུས་གསེར་ཞུན་མཁའ་འགྲོའི་སྙིང་ཁྲག་ཕྱུང༔ ཞེས་གསུངས་ཤིང་། འདི་ཡི་དབང་ལན་གཅིག་ཐོབ་པས་གསང་སྔགས་ཀྱི་དབང་བསྐུར་ཐམས་ཅད་རྫོགས་པ་དང་ཁྱད་པར་མ་མཆིས་ཤིང་། ལུང་ལན་གཅིག་ཐོབ་པས་ཀྱང་གསུང་རབ་ཐམས་ཅད་ལ་འཇུག་རུང་བར་གསུངས་པ་སོགས་ཕན་ཡོན་ཚད་མེད་པར་བསྟན་ཏོ། །འོན་ཀྱང་བླ་སློབ་རྡོ་རྗེ་མཆེད་ལྕམ་དཀྱིལ་འཁོར་གཅིག་གིས་བསྡུས་པ་རྣམས་དམ་ཚིག་སྲོག་གི་གཏའ་རུ་གཟུང་བས་ཁྲེལ་དང་ངོ་ཚ་ལ་གནས་པ་དགོས་ཏེ། དམ་ཚིག་བཀོད་པའི་རྒྱུད་ལས། དམ་ཚིག་དམ་ཚིག་ཅེས་བྱ་བ། །མདོར་ན་རང་སེམས་གཙང་མར་བསྲུང་། །འདི་ནི་དམ་ཚིག་རྨད་པོ་ཆེ། །སངས་རྒྱས་ཀུན་གྱིས་བསྟན་པར་མཛད། །ཅེས་པ་ལྟར་གཡོ་སྒྱུ་ངོ་ལྐོག་མེད་པ་ལ་འཇུག་པར་འཚལ་ལོ། ༧ །ཕུར་པ་རྡོ་རྗེ་གཞོན་ནུའི་ཆོས་སྐོར་ནི། སྤྱིར་སློབ་དཔོན་པདྨ་ཐོད་ཕྲེང་རྩལ་ལས་བརྒྱུད་པའི་ཕུར་པ་བཀའ་མ་ལ་རྒྱལ་པོའི་ལུགས་དང་། ཇོ་མོའི་ལུགས་དང་། ལྕམ་ལུགས་དང། རོང་ལུགས་དང་། ལྷ་ནག་དང་། ལྷ་ཁྲ་དང་། འཁོན་ལུགས་སོགས་མང་དུ་བཞུགས་པ་དེ་དག་གི་དགོངས་དོན་སྙིང་པོར་དྲིལ་བ་སྟོད་ལས་བྱང་ཆུབ་སྒྲུབ་པ་དང་། སྨད་ལས་དགྲ་བགེགས་སྒྲོལ་བའི་ལས་མཐའ་སོགས་སྙིགས་དུས་ཚེ་ཐུང་གཅིག་ལ་རང་གཞན་དོན་གཉིས་ལྷུན་གྲུབ་ཏུ་སྤྱོད་པའི་འཇུག་སྒོ་རྒྱུད་ལུང་མན་ངག་མཐའ་ཡས་པ་ཐལ་འབྱིན་རྣམ་བཞིའི་རང་བཞིན་རྣམས་ལས་ཅན་རྗེ་འབངས་རྣམས་ལ་བརྣོོག་ཆོས་སུ་བསྩལ། དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་སོགས་དག་པའི་འཁོར་རྣམས་ཀྱིས་བརྡ་ཡིག་ཤོག་སེར་དུ་བཀོད་དེ་དབེན་གནས་སོ་སོར་རྒྱས་བཏབ་པ་རྣམས་ཕྱི་དུས་སུ་ལུང་བསྟན་དུས་ལ་བབས་པའི་ཚེ་གཏེར་འབྱིན་གྱི་སྐྱེས་བུ་ཐོག་བབས་སུ་བྱོན་ཏེ་ཟབ་ཆོས་སྨིན་གྲོལ་ཅི་དགར་འགྱེད་ཅིང་འབྲེལ་ཚད་བཛྲ་ཀུ་མཱ་རའི་གོ་འཕང་ལ་འགོད་པའི་ཕྲིན་ལས་རྒྱ་ཆེ་རྒྱུན་མི་ཆད་པ་སྟེ། ཇི་སྐད་དུ་གུ་རུ་ཉིད་ཀྱི་ཞལ་གདམས་ལས། སྤྱིར་ཡི་དམ་གྱི་གཙོ་བོ་ཕུར་པ་ལ་བྱ༔ ཡི་དམ་གཞན་སྒྲུབ་ཀྱང་རྡོ་རྗེ་གཞོན་ནུ་སྲུང་མའི་ཚུལ་དུ་སྒྲུབས༔ ཅེས་དང་། ཁ་བྱང་ལས། སྤྱིར་ནི་ལྔ་བདོའི་དུས་ཀྱི་མཐའ་མའི་ཚེ༔ ཕྲིན་ལས་ལས་ཀྱི་གདུལ་བྱ་དུས་ལ་བབས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་མ་གཏོགས་པ༔ ལྷ་གཞན་བསྒྲུབས་ཀྱང་ལམ་དུ་འགྲོ་དཀའ་ཞིང༔ གྲུབ་འབྲས་མངོན་དུ་གྱུར་པ་ཤིན་ཏུ་དཀོན༔ བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ གངས་ཅན་བོད་ཀྱི་ས་གནས་ཐམས་ཅད་དུ༔ ཕུར་རྒྱུད་འདྲ་མིན་བརྒྱ་ཙམ་གཏེར་དུ་སྦས༔ སྙིང་པོའི་ཡང་ཞུན་བཅུད་དུ་དྲིལ་བ་ཡི༔ གདམས་པའི་མཆོག་གྱུར་འདི་ལས་ཡོད་རེ་ཀན༔ ཉམས་སུ་ལེན་པའི་ལས་ཅན་སྐལ་ལྡན་རྣམས༔ འབྲེལ་བ་ཙམ་གྱིས་རིག་འཛིན་གྲལ་དུ་འཁོད༔ འདི་ཉིད་སྒྲུབ་རྒྱུན་འཛིན་པའི་ཡུལ་དེ་རུ༔ བདེ་གཤེགས་ཀུན་འབྱུང་ཕྱོགས་ལས་རྣམ་རྒྱལ་འགྱུར༔ ཞེས་གསུངས་པ་ལྟར་སྙིགས་དུས་སུ་བྱང་ཆུབ་སྒྲུབ་པའི་བར་ཆད་ཀྱི་མཚན་མ་མཐའ་དག་རྩ་སྦུར་མེ་ཡིས་བསྲེགས་པ་བཞིན་རང་སྟོབས་ཀྱིས་ཞི་ཞིང་། མཆོག་ཐུན་དངོས་གྲུབ་བདེ་བླག་ཏུ་སྨིན་པའི་ཕྲིན་ལས་ཁྱད་དུ་འཕགས་པའི་རྒྱུས་ཕུར་པའི་སྒྲུབ་ཐབས་ཟུར་དུ་ཕྱུང་པ་ལས་ཟབ་ཆོས་གཏེར་བྱོན་མང་དུ་མཆིས་ཀྱང་། ཐམས་ཅད་ཀྱི་སྙིང་པོ་གཅིག་ཏུ་འདུས་པ་ནི་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཕུར་པ་ཡང་གསང་སྤུ་གྲི། པདྨ་གླིང་པའི་ཕུར་པ་སྲོག་གི་སྤུ་གྲི། བདུད་འདུལ་གླིང་པའི་ཕུར་པ་གནམ་ལྕགས་སྤུ་གྲི་སྟེ་སྤུ་གྲི་རྣམ་གསུམ་ཞེས་ཀུན་ལ་གྲགས་ཤིང་གཙོ་བོར་བསྔགས་ཀྱང་། བྱང་གཏེར་ཕུར་པ་ལྷ་ནག་སྤུ་གྲི། རཏྣ་གླིང་པའི་ཕུར་པ་ཡང་གསང་བླ་མེད་སོགས་ཀྱང་རྒྱུན་མ་ཉམས་ཤིང་འགྲོ་དོན་མཐའ་རྒྱས་སུ་བཞུགས་སོ། །བཀའ་དགོངས་ཕུར་གསུམ་གྱི་གནད་རྣམས་ཤེས་པར་འདོད་པས་རིག་འཛིན་སྔགས་ཀྱི་སློབ་དཔོན་ལ་བསྟེན་ནས་རིམ་པ་བཞིན་བཀའ་བརྒྱད་རྣམ་བཤད་དངོས་གྲུབ་སྙིང་པོ། སྒྲུབ་པ་བཀའ་བརྒྱད་ཀྱི་འབྲུ་འགྲེལ་རིན་པོ་ཆེའི་ཕྲེང་བ། བཀའ་བརྒྱད་གསང་རྫོགས་ཀྱི་བསྙེན་ཡིག་བསམ་འཕེལ་དབང་གི་རྒྱལ་པོ། བཀའ་བརྒྱད་སྟོང་ཐུན་གདོང་ལྔའི་གད་མོ། སྨན་ལུང་པའི་གསང་འདུས་རྒྱུད་ཀྱི་སྤྱི་དོན་རྣམ་པར་གཞག་པ། དགོངས་འདུས་ཀྱི་རྣམ་བཤད་མཁྱེན་བརྩེའི་མེ་ལོང་འོད་ཟེར་བརྒྱ་པ། དགོངས་འདུས་འགྲེལ་པ་གཟི་ལྡན་འཆར་ཀའི་འོད་སྣང་། ཕུར་པའི་རྣམ་བཤད་རིག་འཛིན་ཞལ་ལུང་སོགས་ལ་འཇུག་གོ ༈ །བླ་རྫོགས་ཐུགས་གསུམ་ནི། རྩ་བ་གསུམ་གྱི་སྒྲུབ་ཐབས་ཡན་ལག་དང་བཅས་པ་གུད་དུ་ཕྱུང་པ་ལ་རྫོགས་རིམ་གྱི་དམར་ཁྲིད་གཙོ་བོ་མཁའ་འགྲོའི་སྒྲུབ་ཐབས་ཀྱི་ཁོག་ནས་གསལ་བར་སྟོན་པ་ཡིན་ལ། བླ་མ་ཡི་དམ་གྱི་ཆོས་སྐོར་ལས་རྫོགས་རིམ་སྟོན་པ་ཡོད་མོད་ཀྱི་རྒྱས་པར་བསྟན་པ་རང་མེད་དོ། །འདི་གསུམ་གྱི་ཚུལ་ལ་སྔར་གྱི་བཞེད་པ་དགོད་པ་དང་། བརྟག་ཅིང་དཔྱད་པའི་ས་བོན་རྣམ་པར་གཞག་པ་གཉིས་ལས། དང་པོ་ལས། བྱིན་རླབས་ཀྱི་རྩ་བ་བླ་མའི་སྒྲུབ་ཐབས་གཏེར་ཁ་དུ་མ་ལས་བྱུང་བ་ནི། སློབ་དཔོན་ཆེན་པོའི་ཞལ་ནས། ཁྱད་པར་བོད་ཀྱི་ཆོས་བྱེད་ཀུན་གྱི་བླ་མ་ནི་བདག་ཁོ་ན་ལ་ཐུག་པ་ཡིན་ཏེ། ཞེས་དང་། འཛམ་གླིང་སྤྱི་དང་། བྱེ་བྲག་གདོང་དམར་བོད་ཀྱི་རྒྱལ་ཁམས་འདུལ་བའི་ཕྱིར་ཆེད་དུ་སྤྲུལ་པ་ཡིན་པས་ན། ད་ལྟར་བཞུགས་པའི་ཆོས་རྒྱལ་ལོ་པཎ་སྐྱེས་མཆོག་རྣམས་དང་། མ་འོངས་པ་ན་བོད་ཁམས་འདིར་སངས་རྒྱས་ཀྱི་བསྟན་པ་ནམ་གནས་ཀྱི་བར་དུ་འབྱོན་པར་འགྱུར་བའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱང་། བདག་པདྨ་འབྱུང་གནས་ཀྱི་ཐུགས་ཡེ་ཤེས་ཆེན་པོའི་ངང་ལས་གང་འདུལ་སྒྱུ་འཕྲུལ་དྲྭ་བར་བསྟན་པ་ཙམ་ཡིན་ནོ། །ཞེས་དང་། གུང་ཐང་ལ་ཐོག་ནས་སྲིན་ཡུལ་དུ་གཤེགས་པའི་སྐབས་ལྷ་སྲས་རྗེ་འབངས་རྣམས་ལ་འདི་སྐད་དུ། བོད་ལ་དྲིན་ཆེར་བྱས་ཀྱང་དྲིན་མི་དྲན༔ དྲིན་དུ་ཚོར་ན་གསོལ་བ་སྙིང་ནས་ཐོབས༔ དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔ རྒྱུ་འབྲས་རྟེན་འབྲེལ་སྨོན་ལམ་ཁྱད་པར་གྱིས༔ སངས་རྒྱས་གཞན་ལས་བདག་ཉིད་ཐུགས་རྗེ་མྱུར༔ བསླུས་ན་པད་འབྱུང་ཞན་ནོ་རྗེ་འབངས་ཀུན༔ ཞེས་གསུངས་པ་ལྟར། བོད་ཀྱི་བླ་མའི་སྐལ་པ་གུ་རུ་ཉིད་ལ་ཐུག་པར་ཡང་ནས་ཡང་དུ་གསུངས་པ་ལ། བསོད་ནམས་དང་ལས་འཕྲོ་ཟད་པའི་ཕྱོགས་ཁ་ཅིག་ལོག་སྲེད་ཅན་གཏན་མྱ་ངན་ལས་མི་འདའ་བའི་ཆོས་ཅན་དུ་གནས་ཤིང་། སྟོན་པའི་ལུང་གིས་ཟིན་པའི་སྐྱེས་བུ་ཚད་མ་ལ་ཡིད་མ་ཆེས་པའི་སྟེང་དུ་གཤེ་སྐུར་འདེབས་པ་སོགས་མི་རབས་གང་ཙམ་ལོག་སྒྲུབ་ཁོ་ནར་བསྐྱལ། དངོས་འབྲས་སུ་གློ་བུར་བོད་ཁམས་མཐའ་དམག་དམར་པོའི་འོག་ཏུ་ཚུད་དེ་དཀའ་སྡུག་གི་ངལ་བ་ཡལ་དུ་མེད་པའི་དུས་འགྱུར་མི་བཟད་པ་འདི་བྱུང་བ་ཡིན་ལ། སླད་དུ་རང་རྒྱུད་ཆགས་སྡང་གི་མཚང་ཁོང་ནས་བརྟོལ་ཏེ་ཨོ་རྒྱན་སངས་རྒྱས་གཉིས་པའི་སྐུ་གསུང་ཐུགས་མི་ཟད་རྒྱན་གྱི་འཁོར་ལོ་ལ་ཡིད་ཆེས་ཤིང་ཚེ་རབས་ཀྱི་སྐྱབས་གནས་སུ་མཐོང་ན། བོད་ཁམས་ཡོངས་རྫོགས་བདེ་སྐྱིད་ཀྱི་སྣང་བ་གསར་པས་དུས་ཀུན་ཏུ་འཚོ་བར་འགྱུར་བ་ནི་ངེས་པའོ། །དེ་ལྟར་རྒྱལ་བ་ཀུན་གྱི་གསང་གསུམ་ཡོན་ཏན་གཅིག་ཏུ་འདུས་པ་གུ་རུ་ཉིད་ཀྱི་སྒྲུབ་ཐབས་སྣ་ཚོགས་ལས་ཅན་རྗེ་འབངས་རྣམས་ལ་བསྟན་ཅིང་། ཕྱི་རབས་གདུལ་བྱ་རྣམས་ཀྱི་དོན་དུ་ཡི་གེར་བཀོད་པའི་ཚུལ་ལའང་། སྐྱེན་པའི་མཆོག་ལྡན་མ་རྩེ་མང་། དག་པའི་མཆོག་ཨ་ཙཱརྻ་ཡེ་ཤེས་དབྱངས། གསལ་དག་མཉེན་ལྕུགས་བཻ་རོའི་ཕྱག་བྲིས་སོགས་སྣང་བ་མིས་བྲིས་པ་དང་། མི་སྣང་བ་མི་མིན་མཁའ་འགྲོས་བྲིས་པ། གུ་རུ་ཉིད་ཀྱི་ཕྱག་བྲིས་ཕྲ་ལ་ལེགས་པ། དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་གྱིས་ཕྱག་བྲིས་མཛད་པ་སོགས་མཚོན་བྱེད་རྟགས་ཀྱི་ཡི་གེ་བརྡ་ཡིག་ཤོག་སེར་དུ་བཀོད་དེ་སྒྲུབ་གནས་མཚོ་གླིང་བྲག་སྐྱིབས་སྨན་ལྗོངས་རྣམས་སུ་གཏད་རྒྱ་དང་བཅས་ཟབ་མོའི་གཏེར་དུ་བཞུགས་པ་ལས། ལུང་བསྟན་དུས་ལ་བབས་པའི་ཚེ་སྤྲུལ་པའི་གཏེར་སྟོན་བར་མ་ཆད་པར་བྱོན་ཏེ་ཟབ་གཏེར་གྱིས་འགྲོ་བ་དཔག་ཏུ་མེད་པའི་དོན་མཛད་པ་སྟེ། མཚོན་ཙམ་ནི། གུ་རུ་ཆོས་དབང་གི་བླ་སྒྲུབ་གསང་བ་འདུས་པ། དྲི་མེད་ཀུན་དགའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ། བྱང་གཏེར་རིག་འཛིན་གདུང་སྒྲུབ། སངས་རྒྱས་གླིང་པའི་བླ་མ་དགོངས་འདུས། རྡོ་རྗེ་གླིང་པའི་བླ་མ་བཀའ་འདུས་རིན་ཆེན་གཏེར་སྤུངས། རཏྣ་གླིང་པའི་ཐུགས་སྒྲུབ་ཡང་སྙིང་འདུས་པ། པདྨ་གླིང་པའི་བླ་སྒྲུབ་ནོར་བུ་རྒྱ་མཚོ། མངའ་རིས་པཎ་ཆེན་གྱི་རིག་འཛིན་ཡོངས་འདུས། ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་རིག་འཛིན་སྲོག་སྒྲུབ། གཏེར་བདག་གླིང་པའི་བླ་སྒྲུབ་རིག་འཛིན་ཐུགས་ཐིག །ཀུན་མཁྱེན་འཇིགས་མེད་གླིང་པའི་བླ་སྒྲུབ་རིག་འཛིན་འདུས་པ་སོགས་བླ་མའི་སྒྲུབ་ཐབས་ཕྱི་ནང་གསང་གསུམ་མན་ངག་ལས་ཚོགས་དང་བཅས་པ་རྣམས་སོ། ༧ །གཉིས་པ་ནི་རྫོགས་ཆེན་དུ་བཞེད་ཀྱང་སྤྱིར་རྫོགས་རིམ་གྱི་མན་ངག་ནི། རྩ་བ་གསུམ་ཀ་ལས་འབྱུང་ཡང་། དམིགས་གསལ་མཁའ་འགྲོའི་སྒྲུབ་ཐབས་ཀྱི་ཆ་ལག་ཏུ་མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་བསྒོམ་པའི་ཚུལ་མང་དུ་ཡོད་པ་རྣམས་ཏེ་མདོར་བསྡུ་ན་གྲོལ་ལམ་དང་ཐབས་ལམ་གྱི་རྫོགས་རིམ་གཉིས་སུ་འདུ་ཞིང་། དང་པོ་ནི་ཆོ་གའི་བསྙེན་ཡིག་སོ་སོ་ནས་གསལ་བ་བཞིན་བློ་ཆུང་གདམས་ངག་གིས་འཇོག་ཚུལ་དང་བློ་ཆེན་ཤེས་རབ་ཀྱིས་འཇོག་ཚུལ་གཉིས། དང་པོ་ལ་རྗེས་གཞིག་དང་རིལ་འཛིན་གཉིས། གཉིས་པ་ལ་མཐོང་བའི་རྗེས་ལ་འཇོག་པ་དང་། རིག་པ་སྤྱི་བླུགས་སུ་འཇོག་པ་རྣམས་ཏེ་གྲོལ་ལམ་རིམ་ཅིག་ཆར་གྱི་རྫོགས་རིམ་མོ། །གཉིས་པ་ཐབས་ལམ་ནི། སྟེང་སྒོ་འཇུ་འདུལ་གྱི་མན་ངག་དང་། འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་ལ་བརྟེན་པའི་རྫོགས་རིམ་ཡིན་ལ། གཞན་དུ་རང་ལུས་དང་གཞན་ལུས་ཐབས་ལྡན་ཞེས་པ་དག་གོ །དེ་ལ་དཔལ་གསང་བ་འདུས་པ་སོགས་མ་ཧཱ་ཡོ་གའི་རྒྱུད་ཀྱི་དགོངས་པ་ལྟར་གསལ་སྟོོང་རླུང་གི་རྫོགས་རིམ། འཁོར་ལོ་སྡོམ་པ་དང་ཀྱེ་རྡོ་རྗེ་སོགས་མ་རྒྱུད་ཨ་ནུ་ཡོ་གའི་དགོངས་པ་ལྟར་ཁམས་བྱང་ཆུབ་སེམས་ཀྱི་རྫོགས་རིམ་བདེ་སྟོང་ལ་ལམ་དུ་བྱེད་པ་དང་། གཉིས་མེད་ཀྱི་རྒྱུད་ཀུན་བྱེད་རྒྱལ་པོ་སོགས་ཨ་ཏི་ཡོ་ག་ལྟར་སེམས་ཉིད་ཀུན་ཏུ་བཟང་པོ་རིག་སྟོང་ཟུང་འཇུག་གི་གནས་ལུགས་ཡིད་དཔྱོད་ལས་འདས་པའི་དོན་རྣམས་རྩ་རླུང་ཐིག་ལེའི་བྱེད་བཅིངས་ལ་བརྟེན་ནས་བདེ་གསལ་རྣམ་པར་མི་རྟོག་པ་དང་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྣམས་སྦྱོར་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་ལ་བརྟེན་ནས་ཉམས་སུ་ལེན་པའི་ཚུལ་རྒྱས་པར་འབྱུང་སྟེ། དེ་དག་ནི་ཐབས་ལམ་རིམ་ཅིག་ཅར་གྱི་རྫོགས་རིམ་མོ། །གཞན་ཡང་རྫོགས་ཆེན་ཐུན་མིན་གྱི་མན་ངག་རྟེན་ལ་བཟང་ངན་མེད་པ་ན་སོ་ལ་རྒན་གཞོན་མེད་པ། ཤེས་རབ་ལ་རྣོ་བརྟུལ་མེད་པར་ཐ་མལ་གྱི་ཤེས་པ་བཟོ་མ་བཅོས་སྤུ་མ་བརྗེས་པའི་སྟེང་ནས་མཚན་མེད་རྫོགས་རིམ་གྱི་མན་ངག་དབང་པོ་ཅིག་ཆར་བའི་འཇུག་ངོགས་དག་ཀྱང་ཡོད་དེ། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་རིག་པ་ངོ་སྤྲོད་གཅེར་མཐོང་རང་གྲོལ་ལ་སོགས་པ་བཞིན་ནོ། །དེ་ལ་ཁ་ཅིག་དོན་ལ་རྟོན་པའི་བློ་གྲོས་ཕྱོགས་མེད་དུ་མ་གྲོལ་བར་གཞུང་ལུགས་རྒྱ་ཆེན་པོ་ལ་ཐོས་བསམ་མ་བྱས་པར་ཐར་པ་དང་གྲོལ་བ་མེད་ཟེར་རོ། །མདོ་རྒྱུད་རྣམས་ལས་ཐོས་བསམ་དཀའ་ཐུབ་ལ་ལྟོས་དགོས་པར་བསྟན་པ་ནི་རིམ་གྱིས་པ་ལ་དགོངས་པ་ཡིན་གྱི་ཅིག་ཆར་བའི་ལམ་བགྲོད་ཚུལ་མེད་ཅེས་མཐའ་གཞན་ཁེགས་པ་མིན་ཏེ། འཕགས་ཡུལ་གྲུབ་ཆེན་རྣམས་ཀྱི་གྲོལ་ལུགས་དོ་ཧ་རྣམས་ལས་གསལ་བ་བཞིན་སྦྱངས་པ་སྔོན་སོང་འགའ་ཞིག་གི་སྤྱོད་ཡུལ་དུ་ངེས་པ་སྟེ། འཕགས་པ་བརྒྱད་སྟོང་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཁ་ཅིག་གིས་བཙལ་ཀྱང་མི་རྙེད། ཞེས་དང་། ཁ་ཅིག་གིས་མ་བཙལ་ཀྱང་རྙེད་པར་འགྱུར་བ་བཅོམ་ལྡན་འདས་འདིའི་རྒྱུ་གང་ལགས། ཞེས་གསོལ་བ་ལ་བཅོམ་ལྡན་འདས་ཀྱིས། ཤཱ་རིའི་བུ་དེ་དེ་བཞིན་ནོ། །ཞེས་པ་ནས། བྱང་ཆུབ་སེམས་དཔའ་ཁ་ཅིག་གིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཙལ་ཞིང་རྗེས་སུ་བཙལ་ལ་ཡོངས་སུ་བཙལ་ཀྱང་མི་རྙེད་ལ། བྱང་ཆུབ་སེམས་དཔའ་ཁ་ཅིག་མ་བཙལ་རྗེས་སུ་མ་བཙལ་ཡོངས་སུ་མ་བཙལ་ཀྱང་རྙེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྔོན་གྱི་མཐར་ཡང་བརྩོན་པ་མ་བོར་བར་བཙལ་བ་དང་ཡོངས་སུ་བཙལ་བས་ན། དེ་དག་གིས་སྔོན་གྱི་དགེ་བའི་རྩ་བའི་འདུན་པ་དེ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མ་བཙལ་རྗེས་སུ་མ་བཙལ་ཡོངས་སུ་མ་བཙལ་ཀྱང་རྙེད་པར་འགྱུར་རོ། །ཞེས་སོགས་གསུངས་པ་བཞིན་ནོ། ༧ །གསུམ་པ་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ནི། བོད་གངས་ཅན་གྱི་སྣོད་བཅུད་ཐམས་ཅད་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་གྱུར་པ་དང་། ལས་དང་ཐུགས་རྗེའི་འབྲེལ་བ་རྨད་དུ་བྱུང་བ་ལ་བརྟེན། འཕགས་པ་སེམས་ཉིད་ངལ་གསོ་མི་ཡི་བརྫུ་ལ་བཞུགས་པ་རྒྱལ་བློན་ལོ་པཎ་དུ་མ་དང་། གྲུབ་མཐའ་རིས་མེད་ནང་མཁས་གྲུབ་དགེ་བའི་བཤེས་གཉེན་གྱི་གཟུགས་ཀྱིས་གདུལ་བྱ་སྐྱོང་བའི་འཕྲིན་ལས་རྒྱུན་མི་འཆད་པར་འབྱུང་སྟེ། སྙིང་རྗེ་པདྨ་དཀར་པོ་ལས། སྟོན་པ་འོད་མའི་ཚལ་ན་བཞུགས་པའི་ཚེ་སྨིན་མཚམས་ཀྱི་མཛོད་སྤུ་ལས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས་ཏེ་ཞལ་འཛུམ་པ་མཛད་པས། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱིས་རྒྱུ་རྐྱེན་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། རིགས་ཀྱི་བུ་དུས་གསུམ་གྱི་སངས་རྒྱས་གང་གིས་ཀྱང་གདུལ་བྱར་མ་གྱུར་པའི་གནས་འདྲེ་སྲིན་དུ་མས་གང་བ། མཐའ་འཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་དེར། མ་འོངས་པ་ན་དམ་པའི་ཆོས་ཉི་མ་ཤར་བ་ལྟ་བུ་དར་ཞིང་རྒྱས་པར་འདུག །སེམས་ཅན་དེ་རྣམས་ཐར་པ་བྱང་ཆུབ་ཀྱི་ལམ་ལ་འགོད་པར་འགྱུར་རོ། །མཐའ་འཁོབ་ཁ་བ་ཅན་དེ་འདུལ་བའི་གཉེན་པོ་ནི་འཕགས་པ་སྤྱན་རས་གཟིགས་ཡིན་ནོ། །དེ་གང་ཞེ་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེས་སྔོན་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་ཚེ། སངས་རྒྱས་སྟོང་གི་སྤྱན་སྔར་སྨོན་ལམ་བཏབ་སྟེ། བདག་གིས་དུས་གསུམ་གྱི་སངས་རྒྱས་གང་གིས་ཀྱང་ཞབས་ཀྱིས་མ་བཅགས་པའི་གནས་མཐའ་འཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་ན་ཡོད་པའི་སེམས་ཅན་གདུལ་དཀའ་བ་དེ་རྣམས་ཐར་པ་བྱང་ཆུབ་ཀྱི་ལམ་ལ་འགོད་པར་གྱུར་ཅིག །མཐའ་འཁོབ་དེ་ཡང་བདག་གིས་གདུལ་བའི་ཞིང་དུ་གྱུར་ཅིག །ཅེས་སོགས་གསུངས་པ་བཞིན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཆོས་སྐོར་དང་། སློབ་དཔོན་ཆེན་པོའི་ཟབ་ཆོས་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་མན་ངག་ལས་ཚོགས་མཐའ་ཡས་པར་བཞུགས་པ་ལས། རིམ་པར་བྱོན་པ་མངའ་བདག་ཉང་གི་འགྲོ་འདུལ་ཐུགས་ཆེན། གུ་རུ་ཆོས་དབང་གི་ཐུགས་ཆེན་ཡང་སྙིང་འདུས་པ། བྱང་གཏེར་ཐུགས་ཆེན་འགྲོ་བ་ཀུན་སྒྲོལ། དྲི་མེད་ཀུན་དགའི་ཐུགས་ཆེན་རྒྱལ་བ་རྒྱ་མཚོ། སངས་རྒྱས་གླིང་པའི་ཐུགས་ཆེན་ནོར་བུ་སྐོར་གསུམ། རྡོ་རྗེ་གླིང་པའི་ཐུགས་ཆེན་བདེ་གཤེགས་ཀུན་འདུས། རཏྣ་གླིང་པའི་ཐུགས་ཆེན་གསང་བ་འདུས་པ། པདྨ་གླིང་པའི་ཐུགས་ཆེན་མུན་སེལ་སྒྲོན་མེ། གཏེར་བདག་གླིང་པའི་ཐུགས་ཆེན་བདེ་གཤེགས་ཀུན་འདུས་སོགས་གཏེར་ཁ་སྣ་ཚོགས་ལས་བྱུང་བ་བཞིན། བོད་ཀྱི་སྐྱེ་འགྲོ་ཡིན་ནོ་ཅོག་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ལ་ཡི་དམ་དུ་བསྙེན་ན་སྒྲུབ་ཐག་ཉེ་ཞིང་བྱིན་རླབས་མྱུར་དུ་འཇུག་པ་སོགས་ཕན་ཡོན་དཔག་ཏུ་མེད་པར་བརྟེན། བདག་ལེགས་སུ་འདོད་པ་རྣམས་ཀྱིས་ཐེག་པ་ཆེན་པོའི་མངོན་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་ཕྱིར་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་རྣམས་ལ་འབད་པ་ཆེ་ཐང་གིས་འཇུག་དགོས་པ་སྟེ། རྒྱལ་སྲས་ཞི་བ་ལྷས། དེ་བས་མགོན་པོ་སྤྱན་རས་གཟིགས། །ཐུགས་རྗེ་ཆེན་པོས་འགྲོ་བ་ཡི། །འཁོར་གྱི་འཇིགས་པ་སེལ་བའི་ཕྱིར། །རང་གི་མཚན་ཡང་བྱིན་གྱིས་བརླབས། །ཞེས་གསུངས་པ་ལྟར། འགྲོ་བ་འདུལ་བའི་ཐབས་ཚད་མེད་ཅིང་བསམ་གྱིས་མི་ཁྱབ་པ་སྟེ། ཟ་མ་ཏོག་བཀོད་པ་ལས། སྤྱན་རས་གཟིགས་ཀྱི་དབང་པོ་ནི་མགོན་མེད་པ་རྣམས་ཀྱི་མགོན། སྐྱབས་མེད་པ་རྣམས་ཀྱི་སྐྱབས། འཇིགས་ཤིང་སྐྲག་པ་རྣམས་ལ་མི་འཇིགས་པ་སྦྱིན་པ། མུན་པར་འཁྱམས་པ་རྣམས་ཀྱི་སྒྲོན་མེར་གྱུར་པ། ཉི་མས་གདུང་པ་རྣམས་ཀྱི་གདུགས་སུ་གྱུར་པ། ནད་ཀྱིས་བཏབ་པ་རྣམས་ཀྱི་མྱ་ངན་ལས་འདས་པ་སྟོན་པར་བྱེད་པ་སྟེ། སྤྱན་རས་གཟིགས་ཀྱི་དབང་པོའི་མིང་ཡིད་ལ་དྲན་པ་དེ་དག་ནི་བདེ་བ་དང་ལྡན་པ་ཡིན་ནོ། །དེ་དག་ནི་ན་རྒ་འཆི་བའི་སྡུག་བསྔལ་ལས་ཐར་ཏེ་འཁོར་བའི་མཐའ་མར་འགྱུར་ཞིང་བདེ་བ་ཅན་དུ་སྐྱེས་ནས་སྣང་བ་མཐའ་ཡས་ལས་ཆོས་ཉན་ཅིང་རྟག་ཏུ་དེ་ན་གནས་པར་འགྱུར་རོ། །ཞེས་སོགས་མང་དུ་གསུངས་པ་བཞིན་རྒྱས་པར་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་དང་། ཆོས་རྒྱལ་བཀའ་འབུམ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས་གཟུངས་སྔགས་ཕན་ཡོན་བསྟན་པ་སོགས་སུ་ཤེས་པར་འགྱུར་རོ། ༈ །གཉིས་པ་དཔྱད་གཞི་ས་བོན་རྣམ་པར་གཞག་པ་ནི། ཟབ་མོ་གཏེར་ཆོས་རྣམས་ཀྱི་གཙོ་བོར་བླ་རྫོགས་ཐུགས་གསུམ་གྱི་ཐ་སྙད་གང་ལས་བྱུང་བའི་ཁུངས་ནི། ཐང་ཡིག་སོགས་ལོ་རྒྱུས་ཚད་མ་རྣམས་ལས། རྒྱལ་པོའི་བླ་གཏེར་བརྒྱད། ཐུགས་གཏེར་ཆེན་པོ་ལྔ། ཟབ་པའི་གཏེར་ཆེན་ཉེར་ལྔ་གཙོ་བོར་གྱུར་པའི་མིང་ཅན་མིང་མེད་ཀྱི་གཏེར་ཁ་གྲངས་ལས་འདས་པ་སྦས། ཞེས་གསལ་བ་ལྟར་གུ་རུའི་སྒྲུབ་ཐབས་སོགས་བླ་སྒྲུབ་ཕྱི་ནང་གསང་གསུམ་དང་། ཐུགས་གཏེར་ནི་བཀའ་བརྒྱད་དགོངས་འདུས་ཞི་ཁྲོ་རྡོར་སེམས་ཕུར་པ་སོགས་ཡི་དམ་ལྷག་པའི་ལྷ་རྣམས་ཀྱི་སྒྲུབ་ཐབས་དང་། ཟབ་གཏེར་ནི་མཁའ་འགྲོའི་སྒྲུབ་ཐབས་དང་འབྲེལ་མ་འབྲེལ་ཇི་ལྟར་ཡང་གཙོ་བོ་རྫོགས་རིམ་གྱི་ཆོས་སྐོར་རྩ་བ་གསུམ་ཀའི་ཁོག་ནས་བྱུང་བ་རྣམས་སོ། །ཤེས་བྱེད་ཀྱང་ལོ་རྒྱུས་ཁུངས་མ་དག་ལས། རྒྱལ་སྲས་ལྷ་རྗེ་ལ་ལྟ་བ་རྫོགས་ཆེན་སྙིང་ཐིག །ཡི་དམ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ། བླ་མ་བསྟན་གཉིས་སྐོར་གསུམ་གྱི་ཆོས་བདག་ཏུ་དབང་བསྐུར་ཞིང་གཏེར་སྟོན་ཨོ་རྒྱན་གླིང་པར་ལུང་བསྟན་ཞེས་གསལ་བ་ལ་ལེགས་པར་བརྟག་ན་ཡང་བླ་རྫོགས་ཐུགས་གསུམ་གསལ་བར་བསྟན་ཏོ། །དེ་ལ་བསྟན་གཉིས་སྐོར་གསུམ་ནི། བླ་མའི་སྒྲུབ་ཐབས་ཞི་དྲག་གཉིས་དང་། ཞི་བ་ལ་ཆོས་ལོངས་སྤྲུལ་གསུམ་སྟེ་ཕྱི་ནང་གསང་བའི་སྒྲུབ་ཐབས་རྣམས་སོ། །དེས་ན་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་རྣམས་ནི་རྩ་གསུམ་དྲིལ་སྒྲུབ་དང་ཡ་གྱལ་སོ་སོའི་སྒྲུབ་ཐབས་གཉིས་ལས་ཕྱི་མ་ལྟར་བླ་མ་ལོངས་སྐུའི་སྒྲུབ་ཐབས་སུ་འདུ་བས་ཐ་དད་དུ་ཕྱེ་བ་དོན་མེད་ཅིང་། བྱེ་བྲག་སྤྱི་ཡི་དབྱེ་གཞིར་འཇོག་པ་མཁས་པའི་བཀའ་སྲོལ་ལས་ཉམས་པའི་སྐྱོན་སོ་ན་གནས་པ་ཡིན་ཏེ། བླ་རྫོགས་ཐུགས་གསུམ་གྱི་ནང་ཚན་ཕྱི་མ་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཁོ་ན་ཡིན་ན། བཀའ་བརྒྱད་ཞི་ཁྲོ་རྡོར་སེམས་སོགས་གཏེར་ཆོས་ཕལ་ཆེ་བ་བླ་རྫོགས་ཐུགས་གསུམ་གང་ཡང་མ་ཡིན་པར་ཁས་ལེན་དགོས་པར་འགྱུར་རོ། །བྱེ་བྲག་སྤྱི་ལ་ཤོངས་པའི་ལུགས་སུ་བྱས་ན་ཐུགས་རྗེ་ཆེན་པོའི་ཆོས་སྐོར་རྣམས་བཀའ་བརྒྱད་ཀྱི་ནང་ཚན་ཞི་བ་ཐུགས་རྗེ་ཆེན་པོ་དང་ཁྲོ་བོ་རྟ་མགྲིན་དུ་འཇོག་པ་སྟེ་པདྨ་གསུང་གི་སྒྲུབ་ཐབས་བཀའ་བརྒྱད་བྱེ་བྲག་པར་གནས་པ་སོགས་སྐབས་ཐོབ་ཀྱི་འཇོག་ཚུལ་སྣ་ཚོགས་ཀྱང་ཤེས་པར་འགྱུར་རོ། །ཞི་ཁྲོ་དང་རྡོར་སེམས་ཀྱི་གཞུང་རྣམས་ཀྱང་དཀར་ཆག་རྙིང་པ་དག་ལས་རྒྱུད་དང་སྒྲུབ་ཐབས་གཉིས་ཀྱི་དང་པོར་བཞག་པ་ཡང་འཐད་པར་མ་མཐོང་སྟེ། རྒྱུད་ཡིན་ན་གོང་དུ་བསྟན་པ་བཞིན་རིང་བརྒྱུད་བཀའ་མའི་ཆོས་སྐོར་དུ་གཏོགས་ལ། སྒྲུབ་སྡེ་ཡིན་ནའང་ནང་རྒྱུད་སྡེ་གསུམ་ལ་བཀའ་གཏེར་ཡིན་མིན་ངོས་འཛིན་སོ་སོར་དགོས་པ་ཡིན་ནོ། །དེས་ན་ཞི་ཁྲོ་དང་རྡོར་སེམས་ཀྱི་གཞུང་རྣམས་ནི་ཡི་དམ་ལ་ལོངས་སྐུ་དང་སྤྲུལ་སྐུའི་སྒྲུབ་ལུགས་གཉིས་ཀྱི་དང་པོར་ངེས་ཤིང་། རྒྱུད་སྡེ་སྒྲུབ་སྡེ་གཉིས་ལས་སྒྲུབ་སྡེ་དང་། སྒྲུབ་སྡེ་ལ་ཅི་སྟེ་མ་ཧཱ་ཡོ་གར་གཏོགས་པ་ཞིག་ན་བཀའ་གཏེར་གཉིས་ལས་གཏེར་མ་དང་། གོང་མ་གཉིས་ཀྱི་སྒྲུབ་སྡེ་ཡིན་ན་གཏེར་མ་ཁོ་ནར་ངེས་པ་སོགས་རྣམ་དབྱེ་མ་འདྲེས་པར་ཤེས་པར་བྱའོ། །དེ་བཞིན་དུ་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་རྣམས་ཀྱང་རྩ་བ་གསུམ་ལས་ཡི་དམ་བྱེ་བྲག་པ་ཡིན་ན་ཡང་བཀའ་བརྒྱད་ཀྱི་ནང་ཚན་ཡང་དག་གི་ཕྱོགས་སུ་གཏོགས་པ་དང་། ཚེ་སྒྲུབ་ཀྱི་རིགས་རྣམས་ནི་སྤྱིར་རྩ་བ་གསུམ་ཀའི་ཁོག་ནས་འབྱུང་ལ། ཚེ་དཔག་མེད་ཀྱི་སྒྲུབ་ཐབས་བྱེ་བྲག་པ་རྣམས་ནི་སྔར་སྨྲོས་པ་ལྟར། རྩ་བ་གསུམ་ལས་བླ་མ་ལོངས་སྐུ་དང་བཀའ་བརྒྱད་ལས་པདྨ་གསུང་གི་སྒྲུབ་ཐབས་སུ་བཞག་གོ །མདོར་ན་གུ་རུ་ཆོས་དབང་གི་རྣམ་ཐར་ནང་བླ་རྫོགས་ཐུགས་གསུམ་ལ་མགོ་ཅི་ཐོན་གྱིས་ཞེས་གསུངས་པ་ལྟར་རྩ་གསུམ་ཆོས་སྐྱོང་ནོར་ལྷ་དང་བཅས་པའི་སྒྲུབ་འཕྲིན་ཐམས་ཅད་བཀའ་དགོངས་ཕུར་གསུམ་ལ་མ་འདུས་པ་མེད། དེ་གསུམ་ཡང་བླ་རྫོགས་ཐུགས་གསུམ་དུ་དོན་གྱིས་འདུ་བ་ཡིན་ནོ། །འོ་ན་སོ་སོར་བསྟན་པས་ཅི་བྱ་ཞེ་ན། གཏེར་ཆེན་དང་གཏེར་ཕྲན་གྱི་ཁྱད་པར་འདི་དག་ལས་ཤེས་དགོས་པའི་ཕྱིར། གཏེར་ཁ་གང་ལས་བླ་རྫོགས་ཐུགས་གསུམ་མམ། དེ་ཡི་ནང་གསེས་གྲགས་ཆེ་བ་བཀའ་དགོངས་ཕུར་གསུམ་ཚང་བར་བྱོན་པའམ། རེ་རེ་ཙམ་ལ་རྫོགས་རིམ་གྱི་མན་ངག་དང་བཅས་པ་ནི་གཏེར་ཆེན་དང་། རྩ་བ་གསུམ་གྱི་སྒྲུབ་ཐབས་ཆིག་དྲིལ་ལམ་བྱེ་བྲག་པ་རྫོགས་རིམ་གྱི་མན་ངག་གུད་དུ་མི་ལྡན་པ་དང་། ཆོས་སྲུང་ནོར་ལྷའི་སྒྲུབ་སྐོར། སྨན་རྩིས་ནོར་རྫས་སོགས་ལེ་ལག་ཙམ་ཐོན་པ་ལ་གཏེར་ཕྲན་ཞེས་བྱ་བ་ཡིན་ནོ། །དེ་གཉིས་ཀྱི་ཁྱད་པར་སྤྱི་ཁྱབ་ལ། རིག་འཛིན་འཇིགས་མེད་གླིང་པའི་དགོངས་འདུས་རྣམ་བཤད་སོགས་ལས་བླ་རྫོགས་ཐུགས་གསུམ་ཚང་བ་ལ་གཏེར་ཆེན་དང་། གཞན་རྣམས་ལ་གཏེར་ཕྲན་ཞེས་རྣམ་གཞག་མདོ་ཙམ་བསྟན་ཡང་། རིག་འཛིན་གཏེར་བདག་གླིང་པ་ནི། གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་ཆ་ལག་རྫོགས་པ་ལ་གཏེར་ཆེན་དང་། ཡན་ལག་ལས་ཚོགས་ཁ་ཡར་ཐོན་པ་ལ་གཏེར་ཕྲན་དུ་བཞེད་ཅེས་གུ་རུ་བཀྲ་ཤིས་པའི་ཆོས་འབྱུང་ལས་བཤད་དོ། །སྨིན་གླིང་གཏེར་ཆེན་གྱི་དྲིས་ལན་རིན་ཆེན་ཕྲེང་བ་ལས། སྤྱིར་གཏེར་ཆེན་དང་གཏེར་ཕྲན་གྱི་ཐ་སྙད་ནི། བླ་རྫོགས་ཐུགས་གསུམ་གྱི་ཆོས་སྐོར་ཚང་བར་ཡོད་ན་གཏེར་ཆེན་དང་། བླ་རྫོགས་ཐུགས་གསུམ་ནི། ཞི་དྲག་ཏུ་མ་ངེས་པའི་
འཇའ་ལུས་འོད་ཕུང་རང་གྲོལ་ལས། སྨིན་བྱེད་བདེ་ཆེན་བདུད་རྩིའི་ཆུ་རྒྱུན་གྱི་ལག་ལེན་གསལ་བར་བཀོད་པ་པདྨ་རཱ་གའི་བུམ་བཟང་ (Volume 31, Text 5)
༄༅། །འཇའ་ལུས་འོད་ཕུང་རང་གྲོལ་ལས། སྨིན་བྱེད་བདེ་ཆེན་བདུད་རྩིའི་ཆུ་རྒྱུན་གྱི་ལག་ལེན་གསལ་བར་བཀོད་པ་པདྨ་རཱ་གའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཛཱ་ཧ་བཱི་ར་ཡ། འཁོར་འདས་གཡོ་རྩོལ་རླུང་ལྔའི་བྱེད་པ་ཀུན། །གཡོ་མེད་དྷཱུ་ཏིར་བྲོས་ཤིང་བཅིངས་པ་ལས། །གཞོམ་བྲལ་དྭངས་མའི་སྐུ་བརྙེས་དཔའ་བོ་མཆོག །པད་འབྱུང་གྲུབ་པའི་འཕྲུལ་བསྒྱུར་དེ་ལ་འདུད། །རླུང་ཟས་བརྒྱུད་པ་ཕྱི་མ་ཡི། །བཀའ་སྲོལ་ལས་བྱོན་སྨིན་བྱེད་གཞུང་། །མཚམས་སྦྱོར་ལང་ཚོས་སྤྲས་ནས་དེང་། །སྐལ་ལྡན་མཆོག་གི་དགའ་སྟོན་སྦྱིན། ཁྱད་པར་དུ་འཕགས་པའི་ཟབ་ཆོས་འཇའ་ལུས་འོད་ཕུང་རང་གྲོལ་གྱི་སྨིན་བྱེད་བསྒྲུབ་པ་ལ། གང་གིས་སྦྱིན་པའི་སློབ་དཔོན་ནི། རབ་ལྷུན་གྲུབ་རྣམ་གསུམ་གྱི་གདིང་དང་ལྡན་པ། འབྲིང་འབྱུང་ལྔའི་རླུང་ཟས་འབྱོངས་པས་ལྟོ་གོས་ཀྱི་འཁྲི་བ་ཆོད་པ། ཐ་མ་དམ་ཚིག་ལྡན་ཅིང་དབང་དང་ཉམས་ལེན་གྱི་རྒྱུན་བར་མ་ཆད་པ་ཞིག་གིས་སོ། །གང་ལ་སྦྱིན་པའི་སློབ་མ་ནི། གཞུང་ལས། དབང་འདི་ཤིན་ཏུ་གཉན་པས་ཚུལ་དང་ལྡན་ཞིང་དཀའ་སྤྱད་སྙིང་རུས་ལ་བརྩོན་པ། བླ་མ་སངས་རྒྱས་སུ་མཐོང་བ། ཅི་གསུང་དང་དུ་ལེན་པ་ལ་སྟེར་བའི་དུས། གསེར་གྱི་མཎྜལ་མེད་པ་དང་ཚོགས་འཁོར་མེད་པ་ལ་སྟེར་དུ་མི་རུང་ངོ་། གསུམ་ལྔ་བདུན་ལས་སྤེལ་མི་རུང་། ཞེས་མཚན་ཉིད་གྲངས་ངེས་ཕྱག་ཡོན་བཅས་གསལ་བར་གསུངས་པ་ལྟར་རོ། །ཇི་ལྟར་སྦྱིན་པའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལའང་གཉིས། ཆོ་གར་མི་གཏོགས་པའི་སྦྱོར་བ་ནི། ཚེས་གྲངས་དུས་སྦྱོར་བཟང་ཞིང་དགེ་བ་ལ་གནས་ཁང་གཙང་མར་སྟེགས་བུ་གྲུ་བཞི་ཆང་དང་སིནྡྷུ་ར་ཡིས་བྱུགས་པ་ལ། དཀྱིལ་འཁོར་སྒོ་རྫོགས་ཁོར་ཡུག་དང་བཅས་པ་སྤྱི་མཐུན་གྱི་ལྟེ་བར་ཆོས་འབྱུང་བསྣོལ་མ་དམར་པོའི་དབུས་སུ་པདྨ་འདབ་བཞི་ཕྱོགས་མདོག་ཟེའུ་འབྲུར་ཉི་ཟླའི་གདན་དང་བཅས་པ་ལ་ལྷ་མཚན་ཡོད་མེད་གང་བྱས་ཀྱང་རུང་བས་རྡུལ་ཚོན་ནམ་རས་བྲིས་དེ་ལྟར་བཀྲམ། མ་འབྱོར་ན་མེ་ཏོག་ཚོམ་བུ་གཙོ་འཁོར་ལྔ་པ་བཀོད་པའི་སྟེང་ཁྲིའུའི་ཁར་བུམ་པ་མགུལ་ཆིངས་དམར་པོ་སོ་ལྔའི་བཅུད་ལྡན་ཁ་རྒྱན་རྨ་བྱ་ཤེལ་དང་མེ་ལོང་ཕག་མོའི་ཙཀ་ལིས་བརྒྱན་པ་བཀོད། གཡས་སུ་བནྡྷའམ་རིན་པོ་ཆེའི་སྣོད་དུ་དཔལ་གཏོར་རིན་ཆེན་འབར་བ་གཡུང་དྲུང་དགའ་བ་འཁྱིལ་བས་སྤྲས་པ། གཡོན་དུ་ཐོད་པ་མཚན་ལྡན་ནང་བྱང་སེམས་དཀར་དམར་གྱི་ཕབས་རྒྱུན་ཆང་དང་མངར་གསུམ་སྦྱར་བས་བཀང་བའི་ཁར་མེ་ལོང་སིནྡྷུ་ར་བརྡལ་བ་ལ་ཆོས་འབྱུང་གཉིས་བརྩེགས་གྲྭར་དགའ་འཁྱིལ་དང་ལྟེ་བར་པདྨ་འདབ་བཞི་དབུས་དང་ལྔར་ཧྲཱིཿམ་ཧ་རི་ནི་ས་བྲིས་པས་བཀབ་ལ་དར་དམར་གྱི་གུར་ཕུབ། མདུན་དུ་མར་ཟན་གྱི་ཏིང་ལོ་སྦར་ཆོག་སློབ་མ་རེ་ལ་གསུམ་རེ་ཚོ་བཅད་པ། རྒྱབ་ཏུ་དཔལ་འབར་མདའ་གང་བ་དཀར་སེར་དམར་ལྗང་མཐིང་ག་ལྔ་ས་སྟེགས་ལྟ་བུར་ཕྱོགས་བཞི་དབུས་ལྔར་བཙུགས་པ། མཚམས་སུ་ཆས་དབང་རས་དཀར་གཟན། སྒོམ་ཐག །དར་དམར་ཨང་རག །དུར་ཁྲོད་ཆས་བརྒྱད་རྣམས་དངོས་སམ་ཙཀ་ལིར་བྲིས་པ་བཀོད། རྒྱབ་མདུན་གང་བདེར་སྨན་རཀ་གཏོར་གསུམ། ཕྱི་མཆོད་བསྐོར་བཤམ་བྱ། ལས་བུམ། སྔོན་གཏོར། ཚོགས་ཀྱི་ཡོ་བྱད། སྲུང་མ་གཟའ་བདུད་ཀྱི་གཏོར་འབུལ། ཆད་བརྟན་སོགས་ཉེར་མཁོ་རྣམས་ཀྱང་བསྡོགས། སློབ་མ་དུ་ཡོད་ཀྱི་གྲངས་མཉམ་རས་གཟན་སྒོམ་ཐག་ཨང་རག་རྣམས་བསང་སྦྱང་། ཁྲུས་དང་བགེགས་བསྐྲད་བྱས། ཨོཾ་ཨཱཿཧཱུྃ་དང་རཾ་ཡིག་རེ་བྲི། ཐམས་ཅད་ཡེ་ཤེས་ཀྱི་མེ་ཕུང་རབ་ཏུ་འབར་བའི་རང་བཞིན་ཅན་དུ་བསམ་ལ་བྱིན་བརླབ་བོ། །གཉིས་པ་ཆོ་གར་གཏོགས་པའི་སྦྱོར་བ་ནི། བདག་མདུན་དབྱེར་མེད་ཕག་མོའི་ཕྲིན་ལས་ཁོ་ན་གཏང་ཡང་རུང་མོད་ཀྱི། ཅུང་ཟད་སྤྲོ་ན་ཚིག་བདུན་གསོལ་འདེབས། བགེགས་གཏོར་བརླབ་བསྔོ་སྤྱི་མཐུན། ཕྲིན་ལས་དག་པ་རབ་འབྱམས་ཀྱི་བཀའ་བསྒོ་ནས་མཎྜལ་བར་སོང་ནས། གསོལ་འདེབས་དངོས་གྲུབ་ཆར་འབེབ་བཏང་ལ་དབང་ལེན་བྱ། མཆོད་བརླབ་བྱིན་འབེབ་ནས་བརྩམ། སྲིད་མཚོ་མི་ཟད་འཁོར་བ་དོང་སྤྲུགས་ཤོག། བར་བདག་བསྐྱེད་ཕྲིན་ལས་གསལ་འདེབས་བྱས་ལ། བླ་སྒྲུབ་འོད་ཕུང་རང་གྲོལ་ལྟར་ལུས་དཀྱིལ་གྱི་དམིགས་པ་དང་སྦྱར་ལ། ཧྲཱིཿགུ་རུ་པདྨ་ཨཱ་ཡུརྫྙཱ་ན་སོགས་རླུང་བཟླས་ངག་བཟླས་ཅི་ནུས་བྱ། ཧཱུྃ་ཧྲཱི། སྐུ་ལྔ་ཡོངས་རྫོགས་སོགས་ཀྱིས་བསྟོད། དེ་ནས་ལྷ་བཙུན་རིག་འཛིན་སྲོག་སྒྲུབ་ཀྱི་ཕག་མོའི་ལས་བྱང་གིས་དབང་སྒྲུབ་གཏང་བ་གོང་མ་རྣམས་ཀྱི་ཕྱག་ལེན་དུ་སྣང་བས། རང་གཞུང་ཕྲིན་ལས་མི་བཏང་ན་བགེགས་བསྐྲད་ནས་མཐར་ཆགས་སུ་གཏང་དགོས་ཀྱང་བདག་བསྐྱེད་གོང་སྨོས་སྦྱོར་བའི་ཚེ་མཆོད་བརླབ་དང་བསྐྱེད་ཆོག་ནས་བརྩམ་བཟླས་པའི་བར་ལས་བྱང་རྫོགས་པར་གཏང་ཞིང་མདུན་བསྐྱེད་དབང་རྫས་ལ་དམིགས་པའི་སྤྲོ་བསྡུའི་བཟླས་པ་ཅི་ནུས་བྱ། བུམ་བཟླས་ལོགས་སུ་སྤྲོ་ན་སྤྱི་འགྲེ་ལྟར་བྱ་ཞིང་མཐར་སྟོང་ཚིགས་ཕུལ། ཆོས་སྲུང་སྤྱི་དང་ཁྱད་པར་བཀའ་སྲུང་གསོལ་ཁ་དགྲ་བགེགས་མྱུར་སྒྲོལ་ཚང་བ་གཏང་། ཚོགས་བྱིན་རླབས་ནས་ལྷག་མའི་བར་སོང་བ་དང་། ལས་བུམ་ནང་དུ་པད་ཟླའི་གདན། ལྔ་ཚོམ་དབུས་དང་ཕྱོགས་བཞི་རུ། །འབྱུང་ལྔའི་ལྷ་མོ་མཐིང་དཀར་སེར། །དམར་ལྗང་རང་མདོག་བུམ་པ་འཛིན། །ཞི་འཛུམ་དར་དང་རིན་ཆེན་བརྒྱན། །བཟླས་པས་རྒྱུད་བསྐུལ་བུམ་ནང་ནས། །འབྱུང་ལྔའི་དྭངས་མ་དག་བྱེད་རྒྱུན། །བབས་པས་བུམ་པ་གང་བར་གྱུར། །ཅེས་གསལ་གདབ་ལ། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ་སོགས་ཁྲུས་བདུན་རིག་པ་ཅི་འགྲུབ་བཟླ། མཐར་ལྷ་མོ་རྣམས་མི་དམིགས་པར་བཞག །གོ་ཡུལ་སོགས་འགྲིགས་ཤིང་སྤྲོ་ན་འདི་དག་གི་ཚེ་སློབ་མ་རྣམས་ཛཔ྄་བཟླ་ཞིང་དཀྱིལ་འཁོར་གྱི་ཁང་པ་ལ་བསྐོར་བ་བྱེད་དུ་གཞུག །དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །གཉིས་པ་དངོས་གཞི་དབང་བསྐུར་བ་ལ། སློབ་མ་དུ་ཡོད་ཀྱི་གྲངས་དང་མཉམ་པའི་གདན་གཡུང་དྲུང་རཾ་གྱིས་མཚན་པ་རེ་རེ་བཏིང་། སློབ་མ་ཕོ་མོ་བདུན་ལས་མི་མང་བ་ཕྱི་སྒོར་ཁྲུས་བྱ། ཡོལ་བའི་ཕྱི་རོལ་དུ་བརྒྱུད་པའི་གསོལ་འདེབས་དང་མཎྜལ་ཕྱག་མཆོད་ཅི་འགྲུབ་བྱ་བར་གསུངས་པ་འདི་ཁོ་ནའི་སྨིན་སློབ་ལ་གཞུང་དོན་རྣམས་མ་ཆད་པར་བྱ་དགོས་ཀྱང་དཀྱུས་འགྲེ་ཙམ་ལ་དེ་དག་མ་འགྲུབ་ཀྱང་ཆད་སྐྱོན་དུ་མི་འགྱུར། གང་ལྟར་བགེགས་གཏོར་བྱིན་རླབས་བསྔོ་བ་སོགས་སྤྱི་མཐུན་བྱས་ནས་ལས་བྱང་ལྟར་བཀའ་བསྒོ་དྲག་ཏུ་བྱས་ནས་སྲུང་འཁོར་བསྒོམ། ནང་དུ་འོང་ནས་ཕོ་རྣམས་གཡས་དང་མོ་རྣམས་གཡོན་གྲལ་དུ་འཁོད་དུ་གཞུག །སེམས་བསྐྱེད་གསལ་གདབ། དྲང་ངེས་ཆོས་བཤད་ཀྱི་རིགས་དང་བརྒྱུད་པའི་རྣམ་ཐར་ལོ་རྒྱུས་གཞུང་གི་དབུ་ལྟར་འཆད་པའམ། མདོར་བསྡུ་ན། དེ་ལ་ཟབ་མོའི་གདམས་ངག་འདི་ཉིད་གང་ལས་བྱུང་བའི་བརྒྱུད་ཚུལ་མདོར་བསྡུས་པ་ཙམ་འཆད་ན། དེའང་འོག་མིན་ཆོས་ཀྱི་དབྱིངས་ཆོས་སྐུའི་ཞིང་ཁམས་དམིགས་པས་མ་གྲུབ་པ་ན་འཁོར་འདས་ཐམས་ཅད་ཀྱི་སྤྱི་དཔལ། གདོད་མ་ཡེ་བཞུགས་ཀྱི་མགོན་པོ། ཆོས་སྐུ་འོད་མི་འགྱུར་བ་ཞེས་བྱ་བ་དེ་ཉིད་ཀྱིས། ཀ་དག་ཟང་ཐལ་བཟང་ངན་གྱི་དབྱེ་བསལ་དང་བྲལ་བ། ཐིག་ལེ་ལྔ་ལྡན་འོད་ལྔ་གཅལ་དུ་བཀྲམ་པ། ལྷུན་གྲུབ་བདེ་ཆེན་གྱི་ཞིང་ཁམས་ན། ལོངས་སྤྱོད་རྫོགས་སྐུ་ཐུགས་རྗེ་ཆེན་པོ་མཚན་དཔེ་ངེས་པ་ལྔ་དང་ལྡན་པ་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་དེ་ཉིད་ལ་གསུངས། དེས་ཤར་ཕྱོགས་རི་བོ་ཏ་ལ་ཞེས་བྱ་བར་རིགས་གསུམ་མགོན་པོའི་ཕོ་བྲང་འོད་ཟེར་གྱི་གུར་ཁང་དུ། སྤྲུལ་སྐུ་པདྨ་འབྱུང་གནས་ཞེས་བྱ་བ། སྣང་བ་མཐའ་ཡས་ཀྱི་སྤྲུལ་པ། སྐུ་ལ་སྐྱེ་འཆི་དང་བགྲེས་རྒུད་མི་མངའ་བ། ཡེ་ཤེས་ཀྱི་མཁའ་འགྲོ་མ་ཀུན་གྱིས་གཡོག་བྱེད་པ། དྲེགས་པ་སྡེ་བརྒྱད་བྲན་དུ་ཁོལ་བ་དེ་ཉིད་ལ་གསུངས། དེས་རྒྱ་གར་གྲུབ་ཐོབ་ཆེན་པོ་མ་ཧཱ་ནཱ་ཐ་ཞེས་པར་སྤྲུལ། དེ་ཉིད་ཀྱིས་རྣལ་འབྱོར་དབང་ཕྱུག་ཛཱ་ཧ་བཱིར་ཞེས་པ་འཕོ་མེད་འོད་ལུས་གྲུབ་པ་དེ་ཉིད་ལ་གནང་། དེ་ལ་སློབ་མ་གྲུབ་པ་ཐོབ་པའི་སྐྱེས་ཆེན་འཇའ་ལུས་ཟག་མེད་དུ་གྲུབ་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་། ཡོངས་གྲགས་ཀྱི་བུ་ཆེན་འཕོ་མེད་འོད་ལུས་གྲུབ་པ་བརྒྱད་བྱོན་པའི་གཙོ་བོ་བཛྲ་ནཱ་ཐས་བླ་མའི་ལུང་བསྟན་དང་གདུལ་བྱ་དུས་ལ་བབས་ནས་བོད་དུ་ཕེབ། དབུར་སྟོད་འབྲི་ཁུང་དུ། ལྷ་སྲས་མུ་ཁྲི་བཙན་པོའི་རྣམ་འཕྲུལ་གཏེར་སྟོན་གནམ་ལྕགས་མེ་འབར་རམ། སྣ་ཚོགས་རང་གྲོལ་རིན་ཆེན་ཕུན་ཚོགས་ཞེས་པ་དེ་ཉིད་ལ་ཡོངས་རྫོགས་གནང་ཞིང་བཀའ་བབས་སོ། དེའང་རང་གཏེར་གསང་ལུང་ལས། ཨེ་མ་ང་ཡི་གདམས་ངག་ཉོན་མོངས་རང་གྲོལ་ལ། གཅེས་པར་དགོས་པའི་རླུང་ཟས་ལག་ལེན་ནི། ལྷ་སྲས་སྐྱེ་བ་བརྒྱུད་དེ་ཆོས་འདི་དང་འཕྲད་ཚེ། ང་དང་མི་གཉིས་ཛཱ་ཧ་བཱིར། རྒྱ་གར་ཡུལ་འབྱུང་གྲུབ་པའི་རིག་འཛིན་བརྙེས། དེ་ཡི་ཡང་ཟབ་རླུང་གི་གདམས་པ་ནི། འཆི་མེད་གྲུབ་པའི་གནད་ཀུན་ལོན་གྱུར་ཏེ། པདྨ་ང་ཡི་ཐུགས་རྗེས་འཕྲད་པས་ལོངས། ཞེས་གསུངས་པ་ལྟར་ཚེ་གཅིག་ལུས་གཅིག་ལ་འཇའ་ལུས་མཁའ་སྤྱོད་སྒྲུབ་པའི་གདམས་ངག་ཛཱ་ཧ་བཱིར་རླུང་ཁྲིད་ཕྱི་ནང་གསང་གསུམ་ཡོངས་རྫོགས་ཀྱི་བཀའ་བབས། དེ་ནས་རིམ་པར་རྫོགས་ཆེན་པ་ཚུལ་ཁྲིམས་སངས་རྒྱས། མངའ་རིས་པ་འོད་གསལ་མཆོག་ལྡན། བྲེས་གཤོང་བླ་ཆེན་ཆོས་རྒྱལ་རྡོ་རྗེ། གྲུབ་ཆེན་ཉི་ཟླ་ཀློང་གསལ་གྱི་བར་དུ་གྲུབ་ཐོབ་ཁོ་ནའི་བརྒྱུད་པ་ཚར་དུ་དངར་བ་བྱོན་ཅིང་། ཁྱད་པར་གྲུབ་ཆེན་ཉི་ཟླ་ཀློང་གསལ་ལམ་འཇའ་ལུས་སྣང་སྟོང་རང་གྲོལ་ཉིད་ལ་གྲུབ་ཆེན་ཛཱ་ཧ་བཱིར་གྱིས་ཞལ་དངོས་སུ་བསྟན། ཞག་བཅུ་གསུམ་གྱི་བར་དུ་སྨིན་བྱེད་ཀྱི་དབང་བསྐུར། གདམས་པ་དང་རྗེས་སུ་གདམས་པ་བསྩལ་ནས་ཉིད་དང་མི་གཉིས་པའི་གོ་འཕང་མཐོན་པོར་བཀོད་པ་དེ་ཉིད་ཀྱི་བཀའ་སྲོལ་ལས་བྱོན་པའི་སྨིན་བྱེད་བདེ་ཆེན་བདུད་རྩིའི་ཆུ་རྒྱུན་བསྒྲུབ་པ་ལ། བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་གྲུབ་པ་ལགས། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་འཚལ། ཅེས་བརྗོད་ལ་མཎྜལ་འབུལ་དུ་གཞུག །ཐོག་མར་ཐེག་པ་ཐུན་མོང་གི་འཇུག་སྒོ་དང་མཐུན་ཅིང་སྡོམ་པའི་རྟེན་དུ་གྱུར་པ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་སླད་དུ། བླ་མ་དཀྱིལ་འཁོར་གྱི་ལྷ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི་ཞིང་། སྲིད་པའི་འཁྲུལ་རྟོག་ཆོས་ཉིད་འོད་གསལ་ཆེན་པོར་སྦྱང་བའི་སླད་དུ་བྱང་ཆུབ་མཆོག་གི་སེམས་བསྐྱེད་པའི་འདུན་པས་འདིའི་རྗེས་ཟློས་མཛོད། ཧཱུྃ་ཧྲཱི། སྡུག་བསྔལ་ལས་ཀྱིས་མནར་བའི་སྐྱེ་འགྲོ་རྣམས། ཟུང་འཇུག་འཇའ་ལུས་འོད་སྐུ་མ་ཐོབ་བར། བདེ་གཤེགས་རིགས་འདུས་ལྷ་ལ་སྐྱབས་སུ་མཆི། གཉིས་འཛིན་འཁྲུལ་པའི་འཕྲང་ལས་བསྒྲལ་བའི་ཕྱིར། འཁྲུལ་པ་རང་དག་ངང་དུ་སེམས་བསྐྱེད་དོ། ལན་གསུམ། ཚོགས་ཀྱི་ཞིང་སྔར་གསལ་བཏབ་པའི་སྤྱན་སྔར་གསག་སྦྱང་ཀུན་གྱི་སྙིང་པོ་ཡན་ལག་བདུན་པ་ཚིག་དང་མཐུན་པའི་ཏིང་ངེ་འཛིན་གསལ་ཐོབས་ལ་འདིའི་རྗེས་ཟློས། ཧཱུྃ་ཧྲཱི། ཀ་དག་ངང་ལས་ལྷུན་གྲུབ་སྐུར་བཞེངས་པའི། རང་རྩལ་རིག་པ་རང་ཤར་ལྷ་ཚོགས་རྣམས། འཇའ་འོད་འོད་ཕུང་ཐིག་ལེའི་ཀློང་ནས་གཤེགས། སྣང་སྲིད་དག་པ་རབ་འབྱམས་མཆོད་པར་འབུལ། སྒོ་གསུམ་སྡིག་སྒྲིབ་ཉམས་ཆག་དག་གྱུར་ཅིག། ཟག་མེད་དགེ་ལ་ཡི་རངས་ཆོས་འཁོར་བསྐུལ། འཆི་མེད་རྟག་པར་བཞུགས་གསོལ་དགེ་བའི་མཐུས། འགྲོ་ཀུན་འཇའ་ལུས་རྡོ་རྗེའི་སྐུ་ཐོབ་ཤོག། གསུམ། དེ་ནས་ཐུན་མོང་མ་ཡིན་པའི་མན་ངག་གིས་རྒྱུད་སྦྱང་བའི་སླད་དུ་ལུས་གནད་བསྲང་། སྣ་བུག་གཡས་ནས་ཉོན་མོངས་པ་ཞེ་སྡང་ལས་གྱུར་པའི་ནད་གདོན་སྡིག་སྒྲིབ་གྲིབ་དང་མི་གཙང་བ་རྩ་དུག་རླུང་དུག་ཐིག་ལེའི་ཉེས་སྐྱོན་ཐམས་ཅད་ཁ་དོག་དམར་པོའི་རྣམ་པས་རྒྱ་མཚོའི་ཕ་མཐར་སང་སང་སོང་བར་བསམ་ལ་རླུང་དྲག་པོ་ལན་གསུམ་འབུད་པར་ཞུ། ཞེས་བྱས་ལ་སྣ་བུག་གཡོན་ནས་ཚུར་གཡོན་པའི་མཛུབ་མོས་བཀབ། གཡས་ནས་དྲག་རླུང་ལན་གསུམ་འབུད་དུ་གཞུག །དེས་འགྲེས་ཏེ། སྣ་བུག་གཡོན་ནས་ཉོན་མོངས་པ་འདོད་ཆགས་ལས་གྱུར་པའི་ནད་གདོན་སྡིག་སྒྲིབ་གྲིབ་དང་མི་གཙང་བ་རྩ་དུག་རླུང་དུག་ཐིག་ལེའི་ཉེས་སྐྱོན་ཐམས་ཅད། ཁ་དོག་སེར་པོའི་རྣམ་པས་རྒྱ་མཚོའི་ཕ་མཐར་སང་སང་སོང་བར་བསམ་ལ་རླུང་འཇམ་པོ་ལན་གསུམ་འབུད་པར་ཞུ། གོང་ལས་གོ་ལྡོག་སྟེ་གཡོན་ནས་འཇམ་རླུང་ལན་གསུམ་འབུད་དུ་གཞུག །སྣ་བུག་གཉིས་ཀྱི་དབུས་ནས་ཉོན་མོངས་པ་གཏི་མུག་ལས་གྱུར་པའི་ནད་གདོན་སྡིག་སྒྲིབ་གྲིབ་དང་མི་གཙང་བ་རྩ་དུག་རླུང་དུག་ཐིག་ལེའི་ཉེས་སྐྱོན་ཐམས་ཅད། འོད་ཁ་དོག་ནག་པོའི་རྣམ་པས་རྒྱ་མཚོའི་ཕ་མཐར་སང་སང་སོང་བར་བསམ་ལ་རླུང་འཇམ་རྩུབ་རན་པོས་ལན་གསུམ་འབུད་པར་ཞུ། ཞེས་བྱས་ལ་སྣ་བུག་གཉིས་ཀ་ནས་མ་ནིང་རླུང་ལན་གསུམ་འབུད་དུ་གཞུག །དེ་ལྟར་ཕྱི་ནང་གི་སྡིག་སྒྲིབ་བསལ་བས་ཁྱེད་རང་གི་ལུས་མེ་ཤེལ་གྱི་གོང་བུ་ལྟར་དྲི་མ་མེད་ལ་འོད་འབར་བར་གྱུར་པར་མོས་ལ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་དད་མོས་གདུང་ཤུགས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་འཆང་དབང་བླ་མ་དང་། མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། བདག་ཅག་ཉོན་མོངས་འཁོར་བ་ལས། བསྒྲལ་ཕྱིར་ཡེ་ཤེས་དཀྱིལ་འཁོར་དུ། བདེ་སྟོང་ཟག་པ་མེད་པ་ཡི། དབང་མཆོག་དམ་པ་བསྩལ་དུ་གསོལ། སྨིན་ཅིང་གྲོལ་བར་མཛད་དུ་གསོལ། ཡེ་ཤེས་བདེ་དྲོད་སྦར་དུ་གསོལ། ལན་གསུམ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། དཀྱིལ་འཁོར་དམ་པའི་སྒོར་ཞུགས་ནས། སྨིན་ཅིང་གྲོལ་བར་འདོད་པ་ན། བླ་མའི་བསྒོ་བ་ཉན་པ་དང་། དམ་ཚིག་ཚུལ་བཞིན་བསྲུང་ནུས་ན། ཇི་ལྟར་འདོད་པ་སྦྱིན་པར་བྱ། ཞེས་དྲིས་པའི་ལན་གསོལ་བ་འདིའི་རྗེས་ཟློས། ཀྱེ་ཧོ། བླ་མ་རྡོ་རྗེ་འཛིན་པ་ཡིས། ཇི་ལྟར་བསྒོ་བའི་གསུང་ཉན་ཅིང་། དམ་ཚིག་དག་ལས་མི་འདའ་བསྲུང་། ཐུགས་རྗེ་བརྩེ་བས་གཟུང་དུ་གསོལ<། རྡོ་རྗེ་ལག་ཏུ་གཏད། བདུད་རྩི་ལྕེ་ལ་བཞག །ཧཱུྃ་ཧྲཱི། ང་ནི་དབང་ཆེན་ཧེ་རུ་ཀ། ཁྱེད་ལ་དམ་ཚིག་སྦྱིན་པར་བྱ། རྩ་བ་ཡན་ལག་དམ་ཚིག་རྣམས། ཉམས་པ་མེད་པར་རྟག་ཏུ་བསྲུང་། གལ་ཏེ་ཉམས་ན་དམྱལ་བར་ལྟུང་། མ་ཉམས་བྱིན་རླབས་དངོས་གྲུབ་སོགས། ཁྱོད་ཀྱི་ཇི་ལྟར་འདོད་པའི་དོན། ཐམས་ཅད་མ་ལུས་མྱུར་དུ་འགྲུབ། ས་མ་ཡ་ཨུ་ད་ཀ་ཋ་ཋ་ན་ར་ཀན། སྤྱིར་ཐེག་པ་ཆེ་ཆུང་གི་སྡོམ་པའི་བསླབ་བྱ། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་རྩ་བ་ཡན་ལག་གིས་བསྡུས་པ་མཐའ་དག་བག་ཡོད་དྲན་ཤེས་དང་ལྡན་པས་ཚུལ་བཞིན་དུ་བསྲུང་བར་བྱ་དགོས་སོ། །དེ་ནས་དབང་གི་གཞི་འགོད་པའི་ཕྱིར་ཡེ་ཤེས་པ་དབབ་པ་ལ་ཁྱེད་རང་རྣམས་ལུས་གནད་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བཅའ། ལག་པ་གཉིས་སྤྱི་བོར་ཐལ་མོ་སྦྱོར། ངག་གནད་སྨྲ་བ་སྐྱུངས་ལ་རླུང་བཟུང་། ཡིད་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛད་འཚལ། ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། འོད་གསལ་གྱི་རང་མདངས་སྣོད་ཀྱི་འཇིག་རྟེན་དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས་ཆོས་འབྱུང་དམར་ནག་ཡངས་པའི་དབུས་སུ་པདྨ་ཉི་ཟླ་བམ་རོ་བརྩེགས་པའི་གདན་ལ། ཁྱེད་རང་རྣམས་དུས་གསུམ་རྒྱལ་བ་ཀུན་ཡུམ་རྡོ་རྗེ་རྣལ་འབྱོར་མ་དམར་གསལ་སིནྡྷུ་རའི་མདངས་ལྡན་ཁྲོ་ཞིང་འཛུམ་པའི་ཉམས་ཅན་དབུ་གཙུག་ཕག་ཞལ་ངུར་བ། ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་བསྣམས་ཤིང་ཁ་ཊྭཱཾ་ག་མཆན་ཁུང་གཡོན་དུ་བརྟེན་པ། གཅེར་བུ་སྐྲ་གྲོལ་ཞིང་ཐོད་སྐམ་ལྔའི་དབུ་རྒྱན་དང་ཐོད་རློན་དོ་ཤལ་རུས་པའི་ཕྱག་རྒྱས་བརྒྱན་པ། ཞབས་བརྐྱང་བསྐུམ་མེ་ཕུང་དམར་ནག་འབར་བའི་ཀློང་དུ་འགྱིང་བའི་ལུས་ཀྱི་ནང་རྩ་གསུམ་འཁོར་ལོ་ལྔ་དང་བཅས་པ་སྐད་ཅིག་གིས་གསལ་བའི་སྤྱི་བོར་ཧཾ་ཡིག་དཀར་པོ་གྱེན་དུ་བཞེངས་པ། རྩ་གསུམ་འདུས་མདོར་ཨ་ཤད་དམར་གསལ་མེའི་མདངས་ཅན། སྙིང་གར་དགའ་བ་འཁྱིལ་བ་དམར་པོ་གཡོན་དུ་འཁོར་བར་བསམ། བཤང་སྒོར་ཡཾ་ལས་རླུང་གི་དཀྱིལ་འཁོར་གཡོས། ཨ་ཐུང་ལས་མེ་འབར་ཞིང་སྤྱི་བོར་ཧཾ་ལས་བདུད་རྩིའི་རྒྱུན་བབས། དགའ་བ་འཁྱིལ་བ་ལ་ཕོག་པས་རྒྱུད་བསྐུལ་ཏེ་རང་དབང་མེད་པར་དྲག་ཏུ་འཁོར་བ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟར་བྱོན་ནས་བྱིན་གྱིས་རློབ་པའི་མོས་པ་མཛོད་ཅིག །ཡེ་ཤེས་དབབ་པའི་རྫས་བསྲེག །རོལ་མོ་དབྱངས་དང་བཅས་ཏེ། ཧཱུྃ་ཧྲཱི། ཆོས་དབྱིངས་བདེ་ཆེན་དཔལ་རི་འོད་གསལ་ཀློང་། དག་པ་རབ་འབྱམས་མཁའ་འགྲོའི་འཇའ་སྤྲིན་འཁྲིགས། རང་བྱུང་ལྷུན་གྲུབ་པད་འབྱུང་ཡབ་ཡུམ་དང་། ཞི་ཁྲོ་རབ་འབྱམས་རྩ་གསུམ་དྭངས་མའི་ལྷ། འདིར་བྱོན་སྐལ་ལྡན་བུ་ལ་བྱིན་གྱིས་རློབས། ཧཱུྃ་ཧྲཱི། ཨོ་རྒྱན་དུར་ཁྲོད་ཕོ་བྲང་ཆེན་པོ་ནས། ཆོས་དབྱིངས་ངང་ལས་ཁྲོ་མོའི་སྐུར་སྤྲུལ་མ། རྡོ་རྗེ་ཕག་མོ་དབྱིངས་ནས་སྐུར་བཞེངས་ཤིག། འདིར་བྱོན་སྐལ་ལྡན་བུ་ལ་བྱིན་གྱིས་རློབས། ཤར་ཕྱོགས་མི་འགྱུར་རྡོ་རྗེའི་གནས་མཆོག་ནས། དཀར་མོ་ཞི་མཛད་ཞི་བའི་སྐུར་སྤྲུལ་མ། རྡོ་རྗེ་མཁའ་འགྲོ་དབྱིངས་ནས་སྐུར་བཞེངས་ཤིག། འདིར་བྱོན་སྐལ་ལྡན་བུ་ལ་བྱིན་གྱིས་རློབས། ལྷོ་ཕྱོགས་དཔལ་ལྡན་རིན་ཆེན་གནས་མཆོག་ནས། སེར་མོ་རྒྱས་མཛད་རྒྱས་པའི་སྐུར་སྤྲུལ་མ། རིན་ཆེན་མཁའ་འགྲོ་དབྱིངས་ནས་སྐུར༴ འདིར་བྱོན་སྐལ་ལྡན༴ ནུབ་ཕྱོགས་དབང་སྡུད་པདྨའི་གནས་མཆོག་ནས། དམར་མོ་དབང་མཛད་དབང་གི་སྐུར་སྤྲུལ་མ། པདྨ་མཁའ་འགྲོ་དབྱིངས་ནས་སྐུར༴ འདིར་བྱོན་སྐལ་ལྡན༴ བྱང་ཕྱོགས་ཚར་གཅོད་ལས་ཀྱི་གནས་མཆོག་ནས། ལྗང་མོ་ལས་མཛད་ཕྲིན་ལས་སྐུར་སྤྲུལ་མ། ལས་ཀྱི་མཁའ་འགྲོ་དབྱིངས་ནས་སྐུར༴ འདིར་བྱོན་སྐལ་ལྡན དམ་ཚིག་མཁའ་འགྲོ་སྣ་ཚོགས་མཁའ་འགྲོ་དང་། ཤ་ཟ་མཁའ་འགྲོ་འཇིག་རྟེན་མཁའ་འགྲོ་དང་། མཁའ་འགྲོ་སྡེ་བརྒྱད་སྲུང་མ་ལས་བྱེད་རྣམས། ཐུགས་རྗེས་མྱུར་མགྱོགས་གློག་ལྟར་འཁྱུག་ཅིང་བྱོན། ཐུགས་རྗེའི་བྱིན་རླབས་འཇའ་འོད་ཐིབས་སེ་ཐིབ། ཡེ་ཤེས་རྣམ་ལྔའི་འོད་ཟེར་ཏ་ལ་ལ། བདེ་སྟོང་ཟག་མེད་འཇའ་འོད་ཁྱིལ་ལི་ལི། འཕོ་མེད་འཇའ་ལུས་འོད་ཕུང་ཕུངས་སེ་ཕུང་། དགའ་བཞི་འཛག་བྲལ་བདེ་སྟོང་ཕྲི་ལི་ལི། རང་ལུས་སྣང་སྟོང་ལྷ་སྐུར་སྤུངས་སེ་སྤུང་། བདེ་དྲོད་ཡེ་ཤེས་མེ་དཔུང་ལྷབས་སེ་ལྷབ། དྭངས་མ་ཡེ་ཤེས་མེ་དཔུང་སྦར་དུ་གསོལ། ཡེ་ཤེས་རྣམ་ལྔའི་མེ་དཔུང་སྦར་དུ་གསོལ། རང་བྱུང་གཏུམ་མོའི་བདེ་དྲོད་སྦར་དུ་གསོལ། འཇའ་ལུས་འོད་གསལ་ཀློང་དུ་གྲོལ་བ་དང་། ཟུང་འཇུག་ཀུན་ཁྱབ་བདེ་ཆེན་མཆོག་ཐོབ་ཤོག། ཨོཾ་སརྦ་མ་ཧཱ་གུ་རུ་དེ་བ་ཌཱ་ཀི་ནཱི་ཛྙཱ་ན་ཛྭ་ལ་རཾ་རཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཕེཾ་ཕེཾ་ཛཿཧཱུྃ་བཾ་ཧོ། ཞེས་དྲག་ཏུ་བརྗོད་ཅིང་མེ་ཏོག་འཐོར། ཕེབས་རྟགས་སྤྱི་དང་མཐུན། ཨོཾ་ཨཱཿཧཱུྃ། ནམ་མཁའ་གང་བའི་ཡེ་ཤེས་པ་རྣམས་ཁྱེད་རང་གི་སྒོ་གསུམ་ལ་ཐིམ་པས་ཡེ་ཤེས་པའི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པར་གྱུར་པ་དེ་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག །དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ་ནས་དངོས་གཞིའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ་འཚལ། དབང་དོན་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧཱུྃ་ཧྲཱི། བླ་མ་ཡི་དམ་མཁའ་འགྲོ་ལ། བདག་སོགས་གུས་པས་གསོལ་བ་འདེབས། དབང་བསྐུར་བྱིན་རླབས་བསྩལ་དུ་གསོལ། སྨིན་ཅིང་གྲོལ་བར་མཛད་དུ་གསོལ། ལན་གསུམ། བུམ་པ་རང་བྱུང་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་ནང་བཅུད་བླ་མ་སྐུ་གསུམ་གྱི་ལྷ་ཚོགས་རང་རིག་རང་ཤར་གྱི་ཚུལ་དུ་བཞུགས་པའི་སྐུ་ལས་བདུད་རྩི་འོད་ཟེར་གྱི་རྒྱུན་ཁྱེད་རང་རྣམས་ཀྱི་སྤྱི་བོར་བབས་ལུས་ཀྱི་ནང་གང་། གཏོར་བླུགས་ཀྱི་བྱ་བ་མཐར་ཕྱིན། རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། བུམ་པ་གནས་ལྔར་བཞག་ལ། ཧཱུྃ་ཧྲཱི། ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ། བླ་མ་སྐུ་གསུམ་བདེ་བ་ཆེ། རིགས་ཀྱི་བུ་ལ་བྱིན་གྱིས་རློབས། བྱིན་རླབས་བདེ་སྟོང་དབང་བསྐུར་སྩོལ། ཨོཾ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛཿཛཿ ཙནྡྷ་ལཱི་ཤྭ་ར་སརྦ་ཏ་ཐཱ་ག་ཏེ་ཤྭ་ར་རཾ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ་ཨ་བྷི་ཥིཉྩ་ཨོཾ། བུམ་ཆུ་འཐོར་འཐུང་བྱར་གཞུག །རྗེས་འབྲེལ་དུ་མཁའ་འགྲོའི་སྐུ་གསུང་ཐུགས་ཀྱི་ཕོ་བྲང་བདེ་སྟོང་བནྡྷ། གསལ་སྟོང་མར་མེ། རིག་སྟོང་མེ་ལོང་གི་བརྡ་གནས་གསུམ་བཞག་པས་དེ་དག་གི་རྟོགས་པ་རྒྱུད་ལ་སྐྱེས། གསང་བ་གསུམ་གྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཐོད་པ་མར་མེ་མེ་ལོང་གནས་གསུམ་དུ་བཞག་ལ། ཧཱུྃ་ཧྲཱི། བྱིན་རླབས་མཁའ་འགྲོ་བདེ་སྟེར་མ། ཡེ་ཤེས་དབྱིངས་ཀྱི་རང་བཞིན་མཆོག། མཁའ་འགྲོ་རྒྱ་མཚོའི་དབང་བསྐུར་བས། བདེ་དྲོད་ཕྲིན་ལས་དབང་ཐོབ་ཤོག། ཨོཾ་སརྦ་མ་ཧཱ་གུ་རུ་བཛྲ་དེ་བ་ཌཱ་ཀི་ནཱི་ཛྙཱ་ན་ཛྭ་ལ་རཾ་རཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ། གསང་རྫས་བནྡྷ་ཁ་ཕྱེས་ཏེ། བླ་མ་དབང་ཆེན་རྟ་མཆོག་ཡབ་ཡུམ་སྙོམས་པར་ཞུགས་པའི་དཀར་དམར་བྱང་ཆུབ་སེམས་ཀྱི་རྒྱུན་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པས་ཕུང་ཁམས་སྐྱེ་མཆེད་རྣམ་དག་ཡེ་ཤེས་ཀྱི་འཁོར་ལོར་བྱིན་གྱིས་བརླབས་པར་མོས་ཤིག །བདུད་རྩི་ཁར་སྦྱིན་ཅིང་གནས་ལྔར་ཐིག་ལེ་བཀོད་ལ། ཧཱུྃ་ཧྲཱི། ལུས་ལ་རྩ་རླུང་ཐིག་ལེ་བྱང་སེམས་གནས། དེ་དག་མ་དང་མཁའ་འགྲོའི་བཞུགས་གནས་ཏེ། ངོ་བོ་སངས་རྒྱས་རྣམས་ཀྱི་རང་བཞིན་ཅན། གཞན་དུ་བསྒོམ་བྱ་སྒོམ་བྱེད་ཅི་ལ་ཡོད། དབུས་མ་སྙིང་པོའི་རྩ་རུ་བྱང་སེམས་གནས་པའི་ཕྱིར། རྩ་རླུང་ཐིག་ལེ་དྲོད་ཀྱི་དབང་བསྐུར་རོ། གོང་གསལ་བུམ་དབང་གི་སྔགས་བརྗོད། ཧོ། སྐལ་ལྡན་ཁྱོད་ལ་རྩ་རླུང་ཐིག་ལེ་དྲོད་ཀྱི་དབང་བསྐུར་པས་བདེ་དྲོད་རྟོགས་པ་རྒྱུད་ལ་སྐྱེས་ནས། བཅོམ་ལྡན་རྟ་ཕག་ཡབ་ཡུམ་གྱི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་གྱུར་ཅིག། དེ་ལྟར་བྱིན་པའི་བྱང་སེམས་བདུད་རྩིས་རྩ་འཁོར་ལོ་ལྔ་སོགས་གྲངས་ཅན་གྲངས་མེད་ཀྱི་རྩ་རླུང་ཐིག་ལེ་ཐམས་ཅད་ལ་ཁྱབ། ལྟེ་བའི་གཏུམ་མོ་འབར། སྤྱི་བོའི་ཧཾ་ཡིག་ཞུ། བདེ་བ་ཆེན་པོའི་ཡེ་ཤེས་རྒྱུད་ལ་སྐྱེས་ཤིང་བརྟན་པར་མོས་ཤིག །མཚོན་བྱེད་རྟགས་ཀྱི་རྡོར་དྲིལ་སྙིང་གར་བཞག་ཅིང་ལག་ཏུ་གཏད་པས་ཐབས་ཤེས་མཉམ་པར་སྦྱོར་བའི་བརྡ་ཁོང་དུ་ཆུད་དེ་མཚོན་བྱ་དོན་དམ་བདེ་སྟོང་ཟུང་དུ་འཇུག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །རྡོར་དྲིལ་སྙིང་གར་གཏུགས་ལག་ཏུ་གཏད་ལ། ཧཱུྃ་ཧྲཱི། བླ་མ་དཔལ་ལྡན་རྡོ་རྗེ་འཆང་། རིགས་ཀྱི་བུ་ལ་དབང་བསྐུར་བས། བྱིན་རླབས་བདེ་དྲོད་རང་འབར་ཞིང་། བློ་འདས་མཐའ་བྲལ་རྟོགས་པར་ཤོག། ཨོཾ་ཨཱཿཧཱུྃ་ཧོཿཏྲཱཾ་ཧྲཱིཿཨཱ། ཨ་བྷི་ཥིཉྩ་ཧཱུྃ། དེའི་རྗེས་འབྲེལ་མར་མེ་སྤྱི་བོ་དང་ལག་མཐིལ་གཉིས་སུ་བཞག་པས་རང་རིག་སྐུ་གསུམ་རང་གསལ་གྱི་མེ་ལྕེས་ཉོན་མོངས་དུག་གསུམ་གྱི་ཚང་ཚིང་བསྲེགས། ཡེ་ཤེས་གསུམ་ལྡན་གནས་ལུགས་ཀྱི་དགོངས་པ་མངོན་དུ་གྱུར། ཆགས་མེད་བདེ་དྲོད་ཀྱི་ནུས་པ་རྩལ་རྫོགས་སུ་སྨིན་པར་མོས་ཤིག །ཏིང་ལོ་གསུམ་སྦར་ལ་སྤྱི་བོ་དང་ལག་མཐིལ་གཉིས་སུ་བཞག་ལ། ཧཱུྃ་ཧྲཱི། ཉོན་མོངས་ཚང་ཚིང་བུད་ཤིང་སྲེག། ཡེ་ཤེས་གསལ་བའི་སྒྲོན་མེ་མཆོག། སྐལ་ལྡན་བུ་ལ་དབང་བསྐུར་བས། ཆགས་བྲལ་བདེ་དྲོད་འབར་བར་ཤོག། ཨཱོཾ་ཀརྨ་མཱ་ལེ་མ་ཧཱ་སུ་ཁ་ཧ་རི་ནི་ས་ཨ་བྷི་ཥིཉྩ་ཧོ། དཔལ་འབར་ཁ་དོག་ལྔ་ལྡན་ལྷུན་གྲུབ་ཡེ་ཤེས་རྣམ་ལྔའི་རང་མདངས་ལྷུན་རྫོགས་ཀྱི་གཞལ་མེད་ཁང་དུ་རྩ་གསུམ་རིགས་ལྔའི་དཀྱིལ་འཁོར་གྱི་ཚོམ་བུ་འོད་ཕུང་འཇའ་ཟེར་གྱི་རྣམ་པར་བཞུགས་པ་ལས་འཕྲོས་པའི་མེ་འོད་ཀྱིས་གཉིས་འཛིན་སྒྲིབ་པའི་བག་ཆགས་བསྲེགས་ཤིང་བཅོམ། ཡེ་ཤེས་ལྔའི་རྟོགས་པ་མངོན་དུ་གྱུར་པར་མོས་ལ་རང་བཞིན་འོད་གསལ་ཆེན་པོའི་ངོ་བོར་མཉམ་པར་ཞོག་ཅིག །དཔལ་འབར་སྦར་བ་གདེངས་ཤིང་གནས་ལྔར་བཞག་ལ། ཧཱུྃ་ཧྲཱི། དཔལ་འབར་མེ་དཔུང་འཇའ་འོད་གཞལ་ཡས་སུ། བླ་མ་རྩ་གསུམ་འོད་ཕུང་འཇའ་ཟེར་འཁྲིགས། མ་སྲིང་མཁའ་འགྲོ་གྲངས་མེད་རྣམ་མང་འཚོགས། ཡེ་ཤེས་འོད་ལྔའི་མེ་དཔུང་ལྷབས་སེ་ལྷབ། བག་ཆགས་གཉིས་འཛིན་བུད་ཤིང་བསྲེགས་གྱུར་ནས། གཞོན་ནུ་བུམ་སྐུར་འཕོ་མེད་འཇིགས་བྲལ་ཤོག །སྔགས་བུམ་དབང་ལྟར་བརྗོད། གཞི་ཉོན་མོངས་དུག་ལྔས་སྲིད་པའི་འཁོར་ལོར་འཁྲུལ་པ་ལ། ལམ་ཡེ་ཤེས་ལྔའི་རྟོགས་པ་རྒྱུད་ལ་བསྐྱེད་པས། འབྲས་བུ་སངས་རྒྱས་སྐུ་ལྔའི་གོ་འཕང་འཐོབ་པར་འགྱུར་བའི་དོན་ངེས་པར་གྱིས་ཤིག །ལུས་སེམས་བདེ་དྲོད་འབར་བའི་ཆས་གོས་དང་དུར་ཁྲོད་རོལ་པའི་ཆས་རྣམས་ཀྱིས་མངའ་གསོལ་བས་གསང་ཆེན་ཟབ་མོའི་ལམ་གྱི་རྣལ་འབྱོར་ལ་བརྟན་པ་ཐོབ་ཅིང་། བརྟུལ་ཞུགས་སྤྱོད་པའི་རྩལ་ཆེན་ཕྱོགས་མེད་དུ་རྫོགས་པར་མོས་ཤིག །རས་གོས་སྒོམ་ཐག་ཨང་རག་དུར་ཁྲོད་ཆས་རྣམས་གནས་སོ་སོར་བགོ་བའི་ཚུལ་བྱས་ལ། ཧཱུྃ་ཧྲཱི། གཟུང་འཛིན་གོས་སྤངས་རས་དཀར་དྲི་མེད་དང་། བདེ་སྟོང་ཟུང་འཇུག་ཐབས་ཤེས་སྒོམ་ཐག་དང་། མཁའ་འགྲོ་དབང་སྡུད་དར་དམར་ཨང་རག་དང་། མཁའ་སྤྱོད་བགྲོད་པའི་དུར་ཁྲོད་ཆས་དབང་གིས། སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། སྣང་བ་དབང་སྡུད་མཁའ་སྤྱོད་མྱུར་བགྲོད་ཤོག། སྔགས་གོང་ལྟར་བརྗོད། ཡོངས་རྫོགས་གཏོར་ཆེན་གྱི་དབང་བསྐུར་བ་ལ་འདུན་པ་འདི་ལྟར་དུ་མཛོད། གཏོར་སྣོད་ཡེ་ཤེས་ཟང་ཐལ་གྱི་གཞལ་ཡས་ཁང་དུ་གཏོར་མ་རྩ་གསུམ་རིག་འཛིན་རྒྱལ་བའི་དཀྱིལ་འཁོར་སྤྲིན་གཏིབས་པ་ལྟར་བཞུགས་པ་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པས་སྐུ་གསུང་ཐུགས་ལས་བྱིན་རླབས་བདུད་རྩིའི་རྒྱུན་བབས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་སྒྲིབ་པ་བཞི་དག །དབང་བཞི་ཐོབ། ཕྲིན་ལས་རྣམ་བཞི་ཐོགས་མེད་དུ་འགྲུབ་པར་བྱས་པར་མོས་ཤིག །དཔལ་གཏོར་གནས་གསུམ་དུ་བཞག་ལ། ཧཱུྃ་ཧྲཱི། ཞི་རྒྱས་དབང་དྲག་ཐོགས་མེད་རྒྱལ། ཕྲིན་ལས་ཡོངས་རྫོགས་བཀྲ་ཤིས་འབར། སྐལ་ལྡན་བུ་ལ་དབང་བསྐུར་བས། འབར་འཛག་བདེ་དྲོད་མཐར་ཕྱིན་ཞིང་། བར་ཆད་བདུད་ལས་རྒྱལ་བར་ཤོག། སྔགས་གོང་ལྟར་བརྗོད། མེ་ཏོག་འཐོར་ལ་ཤིས་བརྗོད་རྒྱས་པར་བྱ། དེ་ལྟ་བུའི་དབང་ཟབ་མོ་ཡང་གསང་རྨད་དུ་བྱུང་བ་ཐོབ་ནས། དམ་ཚིག་བསྲུང་བ་གལ་ཆེ། བསྲུང་བྱའི་དམ་ཚིག་རྒྱས་པར་ས་མ་ཡ་འབུམ་སྡེར་གསུངས་ཀྱང་མདོར་བསྡུ་ན། ཉན་ཐོས་རང་རྒྱལ་བྱང་སེམས་དང་། གསང་སྔགས་དམ་ཚིག་མ་ཉམས་བསྲུང་། ཁྱད་པར་དམ་ཚིག་སྐུ་གསུང་ཐུགས། སྲོག་ལ་བབ་ཀྱང་བསྲུང་བར་བྱ། ཞེས་གསུངས་པ་ལྟར་སྤྱི་དང་ཁྱད་པར་གྱིས་བསྡུས་པའི་བསྲུང་བྱ་རྣམས་ལ་སྤང་བླང་ཚུལ་བཞིན་དུ་བྱ་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ། ལུས་དབུལ། དགེ་བསྔོ་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྱེས། སློབ་དཔོན་གྱིས་བསྐུལ་དང་གཏོར་སྐྱོང་ནས་ཤིས་བརྗོད་ཀྱི་བར་ཕག་མོའི་ལས་གཞུང་ཉིད་མཐར་དབྱུང་། བདག་བསྐྱེད་བསྡུ་ལྡང་བྱས་ལ་སྔོན་འགྲོ་བྱིན་རླབས་ཐུགས་རྗེའི་འོད་འབར་གཤམ་གྱི་སྨོན་ལམ་དང་བཀྲ་ཤིས་བརྗོད་པས་ལེགས་པར་གྲུབ་བོ། །སྲིད་ལ་ངེས་འབྱུང་དཀའ་སྤྱད་མཐའ་རུ་ཕྱིན། །རླུང་སེམས་ལས་རུང་ཟབ་མོའི་ལམ་འདི་ལས། །ཚེ་གཅིག་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་ཏེ། །འཁོར་བའི་རྒྱ་མཚོ་དོང་ནས་སྤྲུགས་བྱེད་ཤོག །ཅེས་སྔོན་བསགས་ལས་འཕྲོ་བཟང་པོས་ཟབ་ཆོས་ཁྱད་པར་དུ་འཕགས་པ་འདི་ཉིད་ཐོས་པའི་སྣོད་རུང་དུ་གྱུར་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་ཁྲོད་ཤྲཱི་དེ་བཱི་ཀོ་ཊིར་ཟིན་བྲིས་སུ་བཏབ་པ་དགེ་ལེགས་འཕེལ།། །།
སྨན་མཆོད་མཚན་དོན་ (Volume 18, Text 5)
སྨན་མཆོད་མཚན་དོན་ནི། ཁྱབ་བདག་ཀུན་བཟང་དྲུག་པ་རྡོ་རྗེ་འཆང་། །རྡོ་རྗེ་ཆོས་དང་འཇམ་དཔལ་བཤེས་གཉེན་ལ། །ཡེ་ཤེས་བདུད་རྩི་སྨན་གྱི་མཆོད་པ་འབུལ། །ཚེ་དབང་མཐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ། གཙུག་ལག་དཔལ་དགེ་ཁྲག་འཐུང་ནག་པོ་དང་། །ཤཱནྟིཾ་གརྦྷ་བ་སུ་དྷ་ར་ལ། །ཡེ་ཤེས་བདུད་རྩི་སྨན་གྱི་མཆོད་པ་འབུལ། །ཚེ་དབང་མཐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ། རྒྱལ་བ་ཀུན་དངོས་པད་འབྱུང་ཡབ་ཡུམ་དང་། །སངས་རྒྱས་ཡེ་ཤེས་ལོ་ཆེན་བཻ་རོ་ལ། །ཡེ་ཤེས་བདུད་རྩི་སྨན་གྱི་མཆོད་པ་འབུལ། །ཚེ་དབང་མཐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ། ཆོས་རྒྱལ་ཡབ་སྲས་མཆོག་གྱུར་བདེ་ཆེན་གླིང་། །ཆོས་བདག་སྐྱེས་མཆོག་བརྒྱུད་པར་བཅས་རྣམས་ལ། །ཡེ་ཤེས་བདུད་རྩི་སྨན་གྱི་མཆོད་པ་འབུལ། །ཚེ་དབང་མཐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ། ཕྱག་རྒྱ་ཟིལ་གནོན་གྱད་གནོན་ལྷ་བརྒྱད་སོགས། །འཇམ་དཔལ་ཞི་ཁྲོའི་དཀྱིལ་འཁོར་ལྷ་ཚོགས་ལ། །ཡེ་ཤེས་བདུད་རྩི་སྨན་གྱི་མཆོད་པ་འབུལ། །ཚེ་དབང་མཐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ། ལས་གཤིན་གཟའ་བདུད་དྲེགས་པ་སྡེ་ལྔ་སོགས། །ཆོས་གཏེར་སྐྱོང་བའི་དམ་ཅན་རྒྱ་མཚོ་ལ། །ཡེ་ཤེས་བདུད་རྩི་སྨན་གྱི་མཆོད་པ་འབུལ། །ཚེ་དབང་མཐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ། བདུད་རྩིའི་ལྷག་མས་གནས་གསུམ་ཐིག་ལེ་བྱ་ཞིང་ལྕེར་མྱང་ལ། ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཨ་མྲྀཏ་སརྦ་སིདྡྷི་ཕ་ལ་ཧོཿ ཞེས་བརྗོད། གུ་ཎས་ཞབས་ཏོག་ཏུ་སྤེལ་བ་དགེ། །།
ཚེ་དཔག་མེད་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ཀྱི་ལས་བྱང་ཁྲིགས་སུ་བསྡེབས་པ་འཆི་མེད་སྲོག་གི་གཏེར་ཆེན་ (Volume 20, Text 5)
༄༅། །ཚེ་དཔག་མེད་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ཀྱི་ལས་བྱང་ཁྲིགས་སུ་བསྡེབས་པ་འཆི་མེད་སྲོག་གི་གཏེར་ཆེན་ཞེས་བྱ་བ་བཞུགས་སོ། ། ཚེ་དང་ཡེ་ཤེས་སྣང་བའི་གཟི་བརྗིད་ཀྱིས། །མཚན་ཙམ་འཛིན་ལ་འཆི་མེད་མཆོག་སྦྱིན་པ། །རྒྱལ་བའི་སྤྲུལ་སྐུ་པདྨ་ལས་འཁྲུངས་དང་། །དབྱེར་མེད་དཔལ་ལྡན་བླ་མ་སྙིང་དབུས་རོལ། །ཚེ་སྒྲུབ་བྱེ་བ་ཕྲག་བརྒྱ་ལས། །བཅུད་དྲིལ་ཟབ་མོར་བསྔགས་འདི་ཡི། །ཕྲིན་ལས་གཞན་འགྲོས་མ་བསླད་པར། །རང་གཞུང་མང་ཉུང་འཚམ་པར་བསྡེབ། །ཟབ་གཏེར་འདི་ལས་བྱོན་པའི་འཆི་མེད་ཚེའི་ཕྲིན་ལས་གཏང་བ་ལ། སྦྱོར་བ་བཤམ་གྱི་རིམ་པ་བསྙེན་སྒྲུབ་དབང་སོགས་གང་དང་འབྲེལ་བ་དེ་ཉིད་ཀྱི་ལུགས་ལྟར་བྱ་དགོས་ལ། ཚེ་ཆོག་སྤྱི་ཙམ་དུ་དཀྱིལ་འཁོར་རས་བྲིས་ཡོད་ན་བཀྲམ། མེད་ན་མཎྜལ་ལ་ལྷ་གྲངས་དང་མཉམ་པའི་ཚོམ་བུ་བཀོད་པའི་སྟེང་རྐང་གསུམ་ལ་བུམ་པ་ཉེར་ལྔའི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དམར་པོ་གཟུངས་རྡོར་དང་བཅས་པ་བཀོད། ཚེ་གཏོར་བུམ་གཟུགས། ཚེ་རིལ་ཚེ་ཆང། མདའ་དར་རྣམས་ཀྱང་བཀྲམ། སྨན་རཀ་གཏོར་གསུམ། ཚོགས་དང་གཏོར་འབུལ་སོགས་ཚོགས་པར་བྱའོ། །ཕྲིན་ལས་དངོས་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ་ལྔ་ལས། ཐོག་མར་བརྒྱུད་པའི་གསོལ་འདེབས་གཞན་ནས་འབྱུང་བ་ལྟར་རམ། ཡང་ན་གཏེར་གཞུང་གི །ཨོཾ་ཨཱཿཧཱུྃ༔ རང་བཞིན་ཀ་དག་ཆོས་སྐུ་མཐའ་ཡས་ཀློང༔ འགག་མེད་རང་རྩལ་འོད་སྟོང་སྤྱན་རས་གཟིགས༔ རང་བྱུང་འོད་ལྔའི་དྭངས་མ་པདྨ་འབྱུང༔ བདེ་ཆེན་མཁའ་དབྱིངས་ཡེ་ཤེས་མཚོ་རྒྱལ་ལ༔ གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ༔ རྒྱ་བོད་གྲུབ་ཐོབ་རྗེ་འབངས་ཐམས་ཅད་དང༔ རྡོར་སེམས་ལ་སོགས་ཡི་དམ་རྒྱ་མཚོ་དང༔ སྤྱན་མ་ལ་སོགས་ཡུམ་མཆོག་མཁའ་འགྲོའི་ཚོགས༔ དཔལ་མགོན་ཆོས་སྐྱོང་དམ་ཅན་རྒྱ་མཚོ་ལ༔ གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ༔ སྣང་སྲིད་དག་སྣང་ཡེ་ཤེས་དཀྱིལ་འཁོར་ནི༔ ཀུན་ནས་ཐམས་ཅད་ཚེ་ལྷའི་རང་བཞིན་ལ༔ ཕྱོགས་བྲལ་དུས་གསུམ་རང་རིག་རང་ཤར་ངང༔ ཕྱི་ནང་དབྱེར་མེད་རབ་འབྱམས་རྒྱ་མཚོ་ལ༔ གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་ཝན་ཏི་ཡེ་སྭཱ་ཧཱ༔ གཉིས་པ་སྐྱབས་སེམས་ནི། མདུན་གྱི་ནམ་མཁར་ཚེ་ལྷ་དཀོན་མཆོག་རྩ་གསུམ་སྤྲིན་གཏིབས་པ་ལྟར་གསལ་བར་གྱུར། ཨེ་མ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རྐང་གཉིས་གཙོ་བོ་སངས་རྒྱས་དང༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་འཕགས་པའི་དགེ་འདུན་ལ༔ བདག་ནི་གུས་པས་སྐྱབས་སུ་མཆིའོ༔ བྱིན་རླབས་རྩ་བ་བླ་མ་དང༔ དངོས་གྲུབ་རྩ་བ་ཡི་དམ་དང༔ ཕྲིན་ལས་མཛད་པའི་མཁའ་འགྲོ་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས༔ སེམས་ཅན་ཀུན་ལ་ཕན་དོན་དུ༔ བྱང་ཆུབ་ཐུགས་ནི་བསྐྱེད་མཛད་ལྟར༔ དེ་བཞིན་འགྲོ་ལ་ཕན་དགོངས་སུ༔ བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༔ མ་བསྒྲལ་པ་རྣམས་བསྒྲལ་བར་བགྱི༔ མ་གྲོལ་པ་རྣམས་གྲོལ་བར་བགྱི༔ དབུགས་མ་དབྱུང་རྣམས་དབུགས་དབྱུང་ཞིང༔ སེམས་ཅན་མྱ་ངན་འདས་ལ་འགོད༔ ལན་གསུམ། ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། གསུམ་པ་བགེགས་བསྐྲད་པ་ནི། རང་ཉིད་སྐད་ཅིག་གིས་དབང་ཆེན་རྟ་མགྲིན་འབར་བའི་ཉམས་དང་ལྡན་པའི་སྐུར་གྱུར། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་ང་རྒྱལ་བཟུང་། གཏོར་མ་བྲན་ལ། བགེགས་གཏོར་མི་དམིགས་སྟོང་པའི་ངང་ཉིད་ལས༔ རིན་ཆེན་སྣོད་དུ་བདུད་རྩིའི་རྒྱ་མཚོར་གྱུར༔ སྲེག་སྦྱོང་གཏོར་བ་རཾ་ཡཾ་ཁཾ་གསུམ་འཕྲོས༔ ཨོཾ་ཨཱཿཧཱུྃ་གིས་འདོད་ཡོན་དཔག་མེད་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱིས་བྱིན་བརླབ། དེང་འདིར་དཀྱིལ་འཁོར་མཆོད་པས་འབྱུང་པོ་ཀུན༔ གནས་འདིར་མ་འདུག་གཏོར་མས་ཚིམས་གྱིས་ལ༔ རང་རང་སོ་སོའི་གནས་སུ་ཕྱིར་དེངས་ཤིག༔ གལ་ཏེ་མི་འགྲོ་བར་ཆད་བྱེད་པ་ན༔ ང་ཉིད་དབང་ཆེན་པདྨ་རྟ་སྐད་འཚེར༔ ཁམས་གསུམ་སྲིད་གསུམ་ཀུན་ཀྱང་འདར་ཞིང་སྔངས༔ གདོན་བགེགས་འབྱུང་པོ་མ་ལུས་རྡུལ་དུ་རློག༔ ཨོཾ་པདྨཱནྟ་ཀྲྀཏ་ཧཱུྃ་ཕཊ༔ གནོད་བྱེད་སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད་ནན་ཟློག་ཅིག༔ གུ་གུལ་ཡུངས་ཐུན་ཕཊ་སྒྲ་རོལ་མོའི་ཚམ་རྔམ་གྱིས་བགེགས་བསྐྲད། བཞི་པ་སྲུང་འཁོར་ནི། རང་ཉིད་དབང་ཆེན་རྟ་མགྲིན་གསལ་བ་ལས༔ འོད་ཟེར་མཚོན་ཆ་ཡིག་འབྲུ་ཁྲོ་ཆུང་འཕྲོས༔ གུར་དང་བླར་བྲེས་དྲྭ་བ་དྲྭ་ཕྱེད་དང༔ ས་གཞི་གདན་དང་བཅས་བཀྲམ་འོད་དུ་འབར༔ བཛྲ་རཏྣ་རཀྵ་རཀྵ་ཧཱུྃ༔ ལྔ་པ་མཆོད་རྫས་བྱིན་བརླབ་ནི། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ རང་གི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན༔ དེ་ལས་ཟེར་མ་ཕྱོགས་བཅུར་རབ་འཕྲོས་པས༔ མཆོད་རྫས་དངོས་འཛིན་རྣམ་རྟོག་བག་ཆགས་དང༔ ཉེས་སྐྱོན་བསྲེགས་གཏོར་སྦྱངས་བཀྲུས་བདུད་རྩིར་གྱུར༔ ཉེར་སྤྱོད་འདོད་ཡོན་རིག་མ་ཕྱི་ནང་གསང༔ དེ་བཞིན་ཉིད་དུ་མཆོད་སྤྲིན་བསམ་མི་ཁྱབ༔ བློ་ཡི་བྱེ་བྲག་མདངས་གསལ་འོད་རེ་ཆེ༔ ཉི་ཟླའི་གྭ་འུ་འཇའ་ཚོན་དང་རེ་སྤྲོ༔ བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ཧོ༔ གཉིས་པ་དངོས་གཞི་ལ་བརྒྱད་ལས། ཐོག་མར་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ལའང་ཕྱི་ནང་གསང་བ་དེ་བཞིན་ཉིད་སྒྲུབ་གང་བྱེད་སྐབས་དང་བསྟུན་དགོས་ཀྱང་། འདིར་སྤྱི་ཙམ་དུ་ལྷ་བཅུ་བདུན་མའི་དཀྱིལ་འཁོར་བསྐྱེད་པ་ཡིན་ལ། དེའང་གསེར་དང་གསེར་འོད་ཀྱི་ཚུལ་དུ་བདག་མདུན་སོགས་གཉིས་འཛིན་ཨ་འཐས་ཀྱི་སྤྲོས་པས་མ་བཅིངས་པར་འཁོར་འདས་རང་སེམས། དེ་ཉིད་རང་བྱུང་གི་དཀྱིལ་འཁོར་ཡེ་ནས་རྫོགས་པར་གསལ་འདེབས་པ་ནི། ཧྲཱི༔ རྣམ་སྣང་སྤྲུལ་པའི་འོད་ཟེར་གཞལ་ཡས་ཁང༔ གྲུ་བཞི་སྒོ་བཞི་རྟ་བབས་མཚན་ཉིད་ལྡན༔ རང་བཞིན་སྟོང་པའི་དབྱིངས་སུ་འཇའ་ལྟར་ཤར༔ དེ་དབུས་སྣ་ཚོགས་པདྨ་ཟླ་བའི་སྟེང༔ ཧྲཱི༔ བསམ་བརྗོད་བྲལ་བའི་རང་བཞིན་ཀ་དག་ངང༔ གསལ་མདངས་མ་འགགས་ཧྲཱིཿཡིག་འཕྲོ་འདུ་ལས༔ རང་བཞིན་ལྷུན་གྲུབ་བཅོམ་ལྡན་ཚེ་དཔག་མེད༔ པདྨ་རཱ་གའི་ལྷུན་པོ་འཇའ་མདངས་འཁྲིགས༔ ཉི་ཟེར་སྒྲིབ་བྲལ་ཆོས་གོས་ལི་ཁྲིའི་མདོག༔ ཕྱག་གཉིས་མཉམ་གཞག་སྟེང་དུ་ཚེ་བུམ་ནི༔ བདུད་རྩི་སྨན་བཅུད་འབྱུང་བའི་དྭངས་མས་ཁེངས༔ ཡུམ་ཆེན་གོས་དཀར་གཉིས་མེད་སྐུ་ལ་འཁྲིལ༔ རྡོ་རྗེའི་སྐྱིལ་ཀྲུང་མཚན་དཔེའི་རྒྱན་གྱིས་མཛེས༔ རང་གི་ཐུགས་ཀའི་འོད་ཟེར་འཕྲོས་པ་ལས༔ ཤར་དུ་རྡོ་རྗེ་སེམས་དཔའ་ཚེ་དཔག་མེད༔ ལྷོ་རུ་རིན་ཆེན་འབྱུང་ལྡན་ཚེ་དཔག་མེད༔ ནུབ་ཏུ་རྣམ་པར་སྣང་མཛད་ཚེ་དཔག་མེད༔ བྱང་དུ་དོན་ཡོད་གྲུབ་པ་ཚེ་དཔག་མེད༔ དཀར་སེར་སྔོ་ལྗང་སྐྱིལ་ཀྲུང་ཡུམ་དང་སྦྱོར༔ སྤྱན་མ་མཱ་ཀཱི་དབྱིངས་ཕྱུག་སྒྲོལ་མ་བཞི༔ ཕྱག་གཡས་མདའ་དར་གཡོན་པས་ཚེ་བུམ་འཛིན༔ ཡབ་ཡུམ་གཉིས་མེད་བདེ་དྲོད་འོད་ཕུང་འབར༔ དཀྱིལ་འཁོར་ཕྱི་རིམ་འདབ་བཞིའི་གདན་སྟེང་དུ༔ འཇམ་དབྱངས་སྤྱན་གཟིགས་ཕྱག་རྡོར་པདྨ་འབྱུང༔ མཚམས་བཞིར་ཚེ་ཡི་ལྷ་མོ་མགྱོགས་མ་བཞི༔ ཁྱམས་ལ་ཁྲོ་ཆེན་སྒོ་བ་ཡབ་ཡུམ་བརྒྱད༔ སྣང་སྟོང་དབྱེར་མེད་སྒྱུ་མ་ཆུ་ཟླ་ལྟར༔ མཁའ་དབྱིངས་ཀློང་ཡངས་བདག་མདུན་གཉིས་མེད་ལས༔ འཇིག་རྟེན་འབྱུང་བ་ལྔ་ལྡན་དཀྱིལ་འཁོར་འདིར༔ ཀུན་ཀྱང་སྣང་སྲིད་ཐམས་ཅད་ལྷ་རུ་གསལ༔ རང་བཞིན་གསལ་བ་དམ་ཚིག་པ། ངོ་བོ་སྟོང་པ་ཡེ་ཤེས་སེམས་དཔར་གདོད་ནས་ཟུང་དུ་འཇུག་པས་སྤྱན་འདྲེན་སོགས་ཀྱི་སྤྲོས་པ་མ་དགོས་ཀྱང་གཉིས་འཛིན་གྱི་རྟོག་པ་བསལ་བའི་སླད་དུ། གཉིས་པ་སྤྱན་འདྲེན་པ་ནི། ཧྲཱི༔ བདེ་ཆེན་འབར་བའི་ཞིང་ཁམས་ནས༔ མགོན་པོ་ཚེ་ཡི་དབང་ཕྱུག་བྱོན༔ ཡེ་ཤེས་ལྔ་ཡི་ཕོ་བྲང་ནས༔ བཅོམ་ལྡན་རིགས་ལྔ་ཡབ་ཡུམ་བྱོན༔ སོ་སོའི་རིགས་ཀྱི་ཞིང་ཁམས་ནས༔ རྒྱལ་བ་རིགས་གསུམ་པདྨ་བྱོན༔ ཕྲིན་ལས་རྣམ་བཞིའི་ཞིང་ཁམས་ནས༔ མགྱོགས་མ་ཚེ་ཡི་ལྷ་མོ་བྱོན༔ ཕྱོགས་བཞི་མཚམས་བརྒྱད་ཞིང་ཁམས་ནས༔ སྒོ་བ་སྒོ་མ་ཡབ་ཡུམ་བྱོན༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་སཏྭཾ༔ གསུམ་པ་བཞུགས་སུ་གསོལ་བ་ནི། ཧྲཱི༔ མ་བཅོས་ལྷུན་གྲུབ་དཀྱིལ་འཁོར་འདིར༔ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་རྣམས༔ བཞེངས་བཞུགས་གཤེགས་བྱོན་མི་མངའ་ཡང༔ སེམས་ཅན་རྣམ་རྟོག་སེལ་ཕྱིར་དུ༔ སེང་གེ་གླང་ཆེན་རྟ་མཆོག་དང༔ རྨ་བྱ་ཤང་ཤང་པདྨ་དང༔ ཉི་ཟླ་བརྩེགས་པའི་གདན་སྟེང་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ བཞི་པ་ཁྲུས་གསོལ་གྱི་མཆོད་ཡོན་ནི། ཧྲཱི༔ མ་རིག་སེམས་ཅན་སྒྲིབ་སྦྱོང་ཕྱིར༔ ཆུ་གཙང་ལྷ་ཡི་བདུད་རྩི་འདི༔ དཀྱིལ་འཁོར་ལྷ་ལ་འབུལ་ལགས་ན༔ འགྲོ་ཀུན་ལས་སྒྲིབ་དག་གྱུར་ཅིག༔ ཨ་བྷི་ཥེ་ཀ་ཏེ་ཤྲཱི་ཧཱུྃ༔ ལྔ་པ་ཕྱག་འཚལ་བ་ནི། ཧྲཱི༔ འགྲོ་བའི་སྐྱབས་མགོན་ཚེ་དཔག་མེད༔ མཁའ་མཉམ་ཡོངས་ཀྱི་མགོན་གཅིག་པོ༔ འཆི་མེད་ཚེ་ཡི་ལྷ་ཚོགས་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ དྲུག་པ་མཆོད་པ་འབུལ་བ་ནི། ཧྲཱི༔ བཅོམ་ལྡན་ཚེ་དཔག་མེད་པའི་ལྷ་ཚོགས་ལ༔ པདྨ་ཨུཏྤལ་དྲི་བསུང་འོད་མདངས་བཅས༔ ཙནྡན་ཨ་ཀ་རུ་དང་སི་ལ་དང༔ འབྲུ་མར་ཞུན་མེ་ཤེལ་རིགས་ཉི་ཟླ་འབུལ༔ ཆུ་གཙང་ཡིད་འོང་ག་པུར་བསིལ་ངད་ཅན༔ བུར་དཀར་སྦྲང་རྩིའི་ཞལ་ཟས་བཅུད་ལྡན་དང༔ རྔ་མཆོག་སིལ་སྙན་རོལ་མོའི་སྒྲ་དབྱངས་དང༔ མཆོད་རྫས་སྟོང་གསུམ་ཀུན་ཏུ་བཀང་སྟེ་འབུལ༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་ཡིད་ཚིམ་པའི༔ མཆོད་པའི་ལྷ་མོ་རང་རང་རྫས་ཐོགས་འབུལ༔ བདེ་སྟོང་གྲགས་སྟོང་གསལ་སྟོང་གར་སྟབས་སྒྱུར༔ གཉིས་མེད་དཀྱིལ་འཁོར་ལྷ་ཚོགས་མཆོད་པར་བགྱི༔ སྨན་རཀ་གཏོར་མ་བདུད་རྩིའི་ཕུད་སྣ་དང༔ བློས་སྤྲུལ་རང་བཞིན་མཆོད་པའི་བྱེ་བྲག་འབུལ༔ མཆོད་ཡུལ་མཆོད་རྫས་མཆོད་བྱེད་གཉིས་མེད་ཀྱང༔ རང་བཞིན་རྣམ་དག་རོལ་པ་ཆེན་པོར་འབུལ༔ ཨོཾ་ཨཱཿཧཱུྃ༔ བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་རཀྟ་པཱུ་ཙ་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ལ་ཁ༴ མ་ཧཱ་མཱཾ་ས༴ མ་ཧཱ་ཙིཏྟ༴ མ་ཧཱ་རཀྟ༴ མ་ཧཱ་གོ་རོ་ཙ་ན༴ མ་ཧཱ་བ་སུ་ཏ་ལ་ཁ་རཾ་ཁཱ་ཧི༔ བདུན་པ་བསྟོད་པ་ལ་གཙོ་བོའི་སྐུ་གསུང་ཐུགས་བསྟོད་ནི། ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ནམ་མཁའ་མཉམ་པའི་སྐུ་མངའ་བ༔ སྐུ་མཆོག་རྣམ་པར་དག་པའི་སྐུ༔ མཉམ་ཉིད་རྡོ་རྗེའི་སྐུ་ལ་བསྟོད༔ གསུང་མཆོག་རྣམ་པར་དག་པའི་གསུང༔ གསུང་རབ་དམ་པ་སྤྲོས་དང་བྲལ༔ ཡི་གེ་མེད་ཅིང་སྒྲ་སྤངས་པ༔ སྤྲོས་མེད་གསུང་ལ་ཕྱག་འཚལ་བསྟོད༔ ཐུགས་ཉིད་རྣམ་པར་དག་པའི་ཐུགས༔ ཐུགས་མཆོག་རྣམ་པར་རྟོག་པ་སྤངས༔ ཆགས་མེད་ཡེ་ཤེས་མཁྱེན་པ་སྟེ༔ སྟོང་ཉིད་ཐུགས་ལ་ཕྱག་འཚལ་བསྟོད༔ དཀྱིལ་འཁོར་པ་སྤྱི་ལ་བསྟོད་པ་ནི། ཧྲཱི༔ མ་བཅོས་ལྷུན་གྲུབ་རྒྱུ་རྐྱེན་བྲལ་བའི་སྐུ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་ཡུམ་མཆོག་ལྡན༔ གཉིས་མེད་ཐུགས་རྗེས་ཞི་དང་ཁྲོ་ཚུལ་སྤྲུལ༔ མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ གཟུགས་ཕུང་རྣམ་དག་གཏི་མུག་ཆོས་དབྱིངས་ཆེ༔ ཚོར་ཕུང་རིན་འབྱུང་ང་རྒྱལ་མཉམ་ཉིད་ཆེ༔ རྣམ་ཤེས་མི་བསྐྱོད་ཞེ་སྡང་མེ་ལོང་ཆེ༔ འདུ་ཤེས་སྣང་མཐའ་འདོད་ཆགས་སོར་རྟོག་ཆེ༔ འདུ་བྱེད་དོན་གྲུབ་ཕྲག་དོག་བྱ་གྲུབ་ཆེ༔ དུག་ལྔ་འཇོམས་མཛད་ཡེ་ཤེས་ལྔ་ཡི་སྐུ༔ རིགས་ཀུན་འདུས་མཛད་བཅོམ་ལྡན་ཚེ་དཔག་མེད༔ དཀྱིལ་འཁོར་ཡོངས་ཀྱི་གཙོ་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ ས་ཁམས་རྣམ་དག་ཡུམ་མཆོག་སངས་རྒྱས་སྤྱན༔ མེ་ཁམས་རྣམ་དག་ཡུམ་མཆོག་མཱ་མ་ཀཱི༔ ཆུ་ཁམས་རྣམ་དག་ཡུམ་མཆོག་གོས་དཀར་མོ༔ རླུང་ཁམས་རྣམ་དག་ཡུམ་མཆོག་དམ་ཚིག་སྒྲོལ༔ ནམ་མཁའ་རྣམ་དག་ཡུམ་མཆོག་དབྱིངས་ཕྱུག་མ༔ ཤ་དྲོད་ཁྲག་དབུགས་སེམས་ཀྱི་ཚེ་ཉམས་གསོས༔ ཕྱི་ནང་འབྱུང་ལྔའི་བདག་མོ་ཡུམ་མཆོག་ལྔ༔ ཡབ་ཡུམ་གཉིས་སུ་མེད་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ དུག་གསུམ་འཇོམས་མཛད་རྒྱས་སྲས་གཙོ་བོ་ནི༔ འཕགས་པ་འཇམ་དབྱངས་གསང་བདག་སྤྱན་རས་གཟིགས༔ སྐྱེ་འཆི་གཉིས་སྤངས་གུ་རུ་པདྨ་འབྱུང༔ འགྲོ་བའི་སྐྱབས་མགོན་རྣམས་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ པུཥྤེ་དྷཱུ་པེ་ཨཱ་ལོ་གནྡྷེ་མ༔ ཕྱག་གཡས་མདའ་དར་གཡོན་པ་ཚེ་བུམ་འཛིན༔ སྐུ་མདོག་དཀར་སེར་དམར་ལྗང་གསལ་འཚེར་ཅན༔ ལྷ་མོ་མགྱོགས་མ་བཞི་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ རྣམ་རྒྱལ་གཤིན་རྗེ་རྟ་མགྲིན་བདུད་རྩི་འཁྱིལ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ༔ སྐུ་མདོག་ཕྱག་མཚན་རང་རྟགས་འོད་དུ་འབར༔ སྒོ་བ་ཡབ་ཡུམ་བརྒྱད་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ སྔོན་ཚེ་རྒྱལ་བའི་སྤྱན་སྔར་དམ་བཅས་པའི༔ དམ་ཚིག་བཀའ་ཡི་བྱ་ར་གཉེར་གཏད་མཛད༔ ཕྱི་ནང་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས༔ ཚེ་ཡི་ལས་བྱེད་རྣམས་ལ་ཕྱག་འཚལ་བསྟོད༔ བརྒྱད་པ་ཛཔ྄་བཟླ་བ་ལ་དངོས་དང་ཡན་ལག་གོ །དང་པོ་ནི། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཆོས་ཉིད་རྣམ་དག་རང་མདངས་འགག་མེད་ནི༔ སྐད་ཅིག་དྲན་རྫོགས་ཏིང་འཛིན་གསལ་བའི་ངང༔ ཐུགས་ཀར་ཧྲཱིཿཡིག་མཐའ་མར་སྔགས་ཀྱིས་བསྐོར༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཧྲཱིཿལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས༔ བདག་གི་བླ་ཚེ་སྲོག་ཚེ་ཡར་བ་འགུག༔ ཕྱི་སྣོད་འབྱུང་བའི་དྭངས་མ་ལུས་ལ་ཐིམ༔ ནང་བཅུད་སྐྱེ་འགྲོའི་ཤེས་རྒྱུད་ངག་ལ་ཐིམ༔ གསང་རྒྱུད་རྒྱལ་བའི་བྱིན་རླབས་སེམས་ལ་ཐིམ༔ ཕྱི་ནང་དབྱེར་མེད་ཟང་ཐལ་འོད་ཀྱི་ཀློང༔ ཐམས་ཅད་ཀུན་ཀྱང་རང་རིག་འོད་དཔག་མེད༔ ཆོས་ཉིད་མཐའ་དབུས་མེད་པའི་ངང་དུ་བཞག༔ ཅེས་པའི་ཏིང་ངེ་འཛིན་དང་མ་བྲལ་བར་བྱས་ལ་གཙོ་བོའི་སྔགས། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཞེས་བཟླས་པའི་དངོས་གཞི་བྱ། གྲངས་ཐེམས་ནས་དེའི་གཤམ་དུ་འཁོར་སྔགས་སྦྲེལ་ཏེ། ཨོཾ་བྷྲཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ མཱུཾ་ཧྲཱིཿཧཱུྃ་ཨཱ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ཨོཾ་བཛྲ་ཨཱ་ཡུ་ཤེ་སྭཱ་ཧཱ༔ ཞེས་གཙོ་བོའི་བཅུ་ཆ་བཟླ། འཆི་མེད་རྔ་སྒྲའི་གཟུངས་ནི། ཏདྱ་ཐཱ། ཨོཾ་ཤ་བ་ལེ། ཨ་བ་ལེ། ས་མ་ཛ་ལེ། ནིར་དེ་ཤེ །ནིར་ཛཱ་ཏེ། ནི་རུཀྟེ། ནིར་མུ་ཁེ། ཛྭ་ལ་པ་རི་ཙྪེ་ད་ནི། སུ་ཁ་བ་ཏཱི་ནིར་དེ་ཤེ །ཨ་མྲྀཏེ། ཨཱ་ཡུརྒརྦྷ་ནིར་ཧཱ་རི་ཎི། ཨ་མྲྀཏེ་ཨཱ་ཡུཿཔྲ་སཱ་དྷ་ནི། ནིར་བུདྡྷི། ཨཱ་ཀཱ་ཤ་ནིར་དེ་ཤེ །ཨཱ་ཀཱ་ཤ་ནིར་ཛ་ཏེ། ཨཱ་ཀཱ་ཤ་ནིར་ཀུ་ཤ་ཡེ། ཨཱ་ཀཱ་ཤ་ནིར་དརྴ་ནེ། ཨཱ་ཀཱ་ཤ་ཨ་དྷིཥྛཱ་ནེ། སུ་ཁ་བ་ཏཱི་ཨ་དྷིཥྛཱ་ན། རཱུ་པ་ནིརྡེ་ཤེ །ཙ་ཏྭཱ་རི་དྷརྨཱ་པྲ་སཱ་དྷ་ནེ། ཙ་ཏྭཱ་རི་ཨཱརྻ་སཏྱ་པྲ་སཱ་དྷ་ནེ། ཙ་ཏྭཱ་རི་མརྒ་བྷ་བ་ན་པྲ་སཱ་དྷ་ནེ། བ་ལ་བཱིརྻ་པྲ་སཱ་དྷ་ནེ། དྷརྨ་ཙྪེ་ད་ནེ། ཀུ་ཤ་ལེ། ཀུ་ཤ་ལ་ནིར་དེ་ཤེ །ཀུ་ཤ་ལ་པྲ་ཏིཥྛ་ནེ། བུདྡྷ་ཀུ་ཤ་ལེ། བི་ཤུདྡྷ་པྲ་བྷཱ་ས་དྷརྨ་ཀི་ར་ཎི། ནིར་ཛཱ་ཏེ། ནིར་བུདྡྷེ། བི་མ་ལེ། བི་ར་ཛེ། ར་ཛ་སེ། ར་སཱ་གྲེ །ར་སཱ་གྲ་བ་ལ། ར་སཱ་གྲ་ཨ་དྷིཥྛི་ཏེ། ཀུ་ལེ། པྲ་ཏི་ཀུ་ལེ། བི་ཀུ་ལེ། དཱནྟེ། སུ་དཱནྟ་ཙིཏྟེ། སུ་པྲ་ཤཱནྟ་ཙིཏྟེ། སུ་པྲ་ཏིཥྛི་ཏེ། སུ་ལེ་སུ་མུ་ཁེ། དྷ་མེ་ཙ་དྷ་མེ། བ་ལེ་ཙ་བ་ལེ། ཨ་ནུ་ཤ །ཨ་ཝ་ལ། བུདྡྷ་ཨཱ་ཀཱ་ཤ་གུ་ཎེ། བུདྡྷ་ཨཱ་ཀཱ་ཤ་ནི་ར་གུ་ཎེ། ཨ་མྲྀཏ་དུནྡུ་བྷིཿསྭ་རེ་སྭཱ་ཧཱ། མཚན་བརྒྱ་རྩ་བརྒྱད་པའི་གཟུངས་ནི། ཨོཾ་ན་མོ་བྷ་ག་བ་ཏེ་ཨ་པ་རི་མི་ཏཱ་ཨ་ཡུརྫྙཱ་ན་སུ་བི་ནིཤྩིཏྟ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾསྐཱ་ར་པ་རི་ཤུདྡྷེ་དྷརྨ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་བཱ་རེ་སྭཱ་ཧཱ། དེ་དག་ཀྱང་ཅི་རིགས་བཟླ་བ་ནི་དངོས་གཞིའོ། །གཉིས་པ་ནི། ཚེ་བཅུད་བསྡུ་ཞིང་ཚེ་འགུགས་པ་སྟེ། རང་གི་ཐུགས་ཀའི་སྔགས་ཕྲེང་པདྨ་རཱ་གའི་ཕྲེང་བ་ལྟ་བུ་ལས་འོད་ཟེར་འཕྲོས༔ མདུན་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཕོག༔ དེ་དག་ལས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ ས་འོག་ས་སྟེང་ས་བླ་གསུམ་དུ་ཁྱབ༔ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟ་བུ་བཀྲག་མདངས་གཟི་བརྗིད་ཕུན་སུམ་ཚོགས་པ་འོད་ཟེར་ཐིབས་ཐིབས་བྱོན་ཏེ༔ ཚེ་བུམ༔ ཚེ་རིལ༔ ཚེ་ཆང༔ ཚེ་རྫས་རྣམས་ལ་ཐིམ་པར་གྱུར༔ ཅེས་དམིགས་ལ་གོང་གི་བཟླས་པ་རྣམས་ཅི་འགྲུབ་བྱས་པའི་མཐར་མདའ་དར་གཡབ་ཅིང་། ཧྲཱི༔ རང་བྱུང་དྲི་མེད་བདེ་ཆེན་དཀྱིལ་འཁོར་ནས༔ བདག་མདུན་ལྷ་ཚོགས་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཀུན་ཀྱང་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ལས༔ རང་སེམས་དངོས་མེད་གསལ་སྟོང་ངོས་བཟུང་བྲལ༔ ལྷ་ཡང་སེམས་ལ་འདྲེ་ཡང་རང་སེམས་ཏེ༔ སྣང་སྲིད་ཐམས་ཅད་ཀ་དག་ལྷུན་གྱིས་གྲུབ༔ དེ་ལྟར་མ་རྟོགས་ཀུན་གཞིའི་རྣམ་ཤེས་འདི༔ རྒྱུ་རྐྱེན་ཀུན་རྟོག་བག་ཆགས་རླུང་སེམས་འཁྲུགས༔ རང་སེམས་རང་དབང་མ་ཐོབ་བླ་འཁྱམས་པ༔ དེ་ཡི་གཉེན་པོར་རང་སེམས་གཏན་ལ་དབབ༔ སྐྱབས་གནས་བསླུ་བ་མེད་པའི་དཀོན་མཆོག་བསམ༔ འཆི་མེད་རྡོ་རྗེའི་དཀྱིལ་འཁོར་ཡང་ཡང་གསལ༔ ཧྲཱི༔ བདག་དང་མདུན་བསྐྱེད་སྣང་སྲིད་དཀྱིལ་འཁོར་གྱི༔ གནས་ལྔའི་འོད་ཟེར་འཇའ་ཚོན་ཟེར་ཐག་བསྒྲེངས༔ སྐུ་དང་ཡིག་འབྲུ་ཐིག་ལེ་ཤིགས་སེ་ཤིག༔ གནས་འདིར་བྱིན་ཕོབ་ཕྱྭ་གཡང་ཚེ་ཁུག་ཅིག༔ ཧྲཱི༔ དཀྱིལ་འཁོར་དབུས་ཀྱི་བཅོམ་ལྡན་ཚེ་དཔག་མེད༔ ཡབ་ཡུམ་གཉིས་མེད་བྱེ་རུའི་མདོག་ལྟ་བུ༔ མཉམ་གཞག་ཚེ་བུམ་ཡུམ་མཆོག་གོས་དཀར་འཁྲིལ༔ ཕྱག་གཡས་མདའ་དར་གཡོན་པ་ཚེ་བུམ་འཛིན༔ བདག་དང་འགྲོ་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཤར་ཕྱོགས་དཀར་གསལ་ཐིག་ལེ་གསལ་འཚེར་ནང༔ བཅོམ་ལྡན་རྡོར་སེམས་སྤྱན་མ་ཚེ་དཔག་མེད༔ དུང་མདོག་ཕྱག་གཉིས་མཉམ་གཞག་ཚེ་བུམ་འཛིན༔ ཡུམ་མཆོག་མདའ་དར་ཚེ་བུམ་ཡབ་ལ་འཁྲིལ༔ བདག་དང་འགྲོ་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ལྷོ་ཕྱོགས་སེར་གསལ་ཐིག་ལེ་གསལ་འཚེར་ནང༔ བཅོམ་ལྡན་རིན་འབྱུང་མཱ་ཀཱི་ཚེ་དཔག་མེད༔ གསེར་མདོག་ཕྱག་གཉིས་མཉམ་གཞག་ཚེ་བུམ་དང༔ ཡུམ་མཆོག་མདའ་དར་ཚེ་བུམ་ཡབ་ལ་འཁྲིལ༔ བདག་དང་འགྲོ་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ནུབ་ཕྱོགས་དམར་གསལ་ཐིག་ལེ་གསལ་འཚེར་ནང༔ བཅོམ་ལྡན་རྣམ་སྣང་དབྱིངས་ཕྱུག་ཚེ་དཔག་མེད༔ མཐིང་མདོག་ཕྱག་གཉིས་མཉམ་གཞག་ཚེ་བུམ་དང༔ ཡུམ་མཆོག་མདའ་དར་ཚེ་བུམ་ཡབ་དང་འཁྲིལ༔ བདག་དང་འགྲོ་ལ་ཚེ་ཡི་དངོས་གྲུབ་སྩོལ༔ བྱང་ཕྱོགས་ལྗང་གསལ་ཐིག་ལེ་གསལ་འཚེར་ནང༔ བཅོམ་ལྡན་དོན་གྲུབ་སྒྲོལ་མ་ཚེ་དཔག་མེད༔ མ་རྒད་མདོག་ཅན་མཉམ་གཞག་ཚེ་བུམ་དང༔ ཡུམ་མཆོག་མདའ་དར་ཚེ་བུམ་ཡབ་ལ་འཁྲིལ༔ བདག་དང་འགྲོ་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཧྲཱི༔ ས་ཆུ་མེ་རླུང་ནམ་མཁའི་ཁམས་རྣམས་ཀྱི༔ འབྱུང་བའི་བཅུད་རྣམས་ཐམས་ཅད་འདིར་སྡུས་ཤིག༔ ནང་གི་འབྱུང་བའི་ཚེ་ཉམས་ཐམས་ཅད་གསོས༔ ཕྱི་ཡི་བཀྲག་མདངས་དབང་ཐང་ཉམས་པ་གསོས༔ འཆི་མེད་ཚེ་ཡི་དངོས་གྲུབ་དུས་འདིར་སྩོལ༔ བླ་ཚེ་ཉམས་པ་བླ་ཚེ་ཁུག༔ སྲོག་ཚེ་ཉམས་པ་སྲོག་ཚེ་ཁུག༔ དབུགས་ཚེ་ཉམས་པ་དབུགས་ཚེ་ཁུག༔ གས་པ་སྦྱོར་ལ་ཡར་བ་ཁུག༔ ཆད་པ་མཐུད་ལ་ཡོ་བ་སྲོངས༔ ཧྲཱི༔ སྐུ་མཆོག་སྐུ་ཡི་རང་བཞིན་འཇམ་དཔལ་དབྱངས༔ གསུང་མཆོག་གསུང་གི་རང་བཞིན་སྤྱན་རས་གཟིགས༔ ཐུགས་མཆོག་ཐུགས་ཀྱི་རང་བཞིན་རྡོ་རྗེ་འཛིན༔ སྐུ་བཞིའི་མངའ་བདག་འཆི་མེད་ཐོད་ཕྲེང་རྩལ༔ འཆི་མེད་ཚེ་ཡི་དངོས་གྲུབ་དུས་འདིར་སྩོལ༔ བླ་ཚེ་ཉམས་པ་བླ་ཚེ་ཁུག༔ སྲོག་ཚེ་ཉམས་པ་སྲོག་ཚེ་ཁུག༔ དབུགས་ཚེ་ཉམས་པ་དབུགས་ཚེ་ཁུག༔ གས་པ་སྦྱོར་ལ་ཡར་བ་ཁུག༔ ཆད་པ་མཐུད་ལ་ཡོ་བ་སྲོངས༔ ཧྲཱི༔ ཤར་དུ་ཚེ་ཡི་མགྱོགས་མ་པུཥྤེ་དཀར༔ ལྷོ་རུ་ཚེ་ཡི་མགྱོགས་མ་དྷཱུ་པེ་སེར༔ ནུབ་ཏུ་ཚེ་ཡི་མགྱོགས་མ་ཨཱ་ལོ་དམར༔ བྱང་དུ་ཚེ་ཡི་མགྱོགས་མ་གནྡྷེ་ལྗང༔ དེ་རྣམས་ཕྱག་གཡས་མདའ་དར་ཚེ་བུམ་གཡོན༔ འཆི་མེད་ཚེ་ཡི་དངོས་གྲུབ་དུས་འདིར་སྩོལ༔ བླ་ཚེ་ཉམས་པ་བླ་ཚེ་ཁུག༔ སྲོག་ཚེ་ཉམས་པ་སྲོག་ཚེ་ཁུག༔ དབུགས་ཚེ་ཉམས་པ་དབུགས་ཚེ་ཁུག༔ གས་པ་སྦྱོར་ལ་ཡར་བ་ཁུག༔ ཆད་པ་མཐུད་ལ་ཡོ་བ་སྲོངས༔ ཧྲཱི༔ དཀྱིལ་འཁོར་ཤར་དུ་རྣམ་རྒྱལ་ལྕགས་ཀྱུ་དཀར༔ ལྷོ་རུ་གཤིན་རྗེའི་གཤེད་པོ་ཞགས་པ་སེར༔ ནུབ་ཏུ་དབང་ཆེན་རྟ་མགྲིན་ལྕགས་སྒྲོག་དམར༔ བྱང་དུ་བདུད་རྩི་འཁྱིལ་བ་དྲིལ་བུ་ལྗང༔ འཆི་མེད་ཚེ་ཡི་དངོས་གྲུབ་དུས་འདིར་སྩོལ༔ བླ་ཚེ་ཉམས་པ་བླ་ཚེ་ཁུག༔ སྲོག་ཚེ་ཉམས་པ་སྲོག་ཚེ་ཁུག༔ དབུགས་ཚེ་ཉམས་པ་དབུགས་ཚེ་ཁུག༔ གས་པ་སྦྱོར་ལ་ཡར་བ་ཁུག༔ ཆད་པ་མཐུད་ལ་ཡོ་བ་སྲོངས༔ ཧཱུྃ༔ སྒོ་བ་ཡབ་ཡུམ་ཆེན་པོ་བརྒྱད་རྣམས་ཀྱིས༔ ཚེ་ཡི་བར་ཆད་འབྱུང་པོ་རྡུལ་དུ་རློགས༔ ཡིད་ལ་ཅི་བསམ་འགྲུབ་པའི་དངོས་གྲུབ་སྩོལ༔ ལོ་བརྒྱ་ཐུབ་ཅིང་ལོངས་སྤྱོད་འཕེལ་བ་དང༔ འཆི་མེད་ཚེ་ཡི་དངོས་གྲུབ་དུས་འདིར་སྩོལ༔ ཧྲཱི༔ གཞན་ཡང་ཚེ་ཡི་ཕོ་ཉ་སྲུང་མ་རྣམས༔ ཕྲིན་ལས་དུས་ལ་བབས་སོ་ལས་མཁན་ཚོགས༔ འཇིག་རྟེན་ཁམས་ཀྱི་ཚེ་དང་བསོད་ནམས་ཀུན༔ བསྒྲུབ་རྫས་རྣམས་ལ་སྟིམས་ཤིག་ཨཱ་ཡུཿཛ༔ ཤར་ནས་ཚེ་ཡི་དངོས་གྲུབ་རྣམས༔ ཉི་ཟླ་ལྟ་བུར་ཤར་ཞིང་བྱོན༔ ལྷོ་ནས་ཚེ་ཡི་དངོས་གྲུབ་རྣམས༔ ཆར་སྤྲིན་ལྟ་བུར་འཐིབས་ཤིང་བྱོན༔ ནུབ་ནས་ཚེ་ཡི་དངོས་གྲུབ་རྣམས༔ ཆུ་བོ་ལྟ་བུར་འབབས་ཤིང་བྱོན༔ བྱང་ནས་ཚེ་ཡི་དངོས་གྲུབ་རྣམས༔ སྐྱི་སེར་ལྟ་བུར་འགྲིམ་ཞིང་བྱོན༔ སྟེང་ནས་ཚེ་ཡི་དངོས་གྲུབ་རྣམས༔ སྦྲང་ཆར་ལྟ་བུར་སིབ་སིབ་བྱོན༔ འོག་ནས་ཚེ་ཡི་དངོས་གྲུབ་རྣམས༔ ལོ་ཏོག་ལྟ་བུར་སྨིན་ཞིང་བྱོན༔ ཚེ་བུམ་འདི་ལ་དཔལ་སྐྱེད་ཅིག༔ ཚེ་ཆུ་འདི་ལ་བྱིན་ཕོབ་ཅིག༔ ཚེ་རྫས་འདི་ལ་བཅུད་ཕོབ་ཅིག༔ ཚེ་ཆང་འདི་ལ་ངར་ཐོགས་ཤིག༔ མདའ་དར་འདི་ལ་འོད་ཟུག་ཅིག༔ ཡུལ་ཕྱོགས་འདི་ལ་གཡང་ཁུག་ཅིག༔ ས་ཕྱོགས་འདི་ལ་བྱིན་ཆགས་ཤིག༔ གནས་ཁང་འདི་ལ་མདངས་སྟོན་ཅིག༔ མི་ནོར་ཟས་ལ་དངོས་གྲུབ་སྩོལ༔ བཀྲག་མདངས་གཟི་བརྗིད་ཟིལ་འོད་འབར༔ ཕྱོགས་བཞི་མཚམས་བརྒྱད་ཚེ་གཡང་ཁུག༔ བཀྲ་ཤིས་དཔལ་འབར་བྱིན་ཕོབ་ཅིག༔ ཅེས་དབྱངས་རོལ་བཅས་གྱེར། གཏའ་སྡོམ་ཞིང་རྒྱས་གདབ་པ་ནི། ཧྲཱི༔ དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་རྣམས༔ ཕྱོགས་བཞི་མཚམས་བརྒྱད་རིས་མེད་ནས༔ བདག་གི་ཚེ་རྣམས་འདིར་སྡུས་ཤིག༔ ཚེ་གཏའ་གཉན་པོ་མི་ལ་བསྟིམ༔ མི་དང་ཚེ་གཉིས་མ་བྲལ་ཅིག༔ ཧྲཱི༔ སྔོན་དུས་བསྐལ་པའི་དང་པོ་ལ༔ འོག་མིན་སྟུག་པོ་བཀོད་པ་ནས༔ མགོན་པོ་འོད་མི་འགྱུར་བའི་ཚེ༔ ཞིང་མཆོག་ཆོས་དབྱིངས་ཕོ་བྲང་ནས༔ དྲུག་པ་རྡོ་རྗེ་འཆང་གི་ཚེ༔ ནུབ་ཕྱོགས་བདེ་ཆེན་ཕོ་བྲང་ནས༔ སངས་རྒྱས་སྣང་བ་མཐའ་ཡས་ཚེ༔ ཤར་ཕྱོགས་རི་བོ་ཏ་ལ་ནས༔ འཕགས་པ་སྤྱན་རས་གཟིགས་ཀྱི་ཚེ༔ སྤྲོས་པས་ཁམས་གསུམ་བཀྲག་མདངས་ལྡན༔ བསྡུས་པས་ལུས་ལ་གཟི་མདངས་སྐྱེད༔ བཅིངས་པས་རྡོ་རྗེ་ལུ་གུ་རྒྱུད༔ སྐལ་ལྡན་རྣམས་ལ་དངོས་གྲུབ་སྩོལ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབས༔ ཧྲཱི༔ དེ་ནས་བར་གྱི་བསྐལ་པ་ལ༔ མཱ་ར་ཏི་ཀའི་ཡང་དབེན་དུ༔ རིག་འཛིན་པདྨ་ཡབ་ཡུམ་ལ༔ ཚེ་དཔག་མེད་པ་དངོས་སུ་བྱོན༔ སྐྱེ་འཆི་མེད་པའི་དངོས་གྲུབ་ཐོབ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབས༔ ཧྲཱི༔ མ་འོངས་བསྐལ་དུས་སྙིགས་མའི་དུས༔ ཀོང་ཡུལ་ལྗོན་པའི་ནགས་ཚལ་དུ༔ སྔགས་འཆང་ཧཱུྃ་ནག་མེ་འབར་ལ༔ བདག་འདྲ་པདྨས་བྱིན་གྱིས་བརླབས༔ འཆི་མེད་ཚེ་ཡི་དངོས་གྲུབ་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབས༔ སྒྲུབ་མཆོག་ཚེ་ཡི་དངོས་གྲུབ་འདི༔ འབྱུང་བ་ལྔ་ལ་སྦས་སྲིད་ན༔ དེས་ཀྱང་མ་ཐུབ་ཨ་ཏིར་སྦས༔ ཆོས་ཀྱི་དབྱིངས་སུ་ཚེ་སྦས་པས༔ དུས་གསུམ་སངས་རྒྱས་དགྲར་ལངས་ཀྱང༔ དེ་ལ་གཟུང་འཛིན་འཇིགས་པ་མེད༔ གཉིས་མེད་ཟུང་འཇུག་རང་བཞིན་ལ༔ སྦ་སྲི་མ་དགོས་ཡེ་རྒྱས་གདབ༔ ཅེས་དང་། གཡུང་དྲུང་རྒྱལ་མཚན་རྡོ་རྗེའི་ཚེ༔ སྤྲོས་པས་ཁམས་གསུམ་བཀྲག་མདངས་ལྡན༔ བསྲུངས་པས་ལུས་ལ་གཟི་མདངས་བསྐྱེད༔ བཅིངས་པས་རྡོ་རྗེ་ལུ་གུ་རྒྱུད༔ སྙིང་པོ་ལྔ་བསྡུས་རྫས་ཀྱི་མཆོག༔ དེང་འདིར་ལུས་ངག་ཡིད་གསུམ་ལ༔ འཁོར་གསུམ་ཡོངས་དག་ཚེ་སྦ་འོ༔ རྒྱས་གདབ་བཅོལ་ལོ་ཐུབ་པར་སྲུངས༔ ཁྲོ་བོ་བཅུ་དང་ཕྱོགས་སྐྱོང་བཅུ༔ ཚེ་འདི་སྲུངས་ཤིག་སྲོག་གཏའ་སྡོམས༔ བཀྲག་མདངས་སྙན་གྲགས་དྲན་པ་གསལ༔ ཚེ་དཔལ་བསོད་ནམས་དཔལ་འབྱོར་རྒྱས༔ བུ་ནོར་ཆོས་ཀྱི་དངོས་གྲུབ་སྩོལ༔ བཀྲ་ཤིས་རྟགས་བརྒྱད་རྒྱས་གདབ་བོ༔ བཀྲ་ཤིས་རྫས་བརྒྱད་རྒྱས་གདབ་བོ༔ ལུས་ངག་ཡིད་ལ་རྒྱས་གདབ་བོ༔ ཡིག་འབྲུ་ལྔ་ཡིས་རྒྱས་གདབ་བོ༔ ཕྱག་མཚན་ལྔ་ཡིས་རྒྱས་གདབ་བོ༔ འགྱུར་བ་མེད་པའི་སྐུ་ཐོབ་ཤོག༔ སྐྱེ་ཤི་མེད་པའི་དོན་རྟོགས་ཤོག༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་བུདྡྷ་ཨཱ་ཡུར་ནྲྀ་ཛ་ཨཱ༔ གདོན་བགེགས་འབྱུང་པོ་འདུལ་བའི་གཏའ༔ དུས་མིན་འཆི་བ་ཟློག་པའི་གཏའ༔ རྐྱེན་ངན་བར་ཆད་ཞི་བའི་གཏའ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་གཏའ༔ ཛཿཧཱུྃ་བཾ་ཧོ༔ ཨཱཿཨཱཿཨཱ༔ རཀྵ་རཀྵ་རཀྵ༔ དེ་ནས་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ལན་གསུམ་གསུམ་བརྗོད། མཆོད་བསྟོད་མདོར་བསྡུས་བྱ། འདིར་གཞུང་ལས་མཎྜལ་འབུལ་ཞིང་དབང་བླང་གསུངས་པ་ནི་སྒྲུབ་པའི་སྐབས་ལ་དགོངས་པ་ཡིན་པས་དཀྱུས་ཙམ་ལ་མ་བྱས་ཀྱང་ཆད་སྐྱོན་མེད་ཅིང་རྗེས་དངོས་གྲུབ་བླང་བས་འཐུས་སོ། །གཏེར་སྲུང་གཏོར་འབུལ་སོགས་སྐབས་འདིར་བྱ། གསུམ་པ་རྗེས་ཀྱི་ལས་རིམ་ལ་བརྒྱད་ཡོད་པའི་དང་པོ་ཚོགས་མཆོད་འབུལ་བ་ལ། ཐབས་ཤེས་ཀྱི་དམ་རྫས་གཙོ་བོར་གྱུར་པའི་བཟའ་བཏུང་ཅི་འབྱོར་བཤམས་ལ་བྱིན་གྱིས་བརླབ་པ་ནི། ཧྲཱི༔ རང་ཉིད་ཡི་དམ་ཐུགས་ཀ་ནས༔ འོད་དང་འོད་ཟེར་ཚོགས་ལ་འཕྲོས༔ རཾ་ཡཾ་ཁཾ་གསུམ་བསྲེག་གཏོར་བཀྲུས༔ འབགས་བཙོག་དྲི་མ་ཐམས་ཅད་སྦྱངས༔ སྐུ་གསུང་ཐུགས་ཀྱི་ཡིག་འབྲུ་གསུམ༔ འོད་ཞུ་འཆི་མེད་བདུད་རྩིར་གྱུར༔ ཚོགས་ཀྱང་འོད་ཕུང་ལྡེམས་སེ་ལྡེམ༔ འདོད་ཡོན་དཔག་མེད་བསམ་མི་ཁྱབ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ། ཚོགས་མགྲོན་སྤྱན་འདྲེན་པ་ནི། ཧྲཱི༔ རང་བཞིན་རྣམ་དག་བདེ་ཆེན་ཕོ་བྲང་ནས༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ ཡབ་ཡུམ་སྲས་དང་བཀའ་སྡོད་སྲུང་མར་བཅས༔ གནས་འདིར་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ༔ རྣམ་དག་སེམས་ཉིད་ཀ་དག་ལྷུན་གྲུབ་ངང༔ འཁོར་འདས་གཉིས་མེད་ཡེ་ཤེས་དཀྱིལ་འཁོར་ནས༔ མ་ལུས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཚོགས་ཀྱི་མཆོད་པ་དམ་པ་ཡར་བཞེས་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་དངོས་གྲུབ་སྩོལ༔ བཛྲ་ས་མཱ་ཛ༔ ཚོགས་ཕུད་འབུལ་བ་ནི། ན་མོ་རྩ་བརྒྱུད་བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས༔ མཁའ་འགྲོ་ཆོས་སྲུང་དམ་ཅན་ནོར་ལྷར་བཅས༔ དཔག་མེད་ནམ་མཁའ་གང་བའི་ལྷ་ཚོགས་ལ༔ དམིགས་མེད་དཔག་ཡས་བདུད་རྩིའི་ཚོགས་མཆོད་འབུལ༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་གྱུར་ཅིག༔ ཉམས་ཆག་སྡིག་སྒྲིབ་མ་ལུས་བྱང་གྱུར་ཅིག༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་གྱུར་ཅིག༔ ཁྱད་པར་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ག་ཎ་ཙཀྲ་པཱུ་ཙ་ཁཱ་ཧི༔ འདིར་སྤྲོ་ན་སྤྱི་སྐོང་དཀོན་སྤྱི་ལྟར་རམ། སྒེར་སྐོང་གཞན་དུ་གསལ་བ་ལྟར་བྱ། བཤགས་པ་ཡེ་ཤེས་སྐུ་མཆོག་གམ། སྤྱི་འདུས་ལྟར། ཧོ༔ ཚེ་དཔག་མེད་མགོན་དགོངས་སུ་གསོལ༔ དངོས་གྲུབ་ཀུན་འདུས་ལ་ཕྱག་འཚལ༔ རྒྱལ་བའི་བཀའ་དང་བླ་མའི་ལུང༔ ཇི་བཞིན་མ་སྤྱད་སློབ་དཔོན་སྨད༔ རྡོ་རྗེའི་མཆེད་དང་ལྕམ་དྲལ་ལ༔ ལྟ་ལོག་གནོད་སེམས་ངན་ཏུ་སྨྲས༔ བརྡེག་བཙོག་གནོད་པ་དངོས་སུ་བགྱིས༔ ལྷ་དང་དཀྱིལ་འཁོར་ཉམས་མ་གསལ༔ འཛབ་བཟླས་མ་དག་ཟུར་ཆག་གཡེལ༔ གསང་བར་འོས་དང་གཉེར་གཏད་སྨྲས༔ གསང་བཅུ་བསྒྲགས་ཤིང་བླ་མ་བསླུས༔ རྩ་བའི་དམ་ཉམས་མཐོལ་ཞིང་བཤགས༔ གཞན་ཡང་སྤྱད་བྱའི་དམ་ཚིག་ལྔ༔ མི་སྤང་ལྔ་དང་དང་ལེན་ལྔ༔ ཤེས་བྱ་ལྔ་དང་བསྒྲུབ་བྱ་ལྔ༔ ཡན་ལག་དམ་ཉམས་མཐོལ་ཞིང་བཤགས༔ བསྙེན་སྒྲུབ་ཏིང་འཛིན་དམ་གཡེལ་ཞིང༔ ཉ་ཤི་དུས་དྲུག་དུས་མཆོད་ཆག༔ ལེ་ལོ་གསོག་འཇོག་ཚོགས་སྦྱང་བྱས༔ ཕུད་ལྷག་ཉམས་ཤིང་ཁ་ཚར་ཤོར༔ ཚོར་དང་མ་ཚོར་རྐྱེན་དབང་གིས༔ སྒོ་གསུམ་བག་མེད་དམ་འགལ་བཤགས༔ དམ་ཚིག་ཉམས་དང་ཚོགས་འདྲེས་དང༔ བསྐངས་ཤིང་ཆོས་བཤད་འགྲོགས་ལ་སོགས༔ ཉམས་ཆག་སྐྱོན་གྱིས་གོས་པ་རྣམས༔ འགྱོད་པས་བཤགས་སོ་དག་གྱུར་ཅིག༔ ཡིད་ཀྱི་དམ་ཉམས་ལྟ་བས་བཤགས༔ དེ་ཡང་ཀུན་གཞི་བྱང་ཆུབ་སེམས༔ ཡིན་པ་མེད་པའི་ལྟ་བ་རྟོགས༔ མིན་པ་མེད་པའི་སྒོམ་ཉམས་ལོན༔ ཡིན་མིན་མེད་པའི་སྤྱོད་པ་རྟོགས༔ རེ་དོགས་མེད་པར་བྱང་ཆུབ་ནས༔ རྩ་བ་ཡན་ལག་ཐམས་ཅད་ཀྱི༔ ཉམས་ཆག་མ་བྱུང་མ་སྐྱེས་པས༔ བཤགས་བྱ་བཤགས་བྱེད་གཉིས་མེད་གྲོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས་ནས། བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ འདིའི་ཚིག་རྐང་དང་པོ་གཉིས་གསུང་རྒྱུན་དང་འཕྲོས་གསང་བ་ཡོངས་རྫོགས་ཀྱི་རྒྱུད་ཚིག་གོ །བདག་ཅག་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ངན་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས༔ ཀུན་བཟང་ཡངས་པ་ཆེན་པོའི་ཀློང་དུ་ཁ་བསྐང་ཞིང་བདེ་ཆེན་ཆོས་ཉིད་ཀྱི་དབྱིངས་སུ་སོར་ཆུད་པར་གྱུར་ཅིག༔ གནམ་ཕུད་འབུལ་བ་ནི། ཨོཾ་ཨཱཿཧཱུྃ༔ བླ་མ་རྒྱ་མཚོ་ཚོགས་ལ་རོལ༔ ཡི་དམ་རྒྱ་མཚོ་ཚོགས་ལ་རོལ༔ མཁའ་འགྲོ་རྒྱ་མཚོ་ཚོགས་ལ་རོལ༔ ཆོས་སྐྱོང་སྲུང་མ་ཚོགས་ལ་རོལ༔ ནོར་ལྷ་གཏེར་བདག་ཚོགས་ལ་རོལ༔ སྣང་སྲིད་ལྷ་འདྲེ་ཚོགས་ལ་རོལ༔ ཡུལ་ལྷ་གཞི་བདག་ཚོགས་ལ་རོལ༔ རིགས་དྲུག་ཕ་མ་ཚོགས་ལ་རོལ༔ ལན་ཆགས་བགེགས་རིགས་ཚོགས་ལ་རོལ༔ ལ་ལ་ཕྱི་ཡི་ཚོགས་ལ་རོལ༔ ལ་ལ་ནང་གི་ཚོགས་ལ་རོལ༔ ལ་ལ་གསང་བའི་ཚོགས་ལ་རོལ༔ དེ་ཁོ་ན་ཉིད་ཀྱི་ཚོགས་བདེ་བ་ཆེན་པོ་ལ་རོལ༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ཞེས་བརྗོད་ལ། བརྡའི་འབུལ་ལེན་སྤྱི་ལྟར་བྱ། ནང་གི་རྣལ་འབྱོར་དང་ལྡན་པས་ཚོགས་ལ་རོལ། ལྷག་མ། ཨོཾ་ཨཱཿཧཱུྃ༔ ལན་གསུམ། ལྷག་གཏོར་བདུད་རྩིའི་རྒྱ་མཚོ་ཟད་མི་ཤེས་པར་གྱུར། ཅེས་བྱིན་བརླབ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ བདུན་ནམ་གསུམ་གྱིས་བསྔོས་ལ། ཧྲཱི༔ དང་པོ་རྒྱལ་བ་རྒྱ་མཚོ་ཕུད་ཀྱིས་མཆོད༔ བར་དུ་རྣལ་འབྱོར་ཕོ་མོ་ཚོགས་ལ་རོལ༔ ཐ་མ་ལྷག་མར་དབང་བ་ལྷག་མར་རོལ༔ རྣལ་འབྱོར་དུར་ཁྲོད་རྒྱུ་ཞིང་ཚོགས་ཁང་ཉུལ༔ དགུང་སྔོན་མཐོན་པོའི་རྩེ་ནས་བྱ་ར་བྱེད༔ གསང་སྔགས་ཟབ་མོའི་བསྟན་དགྲ་ཁ་ཟས་ཟ༔ དམ་ཉམས་མནའ་ཟ་ཀུན་གྱི་སྲོག་དབུགས་ལེན༔ དམ་པ་ཆོས་ཀྱི་བསྟན་སྲུང་ཕྲིན་ལས་སྒྲུབ༔ ཚེ་དབང་དངོས་གྲུབ་མྱུར་བའི་ལས་མཛོད་ཅིག༔ གཞན་ཡང་མ་སྲིང་བརྟན་མ་བཅུ་གཉིས་དང༔ ཕུད་ཉུལ་དབང་ཕྱུག་མ་ཚོགས་འཕྲོག་མ་རྣམས༔ དགྱེས་མཆོད་བདུད་རྩིའི་བཤལ་ཆུ་འདི་བཞེས་ལ༔ མཉེས་ཤིང་ཚིམས་ནས་རེ་འདོད་སྐོང་གྱུར་ཅིག༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཞེས་ཕྱི་རོལ་དུ་སྐྱེལ། གཉིས་པ་ཆད་མདོ་ནི། ཧྲཱི༔ སྔོན་ཚེ་འདས་དུས་ནུབ་ཕྱོགས་བདེ་ཆེན་དུ༔ བཅོམ་ལྡན་དཔལ་ཆེན་ཚེ་དཔག་མེད་མགོན་གྱིས༔ ཡབ་ཡུམ་སྲས་བཅས་ཐུགས་དགོངས་བརྒྱུད་པའི་ཚེ༔ སོ་སོའི་ཁས་བླངས་དམ་བཅས་ཇི་བཞིན་དུ༔ མཆོད་གཏོར་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད༔ ཧྲཱི༔ དེ་འོག་བསམ་ཡས་མཆིམས་ཕུའི་དབེན་གནས་སུ༔ བདག་ཉིད་ཆེན་པོ་ཐོད་ཕྲེང་ཡབ་ཡུམ་གྱིས༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་ཞལ་སྟོན་ཚེ༔ ཚེ་བདག་སྲུང་མས་ཇི་ལྟར་ཁས་བླངས་བཞིན༔ མཆོད་གཏོར་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མཱ་ར་ཡ་ཕཊ༔ བརྟན་མ་གོང་གིས་འཐུས་པས་འདིར་ཟུར་དུ་མི་དགོས། གསུམ་པ་ཐུགས་དམ་བསྐུལ་བ་ནི། ཧྲཱི༔ དཀྱིལ་འཁོར་དབུས་ཀྱི་བཅོམ་ལྡན་ཡབ་ཡུམ་སྲས༔ རྒྱལ་བ་རིགས་གསུམ་མགོན་པོ་ཐོད་ཕྲེང་རྩལ༔ མགྱོགས་མ་བཞི་དང་སྒོ་བ་ཡབ་ཡུམ་བརྒྱད༔ ཚེ་ཡི་ལྷ་མོ་ཕོ་ཉ་ལས་བྱེད་རྣམས༔ མི་མངོན་དབྱིངས་ནས་ཐུགས་དམ་དུས་ལ་བབས༔ ཤར་ཕྱོགས་དྲི་ཟའི་ལག་ནས་ཚེ་ཁུག་ཅིག༔ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཚེ་ཁུག་ཅིག༔ ནུབ་ཕྱོགས་ཀླུ་དབང་ལག་ནས་ཚེ་ཁུག་ཅིག༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་ཚེ་ཁུག་ཅིག༔ མཚམས་བཞི་ས་བདག་ལག་ནས་ཚེ་ཁུག་ཅིག༔ ཚེ་བསྙེན་བརྗོད་ལ་མདའ་དར་གཡབ་བོ། །བཞི་པ་དངོས་གྲུབ་བླང་བ་ནི། བུམ་གཏོར་གནས་ལྔར་གཏུགས་ལ། ཧྲཱི༔ འཇིག་རྟེན་འདས་དང་མ་འདས་ཚེ་ཡི་བཅུད༔ བདག་ཅག་འགྲོ་བ་རྣམས་ལ་བསྩལ་དུ་གསོལ༔ དུས་མིན་འཆི་བའི་བར་ཆད་ཟློག་ཏུ་གསོལ༔ ཚེ་དབང་ལོངས་སྤྱོད་མངའ་ཐང་རྒྱས་པར་མཛོད༔ སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ༔ ཞེས་བརྗོད་ལ་ཚེ་རྫས་མྱང་ངོ་། །ལྔ་པ་མཆོད་བསྟོད་ནོངས་བཤགས་ནི། གོང་གསལ་སྔགས་ཙམ་གྱིས་མཆོད། ཧྲཱི༔ མ་བཅོས་ལྷུན་གྲུབ་སོགས་ཤླཽ་ཀ་གཅིག་གིས་བསྟོད། མ་འབྱོར་ལྷག་ཆད་ཉམས་ཆག་ཀུན༔ ཡེ་ཤེས་ལྷ་ལ་མཐོལ་ལོ་བཤགས༔ འགལ་རྐྱེན་སྒྲིབ་པར་མི་འགྱུར་བར༔ བྱང་ཞིང་དག་ནས་དངོས་གྲུབ་སྩོལ༔ ཡིག་བརྒྱ་བརྗོད་ལ་ལྷག་ཆད་ཁ་བསྐང་། དྲུག་པ་བསྡུ་ལྡང་ནི། མདུན་བསྐྱེད་རྟེན་མེད་ན། ཡེ་ཤེས་ལྷ་ཚོགས་དབྱིངས་སུ་གཤེགས༔ ཞེས་དང་། རྟེན་ཡོད་ན། ཡེ་ཤེས་ལྷ་ཚོགས་རྟེན་ལ་བཞུགས༔ ཞེས་པ་གང་རུང་མཐར། དམ་ཚིག་ལྷ་ཚོགས་རང་ལ་བསྡུ༔ གཤེགས་བཞུགས་གཉིས་མེད་ངང་དུ་བཞག༔ སྣང་བ་མཐའ་ཡས་ཀ་དག་ཀློང༔ ཞེས་མཉམ་པར་བཞག །སླར་ཡང་གཉུག་མའི་ལྷར་གསལ་བའི། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །སྣོད་བཅུད་དཀྱིལ་འཁོར་གསུམ་དུ་ཤར། །ཞེས་ལྡངས་ཏེ་རྒྱུན་སྤྱོད་ལ་འཇུག །བདུན་པ་བསྔོ་སྨོན་ནི། ཧཱུྃ་ཧྲཱི༔ བདག་གཞན་དུས་གསུམ་བསགས་དང་བསགས་བྱས་པའི༔ རྟེན་འབྲེལ་དགེ་ཚོགས་ཇི་སྙེད་མཆིས་པ་ཀུན༔ རང་རིག་ཀ་དག་ལྷུན་གྲུབ་དཀྱིལ་འཁོར་དུ༔ བསྔོ་བྱ་སྔོ་བྱེད་ངོས་བཟུང་བྲལ་བའི་ངང༔ དག་པ་རབ་འབྱམས་དབྱིངས་སུ་གྲོལ་བར་ཤོག༔ བརྒྱད་པ་ཤིས་བརྗོད་ནི་མེ་ཏོག་འཐོར་ལ། ཧཱུྃ་ཧྲཱི༔ ཀ་དག་ངོ་བོ་འཆི་བ་མེད༔ འཆི་མེད་ཚེ་ཡི་བཀྲ་ཤིས་ཤོག༔ བདེ་དྲོད་རང་འབར་ན་ཚ་མེད༔ བཀྲག་མདངས་བཅུད་ཀྱི་བཀྲ་ཤིས་ཤོག༔ གསལ་སྟོང་འཛིན་མེད་བསྒྲེས་རྒུད་མེད༔ ཟག་མེད་མཆོག་གི་བཀྲ་ཤིས་ཤོག༔ ཡེ་ཤེས་ཐུགས་ལ་ཕྱོགས་རིས་མེད༔ ཡེ་སངས་རྒྱས་པའི་བཀྲ་ཤིས་ཤོག༔ ཅེས་བརྗོད་ཅིང་རོལ་མོའི་སྒྲ་བྱའོ། །གཏེར་གཞུང་ཁོ་ནར་བཅོས་བསླད་བྲལ། ཁ་སྐོང་རང་གཞུང་གཙང་མར་བསྡེབས། །གབ་སྤྲད་མི་དགོས་བཀླག་པས་ཆོག །ཆོས་འདིར་གོམས་འདྲིས་ལྡན་ཕྱིར་བྲིས། །ལེགས་བྱས་བདུད་རྩིའི་བཅུད་ལེན་མཐུ་བརྟས་པས། །འཆི་མེད་ཚེ་དང་ཡེ་ཤེས་དབང་བརྙེས་ནས། །འགྲོ་ཀུན་ཚེ་མཐའ་ཡས་པའི་གོ་འཕང་ལ། །མྱུར་འགོད་བསམ་དོན་ཡིད་བཞིན་འགྲུབ་གྱུར་ཅིག །ཅེས་འདིའི་ཕྲིན་ལས་ཁྱེར་བདེར་བསྒྲིགས་པ་མི་འདུག་ཅིང་འགའ་ཞིག་རྒྱས་བསྡུས་མི་འཚམ་ཞིང་བཟོ་བཅོས་མང་བ་དང་། གཏེར་གཞུང་ཁོ་ན་ལའང་ཁ་སབ་དང་བསྒྱུར་སོ་མེད་ན་ཅུང་ཟད་མི་འཐུས་པས་ཁྱེར་བདེ་བའི་སླད་དུ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས། དཔལ་དེ་བཱི་ཀོ་ཊིའི་དབེན་ཁྲོད་འཆི་མེད་དགའ་བའི་ཚལ་དུ་བྲིས་པ་དགེ་ལེགས་འཕེལ།། །།
འཕགས་པ་ཐུགས་རྗེ་ཆེན་པོའི་སྒོ་ནས་གཤིན་པོ་རྗེས་འཛིན་ཐུགས་རྗེའི་ལྕགས་ཀྱུ་ (Volume 42, Text 5)
༄༅། །འཕགས་པ་ཐུགས་རྗེ་ཆེན་པོའི་སྒོ་ནས་གཤིན་པོ་རྗེས་འཛིན་ཐུགས་རྗེའི་ལྕགས་ཀྱུ་བཞུགས་སོ། ། བླ་མ་དང་འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས་ཀུ་སཱ་ལིའི་ལུགས་ཀྱི་གཤིན་པོ་རྗེས་འཛིན་མདོར་བསྡུས་བྱ་བའི་ཚུལ་ནི། མདུན་དུ་སྟེགས་ཀྱི་ཁར་འབྲུ་ཚོམ་གྱི་དབུས་སུ་བུམ་པ་བཅུད་ལྡན་དང་། སྐུ་དང་ཡི་གེ་དྲུག་པའི་ཙཀླི། མེ་ལོང་། དེ་རྣམས་ཀྱི་མདུན་དུ་མཆོད་གཏོར་བཅས་བཤམས། བདག་མདུན་དབྱེར་མེད་ཀྱི་བསྐྱེད་བཟླས་སྔོན་དུ་འགྲོ་བས་རྣམ་བུམ་ལ་དམིགས་ཀྱིས་བསལ་བའི་བཟླས་པའང་བྱ། དེ་ནས་རང་གི་ཉེ་ལོགས་སུ་བྱང་བུ། བགེགས་ལ་ལན་ཆགས་ཀྱི་གཏོར་མ། ཟས་བསྔོ་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་ཚང་བར་འདུ་བྱས་ལ། རྟེན་དང་གཏོར་མ་ཆུ་གཙང་གིས་བྲན། ཨོཾ་པདྨཱནྟ་ཀྲིཏ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་པད་དཀར་ཟླ་བའི་སྟེང་། །ནྲྀཿལས་ཚེ་འདས་ཕུང་ཁམས་སྐྱེ་མཆེད་ཀུན། །གསོན་གྱི་རྣམ་པས་ཐལ་སྦྱར་མེ་ཏོག་བཅས། །བླ་མ་ལྷ་ལ་གུས་པས་འཁོད་པར་གྱུར། །ལྕགས་ཀྱུའི་ཕྱག་རྒྱ་བཅས། ཧྲཱི༔ སྐྱབས་གནས་དཀོན་མཆོག་བདེན་པའི་བྱིན་རླབས་དང༔ རྩ་གསུམ་དཀྱིལ་འཁོར་ལྷ་ཡི་ཐུགས་རྗེ་དང༔ ལས་འབྲས་བསླུ་བ་མེད་པའི་རྟེན་འབྲེལ་དང༔ སྔགས་འཆང་རྩེ་གཅིག་བསྒྲུབས་པའི་ནུས་མཐུ་ཡིས༔ ཚེ་འདས་རྣམ་ཤེས་རིགས་དྲུག་བར་མ་དོ༔ གང་ན་གནས་ཀྱང་སྐད་ཅིག་འདིར་ཁུག་ཅིག༔ ནྲྀ་བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་ཨཱ་བེ་ཤ་ཡ་ཧོ༔ ལན་གསུམ། དེ་ཉིད་ཡི་གེ་ཨ་ཡི་ཚུལ་དུ་གྱུར༔ གཟུགས་དང་གཉིས་མེད་བཛྲ་ས་མ་ཡ་སཏྭཾ༔ བརྟན་པར་གྱུར་ཅིག་ཛཿཧཱུྃ་བཾ་ཧོཿཧྲཱི༔ བགེགས་གཏོར། རཾ་ཡཾ་ཁཾ་གིས་སྦྱངས། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བརླབས་ལ། ན་མསྶརྦ་ཏ་ཐཱ་ག་ཏ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བསྔོས་ལ། ཧཱུྃ་ཧྲཱི༔ ང་ནི་དཔལ་ཆེན་རྟ་སྐད་སྒྲོག་པ་ཡི༔ སྟེང་འོག་ཕྱོགས་བཅུ་ཁྲོ་བོའི་རང་བཞིན་ཅན༔ འོད་དང་འོད་ཟེར་ཡིག་འབྲུ་མཚོན་ཆ་དང༔ འཇའ་ཚོན་མེ་འོད་དཔག་མེད་འཐབ་ཅིང་འཁྲུགས༔ ཚེ་འདས་འདི་ལ་གནོད་བྱེད་པའི༔ སྲོག་གཅོད་མདངས་འཕྲོག་འབྱུང་པོ་རྣམས༔ རྒྱུད་དྲུག་འཁོར་བའི་ལམ་དགག་ཕྱིར༔ འདི་རུ་མ་འདུག་གཞན་དུ་དེངས༔ ཨོཾ་པདྨཱནྟ་ཀྲྀ་ཏ་ཧཱུྃ༔ ཨོཾ་ཧྱ་གྲཱི་བ་ཧཱུྃ༔ ཨོཾ་སུམྦྷ་སོགས་བརྗོད་ཅིང་བགེགས་གཏོར་ཕྱིར་དོར་རྡོ་རྗེ་གསོར་ཞིང་ཡུངས་དཀར་གྱིས་བྲབ། གུ་གུལ་གྱིས་འདུག །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་སྲུང་འཁོར་བསྒོམ། ཚེ་འདས་སྤྱི་བོར་འཕགས་པ་སྤྱན་རས་གཟིགས། །མངོན་སུམ་བཞུགས་ལས་འོད་ཟེར་བདུད་རྩིའི་རྒྱུན། །བབས་པས་ལུས་གང་སྡིག་སྒྲིབ་བག་ཆགས་ཀུན༔ མ་ལུས་དག་ནས་ཤེལ་སྒོང་ལྟ་བུར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ༔ བརྒྱ་རྩ་བཟླ། དེ་ནས་ཁྲུས་བུམ་ཡོད་ན་རྣམ་རྒྱལ་བུམ་པའི་ཆུ་ནས་ཅུང་ཟད་བསྲེས་པས་ཁྲུས་བྱ་ཞིང་། མེད་ན་རྣམ་བུམ་ཐོགས་ལ། ཧྲཱི༔ འདི་ནི་ཕ་རོལ་ཕྱིན་དྲུག་ཆུ༔ དུག་ལྔའི་སྒྲིབ་པ་སྦྱོང་མཛད་ཅིང༔ ཕར་ཕྱིན་དྲུག་ལ་ལེགས་འགོད་ཆུ༔ ཕར་ཕྱིན་ཆུ་འདིས་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཡི་གེ་དྲུག་པའི་མཐར་ཡིག་བརྒྱ་དང་། སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བརྗོད་ཅིང་ཁྲུས་བྱ། དེ་བཞིན་དུ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ སྤྱན་རས་གཟིགས་དབང་དུག་མི་མངའ༔ དཀོན་མཆོག་བདེན་པས་དུག་བཅོམ་མོ༔ དུག་གསུམ་རང་བཞིན་དག་གྱུར་ཅིག༔ ས་ཆུ་མེ་རླུང་འདི་དག་ནི༔ དུག་གི་ཕ་མ་ཡིན་པས་ན༔ བདེན་པའི་བདེན་ཚིག་འདི་བརྗོད་པས༔ དུག་ཁྱོད་འབྱུང་བ་བཞི་ལ་ཐིམ༔ ཚེ་འདས་དུག་ནི་དུག་མེད་ཤོག༔ དཀོན་མཆོག་གསུམ་གྱི་བདེན་པ་དང༔ ཏིང་འཛིན་སྔགས་ཀྱི་བྱིན་རླབས་ཀྱིས༔ ཚེ་ལས་འདས་པ་འདི་ཉིད་ཀྱི༔ དུག་རྣམས་མ་ལུས་དག་གྱུར་ཅིག༔ ཅེས་སོ་སོའི་མཚམས་སུ་གོང་གི་སྔགས་དང་། གཞན་ཡང་སྒྲིབ་སྦྱོང་གི་གཟུངས་ཅི་རིགས་པ་བཟླ་ཞིང་ཁྲུས་བྱའོ། །ལན་ཆགས་ཀྱི་གཏོར་མ་བསང་སྦྱང་བྱིན་གྱིས་བརླབས་ལ། ཧྲཱི༔ གཏོར་མ་འདོད་ཡོན་ལྔ་དང་ལྡན་པ་འདི༔ ཚེ་འདས་སྲོག་གི་ལན་ཆགས་བསྙགས་པ་ཡི༔ གསོན་བདུད་གཤིན་གཅགས་ལན་ཆགས་ཁྱོད་ལ་སྦྱིན༔ གཏོར་མ་འདི་ཡིས་མགུ་ཞིང་ཚིམས་གྱིས་ལ༔ ཚེ་འདས་འདི་ཡི་ཐར་པའི་བགེགས་མ་བྱེད༔ ཅེས་ཕྱི་རོལ་དུ་དོར། བྲབ་རྫས་ཐོགས་ལ། ཧྲཱི༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འཇིག་རྟེན་གསུམ་གྱི་དུག་ཡིན་པས༔ སངས་རྒྱས་སྐུ་གསུམ་དུག་མི་མངའ༔ སྐུ་གསུམ་རྒྱལ་བས་དུག་བཅོམ་མོ༔ གོང་གི་སྔགས་དང་བཅས་བྲབ། ཧྲཱི༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ དང་པོར་སྐྱེས་ཀྱང་ལས་ལས་སྐྱེས༔ བར་དུ་གནས་ཀྱང་ལས་ལ་གནས༔ ཐ་མ་འཆི་ཡང་ལས་ཀྱིས་འཆི༔ སྐྱེ་འཆིའི་འདུ་འབྲལ་དུས་བབས་ན༔ དུང་ཞིང་བརྩེ་བའི་ཉེ་དྲུང་དང༔ སྐད་ཅིག་འགྲོགས་པའི་དབང་མེད་དེ༔ ལུས་ནི་སྒྱུ་མའི་ཕུང་པོ་ཞིག༔ སེམས་ནི་དགེ་སྡིག་ལས་དང་འགྲོགས༔ ལུས་ནི་སེམས་ཀྱི་རྟེན་ཡིན་ཏེ༔ སེམས་ནི་མཚན་མའི་མིང་ལ་ཆགས༔ མ་ཡེངས་གཟུང་འཛིན་ཞེན་པ་སྤོངས༔ བླ་མ་དཀོན་མཆོག་ཡི་དམ་ལྷ༔ རྩེ་གཅིག་གུས་པས་སྐྱབས་སུ་སོང༔ ཞེས་མཚམས་སྦྱར་ལ། ཉེ་དྲུང་སོགས་ཡོད་ན་རྗེས་སུ་ཟློས་ཤིང་ཕྱག་འཚལ་དུ་བཅུག་ལ། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ༔ སྐྱོབས་པ་བླ་མེད་དམ་ཆོས་རིན་པོ་ཆེ༔ འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ༔ བླ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་། །སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་། །གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །བླ་མ་སྤྱན་རས་གཟིགས་ལ་སྐྱབས་སུ་མཆི། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཞེས་བརྗོད། སྭཱ་བྷཱ་བ་སོགས། ཚེ་འདས་གཟུགས་ཕུང་མི་དམིགས་སྟོང་པའི་ངང༔ ཡི་གེ་དྲུག་པའི་སྔགས་ཀྱི་རང་སྒྲ་ལས༔ འཕགས་པ་སྤྱན་རས་གཟིགས་དབང་གསལ་བ་ཡི༔ འོད་ཀྱིས་ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༔ བདུད་སྡེ་དཔུང་བཅས་མི་བཟོད་འཇོམས་མཛད་ལྷ༔ དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི༔ བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ རྩ་སྔགས་ཀྱི་མཐར། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བྱིན་དབབ། སྐུ་སྤྱི་བོར་བཞག་ལ། ཨོཾ་མ་ཎི་པདྨེ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར། བུམ་པ་ཐོགས་ལ། ཧྲཱི༔ ཇི་ལྟར་བལྟམས་པ་ཙམ་གྱིས་ནི༔ ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར༔ ལྷ་ཡི་ཆུ་ནི་དག་པ་ཡི༔ དེ་བཞིན་བདག་གིས་དབང་བསྐུར་རོ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྤྱི་བོར་བཞག་ཅིང་བུམ་ཆུ་འཐོར། ཡིག་དྲུག་མགྲིན་པར་བཞག་ལ། ཧྲཱི༔ ཡི་གེ་འབྲུ་དྲུག་ཉོན་མོངས་དྲུག་བཅོམ་པས༔ སྐུ་དྲུག་ཕ་རོལ་ཕྱིན་དྲུག་ཐོབ་ནས་ནི༔ རིགས་དྲུག་གནས་དྲུག་སྟོངས་ནས་ཐུབ་དྲུག་ལྡན༔ གསུང་མཆོག་ཡི་གེ་དྲུག་མའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་བསྟན་ལ། ཧྲཱི༔ རང་རིག་རང་གསལ་མེ་ལོང་གཟུགས་བརྙན་ལྟར༔ སྣང་སྲིད་འཁོར་འདས་ཆོས་ཀུན་སྒྱུ་མའི་གཟུགས༔ མ་བཅོས་ལྷུན་གྲུབ་ཀ་དག་རིག་པའི་རྩལ༔ མཉམ་ཉིད་བྱང་ཆུབ་སེམས་ཀྱི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་འཕགས་པའི་གསང་གསུམ་དབང་ཐོབ་ནས༔ ལུས་ལྷ་ངག་སྔགས་རང་སེམས་ཆོས་ཉིད་ཀྱི༔ རྣལ་འབྱོར་ཟབ་མོ་རྟག་ཏུ་བརྩོན་པར་གྱིས༔ བར་དོའི་འཁྲུལ་སྣང་ཐམས་ཅད་དེས་སེལ་འགྱུར༔ ཞེས་ངོ་སྤྲད་ལ་ཤིས་བརྗོད་ཀྱིས་མངའ་གསོལ། འདོད་ཡོན་གྱི་དངོས་པོ་རྣམས། རཾ་ཡཾ་ཁཾ་གིས་སྦྱང་། ཨོཾ་ཨཱཿཧཱུྃ་གིས་བརླབས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ༔ ན་མོ༔ རྒྱལ་བ་མཆོད་པས་མཉེས་གྱུར་ཅིག༔ དམ་ཅན་ཐུགས་དམ་བསྐང་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམས་གྱུར་ཅིག༔ ལན་ཆགས་བུ་ལོན་འཁོར་གྱུར་ཅིག༔ ཐམས་ཅད་ནམ་མཁའ་མཛོད་བཞིན་དུ༔ ལོངས་སྤྱོད་ཟད་པ་མེད་པར་ཤོག༔ རྩོད་པ་མེད་ཅིང་འཚེ་མེད་པར༔ རང་དབང་ཐོབ་ནས་སྤྱོད་པར་ཤོག༔ ན་མསྶརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷཱ་ར་སཾ་བྷཱ་ར་ཧཱུྃ༔ མཆོད་སྦྱིན་གྱི་བསུར་བསྔོ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད༔ འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་ཚེ་ལས་འདས་པ་ལ་སྦྱིན་ནོ༔ བསྔོ་འོ༔ མིག་གི་ཡུལ་དུ་གཟུགས་མཛེས་པ༔ རྣ་བའི་ཡུལ་དུ་སྒྲ་སྙན་པ༔ སྣའི་ཡུལ་དུ་དྲི་ཞིམ་པ༔ ལྕེའི་ཡུལ་དུ་རོ་བྲོ་བ༔ ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པ༔ ཡིད་ཀྱི་ཡུལ་དུ་བདེ་བ་མཆོག་གིས་ཚིམས་ནས༔ བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱེད་ཀྱིས་བརྒྱན་པ་མྱུར་དུ་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག༔ ཅེས་བསྔོ། ལམ་བསྟན་པ་ནི། འདི་ནས་ཤར་གྱི་ཕྱོགས་རོལ་ན༔ རི་བོ་ཏཱ་ལའི་ཞིང་ཁམས་ཡོད༔ ཐམས་ཅད་འོད་ཀྱི་རང་བཞིན་ལ༔ འོད་དང་འོད་ཟེར་འགྱུར་བ་མེད༔ སེམས་ཅན་སྲོག་ནི་རླུང་སེམས་ཡིན༔ དེ་ཡི་སྙིང་པོ་ཡི་གེ་ཨ༔ དེ་ལ་བརྟེན་ནས་བུ་ཁྱོད་ཀྱང༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ སྤྱན་རས་གཟིགས་དང་དབྱེར་མེད་ཤོག༔ མར་མེ་བསྟན་ལ། ཧྲཱི༔ རང་བཞིན་ཤུགས་ཀྱིས་དྲང་བའི་དྲན་པས་ཉོན༔ འཁོར་བའི་རྦ་རླབས་རླུང་ལྟར་འཁྱམས་པ་ལ༔ ཐུགས་རྗེའི་ཤུགས་ཀྱི་སྒྲོན་མེ་འདི་བསྟན་པས༔ ཡེ་ཤེས་འོད་ལ་རྟག་ཏུ་འདེ་བར་ཤོག༔ ཡེ་ཤེས་སྣང་བ་ཆེན་པོ་སྟེ༔ སྔགས་འཆང་རྒྱལ་པོས་སྒྲོན་མེ་སྦྱིན༔ འདི་ལ་བརྟེན་ནས་བུ་ཁྱོད་ཀྱིས༔ འོག་མིན་ཆོས་དབྱིངས་ཞིང་ཁམས་སུ༔ ཡེ་ཤེས་ལྷ་དང་འཕྲད་ནས་ཀྱང༔ སྤྱན་རས་གཟིགས་དང་མཇལ་བར་ཤོག༔ ཡོན་འབུལ་བ་ནི། ཚེ་འདས་ཕུང་པོ་ལྔ་པོ་འདི༔ རིགས་ལྔ་བཅོམ་ལྡན་ཐུབ་དྲུག་དང༔ མགོན་པོ་སྤྱན་རས་གཟིགས་ལ་འབུལ༔ ཡོན་འདི་བཞེས་ལ་ལམ་འདི་སྟོན༔ ཆོས་བཤད་པ་ནི། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཁྱོད་སེམས་དུག་ལྔའི་དབང་སོང་བས༔ སྔོན་ཆད་དུག་ལྔས་ཁྱོད་རེ་བསླུས༔ དུག་ལྔ་སྤོངས་ཤིག་རིགས་ཀྱི་བུ༔ ཧྲཱི༔ ང་ནི་དཔའ་བོ་ཆེན་པོ་སྟེ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ཉོན༔ ཁྱོད་ཀྱི་སློབ་དཔོན་ང་ཡིན་པས༔ ཆོས་བཤད་དབང་བསྐུར་དྲན་པར་གྱིས༔ ལྷ་དང་སྙིང་པོ་དྲན་པར་གྱིས༔ མཐོ་རིས་ཐར་ལམ་བགྲོད་བྱའི་ཕྱིར༔ དྲན་པ་བརྟན་པའི་དུས་ལ་བབ༔ གདམས་ངག་དྲན་པའི་དུས་ལ་བབ༔ གནས་སྤོར་བ་ནི། ཐབས་ཀྱི་གཞུ་ལ་ཤེས་རབ་མདའ་བཀང་སྟེ༔ ཡེ་ཤེས་ཐུགས་རྗེའི་ཤུགས་ཀྱི་རྒྱུད་དང་ལྡན༔ བླ་ན་མེད་པའི་ཞིང་མཆོག་དམ་པ་རུ༔ ཚེ་འདས་མདའ་འཕངས་བཞིན་དུ་སྐྱེ་བར་ཤོག༔ ཞིང་ཁམས་འདི་ནས་ཤར་གྱི་ཕྱོགས་རོལ་ན༔ ཕོ་བྲང་རི་བོ་ཏཱ་ལ་ཞེས་བྱ་ཡོད༔ དེ་ན་འཕགས་པ་སྤྱན་རས་གཟིགས་དབང་ལ༔ བཅོམ་ལྡན་རིགས་ལྔ་ཐུབ་པ་དྲུག་གིས་བསྐོར༔ སྤྲུལ་པའི་སྐྱེས་མཆོག་བགྲང་ལས་འདས་པ་ཡོད༔ ཉོན་མོངས་སྡུག་བསྔལ་ཞེས་བྱའི་མིང་ཡང་མེད༔ ཡོན་ཏན་ཐམས་ཅད་ཤུགས་ལ་སྐྱེ་བའི་གནས༔ ཤར་ཕྱོགས་རི་བོ་ཏ་ལའི་ཞིང་ཁམས་སུ༔ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ཀྱང༔ རྫོགས་པའི་སངས་རྒྱས་དེ་ཡི་སྲས་མཆོག་ཏུ༔ རྩལ་ཆེན་མདའ་འཕངས་བཞིན་དུ་སྐྱེ་བར་ཤོག༔ ཕཊ༔ ཚེ་ལས་འདས་པའི་རྣམ་ཤེས་ཨ་དཀར་པོ་དྲི་མ་མེད་པ་གཅིག་ཏུ་གྱུར་ཏེ་རྩལ་པོ་ཆེས་མདའ་འཕངས་པ་ལྟར་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་ཀར་ཐིམ་པས་རྒྱལ་བའི་སྲས་སུ་གྱུར་ཏེ་སངས་རྒྱས་པར་གྱུར༔ སླར་ཡང་ནམ་མཁའ་དང་མཉམ་པའི་སེམས་ཅན་གྱི་དོན་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག༔ མིང་བྱང་བསྲེག་པ་ནི། མར་མེའི་དབུས་སུ་སྤྱན་རས་གཟིགས་དབང་གསལ། །དེ་ལས་འོད་འཕྲོས་ཡེ་ཤེས་སྤྱན་དྲངས་ཐིམ། །ཐུགས་རྗེའི་འོད་ཀྱིས་ཚེ་ལས་འདས་པ་ཡི། །ཉོན་མོངས་སྡིག་སྒྲིབ་ཐམས་ཅད་བསྲེག་པར་གྱུར། །ཧཱུྃ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱི༔ རྣམ་ཤེས་ཚོགས་བརྒྱད་ཐབ་ཁུང་དུ༔ ཕུང་པོ་ལྔ་ཡི་བུད་ཤིང་ལ༔ ཡེ་ཤེས་ལྔ་ཡི་མེ་སྦར་བས༔ དུག་ལྔའི་རྒྱ་མཚོ་སྐེམ་པར་ཤོག༔ བདག་ཏུ་འཛིན་པའི་ཕུང་པོ་ལ༔ སྟོང་པ་ཉིད་ཀྱི་མེ་སྦར་བས༔ གནས་ལུགས་ཇི་བཞིན་རྟོགས་པར་ཤོག༔ དུས་གསུམ་འདུས་པའི་ཕུང་པོ་ལ༔ སྐུ་གསུང་ཐུགས་ཀྱི་མེ་སྦར་བས༔ སྐུ་གསུམ་ལྷུན་གྱིས་གྲུབ་པར་ཤོག༔ དུག་ལྔ་འདུས་པའི་ཕུང་པོ་ལ༔ རྒྱལ་བ་རིགས་ལྔའི་མེ་སྦར་བས༔ ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ འབྱུང་བཞི་འདུས་པའི་ཕུང་པོ་ལ༔ ཡུམ་ཆེན་བཞི་ཡི་མེ་སྦར་བས༔ ཚད་མེད་བཞི་དང་ལྡན་ནས་ཀྱང༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་སྟེ༔ འཁོར་བའི་རྒྱ་མཚོ་སྐེམ་པར་ཤོག༔ རྩ་སྔགས་དང་། ཡིག་བརྒྱ། མི་འཁྲུགས་པའི་གཟུངས་སོགས་བཟླས་ལ་བསྲེག །ཐལ་བ་བུམ་ཆུས་སྦྱངས་ཤིང་། བྱེ་མས་བྲབས། ས་གཙང་མ་དང་སྦྱར་ནས་སཱཙྪ་གདབ། རབ་གནས་རྒྱས་བསྡུས་ཇི་ལྟར་རིགས་པ་བྱ་ཞིང་དབེན་པའི་གནས་སུ་བསྐྱལ། ཚེ་འདས་ཀྱི་དོན་དུ་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་རྒྱ་ཆེར་གདབ་ཅིང་། དཀྱིལ་འཁོར་གྱི་རྗེས་ཆོག་རང་གཞུང་ལྟར་བྱའོ། །ཞེས་པའང་རིག་འཛིན་འཇའ་ཚོན་སྙིང་པོའི་ཟབ་གཏེར་ལས་བྱོན་པའི་འཕགས་པ་ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་ཆོས་སྐོར་ལས་ཇི་ལྟར་འབྱུང་བ་བཞིན་ཅུང་ཟད་མདོར་བསྡུས་ཏེ། མཚམས་སྦྱོར་ཕལ་ཆེར་ཀྱང་ཚིགས་སུ་བཅད་པའི་ཚུལ་གྱིས་ཁྱེར་བདེར་སྙིང་པོར་དྲིལ་བ་འདི་ཉིད། གཏེར་ཁ་ཐ་དད་པའི་ཐུགས་རྗེ་ཆེན་པོ་གང་ལའང་སྦྱར་དུ་རུང་ཞིང་། ཁྲུས་སོགས་ཀྱི་སོ་སོའི་རྩ་སྔགས་དང་སྤེལ་བ་ཙམ་ཁྱད་པར་རོ། །འདིས་ཀྱང་མཐའ་ཡས་སེམས་ཅན་ཀུན། །སྲིད་དང་ཞི་བར་མི་གནས་པར། །འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡི། །གོ་འཕང་མྱུར་དུ་ཐོབ་གྱུར་ཅིག །འཕགས་པ་ཐུགས་རྗེ་ཆེན་པོའི་སྒོ་ནས་གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་མདོར་བསྡུས་སྙིང་པོར་དྲིལ་བའི་ལེའུ་ཚན་ནོ། །འཇམ་དབྱངས་མཁྱེན་བརྩེ་དབང་པོའི་བཀའ་འབུམ་ལས་ཞལ་བཤུས་པའོ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
བྱང་གཏེར་ཐུགས་སྒྲུབ་རྗེས་ཆོག་ (Volume 12, Text 5)
བསྟོད་པ་བྱ་བ་ནི། སྐྱེ་འགག་འགྱུར་མེད་ཕྲིན་ལས་ཐམས་ཅད་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་དྲུག་སྒྲོལ་བར་མཛད༔ ཡིད་བཞིན་ནོར་བུའི་དངོས་གྲུབ་ཆར་ལྟར་འབེབ༔ རྡོ་རྗེ་དྲག་པོ་རྩལ་ལ་ཕྱག་འཚལ་བསྟོད༔ དེ་ནས་བཟོད་གསོལ་བྱ་བ་ནི། ཧཱུྃ༔ བླ་མ་རིག་འཛིན་ཡོངས་རྫོགས་འཁོར་བཅས་ཀྱི༔ བསྙེན་སྒྲུབ་ཕྲིན་ལས་གཞུང་བཞིན་བགྱིས་པ་ལ༔ བདག་ཅག་མ་རིག་ལོག་རྟོག་དབང་སོང་བའི༔ འགལ་འཁྲུལ་ནོངས་པ་ཅི་མཆིས་བཟོད་པར་གསོལ༔ ཨོཾ་གུ་རུ་བཛྲ་སཏྭ་ས་མ་ཡ་སོགས་ཡི་གེ་བརྒྱ་པ་དང་། ཨོཾ་ས་མ་ཡ༔ ཨཱཿས་མ་ཡ༔ ཧཱུྃ་ས་མ་ཡ༔ བདག་གི་ཚེ་རབས་འཁོར་བ་ཐོག་མ་མེད་པ་སོགས་ནས། བྱིན་གྱིས་བརླབ་ཏུ་གསོལ༔ མ་འབྱོར་པ་དང་སོགས། བདག་གཞན་གྱི་དགེ་བའི་རྩ་བ་འདི་ལ་བརྟེན་ནས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་རང་རིག་པ་ཡེ་ཤེས་ལ་རང་དབང་ཐོབ་པར་གྱུར་ཅིག༔ སྣང་བ་རྒྱས་ཐེབ་པར་གྱུར་ཅིག༔ མཚན་མ་རང་སར་གྲོལ་བར་གྱུར་ཅིག༔ གཏིང་གསལ་རྒྱུད་ལ་སྐྱེ་བར་གྱུར་ཅིག༔ ཐོག་མའི་སངས་རྒྱས་མགོན་པོ་འོད་མི་འགྱུར༔ རིགས་ལྔའི་སངས་རྒྱས་ལྔ་རྫོགས་རྡོ་རྗེ་འཆང༔ རིག་འཛིན་བརྒྱུད་པ་མཁའ་འགྲོ་བཀའ་སྲུང་ཚོགས༔ ཐམས་ཅད་མ་ལུས་བདག་ལ་དགོངས་སུ་གསོལ༔ བདག་གཞན་དགེ་བཅུའི་ཆོས་ལ་སྤྱོད་པ་ཡིས༔ མཐོ་རིས་ཐར་པའི་གོ་འཕང་ཐོབ་པར་ཤོག༔ དམིགས་མེད་ཆོས་དབྱིངས་དག་པའི་དོན་བསྒོམས་པས༔ ཡང་དག་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག༔ རིག་པ་ཡེ་ཤེས་ཉམས་སུ་བླངས་པ་ཡིས༔ མངོན་པར་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག༔ དེང་འདིར་ཡེ་ཤེས་ཆེན་པོའི་རྩལ་རྫོགས་ནས༔ འགྲོ་དོན་ཕྲིན་ལས་ཕྱོགས་བཅུར་རྒྱས་པར་ཤོག༔ དགེ་བ་འདི་ཡིས་མྱུར་དུ་བདག །བླ་མ་རིག་འཛིན་འགྲུབ་གྱུར་སོགས་དགེ་བསྔོ་ཤིས་བརྗོད་སྤྱི་ལྟར་བྱའོ། །རིག་འཛིན་རྒོད་ལྡེམ་པའི་གསུང་རྒྱུན་དངོས་ལ་གཏུགས།། །།
རྒྱལ་ཆེན་རྣམ་སྲས་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ལས༔ ཕྲིན་ལས་འདོད་དགུའི་ཆར་འབེབ་ (Volume 51, Text 5)
༁ྃ༔ རྒྱལ་ཆེན་རྣམ་སྲས་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ལས༔ ཕྲིན་ལས་འདོད་དགུའི་ཆར་འབེབ་བཞུགས་སོ༔ ྈྈྈྈྈྈ གསང་བདག་གོས་སྔོན་ཅན་ལ་འདུད༔ གནོད་སྦྱིན་དབང་པོའི་སྒྲུབ་ཐབས་ནི༔ རྟེན་མཆོད་སྒྲུབ་རྫས་ལེགས་པར་བཀྲམ༔ བདག་ཉིད་གསང་བའི་བདག་པོར་བསྒོམ༔ མདུན་རྟེན་ཐམས་ཅད་སྟོང་པར་སྦྱང༔ སྟོང་པའི་ངང་ལས་འདི་ལྟར་བསྒོམ༔ ཧཱུྃ༔ ཆོས་དབྱིངས་རྣམ་པར་དག་པའི་ངང་ཉིད་ལས༔ མདུན་དུ་ལྕང་ལོ་ཅན་གྱི་དགའ་བའི་ཚལ༔ ཉམས་དགའ་ཕུན་ཚོགས་བཀོད་པ་མ་ཚང་མེད༔ དེ་དབུས་རང་བྱུང་ཡེ་ཤེས་ལས་གྲུབ་པའི༔ སྐུ་གསུང་ཐུགས་ཀྱི་ཕོ་བྲང་སུམ་བརྩེགས་ནི༔ གྲུ་བཞི་རྒྱན་ལྡན་ལྕོག་དང་འཁོར་སར་བཅས༔ མི་འགྱུར་སྐུ་ཡི་འཁོར་ལོ་རྩིབས་བཞིའི་དབུས༔ སྣ་ཚོགས་པདྨ་ཉི་མ་དགྲ་བགེགས་སྟེང༔ ཧཱུྃ་ལས་སྐུ་བསྐྱེད་གསང་བདག་གོས་སྔོན་ཅན༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན༔ དར་དང་རིན་ཆེན་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡེ་ཤེས་མེ་དཔུང་འཁྲུགས་པའི་ཀློང་དུ་བཞུགས༔ ཐུགས་ཀའི་ཧཱུྃ་ལས་སྐུ་གསུང་ཐུགས་ཀྱི་སྲོག༔ བཻ་ཡིག་སེར་དམར་མཐིང་ག་འཕྲོས་པ་ལས༔ གནོད་སྦྱིན་དབང་པོའི་སྐུ་གསུང་ཐུགས་ཀྱི་སྐུ༔ གསང་བདག་མདུན་དུ་བཀའ་ཉན་གསུང་སྡོད་ཚུལ༔ གནོད་སྦྱིན་དབང་པོ་གསེར་མདོག་བརྗིད་ཆགས་པ༔ ཞལ་གཅིག་ཕྱག་གཉིས་རྒྱལ་མཚན་ནེའུ་ལེ་འཛིན༔ རིན་ཆེན་པྲོག་ཞུ་གསེར་ཁྲབ་དར་བེར་བཀླུབས༔ ནོར་བུའི་རྒྱན་ཕྲེང་རབ་བརྒྱན་སག་ལྷྭམ་གསོལ༔ མི་འཇིགས་སེང་གེའི་ཁྲི་ལ་འགྱིང་སྟབས་བཞུགས༔ གཡོན་དུ་ཡུམ་མཆོག་གནོད་སྦྱིན་དཔལ་ལྷ་མོ༔ ལྗང་གསལ་འཇོ་སྒེག་གཏེར་གྱི་བུམ་པ་འཛིན༔ ཤར་དུ་ཚངས་པ་སེར་པོ་འཁོར་ལོ་བསྣམས༔ ལྷོ་རུ་བརྒྱ་བྱིན་དཀར་པོ་འབུད་དུང་བསྣམས༔ ནུབ་ཏུ་ཛཾ་ལྷ་དམར་པོ་ལྕགས་ཀྱུ་འཛིན༔ བྱང་དུ་ཚོགས་བདག་དམར་པོ་ཟས་གཞོང་བསྣམས༔ སྒོ་བཞིར་མཁའ་འགྲོ་ཕྱག་རྒྱ་བཞི་འཛིན་རྣམས༔ ལྷ་དང་ལྷ་མོའི་ཆས་ཅན་འོད་ཟེར་འབར༔ ལོངས་སྤྱོད་གསུང་གི་འཁོར་ལོའི་ལྟེ་བ་རུ༔ སེང་གེས་བཏེགས་པའི་པདྨ་ཉི་ཟླའི་ཁྲིར༔ རྣམ་ཐོས་སྲས་པོ་དམར་རྔམ་བསེ་ཁྲབ་གསོལ༔ ཞལ་གཅིག་ཕྱག་གཉིས་མདུང་དམར་ནོར་རྐྱལ་དང༔ ལྕགས་ཀྱུ་ཡིད་བཞིན་དབང་རྒྱལ་རྒྱལ་མཚན་འཕྱར༔ གསེར་རྨོག་དར་འཕྲུ་རྒྱལ་མཚན་བརྒྱན་པ་གསོལ༔ སྭག་ལྷྭམ་གསོལ་ཞིང་གྱད་ཀྱི་འགྱིང་སྟབས་ཅན༔ ཤར་དུ་གཟའ་བདུད་སྨུག་ནག་མདའ་གཞུ་འགེངས༔ ལྷོ་རུ་འབར་མ་ནག་མོ་གྲི་ཐོད་འཛིན༔ ནུབ་ཏུ་གནམ་ཐེལ་དཀར་པོ་ཟངས་གྲི་ཐོགས༔ བྱང་དུ་སྒྲོལ་གིང་ནག་པོ་གྲི་ཞགས་འཕེན༔ ཤར་ལྷོར་དྷཱ་ན་དཀར་སེར་རལ་གྲི་འཛིན༔ ལྷོ་ནུབ་ཀཱ་ལ་ལྗང་ནག་བེ་ཅོན་བསྣམས༔ ནུབ་བྱང་ཤན་པ་དམར་པོ་ཟངས་གྲི་འཛིན༔ བྱང་ཤར་ཀླུ་བདུད་མགོ་དགུ་ནོར་བུ་བསྣམས༔ ཤར་སྒོར་བུམ་སྣ་དཀར་པོ་ལྕགས་ཀྱུ་འཛིན༔ ལྷོ་སྒོར་དུང་སྣ་སེར་པོ་ཞགས་པ་བསྣམས༔ ནུབ་སྒོར་སྣ་གསུམ་དམར་པོ་ལྕགས་སྒྲོག་འཛིན༔ བྱང་སྒོར་སྣ་ཆེན་ལྗང་གུ་དྲིལ་བུ་འཁྲོལ༔ ཀུན་ཀྱང་ཤ་རྒྱས་གསུས་འཕྱང་ཡན་ལག་རགས༔ དཔའ་ཞི་ཁྲོ་འཛུམ་དར་དང་རིན་ཆེན་བརྒྱན༔ ཞབས་རྣམས་འདོར་སྟབས་འོད་ཟེར་ཀློང་དུ་བཞུགས༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ བདེ་ཆེན་ཐུགས་ཀྱི་འཁོར་ལོའི་ལྟེ་བ་རུ༔ རྡོ་རྗེའི་བྲག་ཆེན་པད་ཉི་དགྲ་བགེགས་སྟེང༔ གནོད་སྦྱིན་དམག་དཔོན་མཐིང་ནག་ཁྲོས་པའི་སྐུ༔ གནམ་ལྕགས་ཁྲབ་རྨོག་དར་བེར་ནག་པོ་གསོལ༔ ཕྱག་གཡས་རལ་གྲིས་དགྲ་བགེགས་གདུག་ཅན་སྒྲོལ༔ གཡོན་པས་ལྕགས་ཀྱུས་མ་རུངས་དོན་སྙིང་འབྱིན༔ སྭག་ལྷྭམ་གསོལ་ཞིང་དྲག་ཤུལ་སྟོབས་དང་ལྡན༔ རྟ་སྔོན་རྩལ་ཆེན་རྒྱན་དང་ལྡན་པར་འཆིབ༔ ལྕགས་ཀྱི་བྱ་ཁྲ་ཁྱུང་ཆེན་ཀླད་ན་ལྡིང༔ སེང་ཆེན་གཡུ་འབྲུག་བར་སྣང་ཁམས་སུ་འགྱེད༔ སྟག་གཟིག་ཁྱི་སྤྱང་མང་པོ་རོལ་དུ་ཁྲིད༔ ཤར་དུ་བདུད་མོ་མགོ་དགུ་གྲི་ཐོད་འཛིན༔ ནག་མོ་འཇིགས་རུང་བ་མེན་རུ་ཡོན་འཆིབ༔ ལྷོ་རུ་བདུད་མོ་ལག་བརྒྱ་གྲི་ཞགས་འཕེན༔ སེར་མོ་གཏུམ་དྲག་མ་ཧེ་རུ་རིང་འཆིབ༔ ནུབ་ཏུ་བདུད་མོ་ཕུང་ཁྲོལ་ལྕགས་ཀྱུ་དང༔ དོན་སྙིང་འཛིན་རྔམས་དམར་ནག་གཡག་རྒོད་འཆིབ༔ བྱང་དུ་བདུད་མོ་གསོད་བྱེད་སྤུ་གྲི་དང༔ མི་སྙིང་ཞལ་གསོལ་ལྗང་ནག་རྐྱང་བུ་འཆིབ༔ མི་ལྤགས་གཡང་གཞི་རེ་ལྡེའི་ཤམ་ཐབས་ཅན༔ མ་མོ་ཁྲོས་མ་མེ་རླུང་འཁྲུགས་པའི་དབུས༔ སྤྲུལ་པ་བྱེ་བ་བསམ་ཡས་ལས་ལ་འགྱེད༔ ཤར་ལྷོར་ཡུལ་འཁོར་སྲུང་དཀར་པི་ཝཾ་སྒྲེང༔ ལྷོ་ནུབ་འཕགས་སྐྱེས་མཐིང་ག་རལ་གྲི་འཛིན༔ ནུབ་བྱང་སྤྱན་མི་བཟང་དམར་སྦྲུལ་ཞགས་འཕེན༔ བྱང་ཤར་གནོད་སྦྱིན་ལྗང་ནག་བེ་ཅོན་འཛིན༔ གོ་ཁྲབ་གསོལ་ཞིང་མདོག་མཚུངས་རྟ་ལ་འཆིབ༔ དྲི་ཟ་གྲུལ་བུམ་ཀླུ་དང་གནོད་སྦྱིན་གྱི༔ དམག་དཔོན་འབུམ་ཕྲག་མང་པོ་ལས་ལ་སྡུད༔ བསྟན་དགྲ་རྩད་ནས་བརླག་པའི་དྲག་ཤུལ་ཅན༔ བསྐལ་པའི་མེ་རླུང་བཞིན་དུ་འཚུབས་འཁྱིལ་གསལ༔ འཁོར་ས་དང་པོར་ཁང་བརྩེགས་བརྒྱད་ཀྱི་ནང༔ ཤར་དུ་ཛཾ་ལྷ་སེར་པོ་ནོར་བུ་འཛིན༔ ཤར་ལྷོར་ཡང་དག་ཤེས་སེར་གསེར་གྲི་བསྣམས༔ ལྷོ་རུ་གང་བ་བཟང་སེར་རིན་ཆེན་འཛིན༔ ལྷོ་ནུབ་འབྲོག་གནས་ནག་པོ་མདུང་དམར་བསྣམས༔ ནུབ་ཏུ་ནོར་བུ་བཟང་དཀར་ནོར་བུ་འཛིན༔ ནུབ་བྱང་ལྔས་རྩེན་སེར་སྐྱ་ཁང་བརྩེགས་བསྣམས༔ བྱང་དུ་ཀུ་བཻ་ར་ནག་རལ་གྲི་འཛིན༔ བྱང་ཤར་འཇམ་པོ་འཁྱིལ་དཀར་གྲི་ཕུབ་འཛིན༔ ཀུན་ཀྱང་གཡོན་པས་གཏེར་གྱི་ནེའུ་ལེ་ཐོགས༔ གོ་ཁྲབ་གསོལ་ཞིང་རང་མདོག་རྟ་ལ་འཆིབ༔ བཙུན་མོ་སྲས་བློན་འཁོར་ཚོགས་རྒྱ་མཚོས་བསྐོར༔ འཁོར་ས་བར་པར་བདུད་རྩིའི་མཚོ་ཆེན་ལ༔ ཀླུ་ཆེན་བརྒྱད་ཀྱིས་དགོས་འདོད་ནོར་ཆར་འབེབ༔ ལྗོངས་ཆེན་བདག་པོས་ལོངས་སྤྱོད་འདོད་དགུ་སྤེལ༔ འཁོར་ས་ཐ་མར་གནོད་སྦྱིན་དམག་གི་དཔུང༔ ཁྲབ་ཆེན་སྡེ་བཞིས་གཡུལ་གྱི་ཁྲི་དཔོན་མཛད༔ མ་རུངས་གནོད་སྦྱིན་སྟོབས་ཆེན་སྡེ་དཔོན་ཚོགས༔ གཞན་ཡང་ལྷ་སྲིན་སྡེ་བརྒྱད་བསམ་མི་ཁྱབ༔ གཙོ་བོ་གསུམ་གྱི་ཐུགས་ཀའི་བཻ་ཡིག་ལས༔ འོད་འཕྲོས་ཡེ་ཤེས་ཚོགས་རྣམས་སྤྱན་དྲངས་བསམ༔ སྦྱར་སྤོས་བསྲེག་ཅིང་རོལ་མོ་སྣ་ཚོགས་བསྒྲག༔ སྙན་ཅིང་འགྱུར་བའི་དབྱངས་ཀྱིས་འདི་ལྟར་འབོད༔ བཻ༔ ཆོས་སྐུའི་དབྱིངས་ལས་ལོངས་སྤྱོད་རྫོགས་པའི་ངང༔ མ་གཡོས་བཞིན་དུ་སྤྲུལ་པའི་ཞིང་ཁམས་སྣང༔ དེ་ལས་མི་མཇེད་འཇིག་རྟེན་བྱང་གི་ཕྱོགས༔ ལྕང་ལོ་ཅན་ནས་བཅོམ་ལྡན་གསང་བའི་བདག༔ འཁོར་དང་བཅས་པ་གནས་འདིར་སྤྱན་འདྲེན་གྱིས༔ ད་ལྟ་ཉིད་དུ་དགྱེས་པས་གཤེགས་སུ་གསོལ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པ་ལས༔ བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དང༔ ས་བརྒྱད་སེམས་དཔའ་དཔལ་ལྡན་ངལ་གསོས་པོ༔ ངོ་བོ་གཅིག་ལ་སྐུ་གསུམ་རྣམ་འཕྲུལ་ཚུལ༔ ནོར་གྱི་བདག་པོ་རྒྱལ་ཆེན་རྣམ་ཐོས་སྲས༔ ཁམས་གསུམ་དབང་སྡུད་གནོད་སྦྱིན་མདུང་དམར་འཆང༔ དགྲ་བགེགས་ཚར་གཅོད་དྲག་པོ་རྟ་སྔོན་ཅན༔ བཙུན་མོ་སྲས་བློན་འཁོར་དང་བཅས་པ་རྣམས༔ དམ་ཚིག་དབང་གིས་གནས་འདིར་སྤྱན་འདྲེན་ན༔ ཐུགས་དམ་དབང་གིས་མྱུར་དུ་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ ལྕང་ལོ་ཅན་གྱི་ཕོ་བྲང་ཉམས་དགའ་འདིར༔ མ་ཆགས་པདྨ་ཐབས་ཤེས་ཉི་ཟླ་ལ༔ བཅོམ་ལྡན་གསང་བའི་བདག་པོ་རྣམ་ཐོས་སྲས༔ ཡེ་ཤེས་འཇིག་རྟེན་ཆོས་སྐྱོང་རྒྱལ་པོའི་གཙོ༔ འཁོར་དང་བཅས་པ་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ སྔོན་ཚེ་བཅོམ་ལྡན་གསང་བའི་བདག་པོ་དང༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དཔག་མེད་ཀྱིས༔ བསྟན་པ་སྲུང་བར་དམ་བཞག་དབང་བསྐུར་བཞིན༔ དམ་ལས་མ་འདའ་བཅོལ་བའི་ཕྲིན་ལས་སྒྲུབས༔ བཛྲ་ས་མ་ཡ་ཧཱུྃ༔ སྐུ་གསུམ་ཀུན་འདུས་བཅོམ་ལྡན་གསང་བའི་བདག༔ ཆོས་སྐྱོང་རྒྱལ་པོ་ཡབ་གཅིག་རྣམ་ཐོས་སྲས༔ ལྷ་དང་གནོད་སྦྱིན་མ་མོ་དྲེགས་པའི་ཚོགས༔ བསྟན་པ་བསྲུང་ཕྱིར་ཆོས་ཀྱི་དབྱིངས་ཉིད་ལས༔ ཡེ་ཤེས་རྣམ་རོལ་ངོ་མཚར་རྨད་བྱུང་བས༔ རྒྱལ་བའི་བཀའ་སྲུང་མཛད་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ༔ བཅོམ་ལྡན་གསང་བདག་གོས་སྔོན་རྡོ་རྗེ་འཛིན༔ རྒྱལ་ཆེན་སྲས་བློན་འཁོར་ཚོགས་བཅས་རྣམས་ལ༔ དྲི་བཟང་སྦྱར་བའི་ཆབ་ཀྱིས་ཞབས་བསིལ་ཞིང༔ ཡན་ལག་བརྒྱད་ལྡན་བདུད་རྩིས་སྐུ་ཁྲུས་གསོལ༔ མེ་ཏོག་རིན་ཆེན་རྒྱན་ཕྲེང་རྣམ་པར་བཀྲ༔ སྦྱར་སྤོས་བསང་དུད་སྣ་ཚོགས་སྤྲིན་ཕུང་གཡོ༔ གཟུགས་མཛེས་སྣང་གསལ་ཚོགས་ནི་ཉི་ལྟར་གསལ༔ ཐུགས་ལ་བདེ་བ་སྐྱེད་པ་བྱུགས་པའི་བཅུད༔ རོ་བརྒྱའི་ཞལ་ཟས་ཤིང་ཏོག་ལ་དུ་དང༔ འབྲས་ཆན་ཁུར་བ་དཀར་གསུམ་མངར་གསུམ་ཚོགས༔ གདུག་པ་བསྒྲལ་པའི་ཤ་ཁྲག་དོན་སྙིང་རྣམས༔ རྣམ་པ་སོ་སོའི་དགྱེས་སྐྱེད་མཆོད་པའི་སྤྲིན༔ ངོ་བོ་ཡེ་ཤེས་སྒྱུ་མའི་རྣམ་རོལ་དུ༔ ནམ་མཁའ་གང་བ་མོས་བློས་སྤྲུལ་ནས་སུ༔ སྙན་པའི་དབྱངས་དང་ངོ་མཚར་རོལ་མོའི་ཚོགས༔ སྤྱན་གཟིགས་ཟློས་གར་བསམ་མི་ཁྱབ་པ་བཅས༔ འབུལ་ལོ་དགྱེས་པར་བཞེས་ལ་ལོངས་སྤྱོད་སྤེལ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་སོགས་ནས། ཤབྡ་པཱུ་ཛཿཧོ༔ ཧཱུྃ༔ ཉོན་མོངས་ཀུན་འཇོམས་བྱང་སེམས་བདུད་རྩིའི་སྤྲིན༔ ཆགས་མེད་རཀྟ་དམར་ཆེན་རྦ་རླབས་གཡོ༔ འདོད་ཡོན་གཏོར་མ་ཀུན་བཟང་མཆོད་སྤྲིན་གཏིབས༔ དགའ་བཞི་སྐྱེད་པའི་ལྷ་མོ་བསམ་མི་ཁྱབ༔ གདུག་པའི་ཚོགས་བསྒྲལ་དཔའ་གཏུམ་རྔམས་བརྗིད་ཤུགས༔ ཕྱོགས་ལས་རྣམ་རྒྱལ་རྒྱལ་མཚན་སྒྲེང་བའི་དཔལ༔ དགྱེས་པ་སྐྱེད་ཕྱིར་རྒྱལ་ཆེན་འཁོར་བཅས་ལ༔ ཡེ་ཤེས་ཀློང་དུ་རོ་གཅིག་མཆོད་པར་འབུལ༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་དགྲ་བགེགས་མཱ་ར་ཡ་ཕཊ་པཱུ་ཛ་ཧོ༔ ཧཱུྃ༔ རྒྱལ་བ་ཀུན་གྱི་ཐུགས་ཀྱི་ཡེ་ཤེས་ལས༔ གསང་བའི་བདག་པོ་ལག་ན་རྡོ་རྗེ་འཆང༔ སྣང་སྲིད་ཟིལ་གནོན་གདུག་པ་ཐབས་ཀྱིས་འདུལ༔ རྡོ་རྗེ་བེ་ཅོན་ཅན་ལ་ཕྱག་འཚལ་བསྟོད༔ རྒྱལ་ཀུན་མི་འགྱུར་སྐུ་ཡི་རྣམ་འཕྲུལ་ལས༔ བསོད་ནམས་ཡོངས་རྫོགས་རྒྱལ་ཆེན་རྣམ་ཐོས་སྲས༔ སྣོད་བཅུད་སྣང་སྲིད་ནོར་རྣམས་ཀུན་གྱི་བདག༔ དབུལ་བའི་གདུང་སེལ་ཁྱོད་ལ་ཕྱག་འཚལ་བསྟོད༔ རྒྱལ་ཀུན་ལོངས་སྤྱོད་གསུང་གི་རྣམ་འཕྲུལ་ལས༔ ཁམས་གསུམ་དབང་སྡུད་རྒྱལ་ཆེན་མདུང་དམར་ཅན༔ མ་དད་བསྡུ་བ་རྣམ་བཞིས་སྡུད་མཛད་པའི༔ སྲིད་གསུམ་འགུགས་བྱེད་ལྕགས་ཀྱུ་ཁྱོད་ལ་བསྟོད༔ རྒྱལ་ཀུན་བདེ་ཆེན་ཐུགས་ཀྱི་རོལ་པ་ལས༔ དྲག་གཏུམ་ཁྲོ་རྔམས་གནོད་སྦྱིན་དམག་གི་དཔོན༔ སྲིད་གསུམ་དགྲ་བགེགས་སྐད་ཅིག་ཉིད་ལ་སྒྲོལ༔ བསྟན་དགྲ་འདུལ་བའི་དམག་དཔོན་ཁྱོད་ལ་བསྟོད༔ གཞན་ཡང་ལྷ་ཀླུ་གནོད་སྦྱིན་དྲེགས་པའི་ཚོགས༔ རྒྱལ་བའི་སྤྱན་སྔར་ཁས་བླངས་དམ་མནོས་ཤིང༔ གདུག་པ་ཀུན་འདུལ་སངས་རྒྱས་བསྟན་པ་སྲུང༔ འཁོར་ཚོགས་རྒྱ་མཚོར་བཅས་ལ་ཕྱག་འཚལ་བསྟོད༔ ཅེས་པའི་ཕྲིན་ལས་གྱེར་བསྒོམ་སྦྲགས༔ བདག་གི་ཐུགས་ཀའི་ཧཱུྃ་ཡིག་ལས༔ འོད་འཕྲོས་མདུན་བསྐྱེད་ལྷ་རྣམས་བསྐུལ༔ གོས་སྔོན་ཅན་གྱི་ཐུགས་སྲོག་ལས༔ འོད་ཟེར་དཀར་པོའི་ཚོགས་སྤྲོས་ཏེ༔ སྣོད་བཅུད་རྒུད་པ་སྦྱོང་བར་བསམ༔ ཨོཾ་ནཱི་ལཱམ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ༔ རྣམ་སྲས་སེར་པོའི་ཐུགས་སྲོག་ལས༔ འོད་ཟེར་སེར་པོའི་ཚོགས་འཕྲོས་ཏེ༔ སྣོད་བཅུད་འབྱོར་པ་སྤེལ་བར་བསམ༔ ཨོཾ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ༔ མདུང་དམར་ཅན་གྱི་ཐུགས་སྲོག་ལས༔ འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས༔ འཕྲོས་པས་ཁམས་གསུམ་དབང་སྡུད་བསམ༔ ཨོཾ་མ་ཧཱ་རཱ་ཛ་ཡཀྵ་ས་མ་ཡ་བཻ་ཤྲ་མ་ཎཱ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛ༔ གནོད་སྦྱིན་དྲག་པོའི་ཐུགས་སྲོག་ལས༔ འོད་ཟེར་མཚོན་ཆའི་ཚོགས་འཕྲོས་ཏེ༔ བསྟན་དགྲ་ཐལ་བར་བརླག་པར་བསམ༔ ཨོཾ་བཻ་ཏྲཀ་རཀྴ་བྷྱོ་ཧཱུཾ་ཕཊ༔ དེ་ལྟར་ཕྲིན་ལས་རྣམ་བཞི་ཡི༔ དམིགས་པའི་འཕྲོ་འདུ་ཡང་ཡང་བསྒོམ༔ བཟླས་པ་བརྒྱ་སྟོང་ཁྲི་འབུམ་དང༔ བྱེ་བའི་བར་དུ་གང་ནུས་བཟླ༔ དེ་ཚེ་རྟགས་ཀྱི་རིམ་པ་ཡང༔ བསྙེན་པའི་ཡིག་ཆུང་བཞིན་དུ་འབྱུང༔ དེ་ནས་རྗེས་ཀྱི་རིམ་པ་ནི༔ གསོལ་མཆོད་བསྟོད་སྐོང་ལ་སོགས་འབད༔ མཐར་ནི་རྟེན་ལ་བསྟིམ་པ་འམ༔ ཡང་ན་ཡེ་ཤེས་གཤེགས་ནས་ཀྱང༔ དམ་ཚིག་རང་གི་ཐུགས་ཀར་བསྡུ༔ ས་མ་ཡ༔ རྒྱ་རྒྱ༔ ༁ྃ༔ རྒྱལ་ཆེན་རྣམ་སྲས་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ལས༔ བསྟོད་གསོལ་ཚངས་པའི་གྷཎྜེ་བཞུགས་སོ༔ ྈྈྈྈ གསང་བདག་གོས་སྔོན་ཅན་ལ་འདུད༔ རྒྱལ་ཆེན་འཁོར་དང་བཅས་པ་ལ༔ གསོལ་ཞིང་བསྟོད་པར་བྱ་བའི་ཕྱིར༔ གཏོར་མ་ལྷ་གྲངས་མཉམ་པར་བཤམ༔ བྱིན་རླབས་སྤྱི་ལྟར་བྱས་ནས་སུ༔ རྩ་སྔགས་གསུམ་གྱི་ཤམ་བུ་རུ༔ ས་པ་རི་ཝཱ་ར་ཨི་དམ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་བདུན་ལྔ་གསུམ་ལ་སོགས་འབུལ༔ བཻ༔ བྱང་ཕྱོགས་སྐྱོང་མཛད་རྒྱལ་ཆེན་རྣམ་ཐོས་སྲས༔ བཙུན་མོ་སྲས་འབངས་འཁོར་དང་བཅས་པ་ཡིས༔ དམ་རྫས་གཏོར་མའི་མཆོད་པ་འདི་བཞེས་ཤིག༔ ཤིང་ཏོག་ལ་དུའི་ཞལ་ཟས་འདི་བཞེས་ཤིག༔ ཇ་ཆང་ཕུད་ཀྱི་མཆོད་པ་འདི་བཞེས་ཤིག༔ བདུད་རྩི་སྨན་མཆོག་རཀྟ་འདི་བཞེས་ཤིག༔ མཆོད་པ་དམ་པ་འདི་དག་བཞེས་ནས་ཀྱང༔ ནད་གདོན་བར་ཆད་ཐམས་ཅད་ཞི་བར་མཛོད༔ ཚེ་དང་བསོད་ནམས་ལོངས་སྤྱོད་རྒྱས་པར་མཛོད༔ སྟོབས་དང་མངའ་ཐང་སྡེ་སྲིད་དར་བར་མཛོད༔ དཔའ་རྩལ་དྲག་ཤུལ་མཐུ་ནུས་ཆེ་བར་མཛོད༔ མ་རུངས་ཕས་ཀྱི་རྒོལ་བ་ཟློག་པར་མཛོད༔ ཁམས་གསུམ་དབང་དུ་བསྡུ་བའི་ཕྲིན་ལས་མཛོད༔ སྲིད་གསུམ་ཟིལ་གྱིས་གནོན་པའི་ཕྲིན་ལས་མཛོད༔ གང་འདོད་བསམ་པ་འགྲུབ་པའི་ཕྲིན་ལས་མཛོད༔ དགྲ་བགེགས་གདུག་པ་བསྒྲལ་བའི་ཕྲིན་ལས་མཛོད༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་མཆོད་ཕྲིན་ལས་གསོལ་ནས་སུ༔ དབྱངས་སྙན་རོལ་མོས་འདི་སྐད་བསྟོད༔ ཧཱུྃ༔ འདོད་དགུ་ཀུན་འབྱུང་ལྕང་ལོ་ཅན་གྱི་ཞིང༔ ལྟ་ན་སྡུག་པའི་ཕོ་བྲང་ངོ་མཚར་ཅན༔ ཤར་ཕྱོགས་ཤེལ་ལ་ལྷོ་ཕྱོགས་བཻ་ཌཱུརྻ༔ ནུབ་ཕྱོགས་རཱ་ག་བྱང་ཕྱོགས་གསེར་ལས་གྲུབ༔ དབྱིབས་ལེགས་མཛེས་ཤིང་བརྗིད་ཆགས་ལྕོག་དང་བཅས༔ གསེར་གྱི་ཁ་བད་རིན་ཆེན་རྒྱན་ཕྲེང་ཅན༔ བ་དན་རྒྱལ་མཚན་རུ་མཚོན་ཕུངས་སེ་ཕུང༔ ཁང་བརྩེགས་གཏེར་བུམ་འཁོར་ས་བདུད་རྩིའི་རྫིང༔ ཡིད་སྨོན་ཀུན་ཚང་ཕོ་བྲང་དེ་ཡི་ནང༔ མི་འགྱུར་སྐུ་ཡི་གཞལ་ཡས་ཁང་པ་ནི༔ ཡེ་ཤེས་འོད་ལྔ་དགོས་འདོད་ཆར་དུ་འབེབ༔ དེ་ནང་པདྨ་ཉི་ཟླ་དགྲ་བགེགས་སྟེང༔ ཧཱུྃ་ལས་སྐུར་བསྐྱེད་བཅོམ་ལྡན་གསང་བའི་བདག༔ མཐིང་ག་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན༔ གོས་སྔོན་རིན་ཆེན་དུར་ཁྲོད་ཆས་ཀྱིས་བརྒྱན༔ གསང་བའི་མཛོད་འཆང་ཁྱོད་ལ་ཕྱག་འཚལ་བསྟོད༔ བཅོམ་ལྡན་ཤཱཀྱ་སེང་གེ་ལ་སོགས་པའི༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དཔག་མེད་ཀྱི༔ སྤྱན་སྔར་ཐུགས་བསྐྱེད་སངས་རྒྱས་ཐམས་ཅད་ཀྱི༔ བསྟན་པ་བསྲུང་བར་ཁས་བླངས་དམ་བཅས་ནས༔ བསྟན་སྲུང་ཀུན་གྱི་གཙོ་བོར་དབང་བསྐུར་བ༔ གནོད་སྦྱིན་མགོན་པོ་རྒྱལ་ཆེན་རྣམ་ཐོས་སྲས༔ ངོ་བོ་གཅིག་ལས་སྐུ་གསུམ་ཚུལ་བསྟན་པ༔ མི་འགྱུར་བརྗིད་ཆགས་གསེར་མདོག་རྒྱས་པའི་སྐུ༔ འདོད་དགུའི་མཆོག་སྩོལ་རྒྱལ་མཚན་ནེའུ་ལེ་འཛིན༔ ཆོས་སྐྱོང་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ལོངས་སྤྱོད་རབ་རྫོགས་པདྨ་རཱ་གའི་མདངས༔ དམར་རྔམ་ཆགས་པའི་ཉམས་ཅན་འོད་དམར་འཕྲོ༔ ཁམས་གསུམ་དབང་སྡུད་ཕྱག་མཚན་རྣམ་བཞི་ཡིས༔ འགུགས་པའི་ལྕགས་ཀྱུ་མཛད་ལ་ཕྱག་འཚལ་བསྟོད༔ སྙིང་རྗེས་ཆེར་ཁྲོས་མཐིང་ནག་གཏུམ་པའི་སྐུ༔ སངས་རྒྱས་བསྟན་ལ་སྡང་བའི་དགྲ་བགེགས་རྣམས༔ ལྕགས་ཀྱུས་འགུགས་ཤིང་རལ་གྲིས་ཚལ་པར་གཏུབས༔ བསྟན་དགྲའི་གཤེད་མ་ཁྱོད་ལ་ཕྱག་འཚལ་བསྟོད༔ རྒྱལ་ཆེན་ཁྱོད་ཀྱིས་ལྷ་ལ་དབང་སྒྱུར་ཚེ༔ ཚངས་པ་བརྒྱ་བྱིན་ཛཾ་ལ་ཚོགས་ཀྱི་བདག༔ མཁའ་འགྲོ་བཞི་སོགས་ལྷ་དམག་བྱེ་བ་རྣམས༔ བྲན་དུ་བཀོལ་ནས་ལྷ་ཡི་དམག་དཔོན་མཛད༔ ལྷ་མིན་གཡུལ་ཟློག་ལྷ་རྣམས་དབུགས་དབྱུང་ཞིང༔ དཀར་པོའི་ཕྱོགས་རྣམས་རྣམ་པར་རྒྱལ་བར་མཛད༔ འཇིག་རྟེན་ཀུན་ཏུ་དགེ་བའི་དཔལ་སྟེར་བ༔ ལྷ་ཡི་དབང་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ རྒྱལ་ཆེན་ཁྱོད་ཀྱིས་གསང་སྔགས་བསྲུང་བའི་ཕྱིར༔ དྲེགས་པའི་གཙོ་བོའི་དམག་དཔོན་མཛད་པའི་ཚེ༔ གཟའ་བདུད་སྲོག་སྒྲུབ་གནམ་ཐེལ་སྒྲོལ་གིང་དང༔ གཤིན་རྗེ་གནོད་སྦྱིན་ཤན་པ་ཀླུ་ཡི་བདུད༔ དབང་ཕྱུག་གཙོ་མོ་ལ་སོགས་ཕོ་ཉར་འགྱེད༔ དྲག་ཤུལ་ཐོག་འབེབ་མྱུར་མགྱོགས་གློག་ལྟར་འཁྱུག༔ དྲག་པོའི་ང་རོ་འབྲུག་ལྟར་སྲིད་གསུམ་གཡོ༔ ཁམས་གསུམ་འགུགས་བྱེད་ཁྱོད་ལ་ཕྱག་འཚལ་བསྟོད༔ རྒྱལ་ཆེན་ཁྱོད་ཀྱིས་རྒྱལ་བའི་བཀའ་བཞིན་དུ༔ སངས་རྒྱས་བསྟན་པ་མཆོག་ལ་སྡང་བའི་དགྲ༔ ཞིང་བཅུ་ཉམས་པ་བདུན་ལྡན་བསྒྲལ་བའི་ཡུལ༔ གཟིགས་ནས་ཐུགས་རྗེས་དྲག་པོའི་སྐུར་བཞེངས་ཚེ༔ གཤིན་རྗེ་མོ་བཞི་འཇིག་རྟེན་དམག་དཔོན་བཞི༔ ལས་ལ་དགྱེས་བྱེད་སྤྲུལ་པའི་དཔུང་ཚོགས་ཀྱིས༔ དུས་མཐའི་རླུང་ནག་འབར་བའི་མེ་བཞིན་དུ༔ སྲིད་གསུམ་རབ་འཁྲུགས་གཡུལ་གྱི་སྦྱོར་བ་ཡིས༔ མ་རུངས་བདུད་དང་བདུད་ཀྱི་ཕྱོགས་ཐམས་ཅད༔ རྩད་ནས་འཇོམས་པར་མཛད་ལ་ཕྱག་འཚལ་བསྟོད༔ རྒྱལ་ཆེན་ཁྱོད་ཀྱི་བཀའ་ཡི་བློན་པོ་ནི༔ ཛཾ་ལ་ཡང་དག་ཤེས་དང་གང་བ་བཟང༔ འབྲོག་གནས་ནོར་བཟང་ལྔས་རྩེན་ཀུ་བེ་ར༔ འཇམ་པོ་འཁྱིལ་སོགས་རྟ་བདག་ཆེན་པོ་བརྒྱད༔ ཅང་ཤེས་སྟེང་ན་འགྱིང་བའི་བརྗིད་བག་ཅན༔ བཙུན་མོ་སྲས་འཁོར་བཅས་ལ་ཕྱག་འཚལ་བསྟོད༔ འདོད་དགུའི་ཆར་འབེབ་ཀླུ་ཡི་རྒྱལ་པོ་བརྒྱད༔ ལོངས་སྤྱོད་སྤེལ་མཛད་ལྗོངས་ཆེན་རྣམས་ཀྱི་བདག༔ གནོད་སྦྱིན་དམག་དཔུང་སྟོབས་ཆེན་གྱད་ཀྱི་ཚོགས༔ རྒྱལ་པོའི་བཀའ་ཉན་རྣམས་ལ་ཕྱག་འཚལ་བསྟོད༔ དེ་ལྟར་བསྟོད་པས་རྒྱུད་བསྐུལ་ན༔ ཕྲིན་ལས་གང་བཅོལ་འགྲུབ་པར་འགྱུར༔ ས་མ་ཡ༔ ༁ྃ༔ རྒྱལ་ཆེན་རྣམ་སྲས་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ལས༔ སྐོང་བཤགས་འདོད་དགུའི་མཆོད་སྤྲིན་བཞུགས་སོ༔ ྈྈྈྈ གསང་བདག་གོས་སྔོན་ཅན་ལ་འདུད༔ རྒྱལ་ཆེན་རྣམ་མང་ཐོས་སྲས་ཀྱི༔ ཐུགས་དམ་སྐོང་བའི་རིམ་པ་ནི༔ རི་རབ་བང་རིམ་བརྒྱད་ཀྱི་སྟེང༔ དཔལ་གྱི་གཏོར་ཁང་སུམ་བརྩེགས་ཚུལ༔ གཞན་ཡང་གནོད་སྦྱིན་ལྷ་ཀླུ་དང༔ མ་མོ་རྣམས་ཀྱི་གཏོར་མའི་ཚུལ༔ རྟ་བདག་ཀླུ་ཆེན་བརྒྱད་དང་ནི༔ ལྗོངས་ཆེན་བཅུ་དྲུག་སྟོབས་ཆེན་པོ༔ སུམ་ཅུ་རྩ་གཉིས་ལ་སོགས་པའི༔ ལྷ་གྲངས་བ་ལིཾ་རྒྱན་ལྡན་རྣམས༔ བང་རིམ་སོ་སོར་སྤེལ་ཏེ་བཀོད༔ རིན་ཆེན་དར་ཟབ་འབྲུ་སྨན་དང༔ ནམ་མཁའ་རུ་མཚོན་རྒྱལ་མཚན་དང༔ མདའ་བཀྲ་འཕང་བཀྲ་རྒྱང་བུ་དང༔ སྤྱན་གཟིགས་དཀོར་ཆ་རྒྱན་ལྡན་བཤམ༔ ཆོས་ཉིད་སྔགས་ཀྱིས་སྟོང་པར་སྦྱང༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ༔ ཞྭ་གོས་རྒྱན་བཟང་གར་འཆམ་དང༔ གླུ་བྲོ་ལྟད་མོ་སྣ་ཚོགས་བཅས༔ དབྱངས་སྙན་འགྱུར་བའི་རྟ་ལ་དྲང༔ ཧཱུྃ༔ ཆོས་དབྱིངས་འགྱུར་མེད་བདེ་ཆེན་མཁའ་ཀློང་ནས༔ ཡེ་ཤེས་རོལ་པའི་ཞིང་ཁམས་རབ་འབྱམས་དབུས༔ ཕོ་བྲང་ལྟ་ན་སྡུག་པའི་བཀོད་པ་ཅན༔ གནས་ཁང་ཕུན་སུམ་ཚོགས་པས་ཐུགས་དམ་བསྐང༔ ཡུམ་ལྔའི་རང་བཞིན་ཁམས་ལྔ་ལས་གྲུབ་པའི༔ འདོད་པའི་ཡོན་ཏན་ཡེ་ཤེས་མཆོད་པའི་སྤྲིན༔ ཀུན་གྱི་འཆར་གཞི་རི་རབ་བང་རིམ་བཞི༔ གནོད་སྦྱིན་སྤྱི་གཏོར་ཆེན་པོས་ཐུགས་དམ་བསྐང༔ རིན་ཆེན་ཁང་བརྩེགས་ལྕོག་དང་གློ་འབུར་ཅན༔ འདོད་དགུའི་ལོངས་སྤྱོད་དཀོར་ཆ་བསམ་མི་ཁྱབ༔ སྐུ་གསུམ་ངོ་བོ་རྒྱལ་ཆེན་བཞུགས་པའི་རྟེན༔ རྟེན་གྱི་སྐུ་མཁར་ཆེན་པོས་ཐུགས་དམ་བསྐང༔ རྒྱལ་བའི་ཡེ་ཤེས་ལས་འཁྲུངས་ཕྱག་རྒྱའི་སྐུ༔ མོས་པའི་བློ་དང་འཚམ་པར་རྣམ་འཕྲུལ་པ༔ དེ་དང་ཚུལ་མཚུངས་གཟུགས་བྱས་རི་མོར་བྲིས༔ མཛེས་པའི་སྣང་བརྙན་རྣམས་ཀྱིས་ཐུགས་དམ་བསྐང༔ རྒྱལ་བ་ཀུན་གྱི་གསུང་མཆོག་ཡེ་ཤེས་ལས༔ ཡོངས་ཤར་ཐིག་ལེ་ཆེན་པོ་ཡི་གེའི་གཟུགས༔ བླ་རྡོར་བྲིས་དང་སྔགས་ཀྱི་བྱང་བུ་སོགས༔ གསུང་རྟེན་ཙཀྲ་རྣམས་ཀྱིས་ཐུགས་དམ་བསྐང༔ རྒྱལ་བ་ཀུན་གྱི་ཐུགས་ཀྱི་ཡེ་ཤེས་ལས༔ རྣམ་པར་འཆར་བའི་གནོད་སྦྱིན་སྐུ་གསུང་ཐུགས༔ མཚན་ཉིད་གསུམ་ལྡན་གསལ་བར་སྒོམ་པ་ཡི༔ བདེ་ཆེན་ཏིང་འཛིན་རོལ་མོས་ཐུགས་དམ་བསྐང༔ རྒྱལ་བ་ཀུན་གྱི་ཡོན་ཏན་མི་ཟད་པ༔ ཀུན་བཟང་མཆོད་པའི་སྤྲིན་དུ་འཆར་བའི་གཞི༔ ངོ་མཚར་གཏེར་གྱི་གྭ་འུ་བཟང་པོ་མཆོག༔ འདོད་དགུ་ཀུན་འབྱུང་བུམ་པས་ཐུགས་དམ་བསྐང༔ རྒྱལ་བ་ཀུན་གྱི་ཕྲིན་ལས་རོལ་པ་ལས༔ རྣམ་མང་ཐོས་ཀྱི་མངའ་ཐང་རྒྱལ་ཐབས་ཀྱི༔ རྗེས་སུ་འགྲོ་བའི་སྤྱན་གཟིགས་མཐུན་རྫས་སྤྲིན༔ ཚོགས་གཉིས་གོང་དུ་སྤེལ་བས་ཐུགས་དམ་བསྐང༔ སྟོང་ཉིད་དབྱིངས་ལས་འོད་གསལ་སྒྱུ་མའི་འཕྲུལ༔ སྲིད་གསུམ་སྣང་བའི་བཀོད་པ་ཕུན་ཚོགས་རྣམས༔ མ་ཚང་མེད་པར་ཡོངས་སུ་རྫོགས་པ་ཡི༔ སྣོད་བཅུད་མདོས་སུ་བྱས་པས་ཐུགས་དམ་བསྐང༔ ཆོས་དབྱིངས་གདུགས་མཆོག་ནམ་མཁའི་དབྱིངས་ཁྱབ་པ༔ ཡེ་ཤེས་ལྔ་ཡི་ཁ་དོག་མ་འདྲེས་བཀྲ༔ ཡུམ་ལྔའི་ཀློང་དུ་ཐགས་སུ་བཏགས་པ་ཡི༔ ནམ་མཁའི་རྒྱན་དུ་བྱས་པས་ཐུགས་དམ་བསྐང༔ ཐབས་ཀྱི་མདའ་ལ་ཤེས་རབ་སྒྲོ་སྦྱར་བ༔ ཚད་མེད་རྣམ་བཞིའི་དར་སྣའི་ཅོད་པན་འཕུར༔ མཐའ་བཞིའི་སྐྱོན་བྲལ་ཡེ་ཤེས་མེ་ལོང་བཏགས༔ བར་སྣང་རྒྱན་དུ་བྱས་པས་ཐུགས་དམ་བསྐང༔ སྤྲུལ་སྐུའི་གདུལ་བྱ་སྟོང་གསུམ་མི་མཇེད་ཞིང༔ དག་པའི་སྣང་བ་ཡེ་ཤེས་ལས་གྲུབ་པ༔ རི་རབ་ལྷུན་པོ་གླིང་དང་ལྕགས་རིར་བཅས༔ ས་གཞིའི་རྒྱན་དུ་བྱས་པས་ཐུགས་དམ་བསྐང༔ དཔའ་བོ་ཐབས་ཀྱི་མདའ་བཀྲ་ཁྲིགས་སེ་ཁྲིག༔ དཔའ་མོ་ཤེས་རབ་འཕང་བཀྲ་ལམས་སེ་ལམ༔ ཟུང་འཇུག་སྐུ་གསུམ་རྒྱང་བུ་ལྡེམས་སེ་ལྡེམ༔ བཅུད་ཀྱི་སེམས་ཅན་མདོས་ཀྱིས་ཐུགས་དམ་བསྐང༔ གཏི་མུག་རྣམ་དག་གཏོར་ཆེན་རི་ལྟར་སྤུངས༔ འདོད་ཆགས་རྣམ་དག་རཀྟ་མཚོ་ལྟར་བསྐྱིལ༔ ཞེ་སྡང་རྣམ་དག་བདུད་རྩི་སྤྲིན་ཕུང་འཁྲིགས༔ དུག་གསུམ་དག་པའི་རྫས་ཀྱིས་ཐུགས་དམ་བསྐང༔ བསྐྱེད་པའི་རིམ་གསལ་སྣང་བ་ལྷ་སྐུར་ཤར༔ རྩ་ཁམས་གནད་གཅུན་རླུང་སྔགས་དབུ་མར་བསྟིམ༔ དགའ་བཞིའི་འགྲོས་ཀྱིས་བདེ་ཆེན་མངོན་སུམ་བསྐྱེད༔ ཀུན་ཀྱང་ཀ་དག་ངང་དུ་ཐུགས་དམ་བསྐང༔ དམ་ཅན་འཁོར་བཅས་དགྱེས་པའི་ཕུལ་གྱུར་ཏེ༔ སངས་རྒྱས་བསྟན་པ་རིན་ཆེན་རྒྱས་པ་དང༔ དེ་ལ་འཚེ་བའི་དགྲ་བགེགས་ཆམ་ལ་ཕོབས༔ ཆོས་ལྡན་མངའ་རིས་རྒྱལ་སྲིད་རབ་རྒྱས་ནས༔ ཕས་རྒོལ་ཕྱོགས་ལས་རྣམ་པར་རྒྱལ་བ་ཡི༔ སྟོབས་ཀྱི་བ་དན་དཔལ་གྱི་རྒྱལ་མཚན་ཕྱོར༔ འདོད་དགུའི་ནོར་བུ་དབང་རྒྱལ་སྲིད་རྩེར་སྒྲེངས༔ འོད་དམར་རླུང་གི་ཞགས་པས་ཁམས་གསུམ་སྡུས༔ ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད༔ དེ་ནས་ཉེས་བྱས་བཤགས་པ་ནི༔ ཧཱུྃ༔ བཅོམ་ལྡན་གསང་བའི་བདག་པོ་གོས་སྔོན་ཅན༔ ཡབ་གཅིག་ཆོས་སྐྱོང་རྒྱལ་པོ་རྣམ་ཐོས་སྲས༔ ཡེ་ཤེས་དབྱིངས་ལས་ཤར་བའི་དམ་ཅན་ཚོགས༔ མ་ལུས་བདག་ལ་གསན་ཅིང་དགོངས་སུ་གསོལ༔ ཐོག་མེད་དུས་ནས་གཏི་མུག་སྒྲིབ་པའི་མཐུས༔ རྒྱལ་བས་གསུངས་པའི་སྡོམ་དང་དམ་ཚིག་ལས༔ ཚུལ་བཞིན་མ་ལྡན་འགལ་བར་གྱུར་པ་རྣམས༔ དམ་ཅན་རྒྱ་མཚོའི་ཚོགས་ལ་མཐོལ་ལོ་བཤགས༔ ཁྱད་པར་གནོད་སྦྱིན་དབང་པོའི་མདོ་རྒྱུད་ལས༔ གསུངས་པའི་རྩ་བ་ཡན་ལག་དམ་ཚིག་དང༔ འགལ་ཉམས་རལ་བར་གྱུར་པ་གང་མཆིས་རྣམས༔ ཆོས་སྐྱོང་རྒྱལ་པོའི་ཚོགས་ལ་མཐོལ་ལོ་བཤགས༔ ཆོས་ཀྱི་དབྱིངས་ལ་རྣམ་རྟོག་མི་མངའ་ཡང༔ བདག་གིས་རྣམ་རྟོག་ཐེ་ཚོམ་སྣ་ཚོགས་ཀྱིས༔ རྒྱུད་ལ་བསྒྲིབས་པའི་ཉེས་བྱས་གང་མཆིས་པ༔ ཡེ་ཤེས་ཆེན་པོའི་ཀློང་དུ་བཟོད་པར་གསོལ༔ ཡིག་བརྒྱ་བཟླས་ཤིང་བཤགས་པ་ཡིས༔ ཉེས་བྱས་ཐམས་ཅད་བྱང་བར་འགྱུར༔ དེ་ལྟར་བསྐང་ཞིང་བཤགས་པ་ཡིས༔ འདོད་དོན་ལྷུན་གྱིས་འགྲུབ་པ་དང༔ དམ་ཚིག་ཉམས་ཆག་ཉེས་ལྟུང་ཞི༔ མདོར་ན་བསམ་པའི་དོན་རྣམས་ཀུན༔ ཡིད་བཞིན་འབྱོར་པ་རྒྱས་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ༔ ༁ྃ༔ རྒྱལ་ཆེན་རྣམ་སྲས་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ལས༔ སྲོག་གཏད་རྗེས་གནང་སྙིང་གི་དྭངས་མ་བཞུགས་སོ༔ ྈྈྈ གསང་བདག་གོས་སྔོན་ཅན་ལ་འདུད༔ གནོད་སྦྱིན་དབང་པོ་བསྒྲུབ་འདོད་པའི༔ སྣོད་ལྡན་རྗེས་སུ་འཛིན་པའི་ཕྱིར༔ སྲོག་གཏད་རྗེས་གནང་བྱ་བ་ནི༔ གཏོར་མཆོད་སྐུ་རྟེན་སྔགས་བྱང་དང༔ ཕྱག་མཚན་བླ་རྡོ་ཟས་ནོར་གོས༔ རྟེན་དང་སྤྱན་གཟིགས་ཚོགས་རྣམས་བཤམ༔ ཕྲིན་ལས་བཏང་ཞིང་བཟླས་པ་བྱ༔ སློབ་མར་ཁྲུས་བྱས་བགེགས་དང་ཕྲལ༔ ཅི་འབྱོར་པ་ཡི་མཎྜལ་ཕུལ༔ ཧོ༔ གསང་བའི་བདག་པོ་བླ་མ་རྗེ༔ བདག་གིས་ཚོགས་གཉིས་སྤེལ་བའི་ཕྱིར༔ གནོད་སྦྱིན་དབང་པོ་བསྒྲུབ་འདོད་པས༔ དབང་དང་རྗེས་གནང་བསྩལ་དུ་གསོལ༔ ཞེས་གསོལ་དེ་ཉིད་རྒྱུད་སྦྱང་ཞིང༔ དམ་ཚིག་བསྒྲག་པར་བྱ་བ་ནི༔ ཧོ༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཕྱིར༔ རྒྱལ་བ་མ་ལུས་ཐམས་ཅད་ཀྱིས༔ གནོད་སྦྱིན་རྒྱལ་པོ་བསྒྲུབ་པར་གསུངས༔ སྤྱིར་ཡང་གསང་སྔགས་དམ་ཚིག་དང༔ ཁྱད་པར་རྣམ་སྲས་བསྙེན་སྒྲུབ་མཆོག༔ རྟེན་མཆོད་སྒྲུབ་པའི་རྫས་རྣམས་དང༔ ཞྭ་གོས་རྟ་སྔོན་ལུང་ཏང་ཕྲེང༔ སྦྱིན་གཏོང་ཚོགས་གཉིས་སྤེལ་ལ་བརྩོན༔ རེ་གདན་ཡུགས་ས་རུས་པའི་ཕྲེང༔ རིགས་ངན་མཛེ་བོ་གཤིན་རྗེ་སྲིན༔ དེ་དག་བསྟེན་བྱ་མ་ཡིན་ནོ༔ ཞེས་པས་དམ་བཞག་སློབ་མ་རྣམས༔ གསང་བའི་བདག་པོར་བསྐྱེད་ནས་སུ༔ རྒྱལ་ཆེན་འཁོར་དང་བཅས་པ་རྣམས༔ བཀའ་ཉན་བྲན་དུ་བཏད་པར་བསམ༔ མདུན་བསྐྱེད་རྣམས་ལས་སྐུ་གསུང་ཐུགས༔ སྤྲོས་ཏེ་སློབ་མའི་གནས་གསུམ་ཐིམ༔ བཻ༔ ཆོས་སྐྱོང་རྒྱལ་པོ་རྣམ་ཐོས་སྲས༔ འདོད་རྒུའི་ཆར་འབེབ་གསེར་གྱི་མདོག༔ བརྗིད་ཆགས་སྐུ་ཡི་གཟི་བརྗིད་ཀྱིས༔ བསོད་ནམས་རྒྱས་པའི་ཕྲིན་ལས་མཛོད༔ ཨོཾ་བཻ་ཤྲ་བ་ཎཱ་ཡ་ས་མ་ཡ་སཏྭཾ༔ ཧྲཱི༔ ཆོས་སྐྱོང་རྒྱལ་པོ་རྣམ་ཐོས་སྲས༔ དམར་གསལ་ཟངས་འོད་ལམས་སེ་ལམ༔ ཁམས་གསུམ་དབང་དུ་སྡུད་པའི་ཕྱིར༔ གང་འདོད་འགུགས་པའི་ཕྲིན་ལས་མཛོད༔ ཨོཾ་མ་ཧཱ་རཱ་ཛ་ཡཀྴ་ས་མ་ཡ་བཻ་ཤྲ་བ་ཎཱ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿས་མ་ཡ་སཏྭཾ༔ བྷྱོ༔ ཆོས་སྐྱོང་རྒྱལ་པོ་རྣམ་ཐོས་སྲས༔ མཐིང་ནག་གཏུམ་པའི་སྐུར་སྟོན་པ༔ གདུག་པའི་དགྲ་བགེགས་བསྒྲལ་བའི་ཕྱིར༔ ཁམས་གསུམ་ཡོངས་སྒྲོལ་ཕྲིན་ལས་མཛོད༔ ཨོཾ་བཻ་ཏྲག་རཀྴ་བྷྱོ་ཧཱུྃ་ཕཊ་ས་མ་ཡ་སཏྭཾ༔ སྔགས་བྱང་ཐམས་ཅད་རིམ་པར་གཏད༔ བཻ༔ ཞི་རྒྱས་ཕྲིན་ལས་བསྒྲུབ་པའི་ཕྱིར༔ སྐུ་ཡི་ཛཔ྄་བསྙེན་འདི་བཟླས་པས༔ མི་མཐུན་རྒུད་པ་ཀུན་ཞི་ནས༔ ལོངས་སྤྱོད་འབྱོར་ཚོགས་རྒྱས་པར་ཤོག༔ སྔགས་མཐར༔ ས་མ་ཡ་སཏྭཾ༔ ཧྲཱི༔ དབང་གི་ཕྲིན་ལས་བསྒྲུབ་པའི་ཕྱིར༔ གསུང་གི་ཛཔ྄་བསྙེན་འདི་བཟླས་པས༔ ཁམས་གསུམ་དབང་དུ་འདུ་བ་དང༔ སྲིད་གསུམ་ཟིལ་གྱིས་གནོན་པར་ཤོག༔ སྔགས་མཐར༔ ས་མ་ཡ་སཏྭཾ༔ བྷྱོ༔ དྲག་པོའི་ཕྲིན་ལས་བསྒྲུབ་པའི་ཕྱིར༔ ཐུགས་ཀྱི་ཛཔ྄་བསྙེན་འདི་བཟླས་པས༔ དགྲ་བགེགས་རྩད་ནས་བརླག་པ་དང༔ ས་གསུམ་གདུག་པ་འདུལ་བར་ཤོག༔ སྔགས་མཐར༔ ས་མ་ཡ་སཏྭཾ༔ ཐུགས་ཀྱི་ཕྱག་མཚན་རིམ་པར་གཏད༔ བཻ༔ ཁམས་གསུམ་རྣམ་པར་རྒྱལ་བ་ཡི༔ རྒྱལ་མཚན་ནེའུ་ལེ་དངོས་གྲུབ་ཆར༔ མྱུར་དུ་འབེབ་པ་འདི་གཏད་པས༔ འབྱོར་ཚོགས་རྒྱས་པའི་དབང་ཐོབ་ཤོག༔ སྔགས་མཐར༔ ས་མ་ཡ་སཏྭཾ༔ ཧྲཱི༔ ཁམས་གསུམ་དབང་སྡུད་ལྕགས་ཀྱུ་དང༔ ཕྱོགས་ལས་རྣམ་རྒྱལ་རྒྱལ་མཚན་སྒྲེང༔ དགོས་འདོད་འབྱུང་བའི་ནོར་བུའི་རྒྱལ༔ གདུག་པ་ཀུན་འདུལ་མདུང་དམར་བཅས༔ སྣང་བ་དབང་སྒྱུར་ཕྱག་མཚན་འདིས༔ དབང་གི་ཕྲིན་ལས་མྱུར་འགྲུབ་ཤོག༔ སྔགས་མཐར༔ ས་མ་ཡ་སཏྭཾ༔ བྷྱོ༔ གདུག་པ་མ་ལུས་བསྒྲལ་བའི་ཕྱིར༔ ཁམས་གསུམ་གསོད་བྱེད་རལ་གྲི་དང༔ འགུགས་པའི་ལྕགས་ཀྱུ་འདི་གཏད་པས༔ མ་རུངས་འདུལ་བའི་མཐུ་ཐོབ་ཤོག༔ སྔགས་མཐར༔ ས་མ་ཡ་སཏྭཾ༔ ཡོན་ཏན་བླ་རྡོ་རིམ་བཞིན་གཏད༔ བཻ༔ རྣལ་འབྱོར་ལུས་དང་མི་འབྲལ་ཕྱིར༔ གནོད་སྦྱིན་སྐུ་ཡི་བླ་རྡོ་དང༔ སྲོག་གི་འཁོར་ལོ་འདི་གཏད་པས༔ སྐུ་ཡི་ཕྲིན་ལས་འགྲུབ་པར་ཤོག༔ སྔགས་མཐར༔ ས་མ་ཡ་སཏྭཾ༔ ཧྲཱི༔ རྣལ་འབྱོར་ངག་དང་མི་འབྲལ་ཕྱིར༔ གནོད་སྦྱིན་གསུང་གི་བླ་རྡོ་དང༔ སྲོག་གི་འཁོར་ལོ་འདི་གཏད་པས༔ གསུང་གི་ཕྲིན་ལས་འགྲུབ་པར་ཤོག༔ སྔགས་མཐར༔ ས་མ་ཡ་སཏྭཾ༔ བྷྱོ༔ རྣལ་འབྱོར་ཡིད་དང་མི་འབྲལ་ཕྱིར༔ གནོད་སྦྱིན་ཐུགས་ཀྱི་བླ་རྡོ་དང༔ སྲོག་གི་འཁོར་ལོ་འདི་གཏད་པས༔ ཐུགས་ཀྱི་ཕྲིན་ལས་འགྲུབ་པར་ཤོག༔ སྔགས་མཐར༔ ས་མ་ཡ་སཏྭཾ༔ ཕྲིན་ལས་ཟས་གོས་ནོར་རྣམས་གཏད༔ བཻ༔ ཞལ་ཟས་རྣམས་ལ་ལོངས་སྤྱོད་ཕྱིར༔ འདོད་ཡོན་ཚོགས་ཀྱིས་མངའ་གསོལ་བས༔ རྟག་ཏུ་ཞལ་ཟས་ལོངས་སྤྱོད་པས༔ ཚེ་བསོད་དཔལ་འབྱོར་རྒྱས་པར་ཤོག༔ སྔགས་མཐར༔ ས་མ་ཡ་སཏྭཾ༔ ཧྲཱི༔ གོས་མཆོག་རྣམས་ལ་ལོངས་སྤྱོད་ཕྱིར༔ ལེ་བརྒན་དམར་པོས་མངའ་གསོལ་བས༔ རྟག་ཏུ་གོས་ལ་ལོངས་སྤྱོད་པས༔ དབང་ཐང་གཟི་བརྗིད་འཕེལ་བར་ཤོག༔ སྔགས་མཐར༔ ས་མ་ཡ་སཏྭཾ༔ བྷྱོ༔ མི་ཟད་ནོར་ལ་ལོངས་སྤྱོད་ཕྱིར༔ རིན་ཐང་ཆེ་བས་མངའ་གསོལ་བས༔ རྟག་ཏུ་ནོར་ལ་ལོངས་སྤྱོད་པས༔ མངའ་ཐང་སྟོབས་རྩལ་རྒྱས་པར་ཤོག༔ སྔགས་མཐར༔ ས་མ་ཡ་སཏྭཾ༔ དེ་ནས་དེ་དག་བརྟན་པའི་ཕྱིར༔ གསང་བདག་བུམ་པས་ཆུ་དབང་བསྐུར༔ ཧཱུྃ༔ རྒྱལ་བ་ཀུན་གྱི་ཕྲིན་ལས་གསང་བའི་མཛོད༔ བཅོམ་ལྡན་གོས་སྔོན་རྡོ་རྗེ་འཛིན་པ་ཡི༔ རྟེན་དང་བརྟེན་པར་བཅས་པས་དབང་བསྐུར་བས༔ ལེགས་པའི་ཡོན་ཏན་རབ་ཏུ་བརྟན་པར་ཤོག༔ སྔགས་མཐར༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ སྣོད་བཅུད་ཡོངས་སུ་རྫོགས་པ་ཡི༔ གཏོར་མ་སྤྱི་བོར་བཟུང་བྱས་ལ༔ ཧཱུྃ༔ བཅོམ་ལྡན་གསང་བའི་བདག་པོ་དང༔ ཆོས་སྐྱོང་རྒྱལ་པོ་འཁོར་བཅས་ཀྱིས༔ དངོས་གྲུབ་མ་ལུས་སྩོལ་བའི་ཕྱིར༔ དང་པོ་མཆོད་པ་གཏོར་མས་མཆོད༔ བར་དུ་སྒྲུབ་པ་གཏོར་མར་བརྟེན༔ ཐ་མ་དངོས་གྲུབ་དབྱིག་ཏུ་ཞུ༔ དང་པོ་དབང་བསྐུར་ལྷ་དང་གཉིས་སུ་མེད༔ བར་དུ་འོད་ཞུ་དངོས་གྲུབ་རྒྱ་མཚོར་འཁྱིལ༔ ད་ནི་ལོངས་སྤྱོད་རང་དང་མི་འབྲལ་འགྲོགས༔ སྲིད་ཞིའི་དཔལ་དང་དངོས་གྲུབ་མ་ལུས་ཐོབ༔ ལྷ་དང་བདག་ཉིད་གཉིས་སུ་མེད་པ་སྟེ༔ ཡ་ཀི་ལག་ན་རྡོ་རྗེ་མན་ཆད་དང༔ མ་ཀི་གནོད་སྦྱིན་ཕོ་ཉ་ཡན་ཆད་ཀུན༔ ཐམས་ཅད་མ་ལུས་རང་གི་སེམས་ལ་རྫོགས༔ མ་བརྟགས་ངོས་ན་རྣམ་པ་ཅིར་ཡང་ཤར༔ བརྟགས་ན་སོ་སོར་གྲུབ་པ་རྡུལ་ཙམ་མེད༔ ཆོས་ཀྱི་དབྱིངས་ལ་ཡེ་ཤེས་རྩལ་རྫོགས་པས༔ ཀུན་གྱི་སྲོག་དབང་མ་འདྲེས་ཡོངས་རྫོགས་ཤོག༔ གསང་བདག་གནོད་སྦྱིན་སྔགས་ཀྱི་མཐར༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་ས་མ་ཡ་ཛྙཱ་ན་སཏྭཾ༔ རྗེས་སུ་ཁས་བླང་གཏང་རག་འབུལ༔ བསྔོ་སྨོན་བཀྲ་ཤིས་རྒྱས་པར་བྱ༔ ཕྲིན་ལས་མཇུག་བསྡུ་གཞུང་བཞིན་སྤྱད༔ དེ་ལྟར་ཐོབ་པའི་རྣལ་འབྱོར་པས༔ བསྙེན་སྒྲུབ་མཆོད་བསྟོད་རྒྱུན་དུ་བྱ༔ དེ་ཙམ་མི་ནུས་གང་ཟག་ནི༔ སྙིང་དང་འདྲ་བའི་སྦྱིན་བདག་ལ༔ དངོས་གྲུབ་གཏད་པའི་ཚུལ་བྱེད་ན༔ དེས་ཀྱང་ཚེས་ཆེན་བརྒྱད་ཀྱི་ཉིན༔ ག་པུར་གུར་གུམ་ལ་ཕུག་དང༔ ཙནྡན་དཀར་དམར་དུ་རུ་ཀ༔ སྤོས་སྦྱོར་ལེགས་པར་བགྱིས་པ་ཡིས༔ ཙན་དན་དཀར་པོ་ལས་གྲུབ་པའི༔ སྐུ་གཟུགས་མདུན་དུ་བདུག་པ་དང༔ རྣམ་སྲས་དམ་བཅའི་གཟུངས་བཟླ་ཞིང༔ སྐུ་གསུམ་མདོ་སྡེའི་གླེགས་བམ་མཆོད༔་་་གསེར་འོད་དམ་པ། དགེ་འདུན་སྡེ་ལ་བསྙེན་བཀུར་བྱ༔ བསོད་ནམས་ཚོགས་ཆེན་གོང་དུ་སྤེལ༔ ༈ འདི་ལྟར་སྒྲུབ་པའི་གང་ཟག་དེ༔ རྣམ་ཐོས་སྲས་དང་མཉམ་པ་ཡི༔ ཚེ་དང་བསོད་ནམས་རྒྱས་པར་འགྱུར༔ ཀློག་པ་ཐོས་བསམ་བྱ་བ་ལས༔ སྒྲུབ་པའི་སྡེ་འཛིན་གང་ཟག་དང༔ དགེ་འདུན་མང་པོ་འདུ་བའི་ཕྱིར༔ ཆོས་སྐྱོང་རྒྱལ་པོ་སྒྲུབ་པའི་ཐབས༔ མ་འོངས་བསྟན་པའི་སྙིང་པོ་ལ༔ མཆོད་པའི་ཆོས་ལྡན་རྒྱལ་པོ་ཡི༔ དོན་དུ་བསྩལ་ཏེ་གཏེར་དུ་སྦས༔ སྐལ་ལྡན་ཞིག་དང་འཕྲད་ནས་ཀྱང༔ བསྟན་འཛིན་སྐྱེས་བུའི་སྡེ་བཅས་དང༔ བསོད་ནམས་སྤེལ་བའི་སྦྱིན་བདག་གི༔ སྲུང་མའི་གཙོ་བོར་མངའ་གསོལ་བས༔ ནག་ཕྱོགས་བདུད་ལས་རྣམ་རྒྱལ་ཞིང༔ དཀར་ཕྱོགས་དགེ་བའི་མཚན་མ་ཡིས༔ འཇིག་རྟེན་ཀུན་ཏུ་ཁྱབ་པ་དང༔ འདོད་དགུའི་བསམ་པ་འགྲུབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ༔ ༁ྃ༔ རྒྱལ་ཆེན་རྣམ་སྲས་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ལས༔ བླ་རྡོ་སྲོག་འཁོར་གྱི་ཡིག་ཆུང་སྲོག་གི་སྙིང་པོ་བཞུགས་སོ༔ ྈྈྈ གསང་བདག་གོས་སྔོན་ཅན་ལ་འདུད༔ བདག་ཉིད་པདྨ་འབྱུང་གནས་ཀྱིས༔ རྒྱུད་ལུང་མན་ངག་དུ་མ་ཡི༔ བཅུད་ཕྱུངས་བསྟན་པ་སྲུང་བའི་བདག༔ ཆོས་སྐྱོང་བརྒྱ་རྩ་བོད་དུ་བསྟན༔ འོན་ཀྱང་ཀུན་ལས་ཁྱད་འཕགས་པ༔ རྒྱལ་ཆེན་རྣམ་སྲས་སྒྲུབ་ཐབས་འདི༔ ལྷ་སྲས་འབྲིང་པོ་དམ་འཛིན་གྱིས༔ མཐའ་ཡི་སོ་ཁ་འདུལ་བའི་ཚེ༔ རེ་ལྟོས་བདག་ལ་བཅས་ནས་སུ༔ གྲོགས་བཅོལ་ཆོས་སྐྱོང་དྲག་རྩལ་ཅན༔ དངོས་སུ་འགྲོགས་པ་ཞིག་ཞུས་པས༔ བདག་གིས་ལྷ་སྲས་བོད་འབངས་རྣམས༔ བརྩེ་ཕྱིར་ཤིན་ཏུ་དྲག་མྱུར་ཅན༔ འདོད་དགུ་ཐམས་ཅད་འགྲུབ་པ་ཡི༔ གནོད་སྦྱིན་རྒྱལ་པོའི་རྒྱུད་རྣམས་ལས༔ བཏུས་ཏེ་སྒྲུབ་ཐབས་འདི་ཉིད་བསྟན༔ རྒྱལ་པོ་ཆེན་པོ་དངོས་སུ་བཀུག༔ མི་ཡི་རྒྱལ་པོ་ལྷ་སྲས་དང༔ གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས༔ མནའ་དང་ཆད་ཀྱིས་གྲོགས་སུ་བྱས༔ མ་འོངས་ཐ་མའི་བར་དག་ཏུ༔ ལྷ་སྲས་རྣམས་ཀྱི་རིགས་དང་བརྒྱུད༔ སྐྱེ་བར་བཅས་པའི་སྲུང་མར་བསྐོས༔ མི་དང་མི་མིན་ཆོས་སྐྱོང་བའི༔ རྒྱལ་པོ་གཉིས་ཀྱིས་བོད་ཁམས་འདིར༔ སངས་རྒྱས་བསྟན་པ་སྐྱོང་བར་ཆད༔ དེ་ཕྱིར་སྒྲུབ་ཐབས་ཁ་ཚང་ལ༔ དོན་འདྲིལ་ཟབ་པ་འདི་ཉིད་ནི༔ ཕྱི་མའི་དོན་དུ་ལྷ་སྲས་ཀྱིས༔ སྨོན་ལམ་ཐོབས་ལ་གཏེར་དུ་སྦོས༔ ནམ་ཞིག་དེ་དང་འཕྲད་ནས་ཀྱང༔ བསྟན་པ་རབ་ཏུ་རྒྱས་པར་བྱེད༔ དེ་ཕྱིར་ཆོས་སྐྱོང་རྟེན་བཅའ་བ༔ བླ་རྡོ་སྲོག་འཁོར་གདམས་པ་ནི༔ ཁང་བཟང་ཡིད་དང་མཐུན་པའི་ནང༔ སྤྱན་གཟིགས་རྒྱན་གྱིས་རྣམ་པར་བརྒྱན༔ ཁྱད་པར་ཕྱི་རྟེན་ཁང་བཟང་དང༔ སྐུ་འབག་རྟེན་གྱི་གཏོར་མ་བཅའ༔ ནང་རྟེན་གསེར་ལས་ནོར་བུའི་དབྱིབས༔ གཡུ་ཡིས་བཻ་ཡིག་བྲིས་པ་དང༔ ཆུ་དར་ངོས་སུ་གསང་སྔགས་རྣམས༔ གསེར་གྱིས་བྲིས་པའི་ཤམ་བུ་རུ༔ ཨོཾ༔ རྒྱལ་ཆེན་འཁོར་དང་བཅས་པ་རྣམས༔ སྔོན་གྱི་ཁས་བླངས་དམ་ཚིག་བཞིན༔ རྟེན་འདིར་བརྟན་པར་བཞུགས་ནས་སུ༔ དགྲ་བགེགས་བར་ཆད་གཞོམ་པ་དང༔ མངའ་རིས་འབྱོར་པ་སྤེལ་དུ་གསོལ༔ གཞན་ཡང་མདོ་དང་རྟོག་པ་ལས༔ འབྱུང་བའི་སྲོག་སྙིང་གཟུངས་རྣམས་བྲི༔ ནུས་པ་སྐྱེད་ཅིང་བརྟན་པའི་ཕྱིར༔ དབྱངས་གསལ་རྟེན་འབྲེལ་སྙིང་པོ་བཅས༔ བླ་རྡོ་དེ་ལ་ལེགས་པར་དྲིལ༔ ལྕགས་ཀྱི་གྭ་འུའི་ནང་དུ་གཞུག༔ རིན་ཆེན་འབྲུ་དང་སྨན་གྱིས་བཀང༔ ཕོ་བྲང་འོག་མའི་ནང་དུ་བཞག༔ དེ་བཞིན་གསེར་་་གྱི་ནོར་བུའི་གཟུགས།ལ་ཁྱེ་འུ་འམ༔ པདྨ་རཱ་གས་བཻ་ཡིག་བྲི༔ ལེ་བརྒན་དམར་པོ་ལ་བྲིས་པའི༔ སྔགས་བྱང་དཀོར་ཆ་དང་བཅས་པ༔ རིན་ཆེན་ཟངས་ཀྱི་གྭ་འུར་བཅུག༔ མཚན་ལྡན་ཐོད་པ་ལི་ཁྲི་ཡིས༔ བཀང་བའི་ནང་དུ་གྭ་འུ་བཞག༔ ཕོ་བྲང་བར་མའི་ནང་དུ་བཞུགས༔ རང་བྱུང་གཡུ་ལ་གསེར་ཞུན་གྱིས༔ བཻ་ཡིག་བྲིས་ལ་སྔགས་བྱང་སོགས༔ རིན་ཆེན་གསེར་གྱི་གྭ་འུར་བཅུག༔ ཐོད་པ་སིནྡྷུ་ར་ཡིས་བཀང༔ དར་བཅུག་སྟེང་མའི་ནང་དུ་བཞག༔ གསང་བའི་བདག་པོའི་སྐུ་ལ་སོགས༔ སོ་སོའི་སྐུ་གཟུགས་ཐམས་ཅད་ནི༔ བྲིས་འབུར་གང་ཡང་རུང་བ་རྣམས༔ གཙོ་འཁོར་ལྷ་གནས་སོ་སོར་བཞུགས༔ གསང་རྟེན་སོ་སོའི་མདོག་མཚུངས་པའི༔ དར་ལ་གསེར་གྱི་འཁོར་ལོ་ནི༔ མུ་ཁྱུད་གསུམ་ལྡན་ལྟེ་བ་ལ༔ བཻ་དང་སོ་སོའི་སྲོག་སྔགས་ལ༔ རྩིབས་ལ་སོ་སོའི་འཁོར་རྣམས་ཀྱི༔ སྲོག་ཡིག་རིགས་པས་དཔྱད་དེ་བྲི༔ ཡང་ན་སོ་སོའི་ཕྱག་མཚན་ནི༔ རང་རང་མིང་གི་ཐ་མ་རུ༔ གང་འདོད་ལས་ཀྱི་ཤམ་བུ་སྦྱར༔ གསུམ་པར་དབྱངས་གསལ་རྟེན་སྙིང་དང༔ འདོད་གསོལ་གང་འདོད་སྦྱར་ཏེ་བྲི༔ ལྟེ་བ་མ་ཉམས་རབ་ཏུ་བལྟེབས༔ ཁ་དོག་ལྔ་ཡི་དར་གྱིས་བསྒྲིལ༔ མགོ་མཇུག་མ་ལོག་སོ་སོ་ཡི༔ རྟེན་གྱི་གྭ་འུའི་ནང་དུ་བཅུག༔ གཞན་ཡང་འཁོར་ས་ཐམས་ཅད་དུ༔ དཔག་བསམ་ཤིང་དང་འདོད་འཇོའི་བ༔ གཏེར་བུམ་མ་རྨོས་ལོ་ཏོག་དང༔ ཅང་ཤེས་རྟ་དང་བ་གླང་དང༔ གནག་ལུག་ཕྱུགས་ཀྱི་རིགས་རྣམས་དང༔ གོ་ཁྲབ་ཟེ་འུ་ནོར་རྣམས་ཀྱི༔ གཟུགས་དང་དངོས་སུ་འོས་པ་དགྲམ༔ སྐོང་རྫས་མཆོད་པའི་ཡོ་བྱད་རྣམས༔ བརྗིད་ཅིང་མཛེས་ལ་འབྱོར་ཚད་བཤམ༔ ཁྱད་པར་སྐུ་འབག་དེ་ཉིད་ནི༔ སོ་སོའི་གང་འདོད་གཙོ་བོ་ཡི༔ གཟུགས་བྱ་བླ་རྡོ་སྲོག་འཁོར་བཅས༔ ཆ་ལུགས་གང་ཡིན་བརྗིད་པར་བཞེངས༔ རྟེན་རྣམས་ལེགས་པར་གྲུབ་པ་ན༔ གཟའ་སྐར་བཟང་པོའི་ཉི་མ་ལ༔ ཁྲུས་དང་བགེགས་ཕྲལ་རྟེན་རྫས་རྣམས༔ རྒྱལ་ཆེན་འཁོར་ཚོགས་ཕོ་བྲང་དང༔ མངའ་རིས་ལོངས་སྤྱོད་བཅས་པར་བསྐྱེད༔ ཡེ་ཤེས་པ་རྣམས་ཡང་ཡང་བསྟིམ༔ མཆོད་གསོལ་བསྟོད་བསྐང་རྒྱས་པར་བྱ༔ རྟེན་སྙིང་བརྒྱ་སྟོང་གིས་བསྒྲུབས་པའི༔ མེ་ཏོག་འཐོར་ལ་རབ་ཏུ་གནས༔ ༈ རྒྱུན་དུ་མཆོད་དང་བསྟོད་ལ་བརྩོན༔ དེ་ལྟར་བྱས་པའི་ཕན་ཡོན་གྱིས༔ རང་གི་མངའ་རིས་འབྱོར་པ་རྒྱས༔ ཕས་ཀྱི་རྒོལ་བ་ཀུན་ཟློག་ཅིང༔ མཐའ་བཞི་ཟིལ་གྱིས་གནོན་པ་འབྱུང༔ བསྟན་ལ་ཕན་པར་བྱེད་པ་ཡི༔ ཆོས་སྐྱོང་རྒྱལ་པོ་སྡེ་སྲིད་བདག༔ བསྟན་པ་མཆོད་པའི་སྦྱིན་བདག་སོགས༔ སྒོམ་གྲྭ་བཤད་གྲྭ་ཆེན་པོ་ཡི༔ མངའ་ཐང་རྒྱས་པར་བྱ་བའི་ཕྱིར༔ རྟེན་འཛུག་གཞན་དུ་མ་ཡིན་ཏེ༔ ཀུན་ལ་རྒྱལ་ཆེན་རྟེན་བཙུགས་ན༔ འཁུ་ལྡོག་ཤིན་ཏུ་ལྡང་བར་འོང༔ དེ་བས་སྒྲུབ་པའི་གཏོར་མ་ལ༔ བརྟེན་ན་ལོངས་སྤྱོད་ངེས་པར་འཕེལ༔ ས་མ་ཡ༔ ཁྱད་པར་རྣལ་འབྱོར་ཟབ་མོ་ལ༔ གོམས་པ་བརྟན་པའི་གང་ཟག་གིས༔ ཤིན་ཏུ་ཡང་གསང་མཆོག་གི་རྟེན༔ རྡོ་རྗེའི་ལུས་ལ་བཅའ་བ་ནི༔ རང་ཉིད་གསང་བའི་བདག་པོའི་སྐུ༔ དྭངས་གསལ་འཇའ་ཚོན་ལྟ་བུར་བསྒོམ༔ ལུས་དབུས་དྲང་པོར་དྷཱུ་ཏིའི་རྩ༔ ཤེལ་དཀར་ཀ་བ་བཙུགས་པ་ལྟར༔ ཡར་སྣ་སྤྱི་བོར་ཁ་ཟུམ་ཞིང༔ མར་སྣ་ལྟེ་འོག་སོར་བཞིར་ཟུག༔ རྙོགས་མེད་འོད་ཀྱི་རང་བཞིན་དེའི༔ གཡས་སུ་རོ་མ་རྡུལ་དང་ནི༔ གཡོན་དུ་རྐྱང་མ་ཁུ་བས་གང༔ དྲོད་དང་བདེ་བའི་རང་བཞིན་ཅན༔ ཡར་སྣེ་སྨིན་མཚམས་ནས་གུག་སྟེ༔ སྣ་བུག་གཡས་གཡོན་གཉིས་སུ་ཟུག༔ མར་སྣེ་ལྟེ་འོག་དབུ་མར་ཆུད༔ སྤྱི་མགྲིན་སྙིང་ལྟེའི་ཐད་རྣམས་སུ༔ རྩ་གསུམ་སྦུབས་སྟོང་གཅིག་གྱུར་པ༔ སོ་གཉིས་བཅུ་དྲུག་བརྒྱད་དང་ནི༔ དྲུག་ཅུ་རྩ་བཞིའི་འདབ་མ་རྣམས༔ གདུགས་ཀྱི་རྩིབས་མ་ལྟ་བུར་བསམ༔ དེ་ནས་སྤྱི་བོའི་རྩ་འཁོར་དབུས༔ གསང་བའི་བདག་པོ་གོས་སྔོན་ཅན༔ ཅོད་པན་བཞུགས་པའི་རྣམ་ཐོས་སྲས༔ གསེར་མདོག་བརྗིད་དང་ལྡན་པ་ལས༔ ནོར་ལྷ་བྱེ་བའི་སྤྲིན་ཕུང་འཕྲོ༔ མགྲིན་པར་གནོད་སྦྱིན་མདུང་དམར་ཅན༔ དབང་མཛད་དྲེགས་པའི་ཚོགས་ཀྱིས་བསྐོར༔ སྙིང་གར་དྲག་བྱེད་གཏུམ་པོ་ལ༔ ཕོ་ཉ་ལས་མཛད་སྐར་ལྟར་འཁྲུགས༔ ལྟེ་བར་ལྷ་མོ་དཔལ་འབར་མར༔ རྟ་བདག་ཀླུ་ཆེན་ལྗོངས་ཀྱི་བདག༔ སྡེ་དཔོན་བསམ་མི་ཁྱབ་པས་བསྐོར༔ ཀུན་ཀྱང་རྣམ་པ་གསལ་བ་ལ༔ ངོ་བོ་རང་སེམས་བློ་འདས་དང༔ དབྱེར་མེད་ལྟ་བའི་གདིང་བསྐྱེད་ནས༔ རླུང་རོ་བསལ་ཞིང་བུམ་ཅན་བཟུང༔ ༧ གཏུམ་མོའི་མེ་སྦར་བདེ་དྲོད་ཀྱིས༔ ལྷ་མོ་མཆོག་ཏུ་རྗེས་ཆགས་གཡོས༔ དེ་ཡི་ཆགས་པའི་མདངས་འོད་ཀྱིས༔ འཁོར་ལོ་བཞི་ཡི་ལྷ་ཚོགས་བསྐུལ༔ ཀུན་ཀྱང་བདེ་སྟོང་རོས་མྱོས་ཏེ༔ གང་འདོད་ཕྲིན་ལས་འབད་མེད་བསྒྲུབས༔ ༧ མཐར་ནི་སྤྱི་བོའི་ལྷ་ཚོགས་རྣམས༔ བཻ་ཡིག་ཐིག་ལེའི་རྣམ་པར་ཞུ༔ སྤྱི་བོའི་རྩ་འཁོར་དབུས་སུ་ཐིམ༔ བདག་གི་ལུས་ལ་དབྱེར་མེད་པར༔ བྱང་ཆུབ་བར་དུ་མི་འབྲལ་བསམ༔ ༧ དེ་བཞིན་མགྲིན་པའི་ལྷ་ཚོགས་རྣམས༔ ཧྲཱིཿདམར་ཐིག་ལེའི་རྣམ་པས་ཐིམ༔ བདག་གི་ངག་དང་དབྱེར་མེད་བསམ༔ ༧ སྙིང་གའི་ལྷ་ཚོགས་ཐམས་ཅད་ཀུན༔ བྷྱོཿཡིག་ཐིག་ལེའི་རྣམ་པས་ཐིམ༔ བདག་གི་ཡིད་དང་དབྱེར་མེད་བསམ༔ ༧ ལྟེ་བའི་ལྷ་ཚོགས་ལྟེ་འོག་གི༔ གཏུམ་མོའི་མེ་དང་དབྱེར་མེད་འདྲེས༔ ས་གསུམ་དྲེགས་པ་བྱེ་བ་ཀུན༔ བདག་གི་དབང་དུ་འདུས་པར་བསམ༔ ༧ འཇམ་རླུང་བཟུང་ཞིང་དབྱིངས་རིག་བསྲེ༔ རང་བཞིན་གཉུག་མའི་དོན་མཐོང་ཞིང༔ དེ་ལ་མ་ཡེངས་གདིང་རྙེད་ན༔ འཇིག་རྟེན་འཇིག་རྟེན་འདས་པ་ཡི༔ ཆོས་སྐྱོང་ཐམས་ཅད་བྲན་བཞིན་དུ༔ འབྲལ་མེད་མཆོག་གི་བླ་རྡོ་སྟེ༔ ཞིབ་ཏུ་ཡང་ཟབ་གསང་བའི་དོན༔ སྔོན་ཆད་གཞན་དུ་མ་བསྟན་པ༔ དབང་རྣོན་རྣམས་ཀྱི་སྤྱོད་ཡུལ་ཏེ༔ གཞན་དུ་ནམ་ཡང་མ་ཡིན་ནོ༔ ༧ འདི་ལྟ་བུ་ཡི་གདམས་པ་ནི༔ གང་ཞིག་དྲན་པ་ཙམ་གྱིས་ཀྱང༔ ཞི་རྒྱས་དབང་དྲག་མཆོག་གི་ལས༔ ཡིད་ལ་བསམ་པ་བཞིན་དུ་འགྲུབ༔ དེ་ཕྱིར་སྙིང་པོའི་སྙིང་པོ་སྟེ༔ སྲོག་གི་གདམས་པ་མཐར་ཐུག་གོ༔ ས་མ་ཡ༔ རྒྱ་རྒྱ༔ ༁ྃ༔ རྒྱལ་ཆེན་རྣམ་སྲས་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ལས༔ བསྙེན་སྒྲུབ་ཛཔ྄་ཀྱི་དམིགས་བྱང་བཞུགས་སོ༔ ྈྈྈ གསང་བདག་གོས་སྔོན་ཅན་ལ་འདུད༔ གནོད་སྦྱིན་རྒྱལ་པོ་སྒྲུབ་པ་ནི༔ ས་བརྒྱད་ནོན་པའི་ལྷ་ཡིན་ཀྱང༔ མཆོད་ཅིང་བསྟོད་པས་འགྲུབ་པའི་ཕྱིར༔ མཆོད་གཏོར་རྟེན་རྣམས་འབྱོར་ཚད་བཤམ༔ རང་ཉིད་གསང་བའི་བདག་པོར་བསྒོམ༔ བགེགས་བསྐྲད་མཚམས་སྲུང་གནས་ཁང་དང༔ ཡོ་བྱད་ཁྲུས་དང་སྤོས་ཀྱིས་སྦྱང༔ བསྐྱེད་རིམ་ཕྲིན་ལས་བཞིན་དུ་བསྒོམ༔ དངོས་གཞི་དང་པོར་གོང་གནོན་ནི༔ རང་དང་མདུན་གྱི་གསང་བདག་གི༔ ཐུགས་ཀར་ཉི་སྟེང་ཧཱུྃ་གི་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུས༔ འགྲོ་བའི་ལས་སྒྲིབ་ཀུན་སྦྱངས་ཤིང༔ ཚུར་འདུས་འོད་ཟེར་དཀར་དམར་མཐིང༔ རྒྱལ་ཆེན་འཁོར་དང་བཅས་ལ་ཕོག༔ སྔོན་གྱི་ཐུགས་དམ་དྲན་པར་བགྱིས༔ སྟོབས་རྩལ་ནུས་པ་སྐྱེད་པ་དང༔ གང་འདོད་ཕྲིན་ལས་སྒྲུབ་པར་བསམ༔ གསང་བའི་བདག་པོའི་སྙིང་པོ་བཟླ༔་་་འབུམ་བཞི།མཆན། གོང་ནོན་བསྙེན་པའི་མན་ངག་གོ༔ ས་མ་ཡ༔ སྒྲུབ་པར་དང་པོ་ཕྱི་སྒྲུབ་ནི༔ རང་གི་ཐུགས་ཀའི་འོད་ཟེར་གྱིས༔ རྒྱལ་ཆེན་སེར་པོའི་ཐུགས་རྒྱུད་བསྐུལ༔ དེ་ཡི་ཐུགས་ཀར་ཟླ་སྟེང་གི༔ བཻ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་ཐུགས་རྒྱུད་བསྐུལ་བ་ཡིས༔ ལོངས་སྤྱོད་བདག་ལ་བསྩལ་བར་བསམ༔ སྙིང་པོ་འབུམ་ཕྲག་འགྲུབ་པར་བཟླ༔ ནང་སྒྲུབ་རང་གི་ཐུགས་ཀ་ནས༔ འོད་ཟེར་དམར་པོ་ལྕགས་ཀྱུ་ལྟར༔ འཕྲོས་ཏེ་མགོན་པོ་དམར་པོ་ཡི༔ ཐུགས་ཀར་ཉི་སྟེང་བཻ་དམར་ལས༔ སྔགས་ཀྱིས་བསྐོར་ལ་ཕོག་ནས་སུ༔ དེ་ལས་འོད་ཟེར་དམར་པོའི་ཚོགས༔ རྣོ་ལ་འདྲིལ་བ་ལྕགས་ཀྱུའི་དབྱིབས༔ སྟོང་གསུམ་གང་བར་རབ་སྤྲོས་པས༔ ཁམས་གསུམ་དབང་དུ་སྡུད་པར་བསམ༔ བཟླས་པ་འབུམ་ཕྲག་འགྲུབ་པར་བྱ༔ གསང་སྒྲུབ་རང་ཉིད་གསང་བདག་གི༔ ཐུགས་ནས་འོད་ཟེར་མཐིང་ག་འཕྲོས༔ རྒྱལ་ཆེན་དྲག་པོའི་ཐུགས་ཀ་རུ༔ ཉི་སྟེང་བཻ་ཡིག་སྔོན་པོ་ལ༔ ཕོག་སྟེ་དེ་ལས་འོད་འཕྲོས་པས༔ བདུད་མོ་བཞི་ཡི་སྲོག་ཡིག་བསྐུལ༔ ཀུན་གྱི་ཐུགས་ནས་འོད་ཟེར་ནི༔ ཚ་ཞིང་རྩུབ་འབར་མཚོན་ཆའི་དབྱིབས༔ ནམ་མཁའ་གང་བར་སྤྲོས་ནས་སུ༔ གདུག་པའི་དགྲ་བགེགས་དམིགས་ཡུལ་རྣམས༔ རྩྭ་ལ་ཐོག་མདའ་ཕོག་པ་ལྟར༔ རྡུལ་ཕྲན་བཞིན་དུ་བརླགས་པར་བསམ༔ སྙིང་པོ་འབུམ་ཕྲག་གཅིག་བཟླས་པས༔ རྟགས་ནི་ངེས་པར་འབྱུང་བར་འགྱུར༔ དེ་ཡང་གོང་ནོན་བསྙེན་པའི་སྐབས༔ མི་ཆེན་རྒྱལ་པོ་ཆས་གོས་རྣམས༔ བཟང་པོས་བརྒྱན་པ་རང་ཉིད་ལ༔ གུས་ཤིང་འབངས་སུ་བྱས་པ་རྨི༔ དངོས་ཉམས་རྒྱལ་ཆེན་དངོས་སུ་མཐོང༔ ཕྱི་སྒྲུབ་རྟགས་སུ་ཤེས་པར་བྱ༔ ལོངས་སྤྱོད་ཟས་གོས་འབད་མེད་འདུ༔ ཡང་ན་ཉམས་དང་རྨི་ལམ་དུ༔ མཐོ་རིས་རྒྱལ་སྲིད་ཐོབ་པ་སོགས༔ ནང་གི་སྒྲུབ་པའི་ལྟས་སུ་ཤེས༔ ཕ་རོལ་དམག་དཔུང་བཟློགས་པ་དང༔ གཞན་ཕྱོགས་རང་གི་འབངས་སུ་འདུ༔ དགྲ་བགེགས་གདུག་ཅན་བསད་པ་སོགས༔ དངོས་ཉམས་རྨི་ལམ་རྣམས་སུ་འབྱུང༔ དྲག་པོ་གསང་སྒྲུབ་རྟགས་སུ་ཤེས༔ སྒྲུབ་རྫས་མཛོད་ཀྱི་ཕུགས་སུ་སྦ༔ རྟག་ཏུ་མཆོད་གཏོར་རྒྱུན་མི་གཅད༔ དེ་ལྟར་འབད་པས་གང་འདོད་འགྲུབ༔ ས་མ་ཡ༔ རྒྱ་རྒྱ༔ ༁ྃ༔ རྒྱལ་ཆེན་རྣམ་སྲས་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ལས༔ ལས་སྦྱོར་ཕྲིན་ལས་མྱུར་འགྲུབ་བཞུགས་སོ༔ ྈྈྈྈ གསང་བདག་གོས་སྔོན་ཅན་ལ་འདུད༔ སངས་རྒྱས་བསྟན་པའི་དོན་ཆེད་དུ༔ པདྨ་འབྱུང་གནས་བདག་ཉིད་ཀྱིས༔ ལས་བཞིའི་ཕྲིན་ལས་མང་བསྟན་ཅིང༔ དེ་ལས་ཁ་ཚང་དོན་འདྲིལ་བ༔ བར་ཆད་ཐམས་ཅད་སེལ་བ་དང༔ དངོས་གྲུབ་རྒྱ་མཚོ་སྒྲུབ་པ་ཡི༔ ཐུགས་སྒྲུབ་ཟབ་མོ་རྣམ་གཉིས་ཀྱི༔ ལས་ཀྱི་ཆ་རྐྱེན་དུ་མར་སྦྱར༔ ཁྱད་པར་ཞི་བའི་ཕྲིན་ལས་ནི༔ བོད་ལ་ཕན་པའི་ཆོས་བཅུར་བསྡུས༔ ད་ནི་ཆོས་དང་སྲིད་ཀྱི་ནི༔ མངའ་ཐང་ལོངས་སྤྱོད་རྒྱས་པའི་ཕྱིར༔ ཚེ་བསོད་དཔལ་འབྱོར་སྙན་གྲགས་ཏེ༔ འབྱོར་དྲུག་གོང་དུ་སྤེལ་བ་དང༔ ཁམས་གསུམ་སྐྱེ་འགྲོ་ཐམས་ཅད་ཀྱིས༔ བདག་ཉིད་ཕ་མ་སློབ་དཔོན་དང༔ རྗེ་དཔོན་ཚུལ་དུ་མོས་པ་བཞིས༔ རང་དབང་མེད་པར་འདུ་བ་དང༔ དགྲ་བགེགས་གདུག་པའི་དཔུང་རྣམས་ལ༔ དྲག་ཤུལ་གསོད་པའི་ཆོ་ག་དང༔ འཁོར་བ་རུ་ཟློག་མདོས་ཆེན་གྱིས༔ བསྒྲལ་ཞིང་ཚར་གཅད་བྱ་བའི་ཕྱིར༔ རྒྱས་དང་དབང་དང་དྲག་པོ་ཡི༔ ལས་ཀྱི་སྦྱོར་བ་རྣམ་པ་གསུམ༔ ཤིན་ཏུ་ཟབ་ཅིང་འདྲིལ་བར་བསྟན༔ ས་མ་ཡ༔ དེ་ལ་དང་པོ་འབྱོར་དྲུག་རྒྱས་པའི་ཕྱིར༔ རྒྱལ་ཆེན་རྣམ་སྲས་འཁོར་དང་བཅས་པ་ཡི༔ རྟེན་མཆོད་སྤྱན་གཟིགས་བརྗིད་ཆགས་ལེགས་པར་དགྲམ༔ ཕྲིན་ལས་བཏང་ཞིང་བཟླས་པས་ཐུགས་རྒྱུད་བསྐུལ༔ དེ་ནས་ཕྱྭ་གཡང་འགུགས་པའི་རིམ་པ་ནི༔ མདུན་བསྐྱེད་ལྷ་ཚོགས་འཁོར་བཅས་ཐམས་ཅད་ཀྱི༔ སྐུ་ལས་རང་འདྲའི་ཕོ་ཉ་ཕྱོགས་བཅུར་འཕྲོས༔ སྟོང་གསུམ་རབ་འབྱམས་འཇིག་རྟེན་ཀུན་ཁེངས་ནས༔ སྣོད་བཅུད་ཕྱྭ་གཡང་ལོངས་སྤྱོད་ཐམས་ཅད་ཀུན༔ དབང་མེད་བསྡུས་ཏེ་ཟས་གོས་ནོར་ལ་སོགས༔ ལོངས་སྤྱོད་དབྱར་གྱི་ཆར་སྤྲིན་འབབས་པར་བསམ༔ དྲི་ཞིམ་སྤོས་བཏུལ་རོལ་མོ་སྣ་ཚོགས་འཁྲོལ༔ དར་དཀར་གཡབ་ཅིང་སྙན་པའི་དབྱངས་དང་བཅས༔ བཻ༔ ཡེ་ཤེས་དབྱིངས་ལས་ནོར་བདག་སྐུར་བཞེངས་པ༔ གནོད་སྦྱིན་བྱེ་བའི་སྡེ་དཔོན་ཆེན་པོ་ནི༔ རྒྱལ་ཆེན་རྣམ་མང་ཐོས་སྲས་ངལ་གསོས་པོ༔ ཁམས་གསུམ་ཆགས་པས་དབང་སྡུད་མདུང་དམར་ཅན༔ དགྲ་བགེགས་གདུག་པ་ཚར་གཅོད་དྲག་པོའི་སྐུ༔ བཙུན་མོ་སྲས་དང་བློན་འཁོར་བཅས་པ་རྣམས༔ དེང་འདིར་ལྕང་ལོ་ཅན་གྱི་ཕོ་བྲང་དང༔ དབྱེར་མེད་ཡེ་ཤེས་རང་སྣང་ལས་གྲུབ་པ༔ ངོ་མཚར་བཀྲ་ཤིས་དགེ་བའི་གནས་འདི་རུ༔ རྩ་གསུམ་ལྷ་ཚོགས་མཁའ་ལ་སྤྲིན་ལྟར་འཐིབས༔ རྒྱལ་ཆེན་འཁོར་བཅས་ཕོ་བྲང་བརྗིད་རེ་ཆགས༔ ལྷ་ཀླུ་གནོད་སྦྱིན་བྱེ་བ་བྲན་བཞིན་འདུ༔ འདོད་དགུའི་འབྱོར་པ་རྒྱ་མཚོའི་ཚོགས་དང་བཅས༔ འཁོར་འདས་ཕྱྭ་གཡང་ལོངས་སྤྱོད་དེང་འགུགས་ན༔ ཕྲིན་ལས་མ་གཡེལ་ཐུགས་དམ་དུས་ལ་བབ༔ སྤྲུལ་པའི་ཕོ་ཉ་ཕྱོགས་བཅུ་ཀུན་ཏུ་སྤྲོས༔ འཇིག་རྟེན་ཁམས་ཀྱི་ཕྱྭ་གཡང་དྭངས་བཅུད་རྣམས༔ ད་ལྟ་ཉིད་དུ་གནས་འདིར་འདུས་པ་དང༔ ལོངས་སྤྱོད་ཆར་བཞིན་འབེབ་པའི་ཕྲིན་ལས་མཛོད༔ རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་རྣམས༔ ཚེ་དང་བསོད་ནམས་མཚོ་ལྟར་རྒྱས་པ་དང༔ དཔལ་དང་འབྱོར་པ་དབྱར་གྱི་སྤྲིན་བཞིན་གཏིབས༔ སྙན་གྲགས་སྟོང་ཁམས་ཁྱབ་པའི་ཕྲིན་ལས་མཛོད༔ མཆོག་དང་ཐུན་མོང་དངོས་གྲུབ་ཡིད་བཞིན་འགྲུབ༔ ཁམས་གསུམ་དབང་འདུས་སྲིད་གསུམ་ཟིལ་གྱིས་གནོན༔ ཕྱོགས་ལས་རྣམ་རྒྱལ་འདོད་རྒུའི་དགེ་མཚན་གྱི༔ བཀྲ་ཤིས་ཀུན་ཏུ་ཁྱབ་པའི་ཕྲིན་ལས་མཛོད༔ ཅེས་དང་གཞན་ཡང་ཕྱྭ་འཕྲིན་ཅི་རིགས་བྱ༔ སྲིད་ཞིའི་ཕྱྭ་གཡང་དྭངས་བཅུད་རྫས་ལ་བསྟིམ༔ དངོས་གྲུབ་ཀུན་གྱི་འབྱོར་པ་ཀུན་འདུས་པས༔ ཕོ་བྲང་ལྕང་ལོ་ཅན་དང་དབྱེར་མེད་བསམ༔ རྟེན་རྫས་རྣམས་ལ་བརྟན་བཞུགས་རབ་ཏུ་གནས༔ བཀྲ་ཤིས་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད༔ ལོངས་སྤྱོད་རྣམ་ཐོས་སྲས་དང་མཉམ་པ་ཡིས༔ རང་དང་གཞན་གྱི་དོན་གཉིས་ཕུན་ཚོགས་བསམ༔ དེ་ལྟར་འབད་པས་འབྱོར་དྲུག་རབ་ཏུ་རྒྱས༔ བར་ཆད་ཀུན་ཞི་བཀྲ་ཤིས་དགེ་ལེགས་འབྱུང༔ ས་མ་ཡ༔ དེ་ནས་ཁམས་གསུམ་དབང་དུ་བསྡུ་བའི་ཕྱིར༔ མདུང་དམར་ཅན་གྱི་སྐུ་ལས་ཕོ་ཉའི་ཚོགས༔ ལྕགས་ཀྱུ་ཞགས་པ་འཛིན་པ་གྲངས་མེད་འཕྲོས༔ གང་ལ་དམིགས་པའི་སྙིང་ནས་ལྕགས་ཀྱུས་བཟུང༔ ཞགས་པས་བསྡམས་ཤིང་གནས་འདིར་འཁྲིད་ནས་ཀྱང༔ བཀའ་ཉན་བྲན་དང་འབངས་སུ་བྱེད་པར་བསྒོམ༔ རྩ་སྔགས་དྲག་བཟླས་ཡང་ཡང་དམིགས་པ་རྣམས༔ གསལ་བཏབ་སྐབས་སུ་དབང་གི་བཤོས་བུ་དང༔ མ་ཉམས་ཛ་གད་སིནྡྷུར་སྦྱར་བས་མཆོད༔ ལྷ་ཡི་གདིང་བསྐྱེད་ཐུགས་དམ་འདི་ལྟར་བསྐུལ༔ ཧྲཱི༔ ཁམས་གསུམ་དབང་སྡུད་ས་བརྒྱད་སེམས་དཔའ་ཆེ༔ སྲིད་གསུམ་འགུགས་པའི་ལྕགས་ཀྱུ་མདུང་དམར་ཅན༔ རྣལ་འབྱོར་བདག་གི་བསམ་པ་སྒྲུབ་པའི་ཕྱིར༔ ཐུགས་དམ་བསྐུལ་ལོ་མཐུ་རྩལ་མྱུར་དུ་ཕྱུངས༔ འདོད་ཡོན་རོ་བརྒྱ་ལྡན་པའི་གཏོར་མ་དང༔ ཛ་གད་དཔའ་བོའི་ངར་ཆུ་དྭངས་མའི་བཅུད༔ མཁའ་འགྲོ་དབང་སྡུད་དབང་གི་དམ་རྫས་བཅས༔ དགྱེས་པར་བཞེས་ལ་ཆགས་པའི་གཟི་མདངས་སྐྱེད༔ གང་ལ་དམིགས་པ་དེ་དག་དབང་མཛད་ཕྱིར༔ ཁམས་གསུམ་འགུགས་པའི་ལྕགས་ཀྱུས་སྙིང་ནས་ཟུངས༔ སྲིད་གསུམ་འགུགས་པའི་ཞགས་པས་མགུལ་ནས་ཆིངས༔ འོད་དམར་རླུང་གི་འཁོར་ལོའི་རྟ་ལ་སྐྱོན༔ གློག་ལྟར་མྱུར་བའི་རྩལ་གྱིས་འདིར་ཁུག་ཅིག༔ ཆགས་པའི་ཡིད་སྒུལ་གདུང་བའི་བསམ་པ་སྐྱེད༔ མོས་པ་རྣམ་བཞིས་བློ་སྣ་དབང་མེད་སྒྱུར༔ བཀའ་བཞིན་བཏགས་ཤིང་བྲན་བཞིན་བགྱིད་པ་དང༔ ཕྱི་བཞིན་འབྲང་ཞིང་མི་འབྲལ་འགྲོགས་པར་མཛོད༔ མ་གཡེལ་མ་གཡེལ་གནོད་སྦྱིན་དབང་གི་ལྷ༔ དྲེགས་བྱེད་མཁའ་འགྲོ་བྱེ་བའི་ཚོགས་དང་བཅས༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ དེ་ལྟར་ཉིན་མཚན་དུས་དྲུག་བསྐུལ་བྱས་ན༔ གང་འདོད་དབང་དུ་འདུ་ཞིང་ལེགས་ཚོགས་འཕེལ༔ ས་མ་ཡ༔ དགྲ་བགེགས་གདུག་པ་རྩད་ནས་གཅོད་པའི་ཕྱིར༔ དྲག་པོའི་ལས་ཀྱི་སྦྱོར་བ་བརྩམ་པ་ནི༔ ཕུང་ཤུལ་ས་ལ་བྲུབ་ཁུང་གྲུ་གསུམ་པ༔ དེ་ནང་གང་ལ་དམིགས་པའི་གཟུགས་ཀྱིས་ཁེངས༔ ནྲྀ་ཏྲི་མིང་བྱང་བླ་དྭགས་ཤམ་བུ་རུ༔ ཨེ་ཧུར་ཐུམས་ཛ༔ ཞེས་བྲིས་ཟག་རྫས་བྱུགས་ལ་ཨེ་སྒྲོམ་གཞུག༔ བདེན་སྟོབས་བརྗོད་ཅིང་དགུག་གཞུག་ཡང་ཡང་བྱ༔ གནོད་སྦྱིན་དྲག་པོའི་ཐུགས་ཀའི་བཻ་ཡིག་ལས༔ ཚ་ཞིང་རྩུབ་པའི་འོད་དམར་རབ་འཕྲོ་བའི༔ ཛཿབཞི་འཕྲོས་ནས་བདུད་མོ་རྣམ་བཞི་ཡི༔ ཐུགས་སྲོག་ལ་ཐིམ་ཐུགས་དམ་རྒྱུད་བསྐུལ་ནས༔ ཁྲོ་ཞིང་རྔམས་འཁྲུགས་ཞེ་སྡང་མེ་ལྟར་འབར༔ རྔམས་པའི་ཉམས་བསྐྱེད་འཇིགས་པའི་གད་མོ་བསྒྲགས༔ གཏུམ་པའི་རྩལ་ཕྱུངས་ཐུགས་སྲོག་བྷྱོཿསྨུག་ལས༔ བདུད་མོའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཛིན་ཚོགས༔ ནམ་མཁའ་གང་བར་སྤྲོས་ཏེ་དམིགས་བྱ་ཡི༔ བླ་སྲོག་རྣམ་ཤེས་དངོས་སུ་བཀུག་ནས་ཀྱང༔ ལིངྒ་དེ་ལ་གཉིས་མེད་ཐིམ་པར་བསམ༔ དྲག་པོའི་སྔགས་ནི་བར་མེད་ཐོག་ལྟར་བཟླ༔ སྐབས་སུ་གསུར་ཆེན་སྤོས་བཏུལ་རཀྟ་འཕྱར༔ ཞིང་གི་གཡབ་འདོར་རྐང་གླིང་བཤུགས་པར་བཅས༔ ཁྲོ་འཁྲུག་རྔམས་པའི་སེམས་ཀྱིས་དྲག་ཏུ་བསྐུལ༔ བྷྱོ༔ གཏུམ་དྲག་མེ་རླུང་འཁྲུགས་པའི་ཀློང་དཀྱིལ་ནས༔ སྲོག་བདག་གནོད་སྦྱིན་དམག་དཔོན་དབྱིངས་ནས་བཞེངས༔ ཞེ་སྡང་འོ་མཚོ་འཁྲུགས་པའི་ཀློང་དཀྱིལ་ནས༔ བདུད་མོ་མགོ་དགུ་དྲག་མོ་དབྱིངས་ནས་བཞེངས༔ ང་རྒྱལ་མར་མཚོ་འཁྲུགས་པའི་ཀློང་དཀྱིལ་ནས༔ བདུད་མོ་ལག་བརྒྱ་དྲག་མོ་དབྱིངས་ནས་བཞེངས༔ འདོད་ཆགས་ཁྲག་མཚོ་འཁྲུགས་པའི་ཀློང་དཀྱིལ་ནས༔ བདུད་མོ་ཕུང་ཁྲོལ་དྲག་མོ་དབྱིངས་ནས་བཞེངས༔ ཕྲག་དོག་དུང་མཚོ་འཁྲུགས་པའི་ཀློང་དཀྱིལ་ནས༔ བདུད་མོ་གསོད་བྱེད་དྲག་མོ་དབྱིངས་ནས་བཞེངས༔ གཞན་ཡང་འཁོར་གྱི་རྒྱལ་ཆེན་སྡེ་བཞི་དང༔ མ་མོའི་རྒྱལ་མོ་ཆེན་མོ་རྣམ་པ་བཞི༔ དྲི་ཟ་གྲུལ་བུམ་ཀླུ་དང་གནོད་སྦྱིན་གྱི༔ དམག་ཚོགས་འབུམ་ཕྲག་མང་པོ་ལས་ལ་བསྐུལ༔ རྣལ་འབྱོར་བདག་ལ་དོ་བསྡོ་ཕོད་བཙུགས་པའི༔ བསམ་ངན་སྦྱོར་བ་རྩུབ་པའི་དམ་ཉམས་དང༔ རྒྱལ་བའི་བསྟན་པ་རིན་ཆེན་མཆོག་འདི་ཉིད༔ བཤིགས་པའི་སྡང་བའི་དགྲ་དང་གནོད་པའི་བགེགས༔ གང་ལ་དམིགས་པའི་བདུན་རྒྱུད་དཔུང་བཅས་ཀྱི༔ སྲོག་དབུགས་རྣམ་ཤེས་ཁ་རྗེ་དབང་ཐང་ཀུན༔ སྟོང་གསུམ་འཇིག་རྟེན་སུ་ཡི་སྐྱབས་འོག་ཏུ༔ ཡོད་ཀྱང་ད་ལྟ་མྱུར་དུ་འདིར་ཁུག་ཅིག༔ ཁ་རུ་ལག་ཆུག་ཁོང་པའི་སྙིང་ཕྱུངས་ལ༔ སྙིང་ཁྲག་ཐང་ལ་ཕོས་ཤིག་དམ་ཅན་རྣམས༔ རྒྱལ་བའི་བསྟན་ལ་ཉམས་པའི་དགྲ་བྱུང་ན༔ དེ་ཉིད་གསོད་པར་རྒྱལ་བས་བཀའ་བསྒོས་བཞིན༔ ཡབ་གཅིག་གནོད་སྦྱིན་དམག་དཔུང་ལས་ལ་ཡ༔ ཁམས་གསུམ་ཕུང་བྱེད་བདུད་མོའི་དུས་ལ་བབས༔ རྒྱལ་ཆེན་སྡེ་བཞིའི་དཔུང་ཚོགས་དགྲ་ལ་ཆོས༔ མ་མོ་སྡེ་བཞིའི་ཇག་པ་ཕྱོགས་བཅུར་རྒྱུགས༔ གནོད་སྦྱིན་དམག་ཚོགས་མང་པོ་དགྲ་ལ་བྷྱོ༔ དམ་ཉམས་དགྲ་བགེགས་སྡིག་ཅན་དམིགས་པའི་ཡུལ༔ ཡིད་ལ་བརྣག་པའི་བསྟན་པའི་རུ་དྲ་དེ༔ ད་ལྟ་ཉིད་དུ་བསྒྲལ་བའི་ཕྲིན་ལས་མཛོད༔ དྲག་རྩལ་མཐུ་ལྡན་གནོད་སྦྱིན་ཁྱེད་རྣམས་ཀྱིས༔ རི་རབ་བརླག་ཅིང་རྒྱ་མཚོ་ཆེན་པོ་སྐེམ༔ ཉི་ཟླ་དག་ཀྱང་ཚོགས་པོར་འཕེན་ནུས་ན༔ ཟས་སྐལ་གཏད་པའི་དམ་ཉམས་དགྲ་བགེགས་ལ༔ ནམ་ཞིག་སྐྱེ་འཆི་གཉིས་ལ་ཁུངས་མ་གཡར༔ ལས་དང་རྒྱུ་འབྲས་གཉིས་ལ་སྙད་མ་འདོགས༔ ནམ་མཁའ་སྟོང་པ་འདི་ལ་ཚད་མ་འཛུག༔ ཚེ་འདིར་ཕྱི་མའི་དུས་ལ་མ་བཞག་པར༔ རྩྭ་སྦུར་ཕུང་པོ་བསྐལ་མེས་བསྲེགས་པ་དང༔ མར་མེ་འཐོར་རླུང་དྲག་པོས་བཅོམ་པ་ལྟར༔ ད་ལྟ་སྐད་ཅིག་ཡུད་ཙམ་འདི་ཉིད་ལ༔ མིང་ཙམ་མེད་པར་བསྒྲལ་བའི་ཕྲིན་ལས་མཛོད༔ མ་མོའི་རྒྱལ་མོ་རེ་ཏཱི་མཆེད་བཞི་ཡིས༔ སྣང་སྲིད་མ་མོའི་དམག་ཚོགས་མྱུར་དུ་སྡུས༔ རྩིས་ཀྱི་མ་མོ་གསུམ་པོ་ལས་ལ་འགྱེད༔ གནམ་གྱི་ཡེ་དྷར་མ་མོས་ཐོག་ཕོབ་ཅིག༔ ས་ཡི་ཕུང་བྱེད་ནག་མོས་རྟེན་ཕུར་ཕུད༔ བར་གྱི་གློག་མ་སྲིན་གྱིས་དགྲ་སྲོག་གཅོད༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ ཞེས་བསྐུལ་བཤུགས་པའི་སྒྲ་ཐོས་དྲི་སྣོམ་དང༔ རླུང་འཚུབས་དྲག་རྔམས་ཚག་སྒྲ་བྱུང་བ་ན༔ དགྲ་བགེགས་ཁུག་པའི་རྟགས་ཡིན་ལས་སྦྱོར་ནི༔ གནོད་སྦྱིན་འཁོར་བཅས་ཞེ་སྡང་ཆེར་འཁྲུགས་ནས༔ མཚོན་ཆའི་ཆར་འབེབ་ཐོག་གི་བུ་ཡུག་འཚུབས༔ མ་མོ་རྣམས་ཀྱིས་ནད་རྐྱལ་ཁ་ཕྱེ་ཞིང༔ ཁྲག་གི་ཐུན་རྫས་མྱོས་བྱེད་ཆར་ལྟར་ཕབ༔ དགྲ་བགེགས་རྣམ་ཤེས་མར་མེ་ལྟ་བུ་ལ༔ རླུང་འཚུབས་དྲག་པོས་བཅོམ་ཞིང་བསད་ལྟར་བསམ༔ ལིང་ག་མེར་བསྲེག་ཐལ་བ་ཀླུ་ལ་གཏད༔ དྲག་པོར་བསྐུལ་ཞིང་གཏོར་མ་ཟོར་དུ་འཕང༔ ཡང་ན་སྐོང་མདོས་གསོད་པའི་མདོས་སུ་སྒྱུར༔ ཡང་ན་གཡུལ་ཟློག་པ་ཡི་ལས་ལ་སྦྱར༔ དེ་ལ་མདོས་གཞི་སྐོང་བའི་མདོས་ལྟར་ལ༔ ལྷ་གྲངས་མཉམ་པའི་དམར་གྱི་གཏོར་མ་དང༔ ཁྲག་གི་ཀོང་བུ་སྤེལ་ཏེ་དུག་གིས་བྲན༔ ཡུངས་དཀར་གང་བུ་མཚེ་ཉུངས་རྩང་གིས་གཏམས༔ གནོད་སྦྱིན་རྒྱལ་པོའི་དམག་གི་སྡེ་ཆེན་པོ༔ གོ་ཆ་སྲ་བགོས་རྣོ་བའི་མཚོན་ཆ་འཕྱར༔ དཀར་སེར་དམར་མཐིང་རུ་དར་མཁའ་དབྱིངས་ཁེངས༔ ཀུ་བསྭོ་ཆ་སྒྲས་སྣོད་བཅུད་འགུལ་ཞིང་ལྡེག༔ གྲངས་མེད་ཉི་ཟེར་རྡུལ་ལྟར་འཁྲིགས་པར་བསམ༔ ཐུགས་དམ་རྒྱུད་བསྐུལ་དགྲ་བགེགས་དགུག་ཅིང་བསྟིམ༔ ཁུག་རྟགས་བྱུང་ན་གསད་པའི་ལས་བརྩམ་སྟེ༔ ལིང་ག་མཚོན་ཆས་གཏུབས་ལ་ཤ་ཁྲག་རྣམས༔ གནོད་སྦྱིན་དམག་ཚོགས་རྣམས་ཀྱི་དམག་ལྟོར་ཕུལ༔ བསྐུལ་དང་དམོད་མོས་མདོས་ནི་དགྲ་ཕྱོགས་འཕང༔ དེ་ཡི་ཕྱི་བཞིན་གནོད་སྦྱིན་བྱེ་བའི་དམག༔ སེར་ཆར་དྲག་པོ་བཞིན་དུ་དགྲ་ཕྱོགས་བབས༔ དགྲ་བོའི་མི་བསད་རྟ་སྒྱེལ་མཁར་ཁང་བཤིགས༔ ཕོ་རྒྱུད་རྩད་བཅད་མོ་རྒྱུད་མངལ་ནས་སྐེམ༔ ཆུང་རྒྱུད་གློ་བུར་དར་མ་གྲི་འཐབས་འཁྲུགས༔ བགེགས་དཔུང་སྡེ་ཞིག་མཐུ་ཉམས་རྩལ་ཕྲོགས་ནས༔ ཐམས་ཅད་ཐར་མེད་ལས་ཀྱི་བཙོན་ཁང་བཅུག༔ བསྐལ་པའི་བར་དུ་ལྡང་བ་མེད་པར་བསམ༔ དེ་ཡིས་དགྲ་བགེགས་བསད་རྟགས་ངེས་པར་འོང༔ བར་ཆད་བགེགས་ཞི་རང་གཞན་དོན་འགྲུབ་གྱུར༔ ས་མ་ཡ༔ དེ་ལྟར་རྒྱལ་ཆེན་རིགས་གསུམ་པོའི༔ ཐུན་མོང་ལས་ཀྱི་སྦྱོར་བ་འདི༔ མ་བུ་ཟུང་དུ་བསྡེབས་བྱས་ནས༔ གང་ལ་བརྩམ་པར་བྱ་བ་ནི༔ བསྟན་འགྲོའི་དོན་ཆེན་མ་གཏོགས་པ༔ རང་དོན་ཕུགས་སུ་བཅུག་པ་ཡིས༔ སྤྱད་ན་སྲུང་མས་བཀའ་ཆད་འབེབ༔ ཁྱད་པར་དབང་དང་དྲག་པོའི་ལས༔ སྙིང་གི་ཟུངས་ཁྲག་བཞིན་དུ་བཙའ༔ གཞན་ཕན་བསམ་པས་མཚམས་སྦྱར་ནས༔ གསང་ཞིང་སྤྱད་པས་དངོས་གྲུབ་ཐོབ༔ ས་མ་ཡ༔ རྒྱ་རྒྱ༔ སྤྲུལ་པའི་གཏེར་ཆེན་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པས་གོ་སྟོད་འོད་འབར་བྲག་ནས་སྤྱན་དྲངས་པའི་བདུད་རྩི་ལྔ་ཤོག་ལས་ས་ཕོ་རྟ་ཡི་ལོ་རྒྱལ་ཟླ་བའི་ཉེར་དགུ་ལ། དཔལ་སྡེ་དགེ་ལྷུན་གྲུབ་སྟེང་གི་བྱང་ཕྱོགས་ལྕང་ལོ་ཅན་འཆི་མེད་རྡོ་རྗེ་བཀོད་པའི་ཕོ་བྲང་ཆེན་པོར་གཏན་ལ་ཕབ་རིམ་བཞིན་དུ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་བསྟན་པ་རིན་པོ་ཆེ་དེར་འཛིན་སྦྱིན་པའི་བདག་པོ་དང་བཅས་པ་མི་མཐུན་བདུད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བར་གྱུར་ཅིག །སརྦ་དི<!TCC Tibetan character 4,200 undefined in unicode!>བྷྱ་བི་ཛ་ཡནྟུ།། །།
ས་ནད་གཉན་ནད་འཇོམས་པའི་ཕྱིར༔ ནད་བདག་སྟོབས་འཇོམས་མན་ངག་ (Volume 46, Text 5)
༄༅༔ ས་ནད་གཉན་ནད་འཇོམས་པའི་ཕྱིར༔ ནད་བདག་སྟོབས་འཇོམས་མན་ངག་ཡོད༔ ྈྈྈྈྈྈྈྈྈྈྈྈྈྈྈ པདྨ་འབྱུང་གནས་ཐུགས་རྗེ་ཡིས༔ བོད་ཀྱི་སེམས་ཅན་དོན་ཕྱིར་དུ༔ ཐུགས་སྒྲུབ་བསྙེན་པའི་རྟགས་རྫོགས་ནས༔ འགྲོ་བ་གཞན་གྱི་དོན་བྱེད་ན༔ དུས་ཀྱི་ཐ་མ་ཤར་བའི་ཚེ༔ སེམས་ཅན་ལོག་པའི་ལས་སྤྱོད་པས༔ ཆོས་སྐྱོང་གཞི་བདག་གྲིབ་ཀྱིས་ཕོག༔ རི་རབ་ནང་དུ་ཞལ་གཟིགས་ནས༔ སྲུང་སྐྱོབ་མི་མཛད་བཀའ་ཆད་གཏོང༔ མཐའ་ཡི་འགོང་པོ་བོད་དུ་ཡོང༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་འཁྲུགས༔ སྲིད་པའི་ནད་བདག་ཆེན་མོ་གཅིག༔ གཉན་མོ་ཁ་འབར་ཞེས་བྱ་བ༔ རྒྱ་མཚོའི་གཏིང་ནས་སྐུ་བསྐྱོད་དེ༔ རི་རབ་ཟོམ་ལ་རྟེན་བཅས་ནས༔ ཐལ་མོ་བར་སྣང་ཁམས་སུ་རྡེབ༔ ནམ་མཁའ་ནད་ཀྱི་རླངས་པས་སྒྲིབ༔ ས་ནད་མེ་ལྟར་འབར་བ་ཡོང༔ གཉན་ནད་རྒྱུག་འགྱེལ་ནག་པོ་ཡིས༔ འཛམ་བུ་གླིང་པའི་བཞི་གསུམ་འཇོམས༔ སེམས་ཅན་མི་ལུས་ཐོབ་པ་ལ༔ ཕྱི་མ་གར་སྐྱེའི་གདིང་མེད་པར༔ སྲོག་ལུས་འདོར་བ་སྙིང་རེ་རྗེ༔ དེ་དུས་ང་ཡི་ཐུགས་རྗེ་ཡིས༔ ཟབ་མོའི་གཏེར་མཛོད་སྒོ་ཕྱེ་ནས༔ བོད་ཀྱི་ནད་རིམས་བཟློག་པར་འགྱུར༔ ྈྈྈྈྈྈྈྈྈྈྈ འདི་ལ་དགོས་པའི་མན་ངག་བདུན༔ སེམས་བསྐྱེད་འཁོན་སེལ་དཔང་པོ་གཟུག༔ ནད་ལ་སྲུང་ཟློག་གསད་པ་གསུམ༔ དམིགས་མེད་བསྔོ་བའི་རྒྱས་བཏབ་བོ༔ དང་པོ་ལས་ཅན་སྐྱེས་བུ་རྣམས༔ ལས་ཀྱི་རྒྱུ་འབྲས་ཉེས་དམིགས་བསམ༔ རང་གི་ལུས་ལ་དཔེ་བླངས་ནས༔ ཕ་རོལ་གཞན་གྱི་དོན་ལ་འབད༔ སྐྱོ་ངལ་མེད་པར་འགྲོ་དོན་མཛོད༔ འཛམ་གླིང་མི་ཡི་སྲོག་བསླུས་པའི༔ བསོད་ནམས་བགྲང་པར་མི་ནུས་སོ༔ དེ་ཕྱིར་སེམས་བསྐྱེད་རྒྱ་ཆེན་བྱ༔ ༈ གཉིས་པ་དགེ་སློང་གཙང་མ་བཞིས༔ རྡོ་རྗེ་རྣམ་འཇོམས་གཟུངས་སྒྲུབ་བྱ༔ འཛམ་གླིང་བོད་དང་ཡུལ་ཁམས་ཀྱི༔ གཞི་བདག་ཐམས་ཅད་ཁྲུས་ནས་འདོན༔ སྔགས་པ་དམ་ཚིག་གཙང་མ་བཞིས༔ དུས་གསུམ་བདེ་གཤེགས་ཡི་དམ་ལྷ༔ ཌཱ་ཀི་ཆོས་སྐྱོང་སྤྱན་དྲངས་ལ༔ དམ་ཚིག་ཉམས་ཆག་སྐོང་གསོ་བྱ༔ རང་རང་ཡུལ་གྱི་ལྷ་འདྲེ་དང༔ སྡེ་བརྒྱད་ཐམས་ཅད་གཙང་མར་སྦྱང༔ བཀའ་ཡི་གསུང་སྒྲོག་ཅི་འགྲུབ་འདོན༔ ཡུལ་གྱི་གཞི་བདག་བརྔན་བཞིན་བཅོལ༔ ༈ གསུམ་པ་དཔང་པོ་གཟུག་པ་ནི༔ མཁར་གྱི་སྟེང་ངམ་རི་མཐོའི་རྩེར༔ གཙང་མའི་གཞི་ལ་མེ་ཏོག་བཀྲམ༔ བཤོས་ཆས་སྤྱན་གཟིགས་སྣ་ཚོགས་བསགས༔ མདའ་དར་སྣ་ཚོགས་བཏགས་ལ་གཟུག༔ ཕུད་སྣོད་གཙང་མར་གསེར་སྐྱེམས་བཤམ༔ ལྷ་འདྲེ་ཐམས་ཅད་མཉེས་པར་མཆོད༔ བདག་ཉིད་ཏིང་འཛིན་གསལ་བཏབ་ལ༔ པདྨ་འབྱུང་གནས་ཞི་མ་ཁྲོ༔ ཞལ་འཛུམ་སྤྱན་མིག་དྲག་པོར་གཟིགས༔ དབུ་ལ་སྙན་ཞུ་ཆོས་གོས་དང༔ ཟབ་ཆེན་བེར་དང་ཕོད་ཁ་གསོལ༔ ཕྱག་གཡས་རྡོ་རྗེ་ཕྱར་ཐབས་བསྣམས༔ གཡོན་པ་ཕུར་པ་གཟིར་ཐབས་མཛད༔ ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ འཇིག་རྟེན་ལྷ་འདྲེ་ཐམས་ཅད་བཀུག༔ མདུན་དུ་བཀའ་ཉན་ལས་བྱེད་བསམ༔ ྈྈྈྈྈྈྈ ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ དམ་ལ་བཏགས་པའི་ལྷ་འདྲེ་རྣམས༔ ཆོས་ཉིད་བདེན་པའི་བཀའ་ལ་ཉོན༔ ཁ་རག་གསང་བའི་བྲག་ཕུག་ཏུ༔ བརྟན་མ་བཅུ་གཉིས་དམ་ལ་བཏགས༔ གཙང་གི་ཁ་རག་གཡག་མིག་ཏུ༔ འབྲོག་མོ་ཐམས་ཅད་དམ་ལ་བཏགས༔ བསམ་ཡས་དབུ་རྩེ་རིགས་གསུམ་དུ༔ རྒྱལ་པོ་ཐམས་ཅད་དམ་ལ་བཏགས༔ ཁམས་ཀྱི་གླ་བ་རྐང་གཅིག་ཏུ༔ ཐེའུ་རང་ཐམས་ཅད་དམ་ལ་བཏགས༔ ཞུབ་ཀྱི་ལ་ཐོག་བྲག་དམར་དུ༔ དྲི་ཟ་ཕོ་མོ་དམ་ལ་བཏགས༔ བྱང་གི་གནམ་མཚོ་ཕྱུག་མོ་རུ༔ ཕོ་རྒྱུད་ཐམས་ཅད་དམ་ལ་བཏགས༔ ན་མར་རྒོད་གོང་ལྷ་བཙན་དུ༔ བྱང་འབྲོག་ཕོ་མོ་དམ་ལ་བཏགས༔ མལ་གྲོ་ཀུང་གི་རྒྱ་ཚལ་དུ༔ ཀླུ་རིགས་ཐམས་ཅད་དམ་ལ་བཏགས༔ རོང་དོང་ལུང་པ་ནག་པོ་རུ༔ སྲིན་པོ་ཕོ་མོ་དམ་ལ་བཏགས༔ གུ་རུ་ཨོ་རྒྱན་གཤེགས་པའི་ཚེ༔ མང་ཡུལ་བྱེ་མའི་ལ་ཐོག་ཏུ༔ ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས༔ གཡའ་དང་གངས་ཀྱི་རྩེ་མོ་རུ༔ སྨན་བཙུན་ཐམས་ཅད་དམ་ལ་བཏགས༔ པདྨ་འབྱུང་གནས་སྤྱན་སྔ་རུ༔ བོད་ཀྱི་ལྷ་འདྲེ་ཐམས་ཅད་ཀྱིས༔ རང་རྟགས་སྲོག་གི་སྙིང་པོ་ཕུལ༔ མཐའ་ཡི་དམག་དཔུང་ཟློག་པ་དང༔ དབེན་གནས་ཆོས་འཁོར་སྐྱོང་བ་དང༔ གཙུག་ལག་ཁང་གི་དཀོར་སྲུང་དང༔ དལ་ཡམས་ཐམས་ཅད་ཟློག་པ་དང༔ བོད་ཁམས་སྐྱོང་བའི་གྲོགས་བྱེད་པར༔ ཁས་བླངས་དམ་བཅའ་མ་བྱས་སམ༔ དེ་ཕྱིར་བཀའ་ལས་མ་འདའ་བར༔ སྔོན་གྱི་དམ་ཚིག་དྲན་པར་གྱིས༔ ཁྱོད་ཀྱི་སྲོག་སྙིང་ང་ལ་ཡོད༔ འདུ་འདུ་ལྷ་སྲིན་དམ་ལ་འདུས༔ གུམ་གུམ་ཆུམ་ཆུམ་ལས་ལ་ཆུམས༔ གསེར་སྐྱེམས་བཤོས་བཟང་གཙང་མ་འདི༔ བོད་ཀྱི་གཞི་བདག་ཐམས་ཅད་དང༔ འགོ་བའི་ལྷ་ལྔ་མཆོད་ཕྱིར་འབུལ༔ ས་ཕྱོགས་འདི་ཡི་གཞི་བདག་རྣམས༔ ཁྱོད་ཀྱིས་མཐུ་རྩལ་དབྱུང་དགོས་སོ༔ ནུས་མཐུ་ལྡན་པའི་གཞི་བདག་རྣམས༔ རྣལ་འབྱོར་བདག་གི་གྲོགས་མཛོད་ལ༔ ས་ཕྱོགས་འདི་ཡི་ནད་རིམས་ཟློགས༔ དམག་དཔུང་དགྲ་བགེགས་ཐམས་ཅད་ཟློགས༔ ལྟས་ངན་པྲ་ངན་ཐམས་ཅད་ཟློགས༔ བདུད་དང་དམ་སྲི་འགོང་པོ་ཟློགས༔ ནུས་མཐུ་ཆུང་བའི་ལྷ་འདྲེ་རྣམས༔ རང་རང་བསམ་པ་བཟང་པོ་ཡིས༔ ཁྱོད་རང་གནས་པའི་ས་ཕྱོགས་སྲུངས༔ ང་ཡི་བཀའ་ལ་མི་ཉན་པར༔ ལོག་པར་འཁུ་བའི་ལྷ་འདྲེ་རྣམས༔ རྡོ་རྗེ་ཁྲག་འཐུང་ཁྲོས་པ་ཡིས༔ སྡང་མིག་གཟིགས་པས་བརླག་པར་འགྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ བཛྲ་ཀྲོ་ཏ་ཧཱུྃ༔ ཡ་མ་ཡ༔ མ་མ་རུ་ལུ༔ མ་ཧཱ་དེ་ཝ་ཨ༔ རུ་ཏྲ་དྷ༔ མུན་མུ་ཐུན༔ ཤུ་ལ་ཛ༔ རཱ་ཙ་ཙ༔ ཡཀྴ་ཀྵ༔ གྷྲི་བ་ཛ༔ རཀྵ་ར༔ བཛྲ་སཱ་དྷུ་ཏྲི༔ ཧཾ་ཤཾ་ཏྲི༔ ས་ནཱ་ག་ཕུ༔ ས་མ་ཡཱ༔ ཨ་མྲྀཏ་ན་ར་ཀན༔ ༈ བཞི་པ་རིམས་ནད་བསྲུང་བ་ནི༔ དར་རམ་རས་སམ་ཤོག་བུ་ལ༔ འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས༔ མཐའ་ལ་མེ་རི་འབར་བ་བྲི༔ ལྟེ་བར་རྒྱལ་ཁམས་ཡུལ་ཁམས་དང༔ གང་སྲུང་ཡུལ་དང་མིང་རུས་བྲི༔ མཐའ་ལ་སྔགས་ཀྱིས་བསྐོར་བར་བྱ༔ དབུས་སུ་ྈ་ཡི་ཡི་གེ་བྲི༔ མུ་ཁྱུད་དང་པོར་ཧཱུྃ་བཅུ་བྲི༔ རྩིབས་བཞིར་རམ་གྱིས་མཚན་པ་ལ༔ མུ་ཁྱུད་ཕྱི་མར་རཾ་བཅུ་བྲི༔ ལྟེ་བར་གླ་རྩི་གུ་གུལ་དང༔ གུར་གུམ་སྨན་གྱིས་བྱུག་པར་བྱ༔ རྩིབས་དང་མུ་ཁྱུད་མེ་རི་རྣམས༔ ཤུ་དག་བོང་ང་སྤྲུ་ནག་པོ༔ ཕག་ཁྲག་ར་ཁྲག་མུ་ཟིས་བྱུག༔ འཁོར་ལོ་གང་གི་ལུས་ལ་བཅང༔ སྲོད་དང་ཐོ་རངས་ཉིན་གུང་ལ༔ དྲག་སྔགས་མིང་སྤེལ་བཅུག་པ་བཟླ༔ ཏིང་འཛིན་བདག་དང་བསྲུང་བྱ་རྣམས༔ གསེར་གྱི་རྡོ་རྗེའི་ལྟེ་བར་གནས༔ ཕྱི་རིམ་རྡོ་རྗེའི་རྭ་བས་གཏམས༔ དེ་ཡི་ཕྱི་རིམ་འཁོར་ལོ་འཁོར༔ སྔགས་དང་རྩིབས་ལ་མེ་འབར་བས༔ མགར་གྱི་སོལ་མེ་འབར་བ་ལྟར༔ ནད་རིམས་བགེགས་ཀྱིས་ཚུགས་པ་མེད༔ སྲུང་བ་འདི་ཡིས་ནད་དང་རིམས༔ འབྱུང་པོ་བགེགས་རྣམས་མ་ཐུབ་ན༔ པདྨ་ང་ཡིས་ཕྱི་རབས་བསླུས༔ འདི་ཡིས་འཆི་ལྟས་ཚང་བ་ཡང༔ སྔགས་ཟློས་དམིགས་པ་གསལ་བས་བཟློག༔ གཞུང་བཞིན་བརྩོན་པས་ཐེ་ཚོམ་མེད༔ བོད་ཁམས་ཡོངས་དང་ཡུལ་ཁམས་ཀུན༔ བསྲུང་ན་འཁོར་ལོ་གསུམ་བྲིས་ཏེ༔ གཅིག་ནི་རི་བོའི་རྩེ་ལ་གཟུག༔ གཅིག་ནི་མཁར་གྱི་རྩེ་ལ་གཟུག༔ གཅིག་ནི་རྣལ་འབྱོར་ལུས་ལ་བཅང༔ དུས་གསུམ་དམིགས་པ་གསལ་བཏབ་ལ༔ སྔགས་བཟླས་དཀར་ཆོས་གསུང་རབ་བསྒྲག༔ དེ་ཡིས་ནད་རིམས་ངེས་པར་ཐུབ༔ ༈ ྈྈྈྈྈྈྈྈྈྈྈྈྈྈ ལྔ་པ་ནད་རིམས་ཟློག་པའི་མན་ངག་ནི༔ བསྲུང་བྱ་ཁོངས་སུ་གྱུར་པ་རྣམས༔ བསམ་པ་བློ་རྩེ་གཅིག་ཏུ་དྲིལ༔ གཙུག་ཏོར་དཀར་ནག་མ་མོ་ཡི༔ དལ་མདོས་རིམས་ཀྱི་ཟློག་མདོས་ཐོངས༔ གཞན་ཡང་ཟློག་པའི་ཆོ་ག་རྣམས༔ སེམས་བསྐྱེད་བསམ་པ་བཟང་པོས་གཏང༔ ཁྱད་པར་བརྟན་མའི་ཟློག་མདོས་ཐོངས༔ ཟངས་ལྕགས་ལ་སོགས་རིན་ཆེན་སྣོད༔ མི་མོ་ཁྲག་གི་རལ་པ་ཅན༔ ཟློག་པའི་ཕྱག་རྒྱ་བཅས་པ་གཅིག༔ སྣོད་ཀྱི་དབུས་སུ་གཞག་པར་བྱ༔ མཐའ་མར་ངར་མི་བརྒྱ་རྩས་བསྐོར༔ བཤོས་བུ་གྲུ་གསུམ་ནག་པོ་བརྒྱ༔ ཆངས་བུ་བརྒྱ་དང་མཐེབ་ཀྱུ་བརྒྱ༔ མི་མོ་རལ་ཅན་བཞི་ཡིས་ཀྱང༔ ནད་ཀྱི་རྐྱལ་པ་བཞི་ཐོགས་ནས༔ དམིགས་པའི་ཕྱོགས་སུ་ཁ་བསྟན་བཞག༔ སྒྱེ་འུ་སྔོ་དམར་གཅིག་གི་ནང༔ ཤ་སྣ་ཁྲག་སྣ་ལོ་སྦང་དང༔ མི་ཁའི་རྫས་དང་གླུད་རྫས་བསྐུར༔ རྣལ་འབྱོར་སེམས་བསྐྱེད་ཏིང་འཛིན་ནི༔ ཡི་དམ་ལྷ་ཡི་ང་རྒྱལ་གྱིས༔ སྣང་སྲིད་སྣོད་བཅུད་ཐམས་ཅད་ཀྱི༔ མ་དག་གནོད་པའི་རྐྱེན་རྣམས་ཀུན༔ སྐྱོན་མེད་དག་པར་བྱ་བའི་ཕྱིར༔ གསེར་སྐྱེམས་གཏོར་མ་བདུད་རྩིར་བསམ༔ མི་མོ་ནད་བདག་དངོས་ཡིན་ཏེ༔ ངར་མི་ཁྲོ་བོའི་ཕོ་ཉར་བསམ༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ༔ ཡུངས་དཀར་གུ་གུལ་ནག་པོའི་ཐུན༔ རྩེ་གཅིག་དམིགས་པའི་དྲག་སྔགས་འདི༔ སུམ་བརྒྱ་བཟླས་ལ་ཐུན་གྱིས་བྲབ༔ རིག་པ་ངར་དང་ལྡན་པའི་ཚེ༔ གཟའ་སྐར་ཐེབས་རྩིས་དཀར་ཕྱོགས་སུ༔ དྲག་པོའི་ཆས་དང་རོལ་མོ་ཐོགས༔ རྒྱུ་བའི་རླུང་དང་བསྡོངས་ཏེ་བསྐྱལ༔ དམོད་གཟུག་རྡོ་རྗེའི་གུར་དུ་གཏམས༔ སྲུང་བྱ་ཁྲོ་བོའི་གུར་དུ་བསམ༔ ནད་རིམས་ཟློག་པར་ཐེ་ཚོམ་མེད༔ གཞན་ཡང་ཟླ་བ་གང་ཤར་གྱི༔ མར་ངོ་གཟའ་སྐར་ཐེབས་བརྩིས་ནས༔ བུད་མེད་ནག་མོ་རལ་ཅན་གཅིག༔ ཚིགས་མ་དག་ལ་ལེགས་པར་བཟོ༔ གླུད་རྫས་སྣ་ཚོགས་མང་པོས་བསྐོར༔ བུད་མེད་ནག་མོ་བཞི་ཡིས་བཏེག༔ བྱིན་བརླབས་ནུས་པས་དཀར་ཕྱོགས་བསྐྱལ༔ ཡུལ་ཕྱོགས་དེ་ཡི་ནད་རིམས་ཟློག༔ ༈ ྈྈྈྈྈྈྈྈྈྈྈྈ དྲུག་པ་ནད་རིམས་གསད་པ་ནི༔ གྲོ་གའམ་ཤོག་བུ་གཙང་མ་ལ༔ རིམས་ནད་བདག་མོའི་གཟུགས་བྲི་སྟེ༔ བུད་མེད་ནག་མོ་སྐྲ་སྙིལ་མ༔ གཡས་པ་ཁྲམ་ཤིང་གཡོན་ནད་རྐྱལ༔ གཟུགས་དང་ལག་ཆའི་ཐ་མ་རྣམས༔ སྔོན་དམར་ཁྱི་རའི་ཚོན་གྱིས་དཀྲི༔ སྙིང་ག་དཔྲལ་བ་ལྟེ་བ་དང༔ ཡན་ལག་བཞི་ལ་སྔགས་འདི་བྲི༔ མ་ཏྲི་སུ་ཏྲི་ན་ཏྲི་ཤན་ཏྲི་ཛཿཛཿཛ༔ བདག་ཉིད་ལྷ་ཡི་ང་རྒྱལ་གྱིས༔ སྣང་སྲིད་ཁྲོ་བོའི་གཞལ་ཡས་ཁང༔ ནད་རིམས་དར་བའི་ས་ཕྱོགས་སུ༔ གྲུ་གསུམ་ནག་པོའི་གཞལ་ཡས་ཁང༔ གཏིང་ཟབ་མེ་ཡི་ཚྭ་ཚྭ་འཕྲོ༔ འཆི་ངེས་ཤེས་པའི་ནད་པ་ལ༔ ནད་བདག་ཕོ་མོའི་རྣམ་ཤེས་བསྟིམ༔ རེས་འགའ་ལིང་ག་དག་ལ་བསྟིམ༔ ནད་པ་དངོས་དང་ལིང་ག་ལ༔ ལྕགས་ཕྱེ་ཟངས་ཕྱེ་བཙན་དུག་གི༔ ཐུན་ལ་གསད་སྔགས་བཟླས་ལ་བརྡེག༔ དམིགས་པ་ནད་བདག་དངོས་པོ་དེ༔ སྔོན་དམར་སྤྲིན་དུ་འཁྱིལ་བའི་གཟུགས༔ ཡུལ་ཕྱོགས་ལྕགས་ཁང་གྲུ་བཞི་ལ༔ ཐུན་ནི་མགར་གྱི་ཚྭ་ཚྭ་འཕྲོ༔ ནད་ཀྱི་དངོས་པོ་ཆམ་གྱིས་བསྲེགས༔ ཉིན་མཚན་གཉིས་ཀྱི་ཕྱེད་སྐབས་ལ༔ དྲག་པོ་དཔའ་ངར་ལྡན་པ་ཡིས༔ ཐུན་སྔགས་དྲག་པོ་ཆར་ལྟར་ཕབ༔ ཞག་བདུན་སོང་ནས་དམིགས་པའི་རྟེན༔ ཧོམ་ཁུང་ནག་པོའི་ནང་དུ་གཞུག༔ ཤན་པའི་ལག་ནས་བླངས་པའི་མེས༔ ཚེར་ཤིང་དུག་ཤིང་སྦར་ལ་སྲེགས༔ མེ་དང་ཐུན་རྫས་བསྡེབས་ལ་སྲེགས༔ ཐལ་བ་དྲག་པོའི་རླུང་ལ་འཕྱར༔ དེ་ཡིས་ནད་བདག་སྟོབས་བསད་ནས༔ ནད་ཀྱི་ཟུག་རྔུ་ཞི་བར་བྱེད༔ ༈ ྈྈྈྈྈྈྈྈྈྈྈ བདུན་པ་དམིགས་པའི་རྒྱས་གདབ་ནི༔ རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི༔ ནད་དང་དུཿཁ་རྐྱེན་རྣམས་ཀུན༔ ངེས་པར་གཏན་ལ་དབབ་པའི་ཚེ༔ རྒྱུ་རྐྱེན་སྙིང་པོ་མ་གྲུབ་པས༔ སྡུག་བསྔལ་བྱ་བྱེད་འཛིན་པ་དོར༔ ཐམས་ཅད་དག་པའི་ཞིང་ཡིན་པས༔ མཉམ་པ་ཉིད་དུ་ཐག་བཅད་ནས༔ བཅོས་མེད་ངང་ལ་དར་གཅིག་བཞག༔ དེ་ཡིས་རྒྱལ་ཁམས་བདེ་སྐྱིད་ལྡན༔ བྱང་ཆུབ་སེམས་ལྡན་སྐྱེས་བུ་ཡིས༔ འགྲོ་དོན་ཕྱོགས་རིས་མེད་པར་མཛོད༔ ༈ ྈྈྈྈྈྈྈ པདྨ་འབྱུང་གནས་བདག་གིས་ཀྱང༔ དུར་ཁྲོད་ཕུང་ལུང་ནག་པོ་རུ༔ ནད་བདག་ཕུང་བྱེད་ཚོགས་པའི་སྲོག༔ དྲག་པོ་སྔགས་ཀྱི་ང་རྒྱལ་གྱིས༔ རང་དབང་མེད་པར་ཕྲོགས་ནས་ཀྱང༔ སྙིགས་མའི་སེམས་ཅན་དོན་ཕྱིར་བཞག༔ བདེ་བར་གཤེགས་པ་ཀུན་འདུས་པ༔ དཔའ་བོའི་ལྷ་བསྒོམ་དོན་འགྲུབ་པ༔ མ་ཧཱ་གུ་རུ་དྲག་པོ་རྩལ༔ སྙིགས་དུས་ང་ཡི་གསང་མཚན་བསྒྲུབ༔ སྔགས་གཅིག་ནད་བདག་ཀུན་གྱི་སྲོག༔ གང་བྱེད་སྔགས་ཀྱི་སྤུ་གྲི་བཏགས༔ དང་པོ་མ་བཅོས་རྩ་བའི་སྔགས༔ ཨཱོྃ་ཚི་རྟུལ་རྟུལ་རྨུག་ཤི་ཤི་ཧྲཱིཿཏྲཾ་ཙཀྲི་སད་རྦད་ཧ་ལ་བྷ་ཡེ་སརྦ་མཱ་ར་ཡ་རྦད༔ འདི་ནི་རྩ་བའི་སྔགས་ཡིན་ཏེ༔ དྲོ་གོང་ཉི་ཤུ་རྩ་གཅིག་སྟེ༔ རྒྱུན་དུ་བཟླས་ན་ཡོན་ཏན་ཆེ༔ མཐིང་ཤོག་དག་ལ་གསེར་གྱིས་བྲིས༔ མཁར་རམ་རི་བོའི་རྩེ་ལ་གཟུག༔ དེ་ཡིས་ཡུལ་ཕྱོགས་ཤིས་པར་འགྱུར༔ ནད་རིམས་འཇིགས་པ་བསྲུང་བ་ན༔ རྒྱ་ཤོག་དག་ལ་སྔགས་འདི་བྲི༔ ཨཱོྃ་ཨཱཿཧཱུྃ༔ དེ་རྗེས་རྩ་བའི་སྔགས་གཞུང་བྲི༔ མཇུག་ཏུ་སྲུང་ཡིག་འབྲུ་བཞི་གདགས༔ བྷྲཱུྃ་ཧཱུྃ་བྷྲཱུྃ་ཧཱུྃ༔ གླ་བ་ཤུ་དག་སྨན་ཆེན་དང༔ མུ་ཟི་སྤྲུ་ནག་གུར་གུམ་དང༔ རྩ་མནན་མདུང་བསྐོར་བཞིན་དུ་བྲི༔ རང་སྔགས་རྟེན་འབྲེལ་སྙིང་པོ་བརྒྱ༔ རླུང་རིག་དར་དུས་བཟླས་ལ་གདབ༔ མི་ལག་མི་བརྒྱུད་མགུལ་དུ་གདགས༔ འདི་ཡིས་ནད་རིམས་ངེས་པར་ཐུབ༔ གཉིས་པ་ནད་རིམས་ཟློག་པ་ནི༔ ལྕགས་ཕྱེ་ཟངས་ཕྱེ་བཙན་དུག་ལ༔ སྔགས་བཏབ་གཟའ་སྐར་ཐེབས་རྩིས་ལ༔ འོང་ཕྱོགས་དག་ནས་ཕྱི་ལ་ཟློག༔ ཟློག་པའི་སྔགས་རྒོད་རྣམ་པ་གཉིས༔ མགོ་མཇུག་ཡི་གེ་གོང་འོག་བརྗེ༔ དཀྱུས་ནི་རང་སོར་བཟླས་ལ་བརྡེག༔ ཞི་བའི་ཚུལ་གྱིས་ཟློག་པ་འོ༔ གལ་ཏེ་དེས་ཀྱང་མ་ཟློག་ན༔ དྲག་པོའི་ངར་ལྡན་འདི་བཟླས་སོ༔ ནད་ཀྱི་བདག་མོ་རྦད་མཱ་ར་ཡ་སརྦ༔ ཡེ་བྷ་ལ་ཧ་རྦད་སད༔ ཏྲཾ་ཙཀྲི་རིམས་གྱི་བདག་མོ་ཧྲཱིཿཤི་ཤི༔ རྨུག་རྟུལ་རྟུལ༔ ཚི་ཨཱོྃ་མཱ་ར་ཡ་ཟློག་ཟློག༔ དེ་ཡིས་ནད་རིམས་གྲོང་ཁྱེར་ཀུན༔ ཧུར་ཐུམས་ཟློག་པར་ཐེ་ཚོམ་མེད༔ གསུམ་པ་ནད་རིམས་གསད་པ་ནི༔ དཔའ་ངར་ལྡན་པའི་ཏིང་འཛིན་གྱིས༔ གསད་སྔགས་འདི་ཉིད་བཟླས་པར་བྱ༔ ནད་སརྦ་རྨུག་ཤི་ཤི་ཧྲཱི༔ ཨཱོྃ་ཚི་རྟུལ་རྟུལ༔ རིམས་ཏྲཾ་ཙཀྲི་སད་རྦད༔ ནད་རིམས་ཧ་ལ་བྷ་ཡེ་སརྦ་མཱ་ར་ཡ་རྦད༔ ནད་རིམས་ཐམས་ཅད་ངེས་པར་བརླག༔ ཡུལ་ཁམས་བདེ་ཞིང་བཀྲ་ཤིས་འགྱུར༔ ནད་བདག་སྟོབས་འཇོམས་མན་ངག་འདི༔ བསེ་སྒྲོམ་སྨུག་པོའི་ནང་དུ་སྦེད༔ མ་འོངས་དུས་ཀྱི་ཐ་མ་ལ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ྈྈྈྈྈྈ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བྲག་རི་དུག་སྤྲུལ་སྤུངས་འདྲའི་རྐེད་ནས། རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ། །ཤོག་སེར་ཡང་ཚ་ལས་བཤུས་སོ། །ཨཱོྃ་ཨཱཿཧཱུྃ༔ ཨཱོྃ་ཚི་རྟུལ་རྟུལ༔ རྨུག་ཤི་ཤི་ཧྲཱི༔ ཏྲཾ་ཙཀྲི་སད་རྦད༔ ཧ་ལ་བྷ་ཡེ༔ སརྦ་མཱ་ར་ཡ་རྦད༔ བྷྲཱུྃ་ཧཱུྃ་བྷྲཱུྃ་ཧཱུྃ༔ འདི་འཆང་བ་ལ་ནད་རིམས་ཐམས་ཅད་སྲུངས་ཤིག་སྲུངས་ཤིག༔ རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ མངྒ་ལཾ།། ༄༅༔ ནད་བདག་སྟོབས་འཇོམས་ཀྱི་ལོ་རྒྱུས་བཞུགས་སོ༔ དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས༔ རབ་གནས་དང་མངའ་གསོལ་ཚར་བའི་དུས་སུ༔ རྒྱལ་པོའི་བླ་དབེན་བསམ་ཡས་མཆིམས་ཕུར༔ སློབ་དཔོན་པདྨ་འབྱུང་གནས་ཐུགས་དམ་གྱི་ཏིང་ངེ་འཛིན་ལ་གཤེགས༔ མངའ་བདག་བཙན་པོ་བསམ་ཡས་ཀྱི་གཙུག་ལག་ཁང་ན་བཞུགས༔ ལས་དང་བྱ་བའི་བསྐོས་བྱེད་པའི༔ ཕྱི་ནང་གི་བློན་པོ་རྣམས་བོད་ཀྱི་སོ་ཚིས་ཀྱི་བྱ་བ་སོ་སོར་རང་སར་བསྐོས༔ ཐུགས་ཀྱི་རྣམ་གཡེང་ཆུང་བར་མཛད་དེ༔ རྒྱལ་པོས་དགེ་བ་བཅུའི་ཁྲིམས་མཛད་ཅིང་བཞུགས་སོ༔ དེ་ནས་དུས་རེ་ཞིག་ནས༔ རྒྱལ་པོ་མནལ་དུ་སོང་བའི་མནལ་ལམ་དུ༔ ནམ་མཁའི་མཐོངས་ནས་མར་སྲིན་མོའི་ཆ་བྱད་ཅན་མདོག་ནག་མོ་མཆེ་བ་གཙིགས་པ་ལག་ན་མཚོན་ཆ་སྣ་ཚོགས་ཐོགས་པ༔ འཁོར་མང་པོ་དང་བཅས་པ་བསམ་ཡས་ཀྱི་སྒོ་མདུན་དུ་བྱུང་སྟེ༔ ཀྱེ་ཧོ་རྒྱལ་པོ་ཆེན་པོ་གསོན་ཅིག༔ རྒྱལ་པོས་གཙུག་ལག་ཁང་བཞེངས༔ རབ་གནས་དང་མངའ་གསོལ་ཚར༔ དགེ་བ་བཅུའི་ཁྲིམས་བཅས་ནས༔ ངེད་སྲིད་པའི་ལྷ་འདྲེ་ལ༔ བོད་ཀྱི་ཡུལ་དུ་ཟས་སྐལ་ཅི་ཡང་མེད་པས༔ གདུག་པ་ཅན་གྱི་ལྷ་སྲིན་ཐམས་ཅད་མ་སྲིད་པའི་རྒྱལ་མོའི་སྤྱན་ལམ་དུ་ཀུན་འཚོགས་ཏེ༔ ཀུ་ཅོ་དང་ཆོ་ངེས་ཆེན་པོས་གདུངས་ནས༔ མ་སྲིད་པ་ཡོངས་ཀྱི་བདག་མོ༔ བོད་ཀྱི་རྒྱལ་པོ་ལ་ཆད་པ་ཕོབ་ཅིག༔ སྲིད་པའི་ལྷ་སྲིན་ཐམས་ཅད་ཀྱི་འགྲིམ་སའི་ལམ་བཅད༔ ཟ་བའི་ཟས་སྐལ་བཅད༔ ད་ཕྱིན་ཆད་ཀྱང་ལྷ་སྲིན་ཡོངས་ཀྱི་ཁ་འགེགས་པར་འདུག་པས༔ བོད་ཀྱི་རྒྱལ་པོ་ལ་སྲོག་གི་བར་ཆད་ཐོངས་ཤིག༔ ཅེས་ཞུས་པས༔ མ་སྲིད་པའི་རྒྱལ་མོའི་ཞལ་ནས༔ བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཡིན་པས༔ དགེ་བ་སྤྱོད་ཅིང་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ལ༔ ལྷ་སྲིན་གྱིས་གནོད་པ་བྱ་བར་མི་རིགས༔ ད་ལྟ་དཔལ་ཆེན་པོའི་སྤྲུལ་པ་བོད་ན་བཞུགས་པས༔ སླར་གཟིར་དུ་ཡོང༔ ངའི་ཕོ་ཉ་མོ་གཏང་ལ༔ ཟས་ཀྱི་སྐལ་པ་བྱིན་བྱ་ཡིས༔ སྔོན་གྱི་དམ་ལས་མ་འདའ་ཞིག༔ ཅེས་གསུངས་ཏེ་བདག་བཏང་བ་ལགས་སོ༔ ཟས་སྐལ་གཅིག་གནང་བར་གསོལ་ཅིག༔ ཅེས་ཟེར་རོ༔ དེར་མངའ་བདག་བཙན་པོས་འདི་སྐད་གསུངས་སོ༔ ང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་དགེ་བའི་བསམ་པ་རྒྱ་ཆེན་པོས༔ བསོད་ནམས་ཀྱི་ཚོགས་ཆེན་པོ་བསགས་པ་ཁྱོད་ཀྱི་ཐོས་སམ༔ དགེ་བ་ཐམས་ཅད་མཉམ་པ་ཉིད་དུ་བྱས་ཏེ་བསྔོས་པས༔ ཁྱེད་ཀྱིས་བྱང་ཆུབ་ཐོབ་པའི་རྒྱུར་མི་འགྲོའམ་གསུངས་པས༔ སྲིན་མོའི་ཆ་བྱད་ཅན་དེ་ན་རེ༔ འདི་སྐད་ཞུའོ༔ རྒྱལ་པོ་ཆེན་པོ་ལགས༔ དཀར་པོའི་ཕྱོགས་ལ་དགའ་བའི་སེམས་ཅན་ཐམས་ཅད༔ དགེ་བ་ལ་དགའ་ཞིང་དེ་ལྟར་ལ་ཡིད་ཚིམ་སྟེ༔ ནག་པོའི་ཕྱོགས་ཀྱི་ལྷ་སྲིན་གདུག་པ་ཅན་ལྷ་མ་ཡིན་གྱི་གདོན་དང༔ གཤིན་རྗེ་དང༔ སྲིན་པོའི་རིགས་དང༔ བདུད་དང་བདུད་ཀྱི་འཁོར་ཐམས་ཅད་རྒྱལ་པོའི་གཙུག་ལག་ཁང་རྨང་བཏིང༔ དགེ་བ་བཅུའི་ཆོས་ཁྲིམས་བཙུགས་པ་དང༔ སྲིད་པའི་རི་བརྡིབས་པ་ཙམ་གྱི་མྱ་ངན་གྱིས་ནོན་ཏེ༔ ངེད་ཤ་ཟ་དང་སྲིད་པའི་ལྷ་སྲིན་གྱི་ཟས་སྐལ་ཆད༔ སེམས་ཅན་གྱི་སྲོག་ལ་འབག་ཏུ་མེད་པས༔ རི་རབ་ཆེན་པོའི་ཕྱི་ལོགས་སུ་མྱ་ངན་གྱི་ཐང་ལ་འཚོགས་ཤིག༔ ཟེར་ཏེ་ཆོ་ངེས་ཆེན་པོ་འདེབས་ཀྱིན་འདུག་པས༔ དེ་རྣམས་ཀྱི་དོན་དུ་རྒྱལ་པོའི་སྲོག་གི་སྦྱིན་པ་ཐོངས་ཤིག་ཟེར་རོ༔ མངའ་བདག་བཙན་པོས་གསུངས་པ༔ ང་དགེ་བ་བཅུ་སྤྱོད་པ་ལ༔ སྲོག་གི་སྦྱིན་པ་གཏང་བའི་ཐབས་མེད༔ བོད་ཡུལ་ཁ་བ་ཅན་གྱི་གླིང་འདི་མ་གཏོགས༔ འཇིག་རྟེན་གྱི་ཁམས་ཆོས་མེད་པའི་གླིང་ན༔ སྲོག་ཆགས་ཐམས་ཅད་གཅིག་ལ་གཅིག་ཟ་བ༔ དུད་འགྲོ་ལྟ་བུའི་རིགས་ཡོད་པས༔ དེ་ལྟ་བུ་ལ་བར་ཆད་སྲོག་གི་ཟ་རེས་བྱས་པས་མི་ཆོག་པ་རུ༔ ངའི་སེམས་བསྐྱེད་འདི་ལ་བར་ཆད་བྱེད་པ་ཅིའི་རྒྱུ་ཡིན་གསུངས་པས༔ གནོད་སྦྱིན་མོ་ན་རེ༔ རྒྱལ་པོ་ཆེན་པོ༔ འཇིག་རྟེན་གྱི་ཁམས་ཐམས་ཅད་གཟུགས་ཅན་དང་གཟུགས་མེད་ཀྱིས་ཁེངས་ཡོད་པས༔ སྲོག་ཆགས་གདོས་པ་ཅན་གྱི་གཟུགས་བས༔ ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་མང༔ གླིང་དང་གླིང་བར་གཞན་ལ་ཟས་འཚོལ་བ་རྣམས༔ སྡུག་བསྔལ་གྱིས་ནོན་པ་མེད་དེ༔ བོད་ལ་ཟས་འཚོལ་བ་རྣམས་བཀྲེས་ཤིང་ཕོངས་པས་ཉམ་ཐག་པའོ༔ འཇིག་རྟེན་གྱི་ལས་ཐམས་ཅད་མི་རྟག་པ་ཡིན་པས༔ བསམ་ཡས་ཀྱི་གཙུག་ལག་ཁང་འདི་མ་གོགས་ཀྱི་བར་དུ་ལྷ་སྲིན་གདུག་པ་ཅན་གྱི་ཟ་ཁ་བོད་ལ་མི་འཛུགས་ཏེ༔ དུས་ཀྱི་ཐ་མ་ལ་བོད་ལ་སྲིད་པའི་ལྷ་སྲིན་གྱི་ཟ་ཁ་ཟུག་སྟེ༔ མི་དགེ་བ་སྣ་ཚོགས་འབྱུང་བས༔ དུས་ད་ལྟ་ཡང་བགེགས་ཀྱི་གཏོར་མ་དམར་གྱིས་བརྒྱན་པའི་གཏོར་མ་ཐོངས་ཤིག༔ ཟེར་ཏེ་བར་སྣང་ལ་ཡུད་སོང་ངོ༔ དེ་ནས་རྒྱལ་པོ་མནལ་སད་ནས༔ ཐུགས་ཅུང་ཞིག་མ་བདེ་བས༔ མཆིམས་ཕུའི་ཡང་དབེན་དུ་བྱོན་ཏེ༔ སློབ་དཔོན་པདྨ་འབྱུང་གནས་ལ་གུས་པས་ཕྱག་བཙལ་ནས༔ མནལ་ལམ་གྱི་དོན་ཞིབ་ཏུ་ཞུས་པས༔ མ་ཧཱ་གུ་རུས་བཀའ་བསྩལ་པ༔ མངའ་བདག་རྒྱལ་པོ་གསོན་ཅིག༔ སྤྱིར་འཇིག་རྟེན་གྱི་ཁམས་ཐམས་ཅད་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ཡིན༔ དུད་འགྲོ་སྲོག་ཆགས་ཐམས་ཅད་ཀྱི་བདུད་མི་ཡིན༔ མིའི་བདུད་སྡེ་བརྒྱད་དྲེགས་པ་ཅན་ཡིན༔ སྡེ་བརྒྱད་དྲེགས་པ་ཅན་གྱི་བདུད་ལས་ཀྱི་འཆི་བདག་གསུམ་ཡིན༔ དེ་ཉིད་འཇོམས་པར་བྱེད་ནུས་པ་དཔལ་ཆེན་པོ་ཁྲག་འཐུང་ཧེ་རུ་ཀ་ཡིན༔ ཧེ་རུ་ཀ་དང་ངའི་དགོངས་པ་དབྱེར་མེད༔ ད་ལྟ་ལྷ་སྲིན་གྱིས་བོད་ཀྱི་ཡུལ་དུ་མི་ཚུགས་པ་ཡིན༔ མ་འོངས་པའི་དུས་ན་སྲིད་པའི་ལྷ་སྲིན་ཁ་ལངས་ནས་བཀྲ་མི་ཤིས་པ་སྣ་ཚོགས་འབྱུང༔ ཁྱད་པར་བོད་ཀྱི་ཡུལ་དུ་ནང་འཁྲུག་ཁྲག་ཁོལ་བ་ལྟ་བུ་འབྱུང༔ རིམས་ནད་ཆར་ལྟར་ཟག་པ་འབྱུང༔ གཉན་ནད་མེ་ལྟར་འབར་བ་འབྱུང༔ སྡེའི་འཁྲུག་པ་རི་རྡིབ་པ་ལྟར་འབྱུང༔ མཐའ་དམག་ཆུ་རྡོལ་བ་ལྟ་བུར་ལུག་གོ༔ དེ་རྣམས་ཀྱང་རྒྱུ་རང་གི་ལས་སྣང༔ རྐྱེན་གདོན་མ་རུངས་པས་བྱེད་པ་ཡིན་ནོ༔ ཞེས་གསུངས་སོ༔ དེའི་དུས་སུ་མངའ་བདག་གིས༔ གསེར་གྱི་མཎྜལ་དང༔ རིན་པོ་ཆེའི་རྒྱན་ནོར་བུ་ཕྲ་བཀོད་ཕུལ་ནས་ཞུས་པ༔ ཀྱཻ་སློབ་དཔོན་ཆེན་པོ་ལགས༔ དེ་ལྟ་བུའི་མི་དགེ་བ་སྣ་ཚོགས་འབྱུང་བ་དེ༔ དུས་ཇི་ཙམ་ནས་འབྱུང༔ ལས་ངན་པའི་རྒྱུ་གང་ལས་འབྱུང༔ ཕན་པའི་ཐབས་མཆིས་སམ་མ་མཆིས༔ ལེགས་པར་གསུང་དུ་གསོལ༔ ཞེས་ཞུས་སོ༔ བཀའ་བསྩལ་པ༔ ཀྱཻ་མངའ་བདག་གསོན་ཅིག༔ རྟགས་དེ་རྣམས་འབྱུང་བའི་དུས་ནི༔ ཚེ་ཚད་དྲུག་ཅུ་ཁ་རལ་ནས་ལྔ་བཅུ་ཁ་རལ་གྱི་བར་ལ་འབྱུང༔ ལྔ་བརྒྱ་ཐ་མའི་དུས་ན་དུས་ལ་བབས་པས་འབྱུང་ངོ༔ དེ་ཡང་བྱིན་གྱིས་བརླབས་པའི་གནས་བརྒྱད་ན༔ ས་ནོན་གཙུག་ལག་ཁང་རེ་རེ༔ བྱིན་གྱིས་བརླབས་པའི་མཆོད་རྟེན་རེ་རེ་ཡོད༔ དེ་རྣམས་ཀྱི་རབ་གནས་ཉམས་པའི་དུས་སུ་འབྱུང༔ དེ་ཡང་ཁྱད་པར་བོད་ཀྱི་ཡུལ་དུ་ར་སའི་གཙུག་ལག་ཁང་དང༔ བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དང༔ མཐའ་འདུལ་ཡང་འདུལ་ཁ་གནོན་རུ་གནོན་གྱི་གཙུག་ལག་ཁང་དང་མཆོད་རྟེན་ཞིག་རལ་དུ་སོང་ཞིང་ཉམས་པའི་ས་ཕྱོགས་ནས་མི་དགེ་བ་མགོ་ལྡང༔ དེའི་རྒྱུ་ནི་བོད་འདིར་བཙུན་པ་མང་སྟེ་ཉན་ཐོས་ཀྱི་འདུལ་ཁྲིམས་མི་སྲུང༔ སྔགས་པས་རྩ་བའི་དམ་ཚིག་མི་སྲུང༔ སྡེ་པ་ཇག་ཆོམ་གྱི་ཟས་ཟ༔ གཙོ་བོ་མནའ་ཟ༔ བུད་མེད་ཉལ་པོ་ལ་གཙོ་བོར་བྱེད༔ ཀུན་ཁྲིམས་མི་སྲུང་བར་རང་སར་ཉམས་པའི་དུས་ན༔ ལྷ་སྲིན་ཐམས་ཅད་དགྲར་ལངས་ཏེ༔ མི་མཐུན་པའི་རྐྱེན་སྣ་ཚོགས་འོང༔ དེ་ལ་ཕན་པའི་ཐབས་ཨོ་རྒྱན་པདྨ་ང་ཡིས་བྱིན་གྱིས་བརླབས་པའི་བརྒྱུད་འཛིན་པ་རེ་རེ་ཙམ་བྱུང་སྲིད་ན༔ བསྟན་པ་ཡུན་སྲིང་བར་ནུས༔ དགེ་འདུན་དབུ་སྡེ་རྣམ་པ་གཉིས༔ སྔོན་གྱི་ཆོས་ཁྲིམས་ཀྱི་བཀའ་སྲོལ་ཚུགས་ན་ཕན་པར་འགྱུར་ཏེ་བསྟན་པའི་མཐར་སོང་བས་བྱེད་མཁན་མི་ཡོང༔ རེ་རེ་གཉིས་གཉིས་བཀའ་བཞིན་བྱེད་པ་བྱུང་ཡང་ཆོས་ཉིད་བདེན་པའི་དོན་མ་རྟོགས་པས༔ འགྲོ་བ་ཡོངས་ཀྱི་དོན་བྱེད་པ་མི་འབྱུང་ངོ༔ ཞེས་གསུངས་སོ༔ ཡང་ཞུས་པ༔ ཀྱཻ་སློབ་དཔོན་ཆེན་པོ་ལགས༔ བོད་ལ་ནང་འཁྲུག་འབྱུང་བ་ཐབས་གང་གིས་ཟློག་པར་འགྱུར༔ ནད་རིམས་ཚང་ལྟར་བསགས་པ་བྱུང་བའི་དུས༔ སྲུང་ཟློག་ཇི་ལྟར་བགྱི༔ འཁྲུག་པ་ཆེན་པོ་ལངས་ན་ཐབས་གང་གིས་མནན༔ མཐའ་དམག་དབུས་སུ་བྱུང་ན་ཐབས་གང་གིས་ཟློག༔ ས་ནད་གཉན་ནད་བྱུང་ན་གསད་ཐབས་གང་ལྟར་བགྱི༔ དུས་ཐ་མའི་རྐྱེན་དྲག་པོ་རྣམས་སྲུང་ཞིང་ཟློག་པའི་ཐབས་ཁྱད་པར་ཅན༔ མ་འོངས་པའི་དོན་ལ་དགོངས་ནས་གནང་བར་ཞུ༔ ཞེས་ཞུས་སོ༔ མ་ཧཱ་གུ་རུས་བཀའ་བསྩལ་པ༔ མངའ་བདག་ཆེན་པོ་གསོན་ཅིག༔ བོད་ཁ་བ་ཅན་གྱི་ཡུལ་མཐའ་རྒྱས་པར་བྱ་བའི་ཐབས༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱི་སྐུ་གསུང་ཐུགས་ཀྱི་རྒྱལ་ཚབ་རིམ་པར་བཞག་ཡོད༔ སྐུ་ཡི་རྒྱལ་ཚབ་ཏུ་ལུང་སྟོན་པའི་གང་ཟག་མ་འོངས་པར་འབྱུང༔ གསུང་གི་རྒྱལ་ཚབ་ཏུ་རིན་པོ་ཆེའི་གཏེར་མཛོད་དུས་ལ་བབ་པ་དང་རིམ་པར་རྙེད་ཡོང༔ སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་བྱེད་ནུས༔ ཐུགས་ཀྱི་རྒྱལ་ཚབ་ཏུ་རྒྱལ་བའི་དགོངས་པ་གཏན་ལ་འབེབ་པའི་མན་ངག་བརྡོལ་བ་དང༔ ལུང་བསྟན་པའི་གང་ཟག་གིས་དོན་རྟོགས་ནས་རྒྱལ་བའི་ཚབ་བྱེད་པར་འགྱུར་རོ༔ ཁྱད་པར་དུ་ཚེ་ཚད་དྲུག་ཅུ་ཁ་རལ་མར་འདས་ནས༔ ལོ་སུམ་བརྒྱ་སོང་བ་དང༔ ངའི་གཏེར་མཛོད་སྔ་མའི་སྒོ་འབྱེད༔ ལུང་བསྟན་ཐོབ་པའི་གང་ཟག་ཉིས་བརྒྱ་རྩ་གཅིག་བོད་ཀྱི་གདུལ་བྱ་ལ་དུས་གཅིག་ཚོགས་པར་འགྱུར༔ བསྟན་པའི་ཉག་མཚམས་རེ་ལ་སངས་རྒྱས་ཀྱི་བསྟན་པ་རྒྱུན་སྲིང་ནུས་པའི་གཏེར་མཛོད་རེ་བརྡོལ་ཡོང༔ གཏེར་མཛོད་རེ་ཁ་བྱེ་བ་དང༔ ཨོ་རྒྱན་པདྨའི་བྱིན་རླབས་ཀྱིས་སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་དང༔ དུས་ཀྱི་འཁྲུག་པ་ཞི༔ མི་ནད་ཕྱུགས་ནད་རྒྱུན་ཆད་པ་དང༔ ལོ་ལེགས་ཤིང་བཀྲ་ཤིས་པར་འགྱུར་རོ༔ ལུང་བསྟན་པའི་གང་ཟག་རྣམས་ཀྱིས༔ ཆོས་དེ་རྣམས་ལ་བཅོས་བསླད་མེད་པར་སྒྲུབ་པ་བྱས་ན༔ ཇི་ལྟར་གསུངས་པ་བཞིན་འགྲོ་དོན་རྒྱ་ཆེན་པོ་འགྲུབ་པར་འགྱུར་རོ༔ ཐེ་ཚོམ་དང་རྙེད་ཚོལ་དུ་བྱེད་པ་རྣམས་ལུང་ལོག་སྟེ༔ བགེགས་དང་བར་ཆད་དུ་འགྱུར་བ་མང་དུ་འབྱུང་སྟེ༔ དེ་ཡང་གཏེར་མཛོད་རིམ་པར་བརྡོལ་བ་དང་དུས་ལ་བབས་ཏེ༔ དུས་ཀྱི་འཁྲུག་པ་ཞི་བར་བྱེད་པ་དང༔ མི་ནད་དང་ཕྱུགས་ནད་ཞི་བ་ལ་སོགས་པའི་མན་ངག་སྣ་ཚང་བར་བརྡོལ་ཡོང༔ དེ་ཡང་ང་སོང་མི་ལོ་བདུན་བརྒྱ་ཉི་ཤུ་ནས༔ གཡས་རུའི་སྟོད་ལ་གདུག་པ་ས་བདག་གཉན་གྱི་ཡུལ༔ བྱང་ཟང་ཟང་ལྷ་བྲག་གི་རྐེད་ནས༔ མཛོད་བཞི་འདུས་པའི་གཏེར་རྙེད་ཡོང་སྟེ༔ དེའི་ནང་ནས་བོད་ལ་དགོས་པའི་མན་ངག་ཁྱད་པར་ཅན་བདུན༔ གང་ལ་གང་དགོས་ཀྱི་སྒྲུབ་ཐབས་བཞི་བརྒྱ༔ གསང་བ་སྙིང་གི་མཛོད་ལ་གང་ལ་གང་དགོས་ཀྱི་མན་ངག་མང་པོ་ཡོད༔ སེམས་ཅན་གྱི་སྤྱོད་པ་དང་སྣོད་ཀྱི་ཁྱད་པར་རྟོགས་པས་རིམ་པར་འགྲོ་དོན་གྱིས་ཤིག༔ དེའི་དུས་སུ་སྙིགས་མའི་སེམས་ཅན་བློ་ངན་པས༔ དུས་གཅིག་ཏུ་བསྟན་ན་ཡིག་ནག་ལྷད་བཅུག་པས་ས་སྟེང་གང་སྟེ༔ མན་ངག་སྟོན་པའི་སློབ་དཔོན་དྲིན་དུ་མི་གཟོ་བར༔ ཆགས་སྡང་གིས་ཚུར་ལ་དམོད་པ་འབྱུང༔ དེས་དམ་ཚིག་ཉམས་པར་འགྱུར་ཏེ༔ སེམས་ཅན་གྱི་དོན་མི་ནུས་པས་སྤྱོད་ཤེས་པར་གྱིས་ཤིག༔ བོད་ཀྱི་ནང་འཁྲུག་ཞི་བར་བྱེད་པ་ལ༔ འཇིག་རྟེན་སྲིད་པའི་སྲོག་བརྟགས་པ༔ ལྷ་བཞི་གྱད་གྱི་དཔུང་བརྡེག་པ༔ མཐུན་བྱེད་སྔགས་ཀྱི་འཁོར་དང་གསུམ་དགོས༔ སྡེབས་བཞི་མན་ངག་གི་ནང་དུ་ལྟོས་ཤིག༔ རིམས་ནད་ཆར་ལྟར་བསགས་པའི་དུས་བྱུང་ན༔ ནད་ཀྱི་རིགས་ཤེས་པར་བྱ་སྟེ༔ ཡུལ་ཕྱོགས་གྲིབ་དང་མི་གཙང་བས་ཆོད་པས༔ ཡུལ་ལྷ་འཁྲུགས་པའི་རིམས་ནད༔ བོད་དུ་སྤྱོད་པ་ངན་པ་ལྷགས་པས༔ ཆོས་སྐྱོང་མཐུ་བོ་ཆེ་ཚོ་ཐུགས་ཁྲོས་པའི་ནད་རིམས་དང༔ མཐའི་འགོང་པོ་བོད་དུ་བྱུང་བ་དང༔ བོད་ཀྱི་གཞི་བདག་འཁྲུགས་ཏེ༔ དེའི་གདུག་རྩུབ་ལས་བྱུང་བའི་ནད་རིམས་དང༔ བོད་ཀྱི་ངན་སྤྱོད་ཀྱིས༔ བསྟན་པ་སྲུང་བའི་བཀའ་སྲུང་མཐུ་བོ་ཆེ་ཚོེ་ཐུགས་ཁྲོས་ཏེ༔ རི་རབ་ལ་ཞལ་གཟིགས་པས༔ རི་རབ་ཀྱི་ཁོང་གསེང་ན་ཡོད་པའི་གནོད་སྦྱིན་གདུག་པ་ཅན་བཀའ་སྲུང་མཐུ་བོ་ཆེའི་གཟི་བརྗིད་མ་བཟོད་པར་ཕྱིར་ཐོན་པའི་ཁས་རླངས་ལས་བྱུང་བའི་ནད་རིམས་དང༔ རྒྱ་མཚོའི་གཏིང་ནས་སྲིད་པའི་དལ་བདག་མོ་ལངས་ཏེ༔ རི་རབ་ལ་སྟེགས་བྱས་ནས༔ ཕྱོགས་བཞིར་ཐལ་མོ་བརྡབས་པ་ལས་བྱུང་བའི་ནད་རིམས་ལ་སོགས་ཏེ༔ ནད་ཀྱི་རིགས་སོ་སོར་ཤེས་པར་བྱ་སྟེ༔ སྲུང་བ་དང་ཟློག་པ་དང༔ གསོ་བའི་མན་ངག་རིམ་པར་ཤེས་པར་བྱས་ལ༔ ལྕགས་སྒྲོག་དྲུག་སྒྲིལ་གྱི་མན་ངག་ཏུ་ཤེས་པར་གྱིས་ཤིག༔ ས་ནད་གཉན་ནད་མེ་ལྟར་དུ་འབར་ན༔ གསོ་བ་དང་གསད་པའི་སྦྱོར་བ་བྱེད་ལུགས་སྔགས་ཀྱི་མཚོན་ཆར་ལྟོས་ཤིག༔ དུས་ཀྱི་འཁྲུག་པ་ལངས་ན༔ སྟོབས་ཆེན་གྱད་ཀྱི་མན་ངག་ཏུ་ལྟོས་ཤིག༔ དུག་སྦྲུལ་མགོ་བསྡེབས་སུ་ལྟོས་ཤིག༔ མཐའ་དམག་ཆུ་ལྟར་དུ་བརྡོལ་ན༔ སྟོབས་ཆེན་དཔུང་ཟློག་གི་མན་ངག་ཏུ་ལྟོས༔ སྒྲིབ་བྱེད་འཁོར་ལོའི་མན་ངག་ཏུ་ལྟོས་ཤིག༔ མན་ངག་འདི་རྣམས་རྡོ་རྗེ་སློབ་དཔོན་གྱི་བྱིན་རླབས་རྒྱུན་མ་ཆད་པ༔ ཡི་དམ་ལྷའི་བསྙེན་པ་ཚད་དུ་རྫོགས་པ༔ ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པ༔ ཨོ་རྒྱན་པདྨའི་ཐུགས་ཀྱི་བརྒྱུད་ཟིན་པས་བྱས་ན་རྩོལ་བ་མེད་པར་འགྲུབ་པར་འགྱུར་རོ༔ དམ་ལ་མི་གནས་པའི་གང་ཟག༔ དཔེ་འཁྱམས་ཤོག་འཁྱམས་ལ་བརྟེན་པའམ༔ སློབ་དཔོན་གསང་ནས་རང་ཆེ་བའི་ང་རྒྱལ་འདོན་པ་རྣམས་ཕྲིན་ལས་འདི་རྣམས་ནི་བྱས་པས་འགྲུབ་པར་མི་འགྱུར་རོ༔ དེ་ལྟ་བུ་ནི་དམ་ལོག་དམ་སྲི་མུ་སྟེགས་ཀྱི་རིགས་ཡིན་པའི་ཕྱིར་རོ༔ ཞེས་གསུངས་སོ༔ དེ་ནས་མངའ་བདག་གིས་ཚོགས་ཀྱི་འཁོར་ལོ་བཤམས་ནས་མན་ངག་རྣམས་རྫོགས་པར་ཞུས༔ གཏེར་ཁ་བཞི་རུ་སྦས་སོ༔ མན་ངག་འདི་ནི་མ་འོངས་པའི་དུས་ན་དགོས་པས༔ འདི་ནས་ཉི་མ་ནུབ་བྱང་གི་མཚམས༔ ས་བདག་གདུག་པ་གཉན་གྱི་ཡུལ༔ བྱང་ཟང་ཟང་གི་ལྷ་བྲག་གི་རྐེད་ལ་སྦོས་ཤིག༔ ཅེས་གསུངས་པས༔ མངའ་བདག་གིས་ལྷ་སྲས་ལ་བཀའི་རྒྱས་བཏབ་སྟེ༔ ལྷ་སྲས་བཙན་པོས་གུ་རུ་ཨོ་རྒྱན་གྱི་ཡུལ་དུ་གཤེགས་པའི་གཤེགས་སྐྱེལ་ལ་བྱོན་པའི་དུས་སུ༔ ཟང་ཟང་ལྷ་བྲག་ལ་སྦས་སོ༔ དེའི་དུས་སུ་སློབ་དཔོན་པདྨས་སྨོན་ལམ་གསུངས་པ༔ ལྔ་བརྒྱ་ཐ་མ་ཤར་བའི་དུས༔ གཏེར་འདི་ཤར་ལྷོ་ལུང་ཕྲན་ནས༔ སྦས་པའི་ཚུལ་འཆང་ཚུལ་མིན་ཆོས༔ ལུང་དང་མཐུན་པའི་གང་ཟག་གིས༔ ཟབ་མོའི་གཏེར་འདི་འདོན་པར་འགྱུར༔ གིང་ཆེན་རྡོ་རྗེ་ལེགས་པ་དང༔ མ་མོ་བརྟན་མ་བཅུ་གཉིས་ཀྱིས༔ གཏེར་འདི་ལས་ཅན་དེ་ལ་གཏོད༔ དེ་ཡིས་ཕྲིན་ལས་མཐར་ཕྱིན་ནས༔ བོད་ཀྱི་སྡུག་བསྔལ་སྐྱོབ་པར་ཤོག༔ ཅེས་གསུངས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བྱང་ཟང་ཟང་ལྷ་བྲག་གི་རྐེད་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ།། ༄༅༔ ནད་བདག་སྟོབས་འཇོམས་ཀྱི་མདོས་ཆོག་བཞུགས་སོ༔ ཧཱུྃ་བྷྱོ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ༔ དུས་མཐའི་སྨོན་ལམ་བོར་བའི་མཐུས༔ ད་ལྟ་དུས་ཀྱི་སྙིགས་མ་ལ༔ སེམས་ཅན་ལོག་པའི་ལས་བྱས་པས༔ དེ་ཚེ་ལྷ་སྲིན་ཐམས་ཅད་འཁྲུགས༔ སྲིད་པ་ལས་ཀྱི་ནད་བདག་མོ༔ བདུད་མོ་ཁྲག་གི་རལ་པ་ཅན༔ གཉན་མོ་ཁ་འབར་ཞེས་བྱ་བ༔ ནད་ཀྱི་བདག་མོ་ཆེན་མོ་ཞིག༔ རྒྱ་མཚོའི་སྟེང་ནས་སྐུ་བསྐྱོད་དེ༔ རི་རབ་ཟོམ་ལ་རྟེན་བཅས་ནས༔ ཐལ་མོ་བར་སྣང་ཁམས་སུ་རྡེབ༔ ང་རོ་ནམ་མཁའི་མཐོངས་སུ་འབོད༔ ནམ་མཁའ་ནད་ཀྱི་རླངས་པས་སྒྲིབ༔ ས་ནད་མེ་ལྟར་འབར་བ་དང༔ གཉན་ནད་ནག་པོ་རྒྱུག་འགྱེལ་དང༔ རྩ་ནད་ཧ་ལ་ཅོག་འགྱེལ་དང༔ བདུད་ནད་འཐོམ་པོ་མགོ་ཡོར་དང༔ རྒྱལ་ནད་སྨྱོ་འདྲེ་ཧེ་འཛུམ་དང༔ བལ་ནད་ནག་པོ་སུམ་སྒྲིལ་དང༔ འདྲེ་ནད་འཛུམ་བུ་ལྟག་སྒྱེད་དང༔ འབྲུམ་ནད་ཧ་ལ་གཉན་གབ་དང༔ སྐྱ་འབྲུམ་ཆུ་བུར་ལུག་མིག་དང༔ མཛེ་དང་ཤུ་བ་ཕོལ་དང་འབྲས༔ དམུ་ཆུ་སྐྱ་རྦབ་མཇིང་འཆུས་དང༔ རྩ་རྒྱུག་མིག་སེར་ཤ་ཡ་དང༔ སད་དང་སེར་བ་བཙའ་དང་འབུ༔ དུས་ཀྱི་འཁྲུག་པ་གློ་བུར་གཏོང༔ སྡེ་པ་ནང་འཐབ་བྱེད་པ་དང༔ བཙུན་པ་གྲི་རུ་གསོད་པ་དང༔ བཙུན་མ་ལུས་རྒྱས་ནལ་བུ་གསོད༔ ཁྱོད་ཉིད་ཁྲོས་པའི་སྔ་ལྟས་ཡིན༔ སྔོན་གྱི་བསྐལ་པ་དང་པོ་ལ༔ སྤྲེལ་རྒྱལ་ཧ་ལ་མཉྫུ་ཡི༔ སྤྱན་སྔར་ཁས་བླངས་དམ་བཅས་པ༔ ཁྱོད་ཉིད་བཞུགས་པའི་ས་ཕྱོགས་སུ༔ འབྲུམ་པའི་ནད་ནི་མི་གཏོང་བའི༔ ཁས་བླང་ཆེན་པོ་མ་བྱས་སམ༔ རྡོ་རྗེ་གཏུམ་པོའི་སྤྱན་སྔ་རུ༔ ས་ནད་གཅོད་པར་མ་བྱས་སམ༔ དུར་ཁྲོད་ཕུང་ལུང་ནག་པོ་རུ༔ པདྨ་འབྱུང་གནས་སྤྱན་སྔ་རུ༔ དུས་ཀྱི་ཐ་མ་ཤར་བའི་ཚེ༔ ནད་ཡམས་གཅོད་པར་མ་བྱས་སམ༔ ཧཱུྃ༔ ང་ནི་རིག་འཛིན་རྡོ་རྗེ་ཆོས༔ ང་ཡི་བཀའ་ལས་ཁྱོད་མ་འདའ༔ ང་ཡི་བཀའ་ལས་ཁྱོད་འདས་ན༔ རྡོ་རྗེ་དྲག་པོ་ཁྲོས་པ་ཡིས༔ སྡང་མིག་གཟིགས་པས་བརླག་པར་འགྱུར༔ སྲིད་པའི་མ་མོ་ཐམས་ཅད་དང༔ ལྷ་སྲིན་སྡེ་བརྒྱད་མ་ལུས་པ༔ ཁྱོད་ཀྱི་འཁོར་དང་གཡོག་ཡིན་ལ༔ དལ་ཁ་ཟློག་པའི་བཀའ་ནན་གྱིས༔ བྷྱོ༔ རིན་ཆེན་ངར་གྱི་མི་མོ་ཆེ༔ ནག་མོ་ཁྲག་གི་རལ་པ་ཅན༔ སྲིད་པ་ལས་ཀྱི་དལ་བདག་མོ༔ བདུད་མོ་ལྷ་སྲིན་བྱ་བ་མོ༔ བསྐྱེད་ནི་འབྱུང་བ་ལྔ་ལས་བསྐྱེད༔ བརྡར་ནི་རིན་ཆེན་ལྔ་ལས་བརྡར༔ དྲིལ་ནི་ཡོན་བདག་ལུས་ལ་དྲིལ༔ བྱས་ནི་མ་མོའི་གཟུགས་སུ་བྱས༔ ཡིན་ནི་ནད་བདག་དངོས་ཡིན་ཏེ༔ འབུལ་ནི་ལྷ་སྲིན་ཡོངས་ལ་འབུལ༔ བརྗེ་ནི་སྐྱེ་འགྲོའི་སྲོག་དང་བརྗེ༔ ཤགས་ནི་སྡེ་བརྒྱད་ཡོངས་ལ་འདེབས༔ ངར་མོ་ཁྲག་གི་རལ་པ་ཅན༔ ཕྱི་བལྟས་པས་ནི་ངར་མོ་ལ༔ ནང་བལྟས་པས་ནི་རིན་ཆེན་གཏེར༔ བར་དུ་བལྟས་པས་དལ་བདག་མོ༔ ཤ་མེད་བསེ་ཡི་ཤ༔ རུས་མེད་དུང་གི་རུས༔ ཁྲག་ནི་མ་མཆིས་མཚལ་གྱི་ཁྲག༔ དབུགས་མེད་རླུང་གི་དབུགས༔ སེམས་མེད་ནམ་མཁའི་སེམས༔ མིག་མེད་ལུང་ཐང་མིག༔ སོ་མེད་འགྲོན་བུའི་སོ༔ སྙིང་མེད་ཞོ་ཤའི་སྙིང༔ ལག་མེད་དབང་པོའི་ལག༔ རྐང་པ་མ་མཆིས་ལྕགས་ཀྱི་རྐང༔ སྐྱེ་འགྲོ་སེམས་ཅན་ཐམས་ཅད་ཀྱི༔ དབང་པོ་སྒོ་ལྔའི་གླུད་དུ་འབུལ༔ བྷྱོ༔ ལྷ་སྲིན་སྡེ་བརྒྱད་སྤྱན་ལམ་དུ༔ ངར་མོ་ཆས་སོ་གླུད་དུ་ཆས༔ བདུད་མོ་ཆས་སོ་མ་ལྡོགས་ཤིག༔ ཡ་བདུད་རྣམས་ཀྱི་སྤྱན་ལམ་དུ༔ ངར་མོ་ཆས་སོ་མ་ལྡོགས་ཤིག༔ ཡབ་བདུད་ཁྲམ་ནག་སྐྱོང་བ་དང༔ བཙན་ཆེན་རྣམས་ཀྱི་སྤྱན་ལམ་དུ༔ ངར་མོ་ཆས་སོ་མ་ལྡོགས་ཤིག༔ བཙན་དམར་དར་ཐོད་སྤྱན་ལམ་དུ༔ ངར་མོ་ཆས་སོ་མ་ལྡོགས་ཤིག༔ དམུ་དང་རྒྱལ་པོ་མ་བདུད་དང༔ ཀླུ་རྒྱལ་རྣམས་ཀྱི་སྤྱན་ལམ་དུ༔ ངར་མོ་ཆས་སོ་མ་ལྡོགས་ཤིག༔ གཉན་པོ་སྡེ་བཞིའི་སྤྱན་ལམ་དུ༔ ངར་མོ་ཆས་སོ་མ་ལྡོགས་ཤིག༔ དམུ་བདུད་ཤོར་བ་སྤྱན་ལམ་དུ༔ ངར་མོ་ཆས་སོ་མ་ལྡོགས་ཤིག༔ བརྒྱལ་ནད་སྨྱོ་འབོག་ཟློག་ཏུ་གསོལ༔ མ་བདུད་དལ་འབེབ་ཟློག་ཏུ་གསོལ༔ མཛེ་ནད་ལྷོག་འབྲས་ཟློག་ཏུ་གསོལ༔ གཉན་ནད་གདུག་པ་ཟློག་ཏུ་གསོལ༔ རྦོད་གཏོང་ངན་པའི་སྤྱན་ལམ་དུ༔ ངར་མོ་ཆས་སོ་མ་ལྡོགས་ཤིག༔ ངར་མོ་མཛེས་མ་འོད་འཕྲོ་མ༔ ལྷ་ཡི་གདོན་ཚོགས་ཟློག་ཏུ་གསོལ༔ གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ༔ ལྷ་མིན་གདོན་ཚོགས་ཟློག་ཏུ་གསོལ༔ གཏུམ་པ་ཆེན་མོ་སྟོབས་བདག་མོ༔ ཀླུ་ཡི་གདོན་ཚོགས་ཟློག་ཏུ་གསོལ༔ འབར་མ་ཆེན་མོ་འོད་ལྡན་མ༔ རླུང་ལྷའི་གདོན་ཚོགས་ཟློག་ཏུ་གསོལ༔ ངར་མོ་སྒེག་མོ་མདངས་ལྡན་མ༔ ནམ་མཁའ་ལྡིང་གི་གདོན་ཚོགས་ཟློག་ཏུ་གསོལ༔ ཁྲོ་གཉེར་བརྗིད་པའི་སྨེ་ཤགས་ཀྱིས༔ དྲི་ཟའི་གདོན་ཚོགས་ཟློག༴ ངར་མོ་རིན་ཆེན་རྒྱན་ལྡན་མ༔ མི་འམ་ཅིའི་གདོན་ཚོགས་ཟློག༴ པདྨ་ལྟ་བུའི་འོད་མདངས་ཀྱིས༔ ལྟོ་འཕྱེའི་གདོན་ཚོགས་ཟློག༴ ངར་མོ་བརྟུལ་ཞུགས་ཆེ་བ་ཡིས༔ གནོད་སྦྱིན་གདོན་ཚོགས་ཟློག༴ རྡོ་རྗེ་ལྟ་བུའི་སྲ་མཁྲེགས་ཀྱིས༔ སྲིན་པོའི་གདོན་ཚོགས་ཟློག༴ ངར་མོ་རིན་ཆེན་ལུས་ལྡན་མ༔ ཡི་དྭགས་གདོན་ཚོགས་ཟློག༴ ངར་མོ་གཟུགས་གཞི་ཆེ་བ་ཡིས༔ ཤ་ཟའི་གདོན་ཚོགས་ཟློག༴ ངར་མོ་སྟོབས་དང་ལྡན་པ་ཡིས༔ འབྱུང་པོའི་གདོན་ཚོགས་ཟློག༴ སྡེ་བརྒྱད་ཡོངས་ཀྱི་དམག་དཔུང་ཟློག༴ མོ་ངན་པྲ་ངན་ཐམས་ཅད་ཟློག་ཏུ་གསོལ༔ སྐྱེ་འགྲོ་ཡོངས་ཀྱི་ཚེ་གླུད་འདི༔ ནད་བདག་ཆེན་མོ་ཁྱེད་ལ་འབུལ༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཐེགས༔ ལན་ཆགས་བུ་ལོན་ཁྱེར་ཏེ་སོང༔ མཚོན་ཆས་མི་འཇིགས་གང་ཡང་མེད༔ འཆི་བའི་སྲོག་ལ་ཀུན་ཀྱང་འཛེམ༔ རང་གི་ལུས་ལ་དཔེ་ལོངས་ལ༔ སྐྱེ་འགྲོའི་ལུས་ལ་གནོད་མ་བྱེད༔ སེམས་ཅན་བདེ་ཞིང་ཡངས་པར་ཐོངས༔ གདུག་སེམས་ལྡན་པའི་འཁོར་རྣམས་སྡུས༔ ཐམས་ཅད་རང་གི་གནས་སུ་དེངས༔ ࿊ གལ་ཏེ་མི་འགྲོ་བར་གཅོད་ན༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་དང༔ ཕོ་ཉ་རྣམས་ཀྱི་བརྟུལ་ཞུགས་ཀྱིས༔ འཁོར་ལོ་རལ་གྲི་རྡོ་རྗེ་དང༔ བེ་ཅོན་དབྱུག་ཏོ་ཞགས་པ་དང༔ ཐོ་བ་ལྕགས་ཀྱུ་འཁྲིགས་པ་ཡི༔ གདུག་པའི་མེ་འོད་ཚྭ་ཚྭ་འཕྲོ༔ ཧཱུྃ༔ ང་ནི་རྡོ་རྗེ་དྲག་པོ་རྩལ༔ རྡོ་རྗེ་གུར་གྱི་རྭ་བ་ནས༔ ཧཱུྃ་མཛད་ལ་སོགས་ཁྲོ་བོ་བཅུ༔ སྒྲ་འབྱིན་ལ་སོགས་ཁྲོ་མོ་བཅུ༔ དཔའ་བོ་དཔའ་མོ་འཇིགས་པའི་ཚོགས༔ འཇིགས་ཚུལ་རྔམས་དང་སྟངས་སྟབས་ཀྱིས༔ གང་ལ་བྱ་བའི་དགྲ་དང་བགེགས༔ གསོ་ཐབས་མེད་པར་བརླག་པར་བྱེད༔ སོང་ཞིག་བྱེར་ཅིག་ནད་བདག་མོ༔ ཤ་ཟ་ཡི་དྭགས་འབྱུང་པོའི་ཚོགས༔ གདུག་ཅིང་རྒོལ་ན་བརླག་པར་གྱིས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཅེས་དྲག་སྔགས་བཟླས་ཤིང༔ དྲག་པོའི་སྒྲ་དང་ཕོ་ཉ་ལས་མཁན་འཇིགས་པའི་ཚོགས་ཀྱི་རིངས་པར་དེད་ལ༔ ཐེབས་རྩིས་རྒྱུ་བའི་རླུང་དང་བསྟུན༔ ཀོ་བའི་ནང་དུ་བཅུག་ལ་ཆུ་བོའི་གཞུང་ལ་སྐུར༔ མདའ་ཆར་རྡོ་ཆར་མ་ཕོག་ཙམ་གྱིས་རྒྱབ་ནས་རྡུངས༔ སྐྱེས་པ་གོ་མཚོན་ཅན་བརྒྱ་ཡིས་བྷྱོ་ཡིས་གདབ༔ བུད་མེད་རྣམས་ཀྱིས་གཡབ་མོ་གདབ༔ ཐམས་ཅད་ཕྱི་མིག་མི་བལྟ་བར་ཡར་ལོག༔ མེ་མཚམས་ལ་འཆོང་བྱེད༔ བཀྲ་ཤིས་བརྗོད༔ སློབ་དཔོན་གྱིས་སྲུང་འཁོར་ཁོངས་སུ་གཞུག༔ བདེ་གཤེགས་ཀུན་འདུས་དྲག་པོ་རྩལ༔ བསྒོམས་ཤིང་བསྒྲུབས་པས་དོན་ཀུན་འགྲུབ༔ སྙིགས་དུས་ང་ཡི་གསང་མཚན་སྒྲུབས༔ རྣལ་འབྱོར་དོན་ཆེན་འགྲུབ་པར་འགྱུར༔ ས་མ་ཡ༔ བྲག་རི་དུག་སྦྲུལ་སྤུངས་འདྲའི་གཏེར་མའོ། །རྒྱ་རྒྱ་རྒྱ། ༄༅༔ ཐུགས་སྒྲུབ་ཀྱི་ཆ་ལག་ནད་བདག་སྟོབས་འཇོམས་ཀྱི་མཁའ་འགྲོ་སྤྱན་འདྲེན་གྱེར་གླུད་རབས་དང་བཅས་པ་བཞུགས་སོ༔ ཐུགས་སྒྲུབ་བསྙེན་པའི་རྟགས་རྫོགས་ནས༔ ནད་བདག་སྟོབས་འཇོམས་མན་ངག་བཤད༔ བཅའ་གཞིའི་ལག་ལེན་ཟུར་དུ་གསལ༔ ཏིང་འཛིན་ལྡན་པས་འདི་སྐད་དོ༔ མཁའ་འགྲོ་སྤྱན་འདྲེན་པ་ནི༔ ཧཱུྃ༔ སྟོང་གསུམ་སྟོང་གི་གཞལ་ཡས་ནས༔ དམ་ཚིག་དབང་གི་དཀྱིལ་འཁོར་ནས༔ དབང་ཆེན་རྟ་མཆོག་ཡབ་ཡུམ་ལ༔ མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྟོང་གསུམ་སྟོང་གི་ཤར་ཕྱོགས་ནས༔ བཻ་ཌཱུར་དག་པའི་གཞལ་ཡས་ནས༔ རྡོ་རྗེ་མཁའ་འགྲོ་བྱེ་བ་འབུམ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྟོང་གསུམ་སྟོང་གི་ལྷོ་ཕྱོགས་ནས༔ རིན་ཆེན་གསེར་གྱི་གཞལ་ཡས་ནས༔ རིན་ཆེན་མཁའ་འགྲོ་བྱེ་བ་འབུམ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྟོང་གསུམ་སྟོང་གི་ནུབ་ཕྱོགས་ནས༔ པདྨ་རཱ་གའི་གཞལ་ཡས་ནས༔ པདྨ་མཁའ་འགྲོ་བྱེ་བ་འབུམ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྟོང་གསུམ་སྟོང་གི་བྱང་ཕྱོགས་ནས༔ ཨིནྡྲ་ནཱི་ལའི་གཞལ་ཡས་ནས༔ ལས་ཀྱི་མཁའ་འགྲོ་བྱེ་བ་འབུམ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྟོང་གསུམ་སྟོང་གི་མཁའ་སྤྱོད་ནས༔ འཐུག་པོ་བཀོད་པའི་གཞལ་ཡས་ནས༔ སངས་རྒྱས་མཁའ་འགྲོ་བྱེ་བ་འབུམ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྟོང་གསུམ་སྣང་སྲིད་ཞིང་ཁམས་ནས༔ བློ་ཡིས་བཀོད་པའི་གཞལ་ཡས་ནས༔ སྣང་བ་ཡེ་ཤེས་མཁའ་འགྲོ་བྱེ་བ་འབུམ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྟོང་གསུམ་ཕྱོགས་པའི་གཞལ་ཡས་ནས༔ མཚམས་ཀྱི་མཁའ་འགྲོ་བྱེ་བ་འབུམ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ནས༔ དུར་ཁྲོད་ཆེན་པོའི་གཞལ་ཡས་ནས༔ དུར་ཁྲོད་མཁའ་འགྲོ་བྱེ་བ་འབུམ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ འཇིག་རྟེན་དུར་ཁྲོད་གླིང་དགུ་ནས༔ བམ་ཆེན་གསར་རྙིང་གཞལ་ཡས་ནས༔ ཤ་ཟ་མཁའ་འགྲོ་བྱེ་བ་འབུམ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ མ་སྲིང་ཚུལ་བཟུང་དམ་ཚིག་མཁའ་འགྲོ་མ༔ དངོས་གྲུབ་སྟེར་བའི་རྡོ་རྗེ་མཁའ་འགྲོ་མ༔ སྙིང་གི་གྲོགས་མཛད་ཡེ་ཤེས་མཁའ་འགྲོ་མ༔ གནས་འདིར་མ་མོ་མཁའ་འགྲོ་ཆོས་སྐྱོང་རྣམས༔ ཟས་སུ་ཤ་དང་ཁྲག་ལ་དགྱེས༔ བསྟན་སྲུང་མ་མོའི་ཚོགས་བཅས་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨེ་ཀ་ཛཱ་ཏི་ཧ་རི་ནི་ས༔ ཨེ་ཧྱེ་ཧི་ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཛཿཛ༔ ཧཱུྃ༔ དུང་མདོག་འཁོར་ལོ་རྩིབས་བཞིའི་སྟེང༔ མ་ཆགས་པདྨའི་གདན་སྟེངས་སུ༔ ཞིང་ཆེན་ཕོ་མོ་བསྣོལ་བའི་སྟེང༔ སངས་རྒྱས་མཁའ་འགྲོ་སྐུ་བཞུགས་འཚལ༔ མཐིང་ནག་འཁོར་ལོ་རྩིབས་བཞིའི་སྟེང༔ མ་ཆགས་པདྨའི་གདན་སྟེངས་སུ༔ ཞིང་ཆེན་ཕོ་མོ་བསྣོལ་བའི་སྟེང༔ རྡོ་རྗེ་མཁའ་འགྲོ་སྐུ་བཞུགས་འཚལ༔ གསེར་མདོག་འཁོར་ལོ་རྩིབས་བཞིའི་སྟེང༔ མ་ཆགས་པདྨའི་གདན་སྟེངས་སུ༔ ཞིང་ཆེན་ཕོ་མོ་བསྣོལ་བའི་སྟེང༔ རིན་ཆེན་མཁའ་འགྲོ་སྐུ་བཞུགས་འཚལ༔ དམར་གསལ་འཁོར་ལོ་རྩིབས་བཞིའི་སྟེང༔ མ་ཆགས་པདྨའི་གདན་སྟེངས་སུ༔ ཞིང་ཆེན་ཕོ་མོ་བསྣོལ་བའི་སྟེང༔ པདྨ་མཁའ་འགྲོ་སྐུ་བཞུགས་འཚལ༔ ལྗང་གསལ་འཁོར་ལོ་རྩིབས་བཞིའི་སྟེང༔ མ་ཆགས་པདྨའི་གདན་སྟེངས་སུ༔ ཞིང་ཆེན་ཕོ་མོ་བསྣོལ་བའི་སྟེང༔ ལས་ཀྱི་མཁའ་འགྲོ་སྐུ་བཞུགས་འཚལ༔ མ་མོ་མཁའ་འགྲོའི་ཚོགས་རྣམས་དང༔ སྲིད་པ་མོ་རྒྱུད་ལྷ་ཚོགས་དང༔ ཆོས་སྐྱོང་ལས་བྱེད་སྡེ་བརྒྱད་རྣམས༔ པདྨ་ཞིང་ཆེན་གདན་ལ་བཞུགས༔ ཨེ་ཀ་ཛཱ་ཏི་ཧ་རི་ནི་ས༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ བྷྱོ༔ མ་གཡེལ་མ་གཡེལ་དམ་ཅན་རྣམས༔ མ་འདའ་མ་འདའ་དམ་ཚིག་ཅན༔ ཨེ་ལས་བསྐྱེད་པའི་འཁོར་ལོ་རྒྱ་མ་ཆུང༔ སེང་གེ་གླང་ཆེན་ཁྲི་བརྩེགས་བརྗིད་མ་ཞན༔ ཉི་ཟླ་པདྨའི་གདན་བརྩེགས་དཔངས་མ་དམའ༔ ཨཱོྃ་ལས་སྐྱེས་པའི་སངས་རྒྱས་དགོངས་སུ་གསོལ༔ ཧཱུྃ་ལས་སྐྱེས་པའི་ཁྲོ་རྒྱལ་མཐུ་རྩལ་ཅན༔ མ་དང་བྷྱོ་ལས་སྐྱེས་པའི་མཁའ་འགྲོ་དམ་ལ་འདུས༔ ཡ་ལས་སྐྱེས་པའི་གཤིན་རྗེའི་དམག་དཔུང་སྐྱེད༔ ཛཿཧྲཱི་ལས་སྐྱེས་པའི་གནོད་སྦྱིན་ཕྲིན་ལས་ཀྱི༔ ཡི་དམ་རྒྱལ་བ་སྒྲུབ་ཀྱིས་རྒྱང་མ་རིང༔ དམ་ཅན་ཕོ་མོ་སྦྲན་གྱིས་མཐུ་མ་ཆུང༔ བྷྱོ༔ དམ་ཅན་དམ་ལ་མི་གནས་ཅི་ལ་གནས༔ སྲིད་པ་རླུང་ལ་མི་བརྟེན་ཅི་ལ་བརྟེན༔ དམ་ལ་གནས་པའི་དམ་ཅན་དགྲ་ལ་བྷྱོ༔ བདུད་ཀྱི་ལྟོ་སྒྱུར་མཚོན་ཆ་འབར་བས་སྒྱུར༔ ཁྲོ་རྒྱལ་གཅིག་པུས་ཐམས་ཅད་ཞི་འགྱུར་ཏེ༔ ཆོམས་ཤིག་ཆོམས་ཤིག་ཁྲོ་རྒྱལ་ཚོགས་ཀྱིས་ཆོམས༔ བཤིག་ཅིག་བཤིག་ཅིག་ཁྲོ་རྒྱལ་ཚོགས་ཀྱིས་ཤིགས༔ བདག་ནི་གཞོན་ཏེ་སོ་དཀར་ཡན་ཆད་ནས༔ རྒན་པའི་ལུས་པོ་སོ་དམར་མན་ཆད་ཀྱིས༔ གཡའ་རི་གངས་རི་མང་པོ་འགྲིམ་འགྲིམས་ནས༔ དབེན་པའི་བྲག་ཕུག་མང་པོ་འགྲིམ་འགྲིམས་ནས༔ གཉེན་འདུན་སྤངས་ནས་དམ་ཅན་ཁྱེད་བསྒྲུབས་སོ༔ མ་གཡེལ་མ་གཡེལ་དམ་ཅན་དམ་ལ་འདུས༔ མ་མོ་ནག་མོའི་ཚོགས་ནི་མུན་ལྟར་གཏིབས༔ མུན་ལྟར་གཏིབ་ཀྱིན་ད་ཚུར་བྱོན༔ མ་མོ་དཀར་མོའི་ཚོགས་ནི་སྤྲིན་ལྟར་གཏིབས༔ སྤྲིན་ལྟར་གཏིབ་ཀྱིན་ད་ཚུར་བྱོན༔ མ་མོ་དམར་མོའི་ཚོགས་ནི་མེ་ལྟར་འབར༔ མེ་ལྟར་འབར་གྱིན་ད་ཚུར་བྱོན༔ མ་མོ་སེར་མོའི་ཚོགས་ནི་གསེར་ལྟར་འགྲིལ༔ གསེར་ལྟར་འགྲིལ་གྱིན་ད་ཚུར་བྱོན༔ མ་མོ་ལྗང་གུའི་ཚོགས་ནི་ཆར་ལྟར་འབབས༔ ཆར་ལྟར་འབེབ་ཀྱིན་ད་ཚུར་བྱོན༔ གནོད་སྦྱིན་གིང་ཕོའི་ཚོགས་ནི་སེར་ལྟར་འགྲིལ༔ སེར་ལྟར་འགྲིལ་གྱིན་ད་ཚུར་བྱོན༔ ལུས་སྲོག་འབེན་དུ་བཙུགས་ནས་དམ་ཅན་ཁྱེད་སྒྲུབ་བོ༔ ས་གང་གདན་དུ་བཏིང་ནས་དམ་ཅན་ཁྱེད་སྒྲུབ་བོ༔ བྲག་ཕུག་ཞྭ་ལྟར་གྱོན་ནས་དམ་ཅན་ཁྱེད་སྒྲུབ་བོ༔ རུས་པ་ཕུར་ལྟར་བཙུགས་ནས་དམ་ཅན་ཁྱེད་སྒྲུབ་བོ༔ ཟས་སུ་ཤ་ཆེན་ཟ་ཞིང་དམ་ཅན་ཁྱེད་སྒྲུབ་བོ༔ སྐོམ་དུ་རཀྟ་བཏུང་ཞིང་དམ་ཅན་ཁྱེད་སྒྲུབ་བོ༔ གཏོར་མ་རི་ལྟར་སྤུངས་ནས་དམ་ཅན་ཁྱེད་སྒྲུབ་བོ༔ རཀྟ་མཚོ་ལྟར་བསྐྱིལ་ནས་དམ་ཅན་ཁྱེད་སྒྲུབ་བོ༔ དཀའ་བ་ཉམས་སུ་བླངས་ནས་དམ་ཅན་ཁྱེད་སྒྲུབ་བོ༔ མཆིལ་མ་ཐུལ་ཐུལ་མ་གཅིག་བུས་འབོད་ན༔ མ་ཆག་གང་ཙམ་གྱི་གཏིང་མ་རིང༔ ཁྲུ་གང་ཙམ་གྱི་དཔངས་མ་མཐོ༔ མདའ་གང་ཙམ་གྱི་གོང་མ་གཡེལ༔ རྣལ་འབྱོར་དབང་ཕྱུག་དགོངས་པའི་ཕྲིན་ལས་མཛོད༔ ༈ ཧཱུྃ༔ སྟོང་གསུམ་སྣང་གསལ་མེ་ཏོག་དང༔ འཛིན་མེད་དྲི་ཡི་བདུག་སྤོས་དང༔ གསལ་སྟོང་འཛིན་མེད་མར་མེ་དང༔ དྭངས་བསིལ་སྙོག་མེད་དྲི་ཆབ་དང༔ རོ་བརྒྱ་ལྡན་པའི་ཞལ་ཟས་དང༔ སྒྲ་སྙན་རོལ་མོ་ཇི་སྙེད་ཀུན༔ མ་མོ་མཁའ་འགྲོའི་ཚོགས་ལ་འབུལ༔ སྣང་སྲིད་ཚོགས་དྲུག་གཞལ་ཡས་སུ༔ དུ་མ་རོ་གཅིག་མཆོད་པ་བཤམས༔ ཆགས་ཞེན་མེད་པའི་མཆོད་པ་འདི༔ མ་མོ་མཁའ་འགྲོ་རྣམས་ལ་འབུལ༔ བདེ་སྟོང་གཉིས་མེད་ཉམས་སྣང་དུ༔ འཁོར་འདས་དབྱེར་མེད་མཆོད་པ་བཤམས༔ སྟོང་གསལ་འཛིན་མེད་ཉམས་སྣང་འདི༔ མ་མོ་མཁའ་འགྲོའི་ཚོགས་ལ་འབུལ༔ དུག་ལྔ་རང་གྲོལ་སྒྱུ་ལུས་འདི༔ འཛིན་རྟོག་མེད་པར་ཆོས་དབྱིངས་སྒྲོལ༔ སྲིད་གསུམ་ཤ་ཁྲག་མཆོད་པར་བཤམས༔ མ་མོ་མཁའ་འགྲོ་རྣམས་ལ་འབུལ༔ རང་ཤར་རང་གྲོལ་བློས་བཀོད་པ༔ འཛིན་ཆགས་མེད་པའི་མཆོད་པ་འབུལ༔ གསལ་མདངས་ཆོས་སྐུ་ཀ་དག་འདི༔ མ་མོ་མཁའ་འགྲོའི་ཚོགས་ལ་འབུལ༔ ཧཱུྃ༔ མཱཾ་ས་རི་ལྟར་སྤུངས་པ་འདི༔ མ་མོ་མཁའ་འགྲོའི་ཚོགས་ལ་འབུལ༔ རཀྟ་མཚོ་ལྟར་བསྐྱིལ་པ་འདི༔ མ་མོ་མཁའ་འགྲོའི་ཚོགས་ལ་འབུལ༔ ཀེང་རུས་གྲམ་ལྟར་བཀྲམ་པ་འདི༔ མ་མོ་ཆེན་མོ་བརྒྱད་ལ་འབུལ༔ ཤ་ཁྲག་གཏོར་མ་བཤམས་པ་འདི༔ དབང་ཕྱུག་ཉི་ཤུ་བརྒྱད་ལ་འབུལ༔ ཚིལ་ཆེན་མར་མེ་བཤམས་པ་འདི༔ མཁའ་འགྲོ་སུམ་ཅུ་གཉིས་ལ་འབུལ༔ གཏོར་མ་གླུད་གཏོར་བཅས་པ་འདི༔ ཤྭ་ན་ཆེན་མོ་བཞི་ལ་འབུལ༔ ངར་གླུད་མར་མེ་གཏོར་མ་བཤམས༔ གོས་ལྷ་ཆེན་མོ་བཞི་ལ་འབུལ༔ མདོས་གླུད་གཏོར་མ་བཤམས་པ་འདི༔ རེ་ཏི་མ་མོ་བཞི་ལ་འབུལ༔ གཏོར་མ་ངར་གླུད་མར་མེ་ཟོར༔ སྒོ་མ་ཆེན་མོ་བཞི་ལ་འབུལ༔ མ་མོ་མཁའ་འགྲོ་མཉེས་གྱུར་ཅིག༔ ནད་ཀྱི་བདག་མོ་མཉེས་གྱུར་ཅིག༔ ༈ དེ་ནས་གླུད་རབས་བྱ་བ་ནི༔ ཧཱུྃ༔ སྔོན་ནི་སུ་དང་སུ་ཡི་གླུད༔ ཨ་ཤྭ་ཀ་ཡི་རྒྱལ་པོའི་གླུད༔ མཚམས་མེད་སྡིག་པའི་ལས་བྱས་པས༔ མ་མོ་ལྷ་སྲིན་སྡེ་བརྒྱད་ཁྲོས༔ མུ་གེ་དུས་འཁྲུགས་ཡམས་ནད་བྱུང༔ སློབ་དཔོན་རོ་ལངས་དེ་ཝ་ཡིས༔ སྐུ་གླུད་དམར་གཏོར་བཤམས་ནས་ནི༔ སྣང་སྲིད་མ་མོའི་ཕྱག་ཏུ་འབུལ༔ བསད་པ་ལུས་ཀྱི་གླུད་དུ་འབུལ༔ ཕྲོགས་པ་ནོར་གྱི་གླུད་དུ་འབུལ༔ ན་མི་ཕོད་ཀྱི་གླུད་དུ་འབུལ༔ འཆི་མི་ཕོད་ཀྱི་གླུད་དུ་འབུལ༔ བར་དུ་སུ་དང་སུ་ཡི་གླུད༔ བཙད་པོ་ཁྲི་སྲོང་ལྡེའུ་བཙན་ལ༔ མ་མོ་ཁྲོས་པའི་ལྟས་བྱུང་ནས༔ མི་དགེ་མི་རུངས་སྣ་ཚོགས་བྱུང༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ རྒྱལ་པོའི་སྐུ་ཡི་ཚབ་ཏུ་བྱས༔ སྐུ་གླུད་དམར་གཏོར་བཤམས་ནས་ནི༔ སྣང་སྲིད་མ་མོའི་ཕྱག་ཏུ་འབུལ༔ བསད་པ་ལུས་ཀྱི་གླུད་དུ་འབུལ༔ ཕྲོགས་པ་ནོར་གྱི་གླུད་དུ་འབུལ༔ ན་མི་ཕོད་ཀྱི་གླུད་དུ་འབུལ༔ འཆི་མི་ཕོད་ཀྱི་གླུད་དུ་འབུལ༔ ཐ་མ་སུ་དང་སུ་ཡི་གླུད༔ སྔར་འདས་སྦྱིན་བདག་གོང་མ་ལ༔ མ་མོ་མཁའ་འགྲོ་འཁྲུགས་ལྟས་བྱུང༔ མུ་གེ་དུས་འཁྲུག་ཡམས་ནད་བྱུང༔ རིག་འཛིན་སྔགས་འཆང་གོང་མ་ཡིས༔ སྐུ་གླུད་དར་ཟབ་ཉུངས་ཀྱིས་བརྒྱན༔ དཔལ་གྱི་གཏོར་མ་དམར་གྱིས་བརྒྱན༔ སྣང་སྲིད་མ་མོའི་ཕྱག་ཏུ་འབུལ༔ བསད་པ་ལུས་ཀྱི་གླུད་དུ་འབུལ༔ ཕྲོགས་པ་ནོར་གྱི་གླུད་དུ་འབུལ༔ ན་མི་ཕོད་ཀྱི་གླུད་དུ་འབུལ༔ འཆི་མི་ཕོད་ཀྱི་གླུད་དུ་འབུལ༔ ད་ལྟ་སུ་དང་སུ་ཡི་གླུད༔ ད་ལྟ་འདིར་འདུས་སྦྱིན་བདག་གླུད༔ དྲིལ་ཟན་ངར་མི་ལོངས་སྤྱོད་དང༔ འདོད་ཡོན་དཔག་མེད་འདི་བཤམས་ནས༔ དམར་གཏོར་མདོས་དང་བཅས་ནས་སུ༔ ཡུམ་ཆེན་མཁའ་འགྲོ་སྡེ་ལྔ་དང༔ མ་ཡམས་བརྟན་མ་ཡན་ཆད་དུ༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང༔ སྲིད་པར་གནས་པའི་ལྷ་འདྲེ་ལ༔ སྐུ་གླུད་དམར་གཏོར་རྒྱན་དང་ལྡན༔ སྣང་སྲིད་ལྷ་འདྲེའི་ཕྱག་ཏུ་འབུལ༔ བསད་པ་ལུས་ཀྱི་གླུད་དུ་འབུལ༔ ཕྲོགས་པ་ནོར་གྱི་གླུད་དུ་འབུལ༔ ན་མི་ཕོད་ཀྱི་གླུད་དུ་འབུལ༔ འཆི་མི་ཕོད་ཀྱི་གླུད་དུ་འབུལ༔ དེ་རིང་སུ་དང་སུ་ཡི་གླུད༔ རྒྱུ་སྦྱོར་སྦྱིན་བདག་རྣམས་ཀྱི་གླུད༔ མཚམས་མེད་སྡིག་པའི་ལས་བྱས་པས༔ དཀར་ཕྱོགས་ལྷ་སྲིན་ཐུགས་ཁྲོས་ནས༔ རི་རབ་ནང་དུ་ཞལ་གཟིགས་པས༔ ནག་ཕྱོགས་ལྷ་སྲིན་ཕྱི་ལ་ཐོན༔ དེ་ཡི་ཁ་རླངས་མ་རུངས་པས༔ མུ་གེ་དུས་འཁྲུག་ཡམས་ནད་བྱུང༔ རིག་འཛིན་སྔགས་འཆང་བདག་ཉིད་ཀྱིས༔ སྣང་སྲིད་མ་མོའི་ཚོགས་རྣམས་དང༔ སྡེ་བརྒྱད་ལྷ་འདྲེའི་ཚོགས་རྣམས་ལ༔ ཤ་ཁྲག་དམར་གྱི་གཏོར་མ་འབུལ༔ བསད་པ་ལུས་ཀྱི་གླུད་དུ་འབུལ༔ ཕྲོགས་པ་ནོར་གྱི་གླུད་དུ་འབུལ༔ ན་མི་ཕོད་ཀྱི་གླུད་དུ་འབུལ༔ འཆི་མི་ཕོད་ཀྱི་གླུད་དུ་འབུལ༔ སྲིད་པ་མ་མོའི་ཚོགས་རྣམས་དང༔ དྲེགས་པ་ལྷ་སྲིན་ཚོགས་རྣམས་ལ༔ འདིར་ཚོགས་རྣམས་ཀྱི་སྒོ་གསུམ་གླུད༔ ཆངས་བུ་བརྒྱ་དང་རྩ་བརྒྱད་འབུལ༔ བསད་པ་ལུས་ཀྱི་གླུད་དུ་འབུལ༔ ཕྲོགས་པ་ནོར་གྱི་གླུད་དུ་འབུལ༔ ན་མི་ཕོད་ཀྱི་གླུད་དུ་འབུལ༔ འཆི་མི་ཕོད་ཀྱི་གླུད་དུ་འབུལ༔ སྣང་སྲིད་མ་མོའི་ཚོགས་རྣམས་དང༔ དྲེགས་པ་ལྷ་འདྲེའི་ཚོགས་རྣམས་ལ༔ ཟས་སྣ་བརྒྱ་དང་རྩ་བརྒྱད་འབུལ༔ ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ འདོད་སྲེད་ཆགས་པས་མ་ཞེན་ཅིག༔ བསད་པ་ལུས་ཀྱི་གླུད་དུ་འབུལ༔ ཕྲོགས་པ་ནོར་གྱི་གླུད་དུ་འབུལ༔ ན་མི་ཕོད་ཀྱི་གླུད་དུ་འབུལ༔ འཆི་མི་ཕོད་ཀྱི་གླུད་དུ་འབུལ༔ སྣང་སྲིད་མ་མོའི་ཚོགས་རྣམས་དང༔ དྲེགས་པ་ལྷ་འདྲེའི་ཚོགས་རྣམས་ལ༔ ཆང་ཁལ་བརྒྱ་དང་རྩ་བརྒྱད་འབུལ༔ ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ འདོད་སྲེད་ཆགས་པས་མ་ཞེན་ཅིག༔ བསད་པ་ལུས་ཀྱི་གླུད་དུ་འབུལ༔ ཕྲོགས་པ་ནོར་གྱི་གླུད་དུ་འབུལ༔ ན་མི་ཕོད་ཀྱི་གླུད་དུ་འབུལ༔ འཆི་མི་ཕོད་ཀྱི་གླུད་དུ་འབུལ༔ སྣང་སྲིད་མ་མོའི་ཚོགས་རྣམས་དང༔ དྲེགས་པ་ལྷ་འདྲེའི་ཚོགས་རྣམས་ལ༔ སྦང་ཁལ་བརྒྱ་དང་རྩ་བརྒྱད་འབུལ༔ ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ འདོད་སྲེད་ཆགས་པས་མ་ཞེན་ཅིག༔ བསད་པ་ལུས་ཀྱི་གླུད་དུ་འབུལ༔ ཕྲོགས་པ་ནོར་གྱི་གླུད་དུ་འབུལ༔ ན་མི་ཕོད་ཀྱི་གླུད་དུ་འབུལ༔ འཆི་མི་ཕོད་ཀྱི་གླུད་དུ་འབུལ༔ སྣང་སྲིད་མ་མོའི་ཚོགས་རྣམས་དང༔ དྲེགས་པ་ལྷ་འདྲེའི་ཚོགས་རྣམས་ལ༔ སྒོག་ཁལ་བརྒྱ་དང་རྩ་བརྒྱད་འབུལ༔ ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ འདོད་སྲེད་ཆགས་པས་མ་ཞེན་ཅིག༔ བསད་པ་ལུས་ཀྱི་གླུད་དུ་འབུལ༔ ཕྲོགས་པ་ནོར་གྱི་གླུད་དུ་འབུལ༔ ན་མི་ཕོད་ཀྱི་གླུད་དུ་འབུལ༔ འཆི་མི་ཕོད་ཀྱི་གླུད་དུ་འབུལ༔ སྣང་སྲིད་མ་མོའི་ཚོགས་རྣམས་དང༔ དྲེགས་པ་ལྷ་འདྲེའི་ཚོགས་རྣམས་ལ༔ ཤ་ཁལ་བརྒྱ་དང་རྩ་བརྒྱད་འབུལ༔ ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ འདོད་སྲེད་ཆགས་པས་མ་ཞེན་ཅིག༔ བསད་པ་ལུས་ཀྱི་གླུད་དུ་འབུལ༔ ཕྲོགས་པ་ནོར་གྱི་གླུད་དུ་འབུལ༔ ན་མི་ཕོད་ཀྱི་གླུད་དུ་འབུལ༔ འཆི་མི་ཕོད་ཀྱི་གླུད་དུ་འབུལ༔ སྣང་སྲིད་མ་མོའི་ཚོགས་རྣམས་དང༔ དྲེགས་པ་ལྷ་འདྲེའི་ཚོགས་རྣམས་ལ༔ རུས་ཁལ་བརྒྱ་དང་རྩ་བརྒྱད་འབུལ༔ ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ འདོད་སྲེད་ཆགས་པས་མ་ཞེན་ཅིག༔ བསད་པ་ལུས་ཀྱི་གླུད་དུ་འབུལ༔ ཕྲོགས་པ་ནོར་གྱི་གླུད་དུ་འབུལ༔ ན་མི་ཕོད་ཀྱི་གླུད་དུ་འབུལ༔ འཆི་མི་ཕོད་ཀྱི་གླུད་དུ་འབུལ༔ སྣང་སྲིད་མ་མོའི་ཚོགས་རྣམས་དང༔ དྲེགས་པ་ལྷ་འདྲེའི་ཚོགས་རྣམས་ལ༔ ཆན་སྣ་བརྒྱ་དང་རྩ་བརྒྱད་འབུལ༔ ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ འདོད་སྲེད་ཆགས་པས་མ་ཞེན་ཅིག༔ བསད་པ་ལུས་ཀྱི་གླུད་དུ་འབུལ༔ ཕྲོགས་པ་ནོར་གྱི་གླུད་དུ་འབུལ༔ ན་མི་ཕོད་ཀྱི་གླུད་དུ་འབུལ༔ འཆི་མི་ཕོད་ཀྱི་གླུད་དུ་འབུལ༔ སྣང་སྲིད་མ་མོའི་ཚོགས་རྣམས་དང༔ དྲེགས་པ་ལྷ་འདྲེའི་ཚོགས་རྣམས་ལ༔ གོས་སྣ་བརྒྱ་དང་རྩ་བརྒྱད་འབུལ༔ ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ འདོད་སྲེད་ཆགས་པས་མ་ཞེན་ཅིག༔ བསད་པ་ལུས་ཀྱི་གླུད་དུ་འབུལ༔ ཕྲོགས་པ་ནོར་གྱི་གླུད་དུ་འབུལ༔ ན་མི་ཕོད་ཀྱི་གླུད་དུ་འབུལ༔ འཆི་མི་ཕོད་ཀྱི་གླུད་དུ་འབུལ༔ སྣང་སྲིད་མ་མོའི་ཚོགས་རྣམས་དང༔ དྲེགས་པ་ལྷ་འདྲེའི་ཚོགས་རྣམས་ལ༔ དར་གོས་བརྒྱ་དང་རྩ་བརྒྱད་འབུལ༔ ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ འདོད་སྲེད་ཆགས་པས་མ་ཞེན་ཅིག༔ བསད་པ་ལུས་ཀྱི་གླུད་དུ་འབུལ༔ ཕྲོགས་པ་ནོར་གྱི་གླུད་དུ་འབུལ༔ ན་མི་ཕོད་ཀྱི་གླུད་དུ་འབུལ༔ འཆི་མི་ཕོད་ཀྱི་གླུད་དུ་འབུལ༔ སྣང་སྲིད་མ་མོའི་ཚོགས་རྣམས་དང༔ དྲེགས་པ་ལྷ་འདྲེའི་ཚོགས་རྣམས་ལ༔ གསེར་གཡུ་ལ་སོགས་རིན་ཆེན་ལྔ༔ དཔག་མེད་བརྒྱ་དང་རྩ་བརྒྱད་འབུལ༔ ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ འདོད་སྲེད་ཆགས་པས་མ་ཞེན་ཅིག༔ བསད་པ་ལུས་ཀྱི་གླུད་དུ་འབུལ༔ ཕྲོགས་པ་ནོར་གྱི་གླུད་དུ་འབུལ༔ ན་མི་ཕོད་ཀྱི་གླུད་དུ་འབུལ༔ འཆི་མི་ཕོད་ཀྱི་གླུད་དུ་འབུལ༔ སྣང་སྲིད་མ་མོའི་ཚོགས་རྣམས་དང༔ དྲེགས་པ་ལྷ་འདྲེའི་ཚོགས་རྣམས་ལ༔ སྨན་སྣ་བརྒྱ་དང་རྩ་བརྒྱད་འབུལ༔ ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ འདོད་སྲེད་ཆགས་པས་མ་ཞེན་ཅིག༔ བསད་པ་ལུས་ཀྱི་གླུད་དུ་འབུལ༔ ཕྲོགས་པ་ནོར་གྱི་གླུད་དུ་འབུལ༔ ན་མི་ཕོད་ཀྱི་གླུད་དུ་འབུལ༔ འཆི་མི་ཕོད་ཀྱི་གླུད་དུ་འབུལ༔ སྣང་སྲིད་མ་མོའི་ཚོགས་རྣམས་དང༔ དྲེགས་པ་ལྷ་འདྲེའི་ཚོགས་བཅས་ལ༔ གླུད་ཡས་བརྒྱ་དང་རྩ་བརྒྱད་འབུལ༔ ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ འདོད་སྲེད་ཆགས་པས་མ་ཞེན་ཅིག༔ བསད་པ་ལུས་ཀྱི་གླུད་དུ་འབུལ༔ ཕྲོགས་པ་ནོར་གྱི་གླུད་དུ་འབུལ༔ ན་མི་ཕོད་ཀྱི་གླུད་དུ་འབུལ༔ འཆི་མི་ཕོད་ཀྱི་གླུད་དུ་འབུལ༔ སྣང་སྲིད་མ་མོའི་ཚོགས་རྣམས་དང༔ དྲེགས་པ་ལྷ་འདྲེའི་ཚོགས་རྣམས་ལ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ སྤྱི་བོའི་གཙུག་ནས་རྐང་མཐིལ་བར༔ ཤ་དང་རུས་པའི་གླུད་དུ་འབུལ༔ ཁྲག་དང་ཆུ་སེར་གླུད་དུ་འབུལ༔ སྐྲ་དང་བ་སྤུའི་གླུད་དུ་འབུལ༔ པགས་པ་ཡན་ལག་གླུད་དུ་འབུལ༔ གློ་སྙིང་མཚེར་པའི་གླུད་དུ་འབུལ༔ མཁལ་མ་མཆིན་པའི་གླུད་དུ་འབུལ༔ རྒྱུ་མ་ནང་ཁྲོལ་གླུད་དུ་འབུལ༔ དོན་སྙིང་སྣ་ལྔའི་གླུད་དུ་འབུལ༔ ལྷུ་ཚིགས་བཅུ་དྲུག་གླུད་དུ་འབུལ༔ ཕྱུགས་དང་སྒོ་ཁྱིའི་གླུད་དུ་འབུལ༔ ཁང་ཁྱིམ་ཡུལ་གཞིས་གླུད་དུ་འབུལ༔ དབང་པོ་ཚོགས་དྲུག་གླུད་དུ་འབུལ༔ རྣམ་ཤེས་ཚོགས་བརྒྱད་གླུད་དུ་འབུལ༔ གླུད་འདི་བཞེས་ལ་གནས་སུ་དེངས༔ མཁའ་འགྲོ་གཏོར་མས་མཉེས་གྱུར་ཅིག༔ ལྷ་འདྲེ་གླུད་ཀྱིས་མཉེས་གྱུར་ཅིག༔ ལན་ཆགས་བུ་ལོན་འཁོར་གྱུར་ཅིག༔ རིགས་དྲུག་ལན་ཆགས་དག་གྱུར་ཅིག༔ ཕྱིར་ཟློགས་ཟློགས༔ ཧཱུྃ༔ མཁའ་འགྲོ་སྡེ་ལྔ་ཁྲོས་པ་ཡིས༔ དུས་འཁྲུགས་ལངས་པའི་ལྟས་ངན་ཟློགས༔ མ་མོ་བརྟན་མ་ཁྲོས་པ་ཡིས༔ ཡམས་ནད་ལངས་པའི་ལྟས་ངན་ཟློགས༔ གནོད་སྦྱིན་ནོར་བདག་ཁྲོས་པ་ཡིས༔ ལོ་ཉེས་མུ་གེ་བྱུང་བ་ཟློགས༔ མ་གཤིན་ཕུར་གསུམ་ཁྲོས་པ་ཡིས༔ ཕུར་ཁ་ཟུག་པའི་ལྟས་ངན་ཟློགས༔ ལྷ་སྲིན་སྡེ་བརྒྱད་ཁྲོས་པ་ཡིས༔ ལྟས་ངན་སྣ་ཚོགས་ལངས་པ་ཟློགས༔ ཅེས་ཟློག་བྱང་གཞན་ཡང་བྱའོ༔ ༈ གླུད་རབས་ནི༔ ཀྱེ༔ གླུད་བྱུང་དང་པོ་གང་ནས་བྱུང༔ གླུད་བྱུང་ལྷ་ཡི་ཡུལ་ནས་བྱུང༔ ལྷ་རྣམས་ཀུན་ལ་ཚད་ནད་བྱུང༔ འཐབ་བྲལ་ལྷ་ཡི་བུ་མོ་དེས༔ རྒྱ་མཚོའི་གླིང་ལ་ཁྲུས་ལ་ཕྱིན༔ ཟླ་བཟང་ཀླུ་ཡི་བུ་ཡིས་བཟུང༔ འཐབ་བྲལ་ལྷ་ཡིས་དམག་དྲངས་ཏེ༔ ཀླུ་ཡི་གནས་ནས་བཀུག་ཀྱང་ཤོར༔ འཐབ་བྲལ་ལྷ་ཡི་རྒྱལ་པོ་དེས༔ འབྲུ་བདུན་ངར་གྱི་ཕྱེ་བཏགས་ཏེ༔ རིན་ཆེན་ལྔ་ཡི་ཆུ་ལ་སྦྱར༔ དྲི་ངད་སེལ་བའི་སྤོས་ཀྱིས་བརྒྱན༔ རོ་མཆོག་རྩི་དང་སྨན་གྱིས་བརྒྱན༔ གཟུགས་ལ་འདོད་པའི་ཡོན་ཏན་ལྔ༔ མཛེས་པའི་ཁ་དོག་ལྔ་དང་ལྡན༔ ལུས་ངག་ཡིད་གསུམ་བསླུ་བའི་གླུད༔ གདུག་པ་ཀླུ་ཡི་བུ་ལ་བྱིན༔ ལྷ་ཡི་བུ་མོ་བྲོས་ཤིང་ཐར༔ དེ་ནས་གླུད་བྱུང་གང་ནས་བྱུང༔ གླུད་བྱུང་ཟ་ཧོར་ཡུལ་དུ་བྱུང༔ ཟ་ཧོར་རྒྱལ་པོ་གྲགས་པ་གཟི༔ བཞི་བརྒྱ་རྩ་བཞིའི་ནད་ཀྱིས་ཟིན༔ འཚོ་བྱེད་སྨན་པས་སྨན་སྦྱར་ཀྱང༔ རྒྱལ་པོ་དྭངས་པར་མ་གྱུར་ནས༔ སློབ་དཔོན་བྲམ་ཟེ་དགེ་བ་ཡིས༔ འབྲུ་བདུན་ངར་གྱི་མི་ཆེན་ལ༔ རྣམ་ཤེས་བརྒྱད་ཀྱི་ཁོང་གསེང་གསལ༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས༔ རྒྱལ་པོའི་གླུད་དུ་ཕུལ་པ་ཡིས༔ རྒྱལ་པོ་སྙུང་ལས་གྲོལ་ཅིང་ཐར༔ དེ་ནས་གླུད་བྱུང་གང་ནས་བྱུང༔ གླུད་བྱུང་རྒྱ་གར་ཡུལ་དུ་བྱུང༔ རྒྱ་གར་ཆོས་ཀྱི་རྒྱལ་པོ་ལ༔ སྙུང་ནད་ཙི་ཙི་ཛྭ་ལ་བྱུང༔ དེ་ལ་ཅིས་ཕན་དྲིས་པ་ལས༔ མོ་དང་དཔྱད་ཀྱིས་མཐོང་ངོ་ཟེར༔ དེ་ནས་མོ་དང་དཔྱད་བྱས་པས༔ ལན་ཆགས་སྙེག་པའི་ལྷ་འདྲེ་ལ༔ གླུད་དང་ཡས་རྫོངས་ཐོངས་ཤིག་ཟེར༔ སློབ་དཔོན་སྐྱེ་མེད་རྡོ་རྗེ་དེ༔ སྤྱན་དྲངས་གདན་ལ་བཞུགས་སུ་གསོལ༔ ཞལ་དུ་མཐུན་པའི་སྐྱེམས་ཀྱང་དྲངས༔ ཞུ་བ་ཚིག་གསུམ་སྙན་དུ་གསོལ༔ སློབ་དཔོན་སྐྱེ་མེད་རྡོ་རྗེ་ཡིས༔ འབྲུ་སྣ་དགུ་ཡི་ངར་ཕྱེའི་གླུད༔ རྒྱལ་པོའི་སྐུ་ཡི་ཚད་དུ་བྱས༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས༔ བདེན་པའི་ཚིག་གིས་བཀྲོལ་ནས་ཕུལ༔ སྣང་སྲིད་ལྷ་འདྲེ་གླུད་ལ་དགྱེས༔ རྒྱལ་པོ་སྙུང་ལས་གྲོལ་པར་གྱུར༔ དེ་ནས་གླུད་བྱུང་གང་ནས་བྱུང༔ གླུད་བྱུང་རྒྱ་ནག་ཡུལ་དུ་བྱུང༔ རྒྱལ་པོ་ཀྲི་ཀྲི་འོད་བཟང་གིས༔ བྱ་བ་ལོག་པ་སྣ་ཚོགས་བྱས༔ ཉིན་མོ་ལྟས་དང་རྟགས་པ་ངན༔ མཚན་མོ་ལྟས་དང་རྨི་ལམ་ངན༔ བགེགས་ཆེན་ལངས་ཤིང་གདོན་ཆེན་གཡོས༔ འཇམ་དཔལ་ཐུགས་ཀྱི་སྤྲུལ་པའི་སྐུ༔ ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་དེས༔ སྐོར་མགོ་སུམ་བརྒྱ་དྲུག་ཅུ་ལས༔ ངན་པ་གཏོ་དང་གླུད་ཀྱིས་བཅོས༔ ཉེས་པ་མ་ལུས་བསལ་ཞིང་བསྡུས༔ དེ་ནས་གླུད་བྱུང་གང་ནས་བྱུང༔ བོད་ཀྱི་དམ་པའི་ཆོས་སྐྱོང་བ༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དེས༔ དཔལ་གྱི་བསམ་ཡས་བཞེངས་པའི་ཚེ༔ བོད་ཀྱི་ལྷ་འདྲེ་གདུག་པ་ཅན༔ རྒྱལ་བློན་འཁོར་བཅས་ཐུགས་སུ་ཞུགས༔ འབྱུང་བཞིའི་ལུས་ལ་འདུ་བ་འཁྲུགས༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ལྷ་སྲིན་འཁོར་བཅས་དབང་དུ་བསྡུས༔ རིན་ཆེན་ངར་གྱི་མི་མོ་ལ༔ སོ་སོའི་མཐུན་རྫས་བཞེད་པས་བསྐོར༔ ཇི་ལྟར་འདོད་པ་སྤུངས་ཤིང་སྦྱར༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས༔ བདེན་པའི་ཚིག་གིས་བཀྲོལ་ཏེ་བཏང༔ རྒྱལ་པོའི་ལུས་སེམས་བདེ་བ་སྙེད༔ དེ་ནས་གླུད་བྱུང་གང་ནས་བྱུང༔ ད་ལྟ་ཁྱིམ་སྒོ་ལམ་སྲང་འདིར༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི༔ ནད་དང་གནོད་པ་བཟློག་པ་དང༔ ཆག་ཆེ་ཉམ་ང་བསྒྱུར་བ་དང༔ མི་མཐུན་ཕྱོགས་ཀུན་བསལ་བ་དང༔ བདེ་ལེགས་ཕུན་ཚོགས་བསྒྲུབ་པའི་ཕྱིར༔ དྲེགས་པ་སོ་སོའི་མཐུན་རྫས་དང༔ མི་ནོར་ཕྱུགས་ཀྱི་མཐུན་རྫས་དང༔ རང་ལས་འབྱོར་དང་གཞན་ལས་བཙལ༔ དངོས་ཀྱིས་འབྱོར་དང་ཡིད་ཀྱིས་སྤྲུལ༔ དགའ་ཞིང་སྤྲོ་བའི་སེམས་ཀྱིས་ནི༔ ཚུལ་དང་མཐུན་པའི་ཚོགས་ཕྲེང་ཅན༔ གུས་ཤིང་དད་པས་འབུལ་ལགས་ན༔ བུ་ལོན་ལན་ཆགས་བྲལ་བར་མཛོད༔ ཀྱཻ༔ ངར་གྱི་ཕ་སྨྲོས་པ༔ གནམ་ལ་ཡང་རྩེ་ཡབ༔ ངར་གྱི་མ་སྨྲོས་པ༔ ས་ལ་དོག་མོ་ཡུམ༔ གནམ་ས་གཉིས་ལས་སྐྱེས་པའི་ངར༔ སྙིང་ནི་ཞོ་ཤའི་སྙིང༔ ཡིད་དྲན་ཝལ་ལ་ལ༔ རུས་ནི་དུང་གི་རུས༔ དཀར་མདངས་ཡེར་རེ་རེ༔ ཤ་ནི་བསེ་ཡི་ཤ༔ སྨུག་མདངས་ཁམས་སེ་ཁམ༔ ཁྲག་ནི་མཚལ་གྱི་ཁྲག༔ དམར་མདངས་བྲེངས་སེ་བྲེང༔ དྲོད་ནི་མེ་ཡི་དྲོད༔ ཚ་མདངས་འུར་རེ་འུར༔ དབུགས་ནི་རླུང་གི་དབུགས༔ འགྱུ་མདངས་བྲེངས་སེ་བྲེང༔ མགོ་ནི་གོ་ལྕགས་མགོ༔ གདོང་སྐྲག་ཡ་ལ་ལ༔ སྐྲ་ནི་རྦ་ཟེར་སྐྲ༔ མཛེས་རྒྱན་པུ་རུ་རུ༔ ལག་ནི་དབང་པོ་ལག༔ གཡབ་མདངས་ལིངས་སེ་ལིང༔ མིག་ནི་ལུང་ཐང་མིག༔ མཐོང་མདངས་རྒྱངས་སེ་རྒྱང༔ སྣ་ནི་མོ་ཁབ་སྣ༔ དྲི་ཞིམ་ཕྱིངས་སེ་ཕྱིང༔ སོ་ནི་འགྲོན་བུའི་སོ༔ བཞད་སྐད་ཡ་ལ་ལ༔ ལྕེ་ནི་ལེ་བརྒན་ལྕེ༔ སྨྲ་སྐད་ཤ་ར་ར༔ རྐང་པ་སྐྱུང་མོའི་རྐང༔ འགྲོས་སྟབས་ལམས་སེ་ལམ༔ གོས་ནི་བལ་ཚོན་གོས༔ བཟང་གོས་ལྷབ་མ་ལྷུབ༔ མིང་མེད་རང་གི་མིང༔ ཆོ་འབྲང་ཤ་ར་ར༔ མི་བས་གླུད་བཟང་སྟེ༔ དགོས་འདོད་སྣ་དགུ་ཚང༔ མི་བས་གསུང་སྙན་ཏེ༔ ཚངས་པ་ལྷ་ཡི་གསུང༔ མི་བས་འགྲོ་མཁས་ཏེ༔ ཁྱུ་མཆོག་མ་ཧེའི་འགྲོས༔ བཟའ་བས་ཁ་དྲོ་སྟེ༔ ངད་ལྡང་ཐིབས་སེ་ཐིབ༔ མི་བས་ནོར་ཆེ་སྟེ༔ དཀོར་ཆ་སྣ་ཚོགས་བརྒྱན༔ ཕུང་པོ་སྣ་ལྔ་ཚང༔ སྐྱེ་མཆེད་བཅུ་གཉིས་ཚང༔ ཁམས་ཆེན་བཅོ་བརྒྱད་ཚང༔ ལུས་ངག་ཡིད་གསུམ་ཚང༔ རྟེན་འབྲེལ་བཅུ་གཉིས་ཚང༔ སྒང་བུ་མཐོ་མཐོ་ནས༔ གསུང་སྙན་ཀྱུ་རུ་རུ༔ ཡས་ཀྱི་ཡས་གདོན་ཟློགས༔ གཤོང་བུ་དམའ་དམའ་ནས༔ འགྲོས་བཟང་ལྡེམས་སེ་ལྡེམ༔ མས་ཀྱི་མས་གདོན་ཟློགས༔ ཅོ་ཅོ་བདར་བདར་ནས༔ སྐྱེས་པ་དམག་ལ་ཆས་པ་འདྲ༔ ཕོ་བདུད་དལ་ཁ་སྒྱུར༔ བརྒྱན་བརྒྱན་སྤུང་སྤུང་ནས༔ ན་ཆུང་བག་མར་ཆས་པ་འདྲ༔ མོ་བདུད་དལ་ཁ་སྒྱུར༔ འདི་འདྲའི་གླུད་མཆོག་འདི༔ འཕངས་པ་མེད་པར་གཏོང༔ སྤྱི་བདུད་དལ་ཁ་སྒྱུར༔ སྲིད་པའི་ལྷ་འདྲེ་ཡང༔ མིག་གི་དབང་པོ་ཡིས༔ ཡས་དང་གླུད་ལ་ལྟོས༔ རྣ་བའི་དབང་པོ་ཡིས༔ བརྗོད་པའི་སྒྲ་ལ་ཉོན༔ དྲན་པའི་དབང་པོ་ཡིས༔ བདེན་པའི་དོན་ལ་སོམས༔ གླུད་དང་རྫོངས་སུ་འབུལ༔ བུ་ལོན་ལན་ཆགས་འཇོལ༔ དུས་མིན་འཆི་བ་རྣམས་བརྒྱད་ཟློགས༔ ཆག་ཆེ་ཉམ་ང་སྒྱུར་དུ་གསོལ༔ ལོ་ཀག་ཟླ་ཀག་ཐམས་ཅད་ཟློགས༔ ཟ་ཀག་ཞག་ཀག་དུས་ཀག་ཟློགས༔ ཀྱཻ༔ སྲིད་གསུམ་འདི་ན་གང་ཡང་རུང༔ འདི་ན་གནས་པའི་གདོན་ཚོགས་རྣམས༔ ཚུར་གཤེགས་རྒྱལ་བའི་བཀའ་ལ་ཉོན༔ འབྲུ་མཆོག་ངར་གླུད་ཡ་མཚན་ཅན༔ སྔོན་ཚེ་ལྷ་དབང་བརྒྱ་བྱིན་གླུད༔ ད་ལྟ་རྒྱུ་སྦྱོར་ཡོན་བདག་གླུད༔ གླུད་བདག་ཐམས་ཅད་གླུད་ལོངས་ཤིག༔ ཡས་ཀྱི་བདག་པོ་ཡས་ལོངས་ཤིག༔ རྒྱུ་སྦྱོར་སྦྱིན་པའི་བདག་པོ་ཡི༔ རུས་པའི་གླུད་འདི་རྡོ་ལ་གཏོང༔ རྡོ་ལ་གནས་པའི་ལྷ་འདྲེ་རྣམས༔ གླུད་དང་ལན་ཆགས་འདི་ལོངས་ལ༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ ཤ་ཡི་གླུད་འདི་ས་ལ་གཏོང༔ ས་ལ་གནས་པའི་ལྷ་འདྲེ་རྣམས༔ གླུད་དང་ལན་ཆགས་འདི་ལོངས་ལ༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ ཁྲག་གི་གླུད་འདི་ཆུ་ལ་གཏོང༔ ཆུ་ལ་གནས་པའི་ལྷ་འདྲེ་རྣམས༔ གླུད་དང་ལན་ཆགས་འདི་ལོངས་ལ༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ དྲོད་ཀྱི་གླུད་འདི་མེ་ལ་གཏོང༔ མེ་ལ་གནས་པའི་ལྷ་འདྲེ་རྣམས༔ གླུད་དང་ལན་ཆགས་འདི་ལོངས་ལ༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ དབུགས་ཀྱི་གླུད་འདི་རླུང་ལ་གཏོང༔ རླུ་ལ་གནས་པའི་ལྷ་འདྲེ་རྣམས༔ གླུད་དང་ལན་ཆགས་འདི་ལོངས་ལ༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ ཡིད་ཀྱི་གླུད་འདི་མཁའ་ལ་གཏོང༔ མཁའ་ལ་གནས་པའི་ལྷ་འདྲེ་རྣམས༔ གླུད་དང་ལན་ཆགས་འདི་ལོངས་ལ༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ སྔོན་ཚེ་བདེན་པའི་བྱིན་རླབས་ཀྱིས༔ ད་ལྟ་རྒྱུ་སྦྱོར་ཡོན་བདག་གིས༔ བསམ་པ་རྣམ་པར་དག་པ་དང༔ རྣལ་འབྱོར་དམ་ཚིག་ལྡན་པ་ཡི༔ ལྷག་བསམ་དག་པས་བཤམས་པ་ཡི༔ མཆོད་སྦྱིན་གླུད་གཏོར་འདི་བཞེས་ལ༔ ཁྲམ་ལ་བབས་ན་ཁྲམ་ཁ་ཕྱིས༔ ཤོ་ལ་བབས་ན་ཤོ་རྡེའུ་གཏོར༔ རྒྱན་ལ་བབས་ན་རྒྱན་ཁ་སྤོས༔ རྩིས་ལ་བབས་ན་རྩིས་ཁ་ཕྱུངས༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ བདུད་ཀྱི་ཞགས་པ་ཁ་སྒྱུར་ཅིག༔ མི་བས་གླུད་དགའ་བྱ་བས་སྤུ་དགའ་འོ༔ ཞེས་བསྔོས་ཏེ༔ བཞི་མདོའམ་ཆུ་བོའི་གཞུང་ལ་བསྐུར་རོ༔ ༈ དེ་ནས་ཟོར་འཕང་བ་ནི༔ བྷྱོ༔ བླ་མ་དཀོན་མཆོག་ཡི་དམ་ལྷ་ཡི་ཚོགས༔ མ་གཡེལ་མ་འདའ་བདག་གི་གྲོགས་ལ་བྱོན༔ ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས༔ མ་གཡེལ་མ་འདའ་བདག་གི་གྲོགས་ལ་བྱོན༔ ཆེད་དུ་བསྟེན་པའི་དམ་ཅན་མ་མོའི་ཚོགས༔ མ་གཡེལ་མ་འདའ་རང་རང་ཐ་ཚིག་ལོངས༔ ལས་ཀྱིས་ཆགས་པའི་ལྷ་འདྲེ་དྲེགས་པ་ཅན༔ དུས་ལ་བབས་ཀྱིས་ད་ནི་མྱུར་དུ་བྱོན༔ མ་དང་སྲིང་མོ་བུ་མོ་བྲན་མོའི་ཚོགས༔ སླས་དང་ཕྱི་མོ་བྲན་དང་ཡང་བྲན་རྣམས༔ དོ་ནུབ་དུས་བབས་མ་སྲིང་རྒྱ་མཚོ་འདུས༔ དོ་ནུབ་གཟུ་དང་དཔང་མཛོད་དཀོན་མཆོག་གསུམ༔ དོ་ནུབ་སྣང་སྲིད་ལྷ་འདྲེས་ཞལ་ལྕེ་ཆོད༔ མ་ཉེས་མ་ཡོ་གཟུ་དང་དཔང་པོ་མཛོད༔ ད་ལྟ་མཚན་མའི་དངོས་པོ་འདི་ལ་གཟིགས༔ དུས་ཀྱི་ཐ་མར་ལས་ཀྱིས་མནར་བ་དག༔ བཀའ་དང་གཞུང་བཞིན་དམ་ཚིག་སྤྱད་དབང་མེད༔ ཡར་བལྟས་གནམ་ལ་མར་བལྟས་ས་ལ་ཐུག༔ ཕ་བོས་བྲག་ལ་མ་བོས་ཆུ་རུ་འདུག༔ འདི་འདྲའི་དུས་ན་དམ་ཅན་ལས་མ་གཡེལ༔ རང་སྔགས་ནུས་པས་རང་སྲོག་ཆད་ཏ་རེ༔ དུས་ལ་བབས་ཀྱིས་ད་ནི་དམ་ལ་འདུས༔ བྷྱོ༔ དོ་ནུབ་དགྲ་ལ་ཟོར་ཞིག་འཕེན༔ མུ་སུ་ར་ཡི་ཐོད་པ་རུ༔ ཁྲག་སྣ་གསུམ་གྱི་སྙུག་ཆེན་ལ༔ སྨྱོ་བྱེད་དུག་གི་སྒྲོ་ཡང་བསྐྱོན༔ ཡུངས་དཀར་འབར་བའི་མདེ་འུ་གསར༔ ཁྲོ་ཆུང་འབར་བའི་བཅས་ཀྱིས་དཀྲིས༔ ཟོར་གྱི་གཞུ་མཆོག་ལམས་སེ་ལམ༔ སྔགས་ཀྱི་རྒྱུད་སྒྲ་ཆེམས་སེ་ཆེམ༔ དམ་ཉམས་དགྲ་བོ་ལས་ངན་འདི༔ དང་པོར་ཞེ་སྡང་ཕ་ཡིས་བསྐྱེད༔ བར་དུ་འདོད་ཆགས་མ་ཡི་མངལ༔ ཐ་མ་དྲི་ཟ་ལྟོ་བར་འཁོར༔ དེ་ནས་ལྔ་ཕུང་ལུས་སུ་གྲུབ༔ ལྔ་ཕུང་རྩད་ནས་གཅད་པའི་ཕྱིར༔ ལྷ་མོ་ནག་མོས་ཟོར་འཕོངས་ལ༔ མོན་མོས་སྒྱོགས་ཀྱི་དཔུང་ཕུལ་ཅིག༔ བལ་མོས་ཟོར་གྱི་ཁ་སྒྱུར་ཅིག༔ སྲིན་མོས་ཟོར་གྱི་སྒོ་སྟོན་ཅིག༔ དམ་ཉམས་དགྲ་བོ་ལས་ངན་འདིའི༔ འགོ་བའི་ལྷ་ལ་ཁྲག་ཟོར་ཡཱ༔ མིང་དང་གཟུགས་ལ་ཁྲག་ཟོར་ཡཱ༔ སྲོག་རྩ་དམར་ལ་ཁྲག་ཟོར་ཡཱ༔ སྙིང་རྩ་རྒྱུད་ལ་ཁྲག་ཟོར་ཡཱ༔ ཕོ་རྒྱུད་རྩད་ནས་ཆོད་ལ་ཤོག༔ མོ་རྒྱུད་རྨང་ནས་སྐོམ་ལ་ཤོག༔ ཆུང་རྒྱུད་རྩད་ནས་ཆོད་ལ་ཤོག༔ དགྲ་དཔུང་རྩད་ནས་ཆོད་ལ་ཤོག༔ དོ་ནུབ་དགྲ་ལ་དམག་ཅིག་འདྲེན༔ མ་མོའི་ཁྲག་སྣ་དགྲ་ལ་སྒྱུར༔ མ་མོའི་དལ་ཡམས་དགྲ་ལ་ཐོངས༔ མ་མོའི་འདུན་སྟངས་དགྲ་ལ་ཐོངས༔ རྩིས་ཀྱི་རྡེ་འུ་དགྲ་ལ་ཐོངས༔ ནད་ཀྱི་དལ་ཡམས་དགྲ་ལ་ཕོབ༔ དམ་ཉམས་དགྲ་བོའི་ཡུལ་འཁོར་དུ༔ མ་མོའི་ལྟས་ཁྲམ་ཁྲིལ་ལི་ལི༔ དར་ནག་རུ་མཚོན་ཐིབས་སེ་ཐིབ༔ རིམས་ནད་སྣ་ཚོགས་ཆར་ལྟར་ཕོབ༔ གློ་བུར་འཁྲུག་པའི་སྐྱིན་ཐང་ཐོངས༔ སྲོག་རྩ་དམར་པོ་རྦད་ཀྱིས་ཆོད༔ ཚེ་ཡི་འདུ་བྱེད་གནད་ནས་སྐུམས༔ མ་མོའི་ཟ་རེས་དགྲ་ལ་ཕོབ༔ ནད་ཀྱི་ན་བུན་ཐུལ་ལུ་ལུ༔ མཚོན་གྱི་ཆར་པ་ཤར་ར་ར༔ མ་མོའི་གཡབ་དར་ལིངས་སེ་ལིང༔ མ་མོ་ཅེ་སྤྱང་ཞོན་པ་ཡེ་རེ་རེ༔ ལྟས་ངན་ཡང་སྤྲུལ་མང་པོ་ཐིབས་སེ་ཐིབ༔ མི་རྐང་གླིང་བུ་ཀྱུ་རུ་རུ༔ སྤྱུག་པའི་བཤུག་གླུ་ཙེར་རེ་རེ༔ མ་མོ་སྨྲེ་སྔགས་འདོན་ཞིང་འོ་དོད་འབོད༔ དམ་ཉམས་དགྲ་ལ་རྟགས་ཕྱུངས་ཤིག༔ སྒྲོལ་ཅིག་དགྲ་བོ་མྱུར་དུ་སྒྲོལ༔ སོལ་ཅིག་ལམ་གྱི་བར་ཆད་སོལ༔ ཟློགས་ཤིག་འཁོར་བ་རྒྱུད་ནས་ཟློགས༔ བདག་ལ་སྡང་བའི་དགྲ་བོ་འདི༔ ལོ་དང་ཟླ་བར་མ་འཇོག་པར༔ ཞག་དང་ཟ་མར་རྟགས་ཕྱུངས་ཤིག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བརྗོད༔ ཉེ་ན་མཁར་ལ་བརྡེག༔ རིང་ན་ཕྱོགས་སུ་འཕང༔ དུལ་མོས་གདབ༔ འོ་དོད་འབོད༔ སྨྲེ་སྔགས་འདོན༔ གཏོར་མ་བརྡབ༔ ཟོར་མདའ་དང་རྡོ་འཕང་ངོ༔ ཁྲག་ཟོར་འདི་གཉན་པས་གང་རུང་རུང་དུ་མི་བྱའོ༔ མ་མོའི་ཟོར་བསྐུལ་རྫོགས་སོ༔ ༈ མ་མོའི་དམ་བཅའ་བསྐུལ་བ་ནི༔ བྷྱོ༔ ཁྱོད་ནི་བསྟེན་ཅིང་སྒྲུབ་པའི་ཚེ༔ མ་དང་བུ་རུ་བསྟེན་པའི་ཚེ༔ གང་ཡབ་གངས་ཀྱི་བྲག་ཕུག་ཏུ༔ ལི་ཙ་བྱི་ནི་དྲི་མེད་ཀྱི༔ སྤྱན་སྔར་ཁས་བླངས་དམ་བཅས་བཞིན༔ ཇི་ལྟར་དམ་བཅས་མ་གཡེལ་ཅིག༔ རྗེ་དང་འབངས་སུ་བསྟེན་པའི་ཚེ༔ བོ་དོ་ཤན་གྱི་བྲག་ཕུག་ཏུ༔ སུ་ཀ་སི་ནིའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་ཇི་བཞིན་དུ༔ ཇི་ལྟར་དམ་བཅས་མ་གཡེལ་ཅིག༔ མ་དང་སྲིང་དུ་བསྟེན་པའི་ཚེ༔ མགོན་པོ་མ་ཧཱ་ཀཱ་ལ་ཡི༔ གཙུག་ལག་ཆེན་པོའི་ཁང་བཟང་དུ༔ སྤྱན་སྔར་ཁས་བླངས་དམ་བཅས་བཞིན༔ ཇི་ལྟར་དམ་བཅས་མ་གཡེལ་ཅིག༔ གཅེན་དང་གཅུང་དུ་བསྟེན་པའི་ཚེ༔ ཁྲི་རྟ་སྔོན་པོའི་རི་ཁ་རུ༔ བོ་དེ་ཚངས་པ་བླ་མེད་ཀྱི༔ སྤྱན་སྔར་ཁས་བླངས་དམ་བཅས་བཞིན༔ ཇི་ལྟར་དམ་བཅས་མ་གཡེལ་ཅིག༔ གྲོགས་དང་གྲོགས་མོར་བསྟེན་པའི་ཚེ༔ ཙན་དྲ་པུ་ཏྲའི་མཆོད་རྟེན་དུ༔ སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱི༔ སྤྱན་སྔར་ཁས་བླངས་དམ་བཅས་བཞིན༔ ཇི་ལྟར་དམ་བཅས་མ་གཡེལ་ཅིག༔ གཙོ་དང་འཁོར་དུ་བསྟེན་པའི་ཚེ༔ དབང་ཕྱུག་གཙོ་མོ་ཁྱོད་རང་གིས༔ དུར་ཁྲོད་རོལ་ཐང་ནག་པོ་རུ༔ དཀར་མོ་འོད་ཀྱི་བུ་མོ་དང༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་དང༔ ཀུན་ཏུ་བཟང་མོའི་མཁའ་དབྱིངས་དང༔ སྲིང་མོ་བརྒྱ་ཡི་མགྲིན་པ་དང༔ མ་རུ་ཙེ་ཡི་སྒོ་འགྲམ་དུ༔ ཕྱག་ན་རྡོ་རྗེའི་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ དམ་བཅའ་དེ་ལས་འདས་གྱུར་ན༔ རང་སྲོག་སྙིང་ལ་མེ་འབར་ཏེ༔ ལུས་ནི་རྡུལ་ཕྲན་ཚིག་པར་འགྱུར༔ ང་ཡི་བསྟན་པ་མི་བསྲུང་ན༔ མགོ་ནི་ཚལ་པ་བརྒྱར་འགས་ཏེ༔ སྙིང་ཡང་ངེས་པར་དུམ་བུར་འགྱུར༔ དེ་བས་མ་མོ་རང་དམ་ནི༔ རང་གིས་གསོས་ཏེ་དམ་སྲུངས་ཤིག༔ ཅེས་བསྒྲག་གོ༔ ༈ དེ་ནས་མ་མོ་ལ་གཤེགས་སྐྱེམས་བྱ་བ་ནི༔ ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ སྣང་སྲིད་མ་མོའི་ཚོགས་བཅས་དང༔ ནད་བདག་མི་མོའི་ཚོགས་བཅས་རྣམས༔ འདི་ནས་དཔག་ཚད་བརྒྱད་ཁྲི་ན༔ ལྷོ་ཕྱོགས་གཤིན་ཐང་ནག་པོ་ན༔ གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཡིས༔ ཆོས་ཀྱི་འཁོར་ལོ་བསྐོར་བ་ཡོད༔ ཁྱོད་ཀྱི་འབྱོན་ས་དེ་རུ་ཡོད༔ འདི་རུ་མ་བཞུགས་དེ་རུ་བྱོན༔ ནད་ཀྱི་དལ་ཁ་དེ་རུ་སྤོས༔ མ་མོའི་ཁྲམ་སྣ་དེ་རུ་སྒྱུར༔ ལས་ཀྱི་རྡེ་འུ་དེ་རུ་ཁྲོམས༔ མཚོན་གྱི་གྲུ་གུ་དེ་རུ་རྐྱོངས༔ ནད་ཀྱི་རྐྱལ་ཁ་དེ་རུ་ཕྱེས༔ འདི་རུ་མ་འདུག་དེ་རུ་བྱོན༔ ཁྱོད་ཀྱི་བཞུགས་གནས་འདི་ན་མེད༔ འདི་ནི་ཁྲག་འཐུང་དཀྱིལ་འཁོར་ཡིན༔ འདི་ན་ཁྱེད་ཀྱི་བཞུགས་ས་མེད༔ གླུད་དང་གཏོར་མ་འདི་བཞེས་ལ༔ རང་རང་གནས་སུ་བདེ་བར་གཤེགས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ དཔལ་ཆེན་ཆེ་མཆོག་ཁྲོས་པ་ཡི༔ སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་དང༔ འཇིགས་བྱེད་ཁྲོ་བཅུའི་ལྷ་ཚོགས་ཀྱིས༔ མ་རུངས་བཞིན་དུ་བརླག་པར་བྱེད༔ རྣལ་འབྱོར་བདག་གི་བཀའ་ལ་ཉོན༔ རྣལ་འབྱོར་བདག་ལ་བསྡོ་བ་ཡི༔ དམ་ཉམས་དགྲ་བོའི་ཕྱོགས་སུ་བྱོན༔ དམ་ཉམས་དགྲ་བོའི་སྲོག་རྩ་ཆོད༔ ཚེ་ཡི་འདུ་བྱེད་གནད་ནས་སྐུམས༔ མི་རབས་བདུན་རྒྱུད་རྩད་ནས་ཆོད༔ ཚེ་དང་བསོད་ནམས་དཔལ་འབྱོར་སྟུངས༔ ཟ་ཐང་དབང་ཐང་སྟུང་ལ་ཤོག༔ ཕོ་རྒྱུད་རྩད་ནས་ཆོད་ལ་ཤོག༔ མོ་རྒྱུད་རྩད་ནས་ཆོད་ལ་ཤོག༔ ཆུང་རྒྱུད་རྩད་ནས་ཆོད་ལ་ཤོག༔ དགྲ་དཔུང་རྩད་ནས་བཤིག་ལ་ཤོག༔ མི་རབས་རྩད་ནས་ཆོད་ལ་ཤོག༔ ནོར་ཕྱུགས་རྩད་ནས་ཆོད་ལ་ཤོག༔ ལོ་ཐོག་རྩད་ནས་ཆོད་ལ་ཤོག༔ རྣམ་ཤེས་ཚོགས་བརྒྱད་སྡུས་ལ་ཤོག༔ སྙིང་ཁྲག་ཁ་ནས་སྐྱུག་ལ་ཤོག༔ ཁོང་ཁྲག་རྐུབ་ནས་ཐོན་ལ་ཤོག༔ དམེ་དང་ནང་འཁྲུག་ཐོང་ལ་ཤོག༔ ཕུང་བཤིག་རྒྱ་འདྲེ་སློང་ལ་ཤོག༔ རིམས་ནད་ཆར་བཞིན་ཕོབ་ལ་ཤོག༔ དམར་ནད་ཁྲག་ལྟར་ཕོབ་ལ་ཤོག༔ གཟེར་ནད་ཕུར་ལྟར་བཙུག་ལ་ཤོག༔ གག་ལྷོག་ཆུ་ལྟར་སྙིལ་ལ་ཤོག༔ དམ་ཉམས་དགྲ་བོའི་ཡུལ་འཁོར་དུ༔ སྟེང་ནས་གཟའ་ནད་ཐོག་ལྟར་ཕོབ༔ འོག་ནས་ཀླུ་ནད་ཆུ་ལྟར་ཕོབ༔ བར་ནས་བཙན་ནད་གཟེར་ནད་ཕོབ༔ སྣང་སྲིད་མ་མོའི་ཚོགས་རྣམས་ཀྱིས༔ གླུད་དང་གཏོར་མ་འདི་བཞེས་ལ༔ སྔོན་ཚེ་པདྨ་འབྱུང་གནས་དང༔ རྣལ་འབྱོར་བདག་གི་བཀའ་ལ་ཉོན༔ བཅོལ་པའི་ཕྲིན་ལས་ཁྱེད་ཀྱིས་སྒྲུབས༔ རྣལ་འབྱོར་བདེན་པའི་བཀའ་ལ་ཉོན༔ ཅེས་བརྗོད༔ ཚོགས་ལྷག་གཏང༔ རྟ་བྲོ་བརྡུང༔ དམིགས་མེད་ཀྱི་རྒྱས་གདབ༔ བསྔོ་བ་སྨོན་ལམ་བཀྲ་ཤིས་རྣམས་བྱའོ༔ འདི་ནི་ནད་ཟློག་འཆི་ཟློག༔ གཏོར་མདོས་གང་བྱེད་ཀྱི་ལྷན་འདེབས་སུ་བྱའོ༔ ནད་བདག་སྟོབས་འཇོམས་ཀྱི་གྱེར་གླུད་རབས་དང་བཅས་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བྱང་ལྕགས་མཛོད་ནག་པོ་ནས་མ་མོའི་ཟློག་པ་ཉེར་གཅིག་བྱོན་པའི་སྡེ་ཚན་ནོ།། །།
རིག་འཛིན་སྲོག་སྒྲུབ་ལས། གུང་དུ་སྦས་པ་རིག་པའི་རྩལ་དབང་རྣམ་གསུམ་ (Volume 9, Text 5)
༄༅། །རིག་འཛིན་སྲོག་སྒྲུབ་ལས། གུང་དུ་སྦས་པ་རིག་པའི་རྩལ་དབང་རྣམ་གསུམ་བཞུགས་སོ། ། ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ཡཻ། རྩ་བའི་དབང་བསྐུར་རྫོགས་པའི་རྗེས་སུ་ཐུན་མོང་མ་ཡིན་པའི་སློབ་མ་ལ་རིག་པ་རྩལ་གྱི་དབང་བསྐུར་བའི་ཚུལ་ལ་རྣམ་པ་གསུམ་ལས་དང་པོ་ནི། རིག་འཛིན་སྲོག་སྒྲུབ་ལས༔ དབང་མཆོག་རྡོ་རྗེ་སྙིང་པོ་རྫོགས་ཆེན་གསང་བ་ངོ་སྤྲོད་རིག་པའི་རྩལ་དབང་གུད་དུ་སྦས་པ་བཞུགས་སོ༔ ན་མོ་གུ་རུ༔ ཡང་གསང་སྒོམ་མེད་ཚེ་གཅིག་སངས་རྒྱས་ཀྱི་དབང་ཞེས་ཐུན་མོང་ལས་ཁྱད་པར་དུ་འཕགས་པ་དབང་བཞི་གཅིག་ཅར་གྱི་ངོ་སྤྲོད༔ སྐལ་ལྡན་དབང་པོ་ཡང་རབ་ཐོབ་པ་ཙམ་གྱིས་འཁོར་འདས་རང་གྲོལ་དུ་འགྲོ་བའི་ཌཱ་ཀི་དམ་ཅན་གྱི་སྙིང་ཁྲག༔ ཐེག་དགུའི་ཡི་དམ་གྱི་དྭངས་བཅུད༔ རིག་འཛིན་བླ་མའི་གསང་གཏམ༔ དམ་ཚིག་བཀའི་གནད་འགགས༔ ཡང་གབ་སྦས་དོན་ཐམས་ཅད་ཀྱི་མཐར་ཐུག་ནི༔ ཕྱི་ནང་གི་འདོད་པའི་ཡོན་ཏན་རྫས་ལོངས་སྤྱོད་ལུས་ངག་ཡིད་གསུམ་ཐམས་ཅད་ལྟོས་པ་མེད་པར་མཎྜལ་དུ་ཕུལ༔ ལུས་གཅེར་བུར་ཕྱུང༔ ལག་ཐལ་མོ་སྦྱར༔ སེམས་བླ་མའི་ཐུགས་ཀར་རྩེ་གཅིག་ཏུ་གཏད༔ བླ་མ་རིག་འཛིན་ཀུན་འདུས་པདྨ་ཐོད་ཕྲེང་རྩལ་འོད་ཁྲོམ་མེར་འཇའ་ཟེར་ཐིག་ལེའི་ཀློང་ན་བརྒྱུད་གསུམ་གྱི་བླ་མ་ཐམས་ཅད་ཐོ་བརྩེགས་སུ་བཞུགས༔ འཁོར་ཡུག་ཏུ་མཚན་བརྒྱད་སྤྲུལ་པའི་ལྷ་ཚོགས་རྣམས་དང༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ༔ ཡུལ་གནས་དུར་ཁྲོད་ཀྱི་ལྷ་ཚོགས་རྣམས་འཇའ་ཟེར་ཐིག་ལེའི་དབྱིངས་སུ༔ སྣང་སྟོང་སྐྱེ་འགག་སྤྲོས་པ་ཐམས་ཅད་དང་བྲལ་བ་ལྷུན་གྲུབ་འོད་གསལ་རྡོ་རྗེ་སྙིང་པོའི་རང་བཞིན་དུ་གསལ་བར་བསྒོམས་ལ། མཎྜལ་ཕུལ་བ་ནི༔་་་འདིའི་རྗེས་ཟློས་མཛོད༔ མཆན། འབྱམས་ཀླས་ཟག་མེད་བདེ་ཆེན་ཆོས་ཀྱི་དབྱིངས༔ རབ་འབྱམས་སྲིད་ཞི་རང་བྱུང་རིག་པའི་ངང༔ མི་འགྱུར་དབྱིངས་རིག་སྐུ་གསུམ་ཞིང་རབ་འབྱམས༔ སྣང་སྟོང་ལྷུན་གྲུབ་འོད་ལྔའི་ཚོམ་བུར་འབུལ༔ སྒྱུ་འཕྲུལ་ཟག་མེད་རྡོ་རྗེ་ལུས་ཀྱི་སྦུབ༔ འོད་ཀྱི་རྩ་དང་ཡེ་ཤེས་རླུང་ལྔའི་ཞིང༔ རྒྱལ་བ་ཞི་ཁྲོ་རང་བྱུང་དམ་རྫས་དང༔ གནས་ཡུལ་དུར་ཁྲོད་དཔའ་བོ་ཌཱ་ཀིར་བཅས༔ དྭངས་མའི་ཤེས་རིག་མ་བྱུང་མ་སྐྱེས་ཤིང༔ ཟག་བྲལ་བློ་འདས་གདོད་ནས་ཀུན་ཏུ་བཟང༔ དག་པ་གཉིས་ལྡན་ཡེ་ཤེས་འཁོར་ལོ་འདི༔ རིག་འཛིན་རྒྱལ་བའི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་མཆོག་གི་དངོས་གྲུབ་བདག་ལ་སྩོལ༔ ཅེས་ཕུལ། གསོལ་བ་འདེབས་པ་ནི༔ འདིའི་རྗེས་ཟློས་མཛོད༔ སྲིད་ཞིའི་ངོ་བོ་རང་བྱུང་སྙིང་པོའི་བཅུད༔ འོད་གསལ་རྒྱལ་པོ་རང་གྲོལ་ཆོས་ཀྱི་སྐུ༔ མ་འགག་སྣང་བ་གང་ཤར་ཡེ་ཤེས་ཀྱི༔ རྒྱལ་བའི་དཀྱིལ་འཁོར་མི་ཟད་ལོངས་སྤྱོད་རྫོགས༔ གང་འདུལ་ཐབས་ཀྱི་འགྲོ་བ་འདྲེན་པའི་མགོན༔ ཕྱོགས་དུས་རྒྱལ་བ་ཀུན་འདུས་རིག་པ་འཛིན༔ ཐོད་ཕྲེང་རིགས་ལྔའི་སྐུ་གསུང་ཐུགས་རྡོ་རྗེ༔ ཡོན་ཏན་ཕྲིན་ལས་སྙིང་པོར་གསོལ་བ་འདེབས༔ མདོ་རྒྱུད་ལུང་དང་མན་ངག་ཆུ་བོའི་མགོ༔ བཀའ་གཏེར་སྙན་བརྒྱུད་ངེས་དོན་ཡོངས་ཀྱི་མདོ༔ ཐར་གླིང་འགྲོ་བ་འདྲེན་པའི་དེད་དཔོན་མཆོག༔ དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས༔ རང་བྱུང་རང་རིག་ཤེས་པ་བཟོ་མེད་སྟོན༔ ཟག་མེད་དབྱིངས་རིག་སྟོང་གསལ་ལྷིང་པར་སྟོན༔ ལྷུན་གྲུབ་སྣང་སྟོང་སྣང་བཞིའི་སྙིང་པོ་སྟོན༔ འཕོ་མེད་མཆོག་གི་བདེ་ཆེན་འདིར་སྩོལ་ཅིག༔ ཅེས་གསོལ་བ་ལན་གསུམ་གདབ། དེ་ནས་དབང་རྫས་ཐམས་ཅད་ཀ་ཊོ་རར་དར་གྱི་སྟེང་དུ་བཀོད་པ་ཐོགས་ལ། མཆན། དེ་ནས་ཚིག་དབང་བསྐུར་བ་ནི༔ ཧྲཱི༔ གུ་རུ་རིག་འཛིན་འདུས་པའི་འོད་ཟེར་བཅུད༔ ཕྱི་དབྱིངས་འབྱུང་ལྔ་རིགས་ལྔ་ཡུམ་ལྔ་དང༔ ཐོགས་མེད་ཡེ་ཤེས་ཐིག་ལེའི་གུར་ཁང་ཅན༔ རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཀློང༔ པདྨ་འོད་ཀྱི་ཞིང་དུ་དེང་འདིར་བསྐུར༔ བྷྲཱུྃ་མཎྜལ་ཨ་བྷི་ཥིཉྩ་ཧཱུྃ༔ ཕུང་པོ་ལྔ་ནི་རིག་འཛིན་རྒྱལ་བ་ཡབ༔ འབྱུང་བ་ལྔ་ནི་སྟོང་གསལ་དཔའ་མོ་ཡུམ༔ རྣམ་ཤེས་ཚོགས་བརྒྱད་མཚན་བརྒྱད་སྤྲུལ་པའི་སྐུ༔ སྣང་སེམས་དབྱེར་མེད་དཔའ་བོ་མཁའ་འགྲོ་དང༔ ཐེག་དགུ་འདུས་པ་ཡི་དམ་དབང་བསྐུར་རོ༔ གུ་རུ་དེ་བ་ཌཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ༔ ཐབས་ཤེས་སྣོད་བཅུད་སྣང་སྲིད་རྫས་མཆོག་ལ༔ ཏིང་འཛིན་ཡེ་ཤེས་རོ་བཅུད་ནུས་སྦར་ནས༔ གསང་སྔགས་སྙིང་པོ་ཐབས་ཤེས་བདུད་རྩི་དང༔ འདོད་རྒུའི་ཚོགས་ཀྱི་ལོངས་སྤྱོད་མི་ཟད་བཅུད༔ རྩ་བརྒྱད་སྟོང་སྦྱར་བདུད་རྩིའི་དབང་བསྐུར་རོ༔ ཧྲཱི༔ སྣང་ཞིང་སྟོང་ལ་སྟོང་ཞིང་སྣང་བའི་ལུས༔ སྣང་སྟོང་དབྱེར་མེད་སྐུ་ཡི་རིག་པ་འཛིན༔ གྲགས་ཤིང་སྟོང་ལ་སྟོང་ཞིང་གྲགས་པའི་གསུང༔ གྲགས་སྟོང་དབྱེར་མེད་གསུང་གི་རིག་པ་འཛིན༔ རིག་ཅིང་སྟོང་ལ་སྟོང་ཞིང་རིག་པའི་ཐུགས༔ རིག་སྟོང་དབྱེར་མེད་ཐུགས་ཀྱི་རིག་པ་འཛིན༔ ཅིར་ཡང་སྣང་ལ་ཅིར་ཡང་མ་གྲུབ་པ༔ སྣང་སྟོང་དབྱེར་མེད་ཡོན་ཏན་རིག་པ་འཛིན༔ ཕྲིན་ལས་ཡོངས་ཁྱབ་ཕྲིན་ལས་ངོ་བོས་སྟོང༔ སྲིད་ཞི་དབྱེར་མེད་ཕྲིན་ལས་རིག་པ་འཛིན༔ སྐྱེ་མེད་ཐུགས་ལ་འགག་མེད་གསུང་རྡོ་རྗེ༔ སྐྱེ་འགག་བྲལ་བ་རང་བྱུང་སྤྲུལ་པའི་སྐུ༔ འགྲོ་འདུལ་ཡོན་ཏན་ཕྲིན་ལས་བསམ་མི་ཁྱབ༔ ངོ་བོ་གཅིག་ལ་རྣམ་པ་དེར་སྣང་ཡང༔ སྲིད་ཞིས་མ་གོས་སྲིད་ཞིའི་དངོས་ཐམས་ཅད༔ རིག་འཛིན་རྒྱལ་བའི་དགོངས་པར་དབང་བསྐུར་རོ༔ ཞེས་སྒྲུབ་རྫས་རྣམས་ཐམས་ཅད་དར་གྱི་འདོ་ལིར་བཏེགས་ལ། རྡོ་རྗེ་སློབ་དཔོན་དང་གཟུང་མས་རྡོ་རྗེ་དྲིལ་བུའི་ཕྱག་རྒྱའི་བར་ནས་བསྐུར་ལ། རྗེས་དོན་གྱི་ཡེ་ཤེས་ངོ་སྤྲད་པ་ནི༔ ཧོ༔ དང་པོ་འཁོར་འདས་ཅིར་ཡང་མ་གྲུབ་པའི་སྔོན་རོལ་དུ་རང་བྱུང་རིག་པ་གདོད་ནས་སངས་རྒྱས་པ་ཡིན་ཏེ༔ བར་དུ་མ་རིག་པ་ལས་དུག་ལྔ་གཟུང་འཛིན་བག་ཆགས་ལ་ཞེན་པས་འཁོར་བར་འཁྱམས་པའོ༔ ད་ལྟ་བག་ཆགས་ཀྱི་ངོ་བོ་རང་ངོ་ཤེས་པས་རང་སར་གྲོལ་བའི་གནད་འདི་རིག་འཛིན་ཐམས་ཅད་ཀྱི་སྙིང་པོ་ཡིན༔ དེ་ལ་རྣམ་པར་རྟོག་པ་ཕྱིར་ལྷོད༔ ཕྱིའི་སྣང་བ་དང་ནང་གི་རྣམ་པར་རྟོག་པ་ལ་གཉིས་སུ་མེད་པར་བྱུང་གནས་འགྲོ་གསུམ་དང་བྲལ་བ་གསལ་སྟོང་རིག་པའི་ངོ་བོ་ཡེ་རེ་ངོ་འཕྲོད་པ་འདི་ཞེ་སྡང་གནས་སུ་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཀློང་དུ༔ སྐུའི་རིག་འཛིན་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་ངོ་བོར་སངས་རྒྱས་པ་ཡིན་ནོ༔ ཡང་རིག་རྩལ་ཚུར་བསྡུས་ཏེ་རང་བཞིན་གཤིས་ཀྱི་སྙིང་པོར་མཉམ་པར་གཞག་པས་སྣ་ཚོགས་ཀྱི་ཚོར་བ་ཐམས་ཅད་སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་བ༔ མཉམ་ཉིད་ཡེ་ཤེས་ཀྱི་འོད་ཀློང་དུ་རཏྣ་ཐོད་ཕྲེང་རྩལ་གྱི་སྐུར་སངས་རྒྱས་པ་ཡིན་ནོ༔ ཡང་སེམས་ཀྱི་ངོ་བོ་ཕྱིར་མ་སྤྲོས༔ ནང་དུ་མ་བསྡུས༔ རང་བབས་སུ་བཞག་པའི་ཚོར་བ་དང་པོ་དེ་འདུ་ཤེས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཀློང་དུ་པདྨ་ཐོད་ཕྲེང་རྩལ་གྱི་སྐུར་སངས་རྒྱས་པ་ཡིན་ནོ༔ དེ་ནས་འཁོར་བ་དང་མྱ་ངན་ལས་འདས་པ་སྣང་སྲིད་ཀྱི་ཡུལ་ཐམས་ཅད་ལ་ཤེས་པ་འཕྲོ་རུ་ཆུག་ཅིག༔ སྣང་ཞིང་སྲིད་པ་ཐམས་ཅད་ཅིར་ཡང་མ་གྲུབ་པ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཀློང་དུ་ཀརྨ་ཐོད་ཕྲེང་རྩལ་གྱི་སྐུར་སངས་རྒྱས་པ་ཡིན་ནོ༔ དག་དང་མ་དག༔ སངས་རྒྱས་མ་རྒྱས་ཀྱི་སོ་མཚམས་དབྱེ་མཁན་གྱི་ཤེས་རིག་རྗེན་པ་ཅིར་ཡང་མ་གྲུབ་པ་དེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ཀློང་དུ་སྐུ་ལྔ་ལྷུན་གྲུབ་བུདྡྷ་ཐོད་ཕྲེང་རྩལ་གྱི་སྐུར་སངས་རྒྱས་པ་ཡིན་ནོ༔ གང་ཤར་ཤར་ཐོག་ཏུ་སྐྱོངས་ཤིག༔ ཚོགས་དྲུག་གི་སྣང་བ་ཀུན་གཞིའི་ངོ་བོ་ཉོན་མོངས་པའི་ཡིད་དང་བཅས༔ རྣམ་པར་ཤེས་པའི་ཚོགས་བརྒྱད་འདི་ཡེ་ཤེས་རང་ཤར་སྤྲུལ་པ་མཚན་བརྒྱད་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པ་ཡིན་ནོ༔ དུག་ལྔ་ཡེ་ཤེས་ལྔ༔ སྐུ་ལྔ་རང་གྲོལ་སྲིད་ཞིའི་སྣང་གྲགས་ཐམས་ཅད་རང་གྲོལ་དཔའ་བོ་མཁའ་འགྲོའི་དཀྱིལ་འཁོར་དུ་སངས་རྒྱས་པ་ཡིན་ནོ༔ དག་དང་མ་དག༔ གཟུང་བ་དང་འཛིན་པ༔ ང་ཁྱོད་ཆགས་སྡང་ཕྱོགས་རིས་སུ་འཛིན་པའི་ཤེས་པ་རིག་སྟོང་ཟང་ཐལ་རྗེན་པ་ཕྱོགས་བྲལ་ཆེན་པོ་དམ་ཅན་ཆོས་སྲུང་གི་དཀྱིལ་འཁོར་དུ་སངས་རྒྱས་པ་ཡིན་ནོ༔ སྨྲ་བསམ་བརྗོད་པ་དང་བྲལ་བ་ལྟ་བའི་དབང༔ སྐྱོང་སྒོམ་དྲན་འཛིན་དང་བྲལ་བ་སྒོམ་པའི་དབང༔ དངོས་འཛིན་གཟའ་གཏད་དང་བྲལ་བ་སྤྱོད་པའི་དབང༔ སྐྱེ་འགག་གནས་གསུམ་དང་བྲལ་བ་གཞིའི་དབང༔ སྤང་བླང་རེ་དོགས་དང་བྲལ་བ་འབྲས་བུའི་དབང༔ དོན་ལ་འཐོབ་བྱ་འཐོབ་བྱེད༔ བསྐུར་བྱ་སྐུར་བྱེད་ལས་འདས་པ༔ དཔེས་མཚོན་དུ་མེད་པ༔ ཚིག་གིས་བརྗོད་དུ་མེད་པ༔ བློས་བསམ་དུ་མེད་པ༔ རང་རིག་རང་གྲོལ་ལྷིང་བ་འདི་རིག་པ་རྩལ་གྱི་དབང་ཡིན༔ དབང་འདི་ཐོབ་པ་ཙམ་གྱིས་རིག་འཛིན་གྱི་གོ་འཕང་ཚེ་འདིར་ཐོབ་པ་ཡིན་ནོ༔ ཕྱི་སྣང་བ་ཐམས་ཅད་སྣང་སྟོང་འོད་ཟེར་གྱི་ཚོམ་བུ་ཡིན་ནོ༔ ཆོས་ཉིད་མངོན་སུམ་གྱི་སྣང་བར་ངོ་ཤེས་པར་གྱིས་ཤིག༔ ནང་ཕུང་ཁམས་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་ཡིན་ནོ༔ ཉམས་སྣང་གོང་འཕེལ་གྱི་གནས་ལུགས་ཡིན་པ་ངོ་ཤེས་པར་གྱིས་ཤིག༔ གསང་བ་རང་རིག་གི་ངོ་བོ་ཆོས་དབྱིངས་འོད་གསལ་གྱི་སྙིང་པོ་ཡིན་ནོ༔ རིག་པ་ཚད་ཕེབས་ཀྱི་ངོ་བོ་ངོ་ཤེས་པར་གྱིས་ཤིག༔ སྒོ་གསུམ་རང་གྲོལ་གྱི་གཤིས་ལུགས་བློ་འདས་ཆོས་ཟད་ཀྱི་ངོ་བོ་ཡིན་ནོ༔ སྣང་བ་བཞི་གཅིག་ཆར་དུ་རྫོགས་པར་ངོ་ཤེས་པར་གྱིས་ཤིག༔ ལྷུན་གྲུབ་སྣང་བཞི་ཟད་སར་འཁྱོལ་བ་སྐུ་ལྔ་འོད་ཀྱི་སྦུབས་སྣང་སྲིད་གཞོན་ནུ་བུམ་སྐུར་གྲོལ་བས༔ གདོད་མ་སྐྱེ་མེད་ཀྱི་དབྱིངས་སུ་བཙན་ས་ཟིན་པ་ངོ་ཤེས་པར་གྱིས་ཤིག༔ རྫོགས་པ་ཆེན་པོ་བརྗོད་མེད་ཟག་བྲལ་རྡོ་རྗེའི་དབང་མཆོག༔ བརྟན་གཡོའི་སྲིད་པ་གསུམ་ན་རྙེད་པར་དཀའ་ཞིང༔ འབུམ་ཕྲག་དྲུག་ཅུ་རྩ་བཞིའི་རྒྱུད་སྡེ་སྤྱི་ཆིངས་ཀྱི་གནད༔ སེམས་ཀློང་མན་ངག་སྡེ་གསུམ་གྱི་བཅུད་དམ་པ་ཡིན་ནོ༔ འདི་ནི་གནས་འོག་མིན་དམ་པ་གསང་སྔགས་རྡོ་རྗེ་གདན་གྱི་གཙུག་ལག་ཁང་དུ་ལྕགས་ཕོ་སྟག་གི་གནམ་ལོ་གསར་པའི་ཐོ་རངས་མདུན་གྱི་ནམ་མཁར་པདྨ་འབྱུང་གནས་གཙོ་འཁོར་གསུམ་དངོས་སུ་བྱོན་ཞིང༔ ཟག་བྲལ་འཕོ་ཆེན་རྡོ་རྗེའི་སྙིང་པོ་ཡེ་ཤེས་རབ་འབྱམས་ཀྱི་དབང་འདི་རང་རིག་པའི་ངོ་བོར་ཐོབ་སྟེ་བྲིས་པ་མིན་རེ་ཤི༔ དབང་འདི་བསྐུར་བ་ལ་སྒྲུབ་པ་ལོ་གསུམ་གྱི་དམ་བཅའམ༔ ཐ་མ་ཡང་རིག་འཛིན་སྲོག་སྒྲུབ་ཀྱི་དམ་བཅའ་དང་སྒྲུབ་པ་ལོ་གཅིག་མི་བྱེད་པ་ལ་བསྟན་པར་མི་བྱ་ཞིང༔ དབང་འདི་ཞུས་ནས་བཀའ་ལོག་དང་དམ་ལོག༔ ཐེ་ཚོམ་དང་ཡིད་གཉིས་ལོག་པར་ལྟ་བ་བྱས་ན༔ དེའི་དབང་པོ་དྲག་པོ་སྡེ་བདུན་གྱིས་སྣུབས་ཤིག༔ སྙིང་ཁྲག་ཨེ་ཀ་ཛཱ་ཊིས་དགའ་སྟོན་དུ་རོལ་ཅིག༔ སྐལ་ལྡན་རྣམས་སྨིན་གྲོལ་མངོན་དུ་གྱུར་ནས་ཚེ་གཅིག་ལ་སངས་རྒྱས་པའི་སྟོངས་གྲོགས་མཛོད་ཅིག༔ འདིའི་བསྟན་པ་མི་ནུབ་ཅིང་ཕྱོགས་བཅུར་འཕེལ་བའི་སྟོངས་གྲོགས་མཛོད་ཅིག༔ ཅེས་བརྗོད༔ རིག་འཛིན་སྲོག་གི་སྒྲུབ་པ་དག་སྣང་འོད་ཕུང་ཆེན་པོའི་དབང་མཆོག་སྙིང་གི་ཐིག་ལེ་རིག་འཛིན་གྱི་སྲོག་དབང་ཌཱ་ཀིའི་བཀའ་རྒྱ་ཅན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་པདྨ་འོད་ཀྱི་དྲྭ་བའི་ཞིང་བཀོད་བརྗོད་པ་ཞེས་བྱ་བ་ལས་བྱུང་བའི་རིག་པ་རྩལ་དབང་ནི། རྡོ་རྗེ་གསོར་དྲིལ་བུ་བསིལ་ཏེ། ཧཱུྃ༔ གསལ་དྭངས་མི་འགྱུར་གསང་མཆོག་རྡོ་རྗེ་གདན༔ འོད་ལྔའི་དྭངས་བཅུད་སྐུ་ལྔར་ལྷུན་གྲུབ་པའི༔ དཀྱིལ་འཁོར་གཙོ་མཆོག་རིག་འཛིན་བླ་མ་ལ༔ སྲིད་ཞིའི་རིགས་འདུས་ཕུན་ཚོགས་བཀོད་སྤྲིན་གྱིས༔ མཎྜལ་མཆོད་འབུལ་དབང་བསྐུར་བྱིན་གྱིས་རློབས༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དྷརྨ་དྷཱ་ཏུ་ཨ༔ སིདྡྷི་ཕ་ལ་ཧཱུྃ༔ ཆོས་དབྱིངས་བདེ་བ་ཆེན་པོ་བྷ་གའི་ཀློང༔ ཟག་མེད་འཇའ་ལུས་རྡོ་རྗེའི་སྐུ་མངའ་བ༔ ཉེར་བཞིའི་ཌཱ་ཀིའི་གཙོ་མཆོག་གུ་རུ་རྗེ༔ ཟག་མེད་རྡོ་རྗེ་སྣང་སྲིད་རང་སྣང་གི༔ འོད་སྐུ་བདེ་འབར་སྟོང་པར་བྱང་ཆུབ་པའི༔ བདེ་མཆོག་འོད་གསལ་སྒྱུ་མ་རྡོ་རྗེའི་དབང༔ ལུས་ལ་བསྐུར་རོ་གླུ་གར་མཆོད་པ་བཞེས༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཐིག་ལེ་ཆེན་པོ་གཅིག་གི་ཀློང༔ སྣང་སྲིད་འཁོར་འདས་ཅི་ཤར་ཡང༔ ཐིག་ལེ་ཆེན་པོ་གཅིག་ཏུ་རྫོགས༔ གྲ་ཟུར་མེད་པའི་ཐིག་ལེ་ཡི༔ ཟེར་ལྔ་འོད་ཀྱི་ཐིག་ལེར་བཅས༔ དཔའ་བོའི་ཚོགས་ལ་བྱིན་ཅིག་ཕོབ༔ དཔའ་མོའི་ཚོགས་ལ་བྱིན་ཅིག་ཕོབ༔ རྣལ་འབྱོར་རྣམས་ལ༔ ཨ་ཨ་དྷརྨཱ་དྷཱ་ཏུ་སིདྡྷི་ཕ་ལ་ཧཱུྃ༔ ཨ༔ ཕྱོགས་ལྷུང་བྲལ་བ་བུམ་པའི་དབང༔ འདུ་འབྲལ་མེད་པ་གསང་བའི་དབང༔ ཐབས་ཤེས་བདེ་སྟོང་ཤེར་ཡེའི་དབང༔ བརྗོད་བྲལ་ཀ་དག་ཚིག་གི་དབང༔ ཀུན་འདུས་རིག་པའི་རྩལ་དབང་ནི༔ ཕྱི་ཡི་སྣང་བ་དྭངས་མའི་འོད༔ ནང་གི་རིག་པ་རྡོ་རྗེའི་སྐུ༔ གཉིས་མེད་རིག་འཛིན་དགོངས་པའི་བཅུད༔ དཔའ་བོའི་ཚོགས་ལ་བྱིན་ཕོབ་ཅིག༔ དཔའ་མོའི་ཚོགས་ལ་དབང་སྐུར་ཅིག༔ རྣལ་འབྱོར་ཡེ་ཤེས་ངོ་སྤྲོད་ཅིག༔ བར་སྣང་གི་ནི་ཕྱོགས་བཞི་ལ༔ འཁྲོབས་ཤིག་འཛིན་མེད་ཀྱི་རིག་པ༔ རང་འགྲོས་ཐོང་ཞིག་གཏད་མེད་ཀྱི༔ སྤྱོད་པ་གང་ཤར་དུ་སྐྱོངས་ཤིག༔ ཨ་ཨ་ཨ༔ ཞེས་བརྗོད་པར་བྱའོ། །གསུམ་པ་དག་སྣང་མོས་གུས་ཟབ་དོན་རྟོགས་པའི་སྒོ་འབྱེད་ཅེས་བྱ་བ་ལས་བྱུང་བའི་རིག་པ་རྩལ་དབང་ངམ་རིག་འཛིན་འདུས་པའི་རྡོ་རྗེ་སྲོག་དབང་བསྡུས་པར་གྲགས་པ་ནི། ཧཱུྃ༔ མཐའ་བྲལ་རིག་པ་ཀུན་བཟང་ཡབ་དང་ཡུམ༔ གཉིས་མེད་མཉམ་སྦྱོར་སྦུབས་སུ་སྲིད་ཞིའི་ཆོས༔ འུབ་ཆུབ་སྤྲོས་དང་བྲལ་བ་རྡོ་རྗེའི་དབང༔ འདིར་ཚོགས་སྐལ་ལྡན་བུ་ཡིས་ཐོབ་པར་ཤོག༔ ཕཊ༔ སྣང་བའི་དངོས་པོ་ཟག་བྲལ་འཇའ་འོད་གུར༔ མེར་མེར་ཤིག་ཤིག་བན་བུན་ཡོམས་སེ་ཡོམ༔ ཞེན་འཛིན་གཟའ་གཏད་བྲལ་བ་སྒྱུ་མའི་ངང༔ སྣང་སྟོང་ཀློང་ཡངས་ཆོས་དབྱིངས་ཆེན་པོའི་ངང༔ ཚོགས་དྲུག་ཡུལ་གྱི་ཞེན་འཛིན་དག་པར་ཤོག༔ ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕུང་ཁམས་ལྷུན་གྲུབ་རྡོ་རྗེའི་འཇའ་ལུས་སྐུ༔ བརྟགས་ན་དངོས་མེད་མ་བརྟགས་སྣང་བའི་ཆོས༔ སྣང་སྟོང་དབྱེར་མེད་སྣང་སྲིད་རྒྱལ་བའི་ཞིང༔ དག་པ་རབ་འབྱམས་དགོངས་པར་དབང་བསྐུར་རོ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྐྱེ་འགག་བྲལ་བའི་རང་རིག་ཆོས་སྐུའི་ངང༔ འོད་གསལ་རྒྱུན་ཆད་མེད་པ་ཆུ་བོའི་རྒྱུན༔ རེ་དོགས་སྤང་བླང་བྲལ་བ་དངོས་པོའི་གཤིས༔ སྐུ་གསུམ་རིག་པ་རྫོགས་པར་དབང་བསྐུར་རོ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སེམས་གཞི་གྲོལ་བྱ་བྲལ་བརྗོད་མེད་ཀློང༔ གོལ་བའི་ས་མེད་བརྗོད་པའི་ཡུལ་བྲལ་བའི༔ རང་གྲོལ་རང་དབང་བདེ་ཆེན་ཐིག་ལེའི་དབང༔ འབྲས་བུ་རྩལ་རྫོགས་སྐྱེ་བ་མེད་པར་བསྐུར༔ ཨ་ཨ་ཨ༔ ཕཊ༔ ཅེས་བསྐུར་རོ། །དེ་དང་རྗེས་འབྲེལ་དུ་བླ་མའི་རྣལ་འབྱོར་དང་དབང་བཞི་ལེན་པའི་དམིགས་པ་ལ་བླ་མའི་རྣལ་འབྱོར་ནི། ཨ༔ མ་ཡེངས་མ་བཅོས་རང་རིག་ཆོས་སྐུའི་ངང༔ གསལ་སྟོང་དབྱེར་མེད་བླ་མ་སྐུ་གསུམ་གྱི༔ དག་པ་རབ་འབྱམས་རྒྱན་གྱི་འཁོར་ལོའི་གཞིར༔ རང་ལུས་འོད་སྣང་རྡོ་རྗེ་བཙུན་མོར་གསལ༔ སྤྱི་བོའི་གཙུག་ཏུ་པད་སྡོང་འཇའ་ཟེར་དང༔ འོད་ལྔའི་ཐིག་ལེར་འཁྲུགས་པའི་ཚོམ་བུའི་དབུས༔ རྩ་བའི་བླ་མ་ཡིད་བཞིན་ནོར་བུ་ལ༔ འདྲེན་མཆོག་བརྒྱུད་གསུམ་བླ་མ་སྤྲིན་ཕུང་གཏིབས༔ སྐུ་གསུང་ཐུགས་ཀྱི་འོད་ཟེར་སྣང་སྲིད་ཁྱབ༔ སྣང་སྲིད་རྡུལ་ཕྲན་བདེར་གཤེགས་གཞལ་ཡས་ཁང༔ ལྷ་དང་བླ་མ་ཐུགས་རྗེའི་བྱིན་འོད་འཁྲུགས༔ ཐུགས་གསང་རྒྱན་གྱི་འཁོར་ལོ་དམ་པར་གྱུར༔ དབང་བཞི་ལེན་པ་ནི། སྣང་གྲགས་ཐམས་ཅད་རྒྱལ་བའི་སྐུ་དང་གསུང༔ ཐུགས་ཀྱི་རྡོ་རྗེ་ཐིག་ལེ་འོད་ལྔའི་བཅུད༔ སྤྱི་མགྲིན་སྙིང་ག་ལྟེ་གསང་གནས་ལྔར་བབས༔ སྒོ་ལྔའི་འཛིན་སྣང་འོད་སྐུར་རྒྱ་རལ་ནས༔ ཆུ་ཟླ་སྤྲུལ་པ་སྒྱུ་མའི་དཔེ་བརྒྱད་དང༔ འོད་གསལ་སྟོང་དབྱིངས་ཆེན་པོར་མཁའ་སྤྱོད་སྦུབས༔ འོག་མིན་རྡོ་རྗེའི་གདན་དུ་དབང་བཞི་རྫོགས༔ ཕྱིར་མི་ལྡོག་པ་རྒྱ་ཡིས་མཛེས་སྐུར་བསྟན༔ སྲིད་གསུམ་འགྲོ་བའི་མོས་པའི་རྒྱ་མཚོའི་ཁར༔ གང་འདུལ་སྤྲུལ་པའི་འོད་ཟེར་མཐའ་ཡས་པའི༔ རྒྱལ་བའི་ཞིང་ནས་བདག་གིས་ཡོངས་འཕྲོས་ཏེ༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ༔ ཞེས་བརྗོད། དེ་ནས་བཀྲ་ཤིས་ཀྱི་མེ་ཏོག་འཐོར་བ་སོགས་རྗེས་ཀྱི་རིམ་པ་ལ་འཇུག་པར་བྱའོ། །འདི་ནི་ཉམས་སུ་ལེན་ངེས་པ་མ་གཏོགས་ཁྱབ་བརྡལ་དུ་མི་སྤེལ་བའི་བཀའ་རྒྱ་དམ་པོ་བཏབ་པར་སྣང་ངོ་།། །།
ལྷ་ཆེན་གྱི་རྗེས་གནང་ཐུན་མོང་མ་ཡིན་པ་ (Volume 53, Text 5)
༄༅། །ལྷ་ཆེན་གྱི་རྗེས་གནང་ཐུན་མོང་མ་ཡིན་པ་བཞུགས་སོ། ། ཨོཾ་སྭསྟི། པདྨ་གར་དབང་ཧེ་རུ་ཀ །འཇིག་རྟེན་མགོན་པོའི་རྣམ་རོལ་པ། །དེ་ལ་བཏུད་དེ་རྗེས་གནང་གི །ཆོ་ག་མདོ་ཙམ་བཤད་པར་བྱ། །འདིར་ལྷ་ཆེན་དབང་ཕྱུག་ཆེན་པོའི་རྗེས་གནང་གི་ཆོ་ག་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། རྗེས་གནང་གི་ཆོ་ག་འོ། །དང་པོ་ཡོ་བྱད་བཤམ་པ་ནི། རྒྱལ་ཕུར་འཛོམ་པའམ་རྒྱལ་དང་ལྡན་པ་ལ་དབེན་པའི་གནས་སུ་སྟེགས་བུ་གྲུ་བཞི་པའི་ཁར་མཎྜལ་ཟླ་གམ་དམར་པོ་སྒོ་གཅིག་ནུབ་ཏུ་བསྟན་པའི་ནང་དུ་པདྨ་འདབ་བཞི་དང་། ཕྱི་རོལ་པད་རྭ་དང་འོད་ཕྲེང་གིས་བསྐོར་བའི་དབུས་སུ་ཚོམ་བུ་དམར་པོ་བཀོད། དེའི་སྟེང་དུ་མཉྫི་ལ་དབང་གཏོར་དམ་རྫས་ཀྱིས་བསྐོར་བ་སྐུ་གཟུགས་དང་དར་དམར་གྱིས་བརྒྱན་པ་བཀོད། མདུན་དུ་རིན་པོ་ཆེའི་སྣོད་མེ་ཏོག་དམར་པོས་བཀང་བའི་དབུས་སུ་བླ་རྡོ་རྟེན་རྫས་དང་། གཡས་སུ་ལྕགས་ཀྱུ། གཡོན་དུ་ཞགས་པ། ཇི་ལྟར་བདེ་བར་ཡི་དམ་ལྷ་ཡི་འདས་གཏོར་དང་ལྷ་ཆེན་ཉིད་ཀྱི་འབུལ་གཏོར། མཐའ་མཆོད་པས་བསྐོར་བའམ་ཕྲེང་ཚར་དུ་བཤམ། རང་གི་མདུན་དུ་རྡོར་དྲིལ་ནང་མཆོད་མེ་ཏོག །གོང་ནོན་གསང་སྒྲུབ་ཀྱི་བྲིས་སྐུ། སྒྲུབ་ཡིག་གི་པུསྟི། ཐིག་ལེའི་རྫས་ཆང་དང་སྦྱར་བ་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བཤམ་མོ། །གཉིས་པ་དངོས་གཞི་སྒྲུབ་ཐབས་ནི། སྔོན་འགྲོ་ནས་གཟུང་བདག་བསྐྱེད་བཟླས་པའི་བར་རྩ་བའི་ལས་གཞུང་བཞིན་ནམ། བསྡུ་ན་གསང་སྒྲུབ་ཁོ་ནའི་སྒོམ་བཟླས་ཙམ་བྱ་སྟེ་འཇུག་པ་བདེ་ཞིང་འབྲེལ་ཆགས་པའང་ཡིན་ནོ། །གང་ལྟར་ནའང་བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་གཏོར་རྣམས་བྱིན་གྱིས་བརླབ། མདུན་གྱི་རྟེན་བསང་སྦྱང་། སྟོང་པའི་ངང་ལས་རང་གི་མདུན་དུ་པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་སོགས་ནས་བཟླས་པའི་མཐར་ཐུག་པ། ཐུན་མཚམས་ཀྱི་མཆོད་པ་དང་བཅས་པ་ཕྲིན་ལས་ཁམས་གསུམ་མྱུར་འགུགས་བཞིན་བྱས་ནས། སློབ་མ་རྗེས་སུ་འཛིན་པར་གསོལ་བ་གདབ་པ་རྣམས་བྱའོ། །གསུམ་པ་རྗེས་གནང་དངོས་ནི། སློབ་མ་དམ་ཚིག་དང་ལྡན་པ་ལྔ་ལས་མི་མང་བ་ཁྲུས་བྱས། ཕྱག་རྟེན་དར་དམར་པོ་དང་རིན་པོ་ཆེ་དང་མེ་ཏོག་དམར་པོ་ཅི་འབྱོར་པ་ཕུལ་ནས་ཕྱག་བྱས་ཏེ་གྲལ་ལ་འཁོད་པ་ལ། བགེགས་གཏོར་བཏང་ནས་སྲུང་འཁོར་གྱིས་མཚམས་བཅད་དེ་སློབ་དཔོན་གྱིས། སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བ་དང་གནས་སྐབས་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་ཞི་ཞིང་མཐུན་རྐྱེན་ཕུན་སུམ་ཚོགས་པར་བྱ་བའི་ཆེད་དུ། ལྷ་ཆེན་དབང་ཕྱུག་ཆེན་པོའི་རྗེས་སུ་གནང་བ་གསན་ལ་དོན་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེ་ལ་འདིར་ཐུགས་རྗེ་ཆེན་པོའི་བཀའི་སྲུང་མ་འཇིག་རྟེན་ན་དྲག་རྩལ་དབང་ཕྱུག་གྲུབ་པའི་ཞེས་སོགས་ལོ་རྒྱུས་ཅི་རིགས་པ་བཤད་ནས། དེ་ལྟ་བུའི་ལྷ་ཆེན་དབང་ཕྱུག་ཆེན་པོའི་རྗེས་སུ་གནང་བ་སྒྲུབ་པ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་ཐམས་ཅད་གྲུབ། སློབ་མའི་བྱ་བ་སློབ་དཔོན་དཔལ་པདྨ་གར་གྱི་དབང་ཕྱུག་དངོས་ཡིན་སྙམ་པས་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ཞུ་བྱས་ལ། དེས་ཀྱང་མཎྜལ་འབུལ། སྙིམ་པ་མེ་ཏོག་དང་བཅས་པས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ༔ ཐུགས་རྗེ་ཆེན་པོའི་གཏེར་མངའ་བ༔ དམ་ཚིག་བདག་པོ་དགོངས་སུ་གསོལ༔ ཁམས་གསུམ་ཀུན་ལ་དབང་སྒྱུར་བའི༔ མཐུ་ཆེན་གྲུབ་པ་བདག་ལ་སྩོལ༔ ཅེས་ལན་གསུམ་ཞུ། སློབ་དཔོན་གྱིས། དྲེགས་པའི་ལྷ་ཆེན་དབང་ཕྱུག་ཆེ༔ ཁྱོད་ཀྱིས་མཆོད་ཅིང་སྒྲུབ་པ་དང༔ དམ་ཚིག་མཆོག་ལ་གནས་ནུས་སམ༔ དེ་ལྟར་རུང་ན་སྦྱིན་པར་བྱ༔ ཞེས་དྲི། སློབ་མས། ཇི་ལྟར་བསྒོས་པའི་དམ་ཚིག་ལས། །སྲོག་ལ་བབས་ཀྱང་མི་འདའ་ན། །དཔའ་བོ་ཆེན་པོས་རྗེས་སུ་ཟུངས། །ཞེས་ཁས་བླང་། མདུན་གྱི་ནམ་མཁའི་གནས་སུ་ལྷ་ཆེན་ལྕམ་དྲལ་གྱི་སྟེང་གི་ཆ་ལ་བླ་མ་ཡི་དམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པར་མོས་ནས། དེ་དག་ལ་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས་མཛོད། ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ བླ་མ་སངས་རྒྱས་དམ་པའི་ཆོས༔ ཚོགས་མཆོག་བདེ་གཤེགས་དཀྱིལ་འཁོར་ལྷ༔ མཁའ་འགྲོར་བཅས་ལ་སྐྱབས་སུ་མཆི༔ ཞེས་གསུམ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱི་འོ་སྙམ་པས་འདིའི་རྗེས་ཟློས་མཛོད། བརྒལ་དཀའ་སྲིད་པའི་རྒྱ་མཚོ་ལས༔ མཁའ་མཉམ་འགྲོ་རྣམས་བསྒྲལ་བའི་ཕྱིར༔ བླ་མེད་རྫོགས་པའི་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ ཞེས་གསུམ། རྒྱུད་དག་པའི་སླད་དུ་ནམ་མཁར་བཞུགས་པའི་ཚོགས་ཞིང་རྣམས་ཀྱི་སྤྱན་སྔར་ཕྱག་མཆོད་ལ་སོགས་པ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། སྲས་བཅས་རྒྱལ་བ་འཁོར་བཅས་ལ༔ གུས་པས་བཏུད་དེ་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་བླ་མེད་པའི༔ མཆོད་པ་ཀུན་གྱིས་ཡང་དག་མཆོད༔ ཚེ་རབས་ཐོག་མེད་ནས་བྱས་པའི༔ སྡིག་པའི་ལས་རྣམས་མཐོལ་ཞིང་བཤགས༔ སེམས་ཅན་ཀུན་ལ་ཕན་མཛད་པའི༔ དགེ་བ་ཀུན་ལ་ཡི་རང་ངོ༔ སངས་རྒྱས་མྱ་ངན་འདའ་བཞེད་གང༔ བསྐལ་པ་རྒྱ་མཚོར་བཞུགས་སུ་གསོལ༔ གདུལ་བྱའི་བསམ་པ་ཇི་བཞིན་དུ༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ བསོད་ནམས་གང་ཞིག་བགྱིས་པ་རྣམས༔ ཐམས་ཅད་བྱང་ཆུབ་ཆེན་པོར་བསྔོ༔ ཞེས་གསུམ་གྱིས་རྒྱུད་དག་པར་བྱ། དེ་རྣམས་སྔོན་འགྲོའོ། །དངོས་གཞི་ལས་རྗེས་གནང་གི་གཞི་སྒྲུབ་པ་ནི། སློབ་དཔོན་དཔལ་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་སྦྱངས་ཏེ་དྲི་མ་དང་བྲལ་བའི་རང་བཞིན་དུ་གྱུར། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་དཔའ་བོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། སྤྱི་གཙུག་ན་རྟ་གདོང་བཞད་པ། གཡས་པདྨའི་ཕྲེང་བ་དང་གཡོན་པདྨའི་སྡོང་བུ་འཛིན་པ། ཁྲོ་གཏུམ་བཟོད་པར་དཀའ་བའི་ཉམས་ཅན། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པ། རུས་པ་དང་རིན་པོ་ཆེའི་རྒྱན་ཅན། དར་གྱི་སྟོད་གཡོགས་དང་སྟག་ལྤགས་ཀྱི་ཤམ་ཐབས་ཅན་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པར་བསམ། དེ་ལྟར་ཁྱེད་རང་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དུ་གསལ་བའི་མདུན་དུ་པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་ཟླ་གམ་སྒོ་གཅིག་པ་ཞེས་པ་ནས། འོད་ཟེར་དམར་པོ་རབ་ཏུ་འཁྲུགས་པའི་དབུས་ན་བཞུགས་པ་ཞེས་པའི་བར་བརྗོད་དེ། སློབ་མ་དང་མདུན་བསྐྱེད་གཉིས་ཀའི་གནས་གསུམ་བྱིན་གྱིས་བརླབ། ཁྱེད་རང་ཁྲོ་བོའི་རྒྱལ་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཚངས་པའི་གནས་དང་གངས་དཀར་ཏི་སེ་རྒྱ་མཚོ་ཆེན་པོའི་འགྲམ་ལ་སོགས་པ་ནས་ལྷ་ཆེན་ལྕམ་དྲལ་འཁོར་དང་བཅས་པ་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་བྱོན་པར་བསམ། ཞེས་པ་ནས། ས་མ་ཡ་ཏིཥྛ་ལྷན༔ ཞེས་པའི་བར་བརྗོད་པས་མདུན་བསྐྱེད་དང་གཉིས་སུ་མེད་པར་གྱུར། ཨཱོྃ་བཛྲ་ས་མ་ཡ་རཀྵ་ཧཱུྃ༔ ཞེས་ཏྲི་ཤཱུ་ལའི་རྒྱས་དམ་ལ་བཞག །མཆོད་བསྟོད་བསྡུས་པ་ཞིག་བྱ། སྤྱན་འདྲེན་གྱི་ཚེ་རོལ་ཆེན་ཀྱང་བྱའོ། །གཉེན་པོའི་དབང་ནི། སློབ་དཔོན་ལ་གུས་འདུད་དུང་པ་བྱས་པས་དེའི་ཐུགས་ཀ་ནས་རྟ་མགྲིན་གཉིས་པ་ཞིག་བྱུང་བ་ཁྱེད་རང་གི་སྤྱི་བོར་ཐིམ་པར་མོས་ཤིག་བྱས་ལ། རྟ་མགྲིན་གྱི་སྐུ་སྤྱི་བོར་བཞག་སྟེ། ཧྲཱི༔ དཔལ་ཆེན་ཧ་ཡ་གྲཱི་བའི་སྐུ༔ ཇི་སྙེད་སངས་རྒྱས་ཀུན་གྱི་བདག༔ དྲེགས་པ་སྤྱི་ཡི་གཉེན་པོར་ཆེ༔ དེང་འདིར་ཁྱོད་ལ་དབང་བསྐུར་རོ༔ ཨཱོྃ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་པས་སློབ་མ་རྟ་མགྲིན་དངོས་སུ་གྱུར་ཏེ་དྲེགས་པ་སྤྱི་འདུལ་གྱི་མཐུ་དང་ལྡན་པར་གྱུར། གཉེན་པོའི་དབང་ངོ་། །སླར་ཡང་དེ་ཉིད་འོད་ཕུང་དམར་པོར་ཞུ་བའི་སྙིང་པོ་ཡི་གེ་ཨཾ་དམར་པོ་འབར་བར་གྱུར། དེ་ཡོངས་སུ་གྱུར་པ་ལས། ལྷ་ཆེན་དབང་ཕྱུག་ཆེན་པོ་སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་འོད་འབར་བ་ཞེས་པ་ནས། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཞེས་པའི་བར་གྱིས་ལྷ་ཆེན་གྱི་སྐུར་བསྐྱེད་པ་ལ། མདུན་གྱི་ལྷ་ཆེན་ལས་ལྷ་ཆེན་གཉིས་པ་ཞིག་འཕྲོས། ཁྱེད་རང་ལ་ཐིམ་པས་གཉིས་མེད་དུ་གྱུར་པར་མོས་མཛོད་བྱས་ལ། གཏོར་མ་ལག་ཏུ་གཏད་ནས། ཧྲཱི༔ ཁམས་གསུམ་དབང་དུ་བྱེད་པའི་ལྷ༔ དབང་ཕྱུག་མ་ཧཱ་དེ་བ་ཡི༔ དངོས་གྲུབ་ཆེན་པོའི་དམ་ཚིག་འདིས༔ ཁྱོད་ལ་དབང་བསྐུར་ཐོབ་གྱུར་ཅིག༔ རྩ་སྔགས་ཀྱི་མཐར་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཞེས་བྱིན། སྐུའི་རྗེས་གནང་ངོ་། །རྩ་སྔགས་དང་དབྱངས་གསལ་བརྗོད་བཞིན་དུ་སྒྲུབ་ཡིག་ལག་ཏུ་གཏད་པའི་མཐར་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀའི་ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཀྱི་ཕྲེང་བ་བྱུང་། ཞལ་ནས་ཐོན། ཁྱེད་རང་གི་ཞལ་དུ་ཞུགས། ཐུགས་ཀའི་ཧྲཱིཿཡིག་གི་མཐར་གཡས་སྐོར་དུ་འཁོད་པར་མོས་ནས་འདིའི་རྗེས་ཟློས་མཛོད་བྱས་ལ། ཨཱོྃ་བཛྲ་སོགས་རྟ་མགྲིན་གྱི་སྔགས་ལན་གསུམ་རྗེས་ཟློས་བྱ། ཡང་མདུན་གྱི་ལྷ་ཆེན་གྱི་ཐུགས་ཀའི་ཨཾ་ཡིག་ལས་སྔགས་ཕྲེང་བྱུང་བ་ཁྱེད་རང་གི་སྙིང་གའི་ས་བོན་གྱི་ཞབས་སུ་ཐིམ་པར་མོས་ནས་འདི་ཡི་རྗེས་ཟློས་མཛོད། ཨཱོྃ་མ་ཧཱ་དེ་བ་ཛ༔ སོགས་ལྕམ་དྲལ་འཁོར་བཅས་ཀྱི་སྔགས་ལན་གསུམ་རྗེས་ཟློས་བྱ། མེ་ཏོག་འཐོར་ཏེ། དཔལ་རྟ་མགྲིན་དང་ལྷ་ཆེན་ལྕམ་དྲལ་གྱི་གསུང་སྔགས་ཀྱི་ནུས་པ་ཐམས་ཅད་འདིའི་རྒྱུད་ལ་འཇུག་པར་གྱུར་ཅིག །ཅེས་བརྗོད། གསུང་གི་རྗེས་གནང་ངོ་། །རྫས་ཀྱི་ཐིག་ལེ་སྙིང་གར་བཀོད་ནས་སྙིང་གའི་སྔགས་ཕྲེང་མར་མེ་ལྟར་འབར་བ་ལས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་རྒྱུད་བསྐུལ། དེའི་ཨཾ་ལས་འོད་ཟེར་དམར་པོ་བསམ་གྱིས་མི་ཁྱབ་པ་འཕྲོས། འཇིག་རྟེན་ཁམས་ཀྱི་དྲེགས་པ་ཅན་ཐམས་ཅད་ཀྱི་རྒྱུད་བསྐུལ་བས། དེ་རྣམས་ཀྱིས་ཁམས་གསུམ་གྱི་སྐྱེ་འགྲོ་བསོད་ནམས་ཅན་ཐམས་ཅད་དང་། དེ་རྣམས་ཀྱི་ལུང་རྟོགས་ཀྱི་ཡོན་ཏན་ཚེ་དང་བསོད་ནམས་དང་དཔལ་དང་འབྱོར་པ་དང་ནོར་དང་འབྲུ་བཅུད་མཐུ་སྟོབས་དང་གཟི་བརྗིད། འབྱུང་བཞིའི་བཅུད་དང་སྙིང་པོ་སོགས་སྣོད་བཅུད་ཀྱི་ཡོན་ཏན་ཐམས་ཅད་བསྡུས་ནས་འོད་ཟེར་དམར་པོར་ལྟེམ་གྱིས་ཞུ་བའི་དྭངས་མ་ཁྱེད་རང་གི་སྙིང་གར་ཧྲིལ་གྱིས་ཐིམ་པས། ཁམས་གསུམ་གྱི་འགྲོ་བ་སྤྱོད་ཡུལ་དང་བཅས་པ་ཐམས་ཅད་དབང་དུ་འདུས་པ་ཡིན་སྙམ་དུ་མོས་པ་མཛོད་བྱས་ལ་དྲིལ་བུ་གསིལ་ཞིང་སྦྱར་སྤོས་བསྲེག་པ་དང་བཅས་པས་རྩ་སྔགས་མང་དུ་བརྗོད་པས་ཐུགས་རྒྱུད་བསྐུལ་ནས་བཀའ་བསྒོ་བ་ནི། གསང་རྟེན་སྙིང་གར་གཏད་དེ་རོལ་མོའི་སྒྲ་དང་བཅས་པས་སྔགས་རྣམས་ཀྱི་མཐར་ལྷ་ཆེན་དབང་ཕྱུག་ཆེན་པོ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱིས་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་རྡོ་རྗེའི་སློབ་མ་རྣམས་ཀྱི་ལུས་དང་གྲིབ་བཞིན་དུ་འགྲོགས་ནས། དུས་འདི་ནས་སངས་རྒྱས་མ་འཐོབ་ཀྱི་བར་དུ་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང་། སྲུང་བ་དང་། སྐྱབ་པ་དང་སྦ་བའི་ཕྲིན་ལས་མཛོད། མཐུན་རྐྱེན་ཚེ་དང་བསོད་ནམས་དཔལ་འབྱོར་དང་དབང་ཕྱུག་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛོད། འཇིག་རྟེན་ཁམས་ཀྱི་ལྷ་འདྲེ་མི་གསུམ་ཐམས་ཅད་དབང་དུ་བསྡུས་ནས་ཟས་ནོར་ལོངས་སྤྱོད་མངའ་ཐང་སྙན་གྲགས་ཐམས་ཅད་ཀྱིས་ཕོངས་པ་མེད་པར་ཡིད་བཞིན་དུ་འབྱོར་པ་དང་། དེ་དག་གིས་ཀྱང་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་པ་བདེ་བ་བསམ་གྱིས་མི་ཁྱབ་པ་འབྱུང་བ་དང་། མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྲིན་ལས་མཛོད་ཅིག །ཅེས་བཀའ་བསྒོས་པས་ལྷ་ཆེན་ལྕམ་དྲལ་གྱིས་དེ་ལྟར་ཞལ་གྱིས་བཞེས་ཏེ་གཏོར་མ་རྟེན་རྫས་ཀྱི་མཚོན་པའི་ལྷ་ཆེན་ཁྱེད་རང་གི་སྙིང་ག་ནས་ཞུགས་ཏེ་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད། ཐུགས་ཀྱི་རྗེས་གནང་ངོ་། །དེ་ལྟར་སློབ་མ་ཁམས་གསུམ་གྱི་དབང་ཕྱུག་ཆེན་པོར་གྱུར་པ་དེ་ལ་ལྕགས་ཀྱུ་གཏད་ནས། འདི་ནི་དབང་གི་ལྕགས་ཀྱུ་སྟེ༔ འགྲོ་བ་ཀུན་གྱི་སྙིང་ནས་འཛིན༔ ཁམས་གསུམ་མ་ལུས་དབང་དུ་སྡུད༔ དབང་གི་ཕྱག་རྒྱར་ཁྱོད་ལ་སྦྱིན༔ ཨཱོྃ་ཨཾ་ཀུ་ཤ་ཧྲིཾ་ཛ༔ ཞགས་པ་གཏད་ལ། འདི་ནི་དབང་གི་ཞགས་པ་སྟེ༔ འགྲོ་བ་ཀུན་གྱི་ལུས་ངག་ཡིད༔ འཆིང་བྱེད་རླུང་གི་ཞགས་པ་སྟེ༔ དབང་གི་ཕྱག་རྒྱར་ཁྱོད་ལ་སྦྱིན༔ ཨ་ནྲྀ་ཏྲི་པཱ་ཤ་ཧཱུྃ༔ ཞེས་ལྷའི་ང་རྒྱལ་གྱིས་དགུག་པ་དང་འཆིང་བའི་ཕྱག་རྒྱ་བྱས་པས། ནམ་མཁའ་གང་བའི་འཁོར་ཚོགས་རྣམས་ཀྱིས་ཕྲིན་ལས་རྣམ་བཞི་སོགས་འདོད་དོན་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་བསམ་མོ། །ཕྲིན་ལས་ཀྱི་རྗེས་གནང་ངོ་། །གཏོར་མ་དངོས་གྲུབ་ཀྱི་རྫས་སུ་གཏད་ལ། བདུད་རྩིའི་རོ་མཆོག་དམ་པ་ཡིས༔ ཟས་ནོར་ལོངས་སྤྱོད་ཆར་ལྟར་འབེབ༔ འཇིག་རྟེན་གསུམ་གྱི་བཅུད་རྣམས་ཀུན༔ དབང་དུ་བྱེད་པར་ཁྱོད་གྱུར་ཅིག༔ ཨཱོྃ་སརྦ་ཨ་མྲྀཏ་སིདྡྷི་ཧཱུྃ༔ འཇིག་རྟེན་ཁམས་ཀྱི་ཟས་ནོར་ལོངས་སྤྱོད་ཐམས་ཅད་དབང་དུ་གྱུར་སྙམ་པ་གྱིས་ཞེས་དངོས་གྲུབ་ཏུ་རོལ་བཅུག་ལ་གཞན་ལ་མི་སྦྱིན་ནོ། །ལོངས་སྤྱོད་དམ་ཡོན་ཏན་གྱི་རྗེས་གནང་ངོ་། །འདི་ནི་ཤིན་ཏུ་བཀའ་གཉན་ཅིང་ཟབ་པས་སྒྲུབ་པ་ལ་བརྩོན་པར་བྱེད་ཅིང་སྣོད་མིན་ལ་གསང་། སྐལ་ལྡན་རེ་རེ་ཙམ་ལ་སྤེལ་བར་བྱ་འོ། །ཞེས་གདམས་ནས། གཙོ་བོས་ཇི་ལྟར་སོགས་ཀྱིས་དམ་ཚིག་ཁས་བླང་། སླར་ཡང་ལས་དང་མཐུན་པའི་ཡོན་འབུལ། གཏང་རག་གི་མཆོད་བསྟོད་དང་བཟོད་གསོལ་གཤེགས་བསྡུ་ཤིས་བརྗོད་སྨོན་ལམ་རྣམས་བྱའོ། །གར་དབང་རྣམ་འ༵གྱུར་ལྷ་ཆེན་པོར། །ཡོངས་བཞེངས་ཐོགས་མེ༵ད་ཕྲིན་ལས་ཅན། །རྡོ༵་རྗེ༵་ཐེག་པའི་དབང་སྡུད་ལྷའི། །སྙིང་པོ་མཆོག་འདི་དགའ་བས་ལོངས། །ཤ་འུག་ཟབ་གཏེར་ལྷ་ཆེན་དབང་ཕྱུག་ཆེན་པོའི་རྗེས་གནང་གི་ཆོ་ག་ཐུན་མོང་མ་ཡིན་པ་འདི་ནི་ཨོ་རྒྱན་རྣམ་གྲོལ་གྱིས་བསྐུལ་ངོར་འགྱུར་མེད་རྡོ་རྗེས་བཀོད་པ་སྟེ་སྣོད་མིན་ལ་གསང་ངོ་།། །།
གསང་ཐིག་སྐོར་གསུམ་ལས། ཡང་དག་ཕྱག་རྒྱ་གཅིག་པའི་ཚོགས་མཆོད་བདེ་ཆེན་བཅུད་ཐིག་ (Volume 28, Text 5)
གསང་ཐིག་སྐོར་གསུམ་ལས། ཡང་དག་ཕྱག་རྒྱ་གཅིག་པའི་ཚོགས་མཆོད་བདེ་ཆེན་བཅུད་ཐིག་ཅེས་བྱ་བ་བཞུགས་སོ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །དཔལ་ལྡན་བླ་མ་ཡང་དག་པར། །གྲུབ་པ་གཅིག་པུ་ལ་ཕྱག་འཚལ། །ཚུལ་འདི་འབྲི་ལ་བྱིན་རླབས་སྩོལ། །དུས་དང་རྒྱུན་དུ་འདི་ལ་འཇུག་བདེའི་ཚོགས་མཆོད་བྱ་བར་སྤྲོ་ན། དཔལ་གཏོར་སྨན་རཀ་ཕྱི་མཆོད་ཚོགས་ཀྱི་ཡོ་བྱད་རྣམས་བཤམས་ལ། སྐྱབས་སེམས་ཡན་ལག་བདུན་པ། གཏེར་གཞུང་གི་བདག་བསྐྱེད་བཟླས་པ་ཅི་འགྲུབ་མཐར། གཏོར་མ་བྱིན་རླབས་དང་གཏོར་འབུལ། ཨ་ཀཱ་རོ་ལན་གསུམ། ཧཱུྃ༔ དཔལ་ཆེན་འཁོར་དང་སོགས་སྐོང་ཆོག་ཚིག་རྐང་དྲུག་པོ་ལན་གསུམ་བདུན་སོགས་གང་ནུས་དང་དབང་ལེན་བྱ། དེ་ནས་ཚོགས་ཆང་སྣོད་ཐོད་པ་ཡོད་ན་ལེགས་ཤིང། ཐོད་པ་མ་འཛོམ་ནའང་ཆང་སྣོད་མདུན་དུ་བཞག །ལག་གཉིས་བཏེགས་ལ། རང་ཉིད་ཧེ་རུ་ཀར་གསལ་བའི༔ ལག་གཡས་ཉི་མར་རུ་ལུ་བསྒོམ༔ གཡོན་པར་ཟླ་བར་རུ་ལུ་བསྒོམ༔ གཡས་པར་བདུད་རྩི་གཡོན་ལྷ་ཚོགས༔ གཡས་པའི་བདུད་རྩི་གཡོན་ལ་འབུལ༔ རྗེས་ཆགས་བདེ་སྦྱོར་འོད་དུ་ཞུ༔ ཐོད་པའི་ཆང་དང་དབྱེར་མེད་འདྲེས༔ ཞེས་གསལ་བཏབ་ལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ལན་གསུམ་བརྗོད་ཅིང་ལག་གཡས་མཐེབ་སྲིན་སྦྱར་བས་གཡོན་ལ་འཐོར། པད་ཀོར་དང་སོར་མོ་བསྣོལ་བའི་ཐལ་སྦྱར་ཆང་སྣོད་ལ་དགབ། ཐོད་པ་ཉི་ཟླའི་སྣོད་ཡངས་པར༔ ཚོགས་ཆང་རུ་ལུ་འབྲུ་བརྒྱད་བསྒོམ༔ འོད་འཕྲོས་སྣོད་བཅུད་བདུད་རྩི་བསྡུས༔ སྔགས་ལ་ཐིམ་ནས་འོད་དུ་ཞུ༔ ཡེ་ཤེས་བདུད་རྩི་ཆེན་པོར་གྱུར༔ རུ་ལུ་ལན་གསུམ་བརྗོད། བསང་ཆུ་དང་བྱིན་བརླབས་བྱས་པའི་བདུད་རྩི་དེས་ཚོགས་རྫས་ཐམས་ཅད་བྲན་ལ། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས༔ རྣམ་པར་རྟོག་པ་དམིགས་མེད་དབྱིངས༔ མ་ལས་ཉི་མའི་སྣོད་ཡངས་པར༔ ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ་རྣམས་ལས༔ ཡེ་ཤེས་ལྔ་ཡི་འདོད་ཡོན་སྤྲིན༔ བླ་ན་མེད་པའི་ཚོགས་སུ་གྱུར༔ ཨོཾ་ཨཱཿཧཱུྃ༔ ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ ཧེ་རུ་ཀ་ཡི་གནས་བཅུ་དང༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ དཔལ་ཆེན་ཁྲག་འཐུང་སྤྱན་འདྲེན་གྱིས༔ དུར་ཁྲོད་མཆོག་གི་གནས་འདི་རུ༔ ཞིང་ཆེན་གསར་རྙིང་རི་ལྟར་སྤུངས༔ དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ༔ མ་ལུས་བཞེས་ཤིང་བསྣམ་དུ་གསོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་ཨེ་ཧྱེ་ཧི་ཨཱ་ན་ཡ་ཛཿཧཱུྃ་བཾ་ཧོ༔ དང་པོ་མཆོད་པ་ནི། ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡི་ཚོགས་མཆོད་འདི༔ ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ༔ ཨོཾ་ག་ཎ་ཙཀྲ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧོ༔ བར་པ་བཤགས་པ་ནི། ཧཱུྃ༔ ཚེ་རབས་ཐོག་མ་མེད་པ་ཚུན་ཆད་ནས༔ ད་ལྟའི་ལུས་འདི་བླངས་པ་ཡན་ཆད་དུ༔ ལུས་ཀྱིས་སྡིག་བྱས་སྤྱོད་པ་ངན་དུ་སྤྱད༔ ངག་གིས་ཚིག་རྩུབ་འཁྱལ་སྨྲ་ངན་དུ་བརྗོད༔ སེམས་ཀྱིས་བློ་ནོར་ལོག་པར་བསམ་པ་དང༔ འདོད་ཁྲོ་གཏི་མུག་དབང་གིས་ནོངས་བགྱིས་པ༔ བཀྲམ་པའི་ལྷ་ཚོགས་རྣམས་ལ་བཟོད་པར་གསོལ༔ ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང༔ དེ་ཡི་འཁོར་དུ་གཏོགས་པའི་ལྷ་སྲིན་རྣམས༔ མི་ཡི་སྐྱོན་མཐོང་ཙམ་ནས་བར་ཆད་བརྩམ༔ ནོངས་ཤིང་འགལ་འཁྲུལ་ཅི་མཆིས་མཐོལ་ལོ་བཤགས༔ ཞེས་དང་ཡིག་བརྒྱ་བརྗོད། ཐ་མ་བསྒྲལ་བསྟབ་ནི། ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ འབར་བ་གཏུམ་ཆེན་རྔམས་པ་རྣམས༔ ཁྲོས་པའི་ཡིད་ཀྱིས་བསྐུལ་བྱས་ན༔ སངས་རྒྱས་བསོད་ནམས་སྐུ་ཡང་འཇིག༔ བདུད་རྩི་ལྔ་དང་ཟས་ལྔ་ལ༔ མཚན་མ་མིང་དང་བཅས་པ་ལ༔ བཀུག་སྟེ་རྡོ་རྗེ་ཕུར་པས་བསྒྲལ༔ རྡུལ་དུ་བརླགས་ནས་ཚོགས་སུ་འབུལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ༔ ཞེས་བསྒྲལ་ལ། ཧཱུྃ༔ རྡོ་རྗེ་འབར་བའི་ཚོགས་མཆོད་འདི༔ མཆོད་སྤྲིན་ཀུན་ཏུ་རྒྱས་གྱུར་ཅིག༔ དུག་གསུམ་བརྩེགས་པའི་རི་བོ་འདི༔ སྐུ་གསུང་ཐུགས་ཀྱི་ཀློང་དུ་སྟོབ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་རཾ་ཁཱ་ཧི༔ ཞེས་བསྟབ་བོ། །གལ་ཏེ་ཚོགས་འབུམ་ཕྲག་སོགས་གསོག་དགོས་པའི་སྐབས་སུ་འདི་ཡན་ཚར་གཅིག་སོང་ནས། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབ། རུ་ལུ་འབྲུ་བརྒྱད་མཐར། མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ དཔལ་ཆེན་འཁོར་དང་བཅས་པ་རྣམས༔ སོགས་སྐོང་བ་ཚིག་རྐང་དྲུག་པོ་བརྗོད་པ་ཚར་རེ་བྱ་བ་ལ་གྲངས་གཟུང་ངོ་། །དེ་ནས་བརྡ་དང་བརྡའི་འབུལ་ལེན་གྱིས་ཚོགས་དྲངས་ལ། རང་ཉིད་ཧེ་རུ་ཀ་དཔལ་གསལ༔ མགྲིན་པར་རིག་འཛིན་བླ་མའི་ཚོགས༔ སྙིང་གར་ཡི་དམ་ཞི་ཁྲོའི་ལྷ༔ ལྟེ་བར་གཽ་རཱི་མཁའ་འགྲོ་རྣམས༔ གསང་བར་དམ་ཅན་ཆོས་སྐྱོང་ཚོགས༔ ཚོགས་ཀྱི་འཁོར་ལོར་ལོངས་སྤྱོད་པས༔ ལུས་ལྷ་བདེ་བ་ཆེན་པོར་མཉེས༔ བྱིན་རླབས་དངོས་གྲུབ་སྩོལ་བ་དང༔ བར་ཆད་སེལ་ཞིང་ཕྲིན་ལས་སྒྲུབ༔ བདེ་ཆེན་ཡེ་ཤེས་རྩལ་རྒྱས་ཤིང༔ ཉམས་རྟོགས་གོང་ནས་གོང་འཕེལ་ཞིང༔ ཧེ་རུ་ཀ་པའི་གོ་འཕང་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བརྗོད་ལ་ནང་གི་ཚོགས་སུ་རོལ། ལྷག་མ་དམ་ཚིག་གི་བདུད་རྩིས་བྲན་ལ། པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོ་ཧྲཱི༔ ཧཱུྃ༔ མཁའ་འགྲོ་གིང་དང་དབང་ཕྱུག་མ༔ མ་བདུན་སྲིང་བཞི་འབར་མ་བརྒྱད༔ ཕོ་ཉ་ལ་སོགས་ལྷག་སྡུད་ཚོགས༔ དཔལ་གྱི་ཕམ་ཕབ་འདི་གསོལ་ལ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ཅེས་ཕྱིར་དོར་ཞིང་བཤལ་ཆུ་བསྔོ་ལ། ཕ་མ་དྲིན་ཅན་འགྲོ་དྲུག་དང༔ ལན་ཆགས་རྣམས་ཀྱིས་ཐོབ་པར་བསྔོ༔ གནོད་སེམས་སྡུག་བསྔལ་ལན་ཆགས་བྱང༔ ཐམས་ཅད་བདེ་ཆེན་ཐོབ་པར་ཤོག༔ ཡ་ཧི་གཙྪ༔ ཞེས་བརྗོད། དེ་ནས་ཚོགས་མགྲོན་ལ་དམིགས་ཏེ། ཨོཾ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས་ ཤབྡ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ༔ སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་། །བྱམས་དང་སྙིང་རྗེས་དགྲ་ཟིན་མི་མངའ་ཡང་། །གདུག་པ་འདུལ་ཕྱིར་དུས་ལ་མི་འདའ་བའི། །འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཅེས་མཆོད་བསྟོད་བྱ། ཡིག་བརྒྱ་བརྗོད། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། ཧཱུྃ༔ སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་དེ༔ ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང༔ མཆོག་དང་ཐུན་མོང་དངོས་གྲུབ་དམ་པ་རྣམས༔ བདག་ལ་སྩོལ་ཞིང་བརྟན་པར་བཞུགས་སུ་གསོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ༔ ཞེས་དངོས་གྲུབ་བླངས་ལ་ཚོགས་མགྲོན་རྟེན་ཡོད་ན་དེ་དང་མེད་ན་རང་ལ་ཐིམ་པར་མོས། སྣང་སྲིད་འོད་ཞུ་སོགས་གཏེར་གཞུང་ལྟར་བདག་བསྐྱེད་འཇུག་ལྡང་བྱ། དགེ་བསྔོ་ཤིས་བརྗོད་ནི། ཧོ༔ བླ་མེད་ཡེ་ཤེས་ལས་བྱུང་བའི༔ བསོད་ནམས་མཐའ་ཡས་དམ་པ་དེས༔ མཁའ་མཉམ་སེམས་ཅན་མ་ལུས་པ༔ ཧེ་རུ་ཀ་དཔལ་ཐོབ་པར་ཤོག༔ འགྱུར་བ་མེད་པ་རང་གི་གཤིས༔ རྟག་ཅིང་བརྟན་པ་རྡོ་རྗེའི་གནས༔ རང་རིག་ཡེ་ཤེས་དབྱེར་མེད་པར༔ མངོན་འཚང་རྒྱ་བའི་བཀྲ་ཤིས་ཤོག༔ ཅེས་པས་གྲུབ་བོ། །སྤྲོས་པར་དགྱེས་ལ་མི་མཁོ་ཡང། །བློ་དམན་རྣམས་ལ་ཕན་པ་ཡི། །ལྷན་ཐབས་འདི་སྦྱར་དགེ་མཆིས་ན། །འགྲོ་ཀུན་ཧེ་རུ་ཀ་ཐོབ་ཤོག །ཅེས་པའང་ཉེ་བར་གནས་པ་ཀརྨ་ནོར་འཕེལ་ནས་དོན་དུ་གཉེར་བའི་ངོར། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་དཔལ་ཆེན་ཡེ་ཤེས་ཀྱི་འཁོར་ལོར་སྦྱར་བ་དགེ་ལེགས་འཕེལ།། །།
ཚེ་གཡང་འགུགས་པའི་ཕྲིན་ལས་ཚེ་བསོད་འདོད་རྒུའི་དཔལ་སྟེར་གྱི་སྨིན་བྱེད་དངོས་གྲུབ་དཔལ་སྟེར་ (Volume 50, Text 5)
༄༅། །ཚེ་གཡང་འགུགས་པའི་ཕྲིན་ལས་ཚེ་བསོད་འདོད་རྒུའི་དཔལ་སྟེར་གྱི་སྨིན་བྱེད་དངོས་གྲུབ་དཔལ་སྟེར་བཞུགས་སོ། །རྗེ་མཁྱེན་བརྩེའི་དབང་པོའི་ཞལ་རྒྱུན་ལྟར་བཀོད་པའོ། ། ན་མོ་གུ་རུ་བཱ་སུ་དེ་བཱ་ཡ། བླ་མ་ཡིད་བཞིན་ནོར་བུའི་ཚེ་དབང་མདོར་བསྡུས་བྱ་བའི་ཚུལ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཆོ་གར་མ་གཏོགས་པའི་སྦྱོར་བ་དང་། ཆོ་གར་གཏོགས་པའི་སྦྱོར་བའོ། །དང་པོ་ནི། གནས་ཁང་ཡིད་མཐུན་གཙང་མར་སྟེགས་བུ་ཁེབས་ལྡན་རིམ་པ་གཉིས་པའི་དང་པོར་བདག་བསྐྱེད་མཆོད་གཏོར་ཚང་མ་དང་། རིམ་པ་འོག་མར་ལས་གཞུང་ཚེ་བསོད་འདོད་རྒུའི་དཔལ་སྟེར་ལས་ཇི་སྐད་གསུངས་པ་ལྟར་བཅས་བཤམ་གྱི་བྱེ་བྲག་འདུ་བྱ། རང་གི་མདུན་དུ་ལས་བུམ། མདའ་དར། རོལ་མོའི་བྱེ་བྲག །ནང་མཆོད། གུལ་ཡུངས། ནས་བཟེད་སོགས་ཡོ་བྱད་ཐམས་ཅད་འདུ་བྱ། གཉིས་པ་ཆོ་གའི་སྦྱོར་བ་ནི། བདག་བསྐྱེད་གུ་རུ་ཞི་བ་ལྟ་བུའི་བརྒྱུད་འདེབས་ནས་གཟུང་ཕྲིན་ལས་གཞུང་བསྲང་ཛཔ྄་བཟླས་སྟོང་ཚིགས་མཆོད་བསྟོད་ཡན་སོང་ནས། མདུན་བསྐྱེད་རཏྣ་ཐོད་ཕྲེང་རྩལ་ནོར་ལྷའི་ལས་གཞུང་བསྲངས་ནས་བཟླས་བརྗོད་ཅི་རིགས་དང་མཆོད་བསྟོད། ལས་བུམ་དུ་བདུད་རྩི་འཁྱིལ་པ་བསྐྱེད་བཟླས་འོད་ཞུ་རྣམས་བྱ། ཚེ་གཡང་འགུགས་བསྐུལ་བཅས་རང་ཉིད་ཀྱིས་དབང་བླང་བ་གྲུབ་རྗེས་སློབ་མ་འཇུག་པར་གསོལ་བ་གདབ་བོ། །གཉིས་པ་དངོས་གཞི་ནི། སློབ་མ་རྣམས་འདུས་ནས་ཁྲུས་དང་། བགེགས་གཏོར་གཏོང་བ་དང་། སྲུང་འཁོར་བསྒོམ་པ་རྣམས་བྱའོ། །དེ་ནས་སེམས་བསྐྱེད་གསལ་འདེབས་དང་མཚམས་སྦྱོར་གྱི་ཁྱད་པར། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཁྱབ་བདག་གདོད་མའི་མགོན་པོ་ཀུན་བཟང་པདྨ་འབྱུང་གནས་ཀྱི་གོ་འཕང་དུས་མྱུར་བ་ཉིད་དུ་ཐོབ་པ་ཞིག་ཅི་ནས་ཀྱང་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་སྨིན་བྱེད་ཀྱི་རིམ་པ་དབང་བསྐུར་ཟབ་མོ་གསན་ནས། གྲོལ་བྱེད་ཀྱི་གདམས་ངག་ཚུལ་བཞིན་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེ་ལ་གང་གསན་པར་བྱ་བའི་ཆོས་ནི་གསང་སྔགས་སྔ་འགྱུར་རྡོ་རྗེ་ཐེག་པ་ལ་བཀའ་གཏེར་དག་སྣང་གི་བབས་སོ་ཆེན་པོ་གསུམ་དུ་བཞུགས་པའི་ནང་ཚན་ཟབ་མོ་དག་སྣང་གི་ཕྱོགས་སུ་གཏོགས་པ་ཡིན། དེ་ལའང་བཀའ་སྲོལ་མི་འདྲ་བ་དུ་མ་ཞིག་ཡོད་པ་ལས། པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་བི་མ་ལ་མི་ཏྲའི་རྣམ་པར་འཕྲུལ་པ་ཕྱི་མའི་དུས་འདིར་འགྲན་ཟླ་དང་བྲལ་བའི་གྲུབ་ཐོབ་ཆེན་པོ་ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་བསམ་ཡས་དག་སྣང་གི་ཆོས་སྡེ་ཉིད། སླར་ཡང་གཏེར་འབྱིན་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ། འཇིགས་བྲལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སློབ་དཔོན་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་དག་སྣང་ཉེ་བརྒྱུད་ཁྱད་པར་ཅན་གྱི་བཀའ་བབས་མངའ་བས། བསྟན་འགྲོའི་བདེ་ལེགས་ཀྱི་སྒོ་འཕར་རྒྱ་ཆེར་འབྱེད་པའི་བཙས་སུ་གནང་བ་བླ་མ་ནོར་ལྷ་ཡིད་བཞིན་ནོར་བུའི་སྒོ་ནས་ཚེ་གཡང་འགུགས་པའི་ཕྲིན་ལས་ཚེ་བསོད་འདོད་རྒུའི་དཔལ་སྟེར་དང་རྗེས་སུ་འབྲེལ་བར་བྱིན་རླབས་སྙིང་པོ་དོན་གྱི་ཚེ་དབང་བསྐུར་བ་ལ་སློབ་དཔོན་གྱིས་བྱ་བར་འོས་པ་རྣམས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་འབུལ་འཚལ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། །བླ་མ་ནོར་ལྷའི་ལྷ་ཚོགས་དང་། །དབྱེར་མེད་རྡོ་རྗེ་སློབ་དཔོན་གྱིས། །བདག་ལ་བརྩེ་བས་ཉེར་དགོངས་ཏེ། །དབང་བསྐུར་དམ་པ་བསྩལ་དུ་གསོལ། །རྒྱུད་དག་པར་བྱ་བའི་སླད་དུ། །མདུན་གྱི་ནམ་མཁར་བླ་མ་ནོར་ལྷ་རྩ་གསུམ་རྒྱལ་བ་རབ་འབྱམས་དང་བཅས་ཏེ་མཁའ་ཁྱབ་ཏུ་བཞུགས་པའི་སྤྱན་སྔར། ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་སོགས་ཡན་ལག་བརྒྱད་ཀྱི་སྒོ་ནས་ཚོགས་གསག་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །རྒྱུད་སྡོམ་པ་གསུམ་དང་ལྡན་པར་བྱ་བའི་སླད་དུ། ཚོགས་ཞིང་གསལ་བཏབ་པ་རྣམས་དང་སློབ་དཔོན་དཔང་པོར་བྱས་ཏེ། འབྲས་བུ་ལ་དམིགས་པར་བྱ་བའི་ཡུལ་སློབ་དང་མི་སློབ་ཟུང་འཇུག་གི་གོ་འཕང་སྒྲུབ་བྱེད་སོ་བྱང་སྔགས་གསུམ་གྱིས་བསྡུས་པའི་སྡོམ་པ་དང་དམ་ཚིག་ལ་གནས་པས། རྡོ་རྗེ་འཆང་གི་གོ་འཕང་རིན་པོ་ཆེར་རང་གཞན་འགྲོ་ཀུན་ཕྱམ་གཅིག་བགྲོད་པར་བྱའོ་སྙམ་པའི་བློས་དམ་བཅའ་རྣམ་གསུམ་གཟུང་བ་འདིའི་རྗེས་ཟློས་ལན་གསུམ་མཛོད། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རློབས་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་སྐྱེད་དམིགས་འདི་བཞིན་དུ་མཛོད། ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་སོགས། ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་གཟུང་འཛིན་གྱི་སྣང་བ་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་གནས་རྣམ་པར་དག་པ་འོག་མིན་པདྨ་དྲྭ་བ་ཡོན་ཏན་རིན་པོ་ཆེ་འབྱུང་བའི་ཞིང་ཁམས། གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཁང་ཆེན་པོ་ནོར་བུ་རིན་པོ་ཆེ་དུ་མ་ལས་གྲུབ་པ་དབྱིབས་དང་རྒྱན་དང་བཀོད་པ་ཚད་མེད་པས་མངོན་པར་འཕགས་པའི་དབུས་སུ། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་རིན་པོ་ཆེ་དང་སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་ཁྲི་སྟེང་དུ། སེམས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཡི་གེ་ཧྲཱིཿསེར་པོ་གསལ་འཚེར་འོད་ལྔ་འབར་བ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་རེ་རེ་ནས་སྐད་ཅིག་གིས་ཨོ་རྒྱན་ཚེ་དཔག་མེད་གུ་རུ་རཏྣ་ཐོད་ཕྲེང་རྩལ་གསེར་མདོག་བརྗིད་ཆགས་སྒེག་འཛུམ་ཁྲོ་བོའི་ཉམས་ཅན་དར་དང་རིན་ཆེན་དང་རུས་པའི་རྒྱན་གྱིས་མཛེས་པ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་པས་མདའ་དར་བསྣམས་པས་སྲིད་ཞིའི་ཚེ་བཅུད་འགུགས་པ། གཡོན་པ་མཉམ་གཞག་གི་སྟེང་ན་འཆི་མེད་ཚེའི་བུམ་པ་བདུད་རྩིའི་བཅུད་ཀྱིས་གང་བའི་ཁ་རྒྱན་ནོར་བུ་འབར་བས་མཚན་པ་བསྣམས་པས་འཁོར་འདས་ཀྱི་ཚེ་བསོད་དཔལ་འབྱོར་འཛད་པ་མེད་པ་ལ་རང་དབང་སྒྱུར་བ། རང་འོད་ལྷན་སྐྱེས་བདེ་སྟེར་རིན་ཆེན་མཁའ་འགྲོ་མ་སེར་མོ་མདའ་དར་དང་བུམ་པ་འཛིན་པས་ཡབ་ལ་གཉིས་མེད་དུ་འཁྲིལ་བ། བདེ་སྟོང་ཟག་པ་མེད་པའི་རང་བཞིན་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་སྣང་སྲིད་ཀུན་ཁྱབ་འཇའ་ཟེར་ཐིག་ལེ་འོད་ལྔ་འབར་བའི་ཀློངས་ན་བཞུགས་པ། སྤྱི་བོར་རིགས་བདག་ཚེ་མཐའ་ཡས་པ་ཡབ་ཡུམ། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དགོངས་བརྡ་སྙན་ནས་བརྒྱུད་པའི་བླ་མ་རྣམས་དང་། རྒྱུད་སྡེ་བཞི་དྲུག་ཐེག་རིམ་དགུའི་ཡི་དམ་ཞི་ཁྲོ་རབ་འབྱམས་དཔའ་བོ་རྣལ་འབྱོར་མ་ཚེ་ལ་དབང་བའི་དྲང་སྲོང་རིག་འཛིན་རྒྱ་མཚོ་གྲངས་མེད་ཉི་ཟེར་གྱི་རྡུལ་ལྟར་འཁྲིགས་པ། འདབས་འཁོར་ན་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྣམ་ཐོས་སྲས། ཨཱརྻ་ཛཾ་བྷ་ལ་སེར་པོ། ལྷ་མོ་ནོར་རྒྱུན་མ་གཙོ་བོར་གྱུར་པའི་གནོད་སྦྱིན་ནོར་ལྷ་གཏེར་བདག་རྡོ་རྗེའི་ཆོས་སྲུང་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པའི། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀའི་སྟོད་དུ་ཧཱུྃ་སྔོན་པོ་རྣམས་གསལ་བཏབ་ནས། རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷ་ཡི་གཟི་བྱིན་དབབ་པའི་སླད་དུ། སློབ་དཔོན་ལ་ཨོ་རྒྱན་གུ་རུ་རཏྣ་ཐོད་ཕྲེང་རྩལ་དངོས་ཡིན་སྙམ་པའི་གུས་འདུད་དྲག་པོ་དུང་པ་ཞིག་བྱས་པ་ལ་བརྟེན་ནས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་ཏེ། དེ་རྣམས་ཀྱི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་དུ་བྱོན་ཏེ། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་བྱས་ལ་ཌཱ་དྲིལ་འཁྲོལ་ཞིང་དབྱངས་དང་བཅས་ཏེ། ཧཱུྃ་ཧྲཱིཿ བསྟན་པ་འདི་ལ་ངོ་མཚར་རྨད་བྱུང་བ། །འཇིག་རྟེན་མངའ་སྒྱུར་པདྨ་རྒྱལ་པོ་ནི། །རིགས་ནི་ཨོ་རྒྱན་རྒྱལ་པོའི་སྲས་སུ་འཁྲུངས། །ཟ་ཧོར་ཡུལ་དུ་སྒྲོ་འདོགས་མ་ལུས་བཅད། །བསིལ་བ་ཚལ་དུ་དངོས་གྲུབ་རྣམ་གཉིས་བརྙེས། ཁ་བ་ཅན་འདིར་བསྟན་པ་རྒྱས་པར་མཛད། །ལྷོ་ནུབ་རྔ་ཡབ་སྲིན་པོའི་ཁ་གནོན་མཛད། །མྱ་ངན་མི་འདའ་འགྲོ་བའི་གཉེན་གཅིག་པུ། །སྐུ་གསུམ་དབྱེར་མེད་ཆེ་མཆོག་ཧེ་རུ་ཀ །མཉམ་མེད་བླ་མ་མཆོག་ཁྱོད་དུས་འདིར་དྲན། །རྒྱལ་བའི་ཞིང་ཁམས་དག་པ་ཆེན་པོ་ནས། །བདེ་གཤེགས་རྩ་གསུམ་ཆོས་སྲུང་རྒྱ་མཚོ་དང་། །གནོད་སྦྱིན་ནོར་ལྷ་གཏེར་བདག་ཚོགས་དང་བཅས། །ཐོགས་མེད་ཐུགས་རྗེའི་དབང་གིས་འདིར་གཤེགས་ལ། །སྐལ་ལྡན་སློབ་མའི་རྒྱུད་ལ་བྱིན་ཆེན་ཕོབ། །ཚེ་དང་ལོངས་སྤྱོད་འདོད་རྒུའི་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ བཛྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བྱིན་དབབ། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བྱིན་བསྡུ་ཞིང་། ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་དུ་བསྟིམ། ཡེ་ཤེས་པ་རྣམས་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ་ཞེས་བརྗོད་ཅིང་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག །དེ་ལྟར་ཡེ་ཤེས་པ་དབབ་ཅིང་བརྟན་པར་བྱ་བ་སྔོན་དུ་སོང་ནས། དངོས་གཞིའི་དབང་བསྐུར་བ་ལ་ཐོག་མར་ཚེ་འགུགས་ཤིང་བཅུད་བསྡུ་བའི་སླད་དུ། སློབ་དཔོན་གུ་རུ་རཏྣ་ཐོད་ཕྲེང་རྩལ་ཡབ་ཡུམ་དུ་གསལ་བའི་གནས་ལྔ་ནས་འོད་ཟེར་ཁ་དོག་ལྔ་ལྡན་དང་ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས། ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་པ་དང་། འབྱུང་ལྔའི་དྭངས་མ། འཁོར་འདས་ཀྱི་བཅུད་དང་དགེ་མཚན་ཐམས་ཅད་འཆི་མེད་ཚེའི་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ། མདུན་གྱི་ཚེ་རྫས་རྣམས་ལའང་ཐིམ་པས་རྡོ་རྗེ་ཚེ་འི་བཅུད་ལེན་དུ་གྱུར་པའི་མོས་པ་མཛོད། ཅེས་བརྗོད་ལ་མདའ་དར་གཡབ་ཅིང་། ཧཱུྃ་ཧྲཱི༔ སྣང་སྲིད་གདོད་ནས་ཆོས་སྐུ་སྐྱེ་མེད་གཤིས༔ སོགས་ནས། སིདྡྷི་ཕ་ལ་ཧཱུྃ༔ ཞེས་ཚེ་འགུགས་བསྐུལ། ཚེའི་འབྲང་རྒྱས་ཐོགས་ལ། དེ་ལྟར་ཚེ་འགུགས་ཤིང་བཅུད་བསྡུས་ནས་འཆི་མེད་སྐུ་རྡོ་རྗེ་བུམ་དབང་བསྐུར་བའི་སླད་དུ། ཚེའི་འབྲང་རྒྱས་འདི་ཉིད་གུ་རུ་རཏྣ་ཐོད་ཕྲེང་རྩལ་དཀོན་མཆོག་རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བར་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པས་ཐུགས་ཀ་ནས་འོད་ཟེར་འཕྲོས། འཁོར་འདས་ལམ་གསུམ་གྱི་བཅུད་དང་དྭངས་མ་དགེ་མཚན་མ་ལུས་པ་འཆི་མེད་བདུད་རྩིའི་རྣམ་པར་སྤྱན་དྲངས། སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། དུས་མ་ཡིན་པར་འཆི་བའི་འཇིགས་པ་རྒྱུ་བག་ཆགས་དང་བཅས་པ་སྦྱངས། འགྱུར་མེད་སྐུ་རྡོ་རྗེ་འཆི་མེད་ཚེའི་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། སྤྱི་བོར་བཞག་ལ། ཨ༔ སྐྱེ་འཆི་མེད་པ་རྡོ་རྗེའི་ཚེ༔ འོད་སྣང་དཔག་མེད་སྣང་སྲིད་ཁམས༔ ཨཱ་ཡུར་ཚེ་ཡི་དཀྱིལ་འཁོར་དུ༔ བདུད་རྩི་བུམ་པས་དབང་བསྐུར་རོ༔ འཆི་མེད་ལུས་མཆོག་དེང་འདིར་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་དང་ཚེ་གཟུངས་མཐར། ཀཱ་ཡ་སིདྡྷི་ཨ་བྷི་ཥིཉྩ་ཨོཾ༔ ཚེ་ཡི་བདུད་རྩི་ཐོགས་ལ། འགག་མེད་གསུང་རྡོ་རྗེ་གསང་དབང་བསྐུར་བའི་སླད་དུ། བརྟན་གཡོ་འཁོར་འདས་ཀྱི་དྭངས་བཅུད་མ་ལུས་པ་ཐམས་ཅད་ཐབས་ཤེས་བྱང་ཆུབ་སེམས་ཀྱི་བདུད་རྩིར་བསྐྱིལ་བ་འདི་ཉིད་མགྲིན་པར་བཞག་ཅིང་མྱངས་པ་ལ་བརྟེན་ནས། ལས་རླུང་གི་འཆིང་བ་དབུ་མའི་དབྱིངས་སུ་ཐིམ་སྟེ། མི་ཤིགས་གསུང་རྡོ་རྗེ་གཞོམ་མེད་ནཱ་དའི་སྲོག་ཏུ་གྱུར་པའི་མོས་པ་མཛོད། ཨ༔ སྟོང་པའི་དབྱིངས་ལས་ལྷུན་གྲུབ་པའི༔ སྣང་བ་ལྷུན་གྲུབ་འཇའ་སྐུར་འབར༔ ཟག་མེད་བདུད་རྩི་གྲག་སྟོང་རྫས༔ འགག་མེད་ནུས་པས་དབང་བསྐུར་བས༔ སྙིང་པོ་གསང་དབང་ཐོབ་པར་ཤོག༔ རྩ་སྔགས་དང་ཚེ་གཟུངས་མཐར། ཝཱ་ཀ་སིདྡྷི་ཨ་བྷི་ཥིཉྩ་ཨཱ༔ ཞེས་བརྗོད་ཅིང་མགྲིན་པར་བཞག་ལ་བདུད་རྩི་སྦྱིན། རྗེས་འབྲེལ་བཟླས་ལུང་གི་སླད་དུ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་ས་བོན་ལས་རང་རང་གི་སྔགས་ཀྱི་ཕྲེང་བ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་སྲོག་ས་བོན་གྱི་མཐར་འཁོད་པ་བཟླས་པའི་རྐྱེན་གྱིས་ངག་གྲགས་སྟོང་གཞོམ་མེད་སྔགས་ཀྱི་སྒྲ་དབྱངས་སུ་དག་པས། མཆོག་དང་ཐུན་མོང་གི་ལས་རབ་འབྱམས་ལ་རང་དབང་བྱས་པའི་མོས་པ་དང་བཅས་ཏེ་སྔགས་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་རེ་གནང་བར་ཞུ། ཞེས་བརྡ་སྤྲད་ལ་རཏྣ་ཐོད་ཕྲེང་རྩལ་གྱི་རྩ་སྔགས། ཚེ་གཟུངས། རྣམ་སྲས། ཛམྦྷ་ལ། ནོར་རྒྱུན་མ། ནོར་ལྷ་སྤྱིའི་གཟུངས་རིང་རྣམས་ལས་གཞུང་ནས་འབྱུང་བ་ལྟར་ལན་གསུམ་རེ་རྗེས་ཟློས་བྱེད་དུ་གཞུག །ཚེ་རིལ་ཐོགས་ཏེ། འཁྲུལ་མེད་ཐུགས་རྡོ་རྗེ་ཤེར་དབང་བསྐུར་བའི་སླད་དུ། སྲིད་དང་ཞི་བའི་ཚེ་བཅུད་རིལ་བུའི་གཟུགས་སུ་ཤར་བ་སྙིང་གར་བཞག་ཅིང་མྱངས་པ་ལ་བརྟེན་ནས། སྙིང་དབུས་མི་ཤིགས་པའི་ཐིག་ལེར་རོ་གཅིག་ཏུ་འདྲེས། གཟུང་འཛིན་གཉིས་སྣང་གི་བག་ཆགས་བཅོམ་ནས་ལུས་ཀྱི་ཟུངས་དང་སེམས་ཀྱི་རྟེན་དུ་གྱུར་ཏེ། མཆོག་ཏུ་མི་འགྱུར་བདེ་བ་ཆེན་པོའི་ཡེ་ཤེས་བརྗོད་བྲལ་ཐུགས་རྡོ་རྗེའི་སྲོག་ལ་དབང་ཐོབ་པའི་མོས་པ་མཛོད། ཨ༔ མི་ཤིགས་ཐུགས་ཀྱི་ཐིག་ལེ་ནི༔ བདེ་སྟོང་དབྱེར་མེད་བྱང་སེམས་བཅུད༔ ཕྱག་རྒྱ་ཆེན་པོར་ལྷུན་གྲུབ་པའི༔ ཟག་མེད་སྐྱེ་འཆི་སྤངས་པའི་སྐུ༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ རྩ་སྔགས་དང་ཚེ་གཟུངས་མཐར། ཙིཏྟ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ཅིང་སྙིང་གར་བཞག་ལ་རིལ་བུ་སྦྱིན། གཏོར་མ་ཐོགས་ལ། རང་བྱུང་ཡེ་ཤེས་རྡོ་རྗེ་དོན་གྱི་དབང་བསྐུར་བའི་སླད་དུ། གཏོར་མ་འདི་ཉིད་རྩ་གསུམ་རྒྱ་མཚོའི་ཁྱབ་བདག་རཏྣ་ཐོད་ཕྲེང་རྩལ་འཇའ་ཟེར་ཐིག་ལེ་འོད་ལྔ་འབར་བའི་ཀློང་ན་བཞུགས་པར་གསལ་བ་གནས་གསུམ་དུ་བཞག་པ་ལ་བརྟེན་ནས། བག་ལ་ཉལ་གྱི་ཤེས་སྒྲིབ་ཆེས་ཕྲ་བ་གཞི་མེད་དུ་ཡལ་ཏེ། ཀ་དག་ཁྱབ་བརྡལ་གཞོན་ནུ་བུམ་སྐུའི་ནང་དབྱིངས་སུ་ལྷུན་གྲུབ་སྐུ་དང་ཡེ་ཤེས་རྒྱ་མཚོའི་དཔལ་འབྱོར་ལ་སྤྱོད་ནས་ཀུན་མཁྱེན་ཡེ་ཤེས་རྡོ་རྗེའི་སྲོག་ལ་དབང་ཐོབ་པར་གྱུར་པའི་མོས་པ་མཛོད། ཨ༔ བདེ་ཆེན་རྣམ་ཀུན་མཆོག་ལྡན་པའི༔ ཐོག་མའི་སངས་རྒྱས་ཀུན་ཏུ་བཟང༔ འཇའ་ཟེར་འོད་མི་འགྱུར་བའི་སྐུ༔ ཀ་དག་ལྷུན་གྲུབ་དབྱེར་མེད་པའི༔ རྡོ་རྗེའི་ཚིག་དབང་ཐོབ་པར་ཤོག༔ རྩ་སྔགས་དང་ཚེ་གཟུངས་མཐར། ཛྙཱ་ན་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་བརྗོད་ཅིང་། གཏོར་མ་གནས་གསུམ་དུ་བཞག །རྒྱས་གདབ་པར་བྱ་བའི་སླད་དུ་ཚེ་མདའ་རིན་ཆེན་འབར་བ་སྤྱི་བོར་རྒྱ་གྲམ་དུ་བཀོད་པས་ལུས་ལ་རྡོ་རྗེའི་གོ་ཁྲབ་བཞུ་ལུགས་སུ་གྱུར་ཏེ་ཚེ་སྲོག་རྡོ་རྗེའི་བྲག་ལྟར་བརྟན་པར་བྱས་པའི་མོས་པ་མཛོད། ཧཱུྃ་ཧྲཱི༔ ཆོས་སྐུ་མི་འགྱུར་ཡེ་ཤེས་འོད་ཀྱི་ཀློང༔ སྲིད་ཞིའི་ཉེས་དག་སྐྱེ་འཆི་བྲལ་བའི་སྐུ༔ གཞོན་ནུ་བུམ་སྐུ་ཐིག་ལེ་ཉག་གཅིག་ཆེ༔ གཏིང་གསལ་ཡེ་ཤེས་འཁོར་ལོར་ཚེ་སྦའོ༔ ཞེས་དང་། ཨོཾ་ཡེ་དྷརྨཱ་སོགས་བརྗོད་པས་བརྟན་པར་བྱ། འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་། །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང་། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །དེ་ཀུན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར། སླར་ཡང་བདག་མདུན་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ཉི་མ་བྱེ་བའི་གཟི་བརྗིད་ཅན་འཕྲོས། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྣམས་སུ་ཁྱབ། འཁོར་འདས་ལམ་གསུམ་གྱི་ཚེ་བསོད་དཔལ་འབྱོར་ཕྱྭ་གཡང་ལོངས་སྤྱོད་ཐམས་ཅད་བཀྲ་ཤིས་རྫས་རྟགས་འཇའ་ཟེར་ཐིག་ལེ་ལ་སོགས་པའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་དང་རྟེན་རྫས་ལ་ཐིམ་པས་འདོད་རྒུའི་དངོས་གྲུབ་ཡིད་བཞིན་དུ་འགྲུབ་པར་གྱུར་པའི་མོས་པ་མཛོད། ཧྲཱི༔ ཆོས་དབྱིངས་ཁྱབ་བརྡལ་ཡངས་པ་རྒྱལ་བའི་ཞིང༔ སོགས་གཡང་འགུགས་བསྐུལ། གཏེར་བུམ་མམ་གཏོར་མ་ཐོགས་ལ། ཧཱུྃ། བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས། །སོགས་ནས། སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ། ཞེས་དངོས་གྲུབ་བསྐུལ་གསོལ་བརྗོད་ཅིང་གནས་གསུམ་དུ་བཞག །ཕྱེ་མར་དང་གཡང་ཆང་ཅུང་ཟད་རེ་སྦྱིན། བསོད་ནམས་རི་བོ་བཞིན་དུ་སོགས་དང་། འབད་དང་རྩོལ་བས་མ་གོས་སོགས་ཤིས་བརྗོད་ཅི་རིགས་བྱ། སྤྲོ་ན་མཐའ་རྟེན་བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་སྣ་བདུན་བཅས་སྦྱིན། དེ་ལྟར་ཟབ་མོ་དག་སྣང་གི་བཀའ་སྲོལ་ཨོ་རྒྱན་ཚེ་དཔག་མེད་བླ་མ་ནོར་ལྷའི་དཀྱིལ་འཁོར་དུ་དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པ་ཡིན་པས། གནས་སྐབས་དེ་དག་དང་འབྲེལ་བའི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་རིམ་པར་བློ་ནུས་དང་སྦྱར་ཏེ་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །གཏང་རག་གི་སླད་དུ་མཎྜལ་ཕུལ། དེ་ཙམ་དུ་མ་ཟད་ལུས་དང་ལོངས་སྤྱོད་ལྷག་མེད་དུ་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སྟེ་བདག་བྲན་དུ། ཁྱེད་ལ་བདག་ནི་འབུལ་ལགས་ཀྱིས། ཁྱེད་ཀྱིས་སློབ་མར་གཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །དེ་ལྟར་སྨིན་བྱེད་ཟབ་མོ་ལེགས་པར་ཐོབ་པས་དཀྱིལ་འཁོར་འདི་དང་རྗེས་སུ་འབྲེལ་བའི་ཕྲིན་ལས་ཀྱི་སྒོ་ནས་རང་གཞན་གྱི་དོན་གཉིས་རྒྱ་ཆེན་པོ་མཐར་ཕྱིན་མཛད་པ་དང་། སྐབས་འདིར་ཡང་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་དང་སྨོན་ལམ་ལྷན་ཅིག་གནང་བར་ཞུ། བསོད་ནམས་འདི་ཡིས་སོགས་བསྔོོ་སྨོན་རྣམ་པར་དག་པ་ལ་འབད་པར་བྱའོ། །གསུམ་པ་རྗེས་ནི། ཚོགས་ལ་རོལ་ཞིང་ལྷག་མ་གཏོང་བ་ནས་བཀྲ་ཤིས་ཀྱི་བར་ལས་གཞུང་གང་ཡིན་ལྟར་མཐར་ཆགས་སུ་བགྱིས་པས་དོན་གྲུབ་པ་ཡིན་ནོ། །ཞེས་པའང་མཁྱེན་ལྡན་བླ་མ་དམ་པའི་གསུང་གིས་ཆེད་དུ་བསྐུལ་ངོར། རྗེ་བླ་མའི་གསུང་སྒྲོས་ཀྱི་རྗེས་སུ་གུས་པས་འཇུག་པ་ལྷུར་བླངས་ཏེ། གསང་སྔགས་འཆང་བ་རྡོ་རྗེ་མཆོག་རབ་རྩལ་གྱིས་ཤར་མར་བྲིས་པའི་དགེ་བས་རང་གཞན་འགྲོ་ཀུན་ཨོ་རྒྱན་བླ་མའི་གོ་འཕང་རིན་པོ་ཆེར་མྱུར་དུ་བགྲོད་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷཱ་བ་ཏུ།། །། ༈ མཐའ་རྟེན་བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་སྣ་བདུན་གྱི་དབང་བསྐུར་བའི་རྩ་ཚིག་ནི། བཅོམ་ལྡན་ཤཱཀྱ་སེང་གེས་བྱིན་བརླབས་པའི༔ འཕགས་ལམ་ཡན་ལག་བརྒྱད་ལྡན་བཀྲ་ཤིས་རྫས༔ རེག་པས་མི་མཐུན་ཕྱོགས་ཀུན་ཞི་བ་དང༔ དགེ་ལེགས་ཡོན་ཏན་རྟག་ཏུ་འཕེལ་གྱུར་ཅིག༔ ཨོཾ་མངྒ་ལཾ་ཀུ་རུ་ཨ་བྷི་ཥིཉྩ་མི༔ ༈ བསོད་ནམས་ཡོངས་རྫོགས་སངས་རྒྱས་རྣམས་ཀྱི་མཚན༔ རྣམ་ཐར་བརྒྱད་ལྡན་བཀྲ་ཤིས་རྟགས་བརྒྱད་ཀྱིས༔ བྱང་ཆུབ་སེམས་མའི་ཚོགས་བཅས་མངའ་གསོལ་བས༔ འཇིག་རྟེན་ཀུན་ན་རྟག་ཏུ་བདེ་ལེགས་ཤོག༔ ཨོཾ་ཨཥྚ་མངྒ་ལཾ་ཨ་བྷི་ཥིཉྩ་མི༔ ༈ འཕགས་པའི་སར་གནས་འཁོར་ལོས་སྒྱུར་རྣམས་ཀྱི༔ བྱང་ཆུབ་ཡན་ལག་བདུན་ལྡན་རིན་ཆེན་གྱིས༔ དེང་འདིར་ཉོན་མོངས་དགྲ་ལས་རྣམ་རྒྱལ་ཞིང༔ སྲིད་ཞིའི་དཔལ་གྱིས་འབྱོར་པའི་དབང་བསྐུར་རོ༔ ཨོཾ་མ་ཧཱ་རཏྣ་ཨ་བྷི་ཥིཉྩ་མི༔ ཞེས་པའང་ཞལ་ཤེས་སུ་འདུག་གོ །སརྦ་མངྒ་ལཾ།། །།
སློབ་དཔོན་ཆེན་པོ་སྤྲུལ་སྐུ་པདྨ་འབྱུང་གནས་ཀྱི་བཀའ་འབུམ་བཞུགས་པའི་དབུའི་ཕྱོགས༔ ཆོས་འདི་ཉམས་སུ་ལེན་པའི་སྙིང་གཏམ་གྱི་ཆོས་ཡིན་པས༔ ཐུགས་སུ་ལེན་པར་མཛོད་ལེགས་སྷོ༔ (Volume 60, Text 5)
༄༅༅༔ སློབ་དཔོན་ཆེན་པོ་སྤྲུལ་སྐུ་པདྨ་འབྱུང་གནས་ཀྱི་བཀའ་འབུམ་བཞུགས་པའི་དབུའི་ཕྱོགས༔ ཆོས་འདི་ཉམས་སུ་ལེན་པའི་སྙིང་གཏམ་གྱི་ཆོས་ཡིན་པས༔ ཐུགས་སུ་ལེན་པར་མཛོད་ལེགས་སྷོ༔ ཨེ་མ་ཧོ༔ སློབ་དཔོན་པདྨ་འབྱུང་གནས༔ རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་ཀྱི་ས་གཞི་འདུལ་བའི་དོན་དུ་སྤྱན་དྲངས༔ དཔལ་བསམ་ཡས་ལྷུན་གྱིས་གྲུབ་པ་བཞེངས་སུ་གསོལ་ནས་རབ་གནས་མཛད་པའི་དུས་སུ༔ སློབ་དཔོན་དབུ་རྩེ་གོང་མར་སྤྱན་དྲངས༔ དར་ཟབ་ཀྱི་ཁྲི་ལ་བཞུགས་སུ་གསོལ༔ ཟ་འོག་སྨུག་བེར་སྐུ་ལ་གསོལ༔ འབྲས་ཆང་དིང་བས་གསེར་སྐྱོགས་དངུལ་སྐྱོགས་སུ་བཀང་ནས་ཕྱག་གཡས་གཡོན་དུ་དྲངས༔ འཇིག་རྟེན་གྱི་སྤྱན་གཟིགས་སྣ་ཚོགས་དྲངས་ནས༔ གསེར་གྱི་མ་དྷལ་ཁྲུ་གང་བ་གཅིག་ལ་གཡུའི་མེ་ཏོག་རིན་པོ་ཆེ་སྣ་བདུན་གྱི་ཚུལ་དུ་བཀོད་ནས༔ རྗེའི་མགུལ་གཡུ་མེ་རུ་འོད་འབར་ཉི་མའི་ཚུལ་དུ་བྱས༔ ཀེ་རུ་ཀོང་ཆོག་ལ་ཟླ་བའི་ཚུལ་དུ་བྱས༔ རིན་ཆེན་གསེར་གྱི་མ་དྷལ་ལ་གླིང་བཞི་རི་རབ་ཀྱི་ཚུལ་དུ་བྱས་ནས་ཕུལ་ཏེ༔ སློབ་དཔོན་ལ་བསྟོད་པ༔ ཡབ་དང་ཡུམ་ལ་མ་བསྟེན་པདྨའི་ནང་ནས་སྤྲུལ་པའི་སྐུ་རུ་བྱོན༔ འགྲོ་བ་འདུལ་བའི་དོན་དུ་སྐྱེ་ཤི་རྒྱུན་བཅད་རྡོ་རྗེའི་སྐུ་རུ་བཞུགས༔ དགོངས་པ་ཕྱོགས་མེད་ཀློང་ནས་སྐལ་ལྡན་རྣམས་ལ་སངས་རྒྱས་དགོངས་པ་སྟོན༔ སྣ་ཚོགས་ཐབས་ཀྱིས་འདུལ་མཁས་དྲེགས་པའི་ལྷ་སྲིན་དམ་ལ་འདོགས༔ སྐུ་གསུམ་ཕྲིན་ལས་རྫོགས་པས་སངས་རྒྱས་ཀུན་ལས་ལྷག་པ་སྤྲུལ་པའི་སྐུ༔ རྡོ་རྗེ་ཐོད་ཕྲེང་པདྨའི་སྐུ་ལ་ཕྱག་འཚལ་བདག་གིས་མོས་པས་བསྟོད༔ འདོད་པའི་ཡོན་ཏན་ལྔ་ལ་དགྱེས་ཤིང་ཞེན་ཆགས་སྤྱོད་པས་བཞེས་པ་མི་མངའ་ཡང༔ འགྲོ་བ་ཀུན་གྱི་བསོད་ནམས་གསག་ཕྱིར་ཐུགས་རྗེས་བཞེས༔ བདག་ལ་ཐུགས་རྗེས་བརྩེར་དགོངས་ཟབ་མོའི་དོན་མཆོག་གནང་བར་གསོལ་བ་འདེབས་སོ༔ ཞེས་ཕྱག་དབུ་ཐོད་བུད་བུད་དུ་བཙལ་ལོ༔ སློབ་དཔོན་གྱི་ཞལ་ནས༔ རྗེ་ལྷ་གཅིག་ལགས༔ བདག་གི་ལུས་འདི་ལ་ཁྱོད་སྤྲོའམ་གསུངས༔ སྤྲོ་ཞུས་ནས༔ འབྱུང་བ་བཞིའི་ནད་མེད་སྐྱེ་ཤི་གཉིས་སྤངས་ནས༔ འགྲོ་བའི་དོན་མཛད་ཐུགས་རྗེ་མཆོག་དང་ལྡན༔ དགོངས་པ་ཆོས་ཉིད་དོན་ལ་རྟག་ཏུ་བཞུགས༔ འགྲོ་མགོན་སྐུ་ལ་བདག་ནི་སྤྲོ་འོ༔ ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བསྐལ་པ་སྟོང་གི་སངས་རྒྱས་བས༔ བླ་མ་གཉན་པར་ཤེས་པར་བྱ༔ ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས༔ བླ་མ་དག་ལ་བསྟེན་ཏེ་བྱུང༔ བླ་མ་མེད་པའི་སྔོན་རོལ་ན༔ སངས་རྒྱས་བྱ་བའི་མིང་ཡང་མེད༔ ཅེས་པ་དང༔ བླ་མ་སངས་རྒྱས་བླ་མ་ཆོས༔ དེ་བཞིན་བླ་མ་དགེ་འདུན་ཏེ༔ དཀོན་མཆོག་གསུམ་གྱི་རྩ་བ་ཡིན༔ མཆོད་པ་ཐམས་ཅད་ཡོངས་སྤངས་ལ༔ བླ་མའི་མཆོད་པ་ཡང་དག་བརྩམ༔ དེ་མཉེས་དངོས་གྲུབ་གང་འདོད་འབྱུང༔ ཞེས་གསུངས༔ དེ་ནས་རྒྱལ་པོས་སློབ་དཔོན་ལ་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ རྒྱུ་སེམས་ཅན་ལ་འབྲས་བུ་སངས་རྒྱས་སྒྲུབ་པར་བྱེད་པ་ལ༔ དང་པོ་ཁོ་ནར་རྟོགས་པའི་ལྟ་བ་གཅེས་པར་གདའ་བས༔ རྟོགས་པ་ལྟ་བ་དང་ལྡན་པ་གང་ལགས་ཞེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ ལྟ་བ་ཐམས་ཅད་ཀྱི་ཡང་རྩེ་སྙིང་པོ་བྱང་ཆུབ་ཀྱི་སེམས་ཉིད་ཡིན་ཏེ༔ སྟོང་གསུམ་གྱི་སྟོང་ཆེན་པོ་ཐམས་ཅད་དང༔ ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་དང༔ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དོན་གཅིག་སྟེ༔ སྙིང་པོ་བྱང་ཆུབ་ཀྱི་སེམས་ལ་འདུས་སོ༔ དེ་ལ་སེམས་ཞེས་བྱ་བ་ནི་མ་བྱས་པར་སྣ་ཚོགས་སུ་བྱུང་བའོ༔ འོ་ན་སེམས་ཅན་དང་སངས་རྒྱས་ལ་ཁྱད་པར་ཅི་ཡོད་ཅེ་ན༔ སེམས་རྟོགས་མ་རྟོགས་ལས་མེད་དེ༔ སངས་རྒྱས་ཀྱི་རྒྱུ་དེ་རང་ལ་ཡོད་དེ་ངོ་མ་ཤེས༔ སེམས་ངོ་མ་ཤེས་པས་རྒྱུ་དྲུག་དུ་འཁྱམས་པ་ཡིན་ནོ༔ འོ་ན་སེམས་རྟོགས་པར་བྱེད་པ་ལ་ཐབས་ཅི་མཆིས་ན༔ ཞུས་པས༔ དེ་ལ་བླ་མའི་གདམས་ངག་དགོས་གསུངས༔ དེ་ལ་སེམས་ཞེས་དྲན་ཞིང་རིག་པ་ཉམས་སུ་མྱོང་བ་ཞིག་ཡོད་དེ༔ སེམས་ཕྱི་རུ་མ་ལྟ་ནང་དུ་ལྟོས༔ སེམས་ཀྱིས་སེམས་ཚོལ༔ སེམས་ཀྱི་རང་བཞིན་གཏན་ལ་ཕོབ་ཅིག༔ སེམས་དེ་དང་པོ་གང་ནས་བྱུང༔ ད་ལྟ་གང་དུ་གནས༔ ཐ་མ་གང་དུ་འགྲོ་ལྟོས་ཤིག༔ དེ་ལ་རང་གི་སེམས་འདི་ལ་རང་གིས་བལྟས་པས༔ བྱུང་ས་གནས་ས་འགྲོ་ས་མ་རྙེད༔ དེ་འདི་འདྲ་ཞེས་མཚོན་དུ་མེད་པས༔ སེམས་ལ་ཕྱི་ཞིག་དང་ནང་ཞིག་དང༔ ལྟ་མཁན་ཞིག་དང་ལྟ་བྱེད་མེད་པ༔ མཐའ་དབུས་བྲལ་བའི་ཡེ་ཤེས་ཆེན་པོ༔ ཡེ་སྟོང་ཡེ་བྲལ་ཁྱབ་བརྡལ་ཆེན་པོ༔ ཡེ་ཤེས་རང་གནས་སུ་རང་ལ་གནས་པ་སྟེ༔ ད་ལྟ་བྱས་པ་ལྟ་བུ་མ་ཡིན་ཏེ༔ ཡེ་ཉིད་དུ་རང་ལ་གནས་པ་དེ༔ ངོ་ཤེས་པ་དེ་ལྟ་བ་ཡིན་པར་རྦད་ཀྱིས་ཆོད་གསུངས༔ དེ་ལ་གདེང་དང་བཅས་པ་ཞེས་བྱ་བ་ནི༔ ནམ་མཁའ་དང་འདྲ་སྟེ་ཡེ་ནས་ལྷུན་གྲུབ༔ ཉི་མ་དང་འདྲ་སྟེ་མ་རིག་པའི་མུན་པ་གཞི་མེད༔ པདྨ་དང་འདྲ་སྟེ་སྐྱོན་གྱིས་མ་གོས༔ གསེར་དང་འདྲ་སྟེ་དོན་ཆོས་ཉིད་ལས་མི་འགྱུར༔ རྒྱ་མཚོ་དང་འདྲ་སྟེ་གཡོ་འགུལ་མེད༔ ཆུ་བོ་དང་འདྲ་སྟེ་རྒྱུན་ཆད་མེད༔ གནམ་ས་དང་འདྲ་སྟེ་འདུ་འབྲལ་མེད༔ རི་རབ་དང་འདྲ་སྟེ་འཕོ་འགྱུར་མེད་པས༔ དེ་ལྟ་བུའི་དོན་རྟོགས་ནས་བརྟན་པའི་དུས་ན༔ རྟོགས་པ་ལྟ་བ་དང་ལྡན་པ་ཞེས་ཟེར་བ་ཡིན་ནོ་གསུངས༔ ༔རྒྱལ་པོས་ཞུས་པ༔ སྒོམ་པ་ཉམས་མྱོང་དང་ལྡན་པ་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ རྗེ་ལྷ་གཅིག་ཉོན་ཅིག༔ སྒོམ་པ་ཉམས་མྱོང་དང་ལྡན་པ་ནི༔ སེམས་ཉིད་མ་བཅོས་པ༔ མ་བསླད་པ་སོ་མ༔ རང་ཐད་རྣལ་མ༔ ལྷུག་པ༔ ཕྱིར་མི་གཞག༔ ནང་དུ་མི་འགུགས༔ གཏད་མེད་དུ་གཞག༔ ཆོས་ཉིད་མཉམ་པ་ཆེན་པོའི་ངང་ལ་མར་མེ་རླུང་གིས་མ་བསྐྱོད་པ་ལྟར་གཞག་གོ༔ དེ་ལ་ཉམས་མྱོང་ནི༔ ཤེས་པ་མེར་བ་དང༔ ལྟེམ་པ་དང༔ ཆད་པ་དང༔ བདེ་བ་དང༔ གསལ་བ་དང༔ རྟོག་པ་མེད་པ་དང༔ སྣང་བ་རབ་རིབ་དུ་འདུག་པ་དང༔ གཟའ་གཏད་ཆུང་བ་དང༔ འཇིག་རྟེན་གྱི་སྤྱོད་པ་དང་མི་མཐུན་པ་བྱུང་ན༔ ཉམས་ཀྱི་རྟགས་ཡིན་པས་གང་ལ་ཡང་ངོ་མཚར་མི་བརྩི་འོ༔ ཞེན་འཛིན་གང་ལ་ཡང་མི་བྱའོ༔ དེ་ལྟར་སྒོམ་པ་ཉམས་མྱོང་དང་ལྡན་པ་ཞེས་བྱའོ་གསུངས༔ ༔རྒྱལ་པོས་ཞུས་པ༔ སྤྱོད་པ་རོ་སྙོམས་དང་ལྡན་པ་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ སྤྱོད་པ་ནི་སྒོམ་པ་ལ་རྒྱུན་ཆད་མེད་དེ༔ འགྲོ་འཆག་ཉལ་འདུག་ཐམས་ཅད་དུ་སྒོམ་དུ་མེད་ཀྱང་མ་བརྗེད་པར་དྲན་པར་བྱའོ༔ དཔེར་ན་ཆུ་བོ་རྒྱུན་ཆད་མེད་པ་ལྟ་བུའོ༔ ཞེས་རོ་སྙོམས་ནི་དབང་པོ་ལྔ་ལ་འདོད་པའི་ཡོན་ཏན་ཅི་མཐོང་ཅི་ཤར་ཐམས་ཅད་ལ་ཆགས་ཞེན་མེད་པས་ཆོས་ཉིད་ཀྱི་རྩིས་ཟིན་སྟེ༔ གང་ལ་ཡང་སྤང་བླང་མེད་པར་རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་ལྟ་བུའོ༔ དེ་ཁོ་ན་ལ་སྤྱོད་པ་རོ་སྙོམས་དང་ལྡན་པ་ཞེས་བྱའོ་གསུངས༔ ༔ཡང་རྒྱལ་པོས་ཞུས་པ༔ རྣམ་རྟོག་འགྱུར་མེད་ཀྱི་འཕྲང་གང་དུ་གཅད༔ སློབ་དཔོན་གྱིས་གསུང་པ༔ མཉམ་པར་གཞག་པའི་ཚེ༔ རྣམ་པར་རྟོག་པ་སྐྱེས་པའི་ཚེ༔ ཅི་སྐྱེས་ཀྱང་རང་གི་སེམས་ལས་སྐྱེས༔ སེམས་ཅིའི་ངོ་བོ་ལ་མ་གྲུབ་པས༔ རྣམ་རྟོག་སྐྱེ་རྒྱུའི་ངོ་བོ་སྟོང༔ དཔེར་ན་སྤྲིན་ནམ་མཁའ་ལས་བྱུང་ནས་ནམ་མཁའ་ལ་དེངས་པ་ལྟར༔ རྣམ་རྟོག་སེམས་ལས་བྱུང་ནས་སེམས་ཀྱི་ངང་དུ་དེངས༔ རྣམ་རྟོག་ཆོས་ཉིད་ཀྱི་རང་བཞིན་ཡིན་གསུངས༔ འཕྲང་གཅད་པ་ནི༔ སེམས་དྲན་པ་སྣ་ཚོགས་སུ་འགྱུ་ན༔ དེ་ཉིད་ལ་ཤེས་པ་གཏད་པས་ཁང་སྟོང་གི་རྐུན་མ་ལྟར༔ སེམས་སྟོང་པ་ལ་རྣམ་པར་རྟོག་པས་གནོད་པ་བསྐྱལ་བ་ཅི་ཡང་མེད་དོ༔ དེ་ལ་རྣམ་རྟོག་འགྱུ་བྱེད་ཀྱི་འཕྲང་ཆོད་པ་ཟེར་བ་ཡིན་ནོ༔ ༔གསུངས་སོ༔ སློབ་དཔོན་ལ་རྒྱལ་པོས་ཞུས་པ༔ འབྲས་བུ་མི་འགྱུར་བའི་གདེང་གང་དུ་བཅའ༔ སློབ་དཔོན་གྱིས་གསུང་པ༔ རྗེ་ལྷ་གཅིག་གསོན་ཅིག༔ བྱང་ཆུབ་སེམས་རྒྱུ་ཡིས་མ་བསྐྱེད༔ རྐྱེན་གྱིས་མི་འཇིག༔ སངས་རྒྱས་སྒམ་པོས་མ་མཛད༔ སེམས་ཅན་སྒྲིན་པོས་མ་བཅོས༔ ཡེ་ནས་རང་ལ་རང་ཆས་སུ་ཡོད་པ་དེ་ལ༔ བླ་མའི་གདམས་ངག་གིས་ངོ་ཤེས་པའི་དུས་ན༔ སངས་རྒྱས་ཀྱི་མེས་པོ་སེམས་ཡིན་པས༔ སྔར་འདྲིས་པའི་མི་ངོ་ཤེས་པ་དང་འདྲའོ༔ དེ་ལྟ་བུ་ལ་བརྟན་པ་ཐོབ་མངོན་དུ་གྱུར་པའི་ངང་ལ༔ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སངས་རྒྱས་པས༔ རྒྱལ་བུ་རྒྱལ་སར་ཕྱུང་བ་ལྟ་བུ་སྟེ༔ ཉམ་ང་བ་དང་བག་ཚ་བ་མེད་པར༔ ཡེ་ནས་ལྷུན་གྲུབ་ཏུ་སངས་རྒྱས་པས་འབྲས་བུ་གདེང་དང་ལྡན་པ་ཞེས་བྱའོ་གསུངས༔ ༔སློབ་དཔོན་ལ་རྒྱལ་པོས་ཞུས་པ༔ གོལ་ས་དང་སྐྱོན་གྱི་མཐའ་གང་དུ་གཅད༔ སློབ་དཔོན་གྱིས་གསུང་པ༔ རྗེ་ལྷ་གཅིག་ལགས༔ རེ་དོགས་གཉིས་བྱུང་ན༔ ལྟ་བ་མ་རྟོགས་པའི་སྐྱོན་ཡིན༔ རིག་པ་བྱང་ཆུབ་ཀྱི་སེམས་སྐྱེ་བ་མེད་པ་ལ༔ སངས་རྒྱས་ལ་རེ་བ་མེད༔ སེམས་ཅན་དུ་ལྟུང་གི་དོགས་པ་མེད་དོ༔ བསྒོམ་བྱ་དང་སྒོམ་བྱེད་གཉིས་བྱུང་ན༔ སེམས་ཉིད་འཕྲང་མ་ཆོད་པའི་སྐྱོན་ཡིན༔ ཆོས་ཉིད་སྤྲོས་པ་དང་བྲལ་བ་ལ༔ བསྒོམ་པར་བྱ་བའི་ཡུལ་མེད༔ སྒོམ་པར་བྱེད་པའི་མཁན་པོ་མེད༔ བསྒོམ་རྒྱུ་ཅི་ཡང་མེད་གསུངས་སོ༔ བླང་དོར་གཉིས་བྱུང་ན་ཆགས་འཛིན་མ་ཆོད་པའི་སྐྱོན་ཡིན་པས༔ སེམས་ཉིད་ཡེ་སྟོང་ཡེ་བྲལ་ལ༔ བསྒྲུབ་བྱ་ལ་ཆགས་སུ་མེད༔ དོར་བྱ་ལ་སྤང་དུ་མེད༔ ཡོན་ཏན་དང་སྐྱོན་ལ་བླང་དོར་མེད་དོ༔ ཡོ་བྱད་ལ་ཆགས་ན་ལམ་དུ་ཁྱེར་མ་ཤེས་པའི་སྐྱོན་ཡིན་པས༔ གང་ལ་ཡང་དམིགས་མེད་འཛིན་མེད་དུ་ཁྱེར་ལ༔ ཆགས་ཞེན་གཞི་རྩ་དང་བྲལ་བར་ཤེས་པར་བྱའོ་གསུངས༔ ཧྲིལ་གྱིས་དྲིལ་བས༔ ཡེངས་པ་མེད་པ་ལྟ་བ༔ བཞག་པ་མེད་པ་སྒོམ་པ༔ མྱོང་བ་མེད་པ་ཉམས་མྱོང༔ ཐོབ་པ་མེད་པ་འབྲས་བུ༔ དེ་ལས་ནི་དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་མ་གསུངས་སོ༔ དེ་ལ་གོལ་ས་དང་སྐྱོན་གྱི་མཐའ་ཆོད་པ་ཟེར་བ་ཡིན་གསུངས་སོ༔ ༔སློབ་དཔོན་ལ་རྒྱལ་པོས་ཞུས་པ༔ ངེས་པར་ཤེས་པའི་སྐྱོན་བསལ་བ་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ རང་སེམས་སངས་རྒྱས་སུ་རྟོགས་ཀྱང་བླ་མ་མི་སྤང༔ སྣང་བ་སེམས་སུ་རྟོགས་ཀྱང་འདུས་བྱས་ཀྱི་དགེ་བའི་རྩ་བ་རྒྱུན་མི་གཅད༔ སངས་རྒྱས་ལ་རེ་བ་མེད་ཀྱང་ལྷར་དཀོན་མཆོག་མཆོད༔ འཁོར་བ་ལ་དོགས་པ་མེད་ཀྱང་སྡིག་པ་ཕྲ་མོ་ནས་སྤང༔ ཆོས་ཉིད་འགྱུར་མེད་ཀྱི་གདེང་རྙེད་ཀྱང་ཆོས་གང་ལ་ཡང་སྒྲོ་སྐུར་མི་གདབ༔ རང་ལ་ཏིང་ངེ་འཛིན་དང་མངོན་ཤེས་ལ་སོགས་པའི་ཡོན་ཏན་ཤར་ཡང་ང་རྒྱལ་དང་རློམ་སེམས་སྤང༔ འཁོར་འདས་གཉིས་མེད་དུ་རྟོགས་ཀྱང་སེམས་ཅན་ལ་སྙིང་རྗེ་རྒྱུན་མི་གཅད་གསུངས་སོ༔ ༔ཡང་རྒྱལ་པོས་ཞུས་པ༔ ངེས་པའི་ཤེས་པ་སྐྱེད་པ་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ རང་སེམས་གདོད་མ་ནས་སངས་རྒྱས་པར་ངེས་ཤེས་བསྐྱེད༔ ཆོས་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ཡིན་པར་ངེས་ཤེས་བསྐྱེད༔ འབྲས་བུ་རང་ལ་གནས་པས་གཞན་ནས་བཙལ་དུ་མེད་པར་ངེས་ཤེས་བསྐྱེད༔ བླ་མ་ལ་སངས་རྒྱས་དངོས་ཡིན་པར་ངེས་ཤེས་བསྐྱེད༔ ལྟ་སྒོམ་གྱི་དོན་ཉིད་སངས་རྒྱས་ཀྱི་དགོངས་པ་ཡིན་པར་ངེས་ཤེས་བསྐྱེད་ལ་ཉམས་སུ་བླང་དགོས་གསུངས༔ ༔ཡང་རྒྱལ་པོས་ཞུས་པ༔ རྒྱུད་ལ་མན་ངག་དང་ལྡན་པ་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ ཀུན་ཏུ་བཟང་པོས་གསང་གཏམ་འདི་རྡོ་རྗེ་སེམས་དཔའི་སྙན་དུ་བྱིན་གྱིས་བརླབས་ཀྱིས་བཤད༔ དེས་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་སྙན་གྱི་གྭའུར་བླུགས༔ དེ་ཤྲཱི་སིཾ་ཧའི་ཐུགས་ཀྱི་དཀྱིལ་དུ་གཏད༔ དེའི་ཐུགས་པདྨ་བདག་ལ་གནང༔ ཁྲི་སྲོང་ལྡེ་བཙན་སྙིང་གི་དཀྱིལ་དུ་ཆོངས་གསུངས༔ ༔སློབ་དཔོན་གྱིས་རྒྱལ་པོ་ལ་གདམས་པ༔ ལྷ་གཅིག་ལགས༔ ཆོས་ཉིད་སྐྱེ་བ་མེད་པའི་དོན་གཅིག་མ་རྟོགས་ན༔ སྐུ་ལུས་རྒྱལ་པོར་སྐྱེས་ཀྱང་ཚེ་ལོང་མེད་ཆུའི་ཆུ་བུར་འདྲ༔ ཆོས་ཉིད་བསམ་དུ་མེད་པར་ལོངས་མ་སྤྱད་ན༔ མངའ་ཐང་རྒྱལ་སྲིད་འཇའ་ཚོན་རི་མོ་འདྲ༔ རིག་པ་རང་བྱུང་གྲོགས་དང་མ་འགྲོགས་ན༔ ཇོ་བོ་འཁོར་འབངས་ཤུལ་ཀའི་མགྲོན་དང་འདྲ་སྟེ་སོ་སོར་འགྲོ༔ ལྟ་སྒོམ་གནས་ལུགས་དོན་ལ་མ་བསྒོམ་ན༔ སྐྱེ་ཤི་འབྱུང་འཇུག་ཟོ་ཆུའི་འཁྱུད་མོ་འདྲ་སྟེ་གཅིག་ནས་གཅིག་ཏུ་འཁོར༔ རྒྱལ་སྲིད་ཞི་བའི་ཆོས་ཀྱིས་མ་བསྐྱངས་ན་བཀའ་ཁྲིམས་བསྡམས་ཀྱང་དུག་གི་སྡོང་པོ་འདྲ་སྟེ་རང་ཕུང་འགྱུར༔ རྒྱལ་པོ་ཆེན་པོ་ཆོས་ཁྲིམས་མཛད་པ་ཞུ་ཞེས་གདམས་སོ༔ ༔ཡང་སློབ་དཔོན་གྱིས་གདམས་པ༔ རྒྱལ་པོ་ལགས༔ དུས་ཀྱི་ཐ་མ་ལ་བཀའ་བཀའ་བཟང་རེ་ནི་འདོད༔ རྟོགས་ནི་སུས་ཀྱང་མ་རྟོགས༔ བཀའ་བཞིན་མི་བྱེད་པར་ཆོས་པར་ཁས་ལེན་པ་མང༔ དེའི་དུས་སུ་གྲུབ་ཐོབ་ཉུང༔ ཐོ་ཅོ་ཆེ་བ་མང༔ བོད་རྒྱ་བྱེའུ་རྒྱུན་ཆད་པ་ལྟར་འགྱུར་བས་འདུལ་བ་དཀའ༔ དེའི་དུས་སུ་ཆོས་བསྟན་བསྲུང་དགོས་པས༔ རྗེ་ཡིས་གཏེར་དུ་སྦོས་ཤིག༔ རྗེ་ཉིད་ཀྱང་སྐྱེ་བ་ཐ་མ་ལ་ཆོས་དང་བསྟན་སྲུང་རྣམས་དང་འཕྲད་དེ་འོང༔ དེའི་ཚེ་སྐྱེ་བ་རྒྱུན་ཆད་རིག་འཛིན་གྱི་ས་ལ་འགྲོ་བས་གཞན་ལ་མ་སྤེལ་ཅིག་གདམས་པས༔ རྗེ་རབ་ཏུ་དགྱེས་ནས༔ གསེར་གྱི་མ་དྷལ་ཕུལ༔ ཕྱག་དང་བསྐོར་བ་གྲངས་མེད་པ་མཛད་དོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ྈ ཡང་དེ་ཉིད་ཀྱི་ཚེ༔ རྒྱལ་པོས་ཕྱག་དང་བསྐོར་བ་མཛད་སློབ་དཔོན་ལ་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ བདག་རྒྱལ་པོ་འདྲ་བ་དད་པ་ཆུང་བ༔ ཁེ་གྲགས་ཆེ་བ༔ ཆོས་ལ་གནག་པ༔ གདུག་པ༔ དགེ་སེམས་ཆུང་བ༔ སྡིག་པར་ཤས་ཆེ་བ༔ ཆོས་ལ་མི་གནས་པ༔ གཡེང་བ་དང་བསོད་ནམས་ལ་དགའ་བ༔ ཚེ་ལམ་འདི་ལ་བསོད་ནམས་དང་ལྡན་ན༔ ཕྱི་མ་ངན་སོང་དུ་འགྲོ་ཡང་འཇིགས་སེམས་མེད་པ་ལགས་པས༔ བདག་ལ་ཐུགས་རྗེས་གཟིགས་ལ༔ འཆི་ཀར་སངས་རྒྱས་པའི་གདམས་ངག་ཅིག་ཞུ་བྱས་ནས༔ ཕྱག་དབུ་ཐོད་བུད་བུད་དུ་བཙལ༔ སྤྱན་ཆབ་བཏོན་པས༔ སློབ་དཔོན་གྱི་ཐུགས་ཀྱིས་དགོངས་ཏེ༔ གདམས་ངག་གི་བཅུད་ཕྱུང་ནས་གནང་བ༔ ཨེ་མ་ཧོ༔ ཐུགས་དད་པ་གཏིང་ནས་སྐྱེས་པ་ངོ་མཚར་ཆེའོ༔ འཆི་ཀར་རྒྱལ་པོ་ཐུགས་ཁྲལ་མི་འཚལ༔ གསང་སྔགས་གསེང་ལམ་གྱི་གདམས་པ༔ སྡིག་པོ་ཆེ་སྔོན་ལ་འཚང་རྒྱ་བ༔ བར་དོ་མེད་པའི་གདམས་པ་ཞིག་བདོག་པས༔ ལྷ་སྲས་གསོན་མཛོད་ཅིག༔ འོ་སྐོལ་མ་རིག་པའི་རྐྱེན་དང་ལས་ཀྱི་སྟོབས་ཀྱིས༔ དང་པོ་མངལ་དུ་ཞུགས་ནས་སྐྱེས་པ་ལགས༔ བར་དུ་ལོ་གྲངས་འགའ་ཙམ་ས་སྟེང་ན་གནས་པ་ཡིན༔ ཐ་མ་ཤི་བའི་དུས་སུ་ཕུང་པོ་ས་སྟེང་དུ་འགྲོ༔ སེམས་ལས་ཀྱི་དབང་གིས་འགྲོ་བ་རིགས་དྲུག་ཏུ་ལུས་ལེན་པས་འཁོར་བར་འཁྱམས་པ་ཡིན་གསུངས༔ དེ་ལ་འོ་སྐོལ་ཚེ་འདི་མཐར་ཕྱིན་ཡང་ཚེ་ལོ་བརྒྱ་པའི་དུས་ཡིན༔ དེ་ལ་ཚེ་ཕྱེད་ནུབ་མོ་ཉལ་བས་རོ་དང་འདྲ༔ རྨི་ལམ་དུ་བདེ་སྡུག་སྣ་ཚོགས་ཉམས་སུ་མྱོང༔ དེས་ན་སྣང་བ་དང་བཅས་པ་ལོ་ལྔ་བཅུ་ལས་མེད༔ དེ་ཉིད་ཀྱང་ཚེ་ལོ་བརྒྱ་པའི་དབང་དུ་བྱས་པ་ཡིན་གསུངས༔ དེ་ལྟ་མ་ཡིན་པ་མ་ལ་སྐྱེས་ནས་འཆི་བ་ཞིག་རང་ཆས་སུ་ཡོད༔ དེ་ལ་འོ་སྐོལ་གཏན་དུ་མི་འཆི་བ་ལྟ་བུར༔ ཆགས་སྡང་སྣ་ཚོགས་སྤྱོད་པ་འདི་རྣམས་ཀྱིས༔ འཆི་བ་མ་དྲན་པ་ཡིན་གསུངས༔ འཆི་བའི་དུས་བཏབ་མེད་པས་དུས་ནམ་གྱི་ཚེ་ན་ནམ་འཆི་ཆ་མེད༔ འཆི་རྐྱེན་མང་པོ་ཡོད་པས༔ ཞག་གཅིག་མི་འཆི་བའི་དབང་ཡང་མེད་གསུངས༔ རྒྱལ་པོ་གསོན་ཅིག༔ དེ་ཡང་འཆི་ལུགས་རབ་འབྲིང་ཐ་གསུམ་ཏེ༔ རྒྱལ་པོ་ལྟ་བུར་འཆི་བ་ནི༔ ཁྱེད་མངའ་རིས་དང་ལོངས་སྤྱོད་ལ་ཆགས་ནས་འཆི་བ་རྣམས་སྟེ༔ འཆི་ལུགས་ཐ་མ་ཡིན༔ འཆི་ཁར་ཆགས་ཞེན་མེད་པར་བྱ་གསུངས༔ སྤྲང་པོ་ལྟར་འཆི་བ་ནི༔ རྫས་དང་ཡོ་བྱད་གང་ལ་ཡང་ཆགས་པ་མེད་པར་འཆི་བ་ཡིན་ཏེ༔ འཆི་ལུགས་འབྲིང་ཡིན་གསུངས༔ རི་དྭགས་ལྟ་བུར་འཆི་བ་ཞེས་བྱ་སྟེ༔ གཅིག་པུར་ཆགས་པ་དང་ཞེན་པའི་རྟོག་པ་མེད་པར་འཆི་བ་འཆི་ལུགས་རབ་ཡིན་གསུངས༔ རྗེ་ལྷ་གཅིག་གསོན་མཛོད་ཅིག༔ དེ་ལྟར་འཆི་བའི་དུས་སུ་སངས་རྒྱས་ལུགས་གསུམ་སྟེ༔ དབང་པོ་ཐ་མ་ཚོགས་བསགས་ནས༔ ཚེ་ཕྱི་མ་དང་བཅས་ནས་སངས་རྒྱ་བ་ཡིན༔ དབང་པོ་འབྲིང་གོམས་འདྲིས་དང་བཅས་ནས་བར་དོར་སངས་རྒྱ་བ་ཡིན༔ དབང་པོ་རབ་རྟོགས་པ་དང་བཅས་ནས་བར་དོ་མེད་པར་སངས་རྒྱ་བ་ཡིན༔ ད་རེས་འོ་སྐོལ་གྱི་འདི་བར་དོ་མེད་པར་སངས་རྒྱ་བའི་གདམས་ངག་ཡིན༔ གསང་སྔགས་ཀྱི་གསེང་ལམ་ཡིན་གསུངས༔ དེ་ཡང་གདམས་པའི་རྩ་བ་ཚིག་གསུམ་གྱིས་མཚོན་ནས་སྟོན་ཏེ༔ ཕྱི་སྣང་བའི་ངོ་བོ་ཐམས་ཅད་ནམ་མཁའི་ངོ་བོར་རྩད་བཅད་པས༔ ཕྱི་འགྲོ་དྲུག་གི་འཇིག་རྟེན་འགྲོ་དྲུག་གི་སྐྱེ་གནས་རྩ་བ་དང་བྲལ༔ ནང་འཛིན་པའི་ངོ་བོ་སེམས་གསལ་སྟོང་གི་ངོ་བོར་རྩ་བ་བཅད་པས༔ ནང་བཅུད་ཀྱི་སེམས་ཅན་མངལ་ཁ་སྟོང་པར་བཞག་ནས་སྐྱེ་བ་ཐམས་ཅད་རྩ་བ་དང་བྲལ༔ མ་རིག་པ་སྐྱེ་མེད་དུ་རྟོགས་པས༔ ཆོས་ཀྱི་རྩ་བ་བཅད་པས༔ དགེ་སྡིག་གི་རྩ་བ་དང་བྲལ་ལོ༔ གདམས་པ་ཚིག་གསུམ་པོ་འདི་ཡིན་ནོ་གསུངས༔ རྒྱལ་པོས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ ཕྱི་སྣང་བའི་ཡུལ་ནམ་མཁའི་ངོ་བོར་རྩད་ཇི་ལྟར་གཅད་ལགས༔ ཕྱི་སྣོད་ཀྱི་འཇིག་རྟེན་འགྲོ་དྲུག་གི་སྐྱེ་གནས་རྩ་བ་དང་ཇི་ལྟར་བྲལ་ལགས༔ སློབ་དཔོན་གྱིས་གསུང་པ༔ རྗེ་ལྷ་གཅིག་ལགས༔ གསོན་མཛོད་ཅིག༔ ཕྱི་སྣང་བའི་ཡུལ་གང་ཡིན་ན༔ ད་ལྟར་གྱི་སྣང་བ་ལ༔ གླིང་བཞི་རི་རབ་བྱེ་བ་ཕྲག་ཐེར་འབུམ་ཡོད་པ་ལ༔ འོ་སྐོལ་གྱི་སྣང་བ་ལ༔ ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་དུ་སྣང་བ་འདི་ཡིན་ཏེ༔ མ་རྟོགས་པ་ལོག་པའི་སྣང་བ་བྱ་བ་ཡིན༔ མདོ་དགོངས་པ་འདུས་པ་ནས༔ རྫས་ཀྱི་ངོ་བོ་གཅིག་ལ་ཡང༔ ལོག་ལྟ་དྲུག་དང་ཡང་དག་གཅིག༔ ཕྱིན་ཅི་ལོག་ནི་རྣམ་པ་གཉིས༔ ཞེས་གསུངས་པས༔ འོ་སྐོལ་གྱི་ཆུ་གཅིག་པུ་ལ༔ ལྷས་བདུད་རྩིར་མཐོང༔ ལྷ་མ་ཡིན་གྱིས་གོ་མཚོན་དུ་མཐོང༔ མིས་ཆུར་མཐོང༔ བྱོལ་སོང་གིས་བཏུང་བར་མཐོང༔ ཡི་དྭགས་ཀྱིས་རྣག་ཁྲག་ཏུ་མཐོང༔ དམྱལ་བས་ཟངས་ཆུ་ཁོལ་མར་མཐོང༔ ལོག་ལྟ་དྲུག་དུ་བྱུང༔ ཡང་དག་པར་ན་དེ་དག་གང་ཡང་མ་ཡིན༔ དེ་ལ་ཕྱིན་ཅི་ལོག་གཉིས་སུ་བཟུང་སྟེ༔ མུ་སྟེགས་རྟག་པ་བ་རྣམས་ན་རེ༔ རྒྱུ་འབྲས་གཉིས་རྟག་པས་མི་ཤི་བ་མིར་སྐྱེ༔ རྟ་ཤི་བ་རྟར་སྐྱེ་བ་ལ་སོགས་པ་འདོད༔ མུ་སྟེགས་ཆད་པ་པ་ན་རེ༔ ལུས་འབྱུང་བ་བཞིའི་བག་ལ་ཞ༔ སེམས་ནམ་མཁའི་བག་ལ་ཞ༔ ད་ལྟའི་རྐྱེན་སྣང་བློ་བུར་བ་ཡིན༔ ཤི་ནས་ལུས་མི་ལེན་ཟེར༔ དེ་གཉིས་ཕྱིན་ཅི་ལོག་གི་རྟོག་པ་ཡིན་གསུངས༔ འོ་ན་ཡང་དག་པའི་དོན་གང་ཡིན་ན༔ ཅི་ཡང་མ་ཡིན་ལ་འཛིན་པ་ཐམས་ཅད་དང་བྲལ་བ་ཡིན༔ ད་ལྟར་གྱི་སྣང་བ་ས་རྡོ་རི་བྲག༔ རྩི་ཤིང་ནགས་ཚལ་ལ་སོགས་པ་འདི་ལ་གང་དུ་ཡང་མི་འཛིན༔ གང་དུ་ཡང་མི་སྒྲུབ༔ སྣང་བ་མི་འགེགས༔ ཡོད་མེད་དུ་མི་སྒྲུབ༔ སྣང་བ་རང་སྣང༔ སྟོང་པ་རང་སྟོང༔ ནམ་མཁའི་ངོ་བོ་དང་འདྲ་སྟེ༔ ངོ་བོ་རང་སྟོང༔ སྣང་ལ་རང་བཞིན་མེད་པར་བཞག་གོ་གསུངས༔ དེ་ལྟ་བུའི་ཡུལ་སྣང་ལ་འཛིན་པ་མ་ཞུགས་པས་ཞེན་ཆགས་མ་སྐྱེས་ཏེ༔ ཕྱི་སྣོད་ཀྱི་འཇིག་རྟེན་རྩ་བ་བཅད༔ རིགས་དྲུག་དུ་སྐྱེ་བ་མེད་དེ་རྒྱུ་དྲུག་གནས་སྟོངས་པ་ཡིན་གསུངས༔ དེ་ཅི་སྟེ་ཞེ་ན༔ རིགས་དྲུག་གི་སྣང་བ་འཁྲུལ་པ་ཡིན༔ འཁྲུལ་པ་དང་བྲལ་བ་ལ༔ ཡུལ་སྣང་ལ་མཐོང་རྒྱུ་མི་གདའ་གསུངས༔ རྒྱལ་པོས་ཞུས་པ༔ ནང་འཛིན་པའི་སེམས་གསལ་སྟོང་གི་ངོ་བོར་རྩད་གཅད་པ་དེ་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ རྗེ་ལྷ་གཅིག་ལགས༔ གསོན་མཛོད་ཅིག༔ ནང་འཛིན་པའི་སེམས་གསལ་སྟོང་དུ་རྩད་བཅད་ནས༔ ནང་སེམས་ཀྱི་མངལ་ཁ་སྟོང་པར་བཞག་པས༔ སྐྱེ་རྒྱུ་རྩ་བ་བྲལ་ཟེར་ཙམ་ན༔ ནང་འཛིན་པའི་སེམས་གང་ཡིན་ན༔ ཕ་མ་སྤུན་གྲོགས་བུ་ནོར་དགྲ་གཉེན་ལ་སོགས་པ་རྣམས་ཡིན༔ འོ་ན་འཛིན་མཁན་རང་གང་ཡིན་ན༔ ཉོན་མོངས་པ་ཅན་གྱི་ཡིད་ཡིན༔ དེ་རྩ་བ་བཅད་པས་ཡིད་དེ་གང་དུ་ཡང་མ་གྲུབ༔ གང་ཡང་མེད་པ་མིན༔ མ་རྟོགས་པའི་དུས་ན་ཡིད་ཀུན་བྱེད་ཕུང་ཀྲོལ་མཁན༔ སེམས་མི་དྲན་དགུ་དྲན་ཞེས་བྱ༔ དེ་ཉིད་རྟོགས་ཤིང་ཡིད་རྩད་ཆོད་ནས༔ གསལ་ལ་མ་འགགས་པ་ཞིག་ཡོད་དེ༔ དེ་ལ་སེམས་ཉིད་རྟོགས་ཞེས་བྱ༔ གང་དུ་ཡང་མ་གྲུབ་པ་དེ་ལ་ཆོས་ཀྱི་དབྱིངས་ཞེས་བྱ༔ དེ་ཉིད་གསལ་ལ་མ་འགགས་པར་གསལ་བ་ཡིན༔ སྣང་ཡང་གང་དུ་ཡང་མ་གྲུབ་པ་སྟོང་པ་ཡིན༔ དེ་ལྟར་ཡུལ་སྣང་གང་ལ་ཡང་ཕ་དང་མའི་འཛིན་པ་མ་ཞུགས་པས༔ འཛིན་པ་ཕའི་རྒྱུ་དང༔ ཆགས་པ་མའི་རྐྱེན་ཟད་པས༔ རིགས་དྲུག་གི་མངལ་ཁར་སྐྱེ་དོགས་མི་གདའ་གསུངས༔ རྒྱལ་པོས་ཞུས་པ༔ མ་རིག་པ་སྐྱེ་མེད་དུ་རྟོགས་པས་ཆོས་ཀྱི་རྩ་བ་བཅད་པ་དེ་གང་ལགས༔ མ་རིག་པ་སྐྱེ་མེད་དུ་རྟོགས་དགོས་པ་ཡིན༔ སྐྱེ་མེད་བྱ་བ་གང་ལ་ཟེར་ན༔ སེམས་ཉིད་ཅིའི་ངོ་བོར་ཡང་མ་གྲུབ་པ་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་ལ་རིག་པ་རིག་པར་ཤར་བ་ཟེར༔ རང་གིས་རང་ངོ་ཤེས་པ་ཞེས་བྱ༔ སྐྱེ་བ་མེད་པའི་ཆོས་རྟོགས་པ་ཞེས་བྱ༔ དོན་ལ་ཆོས་ཀྱི་ངོ་བོ་རྩད་ཆོད་པ་ཞེས་ཟེར་ཏེ་དགེ་སྡིག་ལས་ཀྱི་ཆོས་དང་བྲལ་ཞེས་བྱའོ༔ དགེ་བ་ཇི་སྙེད་བྱས་ཀྱང་སངས་རྒྱས་ཀྱི་འབྲས་བུ་ལ་རེ་བ་མེད༔ སྡིག་པ་ཇི་སྙེད་བྱས་ཀྱང་ངན་སོང་དང་དམྱལ་བ་ལ་དོགས་པ་མེད་དོ༔ དེ་ལ་ལས་དང་ལས་ཀྱི་རྣམ་པར་སྨིན་པས་གོས་པ་མེད་དོ་གསུངས༔ དེ་ལ་རིག་བཟོའམ༔ འདོད་ཁའམ༔ བཅོས་པ་ལྟ་བུ་མ་ཡིན་ཏེ་བཀའ་ལུང་ཐམས་ཅད་ནས་བཤད་དོ༔ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པ་ལས་ཀྱང༔ ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ལ་ལས་ཀྱང་མ་མཆིས༔ ལས་ཀྱི་རྣམ་པར་སྨིན་པ་ཡང་མ་མཆིས་སོ༔ ཞེས་གསུངས་སོ༔ ཚུལ་བརྒྱ་ལྔ་བཅུ་པ་ལས་ཀྱང༔ ཇི་ལྟར་པདྨ་རབ་དམར་ལ༔ ཉེས་པའི་སྐྱོན་གྱིས་མ་གོས་སོ༔ དེ་བཞིན་ཆོས་རྣམས་སྟོང་པ་ལ༔ ལས་ཀྱི་ཉེས་པས་མི་གོས་སོ༔ ཞེས་གསུངས་སོ༔ ནམ་མཁའ་ཆེ་ལས༔ ཇི་སྟེ་ལས་ཀྱི་དབང་གྱུར་ན༔ རང་བྱུང་ཡེ་ཤེས་ཡོད་མ་ཡིན༔ ཞེས་གསུངས་སོ༔ རྡོ་རྗེ་རི་རབ་ཁང་པ་ནས༔ བདག་ནི་བདག་གིས་སྟོང༔ གཞན་ནི་གཞན་གྱིས་སྟོང༔ གཉིས་ཀ་ནི་གཉིས་ཀས་སྟོང༔ གཉིས་ཀ་མ་ཡིན་པ་ཡང་གཉིས་ཀ་མ་ཡིན་པས་སྟོང༔ གཉིས་ཀ་མ་ཡིན་པ་ནི་མཐའ་མེད་པས་སྟོང་སྟེ༔ ཡང་དག་པར་མ་ཡིན་པ་ལ་ཀུན་བརྟགས་པའི་ཕྱིར་རོ༔ ཞེས་གསུངས་སོ༔ བློ་གྲོས་རྒྱ་མཚོའི་མདོ་ལས༔ ཐེག་པ་ཆེན་པོའི་མདོ་འདི་དག་ནི་འཇིག་རྟེན་དང་མི་མཐུན་ནོ༔ དེ་ཅིའི་ཕྱིར་ཞེ་ན༔ སེམས་ཅན་ཐམས་ཅད་ནི་རྒྱུན་གྱི་རྗེས་སུ་འཇུག་པ་བྲལ་བའོ༔ ཞེས་གསུངས་སོ༔ དེས་ན་ཐམས་ཅད་རང་སེམས་ཀྱི་འཁྲུལ་པར་ཤེས་པས༔ ཆོས་ཉིད་ཀྱི་དོན་རྩད་ཆོད༔ དགེ་སྡིག་རྩ་བ་དང་བྲལ་བ་ཡིན་གསུངས༔ རྒྱལ་པོས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ འཆི་དུས་སུ་བར་དོ་མེད་པར་སངས་ཇི་ལྟར་རྒྱ་ལགས་ཞེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ རྗེ་ལྷ་གཅིག་གསོན་ཅིག༔ རྣལ་འབྱོར་བློ་རབ་ཀྱིས་ཕྱི་སྣང་བའི་ཡུལ་ལ་འཛིན་པ་མེད་པས༔ སྣང་བ་ལ་སྒྲོ་འདོགས་ཆོད་ནས༔ སྣང་བ་རང་སར་གྲོལ་ཏེ་བར་དོར་སྣང་བའི་ཡུལ་མི་འཆར༔ ཕྱི་སྣོད་ཀྱི་འཇིག་རྟེན་སྐྱེ་བ་མེད༔ ནང་འཛིན་པའི་སེམས་གང་ཅིའི་ངོ་བོར་མ་གྲུབ་པས་འཁོར་བ་རང་སར་གྲོལ་ཏེ་བར་དོར་ཡིད་ཀྱི་ལུས་མེད་པས༔ རིགས་དྲུག་མངལ་ཁ་སྟོངས་ཏེ་སྐྱེ་བའི་རྒྱུ་མེད་ཆོས་ཉིད་རང་སར་དག༔ རྣལ་འབྱོར་པའི་ལུས་བོར་བས༔ རིག་པ་ནམ་མཁའ་དང་འཕྲད༔ དེ་ལས་དགེ་སྡིག་གི་འཕེན་པ་ཟད་པ་ཡིན་ནོ༔ གསུངས་སོ༔ རྒྱལ་པོས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ དེ་ལྟ་བུ་དེ་ལ་སྐུ་གསུམ་གྱི་འབྲས་བུ་ཇི་ལྟར་འབྱུང་བ་ལགས༔ སློབ་དཔོན་གྱིས་གསུང་པ༔ ཆོས་ཉིད་ཀྱི་གཞི་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པས༔ གང་ཅི་ཡང་མ་ཡིན་པ་ནམ་མཁའ་ལྟ་བུའི་ངང་ལ་འབྲས་བུ་ཆོས་སྐུ་ཞེས་བྱའོ༔ ཆོས་ཀྱི་སྐུ་ནམ་མཁའ་ལྟ་བུའི་ངང་ལས༔ ལོངས་སྤྱོད་རྫོགས་པའི་སྐུ་སྤྲིན་ལྟ་བུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ༔ ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་ལ་སྣང༔ སྤྲུལ་པའི་སྐུ་ཆར་ལྟ་བུས་སྤྲུལ་པ་དཔག་ཏུ་མེད་པ་གང་ལ་གང་འདུལ་གྱི་དོན་བྱེད་པའོ་གསུངས་སོ༔ ཐིག་ལེ་སྦས་པའི་རྒྱུད་ལས༔ ནམ་མཁའ་སྟོང་པའི་ངང་ཉིད་ལས༔ ཆུ་འཛིན་སྤྲིན་གྱི་རང་བཞིན་ཆགས༔ དེ་ཡང་ཆར་དུ་བབས་པ་ཡིས༔ རྩི་ཤིང་ནགས་ཚལ་སྐྱེས་པ་བཞིན༔ ཆོས་སྐུ་བསམ་གྱིས་མི་ཁྱབ་པ༔ རྣལ་འབྱོར་རྣམ་གསུམ་རྟོགས་པའི་ཡུལ༔ དེ་ལས་ལོངས་སྐུ་འབྱུང་བ་ཡིན༔ ཐེག་ཆེན་བྱང་ཆུབ་སེམས་དཔའི་ཡུལ༔ དེ་ལས་སྤྲུལ་སྐུ་འབྱུང་བ་ཡིན༔ སྐལ་ལྡན་སེམས་ཅན་རྣམས་ཀྱི་ཡུལ་ཞེས་གསུངས་སོ༔ དེ་ནི་འབྲས་བུ་སྐུ་གསུམ་གྱི་འཆར་ལུགས་ཡིན་གསུངས་སོ༔ ༔སློབ་དཔོན་གྱིས་རྒྱལ་པོ་ལ་གདམས་པ༔ རྗེ་ལྷ་གཅིག་དགོངས་མཛོད་ཅིག༔ ཚེ་ལ་ལོང་མེད་ཆོས་ཉིད་ཟབ་མོའི་དོན་འདི་ཉམས་སུ་ལོངས་མཛོད་ཅིག༔ དགོངས་པ་ཟབ་མོའི་དོན་དང་ལྡན་ཡང༔ འདུས་བྱས་ཀྱི་དགེ་བ་རྒྱུན་མ་ཆད་པར་མཛོད༔ ཅི་བྱེད་དམིགས་པ་མེད་པའི་རྒྱས་ཐོབས༔ ཆོས་འདི་གཞན་ལ་བསྟན་ན་སྒྲོ་སྐུར་གྱི་སར་འགྲོ་བས༔ མ་སྤེལ་གཏེར་དུ་སྦོས་མཛོད༔ དུས་ཀྱི་མཐའ་ལ་རྒྱལ་པོ་ཉིད་དང་འཕྲད་པར་མཆི་ཡི་ཞེས་བཀའ་བསྩལ་རྒྱས་བཏབ་བོ༔ རྒྱལ་པོ་དགྱེས་ཏེ་དུས་དེ་ཉིད་དུ་རིག་པ་རང་སར་གྲོལ་བར་གྱུར་ཏོ༔ སློབ་དཔོན་ལ་ཤིན་ཏུ་དྲིན་དུ་བཟོའོ༔ གསང་སྔགས་ཀྱི་གསེང་ལམ༔ སྡིག་པོ་ཆེ་སྔོན་ལ་སངས་རྒྱ་བའི་མན་ངག་གོ༔ གཏེར་རྒྱ༔ སྦས་རྒྱས༔ གཏད་རྒྱ༔༔ ༔༔ ྈ ༄༅༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ༔ རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས༔ གསེར་གྱི་མ་དྷལ་ཕུལ་ནས་ཞུས་པ༔ ཨེ་མ་ཧོ༔ སློབ་དཔོན་ཆེན་པོ་ལགས༔ ཐེག་པ་ཆེ་ཆུང་གང་དང་ཡང་མི་འགལ་བའི་ཆོས་ཉམས་སུ་བླང་ཐབས་ཤིག་ཞུ་དང་ཞུས་པས༔ སློབ་དཔོན་གྱིས་གདམས་པ་གནང་བ༔ ཨེ་མ་ཧོ༔ རྒྱལ་པོ་ཆེན་པོ་ལགས༔ མི་ལུས་ཚད་མ་བསོད་ནམས་དང་ལྡན་པའི་རྒྱལ་པོར་ཡང་ཡང་སྐྱེ་བ་དཀོན་པས་ཆོས་སྲིད་བསྐྱང་བ་གཅེས༔ འཇིག་རྟེན་གྱི་བྱ་བ་རྒྱལ་ཁྲིམས་དམ་ཡང་སེམས་ཅན་རྣམས་ལ་གནོད་པས༔ བྱང་ཆུབ་ཀྱི་སེམས་སྦྱང་བ་གཅེས༔ སྒྱུ་མའི་ལུས་འདི་གཅེས་སྤྲས་ཀྱིས་ཕངས་པར་བྱས་ཀྱང་ནམ་འཆི་ཆ་མེད༔ སྐྲ་དཀར་དང་གཉེར་མ་ལ་སོགས་པ་འཆི་བའི་བྱ་གཏོང་བ་ཡིན་པས༔ སྐྱོ་བ་སྐྱེད་ལ་གཉེན་པོ་ཆོས་སྤྱོད་ལ་འབད་པ་གལ་ཆེའོ༔ ཐར་པའི་ལམ་སྣ་ཟིན་པའི་རྒྱུ་ངོ་ཚ་དང་ཁྲེལ་འཛེམ་སྔོན་དུ་སོང་བས༔ སྡོམ་ཁྲིམས་མ་ཉམས་པར་བསྲུང་བ་གལ་ཆེ༔ སེམས་ཅན་སྙིང་རྗེའི་ཡུལ་ཡིན་པས༔ གསར་འགྲོགས་མཐོ་དམའ་མེད་པར་གྱིས་ལ༔ འཁོར་འབངས་དང་ཉེ་འབྲེལ་ཐམས་ཅད་ཆོས་ལ་གཟུད་ཅིང་བསྐྱང་བ་གལ་ཆེ༔ ཟས་ནོར་ལ་སོགས་པ་བསགས་པའི་རྫས་ལ་ཆོག་ཤེས་མེད་པས༔ ཆུད་ཟོས་ཏེ་དགྲ་ཟས་འདྲེ་ཟས་ཁ་ལེན་དུ་མ་སོང་བར་ཆོས་ཕྱོགས་སུ་གཏོང་བ་གལ་ཆེ༔ དད་གུས་མེད་ན་གདམས་པའི་བཅུད་མི་ཐོབ་པས༔ དད་བརྩོན་གུས་པས་ཡིད་ཆེས་དང་ལྡན་པས་བླ་མ་གོང་མ་རྣམས་མཆོད་ཅིང་བཀུར་བསྟི་བྱ་བ་གལ་ཆེ༔ སངས་རྒྱས་ཀྱི་ཡེ་ཤེས་རང་གི་རྒྱུད་ལ་སྟོན་པར་བྱེད་པ་བླ་མ་ཡིན་པས༔ བླ་མ་སྙན་བརྒྱུད་ཅན་ལ་གདམས་པ་ཞུས་ཏེ་ཉམས་སུ་བླང་བ་གལ་ཆེ༔ ལུས་ངག་ཡིད་གསུམ་ཐ་མལ་དུ་འཇུག་ན་བྱིན་རླབས་མི་འབྱུང་བས༔ ལུས་ལྷ་ངག་སྔགས་སེམས་ཆོས་ཉིད་མི་རྟོག་པས་ལུས་ངག་ཡིད་གསུམ་བརྟོད་ལ་གནོན་པ་གལ་ཆེ༔ སྤྱོད་པ་ཐ་མལ་པའི་རྗེས་ཕྱིར་འབྲངས་ན་ལུས་ངག་ཡིད་གསུམ་འཇིག་རྟེན་གྱི་སྣང་བ་ལ་ཡན་པར་འཆོར་བས༔ གྲོགས་ངན་ཐབས་ཀྱིས་སྤང་ཞིང་རི་ཁྲོད་བརྟེན་པ་གལ་ཆེ༔ ཡབ་ཡུམ་དང་སྐུ་མཆེད་སྲས་དང་མཛའ་བཤེས་ཐམས་ཅད་ཤུལ་ཀའི་མགྲོན་པོ་དང་འདྲ་སྟེ་ལྷན་ཅིག་མི་གནས་པས༔ དེ་དག་ལ་ཆགས་ཞེན་སྤང་ཞིང་འཁོར་བའི་རྩ་བ་བུད་མེད་དང་མི་འགྲོགས་པ་གལ་ཆེ༔ འཇིག་རྟེན་འདིའི་རྙེད་པ་དང་བཀུར་བསྟི་སྙན་གྲགས་ཐམས་ཅད་གཡེང་བ་དང་བར་ཆད་ཀྱི་རྒྱུ་ཡིན་པས༔ འཇིག་རྟེན་བློས་བཏང་སྟེ་ཆོས་བརྒྱད་གཏན་ནས་སྤང་བ་གལ་ཆེ༔ ད་ལྟར་གྱི་སྣང་བ་བདེ་སྡུག་སྣ་ཚོགས་སུ་སྣང་བ་འདི་ཀུན་རྫོབ་མི་བདེན་པ་ཡིན་པས༔ སྣང་སྲིད་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུར་རང་དབང་མེད་པར་ཤེས་པ་གལ་ཆེ༔ སེམས་ཉིད་རྟ་དམུ་རྒོད་དང་འདྲ་བ་གང་དགའ་དགར་འཆོར་བས༔ དུས་རྟག་ཏུ་དྲན་པ་དང་ཤེས་བཞིན་གྱི་བྱ་ར་བ་གཞག་པ་གལ་ཆེ༔ སེམས་ཉིད་ངོས་གཟུང་མེད་པ་དེ་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ཡིན་པས༔ རང་གིས་རང་ལ་བལྟས་ཏེ་ངོ་ཤེས་པ་གལ་ཆེ༔ སེམས་བཟུང་ན་གནས་སུ་མི་འདོད་པས༔ ལུས་སེམས་ཁོང་གློད་ལ་ཤེས་པ་རང་སར་གཞག་པ་གལ་ཆེ༔ བཅོས་སྒྱུར་ཐམས་ཅད་རྟོག་པའི་ཉིང་འཁྲུལ་ཡིན་པས༔ རྣམ་རྟོག་འཕྲོ་རྒོད་ཐམས་ཅད་གློད་ལ་རང་སར་གྲོལ་དུ་གཞུག་པ་གལ་ཆེ༔ རྩོལ་སྒྲུབ་ཐམས་ཅད་འདོད་པའི་ཐག་པས་འཆིང་བས༔ འདོད་རྩོལ་བྲལ་བར་རང་སར་དྭངས་སུ་གཞུག་པ་གལ་ཆེ༔ རེ་དོགས་བྱུང་ན་སངས་རྒྱས་མི་ཐོབ་པས༔ སེམས་ཉིད་སྐྱེ་མེད་སྟོང་པ་ལ་སངས་རྒྱས་ཐོབ་རྒྱུ་མེད་ཅིང༔ འཁོར་བར་ལྟུང་རྒྱུ་མ་གྲུབ་པར་ཐག་གཅད་པ་གལ་ཆེ༔ ཨེ་མ་ཧོ༔ ལྷ་སྲས་གསོན་མཛོད་ཅིག༔ འདི་ལྟར་བགྱིས་ན་ཐེག་པ་ཆེ་ཆུང་སྔགས་མཚན་ཉིད་རྒྱུ་དང་འབྲས་བུའི་ཆོས་གང་དང་ཡང་མི་འགལ་བས༔ རྒྱལ་པོ་ཆེན་པོ་ཐུགས་ལ་ཞོག་མཛོད༔ དུས་ཀྱི་མཐའ་ལ་རྒྱལ་པོ་ཆེན་པོ་ཉིད་སྐྱེ་བའི་རྒྱུན་ཆོད་འཁོར་བའི་མཐའ་ཆོད༔ སངས་རྒྱས་ཀྱི་ཡེ་ཤེས་རྒྱུད་ལ་ཤར་ནས༔ འགྲོ་དོན་རྒྱུན་ཆད་མེད་པར་བྱེད་པར་གདའ་ཡིས༔ ཆོས་ཀུན་རིན་ཆེན་གཏེར་དུ་སྦོས་མཛོད་གསུངས་སོ༔ བསྐྱེད་རྫོགས་ཟུང་འཇུག་གི་གདམས་ངག༔ མངའ་བདག་རབ་ཏུ་དགྱེས་ནས་ཕྱག་དང་བསྐོར་བ་གྲངས་མེད་མཛད་དོ༔ གསེར་ཕྱེ་གཏོར་ཏོ༔ ཐེག་པ་ཐུན་མོང་པ་དང་མི་འགལ་བའི་གདམས་པ་གལ་པོ་ཆེའི་གདམས་ངག་གོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ༄༅༔ སློབ་དཔོན་པདྨ་འབྱུང་གནས་ལ༔ ལྷ་སྲས་ཀྱིས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ མཚན་བཅས་དང་མཚན་མེད་ཟུང་འབྲེལ་གྱི་ངོ་སྤྲོད་ཅིག་ཞུ་འཚལ་ཞེས་གསེར་གྱི་མ་དྷལ་ཕུལ༔ ཚོགས་ཀྱི་འཁོར་ལོ་མཛད་ནས་ཞུས་པས༔ སློབ་དཔོན་གྱིས་གདམས་པ་གནང་བ༔ ཨཱོྃ་ཨཱཿཧཱུྃ༔ ཡིག་འབྲུ་གསུམ་སྐུ་གསུང་ཐུགས་ཕྱག་རྒྱ་ཆེན་པོ་ལ་ངོ་སྤྲད་པ་ནི༔ བདག་ཉིད་གང་ན་འདུག་པ་དེ་ལུས་ཀྱི་རི་བོ་དགོན་པའི་གནས༔ དེ་ན་སེམས་ཉིད་སྒོམ་ཆེན་བཞུགས་ཏེ༔ དེ་ཡང་དང་པོ་རང་སྐད་ཅིག་དྲན་རྫོགས་སུ་ཡི་དམ་ལྷ་བསྐྱེད་ལ༔ ལྷའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་གསལ་བ་དེ་ལོངས་སྤྱོད་རྫོགས་པའི་སྐུར་ངོ་སྤྲད༔ སྐུ་དེ་ཡང་གདོས་པ་ཅན་མ་ཡིན་ཏེ་སྣང་ལ་རང་བཞིན་མེད་པ་དེ་སྤྲུལ་པའི་སྐུར་ངོ་སྤྲད༔ དེ་ལྟར་གསལ་བའི་དུས་ན་བདག་གི་སེམས་དྲན་རྟོག་སྣ་ཚོགས་ཅན་མ་ཡིན་ཏེ༔ གསལ་ལ་རྟོག་པ་མེད་པ་མར་མེ་རླུང་གིས་མ་བསྐྱོད་པ་ལྟར་གནས་པར་བྱ་སྟེ་ཆོས་ཀྱི་སྐུར་ངོ་སྤྲད༔ དེ་ལྟར་གསལ་བའི་ལྷ་དེ་ཡང་ལོགས་ན་ཡོད་པ་མ་ཡིན་ཏེ༔ རང་གི་སེམས་ཉིད་ལྷའི་ངོ་བོར་ཤར་བར་ངོ་སྤྲད་དོ༔ དེ་ལྟ་བུ་དེ་ལ་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པར་བྱ་སྟེ༔ སྤྱི་བོར་འཁོར་ལོ་རྩིབས་བཞིའི་སྟེང་དུ་ཨཱོྃ་དཀར་པོ་ཞིག་བསྒོམ་སྟེ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུའི་ངོ་བོར་ངོ་སྤྲད༔ མགྲིན་པར་པདྨ་འདབ་བཞིའི་སྟེང་དུ་ཨཱཿདམར་པོ་ཞིག་བསྒོམ་སྟེ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་གི་ངོ་བོར་ངོ་སྤྲད༔ ཐུགས་ཀར་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ལ་ཧཱུྃ་མཐིང་ནག་ཅིག་བསྒོམ་སྟེ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོར་ངོ་སྤྲད༔ དེ་ལྟར་སྐུ་གསུང་ཐུགས་ཀྱི་ལྷ་དེ་ཕྱག་རྒྱ་ཆེན་པོར་གསལ་བའི་ལྷ་དེ༔ ཡེ་ནས་མ་བཙལ་ལྷུན་གྱིས་གྲུབ་པས་སངས་རྒྱས་ཀྱི་ངོ་བོ་ཡིན་པར་ངོ་སྤྲད་དོ༔ དེ་ལྟར་ཤེས་ནས་བསྒོམས་ན་ཡི་དམ་གྱི་ལྷ་གཅིག་བསྒོམས་པས་སངས་རྒྱས་ཐམས་ཅད་བསྒོམས་པར་ངོ་སྤྲད༔ དེ་ལྟར་ལྷར་གསལ་བའི་དུས་ན་སྐུ་ལ་བགྲེས་རྒུད་མི་མངའ་བས༔ སྐྱེ་ཤི་དང་འདུ་འབྲལ་མེད་པར་ངོ་སྤྲད་དོ༔ དེ་དག་ནི་སྐུ་ཕྱག་རྒྱ་ཆེན་པོ་ལ་ངོ་སྤྲད་པའོ༔ ད་ནི་གསུང་ཡིག་འབྲུ་གསུམ་ལ་ངོ་སྤྲད་པ་ནི༔ སྤྱི་གཙུག་གི་ཨཱོྃ་དེ་བདེ་བར་གཤེགས་པའི་སྐུའི་སྙིང་པོར་ངོ་སྤྲད༔ མགྲིན་པའི་ཨཱཿགསུང་གི་སྙིང་པོར༔ ཐུགས་ཀའི་ཧཱུྃ་ཐུགས་ཀྱི་སྙིང་པོར་རོ༔ ཨཱོྃ་གྱིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྒྲིབ་པ་སྦྱོང་བར་ངོ་སྤྲད༔ ཨཱཿས་ངག་གི༔ ཧཱུྃ་གིས་ཡིད་ཀྱིའོ༔ ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བྱང་བས་གྲུབ་རྟགས་རྣམ་གསུམ་འབྱུང་སྟེ༔ ཨཱོྃ་གྱིས་ལུས་ལ་བདེ་བ་འབྱུང་སྟེ༔ བདེ་བ་ཆོས་ཀྱི་སྐུར་ངོ་སྤྲད༔ ཨཱཿས་གསུང་གྲུབ་པས་ངག་ལ་ནུས་པར་འབྱུང་སྟེ༔ གྲགས་སྟོང་ཆོས་ཉིད་ཀྱི་སྒྲར་ངོ་སྤྲད༔ ཧཱུྃ་གིས་ཐུགས་གྲུབ་པས་སེམས་ལ་རྟོགས་པ་འཆར་ཏེ༔ གསལ་ལ་མི་རྟོག་པ་ཆོས་ཀྱི་དབྱིངས་སུ་ངོ་སྤྲད༔ དེ་ལྟར་གསལ་བའི་དུས་ན་རྒྱུན་མི་ཆད་པ་རྣམ་པ་གསུམ་འབྱུང་སྟེ༔ རླུང་ནང་དུ་འཇུག་པ་ཨཱོྃ་སྟེ༔ ཨཱོྃ་ཞེས་སྤྱི་བོ་ནས་འབྱུང༔ རླུང་བར་ན་གནས་པ་ཨཱཿསྟེ་མགྲིན་པ་ནས་འབྱུང༔ ཕྱིར་རྒྱུ་བ་ཧཱུྃ་སྙིང་ག་ནས་འབྱུང༔ སྙིང་པོ་འབྲུ་གསུམ་རླུང་འབྱུང་གནས་འཇུག་རྒྱུན་མི་ཆད་པས༔ རྡོ་རྗེའི་བཟླས་པ་ལ་ངོ་སྤྲད་དོ༔ དེ་རྣམས་ནི་གསུང་ཡིག་འབྲུ་གསུམ་ལ་ངོ་སྤྲད་པའོ༔ ད་ནི་སྐུ་གསུང་ཐུགས་ལ་ངོ་སྤྲད་པ་ནི༔ ཨཱོྃ་སྤྲུལ་པའི་སྐུའི་ངོ་བོ་ཡིན་ཏེ་ད་ལྟར་གྱི་ཤེས་པ་སྣ་ཚོགས་དྲན་རིག་འགྱུ་བ་ཅན་འདི་ལ་ངོ་སྤྲད༔ ཨཱཿལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ་རིག་པ་གསལ་ལ་མ་འགགས་པར་རང་ཤར་འདི་ལ་ངོ་སྤྲད༔ ཧཱུྃ་ཆོས་ཀྱི་སྐུའི་ངོ་བོ་ཡིན་ཏེ་སེམས་ངོ་བོ་གང་དུ་ཡང་མ་གྲུབ་པ་སྤྲོས་པ་དང་བྲལ་བ་འདི་ལ་ངོ་སྤྲད༔ དེ་ཡང་ཨཱོྃ་སྤྲུལ་སྐུའི་ངོ་བོ་དེ་སྤྱོད་པ་སྣ་ཚོགས་པ་ལ་ཞེན་པ་མེད་པས་གང་ལྟར་ཡང་འཆར་བ་ལ་ངོ་སྤྲད༔ ཨཱཿལོངས་སྤྱོད་རྫོགས་པའི་སྐུ་དེ་སྒོམ་པ་གསལ་ལ་འཛིན་པ་མེད་པ་ལ་ངོ་སྤྲད༔ ཧཱུྃ་ཆོས་ཀྱི་སྐུའི་ངོ་བོ་དེ་ལྟ་བ་བདེ་ཆེན་མཐའ་བྲལ་གང་གི་ཡང་འདོད་པ་མེད་པ་ལ་ངོ་སྤྲད༔ ཨཱོྃ་སྤྲུལ་པ་སྐུའི་ངོ་བོ་དེ་དྲན་འགྱུས་རྣམ་རྟོག་རང་སར་གྲོལ་བས་རྟོག་པ་ཆོས་ཉིད་དུ་འཆར་བ་ལ་ངོ་སྤྲད༔ ཨཱཿལོངས་སྤྱོད་རྫོགས་སྐུའི་ངོ་བོ་དེ་ཉིད་ཆོས་ཉིད་རང་གསལ་དུ་ཤར་བས་སྒོམ་ཐུན་མཚམས་མེད་པར་ངོ་སྤྲད༔ ཧཱུྃ་ཆོས་སྐུའི་ངོ་བོ་དེ་ཆོས་ཉིད་གཞི་མེད་ལྟ་བ་ལ་གོལ་ས་མེད་པར་ངོ་སྤྲད༔ དེ་ནི་ཐུགས་གསུང་སྐུ་གསུམ་ལ་ངོ་སྤྲད་པའོ༔ གདམས་པ་གཅིག་དུ་དྲིལ་བས༔ ལུས་ལྷར་སྣང་ལ་རང་བཞིན་མེད་པར་སྣང་སྟོང་གཉིས་མེད༔ ངག་འབྲུ་གསུམ་ཡིད་ཀྱིས་གསལ་བར་བཟླས་པས་གསལ་སྟོང་གཉིས་མེད༔ དེ་གསུམ་དང་ལྡན་པ་མཚན་བཅས་མཚན་མེད་ཟུང་འཇུག་ཡིན༔ སངས་རྒྱས་ལ་འཆོར་ས་མེད་པར་ཐོབ་པར་བྱེད་པས་རྒྱལ་པོ་ཆེན་པོ་ཐུགས་དམ་དུ་བཞེས་འཚལ༔ འདི་ལས་ལྷག་པའི་གདམས་ངག་པདྨ་བདག་ལ་ཡོད་རེ་ཀན་ཞེས་གདམས་པས༔ མངའ་བདག་རབ་ཏུ་དགྱེས་ནས་ཕྱག་བྱས༔ གསེར་ཕྱེ་གཏོར༔ བསྐྱེད་རྫོགས་ཟུང་འཇུག་གི་གདམས་པའོ༔ གཏེར་རྒྱ༔ སྦས་རྒྱས༔ གཏད་རྒྱ༔༔ ༔༔ ྈ ༄༅༔ སློབ་དཔོན་གྱིས་རྒྱལ་པོ་ལ་གདམས་པ༔ རྗེ་ལྷ་གཅིག་ལགས༔ གདམས་པ་ཟབ་མོའི་དོན་འདི་ཉམས་སུ་ལོང་མཛོད༔ འཁོར་བའི་གནས་ན་བདེ་བའི་ས་མེད༔ སངས་རྒྱས་གནས་ན་བདེ༔ སངས་རྒྱས་བསྒྲུབས་པས་མི་འགྲུབ་མ་བཙལ་བཞག་ན་འགྲུབ༔ འཁོར་བ་སྤངས་པས་མི་སྤོང་རང་སར་བཞག་པས་གྲོལ༔ སྡུག་བསྔལ་བཅོས་པས་མི་བདེ་གློད་ནས་བཞག་པས་བདེ༔ བདེ་བ་འདོད་པས་མི་མྱོང་འདོད་སྲེད་བཞག་པས་སྐྱེད༔ ཆགས་ཞེན་བཅད་པས་མི་ཆོད་ཞེན་པ་ལོག་ན་ཆོད༔ གདམས་པ་འདོད་པས་མི་རྙེད་བླ་མ་བསྟེན་པས་རྙེད༔ བྱིན་རླབས་ཞུས་པས་མི་འོང་མོས་གུས་སྐྱེས་ན་འོང༔ རྒྱལ་པོ་ཉིད་ཀྱང་ཆོས་དང་འགྲོགས་ན་བདེ༔ བྱ་བྱེད་གཡེང་བ་སྐྱུར་ལ་ལྟ་སྒོམ་དོན་ལ་སྤྱོད༔ སྐྱེ་མེད་ཆོས་སྐུ་མཉམ་པའི་ངང་ལ་བཞུགས་ཞེས་གསུངས་སོ༔ རྒྱལ་པོ་དགྱེས་ནས་ཕྱག་དང་བསྐོར་བ་མང་དུ་མཛད་དོ༔ སློབ་དཔོན་ལ་ཤིན་ཏུ་གུས་ཤིང་དད་དོ༔༔ ༔༔ ༄༅༔ སྐྱོན་ཅན་སུན་འདོན་གྱི་སྐོར༔ ན་མོ་གུ་རུ༔ སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ་སྐུ་སྐྱེ་ཤི་མེད་པ་སྤྲུལ་པའི་སྐུ་དངོས་དེ༔ སྔོན་ལས་ཀྱིས་བསྐུལ་ནས་བོད་དུ་བྱོན་པ་ལ༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་ཞབས་ཏོག་བྱེད་ཅིང་ཡོད་པ་ལ༔ བོད་ཀྱི་མི་རྣམས་ལ་ཐུགས་མུག་ནས་འདི་སྐད་གསུངས༔ མཚོ་རྒྱལ་བོད་ཀྱི་མི་འདི་རྣམས་ལ་གདོལ་བའི་རིགས་སྤྲེའུ་དང་བྲག་སྲིན་གྱི་བུའི་ཞད་ཅིག་འདུག་གསུངས༔ ཇོ་མོས་ཇི་ལྟར་གདའ་ཞུས་པས༔ ཁོང་སྒྲིན་ལ་ཅོལ་ཆུང༔ མི་འགྲུབ་པའི་བྱ་བ་མང༔ སྙིང་རྗེ་མེད་ལ་སྲོག་གཅོད་པ་ལ་དགའ༔ ཆོས་ལ་གནག་ལ་སྡིག་ལ་བརྩོན༔ ཆོས་བྱེད་པ་ལ་མི་བརྩི་བར་སྡིག་བྱེད་ལ་བསྟོད༔ ལས་འཁྲུགས་པ་ལ་བྱེད་ཅིང་ཕྱོགས་རིས་དང་ཁ་འཛིན་ཆེ༔ དྲིན་བཞག་མི་དྲན་པར་ཁེ་སྐམ་ལ་ཅི་ཡང་བྱེད༔ བྱ་བ་མང་ལ་ཆོས་སྒྲུབ་པ་ཉུང༔ བོད་འདི་ཀུན་གྱིས་ཆོས་མི་འོང༔ ཇི་སྐད་ཞལ་ཏ་བྱས་ཀྱང་སླར་ཁྱོད་རང་དེ་ལྟར་བྱ་མོད་ཟེར་བ་ཤ་སྟག་འདུག༔ བོད་འདི་ཀུན་ཆོས་བཞིན་བྱེད་པ་ཇེ་ཉུང་ཇེ་ཉུང་འོང་གསུངས༔ སློབ་དཔོན་པདྨའི་ཞལ་ནས༔ བཙུན་པའི་ཆ་ལུགས་བྱས་ནས༔ བླང་རྒྱུའི་དགེ་བཅུ་དང་དུ་མི་ལེན་པར་རྒྱབ་དུ་བསྐྱུར༔ སྤང་རྒྱུའི་ཆུང་མ་དང་དུ་བླངས་ནས་མདུན་དུ་བསྟེན༔ བྱ་རྒྱུའི་ཆོས་སྤྱོད་མི་བྱེད་པར་ཡལ་བར་དོར༔ གཞག་རྒྱུའི་བྱ་བྱེད་གཡོ་ཁྲམ་དང་དུ་བླངས༔ བསམ་རྒྱུའི་ལས་འབྲས་རྣམ་སྨིན་སྐད་ཅིག་ཀྱང་མི་སེམས༔ སྤང་བྱའི་ཚོང་དང་ཁེ་སྤོགས་དོན་ལ་སེམས༔ འགྲོ་ན་རྟ་བོང་གི་ཁལ་ཕྱིར་འབྲང༔ འདུག་ན་ཚོང་འདུས་དང་སྐྱེ་བོའི་ནང་ན་འདུག༔ ཟ་ན་ཤ་ཆང་དང་སྒོག་ཙོང་ལ་འབད༔ ཉལ་ན་བུད་མེད་ཀྱི་ནུ་ཕྲག་ཏུ་མགོ་ཧྲིལ་ལེ་གཉིད་ལོག་པ་འདི་ཀུན་མཐོང་ཙམ་ན་ང་ཡི་མུག༔ མཁན་པོ་དང་སློབ་དཔོན་ལ་ངོ་རེ་ཚ་ན༔ སྐྱེ་བོ་རྣམས་ཀྱིས་ཞེ་རེ་ཁྲེལ་ན༔ སྟོན་པའི་ན་བཟའ་ཆུད་རེ་ཟོས་ན༔ ངུར་སྨྲིག་གི་ཆོས་གོས་འོ་རེ་བརྒྱལ་ན༔ སངས་རྒྱས་ཀྱི་བསྟན་པ་ལ་ཏོག་ཙེས་བརྐོས་པ་འདི་ལྟ་བུ་མཐོང་ཙམ་ན་སྙིང་དུ་འདྲེ་བས་མི་སྡུག༔ བཙུན་འཆོས་ཚོ་ལ་ཚེ་ཕྱི་མར་ལས་གཅིག་འོང་ན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ བུད་མེད་བཙུན་མ་བྱས་ནས༔ བསྲུང་རྒྱུའི་སྡོམ་པ་མི་སྲུང་བར་གཏོང་རྒྱུའི་ཟས་ནོར་སྲུང༔ ཉན་རྒྱུའི་ཆོས་མི་ཉན་པར་བོར་རྒྱུའི་ལོང་གཏམ་ཉན༔ འགྲིམ་རྒྱུའི་ཆོས་གྲ་མི་འགྲིམ་པར་གྲོང་ཁྱེར་འཕོང་ར་འགྲིམ༔ བྱ་རྒྱུའི་དགེ་སྦྱོར་མི་བྱེད་པར་གཞག་རྒྱུའི་བལ་ཕྲུག་བྱེད༔ བལྟ་རྒྱུའི་སེམས་ལ་མི་ལྟ༔ ཆགས་སེམས་ཀྱིས་སྐྱེས་པའི་གཟུགས་བྱད་ལ་ལྟ༔ རྣམ་སྨིན་སྐད་ཅིག་ཀྱང་མི་དྲན་པར༔ སྐྱེ་བོའི་ལམ་ན་མགོ་ཧྲིལ་ཧྲིལ་བྱས་ནས༔ མཁན་སློབ་ཁྱད་དུ་གསོད༔ སྡོམ་ཁྲིམས་གྲི་རུ་བཀུམ༔ དགེ་བ་ཕྱགས་མས་བཏབ༔ རང་གིས་རང་ཉིད་བསླུས༔ མི་ཚེ་སྟོང་ལོག་བྱས༔ སྡིག་པ་ཁུར་དུ་བྲེས་པས་ཁ་ཅིག་མཐོང་ཙམ་ན་ང་ཡི་མུག༔ ཁྱེད་དང་པོ་སྐྱེས་པའི་སྙིང་དུ་མི་སྡུག་གམ༔ ཕ་མ་བཏང་ནས་ཁྱིམ་ནས་བྱུང་ངམ༔ ཟས་ནོར་མགོ་རྒྱན་ཙམ་མེད་དམ༔ ཁྱོ་སྐལ་ཆད་ནས་གོ་རྒས་སུ་ལུས་སམ༔ སྔ་ཕྱིའི་བསམ་མནོ་གཏོང་བའི་སྙིང་འཕོངས་སུ་བྱིལ་ལམ༔ འདི་ཁོ་ན་ལྟས་ངན་ཡིན་སྙམ་པ་ལ༔ སྐྱེས་པ་ཀུན་ཡང་འདོད་ཆགས་སྐྱེ་བར་འདུག༔ གཉིས་ཀ་སྨྱོ་བ་ཡིན་ཏེ༔ ཉོན་མོངས་པ་ཅན་ཚོ་དམྱལ་བའི་གྲོང་ཁྱེར་དུ་སྡུག་ཡུན་རིང་པར་འོང་ན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྔགས་པའི་ཆ་ལུགས་བྱས་ནས༔ སློབ་རྒྱུའི་ཤེས་རབ་རྣམ་གསུམ་ལ་མི་སློབ༔ དབང་དང་རིམ་པ་མནོས་ནས༔ བསྲུང་རྒྱུའི་དམ་ཚིག་ཡིད་ལ་ཡང་མི་དྲན༔ ཐེག་པ་ཆེན་པོར་ཁས་བླངས་ནས༔ སེམས་ཅན་ལ་ཕན་པའི་དོན་སྐད་ཅིག་ཀྱང་མི་སྒྲུབ༔ སྔགས་སྒོར་ཞུགས་ནས༔ བསྐྱེད་རྫོགས་གཞུང་དང་མཐུན་པ་སྐད་ཅིག་ཀྱང་མི་སྒོམ༔ བུད་མེད་མཆན་དུ་རོ་ཉལ་བྱས་ནས༔ ཀ་བ་ལི་གོག་པོ་རེ་འཕོངས་ཀྱི་རྩ་ན་བཞག༔ ཐོད་པ་གོག་པ་རེ་ནི་སྔས་ཀྱི་འགྲམ་ན་སྦུབ༔ རྔ་གོག་པོ་རེ་རྩིག་པའི་ལོགས་སུ་གཟེར༔ ཏིང་ངེ་འཛིན་བྲེང་གཅིག་ཀྱང་མེད་པར་ཁས་ཕྲིན་ལས་བོན་གྱེར་བྱེད༔ ཞེ་སྡང་གདུག་སེམས་ཀྱིས་ར་རྒན་ལུག་འཛི་ལ་དམོད་པ་རྨོ༔ བུ་སྨད་ཀྱི་འཁོར་གྱིས་བསྐོར་ནས་སྤྱོད་པ་འབོག་ཆོས་བྱེད༔ སྐྱེ་བོའི་སྤྱོད་པ་ལས་མ་ལོག་པར་མཐུ་རྩལ་དང་བྱིན་རླབས་རེ༔ གསོད་གཅོད་ཀྱི་རྣམ་སྨིན་ལ་མི་འཛེམ་པར་བཀྲ་ཤིས་དང་རྒྱུད་བཟང་འདོད༔ སྔགས་པ་འདི་ལྟ་བུ་མཐོང་ཙམ་ན་ཡི་མུག༔ རྡོ་རྗེ་སེམས་དཔའི་བསྟན་པ་འཇིག་པ་འདི་རྣམས་དྲན་ཙམ་ན་ངུ་སྙིང་འདོད༔ འབན་པོ་ཆེ་རྡོ་རྗེ་དམྱལ་བར་སྡུག་པ་ཁམ་ཆེ་བར་འོང་བ་སྙིང་རེ་རྗེ་ན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྒོམ་ཆེན་དུ་ཁས་བླངས་ནས་སེམས་བག་ཙམ་ཡང་མི་འཛིན༔ བཙུན་ཆེན་དུ་ཁས་བླངས་ནས་ཁྲིམས་ཀྱང་མི་སྲུང༔ དགེ་བཤེས་སུ་ཁས་བླངས་ནས་ཆོས་ཀྱི་མཁྱེན་པ་སྣ་གཅིག་ཀྱང་མཐར་མ་ཕྱིན༔ སྔགས་པར་ཁས་བླངས་ནས་དམ་ཚིག་སྐུ་གསུང་ཐུགས་ཀྱང་མི་སྲུང༔ ཐམས་ཅད་ཀྱང་ཟས་ནོར་འདོད་པ་མ་གཏོགས་པ་རང་ལ་ཕན་པ་སྐད་ཅིག་ཀྱང་མི་སྒྲུབ་པར་འདུག་སྟེ༔ འཇིག་རྟེན་འདིའི་ཆེད་དུ་རྐྱང་བྱེད་པའི་ཁས་བླངས་ཆེ་ལ་ཉམས་ལེན་ཆུང་བ་འདི་ཚོ་མཐོང་ཙམ་ན་ང་ཡི་མུག༔ ཆོས་དཔག་འགྲིམ་པ་ཅན་འདི་ཚོ་ཡ་ང་སྙིང་རྗེ་བར་འདུག་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཤཱཀྱའི་བསྟན་པ་ལ་རབ་ཏུ་བྱུང་ནས༔ མཐོ་ས་བཟུང་ནས་དམན་པའི་སྤྱོད་པ་བྱེད༔ ཆེ་ས་བཟུང་ནས་ཆུང་དགུའི་ལས་བྱེད༔ ཐར་པའི་ས་བཟུང་ནས་སྐྱེ་བོའི་ཁ་འཛིན༔ འཁོར་བའི་འབྲེལ་ཐག་མི་གཅོད་པར་གཉེན་འདུན་བདག་འཛིན་བྱེད༔ བག་ཙམ་གྱི་ཁེ་མཐོང་ན་རྣམ་སྨིན་ལ་མི་འཛེམ་པའི་ལས་བྱེད༔ ཁྲོམ་ཁོང་དུ་བཙུད་ནས་བཙུན་བཙུན་ལྟར་བྱེད་པའི་ཚུལ་འཆོས་མཁན་འདི་རྣམས་མཐོང་ཙམ་ན་ཡི་མུག༔ བཙུན་པ་འདི་ལྟ་བུ་ཐ་མལ་པ་བས་ཐུ་བར་འདུག་པ་ལ༔ ཁོ་རང་བཟང་དུ་རེ་ནས་ཚུགས་པ་མི་གདའ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཀློག་མཁན་ཟེར་བའི་ཆོས་ཁ་ཏོན་བྱེད་པ་ལ་དགེ་སྦྱོར་དུ་མ་ཤེས་པར༔ ཟས་ནོར་གྱི་རྙེད་པ་ལ་དམིགས་ནས་མྱུར་དུ་ཐོན་ན་དགའ༔ རང་གིས་ལེགས་པར་བཏོན་ཡང་མ་དག་པའི་ཉེས་དམིགས་ཀྱིས་ཆོག་སྟེ༔ ཚིག་ལ་ཅི་བཏོགས་དང་ཤུབ་ཀློག་བྱེད༔ ཆོས་འབྲི་བའི་དུས་ན་ཡིག་འབྲུ་ཆད་པ་ཡང་གསོ་དགོས་པ་ལ༔ བདེ་བར་གཤེགས་པའི་བཀའ་དྲི་མ་མེད་པ་འབྲུ་གཅིག་ཀྱང་ཡིད་ལ་མི་འཛིན༔ སློབ་དཔོན་ལ་གདམས་པ་ཞུ་ཞིང་ཆོས་ཚོལ་བ་ལ་དཀའ་བ་དུ་མ་སྤྱོད་དགོས་པ་ལ༔ སངས་རྒྱས་ཀྱི་གསུང་གི་གདམས་ངག་ལྷུག་པར་འདོན་པ་མན་ངག་ཏུ་མ་ཤེས༔ བྱང་ཆུབ་སེམས་ཀྱིས་ཟིན་ན་རང་དང་ཡོན་བདག་གཉིས་ཀ་ལ་ཕན་པར་མ་ཤེས་པར༔ ཟོལ་དང་རྫུན་ཆོས་བྱས་ནས་དམྱལ་བ་རིན་གྱིས་ཉོ་བ་འདི་རྣམས་མཐོང་ཙམ་ན་ང་ཡི་མུག༔ ཀློག་མཁན་འདི་ཚོའི་ལྕེ་ལ་ཕྱི་མར་ལས་བཟོད་པར་དཀའ་བར་འོང་ན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྨན་པ་རྣམས་ཀྱིས་ཀྱང་བྱང་སེམས་དང་ལྡན་པས༔ ལེགས་པར་བཅོས་ན་ཆོས་སུ་འགྲོ་བ་ཞིག་འདུག་པ་ལ༔ ཟས་ནོར་ལ་བལྟས་ནས་མ་ཤེས་ཀྱང་མཁས་པར་ཁས་ལེན༔ ནད་ངོ་མ་ཤེས་ཀྱང་བཅོས་བྱེད༔ སྙིང་རྗེ་མེད་པར་ཕོད་པ་ཆེ༔ མི་རི་བ་ལ་སྨན་རིན་ལེན༔ མི་དབང་བའི་རྐང་གླ་འདོད༔ མི་ཕན་པའི་དཔྱད་བྱེད༔ མི་ན་བ་ནར་འཇུག༔ མྱུར་དུ་སོས་པ་མི་སོས་པར་བྱེད༔ མི་དགོས་པའི་སྨན་གཏོང༔ རིག་པ་ཕུལ་དུ་མ་ཕྱིན་པར་ནད་པ་བྱུང་ན་དགའ་བ་ལ་སྙམ་པ་ཞིག་མཐོང་ཙམ་ན་ང་ཡི་མུག༔ སྨན་པ་འདི་ཀུན་ཡང་སྡིག་པ་ཉེན་ཆེ་བར་གསོག་པར་འོང་འདུག༔ འབྱུང་པོ་གཙགས་བུ་ཐོགས་པ་མང་བར་འདུག་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཡིག་མཁན་ཟེར་ཆོས་སུ་མི་འགྲོ་བར་རྣམ་སྨིན་ངན་པ་ཁོ་རང་གིས་གསོག་པར་འདུག༔ བཀའ་དྲི་མ་མེད་པ་དང་འཕྲད་པར་དཀའ་བའི་དུས་འདིར་བཀུར་སྟི་མི་བྱེད་པར་འགོང་ལམ་བྱེད༔ ཡོན་བདག་གི་ཟས་སྐོམ་ལ་མ་མགུ་ན་ཟོལ་ཟོག་ཆོས་ལ་འཛུད༔ རྒྱལ་བའི་བཀའ་གླེགས་བམ་ལ་རིན་ཐང་གཅོད༔ འདོད་པ་ཁོང་དུ་བཅུག་ནས་རྙེད་པའི་ཆོས༔ བྱང་ཆུབ་སེམས་ཀྱིས་མ་ཟིན་པར་བཀའ་འགྱུར་རོ་ཅོག་བྲིས་ཀྱང་རང་ལ་མི་ཕན༔ བ་ལང་སྨྱུག་གུ་ཐོགས་པ་འདི་ཚོ་མཐོང་ཙམ་ན་ང་ཡི་མུག༔ ལར་ཆོས་སྤོང་བའི་ལས་གསོག་པ་ཉེན་ཆེ་བར་གདའ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོ་ག་མཁན་འདི་རྣམས་ཀྱིས་ཀྱང་བོན་པོའི་ལད་མོ་ལས་མ་ཤེས༔ མཆོད་པ་གཞུང་བཞིན་དུ་མི་བཤམ་པར༔ དཀོན་མཆོག་སྤྱན་འདྲེན༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་མ་བརླབས་པར་ཡོངས་ལ་བསྔོ༔ ཏིང་ངེ་འཛིན་གྱི་རྩལ་མེད་པར་གཞན་གྱི་སྡིག་སྦྱོང་བྱེད༔ གཏོར་མ་གནས་སུ་མ་སྐྱོལ་བར་འགྲོ་བའི་བར་ཆད་སེལ་བར་འདོད༔ རང་དོན་དགོངས་པ་དང་མི་ལྡན་པར་རང་སྡིག་གསོག་ཅིང་བར་ཆད་རིན་གྱིས་ཉོ་བ་ཞིག་འདུག་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ མདོས་མཁན་འདི་ཚོས་མི་ཤིས་པ་རིན་གྱིས་ཉོ་བར་འདུག་གསུངས༔ རྫས་དང་ཡས་སྟགས་གཞུང་བཞིན་མ་བསགས་པར་ཆོ་འབྲང་མང་པོ་འདོན༔ ཏིང་ངེ་འཛིན་གྱིས་དབང་དུ་མ་འདུས་པར་ལྷ་འདྲེའི་མཚང་འབྲུ༔ བྱིན་རླབས་སྤེལ་སྦྱོང་མ་ཤེས་པར་རྫས་ཆུང་ངུ་རེ་ལ་ལྷ་སྲིན་ཐམས་ཅད་སྐད་གཏོང༔ ཡས་ཐགས་སྐོས་ལ་མ་ཐེབས་པར་མདོས་རྫོངས་སུ་འདེབས༔ ཐེབ་ལྡོག་དུས་ཚོད་མ་ཤེས་པར་ཕྲིན་ལས་ཀྱི་ལམ་སྟོན༔ ལྷ་འདྲེ་མཐུན་རྫས་ཀྱིས་མ་མཉེས་པར་བཀའ་བསྒོ་བའི་ལས་འཆོལ༔ ལྟ་བ་ལ་མ་སླེབ་པར་འོ་དོད་འབོད་པ་འདི་ཚོ་ལ་ང་ཡི་མུག༔ ལྷ་འདྲེ་འཁྲུགས་ནས་རང་དང་ཡོན་བདག་བརླག་པར་བྱེད་ཉེན་ཆེ་འོ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ བོན་པོ་ཟེར་རྒོད་བྲོ་བ་ཞིག་འདུག༔ ཅིར་སྣང་ཡས་སུ་བསགས་ནས་རིགས་རྒྱུད་ལྷ་རུ་མཆོད༔ རྒྱུད་སྨྲང་དུ་འདོན་ཅིང་ཁ་ནས་འོ་དོད་འབོད༔ ཡས་གདན་ཁྱིམ་དུ་གསོག་ཅིང་ཡས་ཟས་བུ་སྨད་གསོ༔ རྔ་གོག་འགྲམ་པ་གཅོག་ཅིང་ཟན་ཆང་རྩ་བ་ནས་གཅོད༔ ལྷ་གསོལ་ཟེར་ནས་ལུག་གསོད༔ སྲི་གནོན་ཟེར་ནས་ཁྱི་ཐོད་སྦེད༔ མཚུན་གསོལ་ཟེར་ནས་གཤིན་པོ་འབོད༔ གཡང་ལྡོན་ཟེར་ནས་ཤ་མར་ཁོས་ཟ༔ རིམ་གྲོ་བྱེད་ཟེར་ནས་འདྲེ་སྙོམས་སུ་འཇུག༔ མི་ཁ་འགྲང་ཟེར་ནས་བལ་ཚོན་གྱིས་གཡོགས༔ བསང་བྱེད་ཟེར་ནས་ཁྱིམ་དུ་ནག་གིས་འགེངས༔ ལོག་རྟོག་གི་དྲྭ་བས་བཅིངས་ནས་ཡོན་བདག་གི་ཟན་ཆུར་དོར་བ་འདི་ཚོ་མཐོང་ཙམ་ན་ང་ཡི་མུག༔ མུ་སྟེགས་རྒྱང་འཕེན་པ་ཚོ་སྙིང་རེ་རྗེ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ གཙོ་བོ་ཟེར་སྡིག་གསོག་པ་ཞིག་འདུག༔ ལྟ་རྟོག་གཡོ་སྒྱུ་ལ་གཏོང༔ བསམ་མནོ་ཁྲོམ་ལ་བྱེད༔ ཟས་སུ་མནའ་ཟ་ཟོང་དུ་རྫུན་འཚོང༔ ལས་མགོ་བསྐོར་ལ་བྱེད༔ སྨྲ་ན་ཆེད་དུ་ཕྲ་མ་འཇུག༔ འདུན་མར་ཁེ་གྲགས་སྐྱོང༔ ནོར་ལྐོག་སུན་ལ་རེ༔ གནག་སེམས་མི་དགེ་བ་ལ་འཆབ༔ སོ་ནམ་སྐྱོན་སྐོར་སྒྲུབ༔ གཅོད་ན་སྲིད་སྡེ་གཅོད༔ སློང་ན་འཁྲུགས་པ་སློང༔ ཟས་འགྲོ་འདུག་ལ་ཟད༔ སེམས་ལ་ངན་སེམས་མིན་པ་ཅི་ཡང་མི་འགྱུ་བས༔ ལས་སུ་གཞན་གོང་དུ་ཤོར་གྱིས་དོགས་པར་བྱས་ནས༔ ཚེ་ཕྱི་མའི་འདུན་མ་སྐད་ཅིག་མི་བྱེད་པའི་བོད་ཀྱི་གཙོ་བོ་རྣམས་ལ་ང་ཡི་མུག༔ བློན་པོ་གདུག་པ་ཅན་འདི་ཚོས་རང་གྲོས་མི་ཤེས་པ་སྙིང་རེ་རྗེ༔ འདུན་མ་མཁན་ཚོ་ལ་མགོ་བསྐོར་ཆེན་པོ་གཅིག་མྱུར་དུ་འོང་བར་བྱེད་པ་ཡིན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ མི་ཆོས་པ་ཟེར་བ་ཚེ་ཕྱི་མ་སྐད་ཅིག་ཀྱང་མི་དྲན་པར༔ འདིའི་ཆེད་དུ་མི་དགེ་བ་ཅི་ཡང་ཚང་བ་བྱེད་པ་ཞིག་འདུག༔ སྲོག་གཅོད་པ་ལ་གཞན་གསོད་དུ་བཅུག་པས་སྡིག་པ་མི་འོང་དུ་རེ༔ རྐུ་བ་ལ་མི་རུང་བ་འོང་སྙམ་པ་མེད༔ འཕྲོག་པ་ལ་སྙིང་རྗེ་ངོ་ཚ་མི་དྲན༔ རྫུན་གཏོང་བ་ལ་རྣམ་སྨིན་ཡོད་སྙམ་པ་ཡིད་ལ་མི་འགྱུ༔ ཚིག་རྩུབ་དང་དམོད་མོ་བུ་ལ་ཡང་ཟེར༔ ཕྲ་མ་མ་སྨད་ལ་ཡང་འཇུག༔ ངག་འཁྱལ་ལ་ཀུ་རེར་ཆེ༔ ལོང་གཏམ་ལ་ཡང་བསྲིང་བྱེད༔ འདོད་ལོག་ལ་བཀའ་བདེར་མཐོང༔ མི་ཚངས་པར་སྤྱོད་པ་ལ་ལོངས་སྤྱོད་དུ་བྱེད༔ འདོད་སེམས་ཕ་མ་འཕྱའོ༔ བརྣབ་སེམས་ཆོས་བྱེད་ཀྱི་ནོར་ལ་ཡང་བྱེད༔ ཆོས་བྱེད་པ་ལ་ངན་པའི་ལོག་ལྟར་འཛིན༔ ཅི་བྱེད་ཀྱང་མི་དགེ་བ་བཅུ་ལས་མ་འདས་པར་འདུག་པ་འདི་རྣམས་ལ་ང་ཡི་མུག༔ ལས་ངན་གྱིས་མནར་བ་སྙིང་རེ་རྗེར་འདུག་པ་ལ་ཁོང་རང་གིས་སྡུག་པར་མ་ཚོར་བར་འདུག༔ ཤི་ནས་ངན་སོང་གསུམ་ལས་འགྲོ་ས་མེད་པ་འདི་ཡ་ཆ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཁྱད་པར་དུ་བུད་མེད་ཟེར་བའི་ཞན་མ་གཅིག་འདུག༔ སྐྱེ་བ་དམན་པས་སྙིང་ཆེ་ལ་ཆུང༔ ལས་ངན་པས་ལུས་ལ་ཁྱད་པར་གྱི་ནད་མང༔ དགྲ་རང་ལུས་ལ་ཡོད་པས་ཁྱིམ་ཐབ་མ་བྱས་པར་མི་ཚུགས༔ བསོད་ནམས་ཆུང་བས་ནོར་རྫས་ཐོག་ནས་ཁོལ་མོ་ལ་འགྲོ༔ ཚོགས་མ་བསགས་པས་ལྷག་པའི་ལས་ངན་མང་པོ་ལ་འབད༔ ཡི་དྭགས་ཀྱི་ལས་གསོག་པས་སེར་སྣ་དང་འཇུར་གེགས་ལ་དགའ༔ དུད་འགྲོའི་ཆ་མཐུན་ཡོད་པས་ཆོས་ཇི་ལྟར་བསྟན་ཡང་མི་གོ༔ དམྱལ་བའི་ལས་གསོག་པས་ཕྲག་དོག་གདུག་སེམས་ལ་བརྣན༔ ཡོ་བྱད་ཡོད་ན་འཚོ་སྐྱོང་དང་མེལ་ཚེས་སྤྱོད༔ མེད་ན་ཁྱད་པར་གྱི་སྡུག་སྲིས་བུད་མེད་ལ་འབབ༔ རང་གཅིག་པུ་ལྟོག་པས་མི་ཆོག༔ ཁྱོ་ལྟོག་ཀྱང་སྦྱིན་རྒྱུ་མི་རྙེད༔ འཛད་དྲིན་ཅན་ཚོ་ཚེ་འདིའི་ཁེ་གྲགས་ལ་ཡེངས༔ ཐམས་ཅད་ཀྱིས་ཆོས་མི་དྲན་པར་ཕྱི་དུས་ལ་འཇོག༔ ཁ་ཅིག་ཆོས་དྲན་ནས་ཉན་བསམ་ལ་སོགས་པ་མང་པོ་བྱས་ཀྱང་དོན་དང་མ་མཐུན་པར་ཁ་ཆོས་སུ་སོང༔ ཅི་བྱེད་ཀྱང་ངན་སོང་གི་ས་བོན་ལས་མ་འདས་པ་འདི་རྣམས་ལ་ང་ཡི་མུག༔ མི་ལུས་ཐོབ་ཀྱང་དམྱལ་བའི་སྡུག་བསྔལ་ལ་སྤྱོད་པ་འདི་རྣམས་མཐོང་ཞིང་སྙིང་རྗེ་བཙན་ཐབས་སུ་སྐྱེ་བར་འདུག་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ མཚོ་རྒྱལ་བོད་ཀྱི་མི་རྣམས་མཐོང་ཙམ་ན༔ རྒོད་བྲོ་ལ་ཡི་མུག་པར་འདུག་གསུངས༔ ཇི་ལྟར་གདའ་ཞུས་པས༔ དགེ་བའི་བཤེས་གཉེན་ཡིན་ཟེར་ནས་གྲུབ་མཐའི་སྤྲོས་པ་མི་ཆོད༔ སྒོམ་ཆེན་ཡིན་ཟེར་ནས་ཡང་དག་པའི་དོན་གྱི་ཆེ་བ་དང་མི་ལྡན༔ སྔགས་པ་ཡིན་ཟེར་ནས་སྔགས་ཀྱི་གནད་མི་ཤེས༔ བཙུན་པ་ཡིན་ཟེར་ནས་སྐྱེ་བོའི་སྤྱོད་པ་བྱེད༔ རྣལ་འབྱོར་པ་ཡིན་ཟེར་ནས་ཆོས་ལ་བློ་མ་འབྱོར༔ སྨན་པ་ཡིན་ཟེར་ནས་ཁོ་རང་ནད་སྐྲན་གྱིས་འཆི༔ རྒྱ་ནག་གི་དཔྱད་རྩི་ཤེས་ཟེར་ནས་རང་སྐག་གིས་འཆི༔ བོན་པོ་ཡིན་ཟེར་ནས་ཁ་འོ་དོད་འབོད༔ རྒྱལ་པོ་ཡིན་ཟེར་ནས་དམངས་ཀྱི་ཁ་ལོ་མི་འགྱུར༔ བློན་པོ་ཡིན་ཟེར་ནས་ཆོས་ལ་གནག་ཅིང་གྱོང༔ གཙོ་བོ་ཡིན་ཟེར་ནས་མིའི་ཁོལ་པོ་བྱེད༔ ཕྱུག་པོ་ཡིན་ཟེར་ནས་སླར་ཟས་སྐོམ་ཆུང༔ དཔའ་བོ་ཡིན་ཟེར་ནས་ལུས་སྲོག་འབེན་དུ་འཛུགས༔ འཁྲུག་པ་བྱེད་ཟེར་ནས་མི་ནོར་ཟད་པར་བྱེད༔ འདུན་མ་མཁས་ཟེར་ནས་རང་གཞན་ཕུང་དུ་འཇུག༔ དྲག་པོ་ཡིན་ཟེར་གཞན་ལ་དོ་བདོ༔ ཁྱིམ་ཐབ་སྡུག་ཟེར་ནས་སླར་ཕོ་མོ་འདུ༔ བཀྲེན་པས་གདུང་ཟེར་ནས་སྦྱིན་པ་ཆུ་ཁྲོག་གཅིག་ཀྱང་མི་གཏོང༔ མཁར་ལས་བྱེད་ཟེར་ནས་ཟས་ནོར་ས་རྡོ་དང་བསྲེ༔ ཤར་མོ་ཡིན་ཟེར་ནས་སེམས་ལ་མི་རྟག་པ་སྐད་ཅིག་ཀྱང་མ་ཤར༔ བུད་མེད་ཡིན་ཟེར་ཡང་ད་རུང་སྡུག་བསྔལ་ལས་མི་འབུད༔ རྒད་པོ་ཡིན་ཟེར་ནས་མགོ་དཀར་པོར་སོང་ཡང་ཤེད་མ་བྱེ༔ ཤེས་རབ་ཆུང་ཟེར་ནས་ཆོས་མི་ཉན༔ འཁོར་བ་སྡུག་ཟེར་ནས་ཐར་པ་མི་སྒྲུབ༔ དྲན་པ་གསལ་ཟེར་ནས་ཚེ་ཕྱི་མ་སྐད་ཅིག་ཀྱང་མི་དྲན༔ སོ་ནམ་ལ་བརྩོན་ཟེར་ནས་འཆི་ཁ་ཙམ་ན་སྟོང་པར་འགྲོ༔ མི་ཆོས་མཁས་ཟེར་ནས་འཁོར་བར་འཁྱམ་པའི་མིང་དང་དོན་དུ་འཛོལ་བ་འདི་རྣམས་མཐོང་ཙམ་ན་ང་ཡི་མུག༔ བོད་སྤྲེའུ་དང་བྲག་སྲིན་གྱི་བུ་གདོལ་པའི་རིགས་སུ་སོང་བས་ལན་གསུངས༔ ༔ཇོ་མོས་སློབ་དཔོན་ལ་ཞུས་པ༔ འོ་ན་ལས་དེ་རྣམས་ལས་ཟློག་པར་ཇི་ལྟར་བགྱི་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ རབ་བྱུང་གི་ཆོས་ཤིག་ང་ལ་ཡོད་གསུངས༔ ཇི་ལྟར་བགྱི་ཞུས་པས༔ རབ་བྱུང་རྣམས་ཆོས་བྱེད་ན༔ ཁེ་གྲགས་རྒྱབ་དུ་སྐྱུར༔ འདུལ་ཁྲིམས་དང་དུ་ལོངས༔ ལས་སུ་ཆོས་སྤྱོད་གྱིས༔ སེར་སྣ་སྤུ་གྲིས་གཞོར༔ ཕྲག་དོག་ཆན་པས་བྲེག༔ མ་ཡེངས་གཉེན་པོ་སྟོན༔ མཚན་མའི་དྲི་མ་ཁྲུས༔ གཉིས་མེད་ཕུབ་ཆུང་ཐོགས༔ བཟོད་པའི་ཆོས་གོས་གྱོན༔ ཆོས་ཀྱི་དབྱིངས་ཀྱི་བདེ་ས་བཟུང་ན༔ ཆོས་འོང་བར་འདུག་པ་ལ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྔགས་པ་རྣམས་མཐུའི་བྱ་ཐབས་ཞིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ ཆོས་ཀྱི་དབྱིངས་ཀྱི་འབྲུབ་ཁང་དུ༔ གཟུང་འཛིན་གཉིས་ཀྱི་ལིང་ག་བཅུག༔ ལོ་འདོད་སྔགས་ཀྱིས་བྲོབས༔ རྟོག་ཚོགས་མཐུ་ཡིས་སོད༔ དུག་ལྔ་གནན་པར་ཆུགས༔ སྒྲིབ་གཉིས་སྦྱིན་སྲེག་ཏུ་སྦོོར༔ འཆི་བདག་ཁྲག་ཟོར་དུ་འཕངས་ན་མཐུར་འགྲོ་སྟེ༔ དྲེགས་པ་ཅན་ཚོ་མཐུས་དགྲ་བྲུབ་པར་འདོད་དེ༔ མཐུ་ལོག་ཆེན་པོ་གཅིག་རང་ལ་འོང་བར་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ བོན་པོའི་བོན་གྱི་ཐབས་ཤིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པ༔ བོན་པོས་བོན་མི་ཤེས་པར་འདུག༔ ཆོས་ཉིད་ཡས་གཞིར་གཏིང༔ དུག་གསུམ་ཕུད་དུ་གཏོར༔ འཁྲུལ་རྟོག་ཡས་སུ་ཐོང༔ སྣང་གྲགས་རང་གྲོལ་གྱེར༔ ཉེར་ལེན་གྱི་འགལ་བ་ཆུང༔ བདག་མེད་ཀྱི་རྔ་ཆེན་རྡུངས༔ ཐོས་བསམ་སྨྲང་དུ་ཐོན༔ གཉིས་མེད་ལྷ་ལ་མཆོད༔ གཟུང་འཛིན་གྱི་ལྷ་འདྲེ་སོད༔ བདེ་སྟོང་གཡང་དུ་ལེན༔ རྟོགས་པ་ཁྱིས་མ་ཁྱེར་ན་བོན་དུ་འགྲོ་སྟེ༔ སྐྱོས་དད་ཅན་ཚོ་ལ་རྣམ་སྨིན་གྱི་སྐྱོས་མ་ཆེ་རབ་ཅིག་སྐུར་དུ་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ མདོས་མཁན་ཀུན་གྱིས་མདོས་མི་ཤེས་པར་འདུག༔ མདོས་ཀྱི་བྱ་ཐབས་ཤིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ གཉིས་སྣང་ཐམས་ཅད་ཡས་སུ་གསག༔ དྲན་རྟོག་ཡས་གཞིར་གདིང༔ རང་བྱུང་གི་ལྷ་འདྲེ་ལ་རྟོག་མེད་དུ་བསྔོ་བ་བྱ༔ བློ་འདས་སུ་རྫོངས་སུ་གདབ༔ སྐྱེ་མེད་ཀ་དག་ལ་བསྐྱལ་ན་རྫོངས་སུ་འགྲོ་སྟེ༔ ཡོན་བདག་ཅན་ཚོ་ལ་མདོས་ལོག་ཆེན་པོ་ཞིག་འོང་བར་བྱེད་པ་ཡིན་ནོ་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོ་ག་མཁན་པོ་ཀུན་གྱིས་ཆོ་ག་མི་ཤེས་པར་འདུག༔ ཆོ་གའི་བྱ་ཐབས་ཞིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ བདེ་ཆེན་གྱི་མ་དྷལ་ཤོམས༔ དུག་ལྔ་མཆོད་པར་འབུལ༔ གཉིས་འཛིན་གཏོར་མར་ཐོངས༔ དུག་གསུམ་སྐུ་གསུང་ཐུགས་སུ་སྦྱང༔ འཁོར་བ་ཡེ་དག་ཏུ་གནས་སྦོར༔ དམིགས་མེད་རྒྱ་ཡིས་བཏབ་ན༔ མཆོད་པའི་རྩིས་སུ་འགྲོ་སྟེ་ཇོ་བོ་འགྲོ་དོན་མཁན་ཚོ་རང་ལ་ལོག་ཏུ་བྱེད་པ་ཡིན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཡིག་མཁན་ཀུན་གྱིས་ཡི་གེ་མི་ཤེས་པར་འདུག༔ ཡི་གེ་བྲི་ཐབས་ཤིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ ཀུན་གཞི་རྣམ་དག་གི་ཤོག་གུ་ལ༔ ཡིད་སྤྲོས་པ་དང་བྲལ་སྨྱུ་གུ་ཡིས༔ རང་སེམས་དྲི་མེད་ཀྱི་སྣག་ཚ་བླུགས༔ ཉམས་ལེན་གསལ་སྟོང་ཡི་གེ་བྲིས༔ བྱིང་རྒོད་མཐའ་བྲལ་ཞུ་དག་བྱས༔ འཁོར་འདས་གཉིས་མེད་ཀྱི་གླེགས་ཤིང་བཀབ༔ ཐབས་ཤེས་རབ་ཟུང་འབྲེལ་གླེགས་ཐག་སྡོམས༔ ཆོས་སྐུ་བདེ་ཆེན་གྱི་མཆོད་ཁང་དུ་བཞུགས་ན་ཡིག་མཁན་འོང་སྟེ༔ མཆོད་གནས་པ་ཚོ་ལ་ནོར་བ་ཆེན་པོ་ཞིག་འོང་བར་བྱེད་པ་ཡིན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཀློག་མཁན་ཚོས་ཀློག་མི་ཤེས་པར་འདུག༔ ཀློག་གི་བྱ་ཐབས་ཤིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པ༔ སྟོང་ཉིད་སྙིང་རྗེའི་གདན་ཁྲི་ལ༔ གཉིས་མེད་རང་གྲོལ་གྱི་ཨན་གཡོགས་བདག༔ བདེ་སྟོང་གཉིས་མེད་ལ་གསུང་རབ་བཞག་ནས༔ རིག་སྟོང་གཉིས་མེད་ཀྱི་སྐད་ལྕེ་ཡིས༔ གྲགས་སྟོང་གཉིས་མེད་ཀྱི་ཚིག་བཀླགས་ན་ཀློག་དུ་འགྲོ་སྟེ༔ གང་སྦྱིན་བྱས་ནས་ལྟོ་ཚོལ་བ་འདི་ཚོའི་ལྕེ་ལ་ལས་ཤིག་འོང་བར་བྱེད་པ་ཡིན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ལྷ་བཟོ་བས་ལྷ་མི་ཤེས་པར་འདུག༔ ལྷའི་འབྲི་ཐབས་ཤིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ སྣང་སྟོང་གཉིས་ཀྱི་རས་གཞི་ལ༔ དུ་མ་རོ་གཅིག་གི་རི་མོ་བྲི༔ འཁོར་འདས་གཉིས་མེད་ཀྱི་འདག་པ་ལ༔ སྤང་བླང་གཉིས་ཀྱི་ལྡེར་སོ་བགྱིས༔ དུས་གསུམ་འགྱུར་མེད་ཀྱི་རིན་ཆེན་ལ༔ སྐུ་གསུམ་ལྷུན་གྲུབ་ཀྱི་ལུགས་སྐུ་བཞེངས༔ བྱར་མེད་བདེ་ཆེན་གྱི་ཁང་པར་བཞུགས༔ དེ་ལྟར་བྱས་ན་ལྷ་བཟོ་མཁས་པར་འོང་སྟེ༔ ལག་བཟོ་བ་ཚོས་གཟུགས་སྐུ་བཙོངས་པས་ལྕི་མོར་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྨན་པ་རྣམས་ཀྱིས་སྨན་མི་ཤེས་པར་འདུག༔ སྨན་གྱི་བྱ་ཐབས་ཤིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ དུག་ལྔའི་ནད་གསོས༔ རོ་སྙོམས་ཀྱི་གཏར་ཀ་གྱིས༔ དམ་ཚིག་གི་མེ་བཙའ་སྲེགས༔ སྒོམ་པའི་སྨན་སྟེན༔ རྟོགས་པའི་བཤལ་ཐོངས༔ ཉོན་མོངས་པ་རྨང་ནས་བཏོན་ན་སྨན་འོང་སྟེ༔ ལྷ་རྗེ་ཚོ་ལ་མི་བདེ་བ་མང་རབ་འོང་སྟེ་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྲུང་ཟློག་མཁན་པོས་སྲུང་ཟློག་མི་ཤེས་པར་འདུག༔ སྲུང་ཟློག་གི་བྱ་ཐབས་ཤིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ རྣམ་པར་རྟོག་པ་ཆོས་ཉིད་དུ་ཟློགས༔ འཁོར་བ་མྱ་ངན་ལས་འདས་པར་ཟློགས༔ སྡུག་བསྔལ་བདེ་བ་ཆེན་པོར་ཟློགས༔ དམ་ཉམས་ནུས་པ་ཅན་ཚོ་ལ་ལྷ་འདྲེའི་ཡོག་གཅིག་འོང་ཉེན་ཡོད་དོ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ རྩིས་མཁན་རྣམས་ཀྱིས་རྩིས་མི་ཤེས་པར་འདུག༔ རྩིས་ཀྱི་བྱ་ཐབས་ཤིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ ཆོས་ཉིད་ཀྱི་གབ་ཙེ་གདིང༔ སྤར་ཁ་སེམས་དཔའ་བརྒྱད་དུ་སྐོར༔ མ་ལྔ་བུ་ལྔ་རྒྱལ་བ་ཡུམ་བཅུར་རྩིས༔ དགུ་མིག་ཐེག་པ་རིམ་དགུར་རྩིས༔ གཅོད་འདྲལ་གཉེན་པོ་དང་ཡེ་ཤེས་འཐོབ༔ རྡེའུ་སྐྱོན་དང་ཡོན་ཏན་རང་སེམས་ལ་ཕྱེ༔ ཁ་དམར་ཉམས་མྱོང་གདམས་ངག་ཏུ་ཤོད༔ ངན་རྟོག་དེ་ལྷ་ཆོས་སུ་ཐོངས༔ ངན་སོང་གསུམ་པོའི་ཀེག་ཆོས༔ ཁམས་གསུམ་འཁོར་བའི་གཡུལ་ངོ་ཟློགས༔ ཆོས་ཉིད་སྐྱེ་བ་མེད་པའི་ངང་དུ་དུར་བཏབ་ན༔ བཀྲ་ཤིས་པར་འོང་སྟེ༔ རྫུན་པོ་མཁན་ཚོ་ལ་རྡེའུ་ནག་ཁོ་ན་མང་བར་འོང་སྟེ་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ རྣལ་འབྱོར་པ་རྣམས་ཀྱིས་ཆོས་མི་ཤེས་པར་འདུག༔ ཆོས་ཀྱི་བྱ་ཐབས་ཤིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ བདེ་ཆེན་གྱི་གྲོང་ཁྱེར་འགྲིམ༔ ཉམས་ལེན་གྱི་ལྡུམ་བུ་གྱིས༔ ང་བདག་གི་ཁྱི་རྒན་བཏུལ༔ མཚན་མའི་སྒོ་གཤམ་རྡུངས༔ རྟོག་མེད་ཀྱི་ཁ་ཟས་ཟོ༔ ཞེན་མེད་ཀྱི་ཕུག་ཏུ་ཉོལ༔ ཟབ་ལམ་གྱི་དུག་པོ་གོན༔ ལྷུན་གྲུབ་ཀྱི་འབྲས་བུ་སྦྱངས་ན༔ རྣལ་འབྱོར་པ་བཟང་པོ་འོང་སྟེ༔ ཐོ་ཅོ་ཅན་ཚོ་ལ་ཡག་པ་འོང་ངེས་མེད་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ གཙོ་བོ་རྣམས་ཀྱིས་གྲོས་མི་ཤེས་པར་འདུག༔ གྲོས་ཤིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ ཆོད་དེ་འདུན་མ་སྡུས༔ སྐྱེ་མེད་དུ་འདུན་སྟངས་གཅད༔ འགག་མེད་ཀྱི་བསམ་མནོ་གཏང༔ བདུད་ལ་རུ་ཤགས་བཏབ༔ གཉིས་མེད་ཀྱི་ཞལ་ཆེ་གཅད༔ བདེ་སྟོང་གི་ཁང་པར་བདག༔ ཉོན་མོངས་ལ་མགོ་སྐོར་ཐོངས༔ གདམས་ངག་ཟས་སུ་ཟོ༔ སངས་རྒྱས་སྲིད་བདེར་གཅད༔ འགྲོ་དྲུག་གནད་ལ་ཕབ་ན༔ འདུན་མར་འགྲོ་སྟེ༔ འདུན་མཁན་ཚོ་ལ་གྲོས་ལོག་ཆེན་པོ་ཞིག་འོང་བར་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཤར་པོ་རྣམས་ཀྱིས་ཤར་ཕོ་མི་ཤེས་པར་འདུག༔ དཔའ་བོའི་ཐབས་ཤིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ ལྟ་བའི་ཕུབ་ཆུང་ཐོགས༔ བཟོད་པའི་གོ་ཆ་གོན༔ བསམ་གཏན་གྱི་མཁར་ལ་གནས༔ དད་པའི་གཞུ་མོ་རྡུངས༔ བརྩོན་འགྲུས་མདའ་ལྟར་འཕང༔ ཤེས་རབ་ཀྱི་རལ་གྲི་ཐོགས༔ བྱང་ཆུབ་སེམས་ཀྱི་མདུང་བཟུང༔ ཁམས་གསུམ་ལས་རྒྱལ་བའི་དཔའ་དར་ཕྱོར༔ འཁོར་བའི་གཡུལ་ངོ་ཟློགས༔ བརྒྱད་ཁྲི་བཞི་སྟོང་གི་འབྲས་བུ་གསད༔ སྐྱེ་རྒས་ན་འཆི་ཡི་ཆུ་བོ་བཞི་ལས་བྲོས་ནས༔ ཆོས་ཀྱི་གཏན་ཡུལ་བཟུང་ན་དཔའ་བོར་འགྲོ་སྟེ༔ རེམ་པ་ཚོའི་སྟེང་དུ་དེ་བས་ཀྱང་རེམ་པ་ཞིག་མྱུར་དུ་འོང་བ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ རྐུན་མོ་རྣམས་ཀྱིས་རྐུ་མི་ཤེས་པར་འདུག༔ རྐུ་བའི་ཐབས་ཤིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ ཤེས་རབ་ཀྱི་ལྕགས་རྡར་ཁྱེར༔ ཡེ་ཤེས་ཀྱི་བུག་པ་ཕུག༔ ཤེས་བཞིན་གྱི་ནང་བྱན་གཏང༔ དད་པའི་ཁྱིམ་དུ་བཙལ༔ བླ་མའི་གདམས་ངག་རྐུ༔ ཆོས་ཉིད་ཀྱི་བདུད་རྩི་བཏུང༔ ཟག་མེད་ཀྱི་རྟོགས་པ་ཟ༔ རང་སེམས་ཀྱི་ནོར་བུ་ཁྱེར་ནས་བཟའ༔ ཐར་པའི་ས་ལ་བྲོས་ན་རྐུན་མར་འགྲོ་སྟེ༔ འཇབ་བུ་མཁན་ཚོ་ལ་འཛིན་མཁན་གཅིག་འོང་བར་བྱེད་པ་ཡིན་ནོ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ བུད་མེད་བལ་མ་རྣམས་ཀྱིས་བལ་ལས་མི་ཤེས་པར་འདུག༔ བལ་གྱི་ཁམ་འཁལ་འཐགས་ཐབས་ཤིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ རྣམ་རྟོག་བལ་དུ་གཡེངས༔ བདག་མེད་ཀྱི་མཐེབ་ལ་སྒྲིལ༔ ཕྱོགས་རིས་དྲུ་གུར་བརྟུལ༔ ཟུང་འཇུག་ཐགས་སུ་བཏགས༔ སྒྲིབ་པའི་དྲི་མ་བཀྲུ༔ ཚད་མེད་ཆགས་སུ་བཅག༔ དུག་ལྔ་ཕྲུག་གིས་བཤད༔ རྟོག་པའི་སྤུ་རྩེ་བསྐྱིལ༔ འབྲལ་མེད་གོས་སུ་གོན་ན་འོང་སྟེ༔ བལ་ཕྲུག་མཁན་ཚོ་ནམ་གཅེར་བུར་འགྲོ་དགོས་པར་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ བྱན་མོ་ཚོས་གཡོས་མི་ཤེས་པར་འདུག༔ གཡོས་ཀྱི་བྱ་ཐབས་ཤིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ དད་པའི་ཚ་བ་བཀོལ༔ རིག་པའི་སྐྱོ་ཚ་གདབ༔ དྲན་པའི་ཚོད་སྡོར་གཞུག༔ ཡེ་ཤེས་ཀྱི་མར་ཁུར་བཀོལ༔ ཡོན་ཏན་ཀྱི་ཤ་ཚོད་མ་བཙོ༔ ཉམས་ལྡན་གྱི་མར་དང་སྦག༔ རྒྱུན་ཆགས་ཀྱི་ཁ་སྐོམ་འཐུང༔ ལུས་སེམས་བདེ་བ་ཆེན་པོས་ཚིམས་པར་བྱས་ན་འོང་སྟེ༔ འཇུངས་མ་ཚོ་མགྱོགས་པར་ལག་སྟོང་དུ་འགྲོ་བ་ཁམ་ཆེ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཤར་མོ་ཚོས་འཕོང་ར་མི་ཤེས་པར་འདུག༔ འཕང་ར་འཛིན་པའི་ཐབས་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ ཞི་དེས་ཀྱི་འཕོང་ར་བཟུང༔ སེམས་ཀྱི་མེ་ལོང་ལྟ༔ རྣམ་རྟོག་གི་དྲི་མ་བཀྲུ༔ རང་གསལ་གྱི་གསལ་མདངས་གདོན༔ མི་དགེའི་སྤྱོད་པ་གཟོབས༔ ཚུལ་ཁྲིམས་ཀྱི་རྒྱན་ཆ་བཏགས༔ བཟོད་པའི་དར་ཟབ་གོན༔ སྦྱིན་པའི་ཕྱོགས་རིས་བསྒྱུར༔ རང་སེམས་ལ་ལྟད་མོ་ལྟ༔ རང་གྲོལ་དུ་ཁྲོམ་ཐོག་གཅོད༔ སྙིང་སྡུག་ཏུ་རྟོགས་པ་བཟུང་ན་ཤར་མོ་འོང་སྟེ༔ སྐྱེ་བྱད་ཅན་ཚོ་མི་ཚེ་སྟོང་སྐྱེལ་བྱེད་པར་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ལྷོ་འཛམ་བུ་གླིང་དུ་སྐྱེས༔ སངས་རྒྱས་བསྟན་པ་གནས་པ་དང་འཛོམ༔ བླ་མའི་གདམས་ངག་བསྒོམ་དུ་ཡོད་པ་ལ༔ ཆོས་ཀ་ཁ་ཡང་ངོ་མི་ཤེས༔ ལས་དགེ་སྡིག་ཆ་མེད༔ འཆི་བ་འོང་ངེས་ཀྱང་ཚེ་ཕྱི་མ་ལ་མི་འཇིགས་པའི་མི་མང་པོ་འདུག༔ འདི་རྣམས་ལ་ཅི་བྱས་ན་ཕན་ནམ་སྙིང་རྗེ་བར་འདུག༔ ཁ་ཅིག་ཆོས་ཤེས་གོ་བ་ཡོད་བཞིན་དུ་ཉལ་ནས་བསམ་པ་མེད་པར་སྡོད་པ་འདི་ཡ་ཆ་བ་འདུག༔ དེ་བས་ཀྱང་ཁ་ཅིག་ཚེ་སྟོད་ཆོས་ལ་དཀའ་ལས་བྱས་ནས༔ ཚེ་སྨད་ཆོས་དགོས་དུས་སུ་ཆོས་དང་བྲལ་ནས་འགྲོ་བ་ཤས་གཅིག་འདུག༔ ལར་དུས་ད་རེས་འཁོར་བ་ལས་བཟློག་དགོས་པས༔ སྙིང་མེད་པ་རྣམས་དགར་རེ་དང༔ ལེ་ལོ་དང༔ ལོང་ཡོད་དང་ཚོད་ཡོད་དེ་མ་བྱེད་པར་མཛོད་ཅིག་གསུངས༔ སློབ་དཔོན་པདྨའི་ཞལ་ནས༔ བོད་མཐའ་ཁོབ་སྲིན་པོ་གདོང་དམར་གྱི་རིགས་ལ༔ ཨོ་རྒྱན་པདྨས་ཞལ་ཏ་སྙིང་སྦྲིད་བར་བྱས་ཀྱང༔ ཞལ་ཏར་མ་གོ་བར་སླར་རྒྱ་གད་དུ་གོ་ནས༔ སོ་སོའི་སྐྱོན་ཁོང་ན་ཡོད་པ་ལ་ཕོག་ནས་དེ་ང་ལ་ཟེར་བ་ཡིན་ན༔ ཁྱོད་རང་ལ་ཡོན་ཏན་ཅི་ཡོད་ཟེར་བར་འདུག༔ བདག་གི་ཡོན་ཏན་བསམ་གྱིས་མི་ཁྱབ་སྟེ༔ བོད་ཀྱི་མི་ལ་ཞལ་ཏ་གཏོང་བ་ཁ་ན་བར་འདུག་གསུངས༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་རིན་ཆེན་གཏེར་དུ་སྦས་པ༔ སྐྱོན་ཅན་སུན་འདོན་གྱི་སྐོར་རྫོགས་སྷོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ༄༅༔ སྤྱོད་པའི་ཞལ་གདམས་འཐོར་བུ༔ ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས༔ མངའ་བདག་གིས་བོད་ཡུལ་བསམ་ཡས་སུ་སྤྱན་དྲངས་ཏེ་བཞུགས་ནས༔ རྒྱལ་བློན་དད་པ་ཅན་རྣམས་ལ་གདམས་ངག་མང་དུ་གསུངས་པ་ལ༔ ཀུན་གྱིས་ཀྱང་ཚུལ་བཞིན་མ་གོ་ནས༔ གདམས་པ་ནན་ཏན་དུ་བསྟན་པ༔ དབུ་རྩེའི་ཤར་ཕྱོགས་སུ་གསུངས་པའོ༔ སློབ་དཔོན་པདྨའི་ཞལ་ནས༔ བོད་ཀྱི་མི་འདི་ལ་ཇི་ལྟར་བསྟན་ཡང་མི་གོ་བར༔ ལོག་སྤྱོད་ཤ་སྟག་བྱེད་པར་འདུག༔ ཆོས་ཞེ་ཐག་པ་ནས་བྱེད་ན་འདི་ལྟར་གྱིས་དང༔ དགེ་བསྙེན་བྱ་བ་རྩ་བ་བཞི་སྲུང་བ་ལ་མི་ཟེར༔ དགེ་བ་ཚུལ་བཞིན་དུ་སྤྱོད་པ་ལ་ཟེར་བ་ཡིན༔ དགེ་ཚུལ་བྱ་བ་བཙུན་པའི་ཚུལ་དུ་འཆོས་པ་ལ་མི་ཟེར༔ སྡིག་པ་མི་དགེ་བ་རིང་དུ་སྤངས་པ་ལ་ཟེར་བ་ཡིན༔ དགེ་སློང་བྱ་བ་སྤྱོད་པ་ལམ་གྱིས་བསྡམས་ནས་ཅིར་ཡང་བྱར་མི་རུང་བ་དེ་གཅིག་པུ་ལ་མི་ཟེར༔ དགེ་བའི་རྩ་བ་ཐམས་ཅད་བྱང་ཆུབ་ཆེན་པོའི་ལམ་དུ་སློང་བ་ལ་ཟེར་བ་ཡིན༔ དགེ་བའི་ཚུལ་བྱ་བ་སེར་མོ་གྱོན་པ་ལ་མི་ཟེར༔ རྣམ་སྨིན་ལ་འཛེམ་པ་ལ་ཟེར་བ་ཡིན༔ དགེ་བའི་བཤེས་གཉེན་བྱ་བ་ཆེ་འགྱིང་ཆེ་བ་ལ་མི་ཟེར༔ ཡོངས་ཀྱི་དཔལ་མགོན་དུ་གྱུར་པ་ལ་ཟེར་བ་ཡིན༔ རྣལ་འབྱོར་པ་བྱ་བ་སྤྱོད་པ་རྩིང་བ་ལ་མི་ཟེར༔ དོན་ཆོས་ཉིད་ལ་བློ་འབྱོངས་པ་ལ་ཟེར་བ་ཡིན༔ སྔགས་པ་བྱ་བ་ཁ་བོན་གྱེར་བྱེད་པ་ལ་མི་ཟེར༔ ཐབས་ཤེས་རབ་ཟུང་དུ་འབྲེལ་བའི་ལམ་གྱིས་མྱུར་དུ་སངས་རྒྱས་པ་ལ་ཟེར་པ་ཡིན༔ སྒོམ་ཆེན་པ་བྱ་བ་ས་ཕུག་ན་འདུག་པ་ལ་མི་ཟེར༔ ཡང་དག་པའི་དོན་ལ་གོམས་པར་བྱེད་པ་ལ་ཟེར་བ་ཡིན༔ དགོན་པ་བྱ་བ་ནགས་ཁྲོད་ན་འདུག་པ་ལ་མི་ཟེར་བ༔ སེམས་གཟུང་འཛིན་གྱི་སྤྲོས་པས་དབེན་པ་ལ་ཟེར་བ་ཡིན༔ མཁས་པ་བྱ་བ་འཇིག་རྟེན་གྱི་ཆོས་བརྒྱད་སྐྱོང་བ་ལ་མི་ཟེར༔ དོན་དང་དོན་མ་ཡིན་པའི་བྱེ་བྲག་ཐམས་ཅད་འབྱེད་པ་ལ་ཟེར་བ་ཡིན༔ བྱང་ཆུབ་སེམས་དཔའ་བྱ་བ་ཕུགས་ན་རང་དོན་སྒྲུབ་པ་ལ་མི་ཟེར༔ སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བའི་ཐབས་ལ་བརྩོན་པ་ལ་ཟེར་བ་ཡིན༔ དད་པ་བྱ་བ་ཁ་འཁུན་པ་ལ་མི་ཟེར༔ སྐྱེ་ཤིས་སྐྲག་ནས་ཡང་དག་ལམ་དུ་འཇུག་པ་ལ་ཟེར་བ་ཡིན༔ བརྩོན་འགྲུས་བྱ་བ་ཙབ་ར་ཙུབ་ར་སྣ་ཚོགས་བྱེད་པ་ལ་མི་ཟེར༔ འཁོར་བ་སྤོང་བའི་ཐབས་ལ་བརྩོན་པ་ལ་ཟེར་བ་ཡིན༔ སྦྱིན་པ་བྱ་བ་ཡུལ་ཕྱོགས་རིས་སུ་ཕྱེ་ནས་གཏོང་བ་ལ་མི་ཟེར༔ གང་ལ་ཡང་འཛིན་པ་གཏིང་ནས་བྲལ་བ་ལ་ཟེར་བ་ཡིན༔ གདམས་ངག་བྱ་བ་ཡིག་རིས་ཀྱི་དཔེ་ཆ་མང་བ་ལ་མི་ཟེར༔ རྗོད་བྱེད་ཚིག་ཏུ་ཉུང་བ་དོན་སེམས་ཐོག་ཏུ་གནད་དུ་འགྲོ་བ་ལ་ཟེར་བ་ཡིན༔ ལྟ་བ་བྱ་བ་གྲུབ་མཐའི་འདོད་པ་དེ་དག་ལ་མི་ཟེར༔ སྤྲོས་པའི་མཐའ་གྲོལ་པ་ལ་ཟེར་བ་ཡིན༔ སྒོམ་པ་བྱ་བ་རྟོག་པས་འཛིན་པ་དེ་ལ་མི་ཟེར༔ སེམས་འཛིན་མེད་རང་གསལ་སྟོན་པར་བྱེད་པ་ལ་ཟེར་བ་ཡིན༔ ཞིག་པོ་བྱ་བ་སྨྱོན་སྤྱོད་བྱེད་པ་ལ་མི་ཟེར༔ འཁྲུལ་སྣང་ལ་བདེན་འཛིན་དང་བྲལ་བ་ལ་ཟེར་བ་ཡིན༔ ཤེས་རབ་བྱ་བ་ལོག་རྟོག་གི་བློ་རྣོ་བ་ལ་མི་ཟེར༔ ཆོས་ཐམས་ཅད་སྐྱེ་མེད་སྤྲོས་བྲལ་དུ་ཤེས་པ་ལ་ཟེར་བ་ཡིན༔ ཐོས་པ་བྱ་བ་རྣ་བར་ལམ་གཏད་པ་ཙམ་ལ་མི་ཟེར༔ ཕྱིའི་སྒྲོ་འདོགས་ཆོད་ནས་དགོངས་པ་བློ་ལས་འདས་པ་ལ་ཟེར་བ་ཡིན༔ བསམ་པ་བྱ་བ་རྣམ་རྟོག་ཡིད་དཔྱོད་ཀྱི་ཕྱིར་འབྲང་བ་ལ་མི་ཟེར༔ ནང་གི་འཁྲུལ་ཞེན་ཆོད་པ་ལ་ཟེར་བ་ཡིན༔ འབྲས་བུ་བྱ་བ་གཟུགས་སྐུ་འོག་མིན་ནས་སྤྱན་འདྲེན་པ་དེ་དག་ལ་མི་ཟེར༔ སེམས་ཉིད་རང་ངོ་ཤེས་ནས་བརྟན་པ་མངོན་དུ་གྱུར་པ་ལ་ཟེར་བ་ཡིན༔ ཆོས་ཐམས་ཅད་ཚིག་དང་དོན་དུ་མ་འཛོལ་བ་ཉམས་ལེན་རང་རྒྱུད་དང་བསྲེས་ནས༔ དུས་ད་རེས་འཁོར་བ་ལས་ཐར་བར་བྱེད་དགོས་པ་ཡིན་ནོ་གསུངས༔ ༄༅༔ ཡང་སློབ་དཔོན་བསམ་ཡས་མཆིམས་ཕུ་ན་བཞུགས་པའི་དུས་གཅིག་ན༔ མངའ་བདག་ལ་བར་ཆད་སྙུན་གྱིས་ཕོག་ནས༔ རིམ་གྲོ་སྨན་པ་མོ་དཔྱད་ལ་སོགས་པ་མང་དུ་བྱེད་ཅིང་ཡོད་པའི་ཚེ༔ སློབ་དཔོན་གྱིས་བྱོན་སྙུན་འདྲི་བ་ཡང་མཛད༔ མངའ་བདག་གིས་ཀྱང་བཞེངས་ཕྱག་བྱས་ཏེ་ཞུས་པ༔ བདག་ལ་བར་ཆད་མང་པོ་ཞིག་བྱུང་ན༔ འདི་བསལ་བའི་བྱིན་རླབས་ཤིག་ཞུ་འཚལ་ཞེས་ཞུས་པས༔ མངའ་བདག་ལ་དུས་རྟག་ཏུ་ཟབ་མོའི་ཆོས་བསྟན་ཀྱང་མོ་བོན་གྱིས་བར་ཆད་སེལ་བ་དེེ་ལ་སློབ་དཔོན་མ་མཉེས་ནས༔ མངའ་བདག་ལ་གསུང་པ༔ མངའ་བདག་ལགས༔ བདག་གིས་ལྷ་སྲས་ལ་ཟབ་མོའི་གདམས་པ་མཐའ་དག་བསྟན་པ་ལགས་ཏེ༔ ཐུགས་ལ་མ་བཞག་པར་གདའ་བ༔ ད་འདི་ལྟར་དྲན་པར་མཛོད་དང༔ ཆོས་ཐམས་ཅད་གཉེན་པོ་དགོས་དུས་ན་སྟོངས་པ་ཞིག་དགོས་པས༔ འཇིགས་པའི་རྣམ་པ་ཅི་བྱུང་ཡང་སྐྱབས་གནས་དཀོན་མཆོག་གསུམ་ཡིད་ལ་དྲན་པར་གྱིས༔ སྤྱོད་ལམ་གང་གི་དུས་སུའང་སློབ་དཔོན་སྤྱི་བོར་དྲན་པར་གྱིས༔ བཟོད་པ་བྱང་ཆུབ་ཀྱི་སེམས་མེད་ན་ཐེག་པ་ཆེན་པོའི་ཆོས་རྩ་བ་རུལ་བར་ཡིད་ལ་དྲན་པར་གྱིས༔ སྦྱིན་པ་གཏོང་བའི་ཚེ་སེར་སྣ་སྐྱེས་ན་ཡི་དྭགས་ཀྱི་སྡུག་བསྔལ་ཡིད་ལ་དྲན་པར་གྱིས༔ ཚངས་སྤྱོད་ཀྱི་དུས་ན་འདོད་ཆགས་སྐྱེས་ན་རོ་མྱགས་ཀྱི་དམྱལ་བ་ཡིད་ལ་དྲན་པར་གྱིས༔ བཟོད་པ་སྒོམ་པའི་ཚེ་ཁོང་ཁྲོ་སྐྱེས་ན་ལྕགས་ཀྱི་ཁང་སྒྲོམ་དུ་བསྲེག་པའི་དམྱལ་བ་ཡིད་ལ་དྲན་པར་གྱིས༔ ལེ་ལོ་དང་སྙོམ་ལས་བྱུང་ན་ཚེ་སྐད་ཅིག་ཀྱང་མི་སྡོད་པར་འགྲོ་བ་ཡིད་ལ་དྲན་པར་གྱིས༔ ཉིན་ཞག་གི་རེས་མོ་བྱེད་པ་འདི་ཚེའི་སག་དར་དུ་ཡིད་ལ་དྲན་པར་གྱིས༔ བསྲུང་སྡོམ་གྱི་བསྔོ་བགྲང་ཉིན་མཚན་དུས་དྲུག་ཏུ་ཡིད་ལ་དྲན་པར་གྱིས༔ ཐ་མལ་དུ་རོ་ཉལ་བྱེད་པ་འདི་བ་གླང་བས་ཞན་པར་ཡིད་ལ་དྲན་པར་གྱིས༔ མི་ལུས་ཐོབ་ནས་ཆོས་མེད་པ་འདི་མཛེ་བོ་བས་ཐུ་བར་ཡིད་ལ་དྲན་པར་གྱིས༔ དགེ་སྡིག་ཆ་ཡོད་བཞིན་དུ་རྣམ་སྨིན་ལ་མི་འཛེམ་པ་འདི་བདག་སྨྱོ་བར་ཡིད་ལ་དྲན་པར་གྱིས༔ ཉེས་པ་རྣམ་སྨིན་ཕྲ་མོ་བྱུང་ཡང་སྡུག་བསྔལ་རི་ཙམ་དུ་ཡིད་ལ་དྲན་པར་གྱིས༔ དགེ་བ་ཆུང་ངུ་ལ་ཡང་སྙིང་ལྟ་བུའི་གཅེས་སྤྲས་སུ་ཡིད་ལ་དྲན་པར་གྱིས༔ སྲོག་གཅོད་ཀྱི་ལས་དྲན་ན་ཕ་མ་བུ་ཚ་གསོད་པ་ཡིད་ལ་དྲན་པར་གྱིས༔ འདོད་པ་ཡིད་ལ་དྲན་ན་མངལ་གྱི་སྲིན་བུར་སྐྱེ་བ་ཡིད་ལ་དྲན་པར་གྱིས༔ མ་བྱིན་པར་ལེན་པ་ཡིད་ལ་དྲན་ན་བདག་གི་འཚོ་སྐྱོང་མེལ་ཚེ་ཡིད་ལ་དྲན་པར་གྱིས༔ བདག་ལྟ་བུས་ཆོས་ཅི་འོང་སྙམ་ནས་སྒྱིད་ལུག་ན་ཡང་སངས་རྒྱས་ཉིད་ཀྱང་རྫ་མཁན་གྱི་བུ་སྣང་བྱེད་ཡིན་པར་ཡིད་ལ་དྲན་པར་གྱིས༔ ང་རྒྱལ་དྲེགས་པས་རློམ་ན་ཐམས་ཅད་མཁྱེན་པ་ལ་ཡོན་ཏན་ཚད་ལས་འདས་ཀྱང་རློམ་སེམས་མེད་པ་ཡིད་ལ་དྲན་པར་གྱིས༔ རྐྱེན་ངན་ལ་མོ་བོན་གྱིས་རིམ་གྲོ་དགོས་ན་རྫོགས་པ་ཆེན་པོ་ལ་ལོག་ལྟ་སྐྱེས་པར་ཡིད་ལ་དྲན་པར་གྱིས༔ སྡུག་བསྔལ་ཅི་བྱུང་ཡང་སྔོན་གྱི་ལན་ཆགས་འཁོར་བ་ཡིན་པས་དགའ་བར་ཡིད་ལ་དྲན་པར་གྱིས༔ བདེ་བ་ཅི་བྱུང་ཡང་དཀོན་མཆོག་གི་བྱིན་རླབས་ཡིན་པར་ཡིད་ལ་དྲན་པར་གྱིས༔ དགྲ་སྡང་བྱུང་དུས་སུ་བདག་ལ་བཟོད་པ་སྐྱེ་བའི་གྲོགས་ཡིན་པར་ཡིད་ལ་དྲན་པར་གྱིས༔ གྲོགས་པོ་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཏང་བར་ཡིད་ལ་དྲན་པར་གྱིས༔ གཉེན་བྱམས་པས་བརྩེ་གདུང་བྱེད་པའི་དུས་སུ་འཁོར་བའི་གདོས་ཐག་ཏུ་ཡིད་ལ་དྲན་པར་གྱིས༔ གདོས་ཐག་དེ་བདུད་ཀྱིས་བར་ཆད་བཏང་བར་ཡིད་ལ་དྲན་པར་གྱིས༔ ཁམས་གསུམ་གྱི་སེམས་ཅན་གང་མཐོང་ཡང་ཕ་མར་ཡིད་ལ་དྲན་པར་གྱིས༔ ཕ་མ་འཁོར་བ་འཁྱམས་པ་ལ་ཚད་མེད་བཞི་ཡིད་ལ་དྲན་པར་གྱིས༔ ཡིད་ལ་དྲན་པ་དེ་དག་ཐམས་ཅད་བདག་གིས་དྲན་དགོས་པ་ཡིད་ལ་དྲན་པར་གྱིས༔ སྐྱིད་པའི་ལོངས་སྤྱོད་གང་བྱུང་ཡང་སླུ་བྲིད་ཀྱི་བདུད་ཡིན་པར་ཡིད་ལ་དྲན་པར་གྱིས༔ བདུད་དེ་ལ་དུག་སྦྲུལ་བས་འཇིགས་པར་ཡིད་ལ་དྲན་པར་གྱིས༔ ཚེ་འདིར་ཕུན་སུམ་ཚོགས་ཀྱང་ཡུད་ཙམ་སྐད་ཅིག་ཏུ་ཡིད་ལ་དྲན་པར་གྱིས༔ ཡུད་ཙམ་ལ་འཇིག་རྟེན་འདིའི་ཆེད་དུ་ཅི་ཡང་བྱེད་པ་རྣམས་འཁྲུལ་པས་མནར་བར་ཡིད་ལ་དྲན་པར་གྱིས༔ མངའ་རིས་དང་རྒྱལ་སྲིད་ཐམས་ཅད་དང་ལོངས་སྤྱོད་ཐམས་ཅད་བཞག་ནས་འགྲོ་དགོས་པར་ཡིད་ལ་དྲན་པར་གྱིས༔ དེའི་དུས་ན་ཆོས་མ་ཡིན་པ་ཅིས་ཀྱང་མི་ཕན་པར་ཡིད་ལ་དྲན་པར་གྱིས༔ འཆི་བའི་དུས་ཀྱི་ཚེ་ཇོ་བོ་དང་འཁོར་འབངས་མང་ཡང་རང་གཅིག་པུར་འགྲོ་དགོས་པར་ཡིད་ལ་དྲན་པར་གྱིས༔ དེའི་དུས་ཀྱི་འགྲོག་ཟླ་ཞིག་ད་ལྟར་བཙལ་དགོས་པར་ཡིད་ལ་དྲན་པར་གྱིས༔ བར་ཆོད་ཀྱི་བགེགས་བྱུང་བའི་དུས་སུ་དགེ་སྐུལ་གྱི་སློབ་དཔོན་དུ་ཡིད་ལ་དྲན་པར་གྱིས༔ སློབ་དཔོན་དེ་དྲིན་ཆེ་བས་མི་འབྲལ་བར་གཅེས་སྤྲས་ཀྱིས་བསྟེན་དགོས་པར་ཡིད་ལ་དྲན་པར་གྱིས༔ ལུས་ལ་ན་ཚ་བྱུང་བའི་ཚེ་བྱང་ཆུབ་ཀྱི་ལམ་ལ་འདྲེན་པའི་སྐྱབས་གནས་སུ་ཡིད་ལ་དྲན་པར་གྱིས༔ སྐྱབས་གནས་དེ་ཐ་མལ་དུ་ནམ་ལུས་པའི་དུས་ཐམས་ཅད་ན་མེད་ཐབས་མེད་པར་ཡིད་ལ་དྲན་པར་གྱིས༔ ལུས་ཤ་ཁྲག་གི་ཕུང་པོ་ལ་བདག་ཏུ་འཛིན་པའི་འགོང་པོ་སྙིང་དུ་ཞུགས་པར་ཡིད་ལ་དྲན་པར་གྱིས༔ སྙིང་ལ་ཞུགས་པ་དེ་མ་ཡེངས་པར་སྒོར་འདོན་དགོས་པར་ཡིད་ལ་དྲན་པར་གྱིས༔ སྣང་བ་འདི་རྨི་ལམ་སྒྱུ་མ་ཙམ་རང་བཞིན་མེད་པར་ཡིད་ལ་དྲན་པར་གྱིས༔ རང་བཞིན་མེད་པ་ལ་མེད་པར་མ་ཤེས་པས་བདག་གཞན་ཐམས་ཅད་འཁྲུལ་པར་ཡིད་ལ་དྲན་པར་གྱིས༔ འཁྲུལ་པ་དེ་དུས་ད་རེས་ཆོས་ཉིད་དུ་ཟློག་དགོས་པར་ཡིད་ལ་དྲན་པར་གྱིས༔ ད་རེས་མ་བཟློག་ན་ཕྱིས་འཁོར་བ་མཐའ་མེད་དུ་འཁྱམས་དགོས་པར་ཡིད་ལ་དྲན་པར་གྱིས༔ དེ་ཡིས་འཁོར་བ་ན་སྡུག་བསྔལ་བཟོད་པར་དཀའ་བ་ཉམས་སུ་མྱོང་བར་ཡིད་ལ་དྲན་པར་གྱིས༔ དེས་ན་བྱ་བ་གཞན་ཐམས་ཅད་བཏང་ལ་ཆོས་ཁོ་ན་བྱེད་དགོས་པར་ཡིད་ལ་དྲན་པར་གྱིས༔ དེ་བྱས་ན་འཁོར་བ་རུ་ལོག་པར་ཡིད་ལ་དྲན་པར་གྱིས༔ དེ་ལོག་ན་བདེ་ཆེན་རང་ལ་རྒྱུན་ཆད་མེད་པར་འབྱུང་བ་ཡིད་ལ་དྲན་པར་གྱིས༔ མངའ་བདག་གིས་གདམས་ངག་འདི་ལྟ་བུ་ཡིད་ལ་མ་དྲན་ན༔ མོ་བོན་གྱི་གླུ་གར་ཡིད་ལ་དྲན་པར་གྱིས་དང་ཞེས་གསུངས་པས༔ མངའ་བདག་དེ་ཉིད་དུ་ནད་དང་བྲལ་བས་ཤིན་ཏུ་མོས་པ་ཡང་སྐྱེས་སོ༔ ༔དེ་ནས་མངའ་བདག་གིས་ཆོས་ལ་ཡིད་ཆེས་ནས༔ སློབ་དཔོན་ལ་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ སློབ་དཔོན་གྱིས་གསུངས་པ་རྣམས་གང་ཉམས་སུ་བླངས་ཀྱང་བྱིན་རླབས་དེ་བཞིན་དུ་འབྱུང་ལགས་སམ་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ ཨེ་མ་ཧོ༔ མངའ་བདག་ལགས་ཆོས་ཚུལ་བཞིན་དུ་སྤྱད་ན༔ བྱིན་རླབས་ཤུགས་ཀྱིས་འབྱུང་བ་ཡེ་ནས་ཆོས་ཉིད་ཡིན་ཏེ༔ དེ་ཡང་བྱམས་པ་རྒྱུད་ལ་བརྟེན་ན་འགྲོ་བ་ཀུན་གྱི་ཡིད་དུ་འོང་བ་ཆོས་ཉིད་ཡིན༔ སྙིང་རྗེ་རྒྱུད་ལ་བརྟེན་ན་ཀུན་གྱིས་བུ་བཞིན་བརྩེ་བ་ཆོས་ཉིད་ཡིན༔ བཏང་སྙོམས་རྒྱུད་ལ་བརྟེན་ན་དགྲ་ཟུན་ཕྱོགས་རིས་མི་འོང་བ་ཆོས་ཉིད་ཡིན༔ དགའ་བ་རྒྱུད་ལ་བརྟེན་ན་སྤྱོད་ལམ་ཀུན་དང་མཐུན་པ་ཆོས་ཉིད་ཡིན༔ གཞན་ལ་གནོད་སེམས་སྤངས་ན་བདག་ལ་འཚེ་བ་ཉུང་བ་ཆོས་ཉིད་ཡིན༔ རྒྱུད་དུལ་ཞིང་གཏོང་ཕོད་ཆེ་ན་འཁོར་འདུ་བ་ཆོས་ཉིད་ཡིན༔ ཕྲག་དོག་དང་མཐོ་རྟགས་མེད་ན་ལྐོག་སྨྲས་ཉུང་བ་ཆོས་ཉིད་ཡིན༔ འགྲོ་ལས་དང་བྱ་བཞག་སྤངས་ན་ཉེས་པ་ཉུང་བ་ཆོས་ཉིད་ཡིན༔ འདོད་པ་ལས་བློ་ལོག་ན་ཟས་ནོར་འདུ་བ་ཆོས་ཉིད་ཡིན༔ བསྲུང་སྡོམ་རྒྱུད་གཙང་ན་སེམས་ལས་སུ་རུང་བ་ཆོས་ཉིད་ཡིན༔ འཁོར་བའི་མཚན་ཉིད་ཤེས་ན་འཇིག་རྟེན་ལས་བློ་ལྡོག་པ་ཆོས་ཉིད་ཡིན༔ ཞེ་འདོད་གང་ཡང་མེད་ན་ཚོགས་རང་བཞིན་གྱིས་རྫོགས་པ་ཆོས་ཉིད་ཡིན༔ ཟབ་མོའི་ཆོས་ཉིད་ལ་འཇུག་པའི་ཚེ་བར་ཆད་ཀྱིས་རྐྱེན་མང་བ་ཆོས་ཉིད་ཡིན༔ བླ་མ་བཟང་པོ་དང་འགྲོགས་ན་ཡོན་ཏན་ཤུགས་ཀྱིས་འགོ་བ་ཆོས་ཉིད་ཡིན༔ དཀོན་མཆོག་ལ་མོས་གུས་རྒྱུན་མ་ཆད་ན་བྱིན་རླབས་མ་ཞུས་ཀྱང་འོང་བ་ཆོས་ཉིད་ཡིན༔ ཐོས་བསམ་ཕྱོགས་མེད་དུ་བྱས་ན་ཆོས་ལ་ཕྱོགས་རིས་ཆུང་བ་ཆོས་ཉིད་ཡིན༔ ཟབ་མོའི་བསྐྱེད་རྫོགས་བསྒོམས་ན་ནུས་མཐུ་དང་བྱིན་རླབས་འོང་བ་ཆོས་ཉིད་ཡིན༔ མི་ཆོས་ཐ་མལ་དང་སྣང་བ་མ་བསྟུན་ན་སྒྲོ་སྐུར་ཉུང་བ་ཆོས་ཉིད་ཡིན༔ ཆགས་ཞེན་འཛིན་པ་བཏང་ན་ལུས་སེམས་ཅིག་ཅར་བདེ་བ་ཆོས་ཉིད་ཡིན༔ རི་ཁྲོད་དགོན་པར་གནས་ན་ཉམས་མྱོང་སེམས་ལ་འཆར་བ་ཆོས་ཉིད་ཡིན༔ བདག་འཛིན་གཅེས་སྤྲས་བོར་ན་བར་ཆད་བདུད་ཀྱིས་མི་ཚུགས་པ་ཆོས་ཉིད་ཡིན༔ སེམས་ཀྱིས་སེམས་ལ་བལྟས་ན་ཆོས་ཉིད་རང་ལ་འཆར་བ་ཆོས་ཉིད་ཡིན༔ རྟག་ཏུ་སྒྲུབ་ལ་བརྩོན་ན་ཡོན་ཏན་ཕྱོགས་མེད་འཆར་བ་ཆོས་ཉིད་ཡིན༔ སེམས་ཉིད་རང་ངོ་ཤེས་ན་རྩོལ་སྒྲུབ་རང་སར་གྲོལ་བ་ཆོས་ཉིད་ཡིན༔ འཁོར་འདས་ཆོས་སྐུར་རྟོགས་ན་སྒོམ་ལ་རྩོལ་བ་མི་དགོས་པ་ཆོས་ཉིད་ཡིན༔ ཉམས་ལེན་ལེ་ལོར་མ་ཤོར་ན་འཆི་ཁར་འགྱོད་པ་མེད་པ་ཆོས་ཉིད་ཡིན༔ མངའ་བདག་ཆོས་རྒྱུད་ལ་ཁོལ་མཛོད་དང༔ སངས་རྒྱས་ཀྱི་བདེ་བ་རང་ལ་འབྱུང་བར་གདའ་ཡིས་གསུངས༔ ༔ཡང་མངའ་བདག་གིས་ཞུས་པ༔ དེ་ལྟར་ན་ཆོས་ཀྱི་དགྲ་ཐེ་ཚོམ་དུ་གདའ་བས༔ ཆོས་ཐམས་ཅད་ལ་ཡིད་ཆེས་པའི་ཚད་ཇི་ལྟར་གཟུང་ཞེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ ཉོན་མོངས་པ་མ་བཏུལ་ན༔ དགྲ་སྡང་བ་བཏུལ་ཞིང་མང་བས་དོན་མེད་རང་སེམས་སྡུག་པར་ཡིད་ཆེས༔ ཆོས་སྤྱོད་ཀྱི་དགེ་སྦྱོར་མ་བསྐྱང་ན༔ གཉེན་བྱམས་པ་མི་ཚེ་ལ་བསྐྱངས་ཀྱང་འཆི་བའི་དུས་མི་སྟོངས་པར་ཡིད་ཆེས༔ ཐུབ་པའི་གཏན་ས་མ་གཟུང་ན༔ འཇིག་རྟེན་གྱི་ཁེ་གྲགས་བཟུང་བས་སླར་འཁོར་བར་བསྐྱུར་བར་ཡིད་ཆེས༔ འགྱུར་མེད་ཀྱི་རྫོང་ལ་མ་གནས་ན༔ ས་རྡོའི་མཁར་ལེན་བཟང་ཡང་བཞག་ནས་འགྲོ་བར་ཡིད་ཆེས༔ ཚོགས་གཉིས་མ་གསག་ན༔ ནོར་རྫས་བསགས་ཀྱང་ཤི་ནས་སྤྱད་དུ་མེད་པར་ཡིད་ཆེས༔ ཆོས་ཉིད་ཀྱི་བདུད་རྩི་མ་བསྟེན་ན༔ ཟས་ཞིམ་དགུ་ཟོས་ཀྱང་མི་གཙང་བར་འགྱུར་བར་ཡིད་ཆེས༔ ཆོས་སྐུ་སྐྱེ་མེད་མ་འཐོབ་ན༔ ཤ་ཁྲག་གི་ཕུང་པོ་ལ་བདག་འཛིན་གཅེས་སྤྲས་བྱས་ཀྱང་འབྱུང་བ་གཡར་པོ་བདག་པོས་ཁྱེར་བར་ཡིད་ཆེས༔ ཐབས་ཤེས་རབ་དང་མ་འགྲོག་ན༔ ཡིད་མཐུན་གྱི་མཛའ་བཤེས་སྟོང་དང་འགྲོགས་ཀྱང་མྱུར་དུ་བྲལ་ནས་འགྲོ་བར་ཡིད་ཆེས༔ བརྗོད་མེད་ཀྱི་དོན་དང་མ་འཕྲད་ན༔ སྙན་གྲགས་ཀྱིས་སྟོང་གསུམ་ཁྱབ་ཀྱང་བསླུ་བྲིད་ཀྱི་བདུད་ཡིན་པར་ཡིད་ཆེས༔ རང་སེམས་ལ་རང་དབང་མ་འཐོབ་ན༔ འཁོར་ལོས་སྒྱུར་བའི་མཐུ་དཔུང་དང་ལྡན་ཡང་འཆི་བའི་དུས་ལ་བབ་པའི་ཚེ་རང་དབང་མི་འོང་བར་ཡིད་ཆེས༔ ཤེས་རབ་རིག་པའི་རྩལ་དང་མ་ལྡན་ན༔ གྱད་སྟོབས་པོ་ཆེ་ལྟར་དཔའ་ཡང་འཁོར་བའི་གཡུལ་ངོ་མི་ཟློག་པར་ཡིད་ཆེས༔ གྲགས་སྟོང་ཀ་དག་གི་དོན་ཁོང་དུ་མ་ཆུད་ན༔ སྨྲ་བའི་སེང་གེར་གྱུར་ཀྱང་རྣམ་སྨིན་ལ་ཤགས་མི་ཐེབས་པར་ཡིད་ཆེས༔ བདེ་ཆེན་རང་ལ་མ་རྙེད་ན༔ ཅང་ཤེས་རྟ་ལ་ཞོན་ཡང་འཁོར་བའི་སྡུག་བསྔལ་ལས་མི་ཐར་བ་ལ་ཡིད་ཆེས༔ སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་གྱིས་མ་སྤྲས་ན༔ ནམ་མཁའི་ལྷ་ཕྲན་ལྟར་གཟུགས་མཛེས་ཀྱང་འཆི་བདག་གི་བདུད་སླུར་མི་འདོད་པར་ཡིད་ཆེས༔ བླ་མ་དང་དཀོན་མཆོག་གི་སྐྱབས་འོག་ཏུ་མ་ཚུད་ན༔ ཉོན་མོངས་ཀྱི་དགྲ་ལ་སུས་ཀྱང་མི་སྐྱོབ་པར་ཡིད་ཆེས༔ རང་སེམས་སངས་རྒྱས་སུ་མ་རྟོགས་ན༔ རྟོག་པ་གཞན་ཐམས་ཅད་ཀྱིས་སླུ་བར་ཡིད་ཆེས༔ དེས་ན་ཐར་པ་དང་བྱང་ཆུབ་ཀྱི་རྒྱུར་མི་འགྱུར་བའི་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ལ་དོན་མེད་པས༔ ཆུ་ཤིང་ལྟར་སྙིང་པོ་མེད་པར་ཡིད་ཆེས་པར་མཛོད་ཅིག་གསུངས༔ ༔ཡང་མངའ་བདག་གིས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ དེ་ལྟར་བསྟན་ཀྱང་ཆོས་སྒོར་ཞུགས་པ་ཕལ་ཆེར་གྱིས་མི་གོ་སྟེ༔ འཇིག་རྟེན་གྱི་བྱ་བ་ལས་ལྡོག་པ་ཉུང་བར་གདའ་བ་འདི་དག་ཇི་ལྟར་ལགས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ འཁོར་བའི་རྒྱུ་འབྲས་དང་མཚན་ཉིད་མ་རིག་པ་ཡིན་གསུངས༔ དེ་ཡང་འཁོར་བའི་རྒྱུ་ང་བདག་གཟུང་འཛིན་གྱི་རྣམ་རྟོག་མ་སྤང་པ་ལས་བྱུང་སྟེ༔ བདག་དང་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་གཅིག་པ་ལ༔ བདག་གཞན་རིས་སུ་འབྱེད་པ་སྙིང་མེད་པ་ཡིན༔ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཚེ་སྔ་མ་ཡང་སྔ་ལ་སོགས་པའི་ཕ་མ་ཡིན་པ་ལ༔ དགྲ་གཉེན་དུ་འཛིན་པ་སྙིང་མེད་པ་ཡིན༔ འཁོར་འདས་གཉིས་ཤན་འབྱེད་པའི་དུས་འདིར༔ འཇིག་རྟེན་གྱི་ཆོས་བརྒྱད་སྐྱོང་ཁོམས་པ་སྙིང་མེད་པ་ཡིན༔ ཚེ་འདི་བྲ་ངའི་ས་ལྟར་ཡུད་ཙམ་དུ་འདུག་པ་ལ༔ མཁར་ཁང་གི་མཁར་ལེན་མང་པོ་བྱེད་པ་སྙིང་མེད་པ་ཡིན༔ མི་གཙང་བའི་རྫས་ཀྱིས་གང་བའི་ཕུང་པོ་ལ༔ ཚེར་མ་ཟུག་ཀྱང་མི་བཟོད་པའི་བདག་འཛིན་བྱེད་པ་སྙིང་མེད་པ་ཡིན༔ གྲོགས་ཉེ་འབྲེལ་ཐམས་ཅད་མི་རྟག་པར་འཆི་ཞིང་འདུག་པ་ལ༔ བདག་རྟག་ཏུ་རེ་བ་སྙིང་མེད་པ་ཡིན༔ རང་འཆི་བའི་དུས་སུ་ལག་སྟོང་དུ་འགྲོ་བ་ལ༔ མི་དགེ་བ་སྣ་ཚོགས་སྤྱད་ནས་ཟས་ནོར་འཚོལ་བ་སྙིང་མེད་པ་ཡིན༔ ཕྱི་སྣང་བ་ཡང་འགྱུར་ཞིང་མི་སྡོད་པར་འགྱུར་ཞིང་འདུག་པ་ལ༔ ལོངས་སྤྱོད་རྟག་ཏུ་རེ་བ་སྙིང་མེད་པ་ཡིན༔ ཚེ་ཉི་མ་ནུབ་པའི་གྲིབ་སོ་ལྟར་འགྲིབ་པ་ལ༔ ལེ་ལོ་སྙོམ་ལས་བྱེད་པ་སྙིང་མེད་པ་ཡིན༔ འདི་ཕྱི་གཉིས་ཀར་སྐྱིད་པའི་ཆོས་ལས་ལོག་ནས༔ ཁྱིམ་ཐབ་ལ་འཇུག་པ་སྙིང་མེད་པ་ཡིན༔ སྡིག་པའི་ལས་བྱས་པས་ངན་སོང་དུ་འགྲོ་ངེས་པ་ལ༔ རྣམ་སྨིན་ལ་མི་འཛེམ་པ་སྙིང་མེད་པ་ཡིན༔ ད་ལྟ་མེ་སྟག་ཕོག་པར་ཡང་མི་བཟོད་པར༔ ཚ་བའི་དམྱལ་བ་བཟོད་དུ་རེ་བ་སྙིང་མེད་པ་ཡིན༔ དགུན་ཁ་ནང་གཅིག་འཁྱགས་པ་ཡང་མི་བཟོད་པར༔ གྲང་བའི་དམྱལ་བ་བཟོད་དུ་རེ་བ་སྙིང་མེད་པ་ཡིན༔ ཞག་གསུམ་གྱི་བཀྲེས་སྐོམ་ཡང་མི་བཟོད་པར༔ ཡི་དྭགས་ཀྱི་སྡུག་བསྔལ་བཟོད་དུ་རེ་བ་སྙིང་མེད་པ་ཡིན༔ རང་གིས་བཀོལ་སྤྱད་ལ་སོགས་པ་དལ་ཅིག་ཀྱང་མི་བཟོད་པར༔ དུད་འགྲོའི་སྡུག་བསྔལ་སྣ་ཚོགས་བཟོད་དུ་རེ་བ་སྙིང་མེད་པ་ཡིན༔ རང་གིས་རང་ལ་གྲོས་འདེབས་དགོས་པའི་དུས་འདིར༔ བླ་མས་བཤད་ཀྱང་མི་ཉན་པ་སྙིང་མེད་པ་ཡིན༔ རང་དབང་རང་གིས་ཐོབ་པའི་དུས་འདིར་འདོད་པའི་ཁོལ་པོ་བྱེད་པ་སྙིང་མེད་པ་ཡིན༔ ཆོས་སྐད་ཅིག་ཀྱང་མི་བྱེད་པར༔ ཚེ་ཕྱི་མ་ལ་ཡང་འདི་ལྟར་འོང་དུ་རེ་བ་སྙིང་མེད་པ་ཡིན༔ སྐྱེས་ནས་འཆི་བ་དང་རང་ཆས་སུ་འགྲོགས་པ་ལ༔ སང་ཕོད་ཀྱི་བཅས་བྱེད་ཁོམས་པ་སྙིང་མེད་པ་ཡིན༔ ཡར་འགྲོ་མར་འགྲོ་རང་དབང་ཡོད་པའི་དུས་ད་རེས༔ ཐར་པའི་ཆོས་ལ་མི་འཇུག་པ་སྙིང་མེད་པ་ཡིན༔ འཁོར་བར་ཅི་བྱས་སྡུག་བསྔལ་ལས་མ་འདས་པར་འདུག་པ་ལ༔ བྱ་བྱེད་མི་སྤོང་པ་སྙིང་མེད་པ་ཡིན༔ འཁོར་བ་མཐའ་མེད་དུ་ད་གཟོད་འཁྱམས་དགོས་པ་ལ༔ རང་རྫུན་རང་ལ་གཏོང་བ་འདི་ཀུན་སྙིང་མེད་པ་ཡིན༔ མངའ་བདག་མིའི་ལུས་ལ་བ་གླང་གི་བསམ་པ་ཅན་དེ་རྣམས་ཀྱིས་གྱོད་ལ་གཏུགས་པར་མཆིའོ་གསུངས༔ ༔མངའ་བདག་གིས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ འོ་ན་ཆོས་ཚུལ་བཞིན་དུ་བྱེད་ན་ཇི་ལྟར་བགྱི་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ མངའ་བདག་ཞེ་ཐག་པ་ནས་ཆོས་བྱེད་པ་རྣམས་འདི་ལྟར་མཛོད་དང༔ དད་པ་བརྟན་པོ་ཆུ་བོའི་རྒྱུན་ལྟ་བུས་བླ་མ་དང་དཀོན་མཆོག་བསྟེན༔ བྱམས་པ་དང་སྙིང་རྗེ་མ་བུ་ལྟར་བརྩེ་བས་སློབ་འཁོར་དང་འགྲོ་ཀུན་ཐུལ༔ མཐུ་རྩལ་དང་ནུས་པ་ཐོག་ལྟ་བུས་བསྟན་པའི་དགྲ་སྒྲོལ༔ ལེ་ལོ་མེད་པའི་བརྩོན་འགྲུས་སྐྲ་ལ་མེ་ཤོར་བ་ལྟ་བུས་ལུས་ངག་གི་དགེ་སྦྱོར་སྦྱོངས༔ ལས་འབྲས་ཀྱི་སྤྱོད་པ་ཕྱེ་བས་ཞིབ་པས་མི་དགེ་བ་ཀུན་སྤོངས༔ མཐོན་པོ་ལ་འགྲན་ཟླའི་སེམས་སྐྱུངས་ལ༔ དམ་པ་རྣམས་ཀྱི་ཟླ་སྲོངས༔ བསྲུང་སྡོམ་གྱི་སྤྱན་པོ་ལྷ་དང་བླ་མ་ལ་ཆོལ་ལ་ཁྲེལ་དང་ངོ་ཚ་སྲུངས༔ བཟོད་པའི་ཚད་རང་ལ་ཚུགས་ལ༔ གཞན་ལ་གནོད་པ་མ་བྱེད༔ སྤྱོད་ལམ་ཇི་ལྟར་སྤྱོད་ཀྱང༔ དོན་དང་མ་བྲལ་བར་ལུས་ངག་ཆོས་སུ་སྒྱུར༔ རྟག་ཏུ་གཞན་ལ་རྔན་མ་བགྲང་བར་རང་སྐྱོན་ཡུལ་ཐོན༔ དྲང་དོན་དང་ངེས་དོན་གང་འཚམས་བསྟན་པས་དད་པ་ཅན་ཆོས་ལ་ཚུད༔ གཞན་ན་མཉམ་ཤི་བ་དེ་བདག་ལ་བྱ་བཏང་བ་ཡིན་པས་བག་ཟོན་སྐྱེད༔ རྟག་ཏུ་བྱ་བྱེད་མ་མང་བར་ལུས་སེམས་རྣལ་དུ་ཕོབ༔ གདམས་པ་ཟབ་མོ་སེམས་ཐོག་ཏུ་ཕོབ་ལ་ངོ་སྤྲོད་དུ་ཟུངས༔ འཚོ་བ་ཉམས་ཀྱང་གཡོ་སྒྱུས་ཟས་ནོར་མ་འཚོལ༔ སེམས་ལ་ཁུ་འཁྲིག་བྱུང་ན༔ གཟུགས་མེད་བགེགས་ལ་མ་སྔངས༔ རྒྱལ་ཁྲིམས་དམ་ཡང་སེམས་ཅན་ལ་འཚེ་བའི་ལས་མ་བྱེད༔ སང་འཆི་གནངས་འཆི་མ་ངེས་པས༔ སེམས་ཉིད་བཙན་ས་ཟུངས༔ མཚན་ལྡན་གྱི་བླ་མ་ཚོལ་ལ་དུས་གསུམ་དུ་སྤྱི་བོར་ཁུར༔ མི་ཚེ་ལ་གང་དགོས་ཆ་མེད་པས་རིག་པའི་གནས་ལྔ་ཀུན་ལ་སྦྱོངས༔ ཕུང་འདྲེའི་རྩ་བ་ཡིན་པས་ཡོན་ཏན་ཅི་ཡོད་ཀྱང་རློམས་སེམས་མ་བྱེད༔ བདེ་བའི་འབྱུང་གནས་ཡིན་པས་རྟག་ཏུ་རི་ཁྲོད་འགྲིམས༔ འདི་ཕྱི་གཉིས་ཀར་སྡུག་པས་ལས་ངན་ཁྱིམ་ཐབ་མ་བྱེད༔ ཐ་མལ་གྱི་སྤྱོད་པ་གྲོགས་ཀྱིས་འགྱུར་བས་དམ་པ་རྣམས་དང་འགྲོགས༔ སྒོམ་པས་མངོན་དུ་མ་གྱུར་གྱི་བར་དུ་ལྟ་ཁམ་གྱིས་སྤྱོད་པ་མ་རྩིང༔ འཁོར་བའི་ལྕགས་སྒྲོག་ཡིན་གྱིས་སྡེ་རིས་དང་གཟུང་འཛིན་བོར༔ མཁས་པས་གཤེ་བར་འོང་བས་ཚུལ་འཆོས་དང་ཐོ་ཅོ་མ་བྱེད༔ སྤྱོད་ངན་ཤུགས་ཀྱིས་འགོ་བས་ཐ་མལ་གྱི་གསེབ་ཏུ་མ་འདུག༔ ཐམས་ཅད་སྒྱུ་མ་ཡིན་པས་འདུས་བྱས་ཆོས་སྤྱོད་ལ་བློ་མ་གཏོད༔ སངས་རྒྱས་གཞན་ན་མེད་ཀྱིས་རང་སེམས་གཏན་ལ་ཕོབ༔ དེ་ལྟར་བྱས་ན་ཤཱཀྱའི་བསྟན་པ་གཟུང་བ་ཡིན་ནོ་གསུངས༔ ༔སློབ་དཔོན་གྱི་ཞལ་ནས༔ ཞེ་ཐག་པ་ནས་ཆོས་བྱེད་ན༔ བསྲུང་སྡོམ་ས་གཞི་ལྟ་བུ་ལ་ཆོས་ཀྱི་རྟེན་འཆའ་དགོས༔ ལྟ་བ་ནམ་མཁའ་ལྟ་བུའི་ངང་ལ་གྲུབ་མཐའི་ཐེག་པ་ཐམས་ཅད་རྫོགས་དགོས༔ བྱེ་བྲག་འཇའ་ཚོན་ལྟར་ཕྱེད་པས་ཆོས་ཐམས་ཅད་གསལ་ལ་མ་འདྲེས་པར་བློ་ལ་འཆར་དགོས༔ གོ་རིམ་ཆུ་ཤིང་གི་ཤུན་པ་ལྟར་ཕྱེད་པས་ལས་ཅན་དྲང་དགོས༔ སྨྱུ་གུ་ལྟ་བུའི་སྲི་ཞུས་གདམས་ངག་སྲིས་ལ༔ སློབ་མ་ལ་གཅེས་སྤྲས་སྐྱེད་དགོས༔ སོས་ཀའི་མེ་ཏོག་ལྟར་སེང་ངེ་ཡེ་རེ་བས༔ བསྒོམ་པས་གསལ་གདབ་དགོས༔ སྨན་པའི་སྒྱེའུ་ལྟར་གདམས་པ་ཕྱོགས་མེད་དུ་བཟུང་ལ༔ ནམ་དགོས་ན་གཏོང་དགོས༔ ལན་ཚྭ་ལྟར་ཚོད་ཟིན་པའི་ཉམས་ཤིག་དགོས༔ འབྲོང་བུ་ལུང་ཕུགས་སུ་བདས་པ་ལྟ་བུའི་སྤྱོད་པས་རྐྱེན་ངན་ཐོག་འགེལ་དུ་གཅོད་དགོས༔ སྤང་བྱ་ཉོན་མོངས་པ་འཕྲད་པའི་དུས་སུ༔ དགྲ་སྡང་ཚེར་མ་ལྟར་སྤང་དགོས༔ གཉེན་པོ་ཡེ་ཤེས་སྐྱེས་པའི་དུས་སུ༔ མིག་གི་འབྲས་བུ་ལྟར་རྒྱུད་ལ་བཙའ་དགོས༔ ཐོས་བསམ་སྒྲོ་འདོགས་གཅོད་པའི་དུས་སུ༔ གླ་འབྲེང་ལྟ་བུའི་མཉེན་ལྕུག་གིས་བླ་མ་བསྟེན་དགོས༔ འཇིག་རྟེན་པའི་མི་ཆོས་ཀྱི་བྱ་བ་འཚོལ་ན༔ གླང་ལྟར་གྱོང་བས་གཞན་སྣང་དང་མི་བསྟུན་དགོས༔ ཚད་མེད་བཞི་རྒྱུད་ལ་སྦྱོར་བའི་དུས་སུ༔ དུད་འགྲོ་ལུག་ལྟ་བུའི་བཟོད་པས་ཕྱོགས་མེད་རོ་སྙོམས་དགོས༔ མཁས་པས་རྩོད་པ་བྱེད་དུ་བྱུང་ན༔ དཔའ་བོའི་མཚོན་ཆ་ལྟ་བུའི་ཤེས་རབ་ཀྱིས་གང་ལ་ཡང་ཐོགས་མེད་དུ་གཅོད་དགོས༔ བསམ་པས་དོན་འཚོལ་བའི་དུས་ན༔ རྟ་རྒོད་འདུལ་བ་ལྟར་བྱིང་རྒོད་འདུལ་དགོས༔ ཉམས་ལེན་རྒྱུད་ལ་འགེལ་བའི་དུས་ན༔ མི་གཅིག་པོ་མཛེས་ཟིན་པ་ལྟར་འཇིག་རྟེན་བྱ་བ་འབོར་དགོས༔ མྱུར་དུ་སངས་རྒྱ་བར་འདོད་ན༔ བག་མ་གསར་བུའི་སྤྱོད་པས་རྒྱུན་དུ་རང་གིས་རང་ལ་ལྟོས་དང་གསུངས༔ ༔ཡང་མངའ་བདག་གིས་ཞུས་པ༔ དེ་ལྟར་ཉམས་སུ་ལེན་པ་ཤིན་ཏུ་དཀའ༔ ཆོས་ཚུལ་བཞིན་དུ་སྒྲུབ་པའི་མི་མཆིའམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཆོས་བྱེད་ན་རང་བཞིན་གྱིས་རྒྱུད་ལ་ཡོན་ཏན་དང་ལྡན་པ་ཡང་མང་དུ་ཡོད་གསུངས༔ ཇི་ལྟར་མཆིས་ཞུས་པས༔ སྤྲོ་རིང་ལ་ངག་འཇམ་ན༔ བྱམས་པ་རྒྱུད་ལ་སྐྱེ་སླ་བའི་ཡོན་ཏན་ཡོད༔ ཚོར་ངས་ཆེ་ལ་བློ་སྣ་མང་ན༔ དད་པ་གློ་བུར་དུ་སྐྱེ་བའི་ཡོན་ཏན་ཡོད༔ རིགས་བཟང་ལ་ངོ་ཚ་ཆེ་ན༔ ཆོས་ལས་མི་ལྡོག་པའི་ཡོན་ཏན་ཡོད༔ སྡུག་བསྔལ་དང་རྐྱེན་མང་ན༔ ཆོས་ལ་བློ་འཇུག་པའི་ཡོན་ཏན་ཡོད༔ དྲང་ཆེ་ལ་རྒྱུད་བཟང་ན༔ བཟོད་པས་རྐྱེན་ཐུབ་པའི་ཡོན་ཏན་ཡོད༔ ངོ་རྟག་ཅིང་གཉེན་ལ་གདུང་ན༔ བླ་མ་ལ་སྲི་ཞུ་ཆེ་བའི་ཡོན་ཏན་ཡོད༔ མི་ཆོས་ཀྱི་ཁེ་གྲགས་ཆུང་ན༔ ཆོས་ལ་ཕྱོགས་རིས་མི་འོང་བའི་ཡོན་ཏན་ཡོད༔ མི་ཆོས་ལ་མདོ་ཆུང་ན༔ ལྷ་ཆོས་ལ་འཛིན་པ་ཆུང་བའི་ཡོན་ཏན་ཡོད༔ ཚིག་རྗེས་དོན་གྱིས་སོང་ན༔ ཆོས་དང་གང་ཟག་ཏུ་མཐུན་པའི་ཡོན་ཏན་ཡོད༔ བརྣག་པ་དང་ཞེ་བཅད་ཆེ་ན༔ ཆོས་ལ་ཉམས་ལེན་བཟང་བའི་ཡོན་ཏན་ཡོད༔ ངོ་འཛུམ་ཞིང་སྤྱོད་ལམ་དེས་ན༔ མཆེད་ལྕམ་ལ་དམ་ཚིག་གཙང་བའི་ཡོན་ཏན་ཡོད༔ གཟའ་གཏད་ཆུང་ལ་སྤྱོད་ལམ་ཧར་ན༔ རང་གི་རྟོག་པ་བཙན་ཐབས་ཆོད་པའི་ཡོན་ཏན་ཡོད་གསུངས༔ ༔དེ་ཡང་སྐྱོན་དུ་མ་སོང་བ་ཞིག་དགོས་ཏེ༔ སྤྲོ་རིང་ལ་ངག་འཇམ་པའི་མི་ལ་གཡོ་སྒྱུ་ཆེ་བའི་སྐྱོན་ཡོད༔ ཚོར་ངས་ཆེ་ལ་བློ་སྣ་མང་ན༔ ཆོས་ལས་བློ་ལྡོག་པའི་སྐྱོན་ཡོད༔ རིགས་བཟང་ལ་ངོ་ཚ་ཆེ་ན༔ མི་ཆོས་མི་སྤོང་བའི་སྐྱོན་ཡོད༔ སྡུག་བསྔལ་དང་རྐྱེན་མང་ན༔ ཆོས་བྱ་བར་འདོད་ཀྱང་བྱ་ལོང་མི་འོང་བའི་སྐྱོན་ཡོད༔ དྲང་ཆེ་ལ་རྒྱུད་བཟང་ན༔ ཆོས་ལ་གོ་བ་ཆུང་བའི་སྐྱོན་ཡོད༔ ངོ་རྟག་ཅིང་གཉེན་ལ་གདུང་ན༔ མི་ཆོས་དང་འབྲེལ་མི་ཆོད་པའི་སྐྱོན་ཡོད༔ མི་ཆོས་དུས་ན་ཁེ་གྲགས་ཆུང་ན༔ ལྷ་ཆོས་ཀྱི་གཉེན་པོ་ཆུང་བའི་སྐྱོན་ཡོད༔ མི་ཆོས་ལ་མདོ་ཆུང་ན༔ ཆོས་མཐར་མི་ཕྱིན་པའི་སྐྱོན་ཡོད༔ བརྣག་པ་དང་ཞེ་བཅད་ཆེ་ན༔ འདོད་ཆགས་སྤང་དཀའ་བའི་སྐྱོན་ཡོད༔ ཚིག་རྗེས་དོན་གྱིས་སོང་ན༔ ཚིག་རྩུབ་ལ་འཐབ་རྩོད་འོང་བའི་སྐྱོན་ཡོད༔ ངོ་འཛུམ་ཞིང་སྤྱོད་ལམ་དེས་ན༔ ཚུལ་འཆོས་དང་བུད་མེད་ལ་དགའ་བའི་སྐྱོན་ཡོད༔ གཟའ་གཏད་ཆུང་ཞིང་སྤྱོད་པ་ཧར་ན༔ ཆོས་སྤྱོད་ལ་མི་རེམ་རྣམ་སྨིན་ལ་མི་འཛེམ་པའི་སྐྱོན་ཡོད་པས༔ ཆོས་སྒོར་ཞུགས་པ་རྣམས་ཀྱང་སྐྱོན་དེ་དག་སྤངས་ནས༔ ཡོན་ཏན་དང་ལྡན་པར་བྱས་ན༔ ཆོས་སྒྲུབ་པ་ལ་དཀའ་བ་མེད་གསུངས༔ ༔ཡང་མངའ་བདག་གིས་ཞུས་པ༔ ཆོས་བྱེད་ན་ཆོས་སུ་མི་འགྲོ་བ་མཆིས་སམ་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ ཆོས་སྒོར་ཞུགས་ཀྱང་ཆོས་སུ་མ་སོང་བ་མང་དུ་ཡོད་པས་དེར་མ་སོང་བར་བྱ་དགོས་གསུངས༔ དེ་ཡང་རབ་ཏུ་བྱུང་བ་བྱས་ཀྱང་འཚོ་སྐྱོང་དང་ཡོ་བྱད་ཁྱིམ་པ་དང་མཉམ་ན་ཆོས་པ་མ་ཡིན༔ མི་ཆོས་ཀྱི་བྱ་བ་བཞག་ཀྱང་ཐ་མལ་གྱི་ལོང་གཏམ་མ་སྤང་ན་ཆོས་པ་མ་ཡིན༔ དགོན་པར་གནས་ཀྱང་བྱ་བ་འཇིག་རྟེན་པ་དང་མཉམ་ན་ཆོས་པ་མ་ཡིན༔ རང་ཡུལ་བོར་ཀྱང་འཇིག་རྟེན་པ་དང་འདྲིས་འབྲེལ་མ་སྤང་ན་ཆོས་པ་མིན༔ ཉམས་ལེན་བྱས་ཀྱང་འདོད་པ་ལས་བློ་མ་ལོག་ན་ཆོས་པ་མིན༔ དཀའ་ཐུབ་སྣ་ཚོགས་བྱེད་ཀྱང་གཞན་གྱི་གནོད་པ་མ་བཟོད་ན་ཆོས་པ་མིན༔ བསྐྱེད་རྫོགས་སྒོམ་ཡང་དམ་ཚིག་མ་བསྲུང་ན་ཆོས་པ་མིན༔ གཉིས་མེད་སྒོམ་ཡང་ལྷ་འདྲེ་ལ་ཕན་གནོད་རེ་ན་ཆོས་པ་མིན༔ ཐེག་ཆེན་ལ་ཞུགས་ཀྱང་སེམས་ཅན་ལ་ཕན་པ་མི་བསྒྲུབ་ན་ཆོས་པ་མིན༔ འགྲོ་དོན་བྱེད་ཀྱང་བྱང་ཆུབ་སེམས་ཀྱིས་མ་ཟིན་པར་ཞེ་འདོད་དང་མ་བྲལ་ན་ཆོས་པ་མིན༔ ལྟ་བ་རྟོགས་ཀྱང་རྣམ་སྨིན་ལ་མི་འཛེམ་ན་ཆོས་པ་མིན༔ ཐེག་པ་རིམ་དགུ་ཤེས་ཀྱང་རང་རྒྱུད་ཆོས་དང་མ་འདྲེས་ན་ཆོས་པ་མིན༔ རྟག་ཏུ་རྩེ་གཅིག་བསྒོམས་ཀྱང་སྣང་བའི་དངོས་འཛིན་མ་ཞིག་ན་ཆོས་པ་མིན༔ བསླབ་པ་གསུམ་དང་ལྡན་ཡང་རློམས་སེམས་ཀྱི་དམིགས་པ་སྤྱོད་ན་ཆོས་པ་མིན༔ དགེ་སྦྱོར་ཅི་བྱེད་ཀྱང་སྦྱོར་དངོས་མཇུག་གསུམ་གྱིས་མ་ཟིན་ན་ཆོས་པ་མིན༔ ལུས་ངག་གི་སྤྱོད་ལམ་བཟང་བ་རང་བཞིན་བྱེད་ཀྱང་སེམས་ཉོན་མོངས་པ་རང་རྒྱུད་པར་ཤོར་ན་ཆོས་པ་མིན༔ ད་ལྟ་སྒྲུབ་པར་ནུས་པའི་བྱ་བ་རྣམས་བཞག་ནས་ཕྱིས་སྨོན་ལམ་རེ་བ་རྣམས་ཆོས་པ་མིན༔ སེམས་ཉིད་རང་ངོ་མ་ཤེས་པར་འབྲས་བུ་ཕྱིས་དུས་ལ་རེ་ན་ཆོས་པ་མིན༔ ལས་སུ་དགེ་བའི་བྱ་བ་བྱས་ཀྱང་འཇིག་རྟེན་གྱི་ཆོས་བརྒྱད་དང་མ་བྲལ་ན་ཆོས་པ་མིན༔ མངའ་བདག་ཆེན་པོ་འཇིག་རྟེན་གྱི་ཆོས་བརྒྱད་ཀྱང༔ བདག་ལ་བསྟོད་ན་དགའ་བ་དང༔ སྨད་ན་མི་དགའ་བ་དང༔ གྲགས་ན་དགའ་བ་དང༔ མ་གྲགས་ན་མི་དགའ་བ་དང༔ སྙན་ན་དགའ་བ་དང༔ མ་སྙན་ན་མི་དགའ་བ་དང༔ རྙེད་ན་དགའ་བ་དང༔ མ་རྙེད་ན་མི་དགའ་བ་རྣམས་ལགས་ཏེ༔ དེ་ཡང་བདག་གི་ལུས་ངག་ཡིད་གསུམ་མི་དགེ་བའི་རྩ་བ་གང་ཡང་སྔར་དེ་རྣམས་ཀྱི་བསམ་པ་དང་བཅས་པས་བྱས་སམ་མ་བྱས༔ ད་ལྟ་བྱེད་ཅིང་འདུག་གམ་མི་འདུག༔ མ་འོངས་པ་ན་དེ་བརྒྱད་དང་ལྡན་པས་བྱེད་དམ་མི་བྱེད་བརྟགས་ཏེ༔ དེ་དང་མ་འབྲེལ་བ་གལ་ཆེ༔ མངའ་བདག་ཆེན་པོ༔ པདྨ་བདག་གི་རྗེས་སུ་འབྲང་ན༔ ཆོས་གང་ལ་འཇུག་ཀྱང་སངས་རྒྱས་ཀྱི་བྱང་ཆུབ་ཆེན་པོ་མྱུར་དུ་ཐོབ་པར་བྱེད་པའི་ལམ་ཕྱིན་ཅི་མ་ལོག་པ་སྤྱོད་ཅིག༔ དོན་རྒྱ་ཆེ་ལ་ཟབ་པ་དང་ལྡན་པར་སྤྱོད་ཅིག༔ ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་མཐའ་དག་དང་ལྡན་པར་སྤྱོད་ཅིག༔ ཐེག་པ་རིམ་པ་དགུའི་དོན་གང་ཟག་གཅིག་གི་རྒྱུད་ལ་ཡར་ལྡན་དུ་རྫོགས་པར་སྤྱོད་ཅིག༔ སྤྱད་བྱ་དང་སྤྱོད་བྱེད་གང་ཡང་མ་གྲུབ་པར་ཤེས་པའི་ཚུལ་གྱིས་སྤྱོད་ཅིག༔ འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་ངང་དུ་སྤྱོད་ཅིག༔ བདག་གི་གདམས་པ་འདི་ཁོ་ན་ལྟར་སྤྱོད་ཅིག༔ བྱང་ཆུབ་ཀྱི་འབྲས་བུ་ལ་ཐེ་ཚོམ་མེད་ཀྱིས་གསུངས༔ དེ་ནས་མངའ་བདག་ཤིན་ཏུ་དགྱེས་ནས་ཕྱག་གྲངས་མེད་པ་མཛད༔ ཤིན་ཏུ་རྗེས་སུ་ཡི་རང་ངོ༔ སློབ་དཔོན་པདྨས་མངའ་བདག་ལ་གདམས་པ༔ སྤྱོད་པའི་ཞལ་གདམས་ཐོར་བུ་བ༔ དུས་དེ་ཉིད་དུ་ཡི་གེར་བཏབ་བོ༔ ཕྱིས་ནི་རིན་ཆེན་གཏེར་དུ་སྦས་སོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ྈ ༄༅༔ སྤྲུལ་པའི་སྐུར་དངོས་སུ་བྱོན་པའི་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ལ༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ ཆོས་ཐམས་ཅད་ཀྱི་རྟེན༔ སྐྱེ་ཤི་ཟད་པར་བྱ་བའི་ཐབས༔ རྒྱུ་ཆུང་ལ་ཕན་ཡོན་ཆེ་བ༔ བྱ་སླ་ལ་ཚེགས་ཆུང་བའི་ཐབས་ཤིག་ཐུགས་ལ་གདགས་དགོས་ཞུས་པས༔ སློབ་དཔོན་སྤྲུལ་པའི་སྐུ་དེའི་ཞལ་ནས༔ མཚོ་རྒྱལ་ཆོས་ཐམས་ཅད་ཀྱི་གཞི་ནི་སྐྱབས་འགྲོ་ཡིན༔ ཆོས་ཐམས་ཅད་ཀྱི་རྟེན་དཀོན་མཆོག་གསུམ་ཡིན༔ སྐྱེ་ཤི་ཟད་པར་བྱེད་པའི་ཐབས་སྐྱབས་འགྲོ་ཡན་ལག་དང་བཅས་པ་ཡིན་གསུངས༔ ཇོ་མོས་ཞུས་པ༔ སྐྱབས་འགྲོའི་ངོ་བོ་གང་ལགས༔ ངེས་ཚིག་གང་ལགས༔ དབྱེ་ན་དུ་ཡོད་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྐྱབས་འགྲོའི་ངོ་བོ་ནི༔ བླ་ན་མེད་པའི་བྱང་ཆུབ་འདོད་ཅིང་སྙིང་རྗེ་ཁས་ལེན་དང་བཅས་པའོ༔ ངེས་ཚིག་ནི༔ ངན་སོང་གསུམ་གྱི་འཇིགས་པ་དང༔ མུ་སྟེགས་ལ་སོགས་པའི་འཇིག་ཚོགས་ཀྱི་ལྟ་བ་དམན་པ་ལས་སྐྱོབ་པས་སྐྱབས་འགྲོའོ༔ དབྱེ་ན༔ ཕྱིའི་སྐྱབས་འགྲོ་དང༔ ནང་གི་སྐྱབས་འགྲོ་དང༔ གསང་བའི་སྐྱབས་འགྲོ་དང་གསུམ་ཡིན་གསུངས༔ ཇོ་མོས་ཞུས་པ༔ ཕྱིའི་སྐྱབས་འགྲོ་ལ་སྐྱབས་འགྲོ་སྐྱེ་བའི་རྒྱུ་གང་ལགས༔ ཡུལ་གང་ལ་སྐྱབས་སུ་འགྲོ༔ གང་ཟག་གང་གིས་སྐྱབས་སུ་འགྲོ༔ ཚུལ་ལམ་ཐབས་ཇི་ལྟར་སྐྱབས་སུ་འགྲོ༔ བསམ་པའི་ཁྱད་པར་གང་གིས་སྐྱབས་སུ་འགྲོ་བ་ལགས་ཞུས་པས༔ སློབ་དཔོན་པདྨའི་ཞལ་ནས༔ སྐྱབས་འགྲོ་སྐྱེ་བའི་རྒྱུ་འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་དང༔ དཀོན་མཆོག་གསུམ་ལ་སྐྱབས་གནས་སུ་ཡིད་ཆེས་པ་དང༔ དེ་ཡང་དཀོན་མཆོག་གསུམ་པོ་དེ་སྐྱབས་ཀྱི་ཡུལ་དུ་འཛིན་པ་དང་གསུམ་གྱིས་སྐྱབས་སུ་འགྲོ་བ་སྐྱེ་བ་ཡིན་གསུངས༔ ལར་སྐྱབས་འགྲོ་འཆི་བས་འཇིགས་ན་སྐྱེ་བ་ཡིན་ཏེ༔ ཚེ་ཕྱེད་ཟད་ཀྱང་མ་ཚོར༔ ཚེ་ཕྱི་མ་སྐད་ཅིག་ཀྱང་མི་དྲན་པའི་མི་མང་པོ་གདའ་སྟེ་སྐྱབས་འགྲོ་སྐྱེས་ཏེ་མི་མཆི་གསུངས༔ མི་འཆི་ན་དང་སྐྱབས་འགྲོ་མི་དགོས༔ ཤི་ནས་མིར་སྐྱེས་ན་ཡང་དགོས་པ་མི་བདོག་སྟེ༔ འཆི་འཕོས་པའི་དུས་ན་ངན་སོང་གི་སྡུག་བསྔལ་མི་བཟོད་པར་མཆི་གསུངས༔ ཡུལ་གང་ལ་སྐྱབས་སུ་འགྲོ་ན༔ དཀོན་མཆོག་གསུམ་པོ་ལ་སྐྱབས་སུ་འགྲོ་སྟེ༔ སྐྱེ་འཆི་ཟད་པར་བྱ་བའི་ཐབས་གང་གིས་ནུས་ན༔ རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་སྐྱོན་མཐའ་དག་དང་བྲལ་ནས་ཡོན་ཏན་མཐའ་དག་རྫོགས་པ་ཡིན་པས༔ དེས་གསུངས་པའི་བཀའ་དང༔ དེའི་བསྟན་པ་འཛིན་པའི་དགེ་འདུན་དང་བཅས་པ་འདིས་བདག་གཞན་གྱི་སྐྱེ་ཤི་ཟད་པར་ནུས༔ སྐྱབས་ཀྱི་ཡུལ་འདི་ཁོ་ན་ཡིན་པ༔ དེ་ལ་སྐྱབས་སུ་འགྲོ་བ་ཡིན་གསུངས༔ ལར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་ལ་མོ་མའི་ཚིག་ཙམ་དུ་མི་རྩི༔ ཏུག་གིས་ཐུག་ན་འདྲེ་ལ་སྐྱབས་སུ་མཆི་བའི་མི་མང་པོ་གདའ༔ སྐྱབས་འགྲོ་དཀའ་བར་མཆི་གསུངས༔ གང་ཟག་གང་གིས་སྐྱབས་སུ་འགྲོ་ན༔ མོས་པ་གུས་པ་དད་པ་གསུམ་དང་ལྡན་ཞིང༔ དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པ་ཞིག་གིས་སྐྱབས་སུ་འགྲོ་སྟེ༔ དེ་ཡང་ཁྱད་པར་གྱི་བསམ་པ་རྣམ་པ་གསུམ་དང་ལྡན་པ༔ འཁོར་བ་ཐོག་མ་མེད་པས་འདི་དུས་ད་རེས་ནས་སློབ་དགོས་སྙམ་པ་དང་གཅིག༔ མུ་སྟེགས་ལ་སོགས་པའི་ལྷ་རྣམས་བདག་གི་སྐྱབས་སུ་འགྲོ་བའི་ཡུལ་མ་ཡིན་སྙམ་པ་དང་གཉིས༔ རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་དེ་ཁོ་ན་བདག་གི་སྐྱབས་སུ་འགྲོ་བའི་ཡུལ་དམ་པ་ཡིན་སྙམ་པ་དང་གསུམ༔ སྐྱབས་འགྲོ་ཐུན་མོང་བ་སྐྱེ་དུས་དེ་ཙམ་ན་ཡིན་གསུངས༔ སྐྱབས་སུ་འགྲོ་བ་ལ་འོལ་སྤྱི་དེས་མི་མཆི༔ ཁ་རྒྱལ་དང་འདྲ་གར་འགྲོ་ཆ་མེད་གསུངས༔ ཚུལ་ལམ་ཐབས་ཇི་ལྟར་སྐྱབས་སུ་འགྲོ་ན༔ སྒོ་གསུམ་དང་འགྲོ་སྟེ༔ ངན་སོང་དང་འཁོར་བས་འཇིགས་པ་དང༔ དཀོན་མཆོག་གི་བྱིན་རླབས་ལ་ཡིད་ཆེས་པ་དང༔ དད་པ་དང་སྙིང་རྗེ་བརྟན་པོ་དང་ལྡན་པས་སྐྱབས་སུ་འགྲོ་བ་ཡིན་གསུངས༔ ལར་ཚེ་འདི་ལ་ཡང་གྲུ་བཞི་ལིང་ངེ་བ༔ ཕྱི་མ་ཡང་གྲུ་བཞི་ལིང་ངེ་བ་འདོད་པའི་མིས་ཆོས་ཞོར་ཤིར་ཤོར་ནས་སོང་ནས་མི་འོང་གསུངས༔ སྐབས་འདིར་སྐྱབས་འགྲོའི་ཆོ་ག་ཤེས་པར་བྱའོ་གསུངས༔ བསམ་པའི་ཁྱད་པར་གང་གིས་འགྲོ་ཞེ་ན༔ གཞན་དོན་ལྷུར་ལེན་པས་འགྲོ་སྟེ༔ འཁོར་བ་སྤངས་ཤིང་མྱ་ངན་ལས་འདས་པའི་འབྲས་བུ་འདོད་པ་ཙམ་གྱིས་ཀྱང་མངོན་པར་རྫོགས་པར་སངས་མི་རྒྱ་བས༔ སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་བའི་ཕྱིར༔ བདག་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྙིང་པོ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་པའི་བསམ་པས་འགྲོ་གསུངས༔ ལར་འདོད་པ་ཐམས་ཅད་གཉིས་འཛིན་འདོད་པ་ཡིན༔ གཉིས་འཛིན་དང་མ་བྲལ་བའི་སྐྱབས་འགྲོས་གོ་མི་ཆོད་གསུངས༔ སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཕྱིའི་སྐྱབས་འགྲོ་ལ་བསླབ་བྱ་དུ་དང་ལྡན་པར་སློབ་དགོས༔ སློབ་དཔོན་གྱི་ཞལ་ནས༔ སྐྱབས་སུ་སོང་མ་ཐག་དེ་མི་ཉམས་པར་བྱ་བའི་ཕྱིར༔ བསླབ་བྱ་རྣམ་པ་བརྒྱད་ལ་ཐབས་ཀྱིས་བསླབ་དགོས་གསུངས༔ བསླབ་བྱ་རྣམ་པ་བརྒྱད་གང་ལགས་ཞུས་པས༔ དང་པོ་ཁྱད་པར་གྱི་བསླབ་བྱ་རྣམ་པ་གསུམ་སྟེ༔ སངས་རྒྱས་ལ་སྐྱབས་སུ་སོང་ནས་ལྷ་གཞན་ལ་ཕྱག་མི་འཚལ༔ ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་རྣམ་པར་འཚེ་བ་སྤང༔ དགེ་འདུན་ལ་སྐྱབས་སུ་སོང་ནས་མི་མུ་སྟེགས་ཅན་དང་མི་འགྲོགས་པ་གསུམ་ཡིན་གསུངས༔ དེ་ཡང་དང་པོ་སངས་རྒྱས་ལ་སྐྱབས་སུ་སོང་ནས་ལྷ་གཞན་ལ་ཕྱག་མི་འཚལ་བ་ནི༔ ལྷ་གཞན་ནི་གུ་ལང་དང་ཁྱབ་འཇུག་དང༔ དབང་ཕྱུག་ཆེན་པོ་དང༔ དེ་ལ་སོགས་པ་འཇིག་རྟེན་པའི་ལྷ་རྣམས་ལ་ཕྱག་འཚལ་ན་སྐྱབས་འགྲོ་ཉམས༔ དེ་རྣམས་ལ་སྐྱབས་སུ་སོང་ན་སྐྱབས་འགྲོའི་སྡོམ་པ་ཉམས་སོ་གསུངས༔ གཉིས་པ་ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་འཚེ་བ་རྣམ་པར་སྤང་བ་ནི༔ ཆེ་བ་རབ་གསོད་པ་ཡིན༔ སྐྱབས་འགྲོའི་སྡོམ་པ་འཆོར༔ ཁོང་ཁྲོས་རྡེག་པ་དང༔ འཁོལ་བ་དང༔ སྣ་འབིགས་པ་དང༔ གོ་རར་འཇུག་པ་དང༔ རྩིད་པ་འབལ་བ་ལ་སོགས་པ་བྱས་ན༔ སྐྱབས་འགྲོའི་སྡོམ་པ་ཡན་ཆད་ཉམས་གསུངས༔ གསུམ་པ་དགེ་འདུན་ལ་སྐྱབས་སུ་སོང་ནས༔ མི་མུ་སྟེགས་པ་དང་འགྲོགས་པ་སྤང་བར་བྱ་སྟེ༔ ལྟ་སྤྱོད་རྟག་ཆད་དུ་འཛིན་པའི་མི་དང་འགྲོགས་ན་སྡོམ་པ་ཉམས༔ དེ་དང་ལྟ་སྤྱོད་བསྟུན་ན་སྐྱབས་འགྲོའི་སྡོམ་པ་ཉམས༔ ལར་སྐྱབས་འགྲོའི་ནང་ན་ཆོས་ཀུན་ཡོད་པ་ཡིན་ཏེ༔ ལྟ་ལོག་ཅན་ལ་གོ་བ་མི་འདུག་གསུངས༔ ཐུན་མོང་གི་བསླབ་བྱ་ནི་རྣམ་པ་ལྔ་སྟེ༔ དེ་ཡང་དང་པོའི་དུས་སུ་ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པ་རྒྱ་ཆེན་པོ་བྱ་ཞིང་ཚེས་བཅུ་བཞི་ལ་དཀོན་མཆོག་གི་སྤྱན་སྔར་མཆོད་པ་རྒྱ་ཆེན་པོ་བྱ་ཞིང་ཕུལ་ནས༔ མཆོད་པ་ལ་འབྱོན་པར་གསོལ་བ་གདབ༔ དེ་ནས་ཚེས་བཅོ་ལྔའི་ཉིན་མོ་མཆོད་པ་བྱ༔ དེ་ཡང་མཆོད་པ་ལ་བཞི་སྟེ༔ ཕྱག་བཙལ་བའི་མཆོད་པ་དང༔ རྫས་ཀྱི་རིམ་པའི་མཆོད་པ་དང༔ བསྟོད་པའི་མཆོད་པ་དང༔ སྒྲུབ་པའི་མཆོད་པ་དང་བཞིའི་དང་པོ་ཕྱག་གི་མཆོད་པ་ནི༔ རང་གི་ལུས་དྲང་པོར་བསྲང་ལ་ཐལ་མོ་སྦྱར་ཏེ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་ཡིད་ལ་དྲན་པར་བྱ་ཞིང་ཕྱག་འཚལ་བས༔ དེ་རྣམས་ཀྱི་ཞབས་འཁོར་ལོའི་མཚན་དང་ལྡན་པ་ལ་གཏུགས་པར་བསམ་མོ༔ དེ་ནས་རྫས་ཀྱི་མཆོད་པ་མེ་ཏོག་ལ་སོགས་པ་བདག་པོས་ཡོངས་སུ་མ་གཟུང་བའི་མཆོད་པ་དང༔ ཏིང་ངེ་འཛིན་གྱི་མཆོད་པ་དང༔ བདག་གི་ལུས་ཀྱང་འབུལ༔ དབྱངས་དང་ལྡན་པའི་སྒོ་ནས་བསྟོད་པའི་མཆོད་པའང་བྱ༔ སྒྲུབ་པའི་མཆོད་པ་ནི༔ སྟོང་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་མི་ཕྱེད་པ་བསྒོམས་ནས༔ དེ་ལས་བྱུང་བའི་དགེ་བའི་རྩ་བ་དེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་འཐོབ་པར་སྨོན་ལམ་འདེབས་པ་ཡིན་གསུངས༔ སློབ་དཔོན་པདྨའི་ཞལ་ནས༔ དཀོན་མཆོག་གསུམ་ལ་ཆུ་ཕོར་གང་དང༔ དུད་པ་རྡུལ་གཅིག་གིས་དགོས་པ་མེད༔ སངས་རྒྱས་ཀྱི་འོད་ཟེར་འཇུག་པའི་རྒྱུ་ཡིན༔ ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པ་ནི༔ ཟས་ཀྱི་ཕུད་ཀྱི་ལྷ་བཤོས་གསུམ་བཅད་ལ་ཨཱོྃ་ཨཱཿཧཱུྃ་ལན་གསུམ་བརྗོད་པས༔ བདུད་རྩིའི་རྒྱ་མཚོར་གྱུར་པར་བསམ་ལ༔ དེ་ནས་རང་གི་ཡི་དམ་ལྷ་ལ་དཀོན་མཆོག་གསུམ་པོ་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པར་བསམ་ལ༔ དེ་རྣམས་ལ་བདུད་རྩིའི་མཆོད་པ་བཞེས་ཤིག་པར་འབུལ༔ དེ་ཙམ་མ་ཤེས་ན་ཡང་དཀོན་མཆོག་བཞེས་ཤིག་པར་འབུལ༔ ཐ་ན་འབུལ་རྒྱུ་གཅིག་ཀྱང་མེད་ཀྱང༔ ཉི་མ་རེ་ལ་ཆུ་ཕོར་ལ་འབུལ་ལོ་གསུངས༔ དེ་མ་ཕུལ་ན་སྐྱབས་འགྲོའི་སྡོམ་པ་ཉམས༔ སློབ་དཔོན་གྱི་ཞལ་ནས༔ དཀོན་མཆོག་མཆོད་པ་ལ་ཟན་གྱི་ཅུང་སེན་གྱི་དགོས་པ་མེད༔ རང་གི་ཚོགས་མ་ཚོར་བར་བསགས་པ་ཟ་གཏོར་ཡིན་གསུངས༔ གཉིས་པ་ལུས་དང་སྲོག་དང་གཙིགས་དང་བྱ་དགའི་ཆེད་དུ་ཡང་ལྷ་དཀོན་མཆོག་གསུམ་མི་སྤོང་བ་ནི༔ ལུས་ཀྱི་ཕྱིར་མི་སྤོང་བ་ནི༔ མིག་འབྱིན་པ་དང༔ སྒྱིད་པ་གཅོད་པ་དང༔ རྣ་བ་གཅོད་པ་དང༔ སྣ་གཅོད་པ་དང༔ ཡན་ལག་གཅོད་ཟེར་ཡང་གཅོད་དུ་འཇུག་པ་ལས་མི་སྤོང་བ་ཞིག་དགོས༔ སྲོག་གི་ཕྱིར་ཡང་མི་སྤོང་བ་ནི༔ གསོད་ཟེར་ཡང་གསོད་དུ་འཇུག་པ་ལས་སྐྱབས་འགྲོ་མི་སྤོང་བ་ཞིག་དགོས༔ གཙིགས་དང་བྱ་དགའི་ཆེད་དུ་མི་སྤོང་བ་ནི༔ འཛམ་བུའི་གླིང་རིན་པོ་ཆེས་བཀང་ལ་སྦྱིན་གྱིས་སྐྱབས་འགྲོ་ཐོངས་ཟེར་ཡང་མི་གཏོང་བ་ཞིག་དགོས༔ གསུམ་པ་རང་ལ་ན་ཚ་དང་དཀའ་སླ་དང་སྐྱིད་སྡུག་ཅི་བྱུང་ཡང༔ མ་དྷལ་དང་མཆོད་པ་རྣམ་པ་ལྔ་བཤམས་ལ་དཀོན་མཆོག་གསུམ་ལ་ཕུལ་ཏེ་དེ་ནས་སྐྱབས་འགྲོ་བྱ༔ བླ་མ་དམ་པ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ བདག་གི་ན་ཚ་དང་མི་མ་ཡིན་པ་དང༔ འབྱུང་པོ་དང་འབྱུང་པོ་ལས་གྱུར་པ་ཐམས་ཅད་མི་འབྱུང་ཞིང༔ ཞི་བ་དང་བཀྲ་ཤིས་པ་དང་བདེ་ལེགས་འབྱུང་བར་མཛད་དུ་གསོལ་ཞེས་གསོལ་བ་གདབ་བོ༔ གཞན་ཡང་ཚོགས་གསག་ཀློག་འདོན་དང་གཏོར་མ་ལ་སོགས་པ་ནི་སྐྱབས་འགྲོའི་རྒྱུར་འགྲོ་བར་བྱས་པས་ཆོག་གསུངས༔ དེས་ཀྱང་མ་ཕན་ན་དཀོན་མཆོག་ལ་བྱིན་རླབས་མེད༔ ཆོས་མི་བདེན་སྙམ་པའི་ལོག་ལྟ་སྐྱེར་མི་རུང༔ བདག་རང་གི་ལས་ངན་ཟད་པའི་དུས་ན་སོས་ཏེ་འོང་སྙམ་དུ་བསམ༔ མོ་བོན་ལ་སོགས་པ་གཞན་ཐམས་ཅད་མི་བཙལ་བར་སྐྱབས་འགྲོ་འབའ་ཞིག་བྱ་གསུངས༔ བཞི་པ་ཕྱོགས་གར་འགྲོ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡིད་ལ་དྲན་པར་བྱས་ལ་མཆོད་པ་བྱ་ཞིང་སྐྱབས་སུ་འགྲོ་བ་བྱ་བ་ནི༔ སང་ལྟ་བུ་ཤར་དུ་འགྲོ་ན༔ དེ་རིང་ལྟ་བུ་མ་དྷལ་དང་མཆོད་པ་བཤམས་ལ༔ ཕྱོགས་དེའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སྐྱབས་སུ་འགྲོ་བ་བྱའོ༔ གསོལ་བ་ཇི་ལྟར་བཏབ་ཅེ་ན༔ བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ བདག་འདི་ཚུན་ཆད་དུ་འགྲོ་བ་ལ་བར་དེར་མ་ཕྱིན་ཚུན་ཆད་ལ་མི་དང་མི་མ་ཡིན་པའི་བར་ཆད་མི་འབྱུང་ཞིང་བཀྲ་ཤིས་པར་མཛད་དུ་གསོལ༔ ཞེས་གསོལ་བ་བཏབ་ལ་འགྲོ༔ དེ་རིང་མ་གྲུབ་ན་ཡང་ནམ་འགྲོ་བའི་དུས་ན་དེ་ལྟར་བྱ་གསུངས༔ འགྲོ་བའི་ཚེ་ཐེམ་པའི་ཕྱི་རོལ་ནས་གོམ་པ་བཅུའམ་བདུན་ཚུན་ཆད་ལ་སྐྱབས་འགྲོ་མ་དྲན་ན་སྐྱབས་འགྲོ་ཉམས་པ་ཡིན༔ དེའི་དུས་ཀྱིས་མི་ཕན་པ་ཙམ་ལས་ཕྱིས་ནི་མི་འཆོར་གསུངས༔ ལར་སྐྱབས་འགྲོ་ལ་བློ་ཁེལ་ན་བསླུ་མི་སྲིད་གསུངས༔ ལྔ་པ་སྐྱབས་སུ་འགྲོ་བའི་ཡོན་ཏན་དྲན་པར་བྱས་ལ་ཡང་དང་ཡང་དུ་བསླབ་པ་ནི༔ དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་ནི༔ རེ་ཡང་དཀོན་མཆོག་ལ་རེ༔ ལྟོས་ཀྱང་དཀོན་མཆོག་ལ་ལྟོས༔ སྐྱབས་ཀྱང་དཀོན་མཆོག་ཁོ་ན་ལ་འགྲོ༔ གསོལ་བ་ཡང་དཀོན་མཆོག་ལ་འདེབས༔ བྱིན་རླབས་ཀྱང་དཀོན་མཆོག་ལ་ཞུ་གསུངས༔ ད་ལྟའི་དཀོན་མཆོག་གསུམ་གྱི་རྟེན་ལུགས་སུ་བླུགས་པ་དང༔ འབུར་དུ་དོད་པ་དང༔ རིས་སུ་བྲིས་པ་དང༔ མཆོད་རྟེན་དང༔ པོ་ཏི་དང༔ གླེགས་བམ་ལ་སོགས་པ་ལ་ཆོས་ཀྱི་སྐུར་མོས་པ་བྱས་ཤིང༔ ཕྱག་དང་མཆོད་པ་དང་གསོལ་བ་གདབ་པ་འདི་དག་ཆོས་ཀྱི་སྐུའི་ངོ་བོར་ཝལ་གྱིས་རྟོགས་ནས་འགྲོ་བ་ཡང་སྲིད་གསུངས༔ དེ་ལྟར་མ་གྱུར་ཀྱང་ད་ལྟར་དཀོན་མཆོག་གསུམ་ལ་ཕྱག་དང་མཆོད་པ་ལ་སོགས་པ་བྱས་ཤིང་ལས་ཀྱི་འབྲེལ་བ་བཞག་པས་མ་འོངས་པའི་དུས་ན་སངས་རྒྱས་ཀྱི་གདུལ་བྱར་འགྱུར་བ་ཡིན་གསུངས༔ སློབ་དཔོན་པདྨའི་ཞལ་ནས༔ རང་ལ་སངས་རྒྱས་ཀྱི་ཡོན་ཏན་དང་བདེ་བ་ཅི་བྱུང་ཡང༔ བླ་མ་དང་དཀོན་མཆོག་གི་བྱིན་རླབས་ཡིན་པར་བསམ༔ དེ་ལྟར་བསམས་པས་བྱིན་རླབས་འཇུག་པ་ཡིན༔ རང་ལ་སྐྱོན་དང་སྡུག་བསྔལ་ཅི་བྱུང་ཡང༔ རང་གི་ལས་ངན་ཡིན་པར་བསམ༔ དེས་ལས་ངན་ཐམས་ཅད་འཛད་པ་ཡིན་གསུངས༔ ལར་རང་གིས་དཀོན་མཆོག་ལ་བློ་མ་ཁེལ་བར༔ དཀོན་མཆོག་ལ་བྱིན་རླབས་མི་འདུག་ཟེར་ནས་ལོག་ལྟར་འཛིན་ཏེ༔ དམྱལ་བའི་གཏིང་ནས་མི་ཐར་བར་མཆི་གསུངས༔ སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྐྱབས་འགྲོ་ལ་ཡོན་ཏན་དུ་ཡོད་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྐྱབས་འགྲོ་ལ་ཡོན་ཏན་བརྒྱད་ཡོད་དེ༔ དང་པོ་ནང་པ་སངས་རྒྱས་པའི་ཁྱུར་ཚུད་པ་ནི༔ དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས་ནང་པ་སངས་རྒྱས་པ་ཟེར་བ་ཡིན༔ སྐྱབས་འགྲོ་མ་སྐྱེས་ན་གང་ཟག་དང་སྒོམ་ཆེན་སངས་རྒྱས་དངོས་ཡིན་ཟེར་ཡང་ནང་པ་སངས་རྒྱས་པའི་ཁྱུར་མི་ཚུད༔ གཉིས་པ་སོ་སོ་ཐར་པ་ལ་སོགས་པ་སྡོམ་པ་མཐའ་དག་གི་རྟེན་དུ་རུང་བ་ནི༔ སྐྱབས་འགྲོའི་སྡོམ་པ་ཤོར་ན་དེ་ལ་བརྟེན་པའི་སྡོམ་པ་ཐམས་ཅད་ཀྱང་འཆོར་གསུངས༔ སོར་འཇུག་པ་ཡང་སྐྱབས་འགྲོའི་སྡོམ་པ་སོར་ཆུད་པས་ཆོག་སྟེ༔ དེ་ཡང་རང་གིས་དཀོན་མཆོག་གསུམ་ལ་མོས་པ་བྱས་ནས༔ དེའི་སྤྱན་སྔར་སྡོམ་པ་བླངས་པས་ཆོག་གོ༔ བསྙེན་གནས་དང་གསང་སྔགས་ཀྱི་སྡོམ་པ་མན་ཆད་ཀྱི་ཐོག་མར་གསུམ་ལ་སྐྱབས་སུ་འགྲོ་བའི་སྡོམ་པ་སྐྱེ་དགོས་པས༔ སྡོམ་པ་མཐའ་དག་གི་རྟེན་དུ་རུང་བ་ཞེས་བྱའོ༔ གསུམ་པ་ལས་སྒྲིབ་ཐམས་ཅད་ཟད་ཅིང་སྲབ་པར་འགྱུར་བ་ནི༔ ཚེ་རབས་ནས་ཚེ་རབས་སུ་བསགས་པའི་ལས་སྒྲིབ་ཐམས་ཅད་ཟད་ཅིང་སྲབ་པར་བྱེད་དོ༔ དེ་ཡང་སྐྱབས་འགྲོ་ཁྱད་པར་ཅན་གྱིས་སྒྲིབ་པ་གཏན་ནས་འཛད༔ ཐུན་མོང་པས་ལས་ཀྱི་སྒྲིབ་པ་སྲབ་པར་བྱེད་གསུངས༔ ཡང་སྐྱབས་འགྲོ་གཤའ་མ་ཞིག་རྒྱུད་ལ་སྐྱེས་ན༔ ལས་ཀྱི་སྒྲིབ་པ་གཏན་ནས་འཛད༔ ཚིག་ཙམ་གྱིས་ཀྱང་སྲབ་པར་བྱེད༔ ཡང་འགྲོ་འཆག་ཉལ་འདུག་དུས་རྟག་ཏུ་སྐྱབས་འགྲོ་བྱས་ན་གཏན་ནས་འཛད༔ མདོ་ལོང་མདོ་ལོང་གིས་ཀྱང་སྲབ་གསུངས༔ བཞི་པ་རྒྱུད་ལ་བསོད་ནམས་རྒྱ་ཆེན་པོ་དང་ལྡན་པར་འགྱུར་བ་ནི༔ འཇིག་རྟེན་པའི་བསོད་ནམས་ཚེ་རིང་བ་དང༔ ནད་མེད་པ་དང༔ དཔལ་དང་གཟི་མདངས་དང་ལྡན་པ་དང༔ འབྱོར་པ་རྒྱ་ཆེན་པོ་ལ་སོགས་པ་ཡང་སྐྱབས་འགྲོ་ལས་འབྱུང་ལ༔ འཇིག་རྟེན་ལས་འདས་པའི་བླ་ན་མེད་པའི་བྱང་ཆུབ་ཀྱང་སྐྱབས་འགྲོ་ལས་འབྱུང་བའོ༔ ལྔ་པ་ཚེ་འདིའི་བར་དུ་གཅོད་པ་མི་དང་མི་མ་ཡིན་ཐམས་ཅད་ཀྱིས་མི་ཚུགས་པ་ནི༔ རང་ལ་སྐྱབས་འགྲོ་གཤའ་མ་ཞིག་བློ་ལ་སྐྱེས་ཙ་ན༔ ཚེ་འདི་ལ་མིའི་བར་དུ་གཅོད་པས་ཀྱང་མི་ཚུགས༔ མི་མ་ཡིན་ཀླུ་དང་རྒྱལ་པོ་ལ་སོགས་པས་ཀྱང་མི་ཚུགས་གསུངས༔ དྲུག་པ་ཇི་ལྟར་བསམ་པའི་དངོས་པོ་ཐམས་ཅད་འགྲུབ་པར་འགྱུར་བ་ནི༔ སྐྱབས་འགྲོ་གཤའ་མ་ཞིག་རྒྱུད་ལ་སྐྱེས་ནས་ཅི་བསམ་པ་ཐམས་ཅད་མི་འགྲུབ་པ་མི་སྲིད་དེ༔ མདོར་ན་སྐྱབས་འགྲོ་ལ་བློ་ཁེལ་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་གསོལ་བ་བཏབ་ན་ཅི་འདོད་འོང་བ་དང་འདྲ་གསུངས༔ བདུན་པ་ངན་སོང་དང་ངན་འགྲོ་དང་ལོག་པར་མི་ལྷུང་བ་ནི༔ ངན་སོང་གསུམ་པོ་དམྱལ་བ་ཡི་དྭགས་དུད་འགྲོ་ལ་བྱ༔ ངན་འགྲོ་ཡུལ་མཐའ་ཁོབ་ལ་སོགས་པ་ཆོས་མེད་པའི་ཡུལ་དུ་སྐྱེ་བ་ཡིན༔ ལོག་པར་ལྟུང་བ་ནི་མུ་སྟེགས་ཏེ༔ དེ་དག་ཏུ་མི་ལྟུང་བར་འདོད་ན་ཡང་སྐྱབས་འགྲོ་ཁོ་ན་བྱ་གསུངས༔ བརྒྱད་པ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བའི་ཕན་ཡོན་ནི༔ ཕན་ཡོན་གཞན་ལྟ་སྨྲོས་ཀྱང་ཅི་དགོས་ཏེ༔ ཐེག་པ་ཆེན་པོ་གསང་སྔགས་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱ་བར་བཤད་དེ༔ དེ་ཡང་མྱུར་དུ་སངས་རྒྱ་བ་ལས་མེད༔ དེའི་སྣ་ལ་སྐྱབས་འགྲོ་བྱས་པས་ཆོག་སྙམ་ནས་དོགས་པ་རང་ལ་བཅད་ལ་ཡང་དང་ཡང་དུ་ཉིན་མཚན་མེད་པར་སྐྱབས་སུ་འགྲོ་བར་བྱ་དགོས༔ མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་ངེས་པར་འཐོབ་བོ༔ སློབ་དཔོན་པདྨའི་ཞལ་ནས༔ སྐྱབས་འགྲོ་རེམ་ན་ཆོས་མང་པོ་བྱ་མི་དགོས༔ འབྲས་བུ་བྱང་ཆུབ་ལས་འཆོར་དོགས་མེད་ཀྱིས་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྐྱབས་འགྲོའི་ལག་ལེན་དངོས་ནི་གང་ལགས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ སྐྱབས་འགྲོའི་ལག་ལེན་དངོས་ནི༔ དང་པོ་བདག་གིས་སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ལ་དགོད་པར་བྱ༔ དེའི་ཆེད་དུ་ཚོགས་གསག་སྒྲིབ་པ་སྦྱང༔ བར་ཆད་བསལ་བའི་ཕྱིར༔ དུས་འདི་ནས་གཟུང་ནས་བྱང་ཆུབ་ལ་ཞུགས་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་དུ་སེམས་བསྐྱེད་ལ༔ དེ་ནས་མ་ཡེངས་པར་ངག་ཏུ༔ རྐང་གཉིས་རྣམས་ཀྱི་མཆོག་ཕྱོགས་བཅུའི་སངས་རྒྱས་རྣམས་ལ༔ བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད༔ དུས་ད་ནས་གཟུང་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་མཆིའོ༔ ཞི་བ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཕྱོགས་བཅུའི་ཆོས་ལ༔ བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད༔ དུས་ད་ནས་གཟུང་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་མཆིའོ༔ ཚོགས་རྣམས་ཀྱི་མཆོག་ཕྱོགས་བཅུ་ན་བཞུགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ༔ བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད༔ དུས་ད་ནས་གཟུང་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་མཆིའོ༔ ཞེས་དང་པོ་ལན་གསུམ་བརྗོད༔ དེ་ནས༔ སངས་རྒྱས་ལ་སྐྱབས་སུ་མཆིའོ༔ ཆོས་ལ་སྐྱབས་སུ་མཆིའོ༔ དགེ་འདུན་ལ་སྐྱབས་སུ་མཆིའོ༔ ཞེས་མ་ཡེངས་པར་མང་དུ་བྱ་གསུངས༔ དེ་ནས་གསོལ་བ་གདབ་པ་ནི༔ དཀོན་མཆོག་གསུམ་གྱིས་བདག་ཚེ་འདིའི་འཇིགས་པ་ལས་བསྐྱབ་ཏུ་གསོལ༔ ངན་སོང་གི་འཇིགས་པ་ལས་བསྐྱབ་ཏུ་གསོལ༔ ལམ་ལོག་པར་ཞུགས་པ་ལས་བསྐྱབ་ཏུ་གསོལ༔ ཞེས་གསོལ་བ་ལན་གསུམ་གདབ༔ དེ་ནས་འཇོག་ཙ་ན༔ བདག་གི་དགེ་བའི་རྩ་བ་འདིས༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ ཅེས་བསྔོ་བ་བྱའོ་གསུངས༔ སློབ་དཔོན་སྤྲུལ་སྐུ་པདྨ་འབྱུང་གནས་ལ་ཇོ་མོས་ཞུས་པ༔ སྐྱབས་འགྲོ་བླང་བའི་ཐབས་གང་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སློབ་དཔོན་སྐྱབས་འགྲོ་དང་ལྡན་པ་ལ་ཕྱག་དང་བསྐོར་བ་བྱ༔ མེ་ཏོག་ཕུལ་ལ་འདི་སྐད་དོ༔ སློབ་དཔོན་དགོངས་སུ་གསོལ༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ བདག་མིང་འདི་ཞེས་བགྱི་བས༔ དུས་འདི་ནས་གཟུང་ནས༔ བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ༔ རྐང་གཉིས་རྣམས་ཀྱི་མཆོག༔ ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་སྐུ་བྱེ་བ་ཕྲག་བརྒྱ་ལ་སྐྱབས་སུ་མཆིའོ༔ ཞི་བ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག༔ ཐེག་པ་ཆེན་པོའི་ཆོས་ལ་སྐྱབས་སུ་མཆིའོ༔ ཚོགས་རྣམས་ཀྱི་མཆོག༔ འཕགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་སྐྱབས་སུ་མཆིའོ༔ ཞེས་ལན་གསུམ་བརྗོད་པའི་ཐ་མ་ལ་འཐོབ་པའོ༔ ཕྱག་བཙལ་མེ་ཏོག་དོར༔ དེ་ནས་གོང་བཞིན་བསླབ་བྱ་ལ་སློབ་ཅིང་སྐྱབས་འགྲོ་ལ་བརྩོན་པར་བྱའོ༔ ཕྱིའི་སྐྱབས་འགྲོ་ལག་ལེན་དང་བཅས་པ་བཤད་པ་ཡིན་ནོ༔ སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྐྱབས་གནས་ལ་སྐྱབས་སུ་སོང་ནས༔ སྐྱོབ་ལུགས་ཇི་ལྟར་སྐྱོབ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ གོང་ལྟར་སྐྱབས་འགྲོ་བྱས་ནས་བསླབ་བྱ་ལ་ཅག་གེ་སློབ་ན་དེ་ལ་དཀོན་མཆོག་གསུམ་གྱིས་སྐྱོབ་ངེས་ན༔ རང་ལམ་ལོག་པར་སོང་གིས་དོགས་པ་ལ་ཡང་ལམ་རྣལ་མ་དང་ཕྲད་པར་གསོལ་བ་བཏབ་པས་དེ་དང་ཅིས་ཀྱང་འཕྲད་གསུངས༔ ཚེ་འདིའི་འཇིགས་པ་ལས་སྐྱོབ་ངེས༔ སྐྱབས་སུ་འགྲོ་བའི་ཆོས་ཐམས་ཅད་རྒྱུད་ལ་སྐྱེས་ནས་འདི་ཙམ་ན་གཞག་བྱ་བ་མེད་དོ༔ སྔར་རྒྱུད་ལ་སྐྱེས་པ་རྣམས་གོང་ནས་གོང་དུ་འཕེལ་བར་བྱེད་དེ༔ འཕྲལ་དུ་བློ་སྐྱེར་རུང་བ་རྣམས་ལ་ཚོགས་གསག་སྒྲིབ་པ་སྦྱང༔ སྒོམ་སྲན་སྐྱེད་ན་བཏུབ་ཚད་ཀྱིས་སྐྱེ་བ་ཡིན་ནོ༔ སྟོང་ཉིད་དང་ལྷའི་དཀྱིལ་འཁོར་ལ་སོགས་པའི་ཆོས་ཟབ་མོ་སྐྱེར་མ་འདོད་པ་ཀུན་ལ་ཡང་སྐྱབས་སུ་འགྲོ་བས་སྒྲིབ་པ་བྱང༔ ཚོགས་བསགས་པས་སྐྱེ་བ་ཡིན་ནོ༔ འོ་ན་དེ་ལྟར་བྱས་པས་སྐྱོབ་ན༔ སངས་རྒྱས་རྣམས་བྱོན་ནས་སེམས་ཅན་རྣམས་ཁྲིད་ནས་འགྲོའམ་ཞེ་ན༔ སངས་རྒྱས་རྣམས་ཀྱིས་སེམས་ཅན་རྣམས་འཁོར་བ་ནས་ཕྱག་གིས་གདོན་དུ་མ་བཏུབ་སྟེ༔ དེ་ལྟར་བཏུབ་ན་སངས་རྒྱས་ཐུགས་རྗེ་ཆེ་ལ་ཐབས་མཁས་པ་དེས་སེམས་ཅན་གཅིག་ཀྱང་མ་ལུས་པར་འདོན་ཏེ་གསུངས༔ འོ་ན་ཅིས་སྐྱོབ་ན་ཆོས་ཀྱིས་སྐྱོབ༔ སློབ་དཔོན་པདྨའི་ཞལ་ནས༔ སྐྱབས་འགྲོ་རྒྱུད་ལ་སྐྱེས་ན་ཆོས་གཞན་བྱ་མི་དགོས༔ དཀོན་མཆོག་གི་ཐུགས་རྗེས་མི་སྐྱོབ་མི་སྲིད་གསུངས༔ དེ་ཡང་སྐྱེལ་མ་བཟང་པོ་ལ་འཇིགས་པ་མི་འོང་བ་དང་འདྲའོ༔ སློབ་དཔོན་པདྨས་ཇོ་མོ་ལ་ཕྱིའི་སྐྱབས་འགྲོ་བཤད་པའོ༔ ༔སློབ་དཔོན་སྤྲུལ་སྐུ་པདྨ་འབྱུང་གནས་ལ༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་ཞུས་པ༔ ནང་གི་སྐྱབས་འགྲོའི་ཡུལ་གང་ལ་སྐྱབས་སུ་འགྲོ༔ གང་ཟག་གང་འགྲོ༔ ཚུལ་ལམ་ཐབས་ཇི་ལྟར་འགྲོ༔ བསམ་པའི་ཁྱད་པར་གང་གིས༔ དུས་ཇི་ཙམ་ན་སྐྱབས་སུ་འགྲོ༔ རྐྱེན་གང་གིས་སྐྱབས་སུ་འགྲོ༔ དགོས་ཆེད་དམ་ཡོན་ཏན་ཅི་ཡོད་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ ཡུལ་བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་འགྲོ༔ གང་ཟག་གསང་སྔགས་ཀྱི་སྒོར་ཞུགས་པ་རྣམས་འགྲོ༔ ཚུལ་ལམ་ཐབས་ལུས་ངག་ཡིད་གསུམ་མོས་གུས་དང་ལྡན་པས་འགྲོ༔ བསམ་པའི་ཁྱད་པར་བླ་མ་ལ་སངས་རྒྱས་སུ་མཐོང་བ༔ ཡི་དམ་སྲོག་གི་ཕྱིར་ཡང་མི་སྤོང་བ༔ མཁའ་འགྲོ་རྒྱུན་དུ་མཆོད་པ་གསུམ་གྱིས་འགྲོ༔ དུས་དབང་བསྐུར་སེམས་བསྐྱེད་བྱས་པའི་དུས་ནས་རྡོ་རྗེ་འཛིན་པའི་ས་མ་འཐོབ་ཀྱི་བར་འགྲོ༔ རྐྱེན་གསང་སྔགས་ལ་མོས་གུས་སྐྱེས་པས་འགྲོ༔ དགོས་ཆེད་དམ་ཡོན་ཏན་ནི་གསང་སྔགས་ཀྱི་སྣོད་དུ་རུང་བའམ་བྱིན་རླབས་ཐུན་མོང་མ་ཡིན་པའི་དགོས་པ་ཡོད་གསུངས༔ སློབ་དཔོན་ལ་ཇོ་མོས་ཞུས་པ༔ ནང་གི་སྐྱབས་འགྲོ་ལ་བསླབ་བྱ་དུ་དང་ལྡན་པར་སློབ་དགོས་ཞུས་པ༔ སློབ་དཔོན་གྱིས་གསུང་པ༔ བསླབ་བྱ་རྣམ་པ་བརྒྱད་དེ༔ དེ་ཡང་དང་པོ་ཁྱད་པར་གྱི་བསླབ་བྱ་རྣམ་པ་གསུམ་ལ༔ བླ་མ་ལ་སྐྱབས་སུ་སོང་ནས་བླ་མ་ལ་ངན་སེམས་དང་དཔྱ་སེམས་ཙམ་ཡང་མི་བྱ་བ་དང༔ ཡི་དམ་ལ་སྐྱབས་སུ་སོང་ནས་ཡི་དམ་གྱི་ལྷ་སྒོམ་ཞིང་བཟླས་པ་རྒྱུན་མི་གཅད་པ་དང༔ མཁའ་འགྲོ་ལ་སྐྱབས་སུ་སོང་ནས་དུས་ཀྱི་མཆོད་པ་རྒྱུན་མི་གཅད་པའོ༔ ཐུན་མོང་གི་བསླབ་བྱ་ནི༔ ཅི་ཟ་ཅི་འཐུང་གི་ཕུད་བདུད་རྩིར་བྱིན་གྱིས་བརླབས་ལ༔ བླ་མ་སྤྱི་བོར་སྒོམ༔ རང་ཡི་དམ་དུ་སྒོམ༔ མཁའ་འགྲོ་ཆོས་སྐྱོང་དཔུང་གཉེན་དུ་སྒོམ་སྟེ༔ འགྲོ་བ་ལ་དེ་ལྟར་དུ་བསླབ་བོ༔ ལུས་དང་སྲོག་གི་ཕྱིར་ཡང་བླ་མ་སྙིང་བཞིན་བསམ༔ ཡི་དམ་མིག་བཞིན་བསམ༔ མཁའ་འགྲོ་ལུས་བཞིན་བསམ་པ་ལ་བསླབ་བོ༔ ན་ཚ་དང་དཀའ་སླ་སྐྱིད་སྡུག་ཅི་བྱུང་ཡང་བླ་མ་ལ་གསོལ་བ་གདབ༔ ཡི་དམ་ལ་མཆོད་པ་བྱ༔ མཁའ་འགྲོ་ལ་གཏོར་ཚོགས་གཏོང་བ་མ་ཡིན་པ༔ མོ་བོན་ལ་སོགས་པ་ཐབས་གཞན་མི་བཙལ་བ་ལ་བསླབ་བོ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་ཡོན་ཏན་དྲན་པས་ཡང་དང་ཡང་དུ་སྐྱབས་སུ་འགྲོ་སྟེ༔ བླ་མ་ལ་སྐྱབས་སུ་སོང་བས་བར་ཆད་སེལ༔ ཡི་དམ་ལ་སྐྱབས་སུ་སོང་བས་ཕྱག་རྒྱ་ཆེན་པོའི་སྐུ་འཐོབ༔ མཁའ་འགྲོ་ལ་སྐྱབས་སུ་སོང་བས་དངོས་གྲུབ་འབྱུང་གསུངས༔ སློབ་དཔོན་པདྨ་ལ་ཇོ་མོས་ཞུས་པ༔ ནང་གི་སྐྱབས་འགྲོ་ལ་ཕན་ཡོན་དུ་དང་ལྡན་ཞུས་པས༔ བླ་མ་ལ་སྐྱབས་སུ་སོང་བས་རང་འཆི་བའི་བློ་ལས་སྐྱོབ་པར་བྱེད༔ མི་ཤེས་གཏི་མུག་བར་ཆད་སེལ༔ ལྷག་མཐོང་རིག་པའི་ཚོགས་རྫོགས༔ རྟོགས་པ་རང་ཤར་གྱི་དངོས་གྲུབ་འབྱུང་གསུངས༔ ཡི་དམ་ལ་སྐྱབས་སུ་སོང་བས་ཐ་མལ་གྱི་ཤེས་པ་ལས་སྐྱོབ༔ རང་བྱུང་ཚོགས་སོགས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འབྱུང༔ མཁའ་འགྲོ་ལ་སྐྱབས་སུ་སོང་བས་བར་ཆད་འབྱུང་བ་ལས་སྐྱོབ་པར་བྱེད༔ ཡི་དྭགས་དབུལ་ཕོངས་ཀྱི་བར་ཆད་སེལ༔ ཞེན་གྲོལ་ཆགས་མེད་ཀྱི་ཚོགས་རྫོགས༔ བདེ་ཆེན་ལོངས་སྐུའི་དངོས་གྲུབ་ཐོབ་པ་ཡིན་གསུངས༔ སློབ་དཔོན་པདྨ་ལ་ཇོ་མོས་ཞུས་པ༔ ནང་གི་སྐྱབས་འགྲོའི་ལག་ལེན་དངོས་གང་ལགས༔ སློབ་དཔོན་གྱི་ཞལ་ནས༔ དང་པོ་བདག་གིས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས༔ མདུན་གྱི་ནམ་མཁའ་ལ་ཉི་ཟླ་པདྨ་གསུམ་གྱི་གདན་སྟེང་དུ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་བསྐྱེད་ལ༔ བརྒྱུད་པའི་རྩ་བ་བླ་མ་རྗེ༔ དངོས་གྲུབ་འབྱུང་བྱེད་ཡི་དམ་ལྷ༔ ལེགས་པར་བྱིན་རློབ་མཁའ་འགྲོ་མ༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ ལན་གསུམ་བྱ༔ དེ་ནས་བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སེམས་མ་ཡེངས་པར་གཏད་ལ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོ༔ ཞེས་ཡང་དང་ཡང་དུ་བྱས་ལ༔ དེ་ནས་གསོལ་བ་གདབ་པ་ནི༔ བླ་མ་རྣམས་དང་ཡི་དམ་རྣམས་དང་མཁའ་འགྲོ་རྣམས་ཀྱིས་བདག་ལ་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ དབང་བསྐུར་དུ་གསོལ༔ མཆོག་དང་ཐུན་མོང་གི་དངོས་གྲུབ་བསྩལ་དུ་གསོལ༔ མོས་པའི་བུ་ལ་ཐུགས་རྗེས་གཟུང་དུ་གསོལ༔ ཞེས་ལན་གསུམ་གདབ༔ དེ་ནས་བླ་མ་སྤྱི་བོར་བསྡུ༔ ཡི་དམ་སྙིང་ཁར་བསྡུ༔ མཁའ་འགྲོ་ལྟེ་བར་བསྡུ་གསུངས༔ སློབ་དཔོན་ལ་ཇོ་མོས་ཞུས་པ༔ ནང་གི་སྐྱབས་འགྲོ་བླང་བའི་ཐབས་གང་ལགས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ དང་པོ་སྐྱབས་འགྲོ་ལེན་པའི་ཆོ་ག་ནི༔ དབང་བསྐུར་ཐོབ་པ་གཅེས་པ་སྟེ༔ དབང་བསྐུར་ན་སྐྱབས་འགྲོ་ཐོབ་པ་དེ་ཡིན༔ དབང་བསྐུར་མ་ཐོབ་པར་སྐྱབས་འགྲོ་ལེན་ན༔ བླ་མ་ལ་ཕྱག་དང་བསྐོར་བ་བྱ༔ མེ་ཏོག་ཕུལ་ལ༔ སློབ་དཔོན་དགོངས་སུ་གསོལ༔ ཡི་དམ་གྱི་ལྷ་ཚོགས་དགོངས་སུ་གསོལ༔ དཀྱིལ་འཁོར་ལྷ་ཚོགས་དང་བཅས་པ་དགོངས་སུ་གསོལ༔ བདག་མིང་འདི་ཞེས་བགྱི་བ༔ དུས་འདི་ནས་གཟུང་ནས༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་མ་འཐོབ་ཀྱི་བར་དུ༔ བརྒྱུད་པའི་རྩ་བ་བླ་མ་རྗེ་བཙུན་པ་རྣམས་ལ་སྐྱབས་སུ་མཆིའོ༔ དངོས་གྲུབ་འབྱུང་བར་བྱེད་པའི་ཡི་དམ་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ༔ ལེགས་པར་བྱིན་གྱིས་རློབ་པའི་མཁའ་འགྲོ་མ་རྣམས་ལ་སྐྱབས་སུ་མཆིའོ༔ ཞེས་ལན་གསུམ་བརྗོད་པའི་ཐ་མ་ལ་ཐོབ་བོ༔ དེ་ནི་བླང་བའི་ཆོ་ག་ཡིན༔ ནང་གི་སྐྱབས་སུ་འགྲོ་བའི་བཤད་པའོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གསང་བའི་སྐྱབས་སུ་འགྲོ་བ་ནི༔ ཡུལ་གང་ལ་སྐྱབས་སུ་འགྲོ༔ གང་ཟག་གང་སྐྱབས་སུ་འགྲོ༔ ཚུལ་ལམ་ཐབས་ཇི་ལྟར་སྐྱབས་སུ་འགྲོ༔ བསམ་པའི་ཁྱད་པར་གང་གིས་སྐྱབས་སུ་འགྲོ༔ དུས་ཇི་ཙམ་དུ་སྐྱབས་སུ་འགྲོ༔ རྐྱེན་གང་གིས་སྐྱབས་སུ་འགྲོ༔ དགོས་ཆེད་དམ་ཡོན་ཏན་ཅི་ཡོད་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ གསང་བའི་སྐྱབས་འགྲོའི་ཡུལ༔ ལྟ་བ་སྤྱོད་པ་སྒོམ་པ་གསུམ་ལ་སྐྱབས་སུ་འགྲོ༔ གང་ཟག་དབང་པོ་ཡང་རབ་སངས་རྒྱ་བར་འདོད་པ་དེ་འགྲོ༔ ཚུལ་ལམ་ཐབས་ལྟ་སྒོམ་སྤྱོད་པ་འབྲས་བུ་གསུམ་གྱི་སྒོ་ནས་སྐྱབས་སུ་འགྲོ༔ དེ་ཡང་ལྟ་བ་གདེང་དང་ལྡན་པ༔ སྒོམ་པ་ཉམས་དང་ལྡན་པ༔ སྤྱོད་པ་རོ་སྙོམས་དང་ལྡན་པའི་ཚུལ་གྱིས་འགྲོ༔ བསམ་པའི་ཁྱད་པར་ནི་ལྟ་བ་ལ་ཞེ་འདོད་མེད་པ་སྟེ༔ སངས་རྒྱས་ཐོབ་པར་མི་འདོད༔ འཁོར་བ་དོར་བར་མི་འདོད་པའོ༔ སྒོམ་པ་ནི་ངོས་གཟུང་མེད་ཅིང་ཕྱོགས་སུ་མ་ལྷུང་བ་ནི་སྒོམ་པའོ༔ དུས་ནི་སངས་མ་རྒྱས་བར་དུ་འགྲོ༔ རྐྱེན་ནི་ལུས་མི་ལེན་བར་འགྲོ༔ དགོས་ཆེད་དམ་ཡོན་ཏན་ནི་རྫོགས་པའི་སངས་རྒྱས་ཚེ་འདི་ཉིད་ལ་ཐོབ་པ་ཡིན་གསུངས༔ གསང་བའི་སྐྱབས་འགྲོ་ལ་བསླབ་བྱ་རྣམ་པ་དུ་དང་ལྡན་པར་སློབ་དགོས་ཞུས་པས༔ དང་པོ་ཁྱད་པར་གྱི་བསླབ་བྱ་རྣམ་པ་གསུམ་ལ༔ ལྟ་བ་རྟོགས་པ་དང་ལྡན་པ་ནི༔ སེམས་ཅན་ཐམས་ཅད་དང་སངས་རྒྱས་རྒྱུ་མཉམ་པས་སངས་རྒྱས་ལོགས་ནས་འཐོབ་རྒྱུ་མེད་པའི་གདེང་བཅའ༔ སྣང་བ་དང་སེམས་ཐ་མི་དད་དུ་རྟོགས་པས་སྣང་སྟོང་དབྱེར་མེད་པའི་གདེང་བཅའ་བ་ལ་བསླབ༔ སྒོམ་པ་ཉམས་དང་ལྡན་པ་ལ་བསླབ་པ་ནི༔ ཤེས་པ་ཕྱིར་མི་བཞག༔ ནང་དུ་མི་དགུག༔ རང་ལུགས༔ ལྷུག་པ༔ གཏད་མེད་དུ་བཞག་པ་ལ་བསླབ་གསུངས༔ སྤྱོད་པ་ནི༔ ཉམས་རྟོགས་རྒྱུན་ཆད་མེད་པ་འགྲོ་འཆག་ཉལ་འདུག་ཐམས་ཅད་དུ་སྒོམ་དུ་མེད་ཀྱང༔ ཡེངས་སུ་སྐད་ཅིག་ཀྱང་མེད་པ་ལ་བསླབ་གསུངས༔ ཐུན་མོང་གི་བསླབ་བྱ་ལ༔ སངས་རྒྱས་སེམས་སུ་རྟོགས་ཀྱང་བླ་མ་མི་སྤང༔ སྣང་བ་སེམས་སུ་རྟོགས་ཀྱང་འདུས་བྱས་ཀྱི་དགེ་བའི་རྩ་བ་རྒྱུན་མི་གཅད༔ དམྱལ་བ་ལ་དོགས་པ་མེད་ཀྱང་སྡིག་པ་ཕྲ་མོ་ནས་སྤང༔ སངས་རྒྱས་ལ་རེ་བ་མེད་ཀྱང་ཆོས་གང་ལ་ཡང་སྐུར་པ་མི་གདབ༔ རང་ལ་ཏིང་ངེ་འཛིན་ཁྱད་པར་ཅན་མཐོང་ཡང་ང་རྒྱལ་དང་རློམ་པ་མི་བྱ༔ རང་གཞན་གཉིས་སུ་མེད་པར་གོ་ཡང་སེམས་ཅན་ལ་སྙིང་རྗེ་རྒྱུན་མི་གཅད༔ འཁོར་བ་དང་མྱ་ངན་འདས་པ་གཉིས་མེད་དུ་རྟོགས་ཀྱང་དགོན་པར་གོམས་པར་བྱ་བ་ལ་བསླབ་གསུངས༔ སློབ་དཔོན་སྤྲུལ་སྐུ་ལ་ཇོ་མོས་ཞུས་པ༔ གསང་བའི་སྐྱབས་འགྲོ་ལ་སྐྱོབ་ལུགས་སམ་ཡོན་ཏན་དུ་དང་ལྡན་ཞུས་པས༔ ལྟ་བ་ལ་སྐྱབས་སུ་སོང་ནས་རྟག་ཆད་རྣམ་པ་གཉིས་ལས་སྐྱོབ༔ ལོག་ལྟ་ཞེན་འཛིན་བར་ཆད་སེལ༔ ཆོས་ཉིད་འོད་གསལ་གྱི་ཚོགས་སོག༔ སྐུ་གསུང་ཐུགས་འགག་མེད་ཀྱི་དངོས་གྲུབ་འབྱུང༔ སྒོམ་པ་ལ་སྐྱབས་སུ་སོང་ནས་ལྟ་བས་ཀྱང་སྒོམ་པ་ལ་སྐྱོབ་པར་བྱེད༔ གཏིང་ཞེན་བག་ཆགས་ཀྱི་བར་ཆད་སེལ༔ གཉིས་མེད་ཟུང་འཇུག་གི་ཚོགས་སོག༔ སྤྱོད་པ་ལ་སྐྱབས་སུ་སོང་ནས་ལོག་སྤྱོད་ཆད་ལྟ་ལས་སྐྱོབ་པར་བྱེད༔ ཚུལ་འཆོས་ཐོ་ཅོའི་བར་ཆད་སེལ༔ ཆགས་མེད་ཟིང་ལོང་གི་ཚོགས་སོག༔ ཅི་སྤྱད་དགོངས་པར་གྱུར་པའི་དངོས་གྲུབ་འབྱུང་གསུངས༔ སློབ་དཔོན་ལ་ཇོ་མོས་ཞུས་པ༔ གསང་བའི་སྐྱབས་འགྲོའི་ལག་ལེན་དངོས་གང་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ རང་གར་བདེ་བར་ལྟ་བ་ཡང་ཞེ་འདོད་མེད་པ༔ ཕྱོགས་ལྷུང་མཐའ་དང་བྲལ་བ༔ སྒོམ་པ་ལ་ངོས་གཟུང་མེད་ཅིང་དམིགས་གཏད་དང་བྲལ་བ༔ ཐ་སྙད་གང་གིས་ཀྱང་བརྗོད་པར་མི་ནུས་སོ༔ དེ་ཡང་ཤེས་པ་ཕྱིར་མི་གཞག༔ ནང་དུ་མི་དགུག༔ རང་ལུགས་གཏད་མེད་དུ་གཞག་གོ༔ ཉམས་མྱོང་རྒྱུན་ཆད་མེད་པ་འགྲོ་འཆག་ཉལ་འདུག་ཐམས་ཅད་ཀྱི་ངང་ལ་མ་ཡེངས་པར་གཞག་གོ༔ ཤེས་པ་མེད་པ་དང༔ ལྟེམ་པ་དང༔ སྤྱོད་པ་བདེ་བ་གསལ་བ་ནི་ཉམས་སོ༔ དེ་དག་གང་ལ་ཡང་ངོ་མཚར་དུ་མི་རྩིའོ༔ ཤེས་པ་རྒོད་པ་དང༔ རྨུགས་པ་དང༔ བྱིང་བ་བྱུང་ན༔ སྣང་བ་ལ་སེམས་རྩལ་སྦྱོང་དུ་གཞུག༔ དེ་ལ་སོགས་པ་ཅི་བྱུང་ཡང་སྐྱོན་དུ་མི་བརྩིའོ་གསུངས༔ གསང་བའི་སྐྱབས་འགྲོ་བླང་བའི་ཐབས་གང་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བླ་མ་ལ་ཕྱག་དང་བསྐོར་བ་བྱ་སྟེ་མེ་ཏོག་དབུལ༔ སློབ་མས་སྐྱིལ་ཀྲུང་བཅས་ལ་སྙིང་རྗེས་བདག་གཞན་གྱི་དོན་བྱང་ཆུབ་ཀྱི་སེམས་སྒོམ་པ་དམ་འཆར་གཞུག༔ དེ་ནས་མིག་སྣང་བ་ལ་འབྲུ་ཚུགས་སུ་བལྟར་བཅུག་ལ༔ མིག་འབྲས་མི་འགུལ་བར༔ སེང་ངེ༔ ལྷོད་དེ༔ སོ་མ༔ ཕྱད་དེ༔ སྒོམ་པའི་བློའི་གཟུང་འཛིན་དང་བྲལ་བ་ལ་རིག་པ་གཞག་གོ༔ དེ་ཁོ་ན་ལྟ་བ་གདེང་དང་བཅས་པ༔ སྒོམ་པ་ཉམས་དང་བཅས་པ༔ སྤྱོད་པ་གྲོགས་དང་བཅས་པ་ཡིན་ནོ༔ ཞེས་ངོ་སྤྲད་གསུངས་སོ༔ དེ་ནས་གོང་བཞིན་བསྒོམ་མོ༔ གསང་བའི་སྐྱབས་འགྲོ་བཤད་པའོ༔ སློབ་དཔོན་སྤྲུལ་སྐུ་པདྨའི་ཞལ་ནས༔ སྐྱབས་འགྲོ་ཕྱི་ནང་གསང་བ་གསུམ་དུ༔ ཆོས་ཕྱི་ནང་ལྟ་བ་མཐོ་དམན༔ སྔགས་མཚན་ཉིད་རྩ་བ་གཅིག་ཏུ་འདུས་པའི་མན་ངག་ཡིན་ནོ༔ འདི་ལྟར་བྱས་ན་ཆོས་ཆོས་སུ་འགྲོ༔ ཆོས་ལམ་དུ་འགྲོ༔ ལམ་འབྲས་བུར་སྨིན་འགྲོ༔ མཁར་ཆེན་བཟའ་ཡིས་དེ་ལྟར་ཤེས་པར་གྱིས་ཤིག་གསུངས༔ སྐྱབས་འགྲོ་ལམ་ཁྱེར་གྱི་སྐོར་རོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ༄༅༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ༔ སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ༔ ཐེག་པ་ཆེན་པོའི་མདོ་སྡེ་དུ་མ་ལ་ཐུགས་སྦྱངས་པས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་མ་ལྟར་བརྩེ་བ༔ རྟག་ཏུ་གཞན་དོན་སྒྲུབ་པས་འཁོར་བའི་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པར་སྒྲོལ་བའི་དེད་དཔོན༔ གདུལ་བྱ་ལ་མ་ཞུས་པར་ཡང་གདམས་པ་གནང་བ༔ ཐུགས་རྗེ་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་མོན་ཁ་སེང་གེ་ཕུག་པ་ན་བཞུགས་པའི་དུས་སུ༔ མཁར་ཆེན་བཟའ་མཚོ་རྒྱལ་བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད༔ སློབ་དཔོན་ལ་མ་དྷལ་ཕུལ་ནས་ཞུས་པ༔ ཨེ་མ་ཧོ༔ སློབ་དཔོན་ཆེན་པོ་ལགས༔ ཐེག་པ་ཆེན་པོའི་ཆོས་ལ་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་སྒོམ་ནས་བྱང་ཆུབ་ཏུ་སེམས་སྦྱང་བ་ཁོ་ན་གཅེས་པར་གསུངས་ན༔ བྱང་ཆུབ་ཏུ་སེམས་སྦྱང་བ་ལ་ཚུལ་ཇི་ལྟར་བསླབ༔ ཅེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ མཚོ་རྒྱལ་ཐེག་པ་ཆེན་པོར་ཞུགས་ནས་བྱང་ཆུབ་ཀྱི་སེམས་མ་སྦྱང་ན༔ ཐེག་པ་འོག་མར་ལྷུང་བས་རྟག་ཏུ་གཞན་དོན་ལ་སློབ་པ་ཤིན་ཏུ་གལ་ཆེ་གསུངས༔ དེ་ལ་རྒྱས་པར་བཤད་ན༔ ཐེག་པ་ཆེན་པོའི་མདོ་རྒྱུད་ནས་དཔག་ཏུ་མེད་པ་གསུངས་ཀྱང༔ དེ་དག་དང་ཚུལ་བསྟུན་ནས་བསྡུས་ཏེ་བསྟན་པ་དོན་གསུམ་དུ་འདུས་ཏེ༔ ཕྱི་ལྟར་བསླབ་པ༔ ནང་ལྟར་བསླབ་པ༔ གསང་བ་ལྟར་བསླབ་པ་གསུམ་ཡིན་གསུངས༔ ཇོ་མོས་ཞུས་པ༔ ཕྱི་ལྟར་བསླབ་པའི་ཐབས་གང་ལགས་ཞེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ ཕྱི་ལྟར་བསླབ་པ་ལ་དོན་བཅུ་གཉིས་ཏེ༔ སེམས་བསྐྱེད་པ་ལ་བསླབ་པའི་ངོ་བོ༔ དབྱེ་བ༔ ངེས་ཚིག༔ གང་ཟག་གི་མཚན་ཉིད༔ བླང་བའི་ཡུལ༔ བླང་བའི་ཆོ་ག༔ བསླབས་པའི་ཕན་ཡོན༔ སློབ་པའི་གཏན་ཚིགས༔ མ་བསླབ་པའི་ཉེས་དམིགས༔ བསྲུང་བྱའི་ཆོས༔ གཏོང་ཐོབ་ཀྱི་ས་མཚམས༔ ཉམས་ན་གསོ་བའི་ཐབས་རྣམས་སུ་འདུས་སོ་གསུངས༔ དེ་ལྟར་གསུངས་པ་རྣམས་གང་ལགས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ དེ་ལ་སེམས་བསྐྱེད་པའི་ངོ་བོ་ནི༔ སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་བའི་དོན་དུ་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འདོད་པའི་ཁས་ལེན་དང་བཅས་པ་ཡིན་གསུངས༔ དབྱེ་ན༔ མདོ་ནས་རྣམ་གྲངས་མང་དུ་བཤད་པ་ཡང་མཆི་སྟེ༔ བསྡུ་ན་སྨོན་པ་དང་འཇུག་པ་རྣམ་པ་གཉིས་ཡིན་པས༔ དེ་ཡང་སྨོན་པ་ནི༔ སེམས་ཅན་གྱི་དོན་བསྒྲུབ་པར་སེམས་ཀྱིས་སྨོན་པ་ཡིན༔ དེ་གཅིག་པུས་མི་ཆོག༔ སེམས་ཅན་ཐམས་ཅད་ལ་ཕན་གདགས་པ་ལ་དངོས་སུ་འཇུག་པ་གལ་ཆེ་སྟེ༔ ང་བདག་དང་མ་བྲལ་བའི་ཕྱོགས་རིས་ཅན་འདི་རྣམས་ལ༔ སེམས་བསྐྱེད་སྐྱེ་བ་རང་ཡང་དཀའ་མོར་མཆི་གསུངས༔ གསུམ་པ་ངེས་ཚིག་ནི༔ སྔར་བདག་ལ་མ་སྐྱེས་པའི་གཞན་དོན་གྱི་བློ་བསྐྱེད་པ་ཞིག་ཡིན་ཏེ༔ ཚོགས་མ་གསག་པའི་སེམས་ཅན་རྣམས་ལ་སྐྱེ་སྟེ་མི་འོང་གསུངས༔ བཞི་པ་སེམས་བསྐྱེད་པའི་བསླབ་པ་ལ་འཇུག་པའི་གང་ཟག་གི་མཚན་ཉིད་ནི༔ ཉན་ཐོས་དང་རང་སངས་རྒྱས་ལྟ་བུ་མ་ཡིན་པར༔ ཐེག་པ་ཆེན་པོའི་ཆོས་ལ་མོས་པ༔ བློ་ཆེ་བ༔ གང་ལ་ཡང་ཐེ་ཚོམ་མི་ཟ་བ༔ སློབ་དཔོན་དང་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཆུད་པ༔ ལོག་པ་དང་དམན་པའི་ཆོས་ལས་ཡིད་བྱུང་བ༔ རང་བཞིན་གྱིས་ཞི་ཞིང་དེས་པ་ཞིག་དགོས༔ བོད་ཀྱི་མི་འདི་ཆོས་ལ་གནག༔ བློན་པོ་གདུག་པ་ཆེ༔ རྒྱལ་པོ་སྙན་ཁུང་སྲབ༔ ཐེག་པ་ཆེན་པོའི་ཆོས་ཀྱི་སྣོད་དུ་རུང་བ་ཉུང་བར་འདུག༔ མཚོ་རྒྱལ་གཉེན་ལ་རིས་སུ་མ་འཛིན་དང་གསུངས༔ ལྔ་པ་སེམས་བསྐྱེད་བླང་བའི་ཡུལ་ནི༔ བླ་མ་སློབ་དཔོན་ཐེག་པ་ཆེན་པོའི་སེམས་བསྐྱེད་པ༔ བྱམས་པ་དང་སྙིང་རྗེའི་མཐུ་དང་ལྡན་པ༔ རང་དོན་སྐད་ཅིག་ཀྱང་མི་སྒྲུབ་པ༔ བསླབ་བྱ་མ་ཉམས་པར་སྲུང་བ་ཞིག་ལ་བླང་དགོས་ཏེ༔ སྙིགས་མའི་དུས་འདིར་སློབ་དཔོན་མཚན་ཉིད་དང་ལྡན་པ་ལ་མ་བརྟེན་ན༔ བདུད་ཀྱི་ལག་ཏུ་སོང་བར་འོང་ངོ་གསུངས༔ དྲུག་པ་སེམས་བསྐྱེད་བླང་བའི་ཆ་ོག་ནི༔ ལོ་ཟླ་ཤིས་པའི་ཚེས་བཅོ་ལྔའམ༔ ཡར་ངོའི་ཚེས་བརྒྱད་ལ༔ དཀོན་མཆོག་སྤྱན་སྔར་མཆོད་པ་རྒྱ་ཆེན་པོ་བཤམ༔ དགེ་འདུན་ལ་བསྙེན་བཀུར་བྱ༔ ཡི་དམ་ལ་ཚོགས་ཀྱི་འཁོར་ལོ་འབུལ༔ མཁའ་འགྲོ་དང་ཆོས་སྐྱོང་དང་འབྱུང་པོ་ལ་གཏོར་མ་རྒྱ་ཆེན་པོ་གཏང༔ བདོག་པ་ཐམས་ཅད་བཏང་ལ་བསོད་ནམས་ཀྱི་དཔུང་རྒྱ་ཆེན་པོ་གསག༔ དེའི་ནུབ་མོ་སློབ་དཔོན་ལ་འཇུག་པའི་ཡོན་དབུལ༔ སློབ་མས་གུས་པ་དང་བཅས་པས་བདུན་རྣམ་དག་གིས་ཚོགས་གསག༔ ཁྱད་པར་དུ་སྡིག་པ་བཤགས་པ་ནི༔ སློབ་མའི་སྤྱི་བོར་ཡི་གེ་ཨ་གཅིག་བསྒོམས་ལ༔ དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བྱང་ཆུབ་ལ་བཀོད༔ འཕགས་པ་རྣམས་ལ་མཆོད་པ་ཕུལ༔ ཚུར་འདུས་པས་འཕགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་བཅུད་རྣམས་བདག་ཉིད་ཀྱི་ལུས་ངག་ཡིད་གསུམ་ལ་ཐིམ་པས༔ སྡིག་པ་དང་སྒྲིབ་པ་ཐམས་ཅད་བསྲེགས་པར་བསམ་ཞིང་ཨ་ཞེས་པ་བརྒྱ་རྩ་བརྒྱད་འདོན་དུ་གཞུག༔ བླ་མས་ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཐུགས་ཀྱི་ཧཱུྃ་ལས་འོད་འཕྲོས་ནས་སློབ་མའི་ལུས་ངག་ཡིད་གསུམ་ལ་ཐིམ་པས་སྡིག་པ་ཐམས་ཅད་བསྲེགས་པར་བསམ་ཞིང་ཧཱུྃ་ཧཱུྃ་བརྒྱ་རྩ་བརྒྱད་བཟླ༔ དེ་ནས་ཚིག་གི་བཤགས་པ་ནི༔ འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་རྣམས་བློས་བླངས་ཏེ་འགྱོད་པ་དང་བཅས་པས༔ རྡོ་རྗེ་སློབ་དཔོན་རིག་པ་འཛིན་པ་རྣམས་བདག་ལ་དགོངས་སུ་གསོལ༔ ཡི་དམ་གྱི་ལྷ་ཚོགས་རྒྱལ་བ་ཞི་ཁྲོ་འཁོར་དང་བཅས་པ་རྣམས་བདག་ལ་དགོངས་སུ་གསོལ༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་བདག་ལ་དགོངས་སུ་གསོལ༔ བསྟན་པ་སྲུང་བའི་མ་མོ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་རྣམས་བདག་ལ་དགོངས་སུ་གསོལ༔ བདག་མིང་འདི་ཞེས་བྱ་བས༔ སྐྱེ་བ་ཐོག་མ་མེད་པའི་དུས་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ༔ ཕྱིན་ཅི་ལོག་གི་རྣམ་པར་རྟོག་པའི་དབང་གིས༔ ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བའི་ལས་བགྱིས་པ་དང༔ གཞན་རྣམས་ལ་བགྱིད་དུ་བསྩལ་པ་དང༔ བགྱིད་པ་ལ་རྗེས་སུ་ཡི་རང་བ་དང༔ ལོག་པའི་ལས་ངན་བསགས་པ་ཐམས་ཅད༔ མཆོད་པར་འོས་པ་རྣམས་ཀྱི་སྤྱན་སྔར་འགྱོད་པ་དང་བཅས་པས་སོ་སོར་བཤགས་པར་བགྱིའོ༔ ཞེས་ལན་གསུམ་དུ་བཤགས༔ དེ་ནས་སྡིག་པ་མི་འཕེལ་བའི་དོན་དུ་བསྡམ་པ་ནི༔ དགོངས་གསོལ་སྔར་ལྟར་བྱས་པའི་རྗེས་སུ༔ སྔོན་གྱི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱིས༔ ས་དང་ལམ་རྣམ་པར་ཤེས་པ་ལ་བརྟེན་ནས་སྡིག་པ་མི་དགེ་བ་ལས་སླར་ལོག་པ་དེ་བཞིན་དུ༔ བདག་ཆེ་གེ་མོ་ཞེས་བྱ་བས༔ དུས་འདི་ནས་གཟུང་ནས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པའི་དབང་གིས་སྡིག་པའི་ལས་བྱེད་པ་ལས་སླར་ལོག་ཅིང༔ སླན་ཆད་ཀྱང་བསྡམ་པར་བགྱིད་ལགས་སོ༔ ཞེས་ལན་གསུམ་དུ་བརྗོད་དོ༔ དེ་ནས་སེམས་བསྐྱེད་པ་དངོས་ལ་གཉིས་ལས༔ དང་པོ་སྨོན་པའི་སེམས་བསྐྱེད་པ་ནི༔ སློབ་མས་འཁོར་བའི་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བའི་དོན་དུ༔ བླ་ན་མེད་པའི་བྱང་ཆུབ་འཐོབ་པར་བྱ་སྙམ་པའི་བློ་ལ་གཅེས་པ་ཞིག་ཞེ་ཐག་པ་ནས་བསྐྱེད་ལ༔ ངག་ཏུ་སྔར་ལྟར་དགོངས་སུ་གསོལ་བའི་རྗེས་ལ༔ བདག་ཆེ་གེ་མོ་ཞེས་བྱ་བས༔ དུས་འདི་ནས་གཟུང་ནས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ༔ སེམས་ཅན་ཐམས་ཅད་ལ་ཕ་དང་མའི་སེམས་དང་སྤུན་དང་སྲིང་མོའི་སེམས་དང༔ བུ་དང་བུ་མོའི་སེམས་དང༔ སློབ་དཔོན་དང་མཆེད་ལྕམ་གྱི་སེམས་དང་ལྡན་པ་དང༔ སེམས་ཅན་མ་གྲོལ་བ་རྣམས་དགྲོལ་བ་དང༔ མ་བསྒྲལ་བ་རྣམས་བསྒྲལ་བ་དང༔ དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བ་དང༔ ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་མི་གནས་པའི་སངས་རྒྱས་ཀྱི་བྱང་ཆུབ་ལ་དགོད་པའི་སེམས་བརྟན་པོ་བསྐྱེད་པར་བགྱིའོ༔ ཞེས་ལན་གསུམ་བརྗོད་དོ༔ དེ་ནས་གཉིས་པ་འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི༔ བདག་གིས་དུས་འདི་ནས་གཟུང་ནས་འཁོར་བ་མ་སྟོངས་ཀྱི་བར་དུ༔ སྐད་ཅིག་ཀྱང་མ་ཡེངས་པར་སེམས་ཅན་གྱི་དོན་རྣམ་པ་དུ་མ་བྱ་སྙམ་དུ་བསམས་ལ༔ དགོངས་སུ་གསོལ་བ་སྔར་དང་འདྲ༔ བདག་ཆེ་གེ་མོ་ཞེས་བྱ་བས༔ དུས་འདི་ནས་གཟུང་ནས་འཁོར་བ་མ་སྟོངས་ཀྱི་བར་དུ༔ ཕ་རོལ་ཏུ་ཕྱིན་པ་དྲུག་དང༔ བསྡུ་བའི་དངོས་པོ་བཞི་ལས་མཐར་གྱིས་བསླབ་པ་དང་མཐར་གྱིས་བྱ་བ་དང༔ མཐར་གྱིས་སྒྲུབ་པའི་ནན་ཏན་གྱི་སེམས་བརྟན་པོར་བསྐྱེད་པར་བགྱིའོ༔ ཇི་ལྟར་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ས་དང་ལམ་རྣམ་པར་ཤེས་པ་ལ་བརྟེན་ནས༔ རྩ་བ་དང་ཡན་ལག་གི་སྡོམ་པ་དང་ལྡན་པ་དེ་བཞིན་དུ་བདག་ཀྱང་རྗེས་སུ་སློབ་བོ༔ རྗེས་སུ་བགྱིད་དོ༔ རྗེས་སུ་བསྒྲུབ་བོ༔ བྱང་ཆུབ་སེམས་དཔར་གཟུང་དུ་གསོལ༔ ཞེས་ལན་གསུམ་བརྗོད༔ བླ་མས་ཐབས་ཡིན་ནོ༔ ལེགས་སོ༔ དོན་དང་ལྡན་ནོ༔ ཞེས་ལན་གསུམ་བརྗོད་པའི་ཐ་མ་ལ་ཐོབ་པས༔ དུས་དེ་ནས་གཟུང་ནས༔ བསླབ་བྱ་མ་ཉམས་པར་བསྲུང་བའི་དོན་དུ༔ སློབ་དཔོན་གྱིས་བསླབ་བྱ་དབོག༔ སློབ་མས་ཀྱང་ཡོན་ཕུལ༔ གཏང་རག་གི་མཆོད་པ་རྒྱ་ཆེན་པོ་དབུལ༔ དེ་ནས་གཟུང་ནས་ཆུ་བོའི་རྒྱུན་བཞིན་དུ་རྒྱུན་ཆད་མེད་པར་སེམས་བསྐྱེད་པ་དང༔ དེའི་བསླབ་བྱ་ལ་འབད་པ་གལ་ཆེའོ་གསུངས༔ བདུན་པ་དེ་ལྟར་སེམས་བསྐྱེད་པ་ལ་བསླབས་པའི་ཕན་ཡོན་ནི༔ ཉན་ཐོས་དང་རང་སངས་རྒྱས་ལས་ཁྱད་པར་འཕགས་ཏེ་ཐེག་པ་ཆེན་པོའི་ཁྱུར་ཚུད་པ་དང༔ ཉོན་མོངས་པ་དང་སྡིག་སྒྲིབ་རྩད་ནས་གཅོད་པ་དང༔ ལུས་ངག་ཡིད་གསུམ་གྱིས་དགེ་བའི་ལས་བྱས་པ་ཐམས་ཅད་དོན་ཡོད་པའི་རྒྱུར་འགྱུར་བ་དང༔ རྒྱུད་ལ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་པར་འགྱུར་བ་དང༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཆོས་སྐྱོང་བ་ཆེན་པོ་རྣམས་ཀྱིས་རྟག་ཏུ་དགོངས་པ་དང༔ སེམས་ཅན་ཐམས་ཅད་ཀྱིས་བུ་བཞིན་དུ་བརྩེ་ཞིང་མཐོང་ན་ཡིད་དུ་འོང་བ་དང༔ རྟག་ཏུ་ཐེག་པ་ཆེན་པོའི་ཆོས་དང་མི་འབྲལ་བ༔ མདོར་ན་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཡིད་བཞིན་དུ་འགྲུབ་ནས༔ མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པས་འདི་ཁོ་ན་ལ་ནན་ཏན་གྱིས་ཤིག་གསུངས༔ བརྒྱད་པ་དེ་ལྟར་སློབ་པའི་གཏན་ཚིགས་ནི༔ འོ་ན་རང་གཅིག་པུ་ཐར་པ་ཐོབ་པས་ཆོག་མོད༔ སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་དགོས་པ་ཅིའི་ཕྱིར་ཞེ་ན༔ སེམས་ཅན་ཐམས་ཅད་ཕ་མ་ཡིན༔ ཕ་མའི་དྲིན་ལན་བསམ་གྱིས་མི་ཁྱབ་པས་དྲིན་ལན་ལན་གྱིས་བླན་པའི་ཕྱིར་སློབ་དགོས་ཏེ༔ དྲིན་ཡང་ལུས་སྲོག་སྐྱེད་པའི་རྒྱུ་རྟེན་བྱས་པ་དང༔ ཆུང་ནས་བཟའ་བཏུང་གྱ་ནོམ་པས་གསོས་པ་དང༔ སྡུག་བསྔལ་དང་དཀའ་བ་སྣ་ཚོགས་སྤྱད་པ་དང༔ རང་བས་ཀྱང་གཅེས་པ་ཁོང་གི་སྙིང་བས་ལྷག་པ་དང༔ དེ་ནས་གཞན་ཡང་ནོར་རྫས་ཀྱི་སྐལ་པ་ཕོག་པ་དང༔ ཤེས་པའི་ཡོན་ཏན་བསླབས་པ་དང༔ དམ་པའི་ཆོས་ལ་སྦྱར་བ་ལ་སོགས་ཕ་མའི་དྲིན་བསམ་གྱིས་མི་ཁྱབ་པས༔ དེ་རྣམས་འཁོར་བ་ལས་བསྒྲལ་དགོས༔ གཞན་ཡང་སེམས་ཅན་ཐམས་ཅད་ལ་རྒྱུ་བྱང་ཆུབ་ཀྱི་སྙིང་པོ་ཡོད་པས་ཀྱང་འབྲེལ་བས༔ དེ་རྣམས་འཁོར་བ་ལས་བསྒྲལ་དགོས༔ མཚོ་རྒྱལ་རང་ཉིད་གཅིག་པུ་ཞི་བདེ་འདོད་ན་རྫོགས་པའི་སངས་རྒྱས་དང་འཕྲད་པ་མེད་གསུངས༔ དགུ་པ་མ་བསླབ་པའི་ཉེས་དམིགས་ནི༔ ཉན་ཐོས་དང་རང་སངས་རྒྱས་སུ་ལྷུང་ནས་བྱང་ཆུབ་ཆེན་པོའི་གེགས་བྱེད་པ་དང༔ བྱ་བའི་ལས་ཐམས་ཅད་དོན་མེད་པར་འགྱུར་བ་དང༔ སྔར་བསགས་པའི་བསོད་ནམས་ཀྱི་དཔུང་ཐམས་ཅད་ཟད་པར་འགྱུར་བ་དང༔ རྟག་ཏུ་མི་མ་ཡིན་རྣམས་ཀྱིས་འཚེ་བ་དང༔ ཀུན་གྱི་ཡིད་དུ་མི་འོང་ཞིང་ཞེ་སྡང་བ་དང༔ མདོར་ན་བསམ་པ་ཐམས་ཅད་མི་འགྲུབ་པ་ལ་སོགས་པའི་ཉེས་དམིགས་དཔག་ཏུ་མེད༔ མཚོ་རྒྱལ་བྱང་ཆུབ་ཀྱི་སེམས་མེད་པར་ཐེག་པ་ཆེན་པོར་རེ་བ་ལྟས་ངན་ཡིན་གསུངས་སོ༔ བཅུ་པ་བསྲུང་བྱའི་ཆོས་ནི་གཉིས་ཏེ༔ དང་པོ་སྨོན་པའི་བསྲུང་བྱ་ནི༔ སེམས་ཅན་བློས་མི་སྤོང་བའི་བསམ་པས་ཡང་ནས་ཡང་དུ་བྱང་ཆུབ་ཀྱི་སེམས་ལ་སློབ་དགོས་ཏེ༔ དེ་ཡང་ཡུལ་སེམས་ཅན་གཞན་ཡིན་པ་ལ་སྤོང་བའི་བསམ་པ་སྔོན་དུ་སོང་བས་ཁྲོ་རྡེག་ལ་སོགས་པ་བྱས་ནས་གཉེན་པོས་མ་སླེབ་པར་ཉིན་ཞག་གཅིག་འདས་ན་སྨོན་པ་ཉམས༔ བླ་མ་དང་སློབ་དཔོན་རྡོ་རྗེ་སྤུན་ལ་སོགས་པ་བཀུར་སྟིའི་གནས་ལ་སླུ་བའི་བསམ་པ་སྔོན་དུ་སོང་ནས་གཉེན་པོས་མ་སླེབ་པར་བསླུས་ཏེ་ཉིན་ཞག་འདས་ན་ཉམས༔ འགྱོད་པའི་གནས་མ་ཡིན་པ་རྗེས་སུ་ཡི་རང་བའི་ཡུལ་གཞན་དགེ་བའི་རྩ་བ་རྒྱ་ཆེན་པོ་བྱེད་པ་ལ་འགྱོད་པ་བསྐྱེད་པའི་བསམ་པ་སྔོན་དུ་སོང་བས༔ དེ་བས་ལྷག་པ་ཡོད་དེ་ལྟ་བུ་མ་ལེགས་ཞེས་འགྱོད་པ་བསྐྱེད་པ་དང༔ སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོས་ཀུན་ནས་བསླངས་ནས་སྐྱོན་བརྗོད་ཀྱི་ཚིགས་སུ་བཅད་པ་བྱས་པ་དང༔ ཡུལ་སེམས་ཅན་གཞན་ལ་སྙིང་རྗེ་དང་བྲལ་བས་གཡོ་སྒྱུ་བྱས་པ་རྣམས༔ གཉེན་པོས་མ་སླེབ་པར་ཉིན་ཞག་གཅིག་འདས་ན་ལོག་པའི་ལམ་ཞེས་བྱ་སྟེ༔ བྱང་ཆུབ་ཀྱི་སེམས་སྨོན་པའི་སྡོམ་པ་འཆོར་བས་སྤང་དགོས༔ མཚོ་རྒྱལ་བསླབ་བྱ་མི་སྲུང་བའི་སྡོམ་པ་མང་པོ་བླངས་པས་ཕུང་བ་ཡིན་ནོ་གསུངས༔ གཞན་ཡང་བརྟེན་བྱའི་ལས་ལྔ་ཡོད་དེ༔ སེམས་ཅན་ལ་ཁྲོ་བ་དང་རྡེག་པའི་ལས་བྱེད་པའི་གཉེན་པོར་རྟག་ཏུ་ཞི་བ་དང་དུལ་བས་ཕན་གདགས་པ་དང༔ བཀུར་གནས་སླུ་བའི་གཉེན་པོར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བྱང་ཆུབ་ཆེན་པོར་འགྱུར་བའི་དགེ་བའི་རྩ་བ་ལ་དགོད་པ་དང༔ ཁོང་ཁྲོས་སྐྱོན་བརྗོད་པའི་གཉེན་པོར་ཐེག་པ་ཆེན་པོའི་གང་ཟག་རྣམས་ལ་སྟོན་པའི་འདུ་ཤེས་ཀྱིས་བསྟོད་པ་དང༔ སེམས་ཅན་ལ་གཡོ་སྒྱུའི་གཉེན་པོར་ཐམས་ཅད་ལ་བསམ་པ་རྣམ་པར་དག་པས་རང་སེམས་དཔང་དུ་བཙུགས་ཏེ་གནས་པར་བྱ་བ་རྣམས་རྟེན་ཅིག༔ སྐྱེ་བ་བུད་མེད་དུ་བླངས་ཀྱང་ཤཱཀྱའི་བསྟན་པ་འཛིན་པར་འགྱུར་གྱིས་གསུངས༔ གཉིས་པ་འཇུག་པའི་བསྲུང་བྱའི་ཆོས་ནི་གསུམ་དུ་འདུ་སྟེ༔ སྤང་བྱ་མི་དགེ་བ་བཅུ༔ གཉེན་པོ་དགེ་བ་བཅུ༔ བྱ་བ་ལ་འཇུག་པ་ཕ་རོལ་ཏུ་ཕྱིན་པ་བཅུར་བཤད་གསུངས༔ དེ་ཡང་དང་པོ་སྤང་བྱ་མི་དགེ་བ་བཅུ་ཡང་དང་པོ་ལུས་ཀྱི་ལས་གསུམ་ནི༔ སྲོག་གཅོད་པ་དང༔ མ་བྱིན་པར་ལེན་པ་དང༔ མི་ཚངས་པར་སྤྱོད་པ་གསུམ་ཡིན༔ དེ་ཡང་སྲོག་གཅོད་པའི་ངོ་བོ་ནི་འཚོ་བའི་རྒྱུན་གཅོད་པ་ཡིན༔ དབྱེ་ན༔ དུག་གསུམ་གྱི་སྒོ་ནས་འབྱེད་དེ༔ འདོད་ཆགས་ཀྱིས་སྲོག་ཆགས་ཀྱི་སྲོག་གཅོད་པ་ནི་ཤ་དང་ལྤགས་པ་ལ་སོགས་པ་འདོད་པའི་ཕྱིར་གསོད་པ༔ ཞེ་སྡང་གིས་སྲོག་གཅོད་པ་ནི་ཀུན་ནས་མནར་སེམས་དགུ་དང་བཅས་པས་མི་ཤ་ཆགས་པ་ལ་སོགས་པ༔ གཏི་མུག་གིས་སྲོག་གཅོད་པ་ནི་དེ་ལྟ་བུའི་བསམ་པ་གང་ཡང་མེད་ཀྱང་བྱིས་པས་བྱིའུ་གསོད་པ་ལྟ་བུའམ༔ རྡོག་པའི་འོག་ཏུ་འགྲོ་བ་གྲོག་སྦུར་ཤི་བ་ལྟ་བུ་ཡིན༔ དུག་གསུམ་དང་མ་བྲལ་བའི་སེམས་ཅན་ལ་སྐྱིད་མེད་གསུངས༔ དེའི་ཡན་ལག་ནི་བཞི་དང་ལྡན་པ་སྟེ༔ སྡིག་པ་འདི་ལྟ་བུ་བྱ་སྙམ་པའི་བློ་སྔོན་དུ་སོང་བ་དང་གཅིག༔ སྦྱོར་བ་དོན་དུ་གཉེར་བ་སྟེ་དེ་ལ་རྩོལ་བས་འཇུག་པ་དང་གཉིས༔ དངོས་གཞི་ཉམས་སུ་མྱོང་བ་སྟེ་བསད་པ་དང་གསུམ༔ མཇུག་འགྱོད་པ་མེད་པར་རྗེས་སུ་ཡི་རང་བ་དང་བཞིས་རྫོགས་པ་ཡིན༔ དེའི་འབྲས་བུ་ནི་རྣམ་པ་གསུམ་དུ་འབྱུང་སྟེ༔ རྣམ་པར་སྨིན་པའི་འབྲས་བུ་ནི༔ འདོད་ཆགས་ཀྱིས་སྲོག་བཅད་པ་ཕལ་ཆེར་ཡི་དྭགས༔ ཞེ་སྡང་གིས་སྲོག་བཅད་པས་ནི་དམྱལ་བ༔ གཏི་མུག་གིས་ནི་བྱོལ་སོ་དུ་སྐྱེའོ༔ དབང་གི་འབྲས་བུ་ནི་སྔོན་གྱི་ལས་དག་པའི་དབང་གིས་མིར་སྐྱེས་ན་ཡང་ཚེ་ཐུང༔ རྒྱུ་མཐུན་གྱི་འབྲས་བུ་སྔ་མའི་བག་ཆགས་ཀྱིས་སྲོག་གཅོད་པ་ལ་དགའ་བར་འགྱུར་རོ་གསུངས༔ མཚོ་རྒྱལ་དེས་ན་བདག་ཅག་རྣམས་ཀྱི་དེ་ལྟ་བུ་སྤྱད་པར་བྱ་བའི་ལས་མ་ཡིན་པས༔ འབད་པས་སྤངས་ན་རྣམ་སྨིན་དང༔ རྒྱུ་མཐུན་དང༔ དབང་གི་འབྲས་བུ་སྔར་ལས་ལོག་ནས༔ ལྷ་མིའི་བདེ་སྐྱིད་ཕུན་སུམ་ཚོགས་པ་སྤྱོད་པ་ལ་སོགས་པར་འགྱུར་རོ༔ ཞེས་མདོ་ནས་བཤད་གསུངས༔ ལུས་ཀྱི་
གནུབས་ཀྱི་མན་ངག་ཐོར་བུ་ལས། གཏད་སྲུང་གི་དཔེའུ་རིས་ (Volume 54, Text 5)
༄༅། །གནུབས་ཀྱི་མན་ངག་ཐོར་བུ་ལས། གཏད་སྲུང་གི་དཔེའུ་རིས་སོ། ། གཏད་སྲུང་འཁོར་ལོ་སྦལ་པ་ གཏད་ཀྱི་སྲུང་བའི་རེ་མིག་དབུས་ནམ་མཁའ་གྲུ་གསུམ་མཐིང་ནག །ཤར་ས་གྲུ་བཞི་སེར་པོ། སེར་པོ་མུ་ཁྱུད་མཛེས་མཚོན། ལིངྒ་དམར་པོ། ལིངྒའི་ ལྷོར་ཆུ་ཟླུམ་པོ་དཀར་པོ། ནུབ་ཏུ་མེ་གྲུ་གསུམ་དམར་པོ། བྱང་དུ་རླུང་ཟླ་གམ་ལྗང་གུ། ཤར་ གནས་ཡིག་རྣམས་མུརྡྷ་སྤྱིའི་གནས་ཡིག་ལྟར་དང་། ཁོང་ ལྷོར་རྡོ་རྗེ་དཀར་པོ། ལྷོ་ནུབ་ཏུ་འཁོར་ལོ་ལྗང་གུ། ནུབ་བྱང་དུ་པདྨ་དམར་པོ། བྱང་ཤར་དུ་རིན་ པར་མིང་རུས་དམོད་མོ་བྲིའོ། །གཏད་སྲུང་རུ་སྦལ་མའི་ཙཀྲའོ།་་་་་་་ པོ་ཆེ་སེར་པོ། ཕྱི་རོལ་ཆུ་རིས་སྔོན་པོ་མུ་ཁྱུད་མཛེས་མཚོན་བྱའོ། །གཏད་སྲུང་ལིང་ཚེ་མའི་འཁོར་ལོ།་་་་་་་་
གུ་རུ་ཞི་བའི་ཐུགས་སྒྲུབ་སྙན་བརྒྱུད་ཡིད་བཞིན་ནོར་བུ་ (Volume 10, Text 5)
༄༅། །གུ་རུ་ཞི་བའི་ཐུགས་སྒྲུབ་སྙན་བརྒྱུད་ཡིད་བཞིན་ནོར་བུ་བཞུགས་སོ། ། ཨེ་མ་ཧོཿ ཐུགས་དམ་ཐུགས་རྗེའི་ལྷ་ལ་འདུད༔ མ་འོངས་སྙིགས་མའི་འགྲོ་བའི་དོན༔ ཟབ་མོའི་གདམས་པ་ཐམས་ཅད་ཀྱི༔ སྙིང་པོའི་ཡང་བཅུད་མཐར་ཐུག་པ༔ པདྨའི་ཐུགས་སྒྲུབ་འདི་ལྟར་གདམས༔ དེ་ལ་སྔོན་འགྲོ་མཐར་ཕྱིན་ནས༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་ཧྲཱི༔ སྣོད་བཅུད་འོད་གསལ་འཁོར་ལོའི་དབུས༔ པདྨ་ཉི་ཟླ་ཏི་རའི་སྟེང༔ རྒྱུ་ཡིག་ཧྲཱིཿདམར་འཕྲོ་འདུ་ལས༔ བདག་ཉིད་དབང་ཆེན་ཧེ་རུ་ཀ༔ དམར་པོ་གྲི་གུག་ཐོད་པ་འཛིན༔ ཞབས་གཉིས་བརྐྱང་བསྐུམ་སྟབས་ཀྱིས་བཞུགས༔ རྡོ་རྗེ་ཕག་མོ་ཡུམ་དང་སྦྱོར༔ དབུ་གཙུག་རྟ་ཞལ་ཕག་གདོང་མཚོན༔ དུར་ཁྲོད་རོལ་པའི་ཆས་རྣམས་རྫོགས༔ ཡེ་ཤེས་མེ་ཕུང་ཀློང་ན་བཞུགས༔ སྤྱི་གཙུག་པད་སྡོང་ཉི་ཟླའི་སྟེང༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ཨ་ཙར་གཞོན་ནུ་དཀར་དམར་ཞལ༔ གསང་ཕོད་སྣམ་སྦྱར་ཟབ་བེར་དང༔ མཉེན་ཞུ་སྒྲོ་དར་རྒྱན་ཅན་གསོལ༔ རྡོ་རྗེ་ཐོད་པ་ཁ་ཊྭཱཾ་འཛིན༔ སྐྱིལ་ཀྲུང་རོལ་སྟབས་ཚུལ་དུ་བཞུགས༔ རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས༔ སྤྲིན་ཕུང་གཏིབས་པ་ལྟ་བུར་གསལ༔ སྤྱན་དྲངས་བསྟིམ་ཕྱག་བསྟོད་བྱས་ལ༔ གུས་པའི་ཡིད་ཀྱིས་གསོལ་བ་བཏབ༔ གུ་རུའི་གནས་གསུམ་ཡིག་འབྲུ་གསུམ༔ འོད་འཕྲོས་རང་གི་གནས་གསུམ་ཐིམ༔ སྒོ་གསུམ་སྒྲིབ་སྦྱངས་དབང་བཞི་ཐོབ༔ བདེ་ཆེན་ཡེ་ཤེས་བསྐྱེད་པར་བསམ༔ ཡེངས་མེད་བཟླས་པ་འདི་ལ་འབདཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སླར་ཡང་བླ་མ་སྙིང་གར་བྱོན༔ ལོངས་སྐུ་གསང་འདུས་རྡོ་རྗེ་འཆང༔ མཐིང་གསལ་རྡོ་རྗེ་དྲིལ་བུ་འཛིན༔ གསང་ཡུམ་མཚོ་རྒྱལ་དཀར་མོས་འཁྱུད༔ གཉིས་ཀ་གཅེར་བུ་རིན་ཆེན་དང༔ རུས་པའི་རྒྱན་གྱིས་རྣམ་པར་མཛེས༔ སྐྱིལ་ཀྲུང་འོད་ལྔའི་ཀློང་ན་གསལ༔ ཐུགས་སྲོག་གསང་སྔགས་ཕྲེང་བ་ལས༔ འོད་འཕྲོས་སྣང་སྲིད་སྣོད་བཅུད་ཀུན༔ ལྷ་སྔགས་ཡེ་ཤེས་རོལ་པར་སྦྱངས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཅེས་བཟླས་ཐུགས་ཀྱི་སྒྲུབ་པ་མཆོག༔ ཐུན་མཐར་བླ་མ་འོད་དུ་ཞུ༔ རང་དང་དབྱེར་མེད་གཅིག་ཏུ་གྱུར༔ དཀར་སེར་དམར་ལྗང་འོད་ཟེར་གྱིས༔ ཕྲིན་ལས་རྣམ་བཞི་སྒྲུབ་པར་བསམ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིང་ཧྲིང་ཛཿཛ༔ ལས་ཀྱི་སྦྱོར་བ་ཡང་དག་བརྩམ༔ རྗེས་ནི་འོད་གསལ་ངང་དུ་སྦྱང༔ དགེ་བ་བསྔོ་ཞིང་ཤིས་པ་བརྗོད༔ དེ་ལྟར་བསྙེན་སྒྲུབ་ལས་ཀྱི་རིམ༔ ཕྱི་ནང་གསང་བའི་རིམ་པ་རྣམས༔ གཅིག་ཏུ་བསྒྲིལ་ནས་སྒྲུབ་པ་དེ༔ ཟབ་མོའི་ནང་ནས་ཡང་ཟབ་ཡིན༔ མ་འོངས་སྙིགས་མ་ལྔ་བདོའི་དུས༔ ཟབ་དང་རྒྱ་ཆེའི་ཆོས་མང་པོ༔ ཡི་གེའི་ལམ་དུ་ལུས་པའི་ཚེ༔ སྙིང་པོར་འདྲིལ་བའི་གདམས་པ་འདིས༔ སྙིགས་མའི་འགྲོ་བ་འདྲེན་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ གུ་རུའི་སྙན་བརྒྱུད་ཡིད་བཞིན་ནོར་བུའི་སྨིན་བྱེད་བྱིན་རླབས་དབང་གི་ཆོ་ག་སྙིང་པོར་བསྒྲིལ་བ་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །ཕྱོགས་དུས་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་དང་། །ནུས་པའི་རང་གཟུགས་གཅིག་བསྡུས་རྡོ་རྗེ་འཆང་། །མ་ཧ་གུ་རུ་པདྨ་ཐོད་ཕྲེང་རྩལ། །གཟུང་མར་བཅས་པའི་ཞབས་ལ་གུས་བཏུད་ནས། །གང་གི་སྙན་བརྒྱུད་ཟབ་མོའི་སྒྲུབ་ཐབས་སྒོར། །འཇུག་བྱེད་བྱིན་རླབས་སྨིན་བྱེད་ལམ་གྱི་ཁྲིགས། །ཚད་ལྡན་དམ་པའི་ལམ་སྲོལ་རྗེས་འབྲངས་ནས། །བཀླག་ཆོག་འཇུག་བདེའི་ཚུལ་དུ་འདིར་གསལ་བྱ། །དེ་ལ་འདིར་གུ་རུའི་ཐུགས་སྒྲུབ་སྙན་བརྒྱུད་ཡིད་བཞིན་ནོར་བུའི་སྨིན་བྱེད་བྱིན་རླབས་ཀྱི་ཆོ་ག་ཇི་ལྟར་སྒྲུབ་པའི་ཚུལ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ། གནས་ཁང་མཆོད་པའི་ཡོ་བྱད་ཀྱིས་མཛེས་པར་བགྱིས་པའི་དབུས་སུ་རྡུལ་ཚོན་དང་རས་བྲིས་ཀྱི་དཀྱིལ་འཁོར་པདྨ་འདབ་བཞི་མཐར་སྒོ་རྫོགས་རྡོར་རྭ་མེ་རི་དུར་ཁྲོད་སོགས་སྤྱི་ལྟར་བྲིས་པའི་དབུས་སུ་སྐུ་གསུང་ཐུགས་ཀྱི་མཚན་མའམ་འབྲུ་ཚོམ་གང་རིགས་བཀོད་པའི་ཁར་མཉྫིས་བཏེག་པའི་རིན་པོ་ཆེའི་སྣོད་དུ། འབྲུ་བཟང་གི་ཕྱེ་མ་སྨན་སྤོད་བུར་ཆང་གིས་སྦྲུས་པའི་དཔལ་གཏོར་རིན་ཆེན་འབར་བ་རྩི་དམར་གྱིས་བྱུགས་ཤིང་རྒྱན་སྤྲོས་ཀྱིས་མཛེས་པར་བགྱིས་པ་གུ་རུའི་སྐུ་ཙཀ་དར་དམར་གྱི་གུར་ལྡིང་ཅན་བཟའ་བཅའི་དངོས་པོ་སྣ་ཚོགས་ཀྱིས་བསྐོར་བ་བཀོད། དེའི་མདུན་དུ་རྒྱུ་གོང་འདྲ་ལས་མཆོད་གཏོར་དམར་པོ་ཟླུམ་བརྗིད་པད་འདབ་བཞི་རིལ་བུ་དང་བཅས་པས་བསྐོར་བ། བཀའ་སྲུང་གི་མཆོད་གཏོར་སྨན་རག་ཆུ་གཉིས་ཉེར་སྤྱོད་དང་བཅས་པ་མཛེས་པར་བཤམ། འཕན་གདུགས་བླ་རེ་ལ་སོགས་པའི་རྒྱན་གྱི་བཀོད་པ་ཕུན་སུམ་ཚོགས་པ་དང་། ཚོགས་ཀྱི་འཁོར་ལོའི་ཡོ་བྱད། སློབ་དཔོན་གྱི་མདུན་དུ་ལས་བུམ། ནང་མཆོད། ཐོད་རྔ། རྡོར་དྲིལ། མིག་དར། མེ་ཏོག་རྣམས་དང་། ཕྱོགས་ཅི་བདེ་བར་མེ་ཏོག་དོར་བའི་མཎྜལ་གྱི་རྭ་བ་ལ་སོགས་པ་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ། །དངོས་གཞི་ལ། དཀྱིལ་འཁོར་སྒྲུབ་མཆོད་དང་། དབང་བསྐུར་བ་གཉིས་ལས། དང་པོ་ནི། གཞི་བགེགས་ལ་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བའི་སྐྱབས་སེམས་ནས་བཟླས་པའི་བར་གྱེར་ཚིག་གཅིག་གིས་བདག་མདུན་དབྱེར་མེད་སྣང་སྲིད་གཞིར་བཞེངས་ཀྱི་དགོངས་པ་དང་ལྡན་པས་བསྙེན་སྒྲུབ་ལས་གསུམ་གྱི་སྔགས་དང་དམིགས་པའི་ཁྱད་པར་གྱི་སྤྲོ་བསྡུ་མཆོག་ཏུ་ཟབ་མོ་དང་བཅས་པས་ནུས་ལྡན་དུ་བསྒྲུབས་ལ། ལས་བུམ་དུ་བདུད་རྩི་འཁྱིལ་པ་བསྐྱེད་བཟླས་འོད་ཞུ་དང་། སྲུང་མའི་གཏོར་འབུལ་རྣམས་སྐབས་འདིར་བྱ་ཞིང་ཚོགས་མཆོད་ནི་སྐབས་འདིའམ་དབང་གི་མཇུག་ཅི་རིགས་སུ་བྱ་ལ། འོག་གི་སློབ་མ་ལ་དབང་བསྐུར་བའི་རིམ་པ་རྣམས་ཏིང་ངེ་འཛིན་གྱི་སྒོ་ནས་རང་གིས་བླངས་ལ་གནང་བ་གསོལ་བ་རྣམས་བྱའོ། །གཉིས་པ་སློབ་མ་ལ་དབང་བསྐུར་བ་དངོས་ལ། སློབ་མ་རྣམས་མདུན་དུ་འཁོད་ལ་ལས་བུམ་གྱི་ཆུས་ཁྲུས་བྱས། བགེགས་གཏོར་བཏང་སྲུང་འཁོར་གྱི་དམིགས་པ་གསལ་བཏབ་ལ་སྲུང་བ་བྱས་ཏེ། རྒྱུད་སྦྱང་བར་བྱ་བའི་ཕྱིར་སློབ་དཔོན་གྱིས་འདི་སྐད་ཅེས་འཆད་པར་བྱའོ། །འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བགྱིད་སྙམ་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དང་ལྡན་པའི་སྒོ་ནས་གསན་པར་ཞུ། དེ་ཡང་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱ་རྣམས་བླ་ན་མེད་པའི་བྱང་ཆུབ་ཆེན་པོའི་གོ་འཕང་ལ་འགོད་པར་མཛད་པའི་ཐབས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ནི་་་་་ཟབ་མོ་བླ་མའི་སྒྲུབ་པ་ཉིད་ཡིན་ཏེ། དགོངས་འདུས་ལས། བསྐལ་པ་སྟོང་གི་སངས་རྒྱས་བས། །བླ་མ་གཉན་པ་ཤེས་པར་བྱ། །ཅི་ཕྱིར་ཞེ་ན་བསྐལ་པ་ཡི། །སངས་རྒྱས་མ་ལུས་ཐམས་ཅད་ཀུན། །བླ་མ་དག་ལ་བསྟེན་ནས་བྱུང་། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་དངོས་གྲུབ་ཐམས་ཅད་ཀྱི་རྩ་བར་གྱུར་པ་ནི་བླ་མ་སྒྲུབ་པ་ཉིད་ཡིན་ལ། དེ་ལ་ཡང་སྒྲུབ་པའི་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་པ་ལས། ཁྱད་པར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ། བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ནས་ཀུན་བཟང་ཆོས་ཀྱི་སྐུར་མངོན་པར་རྫོགས་པ་སངས་རྒྱས་ནས་སྣང་བ་མཐའ་ཡས་ལ་སོགས་ལོངས་སྤྱོད་རྫོགས་སྐུའི་རྣམ་པར་བཞུགས་པ་ལས། ཞིང་འདིར་གདུལ་བྱའི་དོན་དུ་སྤྲུལ་པའི་སྒྱུ་འཕྲུལ་མཐའ་ཡས་པར་སྣང་བས་འཁོར་བ་ཇི་སྲིད་དུ་བཞུགས་ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་འགྲོ་བའི་དོན་ལྷུན་གྲུབ་ཏུ་མཛད་པ་དེ་ལ། ལས་ཅན་རྗེ་འབངས་རྣམས་ཀྱིས་གསོལ་བ་བཏབ་པ་ལ་བརྟེན་ནས་ཟབ་རྒྱས་ཀྱི་གདམས་པ་ཁྱད་པར་ཅན་བསམ་གྱིས་མི་ཁྱབ་པ་ཞིག་བསྩལ་པ་དེ་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་ནི་སོགས་ཀྱི་འདི་ཁའི་ཁྱད་པར་ཀྱི་ལོ་རྒྱུས་རྒྱས་བསྡུས་ཇི་ལྟར་རིགས་པ་སློབ་མའི་བློ་ཚོད་དང་སྦྱར་ནས་བཤད་དགོས་པ་ཤེས་པར་བྱས་ལ། །ཐུགས་སྒྲུབ་སྙན་བརྒྱུད་ཡིད་བཞིན་ནོར་བུ་ཞེས་གྲགས་པའི་གདམས་པ་ཁྱད་པར་ཅན་འདི་ཉིད་ཀྱི་སྨིན་བྱེད་བྱིན་རླབས་ཀྱི་རིམ་པ་སྒྲུབ་པར་བྱེད་པ་ལ་རྡོ་རྗེ་སློབ་དཔོན་གྱི་བགྱི་འོས་རྣམས་ཆད་ལྷག་མེད་པར་སོང་ནས། རྡོ་རྗེའི་སློབ་མའི་ངོ་སྐལ་དུ་གྱུར་པ་སྨིན་བྱེད་ཀྱི་བྱིན་རླབས་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་བརྗོད། སློབ་མས་མཎྜལ་ཕུལ། ཙཀྵུཿབྷནྡྷས་མིག་དར་བཅིང། ཨཱ་ཁཾ་བཱི་རས་མེ་ཏོག་གཏད་ལ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོཿ བླ་མ་རྡོ་རྗེ་སློབ་དཔོན་དགོངས། །རྩ་བ་གསུམ་གྱི་དཀྱིལ་འཁོར་དུ། །བདག་ཅག་འཇུག་ཅིང་བསྙེན་སྒྲུབ་སོགས། །གུས་པས་འཇུག་འདོད་བསྟན་དུ་གསོལ། །ལན་གསུམ། སློབ་དཔོན་གྱིས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །རྩ་བ་གསུམ་གྱི་དཀྱིལ་འཁོར་འདིར། །སེམས་བསྐྱེད་དམ་ལ་མི་གནས་ན། །བསྟན་ཀྱང་མི་ཐོབ་དེ་བས་ན། །འདིར་འཇུག་སེམས་བསྐྱེད་དམ་ཚིག་སྲུངས། །ཞེས་དམ་བསྒྲག །སྐྱབས་སེམས་དང་སྡོམ་བཟུང་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པའི་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་རྣམས་དང་མཐའ་སྐོར་དུ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་དུ་བཞུགས་པར་བསམས་ལ། བདག་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། ན་མོ༔ ཕྱོགས་དུས་བདེ་གཤེགས་རྒྱལ་བ་སྲས་བཅས་ལ༔ སོགས་ལན་གསུམ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་བླ་མའི་དཀྱིལ་འཁོར་དུ་ཞུགས་ནས་ཉམས་སུ་བླང་བར་བྱའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧོ༔ དེང་ནས་བཟུང་སྟེ་འཁོར་བ་མ་སྟོངས་བར༔ སོགས་གསུམ། སྐྱབས་ཡུལ་རྣམས་ཀྱི་སྤྱན་སྔར་ཡན་ལག་བདུན་པ་ཚུལ་བཞིན་བགྱིད་པར་མོས་ཏེ་ཚིག་ཕྱིར་སེམས་རྩེ་གཅིག་པས་འདིའི་རྗེས་ཟློས་མཛོད། བདེ་གཤེགས་སྲས་བཅས་བདག་ལ་དགོངས་སུ་གསོལ༔ སོགས་ཡན་ལག་བདུན་པ་ལན་གསུམ། དམ་ཚིག་བཟུང་བ་ནི། སྡོམ་པ་དང་དམ་ཚིག་གཉིས་ལྡོག་པས་ཕྱེ་བ་སྟེ། སྤང་བྱ་སྤོང་བ་ནི་སྡོམ་པ་དང་། རྡོ་རྗེ་འཛིན་པའི་བསླབ་པའི་མཐའ་ལས་མི་འདའ་བ་དམ་ཚིག་ཡིན་པས། སྐྱབས་ཡུལ་རྣམས་ཀྱི་སྤྱན་སྔར་དམ་ཚིག་བཟུང་བ་འདིའི་རྗེས་ཟློས་མཛོད། ན་མོ། བླ་མ་སངས་རྒྱས་འཁོར་དང་བཅས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །བླ་མ་དཀོན་མཆོག་རྣམ་གསུམ་པོ། །བྱང་ཆུབ་མ་ཐོབ་བར་དུ་ནི། །སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི། །སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་ཐོབ་བྱ་སྙམ། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་ཅིང་། །སེམས་ཅན་ཡོངས་སུ་སྨིན་པའི་ཕྱིར། །འཇུག་པའི་བྱང་ཆུབ་སེམས་ནི་བསྐྱེད། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །ལན་གསུམ། ཛཿཧཱུྃ་བཾ་ཧོཿས་ཡོལ་བའི་ནང་དུ་བཅུག །ཧཱུྃ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ཐོབ། །རྡོ་རྗེ་བདུད་རྩིའི་ཆུ་ཐུངས་ཤིག །བཛྲ་ཡཀྴ་ཐ། ཞེས་དམ་ཆུ་སྦྱིན། དེས་ཀྱང་། ས་མ་ཡ་ཨི་དན་ན་ར་ཀན། ཞེས་མྱང་། ཡེ་ཤེས་དབབ་པ་ནི། ཁྱེད་རང་རྣམས་ལུས་གནད་སྐྱིལ་ཀྲུང་དྲང་པོར་བསྲང་རླུང་ཁ་སྦྱོར་དུ་བཟུང་ནས་དམིགས་པ་འདི་བཞིན་དུ་མཛོད། སྙིང་གར་གཟུང་འཛིན་གཉིས་མེད་ཡེ་ཤེས་ཀྱི་རང་མདངས་བླ་མ་རྡོ་རྗེ་འཆང་དྭངས་གསལ་འོད་ཀྱི་སྐུ་ཅན་དུ་གསལ་བའི་ཐུགས་ཀར་གཡུང་དྲུང་དམར་པོའི་ལྟེ་བར་ཟླ་བ་ལ་ཡཾ་དང་ཡན་ལག་བཞི་ལ་ཧ་རི་ནི་སས་མཚན་པར་གྱུར། སློབ་དཔོན་གྱིས་ཡཾ་ཞེས་བརྗོད་པས་སློབ་མའི་སྙིང་གའི་ཡཾ་བསྐུལ་རླུང་གཡོས་གཡུང་དྲུང་གཡོན་དུ་ཤུགས་དྲག་པོས་འཁོར་བ་ལ་སེམས་གཏད། དེའི་ཚེ་ཡེ་ཤེས་པ་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་འོད་ཟེར་གྱི་ཕུང་པོ་འབར་བ་ཁ་ཆར་བུ་ཡུག་འཚུབས་པ་བཞིན་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པར་གྱུར་སྙམ་པའི་མོས་པ་གྱིས་ཞེས་བརྡ་སྦྱར་ལ། རྩ་སྔགས་ཀྱི་མཐར། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བཟླ་ཞིང་རོལ་མོ་དང་བཅས་པས་བྱིན་ཕབ། དེས་མ་ཕེབ་ན་སླར་ཡང་། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཧཱུྃ་ཧཱུྃ་ཨཱཿཧཱུྃཿ བཞེངས་ཤིག་རྗེ་བཙུན་པདྨ་བཞེངས། །དགོངས་ཤིག་བླ་མ་སློབ་དཔོན་དགོངས། །རིག་འཛིན་གནས་ནས་སྐུ་བསྐྱོད་ལ། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་སྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །དེ་བཞིན་དུ། བཞེངས་ཤིག་ཡི་དམ་ལྷ་ཚོགས་བཞེངས། །དགོངས་ཤིག་རྒྱལ་བ་རིགས་ལྔའི་ཚོགས། །ཆོས་ཀྱི་དབྱིངས་ནས་སྐུ་བསྐྱོད་ལ། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །སོགས་སྔར་བཞིན། བཞེངས་ཤིག་ཡེ་ཤེས་ཌཱ་ཀི་བཞེངས། །དགོངས་ཤིག་ཌཱ་ཀི་སྡེ་ལྔའི་ཚོགས། །དུར་ཁྲོད་གནས་ནས་སྐུ་བསྐྱོད་ལ། །བྱིན་གྱིས་བརླབ་ཕྱིར་སོགས་བརྗོད་ཅིང་། བྱི་ལ་ནག་པོའི་བྲུན། པདྨ་རཀྟ། ཤ་ཆེན། གུ་གུལ། ཀླད་པ། བདུད་རྩི་ལྔ། རང་གི་སྐྲ་རྣམས་བསྲེགས་པའི་དུད་པས་བདུག་ཅིང་རོལ་མོའི་སྒྲ་ཡུན་རིང་དུ་བྱའོ། །དེའི་ཚེ་སྐུ་ཕེབས་ན་འཕར་གཡོ། གསུང་ཕེབས་ན་སྨྲ་དགོད། ཐུགས་ཕེབས་ན་བརྗོད་མེད་ཀྱི་རྟོགས་པ་སྐྱེ་ཞིང་། ཉམས་ཐོད་རྒལ་དུ་འབར་ན་དེ་ཉིད་སྐྱོང་དུ་བཅུག་གོ །ཏིཥྛ་བཛྲ། ཞེས་སྤྱི་བོར་རྡོ་རྗེ་བཞག་ལ་བརྟན་པར་བྱས། ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿས་མེ་ཏོག་གི་ཕྲེང་བ་སྔར་གཏད་པ་དེ་ཉིད་དོར་དུ་བཅུག་ལ་རིགས་ངོས་བཟུང་། པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལཿ ཞེས་མེ་ཏོག་སློབ་མའི་མགོར་བཅིང་། མིག་དབྱེ་བ་ནི། ལེགས་འོང་བུ་ཁྱོད་སྐལ་པ་བཟང་། །མ་རིག་ལིང་ཏོག་ང་ཡིས་བསལ། །རྩ་བ་གསུམ་གྱི་དཀྱིལ་འཁོར་ལྟོས། །དམ་ཚིག་རྩེ་གཅིག་ཐུབ་པར་སྲུངས། །ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་ལ་མིག་དབྱེ། དཀྱིལ་འཁོར་བསྟན་པ་ནི། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེད། ཁྱོད་ནི་རྣལ་འབྱོར་རིགས་སུ་འཁྲུངས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །དངོས་གྲུབ་བུ་ཁྱོད་སྐལ་བཟང་གྱུར། །འོ་འདི་ན་མཚོན་བྱེད་དཔེའི་དཀྱིལ་འཁོར་འདིས་མཚོན་ནས་མཚོན་བྱ་དོན་གྱི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་གྱུར་པ་སྟེ། དཀྱིལ་འཁོར་གྱི་ཕྱི་རོལ་དུ་ཉོན་མོངས་པའི་བུད་ཤིང་སྲེག་པའི་མེ་ཕུང་། ཅིས་ཀྱང་མི་ཤིགས་པའི་རྡོ་རྗེའི་རྭ་གུར། འཁོར་བ་མ་སྤངས་དབྱིངས་སུ་དག་པའི་དུར་ཁྲོད་བརྒྱད། ཕྲིན་ལས་སྟོང་ཁམས་ཁྱབ་པའི་པདྨ་འདབ་མ་སྟོང་ལྡན། ཕྱི་ནང་སྣོད་བཅུད་ཀྱི་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རྒྱས་འདེབས་པའི་རྡོ་རྗེ་རྒྱ་གྲམ། དེའི་སྟེང་དུ་ཆེ་བའི་ཡོན་ཏན་ཐམས་ཅད་རྫོགས་པའི་གཞལ་ཡས་ཁང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་གྲུ་བཞི་སྒོ་བཞི་རྒྱན་དང་རྟ་བབས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། དེའི་དབུས་སུ་པདྨ་ཉི་ཟླ་རུ་དྲ་ཕོ་མོ་བསྣོལ་བའི་སྟེང་དུ་རང་གི་ཡིད་ཆོས་རྣམ་པར་དག་པའི་རྟ་ཕག་ཡབ་ཡུམ། དེའི་དབུ་གཙུག་ཏུ་པད་སྡོང་ཉི་ཟླའི་གདན་ལ་རང་རིག་བདེ་སྟོང་དབྱེར་མེད་ཀྱི་ངོ་བོ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་རྩ་གསུམ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་བཅས་པ་འཇའ་འོད་ཐིག་ལེའི་ཀློང་ན་བཞུགས་པ་མངོན་སུམ་དུ་མཐོང་བར་གྱུར་སྙམ་པའི་མོས་པ་མཛོད་ཅིག །ཅེས་བརྗོད་དངོས་གཞི་ལ། གཏོར་མ་ལྷའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གསལ་བའི་ལྷ་ཚོགས་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་མོས་ལ། གཏོར་མའི་ལྷའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་དང་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱི་སྐུ་དཔག་ཏུ་མེད་པ་བྱོན། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ། ལུས་ཀྱི་སྡིག་པ་སྦྱངས། སྐུའི་དངོས་གྲུབ་བདུད་རྩི་དཀར་པོས་སྨིན་མཚམས་ཡན་ཆད་གང་། བུམ་དབང་ཐོབ། དབང་རྟགས་སུ་སྤྱི་བོར་ཨོཾ་དཀར་པོས་མཚན་པར་གྱུར་སྙམ་པའི་མོས་པ་མཛོད། ཨེ་མ་ཧོཿ ངོ་མཚར་རྨད་དུ་བྱུང་བའི་དབང། །བླ་མ་རྣམས་དང་གཅིག་པ་དང་། །ཡི་དམ་ལྷ་དང་གཉིས་སུ་མེད། །མཁའ་འགྲོས་བྱིན་གྱིས་བརླབ་པའི་ཕྱིར། །དམ་རྫས་གཏོར་མའི་དབང་བསྐུར་བས། །རྩ་བ་གསུམ་གྱི་བྱིན་རླབས་ཀྱིས། །སྐུ་ཡི་བྱིན་རླབས་ལུས་ལ་ཞུགས། །ལུས་ཀྱི་སྒྲིབ་པ་བྱང་གྱུར་ནས། །སྐུ་མི་འགྱུར་ཚེ་ཡི་དབང་ཐོབ་ཤོག །ཨོཾ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨོཾ་ཨོཾ། ཅེས་བརྗོད་གཏོར་མ་སྤྱི་བོར་བཞག་ལ་དབང་བསྐུར་རོ། །གཏོར་མའི་ལྷའི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་དང་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱི་གསུང་གསང་སྔགས་ཡིག་འབྲུའི་རྣམ་པ་དཔག་ཏུ་མེད་པ་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། ངག་གི་སྡིག་པ་སྦྱངས། གསུང་གི་དངོས་གྲུབ་བདུད་རྩི་དམར་པོས་མགྲིན་པ་ཡན་ཆད་གང་། གསང་བའི་དབང་ཐོབ། དབང་རྟགས་སུ་མགྲིན་པར་ཨཱཿདམར་པོས་མཚན་པར་གྱུར་སྙམ་པའི་མོས་པ་མཛོད། བྱས་ལ་གཏོར་མ་མགྲིན་པར་བཞག་སྟེ། ཨེ་མ་ཧོཿ ངོ་མཚར་རྨད་དུ་བྱུང་བའི་དབང་། །བླ་མ་རྣམས་དང་གཅིག་པ་དང་། །ཡི་དམ་ལྷ་དང་གཉིས་སུ་མེད། །མཁའ་འགྲོས་བྱིན་གྱིས་བརླབ་པའི་ཕྱིར། །དམ་རྫས་གཏོར་མའི་དབང་བསྐུར་བས། །རྩ་བ་གསུམ་གྱི་བྱིན་རླབས་ཀྱིས། །གསུང་གི་བྱིན་རླབས་ངག་ལ་ཞུགས། །ངག་གི་སྒྲིབ་པ་བྱང་གྱུར་ནས། །གསུང་སྙིང་པོ་ལུང་གི་དབང་ཐོབ་ཤོག །ཨོཾ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ཝཱ་ཀ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨཱཿཨཱཿཨཱཿ མགྲིན་པར་བཞག་ལ་དབང་བསྐུར། གཏོར་མའི་ལྷའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་དང་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱི་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཕྱག་མཚན་ཡིག་འབྲུ་འོད་ཐིག་གི་རྣམ་པ་དཔག་ཏུ་མེད་པ་བྱོན། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། ཡིད་ཀྱི་སྡིག་པ་སྦྱངས། ཐུགས་ཀྱི་དངོས་གྲུབ་བདུད་རྩི་མཐིང་གས་སྙིང་ག་ཡན་ཆད་གང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། དབང་རྟགས་སུ་ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གྱུར་སྙམ་པའི་མོས་པ་མཛོད། བྱས་ལ་གཏོར་མ་སྙིང་གར་བཞག་སྟེ། ཨེ་མ་ཧོཿ ངོ་མཚར་རྨད་དུ་བྱུང་བའི་དབང་། །བླ་མ་རྣམས་དང་གཅིག་པ་དང་། །ཡི་དམ་ལྷ་དང་གཉིས་སུ་མེད། །མཁའ་འགྲོས་བྱིན་གྱིས་བརླབ་པའི་ཕྱིར། །དམ་རྫས་གཏོར་མའི་དབང་བསྐུར་བས། །རྩ་བ་གསུམ་གྱི་བྱིན་རླབས་ཀྱིས། །ཐུགས་ཀྱི་བྱིན་རླབས་ཡིད་ལ་ཞུགས། །ཡིད་ཀྱི་སྒྲིབ་པ་དག་གྱུར་ནས། །ཐུགས་སྐྱེ་མེད་རྡོ་རྗེའི་དབང་ཐོབ་ཤོག །ཨོཾ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ཙིཏྟ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ། སྙིང་གར་བཞག་ལ་དབང་བསྐུར། གཏོར་མ་ལྷར་གསལ་བའི་ལྟེ་བའི་ཧྲཱིཿདང་མ་ལས་འོད་ཟེར་ཁ་དོག་ལྔ་ལྡན་དཔག་ཏུ་མེད་པ་དང་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་དཔག་ཏུ་མེད་པ་བྱོན། ཁྱེད་རང་རྣམས་ཀྱི་ལྟེ་བའི་ཧྲཱིཿདང་མ་ལ་ཐིམ། བག་ཆགས་ཀྱི་སྒྲིབ་པ་སྦྱངས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་རྫོགས་ཀྱི་དངོས་གྲུབ་ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་ལྔ་ལྡན་འཇའ་ཚོན་ལྟ་བུས་ལུས་ཀྱི་ཆ་ཐམས་ཅད་ཁྱབ་པར་གང་། དབང་བཞི་པ་ཐོབ། དབང་རྟགས་སུ་སྤྱི་མགྲིན་སྙིང་ག་གསུམ་དུ་འཁོར་ལོ་པདྨ་རྡོ་རྗེ་གསུམ་གྱིས་མཚན་པར་གྱུར་སྙམ་པ་མཛོད། བྱས་ལ་གཏོར་མ་ལྟེ་བར་བཞག་རྗེས་སླར་ཡང་སྤྱི་བོར་བཞག་ལ། ཨེ་མ་ཧོཿ ངོ་མཚར་རྨད་དུ་བྱུང་བའི་དབང་། །བླ་མ་རྣམས་དང་གཅིག་པ་དང་། །ཡི་དམ་ལྷ་དང་གཉིས་སུ་མེད། །མཁའ་འགྲོས་བྱིན་གྱིས་བརླབ་པའི་ཕྱིར། །དམ་རྫས་གཏོར་མའི་དབང་བསྐུར་བས། །རྩ་བ་གསུམ་གྱི་བྱིན་རླབས་ཀྱིས། །རྡོ་རྗེ་གསུམ་གྱིས་བྱིན་བརླབས་ཏེ། །སྒོ་གསུམ་སྒྲིབ་པ་དག་གྱུར་ནས། །དབང་ཆེན་ཡོངས་རྫོགས་ཐོབ་གྱུར་ཅིག །ཨོཾ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ། འོ་དེ་ལྟར་དབང་བསྐུར་བས། གཏོར་མའི་ལྷ་ཚོགས་གཞན་རྣམས་རིགས་འདུས་པདྨ་ཐོད་ཕྲེང་རྩལ་གྱི་སྐུ་ལ་འདུས་པ་དེ་ཉིད་སྐར་མདའ་འཕང་བ་ལྟར་བྱོན་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་སྙིང་གར་ཐིམ་པའི་རྐྱེན་གྱིས། ཁྱེད་རང་རྣམས་རྟ་ཕག་ཡབ་ཡུམ་གྱི་སྐུར་གསལ་པའི་སྙིང་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་ན་སྙིང་ཚིལ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ་རིགས་འདུས་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་དང་གསང་འདུས་རྡོ་རྗེ་སེམས་དཔའ་ཡུམ་མཚོ་རྒྱལ་དཀར་མོ་དང་འཁྲིལ་སྦྱོར་གྱི་རྣམ་པར་བཞུགས་པར་མོས་ལ་དར་ཅིག་མཉམ་པར་འཇོག་པར་ཞུ། དེ་ནས་སྙིང་གའི་བླ་མ་ཡབ་ཡུམ་འོད་དུ་ཞུ་བ་རང་དང་དབྱེར་མེད་གཅིག་ཏུ་འདྲེས་པའི་རང་ངོ་གསལ་སྟོང་སྤྲོས་པའི་མཐའ་དང་བྲལ་བ་དེའི་ངང་ལ་རང་བབས་སུ་བཞག་པའི་དུས་ན་ཕྱི་སྣང་བ་མ་འགག་གསལ་སེང་ངེ་། ནང་རིག་པ་མི་རྟོག་པ་རྗེན་སང་ངེ་། བར་ལུས་སེམས་བདེ་མེ་རེ་བའི་ངོ་བོ་ལ་བལྟས་པས། བདེན་མེད་དུ་བུན་ནེ། རྗེས་མེད་དུ་ཁྲེས་སེ། རྩ་བྲལ་དུ་ཤིག་གེ །ཟང་ཐལ་སྤྲོ་བསྡུ་དང་བྲལ་བའི་རིག་པ་རང་ངོ་ཤེས་པ་འདི་ཀ་གསང་འདུས་མ་ཧཱ་གུ་རུ་རྡོ་རྗེ་སེམས་དཔའི་རང་ཞལ་མཇལ་བ་ཡིན་ཏེ། གསང་བ་སྙིང་པོའི་རྒྱུད་ལས། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་ནས་མ་ཚོལ་ཅིག །བཙལ་ཀྱང་རྒྱལ་བས་མི་རྙེད་དོ། །ཞེས་གསུངས་པ་ལྟར་ཤེས་པར་གྱིས་ཤིག །དེ་ལྟར་དབང་སྔ་མ་གསུམ་ནི། སྣང་བཅས་ཐབས་ཀྱི་རིམ་པ་དང་། ཕྱི་མ་ནི་སྣང་མེད་ཤེས་རབ་ཀྱི་རིམ་པ་སྟེ། བསྐྱེད་རྫོགས་ཀྱི་ལམ་ལས་སྐུ་བཞིའི་གོ་འཕང་ལ་དབང་བར་བྱེད་པ་སྟེ། དང་པོ་གསུམ་ལ་གཏོར་མ་ལྷ་དང་གཞལ་ཡས་ཁང་དུ་ཤེས་པས་སྣང་བཅས་ཀྱི་དབང་དང་། ཕྱི་མ་ནི་གཏོར་མའི་བརྡ་ཐབས་རྟེན་འབྲེལ་ལས། གཞི་འཁོར་འདས་དབྱེར་མེད། ལམ་ཐབས་ཤེས་ཟུང་འཇུག །འབྲས་བུ་སྐུ་གསུམ་དབྱེར་མེད་རྣམས་མཚོན་པ་ཡིན་ནོ། །ཞེས་ངོ་སྤྲད། མཐར། གཏོར་མ་དངོས་གྲུབ་ཀྱི་རྫས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིར་ཞུ་བར་བསམས་ལ་གཏོར་ཟན་ལག་གཡས་དང་བདུད་རྩི་གཡོན་དུ་སྦྱིན་ལ། ཨོཾ་གུ་རུ་དྷེ་བ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧོཿ ཞེས་བརྗོད། རྗེས་བརྒྱུད་པ་གཏད་པ་ནི། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། ཁྱོད་ཀྱིས་འགྲོ་བ་འདུལ་བར་གྱིས། །དེ་ལྟར་དབང་བསྐུར་བ་ཐོབ་པའི་དུས་འདི་ཕྱིན་ཆད་རྒྱལ་བའི་གདུང་འཚོབ་སྟེ་རྒྱལ་བའི་སྲས་སུ་གྱུར་པས་འགྲོ་བའི་དོན་ལ་བརྩོན་པར་གྱིས་ཤིག་པར་གདམས། རྗེས་སློབ་མས་དམ་ཚིག་ཁས་བླངས་མཎྜལ་ཡོན་འབུལ་རྣམས་བྱས་ལ་དགེ་བ་བསྔོས་ནས་སློབ་མ་རང་གནས་སུ་གཏང་། གཏང་རག་མཆོད་བསྟོད་ཉེར་བསྡུ་སྨོན་ལམ་ཤིས་བརྗོད་རྣམས་ལས་གཞུང་ལྟར་བྱའོ། །དེ་ལྟར་སྙན་བརྒྱུད་ཡིད་བཞིན་ནོར་བུའི་གཏོར་དབང་ནོར་བུ་ལུགས་སུ་སྐུར་ཚུལ་བཀླག་ཆོག་ནག་འགྲོས་སུ་བཀོད་པ་འདི་ཡང་རྩ་བའི་དོན་གྱི་དགོངས་པ་མ་འཆུག་ངོས་གྱེར་ཚིག་རྣམས་ཉང་གཏེར་གུ་རུ་ཞི་བའི་དབང་ཆོག་སོགས་ནས་བླངས་ཏེ་པདྨ་དགྱེས་པས་བྲིས་པའོ། ༈ །གུ་རུའི་ཐུགས་སྒྲུབ་སྙན་བརྒྱུད་ཡིད་བཞིན་ནོར་བུའི་ཁྲིད་ཡིག་སྙིང་པོར་དྲིལ་བ་སྙིང་བཅུད་དྭངས་མ་ཞེས་བྱ་བ་བཞུགས། ན་མོ་གུ་རུ་པདྨཱ་ཀ་ར་ཡ། དུས་གསུམ་རྒྱལ་བ་ཀུན་འདུས་པ། ཁྱབ་བདག་པདྨ་ཐོད་ཕྲེང་རྩལ། །དབྱེར་མེད་རྩ་བའི་བླ་མ་ལ། །འདུད་དོ་མཆོག་གི་དངོས་གྲུབ་སྩོལ། །འདིར་གུ་རུའི་ཐུགས་སྒྲུབ་སྙན་བརྒྱུད་ཡིད་བཞིན་ནོར་བུའི་ཉམས་ལེན་གྱི་ཁྲིད་ཡིག་དམིགས་གནད་རྣམས་སྙིང་པོར་དྲིལ་ཏེ་བཀོད་པ་ལ། སྔོན་འགྲོ །དངོས་གཞི། རྗེས་གསུམ་ལས། དང་པོ་ནི། དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་བདེ་བའི་སྟན་ལ། ལུས་རྣམ་སྣང་གི་ཆོས་བདུན་བཅས་ལ་བསྲང་། ངག་རླུང་རོ་དགུ་ཕྲུགས་སུ་བསལ་ལ་རླུང་རང་སོར་བཞག །སེམས་ཐ་མལ་གྱི་རྣམ་རྟོག་སྤངས་ཏེ་སྤྱི་བོར་རྩ་བའི་བླ་མ་བསྒོམས་ལ་མོས་གུས་དྲག་པོས་གསོལ་བ་བཏབ་ལ་བླ་མ་རང་ལ་བསྟིམས་པ་ཐུན་ལ་འཇུག་པའི་སྔོན་འགྲོ་སོང་རྗེས། སྔོན་འགྲོ་དངོས་ལ། འདི་ལྟར་བསམ་པར་བྱ་སྟེ། བདག་གིས་ཡང་ཡང་རྙེད་དཀའ་ཞིང་རྙེད་པ་དོན་དང་ལྡན་པའི་མི་ལུས་རིན་པོ་ཆེ་དབང་པོ་ཡན་ལག་སོགས་ལ་སྐྱོན་མེད་ཅིང་ཆོས་བྱེད་དབང་ཡོད། བྱེད་ལུགས་ཅུང་ཟད་ཤེས། བླ་མ་དམ་པ་དང་མཇལ། ཆོས་གང་འདོད་དུ་ཞུ་ཆོག་པའི་གནས་སྐབས་རྟེན་འབྲེལ་ཕུན་སུམ་ཚོགས་པའི་རྟེན་འདི་འདྲ་རྙེད་པའི་སྐབས་འདིར་སོས་དལ་དུ་བསྡད་ན་ཕངས་པས་ཆོས་ཤིག་རང་བྱེད་དགོས་པར་འདུག །དེ་ཡང་སང་ཉིན་གནངས་ཉིན་བྱ་སྙམ་པའི་ཕྱི་བཤོལ་དུ་ལུས་ན་འཆི་བ་ཞེས་བྱ་བ་དེ་ག་ཙམ་ན་ཡོད་ཧ་མི་གོ །སྔ་དྲོ་ཚེར་མ་ཟུག་པའི་ན་ཚ་ཙམ་ཡང་མེད་པ་ལ་ཕྱི་དྲོ་ཤི་ཚར་བ་ཡང་མང་པོ་འདི་འདྲ་རེད། རྒན་གཞོན་བར་མའི་ངེས་པ་ཡང་མི་འདུག །ཤི་དུས་ཆོས་མ་གཏོགས་གཞན་གྱིས་ཕན་རྒྱུ་མི་འདུག །དེས་ན་ད་ལྟ་ནས་ཆོས་རྣམ་དག་ཅིག་ཧུར་ཐག་བཏང་དགོས་པ་འདུག །ཚོང་སོ་ནམ་འཁོར་འདུས་བློ་རྒྱ་བསྐྱེད་ཀྱང་རྗེས་འཇུག་གི་བུ་དང་བུད་མེད་གསོ་སྐྱོང་སོགས་བློ་སྣ་མང་པོ་ཐོག་ཏུ་ཁེལ་དཀའ་ཞིང་དགོས་པ་མེད། ནོར་རྫས་མང་པོ་གང་འདྲ་ཞིག་བྱུང་ཡང་དོན་དུ་ཁ་བྱི་ཁུང་ཙམ་པ་འདི་ལྟོག་པར་མ་ལུས་ཙམ། ལུས་འདོམ་པ་གང་པོ་འདི་མ་འཁྱག་ཙམ་བྱུང་ན་དེ་ལས་གཞན་པའི་ཆས་གོས་མང་པོ་རང་གིས་བསགས་ཀྱང་བེད་སྤྱོོད་གཞན་གྱིས་བྱེད་པ་མང་བས་དོན་དུ་སུའི་ཡིན་ཆ་མི་འཚལ། ཆས་གོས་བསགས་ནས་མཐར་རྣམ་དཀར་རྒྱ་ཆེན་པོ་ཞིག་བྱེད་བསམས་ཀྱང་ལག་ཏུ་ལོན་པ་ཡང་དཀའ། གལ་ཏེ་ལག་ལོན་ཀྱང་གཏམ་གྲགས་ལོ་འདོད་སོགས་དང་མ་འདྲེས་པའི་དགེ་བའི་ལས་རྣམ་དག་ལྷད་མེད་ཡོང་བ་དཀའ་མོ་རེད། དེ་ལས་ད་ལྟ་ནས་གང་ཤེས་པའི་ཆོས་ལ་སྙིང་རུས་བསྐྱེད་པ་རང་ཁེ་ཆེ་བར་འདུག །དགེ་བའི་ལས་ཀྱིས་བདེ་བ་དང་། སྡིག་པའི་འབྲས་བུས་སྡུག་བསྔལ་ཡོང་བ་ལས་འབྲས་ལ་བསླུ་བ་ག་ལ་ཡོད། ངན་སོང་གསུམ་སོགས་འཁོར་བའི་སྡུག་བསྔལ་མྱོང་བ་ལྟ་ཅི། ཐོས་པ་ཙམ་ལ་ཡང་འཇིགས་སྐྲག་འདི་འདྲ་རེད། ཤི་ནས་ངན་སོང་དུ་མི་སྐྱེ་བའི་གདིང་ནི་ང་ལ་མེད། སྐྱེས་ན་གང་འདྲ་བྱེད། ཨ་ཙ་མ་སྔར་ཕན་བསམ་མནོ་མ་ཐོང་བས་ལན་འདུག །ད་བསམ་ན་ཆོས་ཡང་དག་པ་ཞིག་ལ་ད་ལྟ་ནས་ཧུར་ཐག་མ་གཏང་ན་མཐར་འགྱོད་པ་ཡོང་སྟེ་ཕྱིས་འགྲོ །དེ་ཡང་མི་ཚེའི་ཕྱེད་ཀ་ནི་གཉིད་ལོག་པས་ཟད། ཕྱེད་པོ་ཕར་འགྲོ་ཚུར་འགྲོ་རང་བཞིན་གྱི་གཏམ་ལབ། རྣམ་གཡེང་སོགས་ཀྱིས་ཆོས་བྱེད་བློ་བྱས་ཀྱང་ཡོང་བ་རང་སྲིད་མཐའ་ཙམ་ལས་མི་འདུག །ཕར་ཕན་ཅི་ཐོགས་བྱས་པའི་གཉེན་དང་གྲོགས་ཀྱིས་ཚུར་དགྲའི་དྭངས་མར་བྱེད་པ་ཡང་མང་། འབད་པས་བསགས་པའི་ནོར་རྫས་ཀྱིས་རང་སྲོག་སྐྱེལ་བའང་འདུག །དེའི་ཕྱིར་ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་ནོར་རྫས་གསོག་འཇོག །གཏམ་སྙན་ཁེ་གྲགས་སྒྲུབ་པ་སོགས་འདུན་ཐབས་དང་ཤོམ་ར་ཕེར་ཕེར་ཡོང་ཡོང་ཇི་འདྲ་ལྟར་བྱས་ཀྱང་མདོ་དོན་ཏིལ་འབྲུ་ཙམ་ཡང་མི་འདུག་པས་དེ་ལས་ནམ་བཞག་གཏན་གྱི་སོ་ནམ་རང་མགོ་འདོན་པའི་ཐབས་སུ་དམ་པའི་ཆོས་ལ་འབད་པར་བྱ་སྙམ་དུ་བསམ་པར་བྱའོ། །དེ་ལྟར་ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས་སྐྱོབ་ནུས་པ་དཀོན་མཆོག་གསུམ་པོ་ཡིན་པས་དེ་ལ་སྐྱབས་སུ་འགྲོ་བར་བྱའོ་སྙམ་དུ་བསམས་ལ། རང་ཉིད་གང་གནས་ཞིང་འདི་རིན་པོ་ཆེ་ལས་གྲུབ་པ་མཛེས་ཤིང་ཡིད་དུ་འོང་བ་རྒྱ་ཁྱོན་ཁོ་ལག་ཡངས་པ་ཞིག་ཏུ་བསམ་པའི་རང་གི་སྤྱི་བོའི་ཐད་ཀྱི་མདུན་གྱི་ནམ་མཁར་དྭངས་གསལ་འོད་ལྔའི་ཀློང་ན་སེང་ཁྲི་པདྨ་ཉི་ཟླའི་གདན་ལ་སྐྱབས་ཡུལ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་མངོན་སུམ་དུ་བཞུགས་པར་བསམ། གསལ་མ་ཐེབས་ན་ཨོ་རྒྱན་སྐུ་ཐང་ལྟ་བུ་ཞིག་མདུན་དུ་བཀྲམ་ལ་དེ་ཁ་སློབ་དཔོན་ཆེན་པོ་དངོས་ཡིན་བསམ་པ་བྱ། དེ་ཡང་མ་བདེ་ན་ཨོ་རྒྱན་ཆེན་པོ་དང་རྩ་བའི་བླ་མ་དབྱེར་མེད་ཀྱི་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོ་རང་གི་མདུན་དུ་བཞུགས་ཡོད་སྙམ་པ་བྱས་ལ། དེ་ལས་སྐུ་མདོག་ཕྱག་མཚན་རྒྱན་ཆས་གསལ་འདེབས་སོགས་རྣམ་རྟོག་ཅི་དྲག་གི་བློ་སྣ་མང་པོ་རྦད་བཅད་ལ་མོས་གུས་གཅིག་ཆོག་རྒྱལ་པོ་ལམ་དུ་ཁྱེར་ནས་བསྒོམ་པས་ཆོག །དེ་ལྟར་འཁོར་བའི་སྡུག་བསྔལ་འཇིགས་སྐྲག་ཐམས་ཅད་ལས་སྐྱོབ་པར་ནུས་པའི་ཐུགས་རྗེ་དེ་སྐྱབས་ཡུལ་དམ་པ་དེ་ལ་ཡོད། ཞལ་གྱི་འཛུམ་དང་། སྤྱན་གྱི་གཟིགས་སྟངས་ཙམ་གྱིས་ཀྱང་སྡུག་བསྔལ་ཐམས་ཅད་སེལ། བདེ་བ་ཐམས་ཅད་སྩོལ་བར་ནུས། མཁྱེན་པའི་ཡེ་ཤེས་ནི་བསམ་གྱིས་མི་ཁྱབ། བདག་ཅག་རྣམས་ལ་ནི་བུ་གཅིག་པའི་མ་བཞིན་དུ་ཐུགས་བརྩེ་བ་དང་ལྡན། འོན་ཀྱང་རང་གིས་གསོལ་བ་མ་བཏབ་ན་ཐུགས་རྗེ་འཇུག་མི་ནུས་པས་ད་ལྟ་ཕན་རང་གིས་མ་བྱུང་བར་སྐྱབས་སུ་མ་སོང་གསོལ་བ་མ་བཏབ་པས་འཁོར་བར་འཁྱམས་པ་རེད། ད་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ཆ་དང་བཅས་པ་ལས་སྒྲོལ་བར་བྱ་བའི་ཕྱིར་སྐྱབས་སུ་འགྲོ་བར་བྱ་སྙམ་པས། ཁམས་གསུམ་རིགས་དྲུག་སེམས་ཅན་ཐམས་ཅད་རང་ལ་ཧྲིལ་གྱིས་འདུས་པ་ཡིན་སྙམ་པས་བདག་སོགས་འཁོར་བའི་སྡུག་བསྔལ་ལས་བསྐྱབ་ཏུ་གསོལ་སྙམ་པའི་མོས་གུས་དྲག་ཏུ་བསྐྱེད་ལ། ན་མོ༔ ཕྱོགས་དུས་བདེ་གཤེགས་སོགས་སྐྱབས་འགྲོ་བརྒྱ་རྩ་འམ་མ་མཐའ་ཡང་ཉི་ཤུ་རྩ་གཅིག་ཙམ་སེམས་མ་ཡེངས་པར་བརྗོད་པར་བྱའོ། །མཐར་སྐྱབས་ཡུལ་གྱི་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་སེམས་དང་དབྱེར་མེད་དུ་གྱུར་པར་བསམ། དེ་ནས་ཁམས་གསུམ་རིགས་དྲུག་གི་སེམས་ཅན་འདི་ཐམས་ཅད་ཀྱིས་རང་གི་ཚེ་རབས་སྔ་མ་རྣམས་ཕ་མ་བྱས་པའི་དྲིན་ཅན་ཤ་སྟག་ཡིན། འདི་དག་རྣམས་འཁོར་བའི་གནས་ན་རང་རང་གི་སྡུག་བསྔལ་ཉིན་མཚན་བར་མེད་དུ་སྤྱོད་པ་སྙིང་རེ་རྗེ། འདི་རྣམས་སྡུག་བསྔལ་ཐམས་ཅད་ལས་བསྒྲལ་ནས་སངས་རྒྱས་ཐོབ་པའི་ཕྱིར་བདག་གིས་ལམ་ཟབ་མོ་ཉམས་སུ་ལེན་པར་བྱ་སྙམ་པ་བྱས་ལ། ཧོ༔ དེང་ནས་བཟུང་སྟེ་འཁོར་བ་མ་སྟོངས་སོགས་སེམས་བསྐྱེད་གང་མང་བསྐྱེད། མཐར་དེ་དག་ཐམས་ཅད་རང་སེམས་ཀྱི་རོལ་རྩལ། སེམས་ཀྱི་ངོ་བོ་སྐྱེ་འགག་གནས་གསུམ་དང་བྲལ་བར་ཐག་བཅད་ལ་མཉམ་པར་བཞག་གོ །སླར་ཡང་སློབ་དཔོན་ཆེན་པོ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་རང་གི་མདུན་གྱི་ནམ་མཁར་བཞུགས་པར་གསལ་བཏབ་ལ། རང་གི་ལུས་བརྒྱ་སྟོང་ཁྲི་འབུམ་མང་པོར་སྤྲུལ་ལ་ཕྱག་འཚལ་བ། ལུས་ལོངས་སྤྱོད་ཐམས་ཅད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་དམིགས་ནས་མཆོད་པར་འབུལ་བ། སྡིག་པ་གང་བྱས་ལ་སྙིང་ནས་བཤགས་པ་བྱ་བ། སྐུ་གསུང་ཐུགས་ཀྱི་མཛད་པ་རྒྱ་མཚོར་རྗེས་སུ་ཡི་རང་བ། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པ། མྱ་ངན་ལས་མི་འདའ་བར་བསྐལ་བརྒྱར་རྡོ་རྗེའི་སྐུར་བཞུགས་སུ་གསོལ་བ། བསོད་ནམས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་རྣམས་ཡིད་ཡུལ་དུ་བྱས་ལ། བདེ་གཤེགས་སྲས་བཅས་སོགས་བརྗོད། མཐར་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། འདིར་རྡོར་སེམས་སྒོམ་བཟླས་བྱ་སྟེ། དེའི་ཚུལ། གསེར་ཞུན་སྙིང་པོ་ལྟར། རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལ་ཧཱུྃ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། དར་དང་རིན་པོ་ཆེའི་རྒྱན་ཅན་མཚན་དཔེའི་གཟི་བྱིན་འབར་བ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཡབ་ཀྱི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃ་ཡིག་དཀར་པོ་སྔགས་ཕྲེང་གིས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་པས་སྡིག་སྒྲིབ་ཐམས་ཅད་དག་པར་བསམས་ལ། བླ་མ་རྡོ་རྗེ་སེམས་དཔའ་མཁྱེན། བདག་གི་སྡིག་ལྟུང་ཐམས་ཅད་དག་པར་མཛད་དུ་གསོལ་སྙམ་པའི་མོས་གུས་དྲག་པོས་ཡིག་བརྒྱ་དང་། ཨོཾ་བཛྲ་སཏྭ་ཧཱུྃ། ཞེས་བཟླས་པས་རྡོ་རྗེ་སེམས་དཔའི་སྐུ་དང་སྔགས་ཕྲེང་ལས་བདུད་རྩིའི་རྒྱུན་བབས་རང་གི་སྤྱི་བོ་ནས་ཞུགས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །ལུས་ཤེལ་གོང་གཡའ་དག་པ་ལྟ་བུར་གྱུར་པའི་རྐང་སེན་ནས་སྤྱི་བོའི་བར་བདུད་རྩི་དཀར་པོའི་རྒྱུན་གྱིས་མེར་གང་བར་བསམས་ལ། མགོན་པོ་བདག་ནི་མི་ཤེས་སོགས་ཀྱིས་གསོལ་བ་བཏབ་པས། སྤྱི་བོར་རྡོ་རྗེ་སེམས་དཔའ་དགྱེས་པ་ཆེན་པོས་ཁྱོད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པ་ཡིན་ནོ་གསུངས་ནས་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམས་ལ་གཉིས་མེད་ཀྱི་ངང་དུ་མཉམ་པར་བཞག་གོ །མཆོད་རྫས་བྱིན་རླབས་ནི། སྤོས་མར་མེ་མེ་ཏོག་ལ་སོགས་དངོས་འབྱོར་གྱི་མཆོད་པ་སྤྱི་དང་ཁྱད་པར་རང་གི་ལུས་དང་སྙིང་ལ་གཅེས་ཚད་ཀྱི་ནོར་ལོངས་སྤྱོད་ཀྱི་དངོས་པོ་གང་ཡོད། གཞན་ཡང་འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་ལོངས་སྤྱོད་ཡོད་ཚད་དངོས་པོ་ཐམས་ཅད་ཟག་པ་མེད་པའི་ཀུན་ཏུ་བཟང་པོའི་སྤྲིན་ཕུང་ལྟ་བུར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ༔ གསལ་སྟོང་ཟུང་འཇུག་སོགས་སྔོན་འགྲོའོ། །གཉིས་པ་དངོས་གཞི་ནི། འདི་ལྟར་ཕྱི་ནང་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་སྣང་ནི་སྣང་། བདེན་པར་ནི་མ་གྲུབ་རྨི་ལམ་དང་སྒྱུ་མ་ལྟ་བུའོ་སྙམ་དུ་དར་གཅིག་བསྒོམ། དེ་ནས་ཕྱི་སྣང་བ་ས་རྡོ་རི་བྲག་སྐྱེ་འགྲོ་སེམས་ཅན་སོགས་དང་། ནང་འཛིན་པ་སེམས་ཀྱི་སྣང་བ་སྣ་ཚོགས་སུ་འཆར་བ་འདི་ཐམས་ཅད་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་གྱུར་པར་བསམས་ལ། སེམས་སྣང་མེད་རྟོག་བྲལ་དུ་དར་གཅིག་བཞག །གཟུང་འཛིན་གཉིས་སྟོང་གི་ཡེ་ཤེས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་འཆི་སྲིད་དག་པ་ཆོས་ཀྱི་སྐུའོ་སྙམ་པ་བྱ། དེ་ཉིད་མ་རྟོགས་པའི་སྒྱུ་མ་ལྟ་བུའི་སེམས་ཅན་ལ་སྙིང་རྗེ་ཆེན་པོ་སྒྱུ་མ་ལྟ་བུ་དར་གཅིག་བསྒོམ། ཀུན་སྣང་གི་ཏིང་ངེ་འཛིན་བར་དོ་དག་པ་ལོངས་སྐུའོ་སྙམ་པ་བྱ། དེའི་ངང་ལས་རང་གི་རིག་པ་ཡི་གེ་ཧྲཱིཿཡིག་དམར་པོ་ཞིག་ཏུ་གསལ་བརྟན་གྱི་ཉམས་མ་སྐྱེས་ཀྱི་བར་དུ་བསྒོམ་པ་རྒྱུའི་ཏིང་ངེ་འཛིན་ཏེ་སྐྱེ་བ་དག་པ་སྤྲུལ་སྐུའོ་སྙམ་པས་ལམ་དུ་ཁྱེར། ཧྲཱིཿཡིག་དེ་ལས་འོད་ཟེར་འཕྲོས་ཕྱི་ནང་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་འོད་གསལ་གྱི་རང་མདངས་ཡེ་ཤེས་ལྔའི་གུར་ཁང་རྡོ་རྗེ་སྲུང་བའི་རྭ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་ཕུང་འབར་བ་དང་བཅས་པས་ཕྱོགས་ཐམས་ཅད་ཁྱབ་པའི་དབུས་སུ།པདྨ་ཉི་མ་རུ་དྲ་ཕོ་མོ་བསྣོལ་བའི་གདན་གྱི་སྟེང་དུ་རྒྱུའི་ཧྲཱིཿཡིག་དེ་འོད་དུ་ཞུ་བ་ལས། རང་ཉིད་དཔའ་བོ་རྟ་མགྲིན་སྐུ་མདོག་དམར་པོ་པདྨ་རཱ་གའི་མདངས་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ་ཁྲོ་གཏུམ་ཉམས་བརྒྱར་འབར་བའི་རྣམ་འགྱུར་ཅན་རལ་པ་དམར་སེར་གྱེན་དུ་བརྫེས་པའི་དབུས་ན་རྟ་མགོ་ལྗང་ཞུར་རྟ་སྐད་སྒྲོག་པ། སྤྱན་གསུམ་སྡང་མིག་ཏུ་བགྲད་ཅིང་རྔམས་པའི་ཞལ་གདངས་ཤིང་མཆེ་བ་དྲག་ཏུ་གཙིགས་པ་ལྗགས་གློག་ལྟར་འཁྱུག་ཅིང་འཇིགས་པའི་ང་རོ་སྒྲོག་པ། ཕྱག་གཡས་རྡོ་རྗེའི་གྲི་གུག་ཕྱར་ཞིང་ཕྱག་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། གྲུ་མོ་གཡོན་ན་རྡོ་རྗེ་ཁ་ཊྭཱཾ་ག་འཆང་བ་ཐོད་སྐམ་དབུ་རྒྱན། ཐོད་རློན་དོ་ཤལ། ཞིང་གླང་ལྤགས་པའི་སྟོད་གཡོགས། སྟག་ཤམ་སྦྲུལ་ཆུན། ཁྲག་ཞག་ཐལ་བའི་བྱུག་པ་སོགས་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་གི་དོར་སྟབས་བགྲད་པས་པདྨ་ཉི་ཟླ་བམ་རོའི་སྟེང་ན་འགྱིང་བའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་དབུ་གཙུག་ཕག་ཞལ་ནག་མོ་གྱེན་དུ་ངུར་བ། རྒྱན་དང་ཆ་ལུགས་ཡབ་དང་ཚུལ་མཐུན་པ་ཕྱག་གཡས་གྲི་གུག་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་ཐོད་ཁྲག་གཙོ་ལ་སྟོབ་པ། ཞབས་གཉིས་གཡས་བསྐུམ་པས་ཡབ་ལ་འཁྱུད་ཅིང་གཡོན་བརྐྱང་པའི་སྟབས་ཀྱིས་སྙོམས་པར་ཞུགས་པ། ཡབ་ཡུམ་གཉིས་ཀའི་སྐུ་ལས་འོད་ཟེར་རྡོ་རྗེའི་ཚྭ་ཚྭ་འཕྲོ་ཞིང་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་དབུས་ན་བཞུགས་པ་ཤིན་ཏུ་གསལ་བཏབ་ལ་བསྒོམ། དེ་ཡང་ལྷའི་རྣམ་པ་སྤྱི་བྱེ་བྲག་ལ་སེམས་འཛིན་པ་གསལ་སྣང་ང་རྒྱལ་དག་དྲན་སོགས་ཁྲིད་ཡིག་རྒྱས་པ་རྣམས་སུ་འབྱུང་བ་བཞིན་བསྒོམ་ཐུབ་ན་ཤིན་ཏུ་ལེགས་ཀྱང་། བློ་ཆུང་བ་དག་གིས་དེ་དག་ཕྲ་ཞིབ་གསལ་འདེབས་མ་ཐུབ་ན་གཏེར་ཆེན་བླ་མས་ཐུགས་ཐིག་གི་བསྙེན་ཡིག་ཏུ་གསུངས་པ་ལྟར། ང་ནི་ཐ་མལ་པ་མ་ཡིན་ཏེ་རྟ་ཕག་ཡབ་ཡུམ་དངོས་ཡིན་ནོ་སྙམ་པ་དང་། ཁང་ཁྱིམ་ཡུལ་གྲོང་འདི་དག་ཀྱང་ཡེ་ཤེས་ཀྱི་རང་མདངས་ལྷའི་གཞལ་ཡས་ཁང་དངོས་ཡིན་སྙམ་པ་བྱས་ལ། དེ་དག་ལ་འཛིན་མེད་ཀྱི་རྒྱས་བཏབ་ནས་བསྒོམ་པས་ཆོག་གོ །དེ་ལྟར་རང་ཉིད་རྟ་ཕག་ཏུ་གསལ་བའི་སྤྱི་བོར་འཇའ་ཚོན་འོད་ལྔའི་ཀློང་ན་པདྨའི་འདབ་མ་ཁ་བྱེ་མ་ཐག་པ་ལྟ་བུའི་གེ་སར་ཟེ་ཕོལ་གྱི་སྟེང་ན་ཉི་ཟླའི་གདན་ལ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་ཨ་ཙརྻ་གཞོན་ནུ་བཅུ་དྲུག་ལོན་པའི་ལང་ཚོ་ཅན། སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན་པ་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་ཕྱག་གཡོན་མཚན་ལྡན་གྱི་ཐོད་པ་བདུད་རྩིས་གང་བ་ལྟེ་བར་མཉམ་གཞག་གི་སྟེང་ན་འཛིན་པ། གྲུ་མོ་གཡོན་ན་ཁ་ཊྭཱཾ་ག་བརྟེན་པ། གསང་ཕོད་སྣམ་སྦྱར་ཟབ་བེར་བརྩེགས་མར་གསོལ་ཞིང་། མཉེན་ཞུ་སྒྲོ་དར་གྱི་རྒྱན་ཅན་མཛེས་པར་གསོལ་བ། ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་ངམ་རྒྱལ་པོ་རོལ་པའི་འདུག་སྟངས་ཅན་སྐུ་ལས་དྲི་མ་མེད་པའི་འོད་ཟེར་ཁ་དོག་དྲུག་གི་ཕྲེང་བ་མཁའ་ཁྱབ་ཏུ་སྤྲོ་བས་རིག་འཛིན་དཔའ་བོ་མཁའ་འགྲོ་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟ་བུའི་དབུས་ན་མཚན་དཔེ་གསལ་རྫོགས་སྣང་སྟོང་སྒྱུ་མའི་རང་གཟུགས་སྐྱབས་གནས་ཀུན་འདུས་མཐོང་ཐོས་དྲན་རེག་སྒྲོལ་བའི་བདག་ཉིད་ཆེན་པོར་བཞུགས་པར་གསལ་བཏབ། གལ་ཏེ་གསལ་མ་ཐེབས་ན་ཨོ་རྒྱན་གྱི་སྐུ་བརྙན་བྲིས་འབུར་གང་རུང་ཞིག་ལ་མིག་རེངས་རེངས་སུ་བལྟས་ལ་མིག་བཙུམ་པས་ཀྱང་དེའི་སྣང་བ་མིག་ངོར་ལམ་ལམ་བྱེད་པ་དང་དེ་ཉིད་སྤྱི་བོར་བསྒོམ། གལ་ཏེ་བློ་ཤིན་ཏུ་ཆུང་བ་དག་གིས་ཇི་ལྟར་བྱས་ཀྱང་གསལ་མ་ཐེབས་ན། མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་དུ་རང་གི་སྤྱི་བོར་མངོན་སུམ་ལྟ་བུར་བཞུགས་ཡོད་སྙམ་པ་བྱས་ལ། དེ་ཀའི་རིག་པ་རྗེན་པ་དེ་ག་མ་ཡེངས་པར་བྱས་པས་ཆོག་སྟེ། རྒོད་ཚང་སྣ་ཚོགས་རང་གྲོལ་གྱིས། མདོར་ན་བླ་མ་ཡིད་ལ་དྲན་ཙམ་པའི་བློ་དེ་ཀ་བླ་མའི་རང་ཞལ་ཡིན་པས་དེ་ཀ་མ་ཡེངས་པར་བསྐྱངས་པས་ཆོག་ཅེས་དང་། བླ་མ་བསྒོམ་པའི་སྐབས་ལས་དང་པོ་ལ་མ་དག་པའི་སྣང་བ་སྦྱང་ཕྱིར་དམིགས་རིམ་སྣ་ཚོགས་སུ་གསུངས་ནའང་དོན་དམ་པའི་མཐར་ཐུག་ནི། བླ་མ་ཡིད་ལ་དྲན་པ་དེ་ཀ་བླ་མའི་རྣལ་འབྱོར་ཡིན་པ་མ་གཏོགས། ཞལ་ཕྱག་རེ་རེ་ནས་མི་གསལ་བཞིན་དུ་བཟོ་བཅོས་བྱས་ནས་བསྒོམ་དགོས་ངེས་ཀྱང་གཏན་ནས་མ་ལགས་ཏེ། ཞེས་གསུངས། མདོར་ན་སྤྱི་བོར་བཞུགས་པའི་སློབ་དཔོན་ཆེན་པོ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་གསལ་ན་གསལ་བ་དེ་ཁ་བསྒོམ། མ་གསལ་ན་ངའི་བླ་མ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། རང་རེའི་སྣང་ངོར་སངས་རྒྱས་ཐམས་ཅད་ལས་ཀྱང་བཀའ་དྲིན་ཆེ་བ་དེ་དཔལ་ཨོ་རྒྱན་ཆེན་པོའི་རྣམ་པར་རང་གི་སྤྱི་བོར་མངོན་སུམ་དུ་བཞུགས་ཡོད། སྐྱིད་སྡུག་ལེགས་ཉེས་མཐོ་དམན་ཐམས་ཅད་ཁྱེད་རང་མཁྱེན་ནོ་སྙམ་པ་བྱས་ལ་དེ་ཁ་སེམས་མ་ཡེངས་པར་བྱས་ལ་མོས་གུས་གཅིག་ཆོག་རྒྱལ་པོ་ཉིད་ལ་ཧྲིལ་གྱིས་དྲིལ་ལ་ལམ་དུ་ཁྱེར་རོ། །དེ་ལྟར་ཡང། སྟོང་ཉིད་སྙིང་རྗེ་དབྱེར་མེད་ཧྲཱི༔ ཞེས་སོགས་ནས། སྤྲིན་ཕུང་གཏིབས་པ་ལྟ་བུར་གྱུར༔ ཞེས་པའི་བར་རོ། །དེ་ནས་སྤྱི་བོར་བཞུགས་པའི་མ་ཧཱ་གུ་རུའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ལྔ་འཇའ་ཚོན་གྱི་བ་ཐག་གཟེངས་པ་ལྟ་བུ་ནམ་མཁའ་རབ་འབྱམས་ཀྱི་ཁམས་གང་བར་སྤྲོས་པས་ལྷོ་ནུབ་པདྨ་འོད་ཀྱི་ཕོ་བྲང་ལ་སོགས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོ་ནས་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མ་ཧཱ་་་་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱི་རྣམ་པར་སྤྱན་དྲངས་པ་བྱའི་ཁྱུ་ཆེན་པོ་ནམ་མཁའ་ལ་འཕུར་བ་བཞིན་བྱོན་ནས་སྤྱི་བོའི་བླ་མ་ལ་ཐིམ་པས་སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་དུ་གྱུར་པར་བསམས་ལ། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ སོགས་ཚིག་བདུན་མའི་གསོལ་འདེབས་བརྒྱའམ་ཉེར་གཅིག་བདུན་ཙམ་གྱིས་མཐའ་རྟེན་པ་བྱས་ལ། རང་གི་ལུས་ལོངས་སྤྱོད་བདག་པོས་བཟུང་མ་བཟུང་གི་འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་ལོངས་སྤྱོད་སོགས་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་སྤྲིན་ནམ་མཁའི་ཁམས་གང་བས་མཆོད་པར་བསམས་ལ། ཧཱུྃ༔ པདྨ་ཐོད་ཕྲེང་གཤེགས་སུ་གསོལ༔ སོགས། ཡོན་ཏན་ཁྱད་པར་རྗེས་སུ་དྲན་པའི་སྒོ་ནས། སྐྱེ་འགག་འགྱུར་མེད་སོགས་ཀྱི་བསྟོད་པ་བྱའོ། །དེ་ནས་སྤྱི་བོར་བཞུགས་པའི་བླ་མ་སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་དུ་ངེས་ཤེས་དྲག་ཏུ་བསྐྱེད་པ་གལ་ཆེ་སྟེ་མོས་གུས་ཉིད་རྡོ་རྗེ་ཐེག་པའི་ལམ་གྱི་གཞི་རྟེན་ཁྱད་པར་ཅན་དུ་ངེས་པ་སྟེ། རྡོ་རྗེ་གསང་བའི་རྒྱུད་ལས། གཡོ་མེད་མོས་གུས་ཟླ་དྲུག་གིས། །རྡོ་རྗེ་འཆང་གི་གོ་འཕང་ཐོབ། །ཅེས་གསུངས་པས་ན། ཉམས་རྟོགས་རྒྱུད་ལ་སྐྱེ་བ་བླ་མའི་བྱིན་རླབས་ལ་རགས་ལས། བྱིན་རླབས་ཡོང་མི་ཡོང་མོས་གུས་གསོལ་འདེབས་ལ་རགས་ལུས་ཤིང་། མོས་གུས་ཞེས་པ་དེ་ཡང་ཁ་ནས་བླ་མ་མཁྱེན་ཟེར་བའི་ཚིག་ཙམ་ལ་ཟེར་བ་མ་ཡིན་གྱི། བླ་མ་ནི་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་རང་རེའི་སྣང་ངོར་སངས་རྒྱས་ཐམས་ཅད་ལས་ཀྱང་བཀའ་དྲིན་ཆེ་ཞིང་ལྷག་པ་ཡིན་པའི་འདུ་ཤེས་བསྐྱེད་དགོས་ཏེ། བླ་མ་མི་རུ་བཟུང་ན་དག་སྣང་དང་མོས་གུས་སྐྱེ་ཐབས་ག་ལ་ཡོད། དེའི་ཕྱིར་ན་སངས་རྒྱས་ཀུན་འདུས་ཀྱི་བདག་ཉིད་དུ་ཞེ་ཐག་པ་ནས་ངེས་ཤེས་བསྐྱེད་ལ་དད་མོས་ཀྱི་གདུང་ཤུགས་མཆི་མ་འཁྲུགས་པ་ཙམ་གྱི་སྒོ་ནས་གསོལ་བ་གདབ་སྟེ། དེ་ཡང་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱི་མཁྱེན་བརྩེ་ནུས་པའི་ཡོན་ཏན་ཐམས་ཅད་བདག་གིས་ཐོབ་སྟེ་མཁའ་མཉམ་གྱི་འགྲོ་བ་ཐམས་ཅད་སྲིད་པའི་རྒྱ་མཚོ་ལས་སྒྲོལ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ་ཡིད་རྩེ་གཅིག་ཏུ་སྒྲིལ་ལ། གུ་རུའི་གནས་གསུམ་ཡིག་འབྲུ་གསུམ་སོགས་ཀྱི་མཐར། བཛྲ་གུ་རུ་གསོལ་འདེབས་ཀྱི་ཚུལ་དུ་བགྲངས་པས། སྤྱི་བོའི་བླ་མའི་སྤྱི་བོ་ནས་ཨོཾ་ཡིག་དཀར་པོ། མགྲིན་པ་ནས་ཨཱཿཡིག་དམར་པོ། ཐུགས་ཀ་ནས་ཧཱུྃ་ཡིག་མཐིང་ག་རྣམས་ཆར་འབེབ་པ་བཞིན་དུ་བྱུང་སྟེ་རང་གི་གནས་གསུམ་དུ་སིབ་སིབ་ཐིམ་པས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམས་ལ། སེམས་གཞན་དུ་ཅུང་ཟད་ཙམ་མ་ཡེངས་པར་བཟླ་བར་བྱའོ། །དེ་ལྟར་གསོལ་བ་བཏབ་པས་མཆོག་གི་དངོས་གྲུབ་ཐོབ་ཅིང་། མཆོག་ཐོབ་ན་ཐུན་མོང་ཞོར་ལ་འབྱུང་བ་ཆོས་ཉིད་ཡིན་ནོ། །དེ་ལྟ་བུས་དཔེར་ན་ཐུན་རེ་ལ་བཛྲ་གུ་རུ་སྟོང་ཕྲག་གསུམ་ཙམ་རེ་དང་། ཀྱེ། དུས་གསུམ་སངས་རྒྱས་མའི་གསོལ་འདེབས་སུམ་བརྒྱ་ཙམ་རེ་བྱའོ། །དེ་ཡང་། ཡང་ན་གསལ་སྣང་། ཡང་ན་མོས་གུས་ལྟ་བུ་གཅིག་ལ་ཡིད་རྩེ་གཅིག་པས་སེམས་གཞན་དུ་མ་ཡེངས་པར་བཟླ་དགོས་ཏེ། སློབ་དཔོན་ཆེན་པོས། གཞན་དུ་ཡེངས་པར་གྱུར་པ་ན། །བསྐལ་བརྒྱར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་གསུངས་པའི་ཕྱིར་རོ། །དེ་དག་ནི་ཕྱི་སྒྲུབ་བསྙེན་པའི་མན་ངག་ལམ་ཟབ་བླ་མའི་རྣལ་འབྱོར་གྱི་རིམ་པ་སྟེ། རྡོ་རྗེ་ཐེག་པའི་ལམ་གྱི་སྙིང་པོ་རྒྱ་བོད་མཁས་གྲུབ་དུ་མའི་གཞུང་ལམ་འགྲན་ཟླ་མེད་པ་ཡིན་ནོ། །ཐུན་གྱི་མཐར་སྤྱི་བོའི་བླ་མ་རང་གི་སྤྱི་བོ་ནས་ཞུགས། སྙིང་གར་བྱོན། སྙིང་པདྨ་འདབ་བརྒྱད་སྙིང་ཚིལ་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་ན་རྩ་བའི་བླ་མ་མ་ཧཱ་གུ་རུ་གསང་འདུས་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། སྐུ་གཅེར་བུ་རུས་པའི་ཕྱག་རྒྱ་ལྔས་མཛེས་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་ཐུགས་ཀར་གདེངས་ཤིང་། ཕྱག་གཡོན་དྲིལ་བུས་ཡུམ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། པང་ན་ཡུམ་ཡེ་ཤེས་མཚོ་རྒྱལ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། གཅེར་བུ་རུས་པའི་ཕྱག་རྒྱ་ཅན། ཕྱག་གཡས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། ཕྱག་གཡོན་ཐོད་པའི་བདུད་རྩི་སྟོབ་པ། ཞབས་གཉིས་ཡབ་ཀྱི་སྐུ་རྐེད་ལ་འཁྲིལ་པའི་ཚུལ་གྱིས་མཉམ་པར་སྦྱོར་བ། ཡབ་ཡུམ་གཉིས་ཀ་བདེ་སྟོང་གཉིས་སུ་མེད་པའི་བདག་ཉིད་ཅན་དུ་ཡེ་ཤེས་འོད་ལྔའི་ཀློང་ན་བཞུགས་པར་གསལ་བཏབ་ལ། དེའི་སྐུ་ལས་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། སྣོད་བཅུད་ཀྱི་ཡོན་ཏན་ཐམས་ཅད་མ་ཧཱ་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་སྐུ་གསུང་ཐུགས་ཀྱི་རྣམ་པས་རང་ལ་སིབ་ཀྱིས་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམས་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་སོགས་སྒྲུབ་པའི་གསང་སྔགས་བརྒྱ་རྩ་ཙམ་བཟླ་བ་སྟེ་ནང་སྒྲུབ་སྒྲུབ་པའི་མན་ངག་གོ །དེ་ནས་སྙིང་གའི་བླ་མ་འོད་དུ་ཞུ་ནས་རང་ལ་སིབ་ཀྱིས་ཐིམ་པས་རང་ཉིད་བླ་མ་རྡོ་རྗེ་འཆང་ཡུམ་དང་བཅས་པའི་སྐུར་ལམ་གྱིས་གྱུར་པར་བསམས་ལ། བླ་མའི་རྡོ་རྗེ་གསུམ་དང་རང་གི་ལུས་ངག་ཡིད་གསུམ་ཆུ་དང་ཆུ་འདྲེས་པ་བཞིན་དབྱེར་མེད་དུ་གྱུར། དེའི་སྐུ་ལས་འོད་ཟེར་དཀར་པོ་འཕྲོས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས། འོད་ཟེར་སེར་པོ་འཕྲོས་ཚེ་དང་བསོད་ནམས་རྒྱས། འོད་ཟེར་དམར་པོ་འཕྲོས་ལྷ་འདྲེ་མི་གསུམ་དབང་དུ་བསྡུས། འོད་ཟེར་ལྗང་ནག་འཕྲོས་དགྲ་བགེགས་ཐམས་ཅད་ཚར་བཅད། འཁོར་འདས་སྣོད་བཅུད་ཀྱི་ཡོན་ཏན་ཐམས་ཅད་རང་ལ་ཐིམ་པར་བསམས་ལ། ཧྲཱིཿམ་ཧ་རི་ནི་ས་སོགས་ཉི་ཤུ་རྩ་གཅིག་ཙམ་རེ་བཟླ་སྟེ་གསང་སྒྲུབ་ལས་སྦྱོར་གྱི་ཚུལ་ལོ། །དེ་རྗེས། ཡེ་ཤེས་ལྷ་ཚོགས་སོགས་ཀྱི་མཆོད་བསྟོད་བྱ། ཡིག་བརྒྱ་བཟླས་པས་ནོངས་པ་བཤགས་ལ། རང་ཉིད་བླ་མ་ཐོད་ཕྲེང་རྩལ་དུ་གསལ་བའི་སྐུ་ལས་འོད་ཟེར་འཕྲོས་ཕྱི་རོལ་སྲུང་བའི་སྣོད་བཅུད་འོད་ལྔའི་དཀྱིལ་འཁོར་དང་བཅས་པ་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཡང་འོད་དུ་ཞུ་ནས་འོད་གསལ་སྟོང་པ་ཉིད་ཀྱི་དབྱིངས་སུ་ཐིམ་པར་བསམས་ལ་མཉམ་པར་བཞག །དེ་ལས་དྲན་རིག་མ་ཧཱ་གུ་རུའི་སྐུར་ལངས་ཏེ་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །ལམ་འདི་ལྟ་བུ་ཞིག་ལ་ཉམས་ལེན་གྱི་སྙིང་པོར་སྒྲིལ་ལ། དེ་ལས་གཞན་དུ་ཚེ་སྒྲུབ་ཕྱག་རྡོར་ལ་སོགས་པ་ཡི་དམ་གཞན་གྱི་བཟླས་བརྗོད་ཆགས་མེད་ཀྱི་རིགས་བྱེད་དགོས། གསང་སྒྲུབ་ཀྱི་བཟླས་པ་རྫོགས་པའི་མཐར་ལྷ་དེ་དང་དེའི་གསལ་སྣང་ང་རྒྱལ་བཏོན་ཏེ་བཟླས་པ་ཇི་ལྟར་རིགས་པ་བྱས་པས་ཆོག་གོ །དེ་ལྟར་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱི་ཟབ་མོ་ཐུགས་ཀྱི་སྒྲུབ་པ་བསྙེན་སྒྲུབ་ལས་གསུམ་གཅིག་ཏུ་དྲིལ་བ་སྙན་བརྒྱུད་ཟབ་དོན་མཁའ་འགྲོའི་ཞལ་རླངས་མ་ཡལ་བའི་གདམས་པ་འདི་ལྟ་བུར་ཉམས་ལེན་མི་ཚེ་དྲིལ་བའི་རྡོ་རུས་ཐུག་པ་ཞིག་མ་བྱས་་་ན། དེང་སང་སྙིགས་དུས་ཀྱི་སྐྱེ་བོ་རྣམས་བློ་སྣ་རྒོད་པས་གདམས་པ་འདི་ཨེ་ཟབ་འདི་ཨེ་ཟབ་སྙམ་པའི་གཡག་ལྟོག་རྩྭ་ཟ་བ་ལྟ་བུས་ཉམས་ལེན་ཨི་ཐི་བ་གཅིག་ཀྱང་མི་འབྱུང་ཞིང་ལར་ནས་རང་རེ་རྣམས་ཆོས་རྒྱ་ཆེན་པོ་མིང་སྙན་པོ་གཡེར་ཆེན་པོ་ཞིག་ལ་དགའ་ཞིང་སྙིང་པོར་དྲིལ་བའི་ཟབ་ལམ་འདི་དག་ལ་ཡིད་ཆེས་ཀྱི་ངེས་པ་རྙེད་པ་དཀའ་ལ། བཀའ་དགོངས་ལ་སོགས་པ་བཀའ་གཏེར་གྱི་ཆོས་བཀའ་ཆེན་པོ་རྣམས་དོན་ཟབ་མོ་ཚིག་འབྲུ་ཟབ་མོ་ཤ་སྟག་ཡིན་པས་ཉམས་སུ་ལོན་ན་དེ་ལས་ལྷག་པ་གང་ཡང་མི་དགོས་མོད། དེ་དག་ལ་ཉམས་ལེན་མཐིལ་ཕྱིན་པ་ཞིག་བྱེད་ཕྱིན། ཐོག་མར་རྒྱུད་འགྲེལ་མན་ངག་དང་བཅས་པ་ལ་ཞིབ་ཏུ་སྦྱངས། སྒྲུབ་ཐབས་ལས་ཚོགས་དང་བཅས་པ་ལ་ཚད་ལྡན་རྡོ་རྗེ་སློབ་དཔོན་གྱི་ཞལ་གྱི་གདམས་པ་ལེགས་པར་ཐོབ་སྟེ། རྒྱུད་སྒྲུབ་ཐབས་ཀྱི་ཐོག་ཏུ་འདྲིལ་བ། སྒྲུབ་ཐབས་ཉམས་ལེན་གྱི་ཐོག་ཏུ་དྲིལ་ཤེས་པ་ཞིག་གི་ཐོས་བསམ་སྒོམ་གསུམ་ལ་འབད་པར་རིགས་ལ། དེ་ལྟར་མིན་ན་གསང་སྔགས་བོན་གྱེར་ཙམ་དུ་ཟད་དོ། །དེའི་ཕྱིར་ན་དེང་སང་སྙིགས་མའི་མཐར་ཐུག །ཚེ་ལ་ལོང་མེད། ཐོས་བསམ་སྒོམ་གསུམ་མི་ལྕོགས། འདོད་ཐག་ཉེ། བློ་སྣ་མང་བ་འདི་འདྲའི་སྐབས་འདིར་མ་ཧཱ་གུ་རུ་པདྨའི་ཐུགས་བཅུད། མཁའ་འགྲོའི་སྙིང་ཁྲག་ཚིག་ཉུང་ལ་དོན་འདུས་པ་ཉམས་སུ་བླང་བདེ་བ། བྱིན་རླབས་ཀྱི་ཚན་ཁ་ལྷག་པར་ཆེ་བའི་ཟབ་མོའི་ལམ་འདི་ཡིད་བཞིན་གྱི་ནོར་བུ་དང་མཚུངས་པས་སྙན་བརྒྱུད་ཡིད་བཞིན་ནོར་བུ་ཞེས་མཚན་དང་དོན་མཐུན་པ་ཡིན་ནོ། །རྫོགས་རིམ་གྱི་རྣལ་འབྱོར་ནི། ཚུལ་འདི་ལ་རྩ་རླུང་ཐིག་ལེའི་ལམ་གྱི་རྫོགས་རིམ་གནད་གསུམ་ལ་བརྟེན་ནས་བདེ་གསལ་མི་རྟོག་པའི་ཉམས་ལེན་ཤིན་ཏུ་ཟབ་པ་སོགས་འགའ་ཞིག་མཆིས་པ་སླར་སྐབས་སུ་བབས་ན་ཡི་གེའི་ལམ་དུ་འདྲི་བར་འདོད་ལ། རྫོགས་ཆེན་ཁྲེགས་ཆོད་ཀྱི་ཉམས་ལེན་སྤྱི་ཙམ་ནི་ཁོ་བོས་བྱས་པའི་མན་ངག་གསེར་ཞུན་སྙིང་པོ་བཞིན་ཉམས་སུ་བླངས་པས་ཀྱང་བསྐྱེད་རྫོགས་ཀྱི་ལམ་ཁོ་ལག་ཚང་བར་འགྱུར་བ་ཡིན་ནོ། །གསུམ་པ་རྗེས་ནི། དེ་ལྟར་བསྒོམས་པས་གོང་གི་བསྙེན་སྒྲུབ་ལས་སྦྱོར་གྱི་རྟགས་དང་ཡོན་ཏན་ཡང་དངོས་ཉམས་རྨི་ལམ་དུ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཞལ་མཇལ་བ། ལུང་སྟོན་པ་སོགས་དང་། ཁྱད་པར་རང་རྒྱུད་དུག་ལྔའི་རྣམ་རྟོག་ཇེ་ཆུང་དུ་འགྲོ་ཞིང་། དད་མོས་སྙིང་རྗེ་དག་སྣང་མོས་གུས་སོགས་གོང་འཕེལ་དུ་འགྲོ་བ། ཁྱད་པར་རྩ་བའི་བླ་མ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་ཁ་ཙམ་མིན་པའི་དད་མོས་སྙིང་ནས་བསྐྱེད་དེ་ཐུགས་ཡིད་དབྱེར་མེད་དུ་འདྲེས་པས་ཀ་དག་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་མངོན་དུ་གྱུར་ཏེ་རང་གཞན་གྱི་དོན་གཉིས་ལྷུན་གྱིས་་་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་ལྟར་མདོ་རྒྱུད་མན་ངག་ཐམས་ཅད་ཀྱི། །སྙིང་པོའི་ཡང་བཅུད་ཟབ་མོའི་གདམས་པ་མཆོག །ལྷད་བྲལ་གསེར་ཞུན་དྭངས་མའི་ཁམས་ལྟ་བུར། །དམ་ལྡན་སློབ་མའི་དོན་དུ་མདོ་ཙམ་བཀོད། །ཟབ་མོའི་གདམས་པ་འདི་འདྲ་ཐོས་གྱུར་ནས། །ཉམས་ལེན་མེད་པར་སོས་དལ་ལུས་པ་ནི། །རྒྱ་མཚོའི་འགྲམ་དུ་སྐོམ་གྲིར་ཤི་བ་འམ། །དེད་དཔོན་སྟོང་ལོག་བྱེད་དང་ཅིས་མི་མཚུངས། །ཟོས་དང་མ་ཟོས་དམར་ཆུང་བྱད་ཀྱི་དཔེས། །ཉམས་ལེན་འབྲས་བུ་རང་རྒྱུད་ཐུལ་བ་དགོས། །རང་རྒྱུད་ཐ་རྒོད་དཔེ་ལྟར་རེངས་གྱུར་ན། །ཉམས་ལེན་དེ་ཡང་ཚིག་ཙམ་ཉིད་དུ་ཟད། །སྙིང་དང་འདྲ་བའི་སློབ་མ་རྣམ་པ་གསུམ། །སྙིང་ལས་གཅེས་པས་འདི་འདྲ་བསྟན་པ་ལས། །སྙིང་པོའི་ལམ་འདིར་ཡིད་ཆེས་ཆེས་དཀོན་པས། །སྙིང་འདྲའི་ཆོས་འདི་སྙིང་ལ་གབ་པར་རིགས། །དེ་སྐད་བདེ་ཆེན་ཆོས་དབང་ཀུན་བཟང་མཚན། །རྣམ་གསུམ་ཉམས་ལེན་གསལ་བར་བྱ་བའི་ཕྱིར། །ཕ་རྒོད་རྗེ་བཙུན་རཏྣས་བསྐྱངས་པའི་བུ། །ཟོག་རྒན་པདྨ་དགྱེས་པས་ཤར་མར་བྲིས།། ༈ །།གུ་རུའི་ཐུགས་སྒྲུབ་སྙན་བརྒྱུད་ཡིད་བཞིན་ནོར་བུའི་རྫོགས་རིམ་གྱི་ཁྲིད་ཡིག་སྙིང་བཅུད་དྭངས་མའི་ཡང་བཅུད་ཅེས་བྱ་བ་བཞུགས་སོ། །རྒྱལ་ཀུན་འདུས་ཞལ་པདྨ་འབྱུང་། །སེམས་ཀྱི་རྡོ་རྗེར་དབྱེར་མེད་ལ། །རང་ཞལ་མཇལ་བས་ཕྱག་བགྱིས་ནས། །ཡང་ཟབ་གདམས་པའི་སྙིང་པོ་བྲི། །དེ་ལ་འདིར་སྙན་བརྒྱུད་ཡིད་བཞིན་ནོར་བུའི་མན་ངག་རྫོགས་པའི་རིམ་པའི་ཁྲིད་ཡིག་སྐྱུད་བྱང་དུ་བཀོད་པ་ལ། དེ་ཡང་གསང་འདུས་ལས། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བརྟེན། །བསྐྱེད་པའི་རིམ་པ་དང་པོ་སྟེ། །རྫོགས་པའི་རིམ་པ་གཉིས་པ་འོ། །ཞེས་པ་ལྟར། བསྐྱེད་པའི་རིམ་པས་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ཀྱི་བག་ཆགས་སྦྱོང་ལ། རྫོགས་པའི་རིམ་པ་ནི་ནང་སེམས་ཀྱི་སྤྲོས་པ་ཉེ་བར་ཞི་བའི་རང་བཞིན་དུ་བཤད་ལ། དེ་གཉིས་ཟུང་དུ་འབྲེལ་བ་དངོས་གྲུབ་ཀྱི་ལམ་དུ་བསྟན་པ་ནི། གུར་ལས། དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་ནི་བདེ་བའི་སྡོམ་པ་སྟེ། །སངས་རྒྱས་རྣལ་འབྱོར་ང་རྒྱལ་གྱིས། །སངས་རྒྱས་ཉིད་ཡུན་རིང་མི་འགྱུར། །ཞེས་གསུངས་ཤིང་། བསྐྱེད་རིམ་མེད་པར་རྫོགས་རིམ་མི་རུང་བའི་ཚུལ་ནི། མཁའ་འགྲོ་སྡོམ་པ་ལས། ལྷ་དང་བྲལ་བའི་ལམ་དེ་ནི། །ལོག་པའི་ལམ་དུ་འབྱུང་བ་སྟེ། །སྔགས་ཀྱི་ལམ་དུ་དེ་མི་རུང་། །ཞེས་གསུངས། དེ་ཡང་གདོད་མ་ནས་སྐུ་གསུང་ཐུགས་ཀྱི་རྡོ་རྗེར་གནས་ཀྱང་བག་ཆགས་ཀྱི་སྒྲིབ་པས་མི་གསལ་བ་ཉིད། གསལ་བར་བྱེད་པ་ལ་རིམ་པ་གཉིས་ཀྱི་ལམ་བསྒོམ་དགོས་པ་ཡིན་ནོ། །དེ་ཡང་རྫོགས་རིམ་ཆེན་པོ་རིག་པ་མ་བཅོས་རྣལ་དུ་འཇོག་པའི་སྔོན་དུ། མི་རྟག །སྙིང་རྗེ། བྱང་སེམས། སྣང་སྲིད་སངས་རྒྱས་ཀྱི་ཞིང་དང་ལྷར་བསྐྱེད་ནས། སྔགས་བཟླ་ཞིང་ཕྲ་མོའི་རྣལ་འབྱོར་ལ་སེམས་བཟུང་བ། བླ་མའི་རྣལ་འབྱོར་བསྒོམ་སྟེ་གསོལ་བ་གདབ་པ་རྣམས་སྔོན་དུ་འགྲོ་དགོས་ཏེ། དེ་ལྟར་སོང་བས་ལམ་མ་ནོར་བར་ཆུད་པ། དངོས་གཞི་འབྱོང་སླ་བ། བར་ཆད་མེད་པ། མཆོག་ཐུན་གྱི་དངོས་གྲུབ་མྱུར་དུ་འགྲུབ་པ་ལ་སོགས་པའི་ཕན་ཡོན་མཐའ་ཡས་པ་ཐམས་ཅད་འགྲུབ་བོ། །ལམ་དངོས་ལ། བདེ་བ། གསལ་བ། མི་རྟོག་པ་གསུམ་བསྒོམ་པ་སྟེ། དེ་ཡང་བུད་ཤིང་དེ་མེ་མ་ཡིན་ཡང། དེ་ལས་མེ་འབར་བ་ལྟར། བདེ་གསལ་མི་རྟོག་པ་གསུམ་པོ་དེ་གཉུག་མ་ལྷན་ཅིག་སྐྱེས་པ་དངོས་མ་ཡིན་ཡང་། དེའི་གནད་ལས་རིག་པའི་ཡེ་ཤེས་རྟོགས་པར་འགྱུར་བའི་ཕྱིར་བསྒོམ་དགོས་པ་ཡིན་ནོ། །དེ་ལ་དང་པོ་བདེ་བ་བསྒོམ་པ་ནི། དབེན་ཞིང་ཡིད་དང་མཐུན་པ་རང་དབང་དུ་གྱུར་པའི་གནས་སུ། དེ་ལ་སྔོན་འགྲོ་ལྷའི་རྣལ་འབྱོར་དང་བཅས་པ་རྒྱས་པ་སྔོན་དུ་སོང་ན་འདིར་ཐུན་གྱི་འགོའི་བླ་མའི་རྣལ་འབྱོར་ཙམ་གྱིས་ཆོག །གཞན་དུ་སྔོན་འགྲོ་བསྐྱེད་རིམ་དང་བཅས་པ་བསྒོམ་པ་སྔོན་དུ་བཏང་ནས། སྟན་བདེ་བ་ལ་ལུས་གནད་མི་གཡོ་བར་འཆིང་བ་གལ་ཆེ་སྟེ། དེ་ཡང་ལུས་གྲོང་ཁྱེར་དང་འདྲ། རྩ་ལམ་དང་འདྲ། རླུང་རྟ་དང་འདྲ། རྣམ་ཤེས་མི་དང་འདྲ། བྱེད་པ་བཅིངས་པས་སྲང་སྒོ་ཁེགས་ནས་མི་རྟ་ནང་དུ་ཚུད་དེ་འགྲོར་མི་བཏུབ་པ་དང་འདྲ་གསུངས། དེ་ལ་ལུས་གནད་ནི། རྐང་པ་སྐྱིལ་ཀྲུང་། ལག་པ་རྡོ་རྗེ་ཁུ་ཚུར་མཐེ་བོས་སྲིན་ལག་གི་རྩ་བ་མནན་པ་རྐང་མཐིལ་གཉིས་ཀྱི་སྟེང་བཞག་ལ་ལག་ངར་བསྲང་། སྐེད་པ་ཅུང་ཟད་ཉེད་བྱས་ལ་ལྟོ་བ་ཕྱིར་ཕུལ། རོ་སྟོད་གཟེངས། མགྲིན་པ་ཅུང་ཟད་རྒུར་བས་ལྐོག་མས་ཨོལ་མདུད་ནོན་ཙམ། རྒལ་ཚིགས་དང་ལྟག་པ་བསྲང་། མགོ་བོ་ཡ་ཡོ་མེད་པར་གཟེངས་བྱས་ལ་ལུས་ཀྱི་ཆ་ཆ་ནས་ཧྲིལ་གྱིས་བསྒྲིམ། སོ་དང་མཆུ་རང་སར་བཞག །མིག་གི་ལྟ་སྟངས་མིག་འབྲས་མི་འགུལ་ཞིང་རྫི་མ་འཐབ་རྡེག་མེད་པར་གཡོ་མེད་དུ་ཆེ་རེ་བཞག །སེམས་གནད་རང་ཉིད་སྐད་ཅིག་གིས་རིགས་འདུས་བླ་མ་གསང་འདུས་ཐོད་ཕྲེང་རྩལ་གྱི་སྐུར་གསལ་བའི་སྐུའི་ནང་སྟོང་ཆེན་སྒྲིབ་གཡོགས་དང་བྲལ་བ་དྭངས་མ་འོད་ཀྱི་རང་བཞིན་དུ་དྭངས་པའི་དབུས་སུ་རྩ་ཨ་བ་དྷཱུ་ཏི་ཕྱི་དཀར་ལ་ནང་དམར་བ་སྦོམ་ཕྲ་སྦ་ལྕག་ཙམ་པ་སྦུབ་སྟོང་། དྭངས་ཤིང་སྒྲིབ་པ་མེད་པར་གསལ་བ། དྲང་ཞིང་གཡོ་བ་མེད་པ། ཡར་སྣ་ཚངས་བུག་དང་། མར་སྣ་གསང་གནས་སུ་ཟུག་པ། དེའི་གཡས་སུ་རོ་མ་དམར་པོ་ཁྲག་གིས་གང་བ། གཡོན་དུ་རྐྱང་མ་དཀར་པོ་ཁུ་བས་གང་བ། ཡར་སྣ་སྨིན་མཚམས་ནས་སྣ་བུག་གི་ནང་གཉིས་སུ་ཟུག་ཅིང་། མར་སྣ་ལྟེ་འོག་སོར་བཞིའི་ཐད་ནས་གུག་པ་དྷཱུ་ཏིར་ཚུད་པ། འཁོར་ལོ་བཞིའི་ཐད་ཀར་དྷཱུ་ཏི་ལ་ཐིམ་པའི་ཚུལ་གྱི་ནང་ཁོང་འབྲེལ་བར་གནས་པས་མི་མངོན་པ། དེ་ལྟར་རྩ་གསུམ་སྲོག་ཤིང་སློང་བ་ལྟ་བུ་ལ། འཁོར་ལོ་བཞི་གདུགས་ཀྱི་རྩིབས་མ་བཀོན་པ་ལྟ་བུ་སྟེ། འཁོར་ལོ་བཞིའི་ལྟེ་བ་དྷཱུ་ཏི་ནས་ཕྱོགས་བཞིར་རྩ་རེ་རེ་སྟེ་རྩ་བཞི་གྱེས་པའི། སྙིང་གར་དེ་ལས་གཉིས་རེ་གྱེས་པས་རྩ་འདབ་བརྒྱད། མགྲིན་པར་སྙིང་ག་ལྟར་གྱེས་པ་ལས་ཀྱང་གཉིས་གཉིས་གྱེས་པས་རྩ་འདབ་བཅུ་དྲུག །སྤྱི་བོར་མགྲིན་པ་ལྟར་གྱེས་པ་ལས་གཉིས་རེ་གྱེས་པའི་རྩ་འདབ་སོ་གཉིས། ལྟེ་བར་སྙིང་ག་ལྟར་གྱེས་པའི་རྩ་འདབ་བརྒྱད་ཀྱི་བཞི་ལས་གཉིས་རེ་གྱེས་པས་བཅུ་གཉིས་དང་། དེ་ལྟར་གྱེས་པའི་རྩ་འདབ་བརྒྱད་ལས་ལྔ་ལྔ་དང་། མ་གྱེས་པའི་བཞི་ལས་དྲུག་དྲུག་གྱེས་པས་རྩ་འདབ་དྲུག་ཅུ་རྩ་བཞི་དང་། དྲུག་རེ་གྱེས་པའི་ཡ་གྱལ་རེ་རེ་རླུང་མི་འབབ་པས་སྟོང་པའི་རྩ་བཞི་ཟེར་རོ། །དེ་ལྟར་རྩ་འདབ་ཐམས་ཅད་དྭངས་གསལ་སྦུབ་སྟོང་གི་རྣམ་པ་ཅན་དུ་བསྒོམ། དེ་ནས་དབུ་མ་དེ་ཇེ་ཆེར་སོང་སྟེ་མཐར་ལུས་ཐམས་ཅད་དབུ་མའི་རང་བཞིན་དུ་སོང་བར་བསམས་ལ་སེམས་གཏད་པས། ལུས་གྱི་ཆ་གང་དུ་སེམས་ཟིན་ཡང་། དབུ་མའི་ཡོན་ཏན་འབའ་ཞིག་འཆར་བའི་དགོས་པ་ཡོད་དེ། དེ་ནས་དབུ་མའི་ནང་ལྟེ་བའི་འཁོར་ལོའི་ནང་དུ་ཨ་ཤད་མེའི་རང་བཞིན་སྐྲ་རྩེ་ཙམ་པ། སྤྱི་བོའི་འཁོར་ལོའི་ནང་དུ་ཧཾ་དཀར་པོ་སྲན་མ་ཙམ་པ་ཆུའི་རང་བཞིན། སྙིང་གའི་འཁོར་ལོའི་ནང་དུ་ཡེ་ཤེས་སྙིང་པོའི་ཐིག་ལེ་སྔོན་པོ་འོད་ཟེར་ཁ་དོག་སྣ་ལྔ་འཕྲོ་བ་ཞིག་གསལ་བཏབ་ལ། དེ་ནས་རླུང་རོ་ལན་གསུམ་སྣ་སྒོ་ནས་དལ་བར་བསལ་ལ། སྟེང་རླུང་ཤིན་ཏུ་འཇམ་པ་རང་བབས་སུ་རྔུབས་པ་རོ་རྐྱང་གཉིས་ཀྱི་ལམ་ནས་བརྒྱུད་མར་སྣར་སླེབས་པ་དང་། འོག་རླུང་འཇམ་པོར་དྲངས་པ་ལྟེ་བའི་ཨ་ཤད་ལ་ཕོག །དེ་ནས་མེ་རྟ་རྔ་ཙམ། ཟངས་ཁབ་ཙམ་རིམ་གྱིས་ཇེ་ཆེར་འབར་བ་སྤྱི་བོའི་ཧཾ་ལ་ཕོག །དེ་ལས་བདུད་རྩིའི་རྒྱུན་བབས་པས་མེའི་གསོས་བྱས། རིམ་གྱིས་འབར་འཛག་ཇེ་ཆེར་གྱུར་པས་ཧཾ་ལས་བབས་པའི་བདུད་རྩིའི་རྒྱུན་གྱིས་འཁོར་ལོ་བཞི་དང་ལུས་ནང་ཐམས་ཅད་གང་། ཁྱད་པར་སྙིང་གའི་ཧཱུྃ་སྔོན་པོ་ལ་བབས་པས་བདེ་བ་བསྐྱེད་པར་བསམས་ལ་རྩེ་གཅིག་ཏུ་བསྒོམ་པས་བདེ་ཧྲིལ་བྱུང་དུས། སྙིང་གའི་ཧཱུྃ་དེ་ཇེ་ཕྲ་ཇེ་ཕྲ་ལས་མཐར་ཅིར་ཡང་མི་དམིགས་པའི་ངང་ལ་མཉམ་པར་བཞག་གོ །ཐབས་དེས་བདེ་སྟོང་སྤྲོས་པ་དང་བྲལ་བའི་ཡེ་ཤེས་རང་ལ་ཡོད་པ། དུས་དེང་འཆར་བར་བྱེད་པའི་གནད་དམ་པའོ། །དེ་ལྟར་བདེ་བའི་ཐབས་ལས་ཅི་ཡང་མི་དམིགས་པར་བསྒོམ་པས། ལུས་བདེ་བས་ཁྱབ་ལ་སེམས་སྤྲོ་བསྡུ་དང་བྲལ་བའི་རིག་པ་ཧར་སང་འཛིན་མེད་ནམ་མཁའ་ལྟ་བུར་ཤར་བ་ནི་བདེ་བ་འོད་གསལ་རྫོགས་པ་ཆེན་པོའི་ཡེ་ཤེས་ཡིན་ལ། དེ་ལྟར་བསྒོམས་པས་ལུས་བདེ་བས་ཁྱབ་པ་ལས་ཁམས་དྭངས་མ་རྒྱས་པའི་ཉམས་ལས་སྣང་བ་འཆར་བ། ཉིན་མཚན་བདེ་བས་ཁྱབ་པ། ཟུག་རྔུས་སེམས་མི་འཁྲུགས་པ་གསུམ་སྟེ་བདེ་བའི་ཉམས་གསུམ་དང་། རིག་པའི་རང་ངོ་མཐོང་བའི་ཤེས་རབ་ཁྱད་པར་ཅན་ཏེ་སྟོང་པའི་ཉམས་གཅིག་སྟེ་རྣམ་པ་བཞི་འཆར་ཞིང་། སྤྱན་དང་མངོན་ཤེས་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་འཆར་བར་འགྱུར་རོ། །གཉིས་པ་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམ་པ་ནི་རྩ་བསྒོམ་པའི་བར་སྔར་དང་འདྲ་བ་ལས། རླུང་རོ་ལན་གསུམ་ཕྱིར་བུས་ལ་སྟེང་རླུང་འཇམ་པོ་རང་བབས་སུ་རྔུབས་པས་སངས་རྒྱས་ལ་སོགས་པའི་སྣོད་བཅུད་ཀྱི་ཡོན་ཏན་ཐམས་ཅད་འོད་ཁ་དོག་རྣམ་པ་ལྔར་གྱུར་ཏེ་སྣ་བུག་གི་ལམ་ལས་རོ་རྐྱང་གཉིས་ཀྱི་ནང་དུ་ཞུགས་དབུ་མའི་མས་སྣ་རྩ་གསུམ་འདུས་པའི་མདོ་ནས་ཡར་ཞུགས་ཏེ་སྙིང་གའི་ཧཱུྃ་ལ་ཐིམ། ཧཱུྃ་ཡིག་འོད་ལྔར་འབར་དབུ་མའི་ནང་ཐམས་ཅད་ཡེ་ཤེས་ལྔའི་རླུང་འཇའ་ཚོན་ལྟ་བུས་གང་བ་ལ་སེམས་བཟུང་བས་གསལ་སྟོང་རྣམ་པར་མི་རྟོག་པའི་ཡོན་ཏན་འཆར་རོ། །དེ་ནས་སྣང་བ་རྣམ་སྦྱོང་གི་མན་ངག་བསྒོམ་པ་ནི། དབུ་མའི་ནང་ཡེ་ཤེས་ཀྱི་འོད་ཀྱིས་གང་བ་ལ་སེམས་བརྟན་པར་བཟུང་རྗེས། དེ་ལས་འོད་ཆད་དེ། རོ་རྐྱང་གཉིས་དང་འཁོར་ལོ་བཞིའི་ནང་ཐམས་ཅད་ཡེ་ཤེས་ཀྱི་རླུང་ཁ་དོག་ལྔ་པས་གང་། དེ་ལས་ཕྱིར་ཆད་པས་འཇིག་རྟེན་གྱི་ཁམས་ནམ་མཁས་གར་ཁྱབ་ཐམས་ཅད་ཡེ་ཤེས་ཀྱི་རླུང་འོད་ཁ་དོག་ལྔ་པས་གང་བ་ལ་སེམས་རྩེ་གཅིག་ཏུ་བཟུང་སྟེ་རླུང་ཁ་སྦྱོར་དུ་ཐུབ་ཐང་དུ་བཟུང་ཞིང་མི་ཐུབ་སྙམ་བྱེད་ན་ཕྱིར་སངས་ཀྱིས་བཏང་ནས་རླུང་ཞབས་ཅུང་ཟད་བཟུང་། སླར་ཡང་དལ་བུས་རྔུབས་ལ་སྔར་བཞིན་བསྒོམ་པ་ལ་རྩེ་གཅིག་ཏུ་འབད་པས་དབུ་མར་ཡེ་ཤེས་ཀྱི་རླུང་ལྔ་ཟིན་པའི་རྟགས་སུ་སྒོམ་ཁང་གི་ཉེ་འཁོར་དུ་འོད་ལྔ་འཁྱིལ་བ། སྒྲོན་མེ་འབར་བ། ཟླ་བ་ཤར་བ། སྲིན་བུ་མེ་ཁྱེར་ལྟ་བུ་དང་། དུ་བ་དང་། སྐར་མདའ་དང་། སྤྲིན་དང་། ལྷའི་གཟུགས་བརྙན་ལ་སོགས་པ་འཆར་ཞིང་། དེའི་ཚེ་སེམས་རྩེ་གཅིག་ཏུ་གནས་པ་ཞི་གནས་དང་། རང་གསལ་རྗེན་པའི་ལྷག་མཐོང་གཉིས་ངོ་བོ་གཅིག་ཏུ་འཆར་རོ། །སྣང་བ་རྣམ་དག་གི་ཏིང་ངེ་འཛིན་བསྒོམ་པ་ནི། ཕྱི་རོལ་འོད་ལྔའི་སྣང་བ་ཐམས་ཅད་ལུས་ནང་གི་འཁོར་ལོ་བཞི་དང་། དེ་ཡང་སྙིང་གའི་ཧཱུྃ་ལ་བསྡུ། དེ་ཇེ་ཕྲ་ལས་སྟོན་གནམ་གཡའ་དག་པ་ལྟར་ཅི་ཡང་མ་གྲུབ་པའི་ངང་ལ་བཞག་པས་རིག་པ་ཟང་ཀ་ཕྱམ་གསལ་དྭངས་པར་ཤར་བ་ནི་གསལ་སྟོང་རང་བྱུང་གི་ཡེ་ཤེས་འོད་གསལ་རྫོགས་པ་ཆེན་པོའི་གནས་ལུགས་སོ། །དེ་ལྟར་བསྒོམ་པ་ལས་རླུང་ཉམས་འལ་འོལ་ཟང་ཐལ། ཉིན་མཚན་གསལ་དྭངས་ཕྱེད་པ། རྟོག་པ་འགག་ལ་ཤེས་པ་གསལ་དྭངས་གསུམ་འཆར་ཞིང་རིག་པའི་ཉམས་སུ་གཟུང་འཛིན་མེད་ཅིང་བློ་མྱུར་བའི་ཤེས་རབ་འཆར་རོ། །ཡོན་ཏན་ནི། དེ་ལྟར་རླུང་གི་རྣལ་འབྱོར་བསྒོམས་པས་ཏིང་འཛིན་སྐྱེ་ཞིང་། མངོན་ཤེས་འཆར་བ། སྤྱན་དང་མངོན་ཤེས་ལ་སོགས་པའི་རྫུ་འཕྲུལ་འགྲུབ་པར་འགྱུར་རོ། །གསུམ་པ་རིག་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམ་པ་ནི། རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་བསྒོམ་པའི་བར་སྔར་དང་འདྲ་བ་ལས་ཁྱད་པར་འཕང་གཟུང་སྦྱང་གསུམ་གྱི་མན་ངག་ལ་སློབ་པ་སྟེ། དང་པོ་འཕང་བ་ནི། སྙིང་ག་ནས་འོད་ལྔའི་གོང་བུ་མཐེབ་སོར་ཙམ་པ་སྤྱི་གཙུག་ལས་ཐོན་ནས་ཇེ་མཐོ་ཇེ་མཐོར་སོང་སྟེ་མཐར་བལྟར་མེད་པར་སོང་བར་མོས་ལ། ཧ་དྲག་པོ་ཉི་ཤུ་རྩ་གཅིག་བརྗོད་ནས་ལུས་སེམས་གློད་དེ་བཞག་པས། སྨྲ་བསམ་བརྗོད་དུ་མེད་པའི་འོད་གསལ་འཆར་ཞིང་དེའི་ཉམས་ཀྱང་ནམ་མཁའ་ལྟ་བུར་ཉམས་སུ་མྱོང་བར་འགྱུར་རོ། །གཉིས་པ་གཟུང་བ་ནི། ནམ་མཁའ་རབ་ཏུ་དྭངས་པའི་ཚེ་ཉི་མའི་ངོས་ལ་རྒྱབ་བསྟན་ནས་མིག་མི་འགུལ་བར་ནམ་མཁའི་དཀྱིལ་དུ་གཏད། རླུང་དལ་བས་ཕྱིར་བཟུང་བས་སྐད་ཅིག་ལ་སྟོང་པའི་འོད་གསལ་འཆར་ཞིང་ཉམས་ཀྱང་དྭངས་སང་རྒྱ་ཆད་ཕྱོགས་ལྷུང་མེད་པ་འབྱུང་ངོ་། །དེའི་ཚེ་ནམ་མཁའ་སུམ་ཕྲུག་གི་དགོངས་པ་འཆར་ཏེ། སྟོང་གསལ་ཕྱིའི་ནམ་མཁའ་ལ་བརྟེན་ནས། རྟོག་མེད་ནང་གི་ནམ་མཁའ་སྟོང་པའི་འོད་གསལ་ཤར་བ་ལས། ཟང་ཐལ་གསང་བའི་ནམ་མཁའ་རིག་སྟོང་རྗེན་པར་རྟོགས་པ་སྟེ་ཐབས་ཀྱི་བྱིན་རླབས་ཀྱི་ལམ་བསྒོམ་པ་ལས་མཐོང་བར་འགྱུར་ཏེ། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །ཞེས་རྟེན་འབྲེལ་གནད་གཅིག་པའི་ཕྱིར་རོ། །གསུམ་པ་སྦྱང་བ་ནི། དེ་ལྟར་ནམ་མཁའ་ལ་རིག་པ་གཏད་པས་སྟོང་པར་ཕྱམ་གྱིས་སང་དུས། ཕྱི་སྣང་བའི་དངོས་པོ་ས་རྡོ་རི་བྲག་ཐམས་ཅད་ཟང་ཐལ་རང་ཡལ་ལ་སོང་ནས་བར་སྣང་དང་འདྲེས་པར་བསམ་པ་ལས། རང་ལུས་ཀྱང་རང་ཡལ་ནམ་མཁའི་རང་བཞིན་དུ་སོང་སྟེ། ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་ནམ་མཁའ་ལ་སྤྲིན་ཡལ་བ་ལྟར་ཕྱི་ནང་བར་མེད་ཧར་སངས་ཕྱལ་བའི་ངང་ལ་སེམས་སྤྲོ་བསྡུ་མེད་པར་བཞག་པས། མཐའ་གྲོལ་ནམ་མཁའ་ལྟ་བུའི་དགོངས་པ་ཤར་བ་ནི། ཀ་དག་ཆོས་ཟད་ཀྱི་དགོངས་པ་སྟེ། ཀུན་བྱེད་ལས། རྣལ་འབྱོར་ནམ་མཁའི་བྱ་ལམ་གནས་ཞེས་སོ། །དེ་ལྟར་བསྒོམས་པའི་ཉམས་ཀྱང་དབུ་མའི་རྩ་སྦུག་རིག་པའི་ངོ་བོའི་ཉམས་ལ་སྣོད་བཅུད་ཐམས་ཅད་སང་སེང་ཁྲལ་ཁྲོལ་དུ་སོང་ནས་རགས་པའི་འདུ་ཤེས་མེད་པ། ཉིན་མཚན་རྟོག་མེད་ལ་གནས་པ། ཉོན་མོངས་པ་སྐྱེ་རྒྱུ་མེད་པ་ལྟར་སོང་ནས་རྐྱེན་གང་ལ་ཡང་ཉམ་མི་ང་བ། ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་རྟོགས་པས་བྱ་རྩོལ་གྱི་འདུ་ཤེས་མེད་པའོ། །ཡོན་ཏན་ནི། དེ་ལྟར་བསྒོམས་པས་ཞི་ལྷག་ཟུང་འབྲེལ་གྱི་ལམ་གྲུབ་ནས་གནས་སྐབས་དང་མཐར་ཐུག་གི་ལམ་གྱི་ཡོན་ཏན་ཐམས་ཅད་འགྲུབ་པ་ཡིན་ནོ། །དེ་ལྟར་བསྒོམས་པ་ལས་ཉམས་ཀྱང་བཟང་ཉམས་ནི་སྔར་སོ་སོའི་ཐད་དུ་བསྟན་ཟིན་ལ། ངན་ཉམས་ནི། བདེ་གསལ་མི་རྟོག་གསུམ་གང་བསྒོམས་ཀྱང་དེའི་ངང་ལ་ཆགས་སེམས་ཉིད་བདེ་གསལ་མི་རྟོག་པར་འདུག་སྙམ་པའི་འཛིན་ཞེན། དེ་ལས་གཞན་ཡང་དག་པའི་ལམ་མ་ཡིན་སྙམ་པ། དེ་ཉིད་མཐར་འཛིན་པ། བདེ་བ་འདོད་ཆགས། གསལ་བ་ཞེ་སྡང་། མི་རྟོག་པ་གཏི་མུག་གི་དུག་དང་འདྲེས་ལ། བདེ་ལོག་ཐིག་ལེའི་གེགས། གསལ་ལོག་རླུང་གི་གེགས། སྟོང་ལོག་རྟོག་མེད་ཀྱི་གེགས་རྣམས་ནི་ཉམས་སྐྱོན་ཏེ། བཅོས་ཐབས་ཐུན་མོང་ནི་སོ་སོ་ངོས་བཟུང་ལ་དེའི་གཉེན་པོར་གང་ཟབ་བསྟེན་པ་གཞན་དང་འདྲ་ལ། ཐུན་མོང་མ་ཡིན་པ་ནི་རིག་པ་རང་ངོ་ཤེས་པའི་གནད་གཅིག་པུ་འདིས་བཅོས་ཏེ། གེགས་གང་བྱུང་ཡང་ངོས་བཟུང་ལ། བླ་མའི་མོས་གུས་གསོལ་འདེབས་དྲག་ལ་བྱིན་ཕེབས་པ་གཅིག་བྱས་ལ། གེགས་དེ་གང་ལས་བྱུང་། གང་ན་འདུག །སུ་གནོད་བརྟགས་པས་དེ་རྣམས་མ་རྙེད་པར་རིག་པ་ཟང་ཀ་རྗེན་པ་བདེ་སང་ངེ་འདུག །དུས་ཐམས་ཅད་དུ་རིག་པའི་རང་མདངས་སུ་གྲོལ་ཏེ་བར་ཆད་དངོས་གྲུབ་ཏུ་ཤེས་པའི་རྣལ་འབྱོར་པ་ཞེས་བྱ་སྟེ། དེ་ལྟར་གང་ཤར་ཅི་བྱུང་སྐྱོན་ཡོན་དུ་གྱུར་ཚད་ཐམས་ཅད་རིག་པའི་རོལ་པ་ལས་གཞན་མེད་པས། བདེ་ཡང་རིག་པ། སྡུག་ཀྱང་རིག་པ། དགའ་ཡང་རིག་པ་མ་གཏོགས་མེད་པས་རིག་པ་གསལ་དྭངས་ཕྱེད་པ་ལས་གེགས་བཙལ་གྱིས་མི་རྙེད་དེ། འདི་ནི་རང་བཞིན་རྫོགས་པ་ཆེན་པོའི་གནད་གལ་པོ་ཆེ་ཡིན་ནོ། དེ་ལྟར་བདེ་གསལ་མི་རྟོག་གསུམ་གྱི་ཐབས་ལས་བྱུང་བའི་ཡེ་ཤེས་དེ་ཉིད་འགག་བསྡུ་ན། རང་སེམས་བཅོས་བསླད་མེད་པའི་ངང་ལ་རེ་དོགས་འབད་རྩོལ་ཞིག་པས་རང་གསལ་རྗེན་པར་འཇོག་པ་ཉིད་ཡིན་ཏེ། །ཀུན་བྱེད་ལས། ཀྱེ། སེམས་དཔའ་ཆེན་པོ་ཉོན་ཅིག །སྔ་རབས་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། །རང་གིས་སེམས་ལས་གཞན་དུ་ཆོས་བཙལ་མེད། །ཇི་བཞིན་པ་ལ་འཆོས་པར་བྱེད་མ་མྱོང་། །ཏིང་འཛིན་རྣམ་པར་རྟོག་པ་བསྒོམ་མ་མྱོང་། །རང་སེམས་མི་རྟོག་པ་ཡིས་གྲུབ་པ་ཡིན། །ད་ལྟ་བཞུགས་དང་སླད་ནས་འབྱོན་པ་ཡང་། །རྟོག་མེད་མཉམ་པ་ཉིད་ཀྱིས་འགྲུབ་པར་འགྱུར། །ཞེས་སོ། །འབྲས་བུ་ནི། དེ་ལྟར་བསྒོམས་པས་གནས་སྐབས་བདེ་གསལ་མི་རྟོག་པའི་ཏིང་འཛིན་འགྲུབ་སྟེ་སྤྱན་དང་མངོན་ཤེས་སོགས་ཀྱི་ཡོན་ཏན། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་སྟེ། སྐུ་གསུམ་ཡེ་ཤེས་དང་བཅས་པས་འགྲོ་བའི་དོན་མཛད་པ་ནི། ཆོས་སྐུ་ནམ་མཁའ་ལྟ་བུ་ལས། གཟུགས་སྐུ་ཉི་ཟླ་འདྲ་བ་ཤར་ཏེ་འཁོར་བ་ཇི་སྲིད་ཀྱི་བར་འགྲོ་བའི་དོན་རྒྱ་ཆེ་རྒྱུན་མི་ཆད་དུ་མཛད་པ་སྟེ། མདོ་སྡེ་རྒྱན་ལས། སྐུ་གསུམ་དག་གི་སངས་རྒྱས་ཀྱི། །དོན་འདི་རྟེན་དང་བཅས་པ་ཡིན། །ཞེས་གསུངས་པ་ལྟར་རོ། །ཉིན་ཞག་ཕྲུག་གཅིག་ལ་ཇི་ལྟར་ཉམས་སུ་ལེན་ཚུལ་དགེ་སྦྱོར་སྲང་འཇུག་གི་མན་ངག་ནི། ཉིན་མཚན་གྱི་ཆ་ལ་སྤྱིའི་དུས་བཞི་དང་། ཤེས་པ་སྐད་ཅིག་མ་གསང་བའི་དུས་ལ་བཞིར་ཕྱེ་བ་ལས། ཕྱིའི་དུས་བཞི་ནི། ཉིན་མོ་དུས་གཅིག །མཚན་མོ་དུས་གསུམ་དུ་ཕྱེ་བས་བཞི་སྟེ། ཉིན་དུས་སྣང་བ་རྒྱས་འདེབས་ཀྱི་མན་ངག་ནི། མཉམ་གཞག་ཏུ་འོད་གསལ་རྣམ་པར་མི་རྟོག་པའི་ངང་ལ་བཞག་ཅིང་། རྗེས་ཐོབ་ཏུ་ཡང་དག་པའི་སྒྱུ་ལུས་སྣང་བ་ལྷ་སྐུར་གསལ་བ་ཉིད་འོད་གསལ་དུ་སྦྱངས་པས་རྩལ་འདོན་ཅིང་། མཚན་མོ་ཡེ་ཤེས་གནད་དུ་བསྣུན་པའི་མན་ངག་ལ་གསུམ་ལས། དང་པོ་སྲོད་ལ་དབང་པོ་གནད་དུ་བསྡུ་བ་ནི། ལུས་གནད་བཅའ་འཇམ་རླུང་བུམ་ཅན་གྱིས་དབུ་མའི་ནང་གི་ལྟེ་བའི་ཨ་ཡིག་སྦར་བས་སྤྱི་བོའི་ཧཾ་ཞུ་སྟེ་སྙིང་གར་བབས་པའི་ཐིག་ལེ་ལ་སེམས་བཟུང་བས་ལྷན་སྐྱེས་ཀྱི་ཡེ་ཤེས་བདེ་སྟོང་ངང་གིས་འཆར་རོ། །གཉིས་པ་ནམ་གུང་ཤེས་པ་བུམ་པར་འདྲིལ་བ་ནི། སྙིང་པདྨ་དམར་པོ་འདབ་མ་བཞི་པའི་ནང་དུ་ཨ་དཀར་པོ་འོད་འབར་བ་ལ་སེམས་གཏད་དེ། སྙིང་གར་འཇམ་རླུང་ཁ་སྦྱོར་དུ་བཟུང་ནས་གཞོག་གཡས་ཕབ་ནས་སེང་གེའི་སྟབས་ཀྱིས་ཉལ་བས་གཉིད་མཐུག་འོད་གསལ་དུ་འཆར་རོ། །གསུམ་པ་ཐོ་རངས་རིག་པ་རང་གསལ་གདབ་པ་ནི། ཐོ་རངས་ལངས་ཏེ་སེང་གེའི་འདུག་སྟངས་ཀྱིས་དབུགས་རིང་གསུམ་ཕྱིར་བུས་ལ་རླུང་ཕྱིར་བཟུང་། དེའི་ཚེ་སྙིང་གའི་ཨ་དེ་ཚངས་བུག་ནས་རྒྱང་གིས་ཐོན་སྤྱི་བོའི་སྟེང་འདོམ་གང་ཙམ་གྱི་ནམ་མཁར་ལིང་ངེ་འདུག་པ་ལ་སེམས་གཏད་པས་གསལ་སྟོང་གི་ཡེ་ཤེས་འཆར་རོ། །གཉིས་པ་གསང་བའི་དུས་བཞི་ནི། བློས་ཕྱེ་བ་རྣམ་པར་རྟོག་པའི་དུས་གསུམ་དང་། བློ་བྲལ་རྣམ་པར་མི་རྟོག་པའི་དུས་གཅིག་སྟེ་བཞི་ལས། བཞི་ཆ་གསུམ་བྲལ་ཆོས་སྐུ་བློ་འདས་ཀྱི་དགོངས་པ་ངོས་བཟུང་ནས། དེའི་ངང་ལས་མི་གཡོ་བར་སོ་མར་འཇོག་པ་སྟེ། རྣམ་པར་རྟོག་པའི་དུས། རྣམ་རྟོག་སྔ་མ་འགག །ཕྱི་མ་མ་སྐྱེས། ད་ལྟར་གྱི་བློ་བཅས་བཅོས་མེད་པར་བསྐྱུར་པས་རྣམ་པར་མི་རྟོག་པ་ཐ་མལ་གྱི་རིག་པ་རྗེན་པ་གསལ་བ་ངོས་བཟུང་མེད་པར་འཆར་བས། དེ་ཀའི་ངང་དུ་རིག་གེ །སང་ངེ་། སལ་ལེ་བར་བསྐྱང་བར་བྱ་སྟེ། གསང་བ་སྒྲ་རྒྱུད་ལས། སྔ་ཕྱི་དྲན་རྟོག་མེད་པ་ཡིས། །རིག་གེ་སེང་ངེ་སལ་ལེ་བ། །ད་ལྟའི་ཤེས་པ་འདི་ཉིད་ལ། ཆོས་སྐུ་བཞི་ལྡན་ངོས་བཟུང་ངོ་། །ཞེས་གསུངས་པ་ལྟར་བསླབ་པར་བྱའོ། །དེ་ནས་ལམ་སོ་སོའི་ཐད་དུ་ཉམས་སུ་མྱངས་པའི་རྟགས་ཚད། ཉམས་སུ་མྱོང་བའི་དོན་ངོ་སྤྲོད་པ། གེགས་སེལ་བོགས་འདོན་ལ་སོགས་པ་རྣམས་ནི། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཆོས་རྒྱལ་གཏེར་བདག་གླིང་པ། ལོ་ཆེན་ཐམས་ཅད་མཁྱེན་པ་དྷརྨ་ཤྲཱི་སོགས་དམ་པ་གོང་མ་རྣམས་ཀྱིས་མཛད་པའི་རིགས་མཐུན་གྱི་ཁྲིད་ཡིག་གཞན་ལས་ཤེས་ཤིང་། གནད་མཐར་ཐུག་པ་ནི་ཡེ་ཤེས་ཀྱི་སྐུ་ཅན་བླ་མ་དམ་པའི་ཞལ་ལུང་ཁོ་ན་ལས་ཤེས་པར་བྱའོ། །པདྨའི་ཞལ་ལུང་མཐར་ཐུག་ཟབ་མོའི་གནད། །བདེ་གསལ་མི་རྟོག་འོད་གསལ་སྙིང་པོའི་ལམ། །གསལ་བྱེད་གདམས་པའི་སྙིང་པོ་འདི་བྲིས་མཐུས། །འགྲོ་ཀུན་ལྷན་སྐྱེས་ཟབ་མོའི་དོན་རྟོགས་ཤོག །ཅེས་སྙན་བརྒྱུད་ཡིད་བཞིན་ནོར་བུའི་རྫོགས་རིམ་གྱི་ཁྲིད་ཡིག་ཟིན་བྲིས་སུ་བཀོད་པ་འདི་ཡང་ཀུན་བཟང་ཕྲིན་ལས་མཚོ་མོས་ནན་གྱིས་བསྐུལ་བ་ལས་པདྨ་དགྱེས་པས་བྲིས་པ་ཕྱོགས་དུས་ཐམས་ཅད་དུ་ཟབ་ལམ་གྱི་བསྟན་པ་རྒྱས་པའི་རྒྱུར་གྱུར་ཅིག །རིག་འཛིན་གཏེར་བདག་གླིང་པ་དང་ཐུགས་རྒྱུད་གཅིག་པར་ཞལ་གྱིས་བཞེས་པའི་ང་ཕོད་དགེ་རྒན་མཁས་གྲུབ་ཆེན་པོ་པདྨ་དགྱེས་པའི་དགོངས་གཏེར་སྙན་བརྒྱུད་ཡིད་བཞིན་ནོར་བུའི་སྐོར་ལས། ཡབ་བཀའ་གཞུང་རྩ་བ། དབང་། རྫོགས་རིམ་སྐོར། དྲག་སྒྲུབ། ཚེ་སྒྲུབ། གྲོལ་ལམ་གྱི་གདམས་པ། ལས་བྱང་སོགས་ཆོག་བསྒྲིགས། ཡུམ་བཀའ་མཁའ་འགྲོ་བདེ་སྟོང་སྤྲིན་ཕུང་ཕྱི་ནང་གསང་སྒྲུབ། བསྐྱེད་རྫོགས་ལས་ཚོགས་དང་བཅས་པ་དང་། བཀའ་སྲུང་གཡུ་སྒྲོན་མའི་སྐོར། དེ་དག་གི་ཆོག་བསྒྲིགས་བཅས་ཟབ་ལ་འདྲིལ་བའི་ཆོས་ཚན་ལྔ་བཅུ་རྩ་གཅིག་བཞུགས་པ་ཡིན་ནོ། །བརྒྱུད་པ་ནི། མཁས་གྲུབ་པདྨ་དགྱེས་པ། རྗེ་ཡེ་ཤེས་ལྷུན་གྲུབ། རིག་འཛིན་པདྨ་ཚེ་དབང་། རྗེ་མཁྱེན་རབ་མཐུ་སྟོབས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། །དེས་སོ།། །།
ཆར་གཅོད་ཁྲོཾ་ལྔ་ཕུ་བརྒྱད་ (Volume 45, Text 5)
༄༅། །ཆར་གཅོད་ཁྲོཾ་ལྔ་ཕུ་བརྒྱད་བཞུགས་སོ། །གནུབས་ཀྱི་གོང་ཁུག་མ། ཡི་དམ་ལྷ་ལ་ཕྱག་འཚལ་ལོ། །ཆར་གཅོད་འདི་ལ། འཁོར་ལོ། །རྫས། སྔགས། ལོག་གནོན་བཞིའོ། །དེ་ལ་འཁོར་ལོ་ནི། གྲོ་ཤོག་གཙང་མ་ལ་ཁྱུང་གི་ལྟོ་བར་འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་ལྡན་པའི་ལྟེ་བ་དང་རྩིབས་བཞི་ལ། ཁྲོཾ་ རེ་རེ། ལྟེ་བར་ཁྲོཾ་ལ་གཡས་སྐོར་དུ། བུདྡྷ་གྷ་རུ་ཎཿཙ་ལེ་ཙ་ལེ་ཧཱུྃ་ཕཊ། དེ་བཞིན་དུ། མགྲིན་པའི་རྩིབས་ནས་གཡས་སྐོར་དུ། བཛྲ། རཏྣ། པདྨ། ཀརྨ། རྣམས་ཐོག་མར་བྱས་པ་བྲི། མུ་ཁྱུད་ལ། ཨོཾ་གྷ་རུ་ཎཿཙ་ལེ་ཙ་ལེ་ཧཱུྃ་ཕཊ། ནཱ་ག་རཱ་ཙ་ས་མ་ཡ་ཤིག་ཤིག །ནཱ་ག་རཱ་ཙ་ས་མ་ཡ་བྱེར་བྱེར། ནཱ་ག་རཱ་ཙ་ས་མ་ཡ་ནན་ནན། ནཱ་ག་རཱ་ཙ་ས་མ་ཡ་དུམ་དུམ་རྦད་རྦད་ཆོད་ཆོད། སྤྲིན་གཏོར། ཆུ་བུར་ཤིག་སྔོན་པོ་ཤིག་ཤིག་སྭཱ་ཧཱ། ཁྲོཾ་རིང་སྔགས་ཁྱུང་ལྔར་བསྐྱེད། རྫས་ནི་ཚྭ་དང་གླ་རྩིའོ། སྔགས་ནི་ཁྱུང་སྔགས་སྟོང་བཟླས་སོ། །ལོག་གནོན་ནི། ལ་ཆའི་ཁྱུང་གཟུགས་ཁྱུང་དམར་པོ་བསྒོམ། སྦལ་པ་ཆུང་ངུ་ཐབ་ཏུ་བཅུག་ལ་མེ་འབུད། སྦྲུལ། སྦལ་པ། ཝ་རྣམས་ཀྱི་ཤ །མི་མཛེ་ཅན་དང་། མེ་ཁམས་ཅན་གྱི་སྐྲ་སེན་བསྲེག །ཤིང་སྣ་ཚོགས་ཀྱི་དུད་པ་བཏང་། དེས་ངེས་པར་ཆོད། ནངས་པར་མི་དང་ངག་མ་འདྲེས་པ་ལ་སྔགས་ཅི་འགྲུབ་བཟླའོ། །ྀཨཚ། ཨོཾ་གྷ་རུ་ཎཿཙ་ལེ་ཙ་ལེ་ཧཱུྃ་ཕཊ། ཨོཾ་ཆར་ཆོད། སྤྲིན་གཏོར། སྤྲིན་ཁྲོལ། སྤྲིན་ཤིག །སྤྲིན་གྱི་ཆུ་བུར་སྔོན་པོ་ཤིག་ཤིག་སྭཱ་ཧཱ། དེས་ཚྭ་རྙིང་དང་འཁོར་ལོ་ལ་སྟོང་གིས་སྔགས་ལ་རབ་གནས་བྱའོ། །གྲོ་ཟན་གྱི་སྦལ་བ་ལ་ས་འཁོར་བཙུག །མར་གྱི་བྱ་ཁྱུང་ལ་གནམ་འཁོར་བཙུག །དེ་སྦལ་པ་ལ་བསྐྱོན། །སྐྱེར་ཚེར་གྱིས་ཁྱུང་གི་རྐང་པ་བྱའོ། །སྔགས་འདེབས་དུས་གནམ་མ་མཐོང་བར་བྱས་ནས་གྭའུ་ནང་དུ་བཅུག །ཆུ་མིག་ནང་དུ་ཆུས་མ་ནུབ་པར་སྦའོ། །ཟབ་བོ། །གནམ་འཁོར་ནི་གོང་དུ་བཤད་ལྟར་རམ། རྩིབས་བརྒྱད་ལ་མུ་ཁྱུད་དང་བཅས་པའི་དབུས་དང་རྩིབས་ལ་ཁྲོཾ་དགུ། མུ་ཁྱུད་ལ། ཨོཾ་གྷ་རུ་ཎཿསོགས། སྤྲུལ་པའི་ཁྱུང་ཆེན་དགུས་ཛམ་བུའི་གླིང་དུ་ཆར་གྱི་རྒྱུན་ཆེན་པོ་སྲུངས་ཤིག །ཅེས་བྲི། ས་འཁོར་སྦལ་པའི་ལྟེ་བར། པད་འདབ་བརྒྱད་ལ། དབུས་སུ། ྈྈྈྈྈྈྈ འདབ་མ་བརྒྱད་ལ། ཡིག་མགོ་ཕྱིར་བསྟན་གྱི་ཕུ་རཾ་ཁ་སྤྲོད་བརྒྱད་བྲི། མུ་ཁྱུད་ལ། མགྲིན་པ་ནས་གཡོན་སྐོར་གྱི། ནཱ་ག་རཱ་ཙ་སཏྭཾ་བྷ་ཡ། མཱ་ར་ཡ། ཐིབ་ནིག །རྦད་ཆོད། ཨོཾ་ཆར་ཆོད། སྤྲིན་གཏོར། སྤྲིན་ཁྲོལ། སྤྲིན་ཤིག །སྤྲིན་གྱི་ཆུ་བུར་སྔོན་པོ་ཤིག་ཤིག་སྭཱ་ཧཱ། ཀླུ་ཆེན་པོ་བརྒྱད་ཀྱིས་ཛམ་བུའི་གླིང་དུ་ཆར་ཆོད་སྤྲིན་གཏོར་ཅིག །ཅེས་སོ། །ྀཨཚ། ཉིན་གཅོད་ལ་གོ་ཐལ་ལ་སྔགས་འདི་བཏབ། ཨོཾ་ཆར་ཆོད་རི་སོད་དུམ་པ་སྭཱ་ཧཱ། ཕྱོགས་བཞིར་གཏོར། ཟབ་བོ། །རང་ཕྱག་རྡོར་དུ་བསྒོམ། ནམ་མཁའ་མེ་ཡིས་ཆོད་པར་བསམ། ཟབ་རྒྱ། དབུས་པ་རྟོགས་ལྡན་ཁོ་བོའི་ལུགས་སོ། །རྒྱ་རྒྱ་རྒྱ། ལུགས་གཅིག་ལ། རང་ཉིད་སྐད་ཅིག་གིས་བྱ་ཁྱུང་དམར་པོ་སྒྲོ་གཤོག་མཆུ་དང་བཅས་པ་ཐམས་ཅད་མེ་འབར་བས་ཁ་ཆར་གཏོང་བའི་ཀླུ་སྦྲུལ་གྱི་རྣམ་པར་གསལ་བ་ཚིག་ཅིང་ཉམ་ཐག་ཏུ་གྱུར། མེ་དེ་ཡང་སྟོང་གསུམ་གང་བ་བསྐྱེད་ལ། ཨོཾ་ནཱ་ག་རཱ་ཙ་ཆར་ཆོད། ནུ་གུ་རཱ་ཙ་ཆར་ཆོད། སྤྲིན་ནག་གཏོར་གཏོར། རྫས་ལ་རྩམ་པ་རྙིང་པ་དང་། ཚྭ་བསྲེས་ཏེ་མེར་བསྲེག་གོ །དྲག་རྫས་ནི། དེ་སྟེང་། སྦལ་པ་དང་། སྦྲུལ་ཤ །གླ་རྩི་བཅས་བསྲེ། ཐོ་རེངས་བྱ་ཁྭ་ཏའི་སྐད་མ་གྲགས་གོང་སྔགས་བཟླས་པའི་རྫས་མེ་ཐལ་འཇམ་པོ་ལ་བསྲེགས་ཤིང་དུད་པ་བཏང་། ནམ་མཁའ་ལ་ཕུ་རྒྱག །རང་གི་མགོ་སྟེང་དང་ཁ་ཆར་གར་འབབ་ས་རུ་བསྐྱེད་རིམ་གསལ་སྔགས་ཕུ་འདེབས་སོ། །ྀཨཚ། ཆར་པ་དང་ཁ་བ་སོགས་གཅོད་པའི་ཚེ། ཐོག་མར་བསང་དང་གསེར་སྐྱེམས་བྱ་ཞིང་བདེན་པ་བརྗོད། དེས་མ་ཆོད་ན། ཞི་བའི་རྫས་ལ་སྔགས་བཏབ་ཅིང་མེར་བསྲེག །དེས་མ་ཆོད་ན་དྲག་པོའི་རྫས་ལ་བྱ། དེས་ཀྱང་མ་ཆོད་ན། གནམ་འཁོར། ས་འཁོར་བྱ། དེ་ཐམས་ཅད་ཀྱིས་མ་ཆོད་ན། ས་འཁོར་ལམ་གྱི་གཞི་མདོར་མནན་པའི་སྟེང་སྐྱེར་པའི་མེ་རྒྱུན་མི་འཆད་པར་སྦར་ནས་དྲག་རྫས་བསྲེག །དེ་དག་གི་སྐབས་ཐམས་ཅད་དུ་རང་ཉིད་ཁྱུང་གི་བསྐྱེད་རིམ་མ་ཆག་པར་བསྒོམ། སྤྱིར་སྔགས་པས་ཁྱུང་གི་བསྙེན་པ་རྟགས་ཐོན་པ་གཅེས་སོ། །ལས་གྲུབ་པ་ན། གནམ་འཁོར་གྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམས་ནས་འཁོར་ལོ་མེར་བསྲེག །ས་འཁོར་ཀླུ་སྨན་བསྲེས་པའི་འོ་ཆབ་ཀྱིས་བྲན་ཅིང་། སེང་གེ་སྒྲ་དང་། སངས་རྒྱས་སྤྱན་མའི་སྔགས་བཟླ་ཞིང་གསོ་ལ་མཚོའམ་ཆུ་བོ་ཆེན་པོར་འཁོར་ལོ་སྦལ་གཟུགས་དང་བཅས་དོར། བསང་དང་གསེར་སྐྱེམས་ཀླུ་གཏོར་སོགས་ལ་འབད་པ་གལ་ཆེའོ། །ས་མ་ཡ། རྒྱ་རྒྱ་རྒྱ། གནུབས་ཀྱི་གོང་ཁུག་སྲོ་མ་ཅན་གྱི་ཤོག་དྲིལ་བཅུའི་ནང་ཚན་ཕྱག་ལེན་མའོ། །དགེའོ།། །།
གུ་རུ་དྲག་པོ་མཐིང་ནག་གི་གདབ་ལས་ཟློག་པ་བསྟན་དགྲ་འཇོམས་པའི་སྤུ་གྲི་ (Volume 14, Text 5)
གུ་རུ་དྲག་པོ་མཐིང་ནག་གི་གདབ་ལས་ཟློག་པ་བསྟན་དགྲ་འཇོམས་པའི་སྤུ་གྲི་ཞེས་བྱ་བ་བཞུགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བླ་མ་དང་གུ་རུ་དྲག་པོ་རྩལ་ལ་ཕྱག་འཚལ་ལོ༔ འདིར་གུ་རུ་དྲག་པོའི་གདབ་ལས་ཟློག་པ་ལ༔ དང་པོ་ལས་བྱང་ཚོགས་སྐོང་བཅས་གཞུང་ལྟར་བསྒྲུབས་ནས༔ ཟློག་པ་ནི་དྲག་པོའི་སྣོད་དམ་གང་རིགས་ནང་ས་སྟེགས་ནག་པོའི་སྟེང༔ དང་པོ་འཁོར་ལོ་རྩིབས་བཞི༔ དེ་ཕྱིར་རྩིབས་བཅུ༔ རྩིབས་ནང་དང་དབུས་སུ་ཟན་ལིང་སྤར་བཏབ་བཞག༔ དོ་གལ་ཆེ་བ་དང་ཤོག་ལིང་མི་གཟུགས་སྤྱི་ལིང་ལྟར་བཞག༔ དབུས་སུ་དྲག་པོའི་གཏོར་ཟློག་གནམ་ལྕགས་ཐོག་མདིལ་ལྟ་བུ་དྲག་རྒྱན་རྔམ་བརྗིད་ལྡན་པ༔ རྩིབས་བཞི་ལ་འཁོར་བཞི༔ རྩིབས་བཅུ་ལ་ཁྲོ་བོ་བཅུ༔ ཁྲག་སྐྱུ་ཕྱིར་བསྟན་བཅུ༔ མཐར་རྩང་ཉེར་བརྒྱད༔ ཕྱི་རོལ་ཟོར་རྫས་བཅས་བསྐོར༔ རྩང་རྩེ་ཤ་དར་ལིངྒས་བརྒྱན༔ བསྒྲལ་ཆས་སོགས་དགོས་ཆས་ཚང་བར་བཤམས་ལ༔ ལྷ་སྔགས་ཏིང་འཛིན་ལྡན་པས་བསྒྲུབ་པར་བྱ༔ ྈ ཨོ་རྒྱན་བཀའ་ལས༔ མ་འོངས་སྙིགས་མའི་དུས་བྱུང་ཚེ༔ སངས་རྒྱས་བསྟན་ལ་འཚེ་བ་མང༔ སེམས་ཅན་བདེ་སྐྱིད་དགྲ་འདྲེས་བཅོམ༔ དགྲ་དམག་ནད་གདོན་རླུང་ལྟར་འཚུབས༔ དགེ་བ་སྤངས་ནས་སྡིག་པ་སྒྲུབ༔ མི་རུང་སྣ་ཚོགས་རྟགས་ཤར་ཚེ༔ ང་ཡི་ཕྲིན་ལས་གློག་བས་མྱུར༔ དྲག་པོའི་མཐུ་རྩལ་ཐོག་དང་འདྲ༔ འདི་ཉིད་ཉམས་སུ་ལོངས་ཤིག་བུ༔ ལྷ་སྲས་རྒྱལ་པོ་ཁྱོད་ལ་གཏད༔ དུས་བབ་འགྲོ་དོན་ལྷུན་གྲུབ་འབྱུང༔ ཞེས་གསུངས༔ སར་་མར་་ཡར༔ རྒྱ་རྒྱ་རྒྱ༔ བསྒྲལ་ལས་ལ་ལིངྒ་བྲུབ་ཁུང་བསྒྲལ་ཆས་མདུན་དུ་ཚང་བར་བཤམ༔ དང་པོ་གསེར་སྐྱེམས་གཞན་ནས་སྦྱར་བ་ནི༔ ཕྱོགས་བཅུར་བཞུགས་པའི་བླ་མ་དང༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང༔ དཔལ་མགོན་བདུན་ཅུ་རྩ་ལྔ་དང༔ དྲེགས་པའི་ལྷ་སྲིན་སྡེ་བརྒྱད་དང༔ སྲིད་པའི་གཟའ་མཆོག་ཀིང་ཀང་དང༔ ལོ་ཟླ་ཞག་དུས་ཟ་མའི་ལྷ༔ ཡུལ་ལྷ་གཏེར་སྲུང་མ་ལུས་པ༔ འཁོར་བཅས་གསེར་སྐྱེམས་འདི་བཞེས་ལ༔ ཀོ་ལོང་གདུག་པ་མ་བྱེད་པར༔ བདག་གི་གྲོགས་དང་ཕྲིན་ལས་མཛོད༔ ཟོར་སྣ་དགྲ་བགེགས་སྟེང་དུ་དྲོངས༔ དེ་ནས་གཟུ་དཔང་འདི་ལྟར་རོ༔ ཧཱུྃ༔ དགོངས་ཤིག་བླ་མ་ཡི་དམ་མཆོག་གསུམ་ལྷ༔ ཁྱད་པར་དབང་དྲག་བདུད་འདུལ་དྲག་པོ་རྩལ༔ སྐུ་ལྔ་མཚན་བརྒྱད་རིག་འཛིན་མཁའ་འགྲོ་དང༔ འཇམ་དཔལ་རྟ་མགྲིན་ཕྱག་རྡོར་མཁའ་འགྲོ་ལྔ༔ མེ་དབལ་ཁྲོས་མ་ལྕགས་སྡིག་རྡོ་རྗེ་འབར༔ ཁྲོ་བཅུ་ཟ་གསོད་བཀའ་སྲུང་དམ་ཅན་ཚོགས༔ བདེན་རྫུན་ཤན་འབྱེད་འཇིག་རྟེན་དྲེགས་པའི་སྡེ༔ མ་ལུས་འཁོར་བཅས་གསན་ཅིང་དགོངས་མཛོད་ལ༔ དོན་བརྒྱུད་བསྟན་པའི་དོན་ལ་ཐུགས་བརྩེའི་ཕྱིར༔ བསྟན་འཛིན་སྐྱེས་བུ་བསྟན་རྩ་དགེ་འདུན་སྡེ༔ སྙིང་པོའི་བསྟན་འཛིན་རྣལ་འབྱོར་སྒྲུབ་པོ་སོགས༔ གནོད་ཅིང་འཚེ་བའི་བསྟན་དགྲ་སྒོས་དགྲ་དང༔ དབེན་རི་གཉན་པོ་བཅོམ་ཞིང་འགྲོ་ལ་འཚེ༔ མི་དགེའི་སྡིག་སྤྱོད་མཚམས་མེད་ལས་བསགས་པའི༔ དམ་ཉམས་དགྲ་བོ་ལས་ངན་འདྲེ་གདོན་འདིས༔ སངས་རྒྱས་བསྟན་བཤིག་དཀོན་མཆོག་དབུ་འཕང་སྨད༔ བདག་ཅག་རྣལ་འབྱོར་བྱང་ཆུབ་སྒྲུབ་པ་པོ༔ བསྟན་འགྲོ་ཆོས་བྱེད་ཀུན་ལ་སྡང་བ་ཡི༔ དམ་ཉམས་འདི་ལ་བཀའ་ཡི་ཆད་པ་ཕོབ༔ བདེན་རྫུན་ཤན་འབྱེད་གཟུ་དང་དཔང་པོ་མཛོད༔ བདག་ནི་མ་ལན་མ་ཉེས་རྒྱལ་བའི་བཀའ༔ ཚུལ་བཞིན་དང་དུ་བླངས་ནས་བསྒྲུབས་ལགས་ཀྱང༔ དམ་ཉམས་དགྲ་བོས་སྒྲུབ་ཏུ་མ་སྟེར་བ༔ ཡེ་ཤེས་སྤྱན་ལྡན་ཁྱེད་ཀྱིས་མཁྱེན་ལགས་པས༔ མྱུར་སྒྲོལ་དྲག་པོའི་མངོན་སྤྱོད་མ་གཡེལ་ཅིག༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ དེ་ནས་བྲུབ་ཁུང་བསྐྱེད་པ་ནི༔ ཧཱུྃ༔ རང་མདུན་ཨེ་ལས་གནམ་ལྕགས་ཁང་སྒྲོམ་ནི༔ གྲུ་གསུམ་རྒྱ་ཆེ་གཏིང་ཟབ་མུན་ནག་འཁྲིགས༔ ཞེ་སྡང་མེ་འབར་གཏི་མུག་ནད་སྤྲིན་འཁྲིགས༔ འདོད་ཆགས་ཆུ་ཁོལ་ཕྲག་དོག་རླུང་དམར་འཚུབས༔ ང་རྒྱལ་རི་ཉིལ་མཚོན་ཆའི་བུ་ཡུག་འཚུབས༔ གཤིན་རྗེའི་ལས་མཁན་ཕོ་ཉའི་དམག་གིས་བསྐོར༔ ཟིན་ནས་ཐར་མེད་གཤིན་རྗེའི་བཙོན་ཁང་ནང༔ ནྲྀ་ཏྲི་ལས་བྱུང་དགྲ་བགེགས་དངོས་སུ་གྱུར༔ འགུགས་གཞུག་ནི༔ ན་མོ༔ རྩ་བརྒྱུད་བླ་མ་རྒྱལ་བ་ཞི་ཁྲོའི་ལྷ༔ ཡི་དམ་གུ་རུ་དྲག་པོའི་ལྷ་ཚོགས་དང༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང༔ སྔགས་འཆང་བདག་གི་སྔགས་དང་ཏིང་ངེ་འཛིན༔ དཀོན་མཆོག་གསུམ་སོགས་བཀའ་ཡི་བདེན་པའི་མཐུས༔ བླ་མའི་སྐུ་དགྲ་བསྟན་དང་བསྟན་འཛིན་སྨོད༔ ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ སྔ་དགྲ་ལག་བདར་ཕྱི་དགྲ་ཡིད་ལ་སེམས༔ ད་དགྲ་གནོད་ཅིང་འཚེ་བའི་དགྲ་བགེགས་དང༔ ཁ་འཇམ་སྙིང་རྩུབ་ཞེ་ནས་སྨོད་པ་དང༔ དོ་བསྡོ་ཕོད་བཙུགས་བསམ་ངན་སྦྱོར་རྩུབ་བྱེད༔ མཐུ་ནུས་ཅི་འདུག་བུ་ལོན་བཞིན་དུ་སྙེག༔ དམག་སྣ་ཇག་སྣ་རྐུན་སྣ་སྟོན་པ་དང༔ མ་ཉེས་ཁ་ཡོག་ལན་མེད་སྲོག་ལ་རྒོལ༔ བསྡོས་པ་མེད་པར་ནོར་འཕྲོག་དགྲ་སྣ་སྟོན༔ བྱད་ཁ་ཕུར་ཁ་ཟོར་ཁ་བསྟན་པ་ཡི༔ ཡིད་ལ་དམིགས་པའི་དགྲ་བགེགས་འདི་ཉིད་དང༔ ཟ་འདྲེ་འཕུང་སྲི་སྒྲུབ་པའི་བར་ཆད་གདོན༔ གནམ་ས་གླིང་བཞི་གླིང་ཕྲན་རི་རབ་གསེང༔ བླ་མའི་སྐྱབས་འོག་སྔགས་པའི་སྲུང་བའི་གུར༔ ཉི་ཟླའི་ཐེམ་འོག་སྲིད་གསུམ་གར་གནས་ཀྱང༔ བྱད་མ་ལྷ་སྲུང་བཅས་པ་ཐམས་ཅད་ནི༔ སྐད་ཅིག་ཡུད་ཙམ་གཟུགས་རྟེན་འདི་ལ་ཁུག༔ འགུགས་གཞུག་ལན་གསུམ་བྱས༔ ཧཱུྃ༔ དབང་དྲག་འབར་བ་བདག་མདུན་ཐུགས་ཀ་ནས༔ འགུགས་བྱེད་དཀར་མོ་ལྕགས་ཀྱུ་འཛིན་པ་དང༔ འཆིང་བྱེད་སེར་མོ་ཞགས་པ་འཛིན་པའི་ཚོགས༔ སྡོམ་བྱེད་དམར་མོ་ལྕགས་སྒྲོག་འཛིན་པ་དང༔ མྱོས་བྱེད་ལྗང་མོ་དྲིལ་བུ་འཆང་བ་ཡི༔ ལས་བྱེད་ཕོ་ཉའི་དམག་དཔུང་ཁྲོ་ཞིང་གཏུམ༔ གྲངས་མེད་ནམ་མཁའི་ཕ་མཐའ་ཁྱབ་པར་འཕྲོས༔ དམ་ཉམས་བན་དགྲ་སྲིད་གསུམ་གར་གནས་ཀྱང༔ རང་དབང་མེད་པར་མྱུར་བ་ཉིད་དུ་ཁུག༔ ལིངྒ་མིང་གཟུགས་འདི་དང་དབྱེར་མེད་གྱུར༔ ཨཱ་ཀརྵ་ཡ་ཛཿཧཱུྃ་བཾ་ཧོ༔ གུ་གུལ་བདུག་ལ་ལྷ་དང་དབྱེ༔ བྱ་རོག་འུག་པའི་སྒྲོ་ཐོགས་ལ༔ ཧཱུྃ༔ དགྲ་བོ་སྲུང་བྱེད་ལྷ་ཁྱོད་ཉོན༔ ཞིང་བཅུ་ཚང་བའི་དམ་ཉམས་འདི༔ ཁྱོད་ཀྱིས་སྲུང་སྐྱོབ་མ་བྱེད་ཅིག༔ ལྷ་དང་དགྲ་འདི་ཕྲོལ་ལ་ཤོག༔ ལུས་དང་སྲུང་མ་ཕྲོལ་ལ་ཤོག༔ ཕ་བུ་མ་སྲུ་གཉེན་དང་ཕྲོལ༔ ཚེ་བསོད་ལུས་ལྷ་དབང་ཐང་ཕྲོལ༔ མི་མཐུན་མ་རུངས་བདུད་ལ་སྤྲོད༔ ཡེ་ཤེས་འཇིག་རྟེན་ལྷ་རྣམས་ནི༔ རང་རང་སོ་སོར་ད་གཤེགས་ཤིག༔ སྲུང་བ་བྱིན་རླབས་ཁ་སྦྱོར་ཕྱེས༔ དེ་བ་ཨཱ་ཀརྵ་ཤག་ཕྱེས༔ ལྷ་དང་ཕྲལ་ནས་འདི་ལྟར་བརྗོད༔ ཧཱུྃ༔ གདུག་པའི་དགྲ་བགེགས་ལས་ངན་དམ་ཉམས་ཁྱོད༔ རང་བྱས་ལས་ཀྱི་འབྲས་བུ་དུས་འདིར་མྱོང༔ མགོན་སྐྱབས་བྱེད་པའི་ལྷ་རྣམས་དབྱིངས་སུ་གཤེགས༔ གསོད་བྱེད་གཤིན་རྗེའི་ཕོ་ཉའི་ཚོགས་ཀྱིས་བསྐོར༔ སྒྲོལ་བྱེད་མཚོན་ཆ་མང་པོ་ཐོག་ལྟར་འབེབ༔ ཤི་སྲོག་ཕོད་བཙུག་བསྟན་དང་བདག་ལ་སྡང༔ འགྲོ་དྲུག་སེམས་ཅན་ཀུན་ལ་འཚེ་བ་ཡིས༔ དགེ་བ་ཁྱད་བསད་མི་དགེ་དང་དུ་བླངས༔ ཞིང་བཅུ་ཚང་བའི་ལས་ངན་ཁྱོད་ལ་ནི༔ ང་ཡི་སྙིང་རྗེས་བསྒྲལ་འདྲེན་མ་བྱས་ན༔ ཐར་མེད་ངན་སོང་གནས་སུ་ལྷུང་ངེས་པས༔ ཁྱོད་ལ་བརྩེ་བ་ང་ལས་མེད་པའི་ཕྱིར༔ ཁྱོད་ཉིད་བདག་གིས་སྙིང་རྗེ་ཆེན་པོས་བསྒྲལ༔ གཟུགས་ཕུང་ཚོགས་འཁོར་རྣམ་ཤེས་ཆོས་དབྱིངས་འཕོ༔ ཡེ་ཤེས་ལྷ་ཡི་གོ་འཕང་ཐོབ་པར་གྱུར༔ ཞེས་བརྗོད་ཕུར་བསྐྱེད་ནི༔ ཧཱུྃ༔ ང་ནི་དྲག་པོ་ཀརྨ་ཧེ་རུ་ཀ༔ ཕྱག་མཚན་ཕུར་པ་རྡོ་རྗེ་གཞོན་ནུར་གསལ༔ གནས་གསུམ་འོད་འཕྲོས་རྒྱལ་བའི་བྱིན་རླབས་བསྡུས༔ ཕུར་པའི་གནས་གསུམ་འོད་ཟེར་འཕྲོས་པ་ཡིས༔ ཁྱོད་ཀྱི་ལས་ངན་བག་ཆགས་སྒྲིབ་པ་སྦྱངས༔ འགྱིང་དང་གཡོ་དང་བསྒྲིལ་དང་ཕྱར་ཙམ་གྱིས༔ ཁམས་གསུམ་དུས་གཅིག་བསྒྲལ་བའི་མཐུ་ནུས་ལྡན༔ གནོད་བྱེད་དགྲ་བོ་བསྒྲལ་བར་སྨོས་ཅི་དགོས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་ལས་ཕུར་ཐོགས་ལ༔ ཐུན་རྫས་བཏབ༔ ཧཱུྃ༔ རྡོ་རྗེ་ཕུར་པ་ཐོག་ལྟར་འབེབ༔ ཡུངས་ཀར་རྒྱལ་པོ་སེར་ལྟར་འདྲིལ༔ རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས༔ མཚེ་མདའ་དྲག་པོ་སྐར་ལྟར་འཁྲུགས༔ གདུག་པའི་དུག་རླངས་རླུང་ལྟར་འཚུབས༔ མཚོན་ཆ་སྣ་ཚོགས་ཆར་ལྟར་འབེབ༔ མདའ་ཐུན་དྲག་པོ་འཁྱུགས་ལྟར་རྒྱུག༔ རྡོ་ཐུན་དྲག་པོ་རྦབ་ལྟར་ཉིལ༔ རྡོ་རྗེ་འཁོར་ལོ་དབྱུག་ཏོ་ཐོགས༔ དྲག་པོའི་རྣོ་གདུག་ཐོག་ལྟར་མྱུར༔ དགྲ་བགེགས་གཟུགས་ཕུང་རྡུལ་དུ་རློག༔ ཅེས་ཐུན་རྫས་བྲབ༔ ཧཱུྃ༔ ལས་ངན་ཁྱོད་ཀྱི་རྣམ་ཤེས་ནི༔ ཧཱུྃ་ཡིག་རྣམ་པར་གྱུར་པ་དེ༔ རྡོ་རྗེ་གཞོན་ནུའི་སྦྱོར་མཚམས་ཐིམ༔ རྒྱལ་བའི་སྲས་སུ་བྱིན་བརླབས་ནས༔ ཀུན་བཟང་ཐུགས་དང་རོ་གཅིག་གྱུར༔ ཕཊ༔ གཙོ་ཕུར་རེག་ལ༔ ཧཱུྃ༔ ཤ་རུས་རྡོ་རྗེས་གཏུན་དུ་བརྡུངས༔ ཡེ་ཤེས་བདུད་རྩིར་བྱིན་བརླབས་ནས༔ དབང་དྲག་ལྷ་ཚོགས་ཞལ་དུ་བསྟབ༔ དུག་གསུམ་ཕུང་པོའི་ཤ་ཁྲག་རུས༔ སྐུ་གསུམ་དབྱེར་མེད་ངང་དུ་རོལ༔ དུག་ལྔ་འདུས་པའི་ཤ་ཁྲག་རུས༔ སྐུ་ལྔ་ཡེ་ཤེས་ངང་དུ་རོལ༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས༔ ཞེས་བརྗོད་ཞལ་བསྟབ་བྱས་ནས༔ ཟློག་པའི་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ དབང་དྲག་འབར་བ་དྲག་པོ་ཐོད་ཕྲེང་རྩལ༔ སྐུ་མདོག་མཐིང་ནག་ཆར་སྤྲིན་ལྟར་གནག་པས༔ འཁོར་བའི་སྡུག་བསྔལ་ནད་གདོན་དགྲ་ལ་ཟློག༔ དམར་ལ་ཟླུམ་པའི་སྤྱན་གསུམ་ཕྱོགས་བཅུར་གཟིགས༔ དུག་གསུམ་མི་དགེ་བཅུ་རྣམས་དགྲ་ལ་ཟློག༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ་ཡིས༔ དུག་ལྔ་ལས་གྱུར་ནད་གདོན་དགྲ་ལ་ཟློག༔ དབུ་སྐྲ་རལ་པ་ནམ་མཁར་ཁྱབ་པ་ཡིས༔ སྟེང་གདོན་གཟའ་སྐར་ལྷ་གདོན་དགྲ༴ ཤངས་ནས་འབྲུག་སྒྲ་རླུང་ནག་འཚུབས་པ་ཡིས༔ ཐོག་སེར་ཐིའུ་རང་འབྱུང་པོ་དགྲ༴ ཞལ་གདངས་ལྗགས་འདྲིལ་མཆེ་བཞི་གཙིགས་པ་ཡིས༔ ཟ་འདྲེ་བདུད་བཞིའི་གནོད་པ་དགྲ༴ ཕྱག་གཡས་གསེར་གྱི་རྡོ་རྗེ་ཕྱར་བ་ཡིས༔ མཐའ་དམག་དུས་འཁྲུགས་གཡུལ་ངོ་དགྲ༴ གཡོན་པས་ལྕགས་ཀྱི་སྡིག་པ་ལས་ལ་འགྱེད༔ རྒྱལ་འགོང་དམ་སྲི་སྨྱོ་འདྲེ་དགྲ༴ སྦྲུལ་རིགས་ལྔ་ཡིས་སྐུ་ལ་བརྒྱན་པ་ཡིས༔ ཀླུ་རིགས་ལྔ་ཡི་མཛེ་ནད་དགྲ༴ མི་མགོ་རློན་པས་དོ་ཤལ་བྱས་པ་ཡིས༔ འཆི་བདག་གཤིན་རྗེའི་ཕོ་ཉ་དགྲ༴ གླང་ཆེན་ཀོ་རློན་སྟོད་གཡོགས་བྱས་པ་ཡིས༔ བདུད་དང་བགེགས་ཀྱི་སྟོབས་ནུས་དགྲ༴ ཞབས་གཉིས་བརྐྱང་བསྐུམ་དྲེགས་པ་མནན་པ་ཡིས༔ སྲིད་ཞིའི་མི་མཐུན་རྒུད་པ་དགྲ༴ སྟག་གི་པགས་པས་སྨད་དཀྲིས་བྱས་པ་ཡིས༔ ཤ་ཟ་སྡེ་བརྒྱད་གནོད་པ་དགྲ༴ རུས་པའི་རྒྱན་དྲུག་སྐུ་ལ་གསོལ་བ་ཡིས༔ དུར་སྲི་དུར་འདྲེའི་ཟ་ཁ་དགྲ༴ སྐུ་ལས་ཁྲོ་ཚོགས་མཚོན་ཆ་འཕྲོ་བ་ཡིས༔ ཁྲོ་བོ་ཁྲོ་མོའི་བཀའ་ཆད་དགྲ༴ བསྐལ་པའི་མེ་དཔུང་དབུས་ན་བཞུགས་པ་ཡིས༔ མ་རིག་འཁོར་བའི་སྡུག་བསྔལ་དགྲ༴ མཁའ་འགྲོའི་དམག་ཚོགས་རོལ་དུ་ཁྲིད་པ་ཡིས༔ ཡེ་ཤེས་འཇིག་རྟེན་སུན་མ་དགྲ༴ མེ་དབལ་ཁྲོ་ཚོགས་གཡས་ནས་ཧཱུྃ་སྒྲ་ལྡིར༔ སྲིད་པ་ཕོ་རྒྱུད་གནོད་པ་དགྲ༴ ཁྲོས་མའི་དམག་ཚོགས་གཡོན་ནས་ཕཊ་སྒྲ་སྒྲོག༔ སྲིད་པ་མོ་རྒྱུད་གནོད་པ་དགྲ༴ ཡེ་ཤེས་ཁྱུང་ཆེན་ནམ་མཁར་ལྡིང་བ་ཡིས༔ ཀླུ་གཉན་ས་བདག་གནོད་པ་དགྲ༴ མདུན་དང་ཕྱོགས་མཚམས་ལྕགས་སྡིག་ཤིག་ཤིག་ཟིངས༔ དམ་སྲི་འགོང་པོའི་དམག་དཔུང་དགྲ༴ རྒྱབ་ཏུ་ཐང་ལྷ་སྡེ་བརྒྱད་གཞི་བདག་ཚོགས༔ ལྷ་སྲིན་སྡེ་བརྒྱད་དམག་དཔུང་དགྲ༴ ཡང་འཁོར་ཕྱི་ནང་གསང་བའི་སྡེ་བརྒྱད་ཚོགས༔ ལྷ་འདྲེའི་དལ་ཡམས་ནད་མཚོན་དགྲ༴ སྤྲུལ་པའི་ཕོ་ཉ་རི་རབ་རྡུལ་དང་མཉམ༔ སྣང་སྲིད་ལྷ་འདྲེའི་དམོད་པ་དགྲ་ལ་ཟློག༔ ཁྲོས་མའི་ཟློག་པ་ནི༔ བྷྱོ༔ དབང་དྲག་འབར་བའི་ཡུམ་ཆེན་ཁྲོས་མ་ནི༔ སྐུ་མདོག་མཐིང་ནག་ཆོས་ཉིད་འགྱུར་བ་མེད༔ ལས་ངན་འཁོར་བའི་ཆོ་འཕྲུལ་དགྲ་ལ་ཟློག༔ སྐུ་ལས་སྤྲུལ་པའི་མཁའ་འགྲོ་འབུམ་ཕྲག་འབུམ༔ ལས་བྱེད་སྲོག་གཅོད་དབུགས་ལེན་དགྲ༴ ཕྱག་གཡས་གྲི་གུག་སྡང་དགྲའི་སྲོག་རྩ་གཅོད༔ སྣང་སྲིད་དྲེགས་པའི་ཐུན་ཟོར་དགྲ༴ གཡོན་པས་ཐོད་པ་དམ་སྲིའི་སྙིང་ཁྲག་བཀང༔ མ་མོའི་ཁྲག་ནད་དལ་ཡམས་དགྲ༴ ཁ་ཊྭཱཾ་རྩེ་གསུམ་མཆན་དུ་བཅུག་པ་ཡིས༔ དུག་གསུམ་ནད་དང་གདོན་གསུམ་དགྲ༴ རུས་རྒྱན་མེ་ལོང་དྲིལ་བུ་གཡེར་ཁ་ཡིས༔ དཔའ་བོ་ཌཱ་ཀིའི་སུན་མ་དགྲ༴ ཡེ་ཤེས་མེ་དཔུང་སྐུ་ལ་འབར་བ་ཡིས༔ ཐོག་སེར་ཚད་ནད་མེ་འབར་དགྲ༴ གར་ཐབས་པད་ཉི་རོ་སྟེང་འགྱིང་བ་ཡིས༔ སྣང་ཞིང་སྲིད་པའི་གདོན་ཚོགས་དགྲ༴ སྐུ་ཡི་སྤྲུལ་པ་བདེ་ཆེན་དཀར་མོ་ཡིས༔ བན་དེའི་བྱད་ཁ་ཤར་གྱི་དགྲ་དཔུང་ཟློག༔ གསུང་གི་སྤྲུལ་པ་དམར་མོ་སྒྲ་སྒྲོག་གིས༔ བོན་བྱད་ངན་སྔགས་ནུབ་ཀྱི་དགྲ་དཔུང་ཟློག༔ ཐུགས་ཀྱི་སྤྲུལ་པ་ཁྲོས་མ་ནག་མོ་ཡིས༔ མུ་སྟེགས་ངན་སྔགས་བྱང་གི་དགྲ་དཔུང་ཟློག༔ ཡོན་ཏན་སྤྲུལ་པ་སེར་མོ་དོན་གྲུབ་ཀྱིས༔ ལྷ་འདྲེའི་ཆོ་འཕྲུལ་ལྷོ་ཡི་དགྲ་དཔུང་ཟློག༔ ཕྲིན་ལས་སྤྲུལ་པ་སྣ་ཚོགས་མཐའ་ཕྱིན་གྱིས༔ མ་མོའི་དལ་ཡམས་བྱང་གི་དགྲ་དཔུང་ཟློག༔ སྤྲུལ་པ་རི་རབ་སོ་གཉིས་རྡུལ་གྲངས་མཉམ༔ ལྷ་འདྲེའི་དམག་དཔུང་དུས་འཁྲུགས་དགྲ་དཔུང་ཟློག༔ ཡང་སྤྲུལ་བྱེ་བ་ས་ཡ་འབུམ་སྡེ་ཡིས༔ བསྟན་དགྲ་མཐའ་དམག་རྗེས་ཤུལ་མེད་པ་ཡི༔ ཐལ་བ་རྡུལ་དུ་བརླག་པའི་དུས་ལ་བབ༔ རྐྱེན་ངན་བར་ཆད་ནད་རིམས་དམག་དཔུང་ཟློག༔ རྣལ་འབྱོར་བྱང་ཆུབ་སྒྲུབ་པའི་བར་ཆད་སོལ༔ རྒྱལ་ཁམས་ཆུས་སྲིད་འཕེལ་བའི་ཕྲིན་ལས་མཛོད༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ སྟེང་ཕྱོགས་ཁྲོ་རྒྱལ་ཧཱུྃ་ཆེན་ཀ་ར་ཡིས༔ ཚངས་པའི་གདོན་དང་ལྷ་དམག་དགྲ་ལ་ཟློག༔ སྟེང་གི་དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ ཤར་ཕྱོགས་ཁྲོ་བོ་རྣམ་པར་རྒྱལ་བ་ཡིས༔ དྲི་ཟའི་ནད་གདོན་དམག་དཔུང་དགྲ་ཟློག༔ ཤར་ཕྱོགས་དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ ལྷོ་ཕྱོགས་ཁྲོ་རྒྱལ་གཤིན་རྗེ་གཤེད་པོ་ཡིས༔ གཤིན་རྗེའི་ནད་གདོན་དམག་དཔུང་དགྲ༴ ལྷོ་ཡི་དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ ནུབ་ཕྱོགས་ཁྲོ་བོ་དབང་ཆེན་རྟ་མགྲིན་གྱིས༔ ཀླུ་ཡི་ནད་གདོན་དམག་དཔུང་དགྲ༴ ནུབ་ཕྱོགས་དགྲ་བགེགས་ཐལ་བ༴ བྱང་ཕྱོགས་ཁྲོ་བོ་བདུད་རྩི་འཁྱིལ་པ་ཡིས༔ གནོད་སྦྱིན་ནད་མཚོན་དམག་དཔུང་དགྲ༴ བྱང་ཕྱོགས་དགྲ་བགེགས་ཐལ་བ༴ ཤར་ལྷོ་ཕྱོགས་ཀྱི་ཁྲོ་བོ་དབྱུག་སྔོན་གྱིས༔ མེ་ལྷའི་ནད་མཚོན་དམག་དཔུང་དགྲ༴ ཤར་ལྷོའི་དགྲ་བགེགས་ཐལ་བ༴ ལྷོ་ནུབ་ཕྱོགས་སུ་ཁྲོ་བོ་མི་གཡོ་མགོན༔ སྲིན་པོའི་ནད་མཚོན་དམག་དཔུང་དགྲ༴ ལྷོ་ནུབ་དགྲ་བགེགས་ཐལ་བ༴ ནུབ་བྱང་ཕྱོགས་སུ་ཁྲོ་བོ་འདོད་པའི་རྒྱལ༔ རླུང་ལྷའི་ནད་མཚོན་དམག་དཔུང་དགྲ༴ ནུབ་བྱང་དགྲ་བགེགས་ཐལ་བ༴ བྱང་ཤར་ཕྱོགས་སུ་ཁྲོ་བོ་གསུམ་ལས་རྒྱལ༔ དབང་ལྡན་ནད་མཚོན་དམག་དཔུང་དགྲ༴ བྱང་ཤར་དགྲ་བགེགས་ཐལ་བ༴ འོག་གི་ཕྱོགས་སུ་ཁྲོ་བོ་སྟོབས་པོ་ཆེ༔ ས་བདག་ནད་མཚོན་དམག་དཔུང་དགྲ༴ འོག་ཕྱོགས་དགྲ་བགེགས་ཐལ་བ༴ ཀླུ་གདོན་མཛེ་ནད་གག་ལྷོག་གནོད་པ་དང༔ ཀླུ་དང་ས་བདག་དམག་དཔུང་དགྲ༴ བསྟན་པའི་སྤྱི་དགྲ་གསང་སྔགས་རྣལ་འབྱོར་དགྲ༔ རྒྱལ་བསྟན་སྤྱི་དང་སེམས་ཅན་ཀུན་ལ་འཚེ༔ སྙིགས་དུས་གདུལ་དཀའི་མཐའ་དམག་མ་རུངས་པ༔ བསྟན་འགྲོའི་བདེ་སྐྱིད་འཕྲོག་པའི་སྡང་དགྲ་འདི༔ ལོ་ཟླ་ཞག་དུས་ཆུ་ཚོད་མ་འགྱངས་པར༔ དབང་དྲག་འབར་བའི་ནུས་སྟོབས་མཐུ་རྩལ་གྱིས༔ སྐད་ཅིག་ཙམ་ལ་ཐལ་བ་རྡུལ་དུ་རློགས༔ དམིགས་མེད་ཀ་དག་ཀློང་དུ་ད་སྒྲོལ་ཅིག༔ ཡེ་སྟོང་ཁྱབ་བདལ་ཀློང་དུ་བཟློག་གྱུར་ཅིག༔ འཛིན་མེད་བློ་འདས་ངང་དུ་བཟློག་གྱུར་ཅིག༔ འཁོར་འདས་རང་གྲོལ་ངང་དུ་བཟློག་གྱུར་ཅིག༔ མི་རྟོག་བདེ་ཆེན་ས་ལ་འགོད་གྱུར་ཅིག༔ ཚད་མེད་བཞི་ལྡན་སྒོ་སྲུང་ཕོ་ཉ་ཡིས༔ ཕྱོགས་བཞིའི་དགྲ་དཔུང་སྐུ་བཞིའི་ངང་དུ་ཟློག༔ བསྟན་འགྲོ་ལས་བཞིའི་ཕྲིན་ལས་གཉན་པོས་སྐྱོངས༔ སྐྱེ་གནས་བཞི་ཡི་སྲིད་པའི་སེམས་ཅན་རྣམས༔ སྐུ་བཞི་ལྷུན་གྲུབ་རྫོགས་ཆེན་ཀློང་དུ་དྲོངས༔ རང་རིག་ཀ་དག་རྫོགས་པ་ཆེན་པོའི་ཀློང༔ མ་རིག་འཁྲུལ་པས་བསླུས་པའི་སེམས་ཅན་རྣམས༔ གཉིས་འཛིན་རྣམ་རྟོག་བག་ཆགས་འཁྲུལ་སྣང་གིས༔ ལས་བསགས་ནད་གདོན་མི་མཐུན་རྐྱེན་ངན་རྣམས༔ མི་དམིགས་གདོད་མའི་སྟོང་ཆེན་ཀློང་དུ་ཟློག༔ རང་ཤར་རང་གྲོལ་ཆེན་པོའི་ངང་དུ་སྒྲོལ༔ ཉོན་མོངས་བདུད་བཞིའི་གཡུལ་ལས་རྒྱལ་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་གནོད་བྱེད་དགྲ་བགེགས་ནད་མུག་མཚོན་འཁྲུགས་མ་རུངས་པ་ཐམས་ཅད་བྷྱོ་བྷྱོ་ཟློག་ཟློག་མཱ་ར་ཡ་ཕཊ༔ ཅེས་ལས་གཞུང་ལ་འཇུག་པར་བྱའོ༔ ཅེས་མཚོ་གཏེར་ཟློག་པ་བསྒྲལ་ལས་ཡོད་པ་ཆ་ཚང་ཕབ་དགོས་པ། འབྲོང་པ་དཔོན་ཕུན་ཚོགས་རྣམ་སྲས་ཞེས་པའི་གདན་སར་སླེབས་སྐབས་ལས་སྐལ་ལྡན་པའི་བྱིས་པ་གཞོན་ནུ་མ་ཡིས་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་གནང་བས་ཕྲིན་ལས་འགྲུབ་པའི་རྟེན་འབྲེལ་འགྲིགས་པས། ཨོ་རྒྱན་བཀའ་གཏེར་ལ་མི་བརྗེད་གཟུངས་ཐོབ་རྣལ་འབྱོར་པ་རིག་འཛིན་ཆོས་རྒྱལ་རྡོ་རྗེས་མི་དབང་རིན་པོ་ཆེའི་ལྷ་ཁང་བདེ་ཆེན་འོད་འབར་གསང་སྔགས་ཕོ་བྲང་དུ་ཨོ་རྒྱན་སྐུ་བརྙན་དྲུང་དུ་ཤིང་སྟག་ཧོར་ཟླ་དྲུག་པའི་ཚེས་བཅུ་ལ་ཕབ་པའོ།། ས་མ་ཡ་རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ སྦས་རྒྱ༔ ྀཨཚ༔ གུ་ཧྱ༔ རྒྱ་རྒྱ་རྒྱ༔ གཏེར་སྲུང་དགེ་བསྙེན་རྡོ་རྗེ་གཉན་རྒྱལ་དང་མཚོ་སྨན་རྒྱལ་མོ་འོད་ལྡན་མ་དང་། ཀླུ་བདུད་ནཱ་ག་རཀྴས་སྲུངས་ཤིག་རཀྵ་རཀྵ་རཀྵ། ྈ འདིའང་རྩ་བ་གཏེར་གཞུང་ལ་བཅས་བཤམ་སོགས་ཁ་སྐོང་ཆོག་ཁྲིགས་ལུགས་སུ་མཛད་པའོ།། ྈ དྲག་པོའི་རྩང་ཟློག་བཞུགས་སོ༔ ཧཱུྃ་བྷྱོ༔ དབང་དྲག་འབར་བ་ཡབ་ཡུམ་གཏོར་ཆེན་གྱི༔ ཕྱི་རོལ་ལྕགས་རིའི་དཀྱིལ་འཁོར་མུ་རན་ལ༔ དམར་ནག་རྩང་ཕུར་ཉི་ཤུ་རྩ་བརྒྱད་བཀོད༔ དུང་ངམ་དཀར་པོའི་ཤིང་ལས་བྱས་པ་ཡི༔ ཤར་ཕྱོགས་ཞི་བའི་ལས་མཛད་རྩང་ཕུར་བདུན༔ ཞི་བའི་རྩང་བཙུགས་ཟླུམ་པོ་ཨ་ལོང་རིས༔ ཡར་གྱི་རྩེ་ལ་དུང་སེང་རལ་པ་སྤྲུགས༔ མར་གྱི་རྩེ་ལ་ཆུ་སྲིན་མཆེ་བ་གཙིགས༔ སྐེད་པ་རྒྱ་མདུད་ཟླུམ་པོའི་གཞལ་ཡས་ན༔ ཞི་བའི་ལས་མཛད་ཤར་གྱི་མ་བདུན་གནས༔ ནད་གདོན་འཇིགས་པ་བརྒྱད་སོགས་ཞི་བ་དང༔ ཤར་གྱི་དགྲ་བགེགས་བཟློག་པའི་ཕྲིན་ལས་མཛོད༔ གསེར་རམ་རྒྱས་པའི་ཤིང་ལས་བྱས་པ་ཡི༔ རྒྱས་པའི་ལས་མཛད་ལྷོ་ཡི་རྩང་ཕུར་བདུན༔ རྒྱས་པའི་རྩང་བཙུགས་གྲུ་བཞི་ཨ་ཁང་རིས༔ ཡར་གྱི་རྩེ་ལ་རྒྱ་སྟག་འཛུམ་དྲུག་རྒྱས༔ མར་གྱི་རྩེ་ལ་ཕག་རྒོད་མཆེ་བ་གཙིགས༔ སྐེད་པ་རྒྱ་མདུད་གྲུ་བཞིའི་གཞལ་ཡས་ན༔ རྒྱས་པའི་ལས་མཛད་ལྷོ་ཡི་སྲིན་བདུན་བཞུགས༔ ཚེ་བསོད་འབྱོར་པ་དྲུག་པོ་རྒྱས་པ་དང༔ ལྷོ་ཡི་དགྲ་བགེགས་བཟློག་པའི་ཕྲིན་ལས་མཛོད༔ ཟངས་སམ་དབང་གི་ཤིང་ལས་བྱས་པ་ཡི༔ དབང་གི་ལས་མཛད་ནུབ་ཀྱི་རྩང་ཕུར་བདུན༔ དབང་གི་རྩང་བཙུགས་ཟླ་ཕྱེད་ཟླ་གམ་རིས༔ ཡར་གྱི་རྩེ་ལ་གཟིག་ཆེན་ཐིག་ལེ་ངར༔ མར་གྱི་རྩེ་ལ་དོམ་ནག་མཆེ་བ་གཙིགས༔ སྐེད་པ་རྒྱ་མདུད་ཟླ་གམ་གཞལ་ཡས་ན༔ དབང་གི་ལས་མཛད་ནུབ་ཀྱི་མཛའ་བདུན་གནས༔ སྣང་སྲིད་མ་ལུས་དབང་དུ་སྡུད་པ་དང༔ ནུབ་ཀྱི་དགྲ་བགེགས་བཟློག་པའི་ཕྲིན་ལས་མཛོད༔ ལྕགས་སམ་དྲག་པོའི་ཤིང་ལས་གྲུབ་པ་ཡི༔ དྲག་པོའི་ལས་མཛད་བྱང་གི་རྩང་ཕུར་བདུན༔ དྲག་པོའི་རྩང་བཙུགས་ཟུར་གསུམ་ཕུར་པ་རིས༔ ཡར་གྱི་རྩེ་ལ་བསེ་ཡི་བྱ་གླག་འཇུམ༔ མར་གྱི་རྩེ་ལ་ལྕགས་ཀྱི་ཕོ་རོག་གྲགས༔ སྐེད་པ་རྒྱ་མདུད་གྲུ་གསུམ་གཞལ་ཡས་ན༔ དྲག་པོའི་ལས་མཛད་བྱང་གི་བྲན་བདུན་གནས༔ བདུད་བཞི་དགྲ་བགེགས་དམ་སྲི་བསྒྲལ་བ་དང༔ བྱང་གི་དགྲ་བགེགས་བཟློག་པའི་ཕྲིན་ལས་མཛོད༔ དཀྱིལ་འཁོར་མཐའ་སྐྱོང་དབང་མོ་ཉེར་བརྒྱད་ཀྱི༔ རྩང་ཕུར་ཉེར་བརྒྱད་འཚུབས་མ་རིས་སུ་བཙུགས༔ ཡར་གྱི་རྩེ་གསུམ་མཁའ་ལ་ཟངས་སེ་ཟང༔ སྟེང་ཕྱོགས་གཟའ་དང་རྒྱུ་སྐར་དལ་གཟེར་ཟློག༔ མར་གྱི་རྩེ་གསུམ་ངན་པའི་སྙིང་ལ་གཟེར༔ འོག་ཕྱོགས་ཀླུ་དང་ས་བདག་གདུག་པ་ཟློག༔ སྐེད་པ་རྒྱ་མདུད་བར་ན་ཁྲག་སེར་འཁྲིགས༔ བར་ཕྱོགས་ལྷ་སྲིན་སྡེ་བརྒྱད་གདུག་པ་ཟློག༔ རྩང་སྟོད་དམར་པོ་མེ་འབར་ལྷབས་སེ་ལྷབ༔ དམར་པོ་བཙན་གྱི་རྟ་རྒྱུག་ཤ་ར་ར༔ བཙན་གྱི་གྲི་ཐབས་ཟོར་ཁ་དགྲ་ལ་ཟློག༔ རྩང་སྨད་དམར་པོ་མེ་འབར་ཐིབས་སེ་ཐིབ༔ འགོང་པོ་བདུད་དམག་བྲོ་རྡུང་ཁྲིགས་སེ་ཁྲིག༔ བདུད་ཀྱི་ཞལ་ཁ་ཡེ་འདྲོགས་དགྲ་ལ་ཟློག༔ རྩང་རྩེ་རྒྱ་མདུད་རྒྱ་གྲམ་ཁྲམ་ཤིང་རིས༔ གཤིན་རྗེ་ཁྲམ་ཐོགས་སྲོག་ལེན་ཙེ་རེ་རེ༔ འཆི་བདག་གཤིན་རྗེའི་ཁྲམ་ཁ་དགྲ་ལ་ཟློག༔ རྩང་ཕུར་སྨད་ནི་སྲིན་མོ་འགྲོས་སུ་བཙུགས༔ སྲིན་མོ་བླ་རྐུན་ཚོགས་ནི་ཞུངས་སེ་ཞུང༔ མ་མོ་སྲིན་མོའི་ཁྲག་ནད་དལ་ཡམས་ཟློག༔ རྩང་སྐེད་དྲྭ་མིག་མཁའ་འགྲོ་དྲྭ་བ་སྡོམ༔ དཔའ་བོ་ཌཱ་ཀིའི་གར་བྱེད་ཁྱུགས་སེ་ཁྱུག༔ གནས་དང་ཡུལ་གྱི་མཁའ་འགྲོའི་སུན་མ་ཟློག༔ རྩང་རྩེ་ཤ་དང་ལིངྒས་བརྒྱན་པ་ཡིས༔ ཤ་ཟ་ཞིང་སྐྱོང་རྣམས་ཀྱི་དལ་ཁ་ཟློག༔ བ་སུ་ཏ་དང་སྔོ་དམར་ཞགས་པས་དཀྲིས༔ རྒྱུ་གཟེར་ནད་སྤྲིན་སྔོ་དམར་དགྲ་ལ་ཟློག༔ དམར་ནག་རྩང་གི་ཕུར་པ་ཉི་ཤུ་བརྒྱད༔ དྲག་པོའི་རྩང་ཕུར་མདའ་ལ་ཉེ་རིང་མེད༔ ཐུན་རྫས་ཡུངས་ཀར་རྦབ་ལ་གྱེན་ཐུར་མེད༔ ཕོ་ཉ་བཀའ་སྡོད་ལས་ལ་དཀའ་སླ་མེད༔ དྲག་སྔགས་དམིགས་པའི་འབེན་ལ་ཆེ་ཆུང་མེད༔ སྡང་བའི་དགྲ་བགེགས་འབྱུང་པོ་གནོད་བྱེད་རྣམས༔ དྲག་པོ་རྩང་གི་ཕུར་པས་རྡུལ་དུ་རློགས༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ རྩང་བཟློག་ཁོལ་དུ་ཕྱུང་བའོ། ༈ །རྩ་སྔགས་ཀྱི་མཇུག་ཏུ། ཏྲིག་ཁྲོམ་མ་བཟླ། དྲང་སྲོང་དམོད་པའི་སྔགས་རྒོད། ལོཀྟྲི་པཱ་ལ་བཟླ། མཐར་ནི། བཀའ་ལྟར་མི་བྱེད་སོགས་བརྗོད་ནས་དར་ནག་བརྡབ། ཁོལ་ཕྱུང་རྣམས་བརྗེད་བྱང་བྱས་སོ། ༈ །སྒོ་དབྱེ་བྱ་བ་ནི། ཧཱུྃ༔ དབང་དྲག་ཀརྨ་ཡབ་ཡུམ་གྱི༔ ནང་སྒོ་སྲུང་བའི་སྒོ་མ་བཞི༔ ཕྱི་སྒོ་སྲུང་བའི་རྒྱལ་ཆེན་བཞི༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ལ༔ འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག༔ གཏོར་ལམ་དགྲ་དང་བགེགས་ལ་སྟོན༔ དགྲ་དཔུང་ཆོམས་ལ་བགེགས་དཔུང་ཐུལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་སྒོ་རྩང་དང་སྒོ་མ་བཞི་ཡི་སྐུ་ཙཀ་བླང་། བཞེངས་བསྐུལ་འདོན་པར་བྱའོ། །འདི་ཁོལ་ཕྱུང་བྱས་པ་ཡིན་ནོ། །དེ་ནས་ཟོར་ལས་ནི། ཕུར་ཐུན་ཐོགས་ལ། ཧཱུྃ༔ རྡོ་རྗེ་ཕུར་པ་ཀཱི་ལ་ཡ༔ སངས་རྒྱས་ཡོངས་རྫོགས་ཕྲིན་ལས་སྐུ༔ ཕུར་ཟོར་དྲག་པོ་ཐོག་ལྟར་རྒྱོབ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ དེ་ནས་ཡུངས་ཐུན་ནི། ཧཱུྃ༔ ཡུངས་ཀར་རྒྱལ་པོ་ཤཱ་རི་རམ༔ ཁྲོ་རྒྱལ་ཡོངས་རྫོགས་གྱད་ཀྱི་སྐུ༔ ཡུངས་ཟོར་དྲག་པོ་མདའ་ལྟར་རྒྱོབ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ཁྲག་ཐུན་ནི། ཧཱུྃ༔ རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས༔ མ་མོ་ཡོངས་རྫོགས་གྱད་ཀྱི་སྐུ༔ ནད་ཡམས་དལ་ཁ་ཆར་བཞིན་ཕོབ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ མཚེ་ཐུན་ནི། ཧཱུྃ༔ མཚེ་མདའ་དྲག་པོ་སྐར་ལྟར་འཁྲུགས༔ དྲེགས་པ་ཡོངས་རྫོགས་གྱད་ཀྱི་སྐུ༔ མཚེ་ཡི་མདའ་འཕེན་ཐོག་ལྟར་ཕོབ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ རྡོ་ཐུན་ནི། ཧཱུྃ༔ སྟོབས་ཆེན་འདུས་པ་རྡོ་ཡི་ཟོར༔ བདུད་འཇོམས་ཡོངས་རྫོགས་གྱད་ཀྱི་སྐུ༔ རྡོ་ཡི་མདའ་འཕེན་ཐོགས་ལྟར་ཕོབ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ མདའ་ཐུན་ནི། ཧཱུྃ༔ དཔལ་ཆེན་དྲག་པོ་མདའ་ཡི་ཟོར༔ དྲེགས་པ་ཡོངས་རྫོགས་གྱད་ཀྱི་སྐུ༔ མི་བཟད་ཐོག་ཆེན་མདའ་ལྟར་འཕེན༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ དུག་ཐུན་ནི། ཧཱུྃ༔ འབྱུང་བའི་དུག་འདུས་རླུང་ལྟར་འཚུབས༔ གདུག་པའི་དུག་ལྔ་ཡོངས་རྫོགས་སྐུ༔ ལྔ་ཕུང་འཇིག་བྱེད་དུག་རླངས་ཀྱིས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ མཚོན་ཆའི་ཐུན་ནི། ཧཱུྃ༔ གནོད་བྱེད་དགྲ་བགེགས་རུ་དྲ་བདུད་དཔུང་ལ༔ འབར་བའི་མཚོན་ཆ་ལྔ་ཡི་ཆར་ཕབ་པ༔ འཇོམས་བྱེད་ཐོ་བ་གཅོད་པའི་རལ་གྲི་དང༔ བརྡུང་བའི་དབྱུག་ཐོ་འགུགས་པའི་ལྕགས་ཀྱུ་དང༔ གཅོད་པའི་སཏྭ་རེ་ལྔ་ལ་སོགས་པ་ཡིས༔ བསམ་པའི་སྙིང་ལ་ཕོག་ན་དུམ་བུར་གཏོང༔ གདུག་པའི་ལུས་ལ་ཕོག་ན་ཕྱེ་མ་བརྒྱ༔ སྨྲ་བའི་ལྕེ་ལ་ཕོག་ན་ལྐུགས་སུ་བཅུག༔ གཟུགས་ཕུང་རྣམ་ཤེས་གཞོབ་ཏུ་བསྲེགས་ནས་ཀྱང༔ རྡུལ་ཕྲན་བཞིན་དུ་ཕྱེ་མར་བརླག་པར་གྱིས༔ རྡུལ་ཕྲན་རྡུལ་ཕྲན༔ ཕྱེ་མ་ཕྱེ་མ༔ དུམ་བུ་དུམ་བུ༔ ཤག་ཤག༔ ཚལ་པ་ཚལ་པ༔ རྦད་རྦད༔ ཨོཾ་བཛྲ་ཏཱིཀྵྞ་ཁ་ཐཾ༔ གནོད་བྱེད་དགྲ་བགེགས་འབྱུང་པོའི་སྙིང་ལ་དུཥྚཱཾ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཅེས་འཕང་ངོ་། །དེ་ནས། ཧཱུྃ་ཧཱུྃ་ཧཱུྃ༔ དྲག་པོ་དམར་གྱི་གཏོར་ཆེན་འདི༔ སོགས།།
རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས། རྒྱུན་གྱི་རྣལ་འབྱོར་ཁོལ་ཕྱུང་ (Volume 3, Text 5)
༄༅། །རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས། རྒྱུན་གྱི་རྣལ་འབྱོར་ཁོལ་ཕྱུང་བཞུགས་སོ། ། ན་མོ་བཛྲ་སཏྭ་ཡ། དེའང་རྩ་གཞུང་ལས། དད་བརྩོན་ཤེས་རབ་སྙིང་རྗེ་ལྡན༔ ཡང་དག་མཆོག་གི་ལམ་འདོད་ན༔ རྡོར་སེམས་ཐུགས་ཀྱི་སྒྲུབ་པ་བྱ༔ ཞེས་འབྱུང་བའི་དོན་ཉམས་ལེན་སྙིང་པོར་དྲིལ་བར་འདོད་པས། སྦྱོར་བ་རྒྱུད་དག་པའི་ཕྱིར། བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་མོས་ལ། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ མཆོག་གསུམ་རྒྱལ་བ་སྲས་བཅས་ལ༔ རྣམ་ཀུན་བཏུད་དེ་ཕྱག་འཚལ་ཞིང༔ ཕྱི་ནང་མཆོད་པ་རྒྱ་མཚོས་མཆོད༔ སྡིག་པ་ལས་ནི་ལྡོག་བགྱི་ཞིང༔ བསོད་ནམས་ཀུན་ལ་རྗེས་ཡི་རང༔ རྟག་ཏུ་ཆོས་འཁོར་བསྐོར་བ་དང༔ འགྲོ་གནས་བར་དུ་བཞུགས་སླད་དུ༔ བདག་ནི་གུས་པས་གསོལ་བ་འདེབས༔ བསོད་ནམས་གང་དེས་མཁའ་མཉམ་འགྲོ༔ བླ་མེད་བྱང་ཆུབ་གནས་ཐོབ་ཤོག༔ ཅེས་ལན་གསུམ་བརྗོད་ལ། བཛྲ་མུ༔ས། ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། དངོས་གཞི་ལ་གསུམ་གྱི། དང་པོ་སྐྱེད་པའི་རྣལ་འབྱོར་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ འཁོར་འདས་ཆོས་ཀུན་གདོད་མ་ནས༔ མ་སྐྱེས་སྟོང་པའི་ངང་ཉིད་ལས༔ འགག་མེད་སྙིང་རྗེའི་རོལ་པ་ནི༔ ནམ་མཁའ་ལས་ནི་གཞའ་ཚོན་བཞིན༔ དངོས་མེད་དངོས་པོའི་ཡེ་ཤེས་སྤྲིན༔ མི་འགྱུར་ཧཱུྃ་གི་ངོ་བོར་ཤར༔ དེ་ལས་འོད་འཕྲོས་ཕྱོགས་མཚམས་ཀུན༔ གཞོམ་མེད་རྡོ་རྗེའི་རྭ་བ་གུར༔ ཡེ་ཤེས་མེ་དཔུང་འབར་བས་དཀྲིགས༔ དེ་དབུས་ཨེ་ཡཾ་རཾ་བཾ་ལཾ༔ སུཾ་ལས་ནམ་མཁའ་རླུང་མེ་ཆུ༔ ས་དཀྱིལ་རི་རབ་སྟེང་དུ་བྷྲཱུྃ༔ ཡོངས་གྱུར་ཀུན་བཟང་གཞལ་མེད་ཁང༔ ཕྱི་ནང་མཚན་ཉིད་ཡོངས་རྫོགས་དབུས༔ སེང་ཁྲི་པདྨ་ཟླ་བའི་སྟེང༔ རིག་པ་ཧཱུྃ་ལས་རྡོ་རྗེར་གྱུར༔ སྤྲོ་བསྡུས་བདག་ཉིད་བཅོམ་ལྡན་འདས༔ རྡོ་རྗེ་སེམས་དཔའ་ཟླ་བའི་མདོག༔ ཞི་འཛུམ་མཚན་དང་དཔེ་བྱད་འབར༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པ་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ པང་དུ་སྙེམས་མ་གྲི་གུག་དང༔ ཐོད་པ་འཛིན་པས་མགུལ་ནས་འཁྱུད༔ དར་དཔྱངས་རིན་ཆེན་ཅོད་པན་སོགས༔ རྒྱན་ཆས་བཅུ་གསུམ་དག་དང་ལྡན༔ མཐའ་ཡས་འོད་ཟེར་སྤྲོ་བ་འོ༔ དེ་ལྟར་ཡོངས་སུ་གསལ་བར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་ཁར་ཧཱུྃ་སྔོན་པོ་རྣམས་ཀྱི་མཚན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་པརབསམ། སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲང་བར་བསམ་ལ། ཨོཾ༔ ཕྱོགས་བཅུ་ཀུན་ན་ལེགས་བཞུགས་པའི༔ བཅོམ་ལྡན་རྒྱལ་བ་འཁོར་བཅས་ཀུན༔ ཐུགས་རྗེ་ཆེན་པོས་དགོངས་མཛོད་ལ༔ སྨོན་ལམ་དབང་གིས་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཞེས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ༔ས་དགུག་གཞུག་བཅིང་པ་དང་དགྱེས་པ་བསྐྱེད་ནས། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཊུཾ་བཛྲ་ཏུཥྱ་ཧོ༔ ཞེས་དབང་བསྐུར་བས་དྲི་མ་ཐམས་ཅད་སྦྱངས། ཕུང་པོ་ལྔ་གནས་གྱུར། ཆུའི་ལྷག་མ་གྱེན་དུ་ལུད་པ་ལས་དེ་བཞིན་གཤེགས་པ་རིགས་ལྔས་དབུ་རྒྱན་ཡེ་ཤེས་ལྔ་མངོན་དུ་གྱུར་པའི་ང་རྒྱལ་བྱ། གཉིས་པ་བཟླས་པའི་རྣལ་འབྱོར་ནི། བདག་གི་སྙིང་གར་འོད་ལྔའི་ཀློང༔ ཟླ་སྟེང་རང་འདྲའི་ཡེ་ཤེས་པའི༔ ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ༔ དཀར་གསལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུས༔ སེམས་ཅན་སྒྲིབ་བྲལ་བདེ་ཆེན་བཀོད༔ ཚུར་འདུས་སྔགས་ཕྲེང་ཉིད་ལ་ཞུགས༔ ཅེས་པའི་ཏིང་འཛིན་ལ་སེམས་རྩེ་གཅིག་པས། ཨོཾ་བཛྲ་སཏྭ་ཨཱ༔ ཞེས་ཅི་ནུས་སུ་བཟླས་པའི་རྗེས་སུ་སླར་ཡང་། ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ནས། སཏྭ་ཨཱཿཧཱུྃ་ཕཊ༔ ཅེས་པའི་བཟླས་པ་གོང་གི་དྲུག་ཆ་ཙམ་དུ་བཟླ་ཞིང་། བཟླས་པའི་ཐུན་མཐར། ཨོཾ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔ བདག་ལ་རྗེས་སུ་ཆགས་པར་མཛོད༔ སྐྱེ་རྒ་ན་དང་འཆི་བ་སོགས༔ འཇིགས་རུང་སྲིད་པའི་སྡུག་བསྔལ་ལས༔ མགོན་པོ་ཁྱོད་ཀྱིས་བདག་སྐྱོབས་ཤིག༔ སྡིག་པ་ཀུན་ལས་རྣམ་གྲོལ་ཞིང༔ ཡང་དག་ཡེ་ཤེས་སེམས་དཔའ་ཆེའི༔ སྐུ་གསུང་ཐུགས་སུ་བདག་སྒྲུབས་ཤིག༔ ས་མ་ཡ་སིདྡྷི་ཨ་ལ་ལ་ཧོ༔ ཞེས་གསོལ་བ་གདབ། གསུམ་པ་ཉེར་བསྡུའི་རྣལ་འབྱོར་ནི། རང་གི་སྙིང་གའི་འོད་ཀྱིས་ཕོག་པས་དཀྱིལ་འཁོར་གྱི་འཁོར་ལོ་འོད་དུ་ཞུ་ནས་བདག་ཉིད་དམ་ཚིག་སེམས་དཔའ་ལ་ཐིམ། དེ་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། དེ་ཡང་ཧཱུྃ་ལ་ཐིམ། ཧཱུྃ་ནཱ་དའི་བར་དུ་རིམ་གྱིས་ཐིམ་ནས་མི་དམིགས་པ་ལས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་དར་གཅིག་མཉམ་པར་གཞག །ཨོཾ་བཛྲ་སཏྭ་ཨཱཿས། སླར་ཡང་རྡོ་རྗེ་སེམས་དཔའི་སྐུར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་ཡིག་རྣམས་ཀྱིས་མཚན་པར་གྱུར། བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾཿ ཞེས་གོ་ཆའི་རྒྱས་བསྲུང་། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱིས་ཀུན་ལ་ཁྱབ། །ཅེས་ང་རྒྱལ་བྱ། རྗེས་བསྔོ་སྨོན་དང་ཤིས་བརྗོད་སྤྱི་ལྟར་བྱས་པས་གྲུབ་བོ། །ཞེས་རང་གཞན་ལ་ཉེར་མཁོ་ཁྱེར་བདེའི་སླད་དུ་པདྨ་གར་དབང་རྩལ་གྱིས་རྩ་བའི་གཞུང་ལས་ཁོལ་དུ་ཕྱུངས་པ་དགེ་ལེགས་འཕེལ།། །།
ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་བརྒྱུད་འདེབས་བྱིན་རླབས་སྙེ་མ་ (Volume 24, Text 5)
ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་བརྒྱུད་འདེབས་བྱིན་རླབས་སྙེ་མ་ཞེས་བྱ་བ་བཞུགས། སྣང་མཐའ་སྤྱན་རས་གཟིགས་དབང་པདྨ་འབྱུང་། །ཆོས་རྒྱལ་སྲོང་བཙན་རྡོ་རྗེ་ཐོགས་མེད་རྩལ། །པདྨ་ཕྲིན་ལས་གཏེར་བདག་གླིང་པ་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །ངག་དབང་ཀླུ་སྒྲུབ་ངག་དབང་འཇིགས་མེད་ཞབས། །འགྱུར་མེད་མཆོག་གྲུབ་པདྨ་ཚེ་དབང་རྩལ། །འཇིགས་མེད་གོ་ཆ་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །རྒྱལ་ཀུན་ཡེ་ཤེས་ལྔ་ཡི་སྒྱུ་འཕྲུལ་གར། །འཇིག་རྟེན་དབང་ཕྱུག་རིགས་ལྔ་ལྷག་པའི་ལྷ། །སྒོ་སྐྱོང་སྲུང་མར་བཅས་པ་ཐམས་ཅད་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །ངེས་འབྱུང་བྱང་ཆུབ་སེམས་གཉིས་མངོན་དུ་གྱུར། །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །རིམ་གཉིས་ལམ་ལས་ཐུགས་རྗེའི་དབང་ཕྱུག་གི །གོ་འཕང་ཚེ་འདིར་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་འཇམ་མགོན་བླ་མ་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་ལས་ཚུལ་འདིའི་བཀའ་དྲིན་ཐོབ་པའི་བྱ་བྲལ་མ་ཎི་པ་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ།།
གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་ཀུན་ཐུབ་རྒྱལ་མོའི་སྒྲུབ་པ་ (Volume 41, Text 5)
གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་ཀུན་ཐུབ་རྒྱལ་མོའི་སྒྲུབ་པ་བཞུགས་སོ༔ མམནནཊཊ༔ ྈ ཀུན་ཐུབ་རྒྱལ་མོ་སྒྲུབ་པ་ནི༔ ལིངྒ་དཔེའུ་རིས་ལྟར་མནན༔ དེ་ནས་དམིགས་པ་འདི་ལྟར་བྱ༔ ཀུན་ཐུབ་རྒྱལ་མོ་སྐུ་མདོག་དམར༔ མཆེ་བ་རི་རབ་ཙམ་པ་གཙིགས༔ ཞལ་ནི་བཅུ་སྟེ་ཕྱག་ཉི་ཤུ༔ གཡས་པས་སྤུ་གྲི་གཡོན་ཆུ་གྲི༔ ཞབས་བཅུས་ཕྱོགས་སྐྱོང་བཅུ་པོ་མནན༔ བར་ཆད་ཉུལ་ལེ་རྡུལ་དུ་བརླག༔ དེ་ནས་རེས་འགའ་ཙམ་ལ་ནི༔ སྔགས་འདི་ཕྲེང་སྐོར་ཙམ་རེ་བརྗོད༔ ཕྲེང་སྐོར་རེ་ཡི་མགོ་ལ་ནི༔ ཧཱུྃ་བཞིའི་སྔགས་རེ་སྦྱར་བར་བྱ༔ ཨོཾ་གྷ་གྷ་གྷཱ་ཏ་ཡ་སརྦ་དུཥྚཱན་བཛྲ་དྷ་རོད་ཨད་ཉ་པ་ཡ་ཏི་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ དེ་ནས་རྒྱུན་དུ་འདི་བསྙེན་ནོ༔ ཧཱུྃ་དྲུཾ་བུ་ཨ་པ་ཙེ༔ རཱུ་པ་ཙེ༔ ན་ར་ཙེ༔ ཙ་མེད་ཐུན་ཐུན༔ ན་ཤ་སཏྭམྦྷ༔ ཡཀྴ༔ བྱི་ན་ཡཀྴ་སཏྭཾ་བྷ་ཡ་ནན༔ ཅེས་ནི་དེ་ཉིད་བསྙེན་པ་ཡིས༔ བར་ཆད་ཉུལ་ལེ་མི་འབྱུང་ཞིང༔ རྡུལ་དུ་བརླག་པར་ཐེ་ཚོམ་མེད༔ བར་ཆད་ཉུལ་ལེ་མ་ཐུལ་ན༔ ཀུན་ཐུབ་རྒྱལ་མོས་ཨོ་རྒྱན་བསླུས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཁ་ཐཾ༔ ྈྈྈྈྈྈྈྈྈ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་མེ་སྤྲེལ་བྱ་ཟླའི་ཉེར་བདུན་ལ་ཨོ་རྒྱན་རིན་པོ་ཆེས་དངོས་སུ་གསུངས་ཏེ། ཀརྨ་ཆགས་མེད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ཡིན་གསུངས་སྐད་དོ། །འདིའི་དབང་གཟུངས་དབང་ལྟར་རོ།། །།
ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབ་ཀྱི་ལས་བྱང་སྟོན་མཚན་ཟླ་བའི་དཀྱིལ་འཁོར་ (Volume 23, Text 5)
༄༅། །ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབ་ཀྱི་ལས་བྱང་སྟོན་མཚན་ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ལོ་ཀ་ན་ཐཱ་ཡ། མི་བཟད་ངན་འགྲོར་འཆིང་བྱེད་ཉོན་མོངས་པའི། །དྲྭ་བ་གཅོད་མཛད་སྙིང་རྗེའི་མཚོན་ཆེན་པོ། །སྟོབས་བཅུའི་རྩལ་ལྡན་སུས་ཀྱང་མི་བསྒྲུན་པ། །མགོན་པོ་མཆོག་དེས་བདག་སོགས་བསྐྱབ་ཏུ་གསོལ། །ཡིད་བཞིན་ནོར་ལྟར་ཆེས་དཀོན་ཅིང་། །རྙེད་ན་དོན་ཆེན་འགྲུབ་པའི་དབྱིག །འདྲེན་མཆོག་ཐུགས་རྗེའི་དབང་ཕྱུག་གིས། །སྐལ་བཟང་ཉེར་འཚོར་བསྩལ་འདི་རྨད། །གངས་ཅན་མགོན་པོ་སྤྱན་རས་གཟིགས་དབང་གི་སྒྲུབ་ཐབས་མཐའ་ཡས་པ་རྣམས་ཀྱི་ནང་ནས་ཁྱད་པར་དུ་གྱུར་པ་ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབ་ཀྱི་ཕྲིན་ལས་ཀྱི་རིམ་པར་འཇུག་པ་ལ། དཀྱིལ་འཁོར་གཏོར་མཆོད་སོགས་སྐབས་སུ་བབས་པའི་གཤོམ་བཀོད་རྣམས་འདུ་བྱས་ཏེ་ཕྲིན་ལས་དངོས་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པའོ། །ཐོག་མར་བརྒྱུད་པའི་གསོལ་འདེབས་སྤྲོ་ན། ན་མོ་གུ་རུ། བདེ་ཆེན་པདྨོ་བཀོད་པའི་ཞིང་ཁམས་སུ། །ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། །གནས་མཆོག་རི་བོ་ཏ་ལའི་གཞལ་ཡས་སུ། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས། །རྔ་ཡབ་ཟངས་མདོག་དཔལ་རིའི་ཕོ་བྲང་དུ། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །སྣང་བཞི་མཐར་ཕྱིན་ཟག་མེད་འོད་ཀློང་དུ། གསོལ༴ གསང་ཆེན་ཆོས་ཀུན་འབྱུང་བའི་བདེ་དབྱིངས་སུ། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ༴ ཕྲིན་ལས་འགྲོ་འདུལ་བསམ་ཡས་ཞིང་ཁམས་སུ། །རྒྱལ་སྲས་རྡོ་རྗེ་གླིང་པ་ལ་གསོལ༴ བཀའ་བབས་བདུན་ལྡན་དག་སྣང་ཀློང་ཡངས་སུ། །པདྨ་མདོ་སྔགས་གླིང་པ་ལ་གསོལ༴ སྣང་སྲིད་རང་གྲོལ་ཆོས་སྐུའི་ཕོ་བྲང་དུ། །བཀའ་བབས་བརྒྱུད་འཛིན་རྣམས་ལ་གསོལ༴ ངན་སོང་ཀུན་སྐྱོབ་ཐུགས་རྗེའི་དཀྱིལ་འཁོར་དུ། །རབ་འབྱམས་རྒྱལ་བའི་ལྷ་ཚོགས་ལ་གསོལ༴ གནས་གསུམ་བཞུགས་པའི་དཔའ་བོ་རྣལ་འབྱོར་མ། །བཀའ་གཏེར་ཆོས་སྲུང་རྣམས་ལ་གསོལ༴ བདག་རྒྱུད་སྨིན་གྲོལ་ཐུགས་རྗེའི་གོ་འཕང་བརྙེས། །འཁོར་བ་དོང་སྤྲུགས་གཞན་དོན་མཐར་ཕྱིན་ཤོག །འདིར་ཕྱི་རྒྱུད་སྐྱོང་བ་ལ་གཏོར་མ་གསེར་སྐྱེམས་གཏོང་བར་འདོད་ན་སྤྱི་མཐུན་བྱ། སྔོན་འགྲོ་གཞུང་གི་དངོས་བསྟན་བརྒྱད་ལས་དང་པོ་སྐྱབས་སུ་འགྲོ་བ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ རང་བྱུང་རིག་པ་ཐུགས་རྗེ་ཆེ༔ འགྱུ་གྲོལ་ཤེས་པས་ངོ་བོ་སྟོང༔ སྐུ་གསུམ་བརྒྱུད་པའི་བླ་མ་ལ༔ བདག་འཛིན་བྲལ་བར་སྐྱབས་སུ་མཆི༔ བདག་དང་འགྲོ་དྲུག་ཕ་མ་རྣམས༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ་སྐྱབས་སུ་མཆི༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་སྐྱབས་སུ་མཆི༔ གསལ་དང་དྭངས་དང་མ་འདྲེས་གསུམ་ལ་སྐྱབས་སུ༴ སོ་མ་རྣལ་མ་ངང་དྭངས་གསུམ་ལ་སྐྱབས༴ གཉུག་མ་ལྷུན་གྲུབ་ཀ་དག་གསུམ་ལ་སྐྱབས༴ བདེ་སྟོང་གསལ་སྟོང་རིག་སྟོང་གསུམ་ལ་སྐྱབས༴ རང་གྲོལ་ཐུག་གྲོལ་ཡེ་གྲོལ་གསུམ་ལ་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་བསྐྱེད་པ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དགོངས༔ དེང་ནས་འཁོར་བ་མ་སྟོངས་བར༔ རིགས་དྲུག་སྡུག་བསྔལ་བསྐྱབ་བྱའི་ཕྱིར༔ བླ་མེད་སྨོན་པར་སེམས་བསྐྱེད་དོ༔ སྐད་ཅིག་དང་པོ་ཆོས་ཀྱི་སྐུ༔ བཅོས་བསླད་བྲལ་བའི་ངང་དུ་ནི༔ སྟོང་གསལ་འགག་མེད་གསལ་བཏབ་ནས༔ འཁོར་བ་དོང་སྤྲུགས་སེམས་བསྐྱེད་དོ༔ གསུམ་པ་ཚོགས་གསག་པ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཐུགས་རྗེ་ཆེན་པོ་རིག་པ་ཟང་ཐལ་ལྷ༔ སྣང་སྟོང་དབྱེར་མེད་ཞིང་ཁམས་འདིར་གཤེགས་ཤིག༔ དགེ་སྡིག་འདས་པའི་གཅེར་བུ་ཟང་ཀ་མ༔ ཐུགས་རྗེའི་ལྷ་ལ་འཛིན་མེད་གདན་འབུལ་ལོ༔ རེ་དོགས་བྲལ་བའི་སོ་མ་ཇི་བཞིན་པ༔ ཐུགས་རྗེའི་ལྷ་ལ་ཞེན་མེད་ཕྱག་འཚལ་ལོ༔ དབྱིངས་རིག་དབྱེར་མེད་མཐོང་རྒྱས་འབྱོངས་ནས་ཐིམ༔ ཐུགས་རྗེའི་ལྷ་ལ་ཤར་གྲོལ་མཆོད་པ་འབུལ༔ དྲི་མེད་ལྷུག་པ་རྩོལ་བྲལ་རྒྱ་ཡན་ཏེ༔ ཐུགས་རྗེའི་ལྷ་ལ་གཉིས་འཛིན་མཐོལ་ལོ་བཤགས༔ ལྟ་སྒོམ་སྤྱོད་འབྲས་བླང་དོར་མེད་པའི་སྐུ༔ ཐུགས་རྗེའི་ལྷ་ལ་ངང་གིས་རྗེས་ཡི་རང༔ ལྷུན་གྲུབ་སྦུབས་ལས་གཞི་སྣང་སྒོ་ཕྱེ་སྟེ༔ ཐུགས་རྗེའི་ལྷ་ཚོགས་ཆོས་འཁོར་བསྐོར་དུ་གསོལ༔ སྐུ་གསུམ་རྗེན་པ་འཕོ་འགྱུར་བྲལ་བའི་གདངས༔ ཐུགས་རྗེའི་ལྷ་ཚོགས་མྱ་ངན་མི་འདའ་བཞུགས༔ མཁའ་ཀློང་ཡངས་པར་རིག་སྣང་ཅི་འཕྲོས་པ༔ སྐྱེ་བཞི་རིགས་དྲུག་བློ་འདས་ཆེན་པོར་བསྔོ༔ མ་ཡེངས་ཡོངས་གྲོལ་ཐུགས་རྗེའི་ཐུགས་ཐོབ་ནས༔ འཁོར་བའི་སེམས་ཅན་སྲིད་མཚོ་སྒྲོལ་བར་ཤོག༔ བཞི་པ་བཀའ་བསྒོ་བ་ལ། ཚར་དང་པོ་བགེགས་གཏོར་གཏང་དགོས་ན་སྤྱི་མཐུན་འདིར་སྦྱར་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཡང་དག་དོན་ལ་ལོག་ལྟ་བའི༔ སྒྲུབ་ལ་བར་གཅོད་བྱེད་པའི་བགེགས༔ གནས་འདིར་མ་འདུག་གཞན་དུ་དེངས༔ ད་ལྟ་དཀྱིལ་འཁོར་ཞལ་མཐོང་བའི༔ སྐལ་པ་སྡིག་ཅན་ཁྱོད་ལ་མེད༔ གལ་ཏེ་ང་ཡི་བཀའ་འདས་ན༔ རྟ་མགྲིན་དྲག་པོ་ཐུགས་ཁྲོས་ནས༔ དྲག་པོའི་མཚོན་ཆ་སྣ་ཚོགས་ཀྱིས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ དེ་བས་རང་གི་གནས་སུ་དེངས༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་སུམྦྷ་ནི་སོགས། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཕཊ་ཛ༔ ལྔ་པ་མཚམས་གཅོད་པ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གློ་བུར་མཚན་མའི་རྟོག་ཚོགས་རྣམས༔ རིག་པ་ཁྲོས་པའི་ཁྲོ་བོས་བསྒྲལ༔ ཕྱི་མཚམས་ཞེན་ལོག་དྲག་པོས་བཅད༔ འཇིག་རྟེན་ལོག་སྲེད་མིང་ཡང་མེད༔ ནང་མཚམས་སྤྲོས་བྲལ་རིག་ཐོག་བཅད༔ གཉིས་འཛིན་བློས་བྱས་མིང་ཡང་མེད༔ གསང་མཚམས་དབྱིངས་རིག་ངང་དུ་བཅད༔ ལུས་ངག་རྣམ་གཡེང་མིང་ཡང་མེད༔ ངོ་བོ་ཐུགས་རྗེ་ཆེན་པོ་ཁྲོས༔ སྟོང་ཉིད་ཁྲོ་རྒྱལ་རྟ་མགྲིན་བྱུང༔ བླུན་སྒོམ་ནང་བཟོ་ཡུལ་ཕྱུངས་ཤིག༔ ཞི་ལྷག་དབྱེར་མེད་རང་རིག་སྟོན༔ རང་བཞིན་ཐུགས་རྗེ་ཆེན་པོ་ཁྲོས༔ གསལ་སྣང་ཞིང་ཁམས་དུས་བཞི་རྒྱས༔ ཡིད་དཔྱོད་མཚན་མ་ཡུལ་ཕྱུངས་ཤིག༔ གཞི་སྣང་བརྡལ་བའི་རང་མདངས་སྟོན༔ ཐུགས་རྗེའི་ལྷ་ཚོགས་ཀུན་ཁྲོས་པས༔ སྟོང་པའི་ལྷ་ལ་གསལ་མདངས་རྒྱན༔ འོད་ཟེར་སྣེ་ལས་སྤྲུལ་པ་འཕྲོས༔ སྟེང་འོག་ཉི་ཟླ་འབུམ་ཕྲག་གཏམས༔ འཁོར་བའི་ས་བོན་སྐྱེ་བཞི་ཡིས༔ བསྐལ་པ་ཞིག་ཀྱང་མི་ཐར་བའི༔ རྡོ་རྗེ་འཁོར་ལོ་རལ་གྲི་དང༔ རྒྱ་གྲམ་བུམ་པ་མེ་ཕུང་གུར༔ རྟ་མགྲིན་ཁྲོ་བོས་ཧཱུྃ་ཧྲཱིཿཕཊ༔ རྡོ་རྗེ་འབར་བས་བར་མཚམས་གང༔ རླུང་ཡང་ཐར་པའི་སྐབས་མེད་ཅིང༔ ཆུ་ཡང་འཐིག་པའི་མཚམས་མེད་དོ༔ གྲགས་སྟོང་འབྲུ་དགུ་དི་རི་རི༔ བརྡལ་བ་ཆེན་པོས་མཚམས་བཅད་དོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཕཊ་ཛ༔ ཧཱུྃ་ཧྲཱིཿཧཱུྃ་ཧྲཱིཿཧཱུྃ་ཧྲཱིཿཧཱུྃ་ཧྲཱིཿཧཱུྃ་ཧྲཱི༔ དྲུག་པ་བྱིན་འབེབ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ རིག་པ་ཡེ་ཤེས་དཀྱིལ་འཁོར་ན༔ རང་བྱུང་ཐུགས་རྗེའི་ལྷ་ཚོགས་བཞུགས༔ ངོ་བོ་སྤྲོས་བྲལ་མདངས་ཕྱུངས་ལ༔ དཀྱིལ་འཁོར་འདི་ལ་བྱིན་ཕོབ་ཅིག༔ ཙིཏྟ་སྙིང་གི་དཀྱིལ་འཁོར་ན༔ སྤྲོས་བྲལ་ལྷུན་གྲུབ་ལྷ་ཚོགས་བཞུགས༔ སྐུ་དང་ཞིང་ཁམས་མདངས་ཕྱུངས་ལ༔ དཀྱིལ་འཁོར་འདི་ལ་བྱིན་ཕོབ་ཅིག༔ དུང་ཁང་འབར་བའི་དཀྱིལ་འཁོར་ན༔ རྩོལ་མེད་རང་ཤར་ལྷ་ཚོགས་བཞུགས༔ ཐོལ་ཤར་ཀློང་གྲོལ་མདངས་ཕྱུངས་ལ༔ དཀྱིལ་འཁོར་འདི་ལ་བྱིན་ཕོབ་ཅིག༔ སེམས་ཉིད་རྟོག་བྲལ་དཀྱིལ་འཁོར་ན༔ རྣལ་འབྱོར་ཀུན་འདུས་ལྷ་ཚོགས་བཞུགས༔ འཛིན་མེད་ཞེན་བྲལ་མདངས་ཕྱུངས་ལ༔ དཀྱིལ་འཁོར་འདི་ལ་བྱིན་ཕོབ་ཅིག༔ པདྨོ་བཀོད་པའི་ཞིང་ཁམས་ནས༔ ཆོས་སྐུ་སྤྲོས་བྲལ་སྣང་མཐའ་ཡས༔ སོ་མ་རྒྱ་ཡན་མདངས་ཕྱུངས་ལ༔ དཀྱིལ་འཁོར་འདི་ལ་བྱིན་ཕོབ་ཅིག༔ རི་བོ་ཏ་ལའི་གཞལ་ཡས་ན༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་བཞུགས༔ མཐོང་རྒྱས་རྩལ་འབྱོངས་མདངས་ཕྱུངས་ལ༔ དཀྱིལ་འཁོར་འདི་ལ་བྱིན་ཕོབ་ཅིག༔ དུར་ཁྲོད་གནས་བརྒྱད་ཟངས་གླིང་ན༔ སྤྲུལ་སྐུ་འགྲོ་འདུལ་པདྨ་འབྱུང༔ རྟོག་མེད་འགྱུ་དྲན་མདངས་སྟོན་ལ༔ དཀྱིལ་འཁོར་འདི་ལ་བྱིན་ཕོབ་ཅིག༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས༔ ནམ་མཁའ་ཁེངས་པའི་སྐུ་སྐྱོད་ལ༔ བར་སྣང་ཁེངས་པའི་ཟེར་སྟོན་ཅིག༔ སྒོ་གསུམ་སྨིན་པའི་དབང་སྐུར་ཅིག༔ ས་གཞི་ཁེངས་པའི་བྱིན་ཕོབ་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བདུན་པ་མཆོད་པ་བྱིན་རླབས་ནི། ཨོཾ་ཨཱཿཧཱུྃ་སྭ་བྷཱ་ཝ་བི་ཤུདྡྷོ྅་ཧཾ༔ རིན་ཆེན་མཚན་ལྡན་ཀུན་ཤོང་ཡིད་འོང་སྣོད༔ སྣ་ཚོགས་ཐབས་ཀྱི་རྒྱལ་བ་མཆོད་རྫས་རྣམས༔ ཤེས་རབ་ཕྱག་རྒྱ་ཏིང་འཛིན་ལྔས་བསྒྱུར་ནས༔ དུས་གསུམ་རྒྱལ་བའི་ཐུགས་རྗེ་གཅིག་བསྡུས་ཏེ༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བདའ་བ༔ དཔག་ཡས་མཆོད་སྤྲིན་ཕྱི་ནང་བྱིན་གྱིས་བརླབས༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་བ་ལིཾ་ཏ་རཀྟ་པཱུ་ཛ་ཨཱཿཧཱུྃ་ཧྲཱིཿཧཱ་བྷྲཱུྃ་ཏྲཱཾ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་པུཥྤེ་ཨཱཿཧཱུྃ༔ ཞེས་པ་ནས། ཨོཾ་ཤབྡ་ཨཱཿཧཱུྃ༔ ཨོཾ་པཱུ་ཛ་ཨཱཿཧཱུྃ༔ བརྒྱད་པ་དམ་བཅའ་བ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལྷ༔ འགྲོ་ལ་ཕན་མཛད་ཐུགས་རྗེ་ཅན༔ སྲིད་པ་གསུམ་གྱི་གཉེན་གཅིག་པོ༔ ལྷ་ཡི་ལྷ་རྣམས་དགོངས་སུ་གསོལ༔ བདེ་བར་གཤེགས་པ་ཀུན་འདུས་པ༔ བླ་མ་ཡི་དམ་མཁའ་འགྲོ་དང༔ སྤྲུལ་པ་རྒྱ་མཚོའི་ཚོགས་དང་བཅས༔ མ་ལུས་བདག་ལ་མཁྱེན་པས་དགོངས༔ བདག་ནི་རྒྱལ་སྲིད་ལོངས་སྤྱོད་དང༔ རང་དོན་ཆེད་དུ་མི་བསྒྲུབ་ཅིང༔ འགྲོ་བ་གཞན་དོན་འབད་རྩོལ་ན༔ ཀུན་གྱི་དཔལ་དུ་འགྱུར་བར་བྱ༔ ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་པ༔ བདག་གཞན་ཀུན་གྱི་ལྷག་བསམ་མཁྱེན༔ སྤྱན་སྔར་བདག་གིས་དམ་བཅས་ལ༔ རྣལ་འབྱོར་བསླུ་བར་མི་བགྱི་འོ༔ ཁེ་དང་དྲེགས་པ་འཇིག་རྟེན་ཆོས༔ གཡོ་སྒྱུ་ངན་པའི་ལམ་སྤངས་ནས༔ ཀུན་ཏུ་བཟང་པོ་བྱང་ཆུབ་སེམས༔ དོན་དམ་ཀུན་རྫོབ་ཚུལ་བཟུང་ངོ༔ སེམས་ཅན་ཐམས་ཅད་འདུས་གྱུར་ཏེ༔ བདག་ལ་གནོད་ཀྱང་ཕན་པར་སྦྱར༔ ཤེས་རབ་སྙིང་རྗེ་དང་འབྲེལ་བས༔ ཡི་དམ་ལྷ་དང་བླ་མ་དང༔ མཆེད་ལྕམ་ཐེག་པ་ཆེར་གནས་པ༔ སྲོག་གི་ཕྱིར་ཡང་མི་གཏོང་བསྒྲུབ༔ ནང་སེམས་རྨི་ལམ་སྒྱུ་མ་ལ༔ འཆི་བས་འཇིགས་པ་མ་མཆིས་ཏེ༔ སྐྱེ་བོ་གཞན་གྱི་དོན་འགྱུར་ན༔ བྱང་ཆུབ་སེམས་དཔའི་སྤྱོད་པ་ནི༔ རང་དབང་དུ་ནི་སྐྱེ་བ་བླང༔ བདག་ནི་གཅིག་པུར་ཞི་བདེ་ལ༔ མྱུར་འགྲོའི་སྤྲོ་བ་མ་མཆིས་པས༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ བསྐལ་པ་རྒྱ་མཚོར་མི་སྐྱོ་ཞིང༔ བྱང་ཆུབ་སེམས་ཀྱི་དགའ་བ་བསྐྱེད༔ ཤེས་རབ་ཐབས་ཀྱིས་དོན་མཛད་ཚེ༔ འགྲོ་བ་ལས་ཀྱི་འདུལ་སྐལ་ལ༔ སོ་སོའི་བློ་དང་སྐད་བཞིན་དུ༔ ཇི་ལྟར་འཚམ་པའི་སྐད་སྟོན་ནོ༔ རྣལ་འབྱོར་མཆོག་གི་ལམ་ཞུགས་པའི༔ སྐྱེས་ཆེན་རིག་པ་འཛིན་པ་རྣམས༔ ནུས་པ་ཇི་སྙེད་ཤུགས་ཀྱིས་ནི༔ བརྩོན་འགྲུས་འབད་པས་བསྙེན་བཀུར་རོ༔ གསང་བའི་ཐེག་པ་བླ་མེད་ལ༔ རབ་སྡང་གདུག་པའི་ཚུལ་འཆང་བ༔ ནུས་མཐུ་དྲག་རྩལ་ཅི་ཡོད་ཀྱིས༔ མྱུར་དུ་སྒྲོལ་བ་དྲག་རྩོམ་མོ༔ ད་ལྟའི་དུས་ངན་འདི་ཉིད་ལ༔ ཐེག་ཆེན་བླ་མེད་ཐུག་གི་བར༔ དུས་གསུམ་བདེ་བར་གཤེགས་རྣམས་ཀྱིས༔ ཇི་ལྟར་དམ་བཅའ་དེ་བཟུང་ངོ༔ ཁས་བླངས་དམ་དུ་བཅས་པ་ནི༔ སྐད་ཅིག་ཙམ་ཡང་འདའ་རེ་ཀན༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དེ་ནི་སྔོན་འགྲོའི་ལེའུའོ། །གཉིས་པ་དངོས་གཞི་ལ་བཅུ་ལས། དང་པོ་ཏིང་འཛིན་རྣམ་གསུམ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ འཁོར་འདས་ཆོས་རྣམས་བློ་འདས་ཆེ༔ དེ་བཞིན་ཉིད་ཀྱི་ཏིང་འཛིན་ལས༔ ཚད་མེད་བཞི་ལྡན་ཀུན་ཏུ་སྣང༔ སྐྱེ་འགྲོ་ཀུན་ལ་བྱམས་པ་བསྒོམ༔ ས་བོན་སྤྲོ་བསྡུས་འོད་ཟེར་ལས༔ རྒྱུ་ཡི་ཏིང་འཛིན་ཧྲཱིཿདམར་བསམ༔ གཉིས་པ་གཞལ་ཡས་ཁང་དང་ལྷ་བསྐྱེད་པ་ནི། དེ་ལས་འོད་འཕྲོས་སྣོད་སྦྱངས་པས༔ གཞལ་ཡས་གྲུ་བཞི་སྒོ་རྟ་བབས༔ རྒྱལ་ཁབ་རི་བོ་གུར་འདྲ་ཞིང༔ མཆོད་རྟེན་རྩེ་ལྔ་ཕྱི་ནས་མཚོན༔ ལྷ་ཁང་གཞི་རས་པདྨ་དང༔ ཟླ་གམ་ནོར་བུ་ནང་ནས་མཛེས༔ དབུས་སུ་པདྨ་དཀར་པོའི་སྟེང༔ རང་ལུས་མེ་འབར་ཐུལ་གྱིས་ཚིག༔ རིག་པ་ཧཱུྃ་དུ་གྱུར་པར་བསྒོམ༔ དེ་ལས་འོད་འཕྲོས་བཅུད་རྣམས་སྦྱངས༔ སྐུ་ཡི་ཐུགས་རྗེ་ཆེན་པོ་ནི༔ དཀར་གསལ་སྐྱིལ་ཀྲུང་རྡོར་དྲིལ་ཅན༔ རིན་ཆེན་རྒྱན་སྤྲས་འོད་ཟེར་འཕྲོ༔ ཆེ་ཆུང་ནམ་མཁའི་ཁམས་གང་བ༔ འོད་ཟེར་དཀར་པོ་འཕྲོས་པ་ཡིས༔ སྐྱེ་འགྲོའི་ལུས་སྒྲིབ་དག་པར་བསྒོམ༔ དེ་ཡི་ཐུགས་ཀར་ཞི་དཀྱིལ་དང༔ སྤྱི་བོར་ཁྲོ་དཀྱིལ་གསལ་བ་ནི༔ ཐུགས་ཀའི་ནང་དུ་རིན་ཆེན་སྒྲོམ༔ གཞལ་ཡས་སྒོ་དང་བཅས་པའི་དབུས༔ པདྨ་ཉི་ཟླ་དར་ཟབ་སྟེང༔ ཡི་གེ་ཧྲཱིཿདམར་འཕྲོ་འདུ་ལས༔ རང་རིག་གསུང་གི་ཐུགས་རྗེ་ཆེ༔ སྐུ་མདོག་དམར་པོ་ཡུམ་དང་འཁྲིལ༔ ཕྱག་གཉིས་མཉམ་གཞག་ཚེ་བུམ་འཛིན༔ གསང་ཡེས་ཡབ་འཁྱུད་རྐེད་ལ་འཁྲིལ༔ ངོ་བོ་སྟོང་པ་ཟང་ཐལ་ལེ༔ རང་བཞིན་གསལ་བ་ཁྲ་ཡལ་ལེ༔ ཐུགས་རྗེ་མ་འགགས་འགྱུ་བྲེང་ངེ༔ རང་བཞིན་ངང་གིས་གསལ་བར་བསྒོམ༔ དེ་ཡི་གཡས་སུ་ནོར་བུ་འཛིན༔ ཞལ་གཅིག་ཕྱག་གཉིས་དཀར་གསལ་སྐུ༔ ནོར་བུ་པད་ཕྲེང་བསྣམས་པ་ནི༔ ཕྱེད་སྐྱིལ་ཚུལ་དུ་འདུད་པ་བསྐྱེད༔ གཡོན་དུ་གསང་སྔགས་འཛིན་མ་ནི༔ ཞལ་གཅིག་ཕྱག་གཉིས་སྔོ་ལྗང་མདོག༔ ཨུཏྤལ་པད་ཕྲེང་བསྣམས་པ་ནི༔ ཕྱེད་སྐྱིལ་གཙོ་ལ་འདུད་པས་བཞུགས༔ དེ་ཡི་མཐའ་རིས་ཟླ་གམ་ཕྱིར༔ པདྨ་འདབ་བཞི་ཉི་ཟླའི་སྟེང༔ ཤར་དུ་བཛྲ་ཐུགས་རྗེ་ཆེ༔ དཀར་པོ་རྡོ་རྗེ་པདྨ་བསྣམས༔ གསང་ཡེ་མཱ་མ་ཀཱི་དང་འཁྲིལ༔ རིན་ཆེན་རྒྱན་མཛེས་འཇའ་ལྟར་བསྒོམ༔ ལྷོ་རུ་རཏྣ་ཐུགས་རྗེ་ཆེ༔ སེར་པོ་རིན་ཆེན་པདྨ་བསྣམས༔ གསང་ཡེ་སངས་རྒྱས་སྤྱན་མ་འཁྲིལ༔ རིན་ཆེན་རྒྱན་མཛེས་འཇའ་ལྟར་བསྒོམ༔ ནུབ་ཏུ་པདྨ་ཐུགས་རྗེ་ཆེ༔ དམར་པོ་པདྨ་རྡོ་རྗེ་བསྣམས༔ གསང་ཡེ་གོས་དཀར་མོ་དང་འཁྲིལ༔ རིན་ཆེན་རྒྱན་མཛེས་འཇའ་ལྟར་བསྒོམ༔ བྱང་དུ་ཀརྨ་ཐུགས་རྗེ་ཆེ༔ ལྗང་གུ་རལ་གྲི་པདྨ་བསྣམས༔ གསང་ཡེ་དམ་ཚིག་སྒྲོལ་དང་འཁྲིལ༔ རིན་ཆེན་རྒྱན་མཛེས་འཇའ་ལྟར་བསྒོམ༔ དེ་ཡི་ཕྱི་རིམ་འཇའ་ཚོན་ལྔ༔ པདྨ་འདབ་བརྒྱད་ཉི་ཟླའི་སྟེང༔ ཤར་དུ་ས་སྙིང་སྐུ་མདོག་དཀར༔ རིན་ཆེན་མྱུ་གུ་དྲིལ་བུ་འཛིན༔ སེམས་མ་ལཱ་སེ་མ་དང་འཁྲིལ༔ དཀར་མོ་མེ་ལོང་བསྣམས་པ་བསྐྱེད༔ ཤར་ལྷོར་བྱང་སེམས་བྱམས་པ་དཀར༔ ཀླུ་ཤིང་དྲིལ་བུ་བསྣམས་པ་ནི༔ ཡུམ་ཆེན་མཱ་ལེ་མཐིང་ག་འཁྲིལ༔ ཕྲེང་བ་བསྣམས་ཏེ་བཞུགས་པར་བསྒོམ༔ ལྷོ་རུ་ནམ་སྙིང་སྐུ་མདོག་སེར༔ ཕྱག་གཉིས་རལ་གྲི་དྲིལ་བུ་འཛིན༔ ཡུམ་ཆེན་སེམས་མ་གཱིརྟཱི་འཁྲིལ༔ དམར་སྐྱ་པི་ཝཾ་བསྣམས་པ་བསྒོམ༔ ལྷོ་ནུབ་ཀུན་ཏུ་བཟང་པོ་དམར༔ རིན་ཆེན་སྙེ་མ་དྲིལ་བུ་འཛིན༔ ཡུམ་ཆེན་ནཱིརྟཱི་ལྗང་མོ་འཁྲིལ༔ ཞལ་ཟས་བསྣམས་ཏེ་བཞུགས་པར་བསྒོམ༔ ནུབ་ཏུ་སྤྱན་རས་གཟིགས་དམར་སྐྱ༔ པདྨ་དྲིལ་བུ་བསྣམས་པ་ལ༔ ཡུམ་ཆེན་པུཥྤེ་མཐིང་སྐྱ་འཁྲིལ༔ མེ་ཏོག་བསྣམས་ཏེ་བཞུགས་པར་བསྒོམ༔ ནུབ་བྱང་འཇམ་དཔལ་དམར་སེར་ཏེ༔ ཨུཏྤལ་དྲིལ་བུ་བསྣམས་པ་ལ༔ ཡུམ་ཆེན་དྷཱུ་པེ་མ་དང་འཁྲིལ༔ དུད་ཀ་བདུག་སྤོས་འབུལ་བར་བསྒོམ༔ བྱང་དུ་ཕྱག་རྡོར་སྐུ་མདོག་དཀར༔ རྡོ་རྗེ་དྲིལ་བུ་བསྣམས་པ་ལ༔ ཡུམ་ཆེན་གྷནྡྷེ་མ་དང་འཁྲིལ༔ ལྗང་གུ་དུང་ཕོར་བསྣམས་པར་བསྐྱེད༔ བྱང་ཤར་སྒྲིབ་པ་རྣམ་སེལ་ནི༔ དམར་པོ་པུསྟི་དྲིལ་བུ་བསྣམས༔ ཡུམ་ཆེན་ཨཱ་ལོ་དམར་མོ་འཁྲིལ༔ ཕྱག་ན་མར་མེ་བསྣམས་པ་བསྐྱེད༔ དེ་ཡི་ཕྱོགས་བཞིར་པད་ཟླའི་སྟེང༔ རྣམ་རྒྱལ་ལྕགས་ཀྱུ་སྐུ་མདོག་དཀར༔ ལྕགས་ཀྱུ་དྲིལ་བུ་ཤར་སྒོ་སྲུང༔ གཤིན་རྗེ་ཞགས་པ་སྐུ་མདོག་སེར༔ དབྱུག་ཏོ་ཞགས་པ་ལྷོ་སྒོ་སྲུང༔ རྟ་མགྲིན་ལྕགས་སྒྲོག་སྐུ་མདོག་དམར༔ ལྕགས་སྒྲོག་སྡིག་མཛུབ་ནུབ་སྒོ་སྲུང༔ བདུད་རྩི་འཁྱིལ་པ་དྲིལ་བུ་ལྗང༔ རྒྱ་གྲམ་དྲིལ་བུ་བྱང་སྒོ་སྲུང༔ དེ་རྣམས་དུར་ཁྲོད་ཆས་བརྒྱད་ལ༔ མེ་རིའི་ཀློང་ན་ཁྲོས་ཚུལ་བསྐྱེད༔ དེ་ཡི་ཕྱི་རོལ་ཁོར་ཡུག་ཏུ༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་སྲུང་མ་སྣ་ཚོགས་པ༔ ལ་ལ་འཕུར་ཞིང་ལ་ལ་འཇོ༔ ཆ་ལུགས་ངེས་མེད་སྣ་ཚོགས་ལས༔ འོད་ཟེར་དམར་པོ་འཕྲོས་པ་ཡིས༔ སྐྱེ་འགྲོའི་ངག་སྒྲིབ་དག་པར་བསྒོམ༔ ཀླད་པ་དུང་གི་གཞལ་ཡས་ཁང༔ གྲུ་བཞི་སྒོ་བཞི་དུར་ཁྲོད་དབུས༔ ཆོས་འབྱུང་གྲུ་གསུམ་ཐོད་རའི་སྟེང༔ ཉི་ཟླ་པདྨ་རོ་ཡི་སྟེང༔ རྟ་མགྲིན་སྨུག་ནག་འཇིགས་པའི་ཚུལ༔ ཞལ་གཅིག་ཕྱག་གཉིས་དོར་སྟབས་བགྲད༔ གཡས་པ་གྲི་གུག་གཡོན་ཐོད་ཁྲག༔ དབུ་གཙུག་རྟ་མགོ་ཙེ་རེ་རེ༔ རིགས་ལྔའི་སངས་རྒྱས་དབུ་ལ་མཛེས༔ ཁ་ཊྭཱཾ་རལ་པ་སྦྲུལ་ལྔས་བརྒྱན༔ དུར་ཁྲོད་ཆས་བརྒྱད་མེ་དཔུང་ཀློང༔ ཡུམ་ཆེན་ཕག་ནག་ངུར་སྒྲ་འབྱིན༔ སངས་རྒྱས་ཡུམ་ལྔས་དབུ་ལ་བརྒྱན༔ གྲི་གུག་ཐོད་ཁྲག་འཁྲིལ་སྦྱོར་བསྐྱེད༔ སྐུ་ལ་སྤྱན་མིག་སྟོང་གིས་གཏམས༔ ཡབ་ཀྱི་སྐུ་ལ་དཔའ་བོ་སྟོང༔ ཡུམ་གྱི་སྐུ་ལ་མཁའ་འགྲོ་སྟོང༔ ཀུན་ཀྱང་གར་སྟབས་བྱེད་པར་བསྒོམ༔ དེ་ཡི་ཕྱི་རོལ་རྩིབས་བཞི་རུ༔ ཉི་ཟླ་པདྨ་བམ་ཆེན་སྟེང༔ ཤར་དུ་བཛྲ་རྟ་མགྲིན་དཀར༔ རྡོ་རྗེ་ཕག་མོ་ཡུམ་དང་འཁྲིལ༔ དུར་ཁྲོད་ཆས་བརྒྱད་མེ་རིའི་ཀློང༔ རྡོ་རྗེ་ཐོད་ཁྲག་བསྣམས་པ་བསྐྱེད༔ ལྷོ་རུ་རཏྣ་རྟ་མགྲིན་སེར༔ རིན་ཆེན་ཕག་མོ་ཡུམ་དང་འཁྲིལ༔ དུར་ཁྲོད་ཆས་བརྒྱད་མེ་རིའི་ཀློང༔ རིན་ཆེན་ཐོད་ཁྲག་བསྣམས་པ་བསྐྱེད༔ ནུབ་ཏུ་པདྨ་རྟ་མགྲིན་དམར༔ པདྨ་ཕག་མོ་ཡུམ་དང་འཁྲིལ༔ དུར་ཁྲོད་ཆས་བརྒྱད་མེ་རིའི་ཀློང༔ པདྨ་ཐོད་ཁྲག་བསྣམས་པ་བསྐྱེད༔ བྱང་དུ་ཀརྨ་རྟ་མགྲིན་ལྗང༔ ལས་ཀྱི་ཕག་མོ་ཡུམ་དང་འཁྲིལ༔ དུར་ཁྲོད་ཆས་བརྒྱད་མེ་རིའི་ཀློང༔ རྒྱ་གྲམ་ཐོད་ཁྲག་བསྣམས་པ་བསྐྱེད༔ དེ་ཡི་ཕྱི་རོལ་ཁོར་ཡུག་རྩིབས༔ ཉི་ཤུ་རྩ་བཞིའི་སྟེང་དག་ཏུ༔ མི་རོ་བམ་ཆེན་མེ་དཔུང་ཀློང༔ ཤར་ནས་རིམ་བཞིན་གསལ་བཞུགས་པ༔ སྲིན་མོ་སྨུག་ནག་གཡག་གི་མགོ༔ ཞལ་གཅིག་ཕྱག་གཉིས་ཐོད་ཁྲག་ཐོགས༔ ཚངས་པ་དམར་སེར་སྦྲུལ་གྱི་མགོ༔ ཞལ་གཅིག་ཕྱག་གཉིས་པདྨ་བསྣམས༔ ལྷ་ཆེན་དཀར་ལྗང་གཟིག་གི་མགོ༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་ཐོགས༔ གཏོགས་འདོད་སྔོན་མོ་སྲེ་མོང་མགོ༔ ཞལ་གཅིག་ཕྱག་གཉིས་འཁོར་ལོ་འཛིན༔ དགའ་བ་སྔོན་མོ་ཕ་ཝཾ་མགོ༔ ཞལ་གཅིག་ཕྱག་གཉིས་སྤུ་གྲི་ཐོགས༔ གཞོན་ནུ་དམར་མོ་དྲེད་ཀྱི་མགོ༔ ཞལ་གཅིག་ཕྱག་གཉིས་མདུང་ཐུང་ཐོགས༔ བརྒྱ་བྱིན་དཀར་མོ་དོམ་གྱི་མགོ༔ ཞལ་གཅིག་ཕྱག་གཉིས་རྒྱུ་ཞགས་འཛིན༔ ཞི་བ་དམར་མོ་ཆུ་སྲིན་མགོ༔ ཞལ་གཅིག་ཕྱག་གཉིས་བུམ་པ་ཐོགས༔ བདུད་རྩི་དམར་མོ་སྡིག་པའི་མགོ༔ ཞལ་གཅིག་ཕྱག་གཉིས་པདྨ་འཛིན༔ ཟླ་བ་དཀར་མོ་ཁྲ་ཡི་མགོ༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་ཐོགས༔ བེ་ཅོན་ལྗང་ནག་ཝ་ཡི་མགོ༔ ཞལ་གཅིག་ཕྱག་གཉིས་དབྱུག་ཏོ་ཕྱར༔ སྲིན་མོ་དམར་ནག་དྲེད་ཀྱི་མགོ༔ ཞལ་གཅིག་ཕྱག་གཉིས་ཐོད་ཁྲག་ཐོགས༔ ཟ་བ་ལྗང་ནག་བྱ་རྒོད་མགོ༔ ཞལ་གཅིག་ཕྱག་གཉིས་བེ་ཅོན་འཛིན༔ དགའ་བ་དམར་མོ་རྟ་ཡི་མགོ༔ ཞལ་གཅིག་ཕྱག་གཉིས་ཁོག་ཆེན་ཐོགས༔ སྟོབས་ཆེན་དཀར་མོ་ཁྱུང་གི་མགོ༔ ཞལ་གཅིག་ཕྱག་གཉིས་དབྱུག་ཏོ་འཛིན༔ སྲིན་མོ་དམར་ནག་ཁྱི་ཡི་མགོ༔ ཞལ་གཅིག་ཕྱག་གཉིས་སྤུ་གྲི་ཐོགས༔ འདོད་པ་དམར་མོ་པུ་ཤུད་མགོ༔ ཞལ་གཅིག་ཕྱག་གཉིས་མདའ་གཞུ་འགེངས༔ ནོར་སྲུང་ལྗང་གུ་ཤ་བའི་མགོ༔ ཞལ་གཅིག་ཕྱག་གཉིས་བུམ་པ་འཛིན༔ རླུང་ལྷ་སྔོན་མོ་སྤྱང་ཀིའི་མགོ༔ ཞལ་གཅིག་ཕྱག་གཉིས་བ་དན་འཛིན༔ མེ་མོ་དམར་སེར་སྐྱིན་བུའི་མགོ༔ ཞལ་གཅིག་ཕྱག་གཉིས་གསེག་ཤང་འཛིན༔ ཕག་མོ་དམར་མོ་ཕག་གི་མགོ༔ ཞལ་གཅིག་ཕྱག་གཉིས་མཆེ་ཞགས་ཐོགས༔ རྡོ་རྗེ་དམར་མོ་ཁྭ་ཡི་མགོ༔ ཞལ་གཅིག་ཕྱག་གཉིས་ཞིང་ཆུང་འཛིན༔ སྣ་ཆེན་ལྗང་ནག་ཁྱུང་གི་མགོ༔ ཞལ་གཅིག་ཕྱག་གཉིས་ཐོད་ཁྲག་བསྣམས༔ ཆུ་ལྷ་སྔོན་མོ་སྦྲུལ་གྱི་མགོ༔ ཞལ་གཅིག་ཕྱག་གཉིས་སྦྲུལ་ཞགས་བསྣམས༔ དེ་ཡི་ཕྱི་རོལ་རྩིབས་བཞི་ལ༔ ཆོས་འབྱུང་མཐིང་ནག་བམ་ཆེན་སྟེང༔ རྡོ་རྗེ་དཀར་མོ་ཁུ་བྱུག་མགོ༔ ལྕགས་ཀྱུ་བསྣམས་ནས་ཤར་སྒོ་སྲུང༔ རྡོ་རྗེ་སེར་མོ་ར་ཡི་མགོ༔ ཞགས་པ་ཐོགས་ནས་ལྷོ་སྒོ་སྲུང༔ རྡོ་རྗེ་དམར་མོ་སེང་གེའི་མགོ༔ ལྕགས་སྒྲོག་ཐོགས་ནས་ནུབ་སྒོ་སྲུང༔ རྡོ་རྗེ་ལྗང་ནག་སྐྱ་ཀའི་མགོ༔ དྲིལ་བུ་ཐོགས་ནས་བྱང་སྒོ་སྲུང༔ ཀུན་ཀྱང་གཅེར་བུ་རལ་པ་གསིག༔ འཇིགས་པའི་ཆ་ལུགས་ཅིར་ཡང་སྟོན༔ ཆུ་ཡི་ནང་གི་ཟླ་བ་ལྟར༔ རང་བཞིན་བཀྲག་གསལ་ཉམས་དགའ་བ༔ སྒྲ་དང་འོད་ཟེར་དུ་མ་འཁྲིགས༔ མ་ཡེངས་ཡིད་ཡུལ་གསལ་བར་བསྐྱེད༔ ལོངས་སྤྱོད་རྫོགས་པ་ཐུགས་རྗེ་ཅན༔ འོད་ཟེར་མཐིང་ག་རབ་འཕྲོས་པས༔ སྐྱེ་འགྲོའི་ཡིད་སྒྲིབ་དག་པར་བསྒོམ༔ དེ་ལྟའི་གཙོ་འཁོར་རྫོགས་པར་གསལ༔ ཐུགས་རྗེ་སྤྲུལ་སྐུའི་ལྷ་ཚོགས་ནི༔ སྤྱི་བོ་བདེ་ཆེན་འཁོར་ལོའི་དབུས༔ དཀར་གསལ་ཐིག་ལེ་ལྔ་ལྡན་སྟེང༔ ཐུགས་རྗེ་བརྒྱ་བྱིན་པི་ཝཾ་དཀར༔ ཐུགས་ཀར་ཡི་གེ་ཨོཾ་གྱིས་བརྒྱན༔ གཙུག་ཏོར་ཆོས་གོས་ལྡན་པ་ལ༔ ཞི་བའི་ཚུལ་དགུ་ལྡན་པ་བསྐྱེད༔ ལྟག་རྩ་བ་མེན་རྭ་འདྲའི་དབུས༔ ལྗང་གསལ་ཐིག་ལེ་ལྔ་ལྡན་སྟེང༔ ཐུགས་རྗེ་ཐགས་བཟང་གོ་མཚོན་ལྗང༔ ཐུགས་ཀར་ཡི་གེ་མ་ཡིས་བརྒྱན༔ གཙུག་ཏོར་ཆོས་གོས་ལྡན་པ་ལ༔ ཞི་བའི་ཚུལ་དགུ་ལྡན་པ་བསྐྱེད༔ སྙིང་གར་སྲོག་པ་རྩ་ཡི་ནང༔ དམར་གསལ་ཐིག་ལེ་ལྔ་ལྡན་སྟེང༔ ཐུགས་རྗེ་ཤཱཀ་ཐུབ་སྐུ་མདོག་སེར༔ གསེག་ཤང་པར་བུ་བསྣམས་ནས་བཞེངས༔ ཐུགས་ཀར་ཡི་གེ་ཎི་ཡིས་བརྒྱན༔ གཙུག་ཏོར་ཆོས་གོས་ལྡན་པ་ལ༔ ཞི་བའི་ཚུལ་དགུ་ལྡན་པ་བསྐྱེད༔ ལྟེ་བ་སྤྲུལ་པའི་འཁོར་ལོ་རུ༔ མཐིང་གསལ་ཐིག་ལེ་ལྔ་ལྡན་སྟེང༔ ཐུགས་རྗེ་རབ་བརྟན་པུསྟི་བསྣམས༔ མཐིང་ག་མཛེས་ཚུལ་བཞེངས་ཏེ་བཞུགས༔ ཐུགས་ཀར་ཡི་གེ་པད་ཀྱིས་བརྒྱན༔ གཙུག་ཏོར་ཆོས་གོས་ལྡན་པ་ལ༔ ཞི་བའི་ཚུལ་དགུ་ལྡན་པ་བསྐྱེད༔ གསང་གནས་བདེ་འབར་འཁོར་ལོ་ན༔ ལྗང་གསལ་ཐིག་ལེ་ལྔ་ལྡན་སྟེང༔ ཐུགས་རྗེ་ཁ་འབར་རིན་ཆེན་སྒྲོམ༔ ལྗང་སེར་མཛེས་ཚུལ་བཞེངས་ཏེ་བཞུགས༔ ཐུགས་ཀར་ཡི་གེ་མེ་ཡིས་བརྒྱན༔ གཙུག་ཏོར་ཆོས་གོས་ལྡན་པ་ལ༔ ཞི་བའི་ཚུལ་དགུ་ལྡན་པ་བསྐྱེད༔ རྐང་མཐིལ་བཞག་སྒོར་འཁྱིལ་པ་ལ༔ ནག་གསལ་ཐིག་ལེ་ལྔ་ལྡན་སྟེང༔ ཐུགས་རྗེ་ཆོས་རྒྱལ་སྐུ་མདོག་ནག༔ མེ་ཆུ་བསྣམས་ཏེ་བཞེངས་ནས་བཞུགས༔ ཐུགས་ཀར་ཡི་གེ་ཧཱུྃ་གིས་བརྒྱན༔ དྲུག་ཀ་གཙུག་ཏོར་ཆོས་གོས་ལྡན༔ ཞི་བའི་ཚུལ་དགུ་ལྡན་པར་བསྐྱེད༔ རྩ་ཁམས་ཐིག་ལེ་དཀར་དམར་སྟེང༔ མཁའ་འགྲོ་བྱེ་བ་དུང་ཕྱུར་གསལ༔ བ་སྤུའི་བུ་ག་རེ་རེ་ལ༔ དཀར་གསལ་ཐིག་ལེའི་གདན་སྟེང་དུ༔ དུས་གསུམ་སངས་རྒྱས་སྟོང་རྩ་གཉིས༔ སྤྲུལ་སྐུའི་ཆ་ལུགས་མཛེས་ཚུལ་བཞུགས༔ ལག་གཡས་་གཞལ་ཡས་ཁང་གི་་ཤར་སྒོའི་བམ་ཆེན་སྟེང༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་ནི༔ དཀར་མོ་གྲི་གུག་ཐོད་ཁྲག་འཛིན༔ རིན་ཆེན་དར་དཔྱང་གར་སྟབས་བཞུགས༔ ལག་གཡོན་ལྷོ་སྒོའི་བམ་ཆེན་སྟེང༔ རིན་ཆེན་མཁའ་འགྲོ་ཡབ་ཡུམ་ནི༔ སེར་མོ་གྲི་གུག་ཐོད་ཁྲག་འཛིན༔ རིན་ཆེན་དར་དཔྱང་གར་སྟབས་བཞུགས༔ རྐང་གཡོན་ནུབ་སྒོའི་བམ་ཆེན་སྟེང༔ པདྨ་མཁའ་འགྲོ་ཡབ་ཡུམ་ནི༔ དམར་མོ་གྲི་གུག་ཐོད་ཁྲག་འཛིན༔ རིན་ཆེན་དར་དཔྱང་གར་སྟབས་བཞུགས༔ རྐང་གཡས་བྱང་སྒོའི་བམ་ཆེན་སྟེང༔ ཀརྨ་མཁའ་འགྲོ་ཡབ་ཡུམ་ནི༔ ལྗང་གུ་གྲི་གུག་ཐོད་ཁྲག་འཛིན༔ རིན་ཆེན་དར་དཔྱང་གར་སྟབས་བཞུགས༔ དེ་ལྟར་སྤྲུལ་སྐུའི་ལྷ་ཚོགས་ལས༔ འོད་ཟེར་ལྗང་གུ་འཕྲོས་པ་ཡིས༔ སྐྱེ་འགྲོའི་སྡིག་སྒྲིབ་དག་པར་བསྒོམ༔ རང་ཉིད་ལྷ་ལ་ལྷ་ཉིད་རང༔ ཐུགས་རྗེའི་ལྷ་ཚོགས་དབྱེར་མེད་ལ༔ རང་སེམས་དཀྱིལ་འཁོར་ཡེ་རྫོགས་ངང༔ སྤྲོས་བྲལ་གཉུག་མ་ཟང་ཐལ་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གསུམ་པ་གནས་གསུམ་བྱིན་བརླབ་དང་དབང་བསྐུར་བ་ནི། དེ་ལྟར་སྐུ་གསུམ་དཀྱིལ་འཁོར་ལྷའི༔ སྤྱི་བོ་མགྲིན་པ་སྙིང་ག་རུ༔ ཨོཾ་ཨཱཿཧཱུྃ་གསུམ་སྲོག་བཙུགས་ཏེ༔ སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཐུགས་རྗེའི་ལྷ་ཚོགས་ཐམས་ཅད་ཀྱི༔ དབུ་ལ་རིགས་ལྔས་བརྒྱན་པ་ནི༔ ཡེ་ཤེས་ལྔ་རུ་ལྷུན་གྱིས་གྲུབ༔ ཕྲིན་ལས་ལྔ་རྫོགས་དབང་བསྐུར་རོ༔ ཨོཾ་ཧཱུྃ་སྭཱ་ཨཱཾཿཧཱ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བཞི་པ་སྤྱན་འདྲེན་པ་ནི། ཧྲཱི༔ འཁོར་འདས་ཀུན་ཤོང་ཀ་དག་གནས༔ བདེ་ཆེན་བརྡལ་བའི་ཕོ་བྲང་ནས༔ སྣང་བ་མཐའ་ཡས་སྐུར་བཞེངས་ལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ འབྱུང་ལྔ་རང་དག་སྣོད་ཀྱི་ཀློང༔ ཕྱི་ནང་ཀུན་ཡངས་ཕོ་བྲང་ནས༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ལྷུན་གྲུབ་ལྔ་ལྡན་འོད་ལྔའི་ཀློང༔ གསལ་སྟོང་རང་གྲོལ་གཞལ་ཡས་ནས༔ གསུང་གི་ལྷ་ཚོགས་སྐུར་བཞེངས་ལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ རིག་རྩལ་རོལ་པ་ཐུགས་རྗེའི་ཟེར༔ འབར་བའི་དུར་ཁྲོད་མེ་ཀློང་ནས༔ རྟ་མགྲིན་འཇིགས་པའི་ཁྲོ་ཚོགས་ཀྱང༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཐུགས་རྗེའི་མཁའ་ཀློང་ས་གཞིའི་གནས༔ ཁམས་གསུམ་འདུལ་མཛད་ལྷ་ཚོགས་རྣམས༔ ཡོན་ཏན་རྩལ་གྱིས་སྐུ་བཞེངས་ལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཐུགས་རྗེ་དམིགས་མེད་གདུལ་བྱའི་ཕྱིར༔ བརྩེ་བས་མཛད་པའི་ཕྲིན་ལས་ཅན༔ རིག་འཛིན་བླ་མ་སྐུ་བཞེངས་ལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས༔ ཕྱོགས་མཚམས་ཀུན་ནས་སྐུ་བཞེངས་ལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྐུ་མདོག་དཀར་དམར་ཡ་ལ་ལ༔ ཞལ་ནི་འཛུམ་མདངས་མུ་ལུ་ལུ༔ རིན་ཆེན་པྲོག་ཞུ་རོངས་སེ་རོང༔ རུས་པའི་རྒྱན་ཆ་སི་ལི་ལི༔ ཕྱག་གིས་གར་བྱེད་ལིངས་སེ་ལིང༔ ཞབས་ཀྱིས་བྲོ་བརྡུང་ཁྲིགས་སེ་ཁྲིག༔ སྐུ་ཡི་བཀོད་པ་ཤིགས་སེ་ཤིག༔ ཡིག་བདུན་སྒྲ་དབྱངས་དི་རི་རི༔ ཉམས་དང་རྟོགས་པ་འུ་རུ་རུ༔ དྲི་ཞིམ་ངད་པ་ཆི་ལི་ལི༔ ཆོས་སྐྱོང་གཏོར་ལན་ཐིབས་སེ་ཐིབ༔ གཞལ་ཡས་འོད་དུ་ལམས་སེ་ལམ༔ དངོས་གྲུབ་ན་བུན་ཐིབས་སེ་ཐིབ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ལྔ་པ་བཞུགས་གསོལ་ནི། རིན་ཆེན་སྣ་ལྔའི་གཞལ་ཡས་ཁང༔ ཟ་འོག་གུར་ཁང་པ་ཏྲ་རིས༔ དར་གྱི་ལྡ་ལྡི་རིན་ཆེན་ཕྲེང༔ རྡོ་རྗེའི་ར་བ་པདྨའི་གདན༔ ཉི་ཟླའི་གྭ་འུ་འཁོར་ལོའི་དབུས༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས༔ གསལ་སྟོང་ངོས་བཟུང་མེད་པ་ལ༔ མི་གཡོ་བརྟན་པར་བཞུགས་སུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དྲུག་པ་ཕྱག་འཚལ་བ་ནི། ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདིར༔ བདག་གཞན་ཚོགས་གཉིས་བསགས་པ་དང༔ སྒྲིབ་གཉིས་སྦྱངས་ཏེ་འབྲས་ཐོབ་ཕྱིར༔ སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བདུན་པ་མཆོད་འབུལ་ནི། ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ༔ ཁ་དོག་དབྱིབས་ལེགས་མེ་ཏོག་འབུལ༔ དྲི་ཞིམ་ངད་ལྡན་བདུག་སྤོས་འབུལ༔ མ་རིག་མུན་སེལ་མར་མེ་འབུལ༔ མདངས་ལྡན་བསིལ་འཇམ་དྲི་ཆབ་འབུལ༔ རོ་བཅུད་སྟོབས་ལྡན་ཞལ་ཟས་འབུལ༔ གསུང་སྙན་རོལ་མོ་སྒྲ་དབྱངས་འབུལ༔ གུས་པའི་ཚུལ་གྱིས་འབུལ་ལགས་ན༔ བླང་དོར་མེད་པར་བཞེས་སུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་བཛྲ་པུཥྤེ་ནས་ཤབྡ་པཱུ་ཛ་ཧཱུྃ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ༔ བལྟས་པས་ཡིད་ཚིམས་མཛེས་པའི་གཟུགས༔ ཐོས་པས་ཡིད་འོང་སྙན་པའི་སྒྲ༔ རྣམ་ཤེས་ཚིམས་འགྱུར་ཁྱད་འཕགས་དྲི༔ བཅུད་མཆོག་རོ་ཞིམ་བརྒྱ་ལྡན་ཟས༔ འཇམ་འཁྲིལ་རེག་པས་ནད་སེལ་གོས༔ དྲན་པས་འདོད་ཡོན་རང་གྲོལ་ཆོས༔ གུས་པའི་ཚུལ་གྱིས་འབུལ་ལགས་ན༔ བླང་དོར་མེད་པར་བཞེས་སུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་བཛྲ་རཱུ་པ་ཤབྡ་གྷནྡྷེ་ར་ས་སྤརྴེ་དྷརྨ་པཱུ་ཛ་ཧཱུྃ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ༔ བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན༔ སྨན་དང་རཀྟ་གཏོར་མ་མཆོག༔ རིག་མ་སྦྱོར་སྒྲོལ་གླུ་དབྱངས་གར༔ མཁའ་མཉམ་ངོ་མཚར་མཆོད་པའི་རྫས༔ གུས་པའི་ཚུལ་གྱིས་འབུལ་ལགས་ན༔ བླང་དོར་མེད་པར་བཞེས་སུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཨོཾ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཨོཾ་མ་ཧཱ་བྷ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཨོཾ་མ་ཧཱ་སརྦ་པཱུ་ཛ་ཧོ༔ སྤྲོ་ན་ཚིགས་བཅད་འདི་རྣམས་སྔགས་བཅས་སོ་སོར་ཕྲལ་ཏེ་བྱ་ལ་སྔགས་མེད་པ་གསུམ་ལ་ཕྱི་མ་འདིས་བྱའོ། །བརྒྱད་པ་བསྟོད་པ་ནི། ཧྲཱི༔ ཡེ་ཤེས་རིག་པ་ཉིད་ནས་བསྐྱེད་པའི་སྐུ༔ རང་བྱུང་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ སྐུ་མདོག་དཀར་གསལ་གངས་ལ་ཉི་ཤར་འདྲ༔ ཉོན་མོངས་དྲི་མ་དག་ལ་ཕྱག་འཚལ་བསྟོད༔ དུས་གསུམ་སངས་རྒྱས་འདུས་པའི་གསུང༔ ཡི་གེ་ཧྲཱིཿཡི་འཕྲོ་འདུ་ལས༔ སྣང་གསལ་འགྱུར་མེད་པདྨའི་མདངས༔ ངན་སོང་ཀུན་སྐྱོབ་རྗེ་ལ་བསྟོད༔ སྐུ་དམར་འགྲོ་བའི་དོན་ལ་ཆགས༔ ཐབས་ཤེས་གཉིས་མེད་ཡུམ་དང་འཁྲིལ༔ འཁོར་འདས་མཉམ་པའི་ཕྱག་རྒྱ་ཅན༔ སྡུག་བསྔལ་ཀུན་སྐྱོབ་རྗེ་ལ་བསྟོད༔ ཕྱི་ནང་རྐྱེན་སེལ་ཚེ་བུམ་འཛིན༔ རིན་ཆེན་རྒྱན་མཛེས་སྐྱིལ་ཀྲུང་བཞུགས༔ འདོད་ཡོན་ཞེན་མེད་པདྨའི་གདན༔ ཐུགས་རྗེ་ཆེན་པོ་རྗེ་ལ་བསྟོད༔ གསང་ཡེ་དམར་མོ་བདེ་སྟོང་འཁྲིལ༔ དུག་གསུམ་རྩད་གཅོད་གྲི་གུག་འཛིན༔ ཟག་མེད་བདེ་བསྐྱེད་བདུད་རྩི་སྟོབ༔ བདེར་གཤེགས་ཡུམ་ཆེན་སྐུ་ལ་བསྟོད༔ ནོར་འཛིན་སྲས་གཅིག་གཡས་ནས་འདུད༔ སྣང་བ་བདེ་ཆེན་གསལ་བའི་སྐུ༔ དྲི་མེད་དཀར་གསལ་པད་ཕྲེང་འཛིན༔ དགོས་འབྱུང་ནོར་བུ་བསྣམས་ལ་བསྟོད༔ གསང་སྔགས་འཛིན་མ་གཡོན་ནས་འདུད༔ གསལ་སྟོང་སྐུར་སྟོན་ལྗང་སྔོན་མདོག༔ ཨུཏྤལ་པད་ཕྲེང་རྟགས་ཀྱིས་མཚན༔ ཤེས་རབ་སྟོང་པའི་མཁའ་ལ་བསྟོད༔ རིགས་ལྔ་སེམས་དཔའ་སྒོ་བ་བཞི༔ རྟ་མགྲིན་རིགས་ལྔ་ཡབ་ཡུམ་བཅས༔ དབང་མོ་ཐུབ་དྲུག་སངས་རྒྱས་སྟོང༔ མཁའ་འགྲོ་ཆོས་སྐྱོང་རྒྱ་མཚོར་བསྟོད༔ ཕྱག་བྱར་འོས་པ་ཐམས་ཅད་ལ༔ ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི༔ ལུས་བཏུད་པས་ནི་རྣམ་ཀུན་ཏུ༔ མཆོག་ཏུ་དད་པས་ཕྱག་འཚལ་བསྟོད༔ དགུ་པ་ཛཔ྄་བཟླ་བ་ནི། ཐུགས་ཀར་པད་ཟླར་ཧྲཱིཿམཐར་སྔགས་ཕྲེང་བསྐོར༔ དེ་ལས་འོད་འཕྲོས་འཕགས་མཆོད་འགྲོ་དོན་མཛད༔ སྣང་གྲགས་རྟོག་གསུམ་ལྷ་སྔགས་ཆོས་སྐུར་བསྒྱུར༔ ཚུར་འདུས་བདག་ཐིམ་དངོས་གྲུབ་མཆོག་ཐོབ་གྱུར༔ ཅེས་པའི་དམིགས་པ་དང་བཅས་ཏེ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་འབྲུ་བདུན་ཅི་ནུས་བཟླ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཕཊ་ཛ༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་པ་གསུམ་སོ་སོར་ཅུང་ཟད་རེ་བཟླ། སྟོང་ཕྲག་རེའི་མཚམས་སུ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས༔ སོགས་ཀྱི་སྟོང་ཚིགས་ཀྱི་མཆོད་པ་བྱེད་པར་གསུངས་པ་ལྟར་རམ་མཐར་མཆོད་བསྟོད་བྱ། བཅུ་པ་དངོས་གྲུབ་བླང་བ་ནི། ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དགོངས༔ སྒྲུབ་མཆོག་རྣལ་འབྱོར་མཆེད་ལྕམ་ལ༔ འཆི་མེད་ཚེ་དང་འབྲལ་མེད་གཟུངས༔ ཐུན་མོང་དངོས་གྲུབ་གཉིས་མེད་མཆོག༔ སྐལ་ལྡན་བུ་ལ་དབང་བསྐུར་སྩོལ༔ དངོས་གྲུབ་ངོ་བོ་མི་དམིགས་ཀྱང༔ མི་དམིགས་ངང་ལས་ཐུགས་རྗེ་ཡིས༔ ད་ལྟ་ཉིད་དུ་བསྩལ་དུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པས་ཏིང་ངེ་འཛིན་གྱི་དབང་ལེན་པའི་དམིགས་པ་སྤྱི་ལྟར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་བཅུ་ལས། དང་པོ་ཚོགས་འཁོར་ལ། ཚོགས་རྫས་བཟའ་བཅའ་བཏུང་བའི་རིགས་ཇི་ལྟར་ཚོགས་པ་འདུ་བྱས་ལ་བྱིན་གྱིས་བརླབ་པ་ནི། ཧཱུྃ༔ རང་ཉིད་ཐུགས་རྗེའི་ལྷ་ཚོགས་ལས༔ རཾ་ཡཾ་ཁཾ་གསུམ་ཕར་འཕྲོས་པས༔ བསྲེགས་གཏོར་བཀྲུས་པས་དྲི་མ་དག༔ ཚོགས་ཀྱི་དངོས་པོ་དྲི་མེད་གསལ༔ རང་ཉིད་ཐུགས་རྗེའི་ལྷ་ཚོགས་ལས༔ བྷྲཱུྃ་ཏྲཱཾ་ཧཱུྃ་ཨཱཿཨོཾ་འཕྲོས་པས༔ སྦྱངས་བསྒྱུར་སྤེལ་ཏེ་འདོད་ཡོན་བསྟིམས༔ དངོས་གྲུབ་རྫས་ཀྱི་གོང་བུར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱི༔ ལན་གསུམ། ཨོཾ་བཛྲ་ས་མཱ་ཛ༔ ཞེས་ཚོགས་ཞིང་སྤྱན་དྲངས་ནས་དང་པོ་མཆོད་པ་ནི། ཧྲཱི༔ རིན་ཆེན་ཁང་བཟང་གཞལ་ཡས་འདིར༔ སྨན་དྲིས་ཆག་ཆག་པད་ཉི་རྒྱན༔ གླུ་གར་རོལ་མོ་ཙན་དན་ཕྲེང༔ ཕྱི་ནང་མཆོད་པའི་རྫས་རྣམས་ཀྱིས༔ སྤྲིན་འཁྲིགས་ལྟ་བུར་མཁའ་བཀང་སྟེ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་མཆོད༔ གཟུགས་མཛེས་ལྷ་མོ་མེ་ལོང་མ༔ སྒྲ་སྙན་ལྷ་མོ་པི་ཝཾ་མ༔ དྲི་ཞིམ་ལྷ་མོ་སྤོས་ཕོར་འཛིན༔ རོ་མཆོག་ལྷ་མོ་ཟས་གཞོང་ཐོགས༔ རེག་བྱའི་ལྷ་མོ་མཉེན་འཇམ་འཁྲིལ༔ ཀུན་ཀྱང་མཛེས་པའི་སྤྱན་ཟུར་བལྟ༔ རྐང་པས་སྟབས་བྱེད་ལག་གར་སྒྱུར༔ མང་པོས་ནམ་མཁའི་ཁམས་བཀང་ནས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ སྐོང་བ་སྤྲོ་ན་རྩ་གསུམ་སྤྱི་སྐོང་རྡོར་གླིང་གཏེར་བྱོན་དང་། འདི་ཉིད་ཀྱི་གཞུང་ནས་འབྱུང་བའི་སྐོང་བ་རྒྱས་པ་རྣམས་སྐབས་འདིར་སྦྱར། གཉིས་པ་བཤགས་པ་ནི། ཧཱུྃ༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདིར༔ འབྱོར་ཚོགས་ཆུང་བས་སྐུ་མ་སྐོང༔ བསྙེན་སྒྲུབ་ཡུན་ཐུང་རྟགས་མ་ཐོན༔ རྟོགས་པའི་རྩལ་ཆུང་ཐུགས་མ་རྟོགས༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ས་མ་ཡ་ཧོ༔ ཡིག་བརྒྱ་བརྗོད། གསུམ་པ་བསྒྲལ་བ་ནི། ཨོཾ་སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་དགུག་གཞུག་བྱས་པ་ལ་བསྒྲལ་བ་ནི། ཧཱུྃ༔ སྣང་སྲིད་ཐམས་ཅད་དུར་ཁྲོད་འབར༔ རྩི་ཤིང་ཐམས་ཅད་མདའ་དང་མདུང༔ བཟའ་བཏུང་ཐམས་ཅད་ཤ་ཁྲག་མཚོ༔ གཟུགས་སྣང་ཐམས་ཅད་རྟ་མཆོག་དཔལ༔ དམར་ནག་འཇིགས་པའི་ཕྱག་གཉིས་པོ༔ རི་རབ་ཕུར་པས་བགེགས་ལ་གཟིར༔ འགྱིང་བའི་སྟབས་ཀྱིས་གར་བྱེད་པས༔ ཉོན་མོངས་དུག་ལྔ་དུག་གསུམ་འདི༔ སྐུ་གསུམ་སྐུ་ལྔར་བསྒྲལ་བར་བྱ༔ ལོག་ལྟ་གཉིས་འཛིན་དགྲ་བགེགས་རྣམས༔ ལྔ་ཕུང་རྡུལ་དུ་བརླག་པར་མཛོད༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཕཊ་ཛ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ་ཛ༔ མཱ་ར་ཡ་སོད་སོད༔ བསྟབ་པ་ནི། ཧྲཱི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཞལ་ཕྱེས་ཤིག༔ ཆོས་སྐྱོང་བཀའ་སྲུང་གཏེར་བདག་ཞལ་ཕྱེས་ཤིག༔ དུག་གསུམ་བསྒྲལ་པའི་ཤ་རུས་ཁྲག་དང་དབུགས༔ སྐུ་གསུམ་ཡེ་ཤེས་ལྔ་རུ་སྦྱངས་ཏེ་འབུལ༔ རྣམ་ཤེས་གནས་སྤོར་ཐུགས་ཀྱི་སྲས་སུ་སྐྱེད༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པ་དང༔ ཟ་བྱེད་ཆོས་དབྱིངས་བདེན་བཞིའི་ཀློང་དུ་རོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜ་ལ་མཱཾ་ས་རཀྟ་བ་སུ་ཏ་ཙིཏྟ་གོ་རོ་ཙ་ན་ཀིཾ་ནི་རི་ཏི་ཁཱ་ཧི༔ ཞེས་བསྟབ། སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཞེས་བདུད་རྩི་གསང་ནན་འབུལ། དེ་ནས་བརྡའི་འབུལ་ལེན་བཅས་ཚོགས་རྫས་ནང་གི་སྲེག་བླུགས་ཀྱི་ཚུལ་དུ་ལོངས་སྤྱད་ལ་ལྷག་མ་བྱིན་རླབས་སྤྱི་ལྟར་བྱ། ཧཱུྃ༔ མཁའ་འགྲོ་གིང་ལང་དབང་ཕྱུག་མ༔ མ་བདུན་སྲིང་བཞི་འབར་མ་བརྒྱད༔ ཕོ་ཉ་ལ་སོགས་ལྷག་སྡུད་ཚོགས༔ དཔལ་གྱི་ཕམ་ཕབ་འདི་གསོལ་ལ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་ཨུ་ཙྪིཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ༔ གཉིས་པ་ཆེ་བ་བསྐྱེད་ཅིང་བསྐུལ་པ་ནི། ཧཱུྃ༔ སྣང་སྲིད་ཐམས་ཅད་གཞལ་ཡས་ཁང༔ གཟུགས་སྣང་ཐམས་ཅད་ཐུགས་རྗེ་ཆེ༔ མ་ལུས་ཐམས་ཅད་ང་ཡི་བྲན༔ ང་ལས་ཆེ་བཙན་སུ་ཡང་མེད༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་སྐུ་ཐུགས་ཀྱི་དཀྱིལ་འཁོར་དང༔ ལོངས་སྐུ་གསུང་གི་དཀྱིལ་འཁོར་དང༔ སྤྲུལ་སྐུ་སྐུ་ཡི་དཀྱིལ་འཁོར་དང༔ ཡོན་ཏན་ཕྲིན་ལས་དཀྱིལ་འཁོར་ནས༔ གཟུགས་སྐུ་སྒྱུ་མའི་སྐུར་བཞེངས་ལ༔ ཞི་རྒྱས་དབང་དང་དྲག་པོའི་ལས༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ གསུམ་པ་ཆད་ཐོའི་གཏོར་མ་ནི། ཧཱུྃ༔ སྔོན་ཚེ་འདས་དུས་འཁོར་འདས་གོང་རོལ་ལ༔ འོག་མིན་བདེ་ཆེན་ཆོས་དབྱིངས་ཕོ་བྲང་དུ༔ སྣང་བ་མཐའ་ཡས་ཐུགས་ཆེན་རྟ་མགྲིན་གྱིས༔ རང་སྣང་ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ འོད་སྐུ་འགྱུར་སྣང་བཀའ་སྡོད་ཐམས་ཅད་ཀྱིས༔ རང་གཟུགས་སྤྲོས་མེད་ཤར་གྲོལ་གཟུགས་བསྟན་ནས༔ སྟོང་གསལ་བདག་འཛིན་བྲལ་བར་མ་ཆད་དམ༔ སྣང་རིག་དོན་གྱི་གཏོར་མ་འདི་ལོངས་ལ༔ མཐོང་རྒྱས་རྩལ་འབྱོངས་མ་ལ་བུ་ཐིམ་མཛོད༔ དེ་འོག་བར་གྱི་བསྐལ་པ་དབུས་མ་ལ༔ བསིལ་བ་ཚལ་དང་བུམ་ཐང་གཏེར་གནས་སུ༔ སློབ་དཔོན་པདྨ་མནྡཱ་ཤེལ་དཀར་བཟས༔ ཐུགས་ཆེན་ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ གཽ་རི་སེང་ཧ་ཕྲ་མེན་ལས་མཁན་གྱིས༔ རང་རང་སྲོག་སྙིང་ཕུལ་ནས་དམ་ལ་བཏགས༔ བརྒྱུད་འཛིན་བཀའ་ཉན་བྲན་དུ་མ་ཆད་དམ༔ ཤ་ཁྲག་རྒྱན་གྱི་གཏོར་མ་འདི་ལོངས་ལ༔ བཅོལ་པའི་ཕྲིན་ལས་གཉན་པོ་གྲུབ་པར་མཛོད༔ དེ་འོག་བསྐལ་པ་དུས་ཀྱི་ཡང་ཐ་ལ༔ གར་བཞུགས་རིན་ཆེན་གཏེར་གྱི་ཕོ་བྲང་དུ༔ འདུས་བྱས་ཕྱིར་བསྒྱུར་དོན་གྱི་རིག་འཛིན་གྱིས༔ འཁྲུལ་གཞི་རྩད་གཅོད་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ལྟར་སྣང་ཡིད་ཀྱི་ལྷ་འདྲེ་ཡོངས་འདུས་ནས༔ དོན་དམ་ཐིག་ལེ་ཉག་གཅིག་བསྟན་ནས་ཀྱང༔ དུག་ལྔ་ཆོས་ཉིད་དབྱིངས་སུ་བསྒྲལ་ནས་ནི༔ གཞན་དོན་རྩོལ་མེད་བྱེད་པར་མ་ཆད་དམ༔ དེ་དོན་ཁས་བླངས་འཁྲུལ་སྣང་མ་བསྒྲུབ་པར༔ འཁོར་བ་སྐྱེ་མེད་དབྱིངས་སུ་སྟོང་པ་དང༔ རྩོལ་མེད་དངོས་མེད་བདེན་མེད་གྲུབ་པར་མཛོད༔ བཞི་པ་བརྟན་མ་མཆོད་པ་ནི། ཧཱུྃ༔ བརྟན་མ་སྐྱོང་མཛད་མ་དང་སྲིང༔ དཔལ་གནས་མ་དང་ཡང་དག་ཤེས༔ ཀོང་བཙུན་ཁྱུང་ལྷ་གཡུ་བུན་མ༔ མེ་ཏོག་ཟླ་འོད་བྱང་རྒྱལ་མ༔ གསེར་ཐང་ཀུན་བཟང་ཤཱནྟིཾ་དཔལ༔ ཀླུ་མོ་གཟི་འབར་ལ་སོགས་པའི༔ བརྟན་མ་བཅུ་གཉིས་གཏོར་མ་ལོངས༔ མི་མཐུན་གནོད་པའི་རྐྱེན་རྣམས་ཟློག༔ ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀཏ་ཁཱ་ཧི༔ མ་མ་ཧྲིང་ཧྲིཾ་བ་ལིཾ་ཏ་ཁཱ་ཧི༔ ལྔ་པ་བྲོ་བརྡུང་བ་ནི། ཧཱུྃ༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདིར༔ སྒྲུབ་པའི་ལོག་ལྟ་བསྒྲལ་བའི་ཕྱིར༔ རྟ་མགྲིན་ཁྲོས་པར་སྐུར་སྤྲུལ་ནས༔ མཁའ་འགྲོའི་ཚོགས་དང་བཅས་ནས་ནི༔ ཐབས་ཤེས་གཉིས་མེད་འཕྲོ་འདུ་ལས༔ ཁྲོ་བོ་ཁྲོ་མོའི་སྤྲིན་འཕྲོས་ནས༔ གླུ་བྲོ་གར་གྱི་ཐུགས་དམ་འདིར༔ རྒྱུན་ཆད་མེད་པར་བརྡུང་བར་བྱ༔ ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ དྲུག་པ་སླར་ཡང་མཆོད་ཅིང་བསྟོད་པ་མདོར་བསྡུས་བྱས་ནས་བཤགས་པ་བྱ་བ་ནི། ཨོཾ༔ གང་ཡང་བདག་བློ་རྨོངས་པའི་མཐུས༔ མ་རིག་བག་མེད་སྐུ་མ་གསལ༔ གསུང་ནི་འབྲུ་ཚིག་གྲགས་ཆ་ཉམས༔ ཐུགས་ཀྱི་དགོངས་པའི་དོན་མ་ཁྲོལ༔ ཆོ་ག་གོང་འོག་ནོར་བ་དང༔ ཚོགས་གཏོར་འབྱོར་པ་ཆུང་བ་དང༔ བྱིང་རྨུགས་གཡེང་བས་ཁྱེར་པ་རྣམས༔ ཐུགས་རྗེ་ཆེན་པོའི་ལྷ་ལ་བཤགས༔ དབྱངས་གསལ་དང་ཡིག་བརྒྱ་བཟླས། བདུན་པ་དངོས་གྲུབ་བླང་བ་ནི། ཧྲཱི༔ བདག་གཞན་བླ་མེད་བསྙེན་སྒྲུབ་འདི་དག་གིས༔ སྡིག་སྒྲིབ་ཉམས་ཆག་མ་ལུས་ཀུན་བྱང་ནས༔ ཚེ་འདི་ཉིད་ལ་རིག་འཛིན་མཆོག་ཐོབ་ཅིང༔ བྱིན་རླབས་རྩལ་དབང་གཟི་བྱིན་ནུས་མཐུ་ལྡན༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧོ༔ བརྒྱད་པ་ཉེར་བསྡུ་ནི། རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་གསོལ་སྤྱི་ལྟར་བྱས་ནས། ཐུགས་རྗེ་ཆེན་པོ་ཞི་ཁྲོའི་དཀྱིལ་འཁོར་དུ༔ རྣལ་འབྱོར་སྒྲུབ་མཆོག་བརྩོན་པར་བཅས་པ་ཡིས༔ བླ་མ་ཡི་དམ་མཁའ་འགྲོ་བསྙེན་ཅིང་བསྒྲུབས༔ དངོས་གྲུབ་མཆོག་བླངས་ཕྲིན་ལས་རྣམ་བཞི་སྤྱད༔ སྣོད་བཅུད་སྙིང་པོ་བྱང་ཆུབ་སེམས་སུ་བརྟུལ༔ ཀུན་གཞི་སྐྱེ་མེད་མྱ་ངན་འདས་ནས་ཀྱང༔ མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ༔ ཡེ་ཤེས་འོད་ཟེར་སླར་བསྡུ་ཡ་ལ་ལ༔ བདེ་ཆེན་ཐིག་ལེའི་ཀློང་དུ་ཐིམ་པར་གྱུར༔ ཞེས་མཉམ་པར་བཞག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་ཀཱ་ཝཱ་ཙི་རཀྵཱ་ཧཾ༔ ཞེས་པས་ཐུན་མཚམས་ཀྱི་ལྷར་ལངས་ཏེ་གོ་བགོ །དགུ་པ་བསྔོ་སྨོན་ནི། ཐེག་པ་ཆེན་པོའི་བསྔོ་སྨོན་ཇི་ལྟར་རིགས་པ་དང་། དགེ་བ་འདི་ཡིས་མྱུར་དུ་བདག༔ སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས༔ འགྲོ་བ་གཅིག་ཀྱང་མ་ལུས་པ༔ དེ་ཡི་ས་ལ་འགོད་པར་ཤོག༔ བཅུ་པ་བཀྲ་ཤིས་ནི། ཧོ༔ ཐུགས་རྗེ་ཆེན་པོ་འགྲོ་བ་འདྲེན་པའི་དཔལ༔ སྐུ་ཡི་དཀྱིལ་འཁོར་ལྷ་ཚོགས་བཀྲ་ཤིས་སྩོལ༔ ཚེ་དཔག་མེད་པ་དངོས་གྲུབ་རྒྱ་མཚོའི་དཔལ༔ གསུང་གི་དཀྱིལ་འཁོར་ལྷ་ཚོགས་བཀྲ་ཤིས་ཤོག༔ རྟ་མགྲིན་རྒྱལ་པོ་དགྲ་བགེགས་ཚར་གཅོད་དཔལ༔ ཐུགས་ཀྱི་དཀྱིལ་འཁོར་ལྷ་ཚོགས་བཀྲ་ཤིས་ཤོག༔ ཐུགས་རྗེའི་སྐུ་དྲུག་རིགས་དྲུག་འདྲེན་པའི་དཔལ༔ ཀུན་འདུས་དཀྱིལ་འཁོར་ལྷ་ཚོགས་བཀྲ་ཤིས་ཤོག༔ མཁའ་འགྲོ་མ་ཚོགས་དངོས་གྲུབ་རེ་སྐོང་དཔལ༔ བདག་གཞན་དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག༔ སངས་རྒྱས་སྟོང་རྩ་ཐུགས་རྗེས་དོན་མཛད་དཔལ༔ སངས་རྒྱས་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག༔ ངན་སོང་ཀུན་སྐྱོབ་བདེ་གཤེགས་འདུས་པའི་དཔལ༔ བསྙེན་སྒྲུབ་དགོས་འདོད་འབྱུང་བའི་བཀྲ་ཤིས་ཤོག༔ ཅེས་བརྗོད་ཅིང་མེ་ཏོག་སིལ་མ་ཆར་དུ་བསྙིལ་ནས་དགེ་ལེགས་སུ་བྱའོ། །འཁོར་མཚོར་སྡུག་བསྔལ་བྱེ་བས་གཙེས་པ་རྣམས། །བདེ་ཆེན་ལམ་འདིར་འཕགས་པའི་ཐུགས་རྗེས་དྲངས། །ས་ལམ་བདེ་བླག་ཉིད་དུ་མཐར་ཕྱིན་ཏེ། །རྣམ་ཐར་བསམ་ཡས་སྤྱན་རས་གཟིགས་མཚུངས་ཤོག །འདི་ཉིད་ཀྱི་ལས་བྱང་ནོར་བུའི་ཕྲེང་བ་ལ་མཆོད་བསྟོད་སྐོང་བ་སྒོ་དབྱེ་ཟོར་ལས་སོགས་ཤིན་ཏུ་མང་དྲགས་པས་དཀྱུས་སུ་ཁྱེར་བདེ་བའི་སླད་དུ་བསྡུས། ཁ་འགེངས་དགོས་པ་ཕྲན་ཚེགས་རིགས་མཐུན་ནས་བླངས་ཏེ་ཆོས་འདིའི་ཞབས་ཏོག་ཏུ་དམིགས་པའི་ལྷག་བློས། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་སྦྱར་བ་དགེ་ལེགས་འཕེལ།། །།
བསྟན་སྲུང་ཡོངས་རྫོགས་ཀྱི་ཕྲིན་ལས་ (Volume 38, Text 5)
༄༅༔ བསྟན་སྲུང་ཡོངས་རྫོགས་ཀྱི་ཕྲིན་ལས་བཞུགས༔ རྒྱ་གར་སྐད་དུ༔ ཤྲཱི་མ་ཧཱ་ཀཱ་ལ་ཛྙཱ་ན་སརྦ་དུཥྚཱན༔ ཀརྨ་ནཱ་མ༔ བོད་སྐད་དུ༔ དཔལ་ལྡན་མགོན་པོ་བསྟན་སྲུང་ཡོངས་རྫོགས་ཀྱི་ཕྲིན་ལས༔ བཅོམ་ལྡན་འདས་ཞི་ཁྲོ་ཡོངས་རྫོགས་ཀྱི་ལྷ་ལ་ཕྱག་འཚལ་ལོ༔ རང་ཉིད་སྐད་ཅིག་གིས་ཡོངས་རྫོགས་ཧེ་རུ་ཀ་གསལ་བའི་མདུན་དུ་མགོན་པོ་འཁོར་དང་བཅས་པ་ཆར་སྤྲིན་གཏིབས་པ་ལྟར་བྱོན་ནས༔ ཕྲིན་ལས་གང་བཅོལ་སྐད་ཅིག་ཉིད་ལ་སྒྲུབ་པར་བསམ་ནས༔ ཨཻ༔ ཆོས་སྐུ་སྐྱེ་མེད་ནམ་མཁའ་ལྟ་བུ་ལ༔ སྙིང་རྗེ་ཆེན་པོ་སེམས་ཅན་ཀུན་ལ་ཁྱབ༔ རྒྱུ་ལས་ཀུན་བསྐྱེད་ཡི་གེ་ཧཱུྃ་དུ་ཤར༔ ཧཱུྃ་ལས་འོད་འཕྲོས་འབྱུང་བ་རིམ་བརྩེགས་བསྐྱེད༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ་ཧཱུྃ༔ ཨེ་ལས་ནམ་མཁའ་མཐིང་ནག་ཡངས་པའི་ཀློང༔ ཡཾ་ལས་རླུང་གི་དཀྱིལ་འཁོར་གཡོ་བར་བྱེད༔ ར་ལས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས༔ སུཾ་ལས་ཞིང་ཆེན་ས་གཞི་བརྡལ་བར་ཆགས༔ ཀེཾ་ལས་ཀེང་རུས་རི་རབ་ལྷུན་སྡུག་བརྗིད༔ རཾ་ལས་བསྐལ་པའི་མེ་ཕུང་འཁྲུག་ཅིང་འབར༔ དེ་སྟེང་བྷྲཱུྃ་ལས་དྲག་པོའི་གཞལ་ཡས་ཁང༔ རབ་འཇིགས་དུར་ཁྲོད་འབར་བའི་ཕོ་བྲང་གསལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བྷནྡྷ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ༔ རུ་ཏྲ་ཀྲོ་ཏི་ཏི་ར་བཾ༔ པདྨ་སཱུརྻ་ཙནྡྲ་མཎྜལ་བྷྲཱུྃ༔ ཧཱུྃ༔ དྲག་པོའི་ཕོ་བྲང་དབུས་ཀྱི་ལྟེ་བ་ལ༔ རུ་དྲ་དགྲ་བགེགས་པདྨ་ཉི་ཟླའི་སྟེང༔ ཧཱུྃ་ལས་མེ་འོད་རྡོ་རྗེའི་ཚ་ཚ་འཕྲོ༔ གནོད་བྱེད་དགྲ་བགེགས་ཐམས་ཅད་ཚར་བཅད་ནས༔ ཚུར་འདུས་དཔལ་ལྡན་ཡེ་ཤེས་མགོན་པོའི་སྐུ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་རྔམ་པའི་ཞལ༔ ཕྱག་གཡས་བེ་ཅོན་རྡོ་རྗེ་ལྕགས་ཕུར་བསྒྲིལ༔ ཕྱག་གཡོན་བྷནྡྷ་རཀྵའི་ཕྲེང་བ་དང༔ དབྱུག་ཐོ་ཕྱར་ཞིང་དགྲ་སྙིང་སྦྲུལ་ཞགས་འཛིན༔ དར་ནག་བེར་གསོལ་རིན་ཆེན་གསེར་སྐེད་བཅིངས༔ དུར་ཁྲོད་ཆས་བརྒྱད་སྐུ་ཡི་རྒྱན་དུ་མཛེས༔ ཆེ་བའི་ཡོན་ཏན་ཐམས་ཅད་སྐུ་ལ་རྫོགས༔ དེ་ཡི་གཡས་སུ་གཡུ་འབྲུག་སྔོན་མོའི་སྟེང༔ མཐིང་ནག་ཨེ་ལས་དྲག་པོའི་སྐུར་བཞེངས་པ༔ སྲིད་གསུམ་སྒྲོལ་མཛད་རཀྴ་མཐུ་བོ་ཆེ༔ ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང་ནག་རྔམ༔ ཞལ་བཞི་ཕྱག་བཞི་འཇིགས་པའི་ཆ་ལུགས་ཅན༔ གཡས་གཉིས་བེ་ཅོན་དང་ནི་རྒྱལ་མཚན་འཛིན༔ གཡོན་གཉིས་གསེར་གྱི་རལ་གྲི་ཞགས་པ་བསྣམས༔ གཙོ་བོའི་གཡོན་དུ་ལྕགས་ཀྱི་དྲེལ་རྟའི་སྟེང༔ བྷྱོ་ལས་ཡེ་ཤེས་དབྱིངས་ཀྱི་མ་མོ་ནི༔ སྨུག་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་ཞལ་སྨུག་ནག་བརྗིད༔ ཕྱག་གཡས་རྡོ་རྗེ་ཞིང་ཆུང་རལ་གྲི་ཕྱར༔ ཕྱག་གཡོན་བྷནྡྷ་ནེའུ་ལེ་ཏྲི་ཤུལ་འཛིན༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་ལེགས་པར་བརྒྱན༔ དེ་ཡི་ཕྱི་རིམ་གྲུ་ཆད་བར་ཁྱམས་ལ༔ སྐུ་སྤྲུལ་སྟག་ཞོན་གསུང་སྤྲུལ་བིང་ཆེན་དང༔ ཐུགས་སྤྲུལ་གྲི་གུག་ཡོན་ཏན་སེང་ཞོན་དང༔ ཕྲིན་ལས་སྤྲུལ་པ་ཏྲག་ཤད་ནག་པོ་དང༔ ལྷ་མོ་སྡེ་ལྔ་འཁོར་དང་བཅས་པ་དང༔ ལས་མགོན་བྱ་རོག་གདོང་དང་སེང་གེའི་གདོང༔ གཤིན་རྗེ་ཆོས་རྒྱལ་སོ་ཀ་རཱ་ཙ་དང༔ སྤྲུལ་པ་མཆེད་གསུམ་བཤན་པ་དམར་ནག་དང༔ གཙང་རིགས་དཔལ་མགོན་བདུན་ཅུ་རྩ་ལྔ་དང༔ སྔགས་བདག་དྲེགས་པའི་སྡེ་དཔོན་སུམ་ཅུ་དང༔ སྒོ་བཞི་སྲུང་མཛད་རྒྱལ་ཆེན་སྡེ་བཞི་དང༔ ཕྱི་འཁོར་སྐྱོང་བ་བོད་ཁམས་བརྟན་མའི་ཚོགས༔ སྤྲུལ་འཁོར་དམ་ཅན་བསམ་གྱིས་མི་ཁྱབ་པ༔ བསྟན་སྲུང་ཡོངས་རྫོགས་མཆོད་པའི་གནས་འདིར་གཤེགས༔ ཨོཾ་བཛྲ་ས་མ་ཡ་ཛཿཛཿཛ༔ ཧཱུྃ༔ འོག་མིན་གསང་ཆེན་རོལ་པའི་དུར་ཁྲོད་ནས༔ དཔལ་ཆེན་དངོས་སྤྲུལ་ཡེ་ཤེས་མགོན་པོའི་སྐུ༔ སྣང་སྲིད་འཁོར་འདས་ཡོངས་ལ་དབང་སྒྱུར་ཕྱིར༔ མཆོད་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་བཛྲ་ས་མ་ཡ་ཛཿཛཿཛ༔ ཧཱུྃ་བྷྱོ༔ དད་པ་དང་ནི་དམ་ཚིག་ཚུལ་བཞིན་དུ༔ ཚུར་གཤེགས་ཚུར་བྱོན་བསྟན་སྲུང་ཡོངས་རྫོགས་ལྷ༔ སངས་རྒྱས་བསྟན་པ་བསྲུང་ཕྱིར་སྤྱན་འདྲེན་ནོ༔ རིངས་པའི་ཚུལ་གྱིས་གནས་འདིར་གཤེགས་སུ་གསོལ༔ ཨོཾ་མ་ཧཱ་ཀཱ་ལ་སརྦ་དུཥྚཱན་ས་མ་ཡ་ཛཿཛཿཛ༔ ཧཱུྃ༔ དུར་ཁྲོད་རབ་འཇིགས་གཞལ་ཡས་དམ་པ་འདིར༔ དགྲ་བགེགས་པདྨ་ཉི་ཟླ་བརྫིས་པའི་སྟེང༔ བསྟན་སྲུང་ཡོངས་རྫོགས་འཁོར་དང་བཅས་པ་རྣམས༔ རང་རང་རྟེན་བཞུགས་མཆོད་བཞེས་ཕྲིན་ལས་མཛོད༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས༔ སྐྱེས་པའི་ཚུལ་གྱི་བསྟན་སྲུང་ཡོངས་རྫོགས་ལྷ༔ སངས་རྒྱས་བསྟན་པ་སྲུང་བའི་མཐུ་རྩལ་ཅན༔ ཡོངས་རྫོགས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ༔ དྲི་མེད་ཡིད་འོང་གཙང་མར་སྦྱར་བ་ཡི༔ མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དང༔ དྲི་ཆབ་ཞལ་ཟས་སྙན་པའི་རོལ་མོ་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་དྲུག་གི་མཆོད་པ་རྒྱ་ཆེན་འབུལ༔ བདུད་རྩི་སྨན་དང་རཀྟ་བ་ལིཾ་རྒྱན༔ ཕྱི་ནང་གསང་བའི་མཆོད་པ་དམ་པ་འབུལ༔ དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས་པ་དང༔ ནང་ཁྲོལ་གློ་སྙིང་མཁལ་མར་བཅས་ལ་སོགས༔ རྔམས་པའི་ཞལ་དུ་མཐུན་པའི་དམ་རྫས་འབུལ༔ སངས་རྒྱས་བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ༔ མ་ཧཱ་སརྦ་པཱུ་ཛ་ཁཱ་ཧི༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ན་གུ་ཏི་ཡོ་གཱི་ཤྭ་རཱི་ས་མ་ཡ་ཧཱུྃ་ཛཿཛ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཨེ་མ་ཧོཿངོ་མཚར་རྨད་དུ་བྱུང་བའི་ཆོས༔ ཆོས་སྐུ་སྐྱེ་མེད་ཀུན་ཏུ་བཟང་པོའི་སྐུ༔ ལོངས་སྐུ་འགག་མེད་ཆེ་མཆོག་ཧེ་རུ་ཀ༔ སྤྲུལ་སྐུ་དཔལ་ལྡན་ཡེ་ཤེས་མགོན་པོའི་སྐུ༔ སྐུ་གསུམ་དབྱེར་མེད་ཁྱོད་ལ་ཕྱག་འཚལ་བསྟོད༔ བྷྱོ༔ ཡུམ་ཆེན་ཡེ་ཤེས་དབྱིངས་ཀྱི་མ་མོ་ནི༔ རང་དོན་གྲུབ་ནས་གཞན་དོན་རྫོགས་པའི་དཔལ༔ ཐབས་མཁས་ཐུགས་རྗེ་དོན་གཉིས་མཐར་ཕྱིན་མ༔ དཔལ་ལྡན་ལྷ་མོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཨཻ༔ ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བའི་དབང་དང་ལྡན༔ གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་པ༔ ཚངས་པ་ལྷ་ཡི་ཕྲིན་ལས་མི་གཡོ་བ༔ ལྷ་ཆེན་དཔལ་འབར་ཁྱོད་ལ་ཕྱག་འཚལ་བསྟོད༔ སྐུ་སྤྲུལ་སྟག་ཞོན་གསུང་སྤྲུལ་བིང་ཆེན་དང༔ ཐུགས་སྤྲུལ་གྲི་གུག་ཡོན་ཏན་སེང་ཞོན་དང༔ ཕྲིན་ལས་སྤྲུལ་པ་ཏྲག་ཤད་ནག་པོ་སྟེ༔ མགོན་པོ་སྡེ་ལྔ་འཁོར་བཅས་ཕྱག་འཚལ་བསྟོད༔ དཔལ་ལྡན་འདོད་པ་ཁམས་ཀྱི་དབང་ཕྱུག་མ༔ ལྷ་མོ་རེ་ཏི་གཤིན་རྗེ་རེ་ཏི་དང༔ རཀྴ་རེ་ཏི་གནོད་སྦྱིན་རེ་ཏི་སྟེ༔ ལྷ་མོ་སྡེ་ལྔ་འཁོར་བཅས་ཕྱག་འཚལ་བསྟོད༔ ལས་མགོན་བྱ་རོག་གདོང་དང་སེང་གེའི་གདོང༔ གཤིན་རྗེ་ཆོས་རྒྱལ་སོ་ཀ་རཱ་ཙ་དང༔ སྤྲུལ་པ་མཆེད་གསུམ་བཤན་པ་དམར་ནག་དང༔ གཙང་རིགས་དཔལ་མགོན་བདུན་ཅུ་རྩ་ལྔ་དང༔ སྔགས་བདག་དྲེགས་པའི་སྡེ་དཔོན་སུམ་ཅུ་དང༔ སྒོ་བཞི་སྲུང་མཛད་རྒྱལ་ཆེན་སྡེ་བཞི་དང༔ ཕྱི་རོལ་སྐྱོང་བ་བོད་ཁམས་བརྟན་མའི་ཚོགས༔ སྤྲུལ་འཁོར་དམ་ཅན་བསམ་གྱིས་མི་ཁྱབ་པ༔ བསྟན་སྲུང་ཡོངས་རྫོགས་འཁོར་བཅས་ཕྱག་འཚལ་བསྟོད༔ འདིར་གཤེགས་མཆོད་བཞེས་དམ་བསྐང་ཕྲིན་ལས་མཛོད༔ ཆོས་སྐྱོང་བསྟན་སྲུང་ཡོངས་རྫོགས་ཀྱི་ཕྲིན་ལས་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔
རྫོགས་ཆེན་སྡེ་གསུམ་གྱི་མདོ་བྱང་ལས། ཞིབ་པར་སེང་བྲག་ཁ་བྱང་ཆེན་མོ (Volume 62, Text 5)
སྡེ་གསུམ་སྤྱི་སྐོར།་་་་རྫོགས་ཆེན་སྡེ་གསུམ་གྱི་མདོ་བྱང་ལས། ཞིབ་པར་སེང་བྲག་ཁ་བྱང་ཆེན་མོར་ལྟོས༔ དེ་ཉིད་ས་སྟེང་བྱུང་བ་ཙམ་གྱིས་ནི༔ མོན་གྱི་དཀར་པོ་བྲག་གི་གཏེར་ཁ་ཐོན༔ ཞེས་གསུངས། ༁ྃ༔ ལུང་པའི་མདར་ཕ་ཝོང་ཡོད༔ ཆུའི་འགྲམ་དུ་བྲག་དབེན་རྩ་ཡོད༔ ལུང་པའི་ཆུ་འབབ་པའི་མདར་ཀླུང་ཤོད་ཀྱི་ཆུ་ཡོད༔ དེའི་རྒྱུད་དུ་འབྲུག་ཨཱ་ཡུ༔ ལྷོ་བྱུང་རཏྣ༔ ཁྱི་དྷརྨ༔ སི་ཧེ་ཀ་སིདྡྷི་དབྱེ༔ ཧེ་བཛྲ་པྲ་བེ་ཤ་ཡ་ཕཊ྄༔ ལྷོ་སེང་བྲག་བྱ་སྐྱིབས་གསུམ་པའི་བར་མཚལ་གྱི་གཡུང་དྲུང་ཡོད༔ ཨོ་རྒྱན་ཞྭའི་ནང་ལ་བསྭེའི་སྒྲོམ་སོར་བཞི་པའི་ནང་དུ་ལྷ་སྲས་ཀྱི་ཕྱག་ཐམ་ཡོད༔ ཞྭའི་ལྡེའུ་མིག་ཀླུང་ཤོད་འདིའི་དབེན་རྩའི་ཕ་ཝཾ་མ་ཐ་ཆུ་སྐྱིལ་ལའོ༔ ས་མ་ཡ་རྒྱ༔ འདི་དགའ་རབ་རྡོ་རྗེའི་གདུང་རྟེན་དང་ལྷན་ཅིག་ཏུ་ཚེས་བཅུ་ལ་སྤྱན་དྲངས་པའི་ཁ་བྱང་སྔ་མའོ༔ ༁ྃ༔ ྈྈྈྈྈྈ འདི་ཡི་གྲིབ་ཕྱོགས་ནས་ལུང་པ་གསུམ་པའི་ལ་བརྒལ་བའི་རྒྱབ་ཕྱོགས་སུ་ཀློང་ཆེ་བ་ཡོད༔ རི་གླང་ཆེན་ཐུར་དུ་རྒྱུག་པ་འདྲ་བའི་རྒྱབ༔ གདུང་རྩེ་འདྲ་བའི་མདུན༔ བྲག་དཀར་ཕུག་པ་ཤར་བསྟན་དུ་གཏེར་སྲུང་སྒྲུབ་པ་མིས་མ་མཐོང་བར་ཞག་གསུམ་བྱེད༔ གདུང་རྩེ་འདྲ་བ་ནས་ལ་བརྒལ་བས་ཀླུང་ཤོད་ཀྱི་ཆུ་ཏི་སེ་ནས་འབབ་པ་ཡོད༔ དེ་འབྲི་ཀླུང་ན་འབབ་པའི་ཐད་ཀ་ན་བྲག་སེང་གེའི་ཟ་འགྲམ་འདྲ་བ་ཡོད༔ ངོས་ལ་ཕུག་པ་གསུམ་ཡོད༔ བྲག་རིམ་པ་གསུམ་ཡོད༔ བར་མའི་ཕུག་ཏུ་གནམ་ཕུག་ཡོད༔ མཚལ་གྱི་གཡུང་དྲུང་རིས་ཡོད༔ ནང་དུ་ཨོ་རྒྱན་གྱི་ཞྭ་རྩེ་གསུམ་པ་ཡོད༔ དེའི་ནང་ནས་ལ་བསྭེའི་སྒྲོམ་སོར་བཞི་པ་ཡོད༔ ལུང་བསྟན་སྡེ་དྲུག་དང་སྒྲུབ་ཐབས་གསུམ་ཡོད༔ སྙིང་ལས་གཅེས་པའི་ཞལ་གདམས་ལ་ཆས་བསྡམས་པ་ཡོད༔ ཨོ་རྒྱན་གྱི་ཕྱག་ཐམ་ལྷ་སྲས་ལ་གནང་བ་ཡོད༔ ྀཨཚ་རྒྱ༔ ཡང་བྱང་ངོ༔ ༈ སྙིང་བྱང་༔ ལོ་མགོའི་ཟླ་བ་ལས་ཤེས༔ ཚོགས་སྦྱོར་མི་བྱ་སྤྲེལ་འབྲུག་ལོ་པ༔ རྩ་བྱེད་པ་ཁྱི་ལོ་པ་འབྱུང༔ འདི་འགྲིག་པ་ཡོད༔ གསང་ལ་སྤྱོད༔ ས་མ་ཡ༔ རྒྱ༔ འབྲུག་ལོ་རྒྱལ་ཟླའི་ཚེས་གཅིག་ཉིན་སྔ་དྲོའི་ཆར་བྲག་དབེན་རྩའི་ཕ་ཝཾ་ནས་སྤྱན་དྲངས་པའོ།། །།
མངའ་བདག་ཡབ་སྲས་ཀྱི་ཐུགས་དམ་རྒྱུན་གྱི་ཉམས་བཞེས་ཟབ་པ་སྐོར་བདུན་ལས་རྩ་བའི་སྨིན་བྱེད་བཀླག་ཆོག་ཏུ་བཀོད་པ་རིག་འཛིན་ཐུགས་ཀྱི་ཐིག་ལེ་ (Volume 5, Text 5)
༄༅། །མངའ་བདག་ཡབ་སྲས་ཀྱི་ཐུགས་དམ་རྒྱུན་གྱི་ཉམས་བཞེས་ཟབ་པ་སྐོར་བདུན་ལས་རྩ་བའི་སྨིན་བྱེད་བཀླག་ཆོག་ཏུ་བཀོད་པ་རིག་འཛིན་ཐུགས་ཀྱི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ཡཻ། ཁྱབ་བདག་བླ་མའི་ཡེ་ཤེས་མཁའ་དབྱིངས་སུ། །སྣང་སྟོང་ཡི་དམ་ཞི་ཁྲོའི་གཟའ་སྐར་བཀྲ །མཁའ་འགྲོའི་སྤྲིན་ལས་དགོས་འདོད་ཆར་འབེབས་པས། །འགྲོ་རྒྱུད་སྨིན་གྲོལ་མྱུ་གུ་བསྐྱེད་མཛད་གསོལ། །གྲོལ་བ་བཞི་ལྡན་འགྲན་བྲལ་ཟབ་གཏེར་གྱི། །མཛོད་འཛིན་གར་གྱི་དབང་ཕྱུག་ཟབ་ཆོས་བཅུད། །ཡོངས་སུ་གྲགས་ཀྱང་ཀུན་ལ་སྦས་པ་བཞིན། །གང་དེ་མོས་པ་ཁོ་ནས་འདིར་གསལ་བྱ། །ཐུགས་དམ་ཟབ་པ་སྐོར་བདུན་དུ་གྲགས་པའི་རྩ་བའི་སྨིན་བྱེད་བསྒྲུབ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ནི། དབེན་པའི་གནས་སུ་སྟེགས་གཙང་མར་མཎྜལ་ལ་རིན་པོ་ཆེ་དང་སིནྡྷུ་རས་ཆག་ཆག་གདབ། རྡུལ་ཚོན་གྱི་པདྨ་འདབ་དྲུག་ལྟེ་བ་དམར། ཤར་མཐིང་། ལྷོ་སེར། ནུབ་དམར། བྱང་ལྗང་། ལྷོ་ནུབ་སྔོ། བྱང་ཤར་དམར་པོ་ཅན་བྲི། དེ་སྟེང་ཁྲིའུའི་ཁར་བུམ་པ་མགུལ་ཆིངས་སྣ་ཚོགས་ཅན། དྲི་བཟང་ཆུ། བུམ་རྫས། ཆོས་སྨན་རྣམས་ཀྱིས་སུམ་གཉིས་བཀང་བ་བཞག་ལ། ཁ་རྒྱན་གསེབ་ཏུ་ལྷ་བདུན་གྱི་སྐུ་གཟུགས་ཕྱོགས་བསྡུས་སུ་ཡོད་པའི་ཙཀ་ལི་བཙུག །རྒྱབ་ངོས་སུ་དཔལ་གཏོར་རྒྱན་ལྡན་དར་གདུགས་དང་བཅས་པ། མདུན་དུ་ཐོད་པ་མཚན་ལྡན་ཆང་དང་ཨ་མྲྀཏས་བཀང་བའི་ཁར་མེ་ལོང་སིནྡྷུ་ར་བདལ་བ་ལ་ཆོས་འབྱུང་གི་དབུས་སུ་པདྨ་འདབ་དྲུག་ལ་ལྷ་རྣམས་སྙིང་པོ་སོ་སོར་བྲི་བར་གསུངས་ཀྱང་མི་ནུས་ན་དབུས། ལྷོ། བྱང་ཤར་རྣམས་ལ་ཧྲཱིཿ ཤར། ནུབ། བྱང་རྣམས་ལ་ཧཱུྃ། ལྷོ་ནུབ་ལ་ཛཾ། མཐའ་སྐོར་དུ་དབྱངས་གསལ་བྲིས་པས་བཀབ་ལ་དར་དམར་གྱི་གུར་ཕུབ་པ་དང་རིག་མའི་གཟུགས་བརྙན་བཞག །གཏེར་སྲུང་དུར་ཁྲོད་མ་མོ། གཟའ། པེ་ཧར་གསུམ་གྱི་གཏོར་འབུལ། དུང་ཆུ། ལས་བུམ་རྣམས་གང་བདེར་བཀོད། དཔལ་གཏོར་གཡས་གཡོན་དུ་སྨན་རཀ །ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ་མམ་ཕྲེང་ཚར་བཀོད། སྔོན་གཏོར། ཚོགས་ཀྱི་ཡོ་བྱད། ཆད་བརྟན་སོགས་ཚོགས་པར་བྱའོ། །གཉིས་པ་ཐོག་མར་དཀྱིལ་འཁོར་བསྒྲུབ་པ་ནི། གཏེར་སྟོན་ཉིད་ཀྱིས་མཛད་པའི་བརྒྱུད་འདེབས། ལས་བྱང་གི་སྐྱབས་སེམས། ཚོགས་གསག །བགེགས་གཏོར་བྱིན་བརླབ་འགུགས་པ་སྤྱི་ལྟར་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ་བཀའ་བསྒོ །མཚམས་གཅོད། མཆོད་པ་བྱིན་རླབས། བཤགས་པ། ལྷ་བསྐྱེད། སྣང་ལ་རང་བཞིན་མེད་པའི་སྐུ་རུ་གསལ། །ཞེས་པའི་བར་སོང་ནས། སྤྱི་བོར་སྤྱན་གཟིགས་ནམ་མཁའི་རྒྱལ་པོ་དཀར། །རྩ་བའི་ཞལ་གསུམ་དཀར་ལྗང་དམར་བའི་མདོག །དེ་སྟེང་དམར་ལྗང་དཀར་ལ་དེ་སྟེང་གསུམ། །ལྗང་དཀར་དམར་པོ་དེ་སྟེང་ཁྲོ་ཞལ་དང་། །ཨ་མི་དྷེ་བའི་ཞལ་རས་བརྩེགས་མར་གཟིགས། །རྩ་ཕྱག་ཐལ་སྦྱར་དེ་འོག་གཡས་གཡོན་གཉིས། །ཤེལ་ཕྲེང་པད་དཀར་དེ་འོག་གཡས་ཕྱག་བཅུས། །རྡོ་རྗེ་རིན་ཆེན་པདྨ་གྲི་སྤྱི་བླུགས། །བུམ་ཞགས་ཨུཏྤལ་འཁོར་ལོ་རྒྱ་གྲམ་བསྣམས། །གཡོན་བཅུས་རལ་པོད་ཨུཏྤལ་མུ་ཏིག་ཕྲེང་། །རྡོར་དྲིལ་མཁར་གསིལ་མཆོད་རྟེན་པར་བུ་དང་། །འཁོར་ལོ་འཛིན་ཅིང་ཞབས་གཉིས་པད་ཟླར་བཞེངས། །ལོངས་སྐུའི་ཡན་ལག་སོ་གཉིས་ཟླ་རྒྱས་མཛེས། །སྤྲུལ་སྐུའི་ཉིང་ལག་ཕྱག་སྟོང་སྤྱན་སྟོང་བཀྲ། །རི་དྭགས་ལྤགས་པ་ལོངས་སྤྱོད་རྫོགས་ཆས་སྤྲས། །མགྲིན་པར་ཚེ་དཔག་མེད་མགོན་དབུས་ཞལ་དམར། །གཡས་དཀར་གཡོན་ལྗང་གཡས་ཀྱི་ཕྱག་དང་པོས། །པད་ཕྲེང་ཐུགས་ཀར་འཛིན་ཅིང་གཡོན་དང་པོ། །མཉམ་གཞག་བུམ་པ་ཚེ་ཡི་བདུད་རྩིས་བཀང་། །གཡས་ཀྱི་འོག་གཉིས་རྡོ་རྗེ་རིན་ཆེན་དང་། །གཡོན་འོག་གཉིས་པོས་འཁོར་ལོ་རྒྱ་གྲམ་བསྣམས། །དར་དང་རིན་ཆེན་རྒྱན་ལྡན་ཞབས་སྐྱིལ་ཀྲུང་། །འཇའ་ཚོན་འོད་ཀློང་པད་ཉི་ཟླ་སྟེང་བཞུགས། །ཐུགས་ཀར་ངན་སོང་སྦྱོང་མཛད་མི་འཁྲུགས་མཐིང་། །ཕྱག་གཉིས་ས་གནོན་མཉམ་གཞག་རྡོ་རྗེ་འཛིན། །ལོངས་སྤྱོད་རྒྱན་རྫོགས་འོད་དང་འོད་ཟེར་འབར། །པད་ཟླའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །ཐུགས་ཀའི་ཆ་སྨད་རྡོ་རྗེ་གྲོ་ལོད་སྨུག །གཏུམ་དྲག་སྡང་མིག་བསྒྲད་ཅིང་ཨཾ་གཙིགས་བསྡམས། །སྐྲ་བསིགས་སྨར་སྨིན་དམར་སེར་རབ་བྱུང་ཆས། །སྙན་ལ་དུང་ལོང་མགོ་རློན་དོ་ཤལ་འཕྱང། །རྡོ་རྗེ་ཕུར་གདེངས་སྟག་ཆེན་གདན་ལ་འགྱིངས། །མེ་རླུང་དབུས་ན་ཁྲོ་ཆུང་དཔག་མེད་སྤྲོ། །ལྟེ་བར་ཌཱ་ཀི་སེང་གེའི་གདོང་ཅན་མཐིང་། །གནམ་ལྕགས་རལ་པ་གྱེན་གཟེངས་མཆེ་བ་གཙིགས། །གྲི་གུག་ཕྱར་ཞིང་ཐོད་ཁྲག་ཞལ་དུ་གསོལ། །ཐོད་སྦྲུལ་རུས་པ་དུར་ཁྲོད་ཆས་ཀྱིས་བརྒྱན། །མེ་དཔུང་ཀློང་དུ་སྣང་སྟོང་སྒྱུ་མའི་ཚུལ། །བརྐྱང་བསྐུམ་གར་གྱིས་པད་ཉིའི་གདན་ལ་འགྱིང་། །གསང་བར་ནོར་བདག་ཛཾ་ལ་ལེ་བརྒན་མདོག །ཁྲོ་འཛུམ་སྒེག་བཞད་རྗེས་ཆགས་ཉམས་དང་ལྡན། །ཕྱག་གཡས་དབང་སྡུད་ལྕགས་ཀྱུ་གཡོན་པ་ཡིས། །གཏེར་བུམ་འདོད་འབྱུང་ནོར་བུས་བཀང་བ་འཛིན། །དར་དང་རིན་ཆེན་རྒྱན་སྤྲས་བརྐྱང་བསྐུམ་སྟབས། །རིན་ཆེན་དར་ཟབ་པད་ཉི་ཟླ་སྟེང་བཞུགས། །ཀུན་ཀྱང་གདོད་ནས་དམ་ཡེ་དབྱེར་མེད་པར། །རང་བྱུང་ལྷུན་གྲུབ་ཆེན་པོར་གསལ་བ་ཡི། །ཐུགས་ཀར་རང་རང་ས་བོན་རང་སྔགས་བསྐོར། །འོད་ཟེར་སྤྲོ་བསྡུས་འཕགས་མཆོད་འགྲོ་དོན་བྱས། །ཚུར་འདུས་བདག་རྒྱུད་བྱིན་གྱིས་བརླབ་པར་གྱུར། ཅེས་གསལ་བཏབ་ལ་གཙོ་བོའི་སྔགས། ཨོཾ་ཨཱཿཧཱུྃ༔ པདྨ་གུ་རུ་ས་མ་ཡ་ཛ་ཛ༔ དྷརྨཱ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནིརྨཱ་ཀཱ་ཡ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ སྤྱན་རས་གཟིགས་ནི། ཨོཾ་མ་ཎི་པདྨེ་ཧཱུྃ༔ ཚེ་དཔག་མེད་ནི། ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཛྙཱ་ན་བཛྲ་ཨཱ་ཡུཿཤེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཧྲཱི༔ མི་འཁྲུགས་པ་ནི། ཨོཾ་བཛྲ་ས་མནྟ་ས་ཏྲི་ཧཱུྃ༔ ཞེས་དང་། ཀཾ་ཀ་ནི་བཟླ། གྲོ་ལོད་ནི། ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་གྲོ་བོ་ལོད་ལོ་ཀ་སརྦ་ཧཱུྃ༔ སེང་གདོང་ནི། ཨོཾ་བཛྲ་སིཾ་ཧ་མུ་ཁ་སིདྡྷི་ཧཱུྃ་ཧཱུྃཿ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ ཛཾ་དམར་ནི། ཨོཾ་ཨཱཿཧཱུྃ༔ ཝཱ་ཤཾ་ཛམྦྷ་ལ་ཙིཏྟ་སིདྡྷི་ཧཱུྃ༔ ཨ་ནྲྀ་ཏྲི་ལོ་ཀ་རཏྣ་ཨ་ཛི་པཱ་ཤཾ་ཀུ་རུ་ཧཱུྃ༔ ཞེས་པ་རྣམས་ཅི་འགྲུབ་བཟླས་ལ་བདག་བསྐྱེད་བསྒྲུབ། མདུན་བསྐྱེད་གཏེར་གཞུང་ལས་དམིགས་སུ་མ་གསུངས་ཀྱང་གཏེར་སྟོན་གྱིས་ལས་བྱང་དུ་གསུངས་པས་མདུན་བུམ་ཆབས་ཅིག་དམིགས་པས་ཁྱབ་པར་བྱས་ཏེ། བདག་གི་ཐུགས་ལས་འོད་འཕྲོས་བུམ་པར་ཞུགས། །ཕྱི་ལྟར་རྣམ་རྒྱལ་བུམ་པ་མཚན་ཉིད་རྫོགས། །ནང་ལྟར་ཡེ་ཤེས་རང་སྣང་གཞལ་ཡས་ཁང་། །བཀོད་པ་རྒྱན་རྫོགས་ཞེས་སོགས་ལྷ་བསྐྱེད་ནས་བསྟོད་པའི་བར་ལས་བྱང་ཚང་བར་བཏང་། ཐོག་མར་མདུན་བསྐྱེད་ལ་དམིགས་ཏེ་གཞུང་གསལ་སྤྱི་བསྡུས་ཀྱི་བཟླས་པ། ཧྲཱིཿཔདྨ་གུ་རུ་ནས་ཕ་ལ་ཧཱུྃ༔ ཞེས་པའི་བར་ཅི་ནུས་བཟླ། མཐར། ཤཱནྟིཾ་སོགས་ལས་བཞིའི་ཤམ་འདོགས་ཀྱང་ཅུང་ཟད་སྦྱར། དེ་ནས་བུམ་བསྐྱེད་ལ་དམིགས་ཏེ། བདག་གི་ཐུགས་ལས་འོད་འཕྲོས་བུམ་ལྷ་བསྐུལ། །དེ་ལས་འོད་འཕྲོས་རྩ་གསུམ་ལྷ་ཚོགས་མཆོད། །བྱིན་རླབས་དངོས་གྲུབ་འོད་ཟེར་རྣམ་པར་བསྡུས། །བུམ་ལྷར་ཐིམ་པས་བདེ་ཆེན་རབ་འབར་གྱུར། །ཅེས་དམིགས་ལ་གོང་གསལ་བདག་བསྐྱེད་དུ་བཤད་པའི་བསྙེན་སྔགས་སོ་སོའི་ཤམ་དུ། སིདྡྷི་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཛཿ ཞེས་བཏགས་པ་བརྒྱ་རྩ་སོགས་ཅི་ནུས་བཟླས་མཐར་སྟོང་ཚིགས་མཆོད་བསྟོད་ཕུལ། ཨོཾ་ཨཱཿཧཱུྃ། དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་བས་ལྷ་རྣམས་རྗེས་ཆགས་ཀྱི་རོལ་པས་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་གྱུར། ལས་བུམ་ལ་རྟ་མགྲིན་ནམ་བདུད་རྩི་འཁྱིལ་པ་བསྐྱེད་བཟླས་སྤྱི་ལྟར་བྱ། གཏེར་སྲུང་གསུམ་གྱི་གཏོར་འབུལ། ཚོགས་བྱིན་རླབས་ནས་སྐོང་བཤགས་བར་ལས་བྱང་ལྟར་བཏང་ལ་རིག་པའི་མེ་ཏོག་དོར་བས་བདག་ཉིད་འཇུག །སློབ་མ་གཞུག་པར་གནང་བ་ནོད་པ་རྣམས་བྱའོ། །དེ་ནས་དབང་བསྐུར་བ་ནི། སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱ། བགེགས་གཏོར་བྱིན་རླབས། འགུགས་པ། བསྔོ་བ་རྣམས་སྤྱི་མཐུན་བྱས་ལ་ལས་བྱང་ལྟར་བཀའ་བསྒོ་ཞིང་དྲག་སྔགས་རོལ་མོ་ཡུངས་ཐུན་དུད་སྦྱོར་སོགས་ཚམ་རྔམ་གྱིས་བགེགས་བསྐྲད། མཚམས་གཅོད་སྲུང་འཁོར་ཡང་གཞུང་ལྟར་དང་། མཎྜལ་བཀྱེ་བསྡུ། སེམས་བསྐྱེད་གསལ་འདེབས། ཆོས་བཤད་ཅི་རིགས་བྱས་ལ་ཁྱད་པར། དེ་ཡང་དུས་གསུམ་སངས་རྒྱས་ཀུན་གྱི་འདྲེན་པ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་གསང་གསུམ་ཕྲིན་ལས་དང་བཅས་གཅིག་ཏུ་བསྡུས་པ་ཉིད་སངས་རྒྱས་ཀྱི་ཞིང་མི་མཇེད་ཀྱི་ཁམས་འདིར་པདྨའི་མཚན་གྱིས་བརྗིད་པའི་རྡོ་རྗེ་སློབ་དཔོན་ཆེན་པོའི་གཟུགས་སུ་བསྟན་ནས་གསང་བ་བསམ་གྱིས་མི་ཁྱབ་པའི་ཆོ་འཕྲུལ་ཆེན་པོས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་རྒྱུན་ཆད་མེད་པར་མཛད་པ་འཆི་མེད་གུ་རུ་པདྨ་འབྱུང་གནས་སྐུ་དངོས་ཀྱིས་གངས་ཅན་གདོང་དམར་ཤ་ཟའི་རྒྱལ་ཁམས་འདུལ་ཞིང་རྡོ་རྗེ་ཐེག་པའི་ཆོས་འཁོར་ཟབ་ཅིང་རྒྱ་ཆེ་བ་བསྐོར་ཏེ་སྐལ་ལྡན་རྗེ་འབངས་རྣམས་ཚེ་གཅིག་གིས་མཆོག་གི་གྲུབ་པ་ཆེན་པོ་ལ་བཀོད་པར་མཛད་པའི་སྐབས་ཤིག །མངའ་བདག་ཡབ་སྲས་རྒྱལ་སྲིད་ཀྱི་གཡེང་བས་ཟབ་རྒྱས་ཀྱི་ཆོས་མང་པོ་ཉམས་སུ་མི་ལོན་པས་ཆོས་ཐམས་ཅད་ཀྱི་སྙིང་པོ་གཅིག་ཏུ་དྲིལ་བ་ཚིག་ཉུང་ལ་དོན་འདུས་པ་ཞིག་གནང་བར་གསོལ་བ་བཏབ་པ་ལ་བརྟེན་ནས། དུས་སྐབས་དེ་དང་མ་འོངས་པའི་གདུལ་བྱ་ལ་བརྩེ་བས་དགོངས་ཏེ། དཀྱིལ་འཁོར་གཅིག་ཏུ་མཆོག་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ལྷ་སྔགས་ཟབ་མོ་ཐམས་ཅད་ཚང་ཞིང་བསྐྱེད་རྫོགས་ཀྱི་ཟབ་གནད་ཉུང་ངུར་དྲིལ་བ། ཡང་ཟབ་ཡིད་བཞིན་ནོར་བུ་ཐུགས་དམ་རྒྱུན་ཁྱེར་གྱི་གདམས་པ་ཟབ་མོ་གནང་བས་མངའ་བདག་ཡབ་སྲས་སྨིན་གྲོལ་ལ་བཀོད། གདམས་སྐོར་རྣམས་སྲིན་ཤོག་སེར་པོར་གུ་རུ་ཉིད་ཀྱིས་འཕྲུལ་ཡིག་ཏུ་བཀོད་དེ་ཟུར་མཁར་ངོ་མཚར་རྡོའི་མཆོད་རྟེན་པདྨ་ཅན་གྱི་བྲེ་དང་བུམ་པའི་མཚམས་སུ་སྦས་ནས། ལྷ་སྲས་འབྲིང་པོ་དམ་འཛིན་མུ་རུབ་བཙད་པོ་ཡེ་ཤེས་རོལ་པ་རྩལ་གྱི་སྐུའི་སྐྱེ་བ་ཕྱི་མའི་ཆོས་སྐལ་དུ་སྨོན་ལམ་གཏད་རྒྱ་མཛད་པ་ལྟར། སྙིགས་མའི་མཐར་འགྲོ་དོན་གྱི་དུས་ལ་བབས་པ་ན། ཇི་སྐད་དུ། གླེ་མ་ཚལ་གྱི་རི་ལ་བྲོས་པོས་ཡིབས། །གནུབས་ཀྱི་སྲེག་པ་ལུང་དུ་མུ་གེ་འབྱུང་། ཁྱུང་ཚང་བྲག་ལ་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་། །ཨོ་རྒྱན་ཞིག་པོ་གླིང་པ་ཞེས་བྱ་འབྱུང་། །ཞེས་སོགས་ལུང་བསྟན་འཁྲུལ་མེད་དུ་མས་ཟིན་ཅིང་། ཕྱོགས་སུ་མ་ལྷུང་པའི་སྐྱེས་ཆེན་ཡོངས་གྲགས་ཀུན་གྱིས་མགྲིན་གཅིག་རྩོད་མེད་དུ་བསྔགས་པ། སྤྲུལ་པའི་གཏེར་སྟོན་ཆེན་པོ་ཨོ་རྒྱན་ཞིག་པོ་གླིང་པ་གར་གྱི་དབང་ཕྱུག་རྩལ་གྱིས་ངོ་མཚར་བའི་ཆོ་འཕྲུལ་དང་བཅས་ཏེ་སྤྱན་དྲངས། ཆོས་བདག་རྒྱལ་དབང་ཀར་འབྲུག་ཡབ་སྲས་སོགས་ལ་རིམ་པར་སྤེལ་བའི་ཟབ་ཆོས་ཁྱད་པར་དུ་འཕགས་པ་འདིའི་སྨིན་བྱེད་ཀྱི་རིམ་པ་ལ་ཡོངས་རྫོགས་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་། ཡན་ལག་ལྷ་སོ་སོའི་རྗེས་སུ་གནང་བ་གཉིས་སུ་ཡོད་པ་ལས། སྐབས་འདིར་ཡོངས་རྫོགས་རྩ་བའི་དབང་བསྐུར་ཉིད་བསྒྲུབ་པར་བགྱི་བ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །དེ་ལྟར་ཞིང་ཁམས་འབུལ་བ་སྔོན་དུ་སོང་ནས། ཐོག་མར་ཐེག་པ་རིམ་འཇུག་གི་ཚུལ་དང་མཐུན་ཞིང་། རྒྱུད་སྡོམ་པ་དང་ལྡན་པས་རྣམ་དག་ཏུ་འགྱུར་བའི་སླད་དུ་གསུམ་ལ་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། གསག་སྦྱོང་སྤེལ་གསུམ་གྱི་རིམ་པ་རྣམས་ཚུལ་བཞིན་དུ་མཛད་པ་གལ་ཆེ་བས་འདུན་པ་འདི་བཞིན་དུ་མཛད་པར་ཞུ། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་སྤྲིན་གཏིབས་པ་ལྟར་མངོན་སུམ་བཞིན་དུ་གསལ་བར་བཞུགས་པའི་སྤྱན་སྔར་བདག་གཞན་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྒོ་གསུམ་མི་ཕྱེད་གུས་པ་ཆེན་པོས་སྐྱབས་སུ་མཆིའོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས་ལན་གསུམ་མཛོད། ན་མོ༔ བླ་མ་རིག་འཛིན་ཡི་དམ་ལྷ༔ སངས་རྒྱས་ཆོས་དང་དགེ་འདུན་གསུམ༔ དཔའ་བོ་ཌཱ་ཀི་མཁའ་འགྲོ་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ ལན་གསུམ། གཟུང་འཛིན་འཁྲུལ་པའི་གཞན་དབང་དུ་གྱུར་པས་འཁོར་བའི་རྒྱ་མཚོར་ཐོག་མཐའ་མེད་པར་འཁོར་ཞིང་སྡུག་བསྔལ་བ་མ་རྒན་སེམས་ཅན་ཐམས་ཅད་རྣམ་གྲོལ་གཏན་གྱི་བདེ་བ་རྩ་གསུམ་རྒྱལ་བའི་གོ་འཕང་ལ་བདག་གིས་མྱུར་བ་ཉིད་དུ་འགོད་པར་བྱའོ་སྙམ་པ་བྱང་ཆུབ་སྨོན་པའི་སེམས་དང་། དེའི་སླད་དུ་ཡང་ཟབ་སྙིང་པོའི་དཀྱིལ་འཁོར་དུ་ཞུགས་ཤིང་ལམ་བསྐྱེད་རྫོགས་ཟབ་མོ་ཉམས་སུ་བླངས་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་བགྱིའོ་སྙམ་དུ་འཇུག་པའི་སེམས་བསྐྱེད་ནས་འདིའི་རྗེས་ཟློས། བདག་གིས་འགྲོ་བ་ཀུན་དོན་དུ༔ རྩ་གསུམ་བླ་མ་བསྒྲུབས་ནས་ནི༔ ལས་བཞིས་འགྲོ་བའི་དོན་བྱས་ནས༔ སྐུ་གསུམ་ཐོབ་པར་སེམས་བསྐྱེད་དོ༔ ལན་གསུམ། ཡུལ་ཁྱད་པར་ཅན་རྩ་གསུམ་རྒྱལ་བ་རབ་འབྱམས་སྤྱན་དྲངས་ནས་བཞུགས་སུ་གསོལ་བའི་སྤྱན་སྔར། ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་ཞིང་ཀུན་བཟང་རྣམ་པར་འཕྲུལ་པའི་མཆོད་པའི་སྤྲིན་གྱིས་མཆོད་པ་དང་། དུས་གསུམ་གྱི་སྡིག་སྒྲིབ་ཉེས་ལྟུང་མ་ལུས་པ་བཤགས་ཤིང་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་དགེ་བ་ལ་རྗེས་སུ་ཡི་རང་བ་དང་། བླ་མེད་རྡོ་རྗེ་ཐེག་པའི་ཆོས་འཁོར་བསྐོར་ཞིང་མྱང་འདས་ཞི་བར་མི་གཞོལ་བར་རྒྱུན་གྱིས་རྟག་པའི་སྐུར་བཞུགས་སུ་གསོལ་བ་དང་། དགེ་རྩ་མི་གནས་པའི་བྱང་ཆུབ་ཆེན་པོར་བསྔོ་ཞིང་སྨོན་ལམ་གདབ་པ་སྟེ་ཐབས་ཁྱད་པར་ཅན་ཚོགས་གསོག་ཡན་ལག་བཅུ་པ་ཚུལ་བཞིན་དུ་བྱ་བའི་ཡིད་ཀྱིས་འདིའི་རྗེས་ཟློས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ བླ་མ་རྩ་གསུམ་ལྷ་ཚོགས་གཤེགས༔ པད་ཉི་ཟླ་བའི་གདན་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་ཆག་མ་ལུས་མཐོལ་ལོ་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ འགྲོ་བའི་དོན་དུ་བཞུགས་གསོལ་འདེབས༔ སྙིང་པོ་སེམས་ཅན་དོན་ཕྱིར་བསྔོ༔ ཡང་གསང་རྡོ་རྗེའི་དོན་རྟོགས་ཤོག༔ ལན་གསུམ། དེ་ནས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ན་མོ༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ བདག་ནི་ལས་དང་སྐལ་བར་ལྡན༔ བདག་ཅག་ཐུགས་རྗེས་བསྐྱབ་པའི་ཕྱིར༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་བཀའི་གནང་བ་བསྩལ་བ་འདི་ལ་སྙན་གཏོད་ཅིག །ཀྱེ་མ་རིགས་ཀྱི་བུ་ཁྱོད་ཉོན༔ ཀུན་གྱི་བར་ཆད་མ་མཆིས་སམ༔ འབྱོར་པ་ཀུན་དང་ལྡན་གྱུར་རམ༔ རྩ་གསུམ་དམ་ཚིག་བསྲུང་ནུས་སམ༔ འགྲོ་དོན་རྒྱ་ཆེན་བྱེད་ནུས་སམ༔ ཞེས་དྲིས་པའི་ལན་བཏབ་ཅིང་དམ་ཚིག་བསྲུང་བར་ཁས་ལེན་པ་འདིའི་རྗེས་ཟློས་མཛོད། བླ་མས་ཇི་ལྟར་གསུངས་པ་བཞིན༔ ཚིག་དོན་རྣམས་དང་བདག་ཉིད་ལྡན༔ དམ་ཚིག་རྣམས་ལས་འདའ་རེ་ཀན༔ དུང་ཞལ་ཆུ་བདུད་རྩི་དང་སྦྱར་བ་བླུད་ལ། ཧཱུྃ་ འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ༔ འདས་ན་སྲེག་ཅིང་དམྱལ་བར་ལྟུང༔ བསྲུངས་ན་དངོས་གྲུབ་ཐམས་ཅད་ཐོབ༔ དེ་ནས་དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་ཡིད་མ་ཡེངས་པར་རྩེ་གཅིག་ཏུ་མཛད་འཚལ། ལས་ཆུ་དང་ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། ཆོས་རྣམས་མི་དམིགས་སྟོང་པ་ཉིད་ཀྱི་ངང་། ཁྱེད་རང་གནས་པའི་གོ་སར་པདྨའི་སྟེང་། །ཐབས་ཤེས་ཉི་ཟླ་བརྩེགས་པའི་གདན་སྟེང་དུ། །རང་རིག་ཧྲཱིཿལས་དོན་གཉིས་བྱས་འདུས་པས། །པདྨ་གུ་རུ་སྐུ་མདོག་དཀར་དམར་མདངས། །ཞབས་གཉིས་སྐྱིལ་ཀྲུང་ཕྱག་གཉིས་མཉམ་གཞག་སྟེང་། །མཚན་ལྡན་ཀ་ལི་འཆི་མེད་བདུད་རྩིས་བཀང་། །དབུ་ལ་པཎ་ཞྭ་བེར་ཕོད་ཆོས་གོས་ཅན། །དམར་སེར་བེར་ཕྱམ་སུམ་ཕྲུག་སྙན་རྒྱན་མཛེས། །སྣང་ལ་རང་བཞིན་མེད་པའི་སྐུར་གསལ་བའི། །སྤྱི་བོར་སྤྱན་རས་གཟིགས་དཀར་བཅུ་གཅིག་ཞལ། །ཕྱག་སྟོང་ལོངས་སྐུའི་ཆས་ལྡན་བཞེངས་པའི་སྟབས། །མགྲིན་པར་ཚེ་དཔག་མེད་དམར་ཞལ་གསུམ་པ། །ཕྱག་དྲུག་ཕྱག་མཚན་སྐྱིལ་ཀྲུང་ལོངས་སྐུའི་ཆས། །ཐུགས་ཀར་མི་འཁྲུགས་མཐིང་ག་ས་གནོན་དང་། །མཉམ་གཞག་རྡོ་རྗེ་སྐྱིལ་ཀྲུང་ལོངས་སྐུའི་ཆས། །ཐུགས་སྨད་གྲོ་ལོད་སྨུག་ནག་ཁྲོ་གཏུམ་རྔམ། །རྡོ་རྗེ་ཕུར་གདེངས་སྟག་གི་ཁྲི་ལ་འགྱིངས། །ལྟེ་བར་སེང་གདོང་མཐིང་ནག་གྲི་ཐོད་འཛིན། །དུར་ཁྲོད་རུས་རྒྱན་མེ་ལོང་བརྐྱང་བསྐུམ་གར། །གསང་བར་ནོར་བདག་ཛཾ་དམར་ལྕགས་ཀྱུ་འཛིན། །གཏེར་བུམ་བསྣམས་ཤིང་སྒེག་ཆགས་གར་གྱིས་རོལ། །ཀུན་ཀྱང་འོད་ཕུང་ཀློང་དུ་གསལ་འཚེར་འབར། །གནས་གསུམ་འབྲུ་གསུམ་ཐུགས་སྲོག་ས་བོན་ལས། །འོད་འཕྲོས་རང་བཞིན་གནས་ནས་ཡེ་ཤེས་པ། །དཔག་མེད་ནམ་མཁའ་གང་བར་སྤྱན་དྲངས་ནས། །སོ་སོར་ཐིམ་པས་བྱིན་གྱིས་བརླབ་པར་གྱུར། སྤོས་རོལ་བཅས་སྤྲོ་ན་ལས་བྱང་གི་སྤྱན་འདྲེན་ཡང་བརྗོད། སྤྱི་དྲིལ་སྔགས་རིང་མཐར། ཨཱ་བེ་ཤ་ཡ་ཨཱཿ བཏགས་པ་དྲག་ཏུ་བརྗོད་མཐར། དེ་ལྟར་དབབ་པའི་ཡེ་ཤེས་པ་རྣམས་དམ་ཚིག་པ་དང་དབྱེར་མེད་ཆུ་ལ་ཆུ་བཞག་པ་ལྟ་བུར་གྱུར་པར་མོས་ལ་རང་རིག་བློ་འདས་གཅེར་མཐོང་གི་ངང་དུ་མཉམ་པར་འཇོག་པར་ཞུ། ཞེས་བརྟན་པར་བྱ། དབང་དངོས་ལ་རྣམ་པ་བཞིར་བཞུགས་པ་ལས་དང་པོ་སྐུ་བུམ་པའི་དབང་ལ་དམིགས་པ་འདི་བཞིན་དུ་མཛོད། །མདུན་བུམ་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས་སློབ་མའི་སྤྱི་བོར་ཕོག །ལུས་ཀྱི་སྡིག་པ་དག །དཀྱིལ་འཁོར་གྱི་ལྷ་སློབ་མའི་ལུས་ལ་ཐིམ། སྐུ་ཡི་དངོས་གྲུབ་ཐོབ་པར་མོས་ཤིག །རྣམ་བུམ་སྤྱི་བོར་བཞག་ལ། ཧཱུྃ་ བུམ་པ་ཡེ་ཤེས་ལྔ་ལྡན་ཕོ་བྲང་ནས༔ རྩ་གསུམ་ལྷ་ཚོགས་བུམ་ཆུའི་ངོ་བོར་གསལ༔ དཀྱིལ་འཁོར་ལྷ་ཚོགས་སྐུ་ཡི་དབང་བསྐུར་རོ༔ ཧྲཱིཿཔདྨ་གུ་རུ་བཛྲ་ས་མནྟ་ས་ཏྲི་ལོ་ཀེ་ཤྭ་ར་བཛྲ་ལོ་ཀ་ཨཱ་ཡུརྫྙཱ་ན་དྷཱ་ཀི་ནཱི་སིཾ་ཧ་མུ་ཁ་ཛམྦྷ་ལ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་སྦྱིན། དེས་ལུས་དག་པར་བྱེད་པ་བུམ་པའི་དབང་ཐོབ། བསྐྱེད་རིམ་བསྒོམ་པ་ལ་དབང་བ་དང་། འབྲས་བུ་སྤྲུལ་སྐུ་ཐོབ་པར་འགྱུར་བའི་སྐལ་པ་ཅན་དུ་བྱས་པའོ། །གཉིས་པ་གསུང་གསང་བའི་དབང་གི་སླད་དུ། ལྷ་ཚོགས་རྣམས་ཀྱི་གསུང་ལས་འོད་ཟེར་དམར་པོ་འཕྲོས་པས་སློབ་མའི་མགྲིན་པར་ཕོག །ངག་གི་སྒྲིབ་པ་དག །གསུང་གི་བདག་ཉིད་སོ་སོའི་རྩ་སྔགས་དང་། ཨཱ་ལི་ཀཱ་ལིའི་ཡིག་འབྲུ་རྣམས་སློབ་མའི་ངག་ལ་ཐིམ། གསུང་གི་དངོས་གྲུབ་ཐོབ་པར་མོས་ཤིག །མེ་ལོང་གི་དཀྱིལ་འཁོར་མགྲིན་པར་བཞག །བནྡྷའི་བདུད་རྩི་ཁར་སྦྱིན་ལ། ཧཱུྃ་ བྱང་སེམས་དཀར་དམར་བདེ་བའི་རང་བཞིན་བཅུད༔ དཀྱིལ་འཁོར་ལྷ་ཚོགས་གསུང་གི་དབང་བསྐུར་རོ༔ གོང་གི་རྩ་སྔགས་ཀྱི་མཐར། ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཞེས་བཏགས་པ་བརྗོད། དེས་ངག་དག་པར་བྱེད་པ་གསང་བའི་དབང་ཐོབ། ངག་གི་སྙིང་པོ་བཟླ་བ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པར་འགྱུར་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། ལྷ་ཚོགས་རྣམས་ཀྱི་ཐུགས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། སློབ་མའི་སྙིང་ཁར་ཐིམ། ཡིད་ཀྱི་སྒྲིབ་པ་དག །ཐུགས་ཕྱག་མཚན་གྱི་རྣམ་པ་དཔག་ཏུ་མེད་པ་ཐིམ། ཐུགས་ཀྱི་དངོས་གྲུབ་ཐོབ་པར་མོས་ཤིག །རིག་ཙག་ལག་ཏུ་གཏད་ལ། ཧཱུྃ་ ཐབས་དང་ཤེས་རབ་གཉིས་མེད་པའི༔ ལྷན་སྐྱེས་ཡེ་ཤེས་འདི་ལས་བྱུང༔ ཕྱག་རྒྱ་ཆེན་པོའི་དབང་བསྐུར་རོ༔ གོང་གི་སྔགས་ཀྱི་མཐར། ཙིཏྟ་ཨ་བྷི་ཥིཉྩ་ན་མཿས་མནྟ་ན་མ་ཏི་པ་ས་ན་མ་སིདྡྷི་ཧཱུྃ༔ དེས་ཡིད་དག་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། རྫོགས་པའི་རིམ་པ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པར་འགྱུར་བའི་སྐལ་པ་ཅན་དུ་བྱས་པའོ། །བཞི་པ་ཡོངས་རྫོགས་སྙིང་པོ་ངོ་སྤྲོད་ཀྱི་རྩལ་དབང་གི་སླད་དུ། མེ་ལོང་ནང་དུ་རྩ་བ་གསུམ་གྱི་ལྷ་ཚོགས་སྣང་ལ་རང་བཞིན་མ་གྲུབ་པའི་དཔེ་འདིས་མཚོན་བྱེད་དུ་བྱས་ཏེ། མཚོན་བྱ་དོན་གྱི་ཡེ་ཤེས་རང་ཤར་རང་གྲོལ་རྩོལ་སྒྲུབ་སྤང་བླང་མེད་པ་འོད་གསལ་ལྷན་ཅིག་སྐྱེས་པའི་རང་ངོ་ཧྲིག་གིས་རིག་པའི་ངང་དུ་མཉམ་པར་འཇོག་པར་ཞུ། བུམ་པའི་ཁ་རྒྱན་གྱི་སྐུ་ཙཀ་བླངས་ནས་མེ་ལོང་ངོས་སུ་འཆར་བ་བསྟན་ལ། ཧཱུྃ་ སྣང་ལ་རང་བཞིན་མེད་པ་ལོངས་སྤྱོད་རྫོགས༔ ཐུགས་ནི་སྐྱེ་བ་མེད་པ་ཆོས་ཀྱི་སྐུ༔ རྩ་གསུམ་ལྷ་ཚོགས་འཇའ་ཚོན་ལྟ་བུའི་སྐུ༔ ནང་ལྟར་མཉམ་ཉིད་ཆོས་སྐུའི་ངང་དུ་བཞུགས༔ གསང་བ་ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ པདྨ་གུ་རུ་སྤྲུལ་སྐུས་འགྲོ་དོན་མཛད༔ མི་འཁྲུགས་རྒྱལ་པོས་བར་དོའི་སྡུག་བསྔལ་སེལ༔ སྤྱན་རས་གཟིགས་ཀྱི་ཐུགས་རྗེས་འགྲོ་བ་འདུལ༔ རྡོ་རྗེ་གྲོ་ལོད་སྲིད་གསུམ་གདུག་པ་འདུལ༔ མཁའ་འགྲོ་སེང་གདོང་ཅན་གྱིས་དགྲ་བགེགས་འདུལ༔ བཅོམ་ལྡན་ཚེ་དཔག་མེད་ཀྱིས་འཆི་མེད་སྩོལ༔ གནོད་སྦྱིན་ཛམྦྷ་ལ་ཡིས་ཟས་ནོར་བསྡུ༔ ཕྲིན་ལས་གང་འདོད་ལྷུན་གྱིས་གྲུབ་མཛད་པ༔ འདོད་ཆགས་ཞེ་སྡང་ང་རྒྱལ་ཕྲག་དོག་དག༔ གཏི་མུག་རབ་རིབ་མུན་པ་ཀུན་བསལ་ཏེ༔ ཆོས་དབྱིངས་ཡེ་ཤེས་མེ་ལོང་མཉམ་པ་ཉིད༔ སོར་རྟོག་ཡེ་ཤེས་བྱ་གྲུབ་ཀུན་ཏུ་བཟང༔ ལྟ་བ་སངས་རྒྱས་དཀྱིལ་འཁོར་ལྷ་ཚོགས་ཏེ༔ གང་ཤར་རང་གྲོལ་མ་འགག་ས་ལེ་བ༔ རང་བཞིན་མི་འགྱུར་རང་ལ་ཤར་བ་ཡིན༔ བསྒོམ་པ་མི་འགྱུར་མི་ཞིག་གསལ་བསྒོམ་བྲལ༔ སྤྱོད་པ་འགག་མེད་སྐྱོན་བྲལ་ཡོན་ཏན་སྤྱོད༔ འབྲས་བུ་རང་གྲོལ་ཡེ་ཤེས་ཀུན་ཏུ་བཟང༔ དམ་ཚིག་གཞན་དོན་ཕྲིན་ལས་སྣ་ཚོགས་སྤྱོད༔ ལྟ་བ་སྒོམ་པ་སྤྱོད་པ་འབྲས་བུ་ཡང༔ དཀྱིལ་འཁོར་ལྷ་ཚོགས་སྐུ་གསུང་ཐུགས་ལ་ཚང༔ རིག་སྟོང་གྲགས་སྟོང་དྲན་སྟོང་སྟོང་པའི་ཚོགས༔ སེམས་བྱུང་སྟོང་གསལ་རང་བྱུང་མ་འགག་གསལ༔ རྣམ་རྟོག་འགྱུ་དྲན་ངོ་བོ་ཉིད་ཀྱིས་སྟོང༔ ཡེ་ཤེས་ལྷན་ཅིག་སྐྱེས་པ་རྩོལ་སྒྲུབ་མེད༔ རྟག་ཏུ་དེ་ཉིད་ངང་དུ་གནས་པར་བྱ༔ སྔགས་མཐར། དྷརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ལ་ཅུང་ཟད་ངོ་བོ་བསྐྱང་། དེས་བསྐུར་བརྗོད་ཀྱི་འཛིན་པ་དག༔ དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་ཐོབ་པར་འགྱུར་བའི་སྐལ་པ་ཅན་དུ་བྱས་པའོ། །དེ་ནས་བླ་མའི་ལུས་ཀྱི་ལྷ་རྣམས་འོད་དུ་ཞུ་ནས་བླ་མ་ལ་ཐིམ། བླ་མ་ཡང་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་པའི་ངང་ནས་རང་དཀྱིལ་འཁོར་ལྷ་སྣང་ལ་རང་བཞིན་མེད་པའི་སྐུ་རུ་གསལ་བཏབ་ལ་ངག་གྲགས་སྟོང་ཐུགས་རིག་སྟོང་དུ་གནས་པར་གྱིས་ཤིག །དེ་ནས་མཐའ་རྟེན་བྱིན་རླབས་གཏོར་མའི་དབང་བསྐུར་བ་ལ། དཔལ་གྱི་གཏོར་མ་འོད་ཟེར་རྣམ་པ་ལྔའི་གཞལ་ཡས་ཁང་དུ་དཀྱིལ་འཁོར་ལྷ་ཚོགས་བྱིན་ཐིབས་སེ་བཞུགས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཏེ་བྱིན་གྱིས་བརླབས་པར་མོས་ཤིག །གཏོར་མ་མགོར་བཞག་ལ། ཧཱུྃ་ ཆོས་སྐུ་སྟོང་གསལ་མཁའ་མཉམ་དྲི་མ་མེད༔ ལོངས་སྐུ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ༔ སྤྲུལ་སྐུ་གང་ལ་གང་འདུལ་སྤྲུལ་སྒྱུར་འགྱེད༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་རྒྱུད་བསྐུལ་ན༔ སྐལ་ལྡན་རིགས་ཀྱི་བུ་ལ་བརྟན་པར་མཛོད༔ ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ་བར་ཤོག༔ སྤྲོ་ན་བརྒྱུད་པའི་མཚན་དང་འདོད་གསོལ་སྤྱི་ལྟར་བྱ། སྔགས་མཐར། བ་ལིཾ་ཏ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཤཱིནྟཾ་པུཥྚིཾ་བཱ་ཤཾ་མཱ་ར་ཡ་ཧཱུྃ༔ གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པས་ལྷ་ཚོགས་རྣམས་དང་གཉིས་སུ་མེད་པའི་བྱིན་རླབས་དབང་དང་དངོས་གྲུབ་ཐམས་ཅད་ཐོབ་པར་མོས་ཤིག །ཅེས་བརྡ་སྤྲད། ཤིས་བརྗོད་གང་འོས་བྱ། དེ་ལྟར་རྒྱལ་དབང་པདྨའི་ཁྱད་ཆོས། ཡང་ཟབ་ཡིད་བཞིན་ནོར་བུ་མངའ་བདག་ཡབ་སྲས་ཀྱི་རྒྱུན་གྱི་ཐུགས་དམ་དུ་གདམས་པ། གཅིག་ཆོག་རྒྱལ་པོའི་དཀྱིལ་འཁོར་གྱི་ལྷ་དབང་དུས་གཅིག་ལ་བསྐུར་པས་རྩ་བ་གསུམ་གྱི་དབང་རྫོགས་པར་ཐོབ་པར་འགྱུར་བ་ཉིད་ལེགས་པར་གྲུབ་པ་ཡིན་པས། དབང་དུས་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྩ་བ་དང་ཡན་ལག་གིས་བསྡུས་པ་མཐའ་དག་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་སྤྱི་ལྟར་བྱ། ཚོགས་ལ་རོལ་ཞིང་ལྷག་མ་གཏང་། བསྐུལ་ཆད་བརྟན་རྟ་བྲོའི་མཐར་དཀྱིལ་འཁོར་ལ་གཏང་རག་མཆོད་བསྟོད་འབུལ། ཡིག་བརྒྱ་དང་ལྷག་ཆད་ཁ་སྐོང་། རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་སུ་གསོལ། བདག་བསྐྱེད་བསྡུ་ལྡང་། སྨོན་ལམ་ཤིས་བརྗོད་ཀྱི་བར་ལས་བྱང་ལྟར་བྱའོ། །གཡར་ངོ་ཆེ་བ་མངའ་བདག་ཡབ་སྲས་ཀྱི། །ཐུགས་དམ་པདྨའི་མཁྱེན་པས་ལེགས་བསྡུས་པ། །འདྲ་ལ་ཁྱད་ཆེ་སྐལ་ལྡན་སྙིང་གི་བཅུད། །དབྱར་མཚོ་ལྟར་འཕེལ་ནམ་ཡང་མི་འགྲིབ་ཤོག །ཅེས་པའི་ཚུལ་འདི་གཏེར་གཞུང་དུ་རྩ་ཐོ་ཙམ་ལས་མ་གསུངས་ཤིང་གསལ་བྱེད་ཡིག་ཆ་གཞན་ཡང་མ་མཐོང་བས་མཁས་པས་གསར་རྩོམ་དང་རྨོངས་པས་གང་དྲན་དུ་སྦྱོར་དགོས་པ་མ་ཟད། ཟབ་ཆོས་འདི་དག་གི་རྒྱུན་ཆད་ལ་ཉེ་བས་ཞབས་ཏོག་ཏུ་འགྱུར་བའི་འདུན་པས་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་ཤྲཱི་དེ་བཱི་ཀོ་ཊིའི་སྙིང་པོ་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
ཚེ་སྒྲུབ་འོད་ཀྱི་སྙིང་པོ་ལས༔ འཆི་མེད་ཚེའི་སྔོན་འགྲོའི་ཕྲིན་ལས་ (Volume 49, Text 5)
ྈ ཚེ་སྒྲུབ་འོད་ཀྱི་སྙིང་པོ་ལས༔ འཆི་མེད་ཚེའི་སྔོན་འགྲོའི་ཕྲིན་ལས་བཞུགས་སོ༔ ྈྈྈྈྈྈྈྈ རིགས་ལྔ་ཚེ་དཔག་མེད་ལ་འདུད༔ འཆི་མེད་ཚེ་ཡི་ཕྲིན་ལས་ཀྱི༔ སྔོན་འགྲོའི་དང་པོ་སྐྱབས་འགྲོ་ནི༔ ན་མོ༔ འཆི་མེད་ཚེ་བདག་རིགས་ལྔ་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་ནི༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ ཚེ་ཡི་རིག་འཛིན་བསྒྲུབ་པར་བགྱི༔ གསུམ་པ་མཚམས་གཅོད་ནི༔ ཧཱུྃ་ཧྲཱི༔ རང་ཉིད་དབང་ཆེན་ཧེ་རུ་ཀའི༔ ཐུགས་ལས་སྤྲུལ་པའི་ཁྲོ་ཚོགས་ཀྱིས༔ བགེགས་དང་ལོག་འདྲེན་བར་ཆད་ཀུན༔ རྒྱ་མཚོའི་ཕ་མཐར་བསྐྲད་ཅིང་གཟིར༔ ཧཱུྃ་ཧཱུྃ་ཨུ་ཙཊྚ་ཡ་ཕཊ༔ བཞི་པ་སྲུང་འཁོར་ནི༔ ཧཱུྃ་ཧྲཱི༔ ཁྲོ་ཚོགས་ཐམས་ཅད་ཚུར་འདུས་པས༔ ཕྱོགས་མཚམས་སྟེང་འོག་ཐམས་ཅད་ཀུན༔ མཚོན་ཆ་ལྔ་ལྡན་མེ་ཡི་གུར༔ གཞོམ་མེད་སྲུང་བའི་འཁོར་ལོར་གྱུར༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ ལྔ་པ་བརྡ་སྒོ་དབྱེ་བ་སོགས་ནི༔ ཧྲཱི༔ རིག་རྩལ་ཡེ་ཤེས་འཆར་སྒོ་དབྱེ༔ གཉིས་སུ་མེད་པའི་བརྡ་ཕྱག་འཚལ༔ ཉོན་མོངས་ལས་སྒྲིབ་མཐོལ་ཞིང་བཤགས༔ འཆི་མེད་བསྒྲུབ་པར་དམ་བཅའ་འོ༔ ས་མ་ཡ་ཛྙཱ་ན་ས་མཱ་དྷི་ཧཱུྃ༔ དྲུག་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི༔ རཾ་ཡཾ་ཁཾ༔ གནས་ཁང་དངོས་བཤམས་མཆོད་རྫས་ཀུན༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ པདྨོ་བཀོད་པའི་ཞིང་ཁམས་སུ༔ ཕྱི་ནང་གསང་མཆོད་རྒྱ་མཚོར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་ས་མ་ཡེ་ཨཱཿཧཱུྃ༔ པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཨཱཿཧཱུྃ༔ འཆི་མེད་ཚེའི་སྔོན་འགྲོའི་ཕྲིན་ལས་ཀྱི་ལས་རིམ་ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བདག་འདྲ་རྡོ་རྗེ་ཐོགས་མེད་རྩལ་གྱིས་གཏེར་ནས་སྤྱན་དྲངས་པའོ། ། ྈ ཚེ་སྒྲུབ་འོད་ཀྱི་སྙིང་པོ་ལས༔ འཆི་མེད་ཚེའི་བྱིན་འབེབ་བཞུགས་སོ༔ ྈྈྈྈྈྈ རིགས་ལྔ་ཚེ་དཔག་མེད་ལ་འདུད༔ འཆི་མེད་ཚེ་ཡི་བྱིན་འབེབ་ནི༔ སྦྱར་བའི་སྤོས་བསྲེག་དར་གྱིས་གཡབ༔ དབྱངས་དང་རོལ་མོའི་བརྡས་བསྐུལ་ཏེ༔ ཧཱུྃ་ཧྲཱི༔ ཀ་དག་ཆོས་སྐུའི་ཕོ་བྲང་ནས༔ ཀུན་བཟང་སྣང་བ་མཐའ་ཡས་ཀྱིས༔ གནས་འདིར་དབང་སྐུར་བྱིན་ཆེན་ཕོབ༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ལྷུན་གྲུབ་ལོངས་སྐུའི་ཕོ་བྲང་ནས༔ བཅོམ་ལྡན་ཚེ་དཔག་མེད་མགོན་གྱིས༔ གནས་འདིར་དབང་སྐུར་བྱིན་ཆེན་ཕོབ༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཐུགས་རྗེ་སྤྲུལ་སྐུའི་ཕོ་བྲང་ནས༔ འཆི་མེད་པདྨ་འབྱུང་གནས་ཀྱིས༔ གནས་འདིར་དབང་སྐུར་བྱིན་ཆེན་ཕོབ༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཡང་དག་གྲུབ་པའི་ཕོ་བྲང་ནས༔ སློབ་དཔོན་རྡོ་རྗེ་ཧཱུྃ་ཀཱ་རས༔ གནས་འདིར་དབང་སྐུར་བྱིན་ཆེན་ཕོབ༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ འཇའ་ལུས་རྡོ་རྗེའི་ཕོ་བྲང་ནས༔ འཆི་མེད་བི་མ་མི་ཏྲ་ཡིས༔ གནས་འདིར་དབང་སྐུར་བྱིན་ཆེན་ཕོབ༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ གཞོ་སྟོད་མཁའ་འགྲོའི་ཚོགས་ཁང་ནས༔ བདེ་ཆེན་ཡེ་ཤེས་མཚོ་རྒྱལ་གྱིས༔ གནས་འདིར་དབང་སྐུར་བྱིན་ཆེན་ཕོབ༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ལྷོ་བྲག་མཁར་ཆུའི་དབེན་གནས་ནས༔ གནུབས་ཆེན་ནམ་མཁའི་སྙིང་པོ་ཡིས༔ གནས་འདིར་དབང་སྐུར་བྱིན་ཆེན་ཕོབ༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ གཡའ་མ་ལུང་གི་ཀེའུ་ཚང་ནས༔ ལོ་ཆེན་བཻ་རོ་ཙ་ན་ཡིས༔ གནས་འདིར་དབང་སྐུར་བྱིན་ཆེན་ཕོབ༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ གསང་མཆོག་ཤེལ་གྱི་ཕུག་པ་ནས༔ གྲུབ་ཆེན་གཡུ་སྒྲ་སྙིང་པོ་ཡིས༔ གནས་འདིར་དབང་སྐུར་བྱིན་ཆེན་ཕོབ༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ སྤྱི་གཙུག་ཉི་ཟླ་པད་སྟེང་ནས༔ རིག་འཛིན་རྩ་བརྒྱུད་བླ་མ་ཡིས༔ གནས་འདིར་དབང་སྐུར་བྱིན་ཆེན་ཕོབ༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ དངོས་གྲུབ་མཆོག་སྩོལ་ཕོ་བྲང་ནས༔ ཚེ་བདག་རིགས་ལྔའི་དཀྱིལ་འཁོར་ལྷས༔ གནས་འདིར་དབང་སྐུར་བྱིན་ཆེན་ཕོབ༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ གནས་ཡུལ་དུར་ཁྲོད་ཞིང་ཁམས་ནས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་གིས༔ གནས་འདིར་དབང་སྐུར་བྱིན་ཆེན་ཕོབ༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ སྔོན་ཚེ་ཚེ་ཡི་ཁུངས་རེ་བཟང༔ ད་ནི་ཚེ་ཡི་དཔལ་རེ་འདུས༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ལ༔ དབང་ཆེན་རྣམས་ཀྱིས་དབང་སྐུར་ཅིག༔ རྟགས་དང་མཚན་མ་སྟོན་པ་དང༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ཨ་ཡུརྫྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ འཆི་མེད་ཚེའི་བྱིན་འབེབ་ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བདག་འདྲ་རྡོ་རྗེ་ཐོགས་མེད་རྩལ་གྱིས་གཏེར་ནས་སྤྱན་དྲངས་པའོ།། ྈ ཚེ་སྒྲུབ་འོད་ཀྱི་སྙིང་པོ་ལས༔ འཆི་མེད་ཚེའི་དངོས་གཞིའི་ཕྲིན་ལས་བཞུགས་སོ༔ ྈྈྈྈྈྈ རིགས་ལྔ་ཚེ་དཔག་མེད་ལ་འདུད༔ འཆི་མེད་ཚེ་ཡི་ཕྲིན་ལས་ཀྱི༔ དངོས་གཞིའི་དང་པོ་བསྐྱེད་རིམ་ནི༔ ཧྲཱི༔ ངོ་བོ་གདོད་ནས་སྐྱེ་བ་མེད༔ རང་བཞིན་དམིགས་མེད་སྙིང་རྗེའི་རྩལ༔ ཐུགས་རྗེ་རྩོལ་མེད་སྤྲུལ་སྐུའི་རྒྱུ༔ ཧྲཱིཿཡིག་པདྨ་རཱ་གའི་མདངས༔ འོད་ཟེར་ཁ་དོག་ལྔ་ལྡན་པས༔ ཆོས་རྣམས་ཐམས་ཅད་སྟོང་པར་སྦྱང༔ སྟོང་པའི་ངང་ལས་སྣོད་བཅུད་ཀུན༔ འཆི་མེད་ཚེ་ཡི་ཞིང་ཁམས་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་སེམས་ཧྲཱིཿདམར་ཡོངས་གྱུར་ལས༔ ཨོ་རྒྱན་པདྨ་ཚེ་དཔག་མེད༔ དབང་མདོག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་ཆོས་སྐུ་ཞི་བའི་ཞལ༔ དབུས་དམར་ལོངས་སྐུ་རྗེས་ཆགས་ཉམས༔ གཡོན་མཐིང་གང་འདུལ་སྤྲུལ་སྐུ་རྔམས༔ རྩ་བའི་ཕྱག་གཉིས་མཉམ་གཞག་སྟེང༔ པདྨའི་རིགས་མཆོག་ཚེ་བུམ་བསྣམས༔ ལྷག་མ་གཡས་ཀྱི་གཉིས་པ་ཡིས༔ བདེ་གཤེགས་ཚེ་བདག་འཁོར་ལོ་འཛིན༔ གཡོན་གྱི་གཉིས་པས་མི་བསྐྱོད་རིགས༔ རྡོ་རྗེ་མཐིང་གསལ་རྩེ་ལྔ་གདེངས༔ གཡས་ཀྱི་གསུམ་པས་རིན་ཆེན་གྱི༔ ཚེ་བདག་དགོས་འབྱུང་ནོར་བུའི་ཚུལ༔ གཡོན་གྱི་གསུམ་པས་ལས་ཀྱི་རིགས༔ ཚེ་དཔག་མེད་མགོན་རྒྱ་གྲམ་གདེངས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ དར་གྱི་སྟོད་གཡོགས་སྨད་ཤམ་དང༔ ཅོད་པན་དར་དཔྱང་ལྷབ་ལྷུབ་གཡོ༔ རིན་ཆེན་དབུ་རྒྱན་སྙན་རྒྱན་དང༔ མགུལ་རྒྱན་ཕྱག་ཞབས་གདུ་བུ་འཁྲོལ༔ དོ་ཤལ་སྐེ་རགས་མཛེས་པར་བཅིངས༔ དབུ་སྐྲ་ཐོར་ཚུགས་སྤྱི་བོའི་རྩེར༔ པདྨ་ནོར་བུ་འབར་བས་མཚན༔ ཡུམ་མཆོག་གོས་དཀར་ཙནྡྷ་ལཱི༔ དམར་མོ་མདའ་དར་བུམ་པ་འཛིན༔ ཞབས་ཟུང་ཡབ་ཀྱི་རྐེད་ནས་འཁྲིལ༔ དར་དང་རིན་ཆེན་མེ་ཏོག་བརྒྱན༔ ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཀུན༔ རྩ་གསུམ་ཚེ་ལྷ་ཞི་དང་ཁྲོ༔ གྲངས་མེད་སྤྲོ་ཞིང་བསྡུ་བ་ཡི༔ གནས་གསུམ་ཨོཾ་དཀར་ཨཱཿདམར་པོ༔ ཧཱུྃ་མཐིང་ཐུགས་དབུས་ཧྲཱིཿདམར་གསལ༔ དེ་ལས་ལྕགས་ཀྱུ་ལྟ་བུ་ཡི༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསམ༔ གཉིས་པ་སྤྱན་འདྲེན་ནི༔ ཧཱུྃ་ཧྲཱི༔ བཅོམ་ལྡན་ཚེ་བདག་རིགས་མཆོག་ལྔ༔ རྩ་གསུམ་ཚེ་ལྷ་རབ་འབྱམས་ཀུན༔ འདིར་གཤེགས་སྒྲུབ་མཆོག་བར་ཆད་སོལ༔ འཆི་མེད་རིག་འཛིན་འགྲུབ་པར་མཛོད༔ ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་བཛྲ་ས་མ་ཡ་ཛ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧྲཱི༔ བདེ་ཆེན་དབང་གི་ཕོ་བྲང་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པར༔ ཚེ་ཡི་ལྷ་ཚོགས་བརྟན་པར་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ བཞི་པ་ཕྱག་འཚལ་བ་ནི༔ ན་མོ༔ བླ་མ་ཨོ་རྒྱན་ཚེ་དཔག་མེད༔ རིགས་ལྔ་འདུས་པའི་བདག་ཉིད་ལ༔ འཕྲུལ་དགའི་ལྷ་ཡི་ཚུལ་ཉིད་ཀྱིས༔ གཉིས་སུ་མེད་པར་ཕྱག་བགྱི་འོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ལྔ་པ་མཆོད་པ་འབུལ་བ་ནི༔ ཨོཾ༔ མཆོད་འོས་སྣོད་བཅུད་ཐམས་ཅད་ཀུན༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན༔ རྡོ་རྗེའི་རིག་མ་བཅུ་དྲུག་དང༔ སྨན་གཏོར་རཀྟ་ཚོགས་མཆོད་སྤྲིན༔ ཡེ་སྦྱོར་ཡེ་སྒྲོལ་བདེ་སྟོང་ཆེ༔ དངོས་བཤམས་ཏིང་འཛིན་རྣམ་འཕྲུལ་གྱིས༔ རིགས་འདུས་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་པྲ་ཏཱིཙྪ་ཧོ༔ པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ དྲུག་པ་བསྟོད་པ་ནི༔ ཧཱུྃ་ཧྲཱི༔ ཕུང་པོ་སྒྲིབ་བྲལ་ཡེ་ཤེས་སྐུ༔ འབྱུང་བ་རྣམ་པར་དག་པའི་གསུང༔ ཀུན་གཞི་གནས་གྱུར་འོད་གསལ་ཐུགས༔ རྩོལ་མེད་ཡོན་ཏན་ཡིད་བཞིན་གཏེར༔ གང་འདུལ་ཕྲིན་ལས་ལྷུན་གྱིས་གྲུབ༔ རིགས་འདུས་བཅོམ་ལྡན་ཚེ་ཡི་ལྷར༔ སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཅེས་བྱའོ༔ འཆི་མེད་ཚེའི་དངོས་གཞིའི་ལས་རིམ་ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བདག་འདྲ་རྡོ་རྗེ་ཐོགས་མེད་རྩལ་གྱིས་གཏེར་ནས་སྤྱན་དྲངས་པའོ།། ྈ ཚེ་སྒྲུབ་འོད་ཀྱི་སྙིང་པོ་ལས༔ འཆི་མེད་ཚེའི་ཛཔ྄་དགོངས་བཞུགས་སོ༔ ྈྈྈྈྈྈྈྈ རིགས་ལྔ་ཚེ་དཔག་མེད་ལ་འདུད༔ འཆི་མེད་ཚེ་ཡི་ཛཔ྄་དགོངས་ལ༔ དང་པོ་ཐུགས་དམ་བསྐུལ་བ་ནི༔ ཧྲཱིཿཧྲཱིཿཧྲཱི༔ པདྨ་རྣམ་པར་རྒྱས་པའི་དཀྱིལ་འཁོར་ནས༔ རིགས་འདུས་ཚེ་ཡི་ལྷ་ཚོགས་ཐུགས་དམ་ཅན༔ སྙིང་པོ་ཛཔ྄་ཀྱི་ལས་ལ་སྐུར་བཞེངས་ནས༔ ཚེ་དང་ཡེ་ཤེས་དངོས་གྲུབ་བསྩལ་དུ་གསོལ༔ ཅེས་བསྐུལ་ནས་བཟླས་དམིགས་ནི༔ རང་གི་སྙིང་གར་ཕ་ལམ་ལས་གྲུབ་པའི་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པའི་ལྟེ་བར་ཉི་ཟླའི་གྭའུ་ཁ་སྦྱོར་སྲུབས་མེད་པའི་དབུས་སུ་ཐུགས་སྲོག་ཧྲཱིཿདམར་པོ་འོད་ཟེར་ཁ་དོག་ལྔ་འཕྲོ་བ༔ དེའི་ཁོག་པར་ཚེ་རྟེན་ནྲྀ་ལྗང་གུ་ཐིག་ལེ་དཀར་དམར་མདངས་ལྡན་གྱིས་མཚན་པ༔ བཟླས་པའི་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས༔ སྐུ་གསུམ་གྱི་ངོ་བོ་ཞལ་གསུམ་དང༔ རིགས་ལྔའི་ངོ་བོ་ཕྱག་མཚན་རྣམས་ལ་ཕོག་པས་འོད་ཟེར་ཁ་དོག་ལྔ་ལྡན་བསམ་གྱིས་མི་ཁྱབ་པ་ཕྱོགས་ཐམས་ཅད་དུ་བུན་བུན་འཕྲོས༔ རང་གི་བླ་སྲོག་ཚེ་བཅུད་ཆད་ཉམས་ཡར་པ་དང༔ འཁོར་འདས་སྣང་སྲིད་ལྷ་སྔགས་སུ་གསལ་བའི་ཚེ་བཅུད་དྭངས་མ་ཐམས་ཅད་ཡིག་འབྲུ་འོད་ཟེར་བདུད་རྩིའི་རྣམ་པར་བསྡུས་ཏེ་ལུས་ཀྱི་ནང་ཐམས་ཅད་དུ་མེར་གྱིས་ཁེངས་པས་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་བསལ༔ ཚེ་བསོད་ཡེ་ཤེས་ཐམས་ཅད་རྒྱས༔ དྭངས་མ་སྙིང་གའི་ཚེ་རྟེན་ལ་འུབས་ཀྱིས་འདྲིལ་བས་རྡོ་རྗེའི་སྲོག་ཐོབ་པར་བསམས་ལ༔ ཨོཾ་ཨཱཿཧཱུྃ་པདྨ་བཛྲ་རཏྣ་བུདྡྷ་ཀརྨ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་བྷྲཱུྃ༔ ཞེས་བཟླས་བརྗོད་ཆུ་བོའི་རྒྱུན་ལྟར་བྱའོ༔ འཆི་མེད་ཚེའི་ཛཔ྄་བཟླས་ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བདག་འདྲ་རྡོ་རྗེ་ཐོགས་མེད་རྩལ་གྱིས་གཏེར་ནས་གདན་དྲངས་པའོ།། ྈ ཚེ་སྒྲུབ་འོད་ཀྱི་སྙིང་པོ་ལས༔ འཆི་མེད་ཚེའི་ཐུགས་དམ་སྐུལ་ཆོག་བཞུགས་སོ༔ ྈྈྈྈྈྈྈྈྈ རིགས་ལྔ་ཚེ་དཔག་མེད་ལ་འདུད༔ ཐུན་མཐར་ཐུགས་དམ་བསྐུལ་བ་ནི༔ མཆོད་ཅིང་བསྟོད་ལ་མདའ་དར་གཡབ༔ གདུང་བའི་ཤུགས་སྐྱེད་འདི་ལྟར་བསྐུལ༔ ཧཱུྃ་ཧྲཱི༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པ༔ འཆི་མེད་ཚེ་ཡི་རིག་འཛིན་རྣམས༔ ཐུགས་རྗེ་ཐུགས་དམ་དུས་ལ་བབ༔ ཧྲཱི༔ བཅོམ་ལྡན་པདྨ་ཚེ་དཔག་མེད༔ གཡས་ཞལ་དཀར་པོ་ཆོས་ཀྱི་སྐུ༔ སྣང་བ་མཐའ་ཡས་ངོ་བོར་རྫོགས༔ དགོངས་བརྒྱུད་རིག་འཛིན་ཚོགས་དང་བཅས༔ ཐུགས་རྗེ་ཐུགས་དམ་དུས་ལ་བབ༔ ཡེ་ཤེས་དབྱིངས་ཀྱི་ཚེ་བཅུད་ཁུག༔ ཧྲཱི༔ བཅོམ་ལྡན་པདྨ་ཚེ་དཔག་མེད༔ དབུས་ཞལ་དམར་པོ་ལོངས་སྤྱོད་རྫོགས༔ གཟི་བརྗིད་རྒྱལ་པོའི་ངོ་བོ་ཉིད༔ བརྡ་བརྒྱུད་རིག་འཛིན་ཚོགས་དང་བཅས༔ ཐུགས་རྗེ་ཐུགས་དམ་དུས་ལ་བབ༔ བདེ་བ་ཆེན་པོའི་ཚེ་བཅུད་ཁུག༔ ཧྲཱི༔ བཅོམ་ལྡན་པདྨ་ཚེ་དཔག་མེད༔ གཡོན་ཞལ་མཐིང་ག་སྤྲུལ་པའི་སྐུ༔ རྡོ་རྗེ་ཐོད་ཕྲེང་ངོ་བོར་རྫོགས༔ སྙན་བརྒྱུད་རིག་འཛིན་ཚོགས་དང་བཅས༔ ཐུགས་རྗེ་ཐུགས་དམ་དུས་ལ་བབ༔ བརྟན་གཡོ་ཀུན་གྱི་ཚེ་བཅུད་ཁུག༔ ཧྲཱི༔ བཅོམ་ལྡན་པདྨ་ཚེ་དཔག་མེད༔ ཕྱག་དྲུག་ཕྱག་རྒྱ་རྣམ་པ་ལྔ༔ ཚེ་བདག་རིགས་ལྔའི་ངོ་བོར་རྫོགས༔ ཚོམ་བུ་འབུམ་གྱི་ཚོགས་དང་བཅས༔ ཐུགས་རྗེ་ཐུགས་དམ་དུས་ལ་བབ༔ སྤྲུལ་པའི་ཕོ་ཉ་མགྱོགས་མ་ལྔ༔ གྲངས་མེད་ཉི་ཟེར་རྡུལ་ལྟར་སྤྲོས༔ རིག་འཛིན་རྣལ་འབྱོར་བདག་ཅག་གི༔ བླ་གཟུགས་ཆད་ཉམས་ཡར་པ་ཀུན༔ རང་བྱུང་ཡི་གེའི་རྣམ་པར་སྡུས༔ འཁོར་འདས་ཚེ་ཡི་དྭངས་མ་ཀུན༔ འཆི་མེད་བདུད་རྩིའི་ཆར་དུ་ཕོབ༔ འབྱུང་བ་སྲོག་གི་ཁམས་ཆེན་པོ༔ འོད་ཟེར་སྣ་ལྔའི་རྣམ་པར་དྲོངས༔ ཚེ་ཡི་རྟེན་ལ་དབྱེར་མེད་སྟིམས༔ བླ་ཚེ་སྲོག་གི་རྒུད་པ་སོལ༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ རྩ་སྔགས་མཐར༔ ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨ༔ སརྦ་བིནྡུ་ཛ་ཛ༔ ཨ་མྲྀཏ་ཨཱ་ཡུརྫྙཱ་ན་ཛ༔ པཉྩ་དྷཱ་ཏུ་ནྲྀ་ཛ༔ ཞེས་ཚེ་བཅུད་བཀུག་ཅིང་བསྟིམས་ལ་རྒྱས་གདབ་པ་ནི༔ ཧྲཱི༔ སྙིང་པོ་ཅིས་ཀྱང་མི་ཤིགས་པ༔ རྡོ་རྗེ་སེམས་དཔའ་སྐྱེ་བ་མེད༔ ཆོས་ཀྱི་དབྱིངས་སུ་རྒྱས་བཏབ་པས༔ འཆི་མེད་ཡེ་ཤེས་བརྟན་གྱུར་ཅིག༔ ཨ་ཨ་ཨ་ཛྙཱ་ན་བྷྲཱུྃ༔ འཆི་མེད་ཚེ་འགུགས་ཟབ་མོ་ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བདག་འདྲ་རྡོ་རྗེ་ཐོགས་མེད་རྩལ་གྱིས་གཏེར་ནས་སྤྱན་དྲངས་པའོ།། ྈ ཚེ་སྒྲུབ་འོད་ཀྱི་སྙིང་པོ་ལས༔ འཆི་མེད་ཚེ་ཡི་རྗེས་ཀྱི་ལས་རིམ་བཞུགས་སོ༔ ཚེ་བདག་རིགས་ལྔའི་སྐུ་ལ་འདུད༔ འཆི་མེད་ཚེ་ཡི་རྗེས་ཆོག་ནི༔ དང་པོ་ཚོགས་ཀྱི་འཁོར་ལོ་བཤམ༔ བསང་སྦྱང་བྱིན་གྱིས་བརླབ་པ་ནི༔ ཨོཾ་སརྦ་དྲ་བྱཾ་བི་ཤོ་དྷ་ན་ཧཱུྃ་ཕཊ༔ རཾ་ཡཾ་ཁཾ༔ རིན་ཆེན་པདྨའི་སྣོད་ཡངས་སུ༔ ཚོགས་རྫས་ལྕགས་ཀྱུ་སྒྲོན་མ་ལྔ༔ འཆི་མེད་ཚེ་ཡི་བདུད་རྩིའི་བཅུད༔ འདོད་པའི་ཡོན་ཏན་རྒྱ་མཚོར་གྱུར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ དེ་ནས་ཚོགས་མགྲོན་སྤྱན་དྲང་བ་ནི༔ ཧཱུྃ་ཧྲཱི༔ པདྨ་དབང་གི་ཞིང་ཁམས་ནས༔ ཚེ་བདག་སྐུ་གསུམ་རིགས་མཆོག་ལྔ༔ ཚོགས་ཀྱི་མཆོད་པར་གཤེགས་སུ་གསོལ༔ བྱིན་རླབས་དངོས་གྲུབ་ཆར་ལྟར་ཕོབ༔ ཛྙཱ་ན་བཛྲ་ས་མ་ཡ་ཛ་ཛ༔ ཚོགས་ཕུད་མཆོད་པ་ནི༔ ཧྲཱི༔ ཟག་མེད་པཉྩ་ཨ་མྲྀཏ༔ འདོད་ཡོན་ལྔ་ལྡན་ཚོགས་མཆོད་འདི༔ རིགས་འདུས་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ སརྦ་ཨ་མྲྀཏ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་པ་བཤགས་པ་ནི༔ ཧོ༔ ཚེ་རབས་ཐོག་མ་མེད་པ་ནས༔ ད་ལྟའི་ལུས་བླངས་ཡན་ཆད་དུ༔ ཉོན་མོངས་ལས་སྒྲིབ་ཅི་བསགས་པ༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ཡི་གེ་བརྒྱ་པ་བརྗོད༔ ཐ་མ་བསྒྲལ་བ་ནི༔ ཧཱུྃ༔ ཚེ་དཔག་མེད་མགོན་ཐུགས་ཀ་ནས༔ རྟ་མགྲིན་ཁྲོ་ཚོགས་དཔག་མེད་སྤྲོས༔ ཚེ་བདུད་བར་ཆད་བཀུག་ཅིང་བསྒྲལ༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ དེ་ནས་ཚོགས་རྫས་ནང་གི་སྦྱིན་སྲེག་གི་ཚུལ་དུ་རོལ་ལ་ལྷག་མ་བསྔོ་བ་ནི༔ ཧཱུྃ༔ ཚེ་དཔག་མེད་མགོན་བཀའ་འཁོར་ནས༔ ལྷག་ལ་དབང་བའི་ཕོ་ཉ་ཀུན༔ ཕུད་ལྷག་མཆོད་པ་འདི་བཞེས་ལ༔ སྒྲུབ་མཆོག་ཚེ་ཡི་བར་ཆད་སོལ༔ ཨུཙྪིཥྚ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ གཉིས་པ་ཆད་ཐོ་བསྒྲག་ཅིང་བརྟན་མ་བསྐྱང་བ་ནི༔ ཧཱུྃ༔ སྔོན་ཚེ་བར་དང་བསྐལ་པ་ཐ་མའི་དུས༔ སྐུ་གསུམ་སྟོན་པ་བརྒྱུད་གསུམ་རིག་འཛིན་གྱིས༔ བཀའ་བསྒོས་དམ་བཞག་སྣང་སྲིད་དྲེགས་ཚོགས་ཀུན༔ མཆོད་གཏོར་བཞེས་ལ་ཕྲིན་ལས་རྣམ་བཞི་སྒྲུབས༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཚོགས༔ པདྨའི་བཀའ་བཞིན་བཤལ་ཆུའི་བདུད་རྩི་བཞེས༔ སྒྲུབ་པོའི་ཚེ་སྲིངས་རྐྱེན་ཟློགས་འཁོར་སློབ་སྤེལ༔ ཡང་ཟབ་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད༔ སརྦ་དྷརྨ་པཱ་ལ་མ་མ་བ་ལིཾ་ཏ་ཁཱ་ཧི༔ གསུམ་པ་རྟ་བྲོ་བརྡུང་བ་ནི༔ ཧཱུྃ༔ ཚེ་བདུད་བར་ཆད་སེལ་བའི་ལྷ༔ དབང་ཆེན་རྔམས་པའི་རྟ་བྲོ་བརྡུང༔ དམ་སྲི་འབྱུང་པོའི་ཚོགས་རྣམས་ཀུན༔ རྡོ་རྗེའི་ལྷུན་པོའི་འོག་ཏུ་མནན༔ ཧྲཱིཿཧྲཱིཿཧྲཱིཿཧཱུྃ་ཧཱུྃ་ཧཱུྃ་སཏྭམྦྷ་ཡ་ནན༔ བཞི་པ་དངོས་གྲུབ་བླང་བའི་ཕྱིར་མཆོད་ཅིང་བསྟོད་ལ༔ ཧཱུྃ་ཧྲཱི༔ བདེ་མཆོག་བདེ་སྤྱོད་ནམ་མཁའི་ཀློང་ཡངས་ནས༔ རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན༔ རིགས་འདུས་ཚེ་ཡི་ལྷ་ཚོགས་འཁོར་བཅས་ཀྱིས༔ ཚེ་དང་ཡེ་ཤེས་དངོས་གྲུབ་བསྩལ་དུ་གསོལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་བརྗོད་ཅིང་རྟེན་རྫས་རྣམས་ལས་དངོས་གྲུབ་བླང་ལ༔ ཨཱ་ལི་ཀཱ་ལི་ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་ཞིང་ཉེས་ལྟུང་བཤགས༔ ལྔ་པ་བསྔོ་སྨོན་ནི༔ བདག་གིས་བླ་མེད་ཚེ་ཡི་དཀྱིལ་འཁོར་དུ༔ བསྒོམས་བསྒྲུབས་བཟླས་མཆོད་གསོལ་བ་བཏབ་པའི་མཐུས༔ འགྲོ་རྣམས་རིག་འཛིན་ཚེ་ཡི་སྣོད་གྱུར་ནས༔ ཚེ་དཔག་མེད་མགོན་གོ་འཕང་མྱུར་ཐོབ་ཤོག༔ དྲུག་པ་བཀྲ་ཤིས་ནི༔ ཧོ༔ སྐུ་གསུམ་དབྱེར་མེད་སྟོབས་བཅུའི་ཡོན་ཏན་རྫོགས༔ མཐོང་ཐོས་དྲན་རེག་འཆི་མེད་དངོས་གྲུབ་སྩོལ༔ བཀྲ་ཤིས་རིགས་འདུས་ཚེ་ཡི་ལྷ་ཚོགས་ཀྱིས༔ བདག་ཅག་སྐྱེ་རྒུ་ཀུན་ལ་བདེ་ལེགས་ཤོག༔ བདུན་པ་དཀྱིལ་འཁོར་བསྡུ་རིམ་ནི༔ ཚེ་ཡི་དཀྱིལ་འཁོར་གསལ་བཏབ་པ༔ ས་བོན་ཧྲཱིཿལ་ཧྲིལ་གྱིས་འདུས༔ དེ་ཡང་འཆི་མེད་རྫོགས་པ་ཆེ༔ རང་བྱུང་ཡེ་ཤེས་ཀློང་དུ་ཐིམ༔ པཉྩ་ཨཱ་ཡུརྫྙཱ་ན་ཨ་ཨ༔ བརྒྱད་པ་རྒྱུན་གྱི་སྤྱོད་ལམ་ལ་འཇུག་པ་ནི༔ སླར་ཡང་ཚེ་ཡི་བར་ཆད་བསྲུང་བའི་ཕྱིར༔ རང་ཉིད་རིགས་འདུས་ཚེ་དཔག་མེད་པར་བཞེངས༔ ཚད་མེད་བཞི་ལྡན་བྱང་ཆུབ་སེམས་ཀྱི་ངང༔ རྒྱུན་དུ་འགྲོ་བའི་དོན་ལ་སྤྱོད་པར་བྱ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ འཆི་མེད་ཚེའི་ཕྲིན་ལས་རྗེས་ཀྱི་རིམ་པ་ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བདག་འདྲ་རྡོ་རྗེ་ཐོགས་མེད་རྩལ་གྱིས་གཏེར་ནས་སྤྱན་དྲངས་པའོ།། ྈ ཚེ་སྒྲུབ་འོད་ཀྱི་སྙིང་པོ་ལས༔ འཆི་མེད་ཚེ་ཡི་སྒྲུབ་ཐབས་བཞུགས་སོ༔ ྈྈྈྈྈྈྈྈ ཚེ་བདག་རིགས་ལྔའི་སྐུ་ལ་ཕྱག་འཚལ་ལོ༔ བདག་འདྲ་ཨོ་རྒྱན་མཁན་པོ་པདྨ་ནི༔ ངོ་བོ་ཀུན་བཟང་ཚེ་དཔག་མེད་དུ་རྫོགས༔ རྣམ་པ་འཛམ་གླིང་གདུལ་བྱ་དྲང་བའི་ཕྱིར༔ མཱ་ར་ཏཱི་ཀར་འཆི་མེད་རིག་འཛིན་བསྒྲུབས༔ ཚེ་དཔག་མེད་པ་མངོན་སུམ་བྱོན་ནས་ཀྱང༔ བྱིན་རླབས་དབང་བསྐུར་གདམས་པ་བསམ་ཡས་གནང༔ དེ་རྣམས་ཀུན་གྱི་བཅུད་དྲིལ་སྒྲུབ་པའི་ཐབས༔ མ་འོངས་སྐལ་ལྡན་དོན་དུ་བསྡུས་ཏེ་བསྟན༔ ས་མ་ཡ༔ འདི་ལ་སྤྱི་དོན་གསུམ་ལས༔ དང་པོ་སྒྲུབ་པའི་རྟེན་བཅའ་བ་ནི༔ བྱིན་བརླབས་གྲུབ་པའི་གནས་སུ་བཀྲ་ཤིས་པའི་ས་བླངས་ལ་སྟེགས་བུ་བྱ༔ ཚེའི་དཀྱིལ་འཁོར་དམར་པོ་ཟླ་གམ་སྒོ་གཅིག་པ་ཕྱག་རྒྱས་མཚན་པ་བྲི༔ དེའི་དབུས་སུ་ཁྲིའུའི་ཁར་རིན་པོ་ཆེའི་བུམ་པ་གཡུ་མཚོ་གཏན་འཁྱིལ་དང་རྒྱུན་འབབ་ཀྱི་ཆུ་གཙང་མས་སུམ་གཉིས་དགང༔ སྙིང་པོ་ལྔ་སོགས་བུམ་རྫས་དང་བཅུད་ལེན་གྱི་སྨན་བཅུད་གཞུག༔ འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན་པ་ལ་བྲིས་སྐུ་དང་ཙཀྲ་གདགས༔ མདུན་དུ་ཚེ་དང་གལ་སྦྱར་བའི་འབྲང་རྒྱས༔ གཡས་སུ་ཐོད་པ་བཟང་པོར་ཆང་དང་མངར་གསུམ་ཚེ་རྫས་བཏབ་པ༔ གཡོན་དུ་བཅུད་ལེན་གྱི་རིལ་བུ༔ རྒྱབ་ཏུ་མདའ་དར༔ མཐར་མཆོད་གཏོར་བག་དྲོ་བར་བཤམ༔ ར་བ་བཞི་གང་རུང་གི་ཡར་ངོའི་གཟའ་སྐར་དགེ་བའི་སྔ་དྲོ་ལ་མཚམས་དམ་དུ་གཅད༔ ཚེ་སྒྲུབ་པ་སུས་ཀྱང་མ་ཤེས་པ་དང༔ ཁྱད་པར་བཅའ་གཞི་མིས་མ་མཐོང་བར་བྱའོ༔ གཉིས་པ་སྒྲུབ་པའི་ཐབས་ནི༔ ཐུན་བཞིའམ་དྲུག་ཏུ་བཅད་ལ༔ ལས་ཀྱི་སྔོན་འགྲོ་དང་དངོས་གཞིའི་གཞུང་བསྲང༔ རང་ཉིད་རིགས་འདུས་ཚེ་དཔག་མེད་སྣང་སྟོང་འཇའ་ཚོན་ལྟ་བུར་གསལ་བ་དང༔ ཐུགས་ཀའི་སྔགས་ཕྲེང་ལ་སེམས་གཟུང་ཞིང་གསལ་སྣང་བརྟན་པོ་འཆར་བ་ལ་བསླབ༔ དམིགས་པ་གསལ་ཐེབས་ནས་འོད་ཟེར་སྤྲོ་བསྡུ་དང་བཅས་སྔགས་བཟླ༔ ཚེ་བསྡུ་བའི་དུས་རང་གི་བླ་འཁྱམས་པ་ཐམས་ཅད་དབྱངས་ཡིག་བཅུ་དྲུག༔ ཚེ་ཉམས་པ་དང་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་འཆི་མེད་ཀྱི་བདུད་རྩི༔ སྲོག་ཤིང་དྭངས་མ་རླུང་ལྔ་འོད་ཟེར་གྱི་རྣམ་པར་བསྡུ་བར་བྱ༔ བཟླས་པའི་སྐྱོན་སྤང༔ ངག་འཁོར་ཡུག་ཏུ་གཅད༔ མེ་དང་ཉི་མ་ལ་མི་འདུག༔ སྟན་གྱི་དྲོད་མ་ཡལ་བར་བྱ༔ བཅུད་ལེན་དང་འབྲེལ་ན་མཆོག་ཡིན༔ ཐུན་དང་ཐུན་མཚམས་ཐམས་ཅད་དུ་ལྷ་དང་རང་སེམས་དབྱེར་མེད་འཆི་མེད་གཉུག་མ་ཟང་ཐལ་དུ་བསྐྱང༔ ཐུན་ཞབས་སུ་ཚེ་འགུགས་བསྐུལ་བའི་རྗེས༔ ཚེ་བཅུད་དྭངས་མ་སྙིང་གི་སྲོག་རྟེན་ལ་ཐིམ་པས་ཚེའི་སྲོག་ཕུར་ཐེབས༔ ཉི་ཟླ་ཁ་སྦྱོར་ཤིན་ཏུ་མཁྲེགས་པ་སྲུབས་མེད་པའི་ཕྱི་རོལ་སྣ་ཚོགས་རྡོ་རྗེའི་རྭ་སྟེང་དུ་མདུད་པ་རྡོ་རྗེ་ཕྱེད་པའི་གཟེར་གྱིས་བཏབ་པས་ཅིས་ཀྱང་མི་ཤིགས་པར་བསམ་ལ་རང་རིག་པའི་ངང་དུ་རྒྱས་གདབ༔ བསྙེན་པའི་ཚད་ནི་རྒྱུད་ལས༔ འབུམ་ཚོ་རེ་བཟླས་ལོ་རེའི་བར་ཆད་སེལ༔ འབུམ་ཕྲག་བཞི་ཡིས་ཚེ་ཡི་དངོས་གྲུབ་ཐོབ༔ འབུམ་ཕྲག་བཅུ་བཟླས་འཆི་མེད་རིག་འཛིན་འགྱུར༔ ཞེས་གསུངས་སོ༔ གསུམ་པ་རྗེས་གྲུབ་པའི་རྟགས་ཕན་ཡོན་དང་བཅས་པ་ནི༔ དེ་ལྟར་བརྩོན་པས་རབ་དངོས་དང༔ འབྲིང་ཉམས༔ ཐ་མ་རྨི་ལམ་དུ་རིགས་འདུས་ཚེ་ལྷའི་ཞལ་མཐོང་བ༔ ཛཔ྄་སྒྲ་ཐོས་པ༔ ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པ༔ གཞན་ཡང་རྨི་ལམ་དུ་ཉི་ཟླ་ཤར་བ༔ ཆུ་བོ་རྒྱས་པ༔ རྩི་ཤིང་ལོ་ཏོག་ཆེས་ཆེར་འཕེལ་བ༔ ཟམ་པ་འཛུག་པ༔ དཀར་མངར་ཤིང་ཏོག་བདུད་རྩི་སོགས་ཁ་ཟས་བཟང་པོ་བཟའ་བཏུང་བྱས་པ༔ མདའ་དང་སཱཙྪ་དཀར་པོ་རྙེད་པ་རྨི་ན་བཟང༔ དངོས་སུ་ལུས་ཁམས་ཉམས་པ་སོར་ཆུད་པ་དང༔ དབང་པོ་དྭངས་བ༔ སྤོས་དང་མར་མེ་སོགས་ཡུན་དུ་ཐུབ་པ༔ དྲི་བཟང་པོ་འཐུལ་བ༔ ཁ་ཟས་གང་ཟོས་ཀྱང་རོ་བཅུད་སྔར་ལས་ཆེ་ཞིང་ལུས་སེམས་ལ་ཕན་པ་སོགས་དགེ་བའི་རྟགས་མང་དུ་འབྱུང་ངོ༔ དེ་ལྟ་བུའི་རྟགས་མཐོང་ནས་ཚེའི་སྒྲུབ་རྫས་ལས་དབང་དང་དངོས་གྲུབ་བླང༔ ཚོགས་དང་དགའ་སྟོན་རྒྱ་ཆེར་བྱ༔ རྒྱུན་དུ་ལྷ་སྔགས་ནར་མར་ཉམས་སུ་བླང་བར་བྱའོ༔ ཕན་ཡོན་ནི༔ འདི་སྒྲུབ་ཡོན་ཏན་བརྗོད་མི་ལངས༔ གནས་སྐབས་ཚེ་ཡི་བར་ཆད་ཞི༔ ལུས་ཁམས་ལང་ཚོ་དབང་པོ་དར༔ བསྙེན་པ་ཐེམས་པའི་རྣལ་འབྱོར་པས༔ གཞན་ལ་ཚེ་ཡི་དབང་བསྐུར་ན༔ ཚེ་ཟད་ཡིན་ཀྱང་ལོ་རེ་བསྲིང༔ དུས་ཀྱི་འཆི་བའང་ཟློག་ནུས་ན༔ དུས་མིན་བར་ཆད་སྨྲོས་ཅི་དགོས༔ གཞན་ཡང་ཕྱོགས་ངན་བདུད་གཅོད་དང༔ མོ་རྨིས་པྲ་རྟགས་ངན་པ་ཞི༔ བྱད་ཕུར་རྦོད་གཏོང་ཉེ་མི་ནུས༔ ཚེ་དང་བསོད་ནམས་ཡེ་ཤེས་འཕེལ༔ དཔལ་དང་འབྱོར་པ་སྙན་གྲགས་ཐོབ༔ མཐར་ཐུག་ཚེ་ཡི་བདག་པོ་དང༔ སྐལ་མཉམ་འཆི་མེད་རིག་འཛིན་འགྲུབ༔ ཅེས་སོ༔ འཆི་མེད་ཚེའི་སྒྲུབ་ཐབས་པྲ་ཁྲིད་དམར་བྱང་གནད་ཡིག་ཟབ་མོ་ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཚེ་དཔག་མེད་དངོས་ཨོ་རྒྱན་བླ་མ་ཡིས༔ ལྷ་སྲས་མཆོག་གྲུབ་གཡུ་སྒྲ་སྙིང་པོ་དང༔ གཟུངས་མ་བདག་སོགས་ལས་ལྡན་འདུས་པ་ལ༔ འཆི་མེད་ཡོངས་རྫོགས་འོད་ཀྱི་དྲྭ་བའི་གཞུང༔ རྩ་གསུམ་རབ་འབྱམས་རྒྱ་ཆེའི་ཆོས་འཁོར་བསྐོར༔ ཁྱད་པར་སྙིང་པོ་འོད་ཀྱི་ཡང་ཞུན་འདི༔ གདམས་པའི་བཀའ་བབས་གཡུ་སྒྲ་སྙིང་པོར་གཏད༔ བཀའ་ཡི་ནན་ཐག་མཚོ་རྒྱལ་བདག་ལ་གདམས༔ ལན་གཅིག་སྙིགས་མ་ཉི་ཤུའི་དམར་ཐག་ལ༔ བོད་ཡུལ་གངས་རི་རྩེ་དགུའི་ཤར་གྱི་ཕྱོགས༔ བྲག་གསུམ་འདུས་པ་མཚོ་ཆུ་དར་མའི་འདབས༔ ད་ལྟའི་ལས་ཅན་གཡུ་སྒྲ་སྙིང་པོ་འདི༔ ལྷ་རིགས་སྔགས་འཆང་སྒྲུབ་ལ་བརྩོན་འགྲུས་ཅན༔ རྡོ་རྗེ་ཟླ་འོད་མིང་ཅན་སྐྱེས་བུ་འབྱུང༔ དེ་ཡི་ཆེད་དུ་གཏེར་ལ་སྦོས་ཤིག་གསུངས༔ དེས་ཀྱང་ལུང་དང་མཐུན་པར་བཏོན་ཅིང་ཕབ༔ ཤིན་ཏུ་གསང་བས་རང་ཉམས་ཁོ་ནར་ལོངས༔ གྲོགས་ཀྱི་མཆོག་གྱུར་གཅིག་ལ་བཀའ་རྒྱས་གདབ༔ སྣོད་ལྡན་མང་པོའི་ཚེ་ཡི་གསོས་ཐེབས་ནས༔ འབྲེལ་ཚད་པདྨ་འོད་དུ་སྐྱེ་ཞེས་གསུངས༔ ཇི་ལྟར་བཀའ་བསྩལ་བརྡ་ཡི་ཡི་གེར་བྲིས༔ ཧྲཱིཿཡིག་རྒྱ་ཅན་ཚེ་ཡི་རིལ་བུར་བཅས༔ རོང་བཞིའི་ཡ་གྱལ་མདུང་ཆུའི་གཙུག་ལག་དང༔ འབྲེལ་ཆགས་བྲག་དམར་རྡོ་རྗེའི་རྒྱ་རྟགས་ཅན༔ བུམ་གཟུགས་འདྲ་བའི་ལོགས་སུ་གཏེར་རྒྱ་གདམས༔ བཀའ་ཡི་གཏེར་སྲུང་བཙན་རྒོད་ཆེན་པོར་བཅོལ༔ གཏེར་རྐུན་བྱུང་ན་དེ་ཡི་དབང་པོ་སྣུབས༔ ལས་འཕྲོ་སད་པའི་བུ་ལ་གཏོད་ཅིག་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བདག་འདྲ་ལོ་ཙཱ་བ་གཡུ་སྒྲ་སྙིང་པོའི་བྱིན་རླབས་ཀྱིས་ཉེ་བར་བསྐྱངས་པ་བསྟན་འཛིན་ཟླ་འོད་རྡོ་རྗེའམ་རྡོ་རྗེ་ཐོགས་མེད་ཀྱིས་སྤུ་བོ་ཕུ་ལུང་བཙན་དམར་སྲོག་གི་སྤུ་གྲིའི་བྲག་ནས་ཚེ་སྒྲུབ་འོད་ཀྱི་དྲྭ་བའི་ཆོས་སྐོར་དང་ལྷན་ཅིག་ཏུ་གདན་དྲངས་པར། ལུང་བྱང་ལྟར་གཏན་ལ་ཕབ་ནས་ཤིན་ཏུ་གསང་བས་རང་ཉམས་སུ་བླང་ཞིང་ཆིག་བརྒྱུད་དུ་སྤེལ་བ་གུ་ཧྱ།། ྈ ཚེ་སྒྲུབ་འོད་ཀྱི་སྙིང་པོ་ལས༔ འཆི་མེད་ཚེའི་བདག་འཇུག་དབང་ཆོག་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈ རིགས་ལྔ་ཚེ་དཔག་མེད་ལ་འདུད༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་དུ༔ བདག་ཉིད་འཇུག་དང་དབང་བསྐུར་ནི༔ སྒྲུབ་དཀྱིལ་རྫས་བཤམ་ནུས་ལྡན་བསྙེན༔ ཁྲུས་དང་བགེགས་བསྐྲད་མཎྜལ་ཕུལ༔ ཆེད་དུ་གསོལ་བ་གདབ་པ་ནི༔ དགའ་ཆེན་ཁྱོད་བདག་སྟོན་པ་སྟེ༔ སློབ་དཔོན་ཚེ་ཡི་བདག་པོ་དགོངས༔ རིགས་འདུས་གསང་བའི་དཀྱིལ་འཁོར་དུ༔ འཆི་མེད་དབང་བསྐུར་བསྩལ་དུ་གསོལ༔ ཞེས་ཞུས་ལ་རྒྱུད་སྦྱང་ཡེ་ཤེས་པ་དབབ་ཅིང་ཚེ་འགུགས༔ དེ་ནས་བུམ་པ་སྤྱི་བོའི་གཙུག་བཞག་ལ༔ ཧྲཱི༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ རིགས་འདུས་པདྨ་ཚེ་ཡི་དབང༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ ཉོན་མོངས་འདོད་ཆགས་རྒྱུ་འབྲས་དག༔ སོར་རྟོག་ཡེ་ཤེས་ཚེ་ཐོབ་ཤོག༔ ཨོཾ་པདྨ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཧྲཱི༔ དཔྲལ་བར་བཞག་ལ༔ ཧྲཱི༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ རིགས་འདུས་རྡོ་རྗེ་ཚེ་ཡི་དབང༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ ཉོན་མོངས་ཞེ་སྡང་རྒྱུ་འབྲས་དག༔ མེ་ལོང་ཡེ་ཤེས་ཚེ་ཐོབ་ཤོག༔ ཨོཾ་བཛྲ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རྣ་ལྟག་གཡས་སུ་བཞག་ལ༔ ཧྲཱི༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ རིགས་འདུས་རིན་ཆེན་ཚེ་ཡི་དབང༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ ཉོན་མོངས་ང་རྒྱལ་རྒྱུ་འབྲས་དག༔ མཉམ་ཉིད་ཡེ་ཤེས་ཚེ་ཐོབ་ཤོག༔ ཨོཾ་རཏྣ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥཱིཉྩ་ཏྲཱཾ༔ ལྟག་པར་བཞག་ལ༔ ཧྲཱི༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ རིགས་འདུས་བདེ་གཤེགས་ཚེ་ཡི་དབང༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ ཉོན་མོངས་གཏི་མུག་རྒྱུ་འབྲས་དག༔ ཆོས་དབྱིངས་ཡེ་ཤེས་ཚེ་ཐོབ་ཤོག༔ ཨོཾ་བུདྡྷ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ རྣ་ལྟག་གཡོན་དུ་བཞག་ལ༔ ཧྲཱི༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ རིགས་འདུས་ཀརྨ་ཚེ་ཡི་དབང༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ ཉོན་མོངས་ཕྲག་དོག་རྒྱུ་འབྲས་དག༔ བྱ་གྲུབ་ཡེ་ཤེས་ཚེ་ཐོབ་ཤོག༔ ཨོཾ་ཀརྨ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ སོ་སོར་བུམ་ཆུ་སྦྱིན༔ དེས་ཉོན་མོངས་པ་དུག་ལྔའི་རྒྱུ་འབྲས་ཀྱིས་ཚེ་ཐུང་བའི་ལས་སྒྲིབ་དག༔ ཡེ་ཤེས་ལྔའི་ཚེ་ལ་དབང་ཐོབ་པར་བསམ་མོ༔ དེ་ནས་ཚེ་འབྲང་སྤྱི་བོར་བཞག་ལ༔ ཨོཾ༔ སྤྲུལ་སྐུ་འཆི་མེད་པདྨ་འབྱུང༔ ཚེ་ཡི་འབྲང་རྒྱས་འོད་དུ་འབར༔ སྐལ་ལྡན་ཁྱེད་ལ་དབང་བསྐུར་བས༔ རྡོ་རྗེའི་སྐུ་ཡི་ཚེ་ཐོབ་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བདུད་རྩི་མགྲིན་པར་སྦྱིན་ལ༔ ཨཱ༔ ལོངས་སྐུ་ཚེ་དཔག་མེད་མགོན་ནི༔ བྱང་སེམས་བདུད་རྩིའི་བཅུད་དུ་འཁྱིལ༔ སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ རྡོ་རྗེའི་གསུང་གི་ཚེ་ཐོབ་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཚེ་རིལ་སྙིང་གར་བཞག་ཅིང་སྦྱིན་ལ༔ ཧཱུྃ༔ ཆོས་སྐུ་ཀུན་བཟང་སྣང་མཐའ་ཡས༔ ཉག་གཅིག་ཐིག་ལེའི་རིལ་བུ་ཟླུམ༔ སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ རྡོ་རྗེ་ཐུགས་ཀྱི་ཚེ་ཐོབ་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧྲཱི༔ དཱུརྦཱ་གཏད་ལ༔ ཧྲཱི༔ འཆི་མེད་མྱ་ངན་མེད་པ་ཡི༔ བཀྲ་ཤིས་དཱུརྦཱའི་རྫས་མཆོག་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ ཚེ་ཡི་ཡོན་ཏན་གོང་འཕེལ་ཤོག༔ གུ་ཎ་ཨ་བྷི་ཥིཉྩ་ཏྲཱཾ༔ མདའ་དར་གཏད་ལ༔ ཧཱ༔ མདའ་ནི་མི་འགྱུར་སྲོག་གི་རྟེན༔ དར་སྣས་གང་འདུལ་ལས་ཀུན་བྱེད༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ ཚེ་ཡི་ཕྲིན་ལས་རྒྱས་པར་མཛོད༔ ཀརྨ་ཨ་བྷི་ཥིཉྩ་ཧཱ༔ དེ་ནས་ཚེ་བསྟིམས་ཤིང་རྒྱས་གདབ་ལ་བཀྲ་ཤིས་བརྗོད༔ དམ་ཚིག་བསྒོ་བ་ནི༔ དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི༔ ཚེ་དཔག་མེད་པ་ང་ཡིན་པས༔ ཇི་ལྟར་བསྒོ་བའི་ལས་ཀུན་སྒྲུབས༔ རྩ་བ་ཡན་ལག་ཁྱད་པར་གྱི༔ དམ་ཚིག་སྲོག་ལ་བབས་ཀྱང་ཟུངས༔ རང་གཞན་དོན་ཀུན་སྒྲུབ་པར་གྱིས༔ རྗེས་ཀྱི་ཆོ་ག་སྤྱི་ལྟར་བྱ༔ རྒྱབ་རྟེན་དུ་དགེ་བའི་ལས་དཔུང་བསྐྱེད༔ ཁྱད་པར་མར་མེ་འབུལ༔ སྲོག་བསླུ་དང་ཉེའུ་འདོན་པ་སོགས་བྱས་པས་ཚེའི་བར་ཆད་ཐམས་ཅད་ཞི་ཞིང་ཚེ་འཕེལ་བར་ཐེ་ཚོམ་མེད་དོ༔ འཆི་མེད་ཚེའི་བདག་འཇུག་དང་དབང་བསྐུར་བའི་ཕྲིན་ལས་ཁྱད་པར་འཕགས་པ་ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་རྡོ་རྗེ་ཐོགས་མེད་རྩལ་གྱིས་གཏེར་ནས་སྤྱན་དྲངས་པའོ།། ྈ ཚེ་སྒྲུབ་འོད་ཀྱི་སྙིང་པོ་ལས༔ འཆི་མེད་ཚེའི་ལས་ཚོགས་བཞུགས་སོ༔ ྈྈྈྈྈ ཚེ་བདག་རིགས་ལྔའི་སྐུ་ལ་འདུད༔ འཆི་མེད་ཚེ་ཡི་ལས་ཚོགས་ནི༔ བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པ༔ བྱང་ཆུབ་སེམས་བསྐྱེད་དམ་ལྡན་པས༔ རང་གཞན་དོན་དུ་བརྩོན་པར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལ་དང་པོ་བྲིས་སྐུ་ལ་བརྟེན་ནས་ཚེ་བསྲིང་བ་ནི༔ བླ་མ་ཚེའི་གྲུབ་བརྙེས་སྐུ་ཚེ་རིང་པོར་བཞུགས་པའི་ན་བཟའ་འམ༔ ཕྱག་ནས་བྱུང་བའི་རས་ལ་རས་འདུལ་ལེགས་པར་བྱ༔ ལྷ་བཟོ་དམ་ཚིག་ཅན་ལང་ཚོ་དར་ལ་བབས་པས་བྲིས་སྐུ་མངོན་རྟོགས་ལྟར་འབྲི༔ དེ་ཡང་ཚོན་གྱི་རྒྱུར་གུ་རུ་ཡབ་ཡུམ་གྱི་བྱང་སེམས༔ ཚེ་རྫས༔ བདུད་རྩི་ཆོས་སྨན་རྣམས་བསྲེ༔ ཕྲག་གོང་གཡས་གཡོན་དུ་ཉི་ཟླའི་དཀྱིལ་འཁོར་ལ་པདྨ་འདབ་མ་དྲུག་པའི་ལྟེ་བར་ཧྲཱི༔ འདབ་མ་དྲུག་ལ་འཿཨཿཤཿསཿམཿཧཿརྣམས་བྲི༔ གདན་གྱི་འོག་ཏུ་སྣ་ཚོགས་རྡོ་རྗེ༔ རྒྱབ་ཏུ་རྣམ་པར་རྒྱལ་བའི་མཆོད་རྟེན་གྱི་བུམ་པར་ཧྲཱི༔ བང་རིམ་ལ་རྩ་སྔགས་དང༔ ཚེ་འགུགས་པའི་སྔགས་དང༔ དབྱངས་གསལ་རྟེན་སྙིང་སོགས་བཀོད༔ ར་བ་བཞི་གང་རུང་གི་ཚེས་བརྒྱད་དམ་བཅོ་ལྔ་ལ་མཆོད་ཚོགས་རྒྱ་ཆེན་པོ་དང་བཅས་ཏེ་རབ་ཏུ་གནས་པས་སྐུ་ལས་འོད་འཕྲོ་བ་དང༔ ཉམས་དགའ་བ༔ བྱིན་ཆགས་པ་སོགས་ཡེ་ཤེས་ཕེབས་པའི་ལྟས་བྱུང་ན་མཐོང་ཚད་ཚེའི་བར་ཆད་ཞི༔ ཡེ་ཤེས་རྒྱས་པར་འགྱུར་རོ༔ དེ་ལྟ་བུའི་བྲིས་སྐུ་དམ་ཚིག་དང་ལྡན་པས་ཕྱག་མཆོད་ཀྱི་ཡུལ་དུ་བྱ༔ སྒྲུབ་པའི་ཚེ་མདུན་དུ་དགྲམ༔ དུས་བཟང་ལ་མར་མེ་གཙོ་བོར་གྱུར་པའི་མཆོད་ཚོགས་ཕུལ་ན་ཚེའི་འཕྲང་གེགས་ཐམས་ཅད་གྲོལ་ཞིང༔ རིག་འཛིན་ཐོབ་པར་ཐེ་ཚོམ་མེད་དོ༔ ༈ གཉིས་པ་བཏགས་གྲོལ་གྱི་འཁོར་ལོ་ལ་བརྟེན་ནས་ཚེ་བསྲིང་བ་ནི༔ གྲོ་གའམ་རས་སམ་ཤོག་གུ་གཙང་མར་འཁོར་ལོའི་ལྟེ་བར་རྡོ་རྗེ་རྩེ་ལྔ་ཨོཾ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱ་ས་མཚན་པ༔ མུ་ཁྱུད་ལ་ཨོཾ་ཨཱཿཧཱུྃ་པདྨ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་བྷྲཱུྃ༔ དེ་ཡི་ཕྱི་རིམ་ལ་པདྨ་འདབ་བཞིར༔ ཨོཾ་ཨཱཿཧཱུྃ་བཛྲ་ཨ་པ་རི་མ་ཏ་ཨཱ་ཡུརྫྙཱ་ན་སོགས་རཏྣ་བུདྡྷ་ཀརྨ་སོ་སོར་སྦྱར་བའི་རིགས་བཞིའི་སྔགས༔ བར་མཚམས་སུ་བཏགས་གྲོལ་འབྲུ་དྲུག༔ དེའི་ཕྱི་རོལ་དུ་ཚེ་འགུགས་སྔགས༔ དེའི་ཕྱི་རོལ་པད་འདབ་ཉེར་ལྔར་ཞེན་ལྡོག་རང་བྱུང་ཡི་གེ་ཉེར་ལྔ༔ དེའི་ཕྱི་རོལ་དུ་དབྱངས་གསལ་རྟེན་སྙིང་འདོད་གསོལ་སོགས་དང་རྡོར་ར་མེ་རི་བྲི༔ ཚེ་རྫས་དང་བདུད་རྩིས་བྱུགས༔ རབ་གནས་ཚུལ་བཞིན་དུ་བྱ༔ དར་སྣ་ལྔས་དྲིལ་ནས་སྤྱི་བོ་ལ་སོགས་པར་འཆང་བས་ཚེ་གེགས་ཞི༔ ཚེ་བསོད་ཡེ་ཤེས་རྒྱས༔ ལུས་དེ་ཉིད་ཀྱིས་གྲོལ་བ་སོགས་ཕན་ཡོན་དཔག་ཏུ་མེད་དོ༔ ༈ གསུམ་པ་ཟ་ཡིག་ལ་བརྟེན་ནས་ཚེ་སྲིང་བ་ནི༔ གྲོ་ཤོག་གཙང་མ་ལ་སྔགས་འདི་བྲིའོ༔ ྈྈྈྈྈ ཚེ་རྫས་དང་བདུད་རྩིས་བྱུགས༔ རབ་ཏུ་གནས༔ ར་བ་བཞིའི་ཡར་ངོ་ལ་བདུན་རེའམ་ནངས་རེ་བཞིན་རེ་རེ་ཟོས་པས་ཚེ་བསྲིང༔ ལུས་སྲ་ཞིང་ནད་མེད༔ དབང་པོ་དྭངས་པར་འགྱུར་རོ༔ ༈ བཞི་པ་སྨན་གྱི་བཅུད་ལེན་ལ་བརྟེན་ནས་ཚེ་སྲིང་བ་ནི༔ ཕོ་ཅོང་སོགས་ཅོང་ཞི་བཟང་པོ་ནས་ཙམ་དུ་བརྡུང༔ ཆུ་གཙང་གིས་ཡང་ཡང་བཤལ༔ འབྲིའི་འོ་མས་འདམ་བཏགས་བྱ༔ དབང་ལག་སོར་མོ་ལྔ་པ་ཁོ་ན་ཆུ་བསིལ་ནས་བཀྲུ༔ མིའམ་འབྲིའི་འོ་མར་ཁུ་བ་རང་ཐིམ་ལན་དགུར་བཙོ༔ ཆང་གིས་སྦོལ༔ དེ་གཉིས་ཆ་མཉམ་པ་ལ་འབྲས་གསུམ་བཟང་དྲུག་རྩ་བ་ལྔ་སོགས་ཚེ་རྫས་དང་ཆོས་སྨན་ཁ་ཚར་སྦྱར༔ འོ་མའི་ཁཎྜ་མངར་གསུམ་བཅས་རིལ་བུ་ལུག་རིལ་ཙམ་དུ་དྲིལ༔ ཐོད་པ་བཟང་པོར་བླུགས་ལ་ལྷར་བསྐྱེད་དེ་ཚུལ་བཞིན་དུ་བསྒྲུབ༔ ཁྱད་པར་གྱི་སྔགས༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿམཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་མ་ཧཱ་པཉྩ་ཨ་མྲྀཏ་ར་ས་ཡཱ་ན་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ་ཧྲཱིཿཋཱ༔ ཞེས་ཁྲི་བཟླས༔ རྟགས་བྱུང་བ་ན་ལྷ་རིལ་བུར་བསམ་ལ་ཡར་ངོའི་ཚེས་གཅིག་ནས་རགས་པའི་བཟའ་བཏུང་རྒྱུན་བཅད་ལ་ཐོ་རངས༔ གུང༔ སྲོད་ཀྱི་དུས་སུ་རིལ་བུ་རེ་རེ་ཆང་ངམ་ཆུ་བསྐོལ་ཚ་མོས་དབུལ༔ ཚེ་སྒྲུབ་ཀྱི་སྒོམ་བཟླས་དང་རླུང་སྦྱོར་འཕྲུལ་འཁོར་རྒྱུན་མི་ཆད་པར་འབད༔ བདུན་རེ་བསྙེན་པས་ལོ་རེའི་ཚེ་གེགས་སེལ༔ ཡུན་དུ་བརྟེན་ན་རྡོ་རྗེའི་ལུས་སུ་འགྱུར་རོ༔ ༈ ལྔ་པ་བླ་བསླུ་བའི་ཆོ་གས་ཚེ་བསྲིང་བ་ནི༔ དཀྱིལ་འཁོར་དང་སྒྲུབ་རྫས་ཚུལ་བཞིན་དུ་བཤམས་པའི་དབུས་སུ་བླ་རྟེན་ཚེའི་འཁོར་ལོ་དང༔ གསེར་གཡུ་བླ་ནས་བཅས་བཞུགས༔ དེའི་མདུན་དུ་རྟེན་འབྲེལ་བརྟགས་པའི་ཕྱིར་བླ་ལུག་སྐྱེ་མཆེད་དོད་པར་བཅོས་པའི་ཁོང་དུ་ཚེ་འགུགས་ཀྱི་སྔགས་བཅུག་པ་བླ་ཕོར་དུ་བཞག་པ་རིན་པོ་ཆེའི་སྣོད་ཆུ་གཙང་གིས་བཀང་བའི་ནང་དུ་བཅུག༔ ཉེ་ལོགས་སུ་འབྱུང་ལྔའི་རྟེན་འབྲེལ་མཚོན་པའི་འབྲུ་སྣའི་ངར་ཕྱེ་ལ་ས་སྤྱིན་བཟང་པོ་དང༔ ཚྭ་སྣ་གསུམ༔ ཚ་བ་གསུམ༔ དར་ལྗང་གུ༔ ཤེལ་རང་བྱུང༔ གཞན་ཡང་འབྲུ་སྨན་དཀར་མངར་བཅས་བསྲེས་པ་ལས་བླ་གླུད་ལུང་ཏང་གི་མིག་སོགས་རྫས་དང་ལྡན་པ་མཛེས་བརྗིད་ཅན་ལ༔ ནམ་མཁའ་དང་རྒྱང་བུ་བཙུག༔ མདའ་བཀྲ༔ འཕང་བཀྲ༔ ཤིང་རིས༔ གཏོར་མ༔ ཏིང་ལོ༔ ཆངས་བུ༔ ཤ་ཆང༔ འབྲུ་སྨན་དར་ཟབ་བྱ་གཅན་རི་དྭགས་གཡུང་དྭགས་ཀྱི་གཟུགས་སོགས་དཀོར་ཆ་སྣ་ཚོགས་པས་བསྐོར་བ་དང༔ བསྒྲུབ་བྱའི་དྲི་མ་དང་བསྲེས་པའི་ངར་གླུད་ཆངས་བུ་མང་དུ་འདུ་བྱ༔ སྔ་དྲོ་ལས་གཞུང་བསྲངས་ལ་བསྙེན་སྔགས་དང༔ ཁྱད་པར་ཚེ་འགུགས་སྔགས་གང་མང་བཟླས་པས་ནུས་ལྡན་དུ་བསྒྲུབ༔ ཕྱི་དྲོ་གླུད་ཡས་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབ༔ མགྲོན་དགུག་པ་ནི༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་ལྷ་ཚོགས་དང༔ སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན༔ ཆོས་ཅན་ཆོས་ཉིད་བདེན་པའི་མཐུས༔ བསྒྲུབ་བྱའི་བླ་རྐུ་སྲོག་ལ་འཇབ༔ ཚེ་དང་མདངས་འཕྲོག་འབྱུང་པོའི་ཚོགས༔ ཞི་བའི་སེམས་ཀྱིས་འདིར་ཁུག་ཅིག༔ བདག་གིས་བསྒོ་བའི་བཀའ་ལ་ཉོན༔ ཕན་པའི་སེམས་ཀྱིས་གནས་པར་གྱིས༔ ཌཱ་ཀི་ཧཱུྃ་ཛ༔ སརྦ་བིགྷྣཱན་ཨཾ་ཀུ་ཤ་ཡ་ཛ་ཛ༔ བསྔོ་བ་ནི༔ ཁ་འབར་མའི་སྔགས་རྒྱས་གླུད་གཏོར་ཚིམས་པར་བསྔོས་ལ༔ ཧཱུྃ༔ སྟོང་གསུམ་ཁམས་ན་གནས་བཅས་ཤིང༔ སྟེང་འོག་བར་གསུམ་འཁོད་པ་ཡི༔ ལྷ་ཀླུ་ས་བདག་མཐུ་བོ་ཆེ༔ སྤར་སྨེ་ལོ་ཟླ་དུས་ཚོད་དང༔ འབྱུང་ལྔ་ལ་དབང་དྲེགས་པ་ཅན༔ བདུད་དང་གཤིན་རྗེ་མན་ཆད་ནས༔ ཡི་དྭགས་ཕྲ་མོ་ཡན་ཆད་རྣམས༔ རྒྱུ་སྦྱོར་སྦྱིན་པའི་བདག་པོ་ལ༔ སྔོན་ལས་འཕྲལ་རྐྱེན་གང་ཡང་རུང༔ བླ་ལ་རྐུ་ཞིང་སྲོག་ལ་རྔམས༔ ཚེ་ལ་བར་དུ་གཅོད་པ་ཀུན༔ རིགས་འདུས་ཚེ་དཔག་མེད་པ་ཡི༔ ཆོས་ཉིད་བདེན་པའི་བཀའ་ལ་ཉོན༔ མཆོད་སྦྱིན་མདོས་གླུད་བཟང་པོ་འདི༔ མང་པོར་ཏིང་འཛིན་མཐུ་ཡིས་སྤྲུལ༔ སོ་སོར་ཐོབ་པ་སྔགས་ཀྱིས་སྤེལ༔ ཕྱག་རྒྱས་འཐབ་རྩོད་ཉེ་རིང་མེད༔ ཕུང་ཁམས་སྐྱེ་མཆེད་མཛེས་ཤིང་བརྗིད༔ ནམ་མཁའ་འོད་ལྔའི་པ་ཏྲ་འཁྱིལ༔ ལུས་ངག་ཡིད་གསུམ་རྒྱང་བུས་མཚོན༔ ཐབས་ཤེས་ཕོ་མོའི་གདོང་པ་དང༔ མདའ་བཀྲ་འཕང་བཀྲ་ལྡེམས་སེ་ལྡེམ༔ ཤིང་རིས་སྲིད་པའི་མིག་བསྒྱུར་ཆེ༔ དཀོར་ཆ་འདོད་ཡོན་བསམ་མི་ཁྱབ༔ མི་ཡི་བླ་ལས་རབ་ལྷག་པའི༔ ལོངས་སྤྱོད་རྒྱ་ཆེན་འདི་ལོངས་ལ༔ ཞི་ཞིང་མཛའ་བའི་སེམས་ཀྱིས་ནི༔ སྦྱིན་བདག་བླ་སྲོག་ཚེ་གསུམ་ལ༔ བཟུང་པ་ཐམས་ཅད་ད་ཐོངས་ཤིག༔ བསྡམས་པ་གློད་ལ་མནན་པ་ཁྲོལ༔ ཚེ་དང་བསོད་ནམས་རྒྱས་པ་དང༔ བཀྲ་ཤིས་བདེ་ལེགས་འགྲུབ་པར་མཛོད༔ བདེན་སྟོབས་བརྗོད་པ་ནི༔ བསྙེན་སྔགས་དང་ཚེ་འགུགས་སྔགས་མང་དུ་བཟླས་ལ་མེ་ཏོག་ཐོགས་ཏེ༔ ན་མོ༔ ཚེ་དཔག་མེད་མགོན་བདེན་པ་དང༔ རིག་སྔགས་ཟབ་མོའི་བྱིན་རླབས་ཀྱིས༔ འབྱུང་པོ་གདུག་པའི་ཚོགས་རྣམས་ཀུན༔ མདོས་དང་གླུད་ཀྱིས་རབ་ཏུ་ཚིམས༔ ཕན་བདེ་བྱང་ཆུབ་སེམས་དང་ལྡན༔ སྦྱིན་བདག་བླ་ཚེ་རང་སོར་ཚུད༔ ཚེ་བསོད་དཔལ་འབྱོར་བདེ་ལེགས་འཕེལ༔ ཉིན་མཚན་རྟག་ཏུ་བཀྲ་ཤིས་ཤོག༔ ཅེས་བརྗོད་ཅིང་མེ་ཏོག་འཐོར༔ དེ་ལྟར་གླུད་བསྔོས་བརྒྱ་རྩ་བརྒྱད་དམ་ལོ་གྲངས་ལས་མི་ཉུང་བར་བྱ༔ སྐབས་སུ་ཚེ་འགུགས་ཀྱི་སྔགས་དང་བདེན་སྟོབས་བརྗོད་པས་བླ་ལུག་གཡས་སུ་བསྐོར་བས་བླ་རྟེན་ལ་ཁ་ཕྱོགས་པས་སྡོད་ན་བླ་ཁུག་པ་ཡིན་ནོ༔ དེ་ནས་ལམ་བསྟན་པ་ནི༔ མདོས་ཡས་ཁ་ཕྱིར་བསྒྱུར༔ རྫོངས་བཏབ༔ མར་མེ་སྦར༔ ཧཱུྃ༔ ད་ནི་གཤེགས་སོ་སོ་སོར་གཤེགས༔ ད་ནི་བཞུད་དོ་རང་གནས་བཞུད༔ ཡས་གླུད་བཟང་པོ་འདི་ཁྱེར་ལ༔ དགའ་ཞིང་བྱམས་པའི་སེམས་བསྐྱེད་ནས༔ ཕྱི་མིག་མ་བལྟ་བདེ་བར་དེངས༔ གལ་ཏེ་བཀའ་ལས་འདས་གྱུར་ན༔ བདག་ཉིད་རྟ་མཆོག་ཧེ་རུ་ཀ༔ སྤྲུལ་པའི་ཁྲོ་བོའི་ཚོགས་བཅས་ཀྱིས༔ ཁྱེད་རྣམས་རྡུལ་ཕྲན་བཞིན་དུ་བརླག༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ སརྦ་བིགྷྣཱན་གཙྪ༔ ཞེས་དང་དྲག་སྔགས་དང་ཐུན་གྱིས་གཟིར༔ མདོས་གླུད་ཆུ་བོའི་གཞུང་ངམ་འདྲེ་ལྔ་བདུད་གཅོད་ཀྱི་སར་རྒྱང་རིང་དུ་བསྐྱལ༔ སྲུང་འཁོར་བསྒོམ༔ བསྒྲུབ་བྱ་ལ་ཚེ་དབང་བསྐུར༔ བླ་རྟེན་མགུལ་དུ་གདགས་པས་བླ་ཚེ་ཉམས་པ་སོར་ཆུད་ཅིང་ཚེ་འཕེལ་བར་འགྱུར་རོ༔ ༈ དྲུག་པ་འཆི་བ་བསླུ་བ་ལ་བརྟེན་ནས་ཚེ་སྲིང་བའི་ཆོ་ག་ནི༔ ཚེའི་སྒྲུབ་དཀྱིལ་གྱི་མདུན་དུ་སྐུ་གླུད་བཟང་པོ་རྒྱན་ལྡན་དང༔ གྲངས་གསོག་གི་གླུད་ཕྲན་ཆངས་བུ་སོགས་མང་དུ་བཤམ༔ ལས་གཞུང་བསྲངས་ལ་བཟླས་བརྗོད་དང༔ ཁྱད་པར་ཚེ་གཟུངས་སྟོང་ཕྲག་ལས་མི་ཉུང་བར་བཟླ༔ སྤྲོ་ན་འཆི་མེད་རྔ་སྒྲའི་གཟུངས་ཀྱང་མང་དུ་བཟླའོ༔ དེ་ནས་གླུད་རྫས་བྱིན་གྱིས་བརླབ༔ མགྲོན་དགུག༔ སྔགས་ཀྱིས་བསྔོས་ལ་གྱེར་ནི༔ ཀྱེ༔ སྲིད་གསུམ་འདི་ན་སུ་ཡང་རུང༔ བསྒྲུབ་བྱའི་ཚེ་ལ་བར་གཅོད་པའི༔ སྔོན་ལས་འཕྲལ་རྐྱེན་གདོན་བགེགས་རིགས༔ འཆི་བདག་གཤིན་རྗེ་མན་ཆད་ནས༔ ཐེའུ་རང་ཕྲ་མོ་ཡན་ཆད་ཀུན༔ བྱམས་པའི་སེམས་ཀྱིས་གནས་འདིར་འདུས༔ དགའ་བའི་མིག་གིས་གླུད་ལ་ལྟོས༔ སྙིང་རྗེ་མ་གདུང་བུ་ཡི་ཚུལ༔ ཚེ་རབས་འབྲེལ་བའི་བདེན་པ་སོམས༔ སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས༔ བྱིན་རླབས་རྟེན་འབྲེལ་ནུས་པའི་རྫས༔ མི་བས་དགའ་བའི་གླུད་བཟང་པོ༔ ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས༔ འདོད་ཡོན་རྒྱ་མཚོའི་གཏེར་ཆེན་འདི༔ ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི༔ ཤ་རིན་ཁྲག་ཚབ་སྲོག་གི་གླུད༔ མཐུན་པའི་རྫས་སུ་ད་ལོངས་ཤིག༔ སྲེད་དང་ཆགས་དང་ཞེན་པ་སྤོངས༔ དྲན་དང་བཟུང་དང་བསམ་དང་རེག༔ ཞི་དང་གློད་ལ་གྲོལ་བར་མཛོད༔ བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ༔ ཞེས་བསྔོ༔ བསྙེན་སྔགས་དང་ཚེ་གཟུངས་མང་དུ་བཟླས་ལ་བདེན་སྟོབས་བརྗོད༔ ལོ་གྲངས་སོགས་རྫོགས་པ་ན་ལམ་བསྟན༔ ཡས་རྣམས་ཀྱང་རྒྱང་རིང་བསྐྱལ༔ མཚམས་གཅད་སྲུང་འཁོར་བསྒོམ༔ བསྒྲུབ་བྱ་ལ་ཚེ་དབང་བསྐུར་བའམ༔ ཚེ་འགུགས་རྒྱས་གདབ་ནན་ཏན་དུ་བྱས་ལ་བཀྲ་ཤིས་རྒྱས་པར་བརྗོད་དོ༔ དེས་ནི་དུས་མ་ཡིན་པའི་འཆི་བ་ཐམས་ཅད་ངེས་པར་བསླུ་ཞིང་ནད་གདོན་བར་ཆད་ཐམས་ཅད་ལས་གྲོལ་བར་འགྱུར་རོ༔ ༈ བདུན་པ་སྔགས་མདུད་ལ་བརྟེན་ནས་ཚེ་བསྲིང་བ་ནི༔ གཞོན་ནུ་མས་བཀལ་བའི་སྲད་བུའམ་དར་དམར་པོ་ལ་རྡོ་རྗེའི་མདུད་པ་གསུམ་བྱ༔ བསྙེན་སྔགས་མཐར༔ ཧྲཱིཿཧ་ཡ་གྲཱི་བ་ཤུ་ཀྲ་བྷིནྡྷུ་བྷནྡྷ་བྷནྡྷ་བཛྲ་ཨཱ་ཡུ་ཥེ་རཀྵཱ་ཧཾ༔ ཞེས་བརྒྱ་རྩ་བརྒྱད་ཀྱིས་བསྔགས་ཏེ་མགུལ་ལམ་དཔུང་པར་བཏགས་ན་ཚེའི་བར་ཆད་ཐམས་ཅད་བསྲུང་ཞིང་ཚེ་འཕེལ་བར་འགྱུར་རོ༔ འཆི་མེད་ཚེའི་ལས་ཚོགས་ཟབ་མོ་ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་རྡོ་རྗེ་ཐོགས་མེད་རྩལ་གྱིས་གཏེར་ནས་སྤྱན་དྲངས་པའི་ཟབ་ཤོག་སྨུག་པོ་དཀྱུས་མཐོ་གང་སོར་དྲུག་ཞེང་སོར་གསུམ་པ་མཚོ་རྒྱལ་གྱི་ཕྱག་བྲིས་ཅན་ལས་ལེགས་པར་ཕབ་ཅིང་། སླད་ནས་མཚམས་སྦྱོར་ཕྲན་བུ་དང་བཅས་བྲིས་པའོ། །མངྒ་ལཾ།། །། ༈ འདིའི་བརྒྱུད་པ་ནི། ཚེ་དཔག་མེད། ཨོ་རྒྱན་པདྨ། མཚོ་རྒྱལ། གཡུ་སྒྲ་སྙིང་པོ། བྲག་གསུམ་གཏེར་སྟོན་བསྟན་འཛིན་ཟླ་འོད་རྡོ་རྗེའམ་ཨོ་རྒྱན་རྡོ་རྗེ་ཐོགས་མེད་རྩལ། གྲུབ་ཆེན་ཟླ་འོད་དབང་མོ། བྱ་བཏང་ངག་དབང་འཇིགས་མེད། སྦྱོར་ར་ཐམས་ཅད་མཁྱེན་པ་ཕྲིན་ལས་ལྷུན་གྲུབ། ཆོས་དབྱིངས་བདེ་ཆེན་མཚོ་མོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་སོ།། །།
ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ་དང་འབྲེལ་བའི་གནས་ལུང་གི་ཆོ་ག་མདོར་བསྡུས་པ་ཡེ་ཤེས་ལྕགས་ཀྱུ་ (Volume 22, Text 5)
༄༅། །ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ་དང་འབྲེལ་བའི་གནས་ལུང་གི་ཆོ་ག་མདོར་བསྡུས་པ་ཡེ་ཤེས་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། མཚན་སྙན་ཀ་ལ་པིངྐའི་དབྱངས། །གང་གི་རྣ་བར་ལྷུང་ཙམ་གྱིས། །སྡུག་བསྔལ་གཟེབ་ལས་ངེས་སྒྲོལ་བ། །དེ་ལ་གུས་པས་རྟག་ཏུ་འདུད། །ངན་འགྲོའི་གདུང་བས་ཉམ་ཐག་པའི། །སྙིང་རྗེའི་ཡུལ་རྣམས་བདེ་གནས་སུ། ཁ་ལོ་སྒྱུར་བའི་འཕྲུལ་ཆེན་པོ། །སེམས་བསྐྱེད་ཅན་གྱི་འཇུག་ངོགས་སོ། །གང་ཞིག་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་རྣལ་འབྱོར་ལ་གནས་པས་ཆོ་ག་ཉུང་ངུའི་སྒོ་ནས་ཚེ་འདས་རྗེས་སུ་འཛིན་པར་འདོད་པས། སྦྱོར་བ་ཡོ་བྱད་ཀྱི་བཤམ་ནི། སྒྲུབ་དཀྱིལ་དབང་བུམ། ཁྲུས་བུམ། ལས་བུམ་མམ་དུང་ཞལ། གཟུངས་རྡོར། ཐོད་པའི་བདུད་རྩི། མར་མེ། གཏོར་ཚོགས་མཆོད་པའི་ཡོ་བྱད་རྣམས་དང་། ཤར་སྒོར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ཁར་གཟུགས་མིང་ནྲྀ་ཡིག་བྲིས་པའི་བྱང་བུ་དྲི་རྟེན་དང་བཅས་པ་བཀོད། ཞི་དྲག་ཏིལ་དང་འབྱུང་བཞིའི་སྦྱོང་བ། བྲབ་རྫས་བྱེ་མ། ཁྲུས་ཆས་ཟས་གཏད་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །དངོས་གཞིའི་ཆོ་ག་བརྒྱུད་པའི་གསོལ་འདེབས། སྔོན་གཏོར་ནས་བརྩམ་བཟླས་པ་གྲུབ་ཀྱི་བར་ལས་བྱང་ལྟར་སོང་ནས། རྣམ་བུམ་ལ་དམིགས་ཏེ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར་པར་བསམ་ལ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ལས་བུམ་མམ་བསང་ཆུ་ལ་དམིགས་ཏེ། ལས་བུམ་ནང་དུ་པད་ཉི་ལ། །རྟ་མགྲིན་དམར་པོ་ཁྲོ་གཏུམ་ཉམས། །གཡས་གཡོན་བེ་ཅོན་ཞགས་པ་འཛིན། །དུར་ཁྲོད་རྒྱན་ལྡན་བརྐྱང་བསྐུམ་བཞུགས། །ཞེས་མོས་ལ། ཧྲཱིཿཧ་ཡ་གྲཱི་བ་པདྨཱནྟ་ཀྲྀཏ་ཧཱུྃ་ཕཊ། ཞེས་བརྒྱ་རྩ་བཟླ། ཆུའི་རྡུལ་ཇི་སྙེད་པ་ཁྲོ་བོའི་རང་བཞིན་དུ་གྱུར་པས་བར་ཆད་སྲུང་བའི་ནུས་པ་དང་ལྡན་པར་གྱུར། དེ་ནས་ཁྲུས་བུམ་སྒྲུབ་པ་ནི། བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་རྫོགས་པའི་ནང་སྡིག་སྒྲིབ་སྦྱོང་བའི་མཐུ་དང་ལྡན་པའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་བོས་ཡོངས་སུ་གང་བར་བསམ་ཞིང་། གཟུངས་ཐག་ལ་འཇུས་ཏེ་ཡིག་བདུན་མཐར། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་སརྦ་པཱ་པཾ་བི་ཤུདྡྷེ་ཧཱུྃ་ཕཊ། ཅེས་སྒྲིབ་སྦྱོང་གི་སྔགས་སྦྲེལ་བ་ཅི་ནུས་བཟླ་ཞིང་། བྲབ་རྫས་ཡུངས་དཀར་ལའང་སྔགས་ཏེ་བཞག་གོ །དེ་ནས་གྲུབ་ན་གཏེར་སྲུང་གཏོར་འབུལ་དང་། ཚོགས་མཆོད་བྱིན་རླབས་ནས་བསྒྲལ་བསྟབ་ཀྱི་བར་བཏང་ལ་རིག་པའི་མེ་ཏོག་དོར་ཞིང་གསོལ་བ་གདབ་བོ། །གནས་ལུང་དངོས་ལ། རྟེན་བསྐྱེད་དགུག་དང་བགེགས་སྡིག་སྦྱོང་། །བཀྲུ་ཕྱི་དུག་དབྱུང་སྐྱབས་འགྲོ་འཇུག །དབང་བསྐུར་ཟས་གཏད་གདམས་ངག་བརྗོད། །ལམ་བསྟན་གནས་སྤར་སྲེག་བཞུ་འོ། །དེ་ལ་དང་པོ་རྟེན་བསྐྱེད་པ་ནི། དམིགས་རྟེན་བསང་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར་པར་བསམ་ལ། གཉིས་པ་རྣམ་ཤེས་དགུག་པ་ནི། ལག་གཉིས་རྡོར་བསྡམས་ནང་བསྣོལ་མཛུབ་མོ་གཉིས་བརྐྱང་མཐེའུ་ཆུང་བཀུག་པ་ལྕགས་ཀྱུའི་རྒྱ་དང་སྙིང་གའི་ས་བོན་གྱི་འོད་ཀྱིས་རྣམ་ཤེས་བཀུག་པར་བསམ་ཞིང་། ན་མོ་རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། འཇིག་རྟེན་འདི་ནས་ཕ་རོལ་དུ་སོང་བ་ཆེ་གེ་མོའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གི་གནས་གང་ན་གནས་ཀྱང་སྐད་ཅིག་ཡུད་ཙམ་ལ་འདིར་མཆིས་པར་གྱུར་ཅིག །ཀྱེ་མ་ཚེ་འདས་རིགས་ཀྱི་བུ། །འགྲོ་དྲུག་སྐྱེས་སམ་བར་དོར་འཁྱམས། །གར་སྐྱེས་གང་ན་གནས་ཀྱང་ནི། །ལྷ་དང་སློབ་དཔོན་དྲན་པར་གྱིས། །མཚན་བྱང་རྣམ་ཤེས་རྟེན་ལ་ཤོག །ཨོཾ་བཛྲ་ཨཾ་གུ་ཤ་ཛཿ སརྦ་པཱ་པཾ་ཨཱ་ན་ཡ་ཧཱུྃ། སྔགས་ལན་གསུམ་དང་། ཛཿཧཱུྃ་བཾ་ཧོཿ ཞེས་པས། རྣམ་ཤེས་ཨ་དཀར་པོའི་རྣམ་པས་རྟེན་ལ་ཐིམ་པར་གྱུར། གསུམ་པ་བགེགས་སྦྱོང་བ་ལ། གཏོར་མ་གསུམ་པོ་རེ་རེ་བཞིན་རྟེན་ལ་བསྐོར་ཞིང་། ཨོཾ་སརྦ་བིགྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་དཾ་བ་ལིཾ་ཏ་སྭཱ་ཧཱ། ཞེས་གསུམ་གྱིས་ཞི་བ། ཏིང་ལོ་དང་ཆངས་བུ་བསྐོར་ཞིང་། ཨོཾ་སུམྦྷ་ནི་སོགས་གསུམ་གྱིས་ཕྱེད་མ། རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་གྱུར་པར་བསམ་ལ། ཧཱུྃ། གསོན་ལ་བདུད་དུ་བྱེད་པ་དང་། །གཤིན་ལ་གཅགས་སུ་བྱེད་པ་དང་། །སྲོག་གཅོད་བླ་ཁྱེར་བྱེད་པ་ཡི། །གཤེད་མར་གྱུར་པ་གང་ཡིན་པ། །འདི་རུ་མ་འདུག་གཞན་དུ་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །ཐུགས་རྗེ་ཆེན་པོ་ཐུགས་ཁྲོས་ནས། །འཕགས་པ་རྟ་མགྲིན་བདུད་དཔུང་འཇོམས། །བགེགས་ཀྱི་སྦྱོར་བ་རྒྱུན་ཆོད་ཅིག །བདེན་སྟོབས་སྔར་བཞིན་བརྗོད་པའི་མཐར། ཚེ་ལས་འདས་པ་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང་། གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཧྲཱིཿཧ་ཡ་གྲཱི་བ་པདྨཱནྟ་ཀྲྀཏ་འབྱུང་པོ་ཨུཙྪཱ་ཏ་ཡ་ཕཊ། ཞེས་བཟླ་ཞིང་གུ་གུལ་གྱིས་བདུག །ཡུངས་ཐུན་གྱིས་བྲབ། རོལ་མོའི་སྒྲ་དྲག་པོ་དང་བཅས་པས་གཏོར་མ་ཕྱི་རོལ་དུ་དོར་ཏེ་དྲག་པོས་སྦྱོང་བའོ། །བཞི་པ་སྡིག་པ་སྦྱོང་བ་ནི། སྤྲོ་ན་རྟེན་གྱི་མདུན་དུ་ཏིལ་དང་མེ་ཆུ་བཤམས་ལ། ཚེ་ལས་འདས་པའི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྙིང་གར་ཡི་གེ་ཀཾ་ནག་པོའི་རྣམ་པར་གནས་པ་ལྟེ་བའི་གཏུམ་མོ་ཡེ་ཤེས་ཀྱི་མེས་དེད། སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པས་ཐོན་ནས་མདུན་གྱི་ཏིལ་ལ་ཐིམ་པ་དེ་ཉིད་ཡེ་ཤེས་ཀྱི་མེས་བསྲེགས་ཤིང་ཆོས་ཉིད་ཀྱི་རྒྱ་མཚོར་དོར་བར་གྱུར། ཨོཾ་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་ཅིང་ཏིལ་མེ་ཆུར་སྦྱང་། ཚེ་ལས་འདས་པའི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་རོལ་མོ་དང་བཅས་པས་ཕྱིར་དོར། དེ་ནས་གོང་གསལ་ཁྲུས་བུམ་སྒྲུབ་པའི་སྔགས་རྣམས་ལན་གསུམ་གསུམ་བརྗོད་ཅིང་བྱེ་མ་དང་ཡུངས་དཀར་གྱི་བྲབས་པས། བདག་མདུན་ཐུགས་ཀའི་འོད་ཟེར་དང་རྫས་དེ་དག་རེག་པ་ཙམ་གྱིས་སྡིག་སྒྲིབ་ཐམས་ཅད་བ་མོ་ལ་ཉི་མ་ཤར་བ་བཞིན་དག་པར་བསམ་མོ། །ལྔ་པ་བཀྲུ་ཞིང་ཕྱི་བ་ནི། ཁྲུས་བུམ་གྱིས་མིང་བྱང་སོགས་རྟེན་བཀྲུས་པས་སྡིག་སྒྲིབ་རྣམས་དུད་ཁུ་བཞིན་ཐོན་ནས་ལུས་ཤེལ་སྒོང་ལྟར་དག་པར་བསམ་ལ། སྤྲོ་ན་མཆོག་ཁྲུས་སྔོན་དུ་འགྲོ་བས། ཧཱུྃ། ཡེ་ཤེས་ཆུ་བོ་ཁྲུས་ཀྱི་རྫིང་། །དུག་གསུམ་སྒྲིབ་པ་དག་བྱེད་འདིས། །ཚེ་འདས་ཁྱོད་ལ་ཁྲུས་གསོལ་བས། །སྐུ་གསུང་ཐུགས་སུ་ལྷུན་གྲུབ་ཤོག །ཕ་རོལ་ཕྱིན་པ་དྲུག་གི་ཆུ། །བདུད་རྩིའི་ཆུ་ཡིས་ཁྲུས་བྱས་པས། །རྒྱུད་དྲུག་བག་ཆགས་གཏན་སྦྱངས་ནས། །ཕ་རོལ་ཕྱིན་དྲུག་མཐར་ཕྱིན་ཤོག །ཡེ་ཤེས་ལྔ་ལྡན་བདུད་རྩིའི་ཆུས། །དུག་ལྔའི་སྒྲིབ་པ་ཀུན་བཀྲུས་པས། །ཕུང་པོ་ལྔ་པོ་གནས་གྱུར་ནས། །ཡེ་ཤེས་ལྔ་རུ་ལྷུན་གྲུབ་ཤོག །ཅེས་ཚིགས་སུ་བཅད་པ་རེ་རེའི་མཐར་རྩ་སྔགས་ལ་སྒྲིབ་སྦྱོང་གི་སྔགས་བཏགས་པ་བཟླ་ཞིང་རོལ་མོར་བཅས་ཏེ་བཀྲུའོ། །དྲུག་པ་དུག་དབྱུང་བ་ནི། བུམ་ཆུས་རྟེན་ལ་བྱབ་ཅིང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །རྫོགས་པའི་སངས་རྒྱས་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །དེ་བཞིན་དུ། ཆོས་དང་དགེ་འདུན་ལ་ཡང་སྦྱར་རོ། །དེ་ནས་འབྱུང་བ་སོ་སོས་བྱབ་ཅིང་། ས་ནི་དུག་གི་ཕ་ཡིན་ཏེ། །ས་ནི་དུག་གི་མ་ཡང་ཡིན། །སངས་རྒྱས་སྤྱན་མའི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །ཅེས་དང་། དེ་བཞིན་དུ། ཆུ། མཱ་མ་ཀཱི །མེ། གོས་དཀར་མོ་ཡི། རླུང་། དམ་ཚིག་སྒྲོལ་མའི་ཞེས་ཁ་བསྒྱུར་བ་སྦྱོར་རོ། །སྐབས་འདིར་རིགས་དྲུག་གི་གནས་སྦྱོང་སྤྲོས་པ་ཉེར་བསྡུའི་ལུགས་སུ་བྱེད་པར་སྤྲོ་ན་ཟུར་དུ་གསལ་བ་ལྟར་བྱའོ། །བདུན་པ་སྐྱབས་སུ་འགྲོར་འཇུག་པ་ནི། ཚེ་འདས་ཉིད་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་བསམ་ཞིང་ཚིག་རྣམས་བརྗོད་པར་མོས་ལ། ཕྱོགས་བཅུར་བཞུགས་པའི་བླ་མ་དང་། །མཆོག་གསུམ་ཞི་ཁྲོ་རབ་འབྱམས་ཀྱི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །དེ་རིང་ཉིད་ནས་བདག་སྐྱབས་མཆི། །མགོན་པོ་ཐུགས་རྗེ་ཅན་རྣམས་ཀྱིས། འཁོར་བའི་སེམས་ཅན་བདག་ལྟ་བུ། །བར་དོའི་གནས་ན་མགོན་མེད་ཅིང་། །འཇིགས་པས་མནར་བ་བདག་ལ་དགོངས། །ཐོག་མེད་དུས་ནས་སྤྱད་པ་ཡི། །ལས་ངན་སྒྲིབ་པས་བཅིངས་པ་བདག །མཐའ་མེད་འཁོར་བའི་སྡུག་བསྔལ་ལས། །བདེ་ཆེན་གནས་སུ་དྲང་དུ་གསོལ། །བར་དོའི་འཇིགས་པ་གཤིན་རྗེའི་འཕྲང་། །ཉམ་ངའི་གནས་སུ་འཁྱམས་པའི་འགྲོ །ཉོན་མོངས་གདུང་བས་གཟིར་བ་རྣམས། །བྱམས་པའི་ཐུགས་རྗེས་བསྐྱབ་ཏུ་གསོལ། །ཞེས་ལན་གསུམ་བརྗོད། བརྒྱད་པ་དབང་བསྐུར་བ་ནི། དཀྱིལ་འཁོར་དུ་འཇུག་པ་ནས་བཟུང་གཏང་རག་གི་མཐར་ཐུག་པར་སློབ་མ་ལ་ཇི་ལྟར་བྱ་བ་བཞིན་བསྐུར་བ་ཡིན་མོད། འདིར་མདོར་བསྡུས་སུ། ཁྲུས། མཎྜལ། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ སངས་རྒྱས་ཀུན་གྱི་གསང་བའི་ལམ༔ ཡང་སྙིང་ཀུན་འདུས་དཀྱིལ་འཁོར་དུ༔ བདག་རྒྱུད་སྨིན་པར་མཛད་དུ་གསོལ༔ ལན་གསུམ་གྱིས་གསོལ་བ་གདབ། ན་མོ། བླ་མ་སངས་རྒྱས་འཁོར་དང་བཅས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །བླ་མ་དཀོན་མཆོག་རྣམ་གསུམ་པོ། །བྱང་ཆུབ་མ་ཐོབ་བར་དུ་ནི། །སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི། །སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་ཐོབ་བྱ་སྙམ། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །འཇུག་པའི་བྱང་ཆུབ་སེམས་བསྐྱེད་དེ། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །ཞེས་རྒྱུད་སྦྱང་། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་པད་ཉི་ཟླ་བའི་གདན་གྱི་སྟེང་དུ་ཁྱོད་རང་ཐུགས་རྗེ་ཆེན་པོ་ཡུམ་གསང་བ་ཡེ་ཤེས་དང་མཉམ་པར་སྦྱོར་བའི་ཡབ་ཀྱི་སྙིང་གར་ཧྲཱིཿཡིག་དམར་པོ་མར་མེ་ལྟར་འབར་བའི་འོད་ཀྱིས་བསྐུལ་བས། དཀྱིལ་འཁོར་པ་རྣམས་ཀྱི་ཐུགས་ཀ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་སྐུ་དང་སྙིང་པོ་ཕྱག་རྒྱ་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་ཏེ་བྱུང་། ཁྱོད་རང་ལ་ཐིམ་པས་ཟག་མེད་ཀྱི་བདེ་བས་རྒྱུད་གང་བའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ་ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨཱ་བེ་ཤ་ཡ་ཨ་ཨཱ། ཞེས་ཡེ་ཤེས་དབབ། ཏིཥྛ་བཛྲས་བརྟན་པར་བྱ། སློབ་དཔོན་གྱི་སྙིང་གའི་ས་བོན་གྱི་འོད་ཀྱིས་བསྐུལ་བས་མདུན་གྱི་ནམ་མཁའི་གནས་སུ་དབང་གི་ལྷ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་དུ་སད་ནས་བཞུགས་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་བཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུས་བཀང་བ་ཐོགས་ནས་དབང་བསྐུར་བའི་མོས་པ་མཛོད། རྣམ་བུམ་གྱིས་དབང་བསྐུར་ལ། ཧྲཱི༔ བུམ་པ་སྤྲོས་བྲལ་ཆོས་སྐུ་ཟླུམ༔ བཅུད་ནི་ལོངས་སྤྱོད་ཡི་དམ་ལྷ༔ སྤྲུལ་སྐུའི་ཁྲུས་ཀྱིས་མ་རིག་འཁྲུ༔ ལྷ་དབང་ལུས་ལ་རྫོགས་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་བུམ་པའི་ཆུས་དབང་བསྐུར་བས་སྐུ་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་པ་ལས་རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་གྱུར། འདི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་སྟོང་སྒྱུ་འཕྲུལ་དྲྭ་བ་ལྷའི་འཁོར་ལོར་དག་པ་ཡིན་ནོ། །བླ་མ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། ཐོད་པ་བདུད་རྩི་བཅས་མགྲིན་པར་བཞག་པའི་ཚུལ་དང་ཐིགས་པ་གཏོར་ལ། ཨཱ༔ ཐུགས་རྗེ་ཆེན་པོ་ཡབ་ཡུམ་རྣམས༔ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ སྐལ་ལྡན་ངག་ལ་དབང་བསྐུར་བས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨཱ༔ འདི་ལྟར་འཁོར་འདས་ཀྱི་སྒྲ་སྐད་ཐམས་ཅད་གྲགས་སྟོང་གཞོམ་མེད་གསུང་གི་འཁོར་ལོར་དག་པ་ཡིན་ནོ། །མར་མེ་བསྟན་ལ། ཧྲཱི༔ སེམས་ཉིད་ཀ་དག་ཀུན་བཟང་ཀློང༔ སྣང་སྟོང་ཟུང་འཇུག་སྒྱུ་མའི་སྐུ༔ གཉིས་མེད་འཛིན་བྲལ་སྤྲུལ་པའི་སྐུ༔ ཡང་དག་ངེས་དོན་རྟོགས་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛྙཱ་ན་པཉྩ་དྷརྨཱ་ཀཱ་ཡ་ནིརྨ་ཀཱ་ཡ་སམྦྷོ་ཀཱ་ཡ་ཨ་བྷི་ཥིཉྩ་ཨ་ཨ༔ འདི་ལྟར་འཁོར་འདས་ཀྱི་རྟོག་ཚོགས་ཐམས་ཅད་རིག་སྟོང་སྤྲོས་བྲལ་བདེ་བ་ཆེན་པོ་ཐུགས་ཀྱི་འཁོར་ལོར་དག་པ་ཡིན་ནོ། །གཙོ་བོས་ཇི་ལྟར༴ དེང་ནས་བརྩམ་སྟེ༴ གཏང་རག་མཎྜལ་ཕུལ། དེ་ལྟར་དབང་བསྐུར་པ་ཐོབ་ནས་དམིགས་ཡུལ་དེ་ཉིད་ཐུགས་རྗེ་ཆེན་པོ་དངོས་སུ་གསལ་བར་གྱུར། དགུ་པ་ཟས་གཏད་པ་ནི། མདུན་དུ་བཟའ་བཏུང་སྣ་ཚོགས་བཤམས་ལ། རཾ་ཡཾ་ཁཾ་གིས་བསང་སྦྱངས་ནས། འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་གྱིས་བརླབས་ནས། ཧཱུྃ། ང་ནི་འཕགས་མཆོག་ཐུགས་རྗེའི་གཏེར། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །ཡེ་ཤེས་ཆེན་པོའི་འཕྲོ་འདུ་ལས། །འདོད་པ་ཐམས་ཅད་ཚིམ་བྱེད་པ། །བཅུད་ཆེན་རོ་མཆོག་བརྒྱ་ལྡན་པ། །བཟའ་དང་བཏུང་བའི་ཚོགས་རྣམས་དང་། །འདོད་དགུའི་འབྱོར་པ་རྒྱ་མཚོ་ཡིས། ཁྱོད་ཀྱིས་རེ་བ་བསྐང་བར་བྱ། ཁྱད་པར་བརྩེ་གདུང་གཉེན་རྣམས་ཀྱིས། །གདུང་བའི་སྐད་ཀྱིས་ཁྱོད་བོས་ནས། །འདོད་ཡོན་བཟའ་བཅའ་བཏུང་བའི་ཚོགས། །ཏིང་འཛིན་སྔགས་རྒྱས་སྤར་ཏེ་བསྔོ། །དགའ་དང་སྤྲོ་བའི་སེམས་ཀྱིས་ནི། །ཞེན་པ་མེད་པར་ལོངས་སྤྱོད་ཅིག །བཀྲེས་སྐོམ་གདུང་བ་ཀུན་ཞི་ནས། །འདོད་ཡོན་དཔལ་ལ་སྤྱོད་པར་ཤོག །ཅེས་བསྔོས་པ་དེས་ཀྱང་བདག་གིར་བཟུང་ནས་དཀྱིལ་འཁོར་པ་ལ་མཆོད་སྤྲིན་དུ་སྤེལ་བར་བསམ། བཅུ་པ་འཁོར་བ་ལ་མ་ཆགས་པར་གདམས་པ་ནི། གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །ས་འདི་བཅད་པ་མན་ཆད་ནི། །རིགས་དྲུག་འཁོར་བའི་གནས་ཡིན་པས། །མ་རིག་མུན་ལོང་ཡ་རེ་ང་། །འགྲོ་དྲུག་སྐྱེ་འཆི་བཟོད་བླག་མེད། །བོར་ཅིག་སྤོངས་ཤིག་རིགས་ཀྱི་བུ། །མ་ཆགས་མ་ཞེན་འཁོར་བ་སྤོངས། །ཞེས་གདམས། བཅུ་གཅིག་པ་ལམ་བསྟན་པ་ནི། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ས་འདི་བཅད་པ་ཡན་ཆད་ནི། །ཐུགས་རྗེ་ཆེན་པོའི་ཞིང་ཁམས་ཡིན། །སྐྱེ་འཆི་འཁོར་བའི་ཡ་ང་མེད། །ཐུགས་རྗེ་ཆེན་པོ་ཁྱེད་ཀྱི་མགོན། །བྱང་ཆུབ་སེམས་དཔའ་ཁྱོད་ཀྱི་གྲོགས། །བསམ་གཏན་ཟས་དང་ཏིང་འཛིན་སྤྱོད། །ཡེ་ཤེས་བདུད་རྩིའི་ལོངས་སྤྱོད་ལྡན། །ཀུན་བཟང་མཆོད་སྤྲིན་བསམ་མི་ཁྱབ། །ཚངས་པའི་གསུང་ལྡན་ཆོས་སྒྲ་སྒྲོག །རྟག་པར་ཆོས་ཀྱི་འཁོར་ལོ་བསྐོར། །འཕགས་པའི་ལམ་འདིར་ཁྱོད་ཞུགས་ལ། །ཕོ་བྲང་དམ་པ་དེ་ཟུངས་ཤིག །ཅེས་ལམ་བསྟན། བཅུ་གཉིས་པ་རྣམ་ཤེས་སྤར་བ་ནི། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཚེ་འདས་སྒྱུ་མའི་འཁྲུལ་འཁོར་ཉོན། །སེམས་ཉིད་ཡེ་ཤེས་ངོ་བོ་ལ། །འགྱུ་དྲན་འཛིན་ཆགས་རང་སར་གྲོལ། །རང་རིག་གསལ་སྟོང་དབྱེར་མེད་དེ། །འཕགས་པའི་སྐུ་གསུང་ཐུགས་སུ་ཐིམ། །སྐྱེ་འཆི་འཁོར་བའི་མིང་ཡང་མེད། །ཇི་སྲིད་འཁོར་བ་མ་སྟོངས་བར། །སྤྲུལ་པས་འགྲོ་དོན་བྱེད་པར་ཤོག །པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་ཤིང་། །སྲིད་པའི་པདྨོ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་པས་རྣམ་ཤེས་ཨ་ཐུང་གི་རྣམ་པར་སྤྱི་བོ་ནས་ཐོན། འཕགས་པ་ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཐིམ་སྟེ་གཉིས་སུ་མེད་པར་གྱུར། བཅུ་གསུམ་པ་བྱང་བུ་བསྲེག་པ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བྱུང་བས་ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་འཁོར་བའི་ཆོས་ཐམས་ཅད་དམིགས་མེད་ཀ་དག་གི་དབྱིངས་སུ་སྦྱང་པར་བསམ་ལ། སྙིང་པོ་ལན་གསུམ་གྱིས་མེ་སྦར་ཞིང་། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །བདག་འཛིན་ཕུང་པོའི་བུད་ཤིང་ལ། །ཤེས་རབ་ཡེ་ཤེས་མེ་སྦར་ཏེ། །ཚེ་འདས་ཉོན་མོངས་བག་ཆགས་བསྲེག །འདི་ནི་སྐྱེ་འགག་སྨོན་པ་དང་། །གནས་མེད་མཚན་མ་མེད་པའི་མེ། །འདི་ནི་རང་བྱུང་ཡེ་ཤེས་མེ། །བདག་འཛིན་མཚན་མའི་རྟོག་པ་སྲེག །དོན་ལ་བསྲེག་བྱ་སྲེག་བྱེད་ཀུན། །བྱ་རྩོལ་མེད་པ་ཡེ་སངས་རྒྱས། །འབད་མེད་ལྷུན་གྲུབ་ཆོས་ཀྱི་སྐུ །རང་བྱུང་ཡེ་ཤེས་དེར་སྣང་ངོ་། །ཡིག་བདུན་གྱི་མཐར། ཨགྣེ་ཛྭ་ལ་རཾ། ཞེས་མེ་སྦར་ལ་ཟག་བཅས་ཀྱི་ཕུང་པོ་ཟག་མེད་དུ་སྦྱངས་ཤིང་། མེ་པྲ་ལས་དམིགས་ཡུལ་གྱི་སྡིག་པ་དག་མ་དག་གི་མཚན་མའང་བརྟག་པར་བྱའོ། །དེ་ནས་ཟབ་ཅིང་རྒྱ་ཆེ་བའི་སྨོན་ལམ་དང་རྣམ་པར་དག་པའི་བསྔོ་བ་ཇི་ལྟར་ནུས་པས་རྒྱས་གདབ་ཅིང་། ཚོགས་ལ་རོལ། ལྷག་མ་གཏང་། ཆད་བརྟན་རྟ་བྲོ་སོགས་དཀྱིལ་འཁོར་རྗེས་ཀྱི་བྱ་བ་རྣམས་ལས་བྱང་ལྟར་ཚང་བར་བགྱིས་པས་གྲུབ་བོ། །མཐའ་མེད་སྲིད་པའི་རྦ་ལ་གཡེང་བ་ཀུན། །བརྩེ་ཆེན་ཐུགས་རྗེའི་ཕྱག་གིས་དབུགས་དབྱུང་སྟེ། །ཐར་པ་ཞི་བའི་གྲོང་ཁྱེར་ཉམས་དགའ་བར། །གཏན་གྱི་བདེ་བས་ངལ་འཚོ་ཐོབ་གྱུར་ཅིག །ཅེས་པའང་ཁྱབ་བདག་འཇིག་རྟེན་མགོན་པོ་མཁྱེན་བརྩེའི་དབང་ཕྱུག་གི་བཀའ་ལུང་ནོར་བུའི་ཕྲེང་བ་དད་པའི་སྤྱི་བོར་མཆོད་ནས་སྔ་འགྱུར་གསང་བ་སྤྱིའི་ཆོ་ག་ལ་རང་ལུགས་འཐད་ལྡན་གྱིས་རྣམ་པར་སྤྲས་ཏེ། པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཐུགས་རྗེ་ཆེན་པོའི་ཕོ་བྲང་རི་བོ་གླང་ཆེན་འགྱིང་འདྲའི་མགུལ་དུ་སྦྱར་བ་དགེ་ལེགས་འཕེལ།། །།
ཟབ་བདུན་རྒྱུད་ཟབ་སྒྱུ་འཕྲུལ་ལས། ཟངས་བྱང་མའི་ཆོས་སྡེ་རྡོར་སེམས་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ངོ་མཚར་སྙིང་པོ་ (Volume 4, Text 5)
༄༅། །ཟབ་བདུན་རྒྱུད་ཟབ་སྒྱུ་འཕྲུལ་ལས། ཟངས་བྱང་མའི་ཆོས་སྡེ་རྡོར་སེམས་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ངོ་མཚར་སྙིང་པོ་ཞེས་བྱ་བ་ཞུགས་སོ། ། ན་མོ་གུ་རུ་ཤྲཱི་མཱཾ་བཛྲ་སཏྭཱ་ཡ། དུས་གསུམ་གཤེགས་པ་ཡོངས་ཀྱིས་ལེགས་བསྟེན་ནས། ཁྱོད་ཉིད་གང་དུ་གཤེགས་པ་དེར་གཤེགས་མཛད། །སྲིད་ཞི་ཀུན་སྲོག་དྭངས་མའི་ཐིག་ལེ་ཆེ། །བླ་མ་རྡོ་རྗེ་སེམས་དཔར་གུས་ཕྱག་འཚལ། །ཏནྟྲ་ཀུན་གྱི་གཙོར་གྱུར་གསང་སྙིང་གི །དགོངས་ཟབ་རྨད་བྱུང་སྒྱུ་དྲྭའི་སྨིན་གྲོལ་ནི། །རིག་འཛིན་བྱེ་བས་ཐལ་མོ་ཟུམ་འོས་པ། །ལྔ་བདོའི་སྨག་ཏུ་ཉི་བཞིན་འཆར་འདི་རྨད། །སྔ་ན་མེད་པའི་ངོ་མཚར་གྱི་གསང་བ་གཏེར་གསར་སྒྱུ་འཕྲུལ་དྲྭ་བ་ཞི་བའི་དབང་འབྲིང་པོ་བསྐུར་བར་འདོད་པས་རྒྱས་པར་སྤྲོ་ན། ས་ཆོག་དང་སྟ་གོན་གྱི་རིམ་པ་ལྕགས་བྱང་མའི་དབང་བསྐུར་རྒྱས་པ་ནས་བླང་དགོས་ལ། བསྡུས་པའི་སྐབས་འདིར་མི་མཛད་པས་གནས་ཁང་རྒྱན་གྱིས་སྤྲས་ཤིང་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་གཙང་མར་རས་བྲིས་ཀྱི་དཀྱིལ་འཁོར་གཞུང་མཐུན་བྲིས་པ་བཀོད་པའི་དབུས་སུ་མཉྫི་ལ་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་སྔོན་པོ་ཁ་རྒྱན་གཟུངས་རྡོར་ལྡན་པ་བཀོད། མདུན་ཕྱོགས་སུ་རིགས་བསྡུས་ཀྱི་ལྷ་ཙཀ་ལྔ། གཡས་གཡོན་རྣམས་སུ་དབུ་རྒྱན། དར་དམར་མཐིང་སྦྲེལ་མ། ཕྲེང་བ། སྙིང་པོ་འབྲུ་ལྔ། གོ་ཆ། རྒྱལ་མཚན། གདུགས་རྣམས་ཀྱི་ཙཀླི་དང་། བཟའ་བཏུང་། ནུས་དབང་ལ་མཁོ་བའི་རྒྱུད་ཀྱི་གླེགས་བམ། ཕྲེང་བ། རྒྱ་གྲམ། འཁོར་ལོ། དུང་། ཕྱག་ཤིང་། རྡོ་རྗེ་དྲིལ་བུ་རྣམས་དང་། གསང་དབང་ཐོད་པར་ཆང་དང་ཨ་མྲྀཏ་མངར་གསུམ་སྦྱར་བ། རིག་ཙཀ །ལས་བུམ་བཅུད་ལྡན་མགུལ་ཆིངས་ལྗང་གུ་བྱས་པ། ཐོད་ཆུ། རྒྱབ་ངོས་སུ་སྨན་རཀ་གཏོར་གསུམ། ཕྱོགས་བཞིར་སྤོས། མེ་ཏོག །མར་མེ། དྲི་ཆབ་སྟེ་བཞི་བསྣོལ་ཚར་བཞི། དཀྱིལ་འཁོར་མདུན་ངོས་སུ་མཆོད་ཡོན་དང་ཞབས་བསིལ་གྱི་སྣོད་བྱ་མ་བུམ་དང་བཅས་པ་བཀོད། བཀའ་སྲུང་གཏེར་སྲུང་གཏོར་འབུལ། དཀར་གཏོར། ཚོགས་ཀྱི་ཡོ་བྱད། ཆད་བརྟན་སོགས་ཕྲིན་ལས་ལ་ཉེ་བར་མཁོ་བ་རྣམས་དང་། མིག་དར་མེ་ཏོག །མིག་ཐུར། ཕྱག་ཤིང་། ཕྱག་མཚན་འགྲིམ་དཀྱིལ་རྣམས་ཀྱང་ཉེ་བར་བསྡོག་གོ །དེ་ནས་ཐོག་མར་དབང་དོན་དཀྱིལ་འཁོར་སྒྲུབ་པ་ལ་བརྒྱུད་འདེབས་འཕྲོས། ཟབ་བདུན་སྤྱི་ལྟར་དཀར་གཏོར་འབུལ། སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པས་ཚོགས་གསག །ལས་གཞུང་ལྟར་མཚམས་བཅད་བཤགས་པ་དམ་བཅའ་ནས་བརྩམ་མཐར་ཆགས་སུ་བཏང་བདག་མདུན་དབྱེར་མེད་དུ་བསྒོམ། རྒྱས་པར་སྤྲོ་ན་མཆོད་ཕྲེང་གཞན་ནས་སབ། དཀྱུས་སུ་མི་དགོས། དམ་བཅའ་བཟུང་བ། ཨོཾ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །སོགས་བརྗོད། ཛཔ྄་ཁང་ཕྱེས་ལ་སྤྱི་ཛཔ྄་བོ་དྷི་ཙིཏྟ་ཅི་ནུས་བཟླ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་སོགས་ཀྱི་གཟུངས་ཐག་བླངས་ཏེ་བུམ་བཟླས་སྤྱི་ཛབྲཔ྄་བརྒྱ་རྩ་ཙམ་བཟླ། སྟོང་ཚིག་མཆོད་བསྟོད་བྱ། འབྲུ་གསུམ་བརྗོད་ལ་དུང་ཆུ་ཕུལ་བས། བུམ་པའི་ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་ཞུ་སྟེ་བུམ་ཆུ་ནུས་པ་དང་ལྡན་པར་གྱུར། ཅེས་མོས། ལས་བུམ། ཨོཾ་མ་ཧཱ་ཤཱུནྱ་སོགས། སྟོང་པའི་ངང་ལས་པད་ཟླའི་སྟེང༔ བྷྲཱུྃ་ལས་རིན་ཆེན་བུམ་པའི་ནང༔ རཾ་ལས་ཉི་མའི་གདན་སྟེང་དུ༔ ཨཿལས་དབྱུག་པ་ཨཾཿགིས་མཚན༔ དེ་ལས་བདུད་རྩི་ཐབ་སྦྱོར་ནི༔ ལྗང་ནག་རྒྱ་གྲམ་དབྱུག་པ་ཕྱར༔ གཡོན་པས་དྲིལ་བུ་ཡུམ་ལ་འཁྱུད༔ ཡུམ་ནི་མྱོས་བྱེད་དྲིལ་བུས་འཁྱུད༔ ཁྲོ་བོའི་ཆ་ལུགས་ཡོངས་སུ་རྫོགས༔ མེ་དཔུང་འབར་བའི་དབུས་སུ་བཞུགས༔ ཨོཾ་ཨཱཿཧཱུྃ༔ ཧཱ་ཧཱུྃ་སྭཱ་ཨཱཾ་ཨོཾ༔ བཛྲ་ས་མ་ཡ་ཨེ་ཧྱེ་ཧི༔ ཛཿཧཱུྃ་བཾ་ཧོ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ༔ དེ་བཞིན་དུ་ དྷཱུ་པེ་དྷཱུ༔ ཨཱ་ལོ་ཀེ་ཨཱ༔ གནྡྷེ་གྷན༔ ཨོཾ་བཛྲ་པཱུ་ཛི་ཏེ་ཧཱུྃ༔ ཧཱུྃ༔ བདུད་ཀུན་གྱི་ནི་བདུད་ཆེན་པོ༔ བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས༔ འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ༔ འཇིགས་བྱེད་ཆེན་པོ་ཐིག་ལེ་ཧོ༔ ཐུགས་ཀར་ཉི་སྟེང་ཨཿཡིག་ལ༔ སྔགས་ཀྱི་འཁོར་ལོས་རྣམ་པར་བསྐོར༔ ཐུགས་འོད་གཟུངས་ཐག་བརྒྱུད་དེ་བསྐུལ༔ སྦྱོར་མཚམས་བྱང་སེམས་བདུད་རྩི་བབས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཨཿབིགྷྣཱནྟ་ཀྲྀཏ་ཕཊ༔ ཨོཾ་མ་ཧཱ་ཀརྨ་དྷཱ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ཧཱུྃ༔ བཟླས་མཐར་ཨོཾ་ཨཱཿཧཱུྃ་བརྗོད་པས༔ ནང་མཆོད་འབུལ་ཞིང་རྡོ་རྗེའི་རྒྱས༔ ལྷ་གཉིས་བདེ་བ་ཆེན་པོར་ཞུ༔ ཡེ་ཤེས་བདུད་རྩིའི་རྒྱ་མཚོར་འཁྱིལ༔ རྡུལ་གྱི་ཚོགས་རྣམས་ཐམས་ཅད་ཀྱིས༔ གང་ལ་རེག་པ་མཆོག་ཏུ་འགྱུར༔ ཅེས་འོད་ཞུ་བྱ། ཐོད་ཆུ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་དུ་གྱུར། ཨེ་ཧྱེ་ཧི། ཛཿཧཱུྃ་བཾ་ཧོ༔ ཞེས་བསྐྱེད་བསྟིམ་བྱ། ཨོཾ་བཛྲ་ཡཀྵ་ཧཱུྃ། ཞེས་བཟླ། ལྷ་འོད་དུ་ཞུ་བ་ཆུའི་རྡུལ་ཕྲ་རབ་ཏུ་གྱུར། དེ་ནས་བདག་འཇུག་རྫོགས་པར་བླང་བའམ། མི་ནུས་ན་རིག་པའི་མེ་ཏོག་དོར་ཞིང་སློབ་མ་གཞུག་པར་གནང་བ་ནོད་དོ། །དབང་གི་ཆོ་ག་དངོས་ལ་གཉིས། འཇུག་པ་དང་། དབང་དངོས་སོ། །དང་པོ་ལ། ཁྲུས་མཚམས་ཆོས་བཤད་དགབ་པ་གསོལ། །དྲིས་ལན་ལུས་དབུལ་བགེགས་སྒྲིབ་སྦྱོང་། །གོ་བསྒོ་ཞུས་གནང་དམ་ཚིག་འབོག །མེ་ཏོག་ལྷ་དབབ་མིག་སྒོ་དབྱེ། །ངོ་སྤྲོད་བསྐྱེད་འབོག་ཕྱག་བྱ་འོ། །ཞེས་པ་རྣམས་ལས། དང་པོ་ཁྲུས་བྱ་བ་ནི། སློབ་མ་རྣམས་ཇི་ལྟར་བལྟམས་པ་སོགས་དང་། ལས་བུམ་གྱི་ཆུས་ཕྱི་རོལ་དུ་ཁྲུས་བྱ། གཉིས་པ་ནི། བགེགས་གཏོར་བསང་སྦྱང་བྱིན་བརླབ་འགུགས་པ་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བསྔོ་ཞིང་། བདེན་སྟོབས་བརྗོད་ལ་བསྐྲད་པ་སྤྱི་མཐུན་དང་། གུ་གུལ་དུད་པ་ཡུངས་ཐུན་རོལ་མོའི་ཚམ་རྔམ་བྱ། ལས་བྱང་ལྟར་སྲུང་འཁོར་བསྒོམ། གསུམ་པ་ཆོས་བཤད་པ་ནི། ཆོས་དབྱིངས་ནམ་མཁའི་ཁམས་དང་མཉམ་པའི་འགྲོ་བ་འཁྲུལ་པའི་རྒྱ་ལས་མ་གྲོལ་བ་ཐམས་ཅད། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་སྐུ་དང་ཡེ་ཤེས་སུ་དགྲོལ་བར་བྱ། དེའི་ཆེད་དུ་ཟབ་གསང་རྨད་དུ་བྱུང་བའི་སྨིན་བྱེད་ཀྱི་རིམ་པ་ཚུལ་བཞིན་ནོད་ལ། གྲོལ་བྱེད་ལམ་གྱི་རིམ་པ་ཉམས་སུ་ལེན་པར་བྱའོ་སྙམ་པའི་ཐུགས་བསྐྱེད་པ་གསལ་བཏབ་ཅིང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་མ་འཁྲུལ་བ་དང་བཅས་ཏེ་གསན་པར་ཞུ། དེ་ལ་སྤྱིར་གཞི་རྒྱུད་སྒྱུ་འཕྲུལ་དྲྭ་བ་ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་ཅན་འགྲོ་བ་ཐམས་ཅད་ལ་ཁམས་སམ་རིགས་ཀྱི་ཚུལ་དུ་ཁྱབ་པར་བཞུགས་ཀྱང་། གློ་བུར་དྲི་མས་རང་ཆས་སུ་བསྒྲིབས་པ་དེ་ཉིད། ལམ་རྒྱུད་སྒྱུ་འཕྲུལ་དྲྭ་བ་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་སྔོན་དུ་འགྲོ་བས། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་གྱིས་སྦྱངས་ནས། ལམ་གྱུར་གྱི་འབྲས་བུ་རིག་འཛིན་རྣམ་པ་བཞི་མངོན་དུ་གྱུར་པའི་མཐར། འབྲས་རྒྱུད་སྒྱུ་འཕྲུལ་དྲྭ་བ་ཁྱབ་བདག་རྡོ་རྗེ་སེམས་དཔའི་གོ་འཕང་སྒྲུབ་པར་བྱེད་པའི་ཐབས་ཐེག་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་རྒྱལ་བ་ཐམས་ཅད་མཁྱེན་པས་བསྟན་པར་མཛད་དེ། ལང་ཀར་གཤེགས་པ་ལས། སེམས་ཅན་རྣམས་ནི་ཡོངས་དྲང་ཕྱིར། །ཐེག་པ་མཐའ་དག་ངས་བཤད་དོ། །འདི་ཞེས་དམིགས་སུ་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་རྒྱས་པར་དབྱེ་བའི་རྣམ་གྲངས་རྒྱ་ཆེ་ཞིང་། མདོར་བསྡུ་བའི་ཚུལ་ཇི་སྙེད་ཅིག་མཆིས་པ་ལས། འདིར་གསང་སྔགས་སྔ་འགྱུར་བ་རྣམས་ལ་ཡོངས་སུ་གྲགས་པ་ལྟར་ན། སྤྱི་མདོ་ལས། ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་སྒྱུར་ཐབས་ཀྱི་ཐེག་པ་འོ། །ཞེས་འབྱུང་བ་ལྟར། གདུལ་བྱ་དབང་པོ་དམན་པ་རིགས་གསུམ་འདུལ་བ་ཀུན་འབྱུང་འདྲེན་པའི་ཐེག་པ་ཉན་ཐོས། རང་རྒྱལ། བྱང་སེམས། དབང་འབྲིང་རིགས་གསུམ་འདུལ་བར་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ཀྲི་ཡ། ཨུ་བྷ། ཡོ་ག །དབང་རབ་རིགས་གསུམ་འདུལ་བར་དབང་སྒྱུར་ཐབས་ཀྱི་ཐེག་པ་མ་ཧཱ། ཨ་ནུ། ཨ་ཏི་བཅས། སྤྱིར་ཐེག་པ་གསུམ་ལ་ནང་གསེས་ཀྱི་རིམ་པ་དགུར་བྱུང་བ་དེ་དག་ལས་སྐབས་འདིར་འཆད་པར་བྱ་བ་ནི་དབང་སྒྱུར་ཐབས་ཀྱི་ཐེག་པ་ཆེན་པོ་སྟེ། དེ་ལ་བསྟན་པའི་བབ་ལུགས་ཆེན་པོ་གསུམ་དུ་གནས་པ་ནི། སྒྱུ་འཕྲུལ་བཤད་རྒྱུད་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་མ། །དགོངས་པ་རིག་པ་རྣ་བར་བརྒྱུད། །ཅེས་གསུངས་པའི་དང་པོ་རྒྱལ་བ་དགོངས་པ་བརྒྱུད་པ་ནི། འཁོར་འདས་ཡོངས་ལ་མངའ་དབང་བསྒྱུར་པ་གྲོལ་གཞིའི་སྟོན་པ་ཆོས་ཀྱི་སྐུ་ཀུན་ཏུ་བཟང་པོས་རང་བཞིན་གཉིས་སུ་མེད་པའི་འཁོར་རྒྱལ་ཚབ་རིགས་ལྔ་དང། རང་སྣང་གི་འཁོར་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་ཚད་མེད་པའི་རྣམ་པར་སྣང་བ་རྣམས་ལ་སྐྱེ་མེད་དོན་གྱི་གསུང་གིས་བརྡ་སྤྲོད་པར་མཛད། གཉིས་པ་རིག་འཛིན་རིག་པའི་བརྒྱུད་པ་ནི། རྒྱལ་སྲས་སེམས་དཔའི་འཁོར་རྣམས་ལས་སྟོན་པ་ཉིད་ཀྱི་སྤྲུལ་པ་རིགས་གསུམ་དུ་སྣང་བར་མཛད་པ་དེས་ལྷ་ཀླུ་གནོད་སྦྱིན་གསུམ་ལ་བརྡའམ་ཐབས་ཀྱིས་སྟོན་ཅིང་བཤད་པ་སྟེ། འཇམ་དཔལ་གྱིས་ལྟ་བའི་ཕྱོགས་གཙོར་བཏོན་ཏེ་ལྷ་གནས་སུ་གྲགས་ལྡན་མཆོག་སྐྱོང་གཙོར་གྱུར་པའི་ལྷའི་རིག་འཛིན་རྣམས་ལ་བཤད། སྤྱན་རས་གཟིགས་ཀྱིས་སྒྲུབ་པའི་ཕྱོགས་གཙོར་བཏོན་ཏེ་ཀླུ་ཡུལ་དུ་ཀླུ་རྒྱལ་མགྲིན་པ་ནག་པོ་གཙོར་གྱུར་པའི་ཀླུའི་རིག་འཛིན་རྣམས་ལ་བཤད། ཕྱག་ན་རྡོ་རྗེས་སྤྱོད་པའི་ཕྱོགས་གཙོར་བཏོན་ཏེ་གནོད་སྦྱིན་ནམ་མི་མ་ཡིན་པའི་གནས་སུ་ཀུན་ཏུ་བཟང་པོ་གཙོར་གྱུར་པའི་གནོད་སྦྱིན་གྱི་རིག་འཛིན་རྣམས་ལ་བཤད་པས་དེ་དག་སོ་སོའི་ཚོམ་བུ་འབུམ་སྡེ་དང་བཅས་པ་ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་ས་ལ་བྱང་ཆུབ། དེ་ནས་ཕྱིས་ཞིག་ན་དམ་པའི་རིགས་ཅན་དྲྭ་མ་ལྔ་ལངྐའི་ཡུལ་གྱི་རི་མ་ལ་ཡའི་རྩེ་མོར་འདུས་ནས་གདུང་ཚིག་ཉི་ཤུ་རྩ་གསུམ་བཏོན་པས། སངས་རྒྱས་ཐམས་ཅད་ཀྱིས་གསང་སྔགས་སྟོན་པར་དབང་བསྐུར་བ་བརྙེས་པ་དཔལ་གསང་བའི་བདག་པོ་ལག་ན་རྡོ་རྗེ་མངོན་སུམ་དུ་བྱོན་ནས་རིགས་ཅན་ལྔ་དང་། རིག་པ་འཛིན་པའི་དགེ་འདུན་ཕལ་མོ་ཆེ་ལ་སྔོན་འོག་མིན་ལ་སོགས་པར་སྟོན་པས་གསང་སྔགས་ཀྱི་ཐེག་པ་གསུངས་པ་རྣམས་བཟླས་ཏེ་བསྟན་པར་མཛད་པ་དེ་དག་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྻ་ཞུན་མས་བྲིས་ཏེ་དགོངས་པའི་རྩལ་བདུན་གྱིས་ནམ་མཁའ་ལ་མི་མངོན་པར་རྒྱས་བཏབ་སྟེ་སྦས་སོ། །གསུམ་པ་གང་ཟག་སྙན་ཁུངས་བརྒྱུད་པ་ནི། ཇི་སྐད་དུ། རྒྱུ་ལ་མོས་པར་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་སོགས་འཇིག་རྟེན་ན་གསང་སྔགས་རྡོ་རྗེ་ཐེག་པའི་སྒྲ་ཡོངས་སུ་གྲགས་པ་ཕྱིས་འབྱུང་བར་ལུང་གིས་བསྟན་པ་ལྟར། གསང་བའི་ཐེག་པ་མི་ཡུལ་དུ་སྐལ་ལྡན་ཀུན་གྱི་སྤྱོད་ཡུལ་དུ་གྱུར་པ་སོ་སོར་བབས་པ་ལས། འདིར་སྐབས་སུ་འཆད་པར་འོས་པ། བླ་མེད་ནང་རྒྱུད་སྡེ་གསུམ་ལས། བསྐྱེད་པ་མ་ཧཱ་ཡོ་གའི་རྒྱུད་སྡེ་རྣམས་གསང་བའི་བདག་པོས་རི་མ་ལ་ཡར་གསང་སྔགས་སྟོན་པ་དང་དུས་མཉམ་དུ། ས་ཧོ་རའི་རྒྱལ་པོ་ཛཿལ་ངོ་མཚར་བའི་རྨིས་ལྟས་བདུན་ཤར་བའི་རྗེས་ཐོག །དངོས་སུ་ཁང་སྟེང་དུ་སངས་རྒྱས་མཉམ་སྦྱོར་ལ་སོགས་པ་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་གླེགས་བམ་ཆར་དུ་བབས་པ། རྒྱལ་པོ་ཉིད་སྐལ་པ་དང་ལྡན་པས་མཁྱེན་པར་གྱུར་ཀྱང། དགེ་བའི་བཤེས་གཉེན་གྱི་རྐྱེན་ལ་མ་ལྟོས་པར་རྒྱུད་ལ་རང་གར་འཇུག་པ་དགག་པའི་ཆེད་དུ་སློབ་དཔོན་ཀུ་ཀུ་རཱ་ཛ་ལས་ལུང་བླངས་པའི་ཚུལ་མཛད། རྒྱལ་པོས་ཚོགས་ཀྱི་སྤྱོད་པ་སྤྲོས་བཅས་ཀྱི་སྒོ་ནས་བསྒྲུབས་པས་འཁོར་སྟོང་ཕྲག་དང་བཅས་པ་རིག་འཛིན་གྱི་གནས་གྲུབ། དེ་ལས་སྲས་ཤ་ཀྲ་པུ་ཏི་དང་། སྲས་མོ་གོ་མ་དེ་བཱི་སོགས་ནས་རིམ་པར་བརྒྱུད་དེ་ཆེར་དར་བར་གྱུར། དེ་ལ་བསྐྱེད་པ་མ་ཧཱ་ཡོ་གའི་སྐོར་ལ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་སུ་གྲགས་པའི་སྔ་མ་རྒྱུད་ཀྱི་སྡེ་ལ་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་རྩ་བར་གྱུར་པ་སྒྱུ་འཕྲུལ་གསང་བ་སྙིང་པོའི་སྐོར་རྣམས་འཕགས་ཡུལ་དུ་སློབ་དཔོན་སངས་རྒྱས་གསང་བ་ལ་བཀའ་བབས་ཤིང་། བོད་ཀྱི་ལྗོངས་འདིར་སློབ་དཔོན་བི་མ་ལ་མི་ཏྲས་རྨ་རིན་ཆེན་མཆོག་དང་། སློབ་དཔོན་ཆེན་པོ་པདྨས་གཉགས་ལོ་ཡེ་ཤེས་གཞོན་ནུ་ལ་བཤད་པ་ནས་རིམ་པར་བརྒྱུད་དེ། ཟུར་མེས་དབོན་རྣམ་གསུམ་སོགས་ཀྱིས་རྩལ་དུ་བཏོན་ཏེ་ད་ལྟའི་བར་དུ་བཤད་སྒྲུབ་ཀྱི་བསྟན་པ་རྒྱུན་མ་ཆད་པར་བྱུང་བ་ནི་སྔ་འགྱུར་བཀའ་མར་གྲགས་པའི་མཚན་གཞི་ཡིན་ལ། འདིར་ནི་ཇི་སྐད་དུ། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས༔ སྤྱིར་ཡང་བོད་རྣམས་གསར་ངས་ཆེ་བ་དང༔ སྙིགས་མའི་འགྲོ་ལ་ལྷག་པར་སྙིང་རྗེ་བས༔ མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞག༔ ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབ༔ ཅེས་གསུངས་པ་ལྟར་བོད་གངས་ཅན་གྱི་སྐྱབས་གཅིག་གསུང་རྡོ་རྗེ་པདྨཱ་ཀ་རས་ལས་ཅན་རྗེ་འབངས་རྣམས་ལ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་བསྐོར་པ་དེ་ཐམས་ཅད་དབྱངས་ཅན་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་སོགས་ཀྱིས་མི་བརྗེད་པའི་གཟུངས་སུ་བཟུང་ཞིང་། ཤོག་གུ་རིགས་ལྔ་ལ་འཕྲུལ་གྱི་ཡི་གེར་བཏབ་སྟེ་བོད་ཡུལ་སྟོད་སྨད་ཀུན་ཏུ་གཏེར་དུ་སྦས་ཤིང་མི་འཇིགས་པའི་རྒྱས་བཏབ། རྡོ་རྗེའི་བདེན་ཚིག་གིས་མཚམས་སྦྱར། ཕྱིས་དུས་སུ་སོན་པ་ན་ལས་ཅན་སྤྲུལ་པའི་གང་ཟག་སོ་སོས་སྤྱོད་པར་ལུང་བསྟན་ཏེ་གསང་བའི་ཐེག་པ་ནུབ་པ་མེད་པའི་ཚུལ་གྱིས་འགྲོ་དོན་རླབས་པོ་ཆེ་མཛད་པ་ནི་སྔ་འགྱུར་གཏེར་མའི་ཆོས་སུ་གྲགས་པ་སྟེ། བཀའ་མ་ལས་ཀྱང་། བཀའ་བབ་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་གསུམ་གྱིས་ཁྱད་པར་དུ་བྱས་པ་སོགས་ཆེ་བ་དུ་མས་འཕགས་ཤིང་། དེ་ལྟར་ཟབ་གཏེར་གྱི་ཕྱོགས་ལས་སྒྱུ་འཕྲུལ་གྱི་མཚན་ཙམ་འཛིན་པའི་སྒྲུབ་ཐབས་ཁོལ་བུ་བྱོན་ཀྱང་དོན་དུ་ན་རཀ་དོང་སྤྲུགས་ཀྱི་ཆོ་ག་ཉི་ཚེ་བ་ཙམ་དུ་ཟད་ལ། རྒྱུད་དང་སྨིན་བྱེད་བསྐྱེད་རྫོགས་སོགས་བཀའ་མ་ཇི་ལྟ་བ་ལས་མན་ངག་གི་རིམ་པ་ཟབ་མོ་དུ་མས་ཁྱད་པར་དུ་བྱས་པ་མཁས་གྲུབ་རིག་འཛིན་བྱེ་བ་འབུམ་གྱིས་ཕྱག་བྱ་བར་འོས་པ་སྔོན་ཆད་གངས་རིའི་ལྗོངས་སུ་མ་བྱུང་བའི་ཟབ་ཆོས་འདི་ནི། བོད་དུ་མདོ་སྔགས་ཀྱི་བཤད་གྲྭ་སྒོམ་གྲྭ་ལེགས་པར་ཚུགས་པའི་རྗེས་ཐོག་ཏུ། ཨོ་རྒྱན་རིན་པོ་ཆེ་ལས་ཅན་དག་པའི་འཁོར་དང་བཅས་ཏེ་ཁམས་ཀྱི་སྟོད་སྨད་མཐའ་དག་ཞབས་ཀྱིས་གཅགས་ཤིང་བྱིན་གྱིས་རློབ་པའི་སྐབས་སུ། ཁམས་ཕྱོགས་གནས་ཆེན་ཉེར་ལྔའི་ཡ་གྱལ་གསུང་གི་ཡོན་ཏན་གྱི་གནས་མཆོག་ནམ་མཁའ་མཛོད་དུ་གསང་སྔགས་ཕྱི་ནང་ཐམས་ཅད་ཀྱི་ཡང་ཟབ་སྙིང་པོ་བཅུད་དུ་དྲིལ་བའི་གདམས་པ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས་ཏེ་སྨིན་གྲོལ་ལས་རབ་འབྱམས་དང་བཅས་པའི་གདམས་པ་དཔག་ཏུ་མེད་པ་གནང་། འཁོར་བཅས་ལོ་བདུན་ཏུ་སྒྲུབ་པ་མཛད་ཅིང་སོ་སོས་གྲུབ་པའི་རྟགས་ཁྱད་པར་ཅན་རེ་བསྟན་པའི་མཐར་ཕྱག་དཔེ་ཐམས་ཅད་ཤོག་བུ་རིགས་ལྔ་ལ་འཕྲུལ་གྱི་ཡི་གེར་བཏབ་སྟེ་གཏེར་གནས་བདུན་ཏུ་རྒྱས་བཏབ། རྩོད་དུས་སྙིགས་མ་སུམ་ཅུ་ཁ་རལ་གྱི་དུས་སུ་སྐྱེས་བུ་སོ་སོས་འདོན་པར་བཀའ་གཏད་སྨོན་ལམ་གྱིས་མཚམས་སྦྱར་ལ་དུས་སུ་སོན་ཏེ། ལྷ་སྲས་འབྲིང་པོ་དམ་འཛིན་མུ་རུབ་བཙད་པོའི་རྣམ་པར་འཕྲུལ་པ་སྤྲུལ་པའི་གཏེར་སྟོན་ཆེན་པོ་མཆོག་གྱུར་བདེ་ཆེན་གླིང་པས་སྐུའི་གསུང་གི་གནས་མཆོག་འོག་མིན་ཀརྨའི་རྒྱབ་ངོས་དམ་ཅན་བྲག་གི་གཡས་ཟུར་ནས་སྐལ་ལྡན་བདུན་གྱི་མཐོང་ལམ་དུ་གནམ་ལྕགས་ཀྱི་ཕུར་སྒྲོམ་ཁྲུ་གང་པ་ངོ་མཚར་བའི་ལྟས་དང་བཅས་སྤྱན་དྲངས་པ་ལས་བྱུང་བ་རྩ་བ་དང། སྤྲུལ་པའི་གནས་མཆོག་ནམ་མཁའ་མཛོད་ནས་གུ་རུའི་སྐུ་ཚབ། དམ་རྫས་རོལ་པ་ཆེན་པོ་སོགས་དང་ལྷན་ཅིག་སྤྱན་དྲངས་པའི་ཡན་ལག་མཐའ་རྒྱས་ཀྱི་སྐོར་བཅས་གུང་བསྡེབས་པས་སྔོན་ཆད་ས་སྟེང་དུ་མ་བྱུང་བའི་དམ་ཆོས་ཟབ་པ་སྐོར་བདུན་ཏུ་གྲགས་པ་ངོ་མཚར་རྨད་དུ་བྱུང་བའི་ཆོས་སྡེ་ཆེན་པོའི་མཆོག་རབ་ཕུལ་དུ་གྱུར་པ་ལས་རྒྱུད་ཀྱིས་ཟབ་པ་སྒྱུ་འཕྲུལ་དྲྭ་བ་ལའང་རྩ་བ་ལྕགས་བྱང་དང་སྙིང་པོ་ཟངས་བྱང་གི་ཆོས་སྡེ་གཉིས་སུ་བཞུགས་པ་ལས། འདིར་ནམ་མཁའ་མཛོད་ནས་བྱོན་པའི་ཟབ་ཆོས་སྒྱུ་འཕྲུལ་ལུང་གི་སྙིང་པོར་དྲིལ་བ་ཟངས་བྱང་མའི་སྐོར་ལས། ཞི་བ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །འདི་ལྟར་མ་དག་པའི་དངོས་པོར་འཛིན་པ་ལ་གསང་སྔགས་ཟབ་མོ་འཆད་པའི་སྣོད་དུ་རུང་བ་མ་ཡིན་པས། ས་ཕྱོགས་འདི་དག་འོག་མིན་རྡོ་རྗེ་དབྱིངས་ཀྱི་ཞིང་ཁམས་ཆེན་པོར་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོའི་སྐུར་གསལ་བ་དང་། ཁྱེད་རང་རྣམས་ཀྱང་དཔལ་རྡོ་རྗེ་སེམས་དཔའི་རྣམ་པས་འཁོད་པར་མོས་ཤིག །བཞི་པ་མིག་དགབ་པ་ནི། ཁྱེད་རང་རྣམས་སྔོན་ཆད་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་དུ་མ་ཞུགས་པའམ་བསྐྱར་ནས་འཇུག་པའི་མཚོན་བྱེད་དུ་དར་ཡུག་དམར་པོས་གདོང་དགབ་པའི་མོས་པ་མཛོད། ཨོཾ་ཙཀྵུརྦནྡྷ་བཱ་ར་མ་ཎཱ་ཡ་ཧཱུྃ། ཞེས་མིག་དར་སྦྱིན། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་ཏུ་ཨུ་དུམྦ་ར་ལ་སོགས་པ་མཆོག་གི་མེ་ཏོག་སྣ་ལྔའི་ཕྲེང་བ་ཕྱག་ཏུ་ཐོགས་པར་མོས་ཤིག །ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་མེ་ཏོག་གཏད། ལྔ་པ་གསོལ་བ་གདབ་པ་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མི་ཕྱེད་པ་ལ་མོས་གུས་དྲག་པོས་སྙིམས་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། མགོན་པོ་སངས་རྒྱས་ཀུན་བདག་ཉིད༔ བརྩེ་བས་བདག་ལ་དགོངས་སུ་གསོལ༔ ཚེ་གཅིག་སངས་རྒྱས་ཐོབ་པའི་ཕྱིར༔ གསང་སྔགས་དཀྱིལ་འཁོར་བསྟན་དུ་གསོལ༔ ལན་གསུམ། དྲུག་པ་དྲིས་ལན་ནི། སློབ་དཔོན་ཀྱིས། གསང་སྔགས་དོན་དུ་གཉེར་བ་ཡི༔ སྐལ་བཟང་ཁྱོད་ནི་ཅི་ལ་དགའ༔ ཞེས་དྲིས་པ་ལ་ལན་བཏབ་པ་འདིའི་རྗེས་ཟློས། སྐལ་པ་བཟང་པོ་བདག་ཉིད་ནི༔ བདེ་བ་ཆེན་པོའི་ཡེ་ཤེས་ནི༔ དཀྱིལ་འཁོར་ཆེན་པོ་དག་ལ་དགའ༔ སྙིང་པོའི་ཡེ་ཤེས་མྱུར་གནང་གསོལ༔ བདུན་པ་ལུས་དབུལ་བ་ནི། ཁྱེད་རང་རྣམས་ལངས་ལ་ཐལ་མོ་སྤྱི་བོར་སྦྱར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་མངོན་དུ་ཐོབ་པ་དང་། ཐོབ་པའི་སྣོད་དུ་རུང་བ་དང་། སེམས་ཅན་གྱི་དོན་མཐར་ཕྱིན་པའི་སླད་དུ་འདས་པའི་སངས་རྒྱས་རྟོགས་པ་མངོན་གྱུར་རྣམས་དང་། ད་ལྟའི་སངས་རྒྱས་བླ་མ་དང་། མ་འོངས་པའི་སངས་རྒྱས་སེམས་ཅན་ཏེ་དུས་གསུམ་གྱི་རྒྱལ་བ་ལ་ལུས་དབུལ་བའི་མོས་པས་འདིའི་རྗེས་ཟློས། ན་མསཏྲཻ་ཀཱ་ལ་དྷྭི་ཀཱ་ནཱཾ༔ སརྦ་ཏ་ཐཱ་ག་ཏ་མ་མ་ཀཱ་ཡ་པཱུ་ཛ་ཧོ༔ བརྒྱད་པ་བགེགས་བསྐྲད་པའི་སྔོན་འགྲོ་ཚེ་སྲུང་བ་ནི། སློབ་བུའི་དུང་ཁང་ཟླ་གམ་སྒོ་གཅིག་པའི་ནང་དུ་ཚེ་མི་འགྱུར་བར་བྷྲཱུྃ་ཧཱུྃ་ཡིག་གིས་རྒྱས་བཏབ་པར་གྱུར༔ བྷྲཱུྃ་ཧཱུྃ་ཏྲཱུཾ༔ ལག་གཉིས་ཁུ་ཚུར་མཛུབ་མོ་བརྐྱང་བ་བསྣོལ་ཏེ་སྤྱི་བོར་སྟེང་འོག་རེས་མོས་སུ་བཞག །སློབ་དཔོན་ཞེ་སྡང་རྡོ་རྗེར་གསལ་བའི་སྐུ་ལས་རྡོ་རྗེའི་རྡུལ་ཕྲ་རབ་ཏུ་འཕྲོས་པས་སློབ་བུའི་ལུས་ཟང་ཐལ་དུ་འབིགས་ཤིང་བགེགས་རྣམས་རྒྱང་རིང་དུ་བསྐྲད་པར་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧཱུྃ༔ གུ་གུལ་ཡུངས་ཐུན་སོགས་ཀྱིས་བསྐྲད། དགུ་པ་སྒྲིབ་པ་སྦྱོང་བ་ནི། སློབ་དཔོན་གྱི་ཐལ་མོ་གཡས་པ་ཉི་མ། གཡོན་པ་ཟླ་བའི་དཀྱིལ་འཁོར་དུ་གསལ་བའི་གཡས་པར་ཡབ་ལྔའི་ས་བོན། གཡོན་པར་ཡུམ་ལྔའི་ས་བོན་ཏེ་ཡིག་འབྲུ་བཅུ་པོས་མཚན་པ་རྣམས་ལས་འོད་ཟེར་འཕྲོས་པས། སློབ་བུའི་སྡིག་སྒྲིབ་དབང་གི་གེགས་རྣམས་སྦྱང་བར་གྱུར། ཐལ་མོ་སྦྱར་ཞིང་སྤྲུགས་ལ། ཨེ་ཝཾ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ སརྦ་པཱ་པཾ་པྲ་བེ་ཤ་ཡ་ཕཊ༔ ཏིལ་སྦྱོང་ནི། མེ་ལོང་ཏིལ་ནག་ལ་རླུང་འབུད། མེ་ཆུ་འདུ་བྱས་ལ། ཁྱེད་རང་རྣམས་ཀྱི་ལྟེ་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར། ལྟེ་བར་རཾ་ལས་གཏུམ་མོ་ཡེ་ཤེས་ཀྱི་མེ། སྙིང་གར་ཀཾ་ཡིག་ནག་པོ་ལ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་འདུས་པས་སྡིག་པའི་གཟུགས་སུ་གྱུར་པ། བར་རླུང་དགང་བའི་རྐྱེན་གྱིས་རླུང་གཡོས། གཏུམ་མོ་སྦར། སྡིག་པ་དེད་དེ་སྣ་སྒོ་ནས་ཐོན། མདུན་གྱི་ཏིལ་ལ་ཐིམ་པར་གྱུར། ཏིལ་ནག་མཐེབ་སྲིན་གྱིས་བླང་། གཡས་གཡོན་དུ་ལན་གསུམ་གསུམ་བསྐོར་ནས་མེ་ཆུར་སྦྱངས་ཏེ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། གཡས་སུ་ཡེ་ཤེས་ཀྱི་མེར་བསྲེགས། གཡོན་དུ་ཆོས་ཉིད་རྒྱ་མཚོར་དོར་བས་བྱང་ཞིང་དག་པར་གྱུར། བཅུ་པ་གོ་བསྒོ་བ་ནི། སློབ་བུ་སྒྲིབ་པ་དང་བྲལ་བའི་ལུས་འོད་ཀྱི་རང་བཞིན་རྡོ་རྗེ་སེམས་དཔའི་སྐུར་གྱུར་པའི་གནས་དྲུག་ཏུ་ཐུབ་པ་དྲུག་གི་ཕྱག་མཚན་དང་། གནས་ལྔར་རིགས་ལྔའི་ཕྱག་རྒྱ་རྣམས་ཀྱི་གོ་དང་ལྡན་པར་གྱུར། སྤྱི་བོར། ཀྲིཾ་ཏྲུཾ༔ ལྟག་པར། ཧཱུྃ་ཏྲུཾ༔ སྙིང་གར། སྲུཾ་ཏྲུཾ༔ ལྟེ་བར། པྲཾ་ཏྲུཾ༔ གསང་བར། ཀྵཾ་ཏྲུཾ༔ རྐང་མཐིལ་དུ། ཡེ་ཏྲུཾ༔ དཔྲལ་མགྲིན་སོགས་སུ། ཨོཾ་ཏྲུཾ༔ ཧཱུྃ་ཏྲུཾ༔ ཏྲཱཾ་ཏྲུཾ༔ ཧྲཱིཿཏྲུཾ༔ ཨཱཿཏྲུཾ༔ ཞེས་བརྗོད་ལ་སྔར་བཤད་ཕྱག་རྒྱས་རིམ་པར་དགྲམ། བཅུ་གཅིག་པ་དཀྱིལ་འཁོར་གྱི་ལྷ་ལ་གསོལ་ཞིང་ཞུ་བ་ནི། སློབ་དཔོན་བཞེངས་ལ། ཧཱུྃ༔ སྒྱུ་འཕྲུལ་དྲྭ་བའི་ཚུལ་སྟོན་པ༔ འཁོར་ལོས་སྒྱུར་བ་དགོངས་སུ་གསོལ༔ སྙིང་པོའི་དཀྱིལ་འཁོར་འཇུག་འདོད་ཅིང༔ བདེ་བ་ཆེན་པོར་མོས་པ་ཡི༔ སྐལ་ལྡན་སློབ་མ་འཇུག་སྤྲོ་བས༔ སྔོན་ཚེ་སྒྱུ་འཕྲུལ་རྒྱུད་བསྟན་ཚེ༔ ཡེ་ཤེས་འཁོར་ལོ་བསྐྱེད་པ་ལྟར༔ དེ་རིང་སློབ་མ་བཟུང་དུ་གསོལ༔ ཞེས་གསོལ་བ་ལ་གཙོ་བོའི་ཞལ་ནས། སྙིང་པོའི་དཀྱིལ་འཁོར་འདི་ཉིད་དུ༔ བདེ་ཆེན་སྒྱུ་འཕྲུལ་དྲྭ་བར་བརྟེན༔ འདི་ལ་འཇུག་པར་སྤྲོ་བ་དང༔ བདེ་བ་ཆེན་པོ་ལ་མོས་པ༔ བདེ་ཆེན་རྡོ་རྗེ་འདིར་བོས་ཤིག༔ ཅེས་གནང་བ་བསྩལ་པར་གྱུར༔ བཅུ་གཉིས་པ་དམ་ཚིག་འབོག་པ་ནི། སྙིང་པོའི་དཀྱིལ་འཁོར་འདི་ཉིད་དུ༔ ཞུགས་ཀྱང་དམ་ཚིག་མ་བསྲུང་ན༔ ན་རཀ་གནས་ནས་ཐར་དུས་མེད༔ སྒྱུ་འཕྲུལ་རྒྱུད་ནས་གང་གསུངས་པའི༔ དམ་ཚིག་སྡོམ་པ་ཚུལ་བཞིན་བསྲུང༔ དེ་ཡིས་དངོས་གྲུབ་ཁྱད་པར་ཉེ༔ སྐབས་འདིར་ཤེས་ཤིང་སྤྲོ་ན་དམ་ཚིག་ཉེར་བརྒྱད་རྒྱས་པར་བཤད། རྒྱུད་ལས་ཇི་སྐད་གསུངས་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས། ལྷ་དང་སློབ་དཔོན་དགོངས་སུ་གསོལ༔ དེ་རིང་བུ་ཡི་དཔང་པོ་མཛོད༔ མི་སྤང་དང་ལེན་ཤེས་བྱ་དང༔ བསྒྲུབ་པར་བྱ་དང་སྤྱད་པར་བྱ༔ ཉི་ཤུ་ལྔ་དང་ཁྱད་པར་དུ༔ སྐུ་ལྔ་གསུང་གསུམ་ཐུགས་བཅུ་དང༔ མི་བསྲུང་སྲུང་བ་ཆེན་པོ་རྣམས༔ ཆོས་སྐུའི་རྒྱལ་སྲིད་མ་ཐོབ་བར༔ བདག་གིས་ཡོངས་སུ་བཟུང་བར་བགྱི༔ སློབ་དཔོན་གྱིས་བཀའ་བསྒོ་བ་ནི། དེ་ལྟར་ཡིན་ན་སྒྱུ་འཕྲུལ་གྱི༔ དལ་དུ་གཞུག་ཅིང་སྨིན་པར་བྱ༔ རྡོ་རྗེ་གསོར་ཞིང་སྤྱི་བོར་བཞག་ལ། ཨོཾ༔ ང་ནི་མི་བསྐྱོད་རྒྱལ་པོ་སྟེ༔ ང་ལ་བརྙས་པར་མ་བྱེད་ཅིག༔ ཉམས་ན་དམྱལ་བར་ལྟུང་འགྱུར་བས༔ ང་ལ་གུས་པ་ཚུལ་བཞིན་གྱིས༔ ཨོཾ་བཛྲ་ས་མ་ཡ་ཏིཥྛ༔ རྡོ་རྗེ་མགྲིན་པར་བཞག་ལ། ཨཱ༔ ང་ནི་མི་བསྐྱོད་རྒྱལ་པོ་ཡིན༔ ང་ཡིས་བསྒོ་བའི་བཀའ་ལ་ཉོན༔ བླ་མེད་ཡང་གསང་དཀྱིལ་འཁོར་འདིར༔ དེ་རིང་ཕྱིན་ཆད་དམ་མེད་ལ༔ རླུང་ཕྱོགས་ཙམ་ཡང་བསྒྲག་མི་རུང༔ ཉམས་ན་དམྱལ་བར་ལྟུང་འགྱུར་བས༔ ང་ལ་གུས་པ་ཚུལ་བཞིན་གྱིས༔ ཨཱཿབཛྲ་ས་མ་ཡ་ཏིཥྛ༔ རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ ང་ནི་མི་བསྐྱོད་རྒྱལ་པོ་ཡིན༔ ང་ལ་ལོག་པར་ལྟ་བ་ནི༔ སྐད་ཅིག་ཙམ་ཡང་བྱ་མི་རུང༔ ཉམས་ན་དམྱལ་བའི་གནས་སུ་ལྟུང༔ ང་ཡི་ཡོན་ཏན་དྲན་པར་གྱིས༔ ཧཱུྃ་བཛྲ་ས་མ་ཡ་ཏིཥྛ༔ ཁེ་ཉེན་གྱི་སྒོ་ནས་དམ་ལ་བཞག་པ་ནི། ཕྲེང་བ་དང་བཅས་པའི་རྡོ་རྗེ་མགོར་བཞག་ལ། དམ་ཚིག་ཆེན་པོ་འདི་བསྲུང་གཅེས༔ མ་བསྲུང་ན་རག་གནས་སུ་ལྟུང༔ ཁྲི་དྲུག་སྡུག་བསྔལ་མྱོང་བར་འགྱུར༔ དེ་བས་དམ་ཚིག་ཐུབ་པར་སྲུངས༔ ཚུལ་བཞིན་བསྲུང་བའི་ནུས་པ་ནི༔ སྒོམ་དང་སྒྲུབ་པར་མ་བྱས་ཀྱང༔ འཆི་བའི་དུས་བྱེད་གྱུར་པ་ན༔ ཆོས་སྐུའི་རྒྱལ་སྲིད་ཐོབ་པར་འགྱུར༔ ཨེ་མ་སྐལ་ལྡན་དམ་ཚིག་སྲུངས༔ ས་མ་ཡ་ན་ར་ཀན༔ སྔར་བྱིན་གྱིས་བརླབས་པའི་ཐོད་ཆུ་བྱིན་ལ་ཆུ་ནན་བྱ་བ་ནི། ཧཱུྃ འདི་ནི་རྡོ་རྗེའི་དམ་ཚིག་ཆུ༔ གལ་ཏེ་དམ་ཚིག་ཉམས་གྱུར་ན༔ རཀྴ་ལྕགས་སྡིག་མགོ་དགུ་པས༔ ཁྱོད་ཀྱི་སྙིང་ནི་འཇིབ་པར་འགྱུར༔ སྲོག་གཅོད་དམྱལ་བའི་གནས་སུ་ཁྲིད༔ དམ་ཚིག་མཆོག་ཏུ་བསྲུང་བ་ན༔ ཡེ་ཤེས་སེམས་དཔའ་ཚོན་གང་པ༔ སྙིང་ལ་ཡང་དག་གནས་ནས་ཀྱང༔ ཐར་པའི་གནས་སུ་ཁྲིད་པར་བྱེད༔ དེ་བས་བདུད་རྩིའི་ཆུ་འཐུངས་ཤིག༔ ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་བཛྲ་པཉྩ་ཨ་མྲྀཏ་ཋཿཋཿཋ༔ དེ་ལྟར་དམ་ཚིག་རྡོ་རྗེའི་ཆུ་འདི་སྙིང་གི་དབུས་སུ་བབས་ནས། དམ་ཚིག་མ་བསྲུང་ན་ལྕགས་སྡིག་མགོ་དགུ་པར་གྱུར་ནས་འདི་ཕྱིར་སྡུག་བསྔལ་མྱོང་བར་བྱེད་ལ། དམ་ཚིག་བསྲུང་ན་རྡོ་རྗེ་སེམས་དཔར་གྱུར་ནས་བྱིན་གྱིས་བརླབ་ཅིང་དགེ་དགུ་དང་སྨོན་བརྒྱད་ཐམས་ཅད་འགྲུབ་པར་འགྱུར་རོ། །དམ་ཚིག་མཆོག་ཏུ་མི་བསྲུང་ན༔ ད་ལྟ་ཉིད་དུ་དྲལ་ཏེ་གཤེགས༔ དེ་བས་དམ་ཚིག་བསྲུང་བ་ལ༔ བུ་ཁྱོད་སྙིང་ནས་བྲོ་བོར་ཅིག༔ དེ་ལྟར་བསྒོས་པའི་བཀའ་ལས་མི་འདའ་བའི་བློས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། རྡོ་རྗེ་འཇུར་བཅུག་ལ། མི་བསྐྱོད་རྒྱལ་པོས་བཤད་པ་ཡི༔ དམ་ཚིག་སྲོག་ལ་བབ་ཀྱང་བསྲུང༔ གལ་ཏེ་བདག་གིས་ཉམས་གྱུར་ན༔ དུས་གསུམ་རྒྱལ་བའི་རྡོ་རྗེ་ཡིས༔ བདག་གི་མགོ་བོ་འགེམ་པར་ཤོག༔ བཛྲ་ས་མ་ཡ་ཨི་དན་ན་ར་ཀན༔ བཅུ་གསུམ་པ་མེ་ཏོག་དོར་བ་ནི། རིགས་ལྔའི་ཕྱག་མཚན་བྲིས་པའི་དཀྱིལ་འཁོར་འདུ་བྱས་ལ། ངས་ནི་མི་བསྐྱོད་རྒྱལ་པོ་ཡིས༔ གསང་སྔགས་གསུངས་པ་ཚུལ་བཞིན་བཤད༔ ཁྱོད་ཀྱི་རིགས་ནི་བརྟགས་པའི་ཕྱིར༔ རིག་པའི་མེ་ཏོག་ལྷ་ལ་ཕུལ༔ དཀྱིལ་འཁོར་ལ་གཡས་སུ་བསྐོར་ཏེ་མེ་ཏོག་ཤར་སྒོ་ནས་དོར་བའི་མོས་པ་དང་། དངོས་སུ་མཎྜལ་གྱི་ར་བར་རྒྱལ་བ་རིགས་ལྔའི་ལྷ་ཚོགས་ཚོམ་བུ་དང་བཅས་པ་གསལ་བར་བཞུགས་པ་ལ་སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་སྔོན་ནས་འབྲེལ་པའི་རིགས་ཀྱི་ལྷ་ལ་ཕོག་པར་ཤོག་ཅིག་པའི་འདུན་པས་འདིའི་རྗེས་ཟློས་དང་བཅས་ཏེ་དོར་བར་ཞུ། བསྐལ་པ་སྔོན་ནས་གང་འབྲེལ་བའི༔ རིགས་ཀྱི་དཀྱིལ་འཁོར་དེ་ཉིད་ལ༔ རིག་པའི་མེ་ཏོག་འདི་ཕུལ་བས༔ ཡི་དམ་ལྷ་དང་འཕྲད་པར་ཤོག༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་དོར་བས་དབུས་སུ་བབས་ན་རྡོ་རྗེའི་རིགས་ཏེ་གསང་མཚན་རྡོ་རྗེ་སྙིང་པོ༔ ཤར་དུ་དེ་བཞིན་རིགས་ཏེ༔ ཡེ་ཤེས་སྙིང་པོ༔ ལྷོར་རིན་ཆེན་རིགས་ཏེ༔ རིན་ཆེན་སྙིང་པོ༔ ནུབ་ཏུ་པདྨའི་རིགས༔ པདྨ་སྙིང་པོ༔ བྱང་དུ་ལས་ཀྱི་རིགས༔ ལས་རབ་སྙིང་པོ༔ དེ་བཞིན་དུ༔ མོ་ལ་རྡོ་རྗེ་བདེ་བ་མ་སོགས་རིག་པས་འཕྲུལ་ལ་བཏགས། རང་རིགས་ཀྱི་ལྷས་བཞེས་ཏེ་ཅོད་པན་སླར་སྤྱི་བོར་བཅིངས་པར་མོས་ཤིག །སྙིང་པོའི་དཀྱིལ་འཁོར་འདི་ཉིད་དུ༔ མེ་ཏོག་ཕུལ་བའི་བྱིན་རླབས་ཀྱིས༔ རང་རིག་ལྷ་རུ་ངོ་འཕྲོད་དེ༔ རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག༔ ཞི་སྙིང་མཐར། བུདྡྷ་བཛྲ་རཏྣ་པདྨ་ཀརྨ་སརྦ་སིདྡྷི་སཏྭཾ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ ཞེས་ཅོད་པན་སྤྱི་བོར་བཞག །བཅུ་བཞི་པ་ལྷ་དབབ་པ་ནི། ཁྱེད་རང་ལུས་གནད་དྲང་པོར་བསྲང་། རླུང་རང་བབས་སུ་བཞག་ལ་དམིགས་པ་འདི་ལྟར་དུ་མཛོད་ཅིག །སྙིང་གི་ནང་དུ་སྔར་དམ་ཚིག་གི་ཆུ་ནན་བྱས་པ་དེ་ཉིད་ཡེ་ཤེས་པ་རྡོ་རྗེ་སེམས་དཔའ་ཚོན་གང་བ་དཀར་པོ་ཞལ་ཕྱག་ཕྱག་མཚན་ཡོངས་སུ་རྫོགས་པ་འབར་ཞིང་གསལ་བ་ལ་རིག་པ་གཏད་དེ་སྐད་ཅིག་ཀྱང་མ་ཡེངས་པར་གྱིས་ཤིག །སློབ་དཔོན་ལ་མོས་གུས་དུང་བྱས་པའི་རྐྱེན་གྱིས་ལྷ་དང་སློབ་དཔོན་གྱི་ཐུགས་ཀ་ནས་སྐུ་ཕྱག་རྒྱ༔ གསུང་ཡིག་འབྲུ༔ ཐུགས་ཕྱག་མཚན་རྣམས་ཁ་ཆར་བབས་པ་ལྟར་བྱོན༔ སློབ་བུའི་སྙིང་ཁ་ཕྱེས་པའི་སྒོ་ནས་ཞུགས། ཡེ་ཤེས་སེམས་དཔའ་ལ་ཐིམ་ཞིང་ལུས་ཀྱི་ནང་ཐམས་ཅད་ཀྱང་མེར་ཁྲིག་གེར་གང་བར་གྱུར༔ སྙིང་པོའི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨཱ་བེ་ཤ་ཨཱ་བེ་ཤ༔ ཞེས་བརྗོད། རོལ་མོ་དྲག་ཏུ་དཀྲོལ། ཤ་ཆེན་དང་གུ་གུལ་སྦྱར་བ་བདུག་པས་ལུས་ངག་ཡིད་གསུམ་ལ་ཡེ་ཤེས་པ་ཕེབ་པའི་རྟགས་འབྱུང་ངོ་། །བཅོ་ལྔ་པ་ལ་དབྱེ་བ་གཉིས་ལས་མིག་དབྱེ་བ་ནི། མ་རིག་པའི་མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཐབས་མཁས་རྒྱལ་པོ་དགོངས་སུ་གསོལ༔ སྙིང་པོའི་དཀྱིལ་འཁོར་བལྟ་བྱའི་ཕྱིར༔ སྔོན་གྱི་རྒྱལ་བས་མཛད་པ་བཞིན༔ མ་རིག་མིག་ནི་དབྱེ་རུ་གསོལ༔ ཞེས་ཞུ། དབང་ཕྱུག་གི་ཐུགས་ཀ་ནས་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་འཕྲོས་ཏེ། བུའི་མ་རིག་པའི་ལིང་ཏོག་བསལ་བས་དྲི་མེད་ཡེ་ཤེས་ཀྱི་སྤྱན་ཐོབ་པར་མོས་ཤིག །ཐུར་མ་ཐོགས་ལ། རྡོ་རྗེ་སེམས་དཔས་དེང་ཁྱོད་ཀྱི༔ མིག་འབྱེད་པར་ནི་བརྩོན་པར་མཛད༔ ཕྱེ་བས་ཐམས་ཅད་མཐོང་གྱུར་ཏེ༔ ཡེ་ཤེས་མིག་དང་ལྡན་པར་འགྱུར༔ ཛྙཱ་ན་བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ། སྒོ་དབྱེ་བ་ནི། དེ་དག་གིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པ་སོང་ནས། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དངོས་ལ་འཇུག་པའི་ཕྱིར་སྒོ་དབྱེ་བ་ནི། དབང་ཕྱུག་གི་ཐུགས་ཀ་ནས་ལས་ཀྱི་སེམས་དཔའ་འཕྲོས་ཏེ་སྒོ་སྲུང་ལ་བསྐུལ་ནས། ཕོ་བྲང་གི་སྒོ་བཞི་ཤག་གིས་ཕྱེས་པར་མོས་ཤིག །སྙིང་པོ་མཆོག་གི་གྲོང་ཁྱེར་དུ༔ རྡོ་རྗེའི་སློབ་མ་གཞུག་བྱའི་ཕྱིར༔ ཡེ་ཤེས་སྐུ་མངའ་སྒོ་བ་ཡིས༔ རྣམ་ཐར་ཐུགས་རྗེའི་སྒོ་དབྱེ་འཚལ༔ བཛྲ་རཏྣ་པདྨ་ཀརྨ་བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ བཅུ་དྲུག་པ་དཀྱིལ་འཁོར་བསྟན་ནས་ངོ་སྤྲད་པ་ནི། རྡོ་རྗེའི་ཕྱག་ཤིང་གིས་མཚོན་ཏེ། འདི་ན་སྙིང་པོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་འདི་རྣམས་ཡེ་ནས་རང་བཞིན་རྣམ་པར་དག་པ་དྭངས་གསལ་སྒྲིབ་མེད་དུ་བཞུགས་ཤིང༔ དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཕོ་བྲང༔ ཡུམ་གྱི་མཁའ༔ བླ་ན་མེད་པ་བདེ་བའི་ཡེ་ཤེས་ཀྱི་རྒྱན་ཐམས་ཅད་ཀྱིས་འཐུག་པོར་བརྒྱན་པ༔ གཞི་ལྷུན་གྱིས་གྲུབ་པ༔ ལམ་རྣམ་པར་སྦྱང་བའི་གདན་ཁྲི་རྣམས་ཀྱི་སྟེང་དུ༔ གཞི་ལམ་འབྲས་བུ་སྨིན་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ༔ རབ་ཏུ་ཤེས་པ་དང༔ རྟོགས་པ་ཙམ་གྱིས་འབྲས་བུ་བླ་ན་མེད་པ་སྐྱེད་པར་བྱེད་པ་ལགས་པས་དགའ་བ་དང་སྤྲོ་བ་རྒྱ་ཆེན་པོ་དང་ལྡན་པར་གྱིས་ཤིག༔ བཅུ་བདུན་པ་བསྐྱེད་རིམ་འབོགས་པ་ནི། ཁྱོད་ཀྱིས་དཔལ་མི་བསྐྱོད་རྒྱལ་པོ་དཀྱིལ་འཁོར་དབུས་ནས་མཐོང་བ་འདི་ལྟ་བུ་སྣང་སྟོང་སྒྱུ་མ་ཙམ་དུ་བསྒོམ་པ་དང༔ གཞན་ཡང་འཁོར་གྱི་ལྷ་རྣམས་དང་ཕོ་བྲང་འདི་ལྟ་བུ་བསྒོམས་པས་ཁྱོད་དུས་འདི་ཉིད་དུ་སྙིང་པོའི་དཀྱིལ་འཁོར་འདི་ལྟ་བུར་ལྷུན་གྱིས་གྲུབ་པར་གདོན་མི་ཟའོ༔ ཞེས་གདམས། བཅོ་བརྒྱད་པ་ཕྱག་བྱ་བ་ནི། ཁྱེད་རང་རྣམས་ལས་ཀྱི་རྡོ་རྗེས་ཁྲིད་དེ་དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་ཕྱག་བྱས་པས་ཕྱོགས་རེ་རེ་བཞིན་ལྷ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སྒོ་གསུམ་གྱི་སྒྲིབ་པ་སྦྱངས། སྐུ་གསུམ་གྱི་དངོས་གྲུབ་ཐོབ་པར་མོས་ལ་ཐལ་མོ་གནས་གསུམ་དུ་སྦྱོར་ལ་འདིའི་རྗེས་ཟློས། ཨོཾ་ན་མ་སྟེ་ཧཱུྃ༔ ན་མཱ་མི་ཧཱུྃ༔ ན་མོ་ན་མཿཧཱུྃ༔ ལན་བཞི་བརྗོད། དེ་རྣམས་ཀྱིས་སྔོན་འགྲོ་འཇུག་པའི་ཆོས་འཁོར་དང་བཅས་པ་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གཙོ༔ བདག་ལ་ཐུགས་རྗེས་བརྩེ་བར་དགོངས༔ ཉོན་དག་ཡེ་ཤེས་བསྐྱེད་པ་ཡི༔ དབང་བསྐུར་བ་ནི་བསྩལ་དུ་གསོལ༔ ལན་གསུམ། གཉིས་པ་དབང་དངོས་ལ་གསུམ། ཕྱི་ཕན་པ། ནང་ནུས་པ། གསང་བ་ཟབ་མོའི་དབང་བསྐུར་བའོ། །དང་པོ་ནི། དེའང་ཐོག་མར་སློབ་མ་དད་པ་ཅན་ལ་ཕྱི་ཕན་པའི་དབང་བཅུ་སྦྱིན་པར་གསུངས་པ་ལྟར་སོ་སོའི་རབ་ཏུ་གནས་པ་དང་བཅས་ཏེ་རེ་རེ་བཞིན་བསྐུར་བ་ཡིན་པས་འདུན་པ་འདི་བཞིན་དུ་མཛོད་ཅིག །དང་པོ་རིགས་ལྔའི་ཕྱག་མཚན་ས་བོན་གྱིས་མཚན་པ་ཐོགས་ལ། སྙིང་པོ་ཕྱག་མཚན་རིགས་ལྔར་གསལ༔ བདུད་རྩི་ལྔ་ཡི་ཁམས་ལ་བསྟིམ༔ ཧཱུྃ༔ སྙིང་པོ་ལྔ་ཡི་དབང་བསྐུར་བས༔ ཁམས་ལྔའི་དྲི་མ་རྣམ་དག་ནས༔ འབྲས་བུ་ལྔ་ཡི་ཆོས་ཐམས་ཅད༔ མངོན་དུ་བྱེད་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ དཔྲལ་མགྲིན་སྙིང་ག་ལྟེ་བའི་གཡས་གཡོན་རྣམས་སུ་བཞག །གཉིས་པ་དབུ་རྒྱན་ཐོགས་ལ། དབུ་རྒྱན་རིན་འབྱུང་ལས་བྱུང་བ༔ མགོ་ལ་བཀོན་ཏེ་ཁང་བུར་གྱུར༔ སྭཱ༔ སངས་རྒྱས་ཀུན་གྱི་རཏྣ་ཆེ༔ དཔག་ཏུ་མེད་པའི་འོད་དང་ལྡན༔ རིགས་མཆོག་ཕྱག་རྒྱ་ལྔ་ལྡན་པས༔ ཁམས་གསུམ་བདག་པོར་དབང་བསྐུར་རོ༔ ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱཾ༔ དབུ་རྒྱན་མགོར་བཅིང་། ཕྱག་སོར་རིགས་ལྔ་ཡབ་ཡུམ་བཅུ༔ སྦྱོར་བའི་བྱང་སེམས་གནས་ལྔར་ཐིམ༔ ཚོགས་བརྒྱད་རྣམ་དག་ཡེ་ཤེས་ལྔ༔ སྤྲུལ་སྐུ་རིགས་ལྔས་དབུ་བརྒྱན་གྱུར༔ རིགས་ལྔའི་ཕྱག་རྒྱ་མགོ་བོའི་གནས་ལྔར་བཞག་ལ། ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ གསུམ་པ་རྣམ་བུམ་ཐོགས་ལ། རིགས་ལྔ་ཡབ་ཡུམ་བུམ་པའི་རང་བཞིན་གྱུར༔ བུམ་ཆུ་རྩ་གནས་ཐིག་ལེས་གང་ལ་ཐིམ༔ ཧཱུྃ༔ བུམ་པ་ཟླུམ་པོའི་ཕོ་བྲང་དུ༔ སྣོད་བཅུད་མ་ལུས་ཀུན་བསྡུས་ནས༔ ཐིག་ལེ་ཆེན་པོར་རྒྱས་བཏབ་ནས༔ སེམས་ཅན་ཐམས་ཅད་སངས་རྒྱས་ཡིན༔ ཨོཾ་བཛྲ་བུདྡྷ་རཏྣ་པདྨ་ཀརྨ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨཱ༔ བུམ་པ་མགོར་བཞག །བུམ་ཆུ་སྦྱིན། བཞི་པ་དར་དམར་མཐིང་གི་ཅོད་པན་ཐོགས་ལ། མི་བསྐྱོད་པ་དང་སྣང་མཐའ་ཡས༔ མཐིང་དམར་ཅོད་པན་རྣམ་པ་རུ༔ འཕུར་དཔྱངས་རོ་རྐྱང་གཉིས་ལ་བསྟིམ༔ ཧཱུྃ༔ ཁམས་གསུམ་ཀུན་གྱི་དབང་ཕྱུག་ཆེ༔ སྲིད་གསུམ་ཆོས་ཀྱི་རྒྱལ་སྲིད་དབང༔ གདུག་པ་ཅན་རྣམས་ཟིལ་གནོན་པའི༔ ཆོས་ཀྱི་རྒྱལ་པོར་དབང་བསྐུར་རོ༔ ཨོཾ་བཛྲ་ཨཱརྻ་ལམ་བོ་དྷ་ར་ཨ་བྷི་ཥིཉྩ་ཧྲཱིཿཧྲཱི༔ མགོ་བོའི་གཡས་གཡོན་དུ་དཔྱངས། ལྔ་པ་ཕྲེང་བ་དྲྭ་མིག་ཅན་ཐོགས་ལ། རིན་འབྱུང་འོད་ཞུ་ཕྲེང་བར་གྱུར༔ སྤྱི་བོའི་སོ་གཉིས་ཐིག་ལེར་ཐིམ༔ ཏྲཱཾ༔ གཟུངས་དང་ཏིང་འཛིན་རྒྱུ་འབྲས་ཆོས༔ བྱང་ཆུབ་ཕྱོགས་རྣམས་ཤེས་རབ་རྒྱན༔ མི་འཇིགས་སྟོབས་དང་དཔེ་བྱད་མཚན༔ འབྲས་བུ་རྫོགས་པར་དབང་བསྐུར་རོ༔ ཨོཾ་རཏྣ་མཱ་ལྱ་ཨ་བྷི་ཥིཉྩ་ཏྲཱཾ་ཏྲཱཾ༔ མགོར་བཅིང་། དྲུག་པ་གོ་ཆ་ཐོགས་ལ། དོན་གྲུབ་རྡོ་རྗེའི་གོ་རུ་གྱུར༔ ལུས་ཀྱི་རྩ་ཡི་དྲྭ་བར་ཐིམ༔ བདུད་བཞིའི་རྒོལ་བས་མི་ཚུགས་གྱུར༔ ཧཱུྃ༔ མི་ཤིགས་ཡེ་ཤེས་རྡོ་རྗེ་ནི༔ སངས་རྒྱས་ཀུན་གྱི་ཡ་ལད་དེ༔ ཁྱབ་པའི་ཚུལ་གྱི་དྲྭ་བ་ཡི༔ དབང་མཆོག་དམ་པ་སྦྱིན་པར་བྱ༔ ཨོཾ་བཛྲ་རཀྵ་ཨ་བྷི་ཥིཉྩ་ཧཱུྃ༔ ལུས་ལ་བཀོན་པའི་ཚུལ་བྱ། བདུན་པ་རྒྱལ་མཚན་ཐོགས་ལ། མི་བསྐྱོད་རྒྱལ་མཚན་ཉིད་དུ་གྱུར༔ གསང་བའི་དབང་པོ་ལ་ཐིམ་པས༔ ལོག་ལྟ་ཟིལ་གྱིས་ནོན་པར་གྱུར༔ ཧཱུྃ༔ སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ༔ ཐམས་ཅད་ཚར་གཅོད་ཡེ་ཤེས་རྒྱ༔ ལོག་ལྟ་ཟིལ་གྱིས་ནོན་པའི་མཚན༔ ཡོན་ཏན་མངོན་འབྱུང་དབང་བསྐུར་རོ༔ ཨོཾ་བཛྲ་ཀེ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ ལག་ཏུ་གཏད། བརྒྱད་པ་གདུགས་ཐོགས་ལ། རྡོ་རྗེ་སེམས་དཔའ་གདུགས་སུ་གྱུར༔ ཕུབ་པས་བདེ་ཆེན་འཁོར་ལོར་བསྟིམ༔ ཉོན་མོངས་གདུང་བ་སེལ་བར་གྱུར༔ ཧཱུྃ༔ གཉིས་མེད་ཡེ་ཤེས་རྟོག་བྲལ་བ༔ རྨོངས་སོགས་སེམས་ཕྱིར་རང་བཞིན་སྟོང༔ ལོག་འབྱུང་རྒྱུ་འབྲས་མི་གདུང་བ༔ ཐུགས་རྗེས་སྐྱོབ་པར་དབང་བསྐུར་རོ༔ ཨོཾ་རཏྣ་ཚཱ་ཏྲྃ་ཨ་བྷི་ཥིཉྩ་ཧཱུྃ༔ སྤྱི་བོར་ཕུབ། དགུ་པ་ལྷ་སྐུ་ཕྱག་རྒྱ་རྣམས་ཐོགས་ཏེ། དཀྱིལ་འཁོར་ལྷ་ཚོགས་སོ་སོའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ནས་ཁྱེད་རང་ལ་ཐིམ་པས་གཉིས་མེད་དུ་གྱུར་པར་མོས་ཤིག །རིམ་པར་སྤྱི་བོར་བཞག་ལ། ཧཱུྃ༔ ཕུང་པོ་འབྱུང་ལྔའི་ངོ་བོ་ཉིད༔ སེམས་ཕྱིར་མཚན་ཉིད་མ་སྐྱེས་པ༔ རིགས་ལྔ་ཡབ་ཡུམ་རང་བཞིན་ལས༔ ཏིང་འཛིན་སྐུ་ལྔར་དབང་བསྐུར་བས༔ རིགས་ལྔའི་དངོས་གྲུབ་མངོན་བྱེད་ཤོག༔ ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཤེས་དུས་དབང་དུས་ངོ་བོ་ཉིད༔ སེམས་ཕྱིར་མཚན་ཉིད་མ་སྐྱེས་པ༔ སེམས་དཔའ་ལྕམ་དྲལ་རང་བཞིན་ལས༔ ཏིང་འཛིན་སེམས་དཔར་དབང་བསྐུར་བས༔ སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རེག་ཆོས་མཐའ་བཞིའི་ངོ་བོ་ཉིད༔ སེམས་ཕྱིར་མཚན་ཉིད་མ་སྐྱེས་པ༔ སྒོ་བ་ཡབ་ཡུམ་རང་བཞིན་ལས༔ ཏིང་འཛིན་འཇོམས་པར་དབང་བསྐུར་བས༔ གདུལ་བྱ་མ་ལུས་མཐར་བྱེད་ཤོག༔ ཀྲོ་དྷ་ཀྲོ་དྷཱི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡིད་ཆོས་སེམས་ཕྱིར་མ་སྐྱེས་པ༔ ཀུན་བཟང་ཡབ་ཡུམ་རང་བཞིན་ལས༔ ཏིང་འཛིན་བྱ་བྱེད་དབང་བསྐུར་བས༔ མ་ལུས་ཀུན་ལ་ཁྱབ་པར་ཤོག༔ ཧཱུྃ་ཨཿཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཉོན་མོངས་དྲུག་པོ་མ་སྐྱེས་པ༔ སྟོན་པ་དྲུག་གི་རང་བཞིན་ལ༔ ཏིང་འཛིན་ཐུབ་པར་དབང་བསྐུར་བས༔ འགྲོ་བ་རིགས་དྲུག་འདུལ་བྱེད་ཤོག༔ ཨོཾ་མུ་ནེ་ཨ་བྷི་ཥིཉྩ་ཧཱུྃ༔ རྟོག་ཚོགས་ཞེ་གཉིས་དག་ནས་སུ༔ ཡེ་ཤེས་ཞེ་གཉིས་རྫོགས་པར་གྱུར༔ བཅུ་པ་བཟའ་བཏུང་ཐོགས་ལ། རྣམ་སྣང་བཟའ་དང་བཏུང་བར་གྱུར༔ ལྕེ་ཡི་རོ་འབབ་མ་ལ་ཐིམ༔ འདོད་ཡོན་རྒྱན་དུ་རོལ་པར་གྱུར༔ ཨོཾ༔ བཟའ་དང་བཅའ་དང་བཏུང་ལ་སོགས༔ རང་སེམས་རྣམ་དག་རྒྱན་གྱི་ཕྱིར༔ གཉིས་མེད་རོལ་པའི་དབང་བསྐུར་བས༔ བདུད་རྩི་ཡེ་ཤེས་སྐུ་ཐོབ་ཤོག༔ ཨོཾ་བཛྲ་ཨ་མྲྀཏ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཕྱི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་ཕན་པའི་དབང་བཅུ་བསྐུར་པས་འདི་ཕྱིར་ཕན་པའི་ས་བོན་ཙམ་འཇོག་ཅིང་། ཕྱི་དཀྱིལ་དྲང་དོན་གྱི་བསྐྱེད་རིམ་རྣམས་མཉན་དུ་རུང་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། གཉིས་པ་ནི། དེ་ནས་བརྩོན་འགྲུས་ཅན་ལ་ནང་ནུས་པའི་དབང་ལྔ་བསྐུར་བར་གསུངས་པ་ལྟར་བསྒྲུབ་པ་སྟེ། དེའང་བདག་དོན་ནུས་པའི་ཕྱིར་ཉན་སྒོམ་གྱི་དབང་སྦྱིན་པ་ལ་དམིགས་འདུན་འདི་ལྟར་དུ་མཛོད། དང་པོ་རྒྱུད་ཀྱི་གླེགས་བམ་ཐོགས་ལ། དབང་རྫས་སློབ་མ་རིན་ཆེན་འབྱུང༔ དབང་ལྷ་འོད་ཞུ་གླེགས་བམ་དེ༔ རྣ་བའི་ཐིག་ལེ་གཉིས་ལ་བསྟིམ༔ ཕྱི་ནང་བཀའ་རྣམས་ཉན་ལ་དབང༔ ཏྲཱཾ༔ གསང་བ་གསང་ཆེན་གསང་མཆོག་དབང༔ གསང་བ་ཀུན་ལ་ཉན་པར་བྱ༔ གསང་བའི་དོན་ཉིད་བརྟགས་པ་ལས༔ གཞན་དུ་སྨྲ་བར་བྱ་བ་མིན༔ ཏྲཱཾ་ཨ་བྷི་ཥིཉྩ་ཏྲཱཾ༔ རྣ་བར་གཏུགས་ཤིང་ལག་པར་གཏད། གཉིས་པ་ཕྲེང་བ་ཐོགས་ལ། དབང་རྫས་སློབ་མ་མི་བསྐྱོད་པ༔ དབང་ལྷ་འོད་ཞུ་ཕྲེང་བ་དེ༔ སྙིང་གའི་ཐིག་ལེར་ཐིམ་པ་ཡིས༔ ལྷ་རྟོག་གཉིས་མེད་བསྒོམ་ལ་དབང༔ ཨོཾ༔ དུས་གསུམ་རྒྱལ་བའི་སྲས་ཆེན་པོ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཟུངས༔ རྒྱལ་བ་ཐམས་ཅད་མཉེས་མཆོད་ལ༔ རྒྱལ་བ་ཀུན་དང་མཉམ་པར་སྦྱོར༔ ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར་གཏུགས་ལ་ལག་པར་གཏད། གཞན་དོན་ནུས་པའི་ཕྱིར་ཕྲིན་ལས་དང་འཆད་དབང་སྦྱིན་པ་ལ་དམིགས་འདུན་འདི་ལྟར་མཛོད། གསུམ་པ་རྡོ་རྗེ་རྒྱ་གྲམ་ཐོགས་ལ། དབང་རྫས་སློབ་མ་དོན་ཡོད་གྲུབ༔ དབང་ལྷ་འོད་ཞུ་རྒྱ་གྲམ་དེ༔ ལག་པའི་ཐིག་ལེ་གཉིས་ལ་ཐིམ༔ ཕྲིན་ལས་རྣམ་བཞི་ཐོགས་མེད་འགྲུབ༔ ཨོཾ༔ ཁྱོད་ནི་རྡོ་རྗེ་ལས་ཡིན་གྱིས༔ ལས་རྣམས་མ་ལུས་ཀུན་གྱིས་ཤིག༔ ཕོ་ཉ་མང་པོའི་འདུ་འཕྲོ་ཀུན༔ ཁྱོད་ཀྱི་དགོས་པ་བྱེད་པ་ཡིན༔ ཧཾ་ཨ་བྷི་ཥིཉྩ་ཧཾ༔ ལག་གཉིས་སུ་གཏད། བཞི་པ་འཁོར་ལོ་དུང་ཕྱག་ཤིང་རྣམས་ཐོགས་ལ། དབང་རྫས་སློབ་མ་སྣང་མཐའ་ཡས༔ དབང་ལྷ་འོད་ཞུ་འཁོར་ལོ་དུང༔ ཕྱག་ཤིང་ལྕེ་ཡི་ཐིག་ལེར་བསྟིམ༔ ཐེག་པ་ཕྱི་ནང་འཆད་ལ་དབང༔ ཨོཾ༔ ཆོས་ཀྱི་བདུད་རྩི་བླ་མེད་ཀྱིས༔ དད་ལྡན་སྐྱེས་བུ་ངོམས་པར་བྱོས༔ རབ་འབྲིང་ཐ་མའི་བློ་ཅན་ལ༔ མཐུན་པར་གསང་བསྒྲག་གཞན་དུ་མིན༔ ཧྲཱིཿཨ་བྷི་ཥིཉྩ་ཧྲཱི༔ ལག་ཏུ་གཏད། དུང་འབུད་དུ་གཞུག །གཉིས་ཀའི་དོན་ནུས་པའི་ཕྱིར་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་དུ་མཛོད། ལྔ་པ་རྡོར་དྲིལ་ཐོགས་ལ། སློབ་དཔོན་རིགས་དྲུག་ཁྱབ་བདག་གི༔ སྦྱོར་མཚམས་ལས་ནི་འོད་འཕྲོས་པས༔ སློབ་མ་ཀུན་བཟང་ཡབ་དང་ཡུམ༔ འོད་ཞུ་རྡོ་རྗེ་དྲིལ་བུར་གྱུར༔ ཡན་ལག་ལྔ་ཡི་ཐིག་ལེར་ཐིམ༔ དཀྱིལ་འཁོར་ཀུན་གྱི་བྱེད་པོར་བསྒོམ༔ ཨོཾ༔ ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ༔ དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ༔ དཀྱིལ་འཁོར་ཀུན་གྱི་ལས་སྤྱོད་ཅིག༔ ཨོཾ་ཨ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོར་དྲིལ་ལག་ཏུ་གཏད་ནས་སྙིང་གར་འཁྱུད་དུ་གཞུག །དེ་ལྟར་ནང་ལུས་ཀྱི་དཀྱིལ་འཁོར་དུ་ནུས་པའི་དབང་ལྔ་བསྐུར་པས་རང་གཞན་གྱི་དོན་དངོས་སུ་བྱེད་པ་ལ་དབང་ཞིང་། ཁྱད་པར་གྱི་བསྐྱེད་རིམ་དང་རྫོགས་རིམ་རྗེས་མཐུན་པ་རྣམས་ཉན་སྒོམ་འཆད་པར་ནུས་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། གསུམ་པ་ནི། དེ་ནས་སྤྱོད་རིག་མཉམ་པའི་བརྟུལ་ཞུགས་ཅན་ལ་ཟབ་མོའི་དབང་གསུམ་བསྐུར་བར་གསུངས་པ་ལྟར་བསྒྲུབ་པའི་ཐོག་མར་གསང་བའི་དབང་བསྐུར་ཞུ་བའི་ཡོན་ཏུ་དམིགས་ཏེ་མཎྜལ་ཕུལ་འཚལ། ཞེས་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ རྡོ་རྗེ་སློབ་དཔོན་བདེ་བའི་རྒྱལ༔ བདག་ལ་བརྩེ་བར་དགོངས་སུ་གསོལ༔ ཚེ་གཅིག་སངས་རྒྱས་བསྒྲུབ་བྱའི་ཕྱིར༔ གསང་བའི་དབང་བསྐུར་བསྩལ་དུ་གསོལ༔ ལན་གསུམ། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་རྡོ་རྗེ་སེམས་དཔར་གསལ་བའི་གནས་ལྔར་རྒྱལ་བ་རིགས་ལྔ་དང་། ལག་པ་གཡས་གཡོན་ཁ་དང་གསང་བའི་ཕྱི་རྣམས་སུ་ཁྲོ་བོ་བཞི། ཕྱག་རྒྱ་ལོ་བཅུ་དྲུག་མ་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར་གསལ་བའི་གནས་ལྔར་རིགས་ཀྱི་ཡུམ་ལྔ་དང་། ཡན་ལག་བཞི་ལ་ཁྲོ་མོ་བཞི་རྣམས་གསལ་བར་གྱུར། ཡབ་ཀྱི་གསང་གནས་ཧཱུྃ་ལས་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་མོ་ལྔ་པའི་ལྟེ་བར་བྱང་ཆུབ་ཀྱི་སེམས་ཨོཾ་དཀར་པོར་གནས་པའི་བུ་ག་ཕཊ་ཀྱིས་བཀག་ཅིང་། རྭ་ལྔ་ལ་ཉི་མ་ལ་གནས་པའི་དཔའ་བོ་འབྲུ་ལྔ། ཡུམ་གྱི་མཁའ་པཾ་ལས་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ཉི་མ་ལ་རཀྟ་ཨཱཾ་དམར་པོར་གནས་པའི་གེ་སར་ལ་ཨེ། དབུས་དང་འདབ་བཞིར་ཟླ་བ་ལ་གནས་པའི་དཔའ་མོ་འབྲུ་ལྔས་མཚན་པ། སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་འཁོར་ལོ་བཞིར་དགའ་བཞིའི་འགྲོས་ཀྱིས་ཕྱིན་པ་ཡབ་ཀྱི་གསང་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨའི་སྣ་རྩེ་ལ་སངས་རྒྱས་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གསལ་བ་ལ་མཆོད་པར་ཕུལ་ཏེ། ཡུམ་མཁར་བསྐྱིལ་བའི་ཡབ་ཡུམ་གྱི་ཉི་ཟླ་བྱང་ཆུབ་ཀྱི་སེམས་གཉིས་འདྲེས་དེ་ཉིད་སློབ་བུའི་ལྕེ་ཐོག་ཏུ་བཞག་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཧཱུྃ༔ མི་བསྐྱོད་ཡབ་ཡུམ་རོལ་པ་ཡི༔ བདེ་བ་གསལ་ཞིང་མི་དམིགས་པ༔ ཤེས་རབ་ཐབས་ཀྱི་ཕྱག་རྒྱ་འོ༔ རྡོ་རྗེ་ཡེ་ཤེས་ཧཱུྃ་ཚོགས་ཀྱིས༔ པདྨོར་ཡེ་ཤེས་བསྡུས་འཁྱིལ་བ༔ ཡུངས་ཀར་ལྟ་བུའི་རྡོ་རྗེ་སེམས༔ རྩེ་ནས་རྩེ་རུ་བསྟིམ་པ་ཡི༔ རང་བཞིན་ཆོས་ཁམས་དཀྱིལ་འཁོར་གྱི༔ ས་བོན་ཟུང་གསུམ་དང་བཅས་པ༔ གནས་ངན་ལེན་གསུམ་རབ་ཏུ་སྦྱང༔ དམིགས་མེད་སེམས་ཀྱི་ཡེ་ཤེས་ལྔ༔ མེ་དེས་ས་བོན་ཚིག་པ་བཞིན༔ མི་སྐྱེ་ཐབས་ཀྱི་དབུགས་དབྱུང་ངོ་༔ ཤྲཱི་མ་ཧཱ་སུ་ཁ་བཛྲ་བོ་དྷི་ཧཱུྃ་ཧོཿཨོཾ༔ ལྕེ་ཐོག་ཏུ་བཞག་པའི་བྱང་སེམས་ཧཱུྃ་གི་རྣམ་པར་གསལ་བ་དེ་ཉིད་ཡུངས་འབྲུ་ཙམ་གྱི་རྡོ་རྗེ་སེམས་དཔའ་ཤ་སྟག་ཏུ་གྱུར་པ་སྙིང་གར་ཐིམ་པས་ཆོས་ཀྱི་འཁོར་ལོའི་རྩ་ཆེན་བཞི་ལ་གནས་པའི་རིགས་དྲུག་གི་ས་བོན་གཉིད་དང་བཅས་པ་སྦྱངས་ནས་སེམས་ཉིད་རྣམ་པར་མི་རྟོག་པའི་རང་བཞིན་དོན་དམ་སྤྲོས་མེད་བདེ་བ་ཆེན་པོའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདེ་ཆེན་ཡེ་ཤེས་བསྐྱེད་བྱའི་ཕྱིར༔ སློབ་དཔོན་བདག་ལ་དགོངས་སུ་གསོལ༔ མཁའ་གསང་སྦྱར་བས་སྐད་ཅིག་ཏུ༔ བདེ་ཆེན་ཡེ་ཤེས་རྟོགས་པར་མཛོད༔ ལན་གསུམ། རིག་ཙཀ་ལག་གཡས་སུ་གཏད་ལ། ཁྱེད་རང་གི་གུང་མོ་གཡས་དང་ཕྱག་རྒྱའི་གུང་མོ་གཡོན་ལྟོ་སྦྱར་ཏེ། རཏྣའི་ཕྲེང་བས་བཅིངས་པའི་རྩེ་ནས་དབང་ཕྱུག་གི་མཐེབ་སྲིན་གྱིས་བཟུང་སྟེ་གཏད་པར་མོས་ཤིག །ཨོཾ༔ བདེ་བ་ཆེན་པོ་ཆོས་ཀྱི་སྐུ༔ ཤེས་རབ་ཐབས་ཀྱིས་རྫོགས་པར་འགྱུར༔ འདི་དང་སྐྱེ་བ་ཐམས་ཅད་དུ༔ དངོས་གྲུབ་བདེ་འདི་མ་སྤོངས་ཤིག༔ རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི༔ རྫོགས་པའི་ཕྱག་རྒྱ་འདི་ལས་འབྱུང༔ སྤངས་ནས་རྡོ་རྗེ་དབྱིངས་ཕྱུག་རྩ༔ འགུགས་དང་བསྡམ་པ་མ་ཤེས་ན༔ རྡོ་རྗེའི་བསྐལ་པ་བསམ་ཡས་པར༔ ཆོས་སྐུ་ཐོབ་པར་མི་འགྱུར་རོ༔ བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་གཅིག༔ ཕན་ཚུན་གནས་པའི་སྟོབས་ཀྱིས་བསྟིམ༔ ཨོཾ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ་ཧཱུྃ༔ ཁྱེད་རང་ཕན་ཚུན་འདོད་པའི་སྒྱུ་རྩལ་གྱི་བདེ་བ་སྤེལ་བར་མོས་ལ། སློབ་མ་སྐད་ཅིག་གིས་དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སོགས་གོང་ལྟར། སྙོམས་པར་ཞུགས་པས། རྗེས་ཆགས་ཀྱི་རླུང་བསྐྱོད་པས་གཏུམ་མོའི་མེ་འབར་བའི་རྐྱེན་གྱིས་བྱང་ཆུབ་ཀྱི་སེམས་ཞུ་བ་ལ་བརྟེན་ནས་རྩ་གནས་ཐམས་ཅད་ནས་ཐིག་ལེ་གཡོས་པས་བདེ་བ་འགོ་ལྡང་བའི་ཚུལ་དུ་སྐྱེས་པ་གཡོ་ལྡང་བྱང་ཆུབ་ཀྱི་སེམས་ནི་གནས་པ་དང་། བདེ་བ་ཕྱི་མ་ལ་འཇུག་པའི་ཚེ་སྔ་མ་འཇིག་ཅིང་མཐར་ཐམས་ཅད་འགགས་པ་འཇིག་འཇུག་བྱང་ཆུབ་ཀྱི་སེམས་དང་། རྟེན་ཅན་གྱི་བདེ་བ་རང་ས་ན་གནས་པ་མེད་པའི་ཚུལ་གྱིས་ཐམས་ཅད་གནས་པ་བྱང་ཆུབ་ཀྱི་སེམས་དང་། སྔ་མའི་བདེ་བས་མཚོན་ནས་ཕྱི་མའི་བདེ་བ་ཐམས་ཅད་ལ་དམིགས་ཤིང་འདུན་པ་སྨོན་པ་བྱང་ཆུབ་ཀྱི་སེམས་དང་། དེ་ལྟར་གནས་བཞིར་དགའ་བཞིའི་འགྲོས་ཀྱིས་སོང་བའི་ཡབ་ཡུམ་གྱི་རྩ་ཐམས་ཅད་ཀྱི་བཅུད་འདུས་པའི་སྙིང་པོ་ཉི་ཟླའི་དྭངས་མ་མཁའ་གསང་རྡོ་རྗེ་དང་པདྨའི་རྩེར་འཕྲད་དེ་ཞལ་མཇལ་པ་ལས་ཐབས་ཉིད་ཤེས་རབ་ཏུ་སྦྱོར་བ། ཤེས་རབ་ཐབས་སུ་སྦྱོར་བ། ཐབས་ཤེས་གཉིས་མེད་དུ་སྦྱོར་བ་སྟེ་སྦྱོར་བ་གསུམ་གྱི་སྒོ་ནས་དངོས་པོ་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་བ་མཐར་ཕྱིན་པ་བྱང་ཆུབ་ཀྱི་སེམས་ཏེ། དེ་ལྟར་སེམས་ལྔའི་རིམ་པས་ཡས་བབས་བདེ་བ་ཆེན་པོའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས། སེམས་ཉིད་དོན་དམ་འོད་གསལ་དུ་དྭངས་པའི་རྟགས་སྣང་ལྷག་པ་ཀུན་རྫོབ་ཀྱི་ཡེ་ཤེས་སུ་ཤར་བས་ལྷན་སྐྱེས་བདེ་བ་ཆེན་པོ་རྒྱུད་ལ་སྐྱེས་ཏེ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་གྱུར་པའི་མོས་པ་མཛོད་ཅིག །གསུམ་པ་དབྱེར་མེད་བདེ་བ་ཆེན་པོའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཆོས་སྐུའི་བདག་ཉིད་བླ་མ་རྗེ༔ ཀ་དག་དོན་ཆེན་རྟོགས་པའི་ཕྱིར༔ བདག་ལ་བརྩེ་བར་དགོངས་ནས་ཀྱང༔ ཆོས་སྐུའི་རང་ངོ་སྤྲད་དུ་གསོལ༔ ལན་གསུམ། ཞེས་གསོལ་བ་བཏབ་པས། རིག་མ་ལོ་བཅུ་གཉིས་ལོན་པ་སྔར་བཞིན་གུང་མོ་གཉིས་ལྟོ་སྦྱར་ཏེ་གཏད་པར་མོས་ཤིག །རིག་ཙཀ་གཏད་ལ། ཨོཾ༔ མི་འགྱུར་བདེ་བ་ཡེ་ཤེས་གནས༔ མ་བཙལ་ཕྱིན་པ་བདེ་བའི་མཆོག༔ མ་བལྟས་གསལ་བའི་ཡེ་ཤེས་སྤྱན༔ གོང་ན་མེད་པ་ཀུན་གྱི་རྗེ༔ ཡེ་ཤེས་རང་གསལ་བརྡལ་བ་ལ༔ མི་འགྱུར་གཡུང་དྲུང་ས་ཐོབ་ཤོག༔ ཨོཾ་མ་ཧཱ་གུ་ཧྱ་བྷྲཱུྃ་ཛྙཱ་ན་མཎྜ་ལ་གུ་ཧྱ་སིདྡྷི་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རིག་མ་དང་ཁྱེད་རང་འདོད་པའི་སྒྱུ་རྩལ་གྱིས་བདེ་བ་སྤེལ་བར་མོས་ལ། ཁྱེད་རང་སྐད་ཅིག་གིས་དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སོགས་གོང་ལྟར་ལ། སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་འཁོར་ལོ་བཞིར་ཡས་བབས་ཀྱི་རིམ་པས་དགའ་བ་བཅུ་དྲུག་གི་འགྲོས་ཀྱིས་ཕྱིན་པ་ལས་ཉི་ཟླ་ཟུང་འབྲེལ་གྱིས་མཚན་སོ་གཉིས་དང་། ཟླ་བའི་ཐིག་ལེ་རེ་རེ་བཞིན་ཡེ་ཤེས་ལྔའི་ཉམས་དང་ལྡན་པས་དཔེ་བྱད་བརྒྱད་ཅུ་རྫོགས་ཤིང་མངོན་ཤེས་དྲུག་ཀྱང་ཤར་ནས་ཡུམ་གྱི་རྩ་ཁ་ཁ་མུ་ཁའི་རྩེར་ཉི་ཟླ་གཉིས་འདྲེས་འཁྱིལ་བ་དེ་ཉིད་རྡོ་རྗེ་ནོར་བུར་བསྟིམ་པ་ཧཱུྃ་ཞེས་གྱེན་དུ་ལྡོག་པའི་སྦྱོར་བས་མས་བརྟན་གྱི་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བར་བྱས་པའི་དགའ་བཞིའི་ཡེ་ཤེས་རེ་རེ་ལའང་དགའ་བ་བཞི་བཞི་སྟེ་བཅུ་དྲུག་གི་དང་པོ་གཅིག་གིས་ཚོགས་ཀྱི་ལམ། དེ་ནས་བཞི་ཡིས་སྦྱོར་ལམ་ངེས་འབྱེད་ཆ་བཞི། དེ་ནས་གཅིག་གིས་མཐོང་ལམ། དེ་ནས་དགུས་སྒོམ་ལམ་ས་དགུ་རྫོགས་ཏེ། དགའ་བ་བཅུ་དྲུག་གི་མཐའ་མ་རང་བཞིན་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་དེའི་ཚེ་ན་སྣང་སྟོང་གི་མཐའ་མ་བསྒྲིབས་པར་གསལ་བས་ཀུན་ཏུ་འོད་དང་། མི་ཤིགས་པའི་དྭངས་མས་ལུས་ཐམས་ཅད་ལ་ཁྱབ་ཅིང་བརྟན་པས་འཁོར་བའི་སྐྱོན་གྱིས་མ་གོས་པས་པདྨ་ཅན། རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རབ་འབྱམས་སུ་རང་སྣང་བས་ཡི་གེའི་འཁོར་ལོའི་ས་རྫོགས་ཏེ་མདོར་ན་ཐུན་མོང་དང་ཁྱད་པར་གྱི་ས་ལམ་ཐམས་ཅད་རྫོགས། འཁོར་འདས་མཉམ་ཉིད་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྒྱུར་ཏེ་མཆོག་ཏུ་མི་འགྱུར་བ་དེ་ཁོ་ན་ཉིད་ཀྱི་དོན་མངོན་དུ་བྱས་པར་མོས་ཤིག །དེ་ལྟར་གསང་བ་བྷ་གའི་དཀྱིལ་འཁོར་དང་དེ་ཁོ་ན་ཉིད་སེམས་ཀྱི་དཀྱིལ་འཁོར་དུ་ཟབ་མོའི་དབང་གསུམ་བསྐུར་པས་ཐུན་མོང་མ་ཡིན་པའི་རྫོགས་རིམ་རྣམས་ཉན་སྒོམ་ནུས་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །མི་ལྡོག་པའི་སར་ཕྱིན་པས་ན་བརྟུལ་ཞུགས་ཀྱི་སྤྱོད་པ་རང་དབང་དུ་སྤྱད་པས་རྣམ་པར་གྲོལ་བར་དབུགས་དབྱུང་བ་དང་། གསང་བར་འོས་པ་རྣམས་ཡུལ་མ་ཡིན་པ་ལ་ཤིན་ཏུ་གསང་བར་གཉེར་གཏད་པ་ལ་གསན་འཚལ། དེ་རིང་ཕན་ཆད་བུ་ཁྱོད་ནི༔ རང་རིག་བདེ་ལ་གནས་པས་ན༔ རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ༔ ཡུམ་དང་འཇོ་མ་ཐམས་ཅད་ལ༔ འདོད་བཞིན་སྤྱོད་པས་དབང་ཕྱུག་འགྱུར༔ གསང་བའི་དོན་མཆོག་འདི་དག་ནི༔ ལྟ་བ་དམན་ལ་བསྟན་བྱས་ན༔ དུས་མིན་སྲོག་ཟད་ངན་སོང་མྱང༔ དེ་བས་ཤིན་ཏུ་གསང་བར་བྱ༔ ཞེས་གདམས། སྨོན་ལམ་གདབ་པ་ནི། ན་མོ། ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་ཀྱི། །མི་ཟད་རྒྱན་གྱི་འཁོར་ལོ་ལྔའི། །བདེན་དང་བདེན་པའི་བྱིན་རླབས་ཀྱིས། །སྐལ་ལྡན་རིག་པ་འཛིན་པ་རྣམས། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་གྱུར། །འགྲོ་དོན་ཡོངས་སུ་རྫོགས་བྱེད་ཤོག །ཅེས་པས་མཚོན་སྨོན་ལམ་དང་ཤིས་བརྗོད་རྒྱས་པར་བྱའོ། །རྗེས་ཀྱི་བྱ་བ་ནི། དེ་ལྟར་དཔལ་སྒྱུ་འཕྲུལ་དྲྭ་བ་ཐུགས་ཀྱི་ཐིག་ལེའི་དཀྱིལ་འཁོར་དུ་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་དབང་བསྐུར་བ་ཡོངས་སུ་རྫོགས་པ་གྲུབ་པ་ཡིན་པས། རྡོ་རྗེ་ཐེག་པའི་དམ་ཚིག་ཐུན་མོང་དང་ཐུན་མོང་མ་ཡིན་པས་བསྡུས་པ་མཐའ་དག་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་མདོར་བསྡུས་ཏེ་ཞལ་གྱིས་བཞེས་པ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་རྣམས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྱེས། སློབ་དཔོན་གྱི་ཕྲིན་ལས་ལྟར། ཚོགས་མཆོད། བརྟན་སྐྱོང་། གཏང་རག་མཆོད་པ་སྔགས་ཙམ་དང་བསྟོད་པ་མདོར་བསྡུས། ཡིག་བརྒྱ། བཟོད་གསོལ། རས་བྲིས་ཡིན་ན་བརྟན་བཞུགས། བདག་བསྐྱེད་བསྡུ་ཞིང་གོ་བགོ་ལུས་སྲུང་། སྨོན་ལམ་ཤིས་བརྗོད་ཀྱི་བར་རྒྱས་པར་བྱའོ། ཁྱབ་བྱ་རྟོག་ཚོགས་ཞི་ལྷར་གནས་གྱུར་ཅིང་། ཁྱབ་བྱེད་རྡོ་རྗེ་སེམས་དཔའ་བདེ་བ་ཆེས། །སྲིད་ཞི་མཉམ་པ་ཉིད་དུ་བྱིན་བརླབས་ནས། །སྒྱུ་འཕྲུལ་དྲྭ་བར་མངོན་བྱང་ཆུབ་པར་ཤོག །ཚུལ་འདི་སྒྱུ་འཕྲུལ་དྲྭ་བའི་དོན་དབང་སྙིང་པོར་ཕྱུང་པ་ཡིན་པས། ལག་ལེན་མདོར་བསྡུ་ན་འཇུག་པ་སོགས་བཀའ་འདུས་རྩ་སྒྲུབ་ནས་ཁ་བསྐངས་ཀྱང་ཆོག་པར་བཀས་གནང་ཡང་། དབང་གི་དངོས་གཞི་སྒྱུ་འཕྲུལ་རང་ཚུགས་མ་འདྲེས་པ་ལ་བསམས་ནས་ཁ་སྐོང་རིགས་ལྕགས་བྱང་མའི་སྒྱུ་འཕྲུལ་སྐོར་ནས་བླངས་ཏེ། བྱང་བུ་བཞི་སྐོར་གྱི་གདམས་ཟབ་དཀྱུས་གཅིག་ཏུ་ལག་ལེན་གསལ་བར་བསྡེབས་པ་པོ་ནི། ཆོས་འདིའི་སྣོད་རུང་དུ་ལུང་བསྟན་ཐོབ་པ་པདྨ་གར་གྱི་དབང་ཕྱུག་གམ་བློ་གྲོས་མཐའ་ཡས་ཏེ་ཤྲཱི་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
གཏེར་ཆེན་རྣམ་ཐར་ལས་འཕྲོས་པའི་དྲིས་ལན་བཀྲ་ཤིས་དབྱངས་སྙན་བསྐུལ་བའི་དྲི་བཞོན་ (Volume 65, Text 5)
༄༅། །གཏེར་ཆེན་རྣམ་ཐར་ལས་འཕྲོས་པའི་དྲིས་ལན་བཀྲ་ཤིས་དབྱངས་སྙན་བསྐུལ་བའི་དྲི་བཞོན་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི་སིདྡྷི་རསྟུ། གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་ཐུན་མོང་གི་རྣམ་ཐར་བཀྲ་ཤིས་དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྐབས་སུ་ཉེ་བར་མཁོ་བའི་དྲིས་ལན་རྩ་ཐོ་ལ། ཐོག་མར་རྣམ་ཐར་གསོལ་འདེབས་བཀྲ་ཤིས་འཁྱིལ་པའི་དབྱངས་སྙན་ཞེས་བྱ་བའི་མཚན་དོན། སྤྱིར་བླ་མའི་གསོལ་འདེབས་ལ་རྩོམ་ཚུལ་གྱི་སྒོ་ནས་ཚིག་དོན་གྱི་རྣམ་འགྱུར་འདྲ་མིན་མང་དུ་ཡོད་ནའང་། བསྡུ་ན་སྐྱེ་བ་སྔ་མའི་ཚུལ་ལས་གཙོ་བོར་བརྩམས་པའི་སྐྱེ་ཕྲེང་གསོལ་འདེབས། ད་ལྟའི་མཛད་པ་ལས་གཙོ་བོར་བརྩམས་པའི་རྣམ་ཐར་གསོལ་འདེབས།་་་་རྣམ་ཐར་ནི་བིམོཀྵ་ཞེས་པའི་སྒྲ་ལས་དྲངས་ན། ཉེར་སྒྱུར་བི་སྔོན་མའི་མུ་ཙལླ་གྲོལ་བ་ལའོ་ཞེས་པའི་བྱིངས་དོན་འཁོར་བ་དང་ངན་སོང་ལས་གྲོལ་བ་ལྟ་བུ་དང་། མེ་ཏོག་རྒྱ་གྲོལ་ནས་ཁ་བྱེ་ཞིང་རྒྱས་པ་ལྟ་བུ་ལ་འཇུག་པས། འདི་དང་ཕྱི་མའི་དབང་དུ་བྱས་ཏེ་པདྨ་རྣམ་པར་རྒྱས་པ་ལྟར་ལོ་རྒྱུས་གསལ་བར་མཚོན་པའི་དོན་ཏོ། །གཞན་དུ་ཐུན་མོང་མ་ཡིན་པའི་སྒྲ་དོན། ཐར་པའི་རྣམ་པ་སྟེ་ཐར་པའི་འདྲ་འབག་ཅེས་བརྗོད་དེ། བླ་མ་སྐྱེས་བུ་དམ་པ་ཁྱད་པར་ཅན་གྱི་རྟོགས་པ་བརྗོད་པའི་དབུ་ཞབས་ཀྱི་དོན་མདོར་བསྡུ་ན་ཚོགས་ལམ་ནས་བཟུང་ལམ་ལྔ་ཡོངས་སུ་རྫོགས་པའི་བརྗོད་བྱ་དང་སྦྱར་དུ་ཡོད་པས་ན་གདམས་ངག་རྣམ་ཐར་གྱི་སྒོ་ནས་སྟོན་པ་ཞེས་གསུངས་པས་མཚོན་རྒྱ་ཆེར་བཤད་དུ་ཡོད་དོ། །མཆན། འབྱུང་འགྱུར་ཞབས་པད་བརྟན་པར་གསོལ་བ་འདེབས་པའི་ཚུལ་གསུམ་དུ་འདུ་བ་ལས། སྐབས་འདིར་བར་པའི་མཚན་བཀྲ་ཤིས་པའི་རྫས་ཀྱི་མཆོག་དུང་དཀར་གཡས་སུ་འཁྱིལ་བའི་དབྱངས་སྙན་པོའི་གཟུགས་སུ་བཀོད་པ་ཆོས་ཅན། རྒྱུ་མཚན་ཡོད་པར་ཐལ། དཔེ་ཆོས་དུང་དཀར་པོ་གཡས་སུ་འཁྱིལ་བའི་གཟུགས་སུ་བཀོད་པས། དཔེ་ཅན་དུས་གསུམ་གྱི་རྣམ་ཐར་གསལ་བར་མཚོན་པའི་ཕྱིར། དེ་ལ་རྟགས་དང་པོ་གྲུབ་སྟེ། དུང་དཀར་གཡས་འཁྱིལ་སྐྱེ་བ་ལྔ་བར་མ་ཆད་པ་དུང་གི་གཟུགས་སུ་བཟུང་ནས་དབྱངས་ཀྱི་འགྱུར་བ་སྙན་པོས་ཡིད་ཅན་ཀུན་དགའ་བར་བྱེད་པ་ལྟར། སྤྲུལ་པའི་གཏེར་ཆེན་རིན་པོ་ཆེ་འདི་ཉིད་ཀྱང་སྐུ་སྐྱེ་བ་སྔ་མ་བརྒྱུད་མར་དམ་པའི་སྐྱེས་བུ་ཁོ་ནར་འཁྲུངས་ནས་གདུལ་བྱ་མཐའ་དག་གི་བསམ་པ་ཚིམས་པར་མཛད་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། དུང་དཀར་གཡས་འཁྱིལ་ལ་ཁྱད་པར་འཕགས་པའི་ཆོས་གསུམ་ཡོད་པ་ལྟར། རྗེ་བཙུན་བླ་མ་འདི་ཉིད་ཀྱི་རྣམ་པར་ཐར་པའང་ཁྱད་འཕགས་གསུམ་དང་ལྡན་པའི་ཕྱིར། དེའང་ཡིན་ཏེ་དུང་དཀར་གཡས་འཁྱིལ་གྱི་མཚན་ཉིད་ཁ་དོག་དཀར་ཞིང་བཀྲ་ཤིས་པའི་རྫས་མཆོག་ཏུ་གྲུབ་པ་ལྟར། རྒྱུ་ཐུགས་བསྐྱེད་ཁྱད་འཕགས་སྙིགས་དུས་ཀྱི་བསྟན་འགྲོའི་དོན་ལ་གཅིག་ཏུ་དཀར་ཞིང་དགོངས་པ་གང་ལ་གཏད་པ་དེ་དང་དེར་གནས་སྐབས་དང་མཐར་ཐུག་གི་བཀྲ་ཤིས་པ་ཐམས་ཅད་འབྱུང་བའི་ཕྱིར་དང་། རྣམ་པ་གཡས་སུ་འཁྱིལ་བ་ལྟར་འབྲས་བུ་ཕྲིན་ལས་ཁྱད་པར་འཕགས་པ་གང་འདུལ་དེར་མཐུན་དུ་སྟོན་པས་གདུལ་བྱ་རྣམས་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་བཟང་པོར་དཀྲི་བའི་ཕྱིར་དང་། བྱེད་ལས་སྒྲ་དབྱངས་སྙན་པར་སྒྲོག་པ་ལྟར་ངོ་བོ་ཐུགས་བསྐྱེད་དང་ཕྲིན་ལས་དབྱེར་མི་ཕྱེད་པའི་རྣམ་ཐར་ཁྱད་འཕགས་སྔོན་མེད་ཟབ་གཏེར་གྱི་གསང་བའི་མཛོད་ཆེན་པོ་འཆང་བའི་རྟོགས་པ་བརྗོད་པ་སྐལ་བཟང་གང་གིས་ཐོས་ཀྱང་ཡིད་འཕྲོག་པ་དང་། སྙིགས་དུས་རྒུད་པའི་རིམས་ནད་ཀྱི་གདུང་བ་འཇིལ་བ་དང་། སྲིད་ཞིའི་དགེ་མཚན་འདོད་རྒུར་སྦྱིན་པའི་ཕྱིར། རྟགས་གསུམ་པ་གྲུབ་སྟེ། དེ་ལྟ་བུའི་མཚན་ཉིད་དང་རྣམ་པ་དང་བྱེད་ལས་གསུམ་ཀ་ཁྱད་པར་འཕགས་པའི་ཆོས་དུང་དཀར་པོ་གཡས་སུ་འཁྱིལ་བ་དེ་འབྱུང་འགྱུར་གྱི་ཆར་ཡང་ལྷ་ཀླུ་མིའི་གནས་གང་དུ་སྣང་བ་དེ་དང་དེར་བཀྲ་ཤིས་ཀྱི་དཔལ་ཕུན་སུམ་ཚོགས་པ་སྦྱིན་པ་ལྟར། རྒྱུ་དང་འབྲས་བུ་དང་ངོ་བོ་གསུམ་ཀ་ཁྱད་པར་འཕགས་པའི་རྣམ་ཐར་མངའ་བ་རྗེ་བཙུན་བླ་མ་དམ་པས་ཀྱང་སྐུ་སྐྱེ་བ་ཕྱི་མའི་རྣམ་འཕྲུལ་མཐའ་ཡས་པ་གང་དང་གང་དུ་སྣང་བ་དེ་དང་དེར་གདུལ་བྱ་མཐའ་དག་ལ་ཕན་པ་དང་བདེ་བའི་བཀྲ་ཤིས་འདོད་རྒུར་སྦྱིན་པའི་ཕྱིར་རོ། །ངེས་དོན་གནས་ལུགས་ཀྱི་རྣམ་ཐར་གཞི་འབྲས་དབྱེར་མི་ཕྱེད་པའི་མ་ནོར་བའི་དེ་ཁོ་ན་ཉིད་སྒྱུ་འཕྲུལ་ལྟར་སྦྱར། དྲང་དོན་རྣམ་ཐར་ཤྭ་ལོ་ཀ་གཅིག་པུ་དེར་ཐུན་མོང་གི་རྣམ་པར་ཐར་པ་ཐམས་ཅད་འདུས་པས་གསོལ་འདེབས་བསྡུ་ན་འདི་ཁོ་ནས་ཆོག ༈ །འདུལ་བཞིའི་ཆོ་འཕྲུལ་ཚུལ་གྱི་བཤད་པ་སྒྱུ་འཕྲུལ་རྩ་རྒྱུད་ལེའུ་གསུམ་པ་ལྟར་ཞིབ་མོར་སྦྱར། སྤྱིར་སྐྱེས་རབས་ཀྱི་རྣམ་ཐར་མདོ་ཙམ་ལས། རྒྱས་པར་བོད་ཁམས་བདེ་ཐབས་ཆོས་བཅུ་རྟེན་འབྲེལ་ཟབ་མོའི་སྒྲུབ་ཐབས་ལས་རྟེན་འབྲེལ་བཟང་པོའི་མདོ་ཆིངས་སུ། ལྷ་སྲས་ཁྱེད་ཀྱི་སྐུ་ཡི་ཆེ་བ་རྣམས༔ ཡབ་གཅིག་རྒྱལ་པོའི་སྐལ་པར་སྦས་པ་ལ༔ ལེགས་པར་གཟིགས་ལ་ཐུགས་ཀྱི་དཔའ་གདེང་སྐྱེད༔ ཅེས་གསུངས་པ་ལྟར། སྐུའི་སྐྱེས་རབས་སྔོན་བྱུང་དང་། ད་ལྟའི་ཆེ་བ་འབྲེལ་ཚད་དོན་ལྡན་དུ་རྒྱ་ཆེར་བསྔགས་པ་ལྟར་སྐྱེས་རབས་ཀྱི་རྣམ་ཐར་ཟུར་དུ་འཆད་པ་ལས་ཤེས་སོ། ༈ །ངོ་མཚར་བའི་གཏམ་བཅུའི་དང་པོའི་སྐབས། ཡེར་སྟོད་གྲྭ་ཡི་ལ་བར་སོགས་ཀྱི་རྒྱུ་མཚན་ཞིབ་མོས་ཐོག་དྲངས་ཏེ་གནས་དང་། རིགས་རུས་ཆོ་འབྲང་། སྐུ་འཁྲུངས་པའི་ལོ་ཟླ་ཚེས་གྲངས། གཟའ་སྐར་སྦྱོར་བྱེད་སོགས་ཞིབ་པ་ཁུངས་བཙལ་ཞིང་གཏེར་ལུང་དང་སྦྱར་ཏེ་བཤད། གཞོན་ནུ་རོལ་རྩེད་དུས་ཀྱི་ངོ་མཚར་སྒྲོ་སྐུར་མེད་པར་བྲི། གསུམ་པའི་སྐབས་གཏེར་ལུང་དང་གསུང་སྒྲོས་མཐུན་པར། ཕྱི་སོ་ཐར་གྱི་སྡོམ་པ་འབོགས་པའི་མཁན་པོ། ནང་བྱང་ཆུབ་དུ་ཐུགས་བསྐྱེད་པའི་དགེ་བའི་བཤེས་གཉེན། གསང་བ་རྡོ་རྗེ་ཐེག་པའི་དབང་གིས་ཡེ་ཤེས་སྨིན་པར་མཛད་པའི་རྡོ་རྗེ་སློབ་དཔོན། མཐར་ཐུག་ངེས་དོན་རྫོགས་པ་ཆེན་པོའི་གནས་ལུགས་ངོ་སྤྲོད་པའི་རྩ་བའི་བླ་མ་སྟེ། ཐོག་མཐའ་བར་གྱི་ཡོངས་འཛིན་ཆེན་པོ་བཞི། ཞེས་གསུངས་པ་ལྟར་རོ། །དེ་ལ་དང་པོ་ནི། དགུང་གྲངས་བཅུ་གསུམ་པར་ལོ་ཙཱ་བ་ཆེན་པོ་སྐ་བ་དཔལ་བརྩེགས་ཀྱི་རྣམ་འཕྲུལ་དཔལ་སྟག་ལུང་མ་རིན་པོ་ཆེ་འདོད་འཇོ་སྤྲུལ་པའི་སྐུ་འདུལ་འཛིན་བྱེ་བའི་ཁྱུ་མཆོག་ངག་དབང་བསྟན་པའི་ཉི་མ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་པ་དང་། གཉིས་པ་ནི། དགུང་གྲངས་ཉེར་ལྔར་སོན་པ་ཆུ་མོ་གླང་གི་ལོའི་ཧོར་ཟླ་དྲུག་པའི་ཚེས་བཞི་རྒྱལ་བས་ཆོས་འཁོར་བསྐོར་བའི་དུས་སུ་གཉགས་ཛྙཱ་ན་ཀུ་མཱ་རའི་རྣམ་འཕྲུལ་སྡོམ་བརྩོན་བྱང་ཆུབ་སེམས་དཔའ་ཆེན་པོ་མཁན་ཆེན་ཟླ་བཟང་མཆོག་གི་སྤྲུལ་པའི་སྐུ་ཀརྨ་ངེས་དོན་བསྟན་པ་རབ་རྒྱས་ལས་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་ཆེད་དུ་བཞེས་ཤིང་། ལོ་གསུམ་ཤ་མི་བཞེས་པ་སོགས་དམ་བཅའ་བརྟན་པར་མཛད། བདག་ལས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་སེམས་རྩོལ་མེད་དུ་འཁྲུངས་པ་དང་། གསུམ་པ་ནི། ཟླ་བ་དེའི་དམར་ཕྱོགས་ཀྱི་མཁའ་འགྲོ་འདུ་བའི་དུས་སུ། རྒྱལ་བས་ལུང་བསྟན་ལོ་ཆེན་བཻ་རོའི་རྣམ་འཕྲུལ་འཛམ་གླིང་ཤིང་རྟ་ཆེན་པོ་བློ་གྲོས་མཐའ་ཡས་པདྨ་གར་གྱི་དབང་ཕྱུག་རྩལ་ལས་སྨིན་གཏེར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྨིན་དབང་ཆེད་དུ་གསན་པས་བདེ་སྟོང་ཟུང་འཇུག་དོན་གྱི་སྔགས་སྡོམ་མངོན་སུམ་དུ་མཛད་པ་དང་། བཞི་པ་ནི། ལོ་དེའི་དབྱུག་པ་ཟླ་བའི་ཡར་ཚེས་བརྒྱད་ལ་ཁོ་བོ་ཅག་དང་ཐོག་མར་མཇལ་ཞིང་ཆོས་དབང་ཕུར་པ་ཡང་གསང་སྤུ་གྲིའི་དབང་ཆོས་འབྲེལ་དུ་ཕུལ་བས་དགུང་ཀེག་གི་བར་ཆད་བསལ། ཁྱད་པར་ཕྱི་ལོ་ཤིང་ཕོ་སྟག་གི་ལོའི་མགོ་ཟླ་བའི་ནང་ཆེད་དུ་བྱོན་ནས་ཟླ་གཅིག་ལྷག་ཙམ་བཞུགས། དབང་ཆོས་མང་པོ་དང་། བྱེ་བྲག་རྫོགས་པ་ཆེན་པོ་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་དབང་ཁྲིད་ལུང་གསུམ་སྨིན་པར་ཕུལ་བས། སྤྲོས་མེད་དབང་གི་ཡེ་ཤེས་དབབ་པའི་དུས་སུ་བླ་མ་ཉིད་བི་མ་ལར་དངོས་སུ་སྣང་བའི་སྤྱི་བོར་མཁའ་འགྲོ་མས་རྨ་བྱའི་གདུགས་གཟུང་བ་དང་། མཁའ་འགྲོའི་ཚོགས་མང་པོས་གཡོན་བསྐོར་དུ་བྱེད་པ་གཟིགས། རྗེས་ངོ་སྤྲོད་དུས་རིག་པ་རྗེན་པར་ངོ་འཕྲོད་གསུངས། དབང་ཁྲིད་ཚར་རྗེས་བཀའ་གཏད་པའི་ཚུལ་གྱིས་སྔགས་སྲུང་མའི་སྲོག་དབང་ཕུལ་སྐབས་ཨེ་ཀ་ཛཱ་ཊི་དངོས་སུ་གཟིགས་ཤིང་ས་གཡོ་བ་ལྟ་བུའི་ཟིལ་ཤིན་ཏུ་ཆེ་བ་བྱུང་། དཔོན་སློབ་གཉིས་ཆར་ལ་ལོ་གསུམ་གྱི་མཚམས་སུ་དངོས་གྲུབ་ཆེན་པོ་སྦྱིན་པར་གསུངས་པ་རྫོགས་ཆེན་སྡེ་གསུམ་གྱི་ཟབ་གཏེར་ཐོན་པའི་སྔ་ལྟས་སུ་སྣང་ངོ་། ༈ །བྱེ་བྲག །པད་འབྱུང་དངོས་སྣང་པདྨ་དབང་ཆེན་དང་། །ཞེས་པ་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་གྱི་ལུང་བྱང་ལས། དེ་དུས་ཆོས་བདག་ཇི་ལྟར་འབྱུང་བ་ནི༔ གསེར་ལྡན་འབབ་པའི་གཡོན་འགྲམ་དཔལ་རིའི་སྤོར༔ ང་ཡི་གསུང་སྤྲུལ་པདྨ་ཉིན་བྱེད་ཅེས༔ རྒྱལ་བའི་གདུང་འཚོབ་སྒྲུབ་པའི་རྒྱལ་མཚན་བཙུགས༔ དུས་མཐའི་མུན་རུམ་ནང་དུ་སྒྲོན་མེ་འཛིན༔ ཚེ་སྒྲུབ་མཐར་ཕྱིན་བརྒྱད་ཅུ་རྩ་ལྔ་ཐུབ༔ རྟེན་འབྲེལ་ལེགས་འགྲིགས་དགུ་བཅུར་བསྟན་པ་འཛིན༔ ལྷ་སྲས་ཉིད་ཀྱི་ཉེར་ལྔའི་དུས་སུ་མཇལ༔ སྦ་གསང་མེད་པར་བློ་གཏད་དེ་རུ་སྐྱོལ༔ དེ་ན་མ་བསྒྲིག་ལྷུན་གྲུབ་རྟེན་འབྲེལ་མང༔ ཞེས་གསུངས་པ་ལྟར་རྗེ་དེ་ཉིད་ཉེར་ལྔ་བཞེས་པའི་ཆུ་གླང་ཆོ་འཕྲུལ་ཟླ་བར་མཇལ། ཕུར་པ་དབང་ཆེན་བཞད་པ་སོགས་ཕུལ། རིན་པོ་ཆེ་ནས་ཀྱང་སྔ་ཕྱིར་བར་ཆད་སེལ་བ་དང་ཞབས་པད་བརྟན་པའི་རྟེན་འབྲེལ་བསྒྲིགས། གཏེར་སྒྲུབ་དང་གསང་རྒྱ་སོགས་མཐར་ཕྱིན་དགོས་པའི་བསླབ་སྟོན་ནང་མ་བསྩལ། ཕུར་པ་ཕུར་ཁང་ཆེན་མོར་དབལ་མདོས་སྐབས་སྒྲུབ་རྟེན་དུ་གནང་བ་སོགས་ཐུགས་མཐོང་ཆེ་བར་མཛད། ཁྱད་པར་སྐབས་རྟེན་འབྲེལ་མདོ་ཆིངས་ལས། ནམ་མཁའ་མཛོད་དུ་སྦས་པའི་ཟབ་གཏེར་རྣམས༔ མི་བཞག་འདོན་པའི་སྐྱེས་བུ་སྨོན་ལམ་ཅན༔ ལྷ་སྲས་ཁྱོད་ཀྱི་སྐྱེ་བའི་ཐ་མ་འབྱུང༔ དེ་དུས་ལོ་པཎ་རྗེ་འབངས་ཕལ་ཆེར་འཛོམ༔ ཁྱད་པར་མངའ་བདག་ཡབ་སྲས་མཇལ་ནས་སུ༔ གཅིག་གྲོགས་གཅིག་བྱེད་ལས་འཕྲོ་རིམ་པར་སད༔ ང་ཡི་གདམས་པ་མཐར་ཐུག་རྣམས་དང་མཇལ༔ དག་པའི་སྣང་བར་ང་ཉིད་དངོས་དང་འཕྲད༔ གསང་སྔགས་གདམས་པའི་ལག་ལེན་དམར་ཁྲིད་སྟོན༔ རང་ཉམས་བླངས་པས་འབད་མེད་གྲུབ་པ་ཐོབ༔ དངོས་གྲུབ་བརྙེས་པའི་སློབ་མ་དུ་མ་འབྱུང༔ ཞེས་སོགས་ལུང་བྱང་ཕྱི་ནང་གསང་བ་མང་པོར་ཤིན་ཏུ་གསལ་བ་ལྟར། རྗེ་ཉིད་དགུང་གྲངས་ཉེར་བདུན་དུ་སོན་པ་ཤིང་ཡོས་དབྱུག་པ་ཟླ་བར་ཆེད་ཀྱིས་ཕེབས་པར་ཕུར་པ་འཁོན་ལུགས་ཀྱི་དབང་བཀའ་ཕུལ་པས་ཟབ་གཏེར་གྱི་བར་ཆད་འབྱུང་པོ་སུམ་ཅུ་རྩ་གཅིག་བསྒྲལ་བའི་མནལ་ལྟས་ལེགས་པར་བྱུང་གསུངས། ཁྱད་པར་ཡང་དག་ལྷ་དགུའི་དབང་ཆེན་ཕུལ་པས་ནམ་མཁའ་མཐིང་ཞུན་གྱི་མདོག་ཏུ་གྱུར་པའི་དབུས་བླ་མ་ཉིད་ཧེ་རུ་ཀཿདངོས་སུ་སྣང་བ་སྤྱི་བོ་ནས་ཐིམ་པའི་ཉམས་ཤར་བས་སྙིང་གའི་རྩ་མདུད་གྲོལ། དེའང་གསུང་ངག་ལམ་འབྲས་པས་མོས་གུས་ཅན་བྱིན་རླབས་ཀྱིས་ཁམས་འདུས་ཤིང་རྩ་མདུད་གྲོལ་བ་དང་། འདུས་པ་འཕགས་ལུགས་ཀྱི་མན་ངག་ལས་ཕྱག་རྒྱ་སྲོག་རྩོལ་གྱི་གནད་གསུངས་པ་དང་རྗེས་སུ་མཐུན་པའི་ངོ་མཚར་ཆེ་བར་བྱུང་། རྡོ་རྗེའི་མགུར་གླུ་ཐོགས་མེད་དུ་བརྡོལ། སྔོན་ཆད་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བརྡ་ཡིག་གཏན་ལ་འབེབ་དཀའ་བར་བྱུང་བ་དེ་ནས་གཟུང་སྟེ་ཚེགས་མེད་དུ་ཁྲོལ་བ་ལྟར། ངེད་རང་ལ་བཀའ་བབས་པའི་ཐུགས་སྒྲུབ་བདེ་གཤེགས་འདུས་པ་དང་དོན་གཅིག་ཏུ་བབས་པར་མ་ཟད། ཚིག་རིས་ཕལ་ཆེར་ཀྱང་ཤིན་ཏུ་མཐུན་པར་བྱུང་སྟེ། གྲོལ་ཏིག་དགོངས་པ་རང་གྲོལ་གྱི་གཏེར་ལུང་ལས། གསང་བའི་ལུང་བསྟན་མ་གཏོགས་ཞུས་དག་ཕེར༔ གཅིག་ལ་གཅིག་ཡིད་ཆེས་པས་འཁྲུལ་པ་བྲལ༔ ཞེས་མངའ་རིས་པཎ་ཆེན་རིན་པོ་ཆེའི་ཟབ་གཏེར་རིག་འཛིན་ཡོངས་འདུས་དང་། ཀུན་མཁྱེན་པྲ་ཛྙཱ་རསྨིའི་གྲོལ་ཏིག་དགོངས་པ་རང་གྲོལ་ཕན་ཚུན་དག་དང་ཚུལ་མཐུན་པར་གཅིག་ལ་གཅིག་ཡིད་ཆེས་ཤིང་། བརྡ་བསྒྱུར་ལས་ཇི་ལྟར་འབྱུང་བ་མ་གཏོགས་ཚིག་གི་ལྷད་ཀྱང་མེད་པར་ཤིན་ཏུ་གསང་བའི་སྒོ་ནས་བར་ཆད་མེད་པར་གཏན་ལ་ཕབ། གཏེར་སྒྲུབ་ཀྱང་ལྷན་དུ་མཛད་པས་གུ་རུ་ཡབ་ཡུམ་གྱིས་དངོས་སུ་རྗེས་སུ་བཟུང་བའི་དག་སྣང་མཐའ་ཡས་པ་ཤར། ལྷག་པར་གཏེར་ཁ་དུ་མའི་ཁ་བྱང་བྱུང་བ་སོགས་དཔག་པར་དཀའ་བའི་རྟེན་འབྲེལ་གྱི་སྒོ་དུ་མ་འགྲིགས། ངོས་ནས་ཀྱང་དགུན་དེར་བླ་མ་སྐུ་གསུམ་གྱི་བསྙེན་སྒྲུབ་བགྱིས་པས་ཚེ་འཕྲང་ཞི་བ་དང་། ཟབ་ཆོས་འདི་ཉིད་ཁྱབ་བརྡལ་དུ་རྒྱས་པའི་རྟེན་འབྲེལ་དུ་གྱུར། ཕྱིས་མེ་སྦྲུལ་ལོར་རྗེ་དེ་ཉིད་ལ་སངས་རྒྱས་སྟོང་གིས་ཞལ་གཟིགས་པའི་སྐབས་སུའང་བསྟན་པའི་བཙས་དང་མཆོད་སྡོང་ཆེན་པོར་དབུགས་དབྱུང་བསྩལ་པ་ལྟར་འདི་ཙམ་གྱིས་གུ་རུ་རིན་པོ་ཆེའི་བསྟན་པ་དང་དེ་འཛིན་ལ་བྱ་བ་བྱས་པར་རློམ་པ་ལགས་ཤིང་། ཞིབ་པར་གསང་བ་མཆོག་གི་རྣམ་པར་ཐར་པ་ལོགས་སུ་འགོད་པར་འགྱུར་བ་ལས་ཤེས་སོ། ༈ །བདུན་པའི་སྐབས་བླ་སྒྲུབ་སྐོར་གསུམ་ཞེས། སྤྱིར་བླ་མ་བསྟན་གཉིས་སྐོར་གསུམ་ཞེས་གྲགས་པའི་བསྟན་གཉིས་ནི་མདོ་ལྟར་ན་རྒྱལ་བ་ཤཱཀྱ་ཐུབ་པ་མཚན་བརྒྱ་རྩ་བརྒྱད་སོ་སོར་སྒྲུབ་པའི་ཐབས་དང་། སྔགས་ལྟར་ན་གུ་རུ་པདྨ་འབྱུང་གནས་མཚན་བརྒྱ་རྩ་བརྒྱད་སོ་སོར་སྒྲུབ་པའི་ཐབས་མན་ངག་དང་བཅས་པ་རྒྱ་ཆེར་ཡོད་པར་གསུངས། སྐོར་གསུམ་ནི་བླ་མ་ཆོས་ལོངས་སྤྲུལ་གསུམ་དུ་སྒྲུབ་པ་སྟེ། དེའང་གཏེར་ཁ་འདི་ཉིད་ཀྱི་དབང་དུ་བྱས་ན་བླ་མ་ཆོས་སྐུར་སྒྲུབ་པ་ཆོས་སྐུའི་དོན་ཁྲིད་ཆེན་མོ། བླ་མ་ལོངས་སྐུ་ཚེ་དཔག་མེད་རིགས་ལྔ་སྒྱུ་འཕྲུལ་དྲྭ་བ། བླ་མ་སྤྲུལ་སྐུ་པདྨ་འབྱུང་གནས་ཞི་དྲག་གཅིག་དྲིལ་དང་བཅས་པ་སྟེ། ཞི་བ་ལ། ཕྱི་སྒྲུབ་བར་ཆད་ཀུན་སེལ། ནང་སྒྲུབ་བསམ་པ་ལྷུན་སྒྲུབ་མ། གསང་སྒྲུབ་མཚོ་སྐྱེས་རྡོ་རྗེ། དྲག་པོ་ཡང་གསང་རྡོ་རྗེ་དྲག་རྩལ། གཅིག་དྲིལ་བླ་མ་དངོས་གྲུབ་རྒྱ་མཚོ་དང་། ཐུགས་སྒྲུབ་དགོངས་པ་ཀུན་འདུས་རྣམས་སོ། །སྔ་ཕྱིར་ས་གཏེར་གྱི་གཏེར་ཁ་སུམ་ཅུ་རྩ་བདུན་ཙམ་ཕྱུང་ཚུལ་ནི། སྤྱིར་འགའ་ཞིག་གསང་རྒྱའི་བབ་དང་། ལ་ལ་ཡང་གཏེར་དུའང་སྦས་པ་སོགས་ཞིབ་པར་འཆད་དཀའ། བདག་ཅག་དཔོན་སློབ་ཐུན་མོང་གི་སྤྱོད་ཡུལ་དུ་གྱུར་པ་ཙམ་སྨྲོས་པ་སྟེ། དེའང་དགུང་ལོ་བཅུ་གསུམ་པ་ལྕགས་མོ་གླང་གི་ལོའི་དཔྱིད་ཀར་མ་ཎི་ཁར་ཨོ་རྒྱན་ཡབ་ཡུམ་གྱིས་དངོས་སུ་རྗེས་སུ་བཟུང་ནས་ལུང་བསྟན་པ་ལྟར། བྲག་དཀར་རྫོང་ཆུང་ནས་ལྷ་སྲས་ཀྱི་དགོངས་འདུས་བཀའ་རྟགས་རྡོ་རྗེ། མེ་ལོང་། ཐུགས་དམ་སྒྲུབ་ཐབས་ཉེར་བཞི་སོགས་ཐོག་མར་བཞེས་པ།༡ ཕྱིས་མེ་ལོང་འཇམ་མགོན་བླ་མ་དང་རྡོ་རྗེ་འདིར་བསྩལ། དེ་ནས་རིམ་པར་དགུང་གྲངས་བཅུ་གསུམ་པའི་དགུན་ཤེལ་བྲག་མདའ་ནས་ཁ་བྱང་བྱུང་བ་ལྟར། བཅུ་བཞི་པར་བསམ་ཡས་མཆོད་རྟེན་དཀར་པོ་ནས་ཟབ་གཏེར་བཞེས་པ་༢རྟེན་འབྲེལ་གྱི་བབ་ལས་སླར་ཡང་གཏེར་དུ་སྦས་པར་མཛད། ཉི་ཤུ་པ་ས་སྤྲེལ་དབྱུག་པ་ཟླ་བའི་ཚེས་བཅུར་ཟླ་ཉིན་ཁ་ལ་རོང་སྒོའི་བྲག་དཔལ་ཆེན་པོའི་ཞབས་འོག་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གསང་གཏེར་དུ་བཞེས།༣ ཉེར་གཅིག་པ་་་འདི་ཟིན་བྲིས་ལ་ལར་ཉེར་གཉིས་ཁྱི་ལོ་ཞེས་བྲིས་སྣང་ནའང་ངོས་ལ་དབང་ལུང་ཐོག་མར་བསྩལ་སྐབས་ལོ་རྒྱུས་ཞིབ་ཆ་ཞུས་པར་འདི་ལྟར་གསུངས། མཆན། ས་མོ་བྱའི་ལོའི་ཁྲུམས་སྟོད་ཟླ་བའི་ཚེས་བཅུའི་ཉིན་གུང་ན་བུན་རྫོང་ནས་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་དང་། མཐོང་གྲོལ། ཆོས་རྒྱལ་གྱི་གདུང་རུས་ལས་གྲུབ་པའི་ཐུགས་རྗེ་ཆེན་པོའི་སྐུ་སོགས་སྤྱན་དྲངས།༤ ཉེར་དྲུག་པར་རི་བོ་དབང་ཞུའི་དབུ་རྩེ་སློབ་དཔོན་རིན་པོ་ཆེའི་སྒྲུབ་གནས་དཀར་འཛོང་བྲག་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་བར་ཆད་སེལ་བའི་ཆོས་བཞི་གསང་གཏེར་དུ་ཐོན།༥ ཉེར་བརྒྱད་སོས་ཀ་ཀརྨའི་དམ་ཅན་བྲག་ནས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞི་ཁྲོ་སོགས་ཐུགས་དམ་ཟབ་པ་སྐོར་བདུན་ཞེས་རྒྱུད་ལུང་མན་ངག་ཡོངས་སུ་རྫོགས་པའི་ཟབ་ཆོས་ངོ་མཚར་ཅན་དང་།༦ དབྱར་དུས་ཁམས་ཀྱི་གླ་བ་རྐང་གཅིག་ཏུ་གྲགས་པ་ཡེ་རྒྱལ་ནམ་མཁའ་མཛོད་ཆོས་ཀྱི་སྒྲོམ་ཆེན་པོ་ནས། དེའི་ཆ་ལག་གཙོ་བོར་གྱུར་པའི་ཟབ་ཆོས་མཐའ་ཡས་པ་དང་སྐུ་ཚབ་རྣམ་གཉིས་སོགས་དང་།༧ སྟོན་ཟླ་འབྲིང་ལ་སླར་ཡང་ཁ་བྲག་་་འདི་གནས་ཡིག་གི་བབ་བྱང་དུ་དཔེ་ལ་ལར་དགུང་ལོ་ཉེར་དགུ་པར་གསུངས་ཀྱང་ཉེར་བརྒྱད་དུས་བཞེས་ཤིང་། ཉེར་དགུར་ཐུགས་སྒྲུབ་མདོ་བྱང་བབ་པ་ཡིན་པས་ཡིག་ནོར་བྱུང་བར་སྣང་། མཆན། དཔལ་ཆེན་པོའི་དབུའི་གསེང་ནས་ཐུགས་སྒྲུབ་ཀྱི་མདོ་བྱང་དང་། གནས་ཡིག་སོགས་དང་དམ་རྫས་བཀའ་རྒྱ་མ།༨ རྒྱལ་ཟླ་བའི་རྒྱལ་བ་དང་པོར་བདག་ཅག་དཔོན་སློབ་ལྷན་ཅིག་པས་སྨད་ཤོད་ཛམ་ནང་པདྨ་ཤེལ་ཕུག་ནས་དམ་ཆོས་རྫོགས་ཆེན་སྡེ་གསུམ་ཁྲོམ་གཏེར་དུ་སྤྱན་དྲངས།༩ འདི་ནས་གཟུང་ཕལ་ཆེར་ཁྲོམ་གཏེར་དུ་མཛད། དེའི་ཚེས་བཅུར་གནས་ཀྱི་དབུ་རྩེ་ནས་རིག་འཛིན་དགའ་རབ་རྡོ་རྗེའི་སྤྲུལ་པའི་གདུང་རྟེན་དང་། སྙིང་ཏིག་རྣམ་གཉིས་འཕྲལ་གཏེར་དུ་བཞེས།༡༠ དགུང་གྲངས་ཉེར་དགུར་སོན་པའི་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ལ་དཔའ་བོ་དབང་ཆེན་བྲག་ནས་གནས་ཆེན་ཉེར་ལྔའི་མདོ་བྱང་དང་།༡༡ ཟླ་བ་དེ་ཉིད་ཀྱི་ཚེས་དགུ་ལ་ཡོན་ཏན་སྐུའི་གནས་འབྲི་གཉན་སྡོང་གསང་ཕུག་ཆེན་མོ་ནས་འཇམ་དཔལ་བཤེས་གཉེན་སྙིང་ཏིག་གསང་གཏེར་དུ་བཞེས།༡༢ ཚེས་བཅོ་ལྔ་ལ་ཡོན་ཏན་ཕྲིན་ལས་ཀྱི་གནས་སེང་ཆེན་གནམ་བྲག་གི་གནས་ཀྱི་དབུ་རྩེ་ནས་ཟབ་གཏེར་གྱི་ཁ་བྱང་དང་། མཚོ་རྒྱལ་སྙིང་ཏིག་ལྷན་གཅིག་པ་དང་།༡༣ ཚེས་བཅུ་དགུ་ལ་བྲག་གོང་མོ་འོག་མ་ནས་ལུང་ཆེན་རྡོ་རྗེ་བཀོད་པ་སོགས་དམ་ཆོས་ཤོག་སྡེ་དྲུག་དང་། གསང་བའི་གླེགས་བམ། ཨོ་རྒྱན་རིན་པོ་ཆེའི་དབུ་ཞྭ། ལྷ་སྲས་ཕྱག་ཐམ། ཐུབ་པའི་དབང་པོའི་སྐུ་ཆོས། དགའ་རབ་ཆོས་སྨན་སོགས་ཆོས་དང་རྟེན་དང་དམ་རྫས་ཀྱི་གཏེར་ཆེན་ཁྲོམ་གཏེར་དུ་བཞེས།༡༤ ཉི་ཤུ་ལ་དེའི་བྲག་རིན་ཆེན་འབར་བ་ནས་རྗེ་འབངས་ཉེར་ལྔའི་ཆོས་སྨན་གྭའུ་གང་དང་ཆོས་སྐོར་ཞིག་ཀྱང་བཞེས།༡༥ ཉེར་གཉིས་ལ་སྨན་རྐྱལ་འདྲ་བའི་བྲག་ནས་སྨན་གྱི་གཏེར་དང་ཤོག་སེར་ཞིག་ཀྱང་བཞེས་༡༦ ཤིང་སྨན་བདག་ཅག་ལ་གནང་། ཤོག་སེར་གསང་བར་མཛད་སོང་། གནམ་བྲག་གི་གཏེར་ཁ་ཐམས་ཅད་ཁྲོམ་གཏེར་ཁོ་ན་ཡིན། ལྷོ་ཟླའི་ཕྱོགས་སུ་འབྱོན་ལམ་འཛི་སྨད་མཁའ་འགྲོ་ཤེལ་ཕུག་ནས་མཁན་པོའི་སྐུ་ཆོས་ལ་བྲིས་པའི་གནས་ཡིག་དང་། རྒྱལ་བ་མཆོག་དབྱངས་སྙན་རྒྱན་སོགས།༡༧ ཀེ་རོང་རྡོ་རྗེ་ཅོང་ཕུག་ནས་ཨོ་རྒྱན་ཡབ་ཡུམ་གྱི་ཚེ་རྫས་གཟི་སྒྲོམ་དང་ཁ་བྱང་འགའ་ཞིག༡༨ །སྨིན་དྲུག་ཟླ་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ཉེར་ལྔའི་ཉི་ཤར་ལ་གནས་མཆོག་ཀརྨའི་འབུམ་རྫོང་གི་པདྨ་དབང་ཕུག་ནས་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་སྐོར་ཆོས་ཚན་བཞི་དང་དམ་རྫས་ཀྱི་སྐོར་བཞེས།༡༩ མཚོ་ནང་ནས་ཀླུ་བདུད་ཁ་ལ་རཀྴས་ཆོས་སྐྱོང་སྐོར་གྱི་རྡོ་སྒྲོམ་དངོས་སུ་གཏད།༢༠ གནས་རྙིང་ཕུག་གི་གཏིང་ཨོ་རྒྱན་བཞུགས་ཁྲི་ནས་རང་བྱུང་ཐུགས་རྗེའི་སྒྲོལ་སྐུ། བྲམ་ཟེ་པྲ་བྷ་ཧསྟིའི་སྐུ་ཤ་རིལ་བུ། ཟུར་བཟའི་ཐུགས་དམ་སྐོར་དྲུག །ཁྱད་པར་ཁོ་བོས་ཁ་བྱང་དང་བཅས་ཞབས་སྐུལ་ཞུས་པ་བཞིན་ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲ་བའི་རྒྱུད་ལུང་མན་ངག་གི་སྐོར་ཁྱད་པར་འཕགས་པ་སོགས་སྤྱན་དྲངས།༢༡ དགུང་ལོ་སུམ་ཅུ་པ་ས་ཕོ་རྟའི་ལོར་འོག་མིན་ཀརྨའི་དཔལ་གྱི་དེའུ་མ་མོ་རོལ་པའི་ཕོ་བྲང་གི་སྒོ་གོང་ནས་མ་མོ་སྤྱི་བསྡུས་དང་། སྐུ་གསུང་ཐུགས་ཀྱི་རིལ་བུ་སོགས་དང་།༢༢ ལོ་དེའི་དབྱུག་པ་ཟླ་བའི་ཚེས་བཅུར་ཁོ་བོ་ལ་སྔ་ཕྱིར་གསལ་སྣང་དང་ལུང་བསྟན་བྱུང་བ་ལྟར་ཞབས་བསྐུལ་ཞུས་པས། ཀེ་ལ་ནོར་བུ་སྤུན་གསུམ་གྱི་བྲག་རི་རིན་ཆེན་འབར་བ་ནས་བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་བསམ་པ་ལྷུན་གྲུབ་མའི་ཆོས་སྐོར་གུ་རུའི་སྐུ་ཚབ་དང་བཅས་པ།༢༣ སྨིན་ཟླའི་ནང་གོ་སྟོད་འོད་འབར་བྲག་ནས་དམ་རྫས་ཕྲིན་ལས་རོལ་པ་སྒྲུབ་ཁོག་དང་བཅས་པ་དང་། ཆོས་སྐྱོང་ཡིད་བཞིན་ནོར་བུ་རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་སྐོར་སོགས་སྤྱན་དྲངས།༢༤ དགུང་གྲངས་སོ་གཅིག་པ་ས་མོ་ལུག་གི་ལོའི་སྤྲེལ་ཟླའི་ཚེས་བཅུར་དཔལ་སྤུངས་ཡང་ཁྲོད་དེ་ཝཱི་ཀོ་ཊ་ཙ་འདྲ་རིན་ཆེན་བྲག་ནས་གསང་ཐིག་སྙིང་པོའི་སྐོར་དང་གནས་ཡིག །བདེ་བར་གཤེགས་པ་ཐམས་ཅད་ཀྱི་གདུང་གི་རིལ་བུ་དམ་རྫས་རིན་པོ་ཆེའི་ཏོག་རྣམས་བཞེས།༢༥ ལོ་དེའི་སྟོན་དགུན་སྐབས་སྒ་སྟོད་མེ་སེང་རིན་ཆེན་ཤེལ་བྲག་ནས་སཱཙྪ་གསེར་མགོ་གཡུ་གཤམ་བཞེས་པ་ནས་གུ་རུ་རིན་པོ་ཆེའི་ཚེམས་ལས་སྤྲུལ་པའི་རིང་བསྲེལ་རྡོག་གཅིག་དང་། བོད་ཀྱི་གནས་ཆེན་དང་གནས་ཕྲན་གཏེར་ཁ་མང་པོའི་ཁ་བྱང་༢༦བྱུང་བ་རྡོ་ཐི་གངས་དཀར་གྱི་གནས་ཡིག་སོགས་འགའ་རེ་ཕབ། གཞན་སྤེལ་བར་མ་གནང་། སྒ་སྟོད་གཡུ་བྲག་་་གནས་འདི་བདུད་འདུལ་གྱིས་གནས་སྒོ་ཕྱེས་ཤིང་གནས་ཡིག་ཀྱང་ཡོད། གཏེར་ཆེན་རིན་པོ་ཆེ་ནས་གནས་ཆེན་ཉེར་ལྔའི་ནང་ཚན་སྐུའི་ཕྲིན་ལས་ཀྱི་གནས་ཧེ་བྲག་ཏུ་ངོས་འཛིན་པར་མཛད།ནས་བི་མ་མི་ཏྲའི་སྒྲོལ་དཀར་ཚེ་རྫས་ཟླ་བའི་སྙིང་པོ་དང་། ཐུགས་ཐིག་སྙིང་པོ་སོགས་བཞེས།༢༧ གསང་རྒྱ་ཤིན་ཏུ་དམ་པར་མཛད། དགུང་གྲངས་སོ་དྲུག་ཏུ་ཕེབས་པ་ཤིང་ཕོ་བྱི་བའི་ལོའི་ས་ག་ཟླ་བའི་དམར་ཕྱོགས་ཀྱི་ཚེས་བཅུར་ཡེ་རྒྱལ་ནམ་མཁའ་མཛོད་ཀྱི་ལྷོ་ཕྱོགས་གཡུ་འབལ་བྲག་ནས་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་རྒྱུད་ལུང་མན་ངག་གི་ཆོས་སྐོར་ཟབ་རྒྱས་སྐུ་ཚབ་དམ་རྫས་དང་བཅས་པ།༢༨ ཡང་གནས་དེའི་ནུབ་ཕྱོགས་ཁ་བ་སྟེང་ཚེ་ཞལ་བྲག་གམ་ཚེ་རྒྱས་བྲག་ནས་གུ་རུ་ཡབ་ཡུམ་གྱི་ཚེ་རྫས་ཁྱད་འཕགས་དང་། ཚེ་རྒྱུད་བདུད་རྩི་འཁྱིལ་པའི་སྒྲུབ་ཐབས་སྐོར་སོགས་སྤྱན་དྲངས།༢༩ དགུང་གྲངས་སོ་བརྒྱད་པ་མེ་སྟག་དབྱུག་པ་ཟླ་བའི་ཚེས་ཉེར་ལྔར་བདག་ཅག་དཔོན་སློབ་ལྷན་ཅིག་པར་རོང་མེ་འཆི་མེད་དཀར་མོ་སྟག་ཚང་དུ་འབྱོར། ཚེས་ཉེར་བདུན་ལ་གསང་ཕུག་གི་གཡས་ནས་དམ་ཆོས་སྙིང་པོ་སྐོར་ལྔ་སོགས་༣༠དང་། དེ་ནས་རིམ་པར་བྲག་གི་རྒྱ་བཅུ་གསུམ་བཤིགས་ནས་སྨིན་ཟླའི་དཀར་ཕྱོགས་ཀྱི་ཚེས་དགུའི་སྔ་དྲོར་གསང་ཕུག་གཡོན་ནས་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་དང་། ཚེས་བཅུའི་ནམ་ལངས་ལ་གུ་རུའི་ཕྱག་མཚན་རྡོ་རྗེ་སོགས།༣༡ ཚེ་བཅུ་ཕྱི་མར་མ་ཕམ་སེང་རྒོད་གཡུ་མཚོ་ནས་མཚོ་གཏེར་ཆེན་མོ་༣༢སོགས་བར་ཆད་མེད་པར་སྤྱན་དྲངས་པས་ངོ་མཚར་གྱི་ཕུལ་དུ་གྱུར། དགུང་གྲངས་སོ་དགུ་པ་མེ་ཡོས་དབོ་ཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པ་ལ་ཡོན་ཏན་སྦས་པའི་གནས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ནས་མཁན་སློབ་ཆོས་གསུམ་གྱི་ཕྱག་ཚཱ་ཤོག་དྲིལ་དང་བཅས་པ།༣༣ ནག་པ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་གནས་མཆོག་པདྨ་ཤེལ་རི་ནས་དམ་རྫས་མཁའ་ཀློང་འཁྱིལ་པའི་རིལ་བུ་བསྟན་པའི་བཙས་སུ་བསྔགས་པ་མཐོང་བ་དོན་ལྡན། མཁའ་འགྲོ་གསང་བའི་ཟབ་ཤོག་བཅས།༣༤ དེའི་ཚེས་བཅུ་གཅིག་ལ་བདག་ཅག་དཔོན་སློབ་ལྷན་ཅིག་པས་ཁྱུང་ཚང་བྲག་མཁའ་འགྲོ་ཐུགས་ཀྱི་གནས་ནས་རིག་འཛིན་ཡོངས་རྫོགས་སྙིང་ཏིག་དམ་རྫས་བཅས་བཞུགས་པའི་རྡོ་སྒྲོམ་ལེའུ་ཚན་དང་། ཧེ་རུ་ཀཿའདུས་པའི་ཐུགས་ཏིག་གི་གཏེར་སྒྲོམ་གྲི་གུག་གི་དབྱིབས་ཅན་བཅས།༣༥ ས་ག་ཟླ་བའི་ཤེར་ཕྱོགས་ཀྱི་རྒྱལ་བ་གཉིས་པར་ཡོན་ཏན་གནས་གཙོ་རུ་དམ་གངས་ཁྲོད་བདེ་བ་ཆེན་པོ་ནས་བདེ་མཆོག་སངས་རྒྱས་མཉམ་སྦྱོར། རུ་དམ་གངས་ཀྱི་ར་བའི་གནས་ཡིག །དམ་རྫས་ཧེ་རུ་ཀཿའདུས་པའི་བདུད་རྩི་བཅས་ཀྱི་རྡོ་སྒྲོམ་རིམ་པ་གསུམ།༣༦ གྲོ་བཞིན་ཟླ་བའི་ཚེས་བཅོ་ལྔར་ཁོ་བོ་ལ་ཁ་བྱང་བྱུང་བ་བཞིན་ཞབས་བསྐུལ་ནན་ཏན་དུ་ཞུས་པར། ལྷ་ལྡན་དུ་འབྱོན་ལམ་ནས་ཆེད་ཀྱིས་ཕེབས་ཏེ་ཀེ་ལ་ནོར་བུ་སྤུན་གསུམ་བྲག་ནས་དམ་ཆོས་ནོར་བུ་སྐོར་བདུན་དང་། གུ་རུ་སེང་གེ་སྒྲ་སྒྲོག་གི་སྐུ་རྒྱན། སྐུ་ཚབ་སོགས་སྤྱན་དྲངས་པ་སྟེ།༣༧ བདག་ཅག་གིས་མངོན་དུ་ཤེས་པའི་མཆོག་གཏེར་ཆོས་དང་དམ་རྫས་དང་བཅས་པ་ནི་འདི་ཙམ་ཡིན་ལ། ཁ་བྱང་དང་རྫས་གཏེར་ཕྲན་ཚེགས་ནི་མང་དུ་བཞེས་པར་སྣང་སྟེ། སེང་ཆེན་གནམ་བྲག་གི་ཟབ་གཏེར་གཅིག་པུ་ལའང་སྔ་ཕྱིར་ཁ་བྱང་གཉིས་ཙམ་དང་། ཁ་བྱང་དངོས། གནད་བྱང་། ཡང་བྱང་། སྙིང་བྱང་། བཅས་བདུན་གཏེར་གནས་ཐ་དད་པ་ནས་བྱུང་བས་མཚོན། དགུང་གྲངས་ཉེར་དྲུག་པར་གོང་སྨྲོས་དཀར་འཛོང་བྲག་ནས་ཐུགས་སྒྲུབ་ཆ་ལག་སྐོར་བཞེས་པའི་རྗེས། རི་བོ་དབང་ཞུའི་ཞོལ་ནམ་མཁའི་སྙིང་པོའི་སྒྲུབ་ཕུག་གི་སྒོ་གོང་ནས་ཐུབ་པའི་རིང་བསྲེལ་བྲག་ཕུག་མཱ་ར་ཏི་ཀའི་ས་སྣ་དང་བཅས་པ། དགུང་གྲངས་ཉེར་བརྒྱད་པའི་དབྱུག་པ་ཟླ་བར་མིག་དབྱེ་བྲག་ནས་བྲམ་ཟེ་ཁྲག་འཐུང་ནག་པོའི་དབུ་ཐོད། དགུང་གྲངས་སོ་གཅིག་པའི་དཔྱིད་ཀར་དཔའ་འོག་འབུར་མོ་གནས་ནས་གུ་རུ་ཡབ་ཡུམ་གྱི་བྱང་སེམས་རིལ་བུ་དང་། མཚོ་རྒྱལ་གསང་གཏེར། ལོ་དེའི་སྟོན་ཀར་རྒྱམ་རྒྱལ་གཡུ་མཚོ་ནས་རྫོགས་པའི་སངས་རྒྱས་འོད་སྲུང་གི་རིང་བསྲེལ་སོགས་སྤྱན་དྲངས་པས་མཚོན་ནོ།་་་ལྷ་ལྡན་ཕེབས་སྐབས་དགུང་གྲངས་བཞི་བཅུ་པ་ས་འབྲུག་ལོར་སྒྲགས་ཡང་རྫོང་ནས་གནུབས་ཆེན་རིན་པོ་ཆེའི་མཐེབ་ཀོར་ཤོག་སེར་བཅས་བཞེས་སྐད་ཙམ་ལས་སུས་ཀྱང་ཞིབ་ཆ་ངེས་པ་མ་བྱུང་། དེ་སྐབས་མཆིམས་ཕུ་དང་། ས་སྦྲུལ་ལོ་མགོར་གཞོ་སྟོད་ཏི་སྒྲོར་ཕེབས་པ་ནས་ཀྱང་ཟབ་གཏེར་འདྲ་བཞེས་སམ་ཞེས་གླེང་བ་ཙམ་མོ། །མཆན། སྤྱིར་བདག་ཅག་དཔོན་སློབ་ཀྱི་ལུང་བྱང་དུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གནས་གཏེར་བརྒྱ་རྩའི་བཀའ་བབས་ཞེས་གསུངས་པའང་སྣང་བས། སྐུའི་རྟེན་གུ་རུའི་སྐུ་ཚབ་དང་། སངས་རྒྱས་བྱང་སེམས་ཡི་དམ་གྱི་སྣང་བརྙན་དངོས་ཉེར་ལྔ་ཙམ་བཞེས་ཤིང་། ཁྱད་པར་གཏེར་ཁ་སྔ་མ་རྣམས་སུ་མ་གྲགས་པ་གུ་རུའི་སྐུ་ཚབ་ཀྱི་རྒྱུ་གཏེར་ནས་བཞེས་པ་ལས་ཕྱག་སྤར་དུ་བཏབ་པའི་སྐུ་ཚབ་གཉིས་པ་རྒྱ་ཆེར་སྤེལ་བ་དང་། གསུང་གི་རྟེན་ནི་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བའི་ཆོས་སྡེ་མཐའ་ཡས་པ་ཞིག་བྱོན་པ་སྟེ། སྙིང་ཏིག་གཅིག་པུའང་བརྒྱ་རྩ་ཞིག་ཡོད་པར་གསུངས་པས་ན་གོང་གི་ལུང་ཡང་མང་ཚིག་ཙམ་དུ་གོ །ཆོས་སྡེ་ཆེ་བ་གྲངས་སུ་བགྲང་ནའང་ཟབ་པ་སྐོར་བདུན་ལ་ཆོས་སྡེ་ཆེན་པོ་བདུན་དང་། རྫོགས་ཆེན་སྡེ་གསུམ་ནང་གསེས་སྙིང་ཏིག་བདུན་དུ་དབྱེ་བ་སོགས་བསམ་གྱིས་མི་ཁྱབ་པས་ཟབ་གཏེར་གྱི་བཞུགས་བྱང་གཞན་དུ་འགོད་པ་ལས་ཤེས། ཐུགས་རྟེན་རྡོ་རྗེ་དང་ཕུར་པ་སོགས་ཕྱག་མཚན་གྱི་རིགས་ཀྱང་མང་དུ་བཞེས་མོད། གཙོ་བོར་མྱོང་གྲོལ་དམ་རྫས་ཀྱི་རིགས་མཐའ་ཡས་པའི་བཀའ་བབས་ཚུལ་དམ་རྫས་ཀྱི་དཀར་ཆག་གཏེར་གཞུང་གསལ་བྱེད་དང་བཅས་པས་ཤེས་པར་བྱ་བ་ལས་འདིར་སྨྲོས་ཀྱིས་མི་ལང་ངོ་། ཁྱད་པར་ཆོས་ཀྱི་བཀའ་བབས་ཚུལ་ལའང་། བཀའ་གཏེར་དག་སྣང་ལས་ཕྱེ་བའི་བཀའ་བབས་བདུན་ཞེས་པ་ནི། ༡རིང་བརྒྱུད་བཀའ་མ་བསྐྱེད་རྫོགས་སྡེ་གསུམ་གྱི་རྒྱུན་དེང་སང་བཞུགས་པ་ཕལ་ཆེར་གསན་ཅིང་བྱིན་རླབས་ཟབ་མོའི་བཀའ་བབས་པ་ལ་བརྟེན་ནས་མདོ་སྒྱུ་སེམས་ཕྱོགས་སོགས་འཆད་སྤེལ་ཡང་མང་དུ་མཛད་དོ། །དཔལ་རི་བོ་ཆེའི་རྙིང་མ་གྲྭ་ཚང་དུ་འདུས་པ་མདོ་དབང་ཆེན་མོ་དང་། ཨེ་ཝཾ་ཆོས་སྒར་གྱི་མཁས་དབང་རྡོ་རྗེ་འཛིན་པ་རྣམས་དང་། ཨོ་རྒྱན་སྨིན་གྲོལ་གླིང་སོགས་སུ་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་བརྒྱུད་བཤད། དཔལ་གྱི་བསམ་ཡས་མཆིམས་ཕུར་སྐལ་ལྡན་འདུས་པ་རྣམས་ཀྱི་གཙོས་སྐབས་ཅི་རིགས་པར་རྫོགས་པ་ཆེན་པོ་གསང་བ་བླ་ན་མེད་པའི་ཆོས་འཁོར་ཀྱང་མང་དུ་བསྐོར་བར་མཛད། དེར་མ་ཟད་སྔར་མ་གྲགས་པའི་མདོ་སྒྱུ་སེམས་གསུམ་གྱི་སྐོར་རྗེ་འདི་ཉིད་ཀྱི་མཆོག་གཏེར་ལས་བྱོན་པ་རྣམས་ཀྱང་། མཚན་གཏེར་མར་བཏགས་ཀྱང་དོན་གྱི་ངོ་བོ་བཀའ་མའི་གཞུང་ཇི་ལྟ་བའི་ཆོས་སྐད་གྲུབ་མཐའ་སློང་ནུས་པའི་ངོ་མཚར་ཅན་ཤ་སྟག་གོ།་་་ཁྱད་པར་རྗེ་ཉིད་དང་ངོས་དཔོན་སློབ་ནས་དཔལ་ཡུལ་རྒྱ་སྤྲུལ་རིན་པོ་ཆེ་མདོ་སྔགས་བསྟན་འཛིན་ལ་སྙན་བསྐུལ་བར་བརྟེན། ཆོས་གྲྭ་ཆེན་མོ་རྣམ་རྒྱལ་བྱང་ཆུབ་གླིང་དུ་སྔ་འགྱུར་བཀའ་མའི་དབང་ལུང་གི་རྒྱུན་དེང་སང་ཡོད་དོ་ཅོག་གི་དཀྱིལ་འཁོར་ཆེན་པོ་ཉེར་བདུན་གྱི་སྒྲུབ་མཆོད་ལོ་བསྟར་ཚུགས་པའང་རྗེ་ཉིད་ཀྱི་ཕྲིན་ལས་ཆ་ཤས་རྨད་དུ་བྱུང་བ་ཡིན་ནོ། །དཔལ་ཡུལ་དུ་བཀའ་མའི་གཞུང་པོད་ཡོངས་རྫོགས་ཀྱི་སྤར་གསར་དུ་འཁོད་པའང་འདི་ཡབ་སྲས་ཀྱི་ཕྲིན་ལས་སུ་སྣང་། མཆན་འདི་ཛྙཱ་ནས་སོ། །མཆན། ཉེ་བརྒྱུད་གཏེར་མ་ལ་གཉིས། རྒྱ་ཆེ་བ་སའི་གཏེར་དང་། ཟབ་མོ་དགོངས་པའི་གཏེར་རོ། །དང་པོ་ལའང་གཉིས། རང་སྐལ་ས་གཏེར་དངོས་དང་། གཏེར་འབྱིན་གཞན་གྱི་ཡང་གཏེར་བཀའ་བབས་ཚུལ་ལོ། ༢།དང་པོ་ས་གཏེར་དངོས་ནི། གོང་དུ་གཏེར་ཁ་སུམ་ཅུ་རྩ་བདུན་སྤྱན་དྲངས་ཚུལ་བཤད་མ་ཐག་པ་ལྟར་དང་། ༣གཉིས་པ་ཡང་གཏེར་ནི། གཏེར་སྟོན་སྔ་མ་རྣམས་ཀྱིས་ཡང་གཏེར་དུ་སྦས་པ་དངོས་སུ་བཞེས་པའམ། བྱིན་རླབས་ཀྱི་སྟོབས་ལས་བྱུང་བ་དང་། དཔེ་རྒྱུད་ཙམ་ཡོད་ཀྱང་དབང་ལུང་འཆད་ཉན་གྱི་རྒྱུན་ཆད་པ་ཉེ་བརྒྱུད་དུ་བཀའ་བབས་པ་སོགས་ཏེ། སྐབས་འདིར་རྗེ་ཉིད་ཀྱི་སྐུ་སྐྱེ་བ་གོང་མ་གཏེར་ཆེན་སངས་རྒྱས་གླིང་པའི་ཡང་གཏེར་གུར་དྲག་ཧཱུྃ་དམར་སྙིང་ཏིག་བྱིན་རླབས་ཀྱི་སྟོབས་ལས་བཀའ་བབས་པ་དང་། མཁའ་འགྲོ་མ་ཀུན་དགའ་འབུམ་གྱི་མ་རྒྱུད་གསང་བ་ལམ་ཁྱེར་སྐོར་ཉེ་བརྒྱུད་དུ་བཀའ་བབས་པ་འཇམ་མགོན་བླ་མར་བསྩལ་པ་ལྟ་བུའོ། །གཉིས་པ་ཟབ་མོ་དགོངས་པའི་གཏེར་ལའང་གཉིས། ཡང་ཟབ་དགོངས་གཏེར་དངོས་དང་། རྗེས་སུ་དྲན་པའི་གཏེར་གྱི་བཀའ་བབས་ཚུལ་ལོ། ༤།དང་པོ་དགོངས་གཏེར་དངོས་ནི། རྩ་བ་གསུམ་སོགས་ཀྱི་བྱིན་རླབས་ལ་བརྟེན་ནས་ཐུགས་དགོངས་འོད་གསལ་ཀློང་དུ་སྦས་པའི་གསང་བ་ཟབ་མོའི་གཏེར་མཛོད་བརྡོལ་བ་སྟེ། རྗེ་བཙུན་སྒྲོལ་མས་ལེགས་སོ་གསུམ་གྱིས་དབུགས་དབྱུང་བསྩལ་པ་ལ་བརྟེན་དགོངས་གཏེར་སྒྲོལ་མའི་ཟབ་ཏིག་བརྡོལ་བ་ལྟ་བུ་དང་། ༥གཉིས་པ་རྗེས་སུ་དྲན་གཏེར་ནི། སྐུ་སྐྱེ་བ་སྔ་མའི་དུས་སུ་ལྷག་པའི་ལྷ་དང་བླ་མ་ལས་གདམས་ངག་གསན་པ་ད་ལྟའི་དུས་བཞིན་རྗེས་སུ་དྲན་པ་ལྟར་གཏན་ལ་ཕབ་པ་སྟེ། རྗེ་དེ་ཉིད་གནུབས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོར་འཁྲུངས་པའི་སྐབས་གནུབས་ཆེན་སངས་རྒྱས་ཡེ་ཤེས་གཤེགས་ཀར་འདའ་ཀ་ཞལ་ཆེམས་ཀྱི་ཚུལ་དུ་ལུང་རྡོ་རྗེ་བཀོད་པའི་གདམས་པ་གསུངས་ཚུལ་དང་། ཡང་དེའི་སྐབས་ཀྱི་སྔོན་གནས་རྗེས་སུ་དྲན་པའི་གནུབས་ཀྱི་ཁ་ཕོ་མདོ་ཙམ་ཞིག་ཡི་གེར་འགོད་པར་མཛད་པ་དང་། དེ་དག་གི་སྐབས་ཀྱི་རྗེས་དྲན་ལ་རུ་ལུའི་འདྲེན་སྟངས་བཞི་སོགས་དབྱངས་ཀྱི་བྱེ་བྲག་དང་། གར་གྱི་ཉམས་འགྱུར་མཐའ་ཀླས་པ་དང་། སྤྲུལ་པའི་སྐུ་སངས་རྒྱས་གླིང་པའི་དུས་ཀྱི་སྔོན་གནས་རྗེས་དྲན་ལ་བརྟེན་དགོངས་འདུས་རྩལ་སྤྲུགས་རྣམ་དགུའི་འཕྲུལ་འཁོར་ཕྱག་ཁྲིད་ཞིབ་མོར་གཏན་ལ་ཕབ་པ་སོགས་རྒྱ་ཆེར་ཡོད་དོ། །གསུམ་པ་ཟབ་མོ་དག་སྣང་གི་སྐོར་ལའང་གཉིས། ཟབ་མོ་དག་སྣང་དངོས་དང་། ཡང་ཟབ་སྙན་བརྒྱུད་ཀྱི་བཀའ་བབས་ཚུལ་ལོ། ༦།དང་པོ་དག་སྣང་དངོས་ནི། སྔོན་སྨོན་དང་འཕྲལ་བྱུང་གི་རྟེན་འབྲེལ་ཟབ་མོས་མཚམས་སྦྱར་ཏེ། དག་པའི་སྣང་བར་དབང་པོའི་མངོན་སུམ་དུ་རྩ་གསུམ་ཆོས་སྲུང་དང་བཅས་པས་ཞལ་བསྟན་ཅིང་གདམས་པ་ཟབ་མོ་གསུངས་པ་སྟེ། གནས་རི་བོ་དབང་ཞུའི་གནས་ཞལ་འབྱེད་སྐབས་བི་མ་ལའི་སྒྲུབ་ཕུག་འོད་ཀྱི་གུར་ཁྱིམ་དུ་གྱུར་པའི་དབུས་སུ་པཎ་ཆེན་དྲི་མེད་བཤེས་གཉེན་ཞལ་གཟིགས་ཏེ་བི་མའི་བླ་སྒྲུབ་ཟབ་མོ་རྗེས་སུ་གདམས་པ་ལྟ་བུའོ། །དབང་པོའི་མངོན་སུམ་དུ་མ་གྱུར་ཀྱང་ཉམས་ཀྱི་སྣང་བར་བླ་མ་ལྷས་དངོས་སུ་བསྩལ་པ་ལྟ་བུའི་གསལ་སྣང་བརྟན་པོ་ཤར་བ་དང་། ནམ་མཁར་ཡི་གེའི་གཟུགས་ཤར་བ་དང་། ཆོས་ཀྱི་སྒྲ་ཐོས་པ་དང་། མནལ་ལམ་དུ་ཞལ་གཟིགས་ཏེ་གསུངས་པའང་འདིའི་ཁོངས་སུ་འདུའོ། ༧།གཉིས་པ་སྙན་བརྒྱུད་ནི། རླུང་སེམས་ཙམ་ལས་གྲུབ་པའི་ཡེ་ཤེས་སྒྱུ་མའི་སྐུ་དག་པའི་ཞིང་ཁམས་སུ་དངོས་སུ་བྱོན་པའམ། ཐ་མལ་གྱི་སྣང་བ་མཐའ་དག་འགགས་ཏེ་དག་པའི་ཞིང་རྟེན་དང་བརྟེན་པ་བཅས་པར་གནས་འགྱུར་ཏེ་རྩ་བ་གསུམ་གྱི་ཞལ་ལས་གང་ཟག་དེའི་སྙན་དུ་གདམས་པ་དངོས་སུ་བརྒྱུད་པ་སྟེ། རྗེ་ཉིད་ཟངས་མདོག་དཔལ་རིར་དངོས་སུ་བྱོན་པའི་སྐབས་གུ་རུ་རིན་པོ་ཆེ་ལས་ཨ་ཏི་ཟབ་དོན་སྙིང་ཏིག་གསན་པ་ལྟ་བུའོ། །འདི་ལྟ་བུ་གཞན་ཡང་ཉམས་ཀྱི་གསལ་སྣང་ཤིན་ཏུ་བརྟན་པོ་དང་། མནལ་ལམ་དུ་བྱུང་བའང་འདི་ཉིད་ཀྱི་ཁོངས་སུ་འདུ་སྟེ། དེ་ལྟར་བཀའ་བབས་བདུན་གྱི་རྣམ་པར་གཞག་པའི་དོན་དང་མཚན་གཞི་ནི་ཡོངས་སུ་གྲགས་ཀྱང་། ཐ་སྙད་གསལ་བར་མཚོན་པ་ནི་མཆོག་གཏེར་ཆེན་པོ་འདི་ཉིད་ལས་གསུངས་ཏེ། རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ལུང་བསྟན་ལས། བཀའ་ནས་བཀར་བརྒྱུད་བར་མ་ཆད༔ ཟབ་མོ་དངོས་དང་དགོངས་པའི་གཏེར༔ དག་སྣང་སྙན་དུ་བརྒྱུད་པ་ཡི༔ བཀའ་བབས་བདུན་གྱི་ཆུ་བོ་ནི༔ མངའ་བདག་ཡབ་སྲས་སྐལ་པར་བབས༔ སྙིགས་དུས་བསྟན་པའི་བཙས་ཆེན་བྱེད༔ ཟབ་རྒྱས་ཉི་འོད་ལྷག་པར་བརྡལ༔ ཞེས་སོགས་མང་དུ་འབྱུང་བ་ལྟར་འདིར་མདོ་ཙམ་མཚོན་པར་བྱས་པ་སྟེ། རྒྱས་པར་ལུང་རིགས་ཀྱི་ལམ་ནས་དྲངས་ཏེ་འཆད་དུ་ཡོད་དོ། ༈ །རྡོ་རྗེའི་གནས་ཆེན་རབ་འབྱམས་ཀྱི་སྒོ་འཕར་ཕྱེ་ཚུལ་ནི། གནས་ཆེན་ཉེར་ལྔའི་མདོ་བྱང་རྩ་བར་གཟུང་སྟེ། སོ་སོའི་གནས་ཡིག་ས་གཏེར་ལས་བྱོན་པ་དང་། དགོངས་ཉམས་སུ་ཤར་བ་དང་། ལྷ་དང་མཁའ་འགྲོས་ལུང་བསྟན་པ་སོགས། བྱེ་བྲག་གསལ་བྱེད་བཅས་པ་རྣམས་ལས་རྒྱ་ཆེར་ཤེས་པར་བྱའོ། ༈ །བརྒྱད་པའི་སྐབས། ཆོས་ཀྱི་བདག་པོར་ལུང་གི་བསྟན་ཚུལ་སོགས་ལུང་བསྟན་རྣམས་དང་སྦྱར་ཏེ་བཤད། ༈ དགུ་པའི་སྐབས། ཕལ་ཆེར་ཕྱིའི་རྣམ་ཐར་གཙོ་ཆེ་ཞིང་། དེའི་གཙོ་བོ་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་སྒྲུབ་ཆེན་སུམ་ཅུ་རྩ་གསུམ་ཙམ་མཛད་པ་ཉིད་སྔ་འགྱུར་རྡོ་རྗེ་ཐེག་པའི་རིག་འཛིན་ཆེན་པོ་རྣམས་ཀྱི་ཕྱག་བཞེས་ངོ་མཚར་རྨད་དུ་བྱུང་བ་ཡིན་ཏེ། དེའང་སོ་གསུམ་གྱི་གྲངས་ངེས་ནི། ཐོག་མར་རྗེ་ཉིད་དགུང་གྲངས་ཉེར་ལྔར་སོན་པ་ཆུ་མོ་གླང་གི་ལོའི་སྨིན་དྲུག་ཟླ་བའི་ཡར་ཚེས་ལ། གནས་ཆེན་རི་བོ་དབང་ཞུའི་ཉེ་འདབས་སུ་ཆེད་ཀྱིས་ཕེབས་ཏེ། རཏྣའི་ཐུགས་སྒྲུབ་ཡང་གསང་བླ་མེད་ཀྱི་སྒྲུབ་ཆེན་སྤྲོས་མེད་ཀུ་ས་ལིའི་ལུགས་ཀྱིས་སྨིན་པར་མཛད།༡ དེ་སྐབས་དཔོན་སློབ་ཉུང་ངུ་ལས་མེད་པས་རྣམ་གཡེང་ཆུང་ཞིང་སྒྲུབ་པ་གནད་དུ་འགྲོ་བ་དང་། ཨོ་རྒྱན་རིན་པོ་ཆེའི་ཞལ་མཇལ་བ་སོགས་ཐུགས་ཚིམས་པར་བྱུང་ཞེས་བཀའ་བསྩལ་ཏོ། །དེ་ནས་རིམ་པར་དགུང་གྲངས་ཉེར་བརྒྱད་པར་པདྨ་ཤེལ་ཕུག་གི་འདབས་སུ་བཀའ་བརྒྱད་རྫོང་འཕྲང་གི་སྒོ་ནས་སྨན་སྒྲུབ་མཛད་༢སྐབས། ནམ་ཟླ་དགུན་སྒང་ཡིན་ཀྱང་དབྱར་དུས་ལྟ་བུར་དྲོད་ཕེབས་པ་དང་། སྨན་ལ་ཕབས་བཏབ་པ་སོགས་བརྗེད་ཀྱང་ལེགས་པར་ལངས་ཤིང་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པ་བྱུང་། ཉེར་དགུ་པ་ཆོ་འཕྲུལ་ཟླ་བར་སྡེ་དགེ་ལྷུན་གྲུབ་སྟེང་དུ་བཀའ་བརྒྱད་བདེ་འདུས་དང་རྫོང་འཕྲང་ཟུང་འབྲེལ་གྱི་སྨན་སྒྲུབ།༣ ས་ག་ཟླ་བར་ཀརྨར་བཀའ་བརྒྱད་སྨན་སྒྲུབ།༤ དབྱུག་པ་ཟླ་བར་ཡང་ཕུར་སྒྲུབ་ཆེན།༥ སུམ་ཅུ་པར་འོག་མིན་ཀརྨར་བཀའ་བརྒྱད་སྨན་སྒྲུབ་མཛད་༦པས་འཇའ་འོད་ཀྱི་རྟགས་མཚན་ངོ་མཚར་བ་བྱུང་། སྨན་སྒྲུབ་འོད་འབར་མ་ཞེས་བཏགས། དཔལ་རི་བོ་ཆེའི་རྙིང་མ་གྲྭ་ཚང་དུ་འོག་མིན་ཚོགས་ཆེན་འདུས་པའི་སྒྲུབ་པ་༧དང་འབྲེལ་བར་མདོ་དབང་ཆེན་མོ་སྨིན་རྒྱས་སུ་བསྩལ། ལོ་མཇུག་ཏུ་སྡེ་དགེ་རྒྱལ་ཁབ་ཆེན་པོའི་ཉེ་ལོགས་ལྕང་ལོ་ཅན་དུ་བཀའ་བརྒྱད་བདེ་འདུས་སྒྲུབ་ཆེན་༨དབང་བསྐུར་དང་བཅས་པ་མཛད། སོ་གཅིག་པར་དཔའ་བོ་དབང་ཆེན་བྲག་གི་ཉེ་འདབས་སུ་ཐུགས་སྒྲུབ་དགོངས་པ་ཀུན་འདུས་ཀྱི་སྒོ་ནས་སྨན་སྒྲུབ།༩ དཔལ་སྤུངས་འདུ་ཁང་ཆེན་མོར་ཐུགས་རྗེ་ཆེན་པོ་གསང་འདུས་དང་གཏེར་གསར་ཟབ་བདུན་རྟ་མགྲིན་ཟུང་འབྲེལ་གྱི་སྒྲུབ་ཆེན།༡༠ གནས་ཆེན་མཁའ་འགྲོ་འབུམ་རྫོང་དུ་རི་བོ་ཆེའི་ཡང་དགོན་བླ་བྲང་རྗེ་འཕགས་རྣམ་གཉིས་ཀྱིས་ཡོན་སྦྱར་ཏེ་ཐུགས་སྒྲུབ་ཀྱི་སྨན་སྒྲུབ་༡༡རྣམས་མཛད། སོ་གསུམ་པ་ལྕགས་བྱའི་ལོར་འོག་མིན་ཀརྨའི་གཙུག་ལག་ཁང་གཡེར་མོ་ཆེར་མཚུར་ཕུ་སྒར་ནས་ཡོན་སྦྱར་ཏེ། རྗེ་ཉིད་དང་འཇིག་རྟེན་དབང་ཕྱུག་དཔལ་ཀརྨ་པ་བཅུ་བཞི་པ་རྗེ་དབོན་ཟུང་དང་བཅས་པ། ཟུར་མང་སྤྲུལ་སྐུ་རྣམས་དང་། གནས་མདོ་ཆགས་མེད་མཆོག་སྤྲུལ་སོགས་ཆོས་བདག་བསྟན་འཛིན་སྐྱེས་ཆེན་ཚོགས་ཀྱི་འདུ་བ་ཆེན་པོས། གཏེར་གསར་ལུང་རྡོ་རྗེ་བཀོད་པ་ཚོགས་ཆེན་འདུས་པ། ཐུགས་སྒྲུབ་དགོངས་པ་ཀུན་འདུས། ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ། སྒྱུ་འཕྲུལ་ཞི་ཁྲོ་སོགས་ཟབ་བདུན་དྲེགས་འདུལ་དྲག་སྔགས། ཚེ་དཀར་བཅས་ཚོམ་བུ་བཅུ་གསུམ་གྱི་སྒྲུབ་པ་ཆེན་པོ་༡༢མཛད་ནས། འདུས་པ་ཁྲི་ཕྲག་མང་པོ་གྲོལ་བ་བཞི་ལྡན་གྱི་གོ་འཕང་ལ་དབུགས་དབྱུང་བ་སོགས་སྔར་མ་གྲགས་པའི་གནས་དུས་སྟོན་འཁོར་ཆོས་ཀྱི་ངོ་མཚར་རྨད་དུ་བྱུང་བར་གྱུར། སོ་བཞི་པར་ཀརྨར་བཀའ་བརྒྱད་ཀྱི་སྒྲུབ་ཆེན་༡༣དང་འབྲེལ་བར་སྨན་སྒྲུབ་ཕོན་མང་མཛད། སོ་ལྔ་པར་དགུན་ཟུར་མང་རྣམ་རྒྱལ་རྩེར་བཀའ་བརྒྱད་ཀྱི་སྒྲུབ་ཆེན།༡༤ སོ་དྲུག་པའི་དབྱར་དགེ་རྒྱལ་ནང་བླ་མ་ནོར་ལྷའི་སྒྲུབ་ཆེན།༡༥ ཟུར་མང་དུ་ཚེས་བཅུ་གསང་འདུས་དང་ཐུགས་སྒྲུབ་ཟུང་འབྲེལ་གྱི་སྒྲུབ་མཆོག་གར་འཆམ་རྒྱས་པར་གནང་།༡༦ སོ་བདུན་པ་ཚ་བ་སྒང་དུ་ཐུགས་སྒྲུབ་༡༧དང་། གནས་བརྟན་སྒང་རྟེན་མཆོག་འགྱུར་མེད་གླིང་གི་དགོན་སྡེ་གསར་དུ་བཏབ་པར་ལུང་ཆེན་རྡོ་རྗེ་བཀོད་པའི་སྒྲུབ་ཆེན།༡༨ སོ་བརྒྱད་པར་སྒ་སྟོད་སྡེ་རྟ་བེ་ཧུ་ཚང་སར་ཐུགས་སྒྲུབ་༡༩དང་། ཁྲ་མགུ་དགོན་པར་ཕུར་པའི་སྒྲུབ་ཆེན།༢༠ དཔལ་སྤུངས་ཆོས་གྲྭ་ཆེན་པོར་དགོངས་འདུས་ཀྱི་སྨན་སྒྲུབ།༢༡ འཛམ་ནང་པདྨ་ཤེལ་ཕུག་ཏུ་རྫོགས་ཆེན་སྡེ་གསུམ་གྱི་ཆོས་ཚན་ཡི་དམ་མངོན་རྫོགས་རྒྱལ་པོའི་སྒོ་ནས་སྨན་སྒྲུབ་སྤྲོས་པ་མདོར་བསྡུས།༢༢ བྲག་དམར་ཟངས་ཡག་ནམ་མཁའ་རྫོང་དུ་ཆོས་རྒྱལ་སྡེ་དགེས་སྦྱིན་བདག་མཛད་ནས་ཐུགས་སྒྲུབ་༢༣སོགས་ཀྱི་སྒྲུབ་ཆེན་ཚོགས་གར་ཆེན་མོ་དང་བཅས་པ་རྣམས་མཐའ་རྒྱས་སུ་མཛད། སོ་དགུ་པ་ཆོ་འཕྲུལ་ཟླ་བར་དཔལ་ཀཿཐོག་རྡོ་རྗེ་གདན་དུ་འོག་མིན་ཚོགས་ཆེན་འདུས་པའི་སྒྲུབ་མཆོད་༢༤ཀྱི་རྡོ་རྗེ་སློབ་དཔོན་དང་། དབོ་ཟླར་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཁོག་སོགས་ཐོག་མར་གཏན་ལ་ཕབ་འཕྲལ་སྒྲུབ་ཆེན་སྨིན་པར་མཛད་༢༥པས་མཐའ་དམག་གདུག་པའི་འཚུབ་འགྱུར་རེ་ཞིག་བཟློགས་པའི་མཚན་མ་ཁྱད་པར་ཅན་བྱུང་གསུངས། ཁོ་བོ་ལའང་མཆོད་རྟེན་བདེ་བྱེད་བརྩེགས་པར་སྔགས་རྒྱུད་མཐའ་ཡས་པ་ཀློག་པའི་སྣང་བ་ཤར་བ་སོགས་བྱིན་རླབས་ཀྱི་ཚན་ཁ་ཆེ་བར་བྱུང་། ནག་པ་ཟླ་བའི་ཡར་ཚེས་ལ་གནས་ཆེན་ཟླ་གམ་དབང་ཕུག་གི་མདུན་ངོས་དིའུ་མགོའི་གཞིས་ཀར་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཆེན་དང་འབྲེལ་བའི་སྨན་སྒྲུབ་ལེགས་པར་མཛད།༢༦ སྔ་ཕྱིའི་སྒྲུབ་པ་འདི་གཉིས་དོན་ལ་གཏེར་སྒྲུབ་ཀྱང་ཡིན་པས། སྒྲུབ་པ་ཕྱི་མ་ཟིན་འཕྲལ་རྡོ་རྗེའི་ལུང་གིས་བསྐུལ་ཏེ་གནས་ཆེན་པདྨ་ཤེལ་རིར་ཕེབས་པས། ཚེས་བརྒྱད་ནུབ་མོ་རྗེ་ཉིད་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་བྱོན་ནས་ཨོ་རྒྱན་རིན་པོ་ཆེ་རིག་འཛིན་གྱི་ཚོགས་དང་བཅས་པས་བཀའ་བརྒྱད་ཀྱི་སྒྲུབ་པ་མཛད་ཅིང་དབང་རྒྱུད་མན་ངག་ཐམས་ཅད་རྫོགས་པར་བསྩལ་པའི་དག་སྣང་རྒྱ་ཆེར་འཁྲུངས། ཟླ་བ་དེའི་མར་ངོར་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཆོས་གྲྭ་ཆེན་པོར་འདུས་པ་མདོའི་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་༢༧དང་། སྣྲོན་ཟླ་བར་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་ཚེས་བཅུ་དང་བཀའ་བརྒྱད་སྒྲུབ་ཆེན།༢༨ ཆུ་སྟོད་ཟླ་བར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་ཐུགས་སྒྲུབ་དགོངས་པ་ཀུན་འདུས་དང་བར་ཆད་ཀུན་སེལ་ཟུང་དུ་འབྲེལ་བའི་སྒྲུབ་པ་ཆེན་པོའི་ཁོངས་སུ་ཞལ་གདམས་སྙིང་བྱང་། ལས་ཇི་སྐད་གསུངས་པའི་སྒྲུབ་པ་ལས་སྦྱོར་ཐམས་ཅད་ཡོངས་སུ་རྫོགས་པའི་སྒྲུབ་ཆེན་ཤིན་ཏུ་རྒྱས་པ་ངོ་མཚར་ཅན་མཛད།༢༩ སྤྱིར་བྲག་དམར་ཟངས་ཡག་ནམ་མཁའ་རྫོང་དུ་བོད་ཁམས་བདེ་ཐབས་ཆོས་བཅུའི་རྟེན་འབྲེལ་བཟང་པོའི་སྐོར་མདོ་ཙམ་གཏན་ལ་ཕབ་གྲུབ་རྗེས། ཀཿཐོག་རྫོགས་ཆེན་དཔལ་སྤུངས་རྣམས་སུ་མཁན་སློབ་ཆོས་གསུམ་གྱི་དུས་སྟོན་མཆོད་པ་རྒྱས་པ་དང་འབྲེལ་བར། རབ་བྱུང་གིས་མདོ་མཆོད་དང་ཆོས་འཆད། སྔགས་སྡེས་སྒྲུབ་མཆོད་རྡོ་རྗེའི་ཚོགས་གར་ཆེན་མོ་དང་བཅས་པ་རྣམས་ཀྱིས་བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་རྒྱས་པའི་རྟེན་འབྲེལ་ཁྱད་པར་ཅན་བསྒྲིགས། གྲོ་བཞིན་ཟླ་བའི་ཤེར་ཕྱོགས་སུ་རྡོ་ནང་དུ་ཡང་ཕུར་གྱི་སྒྲུབ་ཆེན་༣༠བཅས་མཛད། བཞི་བཅུ་པར་འོག་མིན་དཔལ་གྱི་མཚུར་ཕུར་ཡང་ཕུར་སྒྲུབ་ཆེན་གར་འཆམ་སོགས་མཐའ་ཡས་སུ་གནང་།༣༡ དགུང་གྲངས་ཞེ་གཅིག་པ་ས་སྦྲུལ་ལོར་དབུས་ནས་ཕྱིར་ཕེབས་འཕྲལ་གནས་བསྟན་སྒང་དུ་འདུས་མདོ། སྒྱུ་འཕྲུལ་ཞི་ཁྲོ། ཡང་དག །གཤིན་རྗེ། ཕུར་པ། ཚེ་སྒྲུབ་རྣམས་བཀའ་གཏེར་གཉིས་ལྡན་དང་། མ་མོ་གཏེར་མ་བཅས་དཀྱིལ་འཁོར་ཆེན་པོ་དེ་རྣམས་ཀྱི་ཚོམ་བུ་ཚོགས་སྒྲུབ་ཚུལ་བཞིན་དུ་མཛད་ཅིང་།༣༢ ད་ལྟའང་རྒྱུན་གོང་འཕེལ་དུ་བཞུགས། དབྱར་དགེ་རྒྱལ་དུ་ཐུགས་སྒྲུབ་དང་སྒྱུ་འཕྲུལ་རྩ་འཆམས་དང་བཅས་རྒྱས་པར་གནང་།༣༣ དེའང་གོང་སྨྲོས་ལྟར་རི་བོ་དབང་ཞུར་ཐུགས་སྒྲུབ་ཀྱི་སྒྲུབ་པ་དང་། པདྨ་ཤེལ་ཕུག་ཏུ་སྔ་ཕྱིར་སྨན་སྒྲུབ་སོགས་སྐབས་འགའ་རེར་འདུས་པ་ཉུང་བས་སྤྲོས་བཅས་ཀྱི་ཕྱག་བཞེས་རྒྱ་ཆེར་མ་གྲུབ་ཀྱང་ཆོ་གའི་ཡན་ལག་སྦྱོར་དངོས་རྗེས་གསུམ་ཚང་ཞིང་། བྱིན་རླབས་ཀྱི་ཟིལ་དང་ལྡན་པས་ན་དོན་གྱིས་སྒྲུབ་པ་ཆེན་པོ་ཁོ་ན་ཡིན། གཞན་དུ་རྗེ་ཉིད་སྐུ་རྐྱང་གིས་སྒྲུབ་པ་མཛད་ཚུལ་རགས་རིམ་ཙམ་ལ། སྐུ་གཞོན་དུས་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་བསྙེན་སྒྲུབ་དང་། འབྲི་གུང་པའི་ཡང་ཟབ་ཚེ་སྒྲུབ་སོགས་ལན་མང་དུ་མཛད། ཕྱིས་དཔལ་སྤུངས་སུ་ཕེབས་ནས་བླ་མ་གསང་སྔགས་བསྟན་འཛིན་ལས་ཕྱག་ལེན་བཞེས་ཏེ་རཏྣའི་བླ་མ་ཞི་བའི་སྐུ་གསུམ་སྒྲུབ་པ་ཚད་ལྡན་དང་། གུར་དྲག །ཕུར་པ་བཅས་ཀྱི་བསྙེན་པ། དམ་པའི་ལུགས་ཀྱི་འཇམ་དབྱངས་སྨྲ་བའི་སེངྒེ་བསྙེན་སྒྲུབ་ལས་གསུམ་གནད་སྨིན། ཀླུ་དབང་རྒྱལ་པོ་དང་། ལས་འབྲེལ་རྩལ་གྱི་ཕྱག་རྡོར་དྲེགས་འདུལ་བསྙེན་པ་ལས་རུང་། སྔ་ཕྱི་ཅི་རིགས་པར་ཉང་གཏེར་བཀའ་བརྒྱད་དང་། ཆོས་དབང་ཐུགས་རྗེ་ཆེན་པོ་ཡང་འདུས། སྨིན་གླིང་གཏེར་གསར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་བཅས་ཀྱི་བསྙེན་སྒྲུབ། ཁྱད་པར་དགུང་གྲངས་ཉེར་བརྒྱད་པ་མེ་འབྲུག་ལོར་ཟབ་བདུན་གཏེར་ཤོག་ཕབ་གྲུབ་འཕྲལ། གནས་ཆེན་ཁྱད་པར་ཅན་རྣམས་སུ་བྱོན་ནས་སོ་སོའི་གཏེར་སྒྲུབ་རྟགས་ཐོན། དགུང་གྲངས་སོ་གཅིག་པ་ས་མོ་ལུག་ལོའི་དགུན་སྨད་ནས་གཟུང་འོག་མིན་ཀརྨའི་སྒྲུབ་ཁང་དུ་ལོ་གསུམ་གྱི་བར་གཙོ་བོར་ཐུགས་སྒྲུབ་བར་ཆད་ཀུན་སེལ་རྩ་བ་ཡན་ལག་དང་བཅས་པའི་བསྙེན་སྒྲུབ་མཐར་ཆགས་གནད་སྨིན་མཛད་ཅིང་། གཞན་ཡང་ཐུགས་སྒྲུབ་བསམ་པ་ལྷུན་གྲུབ་མ་ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ་སོགས་ཉིད་ཀྱི་གཏེར་ཁ་ཕལ་ཆེར་གྱི་གཏེར་སྒྲུབ་རྒྱས་བསྡུས་ཅི་རིགས་སུ་གནང་། གསང་སྒྲུབ་མཚོ་སྐྱེས་རྡོ་རྗེའི་བསྙེན་སྒྲུབ་མཛད་སྐབས་ཉམས་འབར་ནས་རྡོར་དྲིལ་ནམ་མཁར་བཞག་པའི་ལོ་རྒྱུས་དང་། སྔ་ཕྱིར་ཀར་ལུགས་སྒྲོལ་དཀར་དང་། འཆི་མེད་འཕགས་མའི་སྙིང་ཏིག་གི་བསྙེན་སྒྲུབ་མཛད་པས་རྟགས་མཚན་དགེ་བར་ཐོབ་ཚུལ་གསུང་འཕྲོས་སུ་བསྩལ་ཏོ། །དེ་ལྟ་བུའི་ཕྲིན་ལས་ཀྱི་འཇུག་པ་རྨད་དུ་བྱུང་བ་ལ་བརྟེན་ནས་འཇིག་རྟེན་དབང་ཕྱུག་དགྱེས་པའི་ཕོ་བྲང་སྟོད་ལུང་མཚུར་ཕུའི་ཆོས་གྲྭར་ཡང་ཕུར་གྱི་སྒྲུབ་ཆེན་ཚད་ལྡན་རྩ་འཆམ་འབྲིང་པོ་དང་བཅས་པ། ཟུར་མང་རྡོ་དགོན་དུ་ཡང་ཕུར་གྱི་སྒྲུབ་ཆེན་ཐོག་མར་སྨད་ལས་གཙོ་བོར་བཏོན་པའི་བསྒྲལ་འཆམ་དང་། ཕྱིས་ནོར་བུ་གླིང་དུ་ས་འདུལ་མཛད་སྐབས་རྩ་འཆམ་རྒྱས་པར་གནང་བ་ལྟར་གྱི་རྒྱུན། རྒྱམ་གཞུང་བླ་བྲོ་དགོན་དུ་ཡང་ཕུར་གྱི་སྒྲུབ་ཆེན་འཆམ་བཅས་དེ་མཚུངས་དང་། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་སྒྲུབ་མཆོད་དང་། མཎྜལ་བཞི་པའི་ཆོ་ག་བཅས་རྣམས་ཀྱི་རྒྱུན་ལེགས་པར་ཚུགས། དཔལ་རི་བོ་ཆེའི་ཡང་དགོན་བླ་བྲང་དུ་རྒྱལ་ཆེན་རྣམ་སྲས་ཀྱི་སྒྲུབ་ཁང་དང་སྒྲུབ་རྒྱུན། དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་བླ་བྲང་དུ་རྣམ་སྲས་ཀྱི་མགོན་ཁང་གསར་བཞེངས་དང་འབྲེལ་བར་ཐུགས་སྒྲུབ་བསམ་པ་ལྷུན་གྲུབ་མ་དང་། བཀའ་སྲུང་རྣམ་སྲས་བཅས་རྒྱུན་གསུངས། ཁྱད་པར་ཡང་ཁྲོད་དེ་ཝཱི་ཀོ་ཊའི་སྒྲུབ་སྡེ་ཆེན་པོ་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྒྲུབ་པ་པོ་རྣམས་ཀྱིས་གསང་ཐིག་སྙིང་པོའི་ཉམས་བཞེས་རྒྱུན་ཆགས་དང་། ཆོས་སྲུང་གི་གཙོ་བོ་གཏེར་མགོན་ཕྱག་དྲུག་པ་ལ་མཛད་པའི་མཚོན་ཕྱོགས་དེའི་མགོན་ཁང་དུ་གཏེར་གསར་གྱི་ཡི་དམ་ཆོས་སྲུང་ཕལ་མོ་ཆེའི་སྒྲུབ་པ་རྒྱུན་མི་འཆད་པར་ཚུགས་པས་བསྟན་འགྲོའི་སྨན་ཡོན་ཆེན་པོར་གྱུར། འཛི་སྒར་དུ་ཐུགས་སྒྲུབ་ལྷ་ཁང་གསར་བཞེངས་དང་འབྲེལ་བར་ཐུགས་སྒྲུབ་རྣམ་གཉིས་ཀྱི་སྒྲུབ་རྒྱུན་བར་མ་ཆད་པར་གནང་བ་སོགས་དང་། གཞན་ཡང་ཀུན་མཁྱེན་འབྲུག་པའི་གདན་ས་གསང་སྔགས་ཆོས་གླིང་དུ་ཟབ་བདུན་གཤིན་རྗེའི་སྒྲུབ་རྒྱུན་བཙུགས་བཞེད་དང་། ཟུར་མང་རྣམ་རྒྱལ་རྩེར་གུ་རུ་རིན་པོ་ཆེའི་སྐུ་ཚབ་ཁྱད་འཕགས་གནང་ཞིང་ཚེས་བཅུ་ཆེན་མོའི་ཕྱག་བཞེས་ཚུགས་དགོས་པའི་བཀའ་བསྩལ་པ། སྤྲུལ་སྐུ་མཆེད་ནས་ཀྱང་ཞལ་གྱིས་བཞེས་པ་དོན་སྨིན་དུ་འགྱུར་བ་གཞིར་བཅས་པའི་མཚོན་འབྱུང་འགྱུར་གྱི་ཕྲིན་ལས་མཐའ་རྒྱས་སུ་གྱུར་ཅིང་། ལྷག་པར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆོས་སྐོར་རྣམས་ཕྱོགས་གང་དུའང་དར་རྒྱས་ཆེ་བ་དང་། དེས་མཚོན་ཐུགས་སྒྲུབ་བསམ་པ་ལྷུན་གྲུབ་མ་དང་། ཡང་ཕུར། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་སོགས་ཀྱང་ཉམས་བཞེས་མཛད་པ་མང་ངོ་། །རྒྱལ་བས་ལུང་བསྟན་འཇམ་མགོན་རྡོ་རྗེ་འཆང་བློ་གྲོས་མཐའ་ཡས་སོགས་བླ་སློབ་ཟུང་དུ་བྲེལ་བའི་ཆོས་བདག་གི་ཁྱུ་མཆོག་ཆེན་པོ་རྣམས་ནས་བཟུང་། ལུགས་གཉིས་བྱ་བས་རིང་དུ་བཏང་བའི་བླུན་པོ་ཁོ་བོས་མཐའ་རྟེན་པ་རྣམས་ཀྱིས་ཀྱང་དབང་ལུང་ཁྲིད་གསུམ་འཆད་སྤེལ་དང་། སྒྲུབ་ཆེན་སྒྲུབ་ཕྲན། སྐུ་ཚབ་གཉིས་པ་དང་། དམ་རྫས་མྱོང་གྲོལ་གྱི་རྒྱུན་སོགས་རྒྱ་ཆེར་སྤེལ་བའི་ཕྲིན་ལས་ཞབས་འདེགས་རྩེ་གཅིག་ཏུ་ཞུས་ཤིང་། དེའི་ནང་ནས་ཀྱང་འཇམ་མགོན་རྡོ་རྗེ་འཆང་ཆེན་པོ་ནས་རབ་བྱུང་བཅུ་བཞི་པ་ཤིང་ཕོ་འབྲུག་གི་ལོའི་སྔ་ཕྱིར་ཟབ་བདུན་སོགས་ཆོས་ཀྱི་བདུད་རྩི་བཞེས་འཕྲལ། ཤིང་སྦྲུལ་བོད་དུ་ཕེབས་སྐབས་ཀར་འབྲུག་ཡབ་སྲས་དང་སྨིན་གླིང་ཁྲི་ཆེན་རིན་པོ་ཆེ་སོགས་སྐྱེས་བུ་དམ་པ་ལ་ཆོས་ཀྱི་སྒོ་འཕར་ཡངས་པོར་ཕྱེས། གནམ་བསྐོས་དགའ་ལྡན་ཕོ་བྲང་པས་མཐུན་རྐྱེན་ཞབས་འདེགས་ཕུལ་དུ་ཕྱིན་པ་གནང་བའི་བདག་པོའི་རྐྱེན་ལ་བརྟེན་ནས་ཆོས་འཁོར་གསུམ་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབེན་གནས་རྣམས་སུ་ཐུགས་སྒྲུབ་དང་། ཟབ་བདུན་སྐོར་གྱི་བསྙེན་སྒྲུབ་ཕྲིན་ལས་རྒྱ་ཆེར་བཀའ་དྲིན་བསྐྱངས་པས་བོད་ཁམས་བསྟན་འགྲོའི་ཕན་བདེ་གོང་དུ་སྤེལ། ཤེལ་བྲག་ཏུ་བདུད་རྩིའི་སྒྲུབ་ཆེན་ཁྱད་འཕགས་མཛད་པས་མཚོན། ཚུལ་དེའི་རྟོགས་པ་བརྗོད་པའི་གཏམ་ཟབ་རྒྱས་སྙན་འགྱུར་གྱི་ཡན་ལག་འབུམ་དང་ལྡན་པའི་ལེགས་བཤད་སྐལ་བཟང་མཁས་པ་རྣམས་ཀྱི་རྣ་བའི་བཅུད་ལེན་དུ་བསྩལ་པ་ལས་ཤེས་ཤིང་། འཆི་མེད་གཡའ་མ་ལུང་དུ་རྩ་གསུམ་ཚེ་དཀར་གྱི་སྒྲུབ་རྒྱུན་ལེགས་པར་ཚུགས་པ་ད་ལྟའི་བར་དུའང་གོང་འཕེལ་དུ་གནས། ཐུགས་སྒྲུབ་རྣམ་གཉིས་ཀྱི་དབང་ཆོག་ཆེན་པོ་སོགས་གུ་རུའི་བཀའ་དངོས་དང་ཁྱད་པར་མེད་པའི་བསྟན་བཅོས་ཀྱི་ནོར་བུའི་སྒྲོན་མེ་ཆེས་ཆེར་སྦར་བས་རྗེས་འཇུག་བློ་ལྡན་རྣམས་ཀྱི་བལྟ་བའི་མིག་ཏུ་གྱུར། རྗེ་ཉིད་དང་གཞན་ལའང་ཡོན་སྦྱར་ཏེ་ཐུགས་སྒྲུབ་བར་ཆད་ཀུན་སེལ་རྩ་བ་ཡན་ལག་དང་བཅས་པའི་སྒྲུབ་པ་གནད་སྨིན་དུ་མཛད་པ་སོགས་གཏེར་གསར་སྐོར་གྱི་སྒྲུབ་པ་ཉམས་བཞེས་ཀྱང་ཕུལ་དུ་ཕྱིན་པ་གནང་བ་སྟེ། སྤྱིར་འཛམ་གླིང་ཆོས་ཀྱི་ཤིང་རྟ་ཆེན་པོ་འདི་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་ཤཱཀྱ་སེངྒེ་དང་། སངས་རྒྱས་གཉིས་པ་སློབ་དཔོན་པདྨ་སཾ་བྷ་ཝ་ཐུགས་སྲས་དང་བཅས་པས་ཡང་ནས་ཡང་དུ་བསྔགས་ཤིང་ལུང་བསྟན་པས་མཁས་གྲུབ་ཏུ་རློམ་པ་གཞན་སུས་ཀྱང་འགྲན་བྱར་མ་གྱུར། འགྲན་པར་རློམ་ནའང་མེ་ཁྱེར་གྱིས་ཉི་མའི་འོད་ལ་འགྲན་པ་དང་ཆོས་མཚུངས། ལུང་བསྟན་ཡང་ཕྱག་རྗེས་མེད་པའི་མི་ཆེན་བླ་དཔོན་རི་མོའི་སྒྲོན་མེ་ལྟ་བུ་མ་ཡིན་པར་ལུང་བསྟན་དོན་དང་ལྡན་པས་སྤྱིར་མདོ་སྔགས་རིག་གནས་དང་བཅས་པའི་ཤེས་བྱ་རབ་འབྱམས། ཁྱད་པར་གསང་ཆེན་རྡོ་རྗེ་ཐེག་པའི་ཟབ་རྒྱས་ཀྱི་མཛོད་མཐའ་དག །དེ་ལས་ཀྱང་མཆོག་གཏེར་ཆེན་པོ་འདི་ཉིད་ཀྱི་བསྟན་པའི་སྒྲོན་མེ་བཤད་སྒྲུབ་རྩོམ་གསུམ་གྱི་སྒོ་ནས་རྒྱ་ཆེ་རྒྱུན་མི་འཆད་དུ་སྦར་པའི་ངོ་མཚར་གྱི་ཆ་ཤས་རེ་རེའང་། དེང་སང་འབྲེལ་པ་ཐོབ་ཆོག་ཏུ་གྲགས་པའི་བསྟན་འཛིན་གྱི་སྐྱེས་ཆེན་སངས་རྒྱས་ལྟ་བུ་རྣམས་དང་། འདུལ་འཛིན་དང་མཁས་པ་ཡ་མེད་ཀྱི་སྙེམས་འཆང་བ་ཚངས་པ་ཆེན་པོ་ལྟ་བུ་རྣམས་དང་། གཏེར་སྟོན་དང་གྲུབ་ཐོབ་ཀྱི་འུར་གོག་ཆེན་པོ་གླང་པོ་ཆེ་སྨྱོན་པ་གཡུལ་དུ་ཞུགས་པ་ལྟ་བུ་རྣམས་དང་། བྱ་བཏང་རྟོགས་ལྡན་སེངྒེ་སྲབ་མེད་གནམ་ལ་འཕྱོ་བ་ལྟ་བུ་སུས་ཀྱང་བསྒྲུན་དུ་མེད་པ་ནི་ཕྲག་དོག་དང་ཕྱོགས་ལྷུང་ཅན་རྣམས་ཀྱིས་ག་ལ་ཤེས་ཀྱང་། བློ་གྲོས་གཟུ་བོར་གནས་པ་དག་གིས་ལེགས་པར་དཔྱད་ན་ཤེས་ཤིང་། ད་ལྟ་དེ་ཙམ་དུ་མི་མཐོང་ཡང་མ་འོངས་པའི་དུས་ན་དམ་པའི་རྣམ་ཐར་གྱི་གཏམ་ལྷག་པར་སྙན་ཞིང་རྒྱས་པར་འགྱུར་བ་ནི་ཆོས་ཉིད་དོ། །ངོ་མཚར་བའི་གཏམ་བཅུ་པའི་སྐབས། གཤེགས་དུས་ཀྱི་ལོ་ཟླ་དུས་ཚིགས་ངོ་མཚར་བའི་ལྟས། གཤེགས་རྗེས་ཀྱི་དགོངས་རྫོགས་མཆོད་སྡོང་གི་བར་ཞིབ་པར་བཀོད། ཁྱད་པར་ཟླ་དུས་མཚུར་ལུགས་གྲུབ་རྩིས་ཀྱི་དབང་དུ་བྱས་ན་ཟླ་བ་ལྔ་པའི་ཚེས་གཅིག་ལ་གཤེགས་པ་འདྲའང་། ཕུག་ལུགས་ཟླ་ཤོལ་འདོན་ལུགས་ལྟར་ས་ག་ཟླ་བའི་ཚེས་གཅིག་ཡིན་སྣང་བས་དུས་མཆོད་སོགས་ལ་དེ་ལྟར་ལེགས་སྙམ། དེ་ལྟར་རང་གིས་ཤེས་ཚོད་རགས་པ་ས་བོན་ཙམ་བྲིས་པ་ཡིན་ཀྱང་། ད་དུང་ལོ་ཟླ་དུས་ཚིགས་ནོར་བ་ཡོད་མེད་ཀྱི་མཚོན། རྒྱུས་ཅན་རྫུན་མི་ཟེར་བ་རྣམས་ལ་ཡང་ཡང་དྲིས་ཤིང་དཔྱད་པ་གལ་ཆེ་སྟེ། བླ་མའི་རྣམ་ཐར་གྱི་དོན་ཐ་སྙད་གང་ལའང་སྒྲོ་སྐུར་མེད་པ་དྲང་པོ་ཁོ་ན་འགོད་དགོས་པས་སོ། ༈ །ཐ་མར་དགེ་བའི་སྐབས། སྤྱིར་སྐུ་སྐྱེ་བ་ཕྱི་མ་གཏེར་ལུང་ལས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྤྲུལ་པ་ལྔས་བོད་འདིར་འགྲོ་དོན་མཛད་ཚུལ་སོགས། འཕགས་པ་ས་ཐོབ་པའི་རྣམ་ཐར་སོ་སྐྱེའི་བློས་མཐའ་གཅིག་ཏུ་གཞལ་བ་ནི་ནམ་མཁའ་མཐའ་དག་ཁབ་མིག་ཏུ་འཛུད་པར་རློམ་པ་དང་འདྲ་ནའང་། སྐབས་འདིར་རྗེ་བཙུན་བླ་མ་ཉིད་ཀྱི་ཞལ་བཞེས་སྔ་ཕྱིར་རྡོ་རྗེའི་གསུང་འཁྲུལ་མེད་དུ་བསྩལ་པ་སྒྲོ་སྐུར་བྲལ་བ་རྣམས་གཞིར་བཞག །སྐུ་གསུམ་རིགས་འདུས་སྙིང་ཏིག་སོགས་དང་སྦྱར་ནས་པདྨས་ཁེབས་པའི་ཞིང་གི་སྨོན་ལམ་འཇམ་མགོན་བླ་མའི་རྡོ་རྗེའི་གསུང་ལས་བསྩལ་པ་ལྟར་འགྱུར་བར་ཤེས་པར་བྱའོ། །སྤྱིར་རྣམ་ཐར་ལའང་དྲང་ངེས་ཕྱི་ནང་གསང་བ་སོགས་བརྩམ་ཚུལ་མི་འདྲ་བ་མཐའ་ཡས་ཀྱང་། སྐབས་འདིར་དུས་གསུམ་གྱི་རྣམ་ཐར་སྐོར་བདུན་བྱུང་ན་ལེགས་ཤིང་རྣམ་པ་གསལ་བས། སྐུ་སྐྱེ་བ་རྣམས་ཀྱི་རྟོགས་བརྗོད་སྐྱེས་རབས་ཀྱི་རྣམ་ཐར་གཏེར་ལུང་དང་སྦྱར་བ།༡ ད་ལྟའི་སྐུ་ཚེ་འདིའི་ཐུན་མོང་སྤྱིའི་རྣམ་ཐར་༢འདི་ནི་བཀྲ་ཤིས་དབྱངས་ཀྱི་ཡན་ལག་རྒྱ་མཚོར་མཚན་གསོལ་བ་སྟེ། ཐུན་མོང་དང་ཁྱད་པར་གྱི་ཟླས་ཕྱེ་བ་མ་ཡིན་པར་ཕྱིའི་རྣམ་ཐར་གཙོ་བོར་བཏོན་ནས་ནང་དང་གསང་བ་ཡང་གསང་གི་རྣམ་ཐར་ཐམས་ཅད་ཀྱང་མཚོན་པས་སྤྱི་དང་བྱེ་བྲག་གི་ཟླས་ཕྱེ་བའི་སྤྱིའི་ཐུན་མོང་ཡིན་ནོ། །དེ་ལས་འཕྲོས་ཏེ་ཕྱི་འབྱོན་བཞུགས་ལམ་ཡིག་གི་རྣམ་ཐར་༣སྤྱི་དང་། བྱེ་བྲག་ཨོ་རྒྱན་རིན་པོ་ཆེའི་རྡོ་རྗེའི་ལུང་གི་རྗེས་སུ་འབྲངས་ཏེ། བཤད་པའི་རྟེན་འབྲེལ་དུ་མདོ་སྔགས་ཀྱི་བཤད་པ། སྒྲུབ་པའི་རྟེན་འབྲེལ་དུ་སྒྲུབ་གནས་ཆེན་པོ་རྣམས་ལ་རྡོ་རྗེའི་བྱིན་འབེབ་དང་། ཚོམ་བུ་ཚོགས་སྒྲུབ། ཕྲིན་ལས་ཀྱི་རྟེན་འབྲེལ་དུ་སྔར་མ་གྲགས་པའི་རྡོ་རྗེའི་ཚོགས་གར། དེ་ཐམས་ཅད་ཐུན་མོང་དུ་མཁན་སློབ་ཆོས་གསུམ་གྱི་དུས་སྟོན་ཆེན་པོ་སོ་སོའང་མཛད་པའི་ཆ་ཤས་ཆེ་བ་རེ་སྣང་། ནང་བཀའ་བབས་བདུན་ལྡན་གཏེར་བྱུང་གི་རྣམ་ཐར་༤སྤྱི་དང་།་་་རྗེ་ཉིད་ཀྱི་ཕྱག་ཐམ་ཆེན་མོར་བཀའ་གཏེར་སྤྱི་ཁྱབ་ཀྱི་བླ་མ་ཞེས་འགོད་པའང་དོན་འདི་ལས་བརྩམ་པ་སྟེ་རྒྱ་ཆེར་བཤད་དུ་ཡོད་དོ། །བྱེ་བྲག་གཏེར་རྫས་མཐོང་གྲོལ་དང་མྱོང་གྲོལ་གྱི་ཕྲིན་ལས་མཁའ་ཁྱབ་ཏུ་སྤེལ་བའི་གཏམ། རྡོ་རྗེའི་གནས་ཆེན་རབ་འབྱམས་ཀྱི་སྒོ་འཕར་དངོས་དང་བརྒྱུད་ནས་ཕྱེས་པའི་གཏམ། གསང་བ་དག་པའི་གཟིགས་སྣང་རབ་འབྱམས་ཀྱི་རྣམ་ཐར།༥ དེ་ཁོ་ན་ཉིད་ཉམས་རྟོགས་མཆོག་གི་རྣམ་ཐར།༦ དེའི་ཡན་ལག་ཏུ་གཏུམ་མོ་རས་འབུད་ཀྱི་ཆེ་བ་བཏོན་པའི་གཏམ། སྐུ་སྐྱེ་བ་ཕྱི་མའི་སྤྲུལ་གཞི་དང་སྤྲུལ་པ་རྒྱ་མཚོའི་རྣམ་ཐར་༧བཅས་པ། དེ་དག་ཀྱང་དགེ་བའི་བཤེས་གཉེན་ཆེན་པོ་ནས་ལུང་རིགས་ཀྱི་ལམ་ནས་དྲངས། ལོ་ཙཱ་བ་མཁས་པས་སྙན་ངག་གི་དབྱངས་སུ་བསྡེབས། བློ་གསལ་བ་རྣམས་ཀྱིས་ཀུན་ཏུ་བཟང་པོའི་འཁོར་ལོས་བསྔགས། ཉམས་རྟོགས་ཅན་རྣམས་ཀྱིས་ས་ལམ་གྱི་འགྱུར་བ་བརྩིས་ཏེ་བཤད། ཅིའང་མི་ཤེས་པ་བདག་ལྟ་བུས་ཀྱང་གང་མཐོང་གང་ཐོས་སྒྲོ་སྐུར་མེད་པར་ཡི་གེའི་དུམ་བུ་གྱུ་རུ་ལུགས་སུ་བྲིས་པ་སོགས། མདོར་ན་དམ་པའི་རྣམ་ཐར་རྒྱ་ཆེར་བསྒྲགས་པས་རང་གཞན་གྱི་རྒྱུད་ལ་ཕན་བདེའི་ས་བོན་བཟང་པོ་འཇོག་པ་དང་། བཤད་སྒྲུབ་ཕྲིན་ལས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་དུ་མ་ནས་རྒྱས་པའི་རྟེན་འབྱུང་གི་སྒོ་འཕར་རྒྱ་ཆེར་འཕེལ་ཞིང་རྒྱས་པར་བྱའོ། །ཞེས་པའང་སྡོམ་བརྩོན་སྡེ་སྣོད་དང་རྒྱུད་སྡེ་འཛིན་པ་ཆེན་པོ་ཐུབ་བསྟན་ཨེ་ཝཾ་ཆོས་སྒར་གྱི་ཉེ་བར་ལུང་འབོགས་པ་པོ་ཀརྨ་རིན་ཆེན་དར་རྒྱས་དཔལ་བཟང་པོས། དོན་གཉེར་ཆེན་པོས་དྲིས་ཤིང་བསྐུལ་པ་ལྟར་བྱ་བྲལ་སྤོང་བ་པའི་གཟུགས་བརྙན་ཆུང་ངུ་མཉྫུ་གྷོ་ཥས་་་༼ཞབས་དྲུང་རིན་པོ་ཆེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ།༽རང་གིས་ཐོས་ཚོད་ཤེས་ཚོད་སྒྲོ་སྐུར་མེད་པར་ས་བོན་ཙམ་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་ཀ་ལྱཱཎཾ་བྷ་ཝ་ཏུ།། །།
བཀའ་བརྒྱད་གསང་བ་ཡོངས་རྫོགས་ལས༔ རིམ་ལྔ་གདན་ཐོག་གཅིག་མ་ (Volume 15, Text 5)
བཀའ་བརྒྱད་གསང་བ་ཡོངས་རྫོགས་ལས༔ རིམ་ལྔ་གདན་ཐོག་གཅིག་མ་བཞུགས༔ ༔ྈྈྈྈྈ གསང་སྔགས་དབང་ཕྱུག་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་ལོ༔ དཔལ་གསང་བ་འདུས་པའི་རྒྱུད་དོན༔ བསྐྱེད་རིམ་ཞི་ཁྲོ་ཡོངས་རྫོགས་གང་རུང་གཅིག་སྔོན་དུ་སོང་ནས༔ ཁྱད་པར་གྱི་རྫོགས་རིམ་རིམ་ལྔ་གདན་ཐོག་གཅིག་ཏུ་སྒོམ་པའི་མན་ངག་དོན་དྲུག་གིས་བསྟན་ཏེ༔ སྔགས་སེམས་ལུས་དང་འོད་གསལ་དང༔ ཟུང་འཇུག་རྫོགས་རིམ་འབྲས་བུ་ལྔའོ༔ དང་པོ་སྔགས་ཀྱི་རྫོགས་རིམ་བསྟན་པ་ནི༔ བདེ་གཤེགས་ཡོངས་རྫོགས་གསང་སྔགས་འབྲུ་གསུམ་རྡོ་རྗེའི་བཟླས་པ་སྲོག་རྩོལ་རླུང་ལ་རྫོགས་ཏེ༔ དེ་ལྟར་གསལ་བའི་རླུང་འཇུག་ཚེ་ཨོཾ༔ གནས་པ་ལ་ཨཱ༔ བཏང་བ་ལ་ཧཱུྃ་དུ་བསམ༔ དེ་ཡང་གནས་པ་ལ་རྒྱུན་བསྲིང་བ་ཡིན་ནོ༔ རྒྱལ་བའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཡོངས་རྫོགས་སུ་འགྲུབ་པར་བྱེད་པ་ལ༔ ཨོཾ་ཨཱཿཧཱུྃ༔ རླུང་རྒྱུ་འཇུག་གནས་གསུམ་གྱི་རང་བཞིན་དུ་བཟླས་པ་འདི་ལས་ཁྱད་པར་འཕགས་པ་གཞན་མེད་པས༔ ངག་རྡོ་རྗེའི་བཟླས་པའི་རྫོགས་པའི་རིམ་པའོ༔ གཉིས་པ་སེམས་དམིགས་པའི་རྫོགས་རིམ་ནི༔ རང་ལྷར་གསལ་བའི་སྙིང་དབུས་པདྨ་འདབ་བརྒྱད་ལྟེ་བ་མུ་ཁྱུད་དང་བཅས་པ་ལ་དགོད་པར་བྱ་བའི་ཡིག་འབྲུ་ནི༔ ལྟེ་དབུས་སུ་ཆོས་ཐམས་ཅད་ཀྱི་ཕྱི་མོ་རྫོགས་སངས་རྒྱས་ཀྱི་འབྱུང་གཞི་ཡང་དག་སྐྱེ་མེད་ཨ་དཀར་པོ་གཅིག་བསམས་ཏེ༔ འདབ་མ་བརྒྱད་ལ་ཤར་ནས་བརྩམ་སྟེ་ཡིག་འབྲུ་བཅུ་དྲུག་བཀོད་པ་ནི༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ མུ་ཁྱུད་ལ་ཐབས་ཡིག་སོ་བཞི་བཀོད་པ་ནི༔ ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ ཡི་གེ་ཐམས་ཅད་དངུལ་དཀར་བླུགས་ནས་འབྱུང་མ་ཐག་ལྟ་བུ་དཀར་ལ་གསལ་བར་བསྒོམ༔ དེ་ཡང་ཕྱིའི་གསལ་བྱེད་ལ་དམིགས་པ་གཏད་དེ་བསྒོམས་ན་སྣང་བའི་བྱང་ཆུབ་སེམས་སྐྱེ༔ ཉམས་དང་མིག་སྣང་དུ་རྟགས་ནི་ཉི་ཟེར་གྱི་འོད་དང་འདྲ་བའི་སྣང་བ་འབྱུང་ངོ༔ ནང་གི་དབྱངས་ཡིག་རྣམས་ལ་དམིགས་ཏེ་བསྒོམས་ན་སྣང་བ་མཆེད་པའི་ཡེ་ཤེས་སྐྱེ་སྟེ༔ རྟགས་ཟླ་བའི་འོད་ཟེར་འདྲ་བ་འབྱུང་ངོ༔ དབུས་ཀྱི་ཨ་དཀར་ལ་དམིགས་ཏེ་བསྒོམས་ན༔ སྣང་བ་ཉེར་ཐོབ་ཀྱི་ཡེ་ཤེས་སྐྱེ་སྟེ༔ རྟགས་ནི་དུ་བའམ༔ མུན་པ་ལྟ་བུ་འབྱུང་ངོ༔ དེ་རྗེས་བདེ་སྟོང་དུ་འཆར་བས༔ སེམས་དབེན་གྱི་རྫོགས་རིམ་མོ༔ གསུམ་པ་སྒྱུ་ལུས་ཀྱི་རྫོགས་རིམ་ནི༔ སྙིང་ནང་པདྨའི་ལྟེ་དབུས་སུ་ཨ་དཀར་པོ་འོད་ཡེལ་ཏེ་སྤྲོས་པས་ལུས་མགོ་ཞབས་ཀུན་ཏུ་ཁྱབ་སྟེ༔ ལུས་སྒྲིབ་བག་ཆགས་དག་ནས༔ རླུང་སེམས་དབྱེར་མེད་དུ་འདྲེས་པ་འོད་ཀྱི་སྐུ་རྡོ་རྗེ་སེམས་དཔའ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར་གསལ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་པ༔ གཡོན་དངུལ་དཀར་གྱི་དྲིལ་བུ་དཀུ་ལ་བརྟེན་པ༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཉི་ཟླ་པདྨ་སེང་ཆེན་བསྣོལ་བའི་ཁྲི་སྟེང་ན་བཞུགས་པ༔ དེ་ལ་འོད་ལྔའི་སྐུ་ཡོལ་ཅན་སྣང་ལ་རང་བཞིན་མེད་ཕྱིར་སྒྱུ་མའམ༔ རྨི་ལམ་མམ༔ འཇའ་ཚོན་ལྟར་སྣང་ལ་གདོས་པ་མ་གྲུབ་སྒྱུ་མའི་ལུས་སུ་བསྒོམ༔ བདེན་འཛིན་ཨར་ལ་འཆིང་བའི་རྫོགས་རིམ་མོ༔ བཞི་པ་འོད་གསལ་སྒོམ་པའི་རྫོགས་རིམ་ནི༔ སྒྱུ་ལུས་རྡོ་རྗེ་སེམས་དཔའ་ཉིད་ཀྱི་དཔྲལ་བར་ཨ་དཀར་པོ་འོད་འཕྲོ་བ་གཅིག་བསྒོམ༔ དེ་ལ་བརྟེན་ནས་དེའི་འོད་ཟེར་གྱིས་ལུས་ཐམས་ཅད་ཁྱབ་པས༔ སྒྱུ་ལུས་འོད་ཀྱི་རང་བཞིན་དེ་འོད་དུ་འདུས་ཏེ་ཨ་དཀར་དུ་ཡོངས་སུ་རྫོགས༔ སྐྱེ་བ་མེད་པའི་སེམས་དེ་སེམས་ལས་བྱུང༔ སེམས་ཉིད་སྟོང་པར་རྫོགས༔ སྟོང་པའི་རང་བཞིན་འོད་གསལ་དུ་གནས་སོ༔ རྟགས་ནི་དུ་བ་ཡལ་བའམ༔ སྤྲིན་མེད་བར་སྣང་ལྟ་བུ་འབྱུང༔ འོད་གསལ་ཡོངས་སུ་རྫོགས་པའི་རིམ་པའོ༔ ལྔ་པ་ཟུང་འཇུག་རྫོགས་རིམ་ནི༔ རྣམ་པ་ལྷར་གསལ་བའི་ཆ་ནས་སྒྱུ་ལུས་ལ༔ རང་བཞིན་སྟོང་པའི་ཆ་ནས་འོད་གསལ་བ་བཞིན༔ ཐ་མི་དད་ཟུང་འཇུག་དབྱེར་མེད་ཀྱི་སྐུ་ཡིན་པས༔ སྟོང་པ་ཉིད་ལས་གཟུགས་གཞན་ཞིག་གུད་ན་རང་རྒྱུད་དུ་གྲུབ་པ་མེད་དོ༔ དཔེར་ན་ནམ་མཁའི་འཇའ་ཚོན་ནམ་སྤྲིན་བཞིན་དུ་ཤེས་པ་ནི་ཟུང་འཇུག་མཉམ་གཞག་གི་རྫོགས་རིམ་མོ༔ དྲུག་པ་རིམ་ལྔ་ཐུན་བཞིར་བསྒོམ་པའི་རྣལ་འབྱོར་ལ་ཐོབ་བྱའི་འབྲས་བུ་ནི༔ འདའ་ཀར་ཆོས་ཉིད་འོད་གསལ་དུ་འཁྲུལ་པ་དག་པས་ཆོས་སྐུ་ཡོངས་རྫོགས་ལ་བར་དོ་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ནས༔ ཐུགས་རྗེ་ཉིད་ཀྱི་སྨོན་ལམ་སྟོབས་ཀྱིས་སྤྲུལ་སྐུ་ཕྲག་ཡས་ཏེ་འགྲོ་དོན་ཡོངས་སུ་རྫོགས་པར་མཛད་པར་རྒྱུད་ལས་གསུངས་པས་ངེས་པ་ཅན་ནོ༔ དེ་ཕྱིར་གསང་སྔགས་རྒྱུད་སྡེ་རྒྱ་མཚོ་རྣམས་ཀྱི་བཅུད་ཉམས་སུ་བླང་ཐབས་ཀྱང༔ རིམ་ལྔའི་རྫོགས་རིམ་འདི་ཉིད་ཡིན་ནོ༔ རིམ་ལྔ་གདན་ཐོག་གཅིག་ཏུ་ཡོངས་རྫོགས་སུ་བསྒོམ་པ་གནད་ཀྱི་མན་ངག་དམ་པའོ༔ ྀཨཚ༔ རྒྱ་རྒྱ་རྒྱ༔
ཉང་གཏེར་བླ་མ་ཡོངས་རྫོགས་ཀྱི་སྒྲུབ་ཐབས་དང་གཏོར་དབང་ (Volume 61, Text 5)
ཨཱོྃ་སྭསྟི། ཞི་དང་ཁྲོ་བོ་མ་ལུས་པའི། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་གང་། །རིག་འཛིན་བླ་མའི་རྣམ་རོལ་ཅན། །དེར་བཏུད་སྒྲུབ་ཐབས་སྙིང་པོར་སྤེལ། །འདིར་ཡོངས་རྫོགས་བླ་སྒྲུབ་དང་འབྲེལ་བ་གཏོར་དབང་གི་ཆོ་ག་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་བཤམ་དང་། དངོས་གཞི་སྒྲུབ་ཐབས་དང་། དབང་གི་ཆོ་གའོ། །དང་པོ་ཡོ་བྱད་ཀྱི་བཤམ་ནི། རྡུལ་ཚོན་གྱི་མཎྜལ་ལྟེ་བ་མཐིང་ག་ལ་པདྨ་འདབ་བཞི་དང་འདབ་བརྒྱད་འདབ་མ་བཅུ་དྲུག་གིས་རིམ་པར་བསྐོར་བའི་ཕྱིར་རྡོར་ར་མེ་རི་དང་བཅས་པ་བྲིས་པའམ། འབྲུའི་ཚོམ་བུ་པདྨ་རིས་སུ་བཀོད་པས་ཀྱང་རུང་སྟེ། དེའི་དབུས་སུ་མཉྫི་ལ་སོགས་པའི་སྟེགས་ལ། དཔལ་གཏོར་རིན་པོ་ཆེ་འབར་བ་པད་འདབ་བརྒྱད་དང་རིལ་བུས་བསྐོར་བ་སྤོད་དང་བཟའ་བཅའ་སྣ་ཚོགས་ཀྱིས་བྲན་པ་ལ་དར་གྱི་གདུགས་ཕུབ་པ་བཀོད། དེའི་མཐར་ཕྱི་མཆོད་རྣམས་དང་། བུར་སྦྲང་སྦྱར་བའི་བདུད་རྩིའི་ཞལ་བུ་དང་། སྨན་རཀ །བཀའ་སྲུང་གི་གཏོར་མ་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་བཤམ་མོ།། །།གཉིས་པ་སྒྲུབ་ཐབས་ལས། སྔོན་འགྲོ་ནི། བགེགས་བསྐྲད། མཚམས་གཅད། སྐྱབས་སེམས་མཆོད་རྫས་བྱིན་རླབས་རྣམས་ནི་གསང་འདུས་ལས་བྱང་བཞིན་ནོ། །དངོས་གཞི་ལྷ་བསྐྱེད་པ་ནི། པདྨ་རིན་ཆེན་འོད་འབར་དབུས། །ཞེས་པ་ཡན་གསང་འདུས་ལྟར་ལ། དེ་དབུས་སེང་གེ་གླང་ཆེན་རྟ། །རྨ་བྱ་ཤང་ཤང་གིས་བཏེགས་པའི། །རིན་ཆེན་ཁྲི་རྐང་པདྨའི་སྟེང་། །ཨཱོྃ་ལས་བླ་མ་རྡོ་རྗེ་འཆང་། །སྨུག་ནག་འཁོར་ལོ་དྲིལ་བུ་འཛིན། །ཕག་མོ་ཡུམ་དང་མཉམ་པར་སྦྱོར། །ཕྱོགས་བཞིར་རིགས་བཞིའི་ཐོད་ཕྲེང་བཞི། །དཀར་སེར་དམར་ལྗང་ཡུམ་དང་བཅས། །དེ་མཐར་སྤྲུལ་པའི་མཚན་བརྒྱད་དང་། །རིག་འཛིན་བཅུ་དྲུག་མཁའ་འགྲོ་གིང་། །ཞེས་པའི་རྗེས་སུ། རྡོ་རྗེ་རིན་ཆེན་པདྨ་ལས། །ཞེས་པ་ནས། ཡེ་ཤེས་ལྔ་ཡི་དབང་རྫོགས་ཤོག །ཅེས་པའི་བར་སྦྱར་ལ། སྤྱན་འདྲེན་ནས་གཟུང་བསྟོད་པའི་བར་ཡང་ཐོད་ཕྲེང་ལས་བྱང་བཞིན་བྱས་ལ། ཛཔ྄་བཟླ་བ་ནི། རང་གི་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་ལྷ་སོ་སོའི་ཐུགས་ཀའི་ས་བོན་བསྐུལ་བས་སྔགས་ཀྱི་འོད་ཟེར་རང་སྒྲ་དང་བཅས་ཏེ་སྣོད་བཅུད་ཐམས་ཅད་ལ་ཕོག །སྣོད་གཞལ་ཡས་ཁང་དང་བཅུད་ཡེ་ཤེས་ལྷའི་སྐུ་གསུང་ཐུགས་སུ་སད་པར་བྱས་ནས་ཕྲིན་ལས་བཞི་ལྷུན་གྱིས་གྲུབ་པར་བསམ་ལ། ཨཱོྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱཿཧཱུྃ༔ ཞེས་དང་། ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པ་ཅི་ནུས་སུ་བཟླའོ། །རྗེས་ཚོགས་མཆོད་དང་། གཏེར་སྲུང་མཆོད་པ་སོགས་ཀྱང་གཞན་བཞིན་བྱའོ།། ༈ །།གསུམ་པ་གཏོར་དབང་གི་ཆོ་ག་ནི། སྔར་བཤད་པའི་ཡོ་བྱད་ཀྱི་བཤམ་དང་ལྡན་པས། བདག་མདུན་དབྱེར་མེད་དུ་བསྒོམས་ནས་ཛཔ྄་བཟླ། ཏིང་ངེ་འཛིན་གྱི་དབང་བླང་བ་རྣམས་བྱའོ། །སློབ་མའི་བྱ་བ་ནི། ཁྲུས་བྱ། བགེགས་བསྐྲད། སྔོན་འགྲོའི་ཆོས་བཤད་ཅི་རིགས་པ་ལས། འདིར་ནི་གཏེར་སྟོན་ཆེན་པོ་མངའ་བདག་ཉང་རལ་པ་ཅན་གྱིས་གཏེར་ནས་གདན་དྲངས་ཏེ་སྲས་འགྲོ་བའི་མགོན་པོ་ལ་གནང་བ་ནས་དྲིན་ཅན་བླ་མ་དམ་པའི་བར་དུ་བརྒྱུད་པ་དང་། གཏེར་ཁ་འོག་མའི་བྱིན་རླབས་ཀྱི་ཆུ་བོ་ཡང་གཅིག་འདྲེས་སུ་བཞུགས་ཤིང་། བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་འདི་ཉིད་ཀྱི་སྒོ་ནས་ཁྱེད་རྣམས་བྱིན་གྱིས་རློབ་པར་བྱེད་པ་ཡིན་ལ། དེ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། ཞེས་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་ཕུལ། ན་མོ༔ བླ་མ་བདེ་གཤེགས་སོགས་ཀྱིས་སྐྱབས་འགྲོ། སེམས་བསྐྱེད་འགྲོ་བ་སོགས་ཀྱིས་སེམས་བསྐྱེད། ཡན་ལག་བདུན་པ་ནི། བླ་མ་དཀོན་མཆོག་རྣམ་གསུམ་ལ། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་གསུམ་མཆོད་པ་འབུལ། །སྡིག་པ་མི་དགེ་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདར་གསོལ་བ་འདེབས། །དགེ་བས་བྱང་ཆུབ་ཆེ་ཐོབ་ཤོག །ཅེས་ལན་གསུམ་དང་། ཁྱད་པར་དུ་སེམས་བསྐྱེད་པ་ནི། ཨེ་མ་ཧོཿ བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་ལན་གསུམ་དུ་བྱས་ལ། སྙིང་པོ་དོན་གྱི་དཀྱིལ་འཁོར་དུ་འཇུག་པའི་ཕྱིར། དེ་ཡང་འདི་ལྟར་འཁོར་བར་སྣང་དུས་ཉིད་ནས་ཐམས་ཅད་སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས་ཆེན་པོར་ཡེ་དག་ཡོངས་རྫོགས་ཆེན་པོར་བཞུགས་པ་ནི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་སྣང་ཆ་སྣ་ཚོགས་པར་འཆར་བས་མཚོན་པ་ཡིན་ནོ། །ཞེས་བསྟན་ལ་གསོལ་བ་འདེབས་པ་ནི། དེ་ལྟར་སངས་རྒྱས་ཀྱི་ཆོས་རྣམས་རང་ལ་ཡོད་ཀྱང་མངོན་དུ་མ་གྱུར་པ་ནི། ཐུགས་ཀྱི་དཀྱིལ་འཁོར་དུ་དབང་མ་ཐོབ་པས་ལན་པས། ད་དབང་ཐོབ་པར་བྱེད་པ་ལ་གསོལ་བ་འདེབས་དགོས་པས། ཁྱེད་རང་རྣམས་ཐ་མལ་གྱི་རྣམ་རྟོག་ཐམས་ཅད་སྤོངས་ལ་ལྷ་དང་བླ་མ་ལ་མོས་གུས་དྲག་པོ་བསྐྱེད་ནས་གསོལ་བ་ཐོབས་ཤིག །ཅེས་བརྗོད་ལ། བླ་མ་རྡོ་རྗེ་འཛིན་པ་ནི། ཁམས་གསུམ་འཁོར་བའི་གཉེན་གཅིག་པུ། །འགྲོ་བ་མགོན་མེད་རྣམས་ཀྱི་སྐྱབས། །ཐར་པའི་ལམ་སྐས་ཆེན་པོ་སྟེ། །མ་རིག་སེལ་བའི་སྒྲོན་མེ་ལ། །མུན་པའི་ཚོགས་བདག་སྐྱབས་སུ་མཆི། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཉོན་མོངས་མེ་ཡིས་གདུངས་པ་ལ། །ཐུགས་རྗེའི་ཆར་གྱིས་བསིལ་བར་མཛོད། །ཐུགས་ཀྱི་དཀྱིལ་འཁོར་བཟང་པོ་འདིར། །བདག་ནི་ཡང་དག་གཞུག་ཏུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ལ། ཡེ་ཤེས་དབབ་པ་ནི། སློབ་མ་ལུས་དྲང་པོར་བསྲང་། རླུང་བཅིང་། པད་ཉི་རོའི་གདན་ལ་པདྨ་མཁའ་འགྲོ་དམར་མོ་གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ་བདེ་བའི་གར་སྟབས་བསྒྱུར་བའི་སྙིང་གར་འོད་མེ་ལོང་ལྟ་བུ་ཧ་རི་ནི་སས་མཚན་པ་ལ་ཤེས་པ་མ་ཡེངས་པར་གཏོད་ཅིག་བྱས་ལ། ཡེ་ཤེས་པ་ཁ་ཆར་བུ་ཡུག་བཞིན་དུ་སྤྱན་དྲངས་ནས་སློབ་མ་ལ་བསྟིམས་པར་མོས་ཤིང་། ཚིག་བདུན་གསོལ་འདེབས་དང་སྔགས་མཐར་ཨཱ་བེ་ཤ་ཡ་ཨཱཿ ཞེས་བཏགས་པ་བཟླ་ཞིང་སྤོས་རོལ་བྱའོ། །དངོས་གཞི་དབང་བསྐུར་བ་ནི། གཏོར་མ་ལྷའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གསལ་བའི་ལྷ་རྣམས་ཀྱི་སྤྱི་བོར་ཨཱོྃ་དཀར་པོ་མགྲིན་པར་ཨཱཿདམར་པོ་ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་མོས་ལ། གཏོར་མའི་ལྷའི་དབུ་གཙུག་གི་ཨཱོྃ་ལས་འོད་ཟེར་དཀར་པོ་དཔག་མེད་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ། ལུས་ཀྱི་སྡིག་པ་སྦྱངས། སྐུའི་དངོས་གྲུབ་བདུད་རྩི་དཀར་པོས་ལུས་ཁེངས། བུམ་པའི་དབང་ཐོབ། དབང་རྟགས་སྤྱི་བོར་ཨཱོྃ་དཀར་པོས་མཚན་པར་མོས་སུ་བཅུག་ལ་གཏོར་མ་སྤྱི་བོར་བཞག་ལ། ཨེ་མ་འོ། ངོ་མཚར་རྨད་དུ་བྱུང་བའི་དབང་། །བླ་མ་རྣམས་དང་གཅིག་པ་དང་། །ཡི་དམ་ལྷ་དང་གཉིས་སུ་མེད། །མཁའ་འགྲོས་བྱིན་གྱིས་བརླབ་པའི་ཕྱིར། །དམ་རྫས་གཏོར་མའི་དབང་བསྐུར་བས། །རྩ་བ་གསུམ་གྱི་བྱིན་རླབས་ཀྱིས། །སྐུ་ཡི་བྱིན་རླབས་ལུས་ལ་ཞུགས། །ལུས་ཀྱི་སྒྲིབ་པ་བྱང་གྱུར་ནས། །སྐུ་མི་འགྱུར་ཚེ་ཡི་དབང་ཐོབ་ཤོག །ཨཱོྃ་ཨཱཿཧཱུྃ་གུ་རུ་དེ་བ་ཛོ་ཀི་ཌཱ་ཀི་ནཱི་ཀཱ་ཡ་བ་ལིནྟ་ཨ་བྷི་ཥིཉྩ་ཨཱོྃ་ཨཱོྃ་ཨཱོྃ། ཞེས་བརྗོད། དེ་བཞིན་དུ་གཏོར་མའི་ལྷའི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་དཔག་མེད་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། ངག་གི་སྡིག་པ་སྦྱངས། གསུང་གི་དངོས་གྲུབ་བདུད་རྩི་དམར་པོས་ལུས་ཁེངས། གསང་བའི་དབང་ཐོབ། དབང་རྟགས་མགྲིན་པར་ཨཱཿདམར་པོས་མཚན་པར་མོས་ལ་གཏོར་མ་མགྲིན་པར་བཞག་སྟེ། ཨེ་མ་འོ། ངོ་མཚར་རྨད་དུ་སོགས་ལས། གསུང་གི་བྱིན་རླབས་ངག་ལ་ཞུགས། །ངག་གི་སྒྲིབ་པ་བྱང་གྱུར་ནས། །གསུང་སྙིང་པོ་ལུང་གི་དབང་ཐོབ་ཤོག །ཨཱོྃ་ཨཱཿཧཱུྃ་གུ་རུ་དེ་བ་ཛོ་ཀི་ཌཱ་ཀི་ནཱི་ཝཱ་ཀ་བ་ལིནྟ་ཨ་བྷི་ཥིཉྩ་ཨཱཿཨཱཿཨཱཿ གཏོར་མའི་ལྷའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་དཔག་མེད་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། ཡིད་ཀྱི་སྡིག་པ་སྦྱངས། ཐུགས་ཀྱི་དངོས་གྲུབ་བདུད་རྩི་སྔོན་པོས་ལུས་ཁེངས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། དབང་རྟགས་སྙིང་གར་ཧཱུྃ་སྔོན་པོས་མཚན་པར་མོས་ལ་གཏོར་མ་སྙིང་གར་བཞག་སྟེ། ཨེ་མ་འོ། ངོ་མཚར་རྨད་དུ་སོགས་ལས། ཐུགས་ཀྱི་བྱིན་རླབས་ཡིད་ལ་ཞུགས། །ཡིད་ཀྱི་སྒྲིབ་པ་བྱང་གྱུར་ནས། །ཐུགས་སྐྱེ་མེད་རྡོ་རྗེའི་དབང་ཐོབ་ཤོག །ཨཱོྃ་ཨཱཿཧཱུྃ་གུ་རུ་དེ་བ་ཛོ་ཀི་ཌཱ་ཀི་ནཱི་ཙིཏྟ་བ་ལིནྟ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད། དབང་བཞི་པ་ནི། ཐམས་ཅད་ཀྱིས་ཧཱུྃ་ཧཱུྃ་ཧཱུྃ་ཞེས་དབྱངས་དང་རོལ་མོར་བཅས་པས་བྱིན་ཕབ་ནས་ཉམས་སྤར་ལ། ཕཊ་ཅེས་དྲག་པོར་བརྗོད་ནས་ལུས་སེམས་ཁོང་ཀློད་ལ། ཀྱེ། སྐལ་ལྡན་རྣམས་སེམས་འདས་པའི་རྗེས་མ་གཅད། མ་འོངས་པའི་སྔོན་མ་བསུ། ད་ལྟར་འཕྲོ་འདུའི་རྟོག་ཚོགས་རང་བབས་སུ་བཞག་པའི་དུས་ན། ཕྱི་སྣང་བ་མ་འགགས་པ་གསལ་སིང་ངེ་། ནང་རིག་པ་མི་རྟོག་པར་རྗེན་སང་ངེ་། བར་ལུས་སེམས་བདེ་མེ་རེ་བའི་རང་ངོ་ལ་ལྟོས་དང་། བདེན་མེད་དུ་བུན་ནེ། རྗེས་མེད་དུ་ཁྲེས་སེ། རྩ་བྲལ་དུ་ཤིག་གེ །ཟང་ཐལ་སྤྲོ་བསྡུ་དང་བྲལ་བའི་རིག་པ་འདི་རང་ངོ་ཤེས་པ་ནི་ཚིག་དབང་རིན་པོ་ཆེ་ཐོབ་པ་ཞེས་བྱ་བ་ཡིན་ཏེ། གསང་བ་སྒྲ་རྒྱུད་ལས། རང་བྱུང་རིག་པ་དོན་གྱི་དབང་། །སལ་ལེ་སིང་ངེ་འབོལ་ལེ་བ། །སྟོང་གསལ་སྟོན་ཀའི་ནམ་མཁའ་བཞིན། །ཆོས་སྐུ་ཉག་གཅིག་དོན་གྱི་དབང་། །ཞེས་གསུངས་པས་རང་སེམས་ཡེ་སངས་རྒྱས་པ་རང་ངོ་ཤེས་ཐོག་ཏུ་འཇོག་པ་ལས་བསྒྲུབ་བྱ་གཞན་མེད་དེ། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་ནས་མ་འཚོལ་ཅིག །བཙལ་ཀྱང་རྒྱལ་བས་མི་རྙེད་དོ། །ཞེས་གསུངས་པ་ལྟར་ཤེས་པར་གྱིས་ཤིག །དེ་ལྟར་ན་དབང་སྔ་མ་གསུམ་གྱིས་སྣང་བཅས་ཐབས་ཀྱི་རིམ་པ་དང་། ཕྱི་མས་སྣང་མེད་ཤེས་རབ་ཀྱི་རིམ་པ་སྟེ། བསྐྱེད་རྫོགས་ཀྱི་ལམ་ལས་སྐུ་བཞིའི་གོ་འཕང་ལ་དབང་བར་བྱེད་པ་ཡིན་ནོ། །དེ་ཡང་གཏོར་མ་རིན་པོ་ཆེ་འབར་བ་འདིས་མཚོན་ཏེ། དང་པོ་གསུམ་ལ་གཏོར་མ་ལྷ་དང་གཞལ་ཡས་ཁང་དུ་ཤེས་པས་སྣང་བཅས་ཀྱི་དབང་བསྐུར་བའི་དོན་དང་། བཞི་པའི་སྐབས་སུ་གཏོར་མའི་བརྡས། གཞི་འཁོར་འདས་དབྱེར་མེད། ལམ་ཐབས་ཤེས་ཟུང་འབྲེལ། འབྲས་བུ་སྐུ་གསུམ་དབྱེར་མེད་རྣམས་མཚོན་པའོ། །ཞེས་བརྡ་དོན་ངོ་སྤྲད་དོ། །རྗེས་ནི་ལྷའི་རྣམ་པ་གསལ་བཏབ་ལ། སློབ་དཔོན་གྱི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་ཐོན་པ་ཞལ་གྱི་སྒོ་ནས་སློབ་མའི་ཁར་ཞུགས་སྙིང་གའི་ས་བོན་ལ་ཐིམ་པར་སྒོམས་ཤིག་བྱས་ལ་སྔགས་ཀྱི་རྗེས་ཟློས་ལན་གསུམ་གྱིས་བཟླས་ལུང་འབོགས། གཏོར་མའི་ལྷ་སོ་སོའི་སྙིང་གར་བསྟིམ་ལ། གཏོར་མ་ལྷའི་ཞལ་ཟས་འདོད་ཡོན་ལྔའི་སྤྲིན་འཕྲོ་བ་མདུན་གྱི་ནམ་མཁར་རྩ་བ་གསུམ་གྱི་དཀྱིལ་འཁོར་གསལ་བ་ལ་མཆོད་ཅིང་བསྟོད་ནས། མཐར་གཏོར་མ་དངོས་གྲུབ་ཀྱི་རྫས་འཆི་མེད་བདུད་རྩིར་གྱུར་པར་བསམ་ལ་གཏོར་ཟན་ཁམ་རེ་དང་ཀ་པཱ་ལའི་བདུད་རྩི་ཧུབ་རེ་དངོས་གྲུབ་ཏུ་བྱིན་ལ་དམ་ཚིག་ཁས་བླང་བ་དང་། མཎྜལ་འབུལ་བ་སོགས་བྱ། རྗེས་གཏོར་མ་གཏོང་བ། གཏང་རག་གི་མཆོད་བསྟོད། ཉེར་བསྡུ། སྨོན་ལམ་ཤིས་བརྗོད་རྣམས་བྱ་སྟེ་ཆོ་ག་རིགས་མཐུན་གང་བདེ་ལས་སོ། །འབྱུང་འ༵གྱུར་འཁྲུལ་མེ༵ད་རྡོ༵་རྗེ༵འི་གསུང་། །ཇི་བཞིན་ཉང་གཏེར་བླ་སྒྲུབ་དོན། །ཀུན་མཁྱེན་ཆོས་རྗེའི་ལེགས་བཤད་ཀྱི། །སྙིང་པོའི་ངག་འདོན་དྲིལ་བ་ལགས། །ཉང་ལུགས་བླ་མ་ཞི་བའི་སྒྲུབ་ཐབས་དང་འབྲེལ་བའི་གཏོར་དབང་གི་ལེ་ཚན་ནོ།། །།
རྫོགས་ཆེན་སྡེ་གསུམ་བཀའ་གཏེར་སྤྱིའི་བརྒྱུད་འདེབས་ (Volume 62, Text 6)
ཁྱབ་བདག་ཀུན་བཟང་དཔལ་ལྡན་རྡོ་རྗེ་སེམས། །དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་རྩལ། །ཤྲཱི་སིཾ་ཧ་མཁས་པ་ཡེ་ཤེས་མདོ། །རྒྱལ་ཀུན་སྤྱི་གཟུགས་པད་འབྱུང་བི་མ་ལ། །བཻ་རོ་མཚོ་རྒྱལ་གཡུ་སྒྲ་སྙིང་པོ་སོགས། །དགོངས་བརྡ་སྙན་བརྒྱུད་རྣམས་ལ་གསོལ་བ་འདེབས། །ཏིང་འཛིན་བཟང་པོ་ལྕེ་བཙུན་སེང་གེ་དབང་། །མི་ཕམ་ཨ་རོ་ཟུར་པ་མེས་དབོན་དང་། །དམ་གཙང་བྱམས་གསུམ་ཀུན་མཁྱེན་རང་བྱུང་ཞབས། །ཀློང་ཆེན་རབ་འབྱམས་པདྨ་ལེགས་གྲུབ་རྩལ། །ལྷ་བཙུན་ཆེན་པོ་འཇིགས་མེད་གླིང་པ་སོགས། །།སྡེ་གསུམ་མངའ་བདག་རྣམས་ལ་གསོལ༴ ཆོས་ཀྱི་དབང་ཕྱུག་རྒོད་ལྡེམ་ལས་འབྲེལ་རྩལ། །སངས་རྒྱས་རྡོ་རྗེ་རཏྣ་པདྨ་གླིང་། །ཀརྨ་ཀུན་སྐྱོང་གླིང་དང་འཇའ་ཚོན་སྙིང་། །བདུད་འདུལ་ཀློང་གསལ་སྙིང་པོ་གཏེར་བདག་གླིང་། །སྟག་ཤམ་རྡོ་རྗེ་ཆོས་རྗེ་གླིང་པ་སོགས། །རྫོགས་ཆེན་གཏེར་འབྱིན་རྣམས་ལ་གསོལ༴ སྡེ་གསུམ་མངའ་བདག་མཆོག་གྱུར་བདེ་ཆེན་གླིང་། །བཀའ་བབས་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་། །མཛོད་ལྔའི་སྒོ་འབྱེད་བློ་གྲོས་མཐའ་ཡས་སྡེ། །ཆོས་སྐུའི་རང་ཞལ་སྟོན་མཛད་བཀའ་དྲིན་ཅན། །རྩ་བའི་བླ་མ་རྣམས་ལ་གསོལ༴ གསོལ་བ་འདེབས་སོ་རྫོགས་ཆེན་བརྒྱུད་པ་རྣམས། །བྱིན་གྱིས་རློབས་ཤིག་རྟོགས་གྲོལ་དུས་མཉམ་མཛོད། །འཁོར་འདས་སེམས་ཉིད་རང་བྱུང་ཡེ་ཤེས་སུ། །རྫོགས་པས་བསལ་བཞག་མེད་པའི་ངང་སྒོམ་གྱིས། །སྟོང་གསལ་རང་རིག་དབྱེར་མེད་ཆོས་སྐུར་གྲོལ། །སེམས་སྡེའི་དགོངས་ཉམས་མཐར་ཕྱིན་བྱིན་གྱིས་རློབས། །ཆོས་ཉིད་ཆོས་ཀུན་བཟང་མོའི་ཀློང་རྫོགས་པས། །བྱ་བྲལ་གསལ་སྟོང་བདེ་བ་དབྱེར་མེད་ཀྱི། །གནད་བཞིས་ཚུལ་བཞི་ལམ་བསླངས་ཟག་པ་ཟད། །ཀློང་སྡེའི་རྟོགས་པ་མངོན་གྱུར་བྱིན༴ སྤང་བླང་བྱར་མེད་ཡིན་ལུགས་གནད་ཐོག་ཕེབས། །སེམས་ཀྱི་དྲི་བྲལ་རིག་སྟོང་རྗེན་པར་བུད། །ཅོག་གཞག་ཆེན་པོའི་དབྱིངས་སུ་ལ་བཟླ་བའི། །མན་ངག་གྲོལ་ས་ཟིན་པར་བྱིན༴ རང་ཐོག་ངོ་འཕྲོད་གཅིག་ཐོག་ཐག་ཆོད་དེ། །གྲོལ་ཐོག་གདེང་ཆོས་རང་སྣང་རིས་མེད་ཀྱི། །དགོངས་པའི་རྩལ་རྫོགས་ཀ་དག་ཟད་སར་འཁྱོལ། ཁྲེགས་ཆོད་གྲུབ་མཐའ་སྙོགས་པར་བྱིན་གྱིས༴ འོད་གསལ་མངོན་མཐོང་ཉམས་སྣང་གོང་དུ་འཕེལ། །རིག་པ་སྐུར་སྨིན་འཁྲུལ་སྣང་གཞི་ཐོག་ཟད། །གཞོན་ནུ་བུམ་པར་བྱང་ཆུབ་འཕོ་ཆེན་སྐུས། །གཞན་དོན་ལྷུན་གྲུབ་འབྱུང་བར་བྱིན༴ སྐུ་གསུམ་རང་རིག་ཡིན་ལུགས་གསལ་འདེབས་ཀྱིས། །སྣང་རིག་སྟོང་གསུམ་ཐིག་ལེ་གཅིག་ཏུ་རྫོགས། །ཐོག་མའི་མགོན་པོ་ཉིད་དང་དབྱེར་མེད་པའི། །གོ་འཕང་ཚེ་འདིར་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་ཀུན་སྤངས་རྡོ་རྗེ་རྩེ་མོའི་རྣལ་འབྱོར་ལ་གཞོལ་བ་འཇམ་དབྱངས་དགེ་ལེགས་ཐུགས་བཞེད་ལྟར། རྩིས་མེད་ཀྱི་རྣལ་འབྱོར་པ་པདྨ་གར་དབང་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་གནས་ཀྱི་སྙིང་པོ་འོད་གསལ་རྡོ་རྗེ་ཐུགས་ཀྱི་རྫོང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
མངའ་བདག་ཡབ་སྲས་ཀྱི་ཐུགས་དམ་རྒྱུན་གྱི་ཉམས་བཞེས་ཟབ་པ་སྐོར་བདུན་ལས། ལྷ་སོ་སོའི་སྒྲུབ་ཐབས་རྗེས་གནང་དང་བཅས་ཆུ་འབབས་སུ་བཀོད་པ་རིག་འཛིན་ཞལ་གྱི་ལུང་བཟང (Volume 5, Text 6)
༄༅། །མངའ་བདག་ཡབ་སྲས་ཀྱི་ཐུགས་དམ་རྒྱུན་གྱི་ཉམས་བཞེས་ཟབ་པ་སྐོར་བདུན་ལས། ལྷ་སོ་སོའི་སྒྲུབ་ཐབས་རྗེས་གནང་དང་བཅས་ཆུ་འབབས་སུ་བཀོད་པ་རིག་འཛིན་ཞལ་གྱི་ལུང་བཟང་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དེ་བ་ཌཱ་ཀི་ནི་ཡཻ། དུས་གསུམ་རྒྱལ་བའི་གསང་བ་གསུམ། །གཅིག་བསྡུས་ལྷག་པའི་ཕྲིན་ལས་ཅན། །འཆི་མེད་པདྨ་གུ་རུ་ལ། །གུས་བཏུད་སྒོ་གསུམ་བྱིན་གྱིས་རློབས། །ཐུགས་དམ་ཟབ་པ་སྐོར་བདུན་ལས་རང་རང་གི་ཇི་ལྟར་མོས་པའི་ལྷའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས། སོ་སོའི་གཏོར་མ་དང་ཕྱི་མཆོད་ཙམ་འཛོམ་ན་བཤམ། མ་འཛོམ་ན་ཏིང་ངེ་འཛིན་ཁོ་ནས་འཐུས་པས་སྤྲོས་བཅས་མི་དགོས། དེ་ལ་ཐོག་མར་ཐུན་མོང་དང་མཆོག་གི་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མ་པདྨ་གུ་རུའི་སྒྲུབ་ཐབས་ལ། སྐྱབས་སེམས་ནི། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་བ་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའོ༔ ལན་གསུམ། སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན༔ སྟོང་ཞིང་བདག་མེད་སེམས་ཅན་ལ༔ བརྩེ་བའི་སྙིང་རྗེ་ཚད་མེད་བསྒོམ༔ སྟོང་དང་སྙིང་རྗེའི་ངང་ཅན་ལས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་རིག་ཡི་གེ་ཧྲཱིཿདཀར་པོ༔ འོད་འཕྲོས་སངས་རྒྱས་བྱང་སེམས་མཆོད༔ སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྦྱངས༔ ཚུར་འདུས་བདག་ཉིད་པདྨ་འབྱུང༔ སྐུ་མདོག་དཀར་དམར་མདངས་དང་ལྡན༔ ཕྱག་གཉིས་མཉམ་གཞག་མཚན་ལྡན་གྱི༔ ཐོད་པ་བདུད་རྩིས་གང་བ་བསྣམས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ ཟབ་བེར་ཆོས་གོས་བེར་ཕྱམ་གསོལ༔ དབུ་ལ་པཎ་ཞྭ་ལྷུབ་ཅན་མཛེས༔ སྙན་རྒྱན་རིན་ཆེན་གསེར་གཡུས་སྤྲས༔ འཇའ་ཚོན་སྣ་ལྔའི་ཀློང་དཀྱིལ་དུ༔ འཛུམ་མདངས་འོད་དང་ལྡན་པར་བསམ༔ དེ་ཡི་གནས་གསུམ་ས་བོན་ལས༔ འོད་འཕྲོས་ནུབ་ཕྱོགས་རྔ་ཡབ་གླིང༔ པདྨ་འོད་ཀྱི་གཞལ་ཡས་ནས༔ རང་འདྲའི་ཡེ་ཤེས་སེམས་དཔའ་ནི༔ སྤྱན་དྲངས་མདུན་མཁར་བཞུགས་པར་གྱུར༔ ཧཱུྃ། ཨོ་རྒྱན་ཡུལ་གྱི་སོགས་ཚིག་བདུན་སྤྱན་འདྲེན་ཐོད་ཕྲེང་རྩལ་གྱི་ཛཔ྄་བཅས་བརྗོད་ལ་སྤྱན་དྲངས། པདྨ་ཀ་མ་ལཱ་ཡེ་སཏྭཾ། ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱཱ་ཤབྡ་པཉྩ་ཀཱ་མ་གུ་ཧྱ་པཱུ་ཛ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་ཕྱི་ནང་གསང་བས་མཆོད། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་སྐུ་ལས་འོད་འཕྲོས་པས༔ ཀུན་བཟང་རྒྱལ་བ་རིགས་ལྔ་དང༔ དགའ་རབ་འཇམ་དཔལ་ཤྲཱི་སིཾ༔ སངས་རྒྱས་བྱང་སེམས་ཡི་དམ་ལྷ༔ དཀོན་མཆོག་གསུམ་དང་རིག་འཛིན་ཚོགས༔ མཁའ་འགྲོ་ཆོས་སྐྱོང་མ་ལུས་དང༔ གཞན་ཡང་སྐྱབས་གྱུར་རེ་ལྟོས་རྣམས༔ འོད་ཟེར་ལྟ་བུར་སྤྱན་དྲངས་བསྟིམ༔ ཀུན་འདུས་པདྨ་གུ་རུར་གྱུར༔ ཐུགས་ཀར་ཟླ་སྟེང་ཧྲཱིཿདཀར་པོ༔ མཐའ་སྐོར་སྔགས་ཕྲེང་གཡས་སུ་བསྐོར༔ བཟླས་པས་འོད་ཟེར་དཔག་མེད་འཕྲོས༔ ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི༔ བར་ཆད་ཞི་ཞིང་བྱང་ཆུབ་བཀོད༔ རིགས་འདུས་རྒྱལ་བའི་སྐུར་གྱུར་ཏེ༔ རྫོགས་པའི་སངས་རྒྱས་ཐོབ་པར་གྱུར༔ གཞན་ཡང་གནོད་བྱེད་གདོན་བགེགས་སོགས༔ གདུག་སེམས་ངན་པ་ཀུན་ཞི་ནས༔ བྱང་ཆུབ་སེམས་དང་ལྡན་པར་གྱུར༔ ཅེས་པའི་བཟླས་དམིགས་གསལ་བཏབ་ལ། ཨོཾ་ཨཱཿཧཱུྃ་པདྨ་གུ་རུ་ས་མ་ཡ་ཛ་ཛ༔ དྷརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནིརྨཱ་ཀཱ་ཡ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་ཅི་ནུས་བཟླ། ཐུན་མཐར་མཆོད་བསྟོད་མདོར་བསྡུས་བྱ། ལྷག་ཆད་ཁ་སྐོང་ཞིང་བརྟན་བྱེད་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བརྗོད། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། ཧཱུྃ༔ ཆོས་ཉིད་སྐྱེ་བ་མེད་པ་ལས༔ འགག་མེད་ལྷའི་སྐུ་ཕྱག་རྒྱར་ཤར༔ འགག་པ་ཉིད་ན་འགག་མེད་པ༔ སྤྲོས་བྲལ་ཀ་དག་ཀློང་དུ་ཐིམ༔ ཞེས་བདག་བསྐྱེད་འོད་གསལ་དུ་བསྡུ། སླར་གཉུག་མའི་ལྷ་སྐུར་ལྡངས་ལ་གནས་གསུམ་འབྲུ་གསུམ་གྱིས་བསྲུང་། དགེ་བ་འདི་ཡིས་སོགས་བསྔོ་སྨོན་དང་། ཨེ་མ་ཧོ༔ ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམ་པ་དེ་ཡིས་འགྲུབ༔ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ལ༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ ཅེས་ཤིས་པ་བརྗོད་དོ། །འདིའི་རྗེས་གནང་བྱ་བ་ནི། མཎྜལ་པདྨ་འདབ་བརྒྱད་ཀྱི་སྟེང་ཁྲིའུའི་ཁར་བླ་གཏོར་རྒྱན་ལྡན། དབང་ཕྲེང་། སྐུ་ཙཀ །འབྲུ་ཐེབ་ཙེ་གང་བཅས་བཤམ། སྨན་རཀ་ཉེར་སྤྱོད་སྤྱི་མཐུན། ལས་བུམ་སོགས་ཚོགས་པར་བྱས་ལ། སྔོན་གཏོར་སྤྱི་ལྟར་བཏང་། སྒྲུབ་ཐབས་ལྟར་བདག་བསྐྱེད་བཟླས་པ་གྲུབ་ནས་མཆོད་བརླབ་ནི། རཾ་ཡཾ་ཁཾ། ཐམས་ཅད་སྟོང་ཉིད་ནམ་མཁའི་མཛོད། །བྷྲཱུྃ་ལས་རིན་ཆེན་སྣོད་ཡངས་སུ། །ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས། །སོ་སོའི་ལྷ་མོའི་རོལ་པར་བཅས། །རབ་འབྱམས་ནམ་མཁའ་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་དང་། འབྲུ་གསུམ་ལན་གསུམ་བརྗོད། མདུན་དཀྱིལ་བསང་སྦྱང་། སྟོང་དང་སྙིང་རྗེའི་ངང་ཅན་ལས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རྒྱུ་ཡི་ཡི་གེ་ཧྲཱིཿདཀར་པོ༔ འོད་འཕྲོས་སངས་རྒྱས་བྱང་སེམས་མཆོད༔ སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྦྱངས༔ ཚུར་འདུས་གུ་རུ་པདྨ་འབྱུང༔ སོགས་ནས། པདྨ་གུ་རུར་གྱུར༔ སྒྲུབ་ཐབས་ལྟར་མདུན་བསྐྱེད་ལ་ཁ་སྤོས་ཏེ་བསྐྱེད་བསྟིམས་གྲུབ་ནས། མཆོད་བསྟོད་ནི། ཧྲཱིཿ རྗེ་བཙུན་པདྨ་གུ་རུ་ལ། །ལྷ་རྫས་ཕྱི་ཡི་མཆོད་པ་འབུལ། །འདོད་ཡོན་ནང་གི་མཆོད་པ་འབུལ། །ཐབས་ཤེས་གསང་བའི་མཆོད་པ་འབུལ། །སྨན་རཀ་གཏོར་མ་ཚོགས་མཆོད་འབུལ། །ཡེ་སྟོང་དོན་གྱི་མཆོད་པ་འབུལ། །དགྱེས་པས་དགོངས་ཏེ་བཞེས་ནས་ཀྱང་། །བྱིན་རླབས་དབང་དང་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པཉྩ་ཀཱ་མ་གུ་ཎ་སྟ་ན་ག་ཎ་ཨཱཿཧཱུྃ། པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ག་ཎ་ཙཀྲ་དྷརྨཱ་དྷཱ་ཏུ་པཱུ་ཛ་ཧོཿ ཞེས་མཆོད། ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ བཟླས་དམིགས་གསལ་བཏབ་བཟླས་པ་མཆོད་བསྟོད་བར་བྱ། འབྲུ་ལའང་སྔགས་གདབ་པ་ཕྱིན་ཆད་ཀུན་ལ་རིགས་འགྲེ །ལས་བུམ་ལས་སྔགས་སྤྱི་འགྲོས་བྱིན་གྱིས་བརླབ། ཏིང་ངེ་འཛིན་གྱི་དབང་བླང་། སློབ་མ་རྣམས་ཁྲུས་བྱ། བགེགས་བསྐྲད། སེམས་བསྐྱེད་གསལ་གདབ། མཚམས་སྦྱོར་གྱི་ཁྱད་པར། འདིར་སྤྲུལ་པའི་གཏེར་ཆེན་ཞིག་པོ་གླིང་པས་ངོ་མཚར་རྡོའི་མཆོད་རྟེན་པདྨ་ཅན་ནས་སྤྱན་དྲངས་པ། ཨོ་རྒྱན་རིན་པོ་ཆེའི་ཐུགས་བཅུད། མངའ་བདག་ཡབ་སྲས་ཀྱི་ཐུགས་དམ་རྒྱུན་གྱི་ཉམས་བཞེས་ཟབ་པ་སྐོར་བདུན་དུ་གྲགས་པའི་ཐོག་མར་གྱུར་པ་བླ་མ་པདྨ་གུ་རུ་སྟེ། དེའང་རྡོ་རྗེ་ཐེག་པའི་ལམ་ཟབ་མོ་ཐམས་ཅད་ཀྱི་མཆོག་གམ་སྙིང་པོར་གྱུར་པ་ནི་མོས་གུས་བླ་མའི་སྒྲུབ་པ་ཁོ་ན་ཡིན་ལ། བླ་སྒྲུབ་ཇི་སྙེད་པ་ཀུན་ལས་ཁྱད་པར་དུ་འཕགས་པ་ནི་སངས་རྒྱས་ཀུན་འདུས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་སྒྲུབ་པ་རྣམས་ཏེ། དེའི་སྒྲུབ་ཐབས་བྱེ་བ་ཕྲག་བརྒྱའི་ཡང་བཅུད་སྙིང་པོར་དྲིལ་བ་ནི་འདི་ཉིད་ཡིན་ཏེ་གཞུང་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ བླ་མ་སྒྲུབ་ཐབས་དཔག་མེད་བརྩམས༔ ཡང་ཟབ་རྒྱུན་ཁྱེར་དྭངས་མའི་སྙིང༔ བླ་མ་ཡིད་བཞིན་ནོར་བུ་འདི༔ ད་ལྟའི་མངའ་བདག་ཡབ་སྲས་དང༔ མ་འོངས་རྩུབ་འགྱུར་བསྐལ་པའི་མཐར༔ ང་ཡི་གསུང་སྲས་དོན་དུ་བཀོད༔ ཅེས་དང༔ འདི་ལྟར་སྒོམ་པའི་སྐྱེས་བུ་དེ༔ བདག་གིས་བྱིན་བརླབ་སྨོས་ཅི་དགོས༔ དུས་གསུམ་རྒྱལ་བའི་སྲས་སུ་འགྱུར༔ ཚེ་གཅིག་རིག་འཛིན་ཐེ་ཚོམ་མེད༔ ཅེས་བསྔགས་པ་དོན་དང་ལྡན་པའི་བྱིན་རླབས་རྗེས་གནང་ཟབ་མོ་བསྒྲུབ་པ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་གྲུབ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པའི་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་རྣམས་དང་མཐའ་སྐོར་དུ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་སེམས་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་བཞུགས་པར་བསམ་ལ། བདག་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། ན་མོ། བླ་མ་བདེ་གཤེགས་འདུས་པའི་སྐུ། །སོགས་ལན་གསུམ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་བླ་མའི་དཀྱིལ་འཁོར་དུ་ཞུགས་ནས་ཉམས་སུ་བླང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ། །སོགས་ལན་གསུམ། ཚོགས་ཞིང་དེ་དག་གི་སྤྱན་སྔར་གསག་སྦྱང་སྤེལ་གསུམ་གྱི་གནད་བསྡུས་པ་ཚོགས་གསག་ཡན་ལག་བཅུ་པ་ཚུལ་བཞིན་དུ་བྱ་བའི་བློས་ཚིག་རྗེས་སུ་དོན་དྲན་པའི་ཏིང་ངེ་འཛིན་རྩེ་གཅིག་པས་འདིའི་རྗེས་ཟློས་མཛོད། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ བླ་མ་རྩ་གསུམ་ལྷ་ཚོགས་གཤེགས༔ པདྨ་ཟླ་བའི་གདན་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་ཆག་མ་ལུས་མཐོལ་ལོ་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ འགྲོ་བའི་དོན་དུ་བཞུགས་གསོལ་འདེབས༔ སྙིང་པོ་སེམས་ཅན་དོན་ཕྱིར་བསྔོ༔ ཡང་གསང་རྡོ་རྗེའི་དོན་རྟོགས་ཤོག༔ ལན་གསུམ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བླ་མ་ཡི་དམ་ལྷ་ཚོགས་ཀྱིས༔ བདག་ལ་བརྩེ་བས་དགོངས་ནས་ཀྱང༔ ལུས་ངག་ཡིད་གསུམ་བྱིན་བརླབ་ཕྱིར༔ གུ་རུ་པདྨའི་རྗེས་གནང་སྩོལ༔ གསུམ། རྗེས་གནང་གི་གཞི་སྒྲུབ་པའི་ཕྱིར་ཁྱེད་རང་དམ་ཚིག་པར་གསལ་འདེབས་ཤིང་ཡེ་ཤེས་པ་དབབ་པ་ཡིན་པས་དམིགས་པ་འདི་ལྟར་དུ་མཛད་འཚལ། བསང་སྦྱང་། སྟོང་དང་སྙིང་རྗེའི་ངང་ཅན་ལས༔ སོགས་སྒྲུབ་ཐབས་ལྟར་ལ། ཚུར་འདུས་ཁྱེད་རང་པདྨ་འབྱུང༔ ཞེས་བསྒྱུར་ནས། འོད་དང་ལྡན་པར་བསམ༔ གནས་གསུམ་དྲིའི་ཐིག་ལེ་བྱས་ལ། དེ་ལྟར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་དང་། ཁྱད་པར་ལྷོ་ནུབ་རྔ་ཡབ་ཀྱི་གླིང་པདྨ་འོད་ཀྱི་གཞལ་མེད་ཁང་ཆེན་པོ་ནས་རང་འདྲའི་ཡེ་ཤེས་སེམས་དཔའ་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་ལ་ཐིམ་པར་སྒོམས་ཤིག །ཚིག་བདུན་དང་། སྙིང་པོའི་མཐར། ཨཱ་བེ་ཤ་ཡ་ཨཱཿ བཏགས་པ་བརྗོད་ལ་དབབ། ཏིཥྛ་བཛྲ་དང་རྡོ་རྗེས་བརྟན་པར་བྱ། རྗེས་གནང་དངོས་ལ་འདུན་པ་འདི་བཞིན་དུ་མཛོད། བདག་མདུན་བླ་མ་པདྨ་གུ་རུར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ་མགྲིན་པར་ཨཱཿདམར་པོ་ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར། བླ་མའི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་དཔག་མེད་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ། ལུས་ཀྱི་སྡིག་པ་སྦྱངས། སྐུའི་དངོས་གྲུབ་བདུད་རྩི་དཀར་པོས་ལུས་ཁེངས་པར་མོས་ཤིག །སྙིང་པོས་བསྔགས་པའི་མེ་ཏོག་སྤྱི་བོར་བཞག་ལ། ཧྲཱིཿ བྱིན་རླབས་ཀུན་འབྱུང་རིན་པོ་ཆེ། །རྗེ་བཙུན་པདྨ་གུ་རུ་ཡིས། །སྐལ་ལྡན་རིགས་ཀྱི་བུ་འདི་ལ། །འགྱུར་མེད་སྐུ་ཡི་དབང་བསྐུར་རོ། །སྙིང་པོའི་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། རྒྱལ་བ་སྐུ་གསུམ་གྱི་ཞིང་རབ་འབྱམས་དང་ཁྱད་པར་རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་ཁང་ནས་བླ་མ་གུ་རུའི་ལྷ་ཚོགས་འོད་ཟེར་ཁ་དོག་ལྔའི་རྣམ་པས་ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་ནས་བྱིན་གྱིས་བརླབས་པར་མོས་ཤིག །དེས་སྐུའི་རྗེས་གནང་ཐོབ། ལུས་ལྷ་བསྒོམ་པ་ལ་དབང་། སྤྲུལ་སྐུའི་ས་བོན་མཐུ་ཅན་དུ་བྱས་པའོ། །བདག་མདུན་བླ་མའི་མགྲིན་པའི་ཨཱཿདེ་ལས་འོད་ཟེར་དམར་པོ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། ངག་གི་སྡིག་པ་སྦྱངས། གསུང་གི་དངོས་གྲུབ་བདུད་རྩི་དམར་པོས་ལུས་ཁེངས་པར་མོས་ཤིག །བཟླས་ཕྲེང་མགྲིན་པར་གཞག་ལ། ཧྲཱིཿ བྱིན་རླབས་ཀུན་འབྱུང་རིན་པོ་ཆེ། །རྗེ་བཙུན་པདྨ་གུ་རུ་ཡིས། །སྐལ་ལྡན་རིགས་ཀྱི་བུ་འདི་ལ། །འགག་མེད་གསུང་གི་དབང་བསྐུར་རོ། །སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ དེའི་རྗེས་འབྲེལ་བཟླས་པའི་ལུང་བླང་བ་ལ་དམིགས་པ་འདི་ལྟར་དུ་མཛོད། བདག་མདུན་གྱི་ཐུགས་ཀའི་ཧྲཱིཿདཀར་པོ་ལས་འོད་ཟེར་ལས་གྲུབ་པའི་སྔགས་ཕྲེང་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཞལ་ནས་ཕྱུངས། སློབ་མ་ལྷར་གསལ་བའི་ཞལ་དུ་ཞུགས། སྔགས་ཀྱི་ཕྲེང་བ་ཐུགས་སྲོག་ཧྲཱིཿམཐར་བཀོད་པར་མོས་ལ་རྗེས་ཟློས་མཛོད། སྙིང་པོ་ལན་གསུམ་རྗེས་ཟློས་བྱར་གཞུག །དེས་གསུང་གི་རྗེས་སུ་གནང་བ་ཐོབ། ངག་སྙིང་པོའི་སྔགས་བཟླ་བ་ལ་དབང་། །ལོངས་སྐུའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །བདག་མདུན་བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། ཡིད་ཀྱི་སྡིག་པ་སྦྱངས། ཐུགས་ཀྱི་དངོས་གྲུབ་བདུད་རྩི་སྔོན་པོས་ལུས་ཁེངས་པར་མོས་ཤིག །སྐུ་ཙཀ་སྤྱི་བོ་དང་སྙིང་ཁར་བཞག་ལ། ཧྲཱིཿ བྱིན་རླབས་ཀུན་འབྱུང་རིན་པོ་ཆེ། །རྗེ་བཙུན་པདྨ་གུ་རུ་ཡིས། །སྐལ་ལྡན་རིགས་ཀྱི་བུ་འདི་ལ། །འཁྲུལ་མེད་ཐུགས་ཀྱི་དབང་བསྐུར་རོ། །སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། སྟེང་གི་ནམ་མཁའ་ནས་ཡེ་ཤེས་སེམས་དཔའ་ཚོན་གང་བ་ཞིག་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། སྙིང་གི་དབུས་སུ་ཡེ་ཤེས་པའི་ཚུལ་དུ་ཧྲིལ་གྱིས་བརྟན་པར་བཞུགས་པར་མོས་ཤིག །དེས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ། ཡིད་ཏིང་ངེ་འཛིན་བསྒོམ་པ་ལ་དབང་། ཆོས་སྐུའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །གཏོར་མ་བླ་མ་པདྨ་གུ་རུར་གསལ་བའི་སྐུའི་གནས་བཞི་ནས་འོད་ཟེར་དཀར་དམར་མཐིང་ལྗང་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ། སྒོ་གསུམ་ཆ་སྙོམས་ཀྱི་སྡིག་པ་སྦྱངས། གསང་བ་གསུམ་གྱི་དངོས་གྲུབ་བདུད་རྩི་ཁ་དོག་སྣ་ཚོགས་པས་ལུས་ཁེངས་པར་མོས་ཤིག །གཏོར་མ་མགོར་བཞག་ལ། ཧྲཱིཿ བྱིན་རླབས་ཀུན་འབྱུང་རིན་པོ་ཆེ། །རྗེ་བཙུན་པདྨ་གུ་རུ་ཡིས། །སྐལ་ལྡན་རིགས་ཀྱི་བུ་འདི་ལ། །སྐུ་བཞི་ཡོངས་རྫོགས་དབང་བསྐུར་རོ། །སྔགས་མཐར། སརྦ་ཨ་བྷི་ཥིཉྩ་ཧྲཱིཿ མོས་གུས་བྱས་པས་གཏོར་མ་ལྷར་གསལ་བ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་པའི་མོས་པ་མཛོད་ཅིག །སྤྲོ་ན་རྗེས་གནང་རེ་རེའི་མཚམས་སུ་བཀྲ་ཤིས་བརྗོད། བསྡུས་ཀྱང་འདིར་ངེས་པར་ཤིས་བརྗོད་དང་། སུ་པྲ་ཏིཥྛའི་སྔགས་བརྗོད་ལ་མེ་ཏོག་འཐོར། གཏོར་མའི་ཆ་ཤས་བདུད་རྩི་དང་བཅས་པ་དངོས་གྲུབ་ཚུལ་དུ་སྦྱིན། དེས་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་རྗེས་སུ་གནང་བ་ཐོབ། སྒོ་གསུམ་དབྱེར་མེད་ཟུང་འཇུག་གི་རྣལ་འབྱོར་བསྒོམ་པ་ལ་དབང་། ངོ་བོ་ཉིད་སྐུའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་མཚམས་སྦྱོར་སྤྱི་ལྟར་བྱས་ལ་དམ་ཚིག་ཁས་བླང་། གཏང་རག་མཎྜལ་སོགས་སྤྱི་མཐུན་དང་། སླར་མཆོད་པ་ཁ་གསོ། བྱིན་རླབས་བྱ། མདུན་བསྐྱེད་ལ་མཆོད་བསྟོད། ནོངས་བཤགས་ཡེ་ཤེས་པ་རྟེན་ཡོད་ན་བརྟན་བཞུགས། མེད་ན་གཤེགས་ཤིང་དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་བསྡུ་ལྡང་། དགེ་བསྔོ། ཤིས་བརྗོད་ཀྱི་བར་སྒྲུབ་ཐབས་བཞིན་བྱས་པས་འགྲུབ་བོ། །འདི་གཏན་དགེ་ལེགས་དཔལ་ཡོ༵ན་ཀུན། །བླ་མ་ནན་ཏན༵་བསྙེན་ལས་འབྱུང་། །དེ་སྒྲུབ་འོ་མའི་རྒྱ༵་མཚོ༵་ལས། །སྙིང་པོའི་ཞུན་མར་འདི་ཉིད་རྨད། ཐུགས་དམ་ཟབ་པ་སྐོར་བདུན་ལས་པདྨ་གུ་རུའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ལེ་ཚན་ནོ། །དགེ་ལེགས་འཕེལ། ༈ མཚན་ཙམ་བཟུང་བས་ཐོག་མེད་ཀྱི། །ལས་སྒྲིབ་སྦྱོང་མཛད་བཅོམ་ལྡན་འདས། །མི་འཁྲུགས་རྒྱལ་པོར་གུས་ཕྱག་འཚལ། །བདག་རྒྱུད་རྣམ་པར་དག་མཛད་གསོལ། །ལས་ཀྱི་སྒྲིབ་པ་སྦྱོང་བ་ལ་ལྷག་པར་བསྔགས་པ་བཅོམ་ལྡན་འདས་མི་འཁྲུགས་པའི་སྒྲུབ་ཐབས་ཉམས་སུ་ལེན་པར་འདོད་པས། སྐྱབས་འགྲོ་ནི། ན་མོ༔ བླ་མ་རིག་འཛིན་ཡི་དམ་ལྷ༔ སངས་རྒྱས་ཆོས་དང་དགེ་འདུན་གསུམ༔ དཔའ་བོ་ཌཱ་ཀི་མཁའ་འགྲོ་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ སེམས་བསྐྱེད་ནི། བདག་གིས་འགྲོ་བ་ཀུན་དོན་དུ༔ མི་འཁྲུགས་རྒྱལ་པོ་བསྒྲུབས་ནས་ནི༔ ལས་བཞིས་འགྲོ་བའི་དོན་བྱས་ནས༔ སྐུ་གསུམ་ཐོབ་པར་སེམས་བསྐྱེད་དོ༔ བསྐྱེད་བཟླས་ཀྱི་རྣལ་འབྱོར་ནི། སྟོང་དང་སྙིང་རྗེའི་ངང་ཉིད་ལས༔ པདྨ་ཟླ་བའི་གདན་སྟེང་དུ༔ རང་རིག་ཧཱུྃ་ལས་བཅོམ་ལྡན་འདས༔ མི་འཁྲུགས་རྒྱལ་པོ་སྐུ་མདོག་མཐིང༔ ལོངས་སྤྱོད་རྫོགས་པའི་རྒྱན་རྣམས་རྫོགས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ ཕྱག་གཡས་ས་གནོན་ཕྱག་རྒྱ་ལ༔ གཡོན་པས་མཉམ་གཞག་རྡོ་རྗེ་འཛིན༔ འོད་དང་འོད་ཟེར་འཕྲོ་བར་གྱུར༔ དཔྲལ་བར་འཁོར་ལོ་ཨོཾ་གྱིས་མཚན༔ མགྲིན་པར་པདྨ་ཨཱཿཡིས་མཚན༔ ཐུགས་ཀར་རྡོ་རྗེ་ཧཱུྃ་གིས་མཚན༔ གནས་གསུམ་ཡིག་འབྲུ་དག་ལས་ནི༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ རང་བཞིན་གནས་དང་ཤར་ཕྱོགས་ནས༔ བཅོམ་ལྡན་མི་འཁྲུགས་རྡོ་རྗེ་ལ༔ སངས་རྒྱས་བྱང་སེམས་ཚོགས་ཀྱིས་བསྐོར༔ མདུན་གྱི་ནམ་མཁར་སྤྱན་དྲངས་གྱུར༔ ཨོཾ་བཛྲ་ས་མཱ་ཛ༔ ཨོཾ་བཛྲ་ཨརྒྷཾ་སོགས་དང་། ཨོཾ་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ ཞེས་པས་མཆོད། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་དབང་ལྷ་སྤྱན་དྲངས་ཏེ། །དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ཡི་ལྷག་མ་ཡར་ལུད་པས། །རྒྱལ་བ་རིགས་ལྔས་དབུར་བརྒྱན་གྱུར། །ཐུགས་ཀར་ཧཱུྃ་ཡིག་རྡོ་རྗེའི་མཐར། ཨོཾ་བཛྲ་ས་མནྟ་ས་ཏྲི་ཧཱུྃ༔ དེ་མཐར་ངན་སོང་སྒྲིབ་སྦྱོང་གི༔ ཀཾ་ཀ་ནི་ཡི་གཟུངས་སྔགས་ཀྱི༔ འོད་ཟེར་ལྔ་ལྡན་ཡིག་འབྲུ་རྣམས༔ གཅིག་ལས་གཅིག་མཆེད་མར་མེ་ལྟར༔ འབར་ཞིང་རང་ལུས་འོད་ཀྱིས་ཁེངས༔ དེ་ལས་འོད་འཕྲོས་ཕྱོགས་བཅུ་ཡི༔ རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི༔ ངན་སོང་སྡུག་བསྔལ་ཐམས་ཅད་བསལ༔ གནས་སྤར་མི་འཁྲུགས་ཞིང་ཁམས་སུ༔ བཅོམ་ལྡན་ཐུགས་དང་དབྱེར་མེད་གྱུར༔ ཅེས་མོས་ལ་གོང་གི་སྙིང་པོ་དང་། ཀཾ་ཀ་ནིའི་གཟུངས་ཅི་ནུས་བཟླ། ཐུན་མཐར་མཆོད་བསྟོད་བྱ། བདག་དང་སེམས་ཅན་ཐམས་ཅད་ཀྱི། །ལས་སྒྲིབ་མ་ལུས་བྱང་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མྱུར་དུ་ཐོབ་པར་མཛད་དུ་གསོལ། །ཅེས་འདོད་དོན་གསོལ། ནོངས་བཤགས། བསྡུ་ལྡང་། དགེ་བསྔོ། ཤིས་བརྗོད་རྣམས་གོང་དུ་སྨོས་པ་ལྟར་བྱའོ། །འདིའི་རྗེས་གནང་བྱེད་ན་མཎྜལ་པདྨ་འདབ་བརྒྱད་སྟེང་ཁྲིའུར་ཟླུམ་གཏོར་དཀར་པོ་རྒྱན་ལྡན། དབང་ཕྲེང་། སྐུ་ཙཀ །མེ་ཏོག་རྣམས་དང་། ཕྱི་མཆོད་བཤམ། ལས་བུམ་སོགས་ཚོགས་པར་བྱས་ལ། བདག་བསྐྱེད་བཟླས་པ་འདོད་གསོལ་བར་གྲུབ་ནས། མདུན་དཀྱིལ་བསང་སྦྱང་། སྟོང་དང་སྙིང་རྗེའི་ངང་ཉིད་ལས༔ པདྨ་ཟླ་བའི་གདན་སྟེང་དུ༔ ཡི་གེ་ཧཱུྃ་ལས་བཅོམ་ལྡན་འདས༔ སོགས་ནས། དབུར་བརྒྱན་གྱུར༔ བར་སྒྲུབ་ཐབས་ལྟར་ལ། མཆོད་སྤྲིན་འབྱུང་བའི་གཟུངས་སམ། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་མཆོད་པ་བྱིན་བརླབ། སྤྲོ་ན་མཆོད་བསྟོད་སྤྱི་མཐུན་རྒྱས་པར་སྦྱོར་ཆོག་ལ་མདོར་བསྡུས་པ་ནི། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །མར་མེ་དྲི་ཆབ་ཞལ་ཟས་སྒྲ །མཆོད་རྫས་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདིས། །རྒྱལ་བ་སྲས་དང་བཅས་རྣམས་མཆོད། ཨོཾ་བཛྲ་ཨཀྵོ་བྷྱ་ས་པ་རི་བཱ་ར་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏིཙྪ་སྭཱ་ཧཱ། དྲི་མེད་རྡོ་རྗེ་པད་ཟླའི་ཁྲིར། །མེ་ལོང་ཡེ་ཤེས་ཐུགས་རྡོ་རྗེ། །སྔོན་པོ་རྡོ་རྗེ་བདུད་འདུལ་རྒྱ། །ཕྱག་འཚལ་རྡོ་རྗེ་མི་འཁྲུགས་ལའོ། །བཟླས་དམིགས་གསལ་བཏབ་ལ་བཟླས་པ་འདོད་གསོལ་བར་བྱ། ལས་བུམ་བྱིན་བརླབ་དབང་ལེན་སོགས་སྔ་མ་ལྟར་ལ། མཚམས་སྦྱོར་ཁྱད་པར། ཟབ་པ་སྐོར་བདུན་དུ་གྲགས་པའི་ནང་ནས་བཅོམ་ལྡན་འདས་མི་འཁྲུགས་པ་སྟེ། དེ་ཡང་འགྲོ་བ་ལྷ་དང་མི་ནས་བཟུང་། ཐ་ན་དུད་འགྲོ་ཡན་ཆད་ཀྱི་སྐྱེ་བ་འདིའམ་འཆི་ཀ་ཚུན་ཆད་སངས་རྒྱས་འདི་ཡིད་ལ་ལན་གཅིག་བྱེད་པའམ། མཚན་དང་གཟུངས་སྔགས་རྣ་ལམ་དུ་ལན་གཅིག་གྲགས་པ་དང་། གཟུངས་སྔགས་རྩིག་ངོས་ལ་བྲིས་པ་མཐོང་ནའང་ལས་ཀྱི་སྒྲིབ་པ་བྱང་ནས་སངས་རྒྱས་ཀྱི་ཞིང་མངོན་པར་དགའ་བར་པདྨོ་ལས་བརྫུས་ཏེ་སྐྱེ་བར་མདོ་སྡེ་རིན་པོ་ཆེ་ལས་བཀའ་བསྩལ་ཅིང་། གཞུང་ལས་ཀྱང་། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སེམས་ཅན་འགྲོ་བ་མ་ལུས་པ༔ ངན་སོང་སྡུག་བསྔལ་བསལ་བའི་ཕྱིར༔ མི་འཁྲུགས་པ་ཡི་སྒྲུབ་ཐབས་བཤད༔ མ་འོངས་བསྐལ་པ་ཐ་མའི་ཚེ༔ ངན་སོང་སྒོ་ཁེགས་ཡང་ཟབ་འདི༔ གསུང་གི་སྲས་དང་འཕྲད་པར་ཤོག༔ འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག༔ ཅེས་གསུངས་པ་སྟེ། དེ་ཉིད་ཀྱི་རྗེས་སུ་གནང་བ་སྒྲུབ་པ་ལ་ཞེས་སོགས་ཀྱིས་མཎྜལ་འབུལ། མཚམས་སྦྱོར་སྔར་ལྟར་བྱས་ནས་སྐྱབས་སེམས་འདི་ཉིད་ཀྱི་སྒྲུབ་ཐབས་ལྟར་དང་། ཡན་ལག་བཅུ་པའི་རྗེས་ཟློས་གོང་བཞིན་བྱ། མེ་ཏོག་དང་སོགས་ནས་ གསོལ་འདེབས་ནི། ཧོ༔ བླ་མ་ཡི་དམ་ལྷ་ཚོགས་ཀྱིས༔ བདག་ལ་བརྩེ་བས་དགོངས་ནས་ཀྱང༔ ལུས་ངག་ཡིད་གསུམ་བྱིན་བརླབ་ཕྱིར༔ མི་འཁྲུགས་མགོན་པོའི་རྗེས་གནང་སྩོལ༔ གསུམ། རྗེས་གནང་གི་གཞི་སོགས་ནས། བསང་སྦྱང་། སྟོང་དང་སྙིང་རྗེའི་ངང་ཉིད་སོགས་སྒྲུབ་ཐབས་ལྟར་ལ། འཕྲོ་བར་གྱུར༔ དྲིའི་ཐིག་ལེ་གནས་གསུམ་དུ་བཀོད་ལ། དཔྲལ་བར་འཁོར་ལོ་སོགས་ནས། སངས་རྒྱས་བྱང་སེམས་ཚོགས་ཀྱིས་བསྐོར༔ སྤྱན་དྲངས་རང་ལ་ཐིམ་པར་མོས༔ སྔགས་མཐར། ཨཱ་བེ་ཤ་ཡ་ཨཱཿ བཏགས་པ་དང་རོལ་མོ་སོགས་ཀྱིས་བྱིན་དབབ་ཅིང་སྔགས་ཀྱིས་བརྟན། རྗེས་གནང་དངོས་ལ་འདུན་པ་འདི་བཞིན་དུ་མཛོད། བདག་མདུན་བཅོམ་ལྡན་འདས་མི་འཁྲུགས་པར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ་མགྲིན་པར་ཨཱཿདམར་པོ་ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར། བཅོམ་ལྡན་འདས་ཀྱི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་དཔག་མེད་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ། ལུས་ཀྱི་སྡིག་པ་སྦྱངས། སྐུའི་དངོས་གྲུབ་བདུད་རྩི་དཀར་པོས་ལུས་ཁེངས་པར་མོས་ཤིག །སྙིང་པོས་བསྔགས་པའི་མེ་ཏོག་སྤྱི་བོར་བཞག་ལ། ཧཱུྃ༔ འགྲོ་བའི་ལས་སྒྲིབ་སྦྱོང་མཛད་པ༔ བཅོམ་ལྡན་རྡོ་རྗེ་མི་འཁྲུགས་པས༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ འགྱུར་མེད་སྐུ་ཡི་དབང་བསྐུར་རོ༔ སྙིང་པོའི་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་དང་། ཁྱད་པར་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས་བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པའི་ལྷ་ཚོགས་རྣམས་འོད་ཟེར་ཁ་དོག་ལྔའི་རྣམ་པས་ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་ནས་བྱིན་གྱིས་བརླབས་པར་མོས་ཤིག །དེས་སྐུའི་རྗེས་སུ་གནང་བ་ཐོབ། ལུས་ལྷ་བསྒོམ་པ་ལ་དབང་། སྤྲུལ་སྐུའི་ས་བོན་མཐུ་ཅན་དུ་བྱས་པའོ། །བདག་མདུན་བཅོམ་ལྡན་འདས་ཀྱི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། ངག་གི་སྡིག་པ་སྦྱངས། གསུང་གི་དངོས་གྲུབ་བདུད་རྩི་དམར་པོས་ལུས་ཁེངས་པར་མོས་ཤིག །བཟླས་ཕྲེང་མགྲིན་པར་བཞག་ལ། ཧཱུྃ༔ འགྲོ་བའི་ལས་སྒྲིབ་སྦྱོང་མཛད་པ༔ བཅོམ་ལྡན་རྡོ་རྗེ་མི་འཁྲུགས་པས༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ འགག་མེད་གསུང་གི་དབང་བསྐུར་རོ༔ སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེའི་རྗེས་འབྲེལ་བཟླས་པའི་ལུང་བླང་བ་ལ་དམིགས་པ་འདི་ལྟར་དུ་མཛོད། བདག་མདུན་གྱི་ཐུགས་ཀའི་ཧཱུྃ་སྔོན་པོ་ལས་འོད་ཟེར་ལས་གྲུབ་པའི་སྔགས་ཕྲེང་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཞལ་ནས་ཕྱུངས། སློབ་མ་ལྷར་གསལ་བའི་ཞལ་དུ་ཞུགས། སྔགས་ཀྱི་ཕྲེང་བ་ཐུགས་སྲོག་ཧཱུྃ་མཐར་བཀོད་པར་མོས་ལ་རྗེས་ཟློས་མཛོད། སྙིང་པོ་ལན་གསུམ་རྗེས་ཟློས་བྱར་གཞུག །དེས་གསུང་གི་རྗེས་སུ་གནང་བ་ཐོབ། ངག་སྙིང་པོའི་སྔགས་བཟླ་བ་ལ་དབང་། ལོངས་སྐུའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །བདག་མདུན་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྙིང་ཁར་ཐིམ། ཡིད་ཀྱི་སྡིག་པ་སྦྱངས། ཐུགས་ཀྱི་དངོས་གྲུབ་བདུད་རྩི་སྔོན་པོས་ལུས་ཁེངས་པར་མོས་ཤིག །སྐུ་ཙཀ་སྤྱི་བོ་དང་སྙིང་གར་བཞག་ལ། ཧཱུྃ༔ འགྲོ་བའི་ལས་སྒྲིབ་སྦྱོང་མཛད་པ༔ བཅོམ་ལྡན་རྡོ་རྗེ་མི་འཁྲུགས་པས༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ འཁྲུལ་མེད་ཐུགས་ཀྱི་དབང་བསྐུར་རོ༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྟེང་གི་ནམ་མཁའ་ནས་ཡེ་ཤེས་སེམས་དཔའ་མཚོན་གང་བ་ཞིག་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། སྙིང་གི་དབུས་སུ་ཡེ་ཤེས་པའི་ཚུལ་དུ་ཧྲིལ་གྱིས་བརྟན་པར་བཞུགས་པར་མོས་ཤིག །དེས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ། ཡིད་ཏིང་ངེ་འཛིན་བསྒོམ་པ་ལ་དབང་། ཆོས་སྐུའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །གཏོར་མ་བཅོམ་ལྡན་འདས་མི་འཁྲུགས་པར་གསལ་བའི་སྐུའི་གནས་བཞི་ནས་འོད་ཟེར་དཀར་དམར་མཐིང་ལྗང་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ། སྒོ་གསུམ་ཆ་སྙོམས་ཀྱི་སྡིག་པ་སྦྱངས། གསང་བ་གསུམ་གྱི་དངོས་གྲུབ་བདུད་རྩི་ཁ་དོག་སྣ་ཚོགས་པས་ལུས་ཁེངས་པར་མོས་ཤིག །གཏོར་མ་མགོར་བཞག་ལ། ཧཱུྃ༔ འགྲོ་བའི་ལས་སྒྲིབ་སྦྱོང་མཛད་པ༔ བཅོམ་ལྡན་རྡོ་རྗེ་མི་འཁྲུགས་པས༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ སྐུ་བཞི་ཡོངས་རྫོགས་དབང་བསྐུར་རོ༔ སྔགས་མཐར། སརྦ་ཨ་བྷི་ཥིཉྩ་ཧྲཱི༔ མོས་གུས་བྱས་པས་གཏོར་མ་ལྷར་གསལ་བ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་པའི་མོས་པ་མཛོད་ཅིག །སྤྲོ་ན་རྗེས་གནང་རེ་རེའི་མཚམས་སུ་བཀྲ་ཤིས་བརྗོད། བསྡུས་ཀྱང་འདིར་ངེས་པར་ཤིས་བརྗོད་དང་། སུ་པྲ་ཏིཥྛའི་སྔགས་བརྗོད་ལ་མེ་ཏོག་འཐོར། གཏོར་མའི་ཆ་ཤས་བདུད་རྩི་དང་བཅས་པ་དངོས་གྲུབ་ཚུལ་དུ་སྦྱིན། དེས་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་རྗེས་སུ་གནང་བ་ཐོབ། སྒོ་གསུམ་དབྱེར་མེད་ཟུང་འཇུག་གི་རྣལ་འབྱོར་བསྒོམ་པ་ལ་དབང་། ངོ་བོ་ཉིད་སྐུའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་མཚམས་སྦྱོར་སྤྱི་ལྟར་བྱས་ལ་དམ་ཚིག་ཁས་བླང་། གཏང་རག་མཎྜལ་སོགས་སྤྱི་མཐུན་དང་། སླར་མཆོད་པ་ཁ་གསོ། བྱིན་རླབས་བྱ། མདུན་བསྐྱེད་ལ་མཆོད་བསྟོད། ནོངས་བཤགས། ཡེ་ཤེས་པ་རྟེན་ཡོད་ན་བརྟན་བཞུགས། མེད་ན་གཤེགས་ཤིང་དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་བསྡུ་ལྡང་། དགེ་བསྔོ། ཤིས་བརྗོད་ཀྱི་བར་སྒྲུབ་ཐབས་བཞིན་བྱས་པས་འགྲུབ་བོ། །སེམས་དཔའ་བློ༵་གྲོ༵ས་ཆེན་པོ་ཀུན། །རྒྱལ་བ་འདི་ཡི་རྗེས་ཞུགས་ལྟར། །བདག་གཞན་རྒྱལ་འདིའི་རྣམ་པར་ཐར། །མཐ༵འ་ཡ༵ས་སྒོ་མོར་འཇུག་ནུས་ཤོག །ཐུགས་དམ་ཟབ་པ་སྐོར་བདུན་ལས་བཅོམ་ལྡན་འདས་མི་འཁྲུགས་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ལེ་ཚན་ནོ། །དགེ་ལེགས་འཕེལ། ༈ སངས་རྒྱས་སྟོང་རྩ་སྤྲུལ་པའི་གཞི། ཁྱད་པར་གངས་ཅན་འགྲོ་བའི་མགོན། །ནམ་མཁའི་རྒྱལ་པོར་གུས་ཕྱག་འཚལ། །འགྲོ་ཀུན་སངས་རྒྱས་སར་སྒྲོལ་མཛོད། །བོད་ཀྱི་ལྷ་སྐལ་འཕགས་མཆོག་ནམ་མཁའི་རྒྱལ་པོའི་སྒྲུབ་ཐབས་ཉམས་སུ་ལེན་པར་འདོད་པས། སྐྱབས་སེམས་སྔ་མ་ལྟར་ལ་མི་འཁྲུགས་པའི་མལ་དུ་སྤྱན་རས་གཟིགས་དབང་བསྒྲུབས་ནས་ཞེས་བསྒྱུར་ མི་དམིགས་སྟོང་པའི་ངང་ཉིད་ལས༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ བདག་གཞན་བརྗེ་ཕོད་སྙིང་རྗེ་བསྒོམ༔ སྟོང་དང་སྙིང་རྗེའི་ངང་ཉིད་ལས༔ པཾ་ལས་པདྨ་འདབ་སྟོང་སྟེང༔ ཨ་ལས་ཟླ་བའི་དཀྱིལ་འཁོར་དཀར༔ དེ་སྟེང་རང་རིག་ཧྲཱིཿདཀར་པོ༔ ཧྲཱིཿལས་འོད་འཕྲོས་ཕྱོགས་བཅུ་ཡི༔ རྒྱལ་བ་མཉེས་པའི་མཆོད་པ་འབུལ༔ སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྦྱངས༔ ཚུར་འདུས་ཧྲཱིཿལ་ཐིམ་པ་ལས༔ བདག་ཉིད་བཅོམ་ལྡན་སྤྱན་རས་གཟིགས༔ སངས་རྒྱས་ཀུན་འདུས་བཅུ་གཅིག་ཞལ༔ རྩ་ཞལ་དཀར་པོ་འོད་ཟེར་འཕྲོ༔ རིགས་དྲུག་སེམས་ཅན་བརྩེ་བས་གཟིགས༔ གཡས་དང་གཡོན་ནི་ལྗང་དང་དམར༔ དམྱལ་བ་ཡི་དྭགས་འདྲེན་ཅིང་སྒྲོལ༔ དབུས་དམར་གཡས་ལྗང་གཡོན་ཞལ་དཀར༔ ལྷ་མིན་མི་དང་དུད་འགྲོ་ཡི༔ མངལ་སྒོ་བསྒག་ཅིང་ཐར་ལམ་འདྲེན༔ དབུས་ལྗང་གཡས་དཀར་གཡོན་དམར་གྱིས༔ ལྷ་ཡི་སྐྱེ་བ་ཀུན་བསྒགས་ནས༔ བདེ་ཆེན་ས་རུ་སྤོར་ཞིང་སྒྲོལ༔ ཁྲོ་ཞལ་དུད་ཀ་རྔམ་པ་ཡིས༔ འགྲོ་ཀུན་ཀུན་ཏུ་འོད་ཀྱི་སར༔ འགོད་ཅིང་སྟེང་ཞལ་ལི་ཁྲིའི་མདོག༔ སངས་རྒྱས་བླ་མ་འོད་དཔག་མེད༔ འཛུམ་པའི་ཞལ་ལྡན་གཟིགས་པ་ཡིས༔ འགྲོ་རྣམས་པདྨ་ཅན་དུ་ཁྲིད༔ རྩ་ཕྱག་དང་པོ་ཐལ་མོ་སྦྱར༔ གཡས་ཀྱི་གཉིས་པས་ཤེལ་ཕྲེང་དང༔ གཡོན་པས་ཨུཏྤལ་དཀར་པོ་ནི༔ ཁྱུང་གཤོག་ལྡིང་བ་ལྟ་བུར་འཛིན༔ གཡས་ཀྱི་ལྷག་མའི་ཕྱག་བཅུ་ན༔ རྡོ་རྗེ་རིན་ཆེན་པདྨ་གྲི༔ རིལ་བ་སྤྱི་བླུགས་བུམ་པ་ཞགས༔ ཨུཏྤལ་འཁོར་ལོ་རྒྱ་གྲམ་འཛིན༔ གཡོན་གྱི་ལྷག་མའི་ཕྱག་བཅུ་ན༔ ཤེས་རབ་རལ་གྲི་སྡེ་སྣོད་ཀྱི༔ པུསྟི་ཨུཏྤལ་མུ་ཏིག་གི༔ ཕྲེང་བ་རྡོ་རྗེ་དྲིལ་བུ་དང༔ མཁར་གསིལ་མཆོད་རྟེན་པར་བུ་དང༔ འཁོར་ལོ་འཛིན་ཅིང་ཞབས་གཉིས་པོ༔ དྲང་པོར་གཤིབས་ཏེ་གཡོ་མེད་བཞུགས༔ ལོངས་སྐུའི་ཡན་ལག་སུམ་ཅུ་གཉིས༔ ཟླ་བའི་ཕྱག་རྒྱའི་ཚུལ་དུ་མཛེས༔ སྤྲུལ་སྐུའི་ཉིང་ལག་སྟོང་མངའ་བ༔ མཐིལ་དུ་ཞི་བའི་སྤྱན་རེ་རེ༔ སངས་རྒྱས་འཁོར་ལོས་སྒྱུར་བ་ནི༔ སྟོང་གི་ཚུལ་དུ་མཚོན་པར་བཞུགས༔ ལོངས་སྤྱོད་རྫོགས་པའི་རྒྱན་རྣམས་དང༔ སྦྲུལ་དང་རི་དྭགས་དར་ཤམ་སོགས༔ ཕྱག་གདུབ་ཞབས་གདུབ་ན་བཟས་སྤྲས༔ དེ་ལྟ་བུ་ཡི་གནས་གསུམ་ནས༔ ཡི་གེ་གསུམ་ལས་འོད་ཟེར་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང༔ རིགས་ལྔའི་སངས་རྒྱས་ཐམས་ཅད་ཀྱིས༔ དབང་བསྐུར་བྱིན་བརླབས་སྤྱི་བོའི་གཙུག༔ འོད་དཔག་མེད་པས་དབུར་བརྒྱན་གྱུར༔ དེ་ལྟར་ནམ་མཁའ་རྒྱལ་པོ་ཡི༔ སྐུ་ལས་འོད་ཟེར་དཔག་མེད་འཕྲོས༔ རང་བཞིན་དག་པའི་ཞིང་ཁམས་དང༔ པོ་ཏ་ལ་ཡི་གནས་མཆོག་ནས༔ རང་འདྲའི་བཅོམ་ལྡན་སྤྱན་རས་གཟིགས༔ མདུན་གྱི་ནམ་མཁར་བྱོན་པར་གྱུར༔ ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿ སྐུ་ལས་འོད་ཟེར་དཔག་མེད་འཕྲོས༔ རང་ལ་ཐིམ་བཞིན་བཞུགས་པར་གྱུར༔ ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿ མདུན་བཞུགས་ལྷ་ཚོགས་མ་ལུས་པ༔ འོད་ཀྱི་ཕུང་པོར་ཞུ་ནས་སུ༔ རང་ལ་ཐིམ་པས་གཉིས་མེད་གྱུར༔ རང་ཉིད་འཕགས་པའི་སྐུ་ལས་འོད༔ དཀར་པོས་ལྷ་རྣམས་ཕམ་ལྟུང་སྦྱང་། །སྔོན་པོས་ལྷ་མིན་འཐབ་རྩོད་བྲལ། །དམར་པོས་མི་ཡི་ཆུ་བཞི་སྒྲོལ། །ལྗང་གུས་དུད་འགྲོའི་གླེན་ལྐུགས་བསྒྲལ། །སེར་པོས་ཡི་དྭགས་བཀྲེས་སྐོམ་ཞི། །ནག་པོས་དམྱལ་བའི་ཚ་གྲང་འཇོམས། ཐམས་ཅད་འཕགས་པའི་སྐུ་རུ་གྱུར༔ འོད་ཟེར་སྣ་ཚོགས་འཕྲོས་པ་ལས༔ སྣང་སྲིད་སེམས་ཅན་འགྲོ་དྲུག་རྣམས༔ རང་འདྲའི་བཅུ་གཅིག་ཞལ་དུ་གྱུར༔ སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང༔ ནང་བཅུད་སེམས་ཅན་སྤྱན་རས་གཟིགས༔ སྒྲ་གྲགས་ཡི་གེ་དྲུག་པའི་སྒྲ༔ དྲན་རྟོག་ཡེ་ཤེས་འོད་གསལ་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་ཅི་ནུས་བཟླ། ཐུན་མཐར་མཆོད་བསྟོད་ནོངས་བཤགས་བསྡུ་ལྡང་སོགས་པདྨ་གུ་རུའི་སྒྲུབ་ཐབས་ལྟར་བྱའོ། །འདིའི་རྗེས་གནང་ནི། བཤམ་བཀོད་མི་འཁྲུགས་པ་ལྟར་ལ། བདག་བསྐྱེད་བཟླས་པ་བཅས་གྲུབ་ནས། མཆོད་པ་བྱིན་རླབས་པདྨ་གུ་རུ་ལྟར་བྱ། མདུན་དཀྱིལ་བསང་སྦྱང་། སྟོང་དང་སྙིང་རྗེའི་ངང་ཉིད་ལས༔ པཾ་ལས་པདྨ་འདབ་སྟོང་སྟེང༔ ཨ་ལས་ཟླ་བའི་དཀྱིལ་འཁོར་དཀར༔ དེ་སྟེང་ཡི་གེ་ཧྲཱིཿདཀར་པོ༔ སོགས་སྒྲུབ་ཐབས་ལྟར་ལ། བདག་ཉིད་ཅེས་པ་དོར་ནས། བཅོམ་ལྡན་འཕགས་པ་སྤྱན་རས་གཟིགས༔ ཞེས་བསྒྱུར་ལ། མདུན་གྱི་ནམ་མཁར་བྱོན་པར་གྱུར༔ ཧྲཱིཿ རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ནས། །ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་། །གཟུགས་སྐུ་འགྲོ་བའི་དོན་དུ་སྐུ་སྤྲུལ་པ། །ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨེ་ཧྱེ་ཧི་ཛཿཧཱུྃ་བཾ་ཧོཿ ཞེས་སྤྱན་དྲངས་ཏེ་མདུན་གྱི་ནམ་མཁར་བཞུགས་པ་ལ། ཆོས་ཀྱི་སྐུ་ལ་གཉིས་འཛིན་མི་མངའ་ཡང་། །མ་འགག་རྣམ་རོལ་ལོངས་སྤྱོད་རྫོགས་སྐུར་བསྟན། །ཐུགས་རྗེས་འགྲོ་བའི་དོན་མཛད་སྤྲུལ་པའི་སྐུ །སྐུ་གསུམ་ཡེ་ཤེས་ལྷ་ལ་ཕྱག་འཚལ་ལོ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨཱཏྨ་ནཾ་ནིརྻཱ་ཏ་ཡ་མི། ཞེས་པས་ཕྱག་བྱ། ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་ལ། །ཉོན་མོངས་བཀྲེས་སྐོམ་གདུང་བ་མི་མངའ་ཡང་། །བདག་ཅག་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཕྱིར། །མཆོད་པའི་ཚོགས་ཀྱིས་མཉེས་ཤིང་བཞེས་སུ་གསོལ། །ཨོཾ་བཛྲ་ཨརྒྷཾ་ནས་ ཤབྡའི་བར་གྱིས་མཆོད་ལ། ཧྲཱིཿ ཡེ་ཤེས་སྐུ་ལ་གཉིས་འཛིན་མི་མངའ་ཡང་། །གཉིས་སྣང་ཡེ་ཤེས་དམ་ཚིག་སེམས་དཔའ་གཉིས། །གཉིས་སུ་མེད་པར་བརྟན་པར་བཞུགས་ནས་ཀྱང་། །འགྲོ་དོན་ཕྲིན་ལས་རྫོགས་པར་མཛད་དུ་གསོལ། ས་མ་ཡ་ཏིཥྛ་ལྷན། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་ལ་ཐིམ་པས་གཉིས་མེད་དུ་གྱུར་པར་མོས། མཆོད་པ་ནི། ཧྲཱིཿ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་འཁོར་བཅས་ལ། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་པ་དང་། །སྣང་གསལ་དྲི་མཆོག་ཞལ་ཟས་རོལ་མོ་སོགས། །ཕྱི་ཡི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཨརྒྷཾ་ནས་ཤབྡའི་བར་དང་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ་ཞེས་དང་། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །བཀྲ་ཤིས་ལྷ་མོས་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ལྷ་ཚོགས་མཉེས་ཕྱིར་མཆོད་པར་འབུལ། །དགྱེས་ཤིང་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། བཛྲ་རཱུ་པ། བཛྲ་ཤབྡ། བཛྲ་གནྡྷེ། བཛྲ་ནཻ་བིདྱཱ། བཛྲ་སྤརྴེ། བཛྲ་དྷརྨ་སརྦ་པཱུ་ཛ་ས་མ་ཡ་མཎྜ་ལ་ཨ་ལ་ལ་ཧོཿ ཞེས་པས་མཆོད། བསྟོད་པ་ནི། དུས་གསུམ་བདེ་བར་གཤེགས་པ་སོགས་དང་། ཕྱག་སྟོང་འཁོར་ལོས་སོགས། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས༔ ཡོན་ཏན་མཆོག་གི་གཏེར་གྱུར་པ༔ སྤྱན་རས་གཟིགས་ཞེས་མཚན་གསོལ་བའི༔ རྟག་པར་བརྩེ་ལ་ཕྱག་འཚལ་བསྟོད༔ ཅེས་བརྗོད། བཟླས་དམིགས་བཅས་ཡིག་དྲུག་བཟླ་བ་སོགས་སྔར་བཞིན་ལ། རྗེས་གནང་མཚམས་སྦྱོར་ཁྱད་པར། ཟབ་པ་སྐོར་བདུན་དུ་གྲགས་པའི་ནང་ནས་འཕགས་མཆོག་སྤྱན་རས་གཟིགས་ནམ་མཁའི་རྒྱལ་པོ་སྟེ། དེའང་ཆོས་སྐུ་གཟི་བརྗིད་འོད་དཔག་མེད་སངས་རྒྱས་སྲས་དང་བཅས་པའི་ཁྱབ་བདག་ནམ་མཁའི་རང་བཞིན་ཅན་ལས་མ་གཡོས་བཞིན་དུ། ལོངས་སྐུ་ནམ་མཁའི་རྒྱལ་པོ་རིགས་ལྔ་གངས་ཆེན་མཚོའི་སྐུ་དང་ཞིང་ཁམས་མཁའ་ཁྱབ་ཏུ་བཀོད་ཅིང་། འཇིག་རྟེན་གྱི་ཁམས་འདིར་ཡང་བསྐལ་བཟང་གི་སངས་རྒྱས་སྟོང་དང་འཁོར་ལོས་སྒྱུར་རྒྱལ་སྟོང་གི་འཆར་གཞིར་གྱུར་པ་དང་། སྤྲུལ་སྐུ་སྤྱན་རས་གཟིགས་དབང་མཚན་དང་སྐུའི་རྣམ་འགྱུར་དཔག་ཏུ་མེད་པས་གདུལ་བྱ་འདུལ་བ་ལས། ཁྱད་པར་སངས་རྒྱས་དངོས་ཀྱི་གདུལ་བྱར་མ་གྱུར་པའི་གདོང་དམར་མུན་པའི་གླིང་གདུལ་བྱའི་ཞིང་དུ་བདག་གིར་མཛད་དེ་རྨུ་རྒོད་མ་རུངས་པའི་སྐྱེ་དགུ་མཐའ་དག་འཕགས་པ་འདི་ཁོ་ནའི་ཐུགས་རྗེ་ཆེན་པོས་སྒྲོལ་བར་མཛད་པས་བོད་ཀྱི་ལྷ་གཅིག་མར་ཡོངས་སུ་གྲགས་པ་ཡིན་ཞིང་། འཕགས་པའི་སྐུ་དང་མཚན་གྱི་བྱེ་བྲག་ཇི་སྙེད་པ་ལས་ཀྱང་བཅུ་གཅིག་ཞལ་འདི་ཉིད་ཁ་བ་ཅན་པའི་འགྲོ་དོན་མཛད་པ་ལ་ཆེད་དུ་བསྔགས་ཤིང་། དེའི་སྒྲུབ་ཐབས་གསང་སྔགས་གསར་རྙིང་གི་བཀའ་སྲོལ་དུ་མ་ལས་ཁྱད་པར་དུ་འཕགས་པའི་སྙིང་པོར་དྲིལ་བ་སྟེ། གཞུང་ལས། འཕགས་པ་སྤྱན་རས་གཟིགས་དབང་གི༔ སྒྲུབ་ཐབས་ཟབ་གནད་ཁྱད་པར་ཅན༔ སྔོན་ཆད་བོད་དུ་འདི་མ་བསྟན༔ མངའ་བདག་ཡབ་སྲས་ཐུགས་དམ་དུ༔ སྲིན་ཤོག་ལེབ་ལ་ཡི་གེར་བཀོད༔ ཅེས་དང་། འདི་ཉིད་སྒོམ་སྒྲུབ་བྱས་པའི་ཡོན་ཏན་ཡང་། ཇི་སྐད་དུ། དེ་ལྟར་བསྐྱེད་རིམ་དང་ལྡན་པས༔ ཡི་གེ་དྲུག་པ་སུས་བགྲང་པ༔ མི་དེ་འཕགས་པའི་གོ་འཕང་ཐོབ༔ སྣོད་ཀྱི་འཇིག་རྟེན་ཐམས་ཅད་ནི༔ བདེ་བ་ཅན་གྱི་ཞིང་ཁམས་མཐོང༔ ནང་བཅུད་སེམས་ཅན་ལྷ་སྐུར་གསལ༔ སྒྲ་རྣམས་ཡིག་དྲུག་སྒྲ་རུ་ཐོས༔ གཉིས་འཛིན་འཁྲུལ་པ་རང་སར་དག༔ ཐོད་རྒལ་ཉམས་མྱོང་ནང་ནས་འཆར༔ སེམས་ཅན་ཀུན་ལ་སྙིང་རྗེ་སྐྱེ༔ སྣང་བ་གཏད་མེད་ཟང་ཐལ་འགྱུར༔ ཚེ་གཅིག་སངས་རྒྱས་ཐེ་ཚོམ་མེད༔ ཅེས་གསུངས་ཏེ། དེ་ལྟ་བུའི་རྗེས་གནང་བསྒྲུབ་པ་ལ་སོགས་ནས་མཎྜལ་འབུལ་སྐྱབས་སེམས་དང་ཡན་ལག་བཅུ་པ་སོང་ནས། གསོལ་གདབ་ནི། ཧོ༔ བླ་མ་ཡི་དམ་ལྷ་ཚོགས་ཀྱིས༔ བདག་ལ་བརྩེ་བས་དགོངས་ནས་ཀྱང༔ ལུས་ངག་ཡིད་གསུམ་བྱིན་བརླབ་ཕྱིར༔ ནམ་མཁའི་རྒྱལ་པོའི་རྗེས་གནང་སྩོལ༔ གསུམ། རྗེས་གནང་གི་གཞི་སོགས་ནས། བསང་སྦྱང་། སྟོང་དང་སྙིང་རྗེའི་ངང་ཉིད་ལ༔སོགས་སྒྲུབ་ཐབས་ལྟར་ལ། ཐིམ་པ་ལས༔ ཁྱེད་རང་བཅོམ་ལྡན་སྤྱན་རས་གཟིགས༔ སོགས་ནས། ན་བཟས་སྤྲས༔ དྲིའི་ཐིག་ལེ་གནས་གསུམ་དུ་བཀོད་ལ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དང་ཁྱད་པར་བདེ་བ་ཅན་དང་པོ་ཏ་ལ་ནས་རང་འདྲའི་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་སྒོ་གསུམ་ལ་ཐིམ་པའི་མོས་པ་མཛོད། ཡིག་དྲུག་མཐར། ཨཱ་བེ་ཤ་ཡ་ཨཱཿ བཏགས་པ་བརྗོད་ལ་བྱིན་དབབ་ཅིང་བརྟན་པར་བྱ། རྗེས་གནང་དངོས་ལ་འདུན་པ་འདི་བཞིན་དུ་མཛོད། བདག་མདུན་འཕགས་པ་སྤྱན་རས་གཟིགས་ནམ་མཁའི་རྒྱལ་པོར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ་མགྲིན་པར་ཨཱཿདམར་པོ་ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར། འཕགས་པ་ནམ་མཁའི་རྒྱལ་པོའི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་དཔག་མེད་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ། ལུས་ཀྱི་སྡིག་པ་སྦྱངས། སྐུའི་དངོས་གྲུབ་བདུད་རྩི་དཀར་པོས་ལུས་ཁེངས་པར་མོས་ཤིག །སྙིང་པོས་བསྔགས་པའི་མེ་ཏོག་སྤྱི་བོར་བཞག་ལ། ཧྲཱི༔ སྙིང་རྗེ་ཆེན་པོ་བཅོམ་ལྡན་འདས༔ འགྲོ་བ་འདུལ་མཛད་ནམ་མཁའི་རྒྱལ༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ འགྱུར་མེད་སྐུ་ཡི་དབང་བསྐུར་རོ༔ ཡིག་དྲུག་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་དང་། ཁྱད་པར་བདེ་བ་ཅན་དང་པོ་ཏ་ལའི་གཞལ་མེད་ཁང་ཆེན་པོ་ནས་འཕགས་པ་སྤྱན་རས་གཟིགས་ནམ་མཁའི་རྒྱལ་པོའི་ལྷ་ཚོགས་རྣམས་འོད་ཟེར་ཁ་དོག་ལྔའི་རྣམ་པས་ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་པས་བྱིན་གྱིས་བརླབས་པར་མོས་ཤིག །དེས་སྐུའི་རྗེས་སུ་གནང་བ་ཐོབ། ལུས་ལྷ་བསྒོམ་པ་ལ་དབང་། སྤྲུལ་སྐུའི་ས་བོན་མཐུ་ཅན་དུ་བྱས་པའོ། །བདག་མདུན་འཕགས་པ་སྤྱན་རས་གཟིགས་ནམ་མཁའི་རྒྱལ་པོར་གསལ་བའི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། ངག་གི་སྡིག་པ་སྦྱངས། གསུང་གི་དངོས་གྲུབ་བདུད་རྩི་དམར་པོས་ལུས་ཁེངས་པར་མོས་ཤིག །བཟླས་ཕྲེང་མགྲིན་པར་བཞག་ལ། ཧྲཱི༔ སྙིང་རྗེ་ཆེན་པོ་བཅོམ་ལྡན་འདས༔ འགྲོ་བ་འདུལ་མཛད་ནམ་མཁའི་རྒྱལ༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ འགག་མེད་གསུང་གི་དབང་བསྐུར་རོ༔ ཡིག་དྲུག་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེའི་རྗེས་འབྲེལ་དུ་བཟླས་པའི་ལུང་བླང་བ་ལ་དམིགས་པ་འདི་ལྟར་དུ་མཛོད། བདག་མདུན་གྱི་ཐུགས་ཀའི་ཧྲཱིཿདཀར་པོ་ལས་འོད་ཟེར་ལས་གྲུབ་པའི་སྔགས་ཕྲེང་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཞལ་ནས་ཕྱུངས། སློབ་མ་ལྷར་གསལ་བའི་ཞལ་དུ་ཞུགས། སྔགས་ཀྱི་ཕྲེང་བ་ཐུགས་སྲོག་ཧྲཱིཿམཐར་བཀོད་པར་མོས་ལ་རྗེས་ཟློས་མཛོད། སྙིང་པོ་ལན་གསུམ་རྗེས་ཟློས་བྱར་གཞུག །དེས་གསུང་གི་རྗེས་སུ་གནང་བ་ཐོབ། ངག་སྙིང་པོའི་སྔགས་བཟླ་བ་ལ་དབང་། ལོངས་སྐུའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །བདག་མདུན་འཕགས་པ་སྤྱན་རས་གཟིགས་ནམ་མཁའི་རྒྱལ་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། ཡིད་ཀྱི་སྡིག་པ་སྦྱངས། ཐུགས་ཀྱི་དངོས་གྲུབ་བདུད་རྩི་སྔོན་པོས་ལུས་ཁེངས་པར་མོས་ཤིག །སྐུ་ཙཀ་སྤྱི་བོ་དང་སྙིང་ཁར་བཞག་ལ། ཧྲཱིཿ སྙིང་རྗེ་ཆེན་པོ་བཅོམ་ལྡན་འདས༔ འགྲོ་བ་འདུལ་མཛད་ནམ་མཁའི་རྒྱལ༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ འཁྲུལ་མེད་ཐུགས་ཀྱི་དབང་བསྐུར་རོ། །ཡིག་དྲུག་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྟེང་གི་ནམ་མཁའ་ནས་ཡེ་ཤེས་སེམས་དཔའ་ཚོན་གང་བ་ཞིག་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། སྙིང་གི་དབུས་སུ་ཡེ་ཤེས་པའི་ཚུལ་དུ་ཧྲིལ་གྱིས་བརྟན་པར་བཞུགས་པར་མོས་ཤིག །དེས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ། ཡིད་ཏིང་ངེ་འཛིན་བསྒོམ་པ་ལ་དབང་། ཆོས་སྐུའི་ས་བོན་མཐུ་ཅན་ཏུ་བྱས་པ་ཡིན་ནོ། །གཏོར་མ་འཕགས་པ་སྤྱན་རས་གཟིགས་ནམ་མཁའི་རྒྱལ་པོར་གསལ་བའི་སྐུ་ཡི་གནས་བཞི་ནས་འོད་ཟེར་དཀར་དམར་མཐིང་ལྗང་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ། སྒོ་གསུམ་ཆ་སྙོམས་ཀྱི་སྡིག་པ་སྦྱངས། གསང་བ་གསུམ་གྱི་དངོས་གྲུབ་བདུད་རྩི་ཁ་དོག་སྣ་ཚོགས་པས་ལུས་ཁེངས་པར་མོས་ཤིག །གཏོར་མ་མགོར་བཞག་ལ། ཧྲཱི༔ སྙིང་རྗེ་ཆེན་པོ་བཅོམ་ལྡན་འདས༔ འགྲོ་བ་འདུལ་མཛད་ནམ་མཁའི་རྒྱལ༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ སྐུ་བཞི་ཡོངས་རྫོགས་དབང་བསྐུར་རོ༔ ཡིག་དྲུག་མཐར། སརྦ་ཨ་བྷི་ཥིཉྩ་ཧྲཱི༔ མོས་གུས་བྱས་པས་གཏོར་མ་ལྷར་གསལ་བ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་པའི་མོས་པ་མཛོད་ཅིག །སྤྲོ་ན་རྗེས་གནང་རེ་རེའི་མཚམས་སུ་བཀྲ་ཤིས་བརྗོད། བསྡུས་ཀྱང་འདིར་ངེས་པར་ཤིས་བརྗོད་དང་། སུ་པྲ་ཏིཥྛའི་སྔགས་བརྗོད་ལ་མེ་ཏོག་འཐོར། གཏོར་མའི་ཆ་ཤས་བདུད་རྩི་དང་བཅས་པ་དངོས་གྲུབ་ཚུལ་དུ་སྦྱིན། དེས་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་རྗེས་སུ་གནང་བ་ཐོབ། སྒོ་གསུམ་དབྱེར་མེད་ཟུང་འཇུག་གི་རྣལ་འབྱོར་བསྒོམ་པ་ལ་དབང་། ངོ་བོ་ཉིད་སྐུའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་མཚམས་སྦྱར་སྤྱི་ལྟར་བྱས་ལ་དམ་ཚིག་ཁས་བླང་། གཏང་རག་མཎྜལ་སོགས་སྤྱི་མཐུན་དང་། སླར་མཆོད་པ་ཁ་གསོ། བྱིན་རླབས་བྱ། མདུན་བསྐྱེད་ལ་མཆོད་བསྟོད་ལ་སོགས་པའང་ཐོག་མའི་སྒྲུབ་ཐབས་སུ་བཤད་པ་ལྟར་རོ། །རིགས་གཅིག་པ༵དྨ༵འི་གར༵་མཛད་པས། །རིགས་བརྒྱའི་འཁོར་ལོར་དབ༵ང་སྒྱུར་བ། །ལྷ་མཆོག་འདིར་བསྟེན་འབྲེལ་ཚད་ཀུན། །བདེ་བ་ཅན་དུ་འདྲེན་བྱེད་ཤོག །ཐུགས་དམ་ཟབ་པ་སྐོར་བདུན་ལས་འཕགས་པ་ནམ་མཁའི་རྒྱལ་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ལེ་ཚན་ནོ། །དགེ་ལེགས་འཕེལ། ༈ རྒྱལ་བ་སྐུ་གསུམ་རིགས་འདུས་པའི། །འཆི་མེད་དབང་པོ་བདུད་རྩིའི་ཐིགས། །བདག་སྙིང་པདྨོའི་ཟེའུ་འབྲུ་ལ། །དགྱེས་ཆགས་རིང་འཚོའི་ཟིལ་དངར་སྩོལ། །ཚེ་དཔག་མེད་སྐུ་གསུམ་རིགས་འདུས་ཀྱི་སྒྲུབ་ཐབས་ཉམས་སུ་ལེན་པར་འདོད་པས། སྐྱབས་སེམས་སྔ་མ་ལྟར་ལ། ཚེ་དཔག་མེད་མགོན་བསྒྲུབས་ནས་ཞེས་བསྒྱུར། ཆོས་རྣམས་མི་དམིགས་སྟོང་པའི་ངང༔ འགྲོ་ལ་སྙིང་རྗེ་ཚད་མེད་བསྒོམ༔ སྟོང་དང་སྙིང་རྗེའི་ངང་ཉིད་ལས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་རིག་ཧྲཱིཿལས་ཚེ་དཔག་མེད༔ སྐུ་མདོག་དམར་པོ་འོད་དང་ལྡན༔ ཞལ་གསུམ་ཕྱག་ཀྱང་དྲུག་པ་སྟེ༔ གཡས་ཞལ་དཀར་པོ་ཆུ་ཤེལ་འདྲ༔ ཟླ་བའི་འོད་ལྟར་དཀར་ཞིང་འཚེར༔ གཡོན་ཞལ་མར་གད་མདོག་ཅན་ཏེ༔ ལྗང་ཞིང་འོད་འཕྲོ་མཛེས་པའི་ཞལ༔ དབུས་ཞལ་པདྨ་རཱ་གའི་མདོག༔ དམར་གསལ་འོད་འཕྲོ་འཛུམ་མདངས་ཅན༔ ཕྱག་གཡས་དང་པོ་པདྨའི་ཕྲེང༔ ཐུགས་ཀར་འཛིན་ཞིང་གཡོན་དང་པོ༔ མཉམ་གཞག་ཚེ་ཡི་བདུད་རྩིས་བཀང༔ གཡས་ཀྱི་ལྷག་གཉིས་རྡོ་རྗེ་དང༔ ནོར་བུ་རིན་ཆེན་འབར་བ་བསྣམས༔ གཡོན་གྱི་ལྷག་གཉིས་འཁོར་ལོ་དང༔ རྡོ་རྗེ་རྒྱ་གྲམ་བསྣམས་པ་སྟེ༔ ན་བཟའ་ལྷབ་ལྷུབ་མཛེས་པས་སྤྲས༔ དབུ་རྒྱན་སྙན་རྒྱན་མགུལ་རྒྱན་དང༔ དོ་ཤལ་ཚངས་སྐུད་ལ་སོགས་པ༔ ལོངས་སྤྱོད་རྫོགས་པའི་རྒྱན་རྣམས་རྫོགས༔ ཞབས་གཉིས་སྐྱིལ་ཀྲུང་རྒྱབ་ཡོལ་ནི༔ འཇའ་ཚོན་སྣ་ལྔའི་རང་བཞིན་ཅན༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ འོད་འཕྲོས་བདེར་གཤེགས་ཐམས་ཅད་ཀྱི༔ ཚེ་ཡི་དངོས་གྲུབ་མ་ལུས་བསྡུས༔ རང་གི་ལུས་ལ་ཐིམ་པར་གྱུར༔ ཅེས་པའི་དམིགས་པ་རྩེ་གཅིག་ཏུ་བྱས་ལ། ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཧྲཱི༔ ཞེས་བཟླས་པའི་དངོས་གཞི་བྱ། ཐུན་མཐར། རང་གི་སྙིང་གི་དཀྱིལ་ནང་དུ༔ ཚེ་བདག་བླ་མ་པདྨ་འབྱུང༔ སྐུ་མདོག་དཀར་གསལ་ཤེལ་ལྟ་བུ༔ ཐུགས་ཀར་ཉི་ཟླའི་གའུ་འི་ནང༔ སྐྱེ་མེད་ཡི་གེ་ཨཿགཅིག་བསམ༔ ཡབ་ཡུམ་སྦྱོར་བའི་བར་མཚམས་ནས༔ བྱང་སེམས་དཀར་དམར་རྒྱུན་བབས་ཏེ༔ གནས་ལྔ་རྩ་ཡི་འཁོར་ལོ་གང༔ ཚེ་དཔལ་བསོད་ནམས་ཀུན་རྒྱས་ཏེ༔ དབང་རྣམས་རྫོགས་པར་ཐོབ་པར་གྱུར༔ ཅེས་ནན་དུ་བསྒོམས་ལ་རྒྱས་གདབ། དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་གིས་ཁ་སྐོང་བཟོད་གསོལ་བྱ། ཁམས་གསུམ་འཁོར་འདས་ཐམས་ཅད་ཀུན༔ རང་ཉིད་ཚེ་དཔག་མེད་ལ་ཐིམ༔ རང་ཡང་འཇའ་ཡི་ཕུང་པོར་གྱུར༔ སྙིང་གའི་བླ་མ་ཡབ་ཡུམ་ལ༔ ཆུ་ལ་ཆུ་བཞག་ལྟ་བུར་ཐིམ༔ བླ་མ་ཡབ་ཡུམ་འོད་དུ་ཞུ༔ ཐུགས་ཀའི་ཡི་གེ་ཨཿལ་ཐིམ༔ ཨ་ནི་སྐྱེ་མེད་དབྱིངས་སུ་བཞག༔ ཅེས་སྤྲོས་བྲལ་གཉུག་མའི་དབྱིངས་སུ་མཉམ་པར་གཞག །ལྷར་ལྡང་ལ་གནས་གསུམ་བསྲུང་ཞིང་དགེ་བསྔོ་ཤིས་བརྗོད་བྱའོ། །འདིའི་རྗེས་གནང་བྱེད་ན། མཎྜལ་པདྨ་འདབ་བརྒྱད་སྟེང་རྐང་གསུམ་ཁར་ཚེའི་འབྲང་རྒྱས་རྒྱན་ལྡན། ཕྲེང་བ། སྐུ་ཙཀ །མེ་ཏོག །ཚེ་རིལ། ཚེ་ཆང་རྣམས་བཀོད། ཚེ་མདའ། སྨན་རཀ་གཏོར་གསུམ། ཕྱི་མཆོད་སོགས་བཤམས་དང་ཉེར་མཁོ་སྟ་གོན་གྲུབ་ནས། བདག་བསྐྱེད་བཟླས་པའི་བར་སྒྲུབ་ཐབས་ལྟར་བྱ། མཆོད་པ་བྱིན་བརླབ། མདུན་རྟེན་བསང་སྦྱང་། སྟོང་དང་སྙིང་རྗེའི་ངང་ཉིད་ལས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧྲཱིཿདམར་ལས་བྱུང་ཚེ་དཔག་མེད༔ སོགས་ནས། སྣང་ལ་རང་བཞིན་མེད་པར་བསྒོམ༔ ཞེས་པའི་བར་སྒྲུབ་ཐབས་ལྟར་བླངས་ལ། ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར༔ སྤྱན་འདྲེན་ནི། ཧྲཱི༔ བདེ་ཆེན་རྣམ་པར་དག་པའི་ཀློང་ཡངས་ནས༔ བཅོམ་ལྡན་ལྷ་མཆོག་མགོན་པོ་ཚེ་དཔག་མེད༔ རྒྱལ་བ་སྲས་བཅས་ཐུགས་རྗེའི་དབང་གིས་ནི༔ འདིར་གཤེགས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བཛྲ་ས་མཱ་ཛ༔ དམ་ཡེ་བསྲེ་བ་ནི། ཧྲཱི༔ གདོད་ནས་གཉིས་མེད་མཉམ་པའི་ངང་ཉིད་ལ༔ བློ་སྦྱང་ཕྱིར་དུ་དམ་ཚིག་ཡེ་ཤེས་སེམས༔ ཆུ་ལ་ཆུ་བཞག་སྒྱུ་མ་ཇི་བཞིན་དུ༔ དུ་མར་སྣང་ཡང་རོ་གཅིག་བརྟན་པར་བྱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ་ལྷན༔ དབང་བསྐུར་རྒྱས་གདབ་ནི། ཧྲཱི༔ ཐམས་ཅད་སྐུ་གསུང་ཐུགས་དང་ཡེ་ཤེས་ལྡན༔ དབང་ཆེན་དབང་སྐུར་མཐུ་རྩལ་བྱིན་གྱིས་རློབས༔ ཕྱག་རྒྱ་བཞི་ལྡན་ཡེ་ནས་གྲུབ་པའི་ངང༔ ཐམས་ཅད་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ༔ ཨོཾ་ཧཱུྃ་སྭཱ་ཧྲཱིཿཧཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྱག་བྱ་བ་ནི། ཧྲཱི༔ སྐུ་གསུམ་ཡོངས་འདུས་འཆི་མེད་ལྷ་ཡི་ཚོགས༔ རང་ཤེས་འཁྲུལ་བྲལ་བརྡ་དང་གར་གྱི་ཕྱག༔ རྣམ་དག་ཡེ་ཤེས་ཆེན་པོར་རྟོགས་བྱའི་ཕྱིར༔ སྲི་ཞུ་གུས་པས་འཕྲུལ་དགའི་ཚུལ་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཨ་ཏི་པུ་ཧོ༔ པྲ་ཏི་ཙ་ཧོ༔ ཕྱི་མཆོད་ནི། ཧྲཱིཿ ཏིང་འཛིན་ཆོ་འཕྲུལ་ཡེ་ཤེས་རོལ་པ་ལས༔ ཕ་རོལ་ཕྱིན་པ་དྲུག་རྫོགས་མཆོད་པའི་སྤྲིན༔ ནམ་མཁའི་ཁམས་ཀུན་ལེགས་པར་བཀང་ནས་ཀྱང༔ འཆི་མེད་སྐུ་གསུམ་ཚེ་ཡི་ལྷ་ལ་འབུལ༔ ཧྲཱི༔ བཛྲ་ཨཱ་ཧ་ར་ཨཱ་ཧ་ར་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱཱ་པཱུ་ཛ་ཧོ༔ ནང་མཆོད་ནི། ཧྲཱི༔ གསང་བ་ཡུམ་གྱི་བདེ་བ་དམ་པ་ནི༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་རྣམས་ཏེ༔ འདོད་ཡོན་མ་འགག་རང་བྱུང་ལྷ་མོའི་ཚོགས༔ སྐུ་གསུམ་ཚེ་ཡི་ལྷ་ལ་མཆོད་པར་འབུལ༔ པཉྩ་ཀཱ་མ་གུ་ཎ་པཱུ་ཛ་ཧོ༔ གསང་མཆོད་ནི། ཧྲཱི༔ རང་བྱུང་གདོད་ནས་དག་པ་རྫས་ཀྱི་མཆོག༔ ཤ་ལྔ་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ༔ ཟག་མེད་བདུད་རྩི་གཏོར་མ་ལོངས་སྤྱོད་རྒྱན༔ པདྨ་རཀྟ་ཆགས་པ་ཆེན་པོའི་མཆོག༔ སྐུ་གསུམ་ཚེ་ཡི་ལྷ་ལ་མཆོད་པ་འབུལ༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ བསྟོད་པ་གཏེར་སྟོན་ཉིད་ཀྱིས་མཛད་པ་ནི། ཧྲཱིཿ པདྨའི་རིགས་མཆོག་ཚེ་དཔག་མེད། །སྐུ་གསུམ་མཚོན་ཕྱིར་ཞལ་གསུམ་ལྡན། །ཞི་ཁྲོ་འཛུམ་པའི་ཉམས་ཅན་དེ། །འོད་ཟེར་དུ་མ་འཕྲོ་ལ་འདུད། །དབུས་ཞལ་ཆོས་སྐུ་རཱ་གའི་མདོག །གཡས་ཞལ་ལོངས་སྐུ་ཆུ་ཤེལ་མདོག །གཡོན་ཞལ་སྤྲུལ་སྐུ་ཨིནྡྲའི་མདོག །ཞི་ཁྲོ་སྐུ་གསུམ་ལྷ་ལ་འདུད། །རྩ་ཕྱག་པད་ཕྲེང་ཚེ་བུམ་འཛིན། །གཡས་གཉིས་རྡོ་རྗེ་རིན་པོ་ཆེ། །གཡོན་གཉིས་རྒྱ་གྲམ་འཁོར་ལོ་འཛིན། །རིགས་ལྔའི་སངས་རྒྱས་ཁྱོད་ལ་བསྟོད། །སྣ་ཚོགས་དར་གྱི་ན་བཟའ་མཛེས། །རིན་ཆེན་དབུ་རྒྱན་ཕྱག་ཞབས་ཀྱི། །གདུ་བུ་མགུལ་རྒྱན་སེ་མོ་དོ། །ལོངས་སྤྱོད་རྫོགས་རྒྱན་སྤྲས་ལ་འདུད། །པདྨ་ཟླ་བའི་གདན་སྟེང་དུ། །མི་འགྱུར་རྡོ་རྗེའི་སྐྱིལ་ཀྲུང་ཅན། །མཚན་དང་དཔེ་བྱད་དཔལ་འབར་བ། །ཡི་དམ་ཁྱོད་ལ་ཕྱག་འཚལ་ལོ། །བདག་ཉིད་རྩེ་གཅིག་དད་པ་ཡིས། ཁྱོད་དྲན་གསོལ་བ་བཏབ་པའི་མཐུས། །ནད་གདོན་བར་ཆད་མི་མཐུན་པའི། །ཉེར་འཚེ་ཐམས་ཅད་ཞི་བར་མཛོད། །སྣང་སྲིད་ཚེ་བཅུད་དཔལ་ཡོན་རྣམས། །ཀུན་བསྡུས་ཕྱག་གི་བུམ་པར་བསྐྱིལ། །བདག་ཅག་འགྲོ་བ་སེམས་ཅན་ལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །གང་དང་གང་ཉིད་འདོད་པ་རྣམས། །དཔག་བསམ་ཤིང་གི་འབྲས་བུ་ལྟར། །འབད་རྩོལ་མེད་པར་དུས་འདིར་སྩོལ། །བཟླས་པ་ནི། ཐུགས་ཀར་ཟླ་སྟེང་ཧྲཱིཿདམར་པོ། །སྔགས་ཀྱི་ཕྲེང་བས་བསྐོར་བ་ལས། །འོད་འཕྲོས་འཁོར་འདས་ཚེ་ཡི་བཅུད། །འོད་ཟེར་ཐིག་ལེའི་རྣམ་པར་བསྡུས། །མདུན་རྟེན་ཚེ་ཡི་རྫས་ལ་ཐིམ། །འཆི་མེད་རྡོ་རྗེའི་དམ་ཚིག་གྱུར། །ཅེས་དམིགས་ལ་བཟླས་པ་ཅི་འགྲུབ་བྱ། ཐུན་མཐར་ཚེ་འགུགས་སྤྲོ་ན་ཚེ་སྒྲུབ་རྒྱལ་བ་འདུས་པ་ལས་འབྱུང་བ་ལྟར་བྱ་སྟེ། ཚེ་མདའ་གཡབ་ལ། ཧཱུྃ༔ ཡེ་ཤེས་འོད་ལྔ་འདུས་པའི་སྐུ༔ བཅོམ་ལྡན་རྒྱལ་བ་ཚེ་དཔག་མེད༔ དམར་གསལ་ཚེ་ཡི་བུམ་པ་འཛིན༔ འགྱུར་མེད་རྡོ་རྗེའི་སྐུ་མངའ་བ༔ ཐུགས་སྲོག་དྭངས་མའི་བྱིན་རླབས་ནས༔ ཚེ་ཡི་དངོས་གྲུབ་མ་ལུས་པ༔ སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ༔ ལོ་བརྒྱ་ཐུབ་པའི་དངོས་གྲུབ་སྩོལ༔ སྟོན་བརྒྱ་མཐོང་བའི་དངོས་གྲུབ་སྩོལ༔ མགོན་པོའི་ཐུགས་སྲོག་འོད་ཟེར་ལས༔ སྣུམ་འདྲིལ་ཧྲཱིཿདམར་མདངས་ལྡན་ནི༔ ལྕགས་ཀྱུ་ལྟ་བུའི་དཀྱིལ་འཁོར་འཕྲོས༔ ཕྱོགས་བཅུའི་རབ་འབྱམས་མཐའ་ཀླས་པའི༔ འཇིག་རྟེན་དྲུག་འདས་ཕྱོགས་མཚམས་ན༔ བརྟན་གཡོའི་བཅུད་དང་ནུས་མཐུ་དང༔ ལྷ་དང་དྲང་སྲོང་རིག་འཛིན་གྱི༔ ཐུགས་རྗེ་བྱིན་རླབས་མ་ལུས་པ༔ ཁབ་ལེན་རྡོ་ཡིས་ལྕགས་སྡུད་བཞིན༔ ཚེ་རྫས་བྱིན་རླབས་འདི་ལ་སྟིམས༔ རིག་འཛིན་རྣལ་འབྱོར་བདག་ལ་སྟིམས༔ ལོ་བརྒྱ་ཐུབ་པར་བྱིན་གྱིས་རློབས༔ སྟོན་བརྒྱ་མཐོང་བར་བྱིན་གྱིས་རློབས༔ རིགས་ལྔའི་ཞིང་ཁམས་དབང་དུ་སྡུས༔ སྙིང་པོ་ཐུགས་སྲོག་དྭངས་མ་ནས༔ འགྱུར་མེད་རྡོ་རྗེའི་ཨཱ་ཡུཿནི༔ རིག་འཛིན་སྒྲུབ་མཆོག་བདག་ལ་སྩོལ༔ རིག་འཛིན་རྣལ་འབྱོར་བདག་ཅག་གི༔ ནང་གི་ཁམས་ནས་ཚེ་ཉམས་ན༔ འབྱུང་ལྔའི་ཁམས་ནས་བཅུད་སྡུས་ལ༔ རྣལ་འབྱོར་ནང་གི་ལུས་ལ་སྟིམས༔ ཟག་མེད་ཡེ་ཤེས་སྤར་དུ་གསོལ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གི༔ མ་རུངས་བགེགས་ཚོགས་ཐམས་ཅད་ཀྱིས༔ ཚེ་སྲོག་དབང་ཐང་ཁྱེར་བ་རྣམས༔ འོད་ཟེར་ལྕགས་ཀྱུས་བཀུག་ནས་ནི༔ ཚེ་ཉམས་ཀུན་གྱི་ཚེ་བསྲིང་ཞིང༔ བླ་ཉམས་ཀུན་གྱི་བླ་ཁུག་ལ༔ རིག་འཛིན་རྣལ་འབྱོར་བདག་ཅག་གི༔ ཕུང་ཁམས་སྐྱེ་མཆེད་དག་ལ་སྟིམས༔ འགྱུར་མེད་རིགས་ལྔའི་རྒྱ་ཡིས་གདབ༔ ཡོ་ག་ཚེ་ཡི་དབང་ཡང་སྐུར༔ སྐྱེ་འཆི་མེད་པའི་དོན་རྟོགས་མཛོད༔ ཅེས་བསྐུལ། ལས་བུམ་སྒྲུབ་པ་དང་ཏིང་ངེ་འཛིན་གྱི་དབང་ལེན། སློབ་མའི་བྱ་བ་སྔར་བཞིན་ལ། མཚམས་སྦྱོར་གྱི་ཁྱད་པར། ཟབ་པ་སྐོར་བདུན་གྱི་ནང་ནས་ཚེ་དཔག་མེད་སྐུ་གསུམ་རིགས་ལྔ་ཀུན་འདུས་ཏེ༔ དེའང་མཐོ་རིས་ཀྱི་ཡོན་ཏན་བདུན་གྱི་ནང་ནས་མཆོག་ཏུ་གཅེས་པ་ནི་ཚེ་རིང་པོར་འཚོ་བ་ཁོ་ན་ཡིན་ལ། ཚེ་སྲིང་བའི་ཐབས་ཐུན་མོང་ཐུན་མིན་ཇི་སྙེད་ཅིག་ཡོད་པ་ལས། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་ཉིད་ཐུགས་བསྐྱེད་སྨོན་ལམ་གྱི་ཁྱད་པར་ལས་མཚན་བཟུང་བ་ཙམ་གྱིས་ཀྱང་དུས་མ་ཡིན་པའི་འཆི་བ་ལས་སྐྱོབ་ཅིང་རིང་འཚོའི་དཔལ་སོགས་ཐུན་མོང་དང་མཆོག་གི་དངོས་གྲུབ་སྦྱིན་པ་ལ་བྱིན་རླབས་དང་ཐུགས་རྗེ་ལྷག་པར་ཆེ་ཞིང་། དེ་ཉིད་སྒྲུབ་པའི་ཐབས་གསར་རྙིང་གི་བཀའ་སྲོལ་མཐའ་ཡས་པ་ལས་འདི་ནི་འཆི་མེད་མགོན་པོ་ཉིད་དང་རྣམ་དབྱེར་མེད་པའི་རྡོ་རྗེའི་སྐུ་བརྙེས་པ་ཨོ་རྒྱན་གྱི་སློབ་དཔོན་འཆི་མེད་པདྨ་སཾ་བྷ་བས་མངའ་བདག་ཡབ་སྲས་ལ་ཚེ་སྒྲུབ་བྱེ་བ་ཕྲག་བརྒྱའི་ཉིང་ཁུ་བཅུད་དུ་དྲིལ་ནས་རྒྱུན་གྱི་ཐུགས་དམ་དུ་བསྩལ་པ་སྟེ། གཞུང་ལས། བསྐལ་པ་དུས་ཀྱི་སྙིགས་མ་ལ༔ མི་རྣམས་ཚེ་ཐུང་ལོངས་སྤྱོད་དབུལ༔ སྙིང་རུས་ཆུང་ཞིང་སྡུག་སྲན་མེད༔ དེ་དུས་ཚིག་ཉུང་དོན་ཆེ་བའི༔ ཚེ་སྒྲུབ་གདམས་པ་ཟབ་ཁྱད་ཅན༔ བདག་འདྲ་པདྨའི་ཐུགས་ཀྱི་བཅུད༔ སྔོན་ཆད་གཞན་ལ་འདི་མ་བསྟན༔ མངའ་བདག་ཡབ་སྲས་ཐུགས་དམ་དུ༔ ཉིང་ཁུ་བ་ཡི་བཅུད་འདི་ཉིད༔ མ་གབ་གསལ་བར་བསྟན་པ་ཡིན༔ རྒྱུན་གྱི་ཉམས་ལེན་དྭངས་མར་འཚལ༔ ཞེས་བསྔགས་པ་ཉིད་ཀྱི་རྗེས་གནང་བསྒྲུབ་པ་ལ་སོགས་ནས་མཎྜལ་ཕུལ། སྐྱབས་སེམས་ཡན་ལག་བཅུ་པ་སྔ་མ་ལྟར་བྱ། གསོལ་གདབ་ནི། ཧོ༔ བླ་མ་ཡི་དམ་ལྷ་ཚོགས་ཀྱིས༔ བདག་ལ་བརྩེ་བས་དགོངས་ནས་ཀྱང༔ ལུས་ངག་ཡིད་གསུམ་བྱིན་བརླབ་ཕྱིར༔ འཆི་མེད་དབང་པོའི་རྗེས་གནང་སྩོལ༔ ལན་གསུམ། རྗེས་གནང་གི་གཞི་སོགས་ནས། བསང་སྦྱང་། སྟོང་དང་སྙིང་རྗེའི་ངང་ཉིད་ལས༔སོགས་སྒྲུབ་ཐབས་ལྟར་ལ། མེད་པར་བསྒོམ༔ གནས་གསུམ་དུ་དྲིའི་ཐིག་ལེ་བཀོད་ལ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས་བདེ་བ་ཅན་གྱི་ཞིང་ཁམས་ནས་རང་འདྲའི་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ཁྱེད་རང་ལ་ཐིམ་པའི་མོས་པ་མཛོད་ཅིག །སྙིང་པོའི་མཐར། ཨཱ་བེ་ཤ་ཡ་ཨཱཿ བཏགས་པ་བརྗོད་ལ་བྱིན་དབབ་ཅིང་བརྟན་པར་བྱ། རྗེས་གནང་དངོས་ཀྱི་ཐོག་མར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ བླ་མ་རྩ་གསུམ་དཀྱིལ་འཁོར་ལྷ༔ སྐུ་བཞིའི་དབང་ཕྱུག་བདེ་བ་ཆེ༔ རྡོ་རྗེ་ཚེ་ཡི་དབང་བསྐུར་མཆོག༔ བདག་ཅག་རྣམས་ལ་བསྐུར་དུ་གསོལ༔ ཅེས་ལན་གསུམ། དེ་ནས་དམིགས་འདུན་འདི་བཞིན་དུ་མཛོད༔ བདག་མདུན་བཅོམ་ལྡན་འདས་ཚེ་དཔག་མེད་སྐུ་གསུམ་རིགས་འདུས་སུ་གསལ་བའི་སྤྱི་བོར་ཨོཾ་དཀར་པོ་མགྲིན་པར་ཨཱཿདམར་པོ་ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར། བཅོམ་ལྡན་འདས་ཚེ་དཔག་མེད་སྐུ་གསུམ་རིགས་འདུས་ཀྱི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་དཔག་མེད་འཕྲོས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ། ལུས་ཀྱི་སྡིག་པ་སྦྱངས། སྐུའི་དངོས་གྲུབ་བདུད་རྩི་དཀར་པོས་ལུས་ཁེངས་པར་མོས་ཤིག །སྙིང་པོས་བསྔགས་པའི་མེ་ཏོག་སྤྱི་བོར་བཞག་ལ། ཧྲཱིཿ སྐུ་གསུམ་སྐུ་ལྔ་ཡོངས་རྫོགས་པའི༔ བཅོམ་ལྡན་རྡོ་རྗེ་ཚེ་དཔག་མེད༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ འགྱུར་མེད་སྐུ་ཡི་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཧྲཱི༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་དང་། ཁྱད་པར་བདེ་བ་ཅན་དང་ཡོན་ཏན་བཀོད་པ་ནས་བཅོམ་ལྡན་འདས་ཚེ་དཔག་མེད་སྐུ་གསུམ་རིགས་ལྔ་ཀུན་འདུས་ཀྱི་ལྷ་ཚོགས་རྣམས་འོད་ཟེར་ཁ་དོག་ལྔའི་རྣམ་པས་ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་ནས་བྱིན་གྱིས་བརླབས་པར་མོས་ཤིག །དེས་སྐུའི་རྗེས་སུ་གནང་བ་ཐོབ། ལུས་ལྷ་བསྒོམ་པ་ལ་དབང་། སྤྲུལ་སྐུའི་ས་བོན་མཐུ་ཅན་དུ་བྱས་པའོ། །བདག་མདུན་བཅོམ་ལྡན་འདས་ཚེ་དཔག་མེད་སྐུ་གསུམ་རིགས་འདུས་སུ་གསལ་བའི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། ངག་གི་སྡིག་པ་སྦྱངས། གསུང་གི་དངོས་གྲུབ་བདུད་རྩི་དམར་པོས་ཁེངས་པར་མོས་ཤིག །བཟླས་ཕྲེང་མགྲིན་པར་བཞག་ལ། ཧྲཱི༔ སྐུ་གསུམ་སྐུ་ལྔ་ཡོངས་རྫོགས་པའི༔ བཅོམ་ལྡན་རྡོ་རྗེ་ཚེ་དཔག་མེད༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ འགག་མེད་གསུང་གི་དབང་བསྐུར་རོ༔ སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེའི་རྗེས་འབྲེལ་དུ་བཟླས་པའི་ལུང་བླང་བ་ལ་དམིགས་པ་འདི་ལྟར་དུ་མཛོད། བདག་མདུན་གྱི་ཐུགས་ཀའི་ཧྲཱིཿདམར་པོ་ལས་འོད་ཟེར་ལས་གྲུབ་པའི་སྔགས་ཕྲེང་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཞལ་ནས་ཕྱུངས། སློབ་མ་ལྷར་གསལ་བའི་ཞལ་དུ་ཞུགས། སྔགས་ཀྱི་ཕྲེང་བ་ཐུགས་སྲོག་ཧྲཱིཿམཐར་བཀོད་པར་མོས་ལ་རྗེས་ཟློས་མཛོད། སྙིང་པོ་ལན་གསུམ་རྗེས་ཟློས་བྱར་གཞུག །དེས་གསུང་གི་རྗེས་སུ་གནང་བ་ཐོབ། ངག་སྙིང་པོའི་སྔགས་བཟླ་བ་ལ་དབང་། ལོངས་སྐུའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །བདག་མདུན་བཅོམ་ལྡན་འདས་ཚེ་དཔག་མེད་སྐུ་གསུམ་རིགས་འདུས་སུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། ཡིད་ཀྱི་སྡིག་པ་སྦྱངས། ཐུགས་ཀྱི་དངོས་གྲུབ་བདུད་རྩི་སྔོན་པོས་ལུས་ཁེངས་པར་མོས་ཤིག །སྐུ་ཙཀ་སྤྱི་བོ་དང་སྙིང་ཁར་བཞག་ལ། ཧྲཱི༔ སྐུ་གསུམ་སྐུ་ལྔ་ཡོངས་རྫོགས་པའི༔ བཅོམ་ལྡན་རྡོ་རྗེ་ཚེ་དཔག་མེད༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ འཁྲུལ་མེད་ཐུགས་ཀྱི་དབང་བསྐུར་རོ༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྟེང་གི་ནམ་མཁའ་ནས་ཡེ་ཤེས་སེམས་དཔའ་ཚོན་གང་བ་ཞིག་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། སྙིང་གི་དབུས་སུ་ཡེ་ཤེས་པའི་ཚུལ་དུ་ཧྲིལ་གྱིས་བརྟན་པར་བཞུགས་པར་མོས་ཤིག །དེས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ། ཡིད་ཏིང་ངེ་འཛིན་བསྒོམ་པ་ལ་དབང་། ཆོས་སྐུའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། གཏོར་མ་བཅོམ་ལྡན་འདས་ཚེ་དཔག་མེད་སྐུ་གསུམ་རིགས་འདུས་སུ་གསལ་བའི་སྐུ་ཡི་གནས་བཞི་ནས་འོད་ཟེར་དཀར་དམར་མཐིང་ལྗང་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ། སྒོ་གསུམ་ཆ་སྙོམས་ཀྱི་སྡིག་པ་སྦྱངས། གསང་བ་གསུམ་གྱི་དངོས་གྲུབ་བདུད་རྩི་ཁ་དོག་སྣ་ཚོགས་པས་ལུས་ཁེངས་པར་མོས་ཤིག །གཏོར་མ་མགོར་བཞག་ལ། ཧྲཱི༔ སྐུ་གསུམ་སྐུ་ལྔ་ཡོངས་རྫོགས་པའི༔ བཅོམ་ལྡན་རྡོ་རྗེ་ཚེ་དཔག་མེད༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ སྐུ་བཞི་ཡོངས་རྫོགས་དབང་བསྐུར་རོ༔ སྔགས་མཐར། སརྦ་ཨ་བྷི་ཥིཉྩ་ཧྲཱི༔ མོས་གུས་བྱས་པས་གཏོར་མ་ལྷར་གསལ་བ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་པའི་མོས་པ་མཛོད་ཅིག །སྤྲོ་ན་རྗེས་གནང་རེ་རེའི་མཚམས་སུ་བཀྲ་ཤིས་བརྗོད། བསྡུས་ཀྱང་འདིར་ངེས་པར་ཤིས་བརྗོད་དང་། སུ་པྲ་ཏིཥྛའི་སྔགས་བརྗོད་ལ་མེ་ཏོག་འཐོར། གཏོར་མའི་ཆ་ཤས་བདུད་རྩི་དང་བཅས་པ་དངོས་གྲུབ་ཚུལ་དུ་སྦྱིན། དེས་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་རྗེས་སུ་གནང་བ་ཐོབ། སྒོ་གསུམ་དབྱེར་མེད་ཟུང་འཇུག་གི་རྣལ་འབྱོར་བསྒོམ་པ་ལ་དབང་། ངོ་བོ་ཉིད་སྐུའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །ཚེ་ཆང་དང་ཚེ་རིལ་འཁོར་འདས་དྭངས་བཅུད་བསྡུས་པའི་འཆི་མེད་བདུད་རྩིའི་ཐིག་ལེར་འཁྱིལ་བ་དེ་མྱངས་པས་རྡོ་རྗེ་ཚེའི་དངོས་གྲུབ་ཡོངས་རྫོགས་ཐོབ་པར་མོས་མཛོད། སྙིང་པོ་བརྗོད་ལ་ཚེ་རིལ་ཆང་སྦྱིན། དམ་ཚིག་ཁས་བླང་མན་ཆད། མདུན་བསྐྱེད་ལ་མཆོད་བསྟོད་ལ་སོགས་པའང་སྔ་མ་རྣམས་ལྟར་རོ། །ཚེ་དང་ཡེ་ཤེས་ཡོ༵ན་ཏན༵་དང་། །གཟི་བརྗིད་མཐའ་ཡས་རིགས་འདུས་ལྷ། །མཐོ་རིས་འབྱོར་པའི་རྒྱ༵་མཚོ༵་ལ། །སྤྱོད་པར་འདོད་རྣམས་བསྙེན་པར་འཚལ། །ཐུགས་དམ་ཟབ་པ་སྐོར་བདུན་ལས་ཚེ་དཔག་མེད་སྐུ་གསུམ་རིགས་ལྔ་འདུས་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ལེ་ཚན་ནོ། །དགེ་ལེགས་འཕེལ། ༈ དྲེགས་བྱེད་གཉེན་པོ་སྟོབས་ཀྱི་ལྷ། །འཆོལ་བའི་ཁྲོ་རྒྱལ་འཇིག་རྟེན་མཆོག །མེ་ལྟར་འབར་བའི་མཐུ་བྱིན་གྱིས། །བར་གཅོད་ཚང་ཚིང་སྲེག་པར་མཛོད། །དམ་སྲི་རྒྱལ་འགོང་འདུལ་བ་ལ་ལྷག་པར་ཟབ་པ་གཏུམ་དྲག་རྡོ་རྗེ་གྲོ་ལོད་རྩལ་གྱི་སྙིང་པོའི་སྒྲུབ་ཐབས་ཉམས་སུ་ལེན་པ་ལ། སྨན་རཀ་གཏོར་མ་ཕྱི་མཆོད་བཤམ། སྐྱབས་སེམས་དང་མཆོད་པ་བྱིན་རླབས་རྣམས་པདྨ་གུ་རུ་ལྟར་བྱས་ལ། འཁོར་འདས་ཆོས་ཀུན་མ་ལུས་པ༔ སྟོང་ཉིད་སྙིང་རྗེའི་ངང་དུ་བསམ༔ དེ་ཡི་ངང་ལས་སེམས་ཅན་ལ༔ བྱམས་སེམས་སྙིང་རྗེ་ཚད་མེད་བསྒོམ༔ སྟོང་དང་སྙིང་རྗེའི་ངང་ཉིད་ལས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་རིག་ཧྲཱིཿལས་གསེར་གྱི་ནི༔ ཕུར་པ་འོད་ཟེར་འཕྲོ་བར་བསྒོམ༔ དེ་ལས་འོད་འཕྲོས་དམ་སྲི་དང༔ རྒྱལ་འགོང་ལོག་འདྲེན་ཐམས་ཅད་བསྒྲལ༔ རྒྱལ་བ་མཉེས་པའི་མཆོད་པ་ཕུལ༔ ཚུར་འདུས་ཕུར་པ་གདན་བཅས་རྣམས༔ འོད་དུ་ཞུ་ནས་མེ་ལས་ནི༔ གྲུབ་ཅིང་ཧྲཱིཿདམར་ཚ་འོད་བསམ༔ དེ་ལས་རང་ཉིད་གུ་རུ་ནི༔ རྡོ་རྗེ་གྲོ་ལོད་རབ་བྱུང་ཆས༔ སྐུ་མདོག་དཀར་དམར་མདངས་དང་ལྡན༔ ཕྱག་གཡས་རྡོ་རྗེ་སྐྱབས་སྦྱིན་ལ༔ གཡོན་པས་ཕུར་པ་འཛིན་ཞིང་འགྱིང༔ སྟག་ལྤགས་གདན་ལ་བཞུགས་པར་བསམ༔ དེ་ཉིད་གནས་འགྱུར་དྲན་རྫོགས་སུ༔ གཏུམ་དྲག་རྡོ་རྗེ་གྲོ་བོ་ལོད༔ སྐུ་མདོག་སྨུག་ནག་རབ་བྱུང་ཆས༔ སྨིན་མ་དམར་སེར་མེ་འོད་འབར༔ སྐྲ་བསིགས་ཨཾ་གཙིགས་སྡང་མིག་བགྲད༔ སྙན་ལ་དུང་གི་ཝཾ་མིག་མཛེས༔ མི་མགོ་རློན་པ་སྐྲ་ཅན་གྱི༔ དོ་ཤལ་ཁྲག་གི་ཟར་བུ་འཛག༔ ཐང་ཤམ་ཆོས་གོས་དུར་སྨྲིག་ཅན༔ གཡས་བསྐུམ་གཡོན་བརྐྱང་གར་སྟབས་སུ༔ སྟག་མོ་གྲུས་མའི་སྟེང་ན་འགྱིང༔ སྐུ་ལས་ཁྲོ་ཆུང་དཔག་མེད་འཕྲོ༔ མེ་རླུང་དབུས་སུ་བཞུགས་པར་བསྒོམ༔ དེ་ཡི་གནས་གསུམ་སྐུ་གསུང་ཐུགས༔ ཡི་གེས་མཚན་ལས་འོད་འཕྲོས་པས༔ རང་བཞིན་གནས་དང་ལྷོ་ནུབ་དང༔ པདྨ་འོད་ཀྱི་གཞལ་ཡས་ནས༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ༔ ཧཱུྃ༔ ཇི་སྙེད་རྒྱལ་བ་སྲས་དང་བཅས༔ སྔོན་གྱི་ཐུགས་དམ་བརྩེར་དགོངས་ལ༔ སྐད་ཅིག་ཉིད་ལ་འདིར་གཤེགས་ལ༔ མཆོག་ཐུན་དངོས་གྲུབ་སྩོལ་བ་དང༔ གདུག་པའི་གདོན་བགེགས་མ་ལུས་རྣམས༔ མངོན་སྤྱོད་དྲག་པོས་ཚར་བཅད་ཕྱིར༔ གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཨཱ་བེ་ཤ་ཡ་ཏིཥྛ་ལྷན༔ ཨ་ཏི་པུ་ཧོ༔ པྲ་ཏི་ཙ་ཧོ༔ ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་མཎྜལ་རིག་པས་བརྒྱན་པ་འདི༔ བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་འབུལ༔ རང་ལུས་མཎྜལ་དབང་པོས་བརྒྱན་པ་འདི༔ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་འབུལ༔ རིན་ཆེན་མཎྜལ་གསེར་གཡུས་བརྒྱན་པ་འདི༔ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་འབུལ༔ གུ་རུ་དེ་བ་དྷཱ་ཀི་ནཱི་རཏྣ་མཎྜལ་ཀཾ་ནིརཡཱ་ཏ་ཡཱ་མི༔ ཧོཿ མེ་ཏོག་ལ་སོགས་ཕྱི་མཆོད་རྫས། །འདོད་ཡོན་ལྔ་པོ་ནང་གི་རྫས། །གཉིས་མེད་འཁྲིལ་སྦྱོར་གསང་བའི་རྫས། །བདུད་རྩི་ལྔ་པོ་དམ་ཚིག་རྫས། །ཤ་ལྔ་ལ་སོགས་གཏོར་མའི་རྫས། །རྩ་བརྒྱད་སྨན་སྦྱར་བདུད་རྩི་སྨན། །འདོད་ཆགས་དག་པ་རཀྟའི་མཚོ། །སྤྲོས་བྲལ་ཀ་དག་དོན་དམ་སྟེ། །མཆོད་སྤྲིན་རབ་འབྱམས་གཅིག་བསྡུས་པས། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་མཆོད། །ཨརྒྷཾ་ནས། ཤབྡའི་བར་དང་། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་པས་མཆོད། རྒྱལ་བ་ཀུན་གྱི་དྲག་པོའི་སྐུ། །ནུས་པ་ཐོགས་མེད་ལོག་འདྲེན་འཇོམས། །ཐུགས་རྗེ་རྨད་བྱུང་དཀྱིལ་འཁོར་གཙོ། །རྡོ་རྗེ་གྲོ་ལོད་རྩལ་ལ་བསྟོད། །ཅེས་པས་བསྟོད། ཧཱུྃ༔ བདེ་གཤེགས་ཀུན་འདུས་རྡོ་རྗེ་འཆང༔ ལོག་འདྲེན་ཚར་གཅོད་གྲོ་བོ་ལོད༔ ཆོས་སྐུ་ཁྱབ་བདལ་ཀུན་ཏུ་བཟང༔ རང་རིག་རྩ་གསུམ་ཐུགས་དམ་བསྐུལ༔ ལོག་འདྲེན་དམ་སྲི་མ་ལུས་པ༔ དབང་དུ་སྡུས་ལ་ལུས་ངག་ཡིད༔ ཐལ་བ་རྡུལ་དུ་བརླག་པར་མཛོད༔ ཅེས་པས་ཐུགས་དམ་བསྐུལ། ཐུགས་ཀའི་ཧཱུྃ་གི་མཐའ་སྐོར་དུ༔ སྲོག་ཡིག་སྙིང་པོས་བསྐོར་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་གྲོ་བོ་ལོད་ལོ་ཀ་སརྦ་ཧཱུྃ༔ ཞེས་རྩ་བའི་སྙིང་པོ་གྲངས་དུས་རྟགས་རྣམས་རྫོགས་ཀྱི་བར་བཟླ་ཞིང་སྤྲོ་བསྡུ་སྤྱི་ལྟར་བྱ། སྐབས་སུ་རིག་པ་ངར་དང་ལྡན་པས། ཞལ་ནས་སྔགས་སྒྲ་གྲགས་པ་ཡི༔ མཚོན་ཆ་རྣོ་བའི་རང་བཞིན་གྱིས༔ ལོག་འདྲེན་དགྲ་བགེགས་དམ་སྲི་རྣམས༔ དབང་བསྡུས་བསྒྲལ་དང་ལས་ལ་བཀོལ༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་གྱུར། །ཞེས་མོས་ལ་ཧཱུྃ་གི་གླུ་དང་ཕཊ་སྒྲ་བརྗོད། བསྙེན་པ་ཐེམས་ནས་མཚོན་ཆ་གདགས་པ་ནི། སྔགས་ཤམ་དུ། ཨོཾ་བཛྲ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཅེས་བསྙེན་པའི་བཅུ་ཆ་བཟླ། ཐུན་མཐར་བྱ་བ་སོགས་རྗེས་རིམ་པདྨ་གུ་རུ་ལྟར་བྱའོ། །འདིའི་རྗེས་གནང་གི་བཤམ་སོགས་པདྨ་གུ་རུ་ལྟར་ལ་གཏོར་མ་དཔལ་གཏོར་བཀོད། བདག་བསྐྱེད་བཟླས་པ་བཅས་གྲུབ་པའི་རྗེས་སུ་མདུན་བསྐྱེད་དཀྱིལ་འཁོར་ལ་དམིགས་ཏེ་བསང་སྦྱང་། སྟོང་དང་སྙིང་རྗེའི་ངང་ཉིད་ལས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཡི་གེ་ཧྲཱིཿལས་སོགས་སྒྲུབ་ཐབས་ལྟར་ལ། དེ་ལས་མ་ཧཱ་གུ་རུ་ནི༔ཞེས་བསྒྱུར་བ་ལས་གཞན་སྔར་ལྟར་གྱིས་བསྐྱེད་ཆོག་ནས་བཟླས་པའི་བར་དུ་བཏང་། གཞན་རྣམས་སྔར་ལྟར་ལ། མཚམས་སྦྱོར་ཁྱད་པར། ཟབ་པ་སྐོར་བདུན་དུ་གྲགས་པ་ལས་སྙིགས་དུས་ཀྱི་དམ་འགོང་འབྱུང་པོ་མ་རུངས་པ་རྣམས་ཀྱི་གཉེན་པོར་མཆོག་ཏུ་བསྔགས་པ་གུ་རུ་གཏུམ་དྲག་རྡོ་རྗེ་གྲོ་ལོད་རྩལ་ཏེ། དེའང་སྔགས་ཀྱི་སྟོན་མཆོག་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་མཚན་དང་སྐུའི་རྣམ་འགྱུར་གང་ལ་གང་འདུལ་གྱི་རྣམ་རོལ་བསམ་གྱིས་མི་ཁྱབ་པ་ལས། བོད་ཡུལ་སྟག་ཚང་མིང་ཅན་བཅུ་གསུམ་དུ་འཆོལ་བའི་ཁྲོ་རྒྱལ་ཆེན་པོ་འཇིག་རྟེན་གསུམ་ན་ཆེ་བའི་མཆོག་ཏུ་གྱུར་པ་འདི་ཉིད་ཀྱི་སྐུར་བཞེངས་ནས། བདུད་དང་དམ་སྲི་ལྷ་སྲིན་གདུག་པ་ཅན་མཐའ་དག་བཏུལ་ཞིང་དམ་འོག་ཏུ་བཅུག་པར་མཛད་པས་སྤྱིར་གངས་ཅན་ལྗོངས་ཀྱི་འབྱུང་པོ་མ་རུངས་པ་རྣམས་ཀྱི་གཉེན་པོ་ཕྱག་རྒྱ་སྟོབས་ཀྱི་ལྷ་ཆེས་ཟབ་ཅིང་ཁྱད་པར་དུ་འཕགས་ལ། ཁྱད་པར་སྙིགས་དུས་ཀྱི་འདྲེ་རྒོད་དམ་སྲི་འདུལ་བ་ལ་ལྷ་སྔགས་གཞན་ལས་ཟབ་པས་གཏེར་ཁ་རྣམས་སུ་སྒྲུབ་ཐབས་ལས་ཚོགས་རྒྱས་བསྡུས་མང་དུ་བྱོན་པ་རྣམས་ཀྱི་ཡང་སྙིང་བཅུད་དུ་དྲིལ་བ་ནི་འདི་ཉིད་ཡིན་ཏེ། གཞུང་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རང་གི་སྒྲུབ་པ་རང་གིས་བྱས༔ བོད་ཡུལ་ས་འོག་གཏེར་གནས་སུ༔ ཐུགས་སྒྲུབ་སྒྲུབ་པ་མང་སྦས་ཀྱང༔ ཟབ་ལ་གནད་ཆེའི་ཁྱད་ཆོས་འདི༔ མ་འོངས་བསྟན་པའི་ཡང་མཐའ་ལ༔ མི་རྣམས་ཚེ་ཐུང་ལོངས་སྤྱོད་དབུལ༔ འཁྲུགས་རྩོད་མུ་གེའི་བསྐལ་པ་དར༔ འདྲེ་དང་འགོང་པོས་ཡུལ་ཁམས་གང༔ རྒྱལ་འགོང་དམ་སྲི་སྐྱེ་འགྲོ་ཡི༔ སྲོག་ལ་རྒོལ་ཞིང་ངན་སོང་ཁྲིད༔ དེ་དུས་པདྨའི་གསུང་གི་སྲས༔ དམ་འཛིན་སྐྱེ་མཐའ་རྫུ་འཕྲུལ་ཅན༔ ནུབ་ཀྱི་ཕྱོགས་སུ་སྐྱེ་བ་ལེན༔ དེ་དུས་དྲག་པོ་གྲོ་བོ་ལོད༔ གསང་སྒྲུབ་འདི་ཉིད་གཏེར་ནས་བཏོན༔ ཉམས་སུ་བླངས་ནས་རང་གཞན་ཀུན༔ རིག་འཛིན་ས་ལ་ལྷུན་གྲུབ་འགྱུར༔ ཅེས་བསྔགས་པར་མཛད་པ་སྟེ། དེ་ལྟ་བུའི་རྗེས་སུ་གནང་བ་བསྒྲུབ་པ་ལ་སོགས་ཀྱིས་མཎྜལ་ཕུལ། སྐྱབས་སེམས་ཚོགས་གསག་པདྨ་གུ་རུ་ལྟར་བྱ། གསོལ་བ་གདབ་པ། ཧོ༔ བླ་མ་ཡི་དམ་ལྷ་ཚོགས་ཀྱིས༔ བདག་ལ་བརྩེ་བས་དགོངས་ནས་ཀྱང༔ ལུས་ངག་ཡིད་གསུམ་བྱིན་བརླབ་ཕྱིར༔ རྡོ་རྗེ་གྲོ་ལོད་རྗེས་གནང་སྩོལ༔ གསུམ། རྗེས་གནང་གི་གཞི་དགོད་པ་སོགས་ནས་བསང་སྦྱང་། སྟོང་དང་སྙིང་རྗེའི་སོགས་སྒྲུབ་ཐབས་ལྟར་ལ། བཞུགས་པར་བསྒོམ༔ དྲིའི་ཐིག་ལེ་གནས་གསུམ་དུ་བཀོད་ལ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་ཁྲོ་བོའི་ཞིང་དང་ལངྐ་དཔལ་གྱི་ཕོ་བྲང་ནས་རང་འདྲའི་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས། ཁྱེད་རང་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། ཧཱུྃ་སྒྲུབ་ཀྱི་གསོལ་འདེབས་སམ་ཚིག་བདུན་སྤྱན་འདྲེན། སྔགས་མཐར། ཨཱ་བེ་ཤ་ཡ་ཨཱཿ བཏགས་པ་བརྗོད་པ་སོགས་ཀྱིས་བྱིན་དབབ་ཅིང་བརྟན་པར་བྱ། རྗེས་གནང་དངོས་ལ་འདུན་པ་འདི་བཞིན་དུ་མཛོད། བདག་མདུན་པདྨ་དྲག་པོ་རྡོ་རྗེ་གྲོ་ལོད་དུ་གསལ་བའི་སྤྱི་བོར་ཨོཾ་དཀར་པོ་མགྲིན་པར་ཨཱཿདམར་པོ་ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར། བླ་མ་དྲག་པོ་རྡོ་རྗེ་གྲོ་ལོད་དུ་གསལ་བའི་དཔྲལ་བར་ཨོཾ་ལས་འོད་ཟེར་དཀར་པོ་དཔག་མེད་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ། ལུས་ཀྱི་སྡིག་པ་སྦྱངས། སྐུའི་དངོས་གྲུབ་བདུད་རྩི་དཀར་པོས་ལུས་ཁེངས་པར་མོས་ཤིག །སྙིང་པོས་བསྔགས་པའི་མེ་ཏོག་སྤྱི་བོར་བཞག་ལ། ཧཱུྃ༔ བདེ་གཤེགས་ཀུན་འདུས་རྡོ་རྗེ་འཆང༔ ལོག་འདྲེན་ཚར་གཅོད་གྲོ་བོ་ལོད༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ འགྱུར་མེད་སྐུ་ཡི་དབང་བསྐུར་རོ༔ སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་དང༔ ཁྱད་པར་རྔ་ཡབ་ལངྐ་དཔལ་གྱི་ཕོ་བྲང་པདྨ་འོད་ཀྱི་གཞལ་མེད་ཁང་ཆེན་པོ་ནས་གཏུམ་དྲག་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གྲོ་བོ་ལོད་འོད་ཟེར་ཁ་དོག་ལྔའི་རྣམ་པས་ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་པས་བྱིན་གྱིས་བརླབས་པར་མོས་ཤིག །དེས་སྐུའི་རྗེས་སུ་གནང་བ་ཐོབ། ལུས་ལྷ་བསྒོམ་པ་ལ་དབང་། སྤྲུལ་སྐུའི་ས་བོན་མཐུ་ཅན་དུ་བྱས་པའོ། །བདག་མདུན་པདྨ་དྲག་པོ་རྡོ་རྗེ་གྲོ་ལོད་དུ་གསལ་བའི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། ངག་གི་སྡིག་པ་སྦྱངས། གསུང་གི་དངོས་གྲུབ་བདུད་རྩི་དམར་པོས་ཁེངས་པར་མོས་ཤིག །བཟླས་ཕྲེང་མགྲིན་པར་བཞག་ལ། ཧཱུྃ༔ བདེ་གཤེགས་ཀུན་འདུས་རྡོ་རྗེ་འཆང༔ ལོག་འདྲེན་ཚར་གཅོད་གྲོ་བོ་ལོད༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ འགག་མེད་གསུང་གི་དབང་བསྐུར་རོ༔ སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེའི་རྗེས་འབྲེལ་དུ་བཟླས་པའི་ལུང་བླང་བ་ལ་དམིགས་པ་འདི་ལྟར་དུ་མཛོད། བདག་མདུན་གྱི་ཐུགས་ཀའི་ཧཱུྃ་དམར་པོ་ལས་འོད་ཟེར་ལས་གྲུབ་པའི་སྔགས་ཕྲེང་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཞལ་ནས་ཕྱུངས། སློབ་མ་ལྷར་གསལ་བའི་ཞལ་དུ་ཞུགས། སྔགས་ཀྱི་ཕྲེང་བ་ཐུགས་སྲོག་ཧཱུྃ་མཐར་བཀོད་པར་མོས་ལ་རྗེས་ཟློས་མཛོད། སྙིང་པོ་ལན་གསུམ་རྗེས་ཟློས་བྱར་གཞུག །དེས་གསུང་གི་རྗེས་སུ་གནང་བ་ཐོབ། ངག་སྙིང་པོའི་སྔགས་བཟླ་བ་ལ་དབང་། ལོངས་སྐུའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །བདག་མདུན་པདྨ་དྲག་པོ་རྡོ་རྗེ་གྲོ་ལོད་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། ཡིད་ཀྱི་སྡིག་པ་སྦྱངས། ཐུགས་ཀྱི་དངོས་གྲུབ་བདུད་རྩི་སྔོན་པོས་ལུས་ཁེངས་པར་མོས་ཤིག །སྐུ་ཙཀ་སྤྱི་བོ་དང་སྙིང་ཁར་བཞག་ལ། ཧཱུྃ༔ བདེ་གཤེགས་ཀུན་འདུས་རྡོ་རྗེ་འཆང༔ ལོག་འདྲེན་ཚར་གཅོད་གྲོ་བོ་ལོད༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ འཁྲུལ་མེད་ཐུགས་ཀྱི་དབང་བསྐུར་རོ༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྟེང་གི་ནམ་མཁའ་ནས་ཡེ་ཤེས་སེམས་དཔའ་ཚོན་གང་བ་ཞིག་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། སྙིང་གི་དབུས་སུ་ཡེ་ཤེས་པའི་ཚུལ་དུ་ཧྲིལ་གྱིས་བརྟན་པར་བཞུགས་པར་མོས་ཤིག །དེས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ། ཡིད་ཏིང་ངེ་འཛིན་བསྒོམ་པ་ལ་དབང་། ཆོས་སྐུའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །གཏོར་མ་བླ་མ་དྲག་པོ་རྡོ་རྗེ་གྲོ་ལོད་རྩལ་གྱི་སྐུ་ཡི་གནས་བཞི་ནས་འོད་ཟེར་དཀར་དམར་མཐིང་ལྗང་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ། སྒོ་གསུམ་ཆ་སྙོམས་ཀྱི་སྡིག་པ་སྦྱངས། གསང་བ་གསུམ་གྱི་དངོས་གྲུབ་བདུད་རྩི་ཁ་དོག་སྣ་ཚོགས་པས་ལུས་ཁེངས་པར་མོས་ཤིག །གཏོར་མ་མགོར་བཞག་ལ། ཧཱུྃ༔ བདེ་གཤེགས་ཀུན་འདུས་རྡོ་རྗེ་འཆང༔ ལོག་འདྲེན་ཚར་གཅོད་གྲོ་བོ་ལོད༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ སྐུ་བཞི་ཡོངས་རྫོགས་དབང་བསྐུར་རོ༔ སྔགས་མཐར། སརྦ་ཨ་བྷི་ཥིཉྩ་ཧྲཱི༔ མོས་གུས་བྱས་པས་གཏོར་མ་ལྷར་གསལ་བ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་པའི་མོས་པ་མཛོད་ཅིག །སྤྲོ་ན་རྗེས་གནང་རེ་རེའི་མཚམས་སུ་བཀྲ་ཤིས་བརྗོད། བསྡུས་ཀྱང་འདིར་ངེས་པར་ཤིས་བརྗོད་དང་། སུ་པྲ་ཏིཥྛའི་སྔགས་བརྗོད་ལ་མེ་ཏོག་འཐོར། གཏོར་མའི་ཆ་ཤས་བདུད་རྩི་དང་བཅས་པ་དངོས་གྲུབ་ཚུལ་དུ་སྦྱིན། དེས་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་རྗེས་སུ་གནང་བ་ཐོབ། སྒོ་གསུམ་དབྱེར་མེད་ཟུང་འཇུག་གི་རྣལ་འབྱོར་བསྒོམ་པ་ལ་དབང་། ངོ་བོ་ཉིད་སྐུའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །དམ་ཚིག་ཁས་བླངས་མན་ཆད། མདུན་བསྐྱེད་རྗེས་ཆོག་རྣམས་པདྨ་གུ་རུ་ལྟར་བྱའོ། །ཟབ་ཅིང་ཀུན་ལ་ཉེར་མཁོ་ཡང་། །རྒྱ་མཚོའི་གཏིང་གི་ནོར་མཚུངས་པ། །འདི་ཡང་བློ༵་གྲོ༵ས་རྩལ་ལས་ཕྱུངས། །མཐ༵འ་ཡ༵ས་འགྲོ་ལ་སྨན་གྱུར་ཅིག །ཐུགས་དམ་ཟབ་པ་སྐོར་བདུན་ལས་རྡོ་རྗེ་གྲོ་བོ་ལོད་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ལེ་ཚན་ནོ། །དགེ་ལེགས་འཕེལ། ༈ རྡོ་རྗེ་མཁའ་འགྲོའི་མཐུ་སྟོབས་ཀུན། །གཅིག་བསྡུས་བྱད་དགྲ་འབུམ་གྱི་གཤེད། །འཇིགས་རུང་དཔའ་མོ་འཕྲོག་བྱེད་ཞལ། །དགྱེས་དགོངས་སྒྲུབ་པའི་བར་ཆད་སོལ། །ཕས་རྒོལ་བྱད་མ་ཟློག་པའི་གཉེན་པོ་དྲན་ཆོག་གི་རིག་སྔགས་སེང་གེའི་གདོང་པ་ཅན་གྱི་སྒྲུབ་ཐབས་ཉམས་སུ་ལེན་པར་འདོད་པས་གཏོར་མཆོད་སྤྱི་དང་མཐུན་པར་བཤམ་ལ། སྐྱབས་སེམས་ནི། ན་མོ༔ བླ་མ་རིག་འཛིན་ཡི་དམ་ལྷ༔ སངས་རྒྱས་ཆོས་དང་དགེ་འདུན་གསུམ༔ དཔའ་བོ་ཌཱ་ཀི་མཁའ་འགྲོ་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ སེམས་བསྐྱེད་ནི། བདག་གིས་འགྲོ་བ་ཀུན་དོན་དུ༔ ཌཱ་ཀི་སེང་གདོང་བསྒྲུབས་ནས་ནི༔ ལས་བཞིས་འགྲོ་བའི་དོན་བྱས་ནས༔ སྐུ་གསུམ་ཐོབ་པར་སེམས་བསྐྱེད་དོ༔ པདྨ་གུ་རུ་ལྟར་མཆོད་པ་བྱིན་བརླབ། ལྷ་བསྐྱེད་ནི། ཆོས་རྣམས་མི་དམིགས་སྟོང་པའི་ངང༔ འགྲོ་ལ་སྙིང་རྗེ་ཚད་མེད་བསྒོམ༔ སྟོང་དང་སྙིང་རྗེའི་ངང་ཉིད་ལས༔ རང་རིག་ཧཱུྃ་ལས་གནམ་ལྕགས་ཀྱི༔ རྡོ་རྗེ་རྩེ་དགུ་འོད་དུ་འབར༔ དེ་ལས་འོད་འཕྲོས་གདོན་བགེགས་བསྒྲལ༔ ཚུར་འདུས་རྡོ་རྗེ་གདན་བཅས་ཞུ༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་རིག་ཧཱུྃ་སྔོན་འོད་འཕྲོ་གྱུར༔ དེ་ལས་བདག་ཉིད་མཁའ་འགྲོ་མ༔ སེང་གདོང་སྐུ་མདོག་བཻ་ཌཱུརྱ༔ འོད་འཕྲོས་སྣང་ལ་རང་བཞིན་མེད༔ སྤྱན་གསུམ་ཁྲོ་ཆུ་ལྟ་བུར་ཁོལ༔ གནམ་ལྕགས་རལ་པ་གྱེན་དུ་གཟེངས༔ གནམ་ལྕགས་མཆེ་བ་མན་དུ་གཙིགས༔ ཕྱག་གཡས་གྲི་གུག་མཁའ་ལ་ཕྱར༔ གཡོན་པས་ཐོད་ཁྲག་ཞལ་དུ་གསོལ༔ ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་བརྗིད༔ སྐུ་ལ་དུར་ཁྲོད་དཔལ་ཆས་བརྒྱན༔ ཡེ་ཤེས་མེ་དཔུང་ཀློང་དུ་བཞུགས༔ གནས་གསུམ་ཡི་གེས་མཚན་པ་ལས༔ འོད་འཕྲོས་བསིལ་བ་ཚལ་ཆེན་ནས༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ༔ སྤྱན་འདྲེན་མཆོད་བསྟོད་སོགས་གཏེར་ཆེན་ཉིད་ཀྱིས་ལྷན་ཐབས་སུ་མཛད་པ་ནི། ཧཱུྃ། ཆོས་དབྱིངས་རྣམ་པར་དག་པའི་ཕོ་བྲང་ནས། །དུས་གསུམ་རྒྱལ་བའི་ཡུམ་མཆོག་ཌཱ་ཀི་མ། །སིཾ་ཧ་མུ་ཁ་མཁའ་འགྲོ་ཀུན་གྱི་རྗེ། །རྣལ་འབྱོར་བདག་གིས་དད་ཅིང་གདུང་བ་ཡིས། །རྩེ་གཅིག་གསོལ་འདེབས་གནས་འདིར་སྤྱན་འདྲེན་ནོ། །ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་ཏུ་གསོལ། །པདྨ་ཉི་ཟླ་བམ་རོའི་གདན་ཁྲི་ལ། །མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། ཛྙཱ་ན་དྷཱ་ཀི་ནཱི་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ སླར་ཡང་དབང་ལྷ་རིགས་ལྔ་སྤྱན་དྲངས་ཏེ། །དབང་བསྐུར་མི་བསྐྱོད་རྡོ་རྗེས་དབུར་བརྒྱན་གྱུར། །ཧོཿ བདག་ཅག་ལུས་ངག་ཡིད་གསུམ་གུས་པ་ཡིས། །གཉིས་མེད་མཉམ་པའི་ངང་དུ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ། མེ་ཏོག་བདུག་སྤོས་སྣང་གསལ་དྲི་མཆོག་དང་། །ཞལ་ཟས་རོལ་མོ་ལ་སོགས་ཕྱི་མཆོད་དང་། །དབང་པོའི་མེ་ཏོག་གསུར་ཆེན་ཞུན་ཆེན་མེ། །རྡོ་རྗེ་དྲི་ཆུ་དྲི་ཆེན་ཞལ་ཟས་དང། །རྐང་གླིང་ཐོད་པའི་རྔ་སོགས་ནང་མཆོད་དང་། །བྱང་སེམས་དཀར་དམར་བདེ་སྟོང་གསང་མཆོད་རྣམས། །ས་གཞི་རི་རབ་མཉམ་པར་སྤྲུལ་ཏེ་འབུལ། །རྩ་བརྒྱད་སྟོང་སྦྱར་བདུད་རྩི་ཨ་མྲྀཏ། །དུག་གསུམ་རཀྟ་བ་ལིཾ་མཆོད་པའི་རྫས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །དགོས་འདོད་རེ་སྐོང་སྐྱབས་གནས་ཁྱོད་ལ་འབུལ། །དགྱེས་པར་བཞེས་ལ་དངོས་གྲུབ་བསྩལ་དུ་གསོལ། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་གུ་ཧྱ་པཱུ་ཛ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་པྲ་ཏཱིཙྪ་ཁཱ་ཧི། ཧཱུྃ། ཆོས་དབྱིངས་ཀུན་ཏུ་བཟང་མོའི་མཁའ་དབྱིངས་ལས། །ལོངས་སྐུ་རྡོ་རྗེ་ཕག་མོ་བདེ་སྟོང་ཤར། །སྤྲུལ་སྐུ་སིཾ་ཧ་མུ་ཁའི་ཟེར་འཕྲོས་པས། །བར་ཆད་ཉེར་འཚེ་ཞི་མཛད་དེ་ལ་བསྟོད། །བདག་གིས་རྩེ་གཅིག་གུས་པས་ཁྱོད་བསྒྲུབས་ན། །མ་གཅིག་བུ་ལ་གདུང་བ་ཅི་བཞིན་དུ། སྐད་ཅིག་ཡུད་ལ་གནས་འདིར་གཤེགས་ནས་ཀྱང་། །བདག་ཅག་དཔོན་སློབ་མི་ནོར་འཁོར་བཅས་ལ། །ཕྱོགས་བཞི་མཚམས་བཞི་སྟེང་འོག་ལ་སོགས་ནས། །དགྲ་འདྲེ་བྱུར་གསུམ་མི་ཁ་བྲ་མཆུ་དང་། །ནད་གདོན་བར་ཆད་རྦོད་གཏོང་ཟུག་པ་རྣམས། །སྐད་ཅིག་ཉིད་ལ་བཟློག་པའི་ཕྲིན་ལས་མཛོད། །ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །བཟླས་པའི་ཐོག་མར། དྷཱ་ཀིའི་ཞལ་ནས་ཧཱུྃ་ཧཱུྃ་གི༔ སྒྲ་གྲགས་འཇིག་རྟེན་ཁམས་གསུམ་རྣམས༔ ཡམ་ཡམ་འདར་འདར་ཁྲིག་པར་གྱུར༔ འཇིག་རྟེན་དྲེགས་པའི་ལྷ་ཆེན་རྣམས༔ སྔངས་སྐྲག་འཇིགས་ཤིང་བྲོས་པར་གྱུར༔ ཅེས་མོས་ལ་ཧཱུྃ་བཟླས་བྱ། བཟླས་པ་དངོས་ནི། ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང༔ ཡི་གེ་ཧཱུྃ་གི་མཐའ་སྐོར་དུ༔ རང་སྔགས་ཡི་གེ་བཅུ་བཞི་པ༔ དྲག་པོ་མེ་ཡི་མདོག་ཅན་དུ༔ ཕྲེང་བ་བརྒྱུས་པ་ལྟ་བུར་གྱུར༔ སྔགས་ཕྲེང་དག་ལས་འོད་ཟེར་ནི༔ མཚོན་ཆའི་རིགས་བྱེད་དཔག་མེད་འཕྲོས༔ གནོད་བྱེད་དགྲ་བགེགས་ཐམས་ཅད་ཀུན༔ གཟུགས་ཕུང་ཐལ་བར་བརླག་པར་གྱུར༔ ཅེས་པའི་ཏིང་འཛིན་བསྒོམ། ཨོཾ་བཛྲ་སིཾ་ཧ་མུ་ཁ་སིདྡྷི་ཧཱུྃ་ཧཱུྃ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ ཅེས་འབུམ་ཕྲག་གཅིག་བཟླ་བར་གསུངས་སོ། །བསྙེན་པའི་སྐབས་ཁ་སྐོང་མཆོད་བསྟོད་ནོངས་བཤགས་རྣམས་བྱ། ལས་སྦྱོར་སྐབས། ཐུན་མཐར། རང་གི་ལག་གཉིས་རཾ་ལས་ནི༔ མེ་ཡི་དཀྱིལ་འཁོར་གྲུ་གསུམ་པ༔ ཚ་འོད་མདངས་ལྡན་བརྡབས་པའི་བར༔ དགྲ་བགེགས་འབྱུང་པོ་བྱད་མ་རྣམས༔ ཐལ་བ་རྡུལ་བཞིན་བརླག་པར་གྱུར༔ མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ཁྱོད་ཀྱི་རིག་སྔགས་བཟླས་པའི་མཐུ་དང་ནུས་པ་ལ་བརྟེན་ནས། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་སྡང་བར་བྱེད་པའི་དགྲ །གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། མདོར་ན་བཀྲ་མི་ཤིས་པའི་ཕྱོགས་ངན་པ་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག །ཅེས་ཐལ་རྡེབ་ལན་གསུམ་བྱའོ། །བསྡུ་རིམ་ནི། ཆོས་ཀུན་རང་རིག་སྣང་སྟོང་གཟུགས༔ འཇའ་ཚོན་ལྟ་བུར་ཤར་བ་དེ༔ རང་རིག་ཡི་གེ་ཧཱུྃ་ལ་བསྡུ༔ ཧཱུྃ་ཡང་དམིགས་མེད་ཆོས་ཀྱི་སྐུ༔ གསལ་སྟོང་འཛིན་མེད་ངང་དུ་བཞག༔ ཅེས་པའི་རང་ངོ་བསྐྱངས་ལ་ཐུན་མཚམས་ཀྱི་ལྷར་ལྡང་། དགེ་བསྔོ་ཤིས་བརྗོད་གོང་བཞིན་བྱའོ། །འདིའི་རྗེས་གནང་ལ་དབང་གཏོར་དམར་གཏོར་ཟུར་གསུམ་ལ་བྱེད། གཞན་པདྨ་གུ་རུ་ལྟར་ལ། བདག་བསྐྱེད་བཟླས་པ་བཅས་གྲུབ་ནས་མདུན་བསྐྱེད་བསང་སྦྱང་། སྟོང་ཉིད་སྙིང་རྗེའི་ངང་ཉིད་ལས༔ ཡི་གེ་ཧཱུྃ་ལས་གནམ་ལྕགས་ཀྱི༔ཞེས་དང་། ཡི་གེ་ཧཱུྃ་སྔོན་འོད་འཕྲོ་གྱུར༔ དེ་ལས་རྡོ་རྗེ་མཁའ་འགྲོ་མ༔ ཞེས་བསྒྱུར་བ་ཙམ་ལས་སྒྲུབ་ཐབས་ལྟར་བཟླས་པའི་བར་ཚང་བར་གཏང་། གཞན་རྣམས་ཀྱང་སྔ་མ་རྣམས་ལྟར་ལ། རྗེས་གནང་མཚམས་སྦྱོར་ཁྱད་པར། ཟབ་པ་སྐོར་བདུན་ལས་བན་བོན་མུ་སྟེགས་ལྷ་སྲིན་སྡེ་བརྒྱད་ཀྱི་བྱད་ཁ་ཟློག་པའི་མཆོག་གྱུར་དྷཱ་ཀི་སིཾ་ཧ་མུ་ཁ་སྟེ། དེའང་རྒྱ་གར་རྡོ་རྗེ་གདན་དུ་མུ་སྟེགས་སྟོན་པ་ལྔ་བརྒྱ་གྲུབ་མཐའ་ཕམ་རྒྱལ་གྱི་རྩོད་པ་ལ་ཞུགས་པའི་ཚེ། སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བས་ལུང་རིགས་སེང་གེའི་ང་རོས་ཕམ་པར་མཛད་ཀྱང་། ངན་སྔགས་དུག་མདའ་ནག་པོའི་མཚོན་ཆས་ནང་པའི་པཎྜི་ཏ་རྣམས་ལ་གནོད་འཚེ་དང་ཆོ་འཕྲུལ་ཆེན་པོ་བསྟན་པའི་ཚེ། སློབ་དཔོན་ཆེན་པོས་དུར་ཁྲོད་བསིལ་བའི་ཚལ་དུ་ཕེབས་ཏེ་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གེའི་གདོང་པ་ཅན་ལས་ངན་སྔགས་ཟློག་པའི་འཁོར་ལོ་བྱད་མ་འབུམ་རྡུགས་ཀྱི་གོ་ཆ། དྲན་ཆོག་རྒྱལ་པོའི་མན་ངག་འདི་ཉིད་ཞུས་ནས་སྒོམ་བཟླས་ཕྲིན་ལས་མཛད་པ་ཙམ་གྱིས་མུ་སྟེགས་འཁོར་བཅས་ཁ་ཕུང་རྗེས་མེད་དུ་བཏང་པས་མཚན་འཕགས་པ་སེང་གེ་སྒྲ་སྒྲོག་ཏུ་གྲགས། དེའི་རྒྱུད་དང་གདམས་ངག་དུ་མ་བོད་ཡུལ་གྱི་སྐལ་ལྡན་རྗེ་འབངས་རྣམས་ལ་གནང་ནས་ཟབ་མོའི་གཏེར་དུ་སྦས་ཤིང་ཕྱིས་སྤྲུལ་པའི་གཏེར་སྟོན་རྣམས་ཀྱིས་རྒྱས་བསྡུས་ཅི་རིགས་པ་སྤྱན་དྲངས་པ་རྣམས་ཀྱི་ཟབ་བཅུད་སྙིང་པོའི་ཡང་ཞུན་ནི་འདི་ཉིད་ཡིན་ཏེ། གཞུང་ལས། དེ་ལྟར་ཌཱ་ཀིའི་གསང་སྒྲུབ་ནི༔ ཟབ་ལ་མཐུ་ཆེ་ཡང་ཟབ་གནད༔ བདག་འདྲ་པད་འབྱུང་ཐོད་ཕྲེང་གིས༔ ཤོག་སེར་སྲིན་གྱི་ཤོག་བུ་ལ༔ རྒྱ་ནག་འཕྲུལ་གྱི་ཡི་གེར་བྲིས༔ མཆོད་རྟེན་པདྨ་ཅན་དུ་སྦས༔ མ་འོངས་བསྐལ་པའི་ཡང་མཐའ་ལ༔ སྔགས་པ་སྡིག་སེམས་ལྡན་པ་དང༔ དགེ་སློང་ཁྲིམས་ཉམས་ནང་རྨེ་བྱེད༔ མུ་སྟེགས་བོན་གྱིས་ངན་སྔགས་བརྩམས༔ མཐུ་དང་སྤྱོད་པས་ཕུང་བཤིག་བྱེད༔ དེ་དུས་ཟློག་པའི་མཚོན་ཆ་འདི༔ གསུང་གི་སྲས་དང་འཕྲད་པར་ཤོག༔ ཅེས་དང་། འདི་ཉིད་སྒོམ་དང་སྔགས་བཟླས་པས༔ འཇིགས་པ་ཀུན་ལས་གྲོལ་བར་འགྱུར༔ ཅེས་ཆེད་དུ་བསྔགས་པའི་རྗེས་སུ་གནང་བ་བསྒྲུབ་པ་ལ་སོགས་ནས་མཎྜལ་འབུལ། སྐྱབས་འགྲོ་སེམས་བསྐྱེད་ཚོགས་གསག་སྔ་མ་རྣམས་ལྟར་བྱ། གསོལ་གདབ་ནི། ཧོ༔ བླ་མ་ཡི་དམ་ལྷ་ཚོགས་ཀྱིས༔ བདག་ལ་བརྩེ་བས་དགོངས་ནས་ཀྱང༔ ལུས་ངག་ཡིད་གསུམ་བྱིན་བརླབ་ཕྱིར༔ སིཾ་ཧ་མུ་ཁའི་རྗེས་གནང་སྩོལ༔ ལན་གསུམ། རྗེས་གནང་གི་གཞི་སོགས་ནས། བསང་སྦྱང་ སྟོང་ཉིད་སྙིང་རྗེའི་ངང་ཉིད་ལས༔ ཡི་གེ་ཧཱུྃ་ལས་གནམ་ལྕགས་ཀྱི༔སོགས་མདུན་བསྐྱེད་ལྟར་སློབ་མ་ལྷར་བསྐྱེད། ཡེ་ཤེས་མེ་དཔུང་ཀློང་དུ་བཞུགས༔ གནས་གསུམ་དུ་དྲིའི་ཐིག་ལེ་བཀོད་ལ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཨོ་རྒྱན་སྤྲུལ་པའི་ཞིང་དང་བསིལ་བ་ཚལ་གྱི་དུར་ཁྲོད་ཆེན་པོ་ནས་ཡེ་ཤེས་པ་ཆར་བབས་པ་ལྟར་སྤྱན་དྲངས། ཁྱེད་རང་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། སྔགས་མཐར། ཨཱ་བེ་ཤ་ཡ་ཨཱཿ བཏགས་པས་བྱིན་དབབ་ཅིང་བརྟན་པར་བྱ། རྗེས་གནང་དངོས་ལ་འདུན་པ་འདི་བཞིན་དུ་མཛོད། བདག་མདུན་ཡེ་ཤེས་ཀྱི་ཌཱ་ཀི་སེང་གེའི་གདོང་པ་ཅན་དུ་གསལ་བའི་སྤྱི་བོར་ཨོཾ་དཀར་པོ་མགྲིན་པར་ཨཱཿདམར་པོ་ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར། བླ་མ་ཡེ་ཤེས་མཁའ་འགྲོའི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་དཔག་མེད་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ། ལུས་ཀྱི་སྡིག་པ་སྦྱངས། སྐུའི་དངོས་གྲུབ་བདུད་རྩི་དཀར་པོས་ལུས་ཁེངས་པར་མོས་ཤིག །སྙིང་པོས་བསྔགས་པའི་མེ་ཏོག་སྤྱི་བོར་བཞག་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ བར་ཆད་བྱད་མ་ཀུན་འཇོམས་ཤིང༔ འགྱུར་མེད་རྡོ་རྗེའི་སྐུ་ཐོབ་མཛད༔ ཌཱ་ཀི་སེང་གེའི་གདོང་ཅན་གྱི༔ སྐུ་ཡི་བྱིན་རླབས་མ་ལུས་པ༔ སྐལ་ལྡན་བུ་ལ་འཇུག་པར་ཤོག༔ ཡི་གེ་བཅུ་བཞིའི་མཐར། ཌཱ་ཀི་སིཾ་ཧ་མུ་ཁ་ཀཱ་ཡ་ཨཱ་བེ་ཤ་ཡ་ཨཱ༔ ཛཿཧཱུྃ་བཾ་ཧོ༔ ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་དང་རབ་འཇིགས་བསིལ་བ་ཚལ་གྱི་དུར་ཁྲོད། རང་བཞིན་ཕྱོགས་བཅུའི་གནས་ཡུལ་རྣམས་ནས་ཌཱ་ཀི་སེང་གེའི་གདོང་པ་ཅན་གྱི་ལྷ་ཚོགས་འོད་ཟེར་ཁ་དོག་ལྔའི་རྣམ་པས་ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་པས་བྱིན་གྱིས་བརླབས་པར་མོས་ཤིག །དེས་སྐུའི་རྗེས་སུ་གནང་བ་ཐོབ། ལུས་ལྷ་བསྒོམ་པ་ལ་དབང་། སྤྲུལ་སྐུའི་ས་བོན་མཐུ་ཅན་ཏུ་བྱས་པའོ། །བདག་མདུན་ཡེ་ཤེས་ཀྱི་ཌཱ་ཀི་སེང་གེའི་གདོང་པ་ཅན་དུ་གསལ་བའི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། ངག་གི་སྡིག་པ་སྦྱངས། གསུང་གི་དངོས་གྲུབ་བདུད་རྩི་དམར་པོས་ཁེངས་པར་མོས་ཤིག །བཟླས་ཕྲེང་མགྲིན་པར་བཞག་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ བར་ཆད་བྱད་མ་ཀུན་འཇོམས་ཤིང༔ འགྱུར་མེད་རྡོ་རྗེའི་སྐུ་ཐོབ་མཛད༔ དྷཱ་ཀི་སེང་གེའི་གདོང་ཅན་གྱི༔ གསུང་གི་བྱིན་རླབས་མ་ལུས་པ༔ སྐལ་ལྡན་བུ་ལ་འཇུག་པར་ཤོག༔ ཡི་གེ་བཅུ་བཞིའི་མཐར། ཝཱ་ཀ་ཨཱ་བེ་ཤ་ཡ་ཛཿཧཱུྃ་བཾ་ཧོ༔ དེའི་རྗེས་འབྲེལ་དུ་བཟླས་པའི་ལུང་བླང་བ་ལ་དམིགས་པ་འདི་ལྟར་དུ་མཛོད། བདག་མདུན་གྱི་ཐུགས་ཀའི་ཧཱུྃ་སྔོན་པོ་ལས་འོད་ཟེར་ལས་གྲུབ་པའི་སྔགས་ཕྲེང་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཞལ་ནས་ཕྱུངས། སློབ་མ་ལྷར་གསལ་བའི་ཞལ་དུ་ཞུགས། སྔགས་ཀྱི་ཕྲེང་བ་ཐུགས་སྲོག་ཧཱུྃ་མཐར་བཀོད་པར་མོས་ལ་རྗེས་ཟློས་མཛོད། སྙིང་པོ་ལན་གསུམ་རྗེས་ཟློས་བྱར་གཞུག །དེས་གསུང་གི་རྗེས་སུ་གནང་བ་ཐོབ། ངག་སྙིང་པོའི་སྔགས་བཟླ་བ་ལ་དབང་། ལོངས་སྐུའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །བདག་མདུན་ཡེ་ཤེས་ཀྱི་ཌཱ་ཀི་སེང་གེའི་གདོང་པ་ཅན་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། ཡིད་ཀྱི་སྡིག་པ་སྦྱངས། ཐུགས་ཀྱི་དངོས་གྲུབ་བདུད་རྩི་སྔོན་པོས་ལུས་ཁེངས་པར་མོས་ཤིག །སྐུ་ཙཀ་སྤྱི་བོ་དང་སྙིང་ཁར་བཞག་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ བར་ཆད་བྱད་མ་ཀུན་འཇོམས་ཤིང༔ འགྱུར་མེད་རྡོ་རྗེའི་སྐུ་ཐོབ་མཛད༔ ཌཱ་ཀི་སེང་གེའི་གདོང་ཅན་གྱི༔ ཐུགས་ཀྱི་བྱིན་རླབས་མ་ལུས་པ༔ སྐལ་ལྡན་བུ་ལ་འཇུག་པར་ཤོག༔ སྔགས་མཐར། ཙིཏྟ་ཨཱ་བེ་ཤ་ཡ་ཛཿཧཱུྃ་བཾ་ཧོ༔ སྟེང་གི་ནམ་མཁའ་ནས་ཡེ་ཤེས་སེམས་དཔའ་ཚོན་གང་བ་ཞིག་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། སྙིང་གི་དབུས་སུ་ཡེ་ཤེས་པའི་ཚུལ་དུ་ཧྲིལ་གྱིས་བརྟན་པར་བཞུགས་པར་མོས་ཤིག །དེས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ། ཡིད་ཏིང་ངེ་འཛིན་བསྒོམ་པ་ལ་དབང་། ཆོས་སྐུའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །གཏོར་མ་བླ་མ་ཡེ་ཤེས་ཀྱི་ཌཱ་ཀི་སེང་གེའི་གདོང་པ་ཅན་གྱི་སྐུ་ཡི་གནས་བཞི་ནས་འོད་ཟེར་དཀར་དམར་མཐིང་ལྗང་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ། སྒོ་གསུམ་ཆ་སྙོམས་ཀྱི་སྡིག་པ་སྦྱངས། གསང་བ་གསུམ་གྱི་དངོས་གྲུབ་བདུད་རྩི་ཁ་དོག་སྣ་ཚོགས་པས་ལུས་ཁེངས་པར་མོས་ཤིག །གཏོར་མ་མགོར་བཞག་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ བར་ཆད་བྱད་མ་ཀུན་འཇོམས་ཤིང༔ འགྱུར་མེད་རྡོ་རྗེའི་སྐུ་ཐོབ་མཛད༔ དྷཱ་ཀི་སེང་གེའི་གདོང་ཅན་གྱི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ༔ སྐལ་ལྡན་བུ་ལ་འཇུག་པར་ཤོག༔ སྔགས་མཐར། སརྦ་སིདྡྷི་ཨཱ་བེ་ཤ་ཡ་ཛཿཧཱུྃ་བཾ་ཧོ༔ མོས་གུས་བྱས་པས་གཏོར་མ་ལྷར་གསལ་བ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་པའི་མོས་པ་མཛོད་ཅིག །སྤྲོ་ན་རྗེས་གནང་རེ་རེའི་མཚམས་སུ་བཀྲ་ཤིས་བརྗོད། བསྡུས་ཀྱང་འདིར་ངེས་པར་ཤིས་བརྗོད་བྱ། སུ་པྲ་ཏིཥྛའི་སྔགས་བརྗོད་ལ་མེ་ཏོག་འཐོར། གཏོར་མའི་ཆ་ཤས་བདུད་རྩི་དང་བཅས་པ་དངོས་གྲུབ་ཚུལ་དུ་སྦྱིན། དེས་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་རྗེས་སུ་གནང་བ་ཐོབ། སྒོ་གསུམ་དབྱེར་མེད་ཟུང་འཇུག་གི་རྣལ་འབྱོར་བསྒོམ་པ་ལ་དབང་། ངོ་བོ་ཉིད་སྐུའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །དམ་ཚིག་ཁས་བླང་མན་ཆད་དང་། མདུན་བསྐྱེད་རྗེས་ཆོག་ཀྱང་གོང་དུ་སྨོས་པ་ལྟར་རོ། །པ༵དྨ༵་སཾ་བྷའི་ཐུགས་ཀྱི་བཅུད། རིག་པའི་གར༵་གྱིས་འཇིག་རྟེན་གསུམ། །གཡོ་ཞིང་དབ༵ང་མཛད་བྱད་དགྲའི་གཤེད། །དེང་དུས་ཁྱད་པར་དགོས་པ་ལགས། །ཐུགས་དམ་ཟབ་པ་སྐོར་བདུན་ལས་མཁའ་འགྲོ་སེང་གེའི་གདོང་ཅན་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ལེ་ཚན་ནོ། །དགེ་ལེགས་འཕེལ། ༈ གསུང་གི་དབང་ཕྱུག་རྣམ་པར་འཕྲུལ། །གནོད་སྦྱིན་ཆུ་དབང་སྙིང་རྗེ་ཅན། །གང་ལ་བསྙེན་རྣམས་འདོད་རྒུའི་ནོར། །ནམ་མཁའི་མཛོད་ལ་སྤྱོད་མཛད་གསོལ། །ཐུན་མོང་འདོད་རྒུའི་དཔལ་འབྱོར་ཆེན་པོ་ལ་མྱུར་དུ་ལོངས་སྤྱོད་པར་བྱེད་པ་གནོད་སྦྱིན་ཛཾ་ལྷ་དམར་པོ་བསྒྲུབ་པར་འདོད་པས། གཏོར་མ་དང་མཆོད་པ་སྤྱི་ལྟར་བཤམས་ཤིང་། སྐྱབས་སེམས་སྔ་མ་ལྟར་ལ། ཛཾ་ལ་དམར་པོ་བསྒྲུབས་ནས་ནི། ཞེས་བསྒྱུར། མཆོད་པ་བྱིན་བརླབ་ཏེ། ཆོས་རྣམས་མི་དམིགས་སྟོང་པའི་ངང༔ འགྲོ་ལ་སྙིང་རྗེ་ཚད་མེད་བསྒོམ༔ སྟོང་དང་སྙིང་རྗེའི་ངང་ཅན་ལས༔ རང་ཉིད་གནས་པའི་ས་ཕྱོགས་སུ༔ རིན་ཆེན་ལྔ་ལས་གྲུབ་པ་ཡི༔ གཞལ་ཡས་རྒྱན་དང་ལྡན་པར་གྱུར༔ དེ་དབུས་རིན་ཆེན་ཁྲི་ཡི་སྟེང༔ དར་ཟབ་པདྨ་ཉི་ཟླའི་སྟེང༔ རང་སེམས་པདྨ་རཱ་ག་ལས༔ གྲུབ་པའི་ལྕགས་ཀྱུ་འོད་འཕྲོ་བའི༔ ཡུ་བ་ཛཾ་གྱིས་མཚན་པར་གྱུར༔ དེ་ལས་འོད་འཕྲོས་ཕྱོགས་བཅུ་ཡི༔ མི་ནོར་ཟས་གསུམ་གྲགས་པ་དང༔ ཚེ་དང་དཔལ་འབྱོར་མ་ལུས་པ༔ དབང་དུ་བསྡུས་ལ་ཚུར་བསྟིམས་པས༔ ལྕགས་ཀྱུ་ཛཾ་ཡིག་སྐད་ཅིག་གིས༔ གནོད་སྦྱིན་ནོར་བདག་ཛམྦྷ་ལ༔ དབང་གི་མདོག་ཅན་སྐུ་མདོག་དམར༔ ཕྱག་གཡས་དབང་སྡུད་ལྕགས་ཀྱུ་འཛིན༔ གཡོན་པས་གཏེར་གྱི་བུམ་པ་ནི༔ དགོས་འདོད་འབྱུང་བའི་ནོར་བུས་བཀང༔ ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་བཞུགས༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ ཞི་ཁྲོ་འཛུམ་བཅས་བཞད་པའི་ཞལ༔ དགྱེས་པའི་ཚུལ་དུ་བཞུགས་པར་གྱུར༔ གནས་གསུམ་ཡི་གེའི་འོད་འཕྲོས་པས༔ བྱང་ཕྱོགས་ལྕང་ལོ་ཅན་དང་ནི༔ ཁྱད་པར་ཚངས་པའི་འཇིག་རྟེན་ནས༔ རང་འདྲའི་ཡེ་ཤེས་སེམས་དཔའ་ནི༔ སྤྱན་དྲངས་མདུན་མཁར་བཞུགས་པར་གྱུར༔ ཨེ་མ་ཧོ༔ ཆོས་དབྱིངས་རྣམ་དག་ཕོ་བྲང་མཆོག༔ གནོད་སྦྱིན་ལོངས་སྤྱོད་གཞལ་ཡས་ནས༔ དངོས་གྲུབ་སྣ་ཚོགས་གནང་བའི་ཕྱིར༔ ཆུ་དབང་གཏེར་བདག་འདིར་གཤེགས་ཤིག༔ ཛཾ་ཧྲཱིཾ་ས་མ་ཡ་ཛ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ གནོད་སྦྱིན་གཏེར་སྐྱོང་དབང་པོ་ནི༔ ཉི་ཟླ་ལྟར་བརྗིད་རིན་ཆེན་སྐུ༔ དངོས་གྲུབ་མི་ཟད་གཏེར་འཆང་བའི༔ ནོར་ལྷ་ཁྱོད་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ གནོད་སྦྱིན་དེད་དཔོན་མཁའ་འགྲོའི་གཙོ༔ སྔོན་གྱི་ཐུགས་དམ་བརྩེར་དགོངས་ལ༔ བདག་ཅག་རེ་བ་སྐོང་བའི་ཕྱིར༔ དབྱེར་མེད་བརྟན་པར་བཞུགས་སུ་གསོལ༔ ཨེ་ཧྱེ་ཧི་ཛམྦྷ་ལ་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ དམ་ཚིག་པ་དང་དབྱེར་མེད་དུ་གྱུར། སླར་ཡང་དབང་ལྷ་སྤྱན་དྲངས་ཏེ། །དབང་བསྐུར་སྐུ་གང་དྲི་མ་དག །འོད་དཔག་མེད་པས་དབུར་བརྒྱན་གྱུར། ཁྱེད་ལ་མཆོད་པ་འབུལ་བ་ནི། །མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །སྣང་གསལ་དྲི་མཆོག་ཞལ་ཟས་སྒྲ། །འདོད་པའི་ཡོན་ཏན་རྣམ་པ་ལྔ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །གླིང་བཞི་རི་རབ་ལྷ་དང་མིའི། །དཔལ་འབྱོར་མ་ཚང་མེད་པ་དང། །སྨན་རཀ་བ་ལིཾ་དམ་ཚིག་རྫས། །བདེ་སྐྱེད་ལྷ་མོའི་རོལ་པ་ཡིས། །ནམ་མཁའི་ཁྱོན་ཀུན་བཀང་སྟེ་འབུལ། ཨོཾ་བཛྲ་ཨརྒྷཾ་ནས་ ཤབྡ་པཉྩ་ཀཱ་མ་གུ་ཎ་སརྦ་པཱུ་ཛ་པྲ་ཏཱིཙྪ་སྭཱ་ཧཱ། སྔགས་ཤམ་དུ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་གསུམ་གྱིས་གཏོར་མ་འབུལ། བདེ་གཤེགས་ཀུན་གྱི་གསུང་ལས་ལེགས་སྤྲུལ་ཞིང་། །ཐུགས་རྗེ་ཆགས་པས་སྐུ་མདོག་དམར་པོར་བཞུགས། །དབང་གི་ཕྲིན་ལས་རྫོགས་མཛད་ཛམྦྷ་ལ། །མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་བསྟོད། བཟླས་པ་ནི། ཛཾ་ལའི་ཐུགས་ཀར་ཉི་མ་ཡི༔ དཀྱིལ་འཁོར་གཟི་བརྗིད་ལྡན་པའི་སྟེང༔ ཐུགས་སྲོག་ལྕགས་ཀྱུ་ཛཾ་ཡིག་མཐར༔ སྲོག་གི་སྙིང་པོས་བསྐོར་བར་གྱུར༔ རང་གི་ཞལ་ནས་སྲོག་སྔགས་ནི༔ སྒྲ་གྲགས་རང་གི་ཐུགས་ཀ་ནས༔ རང་འདྲའི་ལས་བྱེད་ཕོ་ཉ་ནི༔ དཀར་སེར་དམར་ལྗང་མཐིང་གའི་མདོག༔ ཆེ་ཆུང་ཚོན་གང་ཚད་ཙམ་ནི༔ ཏིལ་གྱི་ག་འུ་ཁ་ཕྱེས་ལྟར༔ འཇིག་རྟེན་ཁམས་ཀུན་ཡོངས་བཀང་སྟེ༔ ཁམས་གསུམ་འགྲོ་བ་ཐམས་ཅད་ཀྱི༔ ཚེ་དཔལ་བསོད་ནམས་དཔལ་འབྱོར་དང༔ ཟས་ནོར་ལོངས་སྤྱོད་སྙན་གྲགས་དང༔ གྲགས་པ་འཁོར་དང་ལས་བཞི་ཡི༔ དགོས་འདོད་མ་ལུས་ཐམས་ཅད་ཀུན༔ དབང་དུ་བསྡུས་ནས་རང་ཉིད་ཀྱི༔ བུམ་པའི་ནང་དུ་ཐིམ་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཝ་ཤཾ་ཛམྦྷ་ལ་ཙིཏྟ་སིདྡྷི་ཧཱུྃ༔ ཨ་ནྲྀ་ཏྲི་ལོ་ཀ་རཏྣ་ཨ་ཛི་པཱ་ཤཾ་ཀུ་རུ་ཧཱུྃ༔ ཞེས་བཟླ། ཐུན་མཐར་མཆོད་བསྟོད་སོགས་རྗེས་ཀྱི་བྱ་བ་གོང་དུ་བཤད་པ་ལྟར་རོ། །བསྙེན་པ་བྱེད་ན་སྤང་བླང་སྤྱི་ལྟར་དང་ཐུན་མཚམས་སུ་ཆུ་སྦྱིན་འབུལ་བ་གྲུབ་ན་ལེགས། འདིའི་རྗེས་གནང་ནི་གཏོར་མ་ནོར་གཟུགས་མ་དམར་པོ་བྱ། གཞན་རྣམས་སྔར་དང་འདྲ། མདུན་བསྐྱེད་བསང་སྦྱང་། སྟོང་ཉིད་སྙིང་རྗེའི་ངང་ཅན་ལས༔ མདུན་རྟེན་དཀྱིལ་འཁོར་དབུས་ཉིད་དུ། །རིན་ཆེན་ལྔ་ལས་གྲུབ་པ་ཡི༔སོགས་ནས་དར་ཟབ་པདྨ་ཉི་ཟླའི་སྟེང༔ རིན་ཆེན་པདྨ་རཱ་ག་ལས༔ ཞེས་བསྒྱུར་བ་མ་གཏོགས་གཞན་ཐམས་ཅད་སྒྲུབ་ཐབས་ལྟར་མཐར་ཆགས་བཟླས་པའི་བར་བྱ། མཆོད་བསྟོད་དབང་བླང་སོགས་དང་། སློབ་མའི་བྱ་བ་རྣམས་སྔར་བཞིན་ལ། མཚམས་སྦྱོར་ཁྱད་པར། ཟབ་པ་སྐོར་བདུན་ལས་ཐུན་མོང་གི་དངོས་གྲུབ་འདོད་རྒུའི་དཔལ་འབྱོར་བདེ་བླག་ཏུ་སྒྲུབ་པར་བྱེད་པ་ཛམྦྷ་ལ་དམར་པོ་སྟེ། དེའང་གནོད་སྦྱིན་ནོར་བུའི་གཏེར་འཆང་འདི་ཉིད་དོན་ལ་སངས་རྒྱས་རྣམས་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པའི་ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོའི་རང་གཟུགས་འགྲོ་བའི་དོན་དུ་གནོད་སྦྱིན་དབང་པོ་རིགས་ལྔ་ལ་སོགས་པའི་སྒྱུ་འཕྲུལ་དུ་སྣང་བ་སྟེ། འདིའི་མཚན་གྱི་རིག་སྔགས་སེམས་ཅན་གང་དག་གི་རྣ་བར་ལྷུང་བ་ཙམ་གྱིས་ཀྱང་ངན་འགྲོ་དང་དབུལ་ཕོངས་ཀྱི་སྐྱེ་གནས་ལས་སྐྱོབ་ཅིང་། བཅང་ཞིང་ཡིད་ལ་བྱེད་པ་ཐམས་ཅད་ཀྱང་སྐྱེ་བ་ཀུན་ཏུ་ཟད་མི་ཤེས་པའི་དཔལ་འབྱོར་ཆེན་པོ་ལ་ལོངས་སྤྱོད་པར་འགྱུར་བ་སོགས་བཅོམ་ལྡན་འདས་ཀྱིས་མདོ་རྒྱུད་སྤྱི་དང་བྱེ་བྲག་གི་རྟོག་པ་རྣམས་ལས་གསལ་བར་གསུངས་པ་ལ་བརྟེན། གྲུབ་པའི་སློབ་དཔོན་རྣམས་ཀྱིས་སྒྲུབ་ཐབས་ལས་ཚོགས་ཇི་སྙེད་ཅིག་མཛད་པ་ཐམས་ཅད་ལས་མཆོག་ཏུ་གྱུར་པ། གསུང་རྡོ་རྗེ་བདེ་བ་ཆེན་པོ་པདྨཱ་ཀ་རས་བོད་ཡུལ་སྐལ་ལྡན་རྗེ་འབངས་རྣམས་ལ་བསྩལ་པའི་སྒྲུབ་ཐབས་ཡོངས་ཀྱི་སྙིང་པོར་ཕྱུངས་པ་ནི་འདི་ཉིད་དེ། གཞུང་ལས། དེ་ལྟར་ནོར་སྒྲུབ་ཟབ་ཁྱད་ཅན༔ བྱ་སླ་ཉམས་ལེན་བདེ་བ་འདི༔ སྔོན་ཆད་གཞན་ལ་འདི་མ་བསྟན༔ མངའ་བདག་ཡབ་སྲས་ཐུགས་དམ་དུ༔ པདྨ་བདག་གིས་ཡི་གེར་བཀོད༔ ཅེས་དང་། དེ་ལྟར་རྒྱུན་དུ་ཉམས་བླངས་ན༔ ཟས་ནོར་ལོངས་སྤྱོད་དཔལ་དང་གྲགས༔ འབད་མེད་འབྱུང་ཞིང་འགྲོ་བ་ཀུན༔ དབང་དུ་འདུ་ཞིང་བསྐུར་བར་འགྱུར༔ ཅེས་བསྔགས་པར་མཛད་པའི་རྗེས་སུ་གནང་བ་སྒྲུབ་པ་ལ་སོགས་ནས་མཎྜལ། སྐྱབས་སེམས་ཚོགས་གསག་སྔར་ལྟར། གསོལ་འདེབས། ཧོ༔ བླ་མ་ཡི་དམ་ལྷ་ཚོགས་ཀྱིས༔ བདག་ལ་བརྩེ་བས་དགོངས་ནས་ཀྱང༔ ལུས་ངག་ཡིད་གསུམ་བྱིན་བརླབ་ཕྱིར༔ གནོད་སྦྱིན་དབང་པོའི་རྗེས་གནང་སྩོལ༔ གསུམ། རྗེས་གནང་གི་གཞི་སོགས་ནས་བསང་སྦྱང་། སྟོང་དང་སྙིང་རྗེའི་ངང་ཅན་ལས༔སོགས་སྒྲུབ་ཐབས་ལྟར་བརྗོད་ལ་སློབ་མ་ལྷར་བསྐྱེད། དགྱེས་པའི་ཚུལ་དུ་བཞུགས་པར་གྱུར༔ གནས་གསུམ་དྲིའི་ཐིག་ལེ་བཀོད། དེའི་དཔྲལ་བར་ཨོཾ་དཀར་པོ་སོགས་གོང་བཞིན། གནས་གསུམ་ཡི་གེའི་སོགས་ནས། རང་འདྲའི་ཡེ་ཤེས་སེམས་དཔའ་ནི༔ དཔག་ཏུ་མེད་པ་སྤྱན་དྲངས་ཏེ། །རང་ལ་སིབ་སིབ་ཐིམ་པར་མོས། །སྔགས་མཐར། ཨཱ་བེ་ཤ་ཡ་ཨཱཿ བཏགས་པས་བྱིན་དབབ་ཅིང་བརྟན་པར་བྱ། རྗེས་གནང་དངོས་ལ་འདུན་པ་འདི་ལྟར་དུ་མཛད་པར་ཞུ། བདག་མདུན་གནོད་སྦྱིན་གཏེར་འཆང་དབང་པོ་ཛམྦྷ་ལ་དམར་པོར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ་མགྲིན་པར་ཨཱཿདམར་པོ་ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར། བླ་མ་གནོད་སྦྱིན་དབང་པོའི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་དཔག་མེད་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ། ལུས་ཀྱི་སྡིག་པ་སྦྱངས། སྐུའི་དངོས་གྲུབ་བདུད་རྩི་དཀར་པོས་ལུས་ཁེངས་པར་མོས་ཤིག །སྙིང་པོས་བསྔགས་པའི་མེ་ཏོག་སྤྱི་བོར་བཞག་ལ། ཧྲཱི༔ གནོད་སྦྱིན་ནོར་འཆང་གཏེར་གྱི་བདག༔ དངོས་གྲུབ་སྟེར་མཛད་ཛམྦྷ་ལས༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ འགྱུར་མེད་སྐུ་ཡི་དབང་བསྐུར་རོ༔ སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་དང་། ཁྱད་པར་སྟེང་ཕྱོགས་ཚངས་པའི་འཇིག་རྟེན་ནས་གནོད་སྦྱིན་ནོར་གྱི་བདག་པོའི་ལྷ་ཚོགས་འོད་ཟེར་ཁ་དོག་ལྔའི་རྣམ་པས་ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་པས་བྱིན་གྱིས་བརླབས་པར་མོས་ཤིག །དེས་སྐུའི་རྗེས་སུ་གནང་བ་ཐོབ། ལུས་ལྷ་བསྒོམ་པ་ལ་དབང་། སྤྲུལ་སྐུའི་ས་བོན་མཐུ་ཅན་དུ་བྱས་པའོ། །བདག་མདུན་བླ་མ་གནོད་སྦྱིན་དབང་པོའི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། ངག་གི་སྡིག་པ་སྦྱངས། གསུང་གི་དངོས་གྲུབ་བདུད་རྩི་དམར་པོས་ཁེངས་པར་མོས་ཤིག །བཟླས་ཕྲེང་མགྲིན་པར་བཞག་ལ། ཧཱུྃ༔ གནོད་སྦྱིན་ནོར་འཆང་གཏེར་གྱི་བདག༔ དངོས་གྲུབ་སྟེར་མཛད་ཛམྦྷ་ལས༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ འགག་མེད་གསུང་གི་དབང་བསྐུར་རོ༔ སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེའི་རྗེས་འབྲེལ་དུ་བཟླས་པའི་ལུང་བླང་བ་ལ་དམིགས་པ་འདི་ལྟར་དུ་མཛོད། བདག་མདུན་གྱི་ཐུགས་ཀའི་ཛཾ་དམར་པོ་ལས་འོད་ཟེར་ལས་གྲུབ་པའི་སྔགས་ཕྲེང་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཞལ་ནས་ཕྱུངས། སློབ་མ་ལྷར་གསལ་བའི་ཞལ་དུ་ཞུགས། སྔགས་ཀྱི་ཕྲེང་བ་ཐུགས་སྲོག་ཛཾ་མཐར་བཀོད་པར་མོས་ལ་རྗེས་ཟློས་མཛོད། སྙིང་པོ་ལན་གསུམ་རྗེས་ཟློས་བྱར་གཞུག །དེས་གསུང་གི་རྗེས་སུ་གནང་བ་ཐོབ། ངག་སྙིང་པོའི་སྔགས་བཟླ་བ་ལ་དབང་། ལོངས་སྐུའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །བདག་མདུན་བླ་མ་གནོད་སྦྱིན་དབང་པོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། ཡིད་ཀྱི་སྡིག་པ་སྦྱང་། ཐུགས་ཀྱི་དངོས་གྲུབ་བདུད་རྩི་སྔོན་པོས་ལུས་ཁེངས་པར་མོས་ཤིག །སྐུ་ཙཀ་སྤྱི་བོ་དང་སྙིང་ཁར་བཞག་ལ། ཧཱུྃ༔ གནོད་སྦྱིན་ནོར་འཆང་གཏེར་གྱི་བདག༔ དངོས་གྲུབ་སྟེར་མཛད་ཛམྦྷ་ལས༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ འཁྲུལ་མེད་ཐུགས་ཀྱི་དབང་བསྐུར་རོ༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྟེང་གི་ནམ་མཁའ་ནས་ཡེ་ཤེས་སེམས་དཔའ་ཚོན་གང་བ་ཞིག་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། སྙིང་གི་དབུས་སུ་ཡེ་ཤེས་པའི་ཚུལ་དུ་ཧྲིལ་གྱིས་བརྟན་པར་བཞུགས་པར་མོས་ཤིག །དེས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ། ཡིད་ཏིང་ངེ་འཛིན་བསྒོམ་པ་ལ་དབང་། ཆོས་སྐུའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །གཏོར་མ་བླ་མ་གནོད་སྦྱིན་གཏེར་འཆང་དབང་པོ་ཛམྦྷ་ལ་དམར་པོར་གསལ་བའི་སྐུ་ཡི་གནས་བཞི་ནས་འོད་ཟེར་དཀར་དམར་མཐིང་ལྗང་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ། སྒོ་གསུམ་ཆ་སྙོམས་ཀྱི་སྡིག་པ་སྦྱངས། གསང་བ་གསུམ་གྱི་དངོས་གྲུབ་བདུད་རྩི་ཁ་དོག་སྣ་ཚོགས་པས་ལུས་ཁེངས་པར་མོས་ཤིག །གཏོར་མ་མགོར་བཞག་ལ། ཧཱུྃ༔ གནོད་སྦྱིན་ནོར་འཆང་གཏེར་གྱི་བདག༔ དངོས་གྲུབ་སྟེར་མཛད་ཛམྦྷ་ལས༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ སྐུ་བཞི་ཡོངས་རྫོགས་དབང་བསྐུར་རོ༔ སྔགས་མཐར། སརྦ་ཨ་བྷི་ཥིཉྩ་ཧྲཱི༔ མོས་གུས་བྱས་པས་གཏོར་མ་ལྷར་གསལ་བ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་པའི་མོས་པ་མཛོད་ཅིག །སྤྲོ་ན་རྗེས་གནང་རེ་རེའི་མཚམས་སུ་བཀྲ་ཤིས་བརྗོད། བསྡུས་ཀྱང་འདིར་ངེས་པར་ཤིས་བརྗོད་བྱ། སུ་པྲ་ཏིཥྛའི་སྔགས་བརྗོད་ལ་མེ་ཏོག་འཐོར། གཏོར་མའི་ཆ་ཤས་བདུད་རྩི་དང་བཅས་པ་དངོས་གྲུབ་ཚུལ་དུ་སྦྱིན། དེས་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་རྗེས་སུ་གནང་བ་ཐོབ། སྒོ་གསུམ་དབྱེར་མེད་ཟུང་འཇུག་གི་རྣལ་འབྱོར་བསྒོམ་པ་ལ་དབང་། ངོ་བོ་ཉིད་སྐུའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་རྗེས་གནང་རྣམས་མཐར་ཆགས་སུ་བྱེད་སྐབས། དེ་དག་གིས་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་ཞིག་པོ་གླིང་པའི་ཟབ་གཏེར་ཐུགས་དམ་ཟབ་པ་སྐོར་བདུན་གྱི་ལྷག་པའི་ལྷ་སོ་སོའི་རྗེས་གནང་ཆ་ཚང་ལེགས་པར་གྲུབ་པ་ཡིན་པས་འདི་རྣམས་ཡི་དམ་ཀྱི་ལྷར་བཟུང་ཞིང་རྩ་བ་དང་ཡན་ལག་གི་དམ་ཚིག་གཉན་པོ་རྣམས་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་རྣམས་སྤྱི་ལྟར་བྱས་ལ་སློབ་མ་གྱེས། མདུན་བསྐྱེད་ལ་མཆོད་བསྟོད་ནས་ཤིས་བརྗོད་ཀྱི་བར་ཡང་སྒྲུབ་ཐབས་སྔ་མས་རིགས་འགྲེའོ། །འཆི༵་མེ༵ད་བླ་མའི་ཐུགས་ཀྱི་བཅུད། །བསྟ༵ན་གཉི༵ས་འཛིན་པའི་བཙས་སུ་སྤྲོས། །དགེ་བས་རྟག་བརྟན་གཡུ༵ང་དྲུ༵ང་གླི༵ང་། །བདག་གཞན་ཀུན་གྱིས་སྤྱོད་པར་ཤོག །ཐུགས་དམ་ཟབ་པ་སྐོར་བདུན་ལས་གནོད་སྦྱིན་ཛམྦྷ་ལ་དམར་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ལེ་ཚན་ནོ། །འདི་ལ་སྔོན་ཆད་ཡིག་ཆ་ཟུར་དུ་མི་བཞུགས་ཤིང་རྒྱུན་ཡང་ཤིན་ཏུ་དཀོན་པར་སྣང་བས་ཟབ་ཆོས་ཁྱད་པར་ཅན་འདི་ཉིད་འཕེལ་ཞིང་རྒྱས་པའི་བཙས་སུ་དམིགས་ནས། རྩ་བའི་གཏེར་གཞུང་གི་དགོངས་པ་སོར་བཞག །གཏེར་ཆེན་ཉིད་ཀྱིས་མཛད་པའི་ཚེ་དཔག་མེད་རིགས་ལྔ་ཀུན་འདུས་ཀྱི་བསྟོད་པ་དང་རྗེས་གནང་། སེང་གདོང་མའི་མཆོད་ཕྲེང་དང་རྗེས་གནང་སོགས་ལྟོ་སྦྱར། ཁ་སྐོང་འོས་པ་འགའ་ཞིག་རང་གཏེར་གཞན་དང་གཏེར་རྙིང་ནས་ཀྱང་བླངས་ཏེ་འདུས་གསལ་བལྟས་ཆོག་ཏུ་བཀོད་པའོ། །མཆོག་ཐུན་སྒྲུབ་ཐབས་ཀུན་ཚང་ཞིང་། །ཟབ་འདྲིལ་གདམས་པ་ཁྱད་པར་ཅན། །དབྱར་སྐྱེས་པདྨའི་ཚལ་བཞིན་རྒྱས། །སྐལ་བཟང་བུང་བའི་བདུད་རྩིར་ཤོག །ཅེས་རིན་ཆེན་གཏེར་མཛོད་ཆེན་པོ་ཡོངས་སུ་སྡུད་པའི་སྐབས་སུ། དུས་ཞབས་ཀྱི་རིག་པ་འཛིན་པའི་གཟུགས་བརྙན། སངས་རྒྱས་གཉིས་པ་པདྨཱ་ཀ་ར་རྗེས་འབྲངས་དང་བཅས་པ་ལ་མི་ཕྱེད་པའི་འདུན་པས་རིང་ལུགས་མཐའ་དག་སྙིང་ལ་ཞེན་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་བགྱིས་པ་དགེ་ལེགས་འཕེལ།། །།
དག་སྣང་ལྷ་མོ་ཙཎྜ་ལཱིའི་སྐོར་ལས༔ རྩ་བསྙེན་འཆི་མེད་བཅུད་དྲིལ་ (Volume 49, Text 6)
༄༅༔ དག་སྣང་ལྷ་མོ་ཙཎྜ་ལཱིའི་སྐོར་ལས༔ རྩ་བསྙེན་འཆི་མེད་བཅུད་དྲིལ་བཞུགས་སོ༔ ཡེ་ཤེས་མཁའ་འགྲོའི་སྐུ་ལ་འདུད༔ འཆི་མེད་རྩ་བའི་བསྙེན་སྒྲུབ་ནི༔ དབེན་པའི་གནས་སུ་སྟེགས་བུའི་དབུས༔ རྡུལ་ཚོན་རས་བྲིས་སྐབས་སྦྱར་གྱི༔ དཀྱིལ་འཁོར་སྟེང་དུ་ལྡིང་ཁྲིའི་ཁར༔ ཚེ་ཡི་འབྲང་རྒྱས་རྒྱན་ལྡན་བཤམ༔ གཡས་སུ་ཚེ་རིལ་གཡོན་ཚེ་ཆང༔ རྒྱབ་ཏུ་བླ་གཡུ་མེ་ལོང་དང༔ དར་སྣས་བརྒྱན་པའི་མདའ་དར་གཟུག༔ མདུན་དུ་མཆོད་ཚོགས་ལེགས་པར་བསྟར༔ སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་ལ༔ རྩ་རླུང་ཐིག་ལེ་དཀྱིལ་འཁོར་རྟེན༔ རང་སེམས་ཡེ་ཤེས་མཁའ་འགྲོ་ཉིད༔ དབང་ཡུལ་ལོངས་སྤྱོད་ཐམས་ཅད་ཀུན༔ མཆོད་པའི་ཕྱག་རྒྱར་ཕུལ་བས་འགྲུབ༔ ས་མ་ཡ༔ དེ་ནས་བསྙེན་སྒྲུབ་ཉམས་ལེན་ལ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་སྔོན་འགྲོའི་རིམ་པ་ནི༔ ན་མོ༔ བདག་དང་ཁམས་གསུམ་འགྲོ་བ་ཀུན༔ དད་དང་ངེས་འབྱུང་སྙིང་རྗེ་ཆེས༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་ལྷར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ཧོ༔ སྨོན་པ་ཚད་མེད་རྣམ་པ་བཞིས༔ སེམས་ཅན་ཐམས་ཅད་བློས་བཟུང་ནས༔ འཇུག་པ་བསྐྱེད་རྫོགས་ཏིང་འཛིན་གྱིས༔ གཞན་དོན་འཆི་མེད་བསྒྲུབ་པར་བགྱི༔ ཨོཾ་ཨཱཿཧཱུྃ༔ སྐུ་གསུམ་ཚེ་ཡི་ལྷ་ཚོགས་ཀྱིས༔ དབྱིངས་ནས་ཡེ་ཤེས་བྱིན་ཆེན་ཕོབ༔ ཕྱི་ནང་གསང་བའི་མཆོད་པའི་ཚོགས༔ ནམ་མཁའ་མཛོད་དུ་བྱིན་གྱིས་རློབས༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ སརྦ་པཱུ་ཛ་མེ་གྷ་ས་མ་ཡེ་ཧཱུྃ༔ གཉིས་པ་དངོས་གཞི་བསྐྱེད་བཟླས་ནི༔ ཧྲཱི༔ འཁོར་འདས་ཆོས་ཀུན་སྟོང་པའི་ངང༔ སྣང་སྲིད་རྡོ་རྗེའི་གུར་ཁང་དང༔ རང་བྱུང་ཚེ་ཡི་ཕོ་བྲང་དབུས༔ རིག་པ་མ་བཅོས་ཆོས་ཀྱི་སྐུ༔ ཞལ་ཕྱག་རྣམ་པ་ལོངས་སྤྱོད་རྫོགས༔ བདེ་ཆེན་སྤྲུལ་པའི་མཁའ་འགྲོ་མ༔ དམར་གསལ་ཞི་འཛུམ་ཆགས་པའི་ཉམས༔ ཕྱག་གཡས་ཚེ་ཡི་མདའ་དར་དང༔ གཡོན་པས་བདུད་རྩིའི་བུམ་བཟང་བསྣམས༔ གནག་སྣུམ་དབུ་སྐྲ་སིལ་བུར་གྲོལ༔ དར་དང་རིན་ཆེན་མེ་ཏོག་བརྒྱན༔ ནུ་འབུར་གསང་བའི་པདྨོ་རྒྱས༔ ཞབས་གཉིས་བརྐྱང་བསྐུམ་གར་སྟབས་ཀྱིས༔ པདྨ་ཉི་ཟླའི་གདན་ལ་རོལ༔ སྤྱི་བོར་ཚེ་དཔག་མེད་མགོན་དང༔ ཐུགས་ཀར་ཡིད་བཞིན་འཁོར་ལོས་མཚན༔ གཞན་ཡང་ཕུང་ཁམས་སྐྱེ་མཆེད་ཀུན༔ རྩ་གསུམ་ཚེ་ལྷའི་ངོ་བོར་བཞུགས༔ ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར༔ ཧྲཱི༔ འོག་མིན་བདེ་ཆེན་ཞིང་ཁམས་ནས༔ འཆི་མེད་ཡུམ་མཆོག་ཙཎྜ་ལཱི༔ རྩ་གསུམ་ཚེ་ལྷའི་འཁོར་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མ་ཧཱ་སུ་ཁ་པདྨ་ཙཎྜ་ལཱི་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛ་ཛཿཛཿཧཱུྃ་བཾ་ཧོ༔ ཧོ༔ དམ་ཡེ་དབྱེར་མེད་དགྱེས་པར་བཞུགས༔ འཕྲུལ་དགའི་ཚུལ་གྱིས་བརྡ་ཕྱག་འཚལ༔ ཕྱི་ནང་གསང་མཆོད་སྨན་གཏོར་རག༔ མཆོད་པའི་ཕྱག་རྒྱ་ཆེན་པོར་བཞེས༔ མ་ཧཱ་སུ་ཁ་ཛྙཱ་ན་ཌཱ་ཀི་ནཱི་ས་པ་རི་བཱ་ར་ཨརྒྷཾ་སོགས༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧྲཱི༔ ཀུན་ཏུ་བཟང་པོ་རྡོ་རྗེ་རྣལ་འབྱོར་མ༔ སྤྲུལ་པའི་སྐུར་སྣང་འཆི་མེད་ཙཎྜ་ལཱི༔ རྩ་གསུམ་ཚེ་ལྷ་འདུས་པའི་དཀྱིལ་འཁོར་ལྷར༔ གུས་པས་བསྟོད་དོ་ཚེ་དབང་དངོས་གྲུབ་སྩོལ༔ ཡེ་ཤེས་སེམས་མའི་ཐུགས་ཀ་རུ༔ ཉི་ཟླ་ཁ་སྦྱོར་ཐུགས་སྲོག་ཧྲཱི༔ སྔགས་མཚན་འོད་ཟེར་སྣང་བ་ཡིས༔ རྩ་གསུམ་ཚེ་ལྷ་རབ་འབྱམས་དང༔ འཁོར་འདས་དྭངས་བཅུད་བསྡུས་ཤིང་ཐིམ༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་གྱུར༔ ཨོཾ་མ་ཧཱ་སུ་ཁ་པདྨ་ཙཎྜ་ལཱི་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ འབུམ་ཕྲག་གསུམ་དུ་བཟླས་པ་ཡིས༔ དུས་མིན་འཆི་བའི་བར་ཆད་ཞི༔ ཚེ་དང་བསོད་ནམས་ཡེ་ཤེས་རྒྱས༔ དགེ་བའི་རྟགས་མཚན་མཐོང་བར་འགྱུར༔ རྗེས་ནི་མཆོད་བསྟོད་ཐུགས་དམ་བསྐུལ༔ ཧྲཱི༔ འོད་གསལ་དབྱིངས་ཀྱི་གཞལ་ཡས་ནས༔ ཡེ་ཤེས་མཁའ་འགྲོ་ཙཎྜ་ལཱི༔ རྩ་གསུམ་ཚེ་ལྷའི་འཁོར་དང་བཅས༔ ཐུགས་རྗེ་ཐུགས་དམ་གནད་ནས་བསྐུལ༔ སྤྲུལ་པ་ཡང་སྤྲུལ་ཕྱོགས་བཅུར་སྤྲོས༔ བླ་ཚེ་ཆད་ཉམས་ཡར་པ་དང༔ འཁོར་འདས་ཚེ་ཡི་དྭངས་མ་ཀུན༔ དཀར་ལ་འཚེར་བའི་ཡི་གེ་ཨོཾ༔ དམར་ལ་དྭངས་པ་ཨཱཿཡི་གཟུགས༔ མཐིང་གསལ་འབར་བའི་ཡི་གེ་ཧཱུྃ༔ འོད་ཟེར་བདུད་རྩིའི་རྣམ་པར་སྡུས༔ རྣལ་འབྱོར་ལུས་ངག་ཡིད་ལ་སྟིམས༔ སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ༔ འཆི་མེད་འཇའ་ལུས་དངོས་གྲུབ་སྩོལ༔ རྩ་སྔགས་བརྗོད༔ ཧྲཱི༔ སྲིད་ཞིའི་ཚེ་དང་ཡེ་ཤེས་བཅུད༔ འབྲུ་གསུམ་རྣམ་པས་དབྱེར་མེད་ཐིམ༔ ཆོས་ཀྱི་དབྱིངས་སུ་ཚེ་སྦས་ཤིང༔ རྡོ་རྗེ་གསུམ་གྱིས་རྒྱས་གདབ་བོ༔ ཨོཾ་ཨཱཿཧཱུྃ་བཛྲ་ཛྙཱ་ན་རཀྵ་ཨ༔ རྟེན་གྱི་རྫས་ལས་དངོས་གྲུབ་བླང༔ ནོངས་པ་བཤགས་ཤིང་ལྷར་སྣང་བསྡུ༔ སྐྱེ་མེད་གཉུག་མའི་ངང་དུ་བཞག༔ བཀྲ་ཤིས་སྨོན་ལམ་རྒྱ་ཆེར་བརྗོད༔ ས་མ་ཡ༔ གཞན་ལ་ཚེ་ཡི་དབང་བསྐུར་ན༔ ཁྲུས་བྱ་བགེགས་ཕྲལ་སྲུང་འཁོར་བསྒོམ༔ མཎྜལ་འབུལ་ཞིང་གསོལ་གསུམ་གདབ༔ མགོན་པོ་ཚེ་དཔག་མེད་པའི་དགོངས་པ་ཡིས༔ སོགས་ཀྱི་མཐར༔ བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ རྒྱུད་སྦྱང་ལྷར་བསྐྱེད་ཡེ་ཤེས་དབབ༔ བརྟན་པར་བྱས་རྗེས་བུམ་དབང་ནི༔ ཚེ་ཡི་འབྲང་རྒྱས་སྤྱི་བོར་བཞག༔ ཧྲཱི༔ འཆི་མེད་པདྨ་ཙཎྜ་ལཱི༔ རྩ་གསུམ་ཚེ་ལྷ་རབ་འབྱམས་ཀྱི༔ རྡོ་རྗེའི་སྐུ་ཡིས་དབང་བསྐུར་རོ༔ འགྱུར་མེད་རྟག་པའི་སྐུ་ཐོབ་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གསང་དབང་ཚེ་ཡི་བདུད་རྩི་སྦྱིན༔ ཧྲཱི༔ འཆི་མེད་པདྨ་ཙཎྜ་ལཱི༔ རྩ་གསུམ་ཚེ་ལྷ་རབ་འབྱམས་ཀྱི༔ རྡོ་རྗེའི་གསུང་གིས་དབང་བསྐུར་རོ༔ བདེ་ཆེན་ཡེ་ཤེས་རྒྱས་པར་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཤེར་དབང་བཅུད་ལེན་རིལ་བུ་སྦྱིན༔ ཧྲཱི༔ འཆི་མེད་པདྨ་ཙཎྜ་ལཱི༔ རྩ་གསུམ་ཚེ་ལྷ་རབ་འབྱམས་ཀྱི༔ རྡོ་རྗེའི་ཐུགས་ཀྱིས་དབང་བསྐུར་རོ༔ དགའ་བཞིའི་ལྷན་སྐྱེས་མངོན་གྱུར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པ་ཚེ་ཡི་རྒྱས་གདབ་ཅིང༔ ཀ་དག་ཟང་ཐལ་དགོངས་པ་བསྐྱང༔ མེ་ཏོག་འཐོར་ཞིང་བཀྲ་ཤིས་བརྗོད༔ དམ་ཚིག་ཁས་བླངས་ལ་སོགས་པ༔ རྗེས་ཀྱི་རིམ་པ་སྤྱི་ལྟར་བྱ༔ ས་མ་ཡ༔ འཆི་མེད་སྒྲུབ་ཐབས་སྙིང་པོའི་བཅུད༔ ཟབ་ཅིང་འདྲིལ་བའི་གདམས་པ་འདི༔ སྣོད་མིན་རྣམས་ལ་ཤིན་ཏུ་གསང༔ སྐལ་ལྡན་བུ་ལ་ཆིག་རྒྱས་གདབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ དྷ་ཐིམ༔ དཔལ་བསམ་ཡས་མཆིམས་ཕུར་མཚོ་རྒྱལ་དངོས་སྣང་རིག་འཛིན་པདྨའི་མཚན་ཅན་གྱི་སྤྱན་སྔར་སྔགས་ཀྱི་རྣལ་འབྱོར་པ་རྡོ་རྗེ་སྙིང་པོས་ཆིག་བརྒྱུད་དུ་ཐོབ་པའི་སྐབས་མངོན་སུམ་གྱི་རྟགས་དང་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །འདི་ལ་བསྐྱེད་རྫོགས་ལས་ཚོགས་དང་བཅས་པའི་གཞུང་རྒྱས་པར་བཞུགས་པ་ནི་སྐལ་ལྡན་གྱི་སློབ་མ་མང་པོ་ལ་གནང་ངོ་།། །། ༈ འདིའི་བརྒྱུད་པ་ནི། ཚེ་དཔག་མེད། ཙཎྜ་ལཱི། པད་འབྱུང་ཡབ་ཡུམ། མཚོ་རྒྱལ། དེའི་རྣམ་འཕྲུལ་པདྨ་ཆོས་འབྱོར་རྒྱ་མཚོ། ཞབས་དྲུང་རྡོ་རྗེ་སྙིང་པོ། མཚུར་སྟོན་བདེ་ཆེན་རྡོ་རྗེ། རྗེ་གསང་སྔགས་བསྟན་འཛིན། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད། དེས་སོ།། །།
ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་གནས་ལུང་བསྡུས་པའི་སྐབས་རིགས་དྲུག་གནས་འདྲེན་མདོར་བསྡུས་སུ་བྱ་བའི་ཚུལ་ (Volume 22, Text 6)
ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་གནས་ལུང་བསྡུས་པའི་སྐབས་རིགས་དྲུག་གནས་འདྲེན་མདོར་བསྡུས་སུ་བྱ་བའི་ཚུལ་བཞུགས་སོ། །ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། སྦྱོར་བའི་སྐབས་སྦྱོང་སྟེགས་པདྨ་འདབ་དྲུག་རིགས་དྲུག་གི་ས་བོན་བྲིས་པའི་དབུས་སུ་མཚན་བྱང་བཀོད། ཞལ་ཟས་དང་། ལན་ཆགས་གཏོར་མ་རེ་རེ་འདུ་བྱ་བ་ཙམ་ཁྱད་པར་དང་། དངོས་གཞིར་འབྱུང་བཞིའི་དུག་ཕྱུང་བ་གྲུབ་ནས། གནས་སྦྱོང་གནས་འདྲེན་དུག་གྲིབ་བཀྲུ །ལན་ཆགས་འཇལ་དང་ཆོས་བཤད་དང་། །ཕྱག་བྱ་འབྲེལ་ཐག་བཅད་པ་འོ། །ཞེས་པ་ལྟར་བདུན་ལས། དང་པོ་རིགས་དྲུག་གི་གནས་ནས་སྡུག་བསྔལ་སྦྱོང་བ་ནི། བདག་ཉིད་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་ཐུགས་རྗེ་ཆེན་པོ་ཡིན་པ་ལ་རྣམ་པ་ཐུབ་པ་དྲུག་གི་སྤྲུལ་པའི་སྤྲིན་ཕུང་ཅིར་ཡང་འཕྲོ་བའི་སྐུར་གྱུར་པར་བསམ་ལ། ཧཱུྃ་ཧྲཱིཿ ང་ནི་བདེ་གཤེགས་ཡོངས་རྫོགས་སྤྱན་རས་གཟིགས། །འགྲོ་ཀུན་མ་ལུས་ཐུགས་རྗེས་བཟུང་སླད་དུ། །རིགས་དྲུག་འདྲེན་པ་ཐུབ་ཆེན་དྲུག་པོ་ཡིན། །གང་འདུལ་སྐུ་དང་ཕྱག་མཚན་ཅིར་ཡང་སྟོན། །ཚེ་འདས་ལུས་བོར་རིགས་དྲུག་སྡུག་བསྔལ་སྦྱོང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་ཡེ་གེ་བདུན་པ་དང་། ཀཾ་ཀ་ནིའི་རྗེས་སུ། ཚེ་འདས་རིགས་དྲུག་གི་སྡུག་བསྔལ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་དམ་ཅི་འགྲུབ་བཟླ། བདག་དང་དཀྱིལ་འཁོར་པའི་ཐུགས་རྗེའི་འོད་ཟེར་གྱིས་རིགས་དྲུག་གི་ལས་སྒྲིབ་སྡུག་བསྔལ་སྦྱང་བར་མོས་ལ་བྱེ་མས་བྲབ། གཉིས་པ་གནས་ནས་འདྲེན་པ་ནི། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །སྔོན་ཚེ་ཉོན་མོངས་དབང་གིས་སྡིག་སྤྱད་པས། །རིགས་དྲུག་སྐྱེས་སམ་སྡུག་བསྔལ་ཡ་རེ་ང་། །འདིར་ཤོག་སྐྱབས་གསོལ་མཆོག་གི་ཐུགས་རྗེས་བཟུང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨ་སུ་ནྲྀ་ཏྲི་པྲེ་དུཿཨཱ་ཀརྵ་ཡ་ཛ་ཛཿ གསུམ་མམ་བདུན་བརྗོད། གསུམ་པ་སྡིག་སྒྲིབ་བཀྲུ་བ་ནི། མེ་ལོང་དང་ལས་བུམ་ཐོགས་ལ། ཧཱུྃ། རང་བཞིན་ཆོས་སྐུའི་བུམ་པ་བཟང་པོ་ནས། །ཡན་ལག་བརྒྱད་ལྡན་དྲི་མེད་དགེ་བའི་ཆུས། །ཚེ་འདས་ཁྲུས་གསོལ་ཉོན་མོངས་སྒྲིབ་དག་ནས། །ཡེ་ཤེས་རྣམ་དྲུག་གསལ་བའི་དོན་རྟོགས་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཚེ་འདས་རིགས་དྲུག་གི་སྡུག་བསྔལ་ལས་སྒྲིབ་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། བཞི་པ་ལན་ཆགས་འཇལ་བ་ནི། ཐོག་མར་ཞལ་ཟས། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ལ། ཧཱུྃ། བཅོམ་ལྡན་ཐུབ་ཆེན་དྲུག་པོ་ལ། །དྲི་མེད་དག་པའི་ཞལ་ཟས་དང་། །ལོངས་སྤྱོད་རྒྱན་གྱི་མཆོད་གཏོར་འབུལ། །ཚེ་འདས་སྡུག་བསྔལ་སྦྱོང་དུ་གསོལ། །ཨོཾ་ནཻ་ཝིདྱཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཧཱུྃ། ཞེས་འབུལ། གླུད་གཏོར་འབྲུ་གསུམ་དང་། སམྦྷ་རའི་སྔགས་ཀྱིས་སྤེལ་ཞིང་བསྒྱུར་ལ། ཧཱུྃ། འདོད་ཡོན་ལྔ་ལྡན་གླུད་གཏོར་བཟང་པོ་འདི། །རིགས་དྲུག་ལན་ཆགས་བུ་ལོན་སྦྱང་ཕྱིར་བསྔོ། །ཚེ་འདས་བསོད་ནམས་ཚོགས་རྫོགས་ཆོས་སྤྱོད་ཅིང་། །རྣམ་གྲོལ་འབྲས་བུའི་དོན་ལ་སྤྱོད་པར་ཤོག །ཨོཾ་སརྦ་བྷཱུ་ཏ་བ་ལིཾ་ཏ་ཁཱ་ཧི། ལྔ་པ་ཆོས་བཤད་པ་ནི། ཧཱུྃ། ཚེ་འདས་ཁྱོད་ཉིད་གཅིག་པུ་འཆི་སྙམ་སྟེ། །ཀུན་ཀྱང་མི་རྟག་འཆི་བའི་ཆོས་ཅན་ཡིན། །བར་དོར་འཁྱམས་པའི་ཤེས་པ་ཕྱད་ཕྱོད་ཁྱོད། །ལྷ་དང་སློབ་དཔོན་དྲན་གྱིས་མྱུར་དུ་ཤོག །དགེ་སྡིག་ཆོས་ལ་སྤང་ལེན་ཤེས་པར་གྱིས། །བདག་ཏུ་འཛིན་པའི་རྟོག་པ་རང་སར་གྲོལ། །སརྦ་དྷརྨ་ཀཱ་ཡ་ཨཿ དྲུག་པ་ཕྱག་འཚལ་དུ་གཞུག་པ་ནི་ཉེ་དྲུང་གིས་བྱང་བུ་ཐོགས་ལ་ཕྱག་འཚལ་ཏེ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །བཀྲ་ཤིས་ཁང་བཟང་ཕོ་བྲང་འདིར་ཤོག་ལ། །སྨྱུག་མ་འདི་ནི་ཁྱོད་ཀྱི་བླ་གནས་ཡིན། །གདུགས་ནི་བཞུགས་གནས་འཕན་ཕྲན་ལུས་ཀྱི་ཚད། །མཚན་བྱང་གཟུགས་ལ་རྣམ་ཤེས་རྟེན་ཆོས་ལ། །དཀྱིལ་འཁོར་ལྷ་ལ་ཕྱག་འཚོལ་སྐྱབས་སུ་སོང་། །ན་མཿསརྦ་ཏ་ཐཱ་ག་ཏ་པཱུ་རུ་ཤཱ་ཡ་ཧོཿ ཞེས་ཕྱག་བྱས་ལ་མིང་བྱང་དབང་སྟེགས་སུ་བཞག་ལ། བདུན་པ་འབྲེལ་ཐག་བཅད་པ་ནི། ཧཱུྃ། ས་འདི་བཅད་པ་མན་ཆད་རིགས་དྲུག་གནས། །སྡུག་བསྔལ་རྣམ་གསུམ་ཚན་ཆེ་དར་རེ་དྲགས། །སྐྱེ་འཆི་ཡ་ང་ལས་དབང་ཁ་རེ་དྲགས། །མ་ཆགས་མ་ཞེན་རིགས་དྲུག་འཁོར་བ་སྤོངས། །ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་སརྦ་དུཿཁ་སརྦ་ཀླེ་ཤ་ཧཱུྃ་ཕཊ། ཨོཾ་སྤ་ར་བིདྱཱན་ཁདྒ་ཚིནྡྷ་སུ་ཧཱུྃ་ཕཊ། ཨོཾ་སྤ་ར་བིདྱཱན་ཁདྒ་ཚིནྡྷ་ཨ་ཧཱུྃ་ཕཊ། ཞེས་སྔགས་རྣམས་ལན་གསུམ་བཟླས་ཏེ་རིགས་དྲུག་གི་དལ་ཕྱགས་ལ་སྐྱེ་སྒོ་བཅད། དཀོན་མཆོག་བདེན་པའི་བྱིན་རླབས་དང་། །ལྷ་དང་སྔགས་ཀྱི་ཐུགས་རྗེ་དང་། །རྟེན་འབྲེལ་ཟབ་མོའི་ནུས་མཐུ་ཡིས། །ཚེ་འདས་རིགས་དྲུག་གནས་ལས་ཐར། །བླ་མེད་སྐུ་གསུམ་མྱུར་ཐོབ་ཤོག །ཅེས་སྨོན་ལམ་གདབ་བོ། །ཞེས་པའང་ཟབ་གཏེར་གྱི་གཞུང་འགའ་དང་། གྲུབ་པའི་སློབ་དཔོན་རྣམས་ཀྱིས་ཀྱང་རིགས་དྲུག་གནས་འདྲེན་བསྡུས་པའི་ཚུལ་འདི་ལྟ་བུ་སྦྱར་པ་མང་དུ་མཐོང་བའི་རྗེས་སུ་འབྲངས་ནས་གཞུང་རྒྱས་པ་ལས་ཉེ་བར་བསྡུས་ཏེ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།། །།
ཟབ་བདུན་རྒྱུད་ཟབ་སྒྱུ་འཕྲུལ་ལས༔ ཁྲོ་བོ་དམ་པ་བསྡུས་པའི་ལམ༔ སྒྲུབ་ཐབས་སྙིང་པོར་བསྡུས་པ་ (Volume 4, Text 6)
༁ྃ༔ ཟབ་བདུན་རྒྱུད་ཟབ་སྒྱུ་འཕྲུལ་ལས༔ ཁྲོ་བོ་དམ་པ་བསྡུས་པའི་ལམ༔ སྒྲུབ་ཐབས་སྙིང་པོར་བསྡུས་པ་བཞུགས༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཁྲོ་བོ་ཀུན་གྱི་རྩ་བའི་དཀྱིལ༔ ཐབས་མཆོག་སྲིད་པའི་ཚུལ་ཉིད་དུ༔ གནས་སྐབས་ཆུ་བོ་བཞི་སྦྱང་བ༔ ཏིང་འཛིན་རིམ་པ་བསྟན་པར་བྱ༔ ས་མ་ཡ༔ དེ་ལ་སྦྱོར་དངོས་རྗེས་གསུམ་གྱི༔ དང་པོ་དབེན་པར་དཀྱིལ་འཁོར་བཤམ༔ སྒྲུབ་རྟེན་གསང་བའི་ཚོགས་མཆོད་བཅས༔ རྒྱུད་སྦྱང་ཡན་ལག་བརྒྱད་པ་བྱ༔ རང་ཉིད་ཞེ་སྡང་རྡོ་རྗེར་བསྒོམ༔ ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཧ་ལ་ཧ་ལ་ཧཱུྃ༔ ཧཱུྃ༔ ཡང་དག་ལྟ་བའི་ངང་ཉིད་ལས༔ ཁྲོ་བོའི་སྤྲིན་ཀུན་འཕྲོས་པ་ཡིས༔ བགེགས་དང་ལོག་འདྲེན་ཚར་བཅད་ནས༔ ཚུར་འདུས་རྡོ་རྗེའི་གུར་ཁང་ཆེ༔ མེ་རླུང་ཆུ་ཡི་རིམ་པས་བསྐོར༔ སུས་ཀྱང་གཞོམ་དུ་མེད་པར་བསམ༔ བཛྲ་རཾ་ཡཾ་ཁཾ་རཀྵ༔ བཤགས་ཡུལ་སྤྱན་དྲངས་དཔང་གསོལ་ཏེ༔ ཧཱུྃ༔ ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལ༔ མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ༔ བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན༔ དེ་ལྡོག་དོན་ཕྱིར་རྒྱལ་བའི་དམ་མནོས་ཏེ༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱི༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ དམ་བཅའ་བརྟན་པོ་བཟུང་ནས་སུ༔ ཧཱུྃ༔ ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི༔ བྱང་ཆུབ་མཆོག་ཏུ་བདག་ནི་སེམས་བསྐྱེད་དོ༔ དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས༔ བླ་མ་ལྷ་ཁྱོད་རྟག་ཏུ་བཟུང་བར་བགྱི༔ རྒྱས་པར་བརྗོད་མེད་བཤགས་པ་དང༔ དམ་བཅའ་ཉི་ཤུ་ལ་སོགས་བྱ༔ མོས་གུས་གདུང་བས་བྱིན་ཆེན་འབེབས༔ ཧཱུྃ་ཨ་ལ་ལ་ཧོ༔ བྷ་ག་ཝཱན་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ འཕགས་མཆོག་ཐུགས་རྗེའི་དུས་ལ་བབ༔ ཁྱད་པར་བསྟན་པའི་དུས་ལ་བབ༔ བྱིན་གྱིས་རློབ་པའི་དུས་ལ་བབ༔ མཐུ་རྩལ་ཕྱུང་བའི་དུས་ལ་བབ༔ དབང་མཆོག་བསྐུར་བའི་དུས་ལ་བབ༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ མཐུ་ཆེན་བདུད་ཐུལ་བཅོམ་ལྡན་འདས༔ བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས༔ དབང་ཆེན་དབང་སྐུར་བཅོམ་ལྡན་འདས༔ བདག་ཅག་ལས་འབྲས་མཆིས་པར་མཛོད༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ བྱིན་བསྡུས་ཕྱི་ནང་མཆོད་པ་རྣམས༔ རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས༔ བདུད་རྩིའི་སྣོད་ནི་གཞལ་ཡས་ཁང༔ འཁོར་ལོ་རྩིབས་བཞིར་དམ་རྫས་བཅུ༔ ས་བོན་ཕྱག་མཚན་རིགས་ལྔའི་སྐུ༔ ཡབ་ཡུམ་མཉམ་སྦྱོར་བདུད་རྩིར་ཞུ༔ བྷནྡྷ་བདུད་རྩིར་ཨོཾ་གྱིས་མཚན༔ རྒྱ་གྲམ་རྟ་མགྲིན་ཡུམ་བཞིས་མནན༔ ཨོཾ་ཨཱཿཧཱུྃ་མ་ཧཱ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ སྦྱོར་བའི་འོད་ཀྱིས་བདུད་རྩི་བསྐུལ༔ འོད་ཞུ་བདུད་རྩིར་དབྱེར་མེད་འདྲེས༔ གཏོར་གཞོང་བྷནྡྷའི་ནང་དུ་ནི༔ གཏོར་མ་ཨོཾ་ལས་འདོད་ཡོན་འཕྲོ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ པདྨ་བྷཉྫའི་སྣོད་ནང་དུ༔ ར་ལས་རཀྟའི་རྒྱ་མཚོ་འཁྱིལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ སྣོད་མཆོག་ཞིང་ཁམས་ཕུན་ཚོགས་པ༔ མཆོད་པ་ལྷ་མོའི་རོལ་པར་བསམ༔ ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ༔ ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱི༔ ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གན༔ གཉིས་པ་དངོས་གཞིའི་རྣལ་འབྱོར་ནི༔ ཧཱུྃ༔ འཛིན་པའི་དབང་གིས་སྡུག་བསྔལ་ཞིང༔ གདུག་པ་སྲིད་གསུམ་འདུལ་བ་དང༔ ང་རྒྱལ་ཆེན་པོ་བརྟན་པའི་ཕྱིར༔ སྒྱུ་འཕྲུལ་ཁྲོ་བོའི་དཀྱིལ་འཁོར་བསྒོམ༔ ཧཱུྃ༔ ཆོས་རྣམས་སྐྱེ་མེད་སྤྲོས་དང་བྲལ༔ འགག་མེད་ཡེ་ཤེས་ཀུན་ཏུ་ཁྱབ༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་པའི༔ རང་རིག་ཧཱུྃ་སྔོན་འབར་བར་གྱུར༔ རྡོ་རྗེ་རྒྱུ་ཡི་ཧེ་རུ་ཀ༔ ཐུགས་ནས་ཨེ་ཡཾ་ར་སུཾ་ཀེཾ༔ རཾ་བྷྲཱུྃ་འཕྲོས་པས་ནམ་མཁའི་ཀློང༔ འཐོར་རླུང་ཁྲག་མཚོ་ཞིང་གི་ས༔ ཀེང་རུས་རི་རབ་མེ་ཆེན་འབར༔ དུར་ཁྲོད་ཆེན་པོ་བརྒྱད་ཀྱི་དབུས༔ འཁོར་ལོ་ཐོད་པའི་གཞལ་ཡས་ཁང༔ དྲེགས་པ་བྱོལ་སོང་ཞིང་གི་གདན༔ ལྷ་ཆེན་མགོ་དང་ཙིཏྟའི་ཏོག༔ ཕྱི་ནང་རིམ་གཉིས་མེ་དཔུང་འཁྲུགས༔ ཁྲག་ཞགས་འབབ་ཅིང་འཇིགས་སུ་རུང༔ གྲུ་ཆད་འཁོར་ལོའི་དབུས་རྩིབས་ལ༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རུ་དྲ་དྲི་ཟ་གཤིན་རྗེ་སྲིན༔ གནོད་སྦྱིན་ཕོ་མོ་བསྣོལ་གདན་ལ༔ དོམ་དང་ཁྱུ་མཆོག་མ་ཧེ་དང༔ གཟིག་དང་རྟ་ནི་ཟུང་གི་ཁྲིར༔ རྒྱུ་ཡི་ཁྲག་འཐུང་དབུས་སུ་འཁོད༔ དབུ་དང་ཕྱག་མཚན་བསམ་ཡས་པ༔ ཁྲོ་མོ་དབྱིངས་ཕྱུག་མ་དང་རོལ༔ ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཧ་ལ་ཧ་ལ་ཧཱུྃ༔ བྱང་ཆུབ་སེམས་སྤྲིན་ཁྲོ་བོའི་ཚོགས༔ མཁའ་ཁྱབ་སྤྲོས་ནས་དྲེགས་པ་བཏུལ༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ ཧཱུྃ་ཧཱུྃ༔ རྡོ་རྗེ་ཁྲོ་བོ་ཁྲག་འཐུང་མཐིང༔ ཁྲོ་མོ་དབྱིངས་ཕྱུག་འདུ་འབྲལ་མེད༔ དཀར་དམར་ཞལ་དུ་ཉོན་མོངས་འདྲེན༔ རྩེ་དགུ་རྩེ་ལྔ་ཏི་ར་དང༔ དྲིལ་བུ་དུང་དམར་འཇིག་རྟེན་འཆང༔ ཤེས་རབ་འཁྱུད་པས་ཆགས་པ་སྟོན༔ བུདྡྷ་ཁྲོ་བོ་ཁྲག་འཐུང་སྨུག༔ བུདྡྷ་ཁྲག་འཐུང་ཁྲོ་མོ་འཁྲིལ༔ དཀར་སེར་སྨུག་ནག་གཏི་མུག་འདྲེན༔ འཁོར་ལོ་རྡོ་རྗེ་ཏ་ིར་དང༔ དྲིལ་བུ་དུང་དམར་ཏྲི་ཤཱུལ་འཆང༔ རཏྣ་ཁྲོ་བོ་ཁྲག་འཐུང་སེར༔ རཏྣ་ཁྲག་འཐུང་ཁྲོ་མོ་འཁྲིལ༔ སྔོ་དམར་སེར་ནག་ང་རྒྱལ་གསོལ༔ རིན་ཆེན་རྡོ་རྗེ་ཏི་ར་དང༔ དྲིལ་བུ་དུང་དམར་དགྲ་སྟ་འཛིན༔ པདྨ་ཁྲོ་བོ་ཁྲག་འཐུང་དམར༔ པདྨ་ཁྲག་འཐུང་ཁྲོ་མོ་འཁྲིལ༔ དཀར་སེར་དམར་ནག་འདོད་ཆགས་གསོལ༔ པདྨ་རྡོ་རྗེ་ཏི་ར་དང༔ དྲིལ་བུ་དུང་དམར་རྔ་ཆུང་རྡུང༔ ཀརྨ་ཁྲོ་བོ་ཁྲག་འཐུང་ལྗང༔ ལས་རབ་ཁྲོ་མོ་ཁྲག་འཐུང་འཁྲིལ༔ དཀར་དམར་ལྗང་ནག་ཕྲག་དོག་གསོལ༔ རྒྱ་གྲམ་རྡོ་རྗེ་ཏི་ར་དང༔ དྲིལ་བུ་དུང་དམར་ཐོད་གཤོལ་འཛིན༔ ཞབས་བཞི་རོལ་པའི་གར་དགུ་ལྡན༔ དུར་ཁྲོད་ཆས་གསོལ་དཔལ་གྱི་གཟི༔ ཡུམ་རྣམས་དྲིལ་བུ་དུང་དམར་སྟོབས༔ ཀུན་ཀྱང་སྦྱོར་བའི་བྱང་སེམས་ལས༔ ཧ༔ རྩིབས་མཆན་གྲུ་ཆད་རྣམ་བརྒྱད་ལ༔ གཽ་རཱི་བྷན་དམར་ཞིང་དབྱུག་སྔོ༔ ཙཽ་རཱི་མདའ་གཞུ་འགེང་མ་སེར༔ པྲ་མོ་ཆུ་སྲིན་རྒྱལ་མཚན་དམར༔ བཻ་ཏཱ་བྱིས་པ་རོ་འཕྱར་ནག༔ པུཀྐ་དམར་སེར་བྱིས་རྒྱུ་འདྲེན༔ གྷསྨ་དུང་དམར་དཀྲུགས་འཐུང་ལྗང༔ སྨེ་ཤཱ་མཐིང་ནག་བྱིས་སྙིང་ཟ༔ ཙནྡྷཱ་སེར་སྐྱ་མཆོག་ལུས་ཕྲལ༔ ཧེ༔ འབར་བའི་གསེར་ཁྱམས་སེར་པོ་རུ༔ སིཾ་ཧ་ཁ་རོ་བསྣོལ་སེར་སེང༔ བྱཱ་གྷྲྀ་མནན་སྟབས་བསྣོལ་དམར་སྟག༔ སྲྀ་ལ་ནག་མོ་བྱིས་ལྡག་ཝ༔ ཤྭ་ན་འདྲལ་ལྟ་མཐིང་ག་སྤྱང༔ གྲྀཌྷ་གྲི་དམར་རྒྱུ་འདྲེན་རྒོད༔ ཀངྐ་ཞིང་འཕྲག་སྣར་མགོ་རིང༔ ཀཱ་ཀ་ཁ་རོ་བྷན་གྲི་ནག༔ ཨཱུ་ལུ་ལྕགས་ཀྱུ་མཐིང་ཚོགས་འུག༔ ཕཊ༔ ཕོ་བྲང་ནང་མའི་སྒོ་བཞི་ལ༔ རྟ་གདོང་སྔོན་མོ་ལྕགས་ཀྱུ་འཛིན༔ ཕག་གདོང་ནག་མོ་མཆེ་ཞགས་འཛིན༔ སེང་གདོང་དམར་མོ་ལྕགས་སྒྲོག་སྡོམ༔ སྤྱང་གདོང་ལྗང་ནག་དྲིལ་འཁྲོལ་དགྱེས༔ ཀུན་ཀྱང་ཁྲོ་མོ་དུར་ཁྲོད་ཆས༔ ཞིང་རློན་གདན་ལ་གར་གྱིས་རོལ༔ འཁོར་བའི་འཛིན་ལུས་ཕྱིར་ཐོན་ཏེ༔ ཧཱུྃ་ཧོ༔ ཞེས་བསྐུལ་ཀུན་སྦྱོར་སེམས་སྤྲིན་གྱིས༔ རྟོག་སྒྲིབ་ཀུན་སྦྱང་འོད་དུ་ཞུ༔ གསེར་ཞུན་ལྟ་བུའི་ཐིག་ལེར་གྱུར༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས༔ ཡི་གེ་གསུམ་ནི་ཧཱུྃ་དུ་འདུས༔ ཟླ་བ་ལ་གནས་རླུང་གིས་བསྐྱོད༔ ལྷ་ཚོགས་བསྐོར་ནས་གཙོ་བོ་ཡི༔ ཐུགས་ཀར་ཐིམ་པས་ཡབ་ཡུམ་རོལ༔ སྐུ་ཡི་དབྱིབས་བརྒྱུད་ཡུམ་མཁར་གནས༔ བདེ་བ་ཆེན་པོའི་རྐྱེན་གྱིས་ནི༔ གཙོ་འཁོར་མ་ལུས་འོད་དུ་ཞུ༔ འོད་ཀྱི་ཕུང་པོ་གཅིག་ཏུ་གྱུར༔ ཧཱུྃ་ཧཱུྃ༔ ཡི་གེ་ཕྱག་མཚན་ལྷ་རུ་གྱུར༔ སྤྱི་བོར་རིགས་ལྔ་ཡབ་ཡུམ་སྦྱོར༔ ཆུ་ཡིས་སྒྲིབ་སྦྱང་དབང་བསྐུར་ནས༔ ཡབ་ཡུམ་རིགས་ལྔས་དབུ་ཡང་བརྒྱན༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ས་མཱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ཀྲྀ་ཏྱཱ་ནུཥྛཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ གནས་ལྔར་ཟླ་བ་པདྨ་དང༔ ཉི་མ་རིན་ཆེན་རྒྱ་གྲམ་ལ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་རྣམས་ལས༔ འོད་འཕྲོས་རྒྱལ་བ་ཐམས་ཅད་མཆོད༔ ཡེ་ཤེས་ལྔ་རྣམས་བསྡུས་ནས་ཐིམ༔ རིགས་ལྔ་ཡབ་ཡུམ་སྐུ་རུ་གྱུར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཡབ་གསང་ཧཱུྃ་ལས་རྡོ་རྗེ་དབུས༔ ཨོཾ་དཀར་བུ་ག་ཕཊ་ཀྱིས་བཀག༔ ཡུམ་མཁའ་པཾ་ལས་པདྨའི་གདན༔ ཨོཾ་དམར་གེ་སར་ཨེས་མཚན་གྱུར༔ ས་མ་ཡ་སཏྭཾ༔ ས་མ་ཡ་ཧོ༔ ར་ཧོ་ཧཾ༔ ཨ་ནུ་རཱ་ག་ཡ་མི༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྦྱོར་བའི་བྱང་ཆུབ་སེམས་སྤྲིན་གྱིས༔ རྒྱལ་བ་ཀུན་བཀུག་བདེ་བས་ཞུ༔ སྐུ་ཡི་དབྱིབས་བརྒྱུད་གསང་བར་བབས༔ ཡུམ་གྱི་མཁའ་ལ་ལན་གསུམ་སྤྲོས༔ ཡན་ལག་བཞི་ཡི་ཚུལ་དུ་རྫོགས༔ རྟེན་དང་ས་བོན་བཅས་པར་གྱུར༔ ཧཱུྃ་ཧ་ཧེ་ཕཊ༔ ཁྲག་འཐུང་དབྱིངས་ཕྱུག་ཁྲོ་མོ་དང༔ ཕྲ་མེན་སྒོ་མ་བཅས་སུ་གྱུར༔ ཕཊ་ཛ༔ རིམ་བཞིན་ཕྱིར་ཕྱུང་མདུན་མཁར་བཞུགས༔ སྤྲོ་བསྡུས་སངས་རྒྱས་མཛད་པ་བསྒྲུབས༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཀུན་ཀྱང་རང་རང་གདན་ལ་འཁོད༔ བྷྱོ༔ ཐུགས་ནས་བྷྱོ་ཡིག་ཉེར་བརྒྱད་འཕྲོས༔ ཁྲག་ཁྱམས་བར་དང་ཕྱི་སྒོ་རུ༔ སྲིན་མོ་སྨུག་ནག་ཐོད་རློན་འཆང༔ ཚངས་མ་དམར་སེར་པདྨ་བསྣམས༔ སྣ་ཆེན་དཀར་ལྗང་ཏྲི་ཤཱུ་ལ༔ གཏོགས་འདོད་སྔོན་མོ་འཁོར་ལོ་འཆང༔ གཞོན་ནུ་དམར་མོ་མདུང་ཐུངའཛིན༔ བརྒྱ་བྱིན་དཀར་མོ་ཨིནྡྲ་གདེངས༔ རྡོ་རྗེ་སེར་མོ་ཙནྡན་འཐུང༔ བདུད་རྩི་དམར་མོ་པདྨ་བསྣམས༔ ཟླ་བ་དཀར་མོ་པུཎྜ་འཛིན༔ བེ་ཅོན་ལྗང་ནག་དབྱུག་པ་ཕྱར༔ སྲིན་མོ་དམར་མོ་དུང་ཁྲག་འཐུང༔ ཟ་བ་ལྗང་ནག་བ་སུ་འདྲེན༔ དགའ་བ་དམར་མོ་ཀ་ཏར་ཕྱར༔ སྟོབས་ཆེན་དཀར་མོ་གཤོལ་མདའ་འཛིན༔ རྡོ་རྗེ་སེར་མོ་སྤུ་གྲིས་གཅོད༔ འདོད་པ་དམར་མོ་མདའ་གཞུ་འགེངས༔ ནོར་སྲུང་དཀར་མོ་བུམ་པ་འཛིན༔ རླུང་ལྷ་སྔོན་མོ་བ་དན་ཕྱར༔ གསོད་བྱེད་དཀར་མོ་རལ་གྲི་འཛིན༔ མེ་མོ་དམར་མོ་གསལ་ཤིང་ཕྱར༔ ཕག་གདོང་ནག་མོ་མཆེ་ཞགས་ཅན༔ རྒན་བྱེད་དམར་མོ་ཞིང་ཆུང་ཟ༔ སྣ་ཆེན་དཀར་ལྗང་ཐོད་ཁྲག་འཐུང༔ ཆུ་ལྷ་སྔོན་མོ་སྦྲུལ་ཞགས་འཛིན༔ རྡོ་རྗེ་ནག་མོ་ལྕགས་ཀྱུ་འཛིན༔ རྡོ་རྗེ་སེར་མོ་ར་མགོ་ཞགས༔ རྡོ་རྗེ་དམར་མོ་ལྕགས་སྒྲོག་བསྣམས༔ རྡོ་རྗེ་ལྗང་ནག་དྲིལ་འཁྲོལ་དགྱེས༔ ཞིང་ལྤགས་གོས་གསོལ་ཐོད་རྒྱན་ཅན༔ ཞིང་རྐྱང་ཀེང་རུས་གདན་ལ་རོལ༔ ཀུན་ཀྱང་རིགས་ཀྱི་དབུ་རྒྱན་དང༔ ཡེ་ཤེས་རྡོ་རྗེ་རྩེ་ལྔ་པ༔ དྲག་པོ་རྩེ་གསུམ་རྣམས་ཀྱིས་མཚན༔ ངོ་བོ་རོ་གཅིག་མ་འདྲེས་པ༔ དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་གྱུར༔ རང་རིག་ཧཱུྃ་སྔོན་རྟག་འཆར་བས༔ འོད་ཀྱིས་ཆོས་དབྱིངས་ཀུན་ཁྱབ་ནས༔ ཆོས་སྐུ་གཟུགས་ཀྱི་སྐུ་རུ་བཞེངས༔ ཨོཾ༔ ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ༔ དམིགས་མེད་ཐུགས་རྗེའི་དཀྱིལ་འཁོར་ལས༔ དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས་སོ༔ རང་སྣང་དབྱེར་མེད་དཀྱིལ་འཁོར་དུ༔ འཇུག་པའི་མཚན་ཉིད་མཉམ་སྦྱོར་བས༔ ཕྱོགས་དུས་ཀུན་ནས་གཤེགས་པ་ཡི༔ བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས༔ ཉེ་བར་གྱུར་པའི་དམ་ཚིག་མཆོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ༔ ཨེ་ཧྱེ་ཧི་ཨཱ་ན་ཡ་ཛཿཧཱུྃ་བཾ་ཧོ༔ ཉེ་བར་དྲངས་ནས་དབྱེར་མེད་རིག༔ ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་སཏྭཾ༔ ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧོ༔ བསྟིམས་ནས་སྙན་བསྐུལ་དབང་དུ་བྱ༔ ཧཱུྃ་ཧ་ཧེ་ཕཊ༔ གསལ་བྱས་ཕྱག་མཆོད་བསྟོད་འབུལ་ནི༔ ཏིཥྛ་བཛྲ༔ འགྲོ་དོན་རྫོགས་བར་བཞུགས་པར་བསམ༔ དེ་ནས་ཕྱག་མཆོད་བསྟོད་པ་ནི༔ ལྷ་ལ་ལྷ་རོལ་ཚུལ་གྱིས་ནི༔ ཨ་ཏི་པུ་ཧོ༔ པྲ་ཏཱིཙྪ་ཧོ༔ སྤྲོ་ན་ཕྱག་རྒྱ་བཞི་ཡིས་མཆོད༔ ཧཱུྃ་ཨོཾ༔ བདེ་བར་གཤེགས་སོ་བཅོམ་ལྡན་འདས༔ རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས༔ སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན༔ ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཡང་དག་དོན་དུ་དག་མོད་ཀྱང༔ འགྲོ་བ་ཡོངས་ཀྱི་དོན་སླད་དུ༔ ཕྱག་དང་ཞབས་ནི་བསིལ་ནས་ཀྱང༔ རྡོ་རྗེའི་གདན་ལ་བཞུགས་སུ་གསོལ༔ ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ༔ ཧཱུྃ༔ སྤོས་ཀྱི་སྤྲིན་ལྡིང་བདུག་པ་མོ༔ རྒྱལ་བའི་དཀྱིལ་འཁོར་གདུགས་ཀྱིས་འགེབས༔ བྱམས་པ་ཐབས་དང་ཤེས་རབ་ལས༔ བཛྲ་དྷཱུ་པེའི་མཆོད་པ་རོལ༔ ཨོཾ་པ་ན་པེཾ་པེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧཱུྃ༔ ས་མ་ཡོ་ཏ་མུ༔ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ༔ ཨུཏྤལ་མཐིང་ག་མེ་ཏོག་འཐོར༔ སྣ་ཚོགས་རིན་ཆེན་འོད་དུ་འཕྲོ༔ སྙིང་རྗེ་ཐབས་དང་ཤེས་རབ་ལས༔ བཛྲ་པུཥྤེའི་མཆོད་པ་རོལ༔ ཨོཾ་པ་ན་པེཾ་པེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧཱུ༔ ས་མ་ཡོ་ཏ་མུཿ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ༔ དབང་གི་ཕྱག་ན་སྒྲོན་མེ་བསྣམས༔ ཆོས་ཀྱི་རྒྱལ་པོ་འབར་བ་འཛིན༔ དགའ་བ་ཐབས་དང་ཤེས་རབ་ལས༔ བཛྲ་ཨཱ་ལོ་ཀེའི་མཆོད་པ་རོལ༔ ཨོཾ་པ་ན་པེཾ་པེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧཱུ༔ ས་མ་ཡོ་ཏ་མུ༔ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ༔ ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱི༔ ཙནྡན་བདུད་རྩིའི་ཆར་འབེབས་མ༔ དཀྱིལ་འཁོར་གསལ་བའི་ཐིག་ལེ་འབེབས༔ བཏང་སྙོམས་ཐབས་དང་ཤེས་རབ་ལས༔ བཛྲ་གནྡྷེའི་མཆོད་པ་རོལ༔ ཨོཾ་པ་ན་པེཾ་པེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧཱུ༔ ས་མ་ཡོ་ཏ་མུ༔ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ༔ ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གན༔ ཧཱུྃ༔ རང་བྱུང་གདོད་ནས་རྣམ་དག་པའི༔ བདུད་རྩི་རྩ་བརྒྱད་སྟོང་ལ་སྦྱར༔ དུག་ལྔ་སེལ་བ་སྨན་གྱི་མཆོག༔ རྨད་བྱུང་མཆོད་པ་བཞེས་སུ་གསོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ ཁམས་གསུམ་ཆགས་པའི་འཛིན་པ་བསྒྲལ༔ ཆགས་མེད་ཆགས་བྲལ་དམར་ཆེན་པོ༔ དུག་གསུམ་རྣམ་པར་སྦྱོང་བའི་ཕྱིར༔ དཀྱིལ་འཁོར་ལྷ་རྣམས་བཞེས་སུ་གསོལ༔ མ་ཧཱ་རཀྟ་པྲ་ཏཱིཙྪ་ཁཱ་ཧི༔ ཧཱུྃ༔ འདོད་པའི་ཡོན་ཏན་ལྔ་ལྡན་པ༔ ཡེ་ཤེས་ལྔ་ཡི་མཆོད་སྤྲིན་ཆེ༔ བྱིན་རླབས་གཏོར་མའི་མཆོད་པ་འདི༔ མཆོད་དོ་བཞེས་ཤིག་དགྱེས་པར་མཛོད༔ མ་ཧཱ་བ་ལིཾ་ཏ་པྲ་ཏཱིཙྪ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཐབས་ཤེས་མཉམ་སྦྱོར་བདེ་ཆེན་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་ཀུན་མཆོད་དེ༔ འཁོར་བའི་འཁྲུལ་རྟོག་ཐམས་ཅད་བསྒྲལ༔ མཉམ་ཉིད་སྤྲོས་བྲལ་ཡེ་མཆོད་འབུལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ༔ དྷརྨ་དྷཱ་ཏུ་ཤུདྡྷ་ཨཱ༔ ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ འོད་ཟེར་ཉི་མ་འབུམ་གྱི་གཟི༔ ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན༔ མཆེ་བ་ཟངས་ཡག་ཟ་བྱེད་ཆེ་ཧོ༔ ཧཱུྃ༔ རྔམ་པའི་ང་རོ་འབྲུག་སྟོང་ལྡིར༔ གཏུམ་ཆེན་རི་རབ་འབུམ་བསྙིལ་སྐད༔ ཨ་ལ་ལ་ཡི་གད་རྒྱངས་ཆེ༔ བཤུགས་པའི་འཐོར་རླུང་གཡེང་བ་ཆེ་ཧོ༔ ཧཱུྃ༔ ཁྲོ་བོ་ཤེས་རབ་འོད་པོ་ཆེ༔ ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ༔ འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས༔ སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོ༔ ཧཱུྃ༔ ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ༔ འཕྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབས༔ དཀྱིལ་འཁོར་ཡེ་ཤེས་འབྱུང་བའི་གཏེར༔ སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ་ཧོ༔ ཧཱུྃ༔ བདུད་ཀུན་གྱི་ནི་བདུད་ཆེན་པོ༔ བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས༔ འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ༔ འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོ༔ ཧཱུྃ༔ རྡོ་རྗེ་བྲག་ཆེན་སྲ་བ་པོ༔ རྡོ་རྗེ་ཆུ་སྟེ་སྡུད་ཆེན་པོ༔ རྡོ་རྗེ་མེ་སྟེ་ཀུན་འབར་ཆེ༔ རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོ༔ སྤྲོ་ན་མཆོད་པ་བཅུ་དྲུག་འབུལ༔ བཤགས་ཤིང་དམ་བཅའ་དངོས་གྲུབ་གསོལ༔ དེ་ནས་འཛབ་ཀྱི་རིམ་པ་ནི༔ མཁའ་ཁྱབ་དཀྱིལ་འཁོར་ཆེན་པོ་ནི༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད༔ སེམས་དཔའ་སུམ་བརྩེགས་གསལ་བ་ཡི༔ དཔེར་ན་ཤེལ་ལྟར་འཚེར་བ་ཡི༔ འོད་ཟེར་ཕར་འཕྲོས་སྒྲིབ་སྦྱང་བསྐུལ༔ ཚུར་འཕྲོས་རྟོག་སྒྲིབ་མ་ལུས་སྦྱངས༔ དངོས་གྲུབ་སྒྲུབ་པའི་སྣོད་དུ་གྱུར༔ འོད་ཟེར་དམར་པོ་རཱ་གའི་མདངས༔ ཕར་འཕྲོས་ཡེ་ཤེས་མཆོད་ཅིང་བསྐུལ༔ ཚུར་འཕྲོས་དངོས་གྲུབ་རྣམ་པ་གཉིས༔ འོད་ཟེར་ཚུལ་དུ་བདག་ལ་ཐིམ༔ སྔགས་སྒྲ་འབྲུག་སྟོང་ལྡིར་བ་ལྟར༔ གྲགས་སྟོང་བརྗོད་བྲལ་རང་སྒྲར་གྲགས༔ མཐིང་ཞུན་ལྟ་བུའི་འོད་ཟེར་ནི༔ ཕར་འཕྲོས་རྒྱལ་བའི་ཐུགས་རྒྱུད་བསྐུལ༔ ཚུར་འཕྲོས་དངོས་གྲུབ་ཆེན་པོ་ནི༔ བདག་ལ་བསྩལ་ཞིང་བརྟན་པར་མཛད༔ ཡེ་ནས་གཉིས་མེད་ལྷུན་གྲུབ་པའི༔ ལྷག་པའི་ཆོས་སྐུ་ཆེན་པོར་འགྲུབ༔ ཡབ་ཡུམ་ཞལ་ནས་ཞལ་དུ་ཞུགས༔ མཁའ་ནས་མཁར་དྲངས་བདེ་བ་ཆེ༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད༔ ས་ལམ་དུས་གཅིག་དེར་རྫོགས་གྱུར༔ ཕྱག་རྒྱ་སྐུ་མཆོག་ཡི་གེ་འབྲུ༔ ཕྱག་མཚན་ཤིན་ཏུ་ཕྲ་བའི་གཟུགས༔ མཐའ་ཡས་སྤྲོ་བསྡུས་དོན་ཀུན་མཛད༔ ལྷག་པའི་ཏིང་འཛིན་འབྱོངས་པའི་ཚད༔ རླུང་སྔགས་སེམས་གསུམ་དབྱེར་མེད་པ༔ རྡོ་རྗེའི་བཟླས་པ་མཆོག་ཏུ་བཤད༔ རུ་ལུ་སྔགས་ཀྱི་དབྱངས་ཆོག་བྱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཡང་ན་སོ་སོའི་སྔགས་བཟླས་ནས༔ བསྟོད་པའི་རིམ་པ་རྒྱུད་བཞིན་བྱ༔ དེ་ཚེ་རྟགས་ཀྱི་རིམ་པ་ཡང༔ བློ་སྟོབས་དབང་གིས་རྒྱུད་བཞིན་འགྲུབ༔ རྗེས་ཀྱི་བྱ་བ་ཚོགས་མཆོད་ནི༔ མ་ད་ན་དང་མཱཾ་ས་སོགས༔ བདུད་རྩིའི་འདོད་ཡོན་བསང་ཆུས་སྦྱང༔ རཾ་ཡཾ་ཁཾ་གིས་བསྲེག་གཏོར་བཀྲུས༔ རྣམ་པར་རྟོག་པ་དམིགས་མེད་དབྱིངས༔ མ་ལས་ཉི་མའི་སྣོད་ཡངས་པར༔ ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ་རྣམས་ལས༔ ཡེ་ཤེས་ལྔ་ཡི་འདོད་ཡོན་སྤྲིན༔ བླ་ན་མེད་པའི་ཚོགས་སུ་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ ཧེ་རུ་ཀ་ཡི་གནས་བཅུ་དང༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ དཔལ་ཆེན་ཁྲག་འཐུང་སྤྱན་འདྲེན་གྱི༔ དུར་ཁྲོད་མཆོག་གི་གནས་འདི་རུ༔ ཞིང་ཆེན་གསར་རྙིང་རི་ལྟར་སྤུངས༔ དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ༔ མ་ལུས་བཞེས་ཤིང་བསྣམས་སུ་གསོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ༔ ཨེ་ཧྱེ་ཧི་ཨཱ་ན་ཡ་ཛཿཧཱུྃ་བཾ་ཧོ༔ མཆོད་པའི་རིམ་པ་ཅི་ཡང་སྤྲོ༔ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོས༔ འདོད་པའི་ཡོན་ཏན་ལྔ་ཡི་ཚོགས་མཆོད་འདི༔ ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ༔ ཨོཾ་ག་ཎ་ཙཀྲ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧོ༔ ཧཱུྃ༔ ཚེ་རབས་ཐོག་མ་མེད་པ་ཚུན་ཆད་ནས༔ ད་ལྟའི་ལུས་འདི་བླངས་པ་ཡན་ཆད་དུ༔ ལུས་ཀྱིས་སྡིག་བྱས་སྤྱོད་པ་ངན་དུ་སྤྱད༔ ངག་གིས་ཚིག་རྩུབ་འཁྱལ་སྨྲ་ངན་དུ་བརྗོད༔ སེམས་ཀྱིས་བློ་ནོར་ལོག་པར་སེམས་པ་སོགས༔ འདོད་ཁྲོ་གཏི་མུག་དབང་གིས་ནོངས་བགྱིས་པ༔ བཀྲམ་པའི་ལྷ་ཚོགས་རྣམས་ལ་བཟོད་པར་གསོལ༔ ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང༔ དེ་ཡི་འཁོར་དུ་གཏོགས་པའི་ལྷ་སྲིན་རྣམས༔ མི་ཡི་སྐྱོན་མཐོང་ཙམ་ནས་བར་ཆད་བརྩམ༔ ནོངས་ཤིང་འགལ་འཁྲུལ་ཅི་བགྱིས་མཐོལ་ལོ་བཤགས༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས༔ ཡིག་བརྒྱ་བརྗོད་ལ་གཟུགས་བྱང་ལ༔ བདེན་སྟོབས་བརྗོད་ལ་དམིགས་བྱ་བཀུག༔ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ འབར་བ་གཏུམ་ཆེན་རྔམ་པ་རྣམས༔ ཁྲོས་པའི་ཡིད་ཀྱིས་བསྐུལ་བྱས་ན༔ སངས་རྒྱས་བསོད་ནམས་སྐུ་ཡང་འཇིག༔ བདུད་རྩི་ལྔ་དང་ཟས་ལྔ་ལ༔ མཚན་མ་མིང་དུ་བཅས་པ་ལ༔ བཀུག་སྟེ་རྡོ་རྗེ་ཕུར་པས་བསྒྲལ༔ རྡུལ་དུ་བརླགས་ནས་ཚོགས་སུ་འབུལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་སརྦ་དུཥྚཱཾ་མཱ་ར་ཡ་ཧཱུྃ་ཕཊ༔ ལོག་འདྲེན་བདུད་རྩིར་སྦར་ནས་འབུལ༔ ཧཱུྃ༔ རྡོ་རྗེ་འབར་བའི་ཚོགས་མཆོད་འདི༔ མཆོད་སྤྲིན་ཀུན་ཏུ་རྒྱས་གྱུར་ཅིག༔ དུག་གསུམ་བརྩེགས་པའི་རི་བོ་འདི༔ སྐུ་གསུང་ཐུགས་ཀྱི་ཀློང་དུ་སྟོབས༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ བརྡ་དང་བརྡ་ཡི་འབུལ་ལེན་གྱིས༔ ལོངས་སྤྱོད་ནང་གི་སྦྱིན་བསྲེག་བྱ༔ གླུ་གར་གྲོགས་ལྡན་འཆད་ཉན་དང༔ དབང་བསྐུར་སྦྱོར་བས་ཉམས་རྟོགས་སྤེལ༔ ལྷག་མ་གསོག་འཇོག་མེད་པར་བསྡུས༔ ཞིང་ལ་ཁྲག་གིས་མཎྜལ་བྲི༔ ཕུད་ལྷག་མར་མེ་སྨན་རཀ་བཤམས༔ རྩ་བའི་དཀྱིལ་འཁོར་གསལ་བཏབ་ལ༔ ཨོཾ་བྷྲཱུྃ་ཧཱུྃ་ཧ་ཧེ་ཕཊ༔ ལྷག་མའི་དཀྱིལ་འཁོར་གསལ་བར་བསྒོམ༔ ཟླ་བ་ལ་གནས་གཏོར་མ་ནི༔ ཨོཾ་ལས་འདོད་ཡོན་འཕྲོ་བར་བསམ༔ ཨོཾ་ཨཱཿཧཱུྃ༔ འདོད་རྒྱལ་ཕྱག་རྒྱ་བཤུད་པའི་སྒྲས༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾཿ ཨོཾ་ཌཱ་ཀི་ཨཱ་ཀརྵ་ཡ༔ ཨཱ་ཀརྵ་ཡ༔ པྲ་བེ་ཤ་ཡ༔ པྲ་བེ་ཤ་ཡ༔ བྷནྡྷ་ཡ༔ བྷནྡྷ་ཡ༔ ཏོ་ཥ་ཡ༔ ཏོ་ཥ་ཡ༔ མོ་ཧ་ཡ༔ མོ་ཧ་ཡ༔ བཛྲ་ཌཱ་ཀི་ནཱི་ནཱཾ༔ ཧྲྀ་ད་ཡ་ཧཱུྃ་ཕཊ༔ ཨོཾ་ཌཱཀྐི་ཧཱུྃ་ཛ༔ འདོད་པའི་ལས་རྣམས་བྱེད་པར་བསམ༔ རྟ་གདོང་སྙེམས་པས་ཕྱག་རྒྱ་བྱ༔ ཧྲཱིཿཔདྨ་བ་ཌ་བཱ་མུ་ཁ༔ ཨཱ་ཀརྵ་ཡ༔ ཨཱ་ཀརྵ་ཡ༔ པྲ་བེ་ཤ་ཡ༔ པྲ་བེ་ཤ་ཡ༔ བྷནྡྷ་ཡ༔ བྷནྡྷ་ཡ༔ ཏོ་ཥ་ཡ༔ ཏོ་ཥ་ཡ༔ མོ་ཧ་ཡ༔ མོ་ཧ་ཡ༔ བཛྲ་ཌཱ་ཀི་ནཱི་ནཾ༔ ཧྲྀ་ད་ཡ་ཧཱུྃ་ཕཊ༔ ཧ་ཧ་ཧི་ཧི༔ དབང་དུ་འདུས་ཤིང་བཀའ་སྡོད་བསམ༔ མགྲོན་རྣམས་རིགས་ལྔའི་ཚོམ་བུ་རུ༔ བཞུགས་ཤིང་གཏོར་མ་བཞེས་པར་བསམ༔ ཧེ་རུ་ཀ་ཡི་ཐོད་རྒྱ་བྱ༔ ཨོཾ་བཛྲ་ཌཱཀྐི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཏ་ཧཱུྃ་ཕཊ༔ བུདྡྷ་ཌཱ་ཀི་ནི་པྲ་ཏཱིཙྪེ་མཾ་བ་ལིཾ་ཏ་ཨོཾ་ཕཊ༔ རཏྣ་ཌཱ་ཀི་ནི་པྲ་ཏཱིཙྪེ་མཾ་བ་ལིཾ་ཏ་ཏྲཱྃ་ཕཊ༔ པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཏ་ཧྲཱིཿཕཊ༔ ཀརྨ་ཌཱ་ཀི་ནི་པྲ་ཏཱིཙྪེ་མཾ་བ་ལིཾ་ཏ་ཨཱཿཕཊ༔ གཏོར་མ་ཕུད་བཅས་སྨེ་བར་བླུག༔ ལྕེ་ནི་རྟ་མགྲིན་ཡབ་ཡུམ་གཉིས༔ སྦྱོར་བའི་བྱང་སེམས་ཛ་གད་ཀྱི༔ ཁ་ཕྲུ་དམ་རྒྱས་འབེབ་པར་བྱ༔ ཨོཾ་གུ་རུ་ཀྲོ་དྷ་རཏྣ་ས་མ་ཡ་པྲི་ཤ་སརྦ་བུདྡྷ་ཀྵེ་ཏྲ་པཱ་ལ་ཀྲོ་དྷ་ཀཱ་ར་ཧཱུྃ་ཕཊ༔ ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་དུ༔ བཅོམ་ལྡན་དཔལ་ཆེན་ཕུད་ཀྱི་བདག༔ བར་དུ་ཚོགས་ཀྱིས་མི་མཆོད་དུ༔ མ་མོ་མཁའ་འགྲོ་ཚོགས་ཀྱི་བདག༔ ཐ་མ་ལྷག་མས་མི་མཆོད་དུ༔ མ་ཚོགས་དབང་ཕྱུག་ལྷག་མའི་གནས༔ ལྷག་མ་ཁ་ཆུས་མི་གདབ་རྒྱུ༔ བྲན་ཕོ་བྲན་མོ་ཁ་ཆུའི་བདག༔ རྣམ་གསུམ་རིམ་གྱིས་མི་མཆོད་དུ༔ བཀའ་དང་གཞུང་ལུགས་རིམ་པར་ཡོད༔ རྣམ་གསུམ་གཅིག་ཏུ་མི་བསྲེ་རྒྱུ༔ ཆོས་ཀྱི་དབྱིངས་སུ་ཐ་མི་དད༔ ལས་རྣམས་སོ་སོར་མི་བཅོལ་དུ༔ ལས་ཀྱི་འདུལ་སྐལ་རིམ་པར་ཡོད༔ ནམ་མཁའ་སྟོང་ལ་དབང་བསྒྱུར་བའི༔ མཁའ་འགྲོ་སུམ་ཅུ་རྩ་གཉིས་དང༔ སྟོང་ཁམས་ཡོངས་ལ་མངའ་མཛད་པའི༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང༔ སྲོག་དབུགས་ཀུན་ལ་མངའ་མཛད་པ༔ སྐྱེས་བུ་གིང་ཆེན་བཅོ་བརྒྱད་དང༔ རྡོ་རྗེ་ཕྲ་མེན་རྫུ་འཕྲུལ་ཅན༔ སྐྱེས་བུ་ལངྐ་དྲུག་ཅུ་དང༔ ཏ་ཀྲྀཏ་ལྕམ་དུ་ཞལ་བཞེས་པའི༔ འབར་མ་ཉུལ་ལེ་བརྒྱད་རྣམས་དང༔ ཤ་ཁྲག་ཞལ་དུ་གསོལ་མཛད་པ༔ དུར་ཁྲོད་དྲེགས་པའི་མ་མོ་བདུན༔ རྒྱལ་ཆེན་སྲིང་མོར་ཞལ་བཞེས་པའི༔ སྲིང་མོ་ཆེན་མོ་བཞི་རྣམས་དང༔ ཕྱོགས་བཅུར་ཁྱབ་པར་ལས་བྱེད་པའི༔ ཕོ་ཉ་སུམ་བརྒྱ་དྲུག་ཅུ་དང༔ རི་རབ་རྨངས་ནས་འདེགས་མཛད་པའི༔ དབང་གི་གྲུ་འདེགས་བཞི་རྣམས་དང༔ ཕ་རོལ་དམག་དཔུང་འཇོམས་མཛད་པའི༔ དམག་གི་རྒྱལ་མོ་ཆེན་མོ་བཞི༔ དཔལ་གྱི་བཀའ་སྡོད་ཁྱེད་རྣམས་ཀྱིས༔ དམ་རྫས་ཤ་ཁྲག་གཏོར་མ་ལོངས༔ རྣམ་ལྔའི་མཆོད་པ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ སྨན་དང་རཀྟ་གཏོར་མས་མཆོད༔ ཧོ༔ ལྷག་མའི་ལྷ་ཚོགས་དགོངས་སུ་གསོལ༔ ཕུད་དང་ལྷག་མ་བཞེས་སུ་གསོལ༔ དམ་ཚིག་ཉམས་ཆག་སྐོང་བར་མཛོད༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཕྲིན་ལས་རྒྱ་མཚོ་འགྲུབ་པར་མཛོད༔ ཡ་ཧི་གཙྪས་རང་གནས་གཤེགས༔ གཏོར་མ་མུ་རན་བར་དུ་བསྐྱལ༔ ཧཱུྃ༔ ལྷག་དཀྱིལ་རང་གི་སྙིང་གར་བསྡུ༔ སྲུང་མའི་གཏོར་མ་བྱིན་གྱིས་བརླབ༔ རཾ་ཡཾ་ཁཾ༔ བྷྲཱུྃ་ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ སྔོན་ཚེ་གསང་བའི་གནས་མཆོག་ཏུ༔ རྒྱལ་བ་སེམས་དཔའ་རྣལ་འབྱོར་མའི༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ བཀའ་ཡི་སྲུང་མ་འཁོར་དང་བཅས༔ དམ་རྫས་གཏོར་མ་འདི་ལོངས་ལ༔ ཞལ་བཞེས་དམ་བཅའ་དེ་བཞིན་དུ༔ སྒྲུབ་པའི་སྡོང་གྲོགས་ཕྲིན་ལས་མཛོད༔ བརྟན་མའི་གཏོར་མ་བྱིན་གྱིས་བརླབ༔ ཏྲཱཾ་རཏྣ་ཏྲཻ་ལོ་ཀྱ་ཕཊ༔ གཏོར་མ་རྡུལ་ཕྲན་རེ་རེ་བཞིན༔ རིན་ཆེན་གུར་ཁྱིམ་ལོངས་སྤྱོད་གྱུར༔ འབྲུ་གསུམ་དག་གིས་བྱིན་གྱིས་བརླབ༔ ཡང་དག་ཟླ་གམ་ལྔ་བཅུ་རྩ་བརྒྱད་པའི་བརྟན་མ་ནི༔ ཧཱུྃ༔ ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད༔ ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ༔ ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས༔ འདིར་བྱོན་དམ་སྐོང་དངོས་གྲུབ་སྩོལ༔ བརྟན་མ་སྐྱོང་མཛད་མ་དང་སྲིང༔ དཔལ་གནས་མ་དང་ཡང་དག་ཤེས༔ ཁྱུང་བཙུན་ཀོང་ལྷ་གཡུ་བུན་མ༔ མེ་ཏོག་ཟླ་འོད་བྱང་རྒྱལ་མ༔ གསེར་ཐང་ཀུན་བཟང་ཤཱནྟིང་དཔལ༔ ཀླུ་མོ་གཟི་འབར་ལ་སོགས་པའི༔ བརྟན་མ་བཅུ་གཉིས་འཁོར་དང་བཅས༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ སློབ་དཔོན་པདྨ་འབྱུང་གནས་དང༔ རླངས་ཆེན་དཔལ་གྱི་སེང་གེ་ཡི༔ སྤྱན་སྔར་ཁས་བླངས་དམ་བཅས་བཞིན༔ དམ་རྫས་བཀའ་ཡི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ལ་ལཱ༔ ལེ་ལེ༔ ཏཾ་ཏཾ༔ ཏེ་ཏེ༔ ཁ་རཀྨ༔ མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ་ཧཱུྃ༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ སྲུང་མ་གཙྪཿས་གཤེགས་པར་བྱ༔ གཏོར་གཞོང་སྦུབས་ལ་བྲོ་ཡང་བརྡུང༔ ཡཱ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ ཡེ་ཤེས་ཞི་བ་ཆེན་པོ་རྣམས༔ ཐུགས་རྗེ་ཆེན་པོས་བྲོ་བརྡུངས་པས༔ གཏི་མུག་རྡོ་རྗེ་འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན༔ ཉོན་མོངས་བདུད་དང་མི་མཐུན་ཚོགས༔ ཡུད་ཙམ་གྱིས་ནི་ཞི་མཛད་པའི༔ ཞི་བའི་ལས་རྣམས་འགྲུབ་པར་མཛོད༔ མཱ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ ངོ་མཚར་བརྗིད་པ་ཆེན་པོ་རྣམས༔ རྔམས་པའི་ཡིད་ཀྱིས་བྲོ་བརྡུངས་པས༔ ང་རྒྱལ་རྡོ་རྗེ་འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན༔ དཔལ་དང་གཟི་བརྗིད་ཆེན་པོ་རྣམས༔ ཡུད་ཙམ་གྱིས་ནི་རྒྱས་པར་མཛད༔ རྒྱས་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཝཾ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ༔ བདེ་བ་ཆེན་པོའི་གར་བསྒྱུར་རྣམས༔ ཆགས་པའི་ཡིད་ཀྱིས་བྲོ་བརྡུངས་པས༔ འདོད་ཆགས་རྡོ་རྗེ་འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན༔ རྒྱལ་བློན་ཕོ་མོ་འབྲུ་ནོར་རྣམས༔ ཡུད་ཙམ་གྱིས་ནི་དབང་དུ་སྡུད༔ དབང་གི་ཕྲིན་ལས་འགྲུབ་པར་མཛོད༔ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ འབར་བ་གཏུམ་ཆེན་རྔམ་པ་རྣམས༔ ཁྲོས་པའི་ཡིད་ཀྱིས་བྲོ་བརྡུངས་པས༔ ཞེ་སྡང་རྡོ་རྗེ་འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན༔ རུ་དྲ་དགྲ་བགེགས་མ་ལུས་པ༔ ཡུད་ཙམ་གྱིས་ནི་བརླག་པར་མཛད༔ དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ གཏང་རག་མཆོད་བསྟོད་ནོངས་པ་བཤགས༔ ཧཱུྃ༔ སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་དེ༔ ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང༔ མཆོག་དང་ཐུན་མོང་དངོས་གྲུབ་དམ་པ་རྣམས༔ བདག་ལ་བསྩལ་ཅིང་བརྟན་པར་བཞུགས་སུ་གསོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་དཀྱིལ་འཁོར་འོད་དུ་ཞུ༔ བདག་ལ་འདུས་ཤིང་བདག་ཉིད་ཀྱང༔ ཧཱུྃ་ལ་འདུས་ཤིང་མི་དམིགས་གྱུར༔ ཕཊ་ཕཊ་ཕཊ༔ སླར་ཡང་བདག་ཉིད་ཧེ་རུ་ཀ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ༔ སྤྱི་བོའི་ཧཾ་ཞུ་རྡོ་རྗེའི་གོ༔ མཛུབ་མོ་ཨོཾ་ཧཱུྃ་ཁྲོ་བོ་གཉིས༔ སྙིང་ཁ་ལྟེ་བ་ལྟག་པ་དང༔ དཔྲལ་བ་སྤྱི་བོའི་གནས་ལྔ་རུ༔ ཁྲོ་བོ་ལུ་གུ་རྒྱུད་དུ་གྱུར༔ ཧཱུྃ་ཏྲུཾ༔ ཨོཾ་བཛྲ་ཀ་པཱ་ལ་ཨ་བྷི་ཥིཉྩ་ཏྲཱཾ་ཏྲཱཾ༔ དབུ་རྒྱན་བཀོན་ལ་ཅོད་པན་ཡང༔ ཨོཾ་ཨཱརྻ་ལཾ་བྷོ་དྷ་ར་ཨ་བྷི་ཥིཉྩ་ཧྲཱིཿཧྲཱི༔ མཐིང་དམར་འཕྱང་ཞིང་འཕུར་བར་བསམ༔ ཡི་གེ་བརྒྱ་པས་བརྟན་པར་བྱ༔ ཤིས་པར་བྱ་ཞིང་དགེ་བ་བསྔོ༔ རྟག་ཏུ་ཏིང་འཛིན་མི་འབྲལ་བར༔ སྣང་སྲིད་དག་པ་ཆེན་པོ་རུ༔ འགྲོ་བའི་དོན་ལ་སྤྱོད་པར་བྱ༔ ཐབས་དེས་རིག་འཛིན་བཞི་གང་རུང༔ འགྲུབ་ནས་བླ་མེད་ས་མཆོག་ཐོབ༔ དེ་ཕྱིར་རྩེ་གཅིག་ཉམས་ལེན་བྱ༔ ས་མ་ཡ་རྒྱ་རྒྱ༔ ཁོ་བོ་མཆོག་གྱུར་གླིང་པས་ནམ་མཁའ་མཛོད་ནས་སྤྱན་དྲངས་ཤིང་ཟངས་ཤོག་ལས་ཞལ་བཤུས་པའོ། །སརྦ་མངྒ་ལཾ།། །།
གཏེར་ཆེན་མཆོག་གྱུར་གླིང་པའི་ཐུན་མོང་ཕྱི་ཡི་རྣམ་ཐར་བཀྲ་ཤིས་སྐྱེ་བ་ལྔ་པའི་དབྱངས་སྙན་ (Volume 65, Text 6)
༄༅། །གཏེར་ཆེན་མཆོག་གྱུར་གླིང་པའི་ཐུན་མོང་ཕྱི་ཡི་རྣམ་ཐར་བཀྲ་ཤིས་སྐྱེ་བ་ལྔ་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། ། ༄༅། །བཻམུཀྟྱཱཀཱཤཱཙྪམིཏསུཏལཾཛྙཱནསུརྻཔྲབྲྀདྡྷཾ། ལོཀཱཤེཥེཔྲྀཏྤྲཎཡབིཥམེཀཱརུཎཾརསྨིམུཀྟཾ། ༄༅། །རྣམ་གྲོལ་ཞི་བ་ནམ་མཁའི་དབྱིངས་ལས་ཡེ་ཤེས་ཉི་མའི་དཀྱིལ་འཁོར་རྒྱས། །འཇིག་རྟེན་ཀུན་ཏུ་ཐུགས་རྗེའི་འོད་ཟེར་མོས་པའི་ཡུལ་དང་འཚམ་པར་འཇུག །
༄༅། །ཨཛྙཱནཱནྟདྡྷསམཏུབཧིཏདྭིཛྙཱདྷཱཿཔདྨཕུལླཾ། ཤྲཱིམཾབཛྲདྷྀགྤདྨཔདིནམཿསརྦབུདྡྷསྭབྷཱབཿ ༄༅། །བདག་ལྟའི་མུན་པ་ཅིག་ཅར་བསལ་ཞིང་མཁྱེན་གཉིས་བློ་ཡི་པདྨོ་བྱེ། །སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང་དབང་དཔལ་ལྡན་པདྨའི་ཞབས་ལ་འདུད། ། ༄༅། །སྡེབ་སྦྱོར་རྐང་བཞི་མཉམ་པའི་བྲྀཏྟཱ་ཡི་གེ་བཅོ་བརྒྱད་པ་བསྟན་འཛིན་ལ་རྣམ་གྲངས་སྤྱིར་༩༦༢༡༤༤ཡོད་པ་ལས་བྱེ་བྲག་ཨུཏྟཱིཥྛ་༣༧༨༦༧ནས་ཟིན་པ་མེ་ཏོག་གཡོ་བའི་ཁྲི་ཤིང་གི་པྲསྟ་རས་བརྒྱན་པའོ། ། རབ་འབྱམས་ཕྱོགས་དུས་ཞིང་བཞུགས་རྒྱལ་བ་ཡི། །གསང་གསུམ་ཡོན་ཏན་ཕྲིན་ལས་གཅིག་བསྡུས་པ། །སངས་རྒྱས་གཉིས་པའི་རྒྱལ་ཚབ་གཏེར་ཆེན་རྗེ། །མཆོག་གྱུར་གླིང་པའི་ཞབས་ལ་གུས་ཕྱག་འཚལ། །སྔོན་སྨོན་བཙན་པོས་ཡབ་སྲས་བླ་སློབ་འབྲེལ། །ཐུགས་བསྐྱེད་བཙན་པོས་སྙིགས་མཐར་མདུན་ཞལ་རྒྱས། །ལས་སྐལ་བཙན་པོས་གནས་དུས་རྟེན་འབྲེལ་འཛོམས། །འཇམ་མགོན་གཏེར་ཆེན་རྣམ་གཉིས་ཕྱག་གི་ཡུལ། །གང་གི་ཐུགས་བསྐྱེད་སྨོན་ལམ་མཐུ་བཙན་པས། །རྩ་བའི་ཆོས་བདག་བཅུ་སོགས་ཟབ་གཏེར་མཛོད། །མཆོག་བསྟན་འཛིན་སྐྱོང་སྤེལ་ལ་དབང་བརྙེས་པའི། །ལས་ཅན་བརྒྱུད་འཛིན་ཡོངས་ལའང་གཅིག་ཏུ་གུས། །རྒྱལ་བའི་མཛད་པ་བསམ་གྱིས་མི་ཁྱབ་པར། །ཚད་དང་རིས་སུ་གཅད་པར་མི་དཔོག་ཀྱང་། །ཚུར་མཐོང་གདུལ་བྱའི་སྣང་ངོར་ཐུན་མོང་གི། །མཛད་འཕྲིན་རྣམ་ཐར་གང་དཔོག་འགོད་ལ་སྤྲོ། །དེའང་བགྲང་ཡས་བསྐལ་པ་རྒྱ་མཚོར་སེམས་ཅན་གྱི་དོན་ལ་སྐུ་གསུམ་གྱི་རོལ་གར་བསམ་གྱིས་མི་ཁྱབ་པས་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལ་རྟག་ཁྱབ་ལྷུན་གྲུབ་ཏུ་འཇུག་པའི། རྒྱལ་དབང་པདྨཱཀ་རའི་རྒྱལ་ཚབ་མཁས་གྲུབ་ཆེན་པོ་ལྷ་སྲས་དམ་འཛིན་ཆོས་ཀྱི་བློ་གྲོས་མུ་རུབ་བཙད་པོ་ཡེ་ཤེས་རོལ་པ་རྩལ་གྱི་རྣམ་འཕྲུལ་ཚད་མ་གསུམ་གྱིས་གྲུབ་ཅིང་། སྐྱེས་བུ་དམ་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བསྔགས་པའི་མེ་ཏོག་ཕྱོགས་དུས་ཞིང་ཁམས་ཀུན་ཏུ་ཁྱབ་པར་འཐོར་བས་དབུ་འཕང་མངོན་པར་མཛེས་པ། སྤྲུལ་པའི་གཏེར་སྟོན་ཆེན་པོ་༧མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་ཕྲིན་ལས་འགྲོ་འདུལ་རྩལ་གྱི་ཕྱི་ནང་གསང་བ་དེ་ཁོ་ཉིད་ཀྱི་རྣམ་པར་ཐར་པ་ཟབ་ཅིང་རྒྱ་ཆེ་བའི་ཏིང་ངེ་འཛིན་ཇི་བཞིན་དཔོག་པ་ནི། ཐམས་ཅད་མཁྱེན་གཟིགས་འཕགས་པའི་ས་ལ་བཞུགས་པ་མ་གཏོགས། སོ་སྐྱེའི་བློ་རྟོག་གིས་ནམ་མཁའ་འདོམ་འཇལ་ལྟ་བུ་གཞལ་བྱའི་མཐའ་མ་མཆིས་ཤིང་སངས་རྒྱས་སྐུ་ལ་བྱིས་པས་སོར་འཇལ་ལྟ་བུས་ཚད་གཟུང་རུང་བ་མ་ཡིན་མོད། ཅུང་ཟད་ཙམ་ཞིག་ཐུན་མོང་གི་སྤྱོད་ཡུལ་ཟབ་མོའི་གནས་གཏེར་གྱི་སྒོ་འཕར་འབྱེད་ཚུལ་སོགས་བསམ་ཤེས་རྣམས་ཀྱི་ཆུ་བུར་མིག་གིས་མཐོང་ཚུལ་རྒྱུ་མཚན་དུ་བྱས་ཏེ། གཙོ་བོར་ཕྱི་ཡི་རྣམ་ཐར་དང་འབྲེལ་བར་གསོལ་འདེབས་བཀྲ་ཤིས་འཁྱིལ་པའི་དབྱངས་སྙན་གྱི་ཚིག་དོན་རྒྱས་བསྡུས་འཚམ་པར་བཀྲོལ་བ་བཀྲ་ཤིས་སྐྱེ་བ་ལྔ་པའི་དབྱངས་སྙན་དུ་འབོད་པ་འདི་ཉིད་འཆད་པ་ལ་དོན་གསུམ། མཚན་གྱི་དོན། གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ལའང་གཉིས། རྣམ་ཐར་གྱི་སྒྲ་དོན་དང་། མིང་འདོག་པའི་རྒྱུ་མཚན་སྨྲོས་པའོ། །དང་པོ་ནི། རྣམ་ཐར་ཞེས་པའི་དོན་བི་མོཀྵའི་སྒྲ་ལས་དྲངས་ན། ཉེ་བསྒྱུར་བི་སྔོན་མའི་མུཙྪལླ་གྲོལ་བ་ལའོ་ཞེས་པའི་བྱིངས་དོན། འཁོར་བ་དང་ངན་སོང་ལས་གྲོལ་བ་ལྟ་བུ་དང་། མེ་ཏོག་རྒྱ་གྲོལ་ནས་ཁ་བྱེ་ཞིང་རྒྱས་པ་ལྟ་བུ་ལ་འཇུག་པས་ན། འདིར་ཕྱི་མའི་དབང་དུ་བྱས་ཏེ་པདྨ་རྣམ་པར་རྒྱས་པ་ལྟར་ལོ་རྒྱུས་གསལ་བར་མཚོན་པའི་དོན་ནོ། །གཞན་དུ་ན་ཐུན་མོང་མ་ཡིན་པའི་སྒྲ་དོན། ཐར་པའི་རྣམ་པ་སྟེ་ཐར་པའི་དྲ་འབག་ཅེས་བརྗོད་དེ། བླ་མ་སྐྱེས་བུ་དམ་པ་ཁྱད་པར་ཅན་གྱི་རྟོགས་པ་བརྗོད་པའི་དབུ་ཞབས་ཀྱི་དོན་མདོར་བསྡུ་ན་ཚོགས་ལམ་ནས་གཟུང་ལམ་ལྔ་ཡོངས་སུ་རྫོགས་པའི་བརྗོད་བྱ་དང་སྦྱར་ནས་གདམས་ངག་རྣམ་ཐར་གྱི་སྒོ་ནས་སྟོན་པའོ། །གཉིས་པ་མིང་འདོག་པའི་རྒྱུ་མཚན་ནི། སྐབས་འདིར་བཀྲ་ཤིས་པའི་རྫས་ཀྱི་མཆོག་ཆོས་དུང་གཡས་སུ་འཁྱིལ་པའི་དབྱངས་སྙན་པོའི་གཟུགས་སུ་བཀོད་པ་ལ་རྒྱུ་མཚན་ཡོད་དེ། ཆོས་དུང་དཀར་པོ་གཡས་སུ་འཁྱིལ་པའི་གཟུགས་སུ་བཀོད་པས། དཔེ་ཅན་དུས་གསུམ་གྱི་རྣམ་ཐར་གསལ་བར་མཚོན་པའི་ཕྱིར་བདེན་པར་གྲུབ་སྟེ། དུང་དཀར་གཡས་འཁྱིལ་ནི། སྐྱེ་བ་ལྔ་བར་མ་ཆད་པར་དུང་གི་གཟུགས་སུ་བཟུང་ནས་དབྱངས་ཀྱི་འགྱུར་བ་སྙན་པོས་ཡིད་ཅན་ཀུན་དགའ་བར་བྱེད་པ་ལྟར། སྤྲུལ་པའི་གཏེར་ཆེན་རིན་པོ་ཆེ་དེ་ཉིད་ཀྱང་སྐུ་སྐྱེ་བ་སྔ་མ་བརྒྱུད་མར་དམ་པའི་སྐྱེས་བུ་ཁོ་ནར་འཁྲུངས་ནས་གདུལ་བྱ་མཐའ་དག་གི་བསམ་པ་ཚིམས་པར་མཛད་པའི་ཕྱིར་བདེན་དོན་གྲུབ་ཅིང་། དུང་དཀར་གཡས་འཁྱིལ་ལ་ཁྱད་པར་འཕགས་པའི་ཆོས་གསུམ་ཡོད་པ་ལྟར། རྗེ་བཙུན་བླ་མ་འདི་ཉིད་ཀྱི་ད་ལྟའི་རྣམ་པར་ཐར་པའང་ཁྱད་འཕགས་གསུམ་དང་ལྡན་པའི་ཕྱིར། དེའང་ཡིན་ཏེ། དུང་དཀར་གཡས་འཁྱིལ་གྱི་མཚན་ཉིད་ཁ་དོག་དཀར་ཞིང་བཀྲ་ཤིས་པའི་རྫས་མཆོག་ཏུ་གྲུབ་པ་ལྟར། རྒྱུ་ཐུགས་བསྐྱེད་ཁྱད་འཕགས་སྙིགས་དུས་ཀྱི་བསྟན་འགྲོའི་དོན་ལ་ཐུགས་བསྐྱེད་གཅིག་ཏུ་དཀར་ཞིང་དགོངས་པ་གང་ལ་གཏད་པའི་དེ་དང་དེར་གནས་སྐབས་དང་མཐར་ཐུག་གི་བཀྲ་ཤིས་པ་ཐམས་ཅད་འབྱུང་བའི་ཕྱིར་དང་། བྱེད་ལས་སྒྲ་དབྱངས་སྙན་པར་སྒྲོག་པ་ལྟར། ངོ་བོ་ཐུགས་བསྐྱེད་དང་ཕྲིན་ལས་དབྱེར་མི་ཕྱེད་པའི་རྣམ་ཐར་ཁྱད་འཕགས་སྔོན་མེད་ཟབ་གཏེར་གྱི་གསང་བའི་མཛོད་ཆེན་པོ་འཆང་བའི་རྟོགས་པ་བརྗོད་པ་སྐལ་བཟང་གང་གིས་ཐོས་ཀྱང་ཡིད་འཕྲོག་པ་དང་། སྙིགས་དུས་རྒུད་པའི་རིམས་ནད་ཀྱི་གདུང་བ་འཇིལ་བ་དང་། སྲིད་ཞིའི་དགེ་མཚན་འདོད་རྒུར་སྦྱིན་པའི་ཕྱིར་བདེན་དོན་ཡོངས་སུ་གྲུབ་སྟེ། དེ་ལྟ་བུའི་མཚན་ཉིད་དང་རྣམ་པ་དང་བྱེད་ལས་གསུམ་ཀ་ཁྱད་པར་དུ་འཕགས་པའི་ཆོས་དུང་གཡས་སུ་འཁྱིལ་པ་དེ། འབྱུང་འགྱུར་གྱི་ཆར་ཡང་ལྷ་ཀླུ་མིའི་གནས་གང་དུ་སྣང་བ་དེར་བཀྲ་ཤིས་ཀྱི་དཔལ་ཕུན་སུམ་ཚོགས་པ་སྦྱིན་པ་ལྟར། རྒྱུ་དང་། འབྲས་བུ་དང་། ངོ་བོ་གསུམ་ག་ཁྱད་པར་འཕགས་པའི་རྣམ་ཐར་མངའ་བ་རྗེ་བཙུན་བླ་མ་དམ་པས་ཀྱང་། སྐུ་སྐྱེ་བ་ཕྱི་མའི་རྣམ་འཕྲུལ་མཐའ་ཡས་གང་དང་གང་དུ་སྣང་བ་དེ་དང་དེའི་གདུལ་བྱ་མཐའ་དག་ལ་ཕན་པ་དང་བདེ་བའི་བཀྲ་ཤིས་འདོད་རྒུར་སྦྱིན་པའི་ཕྱིར་མཚན་དོན་དང་འབྲེལ་བའོ།། །།གཉིས་པ་གཞུང་དོན་ལ། དྲང་ངེས་ཀྱི་རྣམ་ཐར་མདོར་བསྟན་པས་ངོ་མཚར་བའི་གཏམ་བཅུ་དང་འབྲེལ་བར་རྒྱས་པར་བཤད་པ་སྟེ། དེ་ལ་ཐོག་མར་དགེ་བ་སྐུ་སྐྱེ་བ་སྔ་མའི་རྣམ་ཐར་དང་ངེས་དོན་གནས་ལུགས་ཀྱི་རྣམ་ཐར་མདོ་ཙམ་མཚོན་པ། བར་དུ་དགེ་བ་དྲང་དོན་སྣང་ལུགས་སྐུ་ཚེ་འདི་ཉིད་ཀྱི་རྣམ་ཐར་སྤྲོས་ཏེ་བཤད་པའོ། །དང་པོ་ནི། སྐུ་སྐྱེ་བ་སྔ་མའི་ཚུལ་ལས་བརྩམས་པའི་སྐྱེས་རབས་ཀྱི་ཕྲེང་བའི་རྩ་བ་ལུང་ལས་བྱུང་བ་དང་ཁ་སྐོང་དག་པའི་གཟིགས་སྣང་དུ་ཤར་པ་ཟུང་དུ་འབྲེལ་བའི་གསོལ་འདེབས་མུ་ཏིག་དམར་པོའི་ཕྲེང་བ་དང་དེའི་ཟིན་ཐུན་བཻ་ཌཱུརྱའི་མདོ་འཛིན་དང་བཅས་པ་ལས་གསལ་ཞིང་། དྲང་ངེས་ཀྱི་དབྱེ་བའི་ཐུན་མིན་ངེས་དོན་གནས་ལུགས་གཞི་འབྲས་དབྱེར་མི་ཕྱེད་པ་མ་ནོར་བའི་དེ་ཁོ་ན་ཉིད་ཐུགས་རྒྱུད་ལ་བཞུགས་པའི་ཡོན་ཏན་མཚོན་ཕྱིར། གཞུང་རྣམ་ཐར་གསོལ་འདེབས་དབུར། ཀུན་ཁྱབ་བདེ་ཆེན་འོད་གསལ་ཆོས་ཀྱི་སྐུ། །འཁོར་འདས་སྙིང་པོ་མི་ཤིགས་ཐིག་ལེ་ཆེ། །དངོས་པོ་ཀུན་གྱི་ཁྱབ་བདག་གདོད་མའི་མགོན། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་ཤྭ་ལོ་ཀ་གཅིག་གིས་ཐུན་མིན་ངེས་དོན་གནས་ལུགས་ཀྱི་རྣམ་ཐར་བསྡུས་དོན་འགོད་པར་མཛད་པའི་དགོངས་དོན་ནི་དམ་པ་རྣམས་ཀྱི་སྤྱོད་ཡུལ་ལ་སོ་སྐྱེའི་ཐ་སྙད་བློ་རྟོག་གིས་ཁ་ཚོན་གཅོད་པ་འོས་བབ་མ་འབྲེལ་ཞིང་། གཉིས་པ་བར་དུ་དགེ་བ་དྲང་དོན་སྣང་ལུགས་ཀྱི་སྒོ་ནས་དབྱེ་ན་སྐུ་ཚེ་འདི་ཉིད་ཀྱི་རྣམ་ཐར་ངོ་མཚར་བའི་གཏམ་བཅུ་དང་འབྲེལ་བར་འཆད་པ་སྟེ། དེའང་བཅུ་ནི། རྒྱལ་བའི་མྱུ་གུ་གཞོན་ནུའི་དུས་ཀྱི་ངོ་མཚར་བའི་གཏམ་དང་།༡ ལས་འཕྲོ་བཟང་པོའི་རིགས་ཐོག་མར་སད་པའི་ངོ་མཚར་བའི་གཏམ།༢ ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང་འབྲེལ་བས་ཐུགས་རྒྱུད་འབྱོངས་ཚུལ་ངོ་མཚར་བའི་གཏམ།༣ སྐྱེས་ཐོབ་ཀྱི་མཁྱེན་གཉིས་ཀློང་ནས་བརྡོལ་བའི་ངོ་མཚར་བའི་གཏམ།༤ སྦྱོར་བྱུང་སྤོང་བ་བསམ་གཏན་གྱི་འཁོར་ལོ་དང་འབྲེལ་སྒྲུབ་པ་ནན་ཏན་དུ་མཛད་པའི་ངོ་མཚར་བའི་གཏམ།༥ དག་པའི་གཟིགས་སྣང་རབ་འབྱམས་སུ་ཤར་བའི་ཚུལ་ལས་བརྩམས་པའི་ངོ་མཚར་བའི་གཏམ།༦ ཟབ་མོ་གཏེར་གྱི་འཁོར་ལོས་སྒྱུར་བ་ཆེན་པོར་གྲུབ་པ་ངོ་མཚར་བའི་གཏམ།༧ སློབ་ཚོགས་དང་ཆོས་བདག་དམ་པ་རིས་མེད་དུ་བྱུང་ཚུལ་གྱི་ངོ་མཚར་བའི་གཏམ།༨ ཐུན་མོང་དང་མཆོག་གི་བྱ་བ་ལས་ཀྱི་འཁོར་ལོའི་ཕྲིན་ལས་མཁའ་ཁྱབ་ཏུ་རྒྱས་པའི་ངོ་མཚར་བའི་གཏམ།༩ འདི་མཇུག་དོན་དང་འབྲེལ་བར་འཆད།་་་་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོ་མངོན་དུ་མཛད་པའི་ཚུལ་གྱི་ངོ་མཚར་བའི་གཏམ་༡༠རྣམས་ནི་རྣམ་ཐར་གསོལ་འདེབས་ཀྱི་གཞུང་ལས་འབྱུང་བ་ལྟར་དེ་དག་རྒྱས་པར་གྱུ་རུ་ལུགས་སུ་བཤད་པ་སྤྲོ་ན། ཨོ་རྒྱན་སངས་རྒྱས་གཉིས་པའི་ཐུགས་ཀྱི་སྲས། །སོགས་ཚིག་བཅད་ཀྱིས་བསྟན་པའི་དོན་རིམ་པར་འོག་ནས་གསལ་བ་དང་། བྱེ་བྲག་དུས་གསུམ་དུ་སྦྱར་བའི་དབང་དུ་བྱས་ན་གཞུང་ལས། གདོད་ནས་རབ་ཞིའི་བདུད་རྩི་བརྙེས་གྱུར་ཀྱང་། །སོགས་ཤྭ་ལོ་ཀ་གཅིག་གིས་བསྟན་ཏེ། འདས་དང་མ་འོངས་ད་ལྟ་སྟེ་དུས་གསུམ་དུ་སྐུ་གསུང་ཐུགས་རྫུ་འཕྲུལ་གྱི་བཀོད་པ་ཚད་ལས་འདས་པས་འདུལ་བཞིའི་ཆོ་འཕྲུལ་ཆེན་པོའི་སྒོ་ནས། སྤྱིར་འགྲོ་བའི་དོན་མཛད་པ་སྟེ། འཇིག་རྟེན་གྱི་ཁམས་རྣམས་སུ། དུས་ཅིག་ཅར་དུ་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་མཆོག་གི་སྤྲུལ་པའི་སྐུ་དང་། བྱང་སེམས་ཉན་རང་པཎ་གྲུབ་རིག་འཛིན། དགེ་སྦྱོང་རྒྱལ་པོ་རྒྱལ་ཕྲན་བློན་པོ། བྲམ་ཟེ་ཁྱིམ་བདག །བྱ་དང་རི་དྭགས་ལ་སོགས་པར་སྤྲུལ་པ་སྐྱེ་བ་སྤྲུལ་པའི་སྐུ་དང་། བཟོ་གནས་བཅོ་བརྒྱད་ལ་སོགས་ཀྱིས་ཕན་པ་སྒྲུབ་པ་བཟོ་སྤྲུལ་པའི་སྐུ་དང་། ནོར་བུ། ཟས། གོས། སྨན། རི་བོ། ལྗོན་ཤིང་། གྲུ་གཟིངས། ཟམ་པ་སོགས་བེམ་པོའི་གཟུགས་སུ་སྤྲུལ་ནས་སེམས་ཅན་རྣམས་ལ་འཕྲལ་ཡུན་གྱི་ཕན་བདེ་སྟེར་བར་མཛད་པ་ནི། སྒྱུ་འཕྲུལ་རྒྱས་པ་ལས། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་ཕྲིན་ལས་བསམ་མི་ཁྱབ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས། །གདུལ་བྱ་རྣམས་ནི་ཆུད་མི་གསོན། །ངན་སོང་སྦྱོང་ཞིང་བྱང་ཆུབ་ཞིང་། །ཡེ་ཤེས་ཚོགས་རྫོགས་སྐུ་རུ་སྟོན། །ཞེས་གསུངས་པ་ལྟར། འདུལ་བཞིའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་མཛད་པ་དང་། ཁྱད་པར་སྐུ་སྐྱེས་རབས་སྔ་མའི་འཕྲོར། ཐུན་མོང་གི་སྣང་ངོར་ལྗོངས་འདིར་འགྲོ་དོན་མཛད་ཚུལ་ཡང་གཞུང་ལས། ཁྱད་པར་གངས་ཅན་མངའ་བདག་ཁྲི་སྲོང་རྗེའི། །སོགས་ཚིག་བཅད་ཀྱིས་མཚོན་ཏེ། དེའང་། ཁྱད་པར་བོད་གངས་ཅན་གྱི་ལྗོངས་འདིར་བསྟན་འགྲོའི་དོན་དུ། ཆོས་རྒྱལ་མེས་དབོན་གསུམ་གྱི་བར་མ་རྗེ་བཙུན་འཕགས་པ་འཇམ་དཔལ་མི་གཟུགས་སུ་བྱོན་པའི་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་སྲས་ཀྱི་ཚུལ་བཟུང་བའི། ས་བཅུའི་དབང་ཕྱུག་ལྷ་སྲས་མུ་རུབ་བཙད་པོ་ཉིད་ཡེ་ཤེས་ཀྱི་སྐུར་གྱུར་ཏེ་མཆོག་གི་དངོས་གྲུབ་བརྙེས་ཤིང་། སླར་ཡང་སྤྲུལ་པའི་གཏེར་ཆེན་སངས་རྒྱས་གླིང་པ་སོགས་ངོ་མཚར་རྨད་དུ་བྱུང་བའི་སྒྱུ་འཕྲུལ་གར་བརྒྱས་རོལ་ཚུལ་རྒྱས་པར་སྐྱེ་ཕྲེང་ལྟར་དང་། སྐུ་སྐྱེ་བ་འདི་ཉིད་ལ། རྒྱུ་ཐུགས་བསྐྱེད་ཁྱད་འཕགས། འབྲས་བུ་ཕྲིན་ལས་ཁྱད་འཕགས། དབྱེར་མི་ཕྱེད་པ་རྣམ་ཐར་ཁྱད་འཕགས་ཏེ། ཁྱད་འཕགས་གསུམ་དང་ལྡན་ཚུལ་ཡང་གཞུང་ལས། ཐུགས་བསྐྱེད་ཁྱད་འཕགས་སྙིགས་མའི་འགྲོ་ལ་དགོངས། །སོགས་ཚིག་བཅད་གཅིག་གི་མཚོན། ཞིབ་པར་སྨྲོས་ན། གཏེར་ཆེན་སངས་རྒྱས་གླིང་པའི་དགོང་འདུས་གཏེར་ལུང་ལས། དེ་ནས་རྒྱ་གར་ཡུལ་གྱི་ཤར་ལྷོ་རུ༔ བུདྡྷའི་མིང་ཅན་སྔགས་ཀྱི་གྲུབ་པ་བརྙེས༔ མི་ལོ་བརྒྱ་དང་ཉེར་ལྔར་འགྲོ་དོན་མཛད༔ ཚེ་འཕོས་བདེ་བ་ཅན་དུ་ལོ་བརྒྱར་གནས༔ པདྨ་འོད་དུ་པདྨ་བདག་གི་དྲུང༔ དམ་པའི་ཆོས་ཉན་བོད་ཁམས་སྐྱོབ་ཕྱིར་དུ༔ ཁམས་ཀྱི་ལྷོ་རྒྱུད་ས་ཁམས་འགྲུ་ཡི་རུས༔ གླང་གི་ལོ་པ་ཟབ་མོའི་གཏེར་ལ་སྤྱོད༔ མཆོག་གྱུར་མིང་ཅན་འགྲོ་དོན་དཔག་མེད་བྱེད༔ ཅེས་དང་། ཨོ་རྒྱན་དྲི་མེད་ཀུན་དགའི་གཏེར་ལུང་ལས། ཡར་སྟོད་གྲྭ་ཡི་ལ་བར་དུ༔ རཏྣ་ཨོ་རྒྱན་མཚན་འཆང་བ༔ མཆོག་གཏེར་ཆོས་ལ་ལོངས་སྤྱོད་པ༔ ཆོས་བདག་པདྨའི་ཐུགས་སྤྲུལ་འབྱུང༔ ཞེས་དེ་དང་ཚིག་དོན་མཚུངས་པར་རོང་སྟོན་པདྨ་བདེ་ཆེན་གླིང་པའི་གཏེར་ལུང་ལས་བྱུང་ཞིང་། ཆོས་རྒྱལ་རཏྣ་གླིང་པའི་གཏེར་ལུང་ལས། སེམས་བསྐྱེད་དག་པས་འགྲོ་དོན་སྒྲུབ་ལ་བརྩོན༔ དེ་འདྲའི་གཏེར་བདག་སྐྱེས་མཐའི་སེམས་པ་སྟེ༔ གཏེར་སྟོན་མཆོག་མིང་གྲུབ་ཐོབ་མངོན་གྱུར་གྱིས༔ བཟང་ངན་འབྲེལ་བ་ཐམས་ཅད་དོན་དང་ལྡན༔ གཏན་དུ་འགྲོགས་ན་ཐར་ལམ་སྨྲོས་ཅི་དགོས༔ ཞེས་དང་། ཡང་རཏྣའི་སྤྱི་ལུང་མ་འོངས་ཆོས་བདག་རྣམ་བཅུའི་གྲས་སུའང་། ནོར་བུའི་མིང་ཅན་ཁམས་ཀྱི་ལྷོ་ཕྱོགས་འབྱུང༔ ཞེས་དང་། རྡོར་གླིང་གཏེར་ལུང་ལས། སྔགས་པ་གོས་དཀར་ཞི་བའི་ཚུལ༔ ནོར་བུའི་མིང་ཅན་གཏེར་ལ་སྤྱོད༔ ཅེས་སོགས་དང་། གཞན་ཡང་ཚད་ལྡན་གྱི་གཏེར་ལུང་དུ་མ་ནས་གསལ་བར་བསྟན་པ་གང་ཉིད། དེའང་རྣམ་ཐར་གཞུང་ལས། མདོ་སྟོད་ས་ཡི་ཐིག་ལེར་བསམ་བཞིན་དུ། །སོགས་ཚིགས་སུ་བཅད་པའི་དོན། གནས་ཕུན་སུམ་ཚོགས་པ་མདོ་ཁམས་སྒང་དྲུག་ཕྱུག་གི་ས་ཆ་ལས། གནས་ཆེན་ཡེར་སྟོད་དང་འབྲེལ་བར་སྐྱེས་ལྷ་དགྱེས་ཆེན་བཞིའི་ར་བ་གསང་གཞུང་ས་ཡི་ཐིག་ལེར། རིགས་རུས་སོགས་ཆེ་རྒྱུད་ཕུན་སུམ་ཚོགས་པ་མི་དབང་ནང་ཆེན་ཆིང་ཧུའི་ཆོས་བློན་བོད་རུས་ཆེན་རྣམས་ཀྱི་ཡ་གྱལ་ཨ་ལྕགས་འགྲུ་ཡི་རིགས་རྒྱུད་ལས་གྱེས་པའི་ཡབ། སྐྱེས་སྦྱོར་ནུས་སྟོབས་ཀྱི་ཡོན་ཏན་ཕུལ་ཕྱིན་སྡོམ་པ་སྔགས་འཆང་པདྨ་དབང་ཕྱུག །ཡུམ་བླ་མ་དཀོན་མཆོག་ལ་དད་མོས་ཀྱི་འདུན་པ་འཕོ་འགྱུར་མེད་ཅིང་རང་རྒྱུད་འཇམ་པས་ངན་ཧྲུལ་དམན་པའི་རིགས་ལ་བྱམས་ཤིང་ཟས་སྐོམ་སོགས་གཏོང་བའི་ལག་ཡངས་པ་དང་ལྡན་པ་ནོར་མ་བཟའ་ཚེ་རིང་གཡང་མཚོ་གཉིས་ཀྱི་སྲས་སུ་སྐྱེ་བ་བཞེས་ཤིང་། སྣོད་ལྡན་གྱི་གདུལ་བྱ་འདུལ་བའི་དུས་ཕུན་སུམ་ཚོགས་པར་གཟིགས་ཏེ། ས་མོ་གླང་ལོ་ཆུ་སྟོད་ཟླ་བའི་ཚེས་བཅུ་རྒྱལ་ཕུར་གྱི་འགྲུབ་སྦྱོར་བཟང་པོར། རྟེན་ཕུན་སུམ་ཚོགས་པ་རྡོ་རྗེའི་ལུས་སྐྱོན་མེད་པར་འཇའ་འོད་མེ་ཏོག་གི་ཆར་སོགས་ལྟས་བཟང་པོ་དང་བཅས་ཏེ་སྐུ་འཁྲུངས། རྣམ་ཐར་ཕུན་སུམ་ཚོགས་པ་གཞོན་ནུའི་སྐབས་སུའང་ཕལ་པའི་འདུ་ཤེས་བྱིས་པའི་བསམ་སྤྱོད་ཆལ་ཆོལ་གྱི་ཡུལ་ལས་འདས་ཤིང་། དམ་པའི་སྤྱོད་ཚུལ་བཟང་པོའི་རྣམ་ཐར་གསལ་བར་སད་པ་ལ་བརྟེན་ནས་ཡི་གེ་བྲི་ཀློག་སྦྱང་བརྩོན་གྱི་སྐོར་སོགས་ཚེགས་ཆུང་ངུས་ལེགས་པར་མཁྱེན་ཅིང་བླ་དྭགས་ཀྱི་མཚན་ནོར་བུ་བསྟན་འཛིན་དུ་གསོལ། གཞན་གྱིས་བསྐུལ་བ་པོ་མེད་ཀྱང་ཐུགས་དམ་གྱི་རིམ་པ་མང་དུ་གནང་། གནམ་ཆོས་མི་འགྱུར་རྡོ་རྗེ་ཉིད་འགྲོ་བའི་དོན་དུ་སྤྲུལ་པའི་གཟུགས་སུ་སྣང་བ་ལྷོ་ཀུན་བཟང་མཆོག་སྤྲུལ་མདུན་གཙུག་ཕུད་ཕུལ་བས་མཚན་དཀོན་མཆོག་བསྟན་འཛིན་དུ་བཏགས། ཕྱིས་ཀྱི་བར་ཡོངས་གྲགས་ཀྱི་མཚན་འདི་ཡིན་པ། དཀོན་མཆོག་གི་ལེགས་སྦྱར་རཏྣ་ཞེས་གོང་གི་ལུང་དོན་དང་འབྱོར་བ་ཡིན་ནོ། །དེའང་གཞུང་། བཅུ་གསུམ་བཞེས་ཚེ་ཨོ་རྒྱན་དངོས་སུ་མཇལ། །སོགས་ཤྭ་ལོ་ཀས་མཚོན་ཞིབ་པར། གཏེར་ཆེན་ཉིད་དགུང་གྲངས་བཅུ་གསུམ་བཞེས་སྐབས་ལྕགས་མོ་གླང་གི་ལོའི་དཔྱིད་ཀའི་དུས། བཞུགས་གནས་གཡང་འཁྱིལ་གྱི་ཉེ་ལོགས་མ་ཎི་ཁ་ཞེས་པར་རོལ་རྩེད་དུ་འབྱོན་པའི་སྐབས་ཨོ་རྒྱན་རིན་པོ་ཆེ་ཡབ་ཡུམ་དངོས་སུ་མདུན་མཁར་བྱོན་ནས། དེ་སྐོར་ས་ཆ་སོགས་ལ་ཅི་མིང་དྲི་བ་ལྟར་མཛད་པ་ལ། སོ་སོར་ཕར་ལན་ཞུས་པར། ས་ལ་མ་ཎི་ཁ། ཁྱོད་ལ་ནོར་བུ་བསྟན་འཛིན། ལུང་པ་ལ་ཨཱརྻ་ནང་ཟེར་བས། ཁྱོད་ལ་འཇིག་རྟེན་ན་ཁྱད་པར་འཕགས་པ་ཞིག་འོང་ཞེས་ལུང་བསྟན་ནས་འཇའ་ལྟར་ཡལ། སྔ་ཕྱིར་ས་གཏེར་གྱི་གཏེར་ཁ་སུམ་བཅུ་རྩ་བདུན་ཙམ་བཞེས་པ། སྤྱིར་འགའ་ཞིག་གསང་རྒྱའི་བབས། ལ་ལ་ཡང་གཏེར་དུ་སྦས་པ་སོགས་ཞིབ་པར་ཅུང་སྨྲོས་དཀའ་བ་ཙམ་སྣང་རུང་། འཇམ་མགོན་བླ་མ་རྣམ་གཉིས་སོགས་དཔོན་སློབ་ཐུན་མོང་གི་སྤྱོད་ཡུལ་དུ་གྱུར་པ་གཙོ་ཆེར་མང་ཞིང་དེ་དག་ཞིབ་པར་སྨྲོས་པ། དེ་དང་གོང་སྨྲོས་དགུང་གྲངས་བཅུ་གསུམ་ཐོག་ཟབ་གཏེར་རྗེས་གནང་གི་ལུང་བསྟན་ཐོབ་མཚམས་གཏེར་གནས་བྲག་དཀར་རྫོང་ཆུང་ནས། གཏེར་གྱི་ཐོག་མ། ལྷ་སྲས་ཀྱི་དགོངས་འདུས་བཀའ་རྟགས་རྡོ་རྗེ་མེ་ལོང་ཐུགས་དམ་སྒྲུབ་ཐབས་ཉེར་བཞི་སོགས་ཐོག་མར་བཞེས། ཕྱིས་མེ་ལོང་བློ་གྲོས་མཐའ་ཡས་མདུན་དང་། རྡོ་རྗེ་ཀུན་གཟིགས་རིན་པོ་ཆེའི་མདུན་ཕུལ། གུ་རུ་དྲག་པོ་ཧཱུྃ་དམར་སྙིང་ཐིག་སོགས་དགོངས་གཏེར་མང་པོ་ཐུགས་ཀྱི་ཀློང་ནས་བརྡོལ། གཞུང་། ཀར་འབྲུག་འབྲི་སྟག་ཡབ་སྲས་གཙོར་གྱུར་པའི། །སོགས་ཤྭ་ལོ་ཀའི་བསྟན་དོན། རྒྱལ་དབང་ཀརྨ་པ་ཐེག་པ་མཆོག་གི་རྡོ་རྗེ། སི་ཏུ་པདྨ་དབང་ཆེན། མཁན་ཆེན་བསྟན་པ་རབ་རྒྱས། འཇམ་མགོན་བློ་གྲོས་མཐའ་ཡས། འབྲུག་ཆེན་ཐམས་ཅད་མཁྱེན་པ། འབྲི་གུང་ཆོས་ཉིད་ནོར་བུ། སྟག་ལུང་མ་རིན་པོ་ཆེ་ངག་དབང་བསྟན་པའི་ཉི་མ་ཡབ་སྲས་གཙོར་གྱུར་པའི་རིས་མེད་ཚད་མའི་སྐྱེས་ཆེན་དུ་མ་བསྟེན་ནས། མཉེས་པ་གསུམ་གྱི་སྒོ་ནས་མདོ་སྔགས་བདུད་རྩིའི་བཅུད་གདམས་མང་པོ་ཐུགས་ཀྱི་དཔལ་བེར་བསྐྱིལ་བ་མདོ་ཙམ་དང་། ཞིབ་པར་ན་གཏེར་ལུང་དང་གསུང་སྒྲོས་མཐུན་པར། ཕྱི་སོ་ཐར་གྱི་སྡོམ་པ་འབོགས་པའི་མཁན་པོ། ནང་བྱང་ཆུབ་ཏུ་ཐུགས་བསྐྱེད་པའི་དགེ་བའི་བཤེས་གཉེན། གསང་བ་རྡོ་རྗེ་ཐེག་པའི་དབང་གིས་ཡེ་ཤེས་སྨིན་པར་མཛད་པའི་རྡོ་རྗེ་སློབ་དཔོན། མཐར་ཐུག་ངེས་དོན་རྫོགས་པ་ཆེན་པོའི་གནས་ལུགས་ངོ་སྤྲོད་པའི་རྩ་བའི་བླ་མ་སྟེ། ཐོག་མར་བཀའ་དྲིན་ཆེ་བའི་ཡོངས་འཛིན་བཞི་ཞེས་གསུངས་པའི་གཙོས་གདམས་ཟབ་གང་ལས་གསན་པའི་སྐོར་དགུང་གྲངས་ཀྱི་དུས་དང་བསྟུན་ནས་རིམ་པར་བཀོད་པ་གོ་བདེ་བས་དེ་ལྟར་ན། གོང་གསལ་དགུང་གྲངས་བཅུ་གསུམ་པར། ལོ་ཙཱ་བ་ཆེན་པོ་སྐ་བ་དཔལ་བརྩེགས་ཀྱི་རྣམ་འཕྲུལ་སྟག་ལུང་མ་རིན་པོ་ཆེ་འདོད་འཇོ་སྤྲུལ་པའི་སྐུ་འདུལ་འཛིན་བྱེ་བའི་ཁྱུ་མཆོག་ངག་དབང་བསྟན་པའི་ཉི་མ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་པར་མཛད། ལོ་དེའི་དགུན་ཤེལ་བྲག་མདའ་ནས་ཁ་བྱང་བྱུང་བ་ལྟར། དགུང་གྲངས་བཅུ་བཞི་པར་བསམ་ཡས་མཆོད་རྟེན་དཀར་པོ་ནས་ཟབ་གཏེར་བཞེས་པ་རྟེན་འབྲེལ་གྱི་བབ་ལས་སླར་ཡང་གཏེར་དུ་སྦས་པར་མཛད། ཉི་ཤུ་པ་ས་སྤྲེལ་དབྱུག་པ་ཟླ་བའི་ཚེས་བཅུར་ཟླ་ཉིན་ཁ་ལ་རོང་སྒོའི་བྲག་དཔལ་ཆེན་པོའི་ཞབས་འོག་མི་འགྱུར་བའི་ཕ་བང་སྨུག་པོ་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གསང་གཏེར་དུ་བཞེས། དགུང་ལོ་ཉེར་གཅིག་པ་ས་མོ་བྱ་ཡི་ལོ་ཁྲུམས་སྟོད་ཟླ་བའི་ཚེས་བཅུའི་ཉིན་གུང་ཙམ་ན། ན་བུན་རྫོང་ནས་པདྨ་གཙུག་ཏོར་དང་མཐོང་གྲོལ་ཆོས་རྒྱལ་གྱི་གདུང་རུས་ལས་གྲུབ་པའི་ཐུགས་རྗེ་ཆེན་པོའི་སྐུ་སོགས་སྤྱན་དྲངས། དེའང་རྣམ་ཐར་གཞུང་ལས། པད་འབྱུང་དངོས་སྣང་པདྨ་དབང་ཆེན་དང་། །སོགས་ཚིག་བཅད་ཀྱིས་མཚོན། དགུང་གྲངས་ཉེར་ལྔའི་ཐོག །དེའང་། ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་གྱི་ལུང་བྱང་ལས། དེ་དུས་ཆོས་བདག་ཇི་ལྟར་འབྱུང་བ་ནི༔ གསེར་ལྡན་འབབ་པའི་གཡོན་འགྲམ་དཔལ་རིའི་སྤོར༔ ང་ཡི་གསུང་སྤྲུལ་པདྨ་ཉིན་བྱེད་ཅེས༔ རྒྱལ་བའི་གདུང་འཚོབ་སྒྲུབ་པའི་རྒྱལ་མཚན་བཙུགས༔ དུས་མཐའི་མུན་རུམ་ནང་དུ་སྒྲོན་མེ་བཞིན༔ ལྷ་སྲས་ཉིད་ཀྱིས་ཉེར་ལྔའི་དུས་སུ་མཇལ༔ སྦ་གསང་མེད་པར་བློ་གཏད་དེ་རུ་སྐྱོལ༔ དེ་ནས་མ་བསྒྲིག་ལྷུན་གྲུབ་རྟེན་འབྲེལ་མང༔ ཞེས་གསུངས་པ་ལྟར་རྗེ་ཉིད་ཉེར་ལྔ་བཞེས་པའི་ཆུ་གླང་ཆོ་འཕྲུལ་ཟླ་བར་པདྨ་ཉིན་བྱེད་དབང་པོའི་ཞལ་དངོས་སུ་མཇལ། ཕུར་པ་དབང་ཆེན་བཞད་པ་སོགས་ཕུལ། སྐུ་མདུན་རིན་པོ་ཆེ་ནས་ཀྱང་། སྔ་ཕྱིར་བར་ཆད་སེལ་བ་དང་ཞབས་པད་བརྟན་པའི་རྟེན་འབྲེལ་སྒྲིག །གཏེར་སྒྲུབ་དང་གསང་རྒྱ་སོགས་ཚད་ལྡན་མཐར་ཕྱིན་དགོས་པའི་བསླབ་སྟོན་ནར་མར་བསྩལ། ཕུར་པ་ཕུར་ཁང་ཆེན་མོར་དབལ་མདོས་སྐབས་སྒྲུབ་རྟེན་དུ་གནང་བ་སོགས་ཐུགས་མཐོང་ཆེ་བར་མཛད། དེའི་སྔ་སོར་རྗེ་ཉིད་ཀྱི་ཡང་གཏེར་ཧཱུྃ་དམར་སྙིང་ཏིག་གཟིགས་ལམ་ཕུལ་སྐབས་རྡོར་དྲིལ་རྙིང་མ་ལེགས་པ་དང་གསེར་ཞོ་ལྔ་སོགས་བསྩལ་ནས་གཏེར་སྒྲུབ་ལ་བསྐུལ་བ་དང་། ལོ་དེའི་སྨིན་ཟླའི་ཡར་ཚེས་ལ་གནས་ཆེན་རི་བོ་དབང་ཞུའི་ཉེ་འདབས་སུ་ཕེབས་ནས། རཏྣའི་ཐུགས་སྒྲུབ་ཡང་གསང་བླ་མེད་ཀྱི་སྒྲུབ་ཆེན་སྤྲོས་མེད་ཀུ་སཱ་ལའི་ལུགས་ཀྱིས་སྨིན་པར་མཛད་པས། དེ་སྐབས་དཔོན་སློབ་ཉུང་ངུ་ལས་མེད་པས་རྣམ་གཡེང་ཆུང་ཞིང་སྒྲུབ་པ་གནད་ལ་འགྲོ་བ་དང་། གུ་རུ་རིན་པོ་ཆེའི་ཞལ་མཇལ་བ་སོགས་ཐུགས་ཚིམས་པར་བྱུང་ཞེས་ཀུན་གཟིགས་རིན་པོ་ཆེར་ཞལ་འཕྲོས་མཛད། དགུང་གྲངས་བཅུ་གཉིས་པར་དཔལ་ལྡན་དཔའ་བོ་བརྒྱད་པ་གཙུག་ལག་ཆོས་ཀྱི་རྒྱལ་པོས། བླ་མ་དགོངས་འདུས་ཐུགས་སྒྲུབ་ཚ་བ་དམར་ཐག་དང་། ལས་བྱང་མེ་ཏོག་ཕྲེང་མཛེས་ཀྱི་དཔེ་ལུང་བྱིན་རླབས་ནན་དུ་གནང་ནས་འདི་ཉམས་བཞེས་མཛད་ན་ལེགས་པ་གདམས་ཤིང་དོན་གྱི་གཏེར་རྒྱུད་གཏད་པས་གེགས་སེལ་དངོས་གྲུབ་ཀྱི་རྟགས་མཚན་མཆོག་ཏུ་བརྙེས། གོང་སྨྲོས་དགུང་ལོ་ཉེར་ལྔའི་ཆུ་མོ་གླང་གི་ལོའི་ཧོར་ཟླ་དྲུག་པའི་ཚེས་བཞི་རྒྱལ་བས་ཆོས་འཁོར་བསྐོར་བའི་དུས་སུ། གཉག་ཛྙཱ་ན་ཀུ་མཱ་རའི་རྣམ་འཕྲུལ་སྡོམ་བརྩོན་བྱང་ཆུབ་སེམས་དཔའ་ཆེན་པོ་མཁན་ཆེན་ཟླ་བཟང་མཆོག་གི་སྤྲུལ་པའི་སྐུ་ངེས་དོན་བསྟན་པ་རབ་རྒྱས་ལས་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་ཆེད་དུ་བཞེས་ཤིང་ལོ་གསུམ་དུ་ཤ་མི་བཞེས་པ་སོགས་དམ་བཅའ་བརྟན་པར་མཛད། བདག་བས་གཞན་གཅེས་ཀྱི་བྱང་ཆུབ་སེམས་མཆོག་རྩོལ་མེད་དུ་འཁྲུངས། ཟླ་བ་དེའི་དམར་ཕྱོགས་ཀྱི་མཁའ་འགྲོ་འདུ་བའི་དུས་སུ་རྒྱལ་བས་ལུང་གིས་བསྟན་པའི་ལོ་ཆེན་བཻ་རོའི་རྣམ་འཕྲུལ་འཛམ་གླིང་ཤིང་རྟ་ཆེན་པོ་༧བློ་གྲོས་མཐའ་ཡས་པདྨ་གར་གྱི་དབང་ཕྱུག་རྩལ་ལས་སྨིན་གཏེར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྨིན་དབང་ཆེད་དུ་གསན་པས་བདེ་སྟོང་ཟུང་འཇུག་དོན་གྱི་སྔགས་སྡོམ་མངོན་དུ་མཛད་པ་དང་། གཞུང་། ཁྱད་པར་འཇམ་མགོན་མཁྱེན་བརྩེའི་དབང་པོ་དང་། །སོགས་ཚིག་བཅད་ཀྱི་དོན་གོང་གསལ་ལོ་དེའི་དབྱུག་པ་ཟླ་བའི་ཡར་ངོའི་ཚེས་བརྒྱད་ཀྱི་ཉིན་ཐམས་ཅད་མཁྱེན་གཟིགས་༧འཇམ་མགོན་མཁྱེན་བརྩེའི་དབང་པོའི་ཞལ་ཐོག་མར་མཇལ། ཆོས་རྒྱལ་ཁྲི་སྲོང་ནས་བཟུང་སྐྱེ་ཕྲེང་བདུན་དུ་ཡབ་སྲས་འབྲེལ་བའི་ལས་ཀྱི་འཕྲོ་གསལ་བར་སད་ནས་སྔོན་གྱི་གནས་རྣམས་རྗེས་སུ་དྲན་པའི་ངོ་མཚར་དུ་མ་དང་། བར་ཆད་སེལ་བའི་ཆེད་ཆོས་དབང་ཕུར་པ་ཡང་གསང་སྤུ་གྲི་འབར་བའི་དབང་བསྐུར་གྱིས་དགུང་སྐེག་སེལ་བའི་རྟགས་མཚན་བཟང་པོའི་ཐོག་དྲངས། སེམས་ཀློང་མན་ངག་སྡེ་གསུམ་གཙོ་བོར་གྱུར་པའི་བཀའ་གཏེར་དག་སྣང་བླ་རྫོགས་ཐུགས་གསུམ་གྱི་སྐོར་སོགས་རྒྱ་ཆེར་གསན། ཐུགས་ཡིད་གཅིག་ཏུ་འདྲེས། ཐུགས་སྒྲུབ་བདེ་གཤེགས་ཀུན་འདུས་དང་། བར་ཆད་ཀུན་སེལ་མ་བུ་ཟུང་དུ་བསྡེབས་ནས་ཆོས་མཛོད་ཆེན་མོའི་ཟབ་གསང་ཐོག་མར་དབྱེ་བར་མཛད་པ་ནས་བརྩམས། ཟབ་མོའི་གཏེར་དང་། གནས་དང་། ཉམས་རྟོགས་སོགས་ངོ་མཚར་རྟེན་འབྲེལ་གྱི་སྒོ་འཕར་བརྒྱ་ཕྲག་འབྱེད་པར་མཛད་པ་སྟེ། དེའང་། རྟེན་འབྲེལ་མདོ་ཆིངས་ལས། ནམ་མཁའ་མཛོད་དུ་སྦས་པའི་གཏེར་ཁ་རྣམས༔ མི་གཞག་འདོན་པའི་སྐྱེས་བུ་སྨོན་ལམ་ཅན༔ ལྷ་སྲས་ཁྱོད་ཀྱི་སྐྱེ་བའི་ཐ་མ་འབྱུང༔ དེ་དུས་ལོ་པཎ་རྗེ་འབངས་ཕལ་ཆེར་འཛོམ༔ ཁྱད་པར་མངའ་བདག་ཡབ་སྲས་མཇལ་ནས་སུ༔ གཅིག་གྲོགས་གཅིག་བྱེད་ལས་འཕྲོ་རིམ་པར་སད༔ ང་ཡི་གདམས་པ་མཐར་ཐུག་རྣམས་དང་མཇལ༔ དག་པའི་སྣང་བར་ང་ཉིད་དངོས་དང་འཕྲད༔ གསང་སྔགས་གདམས་པའི་ལག་ལེན་དམར་ཁྲིད་སྟོན༔ རང་ཉམས་བླངས་པས་འབད་མེད་གྲུབ་པ་ཐོབ༔ དངོས་གྲུབ་བརྙེས་པའི་སློབ་མ་མང་དུ་འབྱུང༔ ཞེས་སོགས་ལུང་བྱང་ཕྱི་ནང་གསང་བ་མང་པོ་ཤིན་ཏུ་གསལ་བས་ཡིད་ཆེས་བརྟན་པའི་གནས་སུ་གྱུར། དེ་ནས་དགུང་ལོ་ཉེར་དྲུག་པ་ཤིང་ཕོ་སྟག་གི་མགོ་ཟླ་བའི་ནང་ཀུན་གཟིགས་རིན་པོ་ཆེའི་མདུན་ཆེད་དུ་བྱོན་ནས་ཟླ་གཅིག་ལྷག་ཙམ་བཞུགས། དབང་ཆོས་མང་པོ་དང་། བྱེ་བྲག་རྫོགས་པ་ཆེན་པོ་ཡང་ཏིག་ཡིད་བཞིན་ནོར་བུའི་དབང་ཁྲིད་ལུང་གསུམ་སྨིན་པར་གསན་པས། སྤྲོས་མེད་དབང་གི་ཡེ་ཤེས་དབབ་པའི་དུས། བླ་མ་ཉིད་བི་མ་ལར་དངོས་སུ་སྣང་བའི་སྤྱི་བོར་མཁའ་འགྲོ་མས་རྨ་བྱའི་གདུགས་གཟུང་བ་དང་མཁའ་འགྲོའི་ཚོགས་མང་པོས་གཡོན་བསྐོར་དུ་བྱེད་པ་གཟིགས། རྗེས་ངོ་སྤྲོད་དུས་རིག་པ་རྗེན་པར་ངོ་འཕྲོད་གསུངས། དབང་ཁྲིད་ཚར་རྗེས་བཀའ་གཏད་པའི་ཚུལ་གྱིས་སྔགས་སྲུང་མའི་སྲོག་དབང་ཕུལ་སྐབས་ཨེ་ཀ་ཛཱ་ཊི་དངོས་སུ་གཟིགས་ཤིང་ས་གཡོ་བ་ལྟ་བུའི་ཟིལ་ཆེ་བ་བྱུང་། དཔོན་སློབ་གཉིས་ཆར་ལ་ལོ་གསུམ་གྱི་མཚམས་དངོས་གྲུབ་ཆེན་པོ་སྦྱིན་པར་གསུངས་པ་རྫོགས་ཆེན་སྡེ་གསུམ་གྱི་ཟབ་གཏེར་ཐོན་པའི་སྔ་ལྟས་སུ་སྣང་བར་གསུངས། ཁྱད་པར་གཞུང་ལས། སྐྱེ་བས་ཐོབ་པའི་དྲི་མེད་ཡེ་ཤེས་སྤྱན། །སོགས་ལས་གསལ་བ་ལྟར། སྐྱེས་ཐོབ་ཀྱི་མཁྱེན་པའི་ཡོན་ཏན་ཉི་མ་དང་འོད་ཟེར། ཟླ་བ་དང་བདུད་རྩི། ཙན་དན་དང་དྲི་བསུང་བཞིན་དུ་འདུ་འབྲལ་སྤངས་པར་ཡེ་ནས་རང་ཆས་སུ་གནས་པས་དྲང་ངེས་འཁོར་འདས་ཀྱི་ཆོས་རྣམས་ལྐོག་ཏུ་མ་གྱུར་པས། ཇི་ལྟ་བ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་རྟོགས། ཇི་སྙེད་པའི་མདོ་རྒྱུད་ཀྱི་ཚིག་དོན་ཟབ་རྒྱས་ནས་བརྩམ་སྟེ་ཆོ་ག་ཕྱག་ལེན། བརྡ་དང་ཐ་སྙད་ཕྲ་མོ་ཚུན་ཆད་མ་འདྲེས་པར་གཟིགས་པ་ཙམ་གྱིས་མཁས་དང་གྲུབ་པར་རློམ་ཀུན་ཟིལ་གྱིས་གནོན་པའི་མཁྱེན་གཉིས་ཡེ་ཤེས་ཀྱི་རྩལ་ཆེན་པོ་དང་ལྡན་པར་གྱུར། དགུང་ལོ་ཉེར་བདུན་ཤིང་ཡོས་དབྱུག་པ་ཟླ་བར་ཀུན་གཟིགས་རིན་པོ་ཆེའི་མདུན་ཆེད་ཕེབས་ཀྱིས་ཕུར་པ་འཁོན་ལུགས་ཀྱི་བཀའ་དབང་གསན་པས་ཟབ་གཏེར་གྱི་བར་ཆད་འབྱུང་པོ་སུམ་ཅུ་རྩ་གཅིག་བསྒྲལ་པའི་མནལ་ལྟས་ལེགས་པར་བྱུང་གསུངས། ཁྱད་པར་ཡང་དག་ལྷ་དགུའི་དབང་ཆེན་གསན་པས་ནམ་མཁའ་ཐམས་ཅད་མཐིང་ཞུན་གྱི་མདོག་ཏུ་གྱུར་པའི་དབུས་བླ་མ་ཧེ་རུ་ཀཿདངོས་སུ་སྣང་བ་སྤྱི་བོ་ནས་ཐིམ་པའི་ཉམས་ཤར་བས་སྙིང་གི་རྩ་མདུད་གྲོལ། དེའང་། གསུང་ངག་ལམ་འབྲས་པས། མོས་གུས་ཅན་བྱིན་རླབས་ཀྱི་ཁམས་འདུས་ཤིང་རྩ་མདུད་གྲོལ་བ་དང་། འདུས་པ་འཕགས་ལུགས་ཀྱི་མན་ངག་ལས་ཕྱག་རྒྱ་སྲོག་རྩོལ་གྱི་གནད་གསུངས་པ་དང་རྗེས་སུ་མཐུན་པའི་ངོ་མཚར་ཆེ་བར་བྱུང་། རྡོ་རྗེའི་མགུར་གླུ་ཐོགས་མེད་དུ་བརྡོལ། སྔོན་ཆད་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བརྡ་ཡིག་གཏན་ལ་འབེབ་དཀའ་བར་བྱུང་བ་དེ་ནས་གཟུང་སྟེ་ཚེགས་མེད་ཁྲོལ་བ་དང་། ཀུན་གཟིགས་རིན་པོ་ཆེར་བཀའ་བབས་པའི་ཐུགས་སྒྲུབ་བདེ་གཤེགས་འདུས་པ་དང་དོན་གཅིག་ཏུ་བབས་པར་མ་ཟད། ཚིག་རིས་ཕལ་ཆེར་ཀྱང་ཤིན་ཏུ་མཐུན་པར་བྱུང་སྟེ། གྲོལ་ཏིག་དགོངས་པ་རང་གྲོལ་གྱི་གཏེར་ལུང་ལས། གསང་བའི་ལུང་བསྟན་མ་གཏོགས་ཞུ་དག་ཕེར༔ གཅིག་ལ་གཅིག་ཡིད་ཆེས་པས་འཁྲུལ་པ་བྲལ༔ ཞེས་མངའ་རིས་པཎ་ཆེན་རིན་པོ་ཆེའི་ཟབ་གཏེར་རིག་འཛིན་ཡོངས་འདུས་དང་། ཀུན་མཁྱེན་པྲ་ཛྙཱ་རསྨིའི་གྲོལ་ཏིག་དགོངས་པ་རང་གྲོལ་ཕན་ཚུན་དག་དང་ཚུལ་མཐུན་པར་གཅིག་ལ་གཅིག་ཡིད་ཆེས་ཤིང་། བརྡ་བསྒྱུར་ལས་ཇི་ལྟར་འབྱུང་བ་མ་གཏོགས་ཚིག་གཅིག་གི་ལྷད་ཀྱང་མེད་པར་གཏན་ལ་ཕབ། གཏེར་སྒྲུབ་ཀྱང་ལྷན་དུ་མཛད་པས་གུ་རུ་ཡབ་ཡུམ་གྱིས་དངོས་སུ་རྗེས་སུ་བཟུང་བའི་དག་སྣང་མཐའ་ཡས་པ་ཤར། ལྷག་པར་གཏེར་ཁ་དུ་མའི་ཁ་བྱང་བྱུང་བ་སོགས་དཔག་པར་དཀའ་བའི་རྟེན་འབྲེལ་གྱི་སྒོ་མང་དུ་འགྲིགས། ཀུན་གཟིགས་རིན་པོ་ཆེས་ཀྱང་དགུན་དེར་བླ་མ་སྐུ་གསུམ་གྱི་བསྙེན་སྒྲུབ་མཛད་པས་ཚེ་འཕྲང་ཞི་བ་དང་། ཟབ་ཆོས་འདི་ཉིད་ཁྱབ་བརྡལ་དུ་རྒྱས་པའི་རྟེན་འབྲེལ་མཆོག་ཏུ་གྱུར་པར་གསུངས། དེ་མཚམས་རི་བོ་དབང་ཞུའི་དབུ་རྩེ་སློབ་དཔོན་རིན་པོ་ཆེའི་སྒྲུབ་གནས་དཀར་འཛོང་བྲག་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་བར་ཆད་སེལ་བའི་ལྷ་བཞི་གསང་གཏེར་དུ་བཞེས། དེ་མཚམས་རི་བོ་དབང་ཞུའི་ཞོལ་ནམ་མཁའི་སྙིང་པོའི་སྒྲུབ་ཕུག་གི་སྒོ་གོང་ནས་ཐུབ་པའི་རིང་བསྲེལ། བྲག་ཕུག་མཱ་ར་ཏི་ཀའི་ས་སྣ་བཅས་བཞེས་པར་མཛད། གཞུང་། ས་སྤྱོད་གསུང་གི་འཁོར་ལོ་སོགས་ནས། ཅི་བཅོལ་བཀའ་བཞིན་སྒྲུབ་ལ་གསོལ་བ་འདེབས། བར་གྱི་ཚིག་དོན་རྣམས་རིམ་བཞིན་དགུང་ལོ་ཉེར་བརྒྱད་པའི་སོས་ཀ་ཀརྨའི་དམ་ཅན་བྲག་ནས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞི་ཁྲོ་སོགས་ཐུགས་དམ་ཟབ་པ་སྐོར་བདུན་ཞེས་རྒྱུད་ལུང་མན་ངག་ཡོངས་སུ་རྫོགས་པའི་ཟབ་ཆོས་ངོ་མཚར་ཅན་དང་། དབྱར་དུས་ཁམས་ཀྱི་གླ་བ་རྐང་གཅིག་དུ་གྲགས་པ་ཡེ་རྒྱལ་ནམ་མཁའ་མཛོད་ཆོས་ཀྱི་སྒྲོམ་ཆེན་ནས་དེའི་ཆ་ལག་གཙོ་བོར་གྱུར་པའི་ཟབ་ཆོས་མཐའ་ཡས་པ་དང་། སྐུ་ཚབ་རྣམ་གཉིས་སོགས་དང་། སྟོན་ཟླ་འབྲིང་པོར་སླར་ཡང་ཁ་བྲག་དཔལ་ཆེན་པོའི་དབུའི་གསེང་ནས་ཐུགས་སྒྲུབ་གྱི་མདོ་བྱང་དང་གནས་ཡིག་སོགས་དང་། དམ་རྫས་བཀའ་རྒྱ་མ་གཏེར་དུ་བཞེས། དབྱུག་པ་ཟླ་བར་མིག་དབྱེ་བྲག་ནས་བྲམ་ཟེ་ཁྲག་འཐུང་ནག་པོའི་དབུ་ཐོད་གཏེར་ནས་སྤྱན་དྲངས། རྒྱལ་ཟླ་བའི་ནང་ཀུན་གཟིགས་མཁྱེན་བརྩེའི་དབང་པོ་དང་ཞལ་འཛོམ་གྱིས་སྨད་ཤོད་འཛམ་ནང་པདྨ་ཤེལ་ཕུག་ནས་དམ་ཆོས་རྫོགས་ཆེན་སྡེ་གསུམ་ཁྲོམ་གཏེར་དུ་སྤྱན་དྲངས། འདི་ནས་གཟུང་གཏེར་ཁ་ཕལ་ཆེར་ཁྲོམ་གཏེར་དུ་མཛད། དེའི་ཚེས་བཅུར་གནས་ཀྱི་དབུ་རྩེ་ནས་རིག་འཛིན་དགའ་རབ་རྡོ་རྗེའི་སྤྲུལ་པའི་གདུང་རྟེན་དང་། སྙིང་ཏིག་རྣམས་འཕྲལ་གཏེར་དུ་བཞེས། གནས་མཆོག་པདྨ་ཤེལ་ཕུག་གི་འདབས་སུ་བཀའ་བརྒྱད་རྫོང་འཕྲང་གི་སྒོ་ནས་སྨན་སྒྲུབ་མཛད་སྐབས། ནམ་ཟླ་དགུན་སྒང་ཡིན་ཡང་དབྱར་དུས་ལྟར་དྲོད་ཕེབས་པ་དང་། སྨན་ལ་ཕབས་བཏབ་པ་སོགས་བརྗེད་ཀྱང་ལེགས་པར་ལངས་ཤིང་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པ་སོགས་བྱུང་། ཟབ་བདུན་གཏེར་ཤོག་ཕབ་གྲུབ་འཕྲལ་སྒྲུབ་གནས་ཁྱད་པར་ཅན་རྣམས་སུ་བྱོན་ནས་སོ་སོའི་གཏེར་སྒྲུབ་རྟགས་ཐོན་མཛད། དགུང་གྲངས་ཉེར་དགུར་སོན་པའི་སྐབས་སྡེ་དགེ་ལྷུན་གྲུབ་སྟེང་དུ་བཀའ་བརྒྱད་བདེར་འདུས་དང་རྫོང་འཕྲང་ཟུང་འབྲེལ་གྱི་སྨན་སྒྲུབ། ས་ག་ཟླ་བར་ཀརྨར་བཀའ་བརྒྱད་ཀྱི་སྨན་སྒྲུབ། དབྱུག་པ་ཟླ་བར་ཡང་ཕུར་གྱི་སྒྲུབ་ཆེན་མཛད། ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ལ་དཔའ་བོ་དབང་ཆེན་བྲག་ནས་གནས་ཆེན་ཉེར་ལྔའི་མདོ་བྱང་དང་། ཟླ་བ་དེ་ནང་གི་ཚེས་དགུ་ལ་ཡོན་ཏན་སྐུ་གནས་སེང་ཆེན་གནམ་བྲག་གི་གནས་ཀྱི་དབུ་རྩེ་ནས་ཟབ་གཏེར་གྱི་ཁ་བྱང་། མཚོ་རྒྱལ་སྙིང་ཏིག་ལྷན་ཅིག་པ་དང་། ཚེས་བཅུ་དགུ་ལ་བྲག་གོང་མོ་འོག་མ་ནས་ལུང་ཆེན་རྡོ་རྗེ་བཀོད་པ་སོགས། དམ་ཆོས་ཤོག་སྡེ་དྲུག་དང་གསང་བའི་གླེགས་བམ། ཨོ་རྒྱན་རིན་པོ་ཆེའི་དབུ་ཞྭ། ལྷ་སྲས་ཕྱག་ཐམ། ཐུབ་པའི་དབང་པོའི་སྐུ་ཆོས། དགའ་རབ་རྡོ་རྗེའི་ཆོས་སྨན་སོགས་ཆོས་དང་རྟེན་དང་དམ་རྫས་ཀྱི་གཏེར་ཆེན་ཁྲོམ་གཏེར་དུ་བཞེས། ཚེས་ཉི་ཤུ་ལ་དེའི་བྲག་རིན་ཆེན་འབར་བ་ནས་རྗེ་འབངས་ཉེར་ལྔའི་ཆོས་སྨན་གྭའུ་གང་དང་ཆོས་སྐོར་ཞིག་ཀྱང་བཞེས། ཚེས་ཉེར་གཉིས་ལ་སྨན་རྐྱལ་འདྲ་བའི་བྲག་ནས་སྨན་གྱི་གཏེར་དང་ཤོག་སེར་ཞིག་ཀྱང་བཞེས་ཤིང་སྨན་ཀུན་གཟིགས་རིན་པོ་ཆེར་ཕུལ། ཤོག་སེར་གསང་བར་མཛད། སེང་བྲག་གི་གཏེར་ཁ་ཐམས་ཅད་ཁྲོམ་གཏེར་ཁོ་ན་ཡིན། ལྷོ་ཟླའི་ཕྱོགས་འཛི་སྨད་མཁའ་འགྲོ་ཤེལ་ཕུག་ནས་མཁན་པོའི་སྐུ་ཆོས་ལ་བྲིས་པའི་གནས་ཡིག་དང་། རྒྱལ་བ་མཆོག་དབྱངས་སྙན་རྒྱན་སོགས་དང་། ཀེ་རོང་རྡོ་རྗེ་ཅོང་ཕུག་ནས་ཨོ་རྒྱན་ཡབ་ཡུམ་གྱི་ཚེ་རྫས་གཟི་སྒྲོམ་དང་ཁ་བྱང་འགའ་ཞིག་བཞེས། སྨིན་དྲུག་ཟླ་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ཉེར་ལྔའི་ཉི་ཤར་ལ་གནས་མཆོག་ཀརྨའི་འབུམ་རྫོང་གི་པདྨའི་དབང་ཕུག་ནས་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་སྐོར་བཞི་དང་དམ་རྫས་ཀྱི་སྐོར་བཞེས། མཚོ་ནང་ནས་ཀླུ་བདུད་ཁ་ལ་རཀྴས་ཆོས་སྐྱོང་སྐོར་གྱི་རྡོ་སྒྲོམ་དངོས་སུ་གཏད། གནས་ཕུག་གི་གཏིང་ཨོ་རྒྱན་བཞུགས་ཁྲི་ནས་རང་བྱུང་ཐུགས་རྗེའི་སྒྲོལ་སྐུ། བྲམ་ཟེ་པྲ་བྷ་ཧསྟིའི་སྐུ་ཤ་རིལ་བུ། ཟུར་གཟའི་ཐུགས་དམ་སྐོར་དྲུག ཁྱད་པར་ཀུན་གཟིགས་བླ་མ་རིན་པོ་ཆེས་གཏེར་གྱི་ཁ་བྱང་བཅས་ཞུ་བསྐུལ་མཛད་པའང་དུས་དེར་ཐོན་ནས་ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལུང་མན་ངག་གི་སྐོར་ཁྱད་པར་འཕགས་པ་སོགས་སྤྱན་དྲངས། སངས་རྒྱས་སྟོང་རྩ་ཞལ་གཟིགས་པའི་སྐབས་སུ་བསྟན་པའི་བཙས་སུ་དང་། མཆོད་སྡོང་ཆེན་པོར་དབུགས་དབྱུང་བསྩལ་པ་ལྟར་འདི་ཙམ་གྱིས་ཀྱང་གུ་རུ་རིན་པོ་ཆེའི་བསྟན་པ་དང་། དེར་འཛིན་ལ་བྱ་བ་བྱས་པར་རློམ་པར་ལགས་གསུངས་ནས་གནད་དོན་གསང་བ་མཆོག་གི་ཐུགས་དགོངས་སུ་སྦས་པར་མཛད་པས་ཐུན་མོང་གི་སྤྱོད་ཡུལ་དུ་མ་གྱུར་ཏོ། །དགུང་གྲངས་སུམ་ཅུ་པ་ས་ཕོ་རྟའི་ལོར་འོག་མིན་ཀརྨར་བཀའ་བརྒྱད་སྨན་སྒྲུབ་མཛད་པས་འཇའ་འོད་ཀྱི་རྟགས་མཚན་ངོ་མཚར་བ་བྱུང་། སྨན་སྒྲུབ་འོད་འབར་མ་ཞེས་བཏགས། དཔལ་རི་བོ་ཆེ་རྙིང་མ་གྲྭ་ཚང་དུ་འོག་མིན་ཚོགས་ཆེན་འདུས་པའི་སྒྲུབ་པ་དང་འབྲེལ་བར་མདོ་དབང་ཆེན་མོ་སྨིན་རྒྱས་སུ་བསྩལ། འོག་མིན་ཀརྨའི་དཔལ་གྱི་དེའུ་ནས་མ་མོ་རོལ་པའི་ཕོ་བྲང་གི་སྒོ་གོང་ནས་མ་མོ་སྤྱི་བསྡུས་དང་སྐུ་གསུང་ཐུགས་ཀྱི་རིལ་བུ་སོགས་སྤྱན་དྲངས། ལོ་དེའི་དབྱུག་ཟླའི་ཚེས་བཅུར་ཀུན་མཁྱེན་བླ་མ་རིན་པོ་ཆེར་སྔ་ཕྱིར་གསལ་སྣང་དང་ལུང་བསྟན་བྱུང་བ་ལྟར་གཏེར་ཆེན་རིན་པོ་ཆེར་ཞབས་བསྐུལ་ཞུས་པ་བཞིན། ཀེ་ལ་ནོར་བུ་སྤུན་གསུམ་གྱི་བྲག་རི་རིན་ཆེན་འབར་བ་ནས་བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་བསམ་པ་ལྷུན་གྲུབ་མའི་ཆོས་སྐོར་གུ་རུའི་སྐུ་ཚབ་དང་བཅས་པ་དང་། སྨིན་ཟླའི་ནང་གོ་སྟོད་འོད་འབར་བྲག་ནས་དམ་རྫས་ཕྲིན་ལས་རོལ་པ་སྒྲུབ་ཁོག་དང་བཅས་པ་དང་། ཆོས་སྐྱོང་ཡིད་བཞིན་ནོར་བུ་རྒྱལ་ཆེན་རྣམ་སྲས་ཀྱི་སྐོར་སོགས་སྤྱན་དྲངས། ལོ་མཇུག་ཏུ་སྡེ་དགེའི་རྒྱལ་ཁབ་ཆེན་པོའི་ཉེ་ལོགས་ལྕང་ལོ་ཅན་དུ་བཀའ་བརྒྱད་བདེར་འདུས་ཀྱི་སྒྲུབ་ཆེན་དབང་བསྐུར་དང་བཅས་པ་མཛད། དགུང་གྲངས་སོ་གཅིག་པ་ས་མོ་ལུག་ལོའི་འགོར་དཔའ་བོ་དབང་ཆེན་བྲག་གི་ཉེ་འདབས་སུ་ཐུགས་སྒྲུབ་དགོངས་པ་ཀུན་འདུས་ཀྱི་སྒོ་ནས་སྨན་སྒྲུབ་མཛད། དཔལ་སྤུངས་འདུ་ཁང་ཆེན་མོར་ཐུགས་རྗེ་ཆེན་པོ་གསང་འདུས་དང་གཏེར་གསར་ཟབ་བདུན་རྟ་མགྲིན་ཟུང་འབྲེལ་གྱི་སྒྲུབ་ཆེན་དང་དབང་བསྐུར་མཛད། དེ་ནས་རིམ་གྱིས་གནས་ཆེན་མཁའ་འགྲོ་འབུམ་རྫོང་དུ་ཕེབས། རི་བོ་ཆེ་པས་ཡོན་སྦྱར་ཏེ་ཐུགས་སྒྲུབ་ཀྱི་སྨན་སྒྲུབ་རྣམས་མཛད། སྤྲེལ་ཟླའི་ཚེས་བཅུར་དཔལ་སྤུངས་ཡང་ཁྲོད་དེ་ཝི་ཀོ་ཊ་ཙ་འདྲ་རིན་ཆེན་བྲག་ནས་གསང་ཐིག་སྙིང་པོའི་སྐོར་དང་གནས་ཡིག །བདེ་བར་གཤེགས་པ་ཐམས་ཅད་ཀྱི་གདུང་གི་རིལ་བུ་དམ་རྫས་རིན་པོ་ཆེའི་ཏོག་རྣམས་བཞེས། ལོ་དེའི་སྟོན་དགུན་སྐབས་སྒ་སྟོད་མེ་སེང་རིན་ཆེན་ཤེལ་བྲག་ནས་སཱཙྪ་གསེར་མགོ་གཡུ་གཤམ་གུ་རུ་རིན་པོ་ཆེའི་ཚེམས་ལས་གྲུབ་པའི་རིང་བསྲེལ་རྡོག་གཅིག །བོད་ཀྱི་གནས་ཆེན་དང་གནས་ཕྲན་གཏེར་ཁ་མང་པོའི་ཁ་བྱང་། རྡོ་ཏི་གངས་དཀར་གྱི་གནས་ཡིག་སོགས་བཞེས་པ་འགའ་རེ་ཕབ། གཞན་སྤེལ་བར་མ་གནང་། སྒ་སྟོད་གཡུ་བྲག་ནས་བི་མ་མི་ཏྲའི་སྒྲོལ་དཀར་ཚེ་རྫས་ཟླ་བའི་སྙིང་པོ་དང་ཐུགས་སྒྲུབ་སྙིང་པོ་སོགས་བཞེས། གསང་རྒྱ་ཤིན་ཏུ་དམ་པར་མཛད། གནས་འདི་བདུད་འདུལ་གྱིས་གནས་སྒོ་ཕྱེས་ཤིང་གནས་ཡིག་ཀྱང་ཡོད། གཏེར་ཆེན་རིན་པོ་ཆེས་གནས་ཆེན་ཉེར་ལྔའི་ནང་ཚན་སྐུའི་ཕྲིན་ལས་ཀྱི་གནས་ཧེ་བྲག་ཏུ་ངོས་འཛིན་པར་མཛད་པ་ཡིན། ལོ་དེའི་དཔྱིད་སོས་བར་དཔའ་འོག་འབུར་མོ་གནས་ནས་གུ་རུ་ཡབ་ཡུམ་གྱི་བྱང་སེམས་རིལ་བུ་དང་། མཚོ་རྒྱལ་གསང་གསེར། ལོ་དེའི་དགུན་རྒྱམ་རྒྱལ་གཡུ་མཚོ་ནས་རྫོགས་པའི་སངས་རྒྱས་འོད་སྲུང་གི་རིང་བསྲེལ་སོགས་སྤྱན་དྲངས་སོ། །དེའང་གཞུང་། བླ་མ་སྐོར་གསུམ་སོགས་ནས། ཐར་པའི་ཁ་ལོ་སྒྱུར་ལ་གསོལ་བ་འདེབས། །ཞེས་པའི་བར་གྱིས་མཚོན། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གནས་གཏེར་བརྒྱ་རྩའི་བཀའ་བབ་ཅིང་། སྐུ་རྟེན་གུ་རུའི་སྐུ་ཚབ་དངོས་དང་། སངས་རྒྱས་བྱང་སེམས་ཡི་དམ་གྱི་སྣང་བརྙན་དངོས་ཉེར་ལྔ་ཙམ་བཞེས་ཤིང་། ཁྱད་པར་གཏེར་ཁ་སྔ་མ་རྣམས་སུ་མ་གྲགས་པ་གུ་རུའི་སྐུ་ཚབ་ཀྱི་རྒྱུ་གཏེར་ནས་བཞེས་པ་ལས་ཕྱག་སྤར་དུ་བཏབ་པའི་སྐུ་ཚབ་གཉིས་པ་རྒྱ་ཆེར་སྤེལ་བ་དང་། གསུང་གི་རྟེན་ནི་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བའི་ཆོས་སྡེ་མཐའ་ཡས་པ་ཞིག་བྱོན་པ་སྟེ། སྙིང་ཐིག་གཅིག་པུའང་བརྒྱ་རྩ་ཞིག་ཡོད་པར་གསུངས་ན། གོང་གི་ལུང་དོན་དང་མཐུན་པ་དང་ཆོས་སྡེ་ཆེ་བ་གྲངས་སུ་བགྲངས་ན། བླ་སྒྲུབ་སྐོར་གསུམ་ཞེས། སྤྱིར་བླ་མ་བསྟན་གཉིས་སྐོར་གསུམ་ཞེས་གྲགས་པའི་བསྟན་གཉིས་ནི། མདོ་ལྟར་རྒྱལ་བ་ཤཱཀྱ་ཐུབ་པ་མཚན་བརྒྱ་རྩ་བརྒྱད་སོ་སོར་སྒྲུབ་པའི་ཐབས་དང་། སྔགས་ལྟར་གུ་རུ་པདྨ་འབྱུང་གནས་མཚན་བརྒྱ་རྩ་བརྒྱད་སོ་སོར་སྒྲུབ་པའི་ཐབས་མན་ངག་དང་བཅས་པ་རྒྱ་ཆེར་ཡོད་པར་གསུངས། སྐོར་གསུམ་ནི། བླ་མ་ཆོས་ལོངས་སྤྲུལ་གསུམ་དུ་སྒྲུབ་པ་སྟེ། དེའང་གཏེར་ཁ་འདི་ཉིད་ཀྱི་དབང་དུ་བྱས་ན། བླ་མ་ཆོས་སྐུར་སྒྲུབ་པ་ཆོས་སྐུའི་དོན་ཁྲིད་ཆེན་མོ། བླ་མ་ལོངས་སྐུ་ཚེ་དཔག་མེད་རིགས་ལྔ་སྒྱུ་འཕྲུལ་དྲྭ་བ། བླ་མ་སྤྲུལ་སྐུ་པདྨ་འབྱུང་གནས་ཞི་དྲག་གཅིག་དྲིལ་དང་བཅས་པ་སྟེ། ཞི་བ་ལ། ཕྱི་སྒྲུབ་བར་ཆད་ཀུན་སེལ། ནང་སྒྲུབ་བསམ་པ་ལྷུན་གྲུབ། གསང་སྒྲུབ་མཚོ་སྐྱེས་རྡོ་རྗེ། དྲག་པོ་ཡང་གསང་རྡོ་རྗེ་དྲག་རྩལ། གཅིག་དྲིལ་བླ་མ་དངོས་གྲུབ་རྒྱ་མཚོ་དང་། ཐུགས་སྒྲུབ་དགོངས་པ་ཀུན་འདུས་རྣམས་སོ། །ཟབ་པ་སྐོར་བདུན་ལ་ཆོས་སྡེ་ཆེན་པོ་བདུན་དང་། རྫོགས་ཆེན་སྡེ་གསུམ་ལ། ནང་གསེས་སྙིང་ཏིག་བདུན་དུ་དབྱེ་བ་སོགས་བསམ་གྱིས་མི་ཁྱབ་ལ། བཀའ་བབས་བདུན་དང་ལྡན་ཚུལ་སོགས་རིམ་པས་འོག་ནས་གསལ་བ་ལྟར། མདོར་ན་རྗེ་གཏེར་ཆེན་ཉིད་ཀྱི་ཟབ་གཏེར་ཆོས་སྐོར་གྱི་རིམ་པ། རྒྱུད་ཀྱི་ལུང་དང་འབྲེལ་བ་དངོས་སྟོབས་ཀྱི་རིག་པས་གྲུབ་པ། མན་ངག་གི་མྱོང་བས་བརྒྱན་པ། བྱིན་རླབས་ཀྱི་ཚན་ཁ་ཆེ་བ་སྟེ། ཆེ་བ་བཞི་དང་ལྡན་པ། ཕྱི་བཤད་པའི་ཁོག་ཚང་བ། ནང་ལག་ལེན་གྱི་གཞུང་ཚུགས་པ། གསང་བའི་དོན་ཐོག་ཏུ་ཕེབས་པ། དེ་ཁོ་ན་ཉིད་ཀྱི་འགགས་དོན་ཟིན་པ་སྟེ། གནད་བཞི་དང་ལྡན་པ། རྒྱུད་དབང་དང་འབྲེལ་བ། དབང་སྒྲུབ་ཐབས་དང་འབྲེལ་བ། སྒྲུབ་ཐབས་མན་ངག་དང་འབྲེལ་བ། མན་ངག་ཕྱག་བཞེས་དང་འབྲེལ་བ་སྟེ། འབྲེལ་བ་བཞི་དང་ལྡན་པ། ཐེག་པ་ཕྱི་ནང་གོང་འོག་ཐམས་ཅད་ཀྱི་ཟབ་དོན་སྙིང་པོར་བསྡུས་པ། དབང་པོ་རབ་འབྲིང་ཐ་གསུམ་གང་གིའང་སྤྱོད་ཡུལ་དུ་གྱུར་པ། མང་ཉུང་རན་ཞིང་གཞན་ལ་ལྟོས་མི་དགོས་པས་གོ་བདེ་བ། བསྒྲུབ་ན་མྱུར་ཞིང་བཅངས་ན་བྱིན་རླབས་ཀྱི་བབས་དང་ལྡན་པ། གང་ཟག་གཞན་གྱིས་བར་མ་ཆོད། རྟོག་གེས་བསྲེ་བསླད་མ་ཞུགས། མཁའ་འགྲོའི་ཁ་རླངས་མ་ཡལ། མན་ངག་བྱིན་རླབས་ཀྱི་ངད་དང་ལྡན་པའོ། །ཐུགས་རྟེན་སྐོར་རྡོ་རྗེ་དང་ཕུར་པ་མེ་ལོང་སོགས་ཕྱག་མཚན་གྱི་རིགས་མང་དུ་བཞེས། གཙོ་བོར་མྱོང་གྲོལ་དམ་རྫས་ཀྱི་རིགས་མཐའ་ཡས་པའི་བཀའ་བབས་པ་ཞིབ་པར་རྟོགས་འདོད་ན་དམ་རྫས་སོ་སོའི་དཀར་ཆག་ལས་ཤེས་པར་བྱ་བ་ལས་འདིར་སྨྲོས་ཀྱིས་མ་ལངས་སོ། །དགུང་ལོ་སོ་གཅིག་པའི་དགུན་སྨད་ནས་དབུ་བརྩམས། དགུང་ལོ་སོ་གཉིས་སོ་གསུམ་གྱི་བར་འོག་མིན་ཀརྨའི་རི་ཡི་ཡང་དབེན་དུ་བཅད་རྒྱར་བཞུགས། སྤྱིར་རི་ཆེ་བླ་བྲང་ཁག་དང་ལྷག་པར་ཆོས་རྗེ་ཡང་དགོན་རྗེ་དྲུང་རིན་པོ་ཆེ་ནས་ཐུགས་རྗེའི་དབུ་འདྲེན་རྩེ་གཟིགས་ཆེད་སྐྱོང་གིས་ཀརྨའི་རིར་གདན་ས་ཐོག་མར་གསང་སྔགས་ཕོ་བྲང་རྡོ་རྗེ་བཀོད་པའི་བཞུགས་གནས་ཆེན་པོ་ཕྱག་བཏབ་ཅིང་། བསྙེན་སྒྲུབ་ཀྱི་གཙོ་བོ་ཐུགས་སྒྲུབ་བར་ཆད་ཀུན་སེལ་རྩ་བ་ཡན་ལག་དང་བཅས་པའི་བསྙེན་སྒྲུབ་མཐར་ཆགས་གནད་སྨིན་མཛད་ཅིང་། གཞན་ཡང་ཐུགས་སྒྲུབ་བསམ་པ་ལྷུན་གྲུབ་དང་ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ་སོགས་ཉིད་ཀྱི་གཏེར་ཁ་ཕལ་ཆེར་གྱི་གཏེར་སྒྲུབ་རྒྱས་བསྡུས་ཅི་རིགས་པ་དང་། གསང་སྒྲུབ་མཚོ་སྐྱེས་རྡོ་རྗེའི་བསྙེན་སྒྲུབ་མཛད་སྐབས་ཉམས་འབར་ནས་རྡོར་དྲིལ་ནམ་མཁར་བཞག་པའི་ལོ་རྒྱུས་དང་། སྔ་ཕྱིར་དཀར་ལུགས་སྒྲོལ་དཀར་དང་། འཆི་མེད་འཕགས་མ་སྙིང་ཐིག་གི་བསྙེན་སྒྲུབ་མཛད་པས་རྟགས་མཚན་དགེ་བར་ཐོབ་ཚུལ་གསུང་འཕྲོས་སུ་བསྩལ། གཞུང་། ཀར་འབྲུག་ཡབ་སྲས་སྔ་འགྱུར་བསྟན་འཛིན་མཆོག་སོགས་ནས། འབྲེལ་ཚད་དོན་ལྡན་མཛད་ལ་གསོལ་བ་འདེབས། །ཞེས་པའི་བར་བསྟན་དོན། དགུང་གྲངས་སོ་གསུམ་ལྕགས་མོ་བྱ་ལོའི་ནང་། འཇིག་རྟེན་དབང་ཕྱུག་དཔལ་ཀརྨ་པ་བཅུ་བཞི་པ་ཐེག་པ་མཆོག་གི་རྡོ་རྗེ་སྟོན་འཁོར་ཕྱག་ཕེབས་པ་དང་འབྲེལ། སྒྲུབ་པ་ཆེན་པོའི་ཡོན་སྦྱར་མཛད་དེ་སྐྱབས་མགོན་ཉིད་དབུ་བཞུགས། རྗེ་དབོན་མཆོག་སྤྲུལ་ཟུང་། ཟླ་སྤྲུལ་རིན་པོ་ཆེ། ཟུར་མང་སྤྲུལ་སྐུ་རྣམས་དང་། གནས་མདོ་ཀརྨ་ཆགས་མེད། འཛི་སྒར་མཆོག་སྤྲུལ། གཏེར་སྟོན་ཆོས་རྒྱལ་རྡོ་རྗེ། བླ་མ་ཚོགས་གཉིས་སོགས་ཆོས་བདག་བསྟན་འཛིན་སྐྱེས་ཆེན་ཚོགས་ཀྱི་འདུ་བ་ཆེན་པོས། འོག་མིན་ཀརྨའི་གཡེར་མོ་ཆེར། གཏེར་གསར་ལུང་ཆེན་རྡོ་རྗེ་བཀོད་པ། ཚོགས་ཆེན་འདུས་པ། ཐུགས་སྒྲུབ་དགོངས་པ་ཀུན་འདུས། ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ། སྒྱུ་འཕྲུལ་ཞི་ཁྲོ་སོགས་ཟབ་བདུན། དྲེགས་འདུལ། དྲག་སྔགས། ཚེ་དཀར་བཅས་ཚོམ་བུ་བཅུ་གསུམ་གྱི་སྒྲུབ་པ་ཆེན་མོ་འཆམ་བྲོ་གར་སོགས་རྒྱས་སྤྲོས་དབང་ཆེན་བཅས། འདུས་པ་ཁྲི་ཕྲག་མང་པོ་གྲོལ་བ་བཞི་ལྡན་གྱི་གོ་འཕང་ལ་དབུགས་དབྱུང་བ་སོགས་སྔར་མ་གྲགས་པའི་གནས་དུས་སྟོན་འཁོར་ཆོས་ཀྱི་ངོ་མཚར་རྨད་དུ་བྱུང་བར་གྱུར། དགུང་ལོ་སོ་བཞི་པར་ཀརྨའི་གདན་སར་བཀའ་བརྒྱད་ཀྱི་སྒྲུབ་ཆེན་དང་འབྲེལ་བར་སྨན་སྒྲུབ་ཕོན་མང་དུ་མཛད། དགུང་ལོ་སོ་ལྔ་པར་དགུན་ཟུར་མང་རྣམ་རྒྱལ་རྩེར་བཀའ་བརྒྱད་ཀྱི་སྒྲུབ་ཆེན། དེའི་དབྱར་སྨད་དགེ་རྒྱལ་དུ་བླ་མ་ནོར་ལྷའི་སྒྲུབ་ཆེན་བཙུགས། དགུང་ལོ་སོ་དྲུག་པར་དབྱར་ཟུར་མང་དུ་ཚེས་བཅུ་གསང་འདུས་དང་ཐུགས་སྒྲུབ་ཟུང་འབྲེལ་གྱི་སྒྲུབ་མཆོད་གར་འཆམ་བཅས་རྒྱས་པར་གནང་། དགུང་ལོ་སོ་བདུན་པར་ཤིང་མོ་གླང་གི་ལོར་ས་ག་ཟླ་བའི་དམར་ཕྱོགས་ཀྱི་ཚེས་བཅུར་ཡེ་རྒྱལ་ནམ་མཁའ་མཛོད་ཀྱི་ལྷོ་ཕྱོགས་གཡུ་འབལ་བྲག་ནས་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་རྒྱུད་ལུང་མན་ངག་གི་ཆོས་སྐོར་ཟབ་རྒྱས་སྐུ་ཚབ་ལེ་ཚན་དང་བཅས་པ་དང་། ཡང་གནས་དེའི་ལྷོ་ཕྱོགས་ཁ་བ་སྟེང་ཚེ་ཞལ་བྲག་གམ་ཚེ་རྒྱས་བྲག་ནས་གུ་རུ་ཡབ་ཡུམ་གྱི་ཚེ་རྫས་ཁྱད་འཕགས་དང་ཚེ་རྒྱུད་བདུད་རྩི་འཁྱིལ་པའི་སྒྲུབ་ཐབས་སྐོར་སོགས་སྤྱན་དྲངས། གདན་སའི་ཤར་ལྷོའི་བྲེ་མོ་རོང་གཤིན་རྗེའི་རྦ་དོང་ནས་བོད་ཁམས་བདེ་ཐབས་ཀྱི་ཆོས་བཅུའི་སྐོར་རྣམས་གཏེར་ནས་སྤྱན་དྲངས། འདི་སྐབས་ལུང་དོན་བཞིན་ལྷ་ལྡན་ཇོ་ཤཱཀ་གཙོས་ཆོས་འཁོར་གསུམ་གྱི་ཞབས་བརྟན་ས་གནད་ཀྱི་མེ་བཙར་གནས་བརྟན་དགོན་རྟེན་མཆོག་འགྱུར་མེད་གླིང་གི་གདན་ས་ཕྱག་བཏབ། གདན་སའི་ནུབ་ཕྱོགས་ཁ་སྟེང་གི་གདོང་ཟུར་དུ་དྲན་གྲོལ་མཆོད་རྟེན་གསར་བཞེངས་ཀྱི་རབ་གནས་མཛད། ཡུལ་དེའི་ཁྱེའུ་བཅུ་དྲུག་གི་གྲངས་ཚང་སྐྲ་འཛིན་མཛད་ཅིང་དེ་ནས་ལྷོ་རྒྱུད་ཚ་བ་སྒང་དུ་ཕེབས། ཐུགས་སྒྲུབ་ཀྱི་སྒྲུབ་ཆེན་མཐའ་རྒྱས་དབང་ཆེན་བཅས་མཛད། ཡུལ་དེའི་ཕྱོགས་ཀྱི་སྐྱེ་འགྲོ་མཐའ་དག་འབྲེལ་ཚད་དོན་ལྡན་དུ་མཛད། གནས་དགོན་རྟེན་མཆོག་འགྱུར་མེད་གླིང་གི་ཆོས་གྲྭ་གསར་བཏབ་ཏུ་ལུང་ཆེན་རྡོ་རྗེ་བཀོད་པའི་སྒྲུབ་ཆེན་བཙུགས། དགུང་ལོ་སོ་བརྒྱད་པར་སྒ་སྟོད་བདེ་རྟ་བེ་ཧུ་ཚང་ལ་ཐུགས་སྒྲུབ་སྒྲུབ་ཆེན་དང་། ཁྲ་འགུ་དགོན་པར་ཕུར་པའི་སྒྲུབ་ཆེན། དཔལ་སྤུངས་ཆོས་གྲྭ་ཆེན་པོར་དགོངས་འདུས་ཀྱི་སྨན་སྒྲུབ། འཛམ་ནང་པདྨ་ཤེལ་ཕུག་ཏུ་རྫོགས་ཆེན་སྡེ་གསུམ་གྱི་ཆོས་ཚན་ཡི་དམ་མངོན་རྫོགས་རྒྱལ་པོའི་སྒོ་ནས་སྨན་སྒྲུབ་སྤྲོས་པ་མདོར་བསྡུས། བྲག་དམར་ཟངས་ཡག་ནམ་མཁའ་རྫོང་དུ་ཆོས་རྒྱལ་སྡེ་དགེས་སྦྱིན་བདག་མཛད་ནས་ཐུགས་སྒྲུབ་སོགས་ཀྱི་སྒྲུབ་ཆེན་ཚོགས་གར་ཆེན་མོ་དང་བཅས་པ་རྣམས་མཐའ་རྒྱས་སུ་མཛད། དེའི་དབྱུག་ཟླའི་ཚེས་ཉེར་ལྔར་ཀུན་གཟིགས་བླ་མ་རིན་པོ་ཆེ་དང་ལྷན་འཛོམས་ཀྱིས་རོང་མེ་འཆི་མེད་དཀར་མོ་སྟག་ཚང་དུ་འབྱོར། ཚེས་ཉེར་བདུན་ལ་གསང་ཕུག་གཡས་ནས་དམ་ཆོས་སྙིང་པོ་སྐོར་ལྔ་སོགས་དང་། དེ་ནས་རིམ་པར་བྲག་གི་རྒྱ་བཅུ་གསུམ་བཤིགས་ནས་སྨིན་ཟླའི་དཀར་ཕྱོགས་ཀྱི་ཚེས་དགུའི་སྔ་དྲོའི་ཆར་གསང་ཕུག་གཡོན་པ་ནས་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་དང་། ཚེས་བཅུའི་ནམ་ལང་གུ་རུའི་ཕྱག་མཚན་རྡོ་རྗེ་སོགས་དང་། ཚེས་བཅུ་རྗེས་མར་མ་ཕམ་སེང་རྒོད་གཡུ་མཚོ་ནས་རིན་ཆེན་དང་པོ་སོགས་མཚོ་གཏེར་ཆེན་མོ་བར་ཆད་མེད་པར་སྤྱན་དྲངས་པས་ངོ་མཚར་གྱི་ཕུལ་དུ་གྱུར། དགུང་གྲངས་སོ་དགུ་པར་ཆོ་འཕྲུལ་ཟླ་བར་དཔལ་ཀཿཐོག་རྡོ་རྗེ་གདན་དུ་འོག་མིན་ཚོགས་ཆེན་འདུས་པའི་སྒྲུབ་མཆོད་རྡོ་རྗེ་སློབ་དཔོན། དབོ་ཟླར་རྫོང་ཤོད་དུ་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཁོག་སོགས་ཐོག་མར་གཏན་ལ་ཕབ་འཕྲལ་སྒྲུབ་ཆེན་སྨིན་པར་མཛད་པས། མཐའ་དམག་གདུག་པའི་འཚུབ་འགྱུར་རེ་ཞིག་ཟློག་པའི་མཚན་མ་ཁྱད་པར་ཅན་བྱུང་གསུངས། ཀུན་གཟིགས་རིན་པོ་ཆེ་ལའང་མཆོད་རྟེན་བདེ་བྱེད་བརྩེགས་པར་སྔགས་རྒྱུད་མཐའ་ཡས་པ་ཀློག་པའི་སྣང་བ་ཤར་བ་སོགས་བྱིན་རླབས་ཀྱི་ཚན་ཁ་ཆེ་བར་བྱུང་གསུངས། ནག་པ་ཟླ་བའི་ཡར་ཚེས་ལ་གནས་ཆེན་ཟླ་གམ་དབང་ཕུག་གི་མདུན་ངོས་དིའུ་མགོའི་གཞིས་ཀར་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཆེན་དང་འབྲེལ་བར་སྨན་སྒྲུབ་ལེགས་པར་མཛད། སྔ་ཕྱིའི་སྒྲུབ་པ་འདི་གཉིས་དོན་ལ་གཏེར་སྒྲུབ་ཀྱང་ཡིན་ལ། སྒྲུབ་པ་ཕྱི་མ་ཟིན་འཕྲལ་རྡོ་རྗེའི་ལུང་གིས་བསྐུལ་ཏེ་གནས་ཆེན་པདྨ་ཤེལ་རིར་ཕེབས་པས། ཚེས་བརྒྱད་ཀྱི་ནུབ་རྗེ་ཉིད་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་བྱོན་ནས། ཨོ་རྒྱན་རིན་པོ་ཆེ་རིག་འཛིན་ཚོགས་དང་བཅས་པས་བཀའ་བརྒྱད་ཀྱི་སྒྲུབ་པ་མཛད་ཅིང་དབང་རྒྱུད་མན་ངག་ཐམས་ཅད་རྫོགས་པར་བསྩལ་པའི་དག་སྣང་རྒྱ་ཆེར་འཁྲུངས། ཟླ་བ་དེའི་མར་ངོར་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཆོས་གྲྭ་ཆེན་པོར་འདུས་པ་མདོའི་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་མཛད། སྣྲོན་ཟླ་བར་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་ཚེས་བཅུ་དང་བཀའ་བརྒྱད་ཀྱི་སྒྲུབ་ཆེན། ཆུ་སྟོད་ཟླ་བར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་ཐུགས་སྒྲུབ་དགོངས་པ་ཀུན་འདུས་དང་བར་ཆད་ཀུན་སེལ་ཟུང་དུ་འབྲེལ་བའི་སྒྲུབ་པ་ཆེན་པོའི་ཁོངས་སུ་ཞལ་གདམས་སྙིང་བྱང་ལས་ཇི་སྐད་གསུངས་པའི་སྒྲུབ་པ་ལས་སྦྱོར་ཐམས་ཅད་ཡོངས་སུ་རྫོགས་པའི་སྒྲུབ་ཆེན་ཤིན་ཏུ་རྒྱས་པ་ངོ་མཚར་ཅན་མཛད། སྤྱིར་བྲག་དམར་ཟངས་ཡག་ནམ་མཁའ་རྫོང་དུ་བོད་ཁམས་བདེ་ཐབས་ཆོས་བཅུའི་རྟེན་འབྲེལ་བཟང་པོའི་སྐོར་མདོ་ཙམ་གཏན་ལ་ཕབ་གྲུབ་རྗེས། ཀཿཐོག་རྫོགས་ཆེན་དཔལ་ཡུལ་རྣམས་སུ་མཁན་སློབ་ཆོས་གསུམ་གྱི་དུས་སྟོན་མཆོད་པ་རྒྱས་པ་དང་འབྲེལ་བར་རབ་བྱུང་གིས་མདོ་མཆོད་དང་ཆོས་འཆད། སྔགས་སྡེས་སྒྲུབ་མཆོད། རྡོ་རྗེའི་ཚོགས་གར་ཆེན་མོ་རྣམས་ཀྱིས་བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་རྒྱས་པའི་རྟེན་འབྲེལ་ཁྱད་པར་ཅན་བསྒྲིགས། དེ་ནས་དབོ་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་ཡོན་ཏན་སྦས་པའི་གནས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ནས་མཁན་སློབ་ཆོས་གསུམ་གྱི་ཕྱག་ཚ་ཤོག་དྲིལ་དང་བཅས་པ། ནག་ཟླའི་དཀར་ཕྱོགས་ཀྱི་ཚེས་བཅུར་གནས་ཆེན་པདྨ་ཤེལ་རི་ནས་དམ་རྫས་མཁའ་ཀློང་འཁྱིལ་པའི་རིལ་བུ་བསྟན་པའི་བཙས་སུ་བསྔགས་པ་མཐོང་བ་དོན་ལྡན་མཁའ་འགྲོ་གསང་བའི་ཟབ་ཤོག་བཅས། དེའི་ཚེས་བཅུ་གཅིག་ལ་ཀུན་མཁྱེན་བླ་མ་དང་ལྷན་གཅིག་པས་ཁྱུང་ཚང་བྲག་མཁའ་འགྲོ་ཐུགས་ཀྱི་གནས་ནས་རིག་འཛིན་ཡོངས་རྫོགས་སྙིང་ཏིག་དམ་རྫས་བཅས་བཞུགས་པའི་རྡོ་སྒྲོམ་ལེའུ་ཚན་དང་། ཧེ་རུ་ཀཿའདུས་པའི་ཐུགས་ཏིག་གི་གཏེར་སྒྲོམ་གྲི་གུག་གི་དབྱིབས་ཅན་བཅས་སྤྱན་དྲངས། ས་ག་ཟླ་བའི་ཤེར་ཕྱོགས་ཀྱི་རྒྱལ་བ་གཉིས་པར་ཡོན་ཏན་གནས་གཙོ་རུ་དམ་གངས་ཁྲོད་བདེ་བ་ཆེན་པོ་ནས་བདེ་མཆོག་སངས་རྒྱས་མཉམ་སྦྱོར། རུ་དམ་གངས་ཀྱི་ར་བའི་གནས་ཡིག །དམ་རྫས་ཧེ་རུ་ཀཿའདུས་པའི་བདུད་རྩི་བཅས་ཀྱི་རྡོ་སྒྲོམ་རིམ་པ་གསུམ་པ་བཅས་བཞེས། གྲོ་བཞིན་ཟླ་བའི་ཤེར་ཕྱོགས་སུ་རྡོ་དགོན་དུ་ཟབ་ཕུར་གྱི་སྒྲུབ་ཆེན་བཅས་མཛད། ཟླ་བ་དེའི་ཚེས་བཅོ་ལྔར་ཀུན་མཁྱེན་བླ་མ་རིན་པོ་ཆེར་གཏེར་གྱི་ཁ་བྱང་བྱུང་བའི་ཞབས་བསྐུལ་ནན་ཏན་མཛད་བཞིན་ལྷ་ལྡན་དུ་ཡར་བྱོན་ལམ་གྱི་ཆ་ནས། ཀེ་ལར་ཆེད་ཕེབས་ཀྱིས་ནོར་བུ་སྤུན་གསུམ་བྲག་ནས་དམ་ཆོས་ནོར་བུ་སྐོར་བདུན། གུ་རུ་སེང་གེ་སྒྲ་སྒྲོག་གི་སྐུ་རྒྱན་སྐུ་ཚབ་སོགས་སྤྱན་དྲངས་པ་སྟེ། དེ་ལྟར་མཆོག་གཏེར་ཆོས་དང་དམ་རྫས་སོགས་ཆེ་ཁོག་ནི་དེ་ཙམ་དང་། ཕྲན་ཚེགས། ཁ་བྱང་དང་། རྫས་གཏེར་སྐོར་སོགས་ནི་མང་དུ་བཞེས་པར་མཛད་དེ། སེང་ཆེན་གནམ་བྲག་གི་ཟབ་གཏེར་གཅིག་པུ་ལྟ་བུ་ལ་མཚོན་ནའང་། སྔ་ཕྱིར་ཁ་བྱང་གཉིས་དང་། ཁ་བྱང་དངོས། གནད་བྱང་། མདོ་བྱང་། ཡང་བྱང་། སྙིང་བྱང་བཅས་བདུན། གཏེར་གནས་ཐ་དད་པ་ནས་བྱུང་བའི་མཚོན་མང་དུ་བྱུང་བ་ནི་སྨྲོས་ཀྱིས་མི་ལངས་སོ། །དབུས་ཕེབས་སྐབས་ཀྱི་ལོ་རྟ་ཞལ་འཆམས་མིན་ཅུང་འདུག་པ། གང་ལྟར་ཡང་ས་འབྲུག་ལོར། དགུང་གྲངས་བཞི་བཅུ་པར་དབུས་ཕེབས་སྟ་གོན་མཛད། སྟོན་ཟླ་ཐ་མར་ཆིབས་ཁ་བསྒྱུར། སྐྱོ་བྲག་ཏུ་ཕེབས་པ་དང་བོད་ཁམས་ལྷ་འདྲེས་ཞེ་བསྙག་གིས་ཁ་བ་ཆེན་པོ་བབས་ཀྱང་ལྡོག་མེད་ཤར་རྒྱག་གིས་བྱང་ལམ་ནས་ཕེབས། ཀ་བ་ཧྲིལ་གཞུང་ནས་ཕེབས་སྐབས། རང་ཚང་ལ་དོ་ནུབ་དགྲ་ཞིག་ངེས་པར་ཡོད་འདུག་པས། དེའི་གཉེན་པོར་གནུབས་ཀྱི་ཁ་ཕོ་ཞེས་སྔོན་གནུབས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོའི་དུས་འབོད་སྲོལ་ཡོད་པ། ད་རེས། དགོས་པའི་དུས་བྱུང་ན་ཆོས་སྐྱོང་དགྲ་ལ་རྦད། ཟེར་བའི་དཔེ་བཞིན། སྔོན་གནས་འལ་འོལ་ལ་བརྟེན་ཁ་ཕོ་ཡི་གེར་བཀོད་ནས་འབོད་དགོས་གསུངས་ནས་དོ་ནུབ་འབོད་པ་མཛད་པའི་མཇུག་རྫོགས་པ་དང་མཉམ་ཆར་གློ་བུར་དུ་ནམ་མཁའི་མཐོངས་ནས་ཀིང་ཀང་དགྲ་འགྱེད་ཁྲོ་ཆུའི་ཚ་ཚྭ་འཕྲོ་བ་རྦ་ལོག་ཙམ་བྱང་ཤར་གྱི་ཕྱོགས་སུ་འུར་སྒྲ་ཆེན་པོ་དང་བཅས་ཏེ་བརྒྱབ་པས་སྒར་མང་རྣམས་ཧ་ལས་སུ་སོང་། སྒར་པ་ལ་དགྲ་ཡི་གནོད་འཚེ་མ་བྱུང་། འདམ་གླང་གླིང་ལ་ནས་ཁ་བའི་འཚེ་བ་ཤིན་ཏུ་ཆེ་སྐབས་ལྷ་སྲིན་དམ་བསྒྲགས་མཛད། ཕྱིར་ནུབ་གཏུམ་མོའི་རས་ཆོས་ཆུ་རས་མཛད་པ་སོགས་རྫུ་འཕྲུལ་གྲུབ་རྟགས་ཀྱི་བཀོད་པ། བྱང་རིགས་ལམ་འཁོད་ཀྱི་སྡེ་རིས་རྣམས་དང་། དབུས་བགྲོད་མགྲོན་མང་སོགས་ཀྱིས་མིག་མཐོང་ཡིད་ཆེས་སུ་གྱུར་པ་བསམ་གཏན་གངས་བཟང་གི་མགོར་བསྐལ་པའི་གངས་རྒན་ཏི་ཆགས་དེ། ཞྭ་མོ་ཀླད་ནས་བཤུས་པ་ལྟར་མཆོག་གྱུར་གླིང་པས་བཞུས་མཛད་པ་ཁམས་དབུས་ཡོངས་ལ་གྲགས་པ་བཞིན་ད་ལྟའང་མིག་མཐོང་དུ་གསལ་བ་དང་། གཉན་ཆེན་ཐང་ལྷའི་མདུན་མཆོད་གསོལ་སྐབས། རྒྱལ་པོ་དུས་ལྡན་མི་རུ་བརྫུས་ནས་ཉམས་ཚད་བྱས་པས་མ་ཚུགས་པར་རང་ཡུལ་དུ་སོང་བ་སོགས་ཞིབ་པར་དེ་སྐོར་ལམ་ཡིག་ཏུ་གསལ། དེ་ནས་མཚུར་ཕུའི་གདན་སར་ཕེབས། འབྲུག་ཆེན་རིན་པོ་ཆེ་དང་མཇལ་ཕྲད་མཛད་བཀའ་དབང་ཕུལ། རྒྱལ་བའི་དབང་པོའི་དགོངས་རྫོགས་མཆོད་འབུལ་དང་སྤྲུལ་སྐུ་མྱུར་འབྱོན་གྱི་བདེན་ཚིག་གསོལ་འདེབས་སོགས་མཛད། ཞག་པོ་བདུན་ནས་ཡབ་ཚང་རང་དུ་ཚུར་ལྷུམས་སུ་ཞུགས་པའི་གཏེར་ཆེན་རིན་པོ་ཆེར་ཡེ་ཤེས་གཟིགས་པ་ནང་འཕྲད་ཀྱི་མཁྱེན་པར་ཤར་བཞིན་དུས་ཚེས་འཛོལ་མེད་ཀྱི་ཞག་བདུན་ནངས་མོར་ཕོ་བྲང་གི་ཐོག་ཏུ་འཇའ་ཚོན་ཁ་དོག་ཤིན་ཏུ་གསལ་བས་གུར་ཕུབ་པ་སོགས་རྟེན་འབྲེལ་དགེ་མཚན་ལེགས་ཤིང་། ལྷ་བསང་། རྒྱག་རག །དར་ཕྱར་དུང་འབུད་སོགས་དང་འབྲེལ། མཆོག་དམན་ཐམས་ཅད་སྤྲོ་དགའི་ཆས་སུ་ཞུགས་ཤིང་དད་མོས་ཡིད་ཆེས་ཀྱི་འདུན་པ་ཆེས་ཆེར་འཕེལ་བར་གྱུར་སོང་། འབྲུག་ཆེན་མདུན་གཏེར་གསར་སྐོར་དབང་ལུང་མང་ཚན་ཕུལ། མཚུར་ཕུ་རྣམ་ཚང་གིས་ཟབ་བདུན་ཡང་ཕུར་སྦྲགས་མའི་སྒྲུབ་ཆེན་གར་འཆམ་སོགས་མཐའ་རྒྱས་མཛད་པའི་དབུ་བཞུགས་གནང་། དེ་ནས་རིམ་གྱིས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་ཕེབས། ཁྲི་ཆེན་ཡིད་བཞིན་དབང་རྒྱལ་དང་མཇལ་འཕྲད་མཛད། ཐུགས་ཡིད་གཅིག་འདྲེས་ཀྱིས་ཕན་ཚུན་དབང་ལུང་མང་ཚན་གསན་བཞེས་དང་། ཚེས་བཅུ་ཆེན་མོའི་དབུ་བཞུགས་མཛད། གཞན་ཡང་རིག་འཛིན་ཕུར་ཆུང་གི་ཟློག་པ། སྦྱིན་སྲེག །དངོས་གྲུབ་རོལ་མཚོ་སོགས་སྐུ་རིམ་གྱི་སྐོར་ཡང་འགའ་ཞིག་གནང་། ཁྲ་འབྲུག །ཤེལ་བྲག །བཙན་ཐང་སྒྲོལ་མ་ལྷ་ཁང་སོགས་ལ་མཆོད་འབུལ་ཚོགས་འཁོར། མཎྜལ། བྱིན་འབེབ། བརྟན་བཞུགས། བསྟན་པ་རྒྱས་པའི་སྨོན་ལམ་ཐུགས་བསྐྱེད་སོགས་རྒྱ་ཆེར་མཛད། དེ་ནས་འབུམ་མོ་ཆེ། རས་ཆུང་སྦུག །རྟག་ཆེན་འབུམ་པ། ཡུམ་བུ་བླ་མཁར། གུ་རུ་ལྷ་ཁང་སོགས་ལ་ཡང་མཎྜལ་མཆོད་འབུལ་བྱིན་འབེབ་བརྟན་བཞུགས་སོགས་མཛད། འབྲུག་གསང་སྔགས་ཆོས་གླིང་དུ་ཕེབས། འབྲུག་ཆེན་རིན་པོ་ཆེ་དང་མཇལ། འབྲུག་ཚེས་བཅུ་ཆེན་མོ་ཞིབ་མཇལ་མཛད། ཕྱི་རོལ་ཀླ་ཀློའི་རྒྱུ་ལམ་འགོག་ཕྱིར་ཟབ་བདུན་གཤིན་རྗེ་ཚེ་བདག་གི་དབང་གདམས་བཀའ་གཏད་བསྒྲལ་དབང་སོགས་རྒྱ་མཚོ་གྲྭ་ཚང་ལ་སྒེར་དུ་གནང་། དེ་ནས་ཙ་རི་མཚོ་དཀར་དུ་ཕེབས། མཚོ་སྐོར་ཚོགས་མཆོད། མཚོ་འབུལ། མཎྜལ་སོགས་མཛད་དགོས་རྣམས་གྲུབ། དེ་ནས་རྩེ་སྐོར་ལམ་ནས་ལྷ་གཡག་འཆིབ། ཕོ་བྲང་གཡུ་མཚོ་ལ་མཎྜལ་མཚོ་འབུལ་སོགས་ཀྱི་གཙོས་ལམ་ལམ་ཀུན་ནས་ཚོགས་འཁོར་མཆོད། བདེན་ཚིག །བསྟན་པ་རྒྱས་པའི་སྨོན་ལམ། བྱིན་འབེབ། བརྟན་བཞུགས་སོགས་གང་ལ་གང་འོས་ཀྱི་ཕྲིན་བཅོལ་སོགས་ཡར་མར་ཕེབས་བཞུད་བྱོན་ལམ་ཀུན་ནས་རིམ་པ་ལྟར་གནང་བ་ཕྱོགས་མཚོན་ཙམ་ལས་རེ་རེ་བཞིན་སྨྲོས་ཚོད་ལ་མ་མཆིས་སོ། །ཞག་བཅུ་བདུན་ནས་འབྲུག་པའི་གདན་སར་ཚུར་འཁོར། བཀའ་དབང་ཕུལ། དེ་ནས་ཐུགས་བྲེལ་བབ་ཀྱིས་ཚུར་ཆིབས་སྒྱུར་གྱིས་བསམ་ཡས་སུ་ཕེབས། ཕྱོགས་འདུས་བུ་སློབ་མང་པོ་ལ་དབང་ཁྲིད་སོགས་དང་། དབེན་རྩ་ལྷ་ཁང་གནས་བཅུའི་མདུན་ཕྲིན་ལས་སྙིང་པོའི་ཚོགས་གར་མཛད། མཆིམས་ཕུར་རྡོར་སེམས་ཚོགས་འབུམ་དང་རྫོགས་ཆེན་དབང་སྐོར་རྒྱ་ཆེར་གནང་། གཡའ་མ་ལུང་དུ་ཚེ་སྒྲུབ་ཚོགས་བསྐང་སོགས་ཐུགས་བཞེད་སྐོར་བསྒྲུབས། བསམ་ཡས་ལྷ་ཁང་རེ་རེ་བཞིན་དུ་རྟེན་གཙོ་དང་འབྲེལ་བའི་དབང་བསྒྲུབ་ཚོགས་འཁོར་དང་འབྲེལ་དབང་ཆོས་མཐའ་ཡས་པ་གནང་། རབ་གནས་ཉིན་གསུམ་མའི་རྟེན་བཞུགས་དང་འབྲེལ་རིས་མེད་བསྟན་པ་རྒྱས་པའི་སྨོན་ལམ་བདེན་ཚིག་བཀྲ་ཤིས་མཐའ་རྒྱས་བཅས་ཟླ་བ་གཅིག་གིས་འགྲུབ་པར་མཛད་ནས་བྲག་ཡང་རྫོང་ལ་ཕེབས། གཤིན་རྗེ་ཚེ་བདག་གི་སྒྲུབ་ཟློག་འབྲེལ་བའི་བསྙེན་རྒྱུན་ཞག་གསུམ་བར་གནང་ཞིང་མནན་བསྲེག་འཕང་གསུམ་སོགས་མཐའ་རྒྱས་མཛད། གནས་གསར་དུ་ཕེབས། ཁྱད་པར་སྦྲགས་ཀྱི་སྒྲུབ་ཕུག་གོང་མ་ནས་གནུབས་ཆེན་གྱི་མཐེབ་ཀོར་གསང་གཏེར་དུ་བཞེས་མཛད་པ་ལས་ཕྱིས་དམ་ཆོས་ཞི་བྱེད་སྐོར་དྲུག་གི་ཆོས་སྡེ་དབང་ལུང་སོགས་རིམ་པར་མངོན། མཆིམས་ཕུ་དང་མཚོ་དཀར་ཏི་སྒྲོ་སོགས་ནས་ཀྱང་གསང་གཏེར་འགའ་བཞེས་ཡོད་ཚོད་གྲྭ་འཁོར་རྣམས་ནས་སེམས་ཀྱང་དེ་འདི་སྨྲོས་མ་ཤེས་སོ། །ཆུ་བོ་རི་དང་ཧས་པོ་རི་སོགས་ས་གནད་རྣམས་སུ་བཀའ་ནན་རབ་བརྗིད་ཀྱང་དུས་དུས་སུ་མཛད་དོ། །དེ་ནས་ལྷ་ལྡན་དག་པའི་ཞིང་དུ་ཕེབས། ཇོ་ཤཱཀ་རྣམ་གཉིས་མདུན་ཞལ་མཇལ། སྙན་ཤལ། མཎྜལ། མཆོད་འབུལ། ཁྱད་པར་ཡིད་བཞིན་ནོར་བུའི་མདུན། མར་མེ་སྟོང་མཆོད་དང་འབྲེལ་དགེ་སློང་ལྔ་སྡེས་ཉིན་ལྔ་ལ་བཟང་སྤྱོད་སྨོན་ལམ་འཚོགས། སྐྱབས་མགོན་ཏཱ་ལའི་བླ་མ་ཐམས་ཅད་མཁྱེན་གཟིགས་རིན་པོ་ཆེའི་མདུན་ཞུ་མཇལ་ཕྱག་རྟེན། མཎྜལ། འབུལ་མཚོན། བསྙེན་བཀུར་ཞུས། སེ་འབྲས་གཉིས་ཀྱི་མཆོད་མཇལ། གཞུང་སའི་མི་དྲག་ཁ་ཤས། གྲུབ་མཐའ་རིས་མེད་པའི་ཕྱོགས་འདུས་ཀྱི་བླ་སློབ་རྣལ་འབྱོར་ཕོ་མོ་རྟོགས་ལྡན་སོགས་ཟད་མཐའ་མེད་པ་ལྟ་བུས་ཆོས་ཞུ་དད་འདུན་བསྙེན་བཀུར་ཆེ་བར་བརྟེན། དབང་ཆོས་ཁྲིད་གདམས་སོགས་མང་ཚན་གནང་། གཟིམ་འགག་མི་ཆེན་པོ་ཆེད་ཕེབས་ཀྱིས་རི་ཆེ་རྩེ་ཞབས་དྲུང་གི་མཆོག་སྤྲུལ་ངོས་འཛིན་དང་། སྐྱབས་མགོན་ཐམས་ཅད་མཁྱེན་གཟིགས་ཕྲིན་ལས་རྒྱ་མཚོ་དགོངས་སྙིང་ས་འབྲུག་འདི་ལོ་དགུང་གྲངས་བཅུ་གཅིག་ཏུ་ཕེབས་པ་དགུང་སྐེག་ཡོད་མེད་སོགས་ཀྱི་བརྟགས་གཟིགས་ཞིབ་ཞུས་མཛད་པར། ཞུ་ལེན་ལོ་ལྔ་ཚུན་ལ་ཉེར་འཚེ་ཆེ་ཕྲ་གང་ཡང་མེད་པར་ཞབས་པད་བརྟན་ངེས་ཀྱི་ཞབས་བརྟན་ཕུལ། མིག་འཕྲུལ་འབར་མོའམ་འདྲེ་མོ་མངོན་ཆས་ཀྱིས་མི་རྣམས་ཁྲིད་ཅིང་ཟ་བར་འདུག་ཅེས་ལྷ་ལྡན་ཕྱོགས་སུ་གཏམ་གླེང་འུར་ཟིང་སྐྲག་སྣང་ཆེན་པོ་རང་བྱེད་པའི་སྐབས། མི་དཔོན་ཆེན་པོའི་མདུན་ནས་འཚུབས་རྐྱེན་འདི་ལ་ཅི་ཕན་གང་འགབ་ཀྱི་བརྟགས་ཞུས་གཏེར་ཆེན་མདུན་ཕུལ་ལན་ཞག་པོ་བཅོ་ལྔ་མ་ཡོལ་གྱི་བར་དུ་ལྷ་ལྡན་རྒྱལ་ཁབ་ཆེན་པོའི་ཕྱོགས་མཚམས་རྣམས་སུ། དགོང་མ་རེ་བཞིན་ཕོ་མོ་མང་འདུས་ཀྱིས། བསམ་པ་ལྷུན་གྲུབ། བར་ཆད་ལམ་སེལ། དུས་གསུམ་སངས་རྒྱས་སོགས་གུ་རུའི་གསོལ་འདེབས་འུར་འདོན་ནུབ་ནུབ་བཞིན་གྱིས། འཕྲལ་རྐྱེན་རིམ་སེལ་ལས་ནམ་ཕུགས་མི་སྐྱོན་གསུངས། དོ་ནུབ་ཕྱི་དྲོ་ནས་བརྩམ་སྣང་རྩེའི་སྐོར་འཆག་པ་རེ་རེས་ཕོ་མོ་བརྒྱ་སྐོར་ཙམ་རེ་བསྡུས་ཏེ་ཕྱོགས་མཚམས་རྣམས་སུ་འཁོད་དེ། གསོལ་འདེབས་རྣམས་ཡིག་ངོས་ནས་ཚིག་རྐང་རེ་རེ་བཞིན་སྨྲོས་པའི་རྗེས་ཟློས་མང་མས་བྱེད་དུ་བཅུག་སྟེ་ནན་བསྐྱར་གྱིས་མཐར་དབྱུང་། གོང་མ་བདག་ཆེན་རིན་པོ་ཆེའི་ཐུགས་རྗེའི་རྩལ་སྟོབས་ཀྱི་ཟིལ་མ་བཟོད་པར་སྦུར་མ་རླུང་གིས་བཏབ་པ་བཞིན་རང་དབང་མེད་པར་བཀུག་སྟེ་ནམ་ཡང་ལྡང་བ་མེད་པའི་གནད་བཀོད་མཛད་སོང་ཚུལ་གྱིས། མིག་འཕྲུལ་འབར་མོས་འཚེ་བ་ལས་གྲོལ་བར་རིམ་གྱིས་གླེང་སླང་ལས་ཐོས། སྟག་ལུང་འདོ་འཇོ་མ་སྤྲུལ་རིན་པོ་ཆེའི་དགོངས་བཞེད་བཀའ་དབང་རྣམས་དང་ཞབས་རིམ་ཟབ་བདུན་ཕུར་ཟློག་ཆེན་མོ་མཐའ་རྒྱས་སྒྲུབ། རྒྱ་མ་ཁྲི་ཁང་དུ་དགུ་གཏོར་དང་རས་ཆོས་ཆུ་རས་སོགས་མཛད། འབྲི་གུང་སྐྱབས་མགོན་མདུན་མཇལ་འཕྲད་བཀའ་དབང་ཟབ་རྒྱས་སྐོར་དང་སྐུ་རིམ་ཕུར་ཟློག་རྒྱས་འབྲིང་བསྡུས་གསུམ་སོགས་ཞབས་འདེགས་སྒྲུབ། གདན་ས་རྣམས་ཀྱི་རྟེན་གསུམ་ཆེ་ཕྲ་མཇལ་ཕྱག་མཆོད་འབུལ་དང་། གནས་མཆོག་ཏི་སྒྲོ་བྲག་དཀར་དུ་ཆེད་ཕེབས་ཀྱིས་རྩ་བ་གསུམ་གྱི་མཆོད་བསྐང་ཚོགས་འཁོར་བོད་ཁམས་བསྟན་འགྲོ་ཡོངས་ཀྱི་བདེ་ཐབས་ཐུགས་བསྐྱེད་མཛད་འཕྲིན་སྒོ་གང་ཟབ་ལུང་དོན་རྣམས་ལས་འབྱུང་བ་བཞིན་སྒྲུབ་པར་མཛད་དོ། །དེ་ནས་གངས་དཀར་ལ་བརྒལ་ཇ་ལམ་རྒྱུད་ནས་ཕེབས། སྤྱིར་ཡང་དབུས་ལྗོངས་བསྐོར་ལ་ཆིབས་ཁ་བསྒྱུར་ནས་ཕྱིར་གདན་སར་ཕེབས་གྲུབ་ཀྱི་བར་ཟླ་བ་བཅོ་བརྒྱད་ཙམ་འགོར་མཚམས། དགུང་གྲངས་ཞེ་གཅིག་ཏུ་སོན་པའི་ས་སྦྲུལ་དཔྱིད་ཟླ་ཐ་ཆུང་གི་ཚེས་ནང་སྐོར་གདན་ས་བར་མ་གནས་བརྟན་དགོན་འགྱུར་མེད་གླིང་དུ་ཕྱག་ཕེབས་ཤིང་གཞི་བྱེས་སྤོམ། དེ་ནས་གྲྭ་རིགས་རྣམས་ལ་སྨིན་གླིང་ནས་བསླབས་པའི་སྒྱུ་འཕྲུལ་རྩ་འཆམ་ཆེན་མོ་བསླབ་སྩོལ་བགྱིས། འཆམ་ཆས་ལ་ཉེར་མཁོའི་ཐང་ཞུ་དང་སྒྲོ་སྐོར་བྷན་ཕུར་སོགས་འདུ་བ་བགྱིས་ཤིང་འཆམ་སྣ་བརྒྱ་དང་སོ་བདུན་ཚང་མ་ལོན་ནས། སྤྲོས་བཅས་རྩ་འཆམ་ཆེན་མོ་སྔོན་དུ་འགྲོ་བའི་སྒོ་ནས། འདུས་མདོ། སྒྱུ་འཕྲུལ་ཞི་ཁྲོ། དོང་སྤྲུགས། ཡང་དག །ཕུར་པ། གཤིན་རྗེ། ཚེ་སྒྲུབ་རྣམས་བཀའ་གཏེར་གཉིས་ཀ་དང་། མ་མོ་གཏེར་མ་བཅས་དཀྱིལ་འཁོར་ཆེན་པོ་རྣམས་ཀྱི་ཚོམ་བུ་ཚོགས་སྒྲུབ་ཚུལ་བཞིན་དུ་སྦྱིན་སྲེག་དབང་ཆེན་བཅས་མཐའ་རྒྱས་མཛད། དེ་ནས་གདན་ཞུས་ནན་བསྐྱར་གྱིས་དགེ་རྒྱལ་སྟོད་སྨད་ཕྱོགས་སུ་ཕེབས་ལམ་སྤམ་གཞུང་ནས་ལྷོ་རིན་པོ་ཆེ་དང་མཇལ་འཕྲད་སྐབས། ལྷོ་ཆགས་མེད་མཆོག་སྤྲུལ་ངོས་འཛིན་ཞུས་མཛད་པ་དིལ་ཡག་དགོན་དུ་ཕེབས་སྐབས་ངོས་འཛིན་སྲུང་མདུད་རྦ་དར་མཛད་དོ། །དགེ་རྒྱལ་ཕྱོགས་བླ་དགོན་སྡེ་གསུམ་ཐམས་ཅད་ལ་འགུ་ལོག་གིས་འཚེས་ཆེ་བ་ལ་དམིགས་འདོད་བསྟུན། ཡོན་བདག་རྣམས་ཀྱིས་དགྲ་ཟློག་དགྲ་ཆོས་སྲི་གནན་སོགས་ནན་བསྐྱར་ཞུས་ཀྱང་། ལས་རྒྱུ་འབྲས་བབ་ཀྱིས་ལེ་ལན་རང་ལ་ཚུར་མི་འཁོར་བའི་ཐབས་མེད་པས་བསམ་སྦྱོར་རྩུབ་མོའི་སྒོ་ནས་དགྲ་ཟློག་སོགས་སྲུང་བ་ཡིན་ཁུལ་བྱེད་པ་ལ་དགོས་པ་ཆེར་མེད། དེས་ན་སྡེ་དུད་རྣམས་ནས་ཀྱང་སྒྲོལ་མའི་མཎྜལ་བཞི་ཆོག་ལས་ལྷག་པ་གང་ཡང་མེད་པས་འདི་ཕྱི་འཕྲལ་ཡུན་ལ་ཕན་པའི་རིམ་གྲོ་གཅིག་ཆོག་མ་དེ་གྱིས་གསུངས་ནས་བཀའ་རྟགས་ལའང་དེ་གནང་། རིམ་གྲོ་ཞུས་ནའང་མཎྜལ་གྱི་ཆོ་ག་དང་ཚེ་གཡང་ཁ་སྤྲོད་ཙམ་རེ་མཛད། ལར་མཆོག་དམན་ཐམས་ཅད་ལ་དུས་ནམ་དུའང་བསམ་པ་བཟང་པོ་དང་མི་འབྲལ་བར་གྱིས་དང་རྒྱུ་འབྲས་བབ་ཀྱིས་གནོད་པའི་དགྲ་བོ་ཡང་རིམ་ཡལ་ཇེ་འཇམ་དུ་འགྲོ་ཞིང་། ཕྱི་མ་ཡང་ངེས་ལེགས་ཀྱི་ལམ་མཆོག་གཅིག་པུ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལ་འཇུག་པའི་བསླབ་ཁྲིད་མཆོག་དམན་སྐྱེ་བོ་ཕོ་མོ་རྣམས་ཀྱིས་ཉམས་སུ་ལེན་བདེ་བར། རྫོགས་པའི་སངས་རྒྱས་དངོས་བྱོན་དཔལ་སྤྲུལ་རྡོ་རྗེ་འཆང་གིས་དངོས་སུ་བསྩལ་པའི་ཡིད་བཞིན་ནོར་བུ་རིན་པོ་ཆེ་འདི་ཉིད་ཕས་ནོར་བུ་ལ་སྦྱིན་པ་བཞིན། ཉན་པར་འདོད་པ་རྣམས་ལ་ཕོངས་མེད་དུ་གནང་བ་ཡིན་གསུངས་ནས། བླ་སྤྲུལ་རྣམས་གཙོས་མཆོག་དམན་སྐྱ་སེར་ཕོ་མོ་ཉིས་བརྒྱ་ལ་ཉེ་བ་ཙམ་ལ་ཟླ་གཅིག་གི་རིང་སྤྱོད་འཇུག་ཞིབ་ཁྲིད་གནང་། སྐྱབས་མགོན་ཟླ་སྤྲུལ་རིན་པོ་ཆེའི་སྤྲུལ་སྐུ་ངོས་འཛིན་གྱི་མགུལ་སྲུང་རྦ་དར་མཛད། དེ་ནས་དགོན་ཁག་རྣམས་དང་ཡོན་བདག་ཀུན་གྱི་རེ་བསྐང་མཛད་ཅིང་རིམ་པར་རག་ཤུལ་ཟུར་མང་རྒྱུད་རྡོ་དགོན་དུ་ཕེབས། ཟབ་བདུན་ཕུར་པའི་སྒྲུབ་ཆེན་བསྒྲལ་འཆམ་དབང་ཆེན་བཅས་མཛད། བླ་བྲོ་དགོན་དང་སྒར་ཆེན་སྟེང་སོགས་ཕེབས། སོ་སོའི་དགོངས་བཞེད་དབང་ལུང་དང་སྐུ་རིམ་སོགས་རེ་བསྐང་བསྒྲུབས་ནས། ཆེད་གཏད་ཀྱིས་གྱོམ་གཞུང་བརྒྱུད་རྩི་རྐེ་ནོར་བུ་སྤུན་གསུམ་དུ་ཕེབས། སྒོམ་སྡེ་ཁར་ཆོས་སྒར་བརྒྱབ། རྡོ་གཞན་སྟོང་དར་རྒྱས་གླིང་ནས་ས་དཔྱད་མཁན་པོ་བླ་རྒན་མེ་ཉག་ཆོས་རྒྱལ་ཡང་མཉམ་ཆར་ཕེབས་བསྐུལ་ཞུས་མཛད་བཞིན། གཏེར་ཆེན་རིན་པོ་ཆེ་དཔོན་སློབ་གཉིས་ནས། གོང་གི་ནོར་བུ་སྤུན་གསུམ་བྲག་རིའི་མཚམས་ནས་གཞུང་གི་ཐང་མཐའ་ཡན་ས་དཔྱད་གང་ལེགས་ཞིབ་གཟིགས་གནང་ནས། སླར་ཀུན་གཟིགས་རིན་པོ་ཆེའི་མདུན་ས་ཆའི་མཐོ་དམན་གང་ལེགས་ཀྱི་བཀའ་དྲིན་ཞུ་བའི་འབངས་མི་ཆེད་མངགས་འཁོར་གདོང་ཐུགས་ཐག་གཅོད་རྒྱུ་མཛད་ནས། ཟུར་མང་བླ་དགོན་དང་ཀརྨའི་དགེ་རུ་སོགས་ཀྱི་རེ་འདུན་མོས་བཞེད་བསྐངས་ནས། ལོ་དེའི་དགུན་དཔྱིད་ཀརྨའི་གདན་ས་གསང་སྔགས་ཕོ་བྲང་དུ་བཅད་རྒྱར་བཞུགས། ཟབ་བདུན་ཕུར་པའི་སྒྲུབ་ཆེན་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་གཞི་འབྲས་སྦྲེལ་བའི་ལྷ་ཁྲིད་ཆེན་མོ་ཛཔ྄་དགོངས་རྣམ་པ་བཞི་སོ་སོའི་དམིགས་པའི་འཕྲུལ་འཁོར་སོགས་ཞིབ་ཁྲིད་བཅས་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་མཐའ་རྒྱས་སུ་གྲུབ་པར་མཛད། དེ་ནས་སྐབས་འགར་རྗེ་གཏེར་ཆེན་ཉིད་ཀྱི་ཉམས་སྣང་སྐོར་གྱི་གདངས་དབྱངས་རྣམས་བསླབ་མཛད་པ་དང་། སྨིན་གླིང་བཀའ་བརྒྱད་ཀྱི་དབྱངས་གདངས་རྣམས་ཐུགས་ཉམས་སུ་བཞེས་པར་གནང་། ཡང་སྐབས་འགའ་རེར་ཤོག་སེར་འགའ་ཕབ་མཛད་སོང་བ་གང་ཡིན་ནི་མ་ངེས། ཡང་སྔ་དྲོ་ཞིག་ལ་སྐྱབས་མགོན་རྗེ་དྲུང་རིན་པོ་ཆེ་དབུས་ཕེབས་ལམ་ནས་ཞིང་གཟིགས་སོང་ཡོད་འདུག་པ་དེ་འདྲ་ཕྱི་ནང་ཀུན་ནས་གླེང་ཨེ་འདུག་གསུངས་པས། གང་ཡང་མི་འདུག་ཞུས་པ། དེ་ཕྱི་ནང་སུ་ལའང་བཤད་མི་ཉན་གསུངས། ཡང་ཞག་པོ་རེ་ཟུང་མཚམས་ནས་བཟང་ངན་གྱི་སྐད་ཆ་ཅི་ཟེར་གི་ཨེ་འདུག་ཕེབས་པ་ལ། གང་ཡང་གོ་རྒྱུ་མི་འདུག་ཞུས། དེ་ནས་ཞག་པོ་བཅུ་རེ་ཟུང་མཚམས་ནས། ཡང་དགོན་མཛོད་པ་བུ་སྒྲོན་མ་རྗེ་སྤྲུལ་རིན་པོ་ཆེ་གཤེགས་པའི་མཆོད་བསྔོ་དང་སྤྲུལ་སྐུ་གར་འཁྲུངས་ཀྱི་བརྟགས་ཞུས་ལ་བྱོན་པ། གཏེར་ཆེན་རིན་པོ་ཆེའི་མདུན་ནས་མཆོག་སྤྲུལ་གསར་པ་རང་དགོན་གྱི་ཉེ་ལོགས་གསེར་འཕྲུའི་ཉི་འོད་འཁྱིལ་ས་ལ་འཁྲུང་འོང་པས། རིམ་པར་ཞིབ་ཆའི་ཞུ་རྒྱ་འབུལ་འོང་གསུངས། དེ་རྗེས་དཔྱིད་སོས་ཀྱི་བར་ཙམ་ནས་རྗེ་སྤྲུལ་རིན་པོ་ཆེ་ཟླ་ནང་ཚེ་རིང་རྣམ་རྒྱལ་ཚང་དུ་སྐུ་འཁྲུངས་ཚུལ་གྱི་ཕྱག་བྲིས་ཞིབ་རྒྱས་ཕུལ་མཛད་དོ། །དེ་ལྟར་གོང་སྨྲོས་རི་བོ་དབང་ཞུའི་ཐུགས་སྒྲུབ་ཀྱིས་སྒྲུབ་ཆེན་དང་། པདྨ་ཤེལ་ཕུག་གི་སྔ་ཕྱིའི་སྨན་སྒྲུབ་སོགས་སྐབས་འགའ་རེར་འདུས་པ་ཉུང་བས་སྤྲོས་བཅས་ཀྱི་ཕྱག་བཞེས་མ་འགྲུབ་ཀྱང་། ཆོ་གའི་ཡན་ལག་སྦྱོར་དངོས་རྗེས་གསུམ་ཚང་ཞིང་བྱིན་རླབས་ཀྱི་ཟིལ་དང་ལྡན་པས་ན་དོན་གྱི་སྒྲུབ་པ་ཆེན་པོ་ཁོ་ན་ཡིན་པར་གསུངས། གཞན་དུ་རྗེ་ཉིད་སྐུ་རྐྱང་གིས་བསྙེན་སྒྲུབ་མཛད་ཚུལ་རགས་རིམ་ཙམ་སྨྲོས་ན། སྐུ་གཞོན་དུས་ཀྱི་སྐབས་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་བསྙེན་སྒྲུབ་དང་། འབྲི་གུང་ཡང་ཟབ་ཚེ་སྒྲུབ་སོགས་ལན་མང་དུ་མཛད། ཕྱིས་དཔལ་སྤུངས་སུ་ཕེབས་ནས་བླ་མ་གསང་སྔགས་བསྟན་འཛིན་ལས་ཕྱག་ལེན་བཞེས་ཏེ་རཏྣའི་བླ་མ་ཞི་བའི་སྐུ་གསུམ་སྒྲུབ་པ་ཚད་ལྡན་དང་གུར་དྲག་ཕུར་པ་བཅས་ཀྱི་བསྙེན་པ། དམ་པའི་ལུགས་ཀྱི་འཇམ་དཔལ་སྨྲ་སེང་གི་བསྙེན་སྒྲུབ་ལས་གསུམ་གནད་སྨིན། ཀླུ་དབང་རྒྱལ་པོ་དང་། ལས་འབྲེལ་རྩལ་གྱི་ཕྱག་རྡོར་དྲེགས་འདུལ་བསྙེན་པ་ལས་རུང་། སྔ་ཕྱི་ཅི་རིགས་པར་ཉང་གཏེར་བཀའ་བརྒྱད་དང་། ཆོས་དབང་ཐུགས་རྗེ་ཆེན་པོ་ཡང་འདུས། སྨིན་གླིང་གཏེར་གསར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་བཅས་ཀྱི་བསྙེན་སྒྲུབ་ཚད་ལྡན་མཛད། རྡོ་རྗེའི་གནས་ཆེན་རྣམས་ཀྱི་སྒོ་འཕར་ཕྱེས་ཚུལ་ཡང་། གནས་ཆེན་ཉེར་ལྔའི་མདོ་བྱང་རྩ་བར་གཟུང་སྟེ། གཏེར་ཁ་སོ་སོའི་གནས་ཡིག་ས་གཏེར་ལས་བྱོན་པ་དང་། དགོངས་ཉམས་སུ་ཤར་བ་དང་། ལྷ་དང་མཁའ་འགྲོས་ལུང་བསྟན་པ་སོགས་བྱེ་བྲག་རང་རང་གི་གནས་ཡིག་ལས་གསལ་ཞིང་། ཆོས་བདག་ལུང་བསྟན་ཚུལ་ཡང་རང་རང་གི་གཞུང་དང་ལུང་བསྟན་གྱི་ཚིག་དོན་དང་སྦྱར་བར་གསུངས་ཤིང་། ཕྱིའི་རྣམ་ཐར་གྱི་གཙོ་བོ། བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་སྒྲུབ་ཆེན་སུམ་ཅུ་སོ་ལྔ་མཛད་པ་ཉིད་སྔ་འགྱུར་རྡོ་རྗེ་ཐེག་པའི་རིག་འཛིན་ཆེན་པོ་རྣམས་ཀྱི་ཕྱག་ལེན་ངོ་མཚར་རྨད་དུ་བྱུང་བ་ཡིན་ཏེ། དེ་ལྟ་བུའི་ཕྲིན་ལས་ཀྱི་འཇུག་པ་རྨད་དུ་བྱུང་བ་ལ་བརྟེན་ནས། འཇིག་རྟེན་དབང་ཕྱུག་དགྱེས་པའི་ཕོ་བྲང་སྟོད་ལུང་མཚུར་ཕུའི་ཆོས་གྲྭར་ཡང་ཕུར་གྱི་སྒྲུབ་ཆེན་ཚད་ལྡན་རྩ་འཆམ་འབྲིང་པོ་དང་བཅས་པ། ཟུར་མང་རྡོ་དགོན་དུ་ཕུར་པའི་སྒྲུབ་ཆེན་ཐོག་མར་སྨད་ལས་གཙོ་བོར་བཏོན་པའི་བསྒྲལ་འཆམ་དང་། ཕྱིས་ནོར་བུ་གླིང་དུ་ས་འདུལ་མཛད་སྐབས་རྩ་འཆམ་རྒྱས་པར་གནང་བ་ལྟར་གྱི་རྒྱུན། རྒྱམ་གཞུང་བླ་བྲོ་དགོན་དུ་ཡང་ཕུར་གྱི་སྒྲུབ་ཆེན་འཆམ་ཡང་དེ་མཚུངས་དང་། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་སྒྲུབ་མཆོད་དང་། མཎྜལ་བཞི་པའི་ཆོ་ག་བཅས་ཀྱི་རྒྱུན་ལེགས་པར་ཚུགས། དཔལ་རི་བོ་ཆེའི་ཡང་དགོན་བླ་བྲང་དུ་རྒྱལ་ཆེན་རྣམ་སྲས་ཀྱི་སྒྲུབ་ཁང་དང་སྒྲུབ་རྒྱུན། དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་བླ་བྲང་དུ་རྣམ་སྲས་མགོན་ཁང་གསར་བཞེངས་དང་འབྲེལ་བར་ཐུགས་སྒྲུབ་བསམ་པ་ལྷུན་གྲུབ་མ་དང་བཀའ་སྲུང་བཅས་རྒྱུན་གསུངས། ཁྱད་པར་ཡང་ཁྲོད་དེ་བཱི་ཀོ་ཊའི་སྒྲུབ་སྡེ་ཆེན་པོ་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྒྲུབ་པོ་རྣམས་ཀྱིས་གསང་ཐིག་སྙིང་པོའི་ཉམས་བཞེས་རྒྱུན་ཆགས་དང་། ཆོས་སྲུང་གི་གཙོ་བོ་གཏེར་གསར་ཕྱག་དྲུག་པ་ལ་མཛད་པས་མཚོན། ཕྱོགས་དེའི་མགོན་ཁང་ཁག་དུ་གཏེར་གསར་གྱི་ཡི་དམ་ཆོས་སྲུང་ཕལ་མོ་ཆེའི་སྒྲུབ་པ་རྒྱུན་མི་འཆད་པར་ཚུགས་པས་བསྟན་འགྲོའི་སྨན་ཡོན་ཆེན་པོར་གྱུར། འཛི་སྒར་དུ་ཐུགས་སྒྲུབ་ཁང་གསར་བཞེངས་དང་འབྲེལ་བར་ཐུགས་སྒྲུབ་རྣམ་གཉིས་ཀྱི་སྒྲུབ་རྒྱུན་བར་མ་ཆད་པར་གནང་བ་སོགས་དང་། གཞན་ཡང་ཀུན་མཁྱེན་འབྲུག་པའི་གདན་ས་གསང་སྔགས་ཆོས་གླིང་དུ་ཟབ་བདུན་གཤིན་རྗེའི་སྒྲུབ་རྒྱུན་ཚུགས་བཞིན་གྱིས་བར་ཆད་ཀླ་ཀློའི་རྒྱུ་ལམ་ཆད་པའི་རྟགས་མཚན་དེ་འཕྲལ་ནས་བྱུང་བ་དང་། ཟུར་མང་རྣམ་རྒྱལ་རྩེར་གུ་རུ་རིན་པོ་ཆེའི་སྐུ་ཚབ་ཁྱད་འཕགས་གནང་ཞིང་ཚེས་བཅུ་ཆེན་མོའི་ཕྱག་བཞེས་ཚུགས་དགོས་པའི་བཀའ་བསྩལ་པ། སྤྲུལ་པའི་སྐུ་མཆེད་ནས་ཀྱང་ཞལ་གྱིས་བཞེས་པ་དོན་སྨིན་དུ་འགྱུར་བ་གཞིར་བཅས་པའི་མཚོན། བྱུང་དང་འབྱུང་འགྱུར་གྱི་ཕྲིན་ལས་མཐའ་རྒྱས་སུ་གྱུར་ཅིང་། ལྷག་པར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆོས་སྐོར་རྣམས་ཕྱོགས་གང་དུའང་དར་རྒྱས་ཆེ་བ་དང་། དེའི་མཚོན་ཐུགས་སྒྲུབ་བསམ་པ་ལྷུན་གྲུབ་མ་དང་། ཡང་ཕུར། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱང་ཉམས་བཞེས་མཛད་པ་མང་ངོ་། ཁྱད་པར་ཆོས་བཀའ་བབ་ཚུལ་ལའང་། བཀའ་གཏེར་དག་སྣང་ལས་ཕྱེ་བའི་བཀའ་བབས་བདུན་ཞེས་པ་ནི། ཟབ་མོ་རྫོགས་ཆེན་སྡེ་གསུམ་གྱི་ལུང་བསྟན་ལས། བཀའ་ནས་བཀར་བརྒྱུད་བར་མ་ཆད༔ ཟབ་མོ་དངོས་དང་དགོངས་པའི་གཏེར༔ ཡང་གཏེར་རྗེས་སུ་དྲན་པའི་གཏེར༔ དག་སྣང་སྙན་དུ་བརྒྱུད་པ་ཡི༔ བཀའ་བབས་བདུན་གྱི་ཆུ་བོ་ནི༔ མངའ་བདག་ཡབ་སྲས་སྐལ་པར་བབ༔ སྙིགས་དུས་བསྟན་པའི་བཙས་ཆེན་བྱེད༔ ཟབ་གཏེར་ཉི་འོད་ལྷག་པར་བརྡལ༔ ཞེས་སོགས་མང་དུ་འབྱུང་བ་ལྟར་ཁྲི་སྲོང་ཡབ་སྲས་ཀྱི་རྣམ་འཕྲུལ་མཁྱེན་གཏེར་རྣམ་གཉིས་ལ། བཀའ་གཏེར་དག་སྣང་གསུམ་ལས་ཕྱེ་བའི་ཟབ་ཆོས་ཀྱི་བཀའ་བབས་བདུན་དང་ལྡན་པ་སྟེ། འདི་དང་པོ་ནི། རིང་བརྒྱུད་བཀའ་མ་སྟེ། དེང་སང་རྒྱུན་བཞུགས་པ་བསྐྱེད་རྫོགས་སྡེ་གསུམ་ཕལ་ཆེར་གསན་ཅིང་བྱིན་རླབས་ཟབ་མོའི་བཀའ་བབས་ལ་བརྟེན་ནས་མདོ་སྒྱུ་སེམས་གསུམ་གྱི་འཆད་སྤེལ་ཡང་མང་དུ་མཛད་དོ། །དཔལ་རི་བོ་ཆེའི་རྙིང་མ་གྲྭ་ཚང་དུ་འདུས་པ་མདོ་དབང་ཆེན་མོ། ཨེ་ཝཾ་ཆོས་སྒར་གྱི་མཁས་དབང་རྡོ་རྗེ་འཛིན་པ་རྣམས་དང་། ཨོ་རྒྱན་སྨིན་གྲོལ་གླིང་སོགས་ལ་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་རྒྱུད་བཤད་གནང་། དཔལ་བསམ་ཡས་མཆིམས་ཕུར་སྐལ་ལྡན་འདུས་པ་རྣམས་ཀྱི་བགོ་སྐལ་དུ་རྫོགས་པ་ཆེན་པོ་གསང་བ་བླ་ན་མེད་པའི་ཆོས་འཁོར་ཡང་མང་དུ་བསྐོར་བར་མཛད། དེར་མ་ཟད་གཏེར་ཁ་སྔོན་མ་རྣམས་སུ་དེ་སྔོན་མ་གྲགས་པའི་མདོ་སྒྱུ་སེམས་གསུམ་གྱི་གཏེར་ཁ་རྗེ་འདི་ཉིད་ཀྱི་གཏེར་ཆོས་ལ་བྱོན་པ་རྣམས། མཚན་གཏེར་མར་བཏགས་ཀྱང་དོན་གྱི་ངོ་བོ་བཀའ་མའི་གཞུང་ཇི་ལྟ་བའི་ཆོས་སྐད་གྲུབ་མཐའ་སློང་ནུས་པའི་སྔོན་མེད་ངོ་མཚར་ཅན་ཤ་སྟག་ཏུ་བྱོན་པ་རྣམས་ཀྱང་དོན་དུ་བཀའ་མའི་བཀའ་བབས་པ་ཡིན་ནོ། །ཁྱད་པར་རྗེ་གཏེར་ཆེན་ཉིད་དང་ཀུན་གཟིགས་རིན་པོ་ཆེ་མཁན་སློབ་ནས། དཔལ་ཡུལ་རྒྱ་སྤྲུལ་རིན་པོ་ཆེ་མདོ་སྔགས་བསྟན་འཛིན་ལ་སྙན་བསྐུལ་བར་བརྟེན་ཆོས་གྲྭ་ཆེན་པོ་རྣམ་རྒྱལ་བྱང་ཆུབ་གླིང་དུ། སྔ་འགྱུར་བཀའ་མའི་དབང་ལུང་གི་རྒྱུན་དེང་སང་ཡོད་དོ་ཅོག་གི་དཀྱིལ་འཁོར་ཆེན་པོ་ཉེར་བདུན་གྱི་སྒྲུབ་མཆོད་ལོ་བསྟར་དུ་ཚུགས་པའང་། རྗེ་གཏེར་ཆེན་རིན་པོ་ཆེའི་ཕྲིན་ལས་ཀྱི་འཇུག་པ་རྨད་དུ་བྱུང་བ་ལས་ཡིན་ཞེས་ཀུན་གཟིགས་རིན་པོ་ཆེའི་ཞལ་ལས་གསུངས་སོ། །གཉིས་པ་ཉེ་བརྒྱུད་རང་སྐལ་གྱི་གཏེར་མ་ལའང་གཉིས། རྒྱ་ཆེ་བ་ས་ཡི་གཏེར་དང་། ཟབ་མོ་དགོངས་པའི་གཏེར་རོ། །དང་པོ་ལའང་གཉིས། རང་སྐལ་ས་ཡི་གཏེར་དངོས་དང་། གཏེར་འབྱིན་གཞན་གྱི་ཡང་གཏེར་བཀའ་བབས་ཚུལ་ལོ། །དང་པོ་ནི་གཏེར་ཁ་སུམ་ཅུ་རྩ་བདུན་ཆེ་ཁོག་གཏེར་ཆེན་ཉིད་ཀྱི་དགུང་གྲངས་ལོ་ཟླ་ཚེས་གྲངས་དུས་ཚོད་ཡན་གསལ་བར་སྤྱན་དྲངས་ཚུལ་གོང་དུ་བཤད་མ་ཐག་པ་ལྟར་དང་། གཉིས་པ་ཡང་གཏེར་བཀའ་བབས་ཚུལ་ནི། གཏེར་འབྱིན་གཞན་གྱིས་ཡང་གཏེར་དུ་སྦས་པ་དངོས་སུ་བཞེས་པའམ་བྱིན་རླབས་ཀྱི་སྟོབས་ལས་བྱུང་བ་དང་། དཔེ་རྒྱུན་ཙམ་ཡོད་ཀྱང་དབང་ལུང་འཆད་ཉན་གྱི་རྒྱུན་ཆད་པ་ཉེ་བརྒྱུད་དུ་བཀའ་བབས་པ་སོགས་ཏེ། སྐབས་འདིར་རྗེ་གཏེར་ཆེན་ཉིད་ཀྱི་སྐྱེ་བ་གོང་མ་གཏེར་ཆེན་སངས་རྒྱས་གླིང་པའི་ཡང་གཏེར་གུ་དྲག་ཧཱུྃ་དམར་སྙིང་ཏིག་ཉིད་བྱིན་རླབས་ཀྱི་སྟོབས་ལས་བཀའ་བབས་པ་དང་། མཁའ་འགྲོ་མ་ཀུན་དགའ་འབུམ་གྱི་མ་རྒྱུད་གསང་བ་ལམ་ཁྱེར་སྐོར་ཉེ་བརྒྱུད་དུ་བཀའ་བབས་པ་འཇམ་མགོན་བླ་མར་བསྩལ་པ་ལྟ་བུའོ། །གཉིས་པ་ཟབ་མོ་དགོངས་པའི་གཏེར་ལའང་ནང་གསེས་སུ་དབྱེ་ན་གཉིས། ཟབ་མོ་དགོངས་པའི་གཏེར་དངོས་དང་། ཡང་ཟབ་རྗེས་སུ་དྲན་པའི་གཏེར་གྱི་བཀའ་བབས་ཚུལ་ལོ། །དང་པོ་དགོངས་གཏེར་དངོས་ནི། རྩ་བ་གསུམ་གྱི་བྱིན་རླབས་ལ་བརྟེན་ནས་ཐུགས་དགོངས་འོད་གསལ་གྱི་ཀློང་དུ་སྦས་པའི་གསང་བ་ཟབ་མོའི་གཏེར་མཛོད་བརྡོལ་བ་སྟེ། སྒ་སྟོད་ཞེ་འཛོང་གི་ལུང་ཕུ་མོ་འགོལ་ལ་ནས་ཕེབས་སྐབས། མདུན་གྱི་ནམ་མཁའ་ནས་རྗེ་བཙུན་སྒྲོལ་མ་ཞལ་དངོས་སུ་གཟིགས་ཏེ་ལེགས་སོ་གསུམ་གྱི་དོན་ཁྲིད་དབུགས་དབྱུང་བསྩལ་པས་དགོངས་གཏེར་སྒྲོལ་མའི་ཟབ་ཏིག་གཏན་ལ་ཕེབས་པ། དེ་རྗེས་རིམ་གྱིས་གཏེར་ཆེན་རིན་པོ་ཆེ་དཔལ་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་གདན་སར་ཕེབས་སྐབས་རྟེན་ཁྲོད་ནས། སྔོན་ལེགས་སོ་གསུམ་གྱི་དོན་ཁྲིད་གནང་བའི་ཡེ་ཤེས་སེམས་དཔའི་རང་གཟུགས་རྗེ་བཙུན་སྒྲོལ་མའི་སྣང་བརྙན་དེ་ཉིད་དངོས་སུ་གདུལ་བྱའི་སྣང་ངོར་གདོས་བཅས་ཀྱི་གཟུགས་སུ་བསྐྲུན་ཏེ་བཞུགས་པ་གཏེར་ཆེན་ཉིད་ནས་ངོས་འཛིན་མཛད་ཅིང་། སྣང་བརྙན་འདིའི་ཕུགས་གང་ནས་ཕྱག་ལ་ཕོག་ཚུལ་བཀའ་འདྲི་མཛད་པ་ལ། ཀོང་སྤྲུལ་རིན་པོ་ཆེ་ནས་ཁོང་གི་རྟེན་ཁྲོད་དུ་སྣང་བརྙན་འདི་འདྲ་བཞུགས་ཡོད་འདུག་པ་ལས། ཕུགས་ཅི་ཡིན་གཏན་ནས་ཞུ་ཤེས་པ་མི་འདུག་ཞུས་མཛད་ཅིང་འཕགས་མའི་སྣང་བརྙན་ལ་གཅེས་མཐོང་དད་འདུན་ཐུགས་ཀྱི་སྙིང་ཁུ་རྟེན་གསུམ་རྣམས་ཀྱི་ཡང་རྩེ་དད་བརྒྱའི་རྟེན་གཙོར་འཛིན་མཛད་པ་ཡོངས་གྲགས་སོ། །གཉིས་པ་ཡང་ཟབ་རྗེས་དྲན་ནི། སྐུ་སྐྱེ་བ་སྔོན་མའི་དུས་སུ་ལྷག་པའི་ལྷ་དང་བླ་མ་ལས་གདམས་ངག་གསན་པ་ད་ལྟའི་དུས་བཞིན་བཀྲ་ལྷང་ངེར་ཐུགས་ལ་གསལ་བ། སྔར་རྗེ་ཉིད་གནུབས་ཁུ་ལུང་ཡོན་ཏན་རྒྱ་མཚོའི་སྐྱེ་བ་བཞེས་པའི་སྐབས་གནུབས་ཆེན་སངས་རྒྱས་ཡེ་ཤེས་གཤེགས་ཀར་འདའ་ཁ་ཞལ་ཆེམས་ཀྱི་ཚུལ་དུ། ལུང་ཆེན་རྡོ་རྗེ་བཀོད་པའི་གདམས་པ་གསུངས་ཚུལ་དང་། ཡང་དེའི་སྐབས་ཀྱི་སྔོན་གནས་རྗེས་སུ་དྲན་པའི་གནུབས་ཀྱི་ཁ་ཕོ་མདོ་ཙམ་ཡི་གེར་འགོད་བསྐུལ་གྱིས་དངོས་སུ་གནོད་འཚེ་སྡང་དགྲའི་རྒོལ་བ་བཅོམ་པ་ཁམས་དབུས་ཡོངས་ལ་རླུང་ལྟར་གྲགས་པ་དང་། དེ་དག་གི་སྐབས་ཀྱི་རྗེས་དྲན་ལ་བརྟེན་ནས་རུ་ལུའི་འདྲེན་སྟངས་བཞི་སོགས་དབྱངས་ཀྱི་བྱེ་བྲག་དང་། གར་གྱི་ཉམས་འགྱུར་མཐའ་ཀླས་པའི་སྒོ་དབྱེ་ཞིང་། སྤྲུལ་པའི་སྐུ་སངས་རྒྱས་གླིང་པའི་སྐུ་དུས་ཀྱི་སྔོན་གནས་རྗེས་དྲན་ལ་བརྟེན་དགོངས་འདུས་རྩ་སྤྲུགས་རྣམ་དགུ་འཕྲུལ་འཁོར་ཕྱག་ཁྲིད་ཞིབ་མོར་གཏན་ལ་ཕབ་པ་སོགས་རྒྱ་ཆེར་བཞུགས་སོ། །གསུམ་པ་ཟབ་མོ་དག་སྣང་གི་སྐོར་ལའང་གཉིས། ཟབ་མོ་དག་སྣང་དངོས་སུ་ཤར་པ་དང་། ཡང་ཟབ་སྙན་ནས་སྙན་དུ་བརྒྱུད་པའི་བཀའ་བབས་ཚུལ་ལོ། །དང་པོ་ཟབ་མོ་དག་སྣང་གི་སྐོར་དངོས་ལ། སྔོན་སྨོན་དང་འཕྲལ་བྱུང་གི་རྟེན་འབྲེལ་ཟབ་མོས་མཚམས་སྦྱར་ཏེ་དག་པའི་སྣང་བར་དབང་པོའི་མངོན་སུམ་དུ་རྩ་གསུམ་ཆོས་སྐྱོང་དང་བཅས་པས་ཞལ་དངོས་སུ་བསྟན་ཅིང་གདམས་པ་ཟབ་མོ་གསུངས་པ་སྟེ། གནས་ཆེན་རི་བོ་དབང་ཞུའི་གནས་ཞལ་འབྱེད་སྐབས། བི་མ་ལའི་སྒྲུབ་ཕུག་འོད་ཀྱི་གུར་ཁྱིམ་དུ་གྱུར་པའི་དབུས་སུ། པཎ་ཆེན་དྲི་མེད་བཤེས་གཉེན་ཞལ་གཟིགས་ཏེ་བི་མའི་བླ་སྒྲུབ་ཟབ་མོ་རྗེས་སུ་གདམས་པ་ལྟ་བུ་འོ། །དབང་པོའི་མངོན་སུམ་དུ་མ་གྱུར་ཀྱང་ཉམས་ཀྱི་སྣང་བར་བླ་མ་ལྷས་དངོས་སུ་བསྩལ་པ་ལྟ་བུའི་གསལ་སྣང་བརྟན་པོ་ཤར་བ་དང་། ནམ་མཁར་ཡི་གེའི་གཟུགས་དངོས་སུ་གསལ་ཞིང་། ཆོས་ཀྱི་སྒྲ་ཐོས་པ་དང་། མནལ་ལམ་དུ་ཞལ་གཟིགས་ཏེ་གསུངས་པའང་འདིའི་ཁོངས་སུ་འདུ་བ་ཡིན་ནོ། །གཉིས་པ་ཡང་ཟབ་སྙན་བརྒྱུད་ཀྱི་བཀའ་བབས་ཚུལ་ནི། རླུང་སེམས་ཙམ་ལས་གྲུབ་པའི་ཡེ་ཤེས་སྒྱུ་མའི་སྐུ་དག་པའི་ཞིང་ཁམས་སུ་དངོས་སུ་བྱོན་པ་དང་། ཐ་མལ་གྱི་སྣང་བ་མཐའ་དག་འགགས་ཏེ་དག་པའི་ཞིང་རྟེན་དང་བརྟེན་པ་བཅས་པར་གནས་འགྱུར་ཏེ་རྩ་བ་གསུམ་གྱི་ཞལ་གཟིགས་ཤིང་ལུང་བསྟན་པ་དང་། ཆོས་གཏེར་སྲུང་མ་རྣམས་ཀྱིས་ཕྲིན་ལས་སྒྲུབ་པ་དང་བཅས་པས། གང་ཟག་དེའི་སྙན་དུ་གདམས་པ་དངོས་སུ་བརྒྱུད་པ་སྟེ། རྗེ་ཉིད་ཟངས་མདོག་དཔལ་རིར་དངོས་སུ་ཕེབས་ཏེ་གུ་རུ་རིན་པོ་ཆེ་ལས་ཨ་ཏི་ཟབ་དོན་སྙིང་ཏིག་གི་གདམས་པ་གསན་པ་སོགས་དག་སྣང་རྒྱས་བསྡུས་སྐོར་ཡི་གེར་བཀོད་པས་མཚོན་པ་ལས་ཕྲིན་ལས་བསམ་མི་ཁྱབ་པར་སོ་སྐྱེའི་བློ་རྟོག་གིས་བསམ་པར་བྱེད་ཅིང་བརྗོད་པ་ནི་གནས་མ་ལགས་སོ། །དེ་ལྟ་བུའི་གསལ་སྣང་གཞན་ཡང་ཤིན་ཏུ་བརྟན་པོ་དང་། མནལ་ལམ་དུ་བྱུང་བའང་འདིའི་ཁོངས་སུ་འདུ་བར་གསུངས། དེ་ལྟར་ན་བཀའ་བབ་བདུན་དུ་རྣམ་པར་གཞག་པའི་དོན་དང་མཚན་གཞི་ནི་ཡོངས་སུ་གྲགས་ཀྱང་། ཐ་དད་སོ་སོར་བཀའ་བབས་ཚུལ་གྱི་ལོ་རྒྱུས་གཏན་ཚིག་འདི་ཞེས་གསལ་བར་བརྗོད་པ་ནི། མཆོག་གཏེར་ཆེན་པོ་འདི་ཉིད་ལས་ལུང་དོན་གོང་དུ་གསལ་ཞིང་འབྱུང་བ་ལྟར་འདིར་མདོ་ཙམ་མཚོན་པར་བྱས་པ་སྟེ། རྒྱས་པར་ལུང་རིག་གི་ལམ་ནས་དྲངས་ཏེ་རྒྱ་ཆེར་འཆད་དུ་ཡོད་པར་ཞལ་གྱིས་བཞེས་པར་མཛད་དོ། །དེ་ལྟར་ན། རྒྱལ་བ་ཀར་འབྲུག་ཡབ་སྲས་འབྲི་སྟག་གཙོར་གྱུར་བཀའ་བརྒྱུད། སྨིན་གླིང་ཀཿཐོག་དཔལ་ཡུལ་ཞེ་རྫོགས་རྣམས་ཀྱི་ཁྲི་བཞུགས་གཙོར་བྱས་རྙིང་མ། གཞན་ཡང་དཔལ་ས་སྐྱ་པ་སོགས་རིས་སུ་མ་ཆད་པའི་བསྟན་འཛིན་རྣམས་ལ་དངོས་དང་བརྒྱུད་པའི་སྒོ་ནས་ཟབ་ཆོས་ཀྱི་སྨིན་གྲོལ་བསྩལ་ཅིང་། མྱོང་གྲོལ་གྱི་སྦྱིན་པ་ནི་བོད་ཁམས་མཐའ་དབུས་ཡོངས་ལ་ཁྱབ་ཅིང་། རྩ་བའི་ཆོས་བདག་བཅུ་ཕལ་ཆེར་ལ་རྟེན་འབྲེལ་ལེགས་འགྲིགས་སོགས་ཀྱིས་མཆོག་བསྟན་རིན་པོ་ཆེ་སྒོ་དུ་མ་ནས་སྤེལ་བས་ཁྱབ་རྒྱ་ཆེ་བར་གྱུར། གདན་ས་ཐོག་མ་ཀརྨ་རི་གསང་སྔགས་ཕོ་བྲང་མགོན་ཁང་རྒྱུན་གསུང་དང་། བར་མ་གནས་བརྟན་དགོན་དུ་གཙུག་ལག་ཁང་། དགེ་འདུན་གྱི་སྡེ་དང་། བཤད་སྒྲུབ་ཀྱི་རྒྱུན་ཡང་བཙུགས། གདན་ས་རྗེས་མ་ཀེ་ལ་ནོར་གླིང་དུ་ཟབ་ཕུར་རྩ་འཆམ་རྒྱས་པ་འཆམ་སྣ་བརྒྱ་དང་དྲུག་ཅུ་རྩ་བཞི་གསར་བསླབ་དང་འབྲེལ་ས་འདུལ་ལ་ཕུར་པའི་རྩ་འཆམ་ཆེན་མོ། སྒྱུ་འཕྲུལ་རྩ་འཆམ་འཆམ་སྣ་བརྒྱ་དང་སོ་བདུན་བཅས་དང་། ས་བདག་ཉེས་སེལ་ཆེན་མོ་སོགས་མཐའ་རྒྱས་གནང་། ཟུར་མང་ཕྱོགས་གྲྭ་འདུས་སུམ་ཅུ་སྐོར་ལ་མཁན་ཆེན་རཏྣའི་མདུན་ནས་རབ་བྱུང་བསྙེན་རྫོགས་ཀྱི་བཅས་ཁྲིམས་གནང་བ་སོགས་རྟེན་འབྲེལ་ལེགས་ཚོགས་གང་ཆེར་གྱུར་ཏོ། །དེ་ནས་དགུང་གྲངས་ཞེ་གཉིས་པ་ལྕགས་རྟའི་ལོ་དབྱར་སྟོད་སྐྱབས་མགོན་ཟླ་སྤྲུལ་རིན་པོ་ཆེའི་མཆོག་སྤྲུལ་ཁྲི་འདོན་སྐོར་ལ་གདན་འདྲེན་ཞབས་བསྐུལ་ཞུ་ནན་ཆེ་བའི་སྐུ་ངོ་ལྡོག་མ་སྤོབས་པར། ཀརྨའི་གསང་སྔགས་ཕོ་བྲང་ནས་ཕར་ཆིབས་སྒྱུར་སྐབས་དགོངས་པ་འཁྲུགས་ཤིང་བྱོན་ལམ་ནས་གློ་བུར་དུ་ཆིབས་པ་ལང་འདུག་བསྐྱར་བ་སོགས་རྟགས་མཚན་གང་འཚམ་ལས་མ་ཤར་རུང་། དམ་པ་གོང་མའི་ཐུགས་གཏད་ཆེ་བབས་ཅིར་གྱུར་མི་བྱོན་ལས་ཐབས་མི་འདུག་གསུངས་ནས་གསང་གཞུང་དུ་བཞུགས་ནུབ་སྨག་ལམ་ཤིན་ཏུ་འཚུབས་ཤིང་བསྙུང་བབ་ཀྱི་ཚུལ་ལྗི་བར་ཤར་བས། གྲྭ་ངོ་རྣམས་ནས་ཡར་འབྱོན་ཐབས་གཏན་ནས་མི་འདུག་པས་ས་ཐག་ཉེ་བསྟུན་རང་དགོན་དུ་ཕེབས་པར་ཞུས་བཞིན་གནས་བརྟན་དགོན་དུ་ཕྱིར་ཆིབས་སྒྱུར་ཕེབས་གྲུབ། དེ་ནས་མདོ་ཁམས་སྟོད་སྨད་བར་གསུམ་གྱི་བླ་དགོན་ཆེ་ཕྲ་མིང་ཐོག་རིས་མེད་རྣམས་ལ་ཞབས་རིམ་རྐྱེན་སེལ་རྒྱུ་དངོས་ཡོ་བྱད། རྒྱ་དངུལ་རྡོ་ཚད་བདུན་གྱི་རིན་རྩ་འདེང་ངེས་ནམ་ཉིན་ལྟོས་མེད་ཀྱིས་ཡོན་རྒྱབ་བརྟགས་ཞུས་དང་འབྲེལ། རང་དགོན་ནས་ཀྱང་ཉིན་མཚན་འཁོར་ཡུག་གིས་ཞབས་རིམ་དེ་བཞིན་དུ་བསྒྲུབ་ཅིང་། བླ་མ་ཚོགས་གཉིས་དཔོན་སློབ། རག་སྤྲུལ་དཔོན་སློབ་སོགས་ནས་སྐུ་རིམ་མདོས་ཟློག་རྐྱེན་སེལ་སྐོར་རིམ་གྲོ་དང་། ལྷ་རྗེ་རྣམས་ཀྱིས་སྨན་ཐང་ཡང་ནར་མར་དྲང་བ་སོགས་ཅི་དྲག་གང་འགབ་ཀྱི་ཐབས་རྩོལ་ལ་འབད་ཅིང་། ད་བབ་ཅི་འགྱུར་གང་དྲག་གི་བརྟགས་ཞུས་གཏེར་ཆེན་རིན་པོ་ཆེ་ཉིད་མདུན་དུའང་ནན་བསྐྱར་དུ་ཞུ་བ་སོགས་བགྱིས་ཀྱང་། གཞན་རིས་མེད་ཀྱི་བླ་སྤྲུལ་རྣམས་ཞལ་འཆམས་པར་འཕྲལ་འཚུབ་ངོ་ཙམ་ལས་ནམ་ཕུགས་མི་སྐྱོན་པའི་ཚུལ་རང་གསུངས་འདུག །གཏེར་ཆེན་རིན་པོ་ཆེ་ནས་བདེན་མེད་འཁྲུལ་སྣང་ཀུན་རྫོབ་ཀྱི་ཆོས་ལ་རྟག་པ་དང་བརྟན་པ་གང་ཡང་ཡོད་ཀྱི་མ་རེད་ན། ངེས་ཏིག་ཅི་འོང་གང་འགྱུར་ཟེར་ཚོད་ཅི་ཡོད་ཀྱང་བླ་མ་དཀོན་མཆོག་གི་ཐུགས་རྗེས་སྐྱོན་ཨེ་ཡོད། འདྲ་ཞིག་གསུངས་པའི་འཕྲོར་གཞན་དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་དང་། ཞིང་ཁམས་རྣམས་ཀྱི་བཀོད་པ་སོགས་མང་པོ་ཞིག་བཤད་མཛད་འདུག་པ་ལས་བསྙུང་ཟུག་གི་སྐོར་སོགས་གཏན་ནས་གླེང་བར་མི་མཛད་ཅིང་། ཡང་ཇི་མི་སྙམ་པའི་སྐབས་ཤིག་སྔ་མའི་བག་ཆགས་ལྟ་བུ་གང་འདྲ་ཞིག་ཡིན་ན། ད་དུང་སྐྱེ་བ་གཅིག་ལ་རང་གི་ཕ་ཁྱིམ་དུ་ཚུར་ལུས་རྟེན་ཆགས་དགོས་ཡོད་འདུག་ཅེས་རང་བཞིན་གསུང་འཕྲོས་ལྟ་བུར་མཁན་པོ་ལ་གནང་བར། དེ་མ་ཐག་མཁན་པོའི་ཐུགས་ལ་སྡུག་བསྔལ་གྱི་ཚེར་མ་གློ་བུར་དུ་ཟུག་ནས་ཚོར་བས་ནོན་ཏེ་དད་འདུན་མོས་གུས་རྩིས་འདེངས་སོགས་རང་སྲོག་ལ་ཐུག་པ་ལྟར་འབྲལ་མི་བཟོད་པའི་སྡུག་ཡུས་ཀྱིས་མནར་ཞིང་འོ་དོད་དྲག་པོས། གསུངས་མི་རུང་བ་དེ་འདྲ་གཏན་ནས་འབྱོན་ཐབས་མེད་པས། གདུལ་བྱ་སྤྱི་དང་བྱེ་བྲག་དད་ལྡན་བུ་སློབ་ལོང་བ་ཐང་དཀྱིལ་དུ་ལུས་པ་ལྟ་བུའི་སྐྱབས་མེད་རྣམས་ཀྱི་མགོན་དུ་ཞབས་པད་བརྟན་པར་བཞུགས་གསོལ་གྱིས་ལྷ་ཕྱག་ངུ་འབོད་ཆོ་ངེ་ཆེན་པོ་ཡུན་རིང་དུ་བཏབ་ཀྱང་ཞལ་འཛུམ་པ་ཙམ་ལས་ལན་གང་ཡང་མ་གནང་ངོ་། །ཡང་དེ་རྗེས་ཤོག་དྲིལ་ཤིན་ཏུ་ཆུང་བ་ཨེན་ཙམ་ཞིག་ཁ་སྦྱར་ནས་གློ་བུར་དུ་ཁ་ཕྱེ་མི་བཏུབ་པ་ཞིག་མཁན་པོ་ལ་གནང་ནས། མ་འོངས་པར་ཁྱོད་ལ་མཁོ་བའི་དུས་ཤིག་འོང་བ་དེ་དུས་ལས་ནམ་དྲན་ཀློག་མི་ཉན་བོར་མ་འཇུག་འཁོར་ལོ་ནང་དུ་ཆུགས་ལ་ཉོར་གསུངས་ནས་གནང་བ་ཕྱིས་མཆོག་གི་སྤྲུལ་པའི་སྐུ་གཅིག་ཡབ་ཚང་དུ་སྐུ་འཁྲུངས་འོང་བར་ཞལ་བཞེས་གནང་བའི་ཕྱག་བྲིས་སུ་འདུག་ཅེས། མཁན་པོ་རིན་ཆེན་དར་རྒྱས་ནས་ཡོངས་ལ་བསྙད་པ་གཞན་ལ་འགྲམ་ཆུ་ལྡང་མ་དགོས་པར་འཁྲུལ་པའི་དྲི་མ་དང་བྲལ་ཡིད་ཆེས་པའི་གནས་སུ་གྱུར་པའོ། །དེ་ནི་རྣམ་ཐར་རྩ་བའི་གསོལ་འདེབས་ཀྱི་འཕྲོར། རྟག་འཛིན་ཅན་རྣམས་དགེ་ལ་བསྐུལ་བ་དང་། །སོགས་ནས། པདྨ་འོད་དུ་གཤེགས་ལ་གསོལ་བ་འདེབས། །བར་ཚིག་བཅད་གཅིག་གིས་བསྟན་པ་རྣམས་གཞུང་གི་དོན་ནོ།། །།རྩ་བའི་ས་བཅད་གསུམ་པ། མཇུག་གི་དོན་ལའང་གསུམ། གཤེགས་དུས་ཀྱི་ལོ་ཟླ་དུས་ཚིགས་ངོ་མཚར་བའི་གཏམ། གཤེགས་རྗེས་ཀྱི་དགོངས་རྫོགས་ཇི་ལྟར་བསྒྲུབས་ཚུལ། ཞིང་ཁམས་གཞན་དུ་འགྲོ་དོན་མཛད་ཚུལ་ལོ། །དང་པོ་ནི། རྟག་འཛིན་རབ་རིབ་ཀྱིས་ཁེབས་པའི་འགྲོ་བ་རྣམས་ལོང་མེད་འཆི་བ་མི་རྟག་པས་རྒྱུད་བསྐུལ་ཞིང་དམ་པའི་ཆོས་ལ་སྤྱོད་པར་འགྱུར་བ་དང་། གཞན་ཡང་། རྒྱལ་བའི་ཉི་མ་འདུལ་བྱ་ཡི། །རི་ལ་ཇི་ལྟར་འོས་པ་འབབ། །ཅེས་གསུངས་པ་བཞིན་སྐྱེས་བུ་དམ་པ་རྣམས་ནི་ཐབས་མཁས་ཐུགས་རྗེའི་འཇུག་པའི་སྒོ་བསམ་གྱིས་མི་ཁྱབ་པའི་ཕྱིར་གདུལ་བྱ་མཁའ་མཉམ་གྱི་འགྲོ་བ་གཞན་དང་གཞན་ཇི་སྙེད་པ་གནས་སྐབས་དང་མཐར་ཐུག་མཆོག་གི་གོ་འཕང་ལ་སྦྱོར་བར་བྱེད་པ་སོགས་འགྲོ་དོན་དུས་ལ་བབ་པར་གཟིགས་ནས། ལས་སྐལ་དང་ལྡན་པ་རྣམས་ཀྱི་སྣང་ངོར་སྐུ་དངོས་ཀྱི་མཛད་པ་ཆེ་ཁོག་རེ་ཞིག་རྫོགས་པར་བརྩམས་ནས། ལྕགས་ཕོ་རྟ་ཡི་ལོར་སྐུ་བསྙུན་པའི་ཚུལ་བསྟན་ཅིང་། སངས་རྒྱས་ཀྱི་ཞིང་ཁམས་རབ་འབྱམས་རྣམས་སུ་ཕེབས་པའི་དག་སྣང་དཔག་མེད་དང་བཅས་ཧོར་ཟླ་ལྔ་པའི་ཚེས་གཅིག་ལ་ས་གཡོ་བ་དང་འཇའ་འོད་སོགས་ངོ་མཚར་ཆོ་འཕྲུལ་ཆེན་པོ་དང་བཅས་སྐུ་བཀྲ་ལམ་ལམ་བྱིན་ཐིབས་ཐིབས་སུ་དར་ཅིག་བཞུགས། དེ་ནས་ཆོས་ཅན་རྟེན་འབྲེལ་གྱི་སྣང་བ་ཐམས་ཅད་བསྡུས་ཏེ་སྤྲིན་ཐག་ཆད་པའི་ནམ་མཁའ་བཞིན་ཆོས་ཉིད་ཞི་བའི་དབྱིངས་སུ་སྙོམས་པར་ཞུགས་སོ། །གཉིས་པ་གཤེགས་རྗེས་དགོངས་རྗོགས་ཀྱི་རིམ་པ་བསྒྲུབ་ཚུལ་ནི། བརྒྱུད་འཛིན་གྱི་གཙོ་བོ་གནུབས་ནམ་མཁའི་སྙིང་པོའི་སྤྲུལ་པར་ལུང་གིས་ཟིན་པའི་རྗེ་ཉིད་ཀྱི་ཐུགས་སྲས་དབང་མཆོག་རྡོ་རྗེ་སྙིང་པོའི། དཔལ་ལམ་འགྱུར་མེད་ཚེ་དབང་གྲགས་པའི་གཙོས་ཡུམ་སྲས་རྗེས་འཇུག་གྲྭ་སློབ་རྣམས་ཀྱིས་དགོངས་རྫོགས་སྐོར་ལ། སྐྱབས་རྗེ་སྐུ་ཞབས་འཕགས་མཆོག་རིན་པོ་ཆེ། སྟག་ལུང་རྩེ་སྤྲུལ་སྐུ། ཟླ་བཟང་བླ་མ་ས་བཅུ་རྣམས་ཀྱི་གཙོས་ཉེ་སྐོར་བླ་སྤྲུལ་འདུས་པ་རྣམས་ནས་མཆོད་འབུལ་ཚོགས་གསག་གི་རིམ་པ་གང་དཔོག་དང་། རྒྱལ་བ་ཀར་འབྲུག་འབྲི་སྟག་སྨིན་གླིང་སོགས་སྟོད་ཕྱོགས་ཀྱི་རྒྱལ་བ་ཡབ་སྲས་རྣམས་དང་། འཇམ་མགོན་མཁྱེན་ཀོང་རྣམ་གཉིས། སྐུ་ཞབས་ཏཱའི་སི་ཏུ་རིན་པོ་ཆེ་དབོན་སྤྲུལ་རྣམ་གཉིས། ཀཿཐོག་ཞིང་སྐྱོང་རིན་པོ་ཆེའི་གཙོས་མཆོག་སྤྲུལ་མཁན་སློབ་རྣམ་བཞི། དཔལ་ཡུལ་སྐྱབས་མགོན་སྐུ་རྒྱ་རྣམ་གཉིས། རྫོགས་ཆེན་རིན་པོ་ཆེ་པདྨ་རིག་འཛིན་མཆོག་སྤྲུལ་དཔོན་གླིང་དཔལ་གསུམ། ཞེ་ཆེན་རབ་འབྱམས་མཆོག་སྤྲུལ། ཁམས་འཛིའི་སྐུ་མཆོག་རྣམ་གཉིས། ལྷ་ཐོག་རྗེ་དྲུང་མཆོག་སྤྲུལ། ཁྲ་བན་སྐུ་ཞབས་མཁན་སློབ། ཟུར་མང་བླ་སྤྲུལ་རྣམ་དྲུག །ཕལ་རྗེའི་དབུ་བླ་ཁག་ལྔ། རི་ཆེའི་སྐྱབས་མགོན་རྣམ་གསུམ། ཟླ་བཟང་མཆོག་སྤྲུལ་དམ་པའི་གཙོས། དགེ་རྒྱལ་དགོན་ཁག་རྣམས་ཀྱི་བླ་སྤྲུལ་མཁན་སློབ་རྣམས་དང་། སྐྱོ་བྲག་གསལ་བསྟན་དུང་གསུམ། ཚ་སྒང་བང་ཡག་རྣམ་གཉིས་སོགས་སྐྱབས་མགོན་བླ་སྤྲུལ་ཆེ་ཕྲ་རྣམས་ལ་མཆོད་བསྔོའི་རིམ་པ་གང་དཔོག་འདབ་མ་ཐུང་བར་སོ་སོ། མ་འོངས་དད་ལྡན་འགྲོ་བ་རྣམས་ཀྱི་ཚོགས་གསོག་དད་པའི་ཕྱག་རྟེན་དུ། ཟངས་གསེར་གྱི་མཆོད་སྡོང་ཆེན་པོ་ཐོག་ཚད་ལོངས་པ་རྗེ་ཀུན་གཟིགས་བླ་མ་རིན་པོ་ཆེའི་ཕྱག་མཐོ་བཅུ་དགུའི་ཚད་ཕྲ་བྱུར་རྒྱན་བཀོད་ཕུན་སུམ་ཚོགས་པ། ནང་དུ་སྐུ་གདུང་རིལ་པོར་བཞུགས་སུ་གསོལ་བའི་མཚོན་རིང་བསྲེལ་རྣམ་བཞིའི་གཙོས་སྔ་ཕྱིའི་གཏེར་བྱོན་སྐུ་གསུང་ཐུགས་རྟེན་སོགས། བསམ་གྱིས་མི་ཁྱབ་པས་ཕྱུར་བུར་བཀང་སྟེ་མདོར་ན་མཆོད་རྟེན་དཀར་ཆག་ནས་ཞལ་གསལ་བ་ལྟར། ཀུན་གཟིགས་རིན་པོ་ཆེའི་མདུན་ནས་ཐུགས་རྩོལ་ཆེད་བསྣམས་ཀྱིས་རྫོགས་ཆེན་བླ་མ་རྡོ་རྗེ་རབ་བརྟན་ལ་ཞལ་བཀོད་དང་འབྲེལ་གདན་འདྲེན་ཆེད་བཏང་མཛད་པས། སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་གཟུངས་འཇུག་གི་རིམ་པ་རྣམས་ཕྱག་ལེན་རྣམ་པར་དག་པས་ཕུལ་ཅིང་སྒོ་ལེགས་པར་བསྡམས། ཕྱི་གཡོགས་ཟངས་གསེར་གྱི་ལེབ་མོ་རྣམས་ཀྱང་མ་ནོར་བར་གཟེར་བུས་བར་མཚམས་མེད་པར་བསྡམས་བཅུག་ཅིང་ཕྲ་རྒྱན་རྣམས་ཀྱིས་མཛེས་པར་སྤྲས། རབ་ཏུ་གནས་པའི་ཆོ་ག་དང་བཅས་ནོར་གླིང་གི་རྟེན་གཙོར་ཇི་སྲིད་འབྱུང་བ་བཞི་ཡིས་རང་ཚོ་མ་ཟིན་གྱི་བར་དུ་བརྟན་པར་བཞུགས་སུ་གསོལ། སྐུ་གདུང་རིན་པོ་ཆེ་མཆོད་སྡོང་དུ་བཞུགས་གསོལ་རབ་གནས་ཀྱི་ཆོ་ག་མཐའ་མ་གྲུབ་ཀྱི་བར། སྐུ་གཤེགས་ནས་བརྩམ་སྟེ་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་སྒྲུབ་མཆོད་ཚོགས་བསྐང་བསྟན་སྲུང་རྣམས་ཀྱི་མཆོད་ཕྲིན་བསྐང་བཤགས་ཉིན་གཅིག་ཀྱང་མ་ཆག་པར་ནར་མར་སྒྲུབ་པས་མཐར་དབྱུང་། དེ་ནས་ལྷ་མིའི་དད་རྟེན་མཆོད་སྡོང་ཆེན་པོ་ལེགས་པར་གྲུབ་ཟིན་པའི་མངའ་དབུལ་དགའ་སྟོན་མཐའ་རྒྱས་ཚུལ་དུ། སྔ་འགྱུར་བཀའ་མའི་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་ཆེན་པོ་སྒོ་རྫོགས་སོ་དྲུག་པའི་ཐིག་དང་རྡུལ་ཚོན་སོགས་ཕྱག་ལེན་རྣམ་དག་གི་གཞི་དང་། མཆོད་པ་རྒྱས་སྤྲོས་གདངས་དབྱངས་གསུངས་འདོན་སོགས་བཀའ་རང་རྐང་ཟིན་པའི་སྒྲུབ་མཆོད་ལེགས་པར་གྲུབ་པས་མཐའ་བརྒྱན་པའོ། །གསུམ་པ་ཞིང་ཁམས་གཞན་དུ་འགྲོ་དོན་མཛད་ཚུལ་དངོས་དང་། མཐའ་རྟེན་འདོད་པའི་དོན་ལ་གསོལ་བ་འདེབས་པའོ། །དང་པོའི་གཞུང་ནི། པདྨས་ཡོངས་སུ་ཁེབས་པའི་སོགས་ནས། རྣམ་འཕྲུལ་མཐའ་ཡས་སྟོན་ལ་གསོལ་བ་འདེབས། །ཞེས་པའི་བར་གྱིས་བསྟན་ཏེ། དེའང་གཏེར་ཆེན་རིན་པོ་ཆེ་ཞིང་གཟིགས་པའི་ལོ་དེའི་མགོ་ཟླའི་ཚེས་བཅོ་ལྔར། གངས་ཅན་གྲུབ་གཏེར་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་༧པདྨ་འོད་གསལ་མདོ་སྔགས་གླིང་པའི་དག་པའི་གཟིགས་སྣང་དུ། ནུབ་ཕྱོགས་ཀྱི་ཞིང་ཁམས་པདྨས་ཁེབས་པར་གཏེར་ཆེན་རིན་པོ་ཆེ་ཉིད་བྱང་ཆུབ་སེམས་དཔའ་པདྨའི་མྱུ་གུའི་སྐུར་བཞེངས་ཏེ་བཞུགས་པ་དང་མཇལ་ཞིང་སྒྲུབ་ཐབས་དང་དབང་བསྐུར་ཞལ་གྱི་གདམས་པའི་བདུད་རྩི་བཅས་ལྷུག་པར་གནང་། ཟླ་བ་གཅིག་ཏུ་གསང་བའི་དམ་ཚིག་གི་རྒྱས་གདབ། རྒྱལ་ཟླ་བའི་ཚེས་བཅུར་ཚོགས་ཀྱི་མཆོད་པ་དང་རྗེས་སུ་འབྲེལ་བར་གཏན་ལ་ཕབ་པའི་ཡི་གེ་པ་འཇམ་མགོན་བློ་གྲོས་མཐའ་ཡས་སམ་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་མཛད་པའི་ཚེ། ས་གཞིའི་ཁྱོན་ལ་དྲོད་གློ་བུར་དུ་བབས་པས་འཁྱགས་པ་རྣམས་ཆུ་བོའི་རྒྱུན་དུ་གྱུར་པའི་དགེ་མཚན་རྣམས་དབང་པོས་མངོན་སུམ་དུ་གྱུར་པའི་བྱིན་རླབས་ཀྱི་མཚན་མའང་ལེགས་པར་མངོན་ཅིང་། གདམས་པ་འདིའི་སྐོར་རྗེས་འཇུག་རྣམས་ལ་འདས་རྗེས་ཀྱི་ཞལ་གདམས་སྙིང་པོར་དྲིལ་ནས་ཆེད་དུ་བསྩལ་པར་འདུག་པ་ཉམས་བཞེས་སྙིང་པོར་མཛད་ན་ཤིན་ཏུ་གནད་དམ་ཆེ་བར་བསྟན་པའོ། །གཉིས་པ་འདོད་དོན་གསོལ་འདེབས་དང་སྨོན་ལམ་བཅས་ཀྱི་དོན་ནི། གཞུང་གི་འཕྲོར། སྒོ་གསུམ་གུས་པས་གསོལ་འདེབས་བུ་རྣམས་ལ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྩོལ་བ་དང་། །སྐྱེ་བ་ཀུན་ཏུ་འབྲལ་མེད་རྗེས་བཟུང་ནས། །དག་པའི་ཞིང་ཁམས་མཆོག་ཏུ་དྲང་དུ་གསོལ། །བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །གནས་སྐབས་བསམ་དོན་ཆོས་བཞིན་འགྲུབ་པ་དང་། །རིག་འཛིན་རྣམ་བཞིའི་གོ་འཕང་བདེ་བླག་བགྲོད། །མཐར་ཐུག་བདེ་ཆེན་རྡོ་རྗེ་སེམས་འགྲུབ་ཤོག །ཟབ་གཏེར་བསྟན་པ་འཛམ་གླིང་ཀུན་ཏུ་ཁྱབ། །དེ་འཛིན་སྐྱེས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན། །ཕྲིན་ལས་རྟག་ཅིང་ཁྱབ་པའི་དགེ་ལེགས་ཀྱིས། །བཀྲ་ཤིས་ཉི་མས་ས་གསུམ་སྣང་གྱུར་ཅིག །ཅེས་པས་བསྟན་པའི་དོན་ནི་གོ་སླ་ཡང་། དེ་ལྟར་ལུས་ངག་ཡིད་གསུམ་གྱི་རྩོལ་བ་སྐྱེ་བའི་སྒོ་གསུམ་གུས་པ་ཆེན་པོས་དུས་དང་རྒྱུན་པར་གསོལ་བ་འདེབས་པའི་བུ་སློབ་རྣམས་ཀྱི་གཙོས་དད་མོས་དང་ལྡན་པ་རྣམས་ལ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཐུགས་རྗེ་དང་བྱིན་རླབས་དུས་དང་རྒྱུན་དུ་སྩོལ་བ་དང་། སྐྱེ་བ་དང་ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་སུ་འཛིན་ཞིང་མཐར་ཐུག་པདྨས་ཁེབས་པ་སོགས་ཞིང་མཆོག་རྣམས་སུ་དྲང་བར་མཛད་དུ་གསོལ་ཞིང་། བྱང་ཆུབ་སྒྲུབ་པའི་གེགས་འགལ་རྐྱེན་དང་བར་ཆད་ཉེ་བར་ཞི་ཞིང་གནས་སྐབས་ཆོས་མཐུན་གྱི་བསམ་དོན་ཡིད་བཞིན་དུ་འགྲུབ་པ་དང་རིག་འཛིན་རྣམ་པ་བཞི་ཡི་གོ་འཕང་བདེ་བླག་ཏུ་བགྲོད་ཅིང་། མཐར་ཐུག་བདེ་ཆེན་འགྱུར་བ་མེད་པ་རྟག་བརྟན་རྡོ་རྗེ་སེམས་དཔའི་ཐུགས་ཀྱི་ཐིག་ལེར་འཚང་རྒྱ་ཞིང་། འབྲེལ་ཚད་དོན་ལྡན་གྱི་མཆོག་གཏེར་གདམས་པའི་རིང་ལུགས་འཛམ་གླིང་ཐ་གྲུ་ཀུན་ཏུ་ཁྱབ་ཅིང་རྒྱས་པ་དང་། དེ་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་གཙོས་རིས་སུ་མ་ཆད་པའི་བསྟན་དང་བསྟན་འཛིན་རྣམས་ཀྱི་སྐུ་ཚེ་བསྐལ་པ་རྒྱ་མཚོར་བརྟན་ཅིང་། གང་འདུལ་མཛད་ཕྲིན་གྱི་འགྲོ་དོན་རྒྱུན་མི་འཆད་པར་འཇིག་རྟེན་གྱི་ཁམས་ཀུན་ཏུ་ཁྱབ་ཅིང་རྒྱས་པའི་དགེ་ལེགས་ཀྱི་སྣང་བ་དཀར་པོའི་དཀྱིལ་འཁོར་བཀྲ་ཤིས་ཉི་མ་གཞོན་ནུས་ས་གསུམ་འགྲོ་བའི་ཁམས་རྣམས་རབ་ཏུ་སྣང་ཞིང་རྟག་ཏུ་ཁྱབ་པའི་རྒྱུར་གྱུར་ཅིག་ཅེས་སྨོན་པས་བརྒྱན་པའོ། །ཀྱེ་མ་སྙིགས་མ་ལས་སྙིགས་ལྔ་བདོ་བའི། །རྩོད་ལྡན་དུས་མཐའི་མར་གཤམ་སྡུག་བསྔལ་གྱི། །མེ་འོབས་ནང་དུ་ཆུད་འདྲའི་ཉམ་ཐག་འགྲོར། །རྒྱལ་རྣམས་ཐུགས་རྗེའི་དཔྱང་ཐག་རིང་བའི་དུས། །ཨེ་མ་སངས་རྒྱས་གཉིས་པ་དངོས་སྣང་བའི། །མཆོག་གྱུར་གླིང་འདིའི་གདུང་སེལ་བསིལ་སྦྱིན་དབང་། །ལས་སྨོན་སྐལ་པས་ཐོབ་འདི་སྟོང་གསུམ་ཁམས། །རིན་ཆེན་ནོར་སྣས་བཀང་བྱིན་མཚོན་ནུས་མིན། །གང་གི་རྣམ་ཐར་ཡོན་ཏན་མཛད་ཕྲིན་ཆ། །རྒྱལ་རྣམས་བརྗོད་དཀའ་སོ་སྐྱེས་ལྟ་ཅི་སྨྲོས། །འོན་ཀྱང་འཇམ་མགོན་མཁན་སློབ་རྣམ་གཉིས་ཀྱི། །མཁྱེན་རབ་ཉི་ཟླའི་སྣང་བས་གསལ་མཛད་པའི། །སྔོན་གནས་རྗེས་དྲན་ཡབ་སྲས་བླ་སློབ་འབྲེལ། །ཐུགས་ཡིད་གཅིག་འདྲེས་ཟབ་གཏེར་སྒོ་བརྒྱ་གྲོལ། །རྡོ་རྗེའི་ལུང་དོན་བསླུ་མེད་བདེན་པས་གྲུབ། །རྣམ་ཐར་རྒྱ་མཚོའི་རྦ་རླབས་དགུང་དུ་འཁྱིལ། །དེ་ལས་ཐུན་མོང་ཆུ་བུར་སྣང་ངོ་རུ། །མཛད་ཕྲིན་ཕྱི་ཚུལ་མོས་བློས་གང་དཔོག་པ། །དོན་བསྡུས་གོ་བདེའི་ཆེད་དུ་སྡེབས་ཤིག་པར། །མཚམས་སྦྱོར་བགྱིས་ལ་ནོངས་གྱུར་གང་མཆིས་བཤགས། །དགེ་བས་མདོ་སྔགས་རྒྱལ་བསྟན་དར་ཞིང་རྒྱས། །རྒྱལ་ཁམས་ཀུན་བདེ་དགེ་བཅུའི་ཁྲིམས་ལ་གནས། ཁྱད་པར་མཆོག་གཏེར་གདམས་པའི་རིང་ལུགས་ཀྱིས། །འཛམ་གླིང་ཀུན་ཁྱབ་འབྲེལ་ཚད་དོན་ལྡན་ཤོག །བདག་གཞན་འབྲེལ་ཐོག་མ་གྱུར་མཁའ་མཉམ་འགྲོ། །ཚེ་འདིར་བདེ་སྐྱིད་ཆོས་མཐུན་བསམ་དོན་འགྲུབ། །ཕྱི་མ་པདྨས་ཁེབས་པའི་ཞིང་སྐྱེས་ནས། །པདྨའི་མྱུ་གུའི་མཛད་ཕྲིན་ཡོངས་འགྲུབ་ཤོག །མཁའ་ལ་རྩ་གསུམ་བྱིན་རླབས་སྤྲིན་ཆེན་འཁྲིགས། །ས་ལ་རྫོགས་ལྡན་ཕན་བདེའི་གྲུ་ཆར་འཇོ། །བར་ལ་སྐྱེ་རྒུས་དགའ་སྐྱིད་གླུ་བྲོ་འཁྲབ། །མཐར་ཐུག་འཁོར་མཐའ་སྟོང་པའི་བཀྲ་ཤིས་ཤོག །ཅེས་པའང་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་མཛད་ཕྲིན་སྐོར་སོ་སྐྱེས་བློ་རྟོག་གིས་གཞལ་བའི་སྤོབས་པ་བྲལ་ཀྱང་། ཐམས་ཅད་མཁྱེན་གཟིགས་འཇམ་མགོན་བླ་མ་རྣམ་གཉིས་མདུན་ནས། སྤྱིར་ངེས་དོན་སྙིང་པོའི་རྣམ་ཐར་དང་དྲང་དོན་བརྡའི་རྣམ་ཐར་གཉིས་སུ་དབྱེ་བའི་སྒོ་ནས། སྐུ་སྐྱེ་བ་སྔ་མའི་སྐྱེས་རབས་ལུང་ལས་བྱུང་བ་དང་ཁ་སྐོང་དག་པའི་གཟིགས་སྣང་ཟུང་དུ་འབྲེལ་བ་སྐྱེ་བ་སྔ་མའི་རྣམ་ཐར། དྲང་དོན་སྣང་ལུགས་ཀྱི་སྒོ་ནས་འཁོར་ལོ་གསུམ་གྱི་མཛད་པ་བསྐྱངས་ཚུལ་ལས་བརྩམ་སྟེ། ཟབ་མོ་གཏེར་གྱི་རིམ་པའི་སྒོ་འཕར་ཕྱེས་ཚུལ། གནས་ཆེན་ཉེར་ལྔའི་མདོ་བྱང་རྩ་བར་བཟུང་ནས་སོ་སོའི་གནས་ཡིག་རྣམས་ཀྱི་སྒོ་ནས་ལོ་རྒྱུས་ཕན་ཡོན་རྒྱས་པར་བསྟན་ཚུལ། ཁྱད་པར་བཀའ་བབ་བདུན་དང་ལྡན་ཚུལ་གྱི་ལུང་བྱང་དང་འབྲེལ་བའི་ལོ་རྒྱུས་སོ་སོར་བསྟན་པ། གནས་གཏེར་ཆོས་བདག་འགྲོ་དོན་སོགས་གང་ཅིའི་ལུང་བསྟན་སྤྱི་དང་བྱེ་བྲག་སྐོར་གྱི་ལོ་རྒྱུས། སྒྲུབ་ཆེན་མྱོང་གྲོལ་བྱིན་པ། སྨིན་གྲོལ་དབང་ཆོས་གར་འཆམ་སོགས་འགྲོ་དོན་མཐའ་རྒྱས་མཛད་ཚུལ་སོགས་ཐུན་མོང་ཕྱི་ཡི་རྣམ་ཐར། སྐྱེས་ཐོབ་མཁྱེན་གཉིས་ཀློང་ལས་བརྡོལ་བས་དངོས་མཚན་གྱི་ར་རིས་མ་གོས་པའི་ཚུལ་སོགས་ནང་གི་རྣམ་ཐར། དག་པའི་གཟིགས་སྣང་རབ་འབྱམས་ཀྱི་སྒོ་འཕར་བྱེ་བས་ཟངས་མདོག་དཔལ་གྱི་རི་བོ་སོགས་ཞིང་མཆོག་རྣམས་སུ་ཕེབས་ནས་གདམས་ངག་གསན་ཅིང་བགྲོ་གླེང་མཛད་ཚུལ་སོགས་གསང་བའི་རྣམ་ཐར། ཐུན་མིན་ངེས་དོན་གནས་ལུགས་གཞི་འབྲས་དབྱེར་མི་ཕྱེད་པའི་ཡོན་ཏན་ཐུགས་རྒྱུད་ལ་བཞུགས་པ་དེ་ཁོ་ན་ཉིད་ཀྱི་རྣམ་ཐར། མི་གནས་པའི་མྱ་ངན་ལས་འདས་པ་མངོན་དུ་མཛད་ནས་ཞིང་ཁམས་གཞན་དུ་འགྲོ་དོན་མཛད་ཚུལ་སོགས་སྐུ་སྐྱེ་མ་འོངས་པའི་རྣམ་ཐར་སོགས་ཀྱི་གཞི་འགོད་པར་མཛད་པ་ལས། ནང་གཅེས་ཐུན་མོང་ཕྱི་ཡི་རྣམ་ཐར་མདོར་བསྡུས་ཤིག་གོ་བདེ་གཞུང་གཅིག་ཏུ་འདུས་པར་སྡེབ་པར་གྱིས་ཞེས། གཏེར་ཆེན་བླ་མའི་ཡང་སྲིད་ཁྲི་བཞུགས་པདྨ་འགྱུར་མེད་ཐེག་མཆོག་བསྟན་འཕེལ་རིན་པོ་ཆེའི་བཀའ་བསྩལ་སྤྱི་བོར་ཕེབས་ཤིང་། དེ་རྗེས་འབྲངས་བའི་སློབ་གྲལ་རྒན་པ་ས་བཅུ་སོགས་གནས་དགོན་གྱི་དགེ་ཚུལ་སློང་རྣམས་མོས་འདུན་ཆེ་བར་བརྟེན། རང་ཚང་གི་གྲྭ་རིགས་རྒན་པའི་མིང་ཐོག་པདྨ་ཛྙཱ་ནས་འབད་པས་བཀོད་པ་དགེ་ལེགས་འཕེལ།། །།
སྒྲུབ་ཆེན་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་བསྙེན་ཡིག་དཔལ་ཆེན་ཐུགས་དྲིལ་ (Volume 15, Text 6)
༄༅། །སྒྲུབ་ཆེན་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་བསྙེན་ཡིག་དཔལ་ཆེན་ཐུགས་དྲིལ་ཅེས་བྱ་བ་བཞུགས་སོ། ། གདོད་མའི་མགོན་པོའི་ཡེ་ཤེས་ཀློང་དགུའི་མདངས། །ལྷ་དང་བླ་མ་དབྱེར་མེད་དེ་སྒྲུབ་པའི། །ཟབ་གཏེར་སྒོ་འབྱེད་རིག་འཛིན་བརྒྱུད་བཅས་ལ། །གུས་པས་བཏུད་ནས་བསྙེན་ཐབས་སྙིང་པོ་དགོད། །རྒྱ་བོད་མཁས་པ་མི་བཞིའི་ཐུགས་བཅུད་བཀའ་བརྒྱད་བཀའ་གཏེར་ཀུན་གྱི་སྙིང་པོ་འདུས་པ་གསང་བ་ཡོངས་རྫོགས་ཆེན་མོ་ཉམས་སུ་ལེན་ཚུལ་རྒྱས་བསྡུས་མང་དུ་གསུངས་ཤིང་དེའང་མ་ཧཱའི་ལྷ་ཁྲིད་ལས། ངེས་རྫོགས་ཀྱི་དབང་དུ་མཛད་ནས་དབང་དང་བསྙེན་སྒྲུབ་ཡན་ལག་རྣམ་བཞི་ལམ་ལྔ་དང་སྦྱོར་ཚུལ་སོགས་རྒྱས་པར་འབྱུང་ཡང་། ད་ལྟའི་མོས་སློབ་སྐབས་སུ་རྒྱུད་ལུང་མན་ངག་རྣམས་དང་བརྒྱུད་པའི་ཕྱག་བཞེས་གུང་མཐུན་པར། ཕྱི་མཚན་མའི་དཀྱིལ་འཁོར་ལ་བརྟེན་པ་མ་ཧཱའི་སྒོམ་ཁོག །ནང་ལུས་དཀྱིལ་ལ་བརྟེན་པ་ཨ་ནུའི་སྒོམ་ཁོག །གསང་བ་སེམས་དཀྱིལ་ལ་བརྟེན་པ་ཨ་ཏིའི་སྒོམ་ཁོག་གསུམ་གྱི་དོན་དབྱེར་མེད་གཅིག་ཏུ་དྲིལ་ཏེ་པྲ་ཁྲིད་སྤྱན་རྒྱ་ཅན་གྱི་དགོངས་པ་ལྟར་ལས་བྱང་རིགས་ལྔའི་རྒྱ་ཅན་ནམ། སྔགས་སྒྲུབ་དྲིལ་བུའི་རྒྱ་ཅན་གང་རུང་ལ་བརྟེན་ནས་ཉམས་སུ་ལེན་པར་གསུངས་པས། ཐོག་མར་དབང་གིས་རྒྱུད་སྨིན་ཅིང་དམ་ཚིག་དག་པར་བྱས་པའི་སྒྲུབ་པ་པོས་བསྙེན་པ་ལ་འཇུག་པ་ལ། སྤྱིར་ལུགས་འདིའི་བཀའ་སྲོལ་ལྟར་ན་ཐོག་མར་རྒྱལ་ཐོ་གཟུག །དམ་སྲི་མནན། སྒོ་བྱང་གདགས། མ་ཏྲཾ་བསྒྲལ། སྒྲུབ་རྫས་དང་ཡོ་བྱད་བྱིན་གྱིས་བརླབས་ནས། དཀྱིལ་འཁོར་བཞེངས་པ་སོགས་སྒྲུབ་ཁོག་དང་སྦྲེལ་དགོས་པ་ཡིན་པས་དེ་ལྟར་གྲུབ་ན་གལ་ཆེ་བ་གཞིར་བཅས་ཀྱང་། དེང་སང་ཅུང་ཟད་བྱ་དཀའ་བ་རྣམས་དོར་ནས་གྲངས་བསྙེན་ཙམ་ཡང་མི་བསྐྱལ་བར་དབང་བསྐུར་དང་སྲུང་ཟློག་སོགས་ལ་འཇུག་པའི་དུས་ངན་འདིར་བྱ་སླ་སྟབས་བདེ་ཞིག་བྱུང་ན་ཅུང་ཟད་ཕན་པར་རེ་བས་ལས་བྱང་ཙམ་ལ་བརྟེན་པའི་ལག་ལེན་་་་་་མདོར་བསྡུས་འཆད་པ་ལ་དོན་གསུམ། སྦྱོར་བ་སྒྲུབ་རྫས་བཤམ་ཚུལ། དངོས་གཞི་ཉམས་ལེན་གྱི་རིམ་པ། རྗེས་བསྙེན་པ་གྲུབ་པའི་བྱ་བའོ། །དང་པོ་ནི། གནས་ཁང་ཕྱག་བདར་བྱ། རྣམ་འཇོམས་དང་སྨེ་བརྩེགས་ཀྱི་ཁྲུས་ཆུ་དང་སྤོས་བདུག་གིས་བསང་། སྐུ་གསུང་ཐུགས་རྟེན་དང་རྒྱན་བཀོད་ཅི་འབྱོར་བཀྲམ་ལ་བག་དྲོ་བར་བྱ། སྟེགས་བུར་རས་བྲིས་ཀྱི་དཀྱིལ་འཁོར་ཡོད་ན་བཀྲམ། མེད་ན་རིན་པོ་ཆེའི་མཎྜལ་ལ་བདུད་རྩིའི་ཐིག་ལེ་དང་འབྲུའི་ཚོམ་བུ་གཙོ་འཁོར་དགུ་བཀོད་པའི་སྟེང་དུ་མཉྫིའི་ཁར་ཐོད་པ་མཚན་ལྡན་གླིང་ལྔ་པ་ལ་ནང་དུ་ཆེ་མཆོག་ཞལ་གསུམ་ཕྱག་དྲུག་པའི་སྐུ་དང་སྙིང་པོ། དེ་རྒྱབ་མཚོག་མ་ནས་བརྩམ་སྟེ་ཡང་དག་སོགས་དཔལ་བརྒྱད་ཀྱི་སྙིང་པོ་བྲིས་པ། དར་མཐིང་ནག་གི་ན་བཟའ་དང་བཅས་ཏེ་དཔྲལ་བ་གྱེན་བསྟན་དུ་དགོད། ཐོད་སྐུའང་མ་འབྱོར་ན་ཐོད་པ་མཚན་ལྡན་གྱི་དབུས་སུ་ཧཱུྃ་མཐིང་ནག་ཆེ་བ། མཐའ་སྐོར་དུ་ཧཱུྃ་བརྒྱད་བྲིས་པས་ཀྱང་ས་བཅད་ཚང་ཙམ་འབྱུང་། མདུན་དུ་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ་མམ་ཕྲེང་ཚར་དུ་བཀོད། སྔོན་གཏོར་ཚོགས་ཀྱི་ཡོ་བྱད་སོགས་གཏོར་མཆོད་དང་ཉེ་བར་མཁོ་བའི་རིགས་རྣམས་མཐོང་བརྒྱུད་ལྟར་འཚོགས་པར་བྱའོ། །གཉིས་པ་དངོས་གཞི་ཉམས་ལེན་གྱི་རིམ་པ་ནི། པྲ་ཁྲིད་སྤྱན་རྒྱ་ཅན་ལས། ཕྱི་ལྟར་བསྐྱེད་རྫོགས་གྱེར་བསྒོམ་གྱི་སྒོ་ནས་སྒྲུབ་ཅིང་ཉམས་སུ་བླང་བ་དང་། ནང་ལྟར་བཟླས་བརྗོད་བསྙེན་སྒྲུབ་འཛབ་དགོངས་ཀྱི་སྒོ་ནས་སྒྲུབ་ཅིང་ཉམས་སུ་བླང་བ་དང་། གསང་བ་ལྟར་མན་ངག་གནད་ཀྱིས་ཟིན་པའི་སྒོ་ནས་སྒྲུབ་ཅིང་ཉམས་སུ་བླང་བ་དང་། ཐུན་མོང་དུ་གསང་སྔགས་ཤེས་བྱ་བཅུའི་སྒོ་ནས་སྒྲུབ་ཅིང་ཉམས་སུ་བླང་བའོ། །ཞེས་རྣམ་གྲངས་བཞིར་བསྡུས་ཏེ་གསུངས་པའི་དང་པོ་ནི། ལས་བྱང་རིགས་ལྔའི་རྒྱ་ཅན་དང་མ་ཧཱ་ཡོ་གའི་སྒོམ་ཁོག་སྦྱར་བ་སྟེ། ལག་ལེན་ཉུང་ངུར་དྲིལ་ན། ཆ་གསུམ་མམ་ཡུལ་བདག་ལ་དཀར་གཏོར་དང་གསེར་སྐྱེམས་གཏང་། སྒོ་དྲུང་དུ་ཐོ་དཀར་པོ་བརྩེགས་པ་ལ་རྒྱལ་ཐོ་བསྡུས་པ་གཟུག །རྒྱལ་ཆེན་བཞིར་བསྐྱེད་བསྟིམ་གཏོར་འབུལ་ཕྲིན་བཅོལ་བྱས་པས་ཕྱི་མཚམས་བཅད་པའི་དོན་ཚང་། ཕྱི་ཐུན་ཞིག་ནས་དབུ་བཟུང་སྟེ་བརྒྱུད་པ་ལ་གསོལ་བ་གདབ། སྐྱབས་སེམས་ནི། མདུན་གྱི་ནམ་མཁར་རྩ་བའི་བླ་མ་དང་ཨོ་རྒྱན་རྡོ་རྗེ་འཆང་དབྱེར་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ཡོངས་རྫོགས་སུ་གསལ་གདབ། སེམས་ཅན་ཐམས་ཅད་བདག་ཁོ་ནར་བསྡུས་ཏེ་སྐྱབས་འོག་ཏུ་འཇུག་པའི་བསམ་པ་རྩེ་གཅིག་པས། བླ་མ་སངས་རྒྱས་འཁོར་དང་བཅས༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ བླ་མ་དཀོན་མཆོག་རྣམ་གསུམ་པོ༔ བྱང་ཆུབ་མ་ཐོབ་བར་དུ་ནི༔ སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ཞེས་པ་ལན་གསུམ་བྱ། དེ་ནས་བཀའ་བསྒོ་ཞིང་བགེགས་བསྐྲད། སྲུང་འཁོར་བརྟན་པོར་བསྒོམས་ལ་མཚམས་བཅད། སྔོན་འགྲོ་ཐུན་མོང་ལས་བདུན་དུ་གྲགས་པ། བརྡ་སྒོ་བརྡ་ཕྱག །དམ་བཅའ། བྱིན་འབེབ། མཆོད་རྫས་བྱིན་རླབས། བཤགས་པ་རྣམས་སོང་ནས། དངོས་གཞི་ལས་བྱང་གི་ཏིང་འཛིན་རྣམ་གསུམ་ནས་བསྟོད་པའི་བར་བཤར་སྒོམ་དུ་བཏང་། བསྐུལ་ཛཔ྄་སྟོང་ཚིགས་སྦྲེལ་བའི་བསྙེན་པ་བྱ། རྗེས་མ་ནིང་མཁའ་རི་སྨྱོ་ཁ་སོགས་གཏེར་སྲུང་གཏོར་འབུལ་དང་། ཚོགས་མཆོད། གཏང་རག་མཆོད་བསྟོད། ནོངས་བཤགས། འོད་གསལ་འཇུག་ལྡང་། བསྔོ་སྨོན་ཤིས་བརྗོད་བྱ། ཕྱིར་ནངས་ཐོར་ཐུན་ལ་སྔགས་སྒྲུབ་དྲིལ་བུའི་རྒྱ་ཅན། ཞོགས་ཐུན་ལས་བྱང་ལྷན་ཐབས་སྦྱར་བའི་རྒྱས་པ། དགོང་ཐུན་ལྷན་ཐབས་མ་སྦྱར་བའི་གཞུང་རྐྱང་། སྲོད་ཐུན་ལ་སྔགས་སྒྲུབ་གཏང་། བསྙེན་བཟླས་ཁོ་ན་ལ་ཐུན་གྱི་དངོས་གཞི་བྱ། ཐུན་སྔ་མ་གསུམ་བསྡུ་སྐབས་མཆོད་བསྟོད་བསྡུ་ལྡང་བསྔོ་སྨོན་ཙམ་གྱིས་འཐུས། སྲོད་ཐུན་མཐར་གཏེར་སྲུང་གཏོར་འབུལ། ཚོགས་མཆོད་སོགས་གོང་སྨོས་ལྟར་ཉིན་བཞིན་འགྲེ །ཚོགས་མཆོད་དུས་དྲུག་ཏུ་བྱ་བར་གསུངས་པས་ཉིན་རེར་ལན་རེ་ལྕོགས་ན་ལེགས། ཅིས་ཀྱང་མི་ལྕོགས་ན་ཚུགས་གྲོལ་གཉིས་དང་དུས་ཆེན་ནམ་བྱུང་ཙམ་ལ་ནི་རྒྱས་པར་བྱ་དགོས་པའོ། །ཆེ་བ་བསྐྱེད་པ་དང་ཐུགས་དམ་བསྐུལ་བ་གཉིས་ཚོགས་ཐ་མའི་གོང་དུ་སྦྱར་སྲོལ་ཡོད་ཀྱང་ཚོགས་མེད་པའི་ཐུན་གཞན་རྣམས་ཀྱི་མཇུག་ཏུའང་ཚར་རེ་གཏང་བ་ཕྱག་ལེན་ཡིན་པས་དམིགས་པ་ལས་སྦྱོར་ལྟར་རོ། །དེ་དག་གི་སྐབས་སུ་གལ་ཆེ་བའི་སྒོམ་རིམ་ནི། བསྐྱེད་རྫོགས་སྤྱི་ལ་གོམས་འདྲིས་ཡོད་པ་ཞིག་གིས་ཕལ་ཆེར་རིག་པས་དཔག་ནུས་ལ། ཁྱད་པར་རྣམས་འདི་ཉིད་ཀྱི་གཏེར་གཞུང་མ་ཧཱའི་སྒོམ་ཁོག་ལྟར་སོ་སོར་ངེས་པར་བྱ་དགོས་ཀྱང་། དཔེ་མ་འཛོམ་ན་སྔོན་འགྲོ་ཕལ་ཆེར་སྤྱི་མཚུངས་དང་ཁྱད་ཆོས་རིགས་ལས་བྱང་དང་ལྷན་ཐབས་བསྡེབས་པ་ལས་གསལ། མཆོད་པ་བྱིན་རླབས་སྐབས། ཐུགས་དམ་བསྐང་ཕྱིར་འབུལ་གྱིས་བཞེས༔ ཞེས་གཏེར་རྙིང་གཞན་ལས་ཀྱང་འབུལ་ཚིག་འདི་མཚུངས་འབྱུང་བ་ནི་སྐབས་འདིར་དངོས་སུ་འབུལ་བའི་དོན་མིན། སྙན་བརྣན་པའམ་སྙན་གསན་དབབ་པའི་དོན་དུ་བཞེད། དངོས་གཞིའི་བསྐྱེད་རིམ་སྐབས། བསྐྱེད་གཞི་ཕྱི་མཚན་མའི་དཀྱིལ་འཁོར་ལ་བརྟེན་ནས་ནང་ལུས་ལྷའི་དཀྱིལ་འཁོར་རྩོལ་མེད་ངང་རྫོགས་དབྱེར་མེད་གཅིག་ཏུ་གསལ་གདབ་ཅིང་། དེ་དག་གི་རང་བཞིན་གསང་བ་སེམས་ཀྱི་དཀྱིལ་འཁོར་རང་བྱུང་རང་གསལ་དུ་ཐག་བཅད་དེ་བསྐྱེད་རྫོགས་ཟུང་འཇུག་གི་ཚུལ་དུ་ཉམས་སུ་ལེན་པ་དངོས་སམ་རྗེས་མཐུན་པའི་གོ་མྱོང་ཙམ་གཞིར་བྱས་ནས། རྒྱུའི་ཏིང་འཛིན་རྣམ་གསུམ་གྱིས་ཁོག་དབུབ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་རྣམས་ངག་འདོན་དལ་བུས་བསྒོམ་དོན་གསལ་ཐེབས་ངེས་བྱ། དེའང་དང་པོ་བདག་མདུན་དབྱེར་མེད་དཀྱིལ་འཁོར་གཅིག་ཏུ་བསྒོམ། བཟླས་པའི་སྐབས་ཡེ་ཤེས་པ་རྟེན་དང་བརྟེན་པར་བཅས་པ་མདུན་རྟེན་གྱི་གོ་སར་ཕྱེས་ལ་མེ་རི་འདབ་སྦྱར་ཙམ་དུ་བཞུགས་པར་གསལ་བཏབ་ནས་འཕྲོ་འདུ་བྱ། བསྒོམ་བྱའི་ལྷའང་དབང་པོ་རབ་འབྲིང་ཐ་མ་དང་བསྟུན། རྒྱས་པ་རྒྱུད་ཀྱི་དགོངས་པ་ལྟར་ཆེ་མཆོག་བསྐྱེད་རྫོགས་ཆེན་མོ་ལ་བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་ཡོངས་སུ་རྫོགས་པ། འབྲིང་པོ་ལས་བྱང་གི་དངོས་བསྟན་ཚོམ་བུ་དགུའི་རྩ་བའི་ལྷ་བསྐྱེད་རྫོགས་བསྡུས་པ་གཙོ་འཁོར་ལྔ་པའམ། དེ་ཙམ་ཡང་དམིགས་པ་མི་གསལ་ན་བསྡུས་པ་གཙོ་བོ་དགུའམ་ཆེ་མཆོག་ཁོ་ནའམ་ཐ་ན་ས་བོན་ཙམ་གསལ་ཐེབས་པས་ཀྱང་མི་རུང་བ་མེད་དེ། མ་ཧཱའི་སྒོམ་ཁོག་ལས། དཀྱིལ་འཁོར་སྒོམ་རིམ་དོན་རྟགས་སོགས་རྒྱས་པར་གསུངས་པའི་འཕྲོས་སུ། མདོར་ན་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་རིག་པའི་རྩལ་སྦྱོང་ཡིན་པས་ལྷ་ཚོགས་དེ་དག་ལ་ཡང་ཡང་སྤྲུལ་སུམ་སྤྲུལ་དེས་སྤྲུལ་ལ་སོགས་པ་སྤྲོས་པ་ལ་དགའ་བ་ལ་མཁའ་མཉམ་དུ་བསྐྱེད་པར་བྱའོ། །ཅུང་སྤྲོས་པ་མི་ལྕོགས་པས་དེ་དག་ལ་བརྟེན་པའི་ཚོམ་བུའི་རྩ་བའི་ལྷ་ཡོངས་རྫོགས་ལ་བསྟེན་ནོ། །དེ་ཡང་མི་ལྕོགས་པས་གཙོ་མཆོག་དགུའམ་ལྔའམ་འོན་ཏེ་ཆེ་མཆོག་ཡོངས་རྫོགས་ཁོ་ན་ལ་བསྟེན་ལ་སྲས་འཁོར་ཐམས་ཅད་མོས་པས་བསྐྱེད་པས་ཆོག་སྟེ། ཉི་མའི་འོད་ཟེར་ལྟར་རང་བཞིན་གྱིས་བདེ་གཤེགས་ཡོངས་རྫོགས་སུ་འདུས་པ་ཡིན་ནོ། །ཐ་ན་ཡི་གེ་ཧཱུྃ་མཐིང་ནག་གཅིག་ཏུ་བརྡ་དོན་ངོ་འཕྲོད་ཅིང་བསྐྱེད་རྫོགས་ལ་སྦྱར་བས་བདེ་གཤེགས་ཀུན་འདུས་པའི་དངོས་གྲུབ་བརྙེས་པར་འགྱུར་རོ། །ཞེས་དང་གཞན་ལས་ཀྱང་རྒྱས་པར་གསུངས་པ་ལྟར། འཁྲུལ་པ་རྒྱ་འབྱམས་ཀྱི་དབང་དུ་མ་ཤོར་བར་རྟོག་ཚོགས་ལྷར་ཤེས་པའི་ལམ་ཁྱེར་ཞིག་ཡོད་ཕྱིན་ཆད་མཐའ་གཅིག་ཏུ་ཞེན་པའི་ཨ་འཐས་དགོས་པར་མི་སྣང་ངོ་། །དེ་ལ་སྐབས་འདིར་ལས་བྱང་དངོས་བསྟན་ཙམ་བསྒོམ་བདེ་བས་དེའི་གལ་གནད་ཕྱོགས་ཙམ་མཚོན་ན། ཐོག་མར་ཏིང་འཛིན་རྣམ་གསུམ་རེ་རེ་བཞིན་གསལ་ཐེབས་ངེས་བསྒོམ། དེ་ནས་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་མེ་དཔུང་གི་དབུས་སུ་རྟེན་གནས་དྲག་པོའི་གཞལ་མེད་ཁང་ཕྱི་རོལ་དུར་ཁྲོད་བརྒྱད་པདྨ་སྟོང་བརྡལ་འཁོར་ལོ་རྩིབས་སྟོང་བྲག་རི་རྡོར་ར་མེ་ཕུང་གིས་བསྐོར་བའི་ནང་། ཕོ་བྲང་གླིང་དགུ་རྒྱན་བཀོད་པ་ཡོངས་སུ་རྫོགས་པའི་ཕོ་བྲང་སོ་སོའི་ནང་དུ་རིན་ཆེན་ཟུར་བརྒྱད་སྟེང་འཁོར་ལོ་རྩིབས་བརྒྱད་རྡོ་རྗེའི་ཕྲེང་བས་བསྐོར་བའི་ལྟེ་བར་ཟླ་གམ་དཀར་དམར་སྒོ་གཅིག་པའི་ནང་དུ་ཨེ་མཐིང་ནག་རེ་རེ། གཙོ་བོ་དང་འཁོར་བཞི་པོ་རྣམས་ཀྱི་གནས་སུ་སོ་སོའི་གདན་དང་བཅས་པ་གསལ་གདབ། དེ་ནས་བརྟེན་པ་ལྷའི་གཙོ་བོ་ཆོ་ག་གསུམ་གྱིས་ཆེ་མཆོག་ཞལ་གསུམ་ཕྱག་དྲུག་སེམས་དཔའ་གསུམ་བརྩེགས་ཡུམ་དང་བཅས་པ་བསྐྱེད། མཁའ་གསང་བྱིན་བརླབས། སྦྱོར་མཚམས་ནས་འཁོར་བཞི་སྤྲོ། བྱང་སེམས་གྱེན་དུ་དྲངས་ཏེ་ཐུགས་ཀ་ནས་ཧཱུྃ་བརྒྱད་ཕྱོགས་མཚམས་ཕོ་བྲང་བརྒྱད་དུ་སྤྲོས་པ་ལས་དཔལ་བརྒྱད་དང་། དེ་སོ་སོའི་མཁའ་གསང་ནས་རང་འཁོར་བཞི་བཞི་སྤྲོ། གཙོ་བོ་རྣམས་ཀྱི་སྐུ་མདོག་ཕྱག་མཚན་ཕྱག་རྒྱ་གར་མཆོད་ལྟར་ལ་འཁོར་རྣམས་སོ་སོའི་མངོན་རྟོགས་མ་ཤེས་ན། ཐམས་ཅད་ཀྱང་མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་ཐོད་ཁྲག །ཕུར་པའི་འཁོར་བཞི་ཕུར་བུ་ཐོད་ཁྲག་བསྣམས་པ། རིག་འཛིན་ཞི་བ། གཞན་ཐམས་ཅད་ཁྲོ་བོའི་ཆས་ཅན་ཞབས་བརྐྱང་བསྐུམ་དུ་བཞེངས་པ་ཤ་སྟག་བསྒོམ་ཆོག་པར་གསུངས། འཁོར་ཚོགས་གཞན་རྣམས་ནི་ཉི་མ་དང་འོད་ཟེར་བཞིན་ལྷུན་གྱིས་གྲུབ་པར་མོས་བསྐྱེད་བྱ། སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་བྱིན་རླབས་སྐབས་འབྲུ་གསུམ་ལས་ལྷ་གསུམ་ཡི་གེ་དང་བཅས་བསྒོམ་པ་རྒྱས་པ། ཕྱག་མཚན་གསུམ་གྱི་སྟེང་འབྲུ་གསུམ་བསྒོམ་པ་བསྡུས་པ་གང་བདེ་ཆོག །དབང་བསྐུར་སྐབས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་ངོ་བོ་སྐུ་ལྔ་ཡེ་ཤེས་ལྔའི་རང་བཞིན་ལྷ་རྣམས་ཀྱི་དབུའི་གནས་ལྔར་དཔའ་བོ་འབྲུ་ལྔ་ལས་རྒྱལ་བ་རིགས་ལྔ་ཡབ་ཡུམ་རྒྱན་རྫོགས་གདན་ཁྲི་དང་བཅས་པའི་འཁོར་དུ་སེམས་དཔའ་ཡབ་ཡུམ་་་་་་་་་སོགས་ཞི་བ་བཞི་བཅུ་རྩ་གཉིས་ཡོངས་རྫོགས་བཞུགས་པས་ལྷ་རྣམས་ལ་དབང་ཆེན་རབ་འབྱམས་བསྐུར་ཏེ་འགྲོ་དོན་ལ་དཔའ་བསྐྱེད་པར་མོས། འདི་ནི་འོག་ནས་ཞི་བར་བསྙེན་པའི་གཞི་ཡིན་པས་དམིགས་པ་མ་ཆད་པ་གལ་ཆེ། དེ་ནས་ཡེ་ཤེས་པ་དྲངས་བསྟིམ་ཕྱག་མཆོད་བསྟོད་བཤགས་བར་གྱི་དམིགས་རིམ་རྣམས་དང་། བསྐྱེད་རིམ་གྱི་རྩ་བ་གསལ་བརྟན་དག་དྲན་རྣམས་ཀྱང་སྤྱི་ལྟར་བསླབ་པ་གལ་ཆེའོ། །གཉིས་པ་ནང་ལྟར་བསྙེན་སྒྲུབ་ཛབ་དགོངས་ཀྱིས་སྒྲུབ་པ་ལ་གསུམ། ཉེར་མཁོའི་ཛཔ྄་དམིགས་སྤྱིར་བསྟན་པ། བསྙེན་སྒྲུབ་ཀྱི་ཛཔ྄་དགོངས་བྱེ་བྲག་ཏུ་དབྱེ་བ། དྲིལ་སྒྲུབ་འཕྲོས་དོན་དུ་སྨོས་པའོ། །དང་པོ་ནི། ཞི་ཁྲོ་ཡོངས་རྫོགས་ཀྱི་ཛཔ྄་དགོངས་ལས། གནས་སྐབས་ལས་གཞུང་དང་མཐུན་པའི་ཛཔ྄་དགོངས་དང་། ཡང་དྲིལ་རྒྱུན་ཁྱེར་གྱི་ཛཔ྄་དགོངས་དང་། སྒྲུབ་པ་བྱེ་བྲག་གི་ཛཔ྄་དགོངས་གསུམ་དུ་གསུངས་པའི་དང་པོ་ནི། དཔལ་ཆེན་པོ་རྣམས་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཡེ་ཤེས་སེམས་དཔའ་དཀར་གསལ་རྡོར་དྲིལ་བསྣམས་པའི་ཐུགས་དཀྱིལ་རིན་ཆེན་ཟུར་བརྒྱད་པའི་དབུས་སུ་རྡོ་རྗེ་ནས་འབྲུ་ཙམ་གྱི་ལྟེ་བར་ཧཱུྃ་སྤུས་བྲིས་པ་ཙམ་གྱི་མཐར་སྔགས་ཕྲེང་གིས་་་་་་་་བསྐོར་བ། བཟླས་པའི་རྐྱེན་གྱིས་སྔགས་ཕྲེང་གཡས་སུ་འཁོར་བའི་འོད་ཟེར་གྱེན་དུ་སོང་ལྗགས་སྟེང་ཨཱཾ་ལ་བསྐོར་ཏེ་སྣ་བུག་གཡས་ནས་ཡུམ་གྱི་ཤངས་བུག་གཡོན་དུ་བརྒྱུད། དུང་ཁང་སྟེང་ཨོཾ་ལ་བསྐོར་ནས་ཐུགས་ཀ་བརྒྱུད། ཡུམ་གྱི་མཁའ་ལ་བབ་པ་ལས་འོད་འཕྲོས། བདེ་གཤེགས་ཐམས་ཅད་མཆོད་པས་མཉེས། འོད་ཟེར་སླར་འདུས་པ་དངོས་གྲུབ་རྣམ་གཉིས་ཀྱི་རང་བཞིན་ཡུམ་མཁར་འཁྱིལ་བ་ཡབ་ཀྱི་གསང་བས་བརྔུབས་ཏེ་ཐུགས་ཀའི་ཧཱུྃ་ལ་ཐིམ་པར་མོས། འདི་ནི་ལས་བྱང་དཀྱུས་འགྲེ་གཏོང་བའི་སྐབས་དང་དཔལ་དགུའི་སྒེར་སྒྲུབ་ལའང་སྦྱར་ཆོག་གོ །གཉིས་པ་ཡང་དྲིལ་རྒྱུན་ཁྱེར་གྱི་ཛཔ྄་དགོངས་ནི། རྒྱུན་ཁྱེར་ལ་བསྙེན་སྒྲུབ་ལས་གསུམ་ཚང་བ་རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་གཅིག་པ་ཞལ་གཅིག་ཕྱག་གཉིས་པ་ཙམ་ལ་སྦྱར་ཡང་ཆོག་པ་སྟེ། བདེ་གཤེགས་ཐམས་ཅད་ཆེ་མཆོག་ཧེ་རུ་ཀར་ཡོངས་སུ་རྫོགས་པར་ཤེས་པའི་ངེས་ཤེས་བརྟན་པོས། རང་གི་ཐུགས་ཀར་ཉི་མའི་གདན་ལ་ཧཱུྃ་མཐིང་ནག་འོད་ལྔ་འབར་བ་གཙོ་སྔགས་ཀྱིས་གཡས་སུ་བསྐོར་བ་གསལ། རླུང་ཕྱིར་འགྲོ་བའི་ཚེ་ཧཱུྃ་གི་འོད་ཟེར་ཁ་དོག་ལྔ་ལྡན་ཕྱོགས་བཅུར་འཕྲོས་པས་བདེ་བར་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ལ་མཉེས་པའི་མཆོད་པ་ཕུལ། ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་སྒོ་གསུམ་གྱི་སྒྲིབ་པ་སྦྱངས་ནས་ཧེ་རུ་ཀའི་སྐུར་གྱུར། འཇིག་རྟེན་གྱི་ཁམས་ཐམས་ཅད་དཔལ་ཧེ་རུ་ཀའི་རང་བཞིན། སྒྲར་གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲར་བསམ་པ་ནི་བསྙེན་པ། རླུང་ནང་དུ་རྔུབ་པའི་ཚེ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱི་དབྱིག་འོད་ཀྱི་རྣམ་པར་རང་ལ་བསྡུས་པས་སྲིད་ཞི་མཉམ་པ་ཉིད་དུ་གྱུར། དུག་ལྔའི་རྣམ་རྟོག་གི་རྦ་རླབས་སངས་པར་སྒོམ་པ་ནི་སྒྲུབ་པ། རླུང་རང་སོར་གནས་པའི་ཚེ་དཔལ་ཧེ་རུ་ཀའི་རང་བཞིན་རང་སེམས་རྣམ་པར་དག་པ་དང་གཉིས་སུ་མེད་པ་ཡང་དག་དོན་གྱི་སྙིང་པོར་རྟོགས་པ་ནི་སྒྲུབ་ཆེན་ཏེ་ལས་ལ་སྦྱར་བའོ། །གསུམ་པ་སྒྲུབ་པ་བྱེ་བྲག་གི་ཛཔ྄་དགོངས་ནི། རེ་ཞིག་ཉེར་མཁོར་མི་འགྱུར་ཞིང་མང་བའི་འཇིགས་པས་མ་སྤྲོས་སོ། །གཉིས་པ་སྐབས་འདིར་བྱེ་བྲག་ཏུ་ཉམས་སུ་ལེན་བྱའི་ཛཔ྄་དགོངས་བཤད་པ་ལ། རྒྱུད་ལས། ཞི་བར་བསྙེན་ཅིང་ཁྲོ་བོར་བསྒྲུབ། །ཅེས་གསུངས་པའི་དོན། སྦྱང་གཞི་ལུས་ངག་ཡིད་གསུམ་རྣམ་དག་ལྷའི་སྐུ་གསུང་ཐུགས་སུ་བསྙེན་པ་དང་། བདག་གཞན་གྱི་དོན་གནས་སྐབས་དང་མཐར་ཐུག་ཏུ་སྒྲུབ་པར་བྱེད་པའི་དབྱེ་བས་གཉིས་སུ་ཡོད་ཅིང་ཐམས་ཅད་ལ། ཛཔ྄་བསྐུལ། བཟླས་པ། སྟོང་ཚིགས་བཅས་ས་བཅད་གསུམ་རེས་བསྟན་པའི་དོན་ཚང་དགོས་པས། ཐོག་མར་ཛཔ྄་བསྐུལ་བ་ནི། ཞི་བ་ལ། ཧཱུྃ༔ གསང་བ་ཡོངས་རྫོགས་སོགས་དང་། ཆེ་མཆོག་ལ། ཧཱུྃ༔ དབུས་ཕྱོགས་འཁོར་ལོའི་སོགས་ལས་བྱང་དཀྱུས་སུ་གསལ་བ་ལྟར་ལ། དཔལ་བརྒྱད་པོ་ལ། ཤར་ཕྱོགས་འཁོར་ལོའི་སོགས་ཁ་བསྒྱུར། བཀའ་སྡོད་ལའང། ཧཱུྃ༔ ཡང་སྤྲུལ་ཁྱུང་ཆེན་སོགས་ཀྱིས་བསྐུལ། གཉིས་པ་བཟླས་པ་ནི། རྒྱུད་དང་སྔགས་བྱང་བསྐྱེད་སྔགས་གསུམ་པོ་འདྲ་བས་དེ་ལྟར་བཟླས་ཀྱང་མི་འགལ་མོད། ལས་བྱང་བཟླས་པའི་སྐབས་སུ་འབྱུང་བ་ཉིད་བཟླ་བའི་སྲོལ་སྣང་ངོ་། །གསུམ་པ་སྟོང་ཚིགས་ནི། བཟླས་པ་སྟོང་ཕྲག་རེའི་ཚིགས་སམ་བར་མཚམས་སུ་མཆོད་པ་སྦྱར་བའི་དོན་ཏེ། ཧཱུྃ༔ ཡེ་ཤེས་ལྷ་ཚོགས་སོགས་སོ། །དེ་ལྟར་ངེས་པར་བྱས་ནས། དང་པོ་ཞི་བར་བསྙེན་པ་ལ། བཟླ་བྱའི་སྔགས་གསུམ་གྱི་དང་པོ་ནི། ཨོཾ་ཨཱ་ལི་ཀཱ་ལི་ཛྙཱ་ན་པཉྩ་སཏྭ་ཀྲོ་ཏ་མུ་ན་ཡེ་སྭཱ་ཧཱ༔ ཞེས་དམ་པ་རིགས་བརྒྱའི་སྙིང་པོའོ། །གཉིས་པ་ནི། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཞི་བ་ཞེ་གཉིས་ཀྱི་སྙིང་པོའོ། །གསུམ་པ་ནི། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ རྒྱལ་བ་རིགས་ལྔའི་སྙིང་པོའོ། །དེ་དག་གི་དམིགས་པའི་འཕྲོ་འདུ་ཇི་ལྟར་བྱ་བ་ནི། བདག་དང་མདུན་གྱི་དཀྱིལ་འཁོར་དགུ་པོའི་དབུ་རྒྱན་ཞི་བའི་ལྷ་ཚོགས་རྣམས་ལ་དམིགས་ཏེ། ཛཔ྄་དགོངས་ཆུང་བ་ལས། སྟེང་གི་ཞི་བའི་ལྷ་ཚོགས་རྣམས་ལས་སྔགས་ཀྱི་འོད་ཟེར་འཕྲོས་པས་ཞི་བའི་ལྷ་རྣམས་ཀྱི་སྐུ་མདོག་ཕྱག་མཚན་རྒྱན་ཆས་གཟི་བརྗིད་གསལ་བར་གྱུར་ནས། སླར་ཡང་དེ་ལས་འོད་ཟེར་ཕྱོགས་བཅུ་ཀུན་ཏུ་འཕྲོས་པས། སྣང་སྲིད་ཐམས་ཅད་ལྷ་དང་ལྷ་མོར་གྱུར་ནས་སྔགས་ཀྱི་སྒྲས་ཆོས་ཀྱི་ཆར་ཕབ། ཐུགས་ཡེ་ཤེས་ལྔའི་ངོ་བོར་གནས་བསྒྱུར་ཏེ། སླར་བདག་ལ་འདུས་པས་སྣང་སྟོང་དབྱེར་མེད་དེ་ཁོ་ན་ཉིད་སྐྱེ་འགག་མེད་པའི་ངང་དུ་དུ་མ་རོ་གཅིག་པར་བསམ་ཞིང་ཞི་བའི་སྔགས་བཟླའོ། །ཞེས་གསུངས་པ་ལྟར་བྱ། བཟླས་པའི་གྲངས་ནི། ཞི་བསྙེན་སྔོན་དུ་མ་སོང་ན་འཛབ་རྣམ་གྲངས་གསུམ་པོ་གང་རུང་གཅིག་འབུམ་ཕྲག་བཞིའམ་གཅིག་ཙམ་འགྲོ་ངེས་པ་དགོས་ལ། འོན་ཀྱང་གོང་མའི་གསུང་རྒྱུན་ལ་ཞི་བ་རིགས་བརྒྱ་མོས་བསྐྱེད་ཙམ་ལས་མེད་པས་བཟླ་བྱའི་སྔགས་ཀྱང་ཅུང་ཟད་ཉུང་ཙམ་མཛད་ཅེས་གསུངས་པས། བོ་དྷི་བཅུ་བཞི་པ་དང་། རིགས་ལྔའི་སྙིང་པོ་རྣམས་མང་དུ་བཟླ། ཞི་བར་བསྙེན་པའི་སྐབས་འདིར་སྔགས་གསུམ་གང་མོས་ལ་བཟླས་པའི་དངོས་གཞི་བྱ། ཁྲོ་བོ་རྣམས་ཐུན་མཇུག་ཏུ་བརྒྱ་རྩ་ཙམ་བཟླས་པས་ཆོག་གོ །གཉིས་པ་ཁྲོ་བོར་སྒྲུབ་པ་ལ། བཟླ་བྱའི་སྔགས་ནི། ཆེ་མཆོག་ལ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཡང་དག་ལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ གཤིན་རྗེར། ཨོཾ་ཧྲཱིཿཥྚིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ༔ རྟ་མགྲིན་ལ། ཨོཾ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཕུར་པར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ མ་མོར། ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ༔ རིག་འཛིན་ལ། ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ དྲེགས་པར། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ དྲག་སྔགས་ལ། ཨོཾ་བཛྲ་སརྦ་དུཥྚཱན་ཨེ་ཛཿབྷྱོ་ཧཱུྃ་ཕཊ༔ བཀའ་སྡོད་ལ། ཨོཾ་ཁྲོཾ་ག་རུ་ཌ༴ སོགས་སོ། །དམིགས་པའི་འཕྲོ་འདུ་ནི། པྲ་ཁྲིད་སྤྱན་རྒྱ་ཅན་ལས། བདག་དཔལ་ཆེན་ལྷ་ཚོགས་རབ་ཏུ་གསལ་བཏབ་སྟེ༔ ཁྱད་པར་དུ་ཡང་སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསལ་བ་གནད་ཡིན་པས༔ བདག་ཉིད་དཔལ་གྱི་ཐུགས་གུར་སྨུག་པོར་ཕུབ་པ་ལྟ་བུའི་ནང་ཤེལ་གྱི་ཕོ་བྲང་ངང་པའི་སྒོང་ཀོག་ཙམ་གྱི་དབུས༔ ངོ་བོ་རང་གི་སྲོག་གི་དངོས་པོ་ཡེ་ཤེས་སེམས་དཔའ་དཀར་གསལ་ཞལ་གཅིག་ཕྱག་གཉིས༔ གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན་པ༔ གཡོན་དྲིལ་བུ་དཀུར་བརྟེན་པ་ཞིག་བསྒོམ༔ དེ་ཉིད་ཀྱི་ཐུགས་རྩེ་གྱེན་དུ་བསྟན་པའི་ཤུན་པ་པདྨ༔ སྙིང་ཚིལ་ཟླ་བ༔ ཐུགས་ཀྱི་དབྱིབས་རཏྣ་ཟུར་བརྒྱད་པའི་ཚུལ་དུ་གནས་པའི་ནང་དུ། ཉི་མའི་དཀྱིལ་འཁོར་སྲན་མ་གཤགས་པ་ཙམ་གྱི་དབུས་སུ་ཧཱུྃ་མཐིང་ག་ལ་རང་གི་སྙིང་པོས་བཀླག་ཐབས་སུ་བསྐོར་བ་ལས༔ འོད་ཟེར་མཐིང་ག་ཕར་འཕྲོས་པར་བསྒོམ༔ རང་གི་ལྗགས་པདྨ་འདབ་བརྒྱད་དུ་རཾ་དམར་པོ་མེ་འབར་བའི་དབུས་སུ༔ ཉི་མའི་སྟེང་དུ་ཨཱཿདམར་པོ་ལ་རང་སྔགས་བཀླག་ཐབས་སུ་འོད་ཟེར་དམར་པོ་འཕྲོ་བར་བསྒོམ༔ རང་གི་ཀླད་པའི་སྟེང་དུང་ཁང་ཚངས་པའི་བུ་གའི་འོག་ཏུ་འཁོར་ལོ་རྩིབས་བརྒྱད་དཀར་པོའི་དབུས་སུ་ཉི་མའི་སྟེང་དུ་ཨོཾ་དཀར་པོ་ལ་རང་སྔགས་དཀར་པོ་བཀླག་ཐབས་སུ་འོད་དཀར་པོ་འཕྲོ་ཞིང་འཁོར་བར་བསམ་མོ༔ དེ་ལྟར་གསལ་ཐེབས་ནས་སྤྲོ་བསྡུ་བྱ་སྟེ༔ དེ་ཡང་ནུབ་དང་པོའི་བསྙེན་པའི་བར་དུ་རྣལ་འབྱོར་བདག་གི་སྒོ་གསུམ་སྒྲིབ་པ་སྦྱངས༔ གནས་གསུམ་ནས་འོད་ཟེར་སྤྲོས་ཏེ་ཕྱི་རོལ་ཕྱོགས་བཅུའི་ཞིང་ཁམས་ཁྱབ་པར་སྤྲོས་པས་འཕགས་མགོན་རྒྱལ་བའི་ཚོགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལ་མཉེས་པའི་མཆོད་པ་ཕུལ་བར་བསམ༔ ཚུར་འདུས་པས་བདག་གི་རྣམ་རྟོག་སྒོ་གསུམ་བག་ཆགས་སྒྲིབ་པ་སྦྱངས་ཏེ་སླར་ཚུར་འདུས་ལྷར་གསལ་གཟུགས་སྣང་ཐམས་ཅད་ཧེ་རུ་ཀར་བསྒོམ༔ ངག་སྒྲ་ཐམས་ཅད་སྔགས་སུ་གསལ༔ འབྲུག་ལྟར་ལྡིར་བར་བསམ༔ ཡིད་ཐུགས་སུ་གསལ༔ འོད་ཟེར་འཕྲོ་འདུ་འགལ་མེ་འཁོར་བ་ལྟར་བསམ༔ སླར་ཕྲ་མོའི་ཏིང་ངེ་འཛིན་གྱིས་གསལ་བཏབ་པས་འཁོར་བ་ལས་སྒྲོལ་ཕྱིར༔ གསང་འདུས་རྒྱུད་ལས་ཀྱང་། ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཞེས་གསུངས་སོ། །དེ་ནི་ནུབ་དང་པོའི་མདོར་ན་བསྙེན་པའི་བར་དུ་ཛཔ྄་དགོངས་དེས་བྱའོ། །ནུབ་བར་པ་སྒྲུབ་པའི་སྐབས་སུ་ཡེ་ཤེས་ལྷ་ཉེ་བར་བསྙེན་ཏེ། ཛཔ྄་བཟླས་པས་འོད་ཟེར་རྣམ་གསུམ་འཕྲོས༔ ཡེ་ཤེས་ཀྱི་ལྷ་རྣམས་འོད་དུ་ཚུར་འདུས་གནས་གསུམ་དུ་ཐིམ་ནས་དམ་ཚིག་ཡེ་ཤེས་དབྱེར་མེད་ཐིམ་འདྲེས་ཚོམ་བུ་དགུའི་ལྷ་ཐམས་ཅད་ཡེ་ཤེས་ཀྱི་ངོ་བོར་གནས་པར་བསམ་པ་ནི་སྒྲུབ་པའི་ཛཔ྄་དགོངས་དེས་བྱའོ། །ནུབ་ཐ་མ་སྒྲུབ་ཆེན་དུས། ཐུགས་སྲོག་ཧཱུྃ་གི་སྔགས་ཕྲེང་འོད་ཟེར་ཡེ་ཤེས་སེམས་དཔའི་ཞལ་ནས་ཐོན༔ དཔལ་གྱི་ལྗགས་ཀྱི་ཨཱཾཿལ་ཕོག་སྔགས་ཕྲེང་ཞལ་ནས་ཤངས་བུག་གཡས་སུ་ཞུགས༔ དུང་ཁང་ཨོཾ་ལ་ཕོག་འོད་ཟེར་ཤངས་བུག་གཡོན་ནས་ཡུམ་གྱི་ཤངས་གཡས་སུ་ཞུགས་ཐུགས་ཀར་བབས་པས་ཕྱི་ནང་སྣོད་བཅུད་དངོས་གྲུབ་འོད་ཀྱི་ཚུལ་དུ་ཡུམ་གྱི་མཁའ་གསང་དུ་བསྡུས་ཏེ༔ ཡབ་ཀྱི་རྡོ་རྗེའི་སྦུ་གུས་བརྔུབས་ཏེ་ཐུགས་སྲོག་ཧཱུྃ་ལ་ཐིམ་པས་དངོས་གྲུབ་ཐམས་ཅད་ཡོངས་རྫོགས་སུ་ཐོབ་པར་བསམ༔ སྒྲུབ་ཆེན་བར་གྱི་ཛཔ྄་དགོངས་སོ༔ ཞེས་གསུངས་པ་ལྟར་ནུབ་དང་པོ་བསྙེན་པ། ནུབ་བར་པ་སྒྲུབ་པ། ནུབ་ཐ་མ་སྒྲུབ་ཆེན་གསུམ་བསྙེན་སྒྲུབ་ཀྱི་རྒྱུན་རིང་ཐུང་དང་སྦྱར་ཏེ་དམིགས་པ་རྣམ་གྲངས་གསུམ་པོ་ཟླ་གཅིག་ལ་དཔེར་མཚོན་ན་ཞག་བཅུ་ཕྲག་རེ་ཙམ་བྱ་བའམ། ཡང་ན་ཉིན་མཚན་ཆ་གསུམ་དུ་བཅད་པའམ། ཡང་ན་ཐུན་རེའི་ཐོག་མཐའ་བར་གསུམ་དུ་རིམ་བཞིན་བསྒོམ་པས་འགྲུབ་བོ། །བཟླས་པའི་གྲངས་ནི། རྒྱུད་ཀྱི་དགོངས་པས་རབ་རྟགས་དང་སྦྱར་བའི་ལོ་སྒྲུབ་སྟེ་ལོ་གཅིག་ཡན་ཆད། འབྲིང་གྲངས་དང་སྦྱར་བའི་ཟླ་སྒྲུབ་སྟེ་ཟླ་བ་གཅིག་ནས་དྲུག་ལ་སོགས་པ། ཐ་མ་ཞག་བསྒྲུབ་སྟེ་བདུན་གཅིག་ནས་གསུམ་སོགས་སུ་བཤད་པའི་དང་པོ་ནི་སྒྲུབ་པ་མཐར་ཕྱིན་པའི་དབང་དུ་མཛད། གཉིས་པ་སློབ་དཔོན་གྱི་ལས་རུང་ཙམ་དང་། གསུམ་པ་ཚོམ་བུ་ཚོགས་སྒྲུབ་དང་དབང་བསྙེན་ཁ་གསོ་སོགས་ལ་དགོངས་པས། འདིར་འབྲིང་པོ་གྲངས་བསྙེན་གྱི་དབང་དུ་བྱས་པ་ལའང་རབ་འབྲིང་ཐ་མའི་གྲངས་མང་དུ་བཤད་པའི་ནང་། ལས་གཞུང་དུ། གྲངས་བསྙེན་བདུན་འབུམ་ཉི་ཁྲི་ལ་སྦྱར་ཞིང་བཟླའོ༔ ཞེས་དང་། སྒྲུབ་ཁོག་ལས། སྔོན་དུ་བསྙེན་པ་འབུམ་ཚོ་བཅུ་གཅིག་གམ་བདུན་འབུམ་ཉི་ཁྲི་ཙམ་གྲངས་བསྙེན་ཚར་བས་སྐབས་འདིར་འབུམ་མམ་སྟོང་ཙམ་ཁ་གསོ་བ་ཡིན་ནོ༔ ཞེས་གསུངས་པས་གཙོ་བོ་ཆེ་མཆོག་འབུམ་ཕྲག་བཅུ་གཅིག་གམ་འབྲུ་འབུམ། དཔལ་བརྒྱད་པོ་ལ་བདུན་འབུམ་ཉི་ཁྲི་རེ་གྲུབ་ན་རྒྱས་པ་ཡིན་ལ། དེ་ཙམ་མི་འགྲུབ་ན་ཆེ་མཆོག་ཉིད་དཀྱིལ་འཁོར་གྱི་ཁྱབ་བདག་ཡིན་པས་གྲངས་འགྲོ་ངེས་དང་། གཞན་རྣམས་ལ་ཅི་འགྲུབ་རེ་བཟླ། དེའང་ཁྲོ་བོའི་སྐབས་འདིར་ཞི་བཟླས་གསུམ་པོ་ཐུན་འགོར་བརྒྱ་ཕྲག་ཙམ་རེ་བཏང་། ཐུན་གྱི་དངོས་གཞིར་དཔལ་དགུ་གང་ཡིན་དེ་དང་། མཇུག་ཏུ་དཔལ་བརྒྱད་བཀའ་སྡོད་དང་བཅས་པ་བརྒྱ་རྩ་རེ་ཙམ་བཟླའོ། །ཡང་རྒྱུད་ལུང་མན་ངག་གསུམ་གྱི་པྲ་ཁྲིད་ལས། བཟླས་པའི་སྔགས་ཞི་ཁྲོ་བཀའ་བརྒྱད་ཡོངས་རྫོགས་སུ་འདུས་པའི་ཡང་སྙིང་སོ་ལྔ་པ་འདི་བཟླ་བར་བྱའོ༔ ཞེས་དང་། ཕུར་སྒྲུབ་ལས། ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏཱི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ བསྙེན་སྒྲུབ་གཅིག་ཆོད་ཁྲོ་རྒྱལ་སྟོབས་རྫོགས་ཀྱི་སྔགས་སོ༔ ཞེས་དྲག་སྔགས་སོ་ལྔ་པ་འདི་བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་དུ་བསྔགས་ཤིང་། གཞན་རྣམས་ལས་ཀྱང་ཕན་ཡོན་དཔག་ཏུ་མེད་པ་དང་བཅས་ཏེ་གསུངས་པས་སྒོས་ཛཔ྄་རྣམས་ཅི་འགྲུབ་དང་གཙོ་བོར་སོ་ལྔ་པ་བཟླས་ཀྱང་ཆོག །གྲངས་ནི། རྒྱུད་ལུང་མན་ངག་གསུམ་གྱི་པྲ་ཁྲིད་ལས། འབུམ་ཚོ་གཅིག་བཟླས་ན་ཐུན་མོང་གི་དངོས་གྲུབ་ཐོབ་པར་འགྱུར་རོ༔ བྱེ་བ་བཟླས་ན་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ༔ ཞེས་གསུངས་པས། སྤྲོ་ན་འབུམ་བཅུ་དང་བསྡུ་ན་འབུམ་ཚོ་གཅིག་བཟླ། ཡང་དྲིལ་སྒྲུབ་ཏུ་བཤད་པའི་དྲག་སྔགས་བརྒྱད་ཅུ་པ་བཟླས་ཀྱང་ཤིན་ཏུ་ལེགས་ཤིང་གྲངས་ནི་རྒྱུད་ལས། གྲངས་འབུམ་བསྙེན་ཅིང་རྟགས་ལ་སྦྱར༔ ཅེས་གསུངས། འོན་ཀྱང་སྙིང་པོ་འབྲུ་སུམ་ཅུ་ཡོད་པ་ཡན་ཆད་ལ་ཁྲི་བཟླས་པས་ཀྱང་ཆོག་པ་གསར་རྙིང་སྤྱིའི་བཞེད་པའོ། །དཔལ་དགུ་ལ་ངག་གི་འདྲེན་ཚུལ་རེ་རེ་བཞིན་བཤད་ཀྱང་གཙོ་བོར་སྒྲུབ་ཆེན་ལ་དགོངས་ཤིང་བསྙེན་པའི་སྐབས་འགྲུབ་དཀའ་བས་ཤུབ་བུའི་བཟླས་པར་འབད། དེ་ལྟར་བསྙེན་སྒྲུབ་ཀྱི་གྲངས་ཐེམས་ནས་སྒྲུབ་ཁོག་ལྟར་སྒྲོལ་བའི་ལས་སྦྱོར་གྱི་ཛཔ྄་བྱ་བ་པྲ་ཁྲིད་ཀྱི་དགོངས་པ་ཡིན་ཡང་། བསྙེན་པའི་སྐབས་འདིར་ཁྱེར་བདེ་བ། ཛཔ྄་དགོངས་ཆུང་བ་ལས། ལས་ལ་སྦྱར་བ་ནི་གསུམ་སྟེ༔ དམ་ཅན་དུ་བསྡུས་ཏེ་བསྙེན་པའི་ལས་ལ་སྦྱར་བ་དང༔ ཡེ་ཤེས་པ་དང་དམ་ཅན་དྲིལ་ཏེ་དྲག་པོ་སྔགས་ཀྱི་དགོངས་པ་དང༔ ལས་བཞི་སྒྲུབ་པ་བྱེ་བྲག་གི་དགོངས་པའོ༔ དེ་ཡང་བདག་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་འོད་ཟེར་གྱི་ཕྲེང་བས་རང་རང་གི་དམ་ཅན་དང༔ སྤྱིའི་བྱ་བ་དྲེགས་པ་སྡེ་བརྒྱད་ཕོ་མོ་ལ་སོགས་པ་གང་ལ་དམིགས་པ་དེའི་སྐུ་མདོག་ཕྱག་མཚན་རྒྱན་ཆས་སྙིང་གར་ཡིག་འབྲུ་སྔགས་བཅས་གསལ་བ་ལ་འོད་ཟེར་གྱིས་བསྐུལ་བས་བདག་གི་དབང་དུ་འདུས་པར་བསམ་ཞིང་སོ་སོའི་སྔགས་བཟླའོ༔ དེས་རྟགས་དང་མཚན་མ་མཐོང་བ་དང་བརྟན་པར་འགྱུར་རོ༔ དྲག་སྔགས་ཀྱི་དགོངས་པ་ནི༔ སོ་ལྔ་པ་བཟླས་པའི་ཚེ༔ ལུས་ལྷ༔ ངག་སྔགས༔ སེམས་ཉིད་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་ངང་ལ་འོད་ཟེར་ལྕགས་ཀྱི་ཚྭ་ཚྭ་བརྡབས་པ་ལྟ་བུས་ནང་དུ་རྣམ་རྟོག་བག་ཆགས༔ ཕྱི་རོལ་དུ་དགྲ་བགེགས་ཚར་བཅད་པར་བསམ་མོ༔ ལས་བཞི་སྒྲུབ་པ་ལ༔ ལས་བཞིའི་ཁ་དོག་དང་མཐུན་པའི་འོད་ཟེར་འཕྲོས་པས་ལྷ་དང་དམ་ཅན་ཐམས་ཅད་ཀྱི་སྐུའི་ཆ་ལུགས་དང་འོད་ཟེར་དེ་ལྟ་བུས་གང་འདོད་པ་ཐམས་ཅད་ལྷུན་གྲུབ་ཐོགས་པ་མེད་པར་འབྱུང་བར་བསམ་མོ༔ ཞེས་གསུངས་པའི་དམིགས་གནད་དང་འབྲེལ་བས། དང་པོ་ལ་བཟླ་བྱའི་སྔགས་སོ་སོར་མི་འགྲུབ་ན། དྲག་སྔགས་ཀྱི་སྙིང་པོ་བཟླས་པས་ཆོག་ལ། བར་པ་ལ་སོ་ལྔ་པ་དང་། མཐའ་མའང་དེ་དང་བརྒྱད་ཅུ་པ་གང་རུང་བཟླས་པས་ཆོག་གོ །གསུམ་པ་འཕྲོས་དོན་དྲིལ་སྒྲུབ་ནི། པྲ་ཁྲིད་སྤྱན་རྒྱ་ཅན་ལས། མན་ངག་ཏུ་བསྡུ་ན་ཡོངས་རྫོགས་དྲིལ་སྒྲུབ་ཁོ་ནའི་ཉམས་ལེན་དུ་འདུས་ཏེ༔ ཞེས་གསུངས་པ་ལྟར། ཡོངས་རྫོགས་དྲིལ་སྒྲུབ་ཤིན་ཏུ་ཁྱེར་བདེ་ཞིང་ཟབ་གནད་སྙིང་པོར་དྲིལ་བའི་ལུས་དཀྱིལ་ཡིན་པས་བསྙེན་སྒྲུབ་གོང་སྨོས་ལྟར་སོང་ནས་རྒྱུན་ཁྱེར་ལ་ཤིན་ཏུ་འབྲེལ་ཞིང་། འདི་ཁོ་ནས་བསྙེན་སྒྲུབ་རྐང་ཚུགས་བྱས་ཀྱང་ཆོག་པར་གསུངས་པས་དེ་ལྟར་ན། དཀྱིལ་འཁོར་བཤམ་བཀོད་སོགས་ཀྱང་དེ་ལྟར་བྱ། ལས་བྱང་སྔོན་རྗེས་རྣམས་དཀྱུས་ལྟར་ལ་ལྷ་བསྐྱེད་སྐབས་གཙོ་དགུ་མི་བསྐྱེད་པར་ཆེ་མཆོག་ཞལ་གསུམ་ཕྱག་དྲུག་པར་ལུས་དཀྱིལ་སྦྱར་བའི་མངོན་རྟོགས་ཡོངས་རྫོགས་དྲིལ་སྒྲུབ་ལྟར་བྱ་སྟེ། བདག་ཉིད་ཆེ་མཆོག་ཧེ་རུ་ཀ༔ མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔ ཞེས་སོགས་ནས། ཀླུ་འདུལ་ཁྱུང་ཆེན་དཀར་ནག་བསྐྱེད༔ སོ་སོའི་འཁོར་ཚོགས་ཁྲོ་བོ་དང༔ ཁྲོ་མོ་ཡང་སྤྲུལ་སུམ་སྤྲུལ་བཅས༔ འབར་ཁྲོ་རྔམ་བརྗིད་གསལ་བརྟན་ནས༔ ཞེས་པའི་བར་གྱི་ལྷ་བསྐྱེད་སྦྱར། དབང་བསྐུར་མན་དཀྱུས་བཞིན་བྱ། བཟླས་པའི་སྐབས་ཞི་བ་སྔོན་སོང་གི་དཔལ་དགུ་བཀའ་སྡོད་བཅས་པའི་སྒོས་འཛབ་རྣམས་ཅི་རིགས་བཟླ་ཞིང་། གཙོ་བོར་བདེ་གཤེགས་སྤྱི་དྲིལ་གྱི་དྲག་སྔགས་བརྒྱད་ཅུ་པ་ཁོ་ན་བསྙེན་ཏེ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མུཾ་ཧྲཱིཿཧཱུྃ་ཨཱ༔ ཨོཾ་ཤྲཱི་བཛྲ་མ་ཧཱ་ཀྲོ་དྷ༔ ཧཱུྃ་ཤྲཱི་ཧེ་རུ་ཀ༔ ཡ་མཱནྟ་ཀ༔ ཧྲཱིཿཔདྨཱནྟ་ཀྲྀཏ༔ ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ༔ ཡཀྵ་ཀྲོ་དྷ༔ བཛྲ་སརྦ་དུཥྚཱན༔ ཨེ་ཛ་བྷྱོ༔ ཁྲོམ་བཛྲ་ག་རུ་ཊ༔ མ་མ་ཀྲོ་ཏཱི་ཤྭ་རཱི༔ ཀརྨ་རཾ་རཾ༔ ཛྭ་ལ་རཾ་རཾ༔ ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་པའོ། །གསུམ་པ་གསང་བ་མན་ངག་གནད་ཀྱིས་ཟིན་པའི་སྒོ་ནས་ཉམས་སུ་བླང་བ་ལ་གསུམ། སྔགས་ཀྱི་དུག་དབྱུང་བ་དང་། ཤེས་པ་བརྒྱད་སྤྲུལ་པ་དང་། སྲོག་སྡོམ་གཟེར་བཞིས་སྡོམ་པ་དང་གསུམ་ལས། དང་པོ་སྔགས་ཀྱི་དུག་དབྱུང་བ་ནི། གཞུང་དེ་ཉིད་ལས། བཟླས་བརྗོད་མི་ཚིག་གི་སེལ་གྱིས་མ་ཆོད་པར་བྱ་ཞིང་། སྒྲ་ཧ་ཅང་ཆེས་ནས་གསང་བ་བསྒྲགས་པ་དང་། སྒྲ་ཆུང་ནས་ངག་ཏུ་འབྲུ་མི་གསལ་བ་དང་། ཕྱུར་ནས་སྒྲ་འདྲེས་པ་དང་། བུལ་ནས་སྒྲ་བྱེར་བ་དང་། ཡེངས་ནས་རྒྱུན་ཆད་པ་དང་། བསྒྲིམས་ནས་དུབ་པ་རྣམས་སྤངས་ཏེ། བཟླས་བརྗོད་བྱས་ན་རྟགས་མྱུར་དུ་འབྱིན་པ་ནི་དུག་བྲལ་ཁ་ཟས་སྨན་དུ་འགྱུར་བ་བཞིན་ནོ། །ཞེས་གསུངས། གཉིས་པ་ཤེས་པ་བརྒྱད་ནི། ཛཔ྄་བསྙེན་གང་འདྲེན་དེ་ཉིད་དམིགས་བྱར་གསལ་བས་ལྷར་ཤེས་ཤིང་ལྷ་དེ་ཡང་གཙོ་བོའི་བཟླས་པས་སྲས་རྣམས་ཀྱང་འཁོར་བས་དཀྱིལ་འཁོར་དུ་ཤེས་པ། གཙོ་འཁོར་དཀྱིལ་འཁོར་དུ་ཤེས་པའི་བཟླས་བརྗོད་རེམས་པས་རྒྱལ་བ་མཉེས་པ་མཆོད་པར་ཤེས་པ། ཉམས་རྟོགས་སྐྱེ་བས་དབྱངས་སུ་ཤེས་པ། གྲུབ་གཉིས་སྔགས་ཀྱིས་འགྲུབ་པས་དངོས་གྲུབ་ཏུ་ཤེས་པ། བསྙེན་པ་འཁྱོལ་བས་ལས་ཀུན་འགྲུབ་པས་ཕྲིན་ལས་སུ་ཤེས་པ། དངོས་འཛིན་བཟློག་ཅིང་སྐྱེ་མེད་དུ་གྲོལ་བས་ཆོས་ཉིད་དུ་ཤེས་པ། ཉམས་ཆག་སྐོང་བས་སྒྲིབ་སྦྱོང་དུ་ཤེས་པ། འདོད་པ་ཤེས་པས་ཡིད་བཞིན་རིན་པོ་ཆེར་ཤེས་པ་དང་བརྒྱད་དོ། །གསུམ་པ་སྲོག་སྡོམ་གཟེར་བཞི་ནི། རྒྱུད་ཀྱི་ལེའུ་དགུ་པར། ཏིང་འཛིན་གཟེར་དང་སྙིང་པོའི་གཟེར༔ དགོངས་པའི་གཟེར་དང་འཕྲོ་འདུའི་གཟེར༔ ཞེས་བཞིར་གསུངས་པའི་དང་པོ་ནི། ཏིང་འཛིན་གཟེར་ནི་ཐོད་སྐུ་ལ༔ རྩེ་གཅིག་སེམས་བཟུང་ཡེངས་མི་བྱ༔ ཞེས་དང་། གཉིས་པ་ནི། སྙིང་པོ་སྔགས་གཟེར་ཡོངས་རྫོགས་ཀྱི༔ གཙོ་བོའི་སྔགས་དང་སེལ་མེད་བཟླ༔ ཞེས་དང་། གསུམ་པ་ནི། དགོངས་པའི་གཟེར་ནི་ཞི་ཁྲོའི་ལྷ༔ ཡོངས་རྫོགས་དཔལ་ཆེན་རང་སེམས་ལས༔ གུད་ན་མེད་ཅིང་རུ་དྲ་ཡང༔ ལོགས་ན་མེད་དོ་རང་གི་སེམས༔ སེམས་ཉིད་སྟོང་པ་ཆོས་ཀྱི་སྐུ༔ ཞེས་སོགས་དང་། བཞི་པ་ནི། འཕྲོ་འདུའི་གཟེར་ནི་དམིགས་པ་ཡི༔ བསྒྱུར་ཁ་ཤེས་ན་འདོད་དགུར་འགྱུར༔ ཞེས་སོགས་གསུངས་པ་ནི་བསྐྱེད་རིམ་སྤྱིའི་མདོ་ཆིངས་ཀྱི་གནད་གལ་པོ་ཆེ་ཡིན་ཅིང་བསྙེན་སྒྲུབ་ཀྱི་གོ་ཆོད་མིན་འདི་ལ་རག་ལས་པས་དེ་དོན་རྩེ་གཅིག་ཉམས་སུ་ལོན་པར་བྱའོ། །བཞི་པ་ཐུན་མོང་དུ་ཤེས་བྱ་བཅུའི་སྒོ་ནས་ཉམས་སུ་བླང་བ་ནི། གསང་སྔགས་སྤྱིའི་ལམ་ཁྱེར་གྱི་འགག་དོན་ཏེ། སྒྲུབ་ཐབས་ཐམས་ཅད་སྒྱུ་མ་ལྟར་ཤེས་པར་བྱ་བ། མིང་ཚིག་ཐམས་ཅད་སྨིག་རྒྱུ་ལྟར་ཤེས་པར་བྱ་བ། སྤྱོད་ལམ་ཐམས་ཅད་རྨི་ལམ་ལྟར་ཤེས་པར་བྱ་བ། དངོས་པོ་ཐམས་ཅད་གཟུགས་བརྙན་ལྟར་ཤེས་པར་བྱ་བ། གནས་ཐམས་ཅད་དྲི་ཟའི་གྲོང་ཁྱེར་ལྟར་ཤེས་པར་བྱ་བ། སྔགས་ཐམས་ཅད་བྲག་ཆ་ལྟར་ཤེས་པར་བྱ་བ། ལྷ་ཐམས་ཅད་ཆུ་ཟླ་ལྟར་ཤེས་པར་བྱ་བ། ཏིང་ངེ་འཛིན་ཐམས་ཅད་ཆུ་བུར་ལྟར་ཤེས་པར་བྱ་བ། རོལ་པ་ཐམས་ཅད་མིག་སྐྱོན་ལྟར་ཤེས་པར་བྱ་བ། ཆོ་འཕྲུལ་ཐམས་ཅད་སྤྲུལ་པ་ལྟར་ཤེས་པར་བྱ་བ་སྟེ་བཅུའོ། །འདི་རྣམས་ཞིབ་པར་པྲ་ཁྲིད་སྤྱན་རྒྱ་ཅན་ལས་ཤེས་དགོས་སོ། །རྩ་བའི་ས་བཅད་གསུམ་པ་བསྙེན་པ་གྲུབ་ནས་རྗེས་ཀྱི་བྱ་བ་ནི། ཁ་སྐོང་གི་སྦྱིན་སྲེག་གྲུབ་ན་གནད་གལ་ཆེ་བས་ཞི་བའི་སྦྱིན་སྲེག་བསྙེན་སྒྲུབ་བཟླས་པ་ཇི་ཙམ་སོང་བའི་བཅུ་ཆ་ཙམ་བྱ། སང་བསྙེན་པ་གྲོལ་རྒྱུའི་དགོང་མོ་ནས་དངོས་གྲུབ་ཀྱི་རྫས་བཟའ་བཏུང་གི་ཡོ་བྱད་བཤམ། གྲོལ་ནངས་ཞོག་ཐུན་ལ་བཟླས་པ་གཞན་རྣམས་ཉུང་ཙམ་རེ་བྱ། ལྷ་ཛཔ྄་སོ་སོ་ལ། ཀ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་བཏགས་པ་སྟོང་རྩ་ལ་སོགས་པ་བཟླ་ཞིང་འཁོར་འདས་ཀྱི་ལེགས་ཚོགས་ཀྱི་ཡོན་ཏན་རྣམས་རྫས་ལ་བསྡུ་ཞིང་བསྟིམ་པའི་དམིགས་པའི་འཕྲོ་འདུ་བྱ། ལས་བྱང་གི་རྗེས་ཆོག་ཆད་ཐོ་བརྟན་སྐྱོང་སོགས་ཐམས་ཅད་ཚང་བར་བྱས་རྗེས། ཧཱུྃ༔ བདེ་གཤེགས་རྒྱལ་བ་ཀུན་གྱི་ཐུགས་དམ་དང༔ སྦྱོར་ལམ་ཚོགས་ལམ་གནས་པའི་དམ་ཅན་ཚོགས༔ རྣལ་འབྱོར་བདག་ལ་སྔོན་གྱི་ཐུགས་དམ་གྱིས༔ ཚེ་དབང་ཆོས་དང་ལས་བཞི་ལྷུན་གྲུབ་དང༔ རྐང་མགྱོགས་མིག་སྨན་རིལ་བུ་མཁའ་སྤྱོད་དང༔ སྲིད་ནོར་ཟས་གོས་མཐུ་རྩལ་དངོས་གྲུབ་སྩོལ༔ ཨ་ལ་ལ་ཧོ༔ ཞེས་བརྗོད་ཅིང་སྒྲུབ་གཏོར་ལྷར་གསལ་བ་ལས་དབང་བླང་། ཡེ་ཤེས་པ་མདུན་གྱི་ནམ་མཁར་དབྱེ། དམ་ཚིག་པ་འོད་དུ་ཞུ་ནས་བདུད་རྩིའི་བཅུད་དུ་འཁྱིལ་བར་བསམས་ལ་དངོས་གྲུབ་ཀྱི་རྫས་རྣམས་དང་ལྷན་ཅིག་ཏུ་རོལ་པས་ཐུན་མོང་དང་མཆོག་གི་དངོས་གྲུབ་མ་ལུས་པ་སྟན་ཐོག་དེ་ཉིད་དུ་ཐོབ་པར་མོས། གཏང་རག་མཆོད་བསྟོད་རྒྱས་པ་འབུལ། བཤགས་པ་སྒྲུབ་ཁོག་ནས་འབྱུང་བ་རྒྱུན་བཤགས་སམ། ཡེ་ཤེས་སྐུ་མཆོག་ལྟ་བུའི་སྤྱི་བཤགས་བྱ། མ་ཧཱའི་སྒོམ་ཁོག་ལས། དེ་ནས་ལྷག་ཆད་ཁ་བསྐང་སྟེ༔ སྐུ་བསྐྱེད་རིམ་གྱི་ལྷག་ཆད་ཐབས་ཀཱ་ལིས་བསྐང༔ གསུང་སྔགས་ཚིག་གི་ལྷག་ཆད་ཤེས་རབ་ཨཱ་ལིས་བསྐང༔ ཐུགས་འཕྲོ་འདུའི་ལྷག་ཆད་ཡི་གེ་བརྒྱ་པས་བསྐང་སྟེ༔ རང་སེམས་རྣམ་དག་རྡོ་རྗེ་སེམས་དཔའི་ཐུགས་སུ་གནས་པས་བསྐང་བའོ༔ ཞེས་གསུངས་པའི་དོན་འདི་རྒྱུད་ལས་ཀྱང་འབྱུང་བ་ལྟར་དབྱངས་གསལ་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་བསྐང་ཞིང་། རྟེན་སྙིང་ལན་གསུམ་གྱིས་ནུས་པ་བརྟན་པར་བྱ། དཀྱིལ་འཁོར་རས་བྲིས་དང་རྟེན་ཡོད་ན་མདུན་གྱི་ཡེ་ཤེས་བརྟན་བཞུགས་བྱ། དཀྱིལ་འཁོར་རྡུལ་ཚོན་གྱི་སྐབས་དང་རྟེན་མེད་ན་གཤེགས། སྒོམ་ཁོག་ལས། ལྷ་ལ་དབང་མི་ཟ་བའི་ཕྱིར་ཡེ་ཤེས་པ་གཤེགས་པར་གསུངས་ཀྱང་དེང་སང་ཕྱག་རྒྱ་སྒོ་བཅད་ཀྱི་ལུགས་སུ་གྲགས་པ་ལྟར་ན། རྟེན་ཡོད་མེད་གང་ལྟར་མདུན་གྱི་དཀྱིལ་འཁོར་བ་རང་ལ་བསྡུས་ཀྱང་ཆོག །བསྡུ་རིམ་རྒྱུན་དུ་ནི། ཨ་ཏིའི་སྒོམ་ཁོག་ལས། རང་སེམས་རྣམ་དག་ལ་རྒྱ་ཆད་ཕྱོགས་ལྷུང་མེད་པས་ཆོས་ཉིད་ངང་དང༔ མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོར་མཉམ་ཉིད་ཀློང་དུ་སངས་རྒྱས་ཐམས་ཅད་ཡེ་ནས་འདུས་པས༔ དཀྱིལ་འཁོར་སྤྲོ་བསྡུ་མེད་པར་རྫོགས་སོ༔ ཞེས་དང་། མ་ཧཱའི་སྒོམ་ཁོག་ལས་ཀྱང་། མདོར་ན་ཐམས་ཅད་ཆོས་དབྱིངས་ལས་བསྐྱེད་དེ་ཆོས་དབྱིངས་ལ་གནས་ཤིང་ལོངས་སྤྱོད་ནས་ཆོས་དབྱིངས་སུ་ཐིམ་པར་ཤེས་པར་བྱའོ༔ ཞེས་གསུངས་པའི་དགོངས་ཉམས་གཙོ་བོར་མཛད། བསྙེན་སྒྲུབ་རྫོགས་སྐབས་སྔ་མ་ལས། རྟག་མཐའ་བསལ་ཕྱིར་དམ་ཚིག་དཀྱིལ་འཁོར་བསྡུ་སྟེ༔ ངག་ཏུ་ཧཱུྃ་འཇམ་ལ་རིང་བ་གསུམ་བརྗོད་པས་རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་སྣང་སྲིད་གཞལ་ཡས་ཁང་ལ་བསྡུ༔ གཞལ་ཡས་ཁང་ལྷ་ལ་བསྡུ༔ ལྷ་གཙོ་བོ་ལ། གཙོ་བོ་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ༔ ཡེ་ཤེས་སེམས་དཔའ་ཧཱུྃ་ལ་ཐིམ༔ ཧཱུྃ་ཐིག་ལེར་བསྡུས་ཏེ་ཆོས་དབྱིངས་སུ་ཐིམ་པར་བསམ། ཞེས་གསུངས་པ་ལྟར་རྗེས་གཞིག་གིས་བསྡུ། དེ་ནས་ཆད་མཐའ་བསལ་ཕྱིར་རྒྱུན་སྤྱོད་ཀྱི་ལྷར་ལྡང་བ་ནི། ལས་བྱང་ལྟར། ཧཱུྃ༔ ངར་འཛིན་རྣམ་དག་སོགས་སྔགས་བཅས་དང་། སྤྲོ་ན་སྒྲུབ་ཁོག་ནས་གསུངས་པ་ལྟར་གོ་བགོ་བ་ནི། ཨོཾ་བཛྲ་རཀྵ་ཧཱུྃ༔ བཛྲ་ཀ་ཝ་ཙི་ཧཱུྃ་ཕཊ༔ བཛྲ་བཛྲ་བཛྲ༔ ཨ༔ ཅིས་ཀྱང་མི་འགྱུར་མི་ཤིགས་པ༔ སྟོང་པའི་གོ་ཆ་བླ་ན་མེད༔ ཆོས་སྐུ་སྐྱེ་མེད་རྡོ་རྗེ་ཡིས༔ མཚན་མའི་སྤྱོད་ཡུལ་ཀུན་བཅོམ་ནས༔ ཆོས་ཀྱི་དབྱིངས་སུ་རྒྱས་བཏབ་པས༔ སངས་རྒྱས་ཀྱིས་ཀྱང་མི་གཟིགས་ན༔ གནོད་བྱེད་བགེགས་ཀྱིས་ག་ལ་ཚུགས༔ ཧཱུྃ་ཧཱུྃ༔ ཞེས་པའི་དོན་དྲན་པས་མཉམ་པར་བཞག །སྔར་རྒྱལ་ཐོ་སྒོ་བྱང་ཡོད་ན་སྐབས་འདིར་ལེན་པ་སོགས་སྒྲུབ་ཁོག་གི་རྗེས་ཆོག་རྣམས་བྱ་དགོས་ལ། དཀྱུས་སུ་ལས་བྱང་དུ་ཡོད་པ་སོགས་བསྔོ་སྨོན་ཤིས་བརྗོད་རྣམས་རྒྱས་པར་སྤེལ། བསྙེན་སྒྲུབ་སྤྱིའི་སྤང་བླང་གི་གནད་རྣམས་ནི་གཞན་དང་མཐུན་པས་འདིར་མ་སྨྲོས་སོ། །འདིར་བསྐྱེད་བཟླས་ཀྱི་ཐོག་མཐའ་ཀུན་གྱི་དགོངས་པའི་སྲོག་དང་། རྒྱུན་གྱི་ཉམས་ལེན་གནད་འགག་སྙིང་པོ་ནི།མ་ཧཱའི་སྒོམ་ཁོག་འཁོར་ལོའི་རྒྱ་ཅན་ལས། དེ་ལྟར་སྣང་སྲིད་འཁོར་འདས་ཕྱི་ནང་སྣོད་བཅུད་ཕུང་པོའི་རྟོག་ཚོགས་ཐམས་ཅད་ཞི་ཁྲོ་ཡོངས་རྫོགས་སྐུ་གསུང་ཐུགས་ཀྱི་དལ་དུ་རྩལ་སྦྱང༔ ཆོས་ཉིད་སྐྱེ་བ་མེད་པའི་རང་སྒྲ་ལས་བརྡ་རྟགས་ཀྱི་དོན་ངོ་སྤྲོད་པའི་གྱེར་ཚིག་ལ་སེམས་བཟུང༔ དོན་རང་སེམས་རྣམ་པར་དག་པ་ཉིད་ཡབ་ཡུམ་སྲས་འཁོར་དཔལ་ཧེ་རུ་ཀར་ཐག་བཅད་དེ༔ གང་ཞེ་ན་སེམས་ཉིད་ཅིར་ཡང་སྣང་བས་ན་ཐབས་ཡབ༔རང་བཞིན་སྟོང་པར་ཤེས་པས་ན་ཤེས་རབ་ཡུམ་སྟེ༔དེ་ལྟར་རིག་པས་སྲས་སྣ་ཚོགས་སུ་སྣང་ཞིང་སྐྱེ་མེད་དུ་འཁོར་བས་ན་འཁོར༔ དབྱེར་མེད་དུ་ལྷང་གིས་རྟོགས་པས་ན་དཔལ༔ ཐམས་ཅད་སྟོང་པས་ཧེ༔ ཚོགས་དང་བྲལ་བས་རུ༔ རབ་ཏུ་མི་གནས་པས་ཀ༔ དེ་ལྟར་རང་སེམས་རྣམ་པར་དག་པའི་དོན་མཚོན་པ་དཔལ་ཧེ་རུ་ཀ་དེ་ཉིད་དུ་བདེ་བར་གཤེགས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བསྟན་པས་ཡོངས་རྫོགས་ཞེས་བྱའོ༔ དེས་ན་ལུང་ལས༔ སྐུ་གསུང་ཐུགས་དང་རང་བཞིན་ཡང༔ གང་ན་ཡང་མེད་དེ་ཁོ་ན༔ དཔག་མེད་རྒྱལ་བ་མཐའ་ཡས་ཀྱང༔ གཞན་ན་མེད་དེ་དེ་ཉིད་ཡིན༔ ཅེས་གསུངས༔ རྒྱུད་ལས་ཀྱང༔ ཉམས་ལེན་བདེ་ལ་དོན་མི་འགྱུར༔ ཅེས་གསུངས་སོ༔ དེ་ལྟར་བློ་ཐག་གཏིང་ནས་བཅད་དེ་ཆོས་དབྱིངས་སྐྱེ་མེད་ངང་ནས་མཚུངས་ལྡན་གྱི་བཟླས་བརྗོད་རྒྱུན་མི་འཆད་པར་བྱའོ༔ ཞེས་འབྱུང་བའི་དོན་འདི་ཉམས་ལེན་མཐིལ་དུ་བྱས་ཏེ། དྲག་སྔགས་སོ་ལྔ་པ་ཁོ་ན་བཟླས་ཀྱང་དོན་འགྲུབ་པ་ཡིན་ནོ། །འདི་འཛིན་གུ་རུའི་ཐུགས་ཀྱི་དྭངས་བཅུད་དང་། །དབྱེར་མེད་འདྲེས་གྱུར་བདེན་གསུང་རྡོ་རྗེའི་ཚིག །བདག་སོགས་སྒྲུབ་པོ་རྣམས་ལ་མངོན་གྱུར་ཏེ། །ཀློང་དགུའི་ཡེ་ཤེས་དབྱིངས་སུ་བྱང་ཆུབ་ཤོག །ཅེས་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་རྒྱུད་ལུང་མན་ངག་མཐའ་ཡས་པ་རྣམས་ཀྱི་ནང་ནས་་མཆོག་གམ་ཕུལ་དུ་གྱུར་པ། བཀའ་བརྒྱད་རྣམ་གསུམ་ཞེས་ཉི་ཟླ་ལྟར་གྲགས་པའི་ཡ་གྱལ་སྙིང་གི་ཟུངས་ཁྲག་དང་འདྲ་བ་གསང་བ་ཡོངས་རྫོགས་འདི་ཉིད་དེང་སང་དར་སྲོལ་ཆུང་ཞིང་ཁྱད་པར་བསྙེན་སྒྲུབ་ཉམས་ལེན་མཁན་ཤིན་ཏུ་དཀོན་པ་ལ་ཅུང་ཟད་ཕན་དུ་རེ་བའི་ལྷག་བློ་རྒྱུར་བྱས་ཏེ། པདྨའི་རིག་པ་འཛིན་པའི་གཟུགས་བརྙན་པདྨ་གར་གྱི་དབང་ཕྱུག་གམ་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།
ཉང་གཏེར་དྲག་དམར་བདེ་འདུས་ཀྱི་སྒྲུབ་ཐབས་དང་དབང་བཀའ་རྡོ་རྗེ་སྤྱི་བླུགས (Volume 61, Text 6)
ཨཱོྃ་སྭསྟི། རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །གདུལ་དཀའི་འགྲོ་ལ་ཁྲོས་པའི་གར། །ཆེ་མཆོག་ཁྲག་འཐུང་དཔལ་ཆེན་པོར། །བཏུད་ནས་དེ་སྒྲུབ་སྙིང་པོ་བཤད། །འདིར་བླ་མ་དྲག་པོར་སྒྲུབ་པ་གཞུང་ཆེན་བདེ་གཤེགས་འདུས་པ་དང་འབྲེལ་བར་དབང་བསྐུར་བའི་ཚུལ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་བཤམ་དང་། དངོས་གཞི་སྒྲུབ་ཐབས་དང་། དབང་གི་ཆོ་གའོ། །དང་པོ་ཡོ་བྱད་ཀྱི་བཤམ་ནི། སྟེགས་བུའི་ཁར་མཎྜལ་སྒོ་རྫོགས་སྤྱི་མཐུན་གྱི་ལྟེ་བར་ཆོས་འབྱུང་ཟླ་གམ་གསུམ་ལྡན་རྩིབས་བཞི་ཐོད་རས་བསྐོར་བ་བྱ། དེའི་དབུས་སུ་མཉྫི་ལ་བུམ་པ་ཆས་ལྡན་བཅུད་ཀྱིས་གང་བ་བཞག །གཞན་ཡང་བདུད་རྩིའི་ཐོད་པ། རྡོ་རྗེ་དྲིལ་བུ། ལྷ་སོ་སོའི་སྐུའི་ཙཀླི་རྟེན་རྫས་དང་བཅས་པ་དང་། དབང་གི་གཏོར་མ། ཕྱི་མཆོད་ལྔ། ནང་མཆོད་སྨན་གཏོར་རཀྟ། མིག་དར། མེ་ཏོག་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བཤམ་མོ།། །།གཉིས་པ་སྒྲུབ་ཐབས་ལས་སྔོན་འགྲོ་ནི། བགེགས་བསྐྲད། མཚམས་བཅད། བརྒྱུད་པའི་རྩ་བ་བླ་མ་རྗེ༔ དངོས་གྲུབ་འབྱུང་བའི་ཡི་དམ་ལྷ༔ ལེགས་པར་བྱིན་རློབ་མཁའ་འགྲོ་མ༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ བདག་གཞན་གཉིས་མེད་དོན་ཕྱིར་དུ༔ དྲག་པོ་ཁྲོ་རྒྱལ་ཀུན་བསྒྲུབས་ནས༔ སྙིང་པོ་བླ་མེད་མཆིས་པ་དང༔ གཞན་དོན་བྱེད་པར་སེམས་བསྐྱེད་དོ༔ ཞེས་པས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་དང་། ཡན་ལག་བདུན་པ་ཙམ་སྔོན་དུ་འགྲོ་བས། དངོས་གཞི་ནི། ཚོགས་ཞིང་རང་ལ་བསྟིམས་པས་ཐ་མལ་གྱི་ལུས་སྦྱངས་འོད་དུ་ཞུ་བའི་དྭངས་མ་ཧཱུྃ་དམར་པོ་འབར་བར་གྱུར། དེ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་ཧཱུྃ་ལ་ཐིམ། དེ་ལས་ཨེ་ཡཾ་རཾ་ར་སུཾ་ཀེཾ་བྷྲཱུྃ་རྣམས་མཆེད་པ་ལས་ནམ་མཁའ་རླུང་མེ་ཁྲག་མཚོ་ཞིང་གི་ས་གཞི་རུས་པའི་རི་རབ་རྣམས་བརྩེགས་པའི་སྟེང་དུ། བྷནྡྷ་འབར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་ལྡན་པ་རྒྱ་ཁྱོན་ཚད་མེད་པའི་ཕྱི་ནས་གསེར་འཁོར་དང་མེ་འཁོར་རྩེ་བསྣོལ་དུ་འཁོར་བའི་རྩིབས་རྩེ་ལས་སྤྲུལ་པའི་ཕོ་ཉ་འཕྲོ་བ། རྡོ་རྗེའི་གུར་ཁང་ཡེ་ཤེས་ཀྱི་མེ་དཔུང་འབར་བ་དང་བཅས་པའི་དབུས་སུ་པཾ་ལས་པདྨ་དང་རཾ་ལས་ཉི་མའི་སྟེང་དུ་དྲེགས་པ་སྡེ་བརྒྱད་བསྣོལ་བའི་གདན་ལ། ཧཱུྃ་ལས་རང་ཉིད་ཟིལ་གནོན་པདྨ་དྲག་པོ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ་ཞལ་གདངས་ཤིང་མཆེ་བ་གཙིགས་པ། སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། སྨིན་མ་དང་ཨག་ཚོམ་མེར་འབར་ཞིང་རལ་པ་དམར་སེར་གྱེན་དུ་བརྫེས་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་ཧཱུྃ་དགུ་རཾ་དགུས་མཚན་པ་ཕྱར་ཞིང་། གཡོན་ལྕགས་ཀྱི་སྡིག་པ་ཁ་དགུ་མིག་དགུ་རྭ་བཅོ་བརྒྱད་པ་སྡིགས་མཛུབ་གྱི་རྩེ་ནས་འགྱེད་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་དོར་སྟབས་ཀྱིས་དྲེགས་པའི་གདན་ལ་རོལ་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། ཞིང་ལྤགས་ཀྱིས་རྐེད་དཀྲིས་ཤིང་། གླང་ཆེན་གྱི་ཀོ་བའི་སྟོད་གཡོགས་དང་སྟག་ལྤགས་ཀྱི་ཤམ་ཐབས་འཕྱང་བ། ཀླུ་རིགས་ལྔའི་སྦྲུལ་ཆུན་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། གར་དགུའི་ཉམས་རྒྱས་ཤིང་གཟི་བརྗིད་མཐའ་ཡས་པ། རྡོ་རྗེ་འབར་བའི་སྤུ་གསེབ་ནས་མེའི་ཚྭ་ཚྭ་འཕྲོ་བ། དུང་ཁང་དུ་འཁོར་ལོའི་ལྟེ་བར་འཇམ་དཔལ་སེར་པོ་རལ་གྲི་དང་སྡིགས་མཛུབ་ཅན་གྱི་སྤྱི་བོར་ཨཱོྃ། མགྲིན་པར་པདྨའི་དབུས་སུ་རྟ་མགྲིན་དམར་པོ་དབྱུག་ཐོ་དང་སྡིགས་མཛུབ་ཅན་གྱི་མགྲིན་པར་ཨཱཿ ཐུགས་ཀར་རྡོ་རྗེ་རྒྱ་གྲམ་གྱི་དབུས་སུ་པུ་རིའི་བུམ་པར་ཕྱག་རྡོར་མཐིང་ནག་རྡོ་རྗེ་དང་སྡིགས་མཛུབ་ཅན་གྱི་ཐུགས་ཀར་ཉི་མ་ལ་ཧཱུྃ་ཡིག་དམར་པོ་སྔགས་ཕྲེང་གིས་བསྐོར་བ། ལྟེ་བར་ཆོས་འབྱུང་པད་ཉི་བམ་རོའི་སྟེང་དུ་རྡོ་རྗེ་རྣལ་འབྱོར་མ་དམར་མོ་གྲི་ཐོད་ཁ་ཊྭཱཾ་འཆང་ཞིང་གཅེར་བུ་གར་སྟབས་ཅན་མཁའ་འགྲོ་རིགས་བཞིས་བསྐོར་བའི་ལྟེ་བར་མས་མཚན་པ། སྤྱི་བོར་བྱ་ཁྱུང་མཐིང་ནག་རྡོ་རྗེའི་མཆུ་སྡེར་དང་མེའི་གཤོག་པ་ཅན་དུག་སྦྲུལ་གཟུང་བ་ཐུགས་ཀར་ཁྲོཾ་གྱིས་མཚན་པ། དེའི་རྭ་བར་དུ་པད་ཟླའི་གདན་ལ་རིགས་བདག་སྣང་བ་མཐའ་ཡས་སྤྲུལ་སྐུའི་ཆས་ཅན་མཉམ་གཞག་སྐྱིལ་ཀྲུང་མཛད་པ། དེའི་སྟེང་གི་ནམ་མཁར་བླ་མ་ཐོད་ཕྲེང་རྩལ་ཡབ་ཡུམ་བཞུགས་པའོ། །གཞན་ཡང་སྤྲུལ་པའི་ཁྲོ་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ཏེ་མེ་དཔུང་འབར་བའི་ཀློང་ན་བཞུགས་པར་བསམ་མོ། །དེ་ནས་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པར་བསམ་ལ། ཧཱུྃ༔ དུར་ཁྲོད་མེ་རི་སྨུག་ནག་འབར་བའི་ཀློང་དཀྱིལ་ནས༔ སྟོང་གསུམ་དྲེགས་པ་འདུལ་མཛད་པདྨ་ཐོད་ཕྲེང་རྩལ༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ འགྲོ་བ་སེམས་ཅན་དོན་ལ་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛཿཕེཾ་ཕེཾ་ཕེཾ་ཧྲིཾ་ཧྲིཾ་ཧྲིཾ༔ ཞེས་སྤྱན་དྲངས་པས་མདུན་གྱི་ནམ་མཁར་བྱོན་པ་ལ་ཉེར་སྤྱོད་ལྔས་མཆོད་ནས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་དབྱེར་མེད་དུ་བཞུགས་པར་བསམ་མོ། །དེ་ནས་རྒྱན་ལྷའི་ས་བོན་ལྔ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། དེ་རྣམས་ཀྱིས་དབང་བསྐུར་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡེ་ཤེས་རྡོ་རྗེའི་དངོས་གྲུབ་ཐོབ། དེ་བཞིན་གཤེགས་པ་རྣམས་གཅིག་ཏུ་གྱུར་ནས་འོད་དཔག་མེད་ལ་ཐིམ་པས་གསལ་བརྟན་འབར་བར་གྱུར་ཅིང་། སླར་ཡང་ཐུགས་ཀའི་ཧཱུྃ་དང་སྔགས་ཕྲེང་ལས་སྔགས་ཀྱི་འོད་ཟེར་རང་སྒྲ་སྒྲོག་བཞིན་པ་དང་། མེ་དབལ་མཐིང་ནག་ཐོ་བ་དང་མེ་ཞགས་ཐོགས་པ་ནམ་མཁའ་གང་བར་སྤྲོས་པ་རྣམས་དང་། ཕྱི་རོལ་གྱི་འཁོར་ལོ་རྩེ་བསྣོལ་དྲག་ཏུ་འཁོར་བས་གནོད་བྱེད་ཐམས་ཅད་བསད་བཅད་གཏུབས་ཏེ་ཚར་བཅད། ཁྲོ་བོ་རྣམས་ཕྱི་ནང་ཀུན་ཏུ་གུར་ཐབས་སུ་འཁྲིགས་པའི་དབུས་སུ་བདག་ཉིད་ཆེ་བཙན་འགྲན་ཟླ་བྲལ་བའི་ལྷ་སྐུར་གྱུར་པའི་ལུས་དཀྱིལ་གྱི་ལྷ་རྣམས་ལས་འོད་ཟེར་འཕྲོས། ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། ལུས་ངག་ཡིད་གསུམ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་རྒྱས་བཏབ་པར་བསམ་ལ། ཨཱོྃ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཧཱུྃ༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ ཨཱོྃ་བཛྲ་ཧཱུྃ༔ ཡཀྴ་ཧཱུྃ༔ རཀྴ་ཧཱུྃ༔ ཞེས་རིག་པ་ངར་དང་ལྡན་པས་རྩེ་གཅིག་ཏུ་བཟླ་ཞིང་སྔགས་ཤམ་སྦྲེལ་ལུགས་ནི་གཞན་དུ་བལྟའོ། །ཐུན་མཚམས་སུ་གཏོར་མ་འབུལ་ན། གཏོར་རྫས་རཾ་ཡཾ་ཁཾ་ཡེ་ཤེས་ཀྱི་མེ་རླུང་ཆུས་བསྲེགས་གཏོར་སྦྱངས། ཡཾ་རཾ་ཀཾ་གསུམ་ལས་རླུང་མེ་ཐོད་སྒྱེད་ཀྱི་སྟེང་དུ་ཨ་ལས་ཀ་པཱ་ལའི་སྣོད་དུ་བཛྲ་ཨཾ་ཀུ་ཤ་ཛཿ ཞེས་པས་རང་གི་ཐུགས་ཀའི་འོད་ཟེར་གྱིས་གནོད་བྱེད་ཐམས་ཅད་བཀུག་ནས་གཏོར་མ་ལ་བསྟིམས། དེའི་སྟེང་དུ་ཧཱུྃ་ཨཱཿཨཱོྃ་བརྩེགས་པ། ཧཱུྃ་ཞེས་པས་རླུང་གཡོས་མེ་སྦར་རྫས་རྣམས་ཞུ་བ་ཡེ་ཤེས་ཀྱི་བདུད་རྩིར་གྱུར། ཨཱོྃ་ཨཱཿཧཱུྃ་མ་ཧཱ་བ་ལིནྟ་ཏེ་ཛོ་བ་ལིནྟ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་སྭཱ་ཧཱ། ཉེར་གཅིག་བརྗོད་པས་སྟེང་གི་འབྲུ་གསུམ་ལས་འོད་ཟེར་འཕྲོས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་དམ་ཚིག་གི་བདུད་རྩི་དང་རོ་གཅིག་ཏུ་བྱས་ནས་ཡི་གེ་གསུམ་ཡང་དེ་ལ་འདྲེས་པར་བསམ་མོ། །དེ་ནས་མདུན་གྱི་ནམ་མཁར་པད་ཉི་དྲེགས་པའི་གདན་བཀོད་པ་ལ་གཏོར་མགྲོན་རྣམས། ཧཱུྃ༔ དུར་ཁྲོད་མེ་རི་སོགས་ཀྱིས་སྔར་བཞིན་སྤྱན་དྲངས་ནས་བཞུགས་སུ་གསོལ། ཧཱུྃ། བདག་ཅག་བྱང་ཆུབ་སྒྲུབ་ལ་གེགས་བྱེད་པའི། །དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས་པ་སོགས། །འདོད་ཡོན་ལྔ་ལྡན་ཕྱི་ནང་མཆོད་པའི་ཚོགས། །དབང་དྲག་པདྨ་འཁོར་དང་བཅས་ལ་འབུལ། །ཨཱོྃ་ཨཱཿཧཱུྃ་མ་ཧཱ་མཱཾ་ས་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་ཙིཏྟ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ཁཱ་ཧི༔ མ་ཧཱ་བ་ལིནྟ་ཁཱ་ཧི༔ ཞེས་ལན་གསུམ་མམ་བདུན་གྱིས་ཕུལ་ལ། བསྟོད་པ་ནི། ཧཱུྃ༔ རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་སྐུ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་ལས་སྤྲུལ༔ མཐུ་རྩལ་རྨད་བྱུང་པདྨ་ཧེ་རུ་ཀ༔ དབང་དྲག་པདྨ་འཁོར་དང་བཅས་ལ་བསྟོད༔ ཅེས་བསྟོད་ཅིང་རང་གཞུང་་་་ཧཱུྃ༔ དུར་ཁྲོད་འཇིགས་སུ་རུང་བའི་ཕོ་བྲང་ནས༔སོགས་རྗེས་སུ་བཞག་ཡོད།མཆན།ངམ། རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་སོགས་ཀྱིས་ཕྲིན་ལས་བཅོལ་ནས། གཏེར་སྲུང་སོགས་ཀྱི་གཏོར་མ་ཡང་གཏོང་ཞིང་། ཚོགས་མཆོད་བྱེད་ནའང་སྐབས་འདིར་བྱའོ། །དེ་ནས་ཐུན་གྱི་མཐར། སྤྲུལ་པའི་ཁྲོ་བོ་རྣམས་འཁོར་ལོ་དང་གུར་ཁང་ལ་བསྡུ། དེ་ཡང་གཞལ་ཡས་ཁང་ནས་གཙོ་བོའི་ཐུགས་སྲོག་ཧཱུྃ་གི་བར་རིམ་བཞིན་བསྡུས་ནས་སྟོང་ཉིད་སྤྲོས་བྲལ་གྱི་ངང་དུ་གཞག །དེ་ནས་ལྷ་སྐུར་ལངས་ཏེ་སྨོན་ལམ་ཤིས་བརྗོད་རྣམས་བྱའོ། །སྤྱིར་བསྙེན་ཚད་ནི་དུས་ཟླ་བ་དྲུག །གྲངས་འབུམ་ཕྲག་དྲུག །རྟགས་ནི་ལྷ་འདྲེ་ཐུལ་བ་དང་ཡེ་ཤེས་ལྷའི་རྟགས་ཏེ་ཅི་རིགས་པ་མཐོང་བའོ། །བསྙེན་པ་རྫོགས་ནས་ལས་ཚོགས་གང་ཡང་འགྲུབ་པར་འགྱུར་ཞིང་། རྒྱུན་དུ་ཐུན་བཞིར་བརྒྱ་སྟོང་ཁྲི་འབུམ་སོགས་ཅི་ནུས་སུ་བཟླས་པས་བར་ཆད་ཞི་ཉམས་ཆག་སྐོང་སྡེ་བརྒྱད་དབང་དུ་འདུ་བ་སོགས་ཕན་ཡོན་མཐའ་ཡས་སོ།། ༈ །།གསུམ་པ་དབང་གི་ཆོ་ག་ནི་རྡོ་རྗེ་སྤྱི་བླུགས་སུ་གྲགས་པ་སྟེ། སྦྱོར་བ་ཡོ་བྱད་ཀྱི་བཤམ་ནི་སྔར་བཤད་པ་བཞིན་དང་། སྒྲུབ་ཚུལ་བདག་མདུན་དབྱེར་མེད་ཉིད་ལས། ཁྱད་པར་བུམ་པ་ལ་དམིགས་ནས་བཟླས་པ་ཅི་རིགས་པ་དང་། ཏིང་ངེ་འཛིན་གྱིས་དབང་ལེན་པ་རྣམས་བྱའོ། །སློབ་མའི་བྱ་བ་ནི། ཁྲུས་བྱ། བགེགས་བསྐྲད། མེ་ཏོག་བཀྱེ་བསྡུ་བྱས་ནས། སྔོན་འགྲོའི་ཆོས་བཤད་ཟླུམ་པོ་བཞི་དབང་གི་སྐབས་སུ་སྨྲོས་པའི་ཟབ་རྒྱས་ཀྱི་གདམས་པ་ཁྱད་པར་ཅན་བསམ་གྱིས་མི་ཁྱབ་པ་ཞིག་བསྩལ་པ་ལས་ཞེས་སོགས་ཅི་རིགས་པའི་མཐར། ཁྱད་པར་གདུལ་བྱ་ཞི་བས་མི་ཐུལ་བ་རྣམས་འདུལ་ཕྱིར་ཆེ་མཆོག་པདྨ་དྲག་པོའི་སྐུར་བཞེངས་ཏེ་སྡེ་བརྒྱད་དྲེགས་པ་ཅན་ཐམས་ཅད་བཏུལ་ནས་གཙིགས་ལ་ཕབ། དེ་ཉིད་ཀྱི་སྒྲུབ་ཐབས་དང་ལས་རབ་འབྱམས་ཟབ་འདྲིལ་ཁྱད་པར་ཅན་མང་དུ་གསུངས་པ་རྣམས་སྙིགས་དུས་ཀྱི་གདུལ་བྱ་སྐལ་ལྡན་རྣམས་ཀྱི་དོན་དུ་གཏེར་དུ་སྦས་པ་ལས། འདིར་ནི་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་སྐྱེ་བ་བཅུ་གསུམ་པ་གཏེར་སྟོན་ཆེན་པོ་ཉང་ཉི་མ་འོད་ཟེར་གྱིས་ལྷོ་བྲག་གི་སྲིན་མོ་སྦར་རྗེས་ཅན་ནས་བཏོན་པའི་བླ་མ་དྲག་སྒྲུབ་ཆེ་འབྲིང་ཆུང་གསུམ་ལས་གཞུང་ཆེན་བདེ་གཤེགས་འདུས་པའི་སྐོར་ཏེ། གཏེར་སྟོན་ཉིད་ནས་བརྒྱུད་པའི་ཁྱད་པར་དུ་མ་ལས་དྲིན་ཅན་བླ་མ་དམ་པའི་བར་དུ་རིམ་པར་བརྒྱུད་པ་དང་། རྡོར་གླིང་དང་པད་གླིང་ཟབ་གཏེར་གྱི་གདམས་པའི་ཆུ་བོའང་གཅིག་འདྲེས་སུ་བཞུགས་པ་སྟེ། གང་ལྟར་ཡང་རྩ་བརྒྱུད་ཀྱི་བླ་མ་དམ་པ་དེ་ཐམས་ཅད་ཀྱང་མཐུ་སྟོབས་ནུས་པའི་བྱིན་རླབས་ཀྱི་དྲོད་ཚད་རྙེད་པ་ཤ་སྟག་བར་མ་ཆད་དུ་བྱོན་པ་ལགས། བརྒྱུད་པ་དེ་དག་ལས་བྱུང་བའི་གདམས་པ་འདི་ཉིད་ཀྱི་དབང་དུ་བྱས་ན། གཞུན་ཆེན་མ་ཡིག་ལས། ཡོན་ཏན་ཐམས་ཅད་འདི་ལ་ཚང༔ རྐྱེན་རྣམས་ཐམས་ཅད་འདི་ཡིས་ཟློག༔ དངོས་གྲུབ་ཐམས་ཅད་འདི་ལས་འབྱུང༔ དཔེར་ན་ཡིད་བཞིན་ནོར་བུ་འདྲ༔ ཞེས་གསུངས་པ་ལྟར་ཕན་ཡོན་ཁྱད་པར་ཅན་དེ་ལྟ་བུ་དང་ལྡན་པའི་སྒྲུབ་པའི་ཐབས་དང་འབྲེལ་བའི་དབང་བསྐུར་བ་ལ། སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་སོགས་མཚམས་སྦྱར་ཏེ་མཎྜལ་ཕུལ། མིག་དར་བཅིང་། མེ་ཏོག་གཏད་ལ་གསོལ་བ་གདབ་པ་ནི། ཨེ་མ་བླ་མ་རིན་པོ་ཆེ༔ བདག་ཅག་འཁོར་བའི་བཙོན་རར་ཚུད༔ ཐུགས་རྗེའི་ལྕགས་ཀྱུས་གཟུང་དུ་གསོལ༔ བདག་ཅག་གཟུང་འཛིན་ཞགས་པས་བཅིངས༔ ཤེས་རབ་རལ་གྲིས་གཅད་དུ་གསོལ༔ བླ་མ་དྲག་པོ་ཐོད་ཕྲེང་གི༔ དབང་མཆོག་དམ་པ་བསྩལ་དུ་གསོལ༔ ལན་གསུམ། བླ་མས། ཧོ༔ བུ་ཁྱོད་སུ་ཡིན་ཅི་ཞིག་བྱ༔ གསང་སྔགས་ཟབ་མོའི་དཀྱིལ་འཁོར་འདིར༔ འཇུག་པའི་སྐལ་ལྡན་ལས་འཕྲོ་ཅན༔ བརྒྱ་ལམ་ན་ནི་རེས་འགའ་ཙམ༔ རྩ་གསུམ་དམ་ཚིག་བསྲུང་ནུས་སམ༔ ཞེས་དྲི། སློབ་མས། བདག་ནི་རིག་པའི་བུ་གཅིག་པོ༔ སྔོན་སྦྱངས་ལས་འཕྲོ་སྐལ་ལྡན་ཡིན༔ རྩ་གསུམ་དམ་ཚིག་བདག་གིས་བསྲུང༔ ཐུགས་རྗེས་དགོངས་ལ་དབང་བསྐུར་ཞུ༔ ཞེས་བླ་མ་དང་དཀྱིལ་འཁོར་ལ་སྐོར་བ་གསུམ་དང་ཕྱོགས་བཞི་ནས་ཕྱག་བྱས་པར་བསམ་མོ། །དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་སྡོམ་གཟུང་རྣམས་རྒྱས་བསྡུས་ཅི་རིགས་པ་སྐབས་འདིར་བྱས་ལ། ཡེ་ཤེས་དབབ་པ་ནི། སློབ་མ་སྐད་ཅིག་གིས་དབང་དྲག་འབར་བའི་སྐུར་བསྐྱེད། སྙིང་གར་གཡུང་དྲུང་དམར་པོ་གཡོན་སྐོར་གྱི་དབུས་སུ་རྡོ་རྗེ་ཕག་མོ་དང་ཡན་ལག་བཞི་ལ་རིགས་བཞིའི་མཁའ་འགྲོ་གསལ་བཏབ། གཡོན་དུ་འཁོར་བས་མཁའ་འགྲོ་རྣམས་བདེ་བའི་གར་བྱེད་པ་ལ་སེམས་གཟུང་། དེ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་ནས་དབྱེར་མེད་དུ་ཐིམ་པར་བསམ་ལ། རྩ་སྔགས་ལ་ཨཱ་བེ་ཤ་བཏགས་པ་བཟླ་ཞིང་སྤོས་དང་རོལ་མོའི་སྒྲ་སྦྱར། ཡེ་ཤེས་ཕེབས་ནས་ཏིཥྛ་བཛྲས་བརྟན་པར་བྱ། ཧོ༔ གུ་རུ་དྲག་པོའི་དཀྱིལ་འཁོར་དུ༔ རང་རིག་སྣང་བའི་མེ་ཏོག་འབུལ༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ཡི་དམ་ལྷ་དང་བདག་སྤྲོད་ཅིག༔ ཅེས་མེ་ཏོག་འབུལ། ཆེ་མཆོག་དྲག་པོ་རྩལ་སོགས་རིགས་དང་མཐུན་པའི་མིང་བཏགས་ལ། ཧོ༔ དེང་ནས་བུ་ཁྱོད་རྒྱལ་བའི་སྲས༔ བླ་མ་དྲག་པོའི་ཐུགས་སྲོག་འཛིན༔ དབང་རྟགས་ཅོད་པན་པུ་རུ་རུ༔ འཁོར་འདས་རང་གྲོལ་དབང་ཐོབ་ཤོག༔ ན་མོ་པུ་རུ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཅོད་པན་གྱིས་དབང་བསྐུར། ཧོ༔ ཇི་ལྟར་མིག་མཁན་མིག་འབྱེད་ལྟར༔ ཁྱོད་ཀྱི་མ་རིག་ལིང་ཐོག་ཉིད༔ རིག་པའི་ངང་དུ་དེང་ཕྱེ་བས༔ བླ་མ་དྲག་པོའི་དཀྱིལ་འཁོར་ལྟོས༔ ཞེས་དཀྱིལ་འཁོར་དང་ལྷའི་རྣམ་པ་བསྟན་ལ་ངོ་སྤྲད། དབང་གི་དངོས་གཞི་ནི། བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ བུམ་པ་སྤྲོས་བྲལ་ཀུན་བཟང་གཞལ་ཡས་ཁང༔ བུམ་རྫས་རང་གསལ་དྲག་པོ་ཐོད་ཕྲེང་རྩལ༔ དབང་བཞི་ཐོབ་ནས་སྒྲིབ་བཞི་དག་པའི་དོན༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་ཧྲཱིཿཧཱ༔ ཞེས་བརྗོད་ཅིང་བུམ་ཆུ་བླུད། ཐོད་པ་མགྲིན་པར་བཞག་ལ། ཧོ༔ དུས་གསུམ་དོན་མཛད་པདྨ་འབྱུང་གནས་སྐུ༔ དད་མོས་ཅན་ལ་སྤྱི་གཙུག་མངོན་སུམ་འབྱོན༔ པདྨ་ལྟར་གསལ་དྲི་མེད་སྤྲུལ་པའི་སྐུ༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་སིདྡྷི་ཧཱུྃ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་ཧྲཱིཿཧཱ༔ ཞེས་བདུད་རྩི་བླུད། རྡོར་དྲིལ་སྙིང་གར་བཞག་སྟེ། ཧཱུྃ༔ རང་ལུས་ཕུང་པོ་ལྷ་དང་ལྷ་མོའི་ངང༔ ཐོད་ཕྲེང་རྩལ་མཆོག་ལོངས་སྤྱོད་རིགས་ལྔའི་སྐུ༔ དུག་ལྔ་གནས་དག་ཡེ་ཤེས་ལྔར་གསལ་བ༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨཱོྃ་ཨཱཿཧཱུྃ་གུ་རུ་དྲག་པོ་རྩལ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་ཧྲཱིཿཧཱ༔ དཔྲལ་བར་འཇམ་དཔལ་གྱི་སྐུ་དང་པུསྟི་བཞག་སྟེ། ཧཱུྃ༔ བདེ་གཤེགས་སྐུ་མཆོག་འཕགས་པ་འཇམ་དཔལ་ཏེ༔ རྨོངས་པའི་བློ་སེལ་དུག་ལྔའི་བདུད་ལས་གྲོལ༔ ཆོས་སྒོ་ཀུན་ལ་རང་སྒོ་འབྱེད་པའི་དབང༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨཱོྃ་མུཾ་ཝཱ་གཱི་ཤྭ་རཿཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་ཧྲཱིཿཧཱ༔ མགྲིན་པར་ཕུར་བུ་དང་རྟ་མགྲིན་གྱི་སྐུ་རྟེན་བཞག་སྟེ། ཧཱུྃ༔ བདེ་གཤེགས་གསུང་མཆོག་རྟ་མགྲིན་དབང་གི་རྒྱལ༔ རྒྱལ་འགོང་དྲེགས་པ་སྡེ་བརྒྱད་ཟིལ་གྱིས་གནོན༔ ཕྲིན་ལས་གང་ལ་ཐོགས་པ་མེད་པའི་དབང༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨཱཿཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་ཧྲཱིཿཧཱ༔ སྙིང་གར་རྡོ་རྗེ་དང་ཕྱག་རྡོར་གྱི་སྐུ་བཞག་སྟེ། ཧཱུྃ༔ བདེ་གཤེགས་ཐུགས་མཆོག་ཕྱག་ན་རྡོ་རྗེའི་མཐུས༔ ཀླུ་དང་ས་བདག་གཟའ་རྣམས་ཟིལ་གྱིས་གནོན༔ ནུས་རྩལ་གང་ལ་ཐོགས་པ་མེད་པའི་དབང༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཧཱུྃ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་ཧྲཱིཿཧཱ༔ གསང་བར་ལས་བུམ་དང་མེ་དབལ་གྱི་སྐུ་བཞག་སྟེ། ཧོ༔ བདེ་གཤེགས་ཕྲིན་ལས་ཡཀྴ་མེ་དབལ་སྐུ༔ གདོན་བགེགས་གནོད་བྱེད་མ་ལུས་རྡུལ་དུ་རློག༔ སྣང་སྲིད་དབང་སྡུད་དྲེགས་པ་ཚར་གཅོད་དབང༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨཱོྃ་བཛྲ་ཡཀྴ་ཧཱུྃ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་ཧྲཱིཿཧཱ༔ སྤྱི་བོ་དང་དཔུང་པ་གཉིས་པུས་མོ་གཉིས་ཏེ་གནས་ལྔར་ཁྱུང་ལྔ་བཞག་སྟེ། ཧོ༔ བདེ་གཤེགས་ཕྲིན་ལས་བྱ་ཁྱུང་ག་རུ་ཌ༔ མཁའ་ལྡིང་རྒྱལ་པོ་དྲག་པོ་ཐོད་ཕྲེང་བྲན༔ སྣ་ཚོགས་ཕྲིན་ལས་རེ་བ་སྐོང་བའི་དབང༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཁྲོཾ་ག་རུ་ཌ༔ བཛྲ་ག་རུ་ཌ༔ རཏྣ་ག་རུ་ཌ༔ པདྨ་ག་རུ་ཌ༔ ཀརྨ་ག་རུ་ཌཿཙ་ལེ་ཙ་ལེ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་ཧྲཱིཿཧཱ༔ ཚེ་གཏོར་རམ་སྣང་མཐའི་སྐུ་སྤྱི་བོར་བཞག་སྟེ། ཧོ༔ ཚེ་དཔག་མེད་པ་བདེ་གཤེགས་གསུང༔ འཆི་མེད་ལྕགས་སྲོག་རྡོ་རྗེ་འདྲ༔ མི་ཤིགས་ཨཱ་ཡུའི་དབང་མཆོག་སྟེ༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨཱོྃ་བཛྲ་ཨཱ་ཡུ་ཤེ་བྷྲཱུྃ་ཧྲཱིཿཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་ཧྲཱིཿཧཱ༔ གཙོ་བོའི་སྐུ་དང་བགྲང་ཕྲེང་གཏད་ལ། ཧོ༔ བསྐྱེད་རིམ་གསལ་ལ་དྲན་འཛིན་ཞིག༔ སྔགས་བཟླས་ཆུ་བོའི་གཞུང་དང་མཚུངས༔ གསལ་སྟོང་གྲགས་སྟོང་ལྷ་སྔགས་དབང༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ སྐབས་འདིར་མངོན་རྟོགས་ལྟར་སྒོམ་ལུང་འབོགས་པ་ནི། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པཾ་ལས་པདྨ་དང་རཾ་ལས་ཉི་མའི་སོགས་ནས། ཀློང་ན་བཞུགས་པར་གསལ་ཐོབས་ཤིག །སློབ་དཔོན་ཡང་དེ་ལྟར་གསལ་བའི་གཉིས་ཀའི་ཐུགས་ཀློང་ཕྱག་རྡོར་གྱི་ཐུགས་ཀར་ཉི་མ་ལ་ཧཱུྃ་ཡིག་དམར་པོ་དང་། སློབ་དཔོན་གྱི་ཐུགས་ཀར་ཧཱུྃ་གི་མཐར་སྔགས་ཕྲེང་བཀོད་པ་ལས་སྔགས་ཕྲེང་གཉིས་པ་ཐོན། ཞལ་གྱི་སྒོ་ནས་བྱུང་སྟེ་སློབ་མའི་ཁར་ཞུགས། སྙིང་གའི་ཧཱུྃ་ཡིག་གི་མཐར་འཁོད་པར་མོས་ལ་སྔགས་ཀྱི་རྗེས་ཟློས་ལན་གསུམ་གྱིས། ཞེས་བྱས་ལ་སྔགས་ཀྱི་བཟླས་ལུང་བྱིན། ཐོད་རྔ་དང་ཐོད་ཁྲག་གཏད་ལ། ཧོ༔ སྣང་བ་དབང་སྡུད་ཌཱ་མ་རུ༔ དངོས་གྲུབ་འབྱུང་བའི་ཐོད་ཁྲག་འདི༔ མཁའ་འགྲོ་དཔའ་བོའི་སྲོག་གི་རྟེན༔ དབང་མཆོག་དམ་པ་ཐོབ་པར་ཤོག༔ ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་ཧྲཱིཿཧཱ༔ དེང་ནས་ཁྱོད་ཀྱིས་བསྙེན་སྒྲུབ་དང་ཕྲིན་ལས་བཞིའི་སྒོ་ནས་སེམས་ཅན་གྱི་དོན་གྱིས་ཤིག །ཅེས་བརྗོད། དེ་ནས་གཏོར་མ་ལྷར་གསལ་བའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། སློབ་མའི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་ཐམས་ཅད་ཐོབ་པར་མོས་སུ་བཅུག་ལ། ཧཱུྃ༔ འགྲོ་བ་འདྲེན་མཛད་དྲག་པོ་ཐོད་ཕྲེང་སྐུ༔ ཨོ་རྒྱན་ཡུལ་བྱོན་འགྲོ་ཀུན་ལམ་སྣ་དྲངས༔ རྒྱ་གར་ཡུལ་བྱོན་ཐོས་བསམ་སྒྲོན་མེ་སྦར༔ བོད་ཀྱི་ཡུལ་བྱོན་གདུག་པ་མ་ལུས་བཏུལ༔ སྐུ་ཚབ་ལུང་བསྟན་གསུང་ཚབ་གཏེར་དུ་སྦས༔ ཐུགས་ཀྱི་དགོངས་པ་དད་ལྡན་ཀུན་ལ་འབེབས༔ སྨིན་གྲོལ་དབང་དང་གདམས་པ་མ་ལུས་ཀུན༔ སྐལ་ལྡན་བུ་མཆོག་འདི་ལ་བསྩལ་དུ་གསོལ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་བ་ལིནྟ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་ཧྲཱིཿཧཱ༔ ཞེས་གནས་གསུམ་དུ་བཞག་སྟེ་དབང་བསྐུར་བའི་མཐར་གཏོར་མའི་ལྷ་སློབ་མ་ལ་བསྟིམས་ནས་སེམས་སྤྲོས་བྲལ་ལ་བློ་གནས་སུ་འཇུག་གོ །རྗེས་དམ་ཚིག་ཁས་བླང་བ་དང་། མཎྜལ་སོགས་བྱ་ཞིང་། རྗེས་ཆོག་གཏོར་འབུལ། མཆོད་བསྟོད། བཟོད་གསོལ། གཤེགས་བསྡུ། སྨོན་ལམ་ཤིས་བརྗོད་རྣམས་བྱའོ།། །། ༄༅། །པད་གླིང་གཏེར་མའི་དྲག་པོ་ལ་འདི་དང་མི་འདྲ་བའི་ཁྱད་པར་ནི། དཀྱིལ་འཁོར་ལྟེ་བ་ཆོས་འབྱུང་ཟླ་གམ་ཐོད་ར་རྩིབས་བཞི་རྩིབས་བཅུའི་རིམ་པ་ཅན་སྒོ་ཕན་ཆད་དང་དབང་རྫས་སོགས་བཤམ་གཞན་སྔར་དང་འདྲ་བ་ལས། ཆོ་གའི་སྔོན་འགྲོ་དང་། དངོས་གཞིའི་གདན་བསྐྱེད་པ་ཡན་གོང་བཞིན་གྱི་སྟེང་དུ་རང་རིག་ཧཱུྃ་དམར་པོ་དེ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཟིལ་གནོན་པདྨ་དྲག་པོ་རྩ་ཞལ་དང་སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། ཞལ་གཡས་དཀར་གཡོན་ལྗང་བ། ཕྱག་གཡས་གསུམ་གྲི་གུག་རྡོ་རྗེ་རལ་གྲི་གཡོན་གསུམ་བྷནྡྷ་ཁ་ཊྭཱཾ་སྡིག་པ། རྡོ་རྗེའི་གཤོག་པ་ཅན་ཡུམ་ཕག་མོ་གྲི་ཐོད་འཛིན་པ་དང་སྦྱོར་བ། སྙིང་པདྨ་འདབ་བརྒྱད་ཀྱི་ལྟེ་བར་གསེར་གྱི་མཆོད་རྟེན་གྱི་བུམ་པར་ཉི་མའི་གདན་ལ་ཧཱུྃ་ཡིག་དམར་པོ་སྔགས་ཕྲེང་གིས་བསྐོར་བ། རྩ་སྔགས་ལན་བདུན་བརྗོད་པས་དེ་ལས་འོད་ཟེར་འཕྲོས། སངས་རྒྱས་སྲས་དང་བཅས་པ་མཆོད་ཅིང་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་བྱུང་བ་བདག་གི་གནས་ལྔར་ཐིམ། གཡས་ཞལ་གྱི་སྟེང་དུ་གུ་རུ་ཞི་བ། དབུས་ཞལ་ལ་འོད་དཔག་མེད། གཡོན་ཞལ་ལ་ཐོད་ཕྲེང་ཡབ་ཡུམ། དཔྲལ་བའི་འཇམ་དཔལ་འཁོར་ལོ་དང་ཐོད་དབྱུག །མགྲིན་པའི་རྟ་མགྲིན་རྡོར་དབྱུག་དང་སྦྲུལ་ཞགས། ཐུགས་ཀར་མཆོད་རྟེན་གྱི་དབུས་སུ་ཕྱག་རྡོར་རྡོར་སྡིག་ཅན་གྱི་ཐུགས་ཀར་པདྨའི་སྟེང་དུ་རྡོ་རྗེའི་ལྟེ་བར་པད་ཉི་ལ་ས་བོན་ཧཱུྃ་དམར་ལ་སྔགས་ཕྲེང་རྣམས་ཀྱིས་བསྐོར་བ། ལྟེ་བར་སངས་རྒྱས་མཁའ་འགྲོ་མཐིང་ག་གྲི་ཐོད་ཁ་ཊྭཱཾ་ཅན་ལ་རང་འདྲའི་འཁོར་རིགས་བཞིས་བསྐོར་བ། གསང་གནས་སུ་ཧཱ་ལས་མེ་དབལ་སྨུག་ནག་མེ་ཡི་ཐོ་བ་དང་མེ་ཞགས། སྤྱི་བོ་དང་དཔུང་པ་གཉིས་པུས་མོ་གཉིས་རྣམས་སུ་ཁྱུང་ལྔ། གཙོ་རྐྱང་དུ་བྱེད་ན་དེ་ཙམ་དང་། འཁོར་ཅན་དུ་བྱེད་ན། རྩིབས་བཞི་ལ་རིགས་བཞིའི་དྲག་པོ། རྩིབས་བཅུ་ལ་ཁྲོ་བོ་བཅུ། གྲུ་ཆད་ཀྱི་གྲ་བཞིར་སྲས་མཆོག་ཀཱི་ལ་ཡ་རིགས་བཞི། སྒོ་བཞིར་སྒོ་སྐྱོང་བཞི་རྣམས་བསྐྱེད་པ་སྟེ། གང་གི་ཚེ་ཡང་སྤྲུལ་པའི་ཁྲོ་ཚོགས་བསྐྱེད་པ། ཡེ་ཤེས་པ་དགུག་བསྟིམ། བཟླས་དམིགས་གསལ་འདེབས་པ་རྣམས་བྱས་ནས། སྔགས་ཚིག་ནི་བྷ་ག་ཝ་ཏེའི་མཐར་ཧཱུྃ་ཧཱུྃ་ཨཱ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་པ་བཟླ། འདིར་དམིགས་སུ་མ་སྨྲོས་པ་རྣམས་འདོན་སྒོམ་ཐམས་ཅད་སྔར་བཞིན་ཏེ། ཐུན་བར་གཏོར་མ་སོགས་ཀྱང་འཇུག་པ་བདེ་ཕྱིར་དེ་བཞིན་དུ་བྱ་ཞིང་། དབང་ནི་ཚིག་དོན་གཉིས་ཀ་སྔ་མ་དང་འདྲ་མཚུངས་སུ་ཡོད་པ་ལས་ཁྱད་པར་སྔོན་འགྲོ་སྒོ་སྲུང་ཞུས་ལན་སོགས་ནི་དབང་བཀའ་དཀྱུས་མ་ལ་མི་དགོས་ཤིང་། བགེགས་བསྐྲད་སྲུང་འཁོར་གྱི་རྗེས་སུ་སྲུང་སྐུད་གདགས། ཕྱག་རྡོར་དང་མེ་དབལ་གྱི་དབང་གི་བར་དུ་མཁའ་འགྲོའི་ཌཱར་ཐོད་ཀྱི་དབང་་་ཌཱ་རུ་དང་ཐོད་ཁྲག་ལྟེ་བར་བཞག་སྟེ། ཧོ༔ སྣང་བ་དབང་སྡུད་ཌཱ་མ་རུ༔ དངོས་གྲུབ་ཀུན་འབྱུང་ཐོད་ཁྲག་འདི༔ མཁའ་འགྲོ་དཔའ་བོའི་སྲོག་རྟེན་དབང༔ སྐལ་ལྡན་བུ་ཡིས་མཆོག་ཐོག་ཤོག༔ ཨཱོྃ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨ་བྷི་ཥིཉྩ་མཱཾ༔༽ འཇུག་པ་དང་བྱིན་འབེབ་མཐོང་བ་སྟོན་པ་སོགས་ལ་མངོན་རྟོགས་ཀྱི་བསྒྱུར་ཁ་ཙམ་ལས་གཞན་ཐམས་ཅད་གོང་བཞིན་བྱས་པས་དགོས་པ་འགྲུབ་བོ། །སྔ་འ༵གྱུར་ཟབ་གཏེར་འཁྲུལ་མེ༵ད་གཞུང་། །མཚོ་སྐྱེས་རྡོ༵་རྗེ༵་དྲག་སྒྲུབ་བཅུད། །ཉང་དང་རྡོར་གླིང་པད་གླིང་གི །གདམས་པའི་གནད་ལ་འཇུག་བདེའི་སྐྱེས། །ཉང་ལུགས་དྲག་པོ་བདེ་འདུས་དང་རྡོར་གླིང་པད་གླིང་གི་དྲག་སྒྲུབ་རྣམས་ཐུན་མོང་དུ་སྦྱོར་ཚུལ་གྱི་ལེའུ་ཚན་ནོ།། །།
བཻ་རོའི་ཐུགས་ཏིག་དྲན་པ་ཚེ་སྒྲུབ་ཀྱི་ཕྲིན་ལས་དབང་བསྐུར་གྱི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་ཚེ་དབང་གཡུང་དྲུང་འཁྱིལ་བ་ (Volume 40, Text 6)
༄༅། །བཻ་རོའི་ཐུགས་ཏིག་དྲན་པ་ཚེ་སྒྲུབ་ཀྱི་ཕྲིན་ལས་དབང་བསྐུར་གྱི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་ཚེ་དབང་གཡུང་དྲུང་འཁྱིལ་བ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཡཻ། ཡེ་སངས་རྒྱས་ཉིད་མ་འགགས་ཐུགས་རྗེའི་རྩལ། །གང་འདུལ་རོལ་པ་འཆི་མེད་རིག་འཛིན་ཚུལ། །རྣམ་ཐར་བསམ་ཡས་ཞབས་ལ་གུས་བཏུད་དེ། །སྒྲུབ་ཐབས་ཟུར་འདེབས་དགོད་འདིར་གནང་བ་སྩོལ། །རྣམ་སྣང་ལོ་ཙཱ་བ་ཆེན་པོའི་ཐུགས་ཏིག་ཆེས་ཟབ་པའི་ཚེ་སྒྲུབ་འདི་ཉིད་རང་དོན་ནར་མའི་ཉམས་ལེན་ནི་གཏེར་གཞུང་ཉིད་ལས་ཅིའང་མི་དགོས་ཤིང་། གཞན་དོན་ཚེ་སྒྲུབ་དང་དབང་བསྐུར་སོགས་ཀྱི་སྐབས་སྤྱི་མཚུངས་ཅུང་ཟད་སྤྲོ་བ་ལ་གཉིས། ཕྲིན་ལས་དང་། དབང་བསྐུར་རོ། །དང་པོ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ནི། བཀྲ་ཤིས་ཤིང་ཡིད་དུ་འོང་བའི་དབེན་པར་སྟེགས་གཙང་མ་སྨན་སྤོས་ཀྱིས་ཆག་ཆག་བཏབ་པ་ལ། དཀྱིལ་འཁོར་ཟླ་གམ་དམར་པོ་གཡུང་དྲུང་དང་འོད་ལྔའི་རྭ་བས་བསྐོར་བའི་དབུས་སུ་དཀར་མངར་སྤོད་ཟན་སྦྱར་བའི་ཚེ་འབྲང་རྒྱན་ལྡན་བཞག །མདུན་དུ་ཐོད་པ་མཚན་ལྡན་མངར་གསུམ་བཏབ་པའི་ཆང་གིས་བཀང་བ་ཁ་ལ་མར་ཟེ་ཡིས་བརྒྱན་པ་དང་། གཡས་གཡོན་དུ་ཚེ་རིལ། ཟླ་ཕྲོམ་ཟླ་རྒྱས་ཀྱིས་མཚོན་བཀྲ་ཤིས་པའི་ཞལ་ཟས་རྣམས་བཀོད། དབང་རྒྱས་པར་བསྐུར་ན། བླ་མ་བརྒྱུད་པ་དང་གཙོ་བོའི་སྐུ་ཙཀ་ཀྱང་བཞག །སྨན་གཏོར་རཀྟ། ཕྱི་མཆོད་སོགས་སྤྱི་མཚུངས་དང་། མདའ་དར། དཀར་གཏོར། ཚོགས་ཀྱི་ཡོ་བྱད་རྣམས་ཚོགས་པར་བྱ། དེ་ནས་ཆོ་གའི་སྔོན་དུ་འགྲོ་བ་ལ་ལྔ། དང་པོ་བསང་ཁྲུས་བྱ་བ་ནི། སྤོས་དུད་ཀྱིས་ཕྱུངས་ལ། ཨ། ནགས་ཚལ་བཅུད་ཕྱུངས་ཡིད་དུ་འོང་། །དྲི་ཞིམ་ངད་ལྡན་སྤོས་མེ་འདིས། །གནས་དང་ཡོ་བྱད་སྒྲུབ་པ་པོའི། །ཉེས་པའི་སྐྱོན་རྣམས་བསང་བར་བྱ། །ཨཱོྃ་ཤིམ་ཕོད་ཧ་ར་སང་ངེ་ཡེ་སྭཱ་ཧཱ། ཆབ་བྲན་ལ། ཨཱོྃ། གཙང་མའི་ཚན་ཆབ་སྤོས་ཀྱི་ཆུ། །དྲི་ལྡན་བདུད་རྩིའི་ཁྲུས་གསོལ་བས། །གནས་དང་ཡོ་བྱད་སྒྲུབ་པ་པོའི། །སྐྱོན་གྱི་དྲི་མ་དག་གྱུར་ཅིག །ཨཱོྃ་ཤུདྡྷེ་ཤུདྡྷོ་ས་ལེ་སང་ངེ་ཡེ་སྭཱ་ཧཱ། གཉིས་པ་ཕྱི་རྒྱུད་ལ་དཀར་གཏོར་བསྔོ་བ་ནི། རཾ་ཡཾ་ཁཾ། དཀར་གཏོར་རི་རབ་གླིང་བཞི་འདོད་པའི་ཡོན་ཏན་སྣ་ཚོགས་ཀྱིས་གང་བར་གྱུར། ཨ་ཨཱོྃ་ཧཱུྃ། ཨཱོྃ། སྔོན་གྱི་རྒྱལ་བའི་བཀའ་ཉན་ཅིང་། །ད་ལྟ་དགེ་བའི་སྡོངས་མཛད་པ། །ལྷ་ཀླུ་སྡེ་བརྒྱད་འཇིག་རྟེན་སྐྱོང་། །ཡུལ་ས་གཞི་བདག་མཐུ་བོ་ཆེ། །འཁོར་བཅས་འདིར་གཤེགས་གཏོར་མ་བཞེས། །ཀོ་ལོང་རུ་ང་མ་བྱེད་པར། །སྒྲུབ་པའི་མཐུན་རྐྱེན་སྤེལ་བ་དང་། །དཀར་པོ་དགེ་བའི་སྡོངས་གྲོགས་མཛོད། །ཅེས་གཏོར་མ་ཕྱིར་འབུལ། གསུམ་པ་བགེགས་བསྐྲད་པ་ནི། བསྭོ། ང་ནི་རྔམ་ཆེན་ཁྲོ་བོའི་སྐུ། དུག་ལྔ་འཇོམས་མཛད་མེ་ཕུང་འབར། །ཉོན་མོངས་བགེགས་རིགས་ཐལ་བར་རློག །འདུག་པའི་གནས་མེད་ལ་འུར་དེངས། །བསྭོ་ཨཱོྃ་ཁྲོ་ཏ་ཧ་ལ་ནེ་རཾ་ཛ་ལ་རཾ། བཞི་པ་རྒྱན་བཀོད་པ་ནི། ཨ། ཚེ་འབྲང་མཁའ་དབྱིངས་གཉིས་སུ་མེད། །ཚེ་ཆང་གཏའ་ཆེན་བྱང་ཆུབ་རྒྱུན། །ཞལ་ཟས་བཀྲ་ཤིས་དངོས་གྲུབ་རྟེན། །བདག་ཅག་གཡུང་དྲུང་ཚེ་སྒྲུབ་ཕྱིར། །མི་འགྱུར་བརྟན་པར་བཞུགས་སུ་གསོལ། །གཡུང་དྲུང་རཏ་ན་སི་ཏི་བྲུཾ་ལྷན། ལྔ་པ་གསང་མཚམས་གཅད་པ་ནི། བསྭོ། ང་ནི་གཡུང་དྲུང་ཚེ་ཡི་ལྷ། །མ་བཅོས་མ་བསླད་སྙིང་པོ་ཨ། །སྐྱེ་ཤི་མེད་པའི་རང་བཞིན་ཡིན། །བར་གཅོད་འབྱུང་པོ་རང་གི་སེམས། །སེམས་ཉིད་སྟོང་གསལ་འཛིན་པ་བྲལ། །རྣམ་རྟོག་བགེགས་ཀྱི་མིང་ཡང་མེད། །བགེགས་རྣམས་སྟོང་པའི་ངང་དུ་དེངས། །བསྭོ། ཨ་ཕཊ་ཕཊ། ཅེས་ལྟ་བས་བསྲུང་ངོ་། །གཉིས་པ་དངོས་གཞི་ལ་བདུན་ལས། དང་པོ་རྒྱུད་དག་པའི་སྦྱོར་བ་ནི། བསྭོ་ཨཱོྃ༔ དཀོན་མཆོག་གསུམ་གྱི་ངོ་བོ་ཉིད༔ གཡུང་དྲུང་ཚེ་ཡི་ལྷ་ཚོགས་ལ༔ ཕྱག་འཚལ་སྐྱབས་མཆི་གསོལ་བ་འདེབས༔ འགྲོ་བའི་དོན་ཕྱིར་འཆི་མེད་བསྒྲུབ༔ ལན་གསུམ། འདིར་གཏེར་རྙིང་ལྟར་ཅུང་ཟད་སྤྲོ་ན། བདག་དང་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཇི་སྲིད་གཡུང་དྲུང་སྙིང་པོ་ལ་མཆིས་ཀྱི་བར་དུ། རྩ་བའི་བླ་མ་བཀའ་དྲིན་ཅན་ལ་སྐྱབས་སུ་མཆིའོ། །བརྒྱུད་པའི་བླ་མ་བྱིན་རླབས་ཅན་ལ་སྐྱབས་སུ་མཆིའོ། །འདྲེན་པའི་བླ་མ་ཐུགས་རྗེ་ཅན་ལ་སྐྱབས་སུ་མཆིའོ། །སྐྱབས་གནས་ཡུལ་མཆོག་རྣམ་བཞིའི་ཚོགས་ལ་སྐྱབས་སུ་མཆིའོ། །ཕོ་རྒྱུད་རིག་འཛིན་སེམས་དཔའི་ཚོགས་ལ་སྐྱབས་མཆིའོ། །མོ་རྒྱུད་མ་དང་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆིའོ། །མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུངས་ལ། །བདག་ལ་གཡུང་དྲུང་ཚེ་ཡི་དངོས་གྲུབ་སྩོལ། །ཅེས་དང་། ཨེ་མ་ཧོཿ འོག་མིན་དབྱིངས་ནས་འཆི་མེད་སྐུ་རུ་བསྟན། ཁོད་སྤུངས་དྲན་པའི་སྐུ་ལ་གསོལ་བ་འདེབས། །དུར་ཁྲོད་ཚོགས་བདག་ཚེ་དབང་དངོས་གྲུབ་སྟེར། །འོད་ལྡན་འབར་མའི་སྐུ་ལ་གསོལ་བ་འདེབས། །ཡེ་ཤེས་སྤྱན་ལྡན་ཀུན་མཁྱེན་དགོངས་པ་བརྙེས། །བཻ་རོ་ཙཱ་ནའི་སྐུ་ལ་གསོལ་བ་འདེབས། །སྨོན་ལམ་བཀའ་བབས་གང་འདུལ་འགྲོ་དོན་མཛད། །ལང་གྲོ་ལོ་ཙཱའི་སྐུ་ལ་གསོལ་བ་འདེབས། །སྦྱངས་པའི་འཕྲོ་སད་བཀའ་གཏེར་དངོས་གྲུབ་བསྙེམས། །མི་ཤིགས་གཡུང་དྲུང་འབྱུང་གནས་ལ་གསོལ་བ་འདེབས། །རྒྱལ་བའི་རྣམ་འཕྲུལ་གདུལ་དཀའ་ཐར་པར་འདྲེན། །རྩ་བའི་བླ་མའི་སྐུ་ལ་གསོལ་བ་འདེབས། །དད་གུས་གདུང་བས་གསོལ་བ་བཏབ་པའི་མཐུས། །གདོས་བཅས་ལུས་ལ་ནད་གཅོང་མེད་པ་དང་། །དབང་བཞི་ཡོངས་སུ་རྫོགས་པར་བྱིན་གྱིས་རློབས། །བདག་འཛིན་བློ་ཡི་འཆིང་བ་དབྱིངས་སུ་གྲོལ། །རླུང་སེམས་དབུ་མར་ཐིམ་པར་བྱིན་གྱིས་རློབས། །ངོ་ཤེས་ཐག་ཆོད་སྣང་བ་བླ་མར་འཆར། །ཚེ་དབང་རིག་འཛིན་ཐོབ་པར་བྱིན་གྱིས་རློབས། །ཞེས་གསོལ་བ་གདབ། གཉིས་པ་བདག་ལྷ་རུ་བསྐྱེད་པ་ནི། སྟོང་ཞིང་བདག་མེད་པའི་ངང་ལས། ཀུན་སྣང་སྙིང་རྗེ་ཚད་མེད་པ་བསྒོམ། དེའི་ངང་ལས་ཆུ་ལས་ཆུ་བུར་རྡོལ་བ་བཞིན་དུ་ས་བོན་དང་ལྷར་བསྒོམ་སྟེ། ཨ་ཨ་ཨ༔ ཨ་ནི་བོན་ཉིད་སྐྱེ་བ་མེད༔ ཨ་ལས་ཨཱོྃ་འཕྲོས་ཧཱུྃ་ལ་ཐིམ༔ སངས་རྒྱས་སེམས་དཔའ་རིག་འཛིན་དང༔ སྣོད་བཅུད་དྭངས་མ་ཐམས་ཅད་བསྡུས༔ བདག་ཉིད་སྐད་ཅིག་དྲན་རྫོགས་སུ༔ འཆི་མེད་དྲན་པ་ཚེ་དབང་རྩལ༔ ཕྱག་གཡས་གཡུང་དྲུང་ཐུགས་ཀར་གཏོད༔ གཡོན་པས་མཉམ་གཞག་ཚེ་བུམ་འཛིན༔ འོད་ལྡན་ཡེ་ཤེས་ཙན་དྷ་ལཱི༔ པདྨ་ཚེ་བུམ་བསྣམས་པས་འཁྲིལ༔ གཉིས་ཀ་དར་དང་རཏ་ནས་བརྒྱན༔ མེ་ཏོག་དམར་པོའི་དོ་ཤལ་འཕྱང༔ པད་ཟླ་ཉི་མའི་དབུས་ན་བཞུགས༔ སྲོག་རྩ་ལྕགས་ཀྱི་སྦུ་གུའི་དབུས༔ གཡུང་དྲུང་དམར་གསལ་ནྲྀ་ཡིས་མཚན༔ ཁོག་པར་ཨ་དཀར་འོད་ལྔ་འཕྲོ༔ དེ་ལས་འོད་ཟེར་ཡར་འཕྲོས་པས༔ དབྱིངས་ནས་ཡེ་ཤེས་སྤྱན་དྲངས་ཐིམ༔ བསྭོ་ཨཱོྃ་ཁོད་སྤུངས་རཏ་ན་ཚེ་ནྲྀ་ཛཿབྲུཾ༔ གསུམ་པ་དཀྱིལ་འཁོར་བསྐྱེད་པ་ནི། བདག་ཉིད་ཁོད་སྤུངས་ཡབ་ཡུམ་གྱི་ཐུགས་ཀ་ནས་ཡི་གེ་འབྲུ་གསུམ་འཕྲོས། མདུན་གྱི་དཀྱིལ་འཁོར་ལ་ཕོག་སྟེ་འོད་དུ་ཞུ། དེ་དག་ཡོངས་སུ་གྱུར་པ་ལས་ཕྱི་ཡེ་ཤེས་ཀྱི་གཞལ་ཡས་ཁང་གསལ་ལ་རང་བཞིན་མེད་པ། སྣང་ལ་དངོས་པོ་མེད་པ། རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པའི་ནང་དུ་ཉི་ཟླ་པདྨ་བརྩེགས་པའི་གདན་ལ་ཁོད་སྤུངས་དྲན་པ་འཆི་མེད་ཚེའི་ལྷ། ཞལ་གཅིག་ཕྱག་གཉིས། ཕྱག་གཡས་མི་འགྱུར་བའི་གཡུང་དྲུང་ཐུགས་ཀར་གཏོད་དེ་འཛིན་པ། གཡོན་པས་མཉམ་གཞག་ཚེའི་བུམ་པ་བདུད་རྩིའི་བཅུད་ཀྱིས་གང་ཞིང་དཔག་བསམ་ཡལ་གའི་ཁ་རྒྱན་ཅན་བསྣམས་པ། ཞབས་གཉིས་སྐྱིལ་མོ་ཀྲུང་གིས་བཞུགས་པའི་པང་དུ་ཡུམ་ཡེ་ཤེས་ཙནྡྷ་ལཱི་འོད་ལྡན་འབར་མ་པདྨ་དང་ཚེ་བུམ་བསྣམས་པས་འཁྲིལ་བ། ཡབ་ཡུམ་གཉིས་ཀའང་དཀར་ལ་དམར་བའི་མདངས་ཆགས་ཤིང་ཡེ་ཤེས་ཀྱི་འོད་ལྔ་འཕྲོ་བ་ཞི་ཞིང་འཛུམ་ལ་སྒེག་པའི་ཉམས་ཅན། དར་དང་རིན་པོ་ཆེ་སྣ་ཚོགས་པ་དང་པདྨའི་ཕྲེང་བས་མཛེས་པར་བརྒྱན་པ། ཚེ་བདག་རིག་འཛིན་ཕོ་མོ་གྲངས་མེད་པས་བསྐོར་བར་གྱུར། བཞི་པ་དབྱིངས་ནས་སྤྱན་འདྲེན་པ་ནི། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། མི་མངོན་དབྱིངས་དང་ཕྱོགས་བཅུའི་ཞིང་ཁམས་མཁའ་སྤྱོད་གྲུབ་པའི་གནས་མཆོག་རྣམས་ནས་ཡེ་ཤེས་པའི་ལྷ་ཚོགས་སྤྱན་དྲངས་ཏེ་གཉིས་མེད་དུ་ཐིམ་པར་གྱུར། ཨཱོྃ། མི་འགྱུར་སྐུ་གསུམ་དབྱིངས་ཉིད་ལས། །འགྲོ་དོན་ཐུགས་རྗེས་སྤྲུལ་པ་ཡི། ཁོད་སྤུངས་གཡུང་དྲུང་ཚེ་ཡི་ལྷ། །ཡུམ་ནི་རྒོད་ལྕམ་འོད་ལྡན་མ། །ཚེ་བདག་རིག་འཛིན་མཁའ་འགྲོར་བཅས། །ཐུགས་དམ་དབང་གིས་གཤེགས་ནས་ཀྱང་། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །བསྭོ་ཨཱོྃ་ཁོད་སྤུངས་རཏ་ན་ཌཱ་ཀི་ནཱི་བྲུཾ་ཛ༔ ཏི་ཏ་ལྷན། ལྔ་པ་མཆོད་པ་འབུལ་བའི་ཐོག་མར་ཕྱག་མཆོད་ནི། ན་མོ། བདག་དང་མཐའ་ཡས་སེམས་ཅན་རྣམས། །རྩེ་གཅིག་མོས་པའི་ཏིང་འཛིན་གྱིས། །གཡུང་དྲུང་ཚེ་ཡི་ལྷ་ཚོགས་ལ། །ཕྱག་འཚལ་དང་བས་སྐྱབས་སུ་མཆི། ཁོད་སྤུངས་རཏ་ན་ཌཱ་ཀི་ནཱི་གུ་དུ་ན་ཧྲུན། བཤགས་པ་ནི། ན་མོ། བདག་དང་འགྲོ་བ་མ་ལུས་པས། །ཐོག་མེད་དུས་ནས་ད་ལྟའི་བར། །ལས་ངན་སྡིག་སྒྲིབ་ཅི་བསགས་པ། ཁོད་སྤུངས་རིག་འཛིན་འཁོར་བཅས་ལ། །གནོང་འགྱོད་སེམས་ཀྱིས་མཐོལ་ལོ་བཤགས། །བྱང་དག་ཚངས་པའི་དངོས་གྲུབ་སྩོལ། །ཨ་དཀར་ཨུ་དུག་གཤའ་ཡ་ནི། མཆོད་པ་བྱིན་རླབས་ནི། བདག་གི་ཐུགས་ཀ་ནས་ཨ་ཨཱོྃ་ཧཱུྃ་འཕྲོས་ཏེ་མཆོད་རྫས་ལ་ཕོག་པས། རིན་པོ་ཆེ་དང་པདྨ་ལ་སོགས་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ། མཆོད་རྫས་ཡེ་ཤེས་ཀྱི་རང་བཞིན་བདེ་བའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་དང་། སྨན་གཏོར་རཀྟ་བདུད་རྩིའི་རྒྱ་མཚོ་དྭངས་མ་ལ་མཆོད་རྫས་ཐོགས་པའི་ལྷ་མོ། ཁུ་བ་རོ་བརྒྱ་དང་ལྡན་པའི་བདུད་རྩི་རྩིགས་མ་འདོད་པའི་ཡོན་ཏན་སྣ་ཚོགས་པས་ནམ་མཁའ་གང་བར་གྱུར། ཨ་ཨཱོྃ་ཧཱུྃ། ཕྱི་མཆོད་ནི། ཨེ་མ་ཧོཿ གཡུང་དྲུང་ཚེ་ཡི་ལྷ་ཚོགས་ལ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡི། །བླ་མེད་མཆོད་པའི་སྤྲིན་ཕུང་ནི། །འདོད་པའི་ཡོན་ཏན་བསམ་མི་ཁྱབ། །ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ། །བདག་ཅག་དད་པས་འབུལ་ལགས་ཀྱིས། །ཡེ་ཤེས་དབྱིངས་སུ་བཞེས་ནས་ཀྱང་། །རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ། །ཟུར་ཤམ་དེ་ཤོ་ཧ་ར་ཡེ་སྭཱ་ཧཱ། སྨན་མཆོད་ནི། ཨེ་མ་ཧོཿ ངོ་མཚར་གཡུ་འབྲང་བདུད་རྩིའི་ཕུད། །ར་སཱ་ཡཱ་ནཾ་སྨན་གྱི་བཅུད། །འཆི་མེད་ལྷ་ཚོགས་ཞལ་དུ་འབུལ། །གཡུང་དྲུང་ཚེ་ཡི་དངོས་གྲུབ་སྩོལ། །གཡུ་འབྲང་བདུད་རྩི་ཁཱ་ཧི། རཀྟ་འབུལ་བ་ནི། བསྭོ། མཚན་ལྡན་བཀྲ་ཤིས་ཞལ་བུ་རུ། །དུག་ལྔ་རྩད་བཅད་དམར་གྱིས་བཀང་། །འཆི་མེད་ལྷ་ཚོགས་ཞལ་དུ་འབུལ། །གཡུང་དྲུང་ཚེ་ཡི་དངོས་གྲུབ་སྩོལ། །ཏིང་མུར་རཀྟ་ཁཱ་ཧི། གཏོར་མ་འབུལ་བ་ནི། བསྭོ། མཁའ་དབྱིངས་རྣམ་དག་གཏོར་གཞོང་དུ། །ཟད་མེད་ལོངས་སྤྱོད་གཏོར་མས་བཀང་། །འཆི་མེད་ལྷ་ཚོགས་ཞལ་དུ་འབུལ། །གཡུང་དྲུང་ཚེ་ཡི་དངོས་གྲུབ་སྩོལ། །བྲུཾ་ཟད་མིན་སྤུངས་སོ་བ་ལིང་ཁཱ་ཧི། དྲུག་པ་ཚེ་འཛབ་འདྲེན་པ་ནི། ཐོག་མར་བདག་བསྐྱེད་ལ་དམིགས་ཏེ། སྔགས་ཀྱི་ཟེར་དང་གཟི་བརྗིད་ཀྱིས༔ བླ་མ་ཡི་དམ་མཁའ་འགྲོ་དང༔ རིག་འཛིན་དྲང་སྲོང་ཚེ་ཡི་བདག༔ འཇིག་རྟེན་འབྱུང་བའི་དྭངས་མ་ཀུན༔ བདུད་རྩིར་བསྡུས་ནས་ཚངས་བུག་བརྒྱུད༔ དབུ་མའི་ནང་ཞུགས་ལུས་ཀུན་གང༔ ལུས་ནི་འཆི་མེད་གཞའ་ཚོན་སྐུ༔ ངག་ནི་གཞོམ་མེད་སྔགས་ཀྱི་གསུང༔ ཡིད་ནི་འཕོ་མེད་ཨ་ཡི་ཐུགས༔ མ་བཅོས་མ་བསླད་སྐྱེ་འཆི་བྲལ༔ གཡུང་དྲུང་སྐུ་གསུང་ཐུགས་སུ་གྱུར༔ ཅེས་བསྒོམས་ལ། བསྭོ་ཨཱོྃ་ཁོད་སྤུངས་རཏ་ན་ཚེ་ནྲྀ་ཛཿབྲུཾ༔ ཞེས་བཟླ། མདུན་བསྐྱེད་ཐུགས་ཀར་ཟླ་སྟེང་ཨཱོྃ། །དཀར་གསལ་སྔགས་ཀྱི་ཕྲེང་བས་བསྐོར། །བཟླས་པས་རྒྱུད་བསྐུལ་འོད་ཟེར་འཕྲོས། །བླ་མ་ཡི་དམ་མཁའ་འགྲོ་དང་། །རིག་འཛིན་དྲང་སྲོང་ཚེ་ཡི་བདག །འཇིག་རྟེན་འབྱུང་བའི་དྭངས་མ་བཅུད། །བླ་ཚེ་ཆད་ཉམས་ཡར་པ་ཀུན། །བདུད་རྩི་འོད་ཟེར་རྣམ་པར་བསྡུས། །བདག་མདུན་སྒྲུབ་པའི་རྫས་ལ་ཐིམ། །འཆི་མེད་དངོས་གྲུབ་འགྲུབ་པར་གྱུར། །ཅེས་བསྒོམས་ལ་བཟླས་པ་ཅི་ནུས་བྱའོ། །བདུན་པ་བསྟོད་ཅིང་ཚེ་འགུགས་པ་ནི། མདའ་དར་གཡབ་ལ། བསྭོ་ཨཱོྃ། བདེར་གཤེགས་རིག་འཛིན་ཚེ་ཡི་ལྷ། །སྐུ་ནི་འཆི་མེད་སྐྱེས་ནས་བཙན། །གསུང་ནི་འགག་མེད་ཚངས་པའི་དབྱངས། །ཐུགས་ནི་མི་འགྱུར་གཡུང་དྲུང་དབྱིངས། །མཚན་ནི་དྲན་པ་ཚེ་དབང་རྩལ། །དཀར་གསལ་གཟི་བརྗིད་འོད་དུ་འབར། །ཕྱག་མཚན་གཡུང་དྲུང་ཚེ་བུམ་བསྣམས། །ཡུམ་ནི་མདངས་ལྡན་འོད་འཕྲོ་མ། །པདྨ་ཚེ་བུམ་བསྣམས་པས་འཁྲིལ། །ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་བརྒྱན། །ཚེ་དབང་རིག་འཛིན་མཁའ་འགྲོས་བསྐོར། །གཡུང་དྲུང་ཚེ་ཡི་དངོས་གྲུབ་འབེབ། །འཆི་མེད་ལྷ་མཆོག་འཁོར་བཅས་ལ། །ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །བསྭོ་ཨཱོྃ། ཚེ་བདག་ཡབ་ཡུམ་དབྱིངས་ནས་བཞེངས། །ཕོ་ཉ་མགྱོགས་མ་ལས་ལ་སྐུལ། །ཕྱི་སྣོད་འབྱུང་བའི་དྭངས་མ་བཅུད། །ནང་བཅུད་སྐྱེ་འགྲོའི་ཚེ་བསོད་སྟོབས། །གསང་བ་རྒྱལ་བ་སྲས་བཅས་ཀྱི། །ཐུགས་རྗེ་ནུས་སྟོབས་ཡོན་ཏན་དཔལ། །བདག་གི་བླ་ཚེ་ཆད་ཉམས་བཅས། །ཡེ་ཤེས་ཆེན་པོའི་བྱིན་གྱིས་སྡུས། །བདག་དང་སྒྲུབ་པའི་རྫས་ལ་སྟིམས། །ཚེ་བཅུད་ཉམས་པ་གོང་དུ་གསོས། །གནས་པ་སྤེལ་ལ་ཡར་པ་སྡུས། །སྒྲུབ་རྫས་གཡུ་འབྲང་བདུད་རྩིར་སྐྱིལ། །ཕྱི་ནང་གསང་བའི་བར་ཆད་སོལ། །ལུས་ངག་ཡིད་ལ་དབང་མཆོག་སྐུར། །ངོ་མཚར་རྟགས་དང་ཆོ་འཕྲུལ་སྟོན། །གཡུང་དྲུང་ཚེ་ཡི་དངོས་གྲུབ་སྩོལ། །ཅེས་དང་སྔགས་བརྗོད་ལ་བཀུག་ཅིང་བརྟན་པར་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་ལྔ་ལས། དང་པོ་ཚོགས་འབུལ་བ་ནི། ཚོགས་རྫས་ལ་ཆབ་བྲན་ཏེ། རཾ་ཡཾ་མཾ་ས་ལེ་སང་ངེ་ཡེ་སྭཱ་ཧཱ། འབགས་བཙོག་དྲི་མ་ཐམས་ཅད་སྦྱངས། བདག་གི་ཐུགས་ཀ་ནས་ཨ་ཨཱོྃ་ཧཱུྃ་འཕྲོས་ཏེ་ཚོགས་རྫས་ལ་ཕོག་པས། རིན་པོ་ཆེ་དང་པདྨ་ལ་སོགས་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ། ཚོགས་རྫས་བདུད་རྩིའི་རྒྱ་མཚོ་དྭངས་མ་ལ་མཆོད་རྫས་ཐོགས་པའི་ལྷ་མོ། ཁུ་བ་རོ་བརྒྱ་དང་ལྡན་པའི་བདུད་རྩི་རྩིགས་མ་འདོད་པའི་ཡོན་ཏན་སྣ་ཚོགས་པས་ནམ་མཁའ་གང་བར་གྱུར། ཨ་ཨཱོྃ་ཧཱུྃ། ཞེས་བརྗོད་ལ་བྱིན་བརླབ། ཚོགས་ཞིང་སྤྱན་འདྲེན་ཏེ། ཨཱོྃ། ཁྱབ་བདལ་དབྱིངས་ཀྱི་གཞལ་ཡས་ནས། །སྐུ་གསུམ་ལྷུན་གྲུབ་རོལ་པ་ལས། །འགྲོ་དོན་སྐུ་སྤྲུལ་ཚེ་ཡི་ལྷ། ཁོད་སྤུངས་དྲན་པ་ཡབ་ཡུམ་དང་། །རིག་འཛིན་མཁའ་འགྲོའི་འཁོར་བཅས་རྣམས། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། ཨ་ཨཱོྃ་ཧཱུྃ་ཁོད་སྤུངས་དྷཱ་ཀི་ནཱི་ས་མ་ཡ་ཛ་ཛཿ མཆོད་པ་ནི། ཨཱོྃ། དབོན་གསས་རིག་འཛིན་མཁའ་འགྲོ་ལ། །དངོས་འབྱོར་ཡིད་ལས་སྤྲུལ་པ་ཡི། །འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལ། །ཐུགས་རྗེས་བཞེས་ལ་བྱིན་གྱིས་རློབས། །ཟུར་ནམ་དེ་ཤོ་ཧ་ར་ཐིམ་ཐིམ་ཡེ་སྭཱ་ཧཱ། བཤགས་པ་ནི། མ་རིག་དབང་གྱུར་འཁྲུལ་པའི་བློས། །འགལ་འཁྲུལ་ཉེས་སྐྱོན་ཅི་མཆིས་པ། །ལོངས་སྤྱོད་ཚོགས་ཀྱི་མཆོད་པས་བཤགས། །སྐྱོན་བྲལ་ཚངས་པའི་དངོས་གྲུབ་སྩོལ། །ཨུ་དུག་གཤའ་ཡ་ནི་ས་ལེ་སང་ངེ་སྭཱ་ཧཱ། བསྒྲལ་བསྟབ་ནི། གྱི་གྲན་ཤུ་ནི་ག་མཱ་ར་ཡ་ཛ་ཛཿ བསྭོ། དཔལ་ཆེན་ཐུགས་རྗེས་དྲག་པོར་ཁྲོས། །ང་བདག་ལོག་པའི་དགྲ་བགེགས་རྣམས། །གཟུགས་ཕུང་ལོངས་སྤྱོད་ཚོགས་སུ་སྒྲོལ། །རྣམ་ཤེས་མཁའ་ཀློང་དབྱིངས་སུ་སྟིམས། །མུ་མར་གྲན་ལ་ཧྲིལ་ཤག་ཐུམ་རྦད། བསྭོ། མ་རིག་ཉོན་མོངས་བསྒྲལ་པའི་ཚོགས། །དྲན་པ་ཡབ་ཡུམ་ཞལ་དུ་བསྟབ། །ལོག་རྟོག་སྐྱེ་འཆི་བསྒྲལ་པའི་ཚོགས། །རིག་འཛིན་མཁའ་འགྲོའི་ཞལ་དུ་བསྟབ། ཨ་ལ་ལ་ཧོཿ ཐུགས་དམ་བརྒྱུད་བསྐང་ནི། ན་མོ། སྔོན་གྱི་བསྐལ་པ་དང་པོ་ལ། །བླ་ཆེན་དྲན་པ་ཡབ་ཡུམ་གྱིས། །གཡུང་དྲུང་གསང་བའི་གནས་ཁང་དུ། །ལོངས་སྤྱོད་ཚོགས་ཀྱི་ཕུད་བཤམས་ནས། །དབྱིངས་ན་བཞུགས་པའི་ཞི་ལྷ་དང་། །མཁའ་ལ་འབར་བ་ཁྲོ་བོའི་ཚོགས། །ཀློང་དུ་སངས་རྒྱས་བསྟན་སྲུང་རྣམས། །ཐུགས་དམ་དབྱིངས་སུ་བསྐངས་པ་བཞིན། །གསང་བའི་གནས་མཆོག་དམ་པ་འདིར། །ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང་། །མཆོག་ཐུན་ཚེ་ཡི་དངོས་གྲུབ་སྩོལ། །དེ་འོག་བར་གྱི་བསྐལ་པ་ལ། །ལོ་ཆེན་བཻ་རོ་ཡབ་སྲས་ཀྱིས། །མཆིམས་ཕུ་བྲེ་གུའི་ཀེའུ་ཚང་དུ། །ལོངས་སྤྱོད་ཚོགས་ཀྱི་ཕུད་བཤམས་ནས། །དབྱིངས་ན་བཞུགས་པའི་ཞི་ལྷ་དང་། །མཁའ་ལ་འབར་བ་ཁྲོ་བོའི་ཚོགས། །ཀློང་དུ་སངས་རྒྱས་བསྟན་སྲུང་རྣམས། །ཐུགས་དམ་དབྱིངས་སུ་བསྐངས་པ་བཞིན། །གསང་བའི་གནས་མཆོག་དམ་པ་འདིར། །ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང་། །མཆོག་ཐུན་ཚེ་ཡི་དངོས་གྲུབ་སྩོལ། །དེ་འོག་དུས་ཀྱི་བསྐལ་པ་ལ། །མི་ཤིགས་གཡུང་དྲུང་འབྱུང་གནས་སོགས། །ཚེ་དབང་བརྒྱུད་པའི་བླ་མ་ཡིས། །རང་རང་གར་བཞུགས་སྒྲུབ་གནས་སུ། །ལོངས་སྤྱོད་ཚོགས་ཀྱི་ཕུད་བཤམས་ནས། །དབྱིངས་ན་བཞུགས་པའི་ཞི་ལྷ་དང་། །མཁའ་ལ་འབར་བ་ཁྲོ་བོའི་ཚོགས། །ཀློང་དུ་སངས་རྒྱས་བསྟན་སྲུང་རྣམས། །ཐུགས་དམ་དབྱིངས་སུ་བསྐངས་པ་བཞིན། །གསང་བའི་གནས་མཆོག་དམ་པ་འདིར། །ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང་། །མཆོག་ཐུན་ཚེ་ཡི་དངོས་གྲུབ་སྩོལ། ཁྱད་པར་བསྐང་བ་ནི། བསྭོ། རྨད་བྱུང་གསང་བའི་གཞལ་ཡས་འདིར། །དངོས་འབྱོར་ཡིད་ལས་སྤྲུལ་པ་ཡི། །ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འདིས། །དམིགས་མེད་ཡོངས་ཁྱབ་བོན་གྱི་སྐུ །འགག་མེད་ལྷུན་གྲུབ་ལོངས་སྤྱོད་རྫོགས། །དབྱེར་མེད་རང་ཤར་སྤྲུལ་པའི་སྐུ། ཁོད་སྤུངས་དྲན་པ་ཡབ་དང་ཡུམ། །ཕྱི་རྒྱུད་བདེ་གཤེགས་ཞི་བའི་ལྷ། །ནང་རྒྱུད་གསང་སྔགས་ཁྲོ་བོའི་ཚོགས། །གསང་རྒྱུད་རིག་འཛིན་མཁའ་འགྲོ་མ། །ཕྱི་ནང་བཀའ་སྐྱོང་སྲུང་མའི་ཚོགས། །ཐུགས་དམ་གཉན་པོ་དབྱིངས་སུ་བསྐང་། །ཞི་རྒྱས་དབང་དྲག་ཕྲིན་ལས་གང་། །འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །དེ་ནས་བརྡའི་འབུལ་ལེན་བཅས་ཚོགས་ལ་རོལ། ལྷག་མ་རྣམས། ཨ་ཨཱོྃ་ཧཱུྃ། འདོད་ཡོན་ཟད་མེད་ཀྱི་གཏེར་དུ་དམིགས་ལ། ཨཱོྃ། འདོད་ཡོན་ལྔ་ལྡན་ལྷག་མ་འདི། །ཀུན་བཟང་དགོངས་པས་བྱིན་བརླབས་ནས། །ལན་ཆགས་སྙིང་རྗེའི་མགྲོན་ལ་བསྔོ། །སྡུག་བསྔལ་ཀུན་ཞི་བདེ་ཐོབ་ཤོག །ཐོར་ཐོར་ཐིམ་ཐིམ་ཤཱན་ཏིང་ཀུ་རུ་ཡེ་སྭཱ་ཧཱ། སྨོན་ལམ་ནི། འཆི་མེད་རིག་འཛིན་ཚེ་ཡི་ལྷ་ཚོགས་ལ། །དངོས་འབྱོར་ཡིད་སྤྲུལ་ཚོགས་མཆོད་ཕུལ་པའི་མཐུས། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་ཡོངས་སུ་རྫོགས། །སྐུ་གསུམ་ཐོབ་ནས་འགྲོ་བའི་དོན་བྱེད་ཤོག །གཉིས་པ་དངོས་གྲུབ་བླང་བ་ནི། ཨེ་མ་ཧོཿ ཚེ་བདག་ཡབ་ཡུམ་དགོངས་སུ་གསོལ། །བདག་གིས་བསྙེན་སྒྲུབ་ཟབ་མོ་ཐེམས། །རང་བྱུང་རིག་པའི་ལྷ་ཞལ་འཁུམས། །ད་ནི་མི་འབྲལ་བསྙེན་ལགས་ན། །བཀྲ་ཤིས་རྫས་མཆོག་ལ་བརྟེན་ནས། །ཐུན་མོང་ལས་བཞིའི་དངོས་གྲུབ་དང་། ཁྱད་པར་ཡེ་ཤེས་དབང་མཆོག་སྩོལ། །འཆི་མེད་གཡུང་དྲུང་ཚེ་ཐོབ་ནས། །འགྲོ་དོན་མཐར་ཕྱིན་འགྲུབ་པར་མཛོད། །ཨཱོྃ་ཡཾ་རཾ་ཁཾ་སུ་ཨེ་དྲུང་མུ་རཏ་ན་ཡེ་ལྷན་འདུ། ཞེས་རྫས་རྣམས་གཡས་སྐོར་གཡོན་སྐོར་དུ་རོལ། གསུམ་པ་གཏོར་མ་བསྐྱང་བ་ནི། བསྭོ། སྣང་སྲིད་ཡངས་པའི་གཏོར་གཞོང་དུ། །འདོད་ཡོན་རྒྱན་གྱི་གཏོར་མ་བཤམས། །ཟད་མེད་གཏེར་དུ་བྱིན་བརླབས་ཏེ། །སྐྱབས་གནས་སྲི་ཞུའི་མགྲོན་རྣམས་མཆོད། །ཚེ་དབང་འགྲུབ་པའི་བྱིན་རླབས་སྩོལ། །མགོན་པོ་ཡོན་ཏན་མགྲོན་རྣམས་བསྐང་། །བཀའ་ཡི་བསྟན་པ་གཉན་པོ་སྲུངས། །བགེགས་རིགས་ལན་ཆགས་མགྲོན་ལ་སྦྱིན། །གནོད་འཚེའི་གདུག་རྩུབ་ཞི་བར་གྱིས། །རིགས་དྲུག་སྙིང་རྗེའི་མགྲོན་ལ་བསྔོ། །སྡུག་བསྔལ་ཀུན་ཞི་བདེ་ཐོབ་ཤོག །ཨི་དམ་བྷ་ལིང་ཁཱ་ཧི། ཞེས་གཏོར་མ་ཕྱི་རོལ་དུ་འབུལ་ལ་གཏོར་བྲོ་ནི། བསྭོ། མ་རྟོགས་འཁྲུལ་པའི་ཕུང་པོ་ལ། །རིག་པ་ཡེ་ཤེས་བྲོ་ཆེན་བརྡུང་། །ང་བདག་འཛིན་པའི་བདུད་བཅོམ་ནས། །ཀུན་བཟང་ཐུགས་སུ་མཉམ་པར་སྦྱོར། །བསྭོ་ཁོད་དོ་སྤུངས་སོ་ཤ་ཏྲུཾ་མཱ་ར་ཡ་ནན། བཞི་པ་བཀྲ་ཤིས་ནི། ཨེ་མ་ཧོཿ འཇིགས་བྲལ་མི་མངའ་བདེ་ཆེན་དབྱིངས། །གསས་མཁར་གཞལ་ཡས་བཀྲ་ཤིས་ཤོག །སྟོང་ཞིང་བདག་མེད་སྤྲོས་མཐའ་བྲལ། ཁྱབ་བརྡལ་བོན་སྐུའི་བཀྲ་ཤིས་ཤོག །རང་བཞིན་མི་འགྱུར་ལྷུན་ལ་རྫོགས། །བདེ་ཆེན་ལོངས་སྐུའི་བཀྲ་ཤིས་ཤོག །གང་འདུལ་ཐབས་གྱིས་འགྲོ་བ་འདྲེན། །ཅིར་ཡང་སྤྲུལ་སྐུའི་བཀྲ་ཤིས་ཤོག །སྐྱེ་འཆི་གཉིས་སྤངས་འཆི་མེད་བརྙེས། ཁོད་སྤུངས་ཡབ་ཡུམ་བཀྲ་ཤིས་ཤོག །རྒྱུད་ལུང་མན་ངག་གཏེར་མཛོད་འཆང་། །རྩ་བརྒྱུད་བླ་མའི་བཀྲ་ཤིས་ཤོག །མཆོག་ཐུན་དངོས་གྲུབ་ཆར་དུ་འབེབ། །ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག །བར་ཆོད་སེལ་ཞིང་བསྟན་པ་སྲུང་། །མཁའ་འགྲོ་བཀའ་སྲུང་བཀྲ་ཤིས་ཤོག །ཕྱོགས་དུས་གནས་སྐབས་ཐམས་ཅད་དུ། །བཀྲ་ཤིས་བདེ་ལེགས་འཕེལ་རྒྱས་ཤོག །ལྔ་པ་གཤེགས་བསྡུ་ནི། སྔོན་གྱི་གཏེར་རྙིང་ལས་གཤེགས་བསྡུ་མ་གསུངས་པས་ཕྱག་རྒྱ་སྒོ་བཅད་ཀྱི་སྒྲུབ་པར་དོན་ལའང་གནས་མོད། ཕྱིས་ཀྱི་རྗེས་འབྲངས་འགས་སྤྱིའི་རིགས་ལས་ཡེ་ཤེས་པ་གཤེགས་ཀྱང་། འདིར་ནི་བླ་མེད་སྤྱི་མཐུན་ལྟར་ཡེ་ཤེས་ལ་རྟེན་ཡོད་ན་བརྟན་བཞུགས་བྱ། མེད་ན་དམ་ཡེ་ཆབས་ཅིག་འོད་གསལ་དུ་བསྡུ་སྟེ། ཨ། བདག་དང་སྣང་སྲིད་གཞལ་ཡས་ལྷ། །བསྐྱེད་པ་སྒྱུ་མའི་རྣམ་རོལ་ཀུན། །བདག་ཉིད་རིག་པའི་ཀློང་དུ་ཐིམ། །མ་བཅོས་ཁྱབ་བརྡལ་ཆེན་པོར་བཞག །ཨ་ཨཱོྃ་ཧཱུྃ་འདུས་ལེ་ལྷན། ཞེས་མ་བཅོས་རང་བྱུང་གི་ངོ་བོ་རྗེན་པར་བཞག་ལ། སླར་ལྷའི་ང་རྒྱལ་གྱིས་དགེ་བ་བསྔོ་ཞིང་སྨོན་ལམ་གདབ་བོ། ༈ །འདིའི་བསྙེན་པ་བྱེད་ན། ཐོག་མར་བདག་བསྐྱེད་ཁོ་ན་ལ་བརྟེན་ཏེ་བཟླས་པའི་གྲངས་ཚད་རབ་བྱེ་བ་བཞི། འབྲིང་བྱེ་བ་གཅིག་སྟེ་འབུམ་ཕྲག་བཅུ། ཐ་མ་འབུམ་ཕྲག་བཞི་བཟླ། རྟགས་སྤྱི་དང་མཚུངས། སྒྲུབ་པ་བྱེད་ན་ལས་བྱང་འདི་ལྟར་བདག་མདུན་གཉིས་ཆར་བཏང་ལ། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་འབུམ་ཕྲག་གིས་མཐའ་རྟེན་པའམ། ཞག་བདུན་ཡན་ཅི་འགྲུབ་བྱ། བཅུད་ལེན་གྱི་རིལ་བུ་སྒྲུབ་པའི་སྐབས་སུའང་འདི་ལྟར་སྦྲེལ་ན་ལེགས་སོ།། ༈ །།གཉིས་པ་ཚེ་དབང་གི་རིམ་པ་ནི། དཀྱིལ་འཁོར་དབང་རྫས་ཀྱི་གཤོམ་དང་། ཕྲིན་ལས་གཏང་ཚུལ་བཤད་མ་ཐག་པ་ལྟར་བྱས་ལ། བཟླས་པ་ཚེ་འགུགས་ཡན་སོང་བ་དང་། སློབ་མ་ལ་ཁྲུས་བྱ་སྟེ། ལས་བུམ་ཐོགས་ལ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་གྱེར་སྤུངས་དྲན་པ་དུང་གི་མདོག་ཅན་གསལ་བའི་ཐུགས་ཀ་ནས་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་བྱུང་སྟེ། ཁྱེད་རང་རྣམས་ཀྱིས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སང་གིས་དག་པར་མོས་ཤིག །ཨཱོྃ། ཁོད་སྤུངས་ཐུགས་ལས་འོད་ཤར་བའི། །ཡེ་ཤེས་རྒྱུན་གྱི་ཆུ་བོ་ཡིས། །ཉོན་མོངས་བག་ཆགས་སྡིག་སྒྲིབ་བཀྲུ། །ཤེལ་གོང་བཞིན་དུ་དག་གྱུར་ཅིག །ཅེས་དང་ཡིག་བརྒྱ་བརྗོད་ལ་ཁྲུས་བྱ། བདག་ཉིད་ཁོད་སྤུངས་ཆེན་པོའི་ཐུགས་ལས་འོད་ཟེར་མེ་རི་ཐོག་མཚོན་དཔག་ཏུ་མེད་པ་འཕྲོས། ཕྱི་ནང་གསང་བའི་བར་གཅོད་ཐམས་ཅད་ཚར་བཅད་པར་གྱུར། བསྭོ། ང་ནི་གཡུང་དྲུང་ཚེ་ཡི་ལྷ། །སོགས་ཀྱིས་མཚམས་བཅད་ལ་སྟོང་ཉིད་ཀྱི་ལྟ་བས་བསྲུང་། སེམས་བསྐྱེད་གསལ་གདབ་སོགས་བྱས་ཏེ། དེ་ལ་སྐབས་སུ་བབས་པའི་ལོ་རྒྱུས་ཅུང་ཟད་བསྙད་ན། ཁོད་སྤུངས་དྲན་པ་ནམ་མཁའ་ཞེས་བྱ་བའི་འཆི་མེད་ཀྱི་རིག་འཛིན་ཆེན་པོ་འདི་ཉིད་གདུལ་དཀའི་འགྲོ་བ་མང་པོ་འདུལ་བའི་ཕྱིར་དུ་སངས་རྒྱས་ཀྱི་ཐུགས་ལས་སྤྲུལ་པའི་སྐུར་བྱོན་པ་སྟེ། ནུབ་ཕྱོགས་སྟག་གཟིག་གི་ཡུལ་དུ་བརྫུས་ཏེ་འཁྲུངས་པའི་ཚེ་ཁྱེའུ་དག་པ་དྲི་མེད་ཅེས་གྲགས། ཞང་ཞུང་ཁྱུང་ལུང་དངུལ་མཁར་དུ་སྐུའི་སྐྱེ་བ་མི་རུ་བསྟན་པའི་ཚེ་གྱེར་སྤུངས་དྲན་པ་ནམ་མཁའ་ཞེས་པའི་མཚན་གསོལ་ཅིང་། ཞང་བོད་མཁས་པ་རྣམས་ལས་བློ་སྦྱངས་པའི་ཚེ་མཁས་ཆེན་རྫུ་འཕྲུལ་ཡེ་ཤེས་ཞེས་ཀྱང་གྲགས། ཨོ་རྒྱན་གྱི་དུར་ཁྲོད་གནས་བརྒྱད་དུ་ཁྲག་འཐུང་དཔའ་བོ་བརྒྱད་ཀྱི་སྐུར་བཞེངས་ཏེ་སྡེ་བརྒྱད་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས། རྒྱ་གར་ཡུལ་དུ་རོམ་བུ་གུ་ཧྱ་ཙནྡྲ་སོགས་མཁས་པ་དགུ་ལ་གཏུགས་ཤིང་མུ་སྟེགས་ཀྱི་རྩོད་པ་བཟློགས་ནས་སངས་རྒྱས་བསྟན་པ་སྤེལ་བའི་ཚེ་གྲུབ་ཆེན་བིརྺ་པ་ཞེས་སུ་གྲགས། འཆི་མེད་ཚེའི་གྲུབ་པ་བརྙེས་ཏེ་ཚེ་ལ་དབང་བའི་རིག་པ་འཛིན་པའི་གཟུགས་ཀྱིས་འགྲོ་དོན་རྒྱུན་ཆད་མེད་པར་མཛད། མཁའ་འགྲོ་འོད་ལྡན་འབར་མ་དང་ཐབས་ཤེས་ཟུང་དུ་སྦྲེལ་ནས་འགྲོ་བའི་དོན་དུ་འཆི་མེད་རིག་འཛིན་སྤྲུལ་པའི་སྐུ་མཆོག་རྣམ་གཉིས་བསྐྲུན་པའི་ཚུལ་ཡང་བསྟན། བོད་ཡུལ་མངའ་བདག་ཆོས་སྐྱོང་རྒྱལ་པོའི་མཆོད་གནས་སུ་ཕེབ་སྟེ། ཨོ་རྒྱན་ཆེན་པོ་པདྨ་ཐོད་ཕྲེང་ལས་གདམས་པའི་བདུད་རྩི་གསོལ་ཞིང་བཀའ་བབས་གྲུབ་ཆེན་ཉེར་ལྔའི་སྡེར་ཡང་བཞུགས་པའི་ཚུལ་བསྟན་པས་མཚོན། བསམ་གྱིས་མི་ཁྱབ་པའི་རྣམ་ཐར་ནམ་མཁའ་ལྟ་བུའི་བདག་ཉིད་ཅན་ཡིན་ལ། དེ་ཉིད་སྒྲུབ་པའི་ཐབས་ཀྱི་བྱེ་བྲག་བཀའ་གཏེར་གྱི་སྲོལ་ཀ་མང་དུ་བཞུགས་པ་ལས། ཟབ་འདྲིལ་ཁྱད་པར་དུ་འཕགས་པའི་ཚེ་སྒྲུབ་འདི་ནི། སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་ལ་ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས་ཀྱིས་གསེར་གྱི་མཎྜལ་ཕུལ་ཏེ་ཆེད་དུ་གསོལ་བ་བཏབ་པའི་ངོར་གནང་ཞིང་དགོངས་པའི་ཀློང་དུ་གཏེར་རྒྱས་བཏབ་པ། དེང་སང་སྨོན་ལམ་གྱི་དུས་ལ་བབས་པའི་ཚེ་ལང་གྲོ་ལོ་ཙཱའི་ཡེ་ཤེས་ཀྱི་སྒྱུ་འཕྲུལ་སྤྲུལ་པའི་གཏེར་ཆེན་མི་ཤིགས་གཡུང་དྲུང་འབྱུང་གནས་རྩལ་གྱིས་རྗེས་སུ་དྲན་པའི་ཆོ་འཕྲུལ་ངོ་མཚར་རྨད་དུ་བྱུང་བས་གཏན་ལ་ཕབ་སྟེ། སྐལ་ལྡན་འགའ་ཞིག་ལ་ཐུན་མོང་མ་ཡིན་པར་བསྩལ་བའི་གདམས་ངག་ཟབ་མོ་བྱིན་རླབས་ཁྱད་པར་དུ་འཕགས་པའི་ཚེ་སྒྲུབ་བཻ་རོའི་ཐུགས་ཏིག་གསང་བའི་རྒྱ་ཅན་གྱི་དབང་བསྐུར་བ་ཡིན་པས། ཐོག་མར་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་མཎྜལ་འབུལ་དུ་གཞུག །བླ་མ་དང་མདུན་གྱི་ལྷ་དབྱེར་མེད་པ་ཁོད་སྤུངས་ཆེན་པོ་འཆི་མེད་དྲན་པ་ཚེ་དབང་རྩལ་ཡབ་ཡུམ་ལ་སྐྱབས་ཡུལ་རབ་འབྱམས་ཀྱིས་བསྐོར་ནས་བཞུགས་པ་ལ། བདག་སོགས་སེམས་ཅན་ཐམས་ཅད་ཅི་མཛད་ཁྱེད་ཤེས་ཀྱི་དད་གུས་དྲག་པོས་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་དང་། རྒྱུད་བྱིན་གྱིས་རློབ་ཅིང་དབང་མཆོག་བསྐུར་བའི་གསོལ་བ་འདེབས་པ་དང་། ཕ་མ་འགྲོ་དྲུག་རྣམས་སངས་རྒྱས་ཀྱི་ས་ལ་དགོད་པའི་ཕྱིར་འཆི་མེད་ཚེའི་སྨིན་གྲོལ་ཟབ་མོའི་སྒོར་ཞུགས་པར་སེམས་བསྐྱེད་ལ་ཆོ་གའི་ལད་མོ་མཛོད་ཅིག །བསྭོ་ཨཱོྃ༔ དཀོན་མཆོག་གསུམ་གྱི་སོགས་ལས་བྱང་ལྟར་ལན་གསུམ། དེ་རྣམས་ཀྱིས་སྔོན་འགྲོ་དབང་གིས་ལམ་སྒོ་འབྱེད་པ་སོང་། དངོས་གཞིའི་དབང་རྣམས་རྫོགས་པར་བསྐུར་བ་ལ། སྨིན་བྱེད་ཀྱི་བཅུད་ཆགས་པའི་རྟེན་དུ་ཡེ་ཤེས་ལྷའི་བྱིན་རླབས་རྒྱུད་ལ་དབབ་དགོས་པས་ཡིད་རྩེ་གཅིག་པས་དམིགས་པ་འདི་ལྟར་སྒོམས་ཤིག །སྟོང་པའི་ངང་ལས་པདྨ་ཉི་ཟླ་བརྩེགས་པའི་གདན་ལ། ཁྱེད་རང་རྣམས་ཁོད་སྤུངས་དྲན་པ་འཆི་མེད་ཚེའི་ལྷ་སོགས་མདུན་བསྐྱེད་ལྟར་གསལ་གདབ་པ་ནས། སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་གཉིས་མེད་དུ་ཐིམ་པར་གྱུར་པའི་འདུན་པ་གྱིས་ཤིག །སྤོས་རོལ་དབྱངས་ཀྱིས་བསྐུལ་ཏེ། ཨཱོྃ། མི་འགྱུར་སྐུ་གསུམ་སོགས་ནས། གཤེགས་ནས་ཀྱང་། །སྐལ་ལྡན་རྣམས་ལ་བྱིན་གྱིས་རློབས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཅེས་དང་སྔགས་བརྗོད་ལ་བྱིན་དབབ་བོ། །དེ་ནས་དབང་དངོས་གཞི་བསྐུར་བ་ལ་ཐོག་མར་གསོལ་བ་འདེབས་པ་འདིའི་ལད་མོ་གྱིས། ཀྱེ། འགྲོ་བའི་མགོན་པོ་བླ་མ་རྗེ། །ཐུགས་རྗེས་བདག་ལ་དགོངས་སུ་གསོལ། །བདག་ཉིད་ལས་དང་སྐལ་བར་ལྡན། །ཚེ་ཡི་དབང་མཆོག་བསྩལ་དུ་གསོལ། །ལན་གསུམ། བླ་མས། ངོ་མཚར་སྐལ་ལྡན་རིགས་ཀྱི་བུ། ཁྱོད་ནི་ལས་དང་སྐལ་ལྡན་ཕྱིར། །དབང་མཆོག་གང་ཡིན་སྦྱིན་པར་བྱ། །ཞེས་གནང་བ་སྦྱིན། དབང་དངོས་གཞི་ལ་ཕྱི་ནང་གསང་བ་ཁྱད་པར་དོན་གྱི་དབང་དང་བཞི་ཡོད་པ་ལས། དང་པོ་ཕྱི་བརྒྱུད་པའི་བླ་མའི་དབང་བསྐུར་བ་ནི། མི་མངོན་དབྱིངས་ནས་རྩ་བརྒྱུད་བླ་མ་རྣམས་ནམ་མཁའ་ལ་སྤྲིན་གཏིབས་པ་ལྟར་བྱོན་ནས། ཁྱེད་རང་རྣམས་ལ་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པའི་འདུན་པ་གྱིས་ཤིག །བླ་བརྒྱུད་ཙཀླི་མགོར་བཞག་ལ། ཨེ་མ་ཧོཿ འོག་མིན་དབྱིངས་ནས་འཆི་མེད་སྐུ་རུ་བསྟན། ཁོད་སྤུངས་དྲན་པའི་སྐུ་ལ་གསོལ་བ་འདེབས། །མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུངས་ལ། །གཡུང་དྲུང་ཚེ་ཡི་དབང་བསྐུར་བསྩལ་དུ་གསོལ། །ཞེས་བརྒྱུད་འདེབས་ལྟར་གཏང་། གཉིས་པ་ནང་ཡི་དམ་ལྷའི་དབང་བསྐུར་བ་ནི། འཆི་མེད་ཚེ་བདག་དྲན་པ་ཡབ་ཡུམ་འཁོར་དང་བཅས་པ་མཁའ་སྤྱོད་བདེ་ཆེན་གྱི་གནས་ནས་ཆར་བབས་པ་ལྟར་བྱོན་ནས། ཁྱེད་རང་རྣམས་ལ་ཐིམ་པས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷ་སྐུ་རིག་སྟོབས་ཡེ་ཤེས་སུ་གྲོལ་བའི་འདུན་པ་མཛོད། གཙོ་བོའི་སྐུ་ཙཀ་མགོར་བཞག་ལ། བསྭོ་ཨཱོྃ། བདེར་གཤེགས་རིག་འཛིན་སོགས་བསྟོད་པ་ལྟར་ལ། འཆི་མེད་ལྷ་མཆོག་འཁོར་བཅས་ཀྱིས། །སྐལ་ལྡན་བུ་ལ་དབང་མཆོག་སྐུར། །གཡུང་དྲུང་ཚེ་ཡི་དངོས་གྲུབ་སྩོལ། །ཅེས་དང་སྙིང་པོ་བརྗོད། གསུམ་པ་ཚེ་བུམ་འབྲང་རྒྱས་ཀྱི་དབང་བསྐུར་བ་ནི། ཚེའི་འབྲང་རྒྱས་གཡུང་དྲུང་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་གི་ནང་དུ། ཚེ་བདག་ཁོད་སྤུངས་འཆི་མེད་རིག་འཛིན་ཆེན་པོ་ཡབ་ཡུམ་འཁོར་དང་བཅས་ཏེ་བཞུགས་པ་ལ་དད་གུས་དྲག་པོས་ཐུགས་རྒྱུད་བསྐུལ་བས། ཐུགས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། འཁོར་འདས་ཀྱི་ཚེ་བཅུད་མ་ལུས་པ་བདུད་རྩི་འོད་ཟེར་གྱི་རྣམ་པས་ཕྱག་གི་བུམ་པར་བསྡུས་ཏེ་ཞུ་ཞིང་ཁོལ། བུམ་པའི་ཁ་ནས་བདུད་རྩིའི་རྒྱུན་ངང་ལྷུད་ཀྱིས་བབས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་དབང་བཞི་གཅིག་ཅར་དུ་རྫོགས། སྐྱེ་ཤི་མེད་པའི་ཚེ་ཐོབ། འགྱུར་བ་མེད་པའི་གཡུང་དྲུང་གི་སྐུར་གྱུར་པའི་འདུན་པ་མཛོད་ཅིག །ཚེ་འབྲང་མགོར་བཞག་ལ། བསྭོ་ཨཱོྃ༔ རང་བྱུང་ཁྱུང་ལུང་དངུལ་མཁར་ནས༔ འཆི་མེད་དྲན་པ་ཚེ་དབང་རྩལ༔ སྔོན་གྱི་ཐུགས་དམ་རྗེས་དགོངས་ལ༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ སྙིང་པོ་བརྗོད། བརྟན་གཡོའི་བཅུད་དང་དྭངས་མ་བསྡུས་པའི་ཚེ་ཆང་བདུད་རྩི་གསོ་བྱེད་སྨན་གྱི་རྒྱུན་དང་། བཀྲ་ཤིས་དངོས་གྲུབ་ཀྱི་རྫས་མཆོག་རྣམས་ཀྱིས་ཞལ་བསྲོས་པས་རྩ་རླུང་བྱང་སེམས་ཀྱི་དྭངས་མ་སྟོབས་སུ་གྱུར། འཆི་བ་མེད་པ་ཚེ་ལ་དབང་བའི་རིག་པ་འཛིན་པའི་དངོས་གྲུབ་བརྙེས་པར་བསམ་ཞིག །ཚེ་ཆང་སྦྱིན་ལ། བསྭོ་ཨཱོྃ༔ གཏའ་ཆེན་བདུད་རྩི་སྨན་གྱི་མཚོ༔ ར་སཱ་ཡཱ་ནཾ་ཚེ་ཡི་རྫས༔ སྐལ་ལྡན་བུ་ལ་སྦྱིན་པ་ཡིས༔ རྩ་རླུང་བྱང་སེམས་འཕེལ་བར་ཤོག༔ སྙིང་པོ་བརྗོད། རིལ་བུ་དང་རྫས་རྣམས་སྦྱིན་ལ། བསྭོ་ཨཱོྃ༔ དངོས་གྲུབ་ཚོགས་ཀྱི་ལོངས་སྤྱོད་འདི༔ ཚེ་ཡི་བདུད་རྩིར་བྱིན་བརླབས་ནས༔ སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ འཆི་མེད་རིག་འཛིན་འགྲུབ་པར་ཤོག༔ སྔགས་བརྗོད། བཞི་པ་ཁྱད་པར་ངོ་སྤྲོད་དོན་གྱི་དབང་བསྐུར་བ་ནི། རྩ་བའི་གསུང་འདི་ལ་གསན་ཏེ་རང་སེམས་གཉུག་མ་ཁྱབ་བརྡལ་ཆེན་པོའི་ངང་དུ་མ་བཅོས་པར་ཞོག་ཅིག །མདུན་གྱི་བླ་མ་རང་ལ་བསྟིམ༔ རང་སེམས་སྐྱེ་མེད་ངང་དུ་བཞག༔ དེ་ཚེ་བོན་རྣམས་ཐམས་ཅད་ཀུན༔ སེམས་སྣང་ཡིན་ཏེ་རྨི་ལམ་འདྲ༔ སེམས་ཉིད་ཅི་ཡང་མ་ཡིན་པར༔ ཅིར་ཡང་འཆར་ཏེ་འཇའ་ཚོན་འདྲ༔ ངོ་བོ་སྟོང་པ་བོན་གྱི་སྐུ༔ རང་བཞིན་གསལ་བ་རྫོགས་པའི་སྐུ༔ ཐུགས་རྗེའི་རྩལ་སྣང་སྤྲུལ་པའི་སྐུ༔ སྐུ་གསུམ་ཡེ་ནས་རང་ལ་གནས༔ མི་འགྱུར་འཕོ་མེད་བརྡལ་བ་ཆེ༔ འདི་ནི་རྒྱུ་རྐྱེན་ལས་འདས་ཕྱིར༔ ས་ཡིས་མི་ནོན་ཆུས་མི་ཞིག༔ མེས་བསྲེག་རླུང་གིས་གཏོར་དུ་མེད༔ སྐྱེ་མེད་གནས་མེད་འགག་པ་མེད༔ འཆི་འཕོ་ཐམས་ཅད་རྣམ་རྟོག་སྟེ༔ རྟོག་མེད་གཉུག་མའི་དོན་མཐོང་ནས༔ གོམས་པ་ཀློང་དུ་གྱུར་པ་ན༔ འཆི་མེད་དྲན་པ་ཚེ་འདིར་འགྲུབ༔ ཅེས་གསུངས་པའི་དོན་ལ་རྟག་ཏུ་མཉམ་པར་བཞག་པས་གདོད་ནས་སྐྱེ་ཤི་མེད་པའི་དོན་རྟོགས་ཏེ་སྐུ་གསུམ་མངོན་དུ་འགྲུབ་པར་འགྱུར་རོ། །དེས་དངོས་གཞིའི་དབང་བསྐུར་གྲུབ་ནས། མཐར་ཕྱིན་པ་རྗེས་ཀྱི་བྱ་བ་ལ་དེ་ལྟར་འཆི་མེད་ཚེའི་དབང་དང་དངོས་གྲུབ་ཆེན་པོ་ཐོབ་པ་དེ་ཉིད། ནམ་དུའང་ཉམས་པ་མེད་པར་རང་རིག་སྐྱེ་མེད་ཀྱི་དབྱིངས་སུ་འགྱུར་མེད་གཡུང་དྲུང་གི་ཕྱག་རྒྱས་བཏབ་པའི་འདུན་པ་གྱིས་ཤིག །མཚོན་བྱེད་གཡུང་དྲུང་ངམ་རྡོ་རྗེ་སྙིང་གར་བཞག་ལ། ཨ༔ སྤྲོས་པས་སྣང་སྲིད་ཁྱབ་པའི་ཚེ༔ བསྡུས་པས་ཐིག་ལེ་ཉག་གཅིག་དབྱིངས༔ འཆི་མེད་གཡུང་དྲུང་ཕྱག་རྒྱས་གདབ༔ མི་འགྱུར་མི་ཤིགས་སྐྱེ་འཆི་བྲལ༔ ཨ་ཨ་ཨ༔ བླ་མ་རིག་འཛིན་ཚེ་ལྷ་ནམ་མཁའ་གང་བས་བཀྲ་ཤིས་པའི་བདེན་ཚིག་བརྗོད་ཅིང་མེ་ཏོག་ཆར་དུ་བསྙིལ་བས་འཆི་མེད་རྟག་པ་དམ་པའི་དགེ་ལེགས་ཀྱི་སྣང་བ་རབ་ཏུ་འཕེལ་ཞིང་རྒྱས་པར་གྱུར། མེ་ཏོག་འཐོར་ལ་ཤིས་བརྗོད་དང་། བསྭོ་ཨཱོྃ༔ ན་མོ༔ འཆི་མེད་དྲན་པ་ཡབ་སྲས་སོགས་རྩ་བ་དང་བརྒྱུད་པར་བཅས་པའི་དབོན་གསས་བླ་མ་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས༔ རིགས་ཀྱི་བུ་འདི་རྣམས་ཚེ་ཉི་ཟླ་དང་མཉམ་པར་གྱུར་ཅིག༔ སྲོག་གཡུང་དྲུང་ལྟར་བརྟན་པར་གྱུར་ཅིག༔ ནད་མེད་ལང་ཚོའི་མཆོག་དང་ལྡན་པར་གྱུར་ཅིག༔ ལོངས་སྤྱོད་ཆུ་བོའི་རྒྱུན་ལྟར་རིང་བར་གྱུར་ཅིག༔ མཐར་ཐུག་རིག་རྩལ་འཆི་མེད་ཐིག་ལེ་ཆེན་པོའི་ཀློང་དུ་གྲོལ་བར་གྱུར་ཅིག༔ ཅེས་བརྗོད་པས་དབང་བསྐུར་ལེགས་པར་འགྲུབ། རྩ་གཞུང་དངོས་བསྟན་ལ་ཁ་སྐོང་མི་བྱེད་ན། བརྒྱུད་པའི་བླ་མ་དང་ལྷ་དབང་བཅས་བཞག་པས་འཐུས་ལ། དབང་གྲངས་གསོག་བྱེད་ན། ཞལ་བསྲོའི་བཟའ་བཏུང་སྦྱིན་པ་ཡན་རྒྱས་པ་ཚར་གཅིག་སོང་ནས། ཚེ་འབྲང་དང་ཚེ་རྫས་སྦྱིན་པའི་ཤྭ་ལོ་ཀ་གཉིས་ཀྱི་རྗེས་སུ་སྨོན་ལམ་ཚིག་ལྷུག་ཚར་རེ་བརྗོད་པ་ལ་གྲངས་གཟུང་། རྫོགས་ནས་ངོ་སྤྲོད་ཕྱིན་རྒྱས་པར་བྱ། གོང་ལྟར་མཇུག་གཏང་རག་མཎྜལ་སོགས་རྗེས་སྤྱི་ལྟར་དང་། དགའ་སྟོན་ཚོགས་ཀྱི་འཁོར་ལོ་ཡང་ལས་བྱང་ལྟར་ལ། སྤྲོས་འབྱོར་ཆེ་ན་སློབ་མ་རྣམས་ཆབས་ཅིག་ཚོགས་ནས་ལོངས་སྤྱད། དངོས་གྲུབ་བླང་བ་དབང་གི་སྐབས་དགོས་ངེས་མེད་ཅིང་གཏོར་སྐྱོང་ཕྱིན་གྱི་མཇུག་བསྡུ་རྣམས་ཀྱང་མཐར་ཆགས་སུ་བྱས་པས་འགྲུབ་བོ། །འདི་ལ་གཏེར་གཞུང་ཉིད་ལ་བཟླས་སྒོམ་ཙམ་ལས་འདོན་ཆ་མི་གསལ་ཡང་དངོས་དང་ཤུགས་ལས་བསྟན་ཅིང་། ཁྱབ་བདག་བླ་མ་རིན་པོ་ཆེའི་ཞལ་སྔ་ནས་འདི་ལྟར་འོས་པའི་བཀའ་ལུང་དངོས་སུ་བསྩལ་པ་ལྟར། དྲན་པའི་སྒྲུབ་སྐོར་ཆེན་མོ་དབོན་གསས་ཁྱུང་རྒོད་རྩལ་ལམ་རིག་འཛིན་རྒོད་ལྡེམ་ཅན་གྱིས་ཟང་ཟང་ལྷ་བྲག་གི་སྙིང་མཛོད་སྨུག་པོ་ནས་བཏོན་པའི་ཚེ་སྒྲུབ་ཀྱི་དབང་ལུང་ཡང་ལེགས་པར་ཐོབ་པས་དེ་ཉིད་ཁུངས་སུ་བྱས་ཏེ། ཕྱག་ལེན་རྙིང་པ་དང་མཐུན་རུང་དུ་སྦྱར་བའོ། །འཕྲལ་ཡུན་འཆི་བདག་གཡུལ་ལས་རྣམ་པར་རྒྱལ། །འཆི་མེད་ཁོད་སྤུངས་ཆེན་པོའི་གསང་བ་གསུམ། །བདེ་བླག་ཉིད་འགྲུབ་འགྲོ་ཀུན་དབུགས་འབྱིན་པའི། །ཚེ་དབང་བདུད་རྩིའི་རྒྱུན་ཆེན་འབེབ་བྱེད་ཤོག །ཅེས་རིན་ཆེན་གཏེར་གྱི་མཛོད་ཆེན་པོར་དགོས་འབྱུང་དབྱིག་གི་སྙིང་པོ་རྣམས་ཀྱིས་རིམ་པར་འགེངས་པའི་སྐབས་སུ་ཉེ་བར་མཁོ་བའི་ཆ་རྐྱེན་དུ་གྱུར་ཏེ། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་འབྱོར་དྲུག་རྒྱས་པའི་དུས་ཚེས་བཟང་པོ་ལ་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བཀོད་པ་དགེ་ལེགས་འཕེལ།། །།
སྡེ་བརྒྱད་འཇོམས་བྱེད་ལོཀྟྲི་པཱ་ལ་ལས༔ དྲག་པོ་གནམ་ཐོག་གི་རྒྱུད་ (Volume 34, Text 6)
༄༅༔ སྡེ་བརྒྱད་འཇོམས་བྱེད་ལོཀྟྲི་པཱ་ལ་ལས༔ དྲག་པོ་གནམ་ཐོག་གི་རྒྱུད་བཞུགས༔ སཱ་མཱ་ཡཱ༔ རྒྱ་གར་སྐད་དུ༔ བྷི་ཙ་ཀ་ར་ནཱ་མ་ཏནྟྲ༔ བོད་སྐད་དུ༔ དྲག་པོ་གནམ་ཐོག་གི་རྒྱུད་ཅེས་བྱ་བ༔ དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན༔ བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལྕང་ལོ་ཅན་གྱི་ཕོ་བྲང་ན༔ ལྷ་སྲིན་འདུལ་བའི་ཏིང་ངེ་འཛིན་ལ་བཞུགས་ནས་གནས་པའི་ཚེ༔ སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི༔ འཇིག་རྟེན་མགོན་པོ་དང༔ ས་བདག་གི་ཚོགས་དང༔ ཀླུའི་ཚོགས་དང༔མ་མོའི་ཚོགས་དང༔ བཙན་གྱི་ཚོགས་དང༔ བདུད་ཀྱི་ཚོགས་དང༔ གཟའི་ཚོགས་དང༔ རྒྱལ་པོའི་ཚོགས་དང༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དེར་ལྷགས་སོ༔ དེ་ནས་དཔལ་ཕྱག་ན་རྡོ་རྗེས་སྲོག་དབང་དུ་སྡུད་པའི་ཏིང་ངེ་འཛིན་ལ་བཞུགས་ནས་སྔགས་འདི་འབྲུག་སྟོང་ལྡིར་བ་བཞིན་བརྗོད་དེ༔ ཨོཾ་ལོཀ་ཏྲི་པཱ་ལ་ནན༔ ས་ག་པཱ་ཤ་ནན༔ ནཱ་ག་དུ་དུ་ནན༔ མ་མམ་མ་མམ༔ ཙིར་ཙར་ཙིར་ཙར༔ བམ་རུ་ལུ་བམ་རུ་ལུ༔ རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ༔ ཧོ་ར་ཧོ་ར་ཞེས་བརྗོད་པས༔ ལྷ་མ་སྲིན་སྡེ་བརྒྱད་བརྒྱལ་ཅིང་རེངས་པར་གྱུར་ཏོ༔ བརྒྱལ་སངས་ནས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ༔ ཀྱེ་དཔལ་ཆེན་ཕྱག་ན་རྡོ་རྗེའི་སྐུ༔ བདག་ཅག་སྡེ་བརྒྱད་འཁོར་དང་བཅས༔ བཀའ་དབབ་མི་འཚལ་འབངས་སུ་མཆི༔ འབངས་ལ་ནན་ཏན་མ་ཆུང་ཞིག༔ ཅེས་བྲན་བཞིན་དུ་བཀའ་ཉན་པར་གྱུར་ཏོ༔ དེ་ནས་ཡང་ལྷ་མ་སྲིན་སྡེ་བརྒྱད་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ༔ ཀྱེ་དཔལ་ཆེན་ཕྱག་ན་རྡོ་རྗེའི་སྐུ༔ བདག་ཅག་སྡེ་བརྒྱད་འཁོར་དང་བཅས༔ གདུག་པའི་མཐུ་དང་ལྡན་གྱུར་ཏེ༔ འགྲོ་བའི་མི་ལ་གནོད་འཚེ་བས༔ བསད་དང་བསྲུང་བའི་ལས་རྣམས་ཀུན༔ རིམ་པ་བཞིན་དུ་བསྟན་དུ་གསོལ༔ ཞེས་ཞུས་སོ༔ དྲག་པོ་གནམ་ལྕགས་ཐོག་གི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོ་འོ༔ དེ་ནས་ཡང་དག་བཤད་བྱ་བ༔ བསད་དང་དགྲ་བགེགས་འདུལ་བ་དང༔ བསྲུང་བའི་ལས་རྣམས་འདི་ལྟར་བྱ༔ དང་པོ་དབེན་པའི་གནས་དག་ཏུ༔ མཎྜལ་འདོམ་གང་གྲུ་བཞི་ལ༔ དབུས་སུ་མཐིང་ནག་གྲུ་གསུམ་པ༔ བང་རིམ་གསུམ་དང་ལྡན་པ་བརྩེག༔ ར་ཁྲག་དག་གིས་ཆག་ཆག་གདབ༔ གྲུ་གསུམ་དུག་དང་ཁྲག་གིས་བྱུག༔ རབས་ཆད་ནག་པོའི་ཐོད་པ་རུ༔ སྤྱང་ཀིའི་ལྕེ་ནང་ལིངྒ་གཞུག༔ རབས་ཆད་ཐོད་པར་ལྕེ་བཅུག་ལ༔ རང་ཉིད་ཕྱག་ན་རྡོ་རྗེ་ནི༔ སྐུ་མདོག་མཐིང་ནག་འབར་བ་ལ༔ གཡས་ན་རྡོ་རྗེ་རྩེ་ལྔ་བསྣམས༔ གཡོན་པ་དྲིལ་བུ་དཀུ་ལ་བརྟེན༔ སྦྲུལ་ཆེན་རིགས་བཞིས་སྐུ་ལ་བརྒྱན༔ སྐུ་སྨད་སྟག་གི་ཤམ་ཐབས་ཅན༔ དེ་ཡི་སྐུ་རུ་བདག་བསྒོམས་ལ༔ ཡུངས་དཀར་ཡུངས་ནག་སྐེ་ཚེ་དང༔ ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་ལ༔ བརྒྱ་བརྒྱ་བསྔགས་ཤིང་གཟུགས་ལ་བརྡེག༔ རབ་ནི་ཞག་བདུན་དག་གིས་འགྲུབ༔ འབྲིང་ནི་བཅུ་བཞི་དག་གིས་འགྲུབ༔ ཐ་མ་ཉི་ཤུ་རྩ་གཅིག་གིས༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ བྱ་དང་ཁྱི་ལ་བཏབ་ན་ཡང༔ ལིང་གིས་སོང་ན་འགྲུབ་པའི་རྟགས༔ དེ་ཚེ་གང་བྱེད་ལས་ལ་སྦྱར༔ ཞེས་གསུངས་སོ༔ དྲག་པོ་གནམ་ཐོག་གི་རྒྱུད་ལས་སྒྲུབ་པའི་ལེའུ་སྟེ་གཉིས་པའོ༔ དེ་ནས་ཡང་དག་བཤད་བྱ་བ༔ དྲག་པོ་ལས་ཀྱི་སྔགས་རྣམས་ལ༔ ཨོཾ་ལོཀྟྲི་པཱ་ལ་ནན༔ ས་ག་པཱ་ཤ་ནན༔ ནཱ་ག་དུ་དུ་ནན༔ མ་མམ་མ་མམ༔ ཙིར་ཙར་ཙིར་ཙར༔ བམ་རུ་ལུ་བམ་རུ་ལུ༔ རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ༔ ཧོ་ར་ཧོ་ར༔ ཙི་དུ་སོད་ཙི་དུ་སོད༔ ཤིགས་ལྷུ་རུ་གཏུབས༔ ཧ་ལ་པ་ཏི་ནན༔ འཁོར་བ་ཐུལ༔ ཆེ་གེ་མོའི་ཀཱ་ཝཱ་ཙི་བརླག་བརླག༔ ཅེས་བཟླས་སོ༔ ལོཀ་ཏྲི་པཱ་ལ་ནན་ཅེས་པ༔ བར་ན་ཡིག་འབྲུ་ལྔ་གནས་པ༔ འཇིག་རྟེན་མགོན་པོའི་སྲོག་སྙིང་ཡིན༔ ས་ག་པཱ་ཤ་ནན་ཅེས་པ༔ བར་ན་ཚེག་བར་ལྔ་གནས་པ༔ ས་བདག་རྣམས་ཀྱི་སྲོག་སྙིང་ཡིན༔ ནཱ་ག་དུ་དུ་ནན་ཅེས་པ༔ བར་ན་ཡིག་འབྲུ་ལྔ་གནས་པ༔ གདུག་པ་ཀླུ་ཡི་སྙིང་པོ་ཡིན༔ མ་མམ་མ་མམ་ཞེས་པ་ནི༔ བར་ན་ཡིག་འབྲུ་བཞི་གནས་པ༔ སྲིད་པ་མ་མོའི་སྲོག་སྙིང་ཡིན༔ ཙིར་ཙར་ཙིར་ཙར་ཞེས་པ་ནི༔ འབྲུ་བཞི་བཙན་གྱི་སྲོག་སྙིང་ཡིན༔ བམ་རུ་ལུ་བམ་རུ་ལུ་ཞེས་པ་ནི༔ འབྲུ་དྲུག་བདུད་ཀྱི་སྲོག་སྙིང་ཡིན༔ རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ༔ འབྲུ་བཅུ་སྲིད་པ་གཟའི་སྲོག་སྙིང་ཡིན༔ ཧོ་ར་ཧོ་ར་ཞེས་པ་ནི༔ འབྲུ་བཞི་སྲིད་པའི་རྒྱལ་པོའི་སྲོག་སྙིང་ཡིན༔ ཙི་དུ་སོད་ཙི་དུ་སོད་ཅེས་པ་ནི༔ གང་དམིགས་སྙིང་ཕྱུང་སྲོག་གཅོད་པའོ༔ ཤིགས་ལྷུ་རུ་གཏུབས་ཞེས་པ་ནི༔ ལུས་ཤིགས་ལྷུ་རུ་གཏུབས་ཞེས་པའོ༔ ཧ་ལ་པ་ཏི་ནན་ཞེས་པ་ནི༔ སྡེ་བརྒྱད་དབང་དུ་སྡུས་ཤིག་ཅེས་པའོ༔ འཁོར་བ་ཐུལ་ཞེས་པ་ནི༔ སྣང་སྲིད་སྡེ་བརྒྱད་ཐུལ་ཅིག་ཅེས་པའོ༔ ཀཱ་ཝཱ་ཙི་བརླག་བརླག་ཅེས་པ་ནི༔ འབྱུང་པོ་རྡུལ་དུ་བརླག་པར་གྱིས་ཤིག་ཅེས་པའོ༔ དེ་ནས་སྔགས་ཀྱི་ཤམ་བུ་ལ༔ སྦྱོང་བའི་དུས་སུ་བཾ་ཞེས་གདགས༔ སྲེག་པའི་དུས་སུ་རཾ་ཞེས་གདགས༔ གཏོར་བའི་དུས་སུ་ཡཾ་ཞེས་གདགས༔ མནན་པའི་དུས་སུ་ནན་ཞེས་གདགས༔ ཐོག་མཐའ་ཨོཾ་དང་བརླག་བཞག་ནས༔ བར་ནན་རོ་དགུའི་གྲངས་གནས་པ༔ སྡེ་བརྒྱད་སྲོག་སྟེ་རང་དབང་མེད༔ ཅེས་གསུངས་སོ༔ དྲག་པོ་གནམ་ལྕགས་ཐོག་གི་རྒྱུད་ལས་སྔགས་ཀྱི་ལེའུ་སྟེ་གསུམ་པའོ༔ དེ་ནས་ལས་སྦྱོར་འདི་གསུངས་སོ༔ ལས་སྦྱོར་བསད་པ་རྣམ་པ་བཞི༔ སྦྱང་བ་ཆུ་དང་སྲེག་པ་མེ༔ གཏོར་བ་རླུང་དང་མནན་པ་ས༔ ལས་བཞིར་དྲིལ་ཏེ་བསད་པ་འོ༔ དེ་ལ་སྦྱོང་བའི་ལས་དག་ནི༔ ཁམ་སའི་ག་འུ་གྲུ་གསུམ་བཅས༔ དེ་ནང་འཁོར་ལོ་ལིང་ག་གཞུག༔ ལ་ཆས་རྒྱས་གདབ་ལེགས་བྱས་ཏེ༔ ཡུགས་སའི་སྐྲ་ཡི་ཐི་གུ་ཡིས༔ ཆུ་བོ་ཆེན་པོའི་རྦ་ལ་གཏོད༔ གང་ལ་བྱ་བ་ཐམས་ཅད་ཀྱང༔ ཚར་གཅོད་འགྱུར་བར་ཐེ་ཚོམ་མེད༔ དྲག་པོ་གནམ་ཐོག་གི་རྒྱུད་ལས་སྦྱོང་བ་ཆུ་ཡི་ལེའུ་སྟེ་བཞི་པའོ༔ དེ་ནས་ཡང་ནི་འདི་གསུངས་སོ༔ སྲེག་པ་མེ་ཡི་ལས་དག་ནི༔ གདུག་པའི་ས་དང་བསྲེགས་པའི་ས༔ ཤིན་ཏུ་རྩུབ་པའི་ས་རྒོད་ལ༔ ཧོམ་ཁུང་གྲུ་གང་ཕྱག་གང་ཚད༔ བརྩིག་གམ་བྲུ་བ་དག་ཏུ་བྱ༔ གདུག་པའི་ཤིང་ལ་ཧོམ་བརྩིགས་ཏེ༔ ཡུགས་སའི་མེ་དག་བླངས་ལ་སྦར༔ ཕྱག་ན་རྡོ་རྗེ་མེ་ལྷར་བསྐྱེད༔ གཏོར་མ་རིལ་བུ་བརྒྱ་རྩ་བརྒྱད༔ ལིངྒ་བརྒྱ་དང་རྩ་བརྒྱད་དང༔ བསྲེག་རྫས་འབྲུ་ཆེན་དག་ཀྱང་འབུལ༔ དམིགས་བྱ་མེ་ལ་བསྲེག་པར་བྱ༔ སྔགས་འདི་གདགས་ལ་འབུལ་བར་བྱ༔ ཆེ་གེ་མོ་ཛྭ་ལ་རཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལན་བདུན་བཟླས་ཤིང་དབུལ་བར་བྱ༔ ཞེས་གསུངས་སོ༔ དྲག་པོ་གནམ་ཐོག་གི་རྒྱུད་ལས་སྲེག་པ་མེའི་ལེའུ་སྟེ་ལྔ་པའོ༔ དེ་ནས་ཡང་ནི་འདི་གསུངས་སོ༔ གཏོར་བ་རླུང་གི་ལས་བཤད་པ༔ སྦྱིན་སྲེག་བྱས་པའི་ཐལ་བ་ལ༔ ལིངྒ་ཕྱེ་མར་བཅས་པ་རྣམས༔ ཁམ་སའི་ག་འུ་གྲུ་གསུམ་གཞུག༔ རླུང་གི་འཁོར་ལོས་ཁ་བཅད་ལ༔ སྒྲུབ་པ་ཞག་གསུམ་དེ་ལ་བྱ༔ སྔགས་ཀྱི་མཐའ་རུ་རླུང་གིས་བསྐྱོད༔ དགྲ་བགེགས་རླུང་གིས་བསྐྱོད་པར་བསམ༔ དེ་ནས་ཞག་བདུན་སོང་བ་དང༔ རི་གསུམ་འདུས་པའི་རྩེ་མོ་ནས༔ ཐལ་བ་རླུང་ལ་འཕྱར་ནས་བཏང༔ དགྲ་བགེགས་རླུང་གིས་ཁྱེར་བར་བསམ༔ འཁོར་ལོ་ཁམ་སའི་ག་འུར་བཅུག༔ རྟག་ཏུ་རླུང་ཆེན་འབར་བའི་བྲག༔ དེ་ལྟ་བུ་ལ་སྦས་བྱས་ནས༔ དགྲ་བགེགས་གང་ཡང་རླུང་ལ་སྐུར༔ ཅེས་གསུངས་སོ༔ དྲག་པོ་གནམ་ཐོག་གི་རྒྱུད་ལས་གཏོར་བ་རླུང་གི་ལེའུ་སྟེ་དྲུག་པའོ༔ དེ་ནས་ཡང་ནི་འདི་གསུངས་སོ༔ མནན་པ་ས་ཡི་ལས་དག་ནི༔ ཐོད་པ་ཤིན་ཏུ་མཚན་ངན་དུ༔ དམིགས་བྱའི་ལིངྒ་བཅས་པ་དེ༔ གྲུ་གསུམ་དག་ཏུ་གཞུག་པར་བྱ༔ དེ་ལ་ཞག་གསུམ་བསྒྲུབ་བྱ་བ༔ སྔགས་ཀྱི་མཐའ་རུ་ནན་ཅེས་གདགས༔ དུར་ཁྲོད་གཡམ་པ་དག་ལ་ཡང༔ རྒྱ་གྲམ་ནན་གྱིས་མནན་པར་བྱ༔ ལ་བཙས་བཙན་གྱི་རྒྱུ་སྲང་ངམ༔ རྒྱ་གྲམ་ལམ་མམ་དུར་ཁྲོད་དུ༔ རབས་ཆད་ཐོད་པ་གྲུ་གསུམ་སྦ༔ སྟེང་དུ་རྒྱ་གྲམ་འཁོར་ལོས་མནན༔ བསྐལ་པར་མི་ཐར་མནན་པར་བསམ༔ གདོན་མི་ཟ་བར་ནོན་པར་འགྱུར༔ ཞེས་གསུངས་སོ༔ དྲག་པོ་གནམ་ཐོག་གི་རྒྱུད་ལས་མནན་པ་སའི་ལེའུ་སྟེ་བདུན་པའོ༔ དེ་ནས་ཡང་ནི་འདི་གསུངས་སོ༔ ལས་བཞི་དྲིལ་ཏེ་བསད་པ་ནི༔ དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ༔ དུག་དང་ཁྲག་དང་ཐལ་ཆེན་བྱུགས༔ གྲུ་གསུམ་ནང་དུ་གཞུག་པ་ནི༔ ཟ་བྱེད་སྤྱང་ཀིའི་ཡ་མགལ་དང༔ ཕུང་བྱེད་ཕག་གི་མ་མགལ་གཉིས༔ ཁ་སྦྱོར་བར་དུ་ལིངྒ་གཞུག༔ ཡུངས་དཀར་ཡུངས་ནག་རྫས་ཀྱིས་བརྡེག༔ བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ༔ རང་ཉིད་ལུས་ལ་གོས་ནག་གྱོན༔ མགོ་ལ་བྱ་རོག་ཞྭ་གྱོན་ལ༔ རྐང་ལ་རེ་བའི་ལྷྭམ་གྱོན་ཏེ༔ བཟའ་བཏུང་ར་ཤ་ར་ཁྲག་གོ༔ བདུད་ཆས་ཞུགས་ཏེ་དྲག་སྔགས་བཟླ༔ ཆེ་བའི་ང་རྒྱལ་བསྐྱེད་པར་བྱ༔ ང་ནི་སྲིད་གསུམ་ཀུན་གྱི་རྗེ༔ ང་ནི་སྐྱེ་འགྲོ་ཀུན་གྱི་ཡབ༔ ང་ནི་སྲོག་གཅོད་ཀུན་གྱི་བདག༔ ཐམས་ཅད་ཀུན་གྱི་སྲོག་སྙིང་བདག༔ ཁྱོད་ཀྱི་སྙིང་ཁྲག་ང་ལ་ཡོད༔ ང་ཡི་ལས་རྣམས་ཁྱོད་ཀྱིས་སྒྲུབས༔ དེ་སྐད་ཆེ་བའི་ང་རྒྱལ་སྐྱེད༔ འགྲོ་བ་འདི་རྣམས་ཐམས་ཅད་ཀུན༔ བྲན་དང་གཡོག་ཏུ་བསམ་པར་བྱ༔ དྲང་སྲོང་སྔགས་རྒོད་བཟླས་པའི་ཚེ༔ གནས་པ་རྩ་ལ་ཤེས་པར་བྱ༔ འདྲེན་པ་དཀྱིལ་དུ་ཤེས་པར་བྱ༔ གཅོད་པ་ལྕེ་ལ་ཤེས་པར་བྱ༔ མན་ངག་སེམས་ལ་ཤེས་པར་བྱ༔ ཞེ་སྡང་མ་ཡེངས་མཐུ་ཡི་མཆོག༔ དྲག་སྔགས་རིང་མོ་འཛིན་ལ་རྣོ༔ སྐབས་སུ་འདི་ལྟར་བཀའ་ཡང་བསྒོ༔ བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་ཐམས་ཅད་འདི་ན་མ་གནས་པར་གཞན་དུ་དེངས་ཤིག༔ སྲིད་པ་སྤྱི་ནས་ཤིགས་ཤིག༔ སྲིད་གསུམ་རྨང་ནས་སྒྱེལ་ཅིག༔ འཁོར་བ་གཏིང་ནས་ཕྱུངས་ཤིག༔ བསྐལ་པའི་མེ་ཡིས་སྲེགས་ཤིག༔ དམ་ཚིག་གི་དམོད་པས་སྡིགས་ཤིག༔ བཀའི་ཆད་པས་ཆོད་ཅིག༔ གནམ་ལྕགས་ཀྱི་རལ་གྲིས་སྤྱི་བོའི་གཙུག་ནས་ཤོགས་ཤིག༔ སུམྦྷ་ནིས་ནོན་ཅིག༔ སྲིད་གསུམ་གར་གནས་གར་སྐྱེས་ཀྱང་སྡིག་ཆེན་འདི་ཡི་སྟེང་དུ་རྡོ་རྗེའི་ཆར་ཆེན་པོ་ཕོབ་ཅིག༔ གནོད་པར་བྱེད་པ་མཱ་ར་ཡ་ཕཊ༔ སྦྱོར་བ་ངན་པ་ཐུལ་ཅིག༔ དེ་ལྟར་བཀའ་བསྒོ་དྲག་ཏུ་བྱ༔ བདུན་གསུམ་ཉི་ཤུ་རྩ་གཅིག་བྱ༔ དམོད་པའི་དྲག་སྔགས་དམོད་བྱས་ལ༔ དེ་ནས་དུག་ཤིང་མེ་ལ་བསྲེག༔ ཐལ་བ་སུམ་ཆ་གསུམ་དུ་བཅད༔ ཆ་གཅིག་རླུང་ལ་ཕྱར་ཏེ་གཏོར༔ ཆ་གཅིག་ཆུ་ལ་བསྐུར་བར་བྱ༔ ཆ་གཅིག་ལིང་ག་མནན་པ་སྟེ༔ རྒྱ་གྲམ་ལམ་མམ་དུར་ཁྲོད་དམ༔ ལ་བཙས་དག་ལ་མནན་པར་བྱ༔ ཞེས་གསུངས་སོ༔ དྲག་པོ་གནམ་ལྕགས་ཐོག་གི་རྒྱུད་ལས་ལས་བཞི་རྫོགས་པའི་ལེའུ་སྟེ་བརྒྱད་པའོ༔ དེ་ནས་ཡང་ནི་འདི་སྐད་གསུངས༔ སྨྱོ་འབོག་འདུལ་བ་འདི་ལྟར་བྱ༔ དེ་ལ་རྫས་རྣམས་གསག་པ་ནི༔ དུག་དང་སྐེ་ཚེ་དུར་ཁྲོད་སོལ༔ དུར་ཁྲོད་རོ་རས་བསྲེགས་པའི་གཞོབ༔ ཐོག་གི་ས་དང་མི་བསད་ལྕགས༔ སྦྱིན་སྲེག་སོལ་བ་ཡུགས་སའི་ཁྲག༔ ཡུངས་དཀར་ལ་སོགས་གདུག་པའི་རྫས༔ སྔགས་རྒོད་བཟླས་ཤིང་བསྒྲུབ་པར་བྱ༔ སྟག་དང་གཟིག་དང་དོམ་དང་དྲེད༔ གཅན་གཟན་སྣ་ཚོགས་མཆེ་སྡེར་དང༔ རྒོད་བྱ་ནག་པོ་ལ་སོགས་སྟེ༔ འདབ་ཆགས་ལ་སོགས་མཆུ་སྡེར་གྱི༔ མཆུ་སྡེར་མཆུ་ཡིས་འབྲད་པར་བྱ༔ ཡུགས་སའི་སྐྲ་སྐུད་སྐེ་ནས་གདགས༔ སྔགས་པས་བཟུང་ནས་ཐུན་གྱིས་བརྡེག༔ བཀའ་བསྒོ་ཆེ་བའི་ང་རྒྱལ་བསྐྱེད༔ སྨྱོ་འབོག་སོས་པར་ཐེ་ཚོམ་མེད༔ ཅེས་གསུངས་སོ༔ དྲག་པོ་གནམ་ཐོག་གི་རྒྱུད་ལས་སྨྱོ་འབོག་འདུལ་བའི་ལེའུ་སྟེ་དགུ་པའོ༔ དེ་ནས་ཡང་ནི་འདི་སྐད་གསུངས༔ འཇོག་པོ་ལ་སོགས་ཀླུ་ཆེན་བརྒྱད༔ ཀླུ་རིགས་བཞི་དང་ས་བདག་དང༔ ས་སྲིན་ལ་སོགས་ཀླུ་ཡི་དུག༔ གདུག་པའི་ཀླུ་ནད་གསོ་བ་ནི༔ ཐོག་མར་ཆུ་གཏོར་ལ་སོགས་ཀྱིས༔ བདེན་པ་བརྡར་ཞིང་ཞི་བས་བཅོས༔ དེ་ནས་དྲག་པོའི་ལས་བརྩམ་སྟེ༔ ཐོག་མར་གླ་རྩིའི་ཆུ་ཡིས་བཀྲུ༔ གུ་གུལ་གླ་རྩི་རྨ་བྱའི་སྒྲོས༔ གནས་དགུར་ཐིག་ལེ་གདབ་པར་བྱ༔ གོང་གི་གདུག་པའི་རྫས་ཀུན་གྱིས༔ བྲབ་དང་བྲད་དང་གདབ་པར་བྱ༔ དམོད་པའི་སྔགས་རྒོད་ངག་ཏུ་བཟླ༔ ནད་པའི་སྤྱོད་ལམ་བཞི་ལ་ཡང༔ གླ་རྩི་ཁ་ཕྲུ་གདབ་ཅིང་བཟའ༔ མལ་དྲོད་མ་ཡལ་ཙམ་དུ་ཡང༔ སྤྱོད་ལམ་བྱ་སྟེ་ཡུན་མི་རིང༔ ཉི་ཤུ་རྩ་གཅིག་དེ་བྱས་ན༔ སྔོན་ལས་མིན་པ་འཚོ་བར་འགྱུར༔ ཞེས་གསུངས་སོ༔ དྲག་པོ་གནམ་ཐོག་གི་རྒྱུད་ལས་ས་བདག་ཀླུའི་དུག་གསོ་བའི་ལེའུ་སྟེ་བཅུ་པའོ༔ དེ་ནས་ཡང་ནི་འདི་གསུངས་སོ༔ བདག་ལ་སྡང་ཞིང་དམོད་བྱེད་དང༔ རྦོད་གཏོང་གདུག་པའི་ཕུར་ཁ་ཀུན༔ བདག་ལ་གནོད་པ་བཏང་བ་དང༔ དེ་རྣམས་ཟློག་པར་འདོད་པ་ལ༔ གྲོ་ག་ཤིང་ཤུན་རས་དག་ལ༔ བནྡྷེ་དེ་ཡི་མིང་རུས་བྲི༔ སྤྱང་ཀིའི་ལྕེའི་ནང་དུ་བཅུག༔ འདབ་ཆགས་མཆོག་གི་མཆོག་གྱུར་ལ༔ སྔགས་བརྒྱ་ལྕེ་ཡི་དཀྱིལ་དུ་བཏབ༔ རབས་ཆད་ཐོད་པ་དུམ་དྲུག་དང༔ སྲིན་མིག་བཅུ་གཅིག་ཡོད་པ་ལ༔ ར་རོག་ཁྲག་གིས་འཁོར་ལོ་བྲི༔ བནྡྷེའི་གསང་མཚན་ཡོད་ན་གཞུག༔ མེད་ན་མིང་རུས་བྲི་བར་བྱ༔ ད་ལའི་དབུས་སུ་ཐོད་པ་སྦུབ༔ མཇུག་ལ་མནན་པ་བྱས་ཏེ་གཞུག༔ ཇི་ལྟར་རྦད་ཀྱང་ཁོ་ཉིད་ཕུང༔ ཞེས་གསུངས་སོ༔ དྲག་པོ་གནམ་ཐོག་གི་རྒྱུད་ལས་རྦོད་གཏོང་ཟློག་པའི་ལེའུ་སྟེ་བཅུ་གཅིག་པའོ༔ དེ་ནས་ཡང་ནི་འདི་གསུངས་སོ༔ སྔགས་རྒོད་ལོག་ཏྲི་བཟླས་པའི་ཚེ༔ རྟགས་ནི་རྣམ་པ་གཉིས་ཡིན་ཏེ༔ བཟང་བའི་རྟགས་དང་ངན་པའི་རྟགས༔ བཟང་བའི་རྟགས་ནི་འདི་ལྟ་སྟེ༔ རང་ལ་ཉི་མ་ཤར་བ་དང༔ མཆོད་རྟེན་རྩེ་ལ་འཛེག་པ་དང༔ རང་གི་ལུས་ལས་འོད་འབྱུང་དང༔ མཁའ་ལ་བྱ་ལྟར་འཕུར་བ་དང༔ མཚོན་ཆ་རྣོན་པོ་ཐོགས་པ་དང༔ བདག་ལ་གནོད་བྱེད་བསད་པ་དང༔ ལུས་ལས་རྣག་ཁྲག་འཛག་པ་དང༔ སེམས་ཅན་ལུས་ནས་ཐོན་པ་དང༔ རང་གིས་སྦལ་ལྕོང་ཟོས་པ་དང༔ སེམས་ཅན་ཐམས་ཅད་བསད་པ་དང༔ སྔགས་ལས་མེ་སྟག་འཕྲོས་པ་དང༔ ལིངྒ་གས་དང་ཚག་སོགས་འབྱུང༔ ངན་པའི་རྟགས་རྣམས་བསྟན་པ་ནི༔ ཕྱར་ནག་ལུས་ལ་གྱོན་པ་དང༔ འདམ་ཆུའི་ནང་དུ་ཉལ་བ་དང༔ སྦལ་སྦྲུལ་ལུས་ལ་འབྱར་བ་དང༔ མཚོན་གྱི་རྩེ་མོ་གུག་པ་དང༔ དམག་བྱུང་རང་ལ་རྡེག་པ་དང༔ དགྲ་བྱུང་གཉེན་དང་མ་མཐུན་དང༔ ས་འོག་གཏིང་ཕྱིན་མ་ཐུབ་དང༔ རང་གིས་མ་ཐུབ་ཐམས་ཅད་ངན༔ བརྩོན་འགྲུས་བསྐྱེད་ལ་དྲག་ལས་བྱ༔ རྟགས་ཀྱང་བཟང་པོ་མཐོང་བར་ཤེས༔ ཞེས་གསུངས་སོ༔ དྲག་པོ་གནམ་ཐོག་གི་རྒྱུད་ལས་མཚན་མ་རྟགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ༔ དེ་ནས་ཡང་འཁོར་ལོ་བཅའ་བ་འདི་གསུངས་སོ༔ འཁོར་ལོ་རྣམ་པ་དྲུག་ཡིན་ཏེ༔ སྦྱོང་བྱེད་ཆུ་ཡི་འཁོར་ལོ་དང༔ སྲེག་བྱེད་མེ་ཡི་འཁོར་ལོ་དང༔ གཏོར་བྱེད་རླུང་གི་འཁོར་ལོ་དང༔ མནན་པ་ས་ཡི་འཁོར་ལོ་དང༔ རྦོད་གཏོང་ཟློག་པའི་འཁོར་ལོ་དང༔ ལུས་སྲུང་བ་ཡི་འཁོར་ལོ་འོ༔ དེ་ལ༔ སྦྱོང་བྱེད་ཆུ་ཡི་འཁོར་ལོ་ནི༔ མུ་ཁྱུད་གཉིས་དང་ལྟེ་བ་བཅས༔ རྩིབས་བརྒྱད་པ་རུ་བྲི་བར་བྱ༔ མུ་ཁྱུད་ནང་མ་བཞི་རུ་བསྲེ༔ ཕྱི་རིམ་མུ་ཁྱུད་ཆུ་རིས་ཅན༔ དབུས་སུ་དགྲ་བགེགས་ལིངྒ་བྲི༔ རྩིབས་བརྒྱད་སྡེ་བརྒྱད་སྔགས་ཀྱང་བྲི༔ ལོཀ་ཏྲི་ལ་སོགས་སྡེ་བརྒྱད་སྔགས༔ རྩིབས་མཆན་བརྒྱད་ལ་སྡེ་བརྒྱད་མིང༔ ཆུ་ཡི་སྙིང་པོ་བཾ་དང་བཅས༔ མུ་ཁྱུད་ཙི་དུ་ལ་སོགས་བཞི༔ རིམ་པ་བཞིན་དུ་བྲིས་པ་དེ༔ སྦྱོང་བྱེད་ཆུ་ཡི་འཁོར་ལོ་འོ༔ སྲེག་བྱེད་མེ་ཡི་འཁོར་ལོ་ནི༔ གཞན་རྣམས་གོང་དང་འདྲ་བ་ལས༔ རྩིབས་མཆན་བརྒྱད་ལ་སྡེ་བརྒྱད་མིང༔ མེ་ཡི་ས་བོན་རཾ་དང་བཅས༔ ཕྱི་རིམ་མེ་རི་ལྡན་པ་འོ༔ གཏོར་བྱེད་རླུང་གི་འཁོར་ལོ་ནི༔ གཞན་རྣམས་གོང་དང་འདྲ་བ་ལ༔ རྩིབས་མཆན་བརྒྱད་ལ་སྡེ་བརྒྱད་མིང༔ རླུང་གི་ས་བོན་ཡཾ་དང་བཅས༔ ཕྱི་རིམ་རླུང་རིས་ལྡན་པ་འོ༔ མནན་པ་ས་ཡི་འཁོར་ལོ་ཡང༔ བཅའ་གཞི་གོང་མ་ཇི་བཞིན་ལ༔ རྩིབས་མཆན་བརྒྱད་ལ་སྡེ་བརྒྱད་མིང༔ ས་ཡི་ས་བོན་ནན་དང་བཅས༔ གྲ་བཞིར་རྡོ་རྗེ་རྒྱ་གྲམ་ནན་གྱི་ཡི་གེའོ༔ རྦོད་གཏོང་ཟློག་པའི་འཁོར་ལོ་ནི༔ རྩིབས་བཞི་མུ་ཁྱུད་ལྟེ་བར་བཅས༔ དབུས་སུ་བནྡྷེའི་མིང་རུས་བྲི༔ རྩིབས་བཞི་དག་ལ་བྲི་བ་ནི༔ ཆེ་གེ་མོའི་རྦོད་གཏོང་ཟློག༔ དེ་ནས་གསང་མཚན་སྤེལ་ལ་བྲི༔ རྩིབས་མཆན་བཞི་ལ་སྡེ་བརྒྱད་སྔགས༔ མུ་ཁྱུད་ཙི་དུ་ལ་སོགས་བཞི༔ རབས་ཆད་ཐོད་པ་དག་ལ་བྲི༔ རང་ལུས་སྲུང་བའི་འཁོར་ལོ་ནི༔ རྩིབས་བརྒྱད་མུ་ཁྱུད་གཅིག་པ་ལ༔ རྩིབས་ལ་སྡེ་བརྒྱད་སྔགས་རྣམས་ཀྱང༔ ཡིག་མགོ་ནང་དུ་བསྟན་པའོ༔ མུ་ཁྱུད་ཙི་དུ་ལ་སོགས་བཞི༔ ཟློག་ཅིག་ཅེས་པ་དང་བཅས་སོ༔ འཁོར་ལོ་རས་སམ་དར་དུ་དྲིལ༔ རང་གི་ལུས་སམ་མགུལ་དུ་བཏགས༔ དེ་ལ་ཅིས་ཀྱང་མི་ཚུགས་ཏེ༔ རང་ལུས་རྡོ་རྗེའི་བྲག་དང་འདྲ༔ ཞེས་གསུངས་སོ༔ དྲག་པོ་གནམ་ལྕགས་ཐོག་གི་རྒྱུད་ལས་སྲུང་བ་སོགས་འཁོར་ལོའི་ལེའུ་སྟེ་བཅུ་གསུམ་པའོ༔ དེ་ནས་ངག་མནན་འདི་གསུངས་སོ༔ གང་ཞིག་ངག་ནི་མནན་འདོད་ན༔ ལིངྒ་བྱས་པའི་ལྕེ་ཀུན་ཀྱང༔ ལྐོག་མའི་འོག་ཏུ་དབྱུང་བར་བྱ༔ ལྕེ་ལ་དལ་པ་ཐེན་པར་བྱ༔ ཁྲི་ཝང་དགྲ་བོའི་ངག་སཏྭམྦྷ་ཡ་ནན༔ ཞེས་པ་འབུམ་དུ་བཟླས་ལ༔ ལིངྒ་གླང་རུར་བཅུག་ལ་མནན༔ ཆུ་མིག་ལྐུག་པར་མནན་པར་བྱ༔ ཆེ་གེ་ཁ་ལྐུགས་འཆི་བར་འགྱུར༔ ཞེས་གསུངས་སོ༔ དྲག་པོ་གནམ་ཐོག་གི་རྒྱུད་ལས་ངག་མནན་པའི་ལེའུ་སྟེ་བཅུ་བཞི་པའོ༔ དེ་ནས་ཡང་ནི་འདི་གསུངས་སོ༔ སྣང་སྲིད་གདུག་པ་འདུལ་བའི་ཕྱིར༔ ངན་སྔགས་གདུག་པ་འདི་ཡིས་བསྟན༔ ཨ་རྣྲི་སུ་ཏྲི་པྲེ་དུ་ཛཿ བཛྲ་ཤྲཱི་ཤ་ཐ༔ འདྲི་ཧ་མ་ཛ་པ་ལ༔ ཤཾ་ཀྲི་ཀྵ་རོ༔ ཁྲག་ཤ་རྣྲི་ལ་མ་ཧཱ་ཡ་མ༔ ཡ་ལེ་མ་སོ་ཏྲི་ལ་བི་ཤུ༔ ཡཾ་ར་སན་ཏྲི་བམ་ཧོཿ བ་སཱ་བ་ཧོ༔ ཧ་པ་གོ་ར་ན་མ༔ ན་མ་ཧྱ་ཙ་དུ་ལ་ཏི་ལི་ནན་ཧོཿ ཡ་ཏི་ས་ར་ནཱ་ག་ན་ས་པ་པྲེ༔ འདྲ་ཕྲིད་ན་རོ་ཡ་ན་ཤོ༔ སྲེ་ཏ་པ་ས་ཏ་ཧ་རྩལ་རྡུ༔ ཡ་ས་ར་ཡཀྴ༔ པ་ཤོ་ཡ་པྲ་ཡོ་ན་ར་ཏ་བིད་སྟེ༔ ཨཱ་ཀརྴ་ཡ་འདྲི་ན༔ ནན་ཏུ་བནྡྷ་ཏ་ད་ཏ་ཡ༔ ཧ་ས་ན༔ ཧ་རིད་ན༔ ཤིག་ན་ཡ༔ ཛལ་བྲ་ལ་དར་མ་མ་པ་ཤཾ་ཀུ་རུ༔ མ་ཏྲ་ཀ༔ ཨི་ནན་རུ་ཧ༔ མ་ཧཱ་རེ་མ༔ ངན་སྔགས་གཅིག་ཏུ་དྲིལ་བ་འདི༔ རང་ཉིད་བྱིང་འཐིབས་བསལ་བྱས་ཏེ༔ གདོན་བགེགས་ཐམས་ཅད་བརླག་པར་འགྱུར༔ ཞེས་གསུངས་སོ༔ དྲག་པོ་གནམ་ཐོག་གི་རྒྱུད་ལས་ངན་སྔགས་འདུས་པ་འཇིག་རྟེན་པ་སྲོག་གི་ལེའུ་སྟེ་བཅོ་ལྔ་པའོ༔ དེ་ནས་རྟེན་འབྲེལ་རྫས་ཀྱི་སྲུང་བ་འདི་གསུངས་སོ༔ སྟག་གི་སྡེར་མོ་མུ་ཟི་དང༔ སྤྱང་ཀིའི་བྲུན་དང་གླ་རྩི་དང༔ ཕོ་རོག་མགོ་དང་གུ་གུལ་ནག༔ ཐལ་ཆེན་བདུད་རྩི་མ་ནུ་དང༔ གསེར་དང་ཚིལ་ཆེན་ཕ་ཝཾ་དྲག༔ རྭ་གཞོབ་སྐེ་ཚེ་བཙན་དུག་དང༔ པདྨ་རཀྟ་གུ་གུལ་དཀར༔ འདི་རྣམས་སྦྱར་ལ་ལུས་ལ་བཅང༔ དེས་ནི་གདོན་རྣམས་འཚེ་མི་འགྱུར༔ ཀླུ་ཡང་དྲི་ཚོར་ཙམ་གྱིས་འབྲོས༔ ཞེས་གསུངས་སོ༔ དྲག་པོ་གནམ་ཐོག་གི་རྒྱུད་ལས་རྟེན་འབྲེལ་རྫས་ཀྱི་སྲུང་བའི་ལེའུ་སྟེ་བཅུ་དྲུག་གོ༔ དེ་ནས་ལྷ་སྲིན་སྡེ་བརྒྱད་དང༔ འབྱུང་པོའི་ཚོགས་ཀྱིས་བསྟོད་པ་ནི༔ ཀྱཻ༔ ཨེ་མ་རབ་འཇིགས་ཁྲོ་རྒྱལ་གཙོ༔ བདག་ཅག་སྡེ་བརྒྱད་སྲོག་གི་གནད༔ རྡོ་རྗེ་ཅན་གྱིས་གསུངས་པ་ལྟར༔ ཚིག་གཅིག་ཐོས་ཀྱང་གནོད་མི་བྱེད༔ རྣལ་འབྱོར་དེ་ལ་རྗེ་ལྟར་བཀུར༔ བདག་ཅག་བཀའ་ལ་མི་འདའ་འོ༔ རྒྱུད་འདི་དྲག་པོའི་ཐོག་དང་འདྲ༔ དྲག་པོ་གནམ་ཐོག་བདག་ཅག་གནད༔ དཔའ་བོའི་བཀའ་ལས་འདའ་རེ་ཀན༔ དྲག་པོ་གནམ་ཐོག་གི་རྒྱུད་ལས་འཁོར་གྱིས་བསྟོད་པའི་ལེའུ་སྟེ་བཅུ་བདུན་པའོ༔ དྲག་པོ་གནམ་ཐོག་སྡེ་བརྒྱད་སྲོག༔ སྤེལ་བའི་གནས་མེད་ས་ཡི་གཏེར༔ ལས་འཕྲོ་ཅན་དང་ཕྲད་པར་ཤོག༔ དང་པོ་པདྨ་འབྱུང་གནས་བཀའ༔ བར་དུ་མྱང་གིས་གཏེར་ནས་བཏོན༔ ཐ་མར་ལས་འཕྲོ་ཅན་ལ་བྱིན༔ བྱིན་རླབས་དངོས་གྲུབ་ངོ་མཚར་ཆོས༔ ཀུན་ལ་མེད་པའི་མན་ངག་འདི༔ རང་ཉིད་ཉམས་སུ་བླང་བར་གསུངས༔ སྣོད་མེད་རྣམས་ལ་གསང་བར་བྱ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ བཀའ་རྒྱ༔ རྒྱན་རྒྱན་རྒྱན༔
པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་ལས། བླ་སྒྲུབ་གདུང་བ་ཞི་བྱེད་ཀྱི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་ཡེ་ཤེས་སྙིང་པོ་ (Volume 8, Text 6)
༄༅། །པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་ལས། བླ་སྒྲུབ་གདུང་བ་ཞི་བྱེད་ཀྱི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་ཡེ་ཤེས་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ཟབ་མོ་བླ་མའི་སྒྲུབ་ཐབས་གདུང་བ་ཞི་བྱེད་ཀྱི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་ཡེ་ཤེས་སྙིང་པོ་ཞེས་བྱ་བ། བདེ་གཤེགས་ཀུན་འདུས་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །མཁའ་ཁྱབ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད་ཆེ། །ཀུན་ཏུ་བཟང་པོ་པདྨ་སཾ་བྷ་བར། །བཏུད་ནས་ལམ་ཟབ་སྙིང་པོའི་ཕྲིན་ལས་དབྱེ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། ཡིད་དང་མཐུན་པའི་གནས་སུ་དུས་ཁྱད་པར་ཅན་གྱི་ཚེ། དམ་ཚིག་དང་ལྡན་པའི་སྒྲུབ་པ་པོས་གུང་དུ་རྩ་གསུམ་གྱི་སྣང་བརྙན་སོགས་རྟེན་ཁྱད་པར་ཅན་དགྲམ་པའི་སྤྱན་སྔར། བླ་གཏོར་པདྨ་འདབ་བརྒྱད་ཟེའུ་འབྲུ་དང་བཅས་པའི་སྟེང་དུ་ནོར་བུ་བཞི་སྒྲོམ་མེ་རི་དང་བཅས་པའི་མཐར་པད་ཆུང་བརྒྱད་ཀྱིས་བསྐོར་བ་རྒྱན་སྤྲོས་གང་མཛེས་ཀྱི་གཡས་གཡོན་དུ་སྨན་རཀ་དང་། མདུན་དུ་ཉེར་སྤྱོད་སོགས་བཀོད་མཛེས་སུ་བསྟར། ཆོ་གའི་སྦྱོར་བ་དངོས་ལ། ཚོགས་གསག་སྔོན་གཏོར་སྲུང་འཁོར་བསྒོམ། །བྱིན་དབབ་མཆོད་པ་བྱིན་གྱིས་བརླབ། །ཅེས་ལྔ་ལས། དང་པོ་ནི། སྐྱབས་ཡུལ་ནམ་མཁའ་གང་བར་སད་པའི་སྤྱན་སྔར། ཧཱུྃ༔ བླ་མ་ཡི་དམ་ཌཱ་ཀི་ཀུན་གྱི་མཆོག༔ སྐུ་གསུང་ཐུགས་ནི་དཀོན་མཆོག་གསུམ་གྱི་དཔལ༔ སྒོ་གསུམ་དད་པས་འདི་བཟུང་བྱང་ཆུབ་བར༔ བདག་སོགས་འགྲོ་ཀུན་གུས་པས་སྐྱབས་སུ་མཆི༔ ལན་གསུམ་གྱིས་སྐྱབས་སུ་འགྲོ །ཧཱུྃ༔ བླ་མ་རྩ་གསུམ་སྐྱབས་ཀྱི་མཆོག་ཏུ་འཛིན༔ འགྲོ་བའི་དོན་དུ་སྨོན་འཇུག་སེམས་བསྐྱེད་དེ༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་གསང་སྔགས་ཀྱི༔ དམ་ཚིག་སྡོམ་པ་རྟག་ཏུ་བསྐྱང་བར་བགྱི༔ ལན་གསུམ་གྱིས་སེམས་བསྐྱེད༔ ཧཱུྃ༔ རྣམ་དག་མཉམ་པའི་ངང་ཉིད་ལས༔ བླ་མ་རྩ་གསུམ་ལྷ་ཚོགས་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐུལ༔ བཞུགས་གསོལ་འདེབས་སོ་དགེ་རྩ་བསྔོ༔ འགྱུར་མེད་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་ཡན་ལག་བཅུ་པས་རྒྱུད་སྦྱང་ངོ་། །གཉིས་པ་ནི། རང་ཉིད་སྐད་ཅིག་གིས་བླ་མ་དྲག་པོ་དྲེགས་པ་ཟིལ་གྱིས་གནོན་པའི་སྐུར་གྱུར། སྔོན་གཏོར། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་གིས་བརླབ། ཧཱུྃ༔ ཡུལ་ཕྱོགས་འདི་དག་ཀུན་ལ་གནས་པ་ཡི༔ ལྷ་ཀླུ་གནོད་སྦྱིན་སྲིན་པོ་འབྱུང་པོ་དང༔ ཡི་དྭགས་ཤ་ཟ་བརྗེད་བྱེད་སྨྱོ་བྱེད་དང༔ མཁའ་འགྲོ་མ་མོ་འཁོར་དང་བཅས་པ་རྣམས༔ མཆོད་སྦྱིན་གཏོར་མ་བཟང་པོ་འདི་ཉིད་བཞེས༔ བར་དུ་གཅོད་པའི་བསམ་སྦྱོར་ཀུན་སྤོངས་ལ༔ ཞི་དང་ཕན་པའི་སེམས་ཀྱིས་གནས་པར་གྱིས༔ མ་ཧཱ་པཉྩ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཞེས་བསྔོ། ཧཱུྃ༔ ཡེེ་ཤེས་རོལ་པ་དཔལ་གྱི་སྐུར་གསལ་བའི༔ སྐུ་གསུང་ཐུགས་ལས་སྤྲུལ་པའི་ཁྲོ་ཚོགས་ཀྱིས༔ བགེགས་རིགས་མ་ལུས་རྒྱ་མཚོའི་མཐར་བསྐྲད་བགྱི༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་བཱན་བིདྱཱ་རཱ་ཛཱ་ཡ་ཧཱུྃ་ཕཊ༔ ཅེས་བསྐྲད། གསུམ་པ་ནི། ཧཱུྃ༔ ཡེ་ཤེས་རོལ་པ་དཔལ་གྱི་ཐུགས་ལས་བྱུང༔ རྡོ་རྗེ་འཁོར་ལོ་རལ་གྲི་རྒྱ་གྲམ་དང༔ མདའ་མཚོན་ཕུར་བུ་མེ་ཕུང་ཕྱོགས་མཚམས་གཏམས༔ བསྐལ་པའི་རླུང་ཡང་གནས་འདིར་ལྡང་མི་འགྱུར༔ ཨོཾ་བཛྲ་ཙཀྲ་ཏཱིཀྵྞ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་ཧཱུྃ་ཕཊ༔ བཞི་པ་ནི། ཧཱུྃ༔ བླ་མ་ཡི་དམ་ཌཱ་ཀིའི་སྐུ་གསུང་ཐུགས༔ རང་རྩལ་འགག་མེད་ནམ་མཁའི་མཐའ་དང་མཉམ༔ ཛཿཧཱུྃ་བཾ་ཧོཿས་ཆོས་དབྱིངས་གནས་ནས་གཤེགས༔ གཉིས་མེད་བརྟན་བཞུགས་བྱིན་དབང་བསྐུར་དུ་གསོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿཛ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ ལྔ་པ་ནི། ཧཱུྃ༔ བླ་མ་རྩ་གསུམ་སྣང་སྲིད་དག་པ་ལ༔ རང་རྩལ་མ་འགག་མཆོད་པའི་ཆོ་འཕྲུལ་གྱིས༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་བྱིན་བརླབས་ནས༔ ཡེ་ཤེས་ལྔ་རྫོགས་སྐུ་གསུང་ཐུགས་སུ་བརླབས༔ ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་བ་ལིཾ་ཏ་མ་ཧཱ་རཀྟ་ཧཱུྃ་ཧྲཱིཿཋཱ༔ མ་ཧཱ་བཛྲ་ཧཱུྃ༔ བཛྲ་གཎྜེ་ཨཿ གཉིས་པ་དངོས་གཞི་ལ། གཞུང་གི་དགོངས་པ་དངོས་བསྟན་ཐོག་མར་ཡེ་ཤེས་པ་སྤྱན་དྲངས། དེ་ཉིད་མདུན་བསྐྱེད་ཀྱི་ཚུལ་དུ་གསལ་གདབ་ཅིང་མཆོད་བསྟོད་བཟླས་པས་ཐུགས་རྒྱུད་བསྐུལ་བ་ཡིན་ནའང་། བརྒྱུད་པའི་ཕྱག་བཞེས་སུ། བདག་མདུན་དབྱེར་མེད་དུ་བསྐྱེད་ཅིང་སྤྱན་དྲངས་པ་སོགས་གསང་བ་སྤྱིའི་འགྲོས་ལྟར་མཛད་པས། ལྷ་བསྐྱེད་སྤྱན་དྲངས་དབྱེར་མེད་བསྟིམ། །མཆོད་ཅིང་བཟླས་པས་བསྙེན་སྒྲུབ་བྱ། །ཞེས་པ་ལྟར་ལྔ་ལས། དང་པོ་ནི། ཧཱུྃ༔ ཆོས་རྣམས་ཡེ་ནས་བརྡལ་བ་ཆེན་པོའི་ངང༔ འགྱུར་མེད་རི་རབ་མཛེས་ཤིང་ལྷུན་ཆགས་དབུས༔ རིན་ཆེན་སྣ་ལྔ་ལས་གྲུབ་གཞལ་མེད་ཁང༔ མུ་ཏིག་ཚོགས་འབར་ཟླ་ཤེལ་བ་གམ་ཅན༔ རིན་ཆེན་ཏོག་དང་དྲྭ་ཕྱེད་པུ་ཤུས་སྤྲས༔ འདོད་སྣམ་མཆོད་པའི་ལྷ་མོ་མཛེས་མས་གང༔ སྒོ་བཞིར་རྟ་བབས་རིགས་བཞིའི་གིང་དང་བཅས༔ ཕྱོགས་བཞི་མཚམས་བརྒྱད་གདུང་སེལ་རྫིང་བུས་བསྐོར༔ དཔག་བསམ་བུམ་བཟང་མེ་ཏོག་སྣ་ཚོགས་ལྡན༔ བར་མཚམས་རིག་འཛིན་དཔའ་བོ་མང་པོས་གཏམས༔ དེ་དབུས་པད་སྡོང་འདབ་རྒྱས་ཡངས་པའི་སྟེང༔ སེང་ཁྲི་པདྨ་ཉི་མའི་གདན་ཁྲི་ལ༔ ཡིད་འཕྲོག་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་དབུས༔ རང་རིག་བདེ་ཆེན་སྐུར་བཞེངས་པདྨ་འབྱུང༔ ཟ་འོག་ཕོད་དང་ཆོས་གོས་སྨུག་བེར་གསོལ༔ སྙན་ཞུ་འཇམ་མཉེན་རབ་མཛེས་དར་སྣས་སྤྲས༔ གཡས་གཡོན་ཕྱག་གཉིས་རྡོ་རྗེ་བུམ་ཐོད་བསྣམས༔ ཞབས་གཉིས་ཕྱེད་སྐྱིལ་རྒྱལ་པོ་རོལ་སྟབས་པང༔ དོན་དམ་འོད་གསལ་འགྱུར་མེད་མཚོ་རྒྱལ་ཡུམ༔ གཅེར་བུ་གྲི་ཐོད་སྐུ་སྨད་རྒྱན་ཆ་འཁྲོལ༔ སྣང་ལ་མ་གྲུབ་བདེ་སྟོང་ལྷ་སྐུར་བཞུགས༔ གནས་གསུམ་རྡོ་རྗེ་གསུམ་གྱི་ཡི་གེས་མཚན༔ དེ་ལས་འོད་འཕྲོས་རང་བཞིན་གནས་མཆོག་དང༔ ཁྱད་པར་པདྨ་འོད་ཀྱི་ཕོ་བྲང་ནས༔ ཡེ་ཤེས་ལྷ་ཚོགས་བཛྲ་ས་མཱ་ཛ༔ གཉིས་པ་ནི། ཧཱུྃ༔ ཆོས་རྣམས་ཡེ་ནས་བརྡལ་བ་ཆེན་པོའི་ངང༔ ལྷུན་གྲུབ་བདེ་བ་ཆེན་པོའི་ཕོ་བྲང་ནས༔ དུས་གསུམ་བདེ་གཤེགས་ཀུན་འདུས་པདྨ་འབྱུང༔ རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས༔ ཐོགས་མེད་ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ གསུམ་པ་ནི། ཧཱུྃ༔ གདོད་ནས་གཉིས་མེད་མཉམ་པའི་ངང་ཉིད་ལས༔ བློ་སྦྱང་ཕྱིར་དུ་དམ་ཚིག་ཡེ་ཤེས་སེམས༔ ཆུ་ལ་ཆུ་བཞག་སྒྱུ་མ་ཇི་བཞིན་དུ༔ དུ་མར་སྣང་ཡང་རོ་གཅིག་བརྟན་པར་བྱ༔ ཛཿཧཱུྃ་བཾ་ཧོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ་ལྷན༔ བཞི་པ་ལ། ཐོག་མར་ཕྱག་འཚལ་བ་ནི། ཧཱུྃ༔ བདེ་གཤེགས་ཀུན་འདུས་རིག་འཛིན་བླ་མའི་ཚོགས༔ རང་ཤེས་འཁྲུལ་བྲལ་བརྡ་དང་གར་གྱི་ཕྱག༔ རྣམ་དག་ཡེ་ཤེས་ཆེན་པོ་རྟོགས་བྱའི་ཕྱིར༔ སྲི་ཞུ་གུས་པས་འཕྲུལ་དགའི་ཚུལ་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོཿ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཕྱི་ནང་གསང་བའི་མཆོད་སྤྲིན་རབ་འབྱམས་སུ་སྤྲོས་ཏེ། ཨོཾ་ཨཱཿཧཱུྃ༔ ཕྱི་ཡི་མཆོད་པ་ས་དང་བར་སྣང་ཁེངས༔ ནང་གི་མཆོད་པ་ཟག་མེད་བདུད་རྩིའི་ཚོགས༔ གསང་བ་བདེ་ཆེན་སྨྲ་བསམ་བརྗོད་ལས་འདས༔ འགྲོ་བའི་དོན་དུ་དགྱེས་བཞིན་བཞེས་སུ་གསོལ༔ ཨོཾ་བཛྲ་པུཥྤེ་ནས། ཤབྡ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་ཨ་མྲྀཏ་བ་ལིཾ་ཏ་རཀྟ་མ་ཧཱ་སུ་ཁ་པཱུ་ཛ་ཨཱཿཧཱུྃ༔ བསྟོད་པའི་མཆོད་པ་ནི། རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ ཐུགས་རྗེའི་ཕྲིན་ལས་བརྟན་གཡོ་ཀུན་སྤྲུལ་ནས༔ སྣ་ཚོགས་ཐབས་ལྡན་འགྲོ་བ་འདུལ་མཛད་པའི༔ བདེ་གཤེགས་ཀུན་འདུས་པདྨ་འབྱུང་ལ་འདུད༔ ལྔ་པ་ནི། བདག་ཉིད་སློབ་དཔོན་ཆེན་པོའི་ཐུགས་ཀ་རུ༔ ཆགས་བྲལ་པདྨ་ཐབས་ཤེས་ཉི་ཟླའི་དབུས༔ གཅིག་ཏུ་འཛིན་པའི་ཁ་དོག་དང་བྲལ་བའི༔ འོད་ལྔ་ཡེ་ཤེས་ལྔ་ལྡན་ཧཱུྃ་གི་མཐར༔ སྔགས་ཕྲེང་འཁོར་བའི་ཟེར་གྱིས་རྒྱལ་བ་མཆོད༔ བྱིན་རླབས་དངོས་གྲུབ་ཚུར་འདུས་རང་ལ་ཐིམ༔ སླར་འཕྲོས་ཁམས་གསུམ་འགྲོ་བའི་ལས་ཉོན་སྦྱངས༔ སྣང་སྲིད་ལྷ་སྔགས་བདེ་སྟོང་འཁོར་ལོར་གྱུར༔ ཅེས་དགོངས་པའི་སྲོག་ཏུ་བཟུང་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་གཙོ་བོར་བསྙེན་སྔགས་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་སྒྲུབ་སྔགས་ཀྱང་ཅི་རིགས་པར་བཟླ། འཁོར་འདས་དབྱེར་མེད་བདེ་བ་ཆེན་པོའི་དབྱིངས་སུ་མཉམ་པར་གཞག །ཐུན་ལས་ལྡང་བ་ན་མཆོད་བསྟོད་དང་། ཡེ་ནས་རང་རིག་བླ་མ་པདྨ་འབྱུང༔ བདེ་ཆེན་འགྱུར་མེད་ཡེ་ཤེས་མཚོ་རྒྱལ་ཡུམ༔ སྐྱོན་བྲལ་དྲི་མེད་ཀུན་མཁྱེན་པདྨ་འབྱུང༔ རྟག་པར་ངག་ཏུ་ཁྱོད་ཀྱི་འཛབ་བཟླས་པས༔ སྐད་ཅིག་ཙམ་ཡང་ཁྱེད་སྐུ་བརྗེད་མ་གྱུར༔ ཚེ་རབས་ཀུན་ཏུ་ཐུགས་རྗེས་བཟུང་དུ་གསོལ༔ ཚུལ་བཞིན་བསྒྲུབས་ཀྱང་ཁྱོད་སྐུ་མི་སྟོན་ན༔ འགྲོ་དོན་མཛད་པའི་སྐུ་མཆོག་མེད་དམ་ཅི༔ བུམ་བཟང་ཡིད་བཞིན་དཔག་བསམ་རེ་སྐོང་ན༔ ཁྱོད་ཀྱི་ཐུགས་བསྐྱེད་གཞན་དོན་གང་དུ་ཐལ༔ མགོན་ཁྱོད་ཐོས་སམ་སྐད་ཅིག་དྲན་པས་ཀྱང༔ གཉིས་སུ་འཛིན་པའི་ཀུན་རྟོག་གཞོམ་འགྱུར་ན༔ བདག་ཅག་གཉིས་འཛིན་ཟད་ཚེ་ཅི་ཞིག་དགོས༔ ཀུན་བཟང་མངོན་གྱུར་ཁྱེད་ལ་གསོལ་ཅི་འཚལ༔ འཁྲུལ་མེད་ཐུགས་རྗེའི་ཞགས་པས་དྲང་དུ་གསོལ༔ ཞེས་གསོལ་བ་གདབ། དེ་ཡང་ཇི་སྐད་དུ་གཞུང་རྡོ་རྗེའི་ཚིག་རྐང་ལས། མ་འོངས་དུག་ལྔའི་ཁ་འཆལ་འདུལ་དཀའ་བས༔ འབོད་པའི་གདུང་ཤུགས་གསོལ་བ་མ་བཏབ་ན༔ ང་ཡི་ཐུགས་རྗེ་ཅུང་ཟད་འཇུག་པར་དཀའ༔ ཁ་ཙམ་མ་ཡིན་སྙིང་ནས་གསོལ་བ་ཐོབ༔ དངོས་སམ་ཡིད་ལ་དག་སྣང་དཔག་མེད་འབྱུང༔ གདུང་བས་གསོལ་བཏབ་ཆོས་དབྱིངས་ཆེན་པོར་བཞག༔ ཅེས་འབྱུང་བ་ལྟར་རང་རིག་གཉུག་མའི་ཡེ་ཤེས་ཆོས་དབྱིངས་ཀ་དག་གི་དགོངས་པ་ལས་མ་གཡོས་བཞིན་དུ། རྩལ་མོས་གུས་སུ་དུང་ངེ་བའི་ངང་ནས་གདུང་བའི་ཤུགས་དྲག་ཏུ་བསྐྱེད་པར་བྱའོ། །གསུམ་པ་རྗེས་ལ། ཚོགས་མཆོད་བྱ་ཞིང་དངོས་གྲུབ་བསྐུལ། །ཉེར་བསྡུ་བསྔོ་སྨོན་བཀྲ་ཤིས་བརྗོད། །ཅེས་པ་ལྟར་ལྔ་ལས། དང་པོ་ཚོགས་ཀྱི་མཆོད་པ་རྗེས་འབྲེལ་དང་བཅས་པ་ལའང་བཅུ་གཅིག་གི །དང་པོ་བྱིན་གྱིས་བརླབ་པ་ནི། ནང་མཆོད་འཐོར་ཞིང་། ཧཱུྃ༔ རུ་སྦལ་ཁོག་པའི་སྣོད་ཡངས་སུ༔ ཤ་ལྔ་བདུད་རྩི་རྣམ་ལྔ་དང༔ དབང་པོ་ལྔ་དང་གོ་རོ་ཙ༔ བ་སུ་ཏ་དང་ནང་ཁྲོལ་ལྔ༔ བཟའ་དང་བཏུང་བ་འབྲས་བུར་བཅས༔ ཚོགས་རྫས་ཡུལ་གྱི་འདོད་ཡོན་རྣམས༔ འབྲུ་གསུམ་འོད་ཀྱིས་བྱིན་བརླབས་ཤིང༔ མི་གཙང་རྟོག་སྒྲིབ་སྦྱངས་སྤེལ་ནས༔ ཨོཾ་ཨཱཿཧཱུྃ་དང་ཧ་ཧོ་ཧྲཱིཿས༔ བྱིན་བརླབས་བདུད་རྩིའི་རྒྱ་མཚོར་གྱུར༔ གཉིས་པ་ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དང༔ དམ་ཅན་རྒྱ་མཚོའི་ཚོགས་བཅས་རྣམས༔ ཚོགས་གཏོར་མགྲོན་དུ་སྤྱན་འདྲེན་ནོ༔ གནས་མཆོག་དམ་པ་ཉམས་རེ་དགའ༔ བདེ་ལྡན་པདྨ་འོད་ཀྱི་ཞིང༔ ཚོགས་དང་གཏོར་མ་མདངས་དང་ལྡན༔ དཔལ་ལྡན་མཛེས་པའི་ཕོ་བྲང་ཡིན༔ འདིར་ཚོགས་རྣལ་འབྱོར་དམ་རེ་གཙང༔ འདོད་ཡོན་རེ་སྐོང་ལྷུན་གྱིས་གྲུབ༔ འོག་མིན་གནས་དང་པདྨ་བརྩེགས༔ དུར་ཁྲོད་བརྒྱད་དང་གནས་ཡུལ་དང༔ ཨོ་རྒྱན་གནས་ནས་གཤེགས་སུ་གསོལ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་དྷརྨ་པཱ་ལ་བཛྲ་ས་མ་ཡ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ ཕོ་བྲང་ཡིད་འོང་མཛེས་པ་འདིར༔ བླ་མ་ཡི་དམ་མཁའ་འགྲོ་རྣམས༔ བདག་དང་འགྲོ་ལ་ཞལ་བསྟན་ཕྱིར༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ པདྨ་ཙནྡྲ་སཱུརྻ་སཏྭཾ༔ བཞི་པ་ཚོགས་ཕུད་འབུལ་བ་ནི། ཧཱུྃ༔ སྣོད་ཀྱི་འཇིག་རྟེན་ཡངས་པ་རུ༔ བཅུད་སོགས་འདོད་ཡོན་དྲུག་ལྡན་འདི༔ ཏིང་འཛིན་སྔགས་ཀྱིས་བྱིན་བརླབས་པའི༔ ཚོགས་མཆོད་གཏོར་མས་ཐུགས་དམ་བསྐང༔ དཔག་བསམ་ཤིང་ཆེན་རེ་སྐོང་ཞིང༔ ཡིད་བཞིན་ནོར་བུ་དགོས་འདོད་ཆར༔ ཀུན་བཟང་མཆོད་སྤྲིན་མཁའ་ཁྱབ་ཀྱིས༔ རིགས་ཀྱི་བླ་མ་འགྲོ་བའི་མགོན༔ ཁྱབ་བདག་ཡི་དམ་མཁའ་འགྲོའི་ཚོགས༔ བཀའ་སྲུང་གཉེར་གཏད་དམ་ཅན་རྣམས༔ ཐུགས་དམ་གཉན་པོ་དེས་བསྐངས་ལ༔ ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་པ་བཤགས་པ་ནི། ཧོ༔ ཡེ་ཤེས་སྤྱན་ལྡན་ཐུགས་རྗེའི་ཚོགས༔ ཡུད་ཙམ་བདག་ལ་ཉེར་དགོངས་ལ༔ མཚམས་མེད་ལྔ་དང་ཉེ་བ་ལྔ༔ ལྕི་བ་བཞི་དང་ལོག་པ་བརྒྱད༔ ཁ་ན་མ་ཐོ་སྡིག་པའི་ལས༔ གནོང་འགྱོད་དབང་གིས་མཐོལ་ལོ་བཤགས༔ ཡི་གེ་བརྒྱ་པ་བརྗོད། དྲུག་པ་ཚོགས་ཐ་མ་ལ། སྣང་སྲིད་ཡེ་སྒྲོལ་གྱི་དགོངས་པས་བསྒྲལ་བ་ནི། ཧཱུྃ༔ སྣང་སྲིད་ཡེ་ནས་དག་པ་ལ༔ ཡེ་ཤེས་རྩལ་ལ་དགྲར་འཛིན་མཁན༔ རང་རང་ལས་ལ་གཞན་དུ་སྣང༔ ཐམས་ཅད་རོ་མཉམ་མཚོན་ཆས་སྒྲོལ༔ མཱ་ར་ཡ་རྦད༔ བསྒྲལ་མཐར་ཡེ་སྦྱོར་གྱི་དགོངས་པས་བསྟབ་པ་ནི། བདག་ཏུ་འཛིན་པ་རང་གི་སེམས༔ སྣང་བ་ཡེ་ཤེས་ཀློང་དུ་བསྟབ༔ འཁྲུལ་རྟོག་ལས་ཀྱི་ཚོགས་བརྒྱད་རྣམས༔ སྐྱེ་མེད་རྟོགས་པའི་མཚོན་གྱིས་གཏུབས༔ བསྟབ་བོ་ཀུན་བཟང་ཀློང་དུ་བསྟབ༔ མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ག་ཎ་ཙཀྲ་ཁཱ་ཧི༔ བདུན་པ་ཚོགས་ལ་རོལ་པ་ནི། བརྡ་དང་བརྡའི་འབུལ་ལེན་སྤྱི་ལྟར་བྱས་ལ་ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་ཤེས་པས་བཟའ་བའི་དམ་ཚིག་ནང་གི་བསྲེག་བླུགས་ཀྱི་ཆོ་གར་བསྟར་ནས་ཚིམ་པ་དྲུག་ལྡན་དུ་རོལ། བརྒྱད་པ་ལྷག་མའི་ཆོ་ག་ནི་ཚོགས་ལྷག་རྣམས་གསོག་འཇོག་མེད་པར་བསྡུས། ཤིས་པར་བྱ་བའི་ཕྱིར་གཙང་ལྷག་སྟེང་དུ་བསྣན། རྟོག་པ་དག་པའི་རྣལ་འབྱོར་པ་ཡིན་ན་ལྕེ་རྟ་མགྲིན་ཡབ་ཡུམ་རོལ་པ་མཛད་པའི་བྱང་སེམས། བདུད་རྩིའི་ཁ་ཕྲུ་དང་རོ་གཅིག་པ་ཧེ་རུ་ཀའི་དམ་རྒྱས་དབབ་པའམ་གོ་འཕང་དམན་ན་གཡོན་པའི་མཐེབ་སྲིན་སྦྱར་བ་རེག་ཅིང་ནང་མཆོད་བྲན་ནས། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོ་ཧྲཱི༔ ཧཱུྃ༔ ཡེ་ཤེས་རོལ་པ་ལྷ་ཡི་ཚོགས་རྣམས་དང༔ ལས་ལས་གྲུབ་པའི་མཁའ་འགྲོ་དབང་ཕྱུག་གིང༔ མ་བདུན་སྲིང་བཞི་འདིར་གཤེགས་མཆོད་པ་བཞེས༔ འབར་མ་དང་ནི་སྤོར་མ་ཕོ་ཉའི་ཚོགས༔ ལྷ་སྲིན་སྡེ་བརྒྱད་བཀའ་ཡི་སྲུང་མར་བཅས༔ མ་ལུས་འདིར་སྤྱོན་ཟག་མེད་བདུད་རྩི་ལ༔ རྔམས་ཤིང་དགྱེས་པའི་ཚུལ་གྱིས་རོལ་དུ་གསོལ༔ མ་མ་ཤཱ་ཏྲཱུཾ་ཨ་མུ་ཀཾ༔ ཁྲོཾ་ཡཀྴ་བཛྲ་བི་ཛ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཕྱི་རོལ་གོམ་པ་བདུན་ཅུའི་སར་སྲིན་མོའི་ཟ་ལམ་དུ་དོར། དགུ་པ་ཆད་ཐོ་བྱ་བ་ནི། གཏོར་གཞོང་བསྒུལ་ཏེ་སྨན་རཀ་བྲན་ལ། ཧཱུྃ༔ སྲིད་གསུམ་ཞིང་འཁོད་དམ་ཅན་དྲེགས་པའི་ཚོགས༔ འདོད་ཡོན་ཟག་མེད་བདུད་རྩིའི་གཏོར་མ་ལོངས༔ བདེ་གཤེགས་རྩ་གསུམ་རྒྱལ་བའི་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་དྲན་མཛོད་ལ༔ མདོ་སྔགས་བཤད་སྒྲུབ་བསྟན་པ་སྲུང་བ་དང༔ དེ་འཛིན་སྐྱོང་ཞིང་ལོག་འདྲེན་དབྱིངས་སུ་སྒྲོལ༔ ཁམས་གསུམ་འགྲོ་ཀུན་བདེ་སྐྱིད་སྤེལ་བ་དང༔ གང་བཅོལ་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ བཅུ་པ་བརྟན་མ་སྐྱོང་བ་ནི། བཤལ་ཆུས་བྲན་ལ། ཧཱུྃ༔ དགུང་སྔོན་སྟེང་དང་གངས་རི་གཡའ་རྩེ་དང༔ སྨན་ལྗོངས་སྐྱེད་མོས་ཚལ་དང་ནགས་འདབས་དང༔ ཕྱོགས་མཚམས་སྟེང་འོག་གང་ན་གནས་པ་ཡི༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཚོགས༔ སློབ་དཔོན་པདྨའི་སྤྱན་སྔར་ཁས་བླངས་བཞིན༔ རང་རང་ཕོ་བྲང་གནས་ནས་འདིར་བྱོན་ལ༔ ཕུད་ལྷག་བཤལ་བའི་གཏོར་མ་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་མ་ལུས་སྒྲུབ་པར་མཛོད༔ ཅེས་གཏོར་མ་གཉིས་མཁར་གྱི་ཡང་སྟེང་དུ་ཞལ་ནང་བསྟན་གྱིས་འབུལ། བཅུ་གཅིག་པ་རྟ་བྲོ་ནི། སྒོ་དྲུང་དུ་གཏོར་གཞོང་ཁ་སྦུབ་པའི་འོག་ཏུ་བགེགས་རྣམས་ཚུད་པ་རི་རབ་ཀྱིས་མནན་པར་དམིགས་ལ། ཧཱུྃ༔ རྣམ་པ་རི་རབ་སུམ་བརྩེགས་ལ༔ དོན་དུ་སྐུ་གསུང་ཐུགས་སུ་གསལ༔ དོང་གཏིང་ལོག་ལྟའི་དཔུང་རྣམས་ནི༔ མ་ལུས་ལུས་པ་མེད་པར་བསྐྱུར༔ སྟེང་དུ་དཔལ་ཆེན་ལྷ་ཚོགས་ཀྱིས༔ བྲོ་བརྡུང་ཞི་རྒྱས་དབང་དྲག་རྫོགས༔ ཨོཾ་ཨཱཿཧཱུྃ་སཏྭཾ་བྷ་ཡ་ནན༔ དྲག་ཤུལ་གྱི་ལས་མཐའ་ཤིས་པས་བསྡུ་བའི་ཕྱིར་གཏོར་གཞོང་བསྒྱེལ་བ་སྨན་འབྲུས་བཀང་ལ། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ་ཞེས་བརྗོད། དེ་རྣམས་ནི་ཐུན་མཚམས་སུ་བྱ་བ་ཚོགས་ཀྱི་མཆོད་པ་རྗེས་འབྲེལ་དང་བཅས་པ་སྟེ། ཚོགས་མཆོད་རྐྱང་པ་ལ་ལྷག་མ་ཡན་ཆད་བགྱིས་པས་ཀྱང་དོན་གྲུབ་པ་ཡིན་ནོ། །གཉིས་པ་དངོས་གྲུབ་བླང་བ་ནི། གཏང་རག་གི་སླད་དུ་སྔར་བཞིན་མཆོད་ཅིང་བསྟོད་ལ། སྒྲུབ་གཏོར་ལྷར་གསལ་བ་སྤྱི་བོར་བཏེག་སྟེ། ཧཱུྃ༔ བདག་གཞན་གཉིས་དག་དཀྱིལ་འཁོར་ཀུན་སྣང་དུ༔ རྨད་བྱུང་བླ་མ་བདེ་གཤེགས་རིགས་འདུས་ཚོགས༔ དངོས་གྲུབ་བསྩལ་དང་སྩོལ་བར་མི་དམིགས་ཀྱང༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྣམས༔ ད་ལྟ་ཉིད་དུ་གསལ་ཞིང་བརྟན་པར་མཛོད༔ ཕྲིན་ལས་རྣམ་བཞི་མྱུར་དུ་འགྲུབ་པ་དང༔ དགོས་འདོད་རེ་སྐོང་ཡིད་བཞིན་གཏེར་གྱི་མཛོད༔ མཐོང་ཆོས་དབང་དང་ཐུན་མོང་ཡོན་ཏན་བརྒྱད༔ མངོན་ཤེས་དྲུག་ལྡན་དངོས་གྲུབ་བདག་ལ་སྩོལ༔ སྔགས་མཐར། ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ཞེས་བརྗོད་ཅིང་གནས་བཞིར་རེག་ལ་གཏོར་རྫས་ཅུང་ཟད་དངོས་གྲུབ་ཀྱི་ཚུལ་དུ་རོལ། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་པས་ནོངས་པ་བཤགས། གསུམ་པ་ཉེར་བསྡུ་ནི། རྟེན་ཡོད་ན་བརྟན་བཞུགས་དང་། སྣང་ཆ་གཟུགས་བརྙན་གྱི་འཁོར་ལོ་རྟག་མཐའ་བསལ་ཕྱིར། ཧཱུྃ༔ རང་རིག་ཐིག་ལེ་གཅིག་ཏུ་གསལ་བ་ལ༔ སྤྲོ་དང་བསྡུ་བར་བྱ་བ་མི་དམིགས་ཀྱང༔ མ་རྟོགས་འཁྲུལ་པའི་རྟག་ལྟ་སྦྱང་བྱའི་ཕྱིར༔ ཐམས་ཅད་ཐིག་ལེ་ཆེན་པོར་བསྡུ་བར་བྱ༔ བཛྲ་མུ༔ ཨཱ་ལི་ཀཱ་ལི་དང་ཡི་གེ་བརྒྱ་པ་བཟླ། ཆད་མཐའ་བསལ་ཕྱིར། ཧཱུྃ༔ རྟག་ཏུ་མི་འགྱུར་ཐིག་ལེ་ཆེན་པོའི་ངང༔ བསྐྱེད་དང་རྫོགས་པའི་མཐའ་གཉིས་བྲལ་བ་ལ༔ ཆད་པའི་སྟོང་ཉིད་མེད་པ་ལས་གྲོལ་ཕྱིར༔ རྫོགས་རིམ་ལྷ་སྐུ་བླ་མ་རྩ་གསུམ་ལྷ༔ སྣང་ལ་མ་གྲུབ་འཇའ་ཚོན་ལྟ་བུར་ཤར༔ བཞི་པ་དགེ་བ་བསྔོ་ཞིང་སྨོན་ལམ་གདབ་པ་ནི། ཧཱུྃ༔ དུས་གསུམ་མི་དམིགས་སྒྱུ་མར་སྣང་བའི་ཆོས༔ མིག་འཕྲུལ་ཇི་བཞིན་དགེ་ཚོགས་བྱང་ཆུབ་ཏུ༔ ཡོངས་སུ་བསྔོས་པས་རྩ་གསུམ་དཀྱིལ་འཁོར་གྱི༔ གོ་འཕང་མཆོག་ལ་འགྲོ་ཀུན་སྦྱོར་གྱུར་ཅིག༔ ལྔ་པ་ཤིས་བརྗོད་བྱ་བ་ནི། རང་བཞིན་ཆོས་དབྱིངས་ངང་ཉིད་ལས༔ གཟུགས་སྐུའི་རྣམ་རོལ་དཔག་ཡས་ཀྱིས༔ རླབས་ཆེན་ཕྲིན་ལས་སྐྱོང་མཛད་པའི༔ བརྒྱུད་གསུམ་བླ་མའི་བཀྲ་ཤིས་ཤོག༔ མ་འགག་རང་གསལ་འོད་ལྔའི་ཀློང༔ རབ་འབྱམས་དཀྱིལ་འཁོར་རྣམ་པར་མཛེས༔ མཆོག་ཐུན་དངོས་གྲུབ་སྩོལ་མཛད་པའི༔ ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག༔ ཕྱོགས་བཅུ་གནས་ཡུལ་སྤྲུལ་པའི་ཞིང༔ ཕྲིན་ལས་རྣམ་བཞིའི་རོལ་གར་མཁན༔ མཁའ་འགྲོ་སྲུང་མའི་ཚོགས་རྣམས་ཀྱིས༔ བཀྲ་ཤིས་བདེ་ལེགས་བསྩལ་དུ་གསོལ༔ ཞེས་བརྗོད་ཅིང་དགེ་ལེགས་ཀྱི་མེ་ཏོག་ཆར་དུ་བསྙིལ་བར་བྱའོ། །བསྙེན་པ་བྱེད་ན་བསྙེན་སྔགས་འབུམ་ཚོ་བདུན་དང་། སྒྲུབ་སྔགས་འབུམ་ཕྲག་གཅིག་བཟླས་པས་དབང་པོ་རབ་ལ་རྟགས་མཐོང་བར་འགྱུར་ཞིང་། གཞན་དུ་ལས་རུང་ཙམ་ཡིན། སྨིན་པར་སློབ་པ་ལ་ནི་ཚད་མེད་དོ། །བདེ་གཤེགས་ཀུན་འདུས་བླ༵་མ་མཚོ་སྐྱེས་རྗེ། །བསྙེན་ཅིང་སྒྲུབ༵་པས་མཐའ་གཉིས་གདུ༵ང་བའི༵་ཚོགས། །ཞི༵་བྱེ༵ད་བདུད་རྩིའི་ཆོ་གས་ཡིད་ཅན་ཀུན། །འཆི་མེད་ཡེ་ཤེས་སྙིང་པོའི་སྐུར་སྨིན་ཤོག །ཅེས་པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་གྱི་ཆོས་སྡེ་བླ་སྒྲུབ་གདུང་བ་ཞི་བྱེད་ཀྱི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་འདིའང་། རང་གཞན་མང་པོར་བྱིན་རླབས་ཀྱི་ཡེ་ཤེས་ལྷག་པར་སྨིན་པའི་སླད་དུ། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གཏེར་གཞུང་རྡོ་རྗེའི་ཚིག་རྐང་ཁོ་ན་རྒྱས་བསྡུས་འཚམ་པར་སྦྱར་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །།
དཔལ་རྡོ་རྗེ་གཞོན་ནུ་ཐུགས་ཀྱི་ཐིག་ལེ་ལས༔ ལྷ་དབང་ (Volume 32, Text 6)
༄༅༔ དཔལ་རྡོ་རྗེ་གཞོན་ནུ་ཐུགས་ཀྱི་ཐིག་ལེ་ལས༔ ལྷ་དབང་བཞུགས་སོ༔ ཐུགས་དམ་གསང་བའི་ལྷ་མཆོག་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ༔ རྡོ་རྗེ་གཞོན་ནུའི་ལྷ་དབང་བསྐུར་བ་ནི༔ ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་ལྟེ་བ་ནས༔ མི་གནས་མི་འགྱུར་དཔལ་ཆེན་ཀུ་མཱ་ར༔ འཁོར་ལོ་རྒྱས་འདེབས་ཤེས་རབ་ཡུམ་དང་སྦྱོར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྟེང་གི་ཕྱོགས་ནས་ཐོག་ཆེན་འབེབ་མཛད་པ༔ ཧཱུྃ་ཀཱར་སྒྲ་འབྱིན་ཕག་དང་རྨིགས་བུའི་མགོ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་དགྲ་བགེགས་གཟིར་མཛད་པ༔ རྣམ་རྒྱལ་སྙེམས་མ་སྟག་དང་བྱ་རྒོད་མགོ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཤར་ལྷོ་མཚམས་ནས་དགྲ་བགེགས་འཇོམས་མཛད་པ༔ དབྱུག་སྔོན་སྡེར་མོ་གཡག་དང་བྱ་རོག་མགོ༔ སྐལ་ལྡན༴ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཀཱ་ཡ༴ ཧཱུྃཿ ལྷོ་ཡི་ཕྱོགས་ནས་དགྲ་བགེགས་གསོད་མཛད་པ༔ གཤིན་རྗེ་དུར་ཁྲོད་ཤ་ཝ་འུག་པའི་མགོ༔ སྐལ་ལྡན༴ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ཀཱ་ཡ༴ ཧཱུྃ༔ ལྷོ་ནུབ་མཚམས་ནས་དགྲ་བགེགས་སྒྲོལ་མཛད་པ༔ མི་གཡོ་གཏུན་ཁུང་གཟིག་དང་ཁྭ་ཏའི་མགོ༔ སྐལ་ལྡན༴ ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཀཱ་ཡ༴ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་དགྲ་བགེགས་འཆིང་མཛད་པ༔ རྟ་མགྲིན་གཏུམ་མོ་བྱི་ལ་པུ་ཤུད་མགོ༔ སྐལ་ལྡན༴ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཀཱ་ཡ༴ ཧཱུྃ༔ ནུབ་བྱང་མཚམས་ནས་དགྲ་བགེགས་འགུགས་མཛད་པ༔ འདོད་རྒྱལ་མདའ་སྙེམས་ཅེ་སྤྱང་ཁྲ་ཡི་མགོ༔ སྐལ་ལྡན༴ ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཀཱ་ཡ༴ ཧཱུྃ༔ བྱང་གི་ཕྱོགས་ནས་དགྲ་བགེགས་གནོན་མཛད་པ༔ བདུད་རྩི་རླུང་འབྱིན་སེང་གེ་ཕ་ཝཾ་མགོ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བྱང་ཤར་མཚམས་ནས་དགྲ་བགེགས་སྟོབ་མཛད་པ༔ ཁམས་གསུམ་གསོད་མ་དོམ་དང་སྲེ་མོང་མགོ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འོག་གི་ཕྱོགས་ནས་དགྲ་བགེགས་སྤོར་མཛད་པ༔ སྟོབས་ཆེན་སྐྱོད་མ་དྲེད་དང་བྱི་བའི་མགོ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བཱ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྤྱི་བོའི་གཙུག་ཏུ་དབང་བསྐུར་རོ༔ དམ་ཅན་རྣམས་ཀྱི་སྦམས་ཕུར་གྱིས་དབང་བསྐུར་བ་ནི༔ ཧཱུྃ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ སྔོན་ཆད་ཇི་ལྟར་ཁས་བླངས་པ༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད༔ ཧ་ན་ཧ་ན་བཛྲ༔ ད་ཧ་ད་ཧ་བཛྲ༔ པ་ཙ་པ་ཙ་བཛྲ༔ མ་ཐཱ་མ་ཐཱ་བཛྲ༔ ཛྭ་ལ་ཛྭ་ལ་བཛྲ༔ སུ་རུ་སུ་རུ་བཛྲ༔ མུ་རུ་མུ་རུ་བཛྲ༔ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ༔ ཨ་ཙི་ཏེ་ཨ་པ་ར་ཙི་ཏེ༔ མཱ་ར་སེ་ན༔ པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ༔ ཤ་ཆེན་གྱི་དུད་པ་གཏང༔ དར་ནག་གཡབ༔ བཤུགས་པའི་སྒྲ་དང་རྐང་གླིང་འབུད་དོ༔ རྡོ་རྗེ་གཞོན་ནུའི་མཚན་མ་རྫས་ཀྱི་དབང་བསྐུར་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔
དཔལ་རྡོ་རྗེ་བདུད་རྩི་རིགས་བཞི་ཡོངས་རྫོགས་ལ་བསྟེན་ནས་བདུད་རྩི་སྒྲུབ་པའི་ཁོག་དབུབ་རྡོ་རྗེ་ཉི་མའི་སྣང་བ་ (Volume 30, Text 6)
༄༅། །དཔལ་རྡོ་རྗེ་བདུད་རྩི་རིགས་བཞི་ཡོངས་རྫོགས་ལ་བསྟེན་ནས་བདུད་རྩི་སྒྲུབ་པའི་ཁོག་དབུབ་རྡོ་རྗེ་ཉི་མའི་སྣང་བ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲཱམྲྀཏ་ཡ། རྡོ་རྗེ་ཡེ་ཤེས་ཉི་མའི་སྣང་བ་ལས། །བདེ་ཆེན་བདུད་རྩིའི་ཐིག་ལེར་རབ་ཤར་བས། །གཉིས་རྟོག་མུན་པ་དབྱིངས་སུ་སད་མཛད་པ། །བླ་མ་ཧེ་རུ་ཀ་དཔལ་དེས་སྐྱོངས་ཤིག །གསང་རྒྱུད་ཀུན་གྱི་སྙིང་པོའི་བཅུད། །གྲུབ་པ་ཡོངས་ཀྱི་ལམ་པོ་ཆེ། །དམ་རྫས་བདུད་རྩིའི་དངོས་གྲུབ་མཆོག །སྒྲུབ་པའི་ལག་ལེན་རྣམ་གསལ་བྱ། །དཔལ་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོ་རིགས་བཞི་ཡོངས་རྫོགས་ལ་བསྟེན་ནས་བདུད་རྩི་མཆོག་གི་དངོས་གྲུབ་སྒྲུབ་པ་ལ། ཐོག་མར་གནས་དུས་སྟོན་འཁོར་ཡོ་བྱད་དེ་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ་རྒྱུད་དང་མན་ངག་ལས་འབྱུང་བ་ལྟར་ཚུལ་བཞིན་ཚོགས་པ་དང་། ཁྱད་པར་སྒྲུབ་པའི་སློབ་དཔོན་རྡོ་རྗེ་བདུད་རྩི་ཡན་ལག་ཅན་རྩ་བའི་དཀྱིལ་འཁོར་གྱི་བསྙེན་སྒྲུབ་གྲངས་ཐེམས་པ་དང་། ཡན་ལག་གསུམ་གྱི་སྒོ་ནས་ཁྲུས་རྫས། བདུག་པ། མ་ད་ན་བཅས་ལེགས་པར་གྲུབ་པའི་དབང་དུ་བྱས་ནས། དམ་རྫས་བདུད་རྩི་སྒྲུབ་པ་དངོས་ལ་གསུམ། སྔོན་འགྲོའི་རིམ་པས་ལས་ཀྱི་གཞི་དགོད་པ། དངོས་གཞི་ཡན་ལག་བཞི་ལྡན་དུ་སྒྲུབ་པ། རྗེས་དོན་གཉིས་མཐའ་རྒྱས་སུ་བྱ་བའོ། །དང་པོ་ལ་གསུམ། ས་ཆོག །མཚམས་གཅོད། ལྷག་གནས་ཀྱི་རིམ་པའོ། །དང་པོ་ལའང་བཞི་ལས། ཐོག་མར་ས་བརྟག་པ་སྒྲུབ་གནས་རྙིང་པ་ལ་མི་དགོས་ཤིང་གཞན་གསུམ་ཕྱག་ལེན་དུ་མཛད་པ་ལས། གཉིས་པ་ས་བསླང་བ་ལའང་། སྣང་བ་ཡུལ་བདག་ལས་བསླངས་ཟིན་པའི་དབང་དུ་བྱས་ཏེ། མི་སྣང་བ་ས་བདག་ལྷ་ཀླུ་ལས་བསླང་བ་ནི། སྟབས་གང་བདེར་བདག་བསྐྱེད་མཆོད་པ་སྨན་རཀ་གཏོར་གསུམ། རྣམ་བདུན་ཕྲེང་ཚར་དུ་བཤམ། དཀྱིལ་འཁོར་གང་དུ་བྱ་བའི་སྟེགས་བུའི་དབུས་སུ་མེ་ཏོག་གི་ཚོམ་བུ་གཅིག་བཀོད་པའི་མདུན་དུ་ས་ལྷའི་གཏོར་མ་དཀར་ཟླུམ་མདུན་དུ་མཐེབ་ཀྱུ་དང་རིལ་བུས་མཚན་པ་བཀོད། མཐར་བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག་ནས་བརྩམ་སྟེ་ཆུ་གཉིས་ཉེར་སྤྱོད་ལྔ་དང་བཅས་པས་གཡས་སུ་བསྐོར། གཞན་ཡང་། ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། ཐོག་མར་བདག་གི་རྣལ་འབྱོར་ནི། ཚིག་བདུན་གསོལ་འདེབས་དང་། བརྒྱུད་འདེབས་སྔོན་དུ་འགྲོ་བས། བདག་བསྐྱེད་ནི། གཏེར་གཞུང་གི་སྐྱབས་སེམས། མཆོད་པ་བྱིན་བརླབ། ལྷ་བསྐྱེད་ནས་བསྟོད་པའི་བར་བཏང་། དམིགས་པའི་འཕྲོ་འདུ་བཅས་ཞི་ཁྲོའི་བཟླས་པ་བརྒྱ་རྩ་ཙམ་བཟླ། སྣོད་བཅུད་འོད་གསལ་སོགས་ཀྱིས་བསྡུ་ལྡང་བྱ། ས་ལྷའི་མཆོད་གཏོར་རྣམས། ཨོཾ་བཛྲ་ཨ་མྲྀཏ་ཧཱུྃ་ཕཊཿཀྱིས་བསང་། ཨོཾ་སྭཱ་བྷཱ་བ་སོགས་ཀྱིས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པ་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱཱ་ཤབྡ་པཱུ་ཛ་ས་མ་ཡེ་ཧཱུྃ༔ ཞེས་དང་། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ༔ གསུམ་གྱིས་བརླབ། རང་ཉིད་དཔལ་རྡོ་རྗེ་བདུད་རྩི་ཡུམ་དང་བཅས་པའི་སྐུར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ ས་འོག་ནས་སའི་ལྷ་མོ་འཁོར་དང་བཅས་པ་སྤྱན་དྲངས༔ དགྱེས་ཤིང་འཛུམ་པའི་མདངས་ཕྱུང་སྟེ་འཁོད་པར་གྱུར༔ ཨོཾ་པྲྀ་ཐཱི་དེ་ཝཱི་ནཱ་ག་བྷཱུ་མི་པ་ཏི་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་གྷྲྀཧྞ་བྷཱུཉྫ་ཧོ༔ ཞེས་ལན་གསུམ་གྱིས་གཏོར་མ་འབུལ། ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ཧཱུྃ༔ དགོངས་ཤིག་དབང་ཆེན་མངའ་བདག་བསྟན་མ་དང༔ ཆུ་དང་ས་ལ་གནས་པའི་འབྱུང་པོ་ཀུན༔ བདག་གིས་མཆོད་ཅིང་བསྟོད་པས་དགྱེས་པ་བསྐྱེད༔ རིན་ཆེན་ས་རིན་མཆོད་གཏོར་འདི་བཞེས་ལ༔ ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར༔ ཞི་དང་བཀྲ་ཤིས་བདེ་ལེགས་བསྩལ་དུ་གསོལ༔ ཅེས་གསོལ་བས་དགྱེས་བཞིན་དུ་གནང་བ་བྱིན༔ གཙྪ༔ ཞེས་བརྗོད་པས། འོད་ཟེར་རིན་པོ་ཆེ་འབར་བའི་རྣམ་པས་སའི་གཞི་དེར་ཐིམ་པས་བཀྲ་ཤིས་པའི་གཟི་བྱིན་འབར་བར་གྱུར༔ ཅེས་བསྒོམ། གསུམ་པ་སྦྱང་ཞིང་གཟུང་བ་ནི། སླར་ཡང་རང་གི་ཐུགས་ཀ་ནས་ཧཱུྃ་འབར་བ་དང་བཅས་པའི་འོད་ཟེར་གྱིས་སའི་ཉེས་སྐྱོན་ཐམས་ཅད་སྦྱངས༔ ས་གཞི་གཉིས་སུ་མེད་པའི་ཡེ་ཤེས་ནམ་མཁའི་རང་བཞིན་དུ་གྱུར་པར་བསམ་ལ༔ ཧཱུྃ་གི་གླུ་བླངས་ཤིང་། ཛྙཱ་ན་བྷཱུ་ཁཾ་ཨ་ཨ༔ ཞེས་བརྗོད་ཅིང་མཉམ་པར་གཞག་གོ །དབང་མཆོག་གི་ཕུར་བུ་རྟ་མགྲིན་དུ་གསལ་བ་ལས་འོད་ཟེར་དམར་པོའི་དྲྭ་བས་ཕྱོགས་ཀུན་ཁྱབ་པས་ས་གཞི་དབང་དུ་བྱས་པར་བསམ་ལ༔ ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་ཕཊ༔ ཅེས་བརྗོད་ཅིང་ཕུར་བུ་དཀྱིལ་འཁོར་གྱི་སྟེགས་བུའི་ནུབ་བྱང་དུ་གདབ་བོ། །བཞི་པ་བསྲུང་ཞིང་མཚམས་གཅོད་པ་ནི། བགེགས་གཏོར་བཤམས་ལ་བྱིན་བརླབ་བསྔོ་བ་རྣམས་སྤྱི་མཐུན་བྱ། ལས་གཞུང་ལྟར་བཀའ་བསྒོ། དྲག་སྔགས་དང་ཡུངས་ཐུན་གུ་གུལ་དུད་པས་བདུག་ལ་བསྐྲད། སྲུང་མཚམས་གཅོད་པའི་ཚིག་བརྗོད་ལ་སྲུང་འཁོར་བརྟན་པོར་བསྒོམ་མོ། །གཉིས་པ་མཚམས་གཅད་པ་ལ་གསུམ། ཕྱི་ནང་གསང་བའོ། །དང་པོ་ཕྱི་མཚམས་རྒྱལ་ཆེན་བཞི་ལ་བཅོལ་བ་ནི། སྒྲུབ་ཁང་གི་ཕྱོགས་བཞིར་གོམ་པ་བདུན་ཅུ་རྩ་བཞིའི་སར་ཐོ་བཞི་བརྩེགས་པ་ལ་རྒྱལ་ཆེན་སོ་སོའི་སྐུའམ་སྔགས་བྱང་རྒྱལ་མཚན་དང་བཅས་པ་བཙུག་པ། སོ་སོའི་མདུན་དུ་སྟེགས་གཙང་མར་གཏོར་མ་དཀར་ཟླུམ་མདུན་དུ་མཐེབ་ཀྱུ་རིལ་བུས་མཚན་པ་རེ་དང་། དེའི་མདུན་དུ་གཡོན་ཕྱོགས་ནས་བརྩམ་པའི་ཆུ་གཉིས་ཉེར་སྤྱོད་ལྔ་བཅས་བཤམ། སྒྲུབ་པ་པོ་རྣམས་རོལ་ཆས་སོགས་སེར་སྦྲེང་གི་ཚུལ་གྱིས་སྒྲུབ་ཁང་ནས་དོན་ཏེ་ཤར་གྱི་ཐོ་མདུན་དུ་འཁོད་ལ། མཆོད་གཏོར་རྣམས། ཨོཾ་པདྨཱནྟ་ཀྲྀཏ་ཧཱུྃ་ཕཊཿཀྱིས་བསང་། ཨོཾ་སྭ་བྷཱ་བ་སོགས་ཀྱིས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པ་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་སོགས་ནས། ཤབྡ་པཱུ་ཛ་ས་མ་ཡེ་ཧཱུྃ༔ ཞེས་དང་། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱི༔ ལན་གསུམ་གྱིས་བརླབ། རང་རྡོ་རྗེ་བདུད་རྩིར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་སྤྱན་དྲངས་ཏེ་རྟེན་དང་དབྱེར་མེད་པར་བཞུགས་པར་བསམ་ལ༔ ཧཱུྃ༔ བདུད་རྩི་གསང་བའི་དཀྱིལ་འཁོར་ཆེའི༔ མཚམས་ཀྱི་ཕྲིན་ལས་མཛད་པའི་ཕྱིར༔ མཐུ་ཆེན་རྒྱལ་པོ་ཡུལ་འཁོར་སྲུང༔ འཁོར་བཅས་འདིར་གཤེགས་བརྟན་པར་བཞུགས༔ ཨེ་ཧྱེ་ཧི༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཨོཾ་དྷྲྀཥྚ་རཱཥྚཱ་ཡ་སྭཱ་ཧཱ༔ ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་བྷུཉྫ་ཧོ༔ ལན་གསུམ་གྱིས་གཏོར་མ་འབུལ། ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཱུ་ཛ་ཧོ༔ ཏིང་འཛིན་སྔགས་རྒྱས་བྱིན་བརླབས་པའི༔ མཆོད་གཏོར་བཟང་པོ་འདི་བཞེས་ལ༔ བར་ཆད་བགེགས་ཚོགས་སྲུང་བ་ཡི༔ རྡོ་རྗེ་མཚམས་ཀྱི་ཕྲིན་ལས་མཛོད༔ རང་སྔགས་དང་། སུ་པྲ་ཏིཥྛ་སོགས་བརྗོད་ལ་མེ་ཏོག་འཐོར། ཤིས་བརྗོད་ཤློ་ཀ་གཅིག་ཙམ་བྱ་བ་འགྲེ །དེ་ནས་ལྷོའི་ཐོ་མདུན་དུ་ཕྱིན་ལ་མཆོད་གཏོར་བྱིན་བརླབ། རང་རྡོ་རྗེ་བདུད་རྩིར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ལྷོ་ཕྱོགས་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འཁོར་དང་བཅས་པ་སྤྱན་དྲངས་ཏེ་རྟེན་དང་དབྱེར་མེད་པར་བཞུགས་པར་གྱུར། ཧཱུྃ༔ བདུད་རྩི་གསང་བའི་དཀྱིལ་འཁོར་ཆེའི༔ མཚམས་ཀྱི་ཕྲིན་ལས་མཛད་པའི་ཕྱིར༔ མཐུ་ཆེན་རྒྱལ་པོ་འཕགས་སྐྱེས་པོ༔ འཁོར་བཅས་འདིར་གཤེགས་བརྟན་པར་བཞུགས༔ ཨེ་ཧྱེ་ཧི༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཨོཾ་བཻ་རུ་ཌྷ་ཀཱ་ཡ་སྭཱ་ཧཱ༔ ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་བྷུཉྫ་ཧོ༔ ལན་གསུམ། ཨོཾ་བཛྲ་པུཥྤེ་སོགས་ནས། ཤབྡ་པཱུ་ཛ་ཧོ༔ ཏིང་འཛིན་སྔགས་རྒྱས་བྱིན་བརླབས་པའི༔ མཆོད་གཏོར་བཟང་པོ་འདི་བཞེས་ལ༔ བར་ཆད་བགེགས་ཚོགས་སྲུང་བ་ཡི༔ རྡོ་རྗེ་མཚམས་ཀྱི་ཕྲིན་ལས་མཛོད༔ རང་སྔགས་རབ་གནས་ཤིས་བརྗོད་བྱ། དེ་ནས་ནུབ་ཀྱི་ཐོ་མདུན་དུ་ཕྱིན་ལ་མཆོད་གཏོར་བྱིན་བརླབ། རང་རྡོ་རྗེ་བདུད་རྩིར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ནུབ་ཕྱོགས་ནས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་འཁོར་དང་བཅས་པ་སྤྱན་དྲངས་ཏེ་རྟེན་དང་དབྱེར་མེད་པར་བཞུགས་པར་གྱུར། ཧཱུྃ༔ བདུད་རྩི་གསང་བའི་དཀྱིལ་འཁོར་ཆེའི༔ མཚམས་ཀྱི་ཕྲིན་ལས་མཛད་པའི་ཕྱིར༔ མཐུ་ཆེན་རྒྱལ་པོ་སྤྱན་མི་བཟང༔ འཁོར་བཅས་འདིར་གཤེགས་བརྟན་པར་བཞུགས༔ ཨེ་ཧྱེ་ཧི༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཨོཾ་བི་རཱུ་པཀྵཱ་ཡ་སྭཱ་ཧཱ༔ ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་བྷུཉྫ་ཧོ༔ ལན་གསུམ། ཨོཾ་བཛྲ་པུཥྤེ་སོགས་ནས། ཤབྡ་པཱུ་ཛ་ཧོ༔ ཏིང་འཛིན་སྔགས་རྒྱས་བྱིན་བརླབས་པའི༔ མཆོད་གཏོར་བཟང་པོ་འདི་བཞེས་ལ༔ བར་ཆད་བགེགས་ཚོགས་སྲུང་བ་ཡི༔ རྡོ་རྗེ་མཚམས་ཀྱི་ཕྲིན་ལས་མཛོད༔ རང་སྔགས་རབ་གནས་ཤིས་བརྗོད་བྱ། དེ་ནས་བྱང་གི་ཐོ་མདུན་དུ་ཕྱིན་ལ་མཆོད་གཏོར་བྱིན་བརླབ། རང་རྡོ་རྗེ་བདུད་རྩིར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་བྱང་ཕྱོགས་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་སྤྱན་དྲངས་ཏེ་རྟེན་དང་དབྱེར་མེད་པར་བཞུགས་པར་གྱུར། ཧཱུྃ༔ བདུད་རྩི་གསང་བའི་དཀྱིལ་འཁོར་ཆེའི༔ མཚམས་ཀྱི་ཕྲིན་ལས་མཛད་པའི་ཕྱིར༔ མཐུ་ཆེན་རྒྱལ་པོ་རྣམ་ཐོས་སྲས༔ འཁོར་བཅས་འདིར་གཤེགས་བརྟན་པར་བཞུགས༔ ཨེ་ཧྱེ་ཧི༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་བྷུཉྫ་ཧོ༔ ལན་གསུམ། ཨོཾ་བཛྲ་པུཥྤེ་སོགས་ནས། ཤབྡ་པཱུ་ཛ་ཧོ༔ ཏིང་འཛིན་སྔགས་རྒྱས་བྱིན་བརླབས་པའི༔ མཆོད་གཏོར་བཟང་པོ་འདི་བཞེས་ལ༔ བར་ཆད་བགེགས་ཚོགས་སྲུང་བ་ཡི༔ རྡོ་རྗེ་མཚམས་ཀྱི་ཕྲིན་ལས་མཛོད༔ རང་སྔགས་རབ་གནས་ཤིས་བརྗོད་བྱ། སྒྲུབ་པ་པོ་གཅིག་སྒྲུབ་ལྟ་བུའི་སྤྲོས་པ་བསྡུ་བའི་སྐབས། ཕྱི་སྒོའི་དྲུང་དུ་རྒྱལ་ཆེན་བཞི་ཕྱོགས་བསྡུས་ཀྱི་ཐོ་བཙུག །མཆོད་གཏོར་བཤམ། རཾ་ཡཾ་ཁཾ་གིས་བསང་། རང་ཉིད་རྡོ་རྗེ་བདུད་རྩི་ཡི༔ ཐུགས་ནས་འོད་ཟེར་འཕྲོས་པ་ཡིས༔ མཆོད་གཏོར་འདོད་ཡོན་ཕུང་པོར་བསྒྱུར༔ རྒྱལ་ཆེན་འཁོར་བཅས་སྤྱན་དྲངས་བསམ༔ ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱི༔ ལན་གསུམ། ཧཱུྃ༔ བདུད་རྩི་གསང་བའི་དཀྱིལ་འཁོར་ཆེའི༔ མཚམས་ཀྱི་ཕྲིན་ལས་མཛད་པའི་ཕྱིར༔ མཐུ་ཆེན་རྒྱལ་པོ་ཆེན་པོ་བཞི༔ འཁོར་བཅས་འདིར་གཤེགས་བརྟན་པར་བཞུགས༔ ཨེ་ཧྱེ་ཧི༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་དྲངས་བསྟིམ་བྱས་ལ། ཨོཾ་དྷྲྀཥྚ་རཱཥྚཱ་ཡ་སྭཱ་ཧཱ༔ ཨོཾ་བཻ་རུ་ཌྷ་ཀཱ་ཡ་སྭཱ་ཧཱ༔ ཨོཾ་བི་རུ་པཀྵཱ་ཡ་སྭཱ་ཧཱ༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་བྷུཉྫ་ཧོ༔ ལན་གསུམ་གྱིས་གཏོར་མ་འབུལ། ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཱུ་ཛ་ཧོ༔ ཞེས་མཆོད། ཏིང་འཛིན་སྔགས་རྒྱས་བྱིན་བརླབས་པའི༔ སོགས་ཀྱིས་ཕྲིན་ལས་བཅོལ། བརྟན་བཞུགས་ཤིས་བརྗོད་བྱས་པས་གྲུབ་བོ། །གཉིས་པ་བར་མཚམས་ལ་གཉིས་ལས་བགེགས་ལ་ཕུར་བུས་གདབ་ཅིང་མནན་པ་ནི། དུག་ཤོག་ལ་དམ་སྲིའི་ལིངྒ་བྱ་མཆུ་ཅན་ཡན་ལག་ལྕགས་སྒྲོག་གིས་བསྡམས་པའི་སྙིང་གར་ཛ་ཏྲི་<!TCC Tibetan character 4,146 undefined in unicode!>་ཁ་སྤྲོད་མཐར་མགྲིན་པ་ནས་བརྩམ་སྟེ་མགོ་ཕྱིར་བསྟན་པས། ཡ་མ་དམ་སྲི་གཾ་པ་རི་མཱ་ར་ཡ་ཛཿཛཿནན༔ ཏྲིའུ་ཏྲིའུ་མཱ་ར་ཡ་ན་མ་ཤོ་ཛཿཁུག་ནན༔ ཞེས་དང་གཟུགས་ཀྱི་མཐར་ཡིག་མགོ་ནང་དུ་བསྟན་ལ། དུས་དྲུག་དང་བཅུར་རྒྱུ་བའི་ཉུལ་ལེ་དམ་སྲི་རྒྱལ་འགོང་འབྱུང་པོའི་ཚོགས་དང་བཅས་པའི་ལུས་ངག་ཡིད་གསུམ་མཐུ་སྟོབས་ཐམས་ཅད་ནོན་ཅིག༔ བསྐལ་པ་མ་སྟོངས་ཀྱི་བར་དུ་མ་ལྡངས་ཤིག༔ ཨོཾ་ལཾ་ཧཱུྃ་ལཾ་སྟམྦྷ་ཡ་ནན༔ ཞེས་པ་རྣམས་ཀྱི་མཐར་ཛ་ཁྲོམ་གྱིས་བསྐོར་བ་བྲིས་ལ། འགྲུབ་ན་སྒྲུབ་པའི་སྔ་ཉིན་ལྟ་བུར་ཕུར་པ་སོགས་དྲག་པོའི་ཕྲིན་ལས་བཏང་བའི་ཚོགས་ཐ་མའི་གདབ་ཁ་དང་འབྲེལ་བར་བཀུག་བསྟིམ་གྲངས་མང་བྱས་ལ་ཐུན་གདབ། འདྲེ་ལྟེབ་ཏུ་བཅག་ཅིང་ཚོན་སྐུད་ཀྱིས་བཅིང་། ཐོད་ངན་ནམ་ཁྱི་ཐོད་ལྟ་བུར་བཅུག །ཕུང་རེས་དྲིལ་ལ་རྩང་གིས་གཟེར་བའི་མནན་ཆས་བྱས། སྒོ་དྲུང་དུ་དོང་གྲུ་གསུམ་བྲུས་པ་ལ་བཀོད། དེ་ཙམ་མི་འགྲུབ་པའི་སྐབས་ལིངྒ་དོང་ནང་དུ་བཏིང་། གཞན་གསེར་སྐྱེམས་ཆས། རྡོ་ཐུན། སཱཙྪ་ནག་པོ། རོ་གཡམ་ལ་རི་གླིང་དང་རྒྱ་གྲམ་བྲིས་པ། མེ་ཆུ། རླུང་གཡབ། སྐྱེར་ཕུར་རྣམས་འདུ་བྱས་ནས། སློབ་དཔོན་གྱིས་གསེར་སྐྱེམས་ཐོགས་ལ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ གསུམ་གྱིས་བྱིན་བརླབས་ལ། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། ཁྱད་པར་རྡོ་རྗེ་བདུད་རྩིའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོག་མངག་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་སོགས་ཡུལ་གཞི་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །ཅེས་པའི་ཚིག་མཚམས་གསུམ་པོར་གསེར་སྐྱེམས་འབུལ། ཨོཾ་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊཿ བདག་ཉིད་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་ཧཱུྃ་མཛད་འཇིགས་སུ་རུང་བའི་སྐུར་གྱུར། ཨེ་ཡཾ་རཾཿ ཛྭ་ལ་རཾཿ བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དམ་སྲི་ཕོ་མོ་གཟུགས་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་དཔལ་ཆེན་ཧེ་རུ་ཀ་རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་དངོས་གྲུབ་ལ་བར་དུ་གཅོད་པའི་ཡ་མ་དམ་སྲི་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ལན་གསུམ་གྱིས་དགུག་གཞུག་བྱས་ལ། སྐྱེར་ཕུར་སྙིང་ཁར་གདབ་ཅིང་། ཧཱུྃ༔ རྡོ་རྗེ་བདུད་རྩི་ཧཱུྃ་མཛད་ཆེ༔ སྟོད་ནི་ཁྲོ་རྒྱལ་འཇིགས་པ་ལ༔ སྐུ་སྨད་ཕུར་བུའི་དབལ་ལྡན་པས༔ སྒྲུབ་ལ་འཚེ་བའི་སྙིང་ཁར་གདབ༔ ཨོཾ་བཛྲ་ཧཱུྃ་ཀཱ་ར་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་མཱ་ར་ཡ་ཕཊ༔ ཅེས་དང་། སྤྲོས་པ་རྒྱས་པའི་སྐབས། ཧཱུྃ༔ མ་རིག་གཏི་མུག་རྒྱུ་ལས་བྱུང༔ ཆགས་སྡང་ཉོན་མོངས་དྲག་པོའི་གཟུགས༔ དམ་སྲི་བྱ་བའི་ལས་ངན་ཁྱོད༔ སྔོན་ཡང་སྒྲུབ་ལ་བར་དུ་བཅད༔ ད་ཡང་གནོད་པ་རྩོམ་ལ་འདུན༔ དེ་ཕྱིར་སྙིང་རྗེ་ཁྲོས་པ་ཡི༔ ཡེ་ཤེས་རྡོ་རྗེ་ལྕགས་ཀྱུས་དགུག༔ ཐར་མེད་ཨེ་ཡི་དབྱིངས་སུ་མནན༔ མེ་ཆུ་རླུང་གི་ཕྱག་རྒྱས་བཏབ༔ རྡོ་རྗེའི་གར་གྱི་བྲོ་བརྡུངས་པས༔ བྱང་ཆུབ་མཆོག་སེམས་མ་བསྐྱེད་བར༔ ནམ་ཡང་ལྡང་བའི་སྐབས་མེད་དོ༔ ཨོཾ་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ༔ ཡ་མ་དམ་སྲི་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་སྟམྦྷ་ཡ་ལཾ་ནན༔ བསྡུ་ན་འདི་མ་བརྗོད་ཀྱང་ཆོག །གང་ལྟར་རོལ་ཆེན་འོག་སས་བྱིབ། མེ་ཆུ་རླུང་གིས་རྒྱས་གདབ། རོ་གཡམ་ལ་གླིང་བཞི་དང་རྒྱ་གྲམ་བྲིས་པས་ཁ་བཅད། སུམྦྷ་ནི་སོགས་ཧཱུྃ་བཞིའི་སྔགས་བརྗོད་ཅིང་ཐམས་ཅད་ལག་པ་ལུ་གུ་རྒྱུད་དུ་སྦྲེལ་ལ། ཧཱུྃ་ཧཱུྃ༔ རྡོ་རྗེ་ཁྲོ་བོའི་གར་མཛད་པས༔ རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང༔ ཚངས་པའི་ཡུལ་ས་ནོན་བགྱིད་ན༔ བར་ཆད་བགེགས་ལ་སྨྲོས་ཅི་དགོས༔ ཨོཾ་བཛྲ་ཧཱུྃ་ཀཱ་ར་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་སཏྭཾ་བྷ་ཡ་ཧཱུྃ་ཧཱུྃ༔ ཞེས་བརྗོད་དོ། །དེ་ནས་སྒོ་བྱང་གདགས་པ་ནི། ལྕགས་སམ་དྲག་པོའི་ཤིང་གི་ཕུར་བུ་ལ་ཧཱུྃ་མཛད་ཀྱི་ལས་སྔགས་བྲིས་པའི་བྱང་བུ་དང་དར་ནག་གི་ཅོད་པན་བཏགས་པ་ནང་གི་སྒོ་གོང་དུ་བཀོད། མཆོད་གཏོར་བཤམས་ལ་བྱིན་བརླབ། རྟེན་བསང་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཉི་མའི་གདན་ལ་ཧཱུྃ་ཡིག་མཐིང་ནག་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཁྲོ་བོའི་རྒྱལ་པོ་ཧཱུྃ་ཀཱ་ར་མཐིང་ནག་ཞལ་གསུམ་གཡས་དཀར་གཡོན་དམར་བ། གཏུམ་ཞིང་ཁྲོ་ལ་བཞད་པའི་ཉམས་ཅན། ཕྱག་དྲུག་གི་དང་པོ་གཉིས་བགེགས་འདུལ་གྱི་ཕྱག་རྒྱ། བར་པས་མདའ་གཞུ་བཀང་ཞིང་། ཐ་མ་གཉིས་ཀྱིས་རང་འདྲའི་ཡུམ་མ་མཱ་ཀིའི་རྒྱབ་ནས་འཁྱུད་ཅིང་ནུ་མ་གཉིས་འཛིན་པ། སྟག་ཤམ་སྦྲུལ་དང་རུས་པའི་རྒྱན་ཅན། ཞབས་གཉིས་ཀྱིས་ལྷ་ཆེན་ཕོ་མོ་མནན་ཅིང་མེ་ཕུང་གི་དབུས་ན་འགྱིང་བ། ཡབ་ཡུམ་སྙོམས་པར་ཞུགས་པའི་སྒྲས་ཡེ་ཤེས་པ་སྤྱན་དྲངས་ཏེ་ཐིམ་པར་གྱུར། ཨོཾ་བཛྲ་ཨ་མྲྀཏ་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨོཾ་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོཿ ཞེས་བསྐྱེད་ཅིང་བསྟིམ་པ་ལ། ཨོཾ་བཛྲ་ཧཱུྃ་ཀཱ་ར་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་བྷཱུཉྫ་ཧོ༔ ལན་གསུམ། ཨོཾ་ཤྲཱི་ཧེ་རུ་ཀ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་ཨཱཿཧཱུྃ༔ ཧཱུྃ༔ རྡོ་རྗེ་ཡེ་ཤེས་བདུད་རྩི་ཆེ༔ ཧཱུྃ་གི་སྒྲ་མཛད་བགེགས་དཔུང་འདུལ༔ ཁྲོ་རྒྱལ་ཆེན་པོ་འདིར་བཞུགས་ལ༔ སྲུང་བ་མཚམས་ཀྱི་ཕྲིན་ལས་མཛོད༔ ཅེས་མཆོད་གཏོར་འབུལ་ཞིང་ཕྲིན་ལས་བཅོལ། སུ་པྲ་ཏིཥྛས་བརྟན་བཞུགས་བྱ་ཞིང་ཤིས་བརྗོད་བྱའོ། །གསུམ་པ་གསང་མཚམས་ནི། རྩ་གཞུང་དུ་སྣོད་བཅུད་བྱིན་རླབས་ཙམ་ལས་མ་གསུངས་པས་གཅིག་སྒྲུབ་སོགས་ལ་འོག་གི །རང་ཉིད་རྡོ་རྗེ་ཁྲག་འཐུང་སོགས་ལ་འཇུག་པས་ཆོག་ལ། ཚོགས་སྒྲུབ་སྤྲོས་རྒྱས་ཀྱི་སྐབས་སྤྱི་མཐུན་ཁྲོ་བཅུ་རོལ་པའི་ཕུར་གདབ་ནི། དཀྱིལ་འཁོར་གྱི་སྟེགས་བུའི་ཕྱོགས་མཚམས་བརྒྱད་ཤར་ནུབ་གཉིས་ཀྱི་ཕྱི་རྣམས་སུ་ཕུར་གདན་གྲུ་གསུམ་བཅུ་བཀོད། སློབ་དཔོན་དཀྱིལ་འཁོར་གྱི་ཤར་དུ་ཕྱོགས་ནས་འཁོད་པའི་མདུན་དུ་སེང་ལྡེང་གི་ཕུར་བུ་ཙནྡན་དམར་པོས་ཁ་དོག་བསྒྱུར་ཞིང་རྩེ་མོར་ཅོད་པན་བཅིངས་པ་བཅུ་འབྲུ་སྣོད་དུ་བཞག་ལ། རང་ཉིད་རྡོ་རྗེ་བདུད་རྩི་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་ཡེ་ཤེས་བཅུའི་རང་བཞིན་ཧཱུྃ་འབར་བ་དང་བཅས་པ་སྤྲོས༔ ཕུར་བུ་རྣམས་ལ་ཐིམ་པས་སྟོད་ཁྲོ་བོ་ལ་སྨད་ཕུར་བུའི་རྣམ་པ་ཅན་དམ་ཚིག་དང་ཡེ་ཤེས་དབྱེར་མེད་དུ་གྱུར་པར་བསམ་ལ༔ སློབ་དཔོན་གྱི་ཕྱག་གཡས་ཐོ་བ་དང་གཡོན་པས་ཕུར་བུ་ཐོགས་ལ་སྟངས་སྟབས་དང་བཅས། སྟེང་གི་ཕུར་བུ་ཤར་གྱི་ཤར་དུ་གདབ་ལ། ཧཱུྃ༔ དབང་ཆེན་ཀུན་ལ་དབང་སྒྱུར་བའི༔ སྐྱེ་ལ་དབང་མཛད་ཧཱུྃ་ཀཱ་ར༔ སྟེང་གི་ཕྱོགས་སུ་བཞུགས་ནས་ཀྱང༔ གསང་བ་མཚམས་ཀྱི་ལས་མཛོད་ཅིག༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ་གརྫ་གརྫ་སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཤར་ནས་ཕྱོགས་བཞིར་གཡས་སྐོར་དུ་གདབ་ལ། ཧཱུྃ༔ དབང་ཆེན་ཀུན་ལ་དབང་སྒྱུར་བའི༔ ཡོ་བྱད་དབང་མཛད་རྣམ་པར་རྒྱལ༔ ཤར་གྱི་ཕྱོགས་སུ་བཞུགས་ནས་ཀྱང༔ གསང་བ་མཚམས་ཀྱི་ལས་མཛོད་ཅིག༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ཧ་ན་ཧ་ན་སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ༔ དབང་ཆེན་ཀུན་ལ་དབང་སྒྱུར་བའི༔ ཚེ་ལ་དབང་མཛད་གཤིན་རྗེའི་གཤེད༔ ལྷོ་ཡི་ཕྱོགས་སུ་བཞུགས་ནས་ཀྱང༔ གསང་བ་མཚམས་ཀྱི་ལས་མཛོད་ཅིག༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་པ་ཙ་པ་ཙ་སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ༔ དབང་ཆེན་ཀུན་ལ་དབང་སྒྱུར་བའི༔ ཆོས་ལ་དབང་མཛད་རྟ་མཆོག་དཔལ༔ ནུབ་ཀྱི་ཕྱོགས་སུ་བཞུགས་ནས་ཀྱང༔ གསང་བ་མཚམས་ཀྱི་ལས་མཛོད་ཅིག༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཧུ་ལུ་ཧུ་ལུ་སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ༔ དབང་ཆེན་ཀུན་ལ་དབང་སྒྱུར་བའི༔ ལས་ལ་དབང་མཛད་བདུད་རྩི་འཁྱིལ༔ བྱང་གི་ཕྱོགས་སུ་བཞུགས་ནས་ཀྱང༔ གསང་བ་མཚམས་ཀྱི་ལས་མཛོད་ཅིག༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཙྪིནྡྷ་ཙྪིནྡྷ་སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ བྱང་ཤར་ནས་མཚམས་བཞི་གཡོན་སྐོར་དུ་གདབ་ལ། ཧཱུྃ༔ དབང་ཆེན་ཀུན་ལ་དབང་སྒྱུར་བའི༔ རྫུ་འཕྲུལ་དབང་མཛད་ཁམས་གསུམ་རྒྱལ༔ བྱང་ཤར་མཚམས་སུ་བཞུགས་ནས་ཀྱང༔ གསང་བ་མཚམས་ཀྱི་ལས་མཛོད་ཅིག༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་བྷིནྡ་བྷིནྡ་སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ༔ དབང་ཆེན་ཀུན་ལ་དབང་སྒྱུར་བའི༔ སེམས་ལ་དབང་མཛད་འདོད་པའི་རྒྱལ༔ ནུབ་བྱང་མཚམས་སུ་བཞུགས་ནས་ཀྱང༔ གསང་བ་མཚམས་ཀྱི་ལས་མཛོད་ཅིག༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ་ཏིཥྛ་ཏིཥྛ་སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ༔ དབང་ཆེན་ཀུན་ལ་དབང་སྒྱུར་བའི༔ མོས་ལ་དབང་མཛད་མི་གཡོ་མགོན༔ ལྷོ་ནུབ་མཚམས་སུ་བཞུགས་ནས་ཀྱང༔ གསང་བ་མཚམས་ཀྱི་ལས་མཛོད་ཅིག༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ་བྷནྡྷ་བྷནྡྷ་སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ༔ དབང་ཆེན་ཀུན་ལ་དབང་སྒྱུར་བའི༔ ཡེ་ཤེས་དབང་མཛད་དབྱུག་སྔོན་ཅན༔ ཤར་ལྷོའི་མཚམས་སུ་བཞུགས་ནས་ཀྱང༔ གསང་བ་མཚམས་ཀྱི་ལས་མཛོད་ཅིག༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ་ད་ཧ་ད་ཧ་སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ འོག་ཕུར་ནུབ་ཀྱི་ནུབ་ཏུ་གདབ་ལ། ཧཱུྃ༔ དབང་ཆེན་ཀུན་ལ་དབང་སྒྱུར་བའི༔ སྨོན་ལམ་དབང་མཛད་སྟོབས་པོ་ཆེ༔ འོག་གི་ཕྱོགས་སུ་བཞུགས་ནས་ཀྱང༔ གསང་བ་མཚམས་ཀྱི་ལས་མཛོད་ཅིག༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་སྥོ་ཊ་སྥོ་ཊ་སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཅེས་པ་ནི་སྤྲོས་བཅས་ཀྱི་ཕྱག་ལེན་དང་འབྲེལ་བའི་སྐབས་ཅུང་ཟད་རྒྱས་པར་སྤྲོས་པ་ཡིན་ལ། གཅིག་སྒྲུབ་ལྟ་བུའི་སྤྲོས་པ་བསྡུ་བའི་སྐབས། ཧཱུྃ༔ དབང་ཆེན་ཀུན་ལ་དབང་སྒྱུར་བའི༔ དབང་བཅུའི་བདག་ཉིད་ཁྲོ་བོ་བཅུ༔ དཀྱིལ་འཁོར་ཕྱོགས་བཅུར་བཞུགས་ནས་ཀྱང༔ གསང་བ་མཚམས་ཀྱི་ལས་མཛོད་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀྲོ་དྷ་སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཅེས་པས་འཐུས་ཤིང་འདིའི་སྐབས་སུ་ཧཱུྃ་བཅུ་པོ་རེ་རེ་བཞིན་བཛྲ་ཀྲོ་དྷ་སོགས་སྦྱར་ན་ལེགས་སོ། །གང་ལྟར་མཐར། བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུའི་སྙིང་གར་ཕུར་པའི་དབལ་གྱིས་གཟིར་ཏེ་སྐུ་དང་འོད་ཟེར་སྤྲུལ་པའི་ཕོ་ཉས་བར་དུ་གཅོད་པ་ཐམས་ཅད་ཚར་བཅད་པར་གྱུར༔ ཅེས་བསྒོམ། རྩ་གཞུང་དངོས་བསྟན་གསང་བ་སྣོད་བཅུད་བྱིན་བརླབས་ནི། རང་ཉིད་རྡོ་རྗེ་ཁྲག་འཐུང་ཆེ༔ མཱ་མ་ཀཱི་དང་མཉམ་སྦྱོར་བ༔ སྙོམས་ཞུགས་རྗེས་ཆགས་འོད་དང་སྒྲས༔ རྒྱལ་བ་མཆོད་ཅིང་ཐུགས་དམ་བསྐུལ༔ འཇིག་རྟེན་གཡོས་ཤིང་ཉོན་མོངས་སྦྱངས༔ ཁམས་གསུམ་དྲེགས་པ་དབང་མེད་བཀུག༔ ཞལ་དུ་ཞུགས་ཤིང་ལྟེ་བ་ནས༔ ཡེ་ཤེས་མེ་ཡིས་སྙིགས་མ་བསྲེགས༔ དྭངས་མ་བྱང་སེམས་བདུད་རྩི་དང༔ ལྷན་ཅིག་ཡུམ་གྱི་མཁའ་རུ་འཁྱིལ༔ དེ་ལས་ཆར་ལྟར་བབས་པ་ཡིས༔ སྣོད་བཅུད་དངོས་འཛིན་དྲི་མ་སྦྱངས༔ ཧེ་རུ་ཀ་ཡི་ཞིང་དུ་གྱུར༔ བྱང་སེམས་དཀར་དམར་ཆང་དང་སྦྱར་བ་ཕྱོགས་ཀུན་ཏུ་འཐོར་ལ། ཧཱུྃ༔ རྡོ་རྗེ་ཁྲག་འཐུང་ཡབ་དང་ཡུམ༔ མཉམ་པར་སྦྱོར་བའི་བྱང་ཆུབ་སེམས༔ འཇིག་རྟེན་དྲེགས་པ་བཏུལ་བའི་བཅུད༔ འཁོར་འདས་སྲོག་གི་དྭངས་མ་ཡི༔ སྣོད་བཅུད་གཟུང་འཛིན་ཡོངས་སུ་སྦྱངས༔ བར་ཆད་བདུད་བགེགས་ཆོས་དབྱིངས་ཐིམས༔ མ་འགགས་རོལ་པ་ཆེན་པོ་ལས༔ ཕྱི་སྣོད་འོག་མིན་མཆོག་གི་ཞིང༔ ནང་བཅུད་ཧེ་རུ་ཀ་ཡི་ལྷ༔ སྒྱུ་འཕྲུལ་རྒྱན་དུ་འབར་གྱུར་ཅིག༔ ཨོཾ་བཛྲ་ཨ་མྲྀཏ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུྃ་ཧཱུྃ་ཕཊ༔ དེ་ནས་དཀྱིལ་འཁོར་སྟེགས་བུ་ལ་བདུད་རྩི་འཁྱིལ་པས་བསྒྲུབས་པའི་ཁྲུས་ཆབ་སྦྲེང་ལ། རང་ཉིད་རྡོ་རྗེ་བདུད་རྩི་འཁྱིལ་བའི་སྐུར་གྱུར། ཧཱུྃ༔ རྡོ་རྗེ་བདུད་རྩི་འཁྱིལ་བ་ཡི༔ བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོ༔ རྟོག་པའི་དྲི་མ་ཞི་བ་དང༔ དེ་ཉིད་བདེ་ཆེན་སྣོད་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཧཱུྃ༔ ཞེས་ཆག་ཆག་གདབ་བོ། །གསུམ་པ་ལྷག་གནས་ལ། ལྷ། བུམ་པ། སློབ་མ་ལྷག་པར་གནས་པ་གསུམ་ལས་ཕྱི་མ་གཉིས་དབང་བསྐུར་ཡོངས་རྫོགས་དང་འབྲེལ་བས་སྐབས་འདིར་མི་དགོས། སྤྲོ་ན་དབང་ཆོག་ཏུ་བལྟ། དང་པོ་ནི། ལྷ་ལ་སྙན་གསན་དབབ་པ་སྟེ། རྡུལ་ཚོན་གྱི་སྐབས་སུ། ཡེ་ཤེས་དང་ལས་ཀྱི་ཐིག་བཏབ་ནས་ལྷ་གནས་ངེས་པར་བྱ་དགོས་ཀྱང་དཀྱུས་སུ་རས་བྲིས་ཀྱི་དབང་དུ་བྱས་ཏེ། དཀྱིལ་འཁོར་གྱི་སྟེགས་བུའི་སྟེང་དུ་མེ་ཏོག་གཅལ་དུ་བཀྲམ། ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དང་། མདུན་རྒྱབ་གང་བདེར་སྨན་རཀ་གཏོར་གསུམ་བཤམས་ལ་ས་ཆོག་མཚམས་གཅོད་རྣམས་དང་ཞག་གིས་བར་ཆོད་ན་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། ཉིན་གཅིག་ལ་སྦྲེལ་ན་མི་དགོས། ལས་བྱང་ལྟར་མཆོད་པ་བྱིན་བརླབ། རང་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་འཕྲོས། མཁའ་ཁྱབ་ཏུ་བཞུགས་པའི་བཅོམ་ལྡན་འདས་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་ལྷ་ཚོགས་རྣམས་སྤྱན་དྲངས། དཀྱིལ་འཁོར་གྱི་གཞི་ལ་བཞུགས་པར་གྱུར། ཧཱུྃ༔ རྡོ་རྗེ་ཉི་མ་ལས་བྱུང་བ༔ སོགས་ལས་གཞུང་ལྟར་སྤྱན་དྲང་། སྔགས་ཙམ་གྱིས་བཞུགས་སུ་གསོལ། ཕྱག་མཆོད་བསྟོད་པའི་བར་བཏང་། འདོད་གསོལ་ཤློ་ཀ་མི་དགོས། རྡོར་དྲིལ་དང་སྤོས་ཐོགས་ལ། ཨོཾ༔ རྡོ་རྗེ་བདུད་རྩི་བཅོམ་ལྡན་འདས༔ དགྱེས་པ་ཆེན་པོའི་ལྷ་ཚོགས་ཀྱིས༔ ས་གཞི་ཡོངས་སུ་དག་པ་དང༔ བདག་དང་སློབ་མར་བྱིན་བརླབ་གསོལ༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ས་མ་ཡ་སཏྭཾ༔ ཞེས་དབྱངས་དང་བཅས་བརྗོད་པའི་མཐར། ཞེས་གསོལ་དགྱེས་པས་ཞལ་བཞེས་ཤིང༔ དགའ་བའི་སྒྲར་བཅས་ས་ལ་ཐིམ༔ བདེ་བ་ཆེན་པོའི་རང་བཞིན་གྱི༔ ཡེ་ཤེས་གཟི་བྱིན་འབར་བར་གྱུར༔ ཅེས་པའི་དོན་བསྒོམ། འདིར་བདག་བསྐྱེད་ཡོད་སྐབས་བསྡུ་ལྡང་དང་བསྔོ་སྨོན་བྱའོ། ༈ །རྩ་བའི་གཉིས་པ་དངོས་གཞི་ལ་གཉིས། སྦྱོར་བ་ཉེར་བསྡོག །དངོས་གཞི་ཡན་ལག་བཞིས་ཉམས་སུ་བླང་བའོ། །དང་པོ་ལའང་གསུམ། སྒྲུབ་པའི་རྟེན་བཤམ་པ། སྒྲུབ་པ་པོ་གནས་སུ་དགོད་པ། བར་ཆད་བསལ་ཅིང་བྱིན་དབབ་པའོ། །དང་པོ་ལ་གཉིས་ལས། རྟེན་གྱི་ཡོ་བྱད་ལྷག་པར་གནས་པ་ནི། སྟེགས་བུ་ལ་ཁྲོལ་སྒྲུབ་ཀྱི་དཀྱིལ་འཁོར་པདྨ་འདབ་བཞི་དབུས་མཐིང་། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་གུ་མུ་ཁྱུད་དང་བཅས་པ་རྡུལ་ཚོན་གྱིས་བྲིས་པའམ་རས་བྲིས་བཏིང་། ཡེ་ཤེས་ལྔའི་དོན་མཚོན་པར་བསམ་ལ། ཨོཾ་བཛྲ་པཉྩ་ཛྙཱ་ན་མཎྜལ་ཨཱཿཧཱུྃ༔ ཞེས་ལན་གསུམ་བརྗོད། སྨན་སྣོད་ཀ་པཱ་ལ་མཚན་ལྡན་ལྔའི་ནང་དུ་གཙོ་བོ་ཤ་ལྔ་བདུད་རྩི་ལྔ་གཏེར་བྱོན་ནམ་གོང་མའི་ཕབས་རྒྱུན་སེལ་མེད་ཅན། ཨ་རུ་ར་གཙོ་བོར་གྱུར་པའི་རྒྱ་བོད་ཀྱི་སྨན་སྣ་ཁྲོལ་བུ་ཚོགས་ཚད་རོ་དང་ཁ་དོག་སོགས་ཀྱི་དབྱེ་བས་རིགས་ལྔར་ཕྱེ་བའི་ཚུལ་འདི་ཉིད་ཀྱི་གཞུང་དང་ཕྱག་ལེན་མཐོང་བརྒྱུད་ཞིབ་མོའི་བློ་གྲོས་ཀྱིས་བརྒྱན་ཏེ་ཐོད་སྣོད་ལྔར་གཏམས་ལ་དབུས་མཐིང་སོགས་ཕྱོགས་མདོག་གི་དར་སྣ་ལྔས་བཀབ་ལ་ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིང་། དེར་མ་ཤོང་ན་འཕྲོས་རྣམས་ཀ་ཊོ་ར་ལྟ་བུའི་སྣོད་གཙང་ཆེ་ལེགས་ནང་དུ་བླུགས་ལ་རེ་ཞིག་དཀྱིལ་འཁོར་གྱི་མདུན་སྟེགས་སུ་བསྒྲིག །སྒྲུབ་ཆེན་སྤྱིར་དགོས་པའི་ཡོ་བྱད། སྐུ་གསུང་ཐུགས་རྟེན། གཏོར་ཆེན་མཆོད་རྫས། དཀྱིལ་འཁོར་གྱི་རྒྱན་དང་སྒབ་སྐོར། ལྡེ་གུའི་སྐབས་སུ་མཁོ་བའི་ཆུ་ཆང་ཕབས་སོགས་ཀྱང་ཉེ་བར་བསྡོགས་ལ། སྔ་མ་དང་ཞག་གིས་བར་ཆོད་ན་ཐོག་མར་བདག་བསྐྱེད་བཟླས་པའི་བར་དུ་བཏང་ནས་སྟོང་ཚིགས་འབུལ། དེ་ནས་སློབ་དཔོན་དཀྱིལ་འཁོར་དང་ཞལ་སྤྲོད་ཀྱིས་སྟེགས་བུར་འཁོད། ཧཱུྃ་མཛད་ཀྱི་ང་རྒྱལ་བཅས། དེའི་བདུག་པས་སྨན་ཐོད་སོགས་བདུག་ལ། ཧཱུྃ༔ ང་ནི་རྡོ་རྗེ་ཧཱུྃ་ཀཱ་ར༔ འཇིག་རྟེན་འདི་ན་སུ་ཡང་རུང༔ སྒྲུབ་ལ་བར་དུ་གཅོད་པ་ཡི༔ མ་རུངས་འབྱུང་པོ་བགེགས་རིགས་ཀུན༔ ང་ཡི་བཀའ་ལས་འདའ་མ་བྱེད༔ བྱེར་ཅིག་དེངས་ཤིག་གཞན་དུ་སོང༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ ཨོཾ་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ༔ སརྦ་བིགྷྣཱན་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ད་ཧ་ད་ཧ་ཨུ་ཙཊྚཱ་ཡ་ཨུ་ཙཊྚཱ་ཡ་ཧཱུྃ་ཧཱུྃ་ཕཊ༔ ཅེས་དྲག་ཏུ་བརྗོད། རོལ་མོ་དང་ཡུངས་ཐུན་བྲབ། བདུག་པའི་སྤྲིན་ཁྲོ་བོའི་ཚོགས་ཀྱིས་བགེགས་རྣམས་རྒྱང་རིང་དུ་བསྐྲད། རྡོ་རྗེའི་རྭ་གུར་གྱིས་བསྲུང་བར་མོས། བདུད་རྩི་འཁྱིལ་བའི་ང་རྒྱལ་བཅས་དེའི་ཁྲུས་རྫས་སྦྱར་བའི་བུམ་ཆུས་མེ་ལོང་ངོས་སུ་ཁྲུས་བྱ་ཞིང་། ཨོཾ༔ རྡོ་རྗེ་གསུམ་གྱི་ཡེ་ཤེས་ཆུ༔ བདུད་རྩི་འཁྱིལ་བའི་རང་བཞིན་གྱིས༔ གདོན་བགེགས་མི་གཙང་དྲི་མ་སོགས༔ མི་མཐུན་ཕྱོགས་ཀུན་ཞི་གྱུར་ཅིག༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཤོ་དྷ་ནེ་ཤོ་དྷ་ནེ་བི་ཤོ་དྷ་ནེ་ཧཱུྃ་སྭཱ་ཧཱ༔ གདོན་བགེགས་འབྱུང་པོའི་ཁ་རླངས་མི་གཙང་བའི་དྲི་མ་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ སྔགས་ལན་གསུམ་བརྗོད་ལ་བཀྲུ །སླར་ཛཔ྄་དབྱངས་བྱ་བའི་སྐབས་སུ་རྡོ་རྗེ་སློབ་དཔོན་དྲིལ་སྤོས་འཛིན་པ་དང་། རྡོ་རྗེ་གཟུངས་མས་དར་ལམ་གྱིས་སྣ་དྲང་། རྡོ་རྗེ་རྒྱལ་ཚབ་པས་ཐོད་པ་རྣམས་དར་གྱི་འདོ་ལི་ལ་དབུས་ཀྱི་ཐོད་པ་བཏེགས་པ་དང་། ལས་བྱེད་པ་གཞན་རྣམས་ཀྱིས་ཁྲོལ་བུའི་སྣོད་སོགས་རིམ་པར་ཐོགས་པའི་སེར་སྦྲེང་གིས་དཀྱིལ་འཁོར་ལ་གཡས་སྐོར་ལན་གསུམ་བྱས་ནས་མདུན་དུ་འཁོད་དེ་དབྱངས་དང་བཅས་པས། ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ དམ་རྫས་རྩ་བ་བརྒྱད་དང་ཡན་ལག་སྟོང༔ འབྲས་བུ་སྐུ་གསུང་ཐུགས་སུ་རབ་སྦྱར་ནས༔ དུག་ལྔ་མ་སྤངས་སྐུ་གསུམ་ལྷུན་གྱིས་གྲུབ༔ དབྱིངས་ནས་སྤྱན་དྲངས་སངས་རྒྱས་སྐུར་བསྐྱེད་དེ༔ ཕྱོགས་བཅུ་དུས་གསུམ་འཕགས་པ་མཆོད་པ་དང༔ རྣལ་འབྱོར་དབང་ཕྱུག་ཐུགས་དམ་བསྐང་བའི་ཕྱིར༔ གསང་བ་མཆོག་གི་དབུས་སུ་བཞུགས་སུ་གསོལ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ས་མ་ཡ་ཏིཥྛ་ལྷན༔ ཞེས་དཀྱིལ་འཁོར་སྟེང་ངམ་འཕྲུལ་སྟེགས་བྱས་པའི་དབུས་སུ་གཙོ་བོའི་ཐོད་པ་དཔྲལ་བ་མདུན་ལ་བསྟན་པ་དང་། ཕྱོགས་བཞིའི་ཐོད་པ་དབུས་སུ་བསྟན་ཏེ་བཀོད། ཁྲོལ་བུའི་སྣོད་གཞན་ཡོད་ན་ཐོད་པའི་འོག་ཏུ་བཞག་པ་སྟབས་བདེ། དེ་ནས་སྐུ་གསུང་ཐུགས་རྟེན་སོགས་སྒྲུབ་རྟེན་མཆོད་རྫས་གཞན་རྣམས་རིམ་པར་བཀོད་ལ། ཧཱུྃ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་མཆོག༔ ཧེ་རུ་ཀ་དཔལ་སྐུ་གསུང་ཐུགས་ཀྱི་རྟེན༔ སྨན་རཀ་གཏོར་གསུམ་དུག་གསུམ་དབྱིངས་སུ་མཆོད༔ ཚོགས་ཀྱི་འཁོར་ལོས་རྟོག་ཚོགས་ཡེ་ཤེས་རོལ༔ ཤེས་རབ་རལ་གྲིས་བདུད་བཞི་དབྱིངས་སུ་བསྒྲལ༔ ཕུར་བུ་རྣམས་བཞིས་སྐྱེ་རྒ་ན་འཆི་འཇོམས༔ མདའ་བཞི་ཚད་མེད་རྣམ་བཞིས་འགྲོ་བ་འདུལ༔ མེ་ལོང་ཡེ་ཤེས་བཞི་ལྡན་རང་ངོ་སྤྲོད༔ ཚོན་སྐུད་དྲྭ་བས་རྒྱུད་ལྔ་གནས་ནས་འདྲེན༔ གཞུང་བཞིན་དཀྱིལ་འཁོར་མ་ཉམས་མ་འདྲེས་གསལ༔ འགྲོ་བ་འདུལ་བའི་དཀྱིལ་འཁོར་ངོ་མཚར་ཆེ༔ དར་གུར་ཁྱབ་པའི་སེམས་ཅན་ཐུགས་རྗེས་སྐྱབས༔ སྟག་ཤམ་གང་ལ་དཔའ་རྣམས་སྤྱོད་པར་མཛད༔ ཛྙཱ་ན་མཎྜལ་སརྦ་བྷྲཱུྃ༔ ཞེས་དང་། བཟླས་སྔགས་གཉིས་ཀྱི་མཐར། ས་མ་ཡ་ཏིཥྛ་ལྷན༔ ཅེས་བཏགས་པ་བརྗོད་ལ། ལྡིང་ཁྲི་གོང་མར་སྐུ་གསུང་ཐུགས་རྟེན། རྒྱབ་ངོས་སུ་གཏོར་ཆེན་རྒྱན་སྤྲོས་ཅན། དཀྱིལ་འཁོར་གྱི་རྡོར་རྭའི་སྟེང་ཁྲོ་བཅུའི་ཕུར་པ། མཐའ་སྐོར་ཤར་དུ་མཆོད་ཡོན་ནས་བརྩམ་སྟེ་ཆུ་གཉིས་ཉེར་སྤྱོད་མཚམས་འཛིན་བཅས། ཕྱོགས་བཞིར་རལ་གྲི་བཞི། མཚམས་བཞིར་མདའ་དར་མེ་ལོང་ཅན་བཞི་བཙུགས་པ་ཚོན་སྐུད་ཀྱི་དྲྭ་བས་སྦྲེལ། གཞན་ཡང་ཟུར་བཞིར་རྒྱལ་མཚན་བཞི། ལོགས་བཞིར་འཕན་བཞི། དར་གྱི་དྲྭ་ཕྱེད་སོགས་སོ་སོའི་ཕྱག་ལེན་ལས་འབྱུང་བ་ལྟར་གོ་རིམ་མ་འཁྲུགས་པ་མཛེས་ཤིང་བརྗིད་ཆགས་པ་དང་། སྟེང་ན་དར་གྱི་གདུགས་ཕུབ། གཤམ་དུ་སྟག་གཟིག་གི་སྒབ་དཀྲིས་ཀྱིས་བསྐོར། དཀྱིལ་འཁོར་མདུན་རྒྱབ་གང་བདེར་མཆོད་གཏོར་ཁ་ཟས་བཟང་དགུས་བརྒྱན་པའི་གཡས་གཡོན་ཆོས་གཏེར་སྲུང་མ་སྤྱི་དང་བྱེ་བྲག་གི་གཏོར་འབུལ། ཆད་བརྟན་རྒྱུན་བཞག །རྒྱུན་གསོའི་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར། ཕྱི་མཆོད་བརྒྱ་རྩ་སོགས་མཐའ་སྐོར་སྟེགས་བུ་རིམ་པ་ཅན་ལ་གོ་རིམ་མ་འཆོལ་བར་བཀོད་དེ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་དུ་ཅི་བདེར་བཞེས་སུ་གསོལ། །ཞེས་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབ། གཞན་ཡང་ཉིན་རེ་བཞིན་འབུལ་རྒྱུའི་ཆོས་སྲུང་གཏོར་སྤུངས། ཆད་མདོ། བརྟན་མ། ཚོགས་ཀྱི་ཡོ་བྱད་ཀྱིས་མཚོན་ཕྲིན་ལས་ལ་དགོས་པ་རྣམས་དང་། ཡུངས་དཀར་སོགས་ཐུན་རྫས་རྣམས་ཀྱང་འདུ་བྱ། སློབ་དཔོན་གྱི་མདུན་གཡོན་ནས་བརྩམ་སྟེ་ནང་མཆོད། རྡོར་དྲིལ། ཌཱ་མ་རུ། ལས་བུམ། ལྕགས་ཕུར་དར་ནག་གི་ཅོད་པན་ཅན་སྟེགས་བཅས། མེ་ཏོག་གི་སྣོད། གཡབ་དར་དམར་ནག་ཁྲ་བོ་རྣམས་བཞག་གོ །གཉིས་པ་ཚོགས་སྒྲུབ་ལས་ལ་འཇུག་རུང་གི་བྱ་བ་སྒྲུབ་པ་པོ་རྣམས་མངའ་གསོལ་ཞིང་གནས་སུ་དགོད་པ་ནི། རྒྱལ་ཐེབས་ཀྱིས་དབྱངས་བོར་ལེན་དང་ལས་ཀྱི་རྡོ་རྗེས་ཐོད་ཆང་མར་ཟེད་ཅན་ཚིག་བསྟུན་སོ་སོར་དྲང་བ་སོགས་ལག་ལེན་མཐོང་རྒྱུན་ལྟར་བྱས་ལ། ཧཱུྃ༔ སངས་རྒྱས་གདུང་འཚོབ་རྡོ་རྗེ་རྒྱལ་པོ་ཉིད༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྫོགས༔ དུག་ལྔ་རྩད་གཅོད་དངོས་གྲུབ་ཀུན་འབྱུང་གནས༔ སྟོན་པའི་སྒྲོན་མེར་མངའ་གསོལ་དགྱེས་པར་བཞུགས༔ ཞེས་རེ་རེ་བཞིན་སྐྱེམས་དྲང་བ་ཐམས་ཅད་ལ་འགྲེ། ཧཱུྃ༔ བླ་མའི་གདུང་གསོབ་སྐུ་གསུང་ཐུགས་ཀྱི་སྲས༔ དམ་ཆོས་ཆར་འབེབ་ཚེ་དང་བསོད་ནམས་སྤེལ༔ དབང་བསྐུར་ཕྲིན་ལས་རྣམ་བཞི་མཐར་ཕྱིན་པ༔ རྒྱལ་ཐེབས་སྟོན་པ་མངའ་གསོལ་དགྱེས་པར་བཞུགས༔ གཉིས་མེད་བདེ་སྐྱེད་མཚན་ཉིད་རབ་ཏུ་བཟང༔ ཀུན་བཟང་ཡུམ་དུ་མངའ་གསོལ་དགྱེས་པར་བཞུགས༔ ཕྱི་ནང་མཚམས་གཅོད་བར་ཆད་ཐམས་ཅད་སྲུང༔ རྡོ་རྗེ་མཚམས་པར་མངའ་གསོལ་དགྱེས་པར་བཞུགས༔ ཕྲིན་ལས་གཞུང་སྲོང་གཟུགས་ཕུང་ལྷ་ལ་སྟོབ༔ རྡོ་རྗེ་གིང་ཆེན་མངའ་གསོལ་དགྱེས་པར་བཞུགས༔ དངོས་གྲུབ་བགེགས་གཉིས་དུས་ཀྱི་དྲོད་ཚད་མཁྱེན༔ རྡོ་རྗེ་སྤྱན་པར་མངའ་གསོལ་དགྱེས་པར་བཞུགས༔ ཕུད་གཙང་བགོས་མཁན་ནང་མ་བྱ་བྱེད་མཁས༔ ཕྱི་གིང་ཕྱག་ཚང་ཆེན་པོར་མངའ་གསོལ་ལོ༔ གཡོས་མཁན་ཆད་ལྷག་མེད་ཅིང་གཙང་སྦྲ་ལྡན༔ རྡོ་རྗེ་བྱན་མོར་མངའ་གསོལ་དགྱེས་པར་བཞུགས༔ གསལ་དག་ཛཔ྄་མཁས་ཡི་དམ་བརྩོན་པར་བསྒྲུབ༔ གསེར་ཕྲེང་མཆེད་རྣམས་མངའ་གསོལ་དགྱེས་པར་བཞུགས༔ ཀུན་གྱི་བཀའ་བསྒྲུབ་ཕྱི་ཡི་ཉུལ་ལེ་སྐྲོད༔ རྡུལ་ཕྱགས་སྐྱེས་བུ་མངའ་གསོལ་བརྟན་པར་བཞུགས༔ ཞེས་པས་སོ་སོར་མངའ་གསོལ་ཞིང་རང་གྲལ་དུ་དགོད་དོ། །ཚོགས་སྒྲུབ་སྐབས་སྔར་དཀྱིལ་འཁོར་དུ་མ་ཞུགས་པའི་མཆེད་གསར་བུ་ལ་བསྲེ་བསྣན་དང་དམ་ཚིག་དབོག་པ། རྡོར་དྲིལ་བྱིན་བརླབ་སོགས་སྤྲོ་ན་སྒྲུབ་ཁོག་སྤྱི་ལྟར་བྱ། གཅིག་སྒྲུབ་ལ་མངའ་གསོལ་མན་ཆད་མི་དགོས་སོ། །གསུམ་པ་བར་ཆད་བསལ་ཞིང་བྱིན་དབབ་པ་ལ། དང་པོ་བར་ཆད་བསལ་བ་ནི། སློབ་དཔོན་དང་རྒྱལ་ཐེབས་སོགས་དཀྱིལ་འཁོར་ཤར་ཕྱོགས་སུ་འཁོད། སྒྲུབ་མཆེད་གཞན་རྣམས་རང་གྲལ་དུ་བཞེངས། ཞྭ་ཆོས་རོལ་མོ་སོགས་གཟི་བྱིན་བསྐྱེད། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧཱུྃ་མཛད་ཁྲོ་བོའི་རྒྱལ་པོ་འཇིགས་སུ་རུང་བའི་སྐུར་གྱུར། རྡོར་སློབ་ཀྱིས་ཕུར་བུ་ཕྱོགས་མཚམས་ཀུན་ཏུ་འདྲིལ་ལ། གཞུང་གི་ཁྲོལ་སྒྲུབ་སྐབས་སུ་བྱུང་བའི། ཧཱུྃ༔ ང་ནི་རྡོ་རྗེ་ཧཱུྃ་ཀཱ་ར༔ སོགས་སྔགས་བཅས་བརྗོད། ཧཱུྃ་སྒྲ་དྲག་ཏུ་སྒྲོག་ཅིང་འབར་བའི་ལྟ་སྟངས། རྡོ་རྗེའི་བདུག་པ། ཡུངས་ཐུན་བྲབ་ལ་དཀྱིལ་འཁོར་བསྐོར། གཉིས་པ་ཡེ་ཤེས་གཟི་བྱིན་དབབ་པ་ནི། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་འཁོད། དར་སྣའི་གཡབ་མོ་ཐོགས། དྲི་ཞིམ་པའི་སྤོས་བསྲེག །ལས་རྡོར་གྱིས་བསྒྲུབས་པའི་མ་ད་ན་ཆང་དང་སྦྱར་བ་འཐོར་ལ། རང་ཉིད་སྐད་ཅིག་གིས་རིན་ཆེན་བདུད་རྩི་མཱ་མ་ཀཱིའི་སྐུར་གསལ་བའི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་གྱིས། རྩ་གསུམ་ཆོས་སྲུང་སྨན་གྱི་ལྷ་དང་དྲང་སྲོང་རིག་འཛིན་ཐམས་ཅད་ཀྱི་ཐུགས་དམ་བསྐུལ་ཏེ་མདུན་གྱི་ནམ་མཁར་སྤྲིན་གཏིབས་པ་ལྟར་བྱོན་ནས་བཞུགས་ཤིང་བྱིན་གྱིས་རློབ་པར་གྱུར། ཅེས་བསྒོམས་ལ་དབྱངས་རོལ་བཅས། ཧཱུྃ༔ མཁའ་ལྟར་ཁྱབ་པའི་ཞིང་ཁམས་ནས༔ སོགས་བརྗོད། ཧཱུྃ་སྒྲ་བཅས་དཀྱིལ་འཁོར་བསྐོར་ཅིང་ནམ་མཁའི་ལྷ་ཚོགས་དཀྱིལ་འཁོར་ལ་བསྟིམ། ཞི་དྲག་གི་ཛཔ྄་དབྱངས་ལན་གསུམ་དང་། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་བཅས་བྱའོ། ༈ །གཉིས་པ་བདུད་རྩི་མཆོག་སྒྲུབ་དངོས་གཞི་ལ་ལྔ། བསྙེན་པ། ཉེར་སྒྲུབ། སྒྲུབ་པ། སྒྲུབ་པ་ཆེན་པོ། དེ་དག་གི་དུས་ཚད་བཤད་པའོ། །དང་པོ་ནི། བདུད་རྩི་འཁྱིལ་བ་ལ་བསྟེན་ནས་ཁྲོལ་བུར་བསྒྲུབ་པ་སྟེ། ཚིག་བདུན་དང་བརྒྱུད་འདེབས་གནས་བདག་ལ་གཏོར་མ་གཏང་བ་སྔོན་དུ་འགྲོ་བས། ལོང་སྐབས་ཡོད་ཅིང་ལྕོགས་ན་གུ་རུ་བདེ་བ་ཆེན་པོའི་ལས་བྱང་ཚོགས་མཆོད་བཅས་ནངས་རེ་བཞིན་བཏང་གྲུབ་ན་ལེགས། ལོང་ཁྱབ་མེད་ན་ཆད་སྐྱོན་མི་འབྱུང་། གང་ལྟར་བདུད་རྩིའི་ལས་གཞུང་གི་སྐྱབས་སེམས་ཚོགས་གསག །བགེགས་གཏོར་བཏང་ཞིང་བཀའ་བསྒོ་མཚམས་གཅོད་ནས་བཟུང་མཐར་ཆགས་སུ་བཏང་ལ། ཞི་དྲག་བཟླས་པ་སུམ་བརྒྱ་རེ་ཙམ་གྱི་མཐར་སྟོང་ཚིགས་ཕུལ་ལ་བདག་བསྐྱེད་གྲུབ་པར་བྱ། དེ་ནས་མཆོད་ཁ་གསོས་ལ། ཧཱུྃ༔ གནས་ཡུལ་དུར་ཁྲོད་རོལ་པའི་ཞིང༔ སོགས་ཀྱིས་བྱིན་བརླབ། མདུན་རྟེན་བསང་སྦྱང་། སྟོང་པའི་ངང་ལས་སྐད་ཅིག་གིས༔ སྣོད་ནི་པདྨ་བྷཉྫ་ཆེ༔ སོགས་ཀྱིས་ཁྲོལ་བུའི་དཀྱིལ་འཁོར་བསྐྱེད། ཧཱུྃ༔ བདེ་གཤེགས་རྣམས་ནི་ཐམས་ཅད་ཀྱི༔ ཡེ་ཤེས་རྡོ་རྗེ་བདུད་རྩིར་འཁྱིལ༔ སྒྲིབ་གཉིས་དྲི་མ་སྦྱོང་མཛད་ལྷ༔ འདིར་ནི་ཡང་དག་ཉེ་བར་མཛོད༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཨེ་ཧྱེ་ཧི༔ བཛྲ་ས་མཱ་ཛ༔ ཞེས་ཡེ་ཤེས་པ་སྤྱན་དྲང་། ཧཱུྃ༔ རྡོ་རྗེ་དགའ་བ་རྣམ་པ་བཞིའི༔སོགས་ཀྱིས་དམ་ཚིག་འཁོར་ལོར་བསྟིམ་ཞིང་དབང་བསྐུར་རྒྱས་གདབ་ཕྱག་མཆོད་རྣམས་བདུད་རྩིའི་ཕྲིན་ལས་ལྟར་ལ། བསྟོད་པ་ནི། ཧཱུྃ༔ གང་ཞིག་དྲན་པ་ཙམ་གྱིས་ཀྱང༔ འཇིག་རྟེན་གསུམ་པོ་གཡོ་བར་མཛད༔ དག་པའི་བདུད་རྩིའི་མཆོག་ཆེན་སྩོལ༔ དོན་ཀུན་སྒྲུབ་ལ་ཕྱག་འཚལ་བསྟོད༔ ཅེས་བརྗོད། གཡོན་པའི་མཐེབ་སྲིན་གྱིས་གཟུང་ཐག་བླངས་ལ། རང་གི་ཐུགས་ནས་སོགས་ཀྱི་དམིགས་གནད་དང་། ཛཔ྄་དབྱངས་ལན་གསུམ་བྱས་ལ། རྩ་བའི་བཟླས་པ་ཅི་འགྲུབ་དང་། ཐུན་མཐར་ལས་སྦྱོར་གྱི་བཟླས་པ་བྱ། ཐུན་པ་རྣམས་ཀྱིས་ཀྱང་སྔགས་རྒྱུན་བླངས་ཏེ་ཉིན་མཚན་དུ་སྔགས་སྒྲ་མ་ཆད་པ་དགོས་ལ། དེའང་ཞག་གྲངས་ཉུང་ན་རྩ་སྔགས་ལས་སྔགས་སྦྲེལ་མའི་ཐུན་བཟུང་ན་ལེགས་སོ། །ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ཀྱིས་ལྷག་ཆད་ཁ་བསྐང་ཞིང་བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱས་ལ་སྟོང་ཚིགས་ཕུལ། གཞུང་ལས། ཐུན་དྲུག་ཚོགས་ཀྱི་མཆོད་པ་བྱ། །ཞེས་གསུངས་པ་ལས་ཉིན་མཚན་ཐུན་དྲུག་རེ་རེ་བཞིན་ཚོགས་མཆོད་གྲུབ་ན་གལ་ཆེ་བས་ལས་གཞུང་གི་ཚོགས་བྱིན་བརླབ་ནས་སྨོན་ལམ་གྱི་བར་བཏང་ལ་ཚོགས་མཆོད་ཙམ་བྱ། དེ་ནས་ཆས་དང་ཡོ་བྱད་གོང་སྨོས་ལྟར་བྱས་ཏེ་བགེགས་ལ་ཕུར་གདབ་དང་ཐུན་བྲབ་ཅིང་བྱིན་དབབ་པའི་མཐར་སྔགས་སྦྲེལ་མའི་ཛཔ྄་དབྱངས་ལན་གསུམ་བྱས་པས་ཐུན་དང་པོ་གྲུབ། ཐུན་གཉིས་པ་ལ། མདུན་མཆོད་ཁ་གསོས་ཏེ་བྱིན་བརླབ། བདག་བསྐྱེད་བསྐྱར་མི་དགོས་པས་མདུན་དཀྱིལ་བསྐྱེད་བཟླས། ཚོགས་མཆོད་བགེགས་བསྐྲད་བྱིན་འབེབ་ཀྱི་བར་གོང་བཞིན་བྱ། འདི་སྐབས་སོགས་སུ་བྱིན་འབེབ་རྒྱས་པ་མི་ལྕོགས་ན། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་རློབ་པའི་དུས་ལ་བབ། །དབང་མཆོག་སྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་སྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། །ཅེས་དང་། སྔགས་མཐར། ཨོཾ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨཱཿར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཨཱཿཧ་ཛྷཻཾ༔ ཧ་ཛྷཻཾ༔ ཞེས་པ་ཙམ་གྱིས་འཐུས། ཐུན་གསུམ་པར་ཡང་དེ་དང་མཚུངས་པ་ལས་བཟླས་པ་གྲུབ་ནས་སྟོང་ཚིགས་ཕུལ་བའི་འཕྲོས་སུ། བཀའ་གཏེར་སྲུང་མའི་གཏོར་འབུལ་སྤྱི་དང་བྱེ་བྲག་སྔགས་སྲུང་མའི་ལས་བྱང་སྐོང་བ་སོགས་གྲུབ་ནས། ཚོགས་བྱིན་བརླབ་སྤྱན་འདྲེན་མཆོད་བཤགས་གྲུབ་པ་དང་། སྤྲོ་ན་སྤྱི་བཤགས་དང་རྙིང་མ་བཀའ་མ་ལས་འབྱུང་བ་ལྟ་བུའི་སྐོང་ཆེན་ལྔ་སོགས་སྦྱར། འབུལ་ལེན་བཅས་ཚོགས་ལ་རོལ་ཅིང་ལྷག་ཆོག་གཏང་། ལྷག་མ་བཙོན་འཛིན་སྤྱི་ལྟར་དང་། ཤིས་བརྗོད་སྨོན་ལམ་བྱས་ལ། ཆོས་སྐྱོང་གཏོར་ཆོག་མཐར་དབྱུང་། སྔགས་སྲུང་མའི་གཤམ་ལས་འབྱུང་བ་ལྟར་ཆད་མདོའི་གཏོར་མ་འབུལ་ཞིང་བརྟན་མ་བསྐྱང་། བདག་མདུན་གཉིས་ཀར་དམིགས་ཏེ། ཨོཾ་ཨཱཿཧཱུྃ༔ ནམ་མཁའ་ལས་བྱུང་སོགས་ཤློ་ཀ་གཉིས་དང་སྔགས་རྣམས་ཀྱིས་མཆོད། བསྟོད་པ་དེའི་དཀྱུས་དང་གོང་སྨྲོས་ཤློ་ཀས་བསྟོད། མ་རྙེད་ཡོངས་སུ་སོགས་དང་ཡིག་བརྒྱ་བརྗོད་ལ་ནོངས་པ་བཤགས། མདུན་བསྐྱེད་བརྟན་བཞུགས་སྤྱི་ལྟར་དང་། བདག་བསྐྱེད་བསྡུ་ལྡང་གཞུང་གསལ་འཕྲོས། བླ་མ་ཡི་དམ་ལྟ་བུའི་བསྔོ་སྨོན་སྤྱི་འགྲོ་གྲུབ་ན་ལེགས་ཤིང་བཀྲ་ཤིས་བརྗོད། བགེགས་བསྐྲད། བྱིན་འབེབ་གོང་བཞིན་བྱས་པས་གྲུབ་བོ། །མཚན་ཐུན་གསུམ་གྱི་ཐོག་མར་བདག་བསྐྱེད་འགྲོ་དགོས་ལ། གཞན་ཐུན་གཉིས་པ་ལྟར་ལ་ཐུན་མཐར་ཚོགས་མཆོད་ཉུ་ལེ་བསྐྲད་གཟིར་བྱིན་འབེབ་དང་ཛཔ྄་དབྱངས་མ་ཆད་པར་བྱའོ། །ལས་བཞི་མཆོག་ལྔའི་སྦྱིན་སྲེག་སྐབས་མཚམས་སོ་སོར་གྲུབ་ན་ལེགས་པས་ཚོགས་སྒྲུབ་སྤྲོས་པ་རྒྱས་པའི་ཚེ་རྡོ་རྗེ་རྒྱལ་ཚབ་ལྟ་བུའི་སློབ་དཔོན་གཞན་གྱིས་ཕྱིར་ནང་བདག་བསྐྱེད་གྲུབ་འཕྲལ་བདུད་རྩི་འཁྱིལ་པར་བསྟེན་པའི་ཞི་བའི་སྲེག་བླུགས་བྱ། དེ་ལྟར་ན་ཚོམ་བུ་སྤྱན་འདྲེན་དགོས་པས་སྔ་དགོང་ནས་དཀྱིལ་འཁོར་མདུན་ཚོམ་བུ་བཀོད་པ་སོགས་ལག་ལེན་སྤྱི་ལྟར་ཤེས་དགོས་སོ། ༈ །གཉིས་པ་ཉེར་སྒྲུབ་ནི། བདུད་རྩི་ཧཱུྃ་མཛད་ལ་བསྟེན་ནས་ཕྱེ་མ་བསྒྲུབ་པ་སྟེ། ཁྲོལ་སྒྲུབ་ཚར་བའི་ནངས་མོ་བདག་བསྐྱེད་བཟླས་པ་དང་བཅས་པ། མདུན་བསྐྱེད་བཟླས་པ་ཚོགས་མཆོད་ཕུར་གདབ་བྱིན་འབེབ་ཀྱི་བར་སྔར་བཞིན་སོང་ནས་མཆོད་པ་ཚང་བ་དང་། འཁྱིལ་བའི་བསྟོད་པ་བྱ། ལས་གཞུང་གི་དངོས་གྲུབ་བསྐུལ་ཚིག་ཤློ་ཀ་གཅིག་སྔགས་བཅས་བརྗོད། ལྷ་རྣམས་ཡི་གེའི་གཟུགས་སུ་སོགས་ཀྱི་དམིགས་པ་དང་། སྔགས་བརྒྱ་རྩ་ཙམ་བཟླ། འདི་སྐབས་དཀྱིལ་འཁོར་མདུན་དུ་སྟེགས་བུ་དང་། སྨན་གཏུན་སོགས་ཉེ་བར་བསྡོག །སློབ་དཔོན་དང་གཟུངས་མར་མངའ་གསོལ་བ་རྣམས་ཆས་སུ་ཞུགས། ཛཔ྄་དབྱངས་ལན་གསུམ་གྱི་ཚེ་དཀྱིལ་འཁོར་ལ་བསྐོར་ཞིང་རོལ་འོག་ཏུ་སྤོས་བསུ་དར་ལམ་གྱིས་མཚོན་པར་སྨན་ཐོད་རྣམས་སྤྱན་དྲངས་ཏེ་མདུན་སྟེགས་ལ་བཞག །སློབ་དཔོན་གྱིས་ཧཱུྃ་བརྗོད་ཅིང་ཚོན་སྐུད་བཀྲོལ། དར་ཁེབས་བསལ། གདན་གཙང་མ་རྒྱ་ཅུང་ཟད་ཡངས་པའི་སྟེང་སྨན་གཏུན་བཞག་པ་ལ་སྨན་ཁྲོབ་བླུགས། སློབ་དཔོན་ཉིད་རྡོ་རྗེ་བདུད་རྩི་ཧཱུྃ་ཀཱ་ར་དང་གཟུངས་མ་བདུད་རྩི་མཱ་མ་ཀཱིར་གསལ་བར་གྱུར། ཅེས་མོས། སློབ་དཔོན་དཀྱིལ་འཁོར་ལ་ཕྱོགས་པའི་ཕྱག་གཉིས་སོར་མོ་བསྣོལ་མཛུབ་མོ་སྒྲེང་། མཐེ་བོང་བཀུག་པ་བྱིན་དབབ་པའི་རྒྱས་གཏུན་རྡོ་བཟུང་། ཡུམ་སློབ་དཔོན་ལ་ཕྱོགས་པས་མཁའ་དབྱིངས་རྒྱས་གཏུན་ཁུང་འཛིན། གཉིས་ཀའི་རྐང་པ་བསྣོལ་མར་བརྐྱངས་ལ། ཧཱུྃ༔ ཨེ་དབྱིངས་ཡུམ་གྱི་སོགས་བརྗོད་ལ་སྦྱོར་བ་དང་སྒྲོལ་བ་དང་གཉིས་མེད་ཀྱི་དགོངས་པ་གསལ་བཏབ། སྔགས་དང་ཧཱུྃ་གི་གླུ་ལེན་བཞིན་པས་ཞིབ་པར་འཐག །ཚགས་སུ་དྲངས་པའི་ཕྱེ་མ་རྣམས་ཐོད་པ་རྣམས་སུ་བླུགས། དར་ཕྱོགས་མདོག་གིས་བཀབ་ལ་ཚོན་སྐུད་ཀྱིས་རེ་རེ་ནས་རྒྱ་གྲམ་དུ་བཅིང་། ཧཱུྃ་མཛད་ཀྱི་བདུག་པ་དང་། འཁྱིལ་བའི་ཁྲུས་རྣམས་ཁྲོལ་བུའི་སྐབས་ལྟར་དང་། སྤོས་སྣ་དར་ལམ་སོགས་བཀུར་སྟི་སྔར་བཞིན་བྱས་ལ་ཛཔ྄་དབྱངས་བཅས་དཀྱིལ་འཁོར་ལ་བསྐོར་ནས་མདུན་དུ་འཁོད་དེ། ཧཱུྃ༔ དུར་ཁྲོད་གསང་བ་སོགས་སྔར་ལྟར་བརྗོད་ལ་བཞུགས་སུ་གསོལ། འདི་ཉིན་དེ་ཙམ་ལས་ལོང་ཁྱབ་མེད་ན་ཆོས་སྲུང་གཏོར་ཆོག་ཕྱིན་ཆད་ཉིན་སྔ་མ་རྣམས་ལྟར་བྱ་དགོས་ཀྱང་། སྤྱིར་བར་སྐབས་རྣམས་སུ་ཛཔ྄་རྒྱུན་མ་ཆད་ན་ལེགས་པ་དང་། དེང་སང་ཕྱག་ལེན་སྟབས་བདེའི་ཁྱད་སྨན་བྱིངས་རྣམས་ཐོག་མ་ནས་ཞིབ་མོར་འཐག །ཁྲོལ་སྒྲུབ་སྐབས་ཕྱེ་མའི་སྟེང་སྨན་ཁྲོབ་སྣ་ཚང་ཉུང་ངུ་བཞག་པ་དེ་ཉིད་བཏག་བཙག་སྐབས་འཐག་སྲོལ་ལྟར་ན་ཡུན་ཧ་ཅང་མི་འགོར་བས་སྔ་དྲོ་ཙམ་ལ་གོང་སྨོས་རྣམས་ཐུབ་འགྲོ་བས། ཕྱི་དྲོའི་ཐུན་དང་པོར་བདག་བསྐྱེད་ད་ནངས་སོང་བས་འཐུས། མཆོད་པ་གསར་དུ་བརྗེས་ལ་མཆོད་རྫས་བྱིན་བརླབ། མདུན་རྟེན་བསང་སྦྱང་། སྟོང་པའི་ངང་ལས་སྐད་ཅིག་གིས༔ སྣོད་ནི་པདྨ་བྷཉྫ་ཆེ༔ རྡོ་རྗེ་བཙུན་མོའི་བྷ་ག་དང༔ དབྱེར་མེད་གསང་བ་མཆོག་གི་ཞིང༔ རང་བྱུང་མཚན་ཉིད་ཡོངས་རྫོགས་དབུས༔ བཅུད་རྣམས་རིགས་ལྔ་ཡེ་ཤེས་ལྔ༔ བདུད་རྩིའི་རྒྱ་མཚོ་ཆེན་པོར་འཁྱིལ༔ མཁའ་ཁྱབ་འོད་ཟེར་འཕྲོ་བའི་ཀློང༔ པདྨ་ཉི་མའི་གདན་གྱི་སྟེང༔ སོགས་ཕྱི་སྒྲུབ་ལྟར་ཧཱུྃ་ཀཱ་ར་རིགས་ལྔ་བསྐྱེད། ཧཱུྃ༔ མགོན་པོ་ཀུན་གཤེགས་ཐུགས་དམ་ཅན༔ བཅོམ་ལྡན་རྡོ་རྗེ་བདུད་རྩིའི་ལྷ༔ གདུག་པ་ཅན་རྣམས་འདུལ་བའི་ཕྱིར༔ ཧཱུྃ་མཛད་ཁྲོ་བོ་ཆེན་པོར་བཞེངས༔ ཨོཾ་བཛྲ་ཨ་མྲྀཏ་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨོཾ་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛ༔ ཞེས་སྤྱན་དྲང་། ཧཱུྃ༔ རྡོ་རྗེ་དགའ་བ་རྣམ་པ་བཞིའི༔སོགས་ནས་མཆོད་པ་གྲུབ་པའི་བར་རྩ་བའི་ལས་གཞུང་ལྟར་བརྗོད། བསྟོད་པ་ནི། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད། གཟུངས་ཐག་བླངས་ལ། རང་གི་ཐུགས་ནས་སོགས་ཀྱི་ཏིང་ངེ་འཛིན་རྩེ་གཅིག་པས། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ལྔ་སྦྲེལ་ཁྲི་ཕྲག་བཟླ་བར་གསུངས་པས་དངོས་གཞི་དང་། ལས་སྔགས་ཇི་ཙམ་ནུས་པ་བཟླ། བསྙེན་རྒྱུན་པ་རྣམས་ཀྱིས་གཉིས་ཀ་སྦྲེལ་ནས་བཟླས་ན་ལེགས། ཐུན་མཐར་སྟོང་ཚིགས། ཚོགས་མཆོད། བགེགས་ལ་ཕུར་གདབ། ལས་རྡོར་གྱིས་མ་ད་ན་འཐོར་ཞིང་བྱིན་འབེབ་ཛཔ྄་དབྱངས་བྱ་བ་རྣམས་སྔ་མའི་འགྲེས་སུ་སྦྱར། ཐུན་གཉིས་པ་ལ་མཆོད་ཁ་གསོ་ཞིང་མཆོད་རྫས་བྱིན་བརླབས་ནས་སྟོང་ཚིགས་ཀྱི་བར་དུ་ཚར་གཅིག་བསྐྱར། ཐུན་གསུམ་ལོང་སྐབས་མེད་ན་འདི་འཕྲོས། ཆོས་སྲུང་གཏོར་ཆོག །ཚོགས་མཆོད་སོགས་རྗེས་ཆོག །དགོང་མོའི་བགེགས་བསྐྲད་བྱིན་འབེབ་རྣམས་བྱ། མཚན་ཐུན་གསུམ་གྱི་དང་པོ་ལ། བདག་བསྐྱེད་སྔོན་དུ་འགྲོ་བས་མདུན་བསྐྱེད་མཆོད་བསྟོད་བཟླས་པ་ཚོགས་མཆོད་སོགས་དང་། ཐུན་ཕྱི་མ་གཉིས་ལ་མདུན་བསྐྱེད་བསྐྱར་བལྡབ་བྱ་ཚུལ་ཁྲོལ་སྒྲུབ་སྐབས་ཀྱིས་འགྲེ་ཤེས་པར་བྱའོ། །སྦྱིན་སྲེག་གྲུབ་ན་ཕྱེ་སྒྲུབ་ནངས་སྔ་ཚར་བའི་དེ་རིང་གི་དགོང་མོའམ་སྲོད་ལ་བདུད་རྩི་ཧཱུྃ་ལ་བསྟེན་པའི་དྲག་པོའི་སྲེག་བླུགས་བྱ་ཞིང་ཚོམ་བུ་སྤྱན་འདྲེན་སོགས་སྤྱི་ལྟར་རོ། ༈ །གསུམ་པ་སྒྲུབ་པ་ནི། རྡོ་རྗེ་བདུད་རྩི་ལ་བསྟེན་ནས་གོང་བུ་བསྒྲུབ་པ་སྟེ། ཕྱེ་སྒྲུབ་ཚར་བའི་ནངས་མོར་བདག་མདུན་བསྐྱེད་བཟླས་ཚོགས་མཆོད་ཕུར་གདབ་བྱིན་འབེབ་བཅས་གྲུབ་ནས། སླར་ཡང་མཆོད་པ་དང་། ཧཱུྃ། འཇིགས་པའི་ཧཱུྃ་སྒྲས་བསྟོད། ལས་གཞུང་གི་དངོས་གྲུབ་བསྐུལ་ཚིག་དང་། ཧཱུྃ་ལྔ་སྦྲེལ་ལན་བདུན་ཙམ་བརྗོད། ཧཱུྃ༔ བགེགས་འདུལ་རྡོ་རྗེ་སོགས་ཀྱིས་མདུན་དཀྱིལ་སྨན་ལ་བསྟིམ། ཛཔ྄་དབྱངས་རོལ་མོ་བཅས་ཀྱིས་སྨན་སྣོད་སྤྱན་འདྲེན་ཚུལ་ཁྲོལ་བུའི་སྐབས་ལྟར་བྱས་ལ་མདུན་སྟེགས་སུ་བཀོད་ཅིང་ཁེབས་བསལ། གཡའ་མེད་པའི་སྣོད་དུ་ཕྱེ་མ་རྣམས་ཕྱོགས་གཅིག་བླུགས་ལ་མ་ད་ན་བསྲེས་པའི་ཆང་གི་ཉིང་ཁུས་སྦོལ། ནམ་ཟླ་དང་བསྟུན་པའི་དྲོད་དང་ཕབས་སོགས་ལག་ལེན་མཐོང་བརྒྱུད་ལྟར་གལ་ཆེ་ཞིང་། གཏེར་བྱོན་གྱི་ཕབས་རྒྱུན། སྐྱེ་བདུན། མཆོག་གྲུབ་ཀྱི་གདུང་རིང་བསྲེལ། གུ་རུ་ཡབ་ཡུམ་ལྟ་བུའི་བྱང་སེམས་དཀར་དམར་སོགས་སྔར་ནས་ཆུ་ཆང་ནང་ལེགས་པར་སྦངས་པ་སྐབས་འདིར་སྨན་རྣམས་དང་འདྲེས་ངེས་སུ་བསྲེ། རས་དཀར་དྲི་མེད་ཀྱི་ཁུག་མར་བླུགས། དེ་ཉིད་ཟངས་དཀར་ལྟ་བུའི་སྣོད་གཙང་མར་བཟང་ཤིང་གི་ཕུར་མ་རླན་ཅན་གྱིས་ལྕིབས་ལ་བཞག་པའི་ཁ་སྟེགས་ཁེབས་ཀྱིས་བཀབ། ཚོན་སྐུད་ཀྱིས་རྒྱ་གྲམ་དུ་བཅིང་། རྙིང་མའི་ཕྱག་བཞེས་ལྟར་རིགས་ལྔའི་དབུ་རྒྱན་གསོལ་ཞིང་གཡས་གཡོན་དུ་རྡོར་དྲིལ་བཅིང་། བདུག་པས་བགེགས་བསལ། ཁྲུས་ཀྱིས་མི་གཙང་བ་བཀྲུ། དཀྱིལ་འཁོར་སྔ་མ་བསྡུ་ཞིང་རྡོ་རྗེ་བདུད་རྩི་ཞི་བའི་དཀྱིལ་འཁོར་བཀྲམ། ཛཔ྄་དབྱངས་བསྐོར་བ་སོགས་སྔ་མ་རྣམས་ལྟར་བྱས་ལ། ཧཱུྃ༔ དུར་ཁྲོད་གསང་བ་སོགས་བརྗོད་ཅིང་དཀྱིལ་འཁོར་དབུས་སུ་རྐང་གསུམ་ཤིན་ཏུ་བརླིང་བའི་ཁར་བཞུགས་སུ་གསོལ། འོག་ཏུ་དྲོད་འབེབ་པའི་མར་མེ་སྦར། མཆོད་གཏོར་རྙིང་པ་རྣམས་བརྗེ་ཞིང་གསར་དུ་བཤམ། ཕྱི་དྲོའི་ཐུན་དང་པོ་ལ་བདག་བསྐྱེད་སྔོན་དུ་སོང་བས་འཐུས་པར་བྱས་ནས། མཆོད་རྫས་བྱིན་བརླབ། མདུན་རྟེན་བསང་སྦྱང་། སྟོང་པའི་ངང་ལས་སྐད་ཅིག་གིས༔ སྣོད་ནི་པདྨ་བྷཉྫ་ཆེ༔ རྡོ་རྗེ་བཙུན་མོའི་བྷ་ག་དང༔ དབྱེར་མེད་གསང་བ་མཆོག་གི་ཞིང༔ རང་བྱུང་མཚན་ཉིད་ཡོངས་རྫོགས་དབུས༔ བཅུད་རྣམས་རིགས་ལྔ་ཡེ་ཤེས་ལྔ༔ བདུད་རྩིའི་རྒྱ་མཚོ་ཆེན་པོར་འཁྱིལ༔ མཁའ་ཁྱབ་འོད་ཟེར་འཕྲོ་བའི་ཀློང༔ སྣ་ཚོགས་པད་ཟླའི་གདན་གྱི་སྟེང༔ ཧཱུྃ་ཡིག་ཡོངས་གྱུར་སྐད་ཅིག་གིས༔ རིན་ཆེན་ཉི་མ་སོགས་རྩ་བའི་ལས་གཞུང་ལྟར་ལ། རང་འོད་ཀློང་ན་ཕྱེད་སྐྱིལ་རོལ༔ གཞན་ཡང་དཔའ་བོ་རྣལ་འབྱོར་མ༔ སྨན་གྱི་ལྷ་དང་ལྷ་མོའི་ཚོགས༔ སྙོམས་འཇུག་ཆགས་པ་ཆེན་པོ་ཡིས༔ འཁོར་འདས་དྭངས་བཅུད་དབང་མེད་འགུགས༔ གཙོ་བོའི་ཐུགས་ཀར་སོགས་སྔར་གྱི་ཕྲིན་ལས་གཞུང་ལྟར་བསྐྱེད་བསྟིམ་རྒྱས་གདབ། ཕྱག་མཆོད་བསྟོད་པའི་བར་དུ་གཏང་། གཟུངས་ཐག་བླངས་ལ། བདག་སྲོག་རྡོ་རྗེའི་སྔགས་ཀྱི་འོད༔ སོགས་གོང་བུ་བསྒྲུབ་པའི་སྐབས་ཀྱི་ཛཔ྄་དམིགས་སྦྱར་ལ་ཛཔ྄་དབྱངས་ལན་གསུམ་སྔོན་དུ་འགྲོ་བས་རྩ་བའི་རིག་པ་ཅི་འགྲུབ་བཟླ། བསྙེན་རྒྱུན་པ་རྣམས་ཀྱིས་རྩ་སྔགས་ཁོ་ན་གསུང་མི་ཆད་དུ་བཟླ། ཐུན་མཐར་རྩ་སྔགས་ལ། ཨེ་ཨཱ་རལླི་སོགས་བཀུག་པ་དང་། ཛྙཱ་ན་ཨ་མྲྀཏ་སོགས་བསྟིམ་པའི་སྔགས་བཏགས་པ་བརྒྱ་རྩའམ་ཉེར་གཅིག་རེ་ཙམ་བཟླས་ལ་སྟོང་ཚིགས། ཚོགས་མཆོད། བགེགས་ལ་ཕུར་གདབ། བྱིན་འབེབ། ཛཔ྄་དབྱངས་བཅས་བྱ། ཐུན་གཉིས་པ་དེ་ལྟར་ལན་གཅིག་བསྐྱར། དེ་ཙམ་ལས་ལོང་ཁྱབ་མེད་ན་བཟླས་པའི་སྟོང་ཚིགས་ཡན་གྲུབ་རྗེས། བཀའ་སྲུང་གཏོར་ཆོག །ཚོགས་མཆོད་སོགས་རྗེས་ཆོག །དགོང་མོའི་བགེགས་བསྐྲད། བྱིན་འབེབ་རྣམས་འགྲེས་སུ་སྦྱར། མཚན་ཐུན་དང་པོར་བདག་བསྐྱེད་སྔོན་དུ་འགྲོ་དགོས། ཐུན་ཕྱི་མ་གཉིས་ཀྱང་སྔ་མ་རྣམས་ཀྱི་འགྲོས་ལྟར་བྱ། སྒྲུབ་པའི་སྔ་ཉིན་གྱི་ཉིན་མཚན་ཐུན་དྲུག་སོ་སོའི་བཟླས་པའི་མཐར། གསང་སྒོ་དབྱེ་བ་དང་། བདུད་རྩི་དབབ་པ་དང་། དམ་ཡེ་བསྲེ་བསྟིམ་རྣམས་ཀྱི་དམིགས་པ་བཅས་སྔགས་སུམ་བརྒྱ་རེ་ལས་མི་ཉུང་བ་བཟླ་དགོས་སོ། །གོང་བུའི་སྒྲུབ་པ་གྲུབ་པའི་སྔ་དྲོ་རྒྱལ་ཚབ་པ་སོགས་ཀྱིས་རྡོ་རྗེ་བདུད་རྩི་ལ་བསྟེན་པའི་མཆོག་གི་སྦྱིན་སྲེག་བྱའོ། ༈ །བཞི་པ་སྒྲུབ་པ་ཆེན་པོ་ནི། བདུད་རྩི་ཧེ་རུ་ཀ་ལ་བསྟེན་ནས་རིལ་བུའི་སྒྲུབ་པ་སྟེ། གོང་བུའི་སྒྲུབ་པ་གྲུབ་པའི་ནངས་མོ་བདག་མདུན་བསྐྱེད་བཟླས་སྔ་མ་རྣམས་ལྟར་རྒྱས་པར་གྲུབ་ནས། སྟོང་ཚིགས། མཆོད་བསྟོད། ཕུར་གདབ། ལས་གཞུང་དབུར་འབྱུང་བའི་བྱིན་འབེབ་ཀྱི་འཕྲོས་སུ། སླར་ཡང་མཆོད་བསྟོད་འབུལ། ལས་གཞུང་ལྟར་དངོས་གྲུབ་བསྐུལ་ཚིག་བརྗོད། སྨན་སྣོད་ལ་མ་ད་ན་ཆང་དང་སྦྱར་བ་བྲན་ལ། ཧཱུྃ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེ༔ སོགས་བརྗོད་ལ་དཀྱིལ་འཁོར་པ་སྨན་གྱི་གོང་བུར་བསྟིམ། སྤོས་བསྲེག་བདུད་རྩི་འཐོར་ལ། ཧཱུྃ༔ མཁའ་ལྟར་ཁྱབ་པའི་སོགས་བྱིན་འབེབ་རྒྱས་པར་བརྗོད་པའི་མཇུག་རོལ་མོའི་འོག་ཏུ་སྨན་གྱི་ཕོ་བྲང་སྤྱན་དྲངས་ལ་མདུན་སྟེགས་སུ་བཀོད་ཅིང་ཞལ་དབྱེ། རྡོ་རྗེ་བདུད་རྩི་ཁྲག་འཐུང་ཆེན་པོའི་གསལ་སྣང་ང་རྒྱལ་དང་ལྡན་པས་སྣོད་གཙང་གཡའ་མེད་པར་བསྣུར། སྐམ་ཤས་ཆེ་ན་མ་ད་ནས་བདུད་རྩི་བརླན་ཕབ་ལ་སྲན་མ་ཆུང་ཚད་ཙམ་གྱི་རིལ་བུར་དྲིལ་ལ་སྐམ་ཐག་ཆོད་པ་དང་གུར་གུམ་དང་གི་ཝཾ་གིས་ཁ་དོག་བསྒྱུར། འདི་ལྟར་གཞུང་གི་དགོངས་པ་ཡིན་ཀྱང་དེང་སང་ཞག་གྲངས་ཁྲིགས་ཆོད་ཀྱི་མོས་སློབ་ཙམ་པོ་བའི་སྐབས་སུ་ལག་ལེན་མི་བདེ་བས། སྨན་མང་མ་རྣམས་ཀྱིས་བདུད་རྩི་རིལ་བུ་དྲིལ་ནས་སྐམ་ཐག་བཅད་ཅིང་རྩི་གསོལ་ལ་ཁྲོལ་སྒྲུབ་སྐབས་ནས་རིམ་པར་རྟེན་དུ་བཞག །འདི་སྐབས་སྨན་ཕྱེ་ཉུང་ཙམ་གྱིས་རིལ་བུ་འོས་ཚོད་དྲིལ་བས་ས་བཅད་ཙམ་བྱས་ཏེ་དར་རས་ཀྱི་ཁུག་མར་བླུགས། དེ་ཉིད་ཐོད་པ་མཚན་བཟང་དུ་བཅུག་ལ་དར་སྣས་དྲིལ་ཞིང་ཚོན་སྐུད་ཀྱིས་རྒྱ་གྲམ་དུ་བཅིང་། རིགས་ལྔའི་དབུ་རྒྱན་དང་དར་དཔྱང་གིས་བརྒྱན། ཧཱུྃ་མཛད་ཀྱི་བདུག་པ་དང་། འཁྱིལ་བའི་ཁྲུས་བྱ། ཞི་དཀྱིལ་བསྡུ་ལ་ཁྲོ་དཀྱིལ་བཀྲམ། ཛཔ྄་དབྱངས་སོགས་སྔར་ལྟར་བྱས། དཀྱིལ་འཁོར་གྱི་དབུས་སུ་རྐང་གསུམ་སྟེང་རིན་པོ་ཆེའི་སྣོད་འབྲུས་བཀང་བ་ལ་བཞུགས་སུ་གསོལ་ཏེ། ཧཱུྃ༔ དུར་ཁྲོད་གསང་བ་སོགས་བརྗོད། ལས་གཞུང་དབུ་ནས་འབྱུང་བའམ་བབས་དྲུག་ལྟ་བུའི་བྱིན་འབེབ་ཛཔ྄་དབྱངས་བཅས་བྱ། མཆོད་གཏོར་གསར་དུ་བརྗེ་བའམ་ལེགས་པར་ཁ་གསོ། ཕྱི་དྲོའི་ཐུན་དང་པོ་ལ། བདག་བསྐྱེད་ནངས་མོ་དེ་མ་བསྡུས་པའི་དབང་དུ་བྱས་ཏེ། མཆོད་རྫས་བྱིན་བརླབ། མདུན་རྟེན་བསང་སྦྱང་། སྟོང་པའི་ངང་ལས་འབྱུང་རིམ་དང༔ སོགས་རིལ་སྒྲུབ་རང་གཞུང་ལྟར་ལྷ་བསྐྱེད། ཡེ་ཤེས་སྤྱན་འདྲེན། བཞུགས་གསོལ། དབང་བསྐུར་རྒྱས་གདབ། ཕྱག་མཆོད་ཀྱི་འཕྲོས་སུ་སྨན་གཏོར་རཀྟའི་མཆོད་པ་ཤློ་ཀ་གཉིས་རྩ་བའི་ལས་བྱང་ལྟར་ཕུལ་ལ། དཀྱུས་ཀྱི་བསྟོད་པ་དང་སྒྱུ་འཕྲུལ་ལས་འབྱུང་བའི། ཧཱུྃ། གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱི་གཟི། ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟང་ཡག་ཟ་བྱེད་ཆེ་ཧོཿ ཧཱུྃ། རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །གཏུམ་ཆེན་རི་རབ་འབུམ་བསྙིལ་སྐད། །ཨ་ལ་ཧ་ལའི་གད་རྒྱངས་ཆེ། །སྤྱུགས་པའི་འཐོར་རླུང་གཡེང་བ་ཆེ་ཧོཿ ཧཱུྃ། ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། །འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོཿ ཧཱུྃ། ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། །འཕྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབ། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ་ཧོཿ ཧཱུྃ། བདུད་ཀུན་གྱི་ནི་བདུད་ཆེན་པོ། །བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། །འཇིགས་བྱེད་ཆེན་པོའི་ཐིག་ལེ་ཆེ་ཧོཿ ཧཱུྃ། རྡོ་རྗེ་བྲག་ཆེན་སྲ་བ་པོ། །རྡོ་རྗེ་ཆུ་སྟེ་སྡུད་ཆེན་པོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོཿ ཞེས་ཚང་བར་བརྗོད། བཤགས་པ་དང་བསྐུལ་ཚིག་དཀྱུས་ལྟར་སོང་ནས། གཟུངས་ཐག་བླངས་ལ། བདག་ཉིད་ཡབ་ཡུམ་སྙོམས་ཞུགས་པའི༔ སོགས་ཀྱིས་དགོངས་པ་གསལ་བཏབ་ལ་ཏིང་འཛིན་རྩེ་གཅིག་པས་ཞི་ཁྲོ་སྦྲེལ་མའི་ཛཔ྄་དབྱངས་ལན་གསུམ་སྔོན་དུ་འགྲོ་བའི་བཟླས་པ་ཅི་ནུས་བྱ། ཐུན་པ་རྣམས་ཀྱིས་ཀྱང་དེའི་སྔགས་རྒྱུན་བཟུང་། ཐུན་མཐར་སྟོང་ཚིགས། ཚོགས་མཆོད། ཕུར་གདབ། བྱིན་འབེབ་རྣམས་སྔ་མས་རིགས་འགྲེ །ཐུན་གཉིས་པའང་དེ་བཞིན་དང་། གསུམ་པ་འགྲུབ་མིན་སྐབས་དང་བསྟུན་ལ། གང་ལྟར་ཐུན་རྗེས་མའི་སྟོང་ཚིགས་ཀྱི་འཕྲོས་སུ། ཆོས་སྲུང་གཏོར་ཆོག །ཚོགས་མཆོད་སོགས་རྗེས་ཆོག་རྣམས་དང་། དགོང་མོའི་བགེགས་བསྐྲད། བྱིན་འབེབ་ཛཔ྄་དབྱངས་བཅས་ཀྱིས་གྲུབ། མཚན་ཐུན་གསུམ་གྱི་དང་པོ་ལ་བདག་བསྐྱེད་འགྲོ་དགོས་པ་དང་། གཞན་འདོན་བྱ་སོགས་སྔ་མ་རྣམས་ཀྱིས་རིགས་འགྲེ །དེ་ལྟ་བུའི་རིལ་སྒྲུབ་ཀྱི་ཞག་གྲངས་རྫོགས་པར་ཉེ་བའི་ཉིན་ཐ་མ་ཙམ་ནས་ཐུན་རེ་རེ་བཞིན་གྱི་མཐར། ཚེ་དང་། ནོར་དང་། མཆོག་སྒྲུབ་པའི་དམིགས་གནད་རྣམས་ཀྱང་སྦྱར་ལ་སྔགས་ཅི་འགྲུབ་རེ་བཟླའོ། །འདིའི་ཕྱི་དྲོ་དངོས་གྲུབ་དབང་དུ་བྱ་བའི་ཕྱིར་རིན་ཆེན་མཱ་མ་ཀཱི་ལ་བསྟེན་པའི་དབང་གི་སྦྱིན་སྲེག་བྱའོ། ༈ །ལྔ་པ་དེ་དག་གི་དུས་ཚད་ནི། གཞུང་ལས། སྔགས་ཀྱི་གྲངས་དང་མཚན་མ་འམ༔ དུས་ཀྱི་ངེས་པ་བསྙེན་པ་དང༔ ཉེར་སྒྲུབ་གཉིས་ལ་ཞག་གསུམ་སྟེ༔ སྒྲུབ་དང་སྒྲུབ་ཆེན་ཞག་གཉིས་གཉིས༔ དབང་པོ་རབ་ཀྱིས་འགྲུབ་པར་འགྱུར༔ འབྲིང་ལ་ཉིས་འགྱུར་ཐ་མས་ཀྱང༔ སུམ་བལྡབ་བརྩོན་པས་ངེས་པར་འགྲུབ༔ ཅེས་འབྱུང་བ་ནི་སྨིན་སློབ་ཀྱི་དབང་དུ་མཛད་དེ་གྲངས་ཚད་གཞུང་ལས་སོ་སོར་འབྱུང་བ་ལྟར་རམ། རྟགས་ཚད་རབ་དངོས། འབྲིང་ཉམས། ཐ་མ་རྨི་ལམ་དུ་བྱུང་བའམ། དུས་ཀྱི་དབང་དུ་བྱས་པ་ལའང་དབང་པོ་རབ་ཀྱིས་བསྙེན་པ་དང་ཉེར་སྒྲུབ་གཉིས་ལ་ཞག་གསུམ་རེ། སྒྲུབ་པ་སྒྲུབ་ཆེན་གཉིས་ལ་ཞག་པོ་གཉིས་རེ། དབང་པོ་འབྲིང་ལ་དེ་ཉིས་འགྱུར། དབང་པོ་ཐ་མ་ལ་སུམ་འགྱུར་དུ་མཛད་པ་ནི། ཁྲོལ་བུ་སྦྱང་གཞི་དང་ཕྱེ་མ་སྦྱོང་བྱེད་དུ་དོན་གྱིས་འབྲེལ་བས་རྟགས་ཐོན་པ་སོགས་ཅུང་དཀའ་བས་ཞག་གྲངས་མང་བ་ཡིན་ལ། དེ་དག་གི་སྐབས་སུ་རྟགས་ཐོན་ན་ཕྱི་མ་གཉིས་སྦྱངས་འབྲས་སུ་སོང་བས་རྟགས་ཐོན་པ་སོགས་སླ་བའི་ཕྱིར་ཞག་གྲངས་ཉུང་བ་ཡིན་ཡང་། དེང་སང་མོས་སྒྲུབ་ཞག་གྲངས་ཙམ་ལ་ཚད་འཛིན་བྱེད་པའི་སྐབས་སུ་ནི། ཁྲོལ་སྒྲུབ་དང་ཕྱེ་སྒྲུབ་གཉིས་ལ་ཞག་གཉིས་རེ། ལྡེ་གུ་རིལ་སྒྲུབ་གཉིས་ལ་གསུམ་རེ་སྟེ་དངོས་གཞི་ཞག་བཅུ། སྔོན་རྗེས་ཉིན་གཉིས་བཅས་ཉིན་ཞག་བཅུ་གཉིས་སམ། དེ་ཙམ་ཡང་མི་འཁྱོངས་ན་ཁྲོལ་བུ་དང་ཕྱེ་མ་གཉིས་ཞག་རེ་བྱ་བ་ནི་ཤིན་ཏུ་བསྡུས་པ་ཡིན་ཞིང་། འདི་དག་ཀྱང་རྗེ་བླ་མ་རིན་པོ་ཆེའི་ཞལ་ལུང་བདུད་རྩིའི་ཟེགས་མ་ལས་རང་རྟོག་གི་བསླད་བཅུག་པ་མིན་ནོ། །དེ་དག་ཐམས་ཅད་ཚོམ་བུ་ཚོགས་སྒྲུབ་ཀྱི་དབང་དུ་བྱས་པ་ཡིན་ལ་རྣལ་འབྱོར་པས་གཅིག་སྒྲུབ་བྱ་བའི་ཚེ་ནའང་སྤྲོས་བཅས་ཀྱི་ཕྱག་ལེན་རྣམས་དང་སྔགས་རྒྱུན་མི་དགོས་པ་ལས་འདོན་བྱ་ལག་ལེན་གཞན་རྣམས་ཀྱི་སྤྱི་འགྲོས་འདི་བཞིན་བྱ་དགོས་སོ། ༈ །གསུམ་པ་རྗེས་དོན་གཉིས་མཐའ་རྒྱས་སུ་བྱ་བ་ལ་གསུམ། རང་དོན་དངོས་གྲུབ་བླང་བ། གཞན་དོན་དབང་བསྐུར་བྱ་བ། རྗེས་ཀྱི་ལས་རིམ་འཕྲོས་དོན་དང་བཅས་པའོ། །དང་པོ་ནི། རིལ་སྒྲུབ་གྲུབ་པའི་ཞོགས་པ་སྔ་བར་དངོས་གྲུབ་བླང་བའི་རྫས་བཤམས་ཏེ། དཀྱིལ་འཁོར་གྱི་མདུན་དུ་གཞི་དཀར་པོའི་སྟེང་དུ་གྲོའི་གཡུང་དྲུང་གཡས་འཁྱིལ་དུ་བྲིས་པའི་དབུས་སུ་ཁྲིའུའི་ཁར་བྷཉྫ་མཚན་ལྡན་འབྲུ་བཅུད་བདུད་རྩི་མ་ད་ན་སྦྱར་བས་བཀང་བ་བཞག །མཐའ་སྐོར་དུ་རིན་པོ་ཆེའི་སྣོད་དུ་འབྲུ་བཟང་གི་ཕྱེ་མ་མངར་གསུམ་དང་ཞོ་མར་འོ་མས་སྦྲུས་པའི་ནོར་བུ་འབར་བའི་གཟུགས་དང་ཕྱོགས་བཞིར་ལས་བཞིའི་འབྲང་རྒྱས་བཟའ་བཅའ་སྣ་ཚོགས་པས་བསྐོར་བ། མངར་གསུམ་ཐུད་དང་བསྲེས་པའི་རིལ་བུ་སོགས་བཀོད་ལ་དར་གྱིས་ཁེབས་བཀབ། ཐོར་ཐུན་ཙམ་ལ་དབུ་བཟུང་། བདག་བསྐྱེད་བཟླས་པ་དང་བཅས་པ། མདུན་རྟེན་སྒྲུབ་མཆོད། རྩ་སྔགས་དང་ལས་སྦྱོར་གྱི་བཟླས་པ་རྣམས་ཀྱང་ཇི་ལྟར་འོས་པ་བཟླས་ལ་ཁ་སྐོང་དང་སྟོང་ཚིགས་ཕུལ། བསྙེན་རྒྱུན་སྔ་མ་གྲོལ། དངོས་གྲུབ་བླང་བའི་སྔགས་རྒྱུན། ཆོས་སྐྱོང་གཏོར་ཆོག་དང་། ཚོགས་མཆོད་རྒྱས་པར་ཕུལ། འདིའི་སྔ་དྲོར་བདུད་རྩི་ཁྲག་འཐུང་ལ་བསྟེན་ཏེ་རྒྱས་པའི་སྲེག་བླུགས་བྱ་ཞིང་བདུད་རྩི་རིལ་བུའི་ཕུད་ཀྱང་བསྲེག་གོ། །གཞུང་འདིར་དངོས་སུ་མ་གསུངས་ཀྱང་སྤྱི་དང་མཐུན་པར་བལྟ་ཉན་གྱི་འབྱུང་པོ་ཚར་གཅད་པའི་ཕྱིར། ཧཱུྃ་ཀཱ་རའི་ཕུར་གདབ་དང་རྡོ་རྗེ་བདུག་པའི་སྦྱོར་བས་བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། སྤྱི་བཤགས་བརྗོད་མེད་དོན་བཤགས་ཙམ་གྱིས་ཆོག་མོད། རིགས་མཐུན་གྱི་ཟབ་གཏེར་ལས་བྱུང་བ། ཨོཾ་ཨཱཿཧཱུྃ༔ རྒྱལ་བ་ཞི་ཁྲོ་རྡོ་རྗེ་སློབ་དཔོན་དང༔ བདེ་གཤེགས་ཡོངས་རྫོགས་སྲུང་མ་དམ་ཚིག་ཅན༔ སྐུ་གསུམ་གདུང་གསོབ་རྡོ་རྗེ་ལྕམ་དྲལ་མཆེད༔ དཔང་གྱུར་དཀོན་མཆོག་མ་ལུས་དགོངས་སུ་གསོལ༔ བདག་ནི་མ་རིག་ལུས་དང་ངག་སེམས་ཀྱིས༔ རྡོ་རྗེ་སློབ་དཔོན་མཆེད་ལ་ངན་སྨྲས་ཤིང༔ ཡི་དམ་སྔགས་དང་ཕྱག་རྒྱ་གསང་བ་བསྒྲགས༔ རྩ་བའི་དམ་ལས་འགལ་གྱུར་མཐོལ་ཞིང་བཤགས༔ ཤེས་བྱ་ལྔ་དང་སྤྱད་པར་བྱ་བ་ལྔ༔ མི་སྤང་ལྔ་དང་བསྒྲུབ་པར་བྱ་རྒྱུ་ལྔ༔ དང་ལེན་ལྔ་སོགས་ཡན་ལག་དམ་ཚིག་ཀུན༔ ཉམས་གྱུར་རང་གནོང་འགྱོད་པས་མཐོལ་ཞིང་བཤགས༔ སྔགས་ལ་ཐེ་ཚོམ་བླ་མེད་ཐེག་པ་སྨད༔ ལྟ་སྒོམ་ཡ་བྲལ་བསྙེན་སྒྲུབ་གཞུང་མ་བསྲང༔ ལོང་ཡོད་ལེ་ལོས་དུས་ཀྱི་མཆོད་པ་ཆག༔ སྒོ་གསུམ་ཐུན་མོང་དམ་ཉམས་མཐོལ་ཞིང་བཤགས༔ རིག་པའི་རྩལ་ཆུང་སྙིང་པོའི་དོན་མ་རྟོགས༔ སྒོམ་པའི་སྲན་ཆུང་གནས་ལུགས་སོ་མ་ཐུབ༔ བློ་ཡི་སྟོབས་ཆུང་སྤྱོད་པ་བོགས་མ་ཐོན༔ ལེགས་བསམ་དཔྱད་ཀྱང་དོན་ལོག་ཐུགས་འགལ་བསགས༔ འབྲས་བུ་ཡིད་སྨོན་གྱུར་པ་མཐོལ་ལོ་བཤགས༔ ཞེས་དང་ཡིག་བརྒྱ་བརྗོད། རྫས་ཀྱི་ཁེབས་བསལ། སྟོང་པའི་ངང་ལས་བྷཉྫའི་ནང༔ བཅུད་ཀྱི་དབུས་སུ་མཱ་མ་ཀཱི༔ དམར་སེར་ཉི་མ་འཆར་ཁའི་འོད༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ༔ རྗེས་ཆགས་བཞད་པའི་ཉམས་དང་ལྡན༔ ཕྱག་གཡས་ནོར་བུའི་ལྕགས་ཀྱུ་འཛིན༔ འཁོར་འདས་ཀུན་གྱི་དྭངས་བཅུད་འགུགས༔ གཡོན་པས་རིན་ཆེན་ཀ་པཱ་ལར༔ བདེ་ཆེན་དངོས་གྲུབ་རྒྱ་མཚོར་བསྐྱིལ༔ དར་དང་རིན་ཆེན་རུས་པ་དང༔ མེ་ཏོག་དམར་པོའི་རྒྱན་གྱིས་སྒེག༔ ཞབས་ཟུང་པད་ཉི་བམ་རོའི་སྟེང༔ བདུད་རྩིའི་རྒྱ་མཚོའི་ཀློང་ན་བཞུགས༔ རང་གི་ཐུགས་ནས་འོད་འཕྲོས་པས༔ སོགས་གཞུང་གི་དཀྱུས་ལྟར་བརྗོད་ཅིང་གསལ་གདབ། གཟུངས་ཐག་བླངས་ལ། ཨོཾ་བཾ་རཏྣ་མཱ་མ་ཀཱི་སོགས་ཀྱིས་སྔགས་སྟོང་ཕྲག་ཚང་བར་བཟླས་ལ། ལས་རྡོར་སོགས་ཀྱིས་སྤོས་དུད་དང་མ་ད་ནའི་བདུད་རྩི་འཐོར། རྡོ་རྗེ་རྒྱལ་ཚབ་པས་དཀྱིལ་འཁོར་དང་འདུས་པ་ལ་བསྐོར་ཞིང་དར་གྱིས་གཡབ། དབྱངས་རོལ་བཅས་བདུད་རྩིའི་བྱིན་འབེབ་བྱ། དེ་ནས་དངོས་གྲུབ་གསོལ་བ་ནི། ཨོཾ༔ འོག་མིན་གསང་བའི་སོགས་ཚང་བར་བརྗོད་པའི་མཐར་རིལ་བུའི་སྣོད་བཀུར་སྟི་བཅས་བླངས་ལ་སློབ་དཔོན་སྤྱི་བོར་བཞག་ལ་དབང་བླང་། རིལ་བུ་ཐོད་པའི་བདུད་རྩིར་བསྲེས་ལ་ལས་གཞུང་ལྟར་བདུད་རྩི་ལག་མཆོད་རྒྱས་པར་བྱ། རིལ་སྣོད་མགྲིན་པར་བཞག་ལ་བདུད་རྩི་བཏུང་། སྙིང་གར་གཏུགས་ཤིང་རིལ་བུ་མྱང་བ་རྣམས་གཞུང་བཞིན་བྱས་ལ། དབང་མི་བསྐུར་ན་རྡོ་རྗེ་རྒྱལ་ཚབ་པས་འདུས་པ་རྣམས་ལ་རིལ་བུའི་བྱིན་རླབས་དང་དམ་རྫས་བཀྱེ། དངོས་གྲུབ་ཀྱི་རྫས་གཞན་རྣམས་དང་ཚོགས་ཀྱི་རྫས་རྣམས་ཀྱང་ལས་རྡོར་སོགས་ཀྱིས་འགྱེད་ལ་དེའི་ཚེ་སྔགས་ཚན་ཕྱི་མ་ཉིད་ཛཔ྄་དབྱངས་ཀྱི་ཚུལ་དུ་འདོན། རྡོ་རྗེའི་གླུ་གར་བྱ་བར་གསུངས་པས། ཀོལླ་ཨི་རེཊྚ་སོགས་སམ། ཨེ་མ་ཀི་རི་ལྟ་བུ་དབྱངས་སུ་གྱེར་བར་བྱའོ། །གཉིས་པ་གཞན་ལ་དབང་བསྐུར་བྱེད་ན་སྐབས་འདི་ཉིད་དུ་བགྱི་བ་སྟེ། དེའི་ཚུལ་ནི་གཞུང་ཉིད་དམ་དབང་ཁྲིགས་སུ་གསལ་བ་ལྟར་རོ། །གསུམ་པ་རྗེས་ཀྱི་ལས་རིམ་འཕྲོས་དོན་དང་བཅས་པ་ལ་གསུམ། དཀྱིལ་འཁོར་དང་འབྲེལ་བའི་རྗེས་ཆོག །ཕྱི་མཚམས་བཀྲོལ་ཞིང་མཐའ་རྒྱས་སུ་བྱ་བ། ལས་སྦྱོར་འཕྲོས་དོན་དུ་སྨྲོས་པའོ། །དང་པོ་ནི་དངོས་གྲུབ་བླང་བ་ཁོ་ནའམ་དབང་བསྐུར་གྲུབ་པའི་རྗེས་སུ་ལྷག་ཆོག་བཏང་ཞིང་སྔར་བཙོན་དུ་བཟུང་བའི་ལྷག་མ་དང་ལྷན་ཅིག་སྒྲུབ་ཁང་ལྷོ་ནུབ་གོམ་པ་བདུན་ཅུའི་སར་སྐྱེལ། ཆོས་སྲུང་གཏོར་འབུལ་སྐབས་དེ་དག་གི་གཏོར་མ་རྣམས་ཡང་ཐོག་ལྟ་བུར་འབུལ། ཆད་བརྟན་རྒྱུན་བཞག་ཀྱང་ཕྱིར་བསྐྱང་། མཆོད་ཁ་གསོས་ལ་བྱིན་བརླབ་བཅས་གཏང་རག་གི་མཆོད་བསྟོད་རྒྱས་པར་བྱས་ལ་ནོངས་པ་བཤགས། ཚོགས་མགྲོན་གྱི་ཡེ་ཤེས་པ་རྣམས་རས་བྲིས་ཀྱི་དཀྱིལ་འཁོར་རམ་རྟེན་ལ་བརྟན་བཞུགས་བྱ། བདག་བསྐྱེད་ཀྱི་དཀྱིལ་འཁོར་འོད་གསལ་དུ་བསྡུ་ཞིང་ཟུང་འཇུག་གི་སྐུར་ལྡང་། ཨ་ཀཱ་རོའི་སྔགས་བརྗོད་ཅིང་ཆོས་ཐམས་ཅད་སྐྱེ་བ་མེད་པར་ཤེས་པས་དཀྱིལ་འཁོར་བསྡུ། སྲུང་བའི་ཕུར་བུ་བཅུ་པོ། ཧཱུྃ༔ རེ་རེ་བརྗོད་ལ་སྔར་བཏབ་རིམ་ལས་ལྡོག་ཕྱོགས་ཚུལ་གྱིས་ཕྱུངས་ཏེ། ཨོཾ་ཨཱཿཧཱུྃ་གིས་ཕུར་ཁུང་དུ་བདུད་རྩི་གཏོར་བས། བགེགས་རྣམས་རྨས་པ་གསོས་ཏེ་རང་གནས་སུ་སོང་བར་མོས་སོ། །གཉིས་པ་ཕྱི་མཚམས་བཀྲོལ་ཞིང་མཐའ་རྒྱས་སུ་བྱ་བ་ལ། ཐོག་མར་རྒྱལ་ཐོའི་རྩ་བར་མཆོད་གཏོར་བཤམ། གོང་གསལ་ཐོ་འཛུག་སྐབས་ལྟར་བྱིན་བརླབ། སྔགས་ལན་གསུམ་གྱིས་གཏོར་མ་འབུལ། ཨོཾ་བཛྲ་པུཥྤེ་སོགས་ནས་ཤབྡ་པཱུ་ཛ་ཧོ༔ ཞེས་མཆོད། ཏིང་འཛིན་སྔགས་རྒྱས་བྱིན་བརླབས་པའི༔ མཆོད་གཏོར་བཟང་པོ་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་སོགས་ཀྱིས་ཕྲིན་ལས་བཅོལ། སྔགས་མཐར་བཛྲ་མུཿབཏགས་པས་གཤེགས་སུ་གསོལ་བ་ཕྱོགས་བཞི་ཀར་འགྲེས་ཏེ་ཐོ་བསྡུ། ནང་སྒོར་ཡང་མཆོད་གཏོར་བཤམས་ནས་བྱིན་བརླབ། གཏོར་འབུལ་མཆོད་པ་ཕྲིན་བཅོལ་གཤེགས་གསོལ་གོང་བཞིན་བྱ། དེ་ནས་ནང་དུ་ཕྱིན་ནས་གྲལ་དུ་འཁོད་ལ། རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་དུ། །ཡོད་བྱད་འབྱོར་ཚོགས་ཆུང་བ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་ལམ་དུ། །མངོན་རྟོགས་སྤོང་ལེན་བགྱིས་པ་མཐོལ་ལོ་བཤགས། །མཁའ་འགྲོ་སྡེ་བཞི་རྣམས་ཀྱི་སྤྱན་ལམ་དུ། ཁས་བླངས་དམ་བཅས་ཉམས་པ་མཐོལ་ལོ་བཤགས། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྤྱན་ལམ་དུ། །གཏོར་མ་ལོ་ཟླར་འགྱངས་པ་མཐོལ་ལོ་བཤགས། །དུས་གསུམ་ཕ་མ་རྣམས་ཀྱི་སྤྱན་ལམ་དུ། །དྲིན་ལ་ལན་གྱིས་མ་ལོན་མཐོལ་ལོ་བཤགས། །མཆེད་དང་ལྕམ་དྲལ་རྣམས་ཀྱི་སྤྱན་ལམ་དུ། །དམ་ཚིག་བརྩེ་གདུང་ཆུང་བ་མཐོལ་ལོ་བཤགས། །འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྤྱན་ལམ་དུ། །སྙིང་རྗེ་ཕན་སེམས་ཆུང་བ་མཐོལ་ལོ་བཤགས། །སོ་སོ་ཐར་པ་རྣམས་ཀྱི་སྡོམ་པ་དང། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་དང་། །རིག་པ་འཛིན་པ་སྔགས་ཀྱི་དམ་ཚིག་སོགས། །ཉམས་པ་ཐམས་ཅད་མཐོལ་བཤགས་མི་འཆབ་བོ། །མི་སྦེད་སླན་ཆད་གཅོད་ཅིང་སྡོམ་པར་བགྱི། །དུས་གསུམ་བྱས་བསགས་སྡིག་སྒྲིབ་མཐོལ་བཤགས་ན། །ཚངས་པར་མཛད་ནས་སྐུ་གསུང་ཐུགས་ལ་སོགས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ལྟ་བུའི་བཤགས་ཚིག་བརྗོད་ལ་བླ་མ་དང་མཆེད་ཕན་ཚུན་འགལ་བར་གྱུར་པ་བཤགས། རྡོ་རྗེ་སློབ་དཔོན་ལ་སྐུ་དྲིན་གསོ་བའི་ཕྱིར་སྒྲུབ་མཆེད་རྣམས་ཀྱིས་ལུས་ལོངས་སྤྱོད་དགེ་ཚོགས་ལྟོས་མེད་དུ་འབུལ་བར་མཚོན་བྱེད་ཕྲེང་བ་བསྡུས་ཏེ་མདུན་དུ་སྤུངས། ཕྱག་ལན་གསུམ་འཚལ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར། ལས་རྡོར་གྱིས་ཕུད་སྐྱེམས་དྲངས་ལ། ཧོ༔ རིགས་ཀུན་ཁྱབ་བདག་རྡོ་རྗེ་སློབ་དཔོན་གྱིས༔ བཅོམ་ལྡན་རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་དུ༔ བདག་ཅག་ཐུགས་རྗེ་ཆེན་པོས་རྗེས་བཟུང་བའི༔ བཀའ་དྲིན་དུས་གསུམ་ཀུན་ཏུ་འཁོར་མེད་ཕྱིར༔ ལུས་དང་ལོངས་སྤྱོད་ལྟོས་མེད་འབུལ་ལགས་ན༔ དཔལ་ལྡན་བླ་མ་དམ་པ་ཞབས་བརྟན་ཅིང༔ མདོ་སྔགས་བསྟན་པ་དར་ཞིང་རྒྱས་པ་དང༔ འཇིག་རྟེན་ཁམས་ཀུན་བདེ་ལེགས་དཔལ་འབྱོར་རྒྱས༔ འདིར་འདུས་ཚེ་དང་སྒྲུབ་པ་མཐར་ཕྱིན་ནས༔ བྱང་ཆུབ་བར་དུ་ཁྱེད་ཀྱིས་རྗེས་གཟུང་གསོལ༔ ཞེས་ཞུ་ཞིང་མེ་ཏོག་འཐོར། ཞབས་ལ་སྤྱི་བོས་བཏུད་དོ། །སྨོན་ལམ་གདབ་པ་ལ་སྤྱིར་མར་མེ་སྨོན་ལམ་བྱ་བ་ནི། དཔོན་སློབ་ཐམས་ཅད་ཀྱིས་སྤོས་ཀྱི་རེང་བུ་དང་མར་མེ་ཐོགས། རྒྱལ་ཐེབས་ཀྱིས་དབྱངས་བོར་ལེན་བྱས་ཏེ། ཧོ༔ བདེ་ཆེན་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ རིགས་ཀུན་ཁྱབ་བདག་རྡོ་རྗེ་སློབ་དཔོན་དང༔ མཆེད་དང་ལྕམ་དྲལ་འདུས་པའི་ཚོགས་རྣམས་ཀྱིས༔ རྡོ་རྗེ་བདུད་རྩིའི་ལྷ་ཚོགས་བསྒྲུབས་པའི་མཐུས༔ དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ༔ ཚོམ་བུ་གཅིག་ཏུ་ནམ་ཡང་མི་འབྲལ་ཞིང༔ མཐོ་རིས་ཡོན་ཏན་བདུན་གྱིས་འབྱོར་པ་དང༔ འཕགས་པའི་ནོར་ལ་རང་དབང་སྤྱོད་པར་ཤོག༔ ནམ་ཞིག་བྱང་ཆུབ་ལྷུམས་སུ་ཞུགས་པའི་ཚེ༔ ཡེ་ཤེས་གསལ་བའི་མར་མེའི་འོད་ལམ་ལས༔ འཕགས་མཆོག་དཔའ་བོ་མཁའ་འགྲོས་མདུན་བསུས་ཏེ༔ རིན་ཆེན་བཀོད་པའི་ཞིང་དུ་དབུགས་ཕྱུངས་ཤིག༔ བླ་མ་ཧེ་རུ་ཀ་ཡིས་རྗེས་བཟུང་ནས༔ རྩ་རླུང་ཐིག་ལེ་སེམས་ཀྱི་དྲི་མ་བྱང༔ སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དབྱིངས༔ འོད་གསལ་ཐིག་ལེ་ཆེན་པོར་ལྷུན་རྫོགས་ཤོག༔ ཅེས་གདུང་ཤུགས་དྲག་པོས་སྨོན་ལམ་བཏབ་པས་བརྩོན་འགྲུས་ཅན་རྣམས་ཚེ་འདིར་གྲོལ་ཞིང༔ མ་འབད་ཀྱང་ཕྱི་མར་དག་པའི་ཞིང་དུ་དབུགས་འབྱིན་ཅིང་གྲོལ་བ་ཐོབ་པར་འགྱུར་རོ༔ ཞེས་གསུངས་སོ། །བྱེ་བྲག་དངོས་གྲུབ་ལེན་ཆོག་གི་འཕྲོས་སུ་གསུངས་པའི། ཨོཾ༔ བདུད་རྩི་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ ཞེས་སོགས་ལན་གསུམ་སྙིང་ཐག་པ་ནས་བརྗོད། ཞལ་ནས་གསུངས་པའི་ཚིག་གིས་ཐོག་དྲང་། ཤིས་བརྗོད་རྒྱས་པར་སྤེལ་ལ་མེ་ཏོག་འཐོར་ཏེ་རོལ་མོའི་སྒྲ་སྙན་ཅིང་བརྗིད་པ་འཁྲོལ་བ་སོགས་ཀྱིས་དགེ་ལེགས་སུ་བྱ། སྦྱིན་བདག་ཡོད་ན་ཡོན་འབུལ་ཅིང་བསྔོ་བས་རྒྱས་གདབ། ཞག་གསུམ་ཙམ་གནས་སྲུང་ཞིང་ཚོགས་ཀྱི་དགའ་སྟོན་སོགས་བྱས་པས་ཕྱིན་ཆད་བསྟན་པ་རྒྱས་ཤིང་དགེ་ལེགས་འཕེལ་བར་གསུངས་སོ། །གསུམ་པ་ལས་སྦྱོར་འཕྲོས་དོན་དུ་སྨྲོས་པ་ནི། རི་བོ་མཐོང་གྲོལ་སོགས་འགྲོ་དོན་གྲོལ་བ་རྣམ་དྲུག་གི་ལས་སྦྱོར་རྣམས་སྒྲུབ་ཆེན་གྲུབ་པའི་རྗེས་དེ་ཉིད་དུ་གཞུང་མཐུན་བྱ་ཞིང་། གཞན་ཡང་མྱོང་གྲོལ་རིལ་བུ་ནངས་རེ་བཞིན་གཞུང་བཞིན་བརྟེན་པ་དང་། རོལ་མོ་ཐོས་གྲོལ། བདུག་སྤོས་ཚོར་གྲོལ་དུས་དང་རྒྱུན་དུ་བྱ་བས་མཚོན། རྡོ་རྗེའི་གསུང་ལ་ཡིད་ཆེས་ཀྱི་ངེས་པ་བརྟན་པོས་སྙོམ་ལས་སུ་མ་བཞག་པར་ལག་ལེན་དུ་བཏབ་ན་ཇི་སྐད་བཤད་པའི་ཕན་ཡོན་ཚུལ་བཞིན་དུ་ཐོབ་པར་གདོན་མི་ཟའོ། །རིང་བརྒྱུད་སྤྱི་བཀའ་ཙམ་གྱི་ཆུ་རྒྱུན་ལ། །ལྟོས་མིན་སྨིན་གྲོལ་དོན་གཉིས་ལས་སྦྱོར་བཅས། ཁ་ཚང་ཟབ་འདྲིལ་ཉེ་བརྒྱུད་བདུད་རྩིའི་བཅུད། །སྣོད་བཟང་གསེར་གྱི་ཡོལ་གོར་འཁྱིལ་འདི་རྨད། །འདིར་འབྲེལ་དགེ་བས་བདག་གཞན་ལུས་ཅན་ཀུན། །རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོ་ཡི། །རིག་མཆོག་ཕྱག་རྒྱའི་ཡེ་ཤེས་མྱུར་འགྲུབ་ནས། །འཁོར་འདས་མཉམ་ཉིད་གདོད་མའི་དབྱིངས་གྲོལ་ཤོག །ཅེས་སྤྲུལ་པའི་གཏེར་སྟོན་ཆེན་པོ་ར་མོ་ཤེལ་སྨན་གྱི་ཡང་གཏེར་རྒྱུད་དང་ཤིན་ཏུ་མཐུན་ཅིང་བྱིན་རླབས་དང་མན་ངག་ངོ་མཚར་ཅན་གྱིས་ཁྱད་པར་དུ་བྱས་པ། དཔལ་རྡོ་རྗེ་བདུད་རྩིའི་སྒྲུབ་པ་ཆེན་པོའི་ཁོག་དབུབ་འདི་ཉིད་ཁྱབ་བདག་འཁོར་ལོའི་མགོན་པོ་གཏེར་ཆེན་བླ་མ་རིན་པོ་ཆེའི་བཀའ་ལུང་གིས་རྗེས་སུ་གནང་བ་ལྟར། རང་གཞུང་ལ་ཁ་འགེངས་འོས་པ་རྣམས་རིགས་མཐུན་གྱི་ཡང་གཏེར་སོགས་ལས་བླངས་ཏེ་རིག་པ་འཛིན་པའི་གཟུགས་བརྙན་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ། །སརྦ་དཱ་མངྒ་ལཾ།། །།
གཏེར་ཁ་གསུམ་འདུས་རྡོར་སེམས་སྙིང་གི་ཐིག་ལེའི་དབང་བསྐུར་བའི་ཆོ་ག་འོད་གསལ་སྒོ་འབྱེད་ (Volume 58, Text 6)
༄༅། །གཏེར་ཁ་གསུམ་འདུས་རྡོར་སེམས་སྙིང་གི་ཐིག་ལེའི་དབང་བསྐུར་བའི་ཆོ་ག་འོད་གསལ་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་སཏྭ་ཡ། རང་བྱུང་ཐིག་ལེ་འོད་དུ་གསལ་བ་ལས། །རབ་འབྱམས་ཞིང་དང་སྐུ་ཡི་འདུ་འཕྲོ་ཅན། །ཆོས་སྒོ་བསམ་ཡས་རྩོལ་མེད་ཐེག་པ་ཆེར། །བགྲོད་པ་གཅིག་སྟོན་མཛད་ལ་དོན་ཕྱག་འཚལ། །ངོ་མཚར་ཟབ་གཏེར་ཆུ་བོ་གསུམ། །གཅིག་འདུས་སྨིན་བྱེད་བདུད་རྩིའི་ཀླུང་། །སྣོད་བཟང་སྙིང་གི་གསེར་བུམ་དུ། །བསྐྱིལ་འདི་གཞན་ཕན་བཙས་སུ་བསྐྲུན། །བསྟན་པ་ཀུན་གྱི་ཡང་བཅུད་ཡང་གསང་རྫོགས་པ་ཆེན་པོ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་ཐིག་ལེའི་དབང་བསྐུར་བ་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ། དང་པོ་ལ་གཉིས། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དབང་དོན་རྣལ་འབྱོར་སྒྲུབ་པའོ། །དང་པོ་ནི། གནས་དབེན་པར་སྟེགས་བུའི་སྟེང་དུ་མཎྜལ་པདྨ་འདབ་བརྒྱད་འཇའ་ཚོན་སྣ་ལྔའི་མུ་ཁྱུད་ཀྱིས་བསྐོར་བའི་སྟེང་དུ་མཉྫི་ལ་རིན་པོ་ཆེའི་བུམ་པ་བཅུད་ལྡན་མགུལ་ཆིངས་སྣ་ལྔ་ཁ་རྒྱན་དང་བཅས་པ་བཞག །གཡས་སུ་ཐོད་པ་མཚན་ལྡན་ཆང་རྒོད་ཨ་མྲྀཏ་མངར་གསུམ་སྦྱར་བས་བཀང་བ། གཡོན་དུ་གཏོར་མ་རིན་ཆེན་འབར་བ་རྒྱན་ལྡན། མདུན་དུ་རྨ་བྱའི་མདོངས་སྒྲོ་བཙུགས། རྒྱབ་ངོས་སྨན་རག་གཏོར་གསུམ། མདུན་དུ་ཕྱི་མཆོད་ཕྲེང་ཚར་དུ་བཤམ། ལས་བུམ། ཚོགས་གཏོར་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་རྣལ་འབྱོར་སྒྲུབ་པ་ནི། བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། རིག་འཛིན་ཆེན་པོ་ཚེ་དབང་ནོར་བུས་མཛད་པའི་ལས་བྱང་དོན་གྱི་གསལ་འདེབས་ལ་འཇུག་པ་ལྟར། སྐྱབས་སེམས་ནས་བརྩམ་མཐར་ཆགས་སུ་གཏང་། བདག་མདུན་དབྱེར་མེད་དུ་བསྒོམ། བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་རྣམས་ཅི་འགྲུབ་བྱས་ལ་ཛཔ྄་བསྟོད་འབུལ། དེ་ནས་སྲུང་མའི་གཏོར་འབུལ་དང་། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཀྱི་བར་དུ་བྱ་ཞིང་ཚོགས་ལ་རོལ། སྐབས་ནམ་བདེར་ལས་བུམ་དུ་རྡོར་སེམས་བསྐྱེད་བཟླས་བྱས་ལ་བྱིན་བརླབ་བོ། །གཉིས་པ་དངོས་གཞི་དབང་བྱ་བ་ལ། ཐོག་མར་སློབ་བུ་རྣམས་ལ་ཡིག་བརྒྱ་བཟླས་ཏེ་ལས་ཆུས་ཁྲུས་བྱ། བགེགས་གཏོར་བྱིན་རླབས་བསྔོ་བ་སྤྱི་མཐུན་བྱས་ལ། ལས་བྱང་ལྟར་བཀའ་བསྒོ་ཞིང་དེ་ཁོ་ན་ཉིད་ཀྱི་མཚམས་གཅད། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། ཆོས་བཤད་ཀྱི་ཁྱད་པར། དེའང་གདོད་ནས་རང་བཞིན་གནས་པའི་སངས་རྒྱས་དཔལ་ཀུན་ཏུ་བཟང་པོའི་རྩལ་ལས་རང་བྱུང་བ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་སྟོན་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས། ཉིད་ལས་མི་གཞན་པའི་འཁོར་རྒྱལ་བ་སེམས་དཔའ་རྣལ་འབྱོར་མ་ལ་སོགས་པའི་ཚོགས་རྣམས་ལ་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་ཁོང་བཅུད། རྒྱུད་ཐམས་ཅད་ཀྱི་སྙིང་པོ། ལུང་ཐམས་ཅད་ཀྱི་རྩ་བ། མན་ངག་ཐམས་ཅད་ཀྱི་ཉིང་ཁུ། བསྟན་པ་ཐམས་ཅད་ཀྱི་ཡང་རྩེ། སྐུ་གསུམ་བསྟན་པའི་བཙས། ཕྱི་ནང་གསང་བ་གསུམ་གྱི་ཡང་ཞུན། གསང་བ་ལས་ཀྱང་ཆེས་གསང་བ། རྡོ་རྗེ་སེམས་དཔའ་མ་འཁྲུལ་བའི་དགོངས་པ། འཁོར་བ་དོང་སྤྲུགས་སུ་ངོ་སྤྲད་པ། མ་བསྒོམ་པར་འཚང་རྒྱ་བ། ཆེ་བ་རང་ལ་གནས་པའི་རྒྱུད་རྡོ་རྗེ་སེམས་དཔའ་སྙིང་གི་རྒྱུད་ཅེས་བྱ་བ་དགོངས་པས་བརྒྱུད་ཅིང་། ཁྱད་པར་སྤྲུལ་པ་པོ་དགའ་རབ་རྡོ་རྗེ་ལ་ཚིག་དང་དོན་གྱི་གདམས་པ་མ་ལུས་པ་རང་བབས་སུ་བྱིན་གྱིས་བརླབས་ཤིང་སྣང་བར་མཛད། དེ་ཉིད་ཀྱིས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་མཁའ་འགྲོ་མ་ཉི་མའི་འོད་ཟེར་སོགས་ཤེས་རབ་ཀྱི་གདུལ་བྱ་གྲངས་ལས་འདས་པ་ལ་ལོ་བདུན་ཅུའི་བར་དུ་ཆོས་གསུངས་པའི་དུས་སུ། ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཇལ་ཏེ་བརྡ་ཙམ་གྱི་སྒོ་ནས་ཡིན་ལུགས་ཀྱི་སྟེང་དུ་མཛུབ་མོ་བཙུགས་ནས་ཚིག་དོན་མ་ལུས་པ་ཐུགས་སུ་ཆུད་ཅིང་རྒྱལ་ཚབ་ཀྱི་སྐྱེས་བུ་བསྟན་པའི་བདག་པོར་མངའ་གསོལ། དེ་ཉིད་བོད་ཡུལ་དུ་སྐུ་དངོས་ཀྱི་གདུལ་བྱའི་ངོར་ལོ་བརྒྱ་དང་བཅུ་གཅིག་བཞུགས་པའི་ཚེ་མུ་ཏིག་ཤེལ་གྱི་སྤ་མ་གོང་གི་ཕུག་པར་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་ལ་གདམས་ངག་མཐའ་དག་ཚང་སྤྲུགས་སུ་བསྩལ་པའི་ནང་ནས། ཁྱད་པར་སྙིང་ལས་སྙིང་ཁྲག་དྭངས་མ་ལྟ་བུའི་ཟབ་ཁྱད་དུ་འདི་ཉིད་གནང་ཞིང་ཚིག་དོན་མཐའ་དག་གི་བཀའ་བབས། ལོ་ཆེན་གྱིས་ལྡན་མ་རྩེ་མང་དང་དྷརྨ་ཤཱི་ལ་གཉིས་ལ་སྙན་བརྒྱུད་དུ་གདམས་ནས་དེ་དག་གྲོལ་བར་མཛད། དཔེ་བརྒྱུད་གུ་རུ་རིན་པོ་ཆེའི་བཀའ་བཞིན་མ་འོངས་པའི་གདུལ་བྱ་རིམ་པར་འབྱུང་བ་ལ་དགོངས་ནས་ཚར་གསུམ་ཤོག་སེར་ལོགས་སུ་བཀོད་ནས་གཏེར་གནས་གསུམ་དུ་སྦས་པ་ལས། གཏེར་ཁ་དང་པོ་ལོ་ཆེན་བཻ་རོ་ཉིད་སྤྲུལ་པའི་རོལ་གར་བསྒྱུར་བ་རྒྱལ་སྲས་རྡོ་རྗེ་གླིང་པས་ཆོས་འབྱུང་ཟངས་མཚོ་བྲག་ནས་སྤྱན་དྲངས། གཏེར་ཁ་གཉིས་པ་རྡོར་གླིང་ཡང་སྲིད་པདྨ་ཀུན་སྐྱོང་གླིང་པས་ཤངས་ཟབ་བུ་ལུང་མ་ཚོར་སྐྱེ་བྲག་ནས་སྤྱན་དྲངས། གཏེར་ཁ་གསུམ་པ་ལོ་ཙཱ་བ་ཆེན་པོ་ཉིད་ཀྱི་མཆན་བུ་ལྟ་བུ་དོན་ཡོད་སྡེའི་སྐྱེ་བ་སྤྲུལ་པའི་གཏེར་ཆེན་སྟག་ཤམ་བསམ་གཏན་གླིང་པས་བར་ཁམས་གླང་ལུང་ཕྲ་མོ་བྲག་གི་རིན་ཆེན་གསང་ཕུག་ནས་སྤྱན་དྲངས། གསུམ་ཀའང་ལུང་བསྟན་སྐོར་དང་ཐེམ་མེད་མ་གཏོགས་རྩ་བའི་ཆོས་སྡེ་ཞུ་དག་ཕེར་པ་ཡིན་ཅིང་། གཏེར་ཁ་གསུམ་ཀའི་སྨིན་གྲོལ་གདམས་པའི་ཆུ་བོ་མི་ནས་མིར་བརྒྱུད་དེ་བར་མ་ཆད་པ་བཻ་རོའི་ཐུགས་སྤྲུལ་པདྨ་བདེ་ཆེན་གླིང་པ་ལ་འདུས་པར་མ་ཟད། སྟག་ཤམ་པ་སྐུ་དངོས་དང་རྡོར་གླིང་དང་ཀུན་སྐྱོང་གཉིས་ཀྱི་ཡེ་ཤེས་སྐུ་ཐུན་མིན་གྱི་སྣང་བ་བཅས་རྒྱུད་གཅིག་བྱིན་རླབས་འཕོ་བའི་དབང་བསྐུར་བརྙེས་པས། བརྒྱུད་པ་གསུམ་འདུས་འགྲན་ཟླ་དང་བྲལ་བ་དེ་ལས་བར་མ་ཆད་དུ་བྱོན་པ་རྩ་བ་ཡང་ཟབ་དོན་གྱི་དབང་བཞི་བསྒྲུབ་པ་ལ། ཐོག་མར་སློབ་དཔོན་ཉིད་རིགས་ཐམས་ཅད་ཀྱི་ཁྱབ་བདག་དཔལ་རྡོ་རྗེ་སེམས་དཔའ་དངོས་སུ་ལྟ་བའི་མོས་གུས་ཀྱིས་ཐལ་མོ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ བླ་མ་དཀོན་མཆོག་ཡི་དམ་ལྷ༔ ལས་ཀྱི་རྡོ་རྗེ་དམ་ཚིག་ཅན༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ དད་མོས་ལྡན་པའི་སློབ་མ་ལ༔ ཡང་དག་སྨིན་བྱེད་དབང་བསྐུར་བཞི་རྫོགས་ཞུ༔ གྲོལ་བྱེད་རིག་པའི་ཡེ་ཤེས་བསྟན་དུ་གསོལ༔ ལན་གསུམ་བརྗོད། བླ་མས། ཧོ༔ བུ་རྣམས་ལེགས་པར་གུས་པས་ཉོན༔ དམ་ཚིག་སྡོམ་པ་ཀུན་ཐུབ་བམ༔ སྙིང་པོའི་དོན་ནི་སྒོམ་ནུས་སམ༔ ཡང་དག་དོན་ལ་འཇུག་ནུས་སམ༔ ཞེས་དྲིས་པ་ལ་ལན་གསོལ་བ་འདིའི་རྗེས་ཟློས། འདི་ནས་གཟུང་སྟེ་བྱང་ཆུབ་བར༔ བླ་མས་ཅི་གསུང་སྒྲུབ་ནུས་ཤིང༔ ཡང་དག་དོན་ལ་འཇུག་པ་དང༔ སྙིང་པོའི་དོན་ནི་སྒོམ་ནུས་ལགས༔ ཞེས་དམ་བཅའ། སློབ་དཔོན་ཉིད་རྩ་གསུམ་ཀུན་འདུས་སུ་གསལ་བ་དང་། མདུན་གྱི་ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང༔ བླ་མ་ཡི་དམ་མཁའ་འགྲོ་རྣམས་བཞུགས་པར་མོས་ལ༔ དེ་དག་གི་སྤྱན་སྔར་བདག་གཞན་ནམ་མཁའི་མཐའ་ཁྱབ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་མ་འཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་བློ་དང་གུས་པའི་ཡིད་རྩེ་གཅིག་པས་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃ༔ རྐང་གཉིས་གཙོ་བོ་སངས་རྒྱས་དང༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་ཞིང་གྱུར་དགེ་འདུན་ལ༔ བདག་དང་འགྲོ་དྲུག་སྐྱབས་སུ་མཆི༔ བྱིན་རླབས་འབྱུང་བའི་བླ་མ་རྗེ༔ དངོས་གྲུབ་འབྱུང་བའི་ཡི་དམ་ལྷ༔ བར་ཆད་སེལ་བའི་མཁའ་འགྲོ་མ༔ བདག་དང་འགྲོ་དྲུག་སྐྱབས་སུ་མཆི༔ ཁྱབ་བརྡལ་ཆེན་པོ་ཆོས་ཀྱི་སྐུ༔ གསལ་མདངས་ཆེན་པོ་ལོངས་སྤྱོད་རྫོགས༔ སྣ་ཚོགས་འཛིན་གྲོལ་སྤྲུལ་པའི་སྐུར༔ བདག་དང་འགྲོ་དྲུག་སྐྱབས་སུ་མཆི༔ ལན་གསུམ། མཁའ་ཁྱབ་ཀྱི་ལུས་ཅན་མཐའ་དག་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པ་ཡིན་ལ་ཡིན་བཞིན་ངེས་པའི་ཤེས་པས། དེ་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་དྲངས་ཏེ་གཏན་བདེ་བྱང་ཆུབ་ཆེན་པོའི་གོ་འཕང་ལ་རང་ཉིད་ཁོ་ནས་འགོད་པའི་ཕྱིར་དུ་ལམ་ཟབ་མོ་འདི་ལ་འཇུག་པའི་འདུན་པས་སྨོན་པ་སེམས་བསྐྱེད་འདིའི་རྗེས་ཟློས། ཧོ༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་དགོངས༔ འདི་ནས་བྱང་ཆུབ་མ་འཐོབ་བར༔ འགྲོ་དྲུག་མ་བུའི་འདུ་ཤེས་ཀྱིས༔ བྱང་ཆུབ་སྨོན་པའི་སེམས་བསྐྱེད་དོ༔ གསུམ། ཟབ་ལམ་ཚུལ་བཞིན་ཉམས་སུ་བླངས་ནས་གཉིས་འཛིན་གྱི་འཆིང་བ་ལས་མ་གྲོལ་བའི་འགྲོ་བ་མཐའ་དག །གཉིས་མེད་རང་གྲོལ་གྱི་ཀློང་དུ་སྒྲོལ་བ་སོགས་རྒྱལ་སྲས་རྣམས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་སློབ་པར་འདོད་པ་འཇུག་པ་སེམས་བསྐྱེད་འདིའི་རྗེས་ཟློས། ཧོ༔ སྔོན་གྱི་རྒྱལ་བས་སྡོམ་བཟུང་ལྟར༔ དེང་ནས་འཁོར་བ་མ་སྟོངས་བར༔ མ་གྲོལ་སྒྲོལ་དང་མ་བསྒྲལ་བསྒྲལ༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ ལན་གསུམ། གསང་ཆེན་བླ་ན་མེད་པའི་དམ་ཚིག་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པ་རྣམས་དང་། ཐུན་མོང་མ་ཡིན་པ་འོད་གསལ་རྡོ་རྗེ་སྙིང་པོའི་རིང་ལུགས་ལས་འབྱུང་བ་རྣམས་ཚུལ་བཞིན་གཟུང་བའི་མོས་པས་འདིའི་རྗེས་ཟློས། ཧོ༔ དཀོན་མཆོག་གསུམ་བཟུང་མི་གཏང་ངོ༔ བླ་མ་ཡི་དམ་མི་སྤང་ངོ༔ སྐུ་གསུམ་ཉིད་དང་འབྲལ་མི་བྱ༔ རང་སེམས་གཙང་མར་དཔང་འཛུག་གོ༔ ལན་གསུམ། རང་རང་གི་རྒྱུད་ལ་ཚོགས་སྤེལ་བ་དང་དམ་པའི་ཆོས་ཀྱི་ཆེ་བ་དབྱུང་བའི་སླད་དུ། ཁྱེད་རང་རྣམས་ཀྱི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་འཇིག་རྟེན་ཁམས་རབ་འབྱམས་རྒྱ་མཚོའི་སྣོད་བཅུད་ཀྱི་དཔལ་འབྱོར་དང་དབྱེར་མེད་པར་བྱས་ཏེ། མཆོག་གསུམ་རྩ་གསུམ་སྐུ་གསུམ་བླ་མའི་ཚོགས་ལ་ལྟོས་མེད་དུ་འབུལ་བའི་འདུན་པས་ཞིང་ཁམས་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་ཚིག་ལྷུག་སྤྱི་འགྲོས་མཎྜལ་ཚོམ་བུ་བཀོད། རང་གཞུང་།་་་ཨེ་མ་ཧོ༔ ཕྱི་ནང་སྣོད་བཅུད་འཇིག་རྟེན་ཞིང་ཁམས་སུ༔ དངོས་འབྱོར་ཡིད་སྤྲུལ་བླ་མེད་མཆོད་པའི་རྫས༔ རང་སྣང་དག་པས་བཤམས་པའི་མཎྜལ་འདི༔ སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་འབུལ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་འབུལ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ་འབུལ༔ བདག་སོགས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས༔ སྐུ་གསུམ་ལྷུན་གྲུབ་འབྲས་བུ་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ༔ ཞེས་ལན་གསུམ་བརྗོད་ལ་འབུལ་དུ་གཞུག །དེ་ནས་དབང་གི་དངོས་གཞིར་གྱུར་པ་ཡེ་ཤེས་པའི་བྱིན་རླབས་དབབ་པའི་སླད་དུ་མོས་གུས་དང་བཅས་པའི་ཡིད་རྩེ་གཅིག་པས་དམིགས་པ་འདི་ལྟར་དུ་མཛོད། ཁྱེད་རང་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་སྐུར་གསལ་བའི་སྟེང་གི་ནམ་མཁར་དཔལ་རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། པདྨ་འབྱུང་གནས། ཡེ་ཤེས་མཚོ་རྒྱལ། བཻ་རོ་ཙ་ན་སོགས་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཐམས་ཅད་ཁྲ་དཔུང་ངེ་འོད་འཐིབས་སེ་བཞུགས་པ་ལ་མོས་གུས་ཀྱི་ཤུགས་དྲགས་པོས་གསོལ་བ་བཏབ་པས་རྒྱུད་བྱིན་གྱིས་རློབ་པར་མོས་ཤིག །སྦྱར་སྤོས་གཏུལ། ཅང་ཏེའུ་དྲིལ་བུའི་སྒྲས་བསྐུལ་ཏེ་སྔོན་འགྲོ་ཆོས་སྤྱོད་ནང་ལྟར། ཨོཾ་ཨཱཿཧཱུྃ། ཆོས་དབྱིངས་དག་པའི་སོགས་གསོལ་འདེབས་རིང་ཐུང་། འདོད་གསོལ། ཕུར་ཚུགས་གསོལ་འདེབས་བཅས་བྱས་ལ། ཁྱེད་རང་གི་རིག་པ་ནམ་མཁའི་དབྱིངས་སུ་འཕང་། ནམ་མཁར་བཞུགས་པའི་རྩ་གསུམ་རབ་འབྱམས་དང་དབྱིངས་གཅིག་ཏུ་འདྲེས་པར་མོས་ལ་ཤེས་པ་གཟེངས་བསྟོད་པར་ཞུ། སྙིང་པོ་དང་ཨོཾ་ཨཱཿཧཱུྃ་ཧྲཱིཿསརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿཞེས་སྔགས་བརྗོད་ལ་རོལ་མོ་བྱའོ། །དེ་ནས་མནའ་ཆུ་བླུད་པ་ནི་བདུད་རྩི་སྦྱིན་ལ། ཧཱུྃ༔ དམ་ཚིག་བདུད་རྩིའི་ཆུ་འདི་ཉིད༔ ཁྱེད་ལ་སྦྱིན་གྱིས་ཐུབ་པར་སྲུངས༔ ཉམས་ན་དམྱལ་བའི་རྒྱུ་ཡིན་ཏེ༔ ཐུབ་ན་ཡོན་ཏན་བསམ་མི་ཁྱབ༔ དེས་ན་དམ་སྲུངས་ཆུ་འདི་འཐུངས༔ ས་མ་ཡ་ཨ་མྲྀཏ་ཧཱུྃ༔ ཇི་ལྟར་བསྒོས་པའི་དམ་ཚིག་ལས་ནམ་ཡང་འདའ་བར་མི་བྱ་སྙམ་པས་འདིའི་རྗེས་ཟློས། ཧོ༔ ཇི་ལྟར་ཁས་བླངས་དམ་བཅས་ལྟར༔ སྲོག་ཕྱིར་མི་གཏང་ན་ར་ཀན༔ བསྐལ་པ་ཞིག་ཀྱང་གཏང་རེ་ཤི༔ ཞེས་བརྗོད་དོ། །གཉིས་པ་དབང་བསྐུར་དངོས་གཞི་ནི། དེ་དག་གིས་སྔོན་འགྲོའི་རིམ་པ་གྲུབ་པ་ལགས། དངོས་གཞིའི་དབང་ལ་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་རབ་ཏུ་སྤྲོས་མེད་བཞིའི་རིམ་པས་དབང་བསྐུར་བ་ཡིན་པས། དང་པོ་སྤྲོས་བཅས་བུམ་པའི་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། དབུས་ཀྱི་བུམ་པ་འདི་ཉིད་དཀོན་མཆོག་གསུམ་དུ་གསལ་བའི་མཛོད་སྤུ་ནས་འོད་ཟེར་བྱུང་སྟེ་སློབ་བུའི་ལུས་ལ་ཐིམ་པས༔ ལུས་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག༔ སྐུ་བུམ་པའི་དབང་ཐོབ་པའི་མོས་པ་མཛོད་ཅིག༔ བུམ་པ་ཐོགས་ལ། ཨོཾ༔ དཀོན་མཆོག་གསུམ་གྱི་དབང་བསྐུར་ནི༔ བུམ་པ་འདི་ལ་བརྟེན་ནས་མཛད༔ བུམ་པ་ཡེ་ཤེས་གཞལ་ཡས་ཁང༔ ཕྱི་ནང་མེད་པར་ཟང་ཐལ་སྐུ༔ དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱིས༔ ལུས་ཀྱི་སྡིག་པ་དག་གྱུར་ནས༔ བསྐྱེད་རིམ་ལྷ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་སཏྭ་ཨ་བྷི་ཥིཉྩ་ཨོཾ་ཨོཾ༔ ཞེས་བུམ་པ་གནས་གསུམ་དུ་བཞག་ལ་བུམ་ཆུ་སྦྱིན། དེས་སྤྲོས་བཅས་བུམ་པའི་དབང་ཐོབ། ལྷའི་སྐུ་བསྒོམ་པའི་སྐལ་བ་ལ་དབང༔ བསྐྱེད་པ་མ་ཧཱ་ཡོ་གའི་དབང་ཐོབ་པ་ཡིན་ནོ༔ གཉིས་པ་སྤྲོས་མེད་གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། བནྡྷ་བདུད་རྩིས་གང་བ་འདི་ཉིད་རྩ་བ་གསུམ་གྱི་ལྷ་ཚོགས་སུ་གསལ་བའི་ལྗགས་ལས། འོད་ཟེར་བྱང་སེམས་དཀར་དམར་གྱི་ཚུལ་དུ་བབས༔ ཁྱེད་རང་གི་ངག་ལ་ཐིམ་པས་ངག་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག༔ གསུང་གི་དབང་ཐམས་ཅད་ཐོབ་པའི་མོས་པ་མཛོད་ཅིག༔ ཐོད་པ་ཐོགས་ལ། ཨཱ༔ རྩ་བ་གསུམ་གྱི་དབང་བསྐུར་ནི༔ བདུད་རྩི་འདི་ལ་བརྟེན་ནས་མཛད༔ ཐོད་པ་ཡེ་ཤེས་གཞལ་ཡས་ཁང༔ ཕྱི་ནང་མེད་པ་ཟང་ཐལ་སྐུ༔ རྩ་བ་གསུམ་གྱི་བྱིན་གྱིས་བརླབས༔ ངག་གི་སྒྲིབ་པ་དག་གྱུར་ནས༔ བཟླས་བརྗོད་སྔགས་ཀྱི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་སཏྭ་ཨ་བྷི་ཥིཉྩ་ཨཱཿཨཱ༔ ཐོད་པ་མགྲིན་པར་བཞག་ལ་བདུད་རྩི་སྦྱིན། དེས་སྤྲོས་མེད་གསང་བའི་དབང་ཐོབ། སྙིང་པོ་བཟླས་པའི་སྐལ་བ་དང་ལྡན༔ ལུང་ཨ་ནུ་ཡོ་གའི་དབང་ཐོབ་པ་ཡིན་ནོ༔ གསུམ་པ་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གཏོར་མ་རྒྱན་དང་ལྡན་པ་འདི་ཉིད་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་རྟགས་སུ་གསལ་བས༔ སྐུ་གསུམ་གྱི་ལྷ་ཚོགས་སྣང་ལ་རང་བཞིན་མེད་པའི་ཐུགས་ཀ་ནས༔ ཡེ་ཤེས་ལྔ་ལྡན་གྱི་འོད་ཟེར་བྱུང་སྟེ༔ ཁྱེད་རང་གི་སྙིང་གར་ཐིམ་པས་ཡིད་ཀྱི་སྒྲིབ་པ་ཐམས་ཅད་དག༔ ཐུགས་ཀྱི་དབང་ཐམས་ཅད་ཐོབ༔ ཡེ་ཤེས་རང་གསལ་དོན་ཐམས་ཅད་རྒྱུད་ལ་སྐྱེས་པར་བསམ༔ གཏོར་མ་ཐོགས་ལ། ཧཱུྃ༔ སྐུ་གསུམ་རྫོགས་པའི་དབང་བསྐུར་ནི༔ གཏོར་མ་འདི་ལ་བརྟེན་ནས་མཛད༔ གཏོར་སྣོད་རྣམ་དག་ཆོས་ཀྱི་སྐུ༔ གཏོར་མ་འདོད་ཡོན་ལོངས་སྤྱོད་རྫོགས༔ སྣ་ཚོགས་རྒྱན་ལྡན་སྤྲུལ་པའི་སྐུ༔ སྐུ་གསུམ་ཡོངས་རྫོགས་བྱིན་བརླབས་པས༔ སེམས་ཀྱི་སྒྲིབ་པ་དག་གྱུར་ནས༔ སྟོང་གསལ་རྫོགས་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་སཏྭ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ ཞེས་གཏོར་མ་སྙིང་གར་ལན་གསུམ་གཏུགས། དེས་ཤིན་ཏུ་སྤྲོས་མེད་ཀྱི་དབང་ཐོབ། རྫོགས་རིམ་བསྒོམ་པའི་སྐལ་བ་དང་ལྡན་ཞིང༔ རྫོགས་པ་ཆེན་པོ་ཨ་ཏིའི་དབང་ཐམས་ཅད་ཐོབ་པ་ཡིན་ནོ༔ བཞི་པ་རབ་ཏུ་སྤྲོས་མེད་རིག་པའི་རྩལ་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། རྨ་བྱའི་སྒྲོ་མདོངས་ནམ་མཁའ་དྭངས་གསལ་གྱི་ཕྱོགས་སུ་འཕྱར་ལ། ཁྱེད་རང་སེམས་མ་ཡེངས་ཤིང་མིག་འབྲས་མ་འགུལ་བར་རྨ་བྱའི་མདོངས་ལ་གཏད་ནས་སྣང་ལ་དེར་འཛིན་མེད་པའི་ངང་དུ་ས་ལེར་ཞོག་ཅིག༔ ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་སྐུ་ཡི་རང་མདངས་ལས༔ ཁ་དོག་སྣ་ཚོགས་སྟོན་མཛད་པ༔ ལུ་གུ་རྒྱུད་ཀྱི་ངོ་བོ་ཉིད༔ དེ་ཡི་རྟགས་སུ་རྨ་བྱ་འདི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཆོས་དབྱིངས་སྦུབས་སུ་སངས་རྒྱས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ དེས་རབ་ཏུ་སྤྲོས་མེད་ཀྱི་དབང་ཐོབ། རྫོགས་པ་ཆེན་པོ་བླ་ན་མེད་པ་སྒོམ་པའི་སྐལ་བ་དང་ལྡན༔ རྫོགས་པ་ཆེན་པོ་བླ་ན་མེད་པའི་དབང་ཐམས་ཅད་ཐོབ་པ་ཡིན་ནོ༔ སྐབས་འདིར་ཤིན་ཏུ་ཐུན་མོང་མ་ཡིན་པའི་སློབ་མ་ཉུང་ངུ་ལ་གཏེར་ཆེན་བསམ་གཏན་གླིང་པའི་སྙིང་ཐིག་བཅུ་བཞི་པའི་ཐེམ་མེད་ཀྱི་ཆོས་སྡེར་བྱོན་པའི་དབང་གོང་མ་ཐོད་རྒལ་དབང་འཁོར་བ་དོང་སྤྲུག་ཀྱང་བྲེང་ཆགས་སུ་བསྐུར་ན་ལེགས་ཤིང་། དེ་ལྟ་ན་མཎྜལ་གྱི་བཅའ་གཞི་དེའི་དབུར་གསལ་བ་ལྟར་བྱ་དགོས་ཤིང་བུམ་པ་གཅིག་གིས་ཆོག་པས་ལོགས་སུ་བཤམ་མི་དགོས་སོ།། །།གསུམ་པ་རྗེས་རིམ་ནི། དེ་ལྟར་དབང་རྣམས་ལེགས་པར་ཐོབ་ནས་དབང་བརྟན་བྱེད་དམ་ཚིག་ལ་རག་ལས་པས་ཚུལ་བཞིན་དུ་བསྲུང་དགོས། དེའང་། སྤྱིར་ཉན་ཐོས་ཀྱི་འདུལ་ཁྲིམས༔ བྱང་ཆུབ་སེམས་དཔའི་བསླབ་པ༔ གསང་སྔགས་ཀྱི་དམ་ཚིག་རྣམས་གཞུང་བཞིན་དུ་མ་ཉམས་པར་བྱ་ཞིང༔ ཁྱད་པར་དུ་ཐེག་མཆོག་འདིའི་དམ་ཚིག་ཏུ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་བསྲུང་ན༔ དམ་ཚིག་བསྲུང་བྱ་ཐམས་ཅད་རྫོགས་པ་ཡིན་ལ༔ སྐུའི་དམ་ཚིག་ཏུ༔ རྡོ་རྗེ་སློབ་དཔོན་དང༔ སངས་རྒྱས་དང༔ བྱང་ཆུབ་སེམས་དཔའ་དང༔ ཡི་དམ་ཞི་ཁྲོ་མཆེད་ལྕམ་དང༔ སེམས་ཅན་ཐམས་ཅད་ལ་འཐབ་རྩོད་དང་རྐུ་འཕྲོག༔ རྡེག་བཙོག་གསོད་གཅོད༔ དག་སྣང་ལོག་པ་ལ་སོགས་པའི་མི་དགེ་བ་རྣམས་མི་བྱ་ཞིང༔ སྐུའི་རིགས་སུ་གྱུར་པ་ཐམས་ཅད་ལ་ཕྱག་འཚལ་ཞིང་མཆོད་པ་འབུལ་ལོ༔ སྣོད་བཅུད་ཐམས་ཅད་ལྷ་རུ་བསྒོམ༔ དེ་ནི་སྐུའི་དམ་ཚིག་ཡིན༔ བསྲུངས་པའི་ཡོན་ཏན་ནི༔ གནས་སྐབས་སུ་ལུས་ཀྱི་ནད་གདོན་ཞི༔ གཟི་བརྗིད་ཕུན་སུམ་ཚོགས༔ མཐར་ཐུག་བདེ་བར་གཤེགས་པའི་སྐུ་ཐོབ་པ་ལ་སོགས་ཡོན་ཏན་དཔག་ཏུ་མེད་པ་ཡོད་དོ༔ མ་བསྲུང་ན་ན་རག་དམྱལ་བར་སྐྱེས་ཏེ༔ ལུས་ལ་སྡུག་བསྔལ་སྣ་ཚོགས་འབྱུང་ངོ༔ གསུང་གི་དམ་ཚིག་ཏུ༔ རྡོ་རྗེ་སློབ་དཔོན་གྱིས་ཅི་གསུང་གི་བཀའ་ཉན་ཞིང༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ མཆེད་དང་ལྕམ་དྲལ་གང་ཟག་ཕལ་པ་རྣམས་ལ་ཡང་མི་སྨད་ཅིང༔ དད་པ་ཚུལ་བཞིན་བྱེད༔ བཟླས་བརྗོད་གང་འགྲུབ་བྱེད་ཅིང་འབྱུང་བ་ལྔ་ལ་སོགས་པའི་སྒྲ་སྐད་ཐམས་ཅད༔ ཆོས་དང་གསང་སྔགས་ཀྱི་རང་སྒྲར་བསམ་མོ༔ གསུང་གི་དམ་ཚིག་བསྲུངས་ན༔ གནས་སྐབས་སུ་ངག་ལ་ནུས་པ་འབྱུང༔ བདེན་པའི་ཚིག་འགྲུབ༔ མཐར་ཐུག་བདེ་བར་གཤེགས་པའི་གསུང་ཐོབ་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་འབྱུང་ངོ༔ གསུང་གི་དམ་ཚིག་ཉམས་ན༔ འགྲོ་བ་རྣམས་ངག་ལ་མི་ཉན༔ ངག་གླེན་ལྐུགས་ལ་སོགས་པ༔ ལྟས་ངན་མི་མཐུན་པ་སྣ་ཚོགས་འབྱུང་ངོ༔ ཐུགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་སློབ་དཔོན་མཆེད་ལྕམ་དྲལ་དང༔ སེམས་ཅན་ཐམས་ཅད་ལ་བསམ་ངན་དང༔ བློ་ངན་ཐམས་ཅད་སྤངས་ལ༔ བསམ་པ་བཟང་པོས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད༔ མཐར་ཅི་བསམ་ཐམས་ཅད་ཆོས་དང་མཐུན་པ་ལ་སོགས་བྱའོ༔ ཐུགས་ཀྱི་དམ་ཚིག་བསྲུངས་པའི་ཡོན་ཏན་ནི༔ གནས་སྐབས་སུ་བསམ་པ་ཡིད་བཞིན་དུ་འགྲུབ༔ མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་རོ༔ ཐུགས་ཀྱི་དམ་ཚིག་ཉམས་ན༔ གནས་སྐབས་སུ་བསམ་ངན་དང་བློ་ངན་འཆར་ཞིང༔ སྙིང་རླུང་དང་སྨྱོ་འབོག་འོང་ངོ༔ མཐར་ཐུག་ཏིང་ངེ་འཛིན་ནུབ༔ ལྟ་བ་ལོག་པར་འགྱུར་ཏེ༔ ན་རག་གི་སྡུག་བསྔལ་མྱང་བར་འགྱུར་བས༔ དམ་ཚིག་མ་ཉམས་པར་བསྲུང་བ་གཅེས་པའི་ཕྱིར་སྲུང་སྡོམ་ལ་ཚུལ་བཞིན་དུ་བསླབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་གསུམ། དེའང་དབང་མ་འཐོབ་པའི་སྐྱོན་ནི༔ རྒྱུད་ལས༔ དེ་ལྟར་དབང་མཆོག་མ་འཐོབ་ན༔ གསང་སྔགས་འགྲུབ་པར་ག་ལ་འགྱུར༔ ཞེས་གསུངས་པས༔ དབང་མ་འཐོབ་པ་ནི༔ དཔེར་ན་རྫ་སོ་མ་བཏང་བར་ཆུ་བླུགས་པ་དང་འདྲ་སྟེ༔ དེ་མ་ཐག་ཏུ་འཇིག་པར་འགྱུར་རོ༔ མཉན་པ་སྐྱ་བ་མེད་པ་དང་འདྲ་སྟེ༔ སྡུག་བསྔལ་གྱི་ཆུ་བོ་ལས་བརྒལ་མི་ནུས་སོ༔ བྲག་སྐམ་པོ་ལ་སོ་ནམ་བྱས་པ་དང་འདྲ་སྟེ༔ གསང་སྔགས་ཀྱི་འབྲས་བུ་སྨིན་པར་མི་འགྱུར་རོ༔ དབང་ཐོབ་པའི་ཡོན་ཏན་ནི༔ རྒྱུད་ལས༔ དབང་རྣམས་རབ་ཏུ་ཐོབ་བྱས་ན༔ གསང་སྔགས་ཐམས་ཅད་མ་བསྒྲུབ་འགྲུབ༔ ཅེས་པས༔ དབང་ཐོབ་པའི་སྐལ་ལྡན་དེ་ཉིད༔ ཚེ་འདིར་བསམ་པ་ཐམས་ཅད་འགྲུབ་ཅིང༔ གསང་སྔགས་ཀྱི་འབྲས་བུ་ཐམས་ཅད་མ་བསྒྲུབ་པར་འགྲུབ་པ་ཡིན་ནོ༔ བར་དོ་ལ་རང་ངོ་ཤེས་ནས་ཕྱི་མ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བས་ན་དད་གུས་དང་སྤྲོ་དགའ་རྒྱ་ཆེན་པོ་བསྐྱེད་ལ་སྐུ་དྲིན་གཏང་རག་གི་ཡོན་དུ་མཎྜལ་འབུལ་འཚལ། ཞེས་གཏང་རག །ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་བྱས་ལ་སློབ་མ་གྱེས། སློབ་དཔོན་གྱིས་ཚོགས་ཀྱི་ལྷག་མ་གཏང་བ་ནས། ཤིས་བརྗོད། རྒྱུན་སྤྱོད་བར་རྣམས་ཕྲིན་ལས་ལྟར་བཏང་བས་ལེགས་པར་གྲུབ་བོ། །གཞུང་དུ་དབང་བཞི་རེ་རེའི་བར་མཚམས་སུ་སྔོན་འགྲོ་བུམ་དབང་ལྟར་བྱ་བར་གསུངས་པ་ནི་རེ་རེ་བཞིན་ཁྲིད་དང་སྦྲེལ་ནས་བར་མཚམས་བཅད་ནས་བསྐུར་བར་དགོངས་པ་ཡིན་པས། དེང་སང་མགྱོགས་དབང་དཀྱུས་འགྲེའི་སྐབས་འདིར་བསྟན་ཙམ་གྱིས་འཐུས་པ་ཡིན་ནོ། །འདི་རྒྱུན་ཤིན་ཏུ་དཀོན་ཀྱང་ཐེམ་མེད་བཅས། །སྐལ་བཟང་སྣོད་དུ་འཁྱིལ་པའི་བདུད་རྩིའི་ཐིགས། །གཏེར་མཛོད་རྒྱ་མཚོར་འདྲེས་ནས་དུས་མཐར་ཡང་། །འཛད་མེད་སྐྱེ་དགུ་ཉེར་འཚོའི་གསོས་གྱུར་ཅིག །གཏེར་ཁ་གསུམ་གྱི་ཆུ་བོ་འདུས་པའི་ངོ་མཚར་གདམས་ཟབ་ཀྱི་སྨིན་བྱེད་འདི་ཉིད་གཏེར་གཞུང་བཀླག་ནའང་དེ་ཀས་འཐུས་ཤིང་ལེགས་པས་ལྷན་ཐབས་སྤྲོར་མ་དགོས་ཀྱང་། བློ་དམན་རང་འདྲར་འཚམ་པའི་སླད་དུ་ཟབ་གཏེར་ཕན་ཚུན་གྱི་དགོངས་པ་བསྡུར་ནས་པདྨ་གར་དབང་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས། ཤྲཱི་བཛྲ་ཙིཏྟ་ཀོ་ཊིའི་ཡང་ཁྲོད་རྡོར་སེམས་ཐུགས་ཀྱི་གནས་མཆོག་གི་སྒོམ་ཁང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོ་གུ་རུ་ཞི་བའི་སྐོར་ལས་རྩ་གསུམ་སྤྱི་ཡི་སྔོན་འགྲོ་ (Volume 21, Text 6)
གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོ་གུ་རུ་ཞི་བའི་སྐོར་ལས་རྩ་གསུམ་སྤྱི་ཡི་སྔོན་འགྲོ་བཞུགས༔ ༁ྃ༔ ྈྈ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧཱུྃ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ བདག་ཉིད་སྤྱན་རས་གཟིགས་གསལ་བའི༔ ཐུགས་ཀའི་འོད་ཀྱི་འཕྲོ་འདུ་ལས༔ ཕྱོགས་སྐྱོང་གཞི་བདག་འབྱུང་པོའི་ཚོགས༔ སྤྱན་དྲངས་མདུན་དུ་འཁོད་པར་གྱུར༔ རིན་ཆེན་སྣོད་དུ་གཏོར་མ་ནི༔ བདུད་རྩིར་གྱུར་ཅིག་ཨོཾ་ཨཱཿཧཱུྃ༔ གཉུག་གནས་གློ་བུར་ལྷགས་པ་ཡི༔ གནས་བདག་གཞི་བདག་འབྱུང་པོའི་ཚོགས༔ འདིར་འདུས་མཆོད་སྦྱིན་གཏོར་མ་བཞེས༔ གནས་འདིར་གསང་སྔགས་སྒྲུབ་པ་ལ༔ རུ་ང་ཕྲག་དོག་མ་བྱེད་པར༔ དཀར་ཕྱོགས་སྡོངས་གྲོགས་མཐུན་རྐྱེན་སྒྲུབས༔ ནག་ཕྱོགས་བགེགས་རིགས་གཞན་དུ་དེངས༔ གལ་ཏེ་མི་ཉན་འཚེ་བྱེད་ན༔ ཡེ་ཤེས་ཁྲོ་བོས་བརླག་པར་འགྱུར༔ དེ་བས་བསྒོ་བའི་བཀའ་ལ་ཉོན༔ ཨོཾ་སརྦ་ལོ་ཀ་པཱ་ལ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ སརྦ་བིགྷྣཱན་གཙྪ་གཙྪ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ གུ་ཧྱ༔ ྡྷགབ་མརྷ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་ཆུ་སྟོད་ཟླ་བའི་ཚེས་གསུམ་ལ་བློ་ལྡན་མཆོག་སྲེད་ཀྱིས་དངོས་སུ་གསུངས་སོ།། ༈ སྐུ་ལས་མེ་ཕུང་ཁྲོ་ཚོགས་འཕྲོས༔ གདོན་བགེགས་ཐམས་ཅད་ཚར་བཅད་ནས༔ ཕྱི་རོལ་རྡོ་རྗེའི་གུར་ཁང་ལ༔ ཡེ་ཤེས་ལྔ་ལྡན་མེ་དཔུང་འབར༔ བཛྲ་རཀྵ་བྷྲཱུྃ༔
ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་བཀོད་པ་རིན་ཆེན་བཻཌཱུརྻའི་ཕྲེང་བ (Volume 1, Text 6)
༄༅། །ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་བཀོད་པ་རིན་ཆེན་བཻཌཱུརྻའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བུདྡྷཱདི་པདྨཱ་ཀ་ར་པཱ་དཱ་ཡ། སྟོབས་བཅུའི་བདག་ཉིད་སྲས་དང་བཅས་པའི་གསང་གསུམ་ཡོན་ཏན་ཕྲིན་ལས་་་་་ཀུན། །གཅིག་བསྡུས་སྙིགས་མའི་འགྲོ་ལ་སངས་རྒྱས་ཀུན་ལས་ལྷག་པའི་བཀའ་དྲིན་ཅན། །ཕྱོགས་བཅུ་དུས་བཞིའི་དབྱིངས་སུ་བསམ་ཡས་རྣམ་པར་ཐར་པའི་སྤྲིན་བཀོད་པ། །དཀོན་མཆོག་ཀུན་འདུས་པད་འབྱུང་ཞབས་ལ་མི་ཕྱེད་གུས་པས་ཕྱག་བགྱིའོ། །ཤེས་རབ་ཕར་ཕྱིན་བདེ་ཆེན་དགྱེས་པའི་གར། །གུ་རུ་ཉིད་དང་དགོངས་མཉམ་གསང་མཛོད་འཛིན། །བོད་འབངས་སྐྱོབ་པའི་ཡུམ་གཅིག་བཀའ་དྲིན་ཅན། །དབྱིངས་ཕྱུག་མཚོ་རྒྱལ་སྙིང་གི་ཟེའུ་འབྲུར་བསྟི། །འཇམ་མགོན་ཆོས་རྒྱལ་ཁྲི་ལྡེ་ཡབ་སྲས་དང་། །འཇིག་རྟེན་མིག་གཅིག་རྣམ་སྣང་ལོ་ཙཱ་སོགས། །པདྨས་རྗེས་བཟུང་མཁས་ཤིང་གྲུབ་པའི་མཆོག །འགྲན་བྲལ་བསྟན་སྐྱོང་རྣམས་ལ་གུས་ཕྱག་འཚལ། །སྨོན་ལམ་དབང་གིས་རྣམ་འཕྲུལ་མཐའ་ཡས་པས། །བསྟན་ཞབས་གཏེར་སྐྱོང་གངས་ཅན་རིས་མེད་པ། །སྐྱོབ་པའི་དཔུང་གཉེན་ཉང་རལ་ཆོས་དབང་སོགས། །སྤྲུལ་པའི་གཏེར་སྟོན་རིམ་བྱོན་རྣམས་ལ་འདུད། །དེ་ཀུན་ངོ་མཚར་གསང་བ་ཟབ་མོ་དང་། །དེ་བསྟན་འཛིན་སྤེལ་སྐྱོང་བའི་བཀའ་བབས་པ། །དོན་གཉིས་མཐར་ཕྱིན་སྣ་ཚོགས་ཕྲིན་ལས་ཀྱིས། །བསྟན་འགྲོའི་མགོན་གྱུར་ཀུན་ཀྱང་བསྔགས་པར་བགྱི། །འཕགས་པའི་རྣམ་ཐར་ཀུན་གསལ་ཡངས་པའི་མཐའ། །བྱིས་བློའི་ཁབ་ཀྱི་བུ་གར་དྲངས་པའི་གཏམ། །ངོ་མཚར་མིན་ཀྱང་དད་ལྡན་སྤྲོ་བསྲིང་ཕྱིར། །ཉུང་ངུའི་ཚིག་གིས་ཕྱོགས་ཙམ་མཚོན་པར་བྱ། །བསམ་བརྗོད་ལས་འདས་ཡེ་ཤེས་ཡངས་པའི་གར། །གཅིག་དང་དུ་མའི་མཐའ་འདས་སྒྱུར་བའི་གསང་། །བྱིས་བློས་ཆ་ཙམ་དཔོག་པར་ནུས་མིན་ཀྱང་། །མོས་པས་ལྷུར་བླངས་སྒྲོ་སྐུར་མེད་པར་བརྗོད། །དེའང་གངས་ཅན་གྱི་ལྗོངས་འདིར་སྟོན་པ་ཐུབ་པའི་དབང་པོའི་ཞལ་ཚབ་མཁན་སློབ་ཆོས་གསུམ་དང་སྤྲུལ་པའི་ལོ་པཎ་རྣམས་ཞལ་འཛོམ་ནས་སངས་རྒྱས་ཀྱི་བསྟན་པ་ཉིན་མོ་ལྟར་མཛད་པ་ནི་སྔ་འགྱུར་རྙིང་མ་སྟེ། དེ་ལ་མཚན་ཉིད་ཀྱི་ཐེག་པ་བཀའ་འཁོར་ལོ་གསུམ་དགོངས་འགྲེལ་དང་བཅས་པ་རྣམས་བསྒྱུར་བཤད་འཆད་ཉན་གྱིས་གཏན་ལ་ཕབ་པ་དང་། ཕྱི་རྒྱུད་སྡེ་གསུམ་གྱི་རྒྱུད་དགོངས་འགྲེལ་མན་ངག་དང་བཅས་པའང་སྔ་འགྱུར་གྱི་སྐབས་སུ་བྱུང་མོད། འདིར་སྐབས་སུ་བབས་པའི་འཆད་བྱ་གསང་སྔགས་རྡོ་རྗེ་ཐེག་པ་ནང་གི་རྒྱུད་ལ་སྔ་འགྱུར་བའི་ལུགས་སུ་རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གི་ཆོས་སྡེ་སྟེ་བབས་སོ་ཆེན་པོ་གསུམ་དུ་སྡུད་པར་མཛད་པའི། དང་པོ་ལ་ཡོ་ག་སྡེ་གསུམ། དེ་རེ་རེ་ལ་རྒྱུད་ལུང་མན་ངག་གི་རིམ་པ་མཐའ་ཡས་པ་བཞུགས་པ་ལས་བོད་དུ་སྙིང་པོ་ཙམ་བྱོན་པའི་དབང་དུ་བྱས་ན། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལའང་སྡེ་གསུམ་དུ་ཕྱེ་བའི་གསང་བ་མན་ངག་སྡེ་ལ་རྒྱུད་བཅུ་བདུན། སྤྱི་ཏི་དང་ཡང་ཏིའི་རྒྱུད་རྣམས་ཀྱི་མན་ངག་སྙིང་ཐིག་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྐོར་རྣམས། སློབ་དཔོན་པདྨ། བི་མ་ལ་མི་ཏྲ། བཻ་རོ་ཙ་ན་རྣམ་པ་གསུམ་གྱི་བཀའ་སྲོལ་ལས་བྱུང་ཞིང་། དེ་དག་ལས་བི་མའི་གསང་སྐོར་རྣམས་བཀར་བརྒྱུད་ཅིང་ཕལ་ཆེར་གཏེར་ནས་བྱོན་པ་ཡིན་ལ། ནང་ཀློང་སྡེའི་རྒྱུད་རྣམས་ཀྱི་མན་ངག་སློབ་དཔོན་ཤྲཱི་སིཾ་ཧའི་དགོངས་ཉམས་ལོ་ཆེན་བཻ་རོས་སྤང་མི་ཕམ་མགོན་པོ་ལ་བསྩལ་བའི་རྣ་བརྒྱུད་རྡོ་རྗེ་ཟམ་པའི་གདམས་སྐོར་དང་། ཕྱི་སེམས་སྡེ་ལ་རྒྱུད་སེམས་སྨད་བཅོ་བརྒྱད་ཀྱི་མན་ངག་བཻ་རོ་དང་གཡུ་སྒྲ་སྙིང་པོ་ལས་གཙོ་བོར་བརྒྱུད་དེ། ཉང་ལུགས། ཨ་རོ་ལུགས། ཁམས་ལུགས་སུ་གྲགས་པ་སྟེ་སྡེ་གསུམ་པོའི་བརྒྱུད་འཛིན་ཕུང་པོ་འོད་སྐུར་དེངས་པ་གྲངས་མེད་པ་བྱོན་ཅིང་གྲོལ་བ་དྲུག་ལྡན་གྱི་གདམས་པ་རྣམས་ཀྱང་གཙོ་བོར་འདི་ལས་བྱུང་བ་དང་ཟབ་ཁྱད་མངོན་སུམ་དུ་སྟོན་པའི་ཆོས་བསྟན་པ་ཀུན་གྱི་སྙིང་པོར་གྱུར་པ་ཡིན་ལ། འདི་དག་གི་སྒྲུབ་བརྒྱུད་གཙོ་བོར་ཀུན་མཁྱེན་དྲི་མེད་འོད་ཟེར་བརྒྱུད་པ་དང་བཅས་པའི་ཐུགས་རྗེས་ད་ལྟའི་བར་རིམ་རྒྱས་སུ་གྱུར། ལུང་ཨ་ནུ་ཡོ་ག་ཀུན་འདུས་རིག་པའི་མདོ་སོགས་ཀྱི་མན་ངག་ཚོགས་ཆེན་འདུས་པ་ཡན་ལག་དང་བཅས་པའི་སྨིན་གྲོལ་རྣམས་རྒྱ་བལ་བྲུ་ཤའི་སློབ་དཔོན་བཞི་ལས་གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་གསན་ཏེ་བཀའ་བབ་ཀྱི་སློབ་མ་རྣམས་ལ་གནང་སྟེ་རིམ་པར་ཟམ་མ་ཆད་པར་བྱོན། རྒྱུད་མ་ཧཱ་ཡོ་ག་ཏྲནྟྲ་སྡེ་བཅོ་བརྒྱད་པོ་དང་ཐམས་ཅད་ཀྱི་རྩ་བ་སྒྱུ་འཕྲུལ་གསང་བ་སྙིང་པོ་ཡན་ལག་དང་བཅས་པ། རྩ་རྒྱུད་ཀྱི་བཤད་བཀའ། སྨིན་གྲོལ་གྱི་གདམས་པ་རྣམས་སློབ་དཔོན་སངས་རྒྱས་གསང་བ་དང་པཎ་ཆེན་བི་མ་ལ། ལོ་ཙཱ་བ་རྨ་གཉགས་རྣམས་ལས་བརྒྱུད་དེ་རྒྱུད་བཤད་སྨིན་གྲོལ་ཉམས་ལེན་དང་བཅས་པ་རྒྱ་ཆེར་འཕེལ། སློབ་དཔོན་ཧཱུྃ་ཆེན་ཀ་རས་གནུབས་ནམ་མཁའི་སྙིང་པོ་ལ་གནང་བའི་ཡང་དག །གུ་རུ་རིན་པོ་ཆེས་སྐལ་ལྡན་སོ་སོ་ལ་གནང་བའི་ཕུར་པ་དང་། གནུབས་ཆེན་ལས་བརྒྱུད་པའི་གཤེད་སྐོར་གྱིས་མཚོན་སྒྲུབ་སྡེ་རྣམས་ཀྱི་རྒྱུད་དང་གདམས་ངག་གི་བཀའ་སྲོལ་ཡང་མཐའ་ཡས་པ་བྱུང་ཞིང་དེ་དག་སོ་སོའི་བརྒྱུད་འཛིན་གྲུབ་ཐོབ་བར་མ་ཆད་པ་བྱོན་པ་སྤྱི་དང་། ཁྱད་པར་རྡོ་རྗེ་ཐེག་པའི་བསྟན་པ་དང་པོ་རྨ། །བར་དུ་གཉགས། ཐ་མ་གནུབས་ལ་བབས་ཞེས་གྲགས་པའི་བརྒྱུད་འཛིན་སྔགས་འཆང་གི་རྒྱལ་པོ་སོ་ཟུར་རྣམས་ལས་རྒྱུན་མ་ཆད་པར་བྱུང་སྟེ་དར་རྒྱས་སུ་གྱུར་ཀྱང་བར་སྐབས་ནས་རྒྱུན་སྲོལ་ཇེ་ཕྲར་སོང་སྟེ་བཤད་རྒྱུན་ལག་ལེན་ཕལ་ཆེར་དབྱིངས་སུ་ཐིམ་པར་ཉེ་བ་ན། གཏེར་ཆེན་འགྱུར་མེད་རྡོ་རྗེ་སྐུ་མཆེད་ཀྱི་ཐུགས་བསྐྱེད་དང་ཐུགས་རྩོལ་ཆེན་པོས་རྒྱུན་གང་བཞུགས་ཐམས་ཅད་འབད་པས་གསན་ཅིང་སྒྲུབ་དཀྱིལ་གྱི་ཡིག་ཆ་ཁྱད་པར་ཅན་མང་པོ་གསར་བསྐྲུན་དང་སོ་སོའི་སྒྲུབ་མཆོད་ཀྱི་རྒྱུན་བཙུགས། སྒྱུ་འཕྲུལ་གསང་བ་སྙིང་པོའི་བཤད་པའི་སྲོལ་རྒྱ་ཆེར་སྤེལ་བས་མཚོན། རྙིང་མ་བཀའ་མ་སྤྱི་དང་། ཁྱད་པར་མདོ་དང་སྒྱུ་འཕྲུལ་གྱི་བསྟན་པ་རྨང་ནས་གསོས་པའི་བཀའ་དྲིན་ལས་དེང་སང་སྔ་འགྱུར་གྱི་ཆོས་གྲྭ་རྣམས་སུ་བཀའ་མའི་མཚན་སྒྲོག་པའང་བྱུང་བར་སྣང་བ་ལས། སྔར་སྨོས་པ་དེ་དག་གི་སྨིན་གྲོལ་བཤད་བཀའ་དང་བཅས་པའི་རྒྱུན་ཁོ་བོས་ཀྱང་འབད་པས་ནོས་ཤིང་བཀའ་མའི་ཆོས་འབྱུང་གཞན་དག་ཏུ་རྒྱ་ཆེར་གསལ་བས་འདིར་འཕྲོས་དོན་ཙམ་དུ་མདོར་སྨོས་པའོ། ༈ །ད་ནི་དངོས་དོན་ཟབ་མོ་གཏེར་གྱི་ཆོས་དང་འབྲེལ་བའི་ལོ་རྒྱུས་མདོར་བསྡུས་དགོད་པ་ལ་དོན་གསུམ། ཡིད་ཆེས་པའི་ལུང་དང་གཏན་ཚིགས། བསྟན་པ། དེའི་སྟོན་པ་ཞལ་སློབ་དང་བཅས་པའི་མཛད་ཚུལ། འབྱིན་པ་པོའི་གང་ཟག་རྣམས་ཀྱི་རྣམ་ཐར་དགོད་པའོ། །དང་པོ་ནི། ཀླུའི་རྒྱལ་པོས་ཞུས་པའི་མདོ་ལས། དཀོན་མཆོག་གསུམ་གྱི་གདུང་མི་ཆད་པའི་གཏེར་ཆེན་པོ་མི་ཟད་པ་དང་། ཆོས་རྟོགས་པ་ཆེན་པོ་ཚད་མེད་པའི་གཏེར་ཆེན་པོ་མི་ཟད་པ་དང་། སེམས་ཅན་མགུ་བར་བྱ་བའི་གཏེར་ཆེན་པོ་མི་ཟད་པ་དང་། ནམ་མཁའ་དང་མཉམ་པའི་གཏེར་ཆེན་པོ་མི་ཟད་པ་སྟེ། བཞི་པོ་དེ་དག་ནི་གཏེར་ཆེན་པོ་མི་ཟད་པ་ཡིན་ནོ། །ཞེས་པས་གཏེར་གྱི་ངོ་བོའམ་རང་བཞིན་བསྟན་ཅིང་། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོ་ལས་ཀྱང་། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བཞི་སྟོང་དུ་ཏིང་ངེ་འཛིན་འདི་འཛམ་བུའི་གླིང་ན་སྤྱོད་པར་འགྱུར་རོ། །རྒྱས་པར་བྱེད་པར་འགྱུར་རོ། །དེའི་འོག་ཏུ་སའི་ཁུང་དུ་སོང་བར་འགྱུར་རོ། །ཡང་དེ་ལོ་ལྔ་བརྒྱ་པ་ཐ་མ་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མར་གྱུར་པ། དམ་པའི་ཆོས་འཇིག་པར་གྱུར་པ། དགེ་སྦྱོང་འཇིག་པར་གྱུར་པ། དམ་པའི་ཆོས་སྤང་བར་གྱུར་པ། སེམས་ཅན་འཇིག་པར་གྱུར་པ། རྒྱལ་སྲིད་འཁྲུག་པར་གྱུར་པ། ཚུལ་ཁྲིམས་དང་ལྡན་པའི་ཕྱོགས་དམས་པའི་དུས་ལ་བབ་པ། ཚུལ་ཁྲིམས་འཆལ་བའི་ཕྱོགས་འཕེལ་བའི་དུས་ལ་བབ་པ། དམ་པའི་ཆོས་ཀྱི་ཕྱོགས་དམས་པའི་དུས་ལ་བབ་པ། དམ་པ་མ་ཡིན་པའི་ཕྱོགས་ཀྱི་ཆོས་འཕེལ་བའི་དུས་ལ་བབ་པ། ཟད་པའི་དུས་ལ་བབ་པ་ན། སེམས་ཅན་གང་མདོ་སྡེ་འདི་ལྟ་བུ་ཐོབ་པར་འགྱུར་བའི་ཕྱིར་དགེ་བའི་རྩ་བ་འབར་བ། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། དགེ་བའི་རྩ་བ་སྨིན་པ། ས་བོན་བཏབ་པའི་སེམས་ཅན་རྣམས་ནི་ཅུང་ཟད་ཅིག་འབྱུང་སྟེ། སེམས་ཅན་དེ་ལྟ་བུ་དེ་དག་གི་དོན་དུ་འདི་ལྟ་སྟེ་སངས་རྒྱས་ཀྱི་མཐུས་ཏིང་ངེ་འཛིན་འདི་སའི་ཁུང་ནས་ཐོན་ཏེ་འཛམ་བུའི་གླིང་དུ་སྤྱོད་པར་འགྱུར་རོ། །རྒྱས་པར་བྱེད་པར་འགྱུར་རོ། །ཞེས་སོགས་དང་། ང་ནི་ཕྱི་དུས་མྱ་ངན་ང་འདས་ཚེ། སྐུ་གདུང་ཐམས་ཅད་རྒྱས་པར་བྱས་གྱུར་ནས། །སངས་རྒྱས་བྱང་ཆུབ་འདི་དག་ལེགས་བཟུང་སྟེ། །བྲིས་ཏེ་སྒྲོམ་ཀྱི་ནང་དུ་བཅུག་ནས་ཀྱང་། །མཆོད་རྟེན་ས་དང་བྲག་དང་རི་དག་དང་། །ལྷ་དང་དེ་བཞིན་ཀླུ་ཡི་ལག་དག་ཏུ། །མདོ་སྡེ་བཞག་པ་བྱས་ནས་དེ་དག་རྣམས། །ལྷ་ཡི་བརྟུལ་ཞུགས་འདྲ་བ་བྱ་ཕྱིར་འགྲོ །དེ་དག་ཕྱི་མའི་དུས་ཚེ་སོ་སོའི་རིགས། །ཐམས་ཅད་བོར་ཏེ་སླད་དུ་བབས་གྱུར་ནས། །སངས་རྒྱས་བྱང་ཆུབ་འདི་དག་ལེགས་བཟུང་སྟེ། །བསམ་པ་ཇི་བཞིན་དུ་ནི་བྱེད་པར་འགྱུར། །ཞེས་ཡི་གེ་བྲིས་ནས་སྒྲོམ་དུ་བཅུག་པས་གཏེར་ཆོས་དང་གཏེར་སྣོད། མཆོད་རྟེན་སོགས་ཀྱི་གཏེར་གནས། ལྷ་ཀླུའི་ལག་ཏུ་བཞག་པས་གཏེར་སྲུང་། སོ་སོའི་རིགས་བོར་ནས་སླད་དུ་སངས་རྒྱས་བྱང་ཆུབ་བཟུང་བས་གཏེར་སྟོན། བསམ་པ་ཇི་བཞིན་བྱས་པས་འགྲོ་དོན་མཛད་ཚུལ་གསལ་བར་བསྟན་པ་དང་། དེ་བཞིན་དུ་བསོད་ནམས་ཐམས་ཅད་སྡུད་པ་ཏིང་ངེ་འཛིན་གྱི་མདོ་ལས། དྲི་མ་མེད་པའི་གཟི་བརྗིད། ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཀྱི་གཏེར་རི་དང་། རིའི་སུལ་ཤིང་གི་ནང་དུ་བཅུག་པ་དག་ཡོད་དོ། །གཟུངས་དང་ཆོས་ཀྱི་སྒོ་གླེགས་བམ་དུ་བྱས་པ་དག་ཀྱང་ལག་ཏུ་འོང་བར་འགྱུར་རོ། །ཞེས་པས་ཀྱང་གཏེར་ཆོས། གཏེར་གནས། འདོན་པ་པོའི་གང་ཟག་བཅས་ལེགས་པར་བསྟན་ཅིང་། བསམ་པ་ཕུན་སུམ་ཚོགས་པ་ལ་ནི། གལ་ཏེ་སངས་རྒྱས་མི་བཞུགས་ཀྱང་ནམ་མཁའི་དཀྱིལ་དང་རྩིགས་པ་དང་ཤིང་རྣམས་ལས་ཆོས་འབྱུང་ངོ་། །ཞེས་པས་གནམ་ཆོས་སོགས་ཀྱང་བསྟན་པ་དང་། གཞན་ཡང་ཡོངས་སུ་གྲགས་པ་དང་མ་གྲགས་པའི་མདོ་རྒྱུད་ཅི་རིགས་པ་ལས་གཏེར་གྱི་ངོ་བོ། ངེས་ཚིག །རྣམ་གྲངས། དགོས་པ་སོགས་ཡང་ནས་ཡང་དུ་བསྟན་པ་ནི་འཕགས་བོད་གཉིས་སུ་ཡོངས་སུ་གྲགས་པ་ལས། བོད་ཡུལ་ལྟ་བུའི་གང་ཟག་རེ་རེས་གསར་དུ་བཅོས་པ་མིན་པ་དང་། དོན་གྱི་དབང་དུ་བྱས་ན། སྟོན་པ་སྐུ་གསུམ་གྱི་བསྟན་པ་ཐམས་ཅད་དགོངས་བརྒྱུད་བརྡའ་བརྒྱུད་སྙན་བརྒྱུད་ལས་བྱུང་བས་ཐམས་ཅད་གཏེར་ལས་མ་འདས་ཤིང་། ཐུན་མོང་མཆོག་གི་སྤྲུལ་སྐུ་ཐུབ་པའི་དབང་པོའི་གསུང་རབ་རྣམས་ཀྱང་བཀའ་བསྡུ་རིམ་པར་བྱུང་བའི་རྗེས་སུ་ཐེག་ཆེན་གཙོ་བོར་གྱུར་པའི་སྡེ་སྣོད་ཕལ་མོ་ཆེ་ལྷ་ཀླུ་ལ་སོགས་པའི་གནས་ཐ་དད་པ་རྣམས་སུ་བྱོན་ཅིང་མི་སྣང་བར་གྱུར་ལ། རྒྱུད་སྡེ་རྣམས་ནི་རྡོ་རྗེ་འཛིན་པ་དང་མཁའ་འགྲོ་མ་རྣམས་ཀྱིས་བསྡུས་ཤིང་ཨོ་རྒྱན་དྷརྨ་གཉྫོ་སོགས་སུ་རྒྱས་བཏབ་སྟེ་གཉེར་དུ་མཛད་པ་ལས། ཕྱིས་དུས་སུ་བབས་པའི་ཚེ་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་སྒྲིབ་སེལ་སོགས་བྱང་སེམས་རྣམས་ལས་སེམས་ཙམ་གྱི་སློབ་དཔོན་རྣམས་ཀྱིས་བླངས་པ་དང་། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་འཕགས་པ་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་སྤྱན་དྲངས་པ་སོགས་མང་ལ། གྲུབ་ཆེན་ས་ར་ཧ། རྟ་མཆོག །མཚོ་སྐྱེས། ལཱུ་ཡི་པ། ཙི་ལུ་པ་སོགས་མཆོག་གི་དངོས་གྲུབ་བརྙེས་པ་རིམ་པར་བྱོན་པ་རྣམས་ཀྱིས་གསང་འདུས་བདེ་དགྱེས་དུས་འཁོར་གཙོ་བོར་གྱུར་པའི་རྒྱུད་སྡེ་སྤྱན་དྲངས་པ་ཐམས་ཅད་ཟབ་གཏེར་ཁོ་ན་ཡིན་པས་རྒྱ་གར་དང་གངས་ཅན་ཡུལ་གྱི་ཁྱད་པར་དང་། གང་ཟག་རྣམས་འབྱོན་སྔ་ཕྱིའི་དུས་ཚོད་ཙམ་ལས་སྒོ་ཐམས་ཅད་ནས་དོན་གཅིག་པར་ཤེས་པར་བྱའོ། །གཏེར་དུ་སྦེད་པའི་དགོས་པའང་། ཆོས་ཐམས་ཅད་ཡང་དག་པར་སྡུད་པའི་མདོ་ལས། ཀུན་དགའ་བོ་གང་གི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་གླེགས་བམ་ལ་བྲིས་ཏེ་གཏེར་དུ་སྦས་ནས་མཆོད་ན་དེའི་ཚེ་འདི་ཉིད་ལ་ཐོབ་པ་བཅུ་རབ་ཏུ་འཐོབ་བོ། །བཅུ་གང་ཞེ་ན། སངས་རྒྱས་ཀྱི་སྤྱན་རབ་ཏུ་ཐོབ་པས་གསུང་མཐོང་བའི་གཏེར་དང་། ལྷ་མིའི་རྣམ་པ་རབ་ཏུ་ཐོབ་པས་ཆོས་ཉན་པའི་གཏེར་དང་། ཕྱིར་མི་ལྡོག་པའི་དགེ་འདུན་རབ་ཏུ་ཐོབ་པས་དགེ་འདུན་མཐོང་བའི་གཏེར་དང་། རིན་པོ་ཆེའི་ལེགས་པ་རབ་ཏུ་ཐོབ་པས་ཟད་མི་ཤེས་པ་ལོངས་སྤྱོད་པའི་གཏེར་དང་། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པ་གཟུགས་ཀྱི་གཏེར་དང་། གཡོག་མི་འབྱེད་པ་གཡོག་གི་གཏེར་དང་། སྤོབས་པ་རབ་ཏུ་ཐོབ་པ་དྲན་པའི་གཏེར་དང་། ཕས་ཀྱི་རྒོལ་བ་ཚར་གཅོད་པ་མི་འཇིགས་པའི་གཏེར་དང་། སེམས་ཅན་ཉེ་བར་འཚོ་བ་བསོད་ནམས་ཀྱི་གཏེར་རོ། །ཞེས་དང་། ཆོས་རྒྱལ་རཏྣ་གླིང་པའི་གཏེར་ལུང་ལས། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས༔ སྤྱིར་ཡང་བོད་རྣམས་གསར་ངས་ཆེ་བ་དང༔ སྙིགས་མའི་འགྲོ་ལ་ལྷག་པར་སྙིང་བརྩེ་བས༔ མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞག༔ ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབ༔ མ་འོངས་དུས་སུ་རྟོག་གེ་ཐ་སྙད་མཁན༔ སྒོམ་ཆེན་ལ་སོགས་ཕྱོགས་དང་རིས་དྲེགས་ཅན༔ རང་ཆེ་འབྱིན་ཅིང་གཏེར་ལ་རྩོད་ན་ཡང༔ སྙིགས་མའི་ཆོས་བྱེད་ཕལ་ཆེར་གཏེར་གྱིས་འདྲེན༔ ཟབ་ལ་ཁ་ཚང་མ་བསྒྲིབས་མཐའ་རྒྱས་ཤིང༔ གདམས་པ་སྣ་རེས་གང་ཟག་གྲོལ་བར་ངེས༔ དེ་བས་ལས་སད་སྐལ་ལྡན་སྦྱངས་པ་ཅན༔ འཆི་བ་དྲན་ན་གཏེར་ཆོས་ཉམས་སུ་ལོངས༔ ཚེ་གཅིག་ཐར་ལམ་ཐོབ་བོ་རྗེས་འཇུག་རྣམས༔ སྙིགས་དུས་གཏེར་ལ་མོས་པའི་སྐལ་ལྡན་ཀུན༔ དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་བཏབ༔ ཐམས་ཅད་ལས་ཅན་ཡིན་པས་དགའ་བ་སྒོམས༔ ཁོ་མོའི་ཚིག་འདི་རིན་ཆེན་གསེར་བས་དཀོན༔ ཞེས་སོགས་གཏེར་ཁ་གཞན་ལས་ཀྱང་མཐའ་ཡས་པ་འབྱུང་བ་ལྟར་རོ། །འདི་དག་གི་རྩོད་སྤོང་། འཐད་སྒྲུབ། དགོས་པ་ཕན་ཡོན་ཤིན་ཏུ་རྒྱས་པ་ནི་གཏེར་ཆེན་རཏྣ་གླིང་པའི་གཏེར་འབྱུང་ཆེན་མོ་སོགས་སུ་གསལ་བ་ལྟར་རོ། །གཉིས་པ་ནི། བོད་ཀྱི་ཡུལ་འདིར་བསྟན་པའི་སྙིང་པོ་གསང་སྔགས་རྡོ་རྗེ་ཐེག་པ་སྤྱི་དང་ཁྱད་པར་ཟབ་མོ་གཏེར་གྱི་ཕྲིན་ལས་ཀྱིས་གདུལ་བྱ་མཐའ་ཡས་པ་འདུལ་བར་མཛད་པ་པོ་ནི། སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཏེ། སློབ་དཔོན་ཆེན་པོ་འདི་ཉིད་ལམ་རིམ་བགྲོད་ཀྱི་གང་ཟག་གམ། ས་ལ་གནས་པའི་འཕགས་པ་ཙམ་མ་ཡིན་པར་མི་དང་མི་མ་ཡིན་གདུལ་དཀའ་བ་རྣམས་ཐབས་སྣ་ཚོགས་པས་འདུལ་བའི་སླད་དུ་སངས་རྒྱས་འོད་དཔག་མེད་དང་མཉམ་མེད་ཤཱཀྱའི་རྒྱལ་པོ་སོགས་སྤྲུལ་པའི་སྐུར་བསྟན་པ་ཡིན་པས་དེའི་རྣམ་པར་ཐར་པ་འཕགས་ཆེན་རྣམས་ཀྱིས་ཀྱང་ཆ་ཙམ་བརྗོད་པར་མི་ནུས་མོད། མདོ་ཙམ་སྨོས་ན། ཆོས་སྐུ་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་དུ་ཀ་དག་གི་གྲོལ་གཞིར་གདོད་ནས་རང་བཞིན་གྱིས་མངོན་པར་བྱང་ཆུབ་པ་ཐོག་མའི་མགོན་པོ་འོད་མི་འགྱུར་བའི་མཚན་ཏུ་གྲགས་ཤིང་། རང་སྣང་ལོངས་སྐུ་ཚངས་པ་རྔ་སྒྲའི་ཞིང་ཁམས་སུ་ཡེ་ཤེས་རིགས་ལྔ་གངས་ཆེན་མཚོ་ངེས་པ་ལྔ་ལྡན་གྱི་བཀོད་པ་འབྱམས་སུ་ཀླས་པ་རང་ཤར་བའི་རྩལ་ལས། ཕྱི་གསལ་ཕྱེད་སྣང་རང་བཞིན་སྤྲུལ་པ་སྐུ་ཚངས་ཆེན་གྱི་ཞིང་གིས་བསྡུས་པའི་རིགས་ལྔའི་སངས་རྒྱས་ཀྱི་ཞིང་སྐུའི་བཀོད་པ་ཚད་མེད་པ་ས་བཅུའི་དབང་ཕྱུག་རྣམས་ལ་སྣང་བ་དེ་དག་གུ་རུ་ཉིད་ཀྱི་ཡེ་ཤེས་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྤྲིན་་་་་་་ བཀོད་པའི་ཕྱིར་པདྨ་ཀུན་ཏུ་འཆང་ཞེས་བྱ་བ་དང་། དེ་དག་ལས་འགྲོ་འདུལ་སྤྲུལ་པ་སྐུའི་ཆོ་འཕྲུལ་གྱི་རྣམ་རོལ་ཕྱོགས་བཅུའི་ཞིང་ཁམས་ཚད་མེད་པ་རྣམས་དང་། བྱེ་བྲག་མི་མཇེད་ཀྱི་འཇིག་རྟེན་འདི་ཉིད་ཁོ་ནར་མཚན་ངེས་པར་བསྟན་པ་མདོ་སྔགས་སྟོན་པ་བརྒྱ་རྩས་འཇིག་རྟེན་གྱི་ཁམས་ལྔ་བཅུའི་སྒྲོན་མེ་མཛད་ཅིང་། དེ་རེ་རེའི་ཕྱོགས་མཚམས་ཀྱི་འཇིག་རྟེན་རྣམས་སུ་གུ་རུ་མཚན་མཆོག་བརྒྱད་པོ་རེ་རེ་བཞིན་སྤྲུལ་ནས་འགྲོ་བ་འདུལ་བར་གསུངས་པ་དང་། ཁྱད་པར་གྱི་བཀོད་པ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་གཟིགས་པ་ལས་ཤར་ཕྱོགས་སུ་གུ་རུ་རྡོ་རྗེ་གངས་ཅན་མཚོའི་བ་སྤུའི་ཁུང་བུ་རེ་རེར་ཞིང་ཁམས་བྱེ་བ་ཕྲག་བརྒྱ་བརྒྱ། དེ་རེ་རེར་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་བརྒྱ། དེ་རེ་རེར་གུ་རུ་བྱེ་བ་ཕྲག་བརྒྱ་བརྒྱ། དེ་རེ་རེར་སྤྲུལ་པ་བྱེ་བ་ཕྲག་བརྒྱ་བརྒྱ། དེ་རེ་རེས་ཀྱང་གདུལ་བྱ་བྱེ་བ་ཕྲག་བརྒྱ་བརྒྱ་འདུལ་བའི་མཛད་པ་སྟོན་ཅིང་། དེ་བཞིན་དུ་དབུས་དང་ཕྱོགས་གཞན་རྣམས་སུའང་དེ་དང་འདྲ་བའི་རིགས་བཞིའི་བཀོད་པ་སྟོན་པ་སོགས་ཚད་མེད་པར་གསུངས་པ་དང་། བྱེ་བྲག་འཛམ་བུའི་གླིང་འདི་ཁོ་ནར་འགྲོ་འདུལ་སྤྲུལ་པ་སྐུའི་ཕྱོགས་གཅིག་བསྟན་པ་ལའང་གདུལ་བྱའི་སྐལ་པ་དང་དབང་པོའི་ཁྱད་པར་གྱིས་མཐོང་ཚུལ་ཐ་དད་པར་སྣང་སྟེ། ཕུར་པ་བཀའ་མའི་ལོ་རྒྱུས་སོགས་དང་འཕགས་ཡུལ་ཕལ་ཆེར་དུའང་ཨོ་རྒྱན་གྱི་རྒྱལ་པོའམ་བློན་པོ་ཞིག་གི་སྲས་སུ་འཁྲུངས་པར་བཤད་པ་དང་། གཏེར་མའི་ཕྱོགས་ཕལ་མོ་ཆེར་རྫུས་སྐྱེས་ཀྱི་རྣམ་ཐར་ཤ་སྟག་འབྱུང་ཞིང་། ཁ་ཅིག་ཏུ་མ་ལ་ཡ་གནམ་ལྕགས་ཡོད་པའི་རི་རྩེར་ཐོག་བབས་སུ་བྱོན་པའང་བཤད་ལ། དེ་རེ་རེ་ལའང་ངོ་མཚར་བའི་རྣམ་པར་ཐར་པ་གཅིག་ཏུ་མ་ངེས་པ་མཐའ་ཡས་པ་མཆིས་པ་ནི། ཇི་སྐད་དུ། རྣམ་ཐར་སྟོང་ཕྲག་གཅིག་དང་བརྒྱ་ཕྲག་དགུ༔ མ་འོངས་དམ་ལྡན་དོན་དུ་བཀོད་ནས་སྦས༔ ཞེས་གསུངས་པས་མཚོན། སོ་སྐྱེའི་བློའི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པ་ཉིད་ནའང་གདུལ་བྱ་ཁ་ཅིག་ལ་སྣང་བའི་དབང་དུ་བྱས་ནས་གཏེར་མའི་ཕྱོགས་སུ་གྲགས་ཆེ་བ་བརྫུས་སྐྱེས་ཀྱི་རྣམ་ཐར་ས་བོན་ཙམ་བརྗོད་ན། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ལ་ཤར་དང་ལྷོ་དང་བྱང་གསུམ་དུ་རྒྱ་མཚོ་ཆེན་པོ་རེ་ཡོད་པ་ལས་ལྷོ་དང་ནུབ་ཏུ་ཉེ་བ་སྲིན་ཡུལ་དང་ཐག་ཉེ་བའི་རྒྱ་མཚོའི་གླིང་དུ། སངས་རྒྱས་ཀྱི་བྱིན་རླབས་ལས་བྱུང་བའི་པདྨའི་སྡོང་པོ་ཁ་དོག་སྣ་ཚོགས་པའི་སྦུབས་སུ་བདེ་ལྡན་ཞིང་གི་མགོན་པོའི་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་ཧྲཱིཿས་མཚན་པ་ཞིག་སྤྲོས་པ་ལས་ཁྱེའུ་ཆུང་ལོ་བརྒྱད་པའི་ན་ཚོད་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། རྡོ་རྗེ་དང་པདྨ་འཛིན་པ་ཞིག་ཏུ་སྤྲུལ་ཏེ་བཞུགས་ཤིང་། ལྷ་དང་མཚོ་གླིང་གི་མཁའ་འགྲོ་མ་རྣམས་ལ་ཟབ་མོའི་ཆོས་སྟོན་པར་མཛད། དེའི་ཚེ་ཡུལ་དེའི་རྒྱལ་པོ་ཨིནྡྲ་བོ་དྷི་ལ་སྲས་མེད་པས་དཀོན་མཆོག་མཆོད་ཅིང་དཀོར་མཛོད་སྦྱིན་པ་བཏང་པས་ཟད་དེ་རྒྱ་མཚོའི་གླིང་ནས་ཡིད་བཞིན་གྱི་ནོར་བུ་བླངས། ཚུར་བྱོན་པའི་ལམ་ཁར་ཆོས་བློན་ཏྲིག་ན་འཛིན་གྱིས་ཐོག་མར་མཇལ། དེ་ནས་རྒྱལ་པོས་མཇལ་ཏེ་སྲས་ཀྱི་སྐལ་པར་བྱས་ཏེ་ཕོ་བྲང་དུ་སྤྱན་དྲངས། པདྨ་འབྱུང་གནས་དང་མཚོ་སྐྱེས་རྡོ་རྗེ་ཞེས་མཚན་གསོལ། ནོར་བུའི་མཐུ་ལས་བྱུང་བའི་རིན་པོ་ཆེའི་ཁྲི་སྟེང་ལ་བཞུགས་སུ་གསོལ། ཟས་གོས་རིན་པོ་ཆེའི་ཆར་གྱིས་སྐྱེ་བོ་ཐམས་ཅད་ཚིམ་པར་བྱས། གཞོན་ནུའི་རོལ་རྩེད་ཀྱིས་གདུལ་བྱ་མཐའ་ཡས་པ་སྨིན་པར་མཛད། མཁའ་འགྲོ་འོད་འཆང་མ་ཁབ་ཏུ་བཞེས་ཏེ་ཨོ་རྒྱན་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་པས་རྒྱལ་པོ་ཐོར་ཅོག་ཅན་དུ་གྲགས། དེའི་ཚེ་རྒྱལ་སྲིད་བཟུང་བས་གཞན་དོན་རླབས་ཆེན་མི་འགྲུབ་པར་དགོངས་ནས་ཡབ་ལ་ཞུས་ཀྱང་མ་གནང་བར་རྩེད་མོའི་གར་མཛད་པས་རྩེ་གསུམ་ཤོར་བའི་བརྫུ་བག་གིས་བདུད་བློན་གྱི་བུ་དབྱིངས་སུ་སྤར། བུ་བསད་པའི་ཁྲིམས་ཀྱིས་དུར་ཁྲོད་དུ་སྤྱུགས་པས་བསིལ་བའི་ཚལ། དགའ་བའི་ཚལ། སོ་ས་གླིང་རྣམས་སུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པ་ན་མཁའ་འགྲོ་བདུད་འདུལ་མ་དང་ཞི་བ་འཚོས་དབང་བསྐུར་བྱིན་གྱིས་བརླབས། དུར་ཁྲོད་ཀྱི་མཁའ་འགྲོ་རྣམས་དབང་དུ་བསྡུས་པའི་ཚེ་ཤཱནྟ་རཀྵི་ཏ་ཞེས་གྲགས། དྷ་ན་ཀོ་ཥའི་མཚོ་གླིང་དུ་བྱོན་ཏེ་གསང་སྔགས་མཁའ་འགྲོའི་བརྡའ་སྐད་ཀྱིས་བསྒྲུབས་པས་མཚོ་གླིང་གི་མཁའ་འགྲོ་དབང་དུ་འདུས། རྩུབ་འགྱུར་ཚལ་དུ་སྤྱོད་པ་མཛད་པས་རྡོ་རྗེ་ཕག་མོས་ཞལ་བསྟན་བྱིན་གྱིས་བརླབས། རྒྱ་མཚོའི་ཀླུ་དང་བར་སྣང་གི་གཟའ་སྐར་ཐམས་ཅད་དམ་ལ་བཏགས། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་མ་རྣམས་ཀྱིས་དངོས་གྲུབ་བསྩལ་ཏེ་མཚན་རྡོ་རྗེ་དྲག་པོ་རྩལ་དུ་གྲགས་སོ། །དེ་ནས་རྡོ་རྗེ་གདན་དུ་བྱོན་ནས་ཆོ་འཕྲུལ་སྣ་ཚོགས་བསྟན་པས། མི་རྣམས་ཀྱིས་ཁྱོད་སུ་ཡིན་དྲིས་པ་ལ། རང་བྱུང་གི་སངས་རྒྱས་ཡིན་པར་ཞལ་གྱིས་བཞེས་པ་ཡིད་མ་ཆེས་ཏེ་སྐུར་བ་བཏབ་པ་ན། དགོས་པའི་དབང་མང་དུ་གཟིགས་ནས་ཟ་ཧོར་གྱི་ཡུལ་དུ་བྱོན་ཏེ་སློབ་དཔོན་པྲ་བྷ་ཧསྟི་ལས་རབ་ཏུ་བྱུང་བས་མཚན་ཤཱཀྱ་སེང་གེར་གྲགས། ཡོ་གའི་རྒྱུད་རྣམས་ཚར་བཅོ་བརྒྱད་གསན་པས་དེ་ཉིད་དུ་ལྷ་རྣམས་ཀྱི་ཞལ་མཐོང་། ཡེ་ཤེས་མཁའ་འགྲོ་གསང་བ་ཡེ་ཤེས་དགེ་སློང་མའི་རྣམ་པར་སྣང་བ་ཀུན་དགའ་མོ་ལ་དབང་ཞུས་པས་ཧཱུྃ་ཡིག་ཏུ་བསྒྱུར་ཏེ་ཞལ་དུ་མིད། ཁོང་པའི་ནང་དུ་ཕྱི་ནང་གསང་བའི་དབང་རྫོགས་པར་མཛད་ནས་པདྨོར་བཏོན་པས་སྒྲིབ་པ་གསུམ་སྦྱངས་པའི་ཚུལ་མཛད། རིག་འཛིན་ཆེན་པོ་བརྒྱད་ལས་སྒྲུབ་པ་སྡེ་བརྒྱད། སངས་རྒྱས་གསང་བ་ལས་སྒྱུ་འཕྲུལ། ཤྲཱི་སིཾ་ཧ་ལས་རྫོགས་ཆེན་གཙོ་བོར་གྱུར་པའི་འཕགས་ཡུལ་གྱི་མཁས་གྲུབ་དུ་མ་ལས་མདོ་རྒྱུད་རིག་པའི་གནས་ཐམས་ཅད་གསན་ཅིང་སྦྱངས་པའི་ཚུལ་བསྟན་པས་ཆོས་ཐམས་ཅད་ཚར་རེ་རེས་མཁས་པར་མཁྱེན། མ་བསྒྲུབ་པར་ཡང་ལྷ་རྣམས་ཞལ་གཟིགས། མཚན་བློ་ལྡན་མཆོག་སྲེད་དུ་གྲགས་ཏེ་རྣམ་པར་སྨིན་པའི་རིག་འཛིན་མཐར་ཕྱིན་པའི་ཚུལ་བསྟན་པའོ། །དེ་ནས་ཟ་ཧོར་གྱི་རྒྱལ་པོ་གཙུག་ལག་འཛིན་གྱི་སྲས་མོ་མནྡྷ་ར་བ་ཞེས་མཁའ་འགྲོའི་མཚན་དང་ལྡན་པ་དེ་དབང་དུ་བསྡུས་ནས་སྒྲུབ་རྟེན་གྱི་ཕྱག་རྒྱ་མོར་ཁྲིད་ནས་བྲག་ཕུག་མཱ་ར་ཏི་ཀར་ཚེའི་སྒྲུབ་པ་ཟླ་བ་གསུམ་མཛད་པས་མགོན་པོ་ཚེ་དཔག་མེད་དངོས་སུ་བྱོན་ནས་དབང་བསྐུར། ཉིད་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས། ཚེ་རྒྱུད་བྱེ་བ་ཕྲག་བརྒྱ་གནང་བས་ཚེ་ལ་དབང་བའི་རིག་པ་འཛིན་པའི་དངོས་གྲུབ་བརྙེས། སྐྱེ་འཆི་མེད་པ་རྡོ་རྗེའི་སྐུར་གྲུབ་ནས་ཟ་ཧོར་གྱི་རྒྱལ་ཁམས་འདུལ་བའི་དོན་དུ་གཤེགས་ཏེ་བསོད་སྙོམས་མཛད་པས་རྒྱལ་བློན་རྣམས་ཀྱིས་མེ་ལ་བསྲེགས་པ་ན། ཏིལ་མར་མཚོར་འཁྱིལ་བའི་དབུས་སུ་པདྨའི་སྡོང་པོའི་རྩེར་ཡབ་ཡུམ་གཉིས་བཞུགས་པའི་རྫུ་འཕྲུལ་བསྟན་ནས་དད་པ་ལ་བཀོད། ཐམས་ཅད་ཆོས་ལ་བཙུད་ནས་ཕྱིར་མི་ལྡོག་པའི་ས་ལ་བཞག །སླར་ཨོ་རྒྱན་རྒྱལ་ཁམས་འདུལ་བའི་ཕྱིར་བསོད་སྙོམས་ལ་ཕེབས་པས་ཡུལ་མི་རྣམས་ཀྱིས་ངོ་ཤེས་ཏེ་སྔོན་གྱི་བདུད་བློན་ལ་སོགས་པ་རྣམས་ཀྱིས་ཙནྡན་གྱི་མེ་ལ་བསྲེགས་པས་མཚོ་དབུས་པདྨའི་སྡོང་པོར་ཡབ་ཡུམ་གཉིས་བཞུགས་ཏེ་སེམས་ཅན་རྣམས་འཁོར་བ་ལས་སྒྲོལ་བར་མཚོན་ཕྱིར་ཐོད་ཕྲེང་སྐུ་ལ་གསོལ་བའི་རྫུ་འཕྲུལ་བསྟན་པས་པདྨ་ཐོད་ཕྲེང་རྩལ་དུ་གྲགས། རྒྱལ་པོའི་བླ་མཆོད་ལོ་བཅུ་གསུམ་མཛད། རྒྱལ་ཁམས་ཐམས་ཅད་ཆོས་ལ་བཀོད། བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྨིན་གྲོལ་བསྩལ་ཏེ་རྒྱལ་པོ་ཡབ་ཡུམ་སོགས་ལས་ཅན་ཐམས་ཅད་མཆོག་གི་རིག་འཛིན་གྲུབ། མཚན་པདྨ་རྒྱལ་པོར་གྲགས། སྤྱོད་ཡུལ་རྣམ་པར་འཕྲུལ་པའི་མདོ་ལས་ལུང་བསྟན་པ་བཞིན། རྒྱལ་པོ་མྱ་ངན་མེད་པ་འདུལ་བའི་སླད་དུ་དགེ་སློང་དབང་པོའི་སྡེ་ཞེས་བྱ་བར་སྤྲུལ་ཏེ་ཕྱིར་མི་ལྡོག་པའི་དད་པ་ལ་སྦྱར་ནས་ཛམ་བུའི་གླིང་དུ་ནུབ་གཅིག་ལ་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་བྱེ་བ་བཞེངས། མུ་སྟེགས་ཀྱི་རྒྱལ་པོ་བསྟན་པ་ལ་གནོད་པའི་སྟོབས་ལྡན་འགའ་ཞིག་གནས་སྤར་བ་དང་ཐབས་ཀྱིས་བཏུལ། རྒྱལ་པོ་གཅིག་གིས་དུག་དྲངས་པས་མ་ཚུགས་ནས་ཆུ་བོ་གངྒཱ་ལ་བསྐྱུར་བས་ཆུ་གྱེན་དུ་བསྐྱིལ་ཞིང་། ནམ་མཁའ་ལ་གར་མཛད་པས་ཁྱེའུ་ཆུང་མཁའ་ལྡིང་རྩལ་དུ་གྲགས། གཞན་ཡང་དགྱེས་རྡོར་གྱི་རྒྱུད་སྤྱན་འདྲེན་པ་པོ་སློབ་དཔོན་མཚོ་སྐྱེས། བྲམ་ཟེ་ས་ར་ཧ། ཌོམྦི་ཧེ་རུ་ཀ །བི་རཱུ་པ། ནག་པོ་སྤྱོད་པ་ཆེན་པོ་ལ་སོགས་པའི་སྐུའི་བཀོད་པ་དང་མཚན་གྱི་རྣམ་གྲངས་དུ་མའང་བསྟན་ཅིང་། སྐུ་ལ་རྫོགས་པ་སོགས་དུར་ཁྲོད་ཆེན་པོ་རྣམས་སུ་བྱོན་ཏེ་མཁའ་འགྲོ་རྣམས་ལ་གསང་སྔགས་ཀྱི་ཆོས་བསྟན། ཕྱི་ནང་གི་དྲེགས་པ་ཐམས་ཅད་ཀྱི་སྲོག་སྙིང་བླངས་ནས་བསྟན་སྲུང་དུ་བཀོད་པ་སོགས་མཛད་པའི་ཚེ་མཚན་ཉི་མ་འོད་ཟེར་དུ་གྲགས། རྡོ་རྗེ་གདན་དུ་མུ་སྟེགས་ཀྱི་སྟོན་པ་ལྔ་བརྒྱས་བསྟན་པ་ལ་རྒོལ་བ་རྩོམ་པའི་ཚེ་རྩོད་པ་དང་ནུས་པ་འགྲན་པས་སློབ་དཔོན་ཉིད་རྒྱལ། ཁོང་རྣམས་ཀྱིས་ངན་སྔགས་སྒྲུབ་པའི་ཚེ་མཁའ་འགྲོ་བདུད་འདུལ་མས་ཕུལ་བའི་དྲག་སྔགས་ཀྱིས་ཕྱིར་ཟློག་སྟེ་ཐོག་ཆེན་ཕབ་ནས་སྟོན་པ་རྣམས་བསྒྲལ། གྲོང་ཁྱེར་མེས་བསྲེགས། ལྷག་མ་སངས་རྒྱས་ཀྱི་བསྟན་ལ་བཙུད་ནས་ཆོས་ཀྱི་རྒྱལ་མཚན་དགུང་དུ་སྒྲེང་བའི་ཚེ་སེང་གེ་སྒྲ་སྒྲོག་ཏུ་གྲགས་ཏེ་འདི་ཡན་ཆད་ཟག་པ་གསུམ་ཟད་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་རིག་འཛིན་གྱི་ཚུལ་དུ་བཞུགས་པ་ཡིན་ནོ། །དེ་ནས་རྒྱ་བལ་མཚམས་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་བལ་པོའི་རྒྱལ་པོ་དགེ་འཛིན་གྱི་སྲས་མོ་བལ་མོ་ཤཱཀྱ་དེ་མ་ལ་སྒྲུབ་རྟེན་མཛད་ནས་དཔལ་ཡང་དག་གི་སྒོ་ནས་མཆོག་སྒྲུབ་པའི་ཚེ་འདྲེ་སྲིན་མཐུ་བོ་ཆེ་གསུམ་གྱིས་བར་ཆད་བྱས་ཏེ། ལོ་གསུམ་དུ་ཆར་མ་བབས། ནད་དང་མུ་གེ་བཏང་བ་ལ། རྒྱ་གར་དུ་བླ་མ་རྣམས་ལས་བར་ཆད་འདུལ་བའི་ཆོས་ལེན་པར་བཏང་བས་ཕུར་པའི་རྒྱུད་ལུང་མི་ཁུར་གཉིས་བརྫངས་པ་ཕེབས་པ་ཙམ་གྱིས་བར་ཆད་རང་བཞིན་གྱིས་ཞི། ཆར་བབས་ཤིང་ནད་མུག་རྒྱུན་ཆད་ཡབ་ཡུམ་གཉིས་མཆོག་གི་དངོས་གྲུབ་བརྙེས་ཏེ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་སྐུར་བཞུགས་སོ། །ཡང་དག་དངོས་གྲུབ་ཆེ་ཡང་ཚོང་པ་དང་འདྲ་བར་བར་ཆད་མང་བ་ལ་ཕུར་པ་སྐྱེལ་མ་འདྲ་བར་མེད་དུ་མི་རུང་བར་གཟིགས་ནས་ཡང་ཕུར་སྦྲགས་མའི་སྒྲུབ་ཐབས་མང་དུ་མཛད། ཕུར་སྲུང་བཅུ་དྲུག་སོགས་སྲིད་པ་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་དམ་ལ་བཏགས་ཏེ་སྲུང་མར་བཞག །གཞན་ཡང་དུས་སྐབས་ཅི་རིགས་པར། ཨོ་རྒྱན་གྱི་གླིང་ཕྲན་ཧུ་རྨུ་ཛུ་དང་། སི་ཀོ་ཛྷར་དང་། དྷ་མ་ཀོ་ས་དང་། རུགྨ་སོགས་དང་། ཏི་ར་ཧུ་ཏི་སོགས་ཐ་རུའི་རྒྱལ་ཁམས་དང་། ཀཱ་མ་རཱུ་ལ་སོགས་པ་རྣམས་སུ་སྐལ་པ་དང་འཚམས་པར་ཆོས་སྟོན་པ་དང་། ཐུན་མོང་གི་དངོས་གྲུབ་ཀྱིས་སེམས་ཅན་མང་པོ་ལ་ཕན་བཏགས། ཆུ་མེད་པ་རྣམས་སུ་ཆུ་བཏོན། ཆུ་ཆེན་པོ་ས་འོག་ཏུ་བཅུག །རྒྱ་གར་ཤར་ལྷོ་དབུས་གསུམ་དུ་མུ་སྟེགས་པའི་ལྷ་རྟེན་རེ་རང་བྱུང་དུ་བྱུང་བ་རྣམས་ཀྱིས་ནང་པའི་བསྟན་པ་ལ་ཤིན་ཏུ་གནོད་པའི་ཚེ། དེ་གསུམ་ཀ་རྡོ་རྗེ་ཕུར་བུའི་ནུས་པས་ཚར་བཅད། ཀཉྩའི་ཡུལ་དུ་ནང་པའི་སྡེ་ཤིན་ཏུ་དར་བ་ལ་དུ་རུཥྐའི་རྒྱལ་པོས་དམག་དྲངས་ཏེ་ཆུ་ཀླུང་ནཱི་ལར་གྲུར་ཞུགས་པའི་ཚེ་སློབ་དཔོན་གྱིས་སྡིགས་མཛུབ་མཛད་པས་གྲུ་ལྔ་བརྒྱ་ཆུར་བྱིང་། ཕྱིན་ཆད་དུ་རུཥྐའི་གནོད་པ་རྒྱུན་ཆད། འགྲོ་ལྡིང་བའི་ཡུལ་དུ་བྱོན་པའི་དུས་ཚོད་ངེས་པ་ཅན་མི་གསལ་ཡང་ཡུལ་དེའི་མཁའ་འགྲོ་མ་སོགས་མི་མ་ཡིན་དང་མི་རྣམས་རིམ་པར་བཏུལ། གཙུག་ལག་ཁང་བཞེངས་སུ་བཅུག །སློབ་དཔོན་འདིའི་བཀའ་སྲོལ་གྱི་དགྱེས་རྡོར། ཟླ་གསང་ཐིག་ལེ། ཡང་དག །རྟ་མགྲིན། ཕུར་པ། མ་མོ་གཙོ་བོར་གྱུར་པའི་རྒྱུད་སྡེ་བཞིའི་ཉན་བཤད་སྒོམ་གསུམ་ད་ལྟའི་བར་དུ་དར་ཞིང་རྒྱས་པར་བཞུགས། དེའི་ལོ་རྒྱུས་རྣམས་སུ་ཡུལ་དེ་ནས་ལྷོ་ནུབ་སྲིན་ཡུལ་དུ་བཞུད་པར་བཤད། འདི་དག་ནི་རྒྱ་གར་གྱི་གཏམ་ཁུངས་མ་རྣམས་སུ་འབྱུང་ཞིང་ཡོངས་སུ་གྲགས་པ་ཡིན་ལ། སྤྱིར་ལོ་སུམ་སྟོང་དྲུག་བརྒྱ་རྒྱ་གར་ན་བཞུགས་ཤིང་བསྟན་འགྲོའི་དོན་མཛད་པར་གསུངས་མོད། མཁས་པ་རྣམས་ཀྱིས་ཕྱེད་ལོའི་དབང་དུ་བྱས་པའམ་མང་ཚིག་ཙམ་དུ་བཞེད་པའང་སྣང་ངོ་། །གཞན་ཡང་ཧོར་དང་རྒྱ་རྣམས་འདུལ་བ་ལ་རྒྱལ་པོ་མངོན་ཤེས་ཅན་དང་། རྣལ་འབྱོར་པ་སྟོབས་ལྡན་དུ་སྤྲུལ་པ་དང། ཞང་ཞུང་ཡུལ་དུ་ཏ་བི་ཧྲི་ཙ་ཞེས་རང་བྱུང་གི་ཁྱེའུར་སྤྲུལ་ནས་རྫོགས་ཆེན་སྙན་བརྒྱུད་ཀྱི་གདམས་པས་སྐལ་ལྡན་མང་པོ་འོད་ལུས་སུ་བསྐྱལ་བས་མཚོན་ཡུལ་དང་སྐད་རིགས་མི་གཅིག་པ་རྣམས་སུ་གང་འདུལ་གྱི་ཕྲིན་ལས་སྣ་ཚོགས་པས་སྐྱེ་དགུ་རྣམས་ཐར་ལམ་དུ་བཀོད་པའི་ཕྲིན་ལས་ནི་ཚད་བཟུང་དུ་མེད་པའོ། །བོད་ཡུལ་འདིར་ཇི་ལྟར་བྱོན་པའི་ཚུལ་ནི། འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དགུང་ལོ་ཉི་ཤུ་བཞེས་པ་ན་དམ་ཆོས་རྒྱ་ཆེར་སྤེལ་བའི་ཐུགས་འདུན་སྐྱེས་ཏེ་རྒྱ་གར་ནས་མཁན་པོ་བོ་དྷི་སཏྭ་སྤྱན་དྲངས། རྟེན་འབྲེལ་དང་དགེ་བ་བཅུའི་ཆོས་བཤད། དགུང་ལོ་ཉེར་གཅིག་པ་ལ་གཙུག་ལག་ཁང་གི་རྨང་བཏིང་བ་ལ་བོད་ཀྱི་ལྷ་འདྲེ་རྣམས་ཀྱིས་བར་ཆད་བྱས་ཏེ་བརྩིག་ཏུ་མ་སྟེར་བ་ལ་མཁན་པོས་ལུང་བསྟན་པ་ལྟར་རྒྱལ་པོས་བང་ཆེན་མི་ལྔ་སློབ་དཔོན་ཆེན་པོ་སྤྱན་འདྲེན་ཕོ་ཉར་བཏང་། སློབ་དཔོན་གྱིས་ཀྱང་དུས་མཁྱེན་ཏེ་བལ་ཡུལ་ནས་བོད་དུ་རིམ་པར་ཕེབ་པའི་ལམ་ཞོར་དུ། མང་ཡུལ་ནས་བཟུང་མངའ་རིས། དབུས་གཙང་། མདོ་ཁམས་ཡན་གྱི་བོད་ཡུལ་མ་ལུས་པར་རྫུ་འཕྲུལ་གྱི་བཀོད་པས་ཞབས་ཀྱིས་བཅགས་ནས། བརྟན་མ་བཅུ་གཉིས། མགུར་ལྷ་བཅུ་གསུམ། དགེ་བསྙེན་ཉེར་གཅིག་གཙོ་བོར་གྱུར་པའི་མི་མ་ཡིན་མཐུ་བོ་ཆེ་ཐམས་ཅད་དམ་ལ་བཏགས་ཤིང་སྲོག་སྙིང་བླངས། བྲག་དམར་འོམ་བུའི་ཚལ་དུ་མངའ་བདག་དང་མཇལ་འཛོམ་མཛད། ཧས་པོ་རིར་བྱོན་ནས་ལྷ་སྲིན་ཐམས་ཅད་བཀའ་འོག་ཏུ་བསྡུས། བསམ་ཡས་ཀྱི་རྨང་བཏིང་ནས་བཞེངས་པས་ལྷ་འདྲེ་རྣམས་ཀྱིས་ཀྱང་གྲོགས་དན་བྱས་ཏེ་ལོ་ལྔ་ལ་རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་ལྕགས་རི་དང་བཅས་པའི་ཚུལ་དུ་ཡོད་པ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་། བཙུན་མོ་གསུམ་གྱི་གླིང་གསུམ་དང་བཅས་པ་གྲུབ། རབ་གནས་མཛད་པའི་ཚེ་བྱིན་རླབས་ཀྱི་ལྟས་ངོ་མཚར་བ་ལྔ་བྱུང་། དེ་ནས་མངའ་བདག་གིས་ཆོས་བསྒྱུར་ནས་སངས་རྒྱས་ཀྱི་བསྟན་པ་བཙུགས་པར་དགོངས་ཏེ་བོད་ཕྲུག་ཤེས་རབ་ཅན་རྣམས་ལ་ལོ་ཙཱ་བསླབ། རྒྱ་གར་ནས་སྡེ་སྣོད་འཛིན་པ་གཞན་ཡང་སྤྱན་དྲངས་ཏེ་མཁན་པོ་ལས་ཐོག་མར་སད་མི་མི་བདུན་རབ་ཏུ་བྱུང་ཞིང་རིམ་པར་རབ་བྱུང་གི་སྡེ་བཀོད། མཁན་སློབ་གཉིས་སོགས་པཎྜི་ཏ་རྣམས་དང་། བཻ་རོ་ཙ་ན། སྐ་ཅོག་ཞང་གསུམ་སོགས་ལོ་ཙཱ་བ་རྣམས་ཀྱིས་མདོ་སྔགས་ཀྱི་བཀའ་མ་ལུས་པ་རྣམས་དང་། དགོངས་འགྲེལ་གྱི་བསྟན་བཅོས་གཙོ་ཆེ་བ་རྣམས་བོད་སྐད་དུ་བསྒྱུར། བཻ་རོ་དང་ནམ་མཁའི་སྙིང་པོ་སོགས་རྒྱ་གར་དུ་བཏང་ནས་བཻ་རོས་ཤྲཱི་སིཾ་ཧ་ལས་རྫོགས་ཆེན། ནམ་སྙིང་གིས་ཧཱུྃ་ཀ་ར་ལས་ཡང་དག་གི་ཆོས་གསན་ཅིང་སོ་སོས་གྲུབ་པའང་ཐོབ་ནས་བོད་དུ་སྤེལ། རྒྱལ་པོས་སློབ་དཔོན་ཉིད་ལ་རྡོ་རྗེ་ཐེག་པའི་སྨིན་གྲོལ་སྩོལ་བར་གསོལ་བ་བཏབ་པས་བསམ་ཡས་མཆིམས་ཕུར་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་རྗེ་འབངས་རྣམ་དགུ་སྨིན་པར་མཛད་ནས་སོ་སོར་བཀའ་བབས་ཀྱི་གཉེར་གཏད་པས་དགུ་པོས་ཀྱང་སོ་སོའི་རིགས་དང་མཐུན་པའི་དངོས་གྲུབ་ཐོབ། གཞན་ཡང་ལྷོ་བྲག་མཁར་ཆུ་གཞོ་སྟོད་ཏི་སྒྲོ་ལ་སོགས་པའི་གནས་རྣམས་སུ་མངའ་བདག་ཡབ་སྲས། འབངས་རིགས་ཉེར་ལྔ་གཙོ་བོར་གྱུར་པའི་སྐལ་ལྡན་རྣམས་ལ་ཡོ་ག་རྣམ་པ་གསུམ་དང་འབྲེལ་བའི་ཟབ་ཆོས་ཐུན་མོང་མ་ཡིན་པ་དཔག་ཏུ་མེད་པ་གནང་། བོད་ཡུལ་དུ་ལོ་བརྒྱ་དང་བཅུ་གཅིག་བཞུགས་པ་ནི་ཕྱེད་ལོའི་དབང་དུ་བྱས་ན། ཁྲི་སྲོང་དགུང་ལོ་ཉེར་གཅིག་ལ་གུ་རུ་བོད་དུ་ཕེབས། དྲུག་ཅུ་རྩ་དགུ་པ་ལ་རྒྱལ་པོ་འདས། དེ་རྗེས་ལོ་ཤས་བཞུགས་ནས་སྲིན་ཡུལ་དུ་ཕེབས་པར་བཤད་པས་ལོ་ཧྲིལ་པོ་ལྔ་བཅུ་རྩ་ལྔ་དང་ཟླ་བ་དྲུག་བཞུགས་པ་ཡིན་པས་ཁྲི་སྲོང་བཞུགས་པའི་ཚེ་ལོ་བཞི་བཅུ་རྩ་བརྒྱད། གཤེགས་རྗེས་ལོ་བདུན་དང་ཟླ་བ་དྲུག་བཞུགས་པར་གསལ། བདུད་བློན་རྣམས་ནུས་པ་ལ་སྐྲག་ནས་གཤེགས་པར་ཞུས་པས་བསམ་ཡས་སུ་ལོ་བརྒྱད་བཞུགས་རྗེས་མང་ཡུལ་ལ་ཁ་ནས་འཕུར་ཏེ་བཞུད་པ་ནི་སྤྲུལ་པ་ཡིན་ལ། མཆོད་ཡོན་ལྐོག་ཏུ་བཀའ་བགྲོས་ཏེ་སྐུ་དངོས་མཚོ་རྒྱལ་སོགས་ལས་ཅན་གྱི་འཁོར་དང་བཅས་བོད་ཡུལ་གྱི་ས་གཞི་རྟ་རྨིག་ཙམ་ཡང་མ་ལུས་པ་ཞབས་ཀྱིས་བཅགས། མངའ་རིས་སྐོར་དུ་གངས་བྲག་ཉི་ཤུ། དབུས་གཙང་དུ་སྒྲུབ་གནས་ཉེར་གཅིག །མདོ་ཁམས་གནས་ཆེན་ཉེར་ལྔ། སྟོད་སྨད་བར་གསུམ་གྱི་སྦས་ཡུལ་རྒྱལ་པོ་གསུམ། ལུང་ལྔ། ལྗོངས་གསུམ། གླིང་གཅིག །དེ་རེ་རེ་ལའང་རྩ་བ་དང་ཡན་ལག་མེ་ཏོག་འབྲས་བུའི་ཚུལ་དུ་ཡོད་པ་ལ་སོགས་པ་གངས་བྲག་རི་མཚོ་ཐམས་ཅད་སྒྲུབ་གནས་སུ་བྱིན་གྱིས་བརླབས། ཕྱིས་སུ་དབོན་སྲས་བདུད་ཀྱི་སྤྲུལ་པས་བསྟན་པ་བསྣུབ་པར་མཁྱེན་ནས་རྒྱལ་པོ་ལ་མ་འོངས་བའི་ལུང་བསྟན་མང་པོ་བསྩལ། མཆོད་ཡོན་བཀའ་བགྲོས་ཏེ་གསང་སྔགས་ཀྱི་བསྟན་པ་མི་ནུབ་པ་དང་། རྟོག་གེ་བས་བསླད་ཅིང་བཅོས་སུ་མེད་པས་བྱིན་རླབས་མི་ཡལ་བ་དང་གདུལ་བྱ་རིམ་པར་འབྱུང་བ་སོགས་ལ་དགོངས་ནས་རྒྱལ་པོའི་བླ་གཏེར་བརྒྱ་དང་། ཐུགས་གཏེར་ཆེན་པོ་ལྔ། ཟབ་པའི་གཏེར་ཆེན་ཉེར་ལྔ་གཙོ་བོར་གྱུར་པའི་མིང་ཅན་མིང་མེད་ཀྱི་གཏེར་ཁ་གྲངས་ལས་འདས་པ་སྦས། འདོན་པའི་དུས། འདོན་པ་པོའི་གང་ཟག །ལས་ཅན་ཆོས་བདག་སོགས་ལུང་བསྟན་རེ་རེ་བཞིན་བསྩལ། མོན་ཁ་ནེ་རིང་སེང་གེ་རྫོང་སོགས་སྟག་ཚང་མིང་ཅན་བཅུ་གསུམ་དུ་ཁྲོ་བོ་འཆོལ་བ་འཇིགས་སུ་རུང་བའི་སྐུར་བཞེངས་ནས་བོད་ཀྱི་ལྷ་སྲིན་དྲེགས་པ་ཅན་ཆེ་ཕྲ་ཐམས་ཅད་དམ་ལ་བཞག་ཅིང་གཏེར་གྱི་སྲུང་མར་གཉེར་དུ་གཏད་པའི་ཚེ་རྡོ་རྗེ་གྲོ་བོ་ལོད་དུ་གྲགས། ཕྱི་རབས་ཡིད་ཆེས་པའི་ཕྱིར་དུ་བུམ་ཐང་རྡོ་རྗེ་བརྩེགས་པ་སོགས་ལ་སྐུ་རྗེས། གནམ་མཚོ་ཕྱུག་མོ་སོགས་ལ་ཕྱག་རྗེས། སྤ་གྲོའི་བྲག་དཀར་སོགས་ལ་ཞབས་རྗེས། གཞན་ཡང་སྒྲུབ་གནས་ཐམས་ཅད་དུ་གུ་རུ་ཡབ་ཡུམ་གྱི་ཕྱག་ཞབས་ཀྱི་རྗེས་སོགས་ངོ་མཚར་ཅན་གྱི་བཀོད་པ་གྲངས་ལས་འདས་པ་བཞག །ལྷ་སྲས་མུ་རུབ་བཙན་པོ་བཏང་ནས་བྷ་ཏ་ཧོར་གྱི་སྒོམ་གྲ་བཅོམ། ཀ་ཅ་རྣམས་ཁྱེར་བའི་རྗེས་སུ་རྒྱལ་པོ་ཤིང་བྱ་ཅན་འབྲངས་ནས་འོང་བ། གུ་རུ་དྲག་པོའི་སྐུར་བསྟན་ཏེ་དམ་ལ་བཏགས་ཏེ་གཙུག་ལག་ཁང་གི་དཀོར་སྲུང་ལ་བསྐོས། ཁྲི་སྲོང་གཤེགས་པའི་རྗེས་སུ་མུ་ཏིག་བཙན་པོ་རྒྱལ་སར་བཀོད། ཁྲ་འབྲུག་ཏུ་བཀའ་འདུས་སྒྲུབ་ཆེན་མཛད་ནས་རྒྱལ་སྲས་ལྷ་རྗེ་ལ་ཟབ་ཆོས་ཀྱི་གཉེར་གཏད། གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་འབྱོན་ནས་འགྲོ་བ་འདུལ་བར་ལུང་བསྟན། བོད་དུ་སྨིན་པར་མཛད་པའི་སློབ་མའི་རྣམ་གྲངས་ནི་བསམ་གྱིས་མི་ཁྱབ་ཀྱང་སྔ་ཐོག་རྗེ་འབངས་ཉེར་གཅིག །བར་དུ་རྗེ་འབངས་ཉེར་ལྔ། ཕྱིས་སུ་རྗེ་འབངས་བཅུ་བདུན་དང་ཉེར་གཅིག་རྣམས་གཙོ་བོ་ཡིན་ལ། ཡེར་པའི་འོད་ལུས་གྲུབ་པ་བརྒྱད་ཅུ། ཆུ་བོ་རིའི་སྒོམ་ཆེན་བརྒྱ་དང་བརྒྱད། ཡང་རྫོང་གི་སྔགས་པ་སུམ་ཅུ། ཤེལ་བྲག་གི་རྟོགས་ལྡན་ང་ལྔ། མཁའ་འགྲོ་མ་ཉི་ཤུ་རྩ་ལྔ། རྣལ་འབྱོར་མ་བདུན་ལ་སོགས་པ་རྣམས་དང་། ཨ་མེས་བྱང་ཆུབ་འདྲེ་བཀོལ། རྒྱུས་བྱང་ཆུབ་གཞོན་ནུ། རོག་བན་ནམ་མཁའ་ཡེ་ཤེས། ཉང་དེ་བཞིན་གཤེགས་པ། སྤང་རྗེ་བཙན་ཁྲོམ། ཤ་མི་གོ་ཆ། ངབ་མི་དང་ངབ་འབྲེ། ལྕེ་རྒྱ་མཚོ་གྲགས།འབྲེ་ཤེས་རབ་གྲགས་ལ་སོགས་པ་དང་། རླངས། རྔོག །མཁོན། རོག །འགོས། སྤང་། སོ། ཟུར། གནུབས། རྒྱུས། སྐྱོ་ལ་སོགས་པའི་གདུང་རིགས་གྲུབ་པ་ཐོབ་པ་བར་མ་ཆད་པ་ལས་ཕྱིས་གསར་མའི་སྐྱེས་ཆེན་མང་དུ་བྱོན་པ་དེ་དག་གི་མེས་པོ་རྣམས་སློབ་དཔོན་ཆེན་པོའི་ཞབས་ལ་ཐུག་པ་ཁོ་ནའོ། །དེ་ནས་ལྷོ་ནུབ་སྲིན་པོ་འདུལ་དུ་གཤེགས་པར་ཉེ་བ་ན་བོད་ཀྱི་རྒྱལ་བློན་འབངས་དང་བཅས་པ་རྣམས་ཀྱིས་བཤོལ་བཏབ་ཀྱང་མ་ཐེབས། རེ་རེ་བཞིན་དུ་ཞལ་གདམས་དང་ཐུགས་བརྩེའི་བསླབ་བྱ་རྒྱས་པར་བསྩལ། གུང་ཐང་གི་ལ་ཐོག་ནས་སེང་གེའམ་རྟ་མཆོག་ལ་ཆིབས། ལྷ་རྣམས་ཀྱིས་མཆོད་པའི་བཀོད་པ་དཔག་ཏུ་མེད་པ་དང་བཅས་རྔ་ཡབ་གླིང་དུ་ཕེབ། ཟངས་མདོག་དཔལ་རིའི་རྩེ་མོར་སྲིན་པོའི་རྒྱལ་པོ་རཀྵ་ཐོད་ཕྲེང་གནས་སྤར་ཏེ་དེའི་གསོབ་ཏུ་ཞུགས། ཕོ་བྲང་པདྨ་འོད་ཀྱི་བཀོད་པ་བསམ་ལས་འདས་པར་སྤྲུལ། སྲིན་པོའི་གླིང་བརྒྱད་དུའང་སྤྲུལ་པ་རེ་རེ་རྒྱལ་པོའི་ཚུལ་དུ་བཞུགས་ནས་སྒྲུབ་ཆེན་བཀའ་བརྒྱད་ལ་སོགས་པའི་ཆོས་སྟོན། ཛམ་བུའི་གླིང་གི་མི་རྣམས་སྲོག་གི་འཇིགས་པ་ལས་བསྐྱབས། ད་ལྟ་མཐར་ལམ་ལྷུན་གྱིས་གྲུབ་པའི་རིག་འཛིན་དྲུག་པའི་རྒྱལ་ཚབ་ཀྱི་ཚུལ་དུ་འཇིག་རྟེན་འདི་མ་སྟོང་གི་བར་དུ་གཡོ་བ་མི་མངའ་བར་བཞུགས་སོ། །དུས་རྟག་པར་བོད་ལ་ཐུགས་རྗེས་དགོངས་ཏེ་སྤྲུལ་པས་དོན་མཛད། འདུལ་བའི་བསྟན་པ་འཇིག་པའི་ཚེ་ནའང་སྔགས་པ་རྣམས་ཀྱི་ནང་དུ་སྤྲུལ་པ་རེ་རེ་བྱོན། སྐལ་པ་དང་ལྡན་པའི་གང་ཟག་འོད་ལུས་འགྲུབ་པའང་མང་དུ་འབྱུང་། མ་འོངས་པ་རྒྱལ་བ་བྱམས་པ་འཇིག་རྟེན་དུ་བྱོན་པའི་ཚེ་སློབ་དཔོན་ཉིད་རྒྱལ་སྲས་འགྲོ་བ་ཀུན་འདུལ་ཅེས་བྱ་བར་སྤྲུལ་ནས་སྐལ་ལྡན་རྣམས་ལ་གསང་སྔགས་ཀྱི་ཆོས་བསྟན་པར་གསུངས་ཏེ་གདུལ་བྱ་ཐུན་མོང་བ་ཁ་ཅིག་གི་སྣང་ངོ་དང་མཐུན་པའི་ལོ་རྒྱུས་ཕྱོགས་རེའི་དབང་དུ་བྱས་་་་་་པའོ། །དེ་ལྟ་བུའི་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་གང་དེའི་བཀའ་བབས་ཐུགས་སྲས་ཀྱི་གཙོ་བོ་རྗེ་མངའ་བདག་ཁྲི་སྲོང་། འབངས་ཉེར་ལྔ། ཐུགས་ཀྱི་གཟུངས་མ་ལྔ་བཅས་ཀྱི་རྣམ་ཐར་ས་བོན་ཙམ་སྨོས་ན། དཔལ་བསམ་ཡས་མཆིམས་ཕུའི་ཡང་དབེན་དུ་བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས་ནས་རྗེ་འབངས་རྣམས་ལ་དབང་བསྐུར་བའི་ཚེ་གསེར་སྲང་བཅུ་རེ་ལ་མེ་ཏོག་བྱས་ཏེ་དཀྱིལ་འཁོར་ལ་ཕུལ་བས་་་་་་གང་དུ་མེ་ཏོག་ཕོག་པའི་ལྷ་སོ་སོར་བཀའ་བབས་པ་སོགས་ཀྱིས་གྲུབ་པ་ཐོབ་པའི་རྗེ་འབངས་ཉེར་ལྔར་གྲགས་པ་བྱུང་སྟེ། འདི་དུས་ལྷ་སྲིན་རྣམས་ཀྱིས་སློབ་དཔོན་ལ་ཐོ་འཚམས་ཕྱིར་ཀླད་ཀྱི་རྫ་མོ་སྙིལ་བ་སློབ་དཔོན་གྱིས་ཧཱུྃ་ཞེས་གསུངས་པས་རྫ་མོ་ཉིལ་བ་ཡར་ལོག་སྟེ་ཡི་གེ་ཧཱུྃ་གི་གཟུགས་སུ་གནས་པར་དེང་སང་རྫ་མོ་ཧཱུྃ་འདྲ་མར་གྲགས་སོ། །འདིར་ཁྲི་སྲོང་རྣམ་འཕྲུལ་དབང་པོའི་སྡེས། ཐུགས་སྲས་མི་རྗེ་འབངས་རིགས་ཉེར་ལྔ་ཞེས་གསུངས་པའི། མི་རྗེ་ཁྲི་སྲོང་ལྡེའུ་བཙན་ནི། འཇམ་དཔལ་རྩ་བའི་རྒྱུད་ལས། ས་འོད་བཟང་པོ་ཞེས་ལུང་བསྟན་པ་ལྟར། རྗེ་སྲོང་བཙན་སྒམ་པོ་ནས་རྒྱལ་རབས་བཞི་པ་མེས་ཨག་ཚོམ་དང་རྒྱ་མོ་བཟའ་ཀོང་ཇོ་ཕྱི་མའི་སྲས་སུ་ཆུ་ཕོ་རྟ་ལོའི་དཔྱིད་ཟླ་ར་བའི་ཚེས་བརྒྱད་སྐར་མ་རྒྱལ་ལ་སྐུ་བལྟམས། དགུང་ལོ་བཅུ་བདུན་གྱི་བར་དུ་རྒྱལ་ཐབས་གཙོ་བོར་མཛད། དེ་ནས་དམ་པའི་རིགས་སད་དེ་ཐོག་མར་གཙུག་ལག་ཁང་ཆེན་པོ་བཞེངས་པར་བཞེད་པས་ཆོས་བློན་འགོས་དང་བགྲོས་ཏེ་གཡོའི་ཚུལ་གྱིས་ལས་ཐབས་ཀྱི་གདམས་ཁ་བསྐུར་བ་ན། ཐམས་ཅད་ཀྱིས་གཙུག་ལག་ཁང་བརྩིགས་པར་གྲོས་འཆམ་ནས་ས་འདུལ་གྱི་ཆེད་བོད་ཀྱི་ཐུབ་དབང་གཉིས་པ་མཁན་ཆེན་ཞི་བ་འཚོ་གདན་དྲངས་ནའང་དགོས་པའི་དབང་གིས་ས་གཞི་མ་ཐུལ་བ་ལྟར་མཛད་ནས་ལུང་བསྟན་པ་ལྟར་སློབ་དཔོན་ཆེན་པོ་སྤྱན་དྲངས། བོད་ཁམས་ཀྱི་ནག་ཕྱོགས་གདུག་པ་ཅན་རྣམས་ཕྱག་རྒྱ་གཉན་པོའི་ཟིལ་འོག་ཏུ་མནན། ཅི་བགྱིའི་འབངས་སུ་རྩིས་ལ་ཕབ། རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ལ་བརྟེན་ནས་ས་གཞི་ལས་སུ་རུང་བར་གནང་། ནམ་མཁར་རྡོ་རྗེའི་གར་མཛད་པའི་གྲིབ་མ་གར་བྱུང་སར་རྩིགས་རྨང་བཏིང་། ཉིན་པར་མི་དང་མཚན་མོ་མི་མ་ཡིན་གྱིས་ལས་བྱས་པས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལོ་ལྔའི་ཁོང་དུ་གེགས་མེད་དུ་འབྱོངས། རབ་ཏུ་གནས་པའི་མེ་ཏོག་འཐོར་ཅིང་རྫུ་འཕྲུལ་གྱི་མཐུ་ཆེན་པོ་བསྟན། སློབ་དཔོན་ཆེན་པོས་ལུང་བསྟན་པ་ལྟར་ལོ་ཙཱ་བ་བཻ་རོ། །སྐ་ཅོག་ཟུང་གདན་དྲངས་ནས་སྒྲ་བསྒྱུར་སློབ་ཏུ་བཅུག་པས་ཚེགས་མེད་པར་མཁྱེན། སྦ་ཡེ་ཤེས་དབང་པོ་སོགས་སད་མི་མི་བདུན་རབ་ཏུ་བྱུང་བཅོལ་ནས་སངས་རྒྱས་ཀྱི་བསྟན་པའི་སྲོལ་དང་པོར་གཏོད། རྒྱལ་པོ་མདོ་བཅུ་སོགས་མདོ་རྒྱུད་ཅི་རིགས་པའང་བསྒྱུར། བཻ་རོ་དང་ནམ་མཁའི་སྙིང་པོ་སོགས་རྒྱ་གར་དུ་བཏང་ནས་ཆོས་ཀྱི་སྐྱེས་བླངས། ཁྱད་པར་སྐ་ཅོག་རྨ་གསུམ་ཕོ་ཉར་བཏང་ནས་པཎ་ཆེན་བི་མ་ལ་སྤྱན་དྲངས། ལོ་ཆེན་བཻ་རོ་རྒྱལ་མོ་ཚ་རོང་དུ་ཕེབ་པའང་སླར་བྱོན། དེ་ལྟ་བུའི་མཁན་སློབ་བི་མ་ལ་སོགས་པཎ་ཆེན་བརྒྱ་རྩ་ཞལ་འཛོམ། བཻ་རོ་སྐ་ཅོག་སོགས་ཞུས་ཆེན་དང་སྒྱུར་བྱེད་དང་མཆན་བུའི་ལོ་ཙཱ་བ་བརྒྱ་རྩ་བརྒྱད་མཚམས་སྦྱར་ཏེ་སྡེ་སྣོད་རྒྱུད་སྡེ། དགོངས་འགྲེལ་གྱི་བསྟན་བཅོས་བཅས་བསྒྱུར་བཤད་འཆད་ཉན་གྱིས་གཏན་ལ་ཕབས་པས་བོད་དུ་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་རྫོགས་པར་མཛད་པའི་བཀའ་དྲིན་དང་ཕྱག་རྗེས་བསམ་གྱིས་མི་ཁྱབ། བྱེ་བྲག་ཏུ་བཀའ་མའི་ལོ་རྒྱུས་སྦ་བཞེད་སོགས་སུ་རྒྱལ་བློན་རྣམས་ལ་དཔལ་གསང་བ་འདུས་པའི་རིམ་པ་སྟེ་དབང་བསྐུར་མཛད། མན་ངག་ལྟ་བའི་ཕྲེང་བ་བཤད། ཆོས་དང་དྲག་སྔགས་ཀྱི་དཔེ་མང་པོ་རྗེ་ལ་སྦས། ཞེས་པ་ཙམ་ལས་མི་འབྱུང་བ་ནི་ཐུན་མོང་གི་གདུལ་བྱའི་སྣང་ངོར་དེ་ལྟར་ཡིན་མོད། ཐུན་མོང་མ་ཡིན་པ་མངའ་བདག་རྗེ་འབངས་སོགས་སྐལ་ལྡན་རྣམས་ལ་བླ་རྫོགས་ཐུགས་གསུམ་དང་། སྒྲུབ་སྡེ་བརྒྱད་སྤྱི་བྱེ་བྲག་གིས་མཚོན་རྩ་གསུམ་ཆོས་སྲུང་རབ་འབྱམས་ཀྱི་རྒྱུད་དང་གདམས་ངག་ལས་ཚོགས་སོགས་མཐའ་ཡས་པ་བཀའ་བསྩལ་ཅིང་ཕལ་ཆེར་མཆོད་ཡོན་གཉིས་ཀྱིས་བཀའ་བགྲོས་ཏེ་མ་འོངས་པའི་དུས་ལ་དགོངས་ནས་ཟབ་གཏེར་དུ་རྒྱས་བཏབ། བྱེ་བྲག་ཏུ་བསམ་ཡས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་གི་ཕུག་པར་བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་གསན་པ་ན། མངའ་བདག་གི་མེ་ཏོག་དབུས་སུ་བབས་པས། གསང་མཚན་ཚངས་པ་ལྷའི་མེ་ཏོག་རྩལ་དུ་གནང་། ཆེ་མཆོག་བདེ་གཤེགས་འདུས་པའི་བཀའ་བབས་ཏེ། ཏིང་ངེ་འཛིན་ལས་མི་གཡོ་བར་ལྷུན་གྲུབ་ཀྱི་དགོངས་པ་སྐྱེས། མཁན་པོ་བོ་དྷི་སཏྭ་ལས་མདོ་ཕྱོགས་གསན་པས་ཤེར་ཕྱིན་གྱི་རྟོགས་པ་འཁྲུངས་ནས་བཀའ་ཡང་དག་པའི་ཚད་མ་ཞེས་པའི་བསྟན་བཅོས་དང་། འབུམ་གྱི་ཊཱིཀ་སོགས་བསྟན་བཅོས་མང་པོ་མཛད། སྤྲུལ་པའི་དམག་བྱེ་བ་ཕྲག་བཅུ་གཉིས་བཏང་སྟེ་རྒྱ་གར་མཆོད་རྟེན་པདྨ་ཅན་ནས་དེ་བཞིན་གཤེགས་པའི་རིང་བསྲེལ་ལེན་པ་དང་། གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས་པར་མཛད་དེ། ཆོས་ཀྱི་རྒྱལ་པོ་འདི་ནི་བསིལ་ལྡན་ཁ་བའི་ལྗོངས་འདིར་རྒྱལ་བསྟན་ཉིན་བྱེད་འདྲེན་པའི་ཤིང་རྟ་གཅིག་པུ་པར་གྱུར་པ་དེའོ། །དེ་ལྟ་བུའི་འཇམ་པའི་དབྱངས་མི་རྗེའི་ཚུལ་དུ་རྣམ་པར་རོལ་པ་དེའི་ཐུགས་བསྐྱེད་དང་ཕྲིན་ལས་མཐའ་ཡས་པས་བོད་ཁམས་ལ་བཀའ་དྲིན་མཚུངས་ཟླ་མེད་པ་དེ་ཉིད་ཞིང་ཁམས་གཞན་དུ་གཤེགས་པའི་དུས་སྔ་ཕྱི་མི་འདྲ་བ་མང་ནའང་རྣམ་ཐར་ཆེན་མོ་ལྟར་ན་ལྔ་བཅུ་རྩ་དགུ་ལ་གཤེགས་པར་གསུངས། གང་ལྟར་ཡང་དག་པའི་སྐྱེ་སྲིད་བརྒྱུད་མར་བཟུང་ནས་འབྲས་བུ་མཐར་ཕྱིན་པའི་སྐུ་སྤྲུལ་ཉང་། གསུང་སྤྲུལ་ཆོས་དབང་སྟེ་གཏེར་ཁ་གོང་འོག་གཉིས་དང་། ཐུགས་སྤྲུལ་མངའ་རིའི་པཎ་ཆེན་པདྨ་དབང་རྒྱལ། ཡོན་ཏན་སྤྲུལ་པ་གནས་གསར་བ་མདོ་སྔགས་གླིང་པ་མཁྱེན་བརྩེའི་དབང་ཕྱུག་དང་། དཔལ་བཀྲ་ཤིས་སྟོབས་རྒྱལ། ཕྲིན་ལས་ཀྱི་སྤྲུལ་པ་རྒྱལ་དབང་ལྔ་པ་རྡོ་རྗེ་ཐོགས་མེད་རྣམས་ཡོངས་གྲགས་དང་། གཞན་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རེ་རེ་ལའང་བདུན་རེ་སོགས་མཐའ་ཡས་པ་འབྱུང་བར་གསུངས། མདོར་ན་གཏེར་འབྱིན་གྱི་གང་ཟག་ཕལ་མོ་ཆེ་མངའ་བདག་ཡབ་སྲས་དང་ལོ་ཆེན་བཻ་རོའི་སྤྲུལ་པར་ཞལ་གྱིས་བཞེས་པས་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་དུ་སྣང་ངོ་། །ཆོས་རྒྱལ་འདི་ཉིད་ཀྱི་སྲས་ལ་བཞེད་སྲོལ་མི་འདྲ་བ་མང་དུ་འདུག་ཀྱང་ཡོངས་གྲགས་ལྟར་ན། ཆེ་བ་མུ་ཁྲི་བཙད་པོའམ་མུ་ནེ་བཙན་པོ། འབྲིང་པོ་མུ་རུམ་བཙད་པོའམ་ལྷ་སྲས་དམ་འཛིན་རོལ་པ་ཡེ་ཤེས་རྩལ། ཆུང་བ་མུ་ཏིག་བཙད་པོའམ་སད་ན་ལེགས་མཇིང་ཡོན་གསུམ་དུ་ངེས་ཤིང་གསུམ་ཀའང་སློབ་དཔོན་ཆེན་པོའི་ཐུགས་སྲས་སུ་གྱུར་པ་ལས། མུ་ནེའི་རྣམ་འཕྲུལ་འབྲི་གུང་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་དང་ཕྱིས་སུ་ཡོངས་དགེ་མི་འགྱུར་རྡོ་རྗེ་སོགས་ཡིན་པར་གསུངས། མུ་རུམ་ནི་ལྷ་སྲས་ལོ་ཙཱ་བ་ཞེས་མཁས་གྲུབ་གཉིས་ལྡན་མཐར་འོད་དུ་ཡལ་སྐད། གང་ལྟར་ཡང་དེའི་རྣམ་འཕྲུལ་རིག་འཛིན་སངས་རྒྱས་གླིང་པ། ལྷ་བཙུན་སྔོན་མོ། ཞིག་གླིང་འོད་གསལ་སྒྱུ་མ། མཆོག་གྱུར་བདེ་ཆེན་གླིང་པའི་བར་མང་དུ་བྱོན། མུ་ཏིག་བཙད་པོའི་རྣམ་འཕྲུལ་གུ་རུ་ཇོ་ཙེ་སོགས་ཡིན་ལ། མུ་ཏིག་གི་སྲས་ལྔ་བྱུང་བའི་ནང་ནས་རལ་པ་ཅན་གྱིས་ཆོས་ཀྱི་རྒྱལ་སྲིད་བསྐྱང་ཞིང་གསུང་རབ་རྣམས་སྐད་གསར་བཅད་ཀྱིས་དག་ཐེར་མཛད། འོན་ཅང་རྡོའི་ལྷ་ཁང་བཞེངས་པ་སོགས་དམ་པའི་ཆོས་ཤིན་ཏུ་དར་ཞིང་རྒྱས་པར་མཛད། རྒྱལ་སྲས་ལྷ་རྗེའམ་སྔགས་འཆང་མཆོག་གྲུབ་རྒྱལ་པོར་གྲགས་པ་ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་གྱི་རྣམ་འཕྲུལ་དུ་ཨོ་རྒྱན་ཆེན་པོས་ལུང་བསྟན། བཀའ་འདུས་ཆོས་ཀྱི་རྒྱ་མཚོ་གཏད་པ་སོགས་ཐུགས་སྲས་ཀྱི་དྭངས་མར་གྱུར། འདི་ཉིད་འགའ་ཞིག་གིས་ཆོས་རྒྱལ་ཁྲི་སྲོང་གི་སྐྱེ་བ་དེ་མ་ཐག་པར་ཡང་བཤད། སྐུ་ན་ཕྲ་མོ་ནས་གཤེགས་མོད། སློབ་དཔོན་ཆེན་པོའི་ཐུགས་རྗེ་རྨད་དུ་བྱུང་བ་ལ་བརྟེན་ནས། སྤྲུལ་པའི་གཏེར་སྟོན་ཐམས་ཅད་ཀྱི་ཐོག་མ་སངས་རྒྱས་བླ་མ། རྒྱ་ལོ་ཙཱ་བ་རྡོ་རྗེ་བཟང་པོ། མང་ཡུལ་ཉི་མ་སེང་གེ་སོགས་ནས་གཙོ་བོར་གྱུར་པ་ཡར་རྗེ་ཨོ་རྒྱན་གླིང་པ་ནས་ཆོས་རྗེ་གླིང་པ་ཡན་སྐྱེ་བ་བཅུ་གཉིས་བར་གཏེར་སྟོན་རྐྱང་པའི་སྐྱེ་བ་བཞེས་ནས། བཅུ་གསུམ་པ་གར་དབང་འཆི་མེད་རྡོ་རྗེ་ལ་བཞེད་པ་དང་། རིག་འཛིན་འཇིགས་མེད་གླིང་པ་ལ་བཞེད་པ་པའང་ཡོད་མོད། རྡོ་རྗེའི་ལུང་གིས་གསལ་བར་བསྟན་པ་ནི་གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་བཀའ་བབས་བདུན་གྱི་མངའ་བདག་རྗེ་བླ་མ་རིན་པོ་ཆེ་པདྨ་མདོ་སྔགས་གླིང་པ་ཉིད་དུ་ངེས་པའོ། ༈ །བངས་རིགས་ཉེར་ལྔ་ལས། གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ནི། གནུབས་རོང་ཡུལ་དུ་འཁྲུངས། ཨོ་རྒྱན་ཆེན་པོས་བཀའ་བརྒྱད་ཀྱི་དབང་བསྐུར་བའི་སྐབས། མེ་ཏོག་སྐུ་གཤིན་རྗེར་ཕོག །སྦྲགས་ཀྱི་ཡང་རྫོང་དུ་སྒྲུབ་པ་མཛད་པས་ལྷ་ཚོགས་ཐམས་ཅད་ཀྱི་ཞལ་གཟིགས། བྲག་ལ་ཕུར་པ་བཏབ་པ་དང་། ཉི་ཟླ་གདན་དུ་བཏིང་བ་སོགས་གྲུབ་པའི་རྟགས་མཚན་མངོན་སྣང་དུ་སྟོན་པར་ནུས། རྒྱ་གར་དང་བལ་ཡུལ་དུ་ལན་བདུན་བྱོན། མདོ་སྒྱུ་སེམས་གསུམ་གྱི་བཀའ་བབས། བལ་པོ་བ་སུ་དྷ་ར་ལས་མངོན་སྤྱོད་ཀྱི་ལས་མང་དུ་ཞུས་ཤིང་དྲག་པོའི་ཕྲིན་ལས་མང་དུ་མཛད། ཁྱད་པར་དུ་རྒྱལ་པོ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བཤིགས་པའི་དུས་སློབ་དཔོན་འདིས་རྒྱལ་པོ་སྡིག་ཅན་སྐྲག་པར་མཛད་དེ། རྒྱལ་པོས་ཁྱོད་ལ་ནུས་པ་ཅི་ཡོད་ཟེར་བས་ངས་སྔགས་ཙམ་བཟླས་པའི་ནུས་པ་འདི་ལ་གཟིགས་ཤིག་ཅེས་སྡིགས་མཛུབ་གནམ་དུ་ཕྱར་བས་སྡིགས་མཛུབ་ཀྱི་སྟེང་ན་ལྕགས་ཀྱི་སྡིག་པ་ནག་པོ་གཡག་ཙམ་དགུ་བརྩེགས་སུ་འདུག་པ་མཐོང་བས་རྒྱལ་པོ་སྐྲག་སྟེ་དཀོན་མཆོག་སྔགས་པའི་སྐུ་ལ་མི་བསྡོའོ་ཆོས་མཛོད་ཅིག་ཟེར།ད་རུང་ནུས་པ་འདི་ལ་གཟིགས་ཤིག་ཟེར་ནས་སྡིགས་མཛུབ་ཀྱིས་ཐོག་ཕབ་སྟེ་ཕ་རིའི་བྲག་ལ་བསྣུན་པས་ཚལ་པར་སོང་། དེར་རྒྱལ་པོ་འཇིགས་ཤིང་སྐྲག་ནས་ཁྱེད་འཁོར་བཅས་ལ་གནོད་པ་མི་བྱེད་དོ་ཟེར་ནས་བཏང་སྟེ་སྔགས་འཆང་གོས་དཀར་ལྕང་ལོ་ཅན་རྣམས་ལ་གནོད་པ་མ་བྱུང་བ་ཁོང་གི་དྲིན་དུ་མངོན་ཏེ་སངས་རྒྱས་ཀྱི་བསྟན་པ་སྤྱི་ལའང་ཕན་པ་ཆེར་བྱུང་ངོ་། །ཚེའི་རིག་འཛིན་བརྙེས་པས་མངའ་བདག་དཔལ་འཁོར་བཙན་གྱི་བར་དུ་བཞུགས་པར་གྲགས། མཐར་ཐུགས་སྲས་ཡོན་ཏན་རྒྱ་མཚོ་དང་། དགེ་བའི་མཆེད་བཅོ་ལྔ་སོགས་སྨིན་པར་མཛད་ནས་ལྕང་ལོ་ཅན་དུ་གཤེགས། སྔ་འགྱུར་བཀའ་མའི་བབས་སོ་ཆེན་པོའི་སྲོལ་འཛིན་པའི་ཤིང་རྟ་ཆེན་པོའོ། །འདིའི་རྣམ་འཕྲུལ་གཏེར་སྟོན་དུམ་པ་རྒྱ་ཞང་ཁྲོམ་རྡོ་རྗེ་འོད་འབར་དང་། ཨོ་རྒྱན་དྲི་མེད་ཀུན་དགའ་སོགས་སྔ་ཕྱིར་མང་དུ་བྱུང་ངོ་། ༈ །ངན་ལམ་རྒྱལ་བ་མཆོག་དབྱངས་ནི་དབུ་རུ་འཕན་ཡུལ་དུ་འཁྲུངས། རུས་ངན་ལམ། མཁན་པོ་བོ་དྷི་སཏྭ་ལས་རབ་ཏུ་བྱུང་སྟེ། བོད་འདིར་རབ་བྱུང་གི་སྔ་བ་སད་མི་མི་བདུན་གྱི་གྲས་ཡིན། སྐུ་ཤིན་ཏུ་བཙུན་པར་གྲགས་ཏེ། སྦ་བཞེད་ཀྱི་ལོ་རྒྱུས་ལས་རབ་ཀྱི་མི་དགུ་འདྲེན་པ་ན། བཙུན་པའི་རབ་ནི་ངན་ལམ་ལྷ་ཆུང་གཉིས། ཞེས་འབྱུང་ངོ་། །མེ་ཏོག་གསུང་རྟ་མགྲིན་ལ་ཕོག །དབེན་རྩར་སྒྲུབ་པ་མཛད་པས་ཡུལ་གསུམ་གྱད་དུ་གྱུར་ཏེ་དབུ་གཙུག་ནས་རྟ་མགོ་ཐོན་ཞིང་རྟ་སྐད་འཚེར་བ་བྱུང་། ཚེའི་རིག་འཛིན་བརྙེས་པས། མངའ་བདག་དཔལ་འཁོར་བཙན་གྱི་དུས། རྨ་བན་བྱང་ཆུབ་བློ་གྲོས་སྟོང་དུ་འབྲོ་རྣམས་ཀྱིས་མི་ཤ་ལ་བཀུམ་པ་རྒྱལ་པོར་སྐྱེས་ཏེ་མངའ་བདག་ལ་གནོད་པ་ལ། རྒྱལ་བ་མཆོག་དབྱངས་ཀྱིས་རྒྱལ་པོ་རྩེ་མདོས་མཛད་ནས། བཙན་པོ་བསྙུན་ལས་གྲོལ་བར་མཛད། མདོས་དེའི་སྨྲེང་མཁར་ཆུར་གཏེར་དུ་སྦས་པ་དུས་ཕྱིས་ཁམས་པ་དར་བེར་ཅན་གྱིས་གཏེར་ནས་བཏོན་པར་གྲགས། འདིའི་རྣམ་འཕྲུལ་གུ་རུ་ཚེ་བརྟན་རྒྱལ་མཚན་དང་། རྒྱ་སྟོན་པདྨ་དབང་ཕྱུག་སོགས་བྱོན་ཅིང་། གྲུབ་ཆེན་ཀརྨ་པཀྴིས་ཀྱང་འདི་ཉིད་ཀྱི་རྣམ་འཕྲུལ་དུ་ཞལ་གྱིས་བཞེས་ཏེ་འཇིག་རྟེན་ཡོངས་སུ་གྲགས་སོ། ༈ །དགེ་སློང་ནམ་མཁའི་སྙིང་པོ་ནི། རུས་གནུབས། འཁྲུངས་ཡུལ་གཉལ་སྨད་ཉང་དཀར་མདའ་ཤམ་བུར་འཁྲུངས། མཁན་པོ་ལས་རབ་ཏུ་བྱུང་། རྟེན་དགེ་སློང་། སློབ་དཔོན་ཆེན་པོས་དབང་བསྐུར་དུས་མེ་ཏོག་ཡང་དག་ཐུགས་ལ་ཕོག་པས་གྲུབ་པའི་མཚན་མ་བརྙེས་ཏེ་ཉི་ཟེར་ལས་གཤེགས་བཞུད་མཛད། ལོ་ཙཱ་ལེགས་པར་སྦྱངས་ནས་རྒྱ་གར་ལ་བྱོན། སློབ་དཔོན་ཧཱུྃ་ཀ་ར་སོགས་པཎ་གྲུབ་མང་པོ་དང་མཇལ། དབང་དང་གདམས་པ་མང་པོ་གསན་ནས་བོད་དུ་བྱོན། བོན་བློན་རྣམས་ཀྱི་ཕྲ་མས། རེ་ཞིག་ལྷོ་བྲག་མཁར་ཆུར་བྱོན། སྐབས་ཤིག་འཁྲུངས་ཡུལ་གྱི་ཉེ་འཁོར། བྲག་དམར་ཞེས་བྱ་བའི་ཕུག་པར་བཞུགས་པ་ན། གཅུང་པོ་འཇིག་རྟེན་འཛིན་པ་ཞིག་ཡོད་པ་དེ། ཞིང་ལ་འདེབས་རྒྱུའི་ས་བོན་མེད་དེ། སློབ་དཔོན་ལ་ཞུ་བར་ཕྱིན་པས། ཁྱོད་འཇིག་རྟེན་པ་ལ་ས་བོན་མེད་ན། ང་རི་ཁྲོད་འགྲིམ་པ་ལ་ས་བོན་གང་ལས་འོང་། འོན་ཀྱང་འདི་གཏོར་ལ་སོ་ནམས་བྱེད་པ་བཞིན་གྱིས། མི་ལ་ངོ་ཚ་གསུངས་ནས་རྡེའུ་ཕད་བུ་གང་གནང་བ་དེ། གཅུང་པོས་ཀྱང་བཀའ་བཞིན་བྱས་པས། ཡུལ་མི་གཞན་ལས་ལྷག་པའི་ལོ་ཐོག་སྐྱེས། ཡང་ལན་གཅིག་གནས་དེ་ནས། གཉལ་སྨད་ཀྱི་དགེ་རིའི་རྩེར་ནམ་མཁའ་ལ་འཕུར་ནས་བྱོན་པ་ན། ལམ་དུ་ཕྱག་ཕྲེང་ཟག་པ། ཉང་སྨད་མཁར་ཐང་དཀྱིལ་དུ་ལྷུང་བ། ནམ་མཁའ་ནས་རྫུ་འཕྲུལ་གྱི་ཕྱག་བརྐྱངས་ནས་བླངས་པས། ས་ལ་ཕྱག་སོར་ལྔའི་རྗེས་བྱུང་བར་མེ་ཏོག་ལྔ་སྐྱེས། དེ་ལ་མཁའ་འགྲོ་སྡེ་ལྔ་དང་། འབྱུང་བ་བཞིའི་ལྷ་མོས་མཆོད་རྟེན་ལྔ་བཞེངས་པ་ད་ལྟ་ཡང་ཡོད། དགྱེ་རི་སྤྱང་དམར་ཕུག་པར་བཞུགས་སྐབས། དགྱེ་རིའི་འདབ་དེས་སྤེ་དྲིལ་གྱི་གཞོན་པ་མང་པོས་བཟའ་བཅའ་སྣ་ཚོགས་ཁྱེར་ནས་རི་བལྟས་ལ་ཕྱིན་པ་ན། དགེ་སློང་དང་མཇལ། ཁོང་ཚོས་ཚོགས་འཁོར་ཞུས་པས། འགྲོ་ཁར་བྱིན་རླབས་ཡིན་གསུངས་ནས། མི་རེ་ལ་རྡེའུ་དམར་པོ་འགའ་རེ་གནང་བས། ཕལ་ཆེར་གྱིས་ཕོས། གཅིག་གིས་མདའ་དོང་དུ་བླུགས་ནས་འོངས། ཕྱིས་མདའ་བཏོན་པ་ན་གཡུ་ཐོན། སྔར་སློབ་དཔོན་གྱིས་རྡེའུ་གནང་བ་དེ་དངོས་གྲུབ་ཡིན་པར་ཤེས་ནས། གཞན་ཚོ་ལ་བཤད་པས། རྡེའུ་ཕོས་པར་འགྱོད་ནས། སླར་སློབ་དཔོན་ལ་དངོས་གྲུབ་ཞུ་བར་ཕྱིན་པས། ཕུག་པའི་ནང་ན་སློབ་དཔོན་ནི་མེད་པར་སྤྱང་ཀི་དམར་པོ་ཞིག་མཐོང་བས། སྤྱང་དམར་ཕུག་པར་གྲགས། སྔར་གྱི་གཡུ་དེ་རྣམས་ལ་ཐོད་པ་དྲུག་དམར། རྩད་པོ་བརྒྱད་དཀར། སྐར་མ་མིག་བཞི་སོགས་གཡུ་མིང་ཅན་འགའ་བྱུང་བར་གྲགས། ཡང་ལོ་རྒྱུས་གཞན་ཞིག་ཏུ། སློབ་དཔོན་ལ་ནང་རེ་བཞིན་བུད་མེད་ཞིག་གིས་ཞོ་རྫིའུ་རེ་ཕུལ་བས་སྐབས་ཤིག་སློབ་དཔོན་གྱིས་ཞོ་སྣོད་རྡེ་འུས་བཀང་ནས་གནང་བས་མོས་ཀྱང་དངོས་གྲུབ་ཡིན་པར་ཤེས་ནས་ཁྱིམ་དུ་ཁྱེར་ཏེ་ཞག་འགའ་ཞིག་ནས་བལྟས་པ་རྡེའུ་ཐམས་ཅད་གཡུ་རུ་སོང་འདུག་ཟེར་བའང་སྣང་། ལྷོ་བྲག་མཁར་ཆུར་དཔལ་གྱི་ཕུག་རིང་ལ་སོགས་པར་སྒྲུབ་པ་མཛད་པས་ཡི་དམ་མང་པོའི་ཞལ་གཟིགས་ཤིང་། ཕྱག་རྒྱ་ཆེན་པོའི་རིག་འཛིན་བརྙེས་ནས། ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས། འདིའི་རྣམ་འཕྲུལ་མང་པོ་བྱང་ཆུབ་གླིང་པ་དཔལ་གྱི་རྒྱལ་མཚན་དང་། ཕྱིས་སུ་རིག་འཛིན་ཚེ་དབང་ནོར་བུ་སོགས་གཏེར་སྟོན་ཅི་རིགས་པར་བྱོན། གསང་ཡུམ་མཁའ་སྤྱོད་གྲུབ་པ་ཤེལ་དཀར་རྡོ་རྗེ་མཚོའི་རྣམ་ཐར་རྒྱས་པ་པདྨ་གླིང་པའི་བླ་མ་ནོར་བུ་རྒྱ་མཚོར་གསལ། ༈ གཉགས་ལོ་ཡེ་ཤེས་གཞོན་ནུ་ནི། འཁྲུངས་ཡུལ་ཡར་ལུང་ཤེར་པའམ་འཕྱོས། རུས་ལས་མིང་དུ་ཆགས་པ་གཉགས་སྟག་སྒྲ་ལྷ་སྣང་། སྲུ་བཟའ་མགོན་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། མགྲིན་པ་ན་སྨེ་བ་རྡོ་རྗེ་རྒྱ་གྲམ་གྱི་ཚུལ་དུ་ཡོད། མཚན་རྒྱལ་བའི་བློ་གྲོས་སུ་བཏགས། མཁན་ཆེན་བོ་དྷི་སཏྭ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཁྱེན་རབ་བསམ་གྱིས་མི་ཁྱབ་པས་མདོ་སྔགས་ཀྱི་ཆོས་མང་དུ་བསྒྱུར། སློབ་དཔོན་ཆེན་པོ། བི་མ་ལ། བཻ་རོ། གཡུ་སྒྲ་རྣམས་བསྟེན་པས་བཀའི་ཆུ་བོ་བཞི་འདུས་པས། སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་དང་པོ་གཉགས་ལ་བབས་ཞེས་འབྱུང་། གཙོ་བོར་ཕུར་པ་ལ་མངོན་རྟགས་བརྙེས་པས་རྫུ་འཕྲུལ་གྱི་མཐུ་གྲུབ། ཕུར་པ་གཉགས་ལུགས་ཞེས་ཕྱིས་ཀྱི་བར་དུ་དར་རྒྱས་ཆེ་བ་དང་། སློབ་དཔོན་ཆེན་པོས་བཀའ་བརྒྱད་ཀྱི་དབང་བསྐུར་དུས་རྒྱལ་པོ་དང་ལྷན་ཅིག་དབུས་ཀྱི་ཆེ་མཆོག་ལ་མེ་ཏོག་ཕོག་པས། གསང་མཚན་དྲི་མེད་ཟླ་ཤར་ཏེ་བདུད་རྩི་སྨན་གྱི་བཀའ་བབས། སྒྲུབ་གནས་ཡར་ལུང་ཤེལ་བྲག་ནས་རྫུ་འཕྲུལ་གྱིས་སྒྲུབ་ཆུ་བཏོན་པ་ད་ལྟའང་ཡོད། ཡང་ངན་ལམ་རྒྱལ་བ་མཆོག་དབྱངས་དང་ལྷན་ཅིག་ཡེར་པར་སྒྲུབ་པ་མཛད་པས་གྲུབ་པ་ཐོབ་སྟེ་བྱ་རོག་ཞིག་ཏུ་བརྫུས་ནས་གྲོགས་པོའི་རྩར་བྱོན་པས་རྒྱལ་བ་མཆོག་དབྱངས་ཀྱིས་ཀྱང་ངོ་མཁྱེན་པས། སླར་རྔ་མོ་ཆུང་ངུ་ཞིག་ཏུ་སྤྲུལ་ནས་བསྐོར་བ་ལན་གསུམ་བྱས་ནས་མཆོག་དབྱངས་ལ་སྤྱང་རབ་བྱུང་གསུངས་སྐད་དེ། དབེན་པ་དེར་དེང་སང་ཡང་བྱ་རོག་རྫོང་དུ་གྲགས། བཀའ་བབས་མི་བརྒྱད་ཀྱི་དུས་གཉགས་མི་བགྲང་བའང་འདུག་སྟེ། དབང་པོའི་སྡེས་ཀྱང་བགྲང་བར་མ་གནང་ཡང་འདིར་བཀའ་བརྒྱད་བདེར་འདུས་ལྟར་བྲིས་སོ། །གང་ལྟར་ཡང་མདོ་སྒྱུ་སེམས་གསུམ་གྱི་བསྟན་པའི་མངའ་བདག་ཏུ་གྱུར། སློབ་མ་སོག་པོ་དཔལ་གྱི་ཡེ་ཤེས་སོགས་དཔལ་གྱི་བུ་བརྒྱད་དུ་གྲགས་པ་དང་། དབོན་རྒྱུད་རྣམས་ལས་ཀྱང་ཕྲིན་ལས་རྒྱ་ཆེར་བྱུང་། འདིའི་རྣམ་འཕྲུལ་ཡར་སྟོད་ར་མོ་ཤེལ་སྨན་དང་། བྱ་རོང་ཨེ་ཡི་སྨན་པ་ཉི་འོད་གསལ་སོགས་སྤྲུལ་པའི་གཏེར་སྟོན་ཅི་རིགས་པ་བྱོན་པར་སྣང་། ༈ དབྱངས་ཅན་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་ནི། འདིའི་འཁྲུངས་ཡུལ་དང་། ཡབ་ཡུམ་གྱི་མཚན་སོགས་ལ་ནི་མི་འདྲ་བ་མང་དུ་སྣང་ཡང་ཐང་ཡིག་ལྟར་ན། ཡབ་ནམ་མཁའ་ཡེ་ཤེས་དང་། ཡུམ་གནུབས་མོ་དགེ་བ་འབུམ་གྱི་སྲས་སུ་སྦྲགས་ཀྱི་གྲོང་མོ་ཆེར་འཁྲུངས། རུས་མཁར་ཆེན་ཏེ། འཁྲུངས་ཡུལ་དེར་སྐུ་གཞོན་ནུའི་དུས་ཀྱི་ཞབས་རྗེས་དང་། བླ་མཚོ་ཆུང་ངུ་ཞིག་ཀྱང་ཡོད། སྔོན་རྒྱལ་པོའི་བཙུན་མོ་ཡིན་ཡང་སློབ་དཔོན་ལ་དབང་ཡོན་དུ་ཕུལ་བས་གུ་རུའི་ཐུགས་ཀྱི་གཟུངས་མར་གྱུར། སློབ་དཔོན་དང་མཇལ་ཚུལ་མི་འདྲ་བ་སྣ་ཚོགས་ཡོད་མོད། མེ་ཏོག་ཕུར་པའི་དཀྱིལ་འཁོར་ལ་ཕོག་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས་ཀྱི་ཞལ་གཟིགས་ཤིང་གྲུབ་པ་བརྙེས་པས་ཕ་མེས་ཀྱི་ཟ་འདྲེ་བཏུལ། བསད་གསོ་གྲུབ་པས། མཚོན་གྱིས་བསད་པའི་མི་རོ་གསོན་པོར་སློང་ནུས། གཞོ་སྟོད་ཏི་སྒྲོར་ཟབ་ཆོས་མཁའ་འགྲོ་སྙིང་ཐིག་སོགས་གྲུབ་པའི་གནས་ཆེན་རྣམས་སུ་ཨོ་རྒྱན་ཆེན་པོ་ལས་ཟབ་ཆོས་མཐའ་ཡས་པ་གསན་ཅིང་ཐུགས་ཉམས་སུ་བཞེས་པས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། སྐུ་གཞོན་དུས་ཆོས་ལ་བར་ཆད་བྱེད་པའི་བདུད་བློན་ཤ་ཏ་ཟེར་བ་དམྱལ་བར་སོང་བས་དེ་འདྲེན་པའི་ཕྱིར་དམྱལ་བའི་ཡུལ་དུ་བྱོན་ནས་དམྱལ་བའི་ལྕགས་ཁང་གི་རྩར་ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་དཀྱིལ་འཁོར་བཞེངས་པས་ལྕགས་ཁང་སིལ་གྱིས་ཞིག་ནས་ཤ་ཏས་གཙོས་པའི་དམྱལ་བའི་སེམས་ཅན་ཐམས་ཅད་དྲངས་ཏེ་དམྱལ་ཁམས་ལན་གཅིག་སྟོངས་པར་མཛད། སློབ་དཔོན་ཆེན་པོའི་གསུང་གསང་བསམ་གྱིས་མི་ཁྱབ་པའི་ཆོས་སོ་ཅོག་གི་བཀའི་བསྡུ་བ་མཛད་ཅིང་། བོད་ཡུལ་དུ་ལོ་ཉིས་བརྒྱར་འགྲོ་དོན་བསྐྱངས་ནས་སྐུ་དེ་ཉིད་མ་སྤངས་པར་ས་སྤྱོད་ཟངས་མདོག་དཔལ་རིར་གཤེགས་ཏེ་གུ་རུའི་ཐུགས་ཀྱི་གཟུངས་མར་བཞུགས་ཤིང་བོད་ཡུལ་འགྲོ་ལ་བཀའ་དྲིན་འགྲན་ཟླ་མེད་པའི་མ་གཅིག་ཡིད་བཞིན་ནོར་བུ་དེའོ། །གཤེགས་ལོ་སོགས་ལའང་སྣ་ཚོགས་སྨྲ་བར་སྣང་ཡང་འདིར་ཡོངས་གྲགས་ལྟར་བྱས་ལ། གུ་རུའི་བཀའ་ཐམས་ཅད་གཏེར་དུ་སྦེད་པ་སོགས་ཕལ་ཆེར་ཡང་ཡེ་ཤེས་མཁའ་འགྲོ་འདི་ཉིད་ཀྱིས་མཛད་པ་ལ་བརྟེན་ནས་སྤྲུལ་པའི་གཏེར་སྟོན་ཆེན་པོ་རྣམས་རྗེས་སུ་བཟུང་ཞིང་ལུང་བསྟན་དབང་བསྐུར་དབུགས་དབྱུང་། འགའ་ཞིག་གི་གསང་བའི་གྲོགས་སུ་རྣམ་པར་འཕྲུལ་པ་སོགས་མཐའ་ཡས་ཤིང་དངོས་ཀྱི་སྤྲུལ་པའང་། ཇོ་མོ་སྨན་མོ་པདྨ་མཚོ་སྐྱིད་དང་། མཁའ་འགྲོ་མ་ཀུན་དགའ་འབུམ་སོགས་སྤྲུལ་པའི་གཏེར་སྟོན་ཆེན་མོ་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་པས་མཚོན་ངོ་མཚར་བསམ་གྱིས་མི་ཁྱབ་བོ། ༈ །འབྲོག་མི་དཔལ་གྱི་ཡེ་ཤེས་ནི། གདུང་རུས་འབྲོག་མི་ཡིན། ཡར་འབྲོག་སྒང་དུ་འཁྲུངས། ལོ་ཙཱ་མཁས་པར་མཁྱེན་པས་མ་མོའི་རྒྱུད་སོགས་མདོ་སྔགས་མང་དུ་བསྒྱུར། སློབ་དཔོན་ཆེན་པོས་དབང་བསྐུར་གནང་དུས་མེ་ཏོག་བླ་མེད་ཧེ་རུ་ཀའི་དཀྱིལ་འཁོར་ལ་ཕོག་སྟེ་སྲིད་པ་མ་མོའི་བཀའ་བབས། སྲིད་པ་བདེ་འགྲོའི་དཀྱིལ་འཁོར་མངོན་སུམ་དུ་གཟིགས་ཤིང་སྣང་སྲིད་མ་མོ་ཐམས་ཅད་བྲན་ཏུ་འཁོལ། ཡར་སྟོད་ཤམ་པོ་གངས་རི་ལ་སྒྲུབ་གནས་མཛད་པས། ལྷ་ཆེན་ཤམ་པོའི་སྲོག་གི་བླ་རྡོ་ལྷ་ཀླུ་མིའི་རིན་པོ་ཆེ་བཅོ་ལྔའི་རྒྱུ་ལས་གྲུབ་པ་དྲོད་རྟ་རྔ་ཙམ་རྒྱུན་དུ་ཡོད་པ་ཞིག་གཏེར་དུ་བཅོལ་བ་ཕྱིས་སོ་སྐལ་ལྡན་རྡོ་རྗེས་བཏོན་པར་གྲགས། སྐུའི་རྟེན་རིག་སྔགས་འཆང་ཆེན་པོའི་ཚུལ་དུ་བཞུགས་པ་ཡིན་པས་གདུང་དང་དབོན་རྒྱུད་ཀྱང་སྔགས་འཆང་གྲུབ་བརྙེས་དང་ལོ་ཙཱ་བ་སོགས་མང་དུ་བྱོན་ཅིང་གདུང་རིགས་ད་ལྟའང་ཡོད། སྤྲུལ་པའི་གཏེར་སྟོན་ཆེན་པོ་ར་ཤག་ཆོས་འབར་དུ་གྲགས་པའང་འདི་ཉིད་དང་ལོ་ཆེན་བཻ་རོ་ཟུང་དུ་འཇུག་པའི་སྤྲུལ་པ་དང་། ཁ་རག་བདེ་ཆེན་གླིང་པ་སྔ་ཕྱི་བར་གསུམ་གྱིས་མཚོན་རྣམ་འཕྲུལ་ཅི་རིགས་བྱོན་པར་མངོན། ༈ རླངས་དཔལ་གྱི་སེང་གེ་ཕྱི་མ་ནི། ལྷ་གཟིགས་རླངས་ཀྱི་གདུང་ལས། ཡབ་ཨ་མེས་བྱང་ཆུབ་འདྲེ་འཁོལ་ཞེས་ལོ་བརྒྱད་ནས་ཨོ་རྒྱན་དུ་བྱོན་པ་དང་། སྲིན་པོ་བཏུལ་བ་དང་། གླིང་རྗེ་གེ་སར་གྱིས་གླིང་ཡུལ་དུ་གདན་ལན་གཉིས་དྲངས་ནས་ཕྱོགས་བཞིའི་འདྲེ་ཆེན་པོ་བཞི་བཏུལ་ཅིང་། ལྷ་སྲིན་བྲན་དུ་འཁོལ་བ་དེ་དང་། ཡུམ་ཇོ་མོ་སྐལ་ལྡན་མ་གཉིས་ལ་སྲས་གསུམ་ཡོད་པའི་ཆེ་བར་འཁྲུངས། རྫུ་འཕྲུལ་དང་ནུས་པ་བསམ་གྱིས་མི་ཁྱབ་པ་མངའ། ཁྱད་པར་སློབ་དཔོན་ཆེན་པོའི་ཐུགས་སྲས་སུ་གྱུར། དབང་བསྐུར་ཞུས་དུས་མེ་ཏོག་འཇིག་རྟེན་མཆོད་བསྟོད་ཀྱི་དཀྱིལ་འཁོར་ལ་ཕོག་པས་དྲེགས་པའི་བཀའ་བབས། དྲེགས་ཚོགས་ལྷ་སྲིན་ཐམས་ཅད་བྲན་དང་གཡོག་ཏུ་བཀོལ་ནུས། སྒྲུབ་གནས་སྤ་གྲོ་སྟག་ཚང་དུ་བཅོམ་ལྡན་འདས་དྲེགས་པ་ཀུན་འདུལ་གྱི་ལྷ་ཞལ་གཟིགས་ཤིང་དངོས་གྲུབ་རྣམ་པ་གཉིས་ཐོབ་པ་ཡིན་ནོ། །རླངས་ལྷ་གཟིགས་ཀྱི་གདུང་ལས་སྡེ་སྲིད་ཕག་མོ་གྲུ་པ་ཞེས་སྣེའུ་གདོང་པ་རྣམས་བྱུང་། འདིའི་རྣམ་འཕྲུལ་སྤྲུལ་པའི་གཏེར་སྟོན་རྭ་སྟོན་སྟོབས་ལྡན་རྡོ་རྗེ་སོགས་ཅི་རིགས་བྱོན། ༈ ལོ་ཆེན་བཻ་རོ་ཙ་ན་ནི། གདུང་པ་གོར། འཁྲུངས་ཡུལ་ཕྱོགས་གཉིས་སྣང་སྟེ་ཐང་ཡིག་ལས་སྙེ་མོར་བཤད་ཀྱང་། བཻ་རོ་ཉིད་ཀྱི་འདྲ་འབག་ལས། ཉང་ཆུ་གཙང་ཆུ་འདྲེས་པ་ཞེས་འབྱུང་བས། ད་ལྟ་ཕོ་བྲང་ཆེན་པོ་བསམ་འགྲུབ་རྩེའི་ཆུའི་ཤར་ཁ། ཟངས་དཀར་ཟེར་བའི་གྲོང་ཡོད་པ་དེ་ཉིད་དང་ཉེ་བའི་ཐང་དུ་འཁྲུངས་པར་གསལ་ཞིང་། གནས་དེ་ཉིད་ན། ལོ་ཆེན་བྱིས་པའི་དུས་ཀྱི་ཞབས་རྗེས་ཀྱང་རྡོ་ལ་གསལ་བར་ཡོད་དོ་ཟེར། ཡབ་པ་གོར་རྡོ་རྗེ་རྒྱལ་པོ། པ་གོར་ཧེ་འདོད་ཁུ་བོ་ཡིན་པར་བཞེད། ཐང་ཡིག་ནས་ཡབ་ཡིན་པར་གསུངས། ཡུམ་བྲན་ཀ་བཟའ་སྒྲོན་སྐྱིད་ཀྱི་སྲས་སུ་འཁྲུངས། སྐུ་གཞོན་ནུའི་དུས་འཁྲུངས་ཡུལ་བྲག་པོ་ཆེའི་རི་ཕན་ཚུན་དུ་འཕུར་ནས་རྫུ་འཕྲུལ་གྱིས་གཤེགས་བཞུད་མཛད། སད་མི་མི་བདུན་གྱི་ནང་དུ་མཁན་པོ་ལས་རབ་ཏུ་བྱུང་། མཚན་བཻ་རོ་ཙ་ན་རཀྵིཏ་སྟེ་རྣམ་པར་སྣང་མཛད་སྲུང་བ་ཞེས་བཏགས། སྒྲ་སྐད་ལོ་ཙཱ་ལ་མཁས་པའི་ཕུལ་དུ་ཕྱིན་ཏེ་བསིལ་ལྡན་མྱུ་གུས་དཀྲིགས་པའི་ལྗོངས་འདི་ན་སྔ་ཕྱིར་བྱོན་པའི་མཁས་པ་སུས་ཀྱང་འགྲན་བཟོད་པ་མེད། ཆོས་རྒྱལ་ཁྲི་སྲོང་གི་བཀས་བསྐུལ་ཏེ་གཙང་བན་ལེགས་གྲུབ་དང་ལྷན་ཅིག་རྒྱ་གར་དུ་བྱོན། པཎ་ཆེན་ཤྲཱི་སིཾ་ཧ་སོགས་ཉེར་ལྔ་མཇལ་ཞིང་གསང་སྔགས་ཀྱི་ཟབ་ཆོས་མང་དུ་གསན། ཁྱད་པར་ཤྲཱི་སིཾ་ཧ་ལས་རྫོགས་པ་ཆེན་པོ་སེམས་ཀློང་གཙོར་གྱུར་མཐའ་དག་ནོས་ཤིང་ཐུགས་ཉམས་སུ་བཞེས་པས་དགོངས་པ་དབྱེར་མེད་དུ་གྱུར། སླར་རྐང་མགྱོགས་ཀྱི་རྫུ་འཕྲུལ་མཐུས་བོད་དུ་བདེ་བར་བྱོན་ནས་མངའ་བདག་ཁྲི་སྲོང་རྗེས་སུ་བཟུང་བའི་སྐབས། བདུད་བློན་རྣམས་ཀྱིས་དབྱེན་བཅོས་པ་དང་སྔོན་གྱི་སྨོན་ལམ་ལ་བརྟེན་རྒྱལ་མོ་ཚ་རོང་དུ་གཤེགས་པའི་ཚུལ་བསྟན། ཕྱོགས་དེར་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད། ཁྱད་པར་ལེགས་གྲུབ་ཀྱི་སྐྱེ་བ་དེ་མ་ཐག་པ་གཡུ་སྒྲ་སྙིང་པོ་རྗེས་སུ་བཟུང་བས་ཐུགས་སྲས་མཆོག་ཏུ་གྱུར། སླར་ཡུལ་དབུས་སུ་ཕེབས་ནས་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད། སློབ་དཔོན་རིན་པོ་ཆེ་ལས་བཀའ་བརྒྱད་ཀྱི་དབང་གསན་པའི་ཚེ་མེ་ཏོག་དམོད་པ་དྲག་སྔགས་ལ་ཕོག་པས་དྲེགས་པའི་བཀའ་བབས། བཀའ་བརྒྱད་བདེ་གཤེགས་འདུས་པ་སོགས་ཀྱི་བཀའི་བསྡུ་བ་ཆེན་པོ་མཛད། སློབ་དཔོན་ཉིད་དང་དགོངས་པ་མཉམ་པར་བསྔགས། སྟོབས་ལྡན་ནག་པོའི་ཞལ་གཟིགས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་དངོས་གྲུབ་བརྙེས། དྲག་སྔགས་ཀྱི་དམོད་པས་བསྟན་པའི་དགྲ་བོ་བསྒྲལ། ཁྱད་པར་རྒྱལ་པོའི་བཙུན་མོ་དམར་རྒྱན་མར་མཛེ་ཐོད་རྒལ་བཏང་བ། སློབ་དཔོན་པདྨའི་ཐུགས་རྗེས་གསོས་པའི་ལོ་རྒྱུས་ཡོད་ལ། དེ་དུས་བཻ་རོས་བཙུན་མོར་རྦད་རྒྱུའི་ཀླུ་དེ་དེང་སང་མི་འཁོག་ཞུགས་འབྱུང་ཡང་བཙུན་མོའི་གྲིབ་ཀྱིས་ངག་ལྐུག་ནས་བླང་དོར་སྨྲ་རུ་མེད་པས་མཆོད་པ་བཞེས་ལུགས་ལ་པྲ་བརྟག་བྱེད་པ་ཡོད། བཻ་རོ་ཡན་ཆད་འདི་དག་ལ་བཀའ་བབས་མི་བརྒྱད་དམ་དགུ་ཞེས་ཟེར། དེ་ལྟ་བུའི་ནམ་མཁའི་མཐའ་དང་མཉམ་པའི་ལོ་ཙཱ་བ་ཆེན་པོ་འདི་ནི་སློབ་དཔོན་རིན་པོ་ཆེའི་ཐུགས་སྲས་རྗེ་འབངས་གྲོགས་གསུམ་ཞེས་རྗེ་མངའ་བདག་རྒྱལ་པོ། འབངས་བཻ་རོ་ཙ་ན། གྲོགས་ཡེ་ཤེས་མཚོ་རྒྱལ་ཞེས་གྲགས་ཤིང་ནང་ཐུགས་ཀྱི་སྲས་གཅིག་པུར་གྱུར་པ་ལ་བརྟེན་ནས་ཟབ་ཆོས་ཕལ་ཆེར་གྱི་བཀའ་བབས་པའི་རྒྱུས། སྐུའི་སྤྲུལ་པ་གཏེར་ཆེན་རྡོ་རྗེ་གླིང་པ། ཀུན་སྐྱོང་གླིང་པ། མཆོག་ལྡན་མདོ་སྔགས་གླིང་པ། ཕྲེང་པོ་ཤེས་རབ་འོད་ཟེར། གསུང་གི་སྤྲུལ་པ་རིག་འཛིན་གཏེར་བདག་གླིང་པ། ཐུགས་ཀྱི་སྤྲུལ་པ་རོང་སྟོན་བདེ་ཆེན་གླིང་པ་སོགས་གངས་ཅན་མཐའ་དབུས་ཀུན་ཏུ་ཡོངས་སུ་གྲགས་པ་དང་མ་གྲགས་པའི་སྤྲུལ་པའི་གཏེར་སྟོན་མཐའ་ཡས་པར་སྤྲུལ་ནས་སྔ་འགྱུར་བསྟན་པ་དང་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པ་མཛད་པའི་ཚུལ་ཞིབ་པར་འོག་ཏུ་གཏེར་འབྱུང་གི་སྐབས་སུ་གསལ་བ་ལྟར་རོ། ༈ །རྒྱལ་མོ་གཡུ་སྒྲ་སྙིང་པོ་ནི། རྒྱལ་མོ་ཚ་རོང་མདོ་གཞེར་རྒྱལ་ཁབ་ཏུ་འཁྲུངས། ལོ་ཆེན་བཻ་རོས་རྗེས་སུ་བཟུང་ཞིང་། མཁས་པ་དང་གྲུབ་པའི་ཕུལ་དུ་ཕྱིན། ལོ་ཙཱ་བ་བརྒྱ་རྩ་བརྒྱད་ཀྱི་གྲངས་སུ་བྱོན་ཞིང་། སློབ་དཔོན་ཆེན་པོའི་དྲུང་དུ་མན་ངག་ལྟ་བའི་ཕྲེང་བ་ལ་སོགས་མནོས་ཤིང་། སྐུ་གསེར་གྱི་རྡོ་རྗེར་སྤྲུལ་པ་སོགས་རྫུ་འཕྲུལ་སྣ་ཚོགས་སྟོན་ནུས། ཐེག་མཆོག་རྫོགས་པ་ཆེན་པོའི་ལྟ་དགོངས་ཀློང་དུ་གྱུར། སེམས་ཀློང་སོགས་ཀྱི་བསྟན་པའི་སྲོག་ཤིང་ཆེན་པོའོ། །འདིའི་རྣམ་འཕྲུལ་སྨིན་གླིང་ལོ་ཙཱ་བ་དྷརྨ་ཤྲཱི་སོགས་བསྟན་པ་ལ་བྱ་བ་བྱེད་ནུས་པ་མང་དུ་བྱོན་ཅིང་། བྲག་གསུམ་གཏེར་སྟོན་རྡོ་རྗེ་ཐོགས་མེད་དམ་བསྟན་འཛིན་ཟླ་འོད་རྡོ་རྗེ་སོགས་གཏེར་སྟོན་ཡང་ཅི་རིགས་པ་བྱོན་པར་མངོན། ༈ སྣ་ནམ་རྡོ་རྗེ་བདུད་འཇོམས་ནི། གཙང་རོང་གི་ཕྱོགས་ཞང་བློན་སྣ་ནམ་གྱི་རིགས་སུ་འཁྲུངས། གཞོན་དུས་ཆོས་རྒྱལ་ཁྲི་སྲོང་གི་ཆོས་བློན་མཛད། ཕྱིས་སློབ་དཔོན་ཆེན་པོ་ལ་སྔགས་ཀྱི་སྒོར་ཞུགས་ཕྱིན་ཆད་སྔགས་འཆང་ཆེན་པོར་བཞུགས་པ་ལ། རྡོ་རྗེ་ཕུར་པའི་སྒོ་ནས་གྲུབ་པ་བརྙེས་པ་ཞིག་སྟེ། ཧས་པོ་རིའི་ཡང་གོང་དུ་བྲག་ལ་ཕུར་པ་བཏབ་པའི་རྗེས་ད་ལྟ་ཡང་ཡོད། བསམ་ཡས་མཁན་སློབ་ཆོས་གསུམ་གྱིས་རབ་གནས་སྐབས་སུ་རྡོ་རྗེ་བདུད་འཇོམས་ཀྱི་ཡེ་ཤེས་ཀྱི་གཟིགས་པས་མགུལ་ཕུར་བྲག་ལ་གཟིར། རླུང་སེམས་ལ་དབང་འབྱོར་བས་བྲག་ཁུང་གསེང་ཆུང་ངུ་ཞིག་ནས་ཟང་ཐལ་གྱིས་དོན་ཏེ་ཤར་མར་བསམ་ཡས་སུ་ཕེབས་ཤུལ་བྲག་ཁུང་གསེང་ནི་དེང་སང་ཡང་ངོ་འཕྲོད་པ་ཡོད། རྫུ་འཕྲུལ་གྱིས་བར་སྣང་ཁམས་ལ་ཐོགས་པ་མེད་པར་གླིང་བཞི་སྐད་ཅིག་ལ་བསྐོར་ནུས་པ་སོགས་ངོ་མཚར་བའི་མཛད་པ་མཐའ་ཡས། འདིའི་སྒྲུབ་གནས་བྲག་དམར་ཀེའུ་ཚང་ཞེས་པ་གཙང་རོང་ཆེན་དང་ཡར་འབྲོག་མཚམས་སུ་རོང་གི་བྲག་དམར་ཀེའུ་ཚང་ཞེས་ཡོངས་གྲགས་སུ་ཡོད། རྣམ་འཕྲུལ་གཙོ་བོ་བྱང་གཏེར་རིག་འཛིན་རྒོད་ལྡེམ། འཇམ་དབྱངས་བླ་མ། རིག་འཛིན་ལེགས་ལྡན་རྗེ་སོགས་རིག་འཛིན་ཆེན་པོ་རིམ་བྱོན་དང་། གཞན་ཡང་བལ་པོ་ཨ་ཧཱུྃ་སོགས་ད་ལྟའི་བར་དུ་སྦས་མངོན་གྱི་གཏེར་སྟོན་འགའ་ཞིག་བྱོན་པར་གསལ་ལོ། ༈ །སློབ་དཔོན་ཡེ་ཤེས་དབྱངས་ནི། ཨོ་རྒྱན་ཆེན་པོའི་ཟབ་གཏེར་རྣམས་ཀྱི་གཏེར་ཡིག་བྲི་མི། གསལ་དག་མཁས་པའི་ཡིག་མཁན་མི་བརྒྱད་དུ་གྲགས་པའི་ཡ་གྱལ་ཏེ། ཇི་སྐད་དུ། གསལ་ལ་དག་པ་ལྡན་མ་རྩེ་མང་ཡིན། །ཨ་ཙར་ཡེ་ཤེས་སྦོམ་རགས་བདེ་བ་སྟེ། །ཀློག་ཁར་བདེ་བ་ཤེལ་དཀར་མགོན་སྐྱིད་ཡིན། །ཞེས་སོགས་གསུངས་པ་ལས་ཤེས་སོ། །གང་ལྟར་ཡང་མཁའ་སྤྱོད་ཀྱི་ཞིང་བགྲོད་ནུས་པའི་རྫུ་འཕྲུལ་དང་དངོས་གྲུབ་བརྙེས་པ་ཞིག་གོ །འདི་ལ་སྦ་ཡེ་ཤེས་དབྱངས་ཟེར་བ་སྣང་ཡང་། ཨ་ཙར་ཡེ་ཤེས་དབྱངས་སུ་ངེས་ཏེ་ཨཱ་ཙ་རའི་ཆ་བྱད་དུ་བྲི་བའང་སྣང་། རྟེན་རབ་བྱུང་ཡིན་ནོ། ༈ །གྲུབ་ཆེན་སོག་པོ་ལྷ་དཔལ་ནི། མགར་བའི་མིང་ལ་སྔོན་དུས་སོག་པོར་འབོད་པ་དེ་འདྲའི་རིགས་རྒྱུད་དེ། རྟེན་ཁྱིམ་པ། བརྟུལ་ཞུགས་ཀྱིས་གཅན་གཟན་གདུག་པ་ཅན་རྣམས་ཀྱང་གཉའ་བ་ནས་འཛིན་པར་ནུས་པ་ཞིག་སྟེ། དེའང་གཉགས་ལོ་ཆེན་པོས་ཕུར་པ་སྒྲུབ་པའི་གྲོགས་བཙལ་བས་མཚན་ཉིད་དང་ལྡན་པར་མཁྱེན་ནས་རྗེས་སུ་བཟུང་པ་ལྟར་རྡོ་རྗེ་ཕུར་པ་ལས་དངོས་གྲུབ་བརྙེས། གཉགས་ཀྱི་སྐུ་དགྲ་ལན་གསུམ་དུ་བཏུལ་བས་ཐུགས་ཟིན་གྱི་སློབ་མ་མཆོག་ཏུ་གྱུར་པ་ཡིན་ནོ། ༈ །སྣ་ནམ་ཡེ་ཤེས་ནི། སྐ་ཅོག་ཞང་གསུམ་དུ་གྲགས་པའི་ནང་གསེས་ཞང་གི་བནྡེ་ཡེ་ཤེས་སྡེ་ཡིན་པར་བཞེད་དེ། སྒྱུར་བྱེད་ཀྱི་ལོ་ཙཱ་མཁས་པའི་ཕུལ་དུ་ཕྱིན་ཞིང་ནམ་མཁའ་ལ་བྱ་ལྟར་འཕུར་བར་ནུས་པའི་རྫུ་འཕྲུལ་ལ་མངའ་དབང་འབྱོར་བའི་གྲུབ་ཐོབ་ཆེན་པོ་སྟེ་མཁས་གྲུབ་གཉིས་ཀ་དང་ལྡན་པ། རྟེན་རབ་བྱུང་ཡིན་པར་སྣང་ངོ། །འདི་ཉིད་ཕུར་པའི་བཀའ་བབས་ཆེན་པོར་གྱུར་པས་བར་སྐབས་སུ་ཕུར་པ་སྣ་ནམ་ལུགས་ཞེས་དར་རྒྱས་བཟང་པོར་བྱུང་བར་མངོན་ཅིང་ད་ལྟའང་དྷ་ཏི་རྒྱས་འབྲིང་བསྡུས་གསུམ་ལ་བརྟེན་པའི་ཡིག་སྣ་ཅི་རིགས་ཡོད་པར་སྣང་ངོ། ༈ །མཁར་ཆེན་དཔལ་གྱི་དབང་ཕྱུག་ནི། མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་མིང་པོ་ཡིན་ཏེ། གུ་རུ་རིན་པོ་ཆེས་རྗེས་སུ་བཟུང་པའི་ཐུགས་སྲས་སུ་གྱུར། ཕྱག་གི་ཕུར་པ་གདེངས་པ་ཙམ་གྱིས་གཟས་པ་པོ་ཇི་ཙམ་ཡང་སྒྲོལ་བར་བྱེད་ནུས། རྒྱལ་པོ་ཤེལ་གིང་བསྒྲལ་ཚུལ་དང་། རྡོ་རྗེ་ཕུར་པ་ལས་དངོས་གྲུབ་བརྙེས་ཚུལ་བཀའ་མའི་ལོ་རྒྱུས་རྣམས་ལས་འབྱུང་བ་ལྟར་དང་། རྟེན་ཁྱིམ་པར་བཞུགས་ཏེ་མངོན་སྤྱོད་ཀྱི་ལས་ལ་མངའ་དབང་འབྱོར་བའི་རིགས་སྔགས་འཆང་བའི་དབང་ཕྱུག་ཞིག་གོ ༈ །ལྡན་མ་རྩེ་མང་ནི། ཁམས་ལྡན་གྱི་ཡུལ་དུ་འཁྲུངས་པས་ལྡན་མར་གྲགས་ཏེ། མཚན་དངོས་རྩེ་མང་ངོ་། །ཡི་གེ་འབྲི་བ་ལ་མཁས་པའི་ཕུལ་དུ་གྱུར་པས་ལག་རྒྱུན་མ་ཉམས་པའི་ཁྲིད་སྲོལ་ད་ལྟའང་ཡོད་པར་སྣང་། ལོ་ཙཱ་ཡང་མཁྱེན་ཏེ་ལོ་ཙཱ་ཆེ་གསུམ་ཆུང་གསུམ་དུ་གྲགས་པའི་མཆན་བུའི་ལོ་ཙཱ་ཡིན། སློབ་དཔོན་ཆེན་པོ་ལས་གསང་སྔགས་ཀྱི་ཆོས་མང་པོ་ཐོབ་སྟེ། རྟོགས་པ་ཤར་བས་ཆོས་ཐམས་ཅད་ལ་མི་བརྗེད་པའི་གཟུངས་ཐོབ། བཀའ་བརྒྱད་བདེར་འདུས་སོགས་གཏེར་ཡིག་ཕལ་ཆེར་འབྲི་བ་པོ་ཡང་འདི་ཡིན་པར་བཤད་དེ། ཁོ་བོས་ཀྱང་བདེ་འདུས་ཀྱི་གཏེར་ཡིག་གྲུབ་ཆེན་འདིའི་ཕྱག་བྲིས་ལྷོ་བྲག་སྨྲ་བོ་ཅོག་གི་གཞིས་ཀར་བཞུགས་པ་དངོས་སུ་མཇལ་བའི་སྐལ་བཟང་ཐོབ་བོ། ༈ །ལོ་ཆེན་སྐ་བ་དཔལ་བརྩེགས་ནི། སྐ་ཅོག་ཞང་གསུམ་དུ་གྲགས་པའི་ནང་ཚན་ཏེ། དབུ་རུ་འཕན་ཡུལ་སྐ་བ་ཞེས་པའི་སར་ཡབ་སྐ་བ་བློ་ལྡན་དང་། ཡུམ་འབྲོ་བཟའ་མཛེས་མ་གཉིས་ཀྱི་སྲས་སུ་འཁྲུངས། སློབ་དཔོན་ཆེན་པོས་སྤྲུལ་པའི་ལོ་ཙཱར་ལུང་བསྟན་པ་བཞིན་སྒྲ་སྐད་ལོ་ཙཱ་ལ་མཁས་པའི་ཕུལ་དུ་ཕྱིན། མཁན་པོ་བོ་དྷི་སཏྭ་ལས་རབ་ཏུ་བྱུང་སྟེ་སད་མི་མི་བདུན་གྱི་ནང་ཚན་ཡིན། སློབ་དཔོན་རིན་པོ་ཆེ་ལས་གསང་སྔགས་ཀྱི་ཆོས་ཞུས་པས། མངོན་པར་ཤེས་པ་ཕྱོགས་མེད་དུ་ཤར་ཏེ་གཞན་སེམས་ཐོགས་མེད་དུ་མཁྱེན་པའི་དངོས་གྲུབ་བརྙེས། བོད་ཀྱི་ཡི་གེ་འབྲི་བ་པོ་ཐམས་ཅད་ཀྱི་ཕྱི་མོ་ཡིན་ཏེ་ཁྲིད་རྒྱུན་མ་ཉམས་པ་དེང་སང་ཡང་ཁམས་བོད་གཉིས་ཀར་དར་རྒྱས་ཆེ། གསུང་རབ་རིན་པོ་ཆེའི་གཏམ་ལ་སོགས་པའི་བསྟན་བཅོས་ཀྱང་མང་དུ་མཛད། འདིའི་དབོན་རྒྱུད་ལས་ཀྱང་བསྟན་པའི་གསལ་བྱེད་ཆེན་པོ་མང་དུ་བྱོན་པ་དང་། རྣམ་འཕྲུལ་གཏེར་སྟོན་གྲྭ་པ་མངོན་ཤེས་སོགས་བྱོན་པར་སྣང་། ༈ ཤུད་བུ་དཔལ་གྱི་སེང་གེ་ནི། གདུང་རུས་ཆོས་རྒྱལ་དང་གཅིག་ཀྱང་བོན་དང་སྒྲུང་དང་ལྡེའུ་གསུམ་ལ་མཁས་པ་ཞིག་ལ་བོན་གྱིས་ཤུད་བུར་མཚན་གསོལ་བས་དེ་ལྟར་གྲགས་ཀྱང་ཟེར། སྔོན་རྒྱལ་པོའི་ནང་བློན་ཡིན། ཤུད་བུ་ཁྲི་འབྲིང་ཁང་བཙན་ཡང་ཟེར། སློབ་དཔོན་སྤྱན་འདྲེན་པའི་ཕོ་ཉ་ཡང་མཛད། གུ་རུ་པདྨའི་དྲུང་དུ་ལོ་ཙཱ་མཁས་པར་སྦྱངས་ཏེ། མ་གཤིན་ཕུར་གསུམ་གྱི་གདམས་པ་དང་རྙིང་མའི་ཆོས་བཀའ་མང་དུ་བསྒྱུར། བོད་ཀྱི་མཁས་པ་ཆེན་པོ་བརྒྱད་ཀྱི་ནང་ཚན་དུ་གཏོགས་ཤིང། རྡོ་རྗེ་ཕུར་པ་དང་མ་མོའི་སྒོ་ནས་གྲུབ་པ་ཐོབ། གྲུབ་རྟགས་ཕུར་པ་ངམ་ཤོད་ཀྱི་ཆུ་ལ་བཏབ་པས། ཆུ་ཡན་མན་དུ་ཆད་པ་དང་། བྲག་ལ་བཏབ་པས་བྲག་རལ་བ་ལ་སོགས་བྱུང་། མཆིམས་ཕུར་ཆུ་བོ་གྱེན་ལ་ཟློག་པའི་རྗེས་ཀྱང་ཡོད། ཡང་ཁོང་རང་གི་གསུང་ལས། མི་རྒྱུད་ལྷ་ལས་ཆད་པས་རྗེ་དང་ཏྲི་ལེར་མཉམ། །ཞང་པོ་རྨུ་ནས་ཆད་པས་རྗེ་དང་ཏྲི་ལེར་མཉམ། དབུ་རྩེ་རིགས་གསུམ་གྱི་ཤར་ལོགས་བཞེངས་པས་རྗེ་དང་ཏྲི་ལེར་མཉམ། །མཆོད་རྟེན་དཀར་པོ་བཞེངས་པས་རྗེ་དང་ཏྲི་ལེར་མཉམ། །ཞེས་གསུངས་ཤིང་། མར་ཁུ་ཝ་ལས་དྲངས་པས་རྗེ་ལས་ལྷག་པར་བྱུང་། །ཞེས་ཟེར་ཏེ། བསམ་ཡས་གྲུབ་པའི་དགའ་སྟོན་གྱི་ལྟད་མོའི་སྐབས་སུ་མར་ཁུ་ཝ་ལས་དྲངས་པ་ཡིན་པར་གྲགས། སྒྲུབ་གནས་ནི་སྤང་ཆུང་པདྨའི་གླིང་སོགས་ཡིན་པར་སྣང་། འདིའི་གདུང་རབས་ཞིབ་པར་ལྷོ་བྲག་ཤུད་བུ་པ་གསང་བདག་ལས་ཀྱི་རྡོ་རྗེའི་རྣམ་ཐར་དུ་གསལ། སྤྱིར་བསྟན་པ་ལ་བྱ་བ་བྱས་པའི་དགེ་བཤེས་མང་དུ་བྱུང་བར་སྣང་། སྔ་མ་རྣམས་མ་གཤིན་ལས་གྲུབ་པ་བརྙེས་པའི་སྔགས་འཆང་ནུས་པ་ཅན་ཤ་སྟག་བྱོན། སྤྲུལ་པའི་རྣམ་རོལ་གཏེར་སྟོན་མི་འགྱུར་རྡོ་རྗེ་ཡོངས་གྲགས་དང་གཞན་ཡང་ཅི་རིགས་བྱོན་པར་མངོན། ༈ འབྲེ་རྒྱལ་བའི་བློ་གྲོས་ནི། སྔོན་རྒྱལ་པོའི་ནང་མི་ཡིན་པ་ལ་མིང་མགོན་པོ་ཟེར། ཕྱིས་རབ་ཏུ་བྱུང་བས་མཚན་རྒྱལ་བའི་བློ་གྲོས་སུ་གྲགས། ལོ་ཙཱ་མཁས་པར་མཁྱེན། རྒྱ་གར་དུ་བྱོན་ནས་སློབ་དཔོན་ཧཱུྃ་ཀ་ར་ལས་ཡང་དག་གི་ཆོས་སྐོར་ཞུས་པས་གྲུབ་པ་ཐོབ། གཤིན་ཡུལ་དུ་རྫུ་འཕྲུལ་གྱིས་དམག་དྲངས་ནས་མ་དམྱལ་བ་ནས་མངོན་སུམ་དུ་བཏོན། སྤྲུལ་པའི་དམག་གིས་གཤིན་རྗེའི་སྐྱེས་བུ་རྣམས་འཇིགས་ཤིང་སྐྲག་པར་མཛད། སློབ་དཔོན་པདྨའི་དྲུང་དུ་ཆོས་ལ་སྦྱངས་པས་རྫུ་འཕྲུལ་གྱིས་རོ་ལངས་གསེར་དུ་བསྒྱུར་བའི་དངོས་གྲུབ་བརྙེས། སློབ་དཔོན་འདིས་མི་རོ་གསེར་དུ་བསྒྱུར་བའི་གསེར་མང་པོ་ཕྱིས་ཀྱི་གཏེར་སྟོན་འགའ་ཞིག་གི་གཏེར་ཁ་ནས་བྱོན་པར་སྣང་ངོ་། །ཚེའི་རིག་འཛིན་བརྙེས་པས་སྐུ་ཚེ་རིང་པོར་རོང་ཟོམ་ཆོས་བཟང་གི་དུས་བར་དུ་བཞུགས་པར་སྣང་སྟེ་རོང་ཟོམ་གྱིས་ཆོས་གསན་པའི་ལོ་རྒྱུས་ཡོད་དོ། ༈ །གྲུབ་ཆེན་ཁྱེའུ་ཆུང་ལོ་ཙཱ་ནི། གདུང་རུས་འབྲོག་མི་སྟེ། སྐུ་གཞོན་ནུའི་དུས་ནས་ལོ་ཙཱ་མཁྱེན་པས་མཚན་ཡང་དེ་ལྟར་གྲགས། སློབ་དཔོན་གྱི་དྲུང་དུ་གསང་སྔགས་ཀྱི་ཆོས་ཐམས་ཅད་ལ་མཁས་པར་བསླབས། རྫུ་འཕྲུལ་གྱིས་ནམ་མཁའི་བྱ་རྣམས་ལྟ་སྟངས་དང་སྡིགས་མཛུབ་ཀྱིས་འགུགས་པར་ནུས། རྟེན་ཁྱིམ་པ་སྟེ་སྔགས་འཆང་གོས་དཀར་ལྕང་ལོ་ཅན་ནོ། །འདིའི་རྣམ་འཕྲུལ་ས་བཅུའི་དབང་ཕྱུག་གཏེར་ཆེན་བདུད་འདུལ་རྡོ་རྗེ་ཡིན་པར་ཡོངས་སུ་གྲགས་ཤིང་། སྐྱེ་ཕྲེང་གསོལ་འདེབས་དང་བསྟུན་གཏེར་འབྱིན་འགའ་ཞིག་བྱུང་བར་གསལ། ༈ དྲན་པ་ནམ་མཁའ་ནི། ཐོག་མར་བོན་གྱི་གྱེར་གཤེན་ཆེན་པོ་ཡིན་ཡང་། ཕྱིས་སློབ་དཔོན་གྱི་དྲུང་དུ་ཆོས་ལ་སྦྱངས། ལོ་ཙཱ་ཡང་མཁྱེན། རྫུ་འཕྲུལ་གྱིས་བྱང་གི་གཡག་རྒོད་སྡིགས་མཛུབ་མཛད་པ་ཙམ་གྱིས་འགུགས། འདིས་བོན་གྱི་མན་ངག་མང་པོ་སློབ་དཔོན་ལ་ཕུལ་བ་སློབ་དཔོན་གྱིས་གཏེར་དུ་སྦས་པ་ཕྱིས་གཏེར་ཁ་འགའ་རེ་ནས་མན་ངག་ཅི་རིགས་འབྱུང་བ་མཐོང་ལ། སློབ་དཔོན་ལས་རབ་བྱུང་ཞུས་ཤིང་དབུ་ཞྭ་དམར་པོ་ཞིག་བཞེས་པས། ཕུང་བོན་མགོ་དམར་དུ་ཡང་གྲགས་སོ། །དེ་ལྟར་ན་བྲིས་ཆ་འགའ་ཞིག་ཏུ་བོན་ཞྭ་ཅན་བྲི་བར་སྣང་ཡང་དགོས་པ་མེད་དམ་སྙམ། འདིའི་སྐྱེ་མཐའ་གཏེར་སྟོན་བོན་པོ་བྲག་ཚལ་སོགས་མང་། རིག་འཛིན་ཕྲིན་ལས་ལྷུན་གྲུབ་ཀྱང་གནུབས་ཆེན་དང་། དྲན་པ་ཟུང་གི་རྣམ་འཕྲུལ་ཡིན་པར་གསུངས་ཤིང་བོན་ཕྱོགས་སུ་གྱེར་མི་ཉི་འོད་སོགས་མང་དུ་བྱུང་བར་མངོན། ༈ འོ་བྲན་དཔལ་གྱི་དབང་ཕྱུག་ནི། འོ་ཡུག་མདར། འོ་བྲན་དཔལ་གྱི་འབྱུང་གནས་ཀྱི་སྲས་སུ་འཁྲུངས། སློབ་དཔོན་པདྨའི་ཐུགས་སྲས་ཏེ། གསང་སྔགས་ཀྱི་ཚུལ་ཀུན་ལ་མཁས་ཤིང་གྲུབ་པའི་མཚན་མ་མངོན་དུ་བརྙེས་པས་ཆུ་བོ་ཆེན་པོ་ལ་འཇིགས་པ་མེད་པར་ཉ་ལྟར་རྒྱུ་བར་ནུས། འོ་བྲན་ལུགས་ལ་གུར་དྲག་བཀའ་མ་སོགས་ཆོས་ཚུལ་མང་དུ་ཡོད་ལ་ཕལ་ཆེར་དེང་སང་ཡང་དབང་ལུང་གི་རྒྱུན་མ་ཆད་པར་སྣང་ཞིང་གདུང་རྒྱུད་ཡང་ད་ལྟའི་བར་དུ་བྱུང་བར་སྣང་སྟེ། རྟེན་ཁྱིམ་པ་ཡིན་ནོ། ༈ །རྨ་རིན་ཆེན་མཆོག་ནི། འཁྲུངས་ཡུལ་དབུ་རུ་འཕན་ཡུལ་གྱི་རྨ་གཙོ་ཞེས་བྱ་བར་འཁྲུངས། བློ་རྣོ་རབ་མཆོག་རྨ་བན་རིན་ཆེན་མཆོག །ཅེས་བོད་ཡུལ་རབ་ཀྱི་མི་དགུའི་གྲས་ཡིན། ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས། རབ་བྱུང་གི་སྔ་བ་སད་མི་མི་བདུན་གྱི་ནང་ཚན་ཏེ། མཁན་རིན་པོ་ཆེ་བོ་དྷི་སཏྭ་ལས་རབ་ཏུ་བྱུང་། ལྟ་བ་ཀླུ་སྒྲུབ་ཀྱི་དགོངས་པ་བཞིན་རྟོགས་པས་ཧ་ཤང་སུན་ཕྱུང་བར་ཡང་མཛད། མདོ་སྔགས་ཀྱི་ཆོས་རྒྱ་མཚོ་ལྟ་བུ་བསྒྱུར་བའི་ལོ་ཙཱ་ཡིན། སློབ་དཔོན་རིན་པོ་ཆེའི་དྲུང་དུ་དབང་དང་གདམས་པ་ཞུས་པས་དངོས་གྲུབ་བརྙེས་ཏེ་སྲ་མཁྲེགས་ཀྱི་རྡོ་ཡང་ཟན་ལྟར་གཅོད་ནས་གསོལ་བའི་རྫུ་འཕྲུལ་བསྟན་ཏེ་རིག་པ་འཛིན་པའི་ས་ལ་བཞུགས། འདི་ཉིད་སྒྱུ་འཕྲུལ་བཤད་སྒྲུབ་ཀྱི་བཀའ་བབས་ཆེན་པོར་ཡོངས་སུ་གྲགས་ཤིང་། རྒྱལ་པོའི་ཆད་པའི་ཚུལ་གྱིས་ཁམས་སུ་ཕེབ། གཙུག་རུ་རིན་ཆེན་གཞོན་ནུ་རྗེས་སུ་བཟུང་། སླར་དབུས་སུ་འཕེལ་བ་ལས་སྒྱུ་འཕྲུལ་ཁམས་ལུགས་སུ་གྲགས་པ་བྱུང་། གཏེར་ཆེན་ཀློང་གསལ་སྙིང་པོའང་འདི་ཉིད་ཀྱི་སྤྲུལ་པའི་བྱེ་བྲག་ཏུ་གསུངས་པ་དང་། བི་མ་ལས་གནང་བའི་རྒྱུད་སྡེ་བཞིའི་ཟབ་གཏེར་ཀྱང་བཞེས་པར་སྣང་ངོ་། ༈ །ལྷ་ལུང་དཔལ་གྱི་རྡོ་རྗེ་ནི། དབུ་རུ་འགྲམ་སྟོད་གུད་མོ་ཆེར་འཁྲུངས། སྐྱེ་མིང་སྟག་ཉ་བཟང་ཟེར། རྒྱ་བོད་ཀྱི་ས་མཚམས་བསྲུང་སྟེ་རྒྱ་རྣམས་བཏུལ། དེ་ནས་ཐུགས་ངེས་འབྱུང་གིས་བསྐུལ་ནས་མཆེད་གཉིས་དང་ལྷན་ཅིག་གསུམ་ཀ་སློབ་དཔོན་བི་མ་ལ་མི་ཏྲ་ལས་རབ་ཏུ་བྱུང་། པདྨ་སམ་བྷ་ཝ་ལས་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས། སྔགས་ཀྱི་དབང་དང་གདམས་ངག་ཐམས་ཅད་ཐོབ། གྲིབ་ཀྱི་དཀར་མོ་རོང་དུ་བསྒོམས་པས་ཆོས་གོས་རླུང་གིས་ཁྱེར་བ་ཡེར་པར་བྱུང་བས་ས་དཔྱད་ལེགས་པར་གཟིགས་ནས་དེར་སྒྲུབ་པ་ལ་བཞུགས་པས་རི་བྲག་ལ་ཐོགས་པ་མེད་པར་ཟང་ཐལ་དུ་གཤེགས་པར་ནུས་པའི་རྫུ་འཕྲུལ་དང་དངོས་གྲུབ་བརྙེས། ཕྱིས་རྒྱལ་པོ་སྡིག་ཅན་བསྒྲལ་ནས་སངས་རྒྱས་ཀྱི་བསྟན་པ་ལའང་ཕན་ཆེར་བཏགས་ཏེ་ཁམས་ལྡན་ཡུལ་ནས་དན་ཏིག་ཚུན་དུ་བྱོན་ནས་ཡུན་རིང་དུ་བཞུགས། མཐར་སྐུ་འོད་ཀྱི་ཕུང་པོར་ཡལ་བར་གྲགས་སོ། ༈ །ལང་གྲོ་དཀོན་མཆོག་འབྱུང་གནས་ནི། གཙང་གཡས་རུ་བྱང་རྟ་ནག་གི་ཕྱོགས་སུ་འཁྲུངས། སྔོན་ཆོས་རྒྱལ་གྱི་ནང་བློན་ཆེན་པོ་ཞིག་ཡིན་ཏེ་ལང་གྲོ་སྣང་གཞིར་ཟེར་ཡང་། ཕྱིས་རབ་ཏུ་བྱུང་བའི་མཚན་དཀོན་མཆོག་འབྱུང་གནས་སུ་གྲགས། ལོ་ཙཱ་མཁས་པར་མཁྱེན་པས་ཆོས་བསྒྱུར་བའི་ལོ་ཙཱ་ཡང་མཛད། སློབ་དཔོན་ལས་དབང་དང་གདམས་པ་ཞུས་ནས་ཉམས་སུ་བླངས་པས་གྲུབ་པའི་རྟགས་མངོན་སུམ་དུ་སྟོན་པར་ནུས་ཏེ། རྟེན་སྔགས་འཆང་ཡིན། དགོངས་པ་གཏད་པ་ཙམ་གྱིས་ཀྱང་གནམ་ལྕགས་དྲག་པོའི་ཐོག་ཆེན་མདའ་ལྟར་འཕེན་པའི་རྫུ་འཕྲུལ་དང་ལྡན། སློབ་དཔོན་ཆེན་པོའི་ཐུགས་སྲས་ཀྱི་དབང་པོར་གྱུར་ཏེ་གསང་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ཙམ་ལ་མངའ་དབང་འབྱོར་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཞིག་གོ །གདུང་རྒྱུད་རྟ་ནག་སྒྲོལ་མ་བ་སྟེ་དེང་སང་ཡང་ཡོད། འདིའི་རྣམ་འཕྲུལ་སྤྲུལ་པའི་གཏེར་སྟོན་ཆེན་པོ་རཏྣ་གླིང་པ་དང་། རིག་འཛིན་ཀློང་གསལ་སྙིང་པོ་གཉིས་ཡོངས་སུ་གྲགས་ཤིང་། དེ་དག་གི་སྐྱེས་རབས་གཏེར་ལུང་ལ་དཔྱད་ན་གཞན་ཡང་འགའ་རེ་བྱུང་བར་སྣང་ངོ་། ༈ །ལ་གསུམ་རྒྱལ་བ་བྱང་ཆུབ་ནི། སད་མི་མི་བདུན་དུ་གྲགས་པའི་ནང་ཚན་ཏེ་མཁན་ཆེན་ཞི་བ་འཚོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ལོ་ཙཱ་མཁྱེན་པས་རྒྱ་གར་དུ་ཡང་ལན་མང་དུ་བྱོན་ཞིང་མདོ་སྔགས་ཀྱི་ཆོས་ཀྱང་བསྒྱུར། ཐོས་པ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པའི་མཁས་པ་ཆེན་པོ་སྟེ། ལོ་རྒྱུས་ཆེན་མོ་ལས། ཐོས་པ་ཆེ་རབ་ལ་གསུམ་བྱང་ཆུབ་རྒྱལ། །ཞེས་ཟེར་ཏེ་རབ་ཀྱི་མི་དགུའི་གྲངས་སུའང་བགྲང་བར་སྣང་། སློབ་དཔོན་ཆེན་པོ་ལས་དབང་དང་གདམས་པ་ཞུས་པས། རྟེན་མེད་ཀྱི་མཁའ་ལ་སྐྱིལ་ཀྲུང་གིས་བཞུགས་པ་སོགས་རྫུ་འཕྲུལ་སྟོན་ནུས་པའི་གྲུབ་པའི་དབང་ཕྱུག་ཆེན་པོའོ། ༈ །དེ་ཙམ་དུ་མ་ཟད་ཨོ་རྒྱན་ཆེན་པོ་སྲིན་ཡུལ་དུ་གཤེགས་ཁར་ཁྲ་འབྲུག་ཏུ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཆོས་འཁོར་ཆེན་པོ་བསྐོར་བའི་སྐབས། རྗེ་འབངས་འདུས་པ་ཕྱི་མར་དཀྱིལ་འཁོར་ཚོམ་བུ་ལ་བཀའ་བབས་ཀྱི་དབང་དུ་བྱས་ནས་བདུན་གསུམ་ཉེར་གཅིག་ཏུ་གྲགས་པ་དེའི་ལོ་རྒྱུས་ཡར་རྗེ་ཨུ་རྒྱན་གླིང་པའི་དཔལ་བཀའ་འདུས་ཀྱི་གསོལ་འདེབས་འབྲིང་པོར་གསུངས་པ་ཕྱོགས་ཙམ་སྨོས་ན། བཀའ་འདུས་ཞི་ཁྲོ་ཡོངས་རྫོགས་ཀྱི་བཀའ་བབས་རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ། སྤྱི་དཔལ་བུདྡྷ་རྩལ་རྫོགས་ཀྱི་བཀའ་བབས་རྒྱལ་སྲས་མུ་ཏིག་བཙད་པོ་ཡབ་ཡུམ། ཡང་དག་ཐུགས་ཀྱི་བཀའ་བབས་ནམ་མཁའི་སྙིང་པོ་ཡབ་ཡུམ། རྡོ་རྗེ་ཕྲེང་བའི་བཀའ་བབས་སློབ་དཔོན་ཉི་མ་གྲགས་དང་བྱང་ཆུབ་སྙིང་པོ། ཕྱག་ན་རྡོ་རྗེའི་བཀའ་བབས་གཡུ་སྒྲ་སྙིང་པོ་ཡབ་ཡུམ། རྡོ་རྗེ་རྩལ་རྫོགས་ཀྱི་བཀའ་བབས་དྷརྨ་བྷ་དྲ་ཡབ་ཡུམ། རིག་འཛིན་བླ་མའི་བཀའ་བབས་ལེགས་སྦྱིན་ཉི་མ་ཡབ་ཡུམ། བདེ་མཆོག་འཁོར་ལོའི་བཀའ་བབས་ཡོན་ཏན་མཆོག་དང་སྣ་ནམ་ཡེ་ཤེས་སྡེ། འཇམ་དཔལ་གཤིན་རྗེའི་བཀའ་བབས་སངས་རྒྱས་ཡེ་ཤེས་དང་འབྲོ་བན་སྤྲིན་འབྱིན། རཏྣ་རྩལ་རྫོགས་ཀྱི་བཀའ་བབས་འཕགས་པ་ཤེས་རབ་དང་ཤུད་བུ་ཁོང་སླེབ། པདྨ་གསུང་གི་བཀའ་བབས་རྒྱལ་བ་མཆོག་དབྱངས་དང་རྡོ་རྗེ་བདུད་འཇོམས། དགྱེས་པ་རྡོ་རྗེའི་བཀའ་བབས་ཅོག་རོ་ཀླུའི་རྒྱལ་མཚན་མཆེད་གཉིས། གསང་བ་འདུས་པའི་བཀའ་བབས་དགོངས་པ་གསལ་དང་ཆོས་ཀྱི་ལྷུན་པོའི་སྡེ། པདྨ་རྩལ་རྫོགས་ཀྱི་བཀའ་བབས་མོན་མོ་བཀྲ་ཤིས་ཁྱེ་འདྲེན་དང་སྐྱིད་ལྕམ་མོ། ཆེ་མཆོག་ཡོན་ཏན་གྱི་བཀའ་བབས་ཛྙཱ་ན་ཀུ་མཱ་ར་དང་དཀོན་མཆོག་འབྱུང་གནས། དུས་ཀྱི་འཁོར་ལོའི་བཀའ་བབས་ཀླུའི་དབང་པོ་དང་ཨ་ཙར་གསལ་མཆོག །མཁའ་ཀློང་འཁྱིལ་པའི་བཀའ་བབས་གཉན་ཆེན་དཔལ་དབྱངས་དང་སྣ་ནམ་ལྡིང་ཁྲི། ཀརྨ་རྩལ་རྫོགས་ཀྱི་བཀའ་བབས་སྐ་བ་དཔལ་བརྩེགས་དང་གྲ་པ་གྲུམ་བུ། སྲིད་པ་བདེ་འགྲོའི་བཀའ་བབས་འབྲོག་མི་དཔལ་ཡེ་དང་དཔལ་གྱི་དབང་པོ། རྡོ་རྗེ་ཕུར་པའི་བཀའ་བབས་ཡེ་ཤེས་མཚོ་རྒྱལ་དང་ཡེ་ཤེས་གསལ་ལེ། དྲེགས་པ་ཀུན་འདུལ་གྱི་བཀའ་བབས་དཔལ་གྱི་སེང་གེ་དང་ལ་བྱིད་ཡེ་ཤེས་བརྩེགས། སྟོབས་ལྡན་ནག་པོའི་བཀའ་བབས་བཻ་རོ་ཙ་ན་དང་ལྡན་མ་རྩེ་མང་རྣམས་ཡིན་པར་གསུངས། སྟག་ཤམ་ཡི་དམ་དགོངས་འདུས་ལས་འདུས་པ་ཕྱི་མ་རྗེ་འབངས་བཅུ་བདུན་དུ་བཤད་ཅིང་། ཧེ་རུ་ཀ་གལྤོའི་མཆན་ཊཱི་ཀ་ལས་མཆིམས་ཕུའི་རྗེ་འབངས་ཉེར་ལྔ་ལའང་ཕལ་ཆེར་ངོས་འཛིན་མི་འདྲ་བ་གསུངས་ཤིང་། ཕལ་ཆེར་ཞིག་གིས་རྗེ་འབངས་ཉེར་བདུན་དུ་བཞེད་པའང་སྣང་ལ། གཞན་ཡང་གོང་དུ་སྨོས་པ་ལྟར། ཡེར་པ་དང་ཆུ་བོ་རིའི་འོད་ལུས་གྲུབ་པ་སོགས་མཐའ་ཡས་པའི་རིག་འཛིན་གྲུབ་ཐོབ་རྒྱ་མཚོ་ལྟ་བུ་བྱུང་བས་བསམ་གྱིས་མི་ཁྱབ་པའི་གནས་ཁོ་ན་ཡིན་ཕྱིར་ཐམས་ཅད་བརྗོད་པར་མ་ནུས་ཀྱང་། ཞར་བྱུང་དབྱིངས་ཕྱུག་ཡུམ་ལྔའི་རྣམ་འཕྲུལ་གུ་རུ་རིན་པོ་ཆེའི་ཐུགས་ཀྱི་གཟུངས་མ་ལྔའི་རྣམ་ཐར་ས་བོན་ཙམ་གླེང་ན། སངས་རྒྱས་སྤྱན་མའི་རྣམ་འཕྲུལ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ནི་གོང་དུ་མདོ་ཙམ་སྨོས་ཟིན་པ་ལྟར་དང་། རྒྱས་པར་རྣམ་ཐར་རང་རྐང་ཚུགས་པ་དྲི་མེད་ཀུན་དགའ་དང་སྟག་ཤམ་གཏེར་མའི་རྣམ་ཐར་རྣམས་སུ་ཤིན་ཏུ་རྒྱས་པར་གསལ་བ་ལྟར་རོ། །མདོར་ན་དབྱིངས་ཕྱུག་རྡོ་རྗེ་རྣལ་འབྱོར་མ་མི་མོའི་ཚུལ་བཟུང་བ་ཙམ་དུ་མ་ཟད་སྐུ་ཚེ་དེར་གུ་རུ་རིན་པོ་ཆེ་ལ་མཉེས་པ་དགུ་ཕྲུག་གི་ཞབས་ཏོག་མཐར་ཕྱིན་ཅིང་དཀའ་སྤྱད་སྒྲུབ་པའི་བརྩོན་འགྲུས་བསམ་གྱིས་མི་ཁྱབ་པ་མཛད་པས་་་་གུ་རུ་ཉིད་དང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་མཉམ་པ་ཉིད་དུ་གྱུར་ཅིང་བོད་ཁམས་ཡོངས་ལ་བཀའ་དྲིན་ཚད་མེད་པའང་གུ་རུ་ཉིད་དང་ཁྱད་པར་མ་མཆིས་པའི་ཐུགས་རྗེ་ཆེན་པོ་རྒྱུན་ཆད་མི་མངའ་བ་་ཡིན་ནོ། ༈ །དབྱིངས་ཕྱུག་མནྡྷ་ར་བ་ནི། ཡབ་ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་དང་། ཡུམ་བཙུན་མོ་ཧའུ་ཀི་གཉིས་ཀྱི་སྲས་མོར་ཕོ་བྲང་རཏྣ་པུ་རིར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་འཁྲུངས་པའི་སྙན་གྲགས་ལ་བརྟེན། རྒྱ་དཀར་ནག་གི་རྒྱལ་པོ་མང་པོས་བཙུན་མོར་ཐོབ་ཤ་བྱས་ནའང་ངེས་འབྱུང་གི་ཐུགས་འདུན་བཟློག་ཏུ་མེད་པས་ཆོས་སྒོར་ཞུགས། བྲམ་ཟེ་སྐྱེ་བདུན་གྱི་པུར་རྙེད་པ་ཡབ་ལ་ཕུལ་བས་ཡིད་བཞིན་ནོར་བུ་ལྟ་བུའི་གཅེས་སྤྲས་སུ་བཟུང་། འདི་སྐབས་ནས་སློབ་དཔོན་ཆེན་པོས་གདུལ་བྱར་གཟིགས་ནས་རྗེས་སུ་བཟུང་བ་ལ་བརྟེན། རིགས་བསླད་པར་དོགས་ཏེ་སློབ་དཔོན་ཆེན་པོ་རྒྱལ་པོས་གསོན་སྲེག་མཛད་པ་ན། མེ་ཕུང་མཚོ་རུ་བསྒྱུར་པའི་རྫུ་འཕྲུལ་གྱིས་རྒྱལ་བློན་འཁོར་བཅས་གཡོ་བ་མེད་པའི་དད་པ་ལ་བཀོད། རྒྱལ་པོས་ཀྱང་རྒྱལ་སྲིད་ལྷ་ལྕམ་བཅས་ལྟོས་མེད་དུ་ཕུལ་ནས་ཟབ་ཆོས་ཞུས་པར་མནྡྷ་ར་བ་དང་རྒྱལ་བློན་ཉེར་གཅིག་འཁོར་དང་བཅས་པ་ལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་རྒྱུད་ལུང་མན་ངག་གི་ཆོས་ཀྱི་ཆར་ཆེན་པོ་ཕབ། རྒྱལ་བློན་ཐམས་ཅད་རིག་འཛིན་གྱི་ས་ལ་བཀོད། ལྷ་ལྕམ་ཉིད་ཕྱག་རྒྱར་བཞེས་ཏེ་མཱ་ར་ཏི་ཀ་སྟེ་འཆི་བ་མཐར་བྱེད་ཀྱི་བྲག་ཕུག་ཏུ་མགོན་པོ་ཚེ་དཔག་མེད་པའི་བསྐྱེད་རྫོགས་ལ་བརྟེན་སྒྲུབ་པ་མཛད་པས་ཞལ་མངོན་སུམ་དུ་གཟིགས་ཏེ་དབང་བསྐུར་བ་ལས་ཡབ་ཡུམ་གཉིས་ཀས་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་རིག་འཛིན་ཟུང་་་འཇུག་རྡོ་རྗེའི་སྐུ་བརྙེས་པའི་ཚུལ་བསྟན་པར་མཛད། དེ་ལྟ་བུའི་ཚུལ་གྱིས་འཕགས་པའི་ཡུལ་དུ་དངོས་དང་བརྒྱུད་ནས་འགྲོ་བའི་དོན་རླབས་ཆེན་མཛད་ཅིང་བོད་ཡུལ་དུ་ཁྲ་འབྲུག་གི་ཆོས་འཁོར་ཆེན་པོའི་སྐབས་རྫུ་འཕྲུལ་གྱིས་གཤེགས་ཏེ་གུ་རུའི་བརྡའ་བསྟོད་དང་ཞུས་ལེན་གནང་བ་སོགས་པདྨ་བཀའ་ཐང་དུ་མང་ཙམ་གསལ། རྒྱས་པར་ཨོ་རྒྱན་གླིང་པའི་བཀའ་འདུས་སུ་རྣམ་ཐར་རྐང་ཚུགས་པའང་ཡོད་པར་སྣང་། ཕྱིས་ཀྱི་ལོ་རྒྱུས་འགའ་རེར་མངའ་བདག་མར་པའི་སྐབས་མི་རུས་ཀྱི་རྒྱན་ཅན། གཉན་ལོའི་སྐབས་རི་སུལ་གྱི་རྣལ་འབྱོར་མ། རས་ཆུང་སྐབས་གྲུབ་པའི་རྒྱལ་མོ། གཞན་ཡང་མཻ་ཏྲི་པའི་ཡུམ་ཆུ་ཤིང་གི་སྙེམ་ཅན་དང་། མཁའ་འགྲོ་ནི་གུ་མ་སོགས་ཀྱང་ཡེ་ཤེས་ཀྱི་མཁའ་འགྲོ་འདི་ཉིད་ཀྱི་མཚན་དང་སྐུའི་རྣམ་འགྱུར་གཞན་དུ་བསྟན་པ་ཙམ་དུ་བཞེད་མོད། ཐུགས་རྗེའི་སྤྲུལ་པ་དང་བྱིན་གྱིས་བརླབས་པར་ནི་གདོན་མི་ཟ་ཞིང་སྐུ་དངོས་ནི་འཇའ་ལུས་རྡོ་རྗེའི་སྐུ་གྲུབ་པས་ད་ལྟའང་བཞུགས་པར་ངེས་སོ། ༈ །མ་མཱ་ཀི་བལ་མོ་ཤཱཀྱ་དེ་བཱི་ནི། ནེ་པཱ་ལ་སྟེ་བལ་པོའི་རྒྱལ་པོ་དགེ་བ་འཛིན་གྱི་བཙུན་མོ་བུ་ནད་ཀྱིས་གྲོངས་པ། བུ་མོ་དང་བཅས་དུར་ཁྲོད་དུ་བསྐྱལ་བ་སྤྲེའུས་གསོས། ཅུང་ཟད་ནར་སོན་པ་ན་ཕྱག་ཞབས་ཀྱི་སོར་མོ་ངང་པ་བཞིན་དུ་དྲྭ་བར་འབྲེལ་བ་སོགས་ངོ་མཚར་སྐུའི་བཀོད་པ་ཅན་དེ་ཉིད་སློབ་དཔོན་ཆེན་པོས་མཚན་ལྡན་གྱི་གྲོགས་དམ་པར་གཟིགས་ནས་རྗེས་སུ་བཟུང་ཞིང་སྨིན་པར་མཛད། ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་ཡང་དག་ལྷ་དགུའི་སྒྲུབ་པའི་གཟུངས་མར་གནང་སྟེ་སྣང་བ་རྣམ་འབྱེད་ཀྱི་ཏིང་ངེ་འཛིན་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་རྡོ་རྗེའི་རིག་འཛིན་གྲུབ་པའི་ཚུལ་བསྟན། ཡུམ་གྱིས་མ་མཱ་ཀིའི་དངོས་གྲུབ་ཐོབ་མཐར་འཇའ་ལུས་རྡོ་རྗེའི་སྐུ་མངོན་དུ་མཛད། འདི་ལ་བསྟེན་ནས་ཨོ་རྒྱན་ཆེན་པོས་འཕྲུལ་མཚན་ཉི་ཤུའི་སྐུའི་མཚན་དང་རྣམ་འགྱུར་འདོད་རྒུར་བསྒྱུར་ཅིང་ཁྱད་པར་གཏེར་རིགས་བཅོ་བརྒྱད་ཀྱི་བཀའ་ཡི་བགྲོ་བ་ཐོག་མར་མཛད་པའི་བདག་པོའི་རྐྱེན་དུ་གྱུར་པས་རྗེས་འཇུག་རྣམས་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་པར་གྱུར་ཏོ། ༈ །གོས་དཀར་མོ་བལ་འབངས་ཀཱ་ལ་སིདྡྷི་ནི། རྒྱ་གར་རྔ་ཐུབ་ཅན་གྱི་ཡུལ་གྲོང་ཁྱེར་བལ་བོང་འགྱུར་དུ་ཐག་མཁན་བཟའ་མི་གཉིས་ཀྱི་སྲས་མོར་སྐུ་བལྟམས། ཡུམ་འཕྲལ་དུ་གྲོངས་པ་ལ་བརྟེན། མའི་པུར་དང་ལྷན་ཅིག་དུར་ཁྲོད་དུ་བསྐྱལ། ལྷ་ལྕམ་མནྡྷཱ་ར་བས་སྟག་མོར་སྤྲུལ་ནས་གསོས། ནར་སོན་པ་ན་སློབ་དཔོན་ཆེན་པོས་དེ་ཉིད་གདུལ་བྱར་མཁྱེན་ཏེ་དགེ་སློང་སོཽ་ཁྱ་དེ་བ་སྟེ་ཕན་བདེའི་ལྷ་ཞེས་པར་སྤྲུལ་ནས་རྗེས་སུ་བཟུང་ཞིང་སྨིན་པར་མཛད། ནགས་ཚལ་དྲྭ་བ་ཅན་དུ་ཡབ་ཡུམ་ལྷན་ཅིག་ཐབས་ལམ་ཟབ་མོའི་བརྟུལ་ཞུགས་སྤྱད་པའི་སྐབས་ཞིང་པ་རྔ་ཐུབ་ཅན་གྱི་ཁྱེའུ་རྗེས་སུ་བཟུང་བ་གྲུབ་པའི་སློབ་དཔོན་ཆེན་པོ་ཧཱུྃ་ཀ་ར་ཞེས་འཇིག་རྟེན་ན་ཉི་ཟླ་ལྟར་གྲགས། མཁའ་འགྲོ་འདི་ཉིད་བལ་ཡུལ་ཚུན་ཆད་དུ་བྱོན་པའི་ལོ་རྒྱུས་མ་མཐོང་ཞིང་། མཐར་ཟུང་འཇུག་གི་སྐུ་གྲུབ་པར་ངེས་སོ། ༈ །དམ་ཚིག་སྒྲོལ་མ་མོན་མོ་བཀྲ་ཤིས་ཁྱེའུ་འདྲེན་ནི། མོན་ཚ་འོག་ཏུ་འཁྲུངས། ཆུང་ངུ་ནས་ཆོས་ཀྱི་རིགས་སད་པ་དང་མནལ་ལམ་དུ་མཁའ་འགྲོའི་བརྡས་བསྐུལ་ནས་ལྷོ་བྲག་ཕྱོགས་སུ་བྱོན། ཐོག་མར་ཡེ་ཤེས་མཚོ་རྒྱལ་གྱིས་རྗེས་སུ་བཟུང་ཞིང་སྨིན་པར་མཛད། སླར་ལ་ཡག་མོན་མཁར་སྟེང་དུ་ཨོ་རྒྱན་རིན་པོ་ཆེ་མཇལ། ཟབ་མོའི་གདམས་པ་སྙིང་པོར་དྲིལ་ནས་གསུངས་པས་དངོས་གྲུབ་བརྙེས། ཕྲིན་ལས་ཀྱི་གཟུངས་མར་བཞེས། སྤ་གྲོ་སྟག་ཚང་དུ་སློབ་དཔོན་ཆེན་པོ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་པའི་སྐབས་སྐུ་ལུས་འདོད་རྒུར་བསྒྱུར་བས་སྟག་མོའི་ཚུལ་དུ་སྤྲུལ་ནས་ཆིབས་ཀྱི་རྣམ་པར་མཛད། ཡབ་ཡུམ་གཉིས་ཀྱིས་བོད་ཁམས་ཀྱི་དྲེགས་པ་ཅན་ཐམས་ཅད་སླར་ཡང་དམ་ལ་བཞག །ཟབ་གཏེར་མཐའ་ཡས་པ་སྦ་བར་མཛད་པ་སོགས་ཀྱི་བདག་པོའི་རྐྱེན་དུ་གྱུར་པས་མ་གཅིག་མཚོ་རྒྱལ་གྱི་རྗེས་ནས་བོད་ཁམས་འདིར་མཁའ་འགྲོ་འདི་བཀའ་དྲིན་ཆེ་བར་ཁུམས། མཐར་སྐུ་ལུས་མ་སྤངས་པར་ཟངས་མདོག་དཔལ་གྱི་རི་བོར་གཤེགས་ཏེ་ད་ལྟའང་བཞུགས་སོ། །སྟག་ཤམ་གཏེར་མ་མཚོ་རྒྱལ་རྣམ་ཐར་ལས། མོན་གྱི་རྒྱལ་པོ་ཧམ་ར་བྱ་བའི་སྲས་མོ་ཁྲི་འདྲེན་བྱ་བས་མཚོ་རྒྱལ་ཉིད་མོན་ཁ་སེང་གེ་རྫོང་དུ་བཞུགས་པའི་ཚེ་ཐོག་མར་མཇལ་ནས་སྦྲང་རྩི་མང་པོ་ཕུལ། རིམ་གྱིས་གྲུབ་རྟགས་ལ་དད་པ་ཐོབ་ནས་ཅི་མཉེས་ཀྱི་ཞབས་ཏོག་བསྒྲུབས། མཐར་རྒྱལ་པོས་ཀྱང་དད་པ་ཐོབ་ནས་བུ་མོ་དེ་ཕུལ་བ་ལ་མཚན་བཀྲ་ཤིས་སྤྱི་འདྲེན་ཏུ་བཏགས་ནས་སྨིན་པར་མཛད། སླར་གུ་རུ་རིན་པོ་ཆེ་འོན་ཕུ་སྟག་ཚང་དུ་བཞུགས་པའི་སྐབས་རྡོ་རྗེ་ལས་མའི་མཚན་ཉིད་ཚང་བར་གཟིགས་ནས་བཀས་གནང་བ་བཞིན་ཕྱག་རྒྱར་ཕུལ་བས་ཕུར་པའི་སྒྲུབ་སྡེ་མོར་མཛད། གྲུབ་པའི་རྟགས་བསམ་གྱིས་མི་ཁྱབ་པ་བསྟན། ཁྱད་པར་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས། མཁའ་འགྲོ་མ་སྟག་མོའི་རྣམ་པར་མཛད་ནས་བོད་ཁམས་གླིང་དགུའི་ལྷ་འདྲེ་རྣམས་དམ་ལ་བཞག །མཐིང་ནག་རྡོ་རྗེ་ཁྲོ་ཕུར་བྱ་བ་ཞིག་སྤ་གྲོ་སྟག་ཚང་དུ་གཤེགས་ནས་མོན་བལ་རྒྱ་གར་མཐའ་འཁོབ་ཡང་འཁོབ་ཀྱི་ལྷ་འདྲེ་རྣམས་དང་། སྨུག་ནག་རྡོ་རྗེ་ཁྲོ་ཕུར་བྱ་བ་ཞིག་ཁམས་ཀྱི་སྟག་ཚང་དུ་བྱོན་ནས་མདོ་ཁམས་འཇང་རྒྱ་ནག་ཧོར་སོག་མཐའ་འཁོབ་ཚུན་གྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་ཤིང་སྲོག་སྙིང་བླངས་པ་སོགས་གསུངས་པ་དང་། མཚོ་རྒྱལ་བལ་ཡུལ་དུ་ལན་རྗེས་མར་བྱོན་པའི་སྐབས་སུ་ཡབ་བལ་པོ་བྷ་དན་ན་དང་། ཡུམ་ནཱ་གི་ནི་བྱ་བའི་བུ་མོ་སྐུའི་ཌཱ་ཀིའི་རིགས་ཅན་ལོ་བཅུ་བཞི་ལོན་པ་ཞིག་འདུག་པ་དེ་རྗེས་སུ་བཟུང་ནས་མཚན་ཀཱ་ལ་སིདྡྷིར་བཏགས། བོད་དུ་ཕྱག་ཕྱིར་འབྲངས་ཏེ་ཕྱིས་གུ་རུའི་བཀའ་བཞིན་གཟུངས་མར་ཕུལ་ནས་བླ་མ་དགོངས་པ་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས། མཁའ་འགྲོ་འདིའི་རྐྱེན་ལ་བརྟེན་ཏེ་བོད་ཡུལ་དུ་གཏེར་ཁ་རྣམས་སྦས་པའི་བཅའ་བཞི་མཛད། སྟག་ཚང་གསུམ་སོགས་བོད་ཁམས་མཐའ་དབུས་མེད་པར་ཞབས་ཀྱིས་བཅགས་ནས་ས་འོག་ཐམས་ཅད་ཆོས་གཏེར་གྱིས་བཀང་། གུ་རུ་སྲིན་ཡུལ་དུ་གཤེགས་རྗེས་མཚོ་རྒྱལ་གྱིས་གཏེར་ཞབས་ཐམས་ཅད་བསྡམས་པ་དང་བུ་སློབ་མཐའ་ཡས་པ་བསྐྱངས་ཏེ་ཡོངས་དྲིལ་དགུང་ལོ་ཉིས་བརྒྱ་དང་བཅུ་གཅིག་གི་བར་བཞུགས། མཐར་ཤངས་ཟབ་བུ་ལུང་གི་རི་རྩེར་བྱ་ཟླ་བའི་ཚེས་བཅུ་ལ་རྔ་ཡབ་གླིང་ནས་དཔའ་བོ་མཁའ་འགྲོའི་བསུ་བ་དཔག་ཏུ་མེད་པ་སླེབས་པའི་ཚེ་བཀྲ་ཤིས་སྤྱི་འདྲེན་དང་ཀཱ་ལ་སིདྡྷི་གཉིས་ཐུགས་ཀའི་གཡས་གཡོན་འོད་དུ་བསྡུས་ནས་སྐུ་མ་སྤངས་པར་པདྨ་འོད་དུ་གཤེགས་པར་གསུངས་སོ། །གསུམ་པ་ལ་གཉིས། ས་གཏེར་དང་། ཟབ་མོ་དག་སྣང་དང་། དགོངས་གཏེར་གྱི་བྱུང་ཚུལ་ལོ། །དང་པོ་ནི། སྤྱིར་གུ་རུ་རིན་པོ་ཆེ་ཉིད་ཀྱིས་མ་འོངས་པའི་གདུལ་བྱ་དང་བསྟན་པའི་བཙས་སུ་དགོངས་ནས་རྒྱ་བལ་བོད་ཡུལ་རྣམས་སུ་ཆོས་ནོར་སྨན་རྩིས་རྟེན་དང་དམ་རྫས་ལ་སོགས་པ་གཏེར་ཁ་མཐའ་ཡས་པ་ཞིག་སྦས་པར་མཛད་པ་ལས། གཙོ་བོར་གངས་ཅན་འདིར་གདུལ་བྱ་གང་ལ་གང་འདུལ་གྱི་ཐབས་ལ་མཁས་པས་ཆོས་སྒོ་སྤྱི་དང་ཁྱད་པར་ཡོ་ག་རྣམ་པ་གསུམ་དང་འབྲེལ་བའི་རྒྱུད་ལུང་མན་ངག་ལས་ཚོགས་མཐའ་ཡས་པ་གསུངས་པ་ཐམས་ཅད་གསང་བའི་བདག་མོ་དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་གྱིས་མི་བརྗེད་པའི་གཟུངས་ཀྱིས་བཟུང་ནས་བཀའི་བསྡུ་བ་མཛད། ཤོག་སེར་རིགས་ལྔར་མཁའ་འགྲོ་བརྡའི་ཡི་གེར་བཀོད། གཏེར་སྣོད་སྣ་ཚོགས་པར་འབྱུང་བས་མི་འཇིག་པའི་རྒྱས་བསྡམས། གཏེར་གནས་སོ་སོར་གུ་རུ་ཡབ་ཡུམ་ཁོ་ན་དང་རྗེ་འབངས་ལྷན་ཅིག་པ་རྣམས་ཀྱིས་སྦས་ཏེ་གཏེར་སྲུང་ལ་གཉེར་དུ་གཏད། ཁྱད་པར་གུ་རུ་རྔ་ཡབ་གླིང་དུ་གཤེགས་པའི་རྗེས་སུ་མཚོ་རྒྱལ་ཉིད་མི་ལོ་བརྒྱ་ལྷག་ཙམ་བཞུགས་ནས་བོད་ཡུལ་སྟོད་སྨད་བར་གསུམ་དུ་གཏེར་ཁ་བསམ་གྱིས་མི་ཁྱབ་པ་སྦས་ནས་གཏེར་ཞབས་བསྡམས། གཞན་ཡང་པཎ་ཆེན་བི་མ་མི་ཏྲ། ཆོས་རྒྱལ་ཡབ་སྲས། ལོ་ཆེན་བཻ་རོ་ཙ་ན། གནུབས་སངས་རྒྱས་ཡེ་ཤེས་དང་ནམ་མཁའི་སྙིང་པོ། གཉགས་ཛྙཱ་ན་དང་སྣ་རྣམ་རྡོ་རྗེ་བདུད་འཇོམས། ཉང་བན་ཏིང་འཛིན་བཟང་པོ་སོགས་ཀྱིས་ཀྱང་ཟབ་གཏེར་མང་དུ་སྦས་པ་རྣམས་ཕྱིས་འདུལ་བའི་དུས་སུ་སོན་པའི་ཚེ། གུ་རུ་རིན་པོ་ཆེས་མ་འོངས་པར་གཏེར་ལ་སྤྱོད་ཅིང་འགྲོ་དོན་འབྱུང་བར་བྱིན་གྱིས་བརླབས་ཤིང་ལུང་བསྟན། སོ་སོས་ཀྱང་སྨོན་ལམ་ཐེབས་པའི་རྗེ་འབངས་སྐལ་ལྡན་རྣམས་ཀྱི་སྐྱེ་བ་དང་སྤྲུལ་པའི་སྒྱུ་འཕྲུལ་རིགས་དང་སྤྱོད་པ་མ་ངེས་པ་རིམ་པར་བྱོན་ནས་བསྟན་འགྲོའི་དོན་མཛད་པ་ལས། གཏེར་ཁ་གོང་འོག་སོགས་ཕྲིན་ལས་རྒྱ་ཆེ་ཞིང་རྩོད་པ་མེད་པར་ཡོངས་སུ་གྲགས་མོད། གདམས་ངག་ཕྲན་ཚེགས་འདོན་པ་པོ་དང་། ཡུལ་ཕྲན་རྣམས་སུ་གཏེར་སྟོན་ཡོངས་སུ་མ་གྲགས་པ་མང་པོ་ཞིག་སྔར་བྱོན་པ་དང་། དེང་སང་འབྱོན་པ་རྣམས་ཀྱང་མཛད་པ་ཆོས་དང་མཐུན་ཞིང་སེམས་ཅན་ལ་ཕན་པ་ཐོགས་ཕྱིན་ཆད་མང་བ་ཙམ་གྱིས་ཡང་དག་མ་ཡིན་པར་ཡང་མི་འགྱུར་བས་ཚད་མར་བཟུང་དགོས་ཏེ། དྲི་མེད་ཀུན་དགའི་གཏེར་ལུང་ལས། གཏེར་སྟོན་ལང་མ་ལིང་མ་འོང་། །གཏེར་ཆོས་ཤ་མོང་སུལ་ལྟར་བརྡོལ། །དེ་ཡང་འབྲས་མེད་མ་ཡིན་ཏེ། །ཨོ་རྒྱན་ང་ཡི་བརྗེད་ཐོ་ཡིན། །ཞེས་དང་། རཏྣའི་གཏེར་ལུང་ལས་ཀྱང་། ཡུལ་ཆེན་རེ་ལ་གཏེར་ཆེན་རེ། །དེ་ཡང་ཨོ་རྒྱན་བརྗེད་ཐོ་ཡིན། །ཡུལ་ཕྲན་རེ་ལ་གཏེར་ཕྲན་རེ། །དེ་ཡང་ཨོ་རྒྱན་བརྗེད་ཐོ་ཡིན། །ཞེས་སོགས་ཚད་ལྡན་གྱི་ལུང་མང་པོར་མཐུན་པར་འབྱུང་ཞིང་། རྫུན་གཏེར་དང་གཏེར་ལོག་སོགས་ཚད་ལྡན་མ་ཡིན་པའང་མང་དུ་འབྱུང་བར་ལུང་དུ་བསྟན་པར་མ་ཟད་བྱུང་བའི་ལོ་རྒྱུས་ཤིན་ཏུ་མང་བས་གཟུ་བོར་གནས་ཤིང་མདོ་རྒྱུད་མཁྱེན་པའི་ཆོས་ཀྱི་སྤྱན་ལྡན་དག་གིས་ལེགས་པར་དཔྱད་པས་ཐེ་ཚོམ་སེལ་བར་འགྱུར་བའང་འཕྲོས་སུ་སྨོས་ནས། འདིར་གཙོ་བོར་པདྨ་བཀའི་ཐང་ཡིག་ཨོ་རྒྱན་གླིང་པ། སངས་གླིང་། རྡོར་གླིང་། སྟག་ཤམ་གཏེར་མ་རྣམས་རྒྱས་བསྡུས་ཙམ་ལས་མཐུན་པར་འབྱུང་བ་ལས་གཏེར་སྟོན་རགས་རིམ་ཙམ་ལུང་བསྟན་པ་རྣམས་རྩ་བར་བཟུང་། དེར་མི་གསལ་ཡང་སྔོན་བྱོན་ཚད་མར་ཡོངས་སུ་གྲགས་པ་ཅི་རིགས་པ་དང་། ཕྱིས་བྱོན་རྣམས་གངས་རིའི་ཁྲོད་ཙམ་དུ་ཐུབ་བསྟན་ཡོངས་སུ་རྫོགས་པའི་བཤེས་གཉེན། སྤྱན་ལྔ་རྣམ་པར་དག་པའི་གཟིགས་པས་ཤེས་བྱ་ཀུན་ལ་ཆགས་ཐོགས་ཀྱི་དྲི་མ་བྲལ་བས་ལེགས་གསུང་ཚད་མར་གྱུར་པ་ལ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མངོན་པར་བསྔགས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་ལུང་དཔང་པོར་བྱས་ཏེ་རྣམ་ཐར་ས་བོན་ཙམ་དགོད་པ་ལ། ཇི་སྐད་དུ། ཐང་ཡིག་ལས། རྒྱལ་པོའི་གདུང་རབས་བརྒྱད་དམ་བཅུ་ལྷག་ན༔ ལ་སྟོད་མཚོ་བར་གྱམ་ནག་ཅེས་བྱ་བར༔ མུ་གེ་ནད་ཡམས་མི་ཐོག་བུད་པ་འབྱུང༔ གློ་བོ་དགེ་སྐར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་སངས་རྒྱས་བླ་མ་ཞེས་བྱ་འབྱུང༔ ཞེས་ལུང་བསྟན་པ། གཏེར་སྟོན་ཐམས་ཅད་ཀྱི་ཐོག་མ་སངས་རྒྱས་བླ་མ་ནི། རྒྱལ་སྲས་ལྷ་རྗེ་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་བཞེས་པའི་དང་པོ་སྟེ། ལོ་ཆེན་རིན་ཆེན་བཟང་པོའི་སྐུ་ཚེའི་སྟོད་ཙམ་ལ། ལ་སྟོད་མཚོ་བར་དུ་འཁྲུངས། རྟེན་སྔགས་བཙུན་ཅོ་བྲེག་གི་རྣམ་པར་བཞུགས། མངའ་རིས་གློ་བོ་དགེ་སྐར་གྱི་གཙུག་ལག་ཁང་གི་ཀ་ཞུ་ནས་བླ་རྫོགས་ཐུགས་གསུམ། དེ་དང་ཉེ་བའི་བྲག་རྟ་མགྲིན་མགུལ་ནས་རྩ་གསུམ་དྲིལ་སྒྲུབ་དངོས་གྲུབ་བརྟན་གཟིགས། ཐང་བར། ཁོག་འབྲང་བྲག་སོགས་ནས་རྟ་མགྲིན་དྲེགས་པ་ཟིལ་གནོན། རྒྱ་ནག་ནས་འགྱུར་བའི་མདོ་ལུགས་ཀྱི་ཆོ་ག་མང་པོ་དང། ཁ་བསྒྱུར་སོགས་བཏོན། དབུས་གཙང་རྣམས་སུའང་བྱོན་ཅིང་འགྲོ་དོན་མཐར་ཕྱིན། དགུང་གྲངས་བརྒྱད་ཅུ་ནང་ཕེབས། འདིའི་གཏེར་ཕུར་ཙཱ་རི་མཚོ་དཀར་དུ་བཞུགས་པ་ཕྱིས་ཆོས་རྗེ་གླིང་པས་ཀྱང་མཇལ་བར་བཤད། གཏེར་སྟོན་དེ་ཉིད་ཀྱི་གདུང་རྒྱུད་ལ་སྟོད་ཕྱོགས་སུ་ཕྱི་མོའི་བར་དུ་ཡོད་ལ། གཏེར་སྟོན་སངས་རྒྱས་འབར་ཅེས་པ་དེའང་གདུང་རྒྱུད་འདི་ལས་འཁྲུངས་པར་འདུག །དུས་ཆེས་སྔས་པས་ཕྱིས་ནས་མདོ་ཕྲན་རེའི་ལུང་རྒྱུན་ཙམ་མ་གཏོགས་དབང་ལུང་དང་དཔེ་རྒྱུན་མི་བཞུགས་ནའང་། དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོ་ཡབ་སྲས་ཀྱི་ཡེ་ཤེས་ཀྱི་གཟིགས་པ་དང་ཐུགས་རྗེ་ལ་འབྲི་བཀོལ་མེད་པས་སྙིགས་མའི་མཐའ་འདིར་བོད་འབངས་ལ་ལྷག་པར་དགོངས་པའི་ཚུལ་གྱིས། བི་མ་ལ་དང་། མངའ་བདག་མེས་དབོན་རྣམས་ཀྱི་ཐུགས་རྗེའི་སྒྱུ་འཕྲུལ་འགོགས་པ་མེད་པར་ཤར་བ་ཟབ་གཏེར་རྒྱ་མཚོའི་ཤིང་རྟ་གཅིག་པུ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་བཀའ་བབས་བདུན་གྱི་བདག་པོར་དབུགས་དབྱུང་ཞིང་གཏེར་སྟོན་བརྒྱ་རྩའི་ཟབ་གཏེར་མཐའ་དག་དངོས་དང་བརྒྱུད་པའི་སྒོ་ནས་ཕྱག་ཏུ་བབས་པར་རྡོ་རྗེའི་ལུང་གིས་ཡང་ནས་ཡང་དུ་སྐབས་ཕྱེ་བའི་བདེན་དོན་མངོན་དུ་གྱུར་པ་་་་་་ལས། སྤྲུལ་པའི་གཏེར་ཆེན་འདི་ཉིད་ཀྱི་ཟབ་གཏེར་གྱི་སྙིང་པོ་རྩ་གསུམ་དྲིལ་སྒྲུབ་ཞུ་ལན་ཉེར་གཅིག་པའི་ཤོག་སེར་ཕྱག་ཏུ་བབས་ནའང་གཏེར་གཞུང་རྩ་བ་གཏན་ལ་འབེབས་པ་མ་བྱུང་རུང་གཞུང་གི་དགོངས་པ་དང་མཐུན་པར་ཕྲིན་ལས་དང་གཏོར་དབང་ཆོག་སྒྲིག་ཏུ་མཛད་ཅིང་སྤེལ་བ་ཁོ་བོས་ཀྱང་སྐལ་པ་བཟང་པོའི་དཔྱིད་དཔལ་དུ་ནོས་ཤིང་རིན་ཆེན་གཏེར་གྱི་མཛོད་ཆེན་པོར་བཞུགས་སུ་གསོལ་བ་དང་། སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པ་སོགས་རིས་མེད་ཀྱི་སྐྱེས་ཆེན་རྣམས་ལ་བསྩལ་པས་གཏེར་འབྱིན་ཐམས་ཅད་ཀྱི་ཐོག་མའི་ཟབ་གཏེར་གྱི་ཆ་ཤས་སྙིགས་མའི་མཐའ་འདིར་སྣང་བས་ངོ་མཚར་དང་རྟེན་འབྲེལ་གྱི་དགེ་མཚན་ཕུན་སུམ་ཚོགས་པའི་བཀའ་དྲིན་རྨད་དུ་བྱུང་བར་གྱུར་ཏོ། ༈ །དེ་རྗེས་རིམ་པར། བལ་བོད་མཚམས་ནགས་མེ་ཤོར་མི་མང་ཚིག༔ པཱུརྞ་རྫ་རིར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་རྒྱ་ལོ་ཙཱ་ཞེས་བྱ་བ་འབྱུང༔ ཞེས་པའི་གཏེར་སྟོན་རྒྱ་ལོ་ཙཱ་ནི། སངས་རྒྱས་བླ་མའི་ཡང་སྲིད་དེ་མ་ཐག་པ་བལ་བོད་མཚམས་ཀྱི་འཛུམ་ལང་དུ་རྒྱའི་རིགས་སུ་འཁྲུངས། འཕྲལ་སྐད་མཁྱེན་པས་ལོ་ཙཱར་ཐོགས། མཚན་དངོས་རྡོ་རྗེ་བཟང་པོ་ཡིན། རྟེན་སྔགས་བཙུན། རྗེ་མར་པ་དང་དུས་མཚུངས། པཱུརྞ་རྫ་རི་སོགས་ནས་བླ་མ་བསྟན་གཉིས་སྐོར་གསུམ་སོགས་བཀའ་འདུས་སྙིང་པོའི་སྐོར། མན་ངག་ལམ་རིམ། སྙིང་དུམ། རྩ་གནས་རབ་དབྱེ། ཆུང་དཔྱད་པདྨ་གཅེས་ཕྲེང་ལ་སོགས་པའི་གཏེར་ཁ་མང་པོ་བཏོན་པར་བཤད། འོན་ཀྱང་ཐོག་སྔས་པས་ད་ལྟ་དཔེ་ལུང་གི་རྒྱུན་སོགས་མི་སྣང་ནའང་། གོང་དུ་སྨོས་པ་ལྟར་བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པར་ཡེ་ཤེས་མཁའ་འགྲོས་གཏེར་དཔེ་དངོས་སུ་བསྩལ་པ་ལྟར། བླ་མ་བསྟན་གཉིས་སྐོར་གསུམ་ཟབ་ཏིག་མཐོང་བ་རང་གྲོལ་གྱི་གཞུང་ལེའུ་བརྒྱད་པ་ངོ་མཚར་ཅན་གཏན་ལ་ཕབ་ཅིང་བདག་ཅག་ལའང་སྨིན་གྲོལ་བཀའ་དྲིན་བསྩལ་པ་ལྟར་གཏེར་མཛོད་རིན་པོ་ཆེར་བཞུགས། ༈ དེ་ནས་ཐང་ཡིག་ཆེན་མོའི་ལུང་བསྟན་གོ་རིམ་མཐར་ཆགས་སུ་མི་སྣང་ཡང་གཞུང་སོར་བཞག་ལྟར་རིམ་པར་བརྗོད་ན། དེ་ཉིད་ལས། ཁམས་ཀྱི་རྨེ་མདོར་བྱ་ཁྱི་ལྷ་ཁང་འཁྲུགས༔ ཀློང་ཐང་སྒྲོལ་མར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་སྣ་ནམ་པ་ཞེས་བྱ་བ་འབྱུང༔ ཞེས་པའི་གཏེར་སྟོན་སྣ་ནམ་པ་ནི། བཻ་རོའི་རྣམ་འཕྲུལ། མདོ་ཁམས་དགེ་རྒྱལ་བྱང་རོང་གི་མཚམས་སུ། ཞང་སྣ་ནམ་པའི་རིགས་སུ་འཁྲུངས། མཚན་གཞན་འབྲོག་པ་སྣ་ནམ་ཐུབ་པ་རྒྱལ་པོར་ཡང་གྲགས། རྟེན་སྔགས་དཀར་དཀྱུས་མ། ཀློང་ཐང་སྒྲོལ་མར་ཕེབས། དེའི་ཀ་ཞུ་ནས་ཆོས་དང་སྨན་དཔྱད་རྩིས་སོགས་ཕན་བྱེད་མང་པོ་གཏེར་དུ་བཞེས་ཀྱང་དེང་སང་གཏོ་བཅོས་བརྒྱ་རྩའི་འཁོར་ལོ་ལས་གཞན་མི་སྣང་། ཕྱིས་འདིར་རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡེ་ཤེས་མཁའ་འགྲོས་གཏེར་དཔེ་གཏད་ཅིང་ཨོ་རྒྱན་ཡབ་སྲས་ཀྱི་བྱིན་རླབས་གསལ་སྣང་ལ་བརྟེན། འདིའི་ཡང་སྲིད་སྙེ་མོ་ཞུ་ཡས་ཀྱི་རྫོགས་པ་ཆེན་པོ་སྐུ་གསུམ་ཉི་ཟླ་འབར་བའི་གཞུང་དང་རྒྱལ་པོ་མདོ་བཅུའི་གདམས་པ་སོགས་བཀའ་བབས་པར་སྣང་། ༈ ལ་སྟོད་གཅུང་པ་དྲིལ་ཆེན་ཆུ་ལྟར་འཁྲུགས༔ གཡུ་ཕུ་རྫ་ལྷུད་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་དུམ་རྒྱ་ཞང་ཁྲོམ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་རྒྱ་ཞང་ཁྲོམ་རྡོ་རྗེ་འོད་འབར་ནི། གནུབས་ཆེན་སངས་རྒྱས་ཡེ་ཤེས་བསམ་བཞིན་ཏུ་སྐྱེ་བ་བཞེས་པ་སྟེ། ཟབ་པའི་ཆོས་དྲུག་གི་དཀར་ཆག་ལས། དེ་དུས་བསྐལ་པའི་ཐ་མ་ལ༔ ང་མིན་ང་ཡི་ཆ་བྱད་ཅན༔ ཤ་ནི་སེར་ལ་སྐྲ་ནི་ལི༔ བོང་ནི་ཐུང་ལ་གཡས་ནི་དཀར༔ གཡོན་ནི་དམར་བའི་ཤ་མཚན་ཅན༔ སོ་ནི་དཀར་ལ་སོ་ཚག་དམ༔ སྨེ་བའི་ག་ཤ་ཡོད་པ་ཡི༔ ལོ་ནི་ཁྱི་འབྲུག་ལོ་པ་ལ༔ རུས་རྒྱ་མིང་ནི་ཞང་ཁྲོམ་ཞེས༔ དེ་ལྟ་བུ་ཡིས་རྙེད་པར་ཤོག༔ ཅེས་གནུབས་ཆེན་གྱིས་སྨོན་ལམ་མཛད་པ་དང་མཐུན་པར་གཙང་རོང་དུམ་པ་ཆུ་ཚན་ཁར་སྐུ་འཁྲུངས། རྟེན་ཁྱིམ་སྔགས་དཀྱུས་མ། རུས་རྒྱ། བླ་དྭགས་ཀྱི་མཚན་ཞང་ཁྲོམ། གསང་མཚན་རྡོ་རྗེ་འོད་འབར་དུ་གྲགས། དགུང་སྙིང་འབྲུག་ཡིན་པ་དང་སྐྲ་ལི་བ་སོགས་ལུང་དང་མཐུན་པར་ཡོད་ཅེས་གྲགས། ཐོག་མ་ལོངས་སྤྱོད་དབུལ་བས་མུ་ཏོའི་ཚུལ་མཛད་ནས་སློང་མོར་བྱོན་པ་ན། གཙང་ཆུའི་ཉ་མོ་ལྷ་ཁང་དུ་རྣལ་འབྱོར་པ་གཅིག་དང་མཇལ་ནས་ཁ་བྱང་གཏད་པ་ལྟར། ཕུང་པོ་རི་བོ་ཆེ་ནས་ཟབ་གཏེར་ཐོག་མ་སྤྱན་དྲངས་པར་མཛད། ལོ་རྒྱུས་འགའ་ཞིག་ལས། གོང་གི་རྣལ་འབྱོར་པས་དུམ་པ་ཆུ་ཚན་ཁ་རང་དུ་ཁ་བྱང་སྒོ་སྐྱེལ་དུ་གནང་བར་བཤད། གང་ལྟར་ཡང་རིམ་པར་རྒྱའི་མོན་མོ་གཙུག་རུམ། ཉུག་གི་རྡོ་རྗེ་སྒྲོམ་བུ། གཙང་འགྲམ་མཆོད་རྟེན་སྐྱེར་མ་སྟེ་ཟབ་པ་ཆོས་དྲུག་གི་དཀར་ཆག་ལས་འབྱུང་བའི་གཏེར་གནས་བཞི་དང་། གཡུང་གི་རྫ་ལྷུད་མོ། མཐའ་འདུལ་པྲ་དུན་ཙེ། ལྷོ་བྲག་མཁོ་མཐིང་། བསམ་ཡས་མཆིམས་ཕུ་སོགས་ནས། སེམས་ཕྱོགས་གཙོ་བོར་གྱུར་པའི་བྱང་ཆུབ་སྒྲུབ་པའི་ཆོས་སྡེ་མང་པོ་དང་། ཁྱད་པར་དྲག་སྔགས་ཀྱི་བཀའ་བབས་པས། འཇམ་དཔལ་ཚེ་བདག་ནག་པོ་ལྕགས་འདྲ། ལྕགས་སྡིག །ཁ་ཐུན། ཡང་ཟློག །འཆར་ཁ། ཀིང་ཀང་། ཁྲོ་ཆུ། གནུབས་ཀྱི་གོང་ཁུག་བརྒྱ་རྩར་གྲགས་པའི་མན་ངག་ཐོར་བུ་སོགས་མཐའ་ཡས་པ་ཞིག་སྤྱན་དྲངས་པར་མཛད་པ་ལས། གོང་དུ་མཚན་སྨོས་པ་ཕལ་ཆེར་སྨིན་གྲོལ་ལུང་དང་བཅས་པ་སྨིན་གླིང་ཁྲི་ཆེན་རྡོ་རྗེ་འཛིན་པ་འགྱུར་མེད་ཡིད་བཞིན་དབང་རྒྱལ་སོགས་ཡོངས་འཛིན་དམ་པ་རྣམས་ཀྱི་བཀའ་དྲིན་ལས་ཁོ་བོས་ཀྱང་ནོས། གཏེར་ཆེན་འདི་ཉིད་རྗེ་བཙུན་མི་ལ་ལས་མི་ཐོག་གཅིག་ཙམ་སྔ་བར་བྱོན་པར་གསལ་ཞིང་གདུང་རྒྱུད་ལས་བར་སྐབས་དྲག་སྔགས་གྲུབ་པ་མང་དུ་བྱོན་ཅིང་དེང་སང་ཡང་གཙང་རོང་ཕྱོགས་སུ་མ་ཆད་པར་ཡོད་སྣང་། གང་ལྟར་ཡང་བོད་ཡུལ་འདིར་དྲག་སྔགས་ཐམས་ཅད་ཀྱི་ཕྱི་མོ་པ་གཅིག་པུ་སྟེ་གཏེར་སྟོན་རྒྱལ་པོ་གཅིག་གོ ༈ །དེ་ནས། མང་ཡུལ་ནམ་མཁའ་ཁྲག་མདོག་སྔོ་དམར་འགྲོ༔ ཁྲག་གི་ཆར་པ་ཟླ་བ་བཅོ་བརྒྱད་འབབས༔ བྱམས་པ་སྤྲིན་དུ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་སཱུརྻ་སིཾ་ཧ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་ཉི་མ་སེང་གེ་ནི། རྒྱ་ལོ་ཙཱ་བའི་སྐྱེ་བ་དེ་མ་ཐག་པ་སྟེ། མང་ཡུལ་དཔལ་མཚོ་དང་ཉེ་བར་འཁྲུངས། རྟེན་སྔགས་བཙུན། མདོ་སྔགས་ཀྱི་གཞུང་ལ་སྦྱང་པ་ཅི་རིགས་མཛད། མང་ཡུལ་བྱམས་པ་སྤྲིན་ནས་བླ་རྫོགས་ཐུགས་གསུམ། དྲག་སྔགས་དང་བཅས་པའི་གཏེར་ཁ་ཆེན་པོ་བཞེས་ཀྱང་ཡུམ་དང་གྲ་སྦྱིན་བདག་རྣམས་མ་མཐུན་པའི་འཁྲུགས་ལོང་ཆེ་བས་ཤོག་སེར་ཆེར་གཏན་ལ་ཕབ་མ་གྲུབ་ཅིང་འཆད་སྤེལ་སོགས་ཀྱང་མ་བྱུང་བར་གཤེགས། འདའ་ཁར་ཡང་གཏེར་དུ་བསྩལ་པ་ལས་ཕྱིས་གཏེར་སྟོན་འགའ་ཞིག་གིས་ཅི་རིགས་སྤྱན་དྲངས། ཁྱད་པར་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་ལ་རྒྱས་འབྲིང་བསྡུས་པ་སྙིང་པོའི་སྐོར་བཞིར་བཞུགས་པ་ལས། སྙིང་པོའི་སྐོར་ཞིང་སྐྱེས་མཁའ་འགྲོ་ཙཎྜ་ལཱིས་གཏེར་དཔེ་མཚོན་པར་མཛད་པ་ལྟར་རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པས་གཏན་ལ་ཕབ་ཅིང་བདག་ཅག་གིས་ཀྱང་ཚང་བར་ནོས་སོ། ༈ །དེ་ནས། ཤོད་གསུམ་ས་ལ་རོ་འདྲེན་འཇག་སྐྱ་འཕྱོ༔ མི་རེའི་ལག་ན་ཕུབ་རེ་མདའ་གཞུ་རེ༔ བྱང་གཏེར་གཏེར་ཕྲན་འགའ་ཞིག་སྦས་པ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་དབུ་རུ་སྟོན་ཤཱཀ་ཅེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་དབུ་རུ་སྟོན་པ་ཤཱཀྱ་འོད་ནི། དབུ་རུ་འཕན་ཡུལ་ཕྱོགས་སུ་འཁྲུངས། དྲག་སྔགས་ཀྱི་བཀའ་བབས་བཻ་རོ་དང་ལང་གྲོ་ཟུང་དུ་འཇུག་པའི་སྐྱེ་མཐར་གསལ། རྟེན་སྔགས་བཙུན་དཀྱུས་མ། མདོ་སྔགས་ཀྱི་གཞུང་ལའང་སྦྱང་པ་ཅི་རིགས་མཛད་པས་སྟོན་པར་གྲགས། བྱང་པྲ་དུན་རྩེ་ནས། རླུང་འཁོར་དམར་ནག་དང་ཟློག་པ་དང་། དྲེགས་པ་ཉི་ཤུ་སོགས་གཏེར་ཁ་མང་པོ་བཏོན་ཅིང་། གཞན་ཡང་གཡུ་མདོ་བྲག་ནས་བླ་མ་སྐུ་གསུམ་རོལ་པའི་ལས་ཕྲན་དང་། ར་ས་འཕྲུལ་སྣང་ནས་རླུང་འཁོར་གྱི་གདམས་སྐོར་རྣམས་ཀྱང་གདན་དྲངས་པ་ལས། བླ་མ་སྐུ་གསུམ་རོལ་པའི་ལས་ཕྲན་ཙམ་རྒྱུན་སྣང་ཞིང་། གསང་བདག་རྡོ་རྗེ་མེ་འབར་གྱི་གཞུང་ཉུང་ངུ་པདྨ་མདོ་སྔགས་གླིང་པས་བྱིན་རླབས་ཉེ་བརྒྱུད་ཀྱི་ཚུལ་དུ་གཏན་ལ་ཕབ་པ་ཁོ་བོས་ཀྱང་བཀའ་དྲིན་དུ་ཐོབ་བོ། ༈ །ཡང་། སྤ་གྲོ་གནམ་ཐང་དཀར་པོ་སོག་དམག་འཇོམས༔ ལས་སུ་དམེ་འཁྲུགས་བྱེད་ཅིང་ལྕགས་ཆ་གྱོན༔ བུམ་ཐང་རྩིས་ལུང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་བོན་པོ་བྲག་ཚལ་ཅེས་བྱ་འབྱུང༔ ཞེས་གཏེར་སྟོན་འདི་གཙང་རོང་ཟར་གྱི་ཕྱོགས་སུ་འཁྲུངས། རུས་བོན་པོ་ཡིན་པས་དེར་གྲགས། བཻ་རོ་དཔལ་སེང་ཟུང་དུ་འཇུག་པའི་རྣམ་འཕྲུལ། རྟེན་སྔགས་འཆང་། སྐུ་གཟུགས་ཆེ་སྟོབས་ལྡན་པ་ལ་བླ་དྭགས་མཚན་བྲག་ཚལ་དང་། གསང་མཚན་རྡོ་རྗེ་འབར་དུ་གྲགས། བུམ་ཐང་རྩིས་ལུང་ནི། དུས་གསུམ་སངས་རྒྱས་ཀྱི་སྐུ་ལི་མ་བཞུགས་པའི་ལྷ་ཁང་ལ། མོན་པ་རྣམས་ཀྱིས་དཀོན་མཆོག་གསུམ་གྱི་ལྷ་ཁང་ཟེར་བ་དེ་ཡིན། གཏེར་གནས་དེ་ནས་རྫོགས་ཆེན་གུ་རུ་བཞི་པ། གུ་རུ་བཞིའི་ལོ་རྒྱུས་ཀྱིས་མཚོན་ཤྲཱི་སིང་ཧའི་རྫོགས་རིམ་བླ་མ་དམར་ཁྲིད་ཟེར་བའི་པུསྟི་གདན་དྲངས། འདི་ཡི་ནང་ན། སྒོམ་མ་མྱོང་དང་བྲལ་མ་མྱོང། །མི་སྒོམ་དོན་དང་མི་འབྲལ་བ། ཟེར་བའི་མན་ངག་དེ་ཡོད་གསུངས། འདི་བྱང་གཏེར་ཀ་དག་གི་སྐབས་སུ་ཡང་འབྱུང་། གཞན་ཡང་ཕུར་པ་ལ་སོགས་པའི་ཆོས་སྐོར་དང་། ཤངས་ཀྱི་སྐྱེ་ཀ་ཐང་ཤིང་བྲག་ནས་བཏོན་པའི་རཱ་ཧུ་ལ་ཤ་ིས་བསྟན་པ་རུ་སྦལ་ནག་པོའི་སེར་སྲུང་བཅས་ཆོག་མ་ཟབ་པའི་བཀའ་རྒྱ་སྲོག་གི་རྒྱ་ཅན་མའི་སྐོར་སོགས་ཆོས་མང་དུ་ཡོད་པ་ལས་རཱ་ཧུ་ལ་ཤི་ས་བསྟན་པ་ཙམ་གྱི་ལུང་ད་་་་་་ལྟའང་སྣང་། ཕྱིས་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་བྱིན་རླབས་ཉེ་བརྒྱུད་ཟབ་མོའི་བཀའ་བབས་པའི་ཚེ་གུར་སྦྲགས་མའི་གདམས་ཟབ་གཏེར་རྙིང་དང་མཐུན་པའི་ངོ་མཚར་ཅན་བཞུགས་སོ། ༈ །ཡང་། གཙང་གི་ཉང་སྟོད་ཉ་རི་འུག་པ་ལུང༔ བསྟན་པ་གཉིས་འཁྲུགས་ཆོས་ཀྱི་དད་པ་ཡལ༔ ཆོས་དང་གང་ཟག་ཡ་བྲལ་ཆོམ་པོས་ཁྱེར༔ སྙིང་དྲུང་ཤང་བྲག་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་སྙེ་མོ་ཞུ་ཡས་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་སྙེ་མོ་ཞུ་ཡས་ནི། འཁྲུངས་ཡུལ་གཙང་སྙེ་མོ། ཞུ་ཡས་ནི་བོན་པོའི་གདུང་རིགས་སུ་འཁྲུངས་པས་རུས་ཀྱི་མཚན། མཚན་དངོས་གནོད་སྦྱིན་འབར། ལོ་ཆེན་བཻ་རོའི་སྐྱེ་མཐར་གསལ། བོན་པོ་བྲག་ཚལ་ལས་ཁ་བྱང་བྱུང་བ་ལྟར་རོང་པོ་འདམ་གྱི་སྙིང་དྲུང་ཤེལ་མ་བྲག་ནས་རྫོགས་ཆེན་སྤྱི་ཏིའི་རྒྱུད་ཀྱིས་མཚོན་སེམས་ཕྱོགས་རྒྱུད་སྡེ་ཉེར་ལྔ་སོགས་རྒྱ་ཆེར་སྤྱན་དྲངས་པ་མངའ་བདག་ཉང་ལ་ཕུལ་ནས་དེང་སང་སྔ་འགྱུར་རྒྱུད་འབུམ་གྱི་གྲས་སུའང་ཅི་རིགས་པ་ལུང་རྒྱུན་དང་བཅས་བཞུགས་པར་སྣང་། རྒྱུད་ཀྱི་བདག་པོ་སྙེ་མོ་ཞུ་ཡས་ཞེས་སྔགས་འཆང་རྡོ་རྗེ་འཛིན་པ་ཆེན་པོར་གྲགས་ཤིང་ཕྲིན་ལས་ཀྱང་ཅི་རིགས་པ་བྱུང་མོད། ད་ལྟ་གོང་སྨོས་ལྟར་རྒྱུད་འགའ་ཞིག་གི་ལུང་རྒྱུན་ཙམ་ལས་གཞན་མི་བཞུགས་ནའང་། རྫོགས་པ་ཆེན་པོ་སྐུ་གསུམ་ཉི་ཟླ་འབར་བ་ཞེས་ཟབ་ཅིང་འདྲིལ་བའི་ཆོས་སྡེ་རྣམས་ཡང་གཏེར་གྱི་ཚུལ་དུ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་བཀའ་བབས་པ་བཞུགས། ༈ ཡང་། འཛིམ་གྱི་བྱ་ར་འདབས་འདྲ་དཀོན་མཆོག་མཚན༔ སྡེ་དགོན་ཟ་འོག་ཁ་ཕྱེ་འདྲ་བ་འབྱུང༔ གཙང་གི་རི་བོ་ཆེར་སྦས་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་གྲུབ་ཐོབ་དངོས་གྲུབ་ཅེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་གྲུབ་ཐོབ་དངོས་གྲུབ་ནི། ལོ་ཆེན་བཻ་རོའི་རྣམ་འཕྲུལ་གཙང་དུ་འཁྲུངས། རྟེན་སྔགས་འཆང་རྡོ་རྗེ་འཛིན་པ་ཆེན་པོར་སྣང་། མི་ཡུལ་དུ་ལོ་སུམ་བརྒྱར་བཞུགས་ཤིང་འཆི་མེད་ཚེའི་རིག་འཛིན་ཆེན་པོར་གྲགས། མངའ་བདག་ཉང་གིས་ཀྱང་བཀའ་བརྒྱད་བཀའ་མ་རྫོང་འཕྲང་གསན་ཅིང་དེའི་རྒྱུན་ད་ལྟའི་བར་བཞུགས། གཏེར་གྱི་ཁ་བྱང་འགའ་ཞིག་ཀྱང་གནང་བར་གསུངས། འདིས་གཙང་རི་བོ་ཆེ་ནས་ཀྱང་གཏེར་ཁ་མང་དུ་བཞེས་ཤིང་། ཁྱད་པར་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཞལ་གདམས་སྒྲུབ་སྐོར་དང་བཅས་པ་རྣམས་ར་ས་འཕྲུལ་སྣང་གི་གཙང་ཁང་བྱང་གི་རྟ་མགྲིན་ཞབས་འོག་དང་ནཱ་ག་ཀུ་བེ་རའི་བརླ་གཡོན་པར་སྦས་པ་ཨོ་རྒྱན་ཆེན་པོས་གཟིགས་ཤིང་ཁྲི་སྲོང་ལའང་རྗེས་སུ་བསྟན། སླར་ཡང་གཏེར་དུ་སྦས་པ་འདི་ཉིད་ཀྱིས་ཐོག་མར་བཞེས། དེ་ནས་མངའ་བདག་ཉང་དང་ལྷ་རྗེ་དགེ་བ་འབུམ་གྱིས་ཀྱང་ཆ་ལག་རིམ་པར་བཏོན་པའི་གླེགས་བམ་ཡོངས་སུ་རྫོགས་པར་མ་ཎི་བཀའ་འབུམ་དང་རྒྱལ་པོ་བཀའ་ཆེམས་སུ་གྲགས་པ་གཏེར་སྟོན་གསུམ་གྱི་གཏེར་ཆོས་ཡིན་ཀྱང་གཙོ་བོའི་དབང་དུ་བྱས་ནས་གྲུབ་ཐོབ་དངོས་གྲུབ་ཀྱི་གཏེར་ཆོས་སུ་འདྲེན་ཅིང་ཕྲིན་ལས་རྒྱ་ཆེ་ལ་རྒྱུན་མི་འཆད་པར་ཡོངས་སུ་གྲགས་ཤིང་། ཁོ་བོས་ཀྱང་དབང་ལུང་ཁྲིད་དང་བཅས་པ་ཡོངས་སུ་རྫོགས་པར་ཐོབ་པའི་སྐལ་བཟང་དུ་གྱུར། བོན་པོ་རྣམས་ཀྱིས་བཞོད་སྟོན་དངོས་གྲུབ་ཟེར་ཞིང་མཁོ་མཐིང་རྣམ་སྣང་སྐུ་རྒྱབ་ནས་བཏོན་པའི་བསྒྲགས་པ་སྐོར་གསུམ་དང་རྫོགས་ཆེན་ཡང་རྩེ་ཀློང་ཆེན་སོགས་ད་ལྟའི་བར་ཡོད་པར་སྣང་། ༈ ཡང་། རྒྱ་ནག་རྒྱལ་པོའི་རྒྱལ་ས་ཏཱ་རྫིང་འཕྲོག༔ བསྟན་པ་མཐའ་རྒྱས་མངའ་ཐང་ཇེ་ཆེར་འགྲོ༔ བལ་ཡུལ་ཨེ་ཡི་གཙུག་ལག་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་གཙུག་ལག་དཔལ་དགེ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་གཙུག་ལག་དཔལ་དགེ་ནི། གནུབས་ཆེན་པོའི་རྣམ་པར་འཕྲུལ་པ་སྟེ། བལ་ཡུལ་གྱི་ཟད་མཐའ་བོད་དང་ཉེ་བའི་གྲོང་ཁྱེར་སུན་ཞེས་པར་སངས་རྒྱས་བླ་མའི་སྐུ་ཚེའི་སྨད་ཙམ་ལ་འཁྲུངས། རྟེན་བལ་པོའི་སྔགས་པ་བྷ་རོའི་ཚུལ་དུ་བཞུགས། འདིས་བལ་ཡུལ་ཨེ་ཡི་གཙུག་ལག་ནས་དྲག་སྔགས་གཙོ་བོར་གྱུར་པའི་གཏེར་ཁ་གདན་དྲངས་ཀྱང་སྔ་ཐོག་ནས་དཔེ་ལུང་གི་རྒྱུན་ཅིའང་མ་བྱུང་། ཕྱིས་འདིར་གནུབས་ཆེན་གྱི་བྱིན་རླབས་ལ་བརྟེན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་སྒྲུབ་པ་སྡེ་དྲུག་མགོན་པོ་ནག་པོ་བཅས་ཀྱི་དྲག་སྔགས་ཐེམ་ཡིག་བདུན་པ་ཞེས་ཟབ་ཅིང་འདྲིལ་བ་བཞུགས། འདིའི་ལུང་བྱང་ཕལ་ཆེར་དུ་རྟ་རྫི་ཞེས་འབྱུང་ནའང་། དཔེ་རྙིང་འགའ་ཞིག་ཏུ་ཏཱ་རྫིང་ཞེས་ཡོད་པ་དག་པས། ཧོར་གྱི་མིང་ལ་ཏཱ་དབེན་དང་ཏཱ་རྫིང་སོགས་སུ་གྲགས་པས་དེར་བྱུང་པའི་སྤྲུལ་པའི་སྐྱེས་བུ་ཞིག་གིས་རྒྱ་ནག་གདན་ས་འཕྲོག་པར་བཤད་པ་ལྟར་རོ། ༈ །ཡང་། ལ་སྟོད་བཙན་ཡུལ་མཚོན་ལ་སོ་ནམ་བྱེད༔ འཛམ་གླིང་རྒྱལ་པོའི་དཔོན་རྒྱུད་འབངས་ཀྱིས་ནོན༔ ལྷོ་གཏེར་གཏེར་ཕྲན་འགའ་ཞིག་སྦས་པ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་ཀུ་ས་སྨན་པ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་ཀུ་ས་སྨན་པ་ནི། བཻ་རོའི་སྐྱེ་མཐའ་ལྷོ་བྲག་གི་ཕྱོགས་སུ་འཁྲུངས། རྟེན་སྨན་སྔགས་དཀྱུས་མ། དབེན་གནས་རྣམས་སུ་སྒྲུབ་པ་མཛད་པས་ཀུན་སྤངས་ཟླ་འོད་དང་སྨན་པ་པདྨ་སྐྱབས་སུ་གྲགས། ཀུ་ས་ནི་ས་མིང་དང་སྟོན་པ་ནི་གཞུང་ལུགས་ཅི་རིགས་པ་མཁྱེན་པའི་སྦས་པའི་རྣལ་འབྱོར་ཆེན་པོ་སྟེ། དེ་ཉིད་ཀྱིས་སྤ་གྲོ་ཅལ་གྱི་བྲག་སྡིག་རུ་འཛིངས་པ་འདྲ་བ་ནས་གཏེར་ཞལ་ཕྱེས་པ་ལས། གཏེར་སྒྲོམ་དྲིལ་བུའི་དབྱིབས་སོགས་བཞི་བྱུང་བའི་དྲིལ་བུ་ལས་ཆོས། གཤང་ལས་བོན། གཙག་ཆའི་སྒྲོམ་བུ་ལས་སྨན། གབ་རྩེ་ལས་རྩིས་ཀྱི་སྐོར་རྒྱ་ཆེར་ཐོན་པར་གྲགས་ནའང་དེང་སང་དབང་ལག་གི་བཅུད་ལེན་དཔེ་ལུང་གཉིས་ཀའི་རྒྱུན་བཞུགས་པ་ཙམ་ལས་གཞན་མ་མཇལ། བོན་སྡེའི་གྲས་ཁུ་ཚའི་ཕུར་ནག་འགར་སྟོན་ལ་བཀའ་བབས་པ་ད་ལྟའི་བར་དབང་ལུང་བསྙེན་སྒྲུབ་ཀྱི་རྒྱུན་སོགས་དར་ཞིང་བྱིན་རླབས་ཆེ་བར་གྲགས། བླ་རྫོགས་ཐུགས་གསུམ་གྱི་ནང་ནས་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལ་གཏེར་ཁ་སྔ་བར་ཕྱི་གསུམ་བྱུང་བའི་སྔ་མ་རྩ་གསུམ་རིགས་བསྡུས་སྤྱི་སྤུངས་ཆེན་མོ་གཏེར་ཆེན་འདི་ཉིད་ཀྱིས་སྤྱན་དྲངས་པའི་ཆོས་སྐོར་རྒྱ་ཆེར་བཞུགས་པ་ལས་སྙིང་པོ་ཙམ་ཞིག་རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡང་གཏེར་གྱི་ཚུལ་དུ་བཀའ་བབས། བར་པ་འཇའ་ཚོན་ལས་འཕྲོ་གླིང་པའི་དཀོན་མཆོག་སྤྱི་འདུས་ཞེས་རྩ་གསུམ་གནས་བསྒྱུར་གྱི་སྐོར་རིང་བརྒྱུད་དང་ཉེ་བརྒྱུད་ལས་གསན་ཅིང་། ཕྱི་མ་རྩ་གསུམ་གཙོ་བསྡུས་སྤྱི་འདུས་སྙིང་ཐིག་གནས་ཆེན་པདྨ་ཤེལ་རི་ནས་ཤོག་སེར་དངོས་སུ་བྱོན་པ་བདག་གིས་ཀྱང་རྩ་བའི་དབང་ལུང་ནོས་པ་ལུགས་འདིར་བརྒྱུད་པ་གསུམ་འདུས་སུ་བགྲང་རུང་ངོ་། །འདི་ཉིད་ཆོས་དབང་རིན་པོ་ཆེའི་སྐུ་ཚེའི་སྟོད་གཡུ་ཐོག་པ་དང་དུས་མཉམ་དུ་བྱོན་པར་གསལ་བས་བོན་གྱི་གཏེར་འབྱུང་འགའ་རེར་གཡུ་ཐོག་པ་དང་གཅིག་པར་བྱས་ཀྱང་དེ་གཉིས་གཅིག་པའི་གནས་མེད་དོ། ༈ །ཡང་། བྱང་གི་ཕྱི་གོང་རུ་བ་འཚུབ་མས་ཁྱེར༔ བོད་འདིར་དམ་ཆོས་བསྟན་པ་གསུམ་དུ་གྱེས༔ བཀའ་གཏེར་གཉིས་ཀྱིས་སངས་རྒྱས་བསྟན་པ་སྐྱོང༔ གཙང་གི་རུ་མཚམས་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨ་ཡ་བོན་པོ་ལྷ་འབུམ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་བོན་པོ་ལྷ་འབུམ་ནི། བཻ་རོ་ཙ་ན་དང་དྲན་པ་ནམ་མཁའ་ཟུང་དུ་འཇུག་པའི་རྣམ་འཕྲུལ་གཙང་རྟ་ནག་གི་ཕྱོགས་སུ་འབྲོམ་སྟོན་པ་སོགས་དང་དུས་མཉམ་དུ་འཁྲུངས། རྟེན་བོན་སྔགས། མཚན་ལྷ་འབུམ་མམ་བོན་གྱི་ཕྱོགས་སུ་གུ་རུ་རྣོན་རྩེར་གྲགས། འདིས་གཙང་གི་རུ་མཚམས་དང་ཉེ་བའི་རྟ་ནག་དུང་ཕོར་བྲག་ནས་ཆོས་བོན་སྨན་རྩིས་ཀྱི་སྐོར་རྒྱ་ཆེའི་གཏེར་ཞལ་ཕྱེས་པར་གྲགས་ཀྱང་། རང་ལུགས་ལ་མདོས་ཕྲན་ཙམ་གྱི་ལུང་རྒྱུན་ལས་གཞན་མི་བཞུགས། བོན་ཕྱོགས་སུ་མ་རྒྱུད་གསང་མཆོག་ཐུགས་རྗེ་ཉི་མའི་བསྐྱེད་རྫོགས་ཀྱི་སྐོར་རྒྱ་ཆེན་པོའི་དབང་ལུང་ཁྲིད་གསུམ་ད་ལྟའི་བར་དར་རྒྱས་དང་ཐུགས་གཙིགས་ཆེ་བར་སྣང་། ཕྱིས་འདིར་རྗེ་བླ་མར་བདེ་མཆོག་སྙིང་པོའི་སྐོར་གྱི་བླ་རྫོགས་ཐུགས་གསུམ་ཡང་གཏེར་གྱི་ཚུལ་དུ་བཀའ་བབས་པའང་བཞུགས། ༈ ཡང་། དབུས་གཙང་ཁམས་སུ་དུག་ལྔའི་ཆོས་ཤིག་འབྱུང༔ ལྟ་ལོག་ཆོས་སྟོན་བསྟན་པ་ཐབས་ཀྱིས་བསྣུབས༔ ཞབས་ཏོག་ཡིན་ཟེར་བསྟན་ཞབས་ཐག་པ་འདོགས༔ མོན་ཁ་བུམ་ཐང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་ཁྱུང་པོ་དཔལ་དགེ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་ཁྱུང་པོ་དཔལ་དགེ་ནི། བཻ་རོའི་རྣམ་འཕྲུལ་གཙང་ལ་སྟོད་དུ་འཁྲུངས། རུས་ཁྱུང་པོ། མཚན་དཔལ་དགེ །རྟེན་སྔགས་བཙུན་དཀྱུས་མའི་ཚུལ། དུས་གོང་གི་ལུང་བསྟན་ལས་ཟུར་གྱིས་གསལ་བ་ལྟར་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སུ་ཨར་ཙོ་བནྡྷེ་བཅོ་བརྒྱད་ཅེས་འཇིག་རྟེན་པའི་དངོས་གྲུབ་ཐོབ་པས་སྦྱོར་སྒྲོལ་སྒྲ་ཇི་བཞིན་དུ་སྤྱོད་པའི་ལོག་ཆོས་ཅི་རིགས་སུ་དར་བའི་སྐབས་སུ་བྱུང་བར་གསལ། མོན་གྱི་བུམ་ཐང་ནས་ཟབ་མོ་སྡེ་དྲུག་ཟེར་བའི་ཆོས་བོན་གཉིས་སོགས་ཀྱི་གཏེར་དང་། ཧས་པོ་རི་ནས་ཆོས་བོན་སྨན་རྩིས་ཀྱི་གཏེར་ཁ་རྒྱ་ཆེར་ཐོན་པར་གྲགས་ཀྱང་ཐོག་སྔས་པས་དེང་སང་དཔེ་ལུང་གཉིས་ཀའི་རྒྱུན་ཅིའང་མ་མཇལ། ཕྱིས་སུ་རྗེ་བླ་མར་ཟབ་མོ་སྡེ་དྲུག་གི་སྙིང་པོ་ཙམ་གྱི་བཀའ་བབས་བཞུགས་པར་སྣང་། ༈ ཡང་། བོད་ཀྱི་གནས་དགོན་ཀུན་ལ་འཐབ་ར་བཅའ༔ ལྷ་ས་དམར་པོའི་རི་ལ་ལྷ་ཁང་འབྱུང༔ ངང་ངུར་མཚོ་སྐེམ་ནེ་ཐང་བྱེ་མས་གནོན༔ དགེ་རྒྱས་ཧས་པོ་རིར་སྦས་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་ཤ་མི་རྡོར་རྒྱལ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་ཤ་མི་རྡོ་རྗེ་རྒྱལ་པོ་ནི། གཉགས་ལོ་ཆེན་པོའི་བྱིན་རླབས་ལས་ལོ་ཙཱ་བ་ཤ་མི་གོ་ཆའི་སྐྱེ་བར་ཤངས་ཀྱི་ཤ་མི་པྲ་དུ་རུ་འཁྲུངས། རུས་ཤ་མི། རྟེན་སྔགས་བཙུན། མདོ་སྔགས་ལ་སྦྱང་པ་ཅི་རིགས་མཛད་པས་ཤ་མི་སྟོན་པར་གྲགས། ཧས་པོ་རི་ནས་དགོངས་དོན་ཟབ་ཏིག་འགྲོ་བ་ཀུན་སྒྲོལ་ཟེར་བའི་གཏེར་ཁ་ཆེན་པོ་དང་། གཞན་ཡང་ཆོས་ནོར་གྱི་གཏེར་ཁ་མང་དུ་བཏོན་པར་གྲགས། ཐོག་སྔས་པས་དེང་སང་དཔེ་ལུང་གི་རྒྱུན་ཅིའང་མཇལ་དུ་མི་སྣང་། འོན་ཀྱང་དགོངས་དོན་ཟབ་ཏིག་ཏུ་གྲགས་པ་འདི་རྒྱུད་གསང་བ་སྙིང་པོའི་ལམ་རིམ་མན་ངག་ལྟ་ཕྲེང་གི་དགོངས་པ་ཐེག་པ་ཡོངས་སུ་རྫོགས་པའི་གཞུང་རྒྱས་པར་སྣང་ཞིང་། འབྲིང་པོ་རྗེ་བཙུན་སྒྲོལ་བའི་མགོན་པོ་ལ་ཕྲེང་བ་སྐོར་བཞི་ཞེས་གཏེར་སྐལ་དུ་བཞུགས་པ་གསང་རྣམ་དུ་གསལ་བ་ལྟར་དང་། བསྡུས་པ་གྲུབ་ཆེན་ཐང་སྟོང་པས་བསམ་ཡས་མཆིམས་ཕུ་ནས་ཤོག་སེར་ཀྱང་བཞེས། ཨོ་རྒྱན་ཆེན་པོ་དངོས་ལས་གསན་པ་བཅས་རྒྱས་འབྲིང་བསྡུས་པའི་ཚུལ་དུ་བཞུགས་པ་ལས། རྗེ་བླ་མར་རྒྱས་པའི་སྙིང་པོ་ཡང་གཏེར་གྱི་ཚུལ་དུ་བཀའ་བབས་པ་དང་། བསྡུས་པ་སྒྲུབ་ཐབས་སྙིང་པོ་སྐོར་ལྔ་གྲུབ་ཐོབ་ཆེན་པོའི་བྱིན་རླབས་ལ་བརྟེན་ཟབ་མོ་དགོངས་གཏེར་གྱི་ཚུལ་དུ་གཏན་ལ་ཕབ་པའི་གཞུང་རྡོ་རྗེའི་ཚིག་ངོ་མཚར་ཅན་དུ་བཞུགས་པ་ཁོ་བོས་ཀྱང་སྐལ་བཟང་དུ་ཐོབ། ༈ ཡང་། ང་སྤྲུལ་ཡིན་ཟེར་གཏེར་མིན་གཏེར་འདྲ་བཏོན༔ དམ་ཉམས་གང་དུ་མི་བྲིམ་ཐམས་ཅད་འདུས༔ ཉ་མའི་མགོ་བསྐོར་འབྲེལ་མེད་ཆོས་བཤད་བྱེད༔ བསྟན་པའི་རྐུན་པོས་གཏེར་ཆོས་དཀྲུག་ཅིང་སྤེལ༔ བཀའ་ལོག་མང་པོ་ར་ཁྱུ་ཙམ་པ་འབྱུང༔ པད་འབྱུང་བདག་ཀྱང་ཡི་མུག་ག་ཆད་དེ༔ ཞྭ་ཡི་ལྷ་ཁང་བི་མའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ལྡང་མ་ལྷུན་རྒྱལ་བི་མའི་སྤྲུལ་པ་འབྱུང༔ ཞེས་པའི་གཏེར་སྟོན་ལྡང་མ་ལྷུན་རྒྱལ་ནི། ཉང་ཏིང་འཛིན་བཟང་པོ་ལྷག་མེད་འོད་སྐུར་གཤེགས་ནས་ལོ་བརྒྱ་ལོན་པར་བི་མ་ལ་རང་ཉིད་སྙིང་ཐིག་ཟབ་མོ་གཏེར་དུ་རྒྱས་བཏབ་པ་རྒྱ་ཆེར་སྤེལ་བའི་དུས་སུ་བབས་པར་གཟིགས་ནས་བསམ་བཞིན་ཏུ་སྲིད་པ་ཉེ་བར་བཟུང་བའི་བྱིན་རླབས་ཀྱི་རྣམ་པར་འཕྲུལ་པ་ལས། དབུར་སྟོད་འབྲི་གུང་དང་ཉེ་བ་གཞོའི་ལུང་པར་ལྡང་མ་དགེ་མཆོག་གི་སྲས་སུ་འཁྲུངས། མཚན་ལྷུན་གྱིས་རྒྱལ་མཚན་ཞེས་གྲགས། རྟེན་སྔགས་བཙུན་ཅོ་བྲེག་གི་ཚུལ་གྱིས་དབུ་རུ་ཞྭའི་ལྷ་ཁང་གི་གནས་བརྟན་ཏེ་དཀོན་གཉེར་དཀྱུས་མའི་རྣམ་པར་ཡུན་རིང་དུ་བཞུགས་པ་ལ། རྡོ་རྗེ་ལེགས་པས་ལུང་བསྟན་ནས་གནས་དེ་ཉིད་ཀྱི་གཙུག་ལག་ཁང་གི་ཀེའུ་ཚང་ལས་སྔོན་བི་མ་ཆོས་རྒྱལ་ཉང་བན་རྣམས་དགོངས་པ་མཐུན་པས་སྦས་པའི་གསང་བ་སྙིང་ཐིག་ཆེན་མོའམ་བི་མ་སྙིང་ཐིག་ཏུ་གྲགས་པ་རྒྱ་ཆེ་བ་རྒྱུད་བཅུ་བདུན་བཀའ་སྲུང་དགོངས་འགྲེལ་དང་བཅས་པ་དང་། མན་ངག་གི་ཡི་གེ་བརྒྱ་དགུ་བཅུ་སོགས་བླ་དཔེ་རྣམས་ཕྱུངས་ཤིང་། སྦས་བློ་གྲོས་དབང་ཕྱུག་ལས་སྙན་བརྒྱུད་ཀྱི་སྐོར་རྣམས་ཀྱང་གསན་ཏེ་ཟབ་དོན་ཡིད་དཔྱོད་དུ་མ་ལུས་པར་ཉམས་སུ་བཞེས་པས་ས་ལམ་མཐོན་པོར་གཤེགས་པའི་ཚུལ་བསྟན། ཟབ་གཏེར་བཞེས་ནས་ལོ་བཅོ་ལྔའི་མཚམས་གདམས་ངག་བཞག་པའི་སྣོད་ཚོལ་དུ་བྱོན་པས་ཉང་སྟོད་དུ་ལྕེ་བཙུན་སེང་གེ་དབང་ཕྱུག་ཅེས་བྱ་བ་རྙེད་ནས་དེ་ལ་གདམས་པ་རིམ་པ་བདུན་བསླབས། དེ་དང་ཉེ་བར་ཁ་རག་སྒོམ་ཆུང་ལའང་གནང་བས་ཁོང་ཡང་དེས་གྲོལ། མི་རིང་བར་སྐུ་གཤེགས་པའི་དུས་ནམ་མཁའ་འཇས་ཁེངས། སྐུ་གདུང་རིང་བསྲེལ་དཔག་ཏུ་མེད་པ་བྱོན་པ་སོགས་ཕུང་པོ་ལྷག་བཅས་ཀྱིས་མངོན་པར་བྱང་ཆུབ་པའི་ཡེ་ཤེས་མངོན་དུ་མཛད་པའི་གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ལ། ལྕེ་བཙུན་ཆེན་པོ་ཕྱིས་ནས་བི་མ་ལས་མངོན་སུམ་དུ་རྗེས་སུ་བཟུང་ཞིང་ལུང་བསྩལ་བ་ལྟར་མཆིམས་ཕུ་ནས་ཟབ་པ་པོད་བཞིའི་གཏེར་དཔེ་སྤྱན་དྲངས། འོ་ཡུག་ཕྱི་གོང་རྫའི་ར་བར་ལོ་བདུན་དུ་བསྒོམས་པས་ཕུང་པོ་ལྷག་མ་མེད་པར་གཤེགས། དེས་ཞང་སྟོན་བཀྲ་ཤིས་རྡོ་རྗེ་ལ་རྗེས་སུ་གདམས་ཤིང་ཐུགས་ཉམས་སུ་བཞེས། འོ་ཡུག་གི་བྲག་སེང་གེ་འདྲ་བ་དང་མཆིམས་ཕུ་ནས་སྙིང་ཏིག་གི་གདམས་པ་ལྷག་མ་རྣམས་སྤྱན་དྲངས་པས་སྙིང་ཐིག་ཆེན་མོ་འདི་གཏེར་སྟོན་གསུམ་གྱི་གཏེར་ཁ་འདུས་པར་གྲགས། དེ་ལྟ་བུའི་གདམས་ངག་ཡོངས་སུ་རྫོགས་པ་བི་མ་དངོས་བྱོན་ཀུན་མཁྱེན་དྲི་མེད་འོད་ཟེར་ལ་བཀའ་བབས་ཤིང་། རྒྱ་ཆེ་བ་ཐེག་མཆོག་རིན་པོ་ཆེའི་མཛོད་སོགས་དང་། ཟབ་པ་ཡང་ཏིག་རྣམ་གཉིས་སོགས་གངས་ཅན་གྱི་ལྗོངས་སུ་ཁྱབ་པར་མཛད་པའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་དེང་སང་རྒྱུན་གང་བཞུགས་ཁོ་བོས་ཀྱང་ནོས་སོ། ༈ །ཡང་། ཇིང་དང་རྒྱ་རྣམས་གྲོག་མའི་ཚང་བཤིག་འདྲ༔ ཇོ་མོ་གླིང་གསུམ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་གྲ་པ་མངོན་ཤེས་ཞེས་བྱ་འབྱུང༔ ས་སྟེང་གནས་གཞི་བརྒྱ་དང་རྩ་བརྒྱད་འགེངས༔ གྲ་མངོན་འདི་ལ་གཙུག་ལག་ཁང་ཞིག་འབྱུང༔ རྒྱལ་པོས་བཞེངས་པའི་ལྷ་ཁང་བདག་པོ་བྱེད༔ ཅེས་པའི་གཏེར་སྟོན་གྲ་པ་མངོན་ཤེས་ནི། ཤུད་བུ་དཔལ་སེང་གི་སྐྱེ་བར་གྲགས་ཤིང་བཻ་རོའི་རྣམ་འཕྲུལ་དུའང་བགྲང་། གང་ལྟར་ཡང་རབ་བྱུང་དང་པོའི་ཆུ་ཕོ་བྱི་བའི་ལོ་ལ་གཡོ་རུ་གྲའི་སྐྱིད་རུ་ཞེས་པར་མཆིམས་རྡོ་རྗེ་སྤྲེའུ་ཆུང་གི་གདུང་རྒྱུད་དུ་འཁྲུངས། སྐུ་གཞོན་ནུ་ནས་དམ་པའི་ཆོས་ཀྱི་རིགས་སད་པས་བསམ་ཡས་ཀྱི་ཆོས་གྲྭར་བྱོན། ཀླུ་མེས་ཀྱི་མཁན་བུ་ཡམ་ཤུད་རྒྱལ་བ་འོད་ལས་རབ་ཏུ་བྱུང་། ཡུལ་གྲ་ཡིན་པས་གྲ་པ། མངོན་པ་ལ་མཁྱེན་པ་རྒྱས་པས་མངོན་ཤེས། རབ་ཏུ་བྱུང་བའི་མཚན་དབང་ཕྱུག་འབར་དུ་གྲགས། དབུ་རྩེའི་སྒོ་སྟེང་ནས་ཛམ་དམར་གསང་སྒྲུབ་དང་གནོད་སྦྱིན་རྡོ་རྗེ་བདུད་འདུལ་ཕྱི་རྒྱུད་སྒྲུབ་ཐབས་དང་བཅས་པ་སྤྱན་དྲངས། ཁྱད་པར་ཞང་བློན་གྱིས་ལུང་བསྟན་ལྟར་བསམ་ཡས་དབུ་རྩེའི་བར་ཁང་ཀ་བ་བུམ་པ་ཅན་ནས་ལོ་ཆེན་བཻ་རོས་བསྒྱུར་པའི་གསོ་བ་རིག་པ་དཔལ་ལྡན་རྒྱུད་བཞིའི་བླ་དཔེ་ས་ཕོ་སྟག་ལོ་སྟོན་ཟླ་ར་བའི་ཚེས་བཅོ་ལྔའི་ནམ་ཕྱེད་ཆུ་ཚོད་གསུམ་སོང་བའི་དུས་སུ་སྤྱན་དྲངས་ཤིང་དཔེ་བཤུས་པའི་ཕྱི་མོ་རང་གནས་སུ་གཞུག །བུ་དཔེ་ལོ་སྐོར་གཅིག་གསང། ཕྱིས་ཡར་ལུང་གི་དགེ་བཤེས་ཁུ་སྟོན་དར་མ་གྲགས་ལ་གནང་བ་གངས་རིའི་ཁྲོད་ཀྱི་སྨན་པའི་རྒྱལ་པོ་གཉིས་པ་གཡུ་ཐོག་ཡོན་ཏན་མགོན་པོ་ལ་བཀའ་བབས་ཏེ་ཕྲིན་ལས་བསྐྱངས་པ་འདི་གཅིག་པུའི་ཕྲིན་ལས་དང་ངོ་མཚར་ཡང་བསམ་གྱིས་མི་ཁྱབ། ཛམྦྷ་ལ་བསྒྲུབས་པས་དངོས་གྲུབ་གསེར་གྱི་བདོག་པ་བསྩལ་པ་ལ་གཞི་མཛད་དེ་གྲ་ནང་གི་མདར་དཔལ་གྲ་ཐང་གི་ཆོས་གྲྭ་ཆེན་པོ་བཏབ་པས་མཚོན་གནས་གཞི་མང་དུ་བཞེངས། དེ་རྣམས་དང་བསམ་ཡས་ཀྱི་ཆོས་གྲྭའི་བདག་པོའང་མཛད་པས་དགེ་བའི་བཤེས་གཉེན་ཆེན་པོར་སྣང་། གོང་གི་གནོད་སྦྱིན་གཉིས་ཀྱི་དབང་ལུང་གི་རྒྱུན་ཅི་རིགས་པ་དང་གསོ་དཔྱད་རྒྱུད་བཞིའི་བཤད་ལུང་གི་བརྒྱུད་པ་བར་མ་ཆད་དུ་བྱུང་བ་བདག་ཅག་གིས་ཀྱང་ལེགས་པར་ནོས་ཤིང་། ཕྱག་རྡོར་དམར་པོའི་སྒྲུབ་སྐོར་གཞུང་ཉུང་ངུ་ཟབ་འདྲིལ་ཅན་ཞིག་རྗེ་བླ་མར་བཀའ་བབས་པའང་བཞུགས། ༈ ཡང་། ཨོ་རྒྱན་ང་ཉིད་གཉལ་སྨད་ལྷ་རྗེར་སྤྲུལ༔ དྭགས་སྒོམ་སྙིང་པོའི་དོན་སྒོམ་ཁྱུ་གཅིག་འབྱུང༔ མཆིམས་ཕུ་མཁོ་མཐིང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ར་ཤག་གཏེར་སྟོན་མདོས་ལ་མཁས་པ་འབྱུང༔ ཞེས་པའི་སྤྲུལ་སྐུ་ར་ཤག་ཆེན་པོ་ནི། བཻ་རོ་དང་འབྲོག་མི་དཔལ་ཡེ་ཟུང་དུ་འཇུག་པའི་རྣམ་པར་འཕྲུལ་པ་སྟེ། ཡུལ་ཡར་འབྲོག་སྒང་དུ་གཉན་གྱི་རིགས་ལས་འཁྲུངས། མཚན་ར་ཤག་ཆོས་འབར་དང་བསོད་ནམས་རྡོ་རྗེར་གྲགས། ཆུང་ངུ་ནས་མདོས་དང་གསོ་རིག་ལ་སྦྱངས་པས་མཁས་པར་མཁྱེན་པ་མ་ཟད་འཆི་མེད་ཀྱི་རིག་འཛིན་བརྙེས་པའི་སྔགས་ཀྱི་རྣལ་འབྱོར་ཆེན་པོར་བཞུགས། སྤ་གྲོ་གཅལ་གྱི་བྲག་ནས་མ་མོ་སྒང་ཤར་གྱི་རྒྱུད་དང་མན་ངག་སྲིད་པ་མ་མོའི་ཆོས་སྐད་རྐང་ཚུགས་པར་སློང་ནུས་པའི་ཟབ་ཆོས་ཀྱིས་མཚོན་མ་མོ་སྲིད་པའི་བེམ་ཆེན་མོ། མ་མོ་གླིང་གཞིའི་མདོས་ཆེན། གཞན་ཡང་བོན་གཏེར་སྲིད་པའི་འབུམ་དགུ་མདོས་དང་སྨན་དཔྱད་འཇིག་རྟེན་དྲེགས་པའི་སྒྲུབ་ཐབས་སོགས་རྒྱ་ཆེར་བཞེས་པ་ལས། དེང་སང་གསང་བ་མདོས་བཅུའི་སྐོར་ཡོངས་གྲགས་དང་། མ་མོ་སྒང་ཤར་ཆེན་མོའི་རྒྱུན་ཤིན་ཏུ་དཀོན་པ་འབད་པས་བཙལ་ཏེ་དབང་ལུང་གཉིས་ཀ་ཉེ་བརྒྱུད་དང་རིང་བརྒྱུད་བར་མ་ཆད་པ་བདག་གིས་ཀྱང་ལེགས་པར་ཐོབ་པས་ཕྱོགས་འདིར་སྐལ་བཟང་དུ་མཚོན་ནོ། །གཞན་ཡང་རྗེ་བཙུན་མི་ལ་ནས་བརྒྱུད་པའི་ཚེ་རིང་མཆེད་ལྔའི་གདམས་ངག་གི་རྩ་བའང་སྤྲུལ་སྐུ་ར་ཤག་ཆེན་པོས་གཏེར་དཔེ་ཁོང་ལ་དངོས་སུ་གནང་བ་གཏེར་འབྱུང་ཁུངས་མ་རྣམས་ནས་བཤད་དོ། ༈ །ཡང་། ཡུལ་ཆེ་ས་ཡང་འཁྲུགས་པའི་བསྐལ་པ་འབྱུང༔ སྔགས་པས་མཐུ་སྒྲུབ་སྐྱེ་བོས་ཟློག་པ་སློབ༔ མི་བསད་སྟོང་ལ་སྐུ་དང་གསུང་རབ་འཇལ༔ གྲོང་སྟོད་གྲོང་སྨད་འགྲོ་ལ་སྐྱེལ་མ་འཁྲིད༔ སྲིན་མོ་སྦར་རྗེས་མཁོ་མཐིང་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ མངའ་བདག་སྤྲུལ་པ་ཉང་རལ་ཞེས་བྱ་འབྱུང༔ ཞེས་པ་ནི། སློབ་དཔོན་ཆེན་པོས། གཏེར་སྟོན་རྒྱལ་པོ་ལྔ་ལ་བྲན་བརྒྱས་བསྐོར༔ ཞེས་ལུང་བསྟན་པའི་གཏེར་སྟོན་རྒྱལ་པོ་ལྔ་དང་མཆོག་གི་སྤྲུལ་སྐུ་རྣམ་གསུམ་ཞེས་གྲགས་པའི་དང་པོ་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་ཉིད་བསམ་བཞིན་སྲིད་པ་ཉེ་བར་བཟུང་བ་ཉང་རལ་ཉི་མ་འོད་ཟེར་ནི། ལྷོ་བྲག་གཏམ་ཤུལ་གྱི་བྱེ་བྲག་འཇོད་ས་སེར་དགོན་ཅེས་པར་ཡབ་ཉང་སྟོན་ཆོས་ཀྱི་འཁོར་ལོ་དང་། ཡུམ་པདྨ་བདེ་བ་རྩལ་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ཤིང་ཕོ་འབྲུག་ལོར་སྐུ་བལྟམས། སྐུ་ཆུང་ངུ་ནས་ཡ་མཚན་པའི་རྟགས་མཐའ་ཡས། དགུང་ལོ་བརྒྱད་པར་བཅོམ་ལྡན་འདས་ཤཱཀྱའི་དབང་པོ། ཐུགས་རྗེ་ཆེན་པོ། གུ་རུ་རིན་པོ་ཆེ་སོགས་མཇལ་བའི་དག་སྣང་མང་པོ་ཤར་ཅིང་ཟླ་བ་གཅིག་ཏུ་ཉམས་འུར། ཁྱད་པར་ནུབ་གཅིག་གུ་རུ་རིན་པོ་ཆེ་རྟ་དཀར་ལ་ཆིབས་ཤིང་མཁའ་འགྲོ་སྡེ་བཞིས་ཆིབས་ཀྱི་ཞབས་བཏེགས་པ་ཞིག་མཇལ་ཏེ་བུམ་པའི་བདུད་རྩིས་དབང་བཞི་བསྐུར་བས། གནམ་རལ་བའམ། ས་གཡོ་བའམ། རི་འགུལ་བ་ལྟ་བུའི་ཉམས་གསུམ་ཤར་བ་ལ་བརྟེན་སྤྱོད་པ་སྣ་ཚོགས་མཛད་པས་མི་ཀུན་གྱིས་སྨྱོན་པར་འཛིན་པ་བྱུང་། ཡབ་ལས་རྟ་མགྲིན་གྱི་དབང་གསན་ཅིང་འཇོད་ཕུ་གངས་རར་བསྒྲུབས་པས་ལྷའི་ཞལ་གཟིགས། ཟངས་ཀྱི་ཕུར་པས་རྟ་སྐད་འཚེར། བྲག་ལ་ཕྱག་ཞབས་ཀྱི་རྗེས་བཞག །མཁའ་འགྲོས་ལུང་བསྟན་པ་ལྟར་སྨྲ་བོ་ཅོག་གི་བྲག་རྩར་ཕེབས་པས་ཡེ་ཤེས་ཀྱི་མཁའ་འགྲོས་མཚན་ཉི་མ་འོད་ཟེར་དུ་གསོལ་བ་ལྟར་ཕྱིན་ཆད་དེ་ལྟར་གྲགས། གུ་རུ་རིན་པོ་ཆེས་རྣལ་འབྱོར་པ་དབང་ཕྱུག་རྡོ་རྗེ་བྱ་བར་སྤྲུལ་ནས་ཁ་བྱང་ཡང་བྱང་གནད་ཡིག་རྣམས་གནང་ཞིང་བསླབ་བྱ་མཛད་པ་དང་། གྲ་པ་མངོན་ཤེས་དང་། ར་ཤག་གཏེར་སྟོན་གྱི་ཁ་བྱང་ཡང་བྱང་ཕྱག་ཏུ་སོན་པ་ལྟར་གཏེར་གནས་བྲག་སྲིན་མོ་སྦར་རྗེས་ཀྱི་རྩ་བར་ཕེབས། དེར་ཞག་བཞུགས་མཛད་པའི་ཕྱིར་ཉིན་མཚོ་རྒྱལ་གྱི་སྤྲུལ་པ་བུད་མེད་གཅིག་གིས་དྲེའུ་དཀར་པོ་ལ་རྒྱའི་སྒྲོམ་གཉིས་བཀལ་ནས་བྱུང་བའི་ནང་ནས་སྟག་སྒྲོམ་གཅིག་བཏོན་ཏེ་ཕུལ། གཏེར་སྒོ་ཡང་རྙེད་ནས་ཟངས་སྒྲོམ། རྫ་བུམ། སྐུ་རྟེན། དམ་རྫས། ནོར་སྣ་སོགས་མང་དུ་སྤྱན་དྲངས་པའི་ཟངས་སྒྲོམ་ལས་ཐུགས་རྗེ་ཆེན་པོ་དང་གུ་རུ་ཞི་དྲག །རྫ་བུམ་ལས་མགོན་པོ་དང་ངན་སྔགས་ཀྱི་སྐོར། སྟག་སྒྲོམ་ལས་མཁའ་འགྲོའི་ཆོས་སྐོར་མང་པོ་བྱོན། དེ་རྗེས་ཚོང་པ་ཞིག་གི་ལག་ནས་ལྷའི་མཛུབ་མོ་ཆག་པ་ཞིག་ཕྱག་ཏུ་སོན་པའི་ནང་ནས་ཁ་བྱང་བྱུང་བ་ལྟར་མཁོ་མཐིང་རྣམ་སྣང་གི་སྐུ་རྒྱབ་ནས་གཏེར་སྒྲོམ་སྨུག་པོ་དང་སྐྱ་བོ་གཉིས་བཏོན་པའི་སྒྲོམ་སྨུག་ནང་ནས་བཀའ་བརྒྱད་བདེ་གཤེགས་འདུས་པའི་རྒྱུད་ལུང་མན་ངག་རྣམས་་་་་དང། སྒྲོམ་སྐྱའི་ནང་ནས་རྟ་མགྲིན་གྱི་སྐུ་གསུང་ཐུགས་རྟེན། དམ་རྫས་སོགས་མང་པོ་བྱོན། གཞན་ཡང་བསམ་ཡས་མཆིམས་ཕུ། གནམ་སྐས་ཅན་གྱི་སྲིན་བྱ་བྲག །དབེན་གནས་བྲག་རི་ལྷ་ཁང་ལ་སོགས་པ་ནས་ཀྱང་གཏེར་ཁ་མང་པོ་སྤྱན་དྲངས། ཡབ་ཉང་སྟོན་ཆེན་པོ། རྒྱ་སྨྱོན་པ་དོན་ལྡན། ཞིག་པོ་ཉི་མ་སེང་གེ །མལ་ཀ་བ་ཅན་པ། སྟོན་པ་ཁ་ཆེ་སོགས་བླ་མ་མང་དུ་བསྟེན་ནས་སྔགས་དང་མཚན་ཉིད་ཀྱི་གསན་པ་རྒྱ་ཆེར་མཛད། བླ་མ་སྐུ་གསུམ་འདུས་པའི་སྒྲུབ་པ་ལོ་གསུམ་མཛད་པས་སློབ་དཔོན་པདྨ་དང་དངོས་སུ་མཇལ་ཞིང་གསུང་གི་གནང་བ་མང་པོ་ཐོབ། མུ་ཏིག་ཤེལ་གྱི་སྤ་གོང་དུ་བླ་མའི་ཐུགས་སྒྲུབ་ཉམས་བཞེས་མཛད་སྐབས་མཚོ་རྒྱལ་དངོས་སུ་བྱོན་ནས་མཁའ་འགྲོའི་ཞུས་ལན་བརྒྱ་རྩའི་དཔེ་གནང་། དུར་ཁྲོད་བསིལ་བའི་ཚལ་དུ་ཁྲིད་ནས་སློབ་དཔོན་རིན་པོ་ཆེ་བཀའ་བབས་རིག་འཛིན་བརྒྱད་དང་བཅས་པས་བཀའ་བརྒྱད་སྤྱི་དང་བྱེ་བྲག་གི་དབང་སོ་སོར་བསྐུར་ཞིང་རྒྱུད་དང་མན་ངག་རྫོགས་པར་མཛད། མཚོ་རྒྱལ་གྱི་རྣམ་འཕྲུལ་ཇོ་འབུམ་མ་ཁབ་ཏུ་བཞེས་པ་ལ་སྲས་འགྲོ་མགོན་ནམ་མཁའ་འོད་ཟེར་དང་། སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་ནམ་མཁའ་དཔལ་བ་གཉིས་འཁྲུངས། གྲུབ་ཐོབ་དངོས་གྲུབ་ཕེབ་པ་ལ་བཀའ་བརྒྱད་ཀྱི་གཏེར་ཁ་ཡོད་ཚུལ་ཞུས་པས། ཁོང་ལ་དེ་དང་འབྲེལ་བའི་རྫོང་འཕྲང་བཀའ་མ་ཡོད་ཚུལ་གསུངས་པས། དེའང་གསན་ནས་བཀའ་གཏེར་ཆུ་བོ་གཅིག་འདྲེས་མཛད། གྲུབ་ཐོབ་པས་ལྷ་ས་ནས་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཤོག་དྲིལ་ལྔ་བཏོན་པའང་བདག་པོ་ཁྱེད་རང་ཡིན་གསུངས་ནས་གནང་། སྨན་སྒྲུབ་མཛད་སྐབས་སྨན་གྱི་ལྷ་མོས་ཨ་རུ་ར་རློན་པ་ལོ་མ་དང་བཅས་པ་དངོས་སུ་ཕུལ། སྐྱིལ་ཀྲུང་མ་ཞིག་པར་ནམ་མཁར་བྱོན་པ་དང་། ཞབས་ས་ལ་མི་རེག་པ་སོགས་རྫུ་འཕྲུལ་མཐའ་ཡས་པ་བསྟན། སྒོམ་སྒྲུབ་དང་འཆད་སྤེལ་ཟུང་དུ་འབྲེལ་བས་སྐུ་ཚེ་འཁྱོངས་པར་མཛད། ཕྱིས་ཕྲིན་ལས་ནམ་མཁའ་དང་མཉམ་པར་སོང་བས་བསྟན་པ་ལ་ཕྱག་རྗེས་བསམ་གྱིས་མི་ཁྱབ། དགུང་ལོ་རེ་དགུ་པ་ཤིང་ཕོ་བྱི་བའི་ལོ་ལ་ངོ་མཚར་བའི་ལྟས་མཚན་རྒྱ་ཆེན་པོ་དང་ཁྱད་པར་ཐུགས་ཀ་ནས་ཧྲཱིཿཡིག་དཀར་པོ་ཞིག་བདེ་བ་ཅན་དུ་གཤེགས་པར་བསྟན་ཏེ་སྐུའི་བཀོད་པ་བསྡུས། སླར་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་གསུམ་གཅིག་ཅར་འབྱུང་བར་ལུང་བསྟན། ཆགས་ལོ་ཙཱ་བས་གདུང་བཞུས་པས་མེ་སྦར་མ་ནུས། སླར་ཞུགས་རང་འབར་དུ་གྱུར་ཏེ་གདུང་ཁང་ན་ཁྱེའུ་གཞོན་ནུ་མཁའ་འགྲོའི་འཁོར་དང་བཅས་པས་ཧ་རི་ནི་སའི་སྒྲ་སྒྲོག་པ་སོགས་ཀུན་གྱིས་མཐོང་བའི་རྟགས་མཚན་མང་པོ་དང་རྟེན་དང་རིང་བསྲེལ་ཁྱད་པར་ཅན་མང་དུ་བྱོན། སྐུ་འདད་ཀྱི་དགོངས་རྫོགས་དངོས་གཞིར་པཎ་ཆེན་ཤཱཀྱ་ཤྲཱི་འཁོར་བཅས་གདན་དྲངས། གསེར་གྱི་འབུལ་བ་རྒྱ་ཆེན་པོས་ཐུགས་མཉེས་པར་མཛད། སྲས་ཀྱིས་རབ་བྱུང་བསྒྲུབ་པར་མཛད་པར་ཞུས་པས་ཁྱེད་ཡབ་སྲས་བྱང་ཆུབ་སེམས་དཔའ་ཆེན་པོར་འདུག་པས་ཁོ་བོས་བྱང་ཆུབ་སེམས་དཔའི་གདུང་རྒྱུན་གཅོད་མི་ནུས། རྟེན་འདི་ཀས་འགྲོ་དོན་ཆེ་གསུངས་ནས་མ་གནང་། ཆོས་དང་གང་ཟག་གཉིས་ཀར་བསྔགས་བརྗོད་རྒྱ་ཆེན་པོ་བསྩལ་པས། སྔོན་ནས་རྩོད་བྲལ་ཚད་ཐུབ་ཀྱི་གཏེར་སྟོན་ཆེན་པོར་ཡོངས་སུ་གྲགས་པར་མ་ཟད། གསར་མའི་ཕྱོགས་རྣམས་ཀྱིས་ཀྱང་ལོག་རྟོག་གི་དྲི་མ་སངས་ཏེ་གངས་ཅན་ན་ཉི་ཟླ་ལྟར་ཡོངས་སུ་གྲགས་པར་གྱུར་ཏོ། །སློབ་མའི་གཙོ་བོ་སྲས་འགྲོ་མགོན་ནམ་མཁའ་དཔལ་བ་སྨིན་གྲོལ་ཡོངས་རྫོགས་ཀྱི་བཀའ་བབས་གཏད་པའི་བསྟན་པའི་བདག་པོ་ཡིན་ཞིང་། འདིའི་སྲས་འཇམ་དཔལ་སྤྲུལ་པ་བློ་ལྡན་ཤེས་རབ། དེ་སྲས་ཕྱག་རྡོར་སྤྲུལ་པ་བདུད་འདུལ་ཏེ་ལུང་ནས་བསྔགས་པའི་རིགས་གསུམ་སྤྲུལ་པའི་སྐུ་ནས་རིམ་པར་བྱོན་པའི་སྲས་རྒྱུད་དང་། གཉོས་གྲགས་རྒྱལ། ཞིག་པོ་བདུད་རྩི། སྨན་ལུང་པ་མི་བསྐྱོད་རྡོ་རྗེ་སོགས་བཀའ་བབས་ཀྱི་བུ་ལྔ་གཙོ་བོར་གྱུར་པའི་སློབ་རྒྱུད་ཀྱིས་བོད་ཡུལ་མཐའ་དབུས་ཀུན་དུ་ཆོས་ཀྱི་ཕྲིན་ལས་ད་ལྟའི་བར་ཁྱབ་བརྡལ་དུ་འཕེལ་ལོ། །གཏེར་ཆེན་འདི་ཉིད་ཀྱི་རྣམ་ཐར་རྒྱས་པར་བརྗོད་པར་འོས་ཀྱང་མངའ་བདག་ཡབ་སྲས་ཀྱི་སྐྱེས་རབས་རྣམ་ཐར་གཏེར་འབྱུང་སོགས་རྒྱ་ཆེར་བཞུགས་ཤིང་སྔ་འགྱུར་རྒྱུད་འབུམ་གྱི་དཀར་ཆག་ལེའུ་ཚན་དག་ཏུ་གསལ་བས་འདིར་ཡི་གེས་འཇིགས་ཏེ་མདོར་བསྡུས་སྙིང་པོ་ཙམ་བཀོད་པ་ཡིན་ལ། ཟབ་གཏེར་རྒྱ་མཚོ་ལྟ་བུ་ལས་དེང་སང་རྒྱུན་བཞུགས་པ། རྣམ་ཐར་ཟངས་གླིང་མ། བླ་མ་ཞི་དྲག །ཐུགས་རྗེ་ཆེན་པོ་འགྲོ་འདུལ་དང་རྒྱལ་པོ་ལུགས། རྒྱལ་རྒྱམ་ལྷ་ལྔ། བཀའ་བརྒྱད་བདེ་འདུས། མཁའ་འགྲོ་ཆེན་མོ་དང་ཁྲོས་ནག །གཏེར་མགོན་ཕྱག་བཞི་པ་གཡུལ་མདོས་བཅས། བསྟན་སྲུང་དུར་ཁྲོད་མ་མོ་སོགས་ཁོ་བོས་ཀྱང་འབད་པས་བཙལ་ཏེ་དབང་ལུང་རྒྱས་པར་ཐོས་ཤིང་། བཀའ་བརྒྱད་གཞུང་པོད་དགུ་སོགས་གསར་བཞེངས། བསྙེན་པ་དང་སྒྲུབ་ཆེན་ལན་མང་གིས་མཚོན་སྲི་ཞུ་ཅུང་ཟད་གྲུབ་པ་ཡིན་ནོ། ༈ །དེ་ནས། པུ་རོང་རྒྱལ་པོས་དབུས་ལ་གསེར་འདོད་འབྱུང༔ སྡེ་པ་གྱེས་ཤིང་གནས་གཞི་ཐོབ་ཤ་བྱེད༔ གྲོམ་པ་རྒྱང་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་དབོན་གསས་ཁྱུང་ཐོག་ཅེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་དབོན་གསས་ཁྱུང་ཐོག་ནི། འདིའི་དུས་རྟགས་ལྷ་བཙུན་བྱང་ཆུབ་འོད་ཀྱིས་བོད་བཙུན་རྣམས་ལ་ཤམ་ཐབས་མགོ་ཁྲལ་གྱི་གསེར་བསྡུས་ནས་ཇོ་བོ་རྗེ་སྤྱན་དྲངས་པའི་དུས་དེ་ཡིན་པར་འདོད། འཁྲུངས་ཡུལ་གཏེར་འབྱུང་སྔ་མ་རྣམས་སུ་མི་གསལ་ཡང་སྔར་གྱི་ཡིག་རྙིང་ཐོར་བུ་འདྲ་དང་བསྟུན་ན། ལ་སྟོད་ལྷ་རྩེ་དང་ཉེ་བའི་ཕྱོགས་སུ་དབོན་གསས་ཞེས་བོན་གྱི་བླ་རྒྱུད་ཅིག་ཏུ་འཁྲུངས། མཚན་ཁྱུང་ཐོག་རྩལ། རྟེན་བོན་གྱི་སྔགས་འཆང་། བཻ་རོའི་བྱིན་རླབས་ལ་བརྟེན་རུ་ལག་གྲོམ་པ་རྒྱང་གི་གཙུག་ལག་ཁང་ནས་ཆོས་བོན་སྨན་རྩིས་དྲག་སྔགས་བཅས་ཀྱི་ཟབ་གཏེར་རྒྱ་ཆེར་བཞེས་པར་གྲགས་ཀྱང་ཐོག་སྔས་པས་དེང་སང་ཆོས་བོན་གཉིས་ཀའི་ཕྱོགས་ལ་དཔེ་ལུང་གི་རྒྱུན་བཞུགས་པ་མ་མཇལ། ཕྱིས་འདིར་ཀུན་བཟང་འཆི་མེད་ཐུགས་ཐིག་གི་ཆ་ཤས་ཙམ་པདྨ་འོད་གསལ་མདོ་སྔགས་གླིང་པར་ཡང་གཏེར་གྱི་ཚུལ་དུ་བཀའ་བབས་པར་སྣང་། གང་ལྟར་ཡང་སྦས་པའི་རྣལ་འབྱོར་གྱི་ཚུལ་གྱིས་འགྲོ་དོན་ཡུན་རིང་དུ་བསྐྱངས་ནའང་གྲོང་སྔགས་དཀྱུས་མའི་ཚུལ་ལས་ཆོས་ཀྱི་ཕྲིན་ལས་རྒྱ་ཆེར་མ་བྱུང་བར་མངོན། སྐུ་ཚེ་ཡུན་རིང་དུ་བཞུགས་ཤིང་མཐར་གཟུགས་ཅན་རྣམས་ཀྱི་སྣང་ངོར་སྐུ་འོད་ཀྱི་ཕུང་པོ་ཨ་ཡིག་དཀར་པོའི་རྣམ་པར་མཁའ་ལ་ཐིམ་པར་གསལ། དེ་ལྟར་ན་ཐང་ཡིག་གི་ལུང་བསྟན་དོན་ནི་འདི་ཁོ་ནར་ངེས། གཞན་དུ་བོན་རྣམས་རིག་འཛིན་རྒོད་ལྡེམ་ལ་དབོན་གསས་ཁྱུང་རྒོད་ཅེས་མཚན་འདོགས་ཤིང་བྱང་ལྕགས་མཛོད་སོགས་ནས་བྱུང་བའི་ཚེ་དབང་རྒྱ་གར་མ་དང་དྲན་པ་ཚེ་སྒྲུབ་སོགས་དེང་སང་ཡང་བོན་པོ་རྣམས་ཀྱིས་དར་རྒྱས་སུ་སྤྱོད་སྲོལ་སྣང་། ཕྱིས་རིག་འཛིན་ཆོས་རྗེ་གླིང་པའི་དུས་སྟག་མོ་གཏེར་སྟོན་དབོན་གསས་ཁྱུང་ཐོག་ཅེས་པ་ཞིག་ལ་སྟོད་དུ་བྱུང་། དེའི་ཁ་བྱང་ལུང་བསྟན་སོགས་ཕུལ་བ་བདག་གིར་བཞེས་ནས་གཏེར་སྟོན་ཚད་མར་བཞེད་པར་སྣང་ནའང་འགྲོ་དོན་ཕྲིན་ལས་རྒྱ་ཆེར་མ་བྱུང་བར་མངོན་ཅིང་དེའི་རྣམ་ཐར་ཅུང་ཟད་འོག་ཏུ་འབྱུང་ངོ་། ༈ །ཡང་། རྒྱ་གར་མ་ཕྱིན་ཀུན་ཀྱང་ལོ་ཙཱ་ཞེས༔ བོད་ཀྱི་མཁས་བཙུན་ཐམས་ཅད་ས་མཐར་འཁྱར༔ ཧོར་དང་ཡོན་མཆོད་ཁྲིམས་གསར་སྦྲེལ་བ་འོང༔ ནང་གནག་ཕྱི་དཀར་དུང་དཀར་སྙེ་མ་བཞིན༔ བོད་ཀྱི་བསོད་ནམས་མར་མར་བྲི་བའི་དུས༔ པདྨ་ཤེལ་ཕུག་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་ར་མོ་ཤེལ་སྨན་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་ར་མོ་ཤེལ་སྨན་ནི། གཉགས་ཛྙཱ་ན་ཀུ་མཱ་རའི་རྣམ་འཕྲུལ་ཏེ་ཡར་ལུང་ནུབ་སྟོད་ཀྱི་ར་མོ་སྨན་ཆུ་ཁར་འཁྲུངས། རྟེན་སྔགས་སྨན་དཀྱུས་མའི་ཚུལ། བླ་དྭགས་མཚན་ར་མོ་ཤེལ་སྨན་དང་། མཚན་དངོས་ཡེ་ཤེས་བཟང་པོར་གྲགས། འདིས་ཡར་ལུང་ཤེལ་བྲག་གི་བྲག་པདྨ་བརྩེགས་པ་ཞེས། ཨོ་རྒྱན་གླིང་པའི་གཏེར་གནས་དེ་ཀ་ནས་བླ་རྫོགས་ཐུགས་གསུམ་དང་རྡོ་རྗེ་བདུད་རྩི་སོགས་ཆོས་དང་། སྨན་ཆུ་འོད་གསལ་རྫོང་ནས་སྨན་གྱི་སྐོར་སོགས་ཟབ་གཏེར་རྒྱ་ཆེར་བཞེས་ཀྱང་ཐུན་མོང་སྣང་ངོར་སྨན་དཔྱད་གཙོར་བཏོན་པས་དངོས་སུ་ཆོས་ཀྱི་ཕྲིན་ལས་རྒྱ་ཆེར་མ་བྱུང་བར་མངོན། བརྒྱུད་ནས་སེམས་ཅན་འབུམ་ཕྲག་ཐར་ལམ་ལ་བཀོད་པ་དང་། སྨན་ཁ་ལ་རེག་ཚད་སྐྱེ་བ་བདུན་ནས་གྲོལ་བའི་ཚུལ་ལུང་བྱང་དུ་གསལ་བས་བསམ་གྱིས་མི་ཁྱབ་པའི་གནས་སུ་མཐོང་། བདུད་རྩི་སྨན་སྒྲུབ་མཛད་པའི་སར་ཆབ་ཚན་བརྡོལ་བ་ནད་གདོན་ཀུན་སེལ་ད་ལྟའང་ཡོད་ཅིང་བྱིན་རླབས་ཤིན་ཏུ་ཆེ། སྨན་སྒྲོ་བྲག་ལ་ཐིམ་པའི་ས་དེར་མཆོད་རྟེན་ཞིག་བརྩེགས་པ་དེ་ལ་བསྐོར་བས་ཀྱང་ནད་ལས་གྲོལ། དེང་སང་ས་ཕུང་ཞིག་ཡོད་པར་འདུག །དགུན་ཀ་ཞིག་ལ་ཡར་སྟོང་གཟིམ་ཁང་དུ་སྨན་སྒྲུབ་མཛད་པས་སྨན་གྱི་ལྷ་དང་མཁའ་འགྲོ་དངོས་སུ་འདུ་བ་བྱུང་ཞིང་སྒྲུབ་རྫས་ཀྱི་ཕྱེ་མ་ཉེ་སྐོར་བྲག་སྐྱིབས་སུ་སྦས་པ་ལས་སྨན་ཤིང་ངོ་མཚར་ཅན་སྐྱེས་ཏེ་སྨན་སྒྲུབ་མཛད་པའི་ཚོད་ཀྱི་དགུན་དུས་མེ་ཏོག་འཆར་བ་ལས་དུས་ཚོད་ཀྱི་པྲ་རྟགས་སྟོན་པའི་ངོ་མཚར་ཅན་ཕྱི་མོའི་བར་དུ་ཡོད། གཏེར་ཆོས་ཀྱི་རྒྱུན་དམུ་ཆུའི་བཅོས་ཐབས་གསང་སྨན་ངོས་འཛིན་བཅས་ད་ལྟའི་བར་ཕྱག་ལེན་མ་འཁྲུལ་བར་བཞུགས་པས་འགྲོ་ཕན་བསམ་ལས་འདས་པ་དངོས་སུ་མཐོང་། འབམ་ལབ་བཙོང་གི་བཅོས་ཀྱང་འདིའི་གཏེར་ཁ་ལས་བྱུང་བར་བཞེད། ༈ དེ་ཙམ་མ་གཏོགས་དཔེ་ལུང་གི་རྒྱུན་སྔ་ཐོག་ནས་མ་བྱུང་བས་ལྟར་མི་མངོན་པར་གྱུར་པ་ན། རྗེ་བླ་མ་རིན་པོ་ཆེ་པདྨ་འོད་གསལ་མདོ་སྔགས་གླིང་པར་མཁའ་འགྲོས་རྒྱ་དཔེ་དངོས་སུ་ཕུལ་བ་ལས་བསྒྱུར་པའི་རྡོ་རྗེ་བདུད་རྩིའི་རྒྱ་གཞུང་སྐོར་གསུམ་ཚིག་དོན་གཉིས་ཀ་ངོ་མཚར་ཞིང་བྱིན་རླབས་ཀྱི་གཟི་བྱིན་མ་ཉམས་པ་ཡང་གཏེར་གྱི་ཚུལ་དུ་གཏན་ལ་ཕབ་སྟེ་བདག་ཅག་ལ་སྨིན་གྲོལ་བཀའ་དྲིན་དུ་བསྩལ་པ་ལྟར་ཁོ་བོས་ཀྱང་བསྙེན་སྒྲུབ་དང་ཡིག་ཆས་བསྙེན་བཀུར་སྤེལ་བ་སོགས་ཕྱོགས་འདིར་བྱ་བ་ཅུང་་་་་ཟད་གྲུབ་པ་ཡིན་ནོ། ༈ །ཡང་། སྣ་ཐག་སས་བྱས་ཧོར་དམག་བོད་དུ་འོང༔ ངན་སོང་ཟེར་ཡང་དེ་འདྲའི་སྡུག་བསྔལ་མེད༔ མི་ལ་སྲིད་བཅད་སྲིད་སྲུང་མང་དུ་ཡོད༔ སེམས་ཅན་ས་འོག་ནོན་པའི་དུས་ཙམ་ན༔ གནམ་སྐས་མཁར་ཆུར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་ཆོས་ཀྱི་དབང་ཕྱུག་ཅེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་རྒྱལ་པོ་ལྔ་དང་མཆོག་གི་སྤྲུལ་སྐུ་གསུམ་དུ་གྲགས་པ་ལས་གཉིས་པ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་ནི། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཉིད་མངའ་བདག་ཉང་རིན་པོ་ཆེ་ནས་འབྲས་བུའི་མཐར་སོན་ཏེ་མ་ཆགས་པདྨ་ཅན་དུ་སངས་རྒྱས་པའི་གསུང་གི་རྣམ་འཕྲུལ་དུ་བསྟན་པ་སྟེ། ལྷོ་བྲག་ཏུ་ཆོས་རྒྱལ་ཁྲི་སྲོང་གི་དུས་ནས་ནུས་པ་ཅན་བར་མ་ཆད་དུ་བྱོན་པའི་གདུང་རིགས་ཡབ་སྤང་སྟོན་གྲུབ་པའི་སྙིང་པོ་དང་། ཡུམ་མཁའ་འགྲོའི་རྒྱུད་པ་དཀར་བཟའ་མགོན་སྐྱིད་གཉིས་ཀྱི་སྲས་སུ་སྤྲེལ་ལོ་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔའི་ཉི་ཤར་ལ་ངོ་མཚར་བའི་ཆོ་འཕྲུལ་ཆེན་པོ་དང་བཅས་ཏེ་སྐུ་བལྟམས། སྐབས་དེར་མཚན་བརྗོད་གསེར་གྱི་བྲི་ཞིང་ཡོད་པའི་ཚིགས་མཚམས་ཀྱི་རྟེན་འབྲེལ་ལྟར་མཚན་ཆོས་ཀྱི་དབང་ཕྱུག་ཏུ་གསོལ། འབྲི་གུང་སྐྱོབ་པ་དང་ཞང་རིན་པོ་ཆེ་སོགས་གྲུབ་ཆེན་མང་པོས་སྲས་ཁྱད་པར་ཅན་འབྱུང་བའི་ལུང་བསྟན་སྔོན་ནས་ཡབ་ལ་གནང་བར་འདུག །དགུང་ལོ་བཞི་པ་ནས་འབྲི་ཀློག་གི་དབུ་བརྩམ་རིག་པའི་གནས་མཐའ་དག །བོན་གྱི་གཞུང་ཆེན་དང་མདོས་གཞུང་ཆེན་མོ་ཡན་ཆད་ཐོས་པ་དཔག་ཏུ་མེད་པ་མཛད། ཡབ་དང་མངའ་བདག་འགྲོ་མགོན་མཚུར་སྟོན་ཡབ་སྲས་གཙོ་བོར་གྱུར་པའི་གསར་རྙིང་གི་བླ་མ་མང་པོ་བསྟེན་ནས་མདོ་དང་གསང་སྔགས་གསར་རྙིང་། བཀའ་གཏེར་གྱི་སྨིན་གྲོལ་དང་བཤད་རྒྱུན། ཞི་བྱེད་གཅོད་ཡུལ་ཆོས་དྲུག་ཕྱག་རྫོགས་ལ་སོགས་པའི་གདམས་ངག་མཐའ་ཡས་པ་གསན། བར་བར་དུ་སོ་སོའི་བསྙེན་སྒྲུབ་སོགས་ཉམས་བཞེས་བརྒྱུད་མར་གནང་། དགུང་ལོ་བཅུ་གསུམ་པར་ཉམས་སྣང་ལ་རྗེ་བཙུན་སྒྲོལ་མས་ཤེལ་མཁར་ཞིག་གི་རྩེར་ཁྲིད་པས་རྡོ་རྗེ་སེམས་དཔའ་དང་མཇལ། དེར་མཁའ་འགྲོ་མ་གདོང་པ་བཞི་པ་ཞིག་འདུག་པའི་ཞལ་བཞི་ནས་བསྟན་པ་སྤེལ་ཞིང་གདུལ་དཀའ་འདུལ་བའི་ལུང་བསྟན་ཐོབ། དགུང་ལོ་བཅོ་བརྒྱད་པར་ས་སྐྱ་པཎ་ཆེན་ལས་སེམས་བསྐྱེད་དང་ཆོས་འབྲེལ་གསན་པའི་སྐབས་མནལ་ལམ་དུ་རྒྱ་ནག་རི་བོ་རྩེ་ལྔར་འཇམ་དཔལ་དང་མཇལ་ནས་གདམས་ངག་ཁྱད་པར་ཅན་གསུངས་པས་ཆོས་ཐམས་ཅད་ཐོབ་པའི་ངེས་ཤེས་རྙེད། གྲ་པ་མངོན་ཤེས་ཀྱི་གཏེར་མ་ཁ་བྱང་ཞིག་རིམ་པར་བརྒྱུད་ནས་ཕྱག་ཏུ་འབྱོར་པ་ལ་བརྟེན། དགུང་ལོ་ཉེར་གཉིས་པར་ལ་ཡག་ཉིན་གྱི་ལུང་པ་གནམ་སྐས་ཅན་ནས་ཡང་བྱང་བླངས། གཏེར་སྲུང་ཀླུ་བདུད་མགོ་དགུ་དང་། ཡེ་ཤེས་མཁའ་འགྲོ་ཡུམ་གྱི་ཆ་བྱད་ཅན་གཉིས་ཀྱིས་ལྡེའུ་མིག་གཏད། ཀེའུ་ཚང་གི་སྒོ་ཕྱེས་པས་གཏེར་བཅུད་བྱ་རྒོད་ཁྱུང་ཙམ་པ་ཞིག་བྱུང་བ་ལ་ཞོན་ནས་གནམ་རིམ་པ་བཅུ་གསུམ་གྱི་སྟེང་འཇའ་འོད་འཁྱིལ་བའི་གུར་ཁང་དུ་སངས་རྒྱས་རྡོ་རྗེ་སེམས་དཔའི་ཞལ་མཇལ་ཏེ་རིག་པ་རྩལ་གྱི་དབང་ཐོབ། བདུད་རྩིའི་བུམ་པ་གནང་། སླར་གཏེར་བྱང་ལྟར་སྒོ་ཕྱེས་པས་ཁྲོ་ཆུའི་ཀླུ་བདུད་མགོ་དགུའི་གཟུགས་ཁྲུ་གང་པ་དང་ཟངས་ཀྱི་གྭའུ་གཉིས་སྤྱན་དྲངས་པའི་ཀླུ་གཟུགས་ཀྱི་ནང་ནས་གདམས་ངག་སྐོར་བཞི། གྭའུའི་ནང་ནས་མན་ངག་བརྒྱ་རྩ་བརྒྱད་བྱོན། ཡབ་ཀྱང་ཆོས་གཏེར་འཁྲུལ་མེད་ལ་ཐུགས་ཆེས་ནས་བླ་རྫོགས་ཐུགས་གསུམ་ལ་ཉམས་ལེན་མཐར་ཕྱིན་དགོས་པ་དང་ལས་ཚོགས་རིགས་ཁྱབ་བརྡལ་དུ་མི་སྤེལ་བའི་ཞལ་གདམས་གནང་། མངའ་བདག་འགྲོ་མགོན་ནས་ཀྱང་ལེགས་སོ་བསྩལ། འདིས་ཐོག་དྲངས་པའི་གཏེར་ཁ་ཆེན་པོ་བཅོ་བརྒྱད་ཐུགས་གཏེར་དང་བཅུ་དགུ་བཞེས་པའི་སྡོམ་ནི། གནམ་སྐས་ཅན་དང་བྲག་དམར་རྟ་མགྲིན་ཞབས། །མོན་ཁ་སྟེང་དང་རྟ་མགྲིན་དབེན་རྩའི་སྒོ། །མཁོ་ཡི་གཤིན་དམར་རྟ་མགྲིན་སྒྲོམ་ཚེས་ལ། །སྲས་མཁའ་སྐྱ་བོ་ཕུག་རིང་ཕྱག་མཐེབ་མ། །བསམ་ཡས་ཨཱརྻ་ལྕགས་ཕུར་མོན་བུམ་ཐང་། །རྩིས་ཀྱི་ལྷ་ཁང་རོང་བྲག་ཧ་བོ་གངས། །རང་གབ་དོན་གྱི་གཏེར་དང་བཅས་པ་སྟེ། །ལས་འཕྲོའི་དབང་གིས་ཆོས་དབང་བདག་དང་མཇལ། །ཞེས་གསུངས་པ་ལྟར་རོ། །མནལ་ལམ་རྟ་དཀར་མ་དང་ཞྭ་ནག་མ་སོགས་ལས་གསལ་བ་ལྟར་སྔ་ཕྱིར་དག་པའི་སྣང་བར་རྔ་ཡབ་པདྨ་འོད་དུ་ཕེབས་ནས་ཨོ་རྒྱན་རིག་འཛིན་འདུས་པའི་ཚོགས་དང་བཅས་པ་རྣམས་ཀྱིས་སྒྲུབ་ཆེན་མཛད་ཅིང་དབང་དང་གདམས་ངག་ལུང་བསྟན་བསླབ་བྱ་མཐའ་ཡས་པ་བསྩལ། སྐུའི་བཀོད་པ་དྲུག་གཅིག་ཆར་དུ་བསྟན་པ་དང་། ནམ་མཁའ་ལ་འཕུར་བ་དང་། རྡོ་ལ་ཕྱག་ཞབས་ཀྱི་རྗེས་གྲངས་མེད་པ་འཇོག་པ་སོགས་རྫུ་འཕྲུལ་གྱི་བཀོད་པ་དུ་མ་བསྟན་པས་རྙིང་མ་ཙམ་དུ་མ་ཟད། ཀུན་མཁྱེན་འཕགས་འོད་ཆོས་འོད་བུ་སྟོན་རིན་པོ་ཆེ་སོགས་ཀྱིས་ཀྱང་། གུ་རུ་ཆོས་ཀྱི་དབང་ཕྱུག་ནི་འགྲན་ཟླ་དང་བྲལ་བའི་གྲུབ་ཐོབ་ཆེན་པོའོ་ཞེས་བསྔགས་པར་མཛད། ཆོས་རྒྱལ་ཁྲི་སྲོང་གི་ཕྱི་མ་ལྷའི་བུ་འོད་མཐའ་ཡས་ནས་མངའ་བདག་ཉང་རལ་བར་གྱི་སྐྱེ་བ་བཅུ་གསུམ་ཐ་ལེར་དྲན། བརྒྱ་བྱིན་དང་ལྷའི་བུ་རྣམས་ཀྱིས་ཀྱང་མཆོད་བསྟོད་ཕུལ། བོད་ཀྱི་ལྷ་འདྲེ་ཐམས་ཅད་ཀྱིས་བླ་མར་བཀུར་ཞིང་སྙན་གྲགས་ཀྱིས་འཇིག་རྟེན་གཡོས། ཚོང་དུས་འགུར་མོ་དང་བསམ་འགྲུབ་བདེ་བ་ཆེན་པོའི་ལྷ་ཁང་གཉིས་བཞེངས། ལྷ་སའི་ཇོ་ཤཱཀ་དང་མཚུངས་པའི་ཐུབ་པའི་དབང་པོའི་སྣང་བརྙན་འཕགས་པ་ཀླུ་སྒྲུབ་ཀྱིས་རི་བཏང་བཟུང་ནས་སྤྱན་དྲངས་པ། གུ་རུ་རིན་པོ་ཆེས་ཧ་བོའི་གངས་ལ་སྦས་པ་དེ་གཏེར་ཆེན་འདི་ཉིད་ཀྱིས་སྤྱན་དྲངས་ཏེ་ལ་ཡག་གུ་རུ་ལྷ་ཁང་དུ་བཞུགས་སུ་གསོལ་ནས་གདན་སའི་གཙོ་བོར་མཛད། དེ་སྐབས་སུ་བྱོན་པའི་བོད་ཡུལ་བླ་ཆེན་མི་ཆེན་རིས་སུ་མ་ཆད་པས་ཞབས་ལ་གཏུགས། ལང་གྲོའི་རྣམ་འཕྲུལ་པདྨ་དབང་ཆེན་དང་གཉལ་ཉི་མ་འོད་ཟེར་སོགས་ཁྱད་པར་ཅན་གྱི་སྲས་བརྒྱད་བར་མ་ཆད་པ་བྱོན་ཅིང་། ཁྱད་པར་སློབ་རྒྱུད་ཀྱི་གཙོ་བོ་སྨན་ལུང་པ་མི་བསྐྱོད་རྡོ་རྗེ་ཞེས་སྔ་འགྱུར་བཀའ་གཏེར་ཀུན་ལ་མཁས་པ་ཆེན་པོར་གྱུར་པ་དེ་དང་། བལ་པོ་བྷ་རོ་གཙུག་འཛིན་དང་། སྣོད་ལྡན་གྱི་བུ་དགུ། ཀཿཐོག་པ་མ་ཎི་རིན་ཆེན་ཞེས་སྐུ་ལུས་མ་སྤངས་པར་དག་པའི་ཞིང་དུ་གཤེགས་པ་དེ་ཉིད་སོགས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་སློབ་བརྒྱུད་རྣམས་ཀྱིས་འཕགས་བལ་དང་བོད་ཁམས་མཐའ་དབུས་ཀུན་དུ་ཐུགས་རྗེ་ཆེན་པོའི་ཕྲིན་ལས་གཙོ་བོར་གྱུར་པའི་ཟབ་ཆོས་རྒྱ་ཆེར་སྤེལ་བའི་རྒྱུན་ད་ལྟའི་བར་ཟམ་མ་ཆད་པར་བཞུགས་ཤིང་དེ་ལྟ་བུའི་རྨད་དུ་བྱུང་་་་་་་བའི་མཛད་པ་ཆེན་པོ་མཐར་ཕྱིན་ནས་དགུང་ལོ་ང་དགུ་པ་ལ་ལྟས་དང་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་བསྟན་ཏེ་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་གཤེགས་སོ། །དུས་དེ་ཙམ་ན་སྔགས་པ་གཉིས་ལམ་དུ་འདྲི་རྨེད་བྱེད་པ་ནའང་ཁྱེད་ཅག་གཏེར་ཁ་གོང་འོག་གང་གི་ལུགས་ཡིན་ཟེར་བའི་ཟབ་གཏེར་གྱི་ཤིང་རྟ་ཆེན་པོར་གྱུར་པའོ། །དེ་ལྟར་གྲུབ་ཐོབ་གཏེར་སྟོན་ཐམས་ཅད་ཀྱི་རྒྱལ་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་ཐར་རྒྱས་པ་རྗེ་རང་གི་གསུང་ལུང་རྒྱུན་བཅས་བཞུགས་པ་དང་། སྙིང་པོ་ལྟ་བུ་རྙིང་རྒྱུད་དཀར་ཆག་དག་ཏུ་གསལ་བ་ལས་འདིར་ས་བོན་ཙམ་ཞིག་སྨོས་པ་ཡིན་ཅིང་། གཏེར་ཁ་ཆེན་པོ་བཅོ་བརྒྱད་ཞལ་ཕྱེས་པའི་ནང་ནས། བླ་མ་གསང་འདུས་སོགས་བླ་སྒྲུབ་སྐོར་ལྔ་ཡན་ལག་དང་བཅས་པ། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ། འཁོར་བ་དོང་སྤྲུགས། རྫོགས་ཆེན་སངས་རྒྱས་མཉམ་སྦྱོར། བཀའ་བརྒྱད་གསང་རྫོགས། འཆར་ཁ་གནམ་སྐས་མ། རྟ་མགྲིན་ནག་པོ། ཡང་དག་བདེ་ཆེན་སྙིང་པོ། གཏུམ་པོ་སེང་སྒྲོག །ཕུར་པ་སྤུ་གྲི །སྔགས་རྒོད་ལོཀྟྲི། དཔལ་མགོན་མ་ནིང་། གཞན་ཡང་གཏེར་ཕྲན་དང་གསུང་འབུམ་གྱི་སྐོར་ཅི་རིགས་པ་བཅས་དངོས་ཅག་ལྟ་བུས་ཀྱང་འབད་པ་དུ་མས་བཙལ་ཏེ་ཞུས་ཤིང་བསྙེན་སྒྲུབ་ཅི་རིགས་པའང་བགྱིས་པ་ལགས་ན། གཏེར་ཁ་གོང་འོག་འདི་དག་གཏེར་ཁ་ཐམས་ཅད་ཀྱི་རྩ་བ་ལྟ་བུར་གྱུར་པས་རྙིང་བསྟན་འཛིན་པ་ཆེན་པོ་རྣམས་ཀྱིས་ཀྱང་གསན་བཞེས་འཆད་སྤེལ་སྒོམ་སྒྲུབ་སོགས་ལ་ཐུགས་གཞོལ་བས་བསྟན་པའི་མེ་རོ་གསོ་བར་ཅི་ནས་གསོལ་བ་འདེབས་པ་ལགས། ༈ ཡང་། བྱ་རོག་རྫོང་དུ་དམག་གི་ཁྲིམས་རྔ་བརྡུངས༔ སྙིང་མེད་པོ་རྣམས་གསེར་ཕྱེ་ཆུ་ལ་འཕོ༔ ཟངས་ཡག་བྲག་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་གུ་རུ་ཇོ་ཙེ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་གུ་རུ་ཇོ་ཚེ་ནི། གཏེར་སྟོན་རང་གི་ལུང་བྱང་ལས་མུ་ཏིག་བཙད་པོའི་སྤྲུལ་པར་གསུངས་ཤིང་སངས་རྒྱས་གླིང་པའི་གཏེར་ལུང་དུ་ཉིད་ཀྱི་སྐུ་སྐྱེ་བ་སྔ་མར་གསལ་བ་ལྟར་ན་མུ་རུབ་བཙད་པོའི་སྤྲུལ་པར་སྣང་། གང་ལྟར་ཡང་ཐུགས་རྗེ་ཡས་སྤྲུལ་གྱི་ཟུང་འཇུག་སྤྲུལ་པའི་རྣམ་རོལ་འདི་ཉིད་འཁྲུངས་ཡུལ་ནི། སྐྱི་སྨད་སྙེ་མདར་སྔགས་རྒྱུད་དཀྱུས་མ་ཞིག་ཏུ་འཁྲུངས། རྟེན་ཀྱང་དེ་ལྟར་དུ་བཞུགས་པས་གུ་རུ་ཇོ་བོ་ཞེས་བླ་དྭགས་དང་། མཚན་དངོས་ཚེ་དབང་དར་པོ། སྐུ་ན་གཞོན་དུས་འབྱོར་པས་དབེན་པས་ར་ལུག་སྐྱོང་བའི་ཚུལ་མཛད། ནར་སོན་པ་ན་ཁ་བྱང་ཕྱག་ཏུ་བྱུང་བ་ལ་བརྟེན་སྐྱི་སྨད་ལྷ་རི་རྩེ་ལྔའི་རྒྱབ་ལོགས་བྲག་དམར་ཟང་ཡག་ནམ་མཁའ་རྫོང་ཞེས་དེང་སང་ཟང་ཡག་བྲག་ཏུ་འབོད་པ་བཙུན་མའི་དགོན་ཆུང་ཞིག་ཡོད་པ་དེའི་ཨོ་རྒྱན་སྒྲུབ་ཕུག་ནས་ཟབ་གཏེར་པུསྟི་སུམ་ཅུ་ལྷག་ཙམ་དང་། སངས་རྒྱས་ཀྱི་རིང་བསྲེལ་འཛད་མེད་དུ་འཕེལ་བའི་ངོ་མཚར་ཅན་དང་། ཨོ་རྒྱན་གྱི་སྐུ་ཚབ་བརྒྱ་རྩ་བརྒྱད། སློབ་དཔོན་ཆེན་པོས་བསམ་ཡས་ས་འདུལ་གྱི་ཕུར་པའི་སྒྲུབ་པ་མཛད་སྐབས་ཕུར་ཆས་ཡོངས་རྫོགས་ལས་གྲངས་འཕེལ་བས་ལྷག་པ་ལྔ་བརྒྱ་སོགས་ཆོས་དང་རྟེན་གྱི་གཏེར་རྒྱ་ཆེར་སྤྱན་དྲངས་པ་ཕལ་ཆེར་མྱོས་རྒྱལ་བ་ལྷ་ནང་པའི་རྒྱུད་པ་གྱེ་རེ་ལྷ་པའི་ཞལ་ངོ་ལྷ་རིན་ཆེན་དབང་གི་རྒྱལ་པོ་ལ་གཏད་ཀྱང་ཆོས་ཀྱི་འགྲོ་དོན་ཆེར་མ་བྱུང་། རིང་བསྲེལ་གྱིས་གཞན་དོན་མཐའ་ཡས་པ་སྤེལ། ཕུར་ཆའི་གཙོ་ཕུར་རགས་རིམ་སྟོད་ལུང་མདའ་དངོས་གྲུབ་སྡིངས་སུ་བཞུགས་པ་འཁྲུལ་མེད་དང་། གཞན་གུ་རུ་ཇོ་ཚེའི་གཏེར་མར་གྲགས་པའི་ཕུར་པ་ད་ལྟའང་མང་དུ་འབྱུང་བར་སྣང་། གཏེར་ཆོས་དབང་ཕྱུག་རླུང་ཞགས་ཉུང་ངུ་དང་ཤ་བརྒྱ་ཟན་བརྒྱའི་གཏོ་ཆོག་ལས་གཞན་དཔེ་ལུང་གི་རྒྱུན་བཞུགས་པ་མ་མཐོང་། ཕྱིས་འདིར་རྗེ་བླ་མར་གཏེར་ཁ་མཐའ་དག་གི་བཀའ་བབས་པར་གསུངས་པའི་མཚོན་བྱེད་བཤགས་རྒྱུད་དང་འབྲེལ་བའི་ཞི་ཁྲོའི་བཤགས་སྐོང་ཙམ་ཡང་གཏེར་དུ་བཞུགས་པར་སྣང་། ༈ ཡང་། ལྷ་ཁང་ནང་དུ་འབྲི་ལ་རྟ་ཆུ་ལྡུད༔ གཞོ་ལུང་ནང་དུ་མེ་ཡི་འཇིགས་པ་འབྱུང༔ དཔལ་མོ་དཔལ་ཐང་མཚོན་གྱི་ཆར་པ་འབབས༔ གངས་བར་ཕུག་མོར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་པདྨ་དབང་ཕྱུག་ཅེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་པདྨ་དབང་ཕྱུག་ནི། བྱར་ཡུལ་སྟོད་དུ་འཁྲུངས། རུས་རྒྱ། མདོ་སྔགས་ཅི་རིགས་མཁྱེན་པས་སྟོན་པ། མཚན་དངོས་པདྨ་དབང་ཕྱུག་ཏུ་གྲགས། རྟེན་རབ་བྱུང་གི་རྣམ་པར་བཞུགས། ལོ་ཙཱ་བ་ཆེན་པོ་རྒྱལ་བ་མཆོག་དབྱངས་ཀྱི་རྣམ་འཕྲུལ་གཉིས་ཀྱི་ཡ་གྱལ་སྤྲུལ་པའི་གཏེར་སྟོན་ཆེན་པོ་འདིས། ཨེ་ཡུལ་རིག་པའི་འབྱུང་གནས་ཀྱི་ཁ་སྟོད་གངས་བར་ཕུག་མོ་ཆེའི་ཕ་ཝང་དགའ་འཁྱིལ་གྱིས་མཚན་པ་ལས་བླ་རྫོགས་ཐུགས་གསུམ། དམ་རྫས་མྱོང་གྲོལ། སློབ་དཔོན་ཆེན་པོས་མཛད་པའི་མགོན་པོ་གུར་གྱི་སྒྲུབ་ཐབས་དྲེགས་པ་ཟིལ་གནོན་མན་ངག་དང་བཅས་པ་སོགས་རྒྱ་ཆེར་སྤྱན་དྲངས་ནའང་། དེང་སང་གུར་མགོན་གྱི་སྐོར་རྣམས་ས་སྐྱའི་མགོན་པོད་དུ་དཔེ་ལུང་གཉིས་ཀའི་རྒྱུན་བཞུགས་པ་ལས་གཞན་མ་མཇལ་མོད། ཕྱིས་འདིར་རྗེ་རིན་པོ་ཆེ་པདྨ་མདོ་སྔགས་གླིང་པར་མཁའ་འགྲོས་གཏེར་དཔེ་དངོས་སུ་ཕུལ་བ་ཡང་གཏེར་གྱི་ཚུལ་དུ་གཏན་ལ་ཕབས་པའི་བླ་མ་བདེ་མཆོག་དམར་པོའི་བསྐྱེད་རྫོགས་ཟབ་འདྲིལ་ངོ་མཚར་ཅན་ཁོ་བོས་ཀྱང་ནོས་ཤིང་སྒྲུབ་པའི་འབྲེལ་འཇོག་དང་ཡིག་ཆ་ཉེར་མཁོ་སོགས་ཕྲིན་ལས་ཅུང་ཟད་སྤེལ་བ་ཡིན་ནོ། ༈ །ཡང་། སིལ་མ་ལ་དཀར་འཇག་མའི་མི་ཆུང་སྐྱེ༔ སྨོན་ལ་ལ་ཀར་ཤེལ་གྱི་ཕ་ཝང་བརྡོལ༔ གཡའ་མ་སྤ་གོང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་དོ་བན། མཚན་རྒྱ་མཚོ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་དོ་བན་རྒྱ་མཚོ་ནི། ལྷ་སྲས་མཆོག་གྲུབ་རྒྱལ་པོའི་སྐྱེ་མཐའ་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་པའི་བཞི་པ་སྟེ། ཡར་འབྲོག་མཚོ་གླིང་ཡོན་པོ་དོར་ལྗགས་ཀྱི་རུས་ལས་འཁྲུངས་ཤིང་རྟེན་སྔགས་བན་དུ་བཞུགས་པས་དོ་བན། མཚན་རྒྱ་མཚོ་འོད། ཟུར་པཀྴི་ཤཱཀ་འོད་ཀྱི་སློབ་མར་གསལ། ཡར་འབྲོག་སྨད་མུ་ཏིག་སྤ་མ་གོང་ནས་བླ་སྒྲུབ་དང་རྫོགས་ཆེན། སྦྲགས་ཡངས་རྫོང་ནས་དྲག་སྔགས་ཀྱི་སྐོར་སོགས་མང་དུ་སྤྱན་དྲངས་ནའང་། དེང་སང་དཔེ་ལུང་གཉིས་ཀའི་རྒྱུན་བཞུགས་པ་མ་མཐོང་། ཕྱིས་འདིར་རྗེ་བླ་མའི་ཡང་གཏེར་གྱི་ཚུལ་དུ་བླ་སྒྲུབ་སྙིང་པོའི་སྐོོར་ཙམ་བཞུགས། འདིའི་དུས་རྟགས་སིལ་མ་ལ་ཁར་འབའ་ར་བའི་སློབ་རྒྱུད་རྗེ་མོན་རྩེ་བས་སྒྲུབ་སྡེ་བཏབ་ཅིང་ཕྲིན་ལས་བྱུང་བ་དང་། ལྷོ་བྲག་སྨོན་ལ་ཁར་ཨ་རོའི་ལུགས་ཀྱི་སྒྲུབ་སྡེ་ཞིག་བྱུང་བར་དེ་ལ་དགོངས་པར་སྣང་། རྡོ་རྗེ་གླིང་པའི་སྐུ་ཚེའི་སྟོད་ཙམ་ལ་བྱོན་པར་འདུག ༈ །ཡང་། རྒྱལ་པོའི་མངའ་ཚུད་བོད་ཀྱི་མི་རྣམས་ཀུན༔ རང་གི་ལྟོ་གོས་བསྲན་ནས་ས་ཧོར་གསོ༔ གནས་བརྟན་དམག་དཔོན་ཧོར་ལས་བྱེད་པ་འབྱུང༔ རྔོ་བོད་མཚམས་སུ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་རཀྴི་སྟོན་པའི་མིང་ཅན་འབྱུང༔ ཞེས་པའི་གཏེར་སྟོན་རཀྴི་སྟོན་པ་ནི། རླངས་ཆེན་དཔལ་སེང་གི་སྐྱེ་མཐའ་གཉལ་གྱི་ཕྱོགས་སུ་འཁྲུངས། རྟེན་སྔགས་པར་གསལ། རྔོ་བོད་དེ་གློ་དང་བོད་ཀྱི་མཚམས་རྣམས་ཀྱི་གཏེར་གནས་ནས་ཆོས་བོན་སྨན་རྩིས་ཀྱི་སྐོར་མང་དུ་གདན་དྲངས་པར་གསུངས་ནའང་ས་སྐྱ་པས་བོད་ཆོལ་ཁ་གསུམ་ལ་དབང་སྒྱུར་བའི་སྐབས་ཙམ་དུ་འཁྲུངས་པར་གསལ་བས་ཐོག་སྔས་པས་དེང་སང་དཔེ་ལུང་གི་རྒྱུན་མི་བཞུགས། ཡང་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱིས་སྤུ་བོ་ར་ཞི་གཏེར་སྟོན་པདྨ་རིག་འཛིན་ཡིན་པར་གསུངས་ཤིང་རྭ་སྟོན་སྟོབས་ལྡན་རྡོ་རྗེས་རྗེ་ཉིད་ཡིན་པར་ཞལ་གྱིས་བཞེས། གང་ལྟར་ཡང་འདི་དག་སྤྲུལ་པའི་གཏེར་སྟོན་ཚད་ལྡན་ཡིན་པར་སྣང་བས་ལོ་རྒྱུས་ཅུང་ཟད་འོག་ཏུ་འདྲི་བར་འགྱུར་རོ། ༈ །ཡང་། ས་ཡི་ཡ་སོ་ཇིང་གིར་མ་སྲོ་བཅད༔ བྲོས་འཐོར་མང་ཞིང་ཡུལ་སྟོང་རྒུད་པ་འབྱུང༔ ལྷོ་བོད་མཚམས་སུ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ བྱར་རོང་ཨེ་ཡི་སྨན་པ་ཉི་འོད་གསལ༔ ད་ལྟ་ཤི་ཡང་སྲོག་མཐུད་ཤེས་པ་འབྱུང༔ ཞེས་པའི་བྱར་རོང་ཨེ་ཡི་སྨན་པ་ནི། བྱར་གྱི་རོང་ཨེ་ཡུལ་རིག་པའི་འབྱུང་གནས་སུ་འཁྲུངས། གཉགས་ལོ་ཆེན་པོའི་སྤྲུལ་པ་གཉིས་ཀྱི་ཡ་གྱལ་ཏེ། རྟེན་སྔགས་སྨན་དཀྱུས་མའི་ཚུལ་དུ་བཞུགས། མཚན་སྨན་དཔྱད་མཛད་པས་སྨན་པ། དངོས་ཀྱི་མཚན་ཉི་འོད་གསལ། གཏེར་གནས་ལྷོ་བྲག་དང་བོད་ཀྱི་ས་མཚམས་རྫ་རོང་བྷིའམ་རོང་བྷིའི་རྫ་ནས་རྫོགས་ཆེན་དང་གསོ་རིག་གི་གཏེར་ཁ། འབྲི་ཐང་ཀོ་རོ་བྲག་ནས་འཛམ་བུའི་གླིང་གི་གནས་ཡིག་མང་པོ་སྤྱན་དྲངས་པར་གྲགས་ནའང་། དེང་སང་དཔེ་ལུང་གི་རྒྱུན་ཅིའང་མ་བཞུགས་པར་མ་ཟད་སྔགས་བཙུན་དཀྱུས་མའི་ཚུལ་དུ་བཞུགས་ཚུལ་རྣམ་ཐར་དུ་བྱུང་བས་ཆོས་ཀྱི་ཕྲིན་ལས་མ་བྱུང་བར་མངོན། གཙང་རོང་གནུབས་ཀྱི་མདོར་སྨན་སྒྲོ་ཐིམ་པའི་ཤུལ་སྨན་ཆུ་བརྡོལ་པ་ད་ལྟའང་ཡོད་པས་མཚོན་རྫུ་འཕྲུལ་ཡ་མ་ཟུང་ལ་དབང་འབྱོར་ཅིང་ནད་པ་འཆི་ཀ་མ་མང་པོའང་སྲོག་མཐུད་པ་ལྟར་མཛད་པས་སྨན་སྟོན་གྲུབ་ཐོབ་ཏུ་གྲགས། ཁྱད་པར་བྱར་རོང་ཨེ་ཡི་བྲག་ནས་གཉགས་ཆེན་གྱི་ཕྱག་དཔེ་བདུད་རྩི་སྨན་གྱི་རྫོང་འཕྲང་ཆེན་མོ་ཆེ་འབྲིང་ཆུང་གསུམ་སྙིང་པོ་དང་བཅས་པའི་སྐོར་བཞི་སྤྱན་དྲངས་ནའང་གཞན་ལ་སྤེལ་བ་སོགས་མ་མཛད། འདིའི་སྙིང་པོའི་སྐོར་ཡོན་ཏན་བདུད་རྩིའི་གྲུབ་མཐའ་སློང་ནུས་པ་ཟབ་ཅིང་འདྲིལ་བ་ཞིག་རྗེ་བླ་མ་རིན་པོ་ཆེར་ཡང་གཏེར་གྱི་ཚུལ་དུ་བཀའ་བབས་པ་སྔར་ཕན་གཏན་ལ་འབེབས་མ་གྲུབ་ཀྱང་དགོངས་གཏེར་འཕགས་མའི་སྙིང་ཐིག་བླ་སྒྲུབ་སྐོར་ལས་འབྱུང་བ་དང་ཚིགས་བཅད་ལྷུག་ཙམ་མ་གཏོགས་དོན་གཅིག་པས་བརྒྱུད་པའི་ཆུ་བོ་གཉིས་འདྲེས་སུ་གྱུར་པར་མངོན། ༈ ཡང་། དུས་ནི་ལོ་རེ་ལོ་རེས་ངན་དུ་འགྲོ༔ མཁན་པོ་བྱས་ནས་གྲོང་དུ་ཚོགས་དབང་བསྐུར༔ ལྐོག་ཏུ་བུ་སྨད་ཁྱི་ཕག་ཙམ་པ་འབྱུང༔ སྡེ་འཁྲུག་ནང་དམེ་རྒྱབ་བརྟེན་དུག་ལ་རེ༔ བུ་ཚལ་གསེར་ཁང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གྲ་སྒོམ་ཆོས་ཀྱི་རྡོ་རྗེ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་གྲ་སྒོམ་ཆོས་རྡོར་ནི། རྒྱལ་སྲས་ལྷ་རྗེའི་སྐྱེ་མཐའ་ལྔ་པ་ཁྱུང་ནག་ཤཱཀྱ་དར་ཏེ་འདིས་ཀྱང་ཆོས་དང་སྨན་དང་ཁྱད་པར་རྩིས་ཀྱི་སྐོར་སོགས་ཅི་རིགས་སྤྱན་དྲངས་པའི་གཏེར་སྟོན་ནོ། །དེའི་ཡང་སྲིད་དྲུག་པ་འདི་ཉིད་གྲ་ནང་དུ་འཁྲུངས། རྟེན་སྔགས་པར་བཞུགས་པས་སྒོམ་པ་དང་མཚན་དངོས་ཆོས་ཀྱི་རྡོ་རྗེ། འདིས་བུ་ཚལ་གསེར་ཁང་ནས་གཉན་པོ་སྟོབས་ཀྱི་ལྷ་གུ་རུ་དྲག་པོའི་སྐོར་དང་པེ་དཀར་ལས་རྒྱུད་སྒྲུབ་ཐབས་ཨར་གཏད་སོགས་འཇིག་རྟེན་མཆོད་བསྟོད་ཀྱི་སྐོར་མང་དུ་སྤྱན་དྲངས་ནའང་དེང་སང་དཔེ་ལུང་གི་རྒྱུན་མི་བཞུགས། གུར་དྲག་ཀཱི་ལ་ཡའི་མན་ངག་རིམ་པ་གསུམ་པ་རྗེ་བླ་མར་ཡང་གཏེར་གྱི་ཚུལ་དུ་བཀའ་བབས་པར་སྣང་། ཡང་མདོ་ཁམས་སྒོམ་སྡེ་ནང་དུ་སྔ་མོ་ཞིག་བྱུང་བ་གྲ་སྒོམ་ཆོས་ཀྱི་རྡོ་རྗེར་གྲགས་པས་གཏེར་ཁ་ཅི་རིགས་བཞེས། བར་སྐབས་སུ་ཕྲིན་ལས་ཀྱང་ཅུང་ཟད་བྱུང་། འོན་ཀྱང་ད་ལྟ་དེའི་གཏེར་ཆོས་སོགས་མི་བཞུགས་ཞེས་རིག་འཛིན་མཆོག་གྱུར་གླིང་པས་གསུངས་པ་ཐོས། ༈ ཡང་། སངས་རྒྱས་བཀའ་ལ་འདྲ་ཆོས་འདྲ་མིན་བྱེད༔ རྫོགས་ཆེན་རྡེའུ་ཟེར་བའི་ལོག་ཆོས་དང༔ རི་བོང་འཛིན་ཞེས་བསེ་སྦྱོར་སྨན་ལོག་འབྱུང༔ བོད་རྩིས་དྲུག་ཅུ་སྐོར་ཞེས་གསལ་སྒྲོན་ཞེས༔ རྩིས་རྒྱུད་ཀུན་དང་མི་མཐུན་དར་བ་འབྱུང༔ གཏེར་མ་ཡིན་ཟེར་བཅའ་གཞི་མ་ཚང་བའི༔ གཏེར་མར་གྲགས་པའི་བསླུ་ཆོས་མང་ཞིག་འབྱུང༔ འོ་ཡུག་གཡག་སྡེར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་གཡག་ཕྱར་སྔོན་མོར་གྲགས་པ་འབྱུང༔ ཞེས་པའི་གཏེར་སྟོན་གཡག་ཕྱར་སྔོན་མོ་ནི། ལོ་ཆེན་བཻ་རོའི་རྣམ་འཕྲུལ་འོ་ཡུག་གཡག་ལྕེ་ཁྲ་མོ་དང་ཉེ་བའི་སྟོད་དུར་ཞེས་པའི་ལུང་ལག་ཁྲ་ཆུང་ཟེར་བར་བོན་སྔགས་ཀྱི་རིགས་སུ་འཁྲུངས། རྟེན་སྔགས་པར་གསལ། གཡག་ཕྱར་སྔོན་མོ་ཞེས་བླ་དྭགས་དང་། མཚན་དངོས་རྡོ་རྗེ་འབུམ། འདིས་གཡག་ལྕེ་ཁྲ་མོ་བྲག་ནས་བཻ་རོས་སྦས་པའི་གཏེར་ཁ་བླ་རྫོགས་ཐུགས་གསུམ་དང་སྒྲུབ་ཐབས་ཕྲ་མོའི་སྐོར་མང་པོ། བོན་གྱི་སེམས་ཕྱོགས་སོགས་ཆོས་བོན་གཉིས་ཀའི་གཏེར་ཁ་རྒྱ་ཆེར་བཞེས་ཀྱང་ཐོག་སྔས་པས་དེང་སང་དཔེ་རྒྱུན་ཙམ་ཡང་མཇལ་དུ་མི་སྣང་ནའང་། འདིའི་ཟབ་གཏེར་གྱི་ཆ་ཤས་སྒྲུབ་ཐབས་ཕྲ་མོའི་སྐོར་ལས་སྒྲོལ་མ་འཇིགས་པ་ཀུན་སྐྱོབ་ལས་ཚོགས་དང་བཅས་པ་ཡང་གཏེར་དུ་ཡེར་པའི་བྲག་ལ་སྦས་པ་ཕྱིས་རོང་པ་བདུད་འདུལ་གླིང་པས་བཏོན། སླར་ཡང་གཏེར་དུ་སྦས་པའི་གཏེར་ཡིག་རྗེ་བླ་མ་མདོ་སྔགས་གླིང་པའི་ཕྱག་ཏུ་བབས་པ་གཏན་ལ་ཕབ་ཅིང་ཁོ་བོ་ཅག་ལའང་བཀའ་དྲིན་ཏུ་བསྩལ་པ་ལྟར་སྒྲུབ་ཐབས་དབང་ཆོག་གཡུལ་མདོས་བཅས་ཆོག་བསྒྲིག་ཏུ་བགྱིས་པ་སྟེ། དེང་སང་བླ་དཔོན་སྐུ་རྐྱེན་ཟློག་པའི་ཐབས་ཅི་དྲགས་དགོངས་པ་རྣམས་ཀྱིས་འདི་ལྟ་བུའི་གཡུལ་མདོས་ལན་རེ་ཙམ་ལག་ལེན་དུ་བཏབ་ན་དུས་བབས་བྱིན་རླབས་ཀྱི་ཚན་ཁ་ཁྱད་པར་དུ་ཆེ་བར་མངོན་ནོ། ༈ །ཡང་། བོད་ཁམས་ཡོངས་ཀྱི་ཆོས་ལུགས་དགོད་རེ་བྲོ༔ འཇིག་རྟེན་ཁྱིམ་པའི་ཁ་ནས་ཆོས་སྐད་རེ༔ ར་རོག་ཕད་རོག་ཁྱད་པར་མེད་ཅེས་ཟེར༔ རླུང་ལ་བསིལ་སྦྱར་ཡས་གདོན་ཡིན་ནོ་ཟེར༔ མཚང་མང་པོ་རྣམས་ནད་པའི་སྔས་སྲུང་བྱེད༔ མི་རེའི་ལག་ན་རྩིས་ཀྱི་ཤོག་ཁྲ་རེ༔ རྨོངས་ཁྱུ་ཁ་འདྲིལ་མཁས་པ་བསྐྱར་ལ་འདོན༔ མོན་ཁ་སྤ་གྲོར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་གྲུམ་དང་མཁར་ནག་ཅེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་བླ་མ་གྲུམ་དང་སྤ་གྲོ་བའི་ཡོན་བདག་ནག་པོ་མཁར་བྱ་བའི་ཡོན་མཆོད་གཉིས་བསྡེབས་ཏེ། སྤ་གྲོ་སྐྱེར་ཆུའི་ལྷ་ཁང་གི་ཁྱུང་རུམ་སྨུག་པོའི་མཆུ་ནད་བསེའི་གྭའུ་ནས་གདན་དྲངས་པར་མཛད་པའི་གཟའ་རྒོད་སྤུ་གྲིའི་དྲག་སྔགས་བར་སྣང་ཧོམ་ཁུང་མར་གྲགས་པའི་དཔེ་ལུང་གི་རྒྱུན་ད་ལྟའང་བཞུགས་པར་སྣང་ཞིང་། རིག་འཛིན་ཀུ་མཱ་རཱ་ཛའི་གཟའ་མཐུ་འཇིགས་པོ་དེའང་འདི་ཉིད་ཡིན་པར་བཤད་པས་ཐོག་སྔ་མོ་ཞིག་ཏུ་བྱོན་པར་གསལ། གཞན་གཏེར་ཆོས་ཡོད་མེད་སོགས་གཏེར་འབྱུང་སྔ་མ་རྣམས་སུ་མི་གསལ་ལོ། ༈ །ཡང་། མི་ཐུབ་ལྔ་འབྱུང་རང་ལ་ཡིད་མི་ཆེས༔ དེ་འདྲའི་དུས་ན་འདྲེ་ནད་གདུག་པ་དར༔ ནད་དུ་མི་འོང་བྱ་བ་གཅིག་ཀྱང་མེད༔ ཆོས་སྤྱིའི་བྱིན་རླབས་སུམ་ཆ་ཡལ་ནས་འགྲོ༔ འུ་ཤང་རྡོ་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འོང༔ གཏེར་སྟོན་ལྷ་བཙུན་སྔོན་མོ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་ལྷ་བཙུན་སྔོན་མོ་ནི། ལྷ་སྲས་དམ་འཛིན་གྱི་རྣམ་འཕྲུལ་མངའ་བདག་ཡུམ་བརྟན་གྱི་རྒྱུད་ལས་ལྷ་བཙུན་བོ་དྷི་རཱ་ཛའི་སྲས་སུ་བསམ་ཡས་སུ་འཁྲུངས། ལྷ་རིགས་ཀྱི་སྔགས་བཙུན་ཡིན་པས་ལྷ་བཙུན། བླ་དྭགས་ལས་སྔོན་མོ། མཚན་དངོས་རིག་པའི་རྒྱ་མཚོ་གློག་གི་ཕྲེང་བ། སྡེ་སྣོད་ལའང་མཁྱེན་པ་རྒྱས་པས་བསམ་ཡས་སུ་ཆོས་འཁོར་ཆེན་མོ་བཙུགས། པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་དང་། གསང་འདུས་འཕགས་སྐོར་ལ་མཁས་པ་ཤུད་ཀེ་དར་མ་རྡོ་རྗེ་སྤྱན་དྲངས་ནས་མདོ་སྔགས་སྤྱི་བྱེ་བྲག་མང་པོ་བསྒྱུར་བཤད་འཆད་ཉན་གྱིས་གཏན་ལ་ཕབ་སྟེ་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་རྒྱ་ཆེན་མཛད། བསམ་ཡས་དབུ་རྩེ་ཆེན་མོ་དང་རྣམ་སྣང་གི་སྐུ་རྒྱབ་སོགས་ནས་གཏེར་ཁ་མང་པོ་དང་། སྦྲགས་ཡང་རྫོང་མཚམས་ཕུག་ནས་ནད་རིམས་གདུག་པ་ཅན་སྲུང་བ་གནོན་པ་དུག་སྔགས་ཀྱིས་བསད་པ་སོགས་ཕན་བྱེད་ཀྱི་སྐོར་སྤྱན་དྲངས། བོད་ཀྱི་གཏེར་ཁ་ཐམས་ཅད་ཀྱི་ཁ་བྱང་གཞན་ཡང་ཕྱག་ཏུ་བྱུང་བར་གྲགས། ཁྱད་པར་གོང་གི་ལུང་གསལ་ལྟར་འུ་ཤང་རྡོའི་བྲག་ནས་ཞི་བྱེད་སྐོར་བདུན་གྱི་གདམས་པ་སྤྱན་དྲངས། སླར་སྦྲགས་ཡང་རྫོང་གི་སྒྲུབ་ཕུག་ཆེན་མོའི་སྒོ་གདོང་དུ་ཡང་གཏེར་དུ་སྦས་པ་ཕྱིས་འདིར་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་བཞེས་ཤིང་། ཤོག་སེར་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཕུལ་བ་གཏན་ལ་ཕབ་པའི་གཞུང་ཟབ་འདྲིལ་ངོ་མཚར་ཅན་སྣང་བ་ཁོ་བོས་ཀྱང་སྨིན་གྲོལ་གྱི་གདམས་པ་ནོས་ཤིང་བཀའི་གནང་བ་བསྩལ་པ་ལྟར་ཡིག་ཆའི་གསལ་བྱེད་ཅུང་ཟད་སྤེལ་བའོ། ༈ །ཡང་། མི་ལ་ལུས་ཆས་ཡ་མ་ཟུང་དུ་འོང༔ བསྟན་པའི་ཆོས་ཀྱང་ཡ་མ་ཟུང་དུ་འགྲོ༔ དགེ་རྒྱས་བྲིས་པའི་རི་མོ་ཤུལ་རྗེས་འོང༔ ཁམས་ཀྱི་སྲིན་མོ་རྫོང་གསུམ་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཁམས་པ་ཉི་མ་གྲགས་ཀྱི་མིང་ཅན་འབྱུང༔ ཞེས་པའི་ཁམས་སྟོད་དྭགས་པོ་གཏེར་སྟོན་ཉི་མ་གྲགས་པ་ནི། ཁམས་ཡུལ་སྟོད་དུ་འཁྲུངས། ལྷ་ལུང་དཔལ་རྡོར་གྱི་སྐྱེ་མཐར་གསལ། ཁམས་ཀྱི་སྲིན་མོ་རྫོང་ཞེས་བྱ་བ་ཁམས་དྭགས་པོའི་ཡུལ་སྒམ་པོ་གདར་གྱི་རིའི་རྒྱབ་ཕྱོགས་ཀྱི་སྦས་ཡུལ་ལྟ་བུ་ཤིན་ཏུ་བགྲོད་དཀའ་བ་སྲིན་པོ་སྲིན་མོ་རྡོ་རྗེ་རྫོང་གསུམ་དུ་གྲགས་པ་ཞིག་ཡོད་ཚུལ་དུང་མཚོ་རས་པའི་རྣམ་ཐར་དུའང་གསལ་བ་ལྟར་གནས་དེ་ཉིད་ནས་གཤིན་རྗེ་ཟླ་གསང་རོལ་པ་དང་། ལས་གཤིན་སྤྲེལ་སླག་ཅན། དྲག་སྔགས་སྐོར་བདུན་སོགས་མངོན་སྤྱོད་ཀྱི་སྐོར་མང་དུ་སྤྱན་དྲངས་ནའང་གཏེར་སྟོན་ཀུན་སྤྱོད་རྩུབ་པས་རྐྱེན་ལམ་དུ་གཤེགས་པ་དང་ཐོག་སྔས་པས་དེང་སང་དཔེ་ལུང་གི་རྒྱུན་ཅིའང་མ་མཐོང་མོད། དྲག་སྔགས་སྐོར་བདུན་རྗེ་བླ་མར་ཡང་གཏེར་གྱི་ཚུལ་དུ་བཀའ་བབས་པ་ཡིན་ནོ། །ཕྱིས་སུ་འཁོན་ཀླུ་དབང་སྲུང་བའི་རྣམ་འཕྲུལ་རང་གཞན་གྱི་ཕྱོགས་ལ་ཉི་མ་གྲགས་པའི་མཚན་གྱི་ཅོད་པན་འཕྱངས་པའི་གཏེར་སྟོན་ཆེན་པོ་དག་བྱོན་པའི་རྣམ་ཐར་ནི་ཡོངས་སུ་གྲགས་པ་ཉིད་དོ། ༈ །ཡང་། ས་ནང་འཇིགས་བརྒྱད་ཤ་བའི་རྭ་ཅོ་འབྱུང༔ བསོད་ནམས་ཟད་པ་དབུས་སུ་མི་རྒོད་སྡིགས༔ དྭགས་པོ་ལྷང་ལྟ་བྲག་གི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ མངའ་བདག་སྲས་མོ་རིན་ཆེན་ཚུལ་རྡོར་འབྱུང༔ ཞེས་པའི་གཏེར་སྟོན་རིན་ཆེན་ཚུལ་རྡོར་རམ་གསང་མཚན་པདྨ་ལས་འབྲེལ་རྩལ་ནི། རྒྱལ་པོའི་སྲས་མོ་ལྷ་ལྕམ་པདྨ་གསལ་ཉིད་དག་པའི་སྐྱེ་བ་ལྔ་བརྒྱུད་པའི་ཐ་མ་སྟེ་རྡོ་བོད་མཚམས་གཉན་རོང་འབྲི་ཐང་ཞེས་བྱ་བའི་ཡུལ་དུ་ཉང་གི་གདུང་རིགས་ལས་ལྕགས་མོ་ཡོས་ཀྱི་ལོར་སྐུ་བལྟམས། ནར་སོན་ནས་ལོ་རོར་རབ་བྱུང་མཛད་པའི་མཚན་ཚུལ་ཁྲིམས་རྡོ་རྗེར་གྲགས། དགུངས་ལོ་བཅུ་དྲུག་བཞེས་པའི་དུས་གུ་རུའི་རྣམ་འཕྲུལ་དགེ་སློང་རྒན་པོ་ཞིག་གིས་ཁ་བྱང་ཤོག་དྲིལ་ཕྱག་ཏུ་གཏད་པ་དང་། ཉེར་གཅིག་པར་གཏེར་སྟོན་རིན་ཆེན་གླིང་པས་འབྲི་ཐང་ཀོ་རོ་བྲག་ནས་གདན་དྲངས་པའི་ཤོག་སེར་གྱི་ཁྲོད་ནས་འདིའི་ཁ་བྱང་དང་ལུང་བསྟན་བྱུང་བའང་ཕྱག་ཏུ་ཕུལ་བ་ལྟར་དགུང་ལོ་ཉེར་གསུམ་པ་ལ་དྭགས་པོ་ལྡང་ལུང་ཁྲ་མོ་བྲག་ནས་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་ཆོས་སྐོར་ཟབ་མོ་ཁྱད་པར་འཕགས་པ་དང་། གཞན་ཡང་བླ་མ་སྤྱི་འདུས་འཁོར་ལོ། ཕྱག་རྡོར་དྲེགས་པ་ཀུན་འདུལ། རྟ་མགྲིན་གཉེན་པོ་ལྷ་གསུམ། གཤིན་རྗེ་ཀིང་ཀང་དགྲ་ཁ་ལ་རྒྱས་འདེབས། གཟའ་དང་ཞིང་སྐྱོང་གཙོས་ཆོས་དང་དྲག་སྔགས་བསྟན་སྲུང་གི་སྐོར་མང་པོའང་གདན་དྲངས། ཚུར་བྱོན་པའི་ལམ་ཁར་གཉལ་སྟོད་ཤོའི་ཚེར་མ་ལུང་དུ་སྔགས་པ་ཞིག་གིས་ཞབས་ཏོག་ཕུལ། དེའི་བུ་རྗེས་སུ་འབྲངས་ནས་བྱུང་བ་རྒྱལ་སྲས་ལེགས་པ་རྒྱལ་མཚན་ཡིན། དེ་ནས་རང་ཡུལ་དུ་དད་མོས་ཆུང་བས་ཐུགས་སྐྱོ་ནས་དཔོན་སློབ་ལྔ་དབུས་སུ་བྱོན། བསམ་ཡས་མཆིམས་ཕུར་བཞུགས་སྐབས་རྡོ་རྗེ་ཕག་མོས་ལུང་བསྟན་པ་ལྟར་ལྷ་སར་ཕེབ་པས་རྒྱལ་དབང་ཀརྨ་པ་རང་བྱུང་རྡོ་རྗེ་མཇལ། ཆོས་རྗེ་ཉིད་ལའང་མཁའ་འགྲོས་ལུང་བསྟན་བྱུང་བ་ལྟར། སྙིང་ཐིག་གི་དབང་ལུང་ཤོག་སེར་ཐོག་ནས་གསན། རིམ་པར་གཏེར་ཆོས་རྣམས་གཏན་ལ་ཕབ་སྟེ་རྒྱལ་སྲས་ལེགས་པ་དང་། སྤྲུལ་སྐུ་རིན་ཆེན་གླིང་པ་གཉིས་ལ་དབང་ལུང་རྫོགས་པར་གནང་། དགུང་ལོ་ཉེར་ལྔ་པར་བྱར་སྨད་ཕྱིང་དཀར་ཞེས་པའི་ས་ཡི་ཆ་དང་ཉེ་བའི་གཉལ་རྒྱ་འགྲོ་ལ་རྩེར་གཞན་རྐྱེན་གྱིས་སྐུ་གཤེགས། པུར་སྦྱངས་པའི་ཚེ་བུད་མེད་སྔོན་མོ་རུས་རྒྱན་ཅན་དབུ་གཙུག་ནས་ཐོན་ཏེ་ནམ་མཁར་འགྲོ་བ་ཀུན་གྱིས་མཐོང་། གདུང་རུས་ལ་ཕག་མོའི་སྐུ་དང་རིང་བསྲེལ་དཔག་མེད་བྱོན་ཅིང་ཞག་བདུན་གྱི་བར་ལུང་པ་འཇའ་འོད་ཀྱིས་གང་བ་སོགས་ཀྱིས་འགྲོ་བ་རྣམས་དད་པའི་ས་ལ་བཀོད། སྐུ་ཚེ་འདིར་འགྲོ་དོན་མི་འབྱུང་ཞིང་སྦས་ཚུལ་གྱིས་ཉམས་སུ་ལེན་པའི་དུས་ཡིན་པ་སོགས་ལུང་ནས་བསྟན་པ་ལྟར་འགྲོ་དོན་འཕྲོ་ཅན་ཏུ་གྱུར་པས་ཉིད་ཀྱི་སྐྱེ་བ་ཕྱི་མ་དེ་མ་ཐག་པ་ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་རྒྱ་ཆེར་སྤེལ་བར་མཛད། ཀུན་མཁྱེན་རང་བྱུང་ཞབས་ཀྱིས་རྒྱལ་སྲས་ལེགས་པ་ལས་སྙིང་ཐིག་གི་ཚིག་བརྒྱུད་བསྐྱར་ནས་གསན་ཅིང་འཆད་སྤེལ་རྒྱ་ཆེར་གནང་བའི་སློབ་མའི་གཙོ་བོ་གཡུང་སྟོན་རྡོ་རྗེ་དཔལ་བ་སོགས་བཞི་ལ་གཉེར་གཏད་དེ་དབུས་གཙང་མདོ་ཁམས་རྒྱ་ཧོར་ཡན་ཆད་དུ་དར་བར་མཛད་པའི་རྒྱུན་དེང་སང་ཡང་བཞུགས་ལ། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། ས་ལ་གནས་པའི་བྱང་སེམས་ཀྱིས། །རྒྱ་མཚོའི་བར་དུ་སྤེལ་བར་བྱེད། །ཅེས་པའི་ལུང་དོན་མངོན་དུ་གྱུར། གཏེར་སྟོན་ཆེན་པོ་འདི་ཉིད་ཀྱི་ཟབ་གཏེར་སྙིང་པོ་སྙིང་ཐིག་རྣམ་གཉིས་ཀྱི་ཡ་གྱལ་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་སྨིན་གྲོལ་ཡོངས་སུ་གྲགས་པ་རྒྱལ་བའི་དབང་པོ་རང་བྱུང་རྡོ་རྗེ་དང་ཀུན་མཁྱེན་ཀློང་ཆེན་པ་ལས་ཚིག་དོན་སོ་སོར་བརྒྱུད་པ་ཐ་དད་པ་་་་་དང། གཉེན་པོ་ལྷ་གསུམ། ཕྱག་རྡོར་དྲེགས་འདུལ་གྱི་དབང་ལུང་སོགས་ཁོ་བོས་ཀྱང་ལེགས་པར་ནོས་སོ། ༈ །ཡང་། དམ་སེལ་བརྒྱུད་པས་སློབ་འགའ་གྲི་རུ་འཆི༔ རྡོ་ཡི་མཆོད་རྟེན་གདུགས་དང་ཆོས་འཁོར་ཉམས༔ མོན་ཁ་ཆུ་ཕུག་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་ཚེ་བརྟན་རྒྱལ་མཚན་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་ཚེ་བརྟན་རྒྱལ་མཚན་ནི། རྒྱལ་བ་མཆོག་དབྱངས་ཀྱི་རྣམ་འཕྲུལ་གཉིས་ཀྱི་ཡ་གྱལ་ཏེ། མོན་ལ་མོ་སྟོད་པའི་སྣར་ཐང་དུ་འཁྲུངས། མཚན་གུ་རུ་ཚེ་བརྟན་རྒྱལ་མཚན་ནམ་ཆོས་ཀྱི་བློ་གྲོས་སུ་གྲགས། རྟེན་དགེ་སློང་རྡོ་རྗེ་འཛིན་པ། མདོ་སྔགས་ལ་མཁྱེན་པ་རྒྱས་པའི་དགེ་བའི་བཤེས་གཉེན་ཆེན་པོར་བཞུགས། འདིས་ལུང་གསལ་ལྟར་མོན་གྱི་བྲག་མཐའ་ཕྲ་མོ་དཔལ་གྱི་ཆུ་མོ་ཕུག་ལྷ་མོ་གར་བྱེད་པ་འདྲ་བའི་གསང་གནས་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་སྦས་པའི་གུ་རུ་ཞི་དྲག་གི་སྒྲུབ་སྐོར་ལས་ཚོགས་དང་བཅས་པ་ཟབ་ཅིང་རྒྱ་ཆེ་བ་སྤྱན་དྲངས་པ་ནི་གཙོ་བོ་དང་། གཞན་གཏེར་གནས་མི་གཅིག་པའི་མཚོན་སྲུང་རྡོ་རྗེའི་གོ་ཆ། སྒྲོལ་མ་ཨུཏྤལ་ཕྲེང་བ། རྫོགས་ཆེན་མཉམ་ཉིད་རང་གྲོལ། ཚེ་དཔག་མེད། བདེ་མཆོག །སྨེ་བརྩེགས། བཅུད་ལེན་བརྒྱ་རྩ། ལུང་བསྟན་བཀའ་རྒྱ་མ། ཟབ་ལུང་སོགས་ཀྱི་གནས་གཏེར་དཀར་ཆག་རྒྱས་པ། རོང་གི་རྫ་ལྷུད་མོ་ནས་སྤྱན་དྲངས་པའི་ཡུལ་འཁོར་སྲུང་གི་མན་ངག་སོགས་རྒྱ་ཆེར་བཞུགས་པ་ཕལ་ཆེར་རིག་འཛིན་གཏེར་བདག་གླིང་པ་ཡབ་སྲས་ཀྱི་དུས་ཡན་དབང་ལུང་བཞུགས་པར་སྣང་ནའང་། དེང་སང་གུ་རུ་ཞི་དྲག་གི་ནང་ཚན་རྟ་མགྲིན་ལས་ཚོགས་བརྒྱ་རྩ་དང་། ཡུལ་འཁོར་སྲུང་གི་མན་ངག་གི་ལུང་། མཚོན་སྲུང་རྡོ་རྗེ་གོ་ཁྲབ་ཀྱི་ཕྱག་ལེན་རྒྱུན་བཅས་བཞུགས་པ་ཐོས་པའི་ཡུལ་དུ་གྱུར་པ་ལས་གཞན་དཔེ་ཙམ་ཡང་མཇལ་དཀའ་བའི་གནས་སུ་གྱུུར། ༈ ཡང་། དབུས་པའི་འདུན་མ་གཅིག་འདྲིལ་ས་ཧོར་སྐྲག༔ སྡིག་སྤྱོད་བདུད་སྤྲུལ་བསྟན་པ་རྒྱས་ཡུན་རིང༔ འབྲིན་ཐང་ཀོ་རོ་བྲག་གི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་རིན་ཆེན་གླིང་པ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་མེ་བན་རིན་ཆེན་གླིང་པ་ནི། རྒྱ་གར་མཁས་པ་ཤེས་རབ་འབྱུང་གནས་དང་ལོ་ཆེན་བཻ་རོ་ཟུང་དུ་འཇུག་པའི་རྣམ་འཕྲུལ། ལོ་རོ་དཀར་པོའི་ཚེ་ཁྲོ་ཁར་ཡབ་རྡོ་རྗེ་རྒོད་རྡོར་འབུམ་དང་ཡུམ་བལ་མོ་གཡང་འབུམ་གྱི་སྲས་སུ་གླང་གི་ལོར་འཁྲུངས། བྱིས་པའི་དུས་སྐུ་རྩེད་མཛད་པས་ཕ་ཝང་ལ་སྐུ་རྗེས་གསལ་བར་བྱུང་། ཆོས་སྒོར་ཞུགས་པས་མཚན་རིན་ཆེན་རྒྱལ་པོ་དཔལ་བཟང་པོར་བཏགས། རྟིང་པ་ལོ་ཙཱ་བའི་གདན་ས་དམྱལ་སྨད་བཻ་རོའི་ཆོས་གྲྭར་མཚན་ཉིད་ཕྱོགས་ལ་གསན་པ་མཐར་ཕྱིན་མཛད། ལོ་ངོ་དྲུག་རིང་དགོན་པར་བླ་མ་ཞིག་ལས་རས་ཆུང་པའི་གདམས་པ་གསན་ནས་སྒྲུབ་པ་མཛད་པས་རྟགས་སྣང་དཔག་མེད་ཤར། དེ་ནས་ལྷ་སར་གནས་བསྐོར་བྱོན་པའི་ནུབ་གཅིག་མནལ་ལམ་དུ་མི་དཀར་པོ་ཞིག་གིས་ནངས་པར་དོན་གྲུབ་པ་ཡོད་ཟེར་བའི་སང་ཞོག་དེར། ལ་སྟོད་དིང་རི་ནས་ཡིན་ཟེར་བའི་རྣལ་འབྱོར་པ་འཐེང་པོ་བྱང་སེམས་ཀུན་དགའ་ཟེར་བ་དང་མཇལ། དེས་དྲི་བ་རྒྱས་པར་བྱས་མཐར་གཏེར་གྱི་ཁ་བྱང་ཕྱག་ཏུ་གཏད་པ་ལྟར། འབྲིན་ཐང་ཀོ་རོ་བྲག་གི་སྒྲུབ་ཕུག་ནས་བསེ་སྒྲོམ་སྨུག་པོ་གདན་དྲངས་པའི་ནང་དུ་རེའུ་མིག་ལྔ་ཡོད་པའི་ཤར་ནས་ཁྱད་པར་ལྔ་ལྡན། ལྷོ་ནས་སྒྲུབ་ཐབས་ནོར་བུ་སྐོར་ལྔ། ནུབ་ནས་རྟེན་འབྲེལ་ནོར་བུ་སྐོར་ལྔ། བྱང་ནས་དྲག་སྔགས་ནོར་བུ་སྐོར་ལྔ། དབུས་ནས་ཁ་བྱང་ལུང་བསྟན་སྐོར་ལྔ་བཅས་ཆོས་དང་དམ་རྫས་ཀྱི་གཏེར་ཆེན་པོ་དང་། གནས་དེའི་བྲག་ཆོས་འབྱུང་འདྲ་བ་ནས་འཇམ་དཔལ་ནཱ་ག་རཀྴའི་སྐོར་སྤྱན་དྲངས། སྒྲུབ་པ་རྩེ་གཅིག་མཛད་པས་ཉམས་རྟོགས་འཕེལ་ཞིང་དག་པའི་སྣང་བ་དཔག་མེད་ཤར། ཁྱད་པར་ཟངས་མདོག་དཔལ་རིར་བྱོན་ནས་ཨོ་རྒྱན་ཆེན་པོས་རྗེས་སུ་བཟུང་བའི་ཚུལ་ངོ་མཚར་བ་ཡོད། དེ་ནས་རིམ་པར་རྒྱ་གར་ཕ་ཝང་ནག་པོ་ནས་རྫོགས་ཆེན་ཆིག་ཆོད་ཀུན་གྲོལ། ཞི་ཁྲོ་བདེ་ཆེན་ཀུན་རྫོགས། ཤ་འུག་ལྟག་སྒོའི་རྡོ་རྗེ་རྩེ་ལྔ་འདྲ་བའི་བྲག་ནས་བཀའ་རྒྱ་མ་རྣམ་གསུམ་ཞེས་སྒྲུབ་ཐབས་བཀའ་རྒྱ་མ་རྩ་གསུམ་གྱི་སྒྲུབ་ཐབས་ཡི་གེ་ལག་ལེན་དང་བཅས་པ། རྫོགས་རིམ་བཀའ་རྒྱ་མ་རིམ་གཅིག་ཅར་གཉིས་མེད་ཀྱི་ཁྲིད་ཡིག་ཞལ་གདམས་དང་བཅས་པ། ལུང་བསྟན་བཀའ་རྒྱ་མ་སྤྱི་བྱེ་བྲག་ཁྱད་པར་གྱི་ལུང་བསྟན་དང་བཅས་པ་སྤྱན་དྲངས་ཤིང་། ཕྱི་མ་ཕྱི་མའི་གཏེར་ཚབ་ཏུ་སྔ་མ་སྔ་མའི་ཤོག་སེར་རྣམས་བཅུག་དགོས་པ་ལུང་གསལ་ལྟར་མཛད། གཞན་ཡང་ཙ་རི་དང་ཀོང་པོ་སོགས་སུ་བྱོན་ནས་ཟབ་གཏེར་བཞེས་པ། སྒྲུབ་པ་མཛད་པ། པདྨ་ལས་འབྲེལ་རྩལ་གྱི་ཟབ་ཆོས་ཀྱི་བདག་པོ་གནང་བ། གཞན་དོན་ཕྲིན་ལས་སྐྱོང་བ་སོགས་རྒྱ་ཆེར་གནང་ཞིང་། དགུང་ལོ་བརྒྱད་ཅུའི་བར་དུ་བཞུགས་པ་སོགས་སྐུ་ཚེ་ཕྲིན་ལས་མཐར་ཕྱིན། དེའི་རྣམ་འཕྲུལ་རིམ་པར་སྤྲུལ་སྐུ་གཞོན་ནུ་ལྷུན་གྲུབ་སྔོན་གྱི་དབོན་རྒྱུད་དུ་འཁྲུངས་ཤིང་ཟབ་གཏེར་ཀྱང་བཞེས་མོད། གཞོན་ནུ་ནས་སྐུ་གཤེགས། དེའི་སྤྲུལ་སྐུ་རྒྱལ་མཚན་དཔལ་བཟང་། དེའི་སྤྲུལ་སྐུ་ཆོས་དབང་ལྷུན་གྲུབ་ཀྱི་བར་གཙོ་བོར་རྙིང་མ་མཛད། དེའི་སྤྲུལ་སྐུ་སྐྱེས་ཆེན་གཙུག་ལག་ཕྲེང་བ་ནས་བཟུང་། ད་ལྟ་མཆོག་གི་སྤྲུལ་པའི་སྐུ་དགུ་པ་གཙུག་ལག་ཉི་མའི་བར་སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་བསྟན་འཛིན་འགྲན་ཟླ་དང་བྲལ་བར་གྱུར་ཏོ། །འདིའི་ཟབ་གཏེར་སྐོར་སྔར་འགྲོ་དོན་རྒྱ་ཆེར་བྱུང་བར་གསལ་ནའང་ད་ལྟ་ནི་ནཱ་ག་རཀྴའི་སྐོར་གྱི་དབང་ལུང་ལག་ལེན་བཅས་བཞུགས་པ་དང་། ཚེ་སྒྲུབ་འོད་ཀྱི་བུམ་པ་དང་རས་ཆེན་དཔལ་འབྱོར་བཟང་པོའི་མདའ་འཕེལ་མ་གཉིས་ཚིག་དོན་ཞུ་དག་ཕེར་བ་མ་ཟད་རས་ཆེན་པས་སྤྲུལ་སྐུ་རྒྱལ་མཚན་དཔལ་བཟང་ལ་རིན་ཆེན་གླིང་པའི་གཏེར་ཁ་རྣམས་གསན་པས་བརྒྱུད་པའི་ཆུ་བོ་གཉིས་འདྲེས་སུ་གྱུར་པ་དངོས་སུ་ཐོབ་ནས་རིང་ཞིག་འདས་པ་ན། རྫོགས་ཆེན་གཅིག་ཆོད་ཀུན་གྲོལ་གྱི་ལུང་བསྟན་ལས་ཤིན་ཏུ་གསལ་བ་ལྟར་རྗེ་བླ་མ་མདོ་སྔགས་གླིང་པའི་ཕྱག་ཏུ་དཔེ་རྒྱུན་ཕེབས། གཏེར་སྟོན་ཆེན་པོས་སྨིན་གྲོལ་བསྩལ་ཞིང་སྒྲུབ་ཐབས་སྐོར་ལྔའི་བླ་སྒྲུབ་དང་ཐུགས་རྗེ་ཆེན་པོའང་ཡང་གཏེར་གྱི་ཚུལ་དུ་གཏན་ལ་ཕབ་སྟེ་བདག་ཅག་རྣམས་ལ་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད་པ་ཡིན་ནོ། ༈ །ཡང་། ཡར་ལུང་མཐིལ་ནས་རྣམ་སྨིན་སྤྱོད་རྒྱལ་འབྱུང༔ ཕག་གིས་ས་སློག་དབུས་ཁམས་ས་ཧོར་ཟ༔ བཙན་རྫོང་བརྒྱ་དང་རྩ་བརྒྱད་ཕྱོགས་སུ་འབྱུང༔ ཤེལ་གྱི་བྲག་ཕུག་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་ཨོ་རྒྱན་གླིང་པ་ཞེས་བྱ་འབྱུང༔ ཞེས་པའི་སྤྲུལ་སྐུ་ཨོ་རྒྱན་གླིང་པ་ནི། ལྷ་སྲས་མཆོག་གྲུབ་རྒྱལ་པོའི་སྐྱེ་བ་བདུན་པ། གཡོ་རུ་གྲྭ་ནང་གི་ཡར་རྗེ་ཞེས་པར་ཆུ་མོ་ཕག་གི་ལོ་ལ་སྔགས་རྒྱུད་ཁྱད་པར་ཅན་དུ་སྐུ་འཁྲུངས། རྟེན་སྔགས་བཙུན། མཐུ་དང་སྨན་རྩིས་སོགས་ལ་མཁས་པར་སྦྱངས། དགུང་ལོ་ཉེར་གསུམ་པར་བསམ་ཡས་མཆོད་རྟེན་དམར་པོ་ནས་གཏེར་གྱི་ཁ་བྱང་བཞེས་ཏེ་ཡར་ལུང་ཤེལ་བྲག་གི་རྒྱབ་ཕྱོགས་བྲག་པདྨ་བརྩེགས་པའི་ཤེལ་ཕུག་ངོ་མཚར་ཅན། ཨོ་རྒྱན་ཆེན་པོས་བདུད་རྩི་སྨན་སྒྲུབ་གནང་བའི་གནས། ཞི་ཁྲོའི་ལྷ་ཚོགས་རང་བྱུང་དུ་བཞུགས་པའི་སྒོ་སྲུང་ཁྱབ་འཇུག་ཆེན་པོའི་དབུ་གོང་མ་རྣམས་ནས་བསྐྱེད་རིམ་བླ་མ་བསྟན་གཉིས་སྐོར་གསུམ་ཞི་དྲག །ཐུགས་རྗེ་ཆེན་པོ་པདྨ་སྙིང་ཐིག །རྫོགས་ཆེན་ཚེ་སྒྲུབ། ཨ་ཏི་སྤྱི་ཏི་ཡང་ཏི་ལ་སོགས་རྫོགས་པ་ཆེན་པོའི་སྐོར་ཏེ་བླ་རྫོགས་ཐུགས་གསུམ། རྩ་བའི་དབུ་གསུམ་གྱི་ནང་ནས་ཡི་དམ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཆེན་མོ་ཆོས་ཚན་བརྒྱ་དང་སུམ་ཅུ་སོ་གཉིས། མགྲིན་པ་ནས་ཞི་ཁྲོ་བཀའ་འདུས། མཁའ་འགྲོ་ཁྲོས་ནག །མགོན་པོ་མ་ནིང་གི་སྐོར། ཐུགས་ཀ་ནས་པདྨ་བཀའ་ཡི་ཐང་ཡིག་ཆེན་མོ། སྨད་སྦྲུལ་མཇུག་གི་ནང་ནས་ཡེ་ཤེས་མགོན་པོ་ལྷ་མང་གི་རྒྱུད་སྒྲུབ་ཐབས་ལས་ཚོགས། སྨན་དཔྱད། བསྟན་པ་སྲུང་བའི་གདམས་ཟབ། ཕྱག་དང་སྦྲུལ་མཇུག་ལྷག་མ་རྣམས་ནས་ཕན་གནོད་ཀྱི་ལས་ཐབས་དང་། བཟོ་རིག་པ་ཏྲ་སོགས་མཐའ་ཡས་པ་སྤྱན་དྲངས་པས་ཟབ་གཏེར་གྱི་མཛོད་ཆེན་པོ་བརྡོལ། གཞན་ཡང་གྲའི་གཡུ་གོང་བྲག་ནས་གསང་སྔགས་ལམ་རིམ་ཆེན་མོ། པདྨའི་རྣམ་ཐར་ཆུང་བ། ཞི་བྱེད་བཀའ་ཆེམས་དོན་གསལ། རྟེན་འབྲེལ་ཡང་སྙིང་འདུས་པ་སོགས་དང་། བསམ་ཡས་ཀྱི་གཏེར་གནས་ཐ་དད་པ་སོགས་ནས་བཀའ་ཐང་སྡེ་ལྔ། ཟུར་མཁར་རྡོའི་མཆོད་རྟེན་ནས་ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག །དཔལ་མགོན་སྟག་ཞོན། འོན་ཕུ་སྟག་ཚང་ནས་གུ་རུ་དྲག་པོ་དང་བསྟན་སྲུང་སྐོར། གྲ་ཕྱི་བྲག་པོ་ཆེ་ནས་གཤིན་རྗེ་ཚེ་བདག་གི་སྐོར་སོགས་གཏེར་ཆོས་པུསྟི་བརྒྱ་ལྷག་ཡོད་ཚུལ་དང་། བཀའ་འདུས་ཁོ་ན་ལའང་པུ་སྟི་སུམ་ཅུ་སོ་གྲངས་ཡོད་པར་གསུངས་ཀྱང་ཤོག་སེར་ལས་འབེབས་མ་ཐུབ་པར་ཡང་གཏེར་དུ་སྦས་པར་གྲགས། སྐུ་ཚབ་དམ་རྫས་ནོར་གཏེར་སོགས་མཐའ་ཡས་པས་མཚོན་མདོར་ན་གཏེར་ཁ་ཆེན་པོ་ཉེར་བརྒྱད་རྗེས་འབྲེལ་དང་བཅས་པ་སྤྱན་དྲངས་ནའང་། ཁྲ་འབྲུག་བྱམས་སྟོད་དུ་ཐོག་མའི་ཆོས་སྒོ་ཞལ་ཕྱེ་ནས་བཀའ་འདུས་ཀྱི་དབང་སྒྲུབ་ཆེན་མོ་མཛད་སྐབས་ལུང་བསྟན་གྱི་ཚིག་ཟུར་ལ་བརྟེན། སྣེའུ་གདོང་རྩེ་ནས་ཏཱ་སི་བྱང་ཆུབ་རྒྱལ་མཚན་གྱིས་ཞབས་འདྲེན་དྲག་ཏུ་ཞུས་པའི་རྐྱེན་གྱིས་རྟེན་འབྲེལ་འཕྲོ་ཅན་དུ་གྱུར། གཏེར་སྟོན་ཡང་ཨེ་དང་དྭགས་པོ་ཕྱོགས་སུ་བྲོས་སྟབས་ཀྱིས་ཕེབས་ཏེ་རིང་མིན་ཨེའི་འདབས་བློ་ཆུང་བྱ་བར་སྐུ་གཤེགས། སྐུ་གདུང་དྭགས་པོར་སྤྱན་དྲངས་ཏེ་ཞབས་རྗེས་དགོན་པར་རིལ་པོར་བཞུགས་པ་ཉིད་ཕྱིས་སྐུ་རབས་སྡེ་པས་སྐྱེ་བདུན་མྱོང་གྲོལ་དུ་གྲགས་པ་ཐོས་ནས་སྐུ་པུར་ཅུང་ཟད་ཞུས་ཤིང་མྱོངས་པས་སྡེ་པ་ཉམས་འབར་ཏེ་ས་ལ་ཁྲུ་གང་ཙམ་གྱིས་མི་་་་་རེག་པར་བྱུང་བའི་ངོ་མཚར་ཅན་ད་ལྟ་ཡར་ལུང་རྩེ་ཚོགས་པར་གདུང་རྟེན་རྙིང་པའི་ནང་དུ་ཕལ་ཆེར་མ་ཉམས་པར་བཞུགས། གདུང་རྒྱུད་གྲབ་གཙང་ཁ་སོགས་སུ་ཡོད་པར་འདུག་སྟེ་བསྟན་པ་ལ་བྱ་བ་མཛད་ཚུལ་མི་གསལ་ཡང་ཐམས་ཅད་གྲུབ་པའི་རྟགས་མཚན་ཅི་རིགས་སྟོན་ནུས་པའི་རིག་འཛིན་གྱི་གདུང་རྒྱུད་ངོ་མཚར་ཅན་བྱོན་པར་སྣང་། གཏེར་ཆོས་སྐོར་ལས་ཡེ་ཤེས་འོད་མཆོག །གུར་དྲག །ཚེ་སྒྲུབ། སྟག་ཞོན་སྐོར་ཙམ་རིག་འཛིན་གཏེར་བདག་གླིང་པའི་བར་དབང་ལུང་གི་རྒྱུན་བཞུགས་པར་གསལ་ཡང་དེང་སང་བཞུགས་པར་མ་མཐོང་། པདྨ་བཀའ་ཐང་ཤེལ་བྲག་མ་དང་། སྡེ་ལྔ། རྟེན་འབྲེལ་ཡང་སྙིང་འདུས་པ་རྣམས་ལུང་རྒྱུན་བཞུགས་པ་ཁོ་བོས་ཀྱང་ཐོས། ཁྱད་པར་ཨོ་རྒྱན་གླིང་པ་རང་གི་གཏེར་ལུང་ལས་ཀྱང་གསལ་བ་ལྟར་རྗེ་བླ་མ་མདོ་སྔགས་གླིང་པའི་ཕྱག་ཏུ་བཀའ་འདུས་ཆེན་མོའི་སྙིང་པོ་མདོར་བསྡུས་སྐོར་གྱི་ཕྱག་དཔེ་དཔེ་རྙིང་དངོས་སུ་བབས་པ་དང་། འགའ་རེ་མཁའ་འགྲོ་བརྡའ་ཡི་ཡི་གེར་སྣང་བ་ལས་གཏན་ལ་ཕབ་སྟེ་བདག་ཅག་སོགས་ལའང་སྨིན་གྲོལ་གཅིག་རྫོགས་སུ་བསྩལ་པའི་སྐལ་བཟང་ནོས་ཤིང་། ཁོ་བོས་ཀྱང་བསྙེན་སྒྲུབ་དང་ཡིག་ཆ་ཉེར་མཁོའི་ཞབས་ཏོག་བཅས་རིན་ཆེན་གཏེར་གྱི་མཛོད་ཆེན་པོར་བཞུགས་སུ་གསོལ་ནས་ཕྲིན་ལས་ཅུང་ཟད་སྤེལ་བ་སྟེ། དེའང་བླ་སྒྲུབ་དང་བཀའ་བརྒྱད་ཙམ་ལ་བཀའ་འདུས་ཀྱི་མིང་གིས་བཏགས་པ་མ་ཡིན་པ་རྣམ་ཐར་ཆེན་མོ་སོགས་ལས་གསལ་བ་ལྟར་བཀའ་འདུས་ཚོམ་བུ་ཉེར་གཅིག་སྒྲ་ཇི་བཞིན་པ་བསྟན་པས་ཤིན་ཏུ་ཡིད་ཆེས་ཤིང་ངོ་མཚར་བའི་གནས་སུ་གྲུབ་བོ། །གཞན་ཡང་རྗེ་བླ་མས་རྒྱ་ལོ་ཙཱའི་བླ་མ་བསྟན་གཉིས་སྐོར་གསུམ་ཡང་གཏེར་གྱི་ཚུལ་དུ་གཏན་ལ་ཕབ་པའང་ཨོ་རྒྱན་གླིང་པའི་ཟབ་གཏེར་དང་ཚིག་རྒྱས་བསྡུས་ཙམ་ལས་དོན་གཅིག་པས་བརྒྱུད་པའི་ཆུ་བོ་གཅིག་འདྲེས་སུ་བགྲང་དུ་རུང་ལ། བཀའ་འདུས་ཀྱི་ཆོས་སྡེ་ཉིན་མཚན་རྒྱུན་གྱི་རྣལ་འབྱོར་ཀྱང་སྣང་བར་མཛད་པ་བླ་རྫོགས་ཐུགས་གསུམ་གྱི་སྙིང་པོར་སྣང་བས་དེས་ནི་བསྟན་པའི་མེ་རོ་གསོ་བར་མཛད་པ་ཡིན་ནོ། ༈ །ཡང་། ས་ཧོར་དུར་ས་དབུས་གཙང་ཀུན་ལ་འབེབས༔ མཆོད་རྟེན་འོག་ནས་ཐོད་པ་ཁྱི་ཡིས་གཡེང༔ བསམ་ཡས་མཆིམས་ཕུར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་དྲི་མེད་འོད་ཟེར་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་དྲི་མེད་འོད་ཟེར་ནི། དོན་དམ་པར་སློབ་དཔོན་བི་མ་ལའི་སྙིང་ཏིག་གི་བསྟན་པ་ཡིད་དཔྱོད་དང་འདྲེས་པའི་སྐབས་ལོ་བརྒྱ་བརྒྱ་ན་བི་མ་ལའི་སྤྲུལ་པ་རེ་འབྱོན་པར་གསུངས་པ་དང་། སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ལས། དེ་རྗེས་བློ་གྲོས་མཆོག་གིས་འཛིན། །ཞེས་གསལ་བར་ལུང་བསྟན་པ་ལྟར་པཎ་ཆེན་དྲི་མེད་བཤེས་གཉེན་གྱི་རྣམ་འཕྲུལ་དུ་གྲུབ་ནའང་དགོས་པའི་དབང་གིས་རྒྱལ་པོའི་ལྷ་ལྕམ་པདྨ་གསལ་གྱི་སྐྱེ་མཐའ་སྤྲུལ་པའི་སྐུ་པདྨ་ལས་འབྲེལ་རྩལ་གྱི་གཏེར་ལུང་དུ། དེ་རྗེས་ལོངས་སྐུའི་ཞིང་ཁམས་དར་གཅིག་ཉུལ་བར་གསུངས་པ་ཀུན་མཁྱེན་ཆེན་པོ་འདི་ཉིད་དུ་ངེས་པས། དེས་ན་ལས་འབྲེལ་གྱི་སྐྱེ་བ་དེ་མ་ཐག་པའོ། །འཁྲུངས་ཡུལ་གཡོ་རུ་གྲ་ནང་གི་སའི་ཐིག་ལེ་སྟོད་གྲོང་དུ་ངན་ལམ་བཙན་པོ་འོད་ཀྱི་དཀྱིལ་འཁོར་ཅན་ཞེས་བྱ་བ་སློབ་དཔོན་རྒྱལ་བ་མཆོག་དབྱངས་དང་རུས་གཅིག་པའི་གདུང་རབས་ཉེར་ལྔ་པ། མེས་པོ་ལྷ་སྲུང་ཞེས་བདུད་རྩིའི་བཅུད་ལེན་གྲུབ་པ་དེའི་སྲས་སློབ་དཔོན་བསྟན་སྲུང་ཞེས་རིག་པའི་གནས་དང་སྔགས་ཀྱི་རྣལ་འབྱོར་ལ་རང་བྱན་ཆུད་པ་དེས། ཡུམ་འབྲོམ་བཟའ་མ་བསོད་ནམས་རྒྱན་མ་བདག་གིར་བཞེས་པའི་སྲས་སུ་སྐྱེ་བའི་མྱུ་གུ་བཟུང་། རབ་བྱུང་ལྔ་པའི་ཕུར་བུ་ས་སྤྲེལ་དབོ་ཟླ་བའི་ཚེས་བཅུར། ཞིང་གི་ཉེ་ལོགས་ན་ཁ་ཞིག་ཏུ་སྐུ་འཁྲུངས། གསུང་བྱེ་བ་ཙམ་ནས་སྐྱེས་བུ་དམ་པའི་རིགས་གསལ་བར་སད། ལོ་ལྔ་ནས་འབྲི་ཀློག་བརྡའ་བསྟན་པ་ཙམ་གྱིས་མཁྱེན། ལོ་བདུན་པ་ནས་ཡབ་ལ་མངའ་བདག་པའི་བླ་མ་ཞི་དྲག །བཀའ་བརྒྱད་བདེ་འདུས་སོགས་ཀྱི་དབང་ལུང་མན་ངག་ཕྱག་བཞེས་བཅས་པ་དང་། སྨན་རྩིས་སོགས་ཀྱང་གསན་ཅིང་ཀུན་ཆུབ་པར་མཛད། བཅུ་གཉིས་པ་ལ་བསམ་ཡས་སུ་མཁན་པོ་བསམ་འགྲུབ་རིན་ཆེན་དང་སློབ་དཔོན་ཀུན་དགའ་འོད་ཟེར་ལས་རབ་ཏུ་བྱུང་བའི་མཚན་ཚུལ་ཁྲིམས་བློ་གྲོས་སུ་གསོལ། འདུལ་བ་ལ་སྦྱངས་ཤིང་བཤད་གསར་མཛད་པས་མཁས་པའི་སྙན་གྲགས་ཐོབ། བཅུ་དགུ་པ་ལ་གསང་ཕུ་ནེའུ་ཐོག་ཏུ་སློབ་དཔོན་བཙན་དགོན་པ་དང་ཁྱད་པར་བླ་བྲང་པ་ཆོས་དཔལ་རྒྱལ་མཚན་དང་གཞོན་ནུ་རིན་ཆེན་གཉིས་ལས་ཕར་ཚད་ཀྱི་གཞུང་འགྲེལ་གསན་ཅིང་མཐའ་དག་བྱང་ཆུབ། སློབ་དཔོན་གཞོན་ནུ་རྒྱལ་པོ་ལས་དབུ་མ་རྩ་འཇུག་སོགས་དང་། དཔང་ལོ་ཆེན་པོ་ལས་མངོན་པ་གོང་འོག་དང་ཏིང་ངེ་འཛིན་རྒྱལ་པོ་སོགས་ཟབ་མོ་མདོ་ལྔའི་བཤད་པ། སྙན་ངག་སོགས་ཐ་སྙད་ཀྱི་གཙུག་ལག་རྣམས་གསན་ཅིང་ཁོང་དུ་ཆུད་ནས་ལུང་རིགས་སྨྲ་བའི་སྡེ་རྣམས་སུ་གྲ་སྐོར་མཛད་པས་སྤོབས་པ་བསམ་གྱིས་མི་ཁྱབ་པས་བསམ་ཡས་པ་ལུང་མང་པོ་ཞེས་སྙན་པར་གྲགས། དེ་དག་གི་སྔ་ཕྱི་ཅི་རིགས་པར་འབྲས་སྤུངས་དན་འབག་གི་ཆོས་གྲྭར་སློབ་དཔོན་གཞོན་ནུ་དོན་གྲུབ་ལས་མདོ་སྒྱུ་སེམས་གསུམ། གསང་འདུས་སྤྱོད་རྒྱུད་སོགས་ཀྱི་དབང་ཁྲིད་བཤད་བཀའ། སློབ་དཔོན་བཀྲ་ཤིས་རིན་ཆེན་ལས་བདེ་མཆོག །ལམ་འབྲས་སྦྱོར་དྲུག་ཞི་བྱེད། རྫོགས་ཆེན་སེམས་ཕྱོགས་སྐོར། གཞོན་ནུ་རྡོ་རྗེ་ལས་བཀའ་གདམས་སྐོར། མཐིང་མ་བ་གྲགས་འོད་ལས་བཀའ་བརྒྱད་བདེ་འདུས་སོགས་ཟབ་གཏེར་གྱི་སྐོར་མང་པོ། གཞན་ཡང་རྒྱལ་དབང་རང་བྱུང་རྡོ་རྗེ། ས་སྐྱ་པ་བླ་མ་བསོད་ནམས་རྒྱལ་མཚན་སོགས་ཡོངས་འཛིན་ཉི་ཤུ་ལྷག་ཙམ་ལས་དུས་དེར་བོད་ཡུལ་དུ་གྲགས་པའི་མདོ་སྔགས་མན་ངག་དང་བཅས་པ་ཕལ་ཆེར་གསན་ཅིང་། རྩིས་སོགས་ཐ་སྙད་ཤེས་བྱའི་ཆོས་ཚུལ་མཐའ་དག་ལ་མཁས་པར་མཛད། མི་གཡོ་བ། དབྱངས་ཅན་མ། ཕག་མོ་དཀར་མོ་སོ་སོར་བསྒྲུབས་པས་བློ་གྲོས་ཀྱི་མཐུ་ཆེན་པོ་གྲུབ་པའི་ཚུལ་བསྟན། རྗེ་བཙུན་སྒྲོལ་མས་རྟག་ཏུ་བྱིན་གྱིས་བརླབས་ཤིང་དངོས་གྲུབ་སྩོལ་བའི་དབུགས་དབྱུང་ཐོབ། ཁྱད་པར་དགུང་ལོ་ཉེར་བདུན་པར་ཡི་དམ་ལྷས་ལུང་བསྟན་པ་ལྟར་རིག་འཛིན་ཆེན་པོ་ཀུ་མཱ་ར་ཛའི་སྤྱན་སྔར་བྱོན་ཏེ་སྙིང་ཐིག་ཆེན་མོའི་དབང་རྒྱུད་མན་ངག་མཐའ་དག་གཙོ་བོར་གྱུར་པའི་སྨིན་གྲོལ་གྱི་ཆོས་ཀྱི་བདུད་རྩི་མཐའ་ཡས་པ་བཞེས་ཤིང་བྱ་བྲལ་ཀུན་སྤངས་པ་ཁོ་ནའི་ཚུལ་གྱིས་ལོ་བདུན་དུ་སྒྲུབ་པ་ཉམས་བཞེས་སྙིང་པོར་མཛད་པས་བླ་མ་དང་ལྷག་པའི་ལྷ་དུ་མས་བྱིན་གྱིས་བརླབས་ཤིང་རིག་པ་ཚད་ཕེབ་ཆེན་པོའི་ས་ལ་གཤེགས་ཏེ་ལོངས་སྐུའི་ཞིང་ཁམས་ཉུལ་བའི་ཚུལ་མཛད། ཤན་པ་སྲོག་སྒྲུབ་མས་གཏེར་དཔེ་དངོས་སུ་ཕུལ་ཅིང་ཨོ་རྒྱན་ཡབ་ཡུམ་གྱིས་བྱིན་གྱིས་བརླབས་པ་ལ་བརྟེན་མན་ངག་མཁའ་འགྲོ་སྙིང་ཐིག་གི་བཀའ་བབས། དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་སྙིང་ཐིག་རྣམ་གཉིས་ཀྱི་བཀའི་བསྡུ་བ་ཡང་ཏིག་གསུམ་གྱིས་གཏན་ལ་ཕབ་ཅིང་རྒྱབ་ཆོས་སུ་མཛོད་ཆེན་བདུན་དང་ཤིང་རྟ་རྣམ་གསུམ་སོགས་རྒྱ་ཆེར་བསྩལ་པས་གཙོ་བོར་ཟབ་མོ་དགོངས་པའི་གཏེར་ཞེས་གྲགས་པ་ཐམས་ཅད་ཀྱི་རྒྱལ་པོར་གྲུབ་པས་ན་བྱང་པ་བདག་པོས་ཀྱང་། དྲི་མེད་འོད་ཟེར་ཀུན་མཁྱེན་ཐུགས་གཏེར་མཛོད། །སྒོ་འཕར་འབྱེད་ལ་གཞན་གྱིས་འགྲན་ཟླ་བྲལ། །ཞེས་བསྔགས་པས་མཚོན་ནོ། །དེ་ལྟ་བུའི་རྫོགས་པ་ཆེན་པོ་མན་ངག་སྡེའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཅིང་སེང་གེའི་སྒྲ་ཆེན་པོ་བསྒྲགས་པས་གངས་ཅན་ལྗོངས་སུ་ཁྱབ་པར་མཛད་ཅིང་རྒྱུན་ད་ལྟའི་བར་དུ་མ་ཉམས་པས་བཀའ་དྲིན་བསམ་གྱིས་མི་ཁྱབ། མཐར་དགུང་ལོ་ལྔ་བཅུ་རྩ་དྲུག་བཞེས་པ་ཆུ་མོ་ཡོས་ཀྱི་ལོ་རྒྱལ་ཟླ་བའི་བཅོ་བརྒྱད་ལ་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་ཆེན་པོར་རྟགས་དང་ཆོ་འཕྲུལ་མཐའ་ཡས་པ་འདུ་མཛད་དེ་མངོན་པར་བྱང་ཆུབ་པའི་ས་ལ་གཤེགས་སོ། །བྱེ་བྲག་ཏུ་གོང་གི་ལུང་བསྟན་གྱི་དོན་རང་ཉིད་རྟོགས་པ་མངོན་ཏུ་གྱུར་པས་ས་གཏེར་རྒྱ་ཆེར་བཞེས་པ་མ་མཛད་ནའང་བསམ་ཡས་མཆིམས་ཕུ་ནས་སྒྲོན་བཞིའི་འོད་གསལ་སོགས་ཤོག་དྲིལ་གསུམ་ཙམ་བཞེས་པ་གཏན་ལ་ཕབ་ནས་དེང་སང་སྐུའི་སྐྱེ་མཐའ་པདྨ་གླིང་པའི་ཀུན་བཟང་དགོངས་འདུས་ཀྱི་ཆོས་སྡེར་ཆོས་ཚན་ལྔ་བཞུགས་པ་འདི་ཡིན་ལ། དགོངས་གཏེར་ཡང་ཏིག་རྣམ་གསུམ་གྱི་སྨིན་གྲོལ་རྒྱ་བརྟེན་ཡོངས་སུ་རྫོགས་པ་དང་། མཛོད་བདུན་ངལ་གསོ་སྐོར་གསུམ། ཕྱོགས་བཅུ་མུན་སེལ་སོགས་ཀྱི་ལུང་དང་ཁྲིད་རྒྱུན་ཅི་རིགས། གསུང་ཐོར་བུའི་སྐོར་སོགས་དེང་སང་རྒྱུན་བཞུགས་སོ་ཅོག་འབད་པ་ཆེན་པོས་ཉན་ཅིང་། ཁྱད་པར་སྙིང་ཐིག་ཆེན་མོ་མ་བུའི་ཁྲིད་ཚུལ་ཀུན་མཁྱེན་གཉིས་པ་རྡོ་རྗེ་གཟི་བརྗིད་ཀྱི་ཞལ་སྔ་ནས་ཉམས་ཁྲིད་ཀྱི་ཚུལ་དུ་ཞུས་ཤིང་ཉམས་ལེན་གྱི་འབྲེལ་འཇོག་དང་ཁྲིད་ཡིག་འདུས་གསལ་དུ་སྤེལ། ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་གི་སྒོམ་གྲར་ཉམས་ལེན་ཁྲིགས་ཆགས་སུ་བཙུགས་པ་སོགས་ཕྱོགས་འདིའི་བསྟན་པ་ལའང་བྱ་བ་ཅུང་ཟད་བྱས་པ་ཡིན་ཅིང་། ཕྱིས་འདིར་རྗེ་བླ་མར་བཀའ་བབས་པའི་མན་ངག་མཁའ་འགྲོ་ཡང་ཏིག་གི་སྙིང་པོ་མཁའ་འགྲོའི་ཟབ་ཏིག་རིམ་པ་གསུམ་པ་ཟབ་འདྲིལ་ཁྱད་པར་ཅན་བཞུགས་པའང་སྐལ་པ་བཟང་པོའི་དཔྱིད་དུ་ཐོབ། ༈ ཡང་། མཛའ་བོ་ནང་འཇུག་ཚེར་མས་མཐའ་མི་འབོད༔ ས་སྟེང་གཡོ་བའི་བདུད་ཀྱི་སྤྲུལ་པ་འབྱུང༔ ཡུམ་བུ་བླ་སྒང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་རོག་རྗེ་གླིང་པ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་རོག་རྗེ་གླིང་པ་ནི། ཐང་ཡིག་འགའ་ཞིག་ནས་ཆོས་རྗེ་གླིང་པ་དང་དབོན་རྗེ་གླིང་པ་ཞེས་པའང་འབྱུང་བར་མ་ཟད་རྗེ་རང་ཉིད་ཀྱིས་ཀྱང་ཞལ་གྱིས་བཞེས་པའི་དྭགས་པོ་ཆོས་རྗེ་གླིང་པ་ནི། རྒྱལ་སྲས་ལྷ་རྗེའི་གཏེར་སྟོན་སྐྱེ་བ་བཅུ་གཉིས་པ་སྟེ། རྗེ་ཟླ་འོད་གཞོན་ནུའི་གཅུང་ལྷ་རྗེ་སྙི་ཆུང་ནས་གདུང་རབས་བར་མ་ཆད་པར་བྱོན་པའི་རབས་བཅོ་ལྔ་པ་ཡབ་རྡོ་རྗེ་གྲགས་པའི་སྲས་སུ་དྭགས་པོ་ཀླུ་མཁར་གདོང་དུ་འཁྲུངས། མཚན་ཡོངས་གྲགས་ཆོས་རྗེ་འཛམ་གླིང་རྡོ་རྗེ་དང་བདེ་བའི་རྡོ་རྗེ་ཞེས་གྲགས། རྗེ་བཟང་པོ་རྡོ་རྗེས་ཞབས་དྲུང་རིན་ཆེན་རྡོ་རྗེའི་སྐྱེ་བར་བཞེད་ཀྱང་ཞྭ་དམར་ཡེ་ཤེས་སྙིང་པོས་རས་ཆུང་ཕུག་སྤྲུལ་པའི་སྐུ་འཆི་མེད་དབང་པོའི་སྐྱེ་བར་ངོས་བཟུང་ཞིང་། ཟླ་བའི་དབང་པོ་བསྟན་པའི་གསལ་བྱེད་ཅེས་མཚན་དང་དགུང་ལོ་དྲུག་པར་གདན་སར་ཕེབས། གནས་བརྟན་འཇམ་དབྱངས་གྲགས་པ་ལས་དགེ་ཚུལ་དང་དགའ་ལྡན་ཁྲི་ཆེན་བློ་བཟང་དར་རྒྱས་ལས་བསྙེན་པར་རྫོགས། མཚན་ངག་གི་དབང་པོ་བློ་བཟང་ཆོས་དབྱིངས་དཔལ་བཟང་པོར་གསོལ། མདོ་སྔགས་རྒྱ་བོད་ཀྱི་གཞུང་མང་པོ་ཐུགས་ལ་བཙུད་ཅིང་སྦྱངས་པ་སོགས་དགེ་བའི་བཤེས་གཉེན་ཆེན་པོར་གྱུར། རྟེན་གོང་མ་རྣམས་དབུ་རལ་ཅན་དུ་བཞུགས་པས་དགེ་སློང་གི་ཆས་ལ་རལ་པ་ཡོད་པས་དགེ་སློང་རལ་པ་ཅན་དུ་གྲགས་པ་ལྟར་སྐུ་ཚེའི་སྟོད་ལ་ཀུན་སྤྱོད་གཙང་ཞིང་འདུལ་བའི་ཕྱག་ལེན་སོགས་ཀྱང་ཞིབ་པར་གནང་། ཕྱིས་ཟབ་གཏེར་བཞེས་ནས་རིང་ཞིག་སོང་བའི་སྐུ་ཚེའི་མཇུག་ཏུ་སྒྲུབ་པ་མོ་ཨོ་རྒྱན་བུ་ཁྲིད་ཀྱི་སྐྱེ་བ་དེ་མ་ཐག་པ་བདེ་ཆེན་ཕྲིན་ལས་མཚོ་མོ་ཕྱག་རྒྱར་བཞེས་པ་ལ་འབྲུག་པ་རིན་པོ་ཆེའི་ཡང་སྲིད་བྱོན་པ་སོགས་ངོ་མཚར་ཅན་བྱུང་ཡང་ཡུན་རིང་མ་བཞུགས། གང་ལྟར་ཡང་དགུང་ལོ་ཉེར་ལྔའི་བར་གྲུབ་ཐོབ་གཙང་སྨྱོན་ཆེན་པོའི་གདན་ས་ཡར་ལུང་རས་ཆུང་ཕུག་ཏུ་བཞུགས་ཤིང་བྱང་ཆུབ་གླིང་པ་གོང་མ་ཡོན་ཏན་རྒྱ་མཚོ་དང་། དགེ་བཤེས་དོན་ལྡན་ཞབས་སོགས་ལས་རང་ལུགས་ཀྱི་དབང་ལུང་མན་ངག་ཕྱག་བཞེས་ཡོངས་སུ་རྫོགས་པ་དང་མདོ་རྒྱུད་ཀྱི་ཆོས་བཀའ་རིག་པའི་གནས་སོགས་གསན་བསམ་རྒྱ་ཆེར་མཛད་པས་མཚོན་ཐོས་པའི་ཕ་རོལ་ཏུ་སོན། སྔ་ཕྱིར་གནས་དེ་ཉིད་དུ་ཐུགས་སྦྱོང་དང་སྒྲུབ་པ་མཛད་པས་རྟོགས་པ་ཀློང་དུ་གྱུར་པའི་ཚུལ་བསྟན། རྒྱལ་དབང་ཡེ་ཤེས་རྡོ་རྗེ་དངོས་སུ་མ་མཇལ་ཡང་བྱིན་རླབས་འཕོ་བའི་སྟོབས་ཀྱིས་ཕྱག་རྒྱ་ཆེན་པོའི་གནས་ལུགས་མངོན་སུམ་དུ་གཟིགས་པ་དང་། རིག་འཛིན་སྟག་ཤམ་རྡོ་རྗེ་ལས་ཉིད་ཀྱི་ཟབ་གཏེར་ཅི་རིགས་པའི་དབང་དང་ཡོངས་རྫོགས་ཀྱི་བཀའ་གཏད་གསན་ནས་རྫོགས་པ་ཆེན་པོའི་རྟོགས་པ་ཀློང་དུ་གྱུར་པས་འདི་གཉིས་ལ་རྩ་བའི་བླ་མར་མཛད། བྱེ་བྲག་ཏུ་ཟབ་མོ་གཏེར་གྱི་བཀའ་བབས་ཚུལ་ནི། སྟག་མོ་གཏེར་སྟོན་དབོན་གསས་ཁྱུང་ཐོག་ཏུ་གྲགས་པས་ལུང་བསྟན་དང་ཁ་བྱང་ཕུལ་བར་མ་ཟད། མོན་ཕྱོགས་སུ་ཕེབས་སྐབས་རྟགས་མཚན་གསལ་བས་བླ་མ་སྐུ་བཞིའི་སྒྲུབ་ཐབས། ཡུམ་བུ་བླ་སྒང་དང་སྲོང་བཙན་བང་སོ་སོགས་ཀྱི་ཁ་བྱང་། འུ་ཤང་རྡོ་ནས་ཀྱང་གཏེར་གྱི་ཁ་བྱང་ཕྱག་ཏུ་སོན་པ་བཞིན་ཡུམ་བུ་བླ་སྒང་དང་སྲོང་བཙན་བང་སོ་དམར་པོ་ནས་ཟབ་གཏེར་ཅི་རིགས་བཞེས་ཀྱང་གཏན་ལ་འབེབས་པ་སོགས་ཐུགས་རྩོལ་ཆེར་མ་གནང་ཞིང་ཕལ་ཆེར་ཡང་གཏེར་དུ་རྒྱས་བཏབ།སླར་ཡང་ཟབ་གཏེར་གྱི་འགྲོ་དོན་དུས་ལ་བབས་པར་དགོངས་ནས་དགུང་ལོ་ཉེར་ལྔ་པར་གདན་ས་སྤྲུལ་པའི་སྐུར་རྩིས་འབུལ་གནང་། རང་ཉིད་ཀུན་སྤོང་གི་སྤྱོད་པས་དཔལ་ཙ་རི་ཏྲ་སོགས་སུ་ཕེབས་ཤིང་ཐུགས་དམ་ཉམས་བཞེས་ལྷུར་བླངས་པ་ན། ཡང་བསྐྱར་ཁ་བྱང་ལུང་བསྟན་ཇེ་ཆེར་གསལ་བ་ལྟར་ཟག་མེད་འཇའ་ཚོན་ཕུག་པ་ནས་འཆི་མེད་རྩ་གསུམ་དྲིལ་སྒྲུབ་དང་ཚེ་ཆུ་ངོ་མཚར་ཅན་སོགས་སྤྱན་དྲངས། རིམ་པར་ཁ་རག་མགོ་དགུའི་དུག་མཚོ་ནས་ཡང་ཕུར་གཉིས། སྤུ་བོ་བྱ་རྒོད་གཤོང་ནས་བླ་སྒྲུབ་ཟབ་ལམ་ཐུགས་ཀྱི་ནོར་བུ། རྨ་ཀུང་ལུང་གི་མཚོ་ནས་བླ་མ་རིག་འཛིན། འདོང་ཆུ་ལྷ་ཁང་ནས་ཐུགས་རྗེ་ཆེན་པོ་ས་སྙིང་དང་ཛཾ་དམར་སྐོར། གཞན་ཡང་། གྲོ་ལོད། གཏུམ་པོ་སེང་སྒྲོག །ཁྲོས་ནག་སོགས་གཏེར་དུ་བཞེས་ཤིང་ཕལ་ཆེར་གཏན་ལ་ཕབ། དག་སྣང་གི་སྐོར་དང་སྒྲུབ་ཐབས་པདྨ་རཱ་གའི་ཕྲེང་བ་སོགས་བཀའ་འབུམ་བཅས་དེང་སང་གི་བར་ཕལ་ཆེར་ལུང་རྒྱུན་བཞུགས་པ་ཁོ་བོས་ཀྱང་ནོས། ཀོང་ཡུལ་མེ་ཏོག་སླས་སྟེང་དུ་ལོ་གསུམ་གྱིས་མཚོན་ཐུགས་དམ་བསྙེན་སྒྲུབ་དང་འགྲོ་དོན་ཕྲིན་ལས་ཀྱང་རྒྱས། ཆོས་བདག་ཞལ་སློབ་ཀྱི་གཙོ་བོ་རྒྱལ་དབང་བྱང་ཆུབ་རྡོ་རྗེ། ཞྭ་དམར་དཔལ་ཆེན་ཆོས་ཀྱི་དོན་གྲུབ། ཏྲེའོ་ཆོས་ཀྱི་དབང་པོ། འབྲི་གུང་དཀོན་མཆོག་ཕྲིན་ལས་བཟང་པོ། དྭགས་པོ་ཞབས་དྲུང་སྤྲུལ་པའི་སྐུ་ལྷུན་གྲུབ་ངེས་དོན་དབང་པོ། འབྲུག་ཐམས་ཅད་མཁྱེན་པ་དཔག་བསམ་དབང་པོ་སོགས་བླ་ཆེན་དང་། རྩུབ་རི་གྲུབ་ཆེན། ལྷོ་བ་གྲུབ་ཆེན། ནང་ཐུགས་ཀྱི་སྲས་གཅིག་པུ་རྭ་སྟོན་སྟོབས་ལྡན་རྡོ་རྗེ་སོགས་མང་དུ་བྱོན་ཅིང་། རིག་འཛིན་པདྨ་ཕྲིན་ལས་དང་སྨིན་གླིང་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ་སོགས་ལའང་ཆོས་འབྲེལ་ཙམ་བྱུང་བར་སྣང་། མཐར་ཇུན་གར་བྱུང་སྐབས་སྦས་ཡུལ་ཆེན་པོ་པདྨ་བཀོད་པར་གནས་སྒོ་འབྱེད་པའི་ཐུགས་བཞེད་ཀྱིས་ཞབས་བསྐྱོད་ནས་གནས་མཐིལ་ཙམ་དུ་ཕེབས། རིང་མིན་དགུང་གྲངས་བཞི་བཅུ་རྩ་བཞིའི་དབོ་ཟླ་བར་པདྨ་འོད་ཀྱི་ཞིང་ཁམས་སུ་གཤེགས། སྤྲུལ་པའི་སྐུ་ཀོང་པོ་དགའ་ཆགས་སྡེ་པར་འཁྲུངས་པའི་འཇིག་རྟེན་དབང་ཕྱུག་སོགས་ཡོངས་གྲགས་དང་། སྦས་ཚུལ་ཅི་རིགས་ད་ལྟའི་བར་དུ་བྱུང་བར་མངོན་ནོ། །རྗེ་འདིའི་རྣམ་ཐར་རྒྱས་པ་རྗེ་ཉིད་ཀྱིས་འཆར་གཞི་རྒྱས་པར་བཀོད་པ་དང་། ལམ་ཡིག་ལེའུ་ཚན། སྒམ་པོ་པ་བཟང་པོ་རྡོ་རྗེའི་འདས་བྱུང་གི་རྣམ་ཐར་སོགས་ལས་ཞིབ་པར་གསལ་བས་འདིར་ས་བོན་ཙམ་བཀོད་པ་ཡིན་ནོ། ༈ །ཡང་། ཆོས་ལོག་ཁྲིམས་རལ་དམ་ཉམས་ལུང་པ་གང༔ ལྷ་མིའི་གནས་སུ་གཏམ་ངན་གྲགས་པས་ཁྱབ༔ ཤ་འུག་སྟག་སྒོར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་གཏེར་བདག་གླིང་པ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་གཏེར་བདག་གླིང་པའམ། པདྨ་གར་དབང་འགྱུར་མེད་རྡོ་རྗེ་ནི། ལོ་ཆེན་བཻ་རོ་ཙ་ནའི་གསུང་གི་རྣམ་པར་འཕྲུལ་པ། དབུས་གཡོ་རུ་གྲྭ་ནང་དར་རྒྱས་ཆོས་སྡིངས་སུ་མཐིང་མ་མྱོས་ཀྱི་རིགས་ལས་ཡབ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་འཕྲུལ་སྔ་འགྱུར་བསྟན་པའི་ཉི་མ་ཆེན་པོ་རིག་འཛིན་ཕྲིན་ལས་ལྷུན་གྲུབ་དང་། ཡུམ་ཤེལ་དཀར་རྡོ་རྗེ་འཚོའི་སྐྱེ་བ་ལྷ་འཛིན་དབྱངས་ཅན་སྒྲོལ་མའི་སྲས་སུ་ཤིང་ཕོ་ཁྱིའི་ལོར་མཚན་དཔེའི་པདྨོ་བཞད། ཆུང་ངུ་ནས་དམ་པའི་རིགས་སད་པའི་ངོ་མཚར་བསམ་གྱིས་མི་ཁྱབ། ལྔ་པ་ཆེན་པོར་གཙུག་ཕུད་ཕུལ་བའི་མཚན་ངག་དབང་པདྨ་བསྟན་འཛིན་ཞེས་པ་གསོལ། ཕྱི་མཐར་གཟིགས་པའི་རྟེན་འབྲེལ་དགེ་བའི་དབུགས་དབྱུང་ལྷག་པར་བསྩལ། ཡབ་རྗེ་དམ་པ་ལས་སྡོམ་པ་གསུམ་གྱི་བཀའ་དྲིན་ནོས། ཉིད་ལ་མངའ་བའི་ཟབ་ཆོས་ཕལ་ཆེར་བུམ་པ་གང་བྱོར་བསྩལ། གཞན་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། རྒྱལ་དབང་ལྔ་པ་རིན་པོ་ཆེ་གཙོས་གསར་རྙིང་གི་ཡོངས་འཛིན་སུམ་ཅུ་ལྷག་པ་ལས་ཆོས་བཀའ་གསན་བཞེས་མཐའ་ཡས་པ་གསན་ཡིག་གླེགས་བམ་གཉིས་སུ་འབྱུང་བ་ལྟར་དང་། བསམ་ཡས་མཆིམས་ཕུ་དང་རང་གི་གདན་སས་མཚོན་སྒྲུབ་གནས་རྣམས་སུ་ཐུགས་དམ་ཉམས་བཞེས་མཛད་པས་དབང་བཞིའི་རྟོགས་པ་གོང་དུ་འཕེལ་བའི་ཚུལ་བསྟན་ནས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། མཐའ་ཡས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་གངས་རིའི་ཁྲོད་ཀྱི་པདྨ་འོད་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་རྟེན་དང་བརྟེན་པར་བཅས་པ་གསར་དུ་བཞེངས་པ་ལ་བརྟེན་ནས་སྔ་འགྱུར་བཤད་སྒྲུབ་ཀྱི་ཆུ་འགོ་གཅིག་པུར་གྱུར། བྱེ་བྲག་ཟབ་གཏེར་གྱི་བཀའ་བབས་ཚུལ་ནི། དགུང་ལོ་བཅོ་བརྒྱད་པར་གཏེར་ཁ་ཐམས་ཅད་ཀྱི་ཐོག་མ་བྲག་དམར་གཡའ་མ་ལུང་ནས་བླ་མ་རིག་འཛིན་ཐུགས་ཏིག་གི་ཆོས་དང་དམ་རྫས་གེགས་མེད་པར་ཕྱག་ཏུ་སོན་པ་ནས་བཟུང་རིམ་པར་ངམ་ཤོད་བྱིང་མདའི་ཨོ་དཀར་བྲག་ནས་སློབ་དཔོན་རྣམ་གསུམ་གྱི་སྙིང་ཐིག་རྫོགས་ཆེན་ཨ་ཏི་ཟབ་དོན། རྡོར་སེམས་ཐུགས་ཀྱི་སྒྲུབ་པ། གུ་རུ་དྲག་དམར་སྐོར་དང་གསུམ། ཡར་ལུང་ཤེལ་བྲག་གི་བྱང་འདབས་བྲག་རྒྱལ་མཚན་འདྲ་བར་མཁའ་ལྡིང་རྒྱལ་པོའི་བརྟུལ་ཞུགས་ཀྱིས་གཤེགས་ཏེ་འཇམ་དཔལ་གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་སྐོར། ཁྱད་པར་མོན་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་ཟབ་ལམ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཆོས་དང་དམ་རྫས་རྟེན་གྱི་གཏེར་ཁ་ཁྲོམ་གཏེར་དུ་སྤྱན་དྲངས། དེ་རྣམས་ཀྱི་གཏེར་སྒྲུབ་ཚུལ་བཞིན་མཛད་པས་ཨོ་རྒྱན་ཡབ་ཡུམ་གྱིས་བྱིན་གྱིས་བརླབས་ཤིང་རྗེས་སུ་བཟུང་བ་སོགས་དག་པའི་གཟིགས་སྣང་བསམ་གྱིས་མི་ཁྱབ་པ་བྱུང་བས་བཀའ་རྒྱ་གྲོལ་བ་དང་བསྟུན་སྨིན་གྲོལ་འཆད་སྤེལ་འབྱམས་ཀླས་པ་དང་ཆོག་བསྒྲིག་མང་དུ་གནང་ནས་ཟབ་གཏེར་ཕྲིན་ལས་ལྷག་པར་སྤེལ་་་་་བས། ཆོས་བདག་སློབ་མའི་ཚོགས་ཀྱང་། རྒྱལ་དབང་ལྔ་པ་རིན་པོ་ཆེ། རིག་འཛིན་པདྨ་ཕྲིན་ལས། ས་སྐྱ་ཁྲི་ཆེན་ཀུན་དགའ་བཀྲ་ཤིས་དང་རྩེ་གདོང་ཞབས་དྲུང་ཁུ་དབོན་སོགས་གདན་ས་གོང་འོག་གི་སྐྱེས་ཆེན་དེ་དག །ཀཾ་ཚང་གི་བསྟན་འཛིན་ཆེན་པོ་རྒྱལ་ཚབ་དང་ཏྲེ་ཧོ་མཆོག་སྤྲུལ། འབྲི་གུང་དཀོན་མཆོག་ཕྲིན་ལས་བཟང་པོ། སྟག་ལུང་པ་བསྟན་འཛིན་སྲིད་ཞི་རྣམ་རྒྱལ། འབྲུག་པ་ཐམས་ཅད་མཁྱེན་པ། སྒམ་པོ་མཆོག་སྤྲུལ་དང་གདུང་རྒྱུད། ཆབ་མདོ་རྒྱལ་བ་འཕགས་པ་ལྷ་དང་། ངག་དབང་མཆོག་གི་སྤྲུལ་སྐུ་སོགས་གངས་ཅན་ན་ཡོངས་སུ་གྲགས་པའི་བླ་ཆེན་ཕལ་མོ་ཆེ་དང་། ཁམས་ཕྱོགས་ནས་ཀྱང་མདོ་ཁམས་པ་ངག་དབང་ཀུན་དགའ་བསྟན་འཛིན། ཏཱ་བླ་གོང་འོག །ཀཿཐོག་རྒྱལ་སྲས། རྫོགས་ཆེན་གཉིས་པས་མཚོན་རྙིང་ཕྱོགས་ཀྱི་བསྟན་འཛིན་ཕལ་མོ་ཆེས་ཞབས་ལ་མ་བཏུད་པ་མེད། ལྷག་པར་ཉིད་ཀྱི་གཅེན་རྒྱལ་སྲས་བསྟན་པའི་ཉི་མས་ཀྱང་ཆོས་འབྲེལ་སྣེ་ཟིན་ཙམ་གསན་ཀྱང་སྐུ་ཚེ་རིང་པོར་མ་བཞུགས། ནང་ཐུགས་ཀྱི་སྲས་གཅིག་པུ་གཡུ་སྒྲའི་རྣམ་འཕྲུལ་གཅུང་ལོ་ཆེན་དྷརྨ་ཤྲཱི། སྐུའི་སྲས་པདྨ་འགྱུར་མེད་རྒྱ་མཚོ། ཡིད་བཞིན་ལེགས་གྲུབ། རིན་ཆེན་རྣམ་རྒྱལ་མཆེད་སོགས་ཕུན་སུམ་ཚོགས་པའི་འདུས་པ་ཆེན་པོས་བཤད་སྒྲུབ་ཕྲིན་ལས་རྒྱ་ཆེར་སྤེལ་བ་ལས་ད་ལྟའི་བར་དུ་སྔ་འགྱུར་བཀའ་གཏེར་ཁུངས་བཙུན་གྱི་རྒྱུན་ཐམས་ཅད་ཕྱོགས་འདི་ནས་མ་བརྒྱུད་པ་མེད་པ་ལྟ་བུར་སྣང་། དེ་ལྟ་བུའི་གསང་བ་བསམ་གྱིས་མི་ཁྱབ་པའི་མཛད་པ་རེ་ཞིག་མཐར་ཕྱིན་ནས་དགུང་ལོ་རེ་དགུ་པ་ཤིང་རྟ་ཧོར་ཟླ་གཉིས་པའི་ཚེས་གཉིས་ཀྱི་ཉི་དྲོས་ལ་ངོ་མཚར་བའི་ལྟས་དང་རྫུ་འཕྲུལ་ཆེན་པོ་མངོན་པར་འདུ་མཛད་ནས་ས་སྤྱོད་པདྨ་འོད་ཀྱི་ཞིང་ཁམས་ཆེན་པོར་གཤེགས་པའི་ཚུལ་བསྟན། སྐྱེས་ཆེན་དམ་པ་འདི་ནི་གསར་རྙིང་བསྟན་པ་ཡོངས་རྫོགས་ལ་དངོས་དང་བརྒྱུད་ནས་བཀའ་དྲིན་ཆེ་བ་མ་ཟད། ཇོ་ཤངས་ཞི་གཅོད་བོ་དོང་པ་སོགས་ཆོས་རྒྱུན་ཕྲ་བ་རྣམས་རང་སྟོབས་དང་གཞན་བསྐུལ་ལ་བརྟེན་གདམས་ངག་གི་སྲོག་མཐུད་པ་ལྟ་བུ་དང་། ཡང་སྒོས་སྔ་འགྱུར་རྙིང་མ་བཀའ་མའི་བཤད་སྒྲུབ་དགུན་གྱི་ཆུ་བྲན་ལྟར་མི་མངོན་པར་འགྱུར་བར་ཉེ་བ་ན་ཐུགས་སྟོབས་ཞུམ་པ་མེད་པའི་འབད་རྩོལ་ཆེན་པོས་བཙལ་ནས་སྒྲུབ་དཀྱིལ་སོགས་སྔོན་མེད་པའི་ལེགས་བཤད་དུ་མ་གསར་སྤེལ་དང་། མདོ་སྒྱུ་སེམས་གསུམ་གྱི་གཙོས་རིང་ལུགས་རྨད་དུ་བྱུང་བ་རྣམས་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བསྟན་པ་རྨང་ནས་གསོས་ཏེ་ད་ལྟའི་བར་དུ་རྒྱ་ཆེ་ལ་རྒྱུན་མི་འཆད་པའི་ཕྲིན་ལས་སྤེལ། གཏེར་ཁ་གོང་འོག་གཙོས་གཏེར་རྙིང་ཁྱད་པར་ཅན་རྣམས་ཀྱི་ཆོག་བསྒྲིག་སོགས་གསུང་འབུམ་ཚད་ཐུབ་ཀྱི་བསྟན་བཅོས་གླེགས་བམ་བཅུ་གསུམ་བཞུགས་པ་སྟེ། དེ་རྣམས་ཆ་ཚང་བའི་སྨིན་གྲོལ་ལུང་རྒྱུན་ཁོ་བོས་ཀྱང་མི་ཕྱེད་པའི་དད་པ་དང་བཀའ་དྲིན་རྗེས་སུ་དྲན་པས་འབད་པ་ཆེན་པོས་ནོས་ཤིང་གཏེར་གསར་སྐོར་གྱི་བསྙེན་སྒྲུབ་དང་འཆད་སྤེལ་ཅི་ནུས་སུ་བགྱིས། ཡང་དག་སོ་ལུགས། རང་གཏེར་རྡོར་སེམས་སོགས་ཀྱི་སྒྲུབ་པའི་རྒྱུན་བཙུགས་པས་མཚོན་ཕྱོགས་འདིའི་བསྟན་པ་ལ་བྱ་བ་ཅུང་ཟད་བྱས་ཤིང་ད་དུང་ཡང་ཇི་སྲིད་འཚོ་བའི་བར་བྱེད་པར་སྨོན་ནོ། །རྗེ་འདིའི་རྣམ་ཐར་ཅུང་ཟད་རྒྱས་པར་འགོད་འོས་ཀྱང་ཕྱི་ནང་གསང་བའི་རྣམ་ཐར་གཏེར་འབྱུང་དང་བཅས་པ་ཤིན་དུ་ཁུངས་བཙུན་ཞལ་གསལ་ཅན་ཏུ་བཞུགས་པས་འདིར་ཡི་གེས་འཇིགས་ཏེ་ཕྱོགས་མཐོང་ཙམ་ཞིག་སྙིང་པོར་བསྡུས་པ་ཡིན་ལ། དོན་གྱི་སྙིང་པོ་རྗེ་བཙུན་ཆེན་པོ་འདི་ཉིད་མཆེད་ཞལ་གདུང་རྒྱུད་དང་བཅས་པའི་བཀའ་དྲིན་ལ་བརྟེན་གསང་སྔགས་རྙིང་མ་མཚན་དོན་དང་མཐུན་པའི་བཤད་སྒྲུབ་ལས་གསུམ་འཁྲུལ་མེད་ཚད་ཐུབ་ཀྱི་རྒྱུན་མ་ཉམས་པར་གོང་འཕེལ་དུ་རྒྱས་པ་འདི་གཅིག་པུའི་ངོ་མཚར་དང་བཀའ་དྲིན་ཕྱག་རྗེས་སུས་ཀྱང་འགྲན་བྱར་མ་གྱུར་པས་བསྟན་པ་ལ་དགོངས་པའི་རང་གཞན་སྐྱེས་ཆེན་རྣམས་ཀྱིས་ཀྱང་ཟབ་ཆོས་སུ་་་་བཏགས་པ་ཉི་ཚེ་བ་ཙམ་ལ་ཐུགས་མི་གཏོད་པར་བསྟན་པའི་སྒྲོམ་ཆེན་པོ་ཕྱོགས་འདིའི་རིང་ལུགས་རྒྱ་ཆེར་སྤེལ་བས་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་གཞིར་བཞེངས་སུ་མཛད་པར་གསོལ་བ་འདེབས་པ་ལགས། ༈ ཡང་། ཁ་རག་ལ་ཁར་སོ་པ་རེས་མོས་བྱེད༔ མཆོད་རྟེན་དཀར་པོར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་ཀུན་སྐྱོང་གླིང་པ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་པདྨ་ཀུན་སྐྱོང་གླིང་པ་ནི། བཻ་རོ་དངོས་བྱོན་གཏེར་སྟོན་རྡོ་རྗེ་གླིང་པའི་སྐྱེ་བ་དེ་མ་ཐག་པ་སྟེ། མེ་ཕོ་བྱི་བའི་ལོ་ལ་ཤངས་ལྷ་ཕུ་བི་རྫིང་ཞེས་པར། ཡབ་དཔའ་བོ་རྒྱལ་མཚན་མགོན་དང་། ཡུམ་སྒྲོལ་མའི་རྣམ་འཕྲུལ་བདེ་མཆོག་དཔལ་མོའི་སྲས་སུ་འཁྲུངས། སྐུ་གཞོན་ནུའི་དུས་ནས་སྐྱེ་བ་མང་པོ་དྲན་པ་དང་ཆོས་ཐམས་ཅད་མ་བསླབ་པར་མཁྱེན། བྱིས་པའི་སྤྱོད་པ་ལས་འདས་ཤིང་དམ་པའི་ངང་ཚུལ་ཤིན་ཏུ་གསལ། ཨོ་རྒྱན་རིན་པོ་ཆེ་རྗེ་འབངས་དང་བཅས་པའི་ཞལ་ཡང་ཡང་གཟིགས་ཤིང་ཟབ་མོའི་ལུང་བསྟན་ཐོག་ཟབ་གཏེར་འདོན་པའི་ཞལ་གདམས་རིམ་པར་གནང་བ་སོགས་བྱུང་། དགུང་ལོ་བཅུ་བཞི་ཙམ་ནས་གཏེར་གྱི་ཁ་བྱང་ཕྱག་ཏུ་བྱུང་ཞིང་། དེ་ནས་རིམ་པར་ཟབ་གཏེར་བཞེས་པའི་ཚུལ་ཡང་གཏེར་སྟོན་ཉིད་ཀྱི་གསུང་ལས། ཨུ་རྒྱན་ཀུན་སྐྱོང་གླིང་པང་། །གླིང་པ་བརྒྱད་ཀྱི་སྐྱེ་བ་ང་རང་ཡིན། །མ་བརྗེད་སྐྱེ་བ་སོ་གསུམ་ས་ལེར་དྲན། །ཐེག་ཆེན་གསང་སྔགས་ཆོས་ལ་སྒྲུབ་སྟོབས་རྒྱས། །སྔོན་སྦྱངས་སྟོབས་ཀྱིས་ད་ལྟ་མ་བསླབ་ཤེས། །ཞེས་དང་། ལོ་བཅུ་ལོན་ནས་རིག་པའི་ངོ་བོ་མཐོང་། །བྱིས་པའི་སྤྱོད་པས་ཐ་མལ་སྡོད་མ་མྱོང་། །བཅུ་གསུམ་ལོན་ནས་ཨོ་རྒྱན་རྗེ་དང་མཇལ། །གཏེར་གྱི་ལུང་བསྟན་ཞལ་གདམས་རིམ་པར་གསུངས། །བཅུ་དྲུག་ལོ་ལ་མ་ཚོར་རྡོ་རྗེའི་སྐྱེ་བྲག་ནས། །ཟབ་གཏེར་ལྔ་དང་ཨོ་རྒྱན་དབང་ཆས་རྙེད། །ཅེས་དང་། གཏེར་འབྱུང་ལས། བདག་པདྨ་ཀུན་སྐྱོང་གླིང་པས། གླང་ལོ་རྟའི་ཟླ་བ་ལ། ཤོ་ཐོ་ནས་གཏེར་གྱི་ཁ་བྱང་ཐོན་པ་ལ་བརྟེན། གཡས་རུ་ཤངས་ཀྱི་ཟབ་བུ་ལུང་གི་ཉེ་འདབས་མ་ཚོར་རྡོ་རྗེ་སྐྱེ་བྲག་ནས་ཁྲོམ་ཚོགས་མང་པོའི་དབུས་བྲག་གཡང་ལ་བྱ་འཕུར་པ་ལྟར་ཐོགས་མེད་དུ་བྱོན་ནས་གཏེར་སྒོ་རང་བཞིན་གྱིས་བྱེ་བའི་སྒྲུབ་ཕུག་ཆེན་མོར་ཕེབས་པར་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་བཀྲ་ལམ་མེར་བཞུགས་པ་ནས་ཕུར་པ་ཉི་ཤུ་རྩ་གཅིག །ཨོ་རྒྱན་དབང་ཞུ་སོགས་སྐུ་ཆས། རྡོའི་བུམ་པ་ཚེ་ཆུས་གང་བ་ཁོལ་བཞིན་པ། ཁྱད་པར་རྡོའི་རཱ་ཧུ་ལ་མདའ་གང་གི་དབུ་དགུ་ལ། ཨོ་རྒྱན་སྙིང་ཐིག །སྐུ་གསུམ་སྒྲུབ་ཐབས། པདྨ་ཞི་དྲག་གི་ཕྱི་ནང་གསང་གསུམ་གྱི་སྒྲུབ་ཐབས་སོགས་དང་། སྟོད་དང་ལག་པའི་ནང་ནས་སྒྲུབ་ཆེན་བཀའ་བརྒྱད། དྲག་སྔགས་དབང་སྒྲུབ་རྒྱུད་བརྒྱད་དགྲ་བགེགས་གནད་འབེབས། སྲུང་ཟློག་ལས་ཚོགས་ཕྲ་མོ་སུམ་བརྒྱ། ཐུགས་ཀ་ནས་རྡོ་རྗེ་སེམས་དཔའི་སྙིང་ཐིག །མཁའ་འགྲོའི་སྙིང་ཐིག་རྒྱུད། སྨད་སྦྲུལ་མཇུག་ལས་བསྟན་སྲུང་སྔགས་སྲུང་། ཁྱབ་འཇུག་སྐོར་སོགས་ཕྱི་ནང་གསང་གསུམ་སྒྲུབ་སྐོར་དྲག་སྔགས་མང་པོ་བཏོན། དེའི་གཡོན་ཕྱོགས་བྲག་ཕུག་ཤིན་ཏུ་ཡངས་པ་ཡུལ་ལྗོངས་ལྟ་བུར་གྱུར་པ་ནས་རྡོ་སྒྲོམ་གསུམ་དང་ལ་བསེའི་གའུ་སོགས་སྤྱན་དྲངས་ནས། རྫོགས་ཆེན་སྐོར་བཅུ། ཀློང་གསལ་མ་བུ། ཁྲོས་ནག་གི་སྐོར། ལུང་བསྟན་གྱི་སྐོར་མང་པོ། རྡོ་རྗེ་གླིང་པས་སྦས་པའི་ཡང་གཏེར་འགའ་ཞིག་དང་བཅས་འདོན་པར་མཛད། གནས་དེའི་དགེ་བསྙེན་དང་བཀའ་སྲུང་རྣམས་ཀྱིས་རོག་དན་ཞུས་ཤིང་ཁྱད་པར་སྔགས་སྲུང་མས་ལུང་བསྟན་དང་ཞལ་ཏ་མང་པོས་དབུགས་དབྱུང་། དེའི་ཚེ་བཀའ་སྲུང་རྣམས་བུད་མེད་དང་། ཨ་ཙ་ར། སྤྲེའུ། མོན་པ། ཁྱེའུའི་ཚོགས་མང་པོར་སྤྲུལ་ནས་གཏེར་རྫས་རྣམས་ཁྲོམ་དཀྱིལ་དུ་དངོས་སུ་བསྐྱལ་པས་ཐམས་ཅད་ཡིད་ཆེས་ཤིང་རྩོད་མེད་ཀྱི་སྙན་གྲགས་རྒྱས། ལོ་གསུམ་དུ་ཤོག་སེར་རྣམས་དག་པར་ཕབ་ནས་མ་ཕྱི་སླར་གཏེར་ཤུལ་དུ་སྦ་དགོས་པར་བཤད་པ་བཞིན་མཛད་པའི་ནུབ་ཁ་བྱང་བྱུང་སྟེ། བསམ་ཡས་མཆོད་རྟེན་དཀར་པོའི་གཏེར་ཁ་བཞེས་པར་བྱོན། གནས་དེ་ཉིད་ནས་གཏེར་སྒོ་ཕྱེས་ཏེ་ཆོས་གཏེར་དཔག་མེད་དང་། གཏེར་ཁ་གཞན་གྱི་ཁ་བྱང་། བྲམ་ཟེའི་སྐུ་ཤ། སངས་རྒྱས་རིང་བསྲེལ་སོགས་བྱིན་རླབས་རྟེན། བོད་ཕུང་འཚེང་ནུས་པའི་དྲག་སྔགས་མང་པོའང་ཐོན་པ་ཕལ་ཆེར་སྔར་ཤུལ་དུ་ཕར་རྒྱས་བཏབ་པར་སྣང་། དེ་ལྟ་བུའི་སྙན་པ་ལ་བརྟེན་ནས་ལྷ་ཕུའི་དཔའ་བོ་གཏེར་སྟོན་ཞེས་སྙན་གྲགས་ཕྱོགས་ཐམས་ཅད་དུ་ཁྱབ་ཅིང་གདུལ་བྱ་དང་ཕྲིན་ལས་རྒྱས། སློབ་མའང་སྐུ་སྲས་དབང་ཆེན་ཉི་ཟླ་བཟང་པོ་སོགས་ལྔ་དང་། རྒྱལ་ཚབ་དམ་པ་གཉིས་སོགས་ཉིད་དང་དགོངས་པ་མཉམ་པ་འགའ་དང་། གཞན་ཡང་རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། འགོས་ལོ་གཞོན་ནུ་དཔལ། ཁྲུས་ཁང་ལོ་ཆེན། རྫ་ཡིག་པ་ཀུན་མཁྱེན་ཚུལ་རྒྱལ། ཀུན་མཁྱེན་བ་ལུའི་མེ་ཏོག་པ་སོགས་གྲུབ་མཐའ་རིས་མེད་ཀྱི་དམ་པ་རྣམས་ཀྱིས་ཀྱང་ཆོས་དང་དམ་རྫས་བདག་གིར་བཞེས། གློ་བོ་སྔགས་འཆང་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱིས་མཇལ་བའི་ཚེ་མངའ་རིས་པཎ་ཆེན་སྐུ་མཆེད་སོགས་སྲས་སུ་འབྱུང་བར་ལུང་བསྟན་པས་མཚོན་མངོན་པར་ཤེས་པ་ཆགས་ཐོགས་མེད་པར་མངོན། དེ་ལྟ་བུའི་སྐུ་ཚེ་དང་ཕྲིན་ལས་མཐར་ཕྱིན་ནས་དགུང་ལོ་བརྒྱད་ཅུ་གྱ་གཉིས་པར་ཆོས་དབྱིངས་ཞི་བ་ཆེན་པོར་གཤེགས། ཟབ་གཏེར་རྒྱ་མཚོ་ལྟ་བུ་ལས་རྡོར་སེམས་སྙིང་ཐིག་གི་དབང་ལུང་ཁྲིད་གསུམ་བར་སྐབས་སུ་དར་རྒྱས་ཆེ་བ་བྱུང་བའི་རྒྱུན་མ་ནུབ་ཙམ་སྣང་བ་ཁོ་བོས་ཀྱང་ལེགས་པར་ནོས་སོ། ༈ །ཡང་། ཉང་སྨད་ཉི་མ་མདོ་རུ་རྫོང་གཅིག་འབྱུང༔ དམག་དཔོན་བརྒྱ་དང་བཅུ་དྲུག་ཕྱ་ལུང་ཚོགས༔ གཡས་རུ་གཙང་འགྲམ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་མདོ་སྔགས་གླིང་པ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་མདོ་སྔགས་གླིང་པ་མཆོག་ལྡན་མགོན་པོ་ནི། བཻ་རོའི་སྤྲུལ་པ་ཀུན་སྐྱོང་གླིང་པའི་ཡང་སྲིད་དེ་ལྷོ་བྲག་བན་པའི་ནང་ཚན་སྣབས་ཀྱི་འཕྱོང་ལུང་ཞེས་པར་རྒྱའི་རིགས་ཀྱི་ཡབ་སུམ་དར་རྒྱས་དང་། ཡུམ་བུ་ཆུང་སྨན་གཉིས་ཀྱི་སྲས་སུ་ཡི་གེ་དྷཱིའིཿསྒྲ་སྒྲོག་བཞིན་དུ་སྐུ་བལྟམས། བྱིས་པའི་དུས་ན་ཐུགས་རྒོད་ཅིང་བརྟུལ་ཞུགས་དང་ཤེས་རབ་ཆེ། འབྲི་ཀློག་མ་བསླབ་པར་མཁྱེན། དབང་བསྐུར་ཆོས་འཆད་སྒྲ་བསྒྱུར་བ་སོགས་ཀྱི་ཚུལ་མཛད་ཅིང་རྡོ་ལ་ཞབས་རྗེས་ཀྱང་བྱོན། དགུང་ལོ་བདུན་པ་ལ་ཡུམ་གཤེགས་པས་མ་ཡར་མོས་ལེགས་པར་མ་བསྐྱངས་པས་ལོ་ཤས་འོ་བརྒྱལ་བར་བྱུང་། རེ་ཞིག་ཁྱུང་ཚང་དགོན་པའི་གྲྭ་པ་མཛད་ཅིང་ཆོས་རྗེ་གཙང་པའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་སོགས་ཆོས་མང་དུ་གསན། སྐྱེ་བ་མང་དུ་དྲན་པས་སྐུ་སྐྱེ་ཞེས་པའི་མཚན་ཐོགས། སྒྲོབ་དགོན་པར་སྐུ་མཚམས་མཛད་པས་སློབ་དཔོན་རིན་པོ་ཆེའི་བྱིན་རླབས་ཀྱིས་ཐུགས་ཉམས་འུར་ཏེ་ཕ་ཝང་ཞིག་ནས་ཁ་བྱང་གི་ཤོག་སེར་དང་བྱིན་རྟེན་འགའ་ཞིག་བཏོན། སློབ་དཔོན་རིན་པོ་ཆེས་མཁོན་གྲིབ་བསལ་བ་དང་དབང་བསྐུར་ཅིང་བརྡའ་ཆོས་མང་དུ་བསྟན་པ་བྱུང་། ཆགས་བྱང་ཆུབ་གླིང་ནས་པདྨ་གླིང་པའི་ཞལ་སློབ་གཏེར་ཕྲན་འཛིན་པ་བསོད་ནམས་པས་ཀྱང་ཁ་བྱང་གཏད་ཅིང་ཞབས་ཏོག་ཕུལ། ཆོས་ཀྱང་མང་དུ་གནང་། དེ་སྐབས་བསམ་ཡས་སུ་དཀར་ཆེན་ཀུན་དགའ་གྲགས་པ་ཕེབ་པས་མཇལ་བ་ན་ལུང་བསྟན་གནང་། ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག་དང་བླ་མ་དགོངས་འདུས་སོགས་ཞུས། སྒྲུབ་པ་གཙོ་བོར་མཛད། བར་སྐབས་སུ་ཙ་རི་ཏྲར་བྱོན་པས་དག་སྣང་དང་རྟེན་འབྲེལ་མང་དུ་བྱུང་། ཀོང་པོ་ང་ལ་ནས་གསང་གཏེར་ཞིག་ཀྱང་བཞེས། དྭགས་ཕྱོགས་སུ་འགྲོ་དོན་ཅུང་ཟད་བསྐྱངས། རིག་འཛིན་པདྨ་གླིང་པ་མཇལ་བར་ཕེབས་པས་ཡབ་སྲས་འཕྲད་པ་ལྟ་བུའི་ཐུགས་བརྩེས་བསྐྱངས་ཤིང་གཏེར་ཆེན་རྡོ་རྗེ་གླིང་པའི་སྤྲུལ་པར་ཐག་བཅད་པས་རྡོར་གླིང་གི་སྤྲུལ་སྐུར་ཡོངས་སུ་གྲགས། ཆོས་དང་དམ་རྫས་ཤོག་སེར་སོགས་མང་དུ་གནང་ནས་གཡས་རུ་གཙང་འགྲམ་གྱི་ཟབ་གཏེར་འདོན་པར་ནན་གྱིས་བསྐུལ་ཡང་ཉིད་ཀྱི་གསང་ཡུམ་ཨ་ལྕེ་རྡོ་རྗེས་བཤོལ་བཏབ་པས་མ་ཐོན། འོན་ཀྱང་མངའ་རིས་གུང་ཐང་རྒྱལ་པོ་དང་། དྭགས་པོ་རྩེ་ལེ་རིག་འཛིན་བསོད་ནམས་རྣམ་རྒྱལ་སོགས་ཀྱིས་སྟོད་སྨད་དུ་གདན་དྲངས། དབུས་གཙང་གི་སྡེ་དཔོན་ཕལ་ཆེར་གྱིས་ཀྱང་ཞབས་ནས་བཏེགས། ལྷ་སར་མཐའ་དམག་ཟློག་པ་བཙུགས་པས་གཏོར་མར་མེ་འབར་བ་དང་ནམ་མཁར་སོང་བའི་ཆོ་འཕྲུལ་བསྟན་པ་སོགས་ཆོས་དང་ཟང་ཟིང་གི་ཕྲིན་ལས་ནི་ཤིན་ཏུ་རྒྱས་པར་བྱུང་། དགུང་ལོ་སོ་ལྔ་པར་བན་པའི་གཞུང་དུ་དྲུག་རལ་ལྷ་ཁང་དང་ཨོ་རྒྱན་རིན་པོ་ཆེའི་གསེར་སྐུ་རྒྱབ་མཐོ་ཉེར་བདུན་པ་བཞེངས་ཤིང་བསྟན་པ་རྒྱ་ཆེར་སྤེལ་བའི་དགོངས་པ་གཏད་ནའང་ཟབ་གཏེར་བཞེས་པའི་རྟེན་འབྲེལ་འཆུག་པའི་རྒྱུས་བན་པ་ཁྱུང་ཚང་པ་སོགས་ལོག་པའི་བློ་ཅན་་་་་་རྣམས་ཀྱི་བྱེད་པས་གཞན་རྐྱེན་དྲག་པོས་སྐུ་གཤེགས་ནས་མཛད་པ་འཕྲོ་ཅན་ཏུ་གྱུར། སྐུའི་སྐྱེ་བར་མདོ་སྔགས་གླིང་པར་གྲགས་པས་གཏེར་ཁ་འགའ་ཞིག་བཞེས་ཀྱང་འགྲོ་དོན་མ་བྱུང་། དེའི་སྐུ་སྐྱེ་ཡང་དག་རྒྱ་མཚོས་སྤུ་བོ་རྦ་ཁ་གསང་སྔགས་ཆོས་གླིང་བཏབ། དེའི་སྤྲུལ་པའི་སྐུ་རིག་འཛིན་ཆོས་ཀྱི་རྒྱ་མཚོ་འཇའ་ཚོན་སྙིང་པོའི་ཆོས་བདག་ཀརྨ་ཆགས་མེད་དང་རྫོགས་ཆེན་པདྨ་རིག་འཛིན་སོགས་ཀྱི་བླ་མ་འགྲོ་དོན་ཆེ་ཞིང་། སྤྲུལ་བརྒྱུད་ད་ལྟའི་བར་བྱོན་པར་འདུག །སྐུའི་རྒྱལ་སྲས་བསྟན་པའི་འབྱུང་གནས་ཕྱིས་འཕྱོང་རྒྱས་སུ་བཞུགས་ཏེ་ཕྲིན་ལས་རྒྱས། མཁས་ཤིང་དངོས་གྲུབ་བརྙེས། དག་སྣང་རྩ་གསུམ་ཟབ་མོ་ཀུན་འདུས་ཀྱི་ཆོས་ཀྱི་འགྲོ་དོན་རྒྱ་ཆེར་བྱུང་ཞིང་གཏེར་བདག་གླིང་པ་དང་རྒྱལ་དབང་ལྔ་པ་རྣམས་ཀྱི་བར་དུ་དབང་ལུང་གི་རྒྱུན་བྱུང་། དེའི་སྐྱེ་བ་ཡར་འབྲོག་ཡོན་པོ་དོར་བྱོན་པའི་སྤྲུལ་སྐུ་མདོ་སྔགས་འབྱུང་གནས་ཏེ་ཟབ་གཏེར་བཞེས་པ་མ་གསལ་ཡང་འགྲོ་དོན་དཔག་མེད་བྱུང་ཞིང་། གནས་དེར་ལྷ་ཁང་ཐོག་གསུམ་པ་ངོ་མཚར་ཅན་རྟེན་དང་བརྟེན་པར་བཅས་པ་བཞེངས་པ་ད་ལྟའང་ཡོད། གཏེར་སྟོན་དེ་ཉིད་གོང་དུ་སྨོས་པ་ལྟར་ཟབ་གཏེར་གྱི་རྟེན་འབྲེལ་དུས་ལ་ཡོལ་བས་རྒྱུན་ཐོབ་པའི་གནས་མེད་ཀྱང་། པདྨ་འོད་གསལ་མདོ་སྔགས་གླིང་པར་དག་སྣང་དུ་བཀའ་བབས་པའི་རྟ་མགྲིན་གཉེན་པོ་ལྷ་ལྔའི་གཞུང་ཉུང་ངུ་ངོ་མཚར་ཅན་སྣང་བ་ཁོ་བོར་ཆེད་ཀྱིས་བསྩལ་པ་ལྟར་སྐལ་པ་བཟང་པོར་ཤེས་ནས་བསྙེན་སྒྲུབ་ཀྱི་འབྲེལ་འཇོག་དང་། རིན་ཆེན་གཏེར་གྱི་མཛོད་ཆེན་པོར་བཞུགས་སུ་གསོལ་བ་ཡིན་ནོ། ༈ །ཡང་། ཡར་འབྲོག་མཚོ་གླིང་དགུ་ལ་དམག་སྒར་འབྱུང༔ སྟག་ཐབ་ནང་དུ་གཙང་པ་སུམ་གཉིས་འཆི༔ རྩིས་ཀྱི་ལྷ་ཁང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་བསྟན་གཉིས་གླིང་པ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་བསྟན་གཉིས་གླིང་པ་པདྨ་ཚེ་དབང་རྒྱལ་པོ་ནི། གཙང་རོང་གི་བྱ་བཟང་བཀྲ་ཤིས་སྡིངས་སུ། ཡབ་དཔོན་ནོར་བུ་དང་ཡུམ་རྒྱལ་མོ་སྐྱིད་ཅེས་འབྱོར་ལྡན་ཞིག་གི་སྲས་སུ་འཁྲུངས། ལོ་ཆེན་བཻ་རོའི་བྱིན་རླབས་ལས་ལྷ་ལྕམ་ནུས་འབྱིན་ས་ལེའི་སྤྲུལ་པར་གྲགས། ཆོས་ལུང་མཁན་པོ་སངས་རྒྱས་དཔལ་བཟང་ལས་རབ་ཏུ་བྱུང་། འབྲས་ཡུལ་སྐྱེད་ཚལ་གོང་མར་མདོ་ཕྱོགས་སྤྱི་དང་གསེར་མདོག་ཅན་དུ་ཕར་ཚད་ལ་སྦྱངས་པས་མཁས་པར་མཁྱེན། ར་ལུང་སྤོས་སྐྱར་ཆོས་རྗེ་མཆོག་ལྡན་པ་ལས་ཕྱག་ཆེན་སོགས་འབྲུག་པའི་ཆོས་མང་དུ་གསན་པའི་སྐབས་མནལ་ལམ་དུ་ལུང་བསྟན་བྱུང་བ་ལྟར་འོ་ཡུག་གོས་སྔོན་ལྷ་ཁང་དང་ཉེ་བའི་ཆུ་འགྲམ་ཞིག་ནས་ཟབ་གཏེར་གྱི་ཁ་བྱང་བཞེས་ཏེ། ཐོག་མར་ཤངས་ཟབ་བུ་ལུང་དུ་བྱོན། གཏེར་ལུང་བདུན་པ་ནས་ཚེའི་བུམ་ཆུ་ཁོལ་བཞིན་པ་གདན་དྲངས། དེ་ནས་རིམ་པར་བསམ་བཟང་ཕུག་ནས་མཁའ་འགྲོ་ཀློང་གསལ་དང་སྐྱེ་བདུན་དམ་རྫས། ཕུང་པོ་རི་བོ་ཆེ་ནས་གཤིན་རྗེ་དྲག་སྔགས་ཀུན་འདུས། ལྷག་པར་ཚེ་སྤུངས་གསང་བའི་གཏེར་གནས་ནས་ཉིད་ཀྱི་ཟབ་གཏེར་གཙོ་བོ་ལྟ་བ་སངས་རྒྱས་དགོངས་འདུས་སུ་གྲགས་པ་ནང་གསེས་དགོངས་འདུས་བཅོ་ལྔ་ཡོད་པའི་གཏེར་གྱི་མཛོད་ཆེན་པོ་བརྙེས། གཞན་ཡང་ཟུར་མཁར་རྡོའི་མཆོད་རྟེན། ཨརྻཔ་ལོ། རི་བོ་བཀྲ་བཟང་རྣམས་ནས་ཟབ་གཏེར་མང་དུ་སྤྱན་དྲངས། སྤ་གྲོ་སྟག་ཚང་ནས་གཏེར་སྟོན་ཚེ་བརྟན་རྒྱལ་མཚན་གྱིས་ཡང་གཏེར་སྦས་པ་འགའ་ཞིག་ཀྱང་བཞེས། དབུས་གཙང་དུ་འགྲོ་དོན་མང་དུ་མཛད། ཁྱད་པར་མངའ་རིས་གུང་ཐང་རྒྱལ་པོས་བླ་མར་བཀུར་ཞིང་ཕྲིན་ལས་རྒྱས། །དེ་སྐབས་མང་ཡུལ་རི་བོ་དཔལ་འབར་ནས་རིག་འཛིན་རྒོད་ལྡེམ་གྱིས་ཡང་གཏེར་དུ་སྦས་པའི་ཕག་མོ་ཟབ་རྒྱའི་སྐོར་རྣམས་ཁྲོམ་གཏེར་དུ་མཛད་པས་ཐམས་ཅད་ཡིད་ཆེས་ཤིང་རྩོད་བྲལ་དུ་གྲུབ་པའི་གཏེར་སྟོན་གྱི་གྲགས་པས་ཁྱབ། མངའ་རིས་དབུས་གཙང་ཡན་དུ་ཕྲིན་ལས་ལྷག་པར་རྒྱས། ཆོས་བདག་གི་གཙོ་བོ་གཙང་པ་ཚེ་བདག་པ་དང་རོང་པ་ཚེ་བདག་པ་གཉིས་བྱུང་བ་ལས་བརྒྱུད་རིག་འཛིན་གཏེར་བདག་གླིང་པ་ཡན་ཆད་དབང་ལུང་གི་རྒྱུན་རྒྱས་པར་བྱུང་ནའང་། དེང་སང་ཕག་མོ་ཟབ་རྒྱའི་སྐོར་ཙམ་ལས་མི་བཞུགས་པར་སྣང་། ཟབ་རྒྱའི་དབང་ལུང་ཁྲིད་གསུམ་བདག་ཅག་གིས་ཀྱང་རྫོགས་པར་ཐོབ་པའི་སྐལ་བཟང་དུ་གྱུར། གཞན་དགོངས་འདུས་ཀྱི་ཆོས་སྡེ་བོན་གཡུང་དྲུང་དགོངས་འདུས་སྨིན་གྲོལ་བོན་ཕྱོགས་སུ་ད་ལྟའང་ཡོད་པར་ཐོས། དགུངས་གྲངས་ལྔ་བཅུ་རྩ་བགྲང་ཙམ་ནས་གཤེགས་པར་གསལ་ཞིང་གཤེགས་རྗེས་ཀྱི་བྱ་བ་ཆོས་བདག་གཙང་པ་ཚེ་བདག་པས་མཛད། གཏེར་སྟོན་ཉིད་སྔོན་ཆོས་རྒྱལ་ཆེན་པོའི་སྲས་མོར་གྱུར་པའི་རྟེན་འབྲེལ་གྱིས་ཁམས་གསུམ་ཟངས་ཁང་གླིང་དུ་ཕྱི་རྟེན་རིང་བསྲེལ་གྱི་སྙིང་པོ་ཅན་ཡང་བཞེངས་སོ། ༈ །ཡང་། སྟོང་ཁུ་ཡུལ་དུ་ཕག་ཚང་ཁྱུ་གཅིག་འབྱུང༔ ས་བཙན་རི་འབོས་རེ་ལ་རྫོང་ཆུ་རེ༔ ལ་རྩུབ་འཕྲང་རྩུབ་བཀག་མང་ཁྱུ་ཡིས་འཚོ༔ ཀོང་པོ་བུ་ཆུར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་རྡོ་རྗེ་གླིང་པ་ཞེས་བྱ་འབྱུང༔ ཞེས་པའི་བསྟན་དོན་སྤྲུལ་པའི་གཏེར་སྟོན་རྒྱལ་པོ་གསུམ་པ་ལོ་ཆེན་བཻ་རོ་དངོས་བྱོན་རྡོ་རྗེ་གླིང་པ་ནི། དབུས་ཀྱི་གྲ་ནང་དབེན་རྩ་ཞེས་པར་སྔགས་པ་རྡོ་རྗེ་འཛིན་པའི་རྒྱུད་ཡབ་ཁུ་སྟོན་བསོད་ནམས་རྒྱལ་མཚན་དང་། ཡུམ་དཀར་མོ་རྒྱན་གཉིས་ཀྱི་སྲས་སུ་མེ་ཕོ་ཁྱི་ལོར་འཁྲུངས། མཚན་ཨོ་རྒྱན་བཟང་པོར་གསོལ། དམ་པའི་རིགས་སད་པའི་རྟགས་དང་ངོ་མཚར་བསམ་གྱིས་མི་ཁྱབ། དགུང་ལོ་བདུན་པར་སྤང་གཤོང་ལྷ་རི་ཁར་ཀུན་མཁྱེན་ཁྲབ་པ་ཤཱཀྱའི་མཚན་ཅན་ལས་དགེ་ཚུལ་གསན། དེ་ཉིད་དང་གཞན་ཡང་བླ་མ་རྣམས་ལས་མདོ་སྔགས་གསར་རྙིང་གི་གསན་པ་མཐར་ཕྱིན་པར་མཛད། དགུང་ལོ་བཅུ་གསུམ་པར་ཨོ་རྒྱན་རིན་པོ་ཆེའི་ཞལ་ལན་བདུན་མཇལ། གུ་རུ་ཆོས་དབང་གི་གཏེར་ལས་ཁ་བྱང་བྱུང་བ་ལྟར་ཁྲ་འབྲུག་ཇོ་མོའི་སྐུ་རྒྱབ་ནས་གཏེར་ཁ་དང་པོ་རྩ་གསུམ་སྒྲུབ་ཐབས་དང་། སྒྲུབ་ཕྲན། ཁ་བྱང་ཡང་བྱང་། དྲག་སྔགས། བཅུད་ལེན་རྣམས་ལ་བརྒྱ་རྩ་བརྒྱད་རེ། སྒོས་ལུང་དང་བཅས་པ་བྱོན། དགུང་ལོ་བཅོ་ལྔ་པར་བྱིང་མདའ་ཨོ་དཀར་བྲག་གི་གཏེར་སྒོ་ཕྱེས་པའི་ཚེ། སྒྲུབ་ཕུག་ཤིན་ཏུ་ཡངས་པའི་ནང་དུ་གུ་རུ་རིན་པོ་ཆེ་དངོས་སུ་བྱོན་ནས་དཀྱིལ་འཁོར་བཀོད་པ་ལས་དབང་བསྐུར། ཤོག་སེར་རེ་རེའི་དབུ་ནས་ལུང་དང་གཏེར་རྫས་རྣམས་གནང་། དེའང་སྐུ་ཚབ། བླ་དཔེ་པུསྟི་བཞི། ཤོག་དྲིལ་བརྒྱ་ཐམ་པ། ཚེ་ཆུ་བུམ་པ་བཞི། དམ་རྫས་ཀྱི་གྭའུ་སོགས་སྤྱན་དྲངས་པ་ལས། ཆོས་སྡེ་རྣམ་ཐར་ཐང་ཡིག་ལེའུ་བརྒྱ་པ། རྫོགས་ཆེན་ཕ་རྒྱུད་ལྟ་བ་ཀློང་ཡངས། མ་རྒྱུད་ཀློང་གསལ་ཉི་མ་དང་མཁའ་འགྲོ་ཡང་ཏིག་ཉི་ཟླ་ཁ་སྦྱོར། བུ་རྒྱུད་སྙིང་ཐིག་སྐོར་བཅུ། འདུས་པ་སྐོར་བཞི། ཟུར་པ་བརྒྱད་རྣམས་བྱོན། དེ་ནས་རིམ་པར་མུ་ཏིག་ཤེལ་གྱི་སྤ་མ་གོང་ནས། ཉམས་ལེན་ཁྲིད་སྐོར་བཅུ་སོགས་སྤྱན་དྲངས་པ་ནས་བཟུང་། བུམ་ཐང་བྱམས་པ་ལྷ་ཁང་གི་ཚེ་ཆུ་ཕུག་ཏུ་ཡེ་ཤེས་མཚོ་རྒྱལ་དངོས་སུ་བྱོན་ནས་ཚེ་ཆུ། ཡང་ལེ་ཤོད་དུ་བསྒྲུབས་པའི་ཆོས་སྨན། ཆོས་རྒྱལ་དང་མཚོ་རྒྱལ་ཉིད་ཀྱི་བླ་གཡུ། ནོར་བུ་བསམ་འཕེལ། ཆོས་སྐོར་དང་དྲག་སྔགས་མང་པོ་གནང་བའི་བར་གཏེར་གནས་སོ་སོ་ནས་གཏེར་ཁ་ཆེན་པོ་བཞི་བཅུ་རྩ་གསུམ། ཕྲ་མོ་དང་ནང་གསེས་གཏེར་གནས་ཀྱི་དབྱེ་བས་བརྒྱ་དང་བརྒྱད་བཞེས། མཆིམས་ཕུའི་གཏེར་བཞེས་པའི་སྐབས་ཨོ་རྒྱན་དང་ལན་བཅུ་གསུམ་མཇལ། ཆུ་བོ་རིར་སྐུའི་སྤྲུལ་པ་གཉིས་མཛད་ནས་ཕྱོགས་གཉིས་ནས་ཁྲོམ་གཏེར་བླངས་ཤིང་ཞབས་རྗེས་ཁྲུ་གང་བ་བཞག །ཟབ་ལུང་མེ་ཚོར་གཉན་གྱི་ཕུག་པར་ཐང་ལྷ་དང་གངས་དཀར་ཤ་མེད་གཉིས་ཀྱིས་སྦྱིན་བདག་བྱས། གངས་ཅན་གྱི་ལྷ་འདྲེ་ཆེ་དགུ་རྣམས་འདུས་ནས་བཀའ་བརྒྱད་ཀྱི་སྒྲུབ་ཆེན་བཙུགས། དེ་ཐམས་ཅད་ལ་དབང་བསྐུར། །དུར་ཁྲོད་ཆེན་པོ་བརྒྱད་དུ་སྤྲུལ་པས་བྱོན་ནས་རིག་འཛིན་བརྒྱད་དང་མཇལ་ཏེ་གདིང་བརྒྱད་ཀྱི་གདམས་པ་གསན། གཏེར་ཁ་རྣམས་སྤྱན་དྲངས་པའི་ཚེ་གུ་རུ་རིན་པོ་ཆེ་དང་མཚོ་རྒྱལ་བཻ་རོ་སོགས་དངོས་སུ་བྱོན་ནས་དབང་དང་གདམས་པ་བསྩལ་བ་དང་། རྫུ་འཕྲུལ་གྱི་བཀོད་པ་ངོ་མཚར་བ་བསྟན་པས་ཐམས་ཅད་ཐེ་ཚོམ་གྱི་སྒྲོག་བཀྲོལ་ནས་ཕྱིར་མི་ལྡོག་པའི་དད་པ་ལ་བཀོད། སྐུ་དང་ཕྱག་ཞབས་ཀྱི་རྗེས་ཀྱང་མང་དུ་བཞག །ཟབ་ལུང་། མཁར་ཆུ། གཞོ་སྟོད་གཏེར་སྒྲོམ་རྣམས་སུ། དབང་། རབ་གནས། སྐོང་བཤགས། སྦྱིན་སྲེག །མནན་པ་བཅས་བརྒྱ་རྩ་བརྒྱད་རེས་མཚོན་བོད་ཁམས་བདེ་ཐབས་ཀྱི་རིམ་གྲོ་རླབས་ཆེན་མཛད། ཆོས་གཏེར་བླ་རྫོགས་ཐུགས་གསུམ་གཙོ་བོར་གྱུར་པའི་ཟབ་ཅིང་རྒྱ་ཆེ་ལ་མཐའ་ཡས་པ་རྣམས་དང་། ཕུང་པོ་རི་བོ་ཆེ་ནས་རྡོ་རྗེ་སེམས་དཔའི་སྐུ། ལྷ་སའི་ཀ་བ་བུམ་པ་ཅན་ནས་བཅུ་གཅིག་ཞལ་དང་ཙནྡན་གྱི་སྒྲོལ་མ་སོགས་སྐུ་རྟེན་ངོ་མཚར་ཅན། སྐྱེ་བདུན་དང་ཆོས་སྨན་སོགས་དམ་རྫས། ཡིད་བཞིན་ནོར་བུ་སོགས་ནོར་གཏེར། རྫོགས་ཆེན་གསེར་ཐུར་དང་ཏ་པི་ཧྲི་ཙའི་སྙན་བརྒྱུད་ཆེ་འབྲིང་ཆུང་གསུམ་སོགས་བོན་སྡེ། གཞན་ཡང་གསོ་རིག་དང་རྩིས་སྐོར་སོགས་རྒྱ་ཆེར་སྤྱན་དྲངས་ཤིང་ཕྲིན་ལས་ཀྱང་རྒྱས། སྐུའི་སྲས་གནུབས་ཆེན་རྣམ་འཕྲུལ་ཆོས་དབྱིངས་པ་སོགས་ལས་དེང་སང་བར་དུ་མོན་ཕྱོགས་སུ་གདུང་རྒྱུད་མང་དུ་ཡོད་པར་སྣང་། རྒྱལ་དབང་བཞི་པ་རོལ་པའི་རྡོ་རྗེ་ལའང་གཤེད་སྐོར་དང་ཛཾ་ལྷ་རིགས་ལྔའི་སྐོར་རྣམས་ཕུལ་བར་བཤད། གདན་སའི་མཐིལ་གླིང་མོ་ཁར་མཛད་ཅིང་། གཞན་ཡང་ལྷོ་བྲག །མོན་སྤ་གྲོ་གཟད་འུག་རྙེད་དགོན་སོགས་བཟུང་ནས་འགྲོ་དོན་རྒྱ་ཆེར་བསྐྱངས། ཡོངས་སུ་གྲགས་པའི་མཚན་རྡོ་རྗེ་གླིང་པ། པདྨ་གླིང་པ། ཀུན་སྐྱོང་གླིང་པ། གཡུང་དྲུང་གླིང་པ། འཇམ་དཔལ་ཆོས་ཀྱི་བཤེས་གཉེན་ཏུ་གྲགས་པ་དེ་ཉིད་ཀྱིས་བསྟན་འགྲོའི་དོན་མཐར་ཕྱིན་ནས་དགུང་ལོ་དྲུག་ཅུ་པ་ལ་ཞལ་ཆེམས་ལུང་བསྟན་ཆེན་མོ་སྩལ་ཏེ་ངོ་མཚར་བའི་ལྟས་དང་བཅས་བྲག་ལོང་དུ་གཤེགས་པའི་ཚུལ་བསྟན། པུར་ལོ་གསུམ་གྱི་བར་དུ་བཞུགས་ནས་སྐབས་སུ་གསུང་འབྱོན་པ་དང་བསྔོ་བ་ཚིག་བཞི་རེ་གནང་ནས་འགྲོ་དོན་མཛད་མཐར་གདུང་ཞུགས་འབུལ་བྱས་པས་ལྷ་སྐུ་རིང་བསྲེལ་དུ་མ་བྱོན། ཞབས་གཡས་ཐུགས་སྲས་བཀྲ་ཤིས་འབྱུང་གནས་དང་། གཡོན་ཐོགས་མེད་རྒྱ་གར་བ་གཉིས་ཀྱི་རྟེན་སྐལ་དུ་པུར་ཁང་ནས་མེའི་སྒྲ་དང་བཅས་ཏེ་བྱོན་པ་ལས་རིང་བསྲེལ་མང་དུ་འཕེལ་བ་ཕྱིས་ཚོད་བར་དུ་བཞུགས་པར་བཤད། སྔར་ལྷོ་བྲག་དང་མོན་གྱི་ཕྱོགས་སུ་ཆོས་རྒྱུན་རྒྱ་ཆེར་དར་ནའང་དེང་སང་རྒྱུན་ཤིན་ཏུ་དཀོན་པ་ལས། རྫོགས་ཆེན་ཕ་རྒྱུད་ལྟ་བ་ཀློང་ཡངས། མ་རྒྱུད་ཀློང་གསལ་ཉི་མ། གཉིས་མེད་རྒྱུད་ཀྱི་གྲས་ཧཱུྃ་སྐོར་སྙིང་ཐིག །འདུས་པ་སྐོར་བཞིའི་ནང་ཚན་བླ་མ་དང་ཡི་དམ་བཀའ་འདུས། ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབ། རྒྱལ་བ་རྒྱ་མཚོ། སྙན་བརྒྱུད་གུར་དྲག་རྣམས་རྗེ་བླ་མར་རིང་བརྒྱུད་དང་ཉེ་བརྒྱུད་ཀྱི་ཚུལ་དུ་བཀའ་བབས་པ་སོགས་འབད་པ་ཆེན་པོས་བཙལ་ཏེ་ལེགས་པར་ཐོབ་པས་སྐལ་པ་བཟང་པོར་གྱུར་ཏོ། །སྤྲུལ་པའི་གཏེར་སྟོན་ཆེན་པོ་འདི་ཉིད་འབྱོན་པའི་དུས་རྟགས་དང་གཏེར་གནས་སོགས་ཀྱིས་བཀའ་ཐང་ལུང་གསལ་དེ་ཡིན་མིན་དཔྱད་གཞིར་མཛད་ཀྱང་གཏེར་སྟོན་རྒྱལ་པོ་ལྔའི་གསུམ་པ་གླིང་ཆེན་བཅུ་གཉིས་ཀྱི་ནང་ཚན་དེ་ནི་འདི་ལས་གཞན་པར་བསྙོན་དུ་མེད་དོ། ༈ །ཡང། གཙང་གི་དགྱེར་ཕུ་ངོ་མ་གཉིས་སུ་འཐབ༔ རུ་ལག་ཚུད་ཕུར་ཕག་པའི་ཁྱུ་ཞིག་འབྱུང༔ ཀོང་པོ་མཆིམས་ཡུལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་རིན་ཆེན་གླིང་པ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་རིན་ཆེན་གླིང་པ་ཕྱི་མ་འདི་ནི་གཏེར་གནས་ལུང་བསྟན་གསལ་བར་མ་ཟད་རྣམ་ཐར་ཆེན་མོར་ཞལ་གྱིས་བཞེས་པ་ལྟར་སངས་རྒྱས་གླིང་པ་ཉིད་དུ་ངེས་ཏེ། དེའང་ལྷ་སྲས་དམ་འཛིན་རོལ་པ་ཡེ་ཤེས་རྩལ་གྱི་རྣམ་འཕྲུལ་ལས་ཀོང་པོའི་ཡུལ་གྱི་བྱེ་བྲག་ཉང་པོའི་སའི་ཆ་ཨོ་རྒྱན་གྱི་སྒྲུབ་གནས་གྱིང་ཕུ་གཡུ་ལུང་གི་མདའ་གད་པ་སྟེང་དུ་ཡབ་རྟ་མགྲིན་གྱི་སྤྲུལ་པ་ཁམས་ཞིག་སྟག་ལུང་སྨྱོན་པ་དང་། ཡུམ་རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས་པའི་མཚན་ལྡན་ཨ་ཧཱུྃ་རྒྱན་གྱི་སྲས་སུ་ལྕགས་ཕོ་འབྲུག་གི་ལོར་བྲག་གསུམ་རྡོ་རྗེ་བྲག་ཏུ་ངོ་མཚར་བའི་ལྟས་དང་བཅས་སྐུ་འཁྲུངས། མཚན་རིག་འཛིན་དུ་གསོལ། དགུང་ལོ་ལྔ་པར་མཁན་པོ་གཞོན་ནུ་དཔལ་ལས་དགེ་བསྙེན་གྱི་སྡོམ་པ་གསན། ཐུགས་རྗེ་ཆེན་པོའི་དག་སྣང་ཤར། ཡི་གེ་འབྲི་ཀློག་བརྡའ་བསྟན་པ་ཙམ་གྱིས་མཁྱེན་པས་ཤིན་ཏུ་མཁས་ཀྱང་ཡབ་གྲོངས། ཡུམ་གྱིས་ཕ་ཡར་གཞན་བསྟེན་པ་དེས་སྡང་པོ་བྱས་པས་འོ་བརྒྱལ་བར་བཞུགས་སྐབས་བུད་མེད་དམར་མོ་ཞིག་གིས་ལུང་བསྟན་པ་ལྟར་ལོང་པོ་གྲོང་གསར་མདར་རྒྱལ་དབང་རོལ་པའི་རྡོ་རྗེའི་མདུན་དུ་བྱོན། ཙ་རིའི་ཉེ་འདབས་དགོན་པ་བྱང་ཆུབ་གླིང་དུ་མཁན་པོ་བྱང་ཆུབ་རྡོ་རྗེ་དང་སློབ་དཔོན་ཤཱཀྱ་ཡེ་ཤེས་ལས་རབ་ཏུ་བྱུང་བའི་མཚན་སངས་རྒྱས་བཟང་པོར་གསོལ་བ་ལས་ཕྱིས་ཟབ་གཏེར་བཞེས་པ་ནས་སངས་རྒྱས་གླིང་པ་ཞེས་ཡོངས་སུ་གྲགས། མཁན་སློབ་དེ་གཉིས་ལས་བཀའ་ཆོས་མང་དུ་གསན། རྗེ་རོལ་པའི་རྡོ་རྗེ་དབུས་ནས་ཕྱིར་ཕེབ་དུས་བླ་མ་བྱང་ཆུབ་རྡོ་རྗེ་ལ་ཁྱེད་ཀྱི་དབོན་པོ་འདི་ང་ལ་ཕུལ་གསུངས་པ་ལྟར་ཕུལ་བས་ཤིན་ཏུ་མཉེས་ཤིང་འགྲོ་བ་མང་པོའི་འདྲེན་པར་ལུང་བསྟན། ལྷ་སར་ཕེབས་སྐབས་སྤྱན་རས་གཟིགས་དང་ལྷག་པར་སློབ་དཔོན་རིན་པོ་ཆེ་ཞལ་མཇལ་བ་ནས་བཟུང་ཡང་ཡང་མཇལ་ཞིང་ལོ་གསུམ་སྒྲུབ་པའི་དམ་བཅའ་མཛད། བླ་མ་བྱང་རྡོར་སྐུ་གཤེགས་ནས་ཙ་རི་རབ་ཡོ་བ་མཁས་གྲུབ་བླ་མ་ཆོས་ཀྱི་བློ་གྲོས་རྩར་བྱོན་ནས་ཐུགས་སྲས་གྱུར་སྐབས་བླ་མ་དབུས་སུ་ཕེབས་པའི་ཤུལ་ལྷུན་གྲུབ་སྟེང་གི་ཕུར་བཅད་རྒྱར་བཞུགས་པའི་ནུབ་གཅིག་གཏེར་སྲུང་བཙན་རྒོད་ཆེན་པོས་ཤོག་དྲིལ་གསུམ་དངོས་སུ་ཕུལ་བ་གཏེར་གྱི་ཁ་བྱང་ལུང་་་་བསྟན་གཏེར་སྒྲུབ་བྱ་ཚུལ་ཞལ་གདམས་རྣམས་བྱུང་བ་ལྟར་བླ་མས་ཀྱང་མཐུན་རྐྱེན་བསྩལ་ཅིང་གཏེར་སྒྲུབ་ཚུལ་བཞིན་ཏུ་གནང་བས་ཨོ་རྒྱན་མཁའ་འགྲོའི་ཚོགས་དང་བཅས་པས་དབང་བསྐུར་ལུང་་་་བསྟན་རྗེས་སུ་གནང་བ་མཛད་པ་ལྟར། ཤིང་ཡོས་འབྲུག་གི་ལོ་སྟོན་ཟླ་ར་བའི་ཉི་ཤུ་ལྔ་ལ་སྤུ་རི་ཕུག་མོ་ཆེ་ནས་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་བཀའ་འདུས་བར་མ་བླ་མ་དགོངས་པ་འདུས་པའི་གཞུང་དང་མན་ངག །ཐུགས་རྗེ་ཆེན་པོའི་ཆོས་སྐོར་བཅས་གདན་དྲངས། བླ་མ་ལ་གཟིགས་ཕུལ་བས་ཤིན་ཏུ་མཉེས་ནས་གསན་ཅིང་ཐུགས་ཉམས་བཞེས་པས་ཆོས་བདག་གི་ཐོག་མར་གྱུར། དེ་ནས་རིམ་བཞིན་ལོ་དེ་ཉིད་ནས་བཟུང་། དཀར་ཟུག་འཕྲང་། རྗེ་བོ་རོང་། རྩེ་ཆེན་བྲག །ལོང་པོ་བྱང་སྡེ་འབུམ་པ། ལོང་པོ་ཀ་མདའ་འཕྲང་། རྐྱེན་གྱི་དཀར་སྟེང་འཕྲང་སོགས་ནས། ཕུར་སྒྲུབ་ཐུགས་ཀྱི་ཉིང་ཁུ། གཏད་ཁྲམ་རུ་སྦལ་ནག་པོ། རྟ་མགྲིན་ནག་པོ་སོགས་དང་། ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད། རྫས་གཏེར་དམ་རྫས་རིལ་བུ། ཨོ་རྒྱན་གྱི་འདྲ་འབག །ཟངས་བུམ་གསེར་གྱིས་བཀང་བ། ལྕགས་ཕུར། དེ་བཞིན་གཤེགས་པའི་འཕེལ་གདུང་ཉེར་གཅིག་སོགས་སྤྱན་དྲངས། ཀོང་པོ་མཆིམས་ཡུལ་གྱི་གཏེར་བཞེས་དུས། གཏེར་སྟོན་དྲི་མེད་ལྷུན་པོའང་མཁའ་འགྲོའི་ལུང་བསྟན་གྱིས་བསྐུལ་བ་ལྟར་དེར་ཕེབས་ནས་ལྷན་ཅིག་ཏུ་ཕྱག་རྡོར་གོས་སྔོན་ཅན་དང་། ངན་སྔགས་མོན་པ་དགུ་རྒྱུག །ཨོ་རྒྱན་ཡབ་ཡུམ་གྱི་བྱང་སེམས་སོགས་བཞེས། སྤུ་རི་རིན་ཆེན་འབར་བ་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་ཆོས་སྐོར་དང་། བྱ་རྒོད་གཤོང་ནས་ཐུགས་རྗེ་ཆེན་པོའི་ཆོས་སྐོར་དང་། བཅུད་ལེན་སྐོར། དབང་ཕྱུག་རླུང་ཞགས་སོགས་བཏོན། བྱང་ཆུབ་གླིང་པ་དཔལ་གྱི་རྒྱལ་མཚན་གྱི་ལུང་བསྟན་ཀྱང་གཏེར་ཁ་འདི་ནས་བྱུང་སྟེ་ལ་སྟོད་དུ་བལྟ་བར་མངགས་པས་གཏེར་སྟོན་དང་མཇལ་བས་ཡིད་ཆེས་བརྙེས། གཞན་ཡང་ཙ་རི་ནས་ཀླུ་རྒྱལ་མགྲིན་བཟང་སྒྲུབ་ཐབས་དང་། དགྱེར་བྱེ་མ་དཀར་པོ་ནས་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་སོགས་བཏོན། རྒྱ་ལ་གཤིན་རྗེའི་རྦ་དོང་ནས་གཏེར་སྟོན་དྲི་མེད་ལྷུན་པོ་དང་ཕྱོགས་གཅིག་ཏུ་གཤིན་རྗེ་ཚེ་བདག་ཐུན་ཕོག་འགྱེལ། ཨོ་རྒྱན་གྱི་ལས་ཕུར་གདེངས་ཆོག་སོགས་སྤྱན་དྲངས། གཞན་ཡང་ཨོ་རྒྱན་སྒྲུབ་ཕུག་ནས་རྫོགས་ཆེན་སྙིང་པོ་བསྡུས་པ་དང་། ཀོང་པོ་དམ་དུལ་ནས་དགོངས་འདུས་རྩ་བའི་རྒྱུད་དྲུག །བསམ་ཡས་མཆིམས་ཕུ་ནས་ཨུ་རྒྱན་སྐུ་ཚབ་ཁྱད་འཕགས་དང་། འོར་ཤོད་རླུང་སྒྲོམ་ནས། ནོར་བུ་སྟག་ཤ་དེ་བ་དང་མཁའ་འགྲོའི་སྐུ་རྒྱན་སོགས་གདན་དྲངས་ཏེ། དགུང་ལོ་ཉེར་ལྔ་ནས་སུམ་ཅུ་རྩ་གཉིས་ཀྱི་བར་ལ་གཏེར་ཁ་ཆེན་པོ་བཅོ་བརྒྱད་བཞེས་ཤིང་གཞན་ཡང་ཕྲན་ཚེགས་ཀྱི་གཏེར་ནི་གྲངས་ཀྱིས་མི་ཆོད་པ་ཞིག་བཞེས་ཏེ་ཐམས་ཅད་སྨོས་ཀྱིས་མི་ལང་ངོ་། །མེ་ཏོག་གི་ཆར་དང་། འཇའ་ཚོན་གྱི་གུར་ཁྱིམ་དང་། རོལ་མོའི་སྒྲ་དང་། མཁའ་འགྲོས་གཟུགས་སྟོན་པ་སོགས་བྲེང་ཆགས་སུ་བྱུང་། རྡོ་རྗེ་ཕག་མོ་མཁའ་འགྲོ་བཅུ་གསུམ་དང་བཅས་པས་ལུང་བསྟན་ལྟར་དགོངས་འདུས་པུསྟི་བཅུ་གསུམ་ངེས་པ་ཅན་རྩི་གྲས་དམར་པོ་མཛད་པ་ལྟར་ད་ལྟའི་བར་མཛད་སྲོལ་སྣང་། ལུང་བསྟན་ལས། བསྐྱེད་རིམ་བརྟན་པ་ཐོབ་པ་བྱེ་བ་འབུམ༔ མངོན་སུམ་གྲུབ་པའི་རྟགས་ཐོན་འབུམ་ཕྲག་བརྒྱད༔ ཟག་མེད་སྒྱུ་ལུས་གྲོལ་བ་ཁྲི་ཕྲག་དགུ༔ དངོས་གྲུབ་སྣ་རེ་ཐོབ་པ་དུང་ཕྱུར་བརྒྱ༔ ཐར་པའི་ས་བོན་ཐེབས་པ་རྩིས་ལས་འདས༔ དུས་གཅིག་མ་ཡིན་བརྒྱུད་མར་རིམ་བཞིན་འབྱུང༔ ཞེས་སོགས་ཞིབ་པར་གསུངས་པ་ལྟར་དགོངས་འདུས་ཁོ་ན་ལའང་གཙོ་བོར་བཀའ་བབས་བརྒྱུད་པའི་ཆུ་བོ་ཆེན་པོ་ཉི་ཤུ་ཡོད་པར་གྲགས། གཏེར་ཆོས་གཞན་དང་གཞན་གྱི་ཆོས་བདག་སོགས་རྩིས་ལས་འདས་པ་བཞུགས་ཤིང་། ཀུན་གྱི་གཙོ་བོ་ནི་རྒྱལ་བའི་དབང་པོ་ཞྭ་ནག་གཅོད་པན་འཛིན་པ་བཞི་པ་ཀརྨ་པ་རོལ་པའི་རྡོ་རྗེ་དང་། དེ་བཞིན་ཏུ་ཞྭ་དམར་པ་མཁའ་སྤྱོད་དབང་པོ། སྣེ་གདོང་གོང་མ་ཆེན་པོ། ས་སྐྱ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། གཡག་སྡེ་པན་ཆེན། ཇོ་སྟན་མཁན་ཆེན་བསོད་ནམས་བཟང་པོ། འབྲི་གུང་ཆོས་ཀྱི་རྒྱལ་པོ་སོགས་མི་ཆེན་བླ་ཆེན་ཆེ་དགུ་བསྒྲང་བ་ལས་འདས་ཤིང་། ཁྱད་པར་དུ་རྒྱ་ནག་ཏཱ་མིང་རྒྱལ་པོས། ཀརྨ་པ་དེ་བཞིན་གཤེགས་པ་གདན་དྲངས་པའི་ཚེ་ཞུ་ཡིག་ཏུ་ཨོ་རྒྱན་གྱི་གྲུབ་ཐོབ་པདྨ་འབྱུང་གནས་ཀྱི་གཏེར་ཆོས་དྲི་མ་མེད་པ་ཞིག་གདན་དྲོངས་ཤོག་ཞུས་པ་བཞིན། ཆོས་རྗེ་དེ་བཞིན་གཤེགས་པས་ཟབ་ཆོས་དགོངས་པ་འདུས་པ་དང་། ངོ་མཚར་མཐིང་གི་བུམ་པ། དམ་ཚིག་གསེར་གྱི་རྡོ་རྗེ་རྣམས་བསྣམས་ནས་བྱོན་ཏེ་རྒྱལ་པོ་ལ་ཕུལ་བས་རྒྱལ་པོ་ཐུགས་ཤིན་ཏུ་དགྱེས་ནས་སྒལ་ཚིང་གི་དམ་དང་། ན་བཟའ་ཁྱད་པར་ཅན་སོགས་ཕུལ་བར་གྲགས། ཁྱད་པར་སྐུའི་སྲས་ཡེ་ཤེས་རྡོ་རྗེ་དང་། ཆོས་བདག་སློབ་མའི་གཙོ་བོ་བྱ་ཁྱུང་པ་དཔལ་ལྡན་སེང་གེ་གཉིས་ལས་སྲས་བརྒྱུད་དང་སློབ་བརྒྱུད་མཁས་གྲུབ་རིམ་པར་བྱོན་པ་དང་། རྩེ་ལེ་གོང་འོག །མདོ་ཁམས་ཏ་བླ་སྔ་ཕྱི་སོགས་ལས་བརྒྱུད་དེ་དགོངས་འདུས་གཙོར་གྱུར་ཟབ་གཏེར་རྣམས་གངས་ཅན་ལྗོངས་ཁྱབ་པ་ཙམ་གྱི་དར་སྲོལ་ཤིན་ཏུ་ཆེ་བས་ཨོ་རྒྱན་ཆེན་པོའི་ཕྲིན་ལས་རྒྱས་པར་སྤེལ་བའི་ཕྱིར་སྤྲུལ་པའི་གཏེར་སྟོན་འགྲན་ཟླ་དང་བྲལ་བར་མངོན། སྙིམ་ཕུ་བདེ་ཆེན་བསམ་འགྲུབ་ཀྱི་དགོན་པ་བཏབ་ནས་གདན་སའི་མཐིལ་དེར་མཛད། བདུད་རྩི་སྨན་གྱི་སྒྲུབ་པ་མཛད་པས་གཞན་ལས་ཁྱད་པར་འཕགས་པའི་རྟགས་དང་ཆོ་འཕྲུལ་མངོན་དུ་སྣང་བ་ལྟར་དེང་སང་ཡང་ཕབ་རྒྱུན་བཞུགས་པར་སྣང་། དེ་ལྟ་བུའི་ཚུལ་གྱིས་བསྟན་འགྲོའི་དོན་མཐའ་ཡས་པ་མཛད་ནས་དགུང་ལོ་ལྔ་བཅུ་ང་བདུན་པ་མེ་ཕོ་བྱི་བའི་ལོ་ཧོར་ཟླ་གསུམ་པའི་གནམ་གང་གི་ཉིན་དགོན་པ་བྱང་ཆུབ་གླིང་དུ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ། སྐུའི་སྐྱེ་སྲིད་གཉིས་པ་ནེལ་པ་སྨེའུར་ཡབ་དོན་གྲུབ་རྒྱལ་པོའི་སྲས་སུ་འཁྲུངས་ཀྱང་གཞོན་ནུ་ནས་གཤེགས། གསུམ་པ་ལོང་པོ་གྱིང་དུ་སྐུ་འཁྲུངས་པ་སྤྲུལ་སྐུ་སངས་རྒྱས་དཔལ་ལྡན་གདན་སར་ཡང་ཕེབས་ནས་བསྟན་འགྲོའི་དོན་རྒྱ་ཆེར་གནང་བར་གྲགས། དེ་མན་སྐྱེ་བརྒྱུད་དམིགས་བསལ་མ་བྱུང་ཞིང་གདུང་རྒྱུད་ད་ལྟའི་བར་དུ་ཡོད་པར་སྣང་། དེ་ལྟ་བུའི་སྤྲུལ་པའི་གཏེར་སྟོན་ཆེན་པོའི་གཏེར་ཆོས་རྒྱ་མཚོ་ལྟ་བུ་ལས་བདག་གིས་ཀྱང་སྤུ་རིའི་བཀའ་ཐང་། བླ་མ་དགོངས་འདུས། ཐུགས་རྗེ་ཆེན་པོ་ནོར་བུ་སྐོར་གསུམ། རྩེ་ཆེན་ཕུར་པ། འཇམ་དཔལ་དཀར་དམར་ནག་གསུམ། ཁྱུང་གསང་བ་ཡང་ཁོལ། དྲི་མེད་བཤགས་རྒྱུད། ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་དབང་སོགས་དེང་སང་རྒྱུན་གང་བཞུགས་རྫོགས་པར་ནོས་ཤིང་། བླ་མ་དགོངས་པ་འདུས་པའི་བསྙེན་སྒྲུབ་དང་སྒྲུབ་པ་ཆེན་པོ་ལན་གྲངས། གཞན་བསྐུལ་དང་རང་རྩོལ་ལ་བརྟེན་དགོངས་འདུས་འདོན་ཆ་ཚང་བའི་སྤར་དང་ཉེར་མཁོའི་ཡིག་ཆའི་ཞབས་འདེགས། དགོངས་འདུས་བཀའ་སྲུང་བཅས་པའི་ཞལ་ཐང་གྲ་ཚར་བཅོ་ལྔ་པ། བཅུ་གཅིག་པ། དགུ་པ་ཅན་ཆ་གསུམ། གླེགས་བམ་ཡོངས་རྫོགས་དངོས་གཙང་བ་སོགས་ཕྱོགས་འདིར་བཟང་པོའི་ལས་འབྲེལ་རྒྱ་ཆེར་བཞག་པས་རང་གཞན་འབྲེལ་ཚད་སྐྱེ་བའི་ཕྲེང་བར་ཨོ་རྒྱན་རིན་པོ་ཆེས་རྗེས་སུ་བཟུང་ནས་བྱིན་རླབས་ཐོབ་པར་སྨོན་པ་ལགས། ༈ ཡང་། འགོས་ཀྱི་ཕག་རིར་གནས་གཞི་རྫོངས་ལ་འགེབ༔ ལ་སྟོད་སྟག་གྲུར་དུག་གི་ཚོང་དུས་འོང༔ མེ་འབར་མཚོ་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་པདྨ་གླིང་པ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་རྒྱལ་པོ་ལྔའི་བཞི་པར་བསྔགས་པ་ཨོ་རྒྱན་པདྨ་གླིང་པ་ནི། མངའ་བདག་གི་སྲས་མོ་ལྷ་ལྕམ་པདྨ་གསལ་གྱི་དག་པའི་སྐྱེ་བ་ལྔའི་མཐའ་མ་མོན་བུམ་ཐང་དུ་མྱོས་ཀྱི་རིགས་ལས་ཡབ་དོན་གྲུབ་བཟང་པོ་དང་། ཡུམ་གྲོང་མོ་དཔལ་འཛོམ་གཉིས་ཀྱི་སྲས་སུ་ལྕགས་ཕོ་ཁྱིའི་ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས། ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་སྐྱེ་བ་དེ་མ་ཐག་པར་གྱུར་པས་ཆུང་ངུ་ནས་དམ་པའི་རིགས་སད། ཡིག་རིགས་དང་བཟོ་གནས་སོགས་མ་བསླབ་པར་མཁྱེན། ཁྱད་པར་སྤྲེལ་ལོ་སྟོན་རའི་ཚེས་བཅུའི་ཉིན་ཡི་གེ་དྲུག་མའི་གནས་སུ་ཨོ་རྒྱན་རིན་པོ་ཆེས་ཞལ་དངོས་སུ་བསྟན་ནས་བྱིན་གྱིས་བརླབས། གཏེར་ཁ་ཆེན་པོ་བརྒྱ་རྩ་བརྒྱད་ཀྱི་ཁ་བྱང་ཕྱག་ཏུ་བསྩལ་པ་ལྟར་དགུང་ལོ་ཉེར་བདུན་པར། ཟབ་གཏེར་ཐམས་ཅད་ཀྱི་ཐོག་མ་རྫོགས་ཆེན་ཀློང་གསལ་གྱི་སྐོར་རྣམས་སྣ་རིང་བྲག་གི་ཉེ་ལོགས་སྟང་ཆུ་རྒྱ་མདུད་དུ་འཁྱིལ་བའི་མེ་འབར་མཚོར་གྲགས་པ་ནས། ཁྲོམ་ཚོགས་མང་པོའི་དབུས་སུ་ཕྱག་ན་སྒྲོན་མེ་ཞིག་བསྣམས་ནས་མཚོ་ནང་ཐོགས་མེད་དུ་གཤེགས། སླར་ཕྱག་གི་སྒྲོན་མེའང་མ་ཤི་བར་གཏེར་སྒྲོམ་ཆེན་པོ་རྫ་མ་ཙམ་ཞིག་མཆན་ཏུ་བཅུག་ནས་ཕེབ་པས་ཐམས་ཅད་ངོ་མཚར་ཡིད་ཆེས་ཀྱི་དད་པར་བཀོད་པ་ལ་བརྟེན་རྩོད་པ་དང་བྲལ་བའི་སྙན་གྲགས་ཀྱིས་ས་སྟེང་ཉི་ཟླ་ལྟར་ཁྱབ་པར་གྱུར། དེས་མཚོན་ཏེ་བསམ་ཡས་མཆིམས་ཕུ་ནས་རྫོགས་ཆེན་ཀུན་བཟང་དགོངས་འདུས། གཞན་ཡང་གཏེར་གནས་སོ་སོ་ནས་རྫོགས་ཆེན་གཉིས་མེད་རྒྱུད་བུ་ཆུང་གི་སྐོར་དང་། བླ་མ་ནོར་བུ་རྒྱ་མཚོ། ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེ། བཀའ་བརྒྱད་ཐུགས་ཀྱི་མེ་ལོང་། ཕུར་པ་སྤུ་གྲི། བདུད་རྩི་སྨན་སྒྲུབ་ཀྱི་སྐོར་ཏེ་བཀའ་ཕུར་སྨན་གསུམ། ཕྱག་རྡོར་དྲེགས་འདུལ་དང་གཏུམ་ཆུང་། དྲག་པོ་ཆེ་འབྲིང་ཆུང་གསུམ། ཚེ་ཁྲིད་རྡོ་རྗེ་ཕྲེང་བ། ཚེ་སྒྲུབ་ནོར་བུ་ལམ་ཁྱེར། ནག་པོ་སྐོར་གསུམ། ལས་ཕྲན་གྱི་སྐོར་སོགས་མང་དུ་གཏེར་ནས་བཞེས་ཤིང་དེ་དང་མཚུངས་པར་མྱོང་གྲོལ་སྐྱེ་བདུན་སྐུ་ཚབ་པདྨ་གུ་རུ་སོགས་དམ་རྫས་རྟེན་གསུམ་གྱི་རིགས་ཀྱང་བསམ་གྱིས་མི་ཁྱབ་པ་དང་། ཁྱད་པར་ལྷོ་སྐྱེར་ཆུའི་ལྷ་ཁང་དཔལ་ཚ་བ་གསུམ་པའི་ལྷ་ཁང་དང་མཚུངས་པ་དེ་ཉིད་སྔོན་མི་སྣང་བ་ལ་གཏེར་སྟོན་འདིས་རི་སུལ་ཞིག་ནས་ས་རྡོ་རྣམས་བསལ་ནས་ལྷ་ཁང་དེང་སང་ཀུན་གྱིས་མཇལ་དུ་ཡོད་པར་མཛད། ནོར་གཏེར་ཀྱང་ཆོས་རྒྱལ་གྱི་བླ་གཡུ་རིན་པོ་ཆེ་འོད་འབར། བླ་གཡུ་སྟོང་རི་འོད་འབར། བླ་གཡུ་སྒང་རི་ཁང་དམར། ལྷ་ལྕམ་གྱི་ན་བཟའ་སྲུབ་མེད་པ་དང་། མེ་ལོང་རྒྱང་གསལ་ལ་སོགས་རྒྱལ་རྒྱུད་ཀྱི་ནོར་སྣ་ཁྱད་འཕགས་མང་པོའང་གཏེར་ནས་བཞེས། གཏེར་ཁ་བརྒྱ་རྩ་བརྒྱད་ཀྱི་ཁ་བྱང་ཕྱག་ཏུ་བྱུང་ནའང་ཕྱེད་ཙམ་ལས་བཞེས་མ་ཐུབ། ཕྱིས་གཏེར་སྟོན་སྐུ་གཤེགས་ཁར་སྲས་ཀྱིས་འདོན་ཆོག་པར་གསོལ་བ་བཏབ་པས་ཁྱོད་ཀྱིས་གཏེར་ཆོས་ཐོན་པར་དཀའ་ཡང་། དམ་ཚིག་གཙང་མར་བསྲུང་ཤིང་བདག་རང་ལ་གསོལ་བ་བཏབ་ན་ཕྲན་ཚེགས་རྙེད་པའང་སྲིད་གསུངས་པ་བཞིན། ཐུགས་སྲས་ཟླ་བས་ཀྱང་གཏེར་ཁ་འགའ་ཞིག་སྤྱན་དྲངས་པར་གྲགས། གཞན་ཡང་ཡ་མཚན་ཆེ་བའི་མཛད་པ་བསམ་གྱིས་མི་ཁྱབ་ཅིང་། མ་འོངས་པ་ན་པདྨ་བཀོད་པའི་ཞིང་ཁམས་སུ་སངས་རྒྱས་རྡོ་རྗེ་སྙིང་པོ་ཞེས་བྱ་བར་འགྱུར་བའི་ལུང་བསྟན་དང་། ད་ལྟའི་འབྲེལ་ཐོགས་རྣམས་ཀྱང་ཞིང་དེར་སྐྱེས་ནས་སངས་རྒྱས་དེའི་གདུལ་བྱར་འགྱུར་བར་གསུངས་སོ། །ཐུགས་སྲས་སློབ་མའི་ཚོགས་ཀྱང་གཏེར་ལུང་ལས། ལས་ཀྱིས་འབྲེལ་པ་ཁྲི་ཕྲག་གཅིག༔ སྨོན་ལམ་འབྲེལ་བ་སྟོང་རྩ་གཉིས༔ ཟབ་མོའི་གནད་ཀྱིས་འབྲེལ་བཅུ་གཅིག༔ དཀྱིལ་འཁོར་འཛིན་པའི་བུ་བདུན་དང༔ ཐུགས་ཀྱི་སྙིང་སྲས་གསུམ་དུ་འབྱུང༔ ཞེས་གསུངས་པ་དང་མཐུན་པར་བསམ་གྱིས་མི་ཁྱབ་པར་བྱོན་པའི་ནང་ནས། གཙོ་བོར་གྱུར་པ་སྤྲུལ་པའི་གཏེར་སྟོན་དྲུག །གྲུབ་ཐོབ་ཆེན་པོ་དྲུག །གྲུབ་རྟགས་མངོན་སུམ་ཐོན་པའི་བུ་ཆེན་དྲུག །གཏེར་སྟོན་ཉིད་དང་དགོངས་པ་མཉམ་པའི་ཇོ་གདན་མཁན་ཆེན་ཚུལ་ཁྲིམས་དཔལ་འབྱོར། ནང་སོ་རྒྱལ་བ་དོན་འགྲུབ། སྤྲུལ་སྐུ་མཆོག་ལྡན་མགོན་པོ་སྟེ་ཐུགས་སྲས་གསུམ། རིགས་གསུམ་མགོན་པོའི་སྤྲུལ་པ་སྐུའི་སྲས་མཆེད་བཞི་སོགས་བྱོན་ཅིང་། དེའི་ནང་ནས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཐུགས་སྲས་ཟླ་བ་བྱིན་རླབས་དང་ནུས་རྩལ་བསམ་གྱིས་མི་ཁྱབ་ཅིང་ཡབ་ཀྱི་དགོངས་པ་ལོན་པ་ལ་བརྟེན་ཕྲིན་ལས་རྒྱ་ཆེ་བས་ས་སྐྱ་བདག་ཆེན། འབྲི་གུང་རིན་ཆེན་ཕུན་ཚོགས། ཞྭ་དམར་དཀོན་མཆོག་ཡན་ལག །དཔའ་པོ་ཆོས་རྒྱལ་དོན་འགྲུབ་སོགས་ཀྱིས་སྐྱེས་ཆེན་དམ་པར་བསྔགས་ཤིང་བླ་མར་བཀུར། དབུས་གཙང་ལྷོ་མོན་གྱི་མི་ཆེན་ཆེ་དགུས་ཀྱང་ཞབས་ནས་བཏེགས་པས་གཞན་ཕན་ཕྲིན་ལས་བསམ་གྱིས་མི་ཁྱབ་ཀྱང་སྦས་པའི་རྣལ་འབྱོར་གྱི་ཚུལ་མཛད་པས་ཆོས་བརྒྱུད་ཆེར་འཕེལ་བ་མ་བྱུང་། བསྟན་པའི་རྒྱུན་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་དང་། དབུ་མཛད་དོན་གྲུབ་དཔལ་འབར་ཏེ་མཚུངས་མེད་ཆོས་རྗེ་རྣམ་གཉིས་སུ་གྲགས་པ་དང་། པད་གླིང་ཉིད་ཀྱི་གསུང་སྤྲུལ་དང་ཐུགས་སྲས་སྤྲུལ་པའི་སྐུ་འཁྲུལ་མེད་རིང་བསྲེལ་བདུན་རྒྱུད་ནས་བཟུང་ད་ལྟའི་བར་ལྷོ་མོན་དབུས་གཙང་མདོ་ཁམས་ཡུལ་གྱི་མཐར་ཐུག་པར་ཁྱབ་ཅིང་། དབང་ལུང་ཁྲིད་རྒྱུན་མ་ཉམས་པར་བཞུགས་པ་ལས་ཁོ་བོས་ཀྱང་བླ་རྫོགས་ཐུགས་གསུམ། བཀའ་བརྒྱད་སྤྱི་བྱེ་བྲག །ཕྱག་རྡོར་གཏུམ་པོ་ཆེ་ཆུང་། ཚེ་སྒྲུབ་དང་དྲག་དམར་སྐོར། ནག་པོ་སྐོར་གསུམ་དང་ལས་ཕྲན་ཅི་རིགས་པ་དང་བཅས་ནོས་ཤིང་འཆད་སྤེལ་ཡང་ཅི་ནུས་སུ་བགྱིས་པ་ཡིན་ནོ། ༈ །ཡང་། རྒྱ་གར་གྷ་ན་རུ་དང་བི་ན་སའི༔ པཎྜི་ཏ་ནི་གཉིས་གསུམ་བོད་དུ་འབྱུང༔ ལྷ་སའི་ཇོ་ཤཱཀ་འདི་ལ་མཆོད་པ་བྱེད༔ ལྷོ་ཀོང་བྱང་ཀོང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་ལས་འཕྲོ་གླིང་པ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་ལས་འཕྲོ་གླིང་པའམ་རིག་འཛིན་འཇའ་ཚོན་སྙིང་པོ་དང་སྔགས་འཆང་ཧཱུྃ་ནག་མེ་འབར་ཞེས་སྐུ་གཅིག་ལ་མཚན་གསུམ་དུ་གྲགས་པའི་དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོ་འདི་ནི། སྔོན་དཔལ་ཨོ་རྒྱན་ཆེན་པོའི་ཞལ་སློབ་ཟག་མེད་འོད་ལུས་གྲུབ་པ་བརྒྱ་རྩ་བརྒྱད་ཀྱི་མཆོག་གྱུར་ཉང་བན་ཏིང་འཛིན་བཟང་པོ་འབྲས་བུ་མཐར་ཕྱིན་པའི་ཐུགས་རྗེ་ཡས་སྤྲུལ་དུ་བྱོན་པ་སྟེ། ཀོང་ཡུལ་ཝ་རུ་གནམ་ཚལ་དུ། ཡབ་ཆོས་སྐྱོང་མགོན་པོ་དང་། ཡུམ་ནམ་ལངས་བུ་ཁྲིད་གཉིས་ཀྱི་སྲས་སུ་ཤིང་མོ་བྱ་ལོར་སྐར་མ་རྒྱལ་ལ་བབས་པའི་ཉིན་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་ནས་ཆོས་ཀྱི་བག་ཆགས་དང་ལྡན་ཞིང་། དགུང་ལོ་གསུམ་པའི་དུས་ནས་ཡི་གེ་བརྡའ་སྟོན་ཙམ་གྱིས་མཁྱེན། རྡོ་ལ་ཕྱག་ཞབས་ཀྱི་རྗེས་ཀྱང་མང་དུ་བྱོན། བཅུ་གཉིས་ནས་ཉི་ཤུར་མ་ཕེབ་བར་དུ་སློབ་གཉེར་དང་། ཁྱད་པར་གསོ་རིག་ལ་སྦྱངས་པས་མཁས་པར་མཁྱེན། དེ་དག་གི་དུས་སྐབས་རྣམས་སུ་དངོས་ཉམས་དང་རྨི་ལམ་དུ་ཨོ་རྒྱན་རིན་པོ་ཆེ་ཡང་ཡང་མཇལ་བར་བྱུང་། ཐུགས་ངེས་འབྱུང་དང་སྐྱོ་ཤས་དྲག་པོས་རྒྱུད་བསྐུལ་ནས་ཆོས་ཁོ་ན་ལ་རྩེ་གཅིག་ཏུ་ཐུགས་འདུན་གཏད་ཅིང་འཁོར་བའི་གནས་གྲོགས་ཐམས་ཅད་མེ་འོབས་ལྟ་བུར་གཟིགས་ནས་ཆོས་ཀྱི་རྗེ་མི་ཕམ་བཀྲ་ཤིས་བློ་གྲོས་ཀྱི་དྲུང་དུ་ཆོས་་ལ་བྲོས་ནས་བྱོན་པས། རྗེ་དེའི་མཚན་ལམ་དུ། སློབ་དཔོན་པདྨས་བཞེངས་པའི་མཆོད་རྟེན་རྙིང་པ་ཞིག་བུད་མེད་འགས་གདན་དྲངས་ནས་རབ་གནས་བསྐྱར་དགོས་ཟེར་བ་ལ་རབ་གནས་མཛད་པས་འོད་དུ་འབར་བར་གཟིགས་པས་སྐལ་ལྡན་དུ་མཁྱེན། དེར་རབ་ཏུ་བྱུང་། ངག་དབང་ཆོས་རྒྱལ་དབང་པོར་མཚན་གསོལ། གསང་སྔགས་ཀྱི་དབང་ཁྲིད་ལུང་སོགས་གདམས་པ་མཐའ་ཡས་པར་གསན་ཅིང་རྩེ་གཅིག་ཏུ་སྒྲུབ་པ་ཁོ་ནས་དུས་འདའ་བར་མཛད། གཞན་ཡང་ཞབས་དྲུང་ནོར་བུ་བརྒྱན་པ། འབྲུག་པ་ཐམས་ཅད་མཁྱེན་པ། མཉམ་མེད་ལྷ་རྩེ་བ་སོགས་ལས་མདོ་སྔགས་བཀའ་གཏེར་གསར་རྙིང་ཐམས་ཅད་མ་གསན་པ་མེད་པ་ལྟ་བུར་མཛད། ཁྱད་པར་ལྷ་རྩེ་བ་ལས་བསྙེན་རྫོགས་ཞུས། རྟེན་དགེ་སློང་གི་དངོས་པོ་ཅན་དུ་བསྒྲུབས། མི་ལོ་བཅུ་བདུན་དུ་འདག་སྦྱར་ཁོ་ན་མཛད་ནས་སྒྲུབ་པའི་རྒྱལ་མཚན་འཛུག་པར་མཛད་པའི་དུས་སུ། གཏེར་གྱི་ལུང་བསྟན་མང་དུ་བྱུང་ཡང་ཇི་མི་སྙམ་པར་བཞག་ཀྱང་ཕྱག་རྡོར་གྱི་བསྙེན་པ་དུང་སོང་བའི་ཚེ་ཆོས་རྗེ་རིན་པོ་ཆེ་མི་ཕམ་བཀྲ་ཤིས་བློ་གྲོས་ཀྱིས་བསྐུལ་ནས། ལྕགས་ཕོ་སྤྲེལ་ལོ་ཟླ་བ་དང་པོའི་ཚེས་བཅུ་ལ་གཏེར་བཞེས་པའི་ཐོག་མར་ལྕགས་ཁྲོའི་བྱ་ཆུང་བྱེའུ་ཕྲུག་ཙམ་ཞིག་གི་ནང་ནས་གཏེར་གྱི་ཁ་བྱང་མཚོ་རྒྱལ་གྱི་ཕྱག་བྲིས་མ་ཕྱག་ཏུ་འབྱོར་པ་ལྟར། བྲག་ལུང་ཧོམ་འཕྲང་ལྕགས་ཀྱི་སྒོ་མོ་ནས་ཡང་ཟབ་དཀོན་མཆོག་སྤྱི་འདུས་སོགས་གསང་གཏེར་དུ་བཞེས་ནས་གཏེར་སྒྲུབ་དང་གསང་རྒྱ་མཐར་ཕྱིན་པར་མཛད། གཞན་ཡང་ཀོང་པོ་བུ་ཆུ་དང་། བྱང་འཕྲེང་མཛེས་ཞེས་ལྗོན་པ་ལུང་གི་གནས་སྒོ་དང་། སྙེ་མོ་ལྷ་རི། ཀོང་འཕྲང་དགེ་འདུན་གནས། དབུ་རུ་ཞྭ་ཡི་ལྷ་ཁང་སོགས་ནས་ཐུགས་རྗེ་ཆེན་པོ་དང་། རྟ་ཕག་ཡིད་བཞིན་ནོར་བུ། ཞི་ཁྲོ་ངེས་དོན་སྙིང་པོ། ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ། རྡོ་རྗེ་གྲོ་ལོད། དཔལ་མགོན་མ་ནིང་སྐོར། གནས་ཀྱི་ལམ་ཡིག་མང་པོ་སོགས་ཟབ་གཏེར་མང་པོ་སྤྱན་དྲངས། དཀོན་མཆོག་སྤྱི་འདུས་སོགས་འགའ་ཞིག་གསང་གཏེར་ལས་ཕལ་ཆེར་ཁྲོམ་གཏེར་མཛད། མངོན་ཤེས་དང་རྫུ་འཕྲུལ་ཕྱོགས་མེད་དུ་ཤར་ནས་ལྐོག་གྱུར་སྒྲིབ་མེད་དུ་གཟིགས་པ་དང་། ཆུ་དང་གཡང་ས་སོགས་ལའང་ཐོགས་མེད་དུ་གཤེགས་ཏེ། ཁྱད་པར་སྙེ་མོ་ལྷ་རིའི་གཏེར་བཏོན་པའི་དུས། ཀོང་པོ་པྲ་ཏི་བ་སོགས་ལོག་པའི་བློ་ཅན་རྣམས་ཀྱིས་ས་བཅུད་ཉམས་ཀྱིས་དོགས་ནས་དམག་གིས་གཏེར་གནས་བསྲུངས་བར་བྱས་པས། གཏེར་སྟོན་ཐུགས་ཉམས་འུར་ཏེ་རྟ་ལ་ཆིབས་ནས་བྲག་གཡང་ཆེན་པོ་བྱ་མིན་པ་མི་ཐར་བ་མེ་ལོང་གི་ངོས་འདྲ་བ་ཞིག་ལ་ཆིབས་རྒྱུག་གནང་བས་ཕེབས་ཤིང་བྲག་གི་ངོས་ལ་ཆིབས་པའི་ཞབས་རྗེས་བཞག །གཏེར་དེ་ཉིད་སྐད་ཅིག་ལ་སྤྱན་དྲངས་ནས་གཤེགས་པའི་བརྟུལ་ཞུགས་དང་རྫུ་འཕྲུལ་ཆེན་པོ་བསྟན་ནས་དམག་མི་རྣམ་སྤ་བཀོང་བས་ཐམས་ཅད་རྟབ་རྟབ་པོར་གྱུར་ཞིང་སླར་དད་པའི་ས་ལ་བཀོད། སྟོབས་དང་ནུས་པ་བསམ་གྱིས་མི་ཁྱབ་པས་དམ་སྲི་མནན་པ་དང་མཐའ་དམག་ཟློག་པ་སོགས་བོད་སྤྱི་བྱེ་བྲག་གི་ཕན་བདེ་སྤེལ་བའི་ཕྲིན་ལས་མང་དུ་མཛད། སྐལ་ལྡན་མང་པོ་རྗེས་སུ་བཟུང་ནས་བཀའ་གཏེར་གསར་རྙིང་གི་ཆོས་ཚུལ་མང་པོའི་སྨིན་གྲོལ་གྱི་བདུད་རྩི་སྩོལ་བར་མཛད། རྗེ་ཉིད་སྐུ་བཙུན་ཞིང་དགེ་སློང་གི་དངོས་པོ་ལས་མི་འདའ་བར་ཀུན་སྤང་གི་མཛད་པ་སྐྱོང་བཞིན་དུ་གདུལ་བྱ་རྣམས་ཀྱང་ཚུལ་དེར་བཀྲི་ཞིང་ཡང་དག་པའི་ལམ་ལ་གཞོལ་ཞིང་འབབས་པར་མཛད་དོ། །བང་རི་འཇོག་པོ་ཞེས་ཉིད་ཀྱིས་གནས་སྒོ་ཕྱེས་པའི་གནས་ཁྱད་འཕགས་ཞིག་ཡོད་པའི་དབེན་ཞིང་མཐོ་བའི་སར་སྒྲུབ་སྡེ་བཏབ་པ་དེང་སང་ཡང་མ་ཉམས་པར་ཡོད་ལ་དབོན་བརྒྱུད་དང་སྤྲུལ་བརྒྱུད་སོགས་ཀྱིས་འཛིན་སྐྱོང་གནང་། ཆོས་བདག་གི་ཐོག་མ་སྒམ་པོ་ཞབས་དྲུང་ནོར་བུ་བརྒྱན་པས་ཕྲིན་ལས་ཀྱིས་སྒོ་ཕྱེ་བ་ནས་བཟུང་། རྒྱལ་བའི་དབང་པོ་ཞྭ་དམར་ནག །རྒྱལ་ཚབ་གྲགས་པ་དོན་གྲུབ། འབྲི་གུང་པ་ཆོས་ཀྱི་གྲགས་པ། འབྲུག་པ་དཔག་བསམ་དབང་པོ། རྡོར་བྲག་རིག་འཛིན་ངག་གི་དབང་པོ། རྩེ་ལེ་སྣ་ཚོགས་རང་གྲོལ། ལྷ་བཙུན་ནམ་མཁའ་འཇིགས་མེད། རིག་འཛིན་ཕྲིན་ལས་ལྷུན་གྲུབ། བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། སྤུ་བོ་རྦ་ཁ་སྤྲུལ་སྐུ་རིག་འཛིན་ཆོས་ཀྱི་རྒྱ་མཚོ། སྡེ་དགེ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོ། གཏེར་ཆེན་བདུད་འདུལ་རྡོ་རྗེ། ཏ་བླ་པདྨ་མ་ཏི་སོགས་དབུས་གཙང་ཁམས་གསུམ་རྒྱ་ཆེར་འདུས་ཤིང་དངོས་དང་བརྒྱུད་ནས་ཤར་ཕྱོགས་རྒྱ་མཚོའི་མཐའ་ཚུན་ཆད་ཕྲིན་ལས་རྒྱས་པར་འཕེལ་བ་དེང་སང་ཡང་མ་ཉམས་པར་གནས་ལ། ཁོ་བོས་ཀྱང་ཟབ་གཏེར་པོད་དྲུག་བཀའ་འབུམ་དང་བཅས་པ་ཡོངས་སུ་རྫོགས་པར་ནོས་ཤིང་། དེ་དག་སྤྱི་དང་ཁྱད་པར་ཡང་ཟབ་དཀོན་མཆོག་སྤྱི་འདུས་བསྐྱེད་རྫོགས་ཉམས་ལེན་རྒྱུན་གྱི་རྣལ་འབྱོར་སྙིང་པོར་བཟུང་བས་བྱིན་རླབས་ཀྱི་མཚན་མའང་ཐོབ། ཁྲིད་ཡིག་དང་བསྙེན་ཡིག་ཆེན་མོ་སོགས་ཡིག་ཆ། དེ་དག་དང་ཞི་ཁྲོ་ངེས་དོན་སྙིང་པོ་ཆ་ལག་བཅས་པར་དུ་བཀོད་ཅིང་སྐྱབས་མགོན་རྡོ་རྗེ་འཆང་པདྨའི་ཞབས་ཀྱི་གསེར་གདུང་ཆེན་མོའི་མདུན་ཚེས་བཅུའི་སྒྲུབ་མཆོད་ཀྱི་རྒྱུན་འཛུག་པར་བསྐུལ་བ་སོགས་ཕྲིན་ལས་སྤེལ་བ་ཡིན་་་་་་་་་་ནོ། །མདོར་ན་སྤྲུལ་པའི་གཏེར་སྟོན་འདི་ཉིད་གྲུབ་དོན་ལྟར་ན། རྟེན་འབྲེལ་རབ་འབྲིང་ཐ་མ་ཡང་མཐའ་བཞིར་གསུངས་པའི་ཕྱི་མའི་དབང་དུ་གྱུར་མོད། ཐུགས་བསྐྱེད་དང་སྦྱངས་སྟོབས་ཁྱད་པར་འཕགས་ཤིང་། རང་གིས་ཟབ་གཏེར་རྣམས་ཉམས་བཞེས་མཐར་ཕྱིན་པ་མཛད་པ་ལ་བརྟེན་གཏེར་ཆོས་སྤྱི་དང་ཁྱད་པར་ཡང་ཟབ་བླ་སྒྲུབ་གསར་རྙིང་རིས་མེད་དུ་དར་བ་འདི་ལྟར་དང་། ཆོས་བརྒྱུད་ལས་མི་དབང་བསོད་ནམས་སྟོབས་རྒྱལ་ཁོ་ནའི་དུས་ཀྱང་དྭགས་པོར་འོད་ལུས་གྲུབ་པ་གཉིས་སོགས་སྔ་ཕྱི་མང་དུ་བྱུང་བར་སྣང་། དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་དགུང་ལོ་བདུན་ཅུ་དོན་གཉིས་པར་བང་རི་འཇོག་པོར་རྟགས་དང་ཆོ་འཕྲུལ་ལྐོག་ཏུ་མ་གྱུར་པ་བསྟན་ཅིང་མངོན་པར་མཁྱེན་བཞིན་དུ་དག་པའི་ཞིང་ཁམས་ཆེན་པོར་གཤེགས་པའི་ཚུལ་བསྟན་པ་ཡིན་ནོ། །སྤྱིར་ལས་འཕྲོ་གླིང་པའི་མཚན་གྱི་ཅོད་པན་འཛིན་པ་སྔ་ཕྱི་ལྔ་ཙམ་བྱོན་པ་ཐམས་ཅད་ཀྱང་གཏེར་སྟོན་ཚད་ཐུབ་ཁོ་ནར་ངེས་ཀྱང་། པདྨ་བཀའ་ཐང་དུ་གཏེར་གནས་ཀྱི་ངེས་པ་དང་བཅས་པར་ལུང་བསྟན་པ་ནི་འདི་གཅིག་པུར་ཡོངས་སུ་གྲགས་སོ། ༈ །ཡང་། བོད་འདིར་རྒྱལ་པོའི་མིང་བཏགས་བརྒྱ་རྩ་བརྒྱད༔ གངས་དང་སེང་གེ་ལས་ཀྱིས་འབྲེལ་བ་ཡིས༔ འཇིག་རྟེན་པ་ལ་བདེ་བ་སྐད་ཅིག་མེད༔ བྱར་གྱི་བྲག་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་བསམ་གཏན་གླིང་པ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་བསམ་གཏན་བདེ་ཆེན་གླིང་པ་ནི། འབྲོག་མི་དཔལ་གྱི་ཡེ་ཤེས་དང་གཡུ་སྒྲ་སྙིང་པོ་ཟུང་དུ་འཇུག་པའི་རྣམ་འཕྲུལ་ལོང་པོ་འཇིམ་གར་སྟེང་དུ་འཁྲུངས། རྟེན་སྔགས་འཆང་རྡོ་རྗེ་འཛིན་པའི་ཚུལ་དུ་བཞུགས། ཀོང་པོ་ཉང་ཁ་བདེ་ཆེན་གླིང་དུ་གྲགས་པའང་དང་པོ་འདིས་བཏབ་པར་གསལ། བྱང་སྨད་ཇོ་བོ་བྲག་དཀར་ནས་རྩ་གསུམ་ཟབ་མོ་ཀུན་འདུས་ཀྱི་སྐོར་དང་། གཞན་ཡང་བཀའ་བརྒྱད་ལུགས་སྲོལ་ཆེན་པོ་དགུའི་ཡ་གྱལ་དུ་བགྲངས་པའི་དྲེགས་པ་ཀུན་འདུལ་གྱི་སྐོར། དཔལ་མགོན་ཞལ་བཞི་པ། བདུད་མགོན་ཞིང་སྐྱོང་ཡབ་ཡུམ་གྱི་སྐོར་སོགས་སྤྱན་དྲངས་ནའང་བར་སྐབས་ནས་ཆོས་བརྒྱུད་རྒྱ་ཆེར་བྱུང་བ་མེད་པར་སྣང་མོད། ཕྱིས་འདིར་རྗེ་བླ་མར་བཀའ་བརྒྱད་དྲེགས་འདུལ་གྱི་རྒྱུད་ལུང་མན་ངག་ཡང་གཏེར་དུ་བབས་པ་ཁོ་བོས་ཀྱང་སྐལ་བཟང་དུ་ཐོབ་བོ། །དུས་ཚོད་སྔ་ཕྱི་གསལ་བར་མ་ངེས་ཀྱང་ལོ་རྒྱུས་གཞན་གྱི་བབས་ལ་བརྟགས་ན་སངས་རྒྱས་གླིང་པའི་སྐུ་ཚེའི་སྨད་ཙམ་ལ་བྱུང་བར་མངོན། འདི་ཉིད་ཕྱིས་སུ་སྟག་ཤམ་རྡོ་རྗེ་ཡིན་པར་ཆོས་རྗེ་གླིང་པ་སོགས་ཀྱིས་བཞེད་པས་དོན་ལ་གནས་མོད། འདིར་དཀྱུས་སུ་སྔར་ཡོངས་གྲགས་ལྟར་བཀོད་ཅིང་གཏེར་ཆེན་སྟག་ཤམ་པའི་རྣམ་ཐར་ས་བོན་ཙམ་འོག་ཏུ་འབྱུང་བ་ལས་ཤེས་པར་བྱའོ། ༈ །ཡང་། སླེ་མ་མཚལ་གྱི་རི་མོ་བྲིས་པ་ཡི༔ གནུབས་ཀྱི་སྲེག་པ་ལུང་དུ་མུ་གེ་འབྱུང༔ ཁྱུང་ཚང་བྲག་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་ཞིག་པོ་གླིང་པ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་ཞིག་པོ་གླིང་པ་གར་གྱི་དབང་ཕྱུག་ནི། ལྷ་སྲས་དམ་འཛིན་གྱི་རྣམ་པར་འཕྲུལ་པ་སྟེ། དབུ་རུ་ཇོ་ཤཱཀ་རྣམ་གཉིས་བཞུགས་པའི་ཡུལ་དང་ཉེ་བ་སྟོད་ལུང་སྣང་རྩེ་ཞེས་པར། ཡབ་ནམ་མཁའ་དབང་ཆེན་ཕུན་ཚོགས་ཞེས་དང་། ཡུམ་ཚེ་དབང་བརྟན་མའི་སྲས་སུ་ཤིང་ཕོ་སྤྲེལ་ལོ་ཟླ་བ་བཅུ་པའི་ཉེར་གསུམ་གཟའ་ཉི་མ་དང་སྐར་མ་བྲེ་འཛོམ་པའི་ཉིན་སྣང་རྩེ་གསེར་ཁང་གི་གཟིམ་ཁང་དགའ་བྱེད་ཤར་དུ་སྲིད་སྐྱོང་ཆེན་པོའི་རིགས་སུ་སྐུ་བལྟམས། དགུང་ལོ་ལྔ་པ་ལ། རྗེ་སྨན་ཆུ་བ་ནམ་མཁའ་རིན་ཆེན་པའི་དྲུང་དུ་སྐྲ་གཅོད་པ་དང་ལུས་བསྒྱུར་ཞུས་པས། འདི་སྐྲ་བཅད་ན་གཅོད་མཁན་ལ་མི་དགའ་བས་ངས་སྔགས་སྡོམ་སྦྱིན་ནས་མིང་བཏགས་གསུངས་ནས། མཚན་ནམ་མཁའ་ཚེ་དབང་རྒྱལ་པོར་གསོལ། དགུང་ལོ་ཉེར་གཅིག་གི་དུས་གཏེར་སྒྲུབ་མཛད་པས་མནལ་ལམ་དུ། མི་གཅིག་གིས་ཁྱུང་ཚང་བྲག་ན་ཁྱོད་ཀྱི་ནོར་ཡོད་ཐོ་ཡིན་ཟེར་ནས་དཔེ་ཆ་མགོ་ཚན་གོས་དར་སེར་པོའི་རྒྱབ་ཤ་བྱས་པ་ཞིག་གཏད་བྱུང་བ་གཟིགས་པས་གཏེར་གྱི་ཁ་བྱང་ཤིན་ཏུ་གསལ་བར་འདུག །མནལ་སད་དུས་ཐུགས་ལ་གསལ་ཧྲམ་མེར་འདུག་པས་ཟིན་བྲིས་ལ་བཏབ་ནས། ལོ་དེའི་ཟླ་བ་བཞི་པའི་ཚེས་བཅུའི་མཚན་མོར་དཔོན་གཡོག་བདུན་གྱིས་ཆིབས་གཤར་མཛད་ནས་ཕེབས་པས་གསང་ཕུག་གི་འགྲམ་དུ་ཕེབས་པ་དང་ནམ་ལངས་ཤིང་ཉི་མ་ཤར་བྱུང་བས་རྟེན་འབྲེལ་ལེགས་པར་དགོངས། གསང་ཕུག་གོང་མའི་ཐག་པ་ཆད་ནས་བགྲོད་ཐབས་ཟད་པ་ལ། རྫུ་འཕྲུལ་གྱིས་ཕེབས་ནས་གཏེར་རྟགས་བཙལ་བས་ཆུ་རྡོ་ནར་མོ་ཁྲུ་གང་ཙམ་ལ་ཅོང་ཞིས་ནོར་བུ་འབར་བའི་རི་མོ་བྲིས་པ་ཞིག་ཡོད་འདུག་པ་དེ་བཏོན་ནས་གཏེར་སྒོ་ཕྱེས་པའི་ནང་སོལ་ཕྱེའི་གསེབ་ནས་སོ་ཕག་གཏེར་སྒྲོམ་ཟུར་བརྒྱད་པ་ཞིག་བཏོན་པའི་ནང་ནས་ཚེ་སྒྲུབ་རྒྱལ་བ་འདུས་པའི་སྐོར་དང་དམ་རྫས་སྐྱེ་་་་་བདུན། ཚེ་ཆུ་སོགས་མང་དུ་བྱོན། གཞན་ཡང་ཟང་ཡག་བྲག །ཟུར་མཁར་རྡོ་ཡི་མཆོད་རྟེན། དབུ་རུ་ཞྭ་ཡི་ལྷ་ཁང་། གཞོ་སྟོད་གཏེར་སྒྲོམ། ལྷ་ས་དང་བསམ་ཡས་ཀྱི་གཙུག་ལག་ཁང་སོགས་ནས། ཐུགས་དམ་ཟབ་པ་སྐོར་བདུན། ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ། རྫོགས་ཆེན་གསང་བ་སྙིང་ཐིག །རྟ་མགྲིན་ནཱ་ག་ཀླུ་འདུལ། དྲག་པོ་གནམ་ལྕགས་མེའི་འཁོར་ལོ། དམག་ཟློག་ཉེར་ལྔ་སོགས་གཏེར་ཆོས་མང་པོ་དང། སྐུ་ཚབ་རྟེན་གསུམ་དམ་རྫས་སོགས་བསམ་གྱིས་མི་ཁྱབ་པར་གདན་དྲངས། དགོངས་འདུས་ཀྱི་གཏེར་ཞབས་སྡུད་པ་པོར་ལུང་བསྟན་ཡོད་པར་གྲགས་པ་བཞིན་སྙིམ་ཕུ་ནས་ཀྱང་བསྙེན་བཀུར་ཕུན་སུམ་ཚོགས་པར་ཞུས། ཕལ་ཆེར་བཀའ་གཏེར་གོང་མ་རྣམས་ལ་ཐུགས་རྩིས་ཆེར་མཛད་པས་གསང་ཆེན་རྙིང་མ་བཀའ་གཏེར་ཐམས་ཅད་ཀྱི་བསྟན་པའི་བདག་པོར་གྱུར་ཏེ་འཆད་ཉན་གྱི་ཕྲིན་ལས་རྒྱ་ཆེར་བསྐྱངས་པས་བསྟན་པའི་རྩ་ལག་ཏུ་གྱུར་པའི་ཞལ་སློབ་ཀྱི་གཙོ་བོ་ནི། ཐམས་ཅད་མཁྱེན་པ་དཀོན་མཆོག་ཡན་ལག །ས་སྐྱ་བདག་ཆེན་ཀུན་དགའ་རིན་ཆེན། རྩེ་གདོང་བདག་ཆེན་ཀུན་དགའ་བསམ་འགྲུབ། འབྲུག་པ་ཞབས་དྲུང་མི་ཕམ་ཆོས་རྒྱལ་སོགས་དང། ཆོས་བརྒྱུད་འཛིན་པའི་སློབ་ཚོགས་ཁམས་ཀོང་། བྱར་དྭགས། ཨེ་གཉལ། ལྷོ་མོན། དབུས་གཙང་ཐམས་ཅད་ནས་བསམ་གྱིས་མི་ཁྱབ་པར་བྱོན་པས་གསང་ཆེན་རྙིང་མའི་སྲོག་མཐུད་པ་ལྟར་བྱུང་ཞིང་། གཙོ་བོ་གཏེར་ཆེན་ཉིད་དང་སོག་ཟློག་པ་བློ་གྲོས་རྒྱལ་མཚན་དང་། གངས་ར་ལོ་ཆེན་རྣམས་ལ་སྣང་སོག་གངས་གསུམ་དུ་གྲགས་ཏེ། འདི་རྣམས་ཀྱི་སྐུ་རིང་ལ་རྙིང་མ་བཀའ་གཏེར་ཐམས་ཅད་རྒྱ་ཆེར་འཕེལ་ཏེ་དེང་སང་གི་བར་དུ་མ་ནུབ་པར་བཞུགས་པའང་གཏེར་ཆེན་འདིའི་སྐུ་དྲིན་ལས་བྱུང་བ་ཡིན། དེ་ལྟར་ཕྲིན་ལས་མཐར་ཕྱིན་ནས་ལུག་ལོ་ཧོར་ཟླ་གཉིས་པའི་གནམ་སྟོང་དགུང་ལོ་དྲུག་ཅུ་བཞེས་པའི་ཚེ་ངོ་མཚར་བའི་རྟགས་མཚན་དང་བཅས་ཏེ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་བསྟན། གཏེར་ཆོས་ཀྱི་རྒྱུན་ཕྱིས་འདིར་ཤིན་ཏུ་དཀོན་ཅིང་ཆོས་བདག་པདྨ་རྒྱལ་མཚན་ལ་ལུང་བསྟན་སློབ་མ་པདྨའི་མཚན་ཅན་བརྒྱད་དུ་གྲགས་པ་ཏ་བླ་པདྨ་མ་ཏི་སོགས་ལས་ཆོས་རྒྱུན་མ་ཆད་ཙམ་བྱོན་པ་ཁོ་བོས་ཀྱང་འབད་པས་བཙལ་ནས་སྨིན་གྲོལ་གྱི་རྒྱུན་ནོས་ཤིང་ཡིག་ཆའི་ཞབས་ཏོག་དང་འཆད་སྤེལ་གྱི་ཕྲིན་ལས་ཅུང་ཟད་བསྐྱངས་པ་ཡིན་ནོ། ༈ །ཡང་། སྟར་སྒོའི་ཐང་ལ་དབུས་པའི་ཚོགས་འདུ་བྱེད༔ ཧས་པོ་རི་རྒྱུད་མེ་ཡར་རྫོང་ཞེས་འབྱུང༔ ཁ་རག་ཕུག་ཏུ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་བདེ་ཆེན་གླིང་པ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་བདེ་ཆེན་གླིང་པ་ནི། གྲུ་ཤུལ་ཚྭ་ལུང་ཞེས་པ་རི་བོ་ཁྱུང་ཆེན་ལྡིང་བའི་ཞོལ་དུ། ཡབ་དཔལ་འབྱོར་རྒྱལ་མཚན་དང་། ཡུམ་པདྨ་མཚོ་གཉིས་ཀྱི་སྲས་སུ་ཆུ་ཕོ་ཁྱིའི་ལོ་ལ་འཁྲུངས། སྐུ་རུས་ཁེར་ཡིན་ཏེ་རིག་འཛིན་ཆེན་པོ་རཏྣ་གླིང་པ་དང་ཡབ་ཚན་དྲུང་ཡིན་ཟེར། འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱི་སྐྱེ་བར་ཡོངས་སུ་གྲགས། དགུང་ལོ་བདུན་པ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔ་མངོན་སུམ་ཞལ་གཟིགས། སྐུ་རྩེད་མཛད་པས་རྡོ་ལ་ཞབས་རྗེས་ཤིན་ཏུ་གསལ་བ་ཞིག་བྱུང་། དགུང་ལོ་བཅོ་ལྔ་པ་ལ་ཨོ་རྒྱན་རིན་པོ་ཆེ་དང་དངོས་སུ་མཇལ་ནས། དབང་བསྐུར་བྱིན་གྱིས་བརླབས། བཀའ་བསྒོ་བར་མཛད་པས། གུ་རུའི་ལུང་བཞིན། ཆུ་རྟ་སྤྲེལ་ཟླའི་ཚེས་བཅུའི་ཉིན་ཁྱུང་ཆེན་བྲག་ནས་འཇམ་དཔལ་གཤིན་རྗེའི་སྒྲུབ་སྐོར་རྫས་དང་ཕུར་པ་སོགས་སྤྱན་དྲངས་ཤིང་། གཞན་ཡང་གཏེར་གནས་དེ་དང་བྲག་རི་མོ་ཅན། ནམ་སྙིང་སྒྲུབ་ཕུག །ཟིལ་ཆེན་གསང་ཕུག །གངས་བར་ཕུག་མོ་ཆེ། མགོན་པོ་གདོང་གི་བྲག །སྨན་ཆུ་བྲག་རྣ་རིང་དམར་གྱི་ཕ་བོང་། དོམ་ཚང་བདེ་མཆོག་ཕུག །མདའ་ཚ་ཟེར་གྱི་ཕུག །མཁོ་མཐིང་རྣམ་སྣང་སྐུ་རྒྱབ། བན་པ་གླང་རོང་། བན་པའི་ཆུ་མིག་དམར་པོ། ཁ་རག་ཕུག །ལྷོ་བྲག་སྣ་བོ་བྲག །ལྷོ་བྲག་གཏམ་ཤུལ་བྲག་སྲིན་མོ་སྦར་རྗེས་ཅན། སྲིན་མོ་ནག་པོའི་བྲག །ཨེ་གཟར་པོའི་བྲག །ཨེ་རོང་ཁྲབ་ལ་ཁ། འཇའ་ཚོན་བྲག །ཚེ་ལམ་དཔལ་རི་སོགས་ཀྱི་གཏེར་གནས་རྣམས་ནས། སྐུ་རྟེན་སྐུ་ཚབ། གསུང་རྟེན་གཏེར་ཤོག །ཐུགས་རྟེན་ཕྱག་མཚན། དམ་རྫས་མྱོང་གྲོལ། ཚེ་རིལ་སོགས་བསམ་གྱིས་མི་ཁྱབ་པའི་གཏེར་བཏོན་ཅིང་། འབུམ་གྱི་རྒྱ་དཔེ་ཚང་མའང་བཏོན་པར་གྲགས། གཏེར་ཆོས་ཚེ་ཁྲིད་ཡིད་བཞིན་མེ་ལོང་། ཇོ་མོ་ཁ་རག་ནས་གདན་དྲངས་པའི་བཀའ་བརྒྱད་དྲེགས་པ་འཇོམས་བྱེད། ཞིང་སྐྱོང་སྐོར་ལྔ་སོགས་མཐའ་ཡས་པར་སྤྱན་དྲངས་ཚུལ་གཏེར་འབྱུང་དུ་བཤད་ལ། སྐུ་ཚེའི་ཚད་ཀྱང་བདུན་ཅུ་དོན་བརྒྱད་བར་དུ་བཞུགས་པའི་ལུང་བསྟན་ཡོད་དེ། ཇི་སྐད་དུ། བདུན་ཅུ་དོན་བརྒྱད་ཚེ་ཡང་མཐར་ཕྱིན་འགྱུར༔ དེ་ནས་ཤེལ་བྲག་ཕྱོགས་སུ་མྱ་ངན་འདའ༔ ཕུང་པོ་འདི་ཉིད་ལྷ་སར་གཏེར་དུ་སྦོས༔ དེ་ནས་ཀོང་པོ་བུ་ཆུའི་གཏེར་ཞབས་དྲིལ༔ ལས་ལུས་མ་ཡིན་དག་པ་ཡེ་ཤེས་ལུས༔ ཞེས་སོགས་གསུངས་ཀྱང་ལུང་བསྟན་དང་རྗེས་མཐུན་གྱི་རྟེན་འབྲེལ་བསྒྲིག་ཕྱོགས་མ་མཛད་པའི་རྐྱེན་གྱིས་གཏེར་ལུང་ལས་གསུངས་པ་དག་ཕྱོགས་གཞན་དུ་ཕུལ་ཏེ་དགུང་ལོ་སོ་གཅིག་པ་ལ་གཞན་དབང་གིས་རྐྱེན་ལམ་དུ་གཤེགས། སློབ་བརྒྱུད་ཀྱང་ལུང་བསྟན་ལྟར་ན་ཆོས་བདག་མང་དུ་ཡོད་ཀྱང་རྟེན་འབྲེལ་རང་དབང་དུ་མ་གྱུར་པས་ཐམས་ཅད་མ་འདུས་ཀྱང་། བྱང་ཆུབ་གླིང་པ་སྣ་ཚོགས་རང་གྲོལ་དང་། དཀར་པོ་བསྟན་འཛིན་ནོར་བུ་སོགས་དང་མཇལ། ཆོས་བརྒྱུད་དང་འགྲོ་དོན་སོགས་ཀྱང་ཅུང་ཟད་ལས་རྒྱ་ཆེར་མ་འཕེལ། དེའི་སྐུ་སྐྱེ་ནི་ཀོང་པོ་བུ་ཆུར་འཁྲུངས་པ་བུ་སློབ་རྣམས་ཀྱིས་རང་གནས་སུ་སྤྱན་དྲངས། རྒྱལ་དབང་དབང་ཕྱུག་རྡོ་རྗེ་ལ་གཙུག་ཕུད་ཕུལ། ཕྲེང་པོ་གཏེར་ཆེན། ཞིག་གླིང་། འབྲི་གུང་པ་ཆོས་རྒྱལ་ཕུན་ཚོགས་སོགས་མང་པོའི་ཞབས་ལ་གཏུགས་ནས་གསང་སྔགས་གསར་རྙིང་བཀའ་གཏེར་གྱི་དབང་ལུང་རྒྱ་ཆེར་གསན་སྦྱང་མཛད་པས་སྤྱིར་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོར་གྱུར་ཀྱང་ཟབ་གཏེར་འདོན་པའི་རྟེན་འབྲེལ་་་་་་ཕྱག་ཏུ་བཞེས་རྒྱུ་མ་བྱུང་བས་དགུང་ལོ་སོ་དགུ་པ་ལ་ངོ་མཚར་བའི་ལྟས་དང་བཅས་ཏེ་གཤེགས། དེའི་སྤྲུལ་སྐུ་མོན་མེལ་པོར་འཁྲུངས་ཏེ་སྐུ་ཐོག་གསུམ་བྱོན་པར་གྲགས། འདིའི་ཟབ་གཏེར་གྱི་གཙོ་བོ་ནི་མཁའ་འགྲོ་དགོངས་པ་འདུས་པ་སྟེ་གཞུང་རྒྱུད་མན་ངག་གི་སྐོར་རྣམས་སྐུ་ཕྲེང་གསུམ་གྱིས་རིམ་པར་བཞེས་པ་ལ་པུསྟི་དྲུག་ཡོད་པར་གྲགས་ཀྱང་ཕྱིས་འདིར་སྨིན་གྲོལ་གྱི་རྒྱུན་མ་བྱུང་བར་མངོན། བར་སྐབས་ཚེ་ཁྲིད་ཡིད་བཞིན་མེ་ལོང་གི་རྒྱུན་ཡོད་པར་སྣང་ཡང་ད་ལྟ་ནི་དཔེའང་མཇལ་དུ་མི་སྣང་། གསོ་དཔྱད་བདུད་རྩི་ཚེ་བུམ་ཙམ་གྱི་ལུང་རྒྱུན་ཐོས་ཤིང་ཕྱིས་མཆོག་གྱུར་བདེ་ཆེན་གླིང་པའི་མཁའ་འགྲོ་དགོངས་འདུས་སྙིང་པོ་ཐོབ་པའང་ཆུ་བོ་གཅིག་འདྲེས་སུ་བྱར་རུང་བར་མངོན། ལྷག་པར་རྗེ་བླ་མ་མདོ་སྔགས་གླིང་པར་ཡང་གཏེར་གྱི་ཤོག་སེར་དངོས་སུ་བྱུང་བ་ལྟར་སྙིང་པོ་ཙམ་ཞིག་གཏན་ལ་ཕབ་པས་ཕྱོགས་འདིར་ཡང་སྐལ་བཟང་དུ་གྱུར་ཏོ། །དེ་ལྟར་སྤྲུལ་པའི་གཏེར་ཆེན་སངས་རྒྱས་བླ་མ་ནས་བདེ་ཆེན་གླིང་པའི་བར་ཐང་ཡིག་ཆེན་མོའི་དངོས་བསྟན་བཞི་བཅུ་རྩ་བདུན་གྱི་རྣམ་ཐར་ས་བོན་གང་རྙེད་ཅུང་ཟད་ཙམ་རྒྱས་པར་བཀོད་པ་ཡིན་ལ། དེའང་སྔ་ཕྱི་གོང་འོག་འཆོལ་བ་མང་དུ་སྣང་མོད་འོག་ཏུ་སྔ་ཕྱིའི་དུས་སྒྲིག་འཆད་པར་འགྱུར་བ་ལས་འདིར་ནི་ཤེལ་བྲག་མའི་དངོས་བསྟན་ཉིད་མ་བཅོས་པར་བཀོད་པ་ཤེས་དགོས་སོ། །སངས་གླིང་གཏེར་མའི་བཀའ་ཐང་ལེའུ་བརྒྱ་བཅུ་བདུན་པ་ལས། ཨོ་རྒྱན་གླིང་པའི་གོང་དུ་སངས་རྒྱས་གླིང་པ་འབྱུང་ཚུལ་དུས་རྟགས་བཅས་ཡོད་ལ་རིན་ཆེན་གླིང་པ་ཕྱི་མ་མི་འབྱུང་། ཐམས་ཅད་ཀྱི་མཐར་གཏེར་སྟོན་མི་འགྱུར་རྡོ་རྗེ་དུས་རྟགས་བཅས་ལུང་བསྟན་པ་དང་། བཀའ་ཐང་གཞན་ལས། གཏེར་སྟོན་རྡོ་རྗེ་གྲོ་ལོད་ཅེས་བྱ་འབྱུང༔ ཞེས་དུས་རྟགས་དང་བཅས་འབྱུང་བའི་རྡོ་རྗེ་གྲོ་ལོད་ནི་མངའ་རིས་རིག་འཛིན་ཆེན་པོའི་གསང་མཚན་ཡིན་པས་མཁས་པ་རྣམས་ཀྱིས་དེ་ལ་ངོས་འཛིན་པ་དང་། བདུད་འདུལ་བཀའ་ཐང་ལས་སྙིང་པོ་རྣམ་ལྔས་མཚོན་པའི་རྣམ་གྲངས་ཤིན་ཏུ་མང་པོ་གསུངས་པ་སོགས་མཐའ་གཅིག་ཏུ་མ་ངེས་སོ། །ད་ནི་དེར་མ་གསལ་བའི་གཏེར་ཆེན་གཏེར་ཕྲན་ཤིན་ཏུ་མང་བ་སྔ་ཕྱིར་བྱོན་ནའང་རང་ཉིད་ཀྱིས་རྒྱུན་ཐོབ་པ་གཙོར་བཏོན། ཆོས་འབྱུང་སྔ་མ་རྣམས་སུ་འབྱུང་བ་ཅི་རིགས་པས་ཁ་བསྐངས་ཏེ་རིམ་པར་འཆད་པའི་ཐོག་མར། ༈ གཏེར་སྟོན་རྒྱ་བན་རྡོ་རྗེ་འོད་ནི། གཙང་ཉང་རོར་བསྟན་པ་སྔ་དར་གྱི་མཇུག་ཙམ་ལ་སྐུ་འཁྲུངས། རྟེན་སྔགས་འཆང་། མཚན་ཨ་ཁུ་སྟོན་པ་ཞེས་བླ་དྭགས་སུ་གྲགས། སྐུ་ན་བགྲེས་པོའི་སྐབས་སུ་རྒྱུད་པ་རྣམས་ཀྱིས་ཞབས་ཏོག་གྲུབ་མ་བཏུབ་པས་ཐུགས་སྐྱོ་སྟེ་ལྷོ་བྲག་མཁར་ཆུར་སྒྲུབ་པ་ལ་བྱོན་པའི་ལམ་ཁར་ཡར་འབྲོག་སྒང་དུ་འབྲོག་མི་དཔལ་གྱི་ཡེ་ཤེས་ཡབ་སྲས་དང་མཇལ། མཁར་ཆུར་ཕེབ་ནས་སྒྲུབ་པ་ལ་གཞོལ་བའི་སྐབས་སུ་ལུང་བསྟན་བྱུང་བ་ལྟར་དཔལ་གྱི་ཕུག་རིང་བྲག་མདའ་སྒྲོ་ཅན་ནས་སྨན་རྟག་ངུའི་བཅུད་ལེན་མཆོག་ཏུ་ཟབ་པའི་སྐོར་རྣམས་གདན་དྲངས་ཤིང་ཕྱག་ཏུ་བསྟར་བས་ཚེ་དང་ལུས་ཀྱི་བཅུད་ལེན་གྲུབ་ཅིང་སྐུ་གཞོན་ནུར་གྱུར་ཏེ་དགུང་ལོ་སུམ་བརྒྱར་བཞུགས་པར་གྲགས་ཀྱང་དེའི་ཕྱེད་ལོ་བརྩིས་པ་ཙམ་ངེས་པར་བཞུགས་པར་སྣང་། འདིའི་ལུང་ཕྱག་ལེན་གྱི་རྒྱུན་ད་ལྟའི་བར་བཞུགས་པ་ཁོ་བོས་ཀྱང་སྐལ་བཟང་དུ་ནོས་ཏེ་རིན་ཆེན་གཏེར་གྱི་མཛོད་ཆེན་པོར་བཞུགས་སུ་གསོལ་བ་ཡིན་ནོ། ༈ །གུ་རུ་ཧཱུྃ་འབར་ནི་སྟག་སྡེར་བོན་གཤེན་གྱི་རིགས་སུ་འཁྲུངས། རྟེན་སྔགས་པ། དེས་མངའ་རིས་ཐོ་ལིང་གཙུག་ལག་ཁང་གི་དཔལ་རྟ་མགྲིན་གྱི་ཐུགས་ཀ་ནས་གཟའ་བདུད་མོན་པ་ཀེ་ཏའི་གདམས་སྐོར་ཤིན་ཏུ་ཟབ་ཅིང་རྣོ་མྱུར་ཚན་ཆེའི་དྲག་སྔགས་རྣམས་གདན་དྲངས་ནས་སྟག་སྡེའི་གྲགས་པ་རྒྱལ་མཚན་ལ་གནང་། དེས་པུ་རང་གི་བཙད་པོ་ལྷ་བླ་མ་ཡེ་ཤེས་འོད་ལ་ཕུལ་བས་མཉེས། དེས་གཙང་སྒྱེར་ཕུའི་ཀློག་སྐྱ་སྟོན་པ་ལ་གནང་། དེ་ནས་རིམ་པར་བརྒྱུད་པའི་གདམས་ངག་གི་རྒྱུན་ཡང་ནོས་སོ། ༈ །ལྷ་བཙུན་བྱང་ཆུབ་འོད་ནི། མངའ་བདག་གདུང་རྒྱུད་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དབོན་པོར་འཁྲུངས། རྟེན་དགེ་སློང་དུ་བཞུགས། མདོ་སྔགས་ཐམས་ཅད་ལ་མཁྱེན་པ་རྒྱས་ཤིང་ལོ་ཙཱ་བ་ཡང་མཁས་པར་མཁྱེན། ཇོ་བོ་རྗེ་བོད་དུ་སྤྱན་དྲངས་པས་བོད་ཁམས་སྤྱི་ལ་བཀའ་དྲིན་ཕུལ་དུ་བྱུང་། བསམ་ཡས་ཀྱི་ཀ་བའི་ཆོལ་ནས་པུ་ཏྲ་མིང་སྲིང་གི་སྒྲུབ་ཐབས་འབོད་རྦད་བསད་གསུམ་གཅིག་ཏུ་དྲིལ་བའི་གདམས་པ་ཁྱད་པར་ཅན་སྤྱན་དྲངས་པ་ལ་སྒྲུབ་ཐབས་ཀ་བཀོལ་མར་གྲགས་ཏེ་ལོ་ཆེན་རིན་ཆེན་བཟང་པོ་ནས་རིམ་པར་བརྒྱུད། དཔལ་ལྡན་ས་སྐྱ་བའི་མགོན་པོད་དུ་དཔེ་ལུང་རྒྱུན་མ་ཆད་པར་བཞུགས། སྤྱིར་ལྷ་བླ་མ་ཁུ་དབོན་འདི་རྣམས་ཀྱི་རིང་ལ་ལྷ་ས་དང་བསམ་ཡས་ལ་སོགས་སྔོན་ཆོས་རྒྱལ་མེས་དབོན་རྣམས་ཀྱིས་བཞེངས་པའི་གཙུག་ལག་ཁང་རྣམས་ཉམས་པ་གསོ་བ་དང་། འུ་ཤང་རྡོའི་གཙུག་ལག་ཁང་མེས་ཚིག་པའི་ཤུལ་དུ་ལྷ་ཁང་གསར་བཞེངས་དང་། ཐོ་ལིང་གསེར་གྱི་ལྷ་ཁང་སོགས་བཞེངས་ཤིང་། པཎྜི་ཏ་མང་པོ་སྤྱན་དྲངས་ནས་བསྟན་པའི་ཉམས་གསོ་མཛད་པས་ཕྱག་རྗེས་ཤིན་ཏུ་ཆེ་བ་ཡིན་འདུག་གོ ༈ །སངས་རྒྱས་སྣང་བ་མཐའ་ཡས་དང་གུ་རུ་པདྨ་དབྱེར་མེད་པའི་རྣམ་འཕྲུལ་ས་གསུམ་དུ་གྲགས་པས་ཁྱབ་པའི་དཔལ་ལྡན་ཇོ་བོ་རྗེ་དཱི་པཾ་ཀ་ར་ནི་འཕགས་བོད་གཉིས་ན་ཡོངས་སུ་གྲགས་པའི་མཁས་གྲུབ་ཆེན་པོ། བྱང་ཆུབ་སེམས་ཀྱི་མངའ་བདག་བོད་ཁམས་ལ་བཀའ་དྲིན་ལྷག་པར་ཆེ་བ་སྟེ། རྣམ་ཐར་གྲགས་ཆེ་བས་འདིར་མ་བཀོད་ཅིང་། རྗེ་བཙུན་སྒྲོལ་མས་ལུང་གིས་བསྐུལ་ཞིང་བོད་ཀྱི་རྒྱལ་པོས་སྤྱན་དྲངས་པ་ལྟར་གངས་ཅན་དུ་ཕྱགས་ཕེབས། སངས་རྒྱས་ཀྱི་བསྟན་པའི་ག་དར་མཛད་ཅིང་ཉམས་པ་རྨང་ནས་གསོས། ལྷ་སར་རང་བཞིན་གྱི་རྣལ་འབྱོར་མ་ཕལ་པའི་སྣང་ངོར་སྨྱོན་མར་བརྫུ་བ་ཞིག་གིས་ལུང་བསྟན་ཏེ་ཀ་བ་བུམ་པ་ཅན་ནས་འདོམ་ཕྱེད་གཞལ་བའི་ས་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་ཆེམས་ཀྱི་ཡི་གེ་ཆེན་པོ། བཙུན་མོ་རྣམས་ཀྱིས་བཀོད་པའི་ལོ་རྒྱུས་དར་དཀར་གསལ་བ། བློན་པོ་རྣམས་ཀྱིས་བྱས་པའི་ལོ་རྒྱུས་ཟླ་བའི་འདོད་འཇོ་བཅས་དཀར་ཆག་ཤོག་དྲིལ་གསུམ་བཞེས། གཏེར་སྲུང་གཉན་པས་དེ་ཉིན་རང་དུ་རྣལ་འབྱོར་པ་སོགས་མི་བཞིས་ཞལ་བཤུས། དོ་ནུབ་སླར་སྦ་དགོས་པས་ལྷག་མ་བག་ཙམ་ལུས་པར་བཤད། ཇོ་བོས་རྣལ་འབྱོར་པ་ཆེན་པོ་ལ་གཏད། དེས་བྱ་ཡུལ་པ། དེས་ཐུགས་རྗེ་ཆེན་པོའི་ཆེ་བའི་ཡོན་ཏན་ཞིག་ལྷ་སའི་དཀོར་གཉེར་ལ་གནང་། མཐིང་ཤོག་ལ་གསེར་གྱིས་བྲིས་པའི་བུ་ཡིག་གདུང་རྟེན་དང་མ་ཕྱི་གློ་འབུར་གྱི་རྟ་མགྲིན་ལྡེར་སྐུ་ལ་བཅུག་སྐད། གཞན་ཡང་ཇོ་བོ་འདིས་འཕགས་ཡུལ་ནས་ཀྱང་བྷེ་ཏ་པདྨ་ཅན་གྱི་ལྷ་ཁང་ནས་གཙུག་ཏོར་སྡེ་ལྔའི་རྒྱལ་མཚན་འཛུག་པའི་ཆོ་ག་སོགས་གཏེར་ནས་བཞེས་པའང་གྲགས་སོ། ༈ །སྐབས་འདི་ཙམ་དུ་མངའ་རིས་པུ་ཧྲང་དུ་བྱོན་པའི་ཞང་བཙུན་དར་མ་རིན་ཆེན་གྱིས་རེ་ཏི་རང་བྱུང་རྒྱལ་མོའི་གསང་སྒྲུབ་ཀྱི་སྐོར་སྤྱན་དྲངས་ཏེ་རིམ་པར་བརྒྱུད། རྗེ་དུས་གསུམ་མཁྱེན་པ་ནས་ད་ལྟའི་བར་བརྒྱུད་པ་བར་མ་ཆད་པར་བྱོན་ཏེ་བཀའ་རྒྱུད་ཀཾ་ཚང་གི་བསྟན་སྲུང་གི་གཙོ་བོར་བཞུགས་སོ། ༈ །ལོ་ཆེན་བཻ་རོ་དངོས་བྱོན་གངས་རིའི་ལྗོངས་ཙམ་ན་ཕུལ་དུ་བྱུང་བའི་པཎྜི་ཏ་ཆེན་པོ་རོང་ཟོམ་ཆོས་ཀྱི་བཟང་པོས་ཀྱང་ཟབ་གཏེར་འགའ་ཞིག་བཞེས་པར་གྲགས་ཀྱང་བར་སྐབས་ནས་རྒྱུན་བྱུང་མིན་མ་ངེས། ཕྱིས་འདིར་རྗེ་བླ་མ་མདོ་སྔགས་གླིང་པར་མཁའ་འགྲོ་མ་རིགས་བྱེད་རྩལ་གྱི་གསང་སྒྲུབ་ཀྱི་གཞུང་ངོ་མཚར་ཅན་ཡང་གཏེར་དུ་བབས་པ་ཁོ་བོས་ཀྱང་སྐལ་པ་བཟང་པོའི་དཔྱིད་དུ་ནོས་ཤིང་། རོང་པ་ཆེན་པོའི་རྣམ་པར་ཐར་པ་ནི་རྒྱ་ཆེར་ཡོངས་སུ་གྲགས་པས་འདིར་སྨོས་མ་དགོས་སོ། ༈ །ཨོ་རྒྱན་ཆེན་པོའི་དུས་སུ་ཉིད་དང་དབྱེར་མེད་པར་བྱིན་གྱིས་བརླབས་པ་ཨོ་རྒྱན་གྲུབ་པའི་སྙིང་པོའི་རྣམ་འཕྲུལ་རྡོར་འབུམ་ཆོས་ཀྱི་གྲགས་པ་ནི། ཡུལ་མངའ་རིས་སུ་འཁྲུངས། ཡབ་ཡུམ་འབྱོར་པ་དང་ལྡན་པས་གསེར་གྱི་རྡོ་རྗེ་གཅོད་པ་དང་རྒྱས་པ་འབུམ་བཞེངས་པའི་དུས་སུ་འཁྲུངས་པས་མཚན་རྡོ་རྗེ་འབུམ་དུ་བཏགས། རབ་ཏུ་བྱུང་བའི་མཚན་ཆོས་ཀྱི་གྲགས་པ། གཏེར་ལུང་ལས། འོད་ཀོར་རྨ་བྱའི་མདོངས་མཐའ་ཅན༔ ཞེས་གསུངས་པ་ནི་དཔྲལ་བར་ཐིག་ལེ་རྨ་བྱའི་མདོངས་ལྟ་བུ་ཡོད་པས་དེ་ལྟར་གྲགས། འདིས་བྱང་མཐའ་འདུལ་པྲ་དུན་རྩེའི་གཙུག་ལག་ཁང་གི་རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་ཐུགས་ཀ་ནས་གསོ་དཔྱད་བདུད་རྩི་བུམ་ཆེན་གྱི་སྐོར་རྩ་བ་དང་། བྱམས་སྤྲིན་རྡོ་སྐུའི་འོག་ནས་ཁ་སྐོང་ཟུར་བཀོལ་འགའ་ཞིག་དང་། གུར་ཆུང་མགོན་པོའི་ཐུགས་ཀ་ནས་བདུད་རྩི་བུམ་ཆུང་གི་སྐོར་རྣམས་སྤྱན་དྲངས་པའི་དབང་ལུང་ཕྱག་བཞེས་ཀྱི་རྒྱུན་མ་ཉམས་པ་དེང་སང་བར་བཞུགས་པས་གངས་ཅན་ཕན་བདེའི་རྩ་ལག་བླ་ན་མེད་པར་གྲུབ་བོ། ༈ །གཏེར་སྟོན་སངས་རྒྱས་འབར་ནི། སངས་རྒྱས་བླ་མའི་རྒྱུད་དུ་འཁྲུངས། ལ་སྟོད་ཁ་ཆུ་དང་གློ་བོ་ཐང་འབར་སོགས་ནས་ཕྱག་རྡོར་གཏུམ་པོ་དང་རྟ་མགྲིན་སྐོར། གསང་སྔགས་ལམ་རིམ་གཞུང་རྩ་བ་མན་ངག་དང་བཅས་པ། རྒྱལ་ཆེན་སྡེ་བཞིའི་སྒྲུབ་ཐབས། མཁའ་འགྲོ་ནོར་བུའི་ཕྲེང་བ་སོགས་སྤྱན་དྲངས་པར་གྲགས་ཀྱང་ཐོག་སྔས་པས་བར་སྐབས་ནས་རྒྱུན་མ་བཞུགས། ༈ དྲག་སྔགས་མཁན་པོ་སེ་སྟོན་རིང་མོ་འདིའི་གཏེར་གྱི་ཁ་བྱང་ལྷ་བཙུན་སྔོན་མོ་ལས་བྱུང་སྟེ། ལྷ་བཙུན་གྱིས་བཙུན་པ་གཉིས་ལ་གཏེར་གྱི་ཁ་བྱང་བསྐུར་ནས་གཏེར་འདོན་དུ་བཏང་བས། ལྷོ་སྤ་གྲོ་གཅལ་གྱི་བྲག་རྩར་བཙུན་པ་གཉིས་ལྷོ་ཧ་པས་བསད། ཁ་བྱང་འཁྱར་བ་སེ་སྟོན་རིང་མོའི་ཕྱག་ཏུ་བྱུང་བས། སྤ་གྲོ་གཅལ་གྱི་བྲག་དམར་གཏིང་རིང་ཕུག་པ་ནས། མུ་སྟེགས་པར་བུ་ལས་བདུན་རྒྱུད་མན་ངག་དང་བཅས་པ། ཨོ་རྒྱན་ཆེན་པོས་བསྟན་པའི་བཙས་སུ་བཞག་པའི་དྲག་སྔགས་ཐུན་མོང་མ་ཡིན་པའི་སྐོར་རྣམས་སྤྱན་དྲངས་པར་གྲགས་ཀྱང་རྒྱུན་བཞུགས་པ་མ་མཐོང་། ༈ རྒྱ་ཕུར་བུ་ནི། ལྷོ་བྲག་ཏུ་འཁྲུངས། རུས་རྒྱ། མཚན་ཕུར་བུ་མགོན། རྟེན་སྔགས་དཀར། འདིས་ཨོ་རྒྱན་ཆེན་པོས་གནམ་ལྕགས་རྡོ་རྗེ་ཀླུ་འདུལ་དང་། གཏུམ་པོ་ཐུགས་ཀྱི་རྒྱུད་སོགས་ཀྱི་བཅུད་ཕྱུངས་ཏེ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་སྐུའི་སྲུང་མར་གནང་བ། ལྷ་བཙན་པོས་ཕྱི་རབས་ཀྱི་དོན་དུ་མོན་ཡུལ་བུམ་ཐང་དགེ་གནས་དང་། སྤ་གྲོ་སྐྱེར་ཆུར་གཏེར་དུ་སྦས་པ་ལས་གཏེར་གནས་ལ་གྲས་ཏེ་མཚན་བཏགས་པ་དུག་ཁྲག་བུམ་ཐང་མ་དང་། ནུས་སྟོབས་ལ་བསྔགས་པ་ལྕགས་སྡོང་མ་སྟེ། གཏེར་ཁ་གཉིས་ཕྱོགས་གཅིག་ཏུ་དྲིལ་བས་དེང་སང་བུམ་ལྕགས་ལྷན་དྲིལ་དུ་གྲགས་པའི་སྐོར་རྣམས་གདན་དྲངས་ཤིང་གཏེར་སྟོན་ནས་རིམ་བརྒྱུད་རིག་འཛིན་རྒོད་ལྡེམ་ཅན་ལ་བཀའ་བབས་ཤིང་དེ་ནས་རིམ་པར་བརྒྱུད་ནས་བྱང་བདག་དབང་པོའི་སྡེས་གསན་ཅིང་དབང་པོའི་སྡེས་ཡིག་ཆ་འགའ་ཞིག་ཀྱང་མཛད་པ་ཡོད་ལ། རྭ་སྲུང་གི་རྗེས་གནང་དང་། ཡིག་ཆའི་ལུང་ཕྱག་ལེན་བཅས་དེང་སང་གི་བར་དུ་མ་ཉམས་པར་བཞུགས་པ་ཁོ་བོས་ཀྱང་ནོས་སོ། ༈ །དགེ་བཤེས་དྲང་རྡོ་རྗེ་ཀུན་གྲགས་ཀྱིས། ཉུག་གི་རྡོ་རྗེ་སྒྲོམ་བུ་སོགས་ནས་དཔལ་མགོན་སྟག་ཞོན་ནག་པོའི་ཆོས་སྐོར་སྤྱན་དྲངས་པ། ཕྱིས་སུ་ཚར་ཆེན་རིན་པོ་ཆེ་སོགས་ལ་བཀའ་བབས་ཤིང་དེང་སང་ངོར་ཨེ་ཝཾ་ཐར་རྩེ་བའི་བསྟན་སྲུང་གི་གཙོ་བོར་མཛད་ཀྱང་རྗེས་གནང་ཙམ་ལས་གཏེར་གཞུང་གི་རྒྱུན་ནི་མི་བཞུགས། ༈ ལྷ་རྗེ་གནུབས་ཆུང་ནི། གཙང་རོང་ཁུ་ལུང་དུ་གནུབས་ཡེ་ཤེས་རྒྱ་མཚོའི་སྲས་སུ་འཁྲུངས། རྟེན་སྔགས་འཆང་། དྲག་སྔགས་ཀྱི་ནུས་པ་ཤིན་ཏུ་ཆེ་བར་གྲགས། ལྷོ་བྲག་མཁོ་མཐིང་ནས་གནུབས་ཀྱི་དྲག་སྔགས་མཐར་ཐུག །ཡང་ཟློག་མེའི་སྤུ་གྲིའི་སྐོར་རྣམས་སྤྱན་དྲངས་ཏེ་ཞང་ཁྲོམ་སོགས་ལ་གནང་བ་རིམ་པར་བརྒྱུད། ད་ལྟའི་བར་རྙིང་བསྟན་སྐྱོང་བའི་རྡོ་རྗེ་འཛིན་པ་རྣམས་ཀྱི་ཕྱག་ཆར་བཞུགས་ཤིང་། འདི་ལ་གཙོ་བོར་བརྟེན་ནས་འཇམ་དཔལ་གཤིན་རྗེ་གཤེད་ཀྱིས་དངོས་སུ་རྗེས་སུ་བཟུང་པ་དཔལ་འབྲི་གུང་ཆོས་ཀྱི་གྲགས་པས་སྨིན་གྲོལ་ཡན་ལག་དང་བཅས་རྒྱ་ཆེར་སྤེལ་བ་ཡང་ཟློག་འབྲི་ལུགས་སུ་གྲགས་པ་སྟེ་དེ་དག་གི་རྒྱུན་ཁོ་བོས་ཀྱང་རྫོགས་པར་ནོས། ༈ སྔགས་འཆང་རྒྱ་སྟོན་བརྩོན་འགྲུས་སེང་གེ་དར་ནི་རུས་རྒྱ། གནུབས་སངས་རྒྱས་ཡེ་ཤེས་ཀྱི་སྤྲུལ་པ་ཡིན། འདིས་སྤ་གྲོ་གཅལ་གྱི་བྲག་དམར་སྟག་ཚང་ཁོལ་མ་ནས་གཤིན་རྗེ་དོང་བདག་ཤན་པ་ལག་རིང་། རྡོ་རྗེ་བྲག་བཙན་དང་། ཇོ་བོ་ཨ་བྲག་སོགས་སུ་གྲགས་པའི་གདམས་སྐོར། ཞག་བདུན་གྱིས་བསྟན་དགྲ་ཚར་གཅོད་པར་བྱེད་པའི་སྐོར་རྣམས་གདན་དྲངས། གཤིན་རྗེའི་སྐོར་རྒྱུན་བཞུགས་པ་མ་མཐོང་། བྲག་བཙན་སྐོར་དཔལ་ལྡན་འབྲུག་པའི་བསྟན་སྲུང་མཆོག་ཏུ་བཞུགས་པར་སྣང་། ༈ ལྕེ་བཙུན་སེང་གེ་དབང་ཕྱུག་ནི། ཡུལ་ཉང་རོ་གཉན་ཚོའི་ལྕེ་ཐུབ་པའི་དབང་པོ་ཞེས་པའི་སྲས་གཞོན་ནུ་ནས་ཐོས་པའི་ཕ་རོལ་ཏུ་སོན། གནས་བརྟན་ལྡང་མ་ལྷུན་རྒྱལ་དང་མཇལ་ཏེ་ཁ་རག་ཏུ་རྫོགས་ཆེན་གྱི་གདམས་པ་རྫོགས་པར་གསན། སློབ་དཔོན་འདས་ནས་གཏེར་དཔེ་རྙིང་པ་རྣམས་ལང་གྲོ་འཆད་པ་སྟག་འདྲ་དང་། འོ་ཡུག །བྱར་གྱི་ཕུ་བཅས་གཏེར་ཁ་གསུམ་དུ་སྦས། གནས་འཕོ་ཞིང་སྒོམ་པའི་ཚེ་མནལ་ལམ་དུ་བི་མ་མི་ཏྲས་ལུང་བསྟན་པ་ལྟར་བསམ་ཡས་མཆིམས་ཕུར་བྱོན། སྙིང་ཐིག་ཟབ་པ་པོད་བཞི་གཏེར་སྲུང་གིས་ཕུལ་བ་བསྣམས་ནས་འོ་ཡུག་ཕྱི་གོང་རྫའི་ར་བར་བཞུགས་པའི་ཚེ་བི་མ་མི་ཏྲ་དངོས་སུ་བྱོན་ནས་ཟླ་བ་ཕྱེད་དུ་བཞུགས་ཤིང་དབང་ཁྲིད་གདམས་ངག་རྫོགས་པར་གནང་། གནས་དེ་ཉིད་དུ་ལོ་བདུན་བསྒོམས་པས་ཕུང་པོ་ལྷག་མེད་གྲུབ། སྤྲུལ་སྐུ་ཞང་སྟོན་ལ་གདམས་ངག་རྫོགས་པར་གནང་། ལོ་བརྒྱ་དང་ཉི་ཤུ་རྩ་ལྔ་ལོན་ནས་ནམ་མཁར་འོད་ཕུང་དུ་གཤེགས་སོ། །གཏེར་སྦས་པའི་ལོ་སུམ་ཅུ་ན་རོང་མནར་མདའི་ལྕེ་སྒོམ་ནག་པོས་འོ་ཡུག་གི་གཏེར་ཕྱུངས་ཏེ་རང་ཉམས་སུ་བླངས་ཤིང་གཞན་ལའང་བཤད། ཞང་སྟོན་བཀྲ་ཤིས་རྡོ་རྗེས་བྱར་གྱི་ཕུའི་བྲག་དཀར་ཐེམ་པ་འདྲ་བ་ནས་གསང་བ་བླ་མེད་ཀྱི་སྐོར་རྣམས་སྤྱན་དྲངས། ལང་གྲོའི་འཆད་པ་ནས་ཤངས་པ་རས་པས་གདམས་ངག་འགའ་ཞིག་ཕྱུངས་ནས་དར་རྒྱས་བྱུང་བར་བཤད། མདོར་ན་བི་མའི་མན་ངག་སྙིང་ཐིག་ཆེན་མོ་བཀའ་མ་སྙན་བརྒྱུད་ཐིག་ལེ་གསང་སྐོར་སྦས་བློ་གྲོས་དབང་ཕྱུག་ནས་རིམ་པར་བརྒྱུད་པ་དང་། གཏེར་མ་གོང་སྨོས་གཏེར་སྟོན་ལྔས་བཏོན་པ། རྒྱ་ཆེ་བ་རྒྱུད་བཅུ་བདུན་སོ་སོའི་དགོངས་འགྲེལ་དང་བཅས་པ། བཀའ་སྲུང་ནག་མོ་ཁྲོས་མའི་རྒྱུད་དེ་བཅོ་བརྒྱད། མན་ངག་གི་ཡི་གེ་བརྒྱ་དགུ་བཅུ། ཟབ་པ་པོད་བཞི་བཅས་སྔོན་དུས་དར་རྒྱས་སུ་བྱུང་ནའང་དེང་སང་རྒྱུད་སྐོར་ཚང་མ་དང་། མན་ངག་སྐོར་ཐོར་བུ། ཟབ་པ་བོད་བཞི་ཙམ་གྱི་རྒྱུན་སྣང་བ་ཁོ་བོས་ཀྱང་ནོས། ཁྱད་པར་རྗེ་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེ་དགུང་གྲངས་ཉེར་བཞི་པར་མཁའ་འགྲོ་ཕྱི་གོང་རྫའི་ར་བ་དང་ཉེ་བའི་གཙང་རུ་མཚམས་འོ་ཡུག་ཤུག་པའི་གླིང་གི་ཐད་དུ་ཕེབ་སྐབས། སྔོན་ལྕེ་བཙུན་ཆེན་པོ་འོད་སྐུར་གཤེགས་པའི་སྐབས་ཀྱི་གནས་དུས་སྟོན་འཁོར་འདས་དུས་ཀྱི་ཆོས་འཁོར་བསྐོར་བ་བཅས་ཀྱི་ངང་ཚུལ་ཤིན་ཏུ་གསལ་བ་ལྟར་རྗེས་དྲན་གྱི་ཚུལ་དུ་གཏན་ལ་ཕབས་པའི་དུས་གསུམ་མཁྱེན་པ་བི་མ་ལའི་ཟབ་ཏིག་མན་ངག་རྒྱལ་པོ་ཀློང་ལྔའི་ཡི་གེ་དུམ་བུ་གསུམ་པ་ཞེས་ཟབ་འདྲིལ་ངོ་མཚར་བྱིན་རླབས་ཅན་དེ་ཉིད། སྤྱིར་རྒྱལ་དབང་ཐེག་མཆོག་རྡོ་རྗེ་ཡབ་སྲས་དང་གཏེར་ཆེན་མཆོག་གྱུར་གླིང་པ་སོགས་སྐྱེས་ཆེན་ཁྱད་པར་ཅན་རྣམས་ལ་མནོག་ཆོས་སུ་བསྩལ་ཅིང་། བྱེ་བྲག་ཁོ་བོ་ཅག་ལའང་ཐོག་མ་ཁོ་ནར་སྨིན་གྲོལ་གྱི་གདམས་པ་དམིགས་སུ་བསལ་བའི་བཀའ་དྲིན་བསྩལ་པ་ལྟར་ཉམས་ལེན་འབྲེལ་འཇོག་དང་སྨིན་གྲོལ་གྱི་ཡིག་ཆ་འདུས་གསལ་གྱི་ཞབས་ཏོག་དང་གཞན་ལ་འཆད་སྤེལ་ཡང་ཅི་ནུས་བགྱིས་པའོ། ༈ །གཏེར་སྟོན་སར་བན་ཕྱོགས་མེད་ནི། གུ་རུ་པདྨའི་གསང་ཡུམ་ཇོ་མོ་ཤེལ་བཟའ་སྒྲོན་སྐྱིད་ཀྱི་སྐྱེ་བ་སྟེ་མོན་སྤ་གྲོའི་ཕྱོགས་སུ་འཁྲུངས། རྟེན་སྔགས་འཆང་། འདིས་སྟག་ཚང་སེང་གེ་དཔལ་ཕུག་གི་རྡོ་བ་གཡུ་ཕྲ་ཅན་ནས་འཇམ་དཔལ་རྫོགས་པ་ཆེན་པོའི་ཆོས་སྐོར་ཆ་ལག་དང་བཅས་པ་སྤྱན་དྲངས། བར་སྐབས་ནས་ཚེ་བདག་མཁན་པོ་རྣམས་ཀྱིས་འཇམ་དཔལ་ཞི་སྒྲུབ་ཀྱི་རྩ་བར་བཞག་པས་དར་རྒྱས་ཆེ་བ་ལས་ཁོ་བོས་ཀྱང་དབང་རྒྱུན་ཙམ་ཞིག་ཐོབ་བོ། ༈ །གཉན་ལོ་ཙཱ་བ་དར་མ་གྲགས་ནི། གཉན་ཆེན་དཔལ་དབྱངས་ཀྱི་གདུང་རྒྱུད་ལས་གཙང་ཤབ་སྟོད་དུ་སྐུ་འཁྲུངས། རྒྱ་གར་དུ་བྱོན་ནས་སྒྲ་ཚད་ལ་བསླབས་པས་མཁས་པར་མཁྱེན། རྡོ་རྗེ་གདན་པ་དང་རི་སུལ་གྱི་རྣལ་འབྱོར་མ་སོགས་ལས་ཆོས་དང་བསྟན་སྲུང་གི་སྐོར་མང་པོ་གསན། དཔལ་མགོན་གདོང་བཞི་པའི་སྐོར་རྣམས་སྤྱན་དྲངས་པས་དེང་སང་གཉན་གྱི་མགོན་པོ་ཞེས་ཡོངས་སུ་གྲགས། ཁྱད་པར་འདིའི་སྒྲུབ་སྐོར་ཨོ་རྒྱན་པདྨ་ཐོད་ཕྲེང་གིས་དཔལ་མོ་དཔལ་ཐང་གི་བྱང་ཕྱོགས་བྲག་བྱ་སྐྱིབས་ཅན་དུ་སྦས་པའང་གདན་དྲངས་པས་བཀའ་གཏེར་ཆུ་བོ་གཉིས་འདྲེས་སུ་གྱུར། དེ་ལས་བཀའ་མ་རྣམས་བླ་མ་གནམ་ཁའུ་བ་ལ་གནང་། དེས་རྗེ་བཙུན་བརྩེ་བ་ཆེན་པོ་ལ་གདམས་ཏེ་དཔལ་ལྡན་ས་སྐྱ་པའི་བསྟན་སྲུང་གི་གཙོ་བོར་མཛད། གཏེར་མ་རྣམས་སྤྲུལ་སྐུ་ར་ཤག་ཆེན་པོ་ལ་གནང་བར་གྲགས་ཀྱང་དེང་སང་དེའི་རྒྱུན་ཡོད་མེད་མ་འཚལ། ཀུ་རུ་ཀུལླེའི་སྒྲུབ་སྐོར་དཔལ་མོ་གསེར་གྱི་སྙིང་ཐིག་ཅན་དུ་གྲགས་པ་རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ལྷ་མོ་ཀུ་རུ་ཀུལླེ་ལྡེར་བཟོའི་འོག །རལ་གཅིག་མའི་ལྡེར་སྐུ་སོ་ཕག་ལས་བྱས་པའི་ནུ་མ་གཡོན་པ་ནས་སྤྱན་དྲངས་པ་དེང་སང་རྗེ་ས་སྐྱ་པའི་གསེར་ཆོས་བཅུ་གསུམ་ལས་དམར་ཆུང་སྐོར་གསུམ་དུ་གྲགས་པའི་ཡ་གྱལ་དེ་ཡིན་ལ། འདི་རྙིང་མའི་སྐོར་དུ་མི་གཏོགས་ཀྱང་འདིར་སྔ་མ་རྣམས་སུ་འབྲེལ་མཚུངས་སུ་བཀོད་འདུག་པ་ལྟར་མདོ་ཙམ་བྲིས་པ་ཡིན་ནོ། ༈ །སྔགས་འཆང་ཤཱཀྱ་འོད་ཀྱི་སྐྱེ་བ་དབུ་རུ་ལྷ་སའི་སྟོན་པ་ཤཱཀྱ་འོད་དམ་ཤཱཀྱ་བཟང་པོར་གྲགས་པས་ར་ས་འཕྲུལ་སྣང་གི་གློ་འབུར་ནས་རྒྱལ་པོ་བཀའ་འབུམ་གྱི་ཆ་ལག་མདོ་སྐོར་རྣམས་སྤྱན་དྲངས་པ་དེང་སང་མ་ཎི་བཀའ་འབུམ་གྱི་གྲས་སུ་བཞུགས་པ་རྣམས་དང་གཅིག་པར་མངོན། འཁྲུགས་བྱེད་རྒྱལ་པོའི་རྒྱུད་ལས་བཏུས་པའི་སྲོག་གི་ཆན་པ་ནག་པོའི་རླུང་འཁོར་ཟབ་ཁྱད་ཅན་བར་སྐབས་སུ་དྲག་སྔགས་མཁན་པོ་རྣམས་ཀྱི་ཕྱག་ཆར་མཛད་ཀྱང་དེང་སང་རྒྱུན་བཞུགས་པར་མ་མཐོང་། གཏེར་ཕྲན་གྲས་གཡུ་འོད་བྲག་ནས་བླ་མ་སྐུ་གསུམ་རོལ་པའི་གྲིབ་སྲུང་དང་འགོ་བའི་ལྷ་ལྔ་དགྱེས་བྱེད་ཙམ་སྣང་བ་བདག་གིས་ཀྱང་ནོས། ཕྱིས་འདིར་རྗེ་བླ་མ་མདོ་སྔགས་གླིང་པར་ཕྱག་རྡོར་རྡོ་རྗེ་མེ་འབར་གྱི་སྐོར་ཉུང་འདྲིལ་ཡང་གཏེར་དུ་བཀའ་བབས་པའི་སྨིན་གྲོལ་བདུད་རྩི་ནོས་ཤིང་ཡིག་ཆའི་ཞབས་འདེགས་ཀྱང་ཕུལ་བ་ཡིན་ནོ། ༈ །བླ་མ་ཟངས་རི་རས་པ་ནི། ལ་སྟོད་གཅུང་པའི་སའི་ཆར་འཁྲུངས། རྗེ་རས་ཆུང་པའི་སློབ་མར་གྱུར། མཚན་འགོ་སྟོན་དབང་ཕྱུག་རྡོ་རྗེ་དང་ཟངས་རིར་སྒྲུབ་པ་མཛད་པས་ཟངས་རི་རས་པར་གྲགས། རྗེ་དུས་གསུམ་མཁྱེན་པས་ཀྱང་བླ་མར་མཛད། འདིས་ཡེར་པའི་དུར་ཁྲོད་ནག་པོའི་སྤེའུ་སེར་པོའི་བར་ཁང་རྩ་བ་ནས་བཞེས་པའི་ཡེར་པའི་དཀར་ཆག་ལྷ་ལུང་མར་གྲགས་པ་ཕྱིས་ཀྱི་བར་ལུང་རྒྱུན་བཅས་བཞུགས་ནའང་དེང་སང་ནི་དཔེ་ཙམ་ཡང་མཇལ་དུ་མི་སྣང་། ༈ གཉལ་པ་ཇོ་སྲས་སམ་གཉལ་སྟོན་ནག་པོར་གྲགས་པས། བྲམ་ཟེའི་སྔགས་རྒོད་མུ་སྟེགས་སྟོན་པ་ཨ་མོ་ལི་སྐོར་གྱི་གདམས་པ་ཨོ་རྒྱན་ཆེན་པོས་བསམ་ཡས་མཆོད་རྟེན་ནག་པོའི་མགུལ་བུམ་དུ་སྦས་པའི་རྟེན་གསུམ་དྲིལ་སྒྲུབ་བམ་གཙང་ཤུག་མར་གྲགས་པའི་གདམས་སྐོར་རྣམས་གདན་དྲངས་པར་བཤད་ཀྱང་དེང་སང་མི་་་་་་་་་་་སྣང། ༈ སྙེ་མོ་རྒྱ་གོང་རི་པ་སངས་རྒྱས་དབང་ཆེན་ནི། སྙེ་མོའི་ཕྱོགས་སུ་འཁྲུངས། རྟེན་སྔགས་འཆང་དཀྱུས་མ། འདིས་རྟ་མགྲིན་གསང་སྒྲུབ་ཀྱི་སྐོར་རྣམས་སྤྱན་དྲངས་ཏེ་ཨོ་རྒྱན་ཆེན་པོའི་ལུང་གིས་བསྐུལ་བ་ལྟར་དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེ་ལ་བཀའ་བབས་པ་ནས་བརྩམས། རྟ་མགྲིན་སྐྱེར་སྒང་ལུགས་ཞེས་ཤིན་ཏུ་ཟབ་པར་རླུང་ལྟར་གྲགས་ཤིང་རིས་མེད་ཀྱི་གྲུབ་མཐའ་ཀུན་ལ་ཁྱབ་པར་བརྡལ་བ་ལས་ཁོ་བོས་ཀྱང་དབང་བཀའ་དང་སྔ་ཕྱིའི་ཡིག་ཆ་མང་པོའི་ལུང་བཅས་ནོས། ༈ གཏེར་སྟོན་ཆུ་ཕོ་རྟོགས་ལྡན་ནི། རྒྱལ་མོ་རོང་གི་སའི་ཆ་ཆུ་ཕོ་ནོར་བུ་གླིང་དུ་འཁྲུངས། རྟེན་བྱ་བཏང་ངེས་མེད་དུ་མཛད་པས་རྟོགས་ལྡན་ཏུ་གྲགས། མཚན་དངོས་དགེ་འདུན་རྒྱལ་མཚན། དེས་གསེར་སྟོད་འབྲོང་རི་སྨུག་པོའམ་རྒྱལ་རོང་བྲག་ལྷ་མགོན་པོར་གྲགས་པའི་གཞི་བདག་ཆེན་པོ་དེའི་མཐའ་སྐོར་བྲག་ཕུག་ཁ་བྱང་བསྟན་ཞིག་ནས་ལུང་བསྟན་ལྟར་ལ་བསེའི་སྒྲོམ་བུ་གསུམ་གཟིགས་པས་གཅིག་ཕྱག་ཏུ་འབྱོར་པའི་ནང་ནས་དཔལ་མགོན་ཚོགས་ཀྱི་བདག་པོ་དངོས་གྲུབ་འབྱུང་བའི་སྐོར་བཻ་རོས་གཏེར་དུ་སྦས་པ་རྣམས་བྱུང་བ་དང་། བཀའ་མ་གསང་བ་སྤུ་གྲིའི་གཞུང་ཤིན་ཏུ་རྒྱས་པ་བརྒྱུད་པ་བར་མ་ཆད་པ་ཆོས་རྗེ་དགེ་འདུན་རྒྱལ་མཚན་ལས་གསན་པ་བཅས་བརྒྱུད་པའི་ཆུ་བོ་གཉིས་འདྲེས་སུ་གྱུར། དེས་མིག་ལུང་བླ་ནག་དགེ་འདུན་རྒྱལ་མཚན་ལ་གནང་བ་ནས་བཟུང་ད་ལྟའི་བར་དཔལ་ཀཿཐོག་པ་སོགས་སྔགས་རྙིང་མའི་ལྷ་སྡེ་མི་སྡེ་ཐམས་ཅད་ཀྱི་སྲུང་མའི་གཙོ་བོར་མཛད་ཅིང་མཐུ་རྩལ་ཆེ་བར་ཡོངས་སུ་གྲགས། དབང་ལུང་ཕྱག་ལེན་གྱི་རྒྱུན་བར་མ་ཆད་པར་བྱོན་པ་ཁོ་བོས་ཀྱང་ནོས་སོ། ༈ །སྤྲུལ་སྐུ་བ་མཁལ་སྨུག་པོ་ནི།ལྷ་སྲས་དམ་འཛིན་གྱི་རྣམ་འཕྲུལ་མངའ་བདག་ཉང་གི་དུས་ཙམ་ལ་ལྷོ་བྲག་ཏུ་འཁྲུངས། རྟེན་སྔགས་འཆང་། ཞལ་ཁྱིམ་སྨུག་པོར་བཞུགས་པས་བླ་དྭགས་ཀྱི་མཚན་སྤྲུལ་སྐུ་སྨུག་པོ་གདོང་ངམ་བ་མཁལ་སྨུག་པོར་གྲགས། འདིས་མང་ཡུལ་ཁ་ལ་རོང་སྒོའི་བྲག་ནས་ཨོ་རྒྱན་མངལ་སྐྱེས་ཀྱི་རྣམ་ཐར། གསོལ་འདེབས་བར་ཆད་ལམ་སེལ་འགྲེལ་པ་བཅས། རྡོ་རྗེ་ཕུར་པའི་ཆོས་སྐོར་ཉུང་ངུ་རྣམས་སྤྱན་དྲངས་པར་གྲགས་ཀྱང་དེང་སང་གསོལ་འདེབས་ནི་གྲུབ་མཐའ་ཐམས་ཅད་ལ་ཁྱབ་ཅིང་ཨོ་རྒྱན་མངལ་སྐྱེས་རྣམ་ཐར་གྱི་དཔེ་ཙམ་བཞུགས་པར་སྣང་ངོ་། །ཕྱིས་སྤྲུལ་པའི་སྐུ་མཆོག་གྱུར་བདེ་ཆེན་གླིང་པས་ཟླ་ཉིན་ཁ་ལ་རོང་སྒོ་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་གཞུང་མན་ངག་ལས་ཚོགས་དང་བཅས་སྤྱན་དྲངས་པའི་སྨིན་གྲོལ་ཟབ་རྒྱས་སུ་ནོས་པས་བྱིན་རླབས་ཆུ་བོ་གཅིག་འདྲེས་སུ་བྱར་རུང་བར་མངོན་ནོ། ༈ །མངའ་བདག་མོལ་མི་འཁྱིལ་ནི། གཙང་སྟོད་ལྷོ་རྒྱུད་ཀྱི་མཐར་མངའ་བདག་གི་གདུང་རིགས་སུ་འཁྲུངས། རྟེན་ལྷ་རིགས་སྔགས་བཙུན་གྱི་རྣམ་པར་བཞུགས་པར་གསལ། ཨོ་རྒྱན་རིན་པོ་ཆེའི་ཞལ་སློབ་མོན་གྱི་སྒོམ་པ་ཧ་མི་ནཱ་ཐའི་སྐྱེ་བར་ལུང་བསྟན། འདིས་བྱང་པྲ་དུན་ཙེའི་གཙུག་ལག་ཁང་གི་ཀ་ཕོག་ནས་རྟ་མགྲིན་དཔའ་བོ་གཅིག་སྒྲུབ། རྒྱལ་པོ་སྲོག་གི་འཁོར་ལོ། པེ་ཧར་གནད་འབེབས་དང་དྲེགས་པ་གནད་འབེབས་རྣམས་སྤྱན་དྲངས་པ་ལས། བར་སྐབས་རྒྱལ་པོ་སྲོག་གི་འཁོར་ལོ་ཕྱག་ལེན་དང་བཅས་པའི་རྒྱུན་དར་བར་བྱུང་ཡང་ཕྱིས་འདིར་དཔེ་ཙམ་ཡང་མཇལ་དུ་མེད་པར་སོང་བ་ན། རྗེ་མདོ་སྔགས་གླིང་པའི་ཕྱག་ཏུ་སྔར་གྱི་དཔེ་རྙིང་མཁའ་འགྲོ་གཏད་རྒྱའི་ཚུལ་དུ་བབས་ནས་ཨོ་རྒྱན་ཡབ་སྲས་ཀྱི་བྱིན་རླབས་ལས་ཡང་གཏེར་དུ་གཏན་ལ་ཕབས་པ་བདག་གིས་ཀྱང་བཀའ་དྲིན་ཏུ་ཐོབ་བོ། ༈ །མངའ་བདག་ཆེན་པོའི་སྤྲུལ་པའི་ཆ་ཤས་གྲུ་གུ་ཡང་དབང་ནི། མདོ་ཁམས་གྲུ་གུའི་ཡུལ་དུ་སྐུ་འཁྲུངས། རྟེན་སྔགས་འཆང་རྡོ་རྗེ་འཛིན་པ་ཆེན་པོར་བཞུགས། མཚན་ཡང་དབང་གཏེར་རམ་རྡོ་རྗེ་གཏེར་བཞད་རྩལ་དུ་གྲགས། སྤྱིར་རྒྱུད་ཀྱི་བཀའ་བབས་སྙེ་མོ་ཞུ་ཡས་གནོད་སྦྱིན་འབར། ལུང་གི་བཀའ་བབས་བླ་མ་མངའ་བདག་ཆེན་པོ། མན་ངག་དྲག་སྔགས་ཀྱི་བཀའ་བབས་གྲུ་གུ་ཡང་དབང་ཞེས་གསུམ་དུ་གྲགས་པའི་ཡ་གྱལ་ཡིན་ཞིང་དུས་ཀྱང་མཚུངས། འདིས་བྲག་དམར་འོམ་བུའི་ཚལ་ནས་ཕྱི་ནང་ཀུན་གྱི་གཉན་པོ་འཇོམས་བྱེད་རྩལ་ཆེན་ཉི་ཟླ་ནག་པོའི་གདམས་སྐོར་སྤྱན་དྲངས་པའི་དབང་ལུང་མན་ངག་ཕྱག་ཁྲིད་བཅས་པའི་རྒྱུན་ད་ལྟའི་བར་མ་ཉམས་པར་བཞུགས་པ་ཁོ་བོས་ཀྱང་རྫོགས་པར་ནོས་ཤིང་། ཁྱད་པར་སྤ་གྲོའི་བྲག་མེ་ལྕེ་ཆད་པ་འདྲ་བ་ནས་སྤྱན་དྲངས་པའི་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་རྒྱུད་ཆེན་པོ་མན་ངག་ལས་ཚོགས་དང་བཅས་པའི་སྐོར་རྣམས་བར་སྐབས་འདིར་མཚན་ཙམ་ཡང་ནུབ་པ། མངའ་བདག་རྣམ་འཕྲུལ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཕྱག་ཏུ་རྒྱུད་སྒྲུབ་ཐབས་སོགས་རྒྱ་ཆེ་བའི་སྐོར་རྣམས་མཁའ་འགྲོ་གཏད་རྒྱའི་ཚུལ་དུ་དཔེ་རྙིང་དངོས་སུ་བབས་ཤིང་མན་ངག་འགའ་ཞིག་གཏེར་སྟོན་ཆེན་པོའི་བྱིན་རླབས་ལས་ཡང་གཏེར་གྱི་ཚུལ་དུ་བཀའ་བབས་པ་བདག་ཅག་གིས་ཀྱང་་་་་་་་་ལེགས་པར་ནོས་ཏེ་ཡིག་ཆ་གསར་སྤེལ་དང་བསྙེན་སྒྲུབ་སྒྲུབ་ཆེན་སོགས་ཕྱོགས་འདིར་ཡང་འབྲེལ་བ་ཅུང་ཟད་བཞག་པའོ། ༈ །སུམ་པ་བྱང་ཆུབ་བློ་གྲོས་ནི། མདོ་ཁམས་སྒང་རྒྱུད་རྣམ་གསུམ་ལས་སྨར་ཁམས་ལྷོ་རྒྱུད་སུམ་པ་ཞེས་བྱ་བའི་ཡུལ་དུ་སྐུ་འཁྲུངས་པས་ཡུལ་ལས་བཏགས་པས་སུམ་པ་དང་། མཚན་དངོས་བྱང་ཆུབ་བློ་གྲོས། བསྙེན་པར་རྫོགས་པའི་མཚན་བསོད་ནམས་རྒྱལ་མཚན་དུ་འབོད་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཐུགས་སྤྲུལ་ཟབ་གཏེར་གྱི་བདག་པོར་བཀའ་བབས་པ་འདིས། ཨོ་རྒྱན་ཆེན་པོ་རྒྱ་གར་དུ་འབྱོན་ཁར་མངའ་བདག་རྒྱལ་པོས་གསེར་གྱི་ལྷུང་བཟེད་བདུད་རྩིས་བཀང་ནས་ཞུས་ཞེས་པ་དང་། གསེར་གྱི་མཎྜལ་ཕུབ་ཙམ་གྱི་སྟེང་དུ་གཡུ་ཕུག་རོན་ཙམ་བརྒྱད་ཀྱི་ཚོམ་བུ་བཀོད་ནས་ཞུས་ཞེས་པ་འབྱུང་བ་རླུང་ལ་ལས་བཅོལ་ནས་ཉམས་པ་ཚར་གཅོད་པའི་གདམས་པ་དྲེགས་པ་ཉི་ཤུའི་རླུང་འཁོར་ཆ་ལག་དང་བཅས་པ་་་་་དཔལ་བསམ་ཡས་ཀྱི་གསང་བའི་བདག་པོའི་ཞབས་ཀྱི་མཐེ་བོང་འོག་དང་། ཡིག་ཕྲན་འགའ་ཞིག་གནས་དེའི་དབང་ཕྱུག་ཆེན་པོའི་སྐུའི་དཔྲལ་བ་དང་ཐུགས་ཀ་སོགས་ནས་ཟངས་སྦུབས་སོར་བཞིའི་སྣོད་དང་བཅས་སྤྱན་དྲངས་པར་དེང་སང་དྲེགས་པ་ཁམས་བྱོན་མར་གྲགས་ཏེ་ཁམས་དབུས་ལྷོ་བྱང་ཀུན་ཏུ་རྒྱ་ཆེར་འཕེལ་བའི་རྒྱུན་མ་ཆད་པར་བཞུགས་ནའང་ཁོ་བོས་སྔར་ཕན་མ་ཐོས་སོ། ༈ །སྟག་ལུང་པ་སངས་རྒྱས་དབོན་པོ་ནི། སྟག་ལུང་ག་ཟིའི་གདུང་ལས། ཁམས་ཀྱི་གཡང་ཤོད་བོང་ར་སྟེང་དུ་འཁྲུངས། ལྟེ་བ་བཅད་པས་པི་ཝང་ལྟ་བུའི་སྒྲ་ལས་ཆོས་ཀྱི་ཚིགས་བཅད་མང་པོ་བྱུང་། མཚན་དཀོན་མཆོག་སྲས་སུ་གསོལ། དགུང་ལོ་བཞི་ནས་དབུས་སུ་གདན་དྲངས། རབ་ཏུ་བྱུང་ནས་མཚན་གྲགས་པ་དཔལ་འོད་ཟེར་བཟང་པོར་གསོལ། དགུང་ལོ་ཉི་ཤུ་ལ་མཁན་པོ་དགའ་ལུང་པ་ལ་བསྙེན་པར་རྫོགས། སླར་ཁམས་སུ་ཕེབས་ནས་དཔལ་རི་བོ་ཆེའི་དགོན་སྡེ་བཏབ་སྟེ་ལྷ་ཁང་སོགས་ཕྱག་རྗེས་ཆེ། རྗེ་འདིས་གཙང་གི་བྲག་རྒྱ་བོ་དགུ་འདུས་ཞེས་པའི་ཟུར་ཆུང་པའི་སྒྲུབ་གནས་དེ་ནས། ཨོ་རྒྱན་ཀཻ་རི་བརྒྱད་བསྐོར་དང་། སློབ་དཔོན་རིན་པོ་ཆེའི་ཕྱག་མཚན་རྡོར་དྲིལ་སོགས་གཏེར་ནས་བཞེས། རྡོར་དྲིལ་འདི་ཀོང་སྟོད་གཙང་པོ་མགོ་དགུའི་སྒྲུབ་སྡེའི་ནང་རྟེན་དུ་ཕྱི་མོའི་བར་ཡོད། གཞན་ཡང་གཏེར་གྱི་བཀའ་བབས་བྱུང་ཚུལ། བྲག་རྒྱ་བོ་གདོང་གི་བྲག་ལོགས་ནས། །ཆོས་སྙིང་དང་འདྲ་བ་བཅུ་བདུན་བཏོན། ཁྱད་པར་གཤིན་རྗེ་དགྲ་ནག་ཐོན། །འགར་རྫོང་བྲག་ནས་བཅུ་གསུམ་བཏོན། །ལུང་མོའི་རྫ་ནས་བུམ་པ་བཏོན། །དབུ་རྩེ་སྣང་བའི་རོལ་པ་དང་། །མགོན་པོ་ར་བ་སྔ་ལོག་རྫོང་། །དེ་སོགས་ནས་གཏེར་ཆོས་མང་དུ་ཐོན། །ཞེས་འབྱུང་བ་ལས་ཐུགས་སྒྲུབ་སྐོར་རྫོགས་པར་ནོས་ཤིང་ཆོག་བསྒྲིག་བཅས་གཏེར་མཛོད་ཆེན་མོར་བཞུགས་སུ་གསོལ་བ་ཡིན་ནོ། ༈ །གཉལ་པ་ཉི་མ་ཤེས་རབ་ནི། གཉལ་དུ་སྐུ་འཁྲུངས། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱི་སློབ་མ་ཡིན། རྣལ་འབྱོར་གྱི་རྒྱུད་ལ་སྦྱངས་པས་ཡོ་ག་ལ་ཤིན་ཏུ་མཁས། གཉལ་སྟོད་སྨད་རྣམས་སུ་ཆོས་གཞི་བཙུགས་ཤིང་། ལྷ་ཁང་མང་པོར་རྣམ་སྣང་སྐུ་བཞེངས་པ་དང་། ཡོ་ག་ལ་ཉན་བཤད་སོགས་ཀྱི་ཆོས་འཁོར་བསྐོར་བས། འདིའི་རིང་ལ་ཡོ་གའི་སྐོར་རྣམས་དར་རྒྱས་ཤིན་ཏུ་ཆེ་བར་བྱུང་སྟེ་ཡོ་གའི་བསྟན་པ་ལ་ཕན་ཐོགས་དང་སྐུ་དྲིན་ཆེ། བཞུགས་ས་དངོས་གཙང་པོ་དོང་དུ་མཛད། འདིས་བྱ་རྒོད་གཤོང་གི་ལྷ་ཁང་གི་གློ་འབུར་ནས། སྔར་བློན་ཆེན་ལྷ་བཟང་ཀླུ་དཔལ་གྱིས་སྦས་པའི་སྐུ་འབག་དང་ལྷན་ཅིག་ཏུ་རྣམ་སྲས་ཀྱི་ཕྱར་དར་ལྗོངས་ཡུལ་མར་གྲགས་པ་དང་རྣམ་སྲས་མདུང་དམར་ཅན་གྱི་སྒྲུབ་སྐོར་རྣམས་སྤྱན་དྲངས་པ་ད་ལྟའི་བར་བཀའ་མ་ནུབ་པར་བཞུགས་པ་ཡིན། ༈ ཁྲོ་ཕུ་ལོ་ཙཱ་བ་གནུབས་བྱམས་པའི་དཔལ་ནི། སྔགས་རྙིང་མའི་སྔགས་འཆང་རོ་ཟན་ནག་པོ་ཞེས་པའི་ནུས་ལྡན་ཞིག་གི་སྲས་སུ་འཁྲུངས། ཆོས་ལུགས་ཕག་གྲུ་བཀའ་བརྒྱུད། ཟུང་བཞིའི་ཁྲོ་གླིང་གཉིས་སུ་གྲགས་པའི་ཡ་གྱལ་ཡིན། མཁས་པ་དང་གྲུབ་པའི་ཡོན་ཏན་བསམ་གྱིས་མི་ཁྱབ། པཎ་ཆེན་ཤཱཀྱ་ཤྲཱི། བུདྡྷ་ཤྲཱི། མི་ཏྲ་ཛོ་ཀི་སྟེ་པཎ་གྲུབ་གསུམ་སྤྱན་དྲངས། རྒྱར་འདོམ་ཉེར་བརྒྱད་ཡོད་པའི་བྱམས་སྐུ་མཐོང་གྲོལ་ཆེན་མོ་བཞེངས། བོད་ཀྱི་མཁས་གྲུབ་གཅིག་ལ་བསྟན་པ་ལ་ཕྱག་རྗེས་འདི་རང་ཆེ། ལོ་ཆེན་འདིས་བྱ་རྒོད་གཤོང་ནས་གནོད་སྦྱིན་དབྱུག་ཐོ་ཅན་གྱི་རྒྱུད་ལེའུ་བདུན་པ་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་བ་དང་། དེའི་ལེའུ་ཐ་མའི་ཚེ་སྒྲུབ་གསལ་བྱེད་པཎ་ཆེན་བི་མ་ལས་མཛད་པ་སོགས་གཏེར་ནས་གདན་དྲངས་པར་མཛད། གོང་འོག་གི་རྣམ་སྲས་ཀྱི་སྐོར་འདི་དག་ས་ལུགས་རྣམ་སྲས་བོད་དུ་ཚང་བར་བཞུགས་པའི་རྒྱུན་བདག་གིས་ཀྱང་ནོས་པ་ཡིན་ནོ། ༈ །གཏེར་སྟོན་གཡས་བན་ཡ་བོན་ནི། བོན་པོའི་རྒྱུད་པར་གཉན་ལོ་ཙཱ་བའི་སྐུ་ཚེའི་སྨད་ཙམ་ལ་འཁྲུངས། བྱང་པྲ་དུན་རྩའི་ལྷ་ཁང་ནས་རླུང་འཁོར་སྲོག་གི་སྤུ་གྲི་སོགས་དྲག་སྔགས་ཀྱི་སྐོར་སྤྱན་དྲངས་པ་ལས་རླུང་འཁོར་གྱི་ཕྱག་ལེན་རྒྱུན་ཕྱིས་ཀྱི་བར་དུ་བཞུགས་པར་སྣང་ནའང་ད་ལྟ་དཔེ་ལུང་གི་རྒྱུན་མ་རྙེད། ༈ བལ་པོ་ཨ་ཧཱུྃ་འབར་ནི། གཙང་གི་ལྷོ་རྒྱུད་དུ་འཁྲུངས། རྟེན་སྔགས་འཆང་། སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་སྤྲུལ་པར་ལུང་གིས་གསལ་བ་ལྟར་སྤ་གྲོའི་ཅལ་གྱི་བྲག་དམར་ནས་ཛཾ་ནག་སྲོག་གི་འཁོར་ལོ་ཆེན་མོ་དང་གླང་ཆེན་བཅས་ཆོག་སོགས་གདམས་ངག་ཟབ་མོ་རྣམས་སྤྱན་དྲངས་པ་དཔལ་དགའ་བ་ལུང་པ་ནས་རིམ་པར་བརྒྱུད། ཕྱིས་ཀྱི་བར་ལུང་དང་ཕྱག་ལེན་སོགས་ཡོད་པར་སྣང་ནའང་དེང་སང་དཔེ་རྒྱུན་ཙམ་མཇལ་དུ་མེད་པའི་སྐབས། རྗེ་བླ་མར་འཁོར་ལོའི་དཔེ་རྙིང་མཁའ་འགྲོས་དངོས་སུ་བསྩལ་པ་དང་སྒྲུབ་ཐབས་ལས་ཚོགས་ཀྱི་སྐོར་ཡང་གཏེར་དུ་གཏན་ལ་ཕབ་པ་ཁོ་བོས་ཀྱང་ལེགས་པར་ནོས་ཏེ་ཡིག་ཆའི་ཞབས་འདེགས་སྤེལ་བའོ། ༈ །གཏེར་སྟོན་ཨ་ཇོ་དཔལ་པོ་ནི། བསམ་ཡས་དང་ཉེ་བའི་ཟུར་མཁར་དུ་འཁྲུངས། རྟེན་ཁྱིམ་སྔགས་དཀྱུས་མ། འདིས་མོན་བུམ་ཐང་གི་ལྷ་ཁང་ཀ་བ་ནས་བསོད་ནམས་གླང་པོ་སྟོབས་སྐྱེད་ཀྱི་འཁོར་ལོ་ཟབ་མོ་སྤྱན་དྲངས་པ་ཐམས་ཅད་ཀྱིས་ད་ལྟའི་བར་ཕྱག་ལེན་དུ་འདེབས་བཞིན་པ་ཉིད་ཁོ་བོས་ཀྱང་ནོས། གཞན་ཡང་སྦྲགས་ཡང་རྫོང་ནས་བརྟན་མ་མཆེད་གསུམ་གྱི་སྒྲུབ་ཐབས་སོགས་དང་། བསམ་ཡས་མཆིམས་ཕུ་ནས་རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ་གྱི་སྒྲུབ་སྐོར་རྣམས་སྤྱན་དྲངས་པར་བཤད་ཀྱང་ད་ལྟ་ནི་དཔེ་ལུང་གི་རྒྱུན་མ་བཞུགས། ༈ གཏེར་སྟོན་སུམ་ཚོགས་ནི། རྐྱང་པོ་གྲགས་པ་དབང་ཕྱུག །སུམ་པ་བྱང་ཆུབ་ཚུལ་ཁྲིམས། འབྲེ་ཤེས་རབ་བླ་མ་གསུམ་གྱིས་ཡེར་པ་སེ་བ་ལུང་ནས་རྟ་མགྲིན་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་ཆོས་སྐོར་རྣམས་སྤྱན་དྲངས་ནས་འབྲུ་ཚང་གི་གཉགས་སྟོན་ལྷ་འབར་ལ་ཤོག་སེར་སྟེང་ནས་ཆོས་རྒྱུན་ལན་གཅིག་ཙམ་ལས་སྤེལ་བ་མ་བྱུང་བར་གཏེར་རྔུར་གྱིས་རྐྱང་པོ་ལ་་་་་་མཛེ་བྱུང་། སུམ་པ་འདས། འབྲེ་སྨྱོ་བས་ཤོག་སེར་རྣམས་རྟ་མགྲིན་གྱི་གྲུབ་ཐོབ་ཞུ་སྟོན་བྱ་བའི་ལག་ཏུ་བྱུང་ཡང་དེས་ཞུ་ས་རྩད་མ་ཆོད་པས་ལས་འཕྲོ་གཏེར་བརྒྱུད་ཀྱི་བྱིན་རླབས་བཀའ་མ་ཉམས་པ་ཡོངས་གྲགས་ལ་མེད་པར་ཡུན་རིང་འབྱམས། རིང་ཞིག་ན་གྲུབ་པའི་དབང་ཕྱུག་ཆེན་པོ་འདར་ཕྱར་རུ་པ་གཙང་ཇོ་མོ་ནགས་རྒྱལ་ན་བཞུགས་དུས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞང་ཚེས་ཟླ་གྲགས་བྱ་བའི་སྔགས་པ་ཞིག་ཏུ་སྤྲུལ་ནས་དབང་ལུང་རྣམས་རྫོགས་པར་གནང་སྟེ་སྔགས་ཀྱི་ཨོཾ་དེ་ཧྲཱིཿརུ་བསྒྱུར་ལ་སྒྲུབས་ཤིག་གསུངས། དེ་ཡང་གཏེར་སྟོན་དེ་དག་གིས་གཏེར་ཐོན་ཀྱང་རྔུར་གྱིས་བར་ཆད་བྱུང་བའང་ཁོང་རྣམས་ཀྱི་གཏེར་སྐལ་མ་ཡིན་ལ། དོན་གྱི་ཆོས་བདག་གྲུབ་ཆེན་འདི་ཡིན་ཞིང་། དེའི་ཕྱིར་སློབ་དཔོན་རིན་པོ་ཆེས་དངོས་སུ་ཆོས་གནང་ཡང་། བསྟན་རྒྱུན་ལ་དགོངས་ནས་རྟ་ནག་གི་བླ་མ་རྒྱ་ལ་གཏེར་བརྒྱུད་བཞུགས་པའང་རྩད་ཆོད་ནས་གསན་པར་མཛད་པས་ཉེ་རིང་གཉིས་ཀའི་བདག་པོར་གྱུར་པ་ནས་བཟུང་ད་ལྟའི་བར་དབང་ལུང་གདམས་ངག་གི་རྒྱུན་རྒྱ་ཆེར་འཕེལ་བ་ཁོ་བོས་ཀྱང་རྫོགས་པར་ནོས། འདར་འཕྱར་ཆེན་པོ་འདིས་རྡོ་རྗེ་ཕུར་པ་ལས་ཀྱང་དངོས་གྲུབ་བརྙེས། མཚན་མ་རྫས་ཀྱི་ཕུར་པ་ལ་བརྟེན་ནས་མུ་སྟེགས་འཕྲོག་བྱེད་དགའ་བོའི་རྫུ་འཕྲུལ་རྨིང་མེད་དུ་བཅོམ་པའི་ཕུར་པ་ཉིད་ད་ལྟ་སེ་ར་བྱེས་པ་གྲྭ་ཚང་གི་ནང་རྟེན་གྱི་གཙོ་བོར་བཞུགས་ཤིང་གྲགས་ཆེ། དྲང་སྲོང་ཆེན་པོས་དངོས་སུ་ཕུལ་བའི་རཱ་ཧུ་ལ་སྲུང་གསོའི་གདམས་པ་བཞུགས་པ་བདག་གིས་ཀྱང་ནོས། གོང་གི་གཉག་སྟོན་ལྷ་འབར་གྱིས་ཀྱང་གཏེར་ཁ་འགའ་ཞིག་ཕྱུང་བར་གྲགས་ཀྱང་ཆོས་ཀྱི་རྣམ་གྲངས་མི་གསལ་ཞིང་རྒྱུན་བྱུང་ཚུལ་ཡང་མི་སྣང་། བོན་གཏེར་ལུང་སྡེ་ལྔ་བཏོན་པར་བཤད་ཅིང་གོང་གི་གཏེར་སྟོན་སུམ་ཚོགས་ཀྱིས་ཀྱང་འབུམ་དང་ཚད་མ་དང་འཕྲུལ་གྱི་མེ་ལོང་དགུ་སྐོར་སོགས་བོན་གཏེར་མང་ཞིག་བཏོན་པའི་དཔེ་ཕལ་ཆེར་དེང་སང་ཡོད་པར་སྣང་ངོ་། ༈ །དུ་གུ་རིན་ཆེན་སེང་གེ་ནི། དབུས་སུ་འཁྲུངས། འདིས་བྱང་པྲ་དུན་རྩེའི་མཆོད་རྟེན་ནས་དྲག་སྔགས་རྡོ་རྗེ་གཙུག་ལག་གི་སྐོར་རྣམས་སྤྱན་དྲངས་ཏེ། དེ་ཡང་དྲག་སྔགས་འདི་ནི་བཻ་རོ་ཙ་ན་རྒྱལ་མོ་ཚ་བའི་རོང་དུ་འབྱོན་ཁར་གདམས་པ་འདི་ཉིད་རྗེ་འབངས་ལྔ་ལ་གཏད་ནས་མ་འོངས་བསྟན་པའི་བཙས་སུ་གཏེར་དུ་སྦོས་ཤིག་གསུངས་པ་བཞིན་དུ་མངའ་བདག་རྒྱལ་པོས་བྱང་པྲ་དུན་རྩེའི་གཙུག་ལག་ཁང་གི་བྱང་ཤར་ན་ལོ་པན་མཁས་པའི་མཆོད་རྟེན་ཡོད་པའི་བུམ་པར་གཏེར་་་་དུ་སྦས་ནས་ལོ་ཉིས་བརྒྱ་སྐོར་འདས་པ་ན་དབུས་པ་དུ་གུ་རིན་ཆེན་སེང་གེས་བསམ་ཡས་ནས་ཁ་བྱང་རྙེད་དེ་སྟག་ལོ་ལ་གནམ་ལྕགས་རྔུར་མོའི་ཡིག་ཆུང་དྲག་པོ་ཕྲིན་ལས་ཀྱི་རྒྱུད་དང་བཅས་པ་བྱང་པྲ་དུན་རྩེའི་མཆོད་རྟེན་གྱི་བུམ་་་པ་དང་། རྒྱུད་སྔ་ཕྱི་བདུན་དང་དེའི་སྒྲུབ་ཡིག་དང་བཅས་པ་མཆོད་རྟེན་གྱི་རྨང་ནས་སྤྱན་དྲངས། འོན་ཀྱང་རང་སྲུང་དང་། གཟའ་བདུད་ཁ་ཆིངས་ཀྱི་འཁོར་ལོ་དགོས་པ་རྣམས་མ་བྱས་ཤིང་། གཏེར་སྲུང་ལ་མཆོད་པ་ཞན་པས་འཚུབས་སློང་གིས་གཙང་གི་ལུ་མ་མཚོ་གྲུ་ཁར། སློབ་བུ་གཙང་པ་རིན་ཆེན་ཤེས་རབ་དང་། གཏེར་སྟོན་དཔོན་སློབ་གཉིས་ནང་མ་མཐུན་པར་གཅིག་གིས་གཅིག་གྲི་ཁར་བཀྲོངས། གཡས་རུ་ཤངས་ཀྱི་ཟླ་གྲགས་ཞེས་པ་གནས་པོ་ཡིན་པས་གཏེར་སྟོན་དཔོན་སློབ་གཉིས་གྲོངས་པའི་ཤུལ་དུ་ཤོག་སེར་རྣམས་འདི་ལ་བྱུང་། དེས་གཏེར་སྟོན་གྱི་སྲས་མོ་འོད་ལྡེམ་ལ་གཏད། ཇོ་སྲས་མ་འདི་སྔོན་གྱི་ལས་འཕྲོ་སད་ཅིང་སྙིང་རུས་ཆེ་བས་གྲུབ་པ་ཐོབ་སྟེ་ཤོག་སེར་ཕབ་ཅིང་སྤེལ་པའི་རྒྱུན་བཞུགས་པའང་ཆེད་དུ་ནོས་སོ། ༈ །གཙང་པ་ལ་བ་རིང་མོའམ་གཙང་རིང་ཤེས་རབ་ཀྱིས། གཏད་ཁྲོམ་གྱི་སྲུང་བ་ཟབ་མོ་རྡོ་རྗེའི་གོ་ཁྲབ་ཅེས་བྱ་བ། རང་སྲུང་། ཀླུ་རིགས་ལྔའི་སྒྲིབ་ཤིང་། ཀླུ་ནད་སྲུང་བ་མཛེ་འཕྲོ་གཅོད་ཐབས། གཏད་འདྲེ་ཀླུ་གདོན་སྲུང་བ་སོགས་དང་། ལྷ་འདྲེའི་གནོད་པ་འོང་མི་སྲིད་པའི་ཐབས། ཀླུ་དང་ས་བདག་ཉེ་མི་ནུས་པའི་ཐབས། གཏད་ཀྱི་རྗེས་གཅོད་སོགས་ཆོས་ཚན་འགའ་ཞིག་བཏོན་པར་སྣང་ངོ་། ༈ །སྤྲུལ་སྐུ་ལ་སྟོད་དམར་པོའམ་དམ་པ་དམར་པོ་ཞེས་པས་སྤ་གྲོ་གཅལ་གྱི་བྲག་སེང་གེའི་ཁོག་པ་འདྲ་བའི་ཕ་བོང་སྡིགས་རུ་ཅན་ཞེས་པ་ནས་བདུད་རྩི་ཆེན་པོའི་བཅུད་ལེན་གྱི་སྐོར་དང་། བསམ་ཡས་མཆོད་རྟེན་ནག་པོ་ནས་ཨ་ཙརྻ་ཧེ་ཝ་ནག་པོའི་ངན་སྔགས་རི་མ་ལ་ཡའི་ནུབ་དབང་ཕྱུག་གི་ལྡེར་བཟོ་ནས་ཨ་ཙརྻ་ཕྲ་ལ་རིང་མོས་རྙེད་དེ་སློབ་དཔོན་པདྨ་ལ་ཕུལ་བ་བསམ་ཡས་མཆོད་རྟེན་ནག་པོའི་འོག་ཏུ་སྦས་པས་མཆོད་རྟེན་འདིའི་སས་གཞན་ལ་གནོད་པ་འོང་བའི་རྒྱུ་མཚན་ཡང་འདིའི་དོན་གྱིས་ཡིན་པར་གསུངས་ཏེ་འཇིག་རྟེན་ཕུང་བྱེད་ནག་པོ་གྲི་ཐལ་མར་གྲགས་པའི་མུ་སྟེགས་ཀྱི་ངན་སྔགས་ཟབ་མོའི་སྐོར་རྣམས་དང་། ཡེར་པ་བྱ་རབ་ནས་ཡེར་པའི་དཀར་ཆག་ལྷ་གཅིག་ཀོང་ཇོའི་ཕྱག་བྲིས་མ་དང་། མང་མཁར་མུ་གུ་ལུང་ནས་རྫས་བདུན་ལ་བརྟེན་ནས་བགེགས་འཇོམས་པ་སྲ་བའི་བྲག་ཀྱང་འགས་ནུས་པ་སོགས་གཏེར་ཁ་ཟབ་ཁྱད་ཅན་མང་དུ་སྤྱན་དྲངས་པ་ལས། འདིའི་བདུད་རྩི་བཅུད་ལེན་གྱི་སྐོར་རྣམས་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ཀྱང་ཐུགས་ཉམས་སུ་བཞེས་པས་དངོས་གྲུབ་བརྙེས་པར་གསལ་ཡང་འདིའི་དཔེ་རྒྱུན་མ་མཇལ། ༈ དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་གསང་ཆེན་བཀའི་སྡུད་པ་མོ་དབྱིངས་ཕྱུག་བདེ་ཆེན་རྒྱལ་མོ་ཡེ་ཤེས་མཚོ་རྒྱལ་དངོས་བྱོན་མཚན་ལྡན་མཁའ་འགྲོ་རྣམ་གཉིས་ཀྱི་ཡ་གྱལ། སྤྲུལ་པའི་གཏེར་སྟོན་ཆེན་མོ་ཇོ་མོ་སྨན་མོར་གྲགས་པ་ནི། རང་གཏེར་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ལུང་བྱང་ལས། ནམ་ཞིག་མཁའ་འགྲོས་བྱིན་བརླབས་པའི༔ རིགས་ལྡན་བུ་མོ་སྤྲེལ་ལོ་པ༔ སྦས་ཚུལ་ཇོ་མོའི་མིང་ཅན་ལ༔ མཁའ་འགྲོ་རྣམས་ཀྱིས་ཆོས་འདི་གཏད༔ བྱིན་རླབས་རྟོགས་པས་རང་བཞིན་གྲོལ༔ དུས་དེར་གཞན་དོན་ཆེར་མི་འབྱུང༔ འབྲེལ་ཚད་བདེ་ཆེན་ས་ལ་སྦྱོར༔ ཕུང་པོ་ལྷག་མེད་བྱང་ཆུབ་ཐོབ༔ ཅེས་དོན་གྱི་རྣམ་པར་ཐར་པ་དང་བཅས་གསལ་བར་ལུང་བསྟན་པ་ལྟར། ཨེ་ཡུལ་རིག་པའི་འབྱུང་གནས་ཀྱི་གུ་རུའི་སྒྲུབ་ཕུག་གཟར་མོ་ལུང་དང་ཉེ་བར། ཡབ་དྭགས་རྒྱུད་སྔགས་པ་རྡོ་རྗེ་རྒྱལ་པོ་དང་། ཡུམ་མཁའ་འགྲོའི་རིགས་ཅན་པདྨ་དཔལ་འཛོམ་ཞེས་པའི་རིགས་སུ་ས་ཕོ་སྤྲེལ་གྱི་ལོར་སྤྲུལ་པའི་པདྨོ་བཞད། ཡབ་ཡུམ་གྱིས་མཚན་པདྨ་མཚོ་སྐྱིད་ཅེས་བཏགས། ཡབ་གཞིས་འབྱོར་པ་མཐའ་གཉིས་སུ་མ་ལྷུང་བས་ཆུང་དུས་གཅེས་སྤྲས་སུ་བསྐྱངས་ནའང་དགུང་ལོ་ལྔ་པར་ཡུམ་གཤེགས་པའི་རྐྱེན་གྱིས། ཡབ་ཀྱིས་བུད་མེད་གཞན་བཞེས་པས་བར་སྐབས་སུ་ཕྱུགས་མ་སྐྱོང་བར་མངགས་པ་སོགས་གྲོང་པའི་ལས་ཅི་རིགས་ལ་བཀོལ་བས་ཅུང་ཟད་འོ་བརྒྱལ་གྱི་རྣམ་པར་བཞུགས་པའི་སྐབས། དགུང་ལོ་བཅུ་གསུམ་པར་ཨེ་གཟར་མོ་ལུང་ཁྱུང་ཆེན་ལྡིང་བའི་བྲག་གུ་རུའི་སྒྲུབ་གནས་བདེ་ཆེན་གསང་ཕུག་གི་ཉེ་འདབས་སུ་སོས་ཀ་ཞིག་ལ་ཕྱུགས་མ་སྐྱོང་ནས་བཞུགས་པའི་སྐབས་ཅུང་ཟད་མནལ་དུ་སོང་བ་ན། བྲག་དེ་ནས་སྒྲ་སྙན་པོ་ཞིག་གྲགས་པའི་རྐྱེན་གྱིས་མནལ་སད་པ་ན་གསང་ཕུག་གི་སྒོ་ཧར་གྱིས་བྱེ་བ་མཐོང་སྟེ་ཐུགས་སྣང་འགྱུར་ནས་ནང་དུ་ཐོགས་མེད་དུ་ཞུགས་པ་ན་དུར་ཁྲོད་ཀྱི་བཀོད་པ་འཇིགས་སུ་རུང་བར་གྱུར་པའི་དབུས་ན་་་་མཁའ་འགྲོའི་ཚོགས་གྲལ་དུ་སླེབས། ཚོགས་ཀྱི་གཙོ་མོ་རྡོ་རྗེ་ཕག་མོ་དངོས་སུ་སྣང་བས། རིགས་ཀྱི་བུ་མོ་འོངས་པ་ལེགས་ཞེས་དབུགས་དབྱུང་། སྐུ་རྒྱབ་ཀྱི་བྲག་ནས་བཞེས་པའི་ཚུལ་གྱིས་གླེགས་བམ་ཆུང་ངུ་ཞིག་བླངས་ཏེ་སྤྱི་བོར་བཞག་ཅིང་སྨིན་གྲོལ་ཆིག་རྫོགས་སུ་བསྩལ། ཕྱག་ཏུ་གཏད་ནས། འདི་ནི་མཁའ་འགྲོ་མའི་གསང་བ་ཀུན་འདུས་པའི་གདམས་ངག་སྟེ་ཁྱོད་ཀྱིས་ཤིན་ཏུ་གསང་ལ་ཉམས་སུ་བླང་ན་དངོས་གྲུབ་མཆོག་ཐོབ་པར་འགྱུར་རོ། །ཞེས་ལུང་བསྟན་པ་བརྙེས་པས་ཆོས་ཐམས་ཅད་རང་གྲོལ་དུ་ཤེས་པའི་ཞིང་སྐྱེས་ཀྱི་རྣལ་འབྱོར་མ་ཆེན་མོར་གྱུར། དེར་ཚོགས་ཀྱི་འདུ་བ་ལ་ལོངས་སྤྱད་ནས་སྤྲུལ་པའི་དཀྱིལ་འཁོར་མི་སྣང་བར་བསྡུས་པ་དང་རང་གནས་སུ་ཕེབས། རྡོ་རྗེ་བཙུན་མོའི་བྱིན་རླབས་ཀྱི་བདུད་རྩི་རྒྱུད་ལ་སྨིན་པས་ཉིན་མཚན་ཀུན་ཏུ་ཆོས་ཀྱི་ཚིག་མང་པོ་ཐོལ་བྱུང་དུ་བརྡོལ་ཏེ་རྡོ་རྗེའི་གླུ་བྲོ་དང་གཞན་སེམས་མཁྱེན་པའི་མངོན་ཤེས་ཐོགས་མེད་དུ་གསུངས་པས་འགའ་ཞིག་དང་། ཕལ་ཆེར་གྱིས་འདི་རི་ཁར་ཉལ་བས་སྨན་མོས་བརླམས་པར་འདུག་ཅེས་ཇོ་མོ་སྨན་མོའི་མཚན་བླ་དྭགས་སུ་ཆགས། དེ་ལྟ་བུའི་རྐྱེན་གྱིས་ཐུགས་སུན་པའི་རྣམ་པས་རང་ཡུལ་ལ་མ་ཆགས་པར་གནས་ངེས་མེད་དུ་འབྱོན་པར་བཞེད་ནས་ལྷོ་བྲག་ནུབ་ལ་ཡག་སྤང་གྲོང་དུ་ཕེབས། གུ་རུ་ཆོས་ཀྱི་དབང་ཕྱུག་དང་མཇལ་བ་ཙམ་གྱིས་ལྷན་སྐྱེས་ཡེ་ཤེས་རྩོལ་མེད་དུ་འཁྲུངས། ཆོས་དབང་རིན་པོ་ཆེས་ཀྱང་གུ་རུས་ལུང་བསྟན་པའི་མཚན་ལྡན་གཟུངས་མ་ལྔའི་ཡ་གྱལ་དུ་དགོངས་ནས་གསང་བའི་ལས་རྒྱར་བཞེས་པས་སྔོན་ཆད་གཏན་ལ་ཕབས་མ་ནུས་པའི་བཀའ་བརྒྱད་གསང་བ་ཡོངས་རྫོགས་མན་ངག་གི་རྒྱུད་ཆེན་པོ་རྩ་མདུད་གྲོལ་་་་་་བའི་རྐྱེན་གྱིས་བརྡའ་དོན་ཐམས་ཅད་དགོངས་ཏེ་བོད་སྐད་དུ་བསྒྱུར་བ་ལ་བརྟེན་ཕན་ཚུན་གཉིས་ཀ་གཅིག་གྲོགས་གཅིག་གི་སྨན་ཡོན་བླ་ན་མེད་པར་གྱུར། དེར་ཡུན་མི་རིང་བ་ཙམ་བཞུགས་ནས་སྨིན་གྲོལ་གདམས་པའི་སྙིང་པོ་ཅི་རིགས་པ་གསན་པའི་མཐར་གཏེར་སྟོན་ཆེན་པོས། ཁྱོད་ཀྱི་ཟབ་ཆོས་མཁའ་འགྲོའི་གླེགས་བམ་དེ་ཁྱོད་རང་གི་སྐྱེ་བ་སྔ་མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཐུགས་དམ་སྙིང་པོ་ངོ་མཚར་ཅན་དུ་སྣང་ནའང་ད་ལྟ་འགྲོ་དོན་སྤེལ་བའི་དུས་ལ་མ་བབས། ཤིན་ཏུ་གསང་ལ་རང་ཉམས་སུ་ལོངས། དབུས་གཙང་གི་ཕྱོགས་ཀུན་ཏུ་འཁྱམས་ལ་འབྲེལ་ཚད་བདེ་ཆེན་གྱི་སར་སྦྱོར་བའི་སྦས་ཚུལ་གྱིས་འགྲོ་དོན་སྒྲུབས་ཤིག་དང་མཐར་ལུས་མི་སྤང་བར་མཁའ་སྤྱོད་ཀྱི་དངོས་གྲུབ་བརྙེས་པར་འགྱུར་རོ་ཞེས་པའི་ཞལ་བཀོད་ནན་ཏུ་བསྩལ་པ་ལྟར། སྐལ་བར་ལྡན་པའི་རྣལ་འབྱོར་མ་གཉིས་བཅས་གཙང་ལ་སྟོད་དིང་རི་མན་ཆད་ཡུལ་ཡུལ་ཕྲན་ཐམས་ཅད་དུ་བྱོན། སྦས་ཚུལ་གྱི་འགྲོ་དོན་ལྷུན་གྱིས་གྲུབ་ནས་མཐར་དགུང་གྲངས་སོ་དྲུག་ཏུ་སོན་པའི་སྟོན་ཟླ་ར་བའི་ཚེས་བཅུའི་ཉིན་ཡུལ་དབུས་སྦྲགས་ལྷ་རིའི་རྩེ་མོར་ཕེབས། དཔོན་གཡོག་གསུམ་གྱིས་ཚོགས་ཀྱི་མཆོད་པ་ཞིག་མཛད་དེ་གསུམ་ཀས་ལུས་མ་སྤངས་པར་འདབ་ཆགས་རྒྱལ་པོ་མཁའ་ལ་འཕུར་བ་ལྟར་ནམ་མཁའི་དབྱིངས་སུ་ཇེ་མཐོ་ཇེ་མཐོར་ཨོ་རྒྱན་ཟངས་མདོག་དཔལ་རིའི་མཁའ་འགྲོའི་ཚོགས་གྲལ་ལ་ཐོགས་མེད་དུ་གཤེགས་པ་ན། ཕྱོགས་དེའི་ཕྱུགས་མ་སྐྱོང་བ་རྣམས་ཀྱིས་མངོན་སུམ་དུ་མཐོང་སྟེ་དེར་འོངས་པ་ན་ཚོགས་རྫས་འགའ་ཞིག་འཐོར་བ་ཟོས་པས་རང་བཞིན་གྱིས་བསམ་གཏན་ལ་གནས་པའང་བྱུང་ངོ་། །དེ་ལྟ་བུའི་རྨད་དུ་བྱུང་བའི་གསང་བ་ཆེན་པོ་མཁའ་འགྲོ་གསང་བ་ཀུན་འདུས་སུ་གྲགས་པ་འདི་ཉིད་རེ་ཞིག་མཁའ་འགྲོའི་ཕྱག་ཏུ་བཞུགས་ཤིང་ཕལ་པའི་སྤྱོད་ཡུལ་དུ་མ་གྱུར་པ། རྩོད་དུས་ཀྱི་ཐ་མར་འདུལ་བའི་སྐབས་སུ་བབས་ཤིང་ཐུགས་རྗེ་དང་སྨོན་ལམ་གྱི་དབང་ལས། སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ། སྔོན་ཆོས་དབང་རིན་པོ་ཆེའི་གསང་གྲོགས་སུ་གྱུར་པའི་རྒྱུ་དང་ཡེ་ཤེས་མཁའ་འགྲོའི་བྱིན་རླབས་ཀྱི་རྐྱེན་ལ་བརྟེན་ཏེ་ཚིག་དོན་གྱི་བཀའ་བབས་ཤིང་རྗེས་སུ་དྲན་པའི་ཆོ་འཕྲུལ་ཆེན་པོས་གཏན་ལ་ཕབས་པར་མཛད་པའི་སྐབས། ཞལ་སྤོད་གནང་རིམ་བཞིན་ཁོ་བོས་ཡི་གེར་བཀོད་དེ་ཐོག་མ་ཁོ་ནར་སྨིན་གྲོལ་གྱི་གདམས་པ་ཚང་སྤྲུགས་སུ་བསྩལ་པའི་སྐལ་པ་བཟང་པོས་ཡིད་རབ་ཏུ་ཚིམས་ཤིང་། སླད་ནས་བསྙེན་སྒྲུབ་འབྲེལ་འཇོག་དང་སྒྲུབ་ཆེན་དང་སྒྲུབ་ཕྲན་ལན་གྲངས་བགྱིས་པས་བྱིན་རླབས་ཀྱི་མཚན་མའང་ཐོབ་པ་བཅས་ཁོ་བོའི་རྗེས་འཇུག་གསང་བ་ཆེན་པོ་ལ་ཡིད་བརྟོན་པ་དག་གིས་ཉམས་ལེན་སྙིང་གི་ནོར་བུར་བཟུང་་་བར་རིགས་ལ། གཞན་ཡང་ཉེར་མཁོའི་ཡིག་ཆ་ཅི་རིགས་གསར་སྤེལ་བཅས་སྤར་དུ་བསྒྲུབས་ཤིང་སྨིན་གྲོལ་ལན་གྲངས་བགྱིས་པ་སོགས་ཟབ་ཆོས་འདི་ཉིད་ལ་ཞབས་ཏོག་ཅུང་ཟད་གྲུབ་པ་ཡིན་ནོ། །ཡེ་ཤེས་མཁའ་འགྲོ་འདི་ཤིན་ཏུ་གྲགས་ཆུང་བས་གཏེར་འབྱུང་སྔ་མ་རྣམས་སུ་མཚན་ཙམ་ལས་སྔ་ཕྱི་ནམ་བྱོན་ཡང་མ་གསལ་སྟབས་འདིར་གཏེར་ལུང་དངོས་དང་རྗེ་བླ་མའི་ཞལ་ལུང་དཔང་པོར་བྱས་ཏེ་ཅུང་ཟད་རྒྱས་པར་བཀོད་པ་ཡིན་ནོ། ༈ །གྲུབ་ཆེན་མེ་ལོང་རྡོ་རྗེ་ནི། སྦྲགས་ཀྱི་ཕུར་རྣལ་འབྱོར་པ་ཞིག་གི་སྲས་སུ་འཁྲུངས། དགུང་ལོ་དགུ་པར་གྲུབ་ཐོབ་ཟ་ལུང་པ་དང་མཁན་པོ་སེ་ལུང་པ་ལས་རབ་ཏུ་བྱུང་། དགུང་ལོ་བཅུ་དྲུག་པར་བརྒྱད་སྟོང་པ་བརྒྱ་རྩ་གསུངས་པས་གནས་ལུགས་ཀྱི་དོན་རྟོགས། ཟངས་མཚོར་བསྒོམས་པས་ཉམས་འབར་ཞིང་མངོན་ཤེས་ཕྲ་མོའང་ཤར། ཕྱོགས་མེད་དུ་བྱོན་ཏེ་ཁྱད་འཕགས་བཅུ་གསུམ་སོགས་བླ་མ་མང་པོ་བསྟེན་ནས་སྔགས་གསར་རྙིང་གི་གསན་པ་མང་པོ་མཛད། གནས་ཆེན་མང་པོར་དཀའ་སྤྱད་དྲག་པོས་སྒྲུབ་པ་མཛད་པས་རྡོ་རྗེ་ཕག་མོ་སོགས་ལྷ་དང་རིག་འཛིན་དུ་མའི་ཞལ་མང་པོ་གཟིགས། དགུང་ལོ་བཅོ་བརྒྱད་པར་འཁྲུལ་ཞིག་སེང་གེ་རྒྱབ་པ་ལས་རྫོགས་ཆེན་སྙིང་ཐིག་གསན་པས་སྔོན་འགྲོའི་སྐབས་ཞག་དྲུག་ཏུ་ཉིན་མཚན་མེད་པར་རྡོ་རྗེ་སེམས་དཔའི་ཞལ་མཐོང་། མནལ་ལམ་དུ་རྡོ་རྗེ་སེམས་དཔས་དབང་བསྐུར་བ་ཐོབ་སྟེ་རྫོགས་པ་ཆེན་པོའི་རྟོགས་པ་མཐར་ཕྱིན། བརྟུལ་ཞུགས་ཤིན་ཏུ་ཆེ་བས་གསང་བ་སྔགས་ཀྱི་སྤྱོད་པ་སྒྲ་ཇི་བཞིན་ཏུ་སྤྱོད་པར་ནུས་ཤིང་འབྱུང་བ་ལྔ་ལ་དབང་བསྒྱུར་བས་གྲུབ་ཐོབ་ཆེན་པོའི་མཚན་ཡོངས་སུ་གྲགས། མཁར་ཆུ་སོགས་དབེན་གནས་རྣམས་སུ་སྒྲུབ་པའི་རྒྱལ་མཚན་བཙུགས། སྦྲགས་ཡང་རྫོང་ནས་བི་མ་ལའི་ཐུགས་ཐིག་སྤྱན་དྲངས་ཏེ་གནས་ཀྱིས་མཚན་དུ་ཡང་རྫོང་སྙིང་ཐིག །གཏེར་སྟོན་ལས་མེ་ལོང་སྙིང་ཐིག །རྒྱ་རྟགས་ལས་སྙིང་ཐིག་ཨཱཿཧཱུྃ་མ། གླེགས་བམ་གྱི་ཚད་ལས་བི་མའི་གོང་ཁུག་མར་གྲགས་པ་སྟེ་ཕྱིས་ཀྱི་བར་དཔེ་ལུང་གི་རྒྱུན་བཞུགས་པར་སྣང་མོད་ཆོས་རྒྱུན་ཆད་ནས་མི་རབས་གཅིག་ཙམ་སོང་བར་འདུག །དགུང་ལོ་དྲུག་ཅུ་པར་མཁར་ཆུ་ནས་གདོད་མའི་གྲོལ་སར་གཤེགས་པའི་ལྟས་ཆེན་པོ་དང་བཅས་ཞི་བར་མནལ་བས་གདུང་རིགས་ལྔའང་རྒྱུད་ལས་བཤད་པ་ལྟར་བྱོན། དེང་སང་རྗེ་བླ་མ་རིན་པོ་ཆེར་མེ་ལོང་སྙིང་ཐིག་གི་ཉེ་བརྒྱུད་ཁྱད་པར་འཕགས་པ་བཞུགས་པ་དང་། མེ་ལོང་སྙིང་ཐིག་རྩ་བའི་ཆོས་སྡེ་རྣམས་མཁའ་འགྲོ་རྡོ་རྗེ་སྒྲོལ་མས་ཡང་གཏེར་དུ་སྦས་པའི་ཤོག་སེར་ཁོ་བོའི་ལག་ཏུ་འབྱོར་པ་གཏན་ལ་ཕབ་སྟེ་སྨིན་གྲོལ་བཀའ་དྲིན་དུ་ནོས་ཏེ་གཏེར་མཛོད་ཆེན་མོར་བཞུགས་སུ་གསོལ་བའོ། ༈ །སྐལ་ལྡན་བྱིས་པ་ནི། སྔོན་མངའ་རིའི་ཡུལ་གུ་གེ་འདམ་གྲོགས་ཞེས་པར། བྱིས་པ་མང་པོས་བྱེ་མའི་སྤོ་ཆེན་པོ་ཞིག་བྲུས་པས། རྡོའི་སྒྲོམ་གྲུ་བཞི་ཁེབས་དང་བཅས་པ་ཞིག་བྱུང་བ། ཁ་ཕྱེས་པའི་ནང་ནས་སེམས་ཅན་རིགས་མི་གཅིག་པ་མང་པོ་ཤིག་ཤིག་བྱུང་བ་དང་། བྱིས་པ་གཞན་རྣམས་ཤི །བྱིས་པ་མཛངས་པ་ཞིག་གིས་ཡ་ཁེབས་ཁྱེར་ནས་བྲོས་པས་སྐྱོན་མ་བྱུང་། དེར་ཡུལ་དེར་ནད་ཡམས་ཆེན་པོ་བྱུང་སྟེ་གཉན་རིམས་ཀྱི་རིགས་མི་འདྲ་བ་དུ་མས་མི་ཕྱུགས་མང་པོ་ཤི་བ་ན། ཡ་ཁེབས་དེ་ལས་རིམས་སྲུང་ཆིག་དྲིལ་གྱི་སྐོར་རྣམས་བྱུང་སྟེ། འཁོར་ལོ་དང་རྫས་སྔགས་རྣམས་བྱིན་པས་ནད་རིམས་ཐམས་ཅད་ཆུ་བཅད་པ་བཞིན་དུ་སོང་བས་ཟབ་པར་ཤེས་ཏེ་རིམ་པར་སྤེལ་བས་དེང་སང་གི་བར་དུ་གུ་གེ་ཆིག་དྲིལ་ཞེས་སྲུང་བ་ཟབ་མོར་བྱེད་ཅིང་ལུང་དང་ཕྱག་ལེན་གྱི་རྒྱུན་མ་ཉམས་པ་བདག་གིས་ཀྱང་ནོས། གཏེར་སྟོན་གྱི་མཚན་ལའང་བྱིས་པ་ལས་མཚན་གཞན་མ་ཐོགས་པས་སྐལ་ལྡན་བྱིས་པར་མིང་ཆགས་པར་སྣང་ངོ་། ༈ །བྲང་ཏི་རྒྱལ་ཉེ་མཁར་བུའི་ལོ་རྒྱུས་རྒྱས་པ་ཞིག་མ་མཐོང་ཡང་། བྲང་ཏི་རྒྱལ་ཉེ་མཁར་བུ་ཞེས་པ་བོད་སྨན་མཁས་པ་མི་དགུའི་གྲས་བྲང་ཏིའི་རྒྱུད་དུ་འཁྲུངས། འདིས་སློབ་དཔོན་རིན་པོ་ཆེ་དང་ཁྲི་སྲོང་ལྡེའུ་བཙན་གྱིས་སྦས་པའི་རྩ་སྒྲུབ་དང་གསོ་དཔྱད་སྐོར་འགའ་ཞིག་བསམ་ཡས་གནམ་སྟེགས་བཅུ་གསུམ་གྱི་ཀ་ཞུའི་ནང་ནས་གཏེར་བཏོན་ཅིང་བསྒྲུབས་པས་གྲུབ་རྟགས་ཐོན་པར་གྲགས་ཤིང་། དེ་ནས་བྲང་ཏི་འཇམ་དཔལ་བཟང་པོ་སོགས་ལས་རིམ་པར་བརྒྱུད་པར་བཤད་ཀྱང་དེང་སང་གཡུ་ཐོག་སྙིང་ཐིག་གི་ཆོས་སྡེར་བྲམ་ཟེ་སེར་སྐྱ་སྤུན་གསུམ་གྱི་བཀའ་གཏད་ཙམ་ཞིག་བཞུགས་སོ། ༈ །སྒོམ་ཆེན་འབྲུག་པ་དང་། གཉན་སྟོན་ཛམྦྷ་ལ་དང་། དོན་གྲུབ་སེང་གེ་དང་། པདྨ་གྲགས་པ་སྟེ། གཏེར་སྟོན་འདི་རྣམས་རིག་འཛིན་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་གཡོག་ཡིན་ཏེ། རིག་འཛིན་དེ་ཉིད་ཀྱིས་གཏེར་ཁ་ཆེན་པོ་བཅོ་བརྒྱད་ཞལ་ཕྱེས་པའི། གཏེར་ཁ་བཅུ་པ་ཆོས་དྲུག་སྲས་མཁར་མ་སྒོམ་ཆེན་འབྲུག་པ་མངགས་ཏེ་སྤྱན་དྲངས་པ་ཡིན་ལ། དེ་བཞིན་ཏུ་གཉན་སྟོན་ཛམྦྷ་ལས་ལྷོ་བྲག་མཁོ་མཐིང་ལྷ་ཁང་ནང་གི་གཤིན་རྗེ་དམར་པོའི་ཐུགས་ཀ་ནས་འཇམ་དཔལ་རྫོགས་ཆེན་སྐོར་སོགས་བཏོན་པ་ཆོས་དབང་རིན་པོ་ཆེའི་གཏེར་ཁ་བདུན་པར་བགྲངས་ཏེ། དོན་གྲུབ་སེང་གེ་དང་པདྨ་གྲགས་པ་གཉིས་ནི་ཐ་དད་གཉིས་འཛོམ་ཞེས་གོང་མ་གཉིས་ཀྱི་གཏེར་འདོན་གྲོགས་ཡིན་པར་བཞེད་ཅིང་ཆོས་དྲུག་སྲས་མཁར་མའི་ལུང་རྒྱུན་ཙམ་བཞུགས་པའང་ནོས་སོ། ༈ །ཉང་བན་ཏིང་འཛིན་བཟང་པོའི་རྣམ་འཕྲུལ་སྐྱེས་བུ་ཡེ་ཤེས་རྡོ་རྗེའི་སྐྱེ་བ་དུང་མཚོ་རས་པ་སྔ་མ་ནི་ཡར་ལུང་དུ་འཁྲུངས། གཞོན་དུས་ནས་གདན་ས་མཐིལ་དུ་ཆོས་སྒོར་ཞུགས་པའི་མཚན་ཤེས་རབ་རྒྱ་མཚོ་དང་། སྒམ་པོ་རྡོར་བློ་བ་ལ་བསྙེན་པར་རྫོགས་པའི་མཚན་རིན་ཆེན་བཟང་པོ་གསོལ། ཁ་རག་གཡུ་མཚོར་འཁྲུལ་ཞིག་ཁམས་པའི་དྲུང་དུ་དཀའ་ཐུབ་ཀྱི་སྡོམ་པ་ཞུས་པའི་སྐབས། དེས་ལུང་བསྟན་པ་ལྟར་གཡུ་མཚོར་བྱོན་ནས་དེའུ་ཞིག་གི་ཁར་སྤྱིལ་པོ་འདུག་པར་དཀའ་ཐུབ་ལ་བསྟེན་ཏེ་སྒྲུབ་པ་མཛད། སྤྱིལ་པོའི་གཏིང་ནས་ཁ་བྱང་རྙེད་པས་དེའི་དོན་སྒམ་པོར་བྱོན། མཚོ་འོག་མའི་འཁྱགས་པ་བསྐུམ་ཁྲུ་གང་གི་འོག་ནས། དྭགས་པོ་རིན་པོ་ཆེ་དང་། སྐྱེས་བུ་ཡེ་རྡོར་གཉིས་ཀྱིས་སྦས་པའི་ཆོས་གཏེར། རྡོ་སྒྲོམ་ནང་དུ་ནེའུ་ལེའི་གཟུགས། དེའི་ནང་དུ་ཤོག་དྲིལ་དར་སྣ་ལྔས་དྲིལ་བ་དང་ནཱ་རོ་པའི་དབང་བུམ་སོགས་སྤྱན་དྲངས་པ་ལས་སེམས་ཁྲིད་ཡིད་བཞིན་ནོར་བུ་དང་འཕོ་བ་གྲོང་འཇུག་གི་སྐོར་རྣམས་བྱོན་ཏེ་སེམས་ཁྲིད་སྔར་དུས་དར་རྒྱས་ཆེ། དེང་སང་ཡང་རྒྱུན་བཞུགས་པ་ལས་ཟུར་མང་སྙན་བརྒྱུད་ལས་ལུང་དང་གྲོལ་མཆོག་ཁྲིད་བརྒྱ་ལས་ལུང་ཁྲིད་བར་མ་ཆད་པར་ནོས། འདིས་གཉལ་དུ་དྭགས་པོ་རིན་པོ་ཆེ་འཁྲུངས་ས་དུང་མཚོ་ལྷ་ཁང་སོགས་རྟེན་བཞེངས་མང་པོ་མཛད། ཚལ་པ་དྲུང་ཆེན་སྨོན་ལམ་པ་དང་ཀུན་དགའ་རྡོ་རྗེ་སོགས་ལ་དངོས་རྫས་མང་པོ་ཕུལ་ནས་ལྷ་ས་བསྐོར་མི་རྣམས་ལ་སྐྱོ་ཚུལ་ཚུགས་པའང་བཤད་དོ། ༈ །རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་འཕྲུལ་གཉིས་ཀྱི་ཕྱི་མ་མཁའ་འགྲོ་མ་ཀུན་དགའ་འབུམ་པ་ནི་འོན་གྱི་བཀྲ་ཤིས་རྡོ་མཁར་དུ། ཡབ་གཙང་པ་རྡོ་རྗེ་དབང་ཕྱུག་དང་། ཡུམ་ཤེལ་དཀར་བཟའ་རྡོ་རྗེ་འཚོའི་སྐྱེ་བ་མཚན་ལྡན་ལྷ་སྐྱིད་དཔལ་འཛོམ་གཉིས་ཀྱི་སྲས་སུ་སྤྲེའུ་ལོར་འཁྲུངས། དགུང་ལོ་དྲུག་པར། གདན་ས་མཐིལ་གྱི་སྤྱན་སྔ་ཚེས་བཞི་རྙིང་མ་གྲགས་པ་རྒྱལ་མཚན་ལ་གཙུག་ཕུད་ཕུལ། མཚན་ཀུན་དགའ་འབུམ་དུ་གསོལ། དེ་ལ་སོགས་པའི་བླ་མ་མང་དུ་བསྟེན་ཅིང་། གསང་སྔགས་གསར་རྙིང་གི་ཆོས་ཚུལ་མང་པོ་དང་དབང་ཁྲིད་གདམས་པ་མཐའ་ཡས་པ་གསན་ཅིང་སྒྲུབ་པ་ཁོ་ན་མཛད་པས། ཐུགས་དམ་གྱི་རྟོགས་པ་ཀློང་དུ་གྱུར། ཁྱད་པར་དུ་ནུབ་གཅིག་གི་སྲོད་འཁོར་ཙམ་ལ། ཀྱེ་སྐལ་ལྡན་ལས་ཅན་མ་ཁྱོད། སྦྲགས་ཡང་རྫོང་གི་འོད་གསལ་ཕུག་ཅེས་བྱ་བར། ལོ་བདུན་ཟླ་བ་བདུན་ཞག་བདུན་དུ་ཟ་མ་བདུན་དུ་སྒྲུབ་པ་མཛོད་ཅིག་དང་། ཌཱ་ཀིའི་ལུང་བསྟན་དང་། མཁའ་སྤྱོད་ཀྱི་ཞིང་སོགས་མཇལ་བ་ཡོད་དོ། །ཟེར་བ་ཞིག་གསན་ནས། སྦྲགས་ཡང་རྫོང་གི་བྱེ་བྲག་རྫོང་ཤེལ་གྱི་འོད་གསལ་ཕུག་ཏུ་ལོ་བདུན་ཏུ་རྩེ་གཅིག་ཏུ་སྒྲུབ་པ་ལ་བཞུགས་པས། རྡོ་རྗེ་ཕག་མོས་ལུང་བསྟན་ནས་ཕུག་པ་དེ་ཉིད་ནས་མ་རྒྱུད་གསང་བ་ལམ་ཁྱེར་གྱི་ཆོས་སྐོར་ཆ་ལག་དང་བཅས་གཏེར་ནས་གདན་དྲངས། དབུས་སྟོད་སྨད་ཀུན་ཏུ་སྐལ་ལྡན་མང་པོ་ལ་གནང་བས་སྨིན་གྲོལ་ལ་བཀོད། ཁྱད་པར་དུ་གཏེར་ལུང་ལས་བྱུང་བ་བཞིན་འགྲོ་མགོན་དུང་མཚོ་རས་པ་ལ་གནང་། དེ་ནས་ཕྱོགས་ཀུན་ཏུ་རྒྱ་ཆེར་འཕེལ་ནའང་དེང་སང་དཔེ་ལུང་གི་རྒྱུན་ཤིན་ཏུ་དཀོན་པ་ལ་ཁོ་བོས་ཡར་ལུང་ཤེལ་བྲག་ནས་དཔེ་རྙིང་ཞིག་རྙེད། གཏེར་ཆེན་མཆོག་གྱུར་གླིང་པས་སྔོན་གནས་རྗེས་དྲན་དང་བྱིན་རླབས་ཉེ་བརྒྱུད་དུ་བཀའ་བབས་པའི་སྨིན་གྲོལ་གདམས་སྐོར་རྫོགས་པར་ཞུས་ནས་གཞན་ལའང་སྤེལ། མཁའ་འགྲོ་མ་འདིས་སྦྲགས་ཡང་རྫོང་གི་གནས་སྒོ་ཡང་། གཏེར་འདོན་པ་དང་ལྷན་ཅིག་ཏུ་ཕྱེས་པ་ཡིན་ཏེ་དེ་དུས་གྲ་དོལ་གཞུང་གསུམ། སྐྱི་གཡོར་ཡར་འོན། ཀློ་རྡོ་བསམ་ཡས་ཟུར་མཁར་རྣམས་སུ་མེ་ཏོག་གི་ཆར་བབས་པ་དང་། མཁའ་འགྲོ་མ་རྣམས་ཀྱིས་རོལ་མོའི་སྒྲ་སྒྲོག་པ་བྱུང་། ཕྱོགས་འདུས་ཀྱི་བླ་མ་མི་དཔོན་དགེ་བའི་བཤེས་གཉེན་སོགས་གྲྭ་པ་བུ་སློབ་ཀྱང་མང་དུ་འདུས་ཤིང་ཆོས་དང་གདམས་པ་ཞུ་བ་བགྲང་བ་ལས་འདས། མཛད་པ་མཐར་ཕྱིན་ནས། འོན་གྱི་བཀྲ་ཤིས་ཡང་དགོན་དང་། རྗེ་མོ་མཆོད་རྟེན་གྱི་དགོན་པར་ཞག་བདུན་དུ་སྐུ་མཚམས་མཛད་ནས། སྒྲ་དང་འོད་དང་མེ་ཏོག་གི་ཆར་འབབ་པ་ལ་སོགས་པའི་ངོ་མཚར་གྱི་ལྟས་བཟང་བསམ་གྱིས་མི་ཁྱབ་པ་དང་བཅས། སྐུ་ལུས་མ་སྤངས་པར་འཇའ་ལུས་རྡོ་རྗེའི་སྐུ་གྲུབ་པར་མཛད་པ་ཡིན་ནོ། ༈ །དུང་མཚོ་རས་པ་ཕྱི་མ་ནི་ལ་སྟོད་ལྷོའི་དིང་མ་བྲིན་དུ་ཡབ་ཞང་དཀོན་ནེ་བྱ་བ་དང་། ཡུམ་མགྲོན་ཟ་སྒྲོན་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྔོན་གྱི་འགྲོ་མགོན་དུང་མཚོ་རས་པའི་སྐྱེ་བ་གསལ་བར་དྲན་པས་དུང་མཚོ་རས་པ་ཕྱི་མར་གྲགས། དགུང་ལོ་བཅུ་གཅིག་པ་ལ་ཆོས་སྒོར་ཞུགས་ནས་མདོ་སྔགས་ཀྱི་གསན་པ་རྒྱ་ཆེར་མཛད། དགུང་ལོ་ཉེར་གསུམ་ཙམ་ན་གངས་བུ་ལེར་མི་ཉག་རས་པའི་དྲུང་དུ་ཕྱིན་ནས་དབང་ཁྲིད་དང་གསར་རྙིང་གི་གདམས་པ་མང་པོ་གསན། གངས་ཁྲོད་དང་གཡའ་ཁྲོད་མང་པོར་སྒྲུབ་པ་མཛད་པས། ཨོ་རྒྱན་རིན་པོ་ཆེའི་ཞལ་མཇལ་ལུང་བསྟན་མཛད་པ་བཞིན་དབུས་དང་ཀོང་པོ་ཕྱོགས་ལ་ཕེབས། འོན་དུ་རྗེ་བཙུན་མ་ཀུན་དགའ་འབུམ་དང་མཇལ་ནས་རྗེས་སུ་བཟུང་ཞིང་ཆོས་ཀྱི་བདག་པོར་ལུང་བསྟན། མོན་གནས་ཁྱུང་རྫོང་གངས་ར་དང་ལ་སྟོད་སྲིན་པོ་རྫོང་སོགས་ཀྱི་གནས་སྒོ་ཕྱེས། སྲིན་པོ་རྫོང་ནས་བླ་སྒྲུབ་གདུང་བ་ཞི་བྱེད་དང་། ཚེ་སྒྲུབ་འོད་ཀྱི་བུམ་པ་ཞེས་བྱ་བའི་ཟབ་གཏེར་ཐོན་ཅིང་གཞན་ལ་རྒྱ་ཆེར་སྤེལ། ཁྱད་པར་སྒམ་པོའི་རྒྱབ་ཀྱི་མཚོ་མཎྜལ་ནག་པོའི་འགྲམ་ཕ་བོང་རུ་སྦལ་ཁ་སྦུབ་པ་ལྟ་བུའི་འོག་ནས་རྫོགས་ཆེན་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་གི་གདམས་སྐོར་རྣམས་སྤྱན་དྲངས་སྐལ་ལྡན་རྣམས་ལ་སྤེལ་པས་ལམ་འདི་ལས་འོད་ལུས་གྲུབ་པའང་མང་དུ་བྱོན། གཞན་ཡང་རྡོ་ལ་ཕྱག་ཞབས་ཀྱི་རྗེས་འཇོག་པ་སོགས་གྲུབ་པའི་རྟགས་ངོ་མཚར་ཆེ་བ་བསམ་གྱིས་མི་ཁྱབ་པ་མངའ། ཀོང་ལོང་རལ་གསུམ་དུ་འགྲོ་དོན་གྱི་ཕྲིན་ལས་རྒྱ་ཆེར་བསྐྱངས། ཡང་ཏིའི་དབང་ལུང་ཁྲིད་གསུམ་ཉམས་ལེན་དང་བཅས་པའི་རྒྱུན་དེང་སང་གི་བར་དུ་རྒྱ་ཆེར་འཕེལ་ཞིང་ཁོ་བོས་ཀྱང་ལེགས་པར་ནོས་སོ། ༈ །རྒྱ་གར་ནས་བྱོན་པའི་གཏེར་སྟོན་བཛྲ་མ་ཏི་ཞེས་པས། བལ་ཡུལ་ལི་ཤན་ཏིའི་གནས་ནས་སྤྱན་དྲངས་པའི་རྫོགས་ཆེན་མཁའ་ཀློང་འོད་འཕྲོ་དང་། དེའི་ལས་ཚོགས་ཀླུ་དང་ས་བདག་གི་གཉེན་པོར་གྱུར་པ་ཨོ་རྒྱན་ཆེན་པོ་སྐུ་མདོག་མཐིང་ག་ཕག་ལ་ཆིབས་པའི་སྒོམ་བཟླས་དང་། སྨན་སྔགས་བསྡེབས་ནས་རིམས་ཏྲེ་ཏྲེ་ཧོ་སོགས་སྙིགས་མ་ལྔ་བདོ་བའི་ནད་རིམས་རྣམས་སྲུང་བཅོས་ཀྱི་གདམས་པ་ཟབ་མོ་ཞལ་ཤེས་དང་བཅས་པ་གདན་དྲངས། དེ་སྐབས་ཚལ་གུང་ཐང་པ་གཞོན་ནུ་བསམ་གཏན་གྱིས་བལ་ཡུལ་དུ་བྱོན་པས་གཏེར་སྟོན་དང་མཇལ་ནས་གཏེར་ཆོས་རྣམས་བོད་དུ་སྤྱན་དྲངས་པ། བཀའ་བབས་ལུང་ཟིན་ལྟར་བླ་མ་དཔལ་འབྱོར་ཞེས་པ་ནས་བརྒྱུད་དེ་དར་རྒྱས་སུ་གྱུར་ནའང་། དེང་སང་ནི་དྲག་མཐིང་སྒོམ་བཟླས་ཀྱི་ལུང་རྒྱུན་ཙམ་ལས་གཞན་མི་བཞུགས་སོ། ༈ །ལོ་ཙཱ་བ་རིན་ཆེན་བཟང་པོ་དང་ཤེལ་དཀར་བཟའི་རྣམ་འཕྲུལ་རྒྱལ་སྲས་ལེགས་པ་ནི། གཉལ་གྱི་སེ་བ་ལུང་གི་མདར་ཤོ་བོའི་གདུང་རུས་འཚོ་བྱེད་དབང་ཕྱུག་རྒྱལ་པོའི་སྲས་སུ་གྲུབ་ཐོབ་ཨོ་རྒྱན་པས་ལུང་བསྟན་པ་ལྟར་ལྕགས་ཕོ་སྟག་གི་ལོ་ལ་འཁྲུངས། སྐུ་ཆུང་དུས་ནས་ཤེས་རབ་བློ་རྩལ་གཉིས་ཀ་ཆེ། རང་གི་ཁུ་བོ་ཤོ་ཐམས་ཅད་མཁྱེན་པ་སོགས་བླ་མ་མང་པོར་བསྟེན་ཏེ་རིག་པའི་གནས་དང་གསར་རྙིང་གི་ཆོས་བཀའ་མང་པོ་ལ་གསན་བསམ་རྒྱ་ཆེར་མཛད་པས་མཁྱེན་རྟོགས་ཕུན་སུམ་ཚོགས་ཏེ་ཡོན་ཏན་དཔག་ཏུ་མེད་པ་མངའ། ཁྱད་པར་དགུང་ལོ་ཉི་ཤུ་རྩ་བརྒྱད་པ་ལ་གཏེར་སྟོན་པདྨ་ལས་འབྲེལ་རྩལ་གྱི་ཞབས་ལ་གཏུགས་ནས་རྫོགས་ཆེན་མཁའ་འགྲོའི་སྙིང་ཐིག་གི་ཆོས་སྐོར་ཐམས་ཅད་གསན་པས། གཏེར་སྟོན་གྱིས་རང་གི་ཆོས་བདག་ཏུ་ལུང་བསྟན། མེ་མོ་སྦྲུལ་གྱི་ལོར་བྱར་སྐྲག་ཆུང་རྡོ་རྗེ་བྲག་ནས་གཏེར་གྱི་ཁ་བྱང་རྙེད། དེ་ནས་ལོ་དྲུག་པ་ཆུ་ཕོ་ཁྱིའི་ལོ་ལ་གཏེར་སྒོ་ཕྱེས་ནས། རྫོགས་ཆེན་འཁོར་བ་ཆིག་ཆོད་དང་། ཕྱག་ཆེན་སངས་རྒྱས་གསལ་འདེབས། འཁོར་བ་བདེ་ཆེན་ལམ་བྱེད། སྙིང་ཐིག་འདས་རྗེས་རྣམ་གསུམ། ཐུགས་སྒྲུབ་ཐོད་ཕྲེང་རྩ་གསུམ་དྲིལ་སྒྲུབ་སོགས་གཏེར་ནས་གདན་དྲངས། གཞན་ཡང་ཙ་རི་ཟིལ་ཆེན་ཕུག་ནས་ཀྱང་ཡང་གཏེར་ཚུལ་གྱིས་ཞིང་སྐྱོང་གི་སྐོར་ཡང་སྤྱན་དྲངས། དགུང་ལོ་ཞེ་གསུམ་པ་ཆུ་ཕོ་སྤྲེའུའི་ལོར། ཀརྨ་པ་ཀུན་མཁྱེན་རང་བྱུང་རྡོ་རྗེས་ཀོང་པོར་གདན་དྲངས་པ་ལ་མཁའ་འགྲོ་སྙིང་ཐིག་གི་ཆོས་སྐོར་ཐམས་ཅད་དབང་ཁྲིད་ལུང་གསུམ་ཚང་བར་ཕུལ། འདི་ཤོག་སེར་སྟེང་ནས་ཕུལ་བ་ཡིན་ཟེར་བའང་སྣང་། གཞན་ཡང་ཆོས་བཀའ་མང་དུ་ཕུལ། ཚུར་ཡང་ཆོས་རྗེའི་དྲུང་ནས། ཐུབ་པའི་སྐྱེས་རབས། ཟབ་མོ་ནང་དོན། རྒྱལ་བ་རྒྱ་མཚོ་སོགས་ཆོས་མང་དུ་གསན། ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཆོས་བདག་པོ་ལ་འཕྲོད་པ་ཡིན་ཞེས་སྙིང་ཐིག་གི་བདག་པོར་མངའ་གསོལ་ཞིང་ལུང་བསྟན་པར་མཛད། དེ་ནས་འགྲོ་དོན་རྒྱ་ཆེར་མཛད་དེ་དགུང་ལོ་དོན་བདུན་པ་མེ་ཕོ་རྟའི་ལོ་ལ་ཆོས་ཀྱི་དབྱིངས་སུ་གཤེགས། དེང་སང་ཆོས་རྒྱུན་གཞན་བཞུགས་པ་མ་མཐོང་། པྲ་འབེབས་དང་བསང་བརྔན་ཙམ་གྱི་ལུང་རྒྱུན་ཐོས་ཤིང་ཀཾ་ཚང་གི་བསྟན་སྲུང་དཔལ་ལྡན་ཞིང་སྐྱོང་དབང་པོའི་སྒྲུབ་སྐོར་རྣམས་གཙོ་བོར་འདི་ལས་བརྒྱུད་པར་སྣང་ངོ་། ༈ །གཏེར་ཆེན་རྡོ་རྗེ་གླིང་པའི་ཞལ་སློབ་གཏེར་ཕྲན་ཉེར་གཅིག་གི་གྲས་ཨོ་རྒྱན་བཟང་པོ་ནི། མོན་བུམ་ཐང་གི་ཆོས་འཁོར་བདེ་ཆེན་སྟོད་དུ་འཁྲུངས། རྫོགས་ཆེན་གསལ་བའི་མེ་ལོང་དང་། ཚེ་སྒྲུབ་བདེ་གཤེགས་འདུས་པ་སོགས་སྤྱན་དྲངས། བུམ་ཐང་སྡེ་བཞིར་བདེ་སྐྱིད་འབྱུང་བའི་རྟེན་འབྲེལ་དུ་སྐུ་རྗེས་ལྷ་ཁང་ཞིག་གསོས་དང་བཀའ་བརྒྱད་ཀྱི་དཀྱིལ་འཁོར་བློས་སླང་བཞེངས་དགོས་པའི་ལུང་བསྟན་ཡོད་པར་དཀྱིལ་འཁོར་བཞེངས་ཚུལ་ལ་དོགས་གནས་འགའ་ཞིག་བྱུང་བས་ཐེ་ཚོམ་བསལ་ཕྱིར་སྐུ་ལུས་ཉེར་གནས་ལ་བཅོལ་གཏམ་བྱས། རྗེ་ཉིད་བྱ་རྒོད་ཀྱི་རྣམ་པས་ཟངས་མདོག་དཔལ་རིར་ཕེབས་ཨོ་རྒྱན་ཆེན་པོར་དོགས་གཅོད་ཞུས་ནས་ཚུར་ཕེབ་པའི་བར་ལ་ཞག་བདུན་འགྱངས་པ་ཉེ་གནས་ཀྱིས་སྤུར་ལས་དབུ་ཐོད་ཞུས་ནས་སྐུ་ལུས་ཆུད་གསན་པ་དང་འགྲིགས་པས་ཐབས་མ་རྙེད་ནས། མོན་ཚ་འོག་ཏུ་བུ་མོ་ཤི་མ་ཁད་ཅིག་གི་རོ་ལ་གྲོང་འཇུག་མཛད། སྐུ་རྗེས་ལྷ་ཁང་དུ་ཤོག་སེར་རྣམས་ཕབ་ཅིང་ལྷ་ཁང་ཞིག་གསོས་ཀྱང་མཛད། སྐུ་རྟེན་དམན་པས་བློས་སླང་བཞེངས་མ་གྲུབ། ལྷ་ཁང་ཐོག་ཁའི་གནམ་རྒྱན་ལ་དཀྱིལ་འཁོར་བྲིས་པ་ད་ལྟའང་ཡོད་འདུག །འགྲོ་དོན་ཀྱང་ཆེར་བྱུང་སྟེ་ངོ་མཚར་ཆེ་བ་ཞིག་ཏུ་འཛིན། དེང་སང་ཆོས་རྒྱུན་མ་བཞུགས། ༈ གཏེར་སྟོན་ཤེས་རབ་མེ་འབར་ནི། འཁྲུངས་ཡུལ་ཁམས་པ་ཡིན་པར་གྲགས། ཀོང་པོ་རྒྱ་ལའི་རྦ་དོང་ནས་རྫོགས་པ་ཆེན་པོ་འཁོར་འདས་རང་གྲོལ་ཆོས་སྐོར་རྣམས་དང་། རྫོགས་ཆེན་དྲག་པོ་གསུམ་དྲིལ་གྱི་སྐོར་དང་། སྟག་རྩེ་བྲག་ནས་གཟའ་དང་ལྷ་མོའི་ཆོ་འཕྲུལ་སོགས་གདམས་ཟབ་མང་དུ་གདན་དྲངས། འོན་ཀྱང་རྫོགས་ཆེན་འཁོར་འདས་རང་གྲོལ་སྒྲ་རིགས་མི་འདྲ་བ་དང་ཡིག་རིགས་མི་འདྲ་བ་བརྒྱ་རྩ་ཡོད་པའི་གཏེར་ཡིག་གི་མགོར་བོད་ཡིག་ཏུ། སྤྲུལ་སྐུ་རྣམ་མཁྱེན་གཅིག་དང་འཕྲད་པར་ཤོག༔ དེ་མིན་སྙིགས་རུས་གཞན་གྱིས་ཁྲོལ་རེ་ཀན༔ ཞེས་པ་ཡོད་ཅིང་གཏེར་སྟོན་ཉིད་ཀྱིས་ཀྱང་ཤོག་སེར་མ་ཁྲོལ་བས། གཏེར་སྟོན་གྱི་སློབ་མ་འཁྲུལ་ཞིག་སྟག་ཚང་རས་པས་ཀརྨ་པ་རང་བྱུང་བ་སོགས་མཁས་གྲུབ་མང་པོ་ལ་བསྟན་ཀྱང་འགྲོལ་མ་ཐུབ། ཡིག་རིགས་བཅུ་དྲུག་དང་སྒྲ་རིགས་སུམ་ཅུ་ཙམ་མཁྱེན་པའི་བླ་མ་ཀུན་དགའ་བྱ་བ་ལ་བསྟན་ཀྱང་མ་ཁྲོལ། དེའི་ཚེ་གཏེར་སྟོན་རྡོ་རྗེ་གླིང་པ་བཻ་རོའི་བག་ཆགས་སད་ནས་སྒྲ་རིགས་དང་ཡིག་རིགས་གང་ལའང་ཐོགས་པ་མེད་པར་མཁྱེན་པར་གྲགས་པས་ཀོང་པོར་གདན་དྲངས་ནས་ཤོག་སེར་རྣམས་སྤྱན་སྔར་ཕབ་པ་ཙམ་གྱིས་ཚེགས་མེད་པར་མཁྱེན་པའི་ངོ་མཚར་དང་ཡ་མཚན་རྨད་དུ་བྱུང་བས་རྡོ་རྗེ་གླིང་པའི་ཆེ་བ་བཏོན་བྱེད་དུ་གྱུར་ཅིང་ཆོས་་་་་་་་་བརྒྱུད་ལའང་འདྲེན་པར་སྣང་ངོ་། །ཕྱིས་གཏེར་སྟོན་འདི་ཉིད་མོན་ཡུལ་དུ་བྱོན་དུས། ཡུལ་དེའི་དཔོན་པོས་རང་སྐལ་མིན་པའི་གཏེར་ཞིག་དབང་མེད་དུ་འདོན་དུ་བཅུག་པས་དཔོན་པོའང་ཤི། གཏེར་སྟོན་ཡང་རིང་པོར་མ་ལོན་པར་སྐུ་གཤེགས། ཤོག་སེར་རྣམས་ཡང་གཏེར་དུ་སྦས་པ་ཕྱིས་པདྨ་གླིང་པས་བཏོན། ཕལ་ཆེར་ཆུད་ཟོས་སུ་སོང་བས་རྫོགས་པར་ཕབ་མ་ཐུབ་ཀྱང་། གཏེར་སྟོན་སྔ་མས་ཕབ་པ་ཉིད་བདག་གིར་མཛད་པ་རྫོགས་ཆེན་གཉིས་མེད་རྒྱུད་བུ་ཆུང་གི་སྐོར་ཡིན་པར་བཤད། འདིའི་གཏེར་ཆོས་འཁོར་འདས་རང་གྲོལ་སྐོར་རྣམས་དངོས་སུ་རྒྱུན་མ་བཞུགས་ཀྱང་སྟག་ཤམ་ཡི་དམ་དགོངས་འདུས་ཀྱི་ཆོས་སྡེར་བཞུགས་པ་དང་གཞུང་གཅིག་པར་སྣང་བས་ཆུ་བོ་གཅིག་འདྲེས་སུ་རུང་བར་མངོན། ༈ ཆོས་བློན་ཉི་མའི་སྐྱེ་བ་ཉི་ཟླ་སངས་རྒྱས་ནི་དྭགས་པོར་འཁྲུངས། མཚོ་མཎྜལ་ནག་པོ་ནས་འཕོ་བ་འཇའ་ཟུག་མའི་གདམས་སྐོར་རྣམས་སྤྱན་དྲངས། ཀླུ་རྒྱལ་གཙུག་ན་རིན་ཆེན་འཁོར་བཅས་ལ་གནང་བས་ཆུ་དེ་ལ་གནས་པའི་སྲོག་ཆགས་ཐམས་ཅད་ཀྱང་ཐར་པ་ཐོབ་པར་མཛད་ཅེས་གྲགས། གཏེར་སྟོན་དེ་ཉིད་ཚུར་མཐོང་རྣམས་ཀྱི་སྣང་ངོར་རླུང་ཡན་ལྟ་བུ་ལ། དོན་དུ་ཟངས་མདོག་དཔལ་རིར་ཕེབ་ནས་ཨོ་རྒྱན་རིན་པོ་ཆེ་དངོས་སུ་མཇལ་ཏེ་འཕོ་བའི་གདམས་པ་ཟབ་ཁྱད་ཅན་ཞིག་ཀྱང་གསན་པར་མཛད། འདི་ལ་འཕོ་བ་སྙན་བརྒྱུད་མར་གྲགས་ཏེ་རིག་འཛིན་གཏེར་བདག་གླིང་པས་མཛད་པའི་ཁྲིད་ཡིག་ཀྱང་ཡོད། ཙ་རི་གཡུ་མཚོ་ནས་བཅུ་གཅིག་ཞལ་གྱི་སྐུ་རང་བྱོན་ངོ་མཚར་ཅན་ཞིག་གདན་དྲངས་པ་དེང་སང་གཉལ་དུ་ཡོད་སྐད། འདི་ཉིད་དགུང་ལོ་ཉིས་བརྒྱ་དང་ཉི་ཤུར་འགྲོ་དོན་དུ་བཞུགས་པའི་ལོ་རྒྱུས་སྣང་ནའང་། ཕྱེད་ལོའི་གྲངས་ཙམ་ནི་བཞུགས་པར་ངེས། འདིའི་སྲས་ཀརྨ་གླིང་པ་ཡིན་པས་དེའི་གཏེར་འདོན་པའི་གྲོགས་ཀྱང་མཛད་ཅིང་ཆོས་བརྒྱུད་ཀྱང་འདི་ལས་འཕེལ། འཕོ་བའི་གདམས་སྐོར་རྣམས་ཟབ་ཁྱད་དང་དེང་སང་ཡང་དར་རྒྱས་ཤིན་ཏུ་ཆེ་བས་འགྲོ་དོན་མཐའ་ཡས་པ་མཛད་པར་སྣང་ངོ་། ༈ །སྤྲུལ་པའི་སྐྱེས་མཆོག་རྡོ་རྗེ་གླིང་པའི་གཏེར་སློབ་སྔགས་འཆང་ལས་འཕྲོ་གླིང་པ་ནི། དོལ་དུ་འཁྲུངས། ཟབ་ལུང་མེ་ཚོར་མཁའ་འགྲོ་ཕུག་ནས་བླ་མ་ཡོངས་རྫོགས་ཀྱི་ཆོས་སྐོར་རྣམས་སྤྱན་དྲངས་ཤིང་གཏེར་རྫས་གདུང་རྒྱུད་སོགས་བྲག་དཀར་ཆོས་སྡིངས་དགོན་པར་ཡོད་པར་གྲགས་ཀྱང་དེང་སང་ཆོས་རྒྱུན་མི་བཞུགས་པར་མངོན། ད་ལྟ་ཡོངས་སུ་གྲགས་པའི་ནད་བརྒྱ་སྔགས་གཅིག་པདྨ་ཤ་ཝ་རི་འདི་ཉིད་ཀྱི་གཞུང་རྡོར་གླིང་སོགས་གཏེར་ཁ་མང་དུ་བྱོན་པར་སྣང་ཡང་སྒྲུབ་ཐབས་པདྨ་ཤ་ཝ་རི་དམར་མོའི་སྐོར་གཏེར་སྟོན་འདིས་ཡང་རྫོང་ནས་བཞེས་པ་རྗེ་བླ་མར་ཡང་གཏེར་་་དུ་བབས་པའང་བཞུགས་སོ། ༈ །ལྷ་སྲས་མུ་ཁྲི་བཙད་པོའི་རྣམ་འཕྲུལ་སྤྲུལ་སྐུ་བཟང་པོ་གྲགས་པ་ནི་ལ་སྟོད་ལྷོ་རུ་འཁྲུངས། རྟེན་དགེ་སློང་། བཀའ་བརྒྱུད་ཀྱི་ཆོས་སྒོར་ཞུགས། རྒྱལ་གྱི་ཤྲཱི། མང་ལམ་རི་ཁྲོད། གངས་བུ་ལེ་སོགས་སུ་སྒྲུབ་པ་རྩེ་གཅིག་མཛད་པས་རྟོགས་པ་ཀློང་དུ་གྱུར། གངས་བུ་ལེས་ཁྱེའུ་དར་ཐོད་ཅན་ཞིག་ཏུ་སྤྲུལ་ནས་གཏེར་འདོན་པར་བསྐུལ་ཡང་ཉམས་སྣང་དུ་དགོངས་ནས་རྩིས་གདབ་མ་མཛད། ཨོ་རྒྱན་ཆེན་པོས་སྙི་ནམ་ལ་སྒོམ་ཟེར་བའི་རྣལ་འབྱོར་པ་ཁྱད་པར་ཅན་ཞིག་ཏུ་སྤྲུལ་ནས་གཏེར་གྱི་ཁ་བྱང་བསྩལ་ཅིང་བསླབ་བྱ་མཛད་པ་ལྟར། རུ་ལག་གྲམ་པ་རྒྱང་གི་ལྷ་ཁང་ནས་རྟ་མགྲིན། བྱམས་པའི་སྒྲུབ་ཐབས། གུང་ཐང་རྒྱལ་པོ་ལ་གདམས་པའི་སྐོར། ཡོན་པོ་ལུང་ནས་ཕྱག་རྡོར་སོགས་སྒྲུབ་ཐབས་འགའ་ཞིག་དང་། སྙིང་བྱང་རྒྱས་འབྲིང་བསྡུས་གསུམ། གནས་ཡིག་དང་ཁ་བྱང་། གསོལ་འདེབས་ལེའུ་བདུན་མ། ཕྱིར་ཟློག་འཁོར་ལོ་འབར་བ་སོགས་གདན་དྲངས། ཁ་བྱང་དང་སྙིང་བྱང་སོགས་རིག་འཛིན་རྒོད་ལྡེམ་ཅན་ལ་བསྐུར་བས་ཟང་ཟང་ལྷ་བྲག་གི་གཏེར་ཆེན་འདོན་པར་མཛད་པ་དང་། གསོལ་འདེབས་ཀྱང་དེ་ཉིད་ཀྱིས་ཤོག་སེར་ལས་ཕབས་ཏེ་དབུས་གཙང་ཁམས་གསུམ་དུ་འཕེལ་བས་མཆོག་དམན་ཀུན་གྱིས་མགྲིན་པར་བརྒྱན་ཏེ་ཕྲིན་ལས་ནམ་མཁའ་དང་མཉམ་པའོ། ༈ །ཨ་ཙ་ར་ས་ལེའི་སྐྱེ་བ་དྲི་མེད་ལྷུན་པོ་ནི། ཀོང་པོ་འོར་ཤོང་དུ་ཡབ་ཕྱག་རྡོར་དང་། ཡུམ་པདྨ་མཚོ་གཉིས་ཀྱི་སྲས་སུ་ཆུ་ཕོ་འབྲུག་ལོ་དཔྱིད་ཟླ་ར་བའི་བཅོ་ལྔར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས། བླ་མ་གཡའ་བཟང་པས་འགྲོ་མགོན་རྒྱལ་བའི་སྲས་སུ་ལུང་བསྟན་ནས་མཚན་རྣམ་པར་སྣང་མཛད་འོད་དུ་བཏགས། ལོ་དེའི་དབྱར་ཟླ་ར་བའི་ཚེས་གཅིག་ལ་གཏེར་གྱི་ཁ་བྱང་ཕྱག་ཏུ་བབས། དགུང་ལོ་གསུམ་བཞེས་པ་ནས་མངོན་ཤེས་ཕྱོགས་མེད་དུ་ཤར། དྲང་ངེས་ཆོས་རྣམས་ཐོགས་མེད་དུ་གསུངས། ཨོ་རྒྱན་ཡབ་ཡུམ་དངོས་སུ་ཞལ་བསྟན་ནས་དབང་དང་བྱིན་རླབས་ཞལ་གདམས་གནང་། དགུང་ལོ་བཅུ་གསུམ་པ་ལ་མཆིམས་ཀྱི་གད་པ་སྐྱ་བོར་མཆོད་རྟེན་བྱིན་རླབས་རང་བབས་ནས་བསྟན་པ་ཐམས་ཅད་ཀྱི་དགོངས་པ་འདུས་པ་དང་། རིང་བསྲེལ་དམ་རྫས། གཏེར་ཁ་སུམ་ཅུ་རྩ་གཅིག་གི་ཁ་བྱང་སོགས་སྤྱན་དྲངས། མཁན་པོ་ཆོས་ཀྱི་བློ་གྲོས་ལས་རབ་བྱུང་དང་། ས་སྐྱ་དཔལ་ལྡན་བླ་མ་ལས་བསྙེན་རྫོགས་བསྒྲུབས། རིག་པའི་གནས་ལྔ་སོགས་བསླབ་ཤེས་ཀྱི་ཡོན་ཏན་ཕུལ་དུ་ཕྱིན་ཅིང་རྫོགས་པ་ཆེན་པོ་སོགས་གསན་པའང་རྒྱ་ཆེར་མཛད། ཟབ་གཏེར་བརྒྱ་དང་སུམ་ཅུའི་ཁ་བྱང་ཕྱག་ཏུ་སོན་པ་ཕལ་ཆེར་ཞིག་གཏེར་ནས་བཞེས་པ་ལ་འདུས་པ་སྐོར་དགུ་དང། དོན་ཏིག་འགྲོ་བ་ཀུན་སྒྲོལ། མཆོག་ཏིག་ཡེ་ཤེས་རྣམ་གྲོལ། ཟབ་ཏིག་དགོངས་པ་རང་གྲོལ་སོགས་གྲགས་ཆེ་ཞིང་། འགའ་ཞིག་ཡང་གཏེར་དུའང་སྦས། རྒྱལ་པོའི་བླ་དཔེ་མཁན་སློབ་ཆོས་གསུམ་ཤངས་མཚལ་གྱིས་བྲིས་པའི་རྒྱས་པ་འབུམ་གྱི་གླེགས་བམ་འབུམ་དམར་མར་གྲགས་པ་དང་། སྐུ་རྟེན་ངོ་མཚར་ཅན་དང་ནོར་གཏེར་ཁྱད་པར་ཅན་མང་པོ་སོགས་གཏེར་ཁ་བསམ་ལས་འདས་པ་བཞེས། གཏེར་ཆེན་སངས་རྒྱས་གླིང་པ་དང་ལྷན་ཅིག་ཏུ་བསྟན་པའི་སྤྱི་རིམ་ཆེན་མོའང་མཛད། ལོ་རེ་བཞིན་དུ་དཔྱིད་རར་མཆོད་པ་ཆེན་པོ་དང་། དབྱར་རར་མཆོད་སྦྱིན་སྟོང་རྩ། སྟོན་རར་སྭཙྪ་འབུམ་ཐེར། དགུན་རར་ཚོགས་འཁོར་བརྒྱ་རྩ་རྣམས་རྒྱུན་མི་འཆད་པར་མཛད། རྒྱལ་དབང་རོལ་པའི་རྡོ་རྗེ་ལ་ཆོས་བདག་གི་རྟེན་འབྲེལ་བསྒྲིགས་པས་ཐུགས་དགྱེས་པའི་རྩེར་སོན། ངོ་མཚར་བའི་ལྟས་དང་ཆོ་འཕྲུལ་ནི་སྐྱེ་བོ་ཀུན་གྱི་མཐུན་སྣང་དུ་གྲུབ་པ་དུས་རྒྱུན་དུ་བྱུང་། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཞལ་བསྟན་ཅིང་ཕྱག་སྤྱི་བོར་བཞག་ནས། མ་འོངས་པ་ན་སྟེང་ཕྱོགས་ལྷུན་གྲུབ་ཡོན་ཏན་དཔག་ཏུ་མེད་པའི་ཞིང་ཁམས་སུ། དེ་བཞིན་གཤེགས་པ་དྲི་མེད་ལྷུན་གྲུབ་དཔལ་བརྩེགས་རྒྱལ་པོ་ཞེས་བྱ་བར་འགྱུར་བའི་ལུང་བསྟན་ཐོབ། དེ་ལྟ་བུའི་འགྲོ་དོན་མཐར་ཕྱིན་ནས་པདྨ་འོད་ཀྱི་ཞིང་ཁམས་སུ་གཤེགས་པའི་གདུང་རྟེན་དང་། མཆོད་རྟེན་དཀར་པོ་འགུལ་ཤེས་སོགས་ཙ་གོང་གི་དགོན་པར་ད་ལྟའང་བཞུགས་པར་འདུག །འདིའི་ཟབ་གཏེར་གྱི་གཙོ་བོར་དོན་ཏིག་འགྲོ་བ་ཀུན་སྒྲོལ་དུ་གྲགས་པ་ངོ་མཚར་ཅན་གྱི་སྨིན་གྲོལ་རྣམས་རྫོགས་པར་ཐོབ། ཁམས་གསུམ་འཁྲུགས་བྱེད་ལས་ཀྱི་རླུང་དམར་སྐོར་དྲག་སྔགས་མཁན་པོ་རྣམས་ཀྱི་ཕྱག་ཆར་དེང་སང་གི་བར་རྒྱུན་ཡོད་པར་སྣང་ཡང་སྔར་མ་ཐོས། དེ་ལས་གཞན་པའི་དཔེ་ལུང་གི་རྒྱུན་མི་བཞུགས་པར་མངོན། ༈ གཏེར་སྟོན་དྲི་མེད་རྣམ་གསུམ་དུ་གྲགས་པའི་ནང་ཚན་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་འཕྲུལ་དྲི་མེད་ཀུན་དགའ་ནི། གྲྭ་ཕྱིའི་མདའ་ཁང་དམར་དུ་ཡབ་དཔལ་འབྱོར་བཟང་པོ་དང་། ཡུམ་དགོས་དགོས་འཛོམ་མ་གཉིས་ཀྱི་སྲས་སུ་མེ་མོ་ཕག་གི་ཚེས་བཅུར་ངོ་མཚར་བའི་མཚན་རྟགས་དང་བཅས་ཏེ་འཁྲུངས། སྔགས་རིགས་བཟང་པོའི་རྒྱུད་ལས་བྱོན་ཅིང་ཉིད་ཀྱང་ཕྱིས་སྔགས་འཆང་རྡོ་རྗེ་འཛིན་པ་ཆེན་པོའི་ཚུལ་དུ་བཞུགས། ཐོག་མར་གྲྭ་ཕྱི་ཆུ་བཟང་དུ་བྱོན་ནས་འདུལ་བ་ལ་སྦྱངས། དགུང་ལོ་ཉེར་གཅིག་པར་ཆུ་བཟང་པ་ཆེན་པོ་ལས་བསླབ་ཚིགས་རིམ་པར་བཞེས་ཏེ་མཚན་ཤེས་རབ་རྒྱལ་མཚན་དུ་གསོལ། བླ་མ་མཁའ་འགྲོའི་ལུང་གིས་སྐབས་ཕྱེས་ནས་བསམ་ཡས་མཆིམས་ཕུར་སྒྲུབ་པ་མཛད་པས་དབང་དང་གདམས་ངག་རྣམས་ཨོ་རྒྱན་དངོས་ཀྱིས་གནང་། ཉམས་རྟོགས་ཚད་མེད་པར་འཁྲུངས། ཁྱད་པར་དགུང་ལོ་ཉེར་དྲུག་པའི་སྟེང་མཆིམས་ཕུ་བློན་པོ་མགུལ་གྱི་རྩེ་མོར་ཨོ་རྒྱན་ཆེན་པོས་ལུང་བསྟན། ཡེ་ཤེས་མཚོ་རྒྱལ་གྱིས་ཁ་བྱང་དངོས་སུ་བསྩལ་པ་ལྟར་དེའི་ཕྱི་ལོར་མཆིམས་ཕུའི་མདའ་བྲག་སྣ་སེང་གེའི་གདོང་པ་ཅན་ནས། བླ་མ་ནོར་བུ་ལམ་ཁྱེར། རྫོགས་ཆེན་མཁའ་འགྲོ་ཡང་ཏིག །ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག་བཅས་བླ་རྫོགས་ཐུགས་གསུམ་རྒྱས་པ་དང་སྙིང་པོའི་སྐོར། གཞན་ཡང་བཀའ་བརྒྱད་གཙུག་རྒྱན་ནོར་བུ། ཚེ་སྒྲུབ་རྟ་མཆོག་རོལ་པ། མཁའ་འགྲོ་ཆེན་མོ། མགོན་པོ་འབར་ཆུང་སོགས་ཆོས་དང་ནོར་གཏེར་མང་དུ་སྤྱན་དྲངས། མཆིམས་ཕུར་གཏེར་སྒྲུབ་མངོན་རྟགས་ཐོན་པར་མཛད། བླ་རྫོགས་ཐུགས་གསུམ་གྱི་སྒོ་ནས་དབུས་གཙང་ལྷོ་མོན་སོགས་ལ་འགྲོ་དོན་རྒྱ་ཆེར་སྤེལ། མཐར་ཤར་ཀོང་པོའི་ཡུལ་དུ་བྱོན་ནས་ཆོས་ཀྱི་ཆར་ཆེན་པོ་ཕབ། ལྷུན་གྲགས་དགོན་པ་ཞེས་སྔགས་འཆང་གི་སྡེ་བཏབ། དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་ངོ་མཚར་བའི་ལྟས་དང་བཅས་ཞིང་ཁམས་གཞན་དུ་གཤེགས། དེའི་གདན་སར་ཉིད་ཀྱི་ཐུགས་སྲས་ཀྱི་ཐུ་བོ་མཚན་ལྡན་གཞོན་ནུ་སངས་རྒྱས་བཞུགས་པ་ལ་ཡེ་ཤེས་མཁའ་འགྲོས་ལུང་བསྟན་རིམ་པར་བྱུང་བ་ལ་བརྟེན་ཉིད་ཀྱི་སྐུའི་ཆས་དང་འདུས་སྡེ་བཅས་དཀར་ཆས་སུ་བསྒྱུར་པ་ལ་བརྟེན། ལྷུན་གྲགས་དཀར་པོ་བར་གྲགས་ཏེ་ཕྲིན་ལས་རྒྱ་ཆེར་འཕེལ། གདུང་རྒྱུད་ཀྱང་ཀོང་པོའི་ཕྱོགས་སུ་འགྲོ་དོན་ཅན་མང་དུ་བྱུང་བར་གྲགས། འདིའི་ཟབ་གཏེར་ཐུགས་རྗེ་ཆེན་པོ་དང་མགོན་པོ་འབར་ཆུང་སྐོར་དར་རྒྱས་ཆེ་བར་བྱུང་ནའང་ཕྱིས་འདིར་དཔེ་ལུང་གི་རྒྱུན་མ་མཇལ། བླ་རྫོགས་ཐུགས་གསུམ་སྙིང་པོའི་སྐོར་རྣམས་རང་ཉིད་ཀྱིས་ཐུགས་ཉམས་སུ་བཞེས་པ་ལས་འཆད་སྤེལ་མ་མཛད་ཅིང་མ་འོངས་པའི་དུས་ལ་དགོངས་ཏེ་ཤོག་སེར་རྣམས་བྲག་དམར་མགྲིན་པ་བཟང་པོར་ཡང་གཏེར་དུ་རྒྱས་བཏབ་་་པ། ཕྱིས་འདིར་ཟབ་གཏེར་རྒྱ་མཚོའི་བཀའ་བབས་པདྨ་འོད་གསལ་མདོ་སྔགས་གླིང་པས་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོའི་སྐོར་དང་ལྷན་ཅིག་སྤྱན་དྲངས་ཤིང་ཡུན་རིང་དུ་གསང་བ་སྲུང་བ་ཉིད་གནས་དུས་ཀྱི་རྟེན་འབྲེལ་ཁྱད་པར་ཅན་འགྲིགས་པའི་སྐབས་བླ་མ་མཁའ་འགྲོའི་ལུང་གིས་བསྐུལ་བ་ལྟར་གཏན་ལ་ཕབ་ཅིང་ཁོ་བོ་ལའང་སྨིན་གྲོལ་ཚང་སྤྲུགས་སུ་བསྩལ། བླ་མ་ཡིད་བཞིན་ནོར་བུ་དང་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་བསྙེན་སྒྲུབ་སྒྲུབ་ཆེན་བཅས་ཡང་ཡང་བགྱིས་པས་བྱིན་རླབས་ཀྱི་མཚན་མའང་ཐོབ་པས་སྙིང་གི་ནོར་བུར་བཅང་བར་བྱ་བ་ཡིན་ལ། ཉེར་མཁོའི་ཡིག་ཆའི་ཞབས་ཏོག་ཀྱང་འགའ་ཞིག་སྤེལ་བའོ། ༈ །སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་ཡང་སྲིད་མཆོག་གི་སྤྲུལ་སྐུ་རྣམ་གསུམ་གྱི་ཡ་གྱལ་གཏེར་སྟོན་རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་ནི། རི་བོ་བཀྲ་བཟང་གི་ཤར་མདུན་བྱང་ཕྱོགས་ཐོ་ཡོར་ནག་པོའི་ཡུལ་རྒྱུད་སྣ་མོ་ལུང་གི་གཟིམས་ཁང་དུ། ཧོར་གུར་སེར་རྒྱལ་པོའི་རིགས་ལས་ཕུར་པའི་གྲུབ་ཐོབ་བར་མ་ཆད་པར་བྱོན་པ་སློབ་དཔོན་བདུད་འདུལ་གྱི་སྲས་སུ་མེ་མོ་གླང་ལོ་ཟླ་བའི་ཚེས་བཅུ་ལ་མཚན་རྟགས་ཁྱད་པར་ཅན་དང་བཅས་ཏེ་སྐུ་བལྟམས། ལུང་དོན་ལྟར་དགུང་ལོ་བཅུ་གཉིས་པའི་དུས་སུ་དབུ་གཙུག་ཏུ་རྒོད་སྒྲོ་གསུམ་དང་ཉེར་བཞི་པའི་དུས་རྒོད་སྒྲོ་ལྔ་སྐྱེས་པས་རིག་འཛིན་རྒོད་ལྡེམ་ཅན་ཞེས་ཡོངས་སུ་གྲགས། སྐུ་གཞོན་ནུ་ནས་ཡབ་ཆོས་རྙིང་མའི་ཆོས་སྐོར་ཐམས་ཅད་ལ་ཐོས་བསམ་སྒོམ་པ་མཐར་ཕྱིན་དུ་མཛད། མང་ལམ་བཟང་པོ་གྲགས་པས་རྒྱང་ཡོན་པོ་ལུང་ནས་བཏོན་པའི་སྙིང་བྱང་མན་ངག་གནད་ཀྱི་དོན་བདུན་མ་སོགས་ཆོས་ཚན་བརྒྱད་ལྷ་བྲག་གི་གཏེར་འདོན་པའི་ཆ་ལག་ཏུ་དགོས་པར་མཁྱེན་ནས་སྟོན་པ་བསོད་ནམས་དབང་ཕྱུག་ལ་བསྐུར་ནས་རིག་འཛིན་ཆེན་པོ་ལ་ཕུལ་བའི་དོན་བཞིན། མེ་རྟ་སྦྲུལ་ཟླའི་ཡར་ངོའི་ཚེས་བརྒྱད་ལ་རི་བོ་བཀྲ་བཟང་གི་རྩེ་མོ་ནས་འཛེང་བྲག་དཀར་པོའི་རྡོ་རིང་གསུམ་ལ་གཏེར་ཆེན་གསུམ་དང་གཏེར་ཕྲན་བརྒྱ་རྩའི་ལྡེའུ་མིག་ཡོད་པ་སྤྱན་དྲངས་ནས་གཏེར་ཚབ་སྦས། གཏེར་ཤུལ་རང་མལ་བཞག་པ་དེང་སང་རླུང་གསེང་དུ་གྲགས་ཤིང་ལོ་ཕྱི་མའི་ལོ་གསར་སྐབས་མྱུ་གུ་གསར་དུ་སྐྱེས་པའི་རྒྱུན་དེང་སང་ཡོད་སྐད། ལོ་དེའི་ལུག་ཟླའི་ཚེས་བཞིའི་སྲོད་ལ་བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད་པ་སྟེ་ཟང་ཟང་ལྷ་བྲག་གི་ཕུག་པ་ནས། གཏེར་སྒྲོམ་སྔོན་པོ་གྲུ་བཞི་ནང་ཆོད་སོ་སོར་ཡོད་པ་ནས་མཛོད་ལྔ་འདུས་པའི་ཟབ་གཏེར་ཆེན་པོ་སྤྱན་དྲངས་པ་སྟེ། དེའང་དབུས་སྙིང་མཛོད་སྨུག་པོ་ནས་ཤོག་དྲིལ་གསུམ་དང་ཕུར་པ་གསུམ་ཆུ་དར་སྨུག་པོ་གཅིག་གིས་དྲིལ་བ། ཤར་དུང་མཛོད་དཀར་པོ་ནས་ལས་རྒྱུ་འབྲས་ལ་ཟློ་བའི་ཆོས་དགོངས་པ་ནམ་མཁའ་དང་མཉམ་པ། ལྷོ་གསེར་མཛོད་སེར་པོ་ནས་བསྙེན་སྒྲུབ་རྣམ་པ་བཞིའི་ཆོས་སྤྱོད་པ་ཉི་ཟླ་ལྟར་གསལ་བ། ནུབ་ཟངས་མཛོད་དམར་པོ་ནས་རྟེན་འབྲེལ་ཁྱད་པར་ཅན་གྱི་ཆོས་ཙནྡན་གྱི་སྡོང་པོ་ལྟ་བུ། བྱང་ལྕགས་མཛོད་ནག་པོ་ནས་དགྲ་བགེགས་ཐལ་བར་རློག་པའི་ཆོས་དུག་གི་སྡོང་པོ་ལྟ་བུ་སྟེ། མདོར་ན་ཀུན་བཟང་དགོངས་པ་ཟང་ཐལ་གྱིས་ཐོག་དྲངས་པའི་ཆོས་དང་དམ་རྫས་བགྲང་བ་ལས་འདས་པ་བྱོན། མཛོད་ལྔ་རེ་རེ་ལའང་ཆོས་ཚན་བརྒྱ་རྩ་རེ་བཞུགས་པས་ཡོངས་དྲིལ་ལྔ་བརྒྱ་ཡན་ལག་དང་བཅས་ཤོག་སེར་གཏན་ལ་ཕབ་ནས་སྣོད་ལྡན་རྣམས་ལ་སྤེལ་བས་ཆོས་ཀྱི་སྙན་པས་བོད་ཡུལ་ཐམས་ཅད་ཁྱབ་སྟེ། སྲས་བརྒྱུད། ཡུམ་བརྒྱུད། སློབ་བརྒྱུད་གསུམ་ལས་བྱོན་པའི་ཆོས་རྒྱུན་དེང་སང་བར་མ་ནུབ་པར་གནས། ཟབ་གཏེར་ཐམས་ཅད་བོད་ཁམས་ལ་འདི་ཕྱིའི་བདེ་སྐྱིད་སྤེལ་ཐབས་ཁོ་ན་ལས་མ་འདས་ཀྱང་། ཁྱད་པར་བྱང་གཏེར་འདི་ཉིད་བསྟན་པ་སྤེལ་བ། མཐའ་དམག་ཟློག་པ། རིམས་ནད་གཅོད་པ། ནང་འཁྲུགས་ཞི་བ། འགོང་པོ་ཨར་ལ་གཏད་པ། སྡེ་པའི་མངའ་ཐང་གསོ་བ། ས་ནད་དང་གཉན་ནད་འདུལ་བ་སོགས་གང་ལ་གང་དགོས་མ་ཚང་བ་མེད་ཅིང་། སྟོད་ཁྱུང་ལུང་དངུལ་མཁར་ནས་སྨད་ཁམས་ཀྱི་ཀློང་ཐང་སྒྲོལ་མ་ཡན་ཆད་ཀྱི་བོད་སྤྱི་དང་བྱེ་བྲག་གི་བདེ་ཐབས་སྣ་ཚོགས་པ་དང་། སྦས་ཡུལ་ཆེན་པོ་བདུན་གཙོ་བོར་གྱུར་པའི་གནས་ཡུལ་མང་པོའི་ཐེམས་བྱང་ལྡེའུ་མིག་སོགས་བཞུགས་པས་བོད་ཁམས་སྤྱི་ལ་ཕན་པ་བློན་པོ་ལྟ་བུའི་གཏེར་གཅིག་ཅེས་ཡོངས་སུ་གྲགས། སྐུ་ཚེའི་སྨད་ལ་འབྲས་མོ་གཤོངས་སུ་ཕེབས་ནས་གནས་སྒོ་ཕྱེས། གུང་ཐང་རྒྱལ་པོ་མཆོག་གྲུབ་སྡེས་ཀྱང་བླ་མར་བཀུར་བས་བོད་ཀྱི་བདེ་སྐྱིད་ལ་ཕན་པར་བྱུང་། དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་དགུང་ལོ་བདུན་ཅུ་རྩ་གཉིས་པར་ངོ་མཚར་པའི་ལྟས་དུ་མ་དང་བཅས་ཏེ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་མོ། །འདིའི་ཆོས་བརྒྱུད་ལས་འཇའ་ལུས་སུ་གཤེགས་པ་དང་གྲུབ་ཐོབ་མང་དུ་བྱོན་ཅིང་། བླ་མ་ཞི་དྲག །ཐུགས་རྗེ་ཆེན་པོ་འགྲོ་འདུལ། རྫོགས་ཆེན་དགོངས་པ་ཟང་ཐལ། བཀའ་བརྒྱད་རང་ཤར། རྟེན་འབྲེལ་ཆོས་ཕལ་ཆེར། བསྟན་སྲུང་གི་སྐོར་སོགས་དེང་སང་རྒྱུན་བཞུགས་པ་ཕལ་མོ་ཆེ་བདག་གིས་ཀྱང་ལེགས་པར་ཐོབ་བོ། ༈ །མང་པོ་བ་དཔལ་རྒྱལ་མཚན་ནི། དགེ་སློང་ནམ་མཁའི་སྙིང་པོའི་སྤྲུལ་པར་ལུང་གིས་ཟིན། མངའ་རིས་སྟོད་དུ་ཀླུང་སྟོན་འཇམ་དབྱངས་མགོན་པོ་ཞེས་པའི་སྲས་སུ་འཁྲུངས། རབ་ཏུ་བྱུང་བའི་མཚན་དཔལ་གྱི་རྒྱལ་མཚན། བཞུགས་གནས་ལས་བྱང་ཆུབ་གླིང་པར་གྲགས། དབུས་གཙང་རྣམས་སུ་ཕེབས་ཤིང་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པར་མཛད། གུ་རུ་ཚེ་བརྟན་རྒྱལ་མཚན་གྱི་གཏེར་མའི་ཁ་བྱང་ཕྱག་ཏུ་འབྱོར་པ་ལ་བརྟེན། དཔལ་མོ་དཔལ་ཐང་གི་ནུབ་ལྷ་མཚོ་སྲིན་མཚོའི་བྲག་ནས་གུ་རུའི་ཕྱག་མཚན་གནམ་ལྕགས་རྡོ་རྗེ་དང་། དམ་ཆོས་ཀུན་བཟང་ཐུགས་གཏེར་སྤྱན་དྲངས། འདིའི་ཤོག་སེར་རྣམས་རྡོ་རྗེའི་གནས་སོ་སོར་བཞུགས་པས། སྤྱི་ཚོམ་ནང་གཏེར། རྭ་སྐོར། ལྟེ་སྐོར། ལྟེ་སྐོར་ཆིངས། རྭ་སྦྲག་གི་སྐོར་ལྔ་རུ་གྲགས། སྐུ་རྟེན་བསོད་ནམས་དཔལ་འབར་དུ་གྲགས་པ་བོད་ཁམས་སྤྱིའི་ཕན་བདེ་སྤེལ་བའི་ཆེད་དུ་བཞེངས་དགོས་པའི་ལུང་བསྟན་ནང་གཞུག་འབུལ་རྒྱུའི་གཏེར་རྫས་དང་བཅས་ཇི་ལྟར་འབྱུང་བ་བཞིན་ལེགས་པར་བསྒྲུབས་ཤིང་རབ་ཏུ་གནས་པར་མཛད་པས་དགེ་་་མཚན་དང་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་། འདིའི་དབང་སྐལ་རིལ་བུ་མཐོང་བ་དོན་ལྡན་དཀར་ཆག་དང་བཅས་པ། ཀོང་ཡུལ་བྱ་རྒོད་གཤོང་གི་བྲག་རི་རྟ་མགོ་ལྗོན་པའི་རྩེ་ནས་སངས་རྒྱས་གླིང་པས་གདན་དྲངས། ལ་སྟོད་དུ་གཏེར་སྟོན་བྱང་ཆུབ་གླིང་པ་འབྱུང་བའི་ལུང་བསྟན་གཟིགས་ནས། དཀོན་མཆོག་དབང་པོ་ཞེས་པ་བལྟ་བར་བཏང་བས། གཏེར་སྟོན་བྱང་ཆུབ་གླིང་པ་དང་གཉའ་ནམ་དབེན་གནས་སུ་མཇལ་བས་ཐུགས་ཡིད་ཆེས་པའི་ལོ་རྒྱུས་ངོ་མཚར་བའང་སྣང་། སྔར་ཟབ་ཆོས་ཀྱི་ཕྲིན་ལས་ཆེ་རུང་ཕྱིས་སུ་རྒྱུན་མི་བཞུགས་པ་ལ། རྗེ་བླ་མ་མདོ་སྔགས་གླིང་པ་ཉིད་སྐུ་སྲས་བསམ་འགྲུབ་རྡོ་རྗེའི་བག་ཆགས་སད་ཅིང་ཉེ་བརྒྱུད་ཀྱི་བྱིན་རླབས་ཐོབ་པས་ཆོས་བཀའ་ཡོངས་རྫོགས་ཀྱི་སྨིན་གྲོལ་བཀའ་དྲིན་དུ་བསྩལ་པ་དང་ཡིག་ཆའི་ཞབས་འདེགས་འགའ་ཞིག་ཀྱང་ཞུས་པའོ། ༈ །ཅོག་རོ་ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་རྣམ་འཕྲུལ་གཏེར་སྟོན་ཀརྨ་གླིང་པ་ནི། དྭགས་པོའི་ཡུལ་གྱི་སྟོད་ཁྱེར་གྲུབ་ཅེས་པར་གྲུབ་ཆེན་ཉི་ཟླ་སངས་རྒྱས་ཀྱི་སྲས་ཆེ་ཤོས་སུ་འཁྲུངས། རྟེན་སྔགས་འཆང་། ཡོན་ཏན་དཔག་ཏུ་མེད་པ་མངའ་ཞིང་མངོན་ཤེས་དང་ཕྲིན་ལས་གང་ལའང་ཐོགས་པ་མེད་པའི་བདག་ཉིད་དུ་བཞུགས། དགུང་ལོ་བཅོ་ལྔ་པར་ལུང་བསྟན་དང་རྟེན་འབྲེལ་འཛོམ་ནས་སྒམ་པོ་གདར་གྱི་རི་ལྷ་བྲན་གར་བྱེད་པ་འདྲ་བ་ནས་ཞི་ཁྲོ་དགོངས་པ་རང་གྲོལ་དང་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་སོགས་ཀྱི་གཏེར་བཏོན། ཆོས་བདག་བུ་ཆེན་བཅུ་བཞི་ལ་པདྨ་ཞི་ཁྲོའི་ཆོས་སྐོར་ཚང་བར་གནང་། དགོངས་པ་རང་གྲོལ་ཆོས་སྐོར་རྣམས་སྲས་ཉི་ཟླ་ཆོས་རྗེ་ཁོ་ན་ལ་གནང་ནས་བརྒྱུད་པ་གསུམ་གྱི་བར་དུ་གཅིག་བརྒྱུད་བཀའ་རྒྱས་བཏབ། ལུང་ནས་བསྟན་པའི་གཟུངས་མ་དང་རྟེན་འབྲེལ་མ་འགྲིགས་པས་ཞིང་ཁམས་གཞན་དུ་གཤེགས་སོ། །ཞི་ཁྲོ་དགོངས་པ་རང་གྲོལ་ནི་བརྒྱུད་པ་གསུམ་པ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་ནས་རྒྱ་ཆེར་འཕེལ་ཏེ་དབུས་གཙང་ཁམས་གསུམ་དང་ཁྱད་པར་མདོ་ཁམས་ལྷོ་བྱང་ཀུན་དུ་དབང་ལུང་ཁྲིད་རྒྱུན་སྟོང་མཆོད་ལ་སོགས་པའི་ཕྲིན་ལས་ད་ལྟའི་བར་དར་རྒྱས་སུ་བཞུགས། བདག་གིས་ཀྱང་ལེགས་པར་ནོས་ཤིང་བསྙེན་སྒྲུབ་སོགས་ཀྱིས་འབྲེལ་པ་བགྱིས་པའོ། ༈ །རིག་འཛིན་ཆེན་པོ་རྒོད་ལྡེམ་ཅན་གྱི་ཡང་སྲིད་དཔལ་ལྡན་འཇམ་དབྱངས་བླ་མ་ནི། གཙང་ཉང་སྟོད་དུ་སྐུ་འཁྲུངས། སྐུ་གཞོན་ནུ་ནས་གནས་རྙིང་ཚོགས་པའི་གྲྭ་སར་བཞུགས་པར་མཛད་ནས་མདོ་སྔགས་ཐམས་ཅད་ལ་གསན་བསམ་གྱིས་སྒྲོ་འདོགས་ཆོད་པར་མཛད། སྐབས་ཤིག་ཉང་སྟོད་ཁྲོ་སྒང་དུ་ཆོས་འཁོར་ལ་ཕེབས་པས། གཙུག་ལག་ཁང་གི་འགྲམ་གསེབ་ཞིག་ཏུ་སོ་ཕག་ཆེན་པོ་ཞིག་འདུག་པ། ཕ་གི་བཅག་རྒྱུ་བྱུང་ན་དགོངས་པ་ཞིག་བྱུང་སྟེ། གྲྭ་པ་གཞན་མེད་པའི་ཤུལ་དུ་སོ་ཕག་བཅག་པའི་ནང་ནས་གཏེར་གྱི་ཁ་བྱང་བྱུང་སྟེ། སྒྲོལ་བྱེད་ནག་པོའི་མཁར་མཁའ་འགྲོ་གསང་མཛོད་ཕུག་ནས་རུས་སྦལ་དམར་པོའི་ཁོག་པ་བཏོན་པའི་ནང་རྩ་གསུམ་དྲིལ་སྒྲུབ་སྐོར་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་བཀོལ་བྱང་དང་བཅས་པ། བཀའ་སྲུང་སྒྲོལ་བྱེད་ནག་པོའི་སྐོར་དང་བཅས་སྤྱན་དྲངས། གསོལ་འདེབས་འདིའི་གྲོལ་ཚད་ཀྱང་། གང་ཟག་བྱེ་བ་དགུ་ཁྲི་དང་། འབུམ་ཕྲག་ལྔ་རྣམས་གསོལ་འདེབས་འདི་ཡིས་གྲོལ། ཞེས་གསུངས་པའི་ཟབ་ཆོས་འདི་ཉིད་གཙང་ཉང་སྟོད་ཤབ། ཤངས་དང་རྟ་ནག་འོ་ཡུག་སོགས་གཙང་གི་ཕྱོགས་སུ་འགྲོ་དོན་དང་ཕྲིན་ལས་ཆེ་ཞིང་ཆོས་རྒྱུན་མ་ཆད་པར་བཞུགས་པ་ལས་ཁོ་བོས་ཀྱང་སྨིན་གྲོལ་གྱི་གདམས་པ་ནོས་སོ། ༈ །སྤྱན་རས་གཟིགས་དང་དཔལ་རྟ་མགྲིན་ཟུང་དུ་འཇུག་པའི་རྣམ་འཕྲུལ་གུ་རུ་པདྨ་མངལ་སྐྱེས་ཀྱི་ཚུལ་དུ་བྱོན་པ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ནི། གཙང་སྟོད་འོལ་བ་ལྷ་རྩེར་སྐུའི་སྐྱེ་བ་བཟུང་། ཡོངས་འཛིན་ལྔ་བརྒྱ་ལྷག་གཅིག་བསྟེན་ནས་གསན་བསམ་དཔག་ཏུ་མེད་པ་མཛད། རང་བྱུང་གི་གྲུབ་པའི་དབང་ཕྱུག་ཆེན་པོར་བཞུགས་ཀྱང་དགོས་པའི་དབང་གིས་ཀུན་སྤངས་དོན་ཡོད་རྒྱལ་མཚན་ལས་བྱང་གཏེར་ཡོངས་རྫོགས་དང་། བླ་མ་རྡོ་རྗེ་གཞོན་ནུ་ལས་ཤངས་ཆོས་གསན་ཏེ། འདི་གཉིས་ལས་གྲུབ་པ་ཐོབ་པའི་ཚུལ་བསྟན། བརྟུལ་ཞུགས་ཀྱི་སྤྱོད་པས་འཛམ་གླིང་ཀུན་དང་གླིང་ཕྲན། ཁྱད་པར་རྔ་ཡབ་པདྨ་འོད་སོགས་སུ་ཕེབས་ནས་གུ་རུ་རིན་པོ་ཆེ་སོགས་གྲུབ་ཐོབ་དཔག་མེད་ལས་ཆོས་གསན། མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཞབས་སྤྱི་བོར་བླངས། བོད་ལ་མཐའ་དམག་ཟློག་པའི་ས་གནད་ཀྱི་མེ་བཙའི་ལྷ་ཁང་མང་དུ་བཞེངས། ལྷ་འདྲེ་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས། བསམ་ཡས་མཆིམས་ཕུ་ནས་ཚེ་སྒྲུབ་འཆི་མེད་དཔལ་སྟེར་སོགས་ཤོག་དྲིལ་ལྔ། གྲོམ་པ་ལྗོངས་ནས་ཐུགས་སྒྲུབ་ཡང་གསང་བླ་མེད། སྒྲུབ་མཚོ་པདྨ་གླིང་ནས་མན་ངག་རིན་ཆེན་གཏེར་སྤུངས། མོན་སྤ་གྲོ་སྟག་ཚང་ནས་མདོ་རྒྱུད་ཐམས་ཅད་ཀྱི་ཟབ་གནད་ཕྱོགས་གཅིག་ཏུ་དྲིལ་བའི་ཤོག་དྲིལ་འདོམ་བཅུ་ཡོད་པ་ཞིག་དང་། ཙ་རི་གསང་སྔགས་ཕོ་བྲང་ནས་ཟབ་ཆོས་ཐུགས་གཏེར་སྐོར་རྣམས་དང་། ཙ་རི་ཟིལ་ཆེན་ཕུག་ནས་གྲུབ་ཆེན་ཉིད་ཀྱི་ལུང་བསྟན་གསལ་བའི་སྒྲོན་མེ་དང་ཞིང་སྐྱོང་གི་སྒྲུབ་ཐབས་སོགས་ཟབ་གཏེར་མང་དུ་སྤྱན་དྲངས་ཤིང་གཏེར་ཁ་མང་པོ་ཕར་ལའང་སྦས། རྒྱ་གར་ཀ་མ་ཏར་སྡིག་སྤྱོད་མུ་སྟེགས་རྒྱལ་པོ་དང་། བོད་ཡུལ་གྱི་མཐའི་ཀླ་ཀློ་རྣམས་རྫུ་འཕྲུལ་གྱི་བཀོད་པས་བཏུལ་ནས་ཆོས་ལ་བཙུད་པ་སོགས་རྫུ་འཕྲུལ་གྱི་བཀོད་པ་ཚད་ལས་འདས། སྐུ་གསུང་ཐུགས་རྟེན་བློས་མི་འཁྱུད་ཅིང་གྲངས་ལས་འདས་པ་བཞེངས། ལྕགས་ཟམ་ལྔ་བཅུ་རྩ་བརྒྱད། གྲུ་ཤན་བརྒྱ་དང་བཅོ་བརྒྱད་བཙུགས་པ་སོགས་བསམ་གྱིས་མི་ཁྱབ་པའི་མཛད་པ་ཡོངས་སུ་གྲགས་པ་ལྟར་ལགས་ཤིང་། དགུང་ལོ་བརྒྱ་དང་ཉེར་ལྔ་བཞེས་པའི་སྐབས་སྐུ་དངོས་ཀྱིས་མཁའ་སྤྱོད་དུ་གཤེགས་པའི་ཚེ་ཐུགས་སྲས་ཉི་མ་བཟང་པོས་གདུང་དབྱངས་མཛད་པས་སླར་ཕེབས་ཏེ་ཞལ་ཆེམས་རྒྱས་པར་བསྩལ་ནས་དཔལ་རི་བོ་ཆེ་རུ་གཤེགས་་་་་པའི་ཚུལ་བསྟན། མངའ་རིས་གྲུབ་ཆེན་ཚུལ་ཁྲིམས་བཟང་པོ་ཞེས་དགུང་ལོ་བརྒྱ་དང་སུམ་ཅུར་བཞུགས་ནས་མཐར་སྐུ་ལུས་འོད་ཕུང་དུ་གཤེགས་པ་དེ་དང་མདོ་ཁམས་སུ་གྲུབ་ཐོབ་ཕྱར་ཐུལ་ཅན་ཞེས་གྲགས་པ་རྣམས་ཀྱང་གྲུབ་ཆེན་འདི་ཉིད་ཀྱི་སྐུའི་བཀོད་པ་ཡིན་པར་སྣང་ཞིང་ལས་ཅན་རྣམས་ལ་ད་ལྟའི་བར་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བ་མང་དུ་བྱུང་། སློབ་ཚོགས་མཐའ་ཡས་པ་བྱུང་ཞིང་ཁྱད་པར་གྲུབ་ཆེན་ཉིད་འཆི་མེད་ཚེའི་རིག་འཛིན་བརྙེས་པའི་རྟེན་འབྲེལ་གྱིས་རྒྱུད་འཛིན་སྐུ་ཚེའི་དངོས་གྲུབ་བརྙེས་པ་མང་དུ་བྱོན། ཟབ་ཆོས་ཐང་སྟོང་སྙན་བརྒྱུད་ཆེན་མོའི་རྒྱུན་བཞུགས་པར་སྣང་ཞིང་ཚེ་སྒྲུབ་འཆི་མེད་དཔལ་སྟེར་ནི་གསར་རྙིང་ཀུན་ལ་ཁྱབ། ཕྱིས་འདིར་རྗེ་བླ་མ་རིན་པོ་ཆེ་པདྨ་འོད་གསལ་མདོ་སྔགས་གླིང་པ་ཡེ་ཤེས་སྐུས་ཡང་ཡང་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པ་ལ་བརྟེན་དགོངས་པའི་ཀློང་ནས་བརྡོལ་བའི་ཐུགས་གཏེར་གྲུབ་ཆེན་སྙིང་ཏིག་རྩ་བ་བླ་སྒྲུབ་ཀྱི་སྐོར་བསྐྱེད་རྫོགས་ཟབ་རྒྱས་་་་་་དང། ཡན་ལག་རྒྱུད་སྡེ་སྒྱུ་འཕྲུལ་གྱི་ལམ་རིམ་དང་མཐུན་པའི་སྒྲུབ་ཐབས་སྐོར་ལྔ། སྒྲུབ་སྡེ་བཀའ་བརྒྱད་གྱི་རྒྱུད་ལུང་མན་ངག་སྙིང་པོར་དྲིལ་བ་སོགས་ཆོས་སྡེ་ངོ་མཚར་ཅན་གཏན་ལ་ཕབས་པ་ཁོ་བོས་ཀྱང་བཀའ་དྲིན་དུ་ཐོབ་བོ། །གོང་སྨོས་མངའ་རིས་གྲུབ་ཆེན་དེ་ཉིད་ལ་སྤྱན་རས་གཟིགས་ཀྱིས་དངོས་སུ་བསྩལ་པའི་ཡིག་དྲུག་གསོལ་འདེབས་བྱིན་རླབས་དང་ངོ་མཚར་ཤིན་ཏུ་ཆེ་བ་གྲུབ་ཆེན་ཉིད་ཀྱིས་རྗེ་བླ་མར་དངོས་སུ་གནང་བའང་སྐལ་པ་བཟང་པོའི་དཔལ་དུ་ཐོབ་པ་སྟེ། མཆོག་དམན་ཀུན་ལ་བདུད་རྩིར་གྱུར་པའི་བཟླས་སྒོམ་འདི་ཉིད་བྱང་ཆུབ་སེམས་ལྡན་རྣམས་ཀྱིས་ཅི་ནུས་སུ་སྤེལ་བར་རིགས་སོ། ༈ །ལྷ་སྲས་མུ་ཏིག་སྲས་མོ་ལྷ་ལྕམ་ལེགས་བཞེར་གྱི་སྐྱེ་བ་མགོན་པོ་རིན་ཆེན་ནི། ལྷོ་བྲག་གཏམ་ཤུལ་གྱི་ཕུར་ཤུད་བུའི་རིགས་སུ་འཁྲུངས། ཆུང་ངུ་ནས་ཆོས་ཀྱི་བག་ཆགས་སད། དགུང་ལོ་བཅུ་གསུམ་པར་མཁན་ཆེན་ཕྱག་རྡོར་བ་ལས་ཆོས་མང་དུ་གསན། གཞན་ཡང་དབུས་གཙང་དང་ལྷོ་སྟོད་སྨད་རྣམས་སུ་བླ་མ་མང་པོ་བསྟེན་ནས་གསན་བསམ་ཉམས་བཞེས་དཀའ་སྤྱད་དཔག་མེད་མཛད། བུམ་ཐང་བྲག་ནས་གཏེར་གྱི་ཁ་བྱང་རྙེད་ཀྱང་གཏེར་གནས་མ་རྙེད་པར་ཡུན་རིང་ལུས། དགུང་ལོ་ལྔ་བཅུ་རྩ་གྲངས་བཞེས་སྐབས་མོན་མཚོ་སྣའི་རོང་གི་ཟང་ཡག་བྲག་ནས་རྫོགས་ཆེན་པདྨ་སྙིང་ཐིག་སོགས་ཆོས་བཀའ་མང་པོ་དང་གཞན་ཡང་མཁར་མེ་ཟུར་སོགས་ནས་ཀྱང་གཏེར་ཁ་མང་དུ་ཐོན་ཅིང་གྲུབ་པའི་རྟགས་ཀྱང་མཐའ་ཡས་པ་མངའ། གཏེར་ཆེན་རཏྣ་གླིང་པས་ཀྱང་ཆོས་བཀའ་མང་དུ་གསན། ལྷོ་བྲག་སྟོད་སྨད་མཚོ་སྣ་གྲུ་ཤུལ་རྣམས་སུ་འགྲོ་ཕན་གྱི་ཕྲིན་ལས་རྒྱ་ཆེར་མཛད་ནས་དགུང་ལོ་བརྒྱད་ཅུ་གྱ་བཞི་པར་པདྨ་འོད་དུ་གཤེགས། དབོན་རྒྱུད་གྲུ་ཤུལ་ཕྱོགས་སུ་ཡོད་པར་གྲགས་ཤིང་ཆོས་བརྒྱུད་ནི་མི་བཞུགས། གཏེར་ལུང་གི་ཚིག་ཟུར་ལས་མཚན་གྱི་རྣམ་གྲངས་ཇོ་བོ་རྩེ་མོ་དང་ཤུད་བུ་ཆོས་གྲགས་རྣམས་དོན་གཅིག་པར་བཞེད་དོ། ༈ །ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱི་ཡང་སྲིད་སྤྲུལ་པའི་གཏེར་ཆེན་རཏྣ་གླིང་པ་ནི། ལྷོ་བྲག་གྲུ་ཤུལ་དུ་ཡབ་ཕྱུག་པོ་མདོ་སྡེ་དར་ཞེས་པ་དང་། ཡུམ་སྲི་ཐར་སྨན་གཉིས་ཀྱི་སྲས་སུ་ཆུ་ལུག་སྟོན་ཟླ་ར་བའི་ཚེས་བཅོ་ལྔར་སྐུ་འཁྲུངས། འབྲི་ཀློག་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་ཙམ་ནས་དག་པའི་སྣང་བ་འགའ་ཞིག་ཤར། སྔོན་སྦྱང་སྟོབས་ཀྱིས་རིག་པའི་གནས་རྣམས་ཚེགས་མེད་པར་མཁྱེན། ཆོས་ཀྱི་གསན་པའང་རྒྱ་ཆེར་མཛད། དགུང་ལོ་ཉེར་བདུན་པར་གུ་རུ་རིན་པོ་ཆེ་ཁམས་པའི་བྱ་བྲལ་བ་དབུ་ཞྭ་ན་བཟའ་སེར་པོ་བྱས་པ་ཞིག་ཏུ་སྤྲུལ་ནས་གཏེར་གྱི་ཁ་བྱང་དངོས་སུ་གནང་ཞིང་བསླབ་བྱ་མཛད་པ་ལྟར། དགུང་ལོ་སུམ་ཅུ་པར་ཁྱུང་ཆེན་བྲག་ནས་གཏེར་ཁ་དང་པོ་རྩ་གསུམ་སྒྲུབ་སྐོར་སོགས་ཀྱིས་ཐོག་དྲངས། རིམ་པར་འབྲི་ཐང་ཀོ་རོ་བྲག་ནས་རྟ་ཕག་ཡབ་ཡུམ་ཟུང་འཇུག་ཏུ་སྒྲུབ་པ། ལྷོ་བྲག་གནམ་སྐས་ཅན་ནས་འདུས་པ་སྐོར་བཞི་སོགས། བླ་མ་ཞི་དྲག །ཐུགས་རྗེ་གསང་འདུས། རྫོགས་ཆེན་ཀློང་གསལ་ཉི་མ་གཙོ་བོར་གྱུར་པའི་གཏེར་ཁ་ཉི་ཤུ་རྩ་ལྔ་བཏོན། མཁར་ཆུ་དཔལ་གྱི་ཕུག་རིང་ནས་གཏེར་བཞེས་པའི་ཚེ་རྫུ་འཕྲུལ་གྱི་བཀོད་པ་ངོ་མཚར་ཅན་བསྟན་པ་སོགས་མངོན་ཤེས་དང་རྫུ་འཕྲུལ་བསམ་ལས་འདས་པ་བསྟན། ཨོ་རྒྱན་རིན་པོ་ཆེ་དང་ལན་གྲངས་ཉེར་ལྔ་མཇལ། ཟངས་མདོག་དཔལ་རིར་ཕེབས་པའི་དག་སྣང་སོགས་མཛོད་ཁང་བཅུ་གསུམ་གྱི་ཡི་གེར་འཁོད་པ་ལྟར་དང་། ཐུགས་སྒྲུབ་སྨན་སྒྲུབ་སྐྱེ་བདུན་རིལ་སྒྲུབ་ཤིན་ཏུ་མང་པོ་མཛད་ཅིང་དེ་དག་དང་དབང་ཁྲིད་གདམས་ངག་བསྩལ་བ་སོགས་ཀྱི་སྐབས་སུ་འཇའ་འོད་མེ་ཏོག་གི་ཆར་སྨན་སྤོས་ཀྱི་དྲིས་ཁྱབ་པ་སོགས་ངོ་མཚར་བརྗོད་ཀྱིས་མི་ལང་ཞིང་་་་་གང་ལའང་བར་ཆད་ཀྱི་རྣམ་པ་ཅུང་ཟད་ཀྱང་མ་བྱུང་། རྟེན་འབྲེལ་རབ་དང་ཕུལ་དུ་གྱུར་པས་སྐུ་ཐོག་གསུམ་གྱི་གཏེར་སྐལ་སྐུ་ཐོག་གཅིག་ལ་བཏོན་པས། ཞིག་པོ་གླིང་པ། འགྲོ་འདུལ་གླིང་པ། རཏྣ་གླིང་པ་ཞེས་མཚན་གསུམ་དུ་གྲགས། གངས་ཏི་སེ་ནས། ཁམས་རྒྱལ་མོ་རོང་གི་བར་གྱི་འགྲོ་བ་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད། ཐུགས་སྲས་སྙིང་གི་བུ་བཞི་སོགས་སྲས་བརྒྱུད་དང་སློབ་བརྒྱུད་བཟང་ལ་གྲངས་མང་བ་ད་ལྟའི་བར་དུ་བྱོན། དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་དགུང་ལོ་བདུན་ཅུ་རྩ་དྲུག་པ་ལ་ངོ་མཚར་བའི་ཆོ་འཕྲུལ་ཆེན་པོ་དང་བཅས་ཏེ་པདྨ་འོད་ཀྱི་ཕོ་བྲང་དུ་གཤེགས་སོ། །འདིའི་རྣམ་ཐར་ཅུང་ཟད་རྒྱས་པར་བཀོད་འོས་ཀྱང་རྗེ་ཉིད་ཀྱི་གསུང་གཏེར་འབྱུང་ཆེན་མོ་དང་དག་སྣང་མཛོད་ཁང་མའི་ལུང་རྒྱུན་བཅས་ད་ལྟའི་བར་བཞུགས་ཤིང་། རྣམ་ཐར་རྒྱས་པ་ཡར་འབྲོག་པ་ཤེས་རབ་བཟང་པོ་དང་། ཉང་པོ་དོན་གྲུབ་རྒྱལ་པོ་རྣམས་ཀྱིས་བཀོད་པ་ལས་ཤེས་པར་བྱ། མཆོག་གཏེར་ཆེན་པོ་འདིའི་རྩ་གསུམ། ཕྱག་ཆེན། བླ་མ་ཞི་དྲག །ཟབ་ལམ་མ་གཏོགས་པའི་འདུས་པ་སྐོར་བཞི། རྫོགས་པ་ཆེན་པོ་ཀློང་གསལ། ཚེ་སྒྲུབ་རྡོར་ཕྲེང་། ཕུར་པ་ཡང་གསང་བླ་མེད། མ་ནིང་སོགས་ཆོས་སྐྱོང་གི་སྐོར། གཏེར་ཕྲན་སྐོར་འགའ་ཞིག །བཀའ་འབུམ་པོད་བཅས་མདོར་ན་ཁམས་ཕྱོགས་འདིར་རྒྱུན་གང་བཞུགས་རྫོགས་པར་ནོས་ཤིང་ཚེ་ཕུར་སོགས་ལ་བསྙེན་སྒྲུབ་ཀྱང་རྒྱས་པར་བགྱིས་པ་དང་། ལང་གྲོའི་རྣམ་འཕྲུལ་དུ་ལུང་གིས་ཟིན་པ་དབོན་སྤྲུལ་ཐུགས་རྗེའི་གཏེར་ཆེན་དང་བགྲོས་ཏེ་དཔལ་སྤུངས་ཀྱི་གདན་ས་ཆེན་པོའི་གཙུག་ལག་ཁང་དུ་ཐུགས་གསང་གི་བུམ་སྒྲུབ་དང་། ཕུར་ཁང་དུ་སྒྲུབ་ཆེན་རྒྱུན་འཛུག་བཅས་ཕྱག་ལེན་གཙང་དག་དང་། དེ་དག་གི་ལག་ལེན་ཡིག་ཆ་གསར་སྤེལ་སོགས་ཀྱིས་ཕྱོགས་འདིར་གཡར་དམ་དུ་སློབ་པ་ཡིན་ནོ། ༈ །འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱི་རྣམ་འཕྲུལ་གཏེར་སྟོན་སྐལ་ལྡན་རྡོ་རྗེ་ནི། གཉལ་གྱི་ཕྱོགས་སུ་འཁྲུངས། རྟེན་སྔགས་འཆང་། འདིས་ཤམ་པོ་གངས་ནས་གཏེར་ཁ་མང་པོ་གདན་དྲངས་ཤིང་། ཁྱད་པར་སངས་རྒྱས་ཐོད་པའི་རྒྱུད་སྒྲུབ་ཐབས། བདེ་མཆོག་གི་སྒྲུབ་སྐོར། གཅོད་ཡུལ་གྱི་གདམས་སྐོར་སོགས་ཤོག་དྲིལ་བཅོ་བརྒྱད་ཙམ་དང་། ལྷ་ཆེན་ཤམ་པོའི་ཐུགས་ཀྱི་བླ་རྡོ་ལྷ་ཀླུ་མིའི་རིན་པོ་ཆེ་ལས་གྲུབ་པ་ངོ་མཚར་ཅན་དང་། འབྲོག་མི་དཔལ་ཡེའི་དབུ་ཐོད་སོགས་རྫས་གཏེར་ཡང་མང་དུ་བཞེས། ཆོས་བརྒྱུད་ཀྱང་བར་སྐབས་སུ་ཨེ་གཉལ་རྣམས་སུ་མ་ཆད་པ་དང་། ཕྱིས་ཀྱི་བར་གཅོད་ཡུལ་གྱི་སྐོར་རྣམས་དར་སྲོལ་ཆེ་བར་བྱུང་སྣང་ནའང་དེང་སང་རྒྱུན་མི་བཞུགས་པར་མངོན། ༈ ཨ་ཙ་ར་ས་ལེ་དང་དེའི་སྐྱེ་བ་ཆོས་བློ་མགོན་པོའི་རྣམ་འཕྲུལ་མཆོག་ལྡན་རྡོ་རྗེ་ནི། རྒྱ་ཤོད་ལ་གོང་ཞེས་པར་ཤིང་ཕོ་སྟག་གི་ལོ་ལ་འཁྲུངས། རྒྱ་སྟོན་བློ་བཟང་གྲགས་པ་ལས་རབ་ཏུ་བྱུང་། མཁྱེན་པ་དང་གྲུབ་རྟགས་བསམ་གྱིས་མི་ཁྱབ། བྱར་ཁྲི་དཔོན་གྱིས་མེར་བསྲེགས་ཀྱང་གནོད་མ་ནུས། ཨོ་རྒྱན་ཆེན་པོ་ལན་མང་དུ་མཇལ་ནས་ལུང་བསྟན་པ་ལྟར་ཉང་པོ་བྲག་དཀར་ལྷ་ཆུ་ནས་རྫོགས་ཆེན་རྟ་མགྲིན་སྙིང་ཐིག་གི་ཆོས་སྐོར་རྣམས་སྤྱན་དྲངས། གཏེར་སྟོན་འདིའི་ཆོས་སྐོར་རྣམས་སྟག་ཤམ་པ་དང་ཆོས་རྗེ་གླིང་པ་སོགས་ཀྱིས་ཐུགས་རྩིས་ཆེར་མཛད་ནས་འཆད་སྤེལ་མཛད་ཚུལ་རྣམ་ཐར་ན་གསལ་ཞིང་ཁོ་བོས་ཀྱང་ནོས་པ་ཡིན་ནོ། ༈ །ཆག་བྱང་ཆུབ་གླིང་པ་ནི། ལྷོ་བྲག་གཏམ་ཤུལ་གྱི་ལུང་ལག་གཅིག་ཏུ་འཁྲུངས། པདྨ་གླིང་པ་སོགས་ཀྱིས་རྗེས་སུ་བཟུང་། ཟབ་གཏེར་ཡང་འགའ་ཞིག་བཞེས་ཀྱང་བར་སྐབས་ནས་རྒྱུན་བཞུགས་པར་མ་མངོན། གདན་ས་ཕྱིས་རིག་འཛིན་ཕྲིན་ལས་ལྷུན་གྲུབ་ཡབ་སྲས་ཀྱི་དུས་ནས་ཞལ་བདག་གནང་བ་ད་ལྟའང་མ་སྟོངས་ཙམ་ཡོད་པར་སྣང་ངོ་། ༈ །ཆོས་བློན་ཆེན་པོ་འགོས་པདྨ་གུང་བཙན་གྱི་སྐྱེ་བ་ཡོལ་མོ་སྤྲུལ་སྐུ་སྔགས་འཆང་ཤཱཀྱ་བཟང་པོ་ནི། ལ་སྟོད་ལྷོ་གྲོམ་པ་ལྗོངས་སུ་དྲང་པོ་རྡོ་རྗེ་འཛིན་པ་ཆེན་པོའི་གདུང་རྒྱུད་དུ་སྐུ་འཁྲུངས། གསང་སྔགས་གསར་རྙིང་བཀའ་གཏེར་རིང་ལུགས་ཀུན་ལ་མཁྱེན་པ་རྒྱས་ཤིང་གྲུབ་པ་བརྙེས། ཡོལ་མོ་གངས་ཀྱི་ར་བའི་གནས་སྒོ་ཕྱེས་ཤིང་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་ཞེས་བྱ་བའི་གདམས་པ་གཏེར་ནས་བཏོན། སྐབས་ཤིག་བསམ་ཡས་མཇལ་བར་ཕེབས་པ་ན་མཁའ་འགྲོའི་ལུང་བསྟན་བྱུང་ནས། ཆུ་སྤྲེལ་ལུག་ཟླའི་ཚེས་བཅོ་བརྒྱད་ལ་མཆོད་རྟེན་དམར་པོ་ནས་བྱ་རུང་ཁ་ཤོར་གྱི་དཀར་ཆག་ཞིག་གསོས་ལུང་བསྟན་གྱི་ཤོག་དྲིལ་གཏེར་ནས་བཞེས། ལུང་བསྟན་འདི་སྔར་ལྷ་བཙུན་སྔོན་མོས་རྣམ་སྣང་སྐུ་རྒྱབ་ནས་བཞེས་པས། སླར་ལུང་བསྟན་བྱུང་ནས་མ་ཡིག་གཏེར་ཤུལ་དུ་འདེབས། བུ་ཡིག་མཆོད་རྟེན་དམར་པོར་སྦས་པ་གཏེར་སྟོན་འདིས་བཞེས་ཞེས་འབྱུང་། དེ་ནས་ལྷ་སའི་ཆུ་རགས་ཀྱི་ཞིག་གསོས་མཛད་པས་ལུང་བསྟན་བྱུང་ནས། ཐུགས་རྗེ་ཆེན་པོ་རྒྱལ་པོ་བཀའ་འབུམ་གྱི་ཆོས་སྐོར་འགའ་ཞིག་གཏེར་ནས་བཞེས། མཆོད་རྟེན་ཆེན་པོའི་ཞིག་གསོས་ནི་དཀར་ཆག་གི་ལུང་བསྟན་ལྟར་རིག་འཛིན་ཆེན་པོ་པདྨ་གླིང་པ། ཀོང་པོ་དཀར་ཆེན་ཀུན་དགའ་གྲགས་པ། འབྲི་གུང་ཀུན་དགའ་རིན་ཆེན་སོགས་སྨོན་ལམ་དང་འབྲེལ་བའི་དམ་པ་རྣམས་དང་མཇལ་ཞིང་བྱིན་གྱིས་བརླབས། དེ་དག་གི་རྟེན་འབྲེལ་ལ་བརྟེན་མཆོད་རྟེན་ཆེན་མོའི་ཞིག་གསོས་མཐར་ཕྱིན་པར་མཛད། མཆོད་རྟེན་འདི་ཉིད་རི་དེའུ་འབུར་ཞིག་བརྐོས་ནས་གསལ་བར་མཛད་པས་གཏེར་ནས་གདན་དྲངས་པ་ལྟ་བུ་ཡིན་འདུག །སྲོག་ཤིང་ལས་བལ་པོའི་རྒྱལ་པོ་འོད་ཟེར་གོ་ཆའི་གདུང་སྐྱེ་བདུན་ཁྱད་པར་ཅན་སྤྱན་དྲངས་ནས་འགྲོ་དོན་དུ་སྤེལ། གཞན་ཡང་ཀོང་ཆེན་ནམ་མཁའ་དཔལ་ལྡན། མེས་སྟོན་ནམ་མཁའ་རྒྱལ་མཚན། རིག་འཛིན་སངས་རྒྱས་བསྟན་པ། གཙང་སྟོན་ཨོ་རྒྱན་དཔལ་བཟང་སོགས་སྐྱེས་བུ་དམ་པ་མང་པོའི་ཞབས་ལ་གཏུགས། སྔ་འགྱུར་བཀའ་གཏེར་གྱི་དབང་ཁྲིད་མན་ངག་གི་རྒྱུན་བཞུགས་པ་ཕལ་ཆེར་གསན། ཐུགས་ཉམས་སུ་བཞེས་ཏེ་རིག་འཛིན་མངའ་རིས་པ་ཆེན་པོ་མཆེད་སོགས་ལ་ལྷུག་པར་བསྩལ་པས་བསྟན་པའི་སྲོག་མཐུད་པ་ལྟར་གྱུར། དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་ཀྱང་མཐར་ཕྱིན་པར་མཛད། མངའ་རིས་དང་གུང་ཐང་ཕྱོགས་སུ་འགྲོ་དོན་ཆེར་བསྐྱངས། རི་བོ་དཔལ་འབར་དུ་ཐུགས་དམ་རྒྱུན་རིང་བཞུགས་པའི་སྐབས། རིག་འཛིན་མཆོག་ལྡན་མགོན་པོ་དང་མཇལ། དེས་ལུང་བསྟན་པ་ལྟར་སྦས་ཡུལ་པདྨའི་ཚལ་ལམ་ཡོལ་མོ་གངས་རར་ཕེབས། ཙཱུ་ཌའི་དགོན་པ་རྟེན་དང་བརྟེན་པར་བཅས་པ་བཏབ། བོད་ཁམས་བདེ་ཐབས་མང་དུ་མཛད་ནས་སྐུ་ཚེའང་མཐར་ཕྱིན་པར་བཞུགས། མཐར་སྐུ་ཞི་བར་གཤེགས་པའི་སྐབས། ཞལ་ཆེམས་ཞིབ་པར་བསྩལ་བ་ལྟར། ལ་སྟོད་མངའ་བདག་པའི་གདུང་རྒྱུད་དགེ་སློང་ནུབ་མར་ཉང་རིན་པོ་ཆེ་ནས་གདུང་རབས་བཅུ་བཞི་བར་འཁྲུངས་པ་ནི་སྤྲུལ་སྐུ་ནམ་མཁའ་བརྒྱ་བྱིན་ཡིན་ལ། དེའི་སྤྲུལ་པའི་སྐུ་ནི་རིག་འཛིན་ངག་གི་དབང་པོའི་ཐུགས་སྲས་ཀྱི་གཙོ་བོ་བསྟན་འཛིན་ནོར་བུའམ་སྟོབས་ལྡན་ཤུགས་འཆང་རྩལ་དུ་གྲགས་པས་ཐུབ་བསྟན་རྡོ་རྗེ་བྲག་གི་གདན་ས་མཛད་ཅིང་བསྟན་པ་ལའང་བཀའ་དྲིན་ཆེ། ༈ སྔ་འགྱུར་ལོ་ཙཱ་བ་བརྒྱ་རྩ་བརྒྱད་ཀྱི་ཡ་གྱལ་ཨོ་རྒྱན་ཆེན་པོའི་ཞལ་སློབ་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་ཤེལ་དཀར་བཟའ་ཟུང་གི་རྣམ་འཕྲུལ་འགྲོ་འདུལ་ལས་འཕྲོ་གླིང་པ་ནི། གཉལ་སྟོད་དུ་སྙི་བའི་རིགས་ལས་ཡབ་དཔལ་འབྱོར་རྒྱལ་པོ་དང་ཡུམ་བཀྲ་ཤིས་ལྷ་མོ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་སྐུ་བལྟམས། དག་སྣང་དཔག་མེད་ཤར། ཁྱད་པར་དགུང་ལོ་བཅུ་དྲུག་པར་ཟབ་གཏེར་གྱི་ཁ་བྱང་ཐོག་མར་བབས། བཅོ་བརྒྱད་པར་ཆོས་ལུང་རི་བོ་ཆེར་མཚུངས་མེད་ནམ་མཁའ་རྒྱལ་པོ་ལ་གཙུག་ཕུད་ཕུལ་བས་མཚན་ནམ་མཁའ་རྡོ་རྗེར་གྲགས། འབའ་ར་བཀའ་བརྒྱུད་ཀྱི་ཟབ་ཁྲིད་གསན་ཅིང་ཐུགས་ཉམས་སུ་བཞེས། ཁྱད་པར་རིག་འཛིན་པདྨ་གླིང་པའི་ཞབས་ལ་གཏུགས་ནས་ཐོས་བསམ་གྱི་སྒྲོ་འདོགས་བཅད། གདམས་ཁྲིད་ཟབ་མོས་ཐུགས་རྒྱུད་སྨིན། རྗེ་དེ་ཉིད་ཀྱི་ཐུགས་སྲས་སྙིང་གི་བུ་གསུམ་ལས། གཉལ་ལོར་རྡོ་རྗེའི་མཚན་ཅན་དུ་ངོས་བཟུང་ཞིང་སྤྲུལ་པའི་གཏེར་སྟོན་དུ་ལུང་བསྟན་པ་ལྟར། དགུང་ལོ་ཉེར་གཅིག་ལོན་པའི་ཚེ་སྔགས་སྲུང་ཨེ་ཀ་ཛཱ་ཊིས་རྗེས་སུ་བསྐུལ་བ་བཞིན་མོན་དོམ་ཚང་རོང་ལ་བྱོན། མཚོ་རྒྱལ་ཕུག་པར་རྟ་མགྲིན་གྱི་ཚོགས་མཆོད་མཛད་པས་ཡེ་ཤེས་མཁའ་འགྲོས་ཁ་བྱང་དངོས་སུ་བསྩལ་པ་ལྟར་ཟླ་བ་ཕུག་ཏུ་བྱོན་ནས་ངོ་མཚར་བའི་ཆོ་འཕྲུལ་དང་བཅས་ཏེ་ཟབ་གཏེར་ཐོག་མར་སྤྱན་དྲངས་པ་ནས་བརྩམ། སྤ་གྲོ་སྟག་ཚང་། མཁར་ཆུ་དཔལ་གྱི་ཕུག་རིང། ལྷོ་སྐྱེར་ཆུའི་ལྷ་ཁང་། མཁའ་འགྲོ་གསང་ཕུག །སྦྲགས་ཡང་རྫོང་། དཔལ་ཕུག་ཉི་ཟླ་འབར་བའི་གསང་མཛོད། མཁའ་འགྲོ་བྲག་གི་བྱ་སྐྱིབས། བསམ་ཡས་མཆིམས་ཕུ། མཆོད་རྟེན་དཀར་པོ། ཤམ་པོ་གངས། ཕྲ་མོ་བྲག་སོགས་ནས་ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེ། བཀའ་བརྒྱད་ཡང་གསང་བླ་མེད། ཟབ་ཆོས་ཀུན་བཟང་ཐུགས་ཏིག་སོགས་ཆོས་དང་དྲག་སྔགས་དམ་རྫས་རྟེན་གྱི་སྐོར་སོགས་མཐའ་ཡས་པ་སྤྱན་དྲངས། སྒྲུབ་གནས་རྣམས་སུ་བླ་མ་ཞི་དྲག །བཀའ་བརྒྱད། ཕུར་པ་སོགས་ཀྱི་སྒྲུབ་ཆེན། སྨན་སྒྲུབ། སྐྱེ་བདུན་རིལ་སྒྲུབ། གཏོར་སྒྲུབ་སོགས་མང་དུ་མཛད་ཅིང་གདུལ་བྱ་བསམ་གྱིས་མི་ཁྱབ་པ་སྨིན་གྲོལ་ལ་བཀོད་ཅིང་སྐུ་ཚེ་དང་ཕྲིན་ལས་མཐར་ཕྱིན། དབོན་པོ་ལྷའི་ཟླ་བ་ཞེས་མཁྱེན་རྟོགས་རྨད་དུ་བྱུང་བས་ཀྱང་འགྲོ་དོན་དཔག་མེད་མཛད། སྐུའི་སྐྱེ་བའང་འགའ་ཞིག་བྱོན་པར་གྲགས་ཤིང་ཁྱད་པར་གདུང་རྒྱུད་ཕྱིས་ཀྱི་བར་སྔགས་འཆང་རྡོ་རྗེ་འཛིན་པ་རིམ་པར་བྱོན་ནས་ཆོས་བརྒྱུད་འཕེལ་རྒྱས་སུ་གྱུར་ནའང་དེང་སང་རྒྱུན་ཡོད་པར་མ་མངོན་ཀྱང་། ཐུགས་རྗེ་ཆེན་པོའི་སྐོར་རྣམས་རྗེ་བླ་མར་ཉེ་བརྒྱུད་དུ་བཀའ་བབས་པ་ལྟར་བདག་གིས་ཀྱང་སྨིན་གྲོལ་རྫོགས་པར་ནོས་སོ། ༈ །སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་རྣམ་འཕྲུལ་མང་རོང་གཏེར་སྟོན་འཇམ་དཔལ་རྡོ་རྗེས་ཡེར་པ་ནས་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་གདམས་སྐོར་སྤྱན་དྲངས་པའི་དབང་ལུང་གི་རྒྱུན་སྨིན་གླིང་གཏེར་ཆེན་བར་དུ་བྱུང་བར་སྣང་། འདིས་གཙང་གངས་ར་ངེས་གསང་རྡོ་རྗེ་གླིང་བཏབ། དེ་རྗེས་ཞིག་གླིང་ཆོས་བདག་ཉི་ཟླ་གྲགས་པ། དེའི་དབོན་ལོ་ཆེན་ངག་གི་དབང་པོ། དེའི་དབོན་གཞན་ཕན་རྡོ་རྗེ་རྣམས་ཀྱིས་གདན་ས་རིམ་པར་བསྐྱངས་པའི་རྗེས་རྒྱལ་དབང་ལྔ་པ་ཆེན་པོས་ཁྲ་ཚང་པ་བློ་མཆོག་རིག་པའི་རྡོ་རྗེ་ལ་གཏོད་པར་མཛད་དོ། ༈ །ཆོས་རྒྱལ་ཁྲི་སྲོང་གི་ཐུགས་སྤྲུལ་རྒྱལ་སྲས་ལྷ་རྗེའི་སྐྱེ་བ་དགུ་པ་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་རྡོ་རྗེ་ནི། གློ་བོ་མ་ཐང་གི་སའི་ཆར་ཡབ་མངའ་བདག་མར་པའི་སྐྱེ་མཐའ་ལྷ་རིགས་མཁས་གྲུབ་ཆེན་པོ་འཇམ་དབྱངས་རིན་ཆེན་རྒྱལ་མཚན། ཡུམ་འབྲོ་ལྕམ་ཁྲོམ་པ་རྒྱན་གྱི་སྲས་སུ་མེ་མོ་ལུག་གི་ལོ་ལ་སྐུ་བལྟམས། མཚན་པདྨ་དབང་རྒྱལ་དུ་བཏགས། དགུང་ལོ་བརྒྱད་པར་རྟེན་དགེ་བསྙེན་ཏུ་མཛད། ཡབ་ལས་བྱང་ཆུབ་ཏུ་ཐུགས་བསྐྱེད་དེ་མདོ་སྒྱུ་སེམས་གསུམ་གཙོ་བོར་གྱུར་པའི་སྔ་འགྱུར་བཀའ་མའི་སྐོར་ལ་གསན་སྦྱོང་མཐར་ཕྱིན་པར་གནང་། བསྙེན་སྒྲུབ་རྟགས་ཐོན་པ་མང་དུ་མཛད། སློབ་དཔོན་ནོར་བསྟན་བཟང་པོ་ལས་འདུལ་བ་མདོ་སྡེ། བཀའ་གདམས་པའི་སྐོར་སོགས་གསན། དགུང་ལོ་ཉི་ཤུ་པ་ནས་བཟུང། དབུ་ཚད་ཕར་ཕྱིན་གཙོ་བོར་གྱུར་པའི་གཞུང་ལུགས་ཆེན་པོ་བརྒྱ་ཕྲག་གཅིག་ཁོང་དུ་ཆུད་པར་མཛད་པས་ན་དགེ་བའི་བཤེས་གཉེན་མཚན་དོན་དང་མཐུན་པར་ཡོངས་སུ་གྲགས། ཉེར་གཅིག་པར་འཇམ་དབྱངས་ཆོས་སྐྱོང་དང་ཚུལ་ཁྲིམས་དཔལ་སོགས་ལས་གཤིན་རྗེ་གཤེད་དམར་སོགས་ཀྱི་སྨིན་གྲོལ་གསན་ནས་བསྙེན་སྒྲུབ་མཛད་པས་འཇམ་དཔལ་དྲག་པོའི་ཞལ་དངོས་སུ་གཟིགས། ཁྱད་པར་དགུང་ལོ་ཉེར་གཉིས་པར་ཡབ་རྗེ་དམ་པ་ལས་སྔ་འགྱུར་བཀའ་གཏེར་གྱི་ཞུན་ཐར་ལེགས་པར་བཅད། བཀའ་བརྒྱད་ཀྱི་སྒྲུབ་པ་མཛད་པའི་ཚེ་ཡབ་ཀྱིས་དག་པའི་གཟིགས་སྣང་ཁྱད་པར་ཅན་གྱིས་དབུགས་དབྱུང་ཞིང་གཟེངས་བསྟོད་པ་ལྟར་ཕྱིས་ནས་མངོན་དུ་གྱུར། དགུང་ལོ་ཉེར་གསུམ་གྱི་སྔ་ཕྱིར་གློ་བོ་ལོ་ཙཱ་ལས་ལམ་འབྲས་ཚར་གཉིས་གསན། ཉེར་ལྔ་པའི་ཚེ་བསམ་འགྲུབ་གླིང་གི་ཆོས་གྲྭར་འཇམ་དབྱངས་ས་པཎ་གྱི་རྣམ་འཕྲུལ་གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་མཁན་སློབ་ལས་བསྙེན་པར་རྫོགས་པ་ནས་བརྩམ། ཀུན་སྤངས་གདན་གཅིག་པའི་བརྟུལ་ཞུགས་བཟུང་སྟེ་དམ་པའི་ཆོས་འདུལ་བའི་ལག་ལེན་ཚུལ་བཞིན་ཕྱག་ཏུ་བསྟར་བ་ལ་བརྟེན། དུས་དེར་འདུལ་བ་འཛིན་པ་ཐམས་ཅད་ཀྱི་ཁྱུ་མཆོག་ཏུ་གྱུར། གཞན་ཡང་མཁན་ཆེན་དེ་ཉིད་དང་གུ་གེ་པཎ་ཆེན་རྣམ་རྒྱལ་དཔལ་བཟང་། འཇམ་དབྱངས་བློ་གྲོས་དཔལ་རྣམས་ལས་སྒྲ་དང་ཚད་མ། གསང་སྔགས་གསར་མའི་དབང་རྒྱུད་མང་དུ་གསན་ཅིང་སྦྱངས་པས་མ་ཧཱ་པཎྜི་ཏ་ཞེས་པའི་མཚན་གྱི་ཅོད་པན་འཕྱངས། དྲང་པོ་གཏེར་སྟོན་ཤཱཀྱ་བཟང་པོ་ལས་ཀྱང་བྱང་གཏེར་མང་དུ་གསན་པས་མཚོན། མདོར་ན་གསང་སྔགས་གསར་རྙིང་གི་དབང་རྒྱུད་མན་ངག་གི་རྒྱུན་བཞུགས་པ་ཕལ་ཆེར་འབད་པས་གསན་ཅིང་བསྙེན་སྒྲུབ་མཛད། ནེ་པཱ་ལའི་ཡུལ་དུའང་བསྙེན་ནས་བལ་བོད་ཀྱི་བླ་མ་མང་དུ་བསྟེན་ཅིང་། གནས་འབྲེལ་དང་ཐུགས་དམ་མཛད་པས་དག་པའི་གཟིགས་སྣང་མཐའ་ཡས་པ་ཤར། དགུང་ལོ་སོ་བརྒྱད་པ་ནས་བཟུང་གསར་རྙིང་རིས་མེད་པའི་ཆོས་ཀྱི་ཆར་ཆེན་པོ་ཕབས་པའི་སྐབས། དབུས་གཙང་གི་ཕྱོགས་སུ་གསར་རྙིང་གི་ཆོས་བརྒྱུད་ཉམས་པ་གསོ་བའི་ཐུགས་བསྐྱེད་འཁྲུངས་ཏེ་ཡབ་དང་གློ་བོའི་སྡེ་བདག་ཀུན་ལ་གནང་བ་ཞུས་ཤིང་ཟང་ཟང་ལྷ་བྲག་སོགས་བརྒྱུད། གཅུང་ལེགས་ལྡན་རྡོ་རྗེ་དང་ལྷན་ཅིག་ཏུ་དབུས་ལ་བྱོན། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་མཇལ་ཞིང་ལུང་བསྟན་བརྙེས་པ་ལྟར། གཞུང་སྤྲེ་ཞིང་དུ་རྡོག་སྟོན་བསོད་ནམས་བསྟན་འཛིན་དང་། གྲ་ཐང་བའི་ཞྭ་ལུ་ལོ་ཆེན་ལས་རྔོག་དཀྱིལ་དང་གཤེད་དམར་སྐོར་སོགས་གསན། བསམ་ཡས་སུ་བྱོན་པས་ཆོས་རྒྱལ་ཁྲི་སྲོང་གི་བག་ཆགས་མངོན་དུ་སད། བར་ཁང་དུ་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཆེན་མཛད་ཅིང་ལྷོ་བྲག་གུ་རུ་བ་སོགས་རྗེས་སུ་བཟུང་། ཕྲེང་སོ་ཨོ་རྒྱན་ཆོས་བཟང་དང་ཀོང་ཆེན་ནམ་མཁའ་དཔལ་ལྡན་ལས་བླ་མ་དགོངས་འདུས་གསན། སྦྲགས་ཡང་རྫོང་དང་མཆིམས་ཕུར་ཐུགས་དམ་མཛད་པས་ལྷ་མང་པོའི་ཞལ་གཟིགས། ཆོས་དབང་གི་གདུང་རབས་བརྒྱད་པས་ལྷོ་བྲག་ཏུ་སྤྱན་དྲངས་ནས་ཆོས་རྒྱུན་ཉམས་པ་གསོ་བ་སོགས་བཀའ་དྲིན་ཆེན་པོས་ཁྱད་པར་མཛད། རྗེ་ཉིད་ཀྱིས་ཀྱང་བཀའ་བརྒྱད་བདེ་འདུས་ཁོ་ན་ཚར་ཉེར་ལྔ་གསན་པའི་ཕྱི་མ་ཁུངས་བཙུན་ཅིང་ཡིད་བརྟན་ནུས་པ་དེ་ལྷོ་བྲག་དགོན་དཀར་དུ་འགྲན་ཟླ་དང་བྲལ་བའི་གྲུབ་ཐོབ་ཆེན་པོ་རྗེའུ་རིགས་ནམ་མཁའི་རྣལ་འབྱོར་ལས་རྙེད་པས་ཐུགས་དགོངས་ཡོངས་སུ་རྫོགས། ཁྱད་པར་ཟབ་གཏེར་བཞེས་ཚུལ་ནི་དགུང་ལོ་ཞེ་དྲུག་པར་བསམ་ཡས་སྟེང་ཁང་གི་རྣམ་སྣང་མི་བཞི་རྒྱབ་སྤྲོད་ཀྱི་གསང་སྒྲོམ་ནས་བཀའ་འདུས་ཕྱི་མ་རིག་འཛིན་ཡོངས་འདུས་ཀྱི་ཆོས་སྐོར་གསོལ་འདེབས་ལེའུ་བདུན་མའི་སྒྲུབ་ཐབས་གཏེར་ནས་བཞེས་ཤིང་ཕལ་ཆེར་གཏན་ལ་ཕབས་པ་ད་ལྟའང་དར་རྒྱས་ཆེ་ལ་ཁོ་བོས་ཀྱང་རྫོགས་པར་ནོས། རིག་འཛིན་ལེགས་ལྡན་རྗེས་མཚམས་སྦྱར་ནས་འབྲི་གུང་རིན་ཆེན་ཕུན་ཚོགས་གདན་དྲངས་ཏེ་དཔོན་སློབ་གསུམ་ཀས་བསམ་ཡས་ཀྱི་རབ་གནས་བསྐྱར་བས་བོད་ཁམས་ཕན་བདེའི་རྩ་ལག་ཆེན་པོར་གྱུར། དེས་མཚོན་དབུས་ཕྱོགས་སུ་བསྟན་འགྲོའི་དོན་མཐའ་ཡས་པ་མཛད་པའི་མཐར། དགུང་ལོ་ང་དྲུག་པར་འོན་སྨོན་ཐང་ནས་ཟངས་མདོག་དཔལ་གྱི་རི་བོ་ཆེན་པོར་གཤེགས་སོ། །སྤྱིར་སྐྱེས་བུ་དམ་པ་འདི་མཁས་བཙུན་གྲུབ་གསུམ་གྱི་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་ཚུལ་རྗེ་རང་གི་ཞལ་གསུང་རྣམ་ཐར་ཚིགས་བཅད་མར་གསལ་བས་འདིར་མདོར་བསྡུས་ཙམ་བཀོད་པ་ཡིན་ནོ། །གཞན་ཡང་ཚིག་ཉུང་ལ་དོན་ཤིན་ཏུ་མང་བ་སྡོམ་གསུམ་རྣམ་པར་ངེས་པའི་བསྟན་བཅོས་མཛད་པ་གཅིག་པུའི་བཀའ་དྲིན་ཀྱང་བསམ་གྱིས་མི་ཁྱབ་པས་དེང་སང་གི་བར་དུ་སྔ་འགྱུར་གྱི་བསྟན་འཛིན་རྣམས་ཀྱི་མགྲིན་པའི་རྒྱན་དུ་གྱུར་པས་མཚོན། དངོས་དང་བརྒྱུད་པའི་སྒོ་ནས་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་གསལ་བའི་ཤིང་རྟ་ཆེན་པོར་ཡོངས་སུ་གྲགས་པའང་དོན་དང་ལྡན་པ་ཉིད་དོ། །སྐུའི་སྐྱེ་བ་དེ་མ་ཐག་པ་ནི་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་ཏེ་རྣམ་ཐར་འོག་ཏུ་འབྱུང་ངོ་། ༈ །ཤེལ་དཀར་བཟའ་མགོན་སྐྱིད་ཀྱི་སྐྱེ་བ་རྒྱ་མ་མི་འགྱུར་ལས་འཕྲོ་གླིང་པ་ཀུན་དགའ་དཔལ་བཟང་ནི། རིག་འཛིན་ཡོངས་འདུས་ལས། དེ་ལ་འདུད་བྱེད་སྤྲུལ་པའི་གཏེར་སྟོན་བཞིས༔ ང་ཡི་ཟབ་ཆོས་དམ་པ་གཏེར་ནས་འདོན༔ ཞེས་གསུངས་པའི་གཏེར་སྟོན་བཞིའི་ཡ་གྱལ་གཅིག་མི་འགྱུར་ལས་འཕྲོ་གླིང་པ་འདི་ཡིན་ཏེ། དབུར་སྟོད་རྒྱ་མ་ཞེས་པར་འཁྲུངས། འབྲི་གུང་རིན་ཆེན་ཕུན་ཚོགས་དང་ཕན་ཚུན་གཉིས་ཀ་བླ་སློབ་ཏུ་གྱུར། གཏེར་སྟོན་མངའ་རིས་རིག་འཛིན་ཆེན་པོ་ལེགས་ལྡན་ཞབས་ཀྱི་ཆོས་བདག་ཡིན། གཏེར་སྟོན་འདིས་མི་འགྱུར་ཆོས་འབྱུང་བྲག་ནས་ཟབ་ཆོས་འདུས་པ་སྐོར་བཞི་གཏེར་རྫས་བཅས་པ་དང་གཟའ་སྲུང་ཟབ་མོ་ཡུལ་འཁོར་ཀུན་ཐུབ་སོགས་སྤྱན་དྲངས་ནས། ཆོས་བདག་རིན་ཆེན་ཕུན་ཚོགས་སོགས་ནས་བརྒྱུད་དེ་བར་སྐབས་སུ་དར་རྒྱས་ཆེ་བར་བྱུང་ནའང་དེང་སང་དཔེ་ལུང་གི་རྒྱུན་བཞུགས་པ་མ་འཚལ། ཟབ་ཆོས་པདྨ་གཏུམ་པོའི་གཞུང་ཉུང་དུ་ངོ་མཚར་ཅན་རྗེ་བླ་མར་ཡང་གཏེར་དུ་བབས་པའི་སྨིན་གྲོལ་ནོས་ཤིང་འདིའི་དབང་གནང་བའི་སྐབས་མེ་ལོང་ལ་སྔགས་བྱང་བྲིས་པ་རྗེས་ནས་རང་བྱོན་དུ་གསལ་བ་སོགས་བྱིན་རླབས་ཀྱི་མཚན་མ་ཁྱད་པར་ཅན་ཡང་མཐོང་ངོ་། ༈ །སློབ་དཔོན་ཆེན་པོ་ཧཱུྃ་ཀཱ་ར་དང་ལྷ་སྲས་མུ་ཁྲི་བཙན་པོ་ཟུང་དུ་འཇུག་པའི་རྣམ་འཕྲུལ་གཏེར་སྟོན་གནམ་ལྕགས་མེ་འབར་ནི་དབུར་སྟོད་འབྲི་གུང་དུ་འགུ་རྒྱལ་སྐྱུ་རའི་གདུང་ཡབ་ཆོས་རྒྱལ་བསྟན་པའི་རྒྱལ་མཚན་དང་། ཡུམ་བསོད་ནམས་སྒྲོན་མ་གཉིས་ཀྱི་སྲས་སུ་ས་མོ་སྦྲུལ་གྱི་ལོ་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས། གཞོན་ནུ་ནས་ཆོས་ཀྱི་བག་ཆགས་སད་ཅིང་སྐྱེ་སྲིད་མང་པོ་དྲན་པ་སོགས་ཡ་མཚན་པའི་རྣམ་ཐར་བསམ་གྱིས་མི་ཁྱབ། དགུང་ལོ་བརྒྱད་ཀྱི་སྟེང་དུ་ཕག་མོ་གྲུར་སྤྱན་སྔ་རིན་པོ་ཆེ་ཆོས་ཀྱི་གྲགས་པ་ལས་རབ་ཏུ་བྱུང་བའི་མཚན་རིན་ཆེན་ཕུན་ཚོགས་ཆོས་ཀྱི་རྒྱལ་པོར་གསོལ། བླ་མ་དེ་ཉིད་དང་མངའ་རིས་པཎ་ཆེན་སྐུ་མཆེད་སོགས་ལས་མདོ་སྔགས་གཞུང་ལུགས་མཐའ་ཡས་པའི་གསན་པ་ཕུལ་དུ་ཕྱིན། གཞོ་སྟོད་ཏི་སྒྲོ་གཙོ་བོར་གྱུར་པའི་གནས་ངེས་མེད་ཀུན་ཏུ་སྒྲུབ་པ་མཛད་པས་སྣང་སེམས་མཉམ་ཉིད་དུ་འདྲེས། སྐྱོབས་པ་འཇིག་རྟེན་གསུམ་མགོན་གྱི་ཆོས་ཀྱི་ཁྲི་ཆེན་པོར་ཞབས་བཀོད་ནས་ལུགས་གཉིས་ཀྱི་ཕྲིན་ལས་རྒྱ་ཆེར་བསྐྱངས། ཏི་སྒྲོར་བཞུགས་པའི་སྐབས་ཤིག་རྒྱ་གར་ནས་ཛོ་ཀི་བཛྲ་ནཱ་ཐ་བྱོན་པ་ལས་བྷཱུ་རླུང་ཛཱ་བིར་གྱི་མན་ངག་གསན། མཁའ་འགྲོས་ལུང་གིས་བསྐུལ་བ་ལྟར་སྐུ་རྟེན་དཀའ་ཆས་སུ་བསྒྱུར་པས་རྟེན་འབྲེལ་ཟབ་མོའི་སྒོ་འཕར་བྱེ་བས་ཡངས་པ་ཅན་དུ་བྱོན་པའི་ཚེ་ཡིད་བཞིན་འོད་མཆོག་གི་གདམས་སྐོར་རྣམས་དག་སྣང་དུ་བྱུང་ཞིང་གཏེར་གྱི་ཁ་བྱང་ཕྱག་ཏུ་སོན་པ་ལ་བརྟེན། ཏི་སྒྲོའི་ཚོགས་ཁང་ཆེན་མོ་ནས་དམ་ཆོས་དགོངས་པ་ཡང་ཟབ་ཀྱི་ཆོས་སྡེ་ངོ་མཚར་ཤོག་སྡེ་ལྔར་བཞུགས་པ་སྤྱན་དྲངས། དེ་ཉིད་དུ་སྐུ་མཚམས་བཞུགས་པའི་ཚེས་བཅུའི་ནུབ་གཅིག་དག་པའི་སྣང་བར་ཟངས་མདོག་དཔལ་རིར་ཕེབས། ཨོ་རྒྱན་རིན་པོ་ཆེས་དབང་དང་ཞལ་གདམས་རྒྱ་ཆེར་བསྩལ། ཚོགས་ཀྱི་འཁོར་ལོ་ལ་ལོངས་སྤྱད། དུས་འདི་ཙམ་ནས་གསར་རྙིང་བཀའ་གཏེར་རིས་མེད་པའི་བདག་པོར་གྱུར། མཁས་གྲུབ་ཆེན་པོའི་གནས་ལ་བཞུགས་པས་གཞུང་ལུགས་རྣམས་འཆད་པའི་ཚུལ་ཡང་གཞན་ལས་ཀྱང་ཁྱད་དུ་འཕགས། གཏེར་ཁ་གོང་འོག །བཀའ་བརྒྱད་ལུགས་སྲོལ་དགུ། སྙིང་ཐིག་ཡ་བཞི། ཀུན་མཁྱེན་ཀློང་ཆེན་པའི་གསུང་རབ་རྣམས་ལ་རྩལ་དུ་བཏོན། དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་གཤེགས། སློབ་མའི་ཚོགས་ནི་སྟོད་མངའ་རི་ལ་དྭགས་ནས། དབུས་གཙང་རུ་བཞི། མདོ་ཁམས་ཧོར་ཡུལ་ཡན་ཆད་དུ་ཁྱབ་པ་ལས་གཙོ་བོར་རིགས་ཆོས་གཉིས་ཀའི་སྲས་སུ་གྱུར་པ་ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་གྱི་སྐྱེ་བ་ཆོས་རྒྱལ་ཕུན་ཚོགས་ཀྱིས་གདན་ས་མཛད་ནས་ད་ལྟའི་བར་གསར་རྙིང་ཟུང་འཇུག་གི་བཀའ་སྲོལ་མ་ཉམས་པར་བཞུགས། དགོངས་པ་ཡང་ཟབ་ཀྱི་འཆད་ཉན་དང་ཉམས་བཞེས་རྒྱུན་མ་ཆད་པ་འབྲི་གུང་བའི་ཆོས་རྒྱུན་འཛིན་པ་ཀུན་ལ་བཞུགས་ཤིང་བདག་གིས་ཀྱང་ཕལ་ཆེར་ཐོབ་བོ། ༈ །ལོ་ཆེན་བཻ་རོའི་རྣམ་འཕྲུལ་ཕྲེང་པོ་འགྲོ་འདུལ་གླིང་པ་ཤེས་རབ་འོད་ཟེར་ནི། བྱང་ངོམ་ཆེན་གྱི་སའི་ཆར་ཁྲི་བསམ་གཉིས་ཀྱི་ཆོ་འབྲང་ལས་ས་ཕོ་སྟག་ལོ་ཆུ་སྟོད་ཟླ་བའི་ཚེས་བཅུར་ལྟས་ཁྱད་པར་ཅན་དང་བཅས་ཏེ་སྐུ་བལྟམས། སྐུ་ཆུང་ངུ་ནས་བཅོས་མིན་གྱི་ངེས་འབྱུང་དང་སྙིང་རྗེ། ཤེས་རབ་ཀྱི་རྩལ་ཆེ་བ་སོགས་ཐེག་པ་ཆེན་པོའི་རིགས་སད། དགུང་ལོ་བརྒྱད་པར་སློབ་དཔོན་ཚུལ་ཁྲིམས་འོད་ཟེར་བ་ལས་དགེ་བསྙེན་མཛད་པའི་མཚན་ཤེས་རབ་འོད་ཟེར་དུ་གྲགས། གསེར་མདོག་པཎ་ཆེན་སློབ་མ་རྡོར་རྒྱལ་བ་ལས་རབ་ཏུ་བྱུང་། དགའ་ལྡན་ཁྲི་ཆེན་བསྟན་དར་བ་བསྟེན་ནས་མཚན་ཉིད་ཀྱི་གཞུང་རྣམས་དང་འདུས་པ་སོགས་ལོ་དྲུག་ཏུ་སྦྱངས། རྡོར་རྒྱལ་བ་ལས་ས་ལུགས་ཀྱི་རྒྱུད་སྡེ་དང་དུས་འཁོར་ལ་སོགས་གསན་བསམ་ཕུལ་དུ་ཕྱིན་པས་མཚན་ཉིད་ཀྱི་གྲྭ་ས་རྣམས་སུ་ལུང་རིག་གི་མགྲིན་རྔ་ལྡིར་བ་ན་སུས་ཀྱང་ལན་ལྡོན་པར་མི་ནུས་པས་དགེ་བཤེས་ཆེན་པོའི་མཚན་དུ་གྲགས། དགུང་ལོ་བཅོ་བརྒྱད་པར་འབྲི་གུང་རིན་ཆེན་ཕུན་ཚོགས་མཇལ་བས་དད་པ་དབང་མེད་དུ་སྐྱེས། དཔོན་སློབ་གཉིས་ཆོས་ཀྱི་འབེལ་གཏམ་མཛད་པས་གཅིག་ལ་གཅིག་ཐུགས་ཆེས། འབྲི་གུང་དང་ཀརྨ་བཀའ་བརྒྱུད་ཀྱི་ཟབ་ཆོས་རྣམས་དང་། གསར་རྙིང་གི་རྒྱུད་འབུམ། མདོ་སྒྱུ་སེམས་གསུམ་བཤད་པ་དང་བཅས་པ། མཁའ་འགྲོ་སྙིང་ཏིག་གཙོར་གྱུར་རྙིང་མ་བཀའ་གཏེར་གྱི་ཆོས་ཕྱག་ལེན་དང་བཅས་པ་གསན་པ་མཐའ་ཡས་པ་མཛད། བླ་མའི་བཀའ་བཞིན་ཚོགས་པ་རྒྱ་མཚོའི་དབུས་སུ་ལྔ་ལྡན་ལ་རྩ་བར་བྱས། རྡོ་རྗེའི་གསུང་བརྒྱ་ལྔ་བཅུ་པ་ཆོས་ཚོམས་སུ་བཅད། དགོངས་གཅིག་གི་གྲུབ་མཐའི་རྐང་བཟུང་ནས་མདོ་སྔགས་ཀྱི་ཆོས་འཁོར་བསྟན་པ་ཡོངས་རྫོགས་ཚུལ་དུ་བཤད་པས་བླ་མའི་དགོངས་པ་རྫོགས་ཤིང་འདུས་པ་རྣམས་སྔ་ན་མེད་པའི་ངོ་མཚར་གྱི་གནས་སུ་བཀོད། སྦྱངས་པའི་ཡོན་ཏན་ལ་གནས་པས་རྣམ་གཡེང་འདུ་འཛི་སྤངས་པའི་དབེན་པ་ལོ་བརྒྱད་དང་ཁྱད་པར་གྲོགས་རི་རིན་ཆེན་སྤུངས་པའི་སྒྲུབ་ཕུག་ཏུ་ཉམས་བཞེས་ལོ་གསུམ་མཛད་པས་མངོན་རྟགས་བསམ་གྱིས་མི་ཁྱབ་པ་ཤར། ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་བརྙེས། མེ་མོ་ལུག་ལོ་ཆུ་སྟོད་ཟླ་བའི་ཚེས་བཅུར་མཁའ་འགྲོ་མོན་མོའི་ཆས་ཅན་ཞིག་གིས་ཆང་ཐོད་ཕོར་གང་བྱིན་པ་གསོལ་བའི་རྐྱེན་གྱིས་འོད་དཀར་པོའི་དབུས་སུ་གུ་རུ་པདྨ་རྒྱལ་པོ་ཞལ་གཟིགས་ཏེ་བསླབ་བྱ་བསྩལ་པ་ལྟར་གཏེར་གནས་དེ་ཉིད་ནས་གྲོལ་ཏིག་དགོངས་པ་རང་གྲོལ་གྱི་ཆོས་སྐོར། སྐུ་གསུང་ཐུགས་ཀྱི་རྟེན་དང་བཅས་པ་སྤྱན་དྲངས། དེ་རྗེས་ལྷ་གདན་ནས་ཀྱང་དེ་བཞིན་གཤེགས་པའི་རིང་བསྲེལ། མྱང་གྲོལ་ཨ་རྒྱ་ཅན་སོགས་རྟེན་དང་དམ་རྫས་ཁྱད་པར་ཅན་གཏེར་དུ་བཞེས་པས་མཚོན། སྔ་རྗེས་གཏེར་གནས་དྲུག་ནས་ཟབ་གཏེར་ཅི་རིགས་པ་སྤྱན་དྲངས། འབྲི་གུང་རིན་པོ་ཆེ་དང་ལྷན་ཅིག་ཤོག་སེར་གཏན་ལ་ཕབས། ཟིང་པ་སྟག་མགོར་གཏེར་སྒྲུབ་མཛད་པའི་སྐབས་དག་པའི་སྣང་བར་པདྨ་འོད་དུ་ཕེབས་ནས་སློབ་དཔོན་ཡབ་ཡུམ་གུ་རུ་བདེ་བ་ཆེན་པོའི་རྣམ་པས་དབང་བསྐུར་ཅིང་ཞལ་གདམས་བསླབ་བྱ་བསྩལ། ཟླ་བ་གཅིག་ཏུ་བཞུགས་པའི་སྣང་བ་བྱུང་། ཕྲེང་པོར་དགོངས་འདུས་ཆོས་བདག་ཉི་མ་རྒྱལ་མཚན་ལས་འབྲི་གུང་པ་དང་ལྷན་ཅིག་བླ་མ་དགོངས་འདུས་སོགས་ཆོས་བཀའ་མང་དུ་གསན། ཕྲེང་པོ་བ་རྣམས་ཀྱིས་གསོལ་བ་བཏབ་པ་ལྟར་དེའི་གདན་སའང་མཛད། རྡོ་རྗེ་བྲག་ཏུ་ལོ་གསུམ་བཅད་རྒྱར་བཞུགས་སྐབས་ཨོ་རྒྱན་རིན་པོ་ཆེས་ཞལ་གཟིགས་ཏེ། དེང་སང་འདི་ན་ལྟ་བ་མ་འཁྲུལ་བའི་ཁྱད་པར་འབྱེད་ཤེས་པ་ཁྱོད་ལས་མི་འདུག་པས་དེའི་གནས་གསལ་བར་སྟོན་ཅིག་གསུངས་པས་ཞལ་ལུང་གསལ་སྒྲོན་ཞེས་པ་དོན་ཟབ་ལ་ཚིག་ཉུང་བའི་བསྟན་བཅོས་མཛད། དུས་དེ་ཙམ་ན་མཁས་པ་དང་གྲུབ་པར་གྲགས་པ་ཐམས་ཅད་ཀྱིས་མངོན་པར་བསྔགས་ཤིང་ཟབ་ཆོས་ཀྱི་བདུད་རྩི་བཞེས། མཁའ་འགྲོ་སྙིང་ཏིག །དགོངས་པ་ཡང་ཟབ། གྲོལ་ཏིག་རྣམས་ཀྱི་སྒྲུབ་པ་དང་དབང་ཁྲིད་མཛད་པས་གྲོལ་དབང་ལ་མི་སྟོང་ཕྲག་བདུན་རེ་ཚོགས་པ་ཤ་སྟག་དང་། དེ་དག་རྣམས་སུ་འཇའ་འོད་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ལྟས་མང་། ཆོས་ཀྱི་སྤྱན་མངའ་ཞིང་མངོན་ཤེས་ལ་ཆགས་ཐོགས་མེད། ཧོར་བསོད་ནམས་སྟོབས་རྒྱས་ཀྱིས་སྦྱིན་བདག་ཞུས་ནས་འཕྱོང་རྒྱས་དཔལ་རི་ཐེག་ཆེན་གླིང་རྟེན་དང་བརྟེན་པར་བཅས་པ་གསར་དུ་བཏབ། དབུས་གཙང་ཁམས་གསུམ་དུ་ཆོས་ཀྱི་ཕྲིན་ལས་ཁྱབ། དགུང་ལོ་དྲུག་ཅུ་རྩ་བདུན་པ་ཆུ་སྤྲེལ་ཧོར་ཟླ་དྲུག་པའི་ཚེས་བཅུའི་ཉིན་ཞི་བར་གཤེགས་པར་བཞེད་པ་ལ། སྐུའི་སྲས་ཀརྨ་ཀུན་བཟང་ཡུམ་སྲས་སོགས་ཀྱིས་གསོལ་བ་བཏབ་པའི་ངོར་ཞག་གསུམ་བཞུགས་ནས་ཚེས་བཅུ་གསུམ་གྱི་ཞོགས་པར་ངོ་མཚར་བའི་ལྟས་དང་བཅས་བདེ་ཆེན་ཤནྟ་པུ་རིའི་གྲོང་ཁྱེར་དུ་དཔའ་བོ་ཆེན་པོ་ཐོད་པའི་་་་་་་དུམ་བུ་རྩལ་གྱི་ཐུགས་ཀར་སྤྲུལ་པའི་བཀོད་པ་བསྡུས་སོ། །འདིའི་རྣམ་ཐར་རྒྱས་པ་གཏེར་འབྱུང་བཅས་ཆོས་རྗེ་ཀུན་བཟང་པས་བསྒྲིགས་པའི་ངོ་མཚར་བའི་གཏམ་སྐབས་བཅུ་པ་ཞེས་པ་ཡོད། གྲོལ་ཏིག་གི་སྨིན་གྲོལ་རྒྱུན་མ་ཉམས་པར་བཞུགས་པ་ཁོ་བོས་ཀྱང་སྐལ་བཟང་དུ་ཐོབ་བོ། ༈ །སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་རྣམ་འཕྲུལ་མངའ་རིས་རིག་འཛིན་ཆེན་པོ་ནི། མངའ་རིས་གློ་བོ་ལྷ་རིགས་ཀྱི་སྔགས་འཆང་ཆེན་པོ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱི་སྲས་ཏེ། པཎ་ཆེན་རིན་པོ་ཆེའི་གཅུང་དུ་འཁྲུངས། ཀུན་སྐྱོང་གླིང་པའི་ལུང་བསྟན་ལྟར་མཚན་ལེགས་ལྡན་རྡོ་རྗེར་གསོལ། ཐང་ཡིག་འགའ་ཞིག་ནས་གཏེར་སྟོན་རྡོ་རྗེ་གྲོ་ལོད་ཅེས་པ་འབྱུང་བའི་དུས་རྟགས་དང་འགྲིགས་ཤིང་རང་གཏེར་གྱི་ལུང་ལས་ཀྱང་གསལ། ཡབ་ལས་དབང་ཆོས་མང་དུ་གསན་ཅིང་བསྙེན་སྒྲུབ་མཐར་ཕྱིན་པར་མཛད་པས་ཡབ་ཉིད་དཔལ་ཆེན་ཆེ་མཆོག་ཏུ་ཞལ་གཟིགས་པ་སོགས་རྩལ་གསུམ་གྱི་ཞལ་གཟིགས་ལུང་བསྟན་མང་དུ་བྱུང་ཞིང་ཡོན་ཏན་དཔག་ཏུ་མེད་པ་འཁྲུངས། དྲང་པོ་སྔགས་འཆང་ཤཱཀྱ་བཟང་པོ་ཚེ་རབས་ཀྱི་བླ་མ་ཡིན་པར་དགོངས་ནས་རྩ་བའི་བླ་མར་བཟུང་། མངའ་རིས་ནས་ཀོང་པོ་ཡན་གྱི་མཁས་གྲུབ་མང་པོར་བསྟེན་ནས་བཀའ་གཏེར་མན་ངག་གི་ཆོས་ཚུལ་རྒྱ་མཚོའི་བདག་པོར་གྱུར། ཆོས་སྐྱོང་བྲན་ཏུ་ཁོལ་བས་ཕྲིན་ལས་རྣམ་པ་བཞི་ལ་དབང་འབྱོར། གཅེན་པཎ་ཆེན་རིན་པོ་ཆེ་དང་ལྷན་ཅིག་བསམ་ཡས་དབུ་རྩེ་རྣམ་སྣང་གསང་སྒྲོམ་ནས་རིག་འཛིན་ཡོངས་འདུས་ཀྱི་ཆོས་སྐོར་སྤྱན་དྲངས། ཆོས་བདག་རིན་ཆེན་ཕུན་ཚོགས་ལ་པཎ་ཆེན་རིན་པོ་ཆེས་དབུ་འཛུག་ཙམ་ལས་གནང་མ་གྲུབ་པས་རིག་འཛིན་འདི་ལས་བཀའ་ལུང་རྫོགས་པར་གསན། ཡོངས་འདུས་སུ། དེ་ལ་འདུད་བྱེད་སྤྲུལ་པའི་གཏེར་སྟོན་བཞིར་ལུང་བསྟན་པའང་འབྲི་གུང་རིན་ཆེན་ཕུན་ཚོགས། མི་འགྱུར་ལས་འཕྲོ་གླིང་པ། གནས་གསར་མཁྱེན་བརྩེའི་དབང་ཕྱུག །རིག་འཛིན་ལེགས་ལྡན་རྗེ་རྣམས་ཡིན་པར་གསུང་། ཁྱད་པར་རང་གཏེར་འོན་ཕུ་སྟག་ཚང་ནས་དྲག་པོ་དབུ་དགུའི་ཆོས་སྐོར་ཟབ་ལ་རྒྱས་པ་དང་། འབྲས་མོ་གཤོང་གི་གནས་སྒོ་ཕྱེས་ཏེ་ལྷ་རི་རིན་ཆེན་སྙིང་པོའི་བྲག་ནས་ཚེ་སྒྲུབ་བདུད་རྩི་འཁྱིལ་པ་ཞེས་ངོ་མཚར་ཅན་གྱི་ཆོས་སྐོར་སྤྱན་དྲངས། གཞན་ཡང་འཇམ་དཔལ་ཞི་དྲག །ཐུགས་རྗེ་ཆེན་པོ། ཕྱག་རྡོར་སོགས་ཟབ་གཏེར་མང་དུ་བཞེས་པར་བཤད། བསམ་ཡས་དཀོར་སྲུང་གནོད་སྦྱིན་ཙི་དམར་བ་ཨར་ལ་གཏད་ནས་རྒྱུད་འཇམ་དུ་བཏང་པ་སོགས་མཐུ་སྟོབས་ནུས་པ་ཕྱིས་ཚོད་འདི་ལས་ལྷག་པ་མ་བྱུང་བར་གྲགས། སྐུ་ཚེའི་སྨད་ལ་གསང་སྔགས་ཐེག་མཆོག་གླིང་གི་སེང་གེའི་ཁྲིར་བཞུགས། དབང་བསྐུར་ཆོས་འཆད་སོགས་དམ་པའི་མཛད་པ་ལ་ནམ་ཡང་སྐྱོ་ངལ་མེད་ཅིང་། གསར་རྙིང་གི་སྐྱེས་ཆེན་ཡོངས་སུ་གྲགས་པ་རྣམས་ནས་ཉམ་ཆུང་རི་ཕུག་འཛིན་པ་ཡན་ཆད་ཞལ་སློབ་གྲངས་ཀྱིས་མི་ཆོད་པ་བྱུང་། དགུང་ལོ་བརྒྱ་དང་བཅུ་གསུམ་གྱི་བར་བཤད་སྒྲུབ་ཀྱིས་བསྟན་པ་བསྐྱངས་ནས་གསང་སྔགས་ཐེག་གླིང་ཉིད་དུ་སྐུ་བསྙུན་པ་མེད་པར་ཆོས་དབྱིངས་སུ་གཤེགས། གདུང་རྟེན་གྱི་བྱ་བ་སོགས་གཤེགས་རྗེས་ཆོས་རྒྱལ་དབང་པོའི་སྡེས་སྒྲུབ་པར་མཛད་དོ། །ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ། དྲག་པོ་ཡེ་ཤེས་རང་གསལ་དང་ཚེ་སྒྲུབ། བླ་མ་སྐུ་གསུམ་མའི་ཁྲིད་རྒྱུན་རྣམས་བར་མ་ཆད་པར་བཞུགས་ཤིང་བདག་གིས་ཀྱང་ཐོས་སོ། ༈ །མཁར་ཆེན་དཔལ་གྱི་དབང་ཕྱུག་གི་རྣམ་འཕྲུལ་གཏེར་སྟོན་མ་ཏི་རཏྣ་ནི། མདོ་སྨད་རྟ་ཤེལ་གཉིས་ཀྱི་མཚམས་ཤིག་ཏུ་སྐུ་འཁྲུངས་པར་གྲགས། ཤེལ་ཁོག་བ་ཐང་ཤིང་གི་གནས་སིནྡྷཱུ་རའི་ཆུ་ནས་བདུད་འདུལ་དྲག་མོའི་ཆོས་སྐོར་དང་གཞན་ཡང་བླ་སྒྲུབ་ཀྱི་སྐོར་སོགས་སྤྱན་དྲངས། དེང་སང་ཡང་དགོན་གནས་དང་ཆོས་བརྒྱུད་དར་བ་ཡོད། གཏེར་སྟོན་འདི་སྐུ་ཚེ་སྔ་མའི་རྟེན་འབྲེལ་ཞིག་གིས་ཕྱག་རྫས་བཀྲེས་པོ་ལས་མེད་པར། གུ་རུ་རིན་པོ་ཆེར་གསོལ་བ་བཏབ་པས། ཤར་བཞག་ར་དཀར་མོར་གསེར་དྲེལ་རྒྱབ་གཅིག་གཏེར་འདོན་རྒྱུ་ཡོད་པའི་ལུང་བསྟན་བྱུང་། གཏེར་འདོན་དུ་བྱོན་པས་ལ་ཆའི་དྲེའུ་ཆུང་ངུ་ཞིག་གི་རྒྱབ་གཡས་གཡོན་དུ་གསེར་སྲན་འབྲུ་ཕྱེད་པ་ཙམ་རེ་ཡོད་པ་ཞིག་བྱུང། དེ་ཉིད་གཡང་རྟེན་དུ་བཟུང་ནས་གཏེར་སྒྲུབ་མཛད་ན་གསེར་དྲེལ་རྒྱབ་གཅིག་གི་ཚོད་ཀྱི་ལོངས་སྤྱོད་དང་མཉམ་པར་འབྱུང་རྒྱུ་ལ། གཏེར་སྟོན་ཐུགས་ཡིད་ཆད་དེ་ལོག་ལྟ་ཅུང་ཟད་སྐྱེས་པས་རྟེན་འབྲེལ་འཕྱུགས་ཏེ་ལོངས་སྤྱོད་མ་བྱུང་བར་སྐུ་གཤེགས་ཟེར་བའི་ངག་སྒྲོས་སྣང་། རྣམ་ཐར་དང་ལོ་རྒྱུས་ཞིབ་པར་མ་མཇལ། བདུད་འདུལ་དྲག་མོའི་ཆོས་སྐོར་ནི་མདོ་སྨད་ཕྱོགས་སུ་དར་རྒྱས་ཆེ་ཞིང་། འདི་དང་བླ་མ་ཀུན་འདུས་ཡིད་བཞིན་ནོར་བུའི་དབང་ལུང་བདག་གིས་ཀྱང་ནོས་པའོ། ༈ །གདོང་དཀར་ལ་ཁ་བ་ཚེ་རིང་རྡོ་རྗེ་ནི། ལྷ་ལྕམ་ནུས་འབྱིན་ས་ལེའི་གཡོག་མོ་གསལ་བའི་སྒྲོན་མ་ཞེས་པའི་སྐྱེ་བ་ཡིན། ལྷོ་སྤ་གྲོའི་ཕྱོགས་སུ་འཁྲུངས། ཉང་རོ་རྩིས་གནས་གསར་གྱི་བྱང་། བྲག་དམར་གཏེར་ཁུང་གི་གནས་ནས་རྫོགས་ཆེན་སྤྱི་ཏིའི་སྐོར་རྣམས་གདན་དྲངས་ཤིང་། གནས་གསར་ཡུམ་ཆེན་མོའི་སྐུ་རྒྱབ་ནས་དམ་རྫས་སྐྱེ་བདུན་གྱི་རིལ་བུ་བྱ་མ་གསར་གྱི་སྒོ་ང་ཙམ་པ་དྲུག་གཏེར་ནས་བཞེས། ལྷོ་སྤ་གྲོ་ནས་ཀྱང་གཏེར་ཁ་མང་དུ་བཞེས་པར་མཛད་ནས་ལྷོ་རྒྱུད་དང་ཉང་ཤབ་རྟ་ནག་རྣམས་སུ་འགྲོ་དོན་རྒྱ་ཆེར་མཛད་ཅིང་། སླར་ཡང་གཏེར་སྟོན་ཉིད་ཀྱི་སྐུ་སྐྱེ་དང་གདུང་སྲས་སྐལ་ལྡན་རྡོ་རྗེ་བྱ་བས་ཀྱང་འགྲོ་དོན་མཐའ་ཡས་པར་མཛད། སྤྱི་ཏིའི་ཆོས་ཉམས་ལེན་མཁན་འོད་ལུས་གྲུབ་པ་འགའ་ཞིག་བྱུང་བར་གྲགས་ཤིང་སྨིན་གྲོལ་གྱི་རྒྱུན་བཟང་མ་ཉམས་པའང་ཐོབ་བོ། ༈ །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་ལང་གྲོ་ལོ་ཙཱ་ཟུང་དུ་འཇུག་པའི་རྣམ་འཕྲུལ་གནས་གསར་བ་མཁྱེན་བརྩེའི་དབང་ཕྱུག་མདོ་སྔགས་གླིང་པ་ནི། རྩིས་གནས་གསར་བ་འ་ཞའི་གདུང་རིགས་ཡབ་སྟོང་དཔོན་ནམ་མཁའ་རྡོ་རྗེ་དང་ཡུམ་ཚེ་བརྟན་བུ་འདྲེན་གཉིས་ཀྱི་སྲས་སུ་ཤིང་ཕོ་སྤྲེའུ་ལོར་གཙང་སྟོད་བོ་དོང་དུ་ངོ་མཚར་བའི་ལྟས་དང་བཅས་སྐུ་བལྟམས། སྐུ་ཆུང་ངུ་ནས་མི་འཕྲོག་པའི་མཁྱེན་རབ་དང་དད་མོས་སྙིང་རྗེའི་རྩལ་རྒྱས་ཤིང་དམ་པའི་ཀུན་སྤྱོད་ཁོ་ན་ལས་ཐ་མལ་བའི་སྤྱོད་པ་གཏན་ནས་མི་མཛད། དགུང་ལོ་གཅིག་པར་རྗེ་བཙུན་སྒོ་རུམ་པས་བླ་མ་གསང་འདུས་ཀྱི་ཟླུམ་པོ་བཞི་དབང་གནང་བ་ཐུགས་ལ་གསལ་བར་དྲན་ཅིང་སཾསྐྲྀ་ཏའི་སྐད་ཐོལ་བྱུང་དུ་གསུང་བ་དང་། ལྗགས་ཀློག་མ་བཞེས་པའི་སྐབས་སུ་རྣལ་འབྱོར་དབང་ཕྱུག་བིར་ཝ་པ་ལ་བསྟོད་པའི་ཚིགས་བཅད་ཐོལ་བྱུང་དུ་གསུང་བ་སོགས་ངོ་མཚར་བསམ་གྱིས་མི་ཁྱབ། འབྲི་ཀློག་རིག་གནས་སོགས་ཐོགས་མེད་དུ་མཁྱེན། དགུང་ལོ་བརྒྱད་བཞེས་པའི་སྐབས་རྡོ་རྗེ་འཆང་ཀུན་དགའ་ལེགས་པའི་འབྱུང་གནས་ལས་རབ་ཏུ་བྱུང་། མཚན་མཁྱེན་བརྩེའི་དབང་ཕྱུག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར་གསོལ། ཚར་ཆེན་རྡོ་རྗེ་འཆང་། སྒོ་རུམ་པ་གཙོ་བོར་གྱུར་པའི་ཡོངས་འཛིན་རྣམས་ལས་གསན་པ་རྒྱ་མཚོ་ལྟ་བུ་གནང་། བསྙེན་སྒྲུབ་མང་པོ་དང་། རྡོ་རྗེའི་རྣལ་འབྱོར་སོགས་ལ་ཐུགས་དམ་རྩེ་གཅིག་ཏུ་མཛད། དགུང་ལོ་ཉི་ཤུ་པ་ལ་བསྙེན་རྫོགས་བཞེས་ཏེ་བཙུན་པའི་དཔེར་འོས་པའི་ཀུན་སྤྱོད་གཙང་། སྐུ་མཚམས་བཞུགས་པའི་ཁོངས་སུ་རྒྱ་གར་ནུབ་ཕྱོགས་ནཱ་ཀ་ཀོ་ཊིའི་རྒྱལ་པོའི་སྲས་མ་ཎི་ཀ་ནཱ་ཐ་ཞེས་བྱ་བ་འཆི་མེད་གྲུབ་པའི་ཛོ་ཀི་ཞིག་བྱོན་པ་ལས་ཨོ་རྒྱན་པདྨ་སྐུ་གསུམ་གྱི་སྒྲུབ་ཐབས་དང། ཨ་བྷི་དྷཱ་ན་ལས་བྱུང་བའི་ཕག་མོའི་བྱིན་རླབས། བྷྲཱུ་རླུང་གི་མན་ངག་སོགས་གསན། སློབ་དཔོན་པདྨའི་སྐུ་རྒྱལ་པོ་ལུགས་བལྟ་བས་ཆོག་མི་ཤེས་པ་ཞིག་ཐུགས་དམ་རྟེན་ཏུ་བཞུགས་པ་གཟིགས་པས། ཨོ་རྒྱན་སྒྲུབ་ཐབས་ནི་རཏྣ་གླིང་པའི་གཏེར་མ་དང་དོན་གཅིག་པར་འདུག་ཅིང་། གུ་རུ་རྒྱལ་པོ་ལུགས་པེ་ཧར་གྱིས་བོད་དུ་སྤྲུལ་པ་ཡིན་ཟེར་བའི་རྫུན་ཕུག་རྡིབ། སྔར་རྙིང་མ་ལ་ལོག་རྟོག་ཡོད་པ་དེར་སངས། སྐུར་ཞུས་བྱས་པ་ལ་ཐུགས་འགྱོད་ཆེན་པོ་སྐྱེས་ནས། རྙིང་མ་བཀའ་གཏེར་གྱི་ཆོས་ཡོད་དོ་ཅོག་གསན་བསམ་དང་འཆད་སྤེལ་མཛད་ཅིང་གྲུབ་མཐའི་རྐང་བཟུང་བའི་དམ་བཅའ་མཛད། དེ་ཕྱིན་ཆད་ཛོ་ཀི་དང་རྒྱ་གར་གྱི་སྤྱོད་པ་ལ་ཐུགས་དགྱེས་ཤིང་ན་ག་ར་དང་ཁ་ཆེའི་ཡི་གེ་སོགས་བརྡོལ་ཤེས་སུ་གྱུར། རྟ་ནག་ཐུབ་བསྟན་དུ་མཚན་ཉིད་ཀྱི་གསན་སྦྱང་མཐར་ཕྱིན་པར་མཛད། རྗེ་ཚར་ཆེན་ལས་ས་སྐྱ་པའི་ཆོས་བཀའ་སྤྱི་དང་ཁྱད་པར་ལམ་འབྲས་སློབ་བཤད་སོགས་སྙན་བརྒྱུད་ཀྱི་གདམས་པ་རྫོགས་པར་གསན་ནས་བསྟན་པའི་བདག་པོར་དབང་བསྐུར་བ་ཐོབ། ལུང་བསྟན་ལྟར་གྲོམ་པ་རྒྱང་དུ་གནས་གཟིགས་བྱོན། འདིར་གཏེར་གནས་དང་གཏེར་རྟགས་མཐོང་གསུངས་པ་ཙམ་ལས་གཏེར་འདོན་ཚུལ་མ་གསུངས་ཤིང་། མཚན་ཉིད་ཀྱི་གྲྭ་སར་བཞུགས་པ་དང་དམ་གྲིབ་ཀྱི་སྐྱོན་གྱིས་གཏེར་ཁ་མང་པོ་བཞེས་མ་གྲུབ་ཀྱང་། ཐོག་སེར་སོགས་གདམས་པ་ངོ་མཚར་བ་པུསྟི་གཅིག་ཙམ་བཞེས་པའང་བཤད། སེ་བཀྲ་བཟང་བ་དང་། མངའ་རིས་རིག་འཛིན་ཆེན་པོ་སོགས་ལས་རྙིང་མ་བཀའ་གཏེར་མང་དུ་གསན་ནས་གསར་རྙིང་གཉིས་ཀའི་ཆོས་ཀྱི་ཕྲིན་ལས་མཐའ་ཡས་པ་སྤེལ། གདན་ས་ཆེན་པོ་ཞ་ལུའི་ཆོས་ཁྲིར་ཞབས་བཀོད་ནས་བུ་སྟོན་ཐམས་ཅད་མཁྱེན་པའི་བཀའ་སྲོལ་ཉམས་པ་གསོ་བ་སོགས་བསྟན་པའི་ཞབས་ཏོག་རླབས་ཆེན་མཛད་ནས་དགུང་ལོ་བཞི་བཅུ་རྩ་བཞི་པར་ཞིང་ཁམས་གཞན་དུ་གཤེགས། སྐུའི་དབོན་དབང་ཕྱུག་རབ་བརྟན་དང་མགོན་པོ་བསོད་ནམས་མཆོག་ལྡན་ཞེས་བསྟན་པའི་ཉི་མ་ཆེན་པོ་ཚར་ཆེན་རྣམ་འཕྲུལ་དེ་ཉིད་ནས་བརྩམ། སྤྲུལ་པའི་རྣམ་རོལ་ད་ལྟའི་བར་རིམ་པར་བྱུང་བ་ཡིན་ལ། འདི་ཉིད་ནས་བརྒྱུད་པའི་བྷྲཱུ་རླུང་གི་གདམས་ངག་ཙམ་ཞིག་བདག་གིས་ཀྱང་ནོས་སོ། ༈ །ཆོས་རྒྱལ་ཁྲི་སྲོང་གི་ཡོན་ཏན་རྣམ་འཕྲུལ་དུ་ལུང་གིས་ཟིན་པ་ཀརྨ་གུ་རུའམ་ཆོས་རྒྱལ་དབང་པོའི་སྡེ་ནི། གཡས་རུའི་སྟོད་དུ་མི་ཉག་གི་རྒྱལ་རྒྱུད་བྱང་བ་རིགས་ལྡན་ཆེན་པོ་ནམ་མཁའ་རིན་ཆེན་དང་། ཡུམ་ཆོས་སྐྱོང་འཛོམ་ཆེན་གཉིས་ཀྱི་སྲས་སུ་ལྕགས་ཕོ་ཁྱིའི་ལོར་མཚན་རྟགས་ཁྱད་པར་ཅན་དུ་མ་དང་བཅས་ཏེ་འཁྲུངས། རྗེ་བཙུན་ཀུན་དགའ་གྲོལ་མཆོག་གིས། དཔལ་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེ་ཞེས་པའི་མཚན་དང་ཚེ་དབང་སོགས་གནང་། རྗེ་དེ་ཉིད་དང་། ལོ་ཆེན་རཏྣ་བྷ་དྲ། གནུབས་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན། རིག་འཛིན་ལེགས་ལྡན་པ། འབྲི་གུང་པ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་སོགས་རིས་མེད་ཀྱི་མཁས་གྲུབ་དུ་མ་ལས་མདོ་སྔགས་གསར་རྙིང་གི་གསན་པ་རྒྱ་ཆེར་མཛད་ཅིང་མཁྱེན་རབ་ཕྱོགས་མེད་དུ་རྒྱས། ཁྱད་པར་སྔོན་བྱོན་གཏེར་ཆོས་རྣམས་ཀྱི་བཀའ་བབས་པས་མཚན་སྡོམ་གསོལ་འདེབས་མཛད་པའི་ནང་གསལ་གྱི་གཏེར་ཆོས་རྣམས་ཀྱི་རྒྱུན་གསན་ཅིང་དམ་རྫས་ཀྱི་རིགས་ཐམས་ཅད་ཕྱག་ཏུ་སོན། ནུས་མཐུ་ལ་མངའ་བརྙེས་པས་སྐུ་དགྲ་རྣམས་རྨེག་མེད་དུ་བཅོམ་པ་སོགས་ཕྲིན་ལས་བཞི་ལ་མངའ་དབང་འབྱོར། བསམ་ཡས་ཨརྻ་པ་ལོའི་གླིང་ནས་གཏེར་ཁ་སྤྱི་ལ་གཅེས་པའི་ཞལ་བྱང་དང་མྱང་གྲོལ་པདྨ་རཱ་གའི་ཟ་མ་ཏོག་གཅིག་ཐོག་མར་ཐོན། དེ་ནས་རིམ་པར་གཙང་རོང་གི་བྲག་ལྷང་ལྷང་མའི་ངོས་སུ་ཁྲོམ་ཚོགས་མང་པོས་མཐོང་བར་བྱ་འཕུར་བ་ལྟར་གཤེགས་ཏེ་སྒྲུབ་ཕུག་ནས་སྐུ་གསུམ་རིགས་འདུས་དང་ཀརྨ་གུ་རུའི་ཆོས་སྐོར་སྤྱན་དྲངས། དེ་རྗེས་ལྷོ་བྲག་འཇོད་པ་གསེར་གྱི་མཆོད་རྟེན་ནས་མ་རྒྱུད་སྙིང་པོ་དོན་གསུམ་དང་དམ་རྫས་ཕུར་པ་སོགས་བཞེས། གཞན་ཡང་གཏེར་ཁ་ཐོར་བུ་མང་དུ་བཞེས་པར་སྣང་ཞིང་། དབུས་གཙང་ལྷོ་བྲག་ཁམས་ཀོང་རྣམས་སུ་ཆོས་ཀྱི་ཕྲིན་ལས་སྐྱོང་བ་དང་གྲུབ་པའི་རྟགས་བསྟན་པ་སོགས་བསམ་གྱིས་མི་ཁྱབ། མདོ་ཁམས་ཧ་ཀ་ལིང་ཙེ་ཡན་ཆད་དུ་ཕེབ་ནས་འགྲོ་བ་མཆོག་དམན་མང་པོ་ཐར་པའི་ལམ་ལ་བཀོད། དགུང་ལོ་ལྔ་བཅུ་ང་གསུམ་ས་སྟག་ལོ་དཔྱིད་ཟླ་འབྲིང་པོའི་ཚེས་ཉེར་གཅིག་གི་སྲོད་འཁོར་ལ་བྱམས་གླིང་མཆོད་རྟེན་ཆེན་མོའི་མདུན་དུ་དགོངས་པ་ཆོས་ཀྱི་དབྱིངས་སུ་སྙོམས་པར་ཞུགས་སོ། །གོང་སྨོས་གཏེར་ཆོས་གསུམ་པོའི་དབང་ལུང་གི་རྒྱུན་མ་ཆད་པར་བཞུགས་ཤིང་བདག་གིས་ཀྱང་ནོས་སོ། ༈ །རིག་འཛིན་ངག་གི་དབང་པོ་ནི། རིག་འཛིན་ཆེན་པོ་ལེགས་ལྡན་རྗེའི་སྐུའི་སྐྱེ་བ་དེ་མ་ཐག་པ་སྟེ། ཡབ་བྱང་བདག་དབང་པོའི་སྡེ་དང་། ཡུམ་ཟ་ཧོར་གྱི་གདུང་ལས་ལྷ་ལྕམ་ཡིད་བཞིན་དབང་མོའི་སྲས་སུ་ལྕགས་ཕོ་འབྲུག་གི་ལོ་ལ་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་བལྟམས། འབྲི་གུང་པ་ཆོས་རྒྱལ་ཕུན་ཚོགས་ལ་གཙུག་ཕུད་ཕུལ་བས་མཚན་ངག་དབང་རིག་འཛིན་རྡོ་རྗེ་ཆོས་རྒྱལ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར་གསོལ། བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་སྨིན་པར་མཛད། ཡབ་རྗེ་ལས་ཆོས་བཀའ་བུམ་པ་གང་བྱོར་གསན་པས་རྙིང་མ་བཀའ་གཏེར་གྱི་ཆོས་ཀྱི་རྒྱ་མཚོ་ཆེན་པོར་གྱུར། རྟེན་སྡོམ་པ་གསུམ་ལྡན་སྔགས་འཆང་རྡོ་རྗེ་འཛིན་པ་ཆེན་པོའི་རྣམ་པར་བཞུགས། ཤེལ་བྲག་སོགས་གནས་ཆེན་མང་པོར་ཐུགས་དམ་བསྙེན་སྒྲུབ་རྩེ་གཅིག་ཏུ་མཛད་པས་ལྷག་པའི་ལྷ་དུ་མ་ཞལ་གཟིགས། རྡོ་རྗེའི་ཆོས་སྲུང་རྣམས་བྲན་དུ་འཁོལ། བསམ་ཡས་ཆོས་སྐྱོང་ཆེན་པོའང་སྤ་བཀང་པས་མཚོན་མཐུ་སྟོབས་ནུས་པ་འགྲན་ཟླ་དང་བྲལ། མངོན་པར་ཤེས་པའང་རྒྱ་ཆེན་པོ་མངའ། སྐུ་ཆུང་དུས་ཡབ་ཀྱི་ཞབས་ཕྱིར་ལན་གཅིག་དང་རྗེས་སུ་རྗེ་ཉིད་སྟོན་འཁོར་རྣམས་ལན་གཅིག་བཅས་ལན་གཉིས་ལ་རྒྱ་ཧ་ཀ་ལིང་ཙེ་ཡན་ཆད་དུ་ཞབས་བཀོད་ནས་འགྲོ་དོན་རླབས་པོ་ཆེ་མཛད། གདན་སའི་མཐིལ་ཐུབ་བསྟན་རྡོ་རྗེ་བྲག་ཏུ་གཏན་ཆགས་ཏེ་འཁོར་ལོ་གསུམ་གྱི་མཛད་པ་གོང་འཕེལ་དུ་རྒྱས། མཐར་ཐུགས་སྲས་ཀྱི་ཐུ་བོ་ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུ་ལ་གདན་ས་གནང་ནས་ས་ཡོས་ནག་པ་ཟླ་བའི་ཚེས་བཅུའི་ཉིན་བསྙུན་མངོན་གྱུར་མེད་པར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས། གདུང་བཞུ་བའི་དུས་འཇའ་འོད་དཀར་པོ་འཁྱིལ་ཞིང་མེ་ཏོག་དཀར་པོ་ཁྲུང་ཁྲུང་གི་སྒོ་ང་ཙམ་གྱི་ཆར་བབས་པ་སོགས་ངོ་མཚར་བའི་ལྟས་དུ་མ་བྱུང་། གཤེགས་རྗེས་ཀྱི་བྱ་བ་སྤྱི་དང་གདུང་རྟེན་བཞེངས་པ། སྤྲུལ་པའི་སྐུ་པདྨ་ཕྲིན་ལས་རྣམ་སྲས་གླིང་དུ་སྐུ་འཁྲུངས་པའི་ངོས་འཛིན་སོགས་རིག་འཛིན་ཡོལ་མོ་བ་ཆེན་པོས་མཛད། འདི་ཉིད་ཟབ་གཏེར་གྱི་འཁོར་ལོས་སྒྱུར་བར་ངེས་ནའང་ཤ་གཟུགས་པ་བཀྲ་ཤིས་རྣམ་རྒྱལ་གྱི་གཏེར་འབྱུང་ལས། ཉིད་ཀྱིས་ཟབ་གཏེར་འགའ་རེ་བཞེས་ནའང་ཐུགས་བབས་དཀྱེལ་ཆེ་བས་མངོན་པར་མི་མཛད། ཅེས་སྣང་བ་ལྟར་པདྨ་བཀའ་ཐང་ལས། རེས་འགའ་མི་འབྱིན་གཏེར་རྙིང་བསྟན་པ་སྐྱོང༔ ཞེས་པ་ཕྱག་ལེན་དུ་བཏབ་སྟེ་ཡབ་ཆོས་གཏེར་རྙིང་གི་བསྟན་པ་འཛིན་སྐྱོང་སྤེལ་བ་ལ་འགྲན་ཟླ་དང་བྲལ་བས་གསང་སྔགས་རྙིང་མའི་བསྟན་པའི་སྲོག་ཤིང་གཅིག་པུར་གྱུར་ཏོ། ༈ །ལོ་ཆུང་དཀོན་མཆོག་འོད་ཀྱི་རྣམ་འཕྲུལ་དང་། རྒྱལ་སྲས་ལྷ་རྗེའི་སྐྱེ་བ་བཅུ་པ་ཨེ་སྤེ་ཅོག་གར་དབང་ལས་འཕྲོ་གླིང་པ་ནི། ཨེ་ཡུལ་དྲུག་གི་ལུང་པའི་ལྗོངས་གང་པོ་ནག་གི་སྤེ་ཅོག་ཏུ་ལོ་ཙཱ་བ་ཁེར་གད་འཁོར་ལོ་གྲགས་སོགས་ཀྱི་གདུང་རུས་ལས་རིག་འཛིན་རཏྣ་གླིང་པའི་དབོན་རྒྱུད་དུ་འཁྲུངས། དགུང་ལོ་དྲུག་པར་རབ་ཏུ་བྱུང་། སྤྱོད་པ་ཡ་མཚན་ཆེ་བ་མང་དུ་མཛད། བཅུ་བདུན་པར་ཡར་ལུང་ཤེལ་བྲག་པདྨ་བརྩེགས་པ་ནས་ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོ་ལ། ཐུགས་དམ་ཟབ་པ་སྐོར་བདུན། ལུས་མེད་མཁའ་འགྲོའི་ཆོས་སྐོར། ཡི་དམ་ཕག་མོ་དཀར་མོ། བཀའ་བརྒྱད་རྫོང་འཕྲང་། ཚེ་དཔག་མེད། མགོན་པོ་ཕྱག་བཞི་པ་སོགས་ཆོས་དང་རྟེན་དང་དམ་རྫས་དཔག་ཏུ་མེད་པ་སྤྱན་དྲངས། པདྨ་བརྩེགས་པའི་བྲག་ལ་དུས་ཕྱིས་སུའང་མི་ཐར་བ་ལ་རྫུ་འཕྲུལ་གྱིས་བྱ་འཕུར་བ་ལྟར་བྱོན་པས་དེར་ཡོད་ཐམས་ཅད་ངོ་མཚར་གྱི་ས་ལ་བཀོད། གཞན་ཡང་འོད་དེ་གུང་རྒྱལ་མགུལ་ནས་ཚེ་སྒྲུབ་གསང་བ་འདུས་པ་དང་རྡོ་རྗེ་རྒྱ་མདུད། ཁྲོས་མ་ནག་མོ། མ་ནིང་སྟག་ཞོན་ཞིང་སྐྱོང་སོགས། ཨོ་རྒྱན་གླིང་པའི་གཏེར་ཞབས་བཟོ་པ་ཏྲ་ཀ་སོགས་སྔ་ཕྱིར་གཏེར་ཆོས་མང་དུ་སྤྱན་དྲངས། གསང་སྔགས་བཀའ་གཏེར་གྱི་གདམས་པ་དཔག་ཏུ་མེད་པར་གསན་བསམ་སྒོམ་པ་མཐར་ཕྱིན་མཛད། གྲུབ་པའི་རྟགས་དང་མངོན་ཤེས་ཐོགས་པ་མེད་པས་ཕྱིང་དབར་སྟག་རྩེའི་སྡེ་པ་སོགས་ཆེན་པོ་རྣམས་ཀྱིས་མཆོད་གནས་སུ་བཀུར། དབུས་དང་ཡར་འབྲོག་ཨེ་དྭགས་སོགས་སུ་འགྲོ་དོན་རྒྱ་ཆེར་བསྐྱངས། རིག་འཛིན་ཞིག་པོ་གླིང་པའི་ཁྱུང་ཚང་བྲག་གི་གཏེར་གྱི་ཁ་བྱང་ཡང་འདིས་ཕུལ་བར་གྲགས། སྐུ་ཚེའང་མཐར་ཕྱིན་པར་བཞུགས་ཤིང་གདུང་རྒྱུད་དང་ཆོས་བརྒྱུད་ཀྱང་ཨེ་གང་པོ་སྤེ་ཅོག་ན་ཕྱིས་ཀྱི་བར་ཡོད་པར་སྣང་། གཏེར་ཆོས་གྲས་སེང་གདོང་མའི་སྐོར་སོགས་རིག་འཛིན་གཏེར་བདག་གླིང་པས་ཀྱང་གསན་ཚུལ་སྣང་མོད། དེང་སང་རྒྱུན་མི་འདུག །འོན་ཀྱང་རྗེ་བླ་མས་ཡང་གཏེར་གྱི་ཚུལ་དུ་གཏན་ལ་ཕབ་པའི་ཕག་མོ་དཀར་མོ་ཡེ་ཤེས་འཁོར་ལོའི་སྨིན་གྲོལ་རྫོགས་པར་བཀའ་དྲིན་དུ་ཐོབ་པས་ཕྱོགས་འདིར་ཡང་སྐལ་བཟང་དུ་མཚོན་ནོ། ༈ །གཏེར་སྟོན་རིན་པོ་ཆེ་ཡོངས་འཛིན་ངག་དབང་གྲགས་པ་ནི། སྤ་གྲོ་ཀུན་བཟང་གླིང་དུ་ཀུན་མཁྱེན་ཆེན་པོའི་གདུང་རྒྱུད་དུ་འཁྲུངས། རྫོགས་པ་ཆེན་པོ་གསང་བ་བླ་ན་མེད་པའི་གདམས་ངག་གསན་བསམ་སྒོམ་གསུམ་མཐར་ཕྱིན། ནམ་མཁའ་ལ་བྱ་བཞིན་འཕུར་བ་སོགས་སྣང་རིག་འདྲེས་པའི་རྟགས་མངོན་གྱུར་དུ་སྟོན་ནུས་པ་དེས་གུ་རུ་དྲག་པོ་དམར་ནག་མེ་ཕྲེང་གི་སྐོར་དང་ཚེ་ཆུ་སོགས་གཏེར་ནས་བཞེས་པར་གྲགས་ཀྱང་བར་སྐབས་ནས་རྒྱུན་ཡོད་པར་མ་མངོན། གང་ལྟར་ཡང་མཁས་གྲུབ་ཆེན་པོ་སྟེ་བླ་མ་སོག་ཟློག་པས་ཀྱང་རྩ་བའི་བླ་མ་གཙོ་ཆེ་བ་ཞིག་ཏུ་མཛད་སྣང་ངོ་། ༈ །ལང་པོ་ལྕགས་སྡེ་བའི་སྔགས་འཆང་བཀྲ་ཤིས་ཚེ་བརྟན་གྱིས་སྒྲུབ་གནས་ཟངས་མདོག་དཔལ་རི་ནས་བྱ་སྒྲུབ་ཟབ་མོའི་ཆོས་སྐོར་རྣམས་བཏོན། བར་སྐབས་སུ་དར་རྒྱས་ཅུང་ཟད་བྱུང་བར་མངོན་ནའང་དེང་སང་དཔེ་ལུང་གི་རྒྱུན་གཞན་མ་མཐོང་། ཚེ་སྒྲུབ་ཟབ་ཁྱད་ཅན་ཉུང་ངུ་ཞིག་རྗེ་བླ་མའི་བཀའ་དྲིན་ལས་བདག་གིས་ཀྱང་ནོས་སོ། །སྤྱིར་གཏེར་སྟོན་འདི་དང་རིག་འཛིན་འཇའ་ཚོན་སྙིང་པོ་དུས་མཉམ་ཞིང་སོ་སོའི་ཆོས་བདག་ཀྱང་ཡིན་པས་ཕན་ཚུན་ཆོས་གསན་རེས་མཛད། གཏེར་སྟོན་བདུད་འདུལ་རྡོ་རྗེས་ཀྱང་ཕ་མཆོག་མངྒ་ཨཱ་ཡུཿཞེས་རྩ་བའི་བླ་མ་མཆོག་ཏུ་བསྔགས་པར་མཛད་པས་མཚོན། ཚད་ཐུབ་ཀྱི་སྤྲུལ་པའི་གཏེར་སྟོན་དུ་ངེས་སོ། ༈ །རྒྱལ་སྲས་ལྷ་རྗེའི་སྐྱེ་མཐའ་བཅུ་གཅིག་པར་ངེས་ཤིང་བཻ་རོ་དང་རིག་འཛིན་པདྨ་གླིང་པ་སོགས་ཀྱི་རྣམ་འཕྲུལ་དུའང་གསུངས་ཏེ། གང་ལྟར་ཡང་གཏེར་སྟོན་པདྨ་རིག་འཛིན་ནི། སྤུ་བོ་ར་ཞི་ཞེས་པར་སྐུ་འཁྲུངས། མཚན་ཡང་ར་ཞི་གཏེར་སྟོན་དུ་གྲགས། བདུད་རི་གནམ་ལྕགས་བྲག་ནས་གུ་རུ་ཞི་དྲག་གི་སྐོར་སོགས་གདན་དྲངས། བདུད་ལུང་སྟོབས་ལྡན་ནག་པོའི་དར་སྣ་ནས་བླ་མ་དགོངས་འདུས་གསུང་སྒྲུབ་ནོར་བུ་པད་ཕྲེང་སྐོར་དང་། གཞན་ཡང་སྦྲགས་ཡང་རྫོང་། ལྷོ་བྲག་མཁར་ཆུ། གནམ་སྐས་ཅན། ཟབ་བུ་ལུང་སོགས་ནས་སྤྱི་ཏི་བླ་མའི་རྫོགས་རིམ་སོགས་ཆོས་བཀའ་མང་པོ་དང་། དམ་རྫས་སྐྱེ་བདུན་སྐུ་རྟེན་སོགས་མང་དུ་སྤྱན་དྲངས། སྤུ་བོ་རྨ་སྐུང་ལུང་གི་གནས་སྒོ་འབྱེད་པ་སོགས་མཛད། ཀརྨ་པ་ཆོས་དབྱིངས་རྡོ་རྗེ། ཞྭ་དམར་བདུན་པ་སོགས་ལ་གཏེར་ཆོས་རྣམས་ཕུལ་ནས་ཆོས་བདག་ཏུ་མངའ་གསོལ། གཏེར་སྟོན་འདི་རིག་འཛིན་འཇའ་ཚོན་སྙིང་པོ་དང་དུས་མཚུངས་ལ་འཇའ་ཚོན་པའི་ཆོས་བདག་ཀྱང་ཡིན། རྩེ་ལེ་སྣ་ཚོགས་རང་གྲོལ་སྐུ་ན་ཕྲ་མོའི་དུས་གཙུག་ཕུད་བཞེས་ནས་མཚན་མཁས་མཆོག་པདྨ་ལེགས་གྲུབ་ཏུ་གསོལ། ཁོང་རང་གི་གཏེར་ཆོས་འགའ་ཞིག་གི་དབང་ལུང་ཡང་ཕུལ་བར་མཛད་པ་སོགས་དར་རྒྱས་ཅུང་ཟད་བྱུང་བར་མངོན། སྤུ་བོ་རྦ་ཁ་གསང་སྔགས་ཆོས་གླིང་སོགས་འདིའི་བརྒྱུད་འཛིན་ཡིན་ཀྱང་དེང་སང་དབང་ལུང་གི་རྒྱུན་བཞུགས་པར་མ་ཐོས། རྡོ་རྗེ་ཁྱུང་ཁྲའི་སྐོང་ཉུང་ངུ་ཟབ་ཁྱད་ངོ་མཚར་ཅན་ཞིག་རྗེ་བླ་མའི་བཀའ་དྲིན་ལས་བདག་གིས་ཀྱང་ནོས། འདིའི་སྐྱེ་བ་རྒྱལ་སྲས་ལྷ་རྗེའི་རྣམ་འཕྲུལ་བཅུ་གཉིས་པ་ནི་རིག་འཛིན་ཆོས་རྗེ་གླིང་པ་སྟེ། དེ་ཉིད་ཀྱི་རྣམ་ཐར་ཞལ་གསུང་མ་ལས་སྔོན་གནས་རྗེས་དྲན་གྱི་ཚུལ་ཤིན་ཏུ་གསལ་བར་གསུངས་པ་ལྟར་རོ། ༈ །མཆོག་དབྱངས་རྣམ་འཕྲུལ་གཙང་རོང་ལྡུམ་རར་འཁྲུངས་པའི་རོང་པ་གཏེར་སྟོན་བདུད་འདུལ་གླིང་པར་གྲགས་པ་ནི། ཐོག་མར་སྐྱེད་ཚལ་འོག་གི་ཆོས་གྲྭར་ཞུགས། སྡེ་སྣོད་ལ་སྦྱང་པ་ཅི་རིགས་མཛད། སླར་སྔ་འགྱུར་གྱི་གསང་བ་ཟབ་མོ་ཐུགས་ཉམས་སུ་བཞེས་པས་རླུང་ནུས་དང་གྲུབ་རྟགས་ཐོགས་མེད་དུ་ཐོན། ཟབ་གཏེར་ཡང་མང་དུ་བཞེས་ཤིང་ཕྲིན་ལས་ཅུང་ཟད་འཕེལ་ནའང་མཐར་རྒྱལ་པོ་ལྷ་བཟང་གིས་བར་དུ་བཅད་ནས་རྐྱེན་ལམ་དུ་གཤེགས་པས་ཆོས་རྒྱུན་མ་བྱུང་བར་སྣང་། གང་ལྟར་ཡང་སྨིན་གླིང་གཏེར་ཆེན་སོགས་ཀྱིས་ཚད་མར་བཞེད་པས་གཏེར་སྟོན་ཚད་ཐུབ་ཏུ་སྣང་བས་གཏེར་ཆོས་དངོས་མ་ཐོས་ཀྱང་ཡང་གཏེར་སྒྲོལ་མ་འཇིགས་པ་ཀུན་སྐྱོབ་ཀྱི་ཆོས་བཀའ་རྗེ་བླ་མར་བཀའ་བབས་པ་བདག་གིས་ཀྱང་ནོས། འདིའི་སྐུའི་སྐྱེ་བ་དེ་མ་ཐག་པ་ནི་ཟུང་མཁར་ཐེག་ཆེན་གླིང་པ་ཡིན་ནོ། ༈ །འབྲོག་བན་ཁྱེའུ་ཆུང་ལོ་ཙཱའི་སྐྱེ་མཐའ་གཏེར་སྟོན་རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེ་ནི། སྔོན་གྱི་གཏེར་རྙིང་བཅུ་གསུམ་ཙམ་ནས་ལུང་བསྟན་ཤིན་ཏུ་གསལ་བ་ལྟར། མདོ་ཁམས་སྡེ་དགེ་ཆོས་རྒྱལ་ཆེན་པོའི་རྒྱལ་ཁབ་དང་ཉེ་བའི་དངུལ་ཕུ་ནང་དུ་གྲགས་པའི་སྲིབ་ཕྱོགས་སུ་ཡབ་གླིང་གི་རིགས་འཚོ་བྱེད་མཁས་པ་ཀླུ་སྐྱབས་དང་། ཡུམ་བོ་ལུ་མ་ཞེས་པའི་སྲས་སུ་ཤིང་མོ་ཡོས་ཀྱི་ལོ་ལ་འཁྲུངས། ཡབ་ལས་ཡི་གེ་འབྲི་ཀློག་དང་གསོ་དཔྱད་སོགས་སྦྱོང་བདར་མཛད། དགུང་ལོ་དྲུག་པ་ནས་དག་པའི་སྣང་བ་མང་པོ་ཤར། ཆུང་ངུའི་དུས་ནས་དཔལ་ལྷུན་གྲུབ་སྟེང་གི་ཆོས་གྲྭར་ཞུགས། རིག་འཛིན་རྒོད་ལྡེམ་ཅན་གྱི་རྣམ་འཕྲུལ་སྡེ་དགེ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོ་ལ་གཙུག་ཕུད་ཕུལ། མཚན་ཀུན་དགའ་བསོད་ནམས་ཆོས་འཕགས་སུ་གསོལ། ཕ་ཝང་ཞིག་ལ་ཞབས་རྗེས་བྱོན་པ་ད་ལྟའང་འདུ་ཁང་ཆེན་མོའི་ཤར་སྒོའི་རྒྱབ་ཏུ་ཡོད། དཔལ་ས་སྐྱ་པའི་གཞུང་ལ་བསླབ་སྦྱང་གསན་བསམ་ཅི་རིགས་མཛད་པའི་སྐབས་སྙིང་པོ་ཡེ་ཤེས་ཀྱི་དོན་ཚོལ་བ་ལ་སྐོམ་པ་ཆུ་འདོད་པ་ལྟར་གྱུར་པས་རྨུགས་སངས་ཀྱི་སྒྲུབ་གནས་སུ་བྱོན། འདྲེན་པ་དཀོན་མཆོག་རྒྱལ་མཚན་ལས་རྫོགས་པ་ཆེན་པོ་སོགས་ཟབ་ཆོས་མང་དུ་གསན་ཅིང་ཐུགས་ཉམས་སུ་བཞེས་པས་རྟོགས་པའི་ཀློང་བརྡོལ། དེ་ནས་དབུས་ཕྱོགས་སུ་ཕེབས། ཉང་པོར་གྲུབ་ཆེན་བཀྲ་ཤིས་ཚེ་བརྟན་དང་མཇལ། སྨིན་གྲོལ་གྱི་གདམས་པ་མང་དུ་གསན། བྲག་དཀར་ལྷ་ཆུར་ཁམས་ཟས་སྤངས་ཏེ་བཅུད་ལེན་ཁོ་ནས་ཟབ་ལམ་རྩ་རླུང་ཐིག་ལེའི་རྣལ་འབྱོར་མཐར་ཕྱིན་པར་མཛད། དང་པོའི་ཆོས་སྒོར་ཞུགས་པའི་རྟེན་འབྲེལ་གྱིས་གཙང་ས་ངོར་མན་དུ་བྱོན་ནས་གསུང་ངག་ལམ་འབྲས་སོག་གསན། སླར་ཕྱིར་བྱོན་སྐབས་བང་རིར་རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོའི་ཞབས་ལ་གཏུགས་ནས་དབང་ཁྲིད་མན་ངག་རྫོགས་པར་གསན། ལྷག་པར་འདིའི་སྐབས་སུ་གཏེར་གྱི་སྐལ་པ་ཅན་དུ་ལུང་བསྟན་པ་ལྟར། སྤུ་བོར་བྱོན་ཏེ་ཕོ་བྲང་གཡུ་མཚོར་རད་གླིང་ཕུར་པ་ཡང་གསང་བླ་མེད་ཀྱི་སྒྲུབ་པ་ལ་བརྩོན་པའི་ཚེ་མནལ་ལམ་དུ་ཟངས་མདོག་དཔལ་རིར་མཁའ་འགྲོ་རྣམས་ཀྱིས་གདན་དྲངས་ནས་ཞག་ཉེར་བརྒྱད་བཞུགས་པའི་ཐུགས་ཉམས་དང་། གུ་རུ་རིན་པོ་ཆེ་ལས་སྨིན་གྲོལ་རྫོགས་པར་གསན་ཅིང་གཏེར་གྱི་ལུང་བསྟན་བསྩལ་པ་སོགས་རྗེ་རང་གི་གསུང་དག་སྣང་དབང་གི་རྒྱལ་པོར་གསལ། དཔལ་ཨོ་རྒྱན་བསྟན་འཛིན་མཇལ་དུ་བྱོན་པས་མཚན་ལམ་ལ་དཔག་སྟེ་ཐུགས་ཤིན་ཏུ་དགྱེས་པས་བསྙེན་བཀུར་ཕུན་སུམ་ཚོགས་པ་དང་བཅས་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་བ་གནང་། རྟེན་སྔགས་འཆང་རྡོ་རྗེ་འཛིན་པ་ཆེན་པོའི་ཚུལ་དུ་བཞུགས། ཟབ་གཏེར་གྱི་ཐོག་མ་ཁ་བྱང་ཕྱག་ཏུ་བྱུང་བ་དང་བསྟུན། དགུང་ལོ་ཉེར་དགུ་པར་རིགས་ལྡན་པདྨ་སྐྱིད་ལས་རྒྱར་བསྟེན་ནས་གཡུ་མཚོ་རིན་ཆེན་བྲག་ནས་ཁ་བྱང་དང་། སྤུ་བོ་འདོང་ཆུ་བདེ་ཆེན་གསང་བ་ཕུག་ནས་དམ་ཆོས་དགོངས་པ་ཡོངས་འདུས་ཀྱི་སྐོར་རྣམས་སྤྱན་དྲངས་ཤིང་ཉིད་ཀྱི་ཟབ་གཏེར་གྱི་གཙོ་བོ་ཡིན་པས། ཕྱིས་སུ་བཞེས་པ་ཐམས་ཅད་དེའི་ཡན་ལག་ཡིན་པར་གསུངས། དེ་ནས་རིམ་བཞིན། ཚ་བ་སྒྲོ་བྲག་ནས་དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་བཀའ་སྲུང་ཞིང་སྐྱོང་དང་བཅས་པ། སྤུ་རི་དྭགས་རྫོང་ཕུག་ནས། ཟབ་དོན་གསང་བ་སྙིང་ཐིག །དཔལ་བདེ་མཆོག །བཀའ་སྲུང་ཕྱག་བཞི་པའི་སྐོར་དང་བཅས་པ། སྤུ་རི་ཤེལ་གྱི་ཡང་སྒྲོམ་ནས་སྙིང་ཐིག་ཚེ་ཡང་ཕུར་གསུམ་དྲིལ་སྒྲུབ་སྒོས་སྒྲུབ་དང་བཅས་པ། སྲུང་མ་ཨེ་ཀ་ཛཱ་ཊི་དང་རང་བྱུང་རྒྱལ་མོའི་སྐོར། སྤུ་བོ་འདོང་ཆུའི་བྱང་ངོས་ཀྱི་བྲག་ནས་སྦས་ཡུལ་པདྨོ་བཀོད་པའི་གནས་ཡིག །མདོ་ཁམས་སྡེ་དགེའི་ས་གནས་ཁྲོ་རི་ཟིལ་ཁྲོམ་དཀར་ཡག་ནས་ཡི་དམ་དམར་ནག་འཇིགས་གསུམ་གྱི་སྐོར་རྣམས་སྤྱན་དྲངས་པ་ལས། འཇམ་དཔལ་ཞི་སྒྲུབ་ཀྱི་སྐོར་རྣམས་ཞལ་བཤུས་པ་ལས་གཞན་གཏན་ལ་ཕབས་པ་མི་སྣང་། བྱ་བུ་ལྕགས་ཕུར་ཅན་ནས་དཔལ་མགོན་གདོང་བཞི་པའི་སྐོར་དང་ལྷ་ཆེན་སྒྲུབ་སྐོར། བསམ་ཡས་དབུ་རྩེ་སྟེང་ཁང་ནས་བླ་མ་རིག་འཛིན་འདུས་པ། ཚེ་སྒྲུབ་ཚ་བ་དམར་ཐག །བཀའ་སྲུང་ཞང་བློན་དང་སྤོམ་རའི་སྐོར། ར་ས་འཕྲུལ་སྣང་གློ་འབུར་ནུབ་ཀྱི་སྟེང་ཁང་ནས་སྙན་བརྒྱུད་གཙུག་རྒྱན་ཡིད་བཞིན་ནོར་བུའི་སྐོར་རྣམས་སྤྱན་དྲངས་ནའང་གཏན་ལ་འབེབས་པར་མ་མཛད་པར་མངོན། སྤུ་བོའི་བདུད་རི་གནམ་ལྕགས་འབར་བ་ནས་སྒྱུ་འཕྲུལ་ཞི་ཁྲོ་དང་བཀའ་བརྒྱད་སྐོར་བཀའ་སྲུང་བཅས། ར་ཙག་རྡོའི་མཆོད་རྟེན་ནས་དཔལ་མགོན་སྟག་ཞོན་སྐོར་རྣལ་འབྱོར་པ་དུང་ཕྲེང་ཅན་གྱིས་བཏོན་ནས་ཕྱག་ཏུ་ཕུལ་བ་དང་། གཞན་ཡང་གཡུ་མཚོ་གཤིན་རྗེའི་དོང་ཁ། རིག་འཛིན་གསང་ཕུག །བསེ་རག་ཅོག །ན་བུན་རྫོང་། རྟ་ཤོད་དཀྱིལ་འཁོར་ཐང་སོགས་ནས་སྔ་ཕྱིར་ཟབ་གཏེར་མང་དུ་སྤྱན་དྲངས་པ་གཏེར་འབྱུང་ལས་གསལ། སྦས་ཡུལ་པདྨོ་བཀོད་པ་གཙོས་མཐའ་དབུས་ཀྱི་གནས་ཆེན་མང་པོའི་ཞལ་ཕྱེས། གོང་གི་གཏེར་ཁ་རྣམས་དང་ལྷན་དུ་སྐུ་ཚབ་དང་ཕྱག་མཚན་དམ་རྫས་ཀྱི་རིགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། མདོར་ན་གནས་གཏེར་བརྒྱ་རྩ། མྱང་གྲོལ་སྟོང་རྩ་སོགས་ཀྱི་བཀའ་བབ་ཏུ་གསུངས་པ་ལྟར་ཕལ་ཆེར་མངོན་དུ་གྱུར། དགུང་ལོ་ཞེ་གཉིས་པར་སྡེ་དགེ་བླ་མ་བྱམས་པ་ཕུན་ཚོགས་ཁུ་དབོན་གྱིས་གདན་དྲངས། རྗེ་ཉིད་སྔར་བཞུགས་ཀྱི་གྲྭ་ཁང་དུ་བདུད་འདུལ་ལྷ་ཁང་དུ་གྲགས་པ་བཞེངས་ནས་བསྟན་སྲིད་ལ་ཕན་པའི་ལུང་དོན་བསྒྲུབ། ཀཿཐོག་རྡོ་རྗེ་གདན་ཡན་སྔ་འགྱུར་རྙིང་མའི་གདན་ས་རྣམས་སུ་ཞབས་བཀོད་ནས་སྐལ་ལྡན་གྱི་སློབ་མ་མང་པོ་རྗེས་སུ་བཟུང་། འཛིང་རྣམ་རྒྱལ་དང་ཉེ་བའི་ནོབས་ཀྱི་ཕུ་སྟག་ཕུ་བྲག་རིང་དུ་རྒྱུན་རིང་ཙམ་བཞུགས་ཤིང་ཐུགས་དམ་མཛད་པའི་གཟིམས་སྤྱིལ་ད་ལྟའང་ཡོད། གླིང་ཚང་དུ་ཕྱག་ཕེབས་ནས་གླིང་དཔོན་པོ་དང་མཆོད་ཡོན་རྟེན་འབྲེལ་ལེགས་པར་འགྲིགས། ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོའི་བུམ་སྒྲུབ་མཛད་སྐབས་རྟགས་མཚན་ངོ་མཚར་བསམ་ལས་འདས་པ་བྱུང་བའི་སྒྲུབ་རྒྱུན་ད་ལྟའང་མཆིས། བར་ཁམས། སྒ་སྟོད། བར་མ་ལྷ་སྟེང་། རི་བོ་ཆེ་སོགས་སུ་རིམ་པར་གདན་དྲངས་པ་ལྟར་ཕེབས། བསྟན་འགྲོའི་དོན་མཐའ་ཡས་པ་མཛད། ཁྱད་པར་སྤོར་ནེ་བྲག་ཏུ་གནམ་ཆོས་མི་འགྱུར་རྡོ་རྗེ་དང་མཇལ་འཛོམ་ཆོས་གསན་རེས་སོགས་རྟེན་འབྲེལ་ལེགས་པར་འགྲིགས། དེ་དག་གི་མཚམས་སྦྱོར་གྲུབ་ཆེན་ཀརྨ་ཆགས་མེད་ཀྱིས་མཛད་ནས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། ཆོས་བདག་གི་གཙོ་བོ་ལྷ་བཙུན་ཆེན་པོ་ནམ་མཁའ་འཇིགས་མེད། རིག་འཛིན་ཀློང་གསལ་སྙིང་པོ། རྦ་ཁ་སྤྲུལ་སྐུ་ཆོས་ཀྱི་རྒྱ་མཚོ། རྫོགས་ཆེན་པདྨ་རིག་འཛིན། ཀུན་བཟང་ཁྱབ་བདལ་ལྷུན་གྲུབ་དང་། གྲུབ་ཆེན་པདྨ་ནོར་བུ་སོགས་ཏའུའི་ཕྱོགས་ཀྱི་རྡོ་རྗེ་འཛིན་པ་མང་པོས་མཚོན་མཐའ་ཡས་ཤིང་། ཁྱད་པར་སྐུའི་གདུང་རྒྱུད་རྒྱལ་སྲས་ནོར་བུ་ཡོངས་གྲགས་སོགས་རིམ་པར་བྱོན་པས་ཆོས་བརྒྱུད་དང་ཕྲིན་ལས་མ་ཉམས་ཤིང་བདག་ཅག་གིས་ཀྱང་ཡོངས་སུ་རྫོགས་པར་ནོས་སོ། །དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་སྦས་ཡུལ་པདྨོ་བཀོད་པའི་གནས་སྒོ་རགས་རིམ་ཙམ་གསལ་བར་མཛད་པའི་རྗེས། དགུང་ལོ་ང་བརྒྱད་པ་ཆུ་ཕོ་བྱི་བའི་ལོར་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་གཤེགས་པའི་སྐབས་སྒྲ་དང་འོད་དང་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ཆོ་འཕྲུལ་མཐའ་ཡས་ཤིང། ཁྱད་པར་སྐུ་གདུང་ཡང་ཅུང་ཟད་ཙམ་མ་གཏོགས་འོད་དུ་ཡལ་བའི་ལྷག་མ་ཁྲུ་གང་ཙམ་ལུས་པ་ཕྱིས་ཞུགས་སུ་ཕུལ་བས་གདུང་ཆེན་ལྔ་དང་རིང་བསྲེལ་དུ་མའི་ཕུང་པོར་གྱུར་ཏོ། །རྗེ་འདི་ཉིད་ཀྱི་སྤྲུལ་པའི་རྣམ་རོལ་འགའ་ཞིག་བྱོན་པར་གྲགས་པ་ལས་ཡོངས་སུ་གྲགས་པ་རིག་འཛིན་ཀློང་གསལ་སྙིང་པོའི་རྒྱལ་སྲས་བསོད་ནམས་ལྡེ་བཙན་གྱི་སྤྲུལ་རྒྱུད་རིམ་བྱོན་དཔལ་ཀཿཐོག་རྡོ་རྗེ་གདན་གྱི་སེང་གེའི་ཁྲིར་བཞུགས་བཞིན་པའོ།༈།ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས་ཀྱི་རྣམ་འཕྲུལ་གཏེར་སྟོན་རིག་འཛིན་ཆེན་པོ་ཀློང་གསལ་སྙིང་པོ་ནི། རིག་འཛིན་བདུད་འདུལ་རྡོ་རྗེ་སོགས་ཀྱི་གཏེར་ལུང་ལས་གསལ་བ་ལྟར། ཀཾ་པོ་གནས་དང་ཉེ་བའི་ཡུལ་ཕྱོགས་དབྲ་པར་གྲགས་པའི་བྱེ་བྲག་བྱེས་པ་ཞེས་པའི་སའི་ཆར་ཡབ་སྔགས་འཆང་ཀུན་དགའ་དོན་གྲུབ་དང་ཡུམ་སྒྲོལ་མ་དཀར་མོས་བྱིན་གྱིས་བརླབས་པའི་དཀོན་མཆོག་སྒྲོན་མ་ཞེས་པའི་སྲས་སུ་ཤིང་མོ་གླང་གི་ལོ་ལ་སྐུ་བལྟམས། གྲུབ་དབང་བསྟན་པ་རྒྱ་མཚོར་གུར་དྲག་གི་དབང་གསན་ནས་མཚན་དབང་དྲག་རྒྱ་མཚོར་བཏགས། དགུང་ལོ་བདུན་ཙམ་ནས་ཡི་གེ་བསླབ་པ་བརྡའ་བསྟན་པ་ཙམ་གྱིས་མཁྱེན། ཆུང་ངུ་ནས་ངེས་འབྱུང་སོགས་དམ་པའི་ཆོས་ཀྱི་བག་ཆགས་གསལ་བར་སད་པས་དགུང་ལོ་ཉེར་གཉིས་དུས་ཀཿཐོག་ཏུ་ཆོས་བྲོས་ལ་བྱོན། ལམ་བར་ནས་སྒ་རྗེ་ཁམས་གོང་དགོན་དུ་རྗེ་ཆོས་སྐྱོང་རྒྱ་མཚོ་ལས་དབང་དང་གདམས་ཁྲིད་མང་དུ་གསན། སླར་ཀཿཐོག་ཏུ་ཕེབས། མཉམ་མེད་དཀོན་མཆོག་རྒྱལ་མཚན་ལས་རྫོགས་ཆེན་དགོངས་པ་ཟང་ཐལ་སོགས་ཉམས་ཁྲིད་དུ་མ་གསན་ནས་གནས་ལུགས་ལ་རང་དབང་འབྱོར་བར་མཛད། སླར་ཡབ་ཡུལ་ཕྱོགས་སུ་ཕེབས་ཏེ་ཆོས་ལུང་རི་ཁྲོད་སོགས་དབེན་པའི་གནས་ཁོ་ནར་རྗེ་བཙུན་བཞད་པ་རྡོ་རྗེའི་རྣམ་ཐར་ལ་འགྲན་བཟོད་པའི་དཀའ་ཐུབ་ཀྱིས་སྒྲུབ་པའི་དམ་བཅའ་བརྟན་པོར་བཟུང་བས་རྩ་གསུམ་རྒྱ་མཚོའི་ཞལ་གཟིགས། ཡེ་ཤེས་དང་ལས་ལས་གྲུབ་པའི་ཆོས་སྲུང་རྣམས་བྲན་དུ་འཁོལ་ཞིང་ལྷ་སྲིན་གཞི་བདག་རྣམས་ཀྱིས་སྲོག་གི་སྙིང་པོ་ཕུལ་བ་སོགས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། ཁྱད་པར་ཟབ་མོ་གཏེར་གྱི་བཀའ་བབས་ཚུལ་ནི། དགུང་ལོ་ཉེར་བརྒྱད་ཙམ་གྱི་དུས་ནས་གཏེར་གྱི་ལུང་བསྟན་མང་དུ་བྱུང་ཡང་ཇི་མི་སྙམ་དུ་བཞག་པ་ན། སླར་ཡང་གཏེར་ཆེན་བདུད་འདུལ་རྡོ་རྗེའི་དྲུང་དུ་སོང་ཞིག་པའི་ལུང་བསྟན་བྱུང་བ་ལྟར་སྤོ་བོར་རིག་འཛིན་ཆེན་པོ་དེ་ཉིད་ཀྱི་དྲུང་དུ་བྱོན་པས་ཐུགས་ཀྱིས་ཤིན་ཏུ་བཏགས་ཤིང་། ཟབ་གཏེར་གསར་བཞེས་ཀྱིས་མཚོན་དབང་ཁྲིད་གདམས་པ་མང་དུ་བསྩལ། དངོས་གྲུབ་གཏེར་གྱི་བཀའ་བབས་ཡོད་ཚུལ་ལུང་བསྟན་གསལ་བར་བསྩལ་ནས། མི་རིང་བར་རིག་འཛིན་དེ་ཉིད་ཀྱིས་བཀས་བསྐུལ་ཏེ་རང་ཡུལ་དུ་ཕྱིར་ཕེབས། མཁའ་ཀློང་རི་ཁྲོད་ཅེས་པར་བསྙེན་སྒྲུབ་ལ་བཞུགས་པའི་སྐབས། དགུང་གྲངས་སོ་གཉིས་སུ་སོན་པ་ས་ཕོ་སྤྲེའུ་ལོར་རྣལ་འབྱོར་བ་སྐུ་མདོག་དམར་སྨུག་རུས་པའི་རྒྱན་ཅན་ཞིག་གིས་ཁ་བྱང་དངོས་སུ་བསྩལ། དེ་ཉིད་གུ་རུ་རིན་པོ་ཆེའི་རྣམ་འཕྲུལ་དུ་ངེས་ཤེས་རྙེད་དེ་ལོ་གཉིས་ཀྱི་ཁོངས་སུ་གཏེར་སྒྲུབ་ཚགས་སུ་ཚུད་པར་མཛད་ནས་གཏེར་ཁ་ཐམས་ཅད་ཀྱི་ཐོག་མ་ནི། ས་ཁྱི་ཧོར་ཟླ་དང་པོའི་ཚེས་བཅུ་ལ་ཁེ་མི་འགྱུར་རྡོ་རྗེའི་བྲག་ནས་སྐུ་གསུམ་རྡོ་རྗེ་སྙིང་པོ་དང་། རྩ་གསུམ་རྡོ་རྗེ་སྙིང་པོའི་སྐོར་རྣམས་གསང་སྟབས་སུ་བཞེས་ཏེ་ཉམས་བཞེས་མཐར་ཕྱིན་པར་མཛད། རིམ་པར་གཏེར་ཁ་གཉིས་པ་ལི་ཐང་གནམ་ཆེན་བྲག་དཀར་ནས་གུར་དྲག་ཡེ་ཤེས་རབ་འབར། གསུམ་པ་སྒྲོལ་མ་བྲག་གི་མགུལ་ནས་སྲོང་བཙན་སྒམ་པོའི་ཐུགས་རྗེ་ཆེན་པོ་སྙན་བརྒྱུད་གཙུག་རྒྱན་ནོར་བུ། བཞི་པ་ར་རི་བར་གྱི་བྲག་ནས་རྫོགས་པ་ཆེན་པོ་ཡང་སྙིང་ཀུན་ཟབ། ལྔ་པ་ཁེ་ནང་གཏེར་གནས་གསུམ་ནས་བི་མ་ལའི་ཆོས་གཏེར་མན་ངག་ཟབ་པ་སྐོར་གསུམ། དྲུག་པ་རོལ་པ་བདེ་ཆེན་ཁང་ནས་བཀའ་བརྒྱད་བདེ་གཤེགས་ཡོངས་འདུས། བདུན་པ་སྔོ་རྒྱ་གནས་ནས་གནམ་ལྕགས་ཀྱི་རྡོ་རྗེ་སོགས་དང་། བརྒྱད་པ་སྣ་བྲག་དཀར་རྡོ་རྗེའི་ཡང་རྫོང་ནས་ཚེ་སྒྲུབ་ཡང་གསང་བླ་མེད། དགུ་པ་ཤིང་སྒོ་གངས་ར་ནས་ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད། བཅུ་པ་གནས་དེའི་གཡུ་མཚོ་ནས་མཁའ་འགྲོ་ཡང་གསང་བླ་མེད། བཅུ་གཅིག་པ་དེའི་བོན་གནས་ནས་བོན་གཏེར། བཅུ་གཉིས་པ་རྫོགས་པ་ཆེན་པོ་སྒྱུ་འཕྲུལ་གསང་བ་ཡང་ཁོལ། བཅུ་གསུམ་པ་ཕ་ཝཾ་བོན་མོ་ནས་ཕྱི་ནང་གསང་བའི་ལུང་བསྟན་དང་བསྟན་སྲུང་དྲག་སྔགས་སྐོར། བཅུ་བཞི་པ་ངོ་ཐི་གཡུང་དྲུང་ནས་ཟབ་གཏེར་གཅིག །བཅོ་ལྔ་པ་ཀཿཐོག་དམ་ཕུག་དང་ཉེ་བ་ནས་དམ་པ་བདེ་གཤེགས་ཀྱིས་སྦས་པའི་སྒྱུ་འཕྲུལ་གླེགས་བམ་ཞིག་ཡང་གཏེར་དུ་སྤྱན་དྲངས་པ་རྣམས་ལས། ངོ་ཐིའི་གཏེར་ཁ་ད་ལྟ་མི་གསལ་བས་མི་བགྲང་། བི་མ་ལའི་ཟབ་པ་སྐོར་གསུམ་གཏེར་གནས་ཐ་དད་པས་སོ་སོར་བགྲངས་པའི་བཅུ་དྲུག་ཏུ་གྲགས་ཤིང་། དེ་རྣམས་དང་ལྷན་ཅིག་སྐུའི་རིགས་དང་ཐུགས་རྟེན་ཕྱག་མཚན་ཁྱད་འཕགས། དམ་རྫས་མྱང་གྲོལ་ཤིན་ཏུ་མང་པོ་སྤྱན་དྲངས། ཕལ་ཆེར་ཆོས་བཀའ་ཡོངས་རྫོགས་གཏན་ལ་ཕབས། སོ་སོའི་གཏེར་སྒྲུབ་རྟགས་ཐོན་པར་མཛད། འགའ་ཞིག་ཡང་གཏེར་དུ་སྦས། ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེ་ཞིང་བསྐྱེད་རྫོགས་ཉམས་བཞེས་མཐར་ཕྱིན་པའི་དབང་གིས་རྗེ་འདི་ཉིད་གཏེར་ཕྲན་ཙམ་གྱི་དབང་སྐལ་ལ་གཏེར་ཆེན་གྱི་དངོས་གྲུབ་བརྙེས་ཤིང་འགྲོ་དོན་ཤིན་ཏུ་རླབས་ཆེ་བར་གྱུར། མཚན་གྱི་རྣམ་གྲངས་ཀྱང་ཨོ་རྒྱན་མདོ་སྔགས་གླིང་པ། ཧཱུྃ་ནག་ནམ་མཁའི་རྡོ་རྗེ་སོགས་མང་དུ་གྲགས། བྲག་གཡང་གཟར་པོ་དང་མཚོ་ཆེན་གྱི་དབུས་སུ་ཆིབས་དང་བཅས་ཏེ་ཕེབས་ཤིང་ཆིབས་པས་ཀྱང་ཞབས་རྗེས་ལན་མང་དུ་བཞག་པ་སོགས་རྫུ་འཕྲུལ་གྱི་བཀོད་པ་བསམ་ལས་འདས།སྙིགས་དུས་ཀྱི་འདྲེ་རྒོད་མ་རུངས་པ་མང་པོ་དངོས་སུ་སྲོག་སྙིང་འཕྲོག་ནས་དམ་ལ་བཏགས་པ་དང་བསྐྲད་ཅིང་མནན་པ་དང་། ཨར་ལ་གཏད་པ་སོགས་ཀྱིས་ཡུལ་ལྗོངས་མང་པོའི་འགྲོ་བ་རྣམས་ལ་མི་འཇིགས་པའི་སྦྱིན་པ་བསྩལ། སོག་པོའི་རྒྱལ་པོའི་མཁའ་འགྲོའང་རྫུ་འཕྲུལ་གྱིས་དད་དེ་དགོན་གནས་དང་བསྙེན་བཀུར་ཕུལ། ས་སྐྱོང་སྡེ་དགེ་སོགས་མི་ཆེན་མང་པོས་བླ་མར་བཀུར། མདོ་སྨད་ཀྱི་ལྗོངས་ཕལ་ཆེར་ཞབས་ཀྱིས་བཅགས་ཤིང་གནས་སྒོ་མང་པོ་ཕྱེས། སྐུ་ཚེའི་སྨད་ལ་ཀཿཐོག་རྡོ་རྗེའི་གདན་དུ་བཞུགས་ནས་ཆོས་ཀྱི་ཕྲིན་ལས་བསྐྱངས་ཏེ་བསྟན་པ་རྨང་ནས་གསོས། གདན་ས་ཆེན་པོ་འདི་ཉིད་གཙོར་གྱུར་པའི་གནས་ཆེན་རྣམས་སུ་རྟེན་བཞེངས་ཀྱང་རྒྱ་ཆེན་པོ་གནང་བ་སོགས་མཛད་པ་ཐམས་ཅད་མཐར་ཕྱིན་ནས་དགུང་ལོ་དྲུག་ཅུ་རེ་བརྒྱད་པ་ཆུ་སྤྲེལ་སྤྲེའུ་ཟླ་བའི་ཉེར་གསུམ་ལ་ངོ་མཚར་བའི་རྟགས་མཚན་་་དུ་མ་དང་བཅས་མཁའ་སྤྱོད་པདྨ་འོད་དུ་གཤེགས་ཤིང་སྐུ་གདུང་རིང་བསྲེལ་གྱི་ཕུང་པོར་གྱུར་པས་ཀྱང་ཐམས་ཅད་ངོ་མཚར་གྱི་གནས་ལ་བཀོད་དོ། །རྒྱུད་འཛིན་གཙོ་བོ་བསོད་ནམས་ལྡེའུ་བཙན་སོགས་རྒྱལ་སྲས་སྐུ་མཆེད་རྣམས་དང་། དབོན་བཀྲ་ཤིས་འོད་ཟེར། ཀུན་བཟང་ཁྱབ་བདལ་ལྷུན་གྲུབ། ཏ་བླ་པདྨ་ནོར་བུ་སོགས་བཟང་ལ་གྲངས་མང་བ་བྱོན་ཅིང་མདོ་སྨད་ཀྱི་ཕྱོགས་ཕལ་ཆེར་ཆོས་རྒྱུན་གྱིས་ཁྱབ། གཏེར་ཆོས་རྣམས་ཀྱི་དབང་ལུང་གི་རྒྱུན་དང་རྡོ་རྗེ་སྙིང་པོའི་ཁྲིད་སྲོལ་བཅས་དར་རྒྱས་སུ་བཞུགས་ཤིང་ཆོས་སྐོར་གཙོ་བོར་གྱུར་པ་རྣམས་བདག་གིས་ཀྱང་ཐོབ་བོ། ༈ །ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུ་ནི། ཀོང་པོ་ཀླུང་རྒྱས་གྲོང་དུ་ཡབ་རིག་འཛིན་ཕྲིན་ལས་དབང་ཕྱུག་དང་། ཡུམ་ཀུན་བཟང་དབང་མོ་གཉིས་ཀྱི་སྲས་སུ་འཁྲུངས། ཡབ་ལ་མཁའ་འགྲོའི་བརྡའ་ལུང་བྱུང་བ་ལྟར་སྤྲུལ་སྐུ་ནམ་མཁའ་བརྒྱ་བྱིན་གྱི་སྐུ་སྐྱེར་ཐག་ཆོད་ནས་མཚན་བསྟན་འཛིན་ནོར་བུར་གསོལ། སྔོན་གནས་རྗེས་སུ་དྲན་ཅིང་མངོན་ཤེས་དང་རྫུ་འཕྲུལ་མངའ། དགུང་ལོ་ལྔ་པར་ཨོ་རྒྱན་སེང་གེ་ལ་ཆིབས་པ་ཞལ་གཟིགས། རིམ་པར་དབུས་སུ་ཕེབས་ཏེ་ཞྭ་དམར་ཆོས་ཀྱི་དབང་ཕྱུག་ལས་དགེ་བསྙེན་གྱི་སྡོམ་པ་གསན། མཚན་ཀརྨ་ཐུབ་བསྟན་སྙིང་པོ་རྣམ་པར་རྒྱལ་བའི་སྡེ་ཞེས་པ་གནང་། ཀར་འབྲུག་རྣམས་དང་ལོ་ཆེན་འགྱུར་མེད་བདེ་ཆེན་སོགས་ཡོངས་འཛིན་མང་དུ་བསྙེན། ཉིན་གླིང་སོགས་གྲྭ་ས་རྣམས་སུ་མདོ་ཕྱོགས་ལ་ཐུགས་སྦྱང་མཐར་ཕྱིན་པར་མཛད། ཡམ་བུ་རྒྱལ་པོས་ནཻ་པཱ་ལའི་ཡུལ་དུ་སྤྱན་དྲངས་ཏེ་བསྙེན་བཀུར་ཆེན་པོ་ཞུས། འཕགས་པ་ཤིང་ཀུན་ལ་རབ་གནས་མཛད་སྐབས་སོགས་སུ་མེ་ཏོག་གི་ཆར་བབ། བྱ་རུང་ཁ་ཤོར་གྱི་དཀོར་གཉེར་སྡོད་ས་གསར་དུ་བཏབ། ངམ་རིང་དུ་གྲྭ་སྐོར་མཛད་ཅིང་གཙང་པ་རྒྱལ་པོས་ཀྱང་ཞབས་ནས་བཏེགས། ཕྱིར་ཕེབས་ཤིང་སྨན་ཐང་དུ་རིག་འཛིན་ངག་གི་དབང་པོ་མཇལ། སྔ་འགྱུར་ཆོས་བཀའ་མཐའ་ཡས་པ་གསན། རྗེ་འདིའི་བཀའ་དྲིན་ལས་རྟོག་གེ་བའི་ཧོམ་ཐུལ་ཡུལ་བུད། རྙིང་མ་པའི་སྔགས་འཆང་དུ་གཙང་སིང་གིས་སོང་། སླར་མང་ཡུལ་རི་བོ་དཔལ་འབར་དུ་ཕེབས། སྒྲུབ་བའི་ས་སྡེ་བཙུགས་པས། དག་སྣང་དང་ལུང་བསྟན་མང་པོ་བྱུང་། ལོ་ཤས་མཚམས་གཏེར་འདོན་པའི་བསྐུལ་མ་བྱུང་བ་ལྟར་རྒྱང་ཡོན་པོ་ལུང་ནས་ཁ་བྱང་དང་རྡོ་རྗེ་གྲོ་ལོད་ཀྱི་སྒྲུབ་སྐོར་ཞིག་སྤྱན་དྲངས། རང་གཏེར་གྱི་ལུང་བསྟན་ངོ་མཚར་ཅན་བྱུང་བ་བསྣམས་ནས་དབུས་སུ་བྱོན། རིག་འཛིན་ངག་གི་དབང་པོར་གཟིགས་ཕུལ་བས་དགྱེས་ཤིང་དབུགས་དབྱུང་བསྩལ། མཆོད་ཆ་རྟེན་གསུམ་གཏེར་རྫས་སོགས་རྩིས་སྤྲོད་མཛད་ནས་གདན་སའི་ཁུར་བཞེས་དགོས་པའི་བཀའ་ལུང་ཡང་གནང་། སླར་རི་བོ་དཔལ་འབར་གྱི་གཏེར་བཞེས་པར་ཕེབས་ཀྱང་གཏེར་གནས་ལ་མ་བསླེབ་ཙམ་དུ་རིག་འཛིན་ངག་གི་དབང་པོ་གཤེགས་པའི་གཏམ་བསླེབས་ནས་དབུས་སུ་ཕེབས་དགོས་བྱུང་བས་རྟེན་འབྱུང་དུས་ལས་ཡོལ། གཤེགས་རྗེས་བསྒྲུབས་ཤིང་གདན་ས་ལོ་ལྔ་དྲུག་ཙམ་བསྐྱངས། སྤྲུལ་སྐུ་ངོས་འཛིན་མཛད་པའི་དག་སྣང་ཟླ་འོད་མ་ཞེས་པ་དང་། རྟ་ནག་སྒྲོལ་མ་ཕུག་ཏུ་བཞུགས་སྐབས་མཁའ་འགྲོས་གནང་བའི་དག་སྣང་ཆོས་སྐོར་ཞིག་ཀྱང་ཡོད་པར་བཤད། ཟབ་གཏེར་གྱི་རྟེན་འབྲེལ་འཆུག་པའི་རྐྱེན་གྱིས་སྐུ་ཚེ་ཚད་དུ་མ་འཁྱོལ་བར་གཤེགས་པར་སྣང་ངོ་། ༈ །པད་འབྱུང་བི་མ་དྭགས་པོ་ལྷ་རྗེ་རྣམས་ཀྱི་རྣམ་འཕྲུལ་ཡོངས་སུ་གྲགས་པ་དྭགས་པོ་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་སྤྲུལ་པའི་སྐུ་དེ་མ་ཐག་པ་ནི་སྒམ་པོ་པ་ནོར་བུ་བརྒྱན་པ་ཡིན་ལ། དེའི་རྣམ་འཕྲུལ་སྤྲུལ་པའི་སྐུ་བཟང་པོ་རྡོ་རྗེ་ནི་ཨེ་ཡུལ་རིག་པའི་འབྱུང་གནས་ཀྱི་སའི་ཆ་གང་པོ་ཞེས་པའི་སྨད་ཀྱི་སའི་ཆར་ཡབ་ཆོས་རྒྱལ་གྱི་གདུང་རྒྱུད་རྙིང་མའི་སྔགས་འཆང་ཨ་བོ་ཆོས་མཛད་དང་། ཡུམ་དབང་འཛིན་རྒྱལ་མོའི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་འཁྲུངས། རིག་འཛིན་འཇའ་ཚོན་སྙིང་པོས་གོང་མའི་ཡང་སྲིད་འཁྲུལ་མེད་དུ་ཐག་བཅད་པ་ལྟར་དྭགས་པོ་སྤྱན་སྔ་རིན་པོ་ཆེ་དཔོན་སློབ་རྣམས་ཕེབས་ནས་དགེ་བསྙེན་གྱི་སྡོམ་པ་ཕུལ་ཅིང་། མཚན་དཔལ་བཟང་པོ་རྡོ་རྗེ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་གསོལ། གདན་ས་ཆེན་པོར་སྤྱན་དྲངས་ཤིང་འཇིགས་མེད་སེང་གེའི་ཁྲིར་མངའ་བཀུར། བང་རི་ནས་རིག་འཛིན་འཇའ་ཚོན་པའང་ཆེད་ཀྱིས་ཕེབས་ཏེ་གཙུག་ཕུད་བཞེས་ནས། མཚན་ཨ་བ་དྷཱུ་ཏི་པ་འགྱུར་མེད་རྡོ་རྗེ་རྒྱལ་མཚན་དཔལ་བཟང་པོར་བཏགས། སྔ་ཕྱིར་ཆོས་བཀའ་ཡང་མང་དུ་གསན། དེ་ནས་མི་རིང་བར་ཀུན་མཁྱེན་བློ་བཟང་རྒྱ་མཚོ་ལས་དགེ་ཚུལ་གསན་པའི་མཚན་བློ་བཟང་ཕྲིན་ལས་རྣམ་རྒྱལ་ངེས་དོན་གྲུབ་པའི་ཤིང་རྟ་མཆོག་གི་སྡེ་དོན་ཡོངས་སུ་གྲུབ་པར་གསོལ། སླར་བསྙེན་རྫོགས་ཀྱང་བཞེས། སྔ་ཕྱིར་བསྙེན་བཀུར་དང་བདག་རྐྱེན་ཚད་མེད་པ་གནང་། སྤྱན་སྔ་རིན་ཆེན་རྡོ་རྗེ་སོགས་ལས་དཔལ་སྒམ་པོ་པའི་བཀའ་བརྒྱུད་སྐོར་དང་། རྩེ་ལེ་སྣ་ཚོགས་རང་གྲོལ་ལས་གྲུབ་མཐའ་རིས་མེད་ཀྱི་བཀའ་ཆོས་མང་དུ་གསན། སྒམ་པོ་ཟངས་ལུང་དུ་ལོ་གསུམ་ཕྱོགས་གསུམ་དུ་ཐུགས་དམ་བཅད་རྒྱ་ལ་བཞུགས་པས་འོད་གསལ་གྱི་གཟིགས་སྣང་ངོ་མཚར་བ་དུ་མ་དང་། ལྷག་པར་ཟབ་གཏེར་ལ་དབང་བའི་གཟིགས་སྣང་འབའ་ཞིག་ཤར་བ་མ་ཟད། རིག་འཛིན་འཇའ་ཚོན་སྙིང་པོའི་གཏེར་ལུང་ལས་ཀྱང་རང་ཉིད་ཀྱི་གཏེར་ཞབས་སྡུད་པར་ལུང་གིས་གསལ་བར་བསྟན་པ་ལྟར། ཐོག་མར་སྒམ་པོའི་བྲག་སྒོམ་ཞྭའི་མགུལ་ནས་སེང་ལྡེང་གི་ཕུར་པ་ཁྲུ་གང་ལོངས་ངེས་ཤིག་བཞེས་པའི་འཆང་བཟུང་ནས་ཁ་བྱང་དང་། དབལ་ལས་རྡོ་རྗེ་ཕུར་པའི་མངོན་རྟོགས་བསྡུས་པ་ཞིག་བྱོན། དེ་ལ་བརྟེན་ཏེ་དྭགས་ལུང་ཁྲ་མོ་བྲག་ནས་གསང་བདག་དྲག་པོ་ཆེན་པོའི་སྐོར་དང་གནམ་ལྕགས་རྡོ་རྗེ། བྷུར་ཕུའི་ཁྲ་ལུང་མཚོ་རྒྱལ་སྒྲུབ་ཕུག་དང་། ཀླུ་མཁར་མཚོ་འོག་མའི་མཐའ་རྩ་ནས་གཏེར་རྫས་ཕུར་པ་དང་ཁྱུང་ལྔའི་སྙིང་ཁྲག །ཁྱུང་ཆེན་རྒྱ་མཚོའི་ལྦུ་བ་དང་བཅས་པ། བྲག་དཀར་ལྷ་ཆུ་ནས་ཚེ་སྒྲུབ་དང་ཚེ་ཆུ་རིལ་བུ། གཤིན་རྗེ་ཡང་ཟློག་གི་སྐོར་རྣམས་སྤྱན་དྲངས། ཅི་རིགས་པ་གཏན་ལ་ཕབས། ལྔ་པ་ཆེན་པོར་ཆོས་བདག་གི་རྟེན་འབྲེལ་བསྒྲིག་པར་མཛད་པའི་སྐབས། སྨོན་ལམ་ལོག་པའི་དམ་སྲི་ཞབས་འབྲིང་གི་ཚུལ་བཟུང་བ་དག་གིས་སྒྲོ་སྐུར་ལ་བརྟེན། དགོངས་པ་གཏིང་ནས་འཚམས་པས་གཏེར་ཤོག་མ་བུ་མཐའ་དག་ཞུགས་སུ་འབུལ་བ་དང་། འགའ་ཞིག་ཡང་གཏེར་དུ་སྦས་པ་སོགས་ཀྱིས་ཟབ་གཏེར་གྱི་ཕྲིན་ལས་རྒྱུན་ཆད་ཀྱང་སྨིན་གྲོལ་གླིང་དུ་རྗེ་གཏེར་བདག་གླིང་པར་སྔ་ཕྱིར་བཀའ་ཆོས་གསན་པ་དང་། དབེན་པའི་གནས་དུ་མར་བསྙེན་སྒྲུབ། གསར་རྙིང་གི་ཆོས་འཁོར་རྒྱུན་མི་འཆད་པ་བསྐོར་ཞིང་རྟེན་བཞེངས་རྒྱ་ཆེར་མཛད་པ་སོགས་མཐར་ཕྱིན་ནས། མོན་མཁར་རྣམ་སྲས་གླིང་དུ་ཕེབ་སྐབས་མི་དབང་བཀྲ་ཤིས་རབ་བརྟན་ཡུམ་དང་བཅས་པར་སྐུ་སྐྱེ་བ་ཕྱི་མའི་ཡབ་ཡུམ་དུ་དགོངས་ཏེ་དབང་དང་བྱིན་རླབས་ནན་ཏན་དང་། ལུང་བསྟན་བརྡའ་ཆོས་ཀྱི་རྟེན་འབྲེལ་བསྒྲིགས་པར་མཛད་དེ་གདན་ས་ཆེན་པོར་ཞིང་ཁམས་གཞན་དུ་གཤེགས་པའི་ཚུལ་བསྟན། དེའི་སྐྱེ་བ་མོན་མཁར་རྣམ་སྲས་གླིང་དུ་འཁྲུངས་པའི་ཀུན་བཟང་ངེས་དོན་དབང་པོ། དེའི་སྐྱེ་བ་ཨེ་མངའ་བདག་གི་གདུང་རྒྱུད་སྡེ་པ་ལྷ་རྒྱ་རི་བའི་སྲས་སུ་འཁྲུངས་པ་གཏེར་སྟོན་རྡོ་རྗེ་རྒྱལ་པོ་སྟེ། འདིས་གོང་མ་བཟང་པོ་རྡོ་རྗེའི་ཡང་གཏེར་གསང་བདག་དྲག་པོ་ཆེན་པོའི་སྐོར་རྣམས་སྤྱན་དྲངས་པར་སྣང་ངོ་། ༈ །གཉགས་ལོ་བདུད་འཇོམས་ནམ་སྙིང་རྣམས་ཟུང་དུ་འཇུག་པའི་རྣམ་འཕྲུལ་མངའ་རིས་གཏེར་སྟོན་གར་དབང་ཟླ་བ་རྒྱལ་མཚན་ནམ། གསང་མཚན་པདྨ་གར་དབང་རྩལ་དུ་གྲགས་པ་ནི། མངའ་རིས་གུང་ཐང་གི་ནུབ་རི་ཡམ་ཞེས་པའི་སའི་ཆར་འཁྲུངས། སྐུ་ཆུང་ངུ་ནས་ངོ་མཚར་དུ་མ་མངའ། ལྷག་པར་དབེན་གནས་མུ་སེའི་ཕ་ཝཾ་རུ་སྦལ་འདྲ་བའི་བྱ་སྐྱིབས་སུ་རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་མ་ཐུགས་རྗེ་ཆེན་པོའི་བསྙེན་སྒྲུབ་མཛད་ནས་བཞུགས་པའི་སྐབས། ཡེ་ཤེས་མཁའ་འགྲོ་གཅེར་བུ་རུས་པའི་རྒྱན་ཅན་གསུམ་གྱིས་གླུ་དང་བརྡའ་ཡིས་བསྐུལ་པས་ཐུགས་ཉམས་འུར་ཏེ་ཞབས་ས་ལ་མ་རེག་པར་ཕ་ཝཾ་སྦྲུལ་ནག་འཁྱུགས་པ་འདྲ་བའི་སྟེང་དུ་ཕེབས་པ་ན་སྔར་གྱི་མཁའ་འགྲོ་གསུམ་དང་ཡུལ་དེའི་གཞི་བདག་གཏེར་བདག་རྣམས་ཀྱིས་བསྐུལ་མ་བྱུང་བ་བཞིན། ཐོག་མར་མིས་མི་ཐར་བའི་བྲག་གདོང་ཆེན་པོ་ཞིག་ཏུ་རྫུ་འཕྲུལ་གྱིས་ཕེབས་ནས་གཏེར་གྱི་ཁ་བྱང་ཕྱག་ཏུ་སོན་པ་བཞིན། སྦས་ཡུལ་སྐྱིད་མོ་ལུང་ནས་སྔོན་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུས་ཡང་གཏེར་དུ་རྒྱས་བཏབ་པའི་རྡོར་སེམས་ཐུགས་ཀྱི་མེ་ལོང་གི་སྐོར་རྣམས་སྤྱན་དྲངས་ཤིང་སྤེལ་བར་མཛད་པའི་དབང་ལུང་ཁྲིད་གསུམ་གྱི་རྒྱུན་ད་ལྟའི་བར་མ་ཉམས་པར་བཞུགས་ཤིང་འགྲོ་དོན་རྒྱ་ཆེར་བྱུང་། གཞན་ཡང་འཕགས་པ་ཝ་ཏིའི་ཁྲུས་ཁང་ནས་སྤྱན་རས་གཟིགས་རྩ་གསུམ་སྙིང་ཐིག་གིས་མཚོན། པདྨའི་སྙན་བརྒྱུད་ཡང་གསང་དྲི་མེད། ཟབ་ཏིག་ཆོས་དབྱིངས་རང་གསལ། རྡོ་རྗེ་ཕུར་པ་སོགས་ཆོས་དང་རྟེན་དང་དམ་རྫས་ཀྱི་ཟབ་གཏེར་མང་དུ་བཞེས། རྫུ་འཕྲུལ་དང་མངོན་ཤེས་ཕྱོགས་མེད་དུ་ཤར། ལྔ་པ་ཆེན་པོར་བྱ་མ་རྟའི་ལམ་ནས་གནས་ཚུལ་གསོལ་བར་རྗེ་ཉིད་ཀྱི་ཐུགས་དམ་བརྟགས་པ་དང་རིག་འཛིན་གཏེར་བདག་གླིང་པ་ལའང་བཀའ་འདྲི་ཞུས་ཏེ་གཏེར་སྟོན་འཁྲུལ་མེད་དུ་ངེས་པ་འཁྲུངས་ཏེ་འགྲོ་དོན་ཕྱོགས་བྲལ་དུ་སྐྱོང་ཆོག་པའི་བཀའ་ཕེབས་པས་རྩོད་མེད་ཡོངས་གྲགས་སུ་གྱུར་ཅིང་འགྲོ་དོན་ཕྲིན་ལས་རྒྱ་ཆེར་བྱུང་། དེའི་སྐྱེ་བ་ནི་གྲུབ་ཆེན་ཉི་ཟླ་ཀློང་གསལ་གྱི་སྲས་སུ་འཁྲུངས་པ་ཀུན་མཁྱེན་ཆོས་དབང་རྡོ་རྗེ་འཛིན་པ་སྟེ། འདིས་རིག་འཛིན་གཏེར་བདག་གླིང་པ་སྐུ་མཆེད་གྱི་ཞབས་ལ་གཏུགས་ཤིང་སྨིན་གླིང་དུ་ཡུན་རིང་བཞུགས། མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་མཛད་པས་མཁྱེན་པ་རྒྱས་པ་ལ་བརྟེན། གོང་མའི་གཏེར་ཆོས་རྣམས་ལ་ཆོག་བསྒྲིག་རྒྱ་ཆེར་སྤེལ་བ་ལས། གཙང་པོ་བྱང་གསང་ཆོས་པདྨ་ལྷུན་སྡིངས་སུ་ད་ལྟའང་བརྒྱུད་འཛིན་མ་ཉམས་པར་བཞུགས་ཤིང་། ཁོ་བོས་ཀྱང་ཟབ་ཏིག་ཆོས་དབྱིངས་རང་གསལ། ཐུགས་རྗེ་ཆེན་པོ་རྩ་གསུམ་སྙིང་ཐིག །རྡོར་སེམས་ཀྱི་ཆོས་སྡེ་ཚེ་སྒྲུབ་རྡོ་རྗེ་རྒྱ་མདུད་རྣམས་ཀྱི་སྨིན་གྲོལ་རྗེ་བླ་མའི་བཀའ་དྲིན་ལས་ནོས། འདིའི་ཟབ་ཏིག་དང་དྲི་མེད་ལྷུན་པོའི་དོན་ཏིག །སྟག་ཤམ་པའི་དགོངས་འདུས་འགྲོ་བ་ཀུན་སྒྲོལ་རྣམས་རྒྱུད་ཀྱི་སྐོར་ཡོད་མེད་མ་གཏོགས་ཚིག་དོན་ཞུ་དག་ཕེར་བས་བརྒྱུད་པ་གསུམ་འདུས་སུ་སྦྱར་རུང་བར་མངོན་ནོ། །དེར་མ་ཟད་འཇའ་ཚོན་ཞབས་ཀྱི་སྙིང་ཐིག་ཆོས་དབྱིངས་རང་གསལ་ཡང་གཏན་ལ་འབེབས་པར་མ་མཛད་མོད་དོན་འདི་དང་འདྲ་བར་རྗེ་བླ་མའི་གསུང་ལས་ཐོས་སོ། ༈ །ལྷ་སྲས་མུ་ཁྲི་བཙད་པོའི་རྣམ་འཕྲུལ་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་ནི། མདོ་ཁམས་ཟལ་མོ་སྒང་གི་སྟོད། ལྷོ་རྒྱུད་སྐྱབས་ཆེ་ཞེས་པའི་འབྲོག་སྡེར་ཡབ་ཡོན་དགེ་དཔོན་པོ་དང་། ཡུམ་བེར་མོའི་སྲས་སུ་ས་ཕོ་འབྲུག་གི་ལོར་དཔྲལ་བར་རྡོ་རྗེའི་སྤྱན་སོགས་རྟགས་མཚན་ཁྱད་པར་ཅན་དང་བཅས་ཏེ་བལྟམས། རེ་ཞིག་ནས་ཡུལ་འཕོས་ཏེ་ལྷ་ཐོག་མཛོ་རྫི་དགོན་པའི་ཉེ་འདབས་སུ་འཁོད་པའི་སྐབས། ཟུར་མང་དྲུང་ཆེན་ཀུན་དགའ་རྣམ་རྒྱལ་ཕྱོགས་དེར་ཕེབས་པ་ལ་གཙུག་ཕུད་ཕུལ། མཚན་ཀརྨ་བསམ་འགྲུབ་ཏུ་གསོལ། གྲུབ་ཆེན་དེ་ཉིད་དང་འཛི་སྒར་བསོད་ནམས་རྒྱ་མཚོ་སོགས་ལས་བཀའ་ཆོས་མང་དུ་གསན། མཛོ་རྫི་དགོན་དུ་རང་གི་ཁུ་བོ་སྒྲུབ་པོའི་སར་བཞུགས་པས་ཡོན་དགེ་དབོན་པོར་འབོད་ཅིང་ཐུགས་རྒྱུད་ཤིན་ཏུ་ཞི་ཞིང་དུལ་བ། ཐུགས་དམ་དང་ཕྱག་དཔེ་གཟིགས་པ་ལ་ཤིན་ཏུ་བརྩོན། ཕྱག་གཟོབ་པས་བྲིས་འབུར་གྱི་སྐུ་བརྙན་དུ་མ་བཞེངས་པར་མཛད། འཇང་ཡུལ་དུ་མགྲོན་པོ་མང་པོ་དང་ལྷན་ཅིག་རྒྱལ་དབང་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་མཇལ་དུ་ཕེབས་པའི་ལམ་ཁར་ས་ཞིག་བསྐོས་པས་གསེར་གྱི་ཟླ་ཚེས་ཤིག་རྙེད་པ་དེ་ཀརྨ་པ་ལ་ལྐོག་ཏུ་ཕུལ་བ་རྟེན་ཁྲོད་དུ་བཞེས། ཕྱིར་ཉིན་ཞིག་རྟེན་མཇལ་གནང་སྐབས་ཟླ་ཚེས་ཕྱག་ཏུ་བསྣམས་ནས། འདི་རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱི་གཏེར་མ་ཡིན། ཉི་ཟླ་རྙེད་ན་རྟེན་འབྲེལ་མཆོག་ཡིན་ཞེས་གསུངས་ཀྱང་དེ་སྐབས་སུས་ཀྱང་ཅི་ཡིན་མ་གོ །དེ་ནས་དགུང་ལོ་ཉེར་ལྔ་བར་མཛོ་རྫི་དགོན་དུ་མགོན་པོ་བེར་ཅན་གྱི་སྒྲུབ་པ་མཛད་པའི་སྐབས། ཐོ་རངས་ཞིག་ལ་གྲུབ་ཆེན་ཀརྨ་པཀྴི་དང་ཨོ་རྒྱན་རིན་པོ་ཆེ་གཙོ་འཁོར་ཞལ་གཟིགས་ནས་དབང་དང་བྱིན་རླབས་ཞལ་གྱི་གདམས་པ་གནང་བ་རྣམས་ཡི་གེར་བཀོད་པ་པཀྴིའི་བླ་སྒྲུབ་འདི་ཉིད་ཡིན་ཅིང་དེ་ལ་བརྟེན་ནས་གཟིམ་ཁང་་་་་་འོག་ཏུ་ཕ་ཝཾ་ཞིག་ཡོད་པ་ནས་ཁ་བྱང་བཞེས། གཏེར་ཁ་དང་པོ་མཛོ་རྫི་འགག་གི་མཚོ་ནང་དུ་དངོས་སུ་ཕེབས་ནས་གཏེར་སྒྲོམ་སྔོན་པོ་གྲུ་བཞི་ཞིག་དང་། ཁམས་རྒྱལ་གབ་མཚོ་ནས་ཟངས་སྦུག་ཅིག་བཞེས་པ་རྣམས་ལས་རྡོ་རྗེ་གྲོ་ལོད་རྩ་གསུམ་སྒྲུབ་ཐབས་ཡན་ལག་དང་བཅས་པ་བྱོན། གཏེར་ཁ་གཉིས་པ་སྦས་གནས་གྲུ་གུ་ལྷ་བྲག་གི་གཏེར་གནས་ནས་ཟླ་བ་གཅིག་ཏུ་བྲག་བརྐོས་པ་ལས་ཁྲོ་ལྕགས་ཀྱི་སྡིག་པ་ར་ཙའི་གཟུགས་ལྔ་ཙམ་བྱུང་བ་ལས། བླ་མ་པདྨ་བཛྲ་གྲུབ་ཐོབ་རྒྱ་མཚོའི་དཀྱིལ་འཁོར་ཆ་ལག་ལྔ་དང་བཅས་པ་བྱོན། གཏེར་ཁ་གསུམ་པ་རྫ་སྟོད་སྤྱི་འབྱམས་ནས་ཟླ་བ་བདུན་དུ་འབད་རྩོལ་ཆེན་པོས་བྲག་རྒྱ་བཤིགས་པ་ལས་ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་གྱི་ཆོས་སྐོར་རྣམས་བྱོན། དེའི་ཉེ་ལོགས་ཤིག་ནས་ནམ་མཁའི་སྙིང་པོའི་ཚེ་སྒྲུབ་ཀྱི་གདམས་ཕྲན་ཀྱང་བཞེས། དེ་དག་གི་སྐབས་སུ་འཇའ་འོད་མེ་ཏོག་གི་ཆར་དང་དྲི་བཟང་གླུ་དབྱངས་ཀྱི་སྒྲ་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང་། ཆོས་བཀའ་རྣམས་གཏན་ལ་ཕབས་ནས་ཆོས་བདག་རྣམས་ལ་རིམ་གྱིས་གནང་། འདི་སྐབས་རྩ་བའི་གཟུངས་མ་དང་རྟེན་འབྲེལ་འགྲིགས་ན་གཏེར་ཁ་བརྒྱ་རྩ་བརྒྱད་འདོན་པར་གསུངས་ཀྱང་རྟེན་འབྲེལ་འཆུག་པས་གཏེར་སྟོན་གྱི་དབུ་རལ་བཅད། གཞན་སྣང་དུ་ཐུགས་སློང་བྱུང་བ་ལྟར་རྩིང་སྤྱོད་མཛད་པས་གྲྭ་པ་བདུན་ཡོད་པ་འཐོར། གཉིས་མཚུར་ཕུར་རྒྱལ་དབང་ཡེ་ཤེས་རྡོ་རྗེའི་མདུན་དུ་སྐྱབས་འཇུག་ཞུ་བར་ཕྱིན་པས། མི་འགྱུར་རྡོ་རྗེ་འཁྲུལ་པ་ཞིག་པའི་གྲུབ་ཐོབ་ཆེན་པོ་ཡིན་སྨྱོ་བ་མིན། ཕྱིར་སོང་ལ་སྔར་བཞིན་བཀའ་གང་སྩོལ་སྒྲུབས་ཤིག་གསུངས་པས་དེ་ཕྱིན་ཆད་གྲྭ་པ་རྣམས་ཀྱང་འདུས་ནས་འབྲོག་སྒར་གྱི་ཚུལ་དུ་བཞུགས། སྐུ་ཆས་ཕལ་པའི་རྣམ་པ་དང་གསུང་ཆལ་ཆོལ་ལྟ་བུ་བྱོན་པ་ལ་གང་གསུང་ཐམས་ཅད་ནི་དུས་གསུམ་གཟིགས་པའི་ལུང་བསྟན་ཁོ་ནར་གྱུར་ཅིང་མངོན་ཤེས་སྒྲིབ་མེད་དུ་མངའ། རྫུ་འཕྲུལ་ཡ་མ་ཟུང་ཐོགས་མེད་དུ་སྟོན། ནད་པ་གཅོང་ཆེན་དང་གདོན་ཆེན་ལ་ཐབས་ཕྲ་མོས་སེལ་བ་སོགས་བྱིན་རླབས་ཀྱི་མཐུ་བསམ་གྱིས་མི་ཁྱབ། སྐབས་དེ་ཙམ་ན་ཕྱུགས་ནད་ཧོན་གྱི་གནོད་པ་ཐོག་མར་བྱུང་བ་ནད་བདག་ཨར་ལ་གཏད་ཅིང་དཀར་པོ་འབྱུང་བའི་ཁུངས་བཙུགས། མཐའ་དམག་ཟློག་པའི་ཐབས་དང་རྟེན་འབྲེལ་མཛད་པ་སོགས་བསྟན་འགྲོ་སྤྱི་ལ་དངོས་དང་བརྒྱུད་ནས་བཀའ་དྲིན་ཕུལ་དུ་གྱུར། གནས་ཞལ་ངོ་མཚར་ཅན་འགའ་རེའང་ཕྱེ་བར་མཛད། རྗེ་ཆོས་ཀྱི་འབྱུང་གནས་སྐུ་ན་གཞོན་དུས་ཕྱི་འབྲོག་ཏུ་ཕེབས་པ་དང་མདོ་སྟོད་དུ་མཇལ་བས་རྟེན་འབྲེལ་དང་ལུང་བསྟན་མང་དུ་གནང་། གཏེར་ཆོས་ཡོངས་རྫོགས་ཀྱི་བཀའ་གཏད། དེ་ལྟར་བརྟུལ་ཞུགས་ཀྱི་སྤྱོད་པ་དང་སྐུ་ཚེ་འགྲོ་དོན་མཐར་ཕྱིན་ནས་སྐུ་སྐྱེ་བ་ཕྱི་མའི་ལུང་བསྟན་བསྩལ། ད་ནི་ང་ཡིས་མཐའ་དམག་ཟློག་པའི་དུས་ལ་བབས་གསུངས་ནས་འབམ་ཐང་པོ་ཆེར་རྟེན་འབྲེལ་བརྡའ་རྟགས་ཀྱི་སྤྱོད་པས་གཟུགས་སྐུའི་བཀོད་པ་བསྡུས། དེ་མ་ཐག་པའི་སྤྲུལ་པའི་སྐུ་ཀུན་བཟང་ཆོས་ཀྱི་རྡོ་རྗེའང་མངོན་ཤེས་རྫུ་འཕྲུལ་མཐུ་ནུས་སོགས་སྔ་མ་དང་ཁྱད་པར་མེད་པ་བྱོན་ཏེ་དགོངས་གཏེར་ཐོར་བུ་ཕབ་པར་སྣང་། དེའི་སྤྲུལ་བརྒྱུད་ད་ལྟའི་བར་རིམ་པར་བྱོན་པས་སྒར་ཤུལ་དུ་དགོན་གནས་བཏབ་ཅིང་བསྟན་རྒྱུན་སྐྱོང་། རྒྱལ་སྲས་གུ་རུ་ཆོས་འཛིན་དང་ཞལ་སློབ་འགའ་ཞིག་གི་སྤྲུལ་བརྒྱུད་བྱུང་བ་རྣམས་ཀྱིས་ཀྱང་བསྟན་པའི་ཞབས་ཏོག་ཕུལ་དུ་ཕྱིན་པར་མཛད། གཏེར་ཆོས་རྣམས་ཀྱི་འགྲོ་དོན་རྒྱ་ཆེ་ཞིང་ཁྱད་པར་དུ་རྩ་བའི་ཆོས་བདག་ཞྭ་དམར་ནག་ཟུང་དང་། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་རྣམས་ལ་དངོས་དང་བརྒྱུད་པའི་སྒོ་ནས་བསྩལ་པ་ཐུགས་ཉམས་སུ་བཞེས་པས་སྒྲུབ་བརྒྱུད་བསྟན་པའི་བར་ཆད་ཞི་ཞིང་བསྟན་རྒྱུན་གནས་པའི་བཙས་སུ་བྱུང་བ་དང་། ལྷག་པར་རྗེ་ཉིད་ཀྱི་གཏེར་ལུང་དུ། ཨ་ཏ་རོང་དུ་ཏཱའི་སི་ཏུ་རྡོ་རྗེ་ཟངས་གྲི་མཁའ་ལ་འཕྱོ༔ ཞེས་ལུང་གིས་བསྟན་པའི་བདེན་དོན་མངོན་དུ་གྱུར་ཏེ། བདག་ཅག་གི་དཔལ་མགོན་བླ་མ་དམ་པ་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོས་གཏེར་གཞུང་ཡོངས་རྫོགས་སྤར་དུ་བཀོད་ཅིང་མངའ་རིས་ནས་རྒྱ་མཚམས་ཡན་གྱི་དགོན་ཁག་རྣམས་ལ་སྒྲུབ་མཆོད་འཛུག་པ་སོགས་འགྲོ་འདུལ་ཕྲིན་ལས་མཆོག་ཏུ་སྤེལ་བ་སྟེ་ཕྱིས་བྱོན་གྱི་་་་་གཏེར་ཆོས་ཤིག་ལ་འཇའ་ཚོན་དཀོན་མཆོག་སྤྱི་འདུས་དང་རིག་འཛིན་ཆེན་པོ་འདིའི་ཟབ་གཏེར་ཁོ་ན་བྱིན་རླབས་དང་འགྲོ་དོན་ཆེ་བ་ཚད་མས་གྲུབ་པས་གཞན་གྱིས་འགྲན་ཟླ་དང་བྲལ་བ་ཡིན་ལ་ཁོ་བོས་ཀྱང་སྨིན་གྲོལ་རྫོགས་པར་ནོས་སོ། ༈ །ཆོས་རྒྱལ་ཁྲི་ལྡེའི་ཡང་སྤྲུལ་སྒོམ་སྡེ་ཇ་པ་གཏེར་སྟོན་བྱ་བཏང་སྐུ་མཆོག་གམ་ངག་གི་རྡོ་རྗེར་གྲགས་པ་ནི། སྒོམ་སྡེ་ནང་ཆེན་ཕྱོགས་སུ་འཁྲུངས། རྟེན་སྔགས་པ་དཀྱུས་མར་བཞུགས། ལྷོ་རིན་པོ་ཆེ་སོགས་ཡོངས་འཛིན་དམ་པ་རྣམས་ལས་ཟབ་ཆོས་མང་དུ་གསན་ཅིང་སྐུ་ཆུང་ངུ་ནས་སྒྲུབ་པ་ཉམས་ལེན་རྩེ་གཅིག་ཏུ་མཛད། ཁྱད་པར་རིག་འཛིན་མི་འགྱུར་རྡོ་རྗེས་རང་གཏེར་རྡོ་རྗེ་གྲོ་ལོད་ཀྱི་བཀའ་བབས་དང་གཏེར་ཁ་ལ་དབང་བར་ལུང་བསྟན། རྡོ་རྗེ་ཕག་མོའི་བསྙེན་སྒྲུབ་མཛད་པའི་སྐབས་གཏེར་སྲུང་གི་ལུང་བསྟན་དང་བསྐུལ་མ་ཡང་ཡང་བྱུང་ནའང་རྩིས་གདབ་མ་མཛད། སླར་དག་སྣང་དུ་མཁའ་འགྲོས་ལམ་སྣ་བྱས་ཏེ་གུ་རུ་རིན་པོ་ཆེ་དམོད་པ་དྲག་སྔགས་ཀྱི་བཀོད་པ་ཅན་གྱི་སྤྱན་སྔར་ཕྱིན་ཅིང་བྱིན་རླབས་དང་གདམས་པ་བསྩལ་ཅིང་། མི་འགྱུར་རྡོ་རྗེ་དང་བླ་མ་ལྷོ་པས་ཀྱང་གཏེར་འདོན་པར་འོས་པའི་གསུང་བསྐུལ་གནང་བ་ལྟར། ཐུགས་རྗེ་ཆེན་པོའི་ཕོ་བྲང་སངས་རྒྱས་མ་ཆགས་པདྨའི་སྤྱན་གྱི་སྐུ་བརྙན་བརྒྱ་རྩ་རང་བྱོན་དུ་གསལ་བའི་གནས་མཆོག་ཇ་པ་བྲག་དཀར་ནས་ཟླ་བ་གསུམ་དུ་རྒྱ་རིམ་པ་བཅུ་གསུམ་བསལ་ཏེ། སྐུ་རྟེན་ཕྱག་ཆ། སའི་སྒྲོམ་བུ་རྣམས་ཐོན་ཅིང་། སྒྲོམ་ནས་གསང་བདག་དམོད་པ་དྲག་སྔགས་ཆེས་ཟབ་པའི་ཆོས་སྐོར་བྱོན། གཏེར་སྒྲུབ་མཛད་སྐབས་གསང་བའི་བདག་པོའི་ཞལ་གཟིགས་ཤིང་ཕྱི་རྟགས་ཀུན་གྱིས་མཐོང་བའི་ཆོ་འཕྲུལ་ཆེན་པོའང་བྱུང་། གཏེར་ཁ་གཞན་བཏོན་པའི་ལོ་རྒྱུས་མི་འདུག་ཅིང་སྐྱེ་བདུན་གྱི་སྐུ་ཤ་སྤྱན་དྲངས་པ་ལ་གཞན་གྱིས་སྒྲོ་སྐུར་གྱི་བར་ཆད་བྱུང་བར་བཤད། ཆོས་བདག་བླ་མ་བློ་གྲོས་རྒྱ་མཚོ་སོགས་ལ་སྤེལ་བའི་རྒྱུན་མ་ཉམས་པར་བཞུགས་པ་བདག་གིས་ཀྱང་ནོས་ཤིང་། སྤྲུལ་བརྒྱུད་རིམ་པར་བྱོན་པ་དེང་སང་ཡང་ནང་ཆེན་ཇ་པ་དགོན་དུ་ཡོད་དོ། ༈ །ལོ་ཆེན་བཻ་རོའི་ཡང་སྤྲུལ་ལ་སྟོད་སྟག་མོ་གཏེར་སྟོན་གུ་རུ་དབོན་གསས་ཁྱུང་ཐོག་ཏུ་གྲགས་པ་ནི། གཙང་ལྷ་རྩེ་དང་ཉེ་བར་རྒྱལ་དབང་ཡེ་ཤེས་རྡོ་རྗེའི་དུས་ཙམ་འཁྲུངས། རྟེན་སྔགས་བཙུན་གྱི་ཚུལ་དུ་བཞུགས། ཐོག་མར་ས་སྐྱའི་ཕྱོགས་ཀྱི་མདོ་སྔགས་ལ་གསན་པ་ཅུང་ཟད་མཛད། སླར་བྱང་གཏེར་གྱི་ཆོས་བཀའ་ཅི་རིགས་པ་གསན་ནས་རིག་འཛིན་གདུང་སྒྲུབ་ཀྱི་ཉམས་བཞེས་གནང་སྐབས་ཟབ་གཏེར་གྱི་ཁ་བྱང་བབས་ཏེ་རུ་ལག་རྒྱང་གི་ཡོན་པོ་ལུང་བྲག་བྱ་ཁྱུང་འདྲ་བའི་མགུལ་ནས། རྫོགས་ཆེན་ཀུན་བཟང་སྙིང་ཐིག་སོགས་བླ་རྫོགས་ཐུགས་གསུམ་གྱི་སྐོར་སྤྱན་དྲངས། ཡན་ལག་ཚེ་སྒྲུབ་ཀྱི་ལུང་བྱང་ལས་གསལ་བ་ལྟར་དབུས་སུ་བྱོན་ནས། རིག་འཛིན་ཆོས་རྗེ་གླིང་པ་རས་ཆུང་ཕུག་ཏུ་བཞུགས་སྐབས་མཇལ། ཟབ་གཏེར་གྱི་བཀའ་བབས་ཡོད་ཚུལ་ལུང་བྱང་དང་བཅས་པ་ཡོངས་གྲགས་སུ་ཕུལ་ཅིང་གསང་བའི་ཚུལ་གྱིས་ཆོས་བདག་ཏུ་རྟེན་འབྲེལ་བསྒྲིགས་པ་ལ་བརྟེན། ཕྱིས་ནས་རིག་འཛིན་སྤྲུལ་པའི་གཏེར་སྟོན་ཆེན་པོར་གྱུར་པ་ཆོས་གླིང་རང་གི་རྣམ་ཐར་དུ་གསལ་བས་རྗེ་འདི་ཉིད་ཚད་ཐུབ་ཀྱི་གཏེར་སྟོན་དུ་ངེས་མོད། སྐུ་ཚེ་དང་ཕྲིན་ལས་རྒྱ་ཆེར་མ་བྱུང་བས། ཟབ་གཏེར་གྱི་རྒྱུན་ཇི་ཙམ་འཕེལ་བར་མ་འཚལ་ཕྱིར་འདིར་མདོ་ཙམ་བྲིས་པ་ཡིན་ལ། འདི་ཉིད་ཀྱི་རྫོགས་ཆེན་ཀུན་བཟང་ཐུགས་ཏིག་གི་ཆ་ལག་ཚེ་སྒྲུབ་ཧྲཱིཿགཅིག་མ་ཡེ་ཤེས་སྲོག་ཏིག་ཅེས་ཟབ་ཅིང་འདྲིལ་བའི་ཆོས་ཚན་ཉུང་ངུ་རྗེ་བླ་མར་བྱིན་རླབས་ཉེ་བརྒྱུད་ཀྱི་ཚུལ་དུ་བབས་པ་བདག་གིས་ནོས་པའང་སྐལ་བཟང་དུ་མཚོན་ནོ། ༈ །ཕྱིས་བྱོན་མདོ་ཁམས་གཏེར་སྟོན་ཐམས་ཅད་ཀྱི་རྒྱལ་པོར་གྱུར་པ་རིག་འཛིན་སྟག་ཤམ་རྡོ་རྗེའམ་བསམ་གཏན་གླིང་པ་ནི། ལྷོ་སྤར་ཤོད་ཀྱི་འབྲོག་སྡེ་ཞིག་ཏུ་ཟུར་རིགས་ཀྱི་སྔགས་རྒྱུད། ཡབ་གཅོད་པ་བཀྲ་ཤིས་དང་། ཡུམ་ལོད་སྐྱིད་གཉིས་ཀྱི་སྲས་སུ་ཤིང་མོ་ལུག་གི་ལོར་སྐུ་བལྟམས། ལྟས་མཚན་ཁྱད་པར་ཅན་མང་ཞིང་དགུང་ལོ་གསུམ་པ་ནས་རང་བྱུང་གི་ཡེ་ཤེས་ཐུགས་ལ་འཁྲུངས་པས་ལྟ་སྟངས་ཀྱི་ངང་དུ་བཞུགས། ཆུང་ངུ་ནས་ངེས་འབྱུང་དང་དག་སྣང་སྙིང་རྗེ་ཤིན་ཏུ་ཆེ་བས་ཆོས་མིན་གྱི་བྱ་བ་མཐའ་དག་སྤང་། དགུང་ལོ་བཅུ་གཅིག་པར་མཁའ་འགྲོས་དངོས་སུ་ལུང་བསྟན་པས་དག་སྣང་གི་སྣ་ཟིན་ཏེ་ཉིན་མཚན་ངོ་མི་ཤེས་པར་གྱུར། རྡོ་རྗེའི་གླུ་བྲོ་རྟག་ཏུ་མཛད་པས་དཔའ་བོ་ཞེས་པའི་མཚན་ཐོགས། བླ་མ་དམ་པ་འགའ་ཞིག་གི་ཞབས་ལ་གཏུགས་ནས་ཐོས་བསམ་མང་དུ་མཛད། དགུང་ལོ་བཅུ་བདུན་པར་རི་ཁྲོད་དུ་འབྱོན་པའི་ལམ་ཁ་ཞིག་ཏུ་གུ་རུ་རིན་པོ་ཆེ་རྣལ་འབྱོར་པ་ཐོར་ཚུགས་རས་གཟན་ཨང་རག་ཅན་ཞིག་ཏུ་སྤྲུལ་ནས་ཞལ་གདམས་བསླབ་བྱ་གནང་། ཉམས་འུར་ནས་སྐྱེ་བ་སྔོན་མ་དྲན་ཏེ་ང་ལྷ་པ་ཆོས་འབྱུང་ཡིན་བྱས་པས་ཀུན་གྱིས་ཨོ་རྒྱན་ལྷ་པ་ཟེར་བ་བྱུང་། དེར་ཕྲ་མོ་བྲག་ནས་ཟབ་གཏེར་འགའ་ཞིག་གི་ཁ་བྱང་རྣམས་ཐོན། དེའི་ཕྱི་ལོར་གླང་ལུང་སྐུ་གསུམ་བྲག་གི་བཻ་རོའི་སྒྲུབ་ཕུག་ནས་རྡོར་སེམས་སྙིང་ཐིག་དང་དྲག་པོ་ཀཱི་ལ་ཡའི་ཆོས་བཀའ་སྤྱན་དྲངས། དགུང་ལོ་ཉི་ཤུ་པ་ལ་བསྙེན་རྫོགས་བཞེས་ནས་རྟེན་དགེ་སློང་གི་དངོས་པོར་བཞུགས། མཚན་དངོས་བསམ་གཏན་རྡོ་རྗེ་ཞེས་གྲགས། གཏེར་ཁ་གཉིས་པ་ཁྲ་མོ་བྲག་གི་གནས་མདའི་ཕ་ཝཾ་ནས་ཁ་བྱང་དང་ཀ་དཔེ་བྱུང་བ་བཞིན། པདྨ་ཤེལ་ཕུག་གི་བཻ་རོའི་སྒྲུབ་ཕུག་གི་ནང་ནས་པདྨ་ཡོངས་གྲོལ་སྙིང་ཐིག །བཀའ་སྲུང་ཞིང་སྐྱོང་གི་སྐོར། གསུམ་པ་སྲོག་མཁར་སྐྱོག་ཕུག་ནས་དྲག་པོ་ཧཱུྃ་ནག་མེ་འབར། བླ་ཕུར་སྦྲགས་མ། མཁའ་འགྲོ་སེང་གདོང་སོགས་རྒྱ་ཆེར་བྱོན་ཀྱང་གསང་སྒོ་འཆོལ་བ་སོགས་ལུང་བཞིན་མ་བྱུང་བའི་སྟབས་ཀྱིས་པདྨ་ཡོངས་གྲོལ་ཞི་དྲག་གི་སྐོར་ཆོས་ཚན་ཁ་ཤས་རེ་ཕབས་པའི་འཕྲོས་སུ་འཚུབ་སློང་ཆེར་བྱུང་ཞིང་ལུང་བྱང་དམིགས་བསལ་བྱུང་བ་ལ་བརྟེན་བླ་ཕུར་སྐོར་ཙམ་ལས་གཞན་ཡང་གཏེར་དུ་སྦས། བཞི་པ་བྱ་ཁྱུང་ཚལ་གྱི་ཕྱག་རྡོར་གདན་འོག་ནས་ཐུགས་སྒྲུབ་རྣམ་གསུམ་གྱི་གཙོ་བོ་ཞི་དྲག་ཕྱེད་མ་གསེར་ཞུན་མའི་ཆོས་སྐོར། ལྔ་པ་སྲོག་རྫོང་ཙིཏྟ་འབར་བ་ནས་ཞི་བ་པདྨ་གསང་ཐིག །དྲུག་པ་བྲག་དཀར་ལྷ་ཆུ་སྲོག་མཁར་སྒྲུབ་ཕུག་གི་ཆུ་དོང་ནས་རྡོ་རྗེ་དྲག་པོ་རྩལ་གྱི་སྐོར། བདུན་པ་ནི་གཏེར་སྲུང་ཨེ་ཀ་ཛཱ་ཊིས་བསྐུལ་ནས་ལྷོ་སྟོད་དུ་བླ་མ་ཀུན་དགའ་རྒྱ་མཚོ་མཇལ་བར་བྱོན་སྐབས། ལ་ཐོག་ཟེར་བའི་ཁྱིམ་ཚང་གཅིག་གིས་གདན་ཞུས་བྱས། སྔོན་མཆོག་ལྡན་རྡོ་རྗེའི་གཏེར་བྱོན་རྟ་མགྲིན་སྙིང་པོ་དོན་སྦྱོར་པུསྟི་ཕྱག་ཏུ་ཕུལ། དག་སྣང་དུ་གྲུབ་ཆེན་པ་ཉིད་དངོས་སུ་མཇལ་ཏེ་དབང་དང་གདམས་པ་བསྩལ་པས་བཀའ་ལུང་གི་རྒྱུན་ཆད་པ་གསོས་ཏེ་རྒྱ་ཆེར་སྤེལ། བརྒྱད་པ་བྲག་དཀར་ལྷ་ཆུ་གསང་བ་ཕུག་ནས་རྩ་གསུམ་སྙིང་པོ་དོན་སྦྱོར། དགུ་པ་བདུད་རི་ནག་པོའི་ཕ་ཝང་སྙིང་འདྲ་བ་ནས་ཐུགས་རྗེ་ཆེན་པོའི་དགོངས་དོན་འགྲོ་བ་ཀུན་སྒྲོལ། བཅུ་པ་སྤག་ཤོད་ཁ་མདོའི་བྲག་ནས་མཚོ་རྒྱལ་རྣམ་ཐར་སྐབས་དོན་བརྒྱད་པ། བཅུ་གཅིག་པ་གསང་བ་ཡང་ལེ་ཤོད་ནས་གུ་རུའི་རྣམ་ཐར་བཀའ་ཐང་ཆེན་མོ། བཅུ་གཉིས་པ་སྡོམ་ཕུ་གངས་རའི་མཚོ་ནང་ནས་གཏེར་བདག་གིས་དངོས་སུ་ཕུལ་བའི་གསང་བདག་དྲེགས་འདུལ་གྱི་སྐོར། བཅུ་གསུམ་པ་སྤུ་བོ་དགའ་བ་ལུང་ཞེས་གྲགས་པའི་དུར་ཁྲོད་ཆེན་པོ་དགའ་བ་ཚལ་ནས། དིལ་འབུར་གྱི་སྟེང་ན་ཤིང་ཕུང་མང་པོ་སྐྱེས་པ་རྣམས་བཅད་ཅིང་ས་རྡོ་བསལ་བའི་འོག་ནས་རྟ་ཕག་ཡབ་ཡུམ་གྱི་སྐུ་རྟེན་ཐོག་ཚད་མ་གསལ་བར་མཛད། དེའི་སྦྱོར་མཚམས་ནས་བྱུང་བའི་ཁ་བྱང་ལྟར་གནས་དེའི་ཨོ་རྒྱན་གདན་ཁྲི་སོགས་ནས། ཡི་དམ་དགོངས་པ་འདུས་པའི་རྒྱུད་སྒྲུབ་ཐབས་ཆ་ལག་ཚང་བ་པུསྟ་ཀ་དགུར་བཞུགས་པ་དང་། བཅུ་བཞི་པ་ཕ་ཝང་ཁྲོས་མ་ནག་མོ་ནས་མཚོ་རྒྱལ་སྙན་བརྒྱུད། བཅོ་ལྔ་པ་སྟག་ཚང་རྡོ་རྗེ་གྲོ་ལོད་ནས་བདུད་འདུལ་དྲག་མོའི་སྐོར། བཅུ་དྲུག་པ་ཚ་སྒང་གཡུ་བྲག་ནས་དམ་ཅན་ལྕམ་དྲལ་གྱི་སྐོར། བཅུ་བདུན་པ་འདོང་ཆུའི་བྱམས་པའི་ཕུ་དུང་ནས་ཐུགས་རྗེ་ཆེན་པོ་མི་ཏྲའི་སྙིང་ཐིག་གི་ཆོས་སྐོར་རྣམས་སྤྱན་དྲངས་པ་ལས་ཁ་ཤས་མ་གཏོགས་ཚང་བ་གཏན་ལ་ཕབ་ཅིང་ཆོས་བདག་གི་གཙོ་བོ་གཏེར་ཆེན་ཆོས་རྗེ་གླིང་པ། དབོན་ནམ་མཁའ་རྡོ་རྗེ། འཕེལ་ཚ་བསམ་གཏན་བསྟན་འཛིན་སོགས་ལ་གནང་། རིག་འཛིན་ཆོས་རྗེ་གླིང་པས་ཞྭ་དམར་ནག་ཟུང་ལ་བསྩལ་བ་སོགས་ལ་བརྟེན་ཕྲིན་ལས་རྒྱས་ཤིང་གཞན་ཡང་གཏེར་གནས་དེ་དག་ནས་སྐུ་རྟེན། ཐུགས་རྟེན། ཕྱག་མཚན། བྱིན་རྟེན་གྱི་རིགས་ནི་མཐའ་ཡས་པར་བྱོན་ཅིང་ཕུར་པ་ཁོ་ནའང་ཕུར་ཆ་ཚང་མ་བྱུང་བར་གྲགས་གདན་སའི་གཙོ་བོ་སྤར་སྟོད་བསམ་གཏན་གླིང་དུ་མཛད། བོད་ཁམས་སྟོད་སྨད་ཀྱི་སྐྱེ་འགྲོ་མཆོག་དམན་གྲངས་ལས་འདས་པ་འདུ་བ་ལ་སྨིན་གྲོལ་ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར། དམ་རྫས་མྱང་གྲོལ་སོགས་སྒྲུབ་པ་ཆེན་པོ་ལན་གྲངས་མང་དུ་མཛད། འདུས་བྱས་ཀྱི་དགེ་རྩའང་མཐའ་ཡས་པ་བསྒྲུབས། དེ་ལྟར་མཛད་པ་མཐར་ཕྱིན་ནས་ལྟས་དང་ཆོ་འཕྲུལ་དུ་མ་དང་བཅས་ཏེ་གཟུགས་སྐུའི་བཀོད་པ་དབང་ཆེན་ཡབ་ཡུམ་གྱི་ཐུགས་ཀར་བསྡུས་སོ། །སྤུ་བོར་སྤྲུལ་བརྒྱུད་དང་སློབ་བརྒྱུད་རིམ་པར་བྱོན་པས་དགོན་གནས་འཛིན། ཕྱོགས་དེ་དང་ངོམ་རྒྱུད་བཞགས་རྙིང་སོགས་སུ་དར་རྒྱས་སུ་བཞུགས་ལ། ཁོ་བོས་ཀྱང་དེང་སང་རྒྱུན་བཞུགས་སོ་ཅོག་གི་སྨིན་གྲོལ་ལེགས་པར་ཐོབ་པས་ཆེས་སྐལ་པ་བཟང་པོར་རློམ་མོ། ༈ །རླངས་ཆེན་དཔལ་གྱི་སེང་གེའི་རྣམ་འཕྲུལ་རྭ་སྟོན་སྟོབས་ལྡན་རྡོ་རྗེའམ་པདྨ་ཚེ་དབང་རྩལ་ནི་གཙང་རྒྱང་རྩེར་མཐུ་སྟོབས་ཀྱི་དབང་ཕྱུག་རྭ་ལོ་ཙཱ་བ་ཆེན་པོའི་གདུང་རིགས་སྔགས་འཆང་ནུས་ལྡན་བར་མ་ཆད་པར་བྱོན་པའི་རིགས་སུ་འཁྲུངས། རྒྱང་རྩེར་ཟུར་སྡེ་གྲྭ་ཚང་ལས་གསན་སྦྱང་ཕུལ་དུ་ཕྱིན་པར་མཛད། རིག་འཛིན་ཆོས་རྗེ་གླིང་པའི་སྐུ་དྲུང་དུ་བྱོན་པས་ཉིད་ལ་བཞུགས་པའི་བཀའ་ཆོས་ཐམས་ཅད་བུམ་པ་གང་བྱོར་བསྩལ་ཅིང་། ཁྱད་པར་ཉིད་ཀྱི་གཏེར་གསར་ཐམས་ཅད་ཀྱི་ཆོས་ཀྱི་བདག་པོར་མངའ་གསོལ། ཤོག་སེར་འབེབས་པའི་ཡི་གེ་པའང་ཕལ་ཆེར་འདི་ཉིད་ཡིན་ལ་ཡུན་རིང་པོར་ཞབས་པད་བསྟེན་པས་ཐུགས་ཀྱི་དགོངས་པ་ལོན། དབུས་སུ་དུས་ཟིང་བྱུང་བས་ཆོས་གླིང་ཉིད་སྦས་ཡུལ་པདྨ་བཀོད་དུ་ཕེབས་པའི་ཞབས་ཕྱིར་བྱོན། དེ་སྐབས་ཆོས་གླིང་ཉིད་ཞིང་གཤེགས་པའི་དུས་སུ་རྭ་སྟོན་ལ་པདྨ་བཀོད་ཀྱི་བྱང་གླིང་དྲག་པོའི་གནས་རླུང་ནག་རྩུབ་འགྱུར་སོགས་ཀྱི་བདག་པོ་ཁྱོད་ཡིན་པས་ངེད་ཀྱི་སྒྱུ་ལུས་བརྟུལ་བའི་ས་སྤང་འཁོར་གོང་འོག་ཏུ་གནས་གཞི་ཐེབས་པ་དང་། བྱང་གླིང་གི་གནས་རྣམས་ཀྱི་གནས་སྒོ་འབྱེད་པ་དང་། གནས་ཀྱི་གསལ་ཆ་དགོས་ཚུལ་སོགས་ཞལ་ཆེམས་རྒྱས་པར་བསྩལ་པ་བཞིན། ཆོས་གླིང་ཞིང་གཤེགས་པའི་སྤང་འཁོར་གྱི་གཟིམས་ཆུང་དང་སྤུར་ཐལ་གྱི་མཆོད་རྟེན་སོགས་ལ་ཞབས་ཏོག་སོགས་བགྱིས་ནས་ཞལ་ཆེམས་བཞིན་བསྒྲུབ་པར་བརྩམས་ཀྱང་བདུད་རིགས་ཀྱི་འཕྲུལ་གྱིས་གྲྭ་སློབ་སོགས་ཀྱི་རྟེན་འབྲེལ་མ་འགྲིགས་པར་ལུས། ཆོས་གླིང་པའི་སྐུ་སྐྱེ་ཞིག་ཀྱང་ངོས་འཛིན་མཛད་པ་སྤུ་བོ་བྲག་སྐེད་དགོན་པར་བཞུགས་སུ་གསོལ། དེ་ནས་ཡར་གཙང་ཕྱོགས་སུ་ཕེབས། དེ་ནས་ཀྱང་རྒྱ་གར་རྩྭ་མཆོག་གྲོང་དང་མཐའ་འཁོབ་མུན་གླིང་འབྲས་ལྗོངས་སོགས་སུ་བརྟུལ་ཞུགས་ཀྱི་སྤྱོད་པ་ཁོ་ནས་ཕེབས། ཁ་བྱང་ཕྱག་ཏུ་སོན་པ་ལྟར། འོན་ཕུ་སྟག་ཚང་ནས་རྡོ་རྗེ་ཕུར་པ་ཞི་བ་ཀུན་བཟང་ཐུགས་ཏིག །དྲག་པོ་ཆེ་མཆོག་དང་རྟ་ནག་སྐོར་གྱི་ཆོས་སྡེ་ངོ་མཚར་ཅན་སྤྱན་དྲངས་པ་དེང་སང་ཡང་ཆོས་རྒྱུན་དར་ཞིང་ཁོ་བོས་ཀྱང་ནོས། གཞན་ཡང་གཏེར་ཁ་ཤས་སྤྱན་དྲངས་པར་གསལ། སྐུ་ཚེའི་སྨད་ལ་མི་དབང་ཕོ་ལྷ་ཐའི་ཇི་བསོད་ནམས་སྟོབས་རྒྱལ་གྱིས་དབུའི་མཆོད་གནས་སུ་བཀུར། བོད་ཁམས་བདེ་ཐབས་གཙོར་གྱུར་ཞི་རྒྱས་དབང་དྲག་གི་ལས་སྦྱོར་མང་དུ་གནང་ཞིང་རྟགས་ཐོན་པར་མཛད། སྤུ་བོར་བཞུགས་སྐབས་རྗེ་བསྟན་པའི་ཉིན་བྱེད་ཀྱིས་ཀྱང་ཆོས་གླིང་སྐོར་སོགས་དབང་ལུང་མང་དུ་གསན་ནས་ཐུགས་ཡིད་གཅིག་འདྲེས་སུ་གྱུར། རྒྱལ་དབང་ཞྭ་དམར་ནག་ཀྱང་ཆོས་བདག་ཏུ་མངའ་གསོལ་བས་མཚོན། གནས་གསར་བ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་དང་། དཔལ་ས་སྐྱ་པ་སོགས་བསྟན་འཛིན་གྱི་སྐྱེས་ཆེན་དུ་མས་ཀྱང་དངོས་དང་བརྒྱུད་པའི་སྒོ་ནས་གསུང་གི་བདུད་རྩི་བཞེས། དེ་ལྟ་བུའི་སྒོ་ནས་སྐུ་ཚེ་དང་ཕྲིན་ལས་མཐར་ཕྱིན་ཏེ་འོག་མིན་རྡོ་རྗེ་བཀོད་པའི་གྲོང་ཁྱེར་དུ་གཤེགས། སྤྲུལ་པའི་སྐུ་དྭགས་པོ་ལ་བར་འཚོ་བྱེད་དུ་ཨ་བོ་ཆོས་རྗེའི་དབོན་རིགས་སུ་འཁྲུངས་གདུང་རྒྱུད་རྒྱང་རྩེ་བྲག་དམར་བླ་བྲང་དུ་ད་ལྟའི་བར་བཞུགས་ཤིང་ཆོས་རྒྱུན་ཀྱང་མ་ཉམས་པ་ཡོད་དོ། ༈ །ཨོ་རྒྱན་ཆེན་པོའི་བྱིན་རླབས་ཀྱི་རྣམ་འཕྲུལ་ཁམས་པ་རིན་པོ་ཆེ་ངག་དབང་ཀུན་དགའ་བསྟན་འཛིན་ཞེས་མཚན་ཡོངས་སུ་གྲགས་པ་ནི། དབུས་གོང་དཀར་རྫོང་ཞོལ་བདེ་སྐྱིད་གླིང་དུ་རབ་བྱུང་བཅུ་གཅིག་པའི་ལྕགས་སྤྲེལ་ལ་འཁྲུངས། མི་ཕམ་ཆོས་ཀྱི་དབང་ཕྱུག་ལ་གཙུག་ཕུད་ཕུལ་བས་མཚན་ངག་དབང་ཀུན་དགའ་བསྟན་འཛིན་ཞེས་གསོལ། འབྲུག་པ་ཡབ་སྲས། སྒམ་པོ་བཟང་རྡོར། སྨིན་གླིང་སྐུ་མཆེད་སོགས་སྐྱེས་ཆེན་མང་པོ་བསྟེན་ནས་གསར་རྙིང་བཀའ་གཏེར་གྱི་ཆོས་ཚུལ་རབ་འབྱམས་མ་གསན་པ་མེད་པ་ལྟ་བུ་མཛད། ཐུན་མོང་རིག་པའི་གནས་ལའང་མཁས་ཤིང་ཁྱད་པར་གསོ་རིག་གི་མཐར་སོན། སྔོན་བྱོན་འབྲུག་པ་ཀརྨ་བསྟན་འཕེལ་དང་། དབུ་མཛད་ཀུན་དགའ་ལྷུན་གྲུབ་ཀྱི་ཡང་སྲིད་དུ་ངེས་པས་ཁམས་སུ་གདན་དྲངས། ཆོས་ཕྱིར་དཀའ་སྤྱད་ཀྱིས་དབེན་གནས་རི་ཁྲོད་མང་པོར་བཞུགས་སྐབས་གཟེ་རྒྱལ་མགོར་བཞུགས་དུས་བི་མ་མི་ཏྲ་དངོས་སུ་མཇལ་ནས་རྫོགས་ཆེན་གྱི་ཁྲིད་གསན་པ་དང་། སློབ་དཔོན་པདྨས་བྱིན་གྱིས་བརླབས་ནས་གཏེར་གྱི་ཁ་བྱང་དང་ལུང་བསྟན་མང་པོ་བསྩལ་ནའང་ཡུལ་དུས་གནས་སྐབས་ཀྱི་དབང་གིས་དངོས་གཏེར་རྒྱ་ཆེར་མ་བཞེས། འོན་ཀྱང་གནས་སྒོ་མང་པོ་གསར་འབྱེད་དང་ཆོས་སྐྱོང་ཁོག་ཞུགས་སོགས་ལ་བཀའ་བསྒོས་ཏེ་རྟེན་དང་ཆོས་ཀྱི་ཟབ་གཏེར་ཅི་རིགས་པ་ཕྱག་ཏུ་སོན་པ་ལས། མདོར་རྒྱལ་ནས་བཞེས་པའི་སྤོམ་རའི་སྒྲུབ་སྐོར་ཙམ་ཞིག་སྣང་བ་ཁོ་བོས་ཀྱང་ནོས། ཆུ་འབྲུག་ཚེས་བཅུའི་ཐོ་རངས་ཁར་སློབ་དཔོན་པདྨ་སྐུ་གསུམ་རིགས་དྲུག་མཚན་བརྒྱད་དཔའ་བོ་མཁའ་འགྲོའི་འཁོར་ཚོགས་སོགས་ཚེས་བཅུའི་འཆམས་བཀོད་ལྟར་ཞལ་གཟིགས་པ་ལ་བརྟེན། ཨོ་རྒྱན་ཆེན་པོའི་ལུང་བཞིན་བླ་མ་གསང་འདུས་དང་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཕན་ཚུན་གུང་སྤྲོས་ཏེ་ཁམས་པའི་ཐུགས་སྒྲུབ་ཅེས་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་གཏན་ལ་ཕབས། རང་གི་གདན་སར་གར་ཐིག་དབྱངས་རོལ་སོགས་སྔོན་གྱི་ཕྱག་བཞེས་གཞིར་བཟུང་རྗེ་ཉིད་ཀྱི་དག་སྣང་ལ་ཤར་བས་ཁ་བསྐངས་ཏེ་ཚེས་བཅུའི་གར་འཆམས་ངོ་མཚར་ཅན་དང་རྡོ་རྗེ་ཕུར་པའི་རྩ་འཆམས་ལ་སོགས་སྤྲོས་བཅས་ཀྱི་ཕྱག་བཞེས་རྒྱ་ཆེར་མཛད་པ་ཁམས་པའི་སྒྲུབ་ཆེན་ཞེས་གྲགས་པ་ད་ལྟའང་རྒྱུན་མ་ཉམས་པར་མཆིས། རྗེ་ཉིད་ཀྱི་ལུང་ལས། ཚ་བའི་དུས་ཀྱི་གྲིབ་བསིལ་དུ། །འབུམ་ཕྲག་ལྔ་ཡི་སྤྲིན་ཆེན་བསྡུས། །ཞེས་པ་ལྟར་བོད་ཁམས་བདེ་ཐབས་སུ། སྐུ་ཨོ་རྒྱན་རིན་པོ་ཆེའི་སྣང་བརྙན། གསུང་བཛྲ་གུ་རུ་རྡོ་དུང་། ཐུགས་མཆོད་རྟེན། ཡོན་ཏན་ལེའུ་བདུན་མ། ཕྲིན་ལས་པདྨ་བཀའ་ཐང་རྣམས་ཀྱི་རྟེན་སོ་སོ་ནས་འབུམ་ཕྲག་བསྒྲུབས་པ་སོགས་མཛད་པ་རླབས་ཆེ། གཞན་ཡང་མྱང་གྲོལ་རིལ་བུ་དང་། བདུད་རྩི་སྨན་གྱི་སྒྲུབ་ཆེན། མདོ་དབང་སོགས་རྙིང་མ་བཀའ་གཏེར་གྱི་ཆོས་ཀྱི་འཁོར་ལོ་མང་དུ་བསྐོར་པས་མཚོན་སྔ་འགྱུར་གྱི་རིག་པ་འཛིན་པ་ཆེན་པོའི་ས་ལ་བཞུགས། ཞལ་སློབ་ཀྱང་འབྲུག་ལུགས་རང་གི་བསྟན་འཛིན་ཕལ་ཆེར་དང་། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་དང་། རིག་འཛིན་རོལ་པའི་རྡོ་རྗེ་སོགས་མཐའ་ཡས་པ་འདུས། དེ་ལྟ་བུའི་སྒོ་ནས་བསྟན་འགྲོའི་དོན་མཐར་ཕྱིན་ཏེ་རེ་ཞིག་སྤྲུལ་པའི་དཀྱིལ་འཁོར་བསྡུས་པའི་སྐྱེ་བ་དེ་མ་ཐག་པ། རྗེ་ཆོས་ཀྱི་འབྱུང་གནས་ཀྱི་ཐུགས་སྲས་ཐུ་བོ། མཁས་བཙུན་བཟང་པོའི་ཁྱུ་མཆོག་བསྟན་འཛིན་ཆོས་ཀྱི་ཉི་མ་ནས་ད་ལྟའི་བར་རྒྱུན་མ་ཆད་པར་བྱོན་པས་ཀར་རྙིང་ཟུང་འཇུག་གི་བསྟན་པ་རྒྱ་ཆེར་སྤེལ་བར་མཛད་དོ། ༈ །སློབ་དཔོན་ཧཱུྃ་ཆེན་ཀཱ་ར་དང་མཁོན་ཀླུའི་དབང་པོ་ཟུང་འཇུག་གི་ཐུགས་སྤྲུལ་རིག་འཛིན་ཆེན་པོ་རོལ་པའི་རྡོ་རྗེ་ནི། མདོ་ཁམས་ལྷོ་རྒྱུད་ཀེ་རོང་གི་ལུང་ཕྲན་རུ་ནང་ཞེས་པར་ཡབ་ཚེ་རིང་རྡོ་རྗེ་དང་ཡུམ་ལྷ་མོ་ཞེས་པའི་སྲས་སུ་དགེ་བའི་ལྟས་མཚན་དང་བཅས་ཏེ་འཁྲུངས། མཚན་དཀོན་མཆོག་ལྷུན་གྲུབ་ཏུ་གསོལ། སྐུ་སྐྱེད་དང་གཟི་མདངས་གཞན་ལས་ཆེ་ཞིང་མི་བཟོད་པའི་སྙིང་རྗེ་ཆེན་པོ་མངའ། གང་ལའང་འཇིགས་པ་མེད་པའི་རིག་འཛིན་ཆེན་པོར་ཞལ་གྱིས་བཞེས་ཏེ་བདེན་ཚིག་མཛད་པ་ཙམ་གྱིས་ཕྱུགས་ནད་གཅོད་པ་དང་ཐན་པས་གདུང་བ་ལ་ཆར་འབེབས་པ་སོགས་ཚར་གཅོད་རྗེས་འཛིན་ཐོགས་མེད་དུ་གྲུབ་པས་སྐྱེ་བོ་རྣམས་དད་པ་ལ་བཀོད། མནལ་ལམ་དུ་བདག་མེད་པའི་དོན་ལ་ངེས་ཤེས་རྙེད་པས་གནས་ལུགས་དེ་ཁོ་ན་ཉིད་ཀྱི་དགོངས་པ་རང་བཞིན་གྱིས་མངོན་དུ་གྱུར། དྲུང་སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ། ཆེ་ཚང་རིག་འཛིན་གསུང་རབ་རྒྱ་མཚོ། ཁམས་པ་ངག་དབང་ཀུན་དགའ་བསྟན་འཛིན་སོགས་མཁས་གྲུབ་ཀྱི་བླ་མ་མང་པོ་ལས་མདོ་རྒྱུད་གསང་སྔགས་གསར་རྙིང་གི་ཆོས་བཀའ་མཐའ་ཡས་པ་གསན། ཆོས་སྤྱན་དྲི་མ་མེད་པ་མངའ་བས་གསར་རྙིང་གི་ཟབ་དོན་ཐམས་ཅད་ལུགས་གཅིག་གིས་ཉམས་སུ་ལེན་པའི་ཚུལ། སངས་རྒྱས་ཀྱི་བསྟན་པ་ཡིན་ནོ་ཅོག་ལ་དག་སྣང་དགོས་པའི་ཡི་གེ །གསན་ཡིག་རིན་ཆེན་འབྱུང་གནས་ལེགས་བཤད་རྨད་དུ་བྱུང་བའི་བསྟན་བཅོས་ཀྱང་མཛད། རབ་ཏུ་བྱུང་བའི་བཅས་མཚམས་ལས་མི་འདའ་ཞིང་བསད་ཤ་ལྗགས་ལ་མི་འཇོག་པ་སོགས་ལ་བཙུན་པའི་མཐར་ཕྱིན། བསྐྱེད་བཟླས་རྫོགས་པའི་རྣལ་འབྱོར་ལ་ཅི་རིགས་བརྩོན་པས་སློབ་དཔོན་ཧཱུྃ་ཀ་ར་དང་གུ་རུ་ཡབ་ཡུམ་སོགས་ཀྱིས་ཞལ་ཡང་ཡང་བསྟན་ཅིང་བྱིན་གྱིས་བརླབས། ཟབ་གཏེར་གྱི་དངོས་གྲུབ་འབྱུང་བའི་སྔ་ལྟས་སུ་ཐོག་མར་གསེར་ས་ལེ་སྦྲམ་ཞིག་རྙེད། རིམ་གྱིས་ཕུག་པ་ཞིག་ནས་རྡོའི་གོང་བུ་ཡིད་དུ་འོང་བ་ཞིག་ཕྱག་ཏུ་སོན་པ་ལས་གཏེར་གྱི་ཁ་བྱང་བྱུང་། ལྕགས་སྦྲུལ་སྟོན་ཟླ་ར་བའི་ཚེས་བཅུའི་ཉི་ཤར་ལ་སྒྱུ་འཕྲུལ་གྱི་ཤོག་སེར་སྤྱན་སྔར་སྣང་བ་ལས་མཚོ་གཏེར་གྱི་ལོ་རྒྱུས་གནད་བྱང་ཞིབ་པར་བྱུང་ཞིང་རེ་མ་ཏིས་ཀྱང་ནན་དུ་བསྐུལ་པ་ལྟར་གཏེར་སྒྲུབ་མཛད་པས་ཆུ་རྟ་ས་ག་ཟླ་བའི་ཚེས་བཅུའི་སྲོད་ལ་འབྱུང་པོ་གདུག་པ་ཅན་གྱིས་བར་ཆད་རྩོམ་པ་ཚར་བཅད། ཐོ་རངས་ཨོ་རྒྱན་ཡབ་ཡུམ་གྱིས་དབང་དང་བྱིན་རླབས་ཞལ་གདམས་རྒྱས་པར་བསྩལ་པ་ལྟར་ཟླ་བ་ལྔ་པའི་ཚེས་བཅུར་རྒྱམ་རྒྱལ་རྡོ་ཏིའི་ཞོལ་དུ་ཕེབ། མཆོག་དམན་ཁྲོམ་ཚོགས་དཔག་ཏུ་མེད་པའི་དབུས་སུ་གཡུ་མཚོ་ཆེན་པོར་ཕེབས་པ་ན་འཇའ་འོད་དང་སྒྲ་སྙན་པ་ཀུན་གྱིས་ཐོས་པ་བྱུང་། གནོད་སྦྱིན་དང་མཚོ་སྨན་གཉིས་ཀྱིས་གཏེར་སྒྲོམ་ཕུལ། ཀླུ་བདུད་ཅུང་ཟད་འགྱངས་པ་ལ་ཏིང་ངེ་འཛིན་གྱིས་གཟིར་བས་མཚོ་ཉི་མ་ལྟར་བལྟར་མི་བཟོད་པ་དང་ཐོག་སེར་ཆོ་འཕྲུལ་བཅས་འོང་ནས་གཏེར་སྒྲོམ་ཕུལ་བ་བཞེས་ཏེ་ཁྲོམ་ཚོགས་ཀྱི་དབུས་སུ་ཕེབས་པས་དེར་འཚོགས་ཐམས་ཅད་ཕྱིར་མི་ལྡོག་པའི་དད་པ་ལ་བཀོད། ཨོ་རྒྱན་ཐོར་ཅོག་དགུ་ལྡན་གྱི་ཕོ་བྲང་དང་ཟངས་མདོག་དཔལ་རིའི་དབྱིབས་ཅན། གནམ་ལྕགས་སྡིག་པ་སོགས་གཏེར་སྒྲོམ་དྲུག་བྱོན་ཅིང་། གདན་ས་ཆེན་པོ་བདུད་རྩི་དིལ་གྱི་དབེན་གནས་ཕུན་ཚོགས་རབ་བརྟན་དུ་སྤྱན་དྲངས་ནས་མངའ་གསོལ་ཕུལ། ཟླ་བ་དེའི་ཚེས་ཉེར་གཉིས་ལ་གཏེར་སྒྲོམ་ཁ་གཅིག་རང་འབྱེད་དུ་གྱུར་པ་ལས་ཤོག་སེར་གཏན་ལ་ཕབ་པའི་ཆོས་སྐོར། བླ་མ་རྒྱལ་བ་ཀུན་འདུས་ཕྱི་ནང་གསང་བ་ཡུམ་སྒྲུབ་དང་བཅས་པ། དྲག་པོ་དམར་ནག་གི་གདམས་སྐོར་ཟབ་ཁྱད་ཅན། ཆོས་སྐྱོང་གི་སྐོར་སོགས་བྱོན། སླར་ཡང་ལུང་གིས་བསྐུལ་ཏེ་ཀེ་རོང་རྡོ་རྗེ་ཅོང་ཕུག་ནས་ཟླ་བ་གསུམ་དུ་བྲག་གི་རྒྱ་བཤིགས་ཏེ་དངོས་གཞིའི་གེགས་སེལ་དུ་ལས་བཞིའི་སྦྱིན་སྲེག་མཛད་པའི་ཚེ་ཕྲིན་ལས་བཞི་སོ་སོའི་དབྱིབས་ཅན་གྱི་སྤྲིན་རིས་གཡོ་འགུལ་མེད་པར་ཤར། སྒྲོམ་བུ་གྲུ་གསུམ་དམར་ནག །སྡིག་གཟུགས་བུམ་པ་རྣམས་སྤྱན་དྲངས་པའི་སྐབས་འཇའ་ཚོན་དང་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ལྟས་ཀུན་གྱི་སྤྱོད་ཡུལ་དུ་གྱུར། དེ་ལས་བྱོན་པའི་ཆོས་སྐོར་གསང་བདག་དྲེགས་པ་ཀུན་འདུལ་ཞི་ཁྲོ། ཡུམ་བཀའ་སེང་གདོང་དམར་མོ། ཐེམས་མེད་སྐོར་བཅས་ཏེ་སྔ་ཕྱི་བསྡམས་པས་མཚོ་བྲག་གཉིས་སུ་གྲགས་པ་པོད་ལྔ་ཙམ་བཞུགས་པར་སྣང་། གདན་སའི་མཐིལ་བདུད་རྩི་དིལ་ཉིད་དུ་གནང་། གཏེར་ཆེན་སྟག་ཤམ་རྡོ་རྗེ་དང་ཆབ་མདོར་མཇལ་འཕྲད་ཕེབས་པས་ཡི་དམ་དགོངས་འདུས་སོགས་ཉིད་ཀྱི་གཏེར་ཆོས་ཐམས་ཅད་བཀའ་བབས་སུ་གཏད། རྒྱལ་ཚབ་ཆོས་བདག་ཆེན་པོར་མངའ་གསོལ་ཞིང་གཟེངས་བསྟོད། དབང་ཆས་སྐུ་ཆས་སོགས་གནང་ཆ་ཆེན་པོའང་མཛད། ཟླ་ཀླུང་དང་འབྲི་ཀླུང་སྒ་སྟོད་སོགས་སུ་ཞབས་ཀྱིས་བཅགས་ནས་སྐལ་ལྡན་མཐའ་ཡས་པ་མངོན་མཐོ་དང་ངེས་ལེགས་ལ་བཀོད། གདུག་པའི་མི་མ་ཡིན་མང་པོ་བཏུལ་ཅིང་བསླབ་པའི་གནས་ལ་བཀོད། མི་ཏྲ་བརྒྱ་རྩའི་དབང་རྒྱུན་ཆད་དུ་ཉེ་བ་ལ་འཇོ་ཕུ་དགོན་དུ་ཆེད་ཀྱིས་ཕེབས་ནས་འདྲེན་མཆོག་ཡེ་ཤེས་རྡོ་རྗེ་ལས་དབང་ལུང་རྣམ་དག་གི་རྒྱུན་གསན་པས་ད་ལྟའང་འཕེལ་རྒྱས་སུ་བཞུགས་པས་མཚོན་བསྟན་པ་ལ་ཐུགས་བསྐྱེད་ཤིན་ཏུ་ཆེ་ཞིང་གཏེར་ཆེན་མང་པོའི་བདག་པོར་ལུང་ལས་གསལ་བས་སྐུ་ཚེ་མཐར་འཁྱོལ་བ་ཞིག་བྱུང་ན་ཀར་རྙིང་གཉིས་ཀའི་བསྟན་པའི་སྲོག་ཤིང་ཆེན་པོར་འགྱུར་བར་མངོན་ཀྱང་། ཉིད་ཀྱི་བླ་མ་ཆེ་ཚང་རིག་འཛིན་པས་སྐུ་རྟེན་རབ་བྱུང་ལས་ཕྱག་རྒྱ་བཞེས་པ་སོགས་བཀག་པ་དང་། གཏེར་སྲུང་རྒྱལ་ཆེན་ཤོག་སེར་འབེབས་མ་བཅོལ་བ་སོགས་རྟེན་འབྲེལ་འགའ་ཞིག་འཆོལ་བའི་དབང་གིས་མཁའ་འགྲོའི་སུན་མའི་ལྟས་ཡང་ཡང་གཟིགས་ཤིང་ཐ་མའི་མཛད་པ་སྟོན་པའི་བརྡའ་ཚིག་གསལ་བར་མཛད་ནས་གཙང་གཤིས་སུ་ཕེབས་པའི་ལམ་ཁར་གློ་བུར་དུ་ཞི་བར་གཤེགས། སྐུ་གདུང་ཞུགས་སུ་ཕུལ་བའི་ཚེ་ངོ་མཚར་བའི་ལྟས་དང་ཐུགས་ལྗགས་སྤྱན་གསུམ་མ་ཉམས་པར་བྱོན། ཉིད་ཀྱི་བླ་མ་རྣམས་ཀྱིའང་བཀའ་ཆོས་གསན་ཅིང་གར་དབང་ཆོས་སྐྱོང་རྣམ་རྒྱལ། ཚེ་བྷྲཱུྃ་ཀརྨ་བསྟན་འཕེལ་གཙོས་ལུང་ཟིན་ཆོས་བདག་མང་པོས་ཕྲིན་ལས་སོ་སོར་སྤེལ། བརྒྱུད་འཛིན་གཙོ་བོ་གཏེར་དབོན་ཨོ་རྒྱན་ལྷུན་གྲུབ་ཀྱིས་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ལའང་གཏེར་ཆོས་ཚང་མའི་དབང་ལུང་ཕུལ་བས་མཚོན་བརྒྱུད་པ་མ་ཉམས་པར་ད་ལྟའི་བར་བྱོན་ཅིང་བདག་གིས་ཀྱང་སྨིན་གྲོལ་ཆ་ཚང་་་་་་ནོས། གཏེར་ཆོས་ཀྱི་ནང་ནས་གུ་རུ་དྲག་ཁྲོས་ནི་སྙིགས་དུས་ཀྱི་གཉན་རྒོད་དལ་ཡམས་ཀྱི་འཇིགས་པ་ཞི་བའི་འགྲོ་སྐྱོབས་སྲོག་གི་གོ་ཆ་གཅིག་པུར་གྱུར་པས་ཕྲིན་ལས་ཤིན་ཏུ་ཆེའོ། །གཏེར་སྟོན་གྱི་སྤྲུལ་བརྒྱུད་རིམ་པར་བྱོན་པ་རྣམས་ཀྱིས་ད་ལྟའི་བར་ཟུར་མང་གི་གདན་ས་སྐྱོང་ཞིང་ཆོས་རྒྱུན་འཛིན་པར་མཛད་མོད། ཆེ་ཚང་གསུང་རབ་པའི་སྤྲུལ་སྐུ་བར་ཆད་ཀྱི་གཞན་དབང་དུ་གྱུར་ནས་སྤྲུལ་བརྒྱུད་ཆད་པ་སོགས་བྱུང་སྣང་བས་གཏེར་སྟོན་གྱི་བྱ་བ་ཁེ་ཉེན་ཆེ་བའི་ལོ་རྒྱུས་གོང་འོག་དུ་སྨོས་པ་ལྟར། ཕྱིན་ཆད་གཏེར་སྟོན་ཚད་ལྡན་འབྱོན་སྲིད་ན་མཁས་བཙུན་དུ་རློམས་པ་དང་ཆོས་བརྒྱད་ལྟར་སྣང་ལ་ཞེན་ཅིང་རང་རྟོག་གི་བློས་གུ་རུ་རིན་པོ་ཆེའི་རྡོ་རྗེའི་ལུང་ལ་རས་ཆོད་ཅུང་ཟད་ཙམ་ཡང་མི་རུང་བར་མངོན་ནོ། ༈ །ལོ་ཆེན་བཻ་རོ་ཙ་ནའི་ཐུགས་སྤྲུལ་རོང་སྟོན་པདྨ་བདེ་ཆེན་གླིང་པ་ནི། མདོ་སྨད་གསེར་རྡོ་གཉིས་ཀྱི་མཚམས་གོང་ཏི་བྱ་བའི་གྲོང་དུ་ཡབ་དཀོན་མཆོག་དང་ཡུམ་གཟུངས་ཐར་མའི་སྲས་སུ་ཆུ་ཡོས་དཔྱིད་ཟླ་འབྲིང་པོའི་ཚེས་བཅུའི་ཐོ་རངས་སུ་ལྟས་བཟང་པོ་དང་བཅས་ཏེ་སྐུ་འཁྲུངས། མཚན་ཤཱཀྱ་ཐར་ཞེས་བཏགས། དགུང་ལོ་གསུམ་པ་ནས་སྔོན་གྱི་བག་ཆགས་སད་ནས་བླ་མ་དང་འགྲོ་དོན་སྐྱོང་བའི་ཚུལ་ཁོ་ན་མཛད། བླ་མ་སྐུ་གསུམ་གྱི་གསོལ་འདེབས་སོགས་ཚིགས་བཅད་མང་པོ་ཐོལ་བྱུང་དུ་གསུང་ཞིང་དབྱངས་འཐེན། སྲུ་མོ་སྔགས་སྲུང་མའི་རྣམ་འཕྲུལ་ཞིག་ཡོད་པ་དེས་ལས་ཅན་གྱི་སྐྱེས་བུ་ཡིན་པར་ལུང་བསྟན་ཅིང་དད་གུས་ཕུལ། དགུང་ལོ་བཅུ་གསུམ་པ་ལ་ཀློག་བསླབ། འཁོར་བ་ལ་སྐྱོ་ཤས་དང་སེམས་ཅན་ལ་མི་བཟོད་པའི་སྙིང་རྗེ་སྐྱེས། བླ་མ་ཡེ་ཤེས་རྒྱལ་མཚན་པ་ལས་གདམས་ཕྲན་འགའ་རེ་གསན། དགུང་ལོ་ཉི་ཤུ་པར་དབུས་གཙང་དུ་གནས་སྐོར་ལ་ཕེབ་སྟེ་གནས་རྟེན་རྣམས་ལ་སྨོན་ལམ་ཁྱད་པར་ཅན་མཛད། རྟེན་སྔགས་པའི་ཚུལ་དུ་བཞུགས། དགུང་ལོ་ཉེར་གཅིག་ནས་གསེར་པ་བླ་མ་ཡེ་ཤེས་རྒྱལ་མཚན་མཉེས་པ་གསུམ་གྱིས་བསྟེན་ནས་གདམས་པ་གསན། ཚུལ་ཁྲིམས་བསླབ་པས་རྒྱུད་བསྡམས། རྩ་རླུང་དང་ཕྱག་རྫོགས་ཀྱི་ཉམས་བཞེས་ལོ་བདུན་ལ་རྩེ་གཅིག་ཏུ་བརྩོན་པས་གྲུབ་པའི་མཚན་མ་བརྙེས། གནས་ལུགས་ཀྱི་རྟོགས་པ་ཀློང་དུ་གྱུར། དགུང་ལོ་ཉེར་ལྔ་པར་ལུང་བསྟན་ཐོབ་ཅིང་ཁ་བྱང་ཕྱག་ཏུ་སོན་པ་ལྟར་གསང་ཐབས་ཀྱིས་རྒྱལ་མོ་ཤིང་གི་རོང་དུ་ཕེབས། གནས་ཆེན་དམུ་རྡོ་མཁའ་འགྲོ་འབུམ་འདུས་ཀྱི་ཕ་ཝཾ་ནས་ཀློང་གསལ་མཁའ་འགྲོ་སྙིང་ཐིག་བཀའ་སྲུང་སྲོག་བདུད་ཀྱི་སྐོར་བཅས་སྤྱན་དྲངས་ཏེ་གསང་རྒྱས་བཏབ། བླ་མ་རྣམས་ལས་གསར་རྙིང་བཀའ་གཏེར་གྱི་ཆོས་མཐའ་ཡས་པའང་གསན། དགུང་ལོ་ཉེར་བདུན་པར་ཀཿཐོག་ཏུ་རིག་འཛིན་ཀློང་གསལ་སྙིང་པོའི་སྤྱན་སྔར་ཕེབས་པས་སྔོན་རབས་ཀྱི་སྐྱེ་བ་དུ་མར་འབྲེལ་བའི་ལོ་རྒྱུས་ཀྱིས་དབུགས་དབྱུང་། ཐུན་མོང་མ་ཡིན་པའི་གདམས་པ་དང་བྱིན་རླབས་བསྩལ་ནས་དོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ། དགུང་ལོ་སུམ་ཅུ་པར་གཏེར་ཆེན་སྟག་ཤམ་རྡོ་རྗེ་བཙན་རིར་ཕེབས་པ་དང་མཇལ་ནས་ཉིད་ཀྱི་གཏེར་ཆོས་ཡོངས་རྫོགས་གསན་ཅིང་ཐུགས་ཡིད་གཅིག་འདྲེས་སུ་གྱུར། ཁྱད་པར་ཏ་བླ་པདྨ་ནོར་བུ་དང་བྲག་དམར་པ་ཀུན་བཟང་ཁྱབ་བརྡལ་ལྷུན་གྲུབ་རྣམས་ལས་སྙན་བརྒྱུད་ཐུན་མོང་མ་ཡིན་པ་སོགས་ཆོས་བཀའ་མང་དུ་གསན། མཁའ་འགྲོ་སྙིང་ཐིག་ཀྱང་གསང་རྒྱ་གྲོལ་ཞིང་གནས་དུས་ཀྱི་རྟེན་འབྲེལ་འགྲིགས་པས་དམ་པ་དེ་གཉིས་ལ་སྨིན་གྲོལ་གྱི་གདམས་པ་ཐོག་མར་གནང། དེ་ཕྱོགས་སུ་འགྲོ་དོན་ཕྲིན་ལས་རིམ་གྱིས་རྒྱས། དེ་ནས་ལུང་བྱང་ལྟར་ཏྲེ་ཕུ་བྲག་རི་ཞུན་མཁར་ནས་མཁའ་འགྲོ་གསང་བ་ཡེ་ཤེས་དང་། བཙན་རི་རྡོ་རྗེའི་བྲག་ནས་བཀའ་འདུས་སྙིང་པོའི་སྐོར་རྣམས་ཀྱང་སྤྱན་དྲངས་ཤིང་ཕལ་ཆེར་གཏན་ལ་ཕབ། འདི་ཉིད་ཀྱི་གཏེར་ཁའི་གཙོ་བོ་རི་བོ་ཕག་ཞལ་ནས་མཁའ་འགྲོ་དགོངས་འདུས་བཞེས་དགོས་པ་ཕྱག་ཏུ་མ་འབྱོར་ཞིང་དེའི་དབང་གིས་ཀོང་བུ་ཆུའི་ལྷ་ཁང་ནས་ཐུགས་རྗེ་ཆེན་པོའི་ཟབ་གཏེར་ཡོད་པའང་མ་ཐོན་པར་སྣང་། སྐུ་ཚེའི་སྨད་དུ་གདན་སའི་གཙོ་བོ་བཙན་རིའི་གནས་ནང་དུ་མཛད། ཤིན་ཏུ་གདུལ་དཀའ་བའི་རྨུ་རྒོད་ཀྱི་སྐྱེ་བོའི་ཕྱོགས་སུ་འབྲེལ་ཚད་དོན་ལྡན་གྱི་འགྲོ་དོན་བསམ་ལས་འདས་པ་མཐར་ཕྱིན་ནས་སྤྲུལ་པའི་བཀོད་པ་ཆོས་དབྱིངས་སུ་བསྡུས། སྐུའི་སྲས་པདྨ་དབང་རྒྱལ་ཡབ་ཉིད་དང་སྨིན་གླིང་གཏེར་ཆེན་སྐུ་མཆེད་བླ་མར་བསྟེན། མཁས་ཤིང་གྲུབ་པའི་དབང་པོར་གྱུར། གཅུང་ཆོས་སྐྱོང་དཔལ་ལྡན་ཡང་རྙིང་ཆོས་ལ་མཁས་ཤིང་གྲུབ་པའི་རྟགས་མངོན་གྱུར་མངའ། འདི་ལས་ཞྭ་དམར་བཅུ་པ་དང་། ཀུན་མཁྱེན་བསྟན་པའི་ཉིན་བྱེད་སོགས་ཀྱིས་ཀྱང་གཏེར་ཆོས་གསན། གཙོ་བོ་ཉིད་ཀྱི་རྒྱལ་ཚབ་རིག་འཛིན་ཚེ་དབང་ནོར་བུས་འབྲུག་ཆེན་བཀའ་བརྒྱུད་ཕྲིན་ལས་ཤིང་རྟ། དཔའ་བོ་རྡོ་རྗེ་གཙུག་ལག་དགའ་བ་སོགས་དང་མངའ་རིས་ཕྱིན་ལ་སྨིན་གྲོལ་གྱི་རྒྱུན་སྤེལ་བ་ད་ལྟའང་ཅི་རིགས་བཞུགས། གདན་ས་དངོས་ལ་སྲས་བརྒྱུད་བར་མ་ཆད་པ་བྱོན་ནས་ཆོས་རྒྱུན་སྐྱོང་བར་མཛད། མདོ་ཁམས་སུ་བྱོན་པའི་གཏེར་སྟོན་ཞིག་ལ་གཏེར་ཆོས་ཀྱི་ཚིག་དོན་ཕུལ་དུ་བྱུང་བས་ཆོས་སྤྱན་ལྡན་པ་དག་གིས་རྟོགས་པས་ཤེས་ལ། གཏེར་ཆོས་གསུམ་པོ་ཁོ་བོས་ཀྱང་འབད་པས་ནོས་སོ། ༈ །མདོ་ཁམས་འབའ་ཙེར་གཏེར་སྟོན་པདྨ་ཆོས་རྒྱལ་གྱིས་ཀྱང་ཟབ་གཏེར་མང་དུ་བཞེས་པ་ཀུན་གྱི་མཐོང་སྣང་དུ་གྲུབ། བྱིན་རླབས་ནུས་མཐུ་ཆེ་བར་གྲགས། ད་ལྟའང་གདན་ས་མ་སྟོང་ཙམ་དང་ཆོས་བརྒྱུད་ཐོར་བུ་ཡོད་པར་སྣང་། རིག་འཛིན་ཚེ་དབང་ནོར་བུ་སྐུ་ཆུང་ངུའི་དུས་མཇལ་ཞིང་ཆོས་འབྲེལ་ཅུང་ཟད་གསན་པར་སྣང་། ཁོ་བོས་ཀྱང་བརྒྱུད་པ་གསུམ་ལྡན་གྱི་ཁྱུང་དམར་ཙམ་ཞིག་ཉེར་མཁོར་ནོས་སོ། ༈ །ལོ་ཆེན་བཻ་རོའི་སྐུ་སྤྲུལ་དུ་གྲགས་པ་གླིང་ཚང་རྫོང་མགོ་གཏེར་སྟོན་པདྨ་དབང་ཕྱུག་ཅེས་པ། གཏེར་སྟོན་རང་གི་གསུང་ལས། གསུང་སྤྲུལ་གཏེར་བདག་གླིང་པ། ཐུགས་སྤྲུལ་བདེ་ཆེན་གླིང་པ། ཁོང་རང་བཅས་གསུམ་པོ་ཐུགས་རྒྱུད་གཅིག་པར་གསུངས། གང་ལྟར་ཡང་རིག་འཛིན་ཀློང་གསལ་སྙིང་པོ་མཇལ་བས་ས་གཏེར་གྱི་སྐལ་པ་ཡོད་ཚུལ་དང་ཁ་བྱང་ཡང་བསྩལ་པས། ཡང་འདུལ་གྱི་གཙུག་ལག་ཁང་ཀློང་ཐང་སྒྲོལ་མ་དང་ཉེ་བའི་བྲག་ནས་བཀའ་རྫོགས་པ་ཆེན་པོ་བླ་མ་སྙིང་ཐིག་ཅེས་གུ་རུ་ཞི་དྲག་སེང་གསུམ་ཚེ་སྒྲུབ་དང་བཅས་པའི་ཆོས་སྐོར་སྤྱན་དྲངས་པ་ཁོ་བོས་ཀྱང་དཔེ་མཇལ་བས་ཚིག་དོན་སྐྱོན་མེད་དུ་སྣང་། གཞན་ཡང་ཁྲོ་རི་ཟིལ་ཁྲོམ་གྱི་སྒོ་སྲུབ་རིག་འཛིན་འདུས་པའི་གནས་ནས་སྤྱན་དྲངས་པའི་རྫོགས་པ་ཆེན་པོ་རྩ་གསུམ་སྙིང་ཐིག་དང་། རྒྱ་སྟོད་གངས་བར་ཕུག་མོ་ཆེ་ནས་སྤྱན་དྲངས་པ་བླ་རྫོགས་ཐུགས་གསུམ་གྱི་སྐོར་རྣམས་བཞུགས་པར་གྲགས་ཤིང་ཕལ་ཆེར་གྱིས་གཏེར་སྟོན་ཚད་ལྡན་དུ་བཞེད་པ་དང་། དེས་མཚོན་ཕྲིན་ལས་ཅི་རིགས་བྱུང་བར་མངོན་ནའང་ཞལ་སློབ་གྲགས་ཆེ་བ་མ་མཆིས་ཤིང་། ཉིད་ཀྱི་སྐུའི་སྲས་ཨོ་རྒྱན་གཞན་ཕན་མཆེད་སོགས་ལས་བརྒྱུད་དེ་རྩ་གསུམ་དབང་ལུང་མ་ཆད་ཙམ་ད་ལྟའང་བཞུགས་པར་སྣང་ངོ་། ༈ །ལོ་ཙཱ་བ་གཡུ་སྒྲ་སྙིང་པོའི་རྣམ་འཕྲུལ་དུ་གྲགས་པ་གཏེར་སྟོན་ཁྱུང་གྲགས་རྡོ་རྗེའམ་མཚན་དངོས་ཨོ་རྒྱན་ཕུན་ཚོགས། ཐོག་མར་ཡོངས་དགེ་གཏེར་ཆེན་མི་འགྱུར་རྡོ་རྗེའི་ཞབས་གྲས་སུ་བཞུགས། ཕྱིས་ཉིད་ལ་གཏེར་གྱི་བཀའ་བབས་ཐོག་མར་བྱུང་སྐབས་ཀཿཐོག་ཏུ་རིག་འཛིན་ཀློང་གསལ་སྙིང་པོ་མཇལ་བས་གཏེར་སྟོན་ཚད་མར་ཞལ་གྱིས་བཞེས། གཏེར་སྒྲུབ་ཚད་ལྡན་དགོས་ཚུལ་སོགས་བཀའ་བསླབ་གནང་བ་ལྟར། སྔ་ཕྱིར་རྫོགས་པ་ཆེན་པོ་བཀའ་བརྒྱད། དྲག་པོ་ཡེ་ཤེས་འཇིགས་བྱེད། རྩ་གསུམ་སྐོར་སོགས་མང་དུ་གདན་དྲངས་པའི་གཏེར་ཆོས་ད་ལྟའང་སྣང་། རྗེ་མི་འགྱུར་རྡོ་རྗེའི་ལུང་གིས་བསྐུལ་ནས་ས་ངན་ཕྱོགས་སུ་བྱོན་པས་འགྲོ་དོན་ཕྲིན་ལས་ཅི་རིགས་སུ་བྱུང་བས་འབུལ་སྐྱེལ་ཡང་མཛད་པར་སྣང་། ཞལ་སློབ་ལྷ་སྟེང་འཇའ་མོ་སྤྲུལ་སྐུ། སྒ་དམ་ཚིག་སྤྲུལ་སྐུ་སོགས་འགའ་རེ་བྱུང་བར་གྲགས། གང་ལྟར་ཟང་ཟིང་གི་གདུལ་བྱ་བྱུང་བ་རྣམས་ཀྱིས་རྙིང་རྒྱུད་ཀྱིས་གཙོས་བཀའ་གཏེར་གྱི་གླེགས་བམ་མང་དུ་བཞེངས་པ་སོགས་ཕྱག་རྗེས་བཟང་བར་མཛད། འཁྲུངས་ཡུལ་ལྷ་ཁང་དུ་རྗེ་ཉིད་ཀྱི་སྐུ་རྟེན་དང་རིང་བསྲེལ་ཕྱིས་ཀྱི་བར་ཡོད་པར་སྣང་། ༈ གནུབས་ཆེན་ནམ་སྙིང་ཐུགས་སྤྲུལ་རིག་འཛིན་ཚེ་དབང་ནོར་བུ་ནི། མདོ་སྨད་ས་ངན་བསོ་བ་ཞེས་པའི་ལྗོངས་སུ་ཡབ་རྔུ་པ་ཨ་ཏི་མགོན་པོ་དང་ཡུམ་སྒོ་བཟའ་རྡོ་རྗེ་མཚོའི་སྲས་སུ་འཁྲུངས། ངོ་མཚར་བའི་ལྟས་མཚན་དང་སྐུའི་ཞང་པོ་པདྨ་བདེ་ཆེན་གླིང་པས་མངོན་ཤེས་ཀྱི་གཟིགས་པས་གྲུབ་དབང་པདྨ་ནོར་བུའི་ཡང་སྲིད་དུ་ངོས་བཟུང་ནས་གནས་ནང་གི་གདན་སར་སྤྱན་དྲངས། མཚན་ཚེ་དབང་ནོར་བུ་རྡོ་རྗེ་དཔལ་འབར་དུ་གསོལ། ཡི་གེ་འབྲི་ཀློག་སོགས་ཚེགས་མེད་དུ་མཁྱེན། རིག་པའི་གནས་དང་གྲུབ་མཐའི་བཞེད་གཞུང་རྣམས་ཀྱང་མཁས་པར་མཁྱེན། པདྨ་བདེ་གླིང་ཉིད་རྩ་བའི་བླ་མར་བཀུར་ནས་སྨིན་གྲོལ་མང་དུ་གསན་པས་ཉམས་རྟོགས་བཟང་པོ་འཁྲུངས། ཀཿཐོག་རྒྱལ་སྲས་ལས་དགེ་བསྙེན་གྱི་སྡོམ་པ་དང་། ཟུར་མང་ཆེ་ཚང་གསུང་རབ་རྒྱ་མཚོ་ལས་བཀའ་ཆོས་མང་དུ་གསན། རྟེན་སྔགས་འཆང་རྡོ་རྗེ་འཛིན་པ་ཆེན་པོའི་ཚུལ་དུ་བཞུགས། རིམ་གྱིས་སྤུ་ཀོང་བརྒྱུད་དབུས་གཙང་རྣམས་སུ་བྱོན། རིས་མེད་ཀྱི་བླ་མ་མང་དུ་བསྟེན་ནས་གསང་སྔགས་གསར་རྙིང་གི་དབང་ལུང་ཁྲིད་སྲོལ་མཐའ་ཡས་པ་གསན། ཁྱད་པར་ཆོས་རྗེ་ཀུན་བཟང་དབང་པོ་ལས་ཇོ་ནང་གི་བཀའ་ཆོས་རྫོགས་པར་གསན་ནས་རྒྱུན་སྤེལ་བས་བསྟན་རྒྱུན་ལ་རྗེ་འདི་ཁོ་ན་བཀའ་དྲིན་ཆེ། མངོན་པར་ཤེས་པས་དུས་གསུམ་སྒྲིབ་མེད་དུ་གཟིགས་ཤིང་རྡོ་ལ་ཞབས་རྗེས་དང་། རྦབ་གྱེན་ལ་ཟློག་པ་སོགས་གྲུབ་རྟགས་མང་དུ་བསྟན་པས་མི་དབང་ཕོ་ལྷ་ཐཱ་ཇི་ཡབ་སྲས་ཀྱང་དད་ནས་ཏི་ཤྲཱིར་བཀུར། གཏེར་སྟོན་རོལ་པའི་རྡོ་རྗེ་མཇལ་ཐུབ་ན་གཏེར་ཆེན་བཅུ་གསུམ་འདོན་པའི་རྟེན་འབྲེལ་ཡོད་པ་ལ་རོལ་རྡོར་གློ་བུར་དུ་གཤེགས་ནས་མཇལ་འཕྲད་མ་བྱུང་བས་གཏེར་ཁ་ཆེན་པོ་རྣམས་བཞེས་མ་ཐུབ་ཀྱང་ཀོང་བུ་ཆུ་ནས་སྒྲོལ་མ་དམར་མོའི་གདམས་པ་ཟབ་འདྲིལ་ཞིག་དང་། ཀེ་རྒྱུད་ནས་རོལ་པའི་རྡོ་རྗེས་འདབས་གཏེར་དུ་སྦས་པ་ཁྲོ་རོལ་ཕུར་པའི་དོན་དབང་སོགས། གཙང་གཤིས་ནས་ཀྱང་ལུང་བྱང་འགའ་ཞིག་བཞེས་པར་གྲགས་ཤིང་། བསམ་པ་ལྷུན་གྲུབ་ཀྱི་སྒྲུབ་སྐོར་ཁྱད་པར་ཅན་ཡང་དག་སྣང་དགོངས་གཏེར་གྱི་ཚུལ་དུ་གཏན་ལ་ཕབ། བོད་ཡུལ་གྱི་སྒྲུབ་གནས་མང་པོར་བསྙེན་སྒྲུབ་མཛད། སྤུ་ཀོང་མངའ་རིས་ཕྱོགས་སུ་དགོན་པ་གསར་འདེབས་ཀྱིས་མཚོན་འགྲོ་དོན་རྒྱས། བལ་ཡུལ་དུ་ལན་གསུམ་ཕེབས་པའི་བར་པ་ལ་མཆོད་རྟེན་བྱ་རུང་ཁ་ཤོར་ཉམས་གསོ་མཛད། རྗེས་མར་རང་བྱུང་གི་མཆོད་རྟེན་ཆེན་པོ་གོ་མས་ལ་གནྡྷོ་ཞིག་གསོས་མཛད། དེ་སྐབས་གོརྵ་རྒྱལ་པོ་མི་གུས་པ་ལ་ལྷ་ཆེན་པོ་རྣམས་ལ་བདེན་ཚིག་གསོལ་བ་ཙམ་གྱིས་ནཱ་ག་ཀོ་ཊིའི་གྲོང་ལ་མེ་ཤོར་བ་བཙུན་མོ་དང་སྲས་བློན་རྣམས་ཀྱིས་གསོལ་བ་བཏབ་པས་དེའི་མོད་ལ་མེ་ཞི་བར་མཛད་པས་དེ་དག་དད་པ་ཐོབ་སྟེ་ཅི་གསུང་ཉན་པར་བྱུང་། མཆོད་རྟེན་བཞེངས་པའི་ཆ་རྐྱེན་དུ་ལྷ་འདྲེ་རྣམས་ལ་གསེར་བསླངས་པས་མི་ཁུར་བཅོ་ལྔ་ཙམ་བྱུང་བར་གྲགས་ཤིང་རྡོའི་གཏེར་ཆེན་པོའང་བཏོན། དེ་སྐབས་མངའ་རིས་ལ་དྭགས་རྒྱལ་པོ་སྟོད་སྨད་གཉིས་འཁྲུགས་ནས་སྟོད་ཧོར་གྱིས་དམག་འགུགས་པ་སོགས་བྱེད་པར། གཞུང་ས་ནས་ཕེབས་བསྐུལ་ཞུས་པ་བཞིན་ཕེབས་ནས་སྟོད་སྨད་ཀྱི་འཁྲུགས་པ་སྡུམ། སྟོད་ཧོར་གྱི་དམག་རང་ཡུལ་དུ་ལོག །ཐུགས་རྗེས་ཕན་ཚུན་གྱི་འཁྲུགས་པ་ཐམས་ཅད་ཞི་བར་མཛད། སྒར་བལ་ཡུལ་དུ་ཕེབས་ནས་མཆོད་རྟེན་ཉམས་གསོའི་མཛད་པ་རྣམས་ཀྱི་འཕྲོ་བསྐྱང་། མི་རིང་བར་སྐྱིད་གྲོང་ཉིད་ནས་ཞིང་ཁམས་གཞན་དུ་གཤེགས་པའི་ཚུལ་བསྟན། ཞལ་ཆེམས་ལྟར་ཉམས་གསོས་འཕྲོ་བུ་སློབ་རྣམས་ཀྱིས་གྲུབ་པར་མཛད། ཞལ་སློབ་ཀྱི་གཙོ་བོ་རྒྱལ་དབང་ཀརྨ་པ་ཡབ་སྲས། འབྲུག་པ་ཐམས་ཅད་མཁྱེན་པ། རྗེ་ཆོས་ཀྱི་འབྱུང་གནས་སོགས་མངའ་རིས་དབུས་གཙང་མདོ་ཁམས་ཀུན་དུ་མཐའ་ཡས་པ་བྱུང་ཞིང་ཆོས་རྒྱུན་ཀྱང་ཁྱབ་ཆེ། གཏེར་ཕྲན་གཉིས་དང་དགོངས་གཏེར་སོགས་བདག་གིས་ཀྱང་ནོས་སོ། ༈ །གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་འཕྲུལ་རྩ་གསུམ་གཏེར་བདག་གླིང་པའམ་གར་དབང་གནམ་ལྕགས་རྡོ་རྗེ་ཞེས་གྲགས་པ་ནི། ལྷོ་ཟླ་ནང་ཆེན་གྱི་སྟོད་གནས་ཆེན་གཟེ་རྒྱལ་གྱི་ཉེ་འདབས་སུ་འགྲུ་ཆེན་རླངས་ཀྱི་རིགས་སུ་ངོ་མཚར་བའི་ལྟས་དང་བཅས་སྐུ་འཁྲུངས། རྔོག་བློ་ལྡན་ཤེས་རབ་ཀྱི་སྤྲུལ་པར་གྲགས་པའི་དགེ་ལུགས་ཆོས་རྗེ་ཞིག་ལས་དགེ་བསྙེན་གྱི་སྡོམ་པ་ཞུས་པའི་མཚན་བཀྲ་ཤིས་ཕུན་ཚོགས་སུ་གསོལ། བསླབ་སྦྱང་ཅི་རིགས་མཛད། གཏེར་ཆེན་སྟག་ཤམ་རྡོ་རྗེ་ནང་ཆེན་སྒར་དུ་བྱོན་པ་ལས་ཆོས་འབྲེལ་ཙམ་གསན། ཕྱིས་འབྲི་གུང་དུ་བྱོན་ནས་དཀོན་མཆོག་ཕྲིན་ལས་བཟང་པོ་བླ་མར་བསྟེན་ནས་བཀའ་ཆོས་ཅི་རིགས་དང་ལྷག་པར་རླུང་ཛཱ་བིར་སྙན་བརྒྱུད་ཀྱི་སྐོར་ཞིབ་ནན་ཏུ་གསན་ནས་ལོ་གསུམ་ཙམ་བཞུགས་ཏེ་སྦྱང་པ་མཛད་པས་ཉམས་རྟོགས་ཁོང་ནས་བརྡོལ། རྫུ་འཕྲུལ་དང་མངོན་ཤེས་རྩོལ་མེད་དུ་ཤར། ལུང་བསྟན་དུས་བབ་བཞིན་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་གནས་ཆེན་མང་པོ་ཐོགས་མེད་དུ་ཉུལ་བས་ཁ་བྱང་ལུང་བསྟན་ལྟར་བསམ་ཡས་མཆིམས་ཕུ་ནས་བླ་མའི་ཐུགས་སྒྲུབ་བདེ་གཤེགས་ཀུན་་་་་འདུས་དང་། བསམ་པ་ལྷུན་གྲུབ་ཀྱི་སྐོར་ཐོག་མར་བཞེས། གཞོ་སྟོད་ཏི་སྒྲོའི་ཚོགས་ཁང་ནས་ཡང་ཟབ་པདྨ་ཁྲག་འཐུང་ཞེས་རྒྱུད་ལུང་མན་ངག་ཟབ་འདྲིལ་གྱི་སྐོར། སྤོ་བོ་རོང་པདྨའི་སྦ་ཚལ་ནས་ཡི་དམ་བཀའ་བརྒྱད་གསང་བ་ཟིལ་གནོན་རྒྱུད་ལུང་མན་ངག་རྒྱ་ཆེ་བ་གླེགས་བམ་བདུན། དེས་མཚོན་གཏེར་གནས་སོ་སོ་ནས་ཡང་ཕུར་གྭའུ་དམར་ནག །ཚེ་སྒྲུབ་འཆི་བདག་ཟིལ་གནོན་སོགས་ཚེ་སྒྲུབ་སྐོར་བཞི། ཐུགས་རྗེ་ཆེན་པོ་འཁོར་འདས་ཟིལ་གནོན། རྟ་མགྲིན་ཉི་མའི་སྙིང་པོ་དང་ཁྲོ་རྒྱལ་སྟོབས་འདུས། རྡོར་སེམས་ཡེ་ཤེས་འོད་དྲྭ། ཕྱག་རྡོར་དྲེགས་པ་ཟིལ་གནོན། དབང་དྲག་པདྨ་ཡང་གསང་། རྡོ་རྗེ་གྲོ་ལོད་ཀྱི་སྐོར། གཤིན་རྗེ་དུག་རི་མེ་འབར། གསང་བ་ཡེ་ཤེས་ཡིད་བཞིན་ནོར་མཆོག །མཁའ་འགྲོ་བདུད་འདུལ་དྲག་མོ། བླ་མའི་ནོར་སྒྲུབ་ཆོས་སྐྱོང་མགོན་པོ་ཞིང་སྐྱོང་སྐོར་སོགས་རྩ་གསུམ་རབ་འབྱམས་ཀྱི་སྨིན་གྲོལ་གདམས་སྐོར་མང་དུ་སྤྱན་དྲངས་པ་ཤོག་སེར་ལས་ཕབས་གྲུབ་རིགས་པུསྟི་བཅོ་བརྒྱད་ཙམ་གྱི་དབང་ལུང་གི་རྒྱུན་ད་ལྟའང་མ་ཆད་པར་རྡོ་ཤུལ་དང་། ཁྱུང་པོ། སྤོ་བོ་སོགས་སུ་བཞུགས་པར་སྣང་། གདན་སའི་མཐིལ་སྤོ་བོ་ཁྲོམ་གཟིགས་རྔམ་ཆེན་རང་དུ་མཛད། སློབ་ཚོགས་ཅི་རིགས་པར་འདུས་ཤིང་ཕྲིན་ལས་རྒྱས་པར་བྱུང་ནའང་། དགུང་ལོ་བཞི་བཅུ་རྩ་བཞི་པ་ཙམ་ལ་སྐུ་གཤེགས་པས་མཛད་པ་མཐར་ཕྱིན་མ་བྱུང་བར་སྣང་། གཤེགས་རྗེས་ཀྱི་བྱ་བ་སློབ་ཚོགས་རྣམས་ཀྱིས་ལེགས་པར་སྤེལ་ཞིང་། སྐུའི་སྤྲུལ་པ་རོང་སྨྱོན་ཨོ་རྒྱན་རིག་འཛིན་ཁྲོམ་གཟིགས་གདན་སར་བཞུགས། གསུང་གི་སྤྲུལ་པ་ཀུན་བཟང་འཆི་མེད་ནོར་བུ་སྤུ་བོ་དགའ་བ་ལུང་གི་ཕྱོགས་སུ་བྱུང་བར་གྲགས་ཀྱང་སྤྲུལ་བརྒྱུད་མི་གསལ། ཐུགས་ཀྱི་སྤྲུལ་པ་རིག་འཛིན་མི་འཇིགས་རྡོ་རྗེ་ཁྱུང་པོ་ཕྱོགས་ལ་བཞུགས་པ་སྟེ་གོང་འོག་གཉིས་ཀྱི་སྤྲུལ་བརྒྱུད་ད་ལྟའི་བར་ཡོད། སློབ་མའི་གཙོ་བོ་ཐུགས་སྲས་རིག་འཛིན་ཐུགས་མཆོག་རྡོ་རྗེས་ཟབ་གཏེར་ཕལ་ཆེར་ཟུང་མཁར་ཐེག་ཆེན་གླིང་པ་སོགས་ལ་བསྩལ་ནས་རྒྱུན་འཕེལ་བར་བྱུང་། གཞན་ཡང་དཀོན་སེང་པཎྜི་ཏ་དང་། རྗེ་ཀུན་དགའ་བློ་གྲོས། ཡེ་ཤེས་རྒྱལ་མཚན་སོགས་བསྟན་པ་སྤེལ་ནུས་པའི་ཞལ་སློབ་ཀྱང་འགའ་ཞིག་བྱུང། འདི་ཉིད་རིག་འཛིན་གཏེར་བདག་གླིང་པ་དང་མཚན་གྱི་ཟུར་མཐུན་པས་ཕན་ཚུན་མཐུན་མིན་དོགས་གཞི་ཙམ་སློང་ནའང་། གཉིས་ཀའི་ལུང་བསྟན་དུ་ཅིའང་མི་གསལ་བས་རང་གྲིབ་ཤ་ཟར་འཁྲུལ་པའི་དཔེར་ཟད། རྒྱལ་དབང་ཞྭ་དམར་ནག་ཟུང་ལ་མཚུར་ཕུར་གཏེར་ཕུད་འབུལ་བར་ཕེབས་སྐབས་གཟིམ་འགག་པའི་རྐྱེན་གྱིས་ཕྱག་ཏུ་འབུལ་མ་ཐུབ་ཅིང་། གཏེར་སྟོན་ཐུགས་གཤིས་རྩུབ་པས་བསྟུན་ཕྱོགས་ཆེར་མ་མཛད་པར་བརྟེན་ལུང་དོན་ཐོག་ཏུ་མ་ཁེལ་རུང་། ཡབ་སྲས་རྣམས་ཀྱིས་ཐུགས་ལ་མི་བབ་པའང་མ་མཛད་པ་བཅས་གཏེར་སྟོན་ཚད་ལྡན་དུ་གྲགས་པ་ལྟར་ཁོ་བོས་ཀྱང་པདྨ་ཁྲག་འཐུང་དོན་དབང་ཙམ་ཆོས་འབྲེལ་དུ་ནོས་པ་ཡིན་ནོ། ༈ །གནུབས་ནམ་མཁའི་སྙིང་པོ་དང་མཆིམས་ཤཱཀྱ་པྲ་བྷ་ཟུང་གི་རྣམ་འཕྲུལ་རིག་འཛིན་ཐུགས་མཆོག་རྡོ་རྗེ་ཧཱུྃ་ནག་འགྲོ་འདུལ་ནི། དབུས་ཀྱི་བསམ་ཡས་མཆིམས་ཕུའི་ཉེ་ཞོལ་སྐྱིད་མོ་གྲོང་དུ་སྐུ་འཁྲུངས། དཔལ་རིའི་གྲྭ་སར་བཞུགས་ཤིང་ལུགས་གཉིས་ཀྱི་མཁྱེན་པ་རྒྱས་པས་སྐྱིད་གྲོང་ཆོས་མཛད་དུ་གྲགས། མཚན་དངོས་ངག་དབང་བསླབ་གསུམ་དང་ཀུན་བཟང་ཕྲིན་ལས་རྡོ་རྗེར་ཡང་གྲགས་ཤིང་། ཀོང་པོ་རྩུབ་རི་གྲུབ་ཆེན་ཀུན་བཟང་རང་གྲོལ་ལས་རྫོགས་ཆེན་ཡང་ཏི་ནག་པོ་སོགས་གདམས་པ་མཐའ་ཡས་པ་གསན་ཅིང་ཐུགས་ཉམས་སུ་བཞེས་པས་རིག་པ་ཚད་ཕེབས་མངོན་དུ་གྱུར། དེ་ཉིད་ལས་རིག་འཛིན་ཚེ་དབང་ནོར་བུ་དང་ལྷན་ཅིག་བླ་མ་དགོངས་འདུས་རྫོགས་པར་གསན། རིག་འཛིན་ཆོས་རྗེ་གླིང་པ་དང་རྭ་སྟོན་སྟོབས་ལྡན་རྡོ་རྗེ་གཉིས་ཀས་རྗེས་སུ་བཟུང་ཞིང་བཀའ་ཆོས་ཐམས་ཅད་བུམ་པ་གང་བྱོར་བསྩལ། གནས་ངེས་མེད་རྣམས་སུ་བསྙེན་སྒྲུབ་ལ་རྩེ་གཅིག་ཏུ་དྲིལ་བས་གྲུབ་པའི་རྟགས་དང་དག་སྣང་བསམ་གྱིས་མི་ཁྱབ་པ་ཤར། ཁྱད་པར་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་ལ་རྩལ་ཐོན། རང་གཏེར་གྱི་ཁ་བྱང་ཕྱག་ཏུ་སོན་ཏེ་འོན་ཕུ་སྟག་ཚང་ནས་ཕུར་པ་རིགས་ལྔའི་སྒྲུབ་སྐོར། འཕྱོང་རྒྱས་བང་སོ་དམར་པོ་ནས་རྩ་གསུམ་དབང་ཆེན་འདུས་པ། བསམ་ཡས་མཆིམས་ཕུ་ནས་ཕྱག་ཆེན་ཡེ་ཤེས་མཐོང་གྲོལ། གཞན་ཡང་དྲེགས་འདུལ་གནམ་ལྕགས་འཁོར་ལོ། ནཱ་ག་རཀྴ་ས་འོག་གདོན་འཇོམས་སོགས་ཟབ་གཏེར་ངོ་མཚར་ཅན་མང་པོ་སྤྱན་དྲངས། དཔོན་པོ་ཆིང་ཝཾ་དཱ་ལས་བཱ་ཐུར་དང་རྟེན་འབྲེལ་འགྲིགས་ན་བསྟན་འགྲོར་ཕན་པའི་ལུང་བསྟན་ཤིན་ཏུ་ཟབ་པ་ཡོད་ཀྱང་། དཔོན་པོ་དེ་ཉིད་བདུད་དབང་དུ་གྱུར་པས་སྤྱོད་པ་ལེགས་མིན་དང་། གཏེར་སྟོན་ཉིད་ལའང་ཐུགས་མི་དགྱེས་པའི་བཀའ་ཕེབས་བསྒྱུར་བྱང་སོགས་གནང་ཁྱབ་ལོག་པ་ལ་བརྟེན་ཁོ་པའི་དབང་སྐལ་གཏེར་ཆོས་རྣམས་འདབས་གཏེར་དུ་སྦས་ཤིང་། ཤོག་སེར་ལས་ཕབས་གྲུབ་པ་རྣམས་ཀྱང་མེར་བསྲེགས་པས་རྟེན་འབྲེལ་འཆུགས་ཏེ་དཔོན་པོ་ཉིད་གོང་མ་ཆེན་པོའི་དགོངས་ཕོག་གི་རྐྱེན་གྱིས་གཤེགས་ཤིང་། མི་རིང་བར་གཏེར་སྟོན་ཡང་སྤོ་བོ་ཕུ་ལུང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པར་གྱུར། འདིའི་གཏེར་ཆོས་ནཱ་ག་རཀྴ་སོགས་རེ་ཟུང་ནོས། སློབ་མའི་གཙོ་བོ་འགྲོ་དོན་ནུས་ངེས་བཞིར་གྲགས་པ་ནི། ཐེག་གླིང་འགྲོ་དོན་མཐར་ཕྱིན། རིག་འཛིན་འཇིགས་མེད་གླིང་པ། ཀུན་བཟང་བདེ་ཆེན་རྒྱལ་པོ། གནུབས་ནམ་མཁའི་སྙིང་པོའི་སྐྱེ་མཐར་ཡོངས་སུ་གྲགས་པ་མཐུ་ཆེན་ཀྲ་ཏི་སྔགས་འཆང་ཀརྨ་རིག་འཛིན་དང་བཞི་ལས་སྔ་མ་གསུམ་ལ་ཟབ་གཏེར་གྱི་བཀའང་བབས། ཕྱི་མས་གཏེར་བཞེས་པ་མ་ངེས་ཀྱང་། མཁྱེན་རྟོགས་ཀྱི་རྩལ་རྫོགས་ཤིང་རིག་བྱེད་ཡན་ལག་དང་བཅས་པ་ལ་མཁས། རྟོགས་པ་ཀློང་དུ་གྱུར་པས་ཕྲིན་ལས་རྣམ་པ་བཞི་ལ་དབང་བསྒྱུར་ཏེ་བླ་ཆེན་མང་པོ་དང་བོད་ཡུལ་ཀོང་དབུས་ཀྱི་སྲིད་སྐྱོང་ཆེན་པོ་རྣམས་ཀྱིས་བླ་མར་བཀུར། སྐུ་ཚེ་དང་འགྲོ་དོན་མཐའ་རུ་ཕྱིན་པར་གྱུར་ཏོ། ༈ །གཏེར་སྟོན་དྲི་མེད་གླིང་པ་ནི། ལོ་ཙཱ་བ་རྒྱལ་བ་མཆོག་དབྱངས་ཀྱི་རྣམ་འཕྲུལ་རོང་གཏེར་བདུད་འདུལ་གླིང་པའི་སྐྱེ་བ་དེ་མ་ཐག་པ་སྟེ། ཟུང་མཁར་ཐེག་ཆེན་གླིང་དུ་གཏེར་སྟོན་བདེ་ཆེན་གླིང་པའི་གདུང་རིགས་སུ་འཁྲུངས། སྐུ་ཆུང་ངུའི་དུས་རྒྱལ་དབང་བྱང་ཆུབ་རྡོ་རྗེ་ལ་གཙུག་ཕུད་ཕུལ་བས་མཚན་ཀརྨ་འགྲོ་དོན་མཐར་ཕྱིན་ཞེས་བསྩལ། སྦྲགས་སྔགས་གྲྭའི་སྒྲིག་ལ་བཞུགས་ནས་གསན་སྦྱང་མཛད། བླ་མ་མཉན་པ་དགེ་ལེགས་སོགས་དམ་པ་འགའ་ཞིག་ལས་གསར་རྙིང་གི་ཆོས་བཀའ་མང་དུ་གསན། ཁྱད་པར་རིག་འཛིན་ཐུགས་མཆོག་རྡོ་རྗེའི་དྲུང་ནས་རྫོགས་ཆེན་ཀུན་བཟང་སྙིང་ཐིག་གི་སྨིན་གྲོལ་གདམས་ཁྲིད་རྫོགས་པར་གསན་ནས་ཐུགས་ཉམས་སུ་བཞེས་པས་ཉམས་རྟོགས་ཀློང་དུ་གྱུར། ཆོས་ཀྱི་ཚིག་དོན་མང་པོ་ཤུགས་འབྱུང་དུ་མཁྱེན། ཐོགས་མེད་ཀྱི་མངོན་ཤེས་ཤར། མེ་ལོང་རྡོ་རྗེ། བདེ་ཆེན་གླིང་པ། བདུད་འདུལ་གླིང་པ་སོགས་སྐུའི་སྐྱེ་ཕྲེང་མང་པོ་དྲན། མགྲིན་པའི་རྩ་མདུད་གྲོལ་བས་རྡོ་རྗེའི་གླུའི་མཛོད་བརྡོལ། ངེས་མེད་ཀྱི་དབེན་གནས་རྣམས་སུ་སྒྲུབ་པའི་རྒྱལ་མཚན་བཙུགས། ཟབ་གཏེར་ལ་དབང་བའི་ལུང་བསྟན་ཡང་ཡང་ཐོབ། རིག་འཛིན་ཐུགས་མཆོག་རྡོ་རྗེས་ཆོས་བདག་ཏུ་ངོས་བཟུང་ཞིང་གཏེར་གྱི་བཀའ་བབས་ཡོད་ཚུལ་དང་བསླབ་བྱ་གནང་བ་ལྟར། སྦྲགས་ཡང་རྫོང་ནས་འཆི་མེད་ཀློང་གསལ་རྡོ་རྗེའི་སྲོག་སྒྲུབ་དང་། བླ་མའི་ཐུགས་སྒྲུབ་ཡོན་ཏན་ཀུན་འབྱུང་གི་ཆོས་སྐོར་སྤྱན་དྲངས་ནས་གཏན་ལ་ཕབ། ཟུང་མཁར་རྡོའི་མཆོད་རྟེན་གོང་མ་ནས་ཐུགས་རྗེ་ཆེན་པོའི་ཆོས་སྐོར་བྱོན་ཀྱང་སླར་འདབས་གཏེར་དུ་སྦས། ཐམས་ཅད་མཁྱེན་པ་བསྐལ་བཟང་རྒྱ་མཚོས་ཀྱང་འགྲོ་དོན་ཕྱོགས་བྲལ་དུ་བསྐྱང་ཆོག་པའི་བཀའ་ཐམ་བསྩལ། ཆོས་བདག་གཙོ་བོ་གཡུ་སྒྲའི་རྣམ་འཕྲུལ་ལྕགས་ཟམ་པ་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་སོགས་ལས་བརྒྱུད་པའི་བཀའ་སྲོལ་མ་ཉམས་པར་བཞུགས་ཤིང་ཁོ་བོས་ཀྱང་ཚེ་སྒྲུབ་དང་ཐུགས་སྒྲུབ་པདྨ་རྒྱལ་པོའི་གདམས་སྐོར་ཙམ་ཐོས། གདུང་རྒྱུད་ཟུང་མཁར་ལྷ་སྡིངས་སུ་དེང་སང་ཡང་ཡོད་དོ། ༈ །ཨ་ཙ་ར་དཔལ་དབྱངས་ཀྱི་རྣམ་འཕྲུལ་ཀུན་བཟང་བདེ་ཆེན་རྒྱལ་པོའམ་སྨོན་ལམ་རྡོ་རྗེ་ནི། བསམ་ཡས་རྒོད་དཀར་ལའི་ཞོལ་དུ་འཁྲུངས། དགུང་ལོ་ལྔ་ཙམ་ནས་ལྷ་འདྲེ་དམ་ལ་འདོགས་པ་སོགས་བརྟུལ་ཞུགས་ཀྱི་སྤྱོད་པ་ཤུགས་འབྱུང་དུ་སྤྱད། བསམ་ཡས་རབ་བྱུང་གྲྭ་ཚང་དང་འཕྱོང་རྒྱས་དཔལ་རིར་གསན་སྦྱང་མཛད། རྩུབ་རི་གྲུབ་ཆེན་སོགས་ལས་གདམས་ཁྲིད་མང་དུ་གསན། ཁྱད་པར་རིག་འཛིན་ཐུགས་མཆོག་རྡོ་རྗེས་རྗེས་སུ་བཟུང་ཞིང་རྩ་བའི་བླ་མར་བསྟེན། དགུང་ལོ་བཅུ་གཅིག་པར་གཏེར་གྱི་ཁ་བྱང་ཕྱག་ཏུ་སོན་པ་ལ་བརྟེན། ཉེར་དྲུག་ལོར་ཀོང་སྟོད་དྭགས་སྨད་རོལ་བུའི་གནས་ནས་རིགས་ལྔ་སྙིང་པོའི་སྐོར་རྣམས་སྤྱན་དྲངས། དེ་ནས་རིམ་པར་སྤུ་བོ་དགའ་བ་ལུང་བསམ་ཡས་ཀྱི་སྐོར་སོགས་ནས་ཆོས་དང་རྟེན་དང་དམ་རྫས་མང་པོ། རྒྱང་རྩེའི་ཉེ་འདབས་རྩེ་ཆེན་སྒྲོལ་མ་ལྷ་ཁང་ནས་ཇོ་བོ་རྗེས་སྦས་པའི་མོས་པ་རྣམ་བཞིའི་གདམས་ཟབ་སོགས་སྔ་ཕྱིར་གཏེར་ཁ་བཅོ་བརྒྱད་ཙམ་བཞེས་པར་གྲགས་ཤིང་དེ་དག་གི་སྐབས་སུ་ངོ་མཚར་བའི་རྫུ་འཕྲུལ་གྱི་བཀོད་པ་མང་པོའང་བསྟན། གཞན་ཡང་དྭགས་པོ་ལ་ཐོག་ཟུར་མཁར་གྱི་ཕུག་གནམ་ལྕགས་བྲག་ནས་གསོ་དཔྱད་ངོ་མཚར་ཅན་སྨན་གཞོང་ཨ་རུ་ར་རྣམ་པར་རྒྱལ་བ་སོགས་གཏེར་དུ་བཞེས་ཀྱང་རྟེན་འབྲེལ་གྱི་དབང་གིས་འདབས་གཏེར་དུ་སྦས། རྒྱལ་ཚབ་དེ་མོ་རིན་པོ་ཆེས་ཏི་ཤྲཱིར་བཀུར་ཞིང་བསམ་ཡས་ཞིག་གསོས་དུས་ས་འདུལ་ཡང་མཛད། ཨོ་རྒྱན་རིན་པོ་ཆེའི་བླུག་སྐུ་སྟོང་ཕྲག་ཕུལ་བ་དེང་སང་རིག་འཛིན་ལྷ་ཁང་དུ་གྲགས། ལྷ་ལྡན་ཤཱཀྱ་མུ་ནི་མཇལ་དུས་ཐུགས་ཀ་ནས་རིང་བསྲེལ་སྲན་འབྲུ་ཙམ་ཞིག་སྤྱི་བོར་ཕེབས་པ་ཀུན་གྱིས་མཐོང་ཞིང་ལུང་བསྟན་ཁྱད་པར་ཅན་ཐོབ། དཔལ་ས་སྐྱ་པའི་གདུང་རྒྱུད་ཉག་ཕྲ་བ་ལ་བདག་ཆེན་ཀུན་དགའ་བློ་གྲོས་ཀྱི་བཀའ་བཞིན་སྐུ་རིམ་ཞུས་པས་གདུང་རྒྱུད་རིན་པོ་ཆེ་འཁྲུངས་བ་སོགས་མཛད་བཟང་གི་རླབས་ཆེ། ཀོང་པོར་ཆོས་གླིང་སྤྲུལ་སྐུ་འཇིག་རྟེན་དབང་ཕྱུག་གིས་འབྲུག་ཐང་དགོན་ཕུལ་བ་ལ་གདན་ཆགས་ནས་གདུལ་བྱ་མཐའ་ཡས་པ་ལ་ཐར་པའི་ས་བོན་བསྐྲུན་ཏེ་ངོ་མཚར་བའི་ལྟས་དང་བཅས་གཞན་དོན་དུ་གཤེགས། ཆོས་བརྒྱུད་ཐོར་བུ་ཙམ་བྱུང་ཞིང་ཁོ་བོས་ཀྱང་རྩ་གསུམ་ཟབ་མོ་ཀུན་འདུས་ཀྱི་ཆོས་སྐོར་ཙམ་ཞིག་ཐོས་སོ། ༈ །ཏའུ་རོང་དུ་བྱོན་པའི་རོག་རྗེ་གླིང་པ་འགྲོ་འདུལ་རྩལ་ནི། རོང་གཏེར་ལས་ལོ་ཆེན་བཻ་རོའི་སྤྲུལ་པའི་བྱེ་བྲག་ཏུ་གསུངས་པ་ལྟར་རོང་སྟོན་པདྨ་བདེ་ཆེན་གླིང་པ་ཞིང་གཤེགས་རྗེས་དེ་མ་ཐག་པར་འཁྲུངས་པ་ཡིན་འདུག་པས་དེའི་སྐྱེ་བར་འབྲེལ་མཚུངས་སུ་མངོན། འདིས་ཕྱོགས་དེའི་རོང་དོང་བོ་ལུང་པ་ནག་པོའི་སྲིན་རྫོང་བྲག་དམར་སོགས་གཏེར་གནས་གསུམ་ནས་རྟ་ཕག་ཡིད་བཞིན་འབར་བ་གཙོས་ཡིད་བཞིན་སྐོར་གསུམ་དུ་གྲགས་པའི་ཆོས་གཏེར་རྣམས་རྫུ་འཕྲུལ་གྱི་བཀོད་པས་གསང་གཏེར་དུ་བཞེས། ཆོས་བདག་ཀྱང་རྟ་མགྲིན་གྱི་ལུང་བྱང་ལས། རྟ་མགྲིན་ཡིད་བཞིན་ནོར་བུའི་ཡང་ཟབ་ཆོས༔ ཐེམས་སུ་མ་བསྟན་སྙན་བརྒྱུད་ཚུལ་དུ་གདམས༔ བཻ་རོ་ཙ་ན་རང་གི་ཐུགས་དམ་མཛོད༔ མ་འོངས་དོན་དུ་ཤར་རོང་མཚམས་སུ་སྦོས༔ སྤྲུལ་པས་རྙེད་ནས་རང་གསང་ཉམས་སུ་ལོངས༔ འོད་དཔག་མེད་དང་སྤྱན་རས་གཟིགས་དབང་གི༔ སྤྲུལ་པ་དམར་མཐིང་ཅོད་པན་འཆང་བ་དང༔ མངའ་བདག་སྐྱེ་བ་བཟང་པོའི་མིང་ཅན་དང༔ ཆོས་ཀྱི་སྤྱན་ཅན་སོགས་ལ་འདི་འཕྲོད་ན༔ སྐུ་ཚེ་བརྟན་ཅིང་ཕྲིན་ལས་རྒྱས་པར་འགྱུར༔ ཞེས་སྣང་ཡང་རྒྱལ་དབང་ཞྭ་དམར་ནག་དང་སྐལ་བཟང་རྒྱ་མཚོ་སོགས་སྐུ་ཡུལ་གཉན་ཅིང་ཡུལ་དུས་ཀྱིས་བསྐལ་པས་ཕྱག་ཏུ་འབུལ་བ་མ་བྱུང་། རྗེ་ཆོས་ཀྱི་འབྱུང་གནས་ཧོར་ཕྱོགས་སུ་ཕེབས་སྐབས་ཤིག་འདི་ཉིད་སྦས་ཚུལ་གྱིས་བྱོན་ནས་གསང་ཁོག་ཏུ་ཆོས་བཀའ་ཕུལ་བ་དང་དུ་བཞེས་པས་སྐུ་ཚེ་མཐར་ཕྱིན་པར་གྲགས། འོན་ཀྱང་གཏེར་སྟོན་ཉིད་སྦས་ཚུལ་ཁོ་ན་མཛད་པས་ཤིན་ཏུ་གྲགས་ཆུང་ཞིང་གཏེར་ཆོས་རྣམས་ཀྱང་འགྲོ་དོན་བྱུང་ཚུལ་མ་ཐོས་པ་མ་ཟད་ད་ལྟ་ནི་མཚན་ཙམ་ཡང་ཐོས་མཁན་མི་སྣང་མོད། རྗེ་བླ་མ་རིན་པོ་ཆེར་ཉེ་བརྒྱུད་ཀྱི་ཚུལ་དུ་བཞུགས་པ་གོང་མའི་རྟེན་འབྲེལ་ལ་བསམ་ཁོ་བོས་ཀྱང་རྟ་མགྲིན་ཆ་ལག་ཚེ་སྒྲུབ་ཀྱི་དབང་ལུང་སྐལ་པ་བཟང་པོར་ནོས་སོ། ༈ །གཏེར་སྟོན་གར་དབང་འཆི་མེད་རྡོ་རྗེ་ནི། རིག་འཛིན་ཆོས་རྗེ་གླིང་པས་སྤུ་སྟོད་ནོར་བུ་དོན་གྲུབ་ཚང་ལ་ལུང་བསྟན་ཕྱག་རིས་སུ་བསྩལ་པ་ལྟར། སྦས་གནས་པདྨོ་བཀོད་པའི་སྙིང་ཁ་ཆོས་ཀྱི་འཁོར་ལོའི་ཆར། སྐུ་ཡུལ་ཞེས་པ་མོན་པའི་གྲོང་དུ་ཡབ་སྔགས་འཆང་དཀོན་མཆོག་དང་ཡུམ་རྒྱ་ལ་སྡེ་པའི་སྲས་སུ་ཆུ་མོ་ལུག་གི་ལོར་བལྟམས། དེའང་དགའ་ཆགས་ནས་ཆོས་གླིང་སྤྲུལ་སྐུ་འཇིག་རྟེན་དབང་ཕྱུག་ཞིང་གཤེགས་པ་དང་། འདི་ཉིད་ལྷུམས་སུ་ཞུགས་པ་དུས་འགྲིགས། སྐུ་ན་ཕྲ་མོ་ནས་དམ་པའི་སྤྱོད་པས་དུས་འདས་པས་ཀློ་དང་མོན་པ་རྣམས་ཀྱང་ཡ་མཚན་དུ་འཛིན། སྤུ་བོ་རྦ་ཁ་དགོན་དུ་བསླབ་སྦྱང་མཛད། འབྲུག་ཐང་གཏེར་སྟོན་ལ་གཙུག་ཕུད་ཕུལ་བས་མཚན་ཀུན་བཟང་འོད་ཟེར་གར་དབང་བསྟན་པའི་ཉི་མ་ཞེས་གསོལ་ཞིང་མ་འོངས་པའི་ལུང་བསྟན་དང་དབུགས་དབྱུང་གཟེངས་བསྟོད་མཛད། རྦ་ཁ་དགོན་ནས་གཏེར་གྱི་ཁ་བྱང་ཕྱག་ཏུ་འབྱོར་བ་ལྟར། མེ་རྟ་ཟླ་བ་དྲུག་པའི་ཚེས་བཅུ་ལ་པདྨ་བཀོད་ཀྱི་གནས་སྟོད་མཁའ་འགྲོ་འབུམ་འདུས་ཀྱི་ལུང་པ་དམར་ནག་རཀྟའི་མཚོ་འགྲམ་ནས་འཆི་མེད་ཐུགས་ཐིག །ཚེ་ཆུ། དམ་རྫས། སྐུ་ཚབ་སོགས་སྤྱན་དྲངས། མི་ལོ་བཅུ་གཉིས་ཀྱི་བར་དུ་གསང་རྒྱ་བསྡམས་ནས་ཉམས་བཞེས་མཐར་ཕྱིན་པར་མཛད། བཀའ་རྒྱ་གྲོལ་བའི་ཐོག་མར་སྒམ་པོ་སྤྲུལ་སྐུ་ལ་གདམས་ངག་རྫོགས་པར་བསྩལ། རིམ་གྱིས་སྦྱོར་ར་ཐམས་ཅད་མཁྱེན་པ་སོགས་ལའང་སྤེལ། དབུས་ཕྱོགས་སུ་ཕེབས་ཏེ་གཞུང་ས་རྩེ་ཤོད་དུའང་རྟེན་འབྲེལ་ལེགས་སུ་འགྲིགས། བསྟན་པའི་རིམ་གྲོ་འགའ་ཞིག་བསྒྲུབ། བྱོན་ལམ་གྱི་གནས་རྣམས་དང་། སྦ་ལྕག་ཤྲཱི་སོགས་ནས་གཏེར་ཁ་མང་དུ་བཞེས་པར་གྲགས་ནའང་དེང་སང་འཆི་མེད་ཐུགས་ཏིག་དང་གྲོ་ལོད་གནམ་ལྕགས་མེ་འཁོར་གཉིས་བཞུགས། རྗེ་འདི་དང་དྭགས་པོ་གཏེར་སྟོན་ལྷན་རྒྱས་ཀྱིས་སྦས་ཡུལ་ཆེན་པོའི་ལྟེ་བ་སྤྲུལ་པའི་འཁོར་ལོ་གཙོ་བོར་གྱུར་པའི་གནས་སྒོ་མང་པོ་གསལ་འབྱེད་དང་། བོད་ཁམས་སྤྱིའི་བདེ་ཐབས་སུ་ས་གནད་རྣམས་སུ་ལྷ་ཁང་དང་མཆོད་རྟེན་མང་དུ་བཞེངས་ཤིང་སྒྲུབ་ཆེན་ལན་འགའ་ཞིག་མཛད། གློ་མོན་གྱི་འགྲོ་བ་མང་པོ་བསྡུ་བ་རྣམ་པ་བཞིས་རྗེས་སུ་བཟུང་བར་མཛད་ནས་ཞི་བར་གཤེགས་པའི་སྤྲུལ་བརྒྱུད་ཀྱང་སྦས་ཡུལ་དེ་ཉིད་དུ་རིམ་པར་བྱོན་པར་གྲགས། འདི་ཉིད་གཏེར་སྟོན་ཚད་ཐུབ་ཏུ་སྣང་བས་འཆི་མེད་ཐུགས་ཏིག་ཁོ་བོས་ཀྱང་ནོས་སོ། ༈ །གཡུ་སྒྲ་སྙིང་པོའི་རྣམ་འཕྲུལ་གཏེར་སྟོན་རྡོ་རྗེ་ཐོགས་མེད་དམ་བསྟན་འཛིན་ཟླ་འོད་རྡོ་རྗེ་ནི། ཀོང་པོ་བྲག་གསུམ་གྱི་ནང་ཚན་མཚོ་ཆུ་དར་མ་བྲག་གི་ཕྱོགས་སུ་དྭགས་རྒྱུད་གྲུབ་ཆེན་འཇམ་དབྱངས་ཞེས་པའི་སྲས་སུ་འཁྲུངས། སྐུ་ན་ཕྲ་མོ་ནས་བསྙེན་སྒྲུབ་ཁོ་ན་མཛད་ཅིང་བཞུགས་པ་ལ་བླ་མ་མཁའ་འགྲོས་ལུང་བསྟན་པ་ལྟར་མཚོ་ཕུ་ནོར་བུ་བཀོད་པའི་གནས་སྒོ་ཕྱེས། ཟབ་གཏེར་འགའ་ཞིག་ཕྱག་ཏུ་སོན་ཀྱང་རྟེན་འབྲེལ་དབང་གིས་འདབས་གཏེར་དུ་སྦས། ཕྱིས་སུ་སྒམ་པོ་སྤྲུལ་སྐུ་མཇལ་ནས་རྟེན་འབྲེལ་སོར་ཆུད་དེ་སྤུ་བོ་འདོང་ཆུའི་ལྷ་ཁང་ནས་ཁ་བྱང་ཕྱག་ཏུ་སོན་པ་ལྟར། པུ་ལུང་བཙན་དམར་སྲོག་གི་སྤུ་གྲིའི་བྲག་ནས་ཚེ་སྒྲུབ་འོད་ཀྱི་དྲྭ་བའི་སྐོར་རྣམས་སྤྱན་དྲངས། གཞན་ཡང་གཏེར་ཁ་འགའ་ཞིག་ཁྲོམ་གཏེར་དུ་མཛད་པར་གྲགས། པདྨ་བཀོད་ཀྱི་བྱང་གླིང་བཙན་ཕྱུགས་ཞེས་པའི་སར་རི་ཁྲོད་བཏབ་ནས་བཞུགས། ཐུགས་དམ་མཐར་ཕྱིན་ཏེ་སྐུ་གཤེགས། ཡུམ་ཟླ་འོད་དབང་མོ་ཞེས་འཇའ་ལུས་འགྲུབ་པར་ཉེ་བའི་རྣལ་འབྱོར་དབང་མོ་དེས་རྒྱུན་བཟུང་བས་དེང་སང་ཡང་ཚེ་སྒྲུབ་ཀྱི་སྐོར་བཞུགས་པར་འདུག །ཁོ་བོས་ཀྱང་སྙིང་པོ་ཙམ་ཞིག་རྗེ་བླ་མའི་བཀའ་དྲིན་ལས་ནོས་སོ། ༈ །རྒྱ་སྲས་ལྷ་རྗེའི་རྣལ་འཕྲུལ་ཟླ་བའི་འོད་ཟེར་རམ་གཏེར་སྟོན་རང་གྲོལ་ཏིང་འཛིན་རྒྱལ་པོ་ནི། ཡབ་ཐེག་གླིང་འགྲོ་དོན་མཐར་ཕྱིན་དང་། ཡུམ་གནུབས་བརྒྱུད་རིགས་ལྡན་མ་ཞིག་གི་སྲས་སུ་སྦྲགས་ཀྱི་ཕུ་སྐྱུ་རུ་ཅན་དུ་སྐུ་བལྟམས། ཅུང་ཟད་ནར་སོན་པ་ན་ཡབ་ཀྱིས་གཏེར་ཆོས་ཡོངས་རྫོགས་ཀྱི་སྨིན་གྲོལ་གནང་། དགུང་ལོ་དྲུག་པ་ལ་ཡབ་གཤེགས་པས་གཅེན་གཏེར་སྲས་པདྨ་བསྟན་འཛིན་རྒྱ་མཚོ་དང་། ལྕགས་ཟམ་པ་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་ལས་རྙིང་མ་བཀའ་གཏེར་གྱི་ཆོས་ཕལ་མོ་ཆེ་གསན། དགུང་ལོ་བཅུ་གསུམ་པར་དཔལ་རིར་ཆོས་སྒོར་ཞུགས། མཚོ་རྒྱལ་སྤྲུལ་སྐུ་པདྨ་ཆོས་འབྱོར་རྒྱ་མཚོར་གཙུག་ཕུད་ཕུལ། གནས་དེར་དག་པའི་སྣང་བ་ཕྱོགས་མེད་དུ་ཤར། ལྷ་ལྕམ་མནྡཱ་ར་བས་ཨ་རུ་ར་རློན་པ་འབྲུ་བདུན་ཡོད་པ་ཞིག་དངོས་སུ་བསྩལ། གསོ་རིག་ལ་སྦྱངས་པས་མཁས་པར་མཁྱེན། དགུང་ལོ་བཅོ་བརྒྱད་པ་ནས་གཏེར་གྱི་ཁ་བྱང་དང་ལུང་བསྟན་མང་དུ་བྱུང་ཡང་རིག་མའི་རྟེན་འབྲེལ་འགྱངས་པས་གཏེར་ཁ་མང་ཞིག་དུས་ལས་ཡོལ། དེ་ནས་གྲུབ་ཆེན་ངག་དབང་ཆོས་གྲགས་ལས་གྲོལ་ཏིག་དགོངས་པ་རང་གྲོལ་གྱི་དབང་ལུང་ཡོངས་རྫོགས་གསན་ཏེ་བསམ་ཡས་མཆིམས་ཕུར་ལོ་ལྔར་དཀའ་སྤྱད་ཆེན་པོས་སྒྲུབ་པའི་དམ་བཅའ་མཐར་ཕྱིན་པར་མཛད། གཞན་ཡང་ལོ་གསུམ་དུ་ཡབ་ཆོས་ཐུགས་སྒྲུབ་ཡོན་ཏན་ཀུན་འབྱུང་གི་ཉམས་བཞེས་གནད་སྨིན་མཛད་ནས་ལྷ་ལྡན་དུ་ཕེབས་སྐབས་རྔ་ཡབ་པདྨ་འོད་དུ་ཕེབས་པ་དང་། གྲུབ་ཆེན་ཐང་སྟོང་རྒྱལ་པོས་བྱིན་གྱིས་བརླབ་པ་སོགས་དག་པའི་སྣང་བ་འབྱམས་སུ་ཀླས། བྲག་དམར་མགྲིན་བཟང་ནས་གཏེར་གྱི་ཁ་བྱང་འབྱོར་པ་ལྟར། བསམ་ཡས་མཆིས་ཕུ་བློན་པོ་མགུལ་དུ་ཕེབས་པའི་ལམ་ཁར་དཔལ་རི་མཚོ་རྒྱལ་སྤྲུལ་སྐུས་མངོན་ཤེས་ཀྱིས་དགོངས་ཏེ་དཔོན་སློབ་གསུམ་བྱ་བྲལ་བའི་ཆས་ཀྱིས་བྱོན། ཁོང་དཔོན་སློབ་སྔོན་དུ་ཕེབས་ནས་གུར་དཀར་ཕུག་ཏུ་གྲ་བསྒྲིགས། གཏེར་སྟོན་ལ་བསུ་བ་སོགས་བཀུར་བསྟི་མཛད། དེ་ནས་སྐུ་རྟེན་མཐོང་གྲོལ་ཆེན་མོ། གསུང་རྟེན་བླ་མའི་ཐུགས་སྒྲུབ་རིག་འཛིན་བདེ་གཤེགས་འདུས་པ་ཞི་དྲག །ཐུགས་རྟེན་ཨ་རྒྱ་མ་ཉེར་གཅིག་རྣམས་སྤྱན་དྲངས་ཤིང་བརྡ་རིས་ཞལ་བཤུས། མ་དཔེ་སླར་སྦ་བ་སོགས་ལུང་དོན་ལྟར་གྲུབ་ནས་གཡའ་མ་ལུང་དུ་གཏན་ལ་ཕབས། ལོ་བདུན་དུ་གསང་རྒྱ་དང་སྒྲུབ་པ་མཐར་ཕྱིན་པར་མཛད་ནས་ལུང་ཟིན་ཆོས་ཀྱི་བདག་པོ་རྣམས་ལ་སྤེལ་པའི་དབང་ལུང་ཁྲིད་གསུམ་གྱི་རྒྱུན་ད་ལྟའང་བཞུགས་ཤིང་ཁོ་བོས་ཀྱང་རིག་འཛིན་བདེ་འདུས་ཀྱི་ཆོས་སྡེ་ཚེ་སྒྲུབ་རྡོ་རྗེ་སྙིང་པོ་འོད་ཀྱི་དྲྭ་བ་དང་། ཕྱག་རྡོར་དྲག་པོ་ཀུན་འདུས་སྐོར་རྣམས་ནོས་སོ། །ཞལ་སློབ་ཀྱི་གཙོ་བོ་བསྟན་འཛིན་བརྒྱད་པ་མཁྱེན་རབ་མཐུ་སྟོབས། རྫོགས་ཆེན་བཞི་པ། གཏེར་འབྱིན་བསྟན་འཛིན་ཤེས་རབ་བླ་སློབ་སོགས་མང་དུ་བྱོན། གཞུང་ས་ཆེན་པོས་སྤྲུལ་པའི་གཏེར་སྟོན་ཆེན་པོར་མངའ་གསོལ་ཞིང་བོད་ཁམས་བདེ་ཐབས་མང་དུ་བསྒྲུབས། བསམ་ཡས་དབུ་རྩེར་ཞུགས་ཀྱི་གནོད་པ་བྱུང་བའི་སྐབས་ཀྱང་ཕེབས་ནས་ལྷ་སྲིན་དམ་བསྒྲག་སོགས་མཛད་པས་གླིང་གཞན་དུ་གནོད་པ་མ་བྱུང་བ་སོགས་ངོ་མཚར་དུ་གླེང་། ཕྱིས་ཞིག་གསོས་སྐབས་ཀྱང་ས་འདུལ་དང་རབ་གནས་སོགས་མཛད་པས་མཚོན་བསྟན་འགྲོའི་དོན་རླབས་ཆེན་མཐར་ཕྱིན་ཏེ་པདྨ་འོད་ཀྱི་གྲོང་ཁྱེར་ཆེན་པོར་གཤེགས་པའི་གཤེགས་རྗེས་ཀྱི་བྱ་བ་རྣམས་གདུང་སྲས་མཆེད་ཀྱིས་སྒྲུབ་པར་མཛད་དོ། །རྣམ་འཕྲུལ་ཁམས་སུ་འཁྲུངས་པ་རྫོགས་ཆེན་བཞི་པས་ལུང་བསྟན་ཅིང་མཆིམས་ཕུར་བཞུགས་ནས་གོང་མའི་ཟབ་ཆོས་ཀྱི་ཕྲིན་ལས་སྤེལ་བར་མཛད་དོ། ༈ །དཔལ་ལྷའི་སྲས་པོ་དམ་འཛིན་མུ་རུབ་བཙད་པོ་ཡེ་ཤེས་རོལ་པ་རྩལ་གྱི་རྣམ་འཕྲུལ་འགྲན་ཟླ་དང་བྲལ་བའི་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་ནི། ཨོ་རྒྱན་དྲི་མེད་ཀུན་དགའི་གཏེར་ལུང་ལས། ཡོར་སྟོད་གྲྭ་ཡི་ལ་བར་དུ༔ རཏྣ་ཨོ་རྒྱན་མཚན་འཆང་བ༔ མཆོག་གཏེར་ཆོས་ལ་ལོངས་སྤྱོད་པ༔ ཆོས་བདག་པདྨའི་ཐུགས་སྤྲུལ་འབྱུང༔ ཞེས་པ་དང་ཚིག་དོན་མཚུངས་པ་རོང་སྟོན་པདྨ་བདེ་ཆེན་གླིང་པའི་ལུང་ལས་ཀྱང་འབྱུང་ཞིང་། རཏྣའི་སྤྱི་ལུང་མ་འོངས་ཆོས་བདག་ཉེར་ལྔའི་གྲས་སུའང་། ནོར་བུའི་མིང་ཅན་ཁམས་ཀྱི་ལྷོ་ཕྱོགས་འབྱུང༔ ཞེས་གསལ་བར་གསུངས་པ་ལྟར། མདོ་ཁམས་ལྷོ་རྒྱུད་ཡོར་སྟོད་དང་འབྲེལ་བར་སྒོམ་སྡེ་གྲྭ་ནང་གི་སའི་ཆར་ནང་ཆེན་ཆིང་ཧུའི་བློན་པོ་ཨ་ལྕགས་འབྲུའི་རིགས་ཡབ་སྡོམ་པ་སྔགས་འཆང་པདྨ་དབང་ཕྱུག་དང་། ཡུམ་ཚེ་རིང་གཡང་མཚོ་གཉིས་ཀྱི་སྲས་སུ་ས་མོ་གླང་ལོ་ཆུ་སྟོད་ཟླ་བའི་ཚེས་བཅུ་ལ་འཇའ་འོད་སོགས་ལྟས་བཟང་པོ་དང་བཅས་ཏེ་འཁྲུངས། སྐུ་ཆུང་ངུ་ནས་དམ་པའི་སྤྱོད་པ་ངོ་མཚར་བ་བསྟན་ཅིང་ཡི་གེ་འབྲི་ཀློག་ཀྱང་ཚེགས་ཆུང་ངུས་མཁྱེན། བླ་དྭགས་ཀྱི་མཚན་ནོར་བུ་བསྟན་འཛིན་དུ་གསོལ། གཞན་གྱིས་སྐུལ་བ་པོ་མེད་པར་ཐུགས་དམ་གྱི་རིམ་པའང་མང་དུ་མཛད། ལྷོ་ཀུན་བཟང་མཆོག་སྤྲུལ་ལ་གཙུག་ཕུད་ཕུལ་བས་མཚན་དཀོན་མཆོག་བསྟན་འཛིན་དུ་བཏགས། ཕྱིས་ཀྱི་བར་ཡོངས་གྲགས་ཀྱི་མཚན་འདི་ཡིན་པས་དཀོན་མཆོག་གི་ལེགས་སྦྱར་རཏྣ་ཞེས་པ་གོང་གི་ལུང་དོན་དང་འབྱོར་བ་ཡིན་ནོ། །དགུང་ལོ་བཅུ་གསུམ་པར་མ་ཎི་ཁ་ཞེས་པར་རོལ་རྩེད་དུ་བྱོན་སྐབས་ཨོ་རྒྱན་རིན་པོ་ཆེ་དངོས་སུ་བྱོན་ནས་ས་ཆ་སོགས་ལ་ཅི་མིང་དྲི་བ་ལྟར་མཛད་པ་ལ་སོ་སོར་ལན་ཞུས་པས། ས་ལ་མ་ཎི་ཀ །ཁྱོད་ལ་ནོར་བུ་བསྟན་འཛིན། ལུང་པ་ལ་ཨརྻ་ནང་ཟེར་བས་ཁྱོད་ལ་འཇིག་རྟེན་ན་ཁྱད་པར་འཕགས་པ་ཞིག་འོང་ཞེས་ལུང་བསྟན་ནས་འཇའ་ལྟར་ཡལ། འདི་སྐབས་སྟག་ལུང་མ་རིན་པོ་ཆེ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དཔའ་བོ་བརྒྱད་པ་གཙུག་ལག་ཆོས་ཀྱི་རྒྱལ་པོས་བླ་མ་དགོངས་འདུས་ཐུགས་སྒྲུབ་ཚ་བ་དམར་ཐག་དང་ལས་བྱང་མེ་ཏོག་ཕྲེང་མཛེས་ཀྱི་དཔེ་ལུང་བྱིན་རླབས་ནན་དུ་གནང་ནས་འདི་ལ་ཉམས་བཞེས་མཛད་ན་ལེགས་པར་གདམས་ཤིང་དོན་གྱིས་གཏེར་བརྒྱུད་གཏད། སྔ་ཕྱིར་རྒྱལ་དབང་ཀར་འབྲུག་ཡབ་སྲས། འབྲི་གུང་མཆོག་སྤྲུལ། ཟུར་མང་གདན་མཁན་སློབ་སོགས་ཡོངས་འཛིན་དུ་མ་ལས་མདོ་སྔགས་གསར་རྙིང་གི་དབང་ལུང་མན་ངག །བཤད་རྒྱུན་ཕྱག་ལེན། གར་ཐིག་དབྱངས་རོལ་སོགས་མཐའ་ཡས་པ་གསན་ཅིང་དེ་དག་གི་དོན་ཚེགས་ཆུང་ངུས་ཤིན་ཏུ་མཁས་པའི་ཚུལ་བསྟན། དགུང་ལོ་ཉེར་ལྔ་པར་གུ་རུའི་ལུང་གིས་བསྐུལ་བ་ལྟར་དཔལ་སྤུངས་ཀྱི་གདན་སར་བྱོན་ནས་ཆུ་གླང་ཆོ་འཕྲུལ་ཟླ་བར་སི་ཏུ་རིན་པོ་ཆེ་པདྨ་ཉིན་བྱེད་དབང་པོ་མཇལ། ཕུར་པ་དབང་ཆེན་བཞད་པ་སོགས་ཕུལ་བས་དགྱེས་བཞེས་ངོས་བར་ཆད་སེལ་བ་དང་། ཞབས་པད་བརྟན་པའི་རྟེན་འབྲེལ་འགྲིགས། གཏེར་སྒྲུབ་དང་གསང་རྒྱ་མཐར་ཕྱིན་པ་དགོས་པའི་བསླབ་སྟོན་ནང་མ་བསྩལ་པ་ནི། གསང་ལུང་ལས། དེ་དུས་ཆོས་བདག་ཇི་ལྟར་འབྱུང་བ་ནི༔ གསེར་ལྡན་འབབས་པའི་གཡོན་འགྲམ་དཔལ་རིའི་སྤོར༔ ང་ཡི་གསུང་སྤྲུལ་པདྨ་ཉིན་བྱེད་ཅེས༔ རྒྱལ་བའི་གདུང་འཚོབ་སྒྲུབ་པའི་རྒྱལ་མཚན་བཙུགས༔ དུས་མཐའི་མུན་རུམ་ནང་དུ་སྒྲོན་མེ་འཛིན༔ ཚེ་སྒྲུབ་མཐར་ཕྱིན་བརྒྱད་ཅུ་རྩ་ལྔ་ཐུབ༔ རྟེན་འབྲེལ་ལེགས་འགྲིགས་དགུ་བཅུར་བསྟན་པ་འཛིན༔ ལྷ་སྲས་ཉིད་ཀྱིས་ཉེར་ལྔའི་དུས་སུ་མཇལ༔ སྦ་གསང་མེད་པར་བློ་གཏད་དེ་རུ་སྐྱོལ༔ དེ་ན་མ་བསྒྲིག་ལྷུན་གྲུབ་རྟེན་འབྲེལ་མང༔ ཞེས་གསུངས་པ་ལྟར་རྩ་བའི་རྟེན་འབྲེལ་གྱི་སྣ་ཁ་མ་ལོག་པའོ། །དེ་ནས་རིམ་པར་མཁན་ཆེན་བྱང་ཆུབ་སེམས་དཔའ་ཟླ་བཟང་སྤྲུལ་པའི་སྐུ་ལས་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་སོགས་ཟབ་ཆོས་འགའ་ཞིག་དང་། ཁོ་བོ་ལས་ཀྱང་ཐུགས་ཆེན་བདེ་གཤེགས་ཀུན་འདུས་ཀྱིས་ཐོག་དྲངས་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་བཤད་བཀའ་གཙོར་གྱུར་རྙིང་མ་བཀའ་མ་ཕལ་མོ་ཆེ་དང་། གཏེར་ཆོས་མང་པོ་གསན། ཁྱད་པར་རྟེན་འབྲེལ་མདོ་ཆིངས་ལས། ནམ་མཁའ་མཛོད་དུ་སྦས་པའི་ཟབ་གཏེར་རྣམས༔ མི་བཞག་འདོན་པའི་སྐྱེས་བུ་སྨོན་ལམ་ཅན༔ ལྷ་སྲས་ཁྱོད་ཀྱི་སྐྱེ་བའི་ཐ་མ་འབྱུང༔ དེ་དུས་ལོ་པཎ་རྗེ་འབངས་ཕལ་ཆེར་འཛོམ༔ ཁྱད་པར་མངའ་བདག་ཡབ་སྲས་མཇལ་ནས་སུ༔ གཅིག་གྲོགས་གཅིག་བྱེད་ལས་འཕྲོ་རིམ་པར་སད༔ ང་ཡི་གདམས་པ་མཐར་ཐུག་རྣམས་དང་མཇལ༔ དག་པའི་སྣང་བ་རང་ཉིད་དངོས་དང་འཕྲད༔ གསང་སྔགས་གདམས་པའི་ལག་ལེན་དམར་ཁྲིད་སྟོན༔ རང་ཉམས་བླངས་པས་འབད་མེད་གྲུབ་པ་ཐོབ༔ དངོས་གྲུབ་བརྙེས་པའི་སློབ་མ་མང་དུ་འབྱུང༔ ཞེས་སོགས་ལུང་བྱང་ཕྱི་ནང་གསང་བ་མང་པོས་ཤིན་ཏུ་གསལ་བ་ལྟར། ལོ་དེའི་དབྱུག་པ་ཟླ་བར་གངས་ཅན་མཁས་གྲུབ་རྒྱ་མཚོའི་གཙུག་རྒྱན་ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཇལ་བར་ཆེད་ཀྱིས་ཕེབས་པ་ན། རྗེ་ཉིད་ནས་ཀྱང་མངའ་བདག་སྐྱེས་རབས་རིམ་པར་བརྒྱུད་པའི་འབྲེལ་བར་དགོངས་ནས་ཐོག་མ་ཉིད་དུ་ཕུར་པ་ཡང་གསང་སྤུ་གྲི་དང་ཕྱིས་མཁོན་ལུགས་ཕུར་པའི་དབང་ཆེན་བསྩལ་པས་ཕྱི་ནང་གསང་བའི་བར་ཆད་བསལ། ཡང་ཏིག་ཡིད་བཞིན་ནོར་བུའི་དབང་གི་སྐབས་བླ་མ་པཎ་ཆེན་བི་མ་དངོས་སུ་གཟིགས་པ་སོགས་དག་པའི་སྣང་བ་ཁྱད་པར་ཅན་ཤར་ཅིང་རིག་པ་རྗེན་པར་ངོ་འཕྲོད། སྔགས་སྲུང་མའི་སྲོག་གཏད་སྐབས་ས་གཡོ་བ་ལྟ་བུའི་ཟིལ་ཆེན་པོ་བྱུང་ཞིང་ཨེ་ཀ་ཛཱ་ཊི་དངོས་སུ་གཟིགས། དཔོན་སློབ་གཉིས་ཆར་ལ་ལོ་གསུམ་གྱི་མཚམས་དངོས་གྲུབ་ཆེན་པོ་སྦྱིན་པར་གསུངས་པ་ཕྱིས་རྫོགས་ཆེན་སྡེ་གསུམ་ཐོན་པའི་སྔ་ལྟས་སོ། །དགུང་གྲངས་ཉེར་བདུན་ཤིང་ཡོས་དབྱུག་པ་ཟླ་བར་ཡང་དག་ལྷ་དགུའི་དབང་ཆེན་གནང་སྐབས་བླ་མ་ཧེ་རུ་ཀ་སྤྱི་བོ་ནས་ཐིམ་པའི་ཉམས་ཤར་བས་སྙིང་ཁའི་རྩ་མདུད་གྲོལ། དེ་ནས་བརྩམ་རྡོ་རྗེའི་མགུར་གླུ་ཐོགས་མེད་དུ་བརྡོལ། སྔོན་ཆད་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བརྡའ་ཡིག་ཇི་བཞིན་མ་ཁྲོལ་བའང་ཚེགས་མེད་པར་མཁྱེན་ཏེ། རྗེ་བླ་མའི་ཟབ་གཏེར་ཐུགས་སྒྲུབ་བདེ་གཤེགས་འདུས་པ་དང་དོན་གཅིག་པ་མ་ཟད་ཚིག་རིས་ཕལ་ཆེར་ཡང་མཐུན་པར་བྱུང་བས་རྣམ་གཉིས་ལྷན་རྒྱས་པས་མ་བུ་ཟུང་བསྡེབས་ཀྱི་ཚུལ་དུ་བར་ཆད་མེད་པར་གཏན་ལ་ཕབས། གཏེར་སྒྲུབ་ཀྱང་ལྷན་ཅིག་ཏུ་མཛད་པས་གུ་རུ་ཡབ་ཡུམ་གྱིས་དངོས་སུ་རྗེས་སུ་བཟུང་བ་སོགས་དག་པའི་སྣང་བ་མཐའ་ཡས་པ་ཤར། གཏེར་ཁ་དུ་མའི་ཁ་བྱང་ཕེབས་པ་སོགས་རྟེན་འབྲེལ་གྱི་སྒོ་མང་པོ་འགྲིགས། གཅིག་ལ་གཅིག་ཐུགས་ཡིད་ཆེས་པས་རྗེ་བླ་མས་ཀྱང་གཏེར་གསར་གྱི་སྨིན་གྲོལ་བདུད་རྩི་བཞེས་ཤིང་མངའ་གསོལ་བས་རྩོད་མེད་ཡོངས་གྲགས་ཀྱི་གཏེར་ཆེན་ཉི་ཟླ་ལྟར་གྱུར། རྗེ་རང་གི་གསུང་ལས། ཐོག་མར་བཀའ་དྲིན་ཆེ་བའི་ཡོངས་འཛིན་བཞི། ཞེས་གསུངས་པ་ནི། ཕྱི་སོ་ཐར་གྱི་མཁན་པོ་སྟག་ལུང་པ་ངག་དབང་བསྟན་པའི་ཉི་མ། ནང་བྱང་སེམས་ཀྱི་དགེ་བའི་བཤེས་གཉེན་ཟླ་སྤྲུལ་ཀརྨ་ངེས་དོན་བསྟན་པ་རབ་རྒྱས། གསང་བ་སྔགས་ཀྱི་རྡོ་རྗེ་སློབ་དཔོན་པདྨ་གར་དབང་བློ་གྲོས་མཐའ་ཡས། མཐར་ཐུག་ངེས་པ་དོན་གྱི་རྩ་བའི་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་རྣམས་སུ་བཞེད་པ་སྟེ་སོ་སོ་ལ་གཏན་ཚིག་ཡོད་པར་སྣང་། ཡར་འཁྱིལ་དབེན་པའི་གནས་སུ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་བསྙེན་སྒྲུབ་ལ་བཞུགས་པས་ཐོག་དྲངས། གུ་རུའི་ལུང་བཞིན་འོག་མིན་ཀརྨར་ལོ་གསུམ་གྱི་བཅད་རྒྱར་བཞུགས་པ་གཙོར་གྱུར་པའི་ཐུགས་དམ་གྱི་རིམ་པ་ལ་བརྩོན་ཞིང་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ཉམས་བཞེས་མཐར་ཕྱིན་པར་མཛད་པས་གྲུབ་པའི་རྟགས་མཚན་མཐའ་ཡས་པ་མངོན་དུ་གྱུར། ཕྲིན་ལས་རྣམ་པ་བཞིར་རང་དབང་བསྒྱུར་པའི་བདག་ཉིད་ཆེན་པོར་མངོན་སུམ་ཚད་མས་གྲུབ་པའོ། ཁྱད་པར་རྫོགས་ཆེན་སྡེ་གསུམ་གྱི་ལུང་བསྟན་ལས། བཀའ་ནས་བཀར་བརྒྱུད་བར་མ་ཆད༔ ཟབ་མོ་དངོས་དང་དགོངས་པའི་གཏེར༔ ཡང་གཏེར་རྗེས་སུ་དྲན་པའི་གཏེར༔ དག་སྣང་སྙན་དུ་བརྒྱུད་པ་ཡི༔ བཀའ་བབས་བདུན་གྱི་ཆུ་བོ་ནི༔ མངའ་བདག་ཡབ་སྲས་སྐལ་བར་བབས༔ སྙིགས་དུས་བསྟན་པའི་བཙས་ཆེན་བྱེད༔ ཟབ་རྒྱས་ཉི་འོད་ལྷག་པར་བརྡལ༔ ཞེས་སོགས་མང་དུ་འབྱུང་བ་ལྟར་ཡབ་སྲས་རྣམ་འཕྲུལ་གཏེར་ཆེན་རྣམ་པ་གཉིས་ལ་སོ་སོར་བཀའ་གཏེར་དག་སྣང་གསུམ་ལས་ཕྱེ་བའི་ཟབ་ཆོས་ཀྱི་བཀའ་བབས་བདུན་དང་ལྡན་པ་སྟེ། འདིར་དང་པོ་ནི་རིང་བརྒྱུད་བཀའ་མ་དེང་སང་རྒྱུན་བཞུགས་པ་ཕལ་ཆེར་གསན་ཅིང་མདོ་སྒྱུ་སེམས་གསུམ་གྱི་འཆད་སྤེལ་ཡང་མང་དུ་མཛད་པར་མ་ཟད་རྗེ་ཉིད་ཀྱི་ཟབ་གཏེར་ལས་མདོ་དང་སྒྱུ་འཕྲུལ་སོགས་བཀའ་མའི་གཞུང་ཇི་ལྟ་བའི་ཆོས་སྐད་གྲུབ་མཐའ་སློང་ནུས་པའི་སྔོན་མེད་ངོ་མཚར་ཅན་བྱོན་པ་རྣམས་ཀྱང་དོན་དུ་བཀའ་མའི་བཀའ་བབས་པ་་་་་་ཡིན་ནོ། །གཉིས་པ་རང་སྐལ་སའི་གཏེར་ནི། དགུང་ལོ་བཅུ་གསུམ་པར་བྲག་དཀར་རྫོང་ཆུང་ནས་ལྷ་སྲས་ཐུགས་དམ་སྒྲུབ་ཐབས་ཉེར་བཞི་དང་དགོངས་འདུས་བཀའ་རྟགས་རྡོ་རྗེ་ཐོད་པ་མེ་ལོང་རྣམས་བཞེས་པ་ནས་བརྩམ། དགུང་གྲངས་སོ་དགུ་པར་རྗེ་བླ་མས་ཁ་བྱང་དང་ཞབས་བསྐུལ་ཕུལ་བ་ལྟར་ཙི་ཀེ་ནོར་བུ་སྤུན་གསུམ་ནས་དམ་ཆོས་ནོར་བུ་སྐོར་བདུན། གུ་རུའི་སྐུ་ཚབ། སེང་སྒྲོོག་སྐུ་རྒྱན་རྣམས་སྤྱན་དྲངས་པའི་བར་མཆོག་གཏེར་སུམ་ཅུ་རྩ་བདུན་དང་། སྦྲགས་ཡང་རྫོང་ནས་ཞི་བྱེད་སྐོར་བདུན་བཅས། དེ་དག་གི་ཁ་བྱང་ཡང་བྱང་གནད་བྱང་སྙིང་བྱང་ལ་སོགས་པ་དང་རྫས་གཏེར་ཕྲན་ཚེགས་ནི་མང་དུ་བཞེས་པ་ལས། གཙོ་ཆེ་བ་ཟླ་ཉིན་ཁ་ལ་རོང་སྒོ་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ། ན་བུན་རྫོང་ནས་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར། འོག་མིན་ཀརྨའི་རྒྱབ་ཕྱོགས་ནས་ཐུགས་དམ་ཟབ་པ་སྐོར་བདུན། ཡེ་རྒྱལ་ནམ་མཁའ་མཛོད་ནས་དེའི་ཆ་ལག་རྒྱུད་ལུང་གི་སྐོར་རྣམས་དང་། རྩ་བའི་ཐུགས་སྒྲུབ་དགོངས་པ་ཀུན་འདུས། སྐུ་ཚབ་རྣམ་གཉིས་སོགས། སྨད་ཤོད་ཛཾ་ནང་པདྨ་ཤེལ་ཕུག་ནས་དམ་ཆོས་རྫོགས་པ་ཆེན་པོ་རྒྱ་ཆེ་བ་སྡེ་གསུམ། སེང་ཆེན་གནམ་བྲག་གི་བྲག་རི་གོང་མོ་འོག་མ་ནས་དམ་ཆོས་ཤོག་སྡེ་དྲུག་པ། མཁའ་འགྲོ་འབུམ་རྫོང་ནས་ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ་དང་འཁོར་བ་དོང་སྤྲུགས། ཀརྨའི་དཔལ་དེའུ་ནས་མ་མོ་སྤྱི་བསྡུས། ཀེ་ལ་ནོར་བུ་སྤུན་གསུམ་ནས་རྗེ་བླ་མ་རིན་པོ་ཆེའི་བཀའ་ལུང་བཞིན་ཐུགས་སྒྲུབ་ཡིད་བཞིན་ནོར་བུ། ཡེ་རྒྱལ་ལྷོ་ཕྱོགས་གཡུ་འབལ་བྲག་ནས་བཀའ་བརྒྱད་བདེ་གཤེགས་ཀུན་འདུས། ཟབ་པ་རྫོགས་ཆེན་གསེར་ཞུན། རོང་མེ་དཀར་མོ་སྟག་ཚང་ནས་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་དང་སྙིང་པོ་སྐོར་ལྔ། རུ་དམ་གངས་ཁྲོད་ནས་བདེ་མཆོག་སངས་རྒྱས་མཉམ་སྦྱོར་རྣམས་མཚོན་པ་ཙམ་ཏེ་གཏེར་གནས་རེ་རེ་ནས་ཀྱང་ཆོས་དང་དམ་རྫས་སྐུ་རྟེན་ཕྱག་མཚན་རྣམ་གྲངས་ཤིན་ཏུ་མང་པོ་བྱོན་ཅིང་། དེ་དག་ཕལ་ཆེར་ཁྲོམ་གཏེར་དུ་མཛད་པས་ཀུན་གྱི་དབང་པོའི་སྤྱོད་ཡུལ་རྩོད་པ་དང་བྲལ་བར་གྱུར། མདོར་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གནས་གཏེར་བརྒྱ་རྩ། སྙིང་ཐིག་བརྒྱ་རྩ། མྱང་གྲོལ་དུ་མའི་བཀབ་བབས་སུ་ལུང་གིས་གསལ་བ་ལྟར་དཔའ་བོ་དབང་ཆེན་བྲག་ནས་མདོ་ཁམས་གནས་ཆེན་ཉེར་ལྔའི་མདོ་བྱང་བཞེས་ཏེ་དེ་དག་གི་རྩ་བ་དང་ཡན་ལག་ཏུ་གྱུར་པའི་གནས་ཞལ་དུ་མ་གསར་དུ་སྣང་བར་མཛད། གུ་རུའི་སྐུ་ཚབ་ཀྱི་རྒྱུ་རིམ་པ་གསུམ་ཙམ་གཏེར་ནས་སྤྱན་དྲངས་ཏེ་སྐུ་ཚབ་གཉིས་པ་མང་དུ་འཕེལ་བར་མཛད་པ་སོགས་ངོ་མཚར་བསམ་གྱིས་མི་ཁྱབ་བོ། །གསུམ་པ་དེ་ལས་འཕྲོས་པའི་ཡང་གཏེར་ནི། རྗེ་ཉིད་ཀྱི་སྐྱེ་བ་གོང་མ་གཏེར་ཆེན་སངས་རྒྱས་གླིང་པའི་གུར་དྲག་ཧཱུྃ་དམར་སྙིང་ཐིག་བྱིན་རླབས་ཀྱི་སྟོབས་ལས་བཀའ་བབས་པ་དང་། མཁའ་འགྲོ་མ་ཀུན་དགའ་འབུམ་པའི་མ་རྒྱུད་གསང་བ་ལམ་ཁྱེར་ཉེ་བརྒྱུད་དུ་བཀའ་བབས་པའི་སྨིན་གྲོལ་ཁོ་བོ་ལ་བསྩལ། བཞི་པ་ཟབ་མོ་དགོངས་པའི་གཏེར་ནི། རྗེ་བཙུན་སྒྲོལ་མས་ལེགས་སོ་གསུམ་གྱིས་དབུགས་དབྱུང་བསྩལ་པ་ལ་བརྟེན་སྒྲོལ་མའི་ཟབ་ཏིག་གཏན་ལ་ཕབས། ལྔ་པ་དེ་ལས་འཕྲོས་པའི་རྗེས་དྲན་ནི། རྗེ་ཉིད་གནུབས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོར་འཁྲུངས་པའི་སྐབས་ཀྱི་སྔོན་གནས་དྲན་པ་ལས་གནུབས་ཆེན་འདའ་ཀའི་ཞལ་ཆེམས་ལུང་རྡོ་རྗེ་བཀོད་པའི་གདམས་པ་གནང་བ་དང་། གནུབས་ཀྱི་ཁ་ཕོ་བཅས་མདོ་ཙམ་ཡི་གེར་བཀོད་པ་དང་། རུ་ལུའི་འདྲེན་སྟངས་དང་གར་གྱི་རྣམ་འགྱུར་མཐའ་ཀླས་པ། སངས་རྒྱས་གླིང་པའི་སྔོན་གནས་རྗེས་དྲན་ལ་བརྟེན་དགོངས་འདུས་རྩལ་སྤྲུགས་རྣམ་དགུའི་འཁྲུལ་འཁོར་ཕྱག་ཁྲིད་ཞིབ་མོར་གཏན་ལ་ཕབ་པ་སོགས་བཞུགས། དྲུག་པ་དག་སྣང་ནི། རི་བོ་དབང་ཞུའི་གནས་གཏེར་གྱི་སྒོ་འབྱེད་སྐབས་བི་མ་ལའི་སྒྲུབ་ཕུག་ཏུ་པཎ་ཆེན་ཉིད་ཞལ་གཟིགས་ཏེ་གདམས་པ་བསྩལ་བ་བི་མ་ལའི་ཟབ་ཏིག་སོགས་བཞུགས་པར་སྣང་། བདུན་པ་དེ་མཐུན་སྙན་བརྒྱུད་ནི། དག་པའི་སྣང་བར་ཟངས་མདོག་དཔལ་རིར་ཕེབས་ཏེ་ཨོ་རྒྱན་རིན་པོ་ཆེ་ལས་ཨ་ཏི་ཟབ་དོན་སྙིང་ཐིག་གི་གདམས་པ་གསན་པ་ཡི་གེར་བཀོད་པ་སོགས་བཀའ་བབས་བདུན་ལྡན་གྱི་རྣམ་ཐར་མདོ་ཙམ་བཀོད་པ་ཡིན་ལ། སྔ་ཕྱིར་རྩ་བ་གསུམ་གྱི་ཞལ་གཟིགས་ཤིང་ལུང་བསྟན་པ་དང་། ཆོས་གཏེར་སྲུང་མ་རྣམས་ཀྱིས་ཕྲིན་ལས་སྒྲུབ་པ་དང་། རྔ་ཡབ་དཔལ་རིར་ཕེབས་པའི་དག་སྣང་རྒྱས་བསྡུས་སྐོར་མང་ཡང་འདི་ཙམ་གྱིས་མཚོན་པར་ནུས་སོ། རང་སྒོ་དང་ཚོགས་སྒྲུབ་གཞན་དག་གི་རྡོར་སློབ་ཏུ་ཕེབས་པ་བཅས་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་སྒྲུབ་ཆེན་སུམ་ཅུ་རྩ་གསུམ་ཙམ་མཛད། བསམ་ཡས་ཧས་པོ་རི་དང་དཔལ་ཆུ་བོ་རི་སོགས་བོད་དང་མདོ་ཁམས་ཀྱི་ས་གནད་རྣམས་སུ་བཀའ་ནན་རབ་བརྗིད་དང་། གནས་ཆེན་བྱིན་འབེབས་མང་པོས་མཐའ་དམག་སོགས་རྩུབ་འགྱུར་ཞི་ཞིང་རྒྱལ་ཁམས་ལ་བདེ་ལེགས་འཕེལ་བའི་ཕྲིན་ལས་ལུང་དོན་ལས་འབྱུང་བ་རྒྱ་ཆེར་བསྒྲུབས། རྒྱལ་དབང་ཀར་འབྲུག་ཡབ་སྲས། འབྲི་སྟག་གཙོར་གྱུར་བཀའ་བརྒྱུད་དང་། སྨིན་གླིང་ཀཿདཔལ་ཞེ་རྫོགས་རྣམས་ཀྱི་ཁྲིར་བཞུགས་གཙོར་བྱས་རྙིང་མ། གཞན་ཡང་དཔལ་ས་སྐྱ་པ་སོགས་རིས་སུ་མ་ཆད་པའི་བསྟན་འཛིན་རྣམས་ལ་དངོས་དང་བརྒྱུད་པའི་སྒོ་ནས་ཟབ་ཆོས་ཀྱི་སྨིན་གྲོལ་བསྩལ་ཅིང་། མྱང་གྲོལ་གྱི་སྦྱིན་པ་ནི་བོད་ཁམས་མཐའ་དབུས་ཐམས་ཅད་དུའང་ཁྱབ། ཁྱད་པར་རྩ་བའི་ཆོས་བདག་རྣམ་བཅུ་ཕལ་ཆེ་བ་དང་རྟེན་འབྲེལ་ལེགས་པར་འགྲིགས་པ་ལ་བརྟེན་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གཙོ་བོར་གྱུར་པའི་གཏེར་ཆོས་ཀྱི་ཕྲིན་ལས་ཀྱང་རྒྱ་ཆེར་འཕེལ། འོག་མིན་མཚུར་ཕུར་ཡང་ཕུར་སྒྲུབ་ཆེན་གྱི་རྩ་འཆམས་འབྲིང་པོ་བཅས་རྒྱུན་འཇག་གིས་མཚོན་དགོན་ཁག་མང་པོར་གཏེར་གསར་གྱི་ཆོས་བཀའ་ཆེ་ཕྲའི་སྒྲུབ་མཆོད་སོགས་ཇེ་དར་དུ་འགྲོ་བར་སྣང་། བོད་ཁམས་བདེ་ཐབས་ཆོས་བཅུའི་ནང་ཚན་རྟེན་འབྲེལ་གྱི་ཆོས་སྐོར་གཏན་ལ་ཕབས་ནས་དེའི་དོན་བཞིན་མཁན་སློབ་ཆོས་གསུམ་གྱི་དུས་སྟོན་མདོ་སྔགས་བསྟན་པ་གཉིས་ལྡན་གྱི་བཤད་སྒྲུབ་ལས་གསུམ་རྒྱས་པའི་ཆོ་ག་ངོ་མཚར་བའང་དཔལ་སྤུངས་ཀཿཐོག་རྫོགས་ཆེན་རྣམས་སུ་རིམ་པར་མཛད། གདན་ས་དངོས་ཀརྨ་རི། གནས་བརྟན་སྒང་། རྩི་ཀེ་འདུས་མདོ་རྣམས་སུ་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས། ཕྱི་མ་གཉིས་སུ་དགེ་འདུན་སྡེ་དང་མདོ་སྔགས་བཤད་སྒྲུབ་ཀྱི་རྒྱུན་ཡང་བཀོད། དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་རེ་ཞིག་དོན་ཆེ་བ་གཞན་ལ་དགོངས་ནས་དགུང་གྲངས་ཞེ་གཉིས་བཞེས་པ་ལྕགས་ཕོ་རྟ་ལོར་སྐུ་བསྙུན་པའི་ཚུལ་བསྟན་པའི་སྐབས་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པར་ཕེབས་པའི་དག་སྣང་ཤར། ཧོར་ཟླ་ལྔ་པའི་ཚེས་གཅིག་ལ་ས་གཡོ་བ་དང་འཇའ་འོད་སོགས་ངོ་མཚར་བའི་ཆོ་འཕྲུལ་ཆེན་པོ་བསྟན་ཏེ་ཞི་བའི་དབྱིངས་སུ་སྙོམས་པར་ཞུགས། རྒྱུད་འཛིན་གྱི་གཙོ་བོ་གནུབས་ནམ་སྙིང་གི་སྤྲུལ་པར་ལུང་ནས་ཟིན་པའི་ཐུགས་སྲས་འགྱུར་མེད་ཚེ་དབང་གྲགས་པ་སོགས་ཀྱིས་གཤེགས་རྗེས་དགོངས་རྫོགས་མཆོད་འབུལ་གྱི་རིམ་པ་རྒྱ་ཆེན་པོ་བསྒྲུབས། ཟངས་གསེར་གྱི་མཆོད་སྡོང་ཐོག་ཚད་ཆེན་པོར་ལོངས་པ་བཞེངས་པའི་ནང་དུ་སྐུ་གདུང་རིལ་པོར་བཞུགས་སུ་གསོལ་བ་དང་། རྩི་རྐེ་ནོར་བུ་གླིང་དུ་གདན་སའི་དབུ་འཛུག་ཙམ་ལས་མ་གྲུབ་པའང་མཐར་ཕྱིན་པ་གྲུབ་པར་མཛད་དོ། །གོང་དུ་སྨོས་པས་མཚོན། རྗེ་བླ་མ་རིན་པོ་ཆེ་གཙོར་གྱུར་པའི་སྐྱེས་ཆེན་དུ་མས་ཟབ་ཆོས་མྱང་གྲོལ་སོགས་ཀྱི་ཕྲིན་ལས་སྤེལ་བ་ནི་མཐའ་ཡས་ཤིང་། དམན་པ་བདག་ལྟ་བུ་ལའང་ཟབ་ཆོས་ཀྱི་བཀའ་དྲིན་བསྩལ་པ་ཕལ་མོ་ཆེར་བསྙེན་སྒྲུབ། སྒྲུབ་ཆེན། འཆད་སྤེལ། དབང་བསྒྲིག་གི་ཡིག་ཆ་སོགས་སྲིད་ཞུ་ཅི་ནུས་སྤེལ་ཅིང་། བོད་དུ་བགྲོད་སྐབས་ཀར་འབྲུག་ཡབ་སྲས་སོགས་ལ་གཏེར་གསར་གྱི་ཆོས་བཀའ་ཐོག་མར་ཕུལ། ཤེལ་བྲག་ཏུ་སྒྱུ་འཕྲུལ་ཞི་ཁྲོའི་སྨན་སྒྲུབ་གཙོར་བྱས་གུ་རུའི་སྒྲུབ་གནས་སོ་སོར་ཟབ་བདུན་གྱི་སྒྲུབ་འབྲེལ་དང་ཚོགས་མཆོད་སྟོང་རྩ་རེ་སོགས་བགྱིས་ཤིང་མངའ་རིས་དབུས་གཙང་ཀུན་ཏུའང་གཏེར་སྟོན་གྱི་མཚན་དང་གཏེར་ཆོས་ཀྱི་གྲགས་པ་ཐོག་མར་གསལ་བའི་་་་་་་་ཞབས་ཏོག་ཅུང་ཟད་གྲུབ་པ་ཡིན་ནོ། །གཏེར་ཆེན་འདི་ཉིད་ཞི་བར་གཤེགས་པའི་ལོ་དེའི་མགོ་ཟླ་བའི་ཚེས་བཅོ་ལྔར་གངས་ཅན་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་དག་པའི་གཟིགས་སྣང་དུ། ནུབ་ཕྱོགས་ཀྱི་ཞིང་ཁམས་པདྨས་ཁེབས་པར་གཏེར་ཆེན་ཉིད་བྱང་ཆུབ་སེམས་དཔའ་པདྨའི་མྱུ་གུའི་སྐུར་བཞེངས་པ་དང་མཇལ་ནས་སྒྲུབ་ཐབས་དང་དབང་བསྐུར་ཞལ་གྱི་གདམས་པའི་བདུད་རྩི་ལྷུག་པར་གསན། ཟླ་བ་གཅིག་ཏུ་གསང་བའི་དམ་ཚིག་གིས་རྒྱས་བཏབ། རྒྱལ་ཟླའི་ཚེས་བཅུར་ཚོགས་ཀྱི་མཆོད་པ་དང་རྗེས་སུ་འབྲེལ་བར་གཏན་ལ་ཕབས་པའི་ཡི་གེ་པ་ཁོ་བོས་ཞུས་པའི་ཚེ། ས་གཞིའི་ཁྱོན་ལ་དྲོད་གློ་བུར་དུ་བབས་པས་འཁྱགས་པ་རྣམས་ཆུ་བོའི་རྒྱུན་དུ་གྱུར་པའི་དགེ་མཚན་ཡང་དབང་པོའི་མངོན་སུམ་དུ་གྱུར་པའི་བྱིན་རླབས་ཀྱི་མཚན་མའང་མཐོང་བར་མ་ཟད། གདམས་པ་འདིའི་སྐོར་རྗེས་འཇུག་རྣམས་ལ་ཆེད་དུ་དགོངས་ཏེ་འདས་རྗེས་ཞལ་གདམས་སྙིང་པོར་དྲིལ་ནས་བསྩལ་པར་འདུག་པས་གཏེར་ཆེན་དེ་ཉིད་ཀྱི་སློབ་བརྒྱུད་དུ་གཏོགས་པ་རྣམས་ཀྱིས་ཉམས་བཞེས་སྙིང་པོར་མཛད་ན་ཤིན་ཏུ་གནད་གལ་ཆེ་བ་ཡིན་འདུག་པའང་འཕྲོས་དོན་དུ་སྨོས་་་་་་་་་པའོ། ༈ །ལྷ་སྲས་མུ་ཁྲི་བཙད་པོའི་རྣམ་འཕྲུལ་རིག་འཛིན་ཆོས་རྒྱལ་རྡོ་རྗེ་ནི། མདོ་སྟོད་དགེ་རྒྱལ་གྱི་འབྲོག་སྡེར་སྐུ་འཁྲུངས། དཔལ་ལྡན་འབྲུག་པའི་བསྟན་སྒོར་ཞུགས། འབྲུག་ཆེན་རིན་པོ་ཆེ་སོགས་ཡོངས་འཛིན་འགའ་ཞིག་ལས་བཀའ་ཆོས་མང་དུ་གསན། ཁྱད་པར་རྟོགས་ལྡན་རྣལ་འབྱོར་གྱི་དབང་ཕྱུག་ལྷུན་གྲུབ་རབ་བརྟན་ལས་ཐབས་ལམ་ཐུན་མོང་མ་ཡིན་པའི་གདམས་ཟབ་ནོས་ཏེ་ཉམས་བཞེས་མཐར་ཕྱིན་པར་མཛད། གཉན་རྫོང་རྡོ་རྗེ་ཁྱུང་ཕུག་ཏུ་ལོ་གྲངས་མང་པོར་དཀའ་སྤྱད་ཀྱི་སྒོ་ནས་ཡོངས་དགེའི་པདྨ་བཛྲ་ལ་ཐུགས་དམ་རྩེ་གཅིག་ཏུ་དྲིལ་ནས་སྙིང་པོ་དུང་ཕྱུར་བདུན་ལྗགས་བཟླས་མཛད་པས་གྲུབ་པའི་རྟགས་དུ་མ་མངོན་དུ་གྱུར། ཁོང་མི་བཞུགས་པའི་སྐབས་སུའང་ཤུལ་གྱི་བྲག་ཕུག་ཏུ་སྙིང་པོའི་སྒྲ་དི་རི་རི་གྲགས་པ་ཕྱིས་ཀྱི་བར་ཀུན་གྱིས་ཐོས་པར་སྣང་། ཟབ་གཏེར་ལ་དབང་བའི་ལུང་བསྟན་མང་དུ་བྱུང་ཞིང་སྐབས་ཤིག་དག་པའི་སྣང་བར་བདེ་ཆེན་རྒྱལ་མོས་བྲག་དེ་ཀ་ནས། གཏེར་སྒྲོམ་གྱི་བུམ་པར་ཤོག་སེར་བཅས་ཕྱུང་ནས་གསལ་བར་བསྟན་ཅིང་བརྡའ་དཀྲོལ་གནང་བ་ལྟར་ཐུགས་ལ་ངེས་པའི་ཐོག་བུམ་པ་སླར་སྦས། ཕྱིས་དུས་ལ་བབས་པའི་བསྐུལ་བྱང་བྱུང་བའི་ཚེ་གཏན་ལ་ཕབས་པ་གུ་རུ་དྲག་མཐིང་ལྷ་ལྔའི་ཆོས་སྐོར་ཟབ་ཁྱད་ཅན་བཞུགས་ཤིང་། འདིའི་རྩ་བ་ཙམ་བསམ་ཡས་མཆོད་རྟེན་ནག་པོ་ནས་དངོས་གཏེར་བཞེས་པ་ཡིན་འདུག །གཞན་ཡང་ཛམ་དཀར་ལྷ་ལྔའི་གཡང་སྒྲུབ་སྐོར་དགོངས་གཏེར་ལས་ཕྱུངས་ཤིང་ལང་གྲོ་ལོ་ཙཱ་བའི་རིང་བསྲེལ་དང་དམ་རྫས་ཨ་རྒྱ་མ་སོགས་གཏེར་དྲངས་ནས་འགྲོ་དོན་རྒྱ་ཆེར་མཛད་པ་ལས། གཏེར་ཆེན་མཆོག་གྱུར་གླིང་པ་དང་། མཁན་ཆེན་ཟླ་བཟང་རིན་པོ་ཆེ་སོགས་ཀྱིས་ཀྱང་བླ་མར་བཀུར་ཞིང་། གཙོ་བོ་གྲུབ་པའི་དབང་ཕྱུག་ཚོགས་གཉིས་ལ་གཏེར་ཆོས་སོགས་ཀྱི་བཀའ་བབས་ཤིང་ཉམས་བཞེས་མཛད། ཁོ་བོས་ཀྱང་ཆོས་བཀའ་རྣམས་གཏེར་སྟོན་ཉིད་ལས་ནོས་ཤིང་རྒྱུད་འཛིན་གོང་འཕེལ་དུ་བཞུགས་སོ། ༈ །ད་ནི་དེ་དག་ཐམས་ཅད་ལས་ཀྱང་རྩོད་ལྡན་ཐ་མའི་དུས་འདིར་ངོ་མཚར་བའི་རྣམ་ཐར་དུ་མས་ཁྱད་པར་འཕགས་པ། མཁས་གྲུབ་གཏེར་སྟོན་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་རྣམ་ཐར་ཞལ་གསུངས་ཉིད་རྩ་བར་བཟུང་སྟེ་མདོ་ཙམ་བཀོད་ན། རྗེ་འདི་ཉིད་ངོ་བོ་སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་། པཎ་ཆེན་བི་མ་མི་ཏྲ་དབྱེར་མེད་པའི་ཐུགས་རྗེའི་རང་གཟུགས་སུ་ཤར་བ་ཡིན་ཅིང་། གདུལ་བྱ་སོ་སོའི་བློ་ངོར་འཕགས་པའི་ཡུལ་དུ་གྲུབ་ཆེན་རྡོ་རྗེ་དྲིལ་བུ་པ། པཎྜི་ཏ་སྒོ་མཐའ་ཡས་པའི་བློ་གྲོས། པཎ་ཆེན་ནགས་ཀྱི་རིན་ཆེན་ལ་སོགས་པ་དང་། བོད་ཡུལ་དུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། གུ་རུ་ཆོས་དབང་། རས་ཆུང་རྡོར་གྲགས། ས་སྐྱ་རྗེ་བཙུན་གྲགས་རྒྱལ། གྲུབ་ཆེན་ཐང་རྒྱལ། ལྷ་བཙུན་ནམ་མཁའ་འཇིགས་མེད་སོགས་གསར་རྙིང་གི་སྐྱེས་ཆེན་དམ་པ་དུ་མའི་རྣམ་པར་འཕྲུལ་པར་བསྟན་པ་རྗེ་ཉིད་ནས་ཀྱང་རྗེས་སུ་དྲན་པ་དང་། ཁྱད་པར་རྒྱལ་སྲས་མཆོག་གྲུབ་རྒྱལ་པོ་ཉིད་གཏེར་འབྱིན་རྐྱང་པའི་སྐྱེ་བ་བཅུ་གསུམ་དུ་འབྱོན་པར་གསུངས་པའི་ཐོག་མར་སངས་རྒྱས་བླ་མ་ནས་བཅུ་གཉིས་པ་ཆོས་རྗེ་གླིང་པའི་བར་བྱོན་ཟིན་ནས་བཅུ་གསུམ་པ་རྗེ་འདི་ཉིད་ཡིན་པར་རྡོ་རྗེའི་ལུང་ལས་གསལ་བར་མཚོན་པ་དང་། གཏེར་སྟོན་རྒྱལ་པོ་ལྔ་ལ་བྲན་བརྒྱས་བསྐོར༔ ཞེས་གསུངས་པའི་ལྔ་པ་མདོ་སྔགས་གླིང་པ་ནི་མཆོག་ལྡན་མགོན་པོ་ཡིན་པར་གྲགས་ཀྱང་རྟེན་འབྲེལ་འཆོལ་བས་གཏེར་ཁ་གང་ཡང་ཕྱག་ཏུ་མ་འབྱོར་ཅིང་གློ་བུར་དུ་མཛད་པ་བརྟུལ་པས་ཡིན་པར་ངེས་པའི་རྒྱལ་པོ་ལྔ་པ་ནི་རྗེ་འདི་ཉིད་ཁོ་ནར་ཚད་མས་གྲུབ་ལ་ཕྱིས་དུས་བྱོན་པའི་གཏེར་སྟོན་ཚད་མ་ཐམས་ཅད་འདི་ཉིད་ཀྱི་བྲན་དུ་གྲུབ་པའང་མངོན་སུམ་གྱིས་གསལ་ལོ། །དེ་ལ་ད་ལྟའི་སྤྲུལ་པའི་སྒྱུ་འཕྲུལ་བསྟན་པའི་ཡུལ་ནི། མངའ་བདག་ཉང་རིན་པོ་ཆེའི་གཏེར་ལུང་ལས། རྩེ་སྒང་ཞེས་པའི་རི་བོའི་མདུན༔ ཕ་ཝཾ་ཀླུ་དབང་འཁྱིལ་པའི་སྟེང༔ མངའ་བདག་འཇམ་པའི་དབྱངས་ཞེས་འབྱུང༔ བཅུ་གསུམ་ཟབ་མོའི་གཏེར་ལ་སྤྱོད༔ ཅེས་དང་། རིན་ཆེན་གླིང་པ། རྡོར་གླིང་། མངའ་རིས་པཎ་ཆེན། བདུད་འདུལ་རྡོ་རྗེ་སོགས་གཏེར་ཁ་མང་པོ་ལས་ལུང་གིས་གསལ་བར་བསྟན་པ་ལྟར། མདོ་ཁམས་སྡེ་དགེའི་མངའ་རིས་གཏེར་ཀླུང་གི་བྱེ་བྲག་རྒྱབ་རི་རྩེ་སྒང་ཞེས་པའི་མདུན། བྲག་རི་སྦྲུལ་འཁྱིལ་པའི་གཟུགས་སུ་ཡོད་པའི་སྟེང་། དིལ་མགོ་ཞེས་པའི་གྲོང་དུ་ཡབ་གཉོས་ཀྱི་རིགས་ཆོས་རྒྱལ་སྡེ་དགེའི་དྲུང་ཆེན་ལུགས་གཉིས་ཀྱི་བློ་གྲོས་དཔེ་ཟླར་འོས་པ་རིན་ཆེན་དབང་རྒྱལ་དང་། ཡུམ་དགེ་རབ་གཉེར་ཆེན་སོག་མོ་བཟའ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ་རབ་ཡིད་ལྕགས་ཕོ་འབྲུག་གི་ལོ། ཐུབ་པའི་དབང་པོས་ཆོས་འཁོར་ཐོག་མར་བསྐོར་བའི་དུས་ཆེན་ཆུ་སྟོད་ཟླ་བའི་དཀར་ཕྱོགས་ཀྱི་རྫོགས་པ་དང་པོ་ལ། དབྱར་རུ་ཁྱུང་ཆེན་བྲག་གི་ཉེ་འདབས་སུ་ཡོད་པའི་སྐབས། རས་དཀར་གྱི་ལྡིང་གུར་ཕུབ་པའི་ནང་དུ་དབུ་སྐྲ་ནག་པོ་སིལ་བུར་ཡོད་པའི་རྣམ་པས་སྐུ་བལྟམས་ཤིང་ངོ་མཚར་བའི་ལྟས་མཚན་དུ་མའང་བྱུང་། འདི་ནི་གུ་རུ་ཚེ་བརྟན་རྒྱལ་མཚན་གྱི་གཏེར་ལུང་ལས། མོན་བུ་སྤྱི་རིང་སྐྲ་ཡི་ལྭ་བ་ཅན༔ རི་བོ་ཁྱུང་ཆེན་ལྡིང་བའི་ཞོལ་དུ་འབྱུང༔ ཞེས་འབྱུང་བ་དང་ཡང་ཤིན་ཏུ་འབྱོར་བ་ཡིན་ནོ། །ཐུགས་ཀྱིས་དྲན་ཙམ་གྱི་དུས་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་དང་སྔགས་སྲུང་ཨེ་ཀ་ཛཱ་ཊིས་ཡང་ཡང་བརྩེ་ཞིང་སྐྱོང་བ་དང་། སྔོན་རབས་ཀྱི་སྐྱེ་བ་མང་པོ་འལ་འོལ་རྗེས་སུ་དྲན། སྐུ་ཆུང་ངུ་ནས་ཐེག་པ་ཆེན་པོའི་རིགས་སད་ཅིང་། ཁྱད་པར་རབ་ཏུ་བྱུང་བའི་ཕྱོགས་ཁོ་ན་ཐུགས་ལ་འདུན། མཁྱེན་རབ་དང་རྣམ་དཔྱོད་འགྲན་ཟླ་བྲལ་བས་འབྲི་ཀློག་སོགས་ཚེགས་མེད་པར་མཁྱེན་ཅིང་གླེགས་བམ་ཕལ་ཆེར་ཚར་རེ་གཟིགས་པས་ཚིག་དོན་ཐུགས་ལ་ཆུབ། དགུང་ལོ་ཉེར་གཅིག་པ་ལ་ཨོ་རྒྱན་སྨིན་གྲོལ་གླིང་གི་མཁན་རིག་འཛིན་བཟང་པོ་ལས་བསྙེན་པར་རྫོགས། འཇམ་མགོན་ས་སྐྱ་པ་རྡོ་རྗེ་རིན་ཆེན་དང་། སྨིན་གླིང་ཁྲི་ཆེན་འགྱུར་མེད་སངས་རྒྱས་ཀུན་དགའ་སོགས་ལས་ཤིང་རྟ་གཉིས་ཀྱི་བཀའ་སྲོལ་དང་འབྲེལ་བའི་ཐུགས་བསྐྱེད་བཞེས། ཐར་རྩེ་མཁན་རིན་པོ་ཆེ་མཆེད་ལས་བདེ་དགྱེས། སྨིན་གླིང་ཁྲི་ཆེན་ལས་ཡང་དག་སོ་ལུགས། རིག་འཛིན་ཐུགས་ཐིག །ཞེ་ཆེན་པ་ཀུན་གཟིགས་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལས་སྒྱུ་འཕྲུལ་གསང་བ་སྙིང་པོའི་དབང་བསྐུར་གསན་པས་སྔགས་ཀྱི་སྡོམ་པའི་རྩ་བ་བཙུགས། སྐྱེ་སྤྲུལ་གྱི་གོ་ས་དང་རིགས་རུས་སྟོབས་འབྱོར་གྱི་དྲེགས་པ་རྩད་ནས་བསྙིལ་ཏེ་དཀའ་ཆེན་དང་དུ་བཞེས། འབད་པ་དང་བརྩོན་འགྲུས་ཆེན་པོས་དབུས་གཙང་ཁམས་གསུམ་གྱི་བླ་མ་རྡོ་རྗེ་འཛིན་པ། དགེ་བའི་བཤེས་གཉེན། རིག་པའི་གནས་ལ་མཁས་པ་སོགས་ཡོངས་འཛིན་བརྒྱ་དང་ལྔ་བཅུ་ཙམ་བསྟེན་ཏེ་བཟོ་གསོ་སྒྲ་ཚད་ཡན་ལག་རིག་པའི་གནས་བཅུར་གྲགས་པ་རྣམས་དང་། འདུལ་མཛོད་དབུ་ཕར་གྱིས་མཚོན་མཚན་ཉིད་ཕྱོགས་ཀྱི་གཞུང་བཤད་གསན་སྦྱང་མཐར་ཕྱིན་པར་མཛད། རྙིང་མ་བཀའ་གཏེར། བཀའ་གདམས་གསར་རྙིང་། ས་ངོར་ཚར་གསུམ། བཀའ་བརྒྱུད་ཀཾ་ཚང། འབྲི་སྟག་འབྲུག་པ། ཇོ་ཞལ་བོ་དོང་སོགས་སྔོན་གྱི་ལུགས་སྲོལ་མ་ཉམས་པར་བཞུགས་པ་ཐམས་ཅད་ཀྱི་སྨིན་གྲོལ་ཡོངས་རྫོགས། སྒྱུ་འཕྲུལ་གསང་བ་སྙིང་པོ། དུས་ཀྱི་འཁོར་ལོ། བདེ་དགྱེས་གསང་གསུམ་སོགས་རྒྱུད་དང་བསྟན་བཅོས་ཀྱི་བཤད་སྲོལ་གང་ཡོད་དང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། རྙིང་མ་རྒྱུད་འབུམ། བསྟན་འགྱུར་ལས་རྒྱུན་གང་བཞུགས་ཀྱི་གཙོས་བོད་ཡུལ་གྲུབ་མཐའ་རིས་མེད་ཀྱི་བསྟན་བཅོས་ཡོངས་བསྡོམས་གླེགས་བམ་བདུན་བརྒྱ་ཙམ་གྱི་བཀླགས་ལུང་གསན་པ་སོགས་མདོར་ན་མི་ལོ་བཅུ་གསུམ་ཙམ་དུ་ཐོས་པ་ཁོ་ན་བཙལ། བཤད་རྒྱུད་འདེགས་པའི་ཀ་ཆེན་བཅུར་གྲགས་པ་རྣམས་ཀྱི་རིང་ལུགས་ཕལ་མོ་ཆེ་གསན། རྗེ་འདིས་ནི་གླེགས་བམ་གཟིགས་པ་ཙམ་གྱིས་དོན་མཐིལ་ཕྱིན་པ་མཁྱེན་ཅིང་ནམ་ཡང་མི་བསྙེལ་བའི་གཟུངས་མངའ་ཡང་ཆོས་ལ་གལ་ཆུང་མི་མཛད་པའི་རྣམ་ཐར་སྟོན་སླད་གསན་པ་ཙམ་དུ་མ་བཞག་པར་སྦྱང་གོམས་མཐར་ཕྱིན་པས་གྲུབ་མཐའ་སོ་སོའི་ལྟ་སྤྱོད་དང་ཁས་ལེན་གྱི་གནད། སོ་སོའི་སྲོལ་དང་དེའི་རིང་ལུགས་འཆུགས་མེད་ཡིན་མིན་སོགས་ཞིབ་ལ་མ་འདྲེས་པར་མཁྱེན་པའི་ཆོས་སྤྱན་རྡུལ་མེད་པར་མངའ་བ་འདི་ཙམ་ཡང་ད་ལྟའི་གང་ཟག་མཆོག་དམན་སུས་ཀྱང་བསྒྲུན་དུ་མི་སྣང་ངོ་། །མདོ་རྒྱུད་བསྟན་བཅོས་གང་གསན་པ་རྣམས་ཀྱི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་ཕལ་མོ་ཆེ་ཞིག་ནི་ལན་གྲངས་མང་དུ་འཆད་པ་དང་། གང་ཡང་ཚར་རེ་མ་འཆད་པ་མི་མངའ་བ་ཟང་ཟིང་མེད་པའི་ཆོས་སྦྱིན་ཁོ་ནས་དམ་པའི་སྐྱེས་བུ་མཆོག་རྣམས་ནས་མུ་ཏོ་ཕལ་པ་ཡན་ཆད་དོན་གཉེར་སོ་སོའི་རེ་བ་ཚུལ་བཞིན་སྐོང་བར་མཛད། སྐུ་ཆུང་ངུའི་དུས་ནས་གདུལ་བྱ་འགྲོ་དོན་དུ་མིང་བཏགས་པའི་གྲོང་ཆོག་ལྡོམ་བུ་སོགས་ལོག་འཚོའི་དཀོར་སྡུད་གཏན་ནས་མ་མཛད་ཀྱང་འབར་བ་གསུམ་དང་འདུ་བ་གསུམ་གྱི་ཡོན་ཏན་ཕྱིར་ཤར་བས་ཟང་ཟིང་གི་དངོས་པོ་འབད་མེད་བྱུང་བ་ཐམས་ཅད་གནས་མིན་དུ་ཆུད་ཟོས་ཕྲ་་་མོ་ཙམ་ཡང་མ་བཏང་པར། སྐུ་རྟེན་གསེར་ཟངས་ཁོ་ན་ལས་གྲུབ་པ་སྟོང་ཕྲག་གཉིས་ཙམ་དང་། གསུང་རྟེན་གླེགས་བམ་པུསྟི་བཞི་བཅུ་ལ་ཉེ་བའི་སྤར། བྲིས་མ་དང་སྤར་མ་བསྡམས་པའི་པུསྟི་ཀ་སྟོང་ཕྲག་གཉིས་ཙམ། ཐུགས་རྟེན་ལྷུན་གྲུབ་སྟེང་གི་མཆོད་སྡོང་ཆེན་མོའི་གཙོས་བརྒྱ་ཕྲག་ལྷག་ཙམ་གསེར་ཟངས་ལས་གྲུབ་པ། དེ་དག་བཞུགས་གནས་ལྷ་ཁང་ཆེ་ཆུང་བཅུ་གསུམ་ཙམ་བཀོད་ལེགས་པར་བཞེངས་ཤིང་དུས་དང་རྒྱུན་གྱི་མཆོད་པ་བཙུགས། གནས་གཞི་གསར་བཞེངས་རིགས་དུས་དབང་གིས་ཚུལ་ལྡན་འབྱུང་དཀའ་བས་སྤྲོས་པ་མ་མཛད་ཀྱང་ཕྱིས་ཚོད་དུས་ཟིང་དབང་གིས་སྟོད་སྨད་འཁྲུགས་ལོང་སྐབས་དགོན་གནས་ཕལ་མོ་ཆེ་ཉམས་གུད་ཆེར་གྱུར་པ་རྣམས་ལ་རྗེ་ཉིད་ནས་ཀྱང་དགོན་པ་ཆེ་ཆུང་དང་བསྟུན་པའི་གནང་སྦྱིན་དངོས་ཇ་སྟོང་ཕྲག་གསུམ་ལྷག་པ་དང་། རྒྱ་བོད་ཀྱི་མི་དཔོན། ཆོས་རྒྱལ་སྡེ་དགེ་དཔོན་བློན་རྣམས་ལ་མཐུན་སྦྱོར་མཛད་གལ་གནད་བཀྲོལ་གནང་བའི་སྒོ་ནས་སྔར་གནས་སོར་ཆུད་ཀྱི་ཉམས་གསོས་གསར་བཞེངས་དང་། མཆོད་ཐེབས་ཀྱི་ཞལ་འདེབས། ལུགས་གནས་ཚུལ་མཐུན་གྱི་ཞལ་བསྒོས་རྣམས་ཀྱི་སྒོ་ནས་དར་རྒྱས་འཕེལ་བའི་བཀའ་དྲིན་རླབས་པོ་ཆེ་བསྩལ། ཕན་ཚུན་གྱི་ཆོས་སྡེ་ཆེ་ཆུང་རྣམས་ལ་ལོ་རེ་བཞིན་དུ་གཟུངས་སྔགས་བསྔོ་བའི་རྟེན་ཡོན་སྦྱར་གནང་བ་སྔ་རྗེས་དངོས་ཇ་བཞི་སྟོང་གི་རྩ་བ་ཕུལ། སྤྱིར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་བརྟན་པ་ཐོབ་པ་དང་། སྒོས་གྲུབ་མཐའ་གང་ལའང་དག་སྣང་དང་མོས་གུས་ཀྱི་རྩལ་རྒྱས་པ་མ་གཏོགས་ཕྱོགས་རིས་དང་ལོག་རྟོག་གཏན་ནས་མི་མངའ་བའི་དོན་གྱིས་ས་སྐྱ་བཀའ་བརྒྱུད་རྙིང་མ་དགེ་ལུགས་ཀྱི་བསྟན་འཛིན་སྐྱེས་མཆོག་ཡོངས་སུ་གྲགས་པ་རྣམས་དང་། དགེ་བའི་བཤེས་གཉེན། རི་ཁྲོད་སྒྲུབ་པ་པོ། ཆོས་པ་ཉམས་ཆུང་། གཡུང་དྲུང་བོན་ལུགས་འཛིན་པ་ཚུན་ཆད་ཀྱི་རིས་སུ་མ་ཆད་པའི་སློབ་མ་གྲངས་ལས་འདས་ཤིང་། རྒྱ་བོད་ཀྱི་དཔོན་ཆེན་མང་པོའི་གཙོས་ཉིན་རེ་བཞིན་ཡང་རྒྱུན་མི་ཆད་པའི་འདུས་པ་ཚད་བཟུང་མེད་པ་ལ་མོས་པ་དང་འཚམས་པའི་ཆོས་སྦྱིན། རྐྱེན་སེལ་དབང་བཀའ་བྱིན་རླབས་ཀྱི་འབྲེལ་བ་སོགས་ནི་མ་ཐོབ་པ་མེད་པ་ལྟ་བུར་སྣང། ཆོས་བརྒྱད་ཀྱི་འཆིང་བ་ལས་གྲོལ་བས་མཆོག་དམན་གང་ལའང་ངོ་སྲུང་དང་རེ་དོགས་ཀྱིས་མཚོན། མི་ཆོས་ཀྱི་སྤྲོས་པ་གཏིང་ནས་ཆོད་པས་ཚེ་བློས་ཐོང་བའི་བྱ་བཏང་རྣམས་ཀྱི་རྒྱལ་པོའི་རྣམ་ཐར་བཟུང་། སྔ་ཕྱི་མི་ལོ་བཅུ་གསུམ་ཙམ་དུ་རྒྱུད་སྡེ་གསར་རྙིང་གི་ལྷག་པའི་ལྷ་དུ་མའི་བསྙེན་སྒྲུབ་དང་། རྗེ་བཙུན་གྲོལ་མཆོག་གི་གསུང་རབ་ཁྲིད་བརྒྱ་གཙོ་བོར་གྱུར་པའི་ཟབ་ཁྲིད་རྣམས་རེ་རེ་བཞིན་ཉམས་བཞེས་མཛད་པས་དམ་ཚིག་ཞལ་བཞེས་རྗེས་སུ་བསྒྲུབ་པ་འདི་ཁོ་ནའི་རྣམ་ཐར་ཡང་སུས་ཀྱང་འགྲན་ཟླ་བྲལ་བ་སྟེ་སྤང་ཀློག་བྱ་བ་ལས་ཀྱི་འཁོར་ལོ་གསུམ་ལས་བཙམས་པའི་ཕྱིའི་རྣམ་ཐར་མདོར་བསྡུས་པའོ། །གངས་ཅན་གྱི་ལྗོངས་སུ་སྒྲུབ་བརྒྱུད་ཀྱི་ཤིང་རྟ་ཆེན་པོ་བརྒྱད་དུ་གྲགས་པ་མཁན་སློབ་ཆོས་གསུམ་གྱི་བཀའ་དྲིན་ལས་བྱུང་བ་སྔ་འགྱུར་རྙིང་མ་བ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བཀའ་སྲོལ་ལྷ་ཆོས་བདུན་ལྡན་བཀའ་གདམས་པ། གྲུབ་ཆེན་བི་རུ་པའི་ཐུགས་བཅུད་དཔལ་ས་སྐྱ་པ་ཡབ་སྲས་ལས་བྱོན་པ་གདམས་ངག་ལམ་འབྲས་བུ་དང་བཅས་པ། བཀའ་བཞི་བརྒྱུད་པའི་གདམས་ངག་མར་མི་དྭགས་གསུམ་ལས་བརྒྱུད་པ་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད། མཁས་གྲུབ་ཁྱུང་པོའི་གསེར་ཆོས་དཔལ་ལྡན་ཤངས་པ་བཀའ་བརྒྱུད། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་རྩལ་དུ་བཏོན་པ་སྦྱོར་བ་ཡན་ལག་དྲུག་པ། གྲུབ་ཆེན་དམ་པ་སངས་རྒྱས་ཀྱི་བཀའ་སྲོལ་དམ་ཆོས་སྡུག་བསྔལ་ཞི་བྱེད་ཡན་ལག་གཅོད་ཡུལ་དང་བཅས་པ། གྲུབ་ཆེན་ཨོ་རྒྱན་པ་ལ་རྡོ་རྗེ་བཙུན་མོས་དངོས་སུ་བསྩལ་པ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་རྣམས་བརྒྱུད་པའི་ཟམ་པ་མ་ཆད་ཅིང་སྔོན་གྱི་ལུགས་སྲོལ་མ་ཉམས་པར་བཞུགས་པ་རྣམས་ལ་སོ་སོ་ནས་དད་ཅིང་མོས་པ་ཚད་མེད་པས་སྐུ་ངལ་ཁྱད་དུ་བསད་དེ་འབད་བརྩོན་དྲག་པོས་སོ་སོའི་ཁུངས་དང་འབྲེལ་བའི་ཡོངས་འཛིན་རྣམས་ལས་སྨིན་གྲོལ་གྱི་རིམ་པ་ཚང་ལ་མ་ནོར་བ་་་་་རྫོགས་པར་གསན་ཅིང་། དེ་དག་བསམ་པས་སྒྲོ་འདོགས་གཅོད་པ་དང་། སྒོམ་པས་ཐུགས་ཉམས་བཞེས་པའི་སྐབས་རྣམས་སུ་དངོས་ཉམས་རྨི་ལམ་ཅི་རིགས་པར། འཕགས་བོད་མཁས་གྲུབ། ཡི་དམ་རྒྱལ་བ་ཞི་ཁྲོ། གནས་གསུམ་གྱི་མཁའ་འགྲོའི་ཚོགས་རྣམས་ཀྱིས་གསང་བ་གསུམ་གྱིས་བྱིན་གྱིས་བརླབས་པ་དང་ཉེ་བརྒྱུད་ཀྱི་གདམས་པ་བསྩལ་བ་སོགས་སྐད་ཅིག་རེ་རེ་ལའང་དག་པའི་གཟིགས་སྣང་མཐའ་ཡས་ཀྱང་ཕྱོགས་མཚོན་ཙམ་ལས། ཞལ་གཟིགས་མངོན་ཤེས་སོགས་མི་ཆོས་བླ་མ་ནམ་ཡང་སྒྲོག་པར་མི་མཛད་པས་དེ་ཙམ་གྱིས་རྟོགས་པར་འགྱུར་བ་དང་། གཙོ་བོར་ཤིང་རྟ་བརྒྱད་ཀྱི་རིམ་པ་གཉིས་ཀྱི་ཚུལ་ཐུགས་སུ་ཆུད་པས་འཆད་རྩོད་རྩོམ་གསུམ་ལ་ཆགས་ཐོགས་མ་མཆིས་ཤིང་འཁྲུལ་པའི་དྲི་མ་དང་བྲལ་བས་སྐལ་ལྡན་རྣམས་རྗེས་སུ་འཛིན་པར་མཛད་པ་ནི་ནང་གི་རྣམ་ཐར་ས་བོན་ཙམ་སྨོས་པའོ། ཁྱད་པར་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྡོ་རྗེའི་ལུང་ལས། བདག་དང་གཉིས་མིན་རྣལ་འབྱོར་པ༔ མཚན་ཉིད་ལྔ་དང་ལྡན་པ་ཞིག༔ འདི་ནས་བདུན་བརྒྱའི་ལོ་ཁོངས་སུ༔ མདོ་ཁམས་བར་ན་འབྲུག་གི་ལོ༔ གཉོས་ཀྱི་རིག་འཛིན་སྒ་ཡི་བུ༔ ལྕགས་ཁམས་དཔའ་བོའི་མཚན་རྟགས་ཅན༔ པདྨ་རྒྱལ་པོས་བྱིན་བརླབས་པས༔ བཀའ་བབས་བདུན་ལྡན་མདོ་སྔགས་གླིང༔ བི་མ་མི་ཏྲས་བྱིན་བརླབས་པས༔ འོད་གསལ་སྤྲུལ་པའི་རྡོ་རྗེ་སྟེ༔ འཇམ་དཔལ་སྤྲུལ་པ་མངའ་བདག་གིས༔ བྱིན་བརླབས་ཆོས་ཀྱི་བཤེས་གཉེན་ཞེས༔ སྒྱུ་མ་ལྟ་བུའི་སྐྱེས་བུ་འབྱུང༔ ཞེས་དང་། རྫོགས་ཆེན་སྡེ་གསུམ་ལུང་བྱང་གོང་དུ་དྲངས་པ་སོགས་བཀའ་བབས་བདུན་ལ་མངའ་དབང་བསྒྱུར་ནས་བསྟན་འགྲོའི་དོན་ཆེན་མཛད་པར་རྡོ་རྗེའི་ལུང་གིས་ཡང་ཡང་བསྔགས་པ་ལྟར་མངོན་དུ་གྱུར་པ་སྟེ། དགུང་ལོ་བརྒྱད་བཞེས་པའི་དུས་སྐུ་ཁམས་ཤིན་ཏུ་བསྙེལ་ཞིང་ཟུག་རྔུའི་ཚོར་བས་གདུང་བའི་སྐབས་གུ་རུ་རིན་པོ་ཆེ་དང་མཚོ་རྒྱལ་ཡབ་ཡུམ་གཉིས་ཀྱིས་ཞལ་བསྟན་ནས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་དབང་བསྐུར་ཅིང་བྱིན་གྱིས་བརླབས། རྗེས་སུ་གདམས་པའང་བསྩལ་པས་བར་ཆད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བར་གྱུར། དགུང་ལོ་བཅོ་ལྔ་པར་དག་པའི་སྣང་བར་རྒྱ་གར་རྡོ་རྗེ་གདན་གྱི་ཀེའུ་ཚང་རིམ་པ་དགུ་པའི་དྲུང་དུ་ཕེབ། རྩག་འོག་མ་ནས་རིམ་པར་སྟེང་དུ་ཕེབས་པ་ན། བརྒྱད་པའི་ནང་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་པཎྜི་ཏའི་ཚུལ་ཅན་སྐུའི་གཡས་གཡོན་གླེགས་བམ་མང་པོ་བརྩིགས་པ་ཞིག་མཇལ་བ་ལ་གུས་པ་ཆེན་པོས་བཏུད་ཅིང་གསོལ་གདབ་མཛད་པས། གཡོན་ཕྱོགས་ནས་གླེགས་བམ་ཞིག་བླངས་ཏེ་བསྟན་པ་ཤེར་ཕྱིན་སྡུད་པའི་རྒྱ་དཔེར་འདུག །དེ་ཉིད་དབུར་བཞག་ནས་དགོངས་པ་གཏད་དེ་མཚན་ཉིད་ཀྱི་ཆོས་ཐམས་ཅད་ཀྱི་བཀའ་ལུང་རྫོགས་པ་ཡིན་ནོ་གསུངས། གཡས་ཕྱོགས་ནས་གླེགས་བམ་ཞིག་བླངས་ནས་བསྟན་པ་རྫོགས་པ་ཆེན་པོ་རྡོར་སེམས་སྙིང་གི་མེ་ལོང་གི་རྒྱུད་ཅེས་བྱ་བར་སྣང། དེ་ཉིད་དབུར་བཞག་ནས་དགོངས་པ་གཏད་དེ་གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་སྤྱི་དང་ཁྱད་པར་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ཚིག་དོན་བྱིན་རླབས་ཐམས་ཅད་རྫོགས་པ་ཡིན་གསུངས། ལུང་བསྟན་འགའ་ཞིག་ཀྱང་མཛད་པའི་མཐར་དགྱེས་པའི་ཚུལ་གྱིས་འོད་དུ་ཞུ་ནས་རྗེ་ཉིད་ལ་ཐིམ་པས་དར་གཅིག་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་འབྱམས། དེ་ལས་སད་ནས་ཕྱིར་ཕེབས་པའི་ཚེ་སྒོ་དྲུང་དུ་མེ་ཆེན་པོ་འབར་ཞིང་འདུག་པའི་ནང་དུ་དབང་མེད་དུ་ཞུགས་པས་རགས་པའི་ལུས་ཕུང་དངོས་མེད་བསྲེགས་ནས་བི་མ་མི་ཏྲ་ཡིན་སྙམ་པའི་འོད་ཀྱི་སྐུར་ལམ་མེར་གྱུར་པ་བྱུང་། གཞན་ཡང་འདི་སྐབས་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོས་མནལ་ལམ་དུ་ཞལ་བསྟན་ཞིང་བྱིན་གྱིས་བརླབས། གདམས་པ་དང་རྗེས་སུ་གདམས་པ་བསྩལ་པས་བླ་སྒྲུབ་ཙམ་ཡི་གེར་བཀོད། ཕྱིས་བཀའ་རྒྱ་གྲོལ་ཏེ་རིམ་པར་གཏན་ལ་ཕབ་པ་རྫོགས་རིམ་དྲུག་གི་རྩ་ཚིག །སྒྲུབ་སྐོར་ལྔ། ཁྲག་འཐུང་བདེ་གཤེགས་འདུས་པ་སོགས་གྲུབ་ཐོབ་ཐུགས་ཏིག་གི་སྐོར་རྣམས་བྱོན། འཆི་མེད་མགོན་པོ་ཡབ་ཡུམ་གྱིས་ཞལ་བསྟན་ཞིང་བྱིན་གྱིས་བརླབས་པས་དེ་དག་གི་སྒྲུབ་ཐབས་ཁྱད་པར་ཅན་བྱུང་བ་ལས་ཚེ་ཡུམ་ཙཎྜ་ལཱི་རྩ་བ་གཏན་ལ་ཕབ་པ་སོགས་རྩ་གསུམ་རབ་འབྱམས་ཀྱི་གཟིགས་སྣང་མཐའ་ཡས་པ་བྱུང་ཡང་གསང་བ་སྲུང་བ་ལ་ཐུགས་ཤིན་ཏུ་སྒམ་པས་གཞན་གྱིས་ཟུར་ཙམ་ཡང་རྟོགས་པར་མ་གྱུར། ཁྱད་པར་ལུང་བསྟན་སྔ་ཕྱི་མང་དུ་བཞུགས་པར་སྣང་ནའང་བཀའ་ལས། གཏེར་སྟོན་ལུང་བསྟན་གྱིས་ཕུང་། ཞེས་བྱ་བ་ཡིན་པས་ལུང་བསྟན་ཟེར་བ་དེ་བྲིས་ཕྱིན་སྤང་བླང་ལག་ཏུ་ལོན་དགོས་པ་ལ་དེ་ནི་སུས་ཀྱང་མི་ལོན། དེ་མ་ལོན་པས་ཐོག་ཏུ་མི་ཁེལ། སྨྲ་བ་མང་པོ་ངག་ལ་བདུད་ཞུགས་པ་ཡིན་གསུངས་ནས་ལུང་བསྟན་མི་གནང་ཞིང་གཞན་ལའང་དགྱེས་པ་མི་མཛད་པ་འདི་ལའང་གནད་དོན་ཆེན་པོ་སྣང་། དགུང་གྲངས་བཅུ་དྲུག་པར་ས་ག་ཟླ་བའི་ཚེས་བཅུའི་ཐོ་རངས་དག་པའི་སྣང་ཆ་ལ་རྔ་ཡབ་པདྨ་འོད་དུ་ཕེབ། དེའང་བྲག་རི་ལྷུན་ཆགས་པའི་ནང་དུ་སྤྲིན་དཀར་ཤིན་ཏུ་མཛེས་པའི་ཁྲོད་ན་གུ་རུ་མཚོ་སྐྱེས་རྡོ་རྗེ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བའི་བཀོད་པ་ཅན་མཇལ། དགོངས་པས་བྱིན་གྱིས་བརླབས་ཤིང་བརྡའི་དབང་བསྐུར་བ་དང་བཀའ་བབས་བདུན་འབྱུང་བའི་དབུགས་དབྱུང་རྒྱས་པར་བསྩལ་པའི་མཐར་སྤྱན་ལྟ་སྟངས་དང་བཅས་ཏེ། གཟུང་བའི་ཡུལ་གྱིས་མ་གོས་ཤིང་། །འཛིན་པའི་རྟོག་པས་མ་བསླད་པ། །རིག་སྟོང་རྗེན་པར་བསྐྱང་བ་ནི། །སངས་རྒྱས་ཀུན་གྱི་དགོངས་བ་འོ། །ཞེས་གསུངས་ཏེ་འཁོར་དང་བཅས་པ་རྗེ་ཉིད་ལ་ཐིམ་པས་ཐུགས་ཡིད་དབྱེར་མེད་འདྲེས་པའི་ཉམས་ཤར་ཏེ་དེ་ཕྱིན་ཆད་ཀ་དག་གི་གནས་ལུགས་ལ་རང་བཞིན་གྱིས་བརྟན་པ་ཐོབ་པར་གྱུར། དེ་ལ་ཐུགས་སྤྲོ་བ་བརྟས་ཏེ་གུ་རུ་རིན་པོ་ཆེར་རྩེ་གཅིག་ཏུ་གསོལ་བཏབ་མཛད་པའི་རྐྱེན་ལས་མདོ་རྒྱུད་གསར་རྙིང་བཀའ་གཏེར་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་ཡོངས་གྲགས་རྣམས་དང་རྒྱུན་ཤིན་ཏུ་དཀོན་པ་རྣམས་ཀྱང་འབད་མེད་དུ་རྙེད་ནས་ཉམས་བཞེས་དང་འཆད་སྤེལ་གྱིས་བསྟན་པའི་མེ་རོ་བསླངས་པ་བཀའི་བཀའ་བབས་དང་པོའོ། །གཉིས་པ་ས་གཏེར་ནི། དགུང་ལོ་ཉི་ཤུ་པར་བྲག་དམར་མགྲིན་བཟང་དུ་ཕེབས་སྐབས་ཡེ་ཤེས་མཁའ་འགྲོས་གཏེར་སྒྲོམ་དངོས་སུ་ཕུལ་བ་ལས་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོའི་ཆོས་སྐོར་དང་། བྲམ་ཟེ་ཉེར་གཅིག་གི་གདུང་བྱོན་པ་དང་། འདམ་ཤོད་སྙིང་དྲུང་ནས་བླ་མ་སྐུ་བཞིའི་སྒྲུབ་ཐབས་ཀྱི་སྐོར་དང་གུ་རུ་རིན་པོ་ཆེའི་ཚེམས་ལས་སྤྲུལ་པའི་རིང་བསྲེལ་རྣམས་གཉན་ཆེན་ཐང་ལྷས་སྤྱན་དྲངས་ཏེ་ཕུལ་བ་དང་། སི་ངུ་གཡུ་མཚོ་ནས་རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་སྐོར། གཏེར་ཀླུང་པདྨ་ཤེལ་རི་ནས་རྩ་གསུམ་སྤྱི་འདུས་ཀྱི་སྐོར་མཁའ་འགྲོའི་རྫུ་འཕྲུལ་གྱིས་དྲངས་ཏེ་ཕུལ་བ་སོགས་མང་དུ་བཞུགས་པ་རྣམས་ལས་སྔར་ཕན་རྩ་བ་ཙམ་རེ་ལས་གཏན་ལ་འབེབས་པར་མ་གནང་ཞིང་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་སྐོར་དང་། སྐུ་ཚབ་དངོས་གྲུབ་དཔལ་འབར་བཅས་རྩི་སྐེ་ནོར་བུ་སྤུན་གསུམ་དུ་བཞུགས་པ་མཆོག་གྱུར་གླིང་པ་ལ་བཀས་བསྐུལ་ཏེ་སྤྱན་དྲངས་ཤིང་རྫོགས་པར་གཏན་ལ་ཕབ། སྤྱིར་བླ་སྒྲུབ་སྐོར་བཞི་ཀ་དང་བཻ་རོའི་ཐུགས་ཏིག་རྫོགས་ཆེན་སྡེ་གསུམ་སོགས་ཀྱང་རྗེ་འདི་ཉིད་དང་མཆོག་གླིང་ལྷན་རྒྱས་ཀྱི་གཏེར་ཁ་ཐུན་མོང་བར་སྣང་ངོ་། །གསུམ་པ་དེ་ལས་འཕྲོས་པའི་ཡང་གཏེར་ནི། དོན་གྲུབ་ས་ལུག་ལོར་གུ་རུ་རིན་པོ་ཆེ་ཉིད་གཏེར་ཆེན་སངས་རྒྱས་གླིང་པའི་སྐུར་སྣང་བས་གླེགས་བམ་བསྩལ་ཞིང་བྱིན་གྱིས་བརླབས་པའི་དག་སྣང་ཁྱད་པར་ཅན་གྱིས་གོ་ཕྱེས་ཏེ་གཏེར་སྟོན་རྣམས་ཀྱི་རྣམ་ཐར་དང་གཏེར་ཆོས་གང་བཞུགས་ཐུགས་ལ་གསལ་ཞིང་དེ་དག་བཀའ་བབས་པའི་་་་་་བཀའ་ལུང་ཐོབ་པ་ལྟར། ཕལ་ཆེར་སྔར་གྱི་གཏེར་སྟོན་སོ་སོས་ཡང་གཏེར་དུ་སྦས་པའི་ཤོག་སེར་རྣམས་ཡེ་ཤེས་མཁའ་འགྲོས་སྤྱན་དྲངས་ནས་ཕྱག་ཏུ་ཕུལ་བ་ལས་བརྡའ་བསྒྱུར་པ་དང་། འགའ་ཞིག་བརྡའ་ཡིག་སྤྱན་ལམ་དུ་ཤར་བ་དང་དགོངས་པའི་ཀློང་དུ་རྩོལ་མེད་རང་གསལ་བ་ཉིད་གཏན་ལ་ཕབ་ཅིང་། དེ་དག་གི་སྐབས་སུ་གུ་རུ་རིན་པོ་ཆེ་དངོས་དང་དེ་ཉིད་གཏེར་སྟོན་སོ་སོའི་སྐུའི་རྣམ་པར་བསྒྱུར་ནས་སྨིན་གྲོལ་ཆིག་རྫོགས་སུ་བསྩལ་བའི་ཚུལ་ངོ་མཚར་རྨད་དུ་བྱུང་ཞིང་གནས་དུས་ཤིན་ཏུ་སྙིགས་ཀྱང་ཟབ་ཆོས་འདི་ལྟ་བུ་མཇལ་ཞིང་སྤྱོད་དུ་ཡོད་པ་སྐལ་པ་ཆེས་བཟང་བར་ཤེས་ནས་ཁོ་བོས་ཀྱང་གཞན་གང་ལས་ཀྱང་གཏེར་རྙིང་རྒྱུན་་་་་ཆད་པ་སྣེ་རེ་ཙམ་བྱུང་ནའང་ཡ་མཚན་ཆེ་བས་དོན་གཉེར་ཆེན་པོས་ཡང་ནས་ཡང་དུ་གསོལ་བ་བཏབ་པས། སངས་རྒྱས་བླ་མའི་རྩ་གསུམ་དྲིལ་སྒྲུབ། རྒྱ་ལོ་ཙཱའི་བླ་མ་བསྟན་གཉིས་སྐོར་གསུམ། ཉི་མ་སེང་གེའི་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ། རོང་ཟོམ་ལོ་ཙཱའི་མཁའ་འགྲོ་མ་རིག་བྱེད་རྩལ། ཨོ་རྒྱན་གླིང་པའི་བཀའ་འདུས་ཆོས་ཀྱི་རྒྱ་མཚོ། ཇོ་མོ་སྨན་མོའི་མཁའ་འགྲོ་གསང་བ་ཀུན་འདུས། ར་མོ་ཤེལ་སྨན་གྱི་རྡོ་རྗེ་བདུད་རྩི། དྲི་མེད་ཀུན་དགའི་བླ་སྒྲུབ་དང་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། རྒྱ་སྟོན་པདྨ་དབང་ཕྱུག་གི་བླ་མ་བདེ་མཆོག་འཁོར་ལོ། ལྷ་བཙུན་སྔོན་མོའི་ཞི་བྱེད་སྐོར་བདུན། བལ་པོ་ཨ་ཧཱུྃ་གི་ཡཀྴ་ཛཾ་བྷ་ལ་རིན་ཆེན་གཏེར་སྤུངས། སྔགས་འཆང་ལས་འཕྲོ་གླིང་པའི་པདྨ་ཤ་བ་རི་དམར་མོ། མངའ་བདག་མོལ་མི་འཁྱིལ་གྱི་རྟ་མགྲིན་གནམ་ལྕགས་འཁོར་ལོ། གཡག་ཕྱར་སྔོན་མོའི་སྒྲོལ་ལྗང་འཇིགས་པ་ཀུན་སྐྱོབ། དབུ་རུ་སྟོན་ཤཱཀ་གི་ཕྱག་རྡོར་རྡོ་རྗེ་མེ་འབར། བོན་པོ་བྲག་ཚལ་གྱི་ཚེ་གུར་སྦྲགས་མ། བསམ་གཏན་བདེ་ཆེན་གླིང་པའི་བཀའ་བརྒྱད་དྲེགས་འདུལ། མཆོག་ལྡན་མགོན་པོའི་གཉེན་པོ་ལྷ་ལྔ། མི་འགྱུར་ལས་འཕྲོ་གླིང་པའི་པདྨ་གཏུམ་པོ། གར་དབང་ལས་འཕྲོ་གླིང་པའི་ཕག་དཀར་ཡེ་ཤེས་གསལ་བྱེད་སོགས་ལེགས་པར་གཏན་ལ་ཕབ་ནས་སྨིན་གྲོལ་ཆིག་རྫོགས་སུ་བཀའ་དྲིན་བསྩལ་བ་ཐོབ་ཅིང་། གཏེར་རྙིང་རྒྱུན་མི་བཞུགས་པ་ཉང་གཏེར་གུ་རུ་མཚོ་སྐྱེས་རྡོ་རྗེ། ཐུགས་ཆེན་འགྲོ་འདུལ་དབང་རྒྱས་པ། ར་ཤག་མ་མོ་སྒང་ཤར་གྱི་དབང་། བྱང་གླིང་དཔལ་རྒྱལ་མཚན་གྱི་ཀུན་བཟང་ཐུགས་གཏེར། གྲུ་གུ་ཡང་དབང་གི་རྟ་མགྲིན་དྲེགས་པ་ཀུན་སྒྲོལ། རྡོར་གླིང་བླ་རྫོགས་ཐུགས་གསུམ། རིན་ཆེན་གླིང་པའི་རྫོགས་པ་ཆེན་པོ་ཆིག་ཆོད་ཀུན་གྲོལ། འགྲོ་འདུལ་ལས་འཕྲོ་གླིང་པའི་ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེ་བཀའ་སྲུང་བཅས། དབོན་གསས་ཁྱུང་ཐོག་གི་ཚེ་སྒྲུབ་ཡེ་ཤེས་སྲོག་ཏིག །རོག་རྗེ་གླིང་པའི་ཚེ་སྒྲུབ་གསང་བ་རྨད་བྱུང་སོགས་ཀྱི་སྨིན་གྲོལ་སྩོལ་བར་གསོལ་བ་བཏབ་པ་ལྟར་དགྱེས་བཞིན་དུ་གནང་བའི་བཀའ་དྲིན་ཐོབ། ད་རུང་ཡང་གཏེར་དང་ཉེ་བརྒྱུད་ཀྱི་ཆོས་སྐོར་གཏན་ལ་འབེབས་རྒྱུའི་རིགས་ནི་མང་པོ་ཞིག་བཞུགས་ཡོད་པར་སྣང་ངོ་། །བཞི་པ་ཟབ་མོ་དགོངས་པའི་གཏེར་ནི། དགུང་གྲངས་ཉེར་དགུ་ས་སྤྲེལ་ལོར་དབུས་ཕེབ་ལམ་བྱང་འབྲོག་དགེ་རྒྱལ་ནས་ཚེས་བཅུའི་ཚོགས་འཁོར་སྐབས་གུ་རུ་རིན་པོ་ཆེ་དངོས་ཞལ་བསྟན་ནས་བྱིན་གྱིས་བརླབས། བསམ་ཡས་སུ་ཉང་གཏེར་མཚོ་སྐྱེས་རྡོ་རྗེའི་སྐུ་ཚབ་མདུན་མཆོད་འབུལ་སྐབས་སྐུ་དེ་མཚོ་སྐྱེས་རྡོ་རྗེ་དངོས་སུ་གྱུར་ནས་བྱིན་གྱིས་བརླབས་ཤིང་གདམས་པ་གནང་བ་ལ་བརྟེན། བླ་སྒྲུབ་སྐོར་གསུམ་གྱི་གསང་སྒྲུབ་མཚོ་སྐྱེས་སྙིང་ཐིག་གི་ཆོས་སྐོར་བྱོན་པ་དང་། དགུང་ལོ་སོ་ལྔ་པ་ཤིང་སྟག་རྒྱལ་ཟླ་བར་འཆི་མེད་ཡིད་བཞིན་འཁོར་ལོའི་བསྙེན་སྒྲུབ་མཛད་པས་འཕགས་མ་ཡི་གེ་བཅུ་པའི་སྒྲ་གདངས་ཅན་དངོས་སུ་ཞལ་གཟིགས་ནས་བྱིན་གྱིས་བརླབས། སླར་འཆི་མེད་གྲུབ་པའི་སློབ་དཔོན་རྣམ་གསུམ་གྱིས་ཀྱང་བྱིན་གྱིས་བརླབས་པ་ལ་བརྟེན་ནས་འཕགས་མའི་སྙིང་ཐིག་གི་ཆོས་སྐོར་བྱོན་ཅིང་། གྲུབ་ཐོབ་ཐུགས་ཏིག་གི་སྐོར་སྔར་སྨོས་པ་སོགས་ཡིན་ལ་འདི་དག་ནི་རྒྱུད་དང་དབྱེར་མེད་པའི་རྡོ་རྗེའི་ཚིག་རྐང་སོ་སྐྱེའི་བློ་ལས་འདས་པ་དགོངས་གཏེར་གྱི་མཚན་སྨོས་རིན་ཆོག་པར་སྣང་ངོ་། །ལྔ་པ་དེ་ལས་འཕྲོས་པའི་རྗེས་དྲན་ནི། བོད་ཡུལ་དུ་ཕེབ་སྐབས་གཙང་འུ་ཡུག་གི་མདར་ཕེབས་པའི་ཚེ་སྔོན་ལྕེ་བཙུན་ཆེན་པོ་འོད་ལུས་སུ་གཤེགས་པའི་གནས་དུས་ཇི་ལྟ་བར་རྗེས་སུ་དྲན་ནས་གཏན་ལ་ཕབ་པ་ལྕེ་བཙུན་སྙིང་ཐིག་དང་། ལང་གྲོ་དཀོན་འབྱུང་གི་སྔོན་གནས་རྗེས་སུ་དྲན་པའི་ཚེ་སྒྲུབ་བཻ་རོའི་ཐུགས་ཏིག །སེང་གདོང་དཀར་མོའི་བཅུད་ལེན་སོགས་སྣང་བར་མཛད་དོ། །དྲུག་པ་དག་སྣང་ནི། གོང་སྨོས་འཆི་མེད་ཐུགས་ཏིག་གི་ཚེ་ཡུམ་ཙཎྜ་ལཱིའི་གདམས་སྐོར་དང་། ཀློང་ཆེན་སྙིང་ཐིག་གི་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་གྱི་ཡིག་ཆ། མཆོག་གླིང་བླ་སྒྲུབ་སྐུ་གསུམ་རིགས་འདུས་ཀྱིས་མཚོན་མང་དུ་བཞུགས་པར་གདོན་མི་ཟའང་དངོས་སུ་སྤེལ་བ་ནི་དེ་ཙམ་ལས་ཆེར་མ་མཇལ། བདུན་པ་དེ་མཐུན་སྙན་བརྒྱུད་ནི། རྫོང་ཤོད་བདེ་གཤེགས་འདུས་པའི་གནས་ཆེན་དུ་བཞུགས་པའི་སྐབས་དག་པའི་སྣང་བར་མཆོད་རྟེན་བདེ་བྱེད་བརྩེགས་པའི་དྲུང་དུ་ཕེབ། དེའི་ཕྱོགས་མཚམས་བརྒྱད་དབུས་དང་དགུར་གུ་རུ་མཚན་བརྒྱད་ཀུན་འདུས་གུ་རུ་རིན་པོ་ཆེ་བཅས་ཀྱི་སྐུའི་བཀོད་པར་བཞུགས་པ་རྣམས་ཀྱིས་སྒྲུབ་ཆེན་བཀའ་བརྒྱད། སྒྱུ་འཕྲུལ་ཞི་ཁྲོ་སོགས་ཀྱི་སྨིན་གྲོལ་སྙིང་པོ་སྙན་བརྒྱུད་དུ་བསྩལ་པ་ལས། གཤིན་རྗེ་གཤེད། ཡང་དག །ཕུར་པ་ཙམ་གཏན་ལ་ཕབ་པ་ཁོ་བོས་ཀྱང་བཀའ་དྲིན་དུ་ནོས་སོ། །དེ་ལྟར་ན་དེ་དག་ནི་གསང་བའི་རྣམ་པར་ཐར་པ་ཟུར་ཙམ་ཡིན་ལ་རྒྱས་པར་ནི་གཏེར་ཁ་རེ་རེ་ལའང་ལུང་བསྟན། བསྐུལ་བྱང་། ཁ་བྱང་སོགས་བབས་ཚུལ། དངོས་གཏེར་བཞེས་པ་དང། གཏེར་སྒྲུབ་སྐབས་ཀྱི་གཟིགས་སྣང་དག་དང་སྨིན་གྲོལ་གསན་ཚུལ། ཡུན་རིང་པོར་གསང་དམ་མཐར་ཕྱིན་པར་མཛད་ནས་དུས་ལ་བབས་ངེས་པའི་ཚེ་ལུང་དང་མཐུན་པར་སྐལ་ལྡན་རྣམས་ལ་སྤེལ་བའི་ཚུལ་སོགས་རྒྱ་ཆེར་བཞུགས་པ་རྣམས་གཏེར་འབྱུང་ཆེན་མོ་སླད་ཆར་སྩོལ་བར་གསོལ་བ་འདེབས་པའི་ཕྱིར་འདིར་དེ་ཙམ་མོ། །ད་དུང་སྙིགས་དུས་བསྟན་འགྲོའི་མགོན་དུ་བགྲང་བྱ་བརྒྱ་ཕྲག་ལས་ལྷག་པར་རྟག་བརྟན་ཆེན་པོར་བཞུགས་པར་གསོལ་བ་འདེབས་ཤིང་། བི་མའི་བླ་སྒྲུབ་མཛད་སྐབས་མ་འོངས་པར་སྐུ་དངོས་ཉིད་རི་བོ་རྩེ་ལྔར་བི་མ་ལའི་ཐུགས་ཀར་ཐིམ། དེ་ལས་སྤྲུལ་པ་ལྔ་བྱོན་ནས་བསྟན་པ་རིས་མེད་ལ་ཕན་པ་སྒྲུབ་པའི་ལུང་བསྟན་ཐོབ་ཅེས་ཞལ་ནས་དངོས་སུ་ཐོས་སོ། །དེ་ལྟར་སྔར་ནས་ད་ལྟའི་བར་བྱོན་པའི་ས་གཏེར་གྱི་བཀའ་བབས་གོ་རིམ་ངེས་པ་རྣམས་སྨོས་ཟིན་ནས། གཞན་ཡང་གཏེར་འབྱུང་སྔ་མ་རྣམས་སུ་ཅི་རིགས་འབྱུང་བའི་གོ་རིམ་མ་ངེས་པ་རྣམས་ཕྱོགས་བསྡམས་སུ་བཀོད་ན། ༈ གཏེར་སྟོན་ཟླ་བན་གཟི་བརྗིད་འབར་གྱིས་བྲག་དཀར་རྡོ་རྗེའི་རྩེ་ཞེས་པ་ནས་དྲག་པོའི་སྔགས་སྡེབ་སྙིང་གི་མེ་ལོང་ཞེས་བྱ་བ་ཟླ་གསང་སྲོག་འདུས་ནག་པོ་བཀོལ་བ་དུམ་བུའི་རྒྱུད་ཅེས་པ་ལེའུ་བཅུ་གཅིག་པ་ཞིག་དང་། དྲག་པོ་སྔགས་སྡེབ་ལྡེ་མིག་རིན་ཆེན་སྒྲོན་མ་ཞེས་བྱ་བ་སློབ་དཔོན་གཙུག་ལག་དཔལ་དགེས་མཛད་པ་གཉིས་གདན་དྲངས། དེ་ལས་གཞན་པའི་གཏེར་ཁ་ཅི་ཡོད་མ་འཚལ་ཞིང་དེང་སང་རྒྱུན་ཡང་མི་སྣང་། ༈ རོག་བན་ཤེས་རབ་འོད་ཀྱིས་ཡང་དག་གི་སྒྲུབ་སྐོར་ལྷ་ལྔ་བཅུ་ང་བརྒྱད་པ་དང་། ཡང་དག་མར་མེ་དགུ་པ་སོགས་མང་ཞིག་སྤྱན་དྲངས་པར་བཤད། ༈ འབྲོམ་ཆོས་ཀྱི་སྙིང་པོ་ནི། གཙང་རོང་དུ་འཁྲུངས། པཱུརྞ་རྫ་རིའི་སྙིང་པོ་ཞེས་བྱ་བ་ནས་རྫོགས་ཆེན་སེམས་ཕྱོགས་སྐོར་དང་། མན་ངག་བི་མ་སྙིང་ཐིག་འབྲིང་པོ། ཐེག་རིམ་གྲུབ་མཐའ་གཡུ་སྡོང་ཟབ་དགུ་མ། ཡེར་པ་ནས་དྲག་སྔགས་རྒྱས་སྡེབ་ཆེན་མོ་སྤྱན་དྲངས། ༈ འོད་ཟེར་སྟོན་པས་མགོན་པོ་ཏྲཀྴད་ཀྱི་གཡུལ་ཟློག་སོགས་བཏོན། ༈ མེ་ཉག་གྲགས་འབྱུང་གིས་གུང་ཐང་གཙུག་ལག་ཁང་ནས་ཐོག་སྲུང་ཟབ་མོ་དང་། ༈ པདྨ་དབང་རྒྱལ་གྱིས་དམ་ཅན་རྡོར་ལེགས་སྐྱེར་མདུང་ཅན་གྱི་སྒྲུབ་ཐབས་དགྲ་ལ་ཆོ་འཕྲུལ་བཏང་ཐབས་ཟབ་ཁྱད་མའི་བརྒྱུད་པ་ཕྱིས་ཀྱི་བར་བྱུང་ཞིང་། ༈ གཏེར་སྟོན་ཟླ་བ་རྡོ་རྗེས་ཀྱང་ཟབ་གཏེར་འགའ་ཞིག་བཏོན་པར་གྲགས། ༈ གཙང་གི་ཉང་སྟོན་ཤེས་རབ་གྲགས་པས། ཁུ་བྱུག་འབུམ་ཐང་གི་སྲིན་ཕུག་གོག་པོ་ནས་གཟའི་གདོང་གཏད་ཟབ་མོ་བཞེས། ༈ གཙང་སྟོན་ཆོས་འབར་གྱིས་མཆོད་རྟེན་སྔོན་པོ་ལ་བརྟེན་པའི་སེར་སྲུང་ཟབ་ཁྱད་ཅན་བཏོན། ༈ ཁམས་པ་མེ་ཟོར་གྱིས་གཙང་རྒྱ་བོ་བྲག་ནས་ཕྱུགས་ནད་བསྲུང་བཅོས་ཀྱི་གདམས་པ་སྤྱན་དྲངས། ༈ སྔགས་འཆང་དབང་ཆེན་བཟང་པོས་བྱང་པྲ་དུན་རྩེའི་ཀ་ཞུ་ནས་པུ་རི་ནག་པོ་ཁྱབ་འཇུག་གདོང་གཏད་ཀྱི་སྐོར་བཏོན། ༈ སར་པོ་བྱའུ་མགོན་གྱིས་བུམ་ཐང་དགེ་གནས་ལྷ་ཁང་གི་ཁྲོ་བོ་རྟ་མགྲིན་མཚན་མ་ནས་སྲོག་གི་ཆན་པ་ནག་པོ་བུམ་ཐང་མའི་སྐོར་རྣམས་སྤྱན་དྲངས་ཏེ་ལྷ་བཙུན་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ལ་གནང་། ༈ སྐྱེས་བུ་ཟངས་གླིང་དབང་ཕྱུག་གིས་འཇམ་དཔལ་གཤིན་རྗེའི་ལས་མཐའ་གཏད་རུལ་སྐོར་རྣམས་སྤྱན་དྲངས་པ་ཐམས་ཅད་ལ་དར་རྒྱས་སུ་གྱུར། ༈ ཡང་བོན་རི་ཁྲོད་པ་སེང་གེས་ལྷོ་བྲག་མཁོ་མཐིང་གི་ལྷ་ཁང་ནས་ཕར་ཕྱིན་རྒྱལ་བའི་བཀའ་མཐུ་ཟབ་ཁྱད་ཅན་སྤྱན་དྲངས་པ་ལ་བྱང་བདག་དང་པདྨ་ཕྲིན་ལས་ཀྱིས་མཛད་པའི་ཡིག་ཆའང་བཞུགས་པར་སྣང་། ༈ ལྕང་སྨན་དོན་གྲུབ་དར་རྒྱས་ཀྱིས་གཉལ་སྨད་བྲག་ནག་མདའ་སྒྲོ་ནས་དུག་སྲུང་རྟ་རི་མའི་སྐོར་སྤྱན་དྲངས་པ་ཕྱིས་ཀྱི་གསོ་དཔྱད་ཀྱི་ཡིག་ཆ་འགའ་ཞིག་ཏུའང་བཀོད་འདུག ༈ །འགོས་པདྨས་ལྷ་མོ་བུ་རྫི་མ་དང་དུས་རྩིས་ཀྱི་སྐོར་སོགས་གདན་དྲངས། འདིའི་ལྷ་མོ་བུ་རྫི་མ་སོགས་རྡོར་གླིང་གི་གཏེར་བྱོན་དེང་སང་རྒྱུན་ཡོད་པ་དེ་དང་མཚུངས་སམ་སྙམ། ༈ རང་བྱུང་ཡེ་ཤེས་ཀྱིས་ལྷོ་བྲག་མཁར་ཆུ་ནས་རྟག་ངུའི་བཅུད་ལེན་སོགས་ཐུན་མོང་ལས་ཚོགས་ཀྱི་སྐོར་མང་པོ་ཐོན། ༈ བསེ་བན་ཉི་མའི་སྙིང་པོས་ཟ་ཡིག་བཀའ་རྒྱ་མ་སོགས་ཟ་ཡིག་དང་སྲུང་བའི་སྐོར་འགའ་ཞིག་བཞེས། ༈ ལྷོ་བྲག་པ་ཀུན་དགའ་བཟང་པོས་ཤངས་ཟབ་བུ་ལུང་ནས་སྙིང་ཐིག་སྐོར་ལྔའི་གདམས་པ་གདན་དྲངས། ༈ ཁམས་པ་འབྲུག་སྒོམ་ཞིག་པོས་རྟ་མགྲིན་ནག་པོའི་ཆོས་སྐོར་གཏེར་ནས་ཐོན་ཅིང་འདིའི་གདུང་རྣམས་དེང་སང་ཡང་ནང་ཆེན་ཕྱོགས་ལ་ཡོད་པར་གྲགས། ༈ གཤིན་རྗེ་ཁྲོ་ཆུ་འབྲི་གུང་ལུགས་ཀྱི་བླ་བརྒྱུད་དུ་འབྱུང་བའི་ལྷ་གསུམ་བཟའ་བྱང་ཆུབ་དཔལ་མོ་ནི་ཡུལ་སོག་རོང་དུ་བྱུང་ཞིང་ནག་སོག་སོགས་སུ་འགྲོ་དོན་བསྐྱངས། ལྷ་མོ་སྤྱང་ཞོན་མའི་སྒྲུབ་སྐོར་སོགས་འགའ་ཞིག་གཏེར་ནས་ཐོན་པར་གྲགས། འོན་ཀྱང་རྟེན་འབྲེལ་གཞན་དབང་དུ་གྱུར་པས་གཏེར་ཆོས་ཀྱིས་འགྲོ་དོན་ཆེར་མ་བྱུང་། སྐུ་ཚེའི་སྨད་ལ་ཀོང་པོར་བྱོན། སྤོོ་བོར་ཡང་བྱོན་ཏེ་བཞུགས་པའི་སྒྲུབ་ཕུག་སོགས་སྟག་ཤམ་པའི་གསུངས་ལས་འབྱུང་། མངོན་སྤྱོད་ཀྱི་ལས་ལ་མཁས་ཤིང་ཁྱད་པར་གཤིན་རྗེ་ཁྲོ་ཆུ་ལ་མཁས་པས་དྲག་སྔགས་ཀྱི་ནུས་པ་ཐོན་པའི་མངོན་རྟགས་གསལ་བའི་ལོ་རྒྱུས་མང་། ༈ ནག་ཤོད་དུ་གཏེར་སྟོན་མ་ཧཱ་བཛྲ་ཟེར་བ་ཞིག་བྱོན་ནས་སྲིན་མོ་རྫོང་གི་གནས་ཡིག་དང་། གནམ་ལྕགས་རྡོ་རྗེ་དངོས་གཙང་ཞིག་གཏེར་ནས་བཏོན་པར་སྣང་ལ། གཞན་ཡང་གཏེར་ཆོས་དང་གཏེར་རྫས་འགའ་ཞིག་ཡོད་པར་གྲགས་ཀྱང་མཐར་གཏེར་སྟོན་དེ་ཉིད་གཏེར་བཞེས་པའི་དུས་ཤིག་རྟེན་འབྲེལ་གནད་དུ་མ་སོང་བའི་རྐྱེན་གྱིས་སྐུ་གཤེགས་པར་གྲགས། འདི་རིག་འཛིན་འཇའ་ཚོན་སྙིང་པོའི་སྐྱེ་བ་གོང་མ་ཞིག་ཡིན་པར་གསུངས་སོ།། །། ༈ གཉིས་པ་ཟབ་མོ་དག་སྣང་དང་དགོངས་པའི་གཏེར་གྱི་སྐོར་བྱུང་ཚུལ་ཅུང་ཟད་གླེང་ན། དེའང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་ཁྱད་པར། ལུས་ཅན་རྣམས་ཀྱིས་བྱ་དང་ནི། །ཤིང་དང་འོད་ཟེར་ཐམས་ཅད་དང་། །ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། །རྒྱུན་མི་འཆད་པར་ཐོས་པར་ཤོག །ཅེས་པ་ལྟ་བུའི་སྨོན་ལམ་གྱི་མཐུ་བཙན་པ་དང་དེ་དག་ལ་ཆོས་ཀྱིས་ཕོངས་པའི་རྒྱུ་མེད་པའི་ཕྱིར་འབྱུང་བའི་སྒྲ་དང་བྱ་དང་རི་དྭགས་ལྟ་བུ་ལས་ཀྱང་ཆོས་ཀྱི་སྒྲ་རྒྱུན་མི་འཆད་པར་གསན་ཅིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཞལ་བསྟན་ཅིང་ཆོས་གསུང་བར་བཤད་དེ། བསོད་ནམས་ཐམས་ཅད་སྡུད་པ་ཏིང་ངེ་འཛིན་གྱི་མདོ་ལས། དྲི་མ་མེད་པའི་གཟི་བརྗིད། ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་བསམ་པ་ཕུན་སུམ་ཚོགས་པ་གུས་པ་དང་བཅས་པ་རྣམས་ནི། འཇིག་རྟེན་གྱི་ཁམས་གཞན་དུ་འདུག་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཞལ་སྟོན་པར་མཛད་ཅིང་ཆོས་ཀྱང་ཐོས་པར་མཛད་དོ། །ཞེས་གསུངས་ཤིང་། ཁྱད་པར་དུ་འཕགས་ཆེན་རྣམས་ཀྱི་གཟིགས་ངོར་དག་པའི་སྣང་བ་འབའ་ཞིག་ལས་མ་དག་པའི་སྣང་བ་མ་མཆིས་པས་དུས་གསུམ་རྟག་པ་རྒྱུན་གྱི་འཁོར་ལོར་རྩ་བ་གསུམ་གྱི་ལྷག་པའི་ལྷ་རབ་འབྱམས་དག་དང་ཆོས་ཀྱི་བགྲོ་བ་རྨད་དུ་བྱུང་བ་དུ་མ་རྒྱུན་ཆགས་སུ་མཛད་པ་ལས་ཟབ་མོའི་གདམས་པ་མཐའ་ཡས་པ་བྱུང་བ་དག་སྐལ་པ་དང་ལྡན་པ་རྣམས་ལ་སྤེལ་བར་འོས་པ་རྣམས་གང་ཟག་སོ་སོའི་མོས་བློར་འཚམས་པའི་དག་སྣང་གི་ཆོས་སྡེ་ཇི་སྙེད་པ་ཀུན་གྱི་སྤྱོད་ཡུལ་དུ་སྣང་བར་མཛད་པ་འཕགས་ཡུལ་གྱི་པཎ་གྲུབ་དུ་མ་དང་བོད་ཡུལ་གྱི་གསར་རྙིང་རིས་མེད་ཀྱི་དགེ་བའི་བཤེས་གཉེན་དང་གཏེར་སྟོན་གྲུབ་ཐོབ་རྣམས་ཀྱི་རྣམ་ཐར་ལས་བྱུང་བ་ལྟར་དང་། དེ་བཞིན་དུ་དགོངས་གཏེར་དུ་གྲགས་པ་རྣམས་ཀྱང་། མདོ་ལས་འཇམ་དཔལ། འབྱུང་བ་བཞི་ནི་ནམ་མཁའི་གཏེར་ནས་འབྱུང་གི །དེ་བཞིན་དུ་ཆོས་ཐམས་ཅད་རྒྱལ་བའི་ཐུགས་གཏེར་ལས་འབྱུང་བས་གཏེར་གྱི་དོན་ལ་ལོངས་སྤྱོད་པ་ཤེས་པར་བྱོས་ཤིག །ཅེས་གསུངས་པ་དང་རྗེས་སུ་མཐུན་པར་འཕགས་པའི་གང་ཟག་རྣམས་ལའང་དགོངས་པའི་ཀློང་ནས་ཆོས་ཀྱི་གཏེར་ཁ་བརྡོལ་བ་ཡོད་པར་གསུངས་ཏེ། ཆོས་ཡང་དག་པ་སྡུད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་བསམ་པ་དག་པ་ནི་རང་གི་ཡིད་ཀྱིས་འདོད་པ་ཉིད་ལས་གདམས་ངག་རྗེས་སུ་བསྟན་པ་ཐམས་ཅད་འབྱུང་ངོ་། །ཞེས་དང་། གཞན་ཡང་མདོ་ལས། དོན་ལ་ངེས་པའི་གདིང་རྙེད་ན། །སེམས་ལས་ཆོས་གཏེར་འབུམ་ཕྲག་བརྡོལ། །ཞེས་སོགས་གསུངས་པ་བཞིན་འཕགས་བལ་བོད་ལྗོངས་ཀུན་ཏུ་མཁས་གྲུབ་ཆེན་པོ་རྣམས་ཀྱི་ཟབ་མོ་དགོངས་པའི་གདམས་ཟབ་མཐའ་ཡས་པ་ཞིག་ད་ལྟའི་བར་དུ་བྱུང་བ་ལས། འདིར་སྔ་འགྱུར་རྡོ་རྗེ་ཐེག་པའི་གསང་བ་དང་རྗེས་སུ་འབྲེལ་བ་བོད་ལྗོངས་སུ་གྲགས་པ་རྣམས་དུས་སྔ་ཕྱིའི་གོ་རིམ་ངེས་པ་ལྟར་འགོད་པ་ལས་ཐོག་མར། ༈ བླ་མ་བ་རི་ལོ་ཙཱ་དང་རྗེ་བཙུན་མི་ལ་སོགས་ཀྱི་སྐབས་སུ་བྱོན་པའི་སྤྱན་རས་གཟིགས་དངོས་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་ཞེས་ཡོངས་སུ་གྲགས་པར་ཨོ་རྒྱན་གྱི་སློབ་དཔོན་རིན་པོ་ཆེས་དངོས་སུ་གནང་བའི་རྟ་མགྲིན་ཟླ་རྒྱལ་ལུགས་ཀཱ་ལ་མེ་ཕུང་དུ་གྲགས་པའི་སྒྲུབ་ཐབས་རྗེས་གནང་་་ལས་ཚོགས་དང་བཅས་པ་བྱིན་རླབས་ཆེན་པོ་དང་ལྡན་པའི་རྒྱུན་ད་ལྟའི་བར་བཞུགས་ཤིང་ཁོ་བོས་ཀྱང་ནོས་ཤིང་རིན་ཆེན་གཏེར་མཛོད་དུ་བཞུགས་སོ། ༈ །རྗེ་བཙུན་མི་ལ་རས་པའི་ཐུགས་སྲས་ཟླ་བ་ལྟ་བུ་རས་ཆུང་རྡོ་རྗེ་གྲགས་པ་རྒྱ་གར་དུ་བྱོན་པའི་སྐབས། སློབ་དཔོན་ཆེན་པོའི་གསང་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མནྡཱ་ར་བ་དང་ངོ་བོ་གཅིག་པའི་མ་གཅིག་གྲུབ་པའི་རྒྱལ་མོ་ལ་ཚེ་དཔག་མེད་ལ་བསྟེན་ནས་ཚེ་སྒྲུབ་པ། ཐུགས་རྗེ་ཆེན་པོ་ལ་བསྟེན་ནས་མཆོག་སྒྲུབ་པ། དཔལ་རྟ་མགྲིན་ལ་བསྟེན་ནས་བར་གཅོད་སེལ་བ་སྟེ་རས་ཆུང་ཆོས་གསུམ་དུ་གྲགས་པའི་ནང་ནས། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་སྐོར་རྣམས་ཨོ་རྒྱན་ཆེན་པོ་ལས་གྲུབ་པའི་རྒྱལ་མོས་གསན་ཅིང་། དེ་ལས་རས་ཆུང་པ། བླ་མ་ཟངས་རི་རས་པ། འགྲོ་མགོན་རས་པ་ཆེན་པོ། རྒྱལ་སྲས་སྤོམ་བྲག་པ། གྲུབ་ཆེན་ཀརྨ་པ་ལ་བཀའ་བབས་ཏེ་ཀརྨ་ཀཾ་ཚང་རིམ་པར་བརྒྱུད་པའི་ཟབ་ཆོས་ཐུགས་གཙིགས་ཤིན་ཏུ་ཆེ་བ་ད་ལྟའི་བར་རྒྱུན་མ་ཉམས་པར་བཞུགས། འདིའང་དོན་ལ་དག་སྣང་གི་ཆོས་སྡེར་གཏོགས་དགོས་ཏེ་གྲུབ་པའི་རྒྱལ་མོ་ནི་རྗེ་བཙུན་རས་ཆུང་པས་མཇལ་བ་ལས་ཀུན་གྱིས་སྤྱོད་ཡུལ་དུ་མ་གྱུར་པའི་ཕྱིར་རོ། ༈ །མ་བྱོན་སངས་རྒྱས་རབ་གསལ་གྱི་རྣམ་འཕྲུལ་ཁ་ཆེ་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་ཞེས་འཇིག་རྟེན་ན་ཡོངས་སུ་གྲགས་པ་དེ་ཉིད་ལ་ཁྱད་ཆོས་ཀྱི་གདམས་པ་བཞི་ཞེས་ཐུགས་གཙིས་སུ་མཛད་པའི་ནང་ན། ཡང་དག་མེ་གཅིག་ཐོད་གཅིག་ལ་བརྟེན་པའི་རས་ཐུབ་པ་སློབ་དཔོན་པདྨ་དངོས་ལས་གསན་ཅིང་ཟིན་བྲིས་སུ་མཛད་དེ་ལོ་ཙཱ་བ་རབ་མཆོག་དཔལ་དང་ལོ་པཎ་བསྡེབས་ནས་བསྒྱུར་པའི་གཞུང་ཉུང་ངུ་ངོ་མཚར་ཅན་བར་སྐབས་ཀྱི་་་་་་བར་སྨིན་གྲོལ་གྱི་རྒྱུན་བཞུགས་པ་ཕྱིས་འདིར་མི་སྣང་མོད། རྗེ་བླ་མས་མནལ་ལམ་དུ་དཔྱལ་ལོ་ཙཱ་བ་ལས་གསན་པའི་བྱིན་རླབས་ཉེ་བརྒྱུད་ཁོ་བོས་ཀྱང་ནོས་སོ། ༈ །སྨན་རྒྱལ་གཉིས་པ་གཡུ་ཐོག་ཡོན་ཏན་མགོན་པོ་ལ་ཡེ་ཤེས་མཁའ་འགྲོའི་གཙོ་མོ་དཔལ་ལྡན་ཕྲེང་བ་མའམ་མནྡཱ་ར་བས་རྒྱུད་བྱིན་གྱིས་བརླབས་པ་ལ་བརྟེན། རྗེ་ཉིད་ཀྱི་ཟབ་མོ་དགོངས་པའི་གཏེར་གྱི་ཚུལ་དུ་གཏན་ལ་ཕབས་པ་གཡུ་ཐོག་སྙིང་ཐིག་ཅེས་གངས་ཅན་ན་ཡོངས་སུ་གྲགས་པའི་བཀའ་སྲོལ་ཆེན་པོ་སྟེ། དེའང་སྤྲུལ་པའི་སྐུ་འདི་ཉིད་འབྲེ་རྗེ་བཛྲ་གྱི་སྲས་ཡབ་ཁྱུང་པོ་རྡོ་རྗེ་དང་། ཡུམ་པདྨ་འོད་ལྡན་གཉིས་ལས་ཉང་སྟོད་རྒྱལ་རྩེའི་ཕུ་སྒོ་བཞི་རེ་ཐང་ཞེས་བྱ་བའི་ཡུལ་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་མཚན་དཔེའི་པདྨ་བཞད། བལྟམས་མ་ཐག་སྨན་གྱི་བླ་མའི་གཟུངས་གསུང་ཞིང་ཡུམ་ལ་སྤྱན་མི་འཛུམ་པར་གཟིགས་པ་སོགས་མཛད། དགུང་ལོ་གསུམ་ཙམ་ནས་གསོ་དཔྱད་ཀྱི་རིགས་སད། བརྒྱད་པ་ནས་རིག་པའི་གནས་ལྔ་དང་གསོ་དཔྱད་ལ་མཁྱེན་པའི་ཀློང་བརྡོལ། ཁྱད་པར་དགུང་ལོ་བཅུ་བཞི་པའི་ཚེ་མནལ་ལམ་དུ་སྨན་གྱི་ལྷ་མོས་དབང་བསྐུར་ཞིང་རྒྱུད་བཞི་འབྱུང་བར་ལུང་བསྟན་པ་ལྟར་ཕྱིས་མངོན་དུ་གྱུར། བཅོ་བརྒྱད་པར་རྒྱ་གར་ལ་ཕེབས། མཁའ་འགྲོ་དཔལ་ལྡན་ཕྲེང་བ་དང་མཇལ། ཐུན་མོང་དང་ཁྱད་པར་གྱི་གདམས་པས་རྗེས་སུ་བཟུང་བས་མཚོན། འཕགས་ཡུལ་དུ་ལན་དྲུག་བྱོན་ནས་མཁས་གྲུབ་དུ་མའི་ཞལ་གྱི་བདུད་རྩི་བཞེས། མུ་སྟེགས་ཀྱི་རྒོལ་བ་བཅོམ། སྒྱུ་འཕྲུལ་གྱི་བཀོད་པ་མཐའ་ཡས་པ་བསྟན་པས་རྒྱལ་པོ་སོགས་ཀྱང་དད་ཅིང་མཆོད་གནས་སུ་བཀུར། ལྷག་པར་བོད་དུ་ཐུགས་སྲས་ཀྱི་གཙོ་བོ་སུམ་སྟོན་ཛྙཱ་ན་དྷཱ་ར་སྟེ་ཡེ་ཤེས་གཟུངས་ཀྱིས་དཀའ་སྤྱད་དང་འབད་པ་དུ་མས་གསོལ་བ་བཏབ་པ་ལྟར། མང་ཡུལ་སྐྱིད་གྲོང་དུ་སྙིང་ཏིག་གི་སྨིན་གྲོལ་རྫོགས་པར་གསན་པས་མཆོག་ཐུན་མོང་གི་དངོས་གྲུབ་བརྙེས་པ་ནས་བརྒྱུད། ད་ལྟའི་བར་བྱིན་རླབས་ཀྱི་གཟི་བྱིན་དང་ལྡན་པར་བཞུགས། ཁོ་བོས་ཀྱང་ལན་གཉིས་སུ་འབད་པས་ནོས་ཤིང་ལས་བྱང་། དབང་ཆོག །བསྙེན་ཡིག་སོགས་ཡིག་ཆ་འདུས་གསལ་གྱི་ཞབས་ཏོག་ཀྱང་སྤེལ་པ་ཡིན་ནོ། །གྲུབ་མཆོག་འདི་ཉིད་ཀྱིས་དེ་ལྟ་བུའི་མཛད་པ་བསམ་གྱིས་མི་ཁྱབ་པས་བསྟན་འགྲོའི་དོན་མཐའ་ཡས་པ་བསྩལ་ནས། མཐར་དགུང་ལོ་བདུན་ཅུ་རྩ་དྲུག་ལ་སོ་སྐྱེའི་བློས་མི་འཁྱུད་པའི་དག་པའི་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཆོ་འཕྲུལ་གྱིས་སྐུ་ལུས་མ་སྤངས་པར་སྨན་བླ་མི་སྐྱོད་རྒྱལ་པོའི་ཞིང་དུ་གཤེགས་སོ། ༈ །ཐུགས་རྗེ་ཆེན་པོའི་རྣམ་འཕྲུལ་དཔལ་ལྡན་ཤངས་པ་རིན་ཆེན་རྣམ་བདུན་དུ་གྲགས་པའི་གཉིས་པ་དབོན་སྟོན་སྐྱེར་སྒང་ཆོས་ཀྱི་སེང་གེས་མནལ་ལམ་བཟུང་སྟེ་ཟངས་མདོག་དཔལ་རིར་དངོས་སུ་བྱོན་ནས་ཨོ་རྒྱན་ཆེན་པོར་བོད་ན་རྒྱལ་བསེན་གྱི་གནོད་པ་ཆེ་བར་ཡོད་པས་དེ་ཉིད་འདུལ་བའི་གདམས་པ་ཞུས་པ་ན། དཔལ་རྟ་མགྲིན་གྱི་སྐུར་བཞེངས་ཏེ་རྟ་མགྲིན་གསང་སྒྲུབ་ཀྱི་སྨིན་གྲོལ་རྫོགས་པར་གནང་། འདིའི་གཏེར་བརྒྱུད་སྙེ་མོར་སྔགས་པ་ལས་ཅན་ཞིག་གིས་ཐོན་པས་ཞུས་ཤིག་པའི་ལུང་བསྩལ་པ་ལྟར། རྒྱ་གངས་རི་བ་སངས་རྒྱས་དབང་ཆེན་ལས་གཏེར་དཔེ་རྫོགས་པར་གསན་པས་བཀའ་གཏེར་ཆུ་བོ་གཉིས་འདྲེས་སུ་གྱུར། དཀར་ཆུང་རྒྱལ་པོས་གནོད་པ་སོགས་སྨྱོན་པ་བརྒྱད་ཅུ་ཙམ་བཏུལ་པས་བྱིན་རླབས་ཤིན་ཏུ་ཆེ་བར་གྲགས་ཤིང་གསར་རྙིང་གི་གྲུབ་མཐའ་ཀུན་ལ་ཁྱབ་སྟེ་ད་ལྟའི་བར་དུ་བྱིན་རླབས་ཀྱི་གཟི་བྱིན་མ་ཉམས་པར་བཞུགས། ༈ སྐལ་བཟང་སངས་རྒྱས་དྲུག་པ་སེང་གེའི་རྣམ་འཕྲུལ་འཇིག་རྟེན་དབང་ཕྱུག་ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེའི་རྣམ་པར་ཐར་པ་ནི་ཡོངས་སུ་གྲགས་པ་ལྟར་ལ། བྱེ་བྲག་དག་སྣང་གི་བཀའ་བབ་ཚུལ་ནི། ས་སྤྱོད་གསུང་གི་འཁོར་ལོ་འོག་མིན་ཀརྨའི་ཡང་དབེན་དེང་སང་རི་བར་གྲགས་པའི་གནས་དེར་ཐུགས་དམ་ལ་བཞུགས་པའི་སྐབས་ཤར་ཕྱོགས་ཀྱི་ནམ་མཁར་མཁས་པ་བི་མ་ལ་དངོས་སུ་བྱོན་ནས་མཛོད་སྤུར་ཐིམ་པའི་རྐྱེན་གྱིས། བི་མ་སྙིང་ཐིག་ཆེན་མོའི་ཚིག་དོན་མ་ལུས་པ་ཐུགས་ལ་ཤར་ནས་གདམས་ངག་གི་རྩ་བ་རྡོ་རྗེའི་ཚིག་རྐང་དང་། སྨིན་གྲོལ་གྱི་ཡིག་ཆ་རྫོགས་པར་མཛད་ནས་སྤེལ་བའི་རྒྱུན་ད་ལྟའང་བཞུགས་པ་ཁོ་བོས་ཀྱང་ཐོབ། སློབ་དཔོན་ཆེན་པོ་པདྨའི་བྱིན་རླབས་ཀྱིས་རྩ་གསུམ་དྲིལ་སྒྲུབ་ཀྱི་གདམས་སྐོར་ཟབ་མོ་དགོངས་པའི་གཏེར་ལས་ཕྱུངས་པ་ཕྱིས་རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེས་ཐུགས་ཉམས་སུ་བཞེས་པས་དག་སྣང་ཉེ་བརྒྱུད་དུ་བྱུང་བ་ལྟར་ལོ་རྒྱུས་དང་། རྩ་ཚིག་ཡི་གེར་བཀོད། རྗེ་དགུ་པ་དབང་ཕྱུག་རྡོ་རྗེས་ལས་བྱང་དབང་ཆོག་རྒྱས་པར་བཀོད་པ་ལྟར་ཁོ་བོས་ཀྱང་དཔལ་ཀརྨ་པ་བཅུ་བཞི་པའི་བཀའ་དྲིན་ལས་ནོས་ཤིང་ཡིག་ཆའི་ཞབས་ཏོག་ཀྱང་སྤེལ་བ་སྟེ། འདི་ཉིད་ཕྱིས་རིག་འཛིན་ཆོས་རྗེ་གླིང་པའི་གཏེར་བྱོན་འཆི་མེད་རྩ་གསུམ་དྲིལ་སྒྲུབ་དང་ལྷ་སྔགས་ངོ་བོ་གཅིག་པས་བརྒྱུད་པའི་ཆུ་བོ་གཉིས་འདྲེས་སུའང་འགྱུར་རོ། ༈ །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་ནི། རྫོགས་པ་ཆེན་པོ་གསང་བ་བླ་ན་མེད་པ་སྙིང་ཐིག་རྣམ་པ་གཉིས་ཀྱིས་མཚོན་ཏེ་ཟབ་པ་དང་རྒྱ་ཆེ་བའི་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་གཏན་ལ་ཕབས་པ་འབྱམས་ཀླས་ཤིང་རྒྱ་ཆེ་ལ་རྒྱུན་མི་འཆད་པ་ད་ལྟའི་བར་དུ་ཕྲིན་ལས་ཁྱབ་པར་བརྡལ་བས། ཟབ་མོ་དགོངས་པའི་གཏེར་ཐམས་ཅད་ཀྱི་མཆོག་དང་རབ་དང་ཕུལ་དུ་གྱུར་པ་ཡིན་ལ་དེ་དག་གི་རྣམ་ཐར་རྒྱས་པ་ནི་སྙིང་ཐིག་རྣམ་གཉིས་ཀྱི་ལོ་རྒྱུས་དང་མཐོང་སྣང་རིན་ཆེན་འོད་ཀྱི་དྲྭ་བ་སོགས་ལས་ཤེས་པར་བྱའོ། ༈ །ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ནམ་ལས་ཀྱི་རྡོ་རྗེ་ནི། ཤུད་བུ་དཔལ་གྱི་སེང་གེ་ནས་གྲུབ་ཐོབ་ཉི་ཤུ་རྩ་ལྔ་བར་མ་ཆད་པར་བྱོན་པའི་གདུང་རིགས་ཡབ་ཤུད་བུ་ནམ་མཁའ་རྒྱལ་པོ་དང་། ཡུམ་སྲས་མོ་རིན་ཆེན་རྒྱན་གཉིས་ཀྱི་སྲས་སུ་ཨོ་རྒྱན་ཆེན་པོས་ལུང་བསྟན་པ་ལྟར་ལྷོ་ནུབ་སྲིན་ཡུལ་ནས་འཕོས་ཏེ་སྐུ་བལྟམས་པའི་ཚུལ་བསྟན། དགུང་ལོ་གསུམ་པར་ཕུར་པའི་དབང་གསན་པས་མཁའ་འགྲོ་མང་པོ་གར་བྱེད་པ་གཟིགས། ལོ་ལྔ་ལ་རྫོགས་ཆེན་གྱི་དབང་གསན་པས་སྔོན་དུས་འབྲེལ་བའི་བླ་མ་རྣམས་དང་མཇལ་ནས་ཆོས་ཞུ་བའི་སྣང་བ་དངོས་སུ་ཡོད་པ་བྱུང་། ཚ་དྲོའི་དུང་སྐད་བྱུང་བ་སོགས་ཀྱི་ཚེ་རྔ་ཡབ་གླིང་དུ་སྲིན་པོ་རྣམས་ཆོས་ལ་སྡུད་པའི་རོལ་མོའི་སྒྲ་ཡིན་སྙམ་པ་སོགས་སྔོན་གནས་དྲན། ཁུ་བོ་མཁན་ཆེན་རྒྱལ་སྲས་པ་ཉིད་ལས་དགེ་བསྙེན་དང་། མཁན་ཆེན་རིན་ཆེན་བཀྲ་ཤིས་ཀྱི་དྲུང་ནས་བསྙེན་རྫོགས་བཞེས། བཀའ་ཆོས་མང་དུ་གསན་ཅིང་དགེ་སྦྱོར་ཉིན་མཚན་ཡེངས་མེད་དུ་མཛད་པས་ལན་གཅིག་སྤྲུལ་པའི་ཨ་ཙ་ར་ཞིག་དངོས་སུ་བྱོན་ནས་གདམས་ངག་གནང་ཞིང་བྱིན་གྱིས་བརླབས། དེས་བདུད་རྩི་ཀ་པཱ་ལ་གང་བྱིན་ནས་ཐ་མལ་གྱི་རྣམ་རྟོག་ཡིད་ལ་མ་བྱེད། རེ་དོགས་ཀྱི་སྲད་བུ་དམ་པོས་མ་བཅིངས་པར་ཨོ་རྒྱན་གྱི་ཡུལ་དུ་ཚོགས་འཁོར་ལ་གཤེགས་ཟེར་བ་དང་། དཔའ་བོ་མཁའ་འགྲོའི་བསུ་བ་ལ་བརྟེན་ནས་ཨོ་རྒྱན་ཡུལ་དུ་བྱོན། རི་བོའི་རྩེར་འཇའ་འོད་ཀྱི་གཞལ་ཡས་ཁང་དུ་པདྨའི་སྡོང་པོའི་སྟེང་དུ་ཨོ་རྒྱན་རིན་པོ་ཆེ་ལ་ཌཱ་ཀི་མང་པོས་མཆོད་པའི་བཀོད་པ་མཐའ་ཡས་པ་དང་། གྲུབ་ཐོབ་ཕོ་མོ་མང་པོས་བརྟུལ་ཞུགས་ཀྱི་སྤྱོད་པ་སྐྱོང་བ་དང་། པཎྜི་ཏ་མང་པོས་ཆོས་ཀྱི་བགྲོ་གླེང་བྱེད་པ་དང་། ལྷ་དང་ལྷ་མོ་མང་པོས་ཆོས་ཉན་ཅིང་མཆོད་པ་དང་། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས་དབང་བསྐུར་བ་དང་། རྒྱུད་གསུང་བ་དང་། མན་ངག་སློབ་པ་དང་། ཚོགས་ལ་རོལ་པ་རྣམས་དུས་མཉམ་དུ་གྲུབ་པ་བྱུང་། ཆོས་རྒྱུད་སྡེ་བཞིའི་མན་ངག་གསང་བ་བདུད་རྩིའི་རྒྱ་མཚོ། དབང་བཞི་རིན་ཆེན་བུམ་པ། རྫོགས་རིམ་ཡེ་གྲོལ་ལྷུན་གྲུབ་རྣམས་གསུངས་པ་རྫོགས་ཆེན་སྙིང་ཐིག་གི་གཞུང་ཁྱད་པར་ཅན་ཡོད་པར་ངེས་ཀྱང་དེང་སང་ཕྱག་རྡོར་གླེགས་བམ་དཀྱུས་སུ་མི་བཞུགས། ལར་སྙན་བརྒྱུད་ཡི་གེར་བཀོད་པ་ཡོད་མེད་མ་ངེས་མོད། སྤྱིར་རྗེ་འདི་ཉིད་བཀའ་གདམས་རྙིང་མའི་དགེ་བའི་བཤེས་གཉེན་ཆེན་པོར་བཞུགས་པས་རྗེ་ཙོང་ཁ་པས་ཀྱང་ཞབས་ལ་གཏུགས་ཤིང་ལམ་རིམ་སོགས་བཀའ་གདམས་ཀྱི་ཆོས་ཕལ་ཆེར་གསན་ཅིང་རྩ་བའི་བླ་མ་གཅིག་པུར་འཛིན་ནའང་། རྗེ་འདིའི་ཡང་མེས་སྔོན་མ་རྣམས་རྙིང་མ་དང་། བར་སྐབས་མཁན་ཆེན་ནམ་མཁའ་སེང་གེའི་དུས་ནས་བཀའ་གདམས་གཙོར་མཛད་དེ་བཀའ་རྙིང་དབྱེར་མེད་ཀྱི་གྲུབ་མཐའ་འཛིན་པ་ལྟར། རྗེ་ཉིད་ཀྱིས་ཀྱང་སྔ་འགྱུར་གྱི་མ་གཤིན་གཉིས་ཐུགས་དམ་སྙིང་པོར་མཛད་པས་གྲུབ་པའི་རྟགས་བརྙེས་ཤིང་རྙིང་མའི་རིག་འཛིན་ཆེན་པོའི་གྲལ་དུ་བཞུགས་པར་མ་ཟད། ཉིད་ཀྱི་ཟབ་མོ་དག་སྣང་གི་ཆོས་སྡེ་ཕྱག་རྡོར་གླེགས་བམ་དུ་གྲགས་པ་སྔར་གྱི་རྒྱུན་རྙིང་པ་ཅི་རིགས་ཆོག་བསྒྲིགས་མཛད་པ་ཙམ་ལས། ཕྱག་ན་རྡོ་རྗེ་ལས་གསར་དུ་གསན་པ་ཐམས་ཅད་རྫོགས་ཆེན་གྱི་ཆོས་སྐད་ཁོ་ནར་བཞུགས་ཤིང་། ཁྱད་པར་ཞུས་ལེན་བདུད་རྩི་སྨན་མཆོག་ཏུ་གྲགས་པ་ནི། མཁའ་འགྲོ་སྙིང་ཐིག་གི་ཞུས་ལེན་གསེར་ཕྲེང་དང་ཕལ་ཆེར་ཞུ་དག་ཕེར་བ་ཡོད། གང་ལྟར་ཡང་འདིའི་དབང་ལུང་གི་རྒྱུན་བར་སྐབས་སུ་ཉག་ཕྲ་བ་ལ། ལྔ་པ་རིན་པོ་ཆེའི་བཀས་བསྐུལ་བ་ལྟར་རིག་འཛིན་གཏེར་བདག་གླིང་པས་འབད་པ་ཆེན་པོས་གསན་ཅིང་རྒྱུན་སྤེལ་བ་ལས་དེང་སང་དགེ་ལུགས་པའི་ཕྱོགས་སུ་ཁྱབ་བརྡལ་དུ་འཕེལ་བར་སྣང་། རྗེ་འདིའི་རྣམ་ཐར་ཕྱི་ནང་ཟབ་རྒྱས་ཞལ་གསུང་སྙན་བརྒྱུད་གླེགས་བམ་དུ་བཞུགས་པ་དང་ལམ་རིམ་གྱི་ལོ་རྒྱུས་སོགས་ལས་རྒྱ་ཆེར་འབྱུང་བ་ལྟར་ཤེས་པར་བྱའོ། ༈ །རྗེ་ཙོང་ཁ་པའི་བརྒྱུད་འཛིན་གྲུབ་བརྙེས་རྡོ་རྗེའི་མཚན་ཅན་གསུམ་གྱི་ཡ་གྱལ། འཕན་ཡུལ་བ་དཔལ་ལྡན་རྡོ་རྗེ་ཞེས་མ་དག་པའི་ལུས་གནས་གྱུར་ནས་འཇའ་ཚོན་ལྟ་བུའི་ཡེ་ཤེས་ཀྱི་སྐུར་ཇོ་མོ་ལྷ་རི་ན་བཞུགས་པ་དེས། དག་པའི་སྣང་བར་ཨོ་རྒྱན་རིན་པོ་ཆེ་ལས་དངོས་སུ་གསན་པ་ཚེ་སྒྲུབ་འཆི་མེད་རྡོ་རྗེའི་སྲོག་ཤིང་དུ་གྲགས་པ་རྒྱལ་བ་བསོད་ནམས་རྒྱ་མཚོར་འབྲས་སྤུངས་གཟིམས་ཆུང་ཉི་འོད་འཁྱིལ་པར་བསྩལ་པའི་རྒྱུན་མ་ཉམས་པར་བཞུགས་པ་ཁོ་བོས་ཀྱང་ནོས། ༈ རྨད་དུ་བྱུང་བའི་པཎ་གྲུབ་ཆེན་པོ་ཤྲཱི་བ་ན་རཏྣ་སྟེ་དཔལ་ནགས་ཀྱི་རིན་ཆེན་ནི་རྒྱ་གར་རྡོ་རྗེ་གདན་གྱི་ཤར་ཕྱོགས་ས་ད་ན་གར་སྟེ་གྲོང་ཁྱེར་དམ་པ་ཞེས་བྱ་བར་ཟླ་བའི་རིགས་ལས་བྱུང་བའི་དཔལ་གྱི་འབྱོར་པ་ཟད་མི་ཤེས་པའི་ཆོས་རྒྱལ་ཆེན་པོའི་སྲས་སུ་འཁྲུངས། རིག་བྱེད་ཡན་ལག་དང་བཅས་པ་ལ་བྱང་ཆུབ། རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་བོར་ནས་པཎྜི་ཏ་ཆེན་པོ་རཏྣ་ཀཱིརྟི་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མདོ་སྔགས་ཀྱི་ཟབ་ཆོས་མཐའ་ཡས་པ་གསན་ཅིང་སྦྱངས། བྱ་བྲལ་ཀུན་སྤངས་པའི་བརྟུལ་ཞུགས་ཁོ་ནས་ཛམ་བུའི་གླིང་གི་གནས་ཆེན་ཕལ་ཆེར་དུ་རྡོ་རྗེའི་རྣལ་འབྱོར་ལ་ཐུགས་དམ་རྩེ་གཅིག་ཏུ་གཞོལ་བས་ལྷག་པའི་ལྷ་དུ་མས་བྱིན་གྱིས་བརླབས། རྡོ་རྗེ་ཐེག་པའི་ཚོགས་སྦྱོར་གྱི་ཡོན་ཏན་མངོན་དུ་མཛད། ཁྱད་པར་དཔལ་ཤ་བ་རིའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ནས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་མངོན་དུགྱུར་ནས་འཕགས་པའི་གོ་འཕང་མཐོན་པོར་གཤེགས། གཞན་ཡང་གྲུབ་ཆེན་བིརྺ་པ། སློབ་དཔོན་ངག་གི་དབང་ཕྱུགས་གྲགས་པ། པདྨ་སམ་བྷ་ཝ་སོགས་གྲུབ་པའི་དབང་ཕྱུག་མང་པོའི་ཞལ་མངོན་སུམ་མཇལ་ཞིང་གདམས་ངག་གསན། དཔལ་ཤ་བ་རིའི་ལུང་གིས་བསྐུལ་ནས་བོད་དུའང་སྔ་ཕྱིར་བྱོན་ཏེ་བསྟན་འགྲོའི་དོན་མཐའ་ཡས་པ་མཛད་དོ། །དེ་ལས་བོད་དུ་སྔོན་མ་བྱོན་པའི་སྐབས་ལྷོ་སྤ་གྲོའི་ཨོ་རྒྱན་ཆེན་པོའི་སྒྲུབ་གནས་སུ་ཆེད་ཀྱིས་ཕེབས་ནས་ཡུན་རིང་ཙམ་བཞུགས། སྤ་གྲོ་འདི་རྒྱ་གར་གྱི་གནས་བཟང་པོ་རྣམས་དང་འདྲ་ཞིང་དགེ་སྦྱོར་འཕེལ་བར་བྱུང་གསུངས། ཁྱད་པར་ཨོ་རྒྱན་ཆེན་པོས་རྗེས་སུ་བཟུང་ཚུལ་ནི། ཐོག་མར་བྲག་ཕུག་ཡིན་སྙམ་བྱེད་པ་ཞིག་ཏུ་བུད་མེད་ཅིག་གིས་ནང་དུ་ཁྲིད། ནང་དེར་ཕྱིན་པ་ན་བྲག་ཕུག་གི་རྣམ་པ་མིན་པའི་ཁང་པ་ཤིན་ཏུ་ལེགས་པ་ཞིག་ན་པདྨ་སམྦྷ་བ་འཁོར་དུ་མས་བསྐོར་བ་མཇལ། དེར་ཡུན་རིང་རབ་ཅིག་བཞུགས། ཚོགས་འཁོར་ཞིག་མཛད་པའང་ལོངས་སྤྱད། དེ་ནས་བཟུང་ལན་མང་དུ་མཇལ་ཅེས་གསུང་དངོས་ལས་འབྱུང་། སྐབས་འདིར་པདྨ་ཚེ་ཁྲིད་ཀྱི་གདམས་པ་ཟབ་མོ་གསན་ཅིང་ཤིན་ཏུ་གསང་བས་ཐུགས་ཉམས་སུ་བཞེས་པ། ཕྱིས་འབྲུག་པ་ཆོས་རྗེ་རྒྱལ་དབང་ཀུན་དགའ་དཔལ་འབྱོར་ལ་གནང་པའི་རྒྱུན་བར་སྐབས་སུ་དར་བར་བྱུང་ནའང་དེང་སང་རྒྱུན་མི་བཞུགས་པར་མངོན། འོན་ཀྱང་རྗེ་བླ་མ་མདོ་སྔགས་གླིང་པ་པཎ་ཆེན་ཉིད་ཀྱི་རྣམ་འཕྲུལ་དུ་ངེས་ཤིང་སྔོན་གནས་རྗེས་དྲན་རེ་གསལ་བ་ཡོད་ཅེས་བཀའ་བསྩལ་པ་དང་། བྱིན་རླབས་ཉེ་བརྒྱུད་ཀྱི་གདམས་པའང་བཞུགས་པར་སྣང་། གྲུབ་ཆེན་འདི་བོད་དུ་རྗེས་མར་བྱོན་སྐབས་རིག་འཛིན་རྒོད་ལྡེམས་ཀྱི་གསང་ཡུམ་མཚན་ལྡན་སྤྲུལ་པའི་ཡུམ་ཆེན་ཅེས་གྲུབ་པའི་དབང་མོ་ཉིད་མི་སྣང་བའི་རྫས་ལ་བརྟེན་ནས་ཕྱག་རྒྱར་བཞེས། དེ་སྐབས་པདྨ་སམ་བྷ་བས་སྦས་པའི་ཆོས་དང་གཏེར་ཁ་ཅི་རིགས་བཞེས་པར་གྲགས་ཀྱང་ལོ་རྒྱུས་གསལ་བར་བཀོད་པ་ནི་མི་སྣང་མཐར་ནཻ་པཱ་ལར་སྐུ་གཤེགས་པའི་ཚུལ་ཞིག་བསྟན་པའི་སྐབས་དུར་ཁྲོད་ར་མ་དོ་ལིར་མཚན་མོའི་ཆར་སྐུ་གདུང་ཞུགས་ལ་ཕུལ་བས་ཡུལ་ཕྱོགས་ཐམས་ཅད་ཁྱབ་པའི་འོད་ཀྱི་་་་་་སྣང་བ་ཆེན་པོ་བྱུང་ཞིང་གདུང་ཡང་རང་ཡལ་དུ་སོང་། དེ་རྗེས་སྐུ་དངོས་སུ་བྱོན་པ་ལན་མང་ཞིང་མངའ་རིས་པཎ་ཆེན་རིན་པོ་ཆེའི་རྣམ་ཐར་དུ་མཇལ་ཚུལ་གསུངས་པ་ལྟར་དོན་དུ་ཡེ་ཤེས་ཀྱི་སྐུ་གྲུབ་པར་ངེས་སོ། །བོད་འདིར་རྒྱ་པཎ་ཕྱིས་སུ་བྱུང་བ་ལ་གྲུབ་ཆེན་འདི་དང་རྗེ་བཙུན་སྒྲོལ་བའི་མགོན་པོའི་བླ་མ་སངས་རྒྱས་སྦས་པའི་མགོན་པོ་གཉིས་ལས་ལྷག་པ་ནི་མ་བྱུང་བར་འདུག ༈ །འགྲོ་མགོན་གཙང་པ་རྒྱ་རས་ཀྱི་རྣམ་འཕྲུལ་འཁྲུལ་མེད་རང་གི་རིགས་སུ་འཁྲུངས་པ་རྒྱལ་དབང་ཆོས་རྗེ་ཀུན་དགའ་དཔལ་འབྱོར་ཞེས་རྣམ་ཐར་ཡོངས་སུ་གྲགས་པ་དེ་ཉིད་རིག་འཛིན་རཏྣ་གླིང་པའི་ཡང་ཆོས་བདག་གི་གཙོ་བོར་ངེས་ཤིང་། གཏེར་ཁ་གོང་འོག་དང་བླ་མ་དགོངས་འདུས་སོགས་གསན་བསམ་རྒྱ་ཆེར་མཛད་པ་མ་ཟད། གསལ་རྗེ་གངས་ཀྱི་ར་བར་བཞུགས་པའི་སྐབས་ཨོ་རྒྱན་ཆེན་པོས་དངོས་སུ་རྗེས་སུ་བཟུང་ཞིང་རྫོགས་པ་ཆེན་པོའི་གདམས་ངག་བསྩལ་པའི་རྒྱུན་མ་ཉམས་པར་གཞིར་མཛད་དེ་ཀུན་མཁྱེན་པདྨ་དཀར་པོས་ཁྲིད་ཡིག་ཟབ་རྒྱས་སུ་བཞུགས་པའི་རྒྱུན་ད་ལྟའང་མཆིས་སོ། ༈ །བསམ་གཏན་གླིང་པའི་ཨ་ཏིར་གྲགས་པ་ནི། རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག་ནས་བསོད་ནམས་རྒྱལ་མཆོག་གི་བར་རྗེ་ས་སྐྱ་བའི་བསྟན་འཛིན་འགྲན་ཟླ་དང་བྲལ་བར་བྱོན་པའི་དབོན་རིགས་ལས་རྩེས་ཐང་བསམ་གཏན་གླིང་དུ་སྐུ་འཁྲུངས། མཚན་མཉམ་མེད་ནམ་མཁའ་བསོད་ནམས་སུ་གྲགས། རང་གི་ཁུ་བོ་བསོད་ནམས་རྒྱལ་མཆོག་གིས་ཀྱང་རྒྱུད་སྡེ་རྒྱ་མཚོའི་སྨིན་གྲོལ་གྱིས་རྗེས་སུ་བཟུང་བས་རྐྱེན་བྱས། ངོ་བོ་སྐུ་ཚེ་དུ་མར་རྫོགས་པ་ཆེན་པོའི་དགོངས་པ་ཀློང་དུ་གྱུར་པའི་བག་ཆགས་བཟང་པོ་སད་དེ་ཨོ་རྒྱན་རིན་པོ་ཆེ་སོགས་བླ་མ་དང་ཡི་དམ་མང་པོ་དངོས་ཉམས་རྨི་ལམ་དུ་མཇལ། དམ་པའི་ཆོས་ཀྱི་བདུད་རྩི་བཞེས་པ་ལ་བརྟེན། ཡང་ཕུར་གྱི་བསྐྱེད་རྫོགས་སྙིང་པོར་དྲིལ་བ་དགོངས་པའི་ཀློང་ནས་རང་ཤར་བའི་ཚུལ་གྱིས་གཏན་ལ་ཕབས་པའི་རྒྱུན་ཕྱིས་ཀྱི་བར་དར་རྒྱས་སུ་བྱུང་ནའང་དེང་སང་བཞུགས་མིན་མ་ངེས། ཕྲེང་པོ་གཏེར་ཆེན་ཤེས་རབ་འོད་ཟེར་གྱི་བཀའ་འབུམ་དུ་ལམ་རིམ་མདོར་བསྡུས་བཞུགས་པ་བདག་གིས་ནོས་ཤིང་འཁོན་ལུགས་ཕུར་པའི་ཆོག་བསྒྲིག་བགྱིས་པའི་གྲལ་དུའང་ཁྲིད་ཡིག་བཅས་བཞུགས་པ་ཡིན་ནོ། ༈ །དཔལ་ཀརྨ་པ་དྲུག་པ་མཐོང་བ་དོན་ལྡན་གནས་ཆེན་ཙ་རི་ཏྲར་ཐུགས་དམ་ལ་བཞུགས་པའི་སྐབས། རྔ་ཡབ་གླིང་ནས་སློབ་དཔོན་ཆེན་པོས་གྲུབ་ཆེན་ཟླ་བ་པ་ཕོ་ཉར་མངགས་ཏེ་ཚེ་སྒྲུབ་ཟབ་མོའི་གདམས་པ་བསྩལ་པ། ཕྱིས་རྗེ་དགུ་པ་དབང་ཕྱུག་རྡོ་རྗེས་མངོན་རྟོགས་ཞི་ཕྲེང་གི་གྲལ་དུ་བཀོད་པར་མཛད་པའི་དབང་གི་རྒྱུན་ད་ལྟའང་མཆིས་སོ། ༈ །བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་ཐུགས་སྲས་ཀྱི་ཐུ་བོ་རྩ་རླུང་གི་ནུས་པ་ཐོབ་པས་རྫུ་འཕྲུལ་དང་མངོན་ཤེས་འགྲན་ཟླ་དང་བྲལ་བའི་རས་ཆེན་དཔལ་འབྱོར་བཟང་པོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་དཔལ་ཙ་རི་ཏྲའི་ཟིལ་ཆེན་གསང་ཕུག་ཏུ་་་་བཞུགས་སྐབས། ཨོ་རྒྱན་རིན་པོ་ཆེས་དངོས་སུ་གནང་བའི་ཚེ་དཔག་མེད་ལྷ་བཅུ་བདུན་ལྟས་དང་ཆོ་འཕྲུལ་དངོས་སུ་སྟོན་པ་མདའ་འཕེལ་མར་གྲགས་པའི་དབང་རྒྱུན་ད་ལྟའི་བར་མཆིས་ཤིང་ཁོ་བོས་ཀྱང་ནོས། གདམས་པ་འདི་ལོ་རོ་རིན་ཆེན་གླིང་པའི་ཚེ་སྒྲུབ་དང་ཚིག་དོན་ཕལ་ཆེར་ཞུས་དག་ཕེར་བ་མ་ཟད་རས་ཆེན་པས་རིན་གླིང་ཚེ་སྒྲུབ་སྐོར་གྱི་རྒྱུན་ཀྱང་གསན་པས་བརྒྱུད་པའི་ཆུ་བོ་གཅིག་འདྲེས་སུ་རུང་བར་མངོན། གོང་གི་ཚེ་སྒྲུབ་དང་། གཏུམ་མོ་ཞག་བདུན་མ། འཕོ་བ་མཁའ་སྤྱོད་མ་རྣམས་ལ་རས་ཆེན་ཆོས་གསུམ་དུ་གྲགས་ཤིང་ད་ལྟའང་བོ་དོང་ཕྱོགས་སུ་དར་རྒྱས་ཆེ་བར་སྣང་། ༈ གྲུབ་པའི་དབང་ཕྱུག་ཆེན་པོ་བོ་དོང་རྟོགས་ལྡན་སངས་རྒྱས་མགོན་པོ་དེ་ཉིད་ཀྱིས་རིང་བརྒྱུད་བླ་མ་རྡོ་རྗེ་གདན་པ་ནས་བ་རི་ལོ་ཙཱ་བ་ལས་བྱུང་བའི་སེང་གདོང་མའི་སྐོར་གསན་ནས་ཐུགས་ཉམས་སུ་བཞེས་པ་ལ་བརྟེན། ཤངས་རྟ་རྣར་ཡེ་ཤེས་ཀྱི་མཁའ་འགྲོ་སིང་ཧ་མས་དངོས་སུ་རྗེས་སུ་བཟུང་ཞིང་དཔལ་ཨོ་རྒྱན་ཆེན་པོས་སྤྲུལ་པའི་དཀྱིལ་འཁོར་དུ་སྨིན་གྲོལ་རྫོགས་པར་བསྩལ་པ་ལས། རྗེས་གནང་གི་བཀའ་བཅུ་དང་བསྐྱེད་རྫོགས་ལས་ཚོགས་དང་བཅས་པའི་གཞུང་གླེགས་བམ་གཅིག་གི་རྒྱུན་མ་ཉམས་པར་བཞུགས་པ་རྗེས་གནང་རྣམས་ཁོ་བོས་ཀྱང་ནོས་ཤིང་གཏེར་མཛོད་དུ་བཞུགས། གྲུབ་བརྙེས་ཀརྨ་ཆགས་མེད་ཀྱི་སེང་གདོང་མའི་སྐོར་ཡང་གཙོ་བོར་གཞུང་འདི་ལ་བརྟེན་པ་ཡིན་ནོ། ༈ །འབྲུག་ལུགས་དྲག་པོ་ཀཱི་ལ་ཡ་ཞེས་ཐུགས་གཙིགས་སུ་མཛད་པ་ནི། རྒྱལ་དབང་རྗེའི་རྣམ་འཕྲུལ་བྱ་འཇམ་དབྱངས་ཆོས་ཀྱི་གྲགས་པའི་མཆོག་གི་སྤྲུལ་པའི་སྐུ་ཐམས་ཅད་མཁྱེན་པ་པདྨ་དཀར་པོ་ཞེས་འཇིག་རྟེན་ན་ཉི་ཟླ་ལྟར་གྲགས་པ་དེ་ཉིད་དགུང་སྐེག་ཅིག་གི་སྐབས། དག་པའི་སྣང་བར་རྔ་ཡབ་ནས་ཨོ་རྒྱན་ཆེན་པོ་སྤྲུལ་པ་དང་བཅས་པ་ཕེབས་ནས་གདམས་ངག་བསྩལ་པ་ལྟར་ཡི་གེར་བཀོད་པ་དེང་སང་ཡང་དར་རྒྱས་ཆེ་ལ་ཁོ་བོས་ཀྱང་ལེགས་པར་ནོས། སྤྱིར་རྗེ་འདི་ཉིད་ཀྱི་སྤྲུལ་པའི་སྐུ་རྒྱལ་བ་དཔག་བསམ་དབང་པོ་ནས་ད་ལྟའི་བར་རིམ་པར་བྱོན་ཅིང་འབྲུག་རྙིང་གཉིས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོར་བཞུགས་སོ། ༈ །གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་འཕྲུལ་རྒྱལ་སྲས་བསྟན་པའི་འབྱུང་གནས་སམ་འཇའ་ཚོན་མེ་འབར་མཁའ་འགྲོའི་དབང་ཕྱུག་ཏུ་གྲགས་པ་ནི། རིག་འཛིན་མཆོག་ལྡན་མགོན་པོའི་སྲས་སུ་འཁྲུངས། རྣམ་པར་ཐར་པ་ངོ་མཚར་བ་མང་པོ་དང་རྨད་དུ་བྱུང་བའི་མཛད་ཕྲིན་རྒྱ་ཆེ། ཕྱིས་སྐུ་ཚེའི་སྨད་འཕྱོང་རྒྱས་དཔལ་གྱི་རི་བོར་བཞུགས། ཁོང་གི་གཏེར་སྐལ་རྩ་གསུམ་ཟབ་མོ་ཀུན་འདུས་ཀྱི་སྐོར་རྣམས་བདུད་པོ་བླ་མཁར་གྱི་སྒོ་དྲུང་དུ་བཞུགས་པ་རྟེན་འབྲེལ་གྱི་བབས་ལས་ཤོག་སེར་དངོས་སུ་མ་བཞེས་ཀྱང་། ཞིང་སྐྱོང་མཁའ་འགྲོས་རྫོགས་པར་གནང་བའི་དག་སྣང་ཐོག་བར་མཐའ་གསུམ་གྱི་གླེགས་བམ་ཞིག་བཞུགས་པ་ཐམས་ཅད་ཀྱིས་ཚད་མར་མཛད་ཅིང་བར་སྐབས་སུ་དར་རྒྱས་ཆེ་བར་བྱུང་སྣང་ནའང་དེང་སང་རྒྱུན་བཞུགས་པར་མ་མངོན། ༈ ཨ་ཙ་ར་ས་ལེ་དང་རྗེ་བཙུན་རས་ཆུང་བའི་རྣམ་འཕྲུལ་སྣང་གསལ་རིག་འཛིན་བཀྲ་ཤིས་རྒྱ་མཚོས་སློབ་དཔོན་རིན་པོ་ཆེ་པདྨ་སམ་བྷ་ཝ་དག་སྣང་གི་ཚུལ་དུ་མཇལ་ནས་གསན་པའི་ཚེ་དཔག་མེད་ཧྲཱིཿགཅིག་མ་ཞེས་སྙན་བརྒྱུད་བཀའ་རྒྱ་སྐོར་སོགས་ཟུར་ཆོས་དབྱིངས་རང་གྲོལ་དང་འབྲི་གུང་ཆོས་ཀྱི་གྲགས་པ་ལས་བརྒྱུད། བར་སྐབས་དར་རྒྱས་བྱུང་ནའང་དེང་སང་རྒྱུན་མི་བཞུགས། ༈ དཔལ་འབྲི་གུང་པ་ཞབས་དྲུང་དཀོན་མཆོག་རིན་ཆེན་ཞེས་རྒྱལ་དབང་བསོད་ནམས་རྒྱ་མཚོའི་ཡང་སྲིད་དུ་གྲགས་པ་དེ་ཉིད་ལ་ཐུགས་རྗེ་ཆེན་པོ་སོགས་རྩ་གསུམ་གྱི་དག་སྣང་སྐོར་པུསྟི་ཞིག་བཞུགས་པ་དབང་ལུང་གི་རྒྱུན་བར་་་་་་་་སྐབས་སུ་ཡོད་ནའང་ད་ལྟ་བཞུགས་པར་མ་མངོན། ༈ རྗེ་རིན་ཆེན་ཕུན་ཚོགས་ཀྱི་རྣམ་འཕྲུལ་འབྲི་གུང་པ་ཆོས་ཀྱི་གྲགས་པ་ཞེས་གནས་ལྔ་རིག་པའི་པཎྜི་ཏ་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་དེ་ཉིད་ལ་སྤྱིར་ཟབ་གཏེར་གྱི་བཀའ་བབས་ཀྱང་དངོས་སུ་འདོན་པར་མ་མཛད་ཅིང་དཔལ་འཁོར་ལོ་སྡོམ་པ་དང་འཇམ་དཔལ་གཤིན་རྗེ་ཚེ་བདག་ནག་པོ་དང་། ནཱ་ག་རཀྴ་སོགས་བླ་མ་དང་ལྷག་པའི་ལྷ་མང་པོས་དངོས་སུ་རྗེས་སུ་བཟུང་བ་ལ་བརྟེན་གཤིན་རྗེ་ཡང་ཟློག་སྐོར་ཟབ་ཅིང་རྒྱ་ཆེ་བ་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་བསྩལ་པའི་རྒྱུན་དར་རྒྱས་སུ་བྱུང་བ་དང་། གནམ་མཚོའི་བཀྲ་ཤིས་དོ་བོ་ཆེར་བཞུགས་སྐབས་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཟབ་ཁྱད་ཅན་ལུང་བྱང་དང་བཅས་དག་སྣང་དུ་བྱུང་བ་དར་རྒྱས་ཆེ་ཞིང་ཁོ་བོས་ཀྱང་རྫོགས་པར་ནོས་པ་ཡིན་ནོ། ༈ །པཎ་ཆེན་བི་མ་ལ་དང་། ཀུན་མཁྱེན་དྲི་མེད་འོད་ཟེར་ཟུང་དུ་འཇུག་པའི་ཐུགས་རྗེའི་རང་གཟུགས་ལྷ་བཙུན་ནམ་མཁའ་འཇིགས་མེད་ནི། ལྷོ་རྒྱུད་བྱར་ཡུལ་ལྷ་བཙད་པོའི་རིགས་ལས་མེ་མོ་བྱ་ལོར་འཁྲུངས། མཛོད་སྤུ་དང་ལྗགས་དང་ཤངས་རྩེར་ཨའི་མཚན་མ་ཤིན་ཏུ་གསལ་བ་སོགས་ངོ་མཚར་བའི་མཚན་རྟགས་དུ་མ་མངའ། གསུང་སྙན་རི་ཁྲོད་དུ་སྤྲུལ་སྐུ་ཨོ་རྒྱན་དཔལ་འབྱོར་ལས་རབ་ཏུ་བྱུང་བའི་མཚན་ཀུན་བཟང་རྣམ་རྒྱལ་དུ་གསོལ། ཐང་འབྲོག་གྲྭ་ཚང་དུ་གསན་བསམ་མང་དུ་མཛད། ཁྱད་པར་རྫོགས་ཆེན་པ་བསོད་ནམས་དབང་པོ་ལས་སྙིང་ཏིག་གདམས་སྐོར་རྫོགས་པར་གསན་ནས་ཐུགས་ཉམས་སུ་བཞེས་པས་རྟོགས་པའི་གདིང་ཚད་བརྙེས། བོད་ཡུལ་གྱི་གནས་ཆེན་ཐམས་ཅད་དུ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། མགྲིན་པའི་རྩ་མདུད་གྲོལ་བས་གང་གསུང་ཐམས་ཅད་ཚིག་དོན་བཟང་པོ་འབའ་ཞིག་བྱུང་། རྒྱ་གར་དུ་མུ་སྟེགས་ཀྱི་རྒྱལ་པོ་བཏུལ་ནས་ནང་པའི་བསྟན་པ་ལ་བཀོད་པ་དང་། བོད་དུ་ལྷ་འདྲེ་རྣམས་གྲོགས་སུ་བསྐུལ་ནས་བསམ་ཡས་ཞིག་གསོས་མཛད་ཅིང་ཙ་རིར་རི་ཆེན་ཉིལ་བ་ལ་ལྟ་སྟངས་དང་སྡིགས་མཛུབ་ཀྱིས་ཟློག་པ་སོགས་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་ལ་དབང་འབྱོར། རིག་འཛིན་འཇའ་ཚོན་སྙིང་པོ་སོགས་ཀྱི་བཀས་བསྐུལ་ཏེ་བོད་ཁམས་སྤྱིའི་བདེ་ཐབས་སུ་འབྲས་གཤོང་ལྷ་རི་འོད་གསལ་སྙིང་པོར་ཞབས་ཀྱིས་བཅགས་ནས་གནས་སྒོ་ཕྱེས། ལུང་དོན་ལྟར་གཙུག་ལག་ཁང་དང་སྒྲུབ་སྡེ་བཏབ། བྲག་དཀར་བཀྲ་ཤིས་སྡིངས་སུ་མཁའ་འགྲོས་ལུང་བསྟན་པ་བཞིན་ཌཱ་ཀི་སྙིང་གི་ཕུག་པར་བཞུགས་པའི་སྐབས་སུ་ཨ་ཏི་བླ་མེད་སྙིང་ཐིག་གི་གདམས་པ་ཐུན་མོང་མ་ཡིན་པ་རིག་འཛིན་སྲོག་སྒྲུབ་ཀྱི་ཆོས་སྐོར་རྣམས་དག་སྣང་གི་ཚུལ་དུ་བྱུང་། ཡང་གནས་ཀྱི་ཡན་ལག་ལྗག་མ་ལུང་ཞེས་པར་ཕེབ་དུས་རྗེ་བཙུན་བསོད་ནམས་དབང་པོ་སྟག་ལ་ཆིབས་པ་ཞིག་ཞལ་གཟིགས་ནས་རིག་པའི་རྩལ་དབང་བསྐུར་བའི་དག་སྣང་ལས་གཏེར་ཁ་ཀུན་གྱི་ཡང་ཏིག །སྙན་བརྒྱུད་དག་གི་གནད་འགག །མཐོང་ཐོས་དྲན་རེག་གྲོལ་བར་བསྔགས་པའི་རྡོ་རྗེ་སྙིང་པོ་སྤྲིན་གྱི་ཐོལ་གླུའི་སྐོར་བྱུང་བ་བཅས། སོ་སོར་གཏན་ལ་ཕབས་ཏེ་སྐལ་ལྡན་རྣམས་ལ་སྨིན་གྲོལ་གྱི་བདུད་རྩི་བསྩལ། གཞན་ཡང་རྫོགས་པ་ཆེན་པོ་འཆད་སྤེལ་གྱི་ཕྲིན་ལས་རྒྱ་ཆེན་པོ་བསྐྱངས་པ་ལས་འབྲས་ལྗོངས་རྫོགས་ཆེན་པ་ཞེས་བརྒྱུད་འཛིན་གྱིས་ཕྱོགས་ཐམས་ཅད་ཁྱབ། གདམས་ངག་གི་རྒྱུན་ཡང་ད་ལྟའི་བར་མ་ཉམས་པར་བཞུགས་པ་ལས་རིག་འཛིན་སྲོག་སྒྲུབ་ཀྱི་ཆོས་སྐོར་ཚང་བ་བདག་གིས་ཀྱང་ཐོབ། ཕྱི་དུས་འདིར་བརྟུལ་ཞུགས་ཀྱི་སྤྱོད་པ་མཐར་ཕྱིན་པའི་གྲུབ་ཐོབ་འདི་ལས་ལྷག་པ་སུའང་མ་བྱོན་པར་གྲགས་སོ། ༈ །གནུབས་སངས་རྒྱས་ཡེ་ཤེས་དང་དྲན་པ་ནམ་མཁའ་ཟུང་དུ་འཇུག་པའི་རྣམ་འཕྲུལ་པད་གླིང་གདུང་རབས་ལྔ་པར་བྱོན་པ་མྱོས་སྟོན་རིག་འཛིན་ཆེན་པོ་གསང་བདག་ཕྲིན་ལས་ལྷུན་གྲུབ་ཅེས་སྔ་འགྱུར་བསྟན་པའི་སྲོག་ཤིང་དུ་གྱུར་པ་དེ་ཉིད་ལ་མཁའ་འགྲོ་བདེ་ཆེན་རྒྱལ་མོས་བླང་དོར་གསལ་བར་སྟོན་པའི་ལུང་བྱང་་་དང། བམ་རོ་ལ་བརྟེན་ནས་ལུས་སྣང་སྟོང་རྩའི་རང་ཞལ་སྟོན་པ། གུ་རུ་རིན་པོ་ཆེས་བྱིན་གྱིས་བརླབས་པའི་ཚུལ་སོགས་ངོ་མཚར་བའི་དག་སྣང་ཡི་གེར་བཀོད་པ་ཡོད་འདུག ༈ །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཕྲིན་ལས་ཀྱི་སྤྲུལ་པ་གཏེར་ཁ་གསར་རྙིང་མང་པོ་ནས་ལུང་བསྟན་ཅིང་གངས་ཅན་མགོན་པོ་སྤྱན་རས་གཟིགས་ཀྱི་ཐུགས་རྗེའི་རང་གཟུགས་སུ་གྲུབ་པ་རྒྱལ་མཆོག་ལྔ་པ་གསང་མཚན་རྡོ་རྗེ་ཐོགས་མེད་རྩལ་དུ་གྲགས་པ་ནི། འཕྱོང་རྒྱས་སྟག་རྩེའི་ཟ་ཧོར་གྱི་རྒྱལ་རྒྱུད་ལས་ཡབ་མི་དབང་བདུད་འདུལ་རབ་བརྟན་དང་། ཡུམ་ཁྲི་ལྕམ་ཀུན་དགའ་ལྷ་མཛེས་གཉིས་ཀྱི་སྲས་སུ་མེ་མོ་སྦྲུལ་ལོར་ངོ་མཚར་བའི་ལྟས་དང་བཅས་སྐུ་བལྟམས། རིག་འཛིན་ངག་གི་དབང་པོས་ཚེ་གུར་གྱི་དབང་བཀའ་ཉེན་སེལ་དུ་མཛད་ནས་ཐོག་མའི་དགེ་མཚན་དུ་གྱུར། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་རྒྱལ་བ་ཡོན་ཏན་རྒྱ་མཚོའི་སྐུ་སྐྱེར་ངོས་འཛིན་མཛད་ནས་དཔལ་ལྡན་འབྲས་སྤུངས་པའི་ཆོས་སྡེ་ཆེན་པོར་སྤྱན་དྲངས། གཙུག་ཕུད་བཞེས་པའི་མཚན་ངག་དབང་བློ་བཟང་རྒྱ་མཚོར་གསོལ་ནས་སེང་གེའི་ཁྲིར་བཀོད། བཅུ་ཕྲག་རིག་པའི་གནས་ལ་བྱང་ཆུབ་པར་མཛད། མཁས་གྲུབ་ཀྱི་ཡོངས་འཛིན་ཁྱད་པར་ཅན་མང་དུ་བསྟེན་ནས། ས་དགེ་རྙིང་གསུམ་གཙོ་བོར་གྱུར་པའི་དེ་སྐབས་བོད་དུ་མདོ་སྔགས་ཀྱི་བཤད་པ་སྔགས་ཀྱི་དབང་ལུང་མན་ངག་རྒྱུན་བཞུགས་པ་ཕལ་ཆེར་གསན་བསམ་མཐར་ཕྱིན་པར་མཛད་པའི་གསན་ཡིག་གླེགས་བམ་བཞིར་བཞུགས་པ་ཐམས་ཅད་ཀྱིས་ཚད་མར་མཛད། ཐུགས་དམ་ཉམས་བཞེས་ཀྱི་སྒོ་ནས་སྤང་རྟོགས་ཀྱི་རྩལ་རྫོགས། ཁྱད་པར་ཟབ་མོ་དག་སྣང་གི་བཀའ་བབས་ཚུལ་ནི། དཔལ་བཀྲ་ཤིས་སྟོབས་རྒྱལ་གྱི་གཏེར་ལུང་ལས། ཉི་ཤུ་རྩ་ལྔ་ཁྱད་པར་ཐུགས་གཏེར་ལྔ༔ ད་ལྟ་མགོ་ནག་མི་ཡི་རྒྱལ་པོ་ཁྱོད༔ སྨོན་ལམ་དག་པའི་སྐྱེ་བ་རྣམ་ལྔས་འདོན༔ ཞེས་འཁྲུལ་མེད་རྡོ་རྗེའི་ལུང་གིས་བསྟན་པ་ལྟར། དཔལ་བསམ་ཡས་སུ་ཕེབས་སྐབས་དངོས་གཏེར་གྱི་རྟེན་འབྲེལ་བྱུང་ནའང་ཡུལ་དུས་གནས་སྐབས་ཀྱི་དབང་གིས་བདག་གིར་མ་མཛད་མོད། ཕྱིས་ནས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་དངོས་སུ་ཞལ་བསྟན་ཏེ་ལུང་བསྟན། དབང་བསྐུར་བརྙེས་པ་ལྟར་ཡི་གེར་བཀོད་དེ་གསང་བ་རྒྱ་ཅན་དུ་མཚན་གསོལ་བའི་ཆོས་སྡེ་ཉི་ཤུ་རྩ་ལྔ། ཁ་སྐོང་ལྗགས་བསྒྲིག་དང་བཅས་གླེགས་བམ་གཉིས་བཞུགས་པ་ཆོས་རྒྱལ་གཏེར་བདག་གླིང་པ། རིག་འཛིན་པདྨ་ཕྲིན་ལས་སོགས་སྔ་འགྱུར་གྱི་རིང་ལུགས་འཛིན་པ་གཙོར་གྱུར་པའི་མཆོག་གི་འདུས་པ་རྣམས་ལ་སྨིན་གྲོལ་ཡོངས་སུ་རྫོགས་པརབ་སྩལ་པས་དར་རྒྱས་ཤིན་ཏུ་ཆེ་བར་བྱུང་ཞིང་ད་ལྟའི་བར་རྒྱུན་མ་ཉམས་པར་བཞུགས་པ་ཁོ་བོས་ཀྱང་ཚང་བར་ནོས། སྲིད་ཀྱི་ངོས་ནས་དགུང་ལོ་ཉེར་ལྔ་པར་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་མངའ་རིས་དབུས་གཙང་རྣམས་དཔུང་ཤེད་ཀྱིས་བླངས་ནས་ལྷ་སྡེ་མི་སྡེ་ཐམས་ཅད་ཆབ་འབངས་སུ་ཕུལ། དེ་རྗེས་ཤར་ཕྱོགས་གོང་མ་ཆེན་པོས་པི་ཅིང་དུ་སྤྱན་དྲངས་ཏེ་འཇའ་ས་གསེར་ཡིག་ཤེལ་བམ་དང་བཅས་ཕུལ་ནས་ཏི་ཤྲིར་བསྐུར་བ་ནས་བཟུང་ད་ལྟའི་བར་བོད་ཁམས་ལུགས་གཉིས་ཀྱིས་བདེ་བར་སྐྱོང་བའི་བདག་པོ་ཆེན་པོར་གྱུར། ཆོས་ཀྱི་ངོས་ནས་མདོ་སྔགས་གསར་རྙིང་བཀའ་གཏེར་གྱི་ཆོས་འཁོར་མཐའ་ཡས་པ་བསྐོར་བས། དཔལ་ས་སྐྱ་པ་ཡབ་སྲས། འབྲི་སྟག་འབྲུག་པ་པཎ་ཆེན་མཆོག་གི་སྤྲུལ་པའི་སྐུ་དང་། དགའ་ལྡན་ཁྲི་གདན་ཟུར་སོགས་བླ་ཆེན་རྣམས་ནས་བཟུང་། གངས་ཅན་གྱི་བསྟན་འཛིན་ཕལ་མོ་ཆེ་ཞལ་སློབ་ཏུ་གྱུར། བྱེ་བྲག་སྔ་འགྱུར་རིང་ལུགས་འཛིན་པའི་ཤིང་རྟ་ཆེན་པོ་ཆོས་རྒྱལ་གཏེར་བདག་གླིང་པ་དང་རིག་འཛིན་པདྨ་ཕྲིན་ལས། ལྷོ་བྲག་ཐུགས་སྲས་བསྟན་འཛིན་འགྱུར་མེད་རྡོ་རྗེ་སོགས་གྲུབ་མཐའི་རྐང་སློང་ནུས་པའི་གང་ཟག་མང་དུ་བྱོན་ཅིང་སྔ་འགྱུར་གྱི་བསྟན་པ་ལ་དངོས་དང་བརྒྱུད་པའི་སྒོ་ནས་བཀའ་དྲིན་འགྲན་ཟླ་དང་བྲལ་བར་གྱུར། དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་དགུང་གྲངས་དྲུག་ཅུ་རྩ་བཞི་པར་ནག་ཟླའི་ཚེས་ཉེར་ལྔ་ལ་ཕོ་བྲང་ཆེན་པོ་པོ་ཏ་ལར་བདེ་བར་གཤེགས། དེ་མ་ཐག་པའི་རྣམ་འཕྲུལ་མོན་པད་གླིང་གི་གདུང་རྒྱུད་དུ་འཁྲུངས་པ་རིན་འཛིན་ཚངས་དབྱངས་རྒྱ་མཚོ་ནས་ད་ལྟའི་བར་རིམ་པར་བྱོན་པ་འཛམ་གླིང་ན་ཡོངས་སུ་གྲགས་པ་ལྟར་རོ། ༈ །ཡང་སངས་རྒྱས་གཉིས་པ་གུ་རུ་རིན་པོ་ཆེའི་གདམས་པ་ཁྱད་པར་ཅན་ཚེ་གཅིག་ལ་འོད་ལུས་སྒྲུབ་བྱེད་བྷྲཱུ་རླུང་གི་མན་ངག་ནི། སློབ་དཔོན་ཆེན་པོས་འཕགས་པའི་ཡུལ་དུ་གྲུབ་ཆེན་མ་ཧཱ་ནཱ་ཐ་ཞེས་བྱ་བར་སྤྲུལ་ནས་སྐལ་ལྡན་ཞིག་ལ་གདམས་པ་གནང་བས་དེ་ཉིད་རྣལ་འབྱོར་གྱི་དབང་ཕྱུག་ཛ་ཧཱ་བཱིར་ཏེ་ཟ་བའི་དཔའ་བོ་ཞེས་པར་གྱུར་ནས་འོད་ལུས་ཡེ་ཤེས་ཀྱི་སྐུ་གྲུབ། དེ་ལ་ཟག་མེད་འཇའ་ལུས་གྲུབ་པའི་སློབ་མ་མཐའ་ཡས་པ་ཞིག་བྱོན་པའི་ནང་ནས་ཡོངས་གྲགས་ཀྱི་བུ་ཆེན་ནཱ་ཐའི་མཚན་ཅན་བརྒྱད་བཞུགས་ཤིང་། དེ་དག་རྣམས་ནི་དེང་སང་ཡང་སྐལ་པ་དང་ལྡན་པས་ཞལ་མཇལ་ཞིང་གསུང་གི་བདུད་རྩི་ཐོབ་པར་གྲགས་ལ། དེ་དག་གི་ནང་ནས་བླ་མའི་ལུང་བསྟན་ལྟར་ཐོག་མར་མ་ཎི་ཀ་ནཱ་ཐ་བོད་དུ་བྱོན་ནས་གནས་གསར་བ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ལ་ཛ་བཱིར་གྱི་གདམས་པ་རྩ་བ་ཙམ་གནང་བ་ནི་བཀའ་བབས་དང་པོ་ཡིན་ལ། དེ་རྗེས་བཛྲ་ནཱ་ཐ་བྱོན་ནས་འབྲི་གུང་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ལ་ཛ་བཱིར་རླུང་ཁྲིད་ཕྱི་ནང་གསང་གསུམ་གྱི་གདམས་པ་བསྩལ་བ་བཀའ་བབས་བར་པ་དང་། ཕྱིས་ལྷ་སྲས་མུ་ནེ་བཙད་པོའི་རྣམ་འཕྲུལ་གྲུབ་ཆེན་ཉི་ཟླ་ཀློང་གསལ་ལ་ཡོངས་རྫོགས་ཉེ་བརྒྱུད་དུ་བྱུང་བ་ནི་བཀའ་བབས་གསུམ་པ་སྟེ། དེའང་རིང་བརྒྱུད་ལྟར་ན། འབྲི་གུང་རིན་ཆེན་ཕུན་ཚོགས་ལས་རྫོགས་ཆེན་པ་ཚུལ་ཁྲིམས་སངས་རྒྱས་ཀྱིས་གསན་ནས་ཟབ་བུའི་གཏེར་ལུང་བདུན་པར་མི་ལོ་བདུན་དུ་ཛ་བཱིར་གྱི་རླུང་ཟས་ཁོ་ན་མཛད་པས་རླུང་སེམས་ལ་རང་དབང་ཐོབ། བཀོད་པ་ལུས་ཀྱི་རྫུ་འཕྲུལ་དུ་མ་བསྟན། ཡུལ་ཉེར་བཞི་དང་སངས་རྒྱས་ཀྱི་ཞིང་རྣམས་སུ་བགྲོད་ནུས་པ་དེ་ལས་མངའ་རིས་པ་འོད་གསལ་མཆོག་ལྡན་གྱིས་གསན། དེ་ནི་སྐྱེས་ཆེན་ཁྱད་པར་ཅན་དུ་མ་བསྟེན་ནས་གསར་རྙིང་གི་ཆོས་དང་གདམས་པའི་མཛོད་དུ་གྱུར་པ་ཡིན་ཞིང་། ཁྱད་པར་བྷྲཱུ་རླུང་ལ་ཉམས་བཞེས་མཐར་ཕྱིན་པ་མཛད་པས་གྲུབ་ཆེན་ཛ་ཧཱ་བཱིར་ཞལ་ལན་གསུམ་དུ་གཟིགས་ནས་བྱིན་གྱིས་བརླབས། གཞན་ཡང་གྲུབ་ཐོབ་རྣམ་བཞི་ཞལ་གཟིགས་ནས་གདམས་པ་ཁྱད་པར་ཅན་མང་པོ་དག་སྣང་དུ་བྱུང་། དགུང་ལོ་བརྒྱ་དང་ལྔ་བཅུ་ང་བདུན་བཞུགས། དེ་ལས་དགོངས་འདུས་ལུང་བསྟན་བཀའ་རྒྱ་མ་ལས་ཆོས་རྒྱལ་གསུང་སྤྲུལ་དྷརྨའི་མིང་ཅན་འབྱུང་བར་གསུངས་པའི་བྲེས་གཤོང་བླ་ཆེན་འཇམ་དབྱངས་ཆོས་རྒྱལ་རྡོ་རྗེས་གསན་པ་སྟེ། འདིའང་སྐྱེས་ཆེན་དམ་པའི་མཚན་ཉིད་ཡོངས་སུ་རྫོགས་པ་ཚང་ཞིང་གསར་རྙིང་བཀའ་གཏེར་རིང་ལུགས་ཐམས་ཅད་ལ་མཁྱེན་པ་རྒྱས། གོང་ར་ལོ་ཆེན་སོགས་ཡོངས་འཛིན་མང་དུ་བསྙེན་ནས་སྒྲོ་འདོགས་ཕྱོགས་མེད་དུ་བཅད། དཀའ་སྤྱད་སྙིང་རུས་དྲག་པོས་རྩེ་གཅིག་ཏུ་བསྒྲུབས་པས་གནས་ལུགས་མངོན་དུ་གྱུར་ནས་གྲུབ་པ་བརྙེས། དུས་གསུམ་ས་ལེར་མཁྱེན་པ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ། དེ་ལས་གྲུབ་ཆེན་ཉི་ཟླ་ཀློང་གསལ་གྱིས་གསན་པ་སྟེ། འདི་ཉིད་སྐུ་ཆུང་ངུ་ནས་མཁའ་འགྲོ་མང་པོས་ཞབས་ཏོག་བྱེད་པ་དང་། ཡེ་ཤེས་ཌཱ་ཀི་སུ་ཁ་སིདྡྷིས་ཡང་ཡང་བྱིན་གྱིས་བརླབས་ཤིང་ཆོས་དྲུག་གི་གདམས་ངག་འཁྲུལ་འཁོར་དང་བཅས་པ་གནང་། རྩ་འཁོར་རྣམས་ཀྱང་ངོ་སྤྲོད་བསྩལ། དགུང་ལོ་བཅུ་པར་ཛ་བཱིར་གྱི་གདམས་པའི་ཤོག་དྲིལ་ཞིག་ནམ་མཁའ་ནས་ཕྱག་ཏུ་བབས་པས་ཕ་མ་གཉེན་ཚན་ནོར་རྫས་ཐམས་ཅད་བློས་ལིང་གིས་བཏང་ནས་རིག་འཛིན་ཆོས་རྒྱལ་རྡོ་རྗེ་ལས་རྫོགས་ཆེན་གཙོ་བོར་གྱུར་པའི་བཀའ་གཏེར་རབ་འབྱམས་ཀྱི་དབང་ལུང་ཁྲིད་ཚུལ་མང་པོ་དང་། ཁྱད་པར་ཛ་བཱིར་གྱི་གདམས་སྐོར་ཡོངས་རྫོགས་གསན། བླ་མས་ཀྱང་སྐལ་ལྡན་དུ་དབུགས་དབྱུང་གཟེངས་བསྟོད་བསྩལ་ཅིང་འགྲོ་དོན་བྱེད་པའི་རྒྱལ་ཚབ་ཏུ་མངའ་གསོལ། ངེས་མེད་ཀྱི་རི་ཁྲོད་དུ་མི་ལོ་དྲུག་བདུན་ཙམ་ལ་མི་ཟས་རགས་པ་སྤངས་ནས་དཀའ་ཐུབ་བཅུད་ལེན་གྱི་རིགས་ལ་བརྟེན། རླུང་ཟས་ཀྱི་གདམས་ངག་ཁོ་ན་བསྒོམ་པས་ཡེ་ཤེས་མཁའ་འགྲོས་བདེ་སྟེར་གྱི་གྲོགས་དང་གེགས་སེལ་བོག་འདོན་མཛད། ཁྱད་པར་གྲུབ་ཆེན་ཛ་ཧཱ་བཱིར་མངོན་སུམ་དུ་མཇལ་ཞིང་ཞག་གྲངས་བཅུ་གསུམ་བར་འབྲལ་བ་མེད་པར་བཞུགས་ནས་གདམས་ངག་ཉེ་བརྒྱུད་དུ་བསྩལ། ཉིན་རེ་བཞིན་མེ་དབང་བྱིན་འབེབས་བཀྲ་ཤིས་རྣམས་ཚར་རེ་མཛད་པས་དེ་ཕྱིན་ཆད་རླུང་སེམས་ལ་རང་དབང་ཐོབ་ནས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། ཛ་བཱིར་རླུང་ཁྲིད་འཇའ་ལུས་སྣང་སྟོང་རང་གྲོལ་ཆོས་ཚན་ཉི་ཤུ་པ་གཏན་ལ་ཕབས། གཞན་ཡང་གུ་རུ་རིན་པོ་ཆེ་སོགས་རྩ་གསུམ་རབ་འབྱམས་ཀྱིས་རྗེས་སུ་བཟུང་སྟེ་དག་སྣང་ཆོས་སྐོར། བླ་མ་ཡེ་ཤེས་རང་གསལ། ཚེ་དབང་། སྨེ་བརྩེགས། མཁའ་འགྲོའི་དབང་། རྩ་རླུང་ཁྲིད། ལུང་ཆོས་སྡེ་ཉེར་གསུམ། ཐོག་སྲུང་ཤིན་ཏུ་ཟབ་པ་ྀཨཚ་མ་སོགས་བཞུགས་པ་ལས་ཁོ་བོས་ཀྱང་འཇའ་ལུས་སྣང་སྟོང་རང་གྲོལ་གྱི་སྨིན་གྲོལ་ཡོངས་རྫོགས་རྗེ་བླ་མའི་བཀའ་དྲིན་ལས་ནོས། གདན་ས་གཙང་པོ་བྱང་རྒྱུད་གཡང་ཆོས་པདྨ་ལྷུན་སྡིངས་ཡིན་ཞིང་། རྒྱུད་འཛིན་གཙོ་བོ་གར་དབང་རྡོ་རྗེའི་ཡང་སྲིད་ཐུགས་སྲས་ཀུན་བཟང་ཆོས་དབང་རྡོ་རྗེ་འཛིན་པ་ནས་ད་ལྟའི་བར་སློབ་བརྒྱུད་དང་སྲས་རྒྱུད་བར་མ་ཆད་པར་བྱོན་ཅིང་། གདན་ས་འདི་རྒྱུ་དམག་དུས་ཀྱང་སྲུང་མས་བསྒྲིབས་ཏེ་གནོད་མ་ནུས་ཤིང་གར་དབང་རྡོ་རྗེའི་གཏེར་ཆོས་ཕལ་ཆེར་གྱི་དབང་ལུང་ཕྱག་བཞེས། རྡོར་སེམས་དུས་ཁྲིད་མ་ཉམས་པར་བཞུགས་སོ། ༈ །ལོ་ཆེན་བཻ་རོ་དང་ཤུད་བུ་དཔལ་གྱི་སེང་གེ་ཟུང་དུ་འཇུག་པའི་རྣམ་རོལ་འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་ཡང་སྲིད་དེ་མ་ཐག་པ་རིག་འཛིན་མི་འགྱུར་རྡོ་རྗེ་ནི། ལྷོ་རྒྱུད་ངོམ་གྱི་ཡུལ་དུ་ཆོས་རྒྱལ་གྱི་གདུང་རྒྱུད་ལས་སྐུ་འཁྲུངས། གསུང་བརྡའ་འཕྲོད་ཙམ་ནས་སྔོན་གནས་ཀྱི་ཚུལ་གསལ་བར་གསུངས་པ་དང་། མཁས་གྲུབ་ཀརྨ་ཆགས་མེད་ཀྱི་སྤྱན་ལྟས་དང་བསྟུན། དགུང་ལོ་ལྔ་བཞེས་པའི་དུས་དཔལ་རི་རྩེར་སྤྱན་དྲངས། ལྗགས་ཀློག་སོགས་སྦྱངས། བཙོག་གྲིབ་ཀྱིས་གོས་པ་ལ་ཆགས་མེད་རིན་པོ་ཆེས་སྐུ་ཁྲུས་ཡང་ཡང་མཛད་པས་སྔོན་གྱི་གནས་གསལ་བར་དྲན་ཞིང་ཐོག་མར་འོད་དཔག་མེད་དང་ཨོ་རྒྱན་ཆེན་པོའི་ཞལ་གཟིགས། སྔོན་གྱི་སྐྱེ་བ་ཉིས་བརྒྱ་ཙམ་ཐ་ལེར་དྲན་ཅིང་གཞན་སེམས་མཁྱེན་པའི་མངོན་ཤེས་ཤར། དགུང་ལོ་བཅུ་གཉིས་པ་ནས་རྩ་གསུམ་ལྷག་པའི་ལྷ་རབ་འབྱམས་རྣམས་རིམ་པར་ཞལ་བསྟན་ཅིང་གདམས་ངག་བསྩལ་པ་རྣམས་ཆགས་མེད་ཞབས་ཀྱིས་ཡི་གེར་བཀོད་པ་ལ་གནམ་ཆོས་ཞེས་པའི་མཚན་གསོལ་བ་པོད་ཆུང་བཅུ་གཉིས་བྱོན། དགུང་ལོ་བཅུ་དྲུག་པ་ནས་ཟབ་མོ་དགོངས་པའི་གཏེར་ཐུགས་ལས་བརྡོལ་ཏེ་ཡི་གེར་བཀོད་པ་པུསྟི་གཉིས་བཞུགས། དེ་དག་འབེབས་རིམ་བཞིན་ཆགས་མེད་རིན་པོ་ཆེས་ཉམས་བཞེས་རྟགས་ཐོན་པར་མཛད་ཅིང་ཆོས་བཀའ་སོ་སོར་ཉེར་མཁོའི་ཆོག་བསྒྲིག་དང་ཁྲིད་ཡིག་འདུས་གསལ་གྱི་ཡིག་ཆ་མང་དུ་བཀོད། འདི་དག་གི་སྨིན་གྲོལ་ལས་ཚོགས་དང་བཅས་པ་ལ་བྱིན་རླབས་ཀྱི་བབས་གཞན་ལས་ཁྱད་པར་དུ་ཆེ་ཞིང་ཐ་ན་མདོས་ཕྲན་ཙམ་གྱིས་ཀྱང་ཕན་ཐོགས་ཤིན་ཏུ་ཆེ་བ་མངོན་སུམ་གྱིས་གྲུབ། བར་སྐབས་སུ་ཐུགས་དམ་བཅད་རྒྱའང་ལོ་གསུམ་མཛད་ཅིང་དེའི་སྐབས་ཡ་མཚན་པའི་ལྟས་ཡུལ་མི་ཀུན་གྱི་མཐུན་སྣང་དུ་གྲུབ་པ་བྱུང་། བཟའ་བཏུང་དང་ཀ་ཅ་ཅུང་དཀོན་པར་བྱུང་བའི་ཚེ་རྟེན་འབྲེལ་ཅུང་ཟད་མཛད་པས་ཕོངས་མེད་དུ་འབྱུང་བ་ལན་མང་དུ་མཛད། ཆགས་མེད་ཉིད་ཀྱིས་མཚམས་སྦྱར་ནས་རིག་འཛིན་བདུད་འདུལ་རྡོ་རྗེ་དང་མཇལ་འཛོམ་ཐོག་ཕན་ཚུན་ཆོས་འབྲེལ་གསན་བཞེས་དང་བདུད་འདུལ་བས་བཀུར་བཟོས་ཆེན་པོ་མཛད་ཅིང་ཕན་ཚུན་ཐུགས་ཡིད་གཅིག་འདྲེས་སུ་གྱུར། ནང་ཆེན་དུ་ཕེབས་ནས་རྫ་སྟོད་སྐྱོ་བྲག །མཁའ་འགྲོ་འབུམ་རྫོང་། ན་བུན་རྫོང་སོགས་གནས་ཆེན་དགུ་ཙམ་གྱི་གནས་ཞལ་གསར་འབྱེད་མཛད། དགུང་ལོ་བཅུ་དགུ་པར་ཀཿཐོག་ཕྱོགས་ནས་གདན་འདྲེན་དང་དུས་བབས་ལ་བརྟེན་ཆིབས་བསྐྱོད་ནས་ས་སྐྱོང་སྡེ་དགེའི་རྒྱལ་ཁབ་དང་དཔལ་ཀཿཐོག་གི་གདན་སར་ཕེབས། རིམ་པར་འབྲི་རྒྱུད་ས་ངན་དང་སྨར་ཁམས་སོགས་སུ་ཞབས་ཀྱིས་བཅགས། ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་བསྐོར་ནས་མཐོང་ཐོས་དྲན་རེག་ཐམས་ཅད་འབྲེལ་ཚད་དོན་ལྡན་གྱི་ས་ལ་བཀོད། རྨུགས་སང་གི་གནས་སུ་གདན་ཕབས་སྟེ་རྒྱུད་འཛིན་གྱི་གཙོ་བོ་དཔལ་ཡུལ་རིག་འཛིན་ཀུན་བཟང་ཤེས་རབ་སོགས་འདུས་པ་སྔ་ཕྱི་སྟོང་ཕྲག་གཉིས་རེ་ཙམ་ལ་རང་གཏེར་གནམ་ཆོས་ཚང་མའི་དབང་ལུང་ཉམས་ཁྲིད་ལན་གཉིས་སུ་མཛད་པས་མཚོན། བསྟན་འགྲོའི་དོན་རླབས་པོ་ཆེ་མཐར་ཕྱིན་ནས་དགུང་ལོ་ཉེར་བཞི་པ་ལ། ཞིང་ཁམས་མེ་ཏོག་བཀོད་པར་རྒྱལ་བ་མེ་ཏོག་མྱ་ངན་ལས་འདས་པའི་རྒྱལ་ཚབ་ཏུ་འགྲོའོ་གསུངས་ནས་ནག་པ་ཟླ་བའི་ཚེས་བཅུ་དྲུག་ལ་གཟུགས་སྐུའི་བཀོད་པ་བསྡུས་ཤིང་སྤྲུལ་པའི་རྣམ་རོལ་ཉི་ཤུ་རྩ་ལྔ་འབྱུང་བར་གསུངས། རྗེ་འདིས་ས་གཏེར་བརྒྱ་རྩ་འདོན་པའི་ལུང་བསྟན་ཡོད་ཀྱང་རྟེན་འབྲེལ་གྱི་གནད་འགའ་ཞིག་གིས་ཕྱག་ཏུ་མ་སོན་པས་ཕྱིས་སྟག་ཤམ་རྡོ་རྗེ་དང་ཡོངས་དགེ་མི་འགྱུར་རྡོ་རྗེ་རྣམས་ལ་ཐུགས་རྒྱུད་ཡེ་ཤེས་ཆེན་པོས་བྱིན་གྱིས་བརླབས་པར་ཡང་བཤད། རྒྱུད་འཛིན་གནས་མདོ་དང་དཔལ་ཡུལ་གྱི་ཆོས་རྒྱུན་རྣམས་ལས་མདོ་སྨད་ཕལ་ཆེར་ཆོས་འདིའི་ཕྲིན་ལས་ཀྱིས་ཁྱབ་ཅིང་ཁོ་བོས་ཀྱང་ཚང་བར་ནོས་པ་ཡིན་ནོ། །རིག་འཛིན་དེ་ཉིད་ཀྱི་རྣམ་འཕྲུལ་དེ་མ་ཐག་པར་ལུང་གིས་ཟིན་པ་རྨོག་གྲུབ་ནམ་མཁའ་ཆོས་དབང་སྟེ། རྗེ་འདི་གྲུབ་པའི་འཁོར་ལོས་སྒྱུར་བ་ཆེན་པོར་ཡོངས་སུ་གྲགས་ཤིང་། ས་གཏེར་ཆོས་དང་རྟེན་དང་ནོར་གཏེར་མང་པོ་གདན་དྲངས་ནའང་རྟེན་འབྲེལ་གྱི་བབས་ཤིག་ལས་ཆོས་གཏེར་གཏན་ལ་འབེབས་པ་སོགས་མ་བྱུང་། དགོངས་གཏེར་མཁའ་འགྲོ་བཀའ་བརྒྱད་དུ་གྲགས་པའི་ལས་བྱང་ཉུང་ངུ་ཞིག་བཞུགས་པ་དོན་དུ་བདེ་འདུས་ཀྱི་ཕྲིན་ལས་ལམ་ཁྱེར་བསྡུས་པ་ལྟ་བུར་སྣང་། རྟེན་ངོ་མཚར་བ་ཅི་རིགས་ད་ལྟའང་མཇལ་དུ་ཡོད་ཅིང་། རྫ་རྒྱུད་ཀྱི་གནས་ཨ་དོས་ནས་གསེར་བུམ་པ་གང་བཞེས་ཏེ་ཀཿཐོག་སྐུ་འབུམ་རིང་མོའི་ཞིག་གསོའི་ཆ་རྐྱེན་མཛད་པ་མངོན་གྱུར་ཚད་མས་གྲུབ། དེ་ཉིད་ཀྱི་སྤྲུལ་པའི་སྐུ་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་ནས་བཟུང་རིམ་པར་བྱོན་པས་སྔ་འགྱུར་གྱི་བསྟན་པ་དང་འགྲོ་བའི་དོན་མཐའ་ཡས་པ་མཛད་པ་ཡོངས་སུ་གྲགས་པ་ཉིད་དོ། ༈ །ཅོག་རོ་ཀླུའི་རྒྱལ་མཚན་དང་ལྷ་སྲས་སད་ན་ལེགས་ཟུང་དུ་འཇུག་པའི་རྣམ་འཕྲུལ་མཁས་གྲུབ་ཀརྨ་ཆགས་མེད་ནི། ངོམ་ཡུལ་དུ་གདོང་མཁའ་སྤྱོད་པའི་དབོན་རྒྱུད་སྔགས་འཆང་པདྨ་དབང་དྲག་གི་སྲས་སུ་འཁྲུངས་སྐུ་ཆུང་ངུ་ནས་ཡི་གེ་འབྲི་ཀློག་དང་རྩིས་དཀར་ནག་སོགས་ཤིན་ཏུ་བྱང་། བསྐྱེད་རིམ་བརྟན་ཅིང་སེམས་ཀྱི་གནས་ལུགས་མཁྱེན། ཡབ་ལ་གང་བཞུགས་ཀྱི་རྙིང་མའི་ཆོས་སྐོར་མཐའ་དག་གསན། ཟུར་མང་དྲུང་ཆེན་ཀུན་དགའ་རྣམ་རྒྱལ་ལ་གཙུག་ཕུད་དང་རྟོགས་པ་ཕུལ་བས་ངོ་སྤྲོད་ལེགས་པར་གནང་། འཕན་ཡུལ་ཟ་དམ་གྱི་གྲྭ་སར་བྱོན་ནས་མདོ་སྔགས་ཀྱི་གཞུང་རྣམས་ལ་སྦྱངས་པ་མཐར་ཕྱིན་པ་མཛད། ཞྭ་དམར་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་ལས་བསྙེན་རྫོགས་དང་ཕྱག་ཆེན་ཆོས་དྲུག་སོགས་བཀའ་ཆོས་མང་དུ་ཞུས་ནས་རྩ་བའི་བླ་མར་བཟུང་། རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་ལུང་བསྟན་ལྟར་རྗེ་འདི་ཉིད་ཀརྨ་པའི་སྐུའི་བཀོད་པ་ཞིག་ཏུ་ངེས་པས་དགོས་པའི་དབང་དུ་གཟིགས་ནས་མཚན་ཀརྨ་ཆགས་མེད་ཅེས་པ་གནང་། གཞན་ཡང་ཡོངས་འཛིན་མང་པོ་ལས་ཀར་རྙིང་གཙོ་བོར་གྱུར་པའི་དབང་ལུང་མན་ངག་ཅི་རིགས་གསན། གནས་མདོ་དཔལ་རི་རྩེར་གདན་ས་མཛད་ནས་སྐབས་འགའ་ཞིག་ཏུ་འགྲོ་དོན་ཕེབས་བཞུད་མ་གཏོགས་སྐུ་མཚམས་ཁོ་ནར་བཞུགས། རྩ་གསུམ་ཆོས་སྲུང་དང་བཅས་པའི་བསྙེན་སྒྲུབ་བརྒྱ་ཕྲག་ལྷག་ཙམ་སོ་སོར་རྟགས་ཐོན་མཛད། རོ་གཅིག་གི་རྟོགས་པ་མངོན་དུ་གྱུར། བླ་མ་དང་ལྷག་པའི་ལྷས་བྱིན་གྱིས་བརླབས་པའི་ལྟས་ཤིན་ཏུ་མང་བ་ལས་སྐབས་ཤིག་ཐུགས་ཉམས་སུ་ཨོ་རྒྱན་རིན་པོ་ཆེ་སྲིན་པོ་ལ་ཆིབས་པ་ཞིག་ཞལ་གཟིགས་པའི་རྗེས་ཐོག་ཏུ་རྡོ་རྗེའི་ཚིག་རྐང་བཞི་སྤྱན་ལམ་དུ་ཤར་བ་ལ་བརྟེན་ནས་ཐུགས་རྗེ་ཆེན་པོའི་དམར་ཁྲིད་འགྲོ་དོན་རྒྱ་མཚོ་ལེའུ་བཅོ་བརྒྱད་པ་རྒྱབ་ཆོས་དང་བཅས་པ་གཏན་ལ་ཕབས་ཟིན་པའི་སྐབས་ཆོས་འདིས་དུང་ཕྱུར་བཅོ་བརྒྱད་བདེ་བ་ཅན་དུ་འགྲོ་ཞེས་པའི་ལུང་བསྟན་ཀྱང་ཐོབ། གཞན་ཡང་རི་ཆོས་མཚམས་ཀྱི་ཞལ་གདམས་ནས་གཏོ་རྩིས་ཡན་ཆད་ཀྱི་གསུང་སྐོར་པུསྟི་ལྔ་བཅུ་རྩ་གྲངས་བཞུགས་པ་ཐམས་ཅད་ཀྱང་ལྷག་པའི་ལྷས་རྗེས་སུ་གནང་བས་བྱིན་རླབས་དང་ལྡན་ཅིང་འགྲོ་ཕན་རྒྱ་ཆེན་པོ་མངའ་བས་གཏེར་ཆོས་ཕལ་ཞིག་ལས་ལྷག་པའི་ངོ་མཚར་རྨད་དུ་གྱུར། དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་དགུང་ལོ་དྲུག་ཅུ་རེ་བཞི་པར་བདེ་བ་ཅན་གྱི་ཞིང་དུ་གཤེགས། དབོན་བླ་མ་ཆོས་དབང་ཀུན་བཟང་དང་མ་ཡུམ། གཉེར་པ་རྣམས་ཀྱང་བདེ་བ་ཅན་དུ་སྐྱེལ་བར་མཛད་པའི་ལོ་རྒྱུས་ཞིབ་པར་བཀོད་པ་ཡོད་ཅིང་། མཆོག་སྤྲུལ་ཕྲིན་ལས་དབང་འབྱུང་ནས་བཟུང་། སྤྲུལ་པའི་སྐུ་ན་རིམ་དང་། གསང་ཕུ་པདྨ་ཀུན་དགའ་སོགས་སློབ་བརྒྱུད་རིམ་པར་བྱོན་པ་ལས་གནས་མདོ་སྨད་བརྒྱུད། བརྩོན་འགྲུས་རྒྱ་མཚོ་ནས་རིམ་པར་བྱོན་པ་གནས་མདོ་སྟོད་བརྒྱུད་ཀྱི་གསེར་ཕྲེང་དུ་གྲགས་པ་ད་ལྟའི་བར་ཟམ་མ་ཆད་པ་བྱོན་ཅིང་། ཞལ་སློབ་ཐུ་བོ་བི་མའི་རྣམ་འཕྲུལ་རྫོགས་ཆེན་པ་པདྨ་རིག་འཛིན་དང་། དཔལ་ཡུལ་ཀུན་བཟང་ཤེས་རབ་ལས་སྔ་འགྱུར་རྙིང་མའི་བརྒྱུད་འཛིན་གྱིས་མདོ་ཁམས་ཕལ་ཆེར་ཁྱབ་པ་ཡོངས་སུ་གྲགས་པ་ལྟར་རོ། །དེ་ལས་ཁོ་བོས་ཀྱང་ཆགས་མེད་བཞི་པའི་ཞལ་སྔ་ནས་ཐུགས་རྗེ་ཆེན་པོའི་དམར་ཁྲིད་དང་། རི་ཆོས་གཙོ་བོར་གྱུར་པའི་གསུང་ཆོས་ཕལ་ཆེ་བ་བླ་མ་མང་པོ་ལས་ནོས་སོ། ༈ །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་རྣམ་འཕྲུལ་རིག་འཛིན་ཐུགས་ཀྱི་རྡོ་རྗེའམ་རྡོ་རྗེ་དྲག་པོ་ཕྲིན་ལས་འདུས་པ་རྩལ་ནི། མདོ་ཁམས་ལྷོ་རྒྱུད་སྟག་གཟིག་ཅེས་པར་སྐུ་འཁྲུངས། གྲུབ་དབང་བསོད་ནམས་རྒྱ་མཚོའི་ཡང་སྲིད་བཞི་པར་ངེས་པ་རྙེད་ནས་འཛི་དགོན་བཀྲ་ཤིས་ཆོས་གླིང་གི་གདན་སར་མངའ་གསོལ། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ལ་གཙུག་ཕུད་ཕུལ་བས་མཚན་བཀའ་བརྒྱུད་ཕྲིན་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་གནང་། རྗེ་དེ་ཉིད་དང་། འབྲུག་ཆེན་ཐམས་ཅད་མཁྱེན་པ། ཡོངས་འཛིན་འཇམ་དཔལ་དཔའ་བོ། ཁམས་པ་རིན་པོ་ཆེ་བསྟན་འཛིན་ཆོས་ཀྱི་ཉི་མ་སོགས་ལས་ཟབ་ཆོས་མཐའ་ཡས་པ་དང་། ཁྱད་པར་རིག་འཛིན་རྟ་མགྲིན་མགོན་པོ་ལས་རད་གླིང་ཕུར་པ་སོགས་གཏེར་ཆོས་མང་དུ་གསན་ནས་བསྐྱེད་རྫོགས་ཀྱི་ཉམས་བཞེས་མཐར་ཕྱིན་པར་མཛད་པས། གུ་རུ་ཞི་དྲག་གཙོ་བོར་གྱུར་པའི་རྩ་གསུམ་ལྷག་པའི་ལྷས་ཞལ་གཟིགས་དང་བྱིན་རླབས་ཐོབ། མཐུ་སྟོབས་ཀྱི་གཟི་བྱིན་འགྲན་ཟླ་དང་བྲལ་བས་གསར་བྱུང་གི་གདུག་འདྲེ་མ་རུངས་པ་དམ་ལ་བཞག་ཅིང་སྤྲིངས་ཡིག་ཙམ་གྱིས་ཀྱང་ཞི་བ་དང་སྲུང་བའི་ལས་གྲུབ། ཙ་རིར་ཕེབ་སྐབས་ཅིག་ཆར་དམར་པོས་འཕགས་མཆོག་སེང་གེ་སྒྲའི་རྡོ་སྐུ་ཁྱད་པར་ཅན་ཕུལ། དྲག་པོ་ཀཱི་ལ་ཡ་དང་སྒྲོལ་མ་དམར་མོ་སོགས་དགོངས་པའི་ཀློང་ནས་རང་བརྡོལ་པའི་ཟབ་ཆོས་པུསྟ་ཀ་ལོང་བ་ཞིག་བཞུགས་པའི་སྨིན་གྲོལ་ཁོ་བོས་ཀྱང་ནོས་ཤིང་། སད་སྲུང་བ་དང་། རྒྱལ་གནོད། ས་གདོན་ཞི་བ་སོགས་ལ་བྱིན་རླབས་ཀྱང་ཆེས་འཕགས་པས་གཞན་ཕན་གྱི་ཕྲིན་ལས་ཆེ་བར་སྣང་། དགོངས་གཏེར་ཆོས་བདག་གི་གཙོ་བོ་རྒྱལ་དབང་བདུད་འདུལ་རྡོ་རྗེ། འབྲུག་ཆེན་ཆོས་ཀྱི་སྣང་བ། སི་ཏུ་རིན་པོ་ཆེ་པདྨ་ཉིན་བྱེད་དབང་པོ་སོགས་ཚད་མའི་སྐྱེས་ཆེན་རྣམས་ཀྱིས་མཚོན་ཀར་འབྲུག་གཙོར་གྱུར་གྲུབ་མཐའ་རིས་སུ་མ་ཆད་པའི་བསྟན་འཛིན་དུ་མ་བྱོན། དེ་ལྟ་བུའི་ཕྲིན་ལས་རྒྱ་ཆེར་བསྐྱངས་པའི་མཐར་ཞིང་ཁམས་གཞན་དུ་གཤེགས་པའི་ཚུལ་བསྟན་པའི་ཚེ་པདྨ་ཉིན་བྱེད་ཞབས་ཀྱིས་ཐུགས་དམ་གསལ་འདེབས་སོགས་གཤེགས་རྗེས་ཀྱི་བྱ་བ་དང་དགོངས་རྫོགས་རྒྱས་པར་བསྒྲུབས། དེའི་སྤྲུལ་པའི་སྐུ་ཕྲིན་ལས་ལྷུན་གྲུབ་དང་ད་ལྟ་ཞལ་བཞུགས་ཀྱི་བར་རིམ་པར་བྱོན་ནས་འབྲུག་རྙིང་གི་བསྟན་པ་དར་རྒྱས་སུ་མཛད་དོ། ༈ །དེ་ཉིད་ཀྱི་ཐུགས་སྲས་ཀྱི་གཙོ་བོ་བདག་ཅག་གི་དཔལ་མགོན་བླ་མ་དམ་པ་བྱམས་མགོན་ཏཱའི་སི་ཏུ་དགུ་པ་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོ་སྟེ། ཡུལ་ཡིད་ལྷུང་སྨར་ཁམས་ཞེས་རིགས་རུས་མངོན་པར་མཐོ་བ་ངག་དབང་མགོན་པོའི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་མཚན་དཔེའི་པདྨོ་བཞད། རྡོ་རྗེ་གཙུག་ལག་དགའ་བས་རྗེ་བསྟན་པའི་ཉིན་བྱེད་ཀྱི་ཡང་སྲིད་འཁྲུལ་མེད་དུ་ལུང་བསྟན་ཅིང་ཀར་འབྲུག་རྒྱལ་བ་ཡབ་སྲས་ཀྱིས་སྟངས་བཅད་ནས་དགུང་ལོ་ལྔ་པར་གདན་ས་ཆེན་པོར་མངའ་གསོལ། བླ་མ་དགོངས་པ་འདུས་པའི་ལུང་བསྟན་བཀའ་རྒྱ་མ་ལས། མ་འོངས་ཆོས་ཀྱི་སྤྱན་ཅན་དྲུག་དང་པདྨའི་ལྗགས་ལྡན་དྲུག་འབྲེལ་ཆགས་སུ་ལུང་བསྟན་པའི་པདྨའི་ལྗགས་ལྡན་དང་པོར་ངེས་པས་རྗེ་དཔའ་བོས་ཀྱང་དག་སྣང་དུ་གསལ་བ་ལྟར་པདྨ་ཉིན་བྱེད་དབང་པོ་ཞེས་པའི་མཚན་གྱི་ཅོད་པན་དཔྱངས། གཞན་དཔལ་པདྨ་དབང་ཆེན་དང་། རྒྱལ་དབང་བཅུ་གསུམ་པ་ལས་རབ་བྱུང་གསན་པའི་སྐབས། དཔལ་ལྡན་བསྟན་འཛིན་ཉིན་བྱེད་ཕྲིན་ལས་རབ་རྒྱས་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་པའི་མཚན་གནང་། རྗེ་དེ་ཉིད་དང་ཞྭ་དམར་མཆོག་གི་སྤྲུལ་སྐུ་ཆོས་གྲུབ་རྒྱ་མཚོ། འབྲི་གུང་པ་དོན་གྲུབ་ཆོས་རྒྱལ། འབྲུག་ཆེན་ཀུན་གཟིགས་ཆོས་ཀྱི་སྣང་བ། གར་དབང་ཆོས་སྐྱོང་འགྱུར་མེད། འཛི་སྒར་བཀའ་བརྒྱུད་ཕྲིན་ལས་རྣམ་རྒྱལ་རྣམས་དང་། རྗེ་རིག་འཛིན་ཆེན་པོའི་སྐུའི་སྲས་ཚེ་དབང་དཔལ་དར་ལས་ཀྱང་ཆོས་འབྲེལ་ཙམ་གསན་ཅིང་། གཙོ་བོར་རྗེ་བདུད་འདུལ་རྡོ་རྗེ་རྩ་བའི་བླ་མར་འཛིན། དེ་རྣམས་ལས་བཀའ་བརྒྱུད་ཀཾ་ཚང་གི་སྨིན་གྲོལ་ཡན་ལག་དང་བཅས་པའི་རྒྱུན་གང་བཞུགས་གཙོས། འབྲི་འབྲུག་དང་རྙིང་མའི་སྐོར་སོགས་གསན་བསམ་རྒྱ་ཆེར་མཛད། སྡོམ་པ་གསུམ་གྱི་བཅས་མཚམས་ལས་ནམ་ཡང་མི་འདའ་བའི་སྐུ་བཙུན་པའི་མཆོག་ཏུ་གྱུར། ཐུན་མོང་གི་རིག་གནས་ཅི་རིགས་དང་ཁྱད་པར་མདོ་སྔགས་ཀྱི་གཞུང་ལ་དོན་གྱིས་མཁྱེན་པ་རྒྱས་པས་མཁས་པའི་ཕུལ་དུ་གྱུར། བསྟན་འགྲོའི་དོན་ལ་གཅིག་ཏུ་གཞོལ་བའི་ཐུགས་བསྐྱེད་རླབས་པོ་ཆེ་མངའ་བས་བཟང་པོའི་ཕྲིན་ལས་མཁའ་ཁྱབ་ཏུ་བརྡལ། གཙོ་བོར་དུས་དང་རྒྱུན་དུ་ཟབ་མོའི་རྣལ་འབྱོར་ལ་གཞོལ་བས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པར་ངེས་ཀྱང་བཀའ་གདམས་པའི་བཤེས་གཉེན་ཆེན་པོའི་རྣམ་ཐར་ལྟར་རང་གི་ཡོན་ཏན་བུམ་ནང་གི་མར་མེ་ལྟར་སྦེད་ཅིང་གསང་བ་སྲུང་བ་ལ་ཐུགས་སྒམ་པས་སུས་ཀྱང་གཏིང་མཐའ་མི་དཔོག་མོད། ཐག་རིང་ནས་ཕྱག་ནས་ཟང་ཐལ་དུ་ཕེབས་པ་དང་། སྲ་མཁྲེགས་ཀྱི་རྡོ་ལ་ཞབས་ཀྱི་རྗེས་བྱོན་པ་དང་། ཞབས་ས་ལ་མི་རེག་པ་སོགས་ཤུགས་མི་ཐུབ་པའི་ཚུལ་གྱིས་ཐུན་མོང་གི་སྤྱོད་ཡུལ་དུ་བསྟན། གཞན་སེམས་མཁྱེན་པའི་མངོན་ཤེས་དང་། སྤྲུལ་པའི་སྐུ་ངོས་འཛིན་གནང་བ་རྣམས་བསྟན་པ་ལ་ཕན་པ་ཁོ་ནར་བྱུང་བས་འཁྲུལ་པའི་དྲི་མ་ཕྲ་མོ་ཙམ་ཡང་བྲལ། དབུས་ཕྱོགས་སུ་ལན་གསུམ་ཆིབས་བསྐྱོད་ཀྱིས་མཚོན། རང་གི་གདན་ས་དང་ཁམས་ཀྱི་འབྲོག་སྡེ་སྟོད་སྨད་རྣམས་སུའང་ཕེབས་ནས་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བའི་གྲུབ་འབྲས། ཐུགས་སྲས་ཀྱི་གཙོ་བོ་དཔལ་ཀརྨ་པ་བཅུ་བཞི་པ་ཁྱབ་བདག་ཐེག་མཆོག་རྡོ་རྗེ། འབྲུག་ཆེན་ཆོས་ཀྱི་སྣང་བ་གོང་འོག །དཔའ་བོ་གཙུག་ལག་ཆོས་རྒྱལ་སོགས་ཀར་འབྲུག་གི་སྐྱེས་ཆེན་རྣམས་ཀྱིས་གཙོས། ནང་ཐུགས་ཀྱི་སྲས་ཟླ་སྤྲུལ་རིན་པོ་ཆེ་ཀརྨ་ངེས་དོན་བསྟན་པ་རབ་རྒྱས་དང་། རང་དགོན་གྱི་དབོན་སྤྲུལ་གོང་འོག །དཔལ་ཡུལ་གདན་ས་པ་ཀརྨ་འགྱུར་མེད་སོགས་ཀར་རྙིང་གི་བསྟན་འཛིན་སྐྱེས་ཆེན་ཕལ་ཆེར་རྗེས་སུ་བཟུང་ཞིང་མོས་གུས་གསོལ་འདེབས་ཙམ་ལྷུར་བྱེད་པའི་བདག་ལྟ་བུས་མཐའ་བརྟེན་པའི་སློབ་ཚོགས་ཀྱི་ཕྲེང་བ་བརྗོད་པའི་་་་་་་ཡུལ་ལས་འདས། བདག་ཅག་གི་བླ་མ་དམ་པ་ཀུན་གཟིགས་མཁྱེན་བརྩེའི་དབང་པོས་ཀྱང་ཕྱག་ཆེན་ཆོས་དྲུག་སོགས་སྨིན་གྲོལ་ཅི་རིགས་པ་གསན་ཅིང་རྗེ་ཉིད་ནས་ཀྱང་ཐུགས་གཏད་ཤིན་ཏུ་ཆེ་བས་དོན་བརྒྱུད་བྱིན་གྱིས་བརླབས་པར་ཞལ་གྱིས་བཞེས་ཤིང་གཏེར་རྙིང་སྐོར་སོགས་འཆད་སྤེལ་དང་ཕྱོགས་བསྡུ་བྱུང་ན་ལེགས་ཞེས་རིན་ཆེན་གཏེར་མཛོད་ཆེན་མོའི་བཀའི་གནང་བའང་དོན་གྱིས་བསྩལ་བས་འཆད་སྤེལ་གྱི་ཐུགས་སྲས་མཆོག་ཏུ་མངོན་པར་མ་ཟད། ཕྱིས་ནས་དཔལ་ཀརྨ་པ་དང་མཆོག་གི་སྤྲུལ་པའི་སྐུས་ཀྱང་ཟབ་ཆོས་གསན་ཅིང་བདག་ཅག་དཔོན་སློབ་ཀྱིས་རིན་ཆེན་གཏེར་མཛོད་ཆེན་མོའི་བཀའི་བསྡུ་བ་མཐར་ཕྱིན་པས་ལུང་དོན་མངོན་དུ་གྱུར་པ་ཡིན་ནོ། །གསུང་རྩོམ་ཆོག་བསྒྲིག་སོགས་སྔར་ཡོད་ལས་གསར་སྤྲོས་རིགས་ལ་ཐུགས་དགྱེས་པ་ཆེར་མེད་ཀྱང་རྒྱལ་དབང་རིན་པོ་ཆེས་གཙོས་མཆོག་ཕལ་གྱི་གདུལ་བྱ་རྣམས་ཀྱིས་ནན་ཏན་དུ་གསོལ་བ་བཏབ་པའི་ངོར། སྒྲུབ་དཀྱིལ་དབང་ཆོག་ཁྲིད་ཡིག་ཞལ་གདམས་སོགས་གླེགས་བམ་གསུམ་ཙམ་བཞུགས་པ་ཁོ་བོས་ཀྱང་ལྗགས་ལུང་རགས་རིམ་གདམས་གཏད་བྱིན་རླབས་ཟབ་མོ་ཐོབ་ཅིང་གཞན་ལ་འཆད་ཅིང་སྤེལ་བ་རྗེས་སུ་གནང་བའི་སྐལ་བཟང་ཡང་ཐོབ་པ་ཡིན། གཞན་ཡང་རྗེ་འདི་ཉིད་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྡུ་བ་བཞི་དང་གཏོང་བ་ལ་མཆོག་ཏུ་གོམས་པས། སྟོད་མངའ་རིས་ནས་འཇང་ཡུལ་རྒྱ་མཚམས་ཡན་གྱི་ཀར་འབྲུག་གི་དགོན་སྡེ་ཆེ་ཕྲ་མཐའ་དག་ལ་དངུལ་འགྱེད་ལན་གསུམ་གནང་བ་དངུལ་སྲང་ཁྲི་ཕྲག་གསུམ་ལྷག་གིས་མཚོན་རྟེན་གསུམ་དང་མཆོད་རྫས་སྒྲུབ་པའི་རྒྱུན་སོགས་མཐའ་ཡས་པ་འཛུག་པར་མཛད། དཔལ་སྤུངས་ཀྱི་གདན་སར་གསེར་གདུང་ཆེན་མོ་རྟེན་དང་བརྟེན་པར་བཅས་པ་དཔེ་བྲལ་དུ་བཞེངས། ཆོས་གོས་དང་ཡོ་བྱད་སོགས་མ་འོངས་བསྟན་པའི་མིག་རྒྱན་དུ་འགྱུར་བ་གནང་བས་མཚོན། བྱ་བ་ལས་ཀྱི་འཁོར་ལོ་བསམ་བརྗོད་ཀྱི་ཡུལ་ལས་འདས་ཤིང་། དགུང་གྲངས་དྲུག་ཅུ་རྩ་གཅིག་ནས་གཟུགས་སྐུ་མ་གཤེགས་ཀྱི་བར་ལོ་ངོ་བཅོ་བརྒྱད་ལ་སྒྲུབ་ཁང་ཆེན་མོར་ཐེམས་མི་འདའ་བའི་ཚུལ་གྱིས་སྤོང་བ་བསམ་གཏན་གྱི་འཁོར་ལོར་རྩེ་གཅིག་ཏུ་བཞུགས་པ་ཡིན་ནོ། །དེ་ལྟ་བུའི་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་འཁོར་ལོ་གསུམ་གྱི་མཛད་པ་མཐར་ཕྱིན་ནས་དགུང་གྲངས་བརྒྱད་ཅུ་བཞེས་པའི་ལྕགས་གླང་སྣྲོན་ཟླ་བའི་ཚེས་བདུན་གྱི་ནམ་ཕྱེད་ཙམ་དུ་བསྙུན་ཆེར་མེད་པར་མངོན་པར་ཤེས་བཞིན་དུ་རེ་ཞིག་ཞིང་ཁམས་གཞན་དུ་གཤེགས་པའི་ཚུལ་བསྟན་པ་ན་དགོངས་པ་མངོན་དུ་གྱུར་པའི་རྟགས་སུ་ནམ་མཁའ་ལ་སྤྲིན་མེད་ཅིང་སེར་བུ་ཙམ་ཡང་མི་ལྡང་བ་དང་། ཐམས་ཅད་ཀྱིས་ཚོར་བའི་ས་གཡོ་བ་སོགས་རྟགས་དང་ཆོ་འཕྲུལ་མང་པོ་མངོན་པར་འདུ་མཛད། སྐུ་གདུང་རིན་པོ་ཆེ་ཞུགས་ལ་ཕུལ་བས་ངོ་མཚར་ཅན་གྱི་རྟེན་མང་དུ་བྱོན་ཅིང་གདུང་གི་ཆ་ཤས་ཙམ་དད་ལྡན་འགའ་རེའི་ལག་ཏུ་སོན་པ་ལས་རིང་བསྲེལ་མང་དུ་འཕེལ་བར་སྣང་། གཤེགས་རྗེས་ཀྱི་བྱ་བ་དགོངས་པ་རྫོགས་པའི་ཐབས་ཀྱང་། སྐུ་མཆོད་ཆེན་མོར། ཚོགས་ཆེན་དུ་མར་ལུགས་དགྱེས་རྡོར་ལྷ་དགུ། གསང་འདུས་མི་བསྐྱོད་པ། མ་ཧཱ་མཱ་ཡ་ལྷ་ལྔའི་སྒྲུབ་མཆོད་རྒྱུན་འཛུག་སོགས་ཕུལ་དུ་ཕྱིན་པར་གྲུབ། མཆོག་གི་སྤྲུལ་སྐུ་དཔལ་ཀརྨ་པས་ལུང་བསྟན་ཅིང་མཚན་པདྨ་ཀུན་བཟང་ཆོས་ཀྱི་རྒྱལ་པོར་གནང་བ་པདྨའི་ལྗགས་ལྡན་གཉིས་པར་གྲུབ་བོ། །དེ་ལྟ་བུའི་རྗེ་བླ་མ་འདི་ཉིད་ཀྱིས་ཞལ་གཟིགས་ལུང་བསྟན་ལྟ་ཅི། མནལ་ལམ་ཙམ་གྱི་འཕྲོས་ཀྱང་གཞན་ལ་མི་གནང་བས་དག་སྣང་དགོངས་གཏེར་སོགས་བཞུགས་མིན་མ་ངེས་ཀྱང་། གྲུབ་བརྙེས་བླ་མ་ཀཾ་ཚང་ནོར་བུས་ནན་ཏན་དུ་གསོལ་བ་བཏབ་པའི་ངོར་ཨོ་རྒྱན་རིན་པོ་ཆེ་རྗེ་འབངས་ཉེར་ལྔས་བསྐོར་བའི་བླ་སྒྲུབ་ཟབ་མོ་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་བསྩལ་ཅིང་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་བཞི་དང་ཟུང་དུ་འབྲེལ་བའི་རྒྱུན་བདག་ཅག་གིས་ཀྱང་འབད་པས་ཞུས་ཤིང་རིན་ཆེན་་་་་་གཏེར་མཛོད་ཆེན་མོའི་སྙིང་པོར་བཞུགས་སུ་གསོལ་བ་ཡིན་ནོ། ༈ །རྗེ་དེ་ཉིད་ཀྱི་སྐུའི་གཅུང་རྒྱ་གར་མཁས་པ་ཤེས་རབ་འབྱུང་གནས་དང་ལོ་ཆེན་བཻ་རོ་ཟུང་དུ་འཇུག་པའི་རྣམ་འཕྲུལ་དཔལ་ལྡན་དཔའ་བོ་བརྒྱད་པ་གཙུག་ལག་ཆོས་ཀྱི་རྒྱལ་པོ་ཞེས་གྲགས་པ་གསར་རྙིང་རིས་མེད་ཀྱི་ཆོས་ཀྱི་མཛོད་ཆེན་པོར་གྱུར་ཅིང་། བསྟན་འགྲོའི་དོན་རླབས་པོ་ཆེ་གནང་བར་མ་ཟད། ཟབ་མོ་གཏེར་གྱི་བཀའ་བབས་པས་གནས་མཆོག་སྤྱི་འབྱམས་བྲག་ནས་ཤོག་སེར་དང་ཆོས་སྐྱོང་གི་རྟེན་རལ་གྲི་བཅས་དངོས་སུ་བཞེས་ནའང་ཤོག་སེར་གཤིན་རྗེའི་སྐོར་ཞིག་ཡིན་པར་གྲགས་པ་ལས་མཇལ་དུ་མི་སྣང་། རལ་གྲི་དེ་ཉིད་རྟགས་དང་ཆོ་འཕྲུལ་བྱིན་རླབས་ཆེ་བས་རྟེན་གྱི་གྲལ་དུ་བཞུགས་པར་སྣང་། སྔོན་བསམ་ཡས་བར་ཁང་དུ་སློབ་དཔོན་ཆེན་པོའི་སྤྱན་སྔར་ཟབ་ཆོས་གསན་པའི་ཐུགས་ཉམས་དང་། པདྨ་གར་དབང་འགྲོ་འདུལ་རྒྱལ་པོ་རྩལ་གྱི་མཚན་བཏགས་པ་སོགས་སྔོན་རབས་ཀྱི་གནས་ཤིན་ཏུ་གསལ་བར་བྱུང་པ་ལ་བརྟེན་གདམས་ངག་རྗེས་དྲན་གྱི་ཚུལ་དུ་གཏན་ལ་ཕབ་པའི་ཚེ་སྒྲུབ་བདུད་རྩིའི་བུམ་བཟང་ཞེས་ཟབ་ཁྱད་ཅན་བཞུགས་པ་ཁོ་བོས་ཀྱང་ནོས་སོ། ༈ །རྗེ་པདྨ་ཉིན་བྱེད་ཀྱི་ཐུགས་སྲས་ཆགས་མེད་བཞི་པ་ཀརྨ་བསྟན་འཛིན་ཕྲིན་ལས་ཞེས་མཁས་བཙུན་གྲུབ་པའི་ཁྱུ་མཆོག་ཆེན་པོ། རྒྱལ་དབང་བཅུ་བཞི་པས་ཀྱང་ཡོངས་འཛིན་མཆོག་ཏུ་བཀུར་བ་དེ་ཉིད་སྒྲུབ་ཁང་དཔལ་རི་རྩེར་རཏྣའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་བསྙེན་སྒྲུབ་ལ་བཞུགས་པའི་སྐབས། སྔོན་གྲུབ་ཆེན་ཀརྨ་ཆགས་མེད་ཀྱིས་གནས་དེར་ཡང་གཏེར་དུ་རྒྱས་བཏབ་པའི་ནོར་ལྷ་དབྱུ་གུ་མཆེད་གསུམ་གྱི་སྒྲུབ་ཐབས་ཁ་ཚང་དོན་འདྲིལ་གྱི་སྐོར་དངོས་སུ་ཕྱག་ཏུ་བབས་པ་ཞལ་བཤུས་པའི་སྨིན་གྲོལ་གྱི་རྒྱུན་ཡང་ནོས་ཤིང་། དགོངས་གཏེར་པདྨ་རྒྱལ་པོའི་རྩ་བ་ལ་གནས་མདོ་གྲུབ་བརྙེས་བདེ་ཆེན་སྙིང་པོས་ཕྲིན་ལས་མཛད་པའི་ལུང་རྒྱུན་ཡང་ཐོབ་བོ། ༈ །རིག་འཛིན་གཏེར་བདག་གླིང་པ་དང་ཐུགས་རྒྱུད་གཅིག་པའི་དགེ་སྦྱོང་བློ་གསལ་རྒྱ་མཚོའི་ཡང་སྲིད་དེ་མ་ཐག་པ་ང་ཕོད་དགེ་རྒན་པདྨ་དགྱེས་པ་ཞེས། རྗེ་རིན་ཆེན་རྣམ་རྒྱལ་སོགས་ཀྱི་ཐུགས་སྲས་མང་དུ་ཐོས་པའི་མཐར་ཕྱིན་ཅིང་མདོ་སྔགས་རིག་གནས་དང་བཅས་པ་ལ་མཁས་པ་དང་། རྡོ་རྗེ་ཐེག་པའི་ལམ་ལས་དངོས་གྲུབ་བརྙེས་པ་དེ་ལའང་དག་སྣང་བླ་སྒྲུབ་ཀྱི་སྐོར་བཞུགས་པ་ལས་རྩ་བའི་དབང་བསྐུར་ཙམ་ཁོ་བོས་ཀྱང་ནོས། འདི་དང་དུས་མཉམ་ཙམ་དུ་མང་ཐོས་ཚེ་དབང་མི་འགྱུར་རྡོ་རྗེ་ཞེས་གཏེར་ཆེན་ཡབ་སྲས་དང་རིག་འཛིན་པད་ཕྲིན་སོགས་ཀྱི་ཐུགས་སྲས་མཁས་གྲུབ་ཆེན་པོ་དེ་ལའང་དག་སྣང་བདེ་མཆོག་འཁོར་ལོའི་སྐོར་ཚིག་དོན་ངོ་མཚར་ཅན་བཞུགས་པ་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་སོགས་ལ་གནང་བའི་རྒྱུན་ཕྱིས་ཀྱི་བར་ཡོད་པར་སྣང་། ༈ པཎ་ཆེན་བི་མ་ལ་དང་ཆོས་རྒྱལ་ཁྲི་སྲོང་རྒྱལ་སྲས་ལྷ་རྗེ་རྣམས་ཟུང་དུ་འཇུག་པའི་རྣམ་འཕྲུལ་རིག་འཛིན་ཆོས་རྗེ་གླིང་པའི་སྐུའི་སྐྱེ་བ་དེ་མ་ཐག་པ་ཟབ་མོ་དགོངས་པའི་གཏེར་གྱི་བཀའ་བབས་ཆེན་པོ་འོད་གསལ་སྙིང་ཐིག་གི་བསྟན་པའི་ཤིང་རྟ་ཀུན་མཁྱེན་འཇིགས་མེད་གླིང་པ་ནི། གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་ལུང་མཁའ་རིའི་ཞུས་ལན་དང་། སངས་རྒྱས་གླིང་པ། ཆོས་གླིང་དང་རྭ་སྟོན་ཡབ་སྲས་ཀྱི་གཏེར་ལུང་ལས་གསལ་བ་ལྟར་འཕྱོང་རྒྱས་སྲོང་བཙན་བང་སོ་དམར་པོའི་ལྷོ་ཕྱོགས་དཔལ་རི་དགོན་པའི་ཉེ་འདབས་སུ། ཆོས་རྗེ་འབྲུག་པའི་ཐུགས་སྲས་ཆེ་བ་དྲུག་གི་ནང་ཚན་རྒྱ་བྲག་པའི་དཔོན་རིགས་སུ་ས་མོ་བྱ་ལོ་རྒྱལ་ཟླ་བའི་ཀུན་མཁྱེན་ཆེན་པོའི་སྐུ་མཆོད་ཀྱི་ཉིན་སྔ་དྲོའི་ཆར་སྐུ་འཁྲུངས། ཆུང་ངུ་ནས་གཏེར་ཆེན་སངས་རྒྱས་བླ་མ་དང་ཆོས་རྗེ་གླིང་པའི་སྔོན་རབས་གསལ་བ་སོགས་དམ་པའི་རིགས་སད། དགུང་ལོ་དྲུག་པར་རྗེ་བཙུན་པྲ་ཛྙཱ་རསྨིའི་འཁོར་ལོ་གསུམ་གྱི་ཕྱག་རྗེས་རྨ་མེད་པའི་གནས་དཔལ་གྱི་རི་བོའི་ཆོས་གྲྭར་ཞུགས། མཚོ་རྒྱལ་སྤྲུལ་སྐུ་ངག་དབང་བློ་བཟང་པདྨར་གཙུག་ཕུད་ཕུལ་བས་མཚན་པདྨ་མཁྱེན་བརྩེའི་འོད་ཟེར་ཞེས་གསོལ། ཕྱིས་གནས་གསར་བ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཀྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་པའང་བཞེས། གནས་བརྟན་ཀུན་བཟང་འོད་ཟེར་ལས་གྲོལ་ཏིག་དང་བླ་མ་དགོངས་འདུས་སོགས་ཀྱི་དབང་ལུང་དང་། ཁྱད་པར་དགུང་ལོ་བཅུ་གསུམ་པར་རིག་འཛིན་ཐུགས་མཆོག་རྡོ་རྗེ་ལ་མཇལ་ནས་ཕྱག་རྒྱ་ཆེན་པོ་ཡེ་ཤེས་མཐོང་གྲོལ་སོགས་གསན་པས་ཐོག་མར་རྒྱུད་སྨིན་ཏེ་རྩ་བའི་བླ་མ་མཆོག་གཅིག་ཏུ་མཛད་པ་ལྟར་ཕྱིས་ཡེ་ཤེས་སྐུས་ཀྱང་རྗེས་སུ་བཟུང་། གཞན་ཡང་སྔ་ཕྱིར་གཏེར་ཆེན་དྲི་མེད་གླིང་པ། རིགས་ཞང་སྒོམ་ཆེན་དྷརྨ་ཀཱིརྟི། སྨིན་གླིང་གྲུབ་དབང་ཤྲཱི་ནཱ་ཐ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། ཐང་འབྲོག་དབོན་པདྨ་མཆོག་གྲུབ། མོན་རྫ་དཀར་བླ་མ་དར་རྒྱས་སོགས་ཡོངས་འཛིན་དུ་མ་ལས་སྔ་འགྱུར་བཀའ་མ་དང་གཏེར་ཁ་གོང་འོག་གཙོ་བོར་གྱུར་པའི་བཀའ་གཏེར་འགང་ཆེ་བ་རྣམས་དང་། གསར་མའི་སྨིན་གྲོལ་ཡང་ཅི་རིགས་པ་གསན། ཞར་བྱུང་སྐར་རྩིས་སོགས་ཐ་སྙད་ཀྱི་རིགས་པའང་ཆ་ཤས་ཙམ་གསན་པ་ལས་ཕྱག་བྲིས་ཀྱིས་མཚོན། མདོ་སྔགས་གཞུང་ལུགས་ཆེན་མོའི་གནད་གསང་དང་སྙན་འགྱུར་ཕུན་སུམ་ཚོགས་པའི་གསུང་རྩོམ་སོགས་དགོངས་པའི་ཀློང་ནས་རང་བརྡོལ་བའི་ཚུལ་གྱིས་སྐྱེས་ཐོབ་ཀྱི་རྩལ་ལས་བྱུང་བ་མ་གཏོགས། ཐ་སྙད་ལ་སྦྱང་རྩོལ་མ་མཛད་པར་སྙིང་པོའི་སྒྲུབ་པ་ལ་ཐུགས་གཞོལ་བས། དགུང་ལོ་ཉེར་བརྒྱད་པ་མེ་གླང་ཆོ་འཕྲུལ་ཆེན་པོ་ནས་བརྩམ། རང་དགོན་དཔལ་གྱི་རིའི་སྒོམ་ཁང་ཐིག་ལེ་ཉག་གཅིག་ཏུ་ལོ་གསུམ་གྱི་བཅད་རྒྱ་དམ་བཅའ་བརྟན་པོས། གཙོ་བོར་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གླིང་པའི་ཟབ་གཏེར་རྨད་དུ་བྱུང་བ་གྲོལ་ཏིག་དགོངས་པ་རང་གྲོལ་རིང་བརྒྱུད་དང་ཉེ་བརྒྱུད་ཀྱི་ཚུལ་དུ་བཀའ་བབས་པ་ལྟར་དེའི་བསྐྱེད་རྫོགས་ཁོ་ན་ཐུགས་ཉམས་སུ་བཞེས་པས་དྲོད་རྟགས་ཁྱད་པར་ཅན་བརྙེས། གཞན་ཡང་གཏེར་ཁ་གོང་འོག་གིས་མཚོན་ཟབ་གཏེར་ཚད་ཐུབ་མང་པོའི་ལྷག་པའི་ལྷ་རབ་འབྱམས་ཀྱི་བསྙེན་སྒྲུབ་མཐར་ཕྱིན་པས་རྣམ་པར་སྨིན་པའི་རིག་འཛིན་གྱི་ལྡངས་ཚད་མངོན་དུ་གྱུར། རྩ་རླུང་ཐིག་ལེའི་རྣལ་འབྱོར་ལ་དབང་འབྱོར་པས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་ཁམས་ཡི་གེའི་སྤྲིན་དུ་དེངས་ཤིང་སྣང་བ་དཔེ་ཆར་ཤར་བས་ཚིག་དོན་ཕུན་སུམ་ཚོགས་པའི་རྡོ་རྗེའི་གླུ་སོགས་ཆོས་ཀྱི་མཛོད་ཆེན་པོ་བརྡོལ། བླ་མ་དགོངས་པ་འདུས་པའི་བསྙེན་སྒྲུབ་སྐབས་སྤྱི་གཙུག་ནས་རྟ་སྐད་ཀྱི་གདངས་འཚེར་ཅིང་ཨོ་རྒྱན་ཆེན་པོས་དཔལ་པདྨ་དབང་ཆེན་ཞེས་མཚན་གྱི་ཅོད་པན་དཔྱངས། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མངོན་སུམ་དུ་བྱིན་གྱིས་བརླབས་པའི་མཐུས་མཚོན་བྱེད་དཔེ་ཡི་ཡེ་ཤེས་ཇི་བཞིན་པ་ཐུགས་ཉམས་སུ་བསྟར་བས་ཧེ་རུ་ཀའི་ཆས་ཀྱིས་བརྗིད་པའི་བརྟུལ་ཞུགས་ཆེན་པོའི་སྤྱོད་པ་བསྐྱངས། ཁྱད་པར་འོད་གསལ་གྱི་སྣང་ཆར་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་རི་འདབས་སུ་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མས་ཀློང་བྱང་མཁའ་འགྲོའི་བརྡའ་མངོན་ཏུ་བསྩལ་པ་ལ་བརྟེན་ནས། བཀའ་འདུས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེ་ཞེས་ཡོངས་སུ་གྲགས་པའི་ཆོས་མཛོད་ཆེན་པོར་དབང་བསྒྱུར་པ་སོགས་མཁས་གྲུབ་ཀྱི་གོ་འཕང་མཐོན་པོར་གཤེགས་ཀྱང་དེ་ཙམ་གྱིས་ཀྱང་ཐུགས་མ་ཚིམས་པར་འཕགས་ལམ་གྱི་ཡེ་ཤེས་མངོན་དུ་མཛད་པའི་དམ་བཅའ་བརྟན་པོས་ཕྱོགས་དེའི་ལོ་གསུམ་གྲོལ་འཕྲལ་དཔལ་གྱི་བསམ་ཡས་མཆིམས་ཕུར་བྱོན། གསང་ཆེན་མེ་ཏོག་ཕུག་ཏུ་རྗེ་བཙུན་བཞད་པ་རྡོ་རྗེའི་རྣམ་ཐར་ལ་འགྲན་བཟོད་པའི་དཀའ་སྤྱད་ཀྱིས་ལོ་གསུམ་སྙིང་པོ་དོན་གྱི་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བའི་སྐབས། སྤྱིར་དག་པའི་གཟིགས་སྣང་མཐའ་ཡས་པ་དང་། ལྷག་པར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་ཀློང་ཆེན་རབ་འབྱམས་བཟང་པོའི་ཡེ་ཤེས་ཀྱི་སྐུ་ལན་གསུམ་དུ་མཇལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་སུ་འཕོས་ཤིང་གསུང་གི་གནང་བ་ཆེན་པོ་ཐོབ་པ་ལ་བརྟེན། འཕགས་ལམ་དོན་གྱི་ཡེ་ཤེས་རྫོགས་པ་ཆེན་པོའི་བདེན་པ་མཐོང་། ཐུགས་གཏེར་ཆེན་མོ་གཏན་ལ་འབེབས་པའི་སྐབས་སུའང་ཀློང་ཆེན་སྙིང་གི་ཐིག་ལེ་ཞེས་མཚན་གསོལ། གནས་དེར་སྐལ་ལྡན་གྱི་སློབ་མ་བཅོ་ལྔ་ལ་སྨིན་གྲོལ་གྱི་སྒོ་འཕར་དང་པོར་དབྱེ་བ་ནས་བརྩམས། ཟབ་དོན་ཐང་མར་བརྡལ་པས་རྫོགས་པ་ཆེན་པོ་སྙིང་ཐིག་གི་ཤིང་རྟ་གཅིག་པུར་གྱུར། ལོ་གསུམ་གྱི་དམ་བཅའ་མཐར་ཕྱིན་ནས། ཆོས་དབང་རིན་པོ་ཆེའི་ཟབ་གཏེར་མཁའ་རིའི་ཞུས་ལན་ལས། འཕྱོང་རྒྱས་ནང་དུ་ང་སྤྲུལ་དོན་བྱེད་འོང༔ སུ་ཡིན་མི་ཤེས་གཅིག་ཅར་སྨྲ་བ་འབྱུང༔ འཕྱིང་བར་མདོ་འམ་བང་སོ་དམར་པོའི་ལྷོར༔ ལྷ་བབས་མཆོད་རྟེན་དགོན་སྡེ་འཆའ་ཡང་སྲིད༔ ཅེས་རྡོ་རྗེའི་ལུང་གི་བདེན་དོན་མངོན་དུ་གྱུར་ཅིང་། རྩེ་ལེ་རྒོད་ཚང་པ་སྣ་ཚོགས་རང་གྲོལ་གྱི་ཡེ་ཤེས་ཀྱི་སྐུས་དགོངས་པ་མངོན་དུ་གཏད། བརྡའ་ཐབས་བསྟན་པ་སོགས་རྒྱུ་རྐྱེན་རྟེན་འབྲེལ་དུ་མ་ལ་བརྟེན་ནས་རང་གནས་སུ་ཕེབས་ཏེ། འཕྱོང་རྒྱས་སྲོང་བཙན་བང་སོའི་ལྷོ་ཕྱོགས་སྐུང་གི་རི་སུལ་དོན་མཁར་ལུང་པའི་ཕུར། དཔལ་ཚེ་རིང་ལྗོངས་པདྨ་འོད་གསལ་ཐེག་མཆོག་གླིང་གི་རི་ཁྲོད་རྟེན་དང་བརྟེན་པར་བཅས་པ་གསར་དུ་བཏབ་ནས་སྐུ་ཚེ་དེ་སྲིད་དུ་བྱ་བྲལ་སྦས་པའི་རྣལ་འབྱོར་གྱི་ཚུལ་གྱིས་བཞུགས་སྟན་ཆགས། གངས་ཅན་མཐའ་དབུས་ཀུན་དང་ལྷོ་མོན་རྒྱ་གར་གྱི་ས་མཚམས་ཚུན་ནས་ལས་ལྡན་གྱི་སློབ་མ་མཐའ་ཡས་པ་ལ། རྙིང་མ་བཀའ་གཏེར་ཚད་ཐུབ་སྤྱི་དང་། གཙོ་བོར་སྙིང་ཐིག་གསར་རྙིང་གི་གདམས་པ་རྩལ་དུ་བཏོན་ནས་གསུངས་པས་ཆོས་ཀྱི་ཕྲིན་ལས་རྨད་དུ་བྱུང་། ཆོས་འཁོར་རྣམ་པ་གསུམ་དུ་ཁྲི་མཆོད་མང་པོ་དང་། འཆི་ངེས་པའི་སྲོག་བསླུ་གྲངས་ལས་འདས་པ་སོགས་ལན་དང་རྣམ་པར་སྨིན་པ་ལ་རེ་བ་མེད་པའི་ཆོས་སྦྱིན་རླབས་པོ་ཆེ་གནང་། བསམ་ཡས་ཆོས་འཁོར་ཆེན་པོར་གསེར་སྦྱང་གི་འཁོར་ལོ་ཕུལ་ཅིང་རིན་ཆེན་གཉིས་པའི་རྒྱལ་བ་མ་ཕམ་པའི་སྣང་བརྙན་ཆེན་པོ་བཞེངས། རབ་གནས་བསྐྱར་བ་སོགས་དང་། ལྷ་མ་ཡིན་གྱི་བརྟུལ་ཞུགས་འཛིན་པའི་གོརྵའི་དཔུང་ཆེན་བོད་དུ་ལྷགས་པའི་སྐབས་དམག་ཟློག་རྟགས་ཐོན་མཛད་པས་མཚོན་བྱ་བ་ལས་ཀྱི་འཁོར་ལོ་དང་བསྟན་སྲིད་བདེ་ཐབས་ཀྱི་མཛད་པ་རྨད་དུ་བྱུང་བས་གཞུང་ས་ཆེན་པོ་ནས་ཀྱང་མཐོང་བཀུར་ཕུལ་དུ་བྱུང་བ་གནང་། ཁྱད་པར་ཐུགས་གཏེར་ཆེན་པོ་ཀློང་ཆེན་སྙིང་ཐིག་གཞུང་རྩ་བ་གསལ་བྱེད་བཅས་པའི་གླེགས་བམ་གཉིས་དང་། རླངས་ཆེན་དཔལ་གྱི་སེང་གེས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཅིང་གདམས་ངག་བསྩལ་པ་ལ་བརྟེན་བཀའ་ཡི་བསྡུ་བ་གསར་དུ་མཛད་པའི་ཕུར་པ་རྒྱུད་ལུགས་ཀྱི་གླེགས་བམ། ཀུན་མཁྱེན་ཆེན་པོའི་བྱིན་རླབས་ལ་བརྟེན་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་བསྩལ་པའི་བསྟན་པ་ཡོངས་རྫོགས་ཀྱི་ལམ་རིམ་ཡོན་ཏན་རིན་པོ་ཆེའི་མཛོད་རྩ་འགྲེལ་གླེགས་བམ་གཉིས་སོགས་གསུང་རྩོམ་པོད་ཆེན་དྲུག་སྟེ་གླེགས་བམ་དགུ་ས་སྐྱོང་སྡེ་དགེའི་རྒྱལ་ཁབ་ཆེན་་་་་་པོར་སྤར་དུ་བཞུགས་ལ། གསུང་ལས་སྐྱེས་པའི་སློབ་མ་དཔལ་ས་སྐྱ་པ་ཁྲི་ཆེན་ངག་དབང་དཔལ་ལྡན་ཆོས་སྐྱོང་སྐུ་མཆེད། རྒྱལ་བ་འབྲི་གུང་པའི་སྤྲུལ་སྐུ་རྣམ་གཉིས། རྡོ་རྗེ་བྲག་རིག་འཛིན་མཆོག་གི་སྤྲུལ་སྐུ། ལྷོ་བྲག་གསུང་སྤྲུལ་དང་ཐུགས་སྲས། བོ་དོང་པའི་བསྟན་འཛིན་ཆེན་པོ་སྦྱོར་ར་སྤྲུལ་སྐུ། རི་བོ་དགའ་ལྡན་པའི་རིང་ལུགས་འཛིན་པ་ཆེན་པོ་དགའ་ལྡན་ཤར་བྱང་རྣམ་གཉིས་དང་། མོན་མཚོ་སྣ་དགོན་རྩེ་སྤྲུལ་སྐུ་སོགས་བླ་ཆེན་དང་། མི་ཆེན་དྲེགས་པ་ཅན་རྣམས་ནས་བཟུང་། བྱ་བྲལ་སྒྲུབ་བཙུན་གྱིས་མཐའ་བརྟེན་པ་གྲངས་ཀྱིས་མི་ལངས་པ། ཁམས་ཕྱོགས་རྙིང་མའི་བླ་སྤྲུལ་ཕལ་ཆེར་གྱིས་ཀྱང་ཞབས་ལ་གཏུགས། ཁྱད་པར་ནང་ཐུགས་ཀྱི་སྲས་གཅིག་པུ་ལྷ་སྲས་མུ་རུབ་བཙད་པོའི་རྣམ་འཕྲུལ་གྲུབ་དབང་འཇིགས་མེད་ཕྲིན་ལས་འོད་ཟེར། འཕགས་མཆོག་ཕྱག་ན་པདྨོ་ལྟར་གཞན་ཕན་གྱི་མཛད་པ་བསམ་གྱིས་མི་ཁྱབ་པ་འཇིགས་མེད་རྒྱལ་བའི་མྱུ་གུ། མོན་མཁས་གྲུབ་འཇིགས་མེད་ཀུན་གྲོལ་སོགས་ཀྱི་ཕྲིན་ལས་ལ་བརྟེན་ལྷོ་ཕྱོགས་རྒྱ་གར་གྱི་ས་མཚམས་དང་ཤར་ཕྱོགས་རྒྱ་སོག་གི་བར་ཆོས་ཀྱི་སྣང་བས་ཁྱབ་པའི་ཕྲིན་ལས་ནི་ཕྱི་དུས་འདིར་སུས་ཀྱང་་་་་་་་་འགྲན་ཟླར་མ་གྱུར་པ་མ་ཟད། རྗེ་ཉིད་ཀྱིས་ཁོ་བོས་དབེན་པའི་རིར་ལོ་བདུན་དུ་བྱང་ཆུབ་ཀྱི་སེམས་རྩེ་གཅིག་ཏུ་བསྒོམས་པས་བསྟན་པ་དར་རྒྱས་སུ་འབྱུང་བར་ཞལ་གྱིས་བཞེས་པ་ལྟར། དེང་སང་ཡང་སྙིང་ཐིག་གི་སྨིན་གྲོལ་ཉམས་ལེན་ཕྱོགས་ཐམས་ཅད་དུ་མ་ཁྱབ་པ་མེད་པ་ལྟ་བུས་ཇེ་དར་དུ་འགྲོ་བར་སྣང་བས་ལུང་བསྟན་གྱི་བདེན་དོན་མངོན་དུ་གྱུར་པ་ཡིན་ལ། ཁོ་བོས་ཀྱང་ཐུགས་རྗེའི་གཏེར་ཆེན་རྗེ་བླ་མ་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་དང་། ཀུན་མཁྱེན་གཉིས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་དྲིན་ལས་དགོངས་གཏེར་གྱི་སྨིན་གྲོལ་དང་བཀའ་འབུམ་བཀླགས་ལུང་རྫོགས་པར་ནོས་པ་ཡིན་ནོ། །དེ་ལྟ་བུའི་འཁོར་ལོ་གསུམ་གྱི་མཛད་པ་མཐར་ཕྱིན་ནས་དགུང་ལོ་བདུན་བཅུར་སོན་པ་ས་རྟ་དབྱུག་པ་ཟླ་བའི་ཚེས་གསུམ་ལ་རང་གནས་ཚེ་རིང་ལྗོངས་ཀྱི་ཐོག་སྟེང་ཡང་དབེན་རྣམ་གྲོལ་ཡང་རྩེར་བསྙུན་བབས་ཆེར་མེད་པར་པདྨ་འོད་ཀྱི་ཞིང་ཁམས་ཆེན་པོར་རྟགས་དང་ཆོ་འཕྲུལ་མངོན་་་་་པར་འདུ་མཛད་དེ་གཤེགས་པ་ན། སྔ་ཚུད་ནས་ཞལ་ཆེམས་རྡོ་རྗེའི་ཚིག་བཅད་ལྷུག་ངོ་མཚར་ཅན་ཞིབ་མོར་བརྩལ་པ་ལྟར་རྗེས་ཀྱི་བྱ་བ་རྣམས་དབོན་འོད་ཟེར་ཕྲིན་ལས་སོགས་ཀྱིས་ཐུགས་དགོངས་རྫོགས་པའི་བྱ་བ་རྒྱ་ཆེན་པོ་མཐར་ཕྱིན་དུ་མཛད་པ་ཡིན་ནོ། །སྐུའི་སྲས་གཅིག་པུ་ཞིག་བྱུང་བ་འབྲི་གུང་གི་གདན་སར་མངའ་གསོལ་བས་རྒྱལ་སྲས་ཉིན་བྱེད་འོད་ཟེར་རམ་ཆོས་ཀྱི་རྒྱལ་མཚན་ཏེ་སྐྱེས་བུ་དམ་པའི་རྣམ་ཐར་རྨད་དུ་བྱུང་བར་བཞུགས་ཀྱང་བསྟན་འགྲོའི་དོན་རྒྱ་ཆེར་མ་བྱུང་བར་སྣང་། ༈ རྗེ་འདི་ཉིད་ཀྱི་ཞལ་སློབ་དཔལ་རི་སྤྲུལ་པའི་སྐུ་པདྨ་ཆོས་འབྱོར་རྒྱ་མཚོ་ཞེས་མཁས་བཙུན་བཟང་པོའི་རྣམ་ཐར་རྨད་དུ་བྱུང་བ་འདི་ཉིད་ལའང་ལྷ་མོ་ཙཎྜ་ལཱིས་དངོས་སུ་བསྩལ་པའི་ཚེ་ཡུམ་གྱི་གདམས་སྐོར་བཀའ་སྲུང་ཨུ་མ་དེ་བཱི་བཅས་པོད་ཆུང་ཙམ་ཞིག་སྣང་བ་ལས་རྩ་བའི་སྨིན་གྲོལ་ལེ་ཚན་ཙམ་ཁོ་བོས་ཀྱང་ནོས། ༈ རིག་འཛིན་འཇིགས་མེད་གླིང་པའི་ཐུགས་སྲས་ཀྱི་གཙོ་བོ་གྲུབ་པའི་དབང་ཕྱུག་ཆེན་པོ་འཇིགས་མེད་ཕྲིན་ལས་འོད་ཟེར་ནི། གཏེར་ཆེན་སངས་རྒྱས་གླིང་པའི་དགོངས་འདུས་ལུང་བསྟན་བཀའ་རྒྱ་མ་ལས་གསལ་བ་ལྟར། བོད་ཆེན་པོའི་བྱེ་བྲག་རྡོ་ཡུལ་ཞེས་པའི་སྟོད་དུ་སྨུག་པོ་གདོང་གི་རིགས་རུས་མ་སྨད་པ་བོད་ཆུང་གི་རྒྱུད་ལས་ཤིང་མོ་གླང་གི་ལོར་སྐུ་འཁྲུངས། ཆུང་ངུ་ནས་དམ་པའི་རིགས་སད་ཅིང་དག་པའི་སྣང་བ་ཅི་རིགས་ཤར། ཕྱོགས་དེར་གདན་ས་བཀའ་བརྒྱུད་དང་དཔལ་ཡུལ་བའི་བཤེས་གཉེན་རྣམས་ལས་ཕྱག་རྫོགས་ཀྱི་གདམས་པ་མཐིལ་ཕྱིན་པ་གསན། ཞེ་ཆེན་རབ་འབྱམས་གཉིས་པ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་ལ་གཙུག་ཕུད་ཕུལ་བས་མཚན་ཀུན་བཟང་གཞན་ཕན་བཏགས། རྟེན་ཚངས་སྤྱོད་དགེ་བསྙེན་གྱི་ཚུལ་དུ་བཞུགས། གངས་ཁྲོད་བདེ་བ་ཆེན་པོར་ལོ་བདུན་བར་མ་ཆད་པས་མཚོན་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། བོད་དུ་སྔ་ཕྱིར་ལན་བཞིར་བྱོན་པའི་དང་པོ་གཉིས་སུ་རང་ཉིད་ཆོས་སྒོར་ཞུགས་པའི་འབྲེལ་གྱིས་དྭགས་ལ་སྒམ་པོར་གྲུབ་ཆེན་དམ་ཆོས་དབང་ཕྱུག་སོགས་ལས་ཟབ་ཆོས་མང་དུ་གསན་ཅིང་ཉམས་རྟོགས་ཀྱི་ཞུན་ཐར་བཅད། གཞན་ཡང་སྔ་ཕྱིར་དཔལ་ཡུལ་ཀརྨ་བཀྲ་ཤིས་བླ་སློབ། ཟེ་ཆེན་འགྱུར་མེད་ཀུན་བཟང་རྣམ་རྒྱལ། ཀཿཐོག་པ་དྲི་མེད་ཞིང་སྐྱོང་། རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ། ངེས་དོན་བསྟན་འཛིན་བཟང་པོ་སོགས་རྣམ་འདྲེན་དམ་པ་ཉི་ཤུའི་ཞབས་པད་ལས་སྔ་འགྱུར་གཙོ་བོར་གྱུར་པའི་གསན་བསམ་མཐའ་ཡས་པ་མཛད། ཁྱད་པར་དགུང་གྲངས་ཞེ་གཅིག་ཏུ་སོན་པའི་དབུས་བྱོན་གསུམ་པའི་སྐབས་དོན་མཁར་ཚེ་རིང་ལྗོངས་སུ་རིག་འཛིན་འཇིགས་མེད་གླིང་པ་ཆེད་ཀྱིས་མཇལ་བ་ན་ལྷ་སྲས་དམ་འཛིན་གྱི་རྣམ་འཕྲུལ་དུ་ངོས་བཟུང་ཞིང་ཕས་བུ་གཅིག་པུ་ལ་བརྩེ་བ་ལྟར་བཀའ་དྲིན་ཆེན་པོས་བསྐྱངས་ཏེ་ཆོས་བདག་གི་གཙོ་བོར་དབང་བསྐུར། འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་མཚན་གྱི་ཅོད་པན་དཔྱངས། སྙིང་ཐིག་གསར་རྙིང་སོགས་བཀའ་ཆོས་རྒྱ་ཆེར་བསྩལ་པ་ལྟར་ཕྲིན་ལས་མཁའ་ཁྱབ་ཏུ་བརྡལ། སླར་ཡང་ལན་བཞི་པར་ཀུན་མཁྱེན་གྱི་དྲུང་དུ་འབུལ་ནོད་དང་བཅས་ཕེབས་ཤིང་ཆོས་འཕྲོ་རྫོགས་པར་གསན། དེ་སྐབས་བལ་བོད་ཀྱི་དུས་གཟིང་སྟོབས་སུ་བདོ་བས་དབུས་གཙང་གི་མཆོག་དམན་ཐམས་ཅད་འཇིགས་སྐྲག་ཆུ་ཁོལ་བ་ལྟ་བུའི་སྐབས་དམག་ཟློག་གི་རིམ་གྲོ་དང་དབུས་ཕྱོགས་སུ་འཇིགས་པ་མེད་པའི་ལུང་བསྟན་བསྩལ་པ་མངོན་དུ་གྱུར་པས་་་གཞུང་ས་ཆེན་པོ་ནས་ཀྱང་མཐོང་བཀུར་བདག་རྒྱན་ཚད་མེད་པ་གནང་། སྐབས་འདི་ནས་གྲུབ་ཆེན་ཅེས་པའི་མཚན་ཡོངས་སུ་གྲགས་པ་བྱུང་། ཙ་རི་རོང་སྐོར་ལ་ཕེབ་ཅིང་། སླར་རིམ་གྱིས་མདོ་སྨད་དུ་ཕེབས་ནས་ས་དབང་སྡེ་དགེ་ཡུམ་སྲས་ཀྱིས་དབུ་བླར་བཀུར་ཞིང་མཐུན་པའི་རྐྱེན་སྦྱར་ཏེ་ཞེ་རྫོགས་ཀཿཐོག་ཕྱོགས་ཀྱི་བླ་སྤྲུལ་རྣམས་ལ་སྔ་ཕྱིར་རྙིང་རྒྱུད། སྙིང་ཐིག་གསར་རྙིང་། མཛོད་བདུན་སོགས་ཀུན་མཁྱེན་ནས་གསན་པ་རྣམས་ཀྱི་ཆོས་འཁོར་བསྐོར་བས་མཛད་པ་དོན་ལྡན་དུ་གྱུར། རྫ་རྒྱུད་སྟོད་སྨད་རྣམས་སུ་ཀུན་མཁྱེན་གྱི་རང་ལུགས་འཛིན་པའི་ཆོས་སྡེ་གཉིས་ཙམ་བཏབ་ཅིང་ཁྱད་པར་རོང་སྟོན་བདེ་ཆེན་གླིང་པའི་ལུང་བསྟན་ལས། ལྷ་སྲས་རྣམ་འཕྲུལ་བྱང་སེམས་སྙིང་སྟོབས་ཅན༔ རྫོགས་ཆེན་ཨ་ཏིའི་སྟོན་སྒོམ་ཁྱུ་གཅིག་འབྱུང༔ གསེར་གྱི་སྟོད་སྨད་དགོན་གནས་གསུམ་ཙམ་འཆའ༔ ཞེས་གསལ་བར་བསྟན་པ་ལྟར། རང་གནས་སུ་ཤུགས་ཆེན་སྟག་མགོར་ལྷ་ཁང་རྟེན་གསུམ་སོགས་ལེགས་པར་བཞེངས་ནའང་མཐའ་འཁྱོལ་བ་མ་བྱུང་། སླར་གསེར་སྟོད་དུ་ཡར་ལུང་ཞེས་པར་པདྨོ་བཀོད་ཅེས་པའི་གདན་ས་བཏབ་པར་སྐུ་ཚེ་རིལ་པོར་དེར་བཞུགས་སྟན་ཆགས། མདོ་ཁམས་སྡེ་དགེ་མན་དང་རྒྱ་སོག་རྒྱ་རོང་ཡན་གྱི་སློབ་མ་དང་མི་ཆེན་སྦྱིན་བདག་སྤྲིན་ལྟར་འདུས། ལུགས་གཉིས་ཀྱི་ཕྲིན་ལས་གོང་དུ་འཕེལ། བྱེ་བྲག་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར་པའི་གྲུབ་འབྲས་གསུང་ལས་སྐྱེས་པའི་སློབ་མའི་གཙོ་བོ་ཀཿརྫོགས་ཞེ་ཆེན་རྒྱ་རོང་སོགས་ཀྱི་བླ་ཆེན་ཐམས་ཅད་དང་། ཁྱད་པར་མཁས་མཆོག་འཇིགས་མེད་སྐལ་བཟང་། གྲུབ་དབང་དམ་ཚིག་རྡོ་རྗེ། ཀུན་མཁྱེན་མཆོག་གི་སྤྲུལ་སྐུ། སྔ་འགྱུར་བསྟན་པའི་ཤིང་རྟ་ཆེན་པོ་རྒྱལ་སྲས་གཞན་ཕན་མཐའ་ཡས་སོགས་བསྟན་པ་འཛིན་ནུས་པའི་སྐྱེས་ཆེན་དུ་མ་བསྐྲུན་ཅིང་། དེ་ལྟ་བུའི་མཛད་པ་བསམ་གྱིས་མི་ཁྱབ་པ་མཐར་ཕྱིན་ནས་དགུང་གྲངས་བདུན་ཅུ་དོན་བདུན་དུ་ཕེབས་པ་སྦྲུལ་ལོ་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གསུམ་གྱི་ནམ་གུང་ཙམ་དུ་སྐུ་ལ་བསྙུན་ཟུག་བལྟར་མངོན་པ་མེད་ཅིང་། རླུང་གི་ཐིམ་ཚུལ་སོགས་དང་ཞལ་ཆེམས་རིགས་རྒྱས་པར་བསྩལ་པའི་མཐར་རྟགས་དང་ཆོ་འཕྲུལ་མངོན་པར་འདུ་མཛད་དེ་ཆོས་དབྱིངས་ཞི་བ་ཆེན་པོར་བཤེགས་པ་ན་དབོན་དང་སློབ་རིགས་རྣམས་ཀྱིས་གསེར་གདུང་བཞེངས་པ་སོགས་དགོངས་རྫོགས་མཐའ་རྒྱས་སུ་སྤེལ། སྐུ་གསུང་ཐུགས་ཀྱི་ཟློས་གར་ད་ལྟའི་བར་བྱོན་པ་རྣམས་མཁས་གྲུབ་གཉིས་ལྡན་གྱི་བསྟན་པའི་གསལ་བྱེད་ཆེན་པོར་བྱུང་ཞིང་། ཁྱད་པར་ཟབ་གཏེར་གྱི་བཀའ་བབས་ཚུལ་ནི། ལུང་བསྟན་སྔ་ཕྱིའི་བབས་ལ་བརྟགས་ན་གཏེར་གྱི་བདག་པོར་ངེས་ཀྱང་ཕྱག་བཞེས་སུ་མ་མཛད་མོད། མགོན་པོ་འོད་དཔག་མེད་པའི་ཞལ་ཡང་ཡང་གཟིགས་ཤིང་། ཨོ་རྒྱན་ཆེན་པོ་དང་ཀུན་མཁྱེན་ཡབ་སྲས་ཀྱི་བྱིན་རླབས་ལ་བརྟེན་དམ་ཆོས་བདེ་ཆེན་ལམ་མཆོག་ཅེས་སྣང་བ་མཐའ་ཡས་ཕྱི་ནང་གསང་གསུམ་གྱི་སྒྲུབ་སྐོར། ཡང་གསང་རྟ་མགྲིན། སྤྲུལ་པའི་བཀའ་སྲུང་མ་ཧཱ་དེ་བ་བཅས་ཀྱི་སྨིན་གྲོལ་ཆ་ཚང་དགོངས་གཏེར་གྱི་ཚུལ་དུ་གཏན་ལ་ཕབ་ནས་སྤེལ་བར་མཛད་པ་དང་། གཞན་ཡང་དག་སྣང་རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་སྒྲུབ་སྐོར་དང་། རྗེ་བཙུན་མི་ལའི་བླ་སྒྲུབ། མ་གཅིག་ལབ་སྒྲོན་གྱི་སྒྲུབ་ཐབས། དབང་ཆོག །གཅོད་ཡུལ་ཆུ་བོ་གཉིས་འདྲེས་ཀྱི་སྐོར་སོགས་ད་ལྟའི་བར་རྒྱུན་མ་ཉམས་པར་བཞུགས་ཤིང་། ཁོ་བོས་ཀྱང་འོད་དཔག་མེད་ཀྱི་སྐོར་རྣམས་ཅི་རིགས་པར་ནོས་པ་ཡིན་ནོ། ༈ །མཁས་གྲུབ་ངག་དབང་རྡོ་རྗེ་ནི། ཨེ་ཡུལ་རིག་པའི་འབྱུང་གནས་སུ་འཁྲུངས། ཨེ་ནེ་རིང་ནུབ་དགོན་ཞེས་པ་སྔོན་ནས་རྙིང་ལུགས་ཀྱི་ཆོས་རྒྱུད་འཛིན་པ་དེའི་བླ་མར་མཛད། ཨོ་རྒྱན་སྨིན་གྲོལ་གླིང་པའི་ཕྱག་བཞེས་གཙོ་བོར་བསྐྱངས། ལུགས་གཉིས་ཀར་མཁྱེན་པ་ཆེ་ཞིང་ཕྲིན་ལས་རྒྱས། ཁྱད་པར་ཟབ་གཏེར་གྱི་བཀའ་བབས་རིམ་པར་བྱུང་བ་སྦྱོར་ར་ཐམས་ཅད་མཁྱེན་པ་དང་དྭགས་པོ་སྤྲུལ་པའི་སྐུ་སོགས་ཀྱིས་གསན་བཞེས་གནང་བ་ལས། ཡང་ཟབ་རྩ་གསུམ་ཀུན་འདུས་ཀྱི་ཆ་ལག་ཁྲོ་བོ་སྨེ་བརྩེགས་ཀྱི་གདམས་སྐོར་ཉུང་ངུ་ཟབ་ཁྱད་ཅན་ཞིག་བདག་གིས་ཀྱང་ནོས་སོ། ༈ །གནུབས་སངས་རྒྱས་ཡེ་ཤེས་ཀྱི་རྣམ་འཕྲུལ་དུ་གྲགས་པ་ཀཿཐོག་པ་ཀུན་བཟང་ངེས་དོན་དབང་པོ་ཞེས་མཁས་གྲུབ་ཆེན་པོར་ཡོངས་སུ་གྲགས་པ་དེ་ཉིད་རིག་འཛིན་འཇིགས་མེད་གླིང་པས་ཀྱང་དོན་གྱིས་ལུང་་་་་་་བསྟན་པ་ལྟར་གཏེར་འབྱིན་གྱི་གང་ཟག་ཏུ་ངེས་ཀྱང་ཚངས་སྤྱོད་ལ་ཐུགས་ཞེན་ཆེས་པས་སྔགས་སྤྱོད་མ་མཛད་སྟབས་ཟབ་གཏེར་དངོས་ཕྱག་ཏུ་མ་སོན་རུང་། དམ་གཙང་བྱམས་གསུམ་གྱི་བྱིན་རླབས་ལ་བརྟེན་དམ་པའི་དག་སྣང་གསུང་རྡོ་རྗེ་དབང་ཆོག་དང་བཅས་པ། དགོངས་གཏེར་སྒྲོལ་དཀར་ཉུང་ངུ་བཞུགས་པ་བདག་གིས་ཀྱང་ནོས། ༈ པཎ་ཆེན་བི་མ་ལ་དང་རླངས་དཔལ་གྱི་སེང་གེ་སོགས་ཀྱི་རྣམ་འཕྲུལ་གྲུབ་ཆེན་ཆགས་མེད་རིན་པོ་ཆེའི་ཐུགས་སྲས་ཀྱི་ཐུ་བོ། མདོ་ཁམས་རྫོགས་ཆེན་པ་པདྨ་རིག་འཛིན་ཞེས་བོད་ཆེན་པོའི་ལྗོངས་སུ་སྔ་འགྱུར་རྡོ་རྗེ་ཐེག་པའི་ཕྲིན་ལས་ལྷག་པར་སྤེལ་བ་ལ་སྨོན་ལམ་གྱི་མཐུ་གྲུབ་པ་དེ་ཉིད་སྐུ་ཕྲེང་རིམ་པར་བྱོན་པའི་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ་ལམ། འཇིགས་མེད་མཁྱེན་བརྩེའི་དབང་ཕྱུག་ཕྲིན་ལས་རྣམ་རྒྱལ་རྡོ་རྗེ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ལ། སྤྱིར་རྩ་གསུམ་ཆོས་སྲུང་རབ་འབྱམས་ཀྱི་ཞལ་གཟིགས་ལུང་བསྟན་བར་མ་ཆད་པ་དང་། དུས་གསུམ་སྒྲིབ་མེད་དུ་གཟིགས་པའི་མངོན་ཤེས་མངའ་བ་ཀུན་ལ་གསལ། ཁྱད་པར་ཟབ་མོ་དག་སྣང་གི་ཆོས་སྡེ་ཅི་རིགས་བཞུགས་པ་ལས། ཐོག་མ་ཙམ་དུ་གཏན་ལ་ཕབས་པའི་ཚེ་སྒྲུབ་རྡོ་རྗེ་རྒྱ་མདུད་ཅེས་པའི་ཉུང་གསལ་སྙིང་པོར་དྲིལ་བ་ཞིག་སློབ་ཚོགས་རྣམས་ལ་ལན་མང་དུ་གནང་ཞིང་། གཏེར་ཆེན་མཆོག་གྱུར་གླིང་པས་ཀྱང་ཆེད་དུ་གསན་པར་མཛད་ལ་ཁོ་བོས་ཀྱང་ནོས་པ། མཆོག་གཟིགས་སྤྲུལ་པའི་སྐུ་འདི་ཉིད་སྐུ་ཚེ་དང་ཕྲིན་ལས་མཐར་ཕྱིན་པས་རྟེན་འབྲེལ་ལེགས་པར་གྲུབ་བོ། ༈ །དེ་ལྟར་ན་སངས་རྒྱས་གཉིས་པ་པདྨ་ཀཱ་ར་དང་ཞལ་མི་གཉིས་པའི་མཁས་ཤིང་གྲུབ་པའི་དབང་ཕྱུག་ཚད་མའི་སྐྱེས་བུ་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པས་དཀར་ཆགས་ཀྱི་རྩ་ཐོ་གནང་བ་ལ་གཞིར་བྱས་ཏེ་རིན་ཆེན་གཏེར་མཛོད་ཆེན་པོར་ཆོས་ཀྱི་རྣམ་གྲངས་བཞུགས་སུ་གསོལ་བའི་གཏེར་ཆེན་དང་གཏེར་ཕྲན་རྣམས་དང་། ཆོས་རྒྱུན་མ་རྙེད་ཀྱང་སྔོན་བྱོན་གཏེར་སྟོན་ཚད་ལྡན་འགའ་ཞིག་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པ་ཡིན་ལ། འདིར་མ་འཐུས་པའི་གཏེར་སྟོན་ཚད་ལྡན་དག་ཀྱང་སྣང་མོད། གསར་མའི་ཆོས་ལུགས་དང་རྙིང་མའི་གཏེར་སྟོན་རྣམས་ཕན་ཚུན་གཅིག་ལ་གཅིག་ཟུར་ཟ་དང་སྒྲོ་སྐུར་གྱི་གཞི་ཆེ་བས་དེ་དག་གི་དགོངས་པའི་གསང་མི་ཤེས་ཤིང་ཆོས་མིག་དང་མི་ལྡན་པའི་རྨོངས་ཞེན་ཕྱོགས་རིས་ཁོ་ན་ལ་འཐས་པ་རྣམས་ལོག་རྟོག་གི་གཡང་སར་འཕེན་པར་སྣང་་་བས་མཁྱེན་ལྡན་རྣམས་ཀྱིས་ཟུར་དུ་བཀོད་ན་འབྲེལ་ཆེ་བར་སྣང་ངོ་། །སྤྲུལ་པའི་གཏེར་སྟོན་དེ་རྣམས་གཅིག་རྗེས་གཅིག་མཐུད་དུ་བྱོན་པ་དང་། དུས་གཅིག་ལའང་མང་པོ་བྱོན་པ་དང་། སྐུ་ཚེའི་སྟོད་སྨད་ཙམ་གྱི་སྔ་ཕྱི་དང་། པདྨ་བཀའ་ཐང་དུའང་དགོངས་ཏེ་གསུངས་པས་གོ་རིམ་དཀྲུགས་པ་སོགས་ཀྱིས་བྱོན་དུས་ཀྱི་གོ་རིམ་ངེས་པ་ཅན་བསྒྲིག་དཀའ་ཡང་རགས་པ་ཙམ་གྱི་དབང་དུ་བྱས་ན། རྒྱལ་པོ་གླང་དར་མས་ལྕགས་བྱ་ལ་བསྟན་པ་བསྣུབས་ནས་ལོ་ལྔ་བཅུ་ང་གཉིས་འདས་པའི་ཆུ་གླང་དེར་བསྟན་པ་ཕྱི་དར་གྱི་ཐོག་མ་ཡིན་ལ། དེ་ནས་ལོ་ལྔ་འདས་པའི་ས་རྟ་ལ་ལོ་ཆེན་རིན་ཆེན་བཟང་པོ་འཁྲུངས། འདི་དང་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་ཙམ་ནས་སྤྲུལ་པའི་གཏེར་སྟོན་ཆེན་པོ་རྣམས་རིམ་པར་བྱོན་པར་སྣང་སྟེ། དེ་ལ་ཐོག་མ་སངས་རྒྱས་བླ་མ། རྒྱ་བན་རྡོ་རྗེ་འོད། གཙུག་ལག་དཔལ་དགེ །རྒྱ་ལོ་ཙཱ། གུ་རུ་ཧཱུྃ་འབར་རྣམས་བྱོན། དེ་ལས་ཅུང་ཟད་ཕྱི་བར་ལྷ་བཙུན་བྱང་ཆུབ་འོད། ཇོ་བོ་དཱི་པཾ་ཀ་རའི་དུས་ཙམ་དུ། ཁྱུང་པོ་དཔལ་དགེ །ཤ་མི་རྡོར་རྒྱལ། དབོན་གསས་ཁྱུང་ཐོག་སོགས་བྱོན། དེ་ནས་མངའ་བདག་མར་པའི་དུས་ཙམ་ན། གྲྭ་པ་མངོན་ཤེས། ཞང་བཙུན་དར་མ་རིན་ཆེན། རྡོར་འབུམ། སྣ་ནམ་ཐུབ་རྒྱལ། སངས་རྒྱས་འབར། རྒྱ་ཞང་ཁྲོམ། སེ་སྟོན་རིང་མོ། རྒྱ་ཕུར་བུ། དགེ་བཤེས་གྲྭ་པ་ཀུན་གྲགས། བོན་པོ་ལྷ་འབུམ། ལྷ་རྗེ་གནུབས་ཆུང་། རྒྱ་སྟོན་བརྩོན་འགྲུས་སེང་གེ་སོགས་བྱོན། དེ་ནས་མེ་མོ་ཡོས་ཀྱི་ལོ་ལ་དུས་འཁོར་རྒྱུད་འགྲེལ་བོད་དུ་ཕེབས། རབ་བྱུང་གི་ཐོག་མ་དྲུག་ཅུ་སྐོར་དང་པོར་བསྒྲངས་ཏེ་འདིའི་ནང་ཙམ་ལ་རྗེ་བཙུན་མི་ལ་དང་རྔོག་ལོ་ཆེན་པོ་སོགས་དང་དུས་མཉམ་དུ། བྱང་སེམས་ཟླ་རྒྱལ། གཏེར་སྟོན་ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེང་གེ་དབང་ཕྱུག །ལྷ་བཙུན་སྔོན་མོ། ཉི་མ་སེང་གེ །སར་བན་ཕྱོགས་མེད། ར་ཤག་ཆོས་འབར། གཉན་ལོ་དར་མ་གྲགས། དབུ་རུ་སྟོན་ཤཱཀ །བོན་པོ་བྲག་ཚལ་སོགས་བྱོན། དེ་ནས་དྲུག་ཅུ་སྐོར་གཅིག་སོང་བའི་རབ་བྱུང་གཉིས་པའི་ནང་། ཕག་གྲུ་དུས་མཁྱེན་རྣམས་དང་དུས་མཚུངས་སུ། གཉལ་པ་ཇོ་སྲས། ཟངས་རི་རས་པ། སྙེ་མོ་རྒྱ་གོང་རི་བ། གྲུབ་ཐོབ་དངོས་གྲུབ། མངའ་བདག་ཉང་། ར་མོ་ཤེལ་སྨན། སྙེ་མོ་ཞུ་ཡས། གྲུ་གུ་ཡང་དབང་། ཆུ་ཕོ་རྟོགས་ལྡན། བ་མཁལ་སྨུག་པོ། སུམ་པ་བྱང་ཆུབ་བློ་གྲོས། མངའ་བདག་མོལ་མི་འཁྱིལ། ཀུ་ས་སྨན་པ། ལྕེ་སྒོམ་ནག་པོ། ཞང་སྟོན་བཀྲ་ཤིས་རྡོ་རྗེ་སོགས་བྱོན། རབ་བྱུང་གསུམ་པར་རྗེ་བཙུན་གྲགས་རྒྱལ་དང་ས་པཎ་རྣམས་ཀྱི་དུས་སུ། འབྲེ་རྐྱང་སུམ་པ་སུམ་ཚོགས། གཡུ་ཐོག་ཡོན་ཏན་མགོན་པོ། སྟག་ལུང་སངས་རྒྱས་དབོན། སྨན་པ་ཉི་འོད་གསལ། གཉལ་པ་ཉི་མ་ཤེས་རབ། ཁྲོ་ཕུ་ལོ་ཙཱ། གཡས་བན་ཡ་བོན། གཡག་ཕྱར་སྔོན་མོ། བལ་པོ་ཨ་ཧཱུྃ། ཨ་ཇོ་དཔལ་བོ། གྲུབ་ཐོབ་འདར་འཕྱར། དུ་གུ་རིན་ཆེན་སེང་གེ །གཙང་རིང་ཤེས་རབ། སྤྲུལ་སྐུ་དམར་པོ། ཤངས་པ་རས་པ་སོགས་བྱོན། རབ་བྱུང་བཞི་པར་ཆོས་རྒྱལ་འཕགས་པ་སོགས་དང་དུས་མཉམ་དུ། གུ་རུ་ཆོས་ཀྱི་དབང་ཕྱུག །ཇོ་མོ་སྨན་མོ། མེ་ལོང་རྡོ་རྗེ། གྲུམ་དང་མཁར་ནག །སྐལ་ལྡན་བྱིས་པ། རཀྴི་སྟོན་པ། ཁམས་པ་ཉི་མ་གྲགས། རྒྱ་སྟོན་པདྨ་དབང་ཕྱུག །བྲང་ཏི་མཁར་བུ། སྒོམ་ཆེན་འབྲུག་པ། གཉན་སྟོན་ཛམྦྷ་ལ། པདྨ་གྲགས་པ། དོན་གྲུབ་སེང་གེ །གུ་རུ་ཇོ་ཚེ། ཚེ་བརྟན་རྒྱལ་མཚན། དུང་མཚོ་རས་པ་སྔ་མ་སོགས་བྱོན། རབ་བྱུང་ལྔ་པར་ཀུན་མཁྱེན་རང་བྱུང་རྡོ་རྗེ་དང་། བུ་དོལ་རྣམ་གཉིས་སོགས་དང་དུས་མཚུངས་སུ་ཀུན་དགའ་འབུམ་པ། རྒྱ་གར་གཏེར་སྟོན་བཛྲ་མ་ཏི། དོ་བན་རྒྱ་མཚོ། དུང་མཚོ་རས་པ་ཕྱི་མ། ལས་འབྲེལ་རྩལ། རྒྱལ་སྲས་ལེགས་པ། ཀློང་ཆེན་རབ་འབྱམས། རིན་ཆེན་གླིང་པ། གྲྭ་སྒོམ་ཆོས་རྡོར། ཉི་ཟླ་སངས་རྒྱས། ཨོ་རྒྱན་གླིང་པ། རྡོ་རྗེ་གླིང་པ། ཨོ་རྒྱན་བཟང་པོ། ཤེས་རབ་མེ་འབར། དོལ་ལས་འཕྲོ་གླིང་པ། བཟང་པོ་གྲགས་པ་སོགས་བྱོན། རབ་བྱུང་དྲུག་པར་རྒྱལ་དབང་རོལ་པའི་རྡོ་རྗེ། ངོར་ཆེན་ཀུན་དགའ་བཟང་པོ། འཇམ་མགོན་བློ་བཟང་གྲགས་པ་སོགས་དང་དུས་མཉམ་ཙམ་ན་སངས་རྒྱས་གླིང་པ། དྲི་མེད་ལྷུན་པོ། དྲི་མེད་ཀུན་དགའ། རྒོད་ལྡེམ་ཅན། བྱང་ཆུབ་གླིང་པ་དཔལ་གྱི་རྒྱལ་མཚན། ཀརྨ་གླིང་པ། འཇམ་དབྱངས་བླ་མ། ཐང་སྟོང་རྒྱལ་པོ་སོགས་བྱོན། རབ་བྱུང་བདུན་པ་རྗེ་མཐོང་བ་དོན་ལྡན། པཎ་ཆེན་དགེ་འདུན་གྲུབ། ་འགོས་ལོ་གཞོན་ནུ་དཔལ་སོགས་དང་དུས་མཚུངས་སུ། ལོང་པོ་བསམ་གཏན་བདེ་ཆེན་གླིང་པ། མགོན་པོ་རིན་ཆེན། རཏྣ་གླིང་པ། ལེགས་ལྡན་རྡོ་རྗེ། ཉང་པོ་མཆོག་ལྡན་རྡོ་རྗེ། པདྨ་གླིང་པ། ཆག་བྱང་ཆུབ་གླིང་པ། ཡོལ་མོ་ཤཱཀྱ་བཟང་པོ། ཀུན་སྐྱོང་གླིང་པ། མདོ་སྔགས་གླིང་པ། བསྟན་གཉིས་གླིང་པ། གྲོ་ཤུལ་འགྲོ་འདུལ་ལས་འཕྲོ་གླིང་པ་སོགས་བྱོན། རབ་བྱུང་བརྒྱད་པ་མི་སྐྱོད་རྡོ་རྗེ། འབྲུག་པ་པད་དཀར། རྗེ་དགུ་པ་སོགས་ཀྱི་དུས་སུ། མངའ་རིས་པཎ་ཆེན། རྒྱ་མ་མི་འགྱུར་ལས་འཕྲོ་གླིང་པ། རིན་ཆེན་ཕུན་ཚོགས། ཞིག་པོ་གླིང་པ། ཤེས་རབ་འོད་ཟེར། ལེགས་ལྡན་རྗེ། མ་ཏི་རཏྣ། སྤ་གྲོ་ཚེ་རིང་རྡོ་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྒྱལ་སྲས་བསྟན་པའི་འབྱུང་གནས། སྣང་གསལ་བཀྲ་ཤིས་རྒྱ་མཚོ་སོགས་བྱོན། རབ་བྱུང་དགུ་པར་རྒྱལ་བ་བསོད་ནམས་རྒྱ་མཚོ། ཇོ་ནང་རྗེ་བཙུན་སོགས་དང་དུས་མཉམ་དུ། གྲོ་ཤུལ་བདེ་ཆེན་གླིང་པ། བྱང་བདག་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། གར་དབང་ལས་འཕྲོ་གླིང་པ། ཡོངས་འཛིན་ངག་དབང་གྲགས་པ། འབྲི་གུང་དཀོན་མཆོག་རིན་ཆེན་སོགས་བྱོན། རབ་བྱུང་བཅུ་པར་རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ། ཀུན་གཟིགས་ལྔ་པ་ཆེན་པོ་སོགས་ཀྱི་དུས་སུ། ར་ཞི་པདྨ་རིག་འཛིན། འཇའ་ཚོན་སྙིང་པོ། ལོང་པོ་བཀྲ་ཤིས་ཚེ་བརྟན། བདུད་འདུལ་ནུས་ལྡན་རྡོ་རྗེ། ལྷ་བཙུན་ནམ་མཁའ་འཇིགས་མེད། གནམ་ཆོས་མི་འགྱུར་རྡོ་རྗེ། གར་དབང་ཟླ་བ་རྒྱལ་མཚན། གཏེར་བདག་གླིང་པ། ཀློང་གསལ་སྙིང་པོ། དྭགས་པོ་བཟང་པོ་རྡོ་རྗེ། ཡོལ་མོ་བསྟན་འཛིན་ནོར་བུ། ཡོངས་དགེ་མི་འགྱུར་རྡོ་རྗེ་སོགས་བྱོན། རབ་བྱུང་བཅུ་གཅིག་པར་རྒྱལ་དབང་བྱང་ཆུབ་རྡོ་རྗེ་དང་སྐལ་བཟང་རྒྱ་མཚོ། ཆོས་ཀྱི་འབྱུང་གནས་སོགས་དང་དུས་མཉམ་དུ། སྟག་ཤམ་རྡོ་རྗེ། ངག་གི་རྡོ་རྗེ། སྟག་མོ་དབོན་གསས་ཁྱུང་ཐོག །ཆོས་རྗེ་གླིང་པ། ར་སྟོན་སྟོབས་ལྡན་རྡོ་རྗེ། ཁམས་པ་ངག་དབང་ཀུན་དགའ་བསྟན་འཛིན། རོལ་པའི་རྡོ་རྗེ། རོང་སྟོན་པདྨ་བདེ་ཆེན་གླིང་པ། ཐུགས་མཆོག་རྡོ་རྗེ། རིག་འཛིན་ཚེ་དབང་ནོར་བུ། ཏའུ་རོག་རྗེ་གླིང་པ་སོགས་བྱོན། རབ་བྱུང་བཅུ་གཉིས་པར་རྗེ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེ་དང་། རྒྱལ་བ་འཇམ་དཔལ་རྒྱ་མཚོ་སོགས་ཀྱི་དུས་སུ། ཐེག་ཆེན་དྲི་མེད་གླིང་པ། འབྲུག་ཐང་བདེ་ཆེན་རྒྱལ་པོ། བསམ་ཡས་རྫོགས་ཆེན་པ་འཇིགས་མེད་གླིང་པ། རྡོ་རྗེ་དྲག་པོ། རྨོག་གྲུབ་ནམ་མཁའ་ཆོས་དབང་སོགས་བྱོན། རབ་བྱུང་བཅུ་གསུམ་པའི་ནང་དུ། ཀུན་བཟང་འོད་ཟེར་རམ་འཆི་མེད་རྡོ་རྗེ། བྲག་གསུམ་རྡོ་རྗེ་ཐོགས་མེད། པདྨ་ཆོས་འབྱོར་རྒྱ་མཚོ། ལྷ་ལྡིང་ཞབས་དྲུང་ཟླ་བའི་འོད་ཟེར། གྲུབ་དབང་ཀུན་བཟང་གཞན་ཕན། ཨེ་ནེ་རིང་ཆོས་རྗེ་སོགས་བྱོན། རབ་བྱུང་བཅུ་བཞི་པར་རྒྱལ་དབང་ཐེག་མཆོག་རྡོ་རྗེ་སོགས་ཀྱི་དུས་སུ། དཔའ་བོ་གཙུག་ལག་ཆོས་རྒྱལ། ཆགས་མེད་བཞི་པ། ཆོས་རྒྱལ་རྡོ་རྗེ། རྫོགས་ཆེན་བཞི་པ། པདྨ་འོད་གསལ་མདོ་སྔགས་གླིང་པ། མཆོག་གྱུར་བདེ་ཆེན་གླིང་པ་སོགས་བྱོན་པ་སྟེ། དེ་དག་ཐམས་ཅད་ཀྱི་རྣམ་ཐར་གཅིག་ཏུ་བཟླུམས་ཤིང་། ངོ་མཚར་བསམ་གྱིས་མི་ཁྱབ་པ། ཆེས་ཤིན་ཏུ་སྙིགས་མའི་སྟོབས་གཡོ་ཞིང་ལྷ་མིན་འཇུག་པ་རྩོམ་པའི་སྐབས་འདིར་གངས་ཅན་བསྟན་འགྲོ་སྐྱོབ་པའི་དཔུང་གཉེན་གཅིག་པུ་པར་ཨོ་རྒྱན་རྡོ་རྗེའི་ལུང་གིས་བསྔགས་པ། བཀའ་བབས་ཆེན་པོ་བདུན་གྱི་མངའ་བདག་རྗེ་བླ་མ་འོད་གསལ་མདོ་སྔགས་གླིང་པ་ཉིད་ད་ལྟའི་རབ་བྱུང་བཅོ་ལྔ་པའི་ཁོངས་སུའང་འཚོ་ཞིང་གཞེས་ལ་ཆོས་འཁོར་བསྐོར་བཞིན་པ་སྟེ། ད་རུང་བགྲང་བྱ་བརྒྱ་ཕྲག་ལས་ལྷག་པར་རྟག་བརྟན་རྡོ་རྗེའི་རང་བཞིན་དུ་བཞུགས་པར་སྙིང་ཐག་པ་ནས་གསོལ་བ་འདེབས་སོ། །སྔ་ཕྱིའི་དུས་བསྒྲིགས་དེ་དག་ནམ་བྱོན་པའི་དུས་ཚོད་ཕྱོགས་ཙམ་ངེས་པའི་སླད་དུ་འོལ་སྤྱི་རགས་པར་བརྗོད་པ་ཡིན་གྱི་མཐའ་གཅིག་ཏུ་སྔ་རྗེས་གོ་རིམ་ངེས་པ་ཅན་བསྒྲིག་མི་ནུས་ཏེ། གྲུབ་ཐོབ་དངོས་གྲུབ་དང་། ཉི་ཟླ་སངས་རྒྱས་སོགས་སྐུ་ཚེ་རིང་པོར་བཞུགས་ཤིང་། ཐང་སྟོང་རྒྱལ་པོ་དྲུག་ཅུ་སྐོར་གཉིས་དང་ལོ་ལྔར་བཞུགས་པ་དང་། འགའ་ཞིག་དྲུག་ཅུ་སྐོར་རེ་རེའི་ནང་དུའང་སྐྱེ་བ་སྔ་རྗེས་གཉིས་གསུམ་བྱོན་པ་དང་དུས་གཅིག་ལ་གཏེར་སྟོན་ཚད་ལྡན་མང་དུ་ཚོགས་པ་སོགས་སྣང་བའི་ཕྱིར་རོ། །སྔོན་གྱི་ལས་འཕྲོའི་སྟོབས་ཀྱིས་གཏེར་གྱི་དབང་སྐལ་ཆེ་ཕྲ་སྣ་ཚོགས་སུ་ཡོད་པ་དང་། ཚེ་འདིར་སྦྱང་སྟོབས་ཆེ་ཆུང་དང་མི་གཞི་བཟང་ངན་སྤྱོད་ལམ་རྩིང་ཞིབ་ཀྱི་རྐྱེན་སོགས་ལ་བརྟེན་ནས་ལུང་དོན་གྱི་རྟེན་འབྲེལ་གནད་དུ་སོང་མ་སོང་གི་དབང་ལས་གཞན་ཕན་རླབས་ཆེ་ཆུང་ཅི་རིགས་སུ་འབྱུང་བ་མ་གཏོགས། ཟོལ་མེད་ཀྱི་གཏེར་སྟོན་ཚད་ལྡན་ཡིན་ཕྱིན་ཆད་སྦྱང་བ་སྔོན་སོང་སྨོན་ལམ་མཐུ་ཅན་འབྲེལ་ཚད་དོན་ལྡན་གྱི་སྐྱེས་བུ་དམ་པའི་གྲངས་སུ་ངེས་པ་སྟེ། རྡོ་རྗེའི་གསུངས་ལས། པདྨའི་རྒྱུད་འཛིན་གཏེར་སྟོན་གཏེར་སློབ་རྣམས༔ སྤྱོད་པ་ཁྱི་ཕག་འདྲ་ཡང་ལས་ཅན་ཡིན༔ ཕལ་པ་གཞན་དང་མི་འདྲ་ཁྱད་དུ་འཕགས༔ སངས་རྒྱས་སྦས་ཐབས་ཐམས་ཅད་ངེས་མེད་འཕྱོ༔ ཟོག་པོ་བསླུ་བྲིད་མཁན་རྣམས་ཚུལ་འཆོས་ཆེ༔ གསེར་དང་བོང་བ་མ་སྙོམས་འགྲོ་བ་རྣམས༔ ཞེས་གསུངས་སོ། །དེ་དག་ལ་སྤྱི་ཙམ་དུ་བླ་རྫོགས་ཐུགས་གསུམ་ཚང་བ་ལ་གཏེར་ཆེན་དང། མ་ཚང་བ་ལ་གཏེར་ཕྲན་དུ་གྲགས་མོད། ཨོ་རྒྱན་གཏེར་བདག་གླིང་པའི་ཞལ་སྔ་ནས། གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་ཆ་རྐྱེན་ཡོངས་སུ་རྫོགས་པའི་ཆོས་སྡེ་ཡོད་པ་གཏེར་ཆེན་དང་། སྒྲུབ་ཐབས་ཐོར་བུའམ་ཕན་གནོད་ཀྱི་ལས་ཚོགས་ཙམ་བཏོན་པ་གཏེར་ཕྲན་དུ་བཞེད་པར་སྣང་ངོ་། །དེ་ལྟར་བྱོན་པའི་གཏེར་སྟོན་དེ་རྣམས་རེ་རེས་ཀྱང་ཆོས་དང་དམ་རྫས་གཙོ་བོར་གྱུར་པའི་ཕྲིན་ལས་ཀྱི་འདུལ་ཐབས་སྣ་ཚོགས་པས་དངོས་དང་བརྒྱུད་ནས་མཆོག་དམན་གྱི་འགྲོ་བ་མཐའ་ཡས་པ་ཐ་ན་དུད་འགྲོ་ཡན་ཆད་གནས་སྐབས་མི་མཐུན་སེལ་ཞིང་མཐུན་རྐྱེན་ལེགས་ཚོགས་སྤེལ་བ་དང་། མཐར་ཐུག་ངན་སོང་དང་འཁོར་བ་ལས་སྐྱོབ་ཅིང་རྣམ་གྲོལ་ཐར་པ་མཆོག་ལ་བཀོད་པ་དང་། འགའ་ཞིག་གིས་དུས་སྐབས་དང་མཐུན་པར་བོད་ཡུལ་མཐའ་དམག་གི་འཇིགས་པ་ལས་བསྐྱབས་པ་སོགས་བཀའ་དྲིན་རྨད་དུ་བྱུང་བའི་ཕྲིན་ལས་རླབས་པོ་ཆེའི་བདག་ཉིད་ཁོ་ནར་ངེས་ཤིང་། དེ་ཐམས་ཅད་ཀྱང་བོད་ཁམས་སྐྱབ་གཅིག་ཨོ་རྒྱན་གྱི་སློབ་དཔོན་རིན་པོ་ཆེ་ཁོ་ནའི་ཐུགས་རྗེའི་རོལ་པ་ལས་བྱུང་བ་སྟེ། ལུང་ལས། མ་འོངས་འགྲོ་ལ་ཆོས་སྦྱིན་ཟད་མེད་དུ༔ སྲིད་པ་ཐམས་ཅད་པདྨའི་གཏེར་གྱིས་བཀང༔ འབྱིན་མཁན་ཐམས་ཅད་ང་ཡི་སྤྲུལ་པ་ཡིན། ཆ་ལུགས་སྤྱོད་པ་ངེས་མེད་ཅི་ཡང་བྱེད༔ དད་ལྡན་སྣང་བ་ཐེབས་རེ་མི་ལྡོག་མེད༔ ཀུན་གྱིས་ཚད་འཛིན་དཀའ་བ་མང་དུ་འབྱུང༔ ཞེས་གསུངས་པ་ལྟར་ངེས་པས་གུ་རུ་ཡབ་ཡུམ་གྱི་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་ལ་སྙིང་ནས་རྗེས་སུ་དྲན་པས་སྲོག་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་མཆོད་སྤྲིན་དུ་འབུལ་ཞིང་རྟག་ཏུ་གསོལ་འདེབས་ལ་བརྩོན་པ་སོགས་དགོངས་པ་སྐོང་བར་རིགས་སོ། །དེ་ལྟར་ན་ཐོག་མར་སྟོད་མངའ་རིས་ནས་དབུ་བརྩམས། བར་དུ་དབུས་གཙང་ལྷོ་མོན། མཐར་མདོ་ཁམས་སྟོད་སྨད་བར་གསུམ་དུ་གཙོ་བོར་བྱོན་པའི་གཏེར་སྟོན་ཚད་ཐུབ་ཀྱི་དམ་པ་རྣམས་ལ་ཡོངས་སུ་གྲགས་པའི་ཆོས་བཀའ་སྣ་ཚང་གི་བཀའ་བསྡུ་བགྱིས་ཤིང་རྣམ་ཐར་མདོ་ཙམ་བཀོད་པ་འདི་དག་རྗེ་བླ་མ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ངོ་མཚར་སྤྲུལ་པའི་གཏེར་ཆེན་མདོ་སྔགས་གླིང་པའི་བཀའ་དྲིན་ལས་ཚད་མར་གྱུར་་་་པར་རློམ་ལ། གཞན་ཡང་ཡུལ་ཕྲན་ཁོལ་བུར་གཏེར་སྟོན་གྱི་མཚན་འཛིན་པ་མང་དུ་བྱོན་ཅིང་ཆོས་བཀའ་སྣ་ཚོགས་པས་འགྲོ་དོན་མཛད་པའང་ཡོད་པ་ཐོས་རུང་། གུ་རུ་རིན་པོ་ཆེའི་སངས་རྒྱས་ཀྱི་ཕྲིན་ལས་ཉེ་རིང་མེད་པ་གདུལ་བྱའི་ཡུལ་དང་འཚམས་པར་འཇུག་པ་ལ་ཚད་བཟུང་བྲལ་བས་དེ་དག་གུས་ཤིང་དང་བར་བྱ་བའི་ཡུལ་ཙམ་ལས་འདིར་སྡུད་པ་ལ་དགོས་པ་ཆུང་ཞིང་ཐམས་ཅད་བསྡུ་བའང་མི་ནུས་མོད། གསར་རྙིང་བཀའ་གཏེར་གྱི་ཆོས་བཀའ་ཟབ་ཅིང་རྒྱ་ཆེ་བ་དྲི་མེད་བདུད་རྩིའི་རྒྱ་མཚོ་ལ་ལོངས་སྤྱོད་དུ་ཡོད་བཞིན་ཁྲོན་པའི་ཆབ་ལ་འགྲམ་ཆུ་མ་ལྡང་ན་ཁེ་ཆེ་བར་མངོན་ནོ། ཁ་ཅིག་ཟག་མེད་ཀྱི་མངོན་ཤེས་ལྟ་ཅི་ཆོས་སྤྱན་དྲི་མེད་ཕྱོགས་ཙམ་ཡང་མི་ལྡན་པར། ལམ་གྱི་བར་གཅོད་མཐོང་སྣང་ཟར་ཟིར་རམ། རང་ཕྱོགས་གཟེངས་བསྟོད་ཅིང་གཞན་སྡེ་སྨ་འབེབས་པའི་བསམ་པ་དང་། སྐྱོ་མ་སྔ་བཙན་གྱི་ཕྱོགས་ཞེན་ལ་གཅིག་ཏུ་འཐས་པས་རང་ལ་གུས་འདུད་མ་བྱས་པ་ཐམས་ཅད་བདུད་སྤྲུལ་དང་ཆོས་ལོག་ཏུ་ངོས་བཟུང་ནས་ལོག་ལྟ་དང་ཆོས་སྤོང་གི་ཁུར་ཆེན་པོས་བརྒྱུད་མ་ནས་བརྒྱུད་མར་ནོན་པ་དང་། ལྷག་པར་གཞན་ཕན་གྱི་ཕྲིན་ལས་སྟོབས་སུ་ཆེ་བ་མངོན་སུམ་ཚད་མས་གྲུབ་པའི་གང་ཟག་དམ་པ་རྣམས་ལའང་ཟུར་གྱིས་སྨོད་ཅིང་རྒྱབ་ཕྱོགས་པར་སྣང་བས་དེ་དག་གི་རྗེས་སུ་འབྲངས་ན་རྟོན་པ་བཞི་ལས་ཕྱིན་ཅི་ལོག་ཏུ་འགྱུར་ཞིང་དེ་ལྟར་ན་སྟོན་པ་ཐུབ་པའི་དབང་པོའི་རྗེས་འཇུག་ཏུ་མི་འགྱུར་བ་དང་། རྒྱལ་བ་ཐམས་ཅད་མཁྱེན་པས། ང་དང་འདྲ་བའི་གང་ཟག་གིས་གང་ཟག་གི་ཚོད་བཟུང་བ་ལས་གཞན་དུ་ཉམས་པར་འགྱུར་བར་གསུངས་པའི་ཕྱིར། སངས་རྒྱས་དང་འདྲ་བའི་གང་ཟག་ནི་འཇིག་རྟེན་ན་དཀོན་པས་ཁུངས་མེད་ཀྱི་འཆལ་གཏམ་ལ་མི་ཞེན་པར་དག་སྣང་གི་མིག་ཡངས་པར་བྱས་ན་མནར་མེད་པའི་ས་བོན་ལས་ལྡོག་སྟེ་ཐར་པའི་ལམ་བཟང་པོར་འཇུག་པར་འགྱུར་རོ། །གཏེར་ལུང་རང་འདོད་མེད་པ་ཞིག་ཏུ་ལུང་བསྟན་པ་ཡོད་དུ་ཆུག་ཀྱང་ལུང་དེའི་དགོངས་གཞི་དང་དགོངས་པ་ཤེས་ཤིང་དངོས་ལ་གནོད་བྱེད་མེད་པ་ཞིག་གིས་ངེས་པར་བྱ་དགོས་པ་ལས། དྲང་ངེས་མ་ཕྱེད་པའི་ཚིག་ཙམ་ཐད་ཀར་བཟུང་ནས་ལུང་དོན་ཕྱོགས་གཅིག་ཏུ་བདེན་ཞེན་བྱ་བ་མ་ཡིན་ཏེ་ཤེས་བྱེད་ཀྱང་། དུས་སོགས་བཟང་ངན་འདི་འབྱུང་གི་ལུང་འགའ་རེའང་གནས་སྐབས་རྒྱུ་རྐྱེན་རྟེན་འབྲེལ་གྱིས་བསྒྱུར་བས་ལུང་བསྟན་པའི་ཐོག་ཏུ་མ་ཁེལ་བ་སྣང་བའི་ཕྱིར་རོ། །འབྱུང་འགྱུར་དུའང་སྤྲུལ་པའི་གཏེར་སྟོན་རྒྱུན་མི་འཆད་དུ་འབྱོན་པ་རྡོ་རྗེའི་ལུང་དང་དངོས་སྟོབས་ཀྱི་རིགས་པས་གྲུབ་ཀྱང་། སྔོན་བྱོན་རྣམས་ལས་མཆོག་གི་སྤྲུལ་སྐུ་རྣམ་པ་གསུམ་དང་། གླིང་ཆེན་ཁ་ཤས་ཙམ་ལས་ལུང་དོན་མཐར་ཕྱིན་པ་དཀོན་པར་གྱུར་ན། ཕྱིན་ཆད་དུས་ཀྱི་སྙིགས་མ་ཆེས་བདོ་ཞིང་སེམས་ཅན་བསོད་ནམས་རིམ་པར་ཆུང་དུ་འགྲོ་བས་རྟེན་འབྱུང་ཕུན་སུམ་ཚོགས་པར་འགྱུར་བ་ནི་དཀའ་བ་ལྟར་སྣང་མོད། འོན་ཀྱང་ཨོ་རྒྱན་རིན་པོ་ཆེའི་ཐུགས་རྗེ་དང་བྱིན་རླབས་ནི་ཇེ་མྱུར་དུ་འགྲོ་བས་ཟབ་གཏེར་དང་འཕྲད་པ་རྣམས་ཀྱིས་ཐོག་མ་ནས་ང་རྒྱལ་རློམས་སེམས་མཐུན་འཇུག་ཆོས་བརྒྱད་ཀྱི་བདུད་དབང་དུ་མི་ཤོར་བར། པད་འབྱུང་ཡིད་བཞིན་ནོར་བུས་རྗེས་འཇུག་ལ་ཐུགས་བརྩེ་བ་ཆེན་པོས་ཇི་ལྟར་གདམས་པའི་སྤང་བླང་གི་བསླབ་བྱ་རྣམས་ལ་རས་ཆོད་ཐོ་ཅོ་དེས་ཆོག་སྙོམས་ལས་སོགས་མི་ཆོས་ཀྱི་དབང་དུ་མི་གཏོང་བར་བཀའ་བཞིན་བསྒྲུབ་ན་རང་དང་གཞན་གྱི་དོན་རྒྱ་ཆེན་པོ་ལྷུན་གྱིས་འགྲུབ་པར་འགྱུར་རོ། །འདི་ལྟར་བཤད་པའི་ཁུངས་ནི། ཉང་ཆོས་དབང་གཙོས་གཏེར་ཆེན་ཡོངས་གྲགས་སོ་སོའི་རྣམ་ཐར་དང་གཏེར་འབྱུང་། གཞན་ཡིག་རྙིང་ལོ་རྒྱུས་ཐོར་བུ་ནས་བྱུང་བ་དང་། སྤྱིར་བཏང་རྙིང་མ་བཀའ་མའི་ལོ་རྒྱུས་མང་ཚན་དང་རྒྱུད་འབུམ་དཀར་ཆག་སྔ་ཕྱི། ཁྱད་པར་གཏེར་མའི་ཕྱོགས་ལ་སོག་ཟློག་པ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་ཨོ་རྒྱན་རྣམ་ཐར་ཡིད་ཀྱི་མུན་སེལ། ཤ་གཟུགས་པ་བཀྲ་ཤིས་རྣམ་རྒྱལ་གྱི་གཏེར་མའི་ལོ་རྒྱུས་དཔག་བསམ་རབ་རྒྱས། ཟབ་ལུང་གདན་ས་པ་དབང་གི་རྒྱལ་པོའི་གཏེར་སྟོན་བརྒྱ་རྩའི་ཆོས་འབྱུང་། གཡག་སྡེ་འདུལ་འཛིན་མཁྱེན་རབ་རྒྱ་མཚོའི་ཆོས་འབྱུང་ནོར་བུའི་བང་མཛོད། མཁས་མཆོག་ངག་དབང་བློ་གྲོས་ཀྱི་སྔ་འགྱུར་ཆོས་ཀྱི་བྱུང་ཁུངས་མཁས་པ་དགའ་བྱེད། འགོས་ལོ་གཞོན་ནུ་དཔལ་དང་དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་ལས་རྙིང་མའི་སྐབས། བྱང་བདག་བཀྲ་ཤིས་སྟོབས་རྒྱལ་གྱི་མཚན་སྡོམ་གསོལ་འདེབས་ལེ་ཚན། ཀུན་གཟིགས་ལྔ་པའི་གསན་ཡིག་ཆེན་མོ་དང་། སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་གསན་ཡིག་སོགས་ལའང་ཞིབ་པར་གཏུགས། དེ་རྣམས་སུའང་ཆད་ལུས་དང་སྣང་ལ་མ་ངེས་པ་བྱུང་རིགས་རྗེ་བླ་མ་ཐམས་ཅད་མཁྱེན་གཟིགས་བཀའ་བབས་བདུན་གྱི་མངའ་བདག་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཆོས་སྤྱན་དྲི་མ་མེད་པ་དང་འཁྲུལ་བྲལ་ཡེ་ཤེས་ཀྱི་གཟིགས་པ་རྨད་དུ་བྱུང་བས་གསལ་བར་མཛད་པ་ཡིན་པས་ཚིག་ཉུང་ངུར་བསྡུས་ཀྱང་དོན་གྱི་ཆར་གཏེར་འབྱུང་སྔ་་་་མ་རྣམས་ལས་ཁྱད་པར་འཕགས་པ་ཡོད་དོ། །ཨོཾ་སྭསྟི་སིདྡྷི། མཁའ་དང་རབ་མཉམ་རྡོ་རྗེའི་སྐུ་ནི་འགྲོ་རེའི་མདུན་ན་གང་འདུལ་གཟུགས། །བརྗོད་པ་ལས་འདས་གསང་བ་ཟབ་མོ་མཐའ་ཡས་སྐད་ཀྱི་རྗེས་སུ་ཞུགས། །བསམ་གྱིས་མི་ཁྱབ་འོད་གསལ་དགོངས་པ་བརྟན་གཡོ་སྲིད་ཞིར་ཕྱོགས་ལྷུང་མེད། །རིགས་བརྒྱའི་སྤྱི་དཔལ་བདེ་བ་ཆེན་པོས་ཐོག་མཐའ་བར་དགེའི་བྱིན་རླབས་སྩོལ། །གྲོལ་བ་བཞི་ལྡན་གཏེར་མཛོད་ནོར་བུའི་སྒྲོམ། །རྡོ་རྗེའི་རྒྱ་ཡིས་བཏབ་པ་ལེགས་བཀྲོལ་ནས། ཁ་བ་ཅན་ལྗོངས་མཐའ་དབུས་རིས་མེད་པའི། །འདི་དང་གཏན་གྱི་ཕོངས་པ་སེལ་མཛད་པ། །ངོ་མཚར་གཅིག་ནས་གཅིག་ཏུ་བརྒྱུད་པ་ཡི། །རྣམ་ཐར་རྨད་བྱུང་སྙིགས་འགྲོ་སྐྱོབ་པའི་མགོན། །འདོད་དགུ་ཀུན་འབྱུང་རིན་ཆེན་རྒྱན་ཕྲེང་བཞིན། །གྲུབ་མཆོག་གཏེར་སྟོན་རིམ་པར་བྱོན་རྣམས་ཀྱི། །རྟོགས་བརྗོད་ཚིག་ཚོགས་ཉུང་ལ་དོན་བཟང་བ། །དྲི་མེད་བཻ་ཌཱུརྻ་ཡི་ཕྲེང་མཛེས་འདི། །པདྨའི་རྗེས་འཇུག་སྐལ་བཟང་བློ་ལྡན་རྣམས། །སྤྲོ་བསྐྱེད་མགྲིན་པའི་རྒྱན་དུ་བསྟེན་འཚལ་ལོ། །ཇི་ལྟར་ཡིད་འོང་སྣ་ཚོགས་པདྨོའི་ཚལ། །ཀུན་ཀྱང་དབྱར་གྱི་དཔལ་ལས་བྱུང་བ་བཞིན། །ཇི་སྙེད་རིག་འཛིན་རྩལ་འཆང་རྣམ་འཕྲུལ་སྤྲིན། །ཀུན་བཟང་པདྨའི་ཡེ་ཤེས་མཁའ་ལས་ཤར། །དོན་དམ་དབྱིངས་སུ་གཅིག་དང་ཐ་དད་ཀྱི། །རིས་སུ་མ་ཆད་གདུལ་བྱའི་སྐལ་པ་དང་། །འཚམས་པར་སྣང་བའི་གསང་བ་ཁོང་ཆུད་པའི། །མཁས་རྣམས་མཆོག་དམན་བླང་དང་དོར་བྱས་དབེན། །ས་བོན་འདི་ལས་ལེགས་བཤད་ཡལ་ག་འབུམ། །རབ་རྒྱས་དཔག་བསམ་གསར་པའི་གྲིབ་བསིལ་དུ། །ཡིད་ཆེས་དད་པས་སྐྱེ་དགུ་ཀུན་བསྙེགས་ནས། །སྲིད་པའི་ཚ་གདུངས་རྨངས་ནས་འཇིལ་བར་ཤོག །ཟབ་གསང་བདུད་རྩི་རྟོག་གེའི་བློ་ཡི་ཆུས། །མ་བསླད་མ་ནོར་བྱིན་རླབས་གཟི་འོད་ཅན། །ཟབ་གཏེར་བསྟན་པས་ནོར་འཛིན་ཡངས་པའི་ཁོང། ཁྱབ་ཅིང་རྟག་ཏུ་མི་ནུབ་བརྟན་གྱུར་ཅིག །སྔོན་བྱོན་རིག་མཆོག་རྣམས་ཀྱི་དགོངས་པ་བསྐང་། །ད་ལྟར་བཞུགས་རྣམས་ཞབས་བརྟན་བཞེད་དོན་འགྲུབ། །འབྱོན་འགྱུར་གེགས་སེལ་དོན་གཉིས་མཐར་ཕྱིན་པའི། །བཙས་གྱུར་པདྨའི་མཆོག་བསྟན་རབ་རྒྱས་ཤོག །བདག་ཀྱང་སྐྱེ་ཀུན་གུ་རུས་རྗེས་བཟུང་སྟེ། །མཁྱེན་བརྩེ་ནུས་པའི་སྟོབས་ཤུགས་ཟླ་མེད་པས། །གསང་མཆོག་ཐར་པའི་གྲོང་དུ་མཁའ་ཁྱབ་ཀྱི། །འགྲོ་ཀུན་ཕྱམ་གཅིག་བཀོད་པའི་མཐུ་ཐོབ་ཤོག །མཐར་ཐུག་པདྨ་ཀུན་ཏུ་འཆང་ཆེན་པོའི། །གསང་བ་གསུམ་དང་མཉམ་པ་ཉིད་གྱུར་ནས། །རབ་འབྱམས་སྐུ་དང་ཞིང་ཁམས་སྤྲིན་བཀོད་དེ། །སངས་རྒྱས་མཛད་པ་བསམ་ཡས་བསྒྲུབ་གྱུར་ཅིག །རབ་དཀར་སྲིད་ཞིའི་ཕུན་ཚོགས་གཅིག་བསྡུས་ཤིང་། །དགེ་མཚན་གཡས་སུ་འཁྱིལ་བ་ཆོས་ཀྱི་དུང་། །སྟོང་ཁམས་རྣ་བའི་བཅུད་དུ་ལེན་པ་ཡི། །དབྱངས་སྙན་འཇིག་རྟེན་ཀུན་ཏུ་རྟག་ཁྱབ་ཤོག །ཅེས་བོད་ཁམས་སྐྱོབ་པའི་དཔལ་མགོན་གཅིག་པུ་པ་རྒྱལ་དབང་པདྨཱ་ཀ་རའི་རྡོ་རྗེའི་གསུང་གི་གསང་བ་ཟབ་མོ་རྣམས་གཅེས་པར་བསྡུས་པའི་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་བྱུང་ཁུངས་དང་འབྲེལ་བའི་ལོ་རྒྱུས་མདོར་བསྡུས་་་་འདིའང། རྡོ་རྗེ་འཆང་པདྨའི་མཚན་ཅན་དང་ཀུན་གཟིགས་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་སོགས་གསར་རྙིང་གི་ཡོངས་འཛིན་དམ་པ་མང་པོས་རྗེས་སུ་བཟུང་ཞིང་། ཁྱད་པར་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་དང་ཞལ་མི་གཉིས་པའི་གཏེར་ཆེན་བླ་མ་ཐམས་ཅད་མཁྱེན་པ་རྡོ་རྗེ་གཟི་བརྗིད་རྩལ་གྱི་བཀའ་དྲིན་ལ་བསྟེན་ནས་མདོ་རྒྱུད་རིག་གནས་དང་བཅས་པ་མང་དུ་ཐོས་ཤིང་རྒྱལ་བསྟན་རིས་སུ་མ་ཆད་པ་ལ་དག་པའི་སྣང་བ་རྒྱས་པ་དགེ་སྦྱོང་གཟུགས་བརྙན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེའམ། རིག་པ་འཛིན་པ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དད་གུས་འབད་རྩོལ་ཆེན་པོས་བགྱིས་པ་བདག་གཞན་སྐྱེ་དགུ་མཐའ་དག་ལ་གུ་རུ་རིན་པོ་ཆེའི་བྱིན་རླབས་འཇུག་པའི་སྣོད་དུ་རུང་ཞིང་ཟབ་མོ་གཏེར་གྱི་བསྟན་པ་ས་སྟེང་ཀུན་དུ་དར་ཞིང་རྒྱས་ལ་རྟག་ཅིང་ཁྱབ་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །། སྙིགས་འགྲོའི་སྐྱོབ་པ་ཨོ་རྒྱན་ཐོད་ཕྲེང་གི །རིང་ལུགས་ཟབ་གཏེར་བསྟན་པའི་ཉིན་བྱེད་གཟིས། །འཇིག་རྟེན་ཀུན་ཁྱབ་རྩོད་པའི་དུས་ཀྱི་མུན། །རབ་བསལ་ཕན་བདེའི་དཔལ་གྱིས་མཛེས་གྱུར་ཅིག །སརྦ་སིདྡྷི་རསྟུ། །ཞེས་ཞུ་དག་པས་ཆེད་དུ་བརྗོད་པའོ།། །།
འཇམ་དཔལ་ནཱ་ག་རཀྴའི་ཐུན་མོང་མ་ཡིན་པའི་སྙན་བརྒྱུད་ཞལ་ཤེས་ (Volume 19, Text 6)
འཇམ་དཔལ་ནཱ་ག་རཀྴའི་ཐུན་མོང་མ་ཡིན་པའི་སྙན་བརྒྱུད་ཞལ་ཤེས་བཞུགས་སོ། །དང་པོ་ཕྱག་རྒྱའི་རྒྱས་གདབ་པ་ལ་ཡེ་ཤེས་ཕྱག་རྒྱ་ལྷ་ལ་གདབ། དམ་ཚིག་གི་ཕྱག་རྒྱ་རང་ལ་གདབ། ལས་ཀྱི་ཕྱག་རྒྱ་ཀླུ་ལ་གདབ། ཀླུའི་ཕྱག་རྒྱ་དགྲ་ལ་གདབ་པའོ། །དེ་ལ་དང་པོ་ཡེ་ཤེས་ཕྱག་རྒྱ་ལྷ་ལ་གདབ་པ་ལ། བསྐྱེད་རིམ་མ་བྱས་པར་གནས་ལུགས་ཀྱི་ངང་ནས་འབྲུ་བཞི་ས་ཡ་ཙམ་འགྲུབ་ན་རབ། ཐ་མའང་འབུམ་ཕྲག་གཅིག་བཟླ། གཉིས་པ་བསྐྱེད་རིམ་གསལ་ཞིང་། ཡེ་ཤེས་སེམས་དཔའ་སུ་ཝརྞ་ཏཱཀྵྱ། དེའི་ཐུགས་ཀར་པདྨ་འདབ་མ་བརྒྱད་པའི་སྦུབས་སུ་རྡོ་རྗེ་རྩེ་ལྔ་ཕྱེད་པ། ལྟེ་བར། ཕེ། ནག་པོའི་མཐར་འབྲུ་བཞི་བཀོད། འདབ་བརྒྱད་ལའང་ཀླུའི་སྲོག་སྔགས་ཐུན་མོང་མིན་པ་སྤྲོ་ན་བཀོད་དེ་ས་ཡའམ་འབུམ་ཕྲག་སོགས་བཟླས་པས། ཨཥྚ་སེ་ནཱ་རྣམས་ཨཱ་ཛྙཱའི་འོག་ཏུ་འདུས་སོ་སྙམ་པ་དང་། པ་ད་ཏ་ལ་ཟ་བ་དང་། མཱུརྟི་ཚ་ཞུམ་དང་དྲོད་སྐྱེ་བའོ། །དེ་ལས་ཐལ་ནས་དམ་ཚིག་གི་ཕྱག་རྒྱ་དངོས་སུ་ཐེབས་རྟགས་འོང་། གསུམ་པ་ནི། རང་འཇམ་དཔལ་གྱི་ཞབས་གཡས་བསྐུམ་གཡོན་བརྐྱང་བའི་འོག་ཏུ་རུ་སྦལ་ཆེན་པོ་ཞིག་བསམ། དེ་ལ་གནོད་བྱེད་ཀླུ་རིགས་ཐམས་ཅད་བསྟིམས་ནས་རང་གི་ལུས་ལས་ཀླུའི་དུག་རྣམས་དེ་ལ་བསྟིམ། བཞི་པ་ནི། དེ་ཉིད་རང་གི་དགྲ་བོ་ལ་བསྟིམ་པར་བྱ། ཐུན་མོང་མ་ཡིན་པའི་མན་ངག་གི་གནད་གལ་པོ་ཆེ། སྒང་་་སཔྟ་ཏཱི་ཐི་བརྻ་ཛཱཔ྄། གཤོང་་་སཔྟ་ཏཱི་ཐི་ཀིཉྩི་ཏ་ཛཱཔ྄། འཐེན་པ་་་སཔྟ་ཏཱི་ཐི་ཡ་ཛཱཔ྄་་་རྣམས་ཤིན་ཏུ་གལ་ཆེ། འདིའི་ཕྱི་མའི་སྐབས། ཨ་ཧཾ་ཙ་ནཱ་ག་དེའི་སྤྱི་བོར་རྡོར་སེམས་བསྒོམས་ནས་ནད་གདོན་བཀྲུ་བའི་དམིགས་པ་ལ་འབད་དོ། །ཀླུ་རྒྱལ་རིགས་ཀྱི་སྤྱི་གཙུག་ན་ནོར་བུ་དབང་རྒྱལ། རྗེའུ་རིགས་ཀྱི་ཕྲག་པ་གཡས་སུ་ནོར་བུ་འབར་བ། བྲམ་ཟེའི་ནུ་མ་གཡས་སུ་ཁྲུས་ཀྱི་བུམ་པ། དམངས་རིགས་ཀྱི་བྱིན་པ་དང་གདོལ་པའི་གསང་བ་རྣམས་སུ་ཀླུ་གཏད་བྱས་ཀྱང་དགྲ་ལ་མི་གནོད་པར་བཟང་བར་འགྱུར་བ་ཡིན།། །།
སྨན་རྒྱལ་གཡུ་ཐོག་པ་ཆེན་པོའི་ཐུགས་ཏིག་བླ་མ་སྒྲུབ་པའི་རྩ་དབང་རྒྱས་པ་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་བདུད་རྩིའི་བུམ་བཟང་ (Volume 29, Text 6)
༄༅། །སྨན་རྒྱལ་གཡུ་ཐོག་པ་ཆེན་པོའི་ཐུགས་ཏིག་བླ་མ་སྒྲུབ་པའི་རྩ་དབང་རྒྱས་པ་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་གུ་ཎ་ནཱ་ཐཱ་ཡ། རྒྱུ་འབྲས་ནད་སེལ་བཻ་ཌཱུརྻ་ཡི་འོད། །སྨན་གྱི་བླ་མ་གངས་ཅན་གདུལ་བྱའི་ངོར། །གྲུབ་པ་སྨན་སྟོན་ཆེན་པོའི་སྐུར་སྣང་བ། །མཚུངས་བྲལ་གཡུ་ཐོག་རྗེ་ལ་གུས་ཕྱག་འཚལ། །བླ་སྒྲུབ་ཀུན་ལས་བྱིན་རླབས་སྟོབས་མྱུར་ཞིང་། །དབང་མཆོག་ཀུན་ལས་སྨིན་བྱེད་ཁྱད་འཕགས་པ། །འགྲོ་ཕན་ཀུན་ལས་ཕྲིན་ལས་ཆེ་བ་འདི། །བློ་གྲོས་དམན་པའི་དོན་དུ་རྣམ་གསལ་བཀོད། །གངས་ཅན་སྨན་གྱི་བླ་མ་རྗེ་གཡུ་ཐོག་པ་ཆེན་པོའི་ཐུགས་ཏིག་བྱིན་རླབས་བླ་སྒྲུབ་ཐུགས་རྗེའི་ཉི་འོད་ཀྱི་རྩ་བའི་སྨིན་བྱེད་བདེ་ཆེན་ཀློང་ཡངས་བསྒྲུབ་པ་ལ། སྔོན་དུ་བྱ་བའི་སྦྱོར་བ། དངོས་གཞི་དབང་གི་ལག་ལེན། རྗེས་ལས་ཀྱི་རིམ་པའོ། །དང་པོ་ལ་གཉིས། བཤམ་བཀོད་དང་། དཀྱིལ་འཁོར་སྒྲུབ་པའི་ཚུལ་ལོ། །དང་པོ་ནི། བཀྲ་ཤིས་ཤིང་གོང་མས་བྱིན་བརླབས་པའི་གནས་སུ་ཡར་ངོའི་ཚེས་བརྒྱད་ལྟ་བུའི་དུས་བཟང་པོར་གྲོགས་དང་ཡོ་བྱད་གཞུང་ནས་བཤད་པ་ལྟར་འཛོམ་ཞིང་ཕུན་སུམ་ཚོགས་པའི་སྐབས་སུ་སྨན་གྱི་རྒྱལ་པོའི་སྣང་བསྙན་སོགས་རྟེན་བཤམ། གནས་ཁང་རྒྱན་གྱིས་སྤྲས་པའི་གུང་དུ་སྟེགས་གཙང་མ་ལ་སིནྡྷུ་ར་དང་བྱང་སེམས་དཀར་དམར་དྲི་བཟང་བསྲེས་པས་བྱུགས་པའི་སྟེང་དུ་རབ་དཀྱིལ་འཁོར་གཞུང་མཐུན་རྡུལ་ཚོན་ནམ་རས་བྲིས། འབྲིང་མཎྜལ་ལ་གོང་གི་རྫས་བྱུགས་པའི་སྟེང་རྡུལ་ཚོན་གྱིས་པདྨ་འདབ་བཞི་ཕྱོགས་ཚོན། ལྟེ་བ་མཐིང་ག་ལ་ཚོམ་བུའང་དེ་མཚུངས་བཀོད་པ། ཐ་མ་འབྲུའི་ཚོམ་བུ་ལྔ་བཀོད་པའི་སྟེང་དུ་ཁྲིའུའི་ཁར་བུམ་པ་རྫས་ལྡན་ཁ་རྒྱན་མགུལ་ཆིངས་མཐིང་གས་སྤྲས་པ་བཀོད། དེའི་མདུན་དུ་ཐོད་པ་མཚན་ལྡན་ཆང་ལ་ཆོས་སྨན་སྦྱར་བས་བཀང་བའི་ཁར་མེ་ལོང་གཙང་མ་ལ་ག་པུར། ཤིང་ཀུན། ཨ་རུ་ར། བཟང་པོ་དྲུག་རྣམས་མི་འཐོར་བའི་ར་བ་བཅས་བཀོད་ལ་འབྲུ་སྣོད་དུ་བཞག །དཀྱིལ་འཁོར་དབུས་མདུན་གང་བདེར་སྐུ་རྟེན་ཙཀ་ལི། གཡས་ཕྱོགས་སུ་ཅོད་པན། དབུ་རྒྱན། རིགས་ལྔའི་ཕྱག་མཚན། དར་དང་རིན་པོ་ཆེའི་རྒྱན། རྒྱབ་ཏུ་རྒྱུད་བཞི་ཆ་ལག་དང་བཅས་པའི་གླེགས་བམ་དར་གྱིས་དྲིལ་བ། གསང་དབང་ཐོད་པའི་ནང་འོ་མ་དང་ཇ་ཁུ་བསྲེས་པ་ལ་མངར་གསུམ་ག་པུར་ཙནྡན་ཆོས་སྨན་རྣམས་སྦྱར་བ། རིག་མའི་ཙཀླི། གཡོན་དུ་ཆ་དཔྱད་གཙགས་བུ། མེ་བཙའ། སྐམ་པ། རལ་གྲི །ཀྱུང་བུ། ཐུར་མ་རྣམས་དང་། འཁོར་ལོ་དཀར་པོ་ཨོཾ། པདྨ་དམར་པོ་ཨཱཿ རྡོ་རྗེ་སྔོན་པོ་ཧཱུྃ་ཡིག་གིས་མཚན་པ་གསུམ་བརྩེགས་མར་བྲིས་པའི་ཙཀླི། མདུན་དུ་ཤེལ་རྡོ་མེ་ལོང་། མར་མེ། པདྨ་འདབ་དྲུག་ལྟེ་བར་མཆོད་རྟེན་དཀར་པོ་བང་རིམ་དགུ་པ་བྲིས་པ་རྣམས་བཀོད། དེ་རྣམས་ཀྱི་ཕྱི་རོལ་མདུན་ངོས་དབུས་སུ་རིགས་འདུས་གཏོར་མ་ཟླུམ་པོ་པད་འདབ་བཞི་ལྡན་འཁོར་ཟླུམ་གཏོར་དམར་པོ་བཞིས་བསྐོར་བ། དེའི་གཡས་སུ་བླ་མ་གཏོར་མ་ཟླུམ་པོ་སྟོད་ཟུར་ཅན་པད་འདབ་བཞི་པ་འཁོར་ཟླུམ་གཏོར་བཞི། དེའི་ཡང་གཡས་སུ་ཡི་དམ་གཏོར་མ་སྟོད་ཟུར་གསུམ་པ་པད་འདབ་བཞི་པའི་མཚམས་རྣམས་ཨ་རུ་ར་ལོ་མ་དང་བཅས་པས་མཚན་པ། རྩེ་མོར་རྟ་ཞལ་དང་འཁོར་པད་འདབ་མེད་པའི་རང་འདྲ་བཞི། རིགས་འདུས་གཡོན་དུ་མཁའ་འགྲོའི་གཏོར་མ་སྟོད་ཟུར་གཉིས་པ་པད་འདབ་བཞིས་མཚན་པ་རང་འདྲའི་འཁོར་བཞི་པད་འདབ་མེད་པ། དེའི་ཡང་གཡོན་དུ་ཆོས་སྐྱོང་གཏོར་མ་སྙིང་ལ་ཟུར་གཏོད་པ་ལྟ་བུ་འཁོར་ཟུར་གསུམ་བརྒྱད་ཀྱིས་བསྐོར་བ་བཅས་གཞུང་གཏོར་ལྔར་གྲགས་པ་ཐམས་ཅད་ཀྱང་སྨུག་རྩིས་བྱུགས་ཤིང་རྒྱན་སྤྲོས་རིགས་མཐུན་བྲང་རྒྱན་པདྨ་སོ་སོའི་ཕྱག་མཚན་གྱིས་མཚན་པ་འཛོམ་ན་སྐུ་ཙཀ་བཙུག་པ་སོགས་བཤད་ཀྱང་དབང་བསྐུར་དཀྱུས་མ་ཙམ་ལ་ཉི་ཟླ་ནོར་བུ་མེ་རི་ལྔ་རྒྱན་ཙམ་གྱིས་འཐུས། གཞུང་གཏོར་ལྔའི་མདུན་གཡས་སུ་སྨན་སྣོད། གཡོན་དུ་རཀྟ། ཕྱི་མཆོད་ཕྲེང་ཚར་བསྐོར་བཤམ་གང་བདེ་བྱ། ཕྱིའི་གཡས་ཕྱོགས་སུ་འབྲུ་སྣོད་ལྟ་བུར་དྲང་སྲོང་རྣམས་ཀྱི་ཙཀ་ལི་བཀོད་པའི་མདུན་དུ་རིན་པོ་ཆེའི་སྣོད་གཙང་མར་དཀར་ཟླུམ་འདབ་བཞི་རྒྱན་སྤྲོས་ཅན་མངར་གསུམ་སྨན་སྣ་སོགས་བཏབ་པ་དང་། གཡོན་ཕྱོགས་སུ་ཞང་བློན་དམ་ཅན་སྡེ་དགུའི་ཙཀ་ལི་རྣམས་ཀྱང་བཀོད། གཞན་ཡང་ལས་བུམ། མིག་དར། མེ་ཏོག །དུང་ཆུ། བཀའ་གཏད་ལ་མཁོ་བའི་གྲི་ཐོད་སྒོམ་ཐག་སོགས་དང་། ཚོགས་ཀྱི་ཡོ་བྱད། སྔོན་འགྲོ་དཀར་དམར་བགེགས་གཏོར་བཅས་གསུམ། ཆད་ཐོ། བརྟན་གཏོར། ཡེ་ཤེས་དབབ་པའི་སྤོས་སྦྱོར། སློབ་དཔོན་གྱི་མདུན་དུ་ཌཱ་དྲིལ། འབྲུ་སྣོད། གུལ་ཡུངས་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་དཀྱིལ་འཁོར་སྒྲུབ་ཚུལ་ནི། བརྒྱུད་འདེབས་དང་ཕྱི་གཏོར་སྔོན་དུ་འགྲོ་བའི་ལས་བྱང་ལ་ཟུར་འདེབས་སྦྱར་བ་བསྟོད་པའི་བར་ཚང་བར་བཏང་། བདག་མདུན་དབྱེར་མེད་དུ་བསྒོམ། དེ་ནས་ཛཔ྄་ཁང་ཕྱེས་ལ་གཙོ་འཁོར་སྤྱི་སྔགས་དངོས་གྲུབ་བསྡུ་བའི་བཟླས་པ་ཅི་ནུས་བྱས་ཏེ་སྟོང་ཚིགས་འབུལ། དེ་ནས་བུམ་སྒྲུབ་ནི། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང། བུམ་པ་མི་དམིགས་སྟོང་པའི་ངང་། བྷྲཱུྃ་ལས་འོད་འཕྲོས་རྒྱལ་བ་མཆོད། །འགྲོ་བའི་དོན་བྱས་ཚུར་འདུས་ནས། །བྷྲཱུྃ་ཡིག་ལ་ཐིམ་དེ་ཉིད་ནི། །ཡོངས་གྱུར་ཡེ་ཤེས་གཞལ་མེད་ཁང་། །སོགས་ལས་བྱང་ལྟར་ལྷ་བསྐྱེད་ནས་བསྟོད་པའི་བར་སྨན་གཏོར་གྱི་ལྷན་ཐབས་མི་སྦྱོར་ལ་གཞན་ཚང་མ་བཏང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། བུམ་ལྷའི་ཐུགས་རྒྱུད་བསྐུལ་བས་བདེ་བ་ཆེན་པོའི་ཡེ་ཤེས་འབར། སྦྱོར་མཚམས་ནས་ཟག་པ་མེད་པའི་བདུད་རྩིའི་རྒྱུན་བབས། བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། ཞེས་མོས་ལ་སྤྱི་བསྡུས་བཟླས་པ་ཅི་ནུས་མཐར་མཆོད་བསྟོད་མདོར་བསྡུས། རིགས་འདུས་སྨན་གྱི་བླ་མ་འཁོར་དང་བཅས་པས་བདག་དང་སློབ་མ་རྣམས་ཀྱི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། ཨོཾ་ཨཱཿཧཱུྃ། དུང་ཆུ་ཕུལ་བས། ལྷ་རྣམས་བདེ་བ་ཆེན་པོས་འོད་དུ་ཞུ་ནས་བུམ་པའི་ཆུ་དང་དབྱེར་མེད་དུ་གྱུར་པར་མོས་ལ་ལས་བུམ་འཁྱིལ་པའི་སྔགས་བརྗོད་པས་བྱིན་བརླབ། དེ་ནས་ཞང་བློན་དམ་ཅན་སྡེ་དགུའི་ལས་བྱང་རྒྱས་བསྡུས་གང་འགྲུབ་མངོན་རྟོགས་ནས་བསྟོད་པའི་བར་དུ་བཏང་། བཟླས་པ་ཅི་འགྲུབ་བྱ། གྱིང་ཐང་བསྟན་རྡོར་སོགས་ཀྱི་ཕྱག་ལེན་དུ་འདིར་ལྷ་སྨན་བསང་མཆོད་གཏང་བའང་བཤད། གང་ལྟར་རིག་པའི་མེ་ཏོག་དོར་ཅིང་གནང་བ་ནོད། དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །གཉིས་པ་དངོས་གཞི་དབང་གི་ལག་ལེན་བཤད་པ་ལ་གསུམ། སྔོན་འགྲོ་འཇུག་པའི་ཆོས། དངོས་གཞི་དབང་བསྐུར་བ། རྗེས་ཀྱི་བྱ་བའོ། །དང་པོ་ལའང་གསུམ། སྔོན་དུ་འགྲོ་བ། ཕྱི་འཇུག །ནང་འཇུག་གོ །དང་པོ་ལ། ཁྲུས་བྱ་བགེགས་བསྐྲད་མཚམས་བཅད་ཅིང་། །སྲུང་འཁོར་མཎྜལ་འབུལ་བ་ལྔའོ། །དང་པོ་ནི། ལས་ཀྱི་རྡོ་རྗེས་ཕྱི་རོལ་དུ་ཡིག་བརྒྱ་བརྗོད་ལ་ཁྲུས་བྱ། གཉིས་པ་ནི། སློབ་དཔོན་གྱིས་ཕྱི་གཏོར་ནང་ལྟར་བགེགས་གཏོར་བྱིན་བརླབ། རང་ཉིད་རྟ་མགྲིན་ཏུ་གསལ་བས་བགེགས་བཀུག་ཅིང་སྔགས་དང་ཚིགས་བཅད་ཀྱིས་བསྔོ། གསུམ་པ་ནི། ལས་བྱང་ལྟར་བཀའ་བསྒོ་ཞིང་ཡུངས་ཐུན་རྫས་དུད་རོལ་མོའི་ཚམ་རྔམ་གྱིས་བསྐྲད། བཞི་པ་ནི། ལས་བྱང་ལྟར་ཚིགས་བཅད་བརྗོད་ལ་སྲུང་འཁོར་བསྒོམ། ལྔ་པ་ལོ་རྒྱུས་ཀྱིས་མཚམས་སྦྱར་ཏེ་མཎྜལ་འབུལ་དུ་གཞུག་པ་ནི། ནམ་མཁའི་མཐའ་ཀླས་པའི་མར་གྱུར་སེམས་ཅན་ཐམས་ཅད་རིགས་འདུས་བླ་མ་སྨན་པའི་རྒྱལ་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་རིགས་འདུས་སྨན་གྱི་བླ་མའི་དཀྱིལ་འཁོར་དུ་ཞུགས་ཤིང་སྨིན་གྲོལ་གྱི་གདམས་པ་ཉམས་སུ་ལེན་པར་བགྱིའོ་སྙམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། འདིར་ཐུན་མོང་གི་ཆོས་བཤད་རྒྱས་པར་བྱ་བར་གསུངས་པས་སྤྲོ་ན་སྔོན་འགྲོའི་ཆོས་སྤྱི་མཐུན་བཤད། བསྡུ་ན། དེ་ལ་འོ་སྐོལ་རྣམས་ཀྱིས་དལ་བ་བརྒྱད་འབྱོར་པ་བཅུ་དང་ལྡན་པའི་མི་ལུས་རིན་པོ་ཆེ་ལྷ་བས་ལྷག་པ་རྙེད་ཀྱང་། སྲིད་པ་གསུམ་པོ་ཐམས་ཅད་མི་རྟག་པའི་རང་བཞིན་གློག་གི་གར་མཁན་དང་འདྲ་བས་ནམ་འཆི་ངེས་པ་མེད་ཅིང་། སྡིག་པའི་འབྲས་བུ་སྡུག་བསྔལ་དང་དགེ་བའི་འབྲས་བུ་བདེ་བ་བསླུ་མེད་སོ་སོར་སྨིན་པས་འཆི་བའི་ཚེ་ལས་ཀྱི་འབྲས་བུ་མངོན་དུ་འགྱུར་བ་དང་། འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཁོ་ན་ཡིན་པས་དལ་འབྱོར་རྙེད་དཀའ་བསམ། མི་རྟག་པ་རྗེས་སུ་དྲན། ལས་འབྲས་ལ་ཡིད་ཆེས་བསྐྱེད། འཁོར་བ་ལས་ངེས་པར་འབྱུང་སྟེ་ཐར་པ་དོན་དུ་གཉེར་བའི་འདུན་པ་རྩེ་གཅིག་ཏུ་བསྐྱེད་པ་གལ་ཆེ། ཐར་པ་ལ་ཆུང་འབྲིང་ཆེ་གསུམ་ཡོད་པ་ལས་སྔ་མ་ཉན་རང་གཉིས་ནི་ཉི་ཚེ་བ་ཡིན་པས་དོན་དུ་གཉེར་བྱ་མ་ཡིན་ལ་ཐར་པ་ཆེན་པོ་རྫོགས་པའི་སངས་རྒྱས་མཐར་ཐུག་གི་གོ་འཕང་དོན་དུ་གཉེར་དགོས། དེ་སྒྲུབ་བྱེད་ཐེག་པ་ཆེན་པོའི་ལམ་དུ་ཞུགས་དགོས་པ་ཡིན་ཞིང་དེ་ལའང་རྒྱ་ཆེ་བ་ཕར་ཕྱིན་དང་ཟབ་མོ་གསང་སྔགས་གཉིས་ལས། འདིར་ཕར་ཕྱིན་ལས་བདེ་བ་དང་མྱུར་བ་སོགས་ཀྱིས་ཁྱད་པར་འཕགས་པ་སྔགས་ཀྱི་ཐེག་པ་ཡིན། དེ་ལ་སྔ་འགྱུར་དང་ཕྱི་འགྱུར་གཉིས་ལས་འདི་ནི་སྔ་འགྱུར་རྙིང་མའི་ཁོང་དུ་གཏོགས་ཤིང་། དེ་ལ་བཀའ་གཏེར་དག་སྣང་གི་བཀའ་སྲོལ་ཆེན་པོ་གསུམ་དུ་མཆིས་པ་ལས། འདི་ནི་བཅོམ་ལྡན་འདས་སྨན་པའི་རྒྱལ་པོ་ཉིད་བྱང་ཆུབ་སེམས་དཔའ་ཁྱིམ་པའི་གཟུགས་ཅན་སྐྱེ་བ་སྤྲུལ་པའི་སྐུར་བསྟན་པ་བོད་ཀྱི་དྲང་སྲོང་གཡུ་ཐོག་ཡོན་ཏན་མགོན་པོ་ཉིད་ཀྱི་ཞལ་ནས་དངོས་སུ་གསུངས་པས་བཀའ་མ་དང་། དགོངས་པའི་ཀློང་ནས་རང་བྱུང་དུ་བརྡོལ་བས་དགོངས་པའི་གཏེར་ཟུང་འཇུག་ཡིན་ལ། དེའང་རྗེ་གཡུ་ཐོག་པ་དེ་ཉིད་ཀྱི་རྣམ་ཐར་ཡོན་ཏན་བསམ་གྱིས་ཁྱབ་ཅིང་བརྗོད་དུ་མེད་ཀྱང་མདོར་བསྡུས་རྗེ་ཉིད་ཀྱིས་སུམ་སྟོན་ལ་གདམས་པ་ལས། ཁོ་བོ་ཕྱི་ལྟར་རིག་པའི་གནས་ལྔ་ལ་སྦྱངས་པའི་མཁས་པ་འགྲན་ཟླ་དང་བྲལ་བ་སྟེ། རྒྱ་གར་དུ་མུ་སྟེགས་དེ་ཙམ་བཏུལ་ནས་ནང་པ་ལ་བཅུག །བོད་ཡུལ་དབུས་གཙང་དུ་ཡང་ད་ལྟ་འཆད་པ་དང་རྩོད་པའི་ཚུལ་ཁོ་བོ་ལ་འགྲན་པར་སུས་སྤོབས། ནང་ལྟར་གྲུབ་པ་ཐོབ་པའི་ཚུལ་ཡང་རྐང་མགྱོགས་ལ་སོགས་ཐུན་མོང་གི་དངོས་གྲུབ་བརྒྱད་ཐོབ་པ་ནི། དེང་སང་གངས་ཅན་པ་སྣང་བ་དག་མ་དག་ཀུན་གྱི་སྣང་ངོར་གསལ་བ་འདི་ཀ་ཡིན་ལ། གསང་བ་ལྟར་ན་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་མ་ལུས་ལུས་པ་མེད་པའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་ཁོ་བོ་ལ་ཁྱད་པར་ཅུང་ཟད་ཙམ་ཡང་མེད་པས། མཆོག་གི་དངོས་གྲུབ་ཐོབ་བམ་མ་ཐོབ་ཐེ་ཚོམ་ཟ་བར་བྱེད་དམ། ཁྱད་པར་རྒྱ་གར་དུ་འཚོ་བྱེད་གཞོན་ནུ། གུ་རུ་པདྨ། དཔའ་བོ། ཕ་དམ་པ། བིརྺ་པ། སྐྱེས་བུ་མེ་ལྷ། བོད་དུ་སྲོང་བཙན་སྒམ་པོ། དྭགས་པོ་ལྷ་རྗེ་རྣམས་ཁོ་བོ་ཡིན་ཅིང་། རྒྱ་གར་གྱི་གྲུབ་ཆེན་གཞན་ཐམས་ཅད་དང་ཁོ་བོ་རྟོགས་པ་ནུས་མཐུ་རྫུ་འཕྲུལ་མཉམ་པ་ཡིན་ལ། ཞིང་ཁམས་འདིའི་གདུལ་བྱ་རྫོགས་པའི་མཐར་ལུས་ཀྱི་ཕུང་པོ་འདི་མ་སྤངས་པར་སྨན་གྱི་བླ་མ་མི་བསྐྱོད་རྒྱལ་བའི་ཞིང་ཁམས་སུ་འགྲོ་བ་ཡིན། ཅེས་སོགས་མཐའ་ཡས་པར་གསུངས་པའི་མཁས་གྲུབ་ཆེན་པོ་དེ་ཉིད་ཀྱིས། བརྒྱུད་འཛིན་གཙོ་བོ་སུམ་སྟོན་ཡེ་ཤེས་གཟུངས་ལ་གཅིག་བརྒྱུད་ཉམས་ལེན་མནོག་ཆོས་སུ་བསྩལ་པ་བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ཅེས་པ་འདིའང་། ཚེ་གཅིག་ལུས་གཅིག་གིས་ཟུང་འཇུག་རྡོ་རྗེའི་སྐུ་སྒྲུབ་པ་ལ་ཆོས་སྒོ་ཐམས་ཅད་ལས་ཟབ་ཅིང་བྱིན་རླབས་ཆེ་བ་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དུས་མྱུར་བ་ཉིད་དུ་བདེ་བླག་ཏུ་ཐོབ་པར་བྱེད་པ་ཡིན་ཏེ། རྗེ་ཉིད་ལ་རིགས་གསུམ་མགོན་པོ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བས་ལུང་བསྟན་པའི་སྐབས་སུ། ཁྱོད་ཉིད་འགྲོ་བ་གང་གིས་མཐོང་བ་དང་། ཐོས་པ་དང་། དྲན་པ་དང་། རེག་པ་དང་། ཁྱོད་ལ་དད་པ་དང་། སྡང་བ་ཐམས་ཅད་བདེ་བ་ནས་བདེ་བར་འགྲོ་བར་འགྱུར་རོ། ཁྱེད་ཉིད་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གདུང་འཚོབ་ཡིན་པའི་ཕྱིར། གང་གི་སྤྱི་བོའི་གཙུག་གམ། སྙིང་གི་དབུས་སུ་སྒོམ་པར་བྱེད་པ་དེ་དག་གི་རྒྱུད་ལ་དེ་མ་ཐག་ཏུ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་འཇུག་པར་འགྱུར་རོ། །ཞེས་སོགས་གསུངས་པ་དང་། རྗེ་ཉིད་ཀྱི་ཞལ་ནས། ངེད་རང་ལུགས་ཀྱི་བླ་སྒྲུབ་འདི་བླ་སྒྲུབ་གཞན་ལས་བྱིན་རླབས་ཆེས་མྱུར་ཐག་ཆོད་པ་ཞིག་ཡིན། དེ་ཡང་བླ་མ་གཞན་ལ་གསོལ་བ་མི་ཚེ་རིལ་པོར་བཏབ་པ་ལས་ཁོ་བོ་ལ་ལོ་རུ་བཏབ་པ་བསོད་ནམས་ཆེ། གཞན་ལ་ལོ་རུ་བཏབ་པ་ལས་ཁོ་བོ་ལ་ཟླ་བ། གཞན་ལ་ཟླ་བར་བཏབ་པ་ལས་ཁོ་བོ་ལ་སྐད་ཅིག་ཐང་ཅིག་ཙམ་བཏབ་པ་བྱིན་རླབས་མྱུར་ཏེ། འདི་མི་བདེན་པར་གདའ་ན་ཁོ་བོས་སེམས་ཅན་བསླུས་པ་ཡིན་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་བདག་གི་མགོ་བོ་ཨརྫ་ཀའི་དོག་པ་བཞིན་དུ་ཚལ་པར་ཁོས་ཤིག །ཅེས་མི་འཇིགས་པའི་རྡོ་རྗེའི་ཐ་ཚིག་གཉན་པོས་ཞལ་གྱིས་བཞེས་པ་ད་ལྟའི་བར་དུའང་མངོན་སུམ་དུ་གྱུར་པའི་བླ་སྒྲུབ་ཁྱད་པར་ཅན་འདི་ལ་སྨིན་གྲོལ་གྱི་གདམས་ངག་ཟབ་ཅིང་རྒྱ་ཆེ་བར་བཞུགས་པ་ལས། ད་ལམ་སྨིན་བྱེད་ཀྱི་དབང་བསྐུར་སྒྲུབ་པ་སྐབས་སུ་བབས་པ་ཡིན། དེ་ལའང་རྩ་དབང་རྒྱས་པ། དོན་དབང་མདོར་བསྡུས། བཀྲ་ཤིས་ཚེ་དབང་སོགས་སུ་མཆིས་པ་ལས་འདིར་རྩ་བའི་དབང་བསྐུར་རྒྱས་པ་བདེ་ཆེན་ཀློང་ཡངས་ལྟར་བསྒྲུབ་པ་ལ་བདག་སློབ་དཔོན་གྱིས་བགྱི་བར་འོས་པ་ཐམས་ཅད་སྔོན་དུ་གྲུབ་པ་ལགས། ད་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་ཞིང་ཁམས་ཀྱི་མཆོད་སྤྲིན་སྤྲུལ་ཏེ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག་གོ །གཉིས་པ་ཕྱི་འཇུག་ལ། སྤྲོ་སྐྱེད་རྒྱུན་བཤགས་སྐྱབས་སེམས་དང་། །ཞུ་གནང་སྡོམ་བཟུང་ནང་སེམས་བསྐྱེད། །གསང་གདམས་དམ་བཞག་མནའ་ཆུ་འོ།། ཞེས་བཅུར་ཡོད་པ་ལས་དང་པོ་སྤྲོ་སྐྱེད་ནི། ཐོག་མར་གསང་སྔགས་བླ་མེད་ཀྱི་ལམ་ལ་སྤྲོ་བ་སྐྱེད་ཅིང་ཐེག་དམན་གྱི་ཉེས་དམིགས་བརྗོད་པ་འདི་ལ་སྙན་གཏོད་འཚལ། ཀྱེ་ཧོ་ཉོན་ཅིག་རིགས་ཀྱི་བུ། །བསྐལ་པ་གྲངས་མེད་དུ་མ་རུ། །འབད་ཀྱང་གྲོལ་བར་མི་འགྱུར་ཞིང་། །བྱང་ཆུབ་སྒྲུབ་པའི་གཏན་གྱི་གེགས། །ཐེག་པ་དམན་པའི་ལམ་ཡིན་ལ། །ཨུ་དུམྦ་རའི་མེ་ཏོག་ལྟར། །སངས་རྒྱས་འཇིག་རྟེན་བྱོན་པ་ཡིན། །ཤིན་ཏུ་ཆེས་ཆེར་རྙེད་དཀའ་བས། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་རྙེད་དཀའ་འོ། །གང་གིས་ཚེ་འདིར་མཆོག་ཐོབ་པའི། །ལམ་རྙེད་འགྱུར་བས་སྐལ་པ་བཟང་། །དབུལ་པོས་རིན་ཆེན་གཏེར་རྙེད་དམ། །བྱེས་སུ་སྟོར་བའི་བུ་རྙེད་པས། །བྱིས་པ་གང་དག་ཆེར་དགའ་ན། །སྡུག་བསྔལ་ཀུན་ལས་རྣམ་གྲོལ་ཞིང་། །བདེ་ཆེན་འགྱུར་མེད་གོ་འཕང་མཆོག །ཡུད་ཀྱིས་སྟེར་ལ་ཅིས་མི་སྤྲོ། །ཞེས་གསུངས་ཏེ། དེའང་ལམ་གཞན་གྱིས་བསྐལ་པ་དུ་མའི་བར་དུ་སངས་རྒྱས་མི་འཐོབ་ལ། གསང་སྔགས་ཟབ་མོའི་ལམ་འདི་ལ་བརྟེན་ནས། ཚེ་འདིའམ་འཆི་ཁའམ་བར་དོ་སོགས་སུ་སངས་རྒྱས་ཐོབ་པར་འགྱུར་བས། ལམ་ཤིན་ཏུ་ཉེ་ཞིང་འདོད་ཡོན་ལམ་དུ་བྱེད་པས་འཇུག་པ་བདེ་བའི་ལམ་འདི་ལྟ་བུ་ཡང་ཡང་བྱོན་པ་མ་ཡིན་གྱི། ཨུ་དུམྦ་རའི་མེ་ཏོག་ལྟར་དཀོན་ཡང་། ད་ལན་ཁྱེད་རང་རྣམས་ལས་དང་སྐལ་པར་ལྡན་པས་ལམ་འདི་ལྟ་བུ་དང་འཕྲད་པ་ལས། དབུལ་པོས་གཏེར་རྙེད་པ་ལྟ་བུ། གསང་སྔགས་བླ་མེད་ཀྱི་ལམ་ཟབ་མོ་འདི་རྙེད་པ་རེ་དགའ། རེ་ལེགས། རེ་འཚེངས། རེ་སྤྲོ་སྙམ་པའི་དགའ་བ་སྒོམས་ཤིག །གཉིས་པ་རྒྱུན་བཤགས་ནི། སློབ་དཔོན་དང་མདུན་བསྐྱེད་གཉིས་སུ་མེད་པ་རིགས་འདུས་བླ་མ་སྨན་པའི་རྒྱལ་པོའི་དཀྱིལ་འཁོར་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་སྤྲིན་གཏིབས་པ་ལྟར་བཞུགས་པའི་མདུན་དུ། ཁྱོད་རང་རྣམས་འཁོད་ནས་སྡིག་པ་བཤགས་པར་བགྱིའོ་སྙམ་པའི་འདུན་པ་དང་ལྡན་པས་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །སློབ་དཔོན་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །ཐོག་མ་མེད་ནས་ད་ལྟའི་བར། །ལུས་དང་ངག་དང་ཡིད་གསུམ་གྱིས། །སྡིག་པ་མི་དགེ་གང་བྱས་པ། །གནོང་ཞིང་འགྱོད་པའི་སེམས་ཀྱིས་སུ། །སྙིང་ནས་ཁྱོད་ཀྱི་སྤྱན་སྔར་བཤགས། །ལན་གསུམ། གསུམ་པ་སྐྱབས་འགྲོ་ནི། བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བསླུ་བ་མེད་པའི་སྐྱབས་གནས་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ལ། དེང་ནས་བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་འགྲོ་བའི་མོས་པ་གྱིས་ལ་འདིའི་རྗེས་ཟློས་མཛོད། ཕྱོགས་དུས་དཀོན་མཆོག་གསུམ་འདུས་པ། །བླ་མ་རྡོ་རྗེ་འཛིན་རྒྱལ་ལ། །བདག་དང་མཁའ་མཉམ་སེམས་ཅན་ཀུན། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ལན་གསུམ། བཞི་པ་སེམས་སྐྱེད་ནི། ལྷ་ཚོགས་དེ་དག་གི་སྤྱན་སྔར་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དོ་སྙམ་པའི་ངང་ནས་འདིའི་རྗེས་ཟློས་མཛོད། མཐའ་ཡས་འགྲོ་བའི་དོན་གྱི་ཕྱིར། །རྡོ་རྗེ་འཛིན་པ་མཆོག་བསྒྲུབས་ནས། །ཞི་སོགས་ཕྲིན་ལས་རྣམ་བཞི་ཡིས། །འགྲོ་རྣམས་བདེ་ལ་འགོད་པར་བྱ། །ལན་གསུམ། ལྔ་པ་ཞུ་གནང་ནི། ཕྱག་སྙིམ་པ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རིགས་ཀྱི་བདག་པོ་རྡོ་རྗེ་འཛིན། །འཁོར་བར་མནར་པ་བདག་ལ་གཟིགས། །བདེ་ཆེན་རྒྱལ་བའི་གྲོང་མཆོག་ཏུ། །དེ་རིང་བདག་ནི་གཞུག་ཏུ་གསོལ། །ལན་གསུམ། དེ་ལྟར་གུས་པའི་ཡིད་ཀྱིས་གསོལ་བ་བཏབ་པས་སྣོད་རུང་དུ་གནང་བ་སྦྱིན་ཅིང་རྟོག་པ་བསྡུ་བ་འདི་ལ་གསན་མཛོད། བུ་ཉོན་དུས་གསུམ་སངས་རྒྱས་ཀྱིས། །གསང་ཆེན་བླ་མེད་གསུངས་པ་ཡི། །བདུད་རྩི་མཆོག་དེ་ངས་སྦྱིན་གྱིས། །སྣོད་དང་ལྡན་པར་ད་གྱུར་ཏོ། །རྣམ་གཡེང་རྟོག་པའི་རྦ་རླབས་རྣམས། །ལེགས་པར་བསྡུས་ནས་ཉན་པར་བྱ། །བདེ་གཤེགས་རྣམས་ཀྱི་བྱིན་རླབས་ནི། །ཡིད་གཞན་ཡེངས་ལ་འཇུག་མི་འགྱུར། །དེའང་ཚིག་དོན་མི་ཉན་པ་སྣོད་ཁ་སྦུབ་ལྟ་བུའི་སྐྱོན་དང་། ཉན་ཡང་དྲན་ཤེས་ཀྱིས་མི་སྐྱོང་བ་སྣོད་ཞབས་རྡོལ་ལྟ་བུའི་སྐྱོན་དང་། སྐྱོང་ཡང་ཇི་སྐད་དུ། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ཡིད་བསྡུས་དང་། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་གསུངས་པའི་དྲི་མ་དྲུག་སྤངས་ནས་རྩེ་གཅིག་པའི་ཡིད་བྱེད་དང་མ་བྲལ་བ་མཛོད་ཅིག །དྲུག་པ་སྡོམ་གཟུང་ནི། སྐྱབས་གནས་དེ་རྣམས་ཀྱི་མདུན་དུ་སོ་སོ་ཐར་པའི་སྡོམ་པ་དང། བྱང་ཆུབ་སེམས་དཔའི་བསླབ་པ་དང་། རིག་འཛིན་སྔགས་ཀྱི་དམ་ཚིག་རྣམས་ནོད་ལ་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་དངོས་རྡོ་རྗེ་འཛིན། །བདག་ལ་བརྩེ་བས་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བྱང་ཆུབ་བར། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་གསང་སྔགས་བླ་མེད་ཀྱི། །སྡོམ་པ་མ་ལུས་བདག་གིས་བཟུང། །སེམས་ཅན་འགྱུར་མེད་བདེ་ལ་འགོད། །ལན་གསུམ། བདུན་པ་ནང་སེམས་ནི། གཡོན་པའི་སྲིན་ལག་གིས་དྲིའི་ཐིག་ལེ་གནས་གསུམ་དུ་བཀོད་ལ། ཨོཾ་ཨཱཿཧཱུྃ། ཞེས་བསྲུང་བ་བྱ། ནང་གི་སེམས་བསྐྱེད་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་སྐད་ཅིག་གིས་ཡི་དམ་རྟ་ཕག་ཡབ་ཡུམ་དུ་གསལ་བའི་སྙིང་ཁར་ཀུན་རྫོབ་བྱང་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་རེ་བྱུང་བར་མོས་ཤིག །སྙིང་གར་དྲིའི་ཐིག་ལེ་བྱས་ལ། ཨོཾ་བཛྲ་ཙིཏྟ་ཨཱཿ ཞེས་བརྗོད། དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེ་ལམ་གྱིས་བྱུང་བའི་མོས་པ་མཛོད། རྡོ་རྗེ་སྙིང་གར་བཞག་ལ། བོ་དྷི་ཙིཏྟ་ཧཱུྃ། ཞེས་བརྗོད། བརྒྱད་པ་གསང་གདམས་ནི། རྡོ་རྗེ་སྤྱི་བོར་བཞག་ལ། གསང་ཆེན་དམ་ཚིག་རྡོ་རྗེ་མཆོག །ཁྱོད་ཀྱི་སྤྱི་བོར་བཞག་པས་ནི། །རྡོ་རྗེའི་སྐུ་རུ་ཁྱོད་ཉིད་འགྲུབ། །འགྱུར་མེད་ཡེ་ཤེས་མཆོག་ཏུ་འགྱུར། །གཞན་དུ་སྨྲས་ན་དེ་ལྟར་མིན། །ཡེ་ཤེས་ཀྱི་རྡོ་རྗེ་སྤྱི་བོར་ཐིམ་པར་མོས་ཤིག །དགུ་པ་དམ་བཞག་ནི། ཀྱེ། བུ་ཁྱོད་སློབ་དཔོན་བདག་ལ་ཉོན། །རིགས་འདུས་རྒྱལ་བའི་བྱིན་ཐོབ་ནས། །ཕྱི་ནང་གསང་བ་ཁྱད་པར་གྱི། །དམ་ཚིག་མཐའ་དག་བསྲུང་ནུས་སམ། །ཞེས་དྲིས་པའི་ལན་འདེབས་པ་འདིའི་རྗེས་ཟློས། །ལྕགས་ལ་གསེར་འགྱུར་རྩི་བཞིན་དུ། །གཙོ་བོའི་དྲིན་ལས་དེ་རིང་བདག །བདེ་བ་ཆེ་ལ་རེག་པས་ན། །བཀའ་ལས་ནམ་ཡང་འདའ་རེ་ཀན། །ཞེས་པས་མནའ་བསྒགས་ནས། བཅུ་པ་མནའ་ཆུ་ནི། ནང་མཆོད་བླུད་ཅིང་སྤྱི་བོར་རྡོ་རྗེ་བཞག་ལ། འདི་ནི་རྡོ་རྗེ་བདུད་རྩིའི་ཆུ། །འཐུངས་ནས་དམ་ཚིག་མ་བསྲུང་ན། །མནར་མེད་དམྱལ་བར་ཁྱོད་སྲེག་ཅིང་། །བསྲུངས་ན་དངོས་གྲུབ་མཆོག་ཐོབ་འགྱུར། །བཛྲ་ཨ་མྲྀཏ་ས་མ་ཡ་ཧཱུྃ། གསུམ་པ་ནང་འཇུག་ལ། ཆས་འཇུག་ནང་ཁྲིད་བྱིན་གྱིས་བརླབ། །གདོང་བསལ་ལྷ་བསྟན་བྱིན་འབེབས་སོ། །ཞེས་དྲུག་ལས་དང་པོ་ནི། ཁྱེད་རང་སྔོན་ཆད་རིགས་འདུས་སྨན་གྱི་བླ་མའི་དཀྱིལ་འཁོར་མ་མཐོང་བའམ་མཐོང་ཡང་བསྐྱར་ནས་འཇུག་པའི་བརྡར། རས་ཡུག་དམར་པོ་རེས་གདོང་བཅིངས་པའི་མོས་པ་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་གདོང་གཡོགས་དང་ཅོད་པན་དང་མེ་ཏོག་སྦྱིན། གཉིས་པ་ནང་ཁྲིད་ནི། སྤྱི་བོར་སློབ་དཔོན་གྱི་ཕྱག་བཞག་སྟེ། ཨོཾ་ཨཱཿཧཱུྃ་བཛྲ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས། ཁྱེད་རང་རྣམས་གུ་རུ་སྨན་རྒྱལ་རིག་པའི་ཡེ་ཤེས་རྡོ་རྗེ་སེམས་དཔར་གྱུར་པ་སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ་དཀྱིལ་འཁོར་གྱི་ཤར་སྒོ་ནས་གཙོ་བོའི་མདུན་དུ་འཁོད་པའི་མོས་པ་མཛོད། བྱས་ལ་ཡོལ་བ་ཕྱེ། གསུམ་པ་བྱིན་རླབས་ནི། བླ་མས་ཕྱག་སྤྱི་བོར་བཞག་སྟེ། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་གུ་ཎ་སིདྡྷི་ཧཱུྃ། ཞེས་རྒྱུད་བྱིན་གྱིས་བརླབས་པར་མོས་ལ། སྙིམ་པ་མེ་ཏོག་གིས་བཀང་བ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་འབུལ་བའི་མོས་པས་འབྲུ་འཐོར་ལ་འདིའི་རྗེས་ཟློས། ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿ བཞི་པ་གདོང་བསལ་ནི། མིག་ཐུར་ཐོགས་ལ། གདོད་ནས་རང་གསལ་ཡེ་ཤེས་མིག །མ་རིག་ལིང་ཏོག་གིས་བསྒྲིབས་པ། །དོ་ནུབ་རྡོ་རྗེའི་སྤྱན་དུ་དབྱེ། །དཀྱིལ་འཁོར་འདི་ལྟོས་དོན་ཆེན་ཐོབ། །བཛྲ་ཛྙཱ་ན་ཙཀྵུཿཔྲ་པེ་ཤ་ཡ་ཨ་ཨཱཿ མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་ཏུ་བསལ་བས་དཀྱིལ་འཁོར་གྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བའི་མོས་པ་མཛོད། ལྔ་པ་ལྷ་བསྟན་ནི། འདི་ན་རིགས་འདུས་བླ་མ་སྨན་རྒྱལ་རྩ་བ་གསུམ་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་བཞུགས་པ་ཡིན་ཏེ། དེ་ཡང་ནམ་མཁའི་དཀྱིལ་འཁོར་ཆོས་ཀྱི་འབྱུང་གནས་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། རླུང་གི་དཀྱིལ་འཁོར་རཀྟའི་རྒྱ་མཚོ་ཞིང་ཆེན་གྱི་ས་གཞི་ཀེང་རུས་ཀྱི་རི་རབ་རྣམས་བརྩེགས་པའི་སྟེང་དུ། བསྐལ་པའི་མེ་དཔུང་འབར་བའི་ཀློང་དཀྱིལ་དུ་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ། ནང་ཀ་བ་བརྒྱད་ཀྱིས་མཐོ་བར་བཏེགས་ཤིང་རྡོ་རྗེའི་གདུང་གིས་བཀབ་པའི་སྟེང་ཐོག་རིམ་པར་ཕུབ་པ། རྩིག་པ་དང་། ཕ་གུ་དང་། དྲ་བ་དང་། དྲ་ཕྱེད་དང་། མདའ་ཡབ་དང་། པུ་ཤུ་ལ་སོགས་པ་རྒྱན་དུ་མས་བརྒྱན་ཅིང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་གི་ལྷ་སྣམ་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སྔོན་པོའི་དབུས་སུ། པདྨའི་སྡོང་པོ་འདབ་མ་བཞིའི་ཟེའུ་འབྲུར་ཟླ་བ་དང་ཉི་མ་དང་བདུད་བཞི་བསྣོལ་བའི་སྟེང་དུ་ཁྲོ་བོའི་རྒྱལ་པོ་རྟ་མཆོག་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཉིས་བརྐྱང་བསྐུམ་འདོར་སྟབས་ཀྱིས་བཞུགས་ཤིང་སྤྱི་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བ། གར་གྱི་ཉམས་དང་ལྡན་ཅིང་དཔལ་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པའི་པང་དུ་ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་ཐོད་འཛིན་ཅིང་ཡབ་ལ་འཁྱུད་པ། སྤྱི་བོར་ཕག་ཞལ་ངུར་སྒྲ་སྒྲོག་པ། ཤར་གྱི་འདབ་མ་ལ་རྡོ་རྗེ་མཁའ་འགྲོ་སྔོན་མོ། ལྷོར་རིན་ཆེན་མཁའ་འགྲོ་སེར་མོ། ནུབ་ཏུ་པདྨ་མཁའ་འགྲོ་དམར་མོ། བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་གུ་སྟེ་བཞི་ཀའང་གཅེར་བུ་རུས་པས་བརྒྱན་ཅིང་གྲི་ཐོད་འཛིན་པ། བརྐྱང་བསྐུམ་གྱི་གར་སྟབས་ཀྱིས་ཉི་ཟླ་དང་རོའི་གདན་ལ་བཞུགས་པ། གཙོ་འཁོར་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའི་རྟ་ཕག་ཡབ་ཡུམ་གྱི་སྤྱི་བོར་པདྨའི་སྡོང་པོ་འདབ་མ་བཞི་པའི་ལྟེ་བ་དང་། འདབ་མ་རྣམས་ལ་ཉི་ཟླའི་དཀྱིལ་འཁོར་བརྩེགས་པ་རེ་རེ། དབུས་ཀྱི་གདན་གྱི་སྟེང་དུ་རིགས་འདུས་བླ་མ་རྡོ་རྗེ་སེམས་དཔའ་རིག་པའི་ཡེ་ཤེས་སྐུ་མདོག་མཐིང་ག་གཡས་རྡོ་རྗེ་འཛིན་པ་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་དང་མཉམ་པར་སྦྱོར་བ། ཤར་དུ་རྣམ་སྣང་རིག་པའི་ཡེ་ཤེས་དཀར་པོ་གཡས་འཁོར་ལོ་འཛིན་པ། ཡུམ་དེ་བཞིན་དབྱིངས་ཕྱུག་མ་དང་མཉམ་པར་སྦྱོར་བ། ལྷོར་རིན་འབྱུང་རིག་པའི་ཡེ་ཤེས་སེར་པོ་གཡས་རིན་པོ་ཆེ་འཛིན་པ། ཡུམ་རིན་ཆེན་དབྱིངས་ཕྱུག་མ་དང་མཉམ་པར་སྦྱོར་བ། ནུབ་ཏུ་སྣང་མཐའ་རིག་པའི་ཡེ་ཤེས་དམར་པོ་གཡས་པདྨ་འཛིན་པ། ཡུམ་པདྨ་དབྱིངས་ཕྱུག་མ་དང་མཉམ་པར་སྦྱོར་བ། བྱང་དུ་དོན་གྲུབ་རིག་པའི་ཡེ་ཤེས་ལྗང་གུ་གཡས་རྒྱ་གྲམ་བསྣམས་པ། ཡུམ་ལས་ཀྱི་དབྱིངས་ཕྱུག་མ་དང་མཉམ་པར་སྦྱོར་བ། ཡབ་ཡུམ་རྣམས་ཞལ་གཅིག་ཕྱག་གཉིས་པ། ཡབ་རྣམས་ཀྱི་གཡས་པས་རང་རང་གི་ཕྱག་མཚན་སྐྱབས་སྦྱིན་གྱི་ཕྱག་རྒྱས་འཛིན་ཅིང་། གཡོན་པས་མཉམ་གཞག་སྟེང་ན་བདུད་རྩིས་གང་བའི་ཐོད་པ་འཛིན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་ཁྲོ་འཛུམ་འགྱིང་ལྡེམ་སྒེག་པའི་ཉམས་ཅན། དབུ་སྐྲ་ཐོར་ཅོག་དར་དང་རིན་པོ་ཆེས་བརྒྱན་པ། འཁོར་ལོས་སྒྱུར་བའི་ཆ་ལུགས་ཅན་གྱི་པང་དུ་ཡུམ་རྣམས་གྲི་ཐོད་འཛིན་པས་ཡབ་ལ་འཁྱུད་པ། འོད་དང་འོད་ཟེར་རབ་ཏུ་འབར་བའི་ཀློང་ན་རོལ་པའི་འཁོར་དུ་བླ་མ་རིག་འཛིན་ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོ་སྨན་གྱི་དྲང་སྲོང་། སྨན་སྐྱོང་སྲུང་མ་རྒྱ་མཚོས་སྤྲིན་གཏིབས་པ་ལྟར་བསྐོར་ཏེ་བཞུགས་པ་ཐམས་ཅད་གསལ་བར་མཇལ་བར་མོས་ལ་དད་པ་དང་སྤྲོ་བ་རྒྱ་ཆེན་པོ་སྐྱེད་ཅིག །གསང་ཆེན་རྒྱལ་བའི་དཀྱིལ་འཁོར་འདི། །ལན་གཅིག་མཐོང་བ་ཙམ་གྱིས་ཀྱང་། །གྲངས་མེད་བསྐལ་པའི་སྡིག་པ་འདག །སྔགས་ཚུལ་སྤྱོད་ན་སྨོས་ཅི་དགོས། །ཞེས་བརྗོད། དྲུག་པ་བྱིན་འབེབ་ནི། རྩ་སྔགས་ཀྱིས་བྱིན་གྱིས་བརླབས་པའི་ནས་དང་བདུད་རྩི། གུ་གུལ་ཤ་ཆེན་ཡུངས་དཀར་སྤོས་དཀར་བྱི་ལའི་བྲུན་ཅུང་ཟད་སྦྱར་བའི་སྤོས་རྣམས་འདུ་བྱས་ལ། དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པ་ཞུ་བའི་ཡོན་དུ་མཎྜལ་ཕུལ། སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ་བཅོམ་ལྡན་རྡོ་རྗེ་འཛིན། །སངས་རྒྱས་ཀུན་གྱི་གསང་བའི་མཛོད། །རང་ལ་གནས་པའི་ཡེ་ཤེས་མཆོག །དོ་ནུབ་རང་སར་དབབ་ཏུ་གསོལ། །ཞེས་བརྗོད་དུ་གཞུག །དེ་ནས་ཁྱེད་རང་རྣམས་ལུས་དྲང་པོར་བསྲང་། ངག་རླུང་ཁ་སྦྱོར་དུ་བཅིང་། སེམས་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད་ཅིག །གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་ནམ་མཁའ་ལྟ་བུར་གྱུར། དེའི་ངང་ལས་པདྨ་དང་ཉི་ཟླའི་གདན་ལ་ཁྱེད་རང་རྣམས་སྐད་ཅིག་ཙམ་གྱིས་རིགས་འདུས་བླ་མ་སྨན་པའི་རྒྱལ་པོ་རྡོར་སེམས་རིག་པའི་ཡེ་ཤེས་སྐུ་མདོག་མཐིང་ནག་རྡོ་རྗེ་དང་ཐོད་པ་འཛིན་པ། ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་དང་མཉམ་པར་སྦྱོར་བའི་སྐུར་གསལ་བའི་ངང་ནས་བླ་མ་ལ་གུས་འདུད་བྱས་པས་བླ་མའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕོག་པས་ཐུགས་རྒྱུད་བསྐུལ། སྐུ་གསུང་ཐུགས་རྡོ་རྗེ་ཡེ་ཤེས་དང་བྱིན་རླབས་ཐམས་ཅད་རྩ་བ་གསུམ་གྱི་ལྷ་ཚོགས་ཀྱི་སྐུ་ཕྱག་རྒྱ་གསུང་ཡིག་འབྲུ་ཐུགས་ཕྱག་མཚན་གྱི་རྣམ་པ་ཆར་དྲག་ཏུ་བབས་པ་ལྟར་བྱོན་པ་དང་། གཞན་ཡང་སྨན་གྱི་ལྷ་དང་ལྷ་མོ་དྲང་སྲོང་རིག་འཛིན་ཆོས་སྐྱོང་བ་ཐམས་ཅད་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་ཀྱང་འུབ་ཀྱིས་བསྡུས་ཏེ་ཁ་བ་བུ་ཡུག་འཚུབས་པ་བཞིན་བྱོན་ནས་ཁྱེད་རང་གི་སྤྱི་བོའི་གཙུག་དང་། བ་སྤུའི་བུ་ག་ནས་སིབ་སིབ་ཐིམ་པའི་མོས་པ་མཛོད་ཅིག །འབེབ་རྫས་བདུག །དབྱངས་རོལ་བཅས་ལས་བྱང་ལྟར་བྱིན་འབེབ་གྱེར། རྩ་སྔགས་བརྗོད་ཅིང་ནས་དང་བདུད་རྩི་འཐོར། རོལ་མོ་དྲག་ཏུ་བྱའོ། །དེ་ལྟར་ཡེ་ཤེས་པ་ཕབ་པས་བྱིན་གྱིས་བརླབས་པའི་རྟགས་སུ་ལུས་ལ་གར་ཉམས། ངག་ལ་སྔགས་སྒྲ །སེམས་ལ་ཏིང་ངེ་འཛིན་སྐྱེ་བ་སོགས་འབྱུང་བས། དེ་མ་བརྗེད་པར་བྱས་ནས་ལམ་གྱི་གནས་སྐབས་སུ་སྐྱོང་བར་གྱིས་ཤིག །དེ་ཉིད་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། རྩ་སྔགས་བརྗོད་ལ་འབྲུ་འཐོར། དེ་དག་གིས་འཇུག་པའི་ཆོས་ཡོངས་སུ་རྫོགས་པ་གྲུབ་པ་ལགས། གཉིས་པ་དངོས་གཞི་དབང་བསྐུར་བ་ལ་བཞི། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དོ། །དང་པོ་ཕྱིའི་དབང་བསྐུར་ལ། ཅོད་པན་བུམ་པ་དབུ་རྒྱན་དང། །གོས་རྒྱན་མཆོད་པ་སྨན་གཞུང་སྨན། །ཆ་དཔྱད་ཕྱག་མཚན་དགུ་རྣམས་སོ། །དང་པོ་ནི། ཞུགས་ནས་མངོན་པར་དབང་བསྐུར་བ་རིམ་པར་བསྒྲུབ་པ་ལས་ཐོག་མར་ཕྱིའི་དབང་བསྐུར་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཱུྃ། རིགས་འདུས་རྒྱལ་བ་རྡོ་རྗེ་སེམས། །རང་རིག་ཆོས་སྐུའི་བླ་མ་ལ། །སྒོ་གསུམ་གུས་པས་གསོལ་བ་འདེབས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཞུ། །ལན་གསུམ། ཅོད་པན་དཀྱིལ་འཁོར་གྱི་ཤར་ཕྱོགས་ནས་དབུས་སུ་འདོར་བར་གསུངས་པ་ལྟར་རམ། མི་བདེ་ན་རྙིང་མ་སྤྱི་ལུགས་ལྟར་འགྲིམས་དཀྱིལ་འདུ་བྱས་ལ། འདི་ན་བཞུགས་པའི་རིགས་འདུས་སྨན་རྒྱལ་གྱི་དཀྱིལ་འཁོར་པ་རྣམས་གདུལ་བྱའི་དོན་དུ་གཙོ་འཁོར་གྱི་རྣམ་པར་སྤྲུལ་པ་ཙམ་མ་གཏོགས་ངོ་བོ་ལ་བཟང་ངན་མེད་པས། རང་རང་གིས་ལས་བསགས་པའི་ལྷ་ཞིག་ལ་འབབ་པར་ཤོག་ཅིག་སྙམ་པས་འདིའི་རྗེས་ཟློས་མཛད་བཞིན་དུ་དར་གྱི་ཅོད་པན་མེ་ཏོག་དང་བཅས་པ་དཀྱིལ་འཁོར་ལ་ལྟོས་མེད་དུ་འདོར་བར་ཞུ། བདག་གི་མེ་ཏོག་འདི་དོར་བས། །སྔོན་ཚེ་ཚེ་རབས་གྲངས་མེད་ནས། །རྗེས་སུ་བཟུང་བའི་ཡི་དམ་ལྷ། །གང་ཡིན་དེ་ལ་ཕོག་པར་ཤོག །པུཥྤེ་པྲ་ཏཱིཙྪ་ཧོཿ གང་ལ་བབས་པའི་རིགས་ངེས་པར་བྱས་ནས་གསང་མཚན་གདགས་ཤིང་ཡི་དམ་འབོགས་པར་གསུངས་ཀྱང་སྤྱི་ཙམ་དུ། ལྷ་དང་སློབ་དཔོན་དབྱེར་མེད་པས་མེ་ཏོག་དང་བཅས་པའི་ཅོད་པན་ཁྱེད་རང་རྣམས་ཀྱི་སྤྱི་བོར་སླར་བཅིངས་ཏེ་དབང་དང་པོ་ཅོད་པན་གྱི་དབང་ཐོབ་པར་མོས་ཤིག །ཅོད་པན་མེ་ཏོག་བཅས་སློབ་མའི་སྤྱི་བོར་བཞག་ལ། སྔོན་འབྲེལ་ལྷ་ཡིས་བྱིན་གྱིས་རློབས། །བར་ཆད་བདུད་ལས་རྒྱལ་བའི་རྟགས། །ཆོས་སྒྲ་རྒྱལ་བའི་ཞིང་དུ་སྒྲོགས། །ཅོད་པན་མིང་བཅས་དབང་ཐོབ་ཤོག །པུཥྤེ་པྲ་ཏཱིཙྪ་ཨ་བྷི་ཥིཉྩ་ཧཱུྃ། ཁྱེད་རྣམས་ཀྱི་མེ་ཏོག་གཙོ་བོ་ལ་ཕོག་པ་ཡིན་པས། ད་ཕྱིན་ཆད་ཁྱེད་རྣམས་ཀྱི་མིང་ལ་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ཡིན་ནོ། །ཞེས་གདགས་སོ། །གཉིས་པ་བུམ་པ་ནི། རྣམ་བུམ་ཐོགས་ལ། བུམ་པ་འདི་ཉིད་ཕྱི་རིན་པོ་ཆེ་ལས་གྲུབ་པའི་བུམ་པ་ཚད་ལྡན། ནང་ཡེ་ཤེས་ལྷའི་གཞལ་ཡས་ཁང་གི་ནང་དུ་རྩ་བ་གསུམ་གྱི་ལྷ་ཚོགས་འོད་དུ་ཞུ་བའི་བདུད་རྩིས་གང་བ། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་བླུགས་པས་ཐོག་མེད་དུས་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་ཐམས་ཅད་བཀྲུས། རྒྱལ་བའི་ཐུགས་རྗེའི་བདུད་རྩིའི་ཆུས་ལུས་གང་། སྣོད་བཅུད་ལྷ་རུ་དག་པའི་བུམ་དབང་ཐོབ་པར་མོས་ཤིག །ཨོཾ། སྤྲོས་བྲལ་ཆོས་སྐུའི་ཁོར་ཡུག་བུམ་པ་ཟླུམ། །ནང་ནི་ཡེ་ཤེས་ལྷ་ཡི་བདུད་རྩིས་གང་། །སྐལ་ལྡན་བུ་ལ་བུམ་པའི་དབང་བསྐུར་བས། །སྒྲིབ་གཉིས་རབ་བཀྲུས་རིགས་ལྔའི་དབང་རྫོགས་ཤོག །ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་མུ་དྲ་ཨ་བྷི་ཥིཉྩ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཞེས་བརྗོད་ལ་བུམ་དབང་བསྐུར། བུམ་ཆུ་སྤྱི་བོར་བླུགས་ཤིང་ངག་ཏུ་བླུད། གསུམ་པ་དབུ་རྒྱན་ནི། དབུ་རྒྱན་ཐོགས་ལ། རིན་པོ་ཆེའི་པྲོག་ཞུ་རིགས་ལྔའི་ཕྱག་མཚན་སྙིང་པོར་བཅས་པས་དབང་བསྐུར་བས། སྣོད་ཀྱི་འཇིག་རྟེན་ཕྱོགས་བཞི་དབུས་ལྔ་གནས་འགྱུར་རྡོ་རྗེ་ལ་སོགས་པའི་ཁང་པ་ལྔར་བྱས། རིགས་ལྔ་ཡེ་ཤེས་ལྔའི་བཞུགས་གནས་བྱིན་རླབས་ཀུན་འབྱུང་བྱ་བ་ཐམས་ཅད་ལ་དབང་བསྒྱུར་བའི་ཡེ་ཤེས་ཀྱི་སྐུ་དང་ལྡན་པར་མོས་ཤིག །ཧཱུྃ། འཁོར་ལོ་རིན་ཆེན་རྡོ་རྗེ་པདྨ་དང་། །རྒྱ་གྲམ་སངས་རྒྱས་བཞུགས་གནས་རིན་ཆེན་འོད། །རབ་མཛེས་རིན་ཆེན་པྲོག་ཞུའི་དབང་བསྐུར་བས། །སྐུ་ལྔ་རིགས་ལྔ་ཡེ་ཤེས་ལྔ་ཐོབ་ཤོག །ཨོཾ་བཛྲ་བུདྡྷ་རཏྣ་པདྨ་ཀརྨ་མུ་ཀུ་ཏ་ཏྲཱཾ་ཨ་བྷི་ཥིཉྩ་ཨཱཿ ཞེས་མགོར་བཅིང་། བཞི་པ་གོས་རྒྱན་ནི། དར་དང་རིན་པོ་ཆེའི་རྒྱན་ཐོགས་ལ། སྟོད་སྨད་གོས་རྒྱན་རྣམས་ཀྱིས་དབང་བསྐུར་བས་མི་བརྗེད་པའི་གཟུངས་ཐོབ་ཅིང་བདུད་དཔུང་ཟིལ་གྱིས་གནོན་པ་སོགས་ཚིག་དོན་དང་མཐུན་པའི་ཡོན་ཏན་རྒྱུད་ལ་སྐྱེས་པར་མོས་ཤིག །ཧཱུྃ། ཕྲེང་བ་སྙན་ཆ་མགུལ་ཆུ་དོ་ཤལ་དང་། །དཔུང་རྒྱན་སེ་མོ་དོ་དང་གདུ་བུ་དང་། །སྟོད་སྨད་གོས་རྒྱན་མཛེས་པའི་དབང་བསྐུར་བས། །མི་བརྗེད་གཟུངས་ཐོབ་བདུད་དཔུང་ཟིལ་གནོན་པ། །མི་སྙན་སྐྱོན་བྲལ་ཡེ་ཤེས་དབྱིངས་སུ་འཁོར། །དབྱིངས་རིག་དང་འབྲེལ་སྣ་ཚོགས་སྤྲུལ་སྐུར་འཆར། །ཐབས་ཤེས་དཔུང་ལྡན་གསང་སྔགས་རྨད་དུ་བྱུང་། །ཆོས་ཀྱི་ཁྲིམས་ལྡན་ཉོན་མོངས་ཚ་གྲང་སྐྱོབ། །སྙིང་པོའི་ཆོས་འཁོར་བསྐོར་ཕྱིར་གདུ་བུ་སྟེ། །རྟགས་ལ་བརྟེན་ནས་དོན་མཐོང་དབང་ཐོབ་ཤོག །སརྦ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་ཅིང་ལུས་ལ་བསྐོན་ཚུལ་བྱ། ལྔ་པ་མཆོད་པ་ནི། སྨན་རཀ་གཏོར་གསུམ་ཐོད་རྔ་བཅས་སྣོད་གཅིག་ཏུ་བསྡུས་ལ། ནང་མཆོད་རོལ་མོར་བཅས་པའི་དབང་བྱིན་པས་ལྷ་མཆོད་ཅིང་མཁའ་འགྲོ་དམ་ཅན་དབང་དུ་སྡུད་པ་དང་། ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ་བའི་དབང་ཐོབ་པར་མོས་ཤིག །ཧཱུྃ། རིགས་ལྔ་ཡབ་ཡུམ་སྦྱོར་བའི་བདུད་རྩི་དང་། །འཁོར་བ་དབྱིངས་སུ་བསྒྲལ་པའི་རཀྟ་མཆོག །འདོད་ཡོན་ལྷ་མོས་བརྒྱན་པའི་གཏོར་ཚོགས་དང་། །གྲགས་སྟོང་སྒྲ་འབྱིན་རྔ་ཆེན་དབང་བསྐུར་བས། །རྩ་བ་གསུམ་གྱི་ཐུགས་དམ་དབྱིངས་སུ་བསྐང་། །དམ་ཅན་བཀའ་སྲུང་དབང་སྡུད་བྲན་དུ་ཁོལ། །དགྲ་བགེགས་ལོག་རྟོག་བདུད་དཔུང་ཐལ་བར་རློག །ཕྲིན་ལས་རྣམ་བཞིས་འགྲོ་འདུལ་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་བ་ལིཾ་ཏ་ཌཱ་མ་རུ་སརྦ་པཱུ་ཛ་ས་མ་ཡ་ཨ་བྷི་ཥིཉྩ་སིདྡྷི་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་སྤྱི་བོ་དང་ལག་ཏུ་སྦྱིན། དྲུག་པ་སྨན་གཞུང་ནི། རྒྱུད་ཆ་ལག་དང་བཅས་པའི་གླེགས་བམ་ཐོགས་ལ། རྡོ་རྗེ་སློབ་དཔོན་རིགས་འདུས་རྒྱལ་བའི་སྐུ་གུ་ཎ་དེ་ཉིད་སྐད་ཅིག་གིས་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོ་ཞེས་བྱ་བ། སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱས་སྨན་མཆོག་ཨ་རུ་ར་དང་རྡོ་རྗེ་བསྣམས་པ། གཡོན་མཉམ་གཞག་གི་སྟེང་དུ་ལྷུང་བཟེད་སྨན་གྱི་བདུད་རྩིས་གང་བ་བསྣམས་པ། ན་བཟའ་ཆོས་གོས་རྣམ་གསུམ་གསོལ་བ། མཚན་དཔེས་སྤྲས་ཤིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར་པ་ལ། རིགས་གསུམ་མགོན་པོ་ལ་སོགས་ནང་པའི་འཁོར་དང་། རྒྱུན་ཤེས་ཀྱི་བུ་ལ་སོགས་དྲང་སྲོང་གི་འཁོར་དང་། ཚངས་པ་དང་བརྒྱ་བྱིན་ལ་སོགས་ལྷའི་འཁོར་དང་། མ་ཧཱ་དེ་བ་ལ་སོགས་ཕྱི་པའི་འཁོར་དང་། འབྱུང་བ་ལྔའི་སྨན་གྱི་ལྷ་མོ་དང་། རིག་པ་འཛིན་པའི་འཁོར་དཔག་ཏུ་མེད་པས་བསྐོར་བ་སྤྲིན་ཕུང་འཁྲིགས་པ་ལྟར་བསྒོམས་པའི་སྨན་རྒྱལ་གྱི་སྤྱི་བོ་ནས་རྣམ་སྣང་རིག་པའི་ཡེ་ཤེས། ཐུགས་ཀ་ནས་རྡོར་སེམས་རིག་པའི་ཡེ་ཤེས། ལྟེ་བ་ནས་རིན་འབྱུང་རིག་པའི་ཡེ་ཤེས། གསང་བ་ནས་དོན་གྲུབ་རིག་པའི་ཡེ་ཤེས་བཞི་རྒྱལ་བ་རིགས་བཞིའི་རྣམ་པ་ཅན་དང་། མགྲིན་པ་ནས་ཡིད་ལས་སྐྱེས་འོད་དཔག་མེད་ཀྱི་རྣམ་པར་སྤྲུལ། ཡིད་ལས་སྐྱེས་ཀྱིས་ཞུས་ཆེན་མཛད། རྡོར་སེམས་རིག་པའི་ཡེ་ཤེས་ཀྱིས་རྩ་བ་ཐུགས་ཀྱི་རྒྱུད་དང་། རྣམ་སྣང་རིག་པའི་ཡེ་ཤེས་ཀྱིས་བཤད་པ་སྐུའི་རྒྱུད་དང་། རིན་འབྱུང་རིག་པའི་ཡེ་ཤེས་ཀྱིས་མན་ངག་ཡོན་ཏན་གྱི་རྒྱུད་དང་། དོན་གྲུབ་རིག་པའི་ཡེ་ཤེས་ཀྱིས་ཕྱི་མ་ཕྲིན་ལས་ཀྱི་རྒྱུད་བཞི་པོ་རིམ་པ་བཞིན་ལུང་ཕོག །རྗེས་སུ་གནང་། བཀའ་གཏད་དེ། བཞི་པོ་དེ་དག་ཀྱང་ཡིག་འབྲུ་མཐིང་ཀ་དཀར་སེར་དམར་ལྗང་གི་རྣམ་པ་ནམ་མཁའ་ནས་ཆར་ལྟ་བུར་བབས། ཁྱེད་རང་རྣམས་ཀྱི་སྤྱི་བོ་སྙིང་ག་ལྟེ་བ་གསང་གནས་རྣམས་སུ་ཐིམ་པས་དེའི་ཚིག་དོན་རྒྱུད་ལ་བཀྲ་ལམ་ལམ་སྐྱེས་པར་མོས་ཤིག །དེའི་རྗེས་སུ་འཁོར་ཚོགས་དེ་རྣམས་ཐམས་ཅད་ཀྱིས་ཀྱང་རང་ལུགས་ཀྱི་གསོ་བའི་གཞུང་ཐམས་ཅད་ཀྱི་ལུང་ཕོག །དེ་ཡང་དབྱངས་གསལ་གྱི་ཡི་གེ་དཀར་དམར་འོད་ཀྱི་རང་བཞིན་དུ་བྱས་རང་ལ་ཐིམ། མཐར་འཁོར་གཞན་ཐམས་ཅད་ཡིད་ལས་སྐྱེས་ལ་ཐིམ། དེའང་ཁྱེད་རང་རྣམས་ཀྱི་མགྲིན་པར་འོད་དམར་པོར་ཞུ་ནས་ཐིམ་པས་རྒྱུད་བཞིའི་དོན་མ་ལུས་པར་ཁོང་དུ་ཆུད། ཚིག་འཆད་པ་ལ་ཐོགས་པ་མེད་པར་གྱུར་སྙམ་པའི་ང་རྒྱལ་གྱིས་ཤིག །དེ་ནས་རིག་པའི་ཡེ་ཤེས་བཞི་སྨན་རྒྱལ་ལ་ཐིམ། དེ་རང་གི་སྤྱི་བོ་ནས་འོད་དུ་ཞུ་བ་ཐིམ་པས་ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་དུ་གྱུར་པར་མོས་ཤིག །གླེགས་བམ་མགོར་བཞག་ལ། འགྲོ་ལྔ་མ་རིག་དུག་ལྔའི་རྒྱུ་ལས་ནི། །རླུང་མཁྲིས་བད་ཀན་ལྡན་འདུས་ནད་ལྔས་གཟིར། །དེ་དག་ཡེ་ཤེས་ལྔ་དང་སྨན་སྦྱོར་ལྔས། །རྒྱུ་དང་འབྲས་བུ་ལྔ་ལྔའི་ནད་སེལ་བ། །རིག་པའི་ཡེ་ཤེས་ལྔ་ལས་བྱུང་གྱུར་པའི། །རྒྱུད་ཆེན་སྡེ་བཞི་མཇུག་དོན་བཅས་པ་ལྔ། །བཅོ་བརྒྱད་ཆ་ལག་དང་བཅས་གསོ་དཔྱད་ཀྱི། །གཞུང་གདམས་མ་ལུས་ཀུན་འདུས་དབང་བསྐུར་བས། །ཚིག་དོན་ཇི་བཞིན་རྟོགས་པའི་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་ཨ་མྲྀཏ་ཧྲྀ་ད་ཡ་ཨངྒ་ཨཥྚ་གུ་ཧྱ་ཨུ་པ་དེ་ཤ་ཏནྟྲ་སརྦ་ཨ་བྷི་ཥིཉྩ་ཧཱུྃ། ལག་ཏུ་གཏད་ལ། གསོ་བ་རིག་པའི་གཞུང་ལུགས་མཐོང་ངོ་ཅོག་གི་ལུང་ཐོབ། དེ་དག་གི་དོན་རྟོགས་ནས་འགྲོ་བའི་དོན་བྱེད་པའི་མཐུ་ཐོབ་པར་མོས་ཤིག །དེང་ཕྱིན་ཆད་རྒྱུད་བཞི་ཆ་ལག་དང་བཅས་པའི་བཤད་སྲོལ་སྐྱོངས་ལ་འགྲོ་བའི་དོན་རྒྱ་ཆེན་པོ་གྱིས་ཤིག །བདུན་པ་སྨན་ནི། སྨན་གྱི་ཀ་པཱ་ལ་ཐོགས་ལ། ཀ་པཱ་ལ་མེ་ལོང་སྨན་དང་བཅས་པ་བདུད་རྩིའི་རང་བཞིན་དུ་བྱིན་གྱིས་བརླབས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པས་སྣང་སྲིད་བདུད་རྩི་སྨན་གྱི་རང་བཞིན་དུ་རྟོགས་ནས། རྒྱུ་དང་འབྲས་བུས་བསྡུས་པའི་ནད་ཀྱི་ཟུག་རྔུ་སེལ་བར་བྱེད་པའི་དབང་ཐོབ་པར་མོས་ཤིག །ཀ་པཱ་ལ་ནི་ཕྱི་སྣོད་འཇིག་རྟེན་ཁམས། །ས་ཆུ་མེ་རླུང་སྨན་རྣམས་བསྐྱེད་པའི་གཞི། །བདུད་རྩིས་གང་བ་ནང་བཅུད་སེམས་ཅན་ཏེ། །ཤ་ཁྲག་དྲོད་དབུགས་སྨན་དུ་མ་གྱུར་མེད། །མེ་ལོང་བསིལ་དྲོད་སོ་སོར་འཆར་བའི་བརྡ། །ཉོན་མོངས་ཆགས་སྡང་གིས་བསྐྱེད་ཚ་གྲང་ནད། །ཐབས་ཤེས་ག་པུར་ཤིང་ཀུན་སྨན་གྱིས་སེལ། །གཏི་མུག་ཆགས་སྡང་འདྲེས་པས་ཚ་གྲང་འཐབ། །བསྐྱེད་རྫོགས་ཟུང་འཇུག་ཨ་རུས་འདུ་བ་སྙོམ། །འགྲོ་དྲུག་མ་རིག་དོན་ལྔ་སྣོད་དྲུག་ནད། །ཕར་ཕྱིན་དྲུག་དང་བཟང་པོ་དྲུག་གིས་འཇོམས། །སྣང་སྲིད་འཁོར་འདས་བདུད་རྩི་ཆེན་པོའི་ཀློང་། །མ་ལུས་སྨན་གྱི་དབང་མཆོག་འདི་བསྐུར་བས། །རྒྱུ་འབྲས་ནད་རྣམས་ཀུན་སེལ་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་སྤྱི་བོར་བཞག །དེ་ནས། ནང་མཆོད་དེ་ལྕེ་ལ་བླུགས་པས། རང་ལུས་ཀྱི་ནང་འགྲོ་བ་རིགས་དྲུག་གིས་གང་བ་བདུད་རྩི་འཐུངས་པས་རྒྱུ་འབྲས་ནད་རྣམས་གྲོལ་བར་མོས་མཛོད། བརྒྱད་པ་ཆ་དཔྱད་ནི། ཆ་དཔྱད་རྣམས་གཏད་ལ། ཆ་དཔྱད་རྣམས་གཏད་པས་རྒྱུ་ཉོན་མོངས་པ་དང་འབྲས་བུ་དེས་བསྐྱེད་པའི་ནད་རྣམས་བཙན་ཐབས་སུ་ཡུལ་ནས་འདོན་པའི་མཐུ་ཐོབ་པར་མོས་ཤིག །ཧཱུྃ། ཡེ་ཤེས་གཙགས་ཆས་དུག་གསུམ་རྣག་ཁྲག་འབུག །གཏུམ་མོའི་མེ་བཙས་གཟུང་འཛིན་ཟུག་གཟེར་སྲེག །དྲན་པའི་སྐམ་པས་རྣམ་རྟོག་མདེ་འུ་དབྱུང་། །ཤེས་རབ་རལ་གྲིས་བདག་འཛིན་ཤ་རོ་གཅོད། །ཉམས་མྱོང་ཀྱུང་བུས་ཉོན་མོངས་རུས་སྐྱོན་བརྡར། །བསྐྱེད་རྫོགས་ཐུར་མས་མ་རིག་རབ་རིབ་དང་། །སྣང་ལོག་རང་འཁྲུལ་སྙིང་རླུང་སེལ་བར་བྱེད། །སྙན་བརྒྱུད་ཆ་དཔྱད་ཀུན་འདུས་དབང་བསྐུར་བས། །རྒྱུ་འབྲས་ནད་ཡུལ་འབྱིན་པའི་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་སུ་ཁ་ཀ་ར་ཨ་བྷི་ཥིཉྩ་ཧཱུྃ། དགུ་པ་ཕྱག་མཚན་ནི། རིགས་ལྔའི་ཕྱག་མཚན་དང་གྲི་གུག་ལག་གཡས་སུ་གཏད། བདུད་རྩིའི་ལྷུང་བཟེད་དང་ཐོད་ཁྲག་ལག་གཡོན་དུ་གཏད་ལ། རིགས་ལྔ་དང་རྟ་ཕག་ཡབ་ཡུམ་གྱི་ཕྱག་མཚན་གཏད་པས་དུག་ལྔ་དང་གཟུང་འཛིན་གྱི་འཁྲུལ་རྟོག་བཅོམ་ནས་ཡེ་ཤེས་ལྔ་དང་བདེ་བ་ཆེན་པོའི་རང་བཞིན་མངོན་དུ་གྱུར་པའི་མོས་པ་མཛོད། ཨོཾ། ཆོས་དབྱིངས་སྨན་གྱི་འཁོར་ལོས་གཏི་མུག་ནད་རྒྱུན་གཅོད། ཧཱུྃ། མེ་ལོང་ཡེ་ཤེས་རྡོ་རྗེས་ཞེ་སྡང་བྲག་རི་འཇོམས། སྭཱ། མཉམ་ཉིད་ཡིད་བཞིན་ནོར་བུས་ང་རྒྱལ་དབུལ་ཕོངས་སེལ། །ཨཱཿ སོར་རྟོག་པདྨོའི་བཅུད་ཀྱིས་ཆགས་སྲེད་རང་སར་གྲོལ། །ཧཱ། བྱ་གྲུབ་རྒྱ་གྲམ་བརྗིད་པས་ཕྲག་དོག་རླུང་དམར་འཇོམས། །སྟོང་ཉིད་ལྷུང་བཟེད་ནང་དུ་བདེ་ཆེན་བདུད་རྩིས་གང་། །མ་རུངས་ཚར་གཅོད་རྗེས་འཛིན་གྲི་གུག་ཐོད་པར་བཅས། །དཔལ་ལྡན་རིགས་འདུས་རྒྱལ་བའི་ཕྱག་མཚན་དབང་བསྐུར་བས། །དུག་ལྔའི་དགྲ་བཅོམ་རིགས་ལྔའི་རྟེན་དབང་མཆོག་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ། གཉིས་པ་ནང་དབང་ལ། ལྷ་དང་ནན་ཏན་ཡེ་ཤེས་དབང་། །དྲང་སྲོང་བཀའ་སྲུང་དབང་ལྔ་འོ། །དེ་ལ་དང་པོ་ལྷ་དབང་ནི། གཉིས་པ་ནང་ལྷ་དབང་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཱུྃ། རིགས་འདུས་སངས་རྒྱས་ཀུན་གྱི་གཙོ། །རྡོ་རྗེ་འཛིན་པའི་བཀའ་དྲིན་གྱིས། །བླ་མེད་ཕྱི་དབང་རྫོགས་པར་ཐོབ། །ད་ནི་བླ་མེད་ནང་གི་དབང་། །བདག་ལ་བཀའ་དྲིན་བསྩལ་དུ་གསོལ། །ལན་གསུམ། དེ་ནས་སྐུ་རྟེན་རྣམས་རེ་རེ་བཞིན་གནས་སོ་སོའམ་ཐམས་ཅད་སྤྱི་བོར་བཞག་ལ། སློབ་དཔོན་དང་མདུན་བསྐྱེད་ཐ་མི་དད་པའི་དབུས་ཀྱི་གཙོ་བོ་རྡོར་སེམས་རིག་པའི་ཡེ་ཤེས་ཀྱི་ཐུགས་ཀ་ནས་དེ་འདྲ་བ་རེ་རེ་བྱུང་སྟེ། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པའི་མོས་པ་མཛོད། ཧཱུྃ། ཐུགས་སྤྲུལ་མི་བསྐྱོད་རིག་པའི་ཡེ་ཤེས་མཐིང་། །མཚན་དཔེ་རྒྱན་རྫོགས་རྡོ་རྗེ་ལྷུང་བཟེད་བསྣམས། །རྩ་རྒྱུད་སྟོན་མཛད་མེ་ལོང་ཡེ་ཤེས་དང་། །ཞེ་སྡང་རྒྱུ་འབྲས་ནད་སེལ་དབང་བསྐུར་རོ། །ཨོཾ་ཨཱཿབཛྲ་གུ་རུ་གུ་ཎ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། ཤར་ནས་རྣམ་སྣང་རིག་པའི་ཡེ་ཤེས་ཀྱི་སྐུ་ལས་དེ་འདྲ་བ་རེ་བྱུང་ནས་ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པར་མོས་ཤིག །སྐུ་སྤྲུལ་རྣམ་སྣང་རིག་པའི་ཡེ་ཤེས་དཀར། །མཚན་དཔེ་རྒྱན་རྫོགས་འཁོར་ལོ་ལྷུང་བཟེད་བསྣམས། །བཤད་རྒྱུད་སྟོན་མཛད་ཆོས་དབྱིངས་ཡེ་ཤེས་དང་། །གཏི་མུག་རྒྱུ་འབྲས་ནད་སེལ་དབང་བསྐུར་རོ། །ཨོཾ་ཨཱཿབུདྡྷ་གུ་རུ་གུ་ཎ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། ནུབ་ནས་སྣང་མཐའ་རིག་པའི་ཡེ་ཤེས་ཀྱི་གསུང་ལས་དེ་འདྲ་བ་རེ་བྱུང་ནས་མགྲིན་པར་ཐིམ་པར་མོས་ཤིག །གསུང་སྤྲུལ་མཐའ་ཡས་ཡིད་ལས་སྐྱེས་པ་དམར། །མཚན་དཔེ་རྒྱན་རྫོགས་པདྨ་ལྷུང་བཟེད་བསྣམས། །རྒྱུད་ཀྱི་ཞུ་ཆེན་སོར་རྟོག་ཡེ་ཤེས་དང་། །འདོད་ཆགས་རྒྱུ་འབྲས་ནད་སེལ་དབང་བསྐུར་རོ། །ཨོཾ་ཨཱཿཔདྨ་གུ་རུ་གུ་ཎ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། ལྷོ་ནས་རིན་འབྱུང་རིག་པའི་ཡེ་ཤེས་ཀྱི་ཡོན་ཏན་ལས་དེ་འདྲ་བ་རེ་བྱུང་ནས་ལྟེ་བར་ཐིམ་པར་མོས་ཤིག །ཡོན་ཏན་རིན་འབྱུང་རིག་པའི་ཡེ་ཤེས་སེར། །མཚན་དཔེ་རྒྱན་རྫོགས་རིན་ཆེན་ལྷུང་བཟེད་བསྣམས། །མན་ངག་རྒྱུད་སྟོན་མཉམ་ཉིད་ཡེ་ཤེས་དང་། །ང་རྒྱལ་རྒྱུ་འབྲས་ནད་སེལ་དབང་བསྐུར་རོ། །ཨོཾ་ཨཱཿརཏྣ་གུ་རུ་གུ་ཎ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། བྱང་ནས་དོན་གྲུབ་རིག་པའི་ཡེ་ཤེས་ཀྱི་ཕྲིན་ལས་ལས་དེ་འདྲ་རེ་བྱུང་ནས་གསང་གནས་སུ་ཐིམ་པར་མོས་ཤིག །ཕྲིན་ལས་དོན་གྲུབ་རིག་པའི་ཡེ་ཤེས་ལྗང་། །མཚན་དཔེ་རྒྱན་རྫོགས་རྒྱ་གྲམ་ལྷུང་བཟེད་བསྣམས། །ཕྱི་རྒྱུད་སྟོན་མཛད་བྱ་གྲུབ་ཡེ་ཤེས་དང་། །ཕྲག་དོག་རྒྱུ་འབྲས་ནད་སེལ་དབང་བསྐུར་རོ། །ཨོཾ་ཨཱཿཀརྨ་གུ་རུ་གུ་ཎ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། ཡང་དཀྱིལ་འཁོར་དང་སློབ་དཔོན་ཐ་དད་མེད་པའི་སྐུ་གསུང་ཐུགས་ལས་རིགས་འདུས་སྨན་པའི་རྒྱལ་པོ་རང་འདྲ་བ་གཉིས་པ་འཕྲོས། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པའི་མོས་པ་མཛོད། རིགས་ཀྱི་གཙོར་གྱུར་བཅོམ་ལྡན་སྨན་རྒྱལ་མཐིང་། །མཚན་དཔེ་རྒྱན་རྫོགས་སྨན་མཆོག་ལྷུང་བཟེད་བསྣམས། །དོན་གཉིས་མཐར་ཕྱིན་ཡེ་ཤེས་ལྔ་རྫོགས་དཔལ། །དུག་ལྔ་རྒྱུ་འབྲས་ནད་སེལ་དབང་བསྐུར་རོ། །ཨོཾ་ཨཱཿམ་ཧཱ་གུ་རུ་བྷཻ་ཥ་ཛྱེ་གུ་ཎ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། མདུན་བསྐྱེད་དང་སློབ་དཔོན་དབྱེར་མེད་པ་ལས་རྟ་ཕག་ཡབ་ཡུམ་དེ་འདྲ་བ་བྱུང་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པར་མོས་མཛོད། ཧྲཱིཿ མ་ཆགས་པདྨའི་རིགས་ཀྱི་རྣམ་རོལ་ལས། །མ་རུངས་གདུག་པ་ཀུན་འདུལ་ཁྲོ་བོའི་སྐུ །གཉིས་མེད་རྡོ་རྗེ་ཕག་མོ་ཡུམ་དང་སྦྱོར། །དབང་ཆེན་རྟ་མཆོག་དཔལ་གྱི་དབང་བསྐུར་རོ། །ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་བུདྡྷ་ཌཱ་ཀི་ནཱི་ཀཱ་ཝཱ་ཙི་ཨ་བྷི་ཥིཉྩ་ཧཱུྃ། དེ་དག་གི་རྐྱེན་གྱིས་ཁྱེད་རང་རྣམས་དཔལ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་པ་ཡུམ་ལ་འཁྱུད་པ། ཞབས་གཉིས་བརྐྱང་བསྐུམ་འདོར་སྟབས་ཀྱིས་བཞུགས་པ། སྤྱི་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བ། གར་གྱི་ཉམས་དང་ལྡན་ཅིང་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན་པའི་པང་དུ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་ཐོད་འཛིན་ཅིང་ཡབ་ལ་འཁྱུད་པ། སྤྱི་བོར་ཕག་ཞལ་ངུར་སྒྲ་སྒྲོག་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་སྐུར་གྱུར་པའི་མོས་པ་མཛོད། ཕྱོགས་བཞིའི་མཁའ་འགྲོ་བཞི་ལས་དེ་འདྲ་བ་རེ་བྱུང་སྟེ། དཔྲལ་བ། མགྲིན་པ། ལྟེ་བ། གསང་གནས་རྣམས་སུ་ཐིམ་པས་ཕྲིན་ལས་བཞི་གྲུབ་པར་བྱས་པར་མོས། རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས། །ཡེ་ཤེས་ཌཱ་ཀི་ཕྲིན་ལས་བཞི་སྒྲུབ་མ། །མཐིང་སེར་དམར་ལྗང་གྲི་གུག་ཐོད་པ་འཛིན། །སྡེ་བཞི་ཌཱ་ཀིའི་དབང་མཆོག་སྦྱིན་པར་བྱ། ཨོཾ་ཨཱཿབུདྡྷ་ཌཱ་ཀི་ནཱི། རཏྣ་ཌཱ་ཀི་ནཱི། པདྨ་ཌཱ་ཀི་ནཱི། ཀརྨ་ཌཱ་ཀི་ནཱི། ཧ་རི་ནི་ས་ཨ་བྷི་ཥིཉྩ་ཧཱུྃ། དེ་དང་རྗེས་འབྲེལ་དུ་བཟླས་ལུང་མཛད་པའི་ཕྱག་སྲོལ་ལྟར་ན། རྗེས་འབྲེལ་བཟླས་ལུང་གི་སླད་དུ། སློབ་དཔོན་ལ་རིགས་འདུས་སྨན་པའི་རྒྱལ་པོ་དངོས་ཡིན་སྙམ་དུ་གུས་འདུད་མཛད་པས། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ཧཱུྃ་གི་མཐར་གཡས་སྐོར་དུ་འཁོད་པའི་མོས་པ་དང་བཅས་ཏེ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་གུ་ཎ་སིདྡྷི་ཧཱུྃ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། ཧྲཱིཿམ་ཧ་རི་ནི་ས། ཙིཏྟ་ཧྲཱིང་ཧྲཱིང་ས་མ་ཡ་ཛཿཧཱུྃ་བཾ་ཧོཿསརྦ་སིདྡྷི་ཧཱུྃ་ཨཱཿ ལན་གསུམ། རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་རིགས་འདུས་སྨན་པའི་རྒྱལ་པོའི་གསང་སྔགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་ཅིང་བརྟན་པར་གྱུར་ཅིག །ཅེས་བརྗོད་ལ་མེ་ཏོག་འཐོར། གཉིས་པ་ནན་ཏན་ནི། རྡོ་རྗེ་གསུམ་གྱི་རྒྱ་ཐོགས་ལ། ལྷ་རྣམས་ཀྱི་སྤྱི་བོ་ནས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པ་ནས་པདྨ་དམར་པོ་ཨཱཿཡིས་མཚན་པ། ཐུགས་ཀ་ནས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ནན་ཏན་ཆེན་པོས་བྱིན་གྱིས་བརླབས་པར་མོས་ཤིག །དཀར་གསལ་འཁོར་ལོའི་ལྟེ་བར་ཨོཾ་གྱིས་མཚན། །འདབ་བརྒྱད་པདྨ་དམར་པོ་ཨཱཿཡིས་མཚན། །མཐིང་མདོག་རྡོ་རྗེ་རྒྱ་གྲམ་ཧཱུྃ་གིས་མཚན། །བདེ་གཤེགས་སྐུ་གསུང་ཐུགས་སྲོག་ཕྱག་རྒྱ་ཡིས། །སྐལ་ལྡན་བུ་ལ་ནན་ཏན་དབང་བསྐུར་བས། །སྒོ་གསུམ་ཐ་མལ་འཛིན་པ་རང་སར་དག །སྣང་གྲགས་རིགས་གསུམ་ཡེ་ཤེས་རོལ་དབང་ཤོག །ཨོཾ་ཨཱཿཧཱུྃ་བུདྡྷ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཁྱེད་རང་རྣམས་ཀྱི་སྒོ་གསུམ་བདེ་གཤེགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་གྱུར་པས་ལྕགས་ལ་ངར་བླུད་པ་ལྟར་བྱིན་རླབས་ཀྱི་ངར་ཐོགས་པ་ཡིན་ནོ། །གསུམ་པ་ཡེ་ཤེས་ནི། མན་ཤེལ་དྭངས་པ་ཉི་ཟེར་ལ་ཕྱར་བས་འཇའ་ཚོན་སྣ་ལྔ་གསལ་བས་མཚོན་ཏེ་དབང་དོན་ངོ་ཤེས་པར་གྱིས་ཤིག །ཤེལ་འོད་བསྟན་ཅིང་མགོར་བཞག་ལ། ཧཱུྃ། ཀུན་གཞི་སེམས་དང་ཉོན་མོངས་ཡིད་རྣམ་ཤེས། །སྒོ་ལྔའི་རྣམ་ཤེས་གནས་འགྱུར་བག་ཆགས་སྤངས། །མེ་ལོང་མཉམ་ཉིད་སོར་རྟོག་བྱ་བ་གྲུབ། །ཡེ་ཤེས་ལྔ་ཡི་དབང་མཆོག་ཐོབ་གྱུར་ཅིག །ཨོཾ་ཨཱཿཧཱུྃ་ཛྙཱ་ན་པཉྩ་ཨ་བྷི་ཥིཉྩ་ཧཱུྃ། ཆོས་དབྱིངས་རྣམ་དག་སྤྲོས་བྲལ་ཤེལ་ལྟ་བུ་ལས་རང་རྩལ་མ་འགག་ཡེ་ཤེས་ལྔར་འཆར་བ་ནི་འདི་ལྟ་བུ་ཉིད་དོ། །ཅེས་ངོ་སྤྲད། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་རབ་ཏུ་གནས་ཤིང་ཤིས་པ་བརྗོད་པས་དབང་གི་ཡེ་ཤེས་བརྟན་པར་བྱས་པའི་མོས་པ་མཛོད། རྟེན་སྙིང་དང་། ཐུགས་རྗེའི་འགྲོ་བའི་དོན་མཛད་ལྟ་བུའི་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་རོ། །བཞི་པ་དྲང་སྲོང་ནི། དྲང་སྲོང་གཏོར་མ། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ། ལན་གསུམ། གཏོར་མ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་འདོད་ཡོན་སྣ་ཚོགས་ཀྱི་སྤྲིན་ཕུང་འཕྲོ་བ། རང་རང་མཉེས་པའི་མཆོད་སྤྲིན་དུ་མས་ནམ་མཁའ་གང་བར་གྱུར། བྲིས་སྐུ་རྣམས་ཚངས་པ་བརྒྱ་བྱིན་རྒྱུན་ཤེས་ཀྱི་བུ་ལ་སོགས་པ་ལྷ་དང་མིའི་སྨན་གྱི་རིག་འཛིན་དྲང་སྲོང་ཆེན་པོ་སྨན་སྐྱོང་སྲུང་མའི་འཁོར་དང་བཅས་པ་དངོས་སུ་གསལ་བ་དང་། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སོ་སོའི་གནས་ནས་སྤྱན་དྲངས་ཏེ་ཐིམ་པར་གྱུར། ཧཱུྃ། ཚངས་པ་སྐྱེ་དགུའི་བདག་དང་ཐ་སྐར་བུ། །བརྒྱ་བྱིན་རྒྱུན་ཤེས་བུ་དང་ནབ་སོ་སྐྱེས། །ཐང་ལ་འབར་དང་དཀའ་བ་གཉིས་སྤྱོད་པ། །འགྲོ་སྐྱོང་མེ་བཞིན་འཇུག་དང་ལུས་ནག་དང་། །རྒྱ་སྐྱེགས་སྣ་དང་མདའ་མཆོག་ལན་ཚའི་ལག །དཔལ་ཕྲེང་ཉི་མའི་སྙིང་པོ་ཟླ་ཟེར་དང་། །ཙ་ར་ཀ་དང་ལྗང་སྔོན་ཆེན་པོ་དང་། །ལྷ་སྐྱབས་གཡོན་ཕྱོགས་དང་ནི་ཤིང་ཁྱེར་དང་། །ལྗང་སྔོན་བུ་དང་བྲམ་ཟེ་གཞོན་ནུ་སྤྲིན། །རིན་ཆེན་འགོ་དེ་ཤན་དང་གཞོན་ནུ་སྲེད། །འདྲོབ་སྐྱོང་མུ་ཁྱུད་འཛིན་ལ་སོགས་པ་ཡི། །རིག་པའི་གནས་མཆོག་བཅོ་བརྒྱད་ཐུགས་སུ་ཆུད། །ཚེ་ལ་དབང་བའི་བཅུད་ལེན་དངོས་གྲུབ་བརྙེས། །གཞན་རིག་མངོན་ཤེས་བྱམས་ལྡན་དྲང་པོར་སྲོང་། ཁྱེད་རྣམས་རང་རང་བཞུགས་པའི་གནས་མཆོག་ནས། །ཚད་མེད་འགྲོ་ལ་དཔག་མེད་ཐུགས་རྗེ་ཡིས། །རྫུ་འཕྲུལ་ལམ་ནས་གནས་འདིར་གཤེགས་སུ་གསོལ། །འོད་ལྗང་ལ་སོགས་སྨན་གྱི་ལྷ་མོ་དང་། །མངོན་ཤེས་པྲ་ཡི་དངོས་གྲུབ་སྟེར་མཛད་པ། །སྨན་གྱི་རིག་འཛིན་སྲུང་མའི་ཚོགས་རྣམས་ཀུན། །སྔོན་གྱི་ཐུགས་དམ་ཞལ་བཞེས་མ་འདའ་བར། །རིངས་པའི་ཚུལ་གྱིས་སྤྱན་འདྲེན་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་ས་མ་ཡ་ཛཿཛཿ སྣ་ཚོགས་རིན་ཆེན་པདྨའི་གདན་ལ་བཞུགས། །སྒོ་གསུམ་སྤྲོ་དགའ་གུས་པས་ཕྱག་ཀྱང་འཚལ། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད། །མ་རིག་ཉམས་ཆག་སྡིག་སྒྲིབ་གནོང་འགྱོད་བཤགས། །དགེ་ལ་ཡི་རང་ཟབ་དོན་ཆོས་འཁོར་སྐོར། །འགྲོ་བ་ཇི་སྲིད་གནས་པ་དེ་སྲིད་བཞུགས། །ཀུན་ཀྱང་བླ་མེད་བྱང་ཆུབ་རྒྱུར་བསྔོ་འོ། །ཞེས་པས་མཆོད་ནས། གཏོར་མ་བདུད་རྩིའི་རྒྱ་མཚོ་མགྲོན་རྣམས་ཀྱི་ལྗགས་འོད་ཀྱི་སྦུ་གུས་གསོལ་བས་ཐུགས་རྒྱུད་བདེ་བས་གང་བར་གྱུར་པར་བསམ་ལ། ཚངས་པ་དང་བརྒྱ་བྱིན་ལ་སོགས་ལྷའི་སྨན་པ་མངོན་པར་ཤེས་པ་ལྔ་དང་ལྡན་པའི་དྲང་སྲོང་ཆེན་པོ་རྣམས་ཀྱི་ཞལ་དུ་བ་ལིཾ་ཏ་སརྦ་པཱུ་ཛ་ཁཱ་ཧི། ཨོཾ་ཨཱཿཧཱུྃ། ཞེས་གསུམ་དང་། གཞན་ཡང་སྨན་གྱི་རིག་པ་འཛིན་པའི་ལྷ་ཚོགས་རྣམས་དང་། སྨན་གྱི་བཀའ་སྲུང་ལྷ་ཀླུ་དྲི་ཟ་གྲུལ་བུམ་མིའམ་ཅི་ལ་སོགས་པ་དམ་ཚིག་ལ་གནས་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིཾ་གྲྀཧྞ་ཁཱ་ཧི། ཞེས་པས་གཏོར་མ་ཕུལ། ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། སླར་ཡང་གཏོར་མ་གསོས་ལ་འབྲུ་གསུམ་ལན་གསུམ་བརྗོད་པས་བྱིན་བརླབ། སྐུ་རྟེན་སྨན་གྱི་དྲང་སྲོང་འཁོར་དང་བཅས་པ་དངོས་སུ་གསལ་བའི་སྟེང་གི་ཆ་ལ་རྩ་བརྒྱུད་ཀྱི་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་ཕྱོགས་སུ་དམ་ཅན་ཆོས་སྐྱོང་སྨན་གྱི་སྲུང་མ་རྣམས་བཞུགས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་པ་ལ་བརྟེན་ནས། དེ་དག་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་ཐོབ་ཅིང་བྱིན་རླབས་ཞུགས། དོན་གཉིས་ལྷུན་གྱིས་གྲུབ། མཆོག་ཐུན་མོང་གི་དངོས་གྲུབ་བརྙེས། བྱང་ཆུབ་བར་དུ་སྲུང་ཞིང་སྐྱོབ་པའི་མོས་པ་མཛོད་ཅིག །སྤོས་དུད་རོལ་དབྱངས་བཅས་སྨན་གྱི་བྱིན་འབེབ་ཆེན་མོ་བྱ་བ་ནི། ཧཱུྃ། ཆོས་དབྱིངས་སྤྲོས་དང་བྲལ་བའི་ཀློང་ཡངས་ནས། །འགྲོ་དོན་འདོད་དགུའི་གར་སྒྱུར་གཙོ་དང་འཁོར། །རྒྱུ་དང་འབྲས་བུའི་ནད་སེལ་བདེ་གཤེགས་གཙོ། །སྔོན་མེད་སྨན་པའི་བྱིན་རླབས་དུས་འདིར་ཕོབ། །རིགས་ལྔ་སྐུ་ལྔ་རིག་པའི་ཡེ་ཤེས་ལྔ། །ཡེ་ཤེས་ལྔ་ལྡན་རྒྱལ་བ་ཡབ་ཡུམ་རྣམས། །འགྲོ་ལྔ་དུག་ལྔའི་ནད་ལས་སྒྲོལ་བའི་ཕྱིར། །དུས་འདིར་བྱིན་རླབས་སྨན་གྱི་བཅུད་ཕོབ་ཅིག །ལྷ་དང་དྲང་སྲོང་ཕྱི་ནང་སྡེ་བཞིའི་འཁོར། །རང་ལས་མི་གཞན་སྤྲུལ་པའི་ལྷ་ཚོགས་རྣམས། །བདུད་རྩི་སྨན་གྱི་དངོས་གྲུབ་སྟེར་ལ་དབང་། །གནས་དུས་རྫས་ལའང་བདུད་རྩིའི་བྱིན་ཕོབ་ཅིག །སྣང་བ་མ་འགག་སྐྱེ་མེད་ཆོས་དབྱིངས་ཀློང་། །རང་རྩལ་མ་འགག་པདྨའི་རིགས་ལས་འཁྲུངས། །བདེ་ཆེན་གར་གྱི་རོལ་པས་དངོས་གྲུབ་སྩོལ། །རྟ་མཆོག་ཡབ་ཡུམ་དུས་འདིར་བྱིན་ཕོབ་ཅིག །རིགས་བཞི་མཁའ་འགྲོ་ཕྲིན་ལས་བཞི་ལ་དབང་། །བདུད་བཞི་ཟིལ་གནོན་ཚད་མེད་བཞི་ཡི་དངོས། །གནས་སྐབས་བཞི་ཡི་སྒྲིབ་པ་སྦྱོང་མཛད་བཞིས། །འཁོར་ལོ་བཞི་ལ་དུས་འདིར་བྱིན་ཕོབ་ཅིག །རྒྱལ་བའི་བསྟན་སྲུང་བཀའ་ཡི་བྱ་ར་བ། །ལེགས་ཉེས་དཔང་མཛད་དགྲ་བགེགས་མ་ལུས་སྒྲོལ། །གནོད་སྦྱིན་ཆེན་པོ་རྡོ་རྗེ་བདུད་འདུལ་སོགས། །ཆོས་སྐྱོང་དམ་ཅན་ཚོགས་ཀྱིས་བྱིན་ཕོབ་ཅིག །སྔོན་ཚེ་རྒྱལ་སྲས་གུ་ཎའི་སྤྱན་སྔ་རུ། ཁས་བླངས་དམ་བཅས་སྲོག་གི་སྙིང་པོ་ཕུལ། །སྨན་གྱི་བསྟན་པ་སྐྱོོང་བའི་མཐུ་ལྡན་པ། །བོད་ཁམས་བརྟན་མའི་ཚོགས་ཀྱིས་བྱིན་ཕོབ་ཅིག །ལྷ་ཀླུ་དྲི་ཟ་གཙང་སྦྲ་ལ་གནས་ཤིང་། །སྨན་མོ་མིག་བསྒྱུར་སྨན་གྱི་བསྟན་པ་སྲུང་། །སྣང་གསལ་པྲ་ཡི་དངོས་གྲུབ་སྟེར་ནུས་རྣམས། །དམ་ལ་མ་འདའ་དུས་འདིར་བྱིན་ཕོབ་ཅིག །ཨེ་མ་ཨེ་མ་ངོ་མཚར་མི་ཆེ་འམ། །སྤྲོ་དགའ་བཀྲ་ཤིས་ཕོ་བྲང་ཨ་ལ་ལ། །བླ་མའི་བྱིན་རླབས་ཆར་རྒྱུན་སི་ལི་ལི། །ཡི་དམ་དངོས་གྲུབ་རྒྱ་མཚོ་མེ་རེ་རེ། །མཁའ་འགྲོའི་ཕྲིན་ལས་གློག་དམར་ཁྱུགས་སེ་ཁྱུག །ཁྲོ་ཚོགས་ཧཱུྃ་ཕཊ་འབྲུག་སྒྲ་འུ་རུ་རུ། །ཆོས་སྐྱོང་དགྲ་བོའི་སྲོག་ལ་རུབས་སེ་རུབ། །རིག་འཛིན་དྲང་སྲོང་སྤྲིན་ལྟར་ཐིབས་སེ་ཐིབ། །སྣ་ཚོགས་ལྷ་མོའི་གླུ་དབྱངས་ཀྱུ་རུ་རུ། །རྣམ་མང་མཆོད་པའི་བཀོད་པ་ལིངས་སེ་ལིང་། །དྲི་ཞིམ་སྤོས་ཀྱི་དུད་པ་ཐུ་ལུ་ལུ། །རབ་སྙན་ལྷ་ཡི་རོལ་མོ་ཁྲོ་ལོ་ལོ། །སྣ་ཚོགས་དར་གྱི་ལྷབ་ལྷུབ་ཀྱི་ལི་ལི། །བདུད་རྩི་སྨན་གྱི་ཆར་པ་ཤ་ར་ར། །འདིར་གཤེགས་གནས་དང་ཡོ་བྱད་བྱིན་གྱིས་རློབས། །སྐལ་ལྡན་བུ་ལ་དབང་མཆོག་བསྐུར་དུ་གསོལ། །སྐུ་ཡི་དབང་སྐུར་བྱིན་རླབས་ལུས་ལ་ཞུ། །ལུས་ཀྱི་ནད་གདོན་སྡིག་སྒྲིབ་དག་པར་མཛོད། །གསུང་གི་དབང་སྐུར་བྱིན་རླབས་ངག་ལ་ཞུ། །ངག་གི་ནད་གདོན་སྡིག་སྒྲིབ་དག་པར་མཛོད། །ཐུགས་ཀྱི་དབང་སྐུར་བྱིན་རླབས་སེམས་ལ་ཞུ། །ཡིད་ཀྱི་ནད་གདོན་སྡིག་སྒྲིབ་དག་པར་མཛོད། །སྐུ་གསུང་ཐུགས་དབང་ལུས་ངག་ཡིད་ལ་ཕོབ། །སྒྲིབ་གསུམ་དག་ནས་སྐུ་གསུམ་མངོན་གྱུར་ཤོག །ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་ཅིང་ཙཀ་ལི་སློབ་མའི་མགོ་ལ་རེག །དེ་རྗེས། གཏོར་མ་དེ་ན་བ་མེད་པ་སྨན་གྱི་བདུད་རྩི། འཆི་བ་མེད་པ་ཚེ་ཡི་བདུད་རྩི། དགོས་འདོད་འབྱུང་བ་ཡེ་ཤེས་ཀྱི་བདུད་རྩི་ཆེན་པོར་གྱུར་པ་ཁྱེད་རང་རྣམས་ལ་བྱིན་པས་ལུས་ཀྱི་ནང་བདུད་རྩིས་གང་། ལྷ་ཚོགས་ཐམས་ཅད་ཀྱི་བྱིན་རླབས་དང་དངོས་གྲུབ་ཐོབ་ནས་སྐལ་བ་མཉམ་པར་གྱུར་པའི་མོས་པ་མཛོད་ཅིག །བྱས་ལ་དཀར་གཏོར་གྱི་ཆ་ཤས་རོལ་དུ་གཞུག་གོ །ལྔ་པ་བཀའ་སྲུང་ནི། ཆོས་སྐྱོང་གཏོར་མ། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་ཐོད་སྣོད་དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བར་ངོ་བོ་དགྲ་བགེགས་ཀྱི་ཤ་ཁྲག་རྣམ་པ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་འདོད་ཡོན་གྱི་སྤྲིན་ཕུང་མཁའ་ཁྱབ་ཏུ་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ། གསུམ་གྱིས་བྱིན་བརླབ། བཀའ་སྲུང་དམ་ཅན་སྡེ་དགུའི་སྲོག་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་སྐད་ཅིག་ཙམ་གྱིས་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་ཕྱར་ཞིང་གཡོན་སྡིགས་མཛུབ་མཛད་པ། དྲག་པོའི་ཆས་ཀྱིས་བརྒྱན་ཅིང་ཞབས་གཡས་བསྐུམ་གཡོན་བརྐྱང་པས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དྲེགས་པ་ཐམས་ཅད་དབང་དུ་སྡུད། ཟིལ་གྱིས་གནོན། བྲན་དུ་ཁོལ་ནུས་པའི་ང་རྒྱལ་ཆེན་པོས་གནས་པའི་མདུན་དུ་སྔར་བསྒྲུབས་ཟིན་པའི་སྐུ་རྟེན་གཏོར་མ་དང་བཅས་པ་སླར་ཡང་འདི་བཞིན་དུ་གསལ་ཐོབ་ཅིག །ཅེས་མཚམས་སྦྱར་ལ་མངོན་རྟོགས་ཕྲིན་ལས་ཆེ་ཆུང་གང་རུང་གི་ལྷ་བསྐྱེད། སྤྱན་འདྲེན། དམ་བཞག །གཏོར་འབུལ་རྣམས་བྱས་ནས། ཁྱེད་རང་རྣམས་དཔལ་གསང་བའི་བདག་པོ་དངོས་སུ་གསལ་བ་ལ་ཞང་བློན་ཆེན་པོ་རྡོ་རྗེ་བདུད་འདུལ་འཁོར་དང་བཅས་པ་རྣམས་སྨན་གྱི་བཀའ་སྲུང་གི་ཆེད་དུ་གཏད་པས། དེ་རྣམས་ཀྱིས་སྲོག་གི་སྙིང་པོ་ཕུལ་ཏེ། བླ་མ་མ་ཧཱ་གུ་ཎས་བཀའ་བསྒོས་པ་བཞིན་དུ་རྗེས་སུ་འབྲང་སྟེ་བཀའ་བཞིན་བསྒྲུབ་པར་ཁས་བླངས་པའི་མོས་པ་མཛོད་ཅིག །ཙཀླི་རེ་རེ་བཞིན་ལག་ཏུ་གཏད་ལ། ཧཱུྃ། ཆོས་ཀྱི་དབྱིངས་ལས་འགག་མེད་སྐུར་སྟོན་པའི། །རྡོ་རྗེ་བདུད་འདུལ་གནོད་སྦྱིན་ཆེན་པོའི་སྐུ །འཇིགས་རུང་མཐིང་ནག་ཞལ་གཅིག་ཕྱག་གཉིས་བརྗིད། །ནོར་བུ་གྲི་གུག་ཐོད་པ་དགྲ་སྙིང་བསྣམས། །དར་ནག་བེར་གསོལ་མི་མགོའི་ཕྲེང་བས་བརྒྱན། །ཙནྡན་བིང་བཙུགས་རྟ་ནག་རྟིང་དཀར་འཆིབ། །བསྟན་པ་གཉན་སྲུང་བཀའ་ཡི་བྱ་ར་མཛད། །ཆོས་སྐྱོང་ཡོངས་ཀྱི་རྗེ་བོས་དབང་བསྐུར་རོ། །ཨོཾ་མ་ཧཱ་ཀཱ་ལ་ཡཀྵ་བཛྲ་ཙིཏྟ་ཧཱུྃ་ཕཊ། རཏྣ་སིདྡྷི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། བྷྱོ། མ་གཅིག་དཔལ་ལྡན་ཨེ་ཀ་ཙཱ་ཊི་མ། །མཐིང་ནག་རབ་ཁྲོས་སྤྱན་གསུམ་མཆེ་བཞི་གཙིགས། ཁྲོ་མོའི་ཆས་རྫོགས་ཕྱག་གཉིས་གྲི་ཐོད་འཛིན། །དྲེ་འུ་ཞོན་ཅིང་མཚོན་དྲུ་ནད་རྐྱལ་བཏགས། །སྙན་གཡས་སེང་ཆེན་གཡོན་པར་སྦྲུལ་ནག་འཕྱོ། །སྤྱི་བོར་ཟླ་ཚེས་ལྟེ་བར་ཉི་མས་བརྒྱན། །མེ་རླུང་འཚུབས་པའི་དབུས་ན་དགྲ་བགེགས་སྒྲོལ། །དམ་ལྡན་བུ་བཞིན་སྐྱོང་བས་དབང་བསྐུར་རོ། །ཨོཾ་ཨེ་ཀ་ཙཱ་ཊི་མ་མ་རོ་རུ་བཾ་ཧཱུྃ་བྷྱོ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། བསྟན་སྲུང་ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །དུད་ཁ་རབ་ཁྲོས་སྐུ་སྨད་སྦྲུལ་མཇུག་འཁྱིལ། །དབུ་དགུའི་གཙུག་ན་བྱ་རོག་མགོ་བོས་བརྒྱན། །གཡས་གཡོན་སྦྲུལ་ཞགས་རྭ་ཡི་མདའ་གཞུ་བསྣམས། །མགོ་ལུས་མིག་གང་སྤྲིན་ཞོལ་ཀུན་ཏུ་ཉུལ། །སྡེ་བརྒྱད་བྲན་ཁོལ་མཐུ་སྟོབས་རྫུ་འཕྲུལ་བདག །དམ་ལྡན་སྐྱོང་ཞིང་དམ་ཉམས་སྲོག་རྩ་གཅོད། །དྲེགས་པའི་གཙོ་བོ་ཆེན་པོས་དབང་བསྐུར་རོ། །ཨོཾ་ཀེ་ཏ་ཀེ་ཏ་སྭཱ་ཧཱ། རཱ་ཧུ་ལ་ས་མ་ཡ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། གནས་དང་ཡུལ་གྱི་མཁའ་འགྲོ་ཤ་ཟའི་གཙོ། །རབ་འཇིགས་དམར་མོ་ཅེ་སྤྱང་མགོ་དགུ་མ། ཁྲག་རལ་སྤྲུགས་པས་སྟོང་གསུམ་ནད་ཀྱིས་འགེང་། །གཅེར་བུ་རྒྱན་མེད་ནུ་མ་ཐུར་དུ་འཕྱང་། །ཕྱག་བཞི་དང་པོ་གྲི་གུག་ཐོད་ཁྲག་གདེངས། །འོག་གཉིས་དགྲ་ཟོར་རྒྱུ་ཞགས་མི་མགོ་ཕྱར། །དུར་བྱ་མགོ་དགུ་ཞོན་ནས་དུར་ཁྲོད་མྱུལ། །དམ་ཉམས་སྲོག་གཅོད་གཙོ་མོས་དབང་བསྐུར་རོ། །ཌཱ་ཀི་ནཱི་ཙིཏྟ་རཀྟ་ས་མ་ཡ་ཧྲཱིང་ཧྲཱིང་ཛཿཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། གནོད་སྦྱིན་ཤན་དམར་དམ་ཉམས་སྲོག་གཅོད་གཙོ། །མཚལ་མདོག་སྟག་གདོང་ཟངས་གྲི་དགྲ་སྙིང་གདེངས། །རྒྱུ་མ་ཟ་ཞིང་སྙིང་ཕྲེང་ག་ཤལ་གྱོན། །གཡུ་འབྲུག་ཞོན་ནས་སྐད་ཅིག་སྟོང་ཁམས་བསྐོར། །རང་འདྲའི་སྤྲུལ་པ་གྲངས་མེད་ཕྱོགས་བཅུར་འགྱེད། །ཉིན་བཞིན་དྲེགས་པ་ཕོ་རྒྱུད་བྲན་དུ་ཁོལ། །མཚན་བཞིན་མོ་རྒྱུད་ཐམས་ཅད་དབང་དུ་སྡུད། །བཀའ་འདས་གཤེད་མ་ཆེན་པོས་དབང་བསྐུར་རོ། །ཡཀྴ་ཙིཏྟ་མ་ཧཱ་རུ་དྲ་མཱ་ར་ཡ་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། བཀའ་སྲུང་དམ་ཅན་སྲོག་གི་སྤུ་གྲི་ནི། །མཐིང་ནག་རབ་ཁྲོས་འཇིགས་རུང་རྔམ་པའི་ཞལ། །སྤྱན་དམར་སྨིན་གཡོ་སྐྲ་སེར་གྱེན་དུ་འབར། །ལྕགས་ཀྱུ་སྤུ་གྲི་དགྲ་བོའི་གློ་སྙིང་བསྣམས། །དར་ནག་བེར་གྱོན་མི་མགོའི་ཕྲེང་བས་བརྒྱན། །སེང་གེ་ཞོན་ནས་སྟོང་ཁམས་ཀུན་ཏུ་ཉུལ། །སྤྲུལ་པ་ཡང་སྤྲུལ་དགྲ་སྲོག་ཆུ་བཞིན་འཐུང་། །ཟློག་མེད་འགྲས་ཕུང་ནག་པོས་དབང་བསྐུར་རོ། །བཛྲ་སཱ་དྷཱུ་ས་མ་ཡ་ཨ་མུ་ཀ་མཱ་ར་ཡ་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སྲིན་པོའི་རྒྱལ་པོ་དགྲ་དུར་འཇིགས་བྱེད་ནི། །དམར་ནག་རབ་འཇིགས་ཁྲོ་གཏུམ་སྲིན་པོའི་ཞལ། །མཆེ་བ་བྲང་སླེབ་མི་རོ་ཞལ་དུ་གསོལ། །སྤྱི་བོར་སྤྱང་གདོང་ཁ་གདངས་ང་རོ་སྒྲོག །རལ་གྲི་རྩེ་གསུམ་རྒྱུ་ཞགས་ནམ་མཁར་ཕྱར། །མི་ལྤགས་གོས་གྱོན་རོ་ལངས་མགོ་དགུ་ཞོན། །འཁོར་དུ་ཀེང་རུས་གར་བྱེད་དགོད་པས་བསྐོར། །དམ་ཉམས་རྩད་གཅོད་གཙོ་བོས་དབང་བསྐུར་རོ། །རཀྴ་རཀྟ་ས་མ་ཡ་དགྲ་བོའི་སྲོག་ལ་ཧུར་ཐུཾ་ཛཿཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཤཱནྟི་རོ་ཟན་བདུད་མོ་བྱ་རྒོད་མགོ །དུད་མདོག་མཆེ་གཙིགས་ཁྲག་རལ་ཕྱོགས་བཅུར་སྤྲུགས། །མི་སྡུག་ནུ་མ་བྲང་གི་ངོས་ལ་འཕྱང་། །གཅེར་བུ་མི་ལྤགས་སྙིང་ཕྲེང་ག་ཤལ་གྱོན། །གཡས་གཡོན་རྒྱུ་ཞགས་དགྲ་སཏྭ་དགྲ་སྙིང་ཕྱར། །སྤྱང་མོ་མགོ་དགུ་ཞོན་ནས་སྟོང་གསུམ་ཉུལ། །སྐད་ཅིག་རེ་ལ་དགྲ་སྲོག་འབུམ་འབུམ་གཅོད། །རྣལ་འབྱོར་སྲུང་མའི་གཙོ་མོས་དབང་བསྐུར་རོ། །དུནྟིང་ཙིཏྟ་ཀཱ་ལ་དགྲ་བོ་ཐུཾ་རིལ་མཱ་ར་ཡ་རྦད་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། རྒྱལ་བའི་བསྟན་སྲུང་ལས་མཁན་དགྲ་བོའི་གཤེད། །སྲོག་བདག་ཧོབ་སེ་ཧ་ལ་ནག་པོའི་མདོག །རབ་འཇིགས་ཁྲོ་ཞལ་གཙུག་ན་ཁྲ་མགོ་ཅན། །མཆེ་གཙིགས་དུག་རླངས་ན་བུན་དགྲ་བོ་གསོད། །ཕྱག་བཞི་དང་པོ་མདུང་དང་དུག་རྐྱལ་བསྣམས། །འོག་མས་ཕུར་བུ་དམ་ཉམས་མགོ་རློན་ཟ། །དྲེད་མོ་མགོ་དགུ་ཞོན་ནས་སྟོང་ཁམས་ཉུལ། །རྣལ་འབྱོར་གྲོགས་མཛད་དགྲ་གཤེད་དབང་བསྐུར་རོ། །ཏྲི་ཤཾ་རྦད་བྷྱོ་གིང་ཀ་ར་དགྲ་བོའི་སྲོག་ལ་ཧབ་ཧབ་ཨ་བྷི་ཥིཉྩ་ཧཱུྃ། དེའི་རྗེས་འབྲེལ་བཟླས་ལུང་སྦྱིན་པ་ལ། སླར་ཡང་ཁྱེད་རང་རྣམས་དཔལ་གསང་བའི་བདག་པོར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བུང་བའི་རྣམ་པ་ཅན་བཛྲ་ཙཎྜའི་སྔགས་ཀྱི་རང་སྒྲ་དིར་དིར་དུ་སྒྲོག་པ་འཕྲོས། མདུན་དུ་ཞང་བློན་དམ་ཅན་སྡེ་དགུའི་ཚོགས་མངོན་སུམ་དུ་བཞུགས་པའི་ཤངས་བུག་ནས་བརྒྱུད། ཙིཏྟ་པདྨ་ཁ་བྱེ་བ་ལྟ་བུའི་དབུས་སུ་ཞུགས། ཐུགས་སྲོག་གི་དྭངས་མ་རྣམས་འཇིབས་ཏེ་ཤངས་བུག་ནས་ཚུར་བྱུང་། ཁྱེད་རང་རྣམས་ཀྱི་ཤངས་བུག་ནས་ཞུགས། ཐུགས་ཀའི་ཧཱུྃ་ཡིག་གི་གདན་ལ་ཐིམ་པས་བཀའ་སྲུང་དྲེགས་བྱེད་ཐམས་ཅད་རང་དབང་མེད་པར་དབང་དུ་འདུས་པའི་ང་རྒྱལ་བརྟན་པོ་དང་བཅས་ཏེ་སྔགས་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་རེ་མཛད་པར་ཞུ། ཨོཾ་མ་ཧཱ་ཀཱ་ལ་ཡཀྵ་བཛྲ་ཙིཏྟ་ཧཱུྃ་ཕཊ། རཏྣ་སིདྡྷི་ཧཱུྃ། ཞང་བློན་སྲོག་སྔགས་སོ། །ཨོཾ་ཨེ་ཀ་ཙཱ་ཏི་མ་མ་རོ་རུ་བཾ་ཧཱུྃ་བྷྱོ། ལྷ་མོའོ། །ཨོཾ་ཀེ་ཏ་ཀེ་ཏ་སྭཱ་ཧཱ། རཱ་ཧུ་ལ་ས་མ་ཡ་ཧཱུྃ། ཁྱབ་འཇུག་གིའོ། །ཌཱ་ཀི་ནཱི་ཙིཏྟ་རཀྟ་ས་མ་ཡ་ཧྲཱིང་ཧྲཱིང་ཛཿ མཁའ་འགྲོ་ལྕེ་སྤྱང་མཆུ་དམར་གྱིའོ། །ཡཀྴ་ཙིཏྟ་མ་ཧཱ་རུ་དྲ་མཱ་ར་ཡ་ཧཱུྃ་ཕཊ། བཤན་དམར་གྱིའོ། །བཛྲ་སཱ་དྷཱུ་ས་མ་ཡ་ཨ་མུ་ཀ་མཱ་ར་ཡ་ཧཱུྃ་ཕཊ། དམ་ཅན་གྱིའོ། །རཀྴ་རཀྟ་ས་མ་ཡ་དགྲ་བོའི་སྲོག་ལ་ཧུར་ཐུཾ་ཛཿ སྲིན་པོའི་འོ། །དུནྟི་ཙིཏྟ་ཀཱ་ལ་དགྲ་བོ་ཐུཾ་རིལ་མཱ་ར་ཡ་རྦད། བདུད་མོ་རོ་ཟན་གྱིའོ། །ཏྲི་ཤཾ་རྦད་བྷྱོ་གིང་ཀ་ར་དགྲ་བོའི་སྲོག་ལ་ཧབ་ཧབ། ལས་མཁན་གྱིའོ། །རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་བཀའ་སྲུང་དམ་ཅན་སྡེ་དགུའི་གསང་སྔགས་ཀྱི་ནུས་མཐུ་ཐོགས་པ་མེད་པར་འཇུག་ཅིང་བརྟན་པར་གྱུར་ཅིག །ཅེས་བརྗོད་ལ་མེ་ཏོག་འཐོར་རོ། །དེ་ནས་བཀའ་བསྒོ་བ་ནི། སླར་ཡང་བླ་མ་དཀྱིལ་འཁོར་བ་དང་དབྱེར་མེད་པས་བཀའ་སྲུང་འཁོར་བཅས་ལ་བཀའ་དྲག་ཏུ་བསྒོས་ཤིང་ཁྱེད་རང་གསང་བའི་བདག་པོར་གསལ་བའི་བྲན་དུ་གཏད་པས། གུས་པ་དང་བཅས་པས་བཀའ་བཞིན་རྗེས་སུ་བསྒྲུབ་པར་ཞལ་གྱིས་བཞེས་ཏེ་བྱང་ཆུབ་ཀྱི་བར་དུ་འབྲལ་མེད་དུ་འགྲོག་པའི་མོས་པ་མཛོད་ཅིག །ཆོས་སྐྱོང་གི་གཏོར་མ་སློབ་མའི་ལག་གཡོན་དང་། ཙཀླི་རྣམས་གཡས་སུ་གཏད་ལ། ཧཱུྃ་ཧཱུྃ། ང་ནི་རྡོ་རྗེ་འཛིན་པའི་རྒྱལ། ཁྲོ་བོ་ཀུན་གྱི་རྗེ་བཙན་ཏེ། ཁམས་གསུམ་སྲིད་གསུམ་ཟ་བར་ནུས། །བཀའ་ལས་འདའ་བ་བརླག་པར་བྱེད། །བསྟན་པ་བསྲུང་བར་ཁས་བླངས་པའི། །ཆོས་སྐྱོང་དམ་ཅན་ཐམས་ཅད་དང་། ཁྱད་པར་བདུད་འདུལ་འཁོར་དང་བཅས། །དཔལ་ལྡན་ཨེ་ཀ་ཛཱ་ཊི་མ། །གཟའ་བདུད་ཆེན་པོ་རཱ་ཧུ་ལ། །མཁའ་འགྲོ་ཅེ་སྤྱང་མཆུ་དམར་མ། །གནོད་སྦྱིན་ཤན་པ་དམར་ནག་དང་། །དམ་ཅན་སྲོག་གི་སྤུ་གྲིའི་ཚོགས། །སྲིན་པོ་ཁྲག་གི་རལ་པ་ཅན། །བདུད་མོ་རོ་ཟན་བྱ་རྒོད་མགོ །ལས་མཁན་ཧོབ་སེ་འཁོར་དང་བཅས། །རྡོ་རྗེ་འཛིན་པའི་བཀའ་ཡིས་ནི། ཁྱོད་རྣམས་འདི་ཡི་བྲན་དུ་བསྐོས། །བྱིན་པའི་ཟས་ཟོ་བསྐུལ་ན་རྒྱུགས། །བཅོལ་བའི་ལས་རྣམས་གང་ཡིན་ཡང་། །མ་འགྱངས་མྱུར་དུ་འགྲུབ་པར་མཛོད། །སྨན་གྱི་བསྟན་པ་ཐུབ་པར་སྲུངས། །གལ་ཏེ་དམ་ལས་འདའ་བྱེད་ན། །བདུད་དུ་ཕོབས་ལ་གཤེད་མ་གྱིས། །བཀའ་བཞིན་སྒྲུབ་ལ་སྡོངས་གྲོགས་མཛོད། །དྲེགས་པའི་རྩལ་དབང་ཐོབ་གྱུར་ཅིག །ཨོཾ་མ་ཧཱ་ཀཱ་ལ་སརྦ་རུ་དྲ་མཱ་ར་ཡ་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ། སླར་ཡང་གཏོར་མ་གསོས་ལ་སྔར་བཞིན་བྱིན་བརླབས་ཏེ་རྩ་སྔགས་ཙམ་གྱིས་འབུལ། སྔར་བཞིན་རབ་གནས་དང་ཤིས་བརྗོད་བྱ། རྟོགས་པ་བརྗོད་པ་ནི། དེ་དག་གིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་འཁོར་དང་བཅས་པ་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་སྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །ཞེས་བརྗོད། གསུམ་པ་གསང་བའི་དབང་ལ། བྱང་སེམས་རིག་མའི་རྟུལ་ཞུགས་དང་། །རིག་པ་ཡེ་ཤེས་གསུམ་དུ་བཤད། །དང་པོ་ནི། གསུམ་པ་གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། སྔོན་ཆད་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་མཛོད། ཨོཾ་ཨཱཿཧཱུྃ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ། རྡོ་རྗེ་འཛིན་རྒྱལ་བདེ་ཆེན་པོ། །བརྩེ་ཆེན་དམིགས་མེད་ཐུགས་རྗེ་ཡིས། །བདག་ལ་གསང་བའི་དཀྱིལ་འཁོར་སྟོན། །བདེ་ཆེན་དངོས་གྲུབ་གསང་དབང་སྩོལ། །ལན་གསུམ། ཅེས་གསོལ་བ་གདབ་ཅིང་བསྐོར་བ་ལན་གསུམ་བྱས་པས་སྣོད་རུང་དུ་གྱུར་པར་མོས་ཤིག །གསང་བ་ཆེན་པོའི་དམ་ཚིག་འདི་ཉིད་སྐལ་པ་དམན་པ་རྣམས་ལ་ཕྱོགས་ཙམ་ཡང་བསྒྲག་པར་མི་བྱ་བ་སོགས་ཚུལ་བཞིན་དུ་བསྲུང་བར་གྱིས་ཤིག །འབྲུ་གསུམ་བརྗོད་ལ་གདོང་བསལ། ཡུམ་གྱི་གསང་བ་བྷ་གའི་དཀྱིལ་འཁོར་བདེ་བ་ཆེན་པོའི་གྲོང་ཁྱེར་མཐོང་བར་མོས་ཤིག །བུ་ལྟོས་ཀུན་བཟང་ཡུམ་གྱི་མཁའ། །མ་ལུས་རྒྱལ་བའི་དཀྱིལ་འཁོར་འདི། །གང་གིས་མཐོང་བས་སྡིག་པ་འཛད། །དངོས་གྲུབ་ཀུན་གྱི་འབྱུང་གནས་ཡིན། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གདོད་ནས་བཞུགས་པ་རྡོ་རྗེ་བཙུན་མོའི་བྷ་ག་ཆོས་ཀྱི་དབྱིངས་ཐར་པ་ཆེན་པོའི་གཞལ་མེད་ཁང་རྟེན་དང་བརྟེན་པར་བཅས་མཐོང་བར་མོས་མཛོད། བླ་མ་ཡབ་ཡུམ་རྟ་ཕག་ཏུ་གསལ་བ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བདེ་བའི་སྒྲ་འོད་ཟེར་དང་བཅས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྟ་ཕག་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། ཞལ་ནས་ཞུགས། ཐུགས་ཀར་ཆགས་ཆེན་གྱི་མེས་བཞུས་སྐུ་ཡི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས། ཡུམ་གྱི་དམར་ཆ་ཡང་བདེ་བ་ཆེན་པོར་ཞུ་བ་དང་འདྲེས་པའི་བདུད་རྩི་དཀར་དམར་དེ་ཉིད་ཁྱེད་རང་རྣམས་རྟ་མགྲིན་དུ་གསལ་བའི་ལྗགས་ཐོག་ཏུ་བྱིན་ཏེ་དབང་བསྐུར་བར་མོས་མཛོད། ཨོཾ། ཕུང་ཁམས་སྐྱེ་མཆེད་གདོད་ནས་ལྷ་རུ་དག །བྱང་སེམས་དཀར་དམར་བདེ་ཆེན་བླ་ན་མེད། །དྲི་མེད་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས། །གཉིས་མེད་བྱང་ཆུབ་སེམས་ཀྱི་དབང་ཐོབ་ཤོག །བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧོཿ ཞེས་བདུད་རྩི་བླུད། བྱང་ཆུབ་སེམས་ཀྱི་རྒྱུན་ལྕེ་ཐོག་ནས་བྱོན། ལུས་ཀྱི་ནང་རྩ་འཁོར་ནས་རིམ་གྱིས་བརྒྱུད་དེ། ལུས་ཐམས་ཅད་ཟག་མེད་ཀྱི་བདེ་བས་བདེ་ཕྲིལ་གྱིས་གང་། ལས་རླུང་གི་རྒྱུ་བ་ཆད། ཡེ་ཤེས་ཀྱི་རླུང་འབའ་ཞིག་ཏུ་སོང་བར་མོས་ཤིག །དེའང་བླ་མ་ཡབ་ཡུམ་གྱི་ལུས་ཀྱི་བུམ་པ་ལས་བྱང་སེམས་ཀྱི་ཆུ་རྒྱུན་བྱུང་བས་ལུས་སེམས་ཀྱི་དྲི་མ་མཐའ་དག་བཀྲུས་པ་ནི་བུམ་དབང་། ལྕེ་ཐོག་ཏུ་བཞག་པས་གཙང་རྨེའི་རྟོག་པ་བྲལ་ཞིང་དེ་ཉིད་ཀུན་གྱི་སྤྱོད་ཡུལ་དུ་མ་གྱུར་པས་གསང་དབང་། དེའི་རོ་མྱོང་བས་ལུས་སེམས་བདེ་བས་ཁྱབ་པ་ཤེས་རབ་ཡེ་ཤེས། དེ་གསུམ་ཀའི་ངོ་བོ་གཉིས་མེད་མངོན་དུ་མཐོང་བ་དབང་བཞི་པའོ། །དེ་ལྟར་ན་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་པ་ཐོབ། ངག་གི་དྲི་མ་དག །ལམ་ཙཎྜ་ལཱི་སྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་རིག་མའི་རྟུལ་ཞུགས་ཀྱི་དབང་ནི། རིག་མའི་བརྟུལ་ཞུགས་སམ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་མཛོད། ཨོཾ་ཨཱཿཧཱུྃ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། རིགས་ཀྱི་བདག་པོ་རྡོ་རྗེ་འཛིན། །འཁོར་ལོ་བདེ་མཆོག་བདེ་བའི་མཆོག །ཁྱེད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །གསུམ་པའི་དབང་མཆོག་བསྩལ་དུ་གསོལ། །ལན་གསུམ། འབྲུ་གསུམ་བརྗོད་ལ་གདོང་བསལ། མཚན་ཉིད་དང་ལྡན་ཅིང་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པའི་རིག་མ་ཁྱེད་རང་གི་མདུན་དུ་བྱོན་ཏེ་ལུས་གོས་དང་བྲལ་བར་བྱས་པ་ལ་དགའ་ཞིང་གུས་པར་བལྟས་པས། ཕུང་ཁམས་སྐྱེ་མཆེད་ཡོངས་གྲུབ་གདན་གསུམ་ཚང་བའི་དཀྱིལ་འཁོར་བདེ་བ་ཆེན་པོ་ཀུན་ནས་འབྱུང་བའི་ཕོ་བྲང་དུ་གསལ་བར་མཐོང་བ་དང་། དེས་དྲི་བའི་ཚིག་འདི་ལྟར་སྨྲས་པར་མོས་ཤིག །ཀྱེ་ཧོ། ཚེ་འདིར་མཆོག་འདོད་སྐལ་བ་ཅན། །ཕྱོགས་དུས་རྒྱལ་བ་སྲས་བཅས་ཀུན། ཁོ་མོའི་པདྨ་འདི་ལས་བྱུང་། །འདི་ནི་ཆོས་དབྱིངས་ཡུམ་གྱི་མཁའ། །ལུས་ཀྱི་དཀྱིལ་འཁོར་བདེ་ཆེན་ཡིན། །ཆོ་ག་བཞིན་དུ་བསྟེན་སྤྲོ་འམ། །ཞེས་བརྗོད་པ་ལ་ཤིན་ཏུ་སྤྲོ་བའི་ཚིག་གིས་ལན་བཏབ་པར་མོས་ལ་འདིའི་རྗེས་ཟློས། ཚེ་འདིར་མཆོག་འདོད་སྐལ་ལྡན་བདག །ཕྱོགས་དུས་རྒྱལ་བ་སྲས་བཅས་ཀུན། ཁྱེད་ཀྱི་པདྨ་ལས་བྱུང་ཤེས། །དེ་ཕྱིར་ཆོས་དབྱིངས་ཡུམ་གྱི་མཁའ། །ལུས་ཀྱི་དཀྱིལ་འཁོར་བདེ་ཆེན་ཡིན། །ཆོ་ག་བཞིན་དུ་བསྟེན་སྤྲོ་ལགས། །ཞེས་ལན་བཏབ་པས་རིག་མ་དེ་ཉིད་དགྱེས་ཏེ་ལུས་གཅེར་བུར་བྱས། གུར་གུམ་ལ་སོགས་པས་དྲི་ཞིམ་པར་བསྒོས་པའི་པདྨ་ངོམ་བཞིན་དུ་གནས་པ། བླ་མས་ཁྱེད་རང་རྣམས་ལ་གཏད་དེ་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེད་པའི་དབང་བསྐུར་བས། ཉོན་མོངས་པ་ཡེ་ཤེས་སུ་འཆར་ནས་ཤེས་རབ་དབྱིངས་ཀྱི་ཡུམ་ལ་དབང་ཐོབ་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ། མཚན་ལྡན་བཀྲ་ཤིས་ཤེས་རབ་ཡུམ། །འགྱུར་མེད་བདེ་སྟེར་ཡིད་འོང་མ། ཁྱེར་ལ་མཆོད་པ་ཆེན་པོ་གྱིས། །འཁོར་ལོའི་གནས་བཞིར་དབབ་བཟུང་ཟློག །དགྲམ་ལས་ཆོས་ཉིད་དོན་རྟོགས་བྱོས། །ཀུན་བཟང་དགོངས་པ་བླ་མེད་པ། །ད་ལྟ་ཁྱོད་ལ་མངོན་སུམ་དུ། །འཆར་འགྱུར་འདི་ལ་ཐེ་ཚོམ་མེད། །སྨིན་གྲོལ་དབང་མཆོག་བསྐུར་ཐོབ་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་མུ་དྲ་པཉྩ་ཛྙཱ་ན་མ་ཧཱ་སུ་ཁ་བྷཉྫ་མོཀྵ་ཧོཿ དེ་ནས་ཁྱེད་རང་རྣམས་རྟ་མཆོག་ཧེ་རུ་ཀ་དང་ཕྱག་རྒྱ་རྡོ་རྗེ་ཕག་མོར་གསལ་བའི་ཡུམ་གྱི་མཁའ་ཨཱཿལས་པདྨ་དམར་པོ་ཨཱཿས་མཚན་པ་དང། ཡབ་ཀྱི་གསང་བའི་གནས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། ལུས་ཀྱི་དབུས་ན་རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་གསལ་བར་སྒོམས་ཤིག །དགའ་བའི་རོལ་རྩེད་བྱས་པས་ལྟེ་བ་ནས་གཏུམ་མོའི་མེ་འབར་སྤྱི་བོའི་ཧཾ་ལ་རེག་པས་ཡབ་ཡུམ་སོ་སོའི་སྤྱི་བོ་ནས་ཁམས་དཀར་དམར་གཡོས་ཏེ་མགྲིན་པར་བབས་པ་དགའ་བའི་ཡེ་ཤེས། མཁའ་གསང་སྙོམས་པར་ཞུགས་པས་བྱང་སེམས་སྙིང་ཁར་བབས་པ་མཆོག་དགའི་ཡེ་ཤེས། ལྟེ་བར་བབ་པས་དགའ་བྲལ་གྱི་ཡེ་ཤེས། གསང་གནས་སུ་བབས་ཏེ་ཡབ་ཀྱི་རྡོ་རྗེ་ནོར་བུའི་རྩེ་དང་ཡུམ་གྱི་རྩ་མཛེས་པའི་སྤྱི་བོར་བབས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། དེ་དག་ནི་ཡས་བབས་ཀྱི་དགའ་བ་བཞི་ཡིན་པས་སོ་སོར་ངོས་ཟིན་པར་གྱིས་ལ་དེའི་རང་ངོར་མཉམ་པར་འཇོག་པ་ཞུ། དེ་ནས་བྱང་སེམས་ཡབ་ཡུམ་སོ་སོའི་མཁའ་གསང་གི་རྩེ་མོར་རླུང་འཕོ་བ་མེད་པའི་སྟོབས་ཀྱིས་བཟུང་སྟེ། སླར་རླུང་ཧཱུྃ་གི་གདངས་ཅན་གྱིས་གྱེན་དུ་དྲངས་ཏེ། གསང་གནས་ནས་ལྟེ་བར་བྱོན་པས་དགའ་བའི་ཡེ་ཤེས་མངོན་དུ་བྱས། ཞེ་སྡང་ལས་གྱུར་པའི་རྟོག་པ་སུམ་ཅུ་རྩ་གསུམ་འགག །ལྟེ་བ་ནས་སྙིང་གར་བྱོན། མཆོག་དགའི་ཡེ་ཤེས་མངོན་དུ་བྱས། འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགག །སྙིང་ཁ་ནས་མགྲིན་པར་བྱོན། དགའ་བྲལ་གྱི་ཡེ་ཤེས་མངོན་དུ་བྱས། གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགག །མགྲིན་པ་ནས་སྤྱི་བོར་བྱོན། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས། རང་བཞིན་བརྒྱད་ཅུའི་རྟོག་པ་བག་ཆགས་དང་བཅས་པ་འགགས་ནས་ལུས་ཐམས་ཅད་ཁྱབ་སྟེ་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་སྐྱེས། ཉམས་མྱོང་བློ་ལས་འདས་པ། སངས་རྒྱས་ཀྱི་དགོངས་པ་དངོས་པོའི་གནས་ལུགས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ནི་དེ་ཁོ་ན་ཉིད་ཡིན་པས་ངོ་ཤེས་པར་གྱིས་ལ་མཉམ་པར་ཞོག་ཅིག །དེ་ནི་མས་བརྟན་གྱི་དགའ་བ་བཞི་ངོ་སྤྲད་པ་སྟེ། དོ་ནུབ་སྐལ་ལྡན་ཁྱེད་རྣམས་ལ། ཀུན་ཏུ་བཟང་པོ་སྨན་རྒྱལ་གྱི་དགོངས་པ་ལག་བཅངས་སུ་སྤྲད་པ་ཡིན། འཁོར་བ་ལས་བཙན་ཐབས་སུ་གྲོལ་བ་ལ་སྤྲོ་དགའ་ཆེན་པོ་མཛོད་ཅིག །དེས་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པ་ཐོབ། ཡིད་ཀྱི་དྲི་མ་དག །ཕོ་ཉའི་ལམ་སྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །གསུམ་པ་རིག་པ་ཡེ་ཤེས་ཀྱི་དབང་ནི། དབང་བཞི་པ་རིག་པ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་དོན་དུ་རང་ལ་བདོག་དགུའི་དབྱིག་ཐམས་ཅད་ཕུལ་བར་མོས་ལ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོཿ བཀའ་དྲིན་འཁོར་མེད་བླ་མ་ལ། །ལུས་དང་ལོངས་སྤྱོད་མཆོད་པར་འབུལ། །བདེ་ཆེན་འགྱུར་མེད་གཞལ་ཡས་འདིར། །ཡང་དག་སྙིང་པོ་བདག་ལ་སྩོལ། །ལན་གསུམ། བླ་མས་དབང་རྟེན་རྡོ་རྗེ་དྲིལ་བུ་ལག་ཏུ་གཏད། མདུན་དུ་མེ་ལོང་ལ་མན་ཤེལ་གྱི་གཟུགས་འཆར་དུ་བཅུག་ལ། ཧཱུྃ། རང་རིག་ཡེ་ཤེས་བདེ་ཆེན་ཀློང་། །གསལ་ལ་མ་འགག་འཛིན་རྟོག་བྲལ། །ཐབས་དང་ཤེས་རབ་ཟུང་དུ་འཇུག །འདིར་མ་འདུས་པའི་ཆོས་གཞན་མེད། །ཚིག་ཏུ་བརྗོད་བྲལ་བརྡ་ཡིས་མཚོན། །འགྱུར་མེད་ཐུགས་མཆོག་དབང་བསྐུར་ནས། །བསྐུར་དུས་དུས་གསུམ་དུས་མེད་མཆོག །སློབ་དཔོན་རང་སེམས་དྲི་མ་མེད། །བློ་འདས་རང་གྲོལ་སྣོད་ལྡན་བུ། །དཀྱིལ་འཁོར་ཟུང་འཇུག་ཕྱག་རྒྱ་ཆེ། །འཇུག་ཚུལ་རང་གསལ་རང་འཇུག་སྟེ། །ངོ་བོ་གང་མཐོང་མིག་དབྱེ་བ། །ལམ་ལ་གོམས་འཇུག་དབང་ཐོབ་ཤོག །འདི་ནི་གསང་བའི་གསང་མཆོག་པས། །བསྟིམ་གནས་མཉམ་ཉིད་ཡེ་ཤེས་ཆེ། །འཁྲུལ་དང་གྲོལ་བའི་བར་གྱི་ཆོས། །མ་ལུས་རང་གི་སེམས་ལ་རྫོགས། །གསལ་ལ་མ་འགག་འཛིན་པ་སྤངས། །བསྒྲིབས་དང་མ་བསྒྲིབ་འདི་ལ་མེད། །འདི་ལ་སྟོན་བྱ་བསྟན་བྱེད་བྲལ། །གནས་འགྱུ་བྱིང་རྨུགས་འཕྲོ་རྒོད་དང་། །བདེ་གསལ་མི་རྟོག་ལ་སོགས་པ། །གང་ཤར་གང་སྣང་དེ་ཉིད་ལ། །བཟང་ངན་འདམ་ཁ་མ་བྱེད་པར། །རང་བབས་བཟོ་མེད་གཤིས་ལ་ཞོག །གལ་ཏེ་རྟག་ཆད་མཐའ་བྲལ་སོགས། །ཆེད་དུ་འབད་ནས་གང་བསྒོམ་པ། །དུག་སྦྲུལ་གཙེས་པ་དག་དང་མཚུངས། །ཐོག་མ་མེད་ནས་མཐའ་མེད་པར། །སྲིད་པར་ལྟུང་བ་གང་ཡིན་པ། །གཤིས་ལ་འཁྲུལ་ནས་བཅོས་པས་ལན། །དེ་ཕྱིར་རང་གི་རིག་པ་ལས། །ཡེ་ཤེས་གཞན་དུ་ཚོལ་འདོད་པ། །སྙིང་ལ་གདོན་ཆེན་ཟིན་པ་ཡིན། །མན་ཤེལ་རྐྱེན་གྱིས་བསྒྱུར་བ་ལྟར། །སྣ་ཚོགས་འཆར་ཡང་རང་རིག་ནི། །བདེ་བ་ཆེ་ལས་གཡོས་པ་མེད། །དེ་ཕྱིར་རང་རིག་ཡེ་ཤེས་ཀྱི། །དབང་མཆོག་སྐལ་ལྡན་བུ་ལ་བསྐུར། །སྤང་བླང་མེད་པར་ཐོབ་གྱུར་ཅིག །ཨོཾ་ཨཱཿཧཱུྃ་ཛྙཱ་ན་པཉྩ་སརྦ་དྷརྨ་ཨ་བྷི་ཥིཉྩ་ཧཱུྃ། དེའང་གནས་ལུགས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་དེ་ཉིད་ཚིག་ཏུ་བརྗོད་པ་ཙམ་གྱིས་མངོན་དུ་བྱེད་མི་ནུས་པས། སྔར་དབང་གསུམ་པའི་སྐབས་སུ་ལས་རྒྱ་ལས་སྐྱེས་པའི་ཡེ་ཤེས་དེ་ཉིད་དཔེར་བྱས་ཏེ་འདིར་ཚིག་གིས་ངོ་སྤྲད་པ་ཡིན་ཏེ། རང་ཉིད་ལྷའི་སྐུར་གསལ་བ་སྤྲུལ་སྐུ །སེམས་རྒྱུད་བདེ་ཆེན་གྱི་ཡེ་ཤེས་སུ་ཤར་བ་ལོངས་སྐུ །དེའི་རང་བཞིན་སྤྲོས་པ་དང་བྲལ་བ་ཆོས་སྐུ །དེ་རྣམས་ལྡོག་པ་ཐ་དད་ཀྱང་ངོ་བོ་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་གཅིག་པ་ངོ་བོ་ཉིད་ཀྱི་སྐུར་ངེས་ཤེས་བསྐྱེད་དེ། སེམས་ཀྱི་མཚན་ཉིད་གསལ་བ་ངོ་བོ་སྟོང་པ་རང་བཞིན་མ་བཅོས་པ་དེའི་ངང་དུ་ཅུང་ཟད་མཉམ་པར་ཞོག་མཛོད། དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །ལམ་རྡོ་རྗེ་རྦ་རླབས་སྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །རབ་གནས་ཤིས་བརྗོད་སྔར་བཞིན་བྱའོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་དབང་ལ། ལྟ་སྒོམ་འབྲས་བུ་སྤྱོད་པ་དང་། །ཐམས་ཅད་ཀུན་རྫོགས་དབང་ལྔ་འོ། །དང་པོ་ནི། དེ་ནས་དེ་ཁོ་ན་ཉིད་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་ཡིད་བཞིན་གྱི་ནོར་བུ་དང་གནས་ལུགས་རྟོགས་པའི་མཎྜལ་ཕུལ་བར་མོས་ལ་ཞིང་ཁམས་འབུལ་བར་ཞུ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ། ཀུན་བཟང་རང་སེམས་བླ་མ་ལ། །ཀ་དག་བློ་འདས་མནྜལ་འབུལ། །ལྟ་སྒོམ་སྤྱོད་འབྲས་ཟབ་མོའི་དབང་། །ཀུན་རྫོགས་ཁྱབ་གདལ་བསྐུར་དུ་གསོལ། །ལན་གསུམ། ཁྱེད་རང་རྣམས་ལུས་བསམ་གཏན་གྱི་སྤྱོད་ལམ་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་མདུན་གྱི་བར་སྣང་ལ་ལྟོས་ལ། སེམས་ཀྱི་ངོ་བོ་སྟོང་གསལ་མཐའ་བྲལ་གཉུག་མ་ཁྱབ་གདལ་ཆེན་པོའི་ངང་དུ་ཞོག་ཅིག །ཧཱུྃ། ལྟོས་ཤིག་སྐལ་ལྡན་སྙིང་གི་བུ། །བར་སྣང་ཡངས་པའི་དཀྱིལ་དུ་ལྟོས། །སྟོང་གསལ་རང་མདངས་མཐའ་དབུས་བྲལ། །ཞེན་འཛིན་ཡུལ་མེད་བདེ་བ་ཆེ། །ཕྱོགས་ལྷུང་མཐའ་སྤངས་ལྟ་བའི་མཆོག །ཀུན་བྱེད་ཀུན་གྲོལ་ཁྱབ་གདལ་བ། །དུས་གསུམ་རྒྱལ་བའི་དགོངས་དབང་བསྐུར། །ཐོབ་མེད་ཚུལ་གྱིས་ཐོབ་གྱུར་ཅིག །ཨ་ཏི་ཧོཿ གཉིས་པ་སྒོམ་པ་ནི། མར་མེ་གསལ་བ་ཞིག་བཏེགས་ལ། རླུང་གིས་མ་བསྐྱོད་པའི་མར་མེ་རང་གསལ་བ་འདི་ལྟར་གསལ་ལ་འཛིན་པ་མེད་པའི་ངང་དུ་སྒོམས་ཤིག །ཧཱུྃ། སྟོང་ཉིད་མཐོང་བའི་རྣལ་འབྱོར་པ། །སྒོམས་ཤིག་སྒོམས་ཤིག་མ་སྒོམས་ཤིག །རླུང་གིས་མ་བསྐྱོད་མར་མེ་ལྟར། །གསལ་སྟོང་འཛིན་མེད་དབང་ཐོབ་ཤོག །ཨ་ཏི་ཧོཿ གསུམ་པ་འབྲས་བུ་ནི། བུར་ཆང་བླུད་ལ། ཁོང་དུ་མི་མིད་པར་ཕཊ་བརྗོད་ཅིག །བྱས་ལ། བུར་ཆང་ཁར་བཟུང་བས་རོ་མངར་བ་ཉམས་སུ་མྱོང་ཡང་སྨྲ་མི་ཤེས་པ་ལྟར། དབང་གི་ཡེ་ཤེས་སེམས་ཀྱི་གནས་ལུགས་བདེ་སྟོང་དུ་ཤར་བ། སྨྲ་བརྗོད་དང་བྲལ་བར་ཤེས་པར་གྱིས་ཤིག །ཨེ་མ་ལྟོས་ཤིག་སྐལ་ལྡན་བུ། །རང་སེམས་ཆོས་སྐུ་འགྱུར་མེད་ལྟོས། །སྨྲ་བསམ་བརྗོད་མེད་མཐའ་ལས་འདས། །མཁུར་བཀང་སྨྲ་འདོད་ཇི་བཞིན་ནོ། །གང་ཡང་མ་གྲུབ་སྟོང་ཆེན་ངང་། །འགྱུར་མེད་གདིང་ལྡན་འབྲས་བུ་མཆོག །འདི་ལས་གཞན་དུ་མ་རེ་ཞིག །རང་ཆས་ལྷུན་གྲུབ་དབང་ཐོབ་ཤོག །ཨ་ཏི་ཧོཿ དེའི་ངང་ལས་ཕཊ་ཅེས་བརྗོད་དུ་བཅུག་ཀྱང་མཁུར་བ་བདུད་རྩིས་གང་བས་སྨྲ་མི་ཤེས་པ་ལྟར། འབྲས་བུ་སྐུ་གསུམ་ཡང་ཚིག་དང་དོན་ལས་འདས་པར་ངོ་ཤེས་པར་མཛོད་ཅིག །བཞི་པ་སྤྱོད་པ་ནི། སློབ་དཔོན་གྱིས་གར་སྟབས་བྱས་ལ། ལུས་ཀྱི་སྤྱོད་ལམ་ཅི་བྱས་པ་ཐམས་ཅད་འགྲོ་བའི་དོན་དུ་འགྱུར་བར་གྱིས་ཤིག །ཧཱུྃ། ཉོན་ཅིག་སྐལ་ལྡན་སྙིང་གི་བུ། །སྟོང་ཉིད་ཡེ་ཤེས་རོལ་པ་ལས། །དགག་སྒྲུབ་མེད་པའི་སྤྱོད་པ་ཤར། །ཅི་བྱས་འགྲོ་དོན་དབང་ཐོབ་ཤོག །ཨ་ཏི་ཧོཿ ཞེས་པ་ངོ་སྤྲད་ལ་རོལ་མོ་བསྒྲག་གོ །ལྔ་པ་ཆོས་རྣམས་ཀུན་རྫོགས་དང་རྡོ་རྗེ་སློབ་དཔོན་གྱི་དབང་ནི། པདྨ་འདབ་དྲུག་གི་སྟེང་དུ་ཤེལ་གྱི་མཆོད་རྟེན་བང་རིམ་དགུ་པ་དང་རྡོ་རྗེ་དྲིལ་བུ་གཏད་དེ། ཧཱུྃ། ཐེག་སྒོ་བསམ་མི་ཁྱབ་ཀྱང་བློ་ཡི་བྲིད་ཐབས་ཡིན། །ཆོས་རྣམས་སེམས་ལ་མ་རྫོགས་རྡུལ་ཙམ་ག་ལ་ཡོད། །སེམས་ཉིད་བདེན་གཉིས་དབྱེར་མེད་མཐར་ཐུག་ཆོས་སྐུ་དངོས། །ཀུན་ཁྱབ་དུམ་བུར་བཅད་པ་དེ་རིང་ཁྱབ་གདལ་ལོ། །ད་ནི་བུ་ཁྱེད་རྒྱལ་བ་ཀུན་དང་དབྱེར་མེད་དེ། །གང་ལ་གང་འདུལ་ཐབས་ཀྱིས་འགྲོ་རྣམས་བདེ་ལ་བཀོད། །ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དམ་ལྡན་ཞིང་། །སྐལ་ལྡན་སློབ་བུའི་ཚོགས་ལ་ཟབ་མོ་དེ་ཉིད་སྟོན། །ཆོས་ཀྱི་རྒྱལ་ཚབ་དམ་པར་ཁྱོད་ཉིད་དབང་བསྐུར་རོ། །རང་གཞན་དོན་གཉིས་ལྷུན་གྲུབ་འགྱུར་མེད་བདེ་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་དྷ་ར་སརྦ་ཨ་བྷི་ཥིཉྩ་ཧཱུྃ། དེང་ཕྱིན་ཆད་ཁྱོད་སྨན་གྱི་རྡོ་རྗེ་སློབ་དཔོན་ཆེན་པོར་དབང་བསྐུར་ཏེ་རྒྱལ་བའི་གདུང་འཚོབ་ཏུ་གྱུར་པ་ཡིན་པས་རྩ་བ་གསུམ་གྱི་དབང་སྐུར། རྒྱུད་བཞི་ཤོད། སྨན་གྱི་ལག་ལེན་རྣམས་སྟོན་ལ་འགྲོ་བ་རྣམས་རྒྱུ་དང་འབྲས་བུའི་ནད་ལས་ཐར་བར་མཛོད་ཅིག །རབ་གནས་ཤིས་བརྗོད་བྱ་ཞིང་རོལ་མོ་སྒྲོག །གསུམ་པ་རྗེས་ཀྱི་བྱ་བ་ལ། དམ་ཚིག་བསླབ་བྱ་སྐྱོན་ཡོན་ཏན། །ཡོན་འབུལ་བཀའ་ཡི་གཏད་རྒྱ་ལྔ། །དང་པོ་ནི། དེ་ལྟར་རིགས་འདུས་རྒྱལ་བ་བླ་མ་སྨན་རྒྱལ་གྱི་དཀྱིལ་འཁོར་དུ་དབང་གདམས་པ་ཐོབ་པའི་རྣལ་འབྱོར་གྱིས་དམ་ཚིག་སྲུང་བའི་རིམ་པ་ནི་གསུམ་སྟེ། ཕྱི་ནང་གསང་བའོ། །དང་པོ་ལ་བློ་གཞག་དྲུག་ནི། སློབ་དཔོན་ལ་སངས་རྒྱས་ཀྱི་བློ་གཞག །དེའི་གསུང་ལ་དྲང་སྲོང་གི་གསུང་དུ་བློ་གཞག །གསོ་དཔྱད་ལ་དམ་པའི་ཆོས་སུ་བློ་གཞག །མཆེད་གྲོགས་ལ་སྤུན་གྱི་བློ་གཞག །ནད་པ་ལ་བུ་ཚའི་བློ་གཞག །རྣག་ཁྲག་ལ་ཁྱི་ཕག་གི་བློ་གཞག་པ་དང་དྲུག་གོ །གཟུང་བྱ་གཉིས་ནི། སྨན་གྱི་བརྒྱུད་པ་འཛིན་པའི་རིག་འཛིན་རྣམས་བཀའ་སྲུང་དུ་བཟུང་ལ་གསོལ་མཆོད་བྱ་ཞིང་རེ་ལྟོས་བྱ། ཆ་དཔྱད་རྣམས་ཡི་དམ་གྱི་ཕྱག་མཚན་ལྟར་བཟུང་ལ་མི་འབྲལ་བར་བཅང་ངོ་། །ཤེས་བྱ་གསུམ་ནི། སྨན་རྣམས་དགོས་འདོད་འབྱུང་བའི་ནོར་བུ། རིག་འཛིན་མཆོད་པའི་མཆོད་རྫས། ནད་རྣམས་སེལ་བའི་བདུད་རྩིར་ཤེས་པར་བྱའོ། །གཉིས་པ་ནང་གི་དམ་ཚིག་ནི། རྩ་བ་སྐུ་གསུང་ཐུགས་གསུམ། སྐུའི་དམ་ཚིག་རྡོ་རྗེ་སློབ་དཔོན་དང་མཆེད་ལྕམ་དྲལ་ལ་སྐད་ཅིག་ཀྱང་ལོག་ལྟ་ཐུགས་འགལ་མ་ཤོར་བ་ཁོང་པའི་སྙིང་ལྟར་བཙའ། གསུང་གི་དམ་ཚིག་ཡི་དམ་ལྷའི་ཕྱག་རྒྱ་བཟླས་པ་ཏིང་འཛིན་རྒྱུན་མི་གཅད། ཐུགས་ཀྱི་དམ་ཚིག་གསང་སྔགས་ཀྱི་ལྟ་སྤྱོད་གནས་དུས་སྒྲུབ་རྫས་སོགས་དམ་མེད་ལ་ཤིན་ཏུ་གསང་། ཡན་ལག་གི་དམ་ཚིག་ཤེས་བྱ་ལྔ། སྤྱད་བྱ་ལྔ། མི་སྤང་བ་ལྔ། བསྒྲུབ་བྱ་ལྔ། དང་དུ་བླང་བར་བྱ་བ་ལྔ་རྣམས་མ་ཧཱ་ཡོ་ག་སྤྱི་ལྟར་བསྲུང་། ཐུན་མོང་སྤྱིའི་དམ་ཚིག་ཏུ་རྩ་བའི་བླ་མ་སྤྱི་བོར་ཁུར་ཞིང་བཀའ་ཡི་ཟུར་ཙམ་ཡང་མི་གཅོག་པ་དང་། བླ་ན་མེད་པའི་ཐེག་པ་མི་སྤང་བ་དང་། ཐུན་བཞིའི་རྣལ་འབྱོར་མི་ཡེངས་པ་དང་། སྔགས་དང་ཆོས་སྤྱི་ལ་ཐེ་ཚོམ་སྤང་བ་དང་། མཆེད་ལྕམ་གདུང་སེམས་ཀྱིས་སྐྱོང་བ་དང་། སེམས་ཅན་ཐམས་ཅད་སྙིང་རྗེས་དྲང་བ་དང་། ཉོན་མོངས་པ་རང་ཁར་མི་གཏོང་བ་དང་། ཐེག་པའི་ཆོས་ཀྱི་ཁ་འཛིན་ཆེས་ནས་གཞན་ལ་མི་སྨོད་པ་དང་། ལེ་ལོ་གཉིད་དང་ཆང་དབང་སྤང་བ་དང་། ལྟ་སྤྱོད་ཟུང་དུ་འབྲེལ་བས་བསྙེན་སྒྲུབ་མཐར་དབྱུང་བར་བྱའོ། །གསང་བའི་དམ་ཚིག་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་ཡང་གདོད་ནས་རང་བྱུང་ཆོས་སྐུའི་ངང་དུ་རྟོགས་པ་དེ་ལས་མི་འདའ་བར་སྲུང་ངོ་། །གཞན་ཡང་བདེ་བའི་དམ་ཚིག་ཏུ། ཐིག་ལེ་སྲོག་ལས་གཅེས་པར་ཡུངས་འབྲུ་ཙམ་ཡང་མ་ཉམས་པར་སྲུང་། གསལ་བའི་དམ་ཚིག་ཏུ་རླུང་གི་རྣལ་འབྱོར་ལ་འབད། མི་རྟོག་པའི་དམ་ཚིག་ཏུ་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བའི་རང་བཞིན་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་གཞག །དུས་དང་རྣམ་པ་ཐམས་ཅད་དུ་འཛིན་པ་མེད་པའི་དྲན་པ་མ་ཡེངས་ཙམ་རྒྱང་སོ་བཙུགས་ནས་ཤེས་བཞིན་གྱི་མེལ་ཚེས་སྲུང་བ་གཅེས་སོ། །དེ་ཡང་། དམ་ཚིག་རྣམས་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །ཅེས་སོགས་རྒྱ་ཆེར་འབྱུང་བ་ལྟར། དབང་ཐོབ་ནས་དམ་ཚིག་མ་བསྲུང་ན་མནར་མེད་པར་འགྲོ་ཞིང་བསྲུངས་ན་ཚེ་གཅིག་གིས་ཀུན་བཟང་སྨན་པའི་རྒྱལ་པོའི་གོ་འཕང་འཐོབ་པར་འགྱུར་བས་མ་ཉམས་པར་བསྲུང་བ་དང་ཉམས་ན་བཤགས་ཤིང་སྐོང་བའི་ཐབས་ལ་འབད་དགོས་སོ། །གཉིས་པ་སྐྱོན་ནི། དེའང་ཐོག་མར་གསང་སྔགས་བླ་མེད་ཀྱི་ཆོས་སྒོ་འབྱེད་དགོས་པས། དབང་བསྐུར་ཐོབ་དགོས་པ་ནི། ཇི་སྐད་དུ། སྣོད་ལྡན་སྐལ་བཟང་སྐྱེས་བུ་ཡིས། །ཚེ་འདིར་དངོས་གྲུབ་མཆོག་ཐོབ་ཕྱིར། །མཚན་ཉིད་ལྡན་པའི་བླ་མ་ལ། །གུས་པས་དབང་མཆོག་རྫོགས་པར་ཞུ། །ཞེས་གསུངས་སོ། །དབང་མ་ཐོབ་པའི་སྐྱོན་ནི། ཇི་སྐད་དུ། དབང་བསྐུར་མ་ཐོབ་སྔགས་འཆང་དང་། །བསྙེན་སྒྲུབ་ལས་སྦྱོར་ལ་འཇུག་པ། །གདོན་ཆེན་སྙིང་ལ་ཟིན་པ་ཡིན། །འདོད་པའི་འབྲས་མེད་དམྱལ་བར་སྲེག །ཅེས་གསུངས་སོ། །གསུམ་པ་ཡོན་ཏན་ནི། དབང་ཐོབ་པའི་ཡོན་ཏན་ནི། བླ་མ་མཆོག་ལ་མངོན་སུམ་དུ། །དབང་རྫོགས་ཐོབ་པའི་རྣལ་འབྱོར་དེ། །རྒྱལ་བ་ཀུན་གྱི་སྲས་སུ་འགྱུར། །འགྱུར་མེད་བདེ་ཆེན་གོ་འཕང་ཐོབ། །ཅེས་གསུངས་སོ། །བཞི་པ་ཡོན་འབུལ་ནི། དབང་ཐོབ་ནས་ཡོན་འབུལ་ཏེ། ཇི་སྐད་དུ། དབང་ཐོབ་བླ་མ་སངས་རྒྱས་ལ། །རང་ལུས་བུ་དང་ཆུང་མ་དང་། །རྒྱལ་སྲིད་ལོངས་སྤྱོད་ཡོན་དུ་འབུལ། །མ་ཕུལ་དབང་གི་འབྲས་བུ་མེད། །ཅེས་གསུངས་པ་ཡིན་ནོ། །ལྔ་པ་བཀའ་གཏད་ནི། དེ་རྣམས་ཀྱི་སྐྱོན་ཡོན་ཁོང་དུ་ཆུད་ཅིང་སྤང་བླང་ཚུལ་བཞིན་བྱེད་པའི་སློབ་མ་དམ་ལྡན་ལ་བཀའ་ལུང་གདམས་པའི་གཉེར་གཏད་པར་གསུངས་པ་ལྟར་བསྒྲུབ་པ་ཡིན་པས་སྤང་བླང་ཐུགས་ལ་ངེས་པའི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པའི་འདུན་པ་རྩེ་གཅིག་ཏུ་མཛོད་ཅིག །ཅེས་མཚམས་སྦྱར་ལ། རྡོ་རྗེ། དྲིལ་བུ། ཌཱ་རུ། གྲི་ཐོད། སྒོམ་ཐག །སྐུ་རྟེན། རྒྱུད་སྡེ་དང་བསྐྱེད་རྫོགས་ཀྱི་པོ་ཏི་སྨན་དང་ཆ་དཔྱད་རྣམས་ལག་ཏུ་གཏད་ནས་འདི་སྐད་བརྗོད། ཧཱུྃ་ཧྲཱིཿ ཀུན་འདུས་རྒྱལ་བ་བླ་མའི་ལྷ་ཚོགས་ཀྱི། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྣམས། །ཚེ་འདིར་ཐོབ་ནས་འགྲོ་བ་ཀུན་འདྲེན་ཕྱིར། །དབང་བསྐུར་རྒྱུད་བཤད་མན་ངག་གཉེར་གཏད་དོ། །ཡིད་བཞིན་ནོར་བུ་དཔག་བསམ་ལྗོན་ཤིང་དང་། །འདོད་འཇོའི་བ་ལྟར་རང་གཞན་རེ་སྐོང་བའི། །རྒྱལ་བའི་བཀའ་གསང་ཟབ་མོའི་གཉེར་གཏད་དོ། །གཏད་དོ་གཉེར་རོ་བཀའ་འདི་ཐུབ་པར་སྲུངས། །སེང་གེའི་འོ་མ་སྣོད་ངན་ཇི་བཞིན་དུ། །དམ་མེད་རྣམས་ལ་བཀའ་འདི་ཤོར་ར་རེ། །ངོ་བསྟོད་གཞོག་སློང་ནོར་ཕྱིར་ཤོར་ར་རེ། ཁ་འཇམ་བྲིད་མཁས་བསླུ་ཕྱིར་ཤོར་ར་རེ། །ཀུན་འདུས་བླ་མ་རྒྱལ་བ་སྨན་རྒྱལ་བཀའ། །སྙིང་གི་ནོར་དང་མིག་གི་འབྲས་བུ་ཡིན། ཁྱད་པར་བླ་མ་ཆོས་ལ་ལོག་པར་ལྟ། །རྟོག་གེ་བ་དང་ཐེ་ཚོམ་ཅན་ལ་གསང་། །ཧཱུྃ་ཧྲཱིཿ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དང། །ཆོས་སྐྱོང་བཀའ་སྲུང་ཐམས་ཅད་བསྙེན་ཅིང་བསྒྲུབ། །བསྐྱེད་རྫོགས་ཏིང་འཛིན་ལས་མཐར་སྐྱེལ་བ་དང་། །ཕྲིན་ལས་ཐོགས་མེད་འགྲུབ་པའི་བཀའ་གཏད་དོ། །རྩ་བ་ཐུགས་ཀྱི་རྒྱུད་ཀྱི་བཀའ་གཉེར་གཏད། །འགྲོ་བའི་ཞེ་སྡང་རྒྱུ་འབྲས་ནད་སོལ་ཅིག །བཤད་པ་སྐུ་ཡི་རྒྱུད་ཀྱི་བཀའ་གཉེར་གཏད། །འགྲོ་བའི་གཏི་མུག་རྒྱུ་འབྲས་ནད་སོལ་ཅིག །མན་ངག་ཡོན་ཏན་རྒྱུད་ཀྱི་བཀའ་གཉེར་གཏད། །འགྲོ་བའི་ང་རྒྱལ་རྒྱུ་འབྲས་ནད་སོལ་ཅིག །ཕྱི་མ་ཕྲིན་ལས་རྒྱུད་ཀྱི་བཀའ་གཉེར་གཏད། །འགྲོ་བའི་ཕྲག་དོག་རྒྱུ་འབྲས་ནད་སོལ་ཅིག །མཇུག་དོན་ཡོངས་སུ་གཏད་པའི་བཀའ་གཉེར་གཏད། །འགྲོ་བའི་འདོད་ཆགས་རྒྱུ་འབྲས་ནད་སོལ་ཅིག །ཕྱི་ནང་གསང་བའི་དམ་ཚིག་བཀའ་གཉེར་གཏད། །སྐལ་ལྡན་མ་ལུས་བདེ་ཆེན་ལམ་སྣ་དྲོངས། །བསྙེན་སྒྲུབ་ལས་སྦྱོར་དམ་རྫས་བཀའ་གཉེར་གཏད། །རྟག་ཏུ་སྒྲུབ་པའི་རྒྱལ་མཚན་བརྟན་པར་ཚུགས། །སྨན་དང་ཆ་དཔྱད་ཀུན་གྱི་བཀའ་གཉེར་གཏད། །གང་ལ་གང་ཕན་ནད་པའི་དོན་མཛོད་ཅིག །བདག་གི་བཀའ་འདི་ཁྱོད་ལ་གཏད་པ་ཡིས། །གཞུང་གདམས་ཕྲིན་ལས་ཀུན་གྱི་མགོ་ཐོན་ནས། །བཀའ་སྲོལ་མི་ནུབ་བསྟན་པ་དར་ཞིང་རྒྱས། །སེམས་ཅན་མ་ལུས་བདེ་ལ་འཁོད་པར་ཤོག །ཅེས་བརྗོད་ནས་བདུད་རྩི་བྱིན། རབ་གནས་བྱ། རོལ་མོ་དང་བཅས་པས་བཀྲ་ཤིས་བརྗོད་པར་བྱའོ། །དེ་ནས་དམ་ཚིག་སྤྱིའི་ཞལ་གདམས་ཟུར་དུ་གབ་པ་ནི། སྐུའི་དམ་ཚིག་ཏུ་སྐུ་ཆགས་པར་བྱེད་པ་ལ་སྐུ་རྟེན་རབ་གནས་ཅན་གྱི་ཐང་ཀའམ་ལུགས་སྐུ་འབྲལ་མེད་བཅང་། སྐྲ་ཚབ་ཁ་ཊྭཱཾ་དང་རྡོ་རྗེ་བཅང་། གསུང་ཆགས་པར་བྱེད་པ་ལ་བསྐྱེད་རྫོགས་ཀྱི་གདམས་པ་རྒྱུད་བཞི་ཆ་ལག་དང་བཅས་པ་བཅངས་ཤིང། རབ་ཚིག་དོན་ལྷག་ཆད་མེད་པར་བློར་འཇུག་ཅིང་། འབྲིང་ཟླ་བ་རེ་ལ་ཚར་རེ་སྒྲོག་ཅིང་གུས་པར་བྱས་ལ་དེའི་དོན་བསམ། ཐ་མ་ཡང་ལོ་རེ་ལ་ཚར་གསུམ་གསུམ་སྒྲོག་ཅིང་དེའི་དོན་ལ་བསམ། དྲིལ་བུ་གཡེར་ཁ། རྐང་དུང་། གླིང་བུ། ཐོད་རྔ་བཅང་ངོ་། །ཐུགས་ཀྱི་དམ་ཚིག་ཏུ་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་འབྲལ་མེད་དུ་བསྒོམ། བྱིན་རླབས་ཅན་གྱི་བདུད་རྩིའི་སྨན་རིལ་གསེར་མདོག་ཟུར་ལྔ་པ་མ་ཉམས་པ་དང་། སྙིང་པོ་གསེར་གྱིས་བྲིས་པ་བཅང་། ཡོན་ཏན་གྱི་དམ་ཚིག་ཏུ་བསྐྱེད་རྫོགས་ཀྱི་གདམས་པ་དང་རྒྱུད་བཞི་ཆ་ལག་དང་བཅས་པ་སྣོད་ལྡན་ལ་འཆད་ཅིང་སྤེལ། ཕྲིན་ལས་ཀྱི་དམ་ཚིག་ཏུ་ནད་པ་དྲག་ཞན་བར་མ་ཐམས་ཅད་ལ་ཉེ་རིང་མེད་པར་ཕན་ཅི་ཐོགས་བྱ། སྨན་དང་ཆ་དཔྱད་ཐམས་ཅད་འཛོམ་པར་གསག །བཀའ་སྲུང་རྣམས་ལ་གསོལ་མཆོད་རྒྱུན་དུ་བྱའོ། །དམ་ཚིག་འདི་རྣམས་ཀྱང་རང་དང་གྲོགས་དང་བླ་མ་གསུམ་ཀས་མ་ཁྲེལ་བར་དྲན་ཤེས་བཞིན་དང་ལྡན་པས། དུས་རྟག་ཏུ་བསྲུང་དགོས་པ་དོ་གལ་དང་བཀའ་ནན་ཆེན་པོས་བཀའ་སྲུང་ལ་གཉེར་དུ་གཏད་པའི་སྒོ་ནས་སྨན་གྱི་བླ་མ་གཡུ་ཐོག་པ་ཉིད་ཀྱིས་གདམས་པར་མཛད་པ་ལགས་པས། ཡལ་བར་མི་འདོར་བར་ཚུལ་བཞིན་དུ་བསྲུང་བར་བགྱི་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ། གཏང་རག་མཎྜལ་རྒྱས་པ་དང་། ལུས་ལོངས་སྤྱོད་འབུལ། དགེ་བ་བྱང་ཆུབ་ཏུ་བསྔོ་བ་རྣམས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྱེས་སོ། །གསུམ་པ་རྗེས་ལས་ཀྱི་རིམ་པ་ནི། ལས་བྱང་ལྟར་ཚོགས་བྱིན་རླབས་ཚོགས་ཞིང་དྲང་ནས། མཆོད་བཤགས་དང་རྩ་གསུམ་སྐོང་གསོལ་ཆོས་སྐྱོང་མདངས་སྐོང་རྣམས་སྦྱར། བསྒྲལ་བསྟབ་བྱས་ལ་གསོལ་ཁ་བཏང་། ཚོགས་ལ་རོལ་ཞིང་ལྷག་མ་བསྔོ། ཆད་བརྟན་རྟ་བྲོ་དངོས་གྲུབ་བླང་ཞིང་མཆོད་བསྟོད་ནོངས་བཤགས་བྱ། རས་བྲིས་སོགས་ལ་བརྟན་བཞུགས་དང་ཚོམ་བུའི་སྐབས་མདུན་བསྐྱེད་གཤེགས། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་བཀྲ་ཤིས་བཅས་ཚང་བར་བྱའོ། །གཞན་ཕན་དངོས་སུ་སྒྲུབ་ལ་གསོ་རིག་ལས། །ཡོན་ཏན་ཆེ་བ་འཇིག་རྟེན་ཀུན་ན་དཀོན། །དེ་ལ་བརྟེན་ནས་བྱང་ཆུབ་བདེ་བླག་ཏུ། །སྒྲུབ་ཐབས་སྙིང་ཐིག་འདི་ནི་ཀུན་ལས་རྨད། །དེ་ཡི་སྨིན་བྱེད་རྩ་བ་ཡན་ལག་བཅས། །ཕྱོགས་བསྡེབས་བལྟས་ཆོག་ཉིད་དུ་བཀོད་པའི་དགེས། །ལུས་ཅན་མཐའ་དག་རྒྱུ་འབྲས་ཟུག་རྔུ་ཞི། །བླ་མེད་སྨན་པའི་རྒྱལ་པོ་མྱུར་འགྲུབ་ཤོག །གཡུ་ཐོག་སྙིང་ཐིག་གི་དབང་བསྐུར་རྒྱས་པ་ལྷན་ཐབས་ཞལ་གདམས་བཅས་ཕྱོགས་སུ་བསྡེབས་ཤིང་། བླ་མའི་ཕྱག་བཞེས་ཞལ་རྒྱུན་གྱིས་གསལ་བར་བྱས་པ་འདིའང་གསོ་རིག་ལ་ཅུང་ཟད་སྦྱངས་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་སྨན་རྒྱལ་བསྟན་པའི་ཉིན་བྱེད་ཀྱི་བྱིན་གྱིས་བརླབས་པའི་གདན་ས་ཆེན་པོ་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
རྒྱ་ཅན་རྡོ་རྗེ་གྲོ་ལོད་གྱི་བརྒྱུད་འདེབས་བྱིན་རླབས་མྱུར་སྩོལ་ (Volume 13, Text 6)
རྒྱ་ཅན་རྡོ་རྗེ་གྲོ་ལོད་གྱི་བརྒྱུད་འདེབས་བྱིན་རླབས་མྱུར་སྩོལ་བཞུགས་སོ། །ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་པད་འབྱུང་གུ་རུ་མཚན་བརྒྱད་དང་། །རྒྱ་གར་རིག་འཛིན་བོད་ཀྱི་རྗེ་འབངས་ལ། །གསོལ་བ་འདེབས་སོ་བདུད་ལས་རྣམ་རྒྱལ་ཤོག །བྱིན་རླབས་སྒོ་འབྱེད་རིག་འཛིན་རྡོ་རྗེ་ཆོས། །རྡོ་རྗེའི་རྒྱལ་ཚབ་མེ་ཏོག་མནྡཱ་ར། །མཁར་ཆེན་མཚོ་རྒྱལ་རྡོ་རྗེ་ཐོགས་མེད་ལ། །གསོལ་བ་འདེབས་སོ་བདུད་ལས་རྣམ་རྒྱལ་ཤོག །པདྨ་ཕྲིན་ལས་འགྲོ་འདུལ་གཏེར་བདག་གླིང་། །ངག་དབང་ཀླུ་སྒྲུབ་ངག་དབང་འཇིགས་མེད་ཞབས། །འགྱུར་མེད་མཆོག་གྲུབ་པདྨ་ཚེ་དབང་ལ། །གསོལ་བ་འདེབས་སོ་བདུད་ལས་རྣམ་རྒྱལ་ཤོག །འཇིགས་མེད་གོ་ཆ་བསྟན་འཛིན་འཕེལ་རྒྱས་དང་། །བརྒྱུད་སྲོལ་ཀུན་འདུས་འཁོར་ལོའི་དབང་ཕྱུག་སོགས། །བྱིན་རླབས་ཆར་འབེབ་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བདུད་ལས་རྣམ་རྒྱལ་ཤོག །འཆོལ་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་བོ་ལོད། །ཕྱག་རྡོར་གཤིན་རྗེ་རྟ་མགྲིན་མེ་དབལ་དང་། །སྒོ་སྐྱོང་ལྷ་ཚོགས་ཆོས་སྲུང་བཅས་པ་ལ། །གསོལ་བ་འདེབས་སོ་བདུད་ལས་རྣམ་རྒྱལ་ཤོག །འཆོལ་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཀྱི། །ལྷ་སྔགས་ཡེ་ཤེས་རྣལ་འབྱོར་ལ་བརྟེན་ནས། །རྒྱལ་འགོང་དམ་སྲི་ལ་སོགས་འབྱུང་པོ་རྣམས། །ཚར་ཆོད་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཅེས་པའང་བརྒྱུད་འདེབས་སྔ་མ་ལ་ཁ་སྐོང་བཅས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།
ཟབ་བདུན་བཀའ་སྲུང་ལེགས་ལྡན་ཚོགས་ཀྱི་བདག་པོའི་དབང་ཆོག་ངོ་མཚར་གསང་བ་རབ་འབྱེད་ (Volume 37, Text 6)
༄༅། །ཟབ་བདུན་བཀའ་སྲུང་ལེགས་ལྡན་ཚོགས་ཀྱི་བདག་པོའི་དབང་ཆོག་ངོ་མཚར་གསང་བ་རབ་འབྱེད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ག་ཎ་པ་ཏ་ཡེ། དཀྱིལ་འཁོར་དབང་ཕྱུག་ཧེ་རུ་ཀ །བསྟན་སྲུང་གཙོ་བོའི་སྐུར་བཞེངས་པ། །ཚོགས་རྗེ་ཚོགས་ཀྱི་བདག་པོར་འདུད། །དེ་སྒྲུབ་འཇུག་པའི་སྒོ་འདི་འོ། །གུ་རུའི་ཐུགས་དམ་ཟབ་པ་སྐོར་བདུན་གྱི་བཀའ་སྲུང་གཙོ་བོ་ལེགས་ལྡན་ཚོགས་ཀྱི་བདག་པོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་དོན་གསུམ། སྦྱོར་བ། དངོས་གཞི། མཇུག་གི་བྱ་བའོ། །དང་པོ་ཡོ་བྱད་ཀྱི་གཤོམ་ནི། ཉེར་དགུ་ལ་སོགས་པ་ཁྱད་པར་གྱི་དུས་སུ་སྟེགས་བུ་དུག་ཁྲག་གིས་ཆག་ཆག་བཏབ་པ་ལ་བསྒོམ་དོན་དང་མཐུན་པའི་དཀྱིལ་འཁོར་བཀོད། བསྡུ་ན་མཎྜལ་གྲུ་གསུམ་མཐིང་ནག་དབུས་སུ་གྲི་གུག་ཡུ་བར་ཧཱུྃ་གིས་མཚན་པ། གཡས་གཡོན་དུ་ཐིག་ལེ་ནག་པོ་ལ་ཧཱུྃ་དང་ཐལ་སྐྱ་ལ་ཀཾ །མདུན་སོགས་ཕྱོགས་བཞིར་ཐིག་ལེ་མཐིང་གར་ཧཱུྃ། དམར་པོར་ཡ། སྨུག་པོར་ཛཿ ནག་པོར་མ་བྲིས་པ། ཟླ་གམ་གསུམ་ལ་དུར་ཁྲོད་ཀྱི་བཀོད་པ། དེ་རྒྱབ་རྡོར་རྭ་མེ་རི་ཟླུམ་པོར་བསྐོར་བའི་དབུས་སུ་ཁྲིའུ་ལ་བུམ་པ་མགུལ་ཆིངས་མཐིང་ནག་བདུད་རྩི་ལྔའི་བཅུད་དང་ལྡན་པའི་ཁར་ཐོད་པ་ཆང་དང་ཆོས་སྨན་སྦྱར་བས་བཀང་བ། དེའི་ཁར་མེ་ལོང་ལ་སིནྡྷུ་རའི་ཆོས་འབྱུང་དབུས་སུ་ཐིག་ལེ་གཙོ་འཁོར་གསུམ་ཕྱོགས་བཞིར་བཞི་བྲིས་པས་བཀབ་པའི་སྟེང་ཤེལ་རྡོ་དྲི་མེད་བཞག །དབུས་དང་གཡས་གཡོན་དུ་གཙོ་འཁོར་བདུན་གྱི་སྐུ་བརྙན། སྔགས་བྱང་། ཕྱག་མཚན་སོ་སོར་བྲིས་པའི་ཙཀླི། མདུན་དུ་ཐོད་པའམ་ཟངས་ལྕགས་ཀྱི་སྣོད་དུ་རྟེན་གཏོར་ལྕགས་མཁར་ཟླུམ་པོ་ཁ་བད་ཅན་གྱི་སྟེང་དུ་གཙོ་བོའི་བཤོས་བུ་གྲུ་གསུམ་བརྗིད་བག་ཅན། གཡས་གཡོན་དུ་གྲུ་གསུམ་གཙོ་བོའི་ཕྱེད་ཆར་སླེབ་པ་རེ་རེ། རྨང་གི་ཕྱོགས་གསུམ་དུ་གྲུ་གསུམ་རེ་རེ། རྒྱབ་ཏུ་གྲུ་གསུམ་གཡས་གཅུས་རྣམས་ལ་བཤོས་ཕྲན་དང་མཐེབ་ཀྱུ་མང་པོས་བསྐོར། རྒྱན་སྤྲོས་སྐུ་ཙཀ་དང་མདའ་དར་ནག་པོས་བརྒྱན་པ་བཀོད། རྒྱབ་ཏུ་མཆོད་གཏོར་དང་སྨན་རཀ །མཐར་ཕྱི་མཆོད་གཡས་སྐོར་དུ་བཤམ། མངོན་སྤྱོད་རྗེས་གནང་སྒྲོལ་བའི་ཕུར་བུ། སྲུང་བའི་ཙཀྲ །ཟློག་པའི་ཟོར་གཏོར། སྲེག་པའི་ཧོམ། མནན་པའི་མཆོད་རྟེན་ནག་པོ་རྣམས་དང་། བསྒྲལ་དབང་རྒྱས་པ་བྱེད་ན་ཧོམ་དང་ལིངྒ་ཐུན་རྫས་སོགས་ཀྱང་འདུ་བྱ། གཞན་ཡང་ཚོགས་མཆོད་གཏོར་སྐྱོང་གིས་མཚོན་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་ལ་གཉིས་ལས་དང་པོ་དབང་དོན་སྒྲུབ་མཆོད་བྱ་བ་ནི། བདག་བསྐྱེད་མདོ་སྒྱུའམ་བཀའ་བརྒྱད་རིགས་ཀྱི་དཔལ་ཧེ་རུ་ཀ་གང་ཡང་རུང་བའི་སྒོམ་བཟླས་བྱ། ཟབ་བདུན་སྤྱི་ཆིངས་ལྟར་མཆོད་རྫས་སྤྱི་དང་སྨན་རཀ་གཏོར་གསུམ་བྱིན་བརླབ། དེ་ནས་མདུན་རྟེན་ལ་དམིགས་ཏེ་རང་གཞུང་ཕྲིན་ལས་ཀྱི། མདུན་དུ་ཁྲག་མཚོ་འཁྲུགས་པའི་ཀློང༔ ཞེས་སོགས་ཀྱིས་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་སྤྱན་དྲངས། བཞུགས་སུ་གསོལ། དམ་བསྒྲགས། ཕྱག་མཆོད་བསྟོད་པའི་བར་སོང་ནས་དམ་སྐོང་ཧེ་རུ་ཀའི་ཡིག་བརྒྱ་དང་གོང་གནོན་ཡི་དམ་བཟླས་དམིགས་སྔོན་དུ་འགྲོ་བས། མགོན་པོའི་ཐུགས་ཀར་ཧཱུྃ་མཐིང་ནག་གི་མཐར་བཟླ་བྱའི་སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར་བར་གྱུར། བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་མགོན་པོའི་ཐུགས་ཀའི་ཧཱུྃ་ཡིག་བསྐུལ་བས་དབང་དུ་བསྡུས། ཅི་བགྱིའི་བཀའ་ནོད་ཅིང་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་བསམ་ལ། བསྙེན་སྒྲུབ་བཟླས་པ་བཞི་འདོད་བུམ་ལས་འབྱུང་བ་ལྟར་རམ། བསྡུ་ན་གཙོ་བོའི་སྒྲུབ་སྔགས། ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ༔ ཅེས་ཅི་འགྲུབ་བཟླ། ཡུམ་ལ། ཨོཾ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ༔ ལས་མགོན་ལ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ ཅེས་དང་། མགོན་པོའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་འཁོར་རྣམས་ལས་ལ་བསྐུལ་བར་གྱུར། ཨོཾ་མ་ཧཱ་ཀྲོ་དྷ་ཀིངྐ་ར་ཧཱུྃ་ཕཊ༔ ཨོཾ་མ་ཧཱ་ཡཀྴ་ཙིཏྟ་ཧྲིཾ་ཧྲིཾ་ཧཱུྃ་ཕཊ༔ ཨོཾ་རཱ་ཧུ་ལ་པཀྴ་མེ་ཀི་ཧཱུྃ་ཕཊ༔ ཨོཾ་ཏྲག་ཡཀྵ་བཻ་ཏ་ལི་ཧཱུྃ་ཕཊ༔ ཅེས་པ་རྣམས་ཀྱང་ཅུང་ཟད་རེ་བཟླས་པའི་མཐར་ཉེར་སྤྱོད་ལྔ་དང་ནང་མཆོད་ཙམ་ཕུལ། ཟུར་གསལ་རྟགས་བསྟོད་བྱ། ཕྲིན་ལས་གཤམ་གྱི། ཧོ༔ རང་བཞིན་ཆོས་ཀྱི་དབྱིངས་ལས་སོགས་ཀྱིས་ཕྲིན་ལས་གསོལ། བུམ་པ་ལ་གཟུངས་ཐག་གཏད་དེ། གཙོ་སྔགས་བརྒྱ་རྩ་བརྒྱད། འཁོར་རྣམས་ལ་བདུན་རེ་ཙམ་དང་། འབྲུ་གསུམ་ཉེར་གཅིག ལས་བུམ་ལའང་བདུད་རྩི་འཁྱིལ་པའི་སྔགས་ཇི་ལྟར་འོས་པ་བཟླས་པས་བྱིན་གྱིས་རློབ། དབང་བསྐུར་ཙམ་ལ་ཚོགས་མཆོད་མ་འགྲུབ་ཀྱང་ཆོག་མོད། སྤྲོ་ན་དམ་ཚིག་གི་རྫས་བཤམས་ལ་ཚོགས་མཆོད་ལེའུ་ལྟར་བྱིན་རླབས་སྤྱན་འདྲེན་མཆོད་བཤགས་བསྒྲལ་བསྟབ་བར་བྱ། གང་ལྟར་རིག་པའི་མེ་ཏོག་དོར་ལ་སློབ་མ་གཞུག་པར་གནང་བ་ཞུའོ། །གཉིས་པ་དབང་བསྐུར་དངོས་གཞི་བྱ་བ་ནི། འོས་ཤིང་སྣོད་དུ་རུང་བའི་སློབ་མ་ཧ་ཅང་མང་བ་མ་ཡིན་པ་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་ནས་མཚམས་བཅད་ཕྱག་བཅས་གྲལ་དུ་འཁོད་པ་ལ། ནམ་མཁའི་མཐའ་དང་མཉམ་པའི་ཕ་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐུ་བཞིའི་དབང་ཕྱུག་ཁྱབ་བདག་དཔལ་ཧེ་རུ་ཀའི་གོ་འཕང་ཚེ་འདི་ཉིད་ལ་འཐོབ་པར་བྱ། དེའི་ཆེད་དུ་བྱང་ཆུབ་སྒྲུབ་པའི་ལམ་གྱི་བར་ཆད་མི་མཐུན་པའི་ཕྱོགས་བསལ་བ་དང་། མཐུན་རྐྱེན་ལེགས་ཚོགས་འབད་མེད་དུ་བསྒྲུབ་པར་བྱ་བའི་ཕྱིར། དཔལ་ཡེ་ཤེས་ཀྱི་མགོན་པོ་ཚོགས་ཀྱི་བདག་པོའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་ཟབ་མོ་ནོད་པར་བགྱིའོ། །སྙམ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གསལ་ལེགས་པར་བཏབ་ནས་གསན་འཚལ། དེ་ལ་རང་རེ་རྣམས་ཡིད་བཞིན་གྱི་ནོར་བུ་རྙེད་པ་ལས་ཀྱང་ཕན་ཡོན་ཆེ་བའི་དལ་འབྱོར་དང་ལྡན་པའི་མི་ལུས་རིན་པོ་ཆེ་ཐོབ། ངེས་ལེགས་ཐར་པའི་ལམ་ཕྱིན་ཅི་མ་ལོག་པ་སྟོན་པའི་རྒྱལ་བསྟན་རིན་པོ་ཆེའི་སྒོར་ཞུགས། དེ་ལས་ཀྱང་ཁྱད་པར་དུ་གྱུར་པ་བརྒྱ་ལམ་ན་མཚན་ཙམ་ཡང་དཀོན་པའི་གསང་སྔགས་རྡོ་རྗེ་ཐེག་པ་བླ་མེད་ཀྱི་ཟབ་ལམ་དང་མཇལ་ནས། ཚེ་གཅིག་གིས་ཟུང་འཇུག་ཆེན་པོའི་གོ་འཕང་བསྒྲུབ་རྒྱུ་ཡོད་པའི་སྐལ་པ་འདི་ལྟ་བུ་ནི་འཇིག་རྟེན་ན་མི་སྲིད་པའི་སྲིད་པ་ཐོབ་པ་ཡིན་ཡང་། ཐར་པ་དམ་པའི་ཆོས་ཟབ་མོ་བསྒྲུབ་པ་ལ་འདོད་ཁམས་དབང་ཕྱུག་བདུད་དང་བདུད་ཀྱི་རིས་ཀྱི་འབྱུང་པོ་གཙོ་བོར་གྱུར་པའི་འཚེ་བ་དང་བར་དུ་གཅོད་པ་ཤིན་ཏུ་མང་བས། དེ་དག་ལས་སྐྱོབ་པར་ནུས་པའི་སྲུང་མའི་དབང་པོ་ཁྱད་པར་ཅན་རེ་བསྟེན་པ་གལ་ཆེ་བ་ཡིན་ཏེ། ཞི་བ་ལྷས། དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བསྟེན་ན་ཡུད་ཀྱིས་སྒྲོལ་འགྱུར་བ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བསྟེན། །ཅེས་གསུངས་པ་ལྟར་ལགས། སྲུང་མའང་དཀྱིལ་འཁོར་གཙོ་མཆོག་ཧེ་རུ་ཀ་ཡབ་ཡུམ་བསྟན་སྲུང་གི་ཚུལ་དུ་བཞེངས་པ་དཔལ་ལྡན་མགོན་པོ་རྣམས་དང་། མ་མོ་དབྱིངས་ཀྱི་ཡུམ་ཆེན་སོགས་ཡེ་ཤེས་ཀྱི་སྲུང་མ་རྣམས་ཀྱིས་འདི་ཕྱིའི་འཇིགས་པ་མཐའ་དག་ལས་སྐྱོབ་པར་ནུས་ཤིང་རྩ་གསུམ་རྣམ་དབྱེར་མ་མཆིས་པས་བསྙེན་ཅིང་སྐྱབས་སུ་གཟུང་བར་འོས་ཀྱི། འཇིག་རྟེན་པའི་སྲུང་མ་རང་རྒྱུད་པ་རྣམས་ནི་བསྟེན་ཅིང་མཆོད་ཀྱང་གནས་སྐབས་ཀྱི་འདོད་དོན་ཕྲན་བུ་ཙམ་ལས། རང་ཉིད་འཇིགས་པ་ལས་མ་གྲོལ་བའི་ཕྱིར་འཇིགས་པ་མཐའ་དག་ལས་སྐྱོབ་མི་ནུས་པས། འཇིག་རྟེན་ལས་འདས་པའི་སྲུང་མ་རྣམས་བསྟེན་དགོས་པ་ནི་རྒྱུད་ལུང་རྣམས་ཀྱི་དགོངས་པ་དང་རིག་འཛིན་གྲུབ་པའི་ཚོགས་ཀྱི་ཕྱག་བཞེས་ཡིན་པར་གདའ། དེ་ལྟ་བུའི་སྲུང་མ་ཕོ་རྒྱུད་མོ་རྒྱུད་མ་ནིང་གི་སྡེ་རིགས་མི་འདྲ་བ་དུ་མ་གསང་སྔགས་ཀྱི་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་གསུངས་ཤིང་སོ་སོའི་མན་ངག་ཀྱང་འཕགས་བོད་གྲུབ་པའི་དབང་ཕྱུག་རྣམས་ཀྱིས་ཇི་སྙེད་ཅིག་སྣང་བར་མཛད་པ་ལས། འདིར་སྐབས་སུ་བབས་པ་ནི། ཨ་ནུ་ཀུན་འདུས་རིག་པའི་མདོ་ཆེན་པོ་དང་། མ་ཧཱ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་བཤད་རྒྱུད་ཐལ་བ་རྣམས་ལས་གཙོ་བོར་བསྟན་ཅིང་། སྒོས་རྒྱུད་མཚོན་ཆ་མངོན་པར་རོལ་པའི་དགོངས་པ་ལྟར་རྒྱལ་བས་ལུང་བསྟན་རྒྱལ་པོ་ཛཿདང་སློབ་དཔོན་ཀུ་ཀུ་རཱ་ཛ་སོགས་གྲུབ་པའི་རིག་འཛིན་རྣམས་ཀྱིས་ལེགས་པར་བཀྲལ་ཅིང་། གངས་ཅན་ལྗོངས་སུ་གནུབས་སོ་ཟུར་གྱི་མཁས་གྲུབ་རྣམས་ཀྱིས་འགྲན་ཟླ་དང་བྲལ་བའི་སྲུང་མ་གཅིག་ཆོག་ཏུ་བསྟེན་པ། བཅོམ་ལྡན་འདས་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ་ཉིད་གདུལ་བྱ་མི་སྲུན་པ་རྣམས་གདུལ་བའི་དོན་དུ། གཏུམ་ཆེན་ཁྲོ་བོའི་དབང་པོའི་སྐུར་བསྟན་པ་དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོ་ཚོགས་རྗེ་ཚོགས་ཀྱི་བདག་པོའི་སྨིན་གྲོལ་གྱི་གདམས་སྲོལ་ཁྱད་པར་ཅན་འདི་ནི། འཇིགས་མེད་ཧེ་རུ་ཀ་དཔལ་སློབ་དཔོན་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་གངས་ཅན་ལྷའི་སྲས་པོ་དམ་འཛིན་ཡེ་ཤེས་རོལ་པ་རྩལ་ལ་མདོ་དང་སྒྱུ་འཕྲུལ་གཙོ་བོར་གྱུར་པའི་ཐུགས་དམ་ཟབ་པ་སྐོར་བདུན་ཆ་ལག་དང་བཅས་པ་གདམས་ཤིང་གཉེར་དུ་གཏད། ཕྱིས་འབྱུང་གདུལ་བྱ་སྐལ་ལྡན་རྣམས་ཀྱི་དོན་དུ་མདོ་ཁམས་ལྗོངས་སུ་ཟབ་མོའི་གཏེར་དུ་སྦས་པ་དུས་སུ་སོན་པ་ན། ལྷ་སྲས་ཉིད་ཀྱི་རྣམ་འཕྲུལ་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་གཏེར་གནས་རྣམས་ནས་སྤྱན་དྲངས་པའི། བཀའ་སྲུང་ཀུན་གྱི་གཙོ་བོ་ལེགས་ལྡན་ཚོགས་ཀྱི་བདག་པོའི་དབང་བསྐུར་བ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་བདག་བསྐྱེད་སྒོམ་བཟླས། མདུན་བསྐྱེད་སྒྲུབ་ཅིང་མཆོད་པ་སོགས་སྔོན་དུ་སོང་གྲུབ་པ་ལགས། སློབ་མའི་བྱ་བ་སྔོན་འགྲོ་དང་དངོས་གཞི་གཉིས་སུ་ཡོད་པ་ལས། ཐོག་མར་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་གཞུག །མཚམས་སྦྱོར་སྤྱི་འགྲེ་བྱས་ལ་མིག་དར་མེ་ཏོག་གཏད། བླ་མ་དཔལ་ཧེ་རུ་ཀ་དངོས་སུ་གསལ་བ་ལ་མི་ཕྱེད་པའི་དད་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བླ་མ་མགོན་པོ་དབྱེར་མེད་ཀྱིས༔ བདག་ལ་བྱིན་གྱིས་བརླབ་པ་དང༔ ཡེ་ཤེས་མགོན་པོའི་སྐུ་གསུང་ཐུགས༔ ཡོངས་རྫོགས་དབང་ཆེན་བསྩལ་དུ་གསོལ༔ ཅེས་ལན་གསུམ། ཐོག་མར་རྒྱུད་དག་པར་བྱ་བའི་སླད་དུ། བླ་མ་དཔལ་ཧེ་རུ་ཀ་དང་མདུན་བསྐྱེད་ཡེ་ཤེས་མགོན་པོའི་ལྷ་ཚོགས་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ བདག་སོགས་སེམས་ཅན་མ་ལུས་པ༔ མཆོག་གསུམ་འདུས་པ་བླ་མ་རྗེ༔ བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ༔ མཁའ་འགྲོར་བཅས་ལ་སྐྱབས་སུ་མཆི༔ ལན་གསུམ། མ་གྱུར་སྐྱེ་དགུ་མཐའ་ཡས་པ་རྣམས་ཀྱི་དོན་དུ་དཀྱིལ་འཁོར་དབང་ཕྱུག་ཁྱབ་བདག་ཧེ་རུ་ཀའི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་ལམ་སྒྲུབ་པའི་བར་ཆད་བསལ་བ་དང་མཐུན་རྐྱེན་འདོད་རྒུའི་དངོས་གྲུབ་འབད་མེད་འགྲུབ་པར་བྱ་བའི་ཕྱིར་དཔལ་ཡེ་ཤེས་མགོན་པོའི་དཀྱིལ་འཁོར་དུ་འཇུག་ཅིང་བསྙེན་སྒྲུབ་ལ་འབད་པར་བགྱིའོ་སྙམ་པའི་སྨོན་འཇུག་དང་། འཁོར་གསུམ་རྣམ་པར་མི་རྟོག་པའི་དོན་དམ་བྱང་ཆུབ་སེམས་གསལ་ཐོབས་ལ་འདིའི་རྗེས་ཟློས། མཁའ་མཉམ་འགྲོ་རྣམས་བསྒྲལ་བའི་ཕྱིར༔ དཔལ་ཆེན་གོ་འཕང་འཐོབ་པར་བྱ༔ ཆོས་ཀུན་རང་བཞིན་ཡོངས་དག་པ༔ དམིགས་སུ་མེད་པའི་ཏིང་འཛིན་བསྒོམ༔ ལན་གསུམ། ཚོགས་ཞིང་དེ་དག་གི་སྤྱན་སྔར་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་དང་། སྡིག་པ་བཤགས་ཤིང་བསོད་ནམས་ལ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཅིང་རྟག་བརྟན་དུ་བཞུགས་པར་གསོལ་བ་འདེབས་པ་དང་། དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ་བ་སྟེ་ཚོགས་གསག་ཡན་ལག་བདུན་པའི་ཏིང་ངེ་འཛིན་རྣམས་རིམ་པར་གསལ་ཐོབས་ལ་འདིའི་རྗེས་ཟློས། བླ་མ་དཔལ་ཆེན་ཧེ་རུ་ཀ༔ མཁའ་འགྲོ་ཆོས་སྐྱོང་བཅས་པ་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ འགལ་འཁྲུལ་ཉམས་ཆག་མཐོལ་ཞིང་བཤགས༔ མཆོག་དམན་དགེ་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་བ་མཁའ་མཉམ་འགྲོ་ལ་བསྔོ༔ ཐམས་ཅད་སངས་རྒྱས་ཐོབ་པར་ཤོག༔ ཅེས་ལན་གསུམ་བྱ། དབང་གི་རྟེན་ནམ་སྲོག་གི་རྩ་བར་གྱུར་པ་དམ་ཚིག་ལེགས་པར་གཟུང་དགོས་པས། སྤྱིར་སོ་བྱང་སྔགས་གསུམ་གྱིས་བསྡུས་པའི་སྡོམ་པ་དང་དམ་ཚིག །བྱེ་བྲག་བླ་མེད་རྡོ་རྗེ་ཐེག་པ་ནས་གསུངས་པའི་ས་མ་ཡ་འབུམ་སྡེ། ཁྱད་པར་དཔལ་ལྡན་ཡེ་ཤེས་མགོན་པོའི་རྒྱུད་དང་མན་ངག་ལས་ཇི་སྐད་གསུངས་པའི་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། ཧོ༔ བླ་མ་མགོན་པོ་དགོངས་སུ་གསོལ༔ འདི་ནས་བྱང་ཆུབ་སྙིང་པོའི་བར༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ དམ་ཚིག་སྡོམ་པ་མ་ལུས་གཟུང༔ ལན་གསུམ། སློབ་དཔོན་གྱིས་རྡོ་རྗེ་མགོར་བཞག་ལ། གསང་བའི་དམ་ཚིག་ལས་འདས་ན༔ ཚེ་འདིར་མི་རུང་དམྱལ་བར་ལྟུང༔ དམ་ཚིག་མཆོག་ཏུ་སྲུང་བ་ཡིས༔ དངོས་གྲུབ་ཐམས་ཅད་དེས་འགྲུབ་འགྱུར༔ ཇི་ལྟར་བསྒོས་པའི་དམ་ཚིག་དང་སྡོམ་པ་ལས་འདའ་བར་མི་བྱའོ་སྙམ་པས་ཐ་ཚིག་གི་ཆུ་ནན་འཐུང་བ་དང་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ནང་མཆོད་སྦྱིན་ལ། ཨི་དན་ན་ར་ཀན༔ ཞེས་བརྗོད་དུ་གཞུག །དེ་ནས་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་ལུས་གནད་བསྲང་། རླུང་ཁ་སྦྱོར་དུ་འཆིང། ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སློབ་མ་ལ་ཕོག་པས་གདོས་བཅས་སྦྱངས་ནས་འོད་ཟེར་མཐིང་གའི་ཕུང་པོར་གྱུར། དེ་ལས་དུར་ཁྲོད་རོལ་པའི་གཞལ་མེད་ཁང་ཆེན་པོའི་དབུས་སུ་པདྨ་དང་ཉི་མའི་གདན་ལ་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོ་རྡོ་རྗེ་སྲིན་པོའི་གཟུགས་ཅན་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་ཤིང་རྐན་སྒྲ་རྡེབ་པ། སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས་ཤིང་། སྨ་ར་དང་སྨིན་མ་ཁམ་ནག་ལས་སྐར་ཆེན་གྱི་འོད་འཕྲོ་བ། རལ་པ་མུན་ཆེན་ལྟར་གཏིབས་ཤིང་ཕྱག་གཡས་པས་འབར་བའི་གྲི་གུག་དང་གཡོན་པས་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་བསྣམས་པ། མཆན་གཡས་སུ་བིང་ཆེན་གཟེར་བའི་བེང་སྟོད་ནས་ལྷ་དམག་དང་བེང་སྨད་ནས་བདུད་དམག་ཕོ་ཉར་འགྱེད་པ། སྐུ་ལ་དར་ནག་གི་བེར་ཆེན་བརྩེགས་མར་གསོལ་ཞིང་གསེར་རྐེད་ནོར་བུའི་མིག་ཚང་ཅན་བཅིངས་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་ཐོད་རློན་ལྔ་བཅུ་དང་རྡོ་རྗེའི་དོ་ཤལ་ཅན། སྦྲུལ་དང་མི་ལྤགས་སོགས་དུར་ཁྲོད་འཇིགས་པའི་ཆས་ཐམས་ཅད་ཀྱིས་བརྒྱན་པ། སག་ཏིའི་ལྷམ་ཡུ་རིང་གསོལ་ནས་འདོར་ཐབས་ཀྱིས་མེ་ཕུང་འབར་བའི་ཀློང་ན་བཞེངས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གསལ་ཐོབས་ཤིག །གནས་གསུམ་དུ་བདུད་རྩིས་ཐིག་ལེ་བྱས་ལ། ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད། དེ་ལྟར་གསལ་བའི་གནས་གསུམ་གྱི་ཡིག་འབྲུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་མོས་པ་བརྟན་པོ་སྐྱེད་ཅིག །དེ་ནས་སློབ་དཔོན་ལ་མོས་གུས་ཚད་མེད་པ་བསྐྱེད་པས་སློབ་དཔོན་དཔལ་ཧེ་རུ་ཀ་དངོས་སུ་གསལ་བའི་ཐུགས་ཀའི་འོད་ཟེར་ནམ་མཁའི་དབྱིངས་གང་བ་འཕྲོས། རང་བཞིན་ཆོས་ཀྱི་དབྱིངས། མ་ལ་ཡ་གནམ་ལྕགས་འབར་བའི་རི་བོ། དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །ཤ་ཆེན་དང་གུ་གུལ་བདུག །རོལ་མོའི་སྒྲ་དྲག་ཏུ་སྦྱར་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཨེ་ཨཱ་རལླི་ཧྲིང༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨཿ ཞེས་བཟླ། དེ་ལྟར་དབབ་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་རབ་ཏུ་གནས་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ༔ ཞེས་རྡོ་རྗེ་མགོར་བཞག །སྔར་བྱིན་པའི་མེ་ཏོག་དེ་ཉིད་སྔོན་ནས་ལས་ཀྱིས་འབྲེལ་བའི་རིགས་ཀྱི་ལྷ་ལ་ཕོག་པར་ཤོག་ཅིག་པའི་འདུན་པ་སྐྱེད་ལ་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་མེ་ཏོག་འདོར་འཚལ། ཧོ༔ ཡེ་ཤེས་ལ་ནི་བཟང་ངན་མེད༔ སྔོན་གྱི་ལས་ཀྱིས་འབྲེལ་བ་ཡི༔ ཡེ་ཤེས་ལས་གྲུབ་སྲུང་མ་ལ༔ བརྟགས་པའི་མེ་ཏོག་འཕོག་པར་ཤོག༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་འགྲིམ་དཀྱིལ་དུ་འདོར་དུ་གཞུག །གང་ལ་ཕོག་པའི་རིགས་ཀྱི་མིང་ངམ་སྤྱི་ཙམ་དུ། ཁྱོད་ཀྱི་མེ་ཏོག་དཀྱིལ་འཁོར་གྱི་བདག་པོ་ལ་ཕོག་པས། དཔལ་ཧེ་རུ་ཀ་རྡོ་རྗེ་ནག་པོ་ཆེ་ཞེས་བྱ་བ་གསང་བའི་མཚན་དུ་ཟུངས་ཤིག །ཅེས་བརྗོད་ལ་མེ་ཏོག་མགོར་བཞག །མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས་ཤིག །ཧོ༔ མ་རིག་ལིང་ཏོག་སྒྲིབ་པ་རྣམས༔ ཐུགས་རྗེའི་ཐབས་ཀྱིས་དབྱེ་བར་བྱ༔ མ་ཧཱ་ཀཱ་ལའི་དཀྱིལ་འཁོར་འདི༔ མཐོང་བ་ཙམ་གྱིས་དངོས་གྲུབ་ཐོབ༔ འདི་ལྟར་མགོན་པོའི་དཀྱིལ་འཁོར་ཡང༔ རང་གི་སེམས་ལ་རྫོགས་པ་ཡིན༔ ཞེས་གདོང་བསལ། དཔལ་ཡེ་ཤེས་མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བར་མོས་ལ་དད་པ་དང་སྤྲོ་བ་སྐྱེད་ཅིག །དེ་རྣམས་ཀྱིས་སྔོན་འགྲོ་འཇུག་པའི་རིམ་པ་གྲུབ། དངོས་གཞིའི་དབང་བསྐུར་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། དེའང་མཆོག་སྒྲུབ་དང་འབྲེལ་བའི་སྟོད་ལས་དབང་བཞི། མངོན་སྤྱོད་ཕྲིན་ལས་ཀྱི་ཆེད་དུ་སྨད་ལས་དྲག་པོའི་རྗེས་གནང་། མཐའ་རྟེན་གཏོར་མའི་བྱིན་རླབས་རྣམས་སུ་ཡོད་པའི། དང་པོ་སྒོ་གསུམ་ཆ་མཉམ་དང་བཅས་པའི་སྒྲིབ་པ་སྦྱང་ཞིང་ལམ་བཞི་སྒོམ་པའི་སྣོད་རུང་དུ་བྱ་བའི་ཕྱིར་དབང་བཞི་རིམ་པར་བསྐུར་བའི་ཐོག་མར། བུམ་པའི་དབང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག །སློབ་དཔོན་དཔལ་ཆེན་པོའི་ཐུགས་ཀའི་འོད་ཟེར་གྱི་སྣང་བས་གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཁྱེད་རྣམས་ཀྱིས་སློབ་མ་ལ་དབང་བསྐུར་བ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་བུམ་པའི་བདུད་རྩིས་དབང་བསྐུར་སྩོལ་བའི་མོས་པ་མཛོད་ཅིག །རྣམ་བུམ་སྤྱི་བོར་བཞག་ལ། ཧཱུྃ༔ རང་བྱུང་ཡེ་ཤེས་བུམ་པ་རུ༔ མ་ཧཱ་ཀཱ་ལའི་ཚོགས་རྣམས་ཞུ༔ བདུད་རྩི་ཆུ་ཡིས་དབང་བསྐུར་བས༔ ལུས་ཀྱི་སྒྲིབ་པ་ཀུན་དག་ནས༔ ལྷ་དབང་ལུས་ལ་ཡོངས་རྫོགས་ཤོག༔ གཙོ་འཁོར་རྣམས་ཀྱི་སྔགས་སྦྲེལ་བའི་མཐར། ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ ཡེ་ཤེས་མགོན་པོའི་བྱིན་རླབས་ཀྱིས༔ སྐལ་ལྡན་སློབ་མ་རྣམས་ལ་བུམ་པའི་དབང་བསྐུར་པས་སྣོད་བཅུད་ལྷ་རུ་འགྱུར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཅེས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་བ་འགྲེ །དེའི་མཐའ་རྟེན་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་རྫོགས་པར་སྦྱིན་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུ་ལས་རང་འདྲ་བ་འཕྲོས་ནས་སློབ་མ་ལ་ཐིམ་པས་ལྷ་དེ་རྣམས་ཀྱི་མཐུ་ནུས་ཐོབ་པར་མོས་ཤིག༔ ལྷ་ཙཀ་རྣམས་རིམ་པར་མགོར་བཞག་ལ། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ དྲག་ཤུལ་ཅན་གྱི་རྩེ་མོ་ནས༔ མ་ཧཱ་ཀཱ་ལ་ཚོགས་ཀྱི་བདག༔ དེ་ཡི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ༔ ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ བསིལ་བ་ཚལ་གྱི་དུར་ཁྲོད་ནས༔ ལས་ཀྱི་མགོན་པོ་སྲས་མཆོག་ཆེ༔ དེ་ཡི་དབང་མཆོག་ཐོབ༴ ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི༴ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ གསང་བའི་དུར་ཁྲོད་ཆེན་པོ་ནས༔ ཡུམ་ཆེན་ཀྲོ་ཏཱི་ཤྭ་རཱི་མ༔ དེ་ཡི་དབང་མཆོག་ཐོབ༴ ཨོཾ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི༴ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ འཇིགས་སུ་རུང་བའི་དུར་ཁྲོད་ནས༔ ཁྲོ་བོ་ཆེན་པོ་ཀིང་ཀ་ར༔ དེ་ཡི་དབང་མཆོག་ཐོབ༴ ཨོཾ་མ་ཧཱ་ཀྲོ་དྷ་ཀིང་ཀ་ར་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི༴ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ནས༔ གནོད་སྦྱིན་དམར་པོ་དྲག་ཤུལ་ཅན༔ དེ་ཡི་དབང་མཆོག་ཐོབ༴ ཨོཾ་མ་ཧཱ་ཡཀྴ་ཙིཏྟ་ཧྲིཾ་ཧྲིཾ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི༴ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ ཀཱི་ལ་སྒྲོག་པའི་དུར་ཁྲོད་ནས༔ གཟའ་མཆོག་ཆེན་པོ་རཱ་ཧུ་ལ༔ དེ་ཡི་དབང་མཆོག་ཐོབ༴ ཨོཾ་རཱ་ཧུ་ལ་པཀྴ་མེ་ཀི་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི༴ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ བྱང་ཤར་མུ་ལེ་ཁྲག་མཚོ་ནས༔ དཔལ་ལྡན་ལྷ་མོ་འདོད་ཁམས་བདག༔ དེ་ཡི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཏྲག་རཀྴ་ཡཀྵ་བཻ་ཏ་ལི་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་སློབ་མ་རྣམས་ལ་མ་མགོན་ལྕམ་དྲལ་བཀའ་སྡོད་དང་བཅས་པའི་སྐུ་བསྟིམས་ཤིང༔ དེའི་སྐུར་བསྒོམས་པས་མཐུ་རྩལ་དང་ལྡན་པའི་དབང་ཐོབ་པར་གྱུར་ཅིག༔ དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་གསུང་ལས་སྔགས་ཀྱི་ཕྲེང་བ་འཕྲོས་སློབ་མའི་མགྲིན་པར་ཐིམ་པས་སྔགས་ཀྱི་ནུས་རྩལ་ཐོབ་པར་མོས་ཤིག །སྔགས་བྱང་རྣམས་མགྲིན་པར་བཞག་ལ། ཧཱུྃ༔ ཚོགས་རྗེ་ཚོགས་བདག་དབང་དང་ལྡན༔ མ་ཧཱ་ཀཱ་ལ་མཐུ་བོ་ཆེ༔ དེ་ཡི་རིག་སྔགས་བཟླས་པ་ཡི༔ དམོད་པ་འགྲུབ་པའི་དབང་ཐོབ་ཤོག༔ གོང་སྨྲོས་རང་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ལྷ་མིན་གཡུལ་ཟློག་བདུད་ཀྱི་གཤེད༔ སྲས་མཆོག་མ་ཧཱ་ཀཱ་ལ་ཡི༔ དེ་ཡི་རིག་སྔགས་བཟླས་པ་ཡི༔ དམོད་པ་འགྲུབ་པའི་དབང༴ རང་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ མཁའ་འགྲོ་ཀུན་གྱི་ཚོགས་དཔོན་ཆེ༔ དབྱིངས་ཀྱི་ཡུམ་ཆེན་ཀྲོ་དྷཱི་མ༔ དེ་ཡི་རིག་སྔགས་བཟླས་པ་ཡི༔ དམོད་པ་འགྲུབ་པའི་དབང༴ རང་སྔགས་མཐར། ཝཱ་ཀ་ཨ་བྷི༴ ཧཱུྃ༔ དུར་ཁྲོད་སྒྲོལ་གིང་རྣམས་ཀྱི་གཙོ༔ ཕྲིན་ལས་ཐོགས་མེད་ཀིང་ཀ་ར༔ དེ་ཡི་རིག་སྔགས་བཟླས་པ་ཡི༔ དམོད་པ་འགྲུབ་པའི་དབང༴ རང་སྔགས་མཐར། ཝཱ་ཀ་ཨ་བྷི༴ ཧཱུྃ༔ གནོད་སྦྱིན་ཡོངས་ཀྱི་སྡེ་དཔོན་ཆེ༔ བཙན་གྱི་མགོན་པོ་བེག་རྩེ་ཡི༔ དེ་ཡི་རིག་སྔགས་བཟླས་པ་ཡི༔ དམོད་པ་འགྲུབ་པའི་དབང༴ རང་སྔགས་མཐར། ཝཱ་ཀ་ཨ་བྷི༴ ཧཱུྃ༔ ནམ་མཁའི་ཁམས་ལ་དབང་སྒྱུར་ཞིང༔ སྡེ་བརྒྱད་དྲེགས་པ་རྣམས་ཀྱི་དཔོན༔ དེ་ཡི་རིག་སྔགས་བཟླས་པ་ཡི༔ དམོད་པ་འགྲུབ་པའི་དབང༴ རང་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ༔ ཡམས་ནད་རིམས་ནད་རྒྱུན་གཅོད་མ༔ དེ་ཡི་རིག་སྔགས་བཟླས་པ་ཡི༔ དམོད་པ་འགྲུབ་པའི་དབང༴ རང་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཧོཿ སྐལ་ལྡན་སློབ་མ་རྣམས་ལ་མ་མགོན་ལྕམ་དྲལ་བཀའ་སྡོད་དང་བཅས་པའི་སྔགས་བསྟིམས་ཤིང་བཟླས་པ་ལ་བརྩོན་པས་ནུས་རྩལ་དང་ལྡན་པའི་དབང་ཐོབ་པར་གྱུར་ཅིག །དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཐུགས་ལས་ཕྱག་མཚན་གྱི་ཚོགས་འཕྲོས་སློབ་མའི་སྙིང་གར་ཐིམ་པས་ཡེ་ཤེས་ཀྱི་སྟོབས་རྩལ་རྫོགས་པར་མོས་ཤིག །ཕྱག་མཚན་རྣམས་སྙིང་གར་བཞག་ལ། ཧཱུྃ༔ ཐུགས་ཀྱི་སྤྲུལ་པ་བིང་ཆེན་ནི༔ སྟོད་ནས་ལྷ་དམག་འབུམ་འགྱེད་ཅིང༔ སྨད་ནས་བདུད་དམག་ཉིས་ཁྲི་དང༔ ཆིག་སྟོང་དག་གི་སྤྲུལ་པ་འགྱེད༔ བེང་ཆེན་ཕུར་བུའི་དབང་བསྐུར་རོ༔ གོང་སྨྲོས་རང་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྦྲུལ་ཞགས་ཉོན་མོངས་དབྱིངས་སུ་གྲོལ༔ ཐོད་སྐྱོགས་བཅུད་མར་ཁྲག་ཆང་གིས༔ དུག་གསུམ་འཇོམས་ཤིང་དངོས་གྲུབ་སྩོལ༔ ཕྲིན་ལས་འགྲུབ་པའི་དབང༴ རང་སྔགས་མཐར། ཙིཏྟ་ཨ་བྷི༴ ཧཱུྃ༔ གྲི་གུག་གཤིན་རྗེའི་ལྕེ་འདྲ་བ༔ ལོག་རྟོག་འཁོར་བ་རྩད་ནས་གཅོད༔ དགྲ་བགེགས་སྲོག་སྙིང་གཏུབ་པ་ཡི༔ ཕྲིན་ལས་འགྲུབ་པའི་དབང་ཐོབ་ཤོག༔ རང་སྔགས་མཐར། ཙིཏྟ་ཨ་བྷི༴ ཧཱུྃ༔ མཚོན་ཆའི་འཁོར་ལོ་བསྐོར་བ་ཡིས༔ བདུད་ཀྱི་སྡེ་རྣམས་ཕམ་པར་མཛད༔ དགྲ་བགེགས་སྲོག་ལུས་ཕྲལ་བ་ཡི༔ ཕྲིན་ལས་འགྲུབ་པའི་དབང༴ རང་སྔགས་མཐར། ཙིཏྟ་ཨ་བྷི༴ ཧཱུྃ༔ རལ་གྲི་ཟང་ཡག་མེ་ལྟར་འབར༔ གསེར་མདུང་དགྲ་བོའི་སྙིང་ལ་གཟིར༔ བདུད་བཅོམ་སངས་རྒྱས་བསྟན་པ་སྲུང༔ ཕྲིན་ལས་འགྲུབ་པའི་དབང༴ རང་སྔགས་མཐར། ཙིཏྟ་ཨ་བྷི༴ ཧཱུྃ༔ སྐྱིན་ཐང་སེར་བས་དགྲ་དཔུང་འཇོམས༔ ཆུ་སྲིན་ཞགས་པ་འཕེན་པ་ཡིས༔ ས་བདག་ཀླུ་གཉན་ཟིལ་གྱིས་གནོན༔ ཕྲིན་ལས་འགྲུབ་པའི་དབང༴ རང་སྔགས་མཐར། ཙིཏྟ་ཨ་བྷི༴ ཧཱུྃ༔ ཁྲམ་ཤིང་དགྲ་བོ་རྩིས་ལ་འདེབས༔ ནད་ཀྱི་རྐྱལ་པས་དགྲ་བོ་གསོད༔ རྫུ་འཕྲུལ་མཚོན་ཆ་ལྔ་ཡང་འབེབས༔ ཕྲིན་ལས་འགྲུབ་པའི་དབང་ཐོབ་ཤོག༔ རང་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་སློབ་མ་རྣམས་ལ་ལྷ་དང་བདག་ཉིད་གཉིས་སུ་མེད་པར་བལྟས་ནས་ཕྱག་མཚན་རྣམས་གཏད་པས་དགྲ་བགེགས་ཐོགས་པ་མེད་པར་བསྒྲལ་ནུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དེ་རྣམས་ཀྱིས་ཡེ་ཤེས་མགོན་པོ་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་དབང་བསྐུར་ཡོངས་རྫོགས་ཐོབ་པ་ཡིན་པས། དེང་ཕྱིན་ཆད་གསལ་བརྟན་དག་གསུམ་ལྡན་པའི་ལྷའི་བསྐྱེད་རིམ་བསྒོམ་པ་དང་། བསྙེན་སྒྲུབ་ལས་གསུམ་གྱི་བཟླས་བརྗོད་མི་འབྲལ་ཅིང་། ཟུང་འཇུག་དེ་ཁོ་ན་ཉིད་ཀྱི་ངང་དུ་མཉམ་པར་གཞག་པ་ལ་བརྩོན་པར་གྱིས་ཤིག །གཉིས་པ་གསང་བའི་དབང་བསྐུར་བ་ལ་དམིགས་འདུན་འདི་ལྟར་མཛོད། བླ་མ་དཔལ་ཡེ་ཤེས་ཀྱི་མགོན་པོ་དང་ཡུམ་ཀྲོ་དྷཱི་ཤྭ་རཱི་མཉམ་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས། སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ལྕེ་ཐོག་ཏུ་བྱིན་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །ཐོད་པའི་བདུད་རྩི་དམ་རྫས་དང་སྦྱར་བ་བྱིན་ལ། ཧཱུྃ༔ བླ་མ་མགོན་པོ་ཡབ་དང་ཡུམ༔ དགའ་བཞི་རོལ་པའི་བྱང་ཆུབ་སེམས༔ སློབ་མའི་ལྕེ་ལ་བཞག་པ་ཡིས༔ ངག་གི་སྒྲིབ་པ་ཀུན་དག་ནས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ སྔགས་མཐར༔ གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་སློབ་མ་རྣམས་ལ་གསང་བའི་དབང་བསྐུར་པས་རྩ་རླུང་ཐིག་ལེ་མ་ཧཱ་ཀཱ་ལ་ཡབ་ཡུམ་དུ་རྟོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་འདུན་པ་འདི་ལྟར་མཛོད། སིནྡྷུ་རའི་དཀྱིལ་འཁོར་མ་ཧཱ་ཀཱ་ལ་མཁའ་འགྲོའི་ཚོགས་དང་བཅས་པར་གསལ་བ། རྗེས་སུ་ཆགས་པའི་བདེ་བ་ཆེན་པོས་འོད་དུ་ཞུ་བ་ཡེ་ཤེས་ཀྱི་མཁའ་འགྲོ་མར་གྱུར་པ་རིག་མ་ལ་ཐིམ་པས་དེ་ཉིད་ཀྲོ་དྷཱི་མ་དངོས་སུ་གྱུར་པ་དང་། སློབ་མ་ཡེ་ཤེས་མགོན་པོར་གསལ་བ་འདུ་ཤེས་གསུམ་ལྡན་གྱིས་མཉམ་པར་སྦྱོར་བས་དགའ་བ་བཞིའི་ཡེ་ཤེས་མཐར་ཐུག་པ་རྒྱུད་ལ་སྐྱེས་པར་མོས་ཤིག །བརྡའམ་ཕྱག་རྒྱའི་གཟུགས་བརྙན་གཏད་ལ། ཧཱུྃ༔ སྣང་སྟོང་མགོན་པོ་ཡབ་དང་ཡུམ༔ ཐབས་ཤེས་ཡབ་ཡུམ་མཉམ་སྦྱོར་བའི༔ དགའ་བ་བཞི་པོ་རྒྱུད་ལ་སྐྱེས༔ ཡིད་ཀྱི་སྒྲིབ་པ་ཀུན་དག་ནས༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ སྔགས་མཐར། མ་ཧཱ་མུ་དྲཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་རྣམས་ལ་ཤེས་རབ་ཡུམ་གྱི་དབང་བསྐུར་པས་མ་མགོན་ལྕམ་དྲལ་བཀའ་སྡོད་དང་བཅས་པ་བདེ་བ་ཆེན་པོའི་རང་རྩལ་དུ་དབང་དུ་འདུས་པར་གྱུར་ཅིག༔ དབང་བཞི་པ་ཚིག་གིས་ངོ་སྤྲོད་པའི་དོན་དམ་དེ་བཞིན་ཉིད་ཀྱི་དབྱིངས་སུ་མཉམ་པར་ཞོག་ཅིག །རང་བྱུང་གི་ཤེལ་རྡོ་ཕྱར་ལ། ཧཱུྃ༔ ཤེལ་དང་འཇའ་ཚོན་ཇི་བཞིན་དུ༔ ཆོས་ཀྱི་དབྱིངས་ལས་མ་མགོན་ཤར༔ རང་རིག་ཡེ་ཤེས་རྩལ་ལས་གྲུབ༔ གཉིས་སུ་འཛིན་པའི་སྒྲིབ་པ་སྦྱངས༔ རང་རིག་ངང་དུ་རྟོགས་པར་ཤོག༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་སློབ་མ་རྣམས་ལ་རིག་པ་རྩལ་གྱི་དབང་བསྐུར་པས་མ་མགོན་ལྕམ་དྲལ་བཀའ་སྡོད་དང་བཅས་པ་རང་གི་སེམས་ལས་གཞན་དུ་མ་གྲུབ་པར་ཤེས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཤིས་བརྗོད་ཅི་རིགས་བྱ། དེ་རྣམས་ཀྱིས་སྟོད་ལས་ཀྱི་དབང་བཞི་གྲུབ་ནས། སྨད་ལས་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་སྒྲུབ་པ་ལ་དབང་བའི་ཕྱིར་དུ་སྲུང་ཟློག་གསད་གསུམ་དང་མཐའ་སྡུད་རྣམས་ཀྱི་རྗེས་གནང་བྱིན་པས། རང་གཞན་བར་ཆད་ལས་སྲུང་ཞིང་ཆག་ཆེ་ཉམ་ང་ཟློག་པ་དང་། ཉམས་པ་བདུན་ལྡན་གྱི་ཡུལ་གྱུར་རྣམས་བསྒྲལ་ཞིང་། དགྲ་བགེགས་ཐམས་ཅད་ལྡང་མེད་དུ་གནོན་པ་དང་། འབར་བ་ཧོམ་གྱི་སྦྱོར་བས་སྲེག་པ་དང་། འཕང་བ་ཟོར་གྱིས་བར་ཆད་ཟློག་པའི་ནུས་རྩལ་ཐོགས་མེད་དུ་གྲུབ་པར་མོས་ཤིག །སྲུང་ཟློག་གསད་པ་མནན་སྲེག་འཕང་བའི་ཆས་རྣམས་གཏད་ལ། ཧཱུྃ༔ གསད་པ་སྤུ་གྲི་འབར་བ་དང༔ སྲུང་བ་རྡོ་རྗེ་ཕ་ལམ་ཆེ༔ ཟློག་པ་མཚོན་ཆའི་འཁོར་ལོར་འབར༔ བསྲེག་པ་ཧོམ་གྱི་སྦྱོར་བ་དང༔ འཕང་བ་གནམ་ལྕགས་ཐོག་དང་འདྲ༔ མནན་པ་རི་རབ་འབར་བ་ཡི༔ འཁོར་ལོ་ཐུན་རྫས་གཏད་པ་ཡིས༔ དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག༔ དྲག་སྔགས་བརྗོད་ཅིང་གཏད་དོ། །བསྡུ་ན་དེ་ཙམ་གྱིས་ཆོག །སྤྲོས་བཅས་རྒྱས་པར་སྤྲོ་ན་དེ་འཕྲོས་སྔགས་པ་བདུད་ཆས་སུ་ཞུགས། ཧོམ་ལིང་བསྒྲལ་ཆས་རྣམས་མདུན་དུ་བཀོད། གསེར་སྐྱེམས། ཆད་མདོ་བསྐུལ་དང་ཟོར་གཏོར་རྣམས་བཤམ། དྲག་པོའི་མེ་ཧོམ་འདུ་བྱ། སློབ་དཔོན་དཔལ་ཧེ་རུ་ཀ་དང་སློབ་མ་མ་ཧཱ་ཀཱ་ལ་ཚོགས་ཀྱི་བདག་པོའི་གསལ་སྣང་དང་ང་རྒྱལ་བརྟན་པོ་བསྐྱེད་ལ། ཕྲིན་བཅོལ་གྱི་ལེའུ་ལྟར། ཧཱུྃ༔ ཆོས་དབྱིངས་ཡུམ་གྱི་མཁའ་ཀློང་ནས༔སོགས་ཀྱིས་ཐུགས་དམ་བསྐུལ། ཆད་ཐོ་བསྒྲག །གསེར་སྐྱེམས་སྤྱི་འགྲོ་གཏང་། ཧཱུྃ༔ ཡབ་གཅིག་མགོན་པོ་ནག་པོ་ནི༔སོགས་ཀྱིས་གསད་པའི་ཕྲིན་ལས་བཅོལ་ཞིང་གཟུ་དཔང་གསོལ་བའི་བར་བྱས་ལ། བདེན་བདར་འགུག་གཞུག་ལན་གསུམ་དང་། ཧཱུྃ༔ ཡེ་ཤེས་མགོན་པོ་མཐུ་རྩལ་ཅན༔སོགས་ཀྱིས་བཀུག་བསྟིམ། ལྷ་དབྱེ། ཐུན་རྣམས་རྡེག་ཅིང་གྲི་གུག་གིས་བསྒྲལ་བའི་བར་བཏང་ལ་སློབ་མ་ལའང་ལག་ལེན་བྱར་གཞུག །ཞལ་བསྟབ་སྐབས་ལིང་རོ་ཁྲག་སྐྱེམས་གཏོར་མར་བསྟབ་ཅིང་སློབ་མ་ལའང་སྦྱིན། དུམ་གཉིས་ཟུར་དུ་འཇོག ཧཱུྃ༔ མ་ཧཱ་ཀཱ་ལ་མཐུ་བོ་ཆེ༔སོགས་དམག་བསྐུལ་འཇུག་ཏུ་ཟོར་གཏོར་གནོད་པའི་ཕྱོགས་སུ་འཕེན་དུ་གཞུག །ཧོམ་སྦར་བའི་མེ་ནང་མགོན་པོ་འཁོར་བཅས་སྐད་ཅིག་གིས་གསལ་བ་ལ་ལིང་རོ་ཁྲག་སྐྱེམས་མཆོད་དུ་གཞུག་ཅིང་སྲེག་པའི་ཕྲིན་ལས་བཅོལ། སྒོ་དྲུང་དུ་དོང་བྲུས་པ་ལ་ལིང་རོ་དུམ་གཅིག་མནན་ལ་དེའི་ཕྲིན་ལས་བཅོལ། སྟེང་དུ་རྡོ་རྗེ་རྒྱ་གྲམ་གྱི་རྒྱས་བཏབ་ལ་བྲོ་བརྡུང་ཞིང་ཤིས་པ་བརྗོད་པ་རྣམས་བྱའོ། །རྒྱས་བསྡུས་གང་བྱས་ཀྱང་མཐའ་རྟེན་གཏོར་མའི་བཀའ་བསྒོ་བྱ་བ་ནི། རྟེན་གཏོར་དཔལ་འབར་བཙུགས་པ་སློབ་མའི་མགོ་ཐོག་ཏུ་བཟུང་ལ། གཏོར་སྣོད་དུར་ཁྲོད་དྲག་པོའི་གཞལ་ཡས་ཁང་དུ་གཏོར་མ་ཉིད་དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོ་ཡབ་ཡུམ་བཀའ་སྡོད་དྲེགས་པ་སྡེ་བརྒྱད་ཀྱི་འཁོར་ཚོགས་དང་བཅས་པ་དངོས་སུ་གསལ་བ་ལ། ཁྱེད་རང་རྣམས་ཀྱིས་མོས་གུས་དྲག་ཏུ་བསྐྱེད་པས་སྤྱི་བོར་བྱོན། སློབ་དཔོན་གྱིས་བཀའ་བསྒོས་པའི་ཚེ། ཁྱེད་རང་གི་བྱང་ཆུབ་སྒྲུབ་པའི་བར་གཅོད་ནད་གདོན་དགྲ་བགེགས་ཐམས་ཅད་ཚར་བཅད་ཅིང་། མཐུན་རྐྱེན་ལེགས་ཚོགས་རབ་ཏུ་སྤེལ་བ་སོགས་ཕྲིན་ལས་རྣམ་བཞི་ཐོགས་པ་མེད་པར་སྒྲུབ་པ་ཞལ་གྱིས་བཞེས་པར་མོས་ཤིག །ཅེས་བྱས་ལ། ཕྲིན་ལས་ནས་འབྱུང་བ་ལྟར། ཧཱུྃ༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔སོགས་ཀྱིས་བསྟོད། ཕྲིན་བཅོལ་ཚིག་ལྷུག་མཇུག་གི་འཁོར་དང་བཅས་པ་ཞེས་པའི་བར་བརྗོད་ལ། ཁྱེད་རྣམས་ཀྱིས་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ་དཔལ་ནས་རིམ་པར་བྱོན་པའི་རྩ་བརྒྱུད་རིག་འཛིན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ཚིག་གི་ཆད་མདོ་རྗེས་སུ་དྲན་པར་མཛོད་ལ། རྡོ་རྗེའི་སློབ་མ་འདིའི་སྲུང་མ་མཛད་ཅིང་ལུས་དང་གྲིབ་མ་བཞིན་འབྲལ་བ་མེད་པར་འགྲོགས་ཏེ། ནད་གདོན་བར་ཆད་ཞི་བ་དང་། ཚེ་བསོད་དཔལ་འབྱོར་རྒྱས་པ་དང་། ཡིད་ལ་འདོད་པ་ཐམས་ཅད་དབང་དུ་འདུ་བ་དང་། དམ་ཉམས་དགྲ་བགེགས་ལོག་པར་སྤྱོད་ཅིང་བར་ཆད་ཀྱི་རྐྱེན་བྱེད་པ་ཐམས་ཅད་ཐལ་བ་རྡུལ་བཞིན་དུ་བརླག་པ་སོགས་རྣམ་བཞིའི་ཕྲིན་ལས་ཐམས་ཅད་གཡེལ་བ་མེད་པ་སྒྲུབ་པར་མཛད་དུ་གསོལ། ཞེས་པའི་མཐར། གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་པར་གྱུར། ཅེས་བསྒོམ། ཤིས་པ་བརྗོད། དེ་ལྟར་ཟབ་ཅིང་གཉན་པའི་དབང་བསྐུར་ལེགས་པར་ཐོབ་པ་ལ་མགོན་པོ་ཉིད་རྟག་ཏུ་མི་འབྲལ་བར་སྲུང་སྐྱོབ་མཛད་པ་ཆོས་ཉིད་ཡིན་པས། ཁྱོད་རྣམས་གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་གི་རིམ་པ་སྤྱི་དང་། བྱེ་བྲག་མགོན་པོའི་རྟེན་སྒྲུབ་མཆོད་པའི་དམ་རྫས་རྣམས་ཚུལ་བཞིན་དུ་འཆང་ཞིང་སྣོད་དུ་མ་གྱུར་པ་ལ་སྐུ་དང་སྔགས་རྒྱ་དམ་རྫས་རྣམས་མི་བསྟན། བྱ་ནག་ཁྱི་ནག་ལ་རྡོ་མི་བརྡེག །དུས་རྟག་ཏུ་མཆོད་གཏོར་སྐོང་བཤགས་ལ་བརྩོན། ཁྱད་པར་ཚེས་བརྒྱད་དང་། བཅོ་ལྔ་དང་། ཉི་ཤུ་དགུ་རྣམས་ལ་དུས་ཀྱི་གཏོར་མ་མ་ཆད་པ་སོགས་ཇི་སྐད་བཤད་པའི་དམ་ཚིག་ཚུལ་བཞིན་དུ་བསྲུང་དགོས་པས་དེ་ལྟར་བགྱི་བའི་བློས་ཁས་བླང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །དང་། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་རྣམས་སྤྱི་ལྟར་བྱས་ལ་སློབ་མ་གྱེས། གསུམ་པ་རྗེས་ཀྱི་བྱ་བ་ནི། སླར་ཡང་གཏོར་མ་གསོས་ལ་སྐོང་བཤགས་གཏང་། གོང་དུ་ཚོགས་མཆོད་ཕུལ་ན་དམ་རྫས་རོལ་ཅིང་ལྷག་མ་གཏང་། བསྒྲལ་ལས་རྒྱས་པ་མ་བྱས་ན་བསྐུལ་དང་ཆད་མདོ་གཏང་ལ་བྲོ་བརྡུང་། མཆོད་ཁ་གསོས་ལ། གཏང་རག་མཆོད་བསྟོད་བྱ། ཡིག་བརྒྱ་བརྗོད་ཅིང་ནོངས་བཤགས་བཟོད་གསོལ། ཡེ་ཤེས་པ་རྟེན་ཡོད་མེད་དང་བསྟུན་པའི་བརྟན་བཞུགས་དང་གཤེགས་གསོལ། དམ་ཚིག་པ་རང་ལ་བསྟིམ་ཞིང་དགེ་བསྔོ་ཤིས་བརྗོད་རྣམས་སྤྱི་ཆིངས་ལྟར་བྱས་པས་གྲུབ་བོ། །རབ་རྒྱས་ཡེ་ཤེས་གཟི་བརྗིད་ཀྱིས། །བདུད་སྡེའི་དཔུང་ཚོགས་ཕྱིར་བསྙིལ་ཏེ། །ཆོས་སྐྱོང་ཚོགས་ཀྱི་རྗེ་བཙན་དང་། །དབྱེར་མེད་ཆེ་བའི་མཆོག་འགྲུབ་ཤོག །ཅེས་སྤྲུལ་པའི་གཏེར་སྟོན་ཆེན་པོས་རྗེས་སུ་གནང་བ་དང་། རྣམ་གསལ་བལྟས་ཆོག་རང་འདྲའི་བློ་དམན་ལ་ཕན་པའི་བསམ་པས་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།
རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཟབ་གསལ་སྙིང་གི་ཐིག་ལེ་ (Volume 27, Text 6)
༄༅། །རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཟབ་གསལ་སྙིང་གི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། ། ཨོཾ་བཛྲ་སཏྭ་ཧཱུྃ། རྡོ་རྗེ་འདུས་མ་བྱས་དབྱིངས་གདོད་ནས་རང་བཞིན་མི་འགྱུར་བདག །རྡོ་རྗེ་ཟབ་གསལ་རང་བྱུང་འདུ་འབྲལ་ལས་འདས་མི་ཤིགས་པ། །རྡོ་རྗེ་རྣམ་ཀུན་མཆོག་ལྡན་ཀུན་ཏུ་བཟང་པོ་བདེ་བ་ཆེ། །རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན་བདག་དེ་ལ་རྟག་སྐྱབས་མཆིའོ། །རྒྱལ་ཀུན་ཐུགས་ཀྱི་རྡོ་རྗེའི་བདག །ཁྱེད་ཞབས་ཕྱག་འཚལ་དེ་སྒྲུབ་ཐབས། །ཕྱི་ནང་གསང་ཡང་ཁོ་ན་ཡི། །ཉམས་སུ་ལེན་ཚུལ་འདིར་བཤད་བྱ། །དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་རྡོ་རྗེ་སེམས་དཔའ་ནི། དོན་དམ་པར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་འཛད་པ་རྒྱན་གྱི་འཁོར་ལོ་གཅིག་ཏུ་འདུས་པའི་བདག་ཉིད། སྤྱི་དཔལ་ཆེན་པོ་གསང་ཆེན་རིགས་གཅིག་གི་ངོ་བོར་ཡོངས་སུ་གྲུབ་པ་ཉིད་ཡིན་ལ། ཀུན་རྫོབ་ཙམ་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་དུས་ན། གང་ཞིག་ངའི་མིང་ཐོས་པ་ཙམ་གྱིས་མཚམས་མེད་དུཿཁའི་ལས་ལ་སྤྱོད་པ་དང་། སྔགས་ཀྱི་དམ་ཚིག་ཉམས་ཆག་ཞིག་རལ་དུ་གྱུར་ནས་རྡོ་རྗེ་དམྱལ་བ་ཆེན་པོར་སྐྱེ་བའི་སྡིག་ལྟུང་སྒྲིབ་པ་ཅན་རྣམས་དེ་མ་ཐག་པར་བྱང་ཞིང་དག་པར་གྱུར་ཅིག །ཉེས་པ་ཅན་དེ་རྣམས་ཀྱི་རྩར་བདག་གནས་ནས་དེ་ཡི་སྒྲིབ་པ་མཐའ་དག་བསལ་ཏེ་ཐར་པ་མཆོག་ལ་བཀོད་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་ཅིང་དམ་བཅས་པ་ཡིས་ཤིན་ཏུ་དག་པར་དཀའ་བའི་སྡིག་ལྟུང་ཀུན་སེལ་བར་ཆེས་ཆེར་མཆོག་ཏུ་བསྔགས་པ་སྟེ། དེ་བཞིན་གཤེགས་པ་དེ་ཡི་ཡང་སྙིང་ཡི་གེ་བརྒྱ་པ་ཞེས་མཚན་ཅུང་ཟད་བསྒྱུར་བས་ཧེ་རུ་ཀ་སོགས་ལྷ་རབ་འབྱམས་ཀྱི་ཡིག་བརྒྱར་འགྱུར་བ། སྔགས་རྒྱུད་མང་པོ་ནས་བསྔགས་ཤིང་སྔགས་ཀྱི་མན་ངག་ལ་ཞུགས་པ་ཀུན་གྱི་སྤྱི་ནོར་སྙིང་གི་ཐིག་ལེ་དམ་པར་གྱུར་པ་དེ་ལྟར་ཡི་གེ་བརྒྱ་པའི་གཞུང་རབ་འབྱམས་ལས། འདིར་ནི་དམ་ཚིག་ཉམས་ཆག་ཐམས་ཅད་བསྐང་བའི་ལུང་བཤགས་པའི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དྲི་མ་མེད་པ་ཞེས་བྱ་བ་ལས་འདི་སྐད་དུ། དེ་ནས་དུས་དེར་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཀྱི་བདག་ཉིད་སྐུ་མཚན་གྱི་མེ་ཏོག་ལ་དཔེ་བྱད་བཟང་པོའི་འབྲས་བུས་བརྒྱན་པ། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་དང་། སྟོབས་དང་མི་འཇིགས་པ་དང་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་མངའ་བ། གཞན་ཡང་དབུ་ལ་རིགས་ལྔའི་སངས་རྒྱས་ཀྱིས་དབང་བསྐུར་བ། དར་དཀར་དང་པ་ཏི་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གདན་ཡང་བྱང་ཆུབ་སེམས་དཔའ་བརྒྱད་སྟོབས་ཆེན་གླང་པོ་ཆེར་སྤྲུལ་པ་བརྒྱད་ཀྱིས་རིན་པོ་ཆེའི་ཁྲི་རྐང་བཏེགས་པའི་སྟེང་ན་པདྨ་དང་ཉི་ཟླ་བརྩེགས་པའི་གདན་དུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཤིན་ཏུ་ལྷམ་མེ། ཤིན་ཏུ་ལྷང་ངེ་ལྷན་ནེ་ནམ་མཁའི་འཇའ་འམ་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པ་གསལ་ལ་དངོས་པོར་མ་གྲུབ་པ་གཅིག་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་མངོན་སུམ་དུ་བྱོན་ཏེ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོའི་སྤྱན་སྔར་འདུག་སྟེ་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་ཀུན་ཏུ་བཟང་པོ་ཁྱོད་ཀྱིས་གསང་སྔགས་ཀྱི་སྒོར་ཞུགས་པ་ཐམས་ཅད་ཀྱི་ཉམས་ཆག་སོར་ཆུད་པར་བྱ་བའི་དོན་དུ། ན་རཀ་དོང་སྤྲུགས་རྣལ་འབྱོར་གྱི་སྤྱི་ཁྲུས་འགྱོད་ཚངས་ཀྱི་ཆོ་ག་བཤད་པ་འདི་ནི་རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི་ཡུམ། རྣལ་འབྱོར་པ་སྔ་རབས་འདས་པ་རྣམས་ཀྱི་ལམ་ཆེན་པོ། ད་ལྟར་གྱི་རྣལ་འབྱོར་མ་རིག་པ་རྣམས་ཀྱི་མིག་འབྱེད་པ། མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱི་འདྲེན་ཤུལ་ཏེ། རྣལ་འབྱོར་པ་ཡི་སྤྱི་ལམ་འདི་ལྟ་བུ་བཀའ་བསྩལ་པ་ཐུགས་རྗེ་ཆེ་ལ་ངོ་མཚར་ཆེ་ལགས་སོ། །དེ་བས་ན་བདག་གིས་ཀྱང་ཡི་གེ་བརྒྱ་པ་ཞེས་བྱ་བ། བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་ཡང་སྙིང་། ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་སེལ་བར་བྱེད་པ་འདི་བརྗོད་ཀྱིས། རྣལ་འབྱོར་རྟོག་སྒྲིབ་དང་ཉམས་ཆག་ཅན། གསོག་འཇོག་དང་བག་ཆགས་ཅན་རྣམས་ཉོན་ཅིག །བཀའ་བསྩལ་པ། ཨོཾ་བཛྲ་སཏྭ་ས་མ་ཡཱ། མ་ནུ་པཱ་ལ་ཡ་སོགས་ནས། སཏྭ་ཨཱཿ འདི་དག་དུས་གཅིག་ཏུ་ལན་བརྒྱ་རྩ་བརྒྱད་བཟླས་ན་ཉམས་ཆག་ཐམས་ཅད་བསྐངས་ཏེ་ངན་སོང་ཐམས་ཅད་ལས་ཐར་བར་འགྱུར་རོ། །རྣལ་འབྱོར་པ་གང་ཞིག་གིས་ཡི་དམ་དུ་བཅས་ནས་འདོན་ན་ཚེ་འདི་ལ་ཡང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་སྲས་ཀྱི་དམ་པར་དགོངས་ནས་སྲུང་སྐྱོབ་མཛད་ལ་ཚེ་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཉིད་དུ་གདོན་མི་ཟ་བར་འགྱུར་རོ། །དེ་སྐད་ཅེས་གསོལ་པ་དང། ཕྱོགས་བཅུ་ནས་ལྷགས་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་དཔལ་རྡོ་རྗེ་སེམས་དཔའ་ལ་བརྐྱང་ཕྱག་ལན་སྟོང་དུ་འཚལ་ཞིང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་། ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་སྦྱོང་བར་བྱེད་པའི་ཡེ་གེ་བརྒྱ་པ་བཀའ་བསྩལ་པ་ངོ་མཚར་ཆེ། ཨ་ལ་ལ་ཧོ། ཀུན་ཏུ་བཟང་པོས་རྡོ་རྗེ་སེམས་དཔའ་ལ་བཀའ་བསྩལ་པ། རྡོ་རྗེ་སེམས་དཔའ་ཁྱོད་ཀྱིས་གསང་སྔགས་ཀྱི་སྒོར་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་དོན་དུ་ཉམས་ཆག་དང་རྟོག་སྒྲིབ་སྦྱོང་བའི་ཐབས་ཡི་གེ་བརྒྱ་པ་བཤད་པ་ལེགས་སོ། །དེ་བས་ན་རྣལ་འབྱོར་པ་གང་ཞིག་གིས་ཡི་དམ་དུ་བཅས་ནས་འདོན་ན། མི་དེ་ཚེ་འདི་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་སྲས་ཀྱི་དམ་པར་དགོངས་ནས་སྲུང་སྐྱོབ་མཛད་ལ། ཚེ་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་དམ་པ་ཉིད་དུ་གདོན་མི་ཟ་བར་འགྱུར་རོ། །རྣལ་འབྱོར་པ་རྣམས་ལ་ཕན་གདགས་ཤིང་ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་སེལ་བ་ཡི་གེ་བརྒྱ་པ་ཞེས་བྱ་བ་བཤགས་པ་ཐམས་ཅད་ཀྱི་རྒྱལ་པོ་བརྗོད་པ་ལེགས་སོ་ལེགས་སོ། །ཞེས་ཏེ། དེ་ལྟར་རྒྱུད་སྤྱི་དང་བྱེ་བྲག་དུ་མར་རབ་ཏུ་བསྔགས་པ་དཔལ་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ཉམས་སུ་ལེན་པའི་ཚུལ་ཇི་སྙེད་པ་ལས།འདིར་བཅུད་དུ་དྲིལ་བར་བྱས་པ་རྣལ་འབྱོར་སྙིང་པོ་ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན་ཉིད་ཀྱི་རིམ་པ་སྟེ་ལྔའོ།། དེ་ལ་དང་པོ་ཕྱི་བྱ་རྒྱུད་ལྟར་སྤྱི་བོར་བསྒོམས་ཏེ་ཉམས་སུ་ལེན་པ་ནི། མཐའ་ཡས་པ་མཁའ་མཉམ་གྱི་སེམས་ཅན་ཀུན་སྙིང་ཁོངས་སུ་བཅུག་ནས་དེ་རྣམས་བདག་དང་ལྷན་ཅིག་དཀོན་མཆོག་གསུམ་ལ་ཞེ་ཐག་པ་ནས་སྐྱབས་སུ་སོང་བའོ་སྙམ་པ་དང་། སྤྱི་བོར་ཡང་རྡོ་རྗེ་སེམས་དཔའ་རེ་རེ་བཞུགས་ནས་བདག་གི་ཇི་བཞིན་སྡིག་སྒྲིབ་སྡུག་བསྔལ་སྦྱངས་ཡོད་སྙམས་པའི་མོས་འདུན་ཐུན་གྱི་ཐོག་མཐར་དུང་པ་རེ་བྱ། དངོས་གཞིར་རང་གི་ལུས་ཐ་མལ་དུ་གནས་པའི་སྤྱི་བོའི་སྟེང་མཁའ་ན་རིན་པོ་ཆེ་སྣ་ཚོགས་རབ་ཏུ་མཛེས་པ་ལས་གྲུབ་པའི་ཁྲི་སྟེགས་བུ། དེ་སྟེང་ཐེམ་པ་གསུམ་བརྩེགས་ལ་ཁྲི་རྐང་བརྒྱད་རྡོ་རྗེ་རིན་ཆེན་པདྨ་རལ་གྲི་དང་མཚམས་སྣ་ཚོགས་རྡོ་རྗེས་སྤྲས་པ། སྟེང་བད་གསུམ་རིམ་སྟེང་མ་མངོན་པར་འཕྱར་ཞིང་གདོང་རྔམས་རྒྱས་པ། ཁྲི་ཡི་སྟེང་ངོས་སུ་འཁོར་ལོ་རྩིབས་སྟོང་དང་། འོག་ཏུ་པདྨ་འདབ་སྟོང་གི་གཟུགས་བརྙན་བཀྲ་བ། ཁྲི་རྐང་གི་བར་མཚམས་སུ་ཁྲི་འདེགས་ཀྱི་ཚུལ་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་བརྒྱད་གླང་པོ་ཆེའི་གཟུགས་སུ་སྤྲུལ་པ་མཇུག་ནང་དུ་བྱས་ཤིང་གདོང་ཕྱིར་ཕྱོགས་པ། མཆེ་བ་དྲུག་པ་ཁ་དོག་ཐལ་དཀར་ལ་དཔྲལ་བ་ནས་སྣའི་རྩེ་མོའི་བར་སིནྡྷུ་ར་འམ་ཨིནྡྲ་གོ་བ་ལྟར་དམར་བ། རིན་པོ་ཆེའི་མཆོག་ཏུ་གྱུར་པ་སྣ་ཚོགས་དང་གསེར་གྱི་དྲྭ་བས་ཀུན་ནས་ལུས་གཡོགས་པ། དེ་རྣམས་ཀྱི་སྤྱི་བོར་སྔོན་གྱི་སྨོན་ལམ་ཐུགས་རྗེ་ཆེན་པོ་ཚད་མེད་པའི་མཐུ་ལས་གྲུབ་པའི་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོའི་གཟུགས་ཅན་ལ། ངོ་བོ་རང་རང་གི་རིགས་བདག་དེ་བཞིན་གཤེགས་པ་ཡོངས་ཏེ་མཐའ་ཡས་པའི་འོད་ཟེར་འཕྲོ་བས་བརྒྱན་པ་བརྒྱད་གནས་པའི་ཁྲི་སྟེང་དུ། པདྨ་དཀར་པོ་འདབ་མ་སྟོང་ལྡན་གྱིས་ཁེབས་པའི་དབུས་ཉི་མ་དང་ཟླ་བ་རབ་ཏུ་རྒྱས་པའི་གདན་ལ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཡི་གེའི་རྣམ་པར་གྱུར་པའི་ཧཱུྃ་དཀར་པོ། དེ་ཡོངས་སུ་གྱུར་པ་ལས་དཔལ་མཆོག་དང་པོའི་སངས་རྒྱས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་བ་ལས་ཀྱང་ཆེས་ཆེར་དཀར་བ་སྟོན་ཀའི་ཟླ་བ་འབུམ་ཕྲག་གི་གཟི་བརྗིད་ཟིལ་གྱིས་གནོན་པ། ཞལ་གཅིག་ཞི་ཞིང་འཛུམ་པ། ཕྱག་གཉིས་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གསོར་ཞིང་གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་ཅན་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པའི་སྐུ་ཞི་བའི་ཚུལ་ཅན་དར་དང་རིན་པོ་ཆེའི་རྒྱན་གྱིས་ཀུན་ཏུ་མཛེས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆས་སུ་ཞུགས་པ་ལྟར་གསལ་བའི་ཐུགས་ཀར་ཟླ་བ་ར་རི་མེད་པའི་སྟེང་དུ་ཧཱུྃ་ཡིག་དཀར་པོ་ཤིན་ཏུ་འཚེར་བ། དེ་ཡི་མཐར་ཟླ་བ་ལ་གནས་པའི་ཡི་གེ་བརྒྱ་པའི་སྔགས་ཕྲེང་གསལ་བཏབ་ཅིང་ངག་ཏུ་བཟླས་པས། ཟླ་བ་ཡིག་བརྒྱ་ཧཱུྃ་ཡིག་ལས་འོད་ཟེར་འཕྲོས། རྡོ་རྗེ་སེམས་དཔའི་སྐུའི་ཆ་བ་སྤུའི་བུ་ག་ཁྱད་པར་དུ་ཞལ་དང་མཛོད་སྤུ་གཙུག་ཏོར་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་ཁྱབ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པའི་ཚོགས་མ་ལུས་དགྱེས་པར་བྱས། དེ་དག་རྣམས་ཀྱི་ཐུགས་ཀ་ནས་ཐུགས་རྗེ་དང་བྱིན་རླབས་ཀྱི་རང་བཞིན་བདུད་རྩིའི་རྣམ་པར་སྤྱན་དྲངས། རྡོ་རྗེ་སེམས་དཔའི་སྐུའི་ཆ་གང་གི་གནས་རྣམས་ནས་ཚུར་ཞུགས། ཐུགས་ཀའི་ཟླ་བ་ཡིག་བརྒྱ་ཧཱུྃ་ཡིག་རྣམས་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་ཆུ་མིག་ནས་ཆུ་རྒྱུན་བབ་པ་ལྟར་བྱུང་། དེ་ཡང་ཧཱུྃ་ཡིག་ལས་བབ་པ་ཐུགས། ཡིག་བརྒྱ་ལས་གསུང་། ཟླ་བ་ལས་བབ་པ་སྐུའི་བདུད་རྩི་སྟེ། དེ་གསུམ་གྱིས་རྡོ་རྗེ་སེམས་དཔའི་སྐུ་ལུས་ཆེར་ཁེངས་ཏེ་མ་ཤོང་ལུད་པའི་ཚུལ་གྱིས་སྐུའི་ཆ་ཀུན་དང་ཞབས་གཡས་པའི་ཤ་སེན་གྱི་བར་ནས་བདུད་རྩིའི་རྒྱུན་བར་མ་ཆད་པར་བྱུང་། བྱང་ཆུབ་སེམས་དཔའ་གླང་པོ་ཆེའི་གཟུགས་སུ་སྤྲུལ་པའི་སྟེང་དུ་བབ། དེ་རྣམས་ཀྱི་སྤྱི་བོར་རིགས་ཀྱི་བདག་པོ་ནོར་བུ་རིན་པོ་ཆེའི་ཚུལ་དུ་གནས་པ་ལས་ཀྱང་བདུད་རྩིའི་རྒྱུན་བྱུང་བ་དང་གཅིག་ཏུ་འདྲེས། བར་མ་ཆད་པར་བདག་སོགས་མཐའ་ཡས་པའི་སེམས་ཅན་རྣམས་ཀྱི་སྤྱི་བོར་བབ་སྟེ། དེས་ལུས་ཀྱི་ཕྱི་ནས་ཁྱབ་ཅིང་བཀྲུས་པས་འཛིན་ཆགས་ཀྱིས་ཀུན་ནས་དཀྲིས་པའི་དྲི་མའི་ཚོགས་དང་ལྷན་ཅིག་ལུས་ཀྱི་གོས་ཀྱང་ཉིལ་གྱིས་ཞུ་བ་བཅས་ཤིང་། ཁྱད་པར་སྤྱི་གཙུག་ནས་ལུས་ཀྱི་ནང་དུ་ཞུགས་པས་བདུད་རྩིའི་རེག་མ་ཐག །ཉོན་མོངས་དུག་གསུམ་གྱི་རང་བཞིན་ཤ་ཁྲག་རུས་པ་དང་ལྷན་ཅིག་རང་རང་གིས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དུད་ཁུ་སོལ་ཁུ་འཇའ་ཚོན་སྔོན་དམར་གྱི་རྣམ་པར་ཆེ་བ་རྣམས་ཁ་སྣ་བཤང་ལམ། འབྲིང་བ་རྣམས་མིག་རྣ་བ་སེན་བར། ཆུང་བ་རྣམས་སྐྲ་དང་བ་སྤུའི་བུ་ག་ནས་ཕྱིར་ཐོན། ནམ་ཡང་ལྡང་དུ་མེད་པ་ས་རིམ་པ་དགུའི་འོག་ཏུ་སོང་། དེར་ཡང་ཡེ་ཤེས་ཀྱི་རང་སྣང་བསྐལ་པའི་མེ་ཆུ་རླུང་རྣམས་ཀྱིས་སྦྱངས་ནས་རྡུལ་ཕྲན་ཕྲ་རབ་ཙམ་ཡང་མེད་པར་ལྷག་མེད་དུ་སྟོང་ཞིང་། རང་ལུས་དྭངས་ཤེལ་གྱི་བུམ་པ་རྙོག་པ་མེད་པའི་ཆུ་རྒྱུན་གྱིས་བཀང་བ་ལྟར། ལུས་དང་བདུད་རྩི་གཉིས་ཀས་ཕྱི་ནང་མི་སྒྲིབ་པ་ས་ལེ་སེང་ངེར་བསམ་ལ་ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླས་པའི་སྐྱོན་ཧ་ཅང་གི་སྐད་ཆེ་ཆུང་དང་། ཚིག་དལ་མྱུར་དང་། ཁྱད་པར་དུ་འབྲུ་ལྷག་ཆད་དུ་མ་སོང་བར་གཙང་ཞིང་དག་པར་བཟླ་བའོ། །གཞན་ཡང་ནད་སེལ་བ་ལ་བདུད་རྩི་ལུས་ནང་དུ་ཞུགས་པས་ནད་ཐམས་ཅད་རྣག་ཁྲག་ཆུ་སེར་གྱི་རྣམ་པར་བཤང་ལམ་དང་གང་ན་ས་ནས་ཐོན་པར་བསམ་པ་དང་། གདོན་ལ་ཤིག་སྲོ་སྡོམ་སྡིག་སྦལ་སྦྲུལ་རྣམས་ཡེ་ཤེས་ཀྱི་བདུད་རྩིས་བདས་ཏེ་ས་རིམ་པ་དགུའི་འོག་ཏུ་སོང་ནས་སྦྱངས་པ་སོགས་གོང་ལྟར་དུ་ཤེས་པར་བྱའོ། །ཐུན་མཚམས་ངལ་གསོ་བའི་སྐབས་སུ་མཆོད་པ་དང་བསྟོད་བཤགས་ཀྱི་མཐར་གདན་གླང་པོ་ཆེ་རྣམས་བྱང་ཆུབ་སེམས་དཔའ་བརྒྱད་དུ་གྱུར་ཏེ་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ། རིན་པོ་ཆེའི་ཁྲི་རྐང་ཡང་པདྨར་ཐིམ། རྡོ་རྗེ་སེམས་དཔའ་པད་ཉི་ཟླ་གདན་བཅས་རང་གི་སྤྱི་བོར་བསྟིམས་པ་ཙམ་མམ། འཆད་འགྱུར་ནང་སྒྲུབ་ཀྱི་དམིགས་པ་སྦྱར་བའམ་ཡང་ན་དམིགས་མེད་དུ་བཞག་པ་ཅི་བདེར་བྱ་ཞིང་། གང་ལྟར་རྗེས་བྱང་ཆུབ་ཆེན་པོར་ངེས་པར་བསྔོའོ། །དེ་ནི་རྡོ་རྗེ་སེམས་དཔའི་ཕྱི་སྒྲུབ་བྱ་རྒྱུད་ཀྱི་ཉམས་ལེན་ལྟར་གསལ་བར་བསྟན་པ་སྟེ་སྐྱེས་མཆོག་བཛྲ་ཐིག་ལེ་རྩལ་གྱིས་ཆོས་འདིའི་སྲུང་མ་མཛོད་ལ་ཉམས་སུ་ལེན་པ་རྣམས་ཀྱི་གྲོགས་གྱིས་ཤིག །ས་མ་ཡཱ་ྀཨཚ། ༈ྂ ད་ནི་གཉིས་པ་ནང་སྤྱོད་རྒྱུད་ལྟར་རྡོ་རྗེ་སེམས་དཔའ་རང་གི་ལུས་ཀྱི་གནས་སུ་བསྒོམ་སྟེ་ཉམས་སུ་ལེན་པ་ནི། ཐོག་མར་གོང་དུ་བསྟན་པ་བྱ་རྒྱུད་ལྟར་བསྒོམ་བཟླས་ཅི་ལྟར་རིགས་པའི་མཐར། མཆོད་བསྟོད་བཤགས་པའི་རྗེས་ཐོག་ཉིད་དུ་རྡོ་རྗེ་སེམས་དཔའ་རང་གི་སྤྱི་གཙུག་ཚངས་པའི་བུ་ག་ནས་མར་བྱོན་ཀླད་པ་དུང་ཁང་གི་གནས་སུ་དར་གཅིག་བཞུགས་ཏེ། ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃ་ཡིག་དཀར་པོའི་མཐར་ཡིག་བརྒྱ་དཀར་པོའི་ཕྲེང་བས་བསྐོར་བ་སྟེ་དེ་གསུམ་ལས་འོད་ཟེར་བྱུང་། རྒྱལ་བ་སྲས་དང་སློབ་མར་བཅས་པ་རྣམས་ལ་སྐུ་མཉེས་པའི་མཆོད་པ་ཕུལ། སླར་འོད་ཟེར་དེས་སེམས་ཅན་ཐམས་ཅད་ཀྱིས་ལུས་ཀྱི་སྒོ་ནས་བསགས་པའི་མི་དགེ་བའི་ལས་སྤྱི་དང་། བྱེ་བྲག་སྡོམ་པ་གསུམ་གྱི་ཉེས་ལྟུང་དྲི་མ་མཐའ་དག་སྦྱངས། ཚུར་འདུས་ཐུགས་ཀའི་སྔགས་འཁོར་ལ་ཐིམ་པར་བསམ་ལ་ཡི་གེ་བརྒྱ་པ་ཅི་རིགས་བཟླ་འོ། །དེ་ནས་དུང་ཁང་གི་རྡོ་རྗེ་སེམས་དཔའ་མགྲིན་པའི་དབུས་སུ་བྱོན་ཅིང། དེ་མ་ཐག་ཏུ་སྐུ་མདོག་དམར་པོར་གྱུར། ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་དམར་པོ་ཡིག་བརྒྱ་དམར་པོའི་ཕྲེང་བས་བསྐོར་བ་དེ་གསུམ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་དང་སློབ་མར་བཅས་པ་མཐའ་དག་ལ་མཉེས་པའི་མཆོད་པ་ཕུལ། སླར་ཡང་འོད་ཟེར་དེས་སེམས་ཅན་ཐམས་ཅད་ཀྱིས་ངག་གི་སྒོ་ནས་བསགས་པའི་མི་དགེ་བའི་ལས་སྤྱི་དང་། བྱེ་བྲག་སྡོམ་པ་གསུམ་གྱི་ཉེས་ལྟུང་དྲི་མ་མཐའ་དག་སྦྱངས། ཚུར་འདུས་ཐུགས་ཀའི་སྔགས་འཁོར་ལ་ཐིམ་པར་བསམ་ལ་ཡི་གེ་བརྒྱ་པའི་བཟླས་པ་ཅི་རིགས་བྱའོ། །དེ་ནས་མགྲིན་པའི་རྡོ་རྗེ་སེམས་དཔའ་མར་སྙིང་ཁར་བྱོན་མ་ཐག་ཏུ་སྐུ་མདོག་མཐིང་གར་གྱུར། ཐུགས་ཀར་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཧཱུྃ་ཡིག་མཐིང་ནག་ཡི་གེ་བརྒྱ་པ་མཐིང་གས་བསྐོར་བ་དེ་གསུམ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་དང་སློབ་མར་བཅས་པ་མཐའ་དག་ལ་མཉེས་པའི་མཆོད་པ་འབུལ། སླར་ཡང་འོད་ཟེར་དེས་སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་སྒོ་ནས་བསགས་པའི་མི་དགེ་བའི་ལས་སྤྱི་དང་། བྱེ་བྲག་སྡོམ་པ་གསུམ་གྱི་ཉེས་ལྟུང་དྲི་མ་མཐའ་དག་སྦྱངས། ཚུར་འདུས་ཐུགས་ཀའི་སྔགས་འཁོར་ལ་ཐིམ་པར་བསམ་ལ་ཡི་གེ་བརྒྱ་པའི་བཟླས་པ་ཅི་ནུས་བྱའོ། །དེ་ཡན་རང་གི་སྒོ་གསུམ་སྡིག་པ་གང་ཆེར་སྤྱད་པའི་གཉེན་པོར་དམིགས་བསལ་བསྒོམ་ན་གནས་དེ་དང་དེར་གཙོ་བོར་བྱས་ན་ལེགས་པའོ། །དེ་ནས་སྙིང་གའི་རྡོར་སེམས་མར་ལྟེ་བར་བྱོན། གསེར་གྱི་པདྨ་དང་ཉི་དཀྱིལ་ལ་བཞུགས་པའི་སྐུ་གསེར་བཙོ་མའི་ཁ་དོག་ལྟ་བུ་ཟླ་བའི་རྒྱབ་ཡོལ་ཅན། ཐུགས་ཀར་ཉི་ཟླ་ཁ་སྦྱོར་ལ་གནས་པའི་ཧཱུྃ་སེར་པོ་ཡི་གེ་བརྒྱ་པའི་ཕྲེང་བ་ཁ་དོག་དཀར་པོ་སྟེ་དེ་གསུམ་ལས་འོད་ཟེར་འཕྲོས། ཕྱོགས་དུས་ཀྱི་སངས་རྒྱས་བྱང་སེམས་འཕགས་ཚོགས་འཁོར་དང་བཅས་པ་མ་ལུས་མི་ལུས་ལུས་པ་མེད་པའི་སྐུ་གསུང་ཐུགས་དགྱེས་པར་བྱས། འོད་ཟེར་དེས་སེམས་ཅན་གཅིག་ཀྱང་མ་ལུས་པ་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་མི་དགེ་བའི་ལས་སྤྱི་དང་། བྱེ་བྲག་སྡོམ་པ་གསུམ་གྱི་ཉེས་ལྟུང་དྲི་མའི་ཚོགས་མཐའ་དག་སྦྱངས། ཚུར་འདུས་རྡོ་རྗེ་སེམས་དཔའི་ཐུགས་ཀའི་སྔགས་ཀྱི་དཀྱིལ་འཁོར་ལ་ཐིམ། དེ་ལྟ་བུའི་འོད་ཟེར་སྤྲོ་བསྡུ་དང་བཅས་སྤྱི་ཁྱབ་གནས་འདི་གཙོ་བོར་བྱས་ཏེ་ཡི་གེ་བརྒྱ་པ་ནུས་ཚད་དུ་བཟླས་ལ། མཐར་སྔགས་ཀྱི་འོད་ཟེར་རབ་ཏུ་འཚེར་བས་བདག་གི་ལུས་འདི་ཡང་འོད་ཀྱི་གོང་བུ་བལྟ་བས་མི་བཟོད་པ་གཅིག་ཏུ་གྱུར་པར་བསམ་ལ་གསང་སྒྲུབ་ལ་འཇུག་གམ་དམིགས་མེད་དུ་བཞག་པ་ཅི་བདེར་བྱ་ལ། ཐུན་མཚམས་ལ་འཇུག་ན་དགེ་བ་རྫོགས་བྱང་དུ་ངེས་པར་བསྔོའོ། །དེ་ནི་ནང་སྤྱོད་རྒྱུད་ལྟར་ཉམས་སུ་ལེན་པའི་ཚུལ་གསལ་བར་བཤད་པ་སྟེ་ཆོས་འདིའི་སྲུང་མ་གཟའི་དགེ་བསྙེན་སྨུག་ནག་འོད་འཕྲོས་མཛོད་ལ་ཉམས་སུ་ལེན་པ་རྣམས་ཀྱི་གྲོགས་གྱིས་ཤིག །ས་མ་ཡཱ་ྀཨཚ། ༈ྂ གསུམ་པ་གསང་བ་རྣལ་འབྱོར་གྱི་རྒྱུད་སྡེ་ལྟར་སེམས་དཔའ་སུམ་བརྩེགས་སུ་ཉམས་སུ་ལེན་པ་ནི། རང་གི་ལུས་སྣང་སེམས་ཀྱི་རྟོག་ཚོགས་ཀུན་གདོད་མ་ཉིད་ནས་རང་བཞིན་གྱི་སྟོང་པ་ཉིད་དུ་གྱུར། དེ་ལྟ་བུ་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོའི་རྐྱེན་གྱིས་ཟླ་བ་ལ་གནས་པའི་ཧཱུྃ་ཡིག་རྡོ་རྗེ་རྩེ་ལྔ་པར་གྱུར། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཤིན་ཏུ་དཀར་ཞིང་དྭངས་པ་མཚན་དཔེ་རྫོགས་པའི་སྐུ་རྡོར་དྲིལ་སྙེམ་ཚུལ་གྱིས་འཛིན་ཅིང་རིགས་ལྔའི་དབུ་རྒྱན་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ནོར་བུ་བསམ་འཕེལ་ལས་གྲུབ་པའི་རིན་པོ་ཆེའི་རྒྱན་བརྒྱད་དང་། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས། ཚིག་གུའི་སྨད་དཀྲིས་སོགས་དར་གྱི་ཆས་ལྔས་མཛེས་པ། གདན་པད་ཉི་ཟླ་བ་དང་རྒྱབ་ཡོལ་ཡང་ཟླ་བས་བྱས་པ་སྟེ། དེ་ནི་དམ་ཚིག་སེམས་དཔའ་འོ། །དེའི་ཐུགས་ཀར་རང་ཇི་འདྲ་བའི་སྐུ་འོད་ཟེར་ལྔ་འཕྲོ་བ་ནི་ཡེ་ཤེས་སེམས་དཔའ་འོ། །དེའི་ཐུགས་ཀར་ཀུན་རྫོབ་རྒྱུ་ཡི་ཐིག་ལེ་ཟླ་བ་ཉ་གང་བའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་མོ་ལྔ་པ། ལྟེ་བར་གཞོམ་དུ་མེད་པའི་ཧཱུྃ་ཡིག་དཀར་པོས་སྤྲས་པ་སྟེ་ཏིང་འཛིན་སེམས་དཔའ་འོ། །གོང་གི་ཧཱུྃ་ཡིག་ལས་ཡི་གེ་བརྒྱ་པའི་ཕྲེང་བ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུ་བདག་གི་སྤྱི་བོའི་གཙུག་བརྒྱུད་ནམ་མཁའ་ལ་ཐོན། དེ་ཡང་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཡི་གེ་བརྒྱ་པའི་སྔགས་རྒྱུ་སྐར་བཀྲམ་པ་ལྟར་ནམ་མཁའི་ཁམས་ཁྱབ་པར་འཕྲོས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་སྲས་དང་སློབ་མར་བཅས་པའི་འཕགས་པའི་ཚོགས་མ་ལུས་པ་ལ་སྔགས་ཕྲེང་ལས་བྱུང་བའི་མཆོད་པའི་སྤྲིན་གྱིས་ཡོངས་སུ་མཆོད། སྐུ་གསུང་ཐུགས་ཀྱི་དགྱེས་པ་བསྐངས་ནས། དེ་རྣམས་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་རང་བཞིན་ཡི་གེ་བརྒྱ་པའི་སྔགས་ཕྲེང་གི་རྣམ་པར་ཐུགས་ཞལ་གཙུག་ཏོར་མཛོད་སྤུ་རྣམས་ནས་ཐོན་ཏེ། སྤྲོས་པའི་སྔགས་ཕྲེང་རྣམས་ལ་གཅིག་ཏུ་འདྲེས་ཏེ་གཙུག་ཏོར་ནས་མར་ཞུགས། སླར་ཡང་དཔྲལ་བའི་མཛོད་སྤུ་ནས་ཐོན་ཏེ་སྔགས་ཀྱི་ཕྲེང་བ་གོང་བཞིན་གྲངས་མེད་པ་འཕེལ། ཁམས་གསུམ་རིགས་དྲུག་གི་མཁའ་མཉམ་སེམས་ཅན་གྱི་གནས་ཀུན་ཏུ་ཁྱབ། སྔགས་ཕྲེང་དེས་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་མཛད་དེ་སེམས་ཅན་སོ་སོའི་སྡུག་བསྔལ་མ་ལུས་པ་བསལ། མི་དགེ་བའི་ལས་ཉོན་ཐམས་ཅད་ཞི་བར་བྱས། དེ་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ས་ལ་བཀོད་དེ་སྔགས་ཀྱི་ཕྲེང་བ་རྣམས་ཚུར་འདུས། གཅིག་ཏུ་འདྲེས་ཏེ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་རང་གི་སྙིང་ག་ནས་ཚུར་ཧཱུྃ་ཡིག་ལ་སིབ་སིབ་ཐིམ་པར་བསམ་ལ་ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླས་པ་ལ་འབད་པར་བྱ་ཞིང་། ཐུན་མཐར་རྣལ་འབྱོར་བཞི་པ་ལ་འཇུག་གམ། ཡང་ན་དམིགས་མེད་ཀྱི་ངང་དགེ་བ་རྫོགས་བྱང་དུ་བསྔོ་བ་སོགས་གོང་དང་མཐུན་ནོ། །དེ་ལྟར་རྡོ་རྗེ་སེམས་དཔའ་གསང་བ་རྣལ་འབྱོར་གྱི་རྒྱུད་སྡེ་ལྟར་སེམས་དཔའ་གསུམ་བརྩེགས་ཀྱིས་ཉམས་སུ་བླང་བའི་ཚུལ་ཞིབ་མོར་བཤད་པ་སྟེ་ཆོས་འདིའི་སྲུང་མ་དཔལ་ལྡན་གཉན་གྱི་ལྷ་མོ་རེ་མ་ཏིས་མཛོད་ལ་ཉམས་སུ་ལེན་པ་རྣམས་ཀྱི་གྲོགས་གྱིས་ཤིག ས་མ་ཡཱ་ྀཨཚ་ཟབ་རྒྱ། དེ་ལྟར་སྒྲུབ་ཐབས་གསུམ་རྩ་བའི་མན་ངག་དཀྱུས་སུ་བསྟན་པ་དེ་ཁོ་ནའོ། ༈ྂ །ཡང་ཅུང་ཟད་རྒྱས་པར་མོས་ན་མན་ངག་གི་ཟུར་འདེབས་ཁྱད་པར་ཅན་འདི་རྣམས་སྦྱར་བར་བྱ་སྟེ། དེ་ཡང་ཕྱི་སྒྲུབ་སྐབས་སྡིག་པ་སྦྱོང་བའི་དམིགས་པ་ནི་གཞུང་བཞིན་པས་འགྲུབ། ནད་སེལ་སྐབས་སྤྱི་བོ་ནས་སྲས་བཅས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེའི་རྒྱུན་རིགས་འདུས་རྡོ་རྗེ་སེམས་དཔའ་ལས་བབ་པའི་བདུད་རྩི་དེ་རེག་བྱ་ཚ་བའི་ནད་ལ་བསིལ་ངད་ཆེ་བ། གྲང་བར་ཚ་བ། རླུང་ལ་མར་ཁུ་ལྟ་བུའི་སྣུམ་བཅུད་ཅན་དྲི་བསུང་བྲོ་བ། ཡང་ག་པུར། སེ་འབྲུ། ཛཱ་ཏི། གུར་གུམ། ཅོང་ཞི་སོགས་ནད་སོ་སོར་འགྲོ་བའི་མཚན་ཉིད་ཅན་དང་། ནད་རྣམས་ཀྱང་ཚད་པར་ཁ་དོག་དམར་སེར་ཁྲག་རྣག་ཆུ་སེར་གྱི་རྣམ་པ། གྲང་བར་སྔོ་སྐྱ་མཆིལ་སྣབས་ཀྱི་རྣམ་པ་འདྲ་བ། རླུང་ནད་ལ་སྔོ་ནག་དུད་རླངས་ཀྱི་ཚུལ་དང་། ནད་ཀྱི་གནས་དང་དབང་པོ་བ་སྤུའི་སྒོ་སོགས་ཇི་ལྟར་འོས་པ་ནས་ཐོན། འོག་གཞི་རིམ་པ་དགུ་བརྒྱུད་རླུང་ནད་གསེར་གྱི་ས་གཞིའི་གཏིང་དུ་ཡལ་ཐིམ། ཚད་པ་ཆུ་དཀྱིལ་གྱི་གཏིང་དང་། གྲང་བ་མེ་དཀྱིལ་གཏིང་དུ་ཡལ་ཐིམ། ནད་ནམ་ཡང་ལྡང་དུ་མེད་པར་བསམ་ངང་ཡིག་བརྒྱ་མང་ཙམ་བཟླས་ཤིང་། ཡང་གོང་ལྟར་བསྒོམ་པ་ལྡབ་ལ་བྱའོ། །གདོན་སེལ་གྱི་སྐབས་སྤྱི་བོའི་བདུད་རྩི་ངོ་བོ་དེ་ཉིད་ལ་རྣམ་པ་ཁྲོ་ཆུ་ཁོལ་མ་ལྟ་བུ་འབར་བའི་མེ་ལྕེ་དང་བཅས་ཤིང་ཁྲོ་ཆུའི་ཟེགས་མ་ཁྲོ་བོའི་གཟུགས་ཅན་སོ་སོའི་གཉེན་པོ། ཕོ་གདོན་ལ་གཤིན་རྗེ་གཤེད། མོ་གདོན་ལ་བཛྲ་ཧེ་རུ་ཀ །གཟའ་ལ་ཕྱག་རྡོར། རྒྱལ་པོར་རྟ་མགྲིན་ནམ་གུར་དྲག །ཀླུ་ལ་མཁའ་ལྡིང་། རྦོད་གཏོང་ལ་གཙུག་ཏོར་འཁོར་ལོས་སྒྱུར་བའམ་གདུགས་དཀར་མོ། འགོང་བསེན་ལ་སྒྲོལ་གིང་དམར་པོ་སོགས་སུ་སྣང་བ། མེ་སྟག་འཚུབས་པ་ལྟ་བུས་གདོན་བགེགས་རྣམས་རང་གཟུགས་ཇི་བཞིན་པ་དེ་བདས། བདག་གི་བ་སྤུ་དབང་པོའི་སྒོ་སྤྱི་དང་ཁྱད་པར་འོག་སྒོ་གཉིས་རྐང་པའི་ཤ་སེན་བར་ནས་ཕྱིར་ཐོན། ཁྲོ་བོ་རྣམས་དང་ཡེ་ཤེས་རླུང་ཤུགས་དྲག་པོས་སྟོང་གསུམ་འཇིག་རྟེན་གྱི་ཕ་རོལ་དུ་བསྐྲད། དེར་ཡང་ཕུང་པོ་ཡེ་ཤེས་ཀྱི་མེ་རླུང་ཆུས་སྦྱངས། སེམས་ཉིད་བདེ་བ་ཆེན་པོར་ཐིམ་སྟེ་གནས་པར་བསམ། དེ་ཡང་ལུས་ཀྱི་ནང་དུ་གདོན་གཟུགས་སྲོ་མ་ཙམ་ལ་ཁྲོ་བོ་ཡུངས་དཀར་ཙམ། ཤིག་ཙམ་ལ་ཁྲོ་བོ་ནས་འབྲས་ཙམ་གྱི་རིགས་འགྲེས། ལུས་ཀྱི་ཕྱིར་ཐོན་ནས་ཡང་གདོན་གཟུགས་ལ་གཉེན་པོ་ཁྲོ་བོ་རྣམས་བདུན་འགྱུར་ཙམ་གྱིས་ཆེ་བ་བསྒོམ་དགོས་སོ། །དེ་ལྟར་གདོན་བསྐྲད་ཟིན་ནས། བུམ་པ་ཚད་ལྡན་ཆུས་ཁེངས་པ་ལྟར་བདུད་རྩིའི་རང་བཞིན་ཁྲོ་ཆུ་ཁོལ་མ་དེས་ལུས་ཁེངས། བ་སྤུ་ནས་དེའི་ཟེགས་མ་ཕྱིར་འཕྲོས་པས་བསྲུང་ཡུལ་ཇི་ཙམ་པར་ཁྲོ་ཆུང་རྡོ་རྗེའི་གུར་མེ་དཔུང་གིས་སྲུང་འཁོར་ནང་བདུད་རྩི་ཁྲོ་ཆུའི་རྒྱ་མཚོར་འཁྱིལ་བའི་དབུས་སུ་གནས་པར་བསམ་ནས་ཡི་གེ་བརྒྱ་པ་བཟླ་བ་ལ་འབད། དེས་ནི་སྟེང་གདོན་ཀླུ་ནད་བྱད་ཁ་རྦོད་གཏོང་སོགས་རབ་ཏུ་ཞི་བར་བྱེད་པའི་མན་ངག་དམ་པ་ཡིན་ལ། ནད་གདོན་ཞི་བ་ཁོ་ནའི་ཆེད་བཟླས་པ་ཡིན་ན་ཐུན་གང་ཡིན་གྱི་ཕྱེད་བཤད་མ་ཐག་པའི་དམིགས་པ་དལ་གྱིས་གདབ་ཅིང་། ཐུན་ཕྱེད་མན་སྤྱི་བོའི་རྡོར་སེམས་རང་ལ་བསྟིམས་ནས་རང་ལུས་སྐད་ཅིག་གི་རྡོ་རྗེ་སེམས་དཔར་གྱུར། རང་གི་སྙིང་གར་སྔགས་འཁོར་གསལ་བཏབ། དེ་ལས་འོད་ཟེར་མཆོད་སྤྲིན་འཕྲོས་སངས་རྒྱས་སྲས་སློབ་རྩ་གསུམ་ཀུན་མཆོད། ཚུར་འདུས་ཚེ་འཕགས་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ནད་གདོན་སོ་སོར་ཕན་པའི་བདུད་རྩི་གོང་བཞིན་བྱུང་བ་བདག་གི་སྤྱི་བོ་ནས་ཞུགས་སྙིང་གའི་སྔགས་འཁོར་དང་ལུས་སྔར་ནས་བདུད་རྩིའི་ཁེངས་པ་ལ་ཐིམ་པས། ཆན་ལ་ཕབས་ཐེབས་པ་ལྟར་བདུད་རྩི་དེ་རྣམས་ཀྱི་ཡོན་ཏན་ནུས་སྟོབས་གོང་ནས་གོང་དུ་འཕེལ་བར་བསམ་བཞིན་ཡིག་བརྒྱ་འབད་དེ་བཟླས། ཐུན་མཐར་ཐུན་མོང་གི་རྫོགས་རིམ་འོག་ནས་བཤད་པའི་འོད་གསལ་འཇུག་ལྡང་བྱས་ལ་དགེ་བ་བསྔོ་བ་སོགས་བྱའོ། །དེ་ལྟར་ཕྱི་སྒྲུབ་སྐབས་སུ་ནད་གདོན་སེལ་བའི་དམིགས་རིམ་ཉེ་བར་མཁོ་བའི་མན་ངག་ཁྱད་པར་བ་ལྷན་ཐབས་ཚུལ་དུ་གསལ་བར་ཕྱེས་པ་སྟེ། ཆོས་འདི་མ་གཟའ་དམ་ཅན་ལ་གཉེར་དུ་གཏད་དོ་ཉམས་སུ་ལེན་པ་རྣམས་ཀྱི་གྲོགས་མཛོད་ཅིག །ས་མ་ཡཱ་ཟབ་རྒྱ། ༈ྂ དེ་ནས་ནང་སྒྲུབ་ཀྱི་སྐབས་གཙོ་འཁོར་ཅན་དུ་བསྒྲུབ་པར་འདོད་ན། ཕྱི་སྒྲུབ་ཀྱི་བསྒོམ་བཟླས་མཐར་རྡོ་རྗེ་སེམས་དཔའ་གདན་རིན་པོ་ཆེའི་ཁྲི་རྐང་གླང་པོ་བཅས་སྐུ་ཆུང་ངུར་གསལ་བ། རང་གི་སྤྱི་བོ་ནས་མར་དུང་ཁང་དུ་བྱོན། དེར་རིན་པོ་ཆེའི་ཁྲི་རྐང་པད་གདན་ལ་ཐིམ། པདྨ་འདབ་སྟོང་འདབ་བརྒྱད་དུ་གྱུར། དབུས་ཀྱི་གེ་སར་ཟེའུ་འབྲུར་ཉི་ཟླ་ཁ་སྦྱོར་གྱི་གདན། འདབ་མ་ཤར་དང་ཤར་ལྷོར་རྡོ་རྗེ། ལྷོ་དང་ལྷོ་ནུབ་ཏུ་རིན་པོ་ཆེ། ནུབ་དང་ནུབ་བྱང་དུ་པདྨ། བྱང་དང་བྱང་ཤར་དུ་རལ་གྲི །ཕྱག་མཚན་དེ་རྣམས་ཕྲེད་ཉལ་གྱི་སྟེང་ཟླ་བའི་གདན་རེ་རེ། དབུས་སུ་རིགས་འདུས་རྡོ་རྗེ་སེམས་དཔའ་ཉིད་དང་། ཕྱི་རིམ་འདབ་བརྒྱད་ཀྱི་ཟླ་གདན་ལ་གདན་གྱི་གླང་པོ་ཆེ་བརྒྱད་རང་རང་གི་ངོ་བོ་བྱང་ཆུབ་སེམས་དཔའ་བརྒྱད་དུ་གྱུར་ཏེ། དེ་ཡང་ཤར་ནས་གཡས་སྐོར་གྱི་བྱང་ཤར་བར། ས་སྙིང། བྱམས་པ། ཀུན་བཟང་། ནམ་སྙིང་། སྤྱན་གཟིགས། འཇམ་དཔལ། སྒྲིབ་སེལ། ཕྱག་རྡོར་རྣམས། སྐུ་མདོག་ཕྱག་མཚན་ཆ་ལུགས་ཀུན་གཙོ་བོ་ཇི་བཞིན་པར་ཐུགས་ཀར་སྔགས་ཕྲེང་བཅས་གསལ་བཏབ་ཅིང་གནས་སོ་སོར་གཙོ་བོའི་ཁ་དོག་བསྒྱུར་ཏེ་བསྒོམ་པ་བཞིན་འཁོར་རྣམས་ཀྱང་དེ་དང་མཐུན་པར་གསལ་བའོ། །མཐར་ཐུན་བསྡུ་ཚེ་འཁོར་རྣམས་གཙོ་བོར་འདུས་ཤིང་གཙོ་བོའི་འོད་ཟེར་གྱིས་རང་ལུས་འོད་ཀྱི་གོང་བུར་བྱེད་པ་ཉིད་དོ། ༈ྂ །གསང་སྒྲུབ་སྐབས་སུ་ལྷ་དགུར་སྤྲོ་ན་གདན་གོང་བཞིན་ལ། ཟླ་བར་གནས་པའི་ཧཱུྃ་ཡིག་རྡོ་རྗེ་རྩེ་ལྔར་གྱུར་པ་དེ་རྡོ་རྗེ་སེམས་དཔའི་སྐུར་གྲུབ་པ་དང་ལྷན་ཅིག་ཉི་མ་དང་འོད་ཟེར་ལྟར་ཆུ་ལ་ཉ་ལྡང་གི་ཚུལ་དུ་འཁོར་རྣམས་ཀྱང་སྐད་ཅིག་ཏུ་གསལ་བའོ། །བཟླས་པའི་སྐབས་ནུས་ན་འཁོར་རྣམས་ལ་ཡང་གཙོ་བོ་བཞིན་སེམས་དཔའ་གསུམ་བརྩེགས་སུ་བསྒོམ། རང་གི་ཐུགས་ཀ་ནས་སྔགས་ཕྲེང་གྱེན་དུ་འཕྲོ་བ་དང་ལྷན་ཅིག་ཟླ་བ་ཞུན་མ་ལྟ་བུ་ཤས་ཆེ་བའི་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་སྙིང་ག་ནས་ཕྱིར་འཕྲོས་འཁོར་རྣམས་ཀྱི་ཐུགས་ཀར་ཕོག །དེ་རྣམས་ཀྱི་ཐུགས་ཀ་ནས་བདག་གི་ཇི་བཞིན་པའི་སྔགས་ཕྲེང་འཕྲོས། རྒྱལ་བ་མཆོད་པ་དང་སེམས་ཅན་གྱི་དོན་བྱས། ཚུར་འདུས་འཁོར་སོ་སོའི་ཐུགས་ཀའི་ཧཱུྃ་ལ་ཞུགས་ནས་སླར་འཕྲོས་རང་གི་སྙིང་གའི་ཧཱུྃ་ལ་ཐིམ་པར་བསམ་པ་སྟེ། དེ་ཙམ་མི་ལྕོགས་ཚེ་འཁོར་རེ་མོས་སུ་བྱ་ལ་དེ་ཡང་མི་ནུས་དུབ་ན། འཁོར་རྣམས་ཀྱིས་བཟླས་པའི་གྲོགས་མཛད་ཅིང་སོ་སོའི་ཐུགས་ཀ་ནས་འོད་ཟེར་བྱུང་བདག་གི་སྙིང་གའི་སྔགས་འཁོར་ལ་ཕོག་པས་བསྐུལ་བའི་རྐྱེན་གྱིས་སྔགས་ཕྲེང་གྱེན་དུ་འཕྲོས་པར་བསམ་པ་ཙམ་ལས་གཞུང་དམིགས་ཁོ་ནས་ཆོག་པའོ། །འཁོར་གྱི་སེམས་དཔའ་བརྒྱད་སྐུ་མདོག་ཕྱག་མཚན་ཐ་དད་པར་མོས་ན་དྲི་མེད་བཤགས་རྒྱུད་ནས་གསུངས་པ་ན་རཀ་དོང་སྤྲུགས་ལྟར་ཡིན་ལ། འོན་ཀྱང་སྐབས་འདིར་ནི་གསང་ཆེན་རིགས་གཅིག་གི་རང་གཟུགས་རྡོ་རྗེ་སེམས་དཔའི་རྣམ་པར་བསྒོམ་པ་ཉིད་མི་ལེགས་པ་མེད་དོ། །ཐུན་མཐར་འཁོར་གྱི་གདན་ཕྱག་མཚན་ཟླ་བ་རྣམས་སེམས་དཔའ་སོ་སོར་ཐིམ། སེམས་དཔའ་བརྒྱད་གཙོ་བོའི་ཐུགས་ཀར་ཐིམ་པར་བསམས་ལ་རྗེས་སྤྱོད་དཀྱུས་བཞིན་གང་འདོད་ལ་འཇུག་པའོ། །དྲི་མེད་བཤགས་རྒྱུད་དུ། གདན་གླང་པོ་ཆེ་བརྒྱད་སྤྲུལ་གཞི་བཅས་བསྟན་པས་ལྷ་དགུར་སྒྲུབ་པ་འདི་ཉིད་ཁུངས་མཆོག་ཏུ་ཆེ་བ་ཡང་ཡིན་ནོ། །དེ་ལྟར་ནང་སྒྲུབ་དང་གསང་སྒྲུབ་སྐབས་མན་ངག་ཁྱད་པར་བ་ཟུར་འདེབས་ཚུལ་དུ་གསལ་བར་བཤད་པ་སྟེ་ཆོས་འདི་མ་གཟའ་དམ་ཅན་རྣམས་ལ་གཉེར་དུ་གཏད་དོ། །ཉམས་སུ་ལེན་པ་རྣམས་ཀྱི་གྲོགས་མཛོད་ཅིག་ས་མ་ཡཱ་ཟབ་རྒྱ། ༈ྂ དེ་ནས་དོན་བཞི་པ་ཡང་གསང་བླ་ན་མེད་པའི་རྒྱུད་སྡེ་ལྟར་སྣང་གྲགས་རིག་གསུམ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་རོལ་པར་ལ་བཟླ་ཞིང་འོད་གསལ་དུ་ཞུགས་པའི་རིམ་པ་ནི། དེ་ཡང་རྡོར་སེམས་སེམས་དཔའ་གསུམ་བརྩེགས་གོང་ལྟར་གསལ་བའི་ཧཱུྃ་ཡིག་རྡོ་རྗེ་ཟླ་བའི་འོད་ཟེར་གྱིས་སྣང་སྲིད་འཁོར་འདས་གཉིས་བསྡུས་ཀྱི་ཁམས་ཐམས་ཅད་དུ་ཁྱབ་པར་བྱས། སྣང་བ་སྣོད་ཀྱི་འཇིག་རྟེན་ཐམས་ཅད་གདོད་ནས་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཞིང་། སྲིད་པ་བཅུད་ཀྱི་སེམས་ཅན་ཐམས་ཅད་པ་མཐའ་དག་རྡོ་རྗེ་སེམས་དཔའི་སྐུ་དང་། འབྱུང་བ་དང་སྐྱེ་འགྲོའི་སྒྲ་སྐད་ཐམས་ཅད་ཡི་གེ་བརྒྱ་པའི་སྔགས་ཀྱི་རང་སྒྲ །སེམས་ཅན་རྣམས་ཀྱི་རྟོག་ཚོགས་ཀྱི་རོལ་པ་མཐའ་དག་གདོད་ནས་འགྱུར་བ་མེད་པ་ཆོས་ཉིད་ཀྱི་རོལ་རྩལ་དུ་ཡིན་ནས་ཡིན་བཞིན་ངོ་ཤེས་པའི་དྲན་པ་མ་ཉམས་ཙམ་དུ་རང་བབ་ལྷུག་པར་བཞག་ལ། ཡི་གེ་བརྒྱ་པ་འགོག་བཟླས་སོགས་བཟླ་ལུགས་ཡིད་ལ་ཅི་ལྟར་འདོད་པ་བཞིན་བསྒྲང་ངོ་། །དེ་ལྟར་བསྒོམ་བཟླས་ཅི་ལྟར་རིགས་པའི་མཐར་འོད་གསལ་དུ་བསྡུ་བ་ནི། ཧཱུྃ་ཡིག་རྡོ་རྗེ་ཟླ་བའི་འོད་ཟེར་རྣམས་རིམ་པས་སྤྲོས། ཡེ་ཤེས་སེམས་དཔའི་སྐུ་ལུས་ཁེངས། དེ་ཡི་སྐུ་ཤིན་ཏུ་འཚེར་བའི་འོད་ཟེར་གྱིས་རང་གི་ལུས་ཁེངས། རང་ལུས་བལྟ་བས་མི་བཟོད་པའི་འོད་ཟེར་འབར་བས་སྣོད་བཅུད་ཐམས་ཅད་ཁྱབ། དེས་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཞུ་བའི་ཚུལ་གྱིས་བཅུད་ཀྱི་སེམས་ཅན་རྡོ་རྗེ་སེམས་དཔའི་རང་བཞིན་ལ་ཐིམ། དེ་ཐམས་ཅད་བདག་དམ་ཚིག་སེམས་དཔའ་ལ་ཐིམ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་འཕགས་ཚོགས་ཐམས་ཅད་ཀྱང་རང་ལ་ཐིམ། རང་གི་གདན་རྒྱན་ན་བཟའ་ཡང་སྐུ་ལ་ཐིམ། སྐུ་ཡང་སྙིང་གའི་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཡང་གོང་ལྟར། དེ་ཟླ་བ། དེ་རྡོ་རྗེ། དེ་ཧཱུྃ་ཡིག་ལ་ཐིམ། ཧཱུྃ་ཡིག་ཁོག་པ་མགོ་དང་། དེ་ཟླ་ཚེས། དེ་ཐིག་ལེ། དེ་ནཱ་ད། དེ་ཤིན་ཏུ་ནས་ཀྱང་ཕྲ་བ་རྟ་རྔ་བརྒྱ་སྟོང་ཚལ་པའི་བར་དུ་སེམས་བཟུང་ལ་མཐར་སྟོང་པ་ཉིད་རྣམ་པར་མི་རྟོག་པའི་ངང་དུ་ཡུན་ཅི་གནས་སུ་བཞག །སླར་ཡང་ཡི་གེ་བརྒྱ་པའི་སྒྲས་སྐད་ཅིག་གིས་རང་ཉིད་ལྷར་ལྡང་ཞིང་སྣོད་བཅུད་ཐམས་ཅད་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་འཁོར་ལོར་གསལ་བཏབ། དེ་ལྟ་བུའི་སྤྲོ་བསྡུའི་དམིགས་པ་ཡང་ནས་ཡང་དུ་བཟླས་ཏེ་བྱ་བ་ཡང་ཤིན་ཏུ་གཅེས་པའི་ལས་རིམ་མོ། །ཐུན་འཇོག་པ་ན་བསྒོམ་བཟླས་ཀྱི་དགེ་བ་རྫོགས་བྱང་དུ་བསྔོ་ཞིང་སྨོན་ལམ་བཟང་པོ་ཡང་རྣལ་འབྱོར་ཀུན་གྱི་མཐར་མ་ཆད་པར་བྱའོ། །དེ་ལྟར་ཡང་གསང་བླ་ན་མེད་པ་ལམ་ཁྱེར་གསུམ་པ་ཐུན་མོང་རྫོགས་པའི་རིམ་པ་དང་བཅས་ཇི་ལྟར་བསྒོམ་པའི་ཚུལ་གསལ་བར་ཕྱེས་པ་སྟེ། ཆོས་འདི་ནི་དཔལ་ལྡན་སྔགས་ཀྱི་སྲུང་མ་རྡོ་རྗེ་རག་གདོང་མས་བདག་ཏུ་མཛོད་ལ་ཉམས་སུ་ལེན་པ་རྣམས་ཀྱི་གྲོགས་གྱིས་ཤིག །ས་མ་ཡཱཿ ྀཨཚ༔ ཟབ་རྒྱ། ༈ྂ ད་ནི་ལྔ་པ་དེ་ལྟར་ཕྱི་ནང་གསང་བ་ཡང་གསང་གི་ཉམས་ལེན་ཀུན་གྱི་སྤྱི་དོན་ངོ་བོ་དེ་ཁོ་ན་ཉིད་རང་བྱུང་རྫོགས་པ་ཆེན་པོ་རྩོད་བྲལ་ཐིག་ལེ་ཉག་ཅིག་ཏུ་ཉམས་སུ་བླང་བ་ནི། དེ་ཡང་རང་རིག་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་མཚན་ཉིད་ཅན་ལ། ངོ་བོ་ནི་མིང་གིས་མི་མཚོན་པ་དཔེ་དང་བྲལ། བློ་ལས་འདས་ཤིང་སྟོང་པ་མེད། མི་སྟོང་པ་མེད། ཡེ་ཤེས་མེད། འཁྲུལ་པ་མེད། རྣམ་རྟོག་མེད། ཉོན་མོངས་མེད། འཁོར་བ་མེད། མྱང་འདས་མེད། དོན་དམ་མེད། ཀུན་རྫོབ་མེད་དེ་མདོར་ན་བསམ་བརྗོད་དཔེ་མཚན་རྟག་ཆད་བདག་གཞན་གྱི་མཐའ་ཐམས་ཅད་དང་བྲལ་ལ། རང་བཞིན་དུ་འཁོར་བ་མྱང་འདས། ཡེ་ཤེས་འཁྲུལ་པ་གསལ་བ་སྟོང་པ་བདེ་བ་སྡུག་བསྔལ་ཀུན་རྫོབ་དོན་དམ་གྱི་རྣམ་པར་ཐམས་ཅད་དུ་ཤར་ཞིང་རྣམ་པ་དུ་མ་ལ་ལོངས་སྤྱོད་པ་སྟེ། ཐུགས་རྗེ་ཡི་དེ་ལྟར་ངོ་བོ་རང་བཞིན་ཡང་ཡ་མ་བྲལ། ཕྱོགས་སུ་མ་ཆད་རིས་སུ་མ་གྲུབ་པར་གདོད་མ་ནས་རང་བཞིན་གྱིས་ཟུང་འཇུག་ཉིད་དུ་རིག་པའི་ངོ་བོར་རྫོགས་པ་སྟེ། དེ་ལྟར་ངོ་བོ་རང་བཞིན་ཐུགས་རྗེ་ཞེས་པ་ཡང་མདོར་དྲིལ་ན། སེམས་ཀྱི་ངོ་བོ་སྤྲོས་བྲལ་གྱི་གཤིས་འདི་ལ་གང་གིས་ཀྱང་མཚོན་བྲལ་སྟོང་སང་ངེ་བའི་རང་བཞིན་གདངས་གསལ་མ་འགགས་པར་རང་རྩལ་དུ་སྣང་བ་ལྷ་སྔགས་སུ་ཝལ་ལེར་ཤར་ཞིང་། དེ་ལྟར་བསྐྱེད་རིམ་ཞེས་ལྷ་སྐུ་བསྒོམ་པའི་གསལ་ཆ་དང་། དོན་དམ་ངོ་བོ་སྟོང་པ་གཉིས་ཀྱང་གསལ་སྟོང་རེས་འཇོག་མ་ཡིན་པར། སྟོང་གསལ་ཟུང་འཇུག་སྐུ་དང་ཡེ་ཤེས་དབྱེར་མེད་ཀྱི་ངོ་བོར་གང་ཤར་སེམས་ཀྱི་རྒྱན་དང་རོལ་པར་ལྷུན་གྱིས་གྲུབ་པ་ཐུགས་རྗེ་ཆེན་པོ་སྟེ། དེ་ཡང་རང་རིག་གི་ངང་དུ་མཉམ་པར་བཞག་པ་ལ་དམིགས་འཛིན་ཆེར་གཏད་དེ། རེ་དོགས་བློ་བཅོས་ཀྱིས་མ་རྙོགས་པར་བཟོ་བྲལ་རང་ངོ་ལ་གནས་ན་གནས་ཆུགས། འགྱུ་ན་འགྱུ་ཆུགས། གང་ལ་ཡང་དགག་སྒྲུབ་མེད་པ་རིག་པ་རང་བབ་ཆ་མེད་ཀུན་འགྲོ་རུ་མཉམ་པར་བཞག་པ་སྟེ། དེ་ལས་གཞན་པའི་ཆེད་གཉེར་གྱི་བསྒོམ་བྱ་མེད་ལ། འཁྲུལ་སྣང་ཡེངས་རྐྱེན་གྱི་དབང་དུ་མ་སོང་བར་རང་བཞིན་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་འཇུག་པར་བྱའོ། །དེ་ཁོ་ན་ཉིད་བསྐྱེད་རྫོགས་དབྱེར་མེད་གནས་ལུགས་རྫོགས་པ་ཆེན་པོར་ཉམས་སུ་ལེན་པའི་ཚུལ་གསལ་བར་ཕྱེས་པ་སྟེ་ཆོས་འདིའི་སྲུང་མ་གཅིག་ཤུར་དུར་ཁྲོད་བདག་པོ་མ་ནིང་མ་ཧཱ་ཀཱ་ལས་མཛད་ནས་ཉམས་སུ་ལེན་པ་རྣམས་ཀྱི་གྲོགས་མཛོད་ཅིག །ས་མ་ཡཱ། ྀཨཚ༔ ཟབ་རྒྱ། རིགས་རྣམས་ཀུན་བདག་གསང་བ་མཆོག །རིགས་གཅིག་དཔལ་ལྡན་རྡོ་རྗེ་སེམས། །སྒྲུབ་ཐབས་ཟབ་མོ་འདིར་བཤད་པས། །འགྲོ་ཀུན་དེ་འབྲས་མྱུར་ཐོབ་ཤོག །བདེ་ཆེན་རྡོ་རྗེ་ཀུན་གྱི་བགྲོད་པ་གཅིག་པའི་ལམ་རྨད་བྱུང། །བདེ་མྱུར་ཐབས་མང་སྐལ་བཟང་འདྲེན་མཁས་དེ་ཡི་སྲོག་དམ་ཚིག །བདེ་བར་སྤྱོད་ཕྱིར་རྒྱལ་གྱིས་རབ་བསྔགས་ཟླ་མེད་ཛཔ྄་སྔགས་མཆོག །བདེ་མཆོག་འདི་ལ་འགྲོ་ཀུན་སྙིང་ནས་གུས་པས་ལོངས་སྤྱོད་ཤོག །དེ་ལྟར་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཉམས་སུ་ལེན་པའི་ཚུལ་ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན་ཉིད་རྣལ་འབྱོར་ལྔ་དང་ཟུར་འདེབས་གཉིས་བཅས་དུམ་བུ་བདུན་ཟབ་གསལ་སྙིང་པོར་དྲིལ་བ་འདི་ནི། རང་ལོ་ཉི་ཤུའི་བགྲང་བྱའི་དཀྱིལ་ནས་འཕར་བ་ཤིང་སྦྲུལ་གྱི་ལོ་སྨིན་དྲུག་ཟླ་བའི་ཚེས་བཅོ་ལྔར་བོད་ཡུལ་དབུས་འགྱུར་དབུ་རུ་ཁྲ་འབྲུག་བྱམས་པ་མི་འགྱུར་གླིང་དུ་རྣལ་འབྱོར་མ་ཡེ་ཤེས་གསལ་སྒྲོན་གྱིས་གསོལ་བ་བཏབ་པའི་ངོར་བཀོད་པ་ལ། དེར་མི་གསལ་སྦས་པའི་ཚུལ་དུ་གནས་པ་རྣམས་སླར་ཡང་གསལ་བར་ཕྱེས་པའི་ཞིབ་མོར་རང་ལོ་ལྔ་བཅུའི་སྣེར་ཟིན་པ་རབ་མྱོས་ལྕགས་རྟའི་ལོ་ཆུ་སྟོད་ཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་དང་པོ་ལ། གཙང་ཉང་རོ་གནས་གསར་རྩིགས་ཞེས་སྤྲུལ་པའི་གཙུག་ལག་ཁང་དུ་རིག་པ་འཛིན་པ་ཚེ་དབང་ནོར་བུ་དཔལ་རྣལ་འབྱོར་རབ་ཏུ་དགྱེས་གྱུར་རྡོ་རྗེ་སེམས་དཔའ་རྩལ་གྱིས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག །དགེའོ།། །།
འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་སྒྲུབ་ཐབས་རྒྱུན་ཁྱེར་ (Volume 17, Text 6)
འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་སྒྲུབ་ཐབས་རྒྱུན་ཁྱེར། བླ་མ་མཆོག་གསུམ་འཇམ་དཔལ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར། །འཇམ་དཔལ་ཁྲག་འཐུང་བསྒྲུབ་པར་བགྱི། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཆོས་ཀུན་སྟོང་པའི་ངང་ཉིད་ལས། །སྒྱུ་མ་ལྟ་བུའི་ཆོ་འཕྲུལ་རྩལ། །ཟིལ་གནོན་དཀྱིལ་འཁོར་ཆེན་པོར་ཤར། །མཐིང་ནག་ཨེ་དབྱིངས་ཀླུ་གཉན་དང། །ས་བདག་ཕྱོགས་སྐྱོང་མ་ཧེའི་སྟེང་། །བདག་ཉིད་ཕྱག་རྒྱ་ཟིལ་གནོན་སྐུ །མཐིང་ནག་དབུ་གསུམ་ཕྱག་དྲུག་པ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །འཁོར་ལོ་རལ་གྲི་རྡོ་རྗེ་གཡས། །བེ་ཅོན་གཏུན་ཤིང་སྡིགས་མཛུབ་གཡོན། །གར་དགུའི་ཉམས་ལྡན་ཞབས་བཞི་བགྲད། །དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན། །གཡོན་ན་ཡུམ་ཆེན་གསོད་བྱེད་མཐིང་། །ཙིཏྟ་ཐོད་ཁྲག་སྟོབ་ཅིང་འཁྱུད། །ཐུགས་ཀར་ཡ་མ་རཱ་ཛ་སྨུག །འཁོར་ལོ་སྙིང་འཛིན་ཐུགས་ཀ་ན། །ཕྱག་རྡོར་ལྗང་ནག་རྡོ་རྗེ་དང་། །སྙིང་འཛིན་ཐུགས་ཀར་རུ་སྦལ་གནས། །དེ་ཡི་ཐུགས་ཀར་ཉི་ཟླའི་དབུས། །མཐིང་ནག་ཨེ་ཡིག་སྔགས་ཀྱིས་བསྐོར། །སྤྱི་བོར་མཁའ་ལྡིང་ཕྲག་པར་ཁྱུང་། །སོག་པར་སྟག་ཆེན་ནུ་ཁར་སེང་། །སྟ་ཟུར་དུག་སྦྲུལ་ཟུང་རེ་འགྱེད། །བ་སྤུ་ཁྲོ་ཚོགས་མཚོན་ཆ་འབར། །རྔམ་བརྗིད་ནམ་མཁའ་གང་བའི་སྐུ །གཏུམ་དྲག་གཤིན་རྗེའི་ཚོགས་ཀྱིས་བསྐོར། །མ་བཅོས་ལྷུན་གྲུབ་རྫོགས་སངས་རྒྱས། །གདོད་ནས་དག་པའི་ཟིལ་གནོན་དཔལ། །འཁོར་འདས་ཀུན་གྱི་དབང་ཕྱུག་ཆེ། །གསལ་བཏབ་སྟོང་སྲོག་ཨྱཻ་རིང་བཟླ། །ཨྱཻ་ཨྱཻ་ཨྱཻ། ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་ཡེ་ཨོཾ། ཀཱ་ལ་རཱུ་པ་ཀ་པ་ཡེ་ཨཱྃཿ ཧྲཱིཥྚི་ཨ་པ་ཡེ་ཧཱུྃ། ཨ་ཨ་ནེ་ཨ་ནེ། ཨུ་ཨུ་ནེ་ཨུ་ནེ། དུ་དུ་ནེ་དུ་ནེ། ཨ་ཨི་ཨུ་ཨེ་ཨོ་ཨཾ། ར་རཱི་ལ་ལཱི། དུ་རུ་ཡེ། བྱ་ཙ་ཡེ། སིཾ་ཧ་ཡེ། ཧྲི་ད་ཡེ། བྷི་ཏ་ཡེ། ཙིཏྟ་ཡེ། ཧ་ལ་ཡེ། མུ་ཀ་ཡེ། ཨུ་ཨུ་ནེ་ཨུ་ཨུ་ནེ། བྱི་ཏྲི་ཏ། ཨ་ཨ་ནན། ཡ་མ་རཱ་ཛ། ཡ་མ་རཀྴ། ཡ་མ་རཀ་ཨ། ཡ་མ་རཀྵ། བཻ་ཏཱ་ལི་ཀྲོ་དྷཱི་ཤྭ་རཱི་མ་མ་ཨེ་ཀ་ཛཱ་ཊི། དྷེ་མ་ཁ་ལ་བཾ་རིལ། རུ་ལུ་རུ་ལུ། ཤྲཱི་བཛྲ་ཀྲོ་དྷ་ཡ་མ་ཀརྨ་རོ་ཥ་ན། ཀྲོ་དྷ་ཙཎྜ། རཀྴ་མོནྟ། ཨཱཿཧཱུྃ་ཛཿ ཐུན་མཚམས་མཆོད་བསྟོད་ཕྲིན་ལས་གསོལ། སྣོད་བཅུད་ཡེ་ཤེས་ཐིག་ལེ་ཆེར། །ཧཱུྃ་གིས་བསྡུ་ཞིང་འཁོར་འདས་ཆོས། །མ་བཅོས་སྤྲོས་བྲལ་ཁྱབ་བརྡལ་བའི། །འོད་གསལ་ཆེན་པོའི་ངང་མདངས་བསྐྱང་། །དེ་ནས་ཕཊ་ཅེས་ཐུན་མཚམས་ལྷར། །ཆུ་ལས་ཆུ་ལྦུར་བཞིན་དུ་ལྡང་། །དགེ་བ་འདི་ཡིས་མྱུར་དུ་བདག །ཕྱག་རྒྱ་ཟིལ་གནོན་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བརྗོད་རྗེས་ཀྱི་སྤྱོད་ལམ་བསྐྱང་། །ཟིལ་གནོན་སྒོམ་རིམ་ཉུང་ངུའི་ཚིག །ཆེན་པོའི་འདོད་སྟེར་བདུད་རྩིའི་དཔལ། །གང་འདི་འགྱུར་མེད་རྡོ་རྗེ་ཡི། །བློ་མཚོའི་དཔྱིད་ལས་བསྐྲུན་པ་དགེ། །།
བླ་མ་རྒྱལ་བ་ཀུན་འདུས་ལས། ཡུམ་བཀའ་རྡོ་རྗེ་ཕག་མོའི་དབང་ཆོག་ནག་འགྲོས་སུ་བཀོད་པ་བདེ་ཆེན་བདུད་རྩིའི་མྱུ་གུ་ (Volume 36, Text 6)
༄༅། །བླ་མ་རྒྱལ་བ་ཀུན་འདུས་ལས། ཡུམ་བཀའ་རྡོ་རྗེ་ཕག་མོའི་དབང་ཆོག་ནག་འགྲོས་སུ་བཀོད་པ་བདེ་ཆེན་བདུད་རྩིའི་མྱུ་གུ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་ཡོ་གི་ནཱི་ཡཻ། ཆོས་ཀུན་འབྱུང་གནས་རྒྱལ་བའི་ཡུམ། །རྣམ་ཐར་གསུམ་ལྡན་མཁའ་དབྱིངས་སུ། །བདག་བསྙེན་བདག་གིས་འབད་པ་གང། །དོན་ལྡན་ཉིད་དུ་བྱིན་གྱིས་རློབས། །རྒྱལ་འདུས་ཡུམ་བཀའ་ཕག་མོ་གསང་སྒྲུབ་ཀྱི་སྨིན་བྱེད་སྒྲུབ་པ་ལ་གསང་བའི་གནས་སུ་སྟེགས་གཙང་མར་རས་བྲིས་ཀྱི་དཀྱིལ་འཁོར་བཏིང་། མེད་ན་མཎྜལ་ལ་སིནྡྷུ་རའི་ཐིག་ལེ་དབུས་སུ་གཙོ་འཁོར་ལྔ། དེ་རྒྱབ་བཞི། ཀུན་ལ་མེ་ཏོག་དམར་པོའི་ཚོམ་བུ་བཀོད་པའི་ཁར་བུམ་པ་རིགས་ལྔའི་ཕྱག་རྒྱས་སྤྲས་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་གསེབ་ཕག་མོའི་སྐུ་ཙཀ་དང་བཅས་པ་བཀོད། དེའང་རྒྱས་པར་སྤྲོ་ན་སྤྱི་གནད་མུ་ཏིག་ཕྲེང་བ་ལྟར་བགེགས་བསྐྲད་ནས་བརྟན་བཞུགས་ཀྱི་བར་གྱི་སྔགས་རྣམས་བརྗོད། བསྡུས་པའི་སྐབས་འདིར་མི་དགོས། དབང་ཚིག་ཟུར་དུ་ཡོད་པ་ལྟར་རིགས་ལྔའི་ཕྱག་རྒྱ་སྤྱི་བསྡུས་ཀྱི་ཙཀླི་ཟུར་དུ་བཞག་ཀྱང་ལེགས། གཡས་སུ་ཕྲེང་བ་དམར་པོ་དང་བནྡྷར་ཆོས་སྨན་བཏབ་པའི་བདུད་རྩི། གཡོན་དུ་མེ་ལོང་ལ་སིནྡྷུ་རའི་ཐིག་ལེ་བྱས་པའི་སྟེང་ཤེལ་རྡོ་ཤེལ་གོང་གང་རུང་བཞག །རྒྱབ་ཏུ་གཏོར་མ་ཟླ་གམ་དམར་པོ། མདུན་ངོས་ཁ་ཊྭཱཾ། ཟུར་ལ་པདྨའི་ཕྲེང་བ་དང་མེ་རི་རྩེར་གྲི་ཐོད་ཀྱིས་མཚན་པ། མདུན་དུ་སྨན་རག་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། གཞན་ཡང་ལས་བུམ། སྔོན་གཏོར། ཚོགས་ཆད་བརྟན། བཀའ་སྲུང་གཏོར་འབུལ་སོགས་ཕྲིན་ལས་ལ་མཁོ་བ་རྣམས་ཀྱང་ཚོགས་པར་བྱའོ། །དེ་ནས་ཚིག་བདུན་གསོལ་འདེབས། དྲག་ཁྲོས་ལྟར་སྐྱབས་སེམས། ཟུར་ཕྱུང་དཀར་བགེགས། རྒྱལ་བ་ཀུན་འདུས་ཀྱི་བཀའ་བསྒོ་ནས་མཆོད་པ་བྱིན་རླབས་ཡན་བཏང་། དེ་ནས་རང་གཞུང་སྒྲུབ་ཐབས་ལྷ་བསྐྱེད་ནས་བསྟོད་བཤགས་བར་གྱིས་བདག་མདུན་ཟུང་འཇུག་ཏུ་བསྒྲུབ། བཟླས་པའི་དབུར་ཛཔ྄་ཁང་ཕྱེས་ལ་བདག་མདུན་གཉིས་ཀར་དམིགས་པའི་སྤྲོ་བསྡུ་ཛཔ྄་བསྙེན་ཅི་འགྲུབ་བཟླ། བུམ་བཟླས་ཟུར་དུ་མ་བྱས་ཀྱང་ཆོག་ལ་སྤྲོ་ན་བུམ་པ་གཞལ་ཡས་ཁང་དུ་དཀྱིལ་འཁོར་པ་སྐད་ཅིག་གིས་གསལ་བཏབ། སྤྲོ་བསྡུ་དང་བདུད་རྩི་འབེབ་པའི་དམིགས་པ་བཅས་གཟུངས་ཐག་བླངས་ལ་བཟླས་པ་ཅི་རིགས་མཐར་འོད་ཞུ་བྱ། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་དང་། རང་གཞུང་གི་ཐུགས་དམ་བསྐུལ་བ། བཀའ་སྲུང་གཏོར་འབུལ། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་བར་བྱས་ལ། རྒྱལ་བ་ཀུན་འདུས་ཀྱི་བསྙེན་པའི་མཐར་གྱི་ཐུགས་དམ་གནད་བསྐུལ་འདོན་ལ་དབང་བླང་ངོ་། །དབང་དངོས་ལ་སློབ་མ་རྣམས་ལས་ཆུས་ཁྲུས་བྱ། བགེགས་གཏོར་གཏང་ཞིང་བཀའ་བསྒོ་མཚམས་གཅད་བྱས་ལ་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། དེ་ཡང་ཇི་སྐད་དུ། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་རྣལ་འབྱོར་དོན་ཆེད་དུ༔ རྡོ་རྗེ་ཕག་མོའི་གསང་སྒྲུབ་འདི༔ ཟིལ་ཆེན་གསང་བའི་ཕུག་པ་རུ༔ ཡེ་ཤེས་མཚོ་རྒྱལ་མ་ལ་བཤད༔ འདི་ཉིད་ཉམས་སུ་བླངས་གྱུར་ན༔ ཁམས་གསུམ་མ་ལུས་དབང་སྡུད་ཅིང༔ འཇའ་ལུས་མཁའ་སྤྱོད་འགྲུབ་པར་འགྱུར༔ ཞེས་གསུངས་པ་ལྟར་གསང་བ་ཡེ་ཤེས་སྙིང་པོའི་རྒྱུད་ཀྱི་མན་ངག་བླ་མ་རྒྱལ་བ་ཀུན་འདུས་ཞི་དྲག་གི་སྐོར་རྣམས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་མོན་ཁ་སེང་གེའི་རྫོང་དུ་ཡེ་ཤེས་མཚོ་རྒྱལ་ལ་གནང་ཞིང་། དེའི་ཡུམ་བཀའ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་ཟབ་ཅིང་གཉན་ལ་བྱིན་རླབས་དངོས་གྲུབ་ཀྱི་གཏེར་མཛོད་དུ་བསྔགས་པ་འདི་ཉིད་ཙ་རི་ཟིལ་ཆེན་གསང་བའི་ཕུག་ཏུ་བསྩལ། མཚོ་རྒྱལ་གྱིས་ཆོས་བཀའ་མ་བུ་ཆ་ལག་གཅིག་ཏུ་བསྡམས་ཏེ་མདོ་ཁམས་རྒྱམ་རྒྱལ་རྡོ་ཏི་གངས་རིའི་ཉེ་ཞོལ་འགྱུར་མེད་གཡུ་མཚོ་ཆེན་མོར་ཕྱི་རབས་ཀྱི་དོན་དུ་རྒྱས་བཏབ་པ། དུས་ཀྱི་རྟགས་རྣམས་མངོན་དུ་གྱུར་པ་ན་གཏེར་འབྱིན་སྤྲུལ་པའི་སྐྱེས་མཆོག་རིག་འཛིན་ཆེན་པོ་རོལ་པའི་རྡོ་རྗེས་ངོ་མཚར་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཆེན་པོས་སྤྱན་དྲངས་པ། བླ་མ་རྒྱལ་བ་ཀུན་འདུས་གསང་བ་ཡུམ་གྱི་སྒྲུབ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ རབ་འབྱམས་རྒྱལ་བའི་ཐུགས་རྗེ་གཅིག་བསྡུས་པ༔ མཚུངས་བྲལ་རྡོ་རྗེ་རྒྱལ་པོ་དགོངས་སུ་གསོལ༔ བདག་གི་རྒྱུད་སྨིན་སངས་རྒྱས་སར་གནས་ཕྱིར༔ དབང་མཆོག་དམ་པ་བསྐུར་མཛོད་གསོལ་བ་འདེབས༔ ལན་གསུམ། སློབ་དཔོན་གྱིས། ཀྱེ་ཧོ་ལེགས་སོ་སྐལ་ལྡན་རིགས་ཀྱི་བུ༔ དེ་ལྟར་འདོད་ན་སྐྱབས་འགྲོ་སོགས་མཛོད་ལ༔ གསང་བ་སྔགས་ཀྱི་དམ་སྲུངས་བདག་ཉིད་ཀྱིས༔ བསྒོས་པ་བཞིན་བྱོས་དངོས་གྲུབ་མྱུར་ཐོབ་འགྱུར༔ བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པ་རྒྱལ་ཀུན་སྐྱེད་པའི་ཡུམ་གྱུར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ངོ་བོར་བཞུགས་པ་ལ། བདག་གཞན་འགྲོ་བ་མཐའ་དག་བྱང་ཆུབ་སྙིང་པོའི་བར་སྐྱབས་སུ་མཆི་ཞིང་གཞན་དོན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཕྱག་འཚལ་ཞིང་མཆོད་པ་འབུལ་བ་སོགས་ཚོགས་གསག་ཡན་ལག་བདུན་པ་ཚུལ་བཞིན་དུ་བགྱི་བའི་བློས་འདིའི་རྗེས་ཟློས། ཧོ༔ དཀོན་མཆོག་གསུམ་དང་རྩ་གསུམ་སྐྱབས་འོས་ལ༔ བདག་ཅག་མི་འབྲལ་རྟག་ཏུ་སྐྱབས་སུ་མཆི༔ སྔོན་བྱོན་རྒྱལ་བ་རྒྱལ་སྲས་བྱང་ཆུབ་མཆོག༔ ཐུགས་བསྐྱེད་ཇི་བཞིན་མ་ནོར་བདག་གིས་བསྐྱེད༔ ཕྱག་འཚལ་མཆོད་འབུལ་མ་དག་འཁྲུལ་བྱས་བཤགས༔ ཐབས་ཤེས་ཆོས་ལ་ཡི་རང་འགྲོ་ཀུན་གྱི༔ དོན་ཕྱིར་ཐེག་དགུའི་ཆོས་འཁོར་བསྐོར་བར་སྐུལ༔ ཇི་སྲིད་འཁོར་བའི་རྒྱ་མཚོ་མ་སྐེམ་པ༔ དེ་སྲིད་རྒྱལ་བའི་སྤྲུལ་པ་གྲངས་མེད་ཀྱིས༔ འགྲོ་དོན་མཛད་གསོལ་དགེ་བ་གང་མཆིས་པས༔ བདག་སོགས་འགྲོ་ཀུན་ལམ་མྱུར་ཟབ་མོའི་ཆོས༔ མཐར་ཕྱིན་ཀུན་བཟང་ཡབ་ཡུམ་དང་མཚུངས་ཤོག༔ ལན་གསུམ། དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་དམ་ཚིག་གི་ལྷ་སྐུ་འདི་བཞིན་དུ་གསལ་ཐོབས་ཤིག །བྷྱོ༔ སྣང་སྲིད་འཁོར་འདས་སྟོང་པ་ལ༔ ཀུན་ཁྱབ་སེམས་ཀྱི་ཆོ་འཕྲུལ་གྱིས༔ སྟོང་གསལ་མ་འགགས་དཀྱིལ་འཁོར་ཤར༔ འཇའ་ཚོན་སྣ་ལྔའི་གུར་ཁང་དབུས༔ གསལ་འཚེར་ཐིག་ལེའི་སོགས་ལས་གཞུང་ལྟར་ལ། ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ རིགས་ལྔ་མཁའ་འགྲོ་འབུམ་གྱིས་བསྐོར། །སྣང་སྟོང་ཟུང་འཇུག་ཆུ་ཟླ་ལྟར༔ སོགས་བརྗོད་ལ་གསལ་གདབ། ཤ་ཆེན་ཚིལ་ཆེན་སོགས་སྤོས་དང་རོལ་མོ་དབྱངས་བཅས་སྤྱན་འདྲེན་བརྗོད། མཐར་རྩ་སྔགས་དང་། པྲ་བེ་ཤ་ཡ་ཨ་ཨཱ་ཕེཾ་ཕེཾ་ཧྲིང་ཧྲིང་ཛཿཛཿཧཱུྃ༔ ཞེས་བརྗོད་ཅིང་རོལ་མོ་དང་འབེབ་པའི་རྫས་སྦྱོར་རྣམས་ཀྱིས་དབབ། དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་པ་ཁྱེད་རང་གི་སྒོ་གསུམ་ལ་ཇི་སྲིད་སྙིང་པོའི་བར་བརྟན་པར་གྱུར་པའི་མོས་པ་མཛོད། མེ་ཏོག་འཐོར་ཞིང་ཡེ་དྷར་བརྗོད། དེ་དག་གིས་སྔོན་དུ་འགྲོ་བའི་ཆོ་ག་རྣམས་གྲུབ་ནས། དངོས་གཞིའི་དབང་བསྐུར་བ་ལའང་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རིམ་པ་བཞིར་འབྱུང་བ་ལས། ཐོག་མར་སྐུ་རྡོ་རྗེའི་དབང་གི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། བུམ་པ་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་སྐུ་བརྙན་དཀྱིལ་འཁོར་གྱི་ལྷ་ཚོགས་དངོས་སུ་གསལ་བ་ལས་བདུད་རྩིའི་རྒྱུན་བབས་པས་སྒོ་གསུམ་གྱི་དྲི་མ་གཏོར་ཅིང་བཀྲུས། ལྷ་སྐུ་ཕྱག་རྒྱ་གཉིས་པ་འཕོས་ནས་ཐིམ་པས་ལུས་སྒྲིབ་བྲལ་སྣང་སྟོང་འཇའ་ལུས་རྡོ་རྗེར་དངོས་སུ་གྱུར་པར་མོས་ཤིག །བུམ་པ་ཐོགས་ལ། ཧཱུྃ༔ སྟོང་ཆེན་ཆོས་སྐུའི་དཀྱིལ་འཁོར་ནས༔ རང་བྱུང་ལོངས་སྐུ་མ་འགགས་གསལ༔ གཉིས་མེད་སྤྲུལ་སྐུ་བདེ་བ་ཆེ༔ ཡོངས་རྫོགས་སློབ་མར་མྱུར་ཐོབ་ཤོག༔ ཧཱུྃ༔ ཡེ་ཤེས་བདུད་རྩིས་སྒྲིབ་གསུམ་སྦྱོང༔ དར་སྣའི་མགུལ་ཆིངས་ཡེ་ཤེས་ལྔ༔ གཟུངས་ཐག་རྡོ་རྗེ་བདེ་སྟོང་རྒྱས༔ ཁ་རྒྱན་འདི་ལས་དགོས་འདོད་འབྱུང༔ དཀྱིལ་འཁོར་ལྷ་རྫོགས་བུམ་པ་འདིས༔ སློབ་མ་ཁྱོད་ལ་དབང་བསྐུར་བས༔ སྐུ་གསུམ་ལྷུན་རྫོགས་ཡེ་ཤེས་ལྔ༔ རབ་ལྡན་འཇའ་ལུས་ཡེ་ཤེས་སེམས༔ གྱུར་ནས་ཕྲིན་ལས་ཐོགས་མེད་འགྲུབ༔ ཞིང་ཁམས་སྐུར་རྫོགས་སྐུས་ཞིང་ཁམས༔ ཁྱབ་པར་འགྱུར་བ་དེ་སོགས་སྨོན༔ མཆོག་གསུམ་བདེན་པས་འགྲུབ་པར་ཤོག༔ མ་ཧཱ་ཨ་བྷི་ཥིཉྩ་མཱཾ༔ བུམ་པ་མགོར་བཞག་བུམ་ཆུ་བླུད། མེ་ཏོག་འཐོར། སླར་ཡང་རིགས་ལྔའི་ཕྱག་རྒྱ་འོད་ཟེར་འབར་བ་འཕྲོས་ནས་གནས་ལྔར་ཐིམ་པས་ཕུང་ཁམས་གནས་སུ་དག །དུག་ལྔ་ཡེ་ཤེས་ལྔར་གནས་གྱུར་པར་མོས་ཤིག །རིགས་ལྔའི་ཕྱག་རྒྱའམ་བུམ་པ་ཉིད་གནས་ལྔར་བཞག་ལ། ཧཱུྃ༔ སངས་རྒྱས་རྡོ་རྗེ་རིན་ཆེན་པདྨ་ལས༔ རིགས་ཀྱི་དཀྱིལ་འཁོར་གསལ་བ་སློབ་མར་ཐིམ༔ ཕུང་ལྔ་ཁམས་ལྔ་དུག་ལྔ་གནས་སུ་དག༔ ཡེ་ཤེས་ལྔ་ལྡན་སྒོ་གསུམ་རྒྱུ་རྐྱེན་རྣམས༔ ལྷ་ཡི་དཀྱིལ་འཁོར་ཡོངས་སྨིན་ཐེག་པ་དགུའི༔ མ་ནོར་ལམ་བཟང་མཐར་ཕྱིན་སངས་རྒྱས་ཤོག༔ མ་ཧཱ་ཨ་བྷི་ཥིཉྩ་མཱཾ༔ གཉིས་པ་གསུང་རྡོ་རྗེའི་དབང་བསྐུར་བའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང་། ཞལ་ནས་ཐོན། ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཉི་ཟླའི་གའུར་ཨོཾ་ཨཱཿཧཱུྃ་གསུམ་མཐར་འཁོད་པའི་མོས་པ་དང་བཅས་ཏེ་འདི་རྣམས་ཀྱི་རྗེས་ཟློས། ཕྲེང་བ་སྦྲེལ་ལ་སྔགས་རྣམས་རྗེས་ཟློས་ལན་གསུམ་རེ་བྱ། བནྡྷའི་བདུད་རྩི་རང་བྱུང་གི་སྔགས་ཕྲེང་། ཐབས་ཤེས་ཀྱི་རང་སྒྲ །བདེ་སྟོང་ཟུང་དུ་འཇུག་པའི་རང་བཞིན་ཅན་ཁྱེད་རང་རྣམས་ཀྱི་ལྕེ་རིགས་ལྔའི་ཕྱག་རྒྱར་གསལ་བ་ནས་བརྒྱུད་དེ་ལུས་གང་བས་ངག་སྒྲིབ་བྲལ་གྲགས་སྟོང་གཞོམ་མེད་རྡོ་རྗེའི་རང་སྒྲར་སྨིན་པའི་མོས་པ་མཛོད་ཅིག །ཐོད་པའི་བདུད་རྩི་སྦྱིན་ལ། ཧཱུྃ༔ བནྡྷའི་བདུད་རྩི་སྔགས་ཕྲེང་བླ་ན་མེད༔ བདེ་སྟོང་ཟུང་འཇུག་ཐབས་ཤེས་ཨ་ཧཾ་སྒྲ༔ ཕོ་རྒྱུད་མོ་རྒྱུད་ཡེ་ཤེས་ལྷ་ཚོགས་ཀྱིས༔ ཁྱོད་ལ་དབང་བསྐུར་རྩ་རླུང་ཐིག་ལེ་སོགས༔ སྐུ་གསུམ་ལྷ་ཡི་འཁོར་ལོར་གྱུར་ཁ་སྦྱོར༔ བཞི་ཡིས་བདེ་ཆེན་གསང་ལམ་མཐར་ཕྱིན་ཤོག༔ ཁྱོད་ཀྱི་ལྕེ་ཡང་རིགས་ལྔའི་ཕྱག་རྒྱར་གྱུར༔ དམ་ཆོས་ཀུན་དང་སྔགས་ཀྱི་སྒྲ་སྒྲོགས་ཤིག༔ མ་ཧཱ་ཨ་བྷི་ཥིཉྩ་མཱཾ༔ གསུམ་པ་ཐུགས་རྡོ་རྗེའི་དབང་གི་སླད་དུ། མེ་ལོང་དྲི་མེད་དབྱིངས་སྟོང་པ་ཉིད། ཤེལ་དཀར་གོང་བུ་རང་རིག་འོད་གསལ་ཟང་ཐལ། དེ་གཉིས་ཟུང་དུ་འཇུག་པ་ཐབས་ཤེས་དབྱེར་མེད་བདེ་ཆེན་ཕྱག་རྒྱ་ཆེན་པོའི་རང་བཞིན་མངོན་དུ་རྟོགས་པས་ཡིད་སྒྲིབ་བྲལ་རིག་སྟོང་འོད་གསལ་ཡེ་ཤེས་ཀྱི་འཁོར་ལོར་དག་པར་མོས་ཤིག །མེ་ལོང་ཤེལ་བཅས་སྙིང་གར་བཞག་ལ། ཧཱུྃ༔ སྣང་སྲིད་འཁོར་འདས་ཆོས་ཐམས་ཅད༔ སྟོང་གསལ་གཉིས་ལས་མ་འཕྲོས་མེད༔ དེ་ནི་ཐབས་ཤེས་ཟུང་ལ་བྱ༔ མཚོན་བྱེད་སིནྡྷུ་ར་ཤེལ་གཟུགས༔ མེ་ལོང་ནང་དུ་ཤར་ཡང་སྟོང༔ ཡ་བྲལ་བྱས་ན་གྲོལ་མི་འགྱུར༔ དེ་ཕྱིར་ཟུང་འཇུག་ལྷ་ཡི་ཚོགས༔ སློབ་མ་ཁྱོད་ལ་ཡོངས་རྫོགས་བསྐུར༔ སྣང་སྲིད་འཁོར་འདས་བསྡུས་པའི་ཆོས༔ ཐ་དད་མེད་པར་རྟོགས་པར་བྱོས༔ ལྷ་ཡང་རང་ཡིན་རང་ཉིད་ལྷ༔ གཉིས་མེད་ཡེ་གནས་ངོ་མཚར་ཆེ༔ ཟབ་རྒྱ་བླ་མེད་དོན་རྣམས་ཀུན༔ སློབ་མ་འདི་ལ་ཡོངས་རྫོགས་ནས༔ ཇི་ལྟ་ཇི་སྙེད་ཀུན་མཁྱེན་པ༔ མཆོག་གསུམ་བདེན་པས་མྱུར་འགྲུབ་ཤོག༔ མ་ཧཱ་ཨ་བྷི་ཥིཉྩ་མཱཾ༔ བཞི་པ་ཡོན་ཏན་ཕྲིན་ལས་ཡོངས་རྫོགས་ཡེ་ཤེས་རྡོ་རྗེའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། གཏོར་སྣོད་ཡེ་ཤེས་རོལ་པའི་གཞལ་ཡས་ཁང་དུ་གཏོར་མ་སྐུ་གསུམ་ཡོངས་རྫོགས་དཀྱིལ་འཁོར་གྱི་འཁོར་ལོ་འདུ་འཕྲོ་ཆོ་འཕྲུལ་དཔག་ཏུ་མེད་པ་དང་བཅས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་པས་རྡོ་རྗེའི་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཕེབ་པའི་མོས་པ་མཛོད་ཅིག །གཏོར་མ་སྤྱི་བོར་བཞག་ལ། ཧཱུྃ༔ ཕྱོགས་བཅུ་དུས་གསུམ་གཤེགས་བཞུགས་འབྱོན༔ མཆོག་དང་རྩ་བ་སྐུ་གསུམ་སོགས༔ འགྲོ་བའི་དོན་མཛད་མཆིས་སོ་ཅོག༔ ཐམས་ཅད་ཐམས་ཅད་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་འདི་ལ་འདུས༔ དེ་རིང་བུ་ལ་དབང་བསྐུར་བས༔ མ་ལུས་སྒྲིབ་དག་དབང་ཀུན་རྫོགས༔ ཐེག་དགུའི་ས་ལམ་ཡོན་ཏན་མཆོག༔ མཐར་ཕྱིན་དག་པ་སྐུ་བཞི་དང༔ ཡེ་ཤེས་ལྔ་ལྡན་ལྷུན་གྱིས་གྲུབ༔ དེ་ཡང་ཆོས་སྐུ་ཉག་གཅིག་པུ༔ འུབ་ཆུབ་འདུ་འཕྲོ་གང་བྱེད་ཀྱང༔ མ་འགགས་སྒྱུ་འཕྲུལ་དྲྭ་བ་ཅན༔ རྟག་ཆད་མཚན་བདག་མཐར་མ་ལྷུང༔ ཀུན་ཁྱབ་མཉམ་ཉིད་བློ་ལས་འདས༔ བྱར་མེད་བདེ་ཆེན་དབང་ཐོབ་ཤོག༔ མ་ཧཱ་ཨ་བྷི་ཥིཉྩ་མཱཾ༔ གཏོར་མའི་ལྷ་འོད་དུ་ཞུ་སྟེ་ཁྱེད་རང་ལ་ཐིམ་པས་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག །སྒོ་གསུམ་སྐུ་གསུང་ཐུགས་སུ་སྨིན། སྟོང་གསལ་ཀ་དག་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་དུ་མཉམ་པར་ཞོག་ཅིག །ཧཱུྃ༔ དེ་ཡང་སྐྱེས་བུའི་ལོག་རྟོག་གི༔ འཁྲུལ་པ་བསལ་ཕྱིར་ཙམ་དུ་ཟད༔ ངས་ནི་ཅི་ཡང་བསྟན་དུ་མེད༔ དེ་ཕྱིར་བློ་འདས་ངང་ལ་ཞོག༔ ཨ༔ ཞེས་ཅུང་ཟད་འཇོག །མེ་ཏོག་འཐོར་ལ་ཤིས་བརྗོད་གང་འོས་བྱ། དེ་དག་གིས་གསང་བ་ཡུམ་མཆོག་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་དུ་དབང་བསྐུར་བ་བརྒྱུད་པའི་ཕྱག་བཞེས་ལྟར་གྲུབ་པ་ཡིན་པས་རྩ་བ་དང་ཡན་ལག་གི་དམ་ཚིག་ཚུལ་བཞིན་བསྲུང་ཞིང་སྒོ་གསུམ་བྲན་དུ་འབུལ་བའི་མོས་པས་འདིའི་རྗེས་ཟློས། ཧོ༔ རྡོ་རྗེ་རྒྱལ་པོས་གང་བསྩལ་པའི༔ རྩ་བ་ཡན་ལག་དམ་ཚིག་བསྲུང༔ བདག་ཅག་ཁྱེད་ཀྱི་བྲན་དུ་མཆི༔ མ་ནོར་ལམ་མཆོག་མཐར་ཕྱིན་ཤོག༔ ལན་གསུམ། དབང་སྐུར་རྫོགས་པར་ཐོབ་པའི་གཏང་རག་ཏུ་དམིགས་ནས་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་དང་དགེ་བསྔོ་བྱ། སློབ་དཔོན་གྱིས་ཚོགས་ལ་རོལ། ལྷག་མ་ཕྱིན་ཆད་ལས་བྱང་དཀྱུས་ལྟར་ལ་རྟ་བྲོའི་རྗེས་སུ་མཆོད་བསྟོད་ནོངས་བཤགས། རས་བྲིས་དཀྱིལ་འཁོར་སོགས་རྟེན་ཡོད་ན་མདུན་བསྐྱེད་བརྟན་བཞུགས། གཤེགས་བསྡུ་ཤིས་བརྗོད་བསྔོ་སྨོན་གྱི་བར་རྒྱས་པར་བྱས་པས་འགྲུབ་བོ། །རྡོ་རྗེ་བཙུན་མོ་དགྱེས་པའི་ཞལ། །སྒྲིབ་བྲལ་སྙིང་གི་མེ་ལོང་དུ། །ཤར་ནས་བདེ་སྟོང་ལྷན་ཅིག་སྐྱེས། །མཁའ་སྤྱོད་རྡོ་རྗེའི་གྲོང་སྙེགས་ཤོག །ཅེས་ཟབ་ཅིང་རྨད་དུ་བྱུང་བའི་གསང་བ་སྐལ་བཟང་ཀུན་ལ་རྣམ་པར་རྒྱས་པའི་འདུན་པས་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཤྲཱི་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་འོད་གསལ་ཡེ་ཤེས་ཀྱི་འཁོར་ལོར་བགྱིས་པ་དགེ་ལེགས་འཕེལ།། །།
ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ་ལས། འགྲོ་དོན་ཕྱིའི་སྨིན་གྲོལ་གྱི་ཕྲིན་ལས་གསལ་བར་བྱེད་པ་འབྲེལ་ཚད་དོན་ལྡན་ (Volume 25, Text 6)
༄༅། །ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ་ལས། འགྲོ་དོན་ཕྱིའི་སྨིན་གྲོལ་གྱི་ཕྲིན་ལས་གསལ་བར་བྱེད་པ་འབྲེལ་ཚད་དོན་ལྡན་ཞེས་བྱ་བ་བཞུགས་སོ།། རྒྱལ་དང་རྒྱལ་བའི་སྲས་རྣམས་ཀྱིས། །རབ་བསྔགས་ཕྱག་རྒྱ་རེག་པའི་མཆོག །འབྲེལ་ཚད་སྲིད་ལས་སྒྲོལ་མཛད་དེ། །ཡི་དམ་བཟུང་ལ་བྱིན་གྱིས་རློབས། །བྱང་ཆུབ་ཀྱི་སེམས་དང་ལྡན་ཅིང་ཐུགས་རྗེ་ཆེན་པོ་རྣལ་འབྱོར་དུ་བྱེད་པས་འཕགས་པའི་ཕྲིན་ལས་རྣམས་ཀྱི་མཆོག་ཕྱི་སྒྲུབ་དང་མཐུན་པའི་སྨིན་གྲོལ་ཁྲོམ་ཆོས་སུ་བྱ་བར་འདོད་ན། སྟེགས་བུར་བུམ་གདན་པདྨ་འདབ་བརྒྱད་སྟེང་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་གྱི་གསེབ་ཏུ་ཕྱི་སྒྲུབ་ལྟར་བྲིས་པའི་གཙོ་བོའི་སྐུ་ཙཀ་དང་མཐོང་གྲོལ་འཁོར་ལོ་གཞུང་གསལ་རབ་གནས་དང་ལྡན་པ་བཙུག །སྤོས། མེ་ཏོག །མར་མེ། དྲི་ཆབ་རྣམས་འཛོམ་ན་ཕྱོགས་བཞིར་ཆ་བཞི་བཤམ། མ་འཛོམ་ན་ཚར་གཅིག་མདུན་དུ་བཤམ། སྐྱབས་འགྲོ །སེམས་བསྐྱེད། ཡན་ལག་བདུན་པ། ཚད་མེད་བཞི་བཅས་འདི་ཉིད་ཀྱི་ཆོས་སྤྱོད་ནས་འབྱུང་བ་ལྟར་བྱ། ཆོས་རྣམས་མི་དམིགས་སྟོང་པའི་ངང༔ སྙིང་རྗེའི་རྩལ་ལས་ཧྲཱིཿདཀར་པོ༔ འོད་འཕྲོས་རྡོ་རྗེའི་གུར་ཁང་དབུས༔ པདྨ་ཟླ་བའི་གདན་སྟེང་དུ༔ ཧྲཱིཿལས་སྤྱན་རས་གཟིགས་དབང་ཕྱུག༔ དཀར་པོ་ཞལ་གཅིག་ཕྱག་བཞི་པ༔ ཞི་འཛུམ་མཚན་དང་དཔེ་བྱད་རྫོགས༔ དང་པོས་ཐུགས་ཀར་ཐལ་མོ་སྦྱར༔ འོག་མས་ཤེལ་ཕྲེང་པད་དཀར་འཛིན༔ ཐོར་ཚུགས་རིན་ཆེན་ཅོད་པན་ཅན༔ དར་དཔྱང་དམར་མཐིང་སྟོད་གཡོགས་དཀར༔ པ་ཏི་ཁྲ་བོའི་ཕུ་དུང་དང༔ ཚི་གུའི་སྨད་གཡོགས་ན་བཟའ་གསོལ༔ སྙན་ཆ་མགུལ་རྒྱན་སེ་མོ་དོ༔ དོ་ཤལ་གདུ་བུ་སྐེ་རགས་ཅན༔ འོག་པག་སྔོན་པོ་རྣམས་ཀྱིས་བརྒྱན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ འོད་ཟེར་མཐའ་ཡས་སྤྲོ་བ་ཡི༔ སྤྱི་བོར་ཨོཾ་དཀར་མགྲིན་པར་ཨཱ༔ དམར་པོ་སྙིང་གར་ཧཱུྃ་སྔོན་པོ༔ ཐུགས་དབུས་པད་ཟླའི་ཧྲཱིཿཡིག་ལས༔ འོད་ཟེར་མཁའ་ཁྱབ་འཕྲོས་པ་ལས༔ ཡེ་ཤེས་ཚོགས་རྣམས་སྤྱན་དྲངས་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཐུགས་ལས་མཆོད་པའི་ལྷ་མོ་སྤྲོས༔ རང་ལ་རང་མཆོད་གཉིས་མེད་ཐིམ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པཱུ༔ ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཨཱ༔ ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གྷན༔ ཧཱུྃ༔ ཡེ་ཤེས་དབྱིངས་ལས་སྐུར་བཞེངས་པའི༔ སྙིང་རྗེའི་བདག་ཉིད་སྤྱན་རས་གཟིགས༔ རྒྱལ་བ་ཀུན་གྱི་གཙོ་བོ་མཆོག༔ ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད༔ ཐུགས་ཀར་པདྨ་ཟླ་བའི་སྟེང༔ ཧྲཱིཿལ་ཡི་གེ་དྲུག་མས་བསྐོར༔ གསལ་བརྟན་འོད་ཟེར་འབར་བར་བསམ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་ཅི་འགྲུབ་བཟླ་བ་ནི་བདག་གི་རྣལ་འབྱོར་རོ། །དེ་ནས་མཆོད་རྫས་བྱིན་རླབས་ནི། ཧཱུྃ༔ ཆོས་ཉིད་དབྱིངས་ཀྱི་ཆོ་འཕྲུལ་ལས༔ རཾ་ཡཾ་ཁཾ་གིས་དངོས་འཛིན་སྦྱངས༔ བདེ་བ་ཅན་གྱི་ཞིང་ཁམས་སུ༔ ཕོ་བྲང་ཉམས་དགའ་རྒྱན་དང་ལྡན༔ བྷྲཱུྃ་ལས་རིན་ཆེན་སྣོད་མཆོག་ཏུ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿརྣམས་ལས༔ ཡེ་ཤེས་ལྔ་ཡི་མཆོད་པའི་སྤྲིན༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ བྷྲཱུྃ་ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ བཛྲ་སྥ་ར་ཎ་ཁཾ༔ བུམ་པའི་བསྐྱེད་བཟླས་ནི། བུམ་པ་མི་དམིགས་སྟོང་པའི་ངང༔ པདྨ་ཟླ་བའི་གདན་སྟེང་དུ༔ བྷྲཱུྃ་ལས་བུམ་པ་མཚན་ཉིད་རྫོགས༔ བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་ནང༔ པད་ཟླའི་སྟེང་དུ་ཧྲཱིཿཡིག་ལས༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ དཀར་པོ་ཞལ་གཅིག་ཕྱག་བཞི་པ༔ དང་པོས་ཐལ་སྦྱར་འོག་མ་གཉིས༔ ཤེལ་ཕྲེང་པདྨ་དཀར་པོ་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ སྐྱིལ་ཀྲུང་གཟི་བརྗིད་འོད་འབར་བ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པཱུ༔ ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཨཱ༔ ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གྷན༔ ཨོཾ༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ དྲི་མེད་སྟོན་ཀའི་ཟླ་བའི་མདོག༔ ཐལ་སྦྱར་ཤེལ་ཕྲེང་པད་དཀར་འཛིན༔ འགྲོ་བའི་དོན་མཛད་ཁྱེད་ལ་བསྟོད༔ མཐའ་ཡས་སེམས་ཅན་ཐམས་ཅད་ཀུན༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཐུགས་ཀར་པད་ཟླར་ཧྲཱིཿཡིག་ལ༔ ཡི་གེ་དྲུག་པས་བསྐོར་བ་ལས༔ འོད་འཕྲོས་རྒྱལ་བ་ཐམས་ཅད་མཆོད༔ བྱིན་རླབས་ཐམས་ཅད་ཚུར་བསྡུས་ནས༔ ས་བོན་སྔགས་ཕྲེང་ལ་ཐིམ་པས༔ དེ་ལས་བབས་པའི་བདུད་རྩི་ཡིས༔ སྐུ་གང་སྐུ་ཡི་ཆ་རྣམས་ནས༔ བབས་པས་བུམ་པ་ཡོངས་སུ་གང༔ འགྲོ་བ་སྒྲོལ་བའི་ནུས་ལྡན་བསམ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་ཅི་འགྲུབ་བཟླ། ལས་བུམ་མམ་བསང་ཆུ་ལ་དམིགས་ཏེ། ཨོཾ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ༔ ཏིཥྛ་ཏིཥྛ༔ བྷནྡྷ་བྷནྡྷ༔ ཧ་ན་ཧ་ན༔ ཨ་མྲྀཏེ་ཧཱུྃ་ཕཊ༔ བདུན་ཙམ་བཟླས་པས་བྱིན་བརླབ། དེ་ནས་སློབ་མ་རྣམས་ལ་སྔགས་དེ་བརྗོད་པས་ཁྲུས་བྱ། ཡུངས་དཀར་བྲབ། གུ་གུལ་དུད་པས་བདུག་ལ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ༔ ཧ་ལ་ཧ་ལ་ཧཱུྃ༔ ཞེས་དྲག་ཏུ་བརྗོད་ལ་བགེགས་བསྐྲད། སེམས་བསྐྱེད་གསལ་བཏབ་ལ། གསན་པའི་ཆོས་སྐབས་སུ་བབས་པ། ཇི་སྐད་དུ། བོད་ཡུལ་ལྷ་ཡི་སྐལ་བ་སྤྱན་རས་གཟིགས། །ཆོས་སྐལ་སྙིང་པོ་ཡི་གེ་དྲུག་མ་ཡིན། །ཞེས་གདམས་པར་མཛད་པ་ལྟར་གངས་ཅན་ལྗོངས་ཀྱི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྨིན་གྲོལ་རིམ་པ་བསམ་གྱིས་མི་ཁྱབ་པ་སྔར་བྱོན་ཅིང་ད་ལྟ་འབྱོན་བཞིན་པ་དང་། སླད་ནས་འབྱོན་པར་འགྱུར་བ་མཐའ་དག་འཕགས་པ་ཉིད་ཀྱི་ཡེ་ཤེས་རོལ་པ་ཤ་སྟག་ཡིན་པས་ཐམས་ཅད་འབྲེལ་ཚད་དོན་ལྡན་འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་མཛད་པ་ལ་ཁྱད་པར་མེད་ཀྱང་། པདྨ་གསུང་གི་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་ཟབ་པའི་ཉིང་ཁུར་ཕྱུངས་པ་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པས་གནས་མཆོག་མཁའ་འགྲོ་འབུམ་རྫོང་ནས་སྤྱན་དྲངས་པའི། ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ་ཞེས་གཞན་ལས་ཀྱང་ངོ་མཚར་ཞིང་ཁྱད་པར་དུ་འཕགས་པའི་ཕྲིན་ལས་ཀྱི་ཁྱད་པར་འགྲོ་དོན་ཕྱིའི་སྨིན་གྲོལ་ལ་རྣམ་གྲངས་གཉིས་སུ་བཞུགས་པ་ལས། ཐོག་མར་སྨིན་བྱེད་ཀྱི་དབང་བསྐུར་གསན་པའི་ཡོན་དུ་ཞིང་ཁམས་འབུལ་བར་འཚལ། ཞེས་མཎྜལ་ཕུལ། ཐལ་མོ་མེ་ཏོག་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བླ་མ་སྤྱན་རས་གཟིགས་དབང་གིས༔ འཁོར་བའི་གནས་ནས་བསྒྲལ་དུ་གསོལ༔ ཐར་པའི་གནས་སུ་འདྲེན་པ་དང༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ལན་གསུམ། བདག་གཞན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ། བླ་མ་སྤྱན་རས་གཟིགས་དཀོན་མཆོག་རྩ་གསུམ་ཀུན་འདུས་ལ་སྐྱབས་སུ་འགྲོ་བའི་འདུན་པ་རྩེ་གཅིག་པས་འདིའི་རྗེས་ཟློས། ན་མོ༔ བདག་དང་མཁའ་མཉམ་སོགས་ལན་གསུམ། འཕགས་མཆོག་སྤྱན་རས་གཟིགས་རྒྱལ་བ་སྲས་དང་བཅས་པས་ཐུགས་ཇི་ལྟར་བསྐྱེད་ཅིང་བསླབ་པ་ལ་བསླབས་པ་དེ་བཞིན་དུ་གཞན་གྱི་དོན་དུ་སེམས་བསྐྱེད་ཅིང་བསླབ་པ་ལ་སློབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཧོ༔ སྔོན་གྱི་རྒྱལ་བ་སོགས་གསུམ། ཚོགས་གསག་ཡན་ལག་བདུན་གྱི་སྒོ་ནས་རྒྱུད་སྦྱོང་བའི་ཚིག་རྗེས་དོན་དྲན་གྱི་ཏིང་ངེ་འཛིན་དང་ལྡན་པས་འདིའི་རྗེས་ཟློས་མཛོད། ཧཱུྃ༔ བླ་མ་སྤྱན་རས་གཟིགས་སོགས་རྗེས་ཟློས་བྱར་གཞུག །དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་འདི་ལྟར་གསལ་ཐོབས་ཤིག །ཆོས་རྣམས་མི་དམིགས་སྟོང་པའི་ངང༔ པདྨ་ཟླ་བའི་གདན་སྟེང་དུ༔ ཧྲཱིཿལས་ཁྱེད་རྣམས་སྤྱན་རས་གཟིགས༔ དཀར་པོ་ཞལ་གཅིག་སོགས་གོང་ལྟར་བརྗོད། ཡེ་ཤེས་ཚོགས་རྣམས་སྤྱན་དྲངས་ཏེ༔ ཁྱེད་རང་རྣམས་ལ་ཐིམ་པར་མོས། ཡིག་དྲུག་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཏགས་པ་བརྗོད་ཅིང་སྤོས་རོལ་གྱིས་བྱིན་དབབ། ཡེ་ཤེས་པའི་རྒྱུན་སྒོ་གསུམ་ལ་བརྟན་པར་མོས་ཤིག །ཏིཥྛ་བཛྲ༔ ཞེས་རྡོ་རྗེ་མགོར་བཞག །བུམ་པ་གཞལ་ཡས་ཁང་གི་ནང་དུ་བུམ་ལྷ་ཐུགས་རྗེ་ཆེན་པོ་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས་ཁྱེད་རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་གནས་བཞིར་རིམ་གྱིས་གང་བས་སྒོ་གསུམ་གྱི་སྒྲིབ་པ་དག །སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་སྟན་ཐོག་གཅིག་ཏུ་ཐོབ་པར་མོས་མཛོད། རྣམ་བུམ་གནས་གསུམ་དུ་བཞག་ལ། ཧཱུྃ༔ བུམ་པ་སྟོང་གསལ་གཞལ་ཡས་ཁང༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ བཞུགས་པའི་སྐུ་ཡི་བདུད་རྩིའི་རྒྱུན༔ ཡེ་ཤེས་ཆུ་རྒྱུན་བླ་ན་མེད༔ སྐལ་ལྡན་རྣམས་ལ་དབང་བསྐུར་བས༔ ལུས་ཀྱི་སྒྲིབ་པ་ཀུན་དག་ནས༔ ལྷ་དབང་ལུས་ལ་ཡོངས་རྫོགས་ཤོག༔ ངག་གི་སྒྲིབ་པ་ཀུན་དག་ནས༔ གསུང་དབང་ངག་ལ་ཡོངས་རྫོགས་ཤོག༔ ཡིད་ཀྱི་སྒྲིབ་པ་ཀུན་དག་ནས༔ ཆོས་དབང་སེམས་ལ་ཡོངས་རྫོགས་ཤོག༔ འགལ་རྐྱེན་སྡིག་སྒྲིབ་ཀུན་ཞི་ནས༔ མཐུན་རྐྱེན་ཚེ་བསོད་རྒྱས་པར་ཤོག༔ ཉོན་མོངས་འཁྲུལ་པ་ཀུན་ཞི་ནས༔ སྟོང་ཉིད་སྙིང་རྗེ་རྟོགས་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ བུམ་ཆུ་འཐོར་འཐུང་བྱ། ཆུ་ཡིས་ལུས་གང་སྒྲིབ་པ་དག༔ ཡར་འཁྱིལ་སྤྱི་བོར་པད་ཟླའི་སྟེང༔ རིགས་བདག་འོད་དཔག་མེད་མགོན་ནི༔ སྤྲུལ་སྐུའི་ཆ་ལུགས་མཚན་དཔེ་འབར༔ མཉམ་གཞག་ཕྱག་རྒྱ་སྐྱིལ་ཀྲུང་བཞུགས༔ ལྷམ་མེར་གསལ་བས་དབུ་བརྒྱན་གྱུར༔ ཤིས་བརྗོད་བྱ། དེས་ཕྱི་སྒྲུབ་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ལ་བསྟེན་པའི་སྨིན་བྱེད་ལེགས་པར་ཐོབ་པ་ཡིན་པས། འདི་ཉིད་ཡི་དམ་གྱི་ལྷར་བཟུང་ཞིང་ཁྱད་པར་གྱི་དམ་ཚིག་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་རྟག་ཏུ་མི་འབྲལ་བར་བྱ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་གཏང་རག་མཎྜལ་འབུལ། གཉིས་པ་གྲོལ་བྱེད་གདམས་ཁྲིད་ཟབ་མོ་གསན་པའི་ཡོན་དུ་ཞིང་ཁམས་འབུལ་འཚལ། ཞེས་མཎྜལ་ཕུལ། དེ་ལྟར་དབང་བསྐུར་ཐོབ་པས་རྒྱུད་སྨིན་པའི་གང་ཟག་གིས་ཐོབ་པ་ཙམ་དུ་མི་འཇོག་པར་ལམ་བསྒོམས་ནས་རང་རྒྱུད་གྲོལ་བའི་ཐབས་ལ་འབད་དགོས་ཤིང་། གྲོལ་བྱེད་ལམ་རིམ་ཐམས་ཅད་ཀྱི་སྙིང་པོ་འདི་ལྟ་བུ་ལ་འབད་པ་གལ་ཆེ་སྟེ། འདི་ལའང་སྔོན་འགྲོ་དངོས་གཞི་རྗེས་གསུམ་དུ་ཡོད་པ་ལས། དང་པོ་སྔོན་འགྲོ་ནི། དེའང་ཉམས་ལེན་ཐམས་ཅད་ཀྱི་རྩ་བ་ཁམས་གསུམ་སྲིད་པའི་བདེ་འབྱོར་ལ་མེ་འོབས་དང་བཙོན་དོང་ལྟ་བུར་མཐོང་བའི་ངེས་འབྱུང་གི་བསམ་པ་བརྟན་པོས་རྒྱུད་བསྐུལ་ཏེ། དབེན་པའི་གནས་སུ་བདེ་བའི་སྟན་ལ་སྒོ་གསུམ་གཡེང་བ་མེད་པས་འཁོད་ནས། དཀོན་མཆོག་ཀུན་འདུས་བླ་མ་སྤྱན་རས་གཟིགས་དབང་ཕྱུག་ལ་ཅི་མཛད་ཁྱེད་ཤེས་བློ་གཏད་ལིང་བསྐྱུར་གྱིས་སྐྱབས་སུ་འགྲོ །ནམ་མཁའ་དང་མཉམ་པའི་ཕ་མ་སེམས་ཅན་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ཀྱི་གོ་འཕང་ལ་འགོད་པའི་སླད་དུ་བདག་གིས་བསྐྱེད་རྫོགས་སྒོམ་བཟླས་བྱ་སྙམ་དུ་སྨོན་པའི་སེམས་བསྐྱེད། ཕྱག་དང་མཆོད་པ་སོགས་ཡན་ལག་བདུན་པོའི་ཚིག་རེ་རེ་བཞིན་དོན་གསལ་འདེབས་ལ་རྒྱུད་སྦྱང་། བྱམས་པ་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ་ཚད་མེད་པ་བཞིས་འཇུག་པའི་སེམས་བསྐྱེད་བླང་དགོས་ཏེ། དེ་རྣམས་ཀྱི་འདོན་ཆ་ནི། ན་མོ༔ བདག་དང་མཁའ་མཉམ་སོགས་ཚར་གཅིག་བཀླག །དེས་སྔོན་འགྲོ་མདོར་བསྡུས་པ་གྲུབ། དངོས་གཞི་ལ་བསྐྱེད་རིམ་ལྷའི་སྒོམ་བཟླས་དང་། རྫོགས་རིམ་སྟོང་ཉིད་ཀྱི་རྣལ་འབྱོར་གཉིས་ཡོད་པ་ལས་དང་པོ་ནི་རང་དམ་ཚིག་པ་བསྐྱེད་ཅིང་གནས་གསུམ་བྱིན་གྱིས་བརླབ། ལྷ་ཡེ་ཤེས་པ་སྤྱན་དྲངས་པ་གཉིས་མེད་དུ་བསྟིམ། འཕྲུལ་དགའི་འདོད་ཡོན་ལྟར་རང་ལས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་རང་ལ་མཆོད་བསྟོད་བྱེད་པར་བསྒོམ་དགོས་ཤིང་དེ་རྣམས་གསལ་འདེབས་པ་ནི། ཆོས་རྣམས་མི་དམིགས་སོགས་ནས། ཕྱག་འཚལ་བསྟོད༔ བར་བརྗོད། དེ་ལྟར་བསྐྱེད་པའི་རིམ་པ་ལ་རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པོས་གསལ་སྣང་མ་ཐོན་གྱི་བར་དུ་བསྒོམ་དགོས། བཟླས་པའི་དམིགས་པ་ནི། ཐུགས་ཀར་པདྨ་སོགས་བརྗོད་ལ། བཟླ་བྱའི་སྔགས་ནི། ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་སྤྱན་རས་གཟིགས་ཀྱི་ཡང་སྙིང་ངག་ཏུ་བཟླ་བྱའི་སྔགས་ཀུན་ལས་ལྷག་པའི་ཕན་ཡོན་ཅན་འདི་ཉིད་ཡིན་ཞིང་། བརྒྱ་སྟོང་ཁྲི་འབུམ་བྱེ་བ་བཟླ༔ ཞེས་མཚོན་བྱེད་དུ་གསུངས་པ་ལྟར་བྱང་ཆུབ་སྒྲུབ་པའི་སྔགས་ལ་གྲངས་མེད་ཚད་མེད་པས་དུང་ཕྱུར་སོགས་ཅི་ནུས་བཟླ་དགོས་པ་ཡིན། དེའང་། གཞན་དུ་ཡེངས་པར་གྱུར་ན་ནི། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་གསུངས་པས་ཡིད་གཞན་དུ་མ་ཡེངས་པར་བཟླས་པས་འབྲས་བུ་འགྲུབ་པ་དང་། བཟླས་པའི་ཕན་ཡོན་ཡང་། གུ་རུ་རིན་པོ་ཆེའི་ཞལ་ནས། བརྒྱད་ཁྲི་བཞི་སྟོང་གསུང་གི་ཚོགས་མ་ལུས༔ ཀུན་འདུས་བདག་ཉིད་ཡི་གེ་དྲུག་པ་འདི༔ གང་གིས་བཟླས་ན་དངོས་གྲུབ་མཆོག་ཐོབ་ཅིང༔ ཉོན་མོངས་གནས་འགྱུར་ཡེ་ཤེས་ལྔ་རུ་དག༔ སྡིག་པའི་སྟོབས་འཇོམས་དགེ་བ་ཕུན་སུམ་ཚོགས༔ འགྲོ་དྲུག་སེམས་ཅན་གང་གི་རྣ་བ་ལ༔ ལན་གཅིག་ཐོས་པས་ངན་སོང་དོང་ནས་སྤྲུགས༔ མཐོ་རིས་དང་ནི་ཐར་པའི་གནས་སུ་འདྲེན༔ གང་གིས་ཡི་གེ་དྲུག་པ་ལན་གཅིག་བཟླས༔ དེ་ནི་བླ་མེད་བྱང་ཆུབ་གནས་སུ་འགྲོ༔ ཞེས་སོགས་མདོ་རྒྱུད་ཀུན་ནས་རྒྱ་ཆེར་གསུངས་པས་སྒོམ་བཟླས་འདི་ལ་བརྩོན་ཏེ་མི་ལུས་དོན་ལྡན་དུ་མཛད་པར་ཞུ། གཉིས་པ་རྫོགས་རིམ་ནི། རང་གི་རིག་པར་གཅེར་གྱིས་བལྟ༔ སྐྱེ་འགག་གནས་བྲལ་སྟོང་པ་ཉིད༔ ལྷག་གེར་གསལ་ཞིང་འཛིན་མེད་ངང༔ མ་བཅོས་རེ་དོགས་མེད་པར་བཞག༔ ཅེས་གསུངས་པ་ལྟར་ལྷ་སྒོམ་མཁན་གྱི་སེམས་ལ་བལྟས་པས་དང་པོ་མ་སྐྱེས། བར་དུ་མི་གནས། མཐར་མི་འགག་པའི་རིག་སྟོང་ཟུང་འཇུག་བློ་འདས་ཀྱི་རང་བཞིན་ལྷག་གེར་མཐོང་བའི་ངང་དུ་འཛིན་མེད་དུ་བཞག་ལ་མ་བཅོས་ལྷུག་པ་རེ་དོགས་མེད་པའི་མཉམ་གཞག་ལ་བརྟན་པ་ཐོབ་པར་བྱ། རྗེས་ཀྱི་བྱ་བ་ནི། མཐར་ནི་སྣོད་བཅུད་སོགས་གཤམ་ནས་འབྱུང་བ་ལྟར། འཇུག་པར་བསམ༔ བར་བརྗོད། ཞེས་ལྷར་སྣང་འོད་གསལ་དུ་བསྡུ་ཞིང་སླར་ཡང་གཉུག་མའི་ལྷ་སྐུར་ལྡངས་ལ་གནས་གསུམ་སྲུང་། སྒོམ་བཟླས་བྱས་པའི་དགེ་བ་གཞན་དོན་བྱང་ཆུབ་ཆེན་པོར་བསྔོ་ཞིང་རྒྱུན་གྱི་སྤྱོད་ལམ་བྱ་བའི་ཚུལ་ཡང་། ངོ་བོ་སྟོང་པ་ཉིད་ཀྱི་ངང༔ རྣམ་པ་སྙིང་རྗེ་ཆེན་པོ་བསྒོམ༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་གིས༔ འགྲོ་བའི་དོན་རྣམས་བརྩོན་པར་བྱ༔ ཞེས་གསུངས་པའི་རྣལ་འབྱོར་དང་མི་འབྲལ་བར་སྒོ་གསུམ་གཞན་དོན་དུ་བཀོལ་ལ་རེས་འཇོག་མི་བྱ་སྟེ། དེས་ཀྱང་ཡི་དམ་ནར་མ་བྱ༔ དེ་ཚེ་ལམ་སྣ་ཟིན་པ་དང༔ བླ་མེད་བྱང་ཆུབ་རིམ་གྱིས་འགྲུབ༔ ཅེས་དང་། ཞལ་གདམས་ལས། ལྷ་རྣམས་ཀུན་འདུས་ཐུགས་རྗེ་ཆེན་པོ་བསྒོམ༔ སྔགས་རྣམས་ཀུན་འདུས་ཡི་གེ་དྲུག་པ་བཟླ༔ ཏིང་འཛིན་སྙིང་པོ་གང་ཤར་འཛིན་མེད་བསྒོམ༔ ལྟ་བའི་སྙིང་པོ་བྱར་མེད་ངང་ལ་བཞག༔ སྤྱོད་པའི་སྙིང་པོ་སྙིང་རྗེ་ཚད་མེད་བསྒོམ༔ དེ་ཡིས་རང་གཞན་དོན་རྣམས་ཐམས་ཅད་འགྲུབ༔ ད་ལྟ་བཞུགས་དང་སླད་ནས་འབྱོན་པ་ཡི༔ ང་ཡི་རྗེས་སུ་ཞུགས་པ་ཐམས་ཅད་ཀུན༔ ལྷག་པའི་ལྷ་མཆོག་ཡི་དམ་འདི་ལ་གྱིས༔ ཚེ་གཅིག་སངས་རྒྱས་འགྲུབ་པར་གདོན་མི་ཟ༔ སངས་རྒྱས་མཛད་པ་ཐམས་ཅད་འདི་ཡིས་འགྲུབ༔ ཅེས་བསླུ་མེད་རྡོ་རྗེའི་གསུང་གིས་ནན་ཏན་དུ་གདམས་པའི་དོན་ཐུགས་ལ་གཅག་པར་ཞུ། དེས་སྨིན་གྲོལ་གྱི་རིམ་པ་ལེགས་པར་གྲུབ་པ་ཡིན་པས་དགེ་བ་བྱང་ཆུབ་ཆེན་པོར་བསྔོ་བས་རྒྱས་འདེབས་པ་དང་། འདིའི་སྒོ་ནས་རང་དང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་འདུས་པ་གྱེས། སློབ་དཔོན་གྱིས། ཛཿཧཱུྃ་བཾ་ཧོ༔ བུམ་ལྷ་རང་ལ་ཐིམ་པར་གྱུར༔ ཅེས་དང་། མཐར་ནི་སྣོད་བཅུད་འོད་དུ་ཞུ༔ རང་ལ་ཐིམ་ནས་དེ་དག་ཀྱང༔ ཐུགས་ཀའི་ཧྲཱིཿཡི་ངང་དུ་འདུས༔ དེ་ཉིད་དམིགས་མེད་ངང་ལ་བཞག༔ སླར་ཡང་ཧྲཱིཿལས་སྤྱན་རས་གཟིགས༔ རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ འགྲོ་བའི་དོན་ལ་འཇུག་པར་གྱུར༔ ཅེས་བདག་བསྐྱེད་བསྡུ་ལྡང་དང་། དགེ་བསྔོ་ཤིས་བརྗོད་བྱས་པས་འགྲུབ་བོ། །ཆུ་ཀླུང་རྒྱ་མཚོར་སྙེགས་པ་བཞིན། །བཟང་ངན་བར་མས་འབྲེལ་བ་ཡི། །འགྲོ་ཀུན་ཞི་བའི་གྲོང་ཁྱེར་དུ། །ཟབ་ལམ་འདི་ཡིས་འཇུག་བྱེད་ཤོག །ཅེས་པའང་སྤྲུལ་པའི་གཏེར་ཆེན་ཉིད་ཀྱིས་བཀའ་ཡིས་རྗེས་སུ་གནང་ཞིང་སྲས་ཡུམ་ཟུང་གིས་གསུང་བསྐུལ་མཛད་པ་ལྟར། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་ཕོ་བྲང་ཆེན་པོའི་མདུན་རོལ་གྲུབ་པའི་བསྟི་གནས་བྱང་ཆུབ་ཤིང་གི་སྐྱེད་ཚལ་གྱིས་མཛེས་པའི་དབེན་ཁྲོད་ཀུན་བཟང་བདེ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
བླ་མའི་ཐུགས་སྒྲུབ་གསང་བ་འདུས་པའི་བསྙེན་སྒྲུབ་ཀྱི་ཡི་གེ་ཉུང་གསལ་སྙིང་པོར་དྲིལ་བ་ཡིད་ཀྱི་འདོད་འཇོ་ (Volume 6, Text 6)
༄༅། །བླ་མའི་ཐུགས་སྒྲུབ་གསང་བ་འདུས་པའི་བསྙེན་སྒྲུབ་ཀྱི་ཡི་གེ་ཉུང་གསལ་སྙིང་པོར་དྲིལ་བ་ཡིད་ཀྱི་འདོད་འཇོ་ཞེས་བྱ་བ་བཞུགས་སོ། ། ན་མཿཤྲཱི་མཱཾ་བུདྡྷ་པདྨཱ་ཀ་ར་ཡ། ཁམས་གསུམ་འགྲོ་ལ་ཐུགས་རྗེའི་ཤུགས། །རྒྱལ་དང་རྒྱལ་སྲས་ཀུན་ལས་ཀྱང་། །ཕུལ་བྱུང་ངེས་པའི་ཐེག་པ་སྟོན། །མཚོ་སྐྱེས་རྡོ་རྗེར་གུས་པས་འདུད། །གང་དེའི་སྒྲུབ་ཐབས་རྒྱ་མཚོའི་བཅུད། །གཏེར་ཁ་འོག་མའི་བཀའ་སྲོལ་གྱི། །རིམ་པ་དང་པོའི་ལམ་བཟང་ལ། །འཇུག་འདོད་སྙིང་གི་དཔྱིད་འདི་འོ། །གུ་རུའི་ཐུགས་སྒྲུབ་ཐམས་ཅད་ཀྱི་རྒྱལ་པོ་བླ་མ་གསང་བ་འདུས་པའི་བསྙེན་སྒྲུབ་བགྱིད་པར་འདོད་པ་ན། སྒྲུབ་པ་པོའི་གང་ཟག་སྨིན་བྱེད་དབང་གི་སྒྲོམ་བརྒྱུད་པའི་ཕྱག་བཞེས་ལྟར་ནོས་ཤིང་དམ་ཚིག་ལ་གནས་པ། སྒྲུབ་པའི་གནས་གུ་རུའི་བྱིན་གྱིས་བརླབས་པའམ་དབེན་ཞིང་ཉམས་དགའ་བ། སྒྲུབ་པའི་དུས་ཡར་ངོའི་ཚེས་བཅུ་ལྟ་བུ་ལ་དབུ་བརྩམ་པར་བྱའོ། །ཇི་ལྟར་སྒྲུབ་པའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དེ་དག་སྒྲུབ་གཞུང་རྩ་བར་དོན་ཚན་བཅོ་བརྒྱད་དུ་གསུངས་པ་ལ་མན་ངག་ལྷན་ཐབས་ཀྱི་ཆོས་དྲུག་གི་ནང་ཚན་ལས་བྱང་ལེའུ་བརྒྱད་དང་སྒྲུབ་པའི་སྒྲོམ་རྣམས་ཀྱིས་ཁ་འགེངས་ནས་ལག་ཏུ་བླང་དགོས་པས་ཐོག་མར་སྦྱོར་བ་ལ་གཉིས། སྒྲུབ་པའི་སྔོན་འགྲོ་དང་། རྟེན་བཤམ་པའོ། །དང་པོ་ནི། མཚམས་ལ་ཞུགས་ཀར་དཀོན་མཆོག་རྩ་བ་གསུམ་ལ་ཕྱི་ནང་གི་ཚོགས་གསོག །བཤགས་སྐོང་། ཆ་གསུམ་དང་ཆུ་གཏོར། སཱཙྪ། བསང་བརྔན་སོགས་ཅི་འགྲུབ་བྱ། སྒྲུབ་པའི་ཁང་པར་རྟེན་མཆོད་ཅི་འབྱོར་བཤམ། སྡོད་མལ་དུ་བར་ཆད་སྲུང་བྱེད་རྡོ་རྗེ་གུར་གྱི་སྒྲོམ་སཱཙྪ་ཞབས་མནན་དང་བཅས་པ་གཞུང་དུ་དཔེའུ་རིས་ཕྱག་ལེན་ལས་འབྱུང་བ་ལྟར་ཚུལ་བཞིན་བཀོད་གྲུབ་ན་དགོས་པ་ཆེ་ཞིང་། སྤྲོས་མེད་ཀུ་སཱ་ལི་ལྟ་བུས་དེ་དག་མ་འགྲུབ་ཀྱང་། བསྙེན་སྒྲུབ་མི་རུང་བ་ནི་མ་ཡིན་ནོ། །གཙོ་ཆེར་ཐོག་མཐའ་ཀུན་ཏུ་རྣལ་འབྱོར་སྲོག་ཤིང་དམ་ཚིག་གི་སྒྲོམ་དང་སྒྲུབ་པ་སྲང་འཇུག་མན་ངག་གི་སྒྲོམ་ལས་གསུངས་པའི་སྤང་བླང་རྣམས་ལ་བསླབ་པར་བྱ་བ་ནི་གལ་ཤིན་ཏུ་ཆེ་བས་གཞུང་དང་བརྒྱུད་པའི་མན་ངག་ལས་རྟོགས་པར་བྱ་དགོས་ཤིང་། འོན་ཀྱང་དེ་དག་གསང་བ་སྤྱིའི་གནད་ཤེས་ནས་ཉམས་སུ་ལེན་པ་ལ་ཕལ་ཆེར་འདུའོ། །གཉིས་པ་རྟེན་བཤམ་པ་ལ་གཉིས། རྟེན་གྱི་དཀྱིལ་འཁོར་འདུ་བྱ་བ། རྟེན་མཆོད་བཤམ་པའོ། །དང་པོ་ནི། སྒྲུབ་པར་ཡུན་རིང་བྱ་ན་དཀྱིལ་འཁོར་རས་བྲིས་བཏིང་བ་ལེགས་པས་དེ་ལ་ས་ཆོག་སོགས་མི་དགོས་ཀྱང་ཕྱག་ལེན་དུ་རྡུལ་ཚོན་གྱིས་བཞེངས་པ་དང་དེའང་གཞུང་གི་དངོས་བསྟན་ཕོ་བྲང་གནམ་བབ་མའི་ལུགས་སུ་མཛད་པ་ཤས་ཆེ་བས། དེ་ལྟར་ན་གཞི་གནས་ཀྱི་བདག་པོ་ལ་གཏོར་མ་གསེར་སྐྱེམས་ཕུལ། དཀྱིལ་འཁོར་གང་དུ་བྱ་བའི་སྟེགས་བུར་ཆང་དང་བདུད་རྩི་ལྔ་སྦྱར་བས་ཆག་ཆག་གདབ། ཐིག་སྐུད་ལྔ་བསྒྲིལ་དང་ཚོན་སྣ་ལྔར་དཔའ་བོ་འབྲུ་ལྔ་བྲིས་པ་དབུས་དང་ཕྱོགས་བཞིར་བཀོད། སྭཱ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཐིག་སྐུད་ལྔ། །ཡེ་ཤེས་ལྔ་ཡི་ངོ་བོར་གྱུར། །བདག་ཉིད་རྟ་མགྲིན་ཡུམ་ཕག་མོ། །གནས་གསུམ་འབྲུ་གསུམ་ལྟེ་བར་ཧྲཱིཿ མཁའ་གསང་རྡོར་པད་ཧཱུྃ་ཕཊ་མཚན། །ཚངས་བུག་ཧཾ་ལ་ཐིག་ལེ་དཀར། །ཡིག་འབྲུ་ཙམ་པ་བཅུ་དྲུག་བསྐོར། །སྤྱི་གཙུག་པད་སྡོང་ཉི་ཟླའི་སྟེང་། །གུ་རུ་ཡབ་ཡུམ་བདེ་སྦྱོར་རྒྱུན། །སྤྱི་བོ་ནས་ཞུགས་བདག་ཉིད་ཀྱང་། །ཡུམ་དང་སྙོམས་ཞུགས་སྦྱོར་མཚམས་ནས། །རྩ་གསུམ་དཀྱིལ་འཁོར་སྤྲོས་པར་གྱུར། ཅེས་མོས་ལ་སྨིན་མཚམས་སུ་བཟུང་སྟེ་གནམ་ཐིག །སྙིང་ག་ནས་བར་ཐིག །གསང་བ་ནས་ས་ཐིག་གདབ་ཚུལ་བྱས་ལ་ལས་ཐིག་ཐིག་ཆེན་བརྒྱད་སྤྱི་འགྲོ་གདབ། དབུས་སུ་ཟླུམ་སྐོར་ལྟེ་བ། དེ་མཐར་ཆ་ཕྲན་གཅིག་ཟེའུ་འབྲུ། དེ་རྒྱབ་ཆ་ཕྲན་གསུམ་རེ་ཅན་གསུམ་ལ་འདབ་བཞི་དང་། རིན་ཆེན་ཟུར་བརྒྱད་པད་འདབ་བཅུ་དྲུག །དེ་མཐར་ཆ་ཆེན་གཅིག་དུར་ཁྲོད། ཆ་ཕྲན་གཅིག་རྡོར་རྭ། ཆ་ཆེན་གཅིག་མེ་རིའི་ས་བྱ། དེ་རྒྱབ་སྒོ་རྫོགས་སྤྲོ་ན་རྟ་བབས་སྣམ་བཞི་མ་སྤྱི་འགྲེ་བྱ། ཚོན་བྱིན་རླབས་ནི། ཧཱུྃ་ཨཱོཾ་སྭཱ་ཨཱཾཿཧཱ། ཚོན་ལྔ་དཔའ་བོ་འབྲུ་ལྔར་གྱུར། ཧཱུྃ། རྡུལ་ཚོན་ཁ་དོག་སྣ་ལྔ་པོ། །སྦྱོང་བྱེད་དཔའ་བོ་འབྲུ་ལྔ་ཡིས། །རིགས་ལྔ་ཡབ་ཡུམ་སྦྱོར་བྱིན་བརླབས། །ཡེ་ཤེས་ལྔ་ལྡན་རཏྣར་གསལ། ཅེས་དང་འབྲུ་ལྔ་བརྗོད་ལ་མཐེབ་སྲིད་གྱིས་མཉེས་པས་རིན་པོ་ཆེའི་རང་བཞིན་དུ་གྱུར་པར་བསམས་ལ། དབུས་མཐིང་། ཟེའུ་འབྲུ་ལྗང་། འདབ་བཞི་ཕྱོགས་མདོག །རིན་ཆེན་ཟུར་བརྒྱད་མཐིང་གའི་རྩེར་ནོར་བུ། གཞི་དམར་སེར། པད་འདབ་བཅུ་དྲུག་མཛེས་ཚོན་གཞན་སྤྱི་མཐུན་བྲི། ཤིན་ཏུ་བསྡུ་ན་ལྷ་གྲངས་ཀྱི་ཚོམ་བུ་ལེགས་པར་བཀོད་པས་ཀྱང་རུང་ངོ་། །གཉིས་པ་རྟེན་མཆོད་བཤམ་པ་ལ། ཐོག་མར་མེད་ཀ་མེད་ཀྱི་སྐུ་རྟེན་ནི་རས་གཞི་ལ་བླ་མ་གསང་འདུས་ཡབ་ཡུམ་གྱི་སྐུ་གཞུང་མཐུན་སྐྱ་བྲིས་ཟིན་པ་དང་བྱང་སེམས་སིནྡྷུ་ར་འོ་མ་རྣམས་སྦྱར་བ་ཚོན་ལ་མི་གནོད་པའི་སླ་མོས། ཡབ་ཡུམ་གཉིས་ཀའི་གནས་གསུམ་དུ་ཨཱོཾ་ཨཱཿཧཱུྃ། ལྟེ་བར་ཧྲཱིཿདང་མ། མགྲིན་པ་ཙམ་ནས། བཛྲ་གུ་རུ་པདྨ། དེས་འགྲེ་བཛྲ་གུ་རུ་འདི་ཕྱིན་ཐམས་ཅད་ལ་སྦྱར་ཏེ། ཐོད་ཕྲེང་རྩལ། པདྨ་སཾ་བྷ་བ། སཱུརྻ་འོད་ཟེར། ཤཱཀྱ་སེངྒེ། བློ་ལྡན་མཆོག་སྲེད། པདྨ་རཱ་ཛ། སིཾ་ཧ་སྒྲ་སྒྲོག །རྡོ་རྗེ་གྲོ་བོ་ལོད། བཛྲ་གུ་རུ་སརྦ་ཏ་ཐཱ་ག་ཏ་བྷ་ག་ཝཱན་སརྦ་དྷེ་བ་སརྦ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཨོཾ་ཡེ་དྷརྨ་སོགས་རྟེན་སྙིང་བཅས་གཟབ་ཆུང་དག་པར་བྲིས་ལ་ཚོན་རྫོགས་གྲུབ་མ་ཐག་རབ་གནས་ལེགས་པར་བྱ། བུམ་རྫས་རིལ་བུ་ནི་བརྒྱུད་པ་སེལ་མེད་ཀྱི་ཆོས་སྨན་དང་སྨན་སྣ་མངར་གསུམ་ཕྱེ་ཞིབ་བསྲེས་ནས་བསྒྲིལ། ཁ་དོག་དམར་པོ་སྐམ་ཐག་ཆོད་པར་བྱ། གོ་ཡུལ་འགྲིགས་ན་རང་ཉིད་ནུབ་ཏུ་ལྟ་བ་དང་ཁ་སྤྲོད་དུ་འོང་བའི་དཀྱིལ་འཁོར་གྱི་དབུས་སུ་ཟངས་བུམ་དར་དམར་གྱི་མགུལ་ཆིངས་ཅན་རིལ་བུས་སུམ་གཉིས་བཀང་བའི་ཁར་ཤུག་པ་དང་རྨ་བྱའི་སྒྲོས་བརྒྱན་པ་ལ་གཟུངས་ཐག་བཏགས། དེའི་སྟེང་དུ་ཁྲིའུ་ལ་ཐོད་པ་དུམ་གཅིག་འབྲུ་དཀར་གྱིས་བཀང་བའི་དབུས་སུ་སྐུ་རྟེན་རབ་གནས་ཅན་བཙུགས། སྐུ་ཚབ་ལྟ་བུ་ཡོད་ནའང་བཞུགས་ལ་དར་དམར་གྱི་གུར་ཕུབ། བུམ་པའི་མདུན་དུ་གཏོར་མ་རིན་ཆེན་འབར་བ་གཞུང་མཐུན་ནམ་མ་གྲུབ་ན་གཏོར་ཟླུམ་པད་འདབ་བཞིས་བསྐོར་བ། གཡས་གཡོན་དུ་སྨན་རཀ་ཕབ་ལྡན། མཐའ་སྐོར་ཞི་མཆོད་གཡས་དང་། དྲག་མཆོད་གཡོན་བསྐོར། རྒྱབ་ངོས་ལྟ་བུར་གཏེར་སྲུང་མ་ནིང་། མཁའ་རི་ལྕམ་དྲལ། སྨྱོ་ཁ་སོགས་ཀྱི་འབུལ་གཏོར་ཡང་བཤམ། ཕྱོགས་བཞིར་རྒྱལ་མཚན་དང་ཟུར་བཞིར་འཕན་རེ་གཟུག །མཎྜལ་རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་བཅས་པའི་ཚོམ་བུ་བཅོ་ལྔ་པའམ། རི་རབ་གླིང་བཞི་འདོད་ཡོན་ལྔ་མཚོན་པའི་བཅུ་གཅིག་བཀོད་པ་མདུན་དུ་བཞག །བགེགས་གཏོར་ཚོགས་ཀྱི་ཡོ་བྱད་སོགས་ཅི་བདེར་བཞག །རང་གི་མདུན་དུ་ཌཱ་དྲིལ་གུལ་ཡུངས་འཐོར་ནས་སོགས་ཉེར་མཁོ་རྣམས་ཚོགས་པར་བྱ། ཕྱི་སྒོར་ཐོ་དཀར་པོ་བརྩིགས་ལ་རྒྱུ་འགྲུལ་བཅད་དོ། །གཉིས་པ་སྒྲུབ་པ་དངོས་གཞི་ནི། དགོངས་ཐུན་ཞིག་ལ་དབུ་བཙུགས། ཚིག་བདུན་གསོལ་འདེབས་སོགས་སྔོན་དུ་འགྲོ་བས། རང་ཉིད་རྟ་མགྲིན་དུ་གསལ། བགེགས་གཏོར་བརླབས་ཤིང་བསྔོ། བཀའ་བསྒོ་དང་མཚམས་གཅོད་ཡུངས་ཐུན་གཏོར་ཞིང་གུ་གུལ་དུད་པས་བདུག །རང་ཉིད་རྟ་མགྲིན་དུ་གསལ་བའི་སྐུ་ལས་རྟ་མགྲིན་གྱི་སྐུ་ཆུང་ངུ་དཔག་ཏུ་མེད་པ་སྤྲོས་པས་སྟེང་འོག་ཕྱོགས་མཚམས་ནམ་མཁས་གར་ཁྱབ་རྣམས་ཐམས་ཅད་ཁྱབ་སྟེ། སྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་རྣམས་རྒྱ་མཚོའི་མཐར་བསྐྲད་ཅིང་ཚུར་འདུས་པས་ཁྲོ་བོའི་རོལ་མཚམས་དང་རྡོ་རྗེའི་རྭ་གུར་བླ་བྲེས་གཞིས་བསྲུང་བར་བསམ། རྒྱལ་ཆེན་ཐོ་འཛུག་མདོར་བསྡུས་སྤྱི་འགྲེ་བྱེད་ན་སྐབས་འདིར་གཏང་། རྟེན་བསྐྱེད་ནས་མཆོད་པའི་བར་ལས་བྱང་དཀྱུས་ལྟར་བཏང་ལ་སྙིང་པོ་སུམ་བརྒྱ་ཙམ་བཟླ། དགོངས་པ་བསྐྱང་བ་དང་བསམ་གཏན་བུམ་སྒྲུབ་ལ་བཟླས་པ་ཉེར་གཅིག་ཙམ་བྱེད། ལས་བྱང་དཀྱུས་སུ་ཚོགས་མཆོད་མཆོད་པའི་རྗེས་འབྲེལ་དུ་བསྟན་ཀྱང་བསྙེན་པའི་སྐབས་སུ་འདིར་བྱེད་པ་ཕྱག་ལེན་ཡིན་པས་ཚོགས་བྱིན་བརླབ་ནས་བསྒྲལ་བསྟབ་བར་གཏང་། སྐོང་བ་དང་དམ་རྫས་གཏོར་ཆེན་སོགས་ཀྱིས་གཏོར་སྨན་རཀྟས་མཆོད་ཅིང་བསྟོད་བསྐུལ་རྣམས་ཀྱི་མཐར་གཏེར་སྲུང་གཏོར་འབུལ་གསུང་རྒྱུན་མ་ལྟར་བྱ། ཚོགས་ལ་རོལ་ཞིང་ལྷག་མ་བསྔོས་ལ་བཙོོན་དུ་བཟུང་། ནུབ་དང་པོ་འདིར་ཆད་ཐོ་བརྟན་སྐྱོང་རྟ་བྲོ་བཅས་ཁ་ཅིག་གིས་བྱེད་སྲོལ་འདུག་ཀྱང་ཅི་བདེར་ཆོག །རྗེས་ནས་དེ་རྣམས་གྲོལ་དུས་བར་མི་དགོས། དེ་ནས་བཟོད་གསོལ་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་ཀྱི་བར་བྱས་ཏེ་མཚན་མོ་ཉལ་བའི་རྣལ་འབྱོར་ལ་འཇུག་གོ །ནངས་པར་ནས་བརྩམ་ཐུན་བཞི་རེ་གཅོད་དགོས་པས་ཐོར་ཐུན། ཞོགས་ཐུན། དགོང་ཐུན། སྲོད་ཐུན་བཞི་པོར་མཆོད་གཏོར་རེ་རེ་བཞིན་ཁ་གསོ། །མི་ལྕོགས་ན་ཞོགས་ཐུན་ལྟ་བུར་ཚར་རེ་གསོས་པས་ཆོག །གང་ལྟར་ཐོ་རངས་སྔགས་སྒྲས་བསྐུལ་ཏེ་ཐུན་མཚམས་ཀྱི་ལྷར་ལྡང་། ངག་བྱིན་རླབས་དང་དམ་རྫས་བརྟེན། ཚིག་བདུན་དང་མཚམས་གཅོད་ནས་བཟུང་ལས་བྱང་མཐར་ཆགས་སུ་གཏང་། དེའང་གཞུང་རྩ་བའི་དགོངས་པ་སྦྱོར་དངོས་རྗེས་གསུམ་རེ་རེ་ལ་དྲུག་གསུམ་བཅོ་བརྒྱད་དུ་ཡོད་པ་གཞིར་བཞག་ཁ་སྐོང་ལས་བྱང་ལེའུ་བརྒྱད་མ་ཉིད་ལག་ཏུ་བླང་བྱ་ཡིན་ཡང་སྲས་སློབ་སོ་སོའི་བརྒྱུད་སྲོལ་དང་སྣེའུ་གདོང་རྩེ་ལུགས་སོགས་ཁམས་བོད་ཆོས་སྡེ་སོ་སོས་ཆོ་ག་གཏང་ལུགས་འདྲ་མིན་མང་དུ་མཆིས་མོད། ཁྲ་ཚང་པ་དང་པད་ཕྲིན་གྱིས་མཛད་པའི་ལམ་ཟབ་སྣང་བའི་གཏེར་ཆེན་གསལ་བྱེད་བཅས་པ། སྨིན་གླིང་གཏེར་ཆེན་གྱིས་མཛད་པའི་སྙིང་པོ་རབ་གསལ་གཉིས་ད་ལྟ་ཡོངས་སུ་གྲགས་ཤིང་གཞུང་གི་དགོངས་པ་ནོར་འཁྲུལ་ལྷག་ཆད་མེད་པ་ཡིན་ལ། དེ་ལས་ལམ་ཟབ་སྣང་གཏེར་ཞལ་རྒྱུན་ཁ་འགེངས་བཀླག་ཆོག་ཏུ་ཡོད་པས་ལེགས་ཀྱང་རྒྱུན་རིང་ལྟ་བུར་ཐུན་བཞིར་ཅུང་ཟད་ལྕོགས་དཀའ་ཞིང་། སྨིན་ལུགས་ཉུང་བས་ཁྱེར་བདེ་བར་སྣང་རུང་སོ་སོའི་མོས་ཞེན་དང་བསྟུན་པས་འཐུས། གཉིས་ཀར་སྤྱི་ཙམ་དུ་མཚམས་གཅོད་འཕྲོས་སུ། སྐུ་རྟེན་ལ་དམིགས་ཏེ་རྟེན་བསྐྱེད། སྐྱབས་སེམས་ལན་གསུམ་དང་བཤགས་པ་བྱ། མཎྜལ་ཕུལ། འདིར་ཀུ་སཱ་ལིའི་ཚོགས་གསོག་བྱ་བར་གསུངས་པ་ནི། རྩ་བའི་སྒྲུབ་གཞུང་ལས་གསུངས་པ་འདི་ཉིད་འདོན་བསྒོམ་བྱ་སྟེ། དེ་ནས་རང་མདུན་མི་མགོ་ཡི༔ སྒྱེད་པུ་རྣམ་པ་གསུམ་བཙུགས་ཏེ༔ རང་སེམས་རྡོ་རྗེ་རྣལ་འབྱོར་མས༔ རང་གི་ཐོད་པ་བྲེགས་ཏེ་གཟུག༔ དེ་ནང་རང་ལུས་གཏུབས་ཏེ་བླུགས༔ ཤ་ལྔ་བདུད་རྩི་ལྔར་བསམས་ཏེ༔ དེ་སྟེང་སྙིང་པོ་འདི་བཅུ་བསམ༔ ཧཱུྃ་ཨཱོྃ་སྭཱ་ཨཱཾཿཧཱ༔ མུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ དེ་སྟེང་རྡོ་རྗེ་ཧཱུྃ་དང་བཅས༔ རྩེ་ལ་ཨོཾ་དཀར་བརྒྱན་པར་བསམ༔ འོག་ཏུ་ཡི་གེ་རཾ་ཡཾ་ལས༔ མེ་རླུང་འབར་བས་རླངས་བྱུང་སྟེ༔ ཕྱོགས་བཅུའི་སངས་རྒྱས་ཞིང་དུ་སྤྲོས༔ ཡེ་ཤེས་བདུད་རྩིའི་རྒྱུན་དྲངས་ནས༔ རྡོ་རྗེ་ལ་ཐིམ་རྡོ་རྗེ་ཡིས༔ ལན་གསུམ་དཀྲུགས་པས་བདུད་རྩིར་འཁྱིལ༔ རང་སེམས་རྡོ་རྗེ་རྣལ་འབྱོར་མས༔ ཀ་པཱ་ལས་བཅུས་བླ་མ་མཆོད༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་མཆོད༔ ལྷག་མས་རིགས་དྲུག་གདོན་བགེགས་རྣམས༔ ལན་ཆགས་འཁོར་ནས་མཉེས་པར་བསམ༔ ཞེས་མཆོད་སྦྱིན་གྱི་དམིགས་པ་རྒྱས་པ་སྤྱི་མཐུན་བྱའོ། །དེ་ནས་གསོལ་འདེབས་རྒྱས་པ་མཉམ་སྦྱོར་ནས་ཁ་སྐོང་བའམ་བསྡུས་པ་རྩ་གཞུང་ལྟར་བྱས་ལ་གསོལ་འདེབས་སྙིང་པོ་བཛྲ་གུ་རུ་ཅི་འགྲུབ་བཟླས་ལ་དབང་བཞི་བླང་། མཐར། ཚོགས་ཞིང་སྣང་སྲིད་བླ་མར་འདུས། །དེ་ཉིད་རང་གི་སྤྱི་གཙུག་བྱོན། །མཉམ་སྦྱོར་བྱང་ཆུབ་སེམས་སུ་ཞུ། །གནས་བཞི་གང་བས་དབང་བཞི་ཐོབ། །རང་ཡང་ཧཱུྃ་ཐིམ་དེ་ཉིད་ཀྱང་། །བརྗོད་བྲལ་ཆོས་དབྱིངས་ངང་དུ་དག །ཅེས་མོས་ལ། དབང་དོན་བསམ་པ་ནི། གཞུང་ལས། ལུས་ནི་རྣམ་སྣང་ཆོས་བདུན་བཅའ༔ ཡིད་ནི་གསང་ལམ་མིག་འབྲས་ཀྱི༔ དཀྱིལ་དུ་མ་ཡེངས་ཙེན་ནེ་བཞག༔ བློ་ཡིས་མ་བཅོས་དྲན་མེད་དུ༔ སྐྱེས་བུ་ཁོང་སྙིང་ཕྱུང་པ་ལྟར༔ བདག་འཛིན་མེད་པར་ས་ལེར་བཞག༔ བསྒོམ་བྱ་སྒོམ་བྱེད་མེད་པར་བཞག༔ རང་བྱུང་ཡེ་ཤེས་ལྷན་སྐྱེས་འཆར༔ བདེ་གསལ་ཆོས་ཉིད་རོལ་པ་ལ༔ དེར་འཛིན་སྐྱེས་ན་འཆིང་བར་བྱེད༔ དེ་ཉིད་རང་རིག་མི་འགྱུར་ན༔ རིག་པ་རྩལ་གྱི་དབང་ཐོབ་ནས༔ ཉོན་མོངས་སྐྱེས་ཚད་གྲོགས་སུ་འཆར༔ བདག་ཉིད་ཆེན་པོ་བླ་མ་ཡི༔ དབང་ཆེན་ཐོབ་པར་ངེས་ཤེས་བསྐྱེད༔ ཅེས་འབྱུང་བའང་འདོན་བསྒོམ་སྦྲགས་ན་ལེགས་སོ། །དེ་དག་གིས་སྦྱོར་བའི་ཆོས་རྣམས་གྲུབ། དངོས་གཞི་ལ་སྐབས་སུ་བབས་པ་སྐུ་བསྐྱེད་པ། སྙིང་པོ་བཟླ་བ། དགོངས་པ་བསྐྱང་བ་གསུམ་གཙོ་བོ་ཡིན་པས་དང་པོ་ནི། ཏིང་འཛིན་རྣམ་གསུམ་གྱིས་ཁོག་དབུབ། རྟེན་དང་བརྟེན་པའི་དཀྱིལ་འཁོར་མདུན་གྱི་སྒྲུབ་དཀྱིལ་དམིགས་རྟེན་གྱི་མཚན་གཞི་ལྟ་བུར་བཟུང་སྟེ་བདག་མདུན་དབྱེར་མེད་དུ་བསྒོམ་པ་སྟེ། དེའང་དཀྱིལ་འཁོར་དབུས་ཉི་ཟླ་པདྨའི་གདན་ལ་རང་ཉིད་གཙོ་བོ་རྟ་ཕག་ཡབ་ཡུམ་དུ་བསྒོམས་པའི་ཕྱོགས་བཞིར་པད་འདབ་ལ་རིགས་བཞི་ཡབ་ཡུམ། རྟ་མགྲིན་གྱི་དབུ་ཐོག་ཏུ་བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ། དེའི་མདུན་དང་ཕྱོགས་བཞིར་ཐོད་ཕྲེང་རིགས་ལྔ། དེའི་ཕྱི་རོལ་ལ་རིན་ཆེན་ཟུར་བརྒྱད་ཀྱི་ཐད་ཀའི་སྟེང་གི་བར་སྣང་ལ་མཚན་བརྒྱད། དེའི་མཐར་མོས་བསྐྱེད་ཙམ་གྱིས་རྩ་བརྒྱུད་ཀྱི་བླ་མའི་ཚོགས་དང་། པད་འདབ་བཅུ་དྲུག་ལ་ཡི་དམ་ལྷ་དང་རིག་འཛིན་མཁའ་འགྲོ་ཆོས་སྐྱོང་རྣམས་སྤྲིན་གཏིབས་པ་བཞིན་དུ་བསྒོམས་ཤིང་། དེ་ཐམས་ཅད་དུ་མར་སྣང་ཡང་རང་གི་སེམས་ཉིད་བླ་མ་རྡོ་རྗེ་སེམས་དཔའི་རང་བཞིན་དུ་རྣམ་པར་དག་པའི་རྩལ་སྣང་ཙམ་དུ་ཐག་བཅད་ནས། མ་འདྲེས་ཡོངས་རྫོགས་མེ་ལོང་ནང་གི་གཟུགས་བརྙན་བཞིན་གསལ་སྟོང་ཞེན་བྲལ་དུ་བསྒོམ་པར་བྱ་བ་གཅེས་སོ། །དེའི་རྗེས་འབྲེལ་དུ་ཡེ་ཤེས་པ་སྤྱན་འདྲེན་ཞིང་བཞུགས་གསོལ་ཕྱག་མཆོད་རྣམས་ཚང་བ་བྱ། གཉིས་པ་སྔགས་བཟླ་བའི་ཐོག་མར། སྣང་སྲིད་གཞལ་ཡས་བླ་མ་ལྷ༔ ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་ཆེ༔ དཔེར་ན་ཆུ་ཟླ་འཇའ་ཚོན་ལྟར༔ སྣང་ལ་རང་བཞིན་མེད་པར་གནས༔ འཛིན་པས་མ་བཅིངས་གསལ་བར་བསྒོམ༔ ཞེས་གསུངས་པའི་དགོངས་པ་སྲོག་ཏུ་བཟུང་ནས་སྤྱི་བོའི་བླ་མ་ལ་སེམས་རྩེ་གཅིག་པའི་མོས་གུས་གདུང་ཤུགས་དྲག་པོས་བཛྲ་གུ་རུ་ཅུང་ཟད་གསོལ་འདེབས་ཀྱི་ཚུལ་དུ་བཟླ། བཟླས་པའི་དངོས་གཞི་ནི་ཐོད་ཕྲེང་རྩལ་ཤམ་བུ་མེད་པ་ཁོ་ན་ཡིན་ལ་དམིགས་པའི་གཙོ་བོ་ནི། རྩ་གཞུང་ལས། བླ་མ་ཡབ་ཡུམ་གཉིས་མེད་པའི༔ སྤྱི་གཙུག་ཨོཾ་ལ་མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ལ་ལྟེ་བར་ཧྲཱིཿ ཡུམ་གྱི་ལྟེ་བར་མ་བསྒོམ་མོ༔ དེ་ནས་ཡབ་ཡུམ་སྤྱི་གཙུག་ནས༔ ཨོཾ་དཀར་འོད་ཟེར་དང་བཅས་པ༔ བདག་གི་སྨིན་མཚམས་མཛོད་སྤུར་བབས༔ བུམ་དབང་ཐོབ་ནས་ལུས་སྒྲིབ་དག༔ སྐུ་ཡི་དངོས་གྲུབ་ཐོབ་པར་བསམ༔ དེ་ནས་ཡབ་ཡུམ་མགྲིན་པ་ནས༔ ཨཱཿདམར་འོད་ཟེར་དང་བཅས་པ༔ བདག་གི་ལྕེ་ཡི་དབང་པོར་བབས༔ གསང་བའི་དབང་ཐོབ་ངག་སྒྲིབ་དག༔ གསུང་གི་དངོས་གྲུབ་ཐོབ་པར་བསམ༔ དེ་ནས་ཡབ་ཡུམ་ཐུགས་ཀ་ནས༔ ཧཱུྃ་མཐིང་འོད་ཟེར་དང་བཅས་པ༔ བདག་གི་སྙིང་གའི་དཀྱིལ་དུ་བབས༔ ཡེ་ཤེས་དབང་ཐོབ་ཡིད་སྒྲིབ་དག༔ ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ༔ དེ་ནས་ཡབ་ཡུམ་ལྟེ་བ་ནས༔ ཧྲཱིཿམ་འོད་ཟེར་ལྔ་བཅས་པ༔ བདག་གི་ལྟེ་བའི་དཀྱིལ་དུ་བབས༔ སྒོ་གསུམ་ཐ་དད་འཛིན་སྒྲིབ་དག༔ དབྱེར་མེད་ལྷན་སྐྱེས་དབང་བཞི་ཐོབ༔ བདག་དང་སེམས་ཅན་ཀུན་བདེར་གྱུར༔ ཅེས་གསུངས་པ་ཉིད་ཡང་ནས་ཡང་དུ་བསྐྱར་གྱིན་བསྒོམ། སྦྱོར་དངོས་གཉིས་ཀྱི་དབང་ལེན་པའི་དམིགས་པ་དངོས་གཞི་ལ་ཁྱད་མེད་ཀྱང་སྦྱོར་བའི་སྐབས་མདུན་གྱི་རྟེན་དང་འདིར་སྤྱི་བོའི་བླ་མ་ལས་དབང་ལེན་པའི་ཁྱད་པར་ཡོད་དོ། །གཞན་ཡང་ཐེམས་མེད་ཞལ་གདམས་ལས། རེས་འགའ་སྔགས་ཀྱི་འབྲུ་དོན་བསམ༔ ཨོཾ་ནས་ཨཱཿནི་ཡན་ཆོད་ལ༔ བཟླས་བསྒོམ་རིག་པ་གཏད་དུས་སུ༔ བླ་མ་ཌཱ་ཀིའི་སྲོག་ཐོབ་འགྱུར༔ ཞེས་གསུངས་པས། འབྲུ་ཉེར་བཞི་པོ་རེ་རེ་བཞིན་དབྱིབས་དང་གདངས་དང་ཤེས་ན་སྔགས་དོན་བསམས་ལ་སེམས་གཏད་པ་དང་། ཡང་། རེས་འགའ་ཐོད་ཕྲེང་རྩལ་གྱི་སྐུ༔ ནམ་མཁའ་གང་བ་ཆར་ལྟར་བབས༔ སྒྲུབ་པ་པོ་ཡི་སྤྱི་བོར་ཐིམ༔ ཤ་མེད་འོད་ཀྱི་གཟུགས་ཅན་ནི༔ པདྨ་འབྱུང་གནས་སྐུ་རུ་བསྒོམ༔ དེ་དུས་ཆེ་བའི་ང་རྒྱལ་བསྐྱེད༔ སྲོག་གི་སྙིང་པོ་ཐོད་ཕྲེང་རྩལ༔ བྲག་ཁ་དག་ནས་ཆུ་འབབ་བཞིན༔ དྲག་པོར་བར་མཚམས་མེད་པར་བགྲོངས༔ ང་ཉིད་རང་དབང་མེད་པར་འབྱོན༔ ཨོ་རྒྱན་པདྨ་བདག་ཉིད་ལ༔ མོས་གུས་དྲག་པོས་གུས་པ་དང༔ དུང་དུང་གདུང་སེམས་དྲག་པོ་ཡིས༔ གསོལ་བ་དྲག་པོ་བཏབ་པའི་ཚེ༔ ང་ཉིད་དེ་ཡི་དྲུང་དུ་བྱོན༔ ཞེས་གསུངས་པའི་ཚིག་དོན་བསམ་ཞིང་ངེས་ཤེས་བསྐྱེད། ཁྱད་པར་ཐོད་ཕྲེང་རྩལ་གྱི་སྐུ་ནམ་མཁའ་གང་བར་བྱོན་ཏེ་རང་ལ་ཐིམ་པའི་དམིགས་པ་སོགས་གསུང་ཇི་བཞིན་བྱ། རྩ་གཞུང་ལས། ཙ་ཀ་ལི་ནི་སྐུ་ཡི་རྟེན༔ དེ་ལ་བལྟ་ཞིང་དམིགས་པ་བཟུང༔ མ་ཡེངས་ཡིད་ཀྱི་འཛིན་ཕུར་གདབ༔ ཅེས་གསུངས་པས་མདུན་གྱི་སྐུ་རྟེན་དེ་ལ་མིག་ཙིར་ཟིན་མདུང་ཚུགས་མིན་པའི་ཡིད་མིག་རླུང་གསུམ་ལྷན་ནེ་གཏད་ལ་བཟླ། སྐབས་རེར་ལྷ་སྔགས་ལ་ཆེད་འཛིན་མེད་པར་རང་རིག་ངོ་བོ་བསྐྱངས་ལ་བཟླ་བ་སོགས་མདོར་ན་དམིགས་གཏད་གཅིག་ཁོ་ནའི་སྤར་བཀབ་མིན་པར་ཤེས་པ་བག་ཡངས་སུ་མ་ཤོར་བའི་ངང་ནས་ཉམས་དང་གང་མཐུན་པ་བསྐྱང་ཞིང་འཛབ་བཟླའོ། །བཟླས་པའི་ཐུན་འཇོག་ཁར་གསུམ་པ་དགོངས་པ་བསྐྱང་བ་ནི། རྩ་གཞུང་ལས། བླ་མ་ཡི་དམ་མཁའ་འགྲོ་རྣམས༔ ལོག་ན་ཡོད་པ་མ་ཡིན་ཏེ༔ ཡེ་ནས་བདག་མེད་གཞལ་ཡས་ཁང༔ འཁོར་བས་མ་གོས་པདྨར་གསལ༔ དགོས་འདོད་ཀུན་འབྱུང་རིན་པོ་ཆེ༔ ཀུན་གཞི་ཀློང་ཡངས་ཕག་མོ་ཡུམ༔ ཡིད་ཀྱི་བྱེད་པ་རྟ་མགྲིན་ཡབ༔ མ་སྐྱེས་མི་འགག་ཆོས་ཀྱི་སྐུ༔ ཡེ་ནས་བདག་མེད་སྤྲོས་དང་བྲལ༔ བླ་མ་རང་རིག་ཀུན་ཏུ་བཟང༔ བདེ་ཆེན་རྣམ་དག་མཚོ་རྒྱལ་ཡུམ༔ རྟོག་ཚོགས་རང་གྲོལ་དཔའ་བོ་སྟེ༔ འགྱུར་མེད་ཐག་ཆོད་མཁའ་འགྲོ་མ༔ དེ་ལྟར་རང་བྱུང་ལྷུན་གྱིས་གྲུབ༔ རང་བྱུང་དངོས་གྲུབ་བསམ་ཡས་པ༔ སྐྱེ་མེད་ཆོས་སྐུའི་རང་རྩལ་ཡིན༔ སྐྱེ་མེད་བདེ་ཆེན་དོན་རྟོགས་ན༔ གཞི་མེད་རྩ་བྲལ་ལྷན་སྐྱེས་འཆར༔ འཁོར་བ་མ་སྤངས་འཁོར་སྐྱོན་དག༔ པདྨ་འབྱུང་གནས་རང་ལ་རྫོགས༔ གཉེན་པོས་མི་ཤིགས་འགྱུར་བ་མེད༔ རྡོ་རྗེ་སེམས་དཔའ་རང་ལ་རྫོགས༔ དེ་ལྟར་དགོངས་ན་ཀུན་ཏུ་བཟང༔ ཞེས་བརྗོད་ཅིང་དོན་ཡིད་ལ་བསམ༔ སྤྲོ་ན་གེགས་སེལ་གསོལ་འདེབས་ཐེམས་མེད་བླ་མ་ཆོས་སྐུའི་སྒྲུབ་པ་ནས་གསུངས་པ་ལྟར་བྱ། སྐབས་འདིར་བསམ་གཏན་བུམ་པ་ལ་བརྟེན་ནས་བུམ་བཟླས་ཀྱི་སྒོ་ནས་དངོས་གྲུབ་བླང་བ་རྩ་བའི་དགོངས་པ་ལྟར་མཛད་པར་སྣང་བས། ཧྲཱི༔ བུམ་པའི་རང་བཞིན་གཞལ་ཡས་ཁང༔ པདྨ་རིན་ཆེན་འབར་བ་སྤེལ༔ འཇའ་ཚོན་བྲེས་པ་ལྟ་བུའི་ནང༔ རིལ་བུ་རྩ་བ་གསུམ་དུ་བསྐྱེད༔ རང་གི་ཐུགས་ཀའི་འོད་ཟེར་ནི༔ གཟུངས་ཐག་ལ་འཁྲིལ་བུམ་ནང་གི༔ ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཐིམ༔ ཐུགས་རྒྱུད་བསྐུལ་བས་རྩ་བ་གསུམ༔ ཀུན་གྱི་སྐུ་གསུང་ཐུགས་ཀ་ནས༔ འོད་འཕྲོས་ཕྱོགས་བཅུའི་དངོས་གྲུབ་བསྡུས༔ བུམ་པའི་ནང་དུ་བདུད་རྩིར་འཁྱིལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ་ཧཱུྃ་ཤཱནྟིཾ་པུཥྚིཾ་པ་ཤཾ་ཀརྨ་སིདྡྷི་ཧཱུྃ་ཧཱུྃ༔ སིདྡྷི་ཕ་ལ་སརྦ་ཧཱུྃ་ཧཱུྃ༔ ཞེས་ཉེར་གཅིག་ཙམ་བཟླས་ལ། རྩ་བ་གསུམ་ཡང་འོད་དུ་ཞུ༔ དཀར་དམར་འོད་དེ་གཟུངས་ཐག་ལ༔ འཁྲིལ་ནས་བདག་གི་སྙིང་ཁར་ཐིམ༔ དངོས་གྲུབ་ཐམས་ཅད་ཐོབ་པར་བསམ༔ ཞེས་མོས། དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་སྐོང་ལྕོགས་ན་ཐུན་བཞི་ཀར་བྱ། མི་ལྕོགས་ན་ཚར་གཅིག་གིས་ཆོག །རྗེས་ལ་དག་སྣང་བསྐྱེད་པ་ནི། སངས་རྒྱས་མཉམ་སྦྱོར་རྒྱུད་དག་ལས༔ རྩ་བའི་བླ་མ་འདྲེན་པའི་གཙོ༔ སེམས་ཅན་སངས་རྒྱས་མཉམ་པར་སྦྱོར༔ འདི་ལ་མ་དད་ལོག་ལྟ་ན༔ ཤེས་བྱ་ཀུན་ལ་མ་རྨོངས་ཀྱང༔ ངན་སོང་གསུམ་ནས་འཕགས་མི་སྲིད༔ དེ་སྐད་གསུངས་པས་རྩ་བ་ཡི༔ བླ་མ་གཙོར་མཆོད་བླ་མ་ཡི༔ སྤྱོད་ལམ་ཀུན་ལ་དག་སྣང་བསྒོམ༔ གལ་ཏེ་མི་དགེ་སྡིག་སྤྱོད་ཀྱང༔ རང་གི་མ་དག་སྣང་བ་ཡིན༔ དཔེར་ན་མིག་སྐྱོན་ཅན་གྱིས་ནི༔ གངས་ཉིད་ནག་པོར་མཐོང་དང་མཚུངས༔ ལོག་རྟོག་ཅན་གྱིས་ཆུ་ཉིད་ལ༔ རྣག་ཁྲག་མཚོན་ཆར་མཐོང་དང་མཚུངས༔ དེ་ཕྱིར་བླ་མའི་རྣམ་ཐར་ལ༔ ལོག་ལྟ་སྐྱེས་ན་ཐར་ལམ་འགག༔ དེ་ཕྱིར་བློ་བཅོས་དག་སྣང་བསྐྱེད༔ ཅེས་པས་གསལ་གདབ་སྟེ། བླ་མ་ཉིད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་ཤེས་པས་བཟོད་དུ་མེད་པའི་མོས་གུས་གདུང་ཤུགས་དྲག་པོ་དང་བཅས། དམ་རྫས་གཏོར་ཆེན་སོགས་སྨན་རཀ་གཏོར་མས་མཆོད་ཅིང་བསྟོད་པ་དང་བསྐུལ་བ་བྱ། ཉམས་ཆག་སྐོང་བ་ནི། སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའི་ངོ་བོ་ལས་བདུད་རྩི་འབེབ་སྦྱོང་གི་དམིགས་པ་བཅས་ཡིག་བརྒྱ་ཅི་ནུས་བཟླ། དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་སྤྱི་བོའི་བླ་མ་ལ་འདུས། དེ་ཉིད་རང་ལ་ཐིམ་ནས་གཉིས་མེད་བློ་འདས་ཀ་དག་གི་ངང་ལ་བཞག །སླར་ཟུང་འཇུག་སྐུར་ལྡངས་ལ་བསྔོ་སྨོན་དང་ཤིས་བརྗོད་བྱ། ཐུན་མཚམས་སུའང་ཁྱེར་སོ་གསུམ་གྱི་རྣལ་འབྱོར་དང་མ་བྲལ་བས་སྙིང་པོ་ཅི་ནུས་བར་མ་ཆད་དུ་བཟླ་ཞིང་གྲངས་ལ་མི་བརྩི། བཟའ་བཏུང་བདུད་རྩིར་བརླབས་ཏེ་ནང་གི་ཚོགས་སུ་རོལ། ཐུན་བཞི་ཀར་དེས་འགྲེས་སུ་བྱ་ཞིང་དགོང་ཐུན་ནམ་སྲོད་ཐུན་གང་རིགས་ལ་དགོངས་པ་བསྐྱང་བའི་རྗེས་སུ་ཚོགས་མཆོད་དང་། བསྐུལ་བའི་རྗེས་སུ་གཏེར་སྲུང་གཏོར་འབུལ་རྣམས་ཀྱང་མ་ཆག་པར་བྱ་ཞིང་སྲོད་ཐུན་གཤམ་དུ་དཀྱིལ་འཁོར་བསྡུས་ནས་རྟོག་མེད་འོད་གསལ་གྱི་ངང་དུ་ཉལ་བ་སོགས་སྤྱོད་ལམ་ཐམས་ཅད་ཀྱང་ལམ་དུ་སྒྱུར་བའི་རྣལ་འབྱོར་དང་མ་བྲལ་བར་བྱའོ། །བཟླས་པའི་འགོར་ཕྲེང་བ་བྱིན་རླབས་དང་མཇུག་ཏུ་དབྱངས་གསལ་རྟེན་སྙིང་གིས་ཁ་སྐོང་བ་སོགས་ཀྱང་སྤྱི་ལྟར་བྱེད་པ་ལེགས་པའི་ཡན་ལག་གོ །ཐུན་གྱི་དངོས་གཞིར་མི་ཚིག་གིས་བར་མ་ཆོད་པར་བཟླ་ཞིང་། སྒྲ་ཧ་ཅང་ཆེ་བ་དང་ཆུང་ནས་འབྲུ་མི་གསལ་བ་དང་། མྱུར་ནས་སྒྲ་འདྲེས་པ་དང་བུལ་ནས་བྱེར་བ་དང་། ཡེངས་པ་དང་དུབ་པར་སྒྲིབ་པ་རྣམས་སྤངས་ལ་དུས་བསྙེན་ཟླ་བ་གསུམ། གྲངས་བསྙེན་བྱེ་བ་གཅིག་སྟེ་འབུམ་ཕྲག་བཅུ། མཚན་མའི་བསྙེན་པ་དངོས་ཉམས་རྨི་ལམ་དུ་གུ་རུའི་ཞལ་མཐོང་བ་སོགས་རྟགས་སྤྱི་མཐུན་འབྱུང་སྟེ་གྲངས་དུས་རྟགས་གསུམ་ཀ་རྫོགས་ན་རབ་ཡིན་ལ། མ་བྱུང་ཡང་གང་རུང་ཞིག་མཐར་ཕྱིན་པར་བྱའོ། །གསུམ་པ་རྗེས་མཐའ་རྒྱས་ལ་གསུམ། ཁྱད་པར་སྙན་བརྒྱུད། ཐུན་མོང་ལས་སྦྱོར། དངོས་གྲུབ་བླང་བ་སོགས་སོ། །དང་པོ་ནི། དུས་བསྙེན་ཟླ་བ་གསུམ་སོང་བའི་སྲོད་ཐུན་ནམ་ཐོར་ཐུན་ལྟ་བུ་ཞིག་ནས་དབུ་བཙུགས་ལ་སྙན་བརྒྱུད་ཞག་བདུན་མ་ཉིད་སྦྲེལ། དེའི་ཟིན་བྲིས་རྒྱལ་སྲས་རིན་རྣམ་གྱིས་མཛད་པ་ཡོད་ཀྱང་ཞལ་ཤེས་གབ་པས་མི་ཚང་ལ། ལྕགས་ཟམ་པ་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་ཀྱིས་མཛད་པ་ཉིད་ཚང་ལ་རྒྱས་པས་དེ་ལྟར་བྱའོ། །གཉིས་པ་ཐུན་མོང་ལས་སྦྱོར་ནི། དུས་བསྙེན་རྒྱས་པའི་སྐབས་སྙན་བརྒྱུད་ཞག་བདུན་མ་གྲུབ་པའི་རྗེས་སུ་ཞག་གསུམ་མམ་བཞི་ཙམ་དང་། བསྙེན་སྒྲུབ་འབྲེལ་འཇོག་ཙམ་ལ་སྙན་བརྒྱུད་མི་སྦྱོར་བས་མཚམས་མ་གྲོལ་གོང་ཉིན་གསུམ་ཙམ་གྱི་རིང་ཐོག་མར་དགོང་ཐུན་ཞིག་ནས་དབུ་བཟུང་སྟེ་ཐུན་ཐམས་ཅད་ཀྱི་ཞབས་སུ་ཐོད་ཕྲེང་རྩལ་གྱི་ཤམ་བུར། ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛཿསརྦ་སིདྡྷི་ཤཱནྟིཾ་པུཥྚིཾ་བཱ་ཤཾ་མཱ་ར་ཡ་རྦད༔ ཅེས་བཏགས་པ་སུམ་བརྒྱ་ཙམ་བཟླ། འདི་སྐབས་དམིགས་པ་ནི། སྤྱི་བོའི་ཤར་གྱི་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་གྱི་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དེ་གཉིས་ཀའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་ཟླ་བ་ཤར་བ་ལྟ་བུ་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་སྣོད་ཀྱི་འབྱུང་བའི་དུག་བཅིལ། བཅུད་ཀྱི་སྐྱེ་འགྲོའི་ལས་ཉོན་ནད་གདོན་སྡིག་སྒྲིབ་སྦྱངས། ཚུར་འདུས་རང་ལ་ཐིམ་པས་ནད་གདོན་སྡིག་སྒྲིབ་ཞི་བར་བསམ། དེ་བཞིན་དུ་རིགས་འགྲེ་སྦྱར་ཏེ། རཏྣ་ཐོད་ཕྲེང་དང་རིན་ཆེན་མཁའ་འགྲོ་ལས་འོད་ཟེར་སེར་པོས་བདག་གཞན་གྱི་ཚེ་དཔལ་བསོད་ནམས་རྒྱས་པ། པདྨ་ཐོད་ཕྲེང་དང་པདྨ་མཁའ་འགྲོ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་སྤྲོས་པས་ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱི་ཕོའི་སྙིང་ག །མོའི་གསང་གནས་ནས་རང་དབང་མེད་པར་བཀུག་སྟེ་མོས་ཤིང་ཆགས་པས་བདག་གི་ཞབས་དྲུང་དུ་འཁོད་པ་འོད་དམར་པོར་ཞུ་ནས་རང་ལ་ཐིམ་པར་བསམ་པ་དང་། ཀརྨ་ཐོད་ཕྲེང་དང་ཀརྨ་མཁའ་འགྲོ་ལས་འོད་ཟེར་ལྗང་ནག་མཚོན་ཆ་ལྟ་བུ་ཚ་ཞིང་རྩུབ་པ་ཐོག་ལྟར་འཕྲོས་པས་དགྲ་བགེགས་བར་ཆད་ཐམས་ཅད་ཐལ་བར་བརླག །ཚུར་འདུས་རང་ལ་ཐིམ་པས་ལུས་ཀྱི་ནད་གདོན་བར་ཆད་དམིགས་མེད་དུ་སྦྱངས་པར་བསམ། བུདྡྷ་ཐོད་ཕྲེང་རྩལ་དང་མཁའ་འགྲོ་བཞི་ཆར་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་པས་ལས་བཞི་གཅིག་ཅར་དུ་འགྲུབ་ཅིང་སྣོད་བཅུད་ཐམས་ཅད་བླ་མའི་དཀྱིལ་འཁོར་དུ་སྦྱངས། ཚུར་འདུས་བདག་ལ་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། འདི་དག་གི་ཚེ་མཁའ་འགྲོ་སྡེ་བཞི་རེ་རེ་ལའང་སོ་སོའི་རིགས་ཀྱི་དཔའ་བོ་མཁའ་འགྲོ་འབུམ་ཕྲག་དུ་མས་བསྐོར་བ་རྣམས་ཐོད་ཕྲེང་རྩལ་གྱི་བཀའ་ཉན་ཞིང་ལས་དེ་དང་དེ་སྒྲུབ་པའི་ཕྲིན་ལས་ལ་གཅིག་ཏུ་བརྩོན་པར་བསམ། སྤྲོས་པ་ལ་དགའ་ན་སྔགས་ཀྱི་ཤམ་འདོགས་ཀྱང་། སརྦ་སིདྡྷི་ཞེས་པའི་མཐར། ནད་གདོན་སྡིག་སྒྲིབ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཚེ་དང་བསོད་ནམས་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཁམས་གསུམ་སྲིད་གསུམ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། གནོད་བྱེད་དགྲ་བགེགས་མཱ་ར་ཡ་རྦད། ཅེས་སྦྱར་ན་ལེགས་པར་ཡང་གསུངས། ཐུན་གྱི་ཐོག་མཐའི་འགྲིགས་སྔར་བཞིན་ནོ། །གསུམ་པ་དངོས་གྲུབ་བླང་བ་ནི། བསྙེན་སྒྲུབ་ལས་སྦྱོར་བཅས་གྲུབ་ནས་ཡར་མར་ཚེས་བཅུ་ལྟ་བུའི་ཐོར་ཐུན་ནམ་སྔ་དྲོའི་ཐུན་མཐར་དངོས་གྲུབ་བླངས་ནས་མཚམས་གྲོལ་རྒྱུ་ཡིན་པས་གཏོར་མ་རིན་ཆེན་འབར་བ་ཕྱག་ལེན་བཞིན་བཞེངས་པར་ཤ་ཆང་གཙོ་བོར་གྱུར་པའི་ཚོགས་རྫས་བཟའ་བཅའ་གང་འབྱོར་གྱིས་བསྐོར་བ་དཀྱིལ་འཁོར་གྱི་ཉེ་ལོགས་སུ་བཤམ། གཞན་ཡང་བགེགས་གཏོར་གཅིག །འཛུགས་གཏོར་གྲས་སུ་མེད་ན་ཆད་ཐོའི་གཏོར་མ། ཚོགས་དང་། རྒྱལ་ཆེན་བཞིའི་ཐོ་འགྲོལ་གྱི་གཏོར་མ་བཅས་བཤམ། ལས་བྱང་མགོ་མཇུག་བར་གསུམ་ཚང་བར་གཏང་བའི་བགེགས་གཏོར་གྱི་སྐབས་སྒྲུབ་རྫས་ལ་བགེགས་བསྐྲད་པའི་དམིགས་པ་བྱེད། ལྷ་བསྐྱེད་སྐབས་རང་དང་། མདུན་གྱི་སྐུ་རྟེན་གཏོར་མ་ཆེན་པོ་བཅས་ངོ་བོ་རིག་པའི་མདངས་རྩལ་གཅིག་ལ་རྣམ་པ་བཞིན་དང་མེ་ལོང་ལྟར་ཐ་དད་ཞལ་སྤྲོད་ཀྱི་ཚུལ་དུ་བསྒོམ་པར་ཡེ་ཤེས་པ་ལྷན་ཅིག་ཏུ་བསྟིམ། བཟླས་པའི་སྐབས་སུ་རྩ་སྔགས་ཀྱི་བཟླས་པ་ལྔ་བརྒྱ་ཙམ། ལས་སྔགས་ཤམ་བུ་སྦྲེལ་བ་བརྒྱའམ་ཉེར་གཅིག་བཟླ། འདི་སྐབས་ཀྱང་དམིགས་པ་གཙོ་བོར་བདག་བསྐྱེད་རང་ལ་བྱས་ཀྱང་རུང་། ཡང་མདུན་བསྐྱེད་ཀྱི་བླ་མ་དབང་ལེན་པའི་ཡུལ་བྱས་ཀྱང་རུང་སྟེ་བློ་ལ་འཆར་གང་བདེ་བྱེད། བུམ་སྒྲུབ་ཀྱི་སྐབས་སུ་ཕྱི་ནང་སྣོད་བཅུད་འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་བསྡུས་ཏེ་བུམ་པར་བསྐྱིལ་བ་དང་མཉམ་དུ་མདུན་དུ་བཤམས་པའི་དངོས་གྲུབ་ཀྱི་རྫས་རྣམས་ལ་ཡང་བསྟིམ་པའི་མོས་པ་བྱེད་ཅིང་བུམ་པའི་གཟུངས་ཐག་ནས་དངོས་སུ་བཟུང་ནས་བུམ་པའི་ཛཔ྄་དེ་སྟོང་ཕྲག་ལས་མི་ཉུང་བ་བཟླ། དེ་འཕྲོས་དགོངས་པ་བསྐྱང་ཞིང་ཚོགས་མཆོད་ནས་གནད་བསྐུལ་གྱི་བར་དུས་རྒྱུན་ལྟར་སོང་རྗེས། ཆོས་སྲུང་སྤྱི་དང་མ་ནིང་གཏེར་སྲུང་གི་གཏོར་བསྔོས་རྒྱས་པར་བྱེད། ཚོགས་ལ་རོལ་ཅིང་སྔར་བསགས་པའི་ཚོགས་ལྷག་དང་ཚོགས་ལྷག་གསར་པ་སྣོད་གཅིག་ཏུ་སྤུངས་པར་སྨན་རཀ་བྲན། ལས་བྱང་ལྟར་ལྷག་མ་བསྔོས་ལ་སྒྲུབ་ཁང་ཕྱི་རོལ་ལྷོ་ནུབ་གོམ་པ་བདུན་ཅུའི་སར་སྐྱེལ་དུ་གཞུག །དེ་ནས་ཆད་མདོ་བཏང་ལ་ཆད་ཐོའི་གཏོར་མ་དང་ཆོས་སྐྱོང་གི་གཏོར་མ་ཐམས་ཅད་ཡང་ཐོག་ཁར་འབུལ། བཤལ་ཆུས་བརྟན་མ་བསྐྱང་། གཏོར་སྣོད་ཁ་སྦུབ་རི་རབ་ཏུ་གསལ་བའི་འོག་བར་ཆད་འབྱུང་པོ་ཐམས་ཅད་མནན་པའི་ཁར་སྣང་སྲིད་ཐམས་ཅད་རྟ་མགྲིན་གྱི་དཀྱིལ་འཁོར་དུ་གསལ་བས་བྲོ་བརྡུངས་པར་བསམས་ལ། རྟ་ཡི་བརྟུལ་ཞུགས་སོགས་བརྗོད། སྤྲོ་ན་ཚེ་འགུག་ཀྱང་བྱ། འདིར་སྤྲོ་ན་གཏོར་དབང་གནད་ཀྱི་ཤོག་གཅིག་མ་ལྟར་དབང་བླང་། བསྡུ་ན་ཐོག་མར་སྒྲུབ་གཏོར་ལྷར་གསལ་བ་ལས་དབང་བཞི་ལེན་པའི་དམིགས་པ་རྒྱུན་གྱི་དབང་བཞིའི་དམིགས་པ་ལྟར་བྱེད། དེ་རྗེས་ཐོད་པ་སྐུ་ཙཀ་བཅས་ལྷར་གསལ་བ་དང་། བུམ་པའི་ནང་དུ་རྩ་བ་གསུམ་སླར་ཡང་སྐད་ཅིག་གིས་གསལ་བཏབ་པ་ལས་ཀྱང་དབང་བཞི་ནན་ཆགས་སུ་ལེན་ཅིང་གཏོར་མ། སྐུ་ཙཀ །བུམ་པ་ཐམས་ཅད་རང་གི་སྤྱི་བོ་སོགས་གནས་བཞིར་རེག །ཧཱུྃ། བདེ་མཆོག་བདེ་སྤྱོད་སོགས་བརྗོད་པའི་མཐར་བུམ་པ་དང་གཏོར་མའི་ཡེ་ཤེས་པ་རང་ལ་ཐིམ། དམ་ཚིག་པ་འོད་དུ་ཞུ་བ་ལས་སྒྲུབ་རྫས་དངོས་གྲུབ་ཀྱི་བདུད་རྩི་ཆེན་པོར་གྱུར་པར་བསམས་ལ་གཏོར་ཟན་དང་བུམ་པའི་རིལ་བུ་ནས་ཅུང་ཟད་ལོངས་སྤྱད། སླར་ཡང་ཐོད་པ་བུམ་པ་སོགས་སྔར་ཤུལ་དུ་བཀོད། གཏོར་མ་རིན་ཆེན་འབར་བ་ཟས་སྣས་བསྐོར་བ་དེ་དུམ་བུར་བཀས་ལ་རང་ཉིད་ཀྱིས་ལོངས་སྤྱོད་ཅིང་ནང་མི་དམ་གཙང་ལའང་སྦྱིན། དེ་རྗེས་མཆོད་གཏོར་ཁ་གསོས་ལ་བྱིན་བརླབས། ལས་བྱང་ལྟར་ཕྱི་ནང་གསང་མཆོད་ཚིགས་བཅད་བཅས་འབུལ། མ་བཅོས་སྤྲོས་བྲལ་སོགས་ཀྱིས་བསྟོད། ཉམས་ཆག་སྐོང་བའི་དམིགས་པ་དང་། ཡིག་བརྒྱ་བརྒྱའམ་ཉེར་གཅིག་བཟླས་རྗེས། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། དཀྱིལ་འཁོར་རྡུལ་ཚོན་ཡིན་ན་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། རས་བྲིས་ཀྱི་དཀྱིལ་འཁོར་དང་བྲིས་སྐུ་ལ་དམིགས་ཏེ། འདིར་ནི་གཟུགས་དང་སོགས། སུ་པྲ་ཏིཥྛས་མེ་ཏོག་འཐོར་ཞིང་བརྟན་བཞུགས་བྱ། བདག་བསྐྱེད་ཉེར་བསྡུ་སྤྲོས་པ་ལ་དགའ་ན། སྣང་སྲིད་ལྷར་གསལ་བ་འོད་དུ་ཞུ། སྲུང་འཁོར་ལ་ཐིམ། སྲུང་འཁོར་གཞལ་ཡས་ཁང་ལ་ཐིམ། དེ་འོད་དུ་ཞུ་འཁོར་རྣམས་ལ། དེ་ཐམས་ཅད་རང་རྟ་མགྲིན་དུ་གསལ་བ་ལ་ཐིམ། བླ་མ་རྡོ་རྗེ་སེམས་དཔའ་ཉིད༔ ཅེས་པ་དང་མཉམ་དུ་སྤྱི་བོའི་བླ་མ་ཡང་རང་ལ་ཐིམ། རང་ཡང་ཡས་མར་ནས་འོད་དུ་ཞུ་སྟེ་ཐུགས་སྲོག་ཧྲཱིཿལ། དེ་འ། ར་བཏགས། ཧ། གི་གུའི་བར་རིམ་བཞིན་ཡར་ཐིམ། གི་གུ་མི་དམིགས་པར་བསམས་ལ་མཉམ་པར་འཇོག་པའམ། བསྡུ་ན་རྒྱུན་གཏན་ཇི་ལྟ་བ་བཞིན་བགྱིས་ཀྱང་རུང་། དེ་རྗེས་རང་ཉིད་ཐུན་མཚམས་ཀྱི་ལྷ་རྟ་མགྲིན་དཔའ་བོ་གཅིག་པའི་སྐུར་ལངས། གནས་གསུམ་བསྲུང་། ལམ་ཟབ་འདི་ཁོ་ན་དངོས་གྲུབ་ཐམས་ཅད་ཀྱི་རྩ་བར་ངེས་པའི་ཤེས་པ་གཏིང་ཚུགས་བསྐྱེད་ལ་གྲུབ་མཐའ་བཟུང་། སྨོན་ལམ་དང་ཤིས་བརྗོད་སྤྱི་དང་བྱེ་བྲག་རྒྱས་པར་བྱ། དེའི་རྗེས་ཐོག་ཏུ། རང་ཐུན་མཚམས་ཀྱི་ལྷའི་ང་རྒྱལ་གྱིས་མཚམས་ཐོའི་རྒྱལ་པོ་ཆེན་པོ་བཞི་གསལ་བཏབ་པར་གཏོར་མ་ཕུལ་ལ་རང་གནས་སུ་གཤེགས་སུ་གསོལ། མཚམས་ཐོ་བསྡུ། ཐོག་མར་མིག་ཉི་ཟླའི་ཕྱོགས་སུ་བལྟ་ཞིང་གྱེན་དུ་འགྲོ་བ་སོགས་རྟེན་འབྲེལ་གྱི་སྒོ་མ་ལོག་པ་བྱས་ཏེ་ནང་མཚམས་ནས་བརྩམ་སྟེ་རིམ་པར་གྲོལ། དགའ་སྟོན་ཕུན་སུམ་ཚོགས་པས་དགེ་ལེགས་གོང་འཕེལ་དུ་བྱ། དེ་ལྟར་བསྒྲུབས་པའི་ཕན་ཡོན་བྱད་རྡོ་རྗེའི་གསུང་ལས། ཡང་གཏེར་ནང་གི་སྙིང་ཏིག་འདི༔ རྟག་ཏུ་བསམ་ཞིང་ཡིད་ལ་བརྣག༔ ལས་འཕྲོ་ཅན་གྱི་སྲོག་ཡིན་པས༔ ཀུན་ལ་མ་སྤེལ་གསང་ལ་སྒྲུབས༔ དངོས་གྲུབ་ཐེ་ཚོམ་མེད་པར་ཐོབ༔ བྱིན་རླབས་ཐེ་ཚོམ་མེད་པར་འབྱུང༔ རྟོགས་པ་ཐེ་ཚོམ་མེད་པར་འཆར༔ འབྲས་བུ་ཐེ་ཚོམ་མེད་པར་བརྙེས༔ ཞེས་གསུངས་པ་དོན་ལ་གནས་ཤིང་རྡོ་རྗེའི་ཚིག་ལ་འགྱུར་བ་མེད་པས་མི་བསླུ་བ་དང་། ངེས་ཤེས་སྐྱེད་པ་ལུང་གི་སྒྲོམ་ལས། ཡང་གཏེར་སྙིང་ཁྲག་འདི་ལ་སུ་སྤྱོད་པ༔ དངོས་གྲུབ་དུས་ལས་འདའ་བ་ག་ལ་སྲིད༔ འདི་ཉིད་བྲིས་སམ་བཅངས་པས་དངོས་གྲུབ་ཐོབ༔ ལན་གཅིག་བཀའ་ཤོག་མཐོང་བ་ཐམས་ཅད་ཀྱང༔ ཨོ་རྒྱན་སྨོན་ལམ་མཐུ་ཡིས་ངན་སོང་ཁེགས༔ དབང་ཐོབ་ཙམ་གྱིས་པདྨ་ཅན་དུ་སྐྱེ༔ ཉམས་སུ་བླངས་པའི་འབྲས་བུ་སྨོས་ཅི་དགོས༔ ཞེས་གསུངས་པ་སོགས་ལ་ཡིད་ཆེས་པར་བྱའོ། །ལམ་ཟབ་བླ་མའི་རིམ་པ་ལ་བརྟེན་ནས། །ཐུན་མོང་མཆོག་གི་དངོས་གྲུབ་བདེ་བླག་འགྲུབ། །བླ་མ་གདོད་མའི་མགོན་པོ་བདེ་བ་ཆེ། །ཐུན་མིན་གསང་བས་སྒྲུབ་འདི་སྐལ་པ་བཟང་། །འདི་དགེས་འཇིགས་རུང་སྲིད་པའི་འཁྲུལ་འཁོར་བཟློག །ནང་གི་ལམ་མཆོག་རྩོལ་བ་མེད་པར་བགྲོད། །འཁོར་འདས་མཉམ་ཉིད་པདྨ་འོད་ཀྱི་ཀློང་། །ཚོམ་བུར་བཅས་ཏེ་མངོན་པར་བྱང་ཆུབ་ཤོག །ཅེས་བླ་སྒྲུབ་འདི་ཉིད་ཀྱི་སྒོ་ནས་སྤྲོས་བཅས་ཀྱི་ཆོ་ག་དར་རྒྱས་ཆེ་ཡང་ཉམས་སུ་ལེན་མཁན་དཀོན་པ་དང་། ལུགས་སྲོལ་འདི་ལ་ཚད་མར་གྱུར་པའི་དམ་པ་སྔ་མ་རྣམས་ཀྱི་གསུང་ཡང་རྒྱས་བསྡུས་ཀྱི་མཐར་ལྷུང་པས་རང་འདྲའི་སྐལ་མཉམ་ལ་ཕན་པའི་བློས། འཆི་མེད་བསྟན་གཉིས་གླིང་པའམ་པདྨ་གར་དབང་རྩལ་གྱིས་རྡོ་རྗེ་ཐུགས་ཀྱི་གནས་ཤྲཱི་དེ་བཱི་ཀོ་ཊིའི་སྙིང་པོར་བགྱིས་པ་དགེ་ལེགས་འཕེལ།། །།
བཀའ་གཏེར་ཟུང་འཇུག་མཁའ་འགྲོ་སེང་གདོང་མའི་གཏོར་དབང་རྨི་ལམ་མ་ (Volume 33, Text 6)
༄༅། །བཀའ་གཏེར་ཟུང་འཇུག་མཁའ་འགྲོ་སེང་གདོང་མའི་གཏོར་དབང་རྨི་ལམ་མ་བཞུགས་སོ། ། ཌཱ་ཀི་སིཾ་ཧ་མུ་ཁཱ་ཡ་ན་མོ། འདིའི་བྱིན་རླབས་གཏོར་དབང་གི་རིམ་པ་ཅུང་ཟད་བཀོད་ན་ཌཱ་ཀིས་གནང་བར་གསོལ། རྡུལ་ཚོན་གྱི་ཆོས་འབྱུང་ནག་པོ་གཉིས་བརྩེགས་ཀྱི་ལྟེ་བར་སྣ་ཚོགས་པདྨ་ཉི་ཟླའི་སྟེང་དུ་ཧཱུྃ་མཐིང་ནག་ཕྱི་རོལ་དུ་རྒྱས་པར་དུར་ཁྲོད་དམ། ཡང་ན་ཐོད་ར་རྡོ་རྗེ་མེ་རིས་བསྐོར་བར་བྲི། མ་གྲུབ་ན་འབྲུའི་ཚོམ་བུའི་སྟེང་དུ་མཉྫིལ་གྱི་ཁར་ཐོད་པའམ། ཟངས་ལྕགས་ཀྱི་སྣོད་དུ་གཏོར་མ་ཟུར་གསུམ་སོར་བཅུ་པ་ལ། ཙཀ་ལི་དང་དར་གདུགས་ཀྱང་བཙུགས་རྒྱན་བཟང་དུ་བྱ། མཐར་མཆོད་པས་བསྐོར་ལ་བདག་བསྐྱེད་དང་མདུན་བསྐྱེད་དུས་གཅིག་གཏོར་མའི་སྟོད་ཆ་མཁའ་འགྲོ་མ། སྨད་མཆོད་རྫས་སུ་བསྐྱེད་ལ། དེའང་མངོན་རྟོགས་གཅིག་གིས་དུས་གཅིག་བསྐྱེད་པ་རྙིང་མའི་ལུགས་ཏེ། དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང་། །འགྲོ་བའི་དོན་དུ་བྱང་ཆུབ་བསྒྲུབ། །ཨཱོཾ་སྭ་བྷཱ་ཝ་སོགས། རང་སེམས་ཧཱུྃ་གི་འཕྲོ་འདུ་ལས། །སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན། །གནམ་ལྕགས་འཁོར་ལོ་རྩིབས་སྟོང་དང་། །རྒྱ་གྲམ་མཁའ་འགྲོ་གྲི་གུག་དང་། །ཕུར་པ་དགྲ་སཏྭ་ཁ་ཊྭཱཾ་དང་། །རལ་གྲི་མེ་དཔུང་འབར་བའི་གུར། །བར་མཚམས་ལས་བྱེད་མཁའ་འགྲོས་གང་། །བར་ཆད་དགྲ་བགེགས་ཐལ་བར་རློག །དེ་དབུས་གནམ་ལྕགས་སྒོ་མེད་མཁར། །གྲུ་བཞི་མེ་དཔུང་ཚྭ་ཚྭ་འཕྲོ། །དེ་ནང་གནམ་ལྕགས་མཆོད་རྟེན་དབུས། །གསེར་གྱི་རྡོ་རྗེའི་ལྟེ་བ་རུ། །ཉི་ཟླའི་ནང་དུ་འོད་ལྔའི་གུར། །དེ་དབུས་ཆོས་འབྱུང་པད་ཉི་རོ་ཡི་སྟེང་། །བདག་དང་མདུན་བསྐྱེད་གཏོར་མའི་རྩེར། །བུམ་ལྷ་ཡེ་ཤེས་མཁའ་འགྲོ་སྐུ་མདོག་མཐིང་། །སེང་ཞལ་དཀར་ཁྲོ་སྤྱན་གསུམ་གཡུ་རལ་སྔོ། །གྲི་ཐོད་ཁ་ཊྭཱཾ་བསྣམས་ཤིང་གར་སྟབས་འགྱིང་། །རྡོར་ཁྲབ་དུར་ཁྲོད་ཆས་བརྒྱད་དར་ནག་གསོལ། །ཕུང་ཁམས་སྐྱེ་མཆེད་བ་སྤུ་མཁའ་འགྲོས་གཏམས། །གནས་གསུམ་འབྲུ་གསུམ་ཧཱུྃ་ལས་འོད་འཕྲོས་པས། །ཡེ་ཤེས་པ་དང་དབང་ལྷ་སྤྱན་དྲངས་ཏེ། །ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། །དབང་ལྷས་དབང་བསྐུར་མི་བསྐྱོད་རྒྱས་བཏབ་པའི། །ཐུགས་ཀར་ཉི་སྟེང་འཁོར་ལོའི་ལྟེ་བར་ཧཱུྃ། །བཅུ་བཞིའི་རྩིབས་སྟེང་སྔགས་ཕྲེང་གཡོན་དུ་འཁོར། །ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ ཨརྒྷཾ་སོགས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ གསུམ། ཨོཾ་ཤྲཱི་བཛྲ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། དཔལ་ལྡན་རྡོ་རྗེ་ལྷ་མོ་ནི། །དྲག་མོ་སེང་གེའི་གདོང་པ་ཅན། །ཡེ་ཤེས་མེ་ཡི་འོད་ཟེར་འབར། །སེང་གེའི་གདོང་ཅན་ལྷ་མོར་བསྟོད། །ཅེས་བསྟོད། དབང་སྒྲུབ་བསྡུས་པ་དེས་ཆོག་གི །རྒྱས་པར་ན་བདག་མདུན་སོགས་གཞན་ནས་འབྱུང་བ་ལྟར་རྒྱས་པར་གྲུབ་ན་ལེགས། དེ་ནས་སློབ་མ་ཁྲུས་བྱ་མཎྜལ་ཕུལ་ལ། འོ་ན་འདི་ཡི་ལོ་རྒྱུས་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སྐྱེད་པར་བྱེད་པའི་ཡུམ་རྡོ་རྗེ་ཕག་མོ་དེ་ཉིད་ནུབ་ཕྱོགས་ཨོ་རྒྱན་གྱི་དུར་ཁྲོད་རབ་ཏུ་འབར་བ་ན་བཞུགས་ནས། འཁོར་ཡེ་ཤེས་དང་དམ་ཚིག་གི་ཤ་ཟའི་མཁའ་འགྲོ་ཐམས་ཅད་ལ་ཐུགས་ཞི་བ་ཆེན་པོའི་སྒོ་ནས་ཟིལ་གྱིས་གནོན་ཅིང་རྗེས་སུ་འཛིན་པར་བྱེད་པ་ལ། སྙིགས་མ་ལྔ་བདོ་བར་གྱུར་པའི་དུས་སུ་འཁོར་མ་མོ་མཁའ་འགྲོ་ཤ་ཟ་ལས་མཁན་གྱི་ཚོགས་ཐམས་ཅད་གསོད་ལ་དགའ་ཞིང་སྙིང་རྗེ་མེད་པ། ཤ་ཁྲག་ལ་རྔམས་ཤིང་སེམས་ཅན་ཐམས་ཅད་ལ་འཚེ་བར་བྱེད་ཅིང་ཞི་བས་མི་ཐུལ་བར་གྱུར་ནས་དུར་ཁྲོད་བསིལ་བའི་ཚལ་དུ་བྱོན་ནས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཏེ། ད་ནི་ཁོ་མོ་སེང་གེའི་གདོང་ཅན་དུ་གྱུར་ནས་གནམ་ས་ཆ་ལང་རྡེབ་པ་རི་རབ་རྒྱང་དུ་འཕེན་པ་ཉི་ཟླ་ཐང་ལ་འབེབ་པ་རྒྱ་མཚོ་གནམ་དུ་ཟློག་པ་སྐུ་རི་རབ་བས་སུམ་འགྱུར་གྱི་ཆེ་བ། གསུང་གི་ང་རོས་སྟོང་གསུམ་གཡོ་འགུལ་བྱེད་པ། ཐུགས་ཀྱི་ཡེ་ཤེས་ཀྱིས་སྣང་སྲིད་དབང་དུ་སྡུད་པ་གཅིག་ཏུ་གྱུར་ཅིག །ཁྱད་པར་དུ་སེང་གེའི་ང་རོས་གཅན་གཟན་ཐམས་ཅད་ཟིལ་གྱིས་གནོན་པ་ལྟར། མ་མོ་མཁའ་འགྲོ་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཟིལ་གྱིས་གནོན་ཅིང་དབང་དུ་སྡུད་པ་དང་ཚར་གཅོད་རྗེས་འཛིན་ལས་ལ་འགྱེད་ཅིང་བཀའ་ཉན་གསུང་སྡོད་བྱེད་པར་གྱུར་ཅིག །སྐུ་ཡི་བ་སྤུ་བྱེ་བ་ས་ཡ་ལས་ཀྱང་མཁའ་འགྲོ་གྲངས་མེད་པར་སྤྲུལ་ནས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་འགྲུབ་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་མ་ཐག་ཏུ་རྡོ་རྗེ་ཕག་མོ་དེ་ཉིད་མཁའ་འགྲོ་སེང་གེའི་གདོང་ཅན་དུ་གྱུར་ཏེ་ས་རྣམ་པ་དྲུག་ཏུ་གཡོས་འོད་དང་སྒྲ་དང་ཆོ་འཕྲུལ་དཔག་ཏུ་མེད་པ་བྱུང་ངོ་། །དེར་ལྷ་སྲིན་སྡེ་བརྒྱད་མ་མོ་མཁའ་འགྲོ་ཐམས་ཅད་རང་དབང་མེད་པར་བསྡུས་ནས་ལྷ་ཐམས་ཅད་ཀྱིས་སྲོག་སྙིང་ཨཿ ཀླུས་ཀཿ སྲིན་པོས་སཿ མ་མོ་ཐམས་ཅད་ཀྱིས་སྲོག་མཿ གཟའ་ཡིས་རཿ བཙན་གྱིས་ཙཿ རྒྱལ་པོས་ཤཿ བདུད་ཀྱིས་དཿ གཤིན་རྗེས་ཡཿསོགས་རང་རང་གི་སྲོག་སྙིང་ཕུལ་བ་རྗེ་བཙུན་མ་ཉིད་ཀྱི་ཐུགས་ཆོས་ཉིད་ཀྱི་ངང་དུ་སྦས་ཏེ་དམ་ལ་བཏགས་ནས་བཀའ་ཡི་སྲུང་མ་བསྟན་པའི་བྱ་ར་བར་བསྐོས་སོ། །འདིའི་རྒྱུད་ནི། ཀྱེའི་རྡོ་རྗེའི་རྒྱུད་འབུམ་ཕྲག་བདུན་པ་དང། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཤིན་ཏུ་རྒྱས་པ་སྟོང་ཕྲག་བཅུ་གཉིས་པ་རྣམས་ཀྱི་ནང་ནས་སེང་གདོང་མ་འདི་གསུངས་ཡོད་དེ། རྒྱུད་དེ་དག་ཨོ་རྒྱན་དང་ཤམ་བྷ་ལ་ན་བཞུགས་སོ། ཁྱད་པར་དྲག་མོ་གནམ་ལྕགས་ཐོག་གི་རྒྱུད་ཅེས་བྱ་བ་རྡོ་རྗེ་ཕག་མོས་གསང་བའི་བདག་པོ་ལ་གསུངས་ཏེ། གསང་བའི་བདག་པོས་རྒྱུད་དེ་བྱང་ཆུབ་ཤིང་གི་མཆོད་རྟེན་གྱི་བུམ་པར་སྦས། དེའི་མན་ངག་གསུམ་དུ་བྱས་ཏེ་རྡོ་རྗེ་གདན་གྱི་ལོགས་ཀ་བ་ཤིང་ལོ་ཅན། བྱང་དུ་ཕ་ཝང་སེར་པོ་དང་། ཤར་དུ་ཕ་ཝང་གཡག་འདྲ་བ་ལ་སྦས་སོ། །དེ་ནས་ཨོ་རྒྱན་ཆེན་པོས་དགུང་ལོ་བདུན་བརྒྱ་བཞེས་དུས་ལང་ཀའི་ཡུལ་དུ་མུ་སྟེགས་ཀྱི་རྒྱལ་པོ་སེ་ནས། མུ་སྟེགས་པཎྜི་ཏ་ལྔ་བརྒྱ་བསྡུས་ཏེ་སངས་རྒྱས་ཀྱི་བསྟན་པ་ཉམས་པར་བྱས་དུས་ཨོ་རྒྱན་རིན་པོ་ཆེ་དང་རྩོད་པ་བྱས་པས་ཨོ་རྒྱན་དང་། རྫུ་འཕྲུལ་འགྲན་པས་ཀྱང་ཨོ་རྒྱན་རྒྱལ། སྡིགས་མཛུབ་ལས་མེ་རི་རབ་ཀྱི་རྩེ་མོ་དང་མཉམ་པ་འབར་བས་ལྷ་རྣམས་ཀྱིས་ཨ་ལ་ལའི་སྒྲ་བསྒྲགས་ཏེ་མུ་སྟེགས་པ་ཕམ་ནས་ཕལ་ཆེར་ནང་པ་ལ་ཚུད་ཀྱང་། མུ་སྟེགས་གདུག་པ་ཅན་རྣམས་ཀྱིས་ཁྱོད་མཐུས་ཕུང་བར་བྱེད་ཟེར་ཚེར་མ་ཅན་གྱི་ནགས་ཁྲོད་དུ་མུ་སྟེགས་ཀྱི་སྟོན་པ་རྣམས་ཀྱིས་མཐུ་བསྒྲུབས་སོ། །དེར་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེས་རྡོ་རྗེ་གདན་གྱི་བྱང་ཕྱོགས་ཕ་བོང་སེར་པོ་སྟག་མོ་ཉལ་འདྲའི་འོག་ནས་ཁྲོ་ཆུའི་སྒྲོམ་གཅིག་བཏོན་ནས་ཨོ་རྒྱན་ལ་ཕུལ་བའི་ནང་ནས། ཟློག་ནག་ཡི་གེ་བཅུ་བཞི་པ་འདི་ཨོ་རྒྱན་རིན་པོ་ཆེས་ཞག་བདུན་བཟླས་པས་མུ་སྟེགས་ཀྱི་པཎྜི་ཏ་ལྔ་བརྒྱ་ལང་ཀའི་རྒྱལ་པོ་དང་བཅས་པ་ཐོག་གིས་བསྒྲལ། འགའ་ཞིག་ཁྲག་སྐྱུགས་ནས་ཤི་སྟེ་མུ་སྟེགས་ཀྱི་མིང་མི་གྲགས་པར་བྱས་ནས་ཐམས་ཅད་ནང་པ་ལ་ཚུད་དོ། །ཨོ་རྒྱན་བོད་དུ་བྱོན་ནས་བྲག་གནམ་སྐས་ཅན་སོགས་གཏེར་གནས་མང་པོ་ལ་གཏེར་ཁ་མང་དུ་སྦས། བླ་མ་བ་རི་ལོ་ཙཱ་བ་དེ་མུ་སྟེགས་ཀྱི་སྟོན་པ་སྐལ་ལྡན་རྒྱལ་པོ་དང་ཆོས་རྩོད་བྱས་པས་མུ་སྟེགས་ཕམ་བ་རི་བ་རྒྱལ། མུ་སྟེགས་པས་ཁྱོད་ཞག་བདུན་ནས་ཁྲག་སྐྱུགས་ནས་འཆི་བར་བྱེད་ཟེར་བས། བ་རི་བ་སྐྲགས་ནས་མུ་སྟེགས་པ་ལ་ང་བབ་ཕུལ་བྱས་པས། ཁྱོད་རང་དཀོན་མཆོག་གསུམ་སྤོངས་ལ་ང་ཡི་བསྟན་པ་ལ་ཞུགས། གསེར་གྱི་སྡུད་པས་སྣ་དྲངས་པའི་དཔེ་ཆ་མེ་ལ་བསྲེགས་ལ་ཐལ་བ་ང་ལ་ཕུལ་དང་བབ་ལེན་ཟེར་བས། བ་རི་བས། ཚེ་འདི་མི་རྟག་ཡུད་ཙམ་ཡིན། ནང་པའི་ལྷ་སྤང་བ་བས་ཤི་ནའང་རུང་ཟེར་ནས་སོ་སོར་གྱེས་ཏེ། དེའི་ལོ་རྒྱུས་པཎྜི་ཏ་རྡོ་རྗེ་གདན་པ་ལ་ཞུས་པས། བུ་ལོ་ཙཱ་བ་མུ་སྟེགས་པའི་མཐུ་ལ་ཞེད་མི་དགོས། ཁྱོད་རང་དོ་ནུབ་ཚོགས་ཀྱི་འཁོར་ལོ་ཆེན་པོ་ཤོམས་ལ་མཁའ་འགྲོ་མ་ལ་གསོལ་བ་ཐོབས་དང་ལུང་བསྟན་འབྱུང་གསུངས། དེ་ལྟར་བྱས་པས་མཁའ་འགྲོ་མ་སེང་གེའི་གདོང་ཅན་ནམ་མཁའ་ལ་བྱོན་ནས་རྡོ་རྗེ་གདན་གྱི་ཤར་ཕྱོགས་ཕ་ཝང་གཡག་འདྲའི་འོག་ནས་མཁའ་འགྲོ་མ་བྱེ་བ་འབུམ་གྱི་ཡང་སྙིང་གསེར་གྱི་འབྲུ་ཚུགས་སུ་བཀོད་པ་ཡིད་ལ་དྲན་པས་ཆོག་པ་ཡོད་དོ། །དེ་ཐོན་ལ་གཅིག་བརྒྱུད་དུ་སྤེལ་ཅིག་གསུངས། ཕྱི་ནང་ཚོགས་འཁོར་བཤམས། གཏེར་སྲུང་ལ་གཏོར་མ་བྱིན་ནས་བརྐོས་པས་སོལ་བ་མང་པོ་བྱུང་། དེའི་ནང་ནས་བསེའི་སྒྲོམ་བུ། དེའི་ནང་ནས་ཟངས་ཀྱི་སྒྲོམ་བུ། དེའི་ནང་ནས་དངུལ་གྱི་སྒྲོམ་བུ། དེའི་ནང་ནས་བཻཌཱུརྻའི་སྒྲོམ་བུ། དེའི་ནང་ནས་པདྨ་རཱ་གའི་སྒྲོམ་བུ། དེའི་ནང་ནས་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་སྒྲོམ་བུ་འོད་ཟེར་འཕྲོ་བའི་ནང་ནས་མཐིང་ཤོག་ལ་འཛམ་བུའི་ཆུ་གསེར་གྱི་ཡི་གེ་འབུར་དུ་དོད་པ་མན་ངག་དང་བཅས་པ་གདན་དྲངས། གཏེར་ཚབ་གསེར་གྱི་གླེགས་བམ་གཅིག་བཅུག་སྟེ་སྔར་ལྟར་རྒྱས་གདབ། དེར་རྡོ་རྗེ་གདན་པའི་དྲུང་དུ་འོངས་ནས་རྡོ་རྗེ་གདན་པས་བཀའ་ལུང་མན་ངག་དང་བཅས་པ་མཁའ་འགྲོའི་གསུང་བཞིན་དུ་བྱས། ལོ་ཙཱ་བས་ཞག་བདུན་བསྒྲུབས་པའི་ཐོ་རངས་ཌཱ་ཀི་མ་དངོས་སུ་བྱོན་ནས་ལོ་ཙཱ་བ་ཞེད་མི་དགོས། མུ་སྟེགས་པ་ཁྲག་སྐྱུགས་ནས་ཤི་བར་བྱས་ཡོད་གསུངས། མུ་སྟེགས་སྐལ་ལྡན་རྒྱལ་པོ་ཁྲག་སྐྱུགས་ནས་ཤི །བླ་མས་སྔགས་དེ་ལུས་ལ་ཡོད་པས་ཆོག །བཏགས་པས་ཆོག །མཁའ་འགྲོའི་བསམ་གཏན་ཉལ་ཆོག་མ་ཡིན་གསུངས་སོ། །ད་ཁྱོད་ཀྱིས་མུ་སྟེགས་བསད་པས་སྡིག་ཆེ། སྡིག་པ་མ་དག་བར་ང་ཅན་དུ་མ་འོངས་གསུངས་ནས་ལོ་གསུམ་དུ་མཇལ་ཁ་མ་གནང་ནས་བྱང་ཆུབ་ཆེན་པོ་ལ་བསྐོར་བ་འབུམ་ཐེར་དང་། གསེར་གྱི་ཆོས་མང་དུ་བཞེངས་པ་དང་། གསུང་རབ་མང་དུ་བཀླག་བཅུག །ཆོས་ཀྱང་མ་སྤེལ་ཅིག་གསུངས་ནས། མི་ལ་མི་སྟེར་བ་དང་མཚམས་དང་སྨྲ་བཅད་མི་བྱེད་རེའི་མནའ་བསྒག །དཔལ་ལྡན་ལྷ་མོ་ལ་དམོད་བཙུགས་ནས་གནང་ངོ་། །བ་རི་ལོ་ཙཱ་བས་བོད་དུ་གདན་དྲངས་ནས་བྱོན། དེ་ལས་རིམ་པར་བརྒྱུད་པ་དང་། ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་རྟོགས་ལྡན་སངས་རྒྱས་མགོན་པོ་ལ་དངོས་སུ་གནང་བ་བོ་དོང་ལུགས་དང་། རཏྣ་གླིང་པ། འཇའ་ཚོན་སྙིང་པོ་སོགས་ཀྱི་གཏེར་མ་དང་། བླ་མ་བཻ་རོས་གཏེར་དུ་སྦས་པ་དུས་མཁྱེན་གྱིས་བཏོན་པ་དང་། གནམ་ཆོས་ལས་བྱུང་བ་སོགས་མང་དུ་ཐོབ་པས་བྱིན་རླབས་ཀྱི་བརྒྱུད་པ་གཅིག་ཏུ་འདྲེས་པ་ཡིན་ལ། ཡང་བདག་རཱ་ག་ཨ་སྱ་མཚམས་ཀྱི་བཅད་རྒྱ་དམ་དུ་ཡོད་དུས་རྨི་ལམ་དུ་གྲོང་ཁྱེར་ཆེན་པོ་ངོ་མི་ཤེས་པ་གཅིག་གི་དབུས་སུ་ཕྱིན་པས་ལུས་མེད་ཡེ་ཤེས་ཀྱི་མཁའ་འགྲོ་མ་གཅིག་གིས་སེང་གདོང་མའི་གཏོར་དབང་ཤིན་ཏུ་གསལ་བ་མངོན་སུམ་ལྟ་བུ་གཅིག་གནང་བའི་སྣང་བ་དང་། ཡང་རྨི་ལམ་དུ་རྗེ་ཞྭ་དམར་ཅོད་པན་འཛིན་པ་དྲུག་པའི་དྲུང་ནས་ཀྱང་སེང་གདོང་མའི་དབང་ལུང་རྣམས་ཐོབ་ནས་དགའ་བ་ཆེར་སྐྱེས་ཏེ་སེང་གདོང་མ་འདི་རང་གི་ཚེ་རབས་ལས་ཀྱི་ལྷ་གཅིག་རེད་སྙམ་པའི་སྣང་བ་ཡང་བྱུང་ངོ་། །ད་ལམ་དབང་འདི་གཙོ་ཆེར་རྨི་ལམ་དུ་བྱུང་བ་དེ་ཡིན། འདི་ཡི་ཕན་ཡོན་དགོས་ཆེད་ནི། སེང་གདོང་མ་ཉིད་ཀྱིས་བ་རི་བ་ལ་དངོས་སུ་གསུངས་པ་ཌཱ་ཀི་སྟོང་རྩ་གཉིས་ཀྱི་ཡང་སྙིང་། མཁའ་འགྲོ་ཐམས་ཅད་ཀྱི་ནོར་སྒྲུབ་ཅེས་ཀྱང་བྱ། ཚེ་སྒྲུབ་ཅེས་ཀྱང་བྱ། ཚེ་མཐུ་ནག་པོ་ཞེས་ཀྱང་བྱ། ཟློག་པ་ཡོད་ཆོག་ཅེས་ཀྱང་བྱ། མཚོན་སྲུང་གོ་ཁྲབ་ཅེས་ཀྱང་བྱ། བསམ་གཏན་ཉལ་ཆོག་ཅེས་ཀྱང་བྱ། སྲུང་བ་རྡོ་རྗེའི་གོ་ཁྲབ་ཅེས་ཀྱང་བྱ། ཚེ་སྒྲུབ་རྡོ་རྗེ་ཕུར་པ་ཞེས་ཀྱང་བྱ། ངན་སྔགས་བཙན་དུག་ནག་པོ་ཞེས་ཀྱང་བྱ། བསད་པ་ལས་ཀྱི་འཁོར་ལོ་ཞེས་ཀྱང་བྱ། གཏོར་བ་རླུང་གི་སྤུ་གྲི་ཞེས་ཀྱང་བྱ། མཁའ་འགྲོ་མ་བྱེ་བ་འབུམ་གྱི་ཡང་སྙིང་། ལུས་ལ་བཏགས་ན་སྲུང་བ་མཆོག་ཏུ་འགྱུར། བློ་ལ་ཡོད་ན་ཕྱོགས་ངན་དང་བདུད་གཅོད་ལས་ཐར། ལྷ་འདྲེ་ཀུན་གྱིས་སྲུང་ཞིང་གྲོགས་བྱེད། མཐུ་དང་ངན་སྔགས་བྱེད་མི་ཐམས་ཅད་ཁྲག་སྐྱུགས་ནས་འཆི། དུག་དང་མཚོན་གྱིས་མི་ཚུགས། སྔགས་པ་སྟོང་གིས་བྲུབ་ཀྱང་མི་ལྟོ། ཉལ་བས་ཆོག་པ་བཀྲ་ཤིས་དོན་གྲུབ་པའི་གདམས་པ། ཞེས་དང་། བླ་མ་རྡོ་རྗེ་གདན་པའི་ཞལ་ནས། སྲུང་བ་གཅིག་ལ་འདི་ལས་ཟབ་པ་མེད། ཟོར་ཁའི་གནོད་པས་མི་ཚུགས། ཟློག་པ་བྱས་ན་མཐུ་ཆེ་བར་འདུག །རྒྱ་གར་ནས་བོད་ལ་འོང་བའི་སྔགས་འདི་ལས་ཟབ་པ་མེད་གསུངས། ཨོ་རྒྱན་རིན་པོ་ཆེའི་གསུང་ལས་ཆེ་བའི་ཡོན་ཏན་འདི་ལྟར་རོ། །འདི་ཡིས་ཡིད་བཞིན་འགྲུབ་པས་ནོར་བུ་ཡིན། །བྱད་མས་བྱར་མེད་ནམ་མཁའ་སྟོང་པ་ཡིན། །གར་བརྒྱབ་ཐོགས་མེད་རྡོ་རྗེ་ཕ་ལམ་ཡིན། །གར་བསྣུན་རྡོ་རྗེའི་སྒྱོགས་དང་འདྲ། །ལུས་བཏགས་རྡོ་རྗེ་ཕ་ལམ་ཡིན། །ཟློག་པ་ཀུན་གྱི་ཡང་སྙིང་ཡིན། །མཐུ་བྱད་འཇིགས་རྟེན་པ་རྣམས་དང་། །ཡེ་ཤེས་པ་ཡི་ཡང་ཟློག་ཡིན། །མན་ངག་གང་གིས་ཀྱང་མི་ཚུགས། །འདི་འོག་ལན་གཅིག་འཛུལ་བ་ཡིས། །ཕྲ་མེན་མ་ཡི་ངན་སྔགས་ཟློག །སྡེ་བརྒྱད་མ་མོ་སྨྲོས་ཅི་དགོས། །ཕྲེང་ཐོགས་སྟོང་དང་འགྲས་ཀྱང་ཁོ་རང་ཕུང་། །སྤྱི་བོ་མགུལ་ལམ་ལུས་ལ་ནི། །ཡོད་ན་རྡོ་རྗེ་ཕ་ལམ་འདྲ། །ཟློག་པའི་ནང་ནས་ཡང་ཟློག་ཡིན། །མཐུ་དང་རྦོད་གཏོང་ངན་སྔགས་རིགས། །གང་གིས་ཀྱང་ནི་མི་ཚུགས་སོ། །ཞེས་དང་། དུག་གྲི་ནག་པོའི་གཞུང་ལས། སྔགས་ནག་སྟོང་གིས་རྦོད་གཏོང་བྱས་ཀྱང་གང་གིས་ཀྱང་མི་ཚུགས་པ་རྡོ་རྗེའི་གུར་དུ་འགྱུར་རོ། །འདི་ནི་མཁའ་འགྲོ་མ་འབུམ་གྱི་སྲོག་གི་སྤུ་གྲིའི་འཁོར་ལོ་དང་འདྲ་སྟེ། ནུས་པ་གསང་བའི་བདག་པོ་དང་མཚུངས་སོ། །མཁའ་འགྲོ་འབུམ་གྱི་སྲོག་ཐིག་གོ །ཅེས་དང་། བ་རི་ལུགས་ཀྱི་ཡིག་རྙིང་ལས། མཐུ་གཏད་མནན་གསུམ་རྦད་ཁ་གནོད་འདྲེ་ལྷ་སྲིན་སྡེ་བརྒྱད། དམེ་རྨུག་མཁོན་གསུམ། ས་བདག་ཀླུ་གཉན་གསུམ། དུས་མིན་འཆི་བའི་འཇིགས་པ་སོགས་འགལ་རྐྱེན་ཐམས་ཅད་འདིས་སེལ། ཚེ་དང་བསོད་ནམས་འདིས་སྟེར། བསོད་ནམས་ཤིན་ཏུ་འཕེལ། རྒྱུན་དུ་བཟླས་ན་ཤེས་རབ་འཕེལ་ཞིང་ས་བཅུ་ནོན། ཅེས་དང་། འཇའ་ཚོན་པའི་གཏེར་ཁ་ནས་ཀྱང་། མདོར་ན་སྲུང་ཟློག་བསད་གསུམ་གྱི་མཐར་ཐུག་ཡིན་ནོ། །ཞེས་གསུངས་སོ། །བྱད་ཁ་ཐམས་ཅད་བཟློག་པ་དང་། །ཟས་ནོར་ལོངས་སྤྱོད་འཕེལ་བ་ཡིན། །ཟློག་པ་གཞན་ལས་ཁྱད་པར་འཕགས། །བདག་འདྲ་ཨོ་རྒྱན་པདྨ་ལ། །སྲུང་ཟློག་ཁྲི་དང་སྟོང་ཡོད་ཀྱང་། །འདི་ལས་ཟབ་པ་ཡོད་མ་ཡིན། །བདག་གི་ལུས་ངག་བསྲུང་བ་དང་། །དགྲ་ཡི་ནུས་པ་བཤིག་པ་དང་། །སྡེ་བརྒྱད་ལས་ལ་འགྱེད་པ་ཡིན། །རང་གཤེད་གནད་ཀྱི་མན་ངག་གོ །འདི་ནི་བན་བོན་མཆུ་ཆིངས་ཏེ། །ཅེས་དང་། བརྒྱ་ཡིས་བདེ་བར་གཤེགས་པ་སྟོང་གི་ནུས་པ་ཟློག །ཉི་ཤུ་རྩ་གཅིག་གིས་གང་ཟག་བརྒྱ་ཡི་ནུས་པ་ཟློག །ཕ་ཐ་ནུས་པ་ཆེ་ན་ཤིན་ཏུ་རྣོ། འདི་ནི་མཁའ་འགྲོ་མའི་ཟློག་པ་དུག་གི་སྤུ་གྲི་བྱ་བ་ཡིན། ཞེས་དང་། ཡང་ན་ཟློག་པའི་སྲོག་ཡིག་འདི། །གསེར་གྱིས་བྲིས་ལ་ལུས་ལ་བཅང་། ཞག་རེར་ཚར་བདུན་རེ་བཟླས་ན། །སྔགས་བོན་སྟོང་གིས་རྦད་ན་ཡང་། །ནམ་མཁའ་བཞིན་དུ་གནོད་མི་སྲིད། །ཟློག་པ་སྤུ་གྲིའི་སོ་དང་འདྲ། །ནམ་མཁའི་ཁམས་སུ་འབྱུང་བ་དཀོན། །ཐུགས་ཀྱི་གསང་གཏེར་ཨ་ཐམ་རྒྱ། །ཞེས་གསུངས་སོ། །དེས་ན་འདི་བཀའ་རྒྱ་ཤིན་ཏུ་དམ་པར་བྱ་སྟེ། མི་སྡིག་ཆེན་བསྟན་པ་ལ་གནོད་པ་ལ་འདིའི་དབང་བསྐུར་ན། བན་བོན་རྣམས་ཀྱི་ནུས་པ་རྡུགས་པར་འགྱུར་བས་ཉེས་པ་ཤིན་ཏུ་ཆེའོ། །མཁའ་འགྲོ་མ་འབུམ་གྱི་སྲོག་སྙིང་ཡིན་པས་རང་གི་ཚེ་ལ་ཡང་གནོད། དེ་ལྟར་བཀའ་རྒྱ་དོག་ཅིང་ཤིན་ཏུ་གཉན་པས་དམ་ཚིག་སྲུང་ཞིང་ཉམས་སུ་བླངས་ན་བྱད་ཁ་སོགས་བར་ཆད་གང་གིས་ཀྱང་མི་ཚུགས་ཤིང་ས་བཅུ་ནོན་པར་གསུངས་པའི་དབང་ཟབ་མོ་ཞུ་བའི་ཕྱིར། ད་ཁྱེད་རང་རྣམས་བླ་མ་དང་ལུས་མེད་ཡེ་ཤེས་ཀྱི་ཌཱ་ཀི་སེང་གེའི་གདོང་ཅན་དབྱེར་མེད་པ་ལ་གསོལ་བ་རྩེ་གཅིག་ཏུ་གདབ་པའི་རྗེས་ཟློས་མཛོད། ལུས་མེད་ཡེ་ཤེས་མཁའ་འགྲོ་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་སེང་གེའི་གདོང་ཅན་གྱི། །དབང་དང་བྱིན་རླབས་བསྩལ་དུ་གསོལ། །ལན་གསུམ། ད་ཁྱེད་རང་རྣམས་རྒྱུད་ཡོངས་སུ་དག་པའི་ཕྱིར་རྒྱུན་བཤགས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། ད་དབང་གི་གཞི་བཀོད་ཅིང་ཡེ་ཤེས་པ་དབབ་པའི་ཆེད་དུ། ཨོཾ་སྭ་བྷཱ་ཝ་སོགས། ཁྱེད་རང་རྣམས་སྐད་ཅིག་གིས་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས། ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སྐུ་མདོག་མཐིང་ནག་དུས་ཀྱི་མུན་པའི་མདོག་ཅན་སྐུ་རི་རབ་བས་ཉིས་འགྱུར་གྱི་ཆེ་བ་སེང་གེའི་ཞལ་ཟླ་བ་ལྟར་དཀར་བ་གཡས་སུ་ཕྱོགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་བགྲད་པ། དགྲ་བགེགས་ཐམས་ཅད་འདར་ཞིང་སྔངས་བར་བྱེད་པ། རྣོ་དབལ་དང་ལྡན་པའི་མཆེ་བ་ཟླ་ཚེས་ལྟ་བུར་གཙིགས་པ་ལ་ཁྲག་གིས་གོས་པ། སེང་གེའི་ཞལ་གནམ་དུ་གདངས་པའི་ཁ་ནས་དུག་གི་རླངས་པ་འཕྱུར་ཞིང་སེང་གེའི་ང་རོ་འབྲུག་ལྟར་སྒྲོག་པ། ཕྱག་གཡས་རྡོ་རྗེའི་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་གཡོན་བདུད་དགྲའི་སྙིང་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་འཛིན་པ། གྲུ་མོ་ན་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་གྱེན་དུ་བསྒྲེངས་པ་ལ་ཌཱ་མ་རུ་དང་དར་གྱི་ཅོད་པན་འཕུར་བ། ཐོད་པ་སྐམ་པོ་ལྔ་ཡི་དབུ་རྒྱན་དང་རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་འཕྱང་བ། སྦྲུལ་དང་རུས་པ་རིན་པོ་ཆེའི་རྒྱན་དང་སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཞིང་གླང་གི་པགས་པ་དང་དར་ནག་གི་གོ་ཟུ་གསོལ་བ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་པའི་གར་གྱིས་ཨུ་མའི་སྙིང་གར་མནན་ཅིང་པད་ཉིའི་གདན་ལ་རོལ་པ། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པ། དེའི་གཡས་སུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྟག་གི་གདོང་པ་ཅན། གཡོན་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དོམ་གྱི་གདོང་པ་ཅན། དེའི་ཤར་དུ་རྡོ་རྗེ་མཁའ་འགྲོ་མ་དཀར་མོ་སེང་གེའི་གདོང་པ་ཅན། ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ་སེང་གེའི་གདོང་པ་ཅན། ནུབ་ཏུ་པདྨ་མཁའ་འགྲོ་མ་དམར་མོ་སེང་གེའི་གདོང་པ་ཅན། བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་མོ་སེང་གེའི་གདོང་པ་ཅན། འཁོར་རང་འདྲ་བའི་སེང་གདོང་མ་འབུམ་འབུམ་གྱིས་བསྐོར་བའོ། །དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་རབ་ཏུ་འབར་བ་འཁྲིགས་པའི་དུར་ཁྲོད་ནས་མ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་སྐུ་ཆེ་བ་ལ་རི་རབ་ཙམ། ཆུང་བ་ལ་ཡུངས་དཀར་གྱི་འབྲུ་ཙམ་ཁ་བ་བུ་ཡུག་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་མཚོ་ལ་ཁ་བ་བབས་པ་ལྟར་སིབ་སིབ་ཐིམ་པར་སྒོམས་ལ་སེམས་མ་ཡེངས་པར་ཞོག་ཅིག །དབྱངས་རོལ་མོ་དང་བཅས་པས། ཧཱུྃ། ཆོས་སྐུ་སྤྲོས་བྲལ་དག་པ་ལས། །ལོངས་སྐུ་སྒྱུ་མའི་སྐུར་སྟོན་མ། །མཁའ་འགྲོའི་ཚོགས་བཅས་རྣལ་འབྱོར་མ། །ཕྱག་རྒྱ་ཆེན་པོའི་དབྱིངས་ནས་བཞེངས། །སེམས་ཅན་དོན་ལ་དགོངས་མཛོད་ལ། །སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་ཤྲཱི་བཛྲ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱ། ཅེས་ལན་གསུམ་མམ་བདུན། རྡོ་རྗེ་མགོར་བཞག་ལ། ཏིཥྛ་བཛྲ། ད་དབང་གང་ལ་ཞུ་བའི་ཡུལ་གསལ་གདབ་པ་ནི། གཏོར་མ་འདི་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན། གཡས་སུ་སྟག་གདོང་མ། གཡོན་དུ་དོམ་གདོང་མ། ཕྱོགས་བཞིར་རིགས་བཞིའི་མཁའ་འགྲོ་སེང་གེའི་གདོང་ཅན་བཞི་དང་རང་རང་གི་འཁོར་དང་བཅས་པ་སྔར་སྨྲོས་མ་ཐག་པའི་མཚན་ཉིད་ཅན་དེ་ལྟར་གསལ་བ་དང་། སློབ་དཔོན་ཡང་ཤ་ཁྲག་གི་ལུས་མེད་པར་ནམ་མཁའི་ལུས་ཅན་ཌཱ་ཀི་སིཾ་ཧ་མུ་ཁ་དངོས་ཡིན་སྙམ་པས་འདིའི་རྗེས་ཟློས་མཛོད། ལུས་མེད་ཡེ་ཤེས་མཁའ་འགྲོ་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་སེང་གེའི་གདོང་ཅན་གྱི། །སྐུ་ཡི་དབང་བསྐུར་བསྩལ་དུ་གསོལ། །ལན་གསུམ། འོ་དེ་ལྟར་གསོལ་བ་བཏབ་པས། མདུན་བསྐྱེད་ཀྱི་དཔྲལ་བ་ནས་སྐུ་སངས་རྒྱས་རིགས་ཀྱི་ཌཱ་ཀི་སྐུ་མདོག་དཀར་མོ་སེང་གེའི་གདོང་ཅན་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་གི་དཔྲལ་བར་ཐིམ་པའི་མོས་པ་མཛོད། གཏོར་མ་ལག་ཏུ་ཐོགས་ལ། ཨོཾ། འགྱུར་མེད་སྐུ་ཡི་དཀྱིལ་འཁོར་ནས། །སངས་རྒྱས་ཌཱ་ཀི་སེང་གེའི་གདོང་། །འཁོར་ནི་དཀར་མོ་འབུམ་དང་བཅས། །ཐུགས་རྗེའི་དབང་གིས་འདིར་གཤེགས་ལ། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །སྐུ་ཡི་དབང་མཆོག་བསྐུར་དུ་གསོལ། །ལུས་ལ་བདེ་དྲོད་སྦར་དུ་གསོལ། །འགྱུར་མེད་སྐུ་ཡི་དངོས་གྲུབ་སྩོལ། །ཡི་གེ་བཅུ་བཞི་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཞེས་ལན་གསུམ་མམ་བདུན་བརྗོད། སྐུ་ཡི་སྤྲུལ་པའི་ཌཱ་ཀི་ནཱི། །དཀར་མོ་སེང་གེའི་གདོང་པ་ཅན། །ཞི་བའི་ལས་ལ་དབང་སྒྱུར་མའི། །ནད་གདོན་ཞི་བའི་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར། དེ་ལྟར་དབང་བསྐུར་པའི་དབང་རྟགས་སུ་ཁྱེད་རང་གི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་ཆོས་འབྱུང་དཀར་པོ་ཟུར་དྲུག་གི་དབུས་སུ་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ་ཞིག་གིས་རྒྱས་བཏབ་པར་སྒོམས་ཤིག །དེས་སྐུ་ཡི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །སྐུ་ཡི་བྱིན་རླབས་ཞུགས། ལུས་སྤྲུལ་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པ་ཡིན་ནོ། །ལུས་མེད་ཡེ་ཤེས་མཁའ་འགྲོ་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་སེང་གེའི་གདོང་ཅན་གྱི། །གསུང་གི་དབང་བསྐུར་བསྩལ་དུ་གསོལ། །གསུམ། འོ་དེ་ལྟར་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་མགྲིན་པ་ནས་གསུང་པདྨ་རིགས་ཀྱི་ཌཱ་ཀི་སྐུ་མདོག་དམར་མོ་སེང་གེའི་གདོང་པ་ཅན་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པའི་མོས་པ་མཛོད། གཏོར་མ་ཐོགས་ལ། ཨཱཿ འགག་མེད་གསུང་གི་དཀྱིལ་འཁོར་ནས། །པདྨ་ཌཱ་ཀི་སེང་གེའི་གདོང་། །འཁོར་ནི་དམར་མོ་འབུམ་དང་བཅས། །ཐུགས་རྗེའི་དབང་གིས་འདིར་གཤེགས་ལ། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །གསུང་གི་དབང་མཆོག་བསྐུར་དུ་གསོལ། །ངག་ལ་ནུས་པ་བསྐྱེད་དུ་གསོལ། །འགག་མེད་གསུང་གི་དངོས་གྲུབ་སྩོལ། །ཡི་གེ་བཅུ་བཞི་པ་དང་། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ གསུང་གི་སྤྲུལ་པའི་ཌཱ་ཀི་ནཱི། །དམར་མོ་སེང་གེའི་གདོང་པ་ཅན། །དབང་གི་ལས་ལ་དབང་སྒྱུར་མའི། །སྣང་སྲིད་དབང་སྡུད་བཀྲ་ཤིས་ཤོག །དེ་ལྟར་དབང་བསྐུར་པས་དབང་རྟགས་སུ་ཁྱོད་རང་གི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་ཆོས་འབྱུང་དམར་པོ་ཟུར་དྲུག་གི་དབུས་སུ་པདྨ་དམར་པོ་ཨཱཿས་མཚན་པ་ཞིག་གིས་རྒྱས་བཏབ་པར་སྒོམས་ཤིག །དེས་གསུང་གི་དབང་ཐོབ། ངག་གི་སྒྲིབ་པ་དག །གསུང་གི་བྱིན་རླབས་ཞུགས། ངག་ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པ་ཡིན་ནོ། །ལུས་མེད་ཡེ་ཤེས་མཁའ་འགྲོ་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་སེང་གེའི་གདོང་ཅན་གྱི། །ཐུགས་ཀྱི་དབང་བསྐུར་བསྩལ་དུ་གསོལ། །འོ་དེ་ལྟར་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་རྡོ་རྗེ་རིགས་ཀྱི་ཌཱ་ཀི་སྐུ་མདོག་སྔོན་མོ་སེང་གེའི་གདོང་པ་ཅན་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་གི་སྙིང་གར་ཐིམ་པའི་མོས་པ་མཛོད། ཧཱུྃ། འཁྲུལ་མེད་ཐུགས་ཀྱི་དཀྱིལ་འཁོར་ནས། །རྡོ་རྗེ་ཌཱ་ཀི་སེང་གེའི་གདོང། །འཁོར་ནི་སྔོན་མོ་འབུམ་དང་བཅས། །ཐུགས་རྗེའི་དབང་གིས་འདིར་གཤེགས་ལ། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །ཐུགས་ཀྱི་དབང་མཆོག་བསྐུར་དུ་གསོལ། །སེམས་ལ་རྟོགས་པ་བསྐྱེད་དུ་གསོལ། །འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་སྩོལ། །ཡི་གེ་བཅུ་བཞི་པ་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཐུགས་ཀྱི་སྤྲུལ་པའི་ཌཱ་ཀི་ནཱི། །སྔོན་མོ་སེང་གེའི་གདོང་པ་ཅན། །དྲག་པོའི་ལས་ལ་དབང་སྒྱུར་མའི། །དགྲ་བགེགས་ཚར་གཅོད་བཀྲ་ཤིས་ཤོག །དེ་ལྟར་དབང་བསྐུར་པས་དབང་རྟགས་སུ་ཁྱེད་རང་གི་སྙིང་ག་ཆོས་ཀྱི་འཁོར་ལོ་ན་ཆོས་འབྱུང་མཐིང་ནག་ཟུར་དྲུག་གི་དབུས་སུ་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ཞིག་གིས་རྒྱས་བཏབ་པར་སྒོམས་ཤིག །དེས་ཐུགས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ཐུགས་ཀྱི་བྱིན་རླབས་ཞུགས། སེམས་ཆོས་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པ་ཡིན་ནོ། །ལུས་མེད་ཡེ་ཤེས་མཁའ་འགྲོ་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་སེང་གེའི་གདོང་ཅན་གྱི། །ཡོན་ཏན་དབང་མཆོག་བསྐུར་དུ་གསོལ། །གསུམ། འོ་དེ་ལྟར་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་ལྟེ་བ་ནས་རིན་ཆེན་རིགས་ཀྱི་ཌཱ་ཀི་སྐུ་མདོག་སེར་མོ་སེང་གེའི་གདོང་པ་ཅན་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་གི་ལྟེ་བར་ཐིམ་པའི་མོས་པ་མཛོད། སྭཱ། ཡོན་ཏན་རེ་སྐོང་དཀྱིལ་འཁོར་ནས། །རིན་ཆེན་ཌཱ་ཀི་སེང་གེའི་གདོང་། །འཁོར་ནི་སེར་མོ་འབུམ་དང་བཅས། །ཐུགས་རྗེའི་དབང་གིས་འདིར་གཤེགས་ལ། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །ཡོན་ཏན་དབང་མཆོག་བསྐུར་དུ་གསོལ། །ཚེ་དང་བསོད་ནམས་སྤེལ་དུ་གསོལ། །ཡོན་ཏན་རེ་སྐོང་དངོས་གྲུབ་སྩོལ། །ཡི་གེ་བཅུ་བཞི་པ་དང་། སརྦ་ཨ་བྷི་ཥིཉྩ་སྭཱ། ཡོན་ཏན་སྤྲུལ་པའི་ཌཱ་ཀི་ནཱི། །སེར་མོ་སེང་གེའི་གདོང་པ་ཅན། །རྒྱས་པའི་ལས་ལ་དབང་སྒྱུར་མའི། །ཚེ་བསོད་རྒྱས་པའི་བཀྲ་ཤིས་ཤོག །དེ་ལྟར་དབང་བསྐུར་པས་དབང་རྟགས་སུ་ཁྱེད་རང་གི་ལྟེ་བ་སྤྲུལ་པའི་འཁོར་ལོ་ན་ཆོས་འབྱུང་སེར་པོ་ཟུར་དྲུག་གི་དབུས་སུ་རིན་པོ་ཆེ་འབར་བ་སྭཱས་མཚན་པ་ཞིག་གིས་རྒྱས་བཏབ་པར་སྒོམས་ཤིག །དེས་ཡོན་ཏན་གྱི་དབང་ཐོབ། བསགས་པ་ཆ་སྙོམས་ཀྱི་སྒྲིབ་པ་དག །ཡོན་ཏན་གྱི་བྱིན་རླབས་ཞུགས། ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པ་ཡིན་ནོ། །ལུས་མེད་ཡེ་ཤེས་མཁའ་འགྲོ་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་སེང་གེའི་གདོང་ཅན་གྱི། །ཕྲིན་ལས་དབང་བསྐུར་བསྩལ་དུ་གསོལ། །གསུམ། དེ་ལྟར་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་གསང་བ་ནས་ལས་ཀྱི་ཌཱ་ཀི་སྐུ་མདོག་ལྗང་མོ་སེང་གེའི་གདོང་པ་ཅན་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་གི་གསང་བར་ཐིམ་པའི་མོས་པ་མཛོད། ཧོ། ཕྲིན་ལས་འགྲོ་འདུལ་དཀྱིལ་འཁོར་ནས། །ཀརྨ་ཌཱ་ཀི་སེང་གེའི་གདོང་། །འཁོར་ནི་ལྗང་མོ་འབུམ་དང་བཅས། །ཐུགས་རྗེའི་དབང་གིས་འདིར་གཤེགས་ལ། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །ཕྲིན་ལས་དབང་མཆོག་བསྐུར་དུ་གསོལ། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །ཕྲིན་ལས་འགྲོ་འདུལ་དངོས་གྲུབ་སྩོལ། །ཡི་གེ་བཅུ་བཞི་པ་དང་། ཀརྨ་ཨ་བྷི་ཥིཉྩ་ཧཱ། ཕྲིན་ལས་སྤྲུལ་པའི་ཌཱ་ཀི་ནཱི། །ལྗང་མོ་སེང་གེའི་གདོང་པ་ཅན། །སྣ་ཚོགས་ལས་ལ་དབང་སྒྱུར་མའི། །ལས་བཞི་འགྲུབ་པའི་བཀྲ་ཤིས་ཤོག །དེ་ལྟར་དབང་བསྐུར་བས་དབང་རྟགས་སུ་ཁྱེད་རང་གི་གསང་གནས་བདེ་སྐྱོང་འཁོར་ལོ་ན་ཆོས་འབྱུང་ལྗང་གུ་ཟུར་དྲུག་གི་དབུས་སུ་སྣ་ཚོགས་རྡོ་རྗེ་ཧཱས་མཚན་པ་ཞིག་གིས་རྒྱས་བཏབ་པར་སྒོམས་ཤིག །དེས་ཕྲིན་ལས་ཀྱི་དབང་ཐོབ། ལས་ཉོན་གྱི་སྒྲིབ་པ་དག །ཕྲིན་ལས་ཀྱི་བྱིན་རླབས་ཞུགས། བདེ་བ་ཆེན་པོའི་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པ་ཡིན་ནོ། །གཏོར་མ་ལག་ཏུ་ཐོགས་ལ། ད་གཏོར་མ་འདི་ཉིད་བཅོམ་ལྡན་འདས་རྗེ་བཙུན་སེང་གེའི་གདོང་ཅན་མ་མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར་ཞིང་། སྟེང་གི་ཆ་ལ་བཀའ་བབ་བརྒྱུད་པའི་བླ་མ་དང་བཅས་པ་སྤྲིན་འཁྲིགས་པ་ལྟར་ཁྱེད་རང་གི་སྤྱི་བོར་བྱོན་ནས་བྱིན་གྱིས་རློབ་པར་སྒོམས་ཤིག །བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ། ཡུམ་རྡོ་རྗེ་རྣལ་འབྱོར་མ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། བྲམ་ཟེ་ཨཱརྻ་དེ་ཝ། གུ་རུ་པདྨ་འབྱུང་གནས། བླ་མ་རྡོ་རྗེ་གདན་པ་ལ་སོགས་པ་རིང་བརྒྱུད་ཀྱི་བླ་མ་རྣམས་དང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། པཎ་ཆེན་རྡོ་རྗེ་གདན་པ། བ་རི་ལོ་ཙཱ། ས་ཆེན་ཀུན་སྙིང་། རྗེ་བཙུན་རྩེ་མོ། ས་སྐྱ་པཎྜི་ཏ་ལ་སོགས་པ་ཉེ་བརྒྱུད་ཀྱི་བླ་མ་རྣམས་དང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། བླ་མ་བཻ་རོ། རྗེ་དུས་གསུམ་མཁྱེན་པ་ལ་སོགས་པ་ཀཾ་ཚང་བརྒྱུད་པའི་བླ་མ་རྣམས་དང་། ཆོས་སྐུ་ཀུན་བཟང་ཡབ་ཡུམ། མཁའ་འགྲོ་སེང་གེའི་གདོང་ཅན། ཨོ་རྒྱན་པདྨ་འབྱུང་གནས། རྟོགས་ལྡན་སངས་རྒྱས་མགོན་པོ། འཁྲུལ་ཞིག་རས་ཆེན་ཀུན་དགའ་དར་པོ་ལ་སོགས་པ་ཞལ་གཟིགས་བརྒྱུད་པ་རྣམས་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གཏེར་སྟོན་རཏྣ་གླིང་པ། སྔགས་འཆང་ཧཱུྃ་ནག་མེ་འབར། རིག་འཛིན་མི་འགྱུར་རྡོ་རྗེ་ལ་སོགས་པ་གཏེར་མ་བརྒྱུད་པ་རྣམས་དང་། མ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་ཅན། སྟག་གི་གདོང་ཅན། དོམ་གྱི་གདོང་ཅན། རིགས་བཞི་མཁའ་འགྲོ་སེང་གེའི་གདོང་ཅན། ཕྲ་མེན་སེང་གདོང་བཅུ་བཞི། འཁོར་རི་རབ་སུམ་ཅུ་སོ་གཉིས་ཀྱི་རྡུལ་གྱི་གྲངས་དང་མཉམ་པའི་མཁའ་འགྲོ་མ་རྣམས་ཀྱི་བྱིན་གྱིས་བརླབ་པ་དང་དབང་བསྐུར་བར་མཛད་དུ་གསོལ། རྒྱལ་བསེན་དམ་སྲི་སྡེ་བརྒྱད་ཀྱི་གནོད་པས་མི་ཚུགས་པར་སྲུངས་ཤིག །གག་ལྷོག་གཟེར་གསུམ་ཡམས་ནད་རིམས་ཀྱི་ནད་རིགས་ལ་སོགས་ནད་རིགས་བཞི་བརྒྱ་རྩ་བཞིའི་གནོད་པ་ཞི་ཞིང་མི་འབྱུང་བར་བྱིན་གྱིས་རློབས་ཤིག །ཚེ་དང་བསོད་ནམས་དབང་ཐང་ཀླུང་རྟ་ཐམས་ཅད་དར་ཞིང་རྒྱས་པར་བྱིན་གྱིས་རློབས་ཤིག །རླུང་སེམས་སྣང་སྲིད་ཐམས་ཅད་དབང་དུ་འདུ་བར་མཛོད་ཅིག །བྱད་ཁ་ཕུར་ཁ་གཏོར་ཁ་ཟོར་ཁ་བན་བྱད་བོན་བྱད་དམོད་བྱད་རླུང་འཁོར་ཕྲ་མེན་སྦྱིན་སྲེག་ངག་མནན་བསྐྲད་འཁོར་སེལ་ནག་གཏད་མནན། བསམ་ངན་སྦྱོར་རྩུབ་ཐམས་ཅད་ཕྱིར་ཟློག་པའི་ཕྲིན་ལས་མཛོད་ཅིག །དུས་འདི་ནས་བཟུང་སྟེ་ཇི་སྲིད་སངས་མ་རྒྱས་ཀྱི་བར་དུ་རྗེས་སུ་གཟུང་དུ་གསོལ། སྲུང་བ་དང་སྐྱོབ་པར་མཛད་དུ་གསོལ། ཨོཾ་ཤྲཱི་བཛྲ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ བཛྲ་རཀྵ་རཀྵ་ཡེ་སྭཱ་ཧཱ། རྒྱལ་བ་ཀུན་གྱི་ཐུགས་ཀྱི་རྡོ་རྗེ་དངོས། །བརྟན་དང་གཡོ་བའི་བདག་ཉིད་ཁྱབ་བདག་སྐུ །ནམ་མཁའི་མདོག་ཅན་ཌཱ་ཀི་བྱེ་བའི་གཙོ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོའི་བཀྲ་ཤིས་ཤོག །དེ་ལྟར་དབང་བསྐུར་ནས་དབང་ལྷ་ཡེ་ཤེས་པ་དེ་ཁྱེད་རང་ལ་སིབ་ཀྱིས་ཐིམ་པས་ཁྱེད་རང་གི་སྙིང་པདྨ་འདབ་བརྒྱད་གྱེན་དུ་ཕྱོགས་པའི་ནང་དུ། གནམ་ལྕགས་ལས་གྲུབ་པའི་ཆོས་འབྱུང་མཐིང་ནག་རྩེ་མོ་རྣོ་བ་སྟེང་འོག་ཏུ་ཕྱོགས་པ་ཁ་སྦྱོར་བསྣོལ་མ་དྲུག་ལྡན་གྱི་དབུས་སུ་རྡོ་རྗེ་སྔོན་པོ་རྩེ་ལྔ་གྱེན་དུ་ལང་བའི་ལྟེ་བར། ཁྱེད་རང་གི་སེམས་ཉིད་ཀྱི་ངོ་བོ་ཌཱ་ཀི་སེང་གདོང་ཚོན་གང་བའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་ཡིག་ནས་འབྲས་ཙམ་གྱི་མཐར་སྔགས་ཕྲེང་སྤུས་བྲིས་པ་ཙམ་གྱིས་བསྐོར་བ། སྙིང་གི་པདྨ་ཟླུམ་པོ་སྔགས་ཀྱི་ཕྲེང་བས་བཀྱིགས་ཏེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡི་དམ་གྱི་ལྷ་དེ་དང་འབྲལ་བ་མེད་པའི་མོས་པ་མཛོད་ལ། སེམས་གཉུག་མ་འོད་གསལ་གྱི་ངང་ལ་དར་གཅིག་བཞག་འཚལ། ཞེས་ཅུང་ཟད་བཞག །དེ་ནས་དབང་ལྷ་དམ་ཚིག་པ་བདུད་རྩིར་ཞུ་ནས་གཏོར་མ་དངོས་གྲུབ་ཐམས་ཅད་འབྱུང་བའི་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོ་དགོས་འདོད་ཐམས་ཅད་འབྱུང་བར་གྱུར་ཅིག །རྩ་སྔགས་དང་། ཨོཾ་ཛྙཱ་ན་ཌཱ་ཀི་སརྦ་སིདྡྷི་ཕ་ལ་ཧོཿ ཡེ་དྷརྨ་ཚར་གཅིག་བརྗོད། དངོས་གྲུབ་ཀྱི་མཚན་མ་བརྟག་པའི་ཕྱིར་བཟང་ངན་གྱི་བསམ་བློ་མ་བཏང་བར་ཐེ་ཚོམ་མེད་པར་སློབ་མར་ལེན་བཅུག་པའམ། སློབ་དཔོན་གྱི་མིག་བཙུམ་ནས་གཏོར་མ་ནས་དངོས་གྲུབ་བླངས་ལ་སློབ་མ་ལ་བྱིན་ཏེ། དེ་ནས། གཏོར་མའི་རྩེ་མོ་ནས་སོར་བཞི་ཡན་ཐོབ་ན་མཆོག་གི་དངོས་གྲུབ་ཐོབ། དེ་བཞིན་གཡས་ཟུར་ཐོབ་ན་གསུང་རྡོ་རྗེ། གཡོན་ཟུར་ཐོབ་ན་སྐུ་རྡོ་རྗེ། རྒྱབ་ཟུར་ཐོབ་ན་ཐུགས་རྡོ་རྗེ། ཚང་མ་ཐོབ་ན་ཡེ་ཤེས་རྡོ་རྗེ་ཐོབ་པར་ལུང་བསྟན་ནོ། །དེ་འོག་སོར་བཞིའི་ཤར་ནས་ཞི་བ། ལྷོ་ནས་རྒྱས་པ། ནུབ་ནས་དབང་། བྱང་ནས་དྲག་པོ། ཚང་མ་ཐོབ་ན་ལས་ཐམས་ཅད་འགྲུབ་བོ། །དེ་འོག་སོར་བཞིའི་ཤར་ནས་རིགས་རྒྱུད། ལྷོ་ནས་ཚེ་དང་འབྱོར་པ། ནུབ་ནས་ཟས་ནོར། བྱང་ནས་འཁོར་སློབ། ཚང་མས་ཡུལ་ཁམས་ཀུན་ལ་དབང་སྒྱུར་བ་དང་། སྙན་གྲགས་ཉི་ཟླ་ལྟ་བུར་འབྱུང་ངོ་། །དེ་འོག་གཏོར་མའི་རྩ་བ་ཤར་ནས་སྐྱེས་པ་འདུ་ཞིང་དྲི་ཟས་ལས་སྒྲུབ་ཅིང་ཡང་ཡང་མངོན་ཤེས་འཆར། ལྷོ་ནས་བུད་མེད་འདུ་ཞིང་གཤིན་རྗེས་ལས་སྒྲུབ་མཐུ་རྩལ་ཆེ། ནུབ་ནས་ནོར་ཕྱུགས་འཕེལ་ཞིང་ཀླུ་དབང་གིས་ལས་སྒྲུབ་དེའི་ལས་ལ་དབང་ངོ་། །བྱང་ནས་སྔགས་བཙུན་དང་མི་རིགས་ཐམས་ཅད་འདུ་ཞིང་ཐེའུ་རང་སྡེ་བརྒྱད་སྤྱི་ཡིས་ལས་སྒྲུབ་ཅིང་ལས་ཀྱི་སྟོབས་ཆེའོ། །མ་ཐོབ་པར་ཁ་སྟོང་དང་། ཁ་ལ་རྨ་དང་ཁྲག་འབྱུང་བ་ཁ་ནས་ཟག་པ་དང་། རྡོ་དང་བསྣུན་ཤིང་དང་། མདའ་མགོ་དང་མི་ཤིས་པའི་རྫས་དང་བཅས་ཁར་བྱུང་ན། ཚེ་འདི་ལ་མི་དགེ་བ་སྣ་ཚོགས་དང་ཕྱི་མ་ངན་སོང་དུ་འགྲོ་བ་དང་། བྱད་ཁ་དང་གཏད་མནན་སོགས་མི་མཐུན་པའི་བར་ཆད་འགལ་རྐྱེན་འབྱུང་ངམ་འབྱུང་བཞིན་པར་ངོ་སྤྲད་དོ། །ད་ཁྱེད་རང་རྣམས་ཀྱིས་ཌཱ་ཀི་སེང་གདོང་མའི་གཏོར་མའི་དབང་བསྐུར་བྱིན་རླབས་ཀྱི་རིམ་པ་ལེགས་པར་ཐོབ་ནས། དེའི་དམ་ཚིག་ཏུ་འདི་ཉིད་ཡི་དམ་དུ་འཛིན་ཅིང་དམ་ཚིག་ཚུལ་བཞིན་དུ་བསྲུང་བསམ་པས་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །དེང་ནས་བརྩམ་སྟེ་བདག་བྲན་དུ། ཁྱེད་ལ་བདག་ནི་འབུལ་ལགས་ཀྱིས། ཁྱེད་ཀྱི་སློབ་མར་གཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །མཎྜལ་ཕུལ། སློབ་མ་གྱེས་ནས་རྗེས་ཆོག་རྣམས་སྤྱི་ལྟར་བྱའོ། །འདི་ནི་སྔོན་གྱི་དབང་ཆོག་ཚད་ལྡན་རྣམས་ཀྱི་རྗེས་སུ་འབྲང་སྟེ། རང་གི་རྨི་ལམ་དུ་ཐོབ་པ་དེ་ལ་གཞི་བྱས་ཏེ་བརྗེད་ཐོ་ཙམ་དུ་ཀརྨ་ཨ་རཱ་གས་མགྱོགས་པར་ཐུན་མཚམས་གཅིག་ཏུ་བྲིས་སོ། །འདི་བྲིས་ཉེས་པའི་ཚོགས་རྣམས་ཅི་མཆིས་པ། །ཌཱ་ཀི་སེང་གེའི་གདོང་ཅན་དྲུང་དུ་བཤགས། །འདི་བྲིས་དགེ་བའི་རྩ་བ་གང་མཆིས་དེས། །བདག་དང་བདག་ལ་འབྲེལ་ཐོགས་འགྲོ་བ་ཀུན། ཁྱད་པར་དབང་འདི་གང་གིས་ཐོབ་པ་རྣམས། །ཚེ་འདིར་སེང་གདོང་དྷཱ་ཀིས་རྗེས་བཟུང་སྟེ། །ཕྲིན་ལས་རྣམ་བཞི་གང་བརྩམ་ཐོགས་མེད་ཅིང་། །འོད་གསལ་གདོད་མའི་གནས་ལུགས་མངོན་གྱུར་ཏེ། །ནམ་ཞིག་འདི་ནས་མི་གནས་འཕོ་བའི་ཚེ། །གནས་གསུམ་ཌཱ་ཀི་རྒྱ་མཚོའི་ཚོགས་རྣམས་ཀྱིས། །གདུགས་དང་རྒྱལ་མཚན་མེ་ཏོག་ཆར་འབེབས་ཤིང་། །འཇའ་འོད་ས་གཡོ་རོལ་མོའི་སྒྲ་དང་བཅས། །འོག་མིན་མཁའ་སྤྱོད་བདེ་ཆེན་ཞིང་ཁམས་སུ། །བདེ་བླག་ཉིད་དུ་འཁྲིད་པའི་ཕྱིར་དུ་བསྔོ། །ཆོས་ཉིད་གདོད་ནས་དག་པ་ཀུན་བཟང་མོ། །ཆོས་ཅན་རྒྱུ་འབྲས་བསླུ་མེད་བདེན་པ་དང་། །སེང་གདོང་ཌཱ་ཀིའི་ལྷ་ཚོགས་བདེན་པའི་མཐུས། །སྨོན་ལམ་དེ་བཏབ་བསླུ་མེད་འགྲུབ་གྱུར་ཅིག །སརྦ་མངྒ་ལཾ།། །།
གསང་ཐིག་སྐོར་བདུན་བཀའ་སྲུང་མ་མོ་སྔགས་ཀྱི་སྲུང་མའི་ཕྲིན་ལས་ (Volume 11, Text 6)
༄༅། །གསང་ཐིག་སྐོར་བདུན་བཀའ་སྲུང་མ་མོ་སྔགས་ཀྱི་སྲུང་མའི་ཕྲིན་ལས་བཞུགས་སོ། ། ཧཱུྃ༔ མཁའ་དབྱིངས་བདེ་ཆེན་དག་པའི་ཞིང༔ ལྷུན་གྲུབ་དུར་ཁྲོད་འབར་བའི་ཀློང༔ མེ་རླུང་ཁྲག་མཚོ་རོ་གདན་དབུས༔ བྷྱོཿལས་དབྱིངས་ཀྱི་མཁའ་འགྲོ་མ༔ ནམ་མཁའི་མདོག་ཅན་འཇིགས་པའི་གཟུགས༔ སྤྱན་གཅིག་འཁོར་འདས་དུས་ཀུན་གཟིགས༔ ཚེམས་གཅིག་ཉམས་པའི་སྲོག་ལ་གཟིར༔ རལ་གཅིག་མི་མངོན་དབྱིངས་སུ་འབར༔ སྲིད་ཞིར་མི་གནས་བརྐྱང་བསྐུམ་བསྒྲད༔ གཡས་གཡོན་ཞིང་དབྱུག་དགྲ་སྙིང་བསྣམས༔ སྦྲུལ་ལྔ་རིན་ཆེན་རུས་རྒྱན་སྤྲས༔ བ་སྤུའི་རྩེ་ནས་མེ་དཔུང་འབར༔ མེ་འབར་ཀློང་ནས་ལྕགས་སྤྱང་འགྱེད༔ སྡིག་ཅན་ཤ་ཁྲག་དམར་གཡོས་བྱེད༔ ཡེ་ཤེས་ལས་དང་འཇིག་རྟེན་གྱི༔ མཁའ་འགྲོ་ཤུགས་འགྲོ་དྲེགས་པའི་ཚོགས༔ འབུམ་ཕྲག་གྲངས་མེད་འཁོར་དང་བཅས༔ སྣང་སྟོང་རིག་རྩལ་རོལ་པར་བསྐྱེད༔ ཐུགས་ལས་འོད་འཕྲོས་ཡེ་ཤེས་པ༔ འཁོར་བཅས་གནས་འདིར་ས་མཱ་ཛ༔ བྷྱོ༔ མ་སྐྱེས་ཀུན་བཟང་དབྱིངས་ཉིད་ལས༔ བདེ་ཆེན་རོལ་པ་ཁྲོས་པའི་ཡུམ༔ སྔགས་བདག་མཁའ་འགྲོའི་ཚོགས་དང་བཅས༔ བསྟན་པ་སྲུང་ཕྱིར་འདིར་གཤེགས་ཤིག༔ བཛྲ་ས་མཱ་ཛ༔ དམ་ཚིག་སྤྲུལ་པའི་ངོ་བོ་ཉིད༔ གདོད་ནས་ཡེ་ཤེས་འཁོར་ལོར་རྫོགས༔ གཉིས་མེད་བདེ་ཆེན་རོལ་པར་བཞུགས༔ རྡོ་རྗེའི་དམ་ཚིག་རྗེས་དགོངས་ཤིག༔ དབྱིངས་རིག་གཉིས་མེད་བརྡ་ཕྱག་འཚལ༔ ཕྱི་ནང་ཉེར་སྤྱོད་འདོད་ཡོན་ལྔ༔ གསང་བའི་དམ་རྫས་དབང་ལྔའི་མདངས༔ ཚིལ་ཆེན་སྤོས་དང་ཞུན་ཆེན་མེ༔ ཁྲག་ཞག་དྲི་མཆོག་ཤ་ཆེན་བཤོས༔ རྐང་གླིང་ཐོད་རྔ་རོལ་མོའི་སྒྲ༔ དུག་གསུམ་བསྒྲལ་པའི་ཤ་ཁྲག་རུས༔ ཁྱད་པར་ཐབས་མཆོག་ཨ་མྲྀ་ཏ༔ ཤེས་རབ་བདེ་བའི་དམར་ཆེན་རྒྱུན༔ གཉིས་མེད་རོལ་པ་བ་ལིངྟ༔ སྦྱོར་དང་སྒྲོལ་བའི་པཱུ་ཛ་ཆེ༔ རྟེན་རྫས་སྒྲུབ་རྫས་སྐོང་བའི་རྫས༔ དངོས་བཤམས་ཡིད་ཀྱིས་སྤྲུལ་པ་ལས༔ བྱུང་བའི་མཁའ་འགྲོ་དགྱེས་མཆོད་སྤྲིན༔ མ་ཚང་མེད་པ་འདོད་དགུའི་གཏེར༔ རབ་འབྱམས་ནམ་མཁའ་གང་བ་འབུལ༔ དགྱེས་མཆོད་བཞེས་ལ་དངོས་གྲུབ་སྩོལ༔ འགལ་འཁྲུལ་ནོངས་པ་དབྱིངས་སུ་བསྐང༔ དམ་ཚིག་བཞིན་དུ་བདག་སྲུང་ཞིང༔ ནད་གདོན་འཇིགས་བརྒྱད་ཞི་བ་དང༔ ཚེ་དཔལ་ལོངས་སྤྱོད་སྙན་གྲགས་སྤེལ༔ མོས་པ་ཐམས་ཅད་འདུ་བ་དང༔ གནོད་པའི་དགྲ་བགེགས་མེད་པར་མཛོད༔ ཁྱད་པར་ཟབ་གསང་བསྟན་པ་སྲུངས༔ དེ་འཛིན་སྐྱེས་བུའི་སྐུ་ཚེ་སྲིངས༔ བསྟན་ལ་གནོད་པའི་སྡིག་ཅན་གང༔ མངོན་སྤྱོད་ལས་ཀྱིས་མྱུར་དུ་སྒྲོལ༔ མདོར་ན་ཇི་ལྟར་འདོད་པ་བཞིན༔ ཕྲིན་ལས་ཐོགས་པ་མེད་པར་སྒྲུབས༔ བྷྱོ༔ གསང་བ་ཡུམ་གྱི་བྷ་གའི་ཀློང༔ མཚན་མའི་སྐྱོན་བྲལ་སྐུ་གསུང་ཐུགས༔ རྟག་པ་འགྱུར་མེད་བདེ་ཆེན་རྒྱན༔ རྒྱན་གྱི་རྒྱལ་མོའི་གཙོ་ལ་བསྟོད༔ སྣང་སྲིད་དབྱིངས་རྫོགས་གཙོ་མོའི་མཁའ༔ མཁའ་དབྱིངས་དག་པའི་ཆོ་འཕྲུལ་ལས༔ འདས་དང་མ་འདས་སྤྲུལ་པའི་གཟུགས༔ སྣ་ཚོགས་རྫུ་འཕྲུལ་ཅན་ལ་བསྟོད༔ ཐུགས་ཀར་མི་འགྱུར་སྲོག་ཡིག་མཐར༔ འབུམ་ཕྲག་ཌཱ་ཀིའི་སྲོག་སྙིང་འཁོར༔ བདག་ཉིད་ཐུགས་ཀའི་འོད་ཀྱིས་བསྐུལ༔ གང་བཅོལ་ལས་ཀུན་མྱུར་སྒྲུབ་བསམ༔ ཨོཾ་ཏྲག་རཀྴ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ བསྙེན་སྒྲུབ་དྲིལ་སྔགས་ཅི་ནུས་བཟླ༔ ཕྲིན་ལས་ཤམ་བུ་གང་འདོད་བསྒྱུར༔ རྒྱུན་དུ་མཆོད་ཅིང་དམ་ཚིག་བཟུང༔ དེས་ནི་བྲན་བཞིན་ཐེ་ཚོམ་མེད༔ ས་མ་ཡ༔ མ་མོ་ཐུགས་དམ་བསྐང་བའི་ཕྱིར༔ མཐུན་རྫས་མཆོད་གཏོར་བཟང་དུ་བཤམ༔ སྔགས་རྒྱ་ཏིང་ངེ་འཛིན་གྱིས་བརླབ༔ ཧཱུྃ་བྷྱོ༔ མ་སྐྱེས་ཀུན་བཟང་དབྱིངས་ཀྱི་ཡུམ༔ བདེ་ཆེན་རོལ་པ་ཌཱ་ཀིའི་གཙོ༔ དཔལ་ལྡན་མཁའ་འགྲོ་སྤྲུལ་འཁོར་བཅས༔ དགྱེས་བསྐང་ཕྲིན་ལས་གྲུབ་པར་མཛོད༔ འཁོར་འདས་དབྱིངས་ཀྱི་ཐིག་ལེར་འཁྱིལ༔ མ་སྐྱེས་འགག་པ་མེད་པ་སྟེ༔ འདི་ཡང་དགྱེས་པའི་དམ་ཚིག་ཆེ༔ གཉིས་མེད་ངང་དུ་ཐུགས་དམ་བསྐང༔ མཁའ་ཀློང་བདེ་བའི་ཆོ་འཕྲུལ་ལས༔ ཐམས་ཅད་ཚིམས་བྱེད་འདོད་རྒུའི་གཏེར༔ སྣང་སྲིད་མཆོད་པའི་བྱེ་བྲག་གིས༔ མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང༔ ཕྱི་མཆོད་ཉེར་སྤྱོད་རྣམ་ལྔ་དང༔ གླིང་བཞི་རི་རབ་ལྷ་མིའི་ནོར༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་གིས༔ མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང༔ ནང་མཆོད་འདོད་པའི་ཡོན་ཏན་ལྔ༔ ཕུད་དང་སྤྱན་གཟིགས་ལོངས་སྤྱོད་ཚོགས༔ རྨད་བྱུང་དགྱེས་པའི་མཆོད་སྤྲིན་གྱིས༔ མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང༔ ཁྱད་པར་དྲག་པོའི་འདོད་ཡོན་ཆེ༔ ཤ་ཁྲག་རུས་པའི་ཕུང་པོ་དང༔ མཐུན་པའི་དམ་རྫས་སྣ་ཚོགས་ཀྱིས༔ མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང༔ གསང་བ་སྨན་གཏོར་རཀྟ་དང༔ སྦྱོར་སྒྲོལ་བརྟུལ་ཞུགས་མཆོག་ཆེན་པོ༔ སྲོག་འཁོར་བླ་རྡོ་བཅས་པ་ཡིས༔ མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང༔ ཡང་གསང་བདེ་ཆེན་མཉམ་པའི་དབྱིངས༔ བསྐང་བྱ་སྐོང་བྱེད་མཚན་མ་བྲལ༔ རང་རིག་གདོད་ནས་རྣམ་དག་པས༔ མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང༔ མདོར་ན་དགྱེས་དགུའི་འདོད་ཡོན་ཚོགས༔ མཆོད་རྫས་རྟེན་སྐོང་སྒྲུབ་པའི་རྫས༔ ཕྱི་ནང་གསང་བའི་མཆོད་སྤྲིན་གྱིས༔ མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང༔ ཁྱེད་རྣམས་ཐུགས་དམ་གཉན་བསྐངས་ནས༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱིས༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ སྡོམ་དང་བསླབ་པ་དམ་ཚིག་ལས༔ ཚོར་དང་མ་ཚོར་ཉམས་པ་དང༔ སྒོ་གསུམ་བག་མེད་ལས་དབང་གིས༔ མཁའ་འགྲོ་འཁྲུགས་པའི་ལས་བགྱིས་པ༔ ཐམས་ཅད་མ་ལུས་བཤགས་ཤིང་བསྡོམ༔ འགྱོད་བཤགས་དང་དུ་བཞེས་ནས་ཀྱང༔ ཕྲིན་ལས་ཐམས་ཅད་འགྲུབ་པ་དང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ མ་གཡེལ་མ་འདའ་མཁའ་འགྲོའི་ཚོགས༔ དམ་སྐོངས་རྐྱེན་ཟློག་བསམ་པ་སྒྲུབས༔ བསྟན་པ་སྲུང་ཞིང་སྐྱོང་བ་དང༔ འཇིག་རྟེན་ཀུན་ཏུ་བདེ་ལེགས་སྤེལ༔ མི་མཐུན་ཕྱོགས་རྣམས་ཞི་བ་དང༔ མཐུན་རྐྱེན་ལེགས་ཚོགས་རྒྱས་པར་སྤེལ༔ གཞི་བྱེས་དུས་ཀུན་རྟག་སྲུང་ཞིང༔ བཅོལ་བའི་ལས་འདི་གྲུབ་པར་མཛོད༔ དེ་ལྟར་བཤགས་སྐོང་རྒྱུན་དུ་འབད༔ མ་མོ་འཁྲུགས་པ་ཞི་བ་དང༔ འདོད་པའི་ཕྲིན་ལས་འགྲུབ་པར་འགྱུར༔ ས་མ་ཡ༔ གསང་ཐིག་བཀའ་སྲུང་ཆེན་མོ་ཡི། ཕྲིན་ལས་སྤར་གྱི་ནོར་བུ་ནི། །དད་པའི་རྒྱལ་མཚན་རྩེར་མཆོད་པས། །བསྟན་པའི་དབུ་འཕང་དགུང་སྙེགས་ཤོག །དགེའོ།། །།
བླ་མ་དགོངས་པ་འདུས་པའི་བརྒྱུད་འདེབས་དབང་བྱིན་ཆར་འབེབ་ (Volume 67, Text 6)
བླ་མ་དགོངས་པ་འདུས་པའི་བརྒྱུད་འདེབས་དབང་བྱིན་ཆར་འབེབ་ཅེས་བྱ་བ། ཁྱབ་བདག་མགོན་པོ་གཟི་བརྗིད་འོད་མཐའ་ཡས། །ལོངས་སྤྱོད་རྫོགས་སྐུ་རྒྱལ་བ་རིགས་མཆོག་ལྔ། །ཐུགས་རྗེས་འགྲོ་འདུལ་སྤྱན་རས་གཟིགས་དབང་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །རྒྱལ་ཀུན་འདུས་ཞལ་ཨོ་རྒྱན་ཐོད་ཕྲེང་རྩལ། །འཇམ་དཔལ་དབྱངས་དངོས་མངའ་བདག་ཁྲི་སྲོང་རྗེ། །གསང་བའི་བདག་མོ་མཁར་ཆེན་མཚོ་རྒྱལ་མར། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །དགོངས་འདུས་བཀའ་བབས་ལྷ་སྲས་མུ་རུབ་བཙན། །ཟབ་གཏེར་རྒྱ་འགྲོལ་སངས་རྒྱས་གླིང་པ་རྩལ། །ཆོས་ཀྱི་བདག་པོ་དཔལ་ལྡན་སེང་གེ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །གསང་བའི་མཛོད་འཆང་ཆོས་རྒྱལ་བཀྲ་ཤིས་སྡེ། །དངོས་གྲུབ་མཆོག་བརྙེས་དཔལ་འབར་དབང་ཕྱུག་ཞབས། །ཟབ་ལམ་སྲོག་འཛིན་ངག་དབང་པདྨ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །མཆོག་གཟིགས་གསུང་སྙན་ཨོ་རྒྱན་དཔལ་ཀུན་འབྱོར། །ཧེ་རུ་ཀཿདཔལ་ཀུན་བཟང་རྣམ་པར་རྒྱལ། །རིག་འཛིན་ཆེན་པོ་ཕྲིན་ལས་ལྷུན་གྲུབ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །གསང་ཆེན་བསྟན་པའི་ཤིང་རྟ་གཏེར་བདག་གླིང་། །རྒྱལ་བའི་སྲས་མཆོག་རིན་ཆེན་རྣམ་པར་རྒྱལ། །མཁས་གྲུབ་དབང་ཕྱུག་ཨཽ་ཌི་ཡ་ན་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །བརྟུལ་ཞུགས་གྲུབ་པ་ཕྲིན་ལས་རྣམ་པར་རྒྱལ། །མཚོ་རྒྱལ་དངོས་སྣང་ཕྲིན་ལས་ཆོས་ཀྱི་སྒྲོན། །ངེས་དོན་ལམ་སྟོན་ཀུན་བཟང་ཆོས་གྲགས་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །འདྲེན་མཆོག་འགྱུར་མེད་ཕན་བདེའི་འོད་ཟེར་འབར། །བརྒྱུད་སྲོལ་ཀུན་འདུས་བདུད་འཇོམས་འགྲོ་འདུལ་གླིང་། །རྩ་བརྒྱུད་རིག་འཛིན་བླ་མའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །བླ་མ་དགོངས་འདུས་དཀྱིལ་འཁོར་ཚོམ་བུ་དགུ། །ཡི་དམ་རྒྱལ་བ་ཞི་དང་ཁྲོ་བོའི་ལྷ། །གནས་གསུམ་མཁའ་འགྲོ་དམ་ཅན་ཚོགས་བཅས་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །སྨིན་གྲོལ་བཅུད་ཀྱི་བདག་རྒྱུད་ཡོངས་སུ་གཏམས། །རིམ་གཉིས་ལམ་ལས་རྣམ་བཞིའི་ས་མཆོག་བགྲོད། །པདྨ་བཛྲ་རྩལ་དང་མི་ཕྱེད་པའི། །མཁའ་ཁྱབ་འགྲོ་བའི་འདྲེན་པར་བདག་གྱུར་ཅིག །ཅེས་པའང་དགོངས་འདུས་སྐོང་ཆོག་ལས་བྱང་རིག་པ་འཛིན་པའི་ལམ་བཟང་གི་ཆ་ལག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།
ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་བརྒྱུད་པའི་གསོལ་འདེབས་ (Volume 56, Text 6)
ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །སྲིད་ཞིའི་ཁྱབ་བདག་ཀུན་བཟང་གདོད་མའི་མགོན། །རང་བྱུང་རིག་པ་སྐུར་སྨིན་རྡོ་རྗེ་སེམས། །རྩོལ་མེད་ཐེག་མཆོག་སྟོན་པ་དགའ་རབ་ལ། །གསོལ་བ་འདེབས་སོ་དགོངས་པས་བྱིན་གྱིས་རློབས། །ཨ་ཏིའི་མཛོད་འཛིན་འཇམ་དཔལ་བཤེས་གཉེན་ཞབས། །རིག་པ་རྩལ་གྱི་དབང་ཐོབ་ཤྲཱི་སིཾ་ཧ། །འཕོ་ཆེན་རྡོ་རྗེའི་སྐུར་བཞེངས་བི་མ་ལར། །གསོལ་བ་འདེབས་སོ་དགོངས་པས་བྱིན་གྱིས་རློབས། །གང་དེས་རྗེས་བཟུང་མི་སློབ་ལམ་མཐར་ཕྱིན། །འོད་གསལ་སྐུ་བརྙེས་ལྕེ་བཙུན་སེང་གེ་དབང་། །གསང་འཛིན་མཁའ་འགྲོ་དཔལ་གྱི་བློ་གྲོས་མར། །གསོལ་བ་འདེབས་སོ་དགོངས་པས་བྱིན་གྱིས་རློབས། །བི་མ་ཡབ་སྲས་ཡེ་ཤེས་སྒྱུ་མའི་གར། ཁྱབ་བདག་འོད་གསལ་སྤྲུལ་པའི་རྡོ་རྗེའི་ཞབས། །རབ་འབྱམས་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ལ། །གསོལ་བ་འདེབས་སོ་དགོངས་པས་བྱིན་གྱིས་རློབས། །རིམ་པ་དབང་གིས་སྨིན་གྲོལ་ཅིག་ཅར་རྫོགས། །སེམས་སྦྱོང་ཉམས་ལེན་སྲིད་ཞིའི་འཆིང་ལས་གྲོལ། །སྒྲིབ་དག་ཚོགས་རྫོགས་མོས་གུས་ཚད་དུ་ཕྱིན། །བླ་མའི་བྱིན་རླབས་རྒྱུད་ལ་འཇུག་པར་ཤོག །སྒོ་གསུམ་འཁྲུལ་པའི་གཞི་རྩ་དྲུངས་ནས་ཆོད། །ཀ་དག་རང་སྣང་རིས་མེད་མངོན་དུ་གྱུར། །ལྷུན་གྲུབ་སྣང་བཞི་ཟད་སར་འཁྱོལ་ནས་ཀྱང་། །གཞོན་ནུ་བུམ་སྐུའི་དབྱིངས་སུ་བྱང་ཆུབ་ཤོག །ཟག་པ་རང་ཟད་འབྱུང་བ་རང་སར་དེངས༔ དྲན་པ་རང་གྲོལ་ཟང་ཐལ་འོད་ཀྱི་ལུས༔ སེང་གེ་དབང་ཕྱུག་ཉིད་དང་མཉམ་གྱུར་ནས༔ གྲོལ་བ་རྣམ་བཞིས་འཁོར་བ་དོང་སྤྲུག་ཤོག །ཅེས་པའང་བློ་གྲོས་མཐའ་ཡས་ཀྱིས་དབེན་པའི་གནས་སུ་སྦྱར་པ་དགེ་ལེགས་འཕེལ།། །།
རྩ་གསུམ་འོད་གསལ་སྙིང་ཏིག་ལས། རྡོ་རྗེ་རྣམ་པར་འཇོམས་པའི་རྒྱུན་ཁྱེར་འོད་གསལ་སྣང་བ་ (Volume 63, Text 6)
རྩ་གསུམ་འོད་གསལ་སྙིང་ཏིག་ལས། རྡོ་རྗེ་རྣམ་པར་འཇོམས་པའི་རྒྱུན་ཁྱེར་འོད་གསལ་སྣང་བ་བཞུགས། །ན་མོ་གུ་རུ་བཛྲ་དྷཱ་ར་ཡེ། རྡོ་རྗེ་རྣམ་པར་འཇོམས་པ་བླ་མེད་ལུགས་ཀྱི་བསྐྱེད་བཟླས་སྙིང་པོར་དྲིལ་ཏེ་ཉམས་སུ་ལེན་པར་འདོད་པས། ཐོག་མར་སྐྱབས་སེམས་ནི། བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ སྐྱབས་གནས་རྒྱ་མཚོའི་ཚོགས་ལ་སྐྱབས་སུ་མཆི༔ མཐའ་ཀླས་སྲིད་པའི་ཁམས་རྣམས་བསྒྲལ་བའི་ཕྱིར༔ རྡོ་རྗེ་འཛིན་པའི་གོ་འཕང་བསྒྲུབ་པར་བགྱི༔ ལན་གསུམ། གནས་ཡོ་མཆོད་པ་བྱིན་རླབས་དགོས་ན། ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཞེས་དང་ནམ་མཁའ་མཛོད་སྔགས་ཕྱག་རྒྱ་བཅས་བྱ། དངོས་གཞི་ལྷ་སྐུར་བསྐྱེད་པ་ནི། ཧཱུྃ༔ སྣང་སྲིད་འཁོར་འདས་གདོད་ནས་རྣམ་དག་ཀློང༔ ཕྱི་སྣོད་རྡོ་རྗེའི་གུར་ཁང་རྒྱ་ཆེ་བར༔ བྷྲཱུྃ་ལས་རིན་ཆེན་གཞལ་ཡས་མཚན་ཉིད་རྫོགས༔ དེ་དབུས་ཐབས་ཤེས་པད་ཉིའི་གདན་གྱི་སྟེང༔ སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ་གིས་མཚན༔ འོད་ཟེར་འཕྲོ་འདུས་སྲས་བཅས་རྒྱལ་ཀུན་གྱི༔ མཁྱེན་བརྩེ་ནུས་པའི་བྱིན་རླབས་དཔལ་ཡོན་ཀུན༔ དབང་དུ་བསྡུས་ཐིམ་སྐད་ཅིག་དྲན་རྫོགས་སུ༔ བཅོམ་ལྡན་གསང་བདག་རྡོ་རྗེ་རྣམ་པར་འཇོམས༔ སྐུ་མདོག་ལྗང་སྔོན་ཁྲོ་འཛུམ་མཚན་དཔེའི་ཞལ༔ ཕྱག་གཡས་རྡོ་རྗེ་རྒྱ་གྲམ་ཐུགས་ཀར་བསྣམས༔ གཡོན་པས་དྲིལ་བུ་དཀུར་བརྟེན་སྐྱིལ་ཀྲུང་བཞུགས༔ སྣ་ཚོགས་དར་དང་རིན་ཆེན་རྒྱན་གྱིས་མཛེས༔ སྤྱི་བོར་རིགས་བདག་བཅོམ་ལྡན་རྡོ་རྗེ་སེམས༔ སྐུ་མདོག་དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ སླར་ཡང་ཏིང་ངེ་འཛིན་གྱི་རོལ་མོ་ཡིས༔ ཕྱོགས་དུས་རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་ནས༔ མི་ཕྱེད་རྡོ་རྗེའི་ལུས་སུ་བྱིན་བརླབས་ཤིང༔ ཐུགས་སྲོག་ས་བོན་ཧཱུྃ་གི་སྤྲིན་འཕྲོས་པས༔ ཕྱོགས་བཞིར་སྣ་ཚོགས་རྡོ་རྗེའི་དཀྱིལ་འཁོར་དབུས༔ ཤར་དུ་རྡོ་རྗེ་གཏུམ་པོ་སྐུ་མདོག་དཀར༔ ལྷོ་རུ་རྡོ་རྗེ་བེ་ཅོན་གསེར་གྱི་མདངས༔ ནུབ་ཏུ་རྡོ་རྗེ་ཐོ་བ་སྐུ་མདོག་དམར༔ བྱང་དུ་རྡོ་རྗེ་ཕུར་བུ་མར་གད་མདོག༔ ཐམས་ཅད་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་བསྣམས༔ དར་སྔོན་སྟོད་གཡོགས་སྟག་ལྤགས་ཤམ་ཐབས་དང༔ སྦྲུལ་གྱི་རྒྱན་སྤྲས་པད་ཉིའི་གདན་ལ་བཞེངས༔ དེ་ཡི་ཕྱི་རོལ་འཁོར་ལོ་རྩིབས་བཅུའི་ཀློང༔ རང་བྱུང་ཡེ་ཤེས་སྤྲུལ་པའི་ཁྲོ་རྒྱལ་བཅུ༔ མཐིང་ནག་ཕྱག་གཉིས་རྡོ་རྗེ་ཕུར་བུ་འདྲིལ༔ ཁྲོ་བོའི་ཆས་རྫོགས་མེ་དཔུང་དབུས་ན་རོལ༔ སྒོ་བཞིར་ཕྱོགས་སྐྱོང་རྒྱལ་ཆེན་སྡེ་བཞི་དང༔ རྡོ་རྗེའི་ཕོ་ཉ་དྲུག་ཅུ་རྩ་བཞི་སོགས༔ ཆོས་སྲུང་དམ་ཅན་རྒྱ་མཚོ་སྤྲིན་ལྟར་གཏིབས༔ གཞན་ཡང་རྩ་གསུམ་རྒྱལ་བ་རབ་འབྱམས་ཚོགས༔ སྣང་སྟོང་ཟུང་འཇུག་ཆེན་པོར་གསལ་བ་ཡི༔ གནས་གསུམ་རྡོ་རྗེ་གསུམ་གྱི་ཡི་གེས་མཚན༔ དེ་ལས་འོད་འཕྲོས་ཡེ་ཤེས་སྤྱན་དྲང་གྱུར༔ ཧཱུྃ༔ དག་པ་རབ་འབྱམས་ཆོས་སྐུའི་ཕོ་བྲང་ནས༔ ལོངས་སྤྱོད་ཡོངས་རྫོགས་རྡོ་རྗེ་རྣམ་པར་འཇོམས༔ སྤྲུལ་སྐུའི་ཚུལ་གྱིས་འགྲོ་དོན་བསྒྲུབ་སླད་དུ༔ ཐུགས་རྗེ་ཐུགས་དམ་དབང་གིས་གནས་འདིར་གཤེགས༔ ཨོཾ་བཛྲ་བི་དཱ་ར་ཎ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ ཛཿཧཱུྃ་བཾ་ཧོ༔ དམ་ཚིག་ཡེ་ཤེས་དབྱེར་མེད་བརྟན་པར་བཞུགས༔ འདུ་འབྲལ་སྤངས་པའི་བརྡ་ཡིས་ཕྱག་འཚལ་ལོ༔ དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི༔ ཀུན་བཟང་རྣམ་འཕྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨོཾ་བཛྲ་བི་དཱ་ར་ཎ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡ་སརྦ་པཱུ་ཛ་ཧོ༔ ཧཱུྃ༔ གདོད་ནས་གཉིས་མེད་མཉམ་པའི་ཡེ་ཤེས་ལས༔ རྣམ་ཀུན་མཆོག་ལྡན་མཚན་དཔེའི་རོལ་པ་ཅན༔ སངས་རྒྱས་ཀུན་གྱི་གསང་བ་འཛིན་པའི་བདག༔ རྡོ་རྗེ་རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད༔ བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི༔ ནད་གདོན་གྲིབ་དང་མི་གཙང་ཀུན་ཞི་ཞིང༔ ཚེ་བསོད་དཔལ་འབྱོར་དབང་བཅུའི་ཡོན་ཏན་སོགས༔ བཅོམ་ལྡན་ཁྱེད་དང་མཉམ་པར་བྱིན་གྱིས་རློབས༔ གསུང་སྔགས་ཀྱི་བཟླས་པ་ནི། ཐུགས་ཀར་ཉི་སྟེང་ཧཱུྃ་མཐར་སྔགས་ཕྲེང་གིས༔ བསྐོར་བའི་འོད་ཀྱིས་ཕྱོགས་བཅུའི་རྒྱལ་ཀུན་མཆོད༔ བྱིན་རླབས་དངོས་གྲུབ་ཚུར་འདུས་བདག་ཉིད་ལ༔ ཐིམ་པས་གྲིབ་དང་མི་གཙང་སྒྲིབ་གཉིས་སྦྱངས༔ ན་མཿཙཎྜ་བཛྲ་ཀྲོ་དྷཱ་ཡ༔ ཧུ་ལུ་ཧུ་ལུ༔ ཏིཥྛ་ཏིཥྛ༔ བྷནྡྷ་བྷནྡྷ༔ ཧ་ན་ཧ་ན༔ ཨ་མྲྀཏེ་ཧཱུྃ་ཕཊ྄༔ ཅེས་པ་ཉིད་གཙོ་བོར་བཟླ། སྤྲོ་ཞིང་ནུས་ན་རྡོ་རྗེ་རྣམ་འཇོམས་གཟུངས་མདོ་བཀླག་ཅིང་གྲངས་གསག །ཐུན་མཐར་དབྱངས་གསལ་རྟེན་སྙིང་ལན་གསུམ། མཆོད་བསྟོད་མདོར་བསྡུས་དང་ཡིག་བརྒྱ་བཟླ། ཐུགས་ཉེར་བསྡུའི་རྣལ་འབྱོར་ནི། ཧོ༔ སྣང་སྟོང་སྒྱུ་འཕྲུལ་དྲ་བའི་ཡེ་ཤེས་ལྷ༔ ཟུང་འཇུག་མཚན་མ་མེད་པའི་དབྱིངས་སུ་གཤེགས༔ རྟེན་དང་བརྟེན་པར་བཅས་པའི་དམ་ཚིག་པ༔ འོད་གསལ་སྨོན་པ་མེད་པའི་ཀློང་དུ་ཐིམ༔ ཨ་ཨ་ཨ༔ ཨོཾ་ཨཱཿཧཱུྃ༔ སླར་ཡང་སྣང་བའི་རང་བཞིན་གདན་གསུམ་ལྷ༔ སྒྲར་གྲགས་རླུང་གི་འཁོར་ལོ་ཡི་གེའི་སྤྲིན༔ རྟོག་པ་རྟོག་མེད་རང་གྲོལ་གཉུག་མའི་ངང༔ དུས་གསུམ་དུས་མེད་ཆེན་པོར་རྟག་ཏུ་སྤྱོད༔ ཧཱུྃ་ཧཱུྃ་ཧཱུྃ༔ བསྔོ་སྨོན་ནི། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་རྣམ་འཇོམས་འགྲུབ་གྱུར་ནས། །སོགས་དང་ཤིས་བརྗོད་བྱའོ། །ཞེས་པའང་རང་ཉིད་ལ་ཉེར་མཁོའི་ཆེད་མངྒ་ལས་གཏེར་གཞུང་རྩ་བ་ལས་ཁོལ་དུ་ཕྱུང་སྟེ་མཚམས་སྦྱོར་ཅུང་ཟད་ཀྱིས་བརྒྱན་པ་དགེ་ལེགས་འཕེལ།། །།
བཀྲ་ཤིས་གཏེར་གྱི་བུམ་པ་བཟང་པོའི་རྟེན་འབྲེལ་གྱི་མན་ངག་ (Volume 48, Text 6)
༄༅༔ བཀྲ་ཤིས་གཏེར་གྱི་བུམ་པ་བཟང་པོའི་རྟེན་འབྲེལ་གྱི་མན་ངག་བཞུགས་སོ༔ མངའ་བདག་ཉང་གཏེར། ན་མོ་གུ་རུ༔ བཀྲ་ཤིས་གཏེར་བུམ་གྱི་མན་ངག་ལ༔ གཡའ་སྒྲོམ་དབུས་སུ་བུམ་པ་གཞུག༔ བུམ་པའི་ལོགས་ལ་བཀྲ་ཤིས་རྟགས་བརྒྱད་བྲི༔ སྟེང་གི་ཁ་ལེབ་ལ་འཁོར་ལོ་རྩིབས་བརྒྱད་བྲི༔ འཁོར་ལོའི་ལྟེ་བ་ལ༔ ཨོཾ་སཱུརྻ་ཙནྡྲ་ཡེ་སྭཱ་ཧཱ༔ ཤར་དུ་རྡོ་རྗེའི་ལྟེ་བར་ཚེ་སྙིང་བྲི༔ ལྷོར་ནོར་བུའི་ལྟེ་བར་ནོར་ལྷའི་སྙིང་པོ་བྲི༔ ནུབ་པདྨའི་ལྟེ་བར་གཙུག་ཏོར་དཀར་མོའི་སྙིང་པོ་བྲི༔ བྱང་དུ་རྒྱ་གྲམ་གྱི་ལྟེ་བར་སྣང་བརྒྱད་ཀྱི་སྙིང་པོ་བྲི༔ འོག་གི་གཡའ་བར་པདྨ་འདབ་བརྒྱད་ལ་ཀླུ་བརྒྱད་ཀྱི་སྙིང་པོ་བྲི༔ ལྟེ་བ་ལ༔ ཨོཾ་སརྦ་བྱ་ཏྲ་ཏི་སྭཱ་ཧཱ༔ ཞེས་བྲི༔ བུམ་ནང་རྟེན་འབྲེལ་སྙིང་པོ་དང་དབྱངས་གསལ་ཤམ་བུ་རུ་འདོད་གསོལ་ནི༔ སྤྱིར་ལྷོ་རྒྱལ་འཛམ་བུའི་གླིང་ན་གནས་པའི་ལྷ་འདྲེ་དང༔ མངའ་རིས་བོད་ཀྱི་རྒྱལ་ཁམས་ན་གནས་པའི་ལྷ་སྲིན་སྡེ་བརྒྱད༔ སྒོས་ཡུལ་འདི་ན་གནས་པའི་ལྷ་འདྲེ་དང༔ གཞན་ཡང་གང་དང་གང་དུ་གནས་པ་དང༔ ཁྱད་པར་དུ་གཞི་ཁང་ཁྱིམ་དུ་གནས་པའི་ལྷ་འདྲེ་ཁྱེད་རྣམས་ལ་རིན་པོ་ཆེའི་གཏེར་འདི་འབུལ་ལོ༔ ཁྱེད་རྣམས་ཀྱིས་ཁང་ཁྱིམ་འདི་རུ་མི་ནོར་རྣམ་གཉིས་དར་ཞིང་རྒྱས་པར་མཛད་དུ་གསོལ༔ ནད་གདོན་ཞི་བར་གྱུར་ཅིག༔ ཚེ་བསོད་དར་ཞིང་རྒྱས་པར་གྱུར་ཅིག༔ བདེ་ཞིང་སྐྱིད་ལ་ཡུན་རིང་དུ་གནས་པར་གྱུར་ཅིག༔ བསམ་པ་ཐམས་ཅད་ནོར་བུ་རིན་པོ་ཆེ་ལྟ་བུ་འགྲུབ་པར་གྱུར་ཅིག༔ ཅེས་བྲིས༔ བཀྲ་ཤིས་བརྩེགས་པའང་འདོན༔ ཆུ་གཏོར་གཏང༔ གཟའ་སྐར་བཟང་པོའི་སྔ་དྲོ་ལ་སྦ༔ ཡང་མི་རབས་མི་ཆད་པ་ལོངས་སྤྱོད་འཕེལ་བའི་དོན་དུ་བྱ་ན༔ རྫ་མའི་བུམ་པ་བྲེ་གང་ངམ་ནི་ཕུལ་གང་འགྲོ་བའི་ནང་རྫ་སོ་བཏང་ལ་ཆུ་བླུགས༔ ནང་དུ་འབྲུ་སྣ་ཚོགས་དང་མི་ནོར་འཛོམས་པའི་ཁང་ས་ཞིང་ས་སྙེ་མ་བང་མཛོད་ནས་བླངས་པའི་ནས་འབྲུ༔ གསེར༔ དངུལ༔ ཟངས༔ དུང༔ ཤེལ༔ མུ་མེན༔ ལྕགས་ལ་སོགས་བུམ་པར་བླུགས་ནས་ཕྱོགས་བཞི་དབུས་དང་ལྔར་སྦ་འོ༔ དབུས་ཀྱི་བུམ་པའི་ཐད་ཀར་རིན་ཆེན་འབར་བ་བྲི༔ ཕྱོགས་བཞིར་སྐྱོབ་པའི་ལྷ་བཞི་བྲི་སྟེ༔ ཤར་དུ་སྟག་སྐྱ་དཀར་རྩིས་བྲི༔ ལྷོར་འབྲུག་རམ་གྱིས་བྲི༔ ནུབ་ཏུ་བྱ་བཙག་གིས་བྲི༔ བྱང་དུ་སྦལ་པ་སྣག་ཚས་བྲི༔ འདི་ཚུལ་བཞིན་དུ་སྦས་པས་མི་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུང་ངོ༔ ཞེས་མངའ་བདག་ཉང་ཉི་མ་འོད་ཟེར་གྱི་གཏེར་བྱོན་རྟ་མགྲིན་གཉེན་པོ་ལྷ་གསུམ་གྱི་མན་ངག་ལས་ཚོགས་ལས་བྱུང་བའོ།། །། ༈ འདིའི་བྱ་ཐབས་ལ། བཅའ་གཞི་གོང་ལྟར་བསྒྲིགས། གཟའ་ཚེས་བཟང་པོའི་ཉིན་སྔ་བར་གང་དུ་སྦ་བའི་སར་ཁྱེར་ལ་འབྲུ་སྣ་དང་བཅས་ཏེ་བཞག །བསང་དང་གསེར་སྐྱེམས་གཏང་། རང་ངམ་གཞན་གྱིས་བཀྲ་ཤིས་བརྩེགས་པའི་མདོ་ཚིགས་སུ་བཅད་པ་དབྱངས་སྙན་པོས་འདོན། ཆུ་གཏོར་གཏང་། དེ་ནས་གཏེར་བུམ། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ནང་བཅུད་འདོད་དགུ་འབྱུང་བའི་ལོངས་སྤྱོད་ཟད་མི་ཤེས་པའི་སྤྲིན་ཕུང་འཕྲོ་བའི་གཏེར་ཆེན་པོའི་བུམ་པ་བཟང་པོར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་གྱིས་བརླབ། དེ་ནས་བསང་དང་གསེར་སྐྱེམས་ཀྱི་མགྲོན་དུ་སྤྱན་དྲངས་པའི་ལྷ་སྲིན་སྡེ་བརྒྱད་སྤྱི་དང་། ཁྱད་པར་གནས་བདག་གཞི་བདག་ཁྱིམ་བདག་རྣམས་མདུན་དུ་མངོན་སུམ་བཞིན་བཞུགས་པར་དམིགས་ལ། སྤྱིར་ལྷོ་རྒྱལ་འཛམ་བུའི་གླིང་ན་གནས་པའི་ལྷ་འདྲེ་དང༔ མངའ་རིས་བོད་ཀྱི་རྒྱལ་ཁམས་ན་གནས་པའི་ལྷ་སྲིན་སྡེ་བརྒྱད༔ སྒོས་ཡུལ་འདི་ན་གནས་པའི་ལྷ་འདྲེ་དང༔ གཞན་ཡང་གང་དང་གང་དུ་གནས་པ་དང༔ ཁྱད་པར་དུ་གཞི་ཁང་ཁྱིམ་དུ་གནས་པའི་ལྷ་འདྲེ་ཁྱེད་རྣམས་ལ་རིན་པོ་ཆེའི་གཏེར་འདི་འབུལ་ལོ༔ ཁྱེད་རྣམས་ཀྱིས་ཁང་ཁྱིམ་འདི་རུ་མི་ནོར་རྣམ་གཉིས་དར་ཞིང་རྒྱས་པར་མཛད་དུ་གསོལ༔ ནད་གདོན་ཞི་བར་གྱུར་ཅིག༔ ཚེ་བསོད་དར་ཞིང་རྒྱས་པར་གྱུར་ཅིག༔ བདེ་ཞིང་སྐྱིད་ལ་ཡུན་རིང་དུ་གནས་པར་གྱུར་ཅིག༔ བསམ་པ་ཐམས་ཅད་ནོར་བུ་རིན་པོ་ཆེ་ལྟ་བུ་འགྲུབ་པར་གྱུར་ཅིག༔ ཅེས་འདོད་གསོལ་གྱི་ཚིག་བརྗོད་རྗེས། ན་མོ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པ། །རང་དབང་ཐོབ་ནས་སྤྱོད་པར་ཤོག །འབད་དང་རྩོལ་བས་མ་གོས་པ། །ཡིད་བཞིན་ནོར་བུ་དཔག་བསམ་བཞིན། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཞེས་སོགས་བཀྲ་ཤིས་རྒྱས་པར་བརྗོད་ལ་ལག་ཚགས་དམ་པར་བྱས་ཏེ་སྦ། བསང་གི་རྗེས་ཆོག་སོགས་བྱའོ། །མངྒ་ལཾ་བྷ་བ་ཏུ།། །།
རྟ་མགྲིན་གསང་བ་འདུས་པའི་ལས་བྱང་རིན་པོ་ཆེའི་ཕྲེང་བ་ (Volume 26, Text 6)
ྈ རྟ་མགྲིན་གསང་བ་འདུས་པའི་ལས་བྱང་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ༔ ཐུགས་དམ་ཟབ་མོའོ༔ ྈྈྈྈྈྈྈྈྈྈྈྈ ཐུགས་དམ་གསང་བའི་ལྷ་ལ་ཕྱག་འཚལ་ལོ༔ རྒྱལ་བ་མི་འགྱུར་ཆོས་དབྱིངས་འོད་ཀྱི་སྐུ༔ ཞི་ཁྲོ་རབ་འབྱམས་དབང་ཆེན་གསུང་གི་བདག༔ གར་གྱི་བདག་ཉིད་ཁྲག་འཐུང་རོལ་པའི་སྐུ༔ རྟ་མགྲིན་དབང་གི་ལས་བྱང་འདིར་བཤད་བྱ༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ དང་པོ་སྔོན་འགྲོའི་ལས་རིམ་ཆོས་ལྔ་སྟེ༔ མཚམས་གཅོད་བྱིན་རླབས་དམ་བཅའ་བཟུང༔ ཡེ་ཤེས་བྱིན་དབབ་བཤགས་པ་བྱ༔ དངོས་གཞི་ལས་ཁྲིགས་ཉི་ཤུ་སྟེ༔ ཏིང་འཛིན་རྣམ་གསུམ་གཞལ་ཡས་བསྐྱེད༔ ལྷ་བསྐྱེད་སྤྱན་འདྲེན་བཞུགས་ཕྱག་འཚལ༔ ཕྱི་ནང་གསང་མཆོད་ཁོ་ན་ཉིད༔ སྨན་གཏོར་རཀྟ་སྦྱོར་སྒྲོལ་མཆོད༔ གླུ་བྲོ་བསྟོད་པ་ཛཔ྄་བཟླས་སོ༔ རྗེས་ཀྱི་ལས་ཁྲིགས་ལྔ་ཡིན་ཏེ༔ ཚོགས་དང་ལྷག་མ་ལས་ལ་བསྐུལ༔ བརྟན་མ་རྟ་བྲོ་ལས་རྗེས་བསྡུ༔ དེ་ལྟར་ལས་གཞུང་རྩ་ཐོར་བསྡེབས༔ སྐལ་པ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡ༔ འདིར་རྩ་བའི་ས་བཅད་མེད་ཀྱང་ཐོག་མར་སྐྱབས་སེམས་ནི། སྤྱི་གཙུག་པད་སྡོང་ཉི་ཟླའི་སྟེང༔ རྩ་བ་གསུམ་གྱི་ལྷ་ཚོགས་དང༔ སྐྱབས་གནས་དཀོན་མཆོག་ཐམས་ཅད་བསམ༔ ཕ་མས་གཙོར་བྱས་འགྲོ་བ་རྣམས༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ན་མོ༔ བླ་མ་དཀོན་མཆོག་ཡི་དམ་ལྷ༔ རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ༔ བདག་དང་འགྲོ་བ་སེམས་ཅན་རྣམས༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ རང་རིག་ལྷ་ལ་ཕྱག་འཚལ་ལོ༔ མ་འགགས་རང་གསལ་མཆོད་པ་འབུལ༔ མུ་བཞིར་ལྟུང་བ་མཐོལ་ལོ་བཤགས༔ དུས་གསུམ་མཉམ་ཉིད་རྗེས་ཡི་རང༔ འཁོར་བ་དོང་ནས་སྤྲུགས་པར་བསྐུལ༔ ཀ་དག་ཟང་ཐལ་རྗེན་པར་བཞུགས༔ ཀུན་ཀྱང་རང་རིག་རྟོགས་པར་བསྔོ༔ སྐུ་གསུམ་ཡོངས་རྫོགས་ཐོབ་པར་ཤོག༔ ཀྱེ་མ་བདག་གིས་འགྲོ་ཀུན་བསྒྲལ་བྱའི་ཕྱིར༔ རྟ་མགྲིན་དབང་གི་དཀྱིལ་འཁོར་དུ༔ འཁོར་བ་དོང་ནས་སྤྲུགས་པར་བསྐུལ༔ ཚད་མེད་བཞི་རུ་སེམས་བསྐྱེད་དོ༔ ལན་གསུམ། དེ་ནས་བགེགས་གཏོར་བྱིན་རླབས་དང་བསྔོ་བ་སྤྱི་ལྟར་བྱས་ནས། ཧཱུྃ༔ ཐམས་ཅད་བདེ་གཤེགས་རྒྱལ་བའི་རང་བཞིན་ལ༔ ང་བདག་གཟུང་འཛིན་རྡུལ་ཙམ་མི་དམིགས་ཀྱང༔ དབང་ཆེན་འདུས་པའི་ལྷ་ལ་མ་གཏོགས་པའི༔ ལོག་འདྲེན་བར་ཆོད་བགེགས་རྣམས་ཕྱིར་དེངས་ཤིག༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་བཱན་བིདྱཱ་རཱ་ཙ་ཀྲོ་ཏ་ཧཱུྃ་ཕཊ༔ ཧཱུྃ༔ ང་ནི་འཇིགས་བྱེད་དབང་ཆེན་འབར་བའི་སྐུ༔ ལོག་འདྲེན་གདུག་པའི་བགེགས་ཀྱི་ཚོགས་རྣམས་ཀུན༔ གལ་ཏེ་ང་ཡི་བཀའ་ལས་འདས་གྱུར་ན༔ ཐལ་བ་རྡུལ་བཞིན་ལུས་སེམས་བརླག་པར་འགྱུར༔ ཨོཾ་ཤྲཱི་བཛྲ་ཧྱ་གྲཱི་བ་ར་ཙ་ཧྲི་ཡ་ཧ་རི་ནི་ས་རཀྵ་ཨུཙྪ་ཏ་ཡ་ཧཱུྃ་ཕཊ༔ དེ་ནས་མཚམས་བཅད་པ་ནི༔ ཧཱུྃ༔ རྡོ་རྗེ་གཏུམ་པོ་རི་རབ་རྩེ་བརྒྱད་ན༔ འབར་བའི་ལྷ་བརྒྱད་དབང་ཆེན་ཀ་སྟེང་དུ༔ ཤིན་ཏུ་མི་བཟད་དབང་ཆེན་གཙོ་དང་འཁོར༔ རྟ་སྐད་ཐེངས་གསུམ་གར་དགུའི་ཚུལ་གྱིས་རོལ༔ ཨོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་དགྲ་བགེགས་འབྱུང་པོ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དེ་ནས་དྲག་པོ་མེའི་མཚམས་གཅོད་ནི༔ ཧཱུྃ༔ སྟེང་འོག་ཕྱོགས་མཚམས་མེ་ཡི་རྦ་ཀློང་འཁྲུགས༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཏེ༔ ཕྲག་དོག་ཉོན་མོངས་ལྔ་ནི་སྲེག་བྱེད་ན༔ ཡེ་ཤེས་ལྔ་ཡི་མེ་ནི་ཕྱོགས་བཅུར་འཕྲོ༔ ཕྱོགས་མཚམས་མེ་ཡི་འཁོར་ལོས་གཏམས་པ་ལ༔ མེ་ཡི་མཚམས་ལས་བགེགས་རྣམས་མ་འདའ་ཞིག༔ རཾ་ཛྭ་ལ་རཾ་ཕཊ༔ ཏྲག་རཾ་ཁ་རཾ་ཧཱུྃ་ཕཊ༔ དེ་ནས་སྐབས་འདིར་མཆོད་པ་བྱིན་རླབས་ནི༔ ཧཱུྃ༔ དམ་ཚིག་གསང་བའི་དཀྱིལ་འཁོར་འདིར༔ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས༔ ཐུགས་དམ་བསྐང་ཕྱིར་འབུལ་གྱིས་བཞེས༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ ཀུན་ལ་འགྲེས་སོ།། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཐཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཐཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མ་དྷ་ལ་ཧཱུྃ་ཧྲཱིཿཐཱ༔ དེ་ནས་དམ་བཅའ་གཟུང་བ་བྱ་སྟེ༔ ཧཱུྃ༔ དབང་དྲག་དཀྱིལ་འཁོར་བདེ་གཤེགས་ལྷ་ཡི་ཚོགས༔ མ་བཅོས་སྤྲོས་བྲལ་བདེ་ཆེན་རང་རིག་ལྷ༔ ཡེ་ནས་རང་བྱུང་རང་རིག་རང་གསལ་གདབ༔ འདུ་འབྲལ་མེད་པའི་ངང་དུ་བསྒྲུབ་ལགས་སོ༔ བཛྲ་ས་མཱ་ཏི་ཧཱུྃ༔ དེ་ནས་བྱིན་དབབ་པ་ནི༔ ཨོཾ༔ ཆོས་སྐུ་སྐྱེ་བ་མེད་པའི་ངང་ཉིད་ལས༔ ཐུགས་རྗེ་འགག་མེད་དངོས་གྲུབ་ཀུན་གྱི་གཏེར༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་དབབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཨོཾ་བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཧཱུྃ༔ བཤགས་པ་བྱ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་ཌཱ་ཀི་ཆོས་སྐྱོང་དགོངས༔ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་སོགས༔ རང་སེམས་གནོང་འགྱོད་དྲག་པོས་མཐོལ་བཤགས་ན༔ མཉམ་ཉིད་ཀློང་ཡངས་ངང་དུ་བཟོད་པར་གསོལ༔ ཨོཾ་བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ དེ་ཡན་ཆད་རང་བྱུང་སྔོན་དུ་འགྲོ་བའི་རིམ་པའོ༔ དེ་ནས་ཡུལ་གཞན་ནས་བྱུང་བ་གཉིས་མེད་དུ་སྒྲུབ་པའི་ལས་ཁྲིགས་ཉེར་གསུམ་ལས༔ དང་པོ་ས་མཱ་ཏི་རྣམ་པ་གསུམ་ལས༔ དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ ཧཱུྃ༔ མ་བཅོས་ལྷུན་གྲུབ་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་རང་གསལ་གཏིང་མཐའ་མེད་པའི་ཀློང༔ མི་གནས་མི་དམིགས་སྤྲོས་པ་མེད་པའི་ངང༔ བརྗོད་མེད་མཉམ་ཉིད་རིག་པའི་ངང་དུ་རྫོགས༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ གཉིས་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི༔ ཧཱུྃ༔ ཐམས་ཅད་སྙིང་པོ་བྱང་ཆུབ་སེམས་ཀྱི་ངང༔ མ་རྟོགས་རང་བྱུང་རང་གསལ་ཐབས་ཀྱི་མཆོག༔ གཉིས་མེད་དོན་གྱི་རང་བཞིན་རྟོགས་བྱའི་ཕྱིར༔ འགྲོ་ཀུན་སྙིང་རྗེའི་ངང་དུ་རྗེས་སུ་བཟུང༔ བོ་དྷི་ཙིཏྟ་ས་མ་ཡེ་ཨཱཿཧཱུྃ༔ གསུམ་པ་རྒྱུའི་ཏིང་ངེ་འཛིན་ནི༔ ཧཱུྃ༔ མི་དམིགས་མཐའ་དང་བྲལ་བའི་ངང་ཉིད་ལས༔ རང་བྱུང་ཡེ་ཤེས་མ་འགགས་ཐུགས་རྗེའི་རྩལ༔ དམིགས་མེད་ངང་ནས་འགྲོ་དོན་རང་བྱུང་རྫོགས༔ རང་བྱུང་རང་གསལ་རྒྱུ་ཡི་ཡི་གེ་ཧྲཱི༔ བཛྲ་ས་མ་ཡ་ཙིཏྟ་ཧྲཱི༔ འབྱུང་བ་རིམ་བརྩེགས་ནི༔ ྈྈྈྈྈྈྈ ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ སྐྱེ་བའི་ཆོ་འཕྲུལ་དག་པ་གསུམ༔ མེ་ཆུ་རླུང་གིས་བསྐལ་པ་སྟོངས༔ སྟོང་ཉིད་ནམ་མཁའི་རང་བཞིན་ལས༔ གསང་ཆེན་ཡུམ་ལྔའི་མཁའ་ཀློང་ནས༔ རྒྱུ་ཡི་ཡི་གེ་བདུན་དུ་ཤར༔ ཨེ་ལས་ནམ་མཁའ་ཆོས་འབྱུང་དབྱིངས༔ ཡཾ་ལས་སྟོབས་ཆེན་རླུང་གི་དལ༔ ར་ལས་རྒྱ་མཚོ་གཏིང་མཐའ་མེད༔ སུཾ་ལས་དབང་ཆེན་གསེར་གྱི་གཞི༔ ཀེཾ་ལས་རི་རབ་ལྷུན་ཆེན་བརྗིད༔ རཾ་ལས་མེ་ཕུང་སྲིད་རྩེར་འབར༔ ཧཱུྃ་ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ༔ ཨེ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ དེ་ནས་གཞལ་ཡས་ཁང་བསྐྱེད་པ་ནི༔ ཧཱུྃ༔ སྨུག་ནག་བྷྲཱུྃ་ལས་བསྐྱེད་པའི་གཞལ་ཡས་ནི༔ དུར་ཁྲོད་ཆེན་པོ་བརྒྱད་ཀྱི་དབུས་ན་གསལ༔ འགྱུར་མེད་ཆོས་དབྱིངས་ཟླ་གམ་ཨེ་ཡི་དབུས༔ བྷནྡྷ་བརྩེགས་མ་གནམ་ལྕགས་གཟེར་གྱིས་བསྡམས༔ འཁོར་ལོ་རྩིབས་བཞི་ཐོད་ཕྲེང་འབར་བས་བསྐོར༔ ཕྱི་རིམ་རྩིབས་བརྒྱད་ཁྱམས་སྒོ་རྟ་བབས་རྫོགས༔ ལྷ་བརྒྱད་ཀ་བ་གཟའ་བརྒྱད་གདུང་མ་བྲེས༔ སྐར་བརྒྱད་ཞིང་ཐོག་ཉི་ཟླའི་འོད་སྐར་མཛེས༔ ཀླུ་བརྒྱད་ཀ་གདན་སྤྲུལ་ནག་སྐྱེས་བུར་བཙུག༔ ཞིང་དང་ཐོད་པ་ཙིཏྟའི་ཕོ་ལོང་མཛེས༔ འཁོར་ཡུག་སྣམ་བུ་འདོད་པའི་སྤྲིན་ཕུང་གཏིབས༔ མཉམ་ཡང་ཕྱོགས་བྲལ་ཕོ་བྲང་འོད་དུ་འབར༔ རང་སྣང་ཡེ་ཤེས་ལས་གྲུབ་ངོ་མཚར་ཆེ༔ དབང་ཆེན་འབར་བའི་ཕོ་བྲང་ཡོངས་རྫོགས་གསལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཨེ་ཛྙཱ་ན་ཙཀྲ་མ་དྷ་ལ་བྷྲཱུྃ༔ རུ་ཏྲ་ཀྲོ་ཏི་ཏི་ར་བཾ༔ མ་སཱུརྻ་མན་དྷ་ལ༔ ཨ་ཙནྡྲ་མན་དྷ་ལ་བྷྲཱུྃ༔ དེ་ནས་ལྷ་བསྐྱེད་པ་ནི༔ ཧཱུྃ༔ ཡི་གེ་ཧྲཱིཿཡི་འཕྲོ་འདུ་ལས༔ དྲེགས་པ་ལྷ་བརྒྱད་ཀླུ་བརྒྱད་དང༔ བདུད་བཞི་ཉི་ཟླ་པདྨའི་སྟེང༔ མ་བཅོས་རྫོགས་པའི་ཧེ་རུ་ཀ༔ དབང་ཆེན་ཞལ་གསུམ་ཕྱག་དྲུག་པ༔ ཞབས་བཞི་གྱད་ཀྱི་འདོར་ཐབས་བགྲད༔ གཡས་དཀར་གཡོན་སྔོ་དབུས་དམར་ཞལ༔ རིགས་ལྔའི་དབུ་རྒྱན་ཐུགས་སྲོག་ཧྲཱི༔ སྤྱན་དགུ་ཞལ་བསྒྲད་མཆེ་བ་གཙིགས༔ དབུ་གཙུག་རྟ་མགོ་ལྗང་ཞུར་གསུམ༔ རྟ་སྐད་ཕྱོགས་བཅུར་ཙེ་རེ་རེ༔ ཕྱག་དྲུག་གཡས་གསུམ་གྲི་གུག་དང༔ རལ་གྲི་ཁ་ཊྭཱཾ་རྩེ་གསུམ་བསྣམས༔ གཡོན་གསུམ་བནྡྷ་དྲིལ་བུ་དང༔ དབང་གི་ལྕགས་སྒྲོག་རྒྱུ་ཞགས་འཛིན༔ རྡོ་རྗེ་རིན་ཆེན་གཤོག་པ་ལྡིང༔ གླང་དང་ཞིང་གི་གཡང་གཞི་གསོལ༔ རྡོ་རྗེའི་གོ་ཁྲབ་རབ་ཏུ་བརྗིད༔ སྦྲུལ་རིགས་ལྔ་ཡིས་སྐུ་ལ་བརྒྱན༔ གདོལ་པ་ནག་པོའི་དོ་ཤལ་ལ༔ མགོ་ཕྲེང་ལྔ་བཅུས་རབ་ཏུ་སྤྲས༔ དཔའ་བོ་སྟག་གི་ཤམ་ཐབས་ཅན༔ ཐལ་ཆེན་ཞག་དང་ཁྲག་གིས་བརྒྱན༔ དཔལ་གྱི་ཆས་རྣམས་ཡོངས་སུ་རྫོགས༔ མདུན་ན་རྡོ་རྗེ་ཕག་མོ་སྦྱོར༔ སྐུ་མདོག་མཐིང་ནག་རྒྱན་དྲུག་མཛེས༔ ཕྱག་གཡས་གྲི་གུག་ཡབ་ལ་འཁྱུད༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ གཡས་བསྐུམ་གཡོན་བརྐྱང་ཡབ་ལ་འཁྲིལ༔ སྤྱི་བོར་ཕག་ཞལ་ངུར་སྒྲ་སྒྲོག༔ ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས༔ རིགས་བཞི་སྲས་སོགས་ལྕམ་དྲལ་བསྐྱེད༔ བསྐལ་པའི་མེ་ཕུང་ཀློང་ན་བཞུགས༔ ཨོཾ་བཛྲ་ཀྲོ་ཏ་པདྨཱནྟ་ཀྲྀཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཕྱོགས་བཞི་འཁོར་ལོ་རྩིབས་བཞིའི་སྟེང༔ ཤར་དུ་རྒྱལ་རིགས་ལྷོར་རྗེ་རིགས༔ ནུབ་ཏུ་དམངས་རིགས་བྱང་གདོལ་བ༔ ཀླུ་རིགས་བཞི་ཡི་གདན་སྟེང་ན༔ ཤར་དུ་སྐུ་ཡི་རྟ་མགྲིན་དཀར༔ ཞལ་གཅིག་ཕྱག་གཉིས་ཡུམ་དང་འཁྲིལ༔ རྡོ་རྗེ་གྲི་གུག་བྷནྡྷ་བསྣམས༔ ལྷོ་རུ་ཡོན་ཏན་རྟ་མགྲིན་སེར༔ ཞལ་གཅིག་ཕྱག་གཉིས་ཡུམ་དང་འཁྲིལ༔ རིན་ཆེན་གྲི་གུག་བྷནྡྷ་བསྣམས༔ ནུབ་ཏུ་གསུང་གི་རྟ་མགྲིན་དམར༔ ཞལ་གཅིག་ཕྱག་གཉིས་ཡུམ་དང་འཁྲིལ༔ པདྨ་གྲི་གུག་བྷནྡྷ་བསྣམས༔ བྱང་དུ་ཕྲིན་ལས་རྟ་མགྲིན་ལྗང༔ ཞལ་གཅིག་ཕྱག་གཉིས་ཡུམ་དང་འཁྲིལ༔ རྒྱ་གྲམ་གྲི་གུག་བྷནྡྷ་བསྣམས༔ ཡུམ་རྣམས་ཕྱག་གཡས་གྲི་གུག་འཁྱུད༔ གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ༔ ཐམས་ཅད་གར་དགུའི་ཚུལ་དུ་བཞུགས༔ བརྐྱང་བསྐུམ་གྱད་ཀྱི་འདོར་ཐབས་བགྲད༔ དེ་ཡི་ཕྱི་རིམ་རྩིབས་བརྒྱད་སྟེང༔ ཤར་དུ་རྡོ་རྗེ་མཁའ་འགྲོ་ནི༔ ཡབ་ཡུམ་དཀར་པོ་གྲི་ཐོད་འཛིན༔ ལྷོ་རུ་རིན་ཆེན་མཁའ་འགྲོ་ནི༔ ཡབ་ཡུམ་སེར་པོ་གྲི་ཐོད་འཛིན༔ ནུབ་ཏུ་པདྨ་མཁའ་འགྲོ་ནི༔ ཡབ་ཡུམ་དམར་པོ་གྲི་ཐོད་འཛིན༔ བྱང་དུ་ཀརྨ་མཁའ་འགྲོ་ནི༔ ཡབ་ཡུམ་ལྗང་ནག་གྲི་ཐོད་འཛིན༔ བྱང་ཤར་རྡོ་རྗེ་ཤུགས་འགྲོ་ནི༔ ཡབ་ཡུམ་ཕྱེད་ཞལ་གྲི་ཐོད་འཛིན༔ ཤར་ལྷོར་རིན་ཆེན་ཤུགས་འགྲོ་ནི༔ ཡབ་ཡུམ་ཕྱེད་ཞལ་གྲི་ཐོད་འཛིན༔ ལྷོ་ནུབ་པདྨ་ཤུགས་འགྲོ་ནི༔ ཡབ་ཡུམ་ཕྱེད་ཞལ་གྲི་ཐོད་འཛིན༔ ནུབ་བྱང་ཀརྨ་ཤུགས་འགྲོ་ནི༔ ཡབ་ཡུམ་ཕྱེད་ཞལ་གྲི་ཐོད་འཛིན༔ ཀུན་ཀྱང་སྒེག་ཅིང་འགྱིང་བའི་གཟུགས༔ རྒྱན་དྲུག་དུར་ཁྲོད་ཆས་རྣམས་རྫོགས༔ ཡབ་ཡུམ་ཐབས་ཤེས་གཉིས་མེད་རོལ༔ དེ་ཡི་ཕྱི་རིམ་བར་ཁྱམས་ལ༔ སྤྲུལ་པ་བྱི་ལ་པུ་ཤུད་མགོ༔ ལས་བྱེད་ལྕམ་དྲལ་ལ་སོགས་པ༔ གཙོ་དང་འཁོར་དུ་ཡོངས་རྫོགས་བསྐྱེད༔ ཀུན་ཀྱང་སྤྱི་གཙུག་ལྗང་ཞུར་ནི༔ རྟ་སྐད་ཕྱོགས་བཅུར་གཙེར་ཞིང་འཚེར༔ སྒོ་བཞིར་རང་བྱུང་ཁྲོ་རྒྱལ་བཞི༔ ཤར་དུ་བཛྲ་ཧེ་རུ་ཀ༔ རྡོ་རྗེ་ལྕགས་ཀྱུ་བྷནྡྷ་བསྣམས༔ ལྷོ་རུ་རཏྣ་ཧེ་རུ་ཀ༔ རིན་ཆེན་ཞགས་པ་བྷནྡྷ་བསྣམས༔ ནུབ་ཏུ་པདྨ་ཧེ་རུ་ཀ༔ པདྨ་ལྕགས་སྒྲོག་བྷནྡྷ་བསྣམས༔ བྱང་དུ་ཀརྨ་ཧེ་རུ་ཀ༔ རྒྱ་གྲམ་དྲིལ་བུ་བྷནྡྷ་བསྣམས༔ ཀུན་ཀྱང་རབ་འཇིགས་རྔམས་པའི་ཚུལ༔ གསལ་སྟོང་ནམ་མཁའི་འཇའ་ལྟར་བསྒོམ༔ ཨོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཨེ་ཀ་ཙ་ཏི་ཏྲག་རཀྴ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དེ་ནས་སྤྱན་འདྲེན་པ་ནི༔ རོལ་མོའི་སྒྲས་བྱིན་དབབ་ཅིང་སྤྱན་དྲངས་ཏེ༔ ཧཱུྃ་ཧྲཱི༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ བདེ་ཆེན་དབང་དྲག་རོལ་པ་ཡི༔ བསྐལ་པའི་མེ་རླུང་འབར་ཀློང་ནས༔ དབང་གི་རྒྱལ་པོ་གཤེགས་སུ་གསོལ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང༔ མེ་ཕུང་འབར་བའི་དུར་ཁྲོད་ནས༔ དངོས་གྲུབ་མྱུར་དུ་སྩོལ་བའི་ལྷ༔ རྟ་སྐད་འཚེར་ཞིང་གཤེགས་སུ་གསོལ༔ དབང་གི་རྒྱལ་པོ་རྟ་མཆོག་དཔལ༔ རྡོ་རྗེ་ཕག་མོ་ཡུམ་དང་བཅས༔ དབང་གི་ལྷ་ཚོགས་མ་ལུས་རྣམས༔ བར་ཆད་སེལ་ཕྱིར་གཤེགས་སུ་གསོལ༔ དབང་ཆེན་རིགས་བཞི་ཡུམ་དང་བཅས༔ རྡོ་རྗེ་རིན་ཆེན་པདྨ་ལས༔ མཁའ་འགྲོ་གིང་དང་ཤུགས་འགྲོ་བཅས༔ ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ༔ སྤྲུལ་པ་ལས་བྱེད་བྱེ་བ་འབུམ༔ གར་དགུའི་སྟབས་ཀྱིས་གཤེགས་སུ་གསོལ༔ ཤར་ལྷོ་ནུབ་བྱང་ཕྱོགས་མཚམས་ནས༔ རིགས་བཞིའི་སྒོ་བ་གཤེགས་སུ་གསོལ༔ སྔོན་གྱི་ཐུགས་དམ་ཆེན་པོ་ཡིས༔ སྲིད་པ་རྡོ་རྗེ་དབང་གི་ལྷ༔ རྟགས་དང་མཚན་མ་བསྟན་པ་དང༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ དུར་ཁྲོད་གསང་བའི་གནས་མཆོག་འདིར༔ དབང་ཆེན་འཁོར་བཅས་གཤེགས་ནས་ཀྱང༔ གདུག་པ་མ་ལུས་འཇོམས་པ་དང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཧྱ་གྲཱི་ཝ་བཛྲ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ པདྨ་ཨ་བྷཱ་མུ་ཁ་ཡོ་གཱི་ཤྭ་རཱི་ཧྱ་གྲཱི་ཝ་ཧེ་ཧེ་ཧི་ཧི་ཧྲིཾ་ཧྲིཾ་ཛཿཛ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ སྤྲོས་མེད་བདེ་ཆེན་གཞལ་ཡས་དམ་པ་འདིར༔ བདག་དང་གཉིས་མེད་ངང་དུ་བསྒྲུབ་སླད་དུ༔ དྲེགས་པ་འཇོམས་ཤིང་སྲིན་པོ་འདུལ་བའི་ལྷ༔ དབང་གི་ལྷ་ཚོགས་འཁོར་དང་བཅས་པ་རྣམས༔ རྔམ་བརྗིད་འགྱིང་བའི་ཚུལ་གྱིས་བཞུགས་སུ་གསོལ༔ ཧྱ་གྲཱི་ཝ་བཛྲ་བཱ་ར་ཧཱི་པྲ་བེ་ཤ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ དབང་ཆེན་ཀུན་འདུས་རྟ་མགྲིན་དབང་གི་ལྷ༔ གསང་བའི་ཡུམ་མཆོག་ཨེ་ཀ་ཕག་མོའི་སྐུ༔ རྟ་གདོང་དབང་དྲག་འཁོར་དང་བཅས་པ་ལ༔ བརྐྱང་བསྐུམ་སྲིན་པོའི་གར་གྱིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ ཨ་ལ་ལ་ཧོ༔ དེ་ནས་ཕྱི་ནང་གསང་གསུམ་གྱི་མཆོད་པ་ལས༔ དང་པོ་ཕྱི་མཆོད་ནི༔ ཧཱུྃ༔ དབང་ཆེན་གསང་བའི་དཀྱིལ་འཁོར་དུ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་མཆོད་པའི་སྤྲིན༔ སྣང་སྲིད་མཆོད་པ་འབུལ་གྱིས་བཞེས༔ ཨོཾ་བཛྲ་པུཥྤེ་སོགས་བརྗོད༔ ནང་མཆོད་འབུལ་བ་ནི༔ ཧཱུྃ༔ དབང་ཆེན་གསང་བའི་ལྷ་ཚོགས་ལ༔ དབང་པོ་ལྔ་ཡི་མེ་ཏོག་དང༔ གསུར་ཆེན་བདུག་སྤོས་དྲི་ཡིས་མཆོད༔ ཞུན་ཆེན་སྣང་གསལ་མར་མེ་དང༔ རྡོ་རྗེ་དྲི་ཆུ་བྱུག་པས་མཆོད༔ རྡོ་རྗེ་དྲི་ཆེན་ཞལ་ཟས་དང༔ རྐང་གླིང་ཐོད་པའི་རྔ་སྒྲས་མཆོད༔ དུག་གསུམ་སྐུ་གསུང་ཐུགས་སུ་མཆོད༔ དུག་ལྔ་ཡེ་ཤེས་ལྔ་རུ་མཆོད༔ སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད༔ མ་ཧཱ་པཉྩ་པཱུ་ཛ་ཧོ༔ གསང་བའི་མཆོད་པ་ནི༔ ཧཱུྃ༔ ཡབ་ཡུམ་ཐབས་ཤེས་སྦྱོར་བ་ལས༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་ཆུ༔ སྨྲར་མེད་བདེ་བའི་གསང་མཆོད་ཀྱིས༔ དབང་ཆེན་ལྷ་ཚོགས་མཉེས་གྱུར་ཅིག༔ བོ་དྷི་ཙིཏྟ་མ་ཧཱ་པཱུ་ཛ་པཉྩ་ས་མ་ཡེ་པཱུ་ཛ་ཧོ༔ དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི༔ ཧཱུྃ༔ ཐམས་ཅད་མཉམ་རྫོགས་བྱང་ཆུབ་སེམས༔ སྣང་སྟོང་དྲན་རྟོག་ཡེ་ཤེས་ལྷ༔ ཐམས་ཅད་ཀུན་བཟང་ཁྱབ་བརྡལ་ངང༔ དམིགས་མེད་ངང་དུ་མཆོད་པ་བཞེས༔ ས་མཱ་ཏི་ཨ་བྷེ་ཤ་ཡ་པཱུ་ཙ་ཧོ༔ དེ་ནས་སྨན་མཆོད་འབུལ་བ་ནི༔ ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་བདུད་རྩི་ཨ་མྲྀ་ཏ༔ དུག་ལྔ་གནས་འགྱུར་ཡེ་ཤེས་སྒྲུབ་པའི་རྫས༔ རོ་མཆོག་ཡོན་ཏན་ཀུན་དང་ལྡན་པ་འདི༔ གསོལ་ཞིང་མཆོད་དོ་འགྲོ་བའི་དོན་དུ་བཞེས༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ སྣང་བ་མཐའ་ཡས་འཕགས་མཆོག་འཇིག་རྟེན་མགོན། །པདྨ་ཐོད་ཕྲེང་མཁའ་འགྲོ་མཚོ་རྒྱལ་མ། །དཀོན་མཆོག་འབྱུང་གནས་རཏྣ་གླིང་པ་ལ། །ཡེ་ཤེས་བདུད་རྩི་སྨན་གྱི་མཆོད་པ་འབུལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། ཚེ་དབང་གྲགས་པ་ངག་དབང་གྲགས་པའི་དཔལ། །ཤཱཀྱ་བཀྲ་ཤིས་པདྨ་དབང་ཕྱུག་དང། །བཀྲ་ཤིས་དབང་ཕྱུག་པདྨ་དབང་དྲག་ལ། །ཡེ་ཤེས་བདུད་རྩི་སྨན་གྱི་མཆོད་པ་འབུལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། ཀརྨ་ཆགས་མེད་ཀུན་བཟང་ཤེས་རབས་ཞབས། །ལྷུན་གྲུབ་རྒྱ་མཚོ་པདྨ་ནོར་བུ་དང་། །ཀརྨ་ཆོས་དཔལ་ཀརྨ་ལྷ་དབང་ལ། །ཡེ་ཤེས་བདུད་རྩི་སྨན་གྱི་མཆོད་པ་འབུལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། ཀརྨ་འགྱུར་མེད་གསང་སྔགས་བསྟན་འཛིན་སོགས། །རྩ་བརྒྱུད་བླ་མ་དབང་ཆེན་དཀྱིལ་འཁོར་ལྷ། །མཁའ་འགྲོ་ཆོས་སྐྱོང་བཀའ་གཏེར་སྲུང་མ་ལ། །ཡེ་ཤེས་བདུད་རྩི་སྨན་གྱི་མཆོད་པ་འབུལ། །སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་ལྷ་ཚོགས་གཞན་རྣམས་ལ་མཚན་དོན་སྦྱར་རོ། །དེ་ནས་གཏོར་མ་འབུལ་བ་ནི༔ ཧཱུྃ༔ ཕྱི་ནང་དམ་རྫས་གསང་བའི་གཏོར་ཆེན་པོ༔ སྣང་སྲིད་གཞིར་བཞེངས་འདོད་ཡོན་རོ་མཆོག་སྤུངས༔ ཤ་ཁྲག་དམར་དང་ཞག་གི་སྤྲིན་དུ་གཏིབས༔ དབང་ཆེན་ལྷ་ཚོགས་ཞལ་དུ་རོལ་ཅིང་བཞེས༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་རཀྟའི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ དུག་གསུམ་རྩད་གཅོད་དགྲ་བགེགས་སྒྲོལ༔ འཁོར་འདས་མཉམ་རྫོགས་བྷནྡྷར་བསྐྱིལ༔ དུག་ལྔ་གནས་སུ་གཞོམ་པའི་ཕྱིར༔ དབང་གི་ལྷ་ཚོགས་ཞལ་དུ་འབུལ༔ མ་ཧཱ་རཀྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ དེ་ནས་སྦྱོར་སྒྲོལ་གྱི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཡབ་ཡུམ་ཐབས་ཤེས་སྦྱོར་བ་ལས༔ རྡོ་རྗེ་པདྨའི་འདུ་བྱེད་ཀྱིས༔ ཉོན་མོངས་འདོད་ཆགས་ཐལ་བར་བརླག༔ སྦྱོར་བའི་མཆོད་པ་བཞེས་སུ་གསོལ༔ སརྦ་པཉྩ་བོ་དྷི་ཙིཏྟ་གྷ་ན་པཱུ་ཙ་ཁཱ་ཧི༔ བསྒྲལ་མཆོད་བྱ་བ་ནི༔ ཧཱུྃ༔ བདག་ཉིད་དབང་ཆེན་ང་རྒྱལ་གྱིས༔ ཉམས་པའི་རུ་དྲ་འགུག་ཅིང་བསྒྲལ༔ ཁྲོ་ཚོགས་འབར་བའི་ཞལ་དུ་བསྟབ༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ མ་ཏྲཾ་རུ་དྲ་པྲ་བྷན་ཙཀྲ་ཁཱ་ཧི༔ སྐབས་འདིར་དབང་གི་རྟ་བྲོ་གླུ་མཆོད་བྱ་སྟེ༔ མཆེད་རྣམས་ལུ་གུ་རྒྱུད་དུ་སྦྲེལ༔ ཧཱུྃ༔ གླུ་དྲུག་ཚངས་པའི་དབྱིངས་སུ་སྦྱོར༔ ཁྲོ་བོའི་གླུ་ནི་བདུད་བཞི་འདུལ༔ ཞི་བའི་གླུ་དྲུག་དབྱིངས་སུ་གསལ༔ ལྟ་བའི་གླུ་དྲུག་མཐའ་དང་བྲལ༔ དབུ་མའི་གླུ་ནི་དགོངས་རྒྱུད་གསལ༔ གདུང་བའི་གླུ་ནི་མ་སྲིང་བསྟེན༔ ལས་ཀྱི་གླུ་ནི་ཕོ་ཉར་འགྱེད༔ ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་པཱུ་ཛ་ཧོ༔ བྲོ་ཡི་མཆོད་པ་ནི༔ ཧཱུྃ༔ ཁྲོ་བོའི་བྲོ་བརྡུང་དྲེགས་པ་འཇོམས༔ དཔལ་གྱི་བྲོ་བརྡུང་བདུད་བཞི་འདུལ༔ དབང་གི་བྲོ་བརྡུང་སྲིན་པོ་འདུལ༔ ལས་ཀྱི་བྲོ་བརྡུང་ཕོ་ཉར་འགྱེད༔ རྣལ་འབྱོར་བྲོ་བརྡུང་ཐམས་ཅད་བསྐུལ༔ ཏེ་ཏེ་ཧཱུྃ་ཏེ་ན་ཧཱུྃ༔ ཧཱུྃ༔ འདི་ནི་དཔལ་གྱི་ཐུགས་དམ་ཡིན༔ འདི་ནི་ཡུམ་གྱི་གསུང་ཚིག་ཡིན༔ འདི་ནི་མ་སྲིང་དངོས་གྲུབ་སྡུད༔ འདི་ནི་དཔལ་གྱི་ཕོ་ཉ་ཡིན༔ འདི་ནི་རྣལ་འབྱོར་ལྟ་བའི་བྲོ༔ དགྲ་བགེགས་བདུད་བཞི་འཇོམས་པའི་བྲོ༔ དེ་ཕྱིར་གླུ་བྲོ་རྒྱུན་མི་ཆད༔ ཨ་ལ་ལ་ཧོ་ས་མ་ཡ་པཱུ་ཙ་ཧོ༔ དེ་ནས་དབང་ཆེན་གཙོ་འཁོར་ལ་བསྟོད་པ་བྱ་བ་ནི༔ ཧཱུྃ༔ ཆོས་ཉིད་རྣམ་དག་སྤྲོས་དང་བྲལ་བ་ལས༔ ཐུགས་རྗེ་རོལ་པ་གཟུགས་ཀྱི་སྐུར་སྟོན་པ༔ འདོད་ཆགས་གསུང་གི་པདྨ་ཧེ་རུ་ཀ༔ རྔམ་བརྗིད་འཇིགས་པའི་སྐུ་མཆོག་ཁྱད་པར་ཅན༔ དུར་ཁྲོད་ཆེན་པོ་འབར་བའི་གཞལ་ཡས་ནས༔ བསྐལ་པའི་མེ་ཆེན་དམར་ནག་འབར་བའི་ཀློང༔ ཀླུ་བརྒྱད་བདུད་བཞི་ཉི་ཟླའི་གདན་སྟེང་ན༔ གསུང་གི་བདག་ཉིད་དབང་ཆེན་པདྨའི་སྐུ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་འདོར་ཐབས་བགྲད༔ གཡས་ཞལ་དཀར་ལ་བཞད་པར་བསྟན་པ་ནི༔ ཆོས་ཀྱི་སྐུ་ལ་ཉེས་པའི་སྐྱོན་དང་བྲལ༔ ཞལ་གཡོན་སྔོ་ལ་དྭངས་པར་བསྟན་པ་ནི༔ ཐུགས་རྗེའི་སྤྲུལ་པ་སེམས་ཅན་དོན་ལ་ཆགས༔ དབུས་ཞལ་དམར་ལ་རྔམ་པར་བསྟན་པ་ནི༔ རྒྱལ་བ་ཀུན་གྱི་ཡོན་ཏན་རྫོགས་པའི་རྟགས༔ སྤྱན་དགུ་སྡང་མིག་དམར་པོ་བགྲད་པ་ནི༔ ཐེག་པ་དགུ་ཡིས་འགྲོ་བའི་དོན་མཛད་རྟགས༔ སྙན་དྲུག་འགྲོ་བའི་རང་སྒྲ་དབྱིངས་སུ་གནས༔ ཤངས་གསུམ་ཏིང་འཛིན་དོན་ལ་མངའ་བརྙེས་ཤིང༔ ལྗགས་གསུམ་ཐེག་པ་གསུམ་གྱི་ཆོས་སྒྲ་སྒྲོག༔ ཡེ་ཤེས་མཆེ་བས་སྐྱེ་འཆི་རྩད་ནས་གཅོད༔ དབུ་སྐྲ་ཁམ་སེར་སྲིད་གསུམ་གྱེན་དུ་འཁྱིལ༔ ཞལ་གདངས་མཆེ་གཙིགས་སྤྱན་མིག་གློག་ལྟར་འགྱུ༔ སྨ་ར་ཨག་ཚོམ་བསྐལ་པའི་མེ་ལྟར་འཁྱིལ༔ ཧཱུྃ་དང་ཕཊ་ཀྱི་སྒྲ་ཆེན་འབྲུག་སྟོང་ལྡིར༔ ཡེ་ཤེས་ལྔ་ལྡན་དབུ་ལ་རིགས་ལྔས་བརྒྱན༔ ཕྱག་མཚན་དྲུག་ནི་ཕ་རོལ་ཕྱིན་དྲུག་རྫོགས༔ གྲི་གུག་འབར་བས་སྐྱེ་འཆི་རྩད་ནས་གཅོད༔ གནམ་ལྕགས་རལ་གྲིས་འཁོར་བ་རབ་ཏུ་གཏུབས༔ ཁ་ཊྭཱཾ་རྩེ་གསུམ་དུག་གསུམ་རྩད་ནས་གཅོད༔ ཐུགས་རྗེས་ཆགས་པའི་ཐོད་ཁྲག་ཞལ་དུ་གསོལ༔ དབྱིངས་དང་ཡེ་ཤེས་གཉིས་མེད་དྲིལ་བུ་འཁྲོལ༔ དབང་གི་ལྕགས་སྒྲོག་རྒྱུ་ཞགས་འཁོར་བ་འདྲེན༔ ཞབས་བཞི་ཕྲིན་ལས་རྣམ་བཞིས་བདུད་བཞི་འཇོམས༔ དྲེགས་པ་ཀླུ་ཆེན་རྟག་ཆད་མཐའ་གཉིས་གྲོལ༔ གླང་ཆེན་ཀོ་རློན་སྟོབས་བཅུ་ལྷུན་གྱིས་རྫོགས༔ ཞིང་གི་གཡང་གཞི་དཔའ་གཏུམ་སྟག་ཤམ་བརྒྱན༔ སྦྲུལ་ཆུན་མགོ་ཕྲེང་དུག་གསུམ་འཁོར་བ་འདྲེན༔ རྡོ་རྗེ་རིན་ཆེན་གཤོགས་པ་ཐབས་ཤེས་ཚུལ༔ རྟ་མགོ་ལྗང་ཞུར་སྲིད་གསུམ་དབང་དུ་སྡུད༔ རྡོ་རྗེའི་གོ་ཁྲབ་དུས་གསུམ་འགྱུར་བ་མེད༔ རཀྟའི་ཐིག་ལེ་ཐུགས་རྗེ་ཆགས་པའི་རྟགས༔ ཞག་གི་ཟོ་རིས་དོན་དམ་བཅུད་མཚོན་ཞིང༔ ཐལ་ཆེན་ཚོམ་བུ་འདུལ་བྱེད་ཕྲིན་ལས་བདག༔ རབ་མཛེས་རྒྱན་གྱིས་བཀླུབས་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ ཐབས་དང་ཤེས་རབ་གཉིས་མེད་གསང་བའི་ཡུམ༔ རྡོ་རྗེ་ཕག་མོ་འཇིགས་བྱེད་དཔལ་འབར་མ༔ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཏེ༔ ཆགས་པའི་མདངས་ལྡན་ཕྱག་གཡས་གྲི་གུག་འཁྱུད༔ ཕྱག་གཡོན་ཐོད་ཁྲག་གཙོ་བོའི་ཞལ་དུ་སྟོབ༔ བདེ་བའི་གར་སྟབས་རོལ་པའི་འཛུམ་མདངས་ཅན༔ ཕྱག་རྒྱ་ལྔ་དང་རུས་པའི་རྒྱན་དྲུག་མཛེས༔ དབུ་སྐྲ་སེར་འབོལ་ཐུར་དུ་འཕྱང་ཞིང་གྲོལ༔ གཞོན་ནུ་ལང་ཚོ་མཛེས་པའི་མདངས་ལྡན་མ༔ གཉིས་མེད་སྐུ་ལ་འཁྲིལ་ནས་མཉེས་མཆོད་མཛད༔ འདོད་ཆགས་ཁྲོས་པའི་ཡུམ་ལ་ཕྱག་འཚལ་བསྟོད༔ སྐུ་ལས་སྤྲུལ་པའི་དབང་ཆེན་རིགས་བཞི་ནི༔ ཞལ་གཅིག་ཕྱག་བཞི་རིགས་ཀྱི་སྐུ་མདོག་མཛེས༔ གྲི་ཐོད་བསྣམས་ཤིང་དུར་ཁྲོད་དཔལ་ཆས་རྫོགས༔ རིགས་དང་མཐུན་པར་རང་རང་ཡུམ་དང་འཁྲིལ༔ འབར་བའི་གར་ལྡན་རྟ་སྐད་ཕྱོགས་བཅུར་སྒྲོག༔ ཕྲིན་ལས་རྣམ་བཞི་མཛད་ལ་ཕྱག་འཚལ་བསྟོད༔ རྡོ་རྗེ་རིན་ཆེན་པདྨ་ལས་མཁའ་འགྲོ༔ དཔའ་བོ་གིང་དང་ཐབས་ཤེས་གཉིས་མེད་སྦྱོར༔ གྲི་གུག་ཐོད་ཁྲག་བསྣམས་ཤིང་རྒྱན་རྣམས་རྫོགས༔ རིགས་བཞི་མཁའ་འགྲོ་གིང་ལ་ཕྱག་འཚལ་བསྟོད༔ རིགས་བཞི་ཤུགས་འགྲོ་ཡབ་ཡུམ་གཉིས་མེད་སྦྱོར༔ རིགས་ཀྱི་ཕྱེད་ཞལ་དབུ་སྐྲ་ཐོར་ཚུགས་ཅན༔ ཞིང་གི་གཡང་གཞི་རྒྱན་དྲུག་དག་གིས་སྤྲས༔ མཐུ་རྩལ་རྫུ་འཕྲུལ་ཅན་ལ་ཕྱག་འཚལ་བསྟོད༔ བྱི་ལ་པུ་ཤུད་ལས་བྱེད་ལྕམ་དྲལ་བཞི༔ དམར་ནག་འབར་བ་ཁྲག་གི་རལ་པ་གཟིངས༔ མི་སྡུག་གཟུགས་འཆང་མཚོན་ཆ་སྣ་ཚོགས་འཛིན༔ ཡང་སྤྲུལ་ཕོ་ཉ་ལས་བྱེད་ཚོགས་དང་བཅས༔ གཙོ་བོའི་བཀའ་ཉན་ཕྲིན་ལས་ཐོགས་མེད་སྒྲུབ༔ བསྟན་པ་སྲུང་མཛད་ཚོགས་ལ་ཕྱག་འཚལ་བསྟོད༔ ཕོ་བྲང་དཀྱིལ་འཁོར་ཆེན་པོའི་སྒོ་བཞི་ན༔ རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས༔ ཞི་རྒྱས་དབང་དྲག་ཕྲིན་ལས་མ་ལུས་མཛད༔ འཛིན་འཆིང་སྡོམ་རྡེག་ཡེ་ཤེས་སྒོ་བའི་ཚུལ༔ སྒོ་བཞི་སྐྱོང་མཛད་ཁྲོ་རྒྱལ་ཆེན་པོ་བཞི༔ གང་འདུལ་ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད་དོ༔ དེ་ནས་ཛཔ྄་ཀྱི་དགོངས་པ་ནི༔ ཧཱུྃ་ཧྲཱི༔ བདེ་གཤེགས་རྒྱལ་བའི་དཀྱིལ་འཁོར་དུ༔ རང་བྱུང་ཡེ་ཤེས་དབང་གི་ལྷ༔ མཁའ་འགྲོ་གིང་དང་རིག་འཛིན་བཅས༔ ལྷུན་གྲུབ་ལོངས་སྐུའི་དཀྱིལ་འཁོར་ནས༔ གྲགས་སྟོང་གསུང་གི་སྔགས་སྒྲ་སྒྲོགས༔ སྤྲོས་པས་རྒྱལ་བ་མཆོད་པས་མཉེས༔ བསྡུས་པས་དངོས་གྲུབ་བདག་ལ་ཐིམ༔ གསང་བ་གསུམ་གྱི་དཀྱིལ་འཁོར་ནི༔ ཇི་སྲིད་སངས་རྒྱས་མ་ཐོབ་བར༔ ནམ་ཡང་གཏང་བའི་དུས་མེད་དོ༔ ཞེས་ཛཔ྄་ཀྱི་དགོངས་པས་གསལ་གདབ་ཅིང་དམ་བཅའ་སྟེ༔ ཛཔ྄་སྲིན་པོའི་ངུར་དབྱངས་ལྟར་བཟླའོ༔ ཨོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧྱ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛཿཛ༔ ཞེས་གྲངས་རྟགས་ལ་སྦྱར་རོ༔ སྐབས་སུ་སྟོང་ཚིགས་ཀྱིས་མཆོད་ཅིང་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ དགོངས་ཤིག་བླ་མ་ཡི་དམ་མཁའ་འགྲོ་དང༔ དབང་ཆེན་གསང་བ་འདུས་པའི་ལྷ༔ མ་ལུས་ཐམས་ཅད་དགོངས་སུ་གསོལ༔ བདག་ཅག་སྐལ་ལྡན་སྒྲུབ་པ་པོ༔ བསྙེན་སྒྲུབ་ལས་སྦྱོར་མཐའ་རུ་ཕྱིན༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཉམས་ཆག་འགལ་འཁྲུལ་ཐམས་ཅད་བཤགས༔ ཨོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཧཱུྃ༔ ཞེས་དངོས་གྲུབ་བླང༔ དེ་ནས་རྗེས་ཀྱི་ལས་འགྲིགས་ལྔ་ལས༔ དང་པོ་ཚོགས་མཆོད་བྱ་བ་ནི༔ ཚོགས་རྒྱས་པར་བཤམས་ལ༔ བདུད་རྩིས་བསང༔ སྭ་བྷཱ་བའི་སྔགས་བརྗོད་ནས༔ ཧཱུྃ༔ རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས༔ ཆོས་རྣམས་སྒྱུ་མར་རིག་པའི་ཕྱིར༔ དངོས་དང་དངོས་འཛིན་བག་ཆགས་ཀུན༔ ཡི་གེ་རཾ་ཡཾ་ཁཾ་གསུམ་གྱིས༔ བསྲེགས་ཤིང་བཀྲུས་ཏེ་གཏོར་བར་བྱ༔ དག་པར་མ་གྱུར་གང་ཡང་མེད༔ རཾ་ཡཾ་ཁཾ་སྭཱ་ཧཱ༔ གཉིས་པ་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧོ༔ ཡེ་ཤེས་རྣམ་ལྔའི་རང་བཞིན་ལས༔ ཞལ་ཟས་དངོས་པོ་ཡི་གེ་ལྔ༔ ཡི་གེ་སྒྲ་དང་བཅས་པ་ཡིས༔ ཚོགས་ཀྱང་འོད་དུ་ལྟེམས་ཀྱིས་ཞུ༔ འོད་ཕུང་འབར་བའི་བྱིན་རླབས་ཀྱིས༔ རྒྱལ་བའི་ཐུགས་དམ་བསྐང་གྱུར་ཅིག༔ ཅེས་བྱིན་གྱིས་བརླབ་བོ༔ དེ་ནས་ཚོགས་དང་པོ་འབུལ་བ་ནི༔ ཧཱུྃ༔ དུས་གསུམ་བླ་མ་ཡི་དམ་ལྷ༔ རྟ་མགྲིན་ལྷ་ཚོགས་གཙོ་དང་འཁོར༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི༔ བར་པ་བསྐང་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་དབང་ཆེན་ཚོགས༔ བདག་ཅག་ལུས་ངག་ཡིད་གསུམ་གྱིས༔ བག་མེད་ཉམས་ཆག་འཁྲུལ་པ་རྣམས༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ཨ་ཧོཿམ་ཧཱ་སུ་ཁ་ས་མ་ཡ་ཧོ༔ ཞེས་བསྐང་ཞིང་བཤགས་སོ༔ ཐ་མ་བསྒྲལ་མཆོད་བྱ་བ་ནི༔ དགྲ་བགེགས་ཀྱི་རཱུ་པ་བྱ་སྟེ༔ ཨ་མུ་ཀ་ནྲྀ་ཏྲི་ཧྲིཾ་བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷཎྜེ་ཧོ༔ ཞེས་བཀུག་ཅིང་བསྟིམ་པར་བྱ༔ ཨོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་པས་བདག་ཉིད་ཀྱི་སྟོད་རྟ་མགྲིན་གཞུང་བཞིན་ལ་སྨད་ཕུར་པའི་དབལ་མགར་གྱི་སོལ་མེ་ནས་ཕྱུང་པ་ལྟར་བསྐྱེད་ལ༔ ཧཱུྃ༔ ང་ནི་རྟ་མགྲིན་ཡབ་ཡུམ་སྟེ༔ སྟོད་ནི་ཞལ་གཅིག་ཕྱག་གཉིས་པ༔ གནམ་ལྕགས་འབར་བའི་ཕུར་པ་འདྲིལ༔ སྨད་ནི་ལྕགས་ཕུར་ཚྭ་ཚྭ་འཕྲོ༔ ནམ་མཁའི་མཐོང་ནས་འདྲིལ་ཞིང་འདེབས༔ བཏབ་ན་ལྷ་ཡང་བརླག་པར་འགྱུར༔ གནོད་བྱེད་དགྲ་བགེགས་སྨོས་ཅི་དགོས༔ རྒྱ་མདུད་སྟེང་ནས་འབྲུག་སྟོང་ལྡིར༔ ཆངས་བཟུང་མཚམས་ནས་གློག་དམར་འཁྱུག༔ ཆུ་སྲིན་ཁ་ནས་ཚྭ་ཚྭ་འཕྲོ༔ གཟིར་བ་ཙམ་གྱིས་རྡུལ་དུ་བརླག༔ དགྲ་བགེགས་སྟེང་དུ་མཱ་ར་ཡ༔ ཨ་མུ་ཀ༔ ཨུ་ཙ་ཏ་ཡ་ཕཊ༔ ཅེས་བསྒྲལ་ལ༔ ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ ཕྱེས་ཤིག་ཕྱེས་ཤིག་ཞལ་ཕྱེས་ཤིག༔ དབང་ཆེན་གསང་བའི་ལྷ་ཚོགས་རྣམས༔ མཁའ་འགྲོ་གིང་དང་ཤུགས་འགྲོར་བཅས༔ དགྲ་བགེགས་བསྒྲལ་པའི་ཤ་ཁྲག་འདི༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ མགུལ་དུ་སྒྲིམས་ཤིག་ཨཱ་རལླི༔ བཞེས་ཤིག་ལྷག་མ་མེད་པར་རོལ༔ ཅེས་འབུལ་ལོ༔ དེ་ནས་རྡོ་རྗེ་སློབ་དཔོན་ནས་རིམ་པར་དྲངས་ཏེ༔ གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས༔༴ ཅེས་དྲང་ངོ༔ པདྨའི་ཕྱག་རྒྱས་བསྐོར་ཞིང༔ ཧོ༔ རིན་ཐང་མེད་ལས་ལེགས་འོང་ཆོས༔༴ ཅེས་པས། ཨ་ལ་ལ་མ་ཧཱ་སུ་ཁ་ཧོ༔ དེ་ནས་ལྷག་མཆོད་བཤམས་ཏེ༔ དཀྱིལ་འཁོར་ཤར་ལྷོར་ཞིང་གི་གདན་ལ་ལྷག་མ་ཁ་ཆུས་བྲན༔ དཔལ་གཏོར་ནས་ཀྱུ་གུ་གཅིག་ཀྱང་བླངས་ནས་ལྷག་གཏོར་དུ་བཞག༔ བདུད་རྩི་ཡང་བྲན་ལ༔ བྷྱོ༔ དབང་གི་བཀའ་ཉན་ལྷག་སྡུད་ནི༔ ལས་ཀྱི་མཁའ་འགྲོ་མི་སྲུན་མ༔ ཤིན་ཏུ་རབ་འཇིགས་ཀེང་རུས་གཟུགས༔ ཡན་ལག་རུས་པའི་འཁོར་ལོས་བརྒྱན༔ སྙིང་ཁྲག་འཐུང་ཞིང་རྐན་སྒྲ་རྡེབ༔ རྐང་མགྱོགས་བརྟུལ་ཞུགས་རྫུ་འཕྲུལ་ཅན༔ ལྷག་མའི་མཆོད་གཏོར་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོ༔ འཇིག་རྟེན་མཁའ་འགྲོ་རྫུ་འཕྲུལ་ཅན༔ ཤ་ཟ་མཁའ་འགྲོ་ཡང་སྤྲུལ་བཅས༔ ལྷག་སྡུད་མ་མོ་མཁའ་འགྲོའི་ཚོགས༔ སྐུ་མདོག་ཕྱག་མཚན་མ་ངེས་ཏེ༔ རྣམ་པ་སྣ་ཚོགས་ངེས་མེད་ཅན༔ དམ་ཉམས་དགྲ་བོའི་ཤ་ཁྲག་རོལ༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ལྷག་མ་བཏང་ངོ༔ དེ་ནས་ལས་ལ་བསྐུལ་བ་ནི༔ གཏོར་མར་ཕུད་དང་རཀྟས་སྦྲེང༔ ཤ་ཆེན་གྱི་དུད་པ་བཏང༔ རོལ་མོའི་སྒྲ་བསྒྲག་སྟེ༔ བྷྱོ༔ དུར་ཁྲོད་རབ་འཇིགས་མེ་ཕུང་ཀློང༔ ཀེང་རུས་ཤ་ཁྲག་རྒྱ་མཚོ་འཁྱིལ༔ ཤ་ཟ་གཅན་གཟན་མང་པོའི་གནས༔ ཁྲོ་བཅུ་རྒྱུ་བར་མི་ནུས་ཤིང༔ ཕྱག་ན་རྡོ་རྗེ་སྐྱི་གཡའི་གནས༔ དེ་འདྲའི་གནས་མཆོག་ཆེན་པོ་ནས༔ དུས་གསུམ་སངས་རྒྱས་ཀུན་གྱི་གཙོ༔ བདེ་གཤེགས་དབང་ཆེན་ཡབ་ཡུམ་བཞུགས༔ ཡབ་ཡུམ་སྐུ་ཡི་འཁོར་ལོ་ལ༔ མཁའ་འགྲོ་འབུམ་ཚོ་ཉི་ཤུ་རྫོགས༔ བསྐུལ་ལོ་གཙོ་འཁོར་ལས་ལ་བསྐུལ༔ ཤ་ཁྲག་དམར་གཏོར་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ གཞན་ཡང་ཡེ་ཤེས་སྣོད་བཅུད་དང༔ ཕྱི་ནང་ལས་ལ་གྲུབ་པའི་ཚོགས༔ ཉི་ཤུ་རྩ་བཞིའི་གནས་རྣམས་ཉུལ༔ སྲས་དང་ཕྲ་མེན་དབང་ཕྱུག་སོགས༔ སྐུ་མདོག་ཕྱག་མཚན་མ་ངེས་ཏེ༔ གྲི་གུག་ཁ་ཊྭཱཾ་ཐོད་ཁྲག་དང༔ རྔེའུ་ཆུང་རྡེག་འཇོམས་མཚོན་ཆ་འཛིན༔ སྐུ་རེགས་དྲིལ་བུ་གཡེར་ཁས་བརྒྱན༔ དར་དཔྱང་རུས་པའི་རྒྱན་དྲུག་གསོལ༔ དབུ་རྒྱན་དར་དཔྱང་ཅོད་པན་ཅན༔ རླུང་གིས་སྐྱོད་ཅིང་པུ་རུ་རུ༔ རྐང་པ་རྡོ་རྗེའི་སྒེག་འགྲོས་ཅན༔ མཁའ་ལ་ཐོགས་མེད་བུན་ནེ་བུན༔ ལག་པ་གསེར་གྱི་གདུ་བུ་ཅན༔ སྣ་ཚོགས་གར་བྱེད་ཁྱུགས་སེ་ཁྱུག༔ ཕྲིན་ལས་གཅིག་ཏུ་མ་ངེས་ཏེ༔ ཕྲིན་ལས་རྣམ་བཞི་ཐོགས་མེད་བསྒྲུབ༔ ཤ་ཁྲག་དམར་གཏོར་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་དྲག་ཏུ་བསྐུལ་ན་ཕྲིན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ༔ དེ་ནས་ཆད་མདོ་བྱ་བ་ནི༔ ཧཱུྃ་ཧྲཱི༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ ནུབ་ཕྱོགས་བདེ་ཆེན་འབར་བའི་དཀྱིལ་འཁོར་དུ༔ བཅོམ་ལྡན་དབང་ཆེན་པདྨ་ཧེ་རུ་ཀས༔ རྟ་སྐད་ཐེངས་གསུམ་སྣང་སྲིད་མ་མོ་དབང་དུ་བསྡུས༔ ཐ་ཚིག་གསུམ་གྱིས་དམ་ལ་བཏགས་པའི་ཚེ༔ རྡོ་རྗེ་ཕག་མོ་ལ་སོགས་མཁའ་འགྲོ་བྱེ་བ་བརྒྱས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལ་མ་འདའ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་ལོངས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་ཧྲཱི༔ དེ་འོག་བར་གྱི་བསྐལ་པའི་དབུས་མ་ལ༔ ཤར་ཕྱོགས་རི་བོ་ཏ་ལའི་ཕོ་བྲང་དུ༔ དབང་ཆེན་རྟ་མགྲིན་གསང་བ་འདུས་པ་ཡི༔ འགྲོ་འདུལ་དབང་གི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ རིགས་འདུས་མཁའ་འགྲོ་འབུམ་ཕྲག་ཉི་ཤུ་ཡིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལ་མ་འདའ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་ལོངས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་ཧྲཱི༔ དེ་འོག་བར་གྱི་དུས་ཚིགས་དབུས་མ་ལ༔ དཔལ་གྱི་བསམ་ཡས་ཨརྻ་པ་གླིང་དུ༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་དང༔ སློབ་མའི་དྭངས་མ་རྗེ་འབངས་གྲོགས་ལྔ་ཡིས༔ དབང་ཆེན་གསང་བའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཡེ་ཤེས་ལས་ཀྱི་མཁའ་འགྲོ་ཐམས་ཅད་ཀྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལ་མ་འདའ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་ལོངས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་ཧྲཱི༔ དེ་འོག་བར་གྱི་བསྐལ་པའི་ཐ་མ་ལ༔ ལྷོ་བྲག་མཁར་ཆུ་གཉན་གྱི་དབེན་གནས་སུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ ནམ་སྙིང་མཚོ་རྒྱལ་རྒྱལ་བ་མཆོག་དབྱངས་དང༔ ལང་གྲོ་ལོ་ཙཱ་ཤེལ་དཀར་རྡོ་རྗེ་འཚོས༔ པདྨ་དབང་གི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བསེ་ལང་མཁའ་འགྲོ་བཀའ་སྡོད་སྒྲོལ་གིང་བཞི༔ གཏེར་སྲུང་དམ་ཅན་རྒྱ་མཚོ་ཐམས་ཅད་ཀྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལ་མ་འདའ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་ལོངས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་ཧྲཱི༔ དེ་འོག་ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ དཔལ་རི་པདྨ་འོད་ཀྱི་གཞལ་ཡས་སུ༔ རིག་འཛིན་ཆེན་པོ་པདྨ་འབྱུང་གནས་དང༔ ཆོས་ཀྱི་བདག་པོ་རཏྣ་གླིང་པ་ཡིས༔ དབང་ཆེན་ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དབང་གི་བཀའ་ཉན་དམ་ཅན་ཐམས་ཅད་ཀྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལ་མ་འདའ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་ལོངས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་ཟོར་དུ་འཕང་བ་ནི༔ ཧཱུྃ༔ ང་ནི་དབང་ཆེན་འབར་བའི་སྐུ༔ སྟེང་འོག་ཕྱོགས་མཚམས་གནས་པ་ཡི༔ ལྷ་ཀླུ་ཕྱོགས་སྐྱོང་གཞི་བདག་རྣམས༔ ཐམས་ཅད་རང་རང་སྐུ་ཟུར་ཅིག༔ དབང་ཆེན་མཐུ་སྟོབས་འདུས་པ་ཡི༔ གཏོར་ཟོར་མཚོན་ཆའི་འཁོར་ལོ་འདི༔ གདུག་པའི་དགྲ་དང་བགེགས་ལ་འཕེན༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ ཨོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་བཛྲ་ཙཎྜ་སརྦ་དུཥྚཱན་ཨེ་ཛ་བྷྱོ་ཧཱུྃ་ཕཊ༔ ཅེས་སྒྲ་དི་རི་རི་ཟོར་ལས་བྱའོ༔ དེ་ནས་གཏོར་མ་དཔགས་ཏེ་བརྟན་མ་སྐྱོང་བ་ནི༔ བྷྱོ༔ དཔལ་ཆེན་ཡབ་ཡུམ་བཀའ་ཉན་པ༔ རྡོ་རྗེ་རིགས་ཀྱི་ཌཱ་ཀི་བདུན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ ཞི་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོ༔ རིན་ཆེན་རིགས་ཀྱི་ཌཱ་ཀི་བདུན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ རྒྱས་པའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོ༔ པདྨ་རིགས་ཀྱི་ཌཱ་ཀི་བདུན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ དབང་གི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོ༔ ལས་ཀྱི་རིགས་ཀྱི་ཌཱ་ཀི་བདུན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོ༔ དབང་ཆེན་ཡབ་ཡུམ་བཀའ་སྡོད་ཚོགས༔ དབང་ཕྱུག་ཉེར་བརྒྱད་སུམ་ཅུ་གཉིས༔ གིང་དང་ལངྐ་དུར་ཁྲོད་བདག༔ མ་བདུན་སྒོ་བཞི་སྲིང་མོ་བཞི༔ འབར་བརྒྱད་དྲུག་ཅུ་རྩ་བཞིའི་ཚོགས༔ དབང་ཆེན་པདྨའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་དེ་བཞིན་དུ༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་གཏོར་གཞོང་བདུད་རྩིས་བཤལ་ལ་མཆོད་དོ༔ དེ་ནས་རྟ་བྲོ་བྱ་ཞིང་གཏོར་གཞོང་ཁ་སྦུབས་ལ་འོག་ཏུ་ལིངྒ་བཞག་ལ་འདི་སྐད་དོ༔ ཧྲཱི༔ དམར་ནག་གྲུ་གསུམ་དཀྱིལ་འཁོར་ནས༔ ཁྲོ་རྒྱལ་རྟ་མགྲིན་ཁྲོས་པའི་སྐུ༔ གཉིས་མེད་རྡོ་རྗེ་ཕག་མོ་ཡུམ༔ གྲི་གུག་ཐོད་ཁྲག་ཁ་ཊྭཱཾ་འཛིན༔ རྟ་མགོ་ཕག་ཞལ་སྒྲ་སྒྲོག་ཅིང༔ སྡུག་བསྔལ་ནད་ཀྱི་ཚོམ་བུ་ལ༔ རོལ་པའི་རྟ་བྲོ་ཆེམས་སེ་ཆེམ༔ རྟ་བྲོ་འཁོར་གཅིག་དང་པོ་ལ༔ བདུད་བཞི་འཇོམས་པ་ཆེན་པོའི་བྲོ༔ ང་རྒྱལ་འཇོམས་པའི་མཁའ་འགྲོ་མ༔ ཞིང་བཅུའི་ཚོགས་ལ་ད་རྡུངས་ཤིག༔ རྟ་བྲོ་འཁོར་གཉིས་བར་མ་ལ༔ སྲིན་པོ་ཤ་ཟའི་ལོངས་སྤྱོད་བྲོ༔ ཞེ་སྡང་འཇོམས་པའི་མཁའ་འགྲོ་མ༔ འབྱུང་པོའི་ཚོགས་ལ་ད་རྡུངས་ཤིག༔ རྟ་བྲོ་འཁོར་གསུམ་ཐ་མ་ལ༔ ཁམས་གསུམ་ཁྲག་འཐུང་ནད་ཀྱི་བྲོ༔ གཏི་མུག་འཇོམས་པའི་མཁའ་འགྲོ་མ༔ འཁོར་བའི་གཅོད་ནད་སྐྲན་ལ་རྡུངས༔ རྡུལ་དུ་རློགས་ཤིག་དགྲ་དང་བགེགས༔ རྒྱ་མཚོའི་གཏིང་སྦ་རི་རབ་མནན༔ འཁོར་བསྐྱོན་ཆུ་སྲིན་ཁ་རུ་བོར༔ ཨོཾ་ཨཱཿཧཱུྃ་སཏྭམྦྷ་ཡ་ནན༔ ཞེས་ལུ་གུ་རྒྱུད་སྦྲེལ་ཏེ་བྲོ་བརྡུང་ངོ༔ སྐབས་འདིར་ས་བཅད་ཀྱིས་མ་བསྡུས་ཀྱང་སྤྱི་ལྟར་རྗེས་ཀྱི་མཆོད་བསྟོད་ནི། ཨོཾ་ཧ་ཡ་གྲཱི་བ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས། ཤབྡ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། ཧྲཱི༔ ཆོས་ཀྱི་སྐུ་ལ་དབྱེ་བསལ་མི་མངའ་ཡང༔ གདུལ་བྱའི་ཐབས་ཀྱིས་འགྲོ་བ་འདུལ་སླད་དུ༔ གང་འདུལ་སྤྲུལ་པ་གཙོ་དང་འཁོར་དུ་སྤྲུལ༔ གཙོ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་དང་། ཡིག་བརྒྱ་ལན་གསུམ། མ་རྙེད་ཡོངས་སུ་མ་ཚང་སོགས་ཀྱིས་ནོངས་པ་བཤགས། རྟེན་ཡོད་ན། ཨོཾ༔ འདིར་ནི་རྟེན་དང་སོགས་ཀྱིས་བརྟན་བཞུགས་དང་། མེད་ན་གཤེགས་གསོལ་བྱ། བདག་བསྐྱེད་ཧཱུྃ་ཧཱུྃ་ཧཱུྃ་གིས་འོད་གསལ་དུ་བསྡུ། ཕཊ་ཕཊ་ཕཊ་ཀྱིས་དཀྱིལ་འཁོར་གསུམ་དུ་ལྡང་། བླ་མ་དཀྱིལ་འཁོར་ལྷ་ཡི་ཚོགས༔ མ་ལུས་བདག་ལ་དགོངས་སུ་གསོལ༔ བདག་གིས་དུས་གསུམ་དགེ་བའི་ཚོགས༔ བསྐྱེད་རྫོགས་བསྙེན་སྒྲུབ་ལྟ་སྒོམ་སྤྱོད༔ སྦྱིན་སོགས་དགེ་བཅུ་ཅི་སྤྱད་པའི༔ འབྲས་བུ་དུས་འདིར་སྨིན་གྱུར་ཏེ༔ བདག་དང་འགྲོ་བ་ཐམས་ཅད་ཀྱིས༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་བསྔོ་སྨོན་བྱ། དེ་ནས་བཀྲ་ཤིས་བརྗོད་པ་ནི༔ ན་མོ༔ ཆོས་སྐུ་སྣང་མཐའ་ལོངས་སྤྱོད་དབང་ཆེན་སྐུ༔ སྤྲུལ་སྐུ་པདྨ་རིགས་བཞི་མཁའ་འགྲོ་དང༔ དབང་ཆེན་པདྨ་གར་གྱི་ལྷ་ཚོགས་རྣམས༔ ཕྱི་ནང་བསྟན་སྲུང་དམ་ཅན་རྒྱ་མཚོར་བཅས༔ བདེ་ལེགས་ཐམས་ཅད་འདུས་པའི་བཀྲ་ཤིས་ཤོག༔ ཅེས་དང་གཞན་ཡང་རྒྱ་ཆེར་བརྗོད་དོ༔ དེ་ནས་ལྷ་གཤེགས་དཀྱིལ་འཁོར་བསྡུ་ཞིང་སྨོན་ལམ་གདབ༔ རང་ཉིད་ང་རྒྱལ་བརྟན་པོས་རྒྱུན་སྤྱོད་བྱའོ༔ དེ་ནས་ནང་དུ་ལོག་ལ་བཤགས་པ་བྱ༔ ཚེ་འགུགས་བཀྲ་ཤིས་པའི་གླུ་བྲོ་ལ་སོགས་པ་བྱའོ༔ རྟ་མགྲིན་གསང་བ་འདུས་པའི་ལས་བྱང་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། གཏེར་གྱི་ལས་བྱང་གཞིར་བཞག་ནས། རྟ་མགྲིན་གསང་སྒྲུབ་ཡང་གསང་ཁྲོས་པ་ལ་སོགས་པ་རྣམས་ནས་ཁ་བསྐངས་ཤིང་མང་ཉུང་རན་ལ་ཁྱེར་བདེ་བ་འདི་ནི་གཏེར་སྟོན་རཏྣ་གླིང་པས་ལུག་ལོ་ལ་ནུབ་གཡུ་མཚོའི་མགུལ་བདེ་ཆེན་གླིང་དུ་སྦྱར་བའོ། །ྀཨཚ། །ཡི་གེ་པ་ནི་ཁམས་པའི་བྱ་བྲལ་བྱང་ཆུབ་བློ་གྲོས་ཀྱིས་བགྱིས་པའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །།ཅེས་པའི་ལས་བྱང་རཏྣའི་གསུང་བསླད་མེད་ལ་མེད་ཀ་མེད་ཀྱི་ཁ་སྐོང་གསལ་ཁ་ཕྲན་བུ་བློ་གྲོས་མཐའ་ཡས་ཀྱིས་ཞུས་པ་དགེ་ལེགས་འཕེལ།། །།
ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་ཕྱི་ལྟར་མཁའ་འགྲོ་ཡིད་བཞིན་ནོར་བུའི་སྒྲུབ་པ་ཤིན་ཏུ་བྱིན་རླབས་ཀྱི་རྟགས་མཚན་ཆེ་བ་ (Volume 35, Text 6)
༄༅༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་ཕྱི་ལྟར་མཁའ་འགྲོ་ཡིད་བཞིན་ནོར་བུའི་སྒྲུབ་པ་ཤིན་ཏུ་བྱིན་རླབས་ཀྱི་རྟགས་མཚན་ཆེ་བ་བཞུགས༔ རྟ་མགྲིན་གསང་འདུས་ཡུམ་བཀའ་ཐེམ་མེད་སྐོར། ྈྈྈྈྈྈྈྈྈྈྈྈྈ ྈ དུས་གསུམ་རྒྱལ་བ་སྐྱེད་པའི་ཡུམ༔ ཡེ་ཤེས་མཁའ་འགྲོ་མཆོག་གི་ལུས༔ མ་གཅིག་མཚོ་རྒྱལ་ཞབས་ལ་འདུད༔ ཨོ་རྒྱན་ཆེན་པོ་དང་མ་གཅིག་ཡེ་ཤེས་མཚོ་རྒྱལ་གཉིས༔ དགེ་བསྙེན་ཆེན་པོ་མཁའ་རིས་ལྷོ་ལ་ཡག་ཏུ་གདན་དྲངས་པའི་དུས་སུ༔ མོན་མཁར་སྟེང་དུ༔ བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུའི་སྤྲུལ་པ་མོན་ཙནྡྲ་དང༔ རིན་ཆེན་མཁའ་འགྲོ་མ་བཀྲ་ཤིས་མ་ཁྱེ་འདྲེན་གྱིས་སྦྱིན་བདག་མཛད་དེ་དབང་ཆོས་ཀྱི་འཁོར་ལོ་བསྐོར་ཞིང༔ ཡུན་དུ་བཞུགས་པ་ལས༔ དེའི་དུས་སུ་ཤངས་གླང་པོ་ཚ་ཐོག་གི་ཤེལ་དཀར་བཟའ་རྡོ་རྗེ་མཚོ་དང༔ མོན་མོ་བཀྲ་ཤིས་ཁྱེ་འདྲེན་གྱིས་ཤུག་པ་ཡལ་ག་སྟོང་ལྡན་གྱི་ཤར་དུ་གསེར་གྱི་མ་རྡལ་ལ་གཡུ་དམར་སེང་མགོ་དང༔ ཉི་མ་གཡང་འཁྱིལ་གཉིས་ཚོམ་བུར་བཀོད༔ འབྲས་ཆང་དངུལ་སྐྱོགས་སུ་བཀང་ནས་དྲངས་ཏེ༔ མ་ཉིད་ཀྱི་སྒྲུབ་ཐབས་ཁྱད་པར་ཅན་ཡང་དང་ཡང་དུ་ཞུས་པ་ལས༔ མ་གཅིག་ཉིད་ཀྱིས་མཁའ་འགྲོ་གསང་བ་རྒྱ་མཚོ་དང༔ གཙུག་གི་རྒྱན་གཅིག་མ་སོགས་བསྟན་པ་ལས༔ ཁྱད་པར་དུ་ཟབ་པ་མཁའ་འགྲོ་ཡིད་བཞིན་ནོར་བུ་འདི་གནང་ངོ༔ འདི་ལ་གསུམ་སྟེཿ དང་པོ་ཕྱི་ལྟར་རྣལ་འབྱོར་མ་ལཱ་སྱཻའི་སྐུར་སྒྲུབ་པ་ནི༔ དབེན་པའི་གནས་སུ༔ ཡར་ངོའི་ཚེས་བདུན་ནམ་ཚེས་བཅུ་བཞི་ལ༔ དལ་མདའ་གང་པ་ལ༔ བ་དམར་གྱི་འོ་མ་ལ༔ རིགས་བཟང་བཅུ་དྲུག་མའི་ཆུ་དང་མདའ་མ་ཕོག་པའི་རཀྟས་ཆག་ཆག་གདབ༔ དལ་དཔེ་ཆུང་ལྟར་བྲིས་པའི་དབུས་སུ༔ མཉྫིའི་སྟེང་དུ༔ བྷན་དྷ་དུམ་བུ་གཅིག་མའི་ནང་དུ་ཕྱེ་གཙང་ཆང་དང་སྤོད་ཀྱིས་སྦྲུས་ལ༔ འོག་ཏུ་ཟན་ཕོར་པའི་དབྱིབས་ལྟ་བུ་འདབ་བརྒྱད་ཀྱི་སྟེང་དུ༔ རིན་པོ་ཆེ་འབར་བ་འདབ་བརྒྱད་རིལ་བུ་དང་བཅས་པས་བསྐོར་བ་ལ་དཀར་དམར་གྱི་ཐིག་ལེ༔ དེའི་སྟེང་དུ་རས་སམ་ཙཀ་ལིའི་བྲིས་སྐུ་བསྐྱེད་རིམ་ལྟ་བུ༔ དབང་བཞི་རྫོགས་པར་ཐོབ་པའི་ལྷ་བཟོ་བས་སྐྱ་རིས་བཏབ་ལ་དེའི་ཁོང་དུ་རང་དང་ཤེས་རབ་མའི་བྱང་སེམས་གི་ཝཾ་བུད་མེད་རིགས་བཟང་གི་ནུ་ཞོ་དང་སྦྱར་ལ་གནས་གསུམ་དུ་འབྲུ་གསུམ༔ ཐུགས་ཀར་སྙིང་པོ༔ ཕྱག་ཞབས་བཞི་ལ་དྷཱ་ཀིའི་ཡི་གེ་བཞི༔ ལྟེ་བར་མ་བྲིས་པ་ལ་ཡེ་ཤེས་པ་བསྟིམ༔ མཆོད་པ་དབུལ༔ རབ་གནས་ཡམ་གཅིག་བྱས་ཏེ་ཚོན་ཚར་ནས་རབ་གནས་རྒྱས་པར་བྱས་པ་གཅིག་གཞུག་གོ༔ གཞན་ཡང་སྨན་རག་གཏོར་གསུམ་ཚོགས་དང་ཕྱིའི་རྣམ་ལྔ༔ སྦ་ལྕག་ཚིགས་གསུམ་ལ་དར་སྣ་ལྔ་བཏགས་ལ༔ མེ་ལོང་དང༔ དུང་དང་མུ་ཏིག་མུ་མེན༔ རིགས་ལྡན་བཅུ་དྲུག་མདའ་མ་ཕོག་པའི་སྐྲ༔ མདའ་མ་ཕོག་པའི་རཀྟ་དང་མཚལ་སྦྱར་བའི་སྙིང་པོ་བྲིས་པ་མདུན་དུ་གཟུག༔ གཞན་ཡང་རྒྱན་བཀོད་པ་དང་ལྡན་པར་བྱས་ལ༔ རང་བདེ་བའི་སྟན་ལ་འདུག་སྟེ༔ ལྕེ་ལ་ཨ་མྲྀཏ་བཞག༔ དཔྲལ་བར་སིནྡྷུ་རའི་ཐིག་ལེ་བྱས་ལ༔ བདག་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མཚོ་རྒྱལ་བཅུ་དྲུག་ལོན་པའི་གཞོན་ཚུལ་ཅན༔ དཀར་ལ་དམར་བའི་མདངས་ལྡན་པ༔ མཁུར་ཚོས་གཉིས་རྒྱ་སྐྱེགས་ལྟར་དམར་བ༔ ཤིན་ཏུ་མཛེས་ཤིང་ལྟ་བས་ཆོག་མི་ཤེས་པ༔ དབུ་སྐྲ་སེར་ཞིང་འབོལ་ལ་ལི་བ་བོད་མོའི་མཛེས་ཐབས་སུ་བརྫེས་པ་ལ་གསེར་གཡུ་མུ་ཏིག་གི་ཐོད་ལ་རིན་པོ་ཆེ་སྣ་ལྔའི་ཕྲས་མཚན་པ༔ དཔྲལ་བ་ན་རྒྱ་གཡུ་ཟླ་བ་འཁྱིལ་བ་དང༔ སྤྱི་གཙུག་ན་གཙུག་གཡུ་རིན་པོ་ཆེ་འོད་འཕྲོས་མཚན་པ༔ སྐུ་ལ་དར་སྔོ་དམར་གྱི་ན་བཟའ་ཉིས་བརྩེགས་གསོལ་བ༔ མགུལ་ལ་རིན་པོ་ཆེ་དབང་གི་རྒྱལ་པོས་མཚན་པ༔ གསེར་གཡུ་མུ་ཏིག་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ༔ མུ་ཏིག་གི་སྐུ་རགས་པདྨ་རཱ་གའི་ཕྲ་ཅན་བཅིང་པ༔ ཕྱག་གཉིས་མཉམ་གཞག་ཀ་པཱ་ལའི་ནང་ན་རིན་པོ་ཆེ་འབར་བས་མཚན་པ༔ དཔྲལ་བར་སིནྡྷུ་རའི་ཐིག་ལེས་མཚན་པར་བསྒོམ༔ རང་གི་རྩ་གནས་སུ་ཡང་མཁའ་འགྲོ་མ་ཏིལ་གྱི་གོང་བུ་ཁ་ཕྱེ་བ་ཙམ་གང་བར་བསྒོམ༔ དེ་འདྲ་བ་མདུན་གྱི་སྐུ་འབག་ཀྱང་གསལ་བར་བསྐྱེད་དོ༔ བདག་དང་སྐུ་འབག་གི་གནས་གསུམ་དུ༔ ཨོཾ་ཨཱཿཧཱུྃ་གསལ་བའི་གནས་གསུམ་ལས་འོད་ཟེར་འཕྲོས་པས༔ རང་བཞིན་གྱི་གནས་ནས་བྱོན་པར་བསམ་ལ་སྤྱན་དྲང་བ་ནི༔ ཐོད་རྔ་དང་དྲིལ་བུ་ལ་སོགས་རོལ་མོའི་སྒྲ་སྒྲོག་ཅིང་དབྱངས་སྙན་པོས་སྤྱན་དྲང་བ་ནི༔ ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ མཁའ་འགྲོ་བདེ་ཆེན་རང་བཞིན་དག་པའི་ཡུམ༔ དངོས་གྲུབ་མ་ལུས་མྱུར་དུ་སྩོལ་བའི་ལྷ༔ མ་གཅིག་མཁའ་འགྲོ་གནས་འདིར་གཤེགས་སུ་གསོལ༔ བདེ་ཆེན་མཁའ་འགྲོ་དག་པའི་ཕོ་བྲང་ནས༔ རང་བཞིན་མཁའ་འགྲོ་འབུམ་གྱི་ཚོགས་དང་བཅས༔ དཔའ་བོ་མཁའ་འགྲོ་སྤྲིན་ལྟར་གཏིབས་ནས་ཀྱང༔ བྱིན་གྱིས་རློབ་ཕྱིར་གནས་འདིར་གཤེགས་སུ་གསོལ༔ དཔལ་ལྡན་ནུབ་ཕྱོགས་ཨོ་རྒྱན་ཕོ་བྲང་ནས༔ མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་མ༔ དཔའ་བོ་མཁའ་འགྲོ་བྱེ་བ་འབུམ་དང་བཅས༔ དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས་སུ་གསོལ༔ ལྷོ་ནུབ་རྔ་ཡབ་ཟངས་མདོག་དཔལ་གྱི་རི༔ ཕོ་བྲང་པདྨ་འོད་ཀྱི་གཞལ་ཡས་ནས༔ སྐྱེ་ཤི་འགྱུར་མེད་ཡེ་ཤེས་མཁའ་འགྲོ་མ༔ དབང་བསྐུར་བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ མ་དྷཱ་ཀི་ནཱི་ས་མ་ཡ་ཛ་ཛ༔ ཞེས་སྤྱན་དྲང་ངོ༔ དམ་ཚིག་གསང་བའི་དཀྱིལ་འཁོར་གནས་མཆོག་འདིར༔ དུ་མ་རོ་གཅིག་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ མཁའ་འགྲོ་བདེ་བ་མཆོག་གི་སྐུ་མངའ་བ༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་དཔལ༔ མཁའ་འགྲོ་འབུམ་ཚོགས་རྒྱ་མཚོར་བཅས་པ་ལ༔ ལུས་ངག་ཡིད་གསུམ་དང་བས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ ཧཱུྃ༔ མ་གཅིག་མཚོ་རྒྱལ་མཁའ་འགྲོ་དཔག་མེད་ལ༔ ཕྱི་ནང་གསང་བའི་མཆོད་ཚོགས་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི་ལ་སོགས༔ ཞལ་ཟས་སིལ་སྙན་མཆོད་སྤྲིན་དཔག་མེད་པ༔ དཔེ་མེད་ནམ་མཁའི་མཐའ་ཀླས་གྱུར་པ་རྣམས༔ མ་གཅིག་རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ༔ ཨོཾ་བཛྲ་པུཥྤེ་སོགས༔ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་ནི༔ ངོ་མཚར་རྨད་བྱུང་བདུད་རྩི་ཨ་མྲྀཏ༔ འདོད་ཡོན་རྒྱན་གྱི་དམ་རྫས་གཏོར་ཆེན་དང༔ གཟུང་འཛིན་རུ་ཏྲ་བསྒྲལ་པའི་རཀྟ་དང༔ ཏ་ན་གྷ་ཎ་སྦྱོར་སྒྲོལ་མཆོག་ཆེན་པོ༔ ཚོགས་ཀྱི་ལོངས་སྤྱོད་མཆོད་ཚོགས་དཔག་མེད་པ༔ མཁའ་འགྲོ་རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ༔ མཆོད་བཞེས་བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་མ་ཧཱ་པཉྩ་མ་ཧཱ་བྷ་ལིཾ་ཏ་མ་ཧཱ་རཀྟ་བྷོ་དྷི་ཙིཏྟ་གྷ་ན་གྷུ་ཡ་གྷ་ཎ་ཙཀྲ་སརྦ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་གོང་དུ་སྤྱན་དྲང་དུས་བདག་དང་དཀྱིལ་འཁོར་ལྷ་ལ་ཡང་ཡང་ནན་གྱིས་བསྟིམ༔ མཆོད་ཚོགས་ཕུལ་ནས་དམ་ཚིག་ཡེ་ཤེས་གཉིས་སུ་མེད་པའི་གནས་གསུམ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ རྩ་བ་གསུམ་གྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས༔ འགྲོ་བ་རྣམས་ཀྱི་ཚེ་བསོད་དཔལ་འབྱོར༔ མདོར་ན་འཁོར་འདས་ཀྱི་སྲོག་བཅུད་བདག་ལ་འདུས༔ དངོས་གྲུབ་སྤྲིན་ལྟར་གཏིབས་ཤིང་རྩ་གནས་ཀྱི་མཁའ་འགྲོ་ཐམས་ཅད་ཀྱང་སྔགས་ཀྱི་སྒྲ་དི་རི་རི་བཟླ་བར་བསམས་ལ༔ མ་ཡེངས་པར་དམིགས་པའི་འཕྲོ་འདུ་གསལ་བར་སྙིང་པོ་བཟླས་ཏེ༔ ཨཱོཾ་ཛྙཱ་ན་བུདྡྷ་དྷཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ༔ དངོས་གྲུབ་ཀུན་འབྱུང་ཞེས་བྱ་སྟེ༔ ཡི་གེ་འབྲུ་བཅུ་གཉིས་པ་འདི་མི་ཚིག་གིས་བར་མ་ཆོད་པར་ཞག་བདུན་བསྒྲུབས་ན༔ རྟགས་ནི་རྣལ་འབྱོར་པ་རབ་ལ་དངོས༔ འབྲིང་ཉམས༔ ཐ་མ་ཡང་རྨི་ལམ་དུ་ཞལ་མཇལ་ལུང་སྟོན་དབང་བསྐུར༔ ཆོས་འཆད་དེ་བརྡའམ་དོན་ཚིག་གང་ཡང་རུང་བ་འབྱུང་བར་ཐེ་ཚོམ་མེད་དོ༔ གཞན་ཡང་ཉི་ཟླ་ཤར་བ༔ ཁྲུས་བྱེད་གོས་གསར་གོན་པ༔ བུད་མེད་བཟང་མོས་བྷན་དྷར་ཆང་དང་ཁྲག་དང་འོ་མ་དང་རོ་ལྡན་ཟས་རྣམས་སྟེར་བ་དང༔ འཕུར་བ་དང༔ ཁྲོམ་དང་ལོངས་སྤྱོད་འདུ་བ༔ རྔ་བརྡུང་དར་འཕྱར་དུང་འབུད་པ་ལ་སོགས་ལྟས་བཟང་པོ་འགའ་འབྱུང་ངོ༔ དམ་ཚིག་མི་གཙང་ངམ༔ རྫས་མ་ཚང་ངམ་དམིགས་པ་མ་གསལ་ལམ༔ མོས་གུས་ཆུང་ངམ༔ རེ་དོགས་དང་ཐེ་ཚོམ་དུ་གྱུར་ན༔ ཉི་ནུབ་ཆར་འབབ༔ མི་གཙང་བས་གང༔ མུན་ནག་གམ་བུད་མེད་འཐབ༔ ལུས་ལྕི་དམའ༔ ཚིག་པ་ཟ་བ་ལ་སོགས་ལྟས་ངན་པ་འབྱུང་བ་ལ༔ བཤགས་སྐོང་བྱ༔ ངེས་ཤེས་དང་མོས་གུས༔ བརྩོན་འགྲུས་སྐྱེད༔ སྤོགས་ཆོག་བྱའོ༔ སྐབས་སུ་གསོལ་འདེབས་ཀྱི་ཚུལ་དུ་བསྐུལ་བསྟོད་འདི་དབྱངས་སྙན་པོས་རྔའམ་ཐོད་རྔ་བརྡུང་ཞིང་བྱའོ༔ ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང༔ ཟངས་མདོག་དཔལ་རིའི་གནས་མཆོག་གི༔ པདྨ་འོད་ཀྱི་གཞལ་ཡས་ནས༔ རྗེ་བཙུན་པདྨ་ཐོད་ཕྲེང་དང༔ མ་གཅིག་ཡེ་ཤེས་མཚོ་རྒྱལ་གཉིས༔ ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ན༔ སྐྱེ་ཤི་མེད་པའི་སྐུ་བརྙེས་ནས༔ སྲིན་པོ་རྣམས་ལ་དམ་ཆོས་སྟོན༔ གདོང་དམར་སྲིན་པོ་ཐབས་ཀྱིས་འདུལ༔ རིག་འཛིན་མཁའ་འགྲོ་འབུམ་གྱིས་བསྐོར༔ བྲན་དུ་ལྷ་སྲིན་སྡེ་བརྒྱད་འཁོལ༔ དབུ་ལ་རིན་ཆེན་རྒྱན་གྱིས་བརྒྱན༔ དར་གྱི་ཅོད་པན་པུ་རུ་རུ༔ སིལ་སྙན་མང་པོ་སི་ལི་ལི༔ རྒྱན་ཆ་མང་པོ་ཁྲོ་ལོ་ལོ༔ རོལ་མོ་མང་པོ་དི་རི་རི༔ རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ དཔའ་བོ་བྲོ་བརྡུང་ཁྲབས་སེ་ཁྲབ༔ དཔའ་མོ་གར་བྱེད་ཤིགས་སེ་ཤིག༔ མཁའ་འགྲོ་བརྡ་སྐད་དི་རི་རི༔ ཁྱེད་རྣམས་སྔོན་གྱི་ཐུགས་དམ་ཅན༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་གཅོད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཁྱད་པར་ཡེ་ཤེས་མཁའ་འགྲོ་མ༔ རིགས་ལྡན་འབུམ་གྱི་ཚོགས་དང་བཅས༔ སྐྱེ་ཤི་འགྱུར་མེད་རྡོ་རྗེའི་སྐུ༔ རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ མ་འགགས་རང་བྱུང་ཆོས་སྐུའི་སྒྲ༔ འགག་མེད་གསུང་ལ་ཕྱག་འཚལ་བསྟོད༔ སྤྲོས་པ་མེད་པ་ཆོས་ཀྱི་དབྱིངས༔ འགྱུར་མེད་ཐུགས་ལ་ཕྱག་འཚལ་བསྟོད༔ རྣལ་འབྱོར་བདག་གི་ལུས་ངག་ལ༔ སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས༔ ཡེ་ཤེས་ལྔ་ཡི་དབང་མཆོག་སྐུར༔ ཅེས་ཉམས་སྤར་མོས་པའི་གདུང་བ་དྲག་པོས་མཆི་མ་ཕྱུང་བར་བྱས་པས་བྱིན་རླབས་དངོས་གྲུབ་ཀྱི་མཆོག་ཆེན་པོ་འབྱུང་བར་ཐེ་ཚོམ་མེད་པས་གནད་དུ་ཤེས་པར་བྱའོ༔ དེ་ཚེ་རྟགས་ཀྱི་རིམ་པ་ཡང༔ ལུས་སེམས་བདེ་བའི་ཉམས་རྟོགས་མང༔ བུད་མེད་རིགས་བཟང་ཀུན་ཡང་འདུ༔ ལོངས་སྤྱོད་ཆར་ལྟར་འབབ་པར་འགྱུར༔ ཉི་ཟླ་ཤར་དང་གངས་རིར་འཛེགས༔ བུད་མེད་མང་པོས་ཟས་ཚོགས་སྟེར༔ དེ་སོགས་རྟགས་བཟང་མང་དུ་འབྱུང༔ ཐོན་ནས་དབང་དང་དངོས་གྲུབ་བླང་བར་བྱ་སྟེ༔ གོང་གི་གཏོར་མ་སྐུ་དང་བཅས་པ་མཁའ་འགྲོ་དངོས་སུ་གསལ་བ་དེ་རང་གི་སྤྱི་བོར་བཞག་པས་གནས་གསུམ་ནས་འོད་ཟེར་བར་མ་ཆད་པ་བྱུང་བར་བསམ་ལ་གོང་གི་གསོལ་འདེབས་ཀྱི་རྗེས་སུ༔ ཧཱུྃ༔ རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར་ནས༔ ཡེ་ཤེས་མཁའ་འགྲོ་བྱིན་རླབས་ཅན༔ མཚན་ལྡན་སྐུ་ཡི་དཀྱིལ་འཁོར་ནས༔ སྐལ་ལྡན་ལུས་ལ་དབང་སྐུར་ཅིག༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ འགག་མེད་གསུང་གི་དཀྱིལ་འཁོར་ནས༔ སྐལ་ལྡན་ངག་ལ་དབང་སྐུར་ཅིག༔ ཚངས་པ་གསུང་གི་དངོས་གྲུབ་སྩོལ༔ སྟོང་གསལ་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྐལ་ལྡན་ཡིད་ལ་དབང་སྐུར་ཅིག༔ ཉམས་དང་རྟོགས་པའི་དངོས་གྲུབ་སྩོལ༔ ཨོཾ་བུདྡྷ་སརྦ་དྷཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གོང་གི་ཤམ་བུར་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་གནས་གསུམ་དུ་གཏུགས་ལ༔ མཆོག་གི་དངོས་གྲུབ་ཐམས་ཅད་ཐོབ་པར་ངེས་ཤེས་བསྐྱེད་དོ༔ རྫས་དངོས་གྲུབ་ཏུ་རོལ༔ དཔྲལ་བར་སིནྡྷུ་རའི་ཐིག་ལེ་བྱས༔ གོང་གི་སྐུ་དང་གཙང་མའི་རཀྟ་སིནྡྷུ་ར་ཟངས་ཀྱི་གའུ་གང་མུ་མེན་རྣམས་རྟག་ཏུ་མི་འབྲལ་བར་བཅང་ངོ༔ དེ་ནས་ནི་མཁའ་འགྲོ་རྣམས་ལུས་དང་གྲིབ་བཞིན་མི་འབྲལ་ལོ༔ དེ་ནས་ད་ལ་བསྡུ༔ བསྔོ་བ་དང་བཀྲ་ཤིས་གང་ཡང་རུང་བ་བྱའོ༔ ལོ་རེ་བཞིན་གྱིས་ཞག་བདུན་ནམ་ཉེར་གཅིག་གི་དམ་བཅའ་མི་བཅག་གོ༔ དུས་ཆེན་བཞིའམ༔ ཟླ་རེའི་ཚེས་བཅུ་ལ་ཐེངས་རེ་མ་ཆག་ན་དངོས་གྲུབ་གློག་བས་མྱུར་རོ༔ ཡེ་ཤེས་མཁའ་འགྲོ་ཕྱི་ལྟར་སྒྲུབ་པ་ཤིན་ཏུ་བྱིན་རླབས་ཀྱི་རྟགས་མཚན་ཆེ་བ༔ མཁའ་འགྲོ་དངོས་ཀྱི་གསུང་བཞིན༔ ལ་ཡག་མོན་མཁར་སྟེང་དུ་བདག་ཤེལ་དཀར་བཟས་བཀོད་པའོ༔ གནམ་སྐས་ཅན་གྱི་བྲག་ལ་སྦས༔ ཕྱི་མར་གྱུར་པའི་དུས་ཀྱི་ཚེ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ དམ་ཅན་བཀའ་འདི་ཆེད་དུ་གཉེར༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ྈྈྈྈྈྈྈ ྈྈྈ ༔ འདིའི་དཀྱིལ་འཁོར་དཔེ་ཆུང་ལྟར་རོ་ཞེས་པ་ནི༔ རེ་ཁཱ་རིམ་གསུམ་དུ་བསྐོར་བའི་ལྟེ་བའི་ཕྱིའི་མུ་ཁྱུད་ལ་པད་འདབ་བཞི༔ དེའི་ཕྱི་མ་ལ་རིན་པོ་ཆེའི་འཛུམ་བརྒྱད་དྲ་ཕྱེད་ཀྱིས་སྦྲེལ་བའོ༔ ྀཨཚ༔ ༄༔ ཡེ་ཤེས་མཚོ་རྒྱལ་འཕགས་མ་སྒྲོལ་མར་སྒྲུབ་པའི་ཐབས༔ ཡིད་བཞིན་ནོར་བུ་ཞེས་བྱ་བ་གཏེར་སྟོན་རཏྣ་གླིང་པའི་ཁྱད་ཆོས་སོ༔ ྈྈྈྈྈྈྈྈྈྈྈྈྈ རྗེ་བཙུན་སྒྲོལ་མའི་སྤྲུལ་པ་སྟེ༔ ལས་ཀྱི་རྡོ་རྗེ་དྲག་མོ་རྩལ༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆིའོ༔ མོན་མོ་བཀྲ་ཤིས་ཁྱེ་འདྲེན་ངས༔ མ་གཅིག་ཡེ་ཤེས་མཁའ་འགྲོ་ལ༔ ཕྱི་ལྟར་ལཱ་སྱཻའི་སྒྲུབ་ཐབས་དང༔ ནང་ལྟར་སྒྲོལ་མའི་སྒྲུབ་པ་དང༔ གསང་བ་ཕག་མོར་སྒྲུབ་པ་གསུམ༔ ཞུས་ནས་མ་འོངས་འགྲོ་དོན་དུ༔ ཡི་གེར་བཏབ་ནས་གཏེར་དུ་སྦས༔ དུས་མཐར་འགྲོ་བ་འདྲེན་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདིར་ནང་ལྟར་སྒྲོལ་མར་སྒྲུབ་པ་ནི་གསུམ་སྟེ༔ སྔོན་འགྲོ་དང་དངོས་གཞི་དང་རྗེས་སོ༔ ལེའུ་བཅོ་བརྒྱད་ལས༔ སྔོན་འགྲོའི་རིམ་པ་ནི༔ གནས་ཁང་གཙང་མར་དྲིས་བྱུགས་ཏེ༔ འབྲུ་སྤུངས་ཤིང་མེ་ཏོག་གིས་གཅལ་དུ་བཀྲམ་པའི་དབུས་སུ༔ མནྫིའི་སྟེང་དུ༔ མ་རྡལ་མཐོ་སྐོར་མ་རིན་པོ་ཆེའི་སྟེང་དུ༔ བུམ་པ་འོ་མ་དང་ཆུ་གཙང༔ བུམ་རྫས་ཉེར་ལྔས་བཀང་ལ་བཞག༔ མཐའ་སྐོར་དུ་ཡང་རང་གཞུང་གི་གཏོར་མ་ཚང་བ་དང༔ མཆོད་པ་རྣམ་ལྔ་ཤིན་ཏུ་རྒྱས་པ་དང༔ རྗེ་བཙུན་མའི་རྟེན་དང༔ གཞན་ཡང་སྐུ་གསུང་ཐུགས་ཀྱི་རྟེན་དང༔ ས་རྒྱན་གནམ་རྒྱན༔ མེ་ལོང་དར་དཔྱང་དང༔ བུམ་པ་ལ་ཁ་རྒྱན་མགུལ་ཆིངས་གཟུངས་ཐག་རྡོ་རྗེ་གཏོད་དོ༔ དེ་ནས་རྣལ་འབྱོར་པ་རྣམས་བདེ་བའི་སྟན་ལ་འདུག་སྟེ༔ ཚངས་པའི་གནས་བཞི་སྔོན་དུ་འགྲོ་བས་ཁྱད་པར་དུ་སེམས་ཅན་ལ་སྙིང་རྗེ་ཚད་མེད་པ་ནན་དུ་བསྒོམ་ཞིང༔ བདག་དང་གཞན་གྱི་དོན༔ མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐམས་ཅད་འཕགས་མ་སྒྲོལ་མའི་སྒོ་ནས་བསྒྲུབ་སྙམ་པའི་གུས་པ་ཚད་མེད་པ་ཤིན་ཏུ་བསྒོམས་ལ༔ སྐྱབས་འགྲོ་སེམས་བསྐྱེད་མཎྜལ་ལ་སོགས་སྔོན་དུ་སོང་ནས་འབྱུང་གཏོར་བཏང་ལ་བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ༔ ཉོན་ཅིག་བགེགས་ཚོགས་འབྱུང་པོ་རྣམས༔ བྱང་ཆུབ་སྒྲུབ་ལ་མི་དགའ་བའི༔ བདུད་སྡེ་དཔུང་དང་བཅས་པ་རྣམས༔ ང་ནི་རབ་འཇིགས་ཁྲོ་བོའི་རྒྱལ༔ ང་ཡི་བཀའ་ལས་མ་འདའ་བར༔ ལན་ཆགས་གླུད་གཏོར་འདི་ལོངས་ལ༔ གནས་འདིར་མ་འདུག་གཞན་དུ་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ ཁྲོ་བོ་ཁྲོ་མོའི་ཚོགས་བཅས་ཀྱིས༔ ཁྱོད་ཀྱི་ལུས་ངག་ཡིད་དང་བཅས༔ བརླག་པར་འགྱུར་གྱིས་གཞན་དུ་མིན༔ དེ་བས་མ་འདུག་མྱུར་དུ་དེངས༔ ཨོཾ་སུམ་བྷ་ནི་སུམ་བྷ་ཧཱུྃ༔ གྷྲྀཧྞ་གྷྲྀཧྞ་ཧཱུྃ་ཧཱུྃ༔ གྷྲྀཧྞ་པཱ་ཡ་གྷྲྀཧྞ་པཱ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་ཝཱན༔ བྷིདྱཱ་རཱ་ཙ་ཡ་ཧཱུྃ༔ གཉིས་པ་མཚམས་གཅད་པ་ནི༔ ཧཱུྃ༔ ང་ནི་དབང་ཆེན་རབ་འཇིགས་ཁྲོས་པའི་སྐུ༔ མཚོན་ཆའི་འོད་ཟེར་ཁྲོ་ཚོགས་དཔག་མེད་འཕྲོ༔ རྡོ་རྗེ་འཁོར་ལོ་རལ་གྲི་འབར་བ་དང༔ དབྱུག་ཏོ་རྒྱ་གྲམ་ཕུར་པ་ལ་སོགས་གུར༔ ཡེ་ཤེས་ལྔ་ཡི་མེ་དཔུང་ལྔ་རུ་འབར༔ ཁྲོ་ཆུང་ཡཀྴ་མང་པོ་སྐར་ལྟར་འཁྲུགས༔ སྒྲུབ་ལ་བར་དུ་གཅོད་པའི་དགྲ་དང་བགེགས༔ ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་པར་བྱེད༔ སྟེང་འོག་ཕྱོགས་མཚམས་ཀུན་ཏུ་ཁྱབ་པར་བསྲུང༔ བཀའ་དང་མཚམས་ལ་སུ་ཡང་འདའ་མ་བྱེད༔ ཨོཾ་བཛྲ་ཙཀྲ་ཏཱིག་ན་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་ཡཀྴ་ཀྲོ་ཏ་ཛྭ་ལ་མ་དྷ་ལ་ཧཱུྃ་ཕཊ༔ ཅེས་མཚམས་གཅད་དོ༔ གསུམ་པ་མཆོད་རྫས་ལ་བསང་ཆུ་གཏོར་ཞིང་བྱིན་གྱིས་བརླབ་པ་ནི༔ སྭ་བྷཱ་ཝས་སྣོད་བཅུད་ཐམས་ཅད་སྟོང་པར་སྦྱངས་ལ༔ སྟོང་པའི་ངང་ལས་ཨ་ལས་ཐོད་པ་དང་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་བྷྲཱུྃ་ཏྲཱཾ་ཨ༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བིདྱ་ཤབྡ་ཨཱཿཧཱུྃ༔ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བྷི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་ཨི་མཾ་ག་ག་ན་ཁཾ༔ ཞེས་བརྗོད་པས༔ མཆོད་གཏོར་རྣམས་ཡེ་ཤེས་ཀྱི་བདུད་རྩི་རོ་མཆོག་བརྒྱ་དང་ལྡན་པ༔ གཟུགས་མཛེས༔ སྒྲ་སྙན༔ དྲི་ཞིམ༔ རོ་བདའ༔ རེག་འཇམ༔ ཞལ་བསིལ༔ ཞབས་བསིལ༔ ཡོན་ཆབ༔ དྲི་ཆབ་ལ་སོགས་པ་མཆོད་པའི་བྱེ་བྲག་དཔག་ཏུ་མེད་པས་ནམ་མཁའ་དང་ས་གཞི་འཇིག་རྟེན་གྱི་ཁམས་ཐམས་ཅད་མཆོད་པའི་བྱེ་བྲག་དང༔ འདོད་ཡོན་གྱི་ལྷ་མོས་གང་བར་ནན་གྱིས་བྱིན་གྱིས་བརླབ་བོ༔ བཞི་པ་རྟེན་གྱི་ལྷ་བསྐྱེད་པ་ནི༔ སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས་གནས་དེ་ཉིད་འཇའ་ཚོན་ལྔའི་འོད་དང་ཟེར་དུ་འཁྲུགས་པ༔ ཁྱད་པར་དུ་ཨིནྡྲ་ནཱི་ལའི་མདོག་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་ཡང་ལྗང་གུར་གསལ་ལ་དག་པར་གྱུར་པའི་དབུས་སུ༔ པཾ་ལས་པདྨ་སྔོན་པོ་འདབ་མ་སྟོང་དང་ལྡན་པའི་སྟེང་དུ༔ ཨ་ལས་ཟླ་བའི་གདན་དང་ཟླ་བའི་རྒྱབ་ཡོལ་གྱི་དབུས་སུ༔ ཏཱཾ་ཡིག་ལྗང་གུ་འོད་ཟེར་ལྔ་རུ་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་མཆོད༔ སེམས་ཅན་གྱི་སྒྲིབ་པ་སྦྱངས༔ དོན་བྱས་ཚུར་འདུས་ཏཱཾ་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས༔ རྗེ་བཙུན་མ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང་གུ༔ ཕྱག་གཡས་མཆོག་སྦྱིན༔ གཡོན་ཨུཏྤ་ལའི་ཡུ་བ་མཐེབ་སྲིན་གྱིས་བཟུང་ནས་སྙན་གྱི་ཐད་ཀ་ན་ཁ་བྱེ་བ༔ ཞབས་གཡས་བརྐྱང་གཡོན་བསྐུམ་ཞལ་འཛུམ་འོད་ཟེར་དང་ལྡན་ཞིང་དབུ་གཙུག་ན་སྣང་བ་མཐའ་ཡས་ཀྱིས་བརྒྱན་པ༔ གཞོན་ནུ་ལང་ཚོ་རྒྱས་པ་བཅུ་དྲུག་ལོན་པ་ནུ་མ་འབུར་བ༔ སྐུ་ལྡེམ་ལ་འགྱིང་བག་དང་ལྡན་པ༔ སངས་རྒྱས་ཀྱི་མཚན་ཐམས་ཅད་རྫོགས་པ༔ དབུ་རྒྱན་སྙན་རྒྱན་ཕྱག་གདུབ་ཞབས་གདུབ༔ དོ་ཤལ་དཔུང་རྒྱན་ལ་སོགས་རྒྱན་དུ་མས་སྤྲས་པ༔ དབུ་སྐྲ་སེར་ཞིང་ལི་བ་སྤྱི་བོར་བཅིངས་པ་ཟར་བུ་འཕྱང་བ༔ དར་ལྔའི་སྟོད་གཡོགས་དང༔ དར་དམར་པོའི་ཤམ་ཐབས་ཅན་ནམ་མཁའི་འཇའ་འམ་ཆུ་ནང་གི་ཟླ་བ་ལྟར་སྣང་ལ་གདོས་བཅས་སུ་མ་གྲུབ་པ་འོད་ཟེར་དང་ལྡན་པ་གཅིག་གསལ་བར་ཡང་ཡང་བསྒོམ༔ དེའི་མཐའ་སྐོར་དུ་ཡང་སྒྲོལ་མ་ཉི་ཤུ་རྩ་གཅིག་དང་སངས་རྒྱས་དང་བྱང་སེམས་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དཔག་ཏུ་མེད་པས་བསྐོར་བར་བསྒོམ༔ རྗེ་བཙུན་མའི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ག་དང་ཏཱཾ་ཡིག་ལྗང་གུ༔ ལྟེ་བར་ཧྲཱིཿསེར་པོ་རེ་བསམ༔ ཐུགས་ཀའི་ཡིག་འབྲུ་གཉིས་ལས་འོད་འཕྲོས༔ རྒྱ་གར་རྡོ་རྗེ་གདན་གྱི་ལྷོ་ནུབ༔ ནུབ་ཕྱོགས་ཨོ་རྒྱན་ཡུལ་གྱི་ཤར་རི་བོ་ཏ་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་གནས་དང་ལྷོ་ཕྱོགས་སེང་ལྡེང་གི་ནགས་ནས་ཐུགས་དམ་གྱི་རྒྱུད་བསྐུལ་ནས་བྱོན་པར་བསམ༔ ལྔ་པ་སྤྱན་དྲང་བ་ནི༔ རོལ་མོ་དབྱངས་སྙན་པོས༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ ཐུགས་རྗེའི་སྨོན་ལམ་ལས་འཁྲུངས་པ༔ ལོངས་སྤྱོད་རྫོགས་སྐུ་མཚན་དཔེས་སྤྲས༔ བཅོམ་ལྡན་ཐུགས་རྗེའི་ངང་ཅན་མ༔ ཚུར་གཤེགས་རྒྱལ་བ་སྐྱེད་པའི་ཡུམ༔ འཕགས་མ་སྒྲོལ་མ་གཤེགས་སུ་གསོལ༔ པོ་ཏ་ལ་ཡི་གནས་མཆོག་ནས༔ ཐུགས་རྗེའི་སྤྱན་དང་ཏཱཾ་ཡིག་ལས༔ འགྲོ་བ་སྐྱོབ་པར་སྐུ་སྤྲུལ་མ༔ ཡིད་བཞིན་དངོས་གྲུབ་ཀུན་གྱི་གཏེར༔ འགྲོ་བ་མགོན་མེད་རྣམས་ལ་ནི༔ བརྩེ་བ་ཆེན་པོས་གཤེགས་སུ་གསོལ༔ འཇིགས་བརྒྱད་ཞི་དང་ཚེ་དབང་རྒྱས༔ ཁམས་གསུམ་དབང་སྡུད་དྲག་པོ་ཡིས༔ མི་མཐུན་ཕྱོགས་རྣམས་བཟློག་པ་དང༔ བདག་ལ་མཆོག་དང་ཐུན་མོང་སོགས༔ རེ་བའི་འདོད་དོན་མ་ལུས་པ༔ ཐམས་ཅད་སྩོལ་ཕྱིར་གཤེགས་སུ་གསོལ༔ ཨཱརྱ་ཏཱ་ར་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོ༔ ཞེས་རྗེ་བཙུན་མའི་ལྷ་ཚོགས་འཁོར་དང་བཅས་པ་སྐད་ཅིག་ལ་བྱོན་ནས་མདུན་གྱི་ནམ་མཁར་ཁྲ་སྤུངས་བཞུགས་པ་ལ་རང་ཐལ་མོ་སྦྱར་ལ་ཇི་སྙེད་སུ་དག་གམ༔ ཡན་ལག་བདུན་པ་གང་ཡང་རུང་བ་གཅིག་འབུལ་ལོ༔ དྲུག་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ བསོད་ནམས་དང་ནི་ཡེ་ཤེས་ཀྱི༔ ཚོགས་གཉིས་རྣམ་དག་ལས་གྲུབ་པའི༔ ཕོ་བྲང་གཞལ་ཡས་འོད་དུ་འབར༔ པདྨ་གེ་སར་ཟླ་བའི་སྟེང༔ བཅོམ་ལྡན་འཕགས་མའི་ཚོགས་རྣམས་ཀུན༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཨཱརྱ་ཏཱ་རེ་དྷེ་བ་དྷཱ་ཀི་ནཱི་ས་མ་ཡ་ཏིཥྛ་ལྷན༔ ཅེས་ནམ་མཁའི་ཡེ་ཤེས་པ་རྣམས་དམ་ཚིག་པ་བསྐྱེད་པ་ལ་ཆུ་འདྲེས་པ་ལྟར་དབྱེར་མེད་དུ་བཞུགས་པར་བསམ་མོ༔ ཡང་ཐུགས་ཀ་ནས་འོད་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་རིགས་ལྔའི་ཚུལ་དུ་བྱོན་ནས་དབང་བསྐུར༔ བུམ་ཆུས་སྐུ་གང་ཁེངས་སྤྱི་བོར་ལུད་པ་ལས་རིགས་ཀྱི་བདག་ཉིད་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་ཅིང༔ གཞན་ལྷ་རྣམས་ལ་རང་རང་གི་རིགས་བདག་གིས་བརྒྱན་པར་བསམ༔ བདུན་པ་ཕྱག་བཙལ་བ་ནི༔ ཨེ་མ་ཧོ༔ དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ༔ འགྲོ་དྲུག་བུ་བཞིན་སྐྱོང་བའི་མ༔ རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ༔ འགྲོ་རྣམས་སྡུག་བསྔལ་གཟིར་བ་ལ༔ བྱམས་པའི་ཐུགས་རྗེས་སྐྱབས་མཛད་མ༔ སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ༔ ལས་ཀྱི་མེ་ཆེན་འབར་བ་ལ༔ ཐུགས་རྗེའི་ཆུ་ཡིས་བསིལ་མཛད་མ༔ འཕགས་མ་ཁྱོད་ལ་ཕྱག་འཚལ་ལོ༔ སྙིགས་མའི་འགྲོ་བ་ཉོན་མོངས་ལ༔ འཕགས་མ་ཁྱེད་ནི་ལྷག་པར་བརྩེ༔ ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ༔ གང་གིས་ཟོལ་མེད་བློ་ཡིས་ནི༔ མོས་པས་སྐད་ཅིག་དྲན་པས་ཀྱང༔ སྡུག་བསྔལ་སྒྲོལ་ལ་ཕྱག་འཚལ་ལོ༔ ལྷ་མོ་ཐུགས་རྗེའི་ངང་ཅན་མ༔ བརྩེ་དང་མཁྱེན་དང་ནུས་པར་ལྡན༔ ཡིད་བཞིན་མ་ལ་ཕྱག་འཚལ་ལོ༔ དུས་མིན་འཆི་བ་ལ་སོགས་པ༔ མི་མཐུན་ཕྱོགས་རྣམས་ཀུན་སྐྱོབ་མ༔ སྐྱབས་ཆེན་མ་ལ་ཕྱག་འཚལ་ལོ༔ ཏཱ་ར་དྷེ་བ་དྷཱ་ཀི་ནཱི་ཨ་ཏི་པཱུ་ཧོ༔ པྲ་ཏཱི་ཛ་ཧོ༔ ཞེས་ཕྱག་བྱའོ༔ བརྒྱད་པ་སྐུ་ཁྲུས་གསོལ་བ་ནི༔ ཧཱུྃ༔ སྔོན་གྱི་རྒྱལ་བ་འཇིག་རྟེན་མགོན༔ ལུམ་བིའི་ཚལ་དུ་བལྟམས་པ་ན༔ ཚངས་དང་བརྒྱ་བྱིན་ལྷ་རྣམས་ཀྱིས༔ ཇི་ལྟར་དག་པའི་ཁྲུས་གསོལ་ལྟར༔ དྲི་ལྡན་ཆབ་ནི་དགེ་བའི་ཆུས༔ དེ་བཞིན་བདག་གིས་སྐུ་ཁྲུས་གསོལ༔ ཡེ་ཤེས་མཆོག་གི་འཕགས་མ་ནི༔ གཙོ་འཁོར་ལྷ་ཡི་ཚོགས་རྣམས་ལ༔ སྐུ་ལ་སྒྲིབ་སོགས་མི་མངའ་ཡང༔ བདག་ཅག་སྒྲིབ་པ་སྦྱང་བ་དང༔ འགྲོ་རྣམས་བསོད་ནམས་གསག་པའི་ཕྱིར༔ དག་བྱེད་ཆུ་ཡིས་སྐུ་ཁྲུས་གསོལ༔ བདག་སོགས་ཉོན་མོངས་སྒྲིབ་དག་ནས༔ དྲི་མ་མེད་པའི་སྐུ་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ༔ ཞེས་མེ་ལོང་ངོས་ལ་སྐུ་ཁྲུས་གསོལ་ལོ༔ དེ་ནས་རས་སམ་དར་དྲི་མ་མེད་པ་ཐོགས་ལ༔ ཧཱུྃ༔ དྲི་བྲལ་ཡང་དག་མཆོག་གི་སྐུ་མངའ་བ༔ སྲེད་དང་ཆགས་སོགས་དྲི་མ་མི་མངའ་ཡང༔ གཙང་དང་དྲི་ཞིམ་ལྡན་པའི་གོས་དག་གིས༔ འཕགས་མའི་ཚོགས་རྣམས་དགའ་བས་སྐུ་ཕྱི་འོ༔ ཨོཾ་ཧཱུྃ་ཧྲཱིཿཀཱ་ཡ་བྷི་ཤོ་དྷ་ན་ཡེ་སྭཱ་ཧཱ༔ ལྷ་ཡི་ན་བཟའ་པཉྩ་ལི་ཀ་དང༔ དྲི་མེད་དག་པ་ཀཱ་ཤི་ཀ་ཡི་རས༔ རྗེ་བཙུན་འཕགས་མ་འཁོར་དང་བཅས་པ་དང༔ ཕྱོགས་བཅུའི་རྒྱལ་བ་ཀུན་ལ་འབུལ་བར་བགྱིའོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ལཾ་ཀཱ་ར་ཡེ་སྭཱ་ཧཱ༔ ཞེས་ན་བཟའ་དབུལ་ལོ༔ དགུ་པ་མཆོད་པའི་བྱེ་བྲག་རྣམས་འབུལ་བ་ནི༔ དང་པོ་ཕྱི་མཆོད་རྣམས་ལས་ཆུ་གསུམ་འབུལ་བ་ནི༔ ཧཱུྃ༔ དྲི་མེད་གཙང་ཞིང་དག་པ་བདུད་རྩིའི་ཆུ༔ ཡན་ལག་བརྒྱད་ལྡན་བཀྲ་ཤིས་དགེ་བའི་རྫས༔ སྤོས་དང་ག་པུར་ཙན་དན་ལ་སོགས་པ༔ བསིལ་དང་ངད་ལྡན་བདེ་བ་སྐྱེད་བྱེད་པ༔ ཞལ་བསིལ་ཞབས་བསིལ་ཡོན་ཆབ་ལ་སོགས་པ༔ རྗེ་བཙུན་འཕགས་མའི་ཚོགས་ལ་འབུལ་བར་བགྱི༔ ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ༔ དེ་ནས་མ་དྷལ་འབུལ་བ་ནི༔ སྤྱི་དང་མཐུན་པར་རྒྱས་བསྡུས་གང་ཡང་རུང་བ་ལན་གསུམ་དུ་འབུལ་ལོ༔ བཅུ་པ་འདོད་ཡོན་གྱི་མཆོད་པ་འབུལ་ཏེ༔ རྡོ་རྗེ་དྲིལ་བུ་གསོར་ཞིང་འཁྲོལ༔ རོལ་མོའི་སྒྲ་སྐབས་སུ་སྒྲོག་ཅིང༔ ཧཱུྃ༔ སྟོང་གསུམ་འཇིག་རྟེན་ཕྱོགས་དུས་ཐམས་ཅད་དུ༔ འདོད་ཡོན་ལྔ་ལྡན་མཆོད་པའི་བྱེ་བྲག་ནི༔ དངོས་སུ་འབྱོར་དང་ཡིད་ཀྱིས་ལེགས་སྤྲུལ་ཏེ༔ རྒྱལ་བའི་ཡུམ་མཆོག་ཁྱོད་ལ་འབུལ་བར་བགྱིའོ༔ ཧཱུྃ༔ རྒྱལ་བའི་དཀྱིལ་འཁོར་སྤྱན་ལ་མཆོད་འབུལ་མ༔ ལྷ་མོ་དཀར་མོ་རབ་མཛེས་ངང་ཚུལ་ཅན༔ དཀར་སེར་དམར་ལྗང་མཐིང་བའི་མདངས་ལྡན་པའི༔ སྒེག་མོའི་ཕྱག་ན་མེ་ཏོག་སྣ་ཚོགས་ཐོགས༔ རྗེ་བཙུན་འཕགས་མའི་ཚོགས་ལ་འབུལ་བར་བགྱིའོ༔ ཨོཾ་ཨཱཿཧཱུྃ་ཏཱ་ར་དྷེ་བ་དྷཱ་ཀི་ནཱི་བཛྲ་པུཥྤེ་ཧཱུྃ༔ རྒྱལ་བའི་དཀྱིལ་འཁོར་ཤངས་ལ་མཆོད་འབུལ་མ༔ ལྷ་མོ་སེར་མོ་རབ་མཛེས་ངང་ཚུལ་ཅན༔ ག་པུར་ཙནྡན་རྒྱ་ཤུག་ལ་སོགས་པ༔ སྒེག་མོའི་ཕྱག་ན་བདུག་སྤོས་སྣ་ཚོགས་བསྣམས༔ རྗེ་བཙུན་འཕགས་མའི་ཚོགས་ལ་འབུལ་བར་བགྱིའོ༔ ཨོཾ་ཨཱཿཧཱུྃ་ཏཱ་ར་དྷེ་བ་དྷཱ་ཀི་ནཱི་བཛྲ་དྷཱུ་པེ་ཧཱུྃ༔ རྒྱལ་བའི་དཀྱིལ་འཁོར་ཐུགས་ལ་མཆོད་འབུལ་མ༔ ལྷ་མོ་དམར་མོ་རབ་མཛེས་ངང་ཚུལ་ཅན༔ འབྲུ་མར་རྩི་མར་སྣང་གསལ་འོད་ཀྱི་ཚོགས༔ སྒེག་མོའི་ཕྱག་ན་སྣང་གསལ་དཔག་མེད་བསྣམས༔ རྗེ་བཙུན་འཕགས་མའི་ཚོགས་ལ་འབུལ་བར་བགྱིའོ༔ ཨོཾ་ཨཱཿཧཱུྃ་ཏཱ་ར་དྷེ་བ་དྷཱ་ཀི་ནཱི་བཛྲ་ཨཱ་ལོ་ཀེ་ཧཱུྃ༔ རྒྱལ་བའི་དཀྱིལ་འཁོར་སྐུ་ལ་མཆོད་འབུལ་མ༔ ལྷ་མོ་ལྗང་གུ་རབ་མཛེས་ངང་ཚུལ་ཅན༔ ཙནྡན་གུར་གུམ་རྩི་ཆེན་སི་ལ་སོགས༔ སྒེག་མོའི་ཕྱག་ན་དྲི་ཆབ་དཔག་མེད་བསྣམས༔ རྗེ་བཙུན་འཕགས་མའི་ཚོགས་ལ་འབུལ་བར་བགྱིའོ༔ ཨོཾ་ཨཱཿཧཱུྃ་ཏཱ་ར་དྷེ་བ་དྷཱ་ཀི་ནཱི་བཛྲ་གྷན་དྷེ་ཧཱུྃ༔ རྒྱལ་བའི་དཀྱིལ་འཁོར་ལྗགས་ལ་མཆོད་འབུལ་མ༔ ལྷ་མོ་དཀར་མོ་རབ་མཛེས་ངང་ཚུལ་ཅན༔ རང་བྱུང་ལྷན་སྐྱེས་སྦྱར་བའི་ཞལ་ཟས་སོགས༔ སྒེག་མོ་ཕྱག་ན་ཞལ་ཟས་དཔག་མེད་བསྣམས༔ རྗེ་བཙུན་འཕགས་མའི་ཚོགས་ལ་འབུལ་བར་བགྱིའོ༔ ཨོཾ་ཨཱཿཧཱུྃ་ཏཱ་ར་དྷེ་བ་དྷཱ་ཀི་ནཱི་བཛྲ་ནཻ་ཝིདྱ་ཧཱུྃ༔ རྒྱལ་བའི་དཀྱིལ་འཁོར་སྙན་ལ་མཆོད་འབུལ་མ༔ ལྷ་མོ་སྔོན་མོ་རབ་མཛེས་ངང་ཚུལ་ཅན༔ རྔ་དུང་གླིང་བུ་པི་ཝང་འབྱུང་བའི་སྒྲ༔ སྒེག་མོའི་ཕྱག་ན་སིལ་སྙན་དཔག་མེད་བསྣམས༔ རྗེ་བཙུན་འཕགས་མའི་ཚོགས་ལ་འབུལ་བར་བགྱིའོ༔ ཨོཾ་ཨཱཿཧཱུྃ་ཏཱ་ར་དྷེ་བ་དྷཱ་ཀི་ནཱི་བཛྲ་ཤབྡ་ཧཱུྃ༔ བཅུ་གཅིག་པ་ནང་གི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྲིད་པར་གཏོགས་པའི་འཇིག་རྟེན་རབ་འབྱམས་ན༔ གཟུགས་མཆོག་རབ་མཛེས་ཇི་སྙེད་ཡོད་པ་ཀུན༔ རྡོ་རྗེ་གཟུགས་མའི་ཚོགས་སུ་ཀུན་སྤྲུལ་ནས༔ རྒྱལ་བ་སྐྱེད་པའི་ཡུམ་ལ་འབུལ་བར་བགྱིའོ༔ ཨོཾ་ཨཱཿཧཱུྃ་བཛྲ་རཱུ་པ་ཧཱུྃ༔ ཧཱུྃ༔ སྲིད་པར་གཏོགས་པའི་འཇིག་རྟེན་རབ་འབྱམས་ན༔ སྒྲ་སྙན་ཡིད་འོང་ཇི་སྙེད་ཡོད་པ་ཀུན༔ རྡོ་རྗེ་སྒྲ་མའི་ཚོགས་སུ་ཀུན་སྤྲུལ་ནས༔ རྒྱལ་བ་སྐྱེད་པའི་ཡུམ་ལ་འབུལ་བར་བགྱིའོ༔ ཨོཾ་ཨཱཿཧཱུྃ་བཛྲ་ཤབྡ་ཧཱུྃ༔ སྲིད་པར་གཏོགས་པའི་འཇིག་རྟེན་རབ་འབྱམས་ན༔ དྲི་མཆོག་བཟང་པོ་ཇི་སྙེད་ཡོད་པ་ཀུན༔ རྡོ་རྗེ་དྲི་མའི་ཚོགས་སུ་ཀུན་སྤྲུལ་ནས༔ རྒྱལ་བ་སྐྱེད་པའི་ཡུམ་ལ་འབུལ་བར་བགྱིའོ༔ ཨོཾ་ཨཱཿཧཱུྃ་བཛྲ་གྷན་དྷེ་ཧཱུྃ༔ སྲིད་པར་གཏོགས་པའི་འཇིགས་རྟེན་རབ་འབྱམས་ན༔ ལོངས་སྤྱོད་རོ་མཆོག་ཇི་སྙེད་ཡོད་པ་ཀུན༔ རྡོ་རྗེ་རོ་མའི་ཚོགས་སུ་སྐུ་སྤྲུལ་ནས༔ རྒྱལ་བ་སྐྱེད་པའི་ཡུམ་ལ་འབུལ་བར་བགྱིའོ༔ ཨོཾ་ཨཱཿཧཱུྃ་བཛྲ་ར་ས་ཧཱུྃ༔ སྲིད་པར་གཏོགས་པའི་འཇིག་རྟེན་རབ་འབྱམས་ན༔ རབ་མཛེས་ན་བཟའ་ཇི་སྙེད་ཡོད་པ་ཀུན༔ རྡོ་རྗེ་རེག་མའི་ཚོགས་སུ་སྐུ་སྤྲུལ་ནས༔ རྒྱལ་བ་སྐྱེད་པའི་ཡུམ་ལ་འབུལ་བར་བགྱིའོ༔ ཨོཾ་ཨཱཿཧཱུྃ་བཛྲ་སྤརྴེ་ཧཱུྃ༔ སྲིད་པར་གཏོགས་པའི་འཇིག་རྟེན་རབ་འབྱམས་ན༔ སྣང་སྲིད་ཆོས་མཆོག་ཇི་སྙེད་ཡོད་པ་ཀུན༔ རྡོ་རྗེ་ཆོས་མའི་ཚོགས་སུ་སྐུ་སྤྲུལ་ནས༔ རྒྱལ་བ་སྐྱེད་པའི་ཡུམ་ལ་འབུལ་བར་བགྱིའོ༔ ཨོཾ་ཨཱཿཧཱུྃ་བཛྲ་དྷརྨ་མ་ཧཱ་མུ་དྲཱ་ཧཱུྃ༔ བཅུ་གཉིས་པ་བདེ་བའི་གསང་མཆོད་འབུལ་བ་ནི༔ ཧཱུྃ༔ རྡོ་རྗེ་རིགས་ཀྱི་རྗེ་བཙུན་འཕགས་མ་ལ༔ ཞེ་སྡང་ངོ་བོ་རྣམ་པར་དག་པ་ཡི༔ མེ་ལོང་ཡེ་ཤེས་བདེ་བའི་མཆོད་པ་འབུལ༔ ཀུན་ཏུ་བདེ་བའི་མཆོད་པས་མཉེས་གྱུར་གཅིག༔ རིན་ཆེན་རིགས་ཀྱི་རྗེ་བཙུན་འཕགས་མ་ལ༔ ང་རྒྱལ་ངོ་བོ་རྣམ་པར་དག་པ་ཡི༔ མཉམ་ཉིད་ཡེ་ཤེས་བདེ་བའི་མཆོད་པ་འབུལ༔ ཀུན་ཏུ་བདེ་བའི་མཆོད་པས་མཉེས་གྱུར་ཅིག༔ པདྨ་རིགས་ཀྱི་རྗེ་བཙུན་འཕགས་མ་ལ༔ འདོད་ཆགས་ངོ་བོ་རྣམ་པར་དག་པ་ཡི༔ སོར་རྟོག་ཡེ་ཤེས་བདེ་བའི་མཆོད་པ་འབུལ༔ ཀུན་ཏུ་བདེ་བའི་མཆོད་པས་མཉེས་གྱུར་གཅིག༔ ལས་ཀྱི་རིགས་ཀྱི་རྗེ་བཙུན་འཕགས་མ་ལ༔ ཕྲག་དོག་ངོ་བོ་རྣམ་པར་དག་པ་ཡི༔ བྱ་གྲུབ་ཡེ་ཤེས་བདེ་བའི་མཆོད་པ་འབུལ༔ ཀུན་ཏུ་བདེ་བའི་མཆོད་པས་མཉེས་གྱུར་ཅིག༔ དེ་བཞིན་རིགས་ཀྱི་རྗེ་བཙུན་འཕགས་མ་ལ༔ གཏི་མུག་ངོ་བོ་རྣམ་པར་དག་པ་ཡི༔ ཆོས་དབྱིངས་ཡེ་ཤེས་བདེ་བའི་མཆོད་པ་འབུལ༔ ཀུན་ཏུ་བདེ་བའི་མཆོད་པས་མཉེས་གྱུར་ཅིག༔ ཨོཾ་ཨཱཿཏཱ་ར་ཛྙཱ་ན་སརྦ་པཱུ་ཙ་ས་མ་ཡེ་ཧཱུྃ༔ བཅུ་གསུམ་པ་གཏོར་མ་འབུལ་བ་ནི༔ མེ་རླུང་གི་སྦྱོར་བ་ལ་སོགས་སྤྱི་ལྟར་བྱིན་གྱིས་བརླབས་ལ༔ ཧཱུྃ༔ ངོ་མཚར་རྨད་དུ་བྱུང་བའི་གཏོར་མ་ནི༔ རང་བྱུང་རྣམ་དག་བདུད་རྩིའི་ངོ་བོ་ཉིད༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡི་ཕུང་པོར་གསལ༔ མཆོད་པའི་ལྷ་མོ་དཔག་ཏུ་མེད་པས་གང༔ ཤ་ལྔ་བདུད་རྩི་སྨན་གཏོར་རཀྟའི་ཚོགས༔ དཔག་ཏུ་མེད་པའི་མཆོད་སྤྲིན་རྒྱ་མཚོ་འདིས༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་མཉེས་གྱུར་ཅིག༔ ཏཱ་ར་དྷེ་བ་དྷཱ་ཀི་ནཱི་ཨ་མྲྀཏ་མ་ཧཱ་བྷ་ལིཾ་ཏ་རཀྟ་སརྦ་པཱུ་ཙ་ཧཱུྃ༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཅུ་བཞི་པ་བསྟོད་པ་བྱ་བ་ནི༔ སངས་རྒྱས་ཀྱིས་བསྟོད་པ་ལས་གཉིས་གསུམ་བདུན་དུ་མངོན་པར་བསྟོད་ན་ཞེས་པས༔ ཧཱུྃ༔ སྤྱན་རས་གཟིགས་དབང་བརྩེ་བའི་ཐུགས་རྗེ་ཅན༔ འགྲོ་བ་ཀུན་གཟིགས་དག་པའི་སྤྱན་ཉིད་ལས༔ འགྲོ་བའི་དོན་དུ་སྤྲུལ་པའི་བཅོམ་ལྡན་མ༔ བརྩེ་བའི་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད༔ ཞལ་གཅིག་ཕྱག་གཉིས་ཨིནྡྲ་ནཱི་ལའི་མདོག༔ གཞོན་ནུ་ལང་ཚོ་བཅུ་དྲུག་ལོན་པའི་ཚུལ༔ གཡས་པ་མཆོག་སྦྱིན་གཡོན་པ་ཨུཏྤ་ལ༔ དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད༔ རིན་ཆེན་རྒྱན་སྤྲས་འཛུམ་པའི་འོད་ཟེར་ཅན༔ ལོངས་སྤྱོད་རབ་རྫོགས་རྒྱན་རྣམས་མ་ལུས་རྫོགས༔ ཕྲིན་ལས་རྣམ་བཞི་དངོས་གྲུབ་ཀུན་གྱི་གཏེར༔ དགོས་འདོད་རེ་སྐོང་མ་ལ་ཕྱག་འཚལ་ལོ༔ ཅེས་བརྗོད་རྗེས་སུ༔ ཕྱག་འཚལ་ཉེར་གཅིག་བསྟོད་པ་ཚར་གཉིས་བཏོན་རྗེས་སུ༔ བུམ་པ་ལ་སྤྲོ་བསྡུ་བྱ་ཞིང་མང་དུ་བཟླས་སོ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཞེས་བརྒྱ་དང༔ ཨཱརྱ་ཏཱ་རེ༔ ཞེས་བརྒྱ་ཚར་རྗེས་སུ༔ ཡང་བསྟོད་པ་ཚར་གསུམ་འདོན༔ ཡང་བསྙེན་པ་བརྒྱ་བཏོན་རྗེས་སུ༔ བསྟོད་པ་ཚར་བདུན་བྱའོ༔ བཅོ་ལྔ་པ་བཤགས་པ་བྱ་བ་ནི༔ མོས་གུས་ཚད་མེད་པས་ཡིད་དམད་འགྱོད་པ་བསྐྱེད་དེ༔ ཐལ་མོ་སྙིང་གར་སྦྱར་ལ༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་ཐམས་ཅད་དགོངས༔ བདག་ཅག་མ་རིག་རྨོངས་ཤིང་ལས་ངན་པས༔ མི་དགེའི་ལས་ཀྱིས་སྒྲིབ་ཚོགས་ཅི་བགྱིས་པ༔ གནོང་ཞིང་འགྱོད་སེམས་དྲག་པོས་མཐོལ་ཞིང་བཤགས༔ མ་ལྟར་བྱམས་པའི་ཐུགས་རྗེས་དགོངས་ནས་ཀྱང༔ ཉེས་བྱས་སྒྲིབ་པའི་ཚོགས་རྣམས་བྱང་བར་ཤོག༔ བཛྲ་ས་མ་ཡ་ཤུད་དྷེ་ཨ༔ ཞེས་པ་དང་ཡིག་བརྒྱ་བཟླས་སོ༔ བཅུ་དྲུག་པ་ཐུགས་དམ་གནད་ནས་བསྐུལ་ཞིང་སྨྲེ་སྔགས་ཀྱིས་གསོལ་བ་གདབ་པ་ནི༔ རྗེ་བཙུན་འཕགས་མའི་རྟེན་གྱི་དྲུང་དུ་ཐལ་སྦྱར་པུས་བཙུགས་ལུས་བ་སྤུ་གཡོ་བ༔ གདོང་མཆི་མ་འབྱིན་ཅིང་བུ་མ་ལ་དུངས་ནས་ངུ་བའི་ཚུལ་དུ་འདི་ལྟར་བྱའོ༔ ཀྱི་ཧུད་འཕགས་མ་བྱམས་ལྡན་ཐུགས་རྗེ་ཅན༔ རྒྱལ་བའི་ཡུམ་ཁྱོད་གནས་མཆོག་གང་ན་བཞུགས༔ སྐྱབས་མེད་བདག་ལ་དགོས་པའི་དུས་བྱུང་ངོ༔ ཐོག་མེད་དུས་ནས་ད་ལྟར་ཐུག་གི་བར༔ རིགས་དྲུག་འཁོར་བའི་གཡང་ས་དོང་རིང་འདིར༔ སྐྱེ་བ་གྲངས་མེད་ཤ་ཁྲག་ལུས་བླངས་ཀྱང༔ བྱས་པའི་ལས་ལ་དོན་མེད་ཆུད་རེ་ཟོས༔ སྐྱེ་བ་ལན་གཅིག་ཙམ་ཞིག་ཐར་པའི་ལམ༔ སྒྲུབ་པའི་འབྲེལ་ཡང་བདག་གིས་མ་ཞོགས་སམ༔ འཕགས་མའི་ཐུགས་རྗེས་བདག་ཉིད་གཏང་སྲིད་དམ༔ ཐུགས་རྗེས་ཟུངས་དང་འཕགས་མ་རྒྱལ་བའི་ཡུམ༔ བདག་ཉིད་མ་རིག་ལས་ངན་སྡིག་སྒྲིབ་ཅན༔ མགོན་མེད་བདག་ནི་མ་ཡིས་མ་གཟིགས་སམ༔ དུངས་པའི་ང་རོས་འོ་དོད་བོས་ལགས་ན༔ མ་ཁྱེད་བརྩེ་བའི་ཐུགས་རྗེས་མི་འཛིན་ནམ༔ རིགས་དྲུག་འཁོར་བའི་དོང་དུ་ལྷུང་ལགས་ན༔ འཕགས་མས་ཐུགས་རྗེའི་ཞགས་པས་མི་འདྲེན་ནམ༔ མ་རིག་མུན་པའི་ཡུལ་དུ་གཏན་འཁྱམས་ན༔ འཕགས་མས་ཐུགས་རྗེའི་སྒྲོན་མེ་མི་སྤོར་རམ༔ ལས་ཀྱི་ཡུལ་དུ་དབང་མེད་འཁྱམས་ལགས་ན༔ མ་གཅིག་ཐུགས་རྗེའི་ལྕགས་ཀྱུས་མི་འཛིན་ནམ༔ དགེ་བའི་མྱུ་གུ་ལོ་ཐོག་སྐམ་ལགས་ན༔ འཕགས་མས་ཐུགས་རྗེའི་ཆར་རྒྱུན་མི་འབེབས་སམ༔ ཞེ་སྡང་དུག་ལྔའི་མེ་ཆེན་འབར་ལགས་ན༔ མ་ཁྱེད་ཐུགས་རྗེའི་ཆུ་ཡིས་མི་བརླན་ནམ༔ དུག་གསུམ་འཁྲུལ་པའི་ནད་ཀྱིས་གདུངས་ལགས་ན༔ མ་ཁྱེད་ཐུགས་རྗེའི་སྨན་གྱིས་མི་གསོ་འམ༔ དུས་འདིར་མ་ཁྱེད་ཐུགས་རྗེས་མ་བཟུང་ན༔ དེང་ནས་ཕྱིན་ཆད་ངེས་པའི་གནས་མེད་དོ༔ ཀྱེ་མ་ཀྱི་ཧུད་འཕགས་མ་ཐུགས་རྗེ་ཅན༔ བདག་ལ་རེ་ལྟོས་སྐྱབས་གནས་གཞན་ན་མེད༔ སྐྱིད་སྡུག་རེ་ལྟོས་གཅིག་གྱུར་ཁྱེད་ཤེས་ན༔ ཐུགས་རྗེའི་དཔའ་ཚན་སྐྱེད་ཅིག་རྗེ་བཙུན་མ༔ འཁོར་བའི་གནས་སུ་ཡུན་རིང་གཏན་འཁྱམས་ནས༔ ནམ་ཞིག་ལས་ཟད་འབྲས་བུ་ཐོབ་པའི་ཚེ༔ འཕགས་མའི་ཐུགས་རྗེའི་ཅི་འཚལ་དོན་མ་མཆིས༔ ལས་དབང་བཙན་ཞེས་བདག་ཉིད་བོར་གྱུར་ན༔ ཐུགས་རྗེ་ཆེ་ཞེས་སྐྱབས་གནས་སུ་ལ་བྱེད༔ འཕགས་མ་ཁྱེད་ལ་ཐུགས་རྗེའི་སྟོབས་མངའ་ཞིང༔ སྔོན་འབྲེལ་གསོལ་བཏབ་བདེན་པ་མི་བསླུ་ན༔ ཐུགས་ལ་ལེ་ལོ་བཏང་སྙོམས་མ་མཛད་པར༔ སྐད་ཅིག་ཉིད་ལ་ཐར་པར་འདྲེན་དུ་གསོལ༔ ཚེ་འདིར་མི་མཐུན་རྐྱེན་ངན་བར་གཅོད་དང༔ རྒྱལ་པོ་མེ་ཆུ་ལྕགས་སྒྲོག་དུག་དང་མཚོན༔ རིམས་ནད་སྣ་ཚོགས་ཆོམ་རྐུན་དུས་མིན་འཆི༔ དགྲ་དང་བགེགས་སོགས་རྨི་ལམ་མཚན་ལྟས་ངན༔ ཆག་ཆེ་ཉམ་ང་འཇིགས་པ་བརྒྱད་ལ་སོགས༔ མ་ལུས་ཞི་ཞིང་ཟློག་པར་མཛད་དུ་གསོལ༔ ཚེ་དབང་ལོངས་སྤྱོད་དཔལ་འབྱོར་ཕྲིན་ལས་རྣམས༔ གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛོད༔ ཁམས་གསུམ་སྲིད་གསུམ་སྣང་སྲིད་ཐམས་ཅད་ཀྱི༔ སྣང་བ་དབང་དུ་འདུ་བར་མཛད་དུ་གསོལ༔ བདུད་དང་དགྲ་བགེགས་འབྱུང་པོའི་ཚོགས་རྣམས་ཀུན༔ ཚར་གཅོད་དྲག་པོའི་ཕྲིན་ལས་མཛད་དུ་གསོལ༔ བདག་ནི་རྩེ་གཅིག་ཟོལ་ཟོག་མེད་པ་ཡིས༔ ཁ་ཙམ་མ་ཡིན་སྙིང་ནས་གསོལ་བཏབ་པས༔ འགྲོ་འདུག་ལས་བྱེད་གང་གི་ཕྱོགས་དག་ཏུའང༔ བུ་གཅིག་མ་བཞིན་བརྩེ་བས་བསྐྱང་དུ་གསོལ༔ འདི་དང་ཕྱི་མ་བར་དོའི་གནས་སྐབས་སུ༔ འབྲལ་མེད་རྟག་ཏུ་ཐུགས་རྗེས་གཟུང་དུ་གསོལ༔ བདག་གི་རྒྱུད་ལ་མི་རྟག་བྱམས་སྙིང་རྗེ༔ དད་དང་བརྩོན་འགྲུས་ངེས་འབྱུང་སྐྱོ་ཤས་དང༔ ཟབ་མོའི་དོན་དང་སྟོང་ཉིད་ལྟ་བའི་མཆོག༔ རྟག་ཏུ་ཉམས་ལེན་སྐྱོ་ངལ་མེད་པ་དང༔ ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་པར་ཤོག༔ ཅེས་སྐད་ཅིག་མ་ཡེངས་པར་དུང་དུངས་པས་གསོལ་བ་གདབ་བོ༔ བཅུ་དྲུག་པ་དབང་བསྐུར་བ་ནི༔ བུམ་པ་རྗེ་བཙུན་མའི་རྟེན་དང་བཅས་པ་རང་དང་གཞན་གྱི་སྤྱི་བོར་བཞག་ལ༔ རྗེ་བཙུན་མ་དངོས་སུ་གསལ་བའི་གནས་བཞི་ནས༔ བསྐྱེད་རིམ་གྱི་སྐབས་ལྟར་གནས་བཞི་ནས་ཡིག་འབྲུ་བཞི་ལས་འོད་ཟེར་བར་མ་ཆད་པ་བདག་གི་གནས་བཞིར་འཕྲོས་ཤིང་ཐིམ་པར་བསྒོམ་ལ༔ ཧཱུྃ༔ རྗེ་བཙུན་འཕགས་མ་ཐུགས་རྗེ་ཅན༔ རྣམ་དག་སྐུ་ཡི་སྒོ་ཕྱེས་ལ༔ མི་འགྱུར་རྡོ་རྗེ་ཚེ་ཡི་དབང༔ བདག་སྐལ་ལྡན་ལུས་ལ་བསྐུར་དུ་གསོལ༔ ཨཱརྱ་ཏཱ་ར་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རྗེ་བཙུན་འཕགས་མ་ཐུགས་རྗེ་ཅན༔ འགག་མེད་གསུང་གི་སྒོ་ཕྱེས་ལ༔ འགག་མེད་རྣམ་གྲོལ་གསུང་གི་དབང༔ སྐལ་ལྡན་ངག་ལ་བསྐུར་དུ་གསོལ༔ ཨཱརྱ་ཏཱ་ར་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ རྗེ་བཙུན་འཕགས་མ་ཐུགས་རྗེ་ཅན༔ སྤྲོས་བྲལ་ཐུགས་ཀྱི་སྒོ་ཕྱེས་ལ༔ སྤྲོས་མེད་རྡོ་རྗེ་ཐུགས་ཀྱི་དབང༔ སྐལ་ལྡན་སེམས་ལ་བསྐུར་དུ་གསོལ༔ ཨཱརྱ་ཏཱ་ར་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྗེ་བཙུན་འཕགས་མ་ཐུགས་རྗེ་ཅན༔ སྐུ་གསུམ་ཡོངས་རྫོགས་སྒོ་ཕྱེས་ལ༔ ཕྲིན་ལས་རྣམ་བཞིས་འགྲོ་འདུལ་དབང༔ སྐལ་ལྡན་ལུས་ངག་ཡིད་ལ་སྐུར༔ ཨཱརྱ་ཏཱ་ར་སརྦ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་གནས་བཞིར་གཏུག་ཅིང་བུམ་ཆུ་བཏུང་ཞིང་ཁྲུས་བྱའོ༔ བཅུ་བདུན་པ་སྨོན་ལམ་གདབ་པ་ནི༔ ཐལ་མོ་མེ་ཏོག་དང་བཅས་ལ༔ ཨོཾ༔ འགྲུབ་པར་གྱུར་ཅིག་རྗེ་བཙུན་ཐུགས་རྗེ་ཅན༔ འཕགས་མ་ཁྱེད་ལ་བསྙེན་སྒྲུབ་མཆོད་པ་དང༔ བསྟོད་ཅིང་གསོལ་བ་བཏབ་པའི་མཐུ་བྱིན་གྱིས༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ འཕགས་མ་ཁྱེད་དང་རྟག་ཏུ་མི་འབྲལ་ཞིང༔ ནད་མེད་ཚེ་དབང་ལོངས་སྤྱོད་འཕེལ་བ་དང༔ བྱང་ཆུབ་སྒྲུབ་ལ་བར་གཅོད་མི་འབྱུང་ཞིང༔ ས་དང་ལམ་གྱི་ཡོན་ཏན་མྱུར་རྫོགས་ནས༔ བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་ཡི༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག༔ ཅེས་ལན་གསུམ་བྱས་ནས༔ རྟེན་དང་ཚོམ་བུ་བསྡུ༔ ཨོཾ༔ ཁྱེད་ཀྱིས་སེམས་ཅན་དོན་ཀུན་ཅེས་པ་དང༔ བཛྲ་མུ༔ ཡེ་ཤེས་པ་གཤེགས༔ དམ་ཚིག་པ་བདག་ལ་བསྡུ༔ ཨཱ་ལི་ཀཱ་ལི་ཡིག་བརྒྱ་བཟླ༔ བདག་ནི་རྨོངས་པའི་བློ་ཅན་ཏེ༔ ཏིང་འཛིན་དམིགས་པ་མ་གསལ་ནོར༔ ཆོ་ག་ལྷག་ཆད་ཉེས་གྱུར་རྣམས༔ འཕགས་མའི་ཚོགས་ཀྱིས་བཟོད་པར་མཛོད༔ ཅེས་བརྗོད་ལ་མི་དམིགས་པར་རྒྱས་གདབ་བོ༔ བཅོ་བརྒྱད་པ་བསྔོ་བ་བྱ་བ་དང་བཀྲ་ཤིས་བརྗོད་པ་ནི༔ བདག་གི་དུས་གསུམ་བསགས་པ་ཡི༔ བསྙེན་སྒྲུབ་ལ་སོགས་དགེ་ཚོགས་དང༔ གཞན་ཡང་དགེ་སྤྱད་བསྐུལ་བཏབ་དང༔ རྗེས་སུ་ཡི་རངས་ལས་བྱུང་ཞིང༔ འཕགས་མ་ཁྱེད་མཆོད་བྱིན་རླབས་ཀྱིས༔ ནད་མེད་ཚེ་རིང་དཔལ་དང་གྲགས༔ བཀྲ་ཤིས་བདེ་ལེགས་མཆོག་ཐོབ་ཅིང༔ བདག་གཞན་དོན་གཉིས་མཐར་ཕྱིན་ཤོག༔ ཅེས་ལན་གསུམ་བརྗོད་རྗེས་སུ༔ མེ་ཏོག་འཐོར་ཞིང་བཀྲ་ཤིས་བྱ་སྟེ༔ ཧོ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་མཆོག་མ༔ དགོས་འདོད་རེ་སྐོང་ཡིད་བཞིན་ནོར་བུའི་མཆོག༔ བཀྲ་ཤིས་ཀུན་གྱི་མཆོག་བརྙེས་དོན་གྲུབ་མ༔ དཔལ་ལྡན་ཐོག་མ་བར་དང་མཐར་དགེ་བའི༔ ཕྲིན་ལས་ཀུན་འགྲུབ་མྱུར་མ་དཔའ་མོ་སྟེ༔ རྗེ་བཙུན་འཕགས་མ་སྒྲོལ་མའི་བཀྲ་ཤིས་ཤོག༔ ཅེས་དང༔ གཞན་ཡང་རྒྱ་ཆེར་བརྗོད་དོ༔ མ་གཅིག་ཡེ་ཤེས་མཚོ་རྒྱལ་ནང་ལྟར་རྗེ་བཙུན་སྒྲོལ་མར་སྒྲུབ་པ་མོན་མོ་བཀྲ་ཤིས་ཁྱེ་འདྲེན་གྱིས་ཞུས་པ་སྒྲུབ་མཆོག་ཡིད་བཞིན་ནོར་བུ་ཞེས་བྱ་བ་རྫོགས་སོ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ནི༔ རྗེ་བཙུན་སྒྲོལ་མ་དངོས་ཡིན་པས༔ དུས་ཀྱི་ཐ་མར་གྱུར་པ་ན༔ ཁ་བ་ཅན་གྱི་རྒྱལ་ཁམས་འདིར༔ ལྷ་ཡང་ཐུགས་རྗེ་ཆེན་པོ་དང༔ རྗེ་བཙུན་སྒྲོལ་མས་འདུལ་བར་འགྱུར༔ འདི་ནི་བྱིན་རླབས་གློག་ལྟར་མྱུར༔ དེ་ཕྱིར་གནམ་སྐས་བྲག་ལ་སྦས༔ ལས་ཅན་གཅིག་དང་འཕྲད་ནས་ཀྱང༔ འགྲོ་དོན་བསྟན་པ་མཐར་རྒྱས་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱའོ༔ ྈྈྈྈྈྈྈ ྈྈྈྈ ཤོག་སེར་དངོས་ལ་གཏེར་སྟོན་རཏྣས་ཞུས་པའོ། །གཏེར་སྟོན་རཏྣ་གླིང་པ་སྐུ་དྲིན་ཅན་དེའི་དྲུང་དུ། སྤྲང་པོ་ཆོས་ལེགས་བདག་གིས་ལན་ལྔ་ཕྱིན་ཏེ་བཀའ་ལུང་ཡོངས་སུ་ཞུས་པའོ། །འདི་ནི་ཤོག་སེར་བུ་ཡིག་བྱིན་རླབས་ཅན་ནོ།། །། ༄༔ ཡེ་ཤེས་མཚོ་རྒྱལ་རྡོ་རྗེ་ཕག་མོར་སྒྲུབ་པའི་གསང་སྒྲུབ་གནམ་སྐས་མའོ༔ ྈྈྈྈྈྈྈྈྈ ཨོ་རྒྱན་སྐད་དུ༔ མ་ཏྲི་ཛི་ན་མུ་ཏྲ་སན་དྷ༔ མཁའ་འགྲོ་བརྡ་ཡི་སྐད་དུ༔ མ་ཧོ་ཀོ་ལི་མ་ལ་ནི༔ རྒྱ་གར་སྐད་དུ༔ བཛྲ་དྷཱ་ཀི་ནཱི་བྷ་ར་ཧི་ཀྲོ་ཏཱི་ཀཱ་ལི་ས་དྷ་ནཱ་མ༔ བོད་སྐད་དུ༔ རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོ་གསང་སྒྲུབ་ཅེས་བྱ་བ༔ ཡེ་ཤེས་མཁའ་འགྲོ་ལ་ཕྱག་འཚལ་ལོ༔ སྐལ་བ་དང་ལྡན་པའི་རྣལ་འབྱོར་པས་ཡེ་ཤེས་ཀྱི་མཁའ་འགྲོ་གསང་བ་ལྟར་སྒྲུབ་པ་ཡིད་བཞིན་ནོར་བུ་འདི་ལ་གསུམ་སྟེ༔ དང་པོ་དུར་ཁྲོད་དམ་རི་ཁྲོད་ལ་སོགས་དབེན་པའི་གནས་སུ༔ དལ་མདའ་གང་བའི་དབུས་སུ་ཆོས་འབྱུང་གཉིས་བརྩེགས་སུ་ཨེ༔ ཟུར་རྣམས་སུ་གྲི་གུག༔ གྲུ་ཆད་རྣམས་སུ་གཡུང་དྲུང༔ མཐའ་སྐོར་ལ་མེ་ཏོག་སྔོན་པོའི་ཚོམ་བུ་བཀོད་པའི་དབུས་སུ༔ ཐོད་པ་དུམ་བུ་གཅིག་པ་ཆང་གིས་བཀང་བའི་ནང་དུ་ཨ་མྲྀཏ་སིནྡྷུ་ར་དང་བྱང་སེམས་དཀར་དམར་སྦྱར་ལ་བླུག་གོ༔ དེའི་སྟེང་དུ་མེ་ལོང་ཆང་བརླན་སིནྡྷུ་ར་བརྩེགས་པ་ལ་སྙིང་པོ་རྣམས་བཀོད༔ དེའི་སྟེང་དུ་ཁྲོས་མ་ནག་མོའི་སྐུ་བཞག༔ མཐའ་སྐོར་དུ་གཏོར་ཚོགས་གཞུང་བཞིན་བཤམ༔ ཐོད་པ་ལྟག་སྤྲོད་ཀྱི་རྔ་ནི་ཤིན་ཏུ་ཁག་ཆེ་སྟེ༔ ལར་མཁའ་འགྲོ་སྒྲུབ་པ་ཙམ་ལ་གཅེས་སོ༔ དེ་ནས་བླ་རྡོའི་འཁོར་ལོ་བདག་གིས་མཆན་དུ་བཅང་ངོ༔ གཉིས་པ་དངོས་གཞིའི་རིམ་པ་ནི༔ བདེ་བའི་སྟན་ལ་འདུག་སྟེ༔ སིནྡྷུ་རའི་ཐིག་ལེ་དཔྲལ་བར་བྱས་ལ་སྨྲ་བ་བཅད༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས༔ མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ནའི་སྔགས་ཀྱིས་སྣང་སྲིད་ཐམས་ཅད་ཆོས་དབྱིངས་སྟོང་པའི་ངང་ལས་དུར་ཁྲོད་ཆེན་པོ་འབར་བའི་དབུས་སུ་ཨེ་གྲུ་གསུམ་མེ་དཔུང་དམར་ནག་ཏུ་འབར་བའི་དབུས་སུ་བཾ་ལས་རོའི་གདན་སྟེང་དུ༔ སྐད་ཅིག་དྲན་རྫོགས་སུ་ཧཱུྃ་ལས་ཕག་མོ་ཁྲོས་མ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་ནག་སྤྱན་གསུམ་དམར་ལ་ཟླུམ་ཞིང༔ མཆེ་བ་གཙིགས་པ་དབུ་སྐྲ་ཁམ་སེར་སྐུ་རྒྱབ་ན་མར་འཕྱང་བ༔ སྤྱི་གཙུག་ཕག་ཞལ་ངུར་སྒྲ་སྒྲོག་པ་ལས་སྣང་སྲིད་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ༔ མ་མོ་མཁའ་འགྲོ་ཐམས་ཅད་རང་དབང་མེད་པར་དམ་ལ་འདུ་བ༔ ཕྱག་གཡས་གྲི་གུག་ནམ་མཁའ་ལ་འཕྱར་བ༔ གཡོན་པ་ཐོད་ཁྲག་ཐུགས་ཀར་འཛིན་པ༔ ཁ་ཊྭཱཾ་རྩེ་གསུམ་གྲུ་མོས་བརྟེན་པ༔ ཞབས་གཡས་བསྐུམ་མཚན་མ་ལ་གཏད་པ༔ གཡོན་བརྐྱང་རོ་ཡི་སྙིང་ག་ནས་མནན་པ༔ ནུ་མ་དང་བྷ་ག་རྒྱས་པ༔ གླང་ཆེན་དང་ཞིང་གཡང་གི་སྟོད་གཡོགས་དང་སྟག་ལྤགས་ཤམ་ཐབས༔ སྦྲུལ་ཆུན་ལ་མི་མགོ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན༔ སྐུའི་བ་སྤུའི་བུ་ག་རེ་ནས་མཁའ་འགྲོ་རང་འདྲ་བ་ཚོན་གང་བ་མེའི་ཚྭ་ཚྭ་ལྟར་འཕྲོ་ཞིང་ཕཊ་དང་ཕེཾ་གྱི་སྒྲ་སྒྲོག་པ༔ དེའི་སྤྱི་བོ་ན་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་དཀར་མོ་གཙོ་འཁོར་སུམ་བརྒྱ་དྲུག་ཅུ་གཡས་ཐམས་ཅད་རྡོ་རྗེའི་གྲི་གུག༔ གཡོན་ཐམས་ཅད་ཐོད་ཁྲག་བསྣམས་པ༔ མགྲིན་པར་རིན་ཆེན་མཁའ་འགྲོ་སྐུ་མདོག་སེར་མོ་གཙོ་འཁོར་བཅུ་དྲུག་གཡས་ཐམས་ཅད་རིན་ཆེན་གྲི་གུག༔ གཡོན་ཐོད་ཁྲག་བསྣམས་པ༔ ཐུགས་ཀར་སངས་རྒྱས་མཁའ་འགྲོ་མཐིང་ནག་གཙོ་འཁོར་སུམ་ཅུ་རྩ་གཉིས་གཡས་འཁོར་ལོའི་གྲི་གུག༔ གཡོན་ཐོད་ཁྲག་བསྣམས་པ༔ ལྟེ་བར་པདྨ་མཁའ་འགྲོ་སྐུ་མདོག་དམར་མོ་གཙོ་འཁོར་དྲུག་ཅུ་རྩ་བཞི༔ གཡས་ཐམས་ཅད་པདྨའི་གྲི་གུག་དང༔ གཡོན་ཐམས་ཅད་ཐོད་ཁྲག་བསྣམས་པ༔ གསང་གནས་སུ་ལས་ཀྱི་མཁའ་འགྲོ་མ་ལྗང་གུ་གཙོ་འཁོར་ཉི་ཤུ་རྩ་བརྒྱད་གཡས་རྣམས་རྒྱ་གྲམ་གྲི་གུག་དང༔ གཡོན་རྣམས་ཐོད་ཁྲག་ཐོགས་པའོ༔ དེ་ལྟར་གསལ་བའི་བདག་གི་སྙིང་གྱེན་ལ་ལོག་པའི་དབུས་སུ༔ པདྨ་ཕྱོགས་མཐུན་འདབ་མ་བཞིའི་དབུས་སུ༔ གསང་བ་ཐུགས་ཀྱི་ཕག་མོ་ལྔ་བསྐྱེད་དེ༔ པདྨའི་དབུས་སུ་སངས་རྒྱས་མཁའ་འགྲོ་མ་མཐིང་ནག༔ མདུན་དུ་རྡོ་རྗེ་མཁའ་འགྲོ་མ་དཀར་མོ༔ གཡས་སུ་རིན་ཆེན་མཁའ་འགྲོ་མ་སེར་མོ༔ རྒྱབ་ཏུ་པདྨ་མཁའ་འགྲོ་མ་དམར་མོ༔ གཡོན་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་མོ༔ དེ་རྣམས་གཡས་ཐམས་ཅད་གྲི་གུག༔ གཡོན་ཐམས་ཅད་ཐོད་ཁྲག༔ རྒྱན་ཆ་ལུགས་གཙོ་མོ་དང་འདྲ་བའོ༔ དེ་རྣམས་ཀྱི་ཐུགས་ཀར་ཉི་མའི་དལ་སེན་གང་བ་རེའི་དབུས་སུ་སངས་རྒྱས་མཁའ་འགྲོ་ལ་ཧཱུྃ་དང་མ༔ རྡོ་རྗེ་ལ་ཧ༔ རིན་ཆེན་ལ་རི༔ པདྨ་ལ་ནི༔ ཀརྨ་ལ་ས༔ དེ་རྣམས་རེ་རེ་ལ་ཡང་རང་རང་གི་ས་བོན་ལ་སྔགས་འཁོར་བསྐོར་བར་བསྒོམ་མོ༔ དེ་ལྟར་གསལ་བར་ནན་གྱིས་བསྐྱེད་ནས༔ ངག་ཏུ༔ ཧཱུྃ་ཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ཕེཾ་ཕེཾ་ས་མ་ཡ་ཛ་ཛཿ ཞེས་བརྗོད་པས་ལྷ་རང་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་ནས་འོག་མིན་ནས་ཡེ་ཤེས་ཀྱི་ལྷ་རྣམས་ཀྱང་སྔགས་སྒྲ་དི་རི་རི་ནམ་མཁའ་ལ་བྱོན་ནས༔ སླར་བདག་ཉིད་དམ་ཚིག་རྣམས་ལ་སོ་སོ་རུ་དབྱེར་མེད་དུ་ཐིམ་ནས་སྐུ་གསུང་ཐུགས་ཀྱིས་བྱིན་བརླབས༔ ཡེ་ཤེས་ལྔས་དབང་བསྐུར༔ ལྷ་ཐམས་ཅད་ཀྱིས་ཕག་སྐད་དུས་གཅིག་ཏུ་བསྒྲགས་པས་སྟོང་གསུམ་འུར་འུར་ཁྱོམ་ཁྱོམ་ལྡེམ་ལྡེམ་ཤིག་ཤིག་ཏུ་གྱུར་ནས་ཐམས་ཅད་རང་དབང་མེད་པར་བདག་གི་དབང་དུ་འདུས་ཤིང༔ མཁའ་འགྲོ་རྣམ་བཞིས་ཕྲིན་ལས་དུས་གཅིག་ལ་སྒྲུབ་ཅིང་ལྷ་སྲིན་སྡེ་བརྒྱད་བཀའ་ཉན་ལས་བྱེད༔ སྲོག་སྙིང་འབུལ་བར་བསྒོམ་མོ༔ གཞན་ཡང་རང་གི་རྩ་གནས་ན༔ མཁའ་འགྲོ་མ་ཏིལ་གྱི་གང་བུ་ཁ་ཕྱེ་བ་ལྟར་གནས་པར་བསྒོམ་མོ༔ དེ་ནས་ཤིན་ཏུ་ཟབ་པའི་བཟླས་པ་བྱ༔ སྟེང་རླུང་བར་རླུང་ཕོ་སྨད་དུ་བཟུང་སྟེ་ཏིར་གྱིས་བརྒྱང༔ སྐེད་པ་ཅུང་ཟད་ཉག་བྱས་ནས་སྟེང་འོག་གི་རླུང་རང་སོ་ལ་བཞག་ཅིང་དམིགས་པ་སྙིང་གའི་ཕག་མོ་ལྔ་ལ་གཏད་ནས་རླུང་རབ་ཏུ་རྒྱས་པས་འཁོར་ལོ་དང་རྩ་གནས་ཀྱི་མཁའ་འགྲོ་ཐམས་ཅད་རབ་ཏུ་བཅུད་པས་ཐམས་ཅད་སྔགས་ཀྱི་སྒྲ་དི་རི་རི་བཟླས་པར་བསམ་ལ༔ ཨཱོྃ་བཛྲ་བྷ་ར་ཧི་ཀྲོ་ཏཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བྷེ་ཤ་ཡ་ཙིཏྟ་ཧྲཱིང་ཧྲཱིང་ཛཿཛ༔ ཞེས་བཟླས་པས་རྟགས་དང་བྱིན་རླབས་བསམ་གྱིས་མི་ཁྱབ་པ་འབྱུང་ཞིང༔ སྐབས་སུ་བར་རླུང་བཟུང་ནས་སྐེད་པ་གཡས་དང་གཡོན་དུ་བསྐོར༔ ལྷ་རྣམས་ཀྱང་དེ་བཞིན་འཁོར་ཞིང་གནད་ནས་བསྐུལ་བས་ཐམས་ཅད་ཀྱིས་རང་རང་སྔགས་སྒྲ་དི་རི་རི་བཟླ་བར་བསམ་ལ་སྔགས་བཟླས་པས་རྟགས་དང་ཡོན་ཏན་བསམ་གྱིས་མི་ཁྱབ་སྟེ་མྱུར་དུ་འགྲུབ་པར་འགྱུར་རོ༔ ཐུན་མཚམས་སུ་གཏོར་མ་འབུལ་བ་ནི༔ མེ་རླུང་གི་སྦྱོར་བས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ཏེ༔ ཐོད་རྔ་འཁྲོལ་ཞིང༔ ཧཱུྃ༔ རྣམ་དག་ཆོས་དབྱིངས་བྷན་དྷ་རུ༔ ཤ་ཁྲག་དམར་ལ་ལོངས་སྤྱོད་བརྒྱན༔ ཡེ་ཤེས་བདུད་རྩི་རོ་མཆོག་ལྡན༔ འདོད་ཡོན་མཆོད་པ་སྤྲིན་ལྟར་གཏིབས༔ སྤོས་གསུར་དྲི་ངད་ཆི་ལི་ལི༔ ཁྲག་ཞག་ཞུན་ཆེན་མེ་རེ་རེ༔ ཚོགས་སྐོང་ལོངས་སྤྱོད་ཆི་ལི་ལི༔ དཔལ་གཏོར་བརྗིད་ལྡན་ཡ་ལ་ལ༔ རཀྟ་ཞུན་ཆེན་ཆི་ལི་ལི༔ ཡེ་ཤེས་བདུད་རྩི་ངོ་རེ་མཚར༔ རབ་ཏུ་མི་འཛད་རྒྱུན་རེ་རིང༔ མཁའ་འགྲོ་གཏོར་ལེན་དང་རེ་སྤྲོ༔ མཆོད་བཞེས་དམ་སྐོངས་དངོས་གྲུབ་སྩོལ༔ ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏཱི་ཀཱ་ལི་ཧ་རི་ནི་ས་བཛྲ་རཏྣ་པདྨ་ཀརྨ་སརྦ་ཙིཏྟ་ཧྲིང་ཧྲིང་བཛྲ་པི་པ་ཧོ་ཨ་ཏྲི་ཀྲ་མ་ནི་མ་ཧཱ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཚར་བདུན་ནམ་གསུམ་གྱིས་འབུལ་ལོ༔ ཐུན་མཚམས་སུ་བསྟོད་པ་བྱ་ཞིང་ཐུགས་དམ་བསྐུལ༔ དངོས་གྲུབ་བླང་བ་ནི༔ ཤ་ཆེན་དང་གུ་གུལ་བསྲེག༔ རྔ་ཆེན་བརྡུང་ཞིང་ཐོད་རྔ་འཁྲོལ་ཞིང་དབྱངས་སྙན་པོས༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་སྒྱུ་མའི་སྐུར་བཞེངས་པ༔ རྒྱལ་བའི་ཡུམ་མཆོག་བཅོམ་ལྡན་འདས་མ་མཆོད༔ ཆགས་མེད་རྟོག་བྲལ་ཁྲོས་མ་ནག་མོའི་སྐུ༔ བདེ་གཤེགས་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཆོས་འབྱུང་འབར་བ་ཨེ་ཡི་དཀྱིལ་འཁོར་ནས༔ ཡེ་ཤེས་བསྐལ་པའི་མེ་དཔུང་འབར་བའི་ཀློང༔ གར་དགུའི་ཉམས་ལྡན་ཁྲོ་དང་འཛུམ་པའི་སྐུ༔ ཕ་རོལ་ཕྱིན་དྲུག་རྫོགས་ལ་ཕྱག་འཚལ་བསྟོད༔ ཞལ་གཅིག་ཕྱག་གཉིས་མཐིང་ནག་འབར་བའི་སྐུ༔ སྤྱན་གསུམ་སྡང་མིག་དམར་ཟླུམ་རབ་ཏུ་གཡོ༔ མཆེ་བ་བཞི་གཙིགས་ཁྲོ་གཉེར་འགྱིང་བག་ལྡན༔ མཁའ་འགྲོའི་གཙོ་མོ་ཁྱོད་ལ་ཕྱག་འཚལ་བསྟོད༔ གཡས་པ་གྲི་གུག་སྐྱེ་ཤི་རྩད་ནས་གཅོད༔ གཡོན་པ་རྟོག་མེད་བྷནྡྷ་ཁྲག་གིས་བཀང༔ གཡས་བསྐུམ་གཡོན་བརྐྱང་རོ་ཡི་གདན་ལ་བཞུགས༔ དཔའ་མོ་ཆེན་མོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཕག་ཞལ་ནག་མོ་གྱེན་ལ་སྒྲ་སྒྲོག་ཅིང༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད་པར་བྱེད༔ ཕག་སྐད་ངར་ངར་བར་དུ་སྒྲ་སྒྲོག་ཅིང༔ སྡེ་བརྒྱད་འདུལ་ཞིང་སྐྱེ་འགྲོ་དབང་དུ་སྡུད༔ ཕག་སྐད་ངུར་ངུར་འོག་ཏུ་སྒྲ་སྒྲོག་ཅིང༔ ས་བདག་ཀླུ་གཉན་ཟིལ་གྱིས་གནོན་པར་བྱེད༔ ཕཊ་དང་ཕེཾ་གྱི་སྔགས་སྒྲ་ཞལ་ནས་སྒྲོག༔ ཆེ་བའི་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ དབུ་སྐྲ་ཁམ་སེར་རིགས་ལྔས་དབུ་ལ་བརྒྱན༔ སྙན་ཆ་མགུར་ཆུ་གདུ་བུས་རབ་ཏུ་མཛེས༔ ཁ་ཊྭཱཾ་མཆན་བཅུག་དུག་གསུམ་རྩད་ནས་གཅོད༔ ཡེ་ཤེས་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད༔ འདུ་བྱེད་རྣམ་དག་མགོ་ཕྲེང་རྒྱུ་མར་བརྒྱུས༔ གཡང་གཞི་སྟག་ཤམ་རུས་པའི་རྒྱན་དྲུག་སྤྲས༔ སྐུ་ཡི་རྒྱན་རྣམས་རྫོགས་ལ་ཕྱག་འཚལ་བསྟོད༔ སྐུ་ཡི་གནས་ལྔར་མཁའ་འགྲོའི་དཀྱིལ་འཁོར་རྫོགས༔ གསང་བ་ཐུགས་ཀྱི་ཕག་ལྔ་ཡེ་ཤེས་མཆོག༔ རྩ་ཁམས་འཁོར་ལོ་མཁའ་འགྲོའི་སྔགས་སྒྲ་སྒྲོག༔ ཕྲིན་ལས་རྣམ་བཞི་རྫོགས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་ནས་ཐུགས་དམ་བསྐུལ་བ་ནི༔ བདག་བསྐྱེད་རིམ་གསལ་བས༔ ཕག་མོའི་ངུར་དབྱངས་སུ་བྱས་ཏེ༔ ཧཱུྃ་ཧཱུྃ༔ ཕེཾ་ཕེཾ༔ མ་གཡེལ་མ་འཕང་རྣལ་འབྱོར་མ༔ ཆོས་དབྱིངས་ཨེ་ཡི་གཞལ་ཡས་ནས༔ རང་བཞིན་དབྱིངས་ཀྱི་མཁའ་འགྲོ་མ༔ རྡོ་རྗེ་ཕག་མོ་སྐུ་བཞེངས་ཤིག༔ རི་རབ་ཆེན་པོའི་གླིང་བཞི་དང༔ ཉི་ཤུ་རྩ་བཞིའི་གནས་མཆོག་ནས༔ རིགས་བཞིའི་མཁའ་འགྲོ་ཤུགས་འགྲོ་དང༔ ཡེ་ཤེས་ལས་གྲུབ་མ་མོའི་ཚོགས༔ ཁྲི་འབུམ་བྱེ་བ་ས་ཡ་རྣམས༔ དར་གྱི་ཅོད་པན་པུ་རུ་རུ༔ སིལ་སྙན་མང་པོ་སི་ལི་ལི༔ རོལ་མོ་མང་པོ་དི་རི་རི༔ རྒྱན་ཆ་མང་པོ་ཁྲོ་ལོ་ལོ༔ ཌཱ་དྲིལ་གར་སྟབས་ཤིགས་སེ་ཤིག༔ ཞལ་ནས་སྔགས་སྒྲ་དི་རི་རི༔ ཕཊ་དང་ཕེཾ་སྒྲ་འུ་རུ་རུ༔ རི་རབ་གླིང་བཞི་ལྡེགས་སེ་ལྡེག༔ རྒྱ་མཚོ་ཆེན་པོ་ཁྱོམས་སེ་ཁྱོམ༔ སྣང་སྲིད་དབང་དུ་ཧྲི་ལི་ལི༔ སྡེ་བརྒྱད་བྲན་དུ་ཁྱུགས་སེ་ཁྱུག༔ རྐང་པ་རྡོ་རྗེ་སྒེག་འགྲོས་ཅན༔ ཐོགས་མེད་མཁའ་ལ་བུན་ནེ་བུན༔ ལག་པ་གསེར་གྱི་གདུ་བུ་ཅན༔ སྣ་ཚོགས་གར་བྱེད་ཁྱུགས་སེ་ཁྱུག༔ ཆ་ལུགས་རྣམ་པ་སྣ་ཚོགས་ཅན༔ ཕྲིན་ལས་རྣམ་བཞི་ཐོགས་མེད་སྒྲུབ༔ བསྐུལ་ལོ་ཐུགས་དམ་གནད་ནས་སྐུལ༔ མཁའ་འགྲོ་དངོས་གྲུབ་མ་གཡེལ་ཅིག༔ ཤུགས་འགྲོ་ལས་ལ་མ་བུལ་ཅིག༔ བསེ་ལང་མཐུ་སྟོབས་མ་ཆུང་ཞིག༔ རྒྱན་གྱི་མཆོད་གཏོར་འདི་བཞེས་ལ༔ འདོད་པའི་དོན་ལ་གསོལ་འདེབས་ཀྱིས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཚེ་དབང་ལོངས་སྤྱོད་རྒྱས་པ་དང༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་གནད་ནས་བསྐུལ་ཞིང༔ བསྐྱེད་རིམ་གྱི་གཟེར་གདབ༔ སྲོག་སྔགས་ཀྱིས་དབང་དུ་བསྡུས༔ ཐུགས་དམ་གནད་ནས་བསྐུལ་ན་གང་བསམ་ཐོགས་པ་མེད་པར་འགྲུབ་བོ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ སྱ་མྱ་ཡྱ༔ ཁ་ཐཾ༔ གྷུ་ཡཧྱ༔ ྈྈྈ ཁོ་བོ་རཏྣ་གླིང་པ་ངས། །གནམ་སྐས་བྲག་ནས་ཕྱུང་པ་ཡིན། །ཤིན་ཏུ་གསང་བའི་བཀའ་རྒྱ་འོ། །ཤོག་སེར་ཤེལ་དཀར་བཟའ་ཡི་ཕྱག་བྲིས། ཤོག་སེར་བུ་ཡིག་ལས་བཤུས་པའོ།། །།
དམ་ཆོས་ཀློང་གསལ་སྙིང་ཐིག་གི་རིམ་གཉིས་ཆོས་སྒོ་འབྱེད་བྱེད་དབང་རྫོགས་བསྡུས་པ་རྩ་གསུམ་གཏོར་དབང་དྲི་མེད་ནོར་བུའི་སྙིང་པོ་ (Volume 57, Text 6)
༄༅། །དམ་ཆོས་ཀློང་གསལ་སྙིང་ཐིག་གི་རིམ་གཉིས་ཆོས་སྒོ་འབྱེད་བྱེད་དབང་རྫོགས་བསྡུས་པ་རྩ་གསུམ་གཏོར་དབང་དྲི་མེད་ནོར་བུའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཏྲི་མཱུ་ལ་སཾ་པཱུརྞྜྷཱ་ཡ། བྱིན་རླབས་སྤྲིན་འཕྲོ་དངོས་གྲུབ་ཆར་རྒྱུན་འབེབ། །ཕྲིན་ལས་འབྲས་བུ་སྨིན་མཛད་གདོད་མའི་མགོན། །རང་རིག་བླ་མ་རྗེ་ལ་ཕྱག་བྱས་ཏེ། །བྱིན་རླབས་དབྱིག་ཏུ་འབེབ་པའི་དབང་མཆོག་དགོད། །བླ་མའི་གཏོར་མ་ལ་བརྟེན་ནས་དབང་བཞི་ཡོངས་རྫོགས་སུ་བསྐུར་བ་འདི་ནི་ཆོས་འདིའི་ཐོག་མའི་བྱིན་རླབས་སྒོ་འབྱེད་ཀྱང་ཡིན་ལ། བྱིན་རླབས་ཡོངས་རྫོགས་དབང་བསྐུར་བསྡུས་པའང་ཡིན་པས་དེ་ཉིད་ལག་ཏུ་ལེན་པ་ལ། སྦྱོར་བ་རྩ་བ་གསུམ་གྱི་རྟེན་བཀྲམ་པའི་སྤྱན་སྔར་མཎྜལ་ཚོམ་བུ་ལྔ་པའི་ཁར་ཁྲིའུ་ལ་རིན་པོ་ཆེའི་སྣོད་དུ། ཆང་དང་ཆོས་སྨན་བསྲེས་པའི་ཟན་ལ་གཏོར་ཆེན་རི་རབ་གྲུ་བཞི་བཞི་བརྩེགས་ཀྱི་སྟེང་གཏོར་ཟླུམ་སྙིང་ལྟ་བུ་ལོགས་གསུམ་ལ་ནོར་བུ་འབར་བ་རེ་རེ། ཟུར་གསུམ་གྱི་སྨད་ཆར་རེ་རེ། རྩེ་མོའི་ངོས་གསུམ་ལ་རེ་རེས་བརྒྱན་ཅིང་སྨད་ཆར་པདྨ་འདབ་བརྒྱད་ལ་དཀར་ཐིག་ཉེར་བརྒྱད་ཀྱིས་སྤྲས་པ། པད་འདབ་མཐར་རིལ་བུ་བརྒྱད་ཀྱིས་བསྐོར་བ་ལ་མེ་ཏོག་གི་ཚོམ་བུ་བཏབ་ཅིང་རྒྱན་སྤྲོས་ཅི་མཛེས་བྱས་པ་ལ་དར་སྣ་ཤ་རྒྱན་སོགས་བྱས་པ་བཀོད། གཡས་གཡོན་དུ་སྨན་རཀ །མདུན་དུ་ཕྱི་མཆོད་དང་། ལོགས་ཤིག་ཏུ་ལས་བུམ་ཡང་བཤམ། གཞན་ཡང་ཕྲིན་ལས་ལ་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །དངོས་གཞིའི་ཐོག་མར་དབང་དོན་སྒྲུབ་པ་ནི། སྐྱབས་སེམས་དང་། བགེགས་བསྐྲད་ནས་བརྩམ་རྟ་ཕག་གསང་བའི་ལས་བྱང་ཉིད་མཐར་ཆགས་སུ་གཏང་བ་ལས། ལྷ་བསྐྱེད་ཀྱིས་བདག་བསྐྱེད་གྲུབ་པ་དང་། མདུན་གྱི་གཏོར་སྣོད་རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་འཇའ་འོད་ཟེར་ཐིག་གིས་བརྒྱན་པའི་དབུས་སུ། གཏོར་ཆེན་རི་རབ་མན་ཆད་དབང་ཆེན་རྟ་མགྲིན་ཡབ་ཡུམ་དམར་པོ་གྲི་ཐོད་འཛིན་ཅིང་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན་པ། རིན་ཆེན་འབར་བ་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་མཐིང་ནག་རྡོར་དྲིལ་འཛིན་ཅིང་དར་དང་རུས་པ་རིན་པོ་ཆེས་བརྒྱན་ཅིང་ཡུམ་མཚོ་རྒྱལ་དཀར་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ། པདྨ་འདབ་བརྒྱད་འཁོར་གྱི་དཔའ་བོ་གིང་བཞི་དང་མཁའ་འགྲོ་སྡེ་བཞི་ཡབ་ཡུམ། ཕྱིའི་ལྕགས་རི་ལ་སོགས་པ་མཁའ་འགྲོ་ཆོས་སྐྱོང་སྤྲིན་གཏིབས་པ་ལྟར་བཞུགས་པས། མདོར་ན་རྩ་གསུམ་ཡོངས་རྫོགས་ཀྱི་ཕོ་བྲང་། སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར། དངོས་གྲུབ་ཀུན་འདུས་ཀྱི་རྒྱ་མཚོ་ཆེན་པོར་གསལ་བར་གྱུར། དེ་དག་གི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས་ཡེ་ཤེས་པ་སྤྱན་དྲངས་ཏེ་ཐིམ་པར་གྱུར། ཅེས་གསལ་གདབ་ལ་ཚིག་བདུན་གསོལ་འདེབས་འཕྲོས་སུ་གཞུང་གི་སྤྱན་འདྲེན་མན་ཆད་བྱ། བསྟོད་པའི་གོང་དུ། མ་བཅོས་སྤྲོས་བྲལ་ཤློ་ཀ་གཅིག་གིས་བསྟོད། བཟླས་པའི་ཐོག་མར་བཛྲ་གུ་རུ་དང་ཐོད་ཕྲེང་རྩལ་བཟླས་ལ་དབང་བཞིའི་ཏིང་ངེ་འཛིན་སྤྱི་ལྟར་བྱ། མགལ་མེ་ཀླད་བསྐོར་རམ་བདེ་ཆེན་གྱི་བཟླས་པའི་འཕྲོ་འདུས་གཞུང་གསལ་རྟ་སྔགས་འཁོར་བཅས་བཟླ་ཞིང་སྟོང་ཚིགས་ཀྱི་མཆོད་བསྟོད་བྱ། ལས་བུམ་གྱི་ནང་དུ་པད་ཟླའི་གདན་ལ་ཧཱུྃ་ལས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་རྒྱན་ཐམས་ཅད་རྫོགས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལ་ཡི་གེ་བརྒྱ་པའི་སྔགས་ཕྲེང་གིས་བསྐོར་བ། བཟླས་པས་ཐུགས་རྒྱུད་བསྐུལ་བས་འཕྲོ་འདུའི་འོད་ཀྱིས་དོན་གཉིས་བྱས། སྔགས་འཁོར་ལས་བདུད་རྩིའི་རྒྱུན་བབས་བུམ་པ་གང་བར་གྱུར་པར་བསམ་ལ་ཡིག་བརྒྱ་ཅི་འགྲུབ་བཟླ། མཐར་ཨརྒྷཾ་སོགས་ཀྱིས་མཆོད། མི་རྟོག་རྡོ་རྗེ་སོགས་ཀྱིས་བསྟོད། སྐབས་འདིར་འགྲུབ་ན་མེ་མཆོད་བསྡུས་པ་དང་སྲུང་མའི་གཏོར་འབུལ་བྱ། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཡན་གྲུབ་པ་དང་བྱིན་རླབས་ཆུ་རྒྱུན་གཅིག་མའི་དབང་ལེན་སྤྱི་ལྟར་བྱའོ། །དེ་ནས་དབང་བསྐུར་བ་ནི། སློབ་མ་ལ་ཡིག་བརྒྱ་བཟླ་བཞིན་ཁྲུས་བྱ། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེའང་ཐེག་པ་རིམ་དགུའི་ཡང་རྩེ་ཨ་ཏི་རྫོགས་པ་ཆེན་པོ་ལ་སེམས་ཀློང་མན་ངག་གི་སྡེ་གསུམ་དུ་མཆིས་པ་ལས་འདིར་མན་ངག་གི་སྡེ། དེ་ལའང་ཕྱི་སྐོར། ནང་སྐོར། གསང་སྐོར། ཡང་གསང་གི་སྐོར། བླ་མེད་འབྲས་བུའི་སྐོར། སྣ་ཚོགས་ཐབས་ཀྱི་སྐོར་དང་ལྔར་ཡོད་པ་ལས་འདིར་བླ་མེད་འབྲས་བུའི་སྐོར། དེ་ལའང་འཕྲུལ་གཞི་རྩིས་ཀྱི་སྐོར། བཤད་ཏིག་སྤྲོས་པའི་སྐོར། སྒོམ་པ་ལམ་གྱི་སྐོར། མངོན་སུམ་སྙིང་ཏིག་གི་སྐོར་དང་བཞི་ཡོད་པ་ལས་ཀུན་གྱི་ཡང་ཟབ་སྙིང་ཏིག་གི་ཆོས་སྡེ་ཡིན་ཅིང་། དེ་ལ་ཕ་རྒྱུད་མ་རྒྱུད་གཉིས་ལས། འདིར་ནི་མ་རྒྱུད་ཀློང་གསལ་ཉི་མའི་རྒྱུད་ལ་བརྟེན་པ་གསེར་ཞུན་མ་ཕྱུང་བ་ལྟ་བུ་སྟེ། གཞུང་ལས། སྙིང་པོའི་ཐུགས་གཏེར་དཔག་མེད་བསམ་ཡས་ཀྱང༔ ཀུན་ལས་ཁྱད་འཕགས་ཡང་གསང་སྙིང་པོའི་གཏེར༔ བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་མ༔ ཞེས་སོགས་རྡོ་རྗེའི་གསུང་གིས་བསྔགས་པའི་དམ་ཆོས་ཀློང་གསལ་སྙིང་ཐིག་ཅེས་ཟབ་གཏེར་ཉི་ཤུ་རྩ་ལྔའི་ཡང་ཞུན་འདི་ཉིད་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་རཏྣ་གླིང་པས་གུང་ཐང་མཁར་གྱི་བྲག་དམར་རི་མོ་ཅན་ནས་སྤྱན་དྲངས་པ་སྟེ། དེའི་སྨིན་བྱེད་ཀྱི་སྐོར་ལ་བསྐྱེད་རིམ་གཙོ་བོར་གྱུར་པ་གསུམ། རྫོགས་རིམ་གཙོ་བོར་གྱུར་པ་བཞི། གཉིས་ཀའི་ཆོས་སྒོ་འབྱེད་པ་བཅས་སྡེ་ཚན་གསུམ་དུ་བཞུགས་པ་ལས་སྐབས་འདིར་བསྐྱེད་རྫོགས་གཉིས་ཀའི་ཆོས་སྒོ་འབྱེད་ཅིང་སྨིན་བྱེད་ཡོངས་རྫོགས་སུ་ཡང་གྱུར་པ་ཐོབ་པས་ཆོག་པའི་དབང་། མཐོང་བས་ཆོག་པའི་གནད། ཐོས་པས་ཆོག་པའི་གདམས་ངག །གཏོར་མ་ལ་བརྟེན་པའི་བྱིན་རླབས་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ཞུ། ཞེས་འབུལ་དུ་གཞུག །ཕྱག་སྙིམ་པ་མེ་ཏོག་དང་བཅས་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་སྲས་ཆེན་པོ༔ རྩ་བ་གསུམ་གྱི་ངོ་བོ་མཆོག༔ རྒྱལ་བའི་སྤྱི་གཟུགས་བླ་མ་ལ༔ བདག་ཅག་སྒོ་གསུམ་རབ་དད་པས༔ ལུས་ངག་ཡིད་གསུམ་སྐུ་གསུམ་དུ༔ སྨིན་པར་བྱེད་པའི་དབང་བསྐུར་ཞུ༔ བླ་མ་རྡོ་རྗེ་འཛིན་པ་དགོངས༔ བདག་ཅག་སྐལ་དམན་འགྲོ་བ་རྣམས༔ འཁོར་བ་མཐའ་མེད་རྒྱ་མཚོ་རུ༔ བྱིང་བ་སྐྱབས་མེད་བདག་ཅག་སྐྱོབས༔ སྨིན་གྲོལ་ལམ་དུ་གཞུག་པའི་ཕྱིར༔ དབང་བཞི་རྫོགས་པར་བསྐུར་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་བརྩེ་བའི་ཐུགས་རྗེས་གནང་བ་བསྩལ་ཞིང་ཆོས་ཀྱི་སྒོ་དབྱེ་བར་བྱ་བ་ཡིན་ཏེ། ཨེ་མ་ཁྱེད་རྣམས་སྐལ་པ་བཟང༔ སྨིན་བྱེད་གྲོལ་བའི་ཐབས་ཆེན་པོ༔ དབང་བཞི་རྫོགས་པར་བདག་གིས་བསྐུར༔ དམ་ཚིག་ཚུལ་བཞིན་བསྲུང་བ་དང༔ ཅི་གསུང་བཀའ་ལས་མ་འདའ་ཞིག༔ འདི་ནི་དོན་ཆེན་དམ་པ་འོ༔ ཞེས་བརྗོད། མདུན་གྱི་ནམ་མཁར་རྩ་བ་གསུམ་གྱི་དཀྱིལ་འཁོར་ལ་རྒྱལ་བ་སྲས་བཅས་དམ་ཅན་སྲུང་མ་དང་བཅས་པས་བསྐོར་ཏེ་བཞུགས་པར་མོས་ལ། ཐེག་པ་ཆེན་པོའི་ཚུལ་ལུགས་ལྡན་པས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ན་མོ་ བླ་མ་ཡི་དམ་མཁའ་འགྲོ་དང༔ སངས་རྒྱས་ཆོས་དང་དགེ་འདུན་སོགས༔ སྐྱབས་འོས་མཆོད་འོས་ཐམས་ཅད་ལ༔ འདི་ནས་གཟུང་སྟེ་བྱང་ཆུབ་བར༔ བདག་སོགས་འགྲོ་བ་མ་ལུས་པ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ལན་གསུམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་འཐོབ་པར་འདོད་པའི་འདུན་པས་སྨོན་པ་སེམས་བསྐྱེད་འདིའི་རྗེས་ཟློས། བླ་མ་ཡི་དམ་མཁའ་འགྲོ་དགོངས༔ བདག་གིས་འགྲོ་བ་ཀུན་དོན་དུ༔ བྱང་ཆུབ་སེམས་མཆོག་རིན་པོ་ཆེ༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ ལན་གསུམ། སངས་རྒྱས་འཐོབ་པའི་ཕྱིར་དུ་བྱང་ཆུབ་ཀྱི་སྤྱོད་པ་ལ་སློབ་པའི་འདུན་པས་འཇུག་པ་སེམས་བསྐྱེད་འདིའི་རྗེས་ཟློས། བླ་མ་ཡི་དམ་མཁའ་འགྲོ་དགོངས༔ བདག་གི་ལུས་ངག་ཡིད་གསུམ་གྱིས༔ འགྲོ་བ་སེམས་ཅན་དོན་གྱི་ཕྱིར༔ སྲིད་མཚོ་སྒྲོལ་བར་དམ་བཅའ་འོ༔ ལན་གསུམ་བྱའོ། །དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་དམིགས་པ་འདི་ལྟར་དུ་སྒོམས་ཤིག །སྐད་ཅིག་གིས་པད་ཉིའི་གདན་ལ་རྡོ་རྗེ་ཕག་མོ་དམར་མོ་གྲི་ཐོད་འཛིན་ཅིང་ཕྱག་རྒྱ་ལྔས་བརྒྱན་པར་གསལ་བའི། སྙིང་གི་དཀྱིལ་དུ་གཡུང་དྲུང་དམར་པོའི་ཡན་ལག་བཞི་ལ་ཧ་རི་ནི་ས༔ དེའི་དཀྱིལ་དུ་ཟླ་བའི་དཀྱིལ་འཁོར་སྟེང་དུ་ཡཾ་གིས་མཚན་པ༔ བླ་མས་ཡཾ་ཞེས་བརྗོད་པའི་རྐྱེན་གྱིས་ཡཾ་ལས་རླུང་གཡོས༔ སྙིང་གཡུང་དྲུང་ཡིག་འབྲུ་དང་བཅས་པ་གཡས་སྐོར་དུ་དྲག་ཏུ་འཁོར༔ ལྷོ་ནུབ་རྔ་ཡབ་གླིང་དང་མཁའ་སྤྱོད་ནས་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པ་ཁ་བ་བབས་པ་ལྟར་ཐིབ་ཐིབ་བྱོན༔ ཁྱེད་རང་རྣམས་ཀྱི་ཚངས་བུག་ནས་ཞུགས་ཏེ་སྙིང་ནང་དུ་འཁྲབ་ཅིང་གར་བྱེད༔ སྙིང་དང་གཡུང་དྲུང་རྣམས་འུར་སྒྲ་དང་བཅས་ཏེ་དྲག་ཏུ་འཁོར་བ་ལ་རིག་པ་རྩེ་གཅིག་ཏུ་གཏོད་ཅིག༔ འཛོམ་ན་མཁའ་འགྲོ་གསང་བའི་སྲོག་གི་རྫས་ལྔ་བདུག་པ་དང་། ཆང་དང་སྦྱར་ལ་སྤྱི་བོར་བྱུག །མ་འཛོམ་ན་གུ་གུལ་སོགས་བདུག་ཅིང་རོལ་མོ་བསྒྲགས་ལ། ཧཱུྃ༔ ཆོས་སྐུ་སྐྱེ་བ་མེད་པའི་ངང་ཉིད་ལས༔ ཐུགས་རྗེ་འགགས་མེད་དངོས་གྲུབ་ཀུན་གྱི་གཏེར༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་དབབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཨོཾ་བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཧཱུྃ༔ ཞེས་དྲག་ཏུ་བརྗོད་ལ་བྱིན་དབབ་བོ། །དེ་ནས་དབང་གི་སྣོད་བཅོས་པའི་སླད་དུ་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་དང་ཉི་མའི་གདན་ལ་དབང་ཆེན་རྟ་མགྲིན་གྱི་སྐུ་འདི་ལྟར་དུ་གསལ་ཐོབས་ཤིག །ཧཱུྃ༔ ཡི་གེ་ཧྲཱིཿཡི་འཕྲོ་འདུ་སོགས་ལས་བྱང་ལྟར་ལ། མེ་ཕུང་ཀློང་ན་བཞུགས༔ དེ་ལྟར་དུ་གསལ་བའི་སྤྱི་བོར་པདྨ་དཀར་པོ་འདབ་མ་སུམ་བརྒྱ་དྲུག་ཅུའི་ལྟེ་བར་ཨོཾ་དཀར་པོ། མགྲིན་པར་པདྨ་དམར་པོ་འདབ་མ་བཅུ་དྲུག་གི་ལྟེ་བར་ཨཱཿདམར་པོ། ཐུགས་ཀར་པདྨ་མཐིང་ག་འདབ་མ་སུམ་ཅུ་རྩ་གཉིས་ཀྱི་ལྟེ་བར་ཧཱུྃ་མཐིང་ཁ། ལྟེ་བར་པདྨ་སེར་པོ་འདབ་མ་དྲུག་ཅུ་རྩ་བཞིའི་ལྟེ་བར་ཧྲཱིཿལྗང་གུ་ཁ་དོག་ལྔ་དང་ལྡན་པ་རྣམས་གསལ་ཐོབས་ཤིག །དེ་ནས་བྱིན་དབབ་པ་ནི། གཏོར་ཆེན་རྩ་གསུམ་ཡོངས་རྫོགས་ཀྱི་དཀྱིལ་འཁོར་འདི་ཉིད་སྤྱི་བོར་བཞག་པས་བླ་མའི་སྤྱི་བོ་ནས་ཨོཾ་དཀར་པོ་འོད་དུ་ཞུ། ཐིག་ལེའི་རྣམ་པར་བབས། ཁྱེད་རང་གི་སྤྱི་བོར་པདྨའི་དབུས་ཀྱི་ཨོཾ་ལ་ཐིམ་པར་མོས་ཤིག །གཏོར་མ་སྤྱི་བོར་བཞག་ལ། ཨོཾ་གུ་རུ་དེ་ཝ་དྷཱ་ཀི་ནཱི་ཛྷོ་ཀི་ནཱི་ ཀཱ་ཡ་ ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་སརྦ་དྷརྨ་ཨཱཏྨ་ཀོ྅་ཧཾ༔ དེས་བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས་པས་བསྐྱེད་རིམ་བསྒོམ་པ་ལ་དབང་ཐོབ་པ་ཡིན་ནོ། །ཡང་བླ་མའི་མགྲིན་པ་ནས་ཨཱཿདམར་པོ་འོད་དུ་ཞུ། ཐིག་ལེའི་རྣམ་པར་བབས། ཁྱེད་རང་གི་མགྲིན་པར་པདྨའི་དབུས་ཀྱི་ཨཱཿལ་ཐིམ་པར་མོས་ཤིག །གཏོར་མ་མགྲིན་པར་བཞག །སྔགས་སྔར་ལྟར་ལ་ཀཱ་ཡའི་མལ་དུ། ཝཱཀ་སྦྱར། དེས་གསང་བའི་དབང་ཐོབ། གསུང་གི་བྱིན་རླབས་ཞུགས་པས་རྩ་རླུང་བསྒོམ་པ་ལ་དབང་བ་ཡིན་ནོ། །ཡང་བླ་མའི་ཐུགས་ཀ་ནས་ཧཱུྃ་མཐིང་ག་འོད་དུ་ཞུ། ཐིག་ལེའི་རྣམ་པར་བབས། ཁྱེད་རང་རྣམས་ཀྱི་སྙིང་གའི་པདྨའི་དབུས་ཀྱི་ཧཱུྃ་ལ་ཐིམ་པར་མོས་ཤིག །གཏོར་མ་སྙིང་གར་བཞག །སྔགས་སྔར་ལྟར་ལ། ཙིཏྟ་སྦྱར། དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་ཞུགས་པས་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་བ་ཡིན་ནོ། །ཡང་བླ་མའི་ལྟེ་བ་ནས་ཧྲཱིཿལྗང་གུ་འོད་དུ་ཞུ། ཐིག་ལེའི་རྣམ་པར་བབས། ཁྱེད་རང་རྣམས་ཀྱི་ལྟེ་བའི་པདྨའི་དབུས་ཀྱི་ཧྲཱིཿལ་ཐིམ་པར་མོས་ཤིག །གཏོར་མ་ལྟེ་བར་བཞག་ལ། ཀཱ་ཡ་ཝཱཀ་ཙིཏྟ། ཞེས་སྦྱར། དེས་དབང་བཞི་པ་ཚིག་དབང་རིན་པོ་ཆེ་རྩལ་དབང་དུ་ཐོབ། སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་བྱིན་རླབས་ཞུགས། ཕྲིན་ལས་བཞི་ལ་དབང་ཐོབ་པར་གྱུར་པ་ཡིན་པས་དེ་ལྟར་དུ་ངེས་ཤེས་བསྐྱེད་མཛོད། དེ་ནས་གཉིས་མེད་དུ་བསྲེ་བ་ནི། རྩ་བ་གསུམ་གྱི་ངོ་བོ་གཏོར་ཆེན་དང༔ རང་གི་རྩ་བའི་བླ་མ་དབྱེར་མེད་པའི་གནས་བཞི་ནས་འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོས་ནས༔ ལུས་ཐམས་ཅད་ལ་ཐིམ་ཞིང་དབང་བཞི་ཡོངས་རྫོགས་སུ་ཐོབ་ནས༔ སྣང་སྲིད་ཐམས་ཅད་བདེ་བ་ཆེན་པོའི་ངང་དུ་རྫོགས་པའི་ངེས་ཤེས་བསྐྱེད་པར་ཞུ༔ རེ་ཞིག་འདི་ཙམ་གྱིས་སྨིན་བྱེད་རྫོགས་པར་བྱེད་ན་སྐབས་འདིར་རྫོགས་རིམ་དབང་ཆེན་ནང་གི་ཚིག་དབང་ལྟར། ཁྱེད་རང་རྣམས་ལུས་གནད་རྣམ་སྣང་ཆོས་བདུན་དང་སོགས་ནས། དབྱེར་མེད་དུ་གྱུར་པ་ཡིན་ནོ༔ བར་བྱ། འདི་ཉིད་སྒོ་འབྱེད་དུ་བྱེད་ཅིང་བསྐྱེད་རྫོགས་ཀྱི་དབང་རྣམས་ཕྱི་ནས་བསྐུར་ན་སྐབས་འདིར་མི་དགོས་སོ། །གང་ལྟར་བླ་མས་མེ་ཏོག་འཐོར་ཞིང་། ཧོ༔ འགྲུབ་པར་གྱུར་ཅིག༔ སྨིན་པར་གྱུར་ཅིག༔ ཡོངས་རྫོགས་དམ་པ་ཐོབ་པར་གྱུར་ཅིག༔ ཅེས་ལན་གསུམ་བརྗོད་དོ། །དེ་ལྟར་གཏོར་མ་ལ་ཤེས་པ་གསུམ་མམ་བཞི་ལྡན་དུ་བཤད་པ་ལས། ཐོག་མར་དཀྱིལ་འཁོར་དུ་ཤེས་པས་བསྒྲུབས། བར་དུ་ལྷར་ཤེས་པས་དབང་བསྐུར་བ་སོང་ནས། མཐར་དངོས་གྲུབ་ཏུ་ཤེས་པ་ནི་གཏོར་མའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་དུ་ཞུ་བས་དངོས་གྲུབ་ཀྱི་རྒྱ་མཚོ་ཆེན་པོར་འཁྱིལ་བ་དེ་ཉིད། ཁྱེད་རང་རྣམས་ཡི་དམ་རྟ་མཆོག །མགྲིན་པར་བླ་མ། རྩ་གནས་སུ་དྷཱ་ཀི་མ་ཏིལ་གྱི་གོང་བུ་ལྟར་གསལ་ཏེ་རོལ་པས་བྱིན་རླབས་དང་དངོས་གྲུབ་ཀྱི་དབྱིག་ཆེན་པོ་ཐོབ་པར་མོས་ཤིག །གཏོར་མ་ལག་གཡས། བདུད་རྩི་ཀ་པཱ་ལ་གཡོན་དུ་ཐོགས་ལ། ཨོཾ་ཨཱཿཧཱུྃ་ཧྲཱི༔ གུ་རུ་དེ་བ་དྷཱ་ཀི་ནཱི་ཛྷོ་ཀི་ནཱི་སརྦ་སིདྡྷི་ཧཱུྃ་ཧཱུྃ་ཨཱ༔ ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ་ཨ་ལ་ལ་ཧོ༔ ཞེས་བརྗོད་ལ་བཟའ་བཏུང་དུ་སྦྱིན་ཏེ་རོལ་དུ་བཅུག །དེ་ནས་ཤིས་བརྗོད་ཇི་ལྟར་འོས་པ་བྱ། དེ་ལྟར་བླ་མའི་གཏོར་མ་ལ་བརྟེན་ནས་དབང་བཞི་རྫོགས་པར་བསྐུར་ནས་བྱིན་རླབས་ཀྱི་རྒྱུན་འབེབ་པར་བྱེད་པའི་ཐབས་ལེགས་པར་བསྒྲུབས་ཟིན་པས། སྤྱི་དང་བྱེ་བྲག་གི་དམ་ཚིག་ཚུལ་བཞིན་དུ་བསྲུང་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་རྗེས་ཀྱི་རིམ་པ་སྤྱི་ལྟར་བྱའོ། །དེ་ནས་བདག་བསྐྱེད་དང་ཚོམ་བུ་ལ་དམིགས་ཏེ། ཚོགས་ལ་རོལ་ཅིང་ལྷག་མ་མན་ཆད་རྗེས་ཀྱི་བྱ་བ་རྣམས་ཀྱང་ལས་བྱང་ལྟར་བྱས་པས་འགྲུབ་བོ། །འདིས་ཀྱང་འགྲོ་མང་རྒྱུད་སྨིན་ནས། །རིག་པ་འཁྲུལ་མེད་གཞི་ཐོག་ཕེབ། །གདོད་མའི་དབྱིངས་སུ་ཁམས་གསུམ་པོ། །ཡོངས་གྲོལ་ཡེ་ཤེས་ཀུན་ཁྱབ་ཤོག །ཅེས་པའང་ཀུན་བཟང་བཀའ་བརྒྱུད་ལ་མོས་པ་ལྷུར་ལེན་པའི་རྩིས་བྲལ་གྱི་ཛོ་གི་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་མགུལ། སྒྲུབ་གནས་ཀྱི་རྒྱལ་པོ་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
ལས་འཕྲོ་གཏེར་བརྒྱུད་ཀྱི་རྣམ་བཤད་ཉུང་གསལ་ངོ་མཚར་རྒྱ་མཚོ་ (Volume 2, Text 6)
༄༅། །ལས་འཕྲོ་གཏེར་བརྒྱུད་ཀྱི་རྣམ་བཤད་ཉུང་གསལ་ངོ་མཚར་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་མ་ཧཱ་སུ་ཁ་པདྨ་སཾ་བྷ་བེ། གསང་སྔགས་རྙིང་མ་ལ་བཀའ་གཏེར་དག་སྣང་གི་བབས་སོ་ཆེན་པོ་གསུམ་དུ་གྲགས་པ་ལས། ད་ལྟའི་དུས་སུ་བྱིན་རླབས་ཀྱི་ཚན་ཁ་ལྷག་པར་རྣོ་ཞིང་། ཕྲིན་ལས་གདལ་ཆེ་བ་ལས་འཕྲོ་གཏེར་གྱི་བརྒྱུད་ཚུལ་ལ་རྟོག་དཔྱོད་སྤྲོ་བའི་ས་བོན་ཙམ་ཞིག་བརྗོད་པར་བྱའོ། །དེ་ལ་གཏེར་ཆོས་ཀྱི་བརྒྱུད་པ་ཁུངས་བཙུན་ཞིང་དབང་གི་ཆུ་བོ་མ་ནུབ་པའི་ཚུལ་ནི། ཀུན་བཟང་རྡོ་རྗེ་སེམས་དཔའ་ནས་སློབ་དཔོན་ཆེན་པོའི་བར་དུ་དགོངས་བརྡ་སྙན་བརྒྱུད་བར་མ་ཆད་པར་བྱུང་ཚུལ་དང་། གཏེར་སྟོན་ནས་ཆོས་བདག་ལ་ཇི་ལྟར་བརྒྱུད་པ་སོགས་ནི་ཤེས་སླ་ལ། སློབ་དཔོན་ཆེན་པོས་གཏེར་སྟོན་ལ་བརྒྱུད་ལུགས་ནི། བཀའ་བརྒྱད་གསང་རྫོགས་དང་རང་ཤར་གྱི་དབང་ཆུའི་བབས་ལུགས་ལོ་རྒྱུས་གཉིས་མགྲིན་གཅིག་ཏུ་འདི་ལྟར་གསུངས་ཏེ། དེ་ལྟར་དབང་གི་ཆུ་བོ་བྱེ་བྲག་མ་ལུས་པར་ཨོ་རྒྱན་པདྨ་བདག་ལ་བབས་ཤིང༔ ཨོ་རྒྱན་བདག་གིས་ནི་བལ་ཡུལ་ཡང་ལེ་ཤོད་དུ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དབང་སྒོ་བི་མ་མི་ཏྲ་ལ་ཕྱེ་ནས་བསྐུར་རོ༔ བོད་ཀྱི་སྒྲུབ་གནས་བརྒྱད་དུ་བཀའ་བརྒྱད་བྱེ་བྲག་གི་དབང་ལས་ཅན་བརྒྱད་ལ་སོ་སོར་བསྐུར་རོ༔ བསམ་ཡས་དབུ་རྩེར་རྗེ་འབངས་ཉེར་ལྔ་ལ་བདེ་གཤེགས་འདུས་པའི་དབང་མོ་ཆེ་བསྐུར་རོ༔ དེ་རྗེས་རྗེ་འབངས་གྲོགས་གསུམ་ལ་སོགས་པ་སྙིང་གི་བུ་དགུ་ལ་གསང་བ་ཡོངས་རྫོགས་ཐམས་ཅད་ཀྱི་དབང་ཡོངས་སུ་རྫོགས་པར་བསྐུར་བའི་དུས་ན་ད་ལྟ་དབང་གི་ཆུ་བོ་བར་ཆད་མེད་པར་བབས་པའི་ཚུལ་བཤད་པ་ཡིན་ལ༔ ཕྱི་མའི་དུས་ན་ཡང་དབང་གི་ཆུ་བོ་བར་ཆད་མེད་པར་འབྱུང་བའི་ལུང་བསྟན་ནས༔ ང་ཡི་ཐུགས་སྲས་བྱང་ཆུབ་སེམས་དཔའི་གཏེར་སྟོན་ནི་ད་ལྟ་དུས་འདིར་དབང་གི་ཆུ་བོ་ཆེན་པོ་བབས་པའི་ལས་ཅན་ཁྱེད་རྣམས་ཀྱིས་བཀའ་བབས་སྤྱོད་དེ༔ དེའི་ཚེ་ལས་ཅན་གྱི་བུ་ཁྱེད་རྣམས་ང་ཡི་གཏེར་ཆོས་འདི་རྣམས་དང་འཕྲད་པའི་ཚེ༔ ད་ལྟ་ཨོ་རྒྱན་ང་ཡིས་དབང་ཆེན་ཡོངས་སུ་རྫོགས་པར་བསྐུར་བའི་བག་ཆགས་སད་པར་འགྱུར་རོ༔ ང་ཡི་གཏེར་འདི་དང་རྗེ་འབངས་གྲོགས་གསུམ་གྱི་བརྣོག་ཆོས་ལ་སོགས་པ་རྣམས་ཀྱི་གཏེར་སྒོ་ཡང་འབྱེད་པར་འགྱུར་གྱི༔ དབང་གི་ཆུ་བོ་བབས་སོ་ལ་ཕྱི་རབས་རྣམས་ཐེ་ཚོམ་མེད་པར་སྒྲུབས་ཤིག༔ ཅེས་རྒྱས་པར་བཀའ་བསྩལ་ཏོ། །དེའང་སྔོན་རྗེ་འབངས་རྣམས་ལ་གུ་རུ་རིན་པོ་ཆེས་ཆོས་དེ་དང་དེའི་དབང་བསྐུར་ཅིང་། དེའི་ནང་ནས་མེ་ཏོག་གཙོ་བོ་ལ་ཕོག་པའི་སྐལ་བ་ཡང་རབ་ཁ་ཅིག་་་་འདི་ནི་དགོངས་འདུས་ཆེན་མོ་དང་བཀའ་བརྒྱད་རྣམ་གསུམ་ལྟ་བུ་འགའ་ཞིག་གི་དབང་དུ་བཏང་བར་ཟད་པས། གཙོ་ཕལ་གྱི་རྣམ་དབྱེ་ཤེས་པར་བྱའོ། མཆན། ལ་གཏད་རྒྱ་མཛད་དེ་ཉིད་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་ནས། དུས་མཐའི་འགྲོ་བ་འདུལ་བར་བྱིན་གྱིས་བརླབས། དེ་ལྟ་བུའི་དབང་དང་གཏད་རྒྱ་དེའི་རྒྱུན་ད་ལྟའི་བར་དུ་ཐོབ་ལ་མ་ཉམས་པར་ཡོད་པ་ནི་གཏེར་སྟོན་དེ་ལ་དབང་ཁྲིད་བཀའ་ལུང་གི་བརྒྱུད་པ་ཐུན་མིན་མངའ་ཚུལ་ཡིན། བརྒྱུད་པ་དེ་ལྟ་བུ་མངའ་བའི་དབང་གིས་མཁའ་འགྲོའི་ཕྱག་ནས་གསང་སྔགས་ཀྱི་ཆོས་སྒྲོམ་དུས་བབས་བཞིན་དུ་རྙེད་པ་ཡིན་གྱི། ཆུ་ངོགས་སུ་སྟེས་དབང་གིས་བྱི་རུ་རྙེད་པ་ལྟ་བུ་གཏན་མིན་པས། གཏེར་ཡིག་མ་རྙེད་གོང་ནས་བརྒྱུད་པའི་བཀའ་བབས་སུ་བཞུགས་པ་ཡིན་གྱི། ཤོག་སེར་རྙེད་པ་ན་གཟོད་བརྒྱུད་པ་བརྙེས་ཞེས་མི་བྱའོ། །བརྒྱུད་པ་དེ་ལྟར་མངའ་བ་སྨོས་ཅི་དགོས་ཏེ། གཏེར་སྟོན་རྣམས་སྐྱེ་བ་ལེན་པའང་། དྲི་མེད་ཀུན་དགའི་གཏེར་ལུང་དུ། གཏེར་སྟོན་ལང་མ་ལིང་མ་འོང༔ གཏེར་སྟོན་ཤ་མོང་རྡོལ་ལྟར་འོང༔ དེ་ཡང་འབྲས་མེད་མ་ཡིན་ཏེ༔ ཨོ་རྒྱན་ང་ཡི་བརྗེད་ཐོ་ཡིན༔ ཞེས་གསུངས་པ་ལྟར་སློབ་དཔོན་རིན་པོ་ཆེས་བོད་འབངས་ཐུགས་རྗེས་སྐྱོང་བའི་བཀའ་མི་འགྱུར་བའི་དན་རྟགས་དང་། བོད་འབངས་རྣམས་ཀྱིས་གུ་རུ་རིན་པོ་ཆེ་མི་བརྗེད་པའི་དྲན་ཐོར་སློབ་དཔོན་ཉིད་ཀྱི་སྨོན་ལམ་གྱི་སྟོབས་ལས་བྱུང་བ་ཁོ་ནར་ངེས་པས། དེ་དག་ལ་སྐྱེ་བོ་ཕལ་པའི་ཚེ་ཚད་དང་སྐྱེ་འཆི་ལྟ་བུ་མེད་དོ། །འདི་ལ་ཞིབ་ཆ་ཅུང་ཟད་དགོས་སོ། །བརྒྱུད་ཚུལ་ཅུང་ཟད་ཕྱེ་ན། ཆོས་དེ་དང་དེའི་སྒོ་ནས་དོན་གཉིས་སྤྱོད་པ་ལ་རྩལ་ཐོན་པའི་བཀའ་བབས་ནི་སྙིང་གི་བུ་དགུ་ལྟ་བུ་ཡིན་ལ། དེ་དག་དུས་མཐར་ཆོས་འདིས་འགྲོ་དོན་སྒྲུབ་པའི་ཆེད་དུ་འདི་དང་འདི་ལྟར་འབྱུང་ཞེས་ས་རྟགས་དུས་རྟགས་དང་བཅས་ཏེ་ལུང་བསྟན་པ་བཀའ་བབས་ལུང་བསྟན།༡ དེ་དག་ལ་མ་འོངས་ཕྱི་མའི་དུས་དེར་ཡང་ད་ལྟ་འདི་ལྟར་ཐོབ་པའི་དབང་དང་གདམས་ངག་རྣམས་དུས་ཚོད་གང་དང་གང་ལ་ཇི་ལྟར་འཚམས་པ་དེ་བཞིན་དུ་ཁྱོད་ཀྱི་སྙིང་ལ་གསལ་བར་སད་པར་གྱུར་ཅིག་ཅེས་གུ་རུས་དགོངས་པ་གཏད་པའི་སྨོན་ལམ་གྱིས་དབང་བསྐུར་ཞིང་རྗེ་འབངས་སོ་སོས་ཀྱང་དེ་དང་གཅིག་ཏུ་བཏབ་ནས་ཐེབས་པ་སྨོན་ལམ་དབང་བསྐུར།༢ དུས་དེར་དཔེ་བརྒྱུད་ཡོལ་མེད་དུ་རྙེད་ཅིང་ཆོས་དེ་སྐལ་ལྡན་གྱི་ཕྲེང་བ་ལ་འཕེལ་བ་དང་བརྒྱུད་འཛིན་རྒྱས་པ། སྐལ་མེད་ལ་གསང་སྒོ་མི་རལ་པ། ཆོས་བྱིན་ཆེ་བ་སོགས་སུ་བྱ་ཆེད་མ་མོ་མཁའ་འགྲོ་ལ་གཏད་པ་མཁའ་འགྲོ་གཏད་རྒྱ་སྟེ།༣ གཏེར་གྱི་སྒོས་ཆོས་ཀྱི་བརྒྱུད་པ་གསུམ་ཡོད་ལ། བཀའ་གཏེར་ཐུན་མོང་གི་བརྒྱུད་པ་གསུམ་ཡང་གཅིག་ཏུ་འདྲེས་པས་བརྒྱུད་པ་དྲུག་ལྡན་དུ་གྲགས་སོ། །སྐབས་འདིའི་བཀའ་བབས་ལུང་བསྟན་ནི། ཕྱི་དུས་ཀྱི་སྐྱེ་བ་དེ་བཀའ་བབས་ཀྱི་སྐྱེས་བུར་ལུང་བསྟན་པའི་སྒོ་ནས་གསང་སྔགས་ཀྱི་བབས་སོར་འགྱུར་བའི་རྟེན་འབྲེལ་མཐུ་ཆེན་བསྒྲིག་པ་སྟེ། དཔེར་ན་དབང་བསྐུར་དུས་སློབ་མ་ལ་ལུང་བསྟན་སྦྱིན་པ་དེས་བྷུར་བྷུ་བ་སོགས་ཀྱི་སྔགས་དོན་བཞིན་མ་འོངས་པར་ས་གསུམ་ན་སངས་རྒྱས་སུ་རྣམ་པར་གྲགས་པའི་ནུས་པ་འཇོག་པ་དང་འདྲ་བས་ལུང་བསྟན་གཞན་དང་མི་འདྲའོ། །སྒོས་བརྒྱུད་གསུམ་པོའི་བཤད་ཚུལ་ཡང་ན། མཚོན་བྱ་དོན་གྱི་མན་ངག་སྐལ་ལྡན་མཆོག་གི་སྙིང་ལ་སྨོན་ལམ་དབང་བསྐུར་གྱིས་རྒྱས་བཏབ། མཚོན་བྱེད་བརྡའི་དཔེ་བརྒྱུད་མཁའ་འགྲོ་དམ་ཅན་མངོན་ཤེས་མངའ་བ་རྣམས་ལ་གཉེར་གཏད་མཛད། ཆོས་དེ་སྒོམ་སྒྲུབ་དང་འཆད་སྤེལ་གྱི་འཕྲོ་སྐྱོང་བའི་བརྒྱུད་འཛིན་ཆོས་བདག་གམ་བཀའ་བབས་ཀྱི་སྐྱེས་བུ་ལུང་བསྟན་པ་སྟེ་གསུམ་པོ་རིམ་བཞིན། གཏེར་རྙེད་པའི་སྔོན་གྱི་རྒྱུ་དང་ད་ལྟར་གྱི་རྐྱེན་དང་རྙེད་པ་དོན་ལྡན་དུ་འགྱུར་བའི་སྒོ་རྣམས་ལ་སྦྱར་ན་རུང་ངམ་གཏེར་བདག་གླིང་པ་སོགས་ཀྱི་ལེགས་བཤད་ལ་བརྟེན་ནས་དཔྱད་པར་བྱའོ། །དེ་དག་གི་གཙོ་བོ་ནི་སྨོན་ལམ་དབང་བསྐུར་བརྒྱུད་པ་ཡིན་ཏེ། དེའང་གཏེར་ཡིག་ཤོག་སེར་ནི་རྗེས་དྲན་གྱི་མཚན་མ་ཙམ་དུ་བཞག་གི །གུ་རུའི་ཐུགས་ནས་དག་པའི་འཁོར་གྱི་ཐུགས་ལ་བརྒྱུད་པའི་ཐུགས་བརྒྱུད་ཁོ་ན་གཏད་རྒྱའི་དོན་པོ་ཡིན་ལ། དེའི་ཚུལ་ཡང་། ལས་རླུང་གི་གཞན་དབང་ལ་བརྟེན་པའི་སེམས་ལ་ཆོས་ཀྱི་ཚིག་དོན་རྒྱས་བཏབ་ཀྱང་རྟེན་གཞི་འཕོ་འགྱུར་ཅན་ཡིན་པས་དུས་ངན་སྙིགས་མར་སྐྱེ་འཆི་མང་པོའི་འཕྲང་བརྒྱུད་པ་ན་བྲི་གང་མི་འབྱུང་བ་ཤིན་ཏུ་དཀའ་བས། ཆོས་ཀྱི་དངོས་གྲུབ་དེ་དག་འོད་གསལ་གཉུག་མའི་རིག་པའམ་སེམས་མི་ཤིགས་པའི་ཐིག་ལེའི་དབྱིངས་སུ་བསྲེས་ནས་ཅིས་ཀྱང་མི་འཕྲོག་པར་བརྟན་པར་མཛད་པ་སྟེ། འདི་ནི་རྡོ་རྗེ་སློབ་དཔོན་གྱི་གསུང་རྡོ་རྗེའི་ཡེ་ཤེས་དགོངས་པ་གཏད་པའི་སྟོབས་ཀྱིས་སློབ་མའི་སྙིང་ལ་མངོན་སུམ་དུ་འཕོས་ཏེ་དཔོན་སློབ་ཐུགས་རྒྱུད་གཅིག་ཏུ་སོང་བ་ལྟ་བུའི་རྟོགས་པ་དོན་བརྒྱུད་ཀྱི་ཁྱད་པར་ཐུན་མོང་མ་ཡིན་པའོ། །དེ་ལྟ་བུའི་གཏད་རྒྱ་མཚན་ཉིད་ཚང་བ་ལ། བྱེད་པ་པོའི་རྟེན་མཆོག་གི་དངོས་གྲུབ་བརྙེས་པ་དང། བྱ་བའི་ཡུལ་རྫོགས་རིམ་གྱི་རྟོགས་པ་ལས་སུ་རུང་བ་ཡན་ཆད་ཅིག་དགོས་པར་མངོན་ཞིང་། ཕྱིས་གཏེར་ཆོས་གཏན་ལ་ཕེབ་པའི་རྐྱེན་ཤོག་སེར་གྱིས་བྱེད་དགོས་པ་ནི་གཏད་རྒྱ་དེ་ཤོག་སེར་གྱི་སྟེང་ནས་ཐོབ་པའི་རྒྱུ་མཚན་གྱིས་ཡིན་ཏེ། སྔོན་ཤོག་སེར་ཆོས་དེའི་མཚན་མར་བཟུང་བའི་དབང་གིས། སླར་ཤོག་སེར་དེ་ལ་བརྟེན་ནས་ཆོས་དེའི་དྲན་པ་གསོ་བ་ལྟ་བུ་ཡིན་པར་སེམས་ཤིང་། དེར་མ་ཟད་འོད་གསལ་གྱི་ཁམས་ལ་བཞག་པའི་ཆོས་ཀྱི་དངོས་གྲུབ་གཏིང་ནས་སྐུལ་བ་ལ་དངོས་གྲུབ་དེའི་ལྡེ་མིག་ཏུ་སྔོན་སྨོན་ལམ་བཏབ་པའི་ཕྱག་རྒྱ་ཁྱད་པར་ཅན་ལས་བྱུང་བའི་ལྷན་སྐྱེས་ཀྱི་དགའ་བ་ཕུལ་དུ་བྱུང་བ་ཡང་དགོས་པས་གཏེར་སྟོན་ཐམས་ཅད་ཕོ་ཉ་མོའི་གྲོགས་དང་ལྡན་པར་འབྱུང་བའི་རྒྱུ་མཚན་སྣ་གཅིག་དེ་ཡིན་ནོ། །མཁའ་འགྲོ་སྙིང་ཐིག་མ་བུ་དང་རིག་འཛིན་འཇིགས་མེད་གླིང་པའི་བཞེད་པ་གུང་བསྒྲིག་ན་འདི་ལྟར་ཡང་འཆད་ནུས་པར་མངོན་ཏེ། གཏེར་ཐོན་པའི་སྐུ་ཚེ་དེར་གུ་རུ་རིན་པོ་ཆེའི་འོད་གསལ་གྱི་དགོངས་པ་ཐོད་རྒལ་དུ་སྙིང་ལ་བབས་པ་དགོངས་བརྒྱུད། བརྡའི་གཏེར་ཡིག་རྙེད་ཅིང་གུ་རུ་ལས་ཕྱི་མའི་དུས་སུ་སློབ་མ་ལ་བརྡ་དབང་འདི་ལྟར་བསྐུར་ཅིག་ཅེས་གནང་བ་ཐོབ་པའི་བག་ཆགས་སད་པ་བརྡ་བརྒྱུད། ཤོག་སེར་གྱི་བརྡ་ཁྲོལ་བ་སྙན་བརྒྱུད་ཐོབ་པ་ཡིན་ནོ། །ཕྱི་མ་འདི་སྙན་བརྒྱུད་དུ་འཇོག་པའི་རྒྱུ་མཚན་ནི། སྙན་ཁུང་བརྒྱུད་པའི་དོན་པོ་ནི་རིམ་བརྒྱུད་ཀྱི་བྱིན་རླབས་མངའ་བའི་བླ་མ་ལས་ཆོས་ཀྱི་ཚིག་དོན་བརྡ་ཕྲད་པ་ཡིན་ལ། ཤོག་སེར་ལ་ངག་དང་སྒྲ་མེད་ཀྱང་དེ་ལས་ཚིག་དོན་ཡོངས་རྫོགས་བརྡ་ཕྲོད་པ་ལ་ནི་སྔ་མ་དང་མཚུངས་པར་མ་ཟད་འདི་ཉིད་ཆེས་ལྷག་པ་དང་། བྱིན་རླབས་ཀྱི་བརྒྱུད་པ་ཐུན་མིན་ཡང་བླ་མ་ལས་ཐོབ་པ་བཞིན་ཤོག་སེར་ལས་ཀྱང་ཐོབ་པ་ཡིན་ཏེ། དེ་མ་ཐོབ་ན་འཆད་འགྱུར་གྱི་འཕྲུལ་ཡིག་སོགས་ལས་ཚིག་དོན་བརྡ་ཕྲད་ལུགས་མེད་ཅིང་། ཀ་དཔེ་མེད་པའི་བརྡ་ཡིག་ཤེས་པར་ཡང་མི་ནུས་པའི་ཕྱིར་རོ། །དེ་ལྟར་དགོངས་བརྒྱུད་ཐོབ་སྟོབས་ཀྱིས་སློབ་མ་ལ་དགོངས་པ་གཏད་པས་དོན་བརྒྱུད་ཀྱི་ཡེ་ཤེས་འཕོ་ནུས་པ་དང་། བརྡ་བརྒྱུད་ཀྱིས་བརྡའི་གནད་ལ་བྱན་ཚུད་པས་རྫས་སྔགས་ཕྱག་རྒྱའི་བརྡ་ཐབས་ཀྱིས་སློབ་མ་ལ་དབང་བསྐུར་ནུས་པ་དང་། སྙན་བརྒྱུད་རྙེད་པའི་མཐུས་གདམས་ཁྲིད་ཞལ་ཤེས་ཕྱག་བཞེས་དང་བཅས་པ་གུ་རུའི་དགོངས་པ་བཞིན་འཁྲུལ་པ་མེད་པར་སྟོན་ནུས་པ་ཡིན་ཏེ། རྡོ་རྗེ་སློབ་དཔོན་ཕལ་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཆེན་པོའོ། །དེ་ལྟ་བུའི་བརྒྱུད་པ་གསུམ་ཚེ་འདིར་འབད་མེད་དུ་མངོན་དུ་གྱུར་པ་ནི། གཏེར་སྟོན་གྱིས་སྔོན་བརྒྱུད་གསུམ་བརྙེས་པའི་ལས་འཕྲོ་དང་སློབ་དཔོན་ཆེན་པོས་འབྱུང་འགྱུར་གྱི་དུས་ལ་དགོངས་པའི་བྱིན་རླབས་གཉིས་ནང་འཛོམ་པ་ལས་བྱུང་བ་སྟེ། སྔོན་བརྒྱུད་གསུམ་བརྙེས་ཚུལ་ནི། སློབ་དཔོན་ཆེན་པོ་ལ་བརྒྱུད་པ་གསུམ་འདུས་པར་མ་ཟད། རྗེ་འབངས་རྣམས་ཀྱིས་ཀྱང་། སློབ་དཔོན་དང་ཐུགས་ཡིད་འདྲེས་པའི་དགོངས་བརྒྱུད་དང་། དབང་རྫོགས་ཤིང་བརྡ་ཡིག་གི་བྱིན་རླབས་ཐོབ་པའི་བརྡ་བརྒྱུད་དང་། གཏད་རྒྱའི་སྔོན་དུ་གདམས་ཁྲིད་རྒྱས་པར་གསན་པའི་སྙན་བརྒྱུད་རྣམས་ཚང་བར་བརྙེས་སོ། །བརྒྱུད་པ་ཕྱི་མ་གསུམ་གྱི་བཀའ་བབས་ལུང་བསྟན་བརྒྱུད་པའི་དོད་དུ་མཁའ་འགྲོ་སྙིང་ཐིག་ལས་ཐུགས་རྗེ་བྱིན་རླབས་བརྒྱུད་པ་ཞེས་གསུངས་ཏེ། དེ་ནི་གུ་རུའི་ཐུགས་རྗེ་རྒྱུད་ལ་ཞུགས་པས་སྙིགས་མའི་དུས་སུ་གཏེར་ཆོས་ཀྱིས་འགྲོ་དོན་སྤྱོད་པའི་མཐུ་ཐོབ་ཅིང་། བརྒྱུད་འཛིན་གཞན་ཕན་འབྱུང་བར་བྱིན་གྱིས་རློབ་ནུས་པ་སྟེ། སྔར་བཤད་པའི་བཀའ་བབས་ལུང་བསྟན་བརྒྱུད་པ་དང་ཡང་གནད་མཐུན་ནོ། །མཁའ་འགྲོ་གཏད་རྒྱ་གོང་བཞིན། སྨོན་ལམ་དབང་བསྐུར་ཡང་གུ་རུ་དུས་གསུམ་སངས་རྒྱས་ཀྱིས་སྐལ་ལྡན་གང་ཡིན་དེ་ལ་དགོངས་ནས་མ་འོངས་ལས་འཕྲོ་ཅན་དང་ཕྲད་པར་ཤོག །ཅེས་སྨོན་ལམ་བཏབ་པ་སྟེ་སྔ་མ་བཞིན་ནོ། །གཏེར་ལ་ནོར་དང་སྐུ་རྟེན་དམ་རྫས་ཀྱི་གཏེར་སོགས་མང་དུ་ཡོད་ཀྱང། འདིར་གཙོ་བོ་ཆོས་གཏེར་འཆད་པ་ཡིན་ལ། དེ་ལའང་འཕགས་པ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོ་ལས། བཟང་སྐྱོང་ལ་སོགས་པ་རྒྱལ་སྲས་ཆེན་པོ་དུ་མས་མདོ་དེ་སངས་རྒྱས་དངོས་ལས་བླངས་ཏེ། སླར་བྲིས་ཤིང་སྒྲོམ་དུ་བཅུག་སྟེ་མཆོད་རྟེན་དང་རི་བྲག་སོགས་ལ་བརྟེན་པའི་ལྷ་དང་ཀླུའི་ལག་ཏུ་བཞག་ནས་རང་ཉིད་དག་པའི་གནས་སུ་འགྲོ་ཞིང་། ཡང་ཕྱི་མའི་དུས་སུ་འདིར་འོང་སྟེ་མདོ་སྡེ་རྒྱས་པར་བྱེད་ཚུལ་གསུངས་པ་སོགས་འདི་དང་ཕྱོགས་མཚུངས་ཀྱང་། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་གྱི་མདོ་དང་། ཆོས་ཡང་དག་པར་སྡུད་པ་སོགས་ལས་ཆོས་འདོད་ཅིང་བསམ་པ་དག་པའི་རྒྱལ་སྲས་རྣམས་ཀྱིས་ས་ཤིང་རྡོ་བ་སོགས་ལས་ཆོས་ཀྱི་གཏེར་རྙེད་པར་གསུངས་པ་མཐའ་དག་གཏད་རྒྱ་སྔོན་སོང་ཅན་དུ་འཆད་པའི་ཤེས་བྱེད་དཀའ་འམ་སྙམ་མོད། ཇི་སྐད་བཤད་པ་འདི་ནི་གསུང་རྡོ་རྗེ་པདྨ་སཾ་བྷ་བས་གདུལ་བྱ་ཉེ་བའི་འདུལ་དབང་ལ་གཟིགས་ཏེ་ཡུལ་དུས་འདིར་རྡོ་རྗེ་ཐེག་པའི་ཆོས་གཏེར་གྱི་ཕྲིན་ལས་མཛད་པའི་ཚུལ་གྱི་དབང་དུ་བྱས་པས་བྱེ་བྲག་གིས་སྤྱི་ལ་ཁྱབ་པར་མི་བཟུང་ངོ་། །གཏེར་ཡིག་ནི། ཡི་གེར་མཁས་པའི་མཆོག་ལེགས་བྱིན་ཉི་མ། རྐྱེན་པའི་མཆོག་ལྡན་མ་རྩེ་མང་། དག་པའི་རབ་ཨ་ཙར་ཡེ་ཤེས་དབྱངས་སོགས་མིས་བྲིས་པ་དང་། མི་མིན་མཁའ་འགྲོས་བྲིས་པ་དང་། གུ་རུ་རིན་པོ་ཆེ་ཉིད་ཀྱིས་ཕྱག་བྲིས་མཛད་པའང་ཡོད་དེ། ཡི་གེའི་གཟུགས་ཀྱང་། གུ་རུའི་ཕྱག་བྲིས་ཕྲ་ལ་ལེགས་པ་དང་། ཨ་ཙར་ཡེ་ཤེས་སྦོམ་རགས་བདེ་བ་དང་། གསལ་དག་མཉེན་ལྕུག་བཻ་རོའི་ཕྱག་བྲིས་སོགས་གཞན་དང་གཞན་དུ་བཤད། དེའང་དཀྱུས་མའི་རྒྱུན་སྤྱོད་ལ་ལྡན་རྩེ་སོགས་ཕྱག་བྲིས་མགྱོགས་བུལ་སྤྱི་འགྲོ་ལྟ་བུ་ལས་མེད་ཀྱང་གཏེར་ཡིག་འབྲི་དུས། དེ་དག་རྣལ་འབྱོར་པ་ཆེན་པོ་ཡིན་པས་ནང་གི་རྣལ་འབྱོར་གྱི་ཉེར་ལེན་དང་། གུ་རུའི་བྱིན་རླབས་ཀྱི་རྐྱེན་ལས་དགོངས་པའི་རྩལ་འབར་ཏེ་སེ་གོལ་ཙམ་རེའི་ཡུན་ལ་བླ་མ་དགོངས་འདུས་ཡོངས་རྫོགས་ལྟ་བུ་བརྒྱ་ཚར་སོགས་རྫུ་འཕྲུལ་གྱིས་འབྲི་ནུས་པ་ཡོད་ཅིང་། དེ་ལྟ་བུའི་ཡི་གེ་པ་མི་དང་མི་མིན་མཐའ་ཡས་ཤིང་། གུ་རུ་རིན་པོ་ཆེས་རྒྱུད་སྒྲུབ་ཐབས་མན་ངག་ལག་ལེན་དང་བཅས་པ་སྐད་ཅིག་རེར་ཡང་ཚད་མེད་པ་གསུངས་པས་གཏེར་ཡིག་ཟད་མི་ཤེས་པར་འབྱུང་བ་ཡིན་གསུང་། ཤིན་ཏུ་ཟབ་གཉན་དང་། མི་ཡུལ་ན་དེའི་གཏེར་ཁར་གྲངས་མང་གི་གདུལ་བྱ་མེད་པ་དང་། གཏེར་སྲུང་མཁའ་འགྲོ་རྣམས་ཀྱིས་ཤིན་ཏུ་དཀོན་པའི་འདུ་ཤེས་ཀྱིས་ལྷག་པར་མཆོད་ཅིང་བཀུར་བ་ཉིད་དོན་ཆེ་བ་ཡིན་ན། གུ་རུ་རིན་པོ་ཆེས་འདི་ལ་དཔེ་གཅིག་ཁོ་ན་ལས་འབྲི་བར་མི་གནང་ཞེས་བཀས་བཅད་པས་མཁའ་འགྲོའི་གནས་ནའང་གཅིག་པོ་དེ་ལས་མི་བཞུགས་པ་ཡོད་གསུང་། གཏེར་དཔེ་གང་ཡང་གུ་རུ་ཉིད་ཀྱིས་རབ་གནས་མཛད་དེ་མཐོང་གྲོལ་གྱི་ཆེ་བ་ཅན་དུ་བྱིན་གྱིས་བརླབས་པ་འབའ་ཞིག་ཡིན་ཞིང། ཇོ་མོ་མཚོ་རྒྱལ་འཁྲུངས་ཚེ་སྦྲགས་མདར་བླ་མཚོ་རང་རྡོལ་བ་ལྟར་གཏེར་སྟོན་གྱི་ལས་སྨོན་སྟོབས་སུ་གྱུར་པ་ལ་བརྟེན་ནས་གངས་བྲག་མཚོ་གསུམ་ལ་སོགས་པ་དེ་དང་དེར་ཤོག་སེར་རང་གྲུབ་ཏུ་སྐྱེ་བའང་ཡོད་པར་གསུངས་ཏེ་རྟེན་འབྲེལ་གྱི་མཐུ་བསམ་གྱིས་མི་ཁྱབ་པའོ། །གཏེར་གནས་སོ་སོར་སྦས་པའི་ཚུལ་ནི། གུ་རུས་རྔ་ཡབ་གླིང་དུ་བཞུད་ཀར་བོད་མཐའ་དབུས་ཀྱི་གཞི་བདག་རྣམས་དབང་དུ་བསྡུས་ནས་སོ་སོར་ཁྱོད་ཀྱི་གནས་སུ་ཆོས་འདི་སྙེད་ཅིག་སྦེད། དེ་ལ་གཏེར་སྟོན་གཞན་དང་གཞན་གྱི་དབང་སྐལ་དང་། དུས་གཞན་དང་གཞན་ལ་ཕན་པར་བསྔགས་པའི་རྣམ་གྲངས་མི་འདྲ་བ་འདི་ལྟར་ཡོད་པས་མ་འཆོལ་བར་གྱིས་ཞེས་གཉེར་བྱང་གཏད། དེ་ཁོ་ན་བཞིན་དུ་སངས་རྒྱས་གཉིས་པ་སྲིན་ཡུལ་དུ་བྱོན་རྗེས། ཕལ་ཆེར་ཕྲིན་ལས་ཀྱི་གཉེར་འཛིན་ཆེན་མོ་བདེ་ཆེན་མཚོ་རྒྱལ་གྱིས་གཏེར་ཞབས་བསྡམས་པ་ཡིན་ལ། དེའང་སྣ་རྩེ་ཙམ་དུ་ཟད་ཀྱི་ཞིབ་པར་དཔག་མི་ཐུབ་སྟེ། རེ་ཞིག་གཏེར་སྟོན་རྣམས་ཀྱིས་འདབ་གཏེར་སྦེད་ཚུལ་ཡང་གཅིག་ཏུ་མ་ངེས་པར་འཆད་པར་འགྱུར་བ་བཞིན་ནོ། །དེ་ལྟར་སྦས་ནས་ཇི་སྲིད་འདོན་དུས་ལ་མ་བབས་བར་དུ་སུས་ཅི་ཙམ་བཙལ་ཡང་གཏེར་གནས་ཀྱི་གཏིང་རིང་པོར་སོང་ནས་བཞུགས་པས་མི་རྙེད་ལ། དུས་ལ་བབས་ཚེ་གཏེར་སྒོ་དང་ཉེ་བའི་ཕྱོགས་སུ་རང་འོང་བ་དང་། དེའང་གཏེར་འབྱིན་གྱི་རྟེན་འབྲེལ་ཅི་ཙམ་འགྲིགས་པ་དེ་ཙམ་དུ་རྙེད་སླ་བ་དང་། གཏེར་གནས་ལ་འཕོ་འཆུག་བྱུང་ཚེ་གནས་གཞན་དུ་འཕོ་ཞིང་བཞུགས་པ་དང་། མང་པོ་ཞིག་འདོན་པའི་དུས་ཚོད་ཡོལ་ན་ག་པུར་ལྟར་རང་ཡལ་དུ་འགྲོ་བ་ཡིན་ཏེ། འདི་ལ་གཏེར་སྨོན་ལམ་ཅན་གྱི་འགྲོ་ལྡོག་ཅན་དུ་གྲགས་ཞེས་རྗེ་ཐམས་ཅད་མཁྱེན་པའི་གསུང་སྒྲོས་ལས་འབྱུང་སྟེ། ཆོ་འཕྲུལ་འདི་ལྟ་བུ་གཏེར་སྲུང་གི་མཐུ་ལའང་སྲིད་མོད་ཀྱི། དེ་དང་སྦྱར་ན་གསུང་རྒྱུན་འདིར་མི་འགྲིགས་པས་གུ་རུའི་སྨོན་ལམ་གྱི་མཐུ་ཁོ་ན་ལས་གཞན་ལ་མི་ལྟོས་སོ། །ཕྱོགས་འདིར་ནམ་མཁའ་ལས་བླང་ཟེར་བའི་གཏེར་ཆོས་ཀྱི་མཚན་གཞི་མི་སྣང་ཡང་། སྤྱིར་ནམ་མཁའ་ལ་སྦས་པའི་གཏེར་ཡང་ཡོད་པར་བཤད། དེ་ནི་གང་སྦེད་ཀྱི་གཏེར་ཡིག་དེ་གུ་རུའི་རྫུ་འཕྲུལ་གྱིས་ནམ་མཁའ་ལ་བཞག་སྟེ་རྒྱས་བཏབ་པས་འབྱུང་བཞིའི་གནོད་པས་མི་བརྫི་བ་དང་། མི་དང་བགེགས་རིགས་སོགས་ཀྱིས་བལྟར་མེད་པས་མཚར་དུ་ཅི་ཡོད། གང་ལ་གཉེར་གཏད་མཛད་པའི་གཏེར་སྲུང་དེ་མ་གཏོགས་དཔའ་བོ་མཁའ་འགྲོ་ཕལ་གྱིས་ཀྱང་མི་མཐོང་བ་ཡིན་གསུངས། གཏེར་དུ་སྦས་སོ་ཅོག་སླར་འདོན་པའི་ཆེད་ཡིན་པར་ཡང་མ་ངེས་ཏེ། བསྟན་པའི་བཙས་དང་། ཡུལ་གྱི་བཅུད་དང་། ཆོས་རྒྱལ་གྱི་གདུང་རྒྱུད་སྐྱོབ་པའི་བླ་གཏེར་དུ་དགོངས་པ་འགའ་ཞིག་འདོན་དུ་མི་རུང་བར་གསུངས་པའི་ཕྱིར་རོ། །སྲུང་མ་ལ་ཆོས་བཀའ་དེ་སྤྱིར་སྲུང་བ་དང་། གཏེར་གཏོང་ལེན་གྱི་གཉེར་བྱང་འཛིན་པ་གཉིས་ཀྱི། ཕྱི་མ་ལ་གཏེར་ཁ་མང་པོ་ལ་སྲུང་མ་གཅིག་བསྐོས་པ་དང་། གཏེར་ཁ་གཅིག་སྲུང་མ་མང་པོ་ལ་བཅོལ་བ་ཅི་རིགས་ཡོད་ཅིང་། གཏེར་སྲུང་གི་ནང་དུ་བཞུགས་པའི་སྔགས་སྲུང་རལ་གཅིག་མ་དང་། འདོད་ཁམས་དབང་མོ་སོགས་ལྟ་ཅི་སྨོས། རྒྱལ་བཙན་ཐེའུ་རང་སོགས་གཏེར་སྲུང་དུ་བསྐོས་པ་རྣམས་ཀྱང་། སོ་སོའི་རིགས་ཀྱི་ནང་ནས་བཟང་ཤོས་དང་། གུ་རུ་རིན་པོ་ཆེ་དང་སྨོན་ལམ་གྱིས་འབྲེལ་ཞིང་། དཀོན་མཆོག་གསུམ་གྱི་ཕྲིན་ལས་སྒྲུབ་པ་ལ་སྤྲོ་བ་བརྟན་པ་དང་། གསང་སྔགས་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་། དམ་ཚིག་སྲོག་ལྟར་བཙའ་བ། ལྷག་པར་ཆོས་དེ་ལ་རྟོགས་པའི་རྩལ་ཐོན་ནས་གཏད་རྒྱ་རྫོགས་པ། ལས་དང་རིག་སྔགས་དང་རྣལ་འབྱོར་ལས་བྱུང་བའི་མཐུ་རྩལ་བསམ་གྱིས་མི་ཁྱབ་པས་ཚར་གཅོད་རྗེས་འཛིན་སོགས་ལས་རབ་འབྱམས་ལ་དབང་བསྒྱུར་པའི་དཔའ་བོ་དང་རྣལ་འབྱོར་མའི་རིགས་ཁོ་ནར་གནས་ཏེ། བོད་འདིར་ཆོས་བྱེད་ཀྱི་སྐྱེ་བོ་སོགས་ལ་འཚེ་བའི་འབྱུང་པོ་རྣམས་དེ་དག་གི་འཁོར་ཡིན་པས་དཔོན་གཏེར་སྲུང་དུ་བསྐོས་ན་འཁོར་བཀའ་འོག་ནས་མི་ལྡང་བ་ལ་སོགས་པའི་དགོས་དབང་སྣ་ཚོགས་ལྟར་བཞག་གོ །གཏེར་ཆོས་ཀྱི་རྣམ་གྲངས་ནི། ཤར་གཏེར་སྨིན་པ་འབྲས་བུའི་སྐོར། ལྷོ་གཏེར་འདྲིལ་བ་སྡོང་པོའི་སྐོར། ནུབ་གཏེར་གསལ་བ་མེ་ཏོག་གི་སྐོར། བྱང་གཏེར་གྱེས་པ་ཡལ་གའི་སྐོར། དབུས་གཏེར་ཟུག་པ་རྩ་བའི་སྐོར་སོགས། ཕྱོགས་ཙམ་ཞིག་ཐང་ཡིག་རྣམས་དང་། དགོངས་འདུས་ལུང་བསྟན་ཆེན་མོ་སོགས་སུ་འབྱུང་བས་མཚོན་ནོ། །ཆེ་ལོང་ཞིག་བརྗོད་ན། གཏེར་བྱོན་མདོ་སྡེ་དང་། གསང་སྔགས་ཕྱི་པའི་སྐོར་འགའ་ཞིག་ཀྱང་ཡོད་མོད་ཀྱི། ཤས་ཆེར་རྣལ་འབྱོར་བླ་མེད་ལུགས་མང་སྟེ། འཆད་འགྱུར་ལྟར་དེའི་སྔགས་བརྒྱུད་ཀྱི་བྱིན་རླབས་གསོ་བའི་དགོས་དབང་གིས་སོ། །དེའང་བོད་ལ་ལྷག་པར་དགོངས་པའི་མན་ངག །བློ་དམན་གྱིས་ཀྱང་ཉམས་འོག་ཏུ་འཛུད་སླ་བར་བསྡེབས་པ་རྩལ་དུ་བཏོན་ནས་སྦས་ཏེ། རྩ་བ་བླ་མ་ཡི་དམ་མཁའ་འགྲོའི་གདམས་པ། ཡན་ལག་ལས་ཚོགས་རབ་འབྱམས་ཕྱོགས་གཏོགས་དང་བཅས་པ། སྙིང་པོ་བླ་རྫོགས་ཐུགས་གསུམ་རྣམས་སོ། །དང་པོ་ལའང་སྤྱི་བསྡུས་དང་། སོ་སོར་ཕྱེ་བའི་སྐོར་གཉིས། དང་པོ་ནི། རྩ་གསུམ་བཀའ་འདུས། སྤྱི་སྤུངས། གནས་བསྒྱུར། གཙོ་བསྡུས། གཅིག་དྲིལ་གྱི་སྒྲུབ་ལུགས་སོགས་དང་། གཉིས་པ་ལས། བླ་མའི་སྐོར་ལ་སྒྲུབ་ལུགས་ཀྱི་སྒོ་ནས། ཕྱི་གསོལ་འདེབས་དང་། ནང་སྒྲུབ་ཐབས་ལ་བརྟེན་པ་སོགས་དང་། བསྒྲུབ་བྱའི་སྒོ་ནས་གུ་རུ་ཞི་བ་དང་། དྲག་པོ། དེ་རེ་རེ་ལའང་ལྷ་གཅིག །འཁོར་མང་། རྩ་བ་དང་ཡན་ལག་གི་ལྷའི་སྒོས་སྒྲུབ་ཀྱི་རྣམ་གྲངས་སྤྲོས་པ་སོགས་མཐའ་ཡས་པ། ཡི་དམ་ལ་སྤྱིར་བདེ་དགྱེས་སོགས་ཀྱི་ཆོས་གཏེར་ཡང་བཞུགས་པར་བཤད་ཀྱང་། གྲགས་ཆེ་བ་ཞི་ཁྲོ་དང་བཀའ་བརྒྱད། དང་པོ་ལ། རང་རྐྱ་བ་དང་། གཞུང་གཞན་ལ་བརྟེན་པ། གཉིས་པ་ལ། བཀའ་སོ་སོ་བ་དང་། སྤྱི་དྲིལ། དེ་དག་གི་རྒྱུད་ལུང་མན་ངག །མན་ངག་ལའང་། སྒོམ་ཁོག །ལྷ་ཁྲིད། གནད་ཡིག །ཞུས་ལན་ལ་སོགས་པ་དང་། སྒྲུབ་གཞུང་རྒྱས་འབྲིང་བསྡུས་པ་སྙིང་པོའི་སྐོར་བཞི་སོགས་བགྲང་དགའ་བར་བཞུགས་ཏེ། ལྷག་པར་ཡང་། ཚེ་སྒྲུབ་དང་། ཐུགས་རྗེ་ཆེན་པོ། ཕུར་གཤིན་སྐོར་རྣམས་མང་བར་སྣང་ལ། རྟ་མགྲིན་ཡང་རྩ་བ་གསུམ་གའི་སྐོར་ན་བཞུགས་པས་མང་ཤོས་སུ་སྣང་ངོ་། །མཁའ་འགྲོ་ལ། མང་ཤོས་ཕག་ཁྲོས་སེང་གསུམ། གཞན་ཡང་གསང་ཡེ། སྒྲོལ་མ། མཚོ་རྒྱལ་སོགས། དེ་རྣམས་ཀྱི་རྫོགས་རིམ་རང་ལུས་དང་གཞན་ལུས་ལ་བརྟེན་པ་དང། ཁྱད་པར་རྫོགས་ཆེན་གྱི་གདམས་སྐོར། པདྨའི་དང་། བི་མ་ལའི་དང་། བཻ་རོའི་སྙིང་ཏིག་དང་། སློབ་དཔོན་རྣམ་གསུམ་གྱི་སྙིང་ཐིག་གཅིག་ཏུ་དྲིལ་བ་སོགས་རང་རྐྱང་དང་། གཞུང་གཞན་ལ་སྦྱར་བ་རྒྱས་བསྡུས་སྣ་ཚོགས་གྲངས་མེད་པ། ཆོས་སྲུང་ལ། མགོན་པོ་མ་ནིང་གཙོར་གྱུར། ཕྱག་བཞི། གྲི་གུག །སྟག་ཞོན་སོགས་ནས་དྲེགས་པ་ཕྲ་མོའི་བར་གྱི་སྒྲུབ་སྐོར་ཟད་མི་ཤེས་པ་ཡོད་ཀྱང་། འདི་རྣམས་ནི་བཀའ་བརྒྱད་ཀྱི་འཇིག་རྟེན་པའི་སྡེ་གསུམ་དུ་འདུ་བས་ལོགས་སུ་མ་བགྲང་ཡང་རུང་། མདོར་ན་གྲགས་པ་དང་མ་གྲགས་པའི་མིང་ཅན་མིང་མེད་ཀྱི་གཏེར་ཁས་ས་ཆེན་པོ་འདི་ཏིལ་གྱི་གང་བུ་བཞིན་དུ་གཏམས་ཏེ། ཕལ་ཆེར་ཞིག་དམ་རྫས་སྐུ་ཚབ་ཕྱག་མཚན། མ་འོངས་ལུང་བསྟན་སོགས་དང་བཅས་པའོ། །གཉིས་པ་ཡན་ལག་སྐོར་ལ། གྲུབ་ཆེན་བརྒྱད་སོགས་སྒྲུབ་པའི་རྫས་དང་མན་ངག་གི་གཏེར་ཡང་བཞུགས་མོད། གཙོ་བོར་གདུལ་བྱ་ལ་ལྟོས་ཏེ་ལས་བཞིའི་སྐོར་མང་སྟེ། སྨན་དང་མཁྱུད་དཔྱད། བཅུད་ལེན། འཁོར་ལོ། རྣོ་མཐོང་། མདོས་གཏོ། ནོར་སྒྲུབ། ལོ་ཏོག་ཕན་བྱེད། སྲུང་བ་སྣ་ཚོགས། སྔགས་འབུམ། ལས་ཕྲན་ཕྱོགས་བསྡུས། སྣ་ཚོགས་རྫུ་འཕྲུལ་སྐོར་སོགས་ཚད་མེད་པ་དང་། དེ་ལས་ཀྱང་ནག་ཕྱོགས་ཀྱི་སྟོབས་འཕེལ་བའི་དུས་ངན་གྱི་ཡང་མཐར་བསྟན་དང་བསྟན་འཛིན་སྲུང་བའི་ལག་ཆར་དགོངས་ནས། དྲག་སྔགས་ཆེས་མང་བར་འབྱོན་ཏེ། བོད་ཕུང་བྱེད་ཀྱི་དམ་སྲི་མི་ཆེན་དུ་བརྫུས་པ་འགའ་ཞིག་དྲག་པོའི་གཏེར་ཁ་ཐོན་མ་ཐག་ཏུ་རྒུད་པའི་ལོ་རྒྱུས་ཀྱང་ཡོད་དོ། །གཏེར་ཆོས་ཀྱི་རིགས་ཐམས་ཅད་ཀྱི་ནང་ན་མང་ཤོས་ནི་བླ་རྫོགས་ཐུགས་གསུམ་སྟེ། དེ་གསུམ་མ་ཚང་ན་གཏེར་ཆེན་མིན་ཞེས་གྲགས་པ་ལྟར་གཏེར་ཆེན་ཐམས་ཅད་ལ་གསུམ་ཀ་ཚང་བར་བཞུགས་ཤིང་། གཏེར་ཕྲན་ལ་ཡང་གསུམ་པོའི་གང་རུང་རེ་མེད་པ་ཆེར་མི་སྣང་བའི་ཕྱིར་རོ། །དེ་དག་གི་ངོས་འཛིན་ལ། གུ་རུ་ཞི་དྲག །ཐུགས་སྒྲུབ་ཡི་དམ། རྫོགས་རིམ་སྐོར་ཅི་རིགས་ཞེས་འདྲེན་པའང་སྣང་མོད་ཀྱི། བླ་མ་གསང་འདུས་དང་དགོངས་འདུས་སོགས་བླ་སྒྲུབ། ཆོས་རྒྱལ་བཀའ་འབུམ་དང་ཡང་སྙིང་འདུས་པ་སོགས་ཐུགས་རྗེ་ཆེན་པོའི་ཆོས་སྐོར། མཁའ་འགྲོ་སྙིང་ཐིག་དང་དགོངས་པ་ཟང་ཐལ་སོགས་རྫོགས་ཆེན་སྐོར་རྣམས་ལ་བྱེད་པར་སྔ་མ་རྣམས་ལ་གྲགས། ཡབ་རྗེ་ཀུན་མཁྱེན་བླ་མའང་འདི་ལྟར་བཞེད་དོ། །དེ་ལ་གུ་རུ་ཉིད་ཀྱི་སྒྲུབ་ལུགས་མང་དུ་བསྟན་པའི་རྒྱུ་མཚན་ནི། སྤྱིར་སྔགས་ཀྱི་ལྷ་དང་། སོ་སྐྱེ་ལས་དང་པོ་པའི་བར་གྱི་བརྡ་སྦྱོར་མཁན་ལྟ་བུར་བྱོན་པའི་སངས་རྒྱས་ཀྱི་སྤྲུལ་སྐུ་རིག་འཛིན་སློབ་དཔོན་གྱི་རྣམ་པ་ཅན་རྣམས་སྒྲུབ་ཐག་ཤིན་ཏུ་ཉེ་ལ། ཁྱད་པར་དུ། བོད་ཀྱི་བླ་མའི་སྐལ་བ་གུ་རུ་ཉིད། ལྷ་སྐལ་ཇོ་བོ་ཐུགས་རྗེ་ཆེན་པོར་འདུག །ཅེས་གསུངས་པ་ལྟར། ཨོ་རྒྱན་སངས་རྒྱས་གཉིས་པ་ནི་སྔོན་གྱི་སྨོན་ལམ་བཞིན་དུ་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་གངས་ལྗོངས་མཐའ་དག་སྐྱོབ་པའི་མགོན་དུ་གསོལ་བ་བཏབ་ནས་སྤྱན་དྲངས་པ་ཡིན་ལ། ཁྲི་སྲོང་ལྡེའུ་བཙན་ནི་བོད་ཡུལ་སྤྱི་ལ་དབང་བའི་རྒྱལ་པོ་ཡིན་པས། དེས་གསོལ་བ་བཏབ་ན་བོད་འབངས་མགོ་ནག་ཡོངས་སུ་མ་ཟད། དུད་འགྲོ་རྔོག་ཆགས་ཡན་ཆད་ཀྱིས་གསོལ་བ་བཏབ་པར་དོན་གྱིས་འགྱུར་ཏེ། ཁྱུ་མཆོག་གར་སོང་དུ་བ་ལང་ཁྱུ་འགྲོ་བ་བཞིན་ནོ། །ཐོག་མའི་རྟེན་འབྲེལ་དེའི་དབང་གིས་ད་ལྟའང་བོད་འབངས་ལ་བྱིན་རླབས་གཞན་ལས་མྱུར་ཞིང་། བཀའ་དྲིན་གྱི་དབང་དུ་བྱས་ན། བོད་འདྲེ་སྲིན་གྱི་ཡུལ་མཐའ་དབུས་ཐམས་ཅད་ཀྱི་ས་བཏུལ་ནས་དམ་པའི་ཆོས་ཀྱི་འབྱུང་གནས་དང་འཕགས་པའི་ཡུལ་ཁམས་སུ་བྱིན་གྱིས་བརླབས་པ་དང་། སའི་ཆ་ཕལ་ཆེར་གུ་རུ་ཉིད་ཀྱིས་སྒྲུབ་གནས་སུ་མཛད་དེ་རྡོ་རྗེའི་གནས་ཆེན་རྣམས་དང་ཡོན་ཏན་མཚུངས་པར་བྱིན་གྱིས་བརླབས་པའི་དན་རྟགས་སུ་རྫ་མོ་ཧཱུྃ་འདྲ་དང་། བྲག་བཞིར་ཞབས་རྗེས། མཚོ་བཞིར་ཕྱག་རྗེས་སོགས་བཞག་པ་ད་ལྟའང་མཇལ་དུ་ཡོད་པ་དང་། མི་ཡུལ་ན་མི་བཞུགས་པའི་སྔགས་ཀྱི་རྒྱུད་སྡེ་མང་པོ་ཡང་མཁའ་འགྲོའི་གནས་ནས་རྫུ་འཕྲུལ་གྱིས་སྤྱན་དྲངས་ཤིང་། དཔལ་གྱི་བསམ་ཡས་སོགས་སུ་གསང་སྔགས་ཀྱི་ཆོས་འཁོར་འབྱམས་ཀླས་པ་བསྐོར་ཏེ་རྗེ་འབངས་ཉེར་ལྔ་སོགས་མཆོག་གི་དངོས་གྲུབ་ལ་སྦྱར་ནས་གྲུབ་ཐོབ་ཀྱི་བརྒྱུད་པ་འབྱུང་བའི་གཞི་བཙུགས་པ་དང་། བརྟན་མར་གྲགས་པ་བདེ་མཆོག་གི་སྙིང་པོའི་རྣལ་འབྱོར་མ་བཞི་དང་སྒོ་མཚམས་མ་བརྒྱད་གཟུགས་གཞན་དུ་བསྒྱུར་བའི་རྣལ་འབྱོར་མ་བཅུ་གཉིས་བོད་ཀྱི་ཡུལ་བདག་མོར་བསྐོས་པའི་སྒོ་ནས་གསང་སྔགས་ཀྱི་བསྟན་པ་མི་ནུབ་པའི་རྟེན་་་་་་འབྲེལ་བསྒྲིགས་ཤིང་མུ་སྟེགས་རྒྱུ་བའི་ལམ་བཅད་པ་དང་། མཐའ་དམག་ནང་འཁྲུགས་ནད་ཡམས་མུ་གེ་སོགས་དུས་ཀྱི་རྒུད་པ་སྣ་ཚོགས་རིམ་པར་འབྱུང་བ་ལ་སྐྱོབ་བྱེད་ཀྱི་གཏེར་སྟོན་དང་རྫས་གཏེར་ཆོས་གཏེར། ཐད་ཀར་གང་འཚམས་ཀྱི་ལུང་བསྟན་ཞིབ་མོ་དང་བཅས་པ་སོ་སོའི་དུས་ཚོད་མི་ཡོལ་བར་འབྱུང་བའི་ཕྲིན་ལས་ཕྱི་མཐའི་བར་དུ་རྒྱུན་མི་འཆད་པ་དང་། དཔལ་སྤྲུལ་རྡོ་རྗེ་འཆང་གི་བཀའ་ལས། ཕྱོགས་འདིར་མི་ནག་ཕོ་མོ་རྣམས་ཀྱང་ཐེག་པ་ཆེན་པོ་གསང་སྔགས་ལ་གུས་ཤིང་། གསང་སྔགས་ཀྱི་དབང་ཞིག་ཨེ་ཐོབ་རེ་འདུན་ཆེ་བ་དང་། དབང་བསྐུར་གཟུགས་བརྙན་ཙམ་ཞིག་ཐོབ་ཀྱང་དེ་ལ་བརྩི་འཇོག་ཆེན་པོ་བྱེད་པ་སོགས་ཨོ་རྒྱན་རིན་པོ་ཆེས་ཕོ་བྱུང་ཐམས་ཅད་དཔའ་བོ་དང་། མོ་བྱུང་དཔའ་མོའི་རིགས་སུ་བྱིན་གྱིས་བརླབས་པའི་ཕྱག་རྗེས་ཡིན་གྱི། ཡུལ་གཞན་ན་དེ་འདྲ་མེད། གསང་སྔགས་རྡོ་རྗེ་ཐེག་པ་ལ་གཡམ་རྒྱུག་ཙམ་གྱི་མོས་གུས་ལན་ཅིག་སྐྱེས་པའི་ཕན་ཡོན་ཀྱང་ལམ་གཞན་ལ་ཡུན་རིང་དུ་སྦྱངས་པས་སླེབ་མི་སླེབ་ཀྱི་ཚོད་ཡིན་ཞེས་གསུངས་པ་དང་། ད་དུང་ཡང་སྔོན་བོད་ཡུལ་དུ་བྱོན་པའི་སྐུ་དེ་ཉིད་དངོས་ཀྱིས་འཛམ་གླིང་འདིའི་ཉེ་འཁོར་རིག་པ་འཛིན་པའི་ཞིང་ཁྱད་པར་ཅན་ན་བཞུགས་ཤིང་། དེར་མ་ཟད་ཚེས་བཅུ་ནམ་བྱུང་དང་ལྷག་པར་དབང་ཆེན་སྤྲེལ་ཟླའི་ཚེས་བཅུར་གངས་ཅན་མཐའ་དབུས་ཐམས་ཅད་དུ་རྫུ་འཕྲུལ་གྱིས་བྱོན་ནས་བོད་འབངས་སྡུག་བསྔལ་ལས་སྐྱོབ་པར་ཞལ་གྱིས་བཞེས་པ་ཡིན་པས་དེ་ལ་བརྟེན་ནས་བསྒྲུབ་ན་མཆོག་ཐུན་མོང་གི་དངོས་གྲུབ་གང་ཡང་བདེ་མྱུར་དུ་འགྲུབ་པ་ལ་དགོངས་པ་འདི་གོ་བ་གལ་ཆེའོ། །དེ་བཞིན་དུ་ཐུགས་རྗེ་ཆེན་པོའི་གདམས་སྐོར་ལྷག་པར་མང་བའི་རྒྱུ་མཚན་ཡང་གོང་དུ་ལུང་དྲངས་པས་ཤེས་ཏེ། ཅུང་ཟད་བཤད་ན། ཇོ་བོ་རྗེ་དང་གྲུབ་ཐོབ་དངོས་གྲུབ་ཀྱི་གཏེར་ཡིག་སོགས་ལས་གསུངས་པ་ལྟར་ཞིང་འདིའི་སྟོན་པ་ཤཱཀྱའི་རྒྱལ་པོས་བོད་ཀྱི་ཡུལ་འདི་འཕགས་མཆོག་འཇིག་རྟེན་དབང་ཕྱུག་ལ་གདུལ་ཞིང་དུ་བཀས་གཏད་ཅིང་། དེ་ཁོ་ན་བཞིན་དུ་བོད་མིའི་རིགས་རྒྱུད་ཀྱི་ཐོག་མ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་འཕགས་པ་སྤྲེལ་སྒོམ་ལ་ཐུག་པ་དང་། ཟང་ཟིང་གི་ལོངས་སྤྱོད་དང་པོ་འཕགས་པས་པོ་ཊ་ལ་ནས་འབྲུ་སྣ་བདུན་བོད་དུ་གཏོར་བ་ལས་བྱུང་བ་དང་། ཆོས་ཀྱི་ལོངས་སྤྱོད་མདོ་སྡེ་ཟ་མ་ཏོག་ནས་དབུ་བརྙེས་པ་དང་། སྔོན་གྱི་ཆོས་རྒྱལ་ཕལ་ཆེར་རྗེ་བཙུན་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་དུ་བཀའ་གདམས་གླེགས་བམ་རིན་པོ་ཆེར་གསུངས་པ་དང་། རྒྱ་དཀར་ནག་གི་རྟེན་གཙོ་ཇོ་ཤག་རྣམ་གཉིས་བོད་ཡུལ་གྱི་ལྟེ་བར་གདན་འཛོམས་པ་དང་། ར་སའི་གཙུག་ལག་ཁང་གི་རྨང་ཐིང་བ་སོགས་སྲོང་བཙན་དང་རང་བྱུང་འཕགས་པའི་དྲིན་ལས་བྱུང་བ་དང་། བོད་ཡི་གེ་མེད་པ་ལ་ཐོན་མིས་ཡི་གེ་དང་བརྡ་དག་གི་སྲོལ་ཕྱེས་པ་དང་། དགེ་བཅུའི་ཁྲིམས་སྲོལ་ཐོག་མར་བཏོད་པ་དང་། འཕྲུལ་སྣང་དང་མཐའ་འདུལ་ཡང་འདུལ་རུ་གནོན་གྱི་ལྷ་ཁང་མང་པོས་ས་བཟུང་ཞིང་བྱིན་གྱིས་བརླབས་པ་དང་། བོད་ཡུལ་དབུས་སུ་མཐའ་བཞིའི་བཟོ་སྣ་དང་ནོར་སྣ་འདུ་བ་སོགས་ཀྱང་སྤྱན་རས་གཟིགས་སྲོང་བཙན་སྒམ་པོའི་མཛད་པའི་ཆ་ཤས་ཡིན་པ་དང་། ལྗོངས་འདིའི་ཁྱིམ་པ་ཆོས་མི་ཤེས་ཤིང་ཆོས་ལ་ཡེ་མ་གོམས་པ་རྣམས་ཀྱང་ཚེ་ཕྱི་མ་ལ་བློ་ཁ་ཕྱོགས་པའམ་བཟའ་ཟླ་ཤི་བ་མཐོང་བ་སོགས་ཀྱི་ཚེ་བྱིས་པ་ཉམ་ང་དུས་ཨ་མ་འབོད་པའི་དོད་ལ་དམ་ཆོས་ཡི་གེ་དྲུག་མ་རང་དྲན་དུ་འོང་ཞིང་བརྒྱ་སྟོང་ཁྲི་འབུམ་སོགས་་་་་་་་འདོན་ནུས་པ་དང་། དེ་དག་གིས་མ་ཎིའི་སྒྲ་ཙམ་འབད་ནས་བཏོན་པ་དེས་ཀྱང་ཚེ་འདིར་སྡིག་རྔམས་ཆུང་དུ་འགྲོ་བ་དང་། གནོད་པ་ཉུང་ཞིང་ཚེ་རིང་བ་དང་། ལོང་བ་མིག་ཕྱེ་བ་དང་། གདོན་བགེགས་ཅན་བགེགས་ལས་ཐར་བ་དང་། མི་རྒྱུད་བཀྲ་ཤིས་པ་དང་། རྨི་ལམ་དུ་འཕགས་པའི་སྤྲུལ་པ་མཐོང་བ་དང་། འཆི་ཀའི་རྣམ་ཤེས་ཡིག་དྲུག་གི་སྒྲར་འཕོ་བ་ཐེབ་པ་སོགས་མཐའ་ཡས་པ་ཡོད་ན་ཚུལ་བཞིན་བསྒྲུབས་པ་རྣམས་ཀྱིས་དངོས་གྲུབ་ཐོབ་པ་ལྟ་ཅི་སྨོས་པ་དང་། ཐ་ན་བོད་ཀྱི་བྱིས་པ་རང་གི་མ་མིང་དག་པོར་མི་ཐོན་པས་ཀྱང་རིག་སྔགས་ཡི་གེ་དྲུག་མ་གཙང་སིང་གིས་ཐོན་པ་སོགས་དུ་མ་ཞིག་གིས་བོད་ཀྱི་འགྲོ་བ་ལ་སངས་རྒྱས་བྱང་སེམས་གཞན་ལས་རྗེ་བཙུན་སྤྱན་རས་གཟིགས་ཉིད་ལས་སྨོན་གྱི་འབྲེལ་བ་ཆེ་བར་ཤེས་ནུས་པས་དེ་ལ་དགོངས་སོ། །དེ་ལྟར་བོད་ཡུལ་ཕན་བདེའི་སྲོག་རྩ་འཕགས་མཆོག་ཐུགས་རྗེའི་གཏེར་དང་། ཆོས་མཆོག་ཡི་གེ་དྲུག་མ་ལ་ཐུག་ཀྱང་བོད་གསར་ངས་ཅན་གྱི་རྒྱལ་ཁམས་ཡིན་པས་ཡུན་ཅུང་ཟད་རེ་སོང་ནས་བརྗེད་ཅིང་ཅི་མི་སྙམ་པར་འཇོག་པ་ལ་དགོངས་ཏེ་ཐུགས་རྗེའི་སྒྲུབ་སྐོར་གྱི་གཏེར་ཁ་གསར་པས་དྲན་གསོ་དང་བསྐུལ་ལྕག་རྒྱུན་མི་འཆད་པར་འབྱུང་བའང་གུ་རུའི་བཀའ་དྲིན་གྱི་དམ་པར་ཤེས་དགོས་ཤིང་། ཤེས་ནས་དགོངས་པ་སྒྲུབ་པ་ལ་བརྩོན་དགོས་སོ། །མིའི་རྟེན་ཅན་གྱི་རིག་འཛིན་སློབ་དཔོན་མཆོག་གི་རྣམ་པར་མཛད་ཚེ་གུ་རུ་པདྨ་དང་། དེ་ཉིད་ཡི་དམ་ལྷའི་རྣམ་པར་བསྟན་ཚེ་འགྲོ་འདུལ་ཐུགས་རྗེ་ཆེན་པོ་ཞེས་མཚན་བཏགས་པའི་ཁྱད་པར་ཙམ་ལས་དོན་དུ་ཐ་མི་དད་པར་ཡང་གཏེར་གཞུང་ཚད་ཐུབ་མང་པོ་ལས་གསུངས་ཏེ་འདིར་མ་དྲངས་ལ། ངོ་བོ་དབྱེར་མེད་ཀྱང་སྒྲུབ་ལུགས་གཉིས་སུ་ཕྱེ་བ་ལའང་རྒྱུ་མཚན་ཆེན་པོ་ཡོད་དེ། གོང་དུ་ཟུར་ཙམ་སོང་བ་ལས་སྤྲོས་ཏེ་ཤེས་པར་བྱའོ། །རྫོགས་རིམ་གྱི་གདམས་པའི་ནང་ནས་རྫོགས་ཆེན་ཕྱོགས་ཁོ་ན་རྩལ་དུ་བཏོན་ནས་སྟོན་པར་མཛད་པ་ནི། རྫོགས་རིམ་གཞན་ནི་སེམས་ལམ་བྱེད་དང་སྦྲེལ་བ་ལ་ལྟོས་པས་བརྩོན་འགྲུས་མཆོག་མ་གཏོགས་པས་ཡེ་ཤེས་རྙེད་དཀའ་ཞིང་། དུས་ཀྱི་དབང་གིས་མཆོག་འགྲུབ་པའི་ནུས་པ་སྔོན་དུས་བཞིན་མི་འབྱུང་བ་སོགས་ཡིན་ལ། ཐེག་མཆོག་རྒྱལ་པོ་འདིར་ནི་ཡེ་ཤེས་ཉག་གཅིག་ལམ་དུ་བྱེད་པས་དེ་ལས་བཟློག་པ་སྟེ། འདིའི་གནད་ཀྱང་ཀློང་སྙིང་བཀའ་བརྒྱད་ཀྱི་སྒྲུབ་གཞུང་ལས། ལོག་རྟོག་དངོས་པོར་ཞེན་པའི་སེམས་ཅན་རྣམས༔ རྒྱུ་འབྲས་ཐེག་པ་གཞན་གྱིས་གདུལ་དཀའ་བས༔ རང་བྱུང་ཡེ་ཤེས་རྟོགས་པའི་ཕྲིན་ལས་མཛོད༔ ཅེས་པའི་ཚིག་ཟུར་རྣམས་ལ་ཞིབ་ཏུ་དཔྱོད་ཤེས་ན་འཐོན་ཏེ་ཤིན་ཏུ་གསང་བའི་རྡོ་རྗེའི་གནས་འདི་ནི་ཆེས་རྒྱས་པར་བསྙད་དུ་ཡོད་མོད་ཀྱི། དེ་ཙམ་ལས་སྐབས་སུ་མ་བབས་པས་སྤྲོས་པ་བསྐྱུངས་སོ། །ཇི་སྐད་བཤད་པ་དེའི་ཕྱིར་གུ་རུའི་གཏེར་བརྒྱུད་འཛིན་པ་ཡིན་ན་ནི་ཉམས་ལེན་གྱི་མཐིལ་བླ་རྫོགས་ཐུགས་གསུམ་ལ་བྱེད་དགོས་ཏེ། འདི་ཡང་མངའ་བདག་ཉང་དང། ཆོས་དབང་སོགས་ཀྱི་ལོ་རྒྱུས་དང་འབྲེལ་བར་བཤད་དུ་ཡོད་མོད། རེ་ཞིག་དེ་ཙམ་མོ། །གཏད་རྒྱ་སད་བྱེད་ཀྱི་གཙོ་བོ་བརྡ་ཡིག་ནི། ཀློང་ཆེན་འོད་གསལ་གྱི་དགོངས་པའི་རུམ་དུ་སྔོན་སྦས་པའི་ཆོས་རྣམས་གསལ་བར་སད་བྱེད་ཀྱི་བརྡ་ཐབས་སུ་བཀོད་པའི་ཡིག་གཟུགས་ཞེས་སྒྲ་བཤད་བྱ་སྟེ། གཏད་རྒྱ་མངོན་དུ་འབྱིན་བྱེད་ཀྱི་བརྡའམ་མཚན་མ་ལ་འཆད་འགྱུར་ལྟར་གཞན་ཡང་མང་མོད་ཀྱི་དཔེར་ན་ཡིག་གཟུགས་བཀླག་པར་འགྲོ་བ་ནི་སྐུ་གཟུགས་མཆོད་རྟེན་སོགས་ལ་མེད་པའི་ཁྱད་ཆོས་ཡིན་པ་ལྟར། རྒྱུད་ལུང་མན་ངག་གི་ཆོས་རྣམས་རང་དང་མཐུན་པའི་བརྡའི་སྒོ་ནས་གསལ་བར་མཚོན་པའི་བརྡ་དངོས་ནི་གཏེར་ཡིག་ཏུ་ཟད་པས་གཙོ་བོ་ཡིན་ཞིང་། བརྡ་གཞན་ནི་དེའི་འཁོར་རོ། །གཏེར་ཡིག་གི་དབྱེ་བ་ནི། ཡིག་རིགས་ཀྱི་སྒོ་ནས་དང་། ངོ་སྤྲོད་ཀྱི་སྒོ་ནས་དང་། གཏེར་ཤོག་ལ་འགོད་ཚུལ་གྱི་སྒོ་ནས་དབྱེ་བ་སྟེ་གསུམ། དང་པོ་ལ། མཁའ་འགྲོའི་ཡི་གེ་ཡིན་མིན་གཉིས་ཀྱི། དང་པོ་ནི། ཐང་ཡིག །སྤུངས་ཡིག །བཤུར་ཡིག །ལྡེམ་ཡིག །སྦས་ཡིག །མཁར་བརྩེགས། ཐིག་ལེའི་ཡི་གེ །འཁྱིལ་ཆེན། འཁྱིལ་ཆུང་སོགས་རྡོ་རྗེའི་གནས་ཡུལ་གྱི་དཔའ་བོ་མཁའ་འགྲོ་རྣམས་ལ་གྲགས་པའི་ཐུན་མིན་གྱི་ཡེ་གེ་སྟེ། གནས་ཡུལ་རེ་རེ་ན་ཡང་ཡིག་རིགས་ཀྱི་ཁྱད་པར་མི་འདྲ་བ་མང་དུ་ཡོད་པས། གཏེར་སྟོན་གཅིག་གི་གཏེར་ཁ་ནས་བྱོན་པའི་ཡིག་རིགས་ཙམ་གྱིས་མཁའ་འགྲོའི་ཡིག་རིགས་ཐམས་ཅད་རྫོགས་པར་བཟུང་ན་ནི་རུ་བཞིའི་ཆུ་ལས་གཞན་དུ་གླིང་བཞི་ན་ཆུ་མེད་ཅེས་འཛིན་པ་དང་འདྲའོ། །དེ་ལས་གཞན་པའི་ཡི་གེ་ནི་ལཉྩ། ཝརྟུ། བོད་ཡིག་རྫབ་གཤུར་སོགས་ཏེ། བོད་ཡིག་ཀྱང་ཚེག་མེད། འཕུར་མེད། རྒྱན་མེད་དམ་འདོགས་མེད་དུ་བྲིས་པ་སོགས་དཀྱུས་དང་མཐུན་མི་མཐུན་སྣ་ཚོགས་ཡོད་དོ། །གཉིས་པ་ལ་ནི། ལྡེ་མིག་ཅན། རྐྱེན་ལས་ངེས། གཉིས་ལ་མི་ལྟོས་ཞེས་གསུམ་ལས། དང་པོ་ནི། ཡིག་རིགས་དེ་དང་བོད་ཡིག་ཐད་ཀ་ཐད་ཀར་རྭ་སྤྲད་པའི་ཀ་དཔེ་གཏེར་མ་བཞུགས་པ། གཉིས་པ་ནི། ཀ་དཔེ་མེད་ལ་བརྟན་གཡོའི་ཡུལ་རྐྱེན་ངེས་མེད་ལ་བརྟེན་ནས་རྡོལ་ཐབས་སུ་ཤེས་པ། གསུམ་པ་ནི། ཀ་དཔེ་དང་རྐྱེན་གཞན་གཉིས་ཆར་ལ་མི་ལྟོས་པར་ཡིག་ངོ་རང་ཤེས་པ་སྟེ། འདི་ལ་མཐོང་བས་ངེས་ཞེས་གཏེར་དཔེ་ཐུག་ཕྲད་དུ་ཤེས་པ་དང་། འདྲིས་པས་ངེས་ཞེས་ཡང་ཡང་གཟིགས་ནས་གདོད་ཤེས་པ་གཉིས་ཡོད། འདི་དག་ནི་མཁའ་འགྲོའི་ཡེ་གེ་ཁོ་ནའི་དབྱེ་བའོ། །གཉིས་པ་ལ། སྣང་ཙམ། རྟེན་ཙམ། མཐར་ཆགས་ཏེ་གསུམ། དང་པོ་ནི། བརྡ་ཡིག་ཅིག་བཀོད་ཙམ་ལས། དོན་དེའི་མདོར་བསྟན་རྒྱས་བཤད་ས་བཅད་སོགས་གང་ཡང་མ་བྲིས་པ་སྟེ། ཡིག་འབྲུ་རེ་ཟུང་ལྟ་བུས་ཆོག་གི་མིང་ངམ་ཚིག་ཏུ་གྲུབ་མི་དགོས་སོ། །གཉིས་པ་ལ། དངོས་དང་། རྗེས་དྲན་སྐུལ་བྱེད་གཉིས། དང་པོ་ནི་བརྡ་ཡིག་ཏུ་འཁོད་ཚོད་ངོ་རྐྱང་ལ། གཞུང་དེའི་ལོ་རྒྱུས་སམ། མཚན་ནམ། ཁོག་དབུབ་ཀྱི་སྣ་རྩེ་ལྟ་བུ་ཅི་རིགས་རེ་ཡོད་ལ། གཞུང་རྒྱས་པར་མ་བྲིས་པ་ཞིག་སྟེ། དེ་གཉིས་ནི་ནྱ་གྲོ་དྷའི་ལྗོན་ཤིང་ཆེན་པོའི་ས་བོན་ལ་ཡུངས་ཀར་གྱི་བཞི་ནམ་ཙམ་གྱིས་ཆོག་པ་ལྟར་ཆོས་དེའི་ས་བོན་ནམ་སྤྲོ་གཞི་ལྟ་བུའི་བརྡ་རིས་ཉུང་ངུར་བསྡུས་པའོ། །གཉིས་པ་ལའང་ཚུལ་གཉིས་ཏེ། གཅིག་ནི་བརྡ་ཡིག་གི་ཚིག་ཟིན་ལ་དན་རྟགས་ལྟ་བུའི་ངག་འབྲེལ་མེད་ཅིག་ལས་གཞན་མེད་ཀྱང་། དེ་སྔོན་བྱུང་གི་ཕྱོགས་མཚོན་ཅིག་ཡིན་པས་རྐྱེན་དེས་སྔོན་གྱི་གནས་དུས་སྟོན་འཁོར་ཆོས་རྣམས་གསལ་བར་དྲན་ནས་དྲན་རྒྱུའི་ཆོས་དེ་ཡི་གེར་འབེབ་ནུས་པ་སྟེ། དཔེར་ན་ཤོག་སེར་ལ། ཁུ་བྱུག་ཐོག་མར་སླེབ་པའི་དུས་ཚོད་ལ་བྲག་དམར་མཚོ་མོ་མགུལ་དུ་གུ་རུ་དང་རྗེ་འབངས་རྣམས་དར་གྱི་ལྡིང་གུར་ཕུབ་ནས་བཞུགས་པའི་མདུན་ཕྱོགས་སུ་ཉིན་རེ་བཞིན་ངང་ངུར་ཁུ་བྱུག་སོགས་བྱ་དང་བྱིའུ་མང་པོ་ཚོགས་ནས་རྩེ་ཞིང་ཤིན་ཏུ་སྐྱིད་ཉམས་ཆེ་བ་བྱུང་། ཞེས་བྲིས་པ་མཐོང་ནས་དེ་དུས་གུ་རུ་རིན་པོ་ཆེས་བདག་ཅག་རྗེ་འབངས་རྣམས་ལ་ཆོས་འདི་ཞེས་བྱ་བ་གནང་བ་ཡིན་སྙམ་དུ་ཆོས་སྡེ་དེ་ཡོངས་རྫོགས་ཤར་བ་ལྟ་བུའོ། །གཅིག་ནི་བརྡ་རིས་ན་དངོས་སུ་ཐེབས་པ་ལ་སྔོན་བྱུང་གི་སྐོར་ཅི་ཡང་མེད་པར་བབས་བབས་བྲིས་པ་འདྲ་བ་ཞིག་ཡོད་ཀྱང་། དེའི་རྐྱེན་གྱིས་ཆོས་དེ་སྔོན་ཇི་ལྟར་འཆད་མཛད་པ་དྲན་ནས་སྔ་མ་ལྟར་འབེབ་ནུས་པ་ཡིན་གསུངས་སོ། །གསུམ་པ་ནི། དབུ་ནས་ཞབས་སུ་ཐུག་པའི་གཏེར་གཞུང་ཚང་བར་ཀྱུ་རུ་ལུགས་སུ་བྲིས་པའོ། །སྣང་རྟེན་མཐར་ཆགས་གང་ཡང་གོང་སྨོས་ལྟར་ཡིག་རིགས་གཅིག་ཏུ་མ་ངེས་ཤིང་མིང་ངམ་ཚིག་ཏུ་ལོངས་པར་བྲིས་པ་རྣམས་སྐད་རིགས་ཀྱང་། ལེགས་སྦྱར་དང་བོད་སྐད་མཁའ་འགྲོའི་བརྡ་སྐད་སོགས་སྣ་ཚོགས་ཡོད་དེ། བརྡ་སྐད་ནི་གཏེར་སྟོན་མ་གཏོགས་གཞན་ལ་མི་འཆད་པ་དམ་ཚིག་ཡིན་གསུངས། མཁའ་འགྲོའི་ཡི་གེ་རྣམས་ལ་འཕྲུལ་ཡིག་སྒྱུ་མ་ཅན་ཡིན་མིན་གཉིས་སུ་འགྱུར་ཏེ། མདོ་བྱང་ལས་ཡིག་ངོ་ཤེས་ལ་གཏད་རྒྱ་མ་སད་པ་དང་། ཡིག་ངོ་མ་ཤེས་ཀྱང་གཏད་རྒྱ་སད་པ་སོགས་མུ་བཞི་བཤད་པའང་འདིའི་སྒོ་ནས་ཤེས་པར་བྱའོ། །དེའང་བཤད་ན། སྤྱིར་གཏེར་ཡིག་ནི་དང་པོར་བརྡ་ཤོག་ལ་ཇི་ལྟར་བྲིས་པ་དེ་ལས་ཡིག་རིགས་དང་རྒྱས་བསྡུས་སོགས་ཅུང་ཟད་ཀྱང་གཞན་དུ་མི་འགྱུར་ལ། དེ་འདྲའི་བརྡ་ལས་ཆོས་འབེབ་ཚུལ་ནི། རིག་པ་བརྡ་ཡིག་ལ་གཏད་དེ། སྔོན་གུ་རུ་དུས་གསུམ་སངས་རྒྱས་ཀྱིས་གང་ཞིག་གཏད་རྒྱ་མཛད་པའི་ཆོས་ཀྱི་ཚིག་དོན་དེ་ཉིད་རིག་ཀློང་ནས་ཤར་བར་ཡང་ཡང་བསམས་པས་ཇི་ལྟར་བསམས་པ་བཞིན་དུ་འཆར་བ་སྟེ་འདི་ལས་ཞིབ་ཙམ་གཏེར་གསར་མདོ་བྱང་ན་གསལ་ལོ། །དེའི་ཁོག་ནས་འཕྲུལ་ཡིག་ཏུ་འགྱུར་ཚུལ་ནི་འདི་ལྟར་ཡིན་ཏེ། བརྡ་རིས་ལ་གཏེར་སྟོན་གྱིས་དགོངས་པ་གཏད་པའི་རིག་ངོར་སྐད་ཅིག་སྐད་ཅིག་ལ་ཡིག་རིགས་གཞན་དང་གཞན་དུ་མིག་འཕྲུལ་ལྟར་འགྱུར་འགྲོ་བ་དང་། ཡང་བརྡ་ཡིག་ལ་བརྟེན་ནས་རིག་པའི་རྩལ་མཆེད་དེ། གཏེར་གཞུང་དེའི་ཚིག་དོན་རིགས་མཐུན་ལ་མི་གཅིག་པ་སྣ་ཚོགས་ཤིག་འགྱུར་ལྡོག་གི་རྣམ་པར་ཤར་ནས་དཀྱུས་ཀྱི་ཚིག་དོན་དངོས་གང་ཡིན་མི་ངེས་པ་སྟེ། དེའང་ཡིག་རིགས་འགྱུར་ལ་ཚིག་དོན་གཅིག་ལས་མི་འགྱུར་བ་དང་། ཡིག་རིགས་མི་འགྱུར་ལ་ཚིག་དོན་ངེས་མེད་མང་པོར་འགྱུར་བ་དང་། གཉིས་ཀ་འགྱུར་བ་སྟེ་གསུམ་ཡོད་ལ། དེ་ལས་ཕྱི་མ་ནི་ལྷག་པར་ཡང་བལ་བ་ཛ་ལྟར་འཛིངས་པས་གཏན་ལ་འབེབ་ཤིན་ཏུ་དཀའ་བ་ཡིན་ནོ། །ནམ་ཞིག་ཆོས་བདག་གམ། གནས་སམ། དུས་གནད་ལྟ་བུའི་རྐྱེན་དང་། ཁྱད་པར་དུ་སྔོན་གུ་རུའི་དྲུང་དུ་དབང་དང་དམ་ཚིག་གིས་རྒྱུད་སྦྱངས་ཤིང་རིམ་གཉིས་ཀྱི་ལམ་བསྒོམས་པ། ཕྱི་མའི་དུས་སུ་གཏེར་འབྱིན་གྱི་སྐྱེས་བུའི་གསང་གྲོགས་སུ་ཇི་ལྟར་འཚམས་པའི་སྐྱེ་བ་བཟུང་སྟེ། ཡེ་ཤེས་དབྱིངས་ཀྱི་ཆོས་གཏེར་ལྷན་སྐྱེས་ཀྱི་བདེ་བའི་ལྕགས་ཀྱུས་འགུགས་ཤིང་དབང་དུ་བྱེད་པར་གུ་རུ་ཉིད་ཀྱིས་བྱིན་གྱིས་བརླབས་ཤིང་སྨོན་ལམ་ཐེབས་པའི་རྡོ་རྗེ་ཕོ་ཉ་མོའི་འཕྲུལ་ཐབས་སོགས་ལ་བསྟེན་ནས་བརྡ་འགྲོལ་གྱི་ནུས་པ་ཀློང་དུ་གྱུར་ཏེ། ཚིག་དོན་རྒྱུན་གཅིག་ལ་ངེས་པ་གཏན་ཁེལ་རྙེད་ཅིང་འཆར་ཆ་གཞན་རྣམས་རང་ཡལ་དུ་འགྲོ་དགོས་ཏེ། དེ་ལྟར་ཀློང་དུ་མ་གྱུར་གོང་ཡི་གེར་ཕབ་ན་ཚིག་གི་སྡེབ་མི་འགྲིགས་པས་གཙང་ཤ་ཆུང་ཞིང་། དོན་འཁྲུགས་ལ་གོ་མི་བདེ་བ་ཀློང་གསལ་སྙིང་པོའི་གཏེར་ཆོས་ཁ་ཅིག་ལྟ་བུ་དང་། ཀློང་གྱུར་རྙེད་རྗེས་ཕབ་ན་ཚིག་བརྗིད་ལ་སྡེབ་སྒྲོས་གཙང་བ། དོན་གསལ་ཞིང་མ་འཁྲུགས་པ་རྒོད་ལྡེམ་པའི་ལེའུ་བདུན་མ་འདྲ་བ་འོང་བ་ཡིན་ཞེས་དང་། ཀློང་གྱུར་མ་ཐོབ་གོང་དང་ཐོབ་རྗེས་ཀྱི་འཆར་ཆ་གཉིས་ཉམས་དང་རྟོགས་པ་གཉིས་ཀྱི་ལག་རྗེས་ལྟར་མི་འདྲ། དེས་ན་ན་བུན་དང་ནམ་མཁའ་ལྟར་འགྱུར་མི་འགྱུར་གྱི་ཁྱད་ཆེ་ཞེས་ཀུན་མཁྱེན་རྡོ་རྗེ་འཆང་མཉྫུའི་ཞབས་གསུངས་གསུང་། དེ་འདྲ་ལ་དགོངས་ནས་རྗེ་བློ་གྲོས་མཐའ་ཡས་ཀྱིས་ཀྱང་། གཏེར་ཡིག་བྱད་བཞིན་གཏེར་སྟོན་མེ་ལོང་། ཚིག་དོན་གཟུགས་བརྙན་དང་འདྲ། བྱད་བཞིན་གཅིག་ཡིན་ཀྱང་མེ་ལོང་གི་ཁྱད་ཀྱིས་གཟུགས་བརྙན་གསལ་མོག་དང། ལེགས་ཉེས་མང་པོ་འོང་བ་ཡིན་གསུངས་སྐད། དེ་ལྟར་དང་པོའི་འཆར་ཚུལ་རྣམས་སོ་ན་མི་གནས་པ་དང་། ཕྱིས་སུ་ཤར་བ་ལ་ཡིད་བརྟན་འཆའ་བའི་རྒྱུ་མཚན་ནི། དཔེར་ན་གཙུབ་ཤིང་ལས་མེ་འབྱུང་བའི་སྔ་ལྟས་སུ་དུ་བ་འོང་བ་དེ་མེ་མིན། མེ་འབར་ལ་ཉེ་བའི་དབང་གིས་བྱུང་བས་གྲོག་མཁར་གྱི་སྐྱ་རྫས་སོགས་དང་མི་འདྲ། དེ་དུས་ཚ་རེག་གི་མེ་ཡོད་ཀྱང་དམར་འབར་བའི་མེ་ལས་སྟོབས་ཆུང་། དེ་བཞིན་དུ་ཤོག་སེར་གྱི་མཐུས་ཆོས་དེའི་བག་ཆགས་གཏིང་གཡོ་བའི་མཚན་མར་འགྱུར་བ་ཅན་གྱི་འཆར་སྒོ་དེ་དག་བྱུང་བ་ཡིན་ཡང་། དེ་དག་ཕལ་ཆེར་སྔོན་གཏད་རྒྱ་མཛད་པའི་ཆོས་དེ་དངོས་ཉིད་མིན། འོན་ཀྱང་གཏད་རྒྱའི་མཐུ་ལས་བྱུང་བའི་སྣང་བ་ཐུན་མིན་ཡིན་པས་ཉམས་ཆོས་རང་དགའ་བ་དང་ལྷ་འདྲེའི་ཆོ་འཕྲུལ་ལས་ཤར་བ་སོགས་དང་གནམ་ས་ལྟར་ཁྱད་ཆེ། དེ་དུས་གཏད་རྒྱའི་བག་ཆགས་སད་ཀྱང་རྫོགས་པར་མ་སད་ལ། གཏན་ཁེལ་བྱུང་ཚེ་བག་ཆགས་དེ་རྫོགས་པར་སད་པས་སྔོན་ཇི་ལྟར་ཐོབ་པའི་ཆོས་དེའི་ཚིག་དོན་ཡོངས་རྫོགས་རྗེན་ལ་ཐོན་པ་ཡིན་ནོ། །དེ་ལྟར་ན་འཕྲུལ་ཡིག་སྒྱུ་མ་ཅན་ཡིན་མིན་ནི་ཕྱིའི་ཡིག་རིགས་ཁོ་ནས་མི་ཕྱེ་ཡི། ནང་གཏེར་སྟོན་གྱི་བག་ཆགས་སད་ཚུལ་ལ་ལྟོས་ནས་ཕར་བཞག་དགོས་པས་ཤོག་སེར་གཅིག་སྦེད་འདོན་བསྐྱར་མར་བྱེད་པའི་ཡང་གཏེར་སྐབས་ལྟ་བུར་གཏེར་སྟོན་སྔ་མ་ལ་འཕྲུལ་ཡིག་ཏུ་སོང་ཡང་ཕྱི་མ་ལ་མ་སོང་བ་སོགས་ཡོད་དུ་རུང་གསུང་། བོད་ཡིག་མཐར་ཆགས་རྣམས་ལས་བུ་དཔེར་འབེབ་པ་ནི་གཏེར་སྟོན་ལས་གཞན་པས་ཀྱང་ནུས། མཁའ་འགྲོའི་ཡི་གེ་མཐར་ཆགས་ཀྱང་དེའི་ཀ་དཔེ་ཡོད་ན་གཞན་གྱིས་འབེབ་ཐུབ། སྣང་ཙམ་རྟེན་ཙམ་གཉིས་ནི་གཏེར་སྟོན་མིན་པས་མི་ཁྲོལ། གཏེར་སྟོན་ཡང་ཆོས་དེ་གང་གི་དབང་སྐལ་ཡིན་པ་དེ་ཁོ་ནས་ཁྲོལ་བར་ཟད་ཀྱང་། དམིགས་བསལ་ནི་དེ་དང་གཏད་རྒྱའི་ཕ་ཕོག་ཐུན་མོང་དུ་ཐོབ་པ། ཚེ་འདིར་གཏེར་སྟོན་དུ་གྱུར་པ། རྩ་བའི་གཏེར་སྟོན་གྱིས་དགོངས་པ་གཏད་པས་བྱིན་གྱིས་བརླབས་ཤིང་གནང་བ་ཐོབ་པ་རྣམས་འཛོམ་ན་གཞན་གྱིས་ཀྱང་ཁྲོལ་བ་ཡོད། གཏད་རྒྱ་ཡང་ཆོས་དེ་ཉིད་ཀྱི་སྟེང་ནས་ཐོབ་པ་དགོས་ཀྱི། གང་རུང་ཡོད་པས་མི་ཆོག །དེའང་དཔེར་མཚོན་ན། བླ་མ་དགོངས་འདུས་ཆེན་མོ་གཏད་ཡུལ་གྱི་གཙོ་བོ་མུ་རུམ་བཙན་ཡིན་ཡང་། དེ་དང་ལྷན་ཅིག་རྗེ་འབངས་གཞན་མང་པོས་ཀྱང་དགོངས་འདུས་གཏད་རྒྱ་དང་བཅས་པ་ཐོབ་ཚུལ་ལུང་བསྟན་བཀའ་རྒྱ་མ་ལྟར། དེ་ལས་བཻ་རོའི་རྣམ་འཕྲུལ་བ་ཡོ་ཆོས་ཀྱི་བློ་གྲོས་ལྟ་བུ་ལ་གཏད་རྒྱ་ཡོད་ཀྱང་སྐུ་ཚེ་དེ་ལ་གཏེར་སྟོན་དུ་མ་གྱུར་པས་དེ་ལྟར་བྱར་མི་བཏུབ། ནམ་སྙིང་སྐྱེ་བརྒྱུད་ལོང་པོ་བྱང་ཆུབ་གླིང་པ་ལྟ་བུས་བཏུབ་པ་ཡིན། གོང་འོག་ཏུ་ཡང་ཡང་བཤད་པ་ལྟར་ཡེ་ཤེས་འཕོ་བའི་གཏད་རྒྱུ་ཁོ་ན་གཏེར་བརྒྱུད་ཀྱི་སྲོག་རྩ་ཡིན་པས། ཆོས་དེ་དུས་ཚོད་དེར་གཏེར་སྟོན་གཅིག་གི་དབང་སྐལ་དང་། མང་པོའི་ཐུན་མོང་གི་དབང་སྐལ་ཡང་ཅི་རིགས་ཡོད་དེ་གུ་རུ་རིན་པོ་ཆེས་སྨོན་ལམ་གཏད་རྒྱ་མཛད་ཚུལ་སྣ་ཚོགས་ཤིག་ཡོད་པའི་ཕྱིར་རོ། །བདུད་འཇོམས་སྐྱེ་བའི་དབང་སྐལ་མངའ་བདག་སྐྱེ་བའི་ཡང་གཏེར་དུ་འབྱུང་བ་སོགས་ཀྱང་རྡོ་རྗེ་བདུད་འཇོམས་དང་མངའ་བདག་བཙན་པོ་གཉིས་ལ་ཆོས་དེའི་གཏད་རྒྱ་མཛད་ཚུལ་མཚུངས་པ་སོགས་ཀྱིས་ཡིན་ལ། ཀུན་མཁྱེན་བླ་མ་རྡོ་རྗེ་འཆང་གིས་དུས་གསུམ་གཏེར་སྟོན་རྒྱ་མཚོའི་ཆོས་མཛོད་ཀྱི་བཀའ་བབས་བརྙེས་པའི་རྒྱུ་མཚན་གྱི་ཟུར་གཅིག་ཀྱང་གུ་རུ་རིན་པོ་ཆེའི་གཏེར་ཆོས་ལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གཏད་རྒྱ་མཛད་ཡུལ་གྱི་གཙོ་བོར་མི་བཞུགས་པ་གཅིག་ཀྱང་མེད་པ་འདི་ཡིན་པར་མངོན་ནོ། །སྤྱིར་གུ་རུའི་དངོས་སློབ་ཡིན་མཉམ་ལའང་གདམས་ངག་སྣ་རེའི་གཏད་རྒྱ་ཙམ་ཐོབ་པ་དང་། མང་པོའི་གཏད་རྒྱ་ཐོབ་པ་སོགས་སྣ་ཚོགས་ཡོད་ཅིང་། སྔོན་གཏད་རྒྱའི་རྣམ་གྲངས་མང་པོ་ཐོབ་པ་ཡིན་ཡང་། ཕྱིས་ཡུལ་གྲོགས་བླ་མ་དུས་གནད་སོགས་རྟེན་འབྲེལ་གྱི་ཁྱད་པར་ལས་དེ་རྣམས་སྐུ་ཚེ་གཅིག་ལ་སད་པར་མ་ངེས་ཤིང་། སད་ཀྱང་འཆད་སྤེལ་མཛད་པར་མ་ངེས་ཏེ། གཏེར་ཆེན་གཏེར་ཕྲན་གྱི་ཁྱད་པར་དང་། སྐྱེ་བརྒྱུད་གཅིག་ཀྱང་སྐུ་ཚེ་ལ་ལར་གཏེར་ཆོས་མང་པོ་དང་། ལ་ལར་ཉུང་ངུ་ཙམ་འཐོན་པའི་ཁྱད་པར་མང་པོ་འོང་བ་རྒྱུ་མཚན་དེའི་ཕྱིར་རོ། །དེས་ན་ལོ་ཆེན་བཻ་རོ་ལ་གཏད་རྒྱ་ཐོབ་པའི་ཆོས་གང་ཡིན་ཐམས་ཅད་གཏེར་བདག་གླིང་པའི་དབང་སྐལ་ཡིན་མི་དགོས་ཏེ། བཻ་རོའི་སྐྱེ་བརྒྱུད་གང་ཡིན་གཏེར་བདག་གླིང་པ་ཡིན་མི་དགོས་པའི་ཕྱིར་ཏེ། གཏེར་བདག་གླིང་པ་ནི་གཏེར་སྟོན་གཅིག་ཡིན་ལ། བཻ་རོའི་སྐྱེ་བརྒྱུད་ལ་གཏེར་སྟོན་མང་པོ་ཡོད་པའི་ཕྱིར་རོ། ཁྱབ་བདག་ཀུན་མཁྱེན་བླ་མ་མཉྫུ་གྷོ་ཥཱའི་ཞབས་ནི་རང་གཏེར་དང་གཞན་གཏེར་གྱི་པདྨའི་ཆོས་བཀའ་གང་ཡང་དགོངས་པ་ནམ་གཏད་དུ་ཐོགས་པ་མེད་པར་ཀློག་བྱང་བ་བཞིན་དུ་འདོན་ཐུབ་པ་ཞིག་རྟག་ཏུ་བཞུགས་ཅིང་། གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་བཞེས་པའི་སྨོན་ལམ་གྱི་ཁྱད་པར་ལས་དབང་འབྱོར་བརྙེས་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཏུ་ཟད་ཀྱི། སྤྱིར་བཏང་ལ་ནི་བུ་དཔེར་མ་ཕབ་བར་དུ་ཐུགས་ཐོག་ནས་ཀློག་ཏུ་ཡོད་ཅིང་། ཕབ་ཟིན་རིམ་བཞིན་ནུབ་འགྲོ་བ་ཞིག་ཡིན་ལ། གལ་ཏེ་གཏེར་གཞུང་དེའི་ཕྱེད་ཙམ་ཕབ་མཚམས་སུ་བུ་དཔེ་མེ་ལྟ་བུས་བརླག་ཤོར་ན་སླར་ཡང་དབུ་ནས་བརྩམ་འཆར་བ་དང་། ཕབ་ཚར་ནས་གཏེར་སྟོན་རང་ཡང་བྲིས་དཔེ་ལ་མ་བརྟེན་པར་ཀློག་ཏུ་མེད་པར་གསུངས། དེའང་སྔོན་འདྲིས་པའི་ཆོས་བརྗེད་པ་སླར་དྲན་ན་ཡི་གེར་བཀོད་པ་དང་གཞན་ལ་བཤད་པ་སོགས་ཀྱིས་བྱང་ཆ་ཆེར་འགྲོ་བ་ཁོ་ན་ཡིན་ཡང་། གཏེར་གྱི་གཏད་རྒྱ་ནི་གུ་རུའི་རྫུ་འཕྲུལ་གྱིས་ཆོས་དེ་སྙིང་ལ་སྦས་པ་དང་། དེའི་ཚུལ་ཡང་སྔར་སྨོས་པ་བཞིན་ཡེ་ཤེས་པ་ཕབ་ནས་སྙིང་དབུས་ཀྱི་ཐིག་ལེར་བརྟན་པར་བྱས་པ་དང་ཕྱོགས་འདྲ་ཞིག་ཡིན་པས་གཞུང་བློ་ལ་བླང་བ་དང་མི་འདྲའོ། །དེས་ན་སློབ་དཔོན་ཆེན་པོས་ཆོས་འདི་དུས་ཚོད་དེར་གསལ་བར་ཐོན་པར་གྱུར་ཅིག་ཅེས་དགོངས་པའི་སྔོན་སྨོན་དང་། གཏེར་ཡིག་རྙེད་པའི་འཕྲལ་རྐྱེན་སོགས་ཀྱིས་སྙིང་ལ་བཞུགས་པའི་གསུང་རྡོ་རྗེའི་ཡེ་ཤེས་བསྐུལ་བ་ལས། ལྷ་བསླང་བ་ན་འཕར་གཡོ་འབྱུང་བའི་ཚུལ་དུ་ཚིག་དོན་ཡོངས་རྫོགས་སྔོན་བཞིན་འཆར་བ་ཡིན་ཞིང་། བུ་དཔེར་ཐེབས་ཚེ་རེས་གཅིག་ལ་སྔོན་སྨོན་གྱི་དོན་དང་གཏེར་ཡིག་གི་དགོས་པ་བསྒྲུབས་ཟིན་པས་གནས་སྐབས་དེར་ལྷ་བརྟན་པར་བཞུགས་པ་ན་འཕར་གཡོ་ཞི་བའི་ཚུལ་དུ་སླར་ཡང་ནང་གི་གཞོམ་མེད་ནཱ་དའི་དབྱིངས་སུ་ཐིམ་ཞིང་གབ་ནས་མི་མངོན་པར་སོང་བ་ཡིན་གྱི། ཆང་ཕྱིར་ཟག་པས་སིང་པོ་རོ་ནུས་དང་བྲལ་བ་ལྟ་བུར་ནི་མི་བལྟའོ། །བརྡ་ཡིག་གི་འཁོར་དུ་གྱུར་པའི་བརྡ་ནི། དང་པོ་གཏད་རྒྱ་ཐོབ་དུས་བརྡའམ་མཚན་མར་བཟུང་བ་མིན་ཡང་། ད་ལྟ་བརྡ་ཡིག་གི་སྟེང་ནས་ཆོས་དེ་སད་པ་དང་གཏན་ལ་ཕེབས་པའི་གྲོགས་སུ་རིག་འཛིན་དཔའ་བོ་མཁའ་འགྲོའི་བྱིན་རླབས་ཀྱི་རྐྱེན་ལས་འཕྲལ་ལ་བྱུང་བའི་བརྡ་སྟེ། དེ་ལའང་པྲ་ཕབ་པའི་སྣང་བ་ལྟར་གཏེར་སྟོན་རང་ཁོ་ནའི་ཐུགས་སྣང་ལ་ཤར་བ་དང་། རང་གཞན་ཐུན་མོང་དུ་མཐོང་བའི་དངོས་སྣང་ཁ་ཅིག་གཏེར་གྱི་བརྡ་འགྲོལ་དུ་སོང་བ་གཉིས། དེ་དག་རེ་རེ་ལའང་སེམས་ཅན་དང་སེམས་ཅན་མ་ཡིན་པའི་གཟུགས་དང་། ཟིན་པ་དང་མ་ཟིན་པ་དང་ལུང་སྟོན་པ་དང་མི་སྟོན་པའི་སྒྲའི་ཚུལ་དང་། བཟའ་བཏུང་སོགས་ཡོ་བྱད་གཞན་གྱི་ཚུལ་སྣ་ཚོགས་ཡོད་དེ་སྨོས་ཀྱིས་མི་ལྡང་ངོ་། །གཏེར་འདོན་ལུགས་ནི། ཁ་བྱང་ཡོད་མེད་ཀྱི་གཏེར་སྣ་ཚོགས་ཡོད་ཀྱང་། ཡོད་པ་རྣམས་ལ་སྔོན་དུ་གཏེར་སྒྲུབ་བྱས་པ་ལ་ལྟོས་མི་ལྟོས་དང་། ལྟོས་ན་ཇི་ལྟར་བྱ་བའི་ཚུལ། གཏེར་གནས་གར་ཡོད། དུས་གནད་ངེས་པ་ཡོད་མེད། སྨོན་ལམ་གཅིག་པའི་གྲོགས་དང་འཁོར་གང་དགོས། གསང་གཏེར་དང་ཁྲོམ་གཏེར་གང་བྱེད། གཏེར་བདག་མཐུན་རྫས་ཀྱིས་མཆོད་ཅིང་དམ་བསྒྲག་བཀའ་བསྒོ་བྱེད་ཚུལ། རྫི་དུག་སོགས་སྲུང་ཐབས། གཏེར་རྟགས་དང་གཏེར་སྒོ་ངོས་འཛིན་ལུགས། གཏེར་སྒོ་ནས་ཅི་ཙམ་གཞལ་བ་ན་གཏེར་སྒྲོམ་བཞུགས་པ། རང་གི་དབང་སྐལ་ཡིན་མིན་གྱི་རྣམ་དབྱེ། གཏེར་ཚབ་གང་གཞུག་དང་གཏེར་ཁུང་གི་སྒོ་བསྡམ་ཚུལ། སྒྲོམ་ཞལ་ནམ་འབྱེད་སོགས་ཁ་བྱང་ནས་ཇི་ལྟར་འབྱུང་བ་ལྟར་དང་། ཁ་བྱང་མེད་ན་གཏེར་སྟོན་ཉིད་ཀྱི་དགོངས་པའི་གསལ་སྣང་འཁྲུལ་མེད་ཀྱི་གདེང་ཚད་ཅན་དཔང་པོར་བཞག་སྟེ། གཟུ་ལུམ་རང་བཟོའམ་ཐོ་ཅོ་རྩིང་སྤྱོད་ཀྱི་ཆས་ཅུང་ཟད་ཀྱང་མ་སྦགས་པར་ལག་ལེན་ལ་ཐེབས་པ་དགོས་ཏེ། གཏེར་སྟོན་གྱི་བྱ་བ་རྣམས་བླ་མ་བདེ་བ་ཆེན་པོ་དངོས་ཀྱི་བཀས་བཅད་པས། སྣ་རེ་ཙམ་ཡང་ནུས་པ་དང་ཡོན་ཏན་ཆེན་པོ་ཅན་འབའ་ཞིག་ཡིན་ཞིང་། གལ་ཏེ་འདས་ན་དེའི་ཚོད་ཀྱི་ཉེས་དམིགས་འབྱུང་བའི་ཕྱིར་ཏེ། ཕུང་འཚེང་ནུས་པ་རིན་ཆེན་ས་ཡི་གཏེར༔ ཞེས་བྱ་བ་ཡིན་ནོ། །གཏེར་སྒྲོམ་ཁ་ཅིག་གཏེར་གནས་ཉིད་ལས་གཞན་དུ་མི་ཐོན་པ་དང་། ཁ་ཅིག་གཏེར་སྟོན་ཕྱོགས་གཞན་ན་བཞུགས་དུས་གཏེར་སྲུང་གིས་དེར་འབུལ་བའི་ཚུལ་སོགས་ཀྱི་ཁྱད་པར་འབྱུང་བ་ནི། མང་པོ་ཞིག་གུ་རུ་རིན་པོ་ཆེས་གཏེར་སྲུང་ལ་བཀས་གཏད་ལུགས་ཀྱི་དབང་གིས་ཡིན་ཏེ། ཆོས་དེ་སྦས་འདོན་གཉིས་ཀ་གནས་གཅིག་པོ་དེར་མཛད་ན། དེར་གསང་སྔགས་ཀྱི་བཤད་སྒྲུབ་དར་བ་སོགས་མི་དང་མི་མིན་གྱི་འགྲོ་དོན་འབྱུང་བ་དང་། དེ་མཐུ་རྩལ་དྲག་པོའི་གནས་ཡིན་པས་དེར་བཏོན་ན་ཆོས་དེའི་བརྒྱུད་འཛིན་ལ་བར་ཆད་ཉུང་བའམ། ཡང་ན་འདོད་འབྱུང་རྒྱས་པའི་གནས་ཡིན་པས་ཆོས་བརྒྱུད་དང་དངོས་གྲུབ་འཕེལ་བ་ལྟ་བུའི་དགོས་དབང་ངམ། གཏེར་འབྱེད་ཀྱི་ཆེད་དུ་གཏེར་སྟོན་ཉིད་ཀྱིས་འོ་བརྒྱལ་ཆེར་མཛད་ན་སྔོན་གྱི་དམ་ཚིག་གསོ་ཞིང་དཔའ་བོ་མཁའ་འགྲོ་རྣམས་དགྱེས་པས་ཆོས་བཀྲ་ཤིས་ཤིང་བྱིན་རླབས་ཆེ་ལ་ཕྲིན་ལས་མཐའ་རྒྱས་སུ་འབྱུང་བའི་རྟེན་འབྲེལ་སོགས་ལ་དགོངས་ཏེ། འདི་གཏེར་སྟོན་དངོས་ཉིད་གཏེར་གནས་སུ་མ་འོང་བར་དུ་མ་སྦྱིན་ཞེས་བཀའ་བསྩལ་པ་ཞིག་དང་། དགོས་དབང་དམིགས་བསལ་མེད་ཅིང་གཏད་རྒྱ་མ་ཐོབ་གོང་དུ་ཆོས་དེའི་ཕྱིར་དཀའ་བ་མང་པོ་སྤྱད་དེ་འགྲོ་དོན་དུས་ལས་མི་ཡོལ་བར་སྨོན་ལམ་ཕུལ་བྱུང་བཏབ་པ་ལ་སོགས་པ་སྔོན་གྱི་རྒྱུའི་དབང་གིས་ཚེ་འདིར་གདོན་མི་ཟ་བར་ཆོས་དེ་རྙེད་པར་འགྱུར་བ་འགའ་ཞིག་རྒྱུའི་སྟོབས་ཡོད་ཀྱང་རྐྱེན་གྱི་སྟོབས་ལ་ལྟོས་པས། འདི་དུས་ཚོད་འདི་ལ་སྐལ་ལྡན་གང་ན་ཡོད་ཀྱང་དེའི་ལག་ཏུ་སྤྲོད་ཅེས་པའི་བཀའ་ལུང་དང་པོ་ནས་ཡོད་པའམ། དེ་འདྲ་མེད་ཀྱང་དུས་ཚོད་དེར་གཏེར་སྟོན་དང་གཏེར་གནས་འཛོལ་བ་ཙམ་མ་གཏོགས་ཆོས་དེ་ཐོན་པའི་རྟེན་འབྲེལ་གྱི་གནད་ཐམས་ཅད་ཆེས་ཕུན་སུམ་ཚོགས་པར་འགྲིགས་པས་འཕྲལ་ཉིད་དུ་དེ་ལྟར་བཀའ་བསྒོས་པ་ཡང་ཡོད་ཆོག་གསུངས་ཏེ། ཕྱོགས་མཐོང་ཙམ་ལས་མཐའ་དག་བརྗོད་མི་ནུས་སོ། །གཏེར་ཆོས་འགའ་ཞིག་གསང་གཏེར་དང་། ལ་ལ་ཁྲོམ་གཏེར་དུ་འབྱིན་པའི་རྒྱུ་མཚན་དང་། སྒྲ་འོད་མེ་ཏོག་གི་ཆར་སོགས་རྟགས་མཚན་ཆོ་འཕྲུལ་ཡོད་མེད་ནི། ཚོགས་ཀྱི་འཁོར་ལོའི་འདུ་བ་ཁྱད་པར་ཅན་གྱིས་མཁའ་འགྲོ་མཉེས་པའི་རྟེན་འབྲེལ་སོགས་ལས་ཁྲོམ་གཏེར་ལ་བར་ཆད་མེད་ཅིང་། འདོན་ལུགས་དེ་བྱས་པས་ཡུལ་ཁམས་སུ་ནད་མུག་འཁྲུགས་རྩོད་ཞི་བའམ། དམ་སྲི་འགོང་པོའི་སྟོབས་གཞོམ་པ་དང་། སེམས་ཅན་མང་པོ་གཏེར་གྱི་ཆོས་ལ་ཡིད་ཆེས་ཤིང་། གུ་རུ་རིན་པོ་ཆེ་རྗེས་སུ་དྲན་ནས་གདུང་ཤུགས་ཆེར་འབར་ཏེ། ཇི་སྐད་དུ། ཡུལ་ཆེན་རེ་ལ་གཏེར་ཆེན་རེ༔ ཡུལ་ཕྲན་རེ་ལ་གཏེར་ཕྲན་རེ༔ དེ་ཡང་ཨོ་རྒྱན་བརྗེད་ཐོ་ཡིན༔ ཞེས་བཀའ་བསྩལ་པའི་ལུང་དོན་འགྲུབ་པ་དང་། དེས་རྟེན་འབྲེལ་མགོ་ལེགས་པས་ཆོས་བརྒྱུད་བཀྲ་ཤིས་པ་ལྟ་བུའི་དགོས་པ་ཐམས་ཅད་དམ་ཅི་རིགས་ཡོད་ན་ཁྲོམ་གཏེར་བྱེད་ལ། འདོན་དུས་ཐུན་མོང་དུ་མ་བསྒྲགས་ན་ཕྱིས་སྒྲོམ་ཞལ་ཕྱེད་པ་དང་བརྡ་དོན་ཁྲོལ་བ་ལ་ཚེགས་མེད་ཅིང་། གཏེར་ཆོས་ཞལ་དྲོ་བ་ལ་སོགས་པའི་དོན་ཆེན་པོ་ཡོད་ལ། ཁྲོམ་བསྒྲགས་བྱས་ན་དེའི་ལྡོག་ཕྱོགས་སུ་འགྱུར་བའི་རྒྱུ་མཚན་དབང་བཙན་དུ་སོང་བའམ། ཕྱག་རྒྱའི་ཁྱད་པར་འགའ་ཞིག་མ་ཚོགས་པ་སོགས་ལས་མངོན་གཏེར་ལ་འཚུབ་འགྱུར་ཆེ་ན་གསང་གཏེར་བྱེད་དོ། །དེ་བཞིན་དུ་རྟགས་མཚན་དང་ཤུགས་འབྱུང་གི་རྫུ་འཕྲུལ་མངོན་ཚན་ཆེ་རིགས་རྣམས་ཀྱང་འཇིག་རྟེན་དུ་ཕན་བདེ་སྐྱེད་པའི་དགེ་མཚན་ནམ་སྒོར་འགྱུར་ན་ཅི་རིགས་སུ་འབྱུང་ལ། གསང་རྒྱ་གཙོ་བོར་བྱེད་པའི་སྐབས་སུ་བབས་ན་མི་འབྱུང་། ནང་དུ་གཏེར་སྟོན་ཉིད་དགོངས་ཉམས་འུར་བ་དང་། བག་དྲོ་བ། བདེ་བ་འབར་བ་སོགས་ཅི་རིགས་རེ་ནི་གཏེར་གང་འབྱིན་ཡང་མི་འབྱུང་བ་མི་སྲིད་ཅེས་གསུང་སྟེ། ཕྱིའི་རྟགས་ཀྱང་དཀར་ཕྱོགས་ཀྱི་ལྷ་ཀླུ་དགའ་བའི་མཚན་མར་བྱུང་བ་དང་། ཆོས་དེས་གཞན་ཕན་རླབ་ཆེན་འགྲུབ་པའི་ལྟས་སུ་ཤར་བ་དང་། གཏེར་བདག་གི་ཁྱད་པར་ལས་ཆོ་འཕྲུལ་མང་བའི་རིགས་ཀྱང་ཡོད་པར་མངོན་པས་གཅིག་ཏུ་ངེས་བཟུང་བྱར་མེད་དམ་སྙམ་མོ། །ཤོག་སེར་བཏོན་ནས་མ་ཕབ་གོང་རྐྱེན་དབང་གིས་ཆུད་ཟོས་པའང་སྲིད་མོད། འོན་ཀྱང་གུ་རུའི་གཏད་རྒྱ་བྱང་ཆུབ་སྙིང་པོའི་མཐའ་ཅན་དུ་ངེས་ཤིང་། ད་དུང་མཁའ་འགྲོའི་གནས་སོགས་ན་ཆོས་དེའི་གཏེར་དཔེ་གྲངས་མང་བཞུགས་པས་གཏན་མི་རྙེད་པ་མིན་ལ། གཏེར་དཔེ་གཅིག་ལས་མ་བཞག་ཅིང་གཅིག་པོའང་ཆུད་ཟོས་སྲིད་ན། དེའང་གཏད་རྒྱ་ཆུད་མི་ཟ་བའི་ནུས་པས་ནམ་ཞིག་ངེས་པར་རྙེད་པར་འགྱུར་ཏེ། རྙེད་ལུགས་ཀྱང་སླར་གཟུངས་ཐོབ་པའི་དཔའ་བོ་མཁའ་འགྲོས་གཏེར་དཔེ་བྲིས་ནས་སྔར་ཤུལ་དུ་འཇོག་པའམ། སྔར་སྨོས་པ་ལྟར་གཏེར་གནས་སུ་ཤོག་སེར་རང་བྱོན་ལ་འགྲུབ་པའམ། ཡང་ན་དགོངས་གཏེར་ལས་ཐོན་པར་འགྱུར་བར་གསུངས་ཏེ། ཕྱི་མ་འདིས་གཏེར་གྱི་གཏད་རྒྱ་ལས་དགོངས་གཏེར་རྡོལ་བ་ཡིན་པས་དགོངས་གཏེར་དཀྱུས་དང་མི་འདྲ་བར་སྣང་ངོ་། །སྤྱིར་ནི་ཆོས་དེའི་དཔེ་བརྒྱུད་གཅིག་ལས་མ་བཞག་པའམ། བཞག་ཀྱང་བོད་ལྟ་བུའི་ཡུལ་གཅིག་ན་དཔེ་གཞན་མེད་པ་རྣམས་གཏེར་ནས་བཏོན་རྗེས་སུ་གཏེར་ཤོག་སླར་ཡང་སྦ་དགོས་པར་གུ་རུའི་བཀས་བཅད་ཡོད་དེ། དེ་ལྟར་ལན་གཉིས་སྦས་པ་དེ་ལ་ལྡབ་གཏེར་རམ་འདབ་གཏེར་དང་ཡང་གཏེར་ཞེས་གྲགས་སོ། །དེ་སྦ་ཚུལ་ལ་ཐུན་མོང་དང་ཁྱད་པར་བ་གཉིས་ཀྱི། དང་པོ་ནི། ཐུན་ཁྱད་གང་ལྟར་ཡང་སྦ་ཡུལ་ས་ཆུ་གང་རུང་དུ་ངེས་ཏེ། ས་ལ་རི་བྲག་ཤིང་དང་གཙུག་ལག་ཁང་སོགས་མང་དུ་ཡོད་ཅིང། ཆུ་ནི་གཡུ་མཚོ་གཏན་འཁྱིལ་ཞེས་མཚོ་ཁོ་ན་བཤད་པ་མང་ལ། སྤྱིར་བཏང་དམིགས་བསལ་འབྱེད་རྒྱུ་ཡོད་དམ་སྙམ་མོ། །གང་དུ་སྦེད་ཀྱང་དེར་གཏེར་སྟོན་དངོས་ཉིད་བྱོན་ནས་སྦ་དགོས་ཏེ། འབྱོན་ལུགས་ལ་དཀྱུས་མ་དང་། རང་ངམ་གཏེར་སྲུང་གི་རྫུ་འཕྲུལ་གྱིས་བྱོན་པ་གཉིས་ཡོད། དེའང་བྲག་ལ་སྦེད་ན་བྲག་གི་གསེང་ཅུང་ཟད་བརྐོས་ནས་ཤོག་སེར་བཅུག །ཁ་ཧྲིབ་ཙམ་བཅད་ལ་བཞག་པས་ཕྱིར་ཉིན་རྗེས་ཤུལ་ཙམ་ཡང་མི་མངོན་ཏེ། གཏེར་སྲུང་གིས་རང་གནས་སུ་ཁྱེར་བའོ། །གཉིས་པ་ལ། གཏེར་སྲུང་ལ་ཤོག་སེར་དངོས་སུ་གཏད་པ་དང་། འབྱུང་བཞི་གང་རུང་གི་སྒོ་ནས་ཐོད་རྒལ་དུ་སྦ་བ་སྟེ་ཚུལ་གཉིས། དང་པོ་ནི། མི་གཅིག་གིས་གཅིག་ལ་ནོར་རྫས་འཆོལ་བ་ལྟར་ཤོག་སེར་གཏེར་སྲུང་གི་ལག་ཏུ་སླར་སྤྲོད་པ་ནི་གོ་སླ་ལ། གལ་ཏེ་གཏེར་ཡིག་སྐལ་ལྡན་ལ་དངོས་གྲུབ་ཀྱི་རྫས་སུ་སྟེར་བ་སོགས་ཀྱི་ཆེད་དུ་ཚུར་ཞུ་ན། ཡེ་ཤེས་གྲུབ་ཀྱང་ལས་ཀྱི་ཕོ་ཉར་སྣང། །ཞེས་པ་ལྟ་བུའི་མཁའ་འགྲོ་ཆོས་སྲུང་གང་རུང་ཞིག་ལ་གཏེར་དཔེ་དེ་ཇི་འདྲ་བ་ཞིག་འབྲིར་བཅུག་པས་མིག་འབྱེད་འཛུམ་ཙམ་གྱི་ཡུན་ལ་བྲིས་ཚར་འགྲོ །དེ་གཏེར་སྲུང་ལ་གཏད་ནས་དངོས་གྲུབ་ཀྱི་ལྷག་མ་བསླང་ན་སྔར་གྱི་གཏེར་དཔེ་ཚུར་སྦྱིན་ཡོང་སྟེ། འདི་ནི་མཁའ་འགྲོ་དམ་ཅན་མི་དང་མི་བཞིན་དུ་འདྲིས་ཤིང་ལས་ལ་ཅི་འདོད་དུ་ཁོལ་བའི་གཏེར་སྟོན་མཆོག་རྣམས་ལས་གཞན་གྱིས་མི་ནུས་གསུངས། གཉིས་པ་ནི། གཏེར་སྟོན་ལྷ་ལྡན་དུ་བཞུགས་དུས། བྱང་ཕྱོགས་མཚོ་སྔོན་ལྟ་བུར་འདབ་གཏེར་སྦེད་ན། དེ་ལྟར་ཐུགས་དགོངས་གཏད་དེ་ལྷ་ས་ཉིད་ཀྱི་ཆ་གང་རུང་ཞིག་ཏུ་ས་མཚོན་ཙམ་བྲུས་ནས་གཏེར་དཔེ་བཅུག་པས་སྐད་ཅིག་གཉིས་པ་རང་ལ་གཏེར་དཔེ་མཚོ་སྔོན་དུ་སླེབ་པར་འགྱུར་ཏེ། སའི་སྒོ་ནས་ཆུ་ལ་སྦས་པའོ། །དེའི་འགྲེས་ཀྱིས་ཡུལ་གཞན་གྱི་བྲག་གི་སྒོ་ནས་གཞན་གྱི་བྲག་ལ་དང་། བྲག་གི་སྒོ་ནས་གཙུག་ལག་ཁང་དུ་དང་། ཆུའི་སྒོ་ནས་ཆུ་གཞན་དང་གངས་བྲག་ལ་རྒྱས་འདེབས་པ་སོགས་དང་། མོན་འབྲུག་ལྟ་བུའི་ཡུལ་དུ་གཏེར་དཔེ་མེ་ལ་བཏབ་པས་དེ་མ་ཐག་མདོ་ཁམས་ལྟ་བུའི་གཏེར་ཁུང་དུ་ཕྱིན་པ་དང་། རླུང་ལ་བསྐུར་པས་གཏེར་ཤོག་ནམ་མཁའ་ལ་འུར་གྱིས་སོང་མ་ཐག་མི་སྣང་བར་གྱུར་ཏེ་གང་འདོད་ཀྱི་གནས་སུ་འཇུག་པ་ངོ་མཚར་བའི་སྤྱོད་པ་སྟེ། དེར་མ་ཟད་ཤོག་སེར་ཟ་མ་ཏོག་ཏུ་བཅུག་ནས་ཕྱོགས་གཅིག་ཏུ་བཞག །ཉེ་འཁོར་དུ་མེ་ཞིག་སྦར། ཡུད་ཙམ་དགོངས་པ་གཏད་པས་ཤོག་དུད་ཀྱི་ངད་པ་ཆིལ་ལེར་སོང་འཕྲལ་ཟ་མ་ཏོག་ཕྱེ་བས་གཤེགས་ཟིན་པའི་ལོ་རྒྱུས་ཀྱང་ཡོད་པས་མེའི་སྒོ་ནས་སྦེད་ན་མེ་ལ་ཤོག་སེར་ཕྱག་གིས་འདེབས་དགོས་པར་མ་ངེས་སོ། །འདི་དག་ལུང་ཟིན་གྱི་གཟུངས་མ་དང་རྩ་བའི་ཆོས་བདག་མ་གཏོགས་གཞན་གྱིས་མཐོང་ན་གཏན་མི་འགྲུབ་གསུང་ངོ་། །གཏེར་སྟོན་བར་མ་དོར་སྐུ་གཤེགས་ནས་ཤོག་སེར་ཤུལ་དུ་ལུས་པ་གཏེར་སྲུང་གིས་སླར་བསྡུས་པའི་ལོ་རྒྱུས་སྣང་བའང་ལྡབ་གཏེར་དུ་བཞག་དགོས་པས་འདབ་གཏེར་སྦ་ཚུལ་འདི་ལྟར་ཡོད་ཅེས་བརྗོད་པར་ཟད་ཀྱི། འདབ་གཏེར་ཡིན་ན་ངེས་པར་འདི་བཞིན་སྦ་དགོས་ཟེར་བ་མིན་ནོ། །སྦེད་པའི་གནས་ནི་དང་པོར་གང་ནས་བཏོན་པ་དེ་ཉིད་དུ་བྱ་དགོས་པའི་ངེས་པ་མེད་ཀྱང་། སྔ་ཕྱིའི་གཏེར་སྲུང་ནི་གཞན་དུ་བརྗེ་མི་རུང་གསུང་། ད་ནི་གཏེར་གྱི་ཆེ་བ་དང་། ཆོས་གཏེར་སྦེད་པའི་རྒྱུ་མཚན་བསྟན་པར་བྱ་སྟེ། འདི་ལ་རཏྣའི་གཏེར་ལུང་ལས། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས༔ སྤྱིར་ཡང་བོད་རྣམས་གསར་ངས་ཆེ་བ་དང༔ སྙིགས་མའི་འགྲོ་ལ་ལྷག་པར་སྙིང་བརྩེ་བས༔ མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞག༔ ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབ༔ ཅེས་དང་། ཨོ་དཀར་བྲག་གི་གཏེར་བྱོན་རྡོར་སེམས་ཀྱི་ཁ་བྱང་ལས། སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ གདོང་དམར་བོད་ཀྱི་རྒྱལ་ཁམས་སུ༔ མདོ་སྔགས་ཆོས་ཀྱི་སྒྲོན་མེ་སྦར༔ ཉོན་མོངས་དུག་ལྔའི་མུན་པ་བསལ༔ མ་འོངས་སྐྱེ་བོ་བྱོལ་ཉོག་པས༔ གཟུ་ལུམ་རས་ཆོད་དར་བའི་ཚེ༔ ཟབ་ཆོས་ཕལ་གྱི་ནུས་མཐུ་ཡལ༔ བསྒྲུབ་ཀྱང་དོན་མེད་ངལ་བས་ན༔ བརྩེ་ཆེན་འགྲོ་ལ་ཕན་བཞེད་ནས༔ ཟབ་མོའི་གདམས་པ་ཇི་སྙེད་པ༔ བཀའ་རྒྱས་བཏབ་ནས་གཏེར་དུ་སྦས༔ དུས་རྟགས་གདུལ་བྱ་འཛོམས་པ་ན༔ རིམ་བཞིན་བཏོན་ནས་དོན་བྱེད་པར༔ སྨོན་ལམ་གཏད་རྒྱ་གཉེར་དུ་གཏད༔ ཅེས་གསལ་བར་གསུངས་སོ། །དེའི་ཚུལ་ནི། སྔོན་བོད་ཁམས་སིལ་བུར་མ་ཞིག་པས་ད་ལྟའི་བོད་འབངས་རྣམས་ཀྱི་མི་རྒྱུད་གོང་མ་ཐམས་ཅད་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་ཁྲི་སྲོང་ལྡེའུ་བཙན་མཆོད་ཡོན་ལ་རེ་ལྟོས་འཆའ་ཞིང་བཀའ་ཉན་པས་འཁྲུལ་འཁོར་བརྒྱ་གཟེར་བུ་གཅིག་གི་གཞན་དབང་དུ་སོང་བ་ལྟ་བུར་གནས་པའི་དུས་སུ། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་རྗེ་འབངས་རིག་འཛིན་གྱི་ཚོམ་བུ་དང་བཅས་པ་བོད་འབངས་ཕྱི་རབས་ལ་བརྩེ་བས་ཐུགས་དགོངས་གཅིག་ཏུ་བསྟུན་ནས་གཏེར་སྦེད་ཀྱི་ཕྲིན་ལས་མཛད་པ་ནི་དུས་མཐའི་བོད་འབངས་གཏེར་ཆོས་ཀྱིས་སྐྱོབ་ནུས་པའི་རྒྱུ་མཚན་ཆེན་པོ་ཡིན་ལ། འཕགས་པ་སྤྱན་རས་གཟིགས་བོད་ཀྱི་ལྷ་སྐལ་ཡིན་ཞིང་། དེ་ཉིད་རིག་འཛིན་གྲུབ་པའི་སློབ་དཔོན་དུ་བསྟན་ནས་བསྟན་ཞབས་གཏེར་གྱིས་སྐྱོང་བའི་སྨོན་ལམ་བཏབ་པའང་རྒྱུ་མཚན་ཆེའོ། །དེའང་གཏེར་ཡིག་རྣམས་པདྨ་འབྱུང་གནས་སྟོབས་བཅུ་མངའ་བས་བོད་ཁམས་སྤྱི་བྱེ་བྲག་ལ་བྱིན་རླབས་དངོས་གྲུབ་མཐོང་ཆོས་སུ་འབྱུང་བར་གསུང་རྡོ་རྗེའི་ཏིང་ངེ་འཛིན་གྱིས་ལྷག་པར་གནས་ཏེ། སྣོད་མིན་གྱི་སྐྱེ་བོའི་ལག་ཏུ་མ་བརྒྱུད་ཅིང་། མཐོང་ཐོས་ཀྱི་སྤྱོད་ཡུལ་དུ་མ་སོང་བར་སྔགས་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་ཁོ་ནའི་ཕྱག་ན་བཞུགས་པ། གུ་རུ་དང་རྗེ་འབངས་འདུས་པས་སྙིགས་མའི་འགྲོ་བ་ལ་ཕན་པར་སྨོན་ལམ་བཏབ་པའི་སྟོབས་དང་། དཔའ་བོ་མཁའ་འགྲོ་དེ་དག་ཉིད་ཀྱི་བྱིན་རླབས་ཀྱི་སྟོབས་ཀྱིས་གཏེར་ནས་འཐོན་པ་ཡིན་ལ། དེའི་རྒྱུ་མཚན་གྱིས་དེ་དག་ཐོན་པ་ཙམ་གྱིས་ནག་ཕྱོགས་ཀྱི་མི་དང་མི་མིན་སྟོབས་འབྲི་བ་དང་། དཀར་ཕྱོགས་གཟི་བྱིན་འཕེལ་བ། ནད་མུག་འཁྲུགས་རྩོད་སོགས་དུས་ཀྱི་རྒུད་པ་ཞི་བ། ལྷ་ས་བསམ་ཡས་དང་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་རྣམས་དམག་དང་ས་གཡོ་མེ་དགྲ་སོགས་ལས་སྲུང་བ། གུ་རུའི་བཀའ་བརྒྱུད་གནས་ཡུན་སྲིང་བ། བསྟན་འཛིན་རྣམས་ཀྱི་སྐུ་ཚེ་ཕྲིན་ལས་ཀྱི་བར་ཆད་སེལ་བ་ལ་སོགས་པའི་ཡོན་ཏན་འཕྲལ་དུ་འབྱུང་ལ། གཞན་ཡང་སྔོན་ཆོས་དེའི་ཚིག་དོན་གྱི་རྣམ་པ་ཅན་གྱི་རང་བྱུང་པདྨའི་གཞོམ་མེད་ནཱ་དའི་དཀྱིལ་འཁོར་སྙིང་ལ་དངོས་སུ་ཞུགས་པའི་གཏད་རྒྱ་ཐོབ་སྟེ། དེ་ཚུན་ཆད་སྐུ་ཚེ་མང་པོར་གུ་རུ་ཡིད་བཞིན་ནོར་བུའི་རྡོ་རྗེ་གསུམ་གྱི་རྣལ་འབྱོར་གྱིས་གཏད་རྒྱའི་ནུས་པ་གོང་འཕེལ་དུ་སོང་ཞིང་ནམ་ཡང་སྣོད་མིན་ལ་གསང་སྒོ་རལ་བ་ལྟ་ཅི་ནང་འོད་གསལ་བསམ་མི་ཁྱབ་ཀྱི་ཀློང་སྒྲོམ་ལས་བསྒུལ་བསྐྱོད་མ་མྱོང་བར་་་་་གནས་པ། སྔ་མ་བཞིན་དུ་དུས་མཐར་གསང་སྔགས་ཀྱི་གདུལ་བྱ་ལྷག་མའི་དོན་བྱེད་པར་གྱུར་ཅིག་ཅེས་གུ་རུ་འཁོར་བཅས་ཀྱིས་སྨོན་ལམ་བཏབ་པ་ཆུད་མི་ཟ་བའི་སྟོབས་དང་། རང་བཞིན་རྫོགས་པ་ཆེན་པོའི་ཡིད་ལས་འདས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་སད་པ་ནི་ཨོ་རྒྱན་རིན་པོ་ཆེའི་ཞལ་རླངས་དྲོད་མ་ཡལ་བའི་ཆོས་ཡིན་པས་བསྲེ་སླད་དང་ནོར་འཁྲུལ་མི་འབྱུང་། བཀྲ་ཤིས། བྱིན་ཆེ། བར་ཆད་ཉུང་། འགྲུབ་ཐག་ཉེ། དངོས་གྲུབ་མྱུར་བར་བསྔགས་ཏེ། དེའང་གཏེར་སྟོན་དང་རྩ་བའི་ཆོས་བདག་གི་རིང་ལྟ་བུ་ཅི་རིགས་པར་སྒྲུབ་འབྲས་མཐོང་ཆོས་སུ་འབྱིན་པ་འབྲས་བུའི་དུས་དང་། དེ་ནས་རིམ་གྱིས་ཉམས་ལེན་ཚད་ལྡན་བྱེད་པ་ཙམ་རེ་མང་ཡོད་པ་སྒྲུབ་པའི་དུས་དང་། དབང་ལུང་ཁྲིད་གསུམ་རྣལ་མའི་རྒྱུན་ཙམ་ཡོད་པ་ལུང་གི་དུས་དང་། དེའང་ཉམས་པས་རྟགས་ཙམ་འཛིན་པའི་དུས་ཀྱི་རིམ་པར་འགྱུར་ཞེས་བླ་མ་རྡོ་རྗེ་འཆང་གསུངས་ཏེ། གཏེར་ཁ་གོང་འོག་དང་། བྱང་གཏེར། མཁའ་འགྲོ་སྙིང་ཐིག་སོགས་ཀྱི་ལོ་རྒྱུས་ན་དེ་ལྟར་འབྱུང་བའི་ཚུལ་གསལ་པོར་སྣང་ངོ་། །འབྲས་བུའི་དུས་ཀྱང་སྤྱི་མཐུན་གྱི་དུས་སྐལ་དང་རྟེན་འབྲེལ་གྱི་ཁྱད་པར་རྣམས་དང་འཚམས་པར་འབྱུང་བར་ཟད་པས་གཅིག་ཁོ་ན་འདྲ་བར་ཚད་གཟུང་བྱར་མེད་དེ། གུ་རུའི་བཀའ་བརྒྱུད་ཁོ་ནའི་དབང་དུ་བྱས་པའི་དུས་བཞི་ལའང་། གུ་རུ་རྗེ་འབངས་དང་བཅས་པས་བོད་དུ་སྔགས་བསྟན་དང་པོར་བཙུགས་པ་དང་། གཏེར་ཆོས་དེ་དང་དེ་གསར་དུ་ཐོན་པ་ལ་ལྟོས་ནས་བཞག་པའི་དུས་བཞི་འཇོག་ལུགས་གཉིས་ཡོད་ལ། གཏེར་རྙིང་རྣམས་ནི་དང་པོར་ཐོན་པ་ན་འབྲས་དུས་སྔ་མ་དང་ཁད་ཉེ་བས་སྔགས་རང་བཞིན་གྱིས་སྒྲུབ་པར་སླ་བའི་སྟེང་དུ་གཏེར་ཆོས་རང་གི་འབྲས་དུས་ཀྱི་ཆེ་བ་བསྣན་པས་ཤིན་ཏུ་མཐུ་ཆེ་བ་ཡིན་ཞིང་། དེང་སང་གི་གཏེར་ཆོས་རྣམས་ནི་སྔ་མ་ཡོལ་ནས་འགྱང་ཆེ་བས་ཁོ་རང་ལ་ལྟོས་པའི་འབྲས་དུས་རྐྱང་པར་ཟད་དེ། དེའི་ཕྱིར་སྔོན་དུས་དང་འདྲ་བར་མི་འབྱུང་མོད། གཏེར་གསར་ཐོན་པའི་རང་དུས་དེར་ནི་གཏེར་ཁ་གསར་རྙིང་གཉིས་ལ་གསར་པ་རྣོ་ནུས་ཆེ་བ་ཡིན་གསུང་ངོ་། །དེ་ལྟར་ན་རིང་བརྒྱུད་བཀའ་མ་དང་། གཏེར་རྙིང་བརྒྱུད་ཐག་རིང་པོ་རྣམས་སྣོད་མིན་ལ་འཕེལ་བས་བྱིན་རླབས་འཆལ་བ་དང་། དམ་སེལ་གྱིས་བར་ཆོད་པ་དང་། གཟུ་ལུམ་རང་བཟོའི་ལྷད་སྐྱོན་ཞུགས་པ་དང་། བརྒྱུད་པ་ལ་སྲི་སོགས་བར་ཆད་འཇུག་པའི་སྲོལ་དོད་པ་དང་། བར་སྐབས་སུ་བརྒྱུད་འཛིན་རྣམས་ཀྱིས་སྒྲུབ་མ་ནུས་ཤིང་ལེགས་པར་མ་བསྒྲུབ་པས་བསྒྲུབས་འབྲས་ཐོབ་པ་མ་བྱུང་ནས་ཡུན་རིང་ལོན་པ་དང་། མང་པོ་ཞིག་བརྒྱུད་པའང་ངེས་འདྲོངས་མེད་པས་དངོས་གྲུབ་ཤིན་ཏུ་སྒྲུབ་པར་དཀའ་བའི་དུས་སུ་གཏེར་བརྒྱུད་གསར་པ་ལ་བརྟེན་ནས་གསང་སྔགས་སྒྲུབ་སླ་བར་མཛད་ཅིང་། ཚུལ་དེས་ཕྱི་ཕྱིར་གསང་སྔགས་ཀྱི་བསྟན་པ་གསོ་བའི་ཕྲིན་ལས་རྒྱུན་མི་འཆད་པར་འབྱུང་བ་ལ་བསམ་ན་དུས་ངན་གྱི་ཡང་མཐར་སྐྱེས་པའི་སྔགས་ཀྱི་གདུལ་བྱ་རྣམས་ལ་སློབ་དཔོན་རིན་པོ་ཆེ་དང་རྗེ་འབངས་འདུས་པ་རྣམས་ལས་བཀའ་དྲིན་ཆེ་བ་གཞན་མེད་པར་ཤེས་ནུས་ལ། འདི་དག་གིས་གཏེར་སྟོན་མང་པོ་འབྱུང་བ་དང་། དུས་ཀྱི་ལོ་ཏོག་བརྗེ་བ་ལྟར་སྔ་ཕྱིར་འབྱུང་བ་དང་། ཕྱི་མཐའི་བར་དུ་འཕྲོ་མི་འཆད་པར་འབྱུང་བའི་རྒྱུ་མཚན་ལ་ཡང་ངེས་པ་རྙེད་པར་འགྱུར་རོ། །འདི་ལྟར་དགོངས་ནས་ཆོས་གཏེར་སྦས་པ་ལ། དམ་ཆོས་མི་ནུབ་པ་དང་། གདམས་ངག་མི་འཆུག་པ་དང་། བྱིན་རླབས་མི་ཡལ་བ་དང་། བརྒྱུད་ཐག་ཉེ་བ་སྟེ་དགོས་པ་ཆེན་པོ་བཞི་ཡོད་ཅེས་རིག་འཛིན་འཇིགས་མེད་གླིང་པས་གྲོལ་ཐིག་དབང་རྣམ་དུ་གསུངས་སོ། །གཞན་ཡང་བོད་འདིར་ནང་འཁྲུགས་ཆེན་པོ་དང་། ནད་ཡམས་མང་པོ་དང་། ཡུལ་ཁམས་འཕོ་འཆུག །བསྟན་པ་བཤིག་པའི་རྒྱལ་བློན་མཐུ་ཆེན་སོགས་འཇིགས་པའི་རྣམ་གྲངས་བརྗོད་ཀྱིས་མི་ལང་བ་དུས་གཞན་དང་གཞན་ན་འབྱུང་བར་མཁྱེན་ཏེ། དེ་རྣམས་གང་ལ་གང་འཚམས་ཀྱི་ལྷ་དང་སྔགས་དང་ལས་ཚོགས་ཀྱི་ཁྱད་པར་སོགས་ཕན་བྱེད་དང་འདུལ་ཐབས་ཀྱི་སྒོ་མི་འདྲ་བའི་གཏེར་ཁ་མང་པོ་ནད་སོ་སོ་ལ་སྨན་སོ་སོར་གཏོང་བའི་ཚུལ་དུ་དེ་དང་དེའི་དུས་ཚོད་ལས་མི་འཆོལ་བར་འབྱིན་པའི་གཏེར་སྟོན་གྲུབ་་་་་ཐོབ་གློ་བུར་བ་རེ་བྱོན་ནས་མགོན་མེད་ཀྱི་འགྲོ་བ་མང་པོ་སྐྱོབ་པའང་དགོས་པའི་གནད་ཆེ་ཤོས་གཅིག་སྟེ། འདི་ལ་དགོངས་ནས་བདག་གི་བླ་མ་འགའ་ཞིག་གཏེར་ཆོས་ལ་ལས་ཚོགས་ཡོད་པ་གཅེས་ཞེས་གསུང་ངོ་། །གོང་དུ་བཤད་པ་རྣམས་བསྡུ་ན། བརྡ་ཁྲོལ་ནས་འཆད་སྤེལ་བྱས་པའི་ཆེ་བ་གཉིས་སུ་འགྱུར་ཏེ། བཟུང་བདེའོ། །ཆོས་གཏེར་དུས་སུ་ཐོན་ན་ཡོན་ཏན་དེ་ལྟར་འབྱུང་བར་མ་ཟད། ལེགས་པའི་རྟེན་འབྲེལ་མ་འགྲིགས་པ་དང་། ཕྱིན་ཅི་ལོག་གི་རྟེན་འབྲེལ་ངན་པའི་གཞན་དབང་གིས་བརྒྱ་ལ་མ་ཐོན་དུ་ཟིན་ཀྱང་། གཏེར་སྟོན་གྱིས་ཆོས་དེ་ལ་དོན་གཉེར་དང་ཐུགས་རྩོལ་ཆེན་པོས་གསོལ་འདེབས། མཆོད་འབུལ། ཚོགས་འཁོར། སྐོང་བཤགས་སོགས་མཛད་པས་གུ་རུའི་དགོངས་པ་སྐོང་མཁའ་འགྲོ་གཏེར་སྲུང་མཉེས། གཏེར་འབྱེད་ཀྱི་དམ་ཚིག་གསོ། དེའི་མཐུས་འཇིག་རྟེན་དུ་བཀྲ་ཤིས་འབྱུང་ཞིང་། ནག་ཕྱོགས་ཀྱི་གོང་ནོན་པ་སོགས་སྔ་མ་དང་ཆ་འདྲ་བའི་བྱིན་རླབས་ཡོན་ཏན་འབྱུང་བས། གཏེར་དེ་མ་རྙེད་ན་དེའི་ཆེད་དུ་ངལ་བ་བྱས་པ་དོན་མེད་ཡིན་ཞེས་འཛིན་མི་རུང་གསུང་། དེ་བཞིན་དུ་གཏེར་བྱོན་སྐུ་ཚབ་རྣམས་ཀྱང་ཐང་ཡིག་ལས། ང་དང་མ་ཕྲད་མ་འོངས་སེམས་ཅན་རྣམས༔ མ་རིག་མུན་པའི་སྒྲོན་མེ་སྐུ་འདྲས་བྱེད༔ སོགས་གསུངས་པ་ལྟར་གུ་རུ་རིན་པོ་ཆེ་ཉིད་ཀྱི་རྫུ་འཕྲུལ་གྱིས་བཞེངས་པ་དང་། བཟོ་བོ་གཞན་གྱིས་བྱས་པ་ཡིན་ཡང་ཡེ་ཤེས་མངོན་སུམ་དུ་བཅུག་སྟེ་ཉིད་དང་མི་གཉིས་པར་བྱིན་གྱིས་བརླབས་པས། དེ་མཐོང་ན་གུ་རུའི་སྐུ་དངོས་མཐོང་བ་དང་། དེའི་དྲུང་དུ་ཕྱག་མཆོད་སྨོན་ལམ་སོགས་བྱས་ན་དངོས་ཀྱི་སྤྱན་སྔར་བྱས་པ་དང་འདྲ་བའི་ཕན་ཡོན་འཐོབ་པ་ཤ་སྟག་སྟེ། སྔ་ཕྱི་བརྒྱུད་མའི་ཚུལ་དུ་འབྱུང་བ་ནི་བོད་ལ་ཐུགས་རྗེའི་གཟིགས་པ་ཕྱི་མཐའི་བར་དུ་རྒྱུན་མི་འཆད་པར་སྟོན་པ་དང་། དེའི་སྒོ་ནས་རྗེས་འཇུག་སྤྲོ་བ་སྐྱེད་པའི་ཆེད་ཡིན་ཏེ། སྔ་མ་བཞིན་ནོ། །དགོས་པ་དེ་ཙམ་དུ་ཡང་མ་ཟད། ལ་ལ་རྒྱལ་པོའི་ཕོ་བྲང་དང་། སྒྲུབ་གནས་ཁྱད་པར་ཅན་སོགས་སུ་བཞུགས་ན་སྙིང་པོའི་བསྟན་པ་མི་ནུབ་པའི་བཙས་སུ་འགྱུར་བ་དང་། ཁ་ཅིག་ས་གནད་མེ་བཙའ་ལྟ་བུར་བཞུགས་ན་ཡུལ་འཁོར་གྱི་ས་བཅུད་ཉམས་པ་གསོ་ཞིང་དུས་འཁྲུགས་དང་འགོང་པོའི་རྒྱུ་སྲང་གཅོད་པ་སོགས་ཀྱི་ཆེད་དང་། གཏེར་ཆོས་དང་ལྷན་ཅིག་བྱོན་པ་ཕལ་ཆེར་ནི། སྐུ་ཚབ་དེ་སྒྲུབ་རྟེན་དུ་བཟུང་སྟེ་གཏེར་སྒྲུབ་མཛད་ན་ཆོས་དེ་བར་ཆད་མེད་པར་བརྡ་འགྲོལ་ཞིང་ཕྲིན་ལས་ཀྱི་སྒོ་འབྱེད་པ་སྟེ། མདོར་ན་དང་པོར་དགོངས་པ་གཏད་ཚུལ་གྱི་ཁྱད་པར་ལྟར་མཛད་པ་སྣ་ཚོགས་ཅན་དུ་གྲུབ་པ་ཡིན་ནོ། །དེ་ལྟར་ཕྱག་མཚན་དང་སྐུ་རྒྱན་སོགས་གཏེར་རྫས་གཞན་ལའང་ཅི་རིགས་སུ་སྦྱར་རོ། །རེས་གཅིག་གི་གསུང་སྒྲོས་ལ། གཏེར་རྫས་ཕལ་ཆེར་ལས་མྱོང་གྲོལ་བདུད་རྩིའི་རིགས་རྣམས་མཆོག་ཏུ་བསྔགས་ཏེ། སྙིགས་དུས་ཀྱི་མི་རྣམས་བརྩོན་འགྲུས་ཆུང་ཞིང་བསོད་ནམས་དམན་པས་དངོས་གྲུབ་གང་ཡང་འགྲུབ་དཀའ། མྱོང་གྲོལ་གཏེར་བྱོན་རྣམས་གསུང་རྡོ་རྗེ་པདྨཱ་ཀ་ར་སོགས་རིག་འཛིན་གྱི་ས་མཆོག་བརྙེས་པའི་བླ་མ་རྣམས་ཀྱིས་རྫས་ཀྱི་དངོས་གྲུབ་རྒྱུད་སྡེ་ཆེན་པོ་ནས་བཤད་པ་བཞིན་སྔོན་ནས་རྟགས་ཐོན་དུ་བསྒྲུབས་པ་ཡིན་པས་དེ་ཟོས་ན་ཆང་གིས་བཟི། བོང་ངས་བརྒྱལ། ཐང་ཕྲོམ་གྱིས་མིག་འཁྲུལ་བ་ལྟར་ནང་གི་ནུས་པ་ལ་མི་ལྟོས་པར་རྫས་ཁོ་རང་ལ་ནུས་པ་ཐུན་མོང་མ་ཡིན་པ་ཡོད་པས་རྩ་ཁམས་རླུང་སེམས་རང་དབང་མེད་པར་བྱིན་གྱིས་བརླབས་ཏེ་དངོས་གྲུབ་ཀྱི་སྐལ་པ་མཆོག་དང་ལྡན་པར་བྱེད་པ་སྔགས་ཀྱི་ཐབས་མཁས་པའི་ཆེ་བ་བསམ་གྱིས་མི་ཁྱབ་པ་ཡིན་གསུང་ངོ་། །གཏེར་ཆོས་འགའ་ཞིག་སྤྱད་ཀྱང་སྒྲུབ་འབྲས་ལོག་ཅིང་མི་ཤིས་པ་འབྱུང་བའི་རྒྱུ་མཚན་ནི། སྤྱིར་གཏེར་རྫུན་དང་། ཁྱད་པར་སྨོན་ལམ་ལོག་པའི་བདུད་བློན་སོགས་གཏེར་སྟོན་ལྟ་བུར་དང་། དེའི་རྒྱབ་རྟེན་བྱེད་པའི་འབྱུང་པོ་ཁ་ཅིག་གཏེར་སྲུང་ལྟ་བུར་དང་། དེ་དག་གི་གཡོ་འཕྲུལ་ལས་བྱུང་བ་གཏེར་ཤོག་ལྟ་བུར་རྫུས་པའི་ཡི་གེའང་ཡོད་པར་གསུངས་ཏེ། དེ་ལྟ་བུ་ནི་ལོག་འདྲེན་གྱི་ཕྱོགས་ཁོ་ན་ཡིན་པས་འདོན་སྒོམ་སོགས་ཇི་ལྟར་བྱས་པ་དེ་ལྟར་ཁ་ལོ་ཐུར་དུ་སྒྱུར་བ་ལས་མེད་ཅིང་། གུ་རུ་དུས་གསུམ་སངས་རྒྱས་དངོས་ཀྱི་གཏེར་ཆོས་འཁྲུལ་མེད་ཡིན་ན་ནི་དེ་ཉམས་སུ་བླང་བ་ལས་འཕྲལ་ལ་མི་འདོད་པ་བྱུང་ཡང་། བརྒྱུད་ནས་དོན་ཆེན་པོ་ལ་སྦྱོར་བའི་མཐའ་མི་ཁེགས་ཏེ། རྒྱལ་བའི་ཕྲིན་ལས་ཀྱི་འཇུག་ཚུལ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །འོན་ཀྱང་གུ་རུ་རིན་པོ་ཆེས་ནི་རྗེས་འཇུག་ལ་དངོས་གྲུབ་འབྱུང་བའི་ཆེད་དུ་སྦས་པ་ཤ་སྟག་ལས། མི་ཤིས་པ་འབྱུང་བར་བྱིན་གྱིས་བརླབས་པ་མི་སྲིད་པས། ཆོས་དེའི་རང་དབང་གི་ཕྲིན་ལས་ནི་བཀྲ་ཤིས་ལ་བྱིན་ཆེ་བ་ཁོ་ནར་ངེས་སོ། །དེ་ལྟ་མོད་ཀྱི་གཏེར་སྟོན་ཉིད་ཀྱིས་གཏེར་སྲུང་མཆོད་པ་དང་། གཏེར་ཚབ་འཇུག་པ། གཏེར་སྒྲུབ་དང་། གསང་རྒྱ་སོགས་གུ་རུའི་བཀའ་བཞིན་བྱས་མ་བྱས་དང་། ཕྲིན་ལས་ཀྱི་སྒོ་འབྱེད་གཟུངས་མའི་རྟེན་འབྲེལ་ལོག་མ་ལོག །སློབ་དཔོན་ཆེན་པོས་གཏེར་སྟོན་ལ་བསླབ་བྱའི་ཞལ་གདམས་བཞག་པ་རྣམས་ལག་ལེན་དུ་ཁེལ་མ་ཁེལ། དང་པོའི་ཆོས་བདག་གིས་གསང་སྔགས་གཞུང་བཞིན་སྤྱད་མ་སྤྱད་སོགས་ཐོག་མའི་རྟེན་འབྲེལ་ལེགས་ཉེས་ཀྱི་དབང་གིས་ཆོས་ཞལ་དྲོ་མིན་སྣ་ཚོགས་སུ་འགྱུར་བ་ཡིན་ཏེ། མདོར་ན་དམ་ཚིག་ལ་སྐྱོན་ཞུགས་མ་ཞུགས་ཀྱི་ལག་རྗེས་ཡིན་གསུང་། འདིས་ནི་ཤིས་མི་ཤིས་སུ་མ་ཟད་གཏེར་སྒྲུབ་སོགས་གནད་དུ་སོང་ཕུལ་ཆེ་ཆུང་ལས་གཏེར་ཆོས་བྱིན་རླབས་རྣོ་རྟུལ་དང་ཕྲིན་ལས་རྒྱ་ཆེ་ཆུང་དུ་འགྱུར་བ་སོགས་གཞན་ཡང་ཤེས་པར་མངོན་ནོ། །ཆོས་ལ་སྡང་བའི་བདུད་བློན་སོགས་ཀྱིས་གོང་སྨོས་ལྟར་ལོག་སྨོན་འདེབས་པའི་རྒྱུ་མཚན་ནི། གུ་རུའི་ཟབ་གཏེར་གྱི་གདུལ་བྱ་མཆོག་གི་དངོས་གྲུབ་འདོད་པ་རྣམས་ཀྱིས་ལྟར་སྣང་གི་ཆོས་དེ་དག་ཡང་དག་པའི་ཆོས་སུ་འཁྲུལ་ཏེ་བསྒྲུབ་ན་ཚེ་བསོད་སོགས་ལེགས་ཚོགས་འགྲིབ་ཅིང་། གཏན་གྱི་འདུན་ཆུས་ལ་མི་སེམས་པའི་སྐྱེ་བོ་མིག་རྒྱང་ཐུང་ངུ་རྣམས་ཀྱིས་བསྒྲུབ་ན་ནི་འཕྲལ་ལ་ཚེ་དང་དབང་ཐང་དང་ངག་ནུས་སོགས་འདོད་པ་བཞིན་འབྱུང་བ་འདྲ་ཡང་དེ་དག་ཉིད་འཁོར་བ་དང་ངན་སོང་གི་གསོས་སུ་འགྲོ་བའི་སྒོ་ནས་གུ་རུའི་ཕྲིན་ལས་ལ་བར་དུ་གཅོད་པའི་ཆེད་ཡིན་ལ། འཕྲལ་རྐྱེན་གཞན་ལ་བརྟེན་པའི་གཏེར་རྫུན་ནི། དུས་ངན་གྱི་སྐྱེ་བོ་བློ་མི་བརྟན་ཅིང་བྱེད་རྒྱུ་མང་པོ་དྲན་པ། བརྟགས་དཔྱད་མེད་པར་དྲན་ཚད་ལ་འཇུག་པ། ཚབ་ཚུབ་སྤྲེའུ་ལྟ་བུའི་སྤྱོད་པ་ཅན་རྣམས་ལ་ཐེའུ་རང་སོགས་གཡོ་འཕྲུལ་སྣ་ཚོགས་ལ་དགའ་བ་སྤྲེའུ་ལྟ་བུའི་གདོན་རྣམས་རྩེད་མོའི་ཕྱིར་ཞུགས་ནས་ཉམས་ཆོས་དང་རྨི་ལམ་གྱི་ཆོས་སོགས་བསླུ་བྲིད་ཀྱི་སྒྱུ་མ་མང་པོ་སྟོན་ཅིང་མགོ་བསྐོར་བར་བྱེད་དེ། དེ་དག་ཀྱང་སྔ་མ་དང་བྱེད་ལས་ཆ་མཐུན་ཞིང་། གདོན་གྱི་བྱིན་རླབས་མིན་པའི་ཉམས་སྣང་ཕལ་པ་ལ་སྒྲུབ་གཞུང་སོགས་ཆོས་ཀྱི་འདྲ་འབག་ར་རི་ཤར་བ་རྣམས་ནི་ཉམས་སུ་བླང་ཀྱང་ཕན་གནོད་ཆེར་མི་འབྱུང་སྟེ། དེ་ལྟར་དངོས་དང་ཟོལ་མ་གང་ཡིན་དབྱེ་དཀའ་བ་མང་བས་ལེགས་པར་བརྟགས་ཏེ། འཁྲུལ་མེད་དུ་ངོས་ཟིན་པ་གཅིག་གི་རྗེས་སུ་འབྲང་དགོས་ཏེ། གུ་རུའི་གཏེར་གསར་ཚད་ལྡན་དང་མཇལ་ན་དོན་ཆེ་ཞིང་། གཏེར་རྫུན་གྱིས་ཁྲིད་ན་བསླུས་ཚབས་ཆེ་བའི་ཕྱིར་རོ། །འཇིག་རྟེན་མི་ཆོས་ལ་ངན་པ་དང་། འཕྲལ་གྱི་སྤྱོད་པ་མི་མཛེས་པ་སོགས་ཀྱིས་ནི་གཏེར་སྟོན་ཚད་ལྡན་མིན་པར་ཅུང་ཟད་ཀྱང་དཔག་མི་ནུས་ཏེ། གུ་རུ་ཉིད་ཀྱི་བཀའ་ལས། སངས་རྒྱས་སྦས་ཐབས་ཐམས་ཅད་ངེས་མེད་འཕྱོ༔ ཟོག་པོ་བསླུ་བྲིད་མཁན་རྣམས་ཚུལ་འཆོས་ཆེ༔ གསེར་དང་བོང་བ་མ་སྙོམས་འགྲོ་བ་རྣམས༔ ཞེས་འབྱུང་བ་ལྟར། རྫུན་གཏེར་ལ་ཡང་མི་ཆོས་མཁས་པ་དང་། ལྟར་སྣང་གི་སྤྱོད་པ་ལེགས་པ་དང་། བསོད་ནམས་དབང་ཐང་ཆེ་བ་སོགས་མང་པོ་འབྱུང་ལ། གཏེར་སྟོན་ཚད་ལྡན་ཡིན་ཡང་གཏམ་དང་སྤྱོད་པ་འཆོལ་བ་འཇིག་རྟེན་པས་སྨད་པ་མང་པོ་ལ་འཛེམ་མེད་དུ་ཞུགས་པའི་སྒོ་ནས་བསྟན་འགྲོའི་བྱུར་ཆག་བཟློག་དཀའ་བ་དུ་མ་མི་ཁ་གཏམ་ངན་སོགས་ཀྱི་རྣམ་པར་རང་སྟེང་དུ་བླངས་ཏེ་རོ་སྙོམ་ཆེན་པོའི་བརྟུལ་ཞུགས་སྤྱོད་པ་དང་། དེ་བཞིན་དུ་གཏེར་མ་རྙེད་པ་དང། འཁོར་བཀྲ་མི་ཤིས་པ་དང་། པདྨ་ལས་འབྲེལ་རྩལ་དང་གཏེར་སྟོན་སུམ་ཚོགས་ཀྱི་ལོ་རྒྱུས་ལྟར་གཏེར་སྟོན་ན་ལུགས་ངན་པས་བསྙུང་བ་དང་། འཆི་རྐྱེན་ངན་པས་གྲོང་བ་སོགས་ཀྱང་ཚུལ་དེ་ལྟ་བུས་འབྱུང་བ་དང་། སྔོན་གྱི་ལས་ཆུད་མི་ཟ་བར་སྟོན་པ་དང་། ཚེ་འདིར་གུ་རུའི་བཀའ་ལས་བག་ཙམ་འདས་པ་ལའང་ཉེས་དམིགས་འདི་ལྟ་བུ་བྱུང་ཞེས་ཤེས་པའི་ཆེད་དུ་བསྟན་པ་སོགས་ཡོད་པའི་ཕྱིར་རོ། །དེས་ན་གཏེར་སྟོན་བརྟགས་ཐབས་རིག་འཛིན་གོང་མའི་བཞེད་སྲོལ་དང་མཐུན་པ་ནི། དབོན་སྟོན་སྐྱེར་སྒང་བས་གུ་རུ་རིན་པོ་ཆེ་དངོས་ལ་གཏུགས་ནས་སྙེ་མོ་པ་སངས་རྒྱས་དབང་ཆེན་གྱི་ཆོས་ལ་ཐུགས་ངེས་འཁྲུངས་པ་ལྟ་བུ་རྩ་གསུམ་ལྷག་པའི་ལྷས་དངོས་སུ་ཐེ་ཚོམ་བསལ་བ་དང་། སངས་གླིང་སྣེ་གདོང་མ་ལ་ཚེ་ཆུ་འབུལ་དུ་བྱོན་ཚེ། མཁས་པ་མང་པོས་དྲི་བརྩད་ཀྱི་སྒོ་ནས་བརྟགས་ཏེ་ཡིད་ཆེས་པ་ལྟ་བུ་ལུང་རིགས་ཀྱི་སྲང་ཚད་ལ་ཕབ་ནས་སྒྲོ་སྐུར་སྤོང་བའི་ཚུལ་ཡང་ཡོད་མོད་ཀྱི། དེང་སང་སྔ་མ་ལྟར་བརྟགས་ནུས་པ་དཀོན་ཞིང་། ཕྱི་མ་མཁས་པར་རློམ་པ་སུ་ཡིན་གྱིས་བརྟགས་ཀྱང་མི་འཁྲུལ་བ་དཀའ་བས་གཙོ་བོ་ནི་འདི་ལྟར་ཡིན་ཏེ། སྔར་བཤད་པ་ལྟར་གུ་རུ་རིན་པོ་ཆེས་གཏད་རྒྱ་མཛད་སྟོབས་ཀྱིས་བཞག་པའི་གསུང་རྡོ་རྗེའི་ཡེ་ཤེས་ཀྱི་ནུས་པ་རྣམས་གང་དུ་ཆུད་མི་ཟ་བར་གནས་པའི་གསང་མཛོད་མཐར་ཐུག་པ་ནི་གཏེར་སྟོན་གྱི་སེམས་ཉིད་མི་འགྱུར་བའི་དབྱིངས་དེ་ཡིན་ལ། ཕྱིས་ཤོག་སེར་གྱི་རྐྱེན་ལས་ནུས་པ་དེ་མངོན་གྱུར་དུ་འབྱིན་པའི་གནད་ཀྱང་ཤོག་སེར་ལ་ཡིད་གཏད་ནས་ཡང་ཡང་བལྟ་བ་ཙམ་ཞིག་གཏན་མིན་གྱི། འོད་གསལ་གཉུག་མའི་རིག་ཆའམ་ཤེས་རབ་ཀྱི་ཆ་ཕྱིར་གསལ་དུ་རྗེན་པར་ཕྱུངས་ཏེ། དེ་ཉིད་བརྡ་ཡིག་ལ་བཅུག་ནས་ལྟ་བ་ཡིན་ལ། རྐྱེན་དེས་ནུས་པ་དེ་སད་པའི་དོན་ཡང་། དབྱིངས་ཀྱི་ཆོས་གཏེར་རིག་རྩལ་གྱི་ཆ་ལ་ཐོན་པའམ་རིག་ཆ་དེའི་རྩལ་གདམས་པ་དེ་དང་དེའི་ཚིག་དོན་གྱི་རྣམ་པར་གསལ་རྫོགས་སུ་ཤར་བ་ལ་བྱེད་པས། རིག་པས་དབྱིངས་ལ་དབང་བསྒྱུར་བའི་རྟོགས་པ་ཐུན་མིན་རྫོགས་ཆེན་ནས་བཤད་པ་འདྲ་བ་མེད་པར་གུ་རུའི་ཟབ་གཏེར་ལ་དབང་བསྒྱུར་ཟེར་བ་ནི་འཕགས་ཡུལ་མ་བགྲོད་པར་མ་ག་དྷར་སླེབ་ཞེས་སྨྲ་བ་དང་མཚུངས་སོ། །རྟོགས་པ་དེ་འདྲ་ཐོབ་ན་ནི་ལྷ་འདྲེའི་བསླུ་བྲིད་ཀྱི་གཏེར་རྫུན་སོགས་འབྱུང་བའི་གནས་ཀྱང་མེད་དེ། གདོད་ནས་རྣམ་དག་གི་རིག་པ་ལོག་པར་འདྲེན་ནུས་མི་སྲིད་པས་སོ། །དེའང་གཏེར་སྟོན་རྣམས་ཀྱིས་ཚེ་འདིར་མན་ངག་སྟོན་པའི་བླ་མ་ཚོལ་བ་དང་ཁྲིད་ཡིག་ལྟ་བ་སོགས་ནི་སྤྱི་སྲོལ་དང་བསྟུན་པར་ཟད་ཀྱི། གནས་ཚོད་ལ་ནི་རྒྱལ་དབང་པདྨ་འབྱུང་གནས་ལ་བླ་མའི་འདུ་ཤེས་ལྷན་སྐྱེས་སུ་འབྱུང་ཞིང་། དེ་ཁོ་ནས་བྱིན་རླབས་རང་བབས་དང་། འོད་གསལ་སྙིང་པོའི་རྟོགས་པ་རང་ཤར་དུ་རྙེད་པའི་རང་བཞིན་གྱི་རྣལ་འབྱོར་པ་ཞིག་ངེས་པར་ཡིན་ཏེ། ལས་འཕྲོ་གཏེར་གྱི་བརྒྱུད་པ་ཞེས་པའི་ལས་འཕྲོའམ་ལམ་གྱི་འཕྲོ་སད་ཚུལ་ཡང་དེ་ཡིན་ནོ། །རྟོགས་པ་དེ་ཐོབ་མ་ཐོབ་ནི། གུ་རུ་ཉིད་དམ་པཎ་ཆེན་བི་མ་ལ་ལྟ་བུའི་བཀའ་བརྒྱུད་འཁྲུལ་མེད་ལས་རྫོགས་ཆེན་གྱི་ལམ་གནད་ཇི་བཞིན་རྙེད་པ་རྣམས་ཀྱིས་ཞིབ་ཏུ་བརྟགས་པ་ན། བཤད་པའི་སྒྲོས་རྫོགས་ཆེན་གྱི་གཞུང་ཆེ་བ་རྣམས་བཞིན་དུ་འདུག་མི་འདུག་ཇི་ལྟར་ཡང་། སྙིང་པོའི་གནད་དོན་དེ་ཁོ་ན་བཞིན་གདེང་བཀལ་ནས་སྟོན་དུ་འདུག་ན་རྩོད་མེད་ཀྱི་གཏེར་སྟོན་རྣམས་དང་སྤྱོད་ཡུལ་གཅིག་པའི་ཡེ་ཤེས་ཅན་དུ་མཚོན་ནུས་ལ་དེ་ནས་དེ་འདྲ་བའི་གཏེར་སྟོན་དེ་ཚད་ལྡན་དུ་བཟུང་ཆོག་པ་ལའང་ངེས་པ་འཐོབ་སྟེ། འདི་ནི་རྒྱལ་བའི་ཡུམ་ལས་ཕྱིར་མི་ལྡོག་པའི་བྱང་སེམས་ཕྱིར་མི་ལྡོག་པའི་ཆོས་བརྗོད་པའི་ངག་གི་རྟགས་ལས་དཔོག་པར་གསུངས་པ་སོགས་དང་ཡང་ཕྱོགས་མཚུངས་སོ། །ཤོག་སེར་གྱི་རྒྱུས་ཤེས་པ་ཡིན་ན་གཏེར་ཤོག་གི་དཔེ་དཔང་ཚད་ལྡན་ཡོད་མེད་བརྟགས་པའི་སྒོ་ནས་ཤན་འབྱེད་པའང་མཁས་གྲུབ་གོང་མའི་ལོ་རྒྱུས་ལས་འབྱུང་སྟེ། འདིས་དགོངས་གཏེར་བརྟགས་མི་ནུས་པར་སེམས་སོ། །དེ་ལ་གཏེར་སྒྲུབ་ཞེས་པ་ནི། གཏེར་སྟོན་གྱིས་རང་ངམ་གཞན་གྱི་དགོས་པ་འགའི་ཕྱིར་ལས་སྒྲུབ་ཀྱི་སྒྲུབ་པ་མཛད་པ་མ་གཏོགས་པའི་རང་གཏེར་ལ་བསྙེན་སྒྲུབ་གང་མཛད་ཕལ་ཆེར་གཏེར་སྒྲུབ་ཀྱི་ཕྱོགས་སུ་འགྲོ་བ་འདྲ་ཡང་། གཙོ་བོར་འཆད་སྤེལ་གྱི་སྔོན་དུ་གཏེར་འབྱེད་དང་འབྲེལ་བའི་སྒྲུབ་པ་མཛད་པ་ལ་བྱ་སྟེ། གཏེར་ནས་གང་འདོད་ཀྱི་ཆོས་དེ་བར་ཆད་མེད་པར་ཐོན་ཆེད་དང་། ཚེགས་མེད་པར་མྱུར་དུ་ཐོན་ཆེད་དང་། ཐོན་རྗེས་སུ་སྒྲོམ་ཞལ་ཕྱེད་པ་དང་བརྡ་ཁྲོལ་བའི་ཆེད་དུ་སྔར་ནས་གཏན་ལ་ཕེབས་ཟིན་པའི་རང་གཞན་གྱི་གཏེར་ཁ་སྐབས་སུ་གང་བབས་ལ་སྒྲུབ་པ་བྱེད་པ་རྣམས་དང་། བརྡ་ཁྲོལ་ནས་བུ་དཔེར་འབེབ་པར་གནང་བ་ནོད་པའི་ཆེད་དུ་ཆོས་དེ་ཉིད་ལ་ཤོག་སེར་གྱི་སྟེང་ནས་སྒྲུབ་པ་བྱེད་པ་དང་། ཕབས་ཟིན་ཚེ་འཆད་སྤེལ་གྱི་དོན་དུ་བྱིན་རླབས་ཁ་གསོ་བའི་སྒྲུབ་པ་བུ་དཔེའི་སྟེང་ནས་བྱེད་པ་རྣམས་སོ། །བརྡ་ཁྲོལ་རྗེས་ཡུན་རིང་པོར་གསང་རྒྱ་བསྡམ་དགོས་པའི་རྒྱུ་མཚན་ནི། ད་དུང་བརྡ་རིས་ལས་གང་བསྒྱུར་དེ་ལ་གསལ་བརྟན་ཚད་དུ་མ་ཕེབས་པའི་ཆ་ཡོད་མེད་ཞིབ་ཆ་དགོས་པའི་དབང་གིས་ཡིན་གསུངས་པ་རྒྱུ་མཚན་གཅིག་སྟེ། འདི་ནི་འཕྲུལ་ཡིག་ཅན་དང་སྦྱོར་དགོས་པར་གསལ་ལོ། །ཆོས་དེ་འཆད་སྤེལ་སོགས་ལ་དུས་གནད་དང་། རྟེན་འབྲེལ་སྒྲིག་ཕྱོགས་དམིགས་བསལ་བའི་ལུང་བསྟན་ཕྱི་མ་གཞན་སྒུག་རྒྱུ་ཡོད་མེད་བརྟགས་པའི་ཆེད་ཀྱང་ཡིན་ཏེ། འཆད་སྤེལ་ཚར་ནས་དེ་འདྲ་བྱུང་ཡང་ཆུ་ཤོར་ཟིན་པའི་རགས་ལྟར་འགྱུར་བས་སོ། །ད་གཟོད་ཆོས་དེ་ཉམས་ལེན་བྱེད་པའི་རྗེས་འཇུག་རྣམས་ཀྱིས་དངོས་གྲུབ་ཀྱི་རྟགས་ཚད་དཀའ་བ་མེད་པར་རྙེད་པའི་རྟེན་འབྲེལ་སྒྲིག་ཆེད་དང་པོར་གསང་རྒྱ་མ་བཤིག་པའི་དུས་སུ་གཏེར་སྟོན་ཉིད་ཀྱིས་ཆོས་དེའི་སྒྲུབ་པ་མཛད་ནས་དྲོད་ཚད་གཏན་ལ་དབབ་པའི་ཆེད་ཀྱང་ཡིན་ཏེ།རང་གིས་ཉམས་སུ་མ་བླངས་པའི་ཆོས་ཀྱིས་འགྲོ་དོན་འབྱུང་བ་དཀའ་བར་གསུངས་སོ། །འདིའི་དུས་སུ་བླ་མ་ཡི་དམ་མཁའ་འགྲོས་དངོས་སུ་དབང་བསྐུར་ཞིང་བྱིན་གྱིས་བརླབས་པ་སོགས་ནི་གཏེར་སྒྲུབ་ཀྱི་སྒོ་ནས་རྣོ་ལ་ངར་ཐོགས་ལྟ་བུའི་ནུས་རྟགས་རྙེད་ཚུལ་ཙམ་ཡིན་གྱི། གཏེར་བརྒྱུད་དངོས་ནི་དེ་ལ་འཇོག་པ་མ་ཡིན་ཏེ། སྔར་བཤད་ཟིན་ཏོ། །གཏེར་ཆོས་ཉན་བཤད་སྒོམ་སྒྲུབ་ཀྱི་སྒོ་ནས་གཏེར་སྟོན་གྱི་བརྒྱུད་སྲོལ་འཛིན་པའི་གཙོ་བོ་ལས་ཅན་ཆོས་བདག་ཏུ་གྲགས་པ་ནི། ཆོས་བརྒྱུད་འཛིན་པར་གཏེར་ལུང་གིས་བསྔགས་པ་རྣམས་ཏེ། དེའང་གཙོ་ཕལ་གཉིས་ཡོད། དེ་གཉིས་ཀ་ཡང་གུ་རུ་རིན་པོ་ཆེ་ལས་ཆོས་དེའི་གཏད་རྒྱ་ཐོབ་པར་འདྲ་ཡང་། ཐོབ་ལུགས་མི་འདྲ་སྟེ། སྔ་མ་ནི་སྔོན་གཏེར་སྟོན་དང་ལྷན་ཅིག་སློབ་དཔོན་ཆེན་པོའི་སྤྱན་སྔར་གཏད་རྒྱ་ལུང་བསྟན་དངོས་སུ་ཐོབ་པ་ཡིན་ཞིང་། ཕྱི་མ་ནི་དེ་ལྟར་གཏད་རྒྱ་དངོས་སུ་ནོད་པ་ལྟ་ཅི། དེའི་ཚེ་ཡུལ་ཕྱོགས་དེར་ཡོད་པའི་ངེས་པ་ཡང་མེད་མོད། འོན་ཀྱང་སློབ་དཔོན་ཆེན་པོས་སྐལ་བའི་ཁྱད་པར་བསམ་གྱིས་མི་ཁྱབ་པ་ལ་གཟིགས་ཏེ། ཕྱི་མའི་དུས་དེར་ཡུལ་ཆེ་གེ་མོར་སྐྱེས་བུ་འདི་འདྲ་བ། མིང་འདི་ཞེས་བྱ་བ་ཞིག་འབྱུང་། དེའང་ཆོས་འདིའི་བདག་པོར་གནང་ངོ་ཞེས་ལུང་བསྟན་ཅིང་སྨོན་ལམ་བཏབ་པ་ཙམ་ཞིག་གཏད་རྒྱར་སོང་བ་སྟེ། དགོངས་པ་མ་གཏད་པར་སྨོན་ལམ་ལུང་བསྟན་དེ་ལྟར་མཛད་ཚུལ་མེད་ལ། གཏད་རྒྱའི་སྙིང་པོ་དགོངས་གཏད་ཡིན་པའི་ཕྱིར་ཏེ། དེར་མ་ཟད་སྣང་སྲིད་འདོད་དགུར་སྒྱུར་བའི་དབང་འབྱོར་གྱི་མཛད་པ་མཐའ་དག་དགོངས་པའི་རྩལ་ལས་བྱུང་བའི་ཕྱིར་རོ།།དེ་འདྲའི་ཆོས་བདག་གཉིས་ནི་གཏེར་ཆོས་དང་མཇལ་དུས་སྔོན་གྱི་བག་ཆགས་གསལ་བར་སད་ནུས་མི་ནུས་གཅིག་ཏུ་མ་ངེས་པ་འདྲ་སྟེ།ལས་ཀྱི་ཚུལ་བསམ་གྱིས་མི་ཁྱབ་ཅིང་། མངལ་སྒྲིབ་དང་སྡིག་གྲོགས་སོགས་རྐྱེན་དབང་སྣ་ཚོགས་ཡོད་པའི་ཕྱིར་ཏེ། དེ་ལྟར་བྱུང་བའི་ལོ་རྒྱུས་ཀྱང་མང་དུ་སྣང་ངོ་། །ས་གཏེར་དགོངས་གཏེར་གཉིས་ཀྱང་ཆོས་དེ་དང་པོ་གཏད་རྒྱའི་སྒོ་ནས་སྙིང་དབུས་མི་ཤིགས་པའི་སྒྲོམ་བུར་གཏེར་དུ་སོང་ཚུལ། བར་དུ་དེ་ཉིད་ན་འཕེལ་འགྲིབ་མེད་པར་བཞུགས་ཚུལ། མཐར་དུས་སུ་བབས་པ་ན་འོད་གསལ་གྱི་མཁྱེན་ཆའི་ངར་གཟོང་རྣོན་པོས་ཕྱེ་སྟེ། ཆོས་ཉིད་གཉུག་མའི་དྲན་པའི་གཏེར་སྒོ་ནས་ཐོན་ཚུལ་ཐམས་ཅད་ཁོག་གཅིག་པ་ཡིན་ཡང་། དགོངས་གཏེར་ནི་ནང་དགོངས་པའི་ཀློང་མཛོད་དུ་བཞུགས་པ་ཉིད་ཀྱི་སྟེང་ནས་གཏེར་དུ་བཞག་དགོས་པས་ཟབ་མོ་དགོངས་པའི་གཏེར་ཞེས་བྱ་ལ། ས་གཏེར་ནི་གཙོ་བོར། ང་ཡིས་ས་སྟེང་གཏེར་གྱིས་བཀང་ནས་ཡོད༔ དངོས་གྲུབ་འདོད་ན་གཏེར་གནས་ཀུན་ནས་ལོངས༔ ཞེས་གསུངས་པ་ལྟར་ཕྱི་རོལ་གྱི་གནས་སྣ་ཚོགས་སུ་སྦས་པའི་ཆ་ནས་གཏེར་དུ་བཞག་པས་རྒྱ་ཆེ་བ་སའི་གཏེར་ཞེས་བྱ་སྟེ། ཤོག་སེར་དངོས་གནས་པ་ལ་བརྟེན་དགོས་མི་དགོས་ཀྱི་ཁྱད་པར་རོ། དགོངས་གཏེར་ཞེས་པའི་མིང་ཟུར་གཉིས་སོ་སོར་ཕྱེ་ན། འོད་གསལ་གྱི་ཏིང་ངེ་འཛིན་ཤིན་ཏུ་བརྟན་པ་མེད་ན་དགོངས་པ་ཞེས་པ་མ་ཚང་སྟེ། གཏེར་དུ་སྦེད་ས་མེད། དེར་བརྡ་ཡིག་བསྟིམས་ནས་རྒྱས་བཏབ་པའི་གཏེར་རྒྱ་བསྡམས་པ་སྔོན་སོང་མེད་ན་གཏེར་ཞེས་པ་མ་ཚང་སྟེ། ཕྱིས་འདོན་རྒྱུ་མ་མཆིས་པས་ཟུར་དང་པོ་ཡོད་ཀྱང་། ཕྱི་མ་མེད་པ་དག་སྣང་གི་ཆོས་སྡེ་ལྟ་བུ་དང་། སྔ་ཕྱི་གང་ཡང་མེད་པ་ཉམས་ཆོས་རང་ག་བ་ལྟ་བུ་དགོངས་གཏེར་དུ་འཁྲུལ་བར་མི་བྱའོ། །འགའ་ཞིག་ལ་བསྙེན་སྒྲུབ་ཀྱི་རྟགས་སུ་བརྡ་ཡིག་གི་སྣང་བ་འཆར་བའང་ཡོད་དེ། དེ་དག་ཀྱང་གཏད་རྒྱའི་མཐུ་ལས་བྱུང་བ་མིན་པས་མི་བརྟན་ཅིང་བརྡ་དོན་འགྲོལ་རྒྱུ་མེད་དོ། །དགོངས་གཏེར་འདིའི་གཏད་རྒྱ་ནོད་ཚུལ་ལ། ཡིག་གཟུགས་ཀྱི་རྣམ་པར་དང་། སྒྲར་གྲགས་པའི་རྣམ་པར་དང་། སྙིང་ལ་བསྟིམས་ནས་གཏད་པ་གཉིས་ཡོད་ཅིང་། ཡིག་གཟུགས་ལའང་སྣང་རྟེན་མཐར་ཆགས་གསུམ་དང་། ཡིག་རིགས་ཀྱི་རྣམ་གྲངས་ས་གཏེར་དུ་བཤད་པ་བཞིན་ཡོད་ལ། སྒྲར་གྲགས་པ་ལའང་། ཡི་གེ་ཙམ་དང་། མིང་ཙམ་དང་། ཚིག་ཏུ་ལོངས་པའི་སྒྲའི་རྣམ་པ་ཅི་རིགས་ཡོད་དེ། འདི་དག་ལ་གཏད་རྒྱ་ཉིད་གཏེར་སྦེད་ཀྱི་དོན་དུ་འགྲོ་བས་སྔ་ཕྱིའི་རིམ་པ་མེད་དོ། །དེའང་སྔོན་སྒྲ་གཟུགས་གཉིས་པོ་གང་གི་སྟེང་ནས་གཏད་རྒྱ་མཛད་པ་དང་། ཕྱིས་གང་གི་རྣམ་པར་དགོངས་ཀློང་ནས་རྡོལ་བ་གཉིས་མཚུངས་པ་ཁོ་ན་ལས་འཆོལ་བར་འབྱུང་མི་སྲིད་པས། དགོངས་གཏེར་ཐོན་དུས་བརྡ་ཡིག་གི་གཟུགས་སྣང་ཡོད་མེད་གཅིག་ཏུ་མ་ངེས་པའང་དེ་ལྟར་ཡིན་ལ། དེ་བཞིན་དུ་བརྡ་ཡིག་གི་གཟུགས་ཀྱང་སྔོན་ལྕགས་ཀྱུ་རིང་པོའི་སྟེང་ནས་གཏད་རྒྱ་ཐོབ་ན། འཐོན་དུས་ཀྱང་ཡིག་རིགས་དེ་ཁོ་ནས་འབྱུང་བར་ངེས་པ་ལྟ་བུ་གཞན་ཐམས་ཅད་ལའང་ཤེས་པར་བྱ་སྟེ། སྒྲ་བརྙན་གྱི་རྣམ་པ་ལའང་དེ་ལྟར་སྦྱར་རོ། །དེ་ལྟར་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་དང་། ཐུགས་སྲས་རྗེ་འབངས་འདུས་པས་ཁ་བ་ཅན་གྱི་ཡུལ་འདིར་བླ་མེད་གསང་བ་མཆོག་གི་ཆོས་གཏེར་སྦས་འདོན་གྱི་ཕྲིན་ལས་མཛད་པ་བཞིན་དུ། ཨོ་ཊི་ཡ་ན་སོགས་མཁའ་འགྲོའི་གནས་དང་། ས་འོག་གི་འཇིག་རྟེན་ལྟ་བུའི་ཡུལ་ཐ་དད་རྣམས་སུའང་ཕྲིན་ལས་དེ་མཛད་པར་གསུངས་ཏེ། གཏེར་གསར་མདོ་བྱང་དང་པོའི་དབུ་ན་བརྡ་ཡིག་གི་གྲོང་ཁྱེར་གསུམ་ཡོད་པའི་དང་པོ་གཉིས་ཀྱང་དེ་དག་གི་མདོ་བྱང་སོ་སོའི་བརྡ་ཡིག་རྟེན་ཙམ་ཞེས་པ་དེ་ཡིན་པར་གསུངས་སོ། །སྤྱིར་གསང་སྔགས་གསར་མ་ལ་ཡང་། གུ་རུ་རིན་པོ་ཆེའི་གཏེར་ཆོས་ཐོན་པ་གཉལ་པ་ཉི་མ་ཤེས་རབ་དང། གཉན་ལོ་དར་མ་གྲགས་སོགས་དང་། སློབ་དཔོན་གཞན་གྱི་གཏེར་ཆོས་ཐོན་པ་རྗེ་གཙང་པ་རྒྱ་རས་དང་། རྒྱུད་ཆེན་སངས་རྒྱས་རྒྱ་མཚོ་སོགས་བྱོན་ལ། རས་ཆུང་རྡོ་རྗེ་གྲགས་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པ། ཀརྨ་པ་རང་བྱུང་རྡོ་རྗེ། བུ་སྟོན་རིན་ཆེན་གྲུབ། རྒྱལ་དབང་དགེ་འདུན་རྒྱ་མཚོ། བློ་གྲོས་རིན་ཆེན་སེང་གེ་སོགས་པདྨའི་གཏེར་ཆོས་ལ་གསན་བཞེས་མཛད་པའང་མང་ཙམ་བྱུང་མོད་ཀྱི། རྙིང་མའི་ནང་དུ་གཏེར་སྟོན་མང་པོ་བྱུང་བ་འདྲ་བ་མ་བྱུང་ཞིང་། གཏེར་བརྒྱུད་འདི་ལ་བརྒྱུད་ལུགས་སྤྱི་འགྲོ་དང་མི་འདྲ་བའི་སྒོས་ཆོས་ཆེན་པོ་ཡོད་པ་ཞིབ་ཏུ་མ་བརྟགས་པར་མཁས་པ་ཁ་ཅིག་གིས་ཀྱང་ས་ཆོས་རྡོ་ཆོས་ཞེས་ཚིག་བརྙས་མཛད་ཅིང། ས་འོག་ཏུ་ཡུན་རིང་སྦས་ནས་བཏོན་པས་བྱིན་རླབས་ཇེ་ཆེར་འགྲོ་ན་ཧ་ཅང་ཐལ་བ་དང་། ཁུངས་ས་རྡོ་ལ་ཐུག་པས་བརྒྱུད་པ་འདྲེན་རྒྱུ་མེད་པ་ལ་སོགས་པའི་སུན་འབྱིན་སྨྲ་བ་དང་། རང་གི་ཚེ་ཧྲིལ་པོའི་བློ་གཏད་གཏེར་ཆོས་ལ་བྱེད་པའི་ཁྲོད་དུའང་། ཆོས་འདི་རྫ་བྲག་སོགས་ལ་སྦེད་མཁན་སློབ་དཔོན་པདྨ་ཡིན་ཞིང་རྗེས་ལ་རྙེད་མཁན་ཡང་བླ་མ་བཟང་པོ་ཞིག་ཡིན་པར་འདུག་པས་བྱིན་རླབས་ཡོད་དེ་འོང་སྙམ་པ་ཙམ་དང་། གཏེར་འདི་ལ་གངས་བྲག་མཚོ་གསུམ་སོགས་ཀྱི་ལྷ་འདྲེའི་སྲུང་མ་གཉན་པོ་ཡོད་པས་མཐུ་ཆེ་སྙམ་པ་དང་། ཆོས་འདི་ཇི་ལྟར་ཡིན་ཀྱང་ངེད་ཚོའི་མི་རྒྱུད་ཆོས་བརྒྱུད་གོང་མའི་རིང་ནས་བཏོན་པ་ཡིན་ཞེས་ཕ་ཕོར་གཙང་ཞེན་ཙམ་ལ་རྒྱབ་འཆོལ་བ་དང་། འགའ་ཞིག་གཏེར་སྟོན་གྱིས་བརྩམས་ཆོས་དང་གཏེར་ཆོས་ཀྱི་དབྱེ་བ་ཙམ་ཡང་མི་ཤེས་པར་ང་བླ་མ་དེ་ལ་མོས་པས་ཁོང་གི་གསུང་ཆོས་ལ་ཉམས་ལེན་བྱེད་ཅེས་ཐོལ་བྱུང་དུ་བརྩམས་ཚད་གཏེར་ཆོས་ཡིན་པ་ལྟ་བུར་འཛིན་པ་དང་། འདི་ཉམས་སུ་ལེན་ཚད་བཀྲ་ཤིས་ལ་ཞལ་དྲོ་བ་བྱུང་འདུག་ཟེར་ནས་ཕྱུགས་ཀྱི་གཡང་ཡིག་ལྟ་བུ་ཞིག་གི་རྩི་མཐོང་བྱེད་པ་དང་། མང་པོ་ཞིག་གཏེར་སྟོན་ཟེར་བ་དེ་ནག་ཆང་འཆོལ་ཉོག་ཏུ་སྤྱོད་ཅིང་། ཆ་བྱད་ར་མ་ལུག་འཆང་བ། ཡིག་ཉོག་ཆལ་ཆོལ་མང་པོ་བྱུང་རྒྱལ་དུ་འབྲི་འདུག་མཁན་ཞིག་ལ་བྱེད་སྙམ་ནས། གཏེར་སྟོན་ལས་སླ་བ་མེད། བྱས་ན་ངས་ཀྱང་ཡོང་ཟེར་བ་དང་། གཏེར་སྟོན་ཡང་དག་ལྟར་སྣང་གི་ཁྱད་པར་ས་བརྐོས་པའི་འོག་ནས་དཔེ་སྒྲོམ་དང་རྫས་ཐུམ་སོགས་རྫུན་མེད་དུ་རྙེད་པ་ཡིན་མིན་རྐྱང་པས་འབྱེད་སྙམ་པ་སོགས་རང་བབས་སུ་བཞག་ན་གཏེར་ཆོས་གཙིག་པོ་ཆེར་འཛིན་པའི་དད་་་་་་་་མོས་ཆེ་ཆེ་འདྲ་བ་ལ། ཞིབ་ཏུ་བརྟགས་ཚེ་སྨིག་རྒྱུའི་འབབ་ཆུ་རྩད་བཅད་པ་ལྟར་འགྲོ་བ་མང་དུ་མཐོང་བས། བརྒྱ་ལ་དེ་དག་གི་ནང་དུ་དཔྱོད་ཤེས་ཀྱི་གཟུར་གནས་དོན་གཉེར་དང་ལྡན་པ་འགའ་ཙམ་བྱུང་ན་ཇི་སྐད་བརྗོད་པའི་ཚུལ་འདིས་ཨོ་རྒྱན་དུས་གསུམ་མཁྱེན་པའི་གཏད་རྒྱ་སྨོན་ལམ་གྱི་ཕྲིན་ལས་འཇུག་ཚུལ་ལ་བློ་ཁ་ཕྱོགས་ནས་དང་བའི་འཛུམ་མིག་ཅུང་ཟད་རེ་གཏོད་པར་འགྱུར་ན་ཅི་མ་རུང་སྙམ་ནས་སྔོན་མེད་གཏམ་གྱི་སྦྱོར་བ་འདི་ལྟ་བུ་བྱས་་་་་་་་་་སོ། །ལས་འཕྲོ་གཏེར་བརྒྱུད་ཀྱི་རྣམ་ཞག་ཉུང་གསལ་དུ་བཤད་པ་ངོ་མཚར་རྒྱ་མཚོ་ཞེས་བྱ་བ་འདི་ནི། སྔར་ནས་འདི་འདྲ་ཞིག་སྒྲིག་འདུན་ཡོད་ཐོག །རང་གི་ཉེ་གནས་པདྨའི་བཀའ་བརྒྱུད་ལ་གུས་པ་འཇིགས་མེད་ཆོས་ཀྱི་བློ་གྲོས་ཀྱིས་བསྐུལ་ལྕག་ཡང་ཡང་བཏབ་པས་རྐྱེན་བྱས་ཏེ། རྒྱལ་དབང་པདྨ་འབྱུང་གནས་དངོས་དང་རྣམ་དབྱེར་མེད་པའི་ཡེ་ཤེས་སྒྱུ་མའི་སྐུ་ཅན་ཡབ་རྗེ་ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་ཀྱི་སྤྱན་སྔར་བཀའ་བབས་ཆུ་བོ་བདུན་གྱི་བཤད་པ་མདོ་ཙམ་ཐོས་ཤིང་། སླད་ནས་གཏེར་སྟོན་རིག་འཛིན་ཆེན་པོ་ལས་རབ་གླིང་པས་གཏེར་གྱི་མདོ་བྱང་ཆེན་མོ་བཤད་ལུང་གི་ཚུལ་དུ་གནང་ཞིང་། དོགས་གཅོད་ཞུས་པའི་བཀའ་ལན་རྣམས་གཞིར་བཟུང་། ཁ་སྐོང་དུ་འོས་པ་འགའ་ཞིག་རང་ཉིད་ཀྱིས་ཀྱང་བསྣན་ནས། འཇིགས་མེད་བསྟན་པའི་ཉི་མས་བྲིས་པ་སྟེ། དགེ་བས་རྒྱལ་བསྟན་སྙིང་པོ་ཨོ་རྒྱན་བླ་མའི་རིང་ལུགས་དྲི་མས་མ་བསླད་པ་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག་གུ །ལྷ་དང་ལྷ་མིན་གྲུབ་པ་རིག་སྔགས་འཆང་། །དཔག་མེད་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །སྔོན་བཞིན་ཟབ་མོའི་དགོངས་གཏེར་ཡོངས་བཟུང་སྟེ། །སྐལ་ལྡན་རྣམས་ལ་རྒྱུན་དུ་སྣང་བར་ཤོག །འཕྲུལ་ཆེན་སྤར་གྱི་ལྗོན་ཤིང་རྒྱས་པའི་རྩེར། །ལེགས་བཤད་མེ་ཏོག་འབྲས་མང་ཆགས་པ་འདི། །ཀུན་མཁྱེན་བསྟན་པའི་སྐྱེད་ཚལ་རྒྱན་གྱུར་ཏེ། །སྐལ་བཟང་སྐྱེ་བོའི་བྱ་ཚོགས་དགའ་བྱེད་ཤོག །ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ།། །།
རྩ་གསུམ་རིག་འཛིན་སྲོག་སྒྲུབ་ལས། བཀའ་སྲུང་དྲག་པོ་སྡེ་བཞིའི་སྲོག་དབང་བསྐུར་བའི་ཡི་གེ་གནམ་ལྕགས་འབར་བའི་མྱུ་གུ་ (Volume 39, Text 6)
༄༅། །རྩ་གསུམ་རིག་འཛིན་སྲོག་སྒྲུབ་ལས། བཀའ་སྲུང་དྲག་པོ་སྡེ་བཞིའི་སྲོག་དབང་བསྐུར་བའི་ཡི་གེ་གནམ་ལྕགས་འབར་བའི་མྱུ་གུ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ཡ། གཉིས་སྣང་མཚན་མའི་བདུད་དཔུང་བཙན་ཐབས་སུ། །གཅོད་བྱེད་རིག་སྟོང་འོད་ལྔའི་མཚོན་ཆ་ཅན། །འཁོར་འདས་གཡོ་བའི་གཏུམ་དྲག་ཉམས་འབར་བ། །ལྷུན་གྲུབ་རིག་པ་འཛིན་དེས་བདག་སྐྱོངས་ཤིག །གསང་བ་འབྱིན་དང་གསང་བ་ལ། །དབང་ཟ་ཚོད་ཡོད་འདོད་པས་མིན། །བསྟན་ལ་ཕན་ཕྱིར་འདི་བརྩམ་ན། །རྩ་གསུམ་སྲུང་མས་དགྱེས་བརྩེར་མཛོད། །རིག་འཛིན་སྲོག་གི་སྒྲུབ་པའི་བཀའ་སྲུང་ཐུན་མོང་མ་ཡིན་པ་དྲག་པོ་སྡེ་བཞིའི་སྲོག་དབང་སྙིང་པོ་རྡོ་རྗེའི་གསེར་ཞུན་མ་སྐུར་བྱེད་ཀྱི་སློབ་དཔོན་རབ་འདིའི་བསྐྱེད་རྫོགས་ལ་བརྩོན་པ། དེ་ལྟར་མ་འཛོམ་ཡང་ལྟ་སྒོམ་སྤྱོད་པའི་གདིང་ཚད་དང་ལྡན་པ་ཞིག་ངེས་པར་དགོས་ལ། སྐུར་ཚུལ་དངོས་ལ་སྦྱོར་དངོས་རྗེས་གསུམ་གྱིས་བསྡུས་པ་ལས། དང་པོ་སྦྱོར་བ་བཅས་བཤམ་བྱ་བའི་ཚུལ་ནི། དབེན་པའི་གནས་སུ་སྟེགས་བུ་གྲུ་བཞི་པའི་ཁར་དཀྱིལ་འཁོར་སྒོ་རྫོགས་སྤྱི་མཐུན་ནམ། ཡང་ན་ཆོས་འབྱུང་བསྣོལ་མ་དམར་སྨུག །དེའི་མཐར་མི་མགོ་སྐམ་རློན་སྤེལ་བའི་རྭ་བ། དེའི་མཐར་སྣ་ཚོགས་པདྨ་དང་རྡོར་ཕྲེང་མེ་རི་ཁ་དོག་ལྔ་ལྡན་རྣམས་རྡུལ་ཚོན་ནམ་རས་བྲིས་སུ་བགྱིས་པ་གང་རུང་དང་། ཅིས་ཀྱང་མ་འབྱོར་ན་ཁྲག་ཆང་སོགས་ཀྱིས་སྦགས་པའི་འབྲུ་ཚོམ་གཙོ་འཁོར་ལྔ། དེ་རྒྱབ་ཕྱོགས་བཞིར་ཚོམ་བུ་བཞི་བཅས་གཙོ་འཁོར་ཕྱེད་པར་བཀོད། གང་ལྟར་དཀྱིལ་འཁོར་གྱི་དབུས་སུ་ལྡིང་ཁྲིའི་ཁར་བུམ་པ་ཆས་ལྡན་ཁ་རྒྱན་དང་བཅས་པ་བཅུད་ཀྱིས་གང་བ། དེའི་སྟེང་འོག་ཇི་ལྟར་བདེ་བར་ཆོས་སྲུང་རྣམས་ཀྱི་ཙཀླི་པྲོག་ཞུ་ཆས་རྒྱན་ཕྱག་མཚན་ཕྱོགས་བསྡུས། བྱུག་པའི་རྫས་གསུམ། མདུན་དུ་རྨ་བྱའི་སྒྲོ་མདོངས་དང་མེ་ལོང་ཤེལ་རྡོ་ཐུགས་སྲོག་གི་ཧཱུྃ་ཡིག་རྣམས་དང་། གཡས་སུ་སྲོག་སྒྲུབ་ཀྱི་པུསྟི་དང་བདུད་རྩིའི་ཀ་པཱ་ལ། བགྲང་ཕྲེང་། རྒྱབ་ཏུ་ཐོད་ཁྲག །གཡོན་དུ་ཕུར་བུ། ལྕགས་ཀྱུ་སོགས་ཕྱག་རྒྱ་བཞི། རལ་གྲི་བསྒྲལ་དབང་གི་ཆས་ཧོམ་ཁུང་དུ་ལིངྒ་ཁྲག་གིས་སྦགས་པ་བཅུག་པ་རྣམས་དང་། དེ་དག་གི་ཤར་དུ་ཀླུ་བདུད་མུན་ནག །ལྷོར་སྲིན་པོ། ནུབ་ཏུ་མ་མོ། བྱང་དུ་སྐྱེས་བུ་ཆེན་པོ་རྣམས་ཀྱི་གཏོར་མ་ལ་སོ་སོའི་སྐུ་མདོག་དང་མཐུན་པའི་དར་གདུགས་ཙཀླི་སོགས་ཀྱིས་བརྗིད་པ་བསྒྲལ་མཆོད་ལས་བྱང་གི་དབུ་ནས་འབྱུང་བ་ལྟར་བཤམས་པའི་སོ་སོའི་མདུན་དུ་མཆོད་གཏོར་རྒྱས་བསྡུས་གང་འགྲུབ་རེ་རེ། གཏེར་སྲུང་ཐང་ལྷ་མཛོད་ལྔའི་མཆོད་གཏོར། སྨན་རཀ་ཕྱི་ནང་གི་མཆོད་པ་ཚོགས་ཀྱི་འཁོར་ལོ་སོགས་དང་། སྲོག་སྒྲུབ་ཀྱི་དབང་ཆེན་དང་འབྲེལ་ན་སྨྲོས་མ་དགོས་ཀྱང་། དེ་མིན་རྩ་བའི་བདག་བསྐྱེད་ཀྱི་གུང་གཏོར་མཆོད་རྫས་སོགས་ཀྱང་ལེགས་པར་བཤམ། གཞན་ཡང་ལས་བུམ་དང་དམ་ཆུ་མཎྜལ། ཤ་ཆེན་ཚིལ་ཆེན་ཡུངས་དཀར་གུ་གུལ་རྣམས་ཀྱི་སྤོས་སྦྱོར། རྒྱས་པར་སྤྲོ་ན་ཆས་ཞུགས་སྔགས་ཆས་སོགས་ཚོགས་པར་བྱའོ། །གཉིས་པ་དངོས་གཞིའི་ཐོག་མར་བདག་མདུན་སྒྲུབ་མཆོད་ནི། རིག་འཛིན་རྩ་བའི་ལས་བྱང་རྒྱས་བསྡུས་ཇི་ལྟར་རིགས་པ་སྐྱབས་སེམས་ནས་ཚོགས་ཀྱི་བར་མཐར་ཆགས་སུ་གཏང་ཞིང་བསྙེན་བཟླས་ཀྱང་སྟོང་ཕྲག་ལས་མི་ཉུང་བར་བྱ། དེ་ནས་མདུན་དཀྱིལ་ལ་བསང་ཆུ་འཐོར་ཏེ་དྲག་པོ་སྡེ་བཞིའི་ལས་བྱང་གཏང་བའི་ལྷ་བསྐྱེད་སྐབས། མདུན་གྱི་དཀྱིལ་འཁོར་ཉིད་ངོ་བོ་པདྨ་འོད་ཀྱི་ཕོ་བྲང་ལ་རྣམ་པ་དུར་ཁྲོད་རབ་འཇིགས་ཀྱི་བཀོད་པ་ཡོངས་སུ་རྫོགས་པ་ཆོས་ཀྱི་དབྱིངས་དང་མཉམ་པ། མེ་རླུང་དམར་ནག་དང་དུད་སྤྲིན་ལང་ལོང་དུ་གཡོ་བ། ཐོག་སེར་དང་མཚོན་ཆའི་བུ་ཡུག་འཚུབས་པ། དེའི་དབུས་ཀྱི་སྟེང་གི་ཆ་ལ་འཇའ་འོད་ཀྱི་ཀློང་དུ་གུ་རུ་ཐོད་ཕྲེང་སྡེ་ལྔའི་དཀྱིལ་འཁོར་ལ་བརྒྱུད་གསུམ་གྱི་རིག་འཛིན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་དང་། དེའི་འོག་ གཞིའི་དཀྱིལ་འཁོར་གྱི་དབུས་ཐད་ལ་དཔལ་རྟ་མགྲིན་ཡབ་ཡུམ་ལ་ཡི་དམ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བའི་ཕྱོགས་བཞིར། སྤྲུལ་པའི་དྲང་སྲོང་ཆེན་པོ་བཞི་སྲིན་པོ་ཁྲོས་པའི་གཟུགས་ཅན་དུ་གསལ་བའི་ཐུགས་སྲོག་ཧཱུྃ་ལས། ཤར་དུ་ཡི་གེ་ཕུཿསྤྲོས་པ་ཀླུ་བདུད་སོགས་གཞུང་མཐུན་སོ་སོའི་གཏོར་མ་དང་དབྱེར་མེད་དུ་བསྐྱེད། དེ་འདྲ་བ་ཆ་ཚང་བུམ་ནང་དུའང་བསྒོམ། ཐམས་ཅད་ཀྱི་གནས་གསུམ་བྱིན་གྱིས་བརླབས་ཏེ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས། དབྱེར་མེད་དུ་བྱས། དྲེགས་པ་བཞི་ལ་རིམ་བཞིན་བཛྲ་རཏྣ་པདྨ་ཀརྨ་ཐོད་ཕྲེང་རྩལ་རྣམས་ཀྱིས་རྒྱས་བཏབ། དེ་ནས་བསྒྲལ་མཆོད་ནས་བསྟོད་པའི་བར་གྲུབ་པ་དང་བཟླས་པ་བྱ་བ་ནི། བདག་ཉིད་གཉེན་པོའི་ལྷ་ཀུན་བཟང་ཡབ་ཡུམ་དུ་གནས་འགྱུར་བའི་སྤྱི་བོར་རིག་འཛིན་ཆེན་པོ་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་ལ་རིགས་བདག་བླ་མའི་ཚོགས་ཀྱིས་བསྐོར་བ། མགྲིན་པར་རིག་འཛིན་སྡེ་ལྔའི་དཀྱིལ་འཁོར། སྙིང་གར་དབུས་སུ་རྟ་མགྲིན་ཡབ་ཡུམ། དེའི་ཤར་དུ་ཀླུ་བདུད། ལྷོར་གཤིན་རྗེ། ནུབ་ཏུ་མ་མོ། བྱང་དུ་ཤན་པ་སྤུ་གྲི་དམར་པོ། དེ་དག་སོ་སོའི་ཐུགས་ཀར་པདྨ་འདབ་བརྒྱད་ཟླ་བ་དང་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་རང་རང་གི་ཐུགས་སྲོག་གི་ཡི་གེ་ཧཱུྃ་ཁ་དོག་ལྔ་ལྡན་གྱི་མཐའ་སྐོར་དུ་རང་རང་གི་སྔགས་ཕྲེང་གིས་བསྐོར་བ། དེ་དང་འདྲ་བར་མདུན་བསྐྱེད་ཀྱི་ཆོས་སྲུང་རྣམས་ཀྱི་ཐུགས་ཀར་ཡང་སོ་སོའི་སྔགས་ཕྲེང་ས་བོན་དང་བཅས་པ་གསལ་བཏབ་སྟེ་རིག་འཛིན་གྱི་རྩ་བའི་སྔགས་གཤམ་དུ་ཀླུ་བདུད་ཀྱི་སྔགས། ཧཱུྃ་བཛྲ་ཕེ་ལཾ་ས་མ་ཡ་ཛཿཛ༔ སྲིན་པོའི་སྔགས། ཧཱུྃ་བཛྲ་ཡ་མ་རཱ་ཙ་ས་མ་ཡ་ཛཿཛ༔ མ་མོའི་སྔགས། ཧཱུྃ་བཛྲ་ཏྲཀ་རཀྴ་ས་མ་ཡ་ཛཿཛ༔ དམ་ཅན་པའི་སྔགས། ཧཱུྃ་བཛྲ་སཱ་དྷུ་ས་མ་ཡ་ཛཿཛ༔ ཞེས་པ་རྣམས་འབོད་སྔགས་ཡིན་ཡང་ཇི་ལྟར་རིག་པ་བཟླ། དེའི་ཚེ་འཕྲོ་འདུའི་དམིགས་པ་སྤྲོ་ན། བདག་ཉིད་རྩ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་སྔགས་ཕྲེང་ལ་ཕོག་པས་ཐུགས་རྒྱུད་བསྐུལ། ལྷན་ཅིག་ཏུ་ཕྱིར་འཕྲོས་པས་སྣང་སྲིད་ཀྱི་དྲེགས་བྱེད་གདུག་པ་ཅན་ཐམས་ཅད་ཚར་བཅད། སླར་ཡང་ཕྱོགས་བཅུའི་ཞིང་ཁམས་རྣམས་སུ་འཕྲོས། རྒྱལ་བ་སྲས་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་རྗེ་དང་བྱིན་རླབས་ནུས་མཐུ་ཐམས་ཅད་ཐུགས་སྲོག་སྔགས་ཕྲེང་དང་བཅས་པར་ཐིམ་པས་གཟི་བརྗིད་དང་ལྡན་པར་གྱུར་ཏེ། བདག་གིས་ཇི་ལྟར་བསྒོ་བའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་པར་བསམ། གཞན་ཡང་དབང་རྫས་རྣམས་ལ་སྐུ་གསུང་ཐུགས་ཀྱི་བྱིན་འབེབས་ཀྱིས་གཟི་བྱིན་བསྐྱེད་པའི་དམིགས་པའང་སྦྱར་ལ། བཟླས་པ་གྲུབ་ནས་མཆོད་བསྟོད་རྒྱས་བསྡུས་ཇི་ལྟར་རིགས་པ་དང་སྒེར་དུ་ཚོགས་མཆོད་འབུལ་ཞིང་སྐོང་གསོ་བྱ། ཏིང་ངེ་འཛིན་གྱི་བདག་འཇུག་ཇི་ལྟར་འོས་པ་བླངས་ནས་སློབ་མ་འཇུག་པ་ལ་གནང་བ་ཞུ། སྐབས་ཇི་ལྟར་འོས་པར་ཕྱིའི་སྲུང་མ་རྣམས་ལའང་གཏོར་འབུལ་བྱ། ལས་བུམ་རྡོར་སེམས་སམ། རྣམ་འཇོམས། སྨེ་བརྩེགས་སྙིང་པོ་རྣམས་ཀྱིས་བྱིན་གྱིས་བརླབ་བོ། །གཉིས་པ་དབང་དངོས་ལ། བསྐྱེད་རྫོགས་ལ་གནས་ཤིང་དམ་ཚིག་ཐུབ་ངེས་པ་བདུན་ལས་མི་མང་བ་ཕྱི་རོལ་དུ་གོང་སྨྲོས་སྔགས་རྣམས་བརྗོད་བཞིན་པས་ཁྲུས་བྱ། བགེགས་བསྐྲད་སྲུང་འཁོར་བསྒོམ། རིག་འཛིན་སྲོག་གི་སྒྲུབ་པའི་བཀའ་སྲུང་དྲག་པོ་སྡེ་བཞིའི་སྲོག་དབང་སྙིང་པོ་རྡོ་རྗེའི་གསེར་ཞུན་མ་ཞུ་བའི་ཡོན་དུ་དམིགས་ཏེ་ཞིང་ཁམས་འབུལ་བར་ཞུ། ཞེས་མཚོན་ཆའི་མཎྜལ་འབུལ་དུ་གཞུག །སེམས་བསྐྱེད་གསལ་བཏབ་ལ། ཆོས་བཤད་ཅི་རིགས་པ་དང་། འདིར་རིག་འཛིན་རྒྱ་མཚོའི་སྤྱི་དཔལ་གྲུབ་པ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་ཀོང་སྨྱོན་ཧེ་རུ་ཀ་པའམ་ལྷ་བཙུན་མཁའ་འགྲོའི་དབང་ཕྱུག་ཁྲག་འཐུང་ནམ་མཁའ་འཇིགས་མེད་རྩལ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད། ཁྱད་དུ་འཕགས་པའི་ལྗོངས་གསུམ་གྱི་ནང་ཚན་དཔལ་གྱི་འབྲས་མོ་ལྗོངས་ཀྱི་ལྟེ་བ་ལྷ་རི་འོད་གསལ་སྙིང་པོར་ཏིང་ངེ་འཛིན་ལ་བཞུགས་པའི་ཚེ། རིག་འཛིན་ཌཱ་ཀི་ཡོངས་ཀྱི་བྱིན་རླབས་ལས་མངོན་སུམ་དུ་སྣང་བ། ཡང་གསང་ཨ་ཏི་བླ་མེད་སྙིང་གི་ཐིག་ལེའི་གདམས་པའི་སྲོག་ཏིག་མ་ལུས་པ་འདུས་པ། མཐོང་ཐོས་དྲན་རེག་གི་འགྲོ་བ་མཐའ་དག་མཁའ་སྤྱོད་འོག་མིན་པདྨ་དྲྭ་བའི་ཞིང་ཁམས་ཆེན་པོར་རིག་འཛིན་གྱི་ས་ལ་གྲོལ་བར་བྱེད་པའི་ཟབ་ཆོས་རྩ་གསུམ་རིག་འཛིན་སྲོག་གི་སྒྲུབ་པའི་བསྟན་པ་དམ་པའི་ཆོས་ཀྱི་གཉེར་ཁ་འཛིན་ཅིང་བརྒྱུད་འཛིན་རྣམས་སྐྱོང་བར་མཛད་པ། ངེས་པའི་དོན་དུ་འཇམ་དཔལ། རྟ་མགྲིན། རྡོ་རྗེ་ཕག་མོ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་སོགས་པ་རྣམས་ཀྱི་ཐུགས་གསང་གདོད་མའི་ཡེ་ཤེས་ཀྱི་ངོ་བོར་རོ་གཅིག་ཏུ་བཞུགས་པ་ལས། དྲང་དོན་དུ་གདུལ་བྱ་འདུལ་བྱེད་ཀྱི་ཐབས་ལ་མཁས་པས། དྲེགས་པ་སྡེ་བརྒྱད་ཀུན་གྱི་སྤྱི་གཤེད་མཐུ་སྟོབས་འགྲན་ཟླ་བྲལ་བའི་དྲེགས་བྱེད་ཆོས་སྲུང་གི་རྣམ་པར་བཞེངས་པ་འདི་དག །གངས་ཅན་སྤྱིའི་བསྟན་པ་སྲུང་བ་དང་། མཐའི་དམག་དཔུང་ཟློག་པ་དང་། རྣལ་འབྱོར་པ་སྤྱི་དང་བྱེ་བྲག་གི་ནད་གདོན་བར་ཆད་ཟློག་པ་སོགས་ལ་ལྷག་པར་བསྔགས་ཤིང་། རྩ་བ་རྡོ་རྗེའི་གསུང་ལས། སྲོག་དབང་ཐོབ་པས་སྲིད་པ་གསུམ་གྱི་དྲེགས་པ་ལས་ལ་ཁོལ་བའི་དབང་ཕྱུག་ཐོབ། ལས་རབ་འབྱམས་ཅི་བསམ་ཐམས་ཅད་འགྲུབ། ཕྱི་མ་རིག་འཛིན་རྒྱལ་བའི་གོ་འཕང་བརྙེས་པར་བསྔགས་པའི་དབང་བསྐུར་ཟབ་མོའི་ཡང་སྙིང་། རིག་འཛིན་ཌཱ་ཀིའི་བརྡ་ཆོས་ཉིད་སྒྲུབ་པར་བྱེད་པ་ལ། ཐོག་མར་འདུན་པ་འདི་བཞིན་དུ་མཛད་པར་ཞུ། ས་ཕྱོགས་དང་གནས་ཁང་འདི་ཉིད་གཏུམ་དྲག་ཧེ་རུ་ཀའི་གཞལ་མེད་ཁང་ཆེན་པོ་དུར་ཁྲོད་རབ་འཇིགས་ཀྱི་བཀོད་པ་ཡོངས་སུ་རྫོགས་པའི་ནང་དུ། བདག་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་སྤྱི་དཔལ་ཆེན་པོར་གསལ་བའི་མདུན་དུ་ཆོས་སྲུང་དྲེགས་པའི་ལྷ་ཚོགས་འོད་དང་འོད་ཟེར་གྱི་དཔལ་དུ་འབར་བ་མངོན་སུམ་དུ་བཞུགས་པ་ལ་མི་ཕྱེད་པའི་དད་མོས་རྩེ་གཅིག་པས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ༔ མཁའ་མཉམ་སྲིད་ཞིའི་སྐྱབས་ཀུན་སྙིང་པོའི་བཅུད༔ དབང་དྲག་རིག་འཛིན་པདྨ་ཐོད་ཕྲེང་རྩལ༔ ཁྱོད་སྐུར་སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་རྫོགས༔ འགྲོ་ཀུན་སྲིད་ལས་བསྒྲལ་ཕྱིར་སྐྱབས་སུ་མཆི༔ ཞེས་ལན་གསུམ། དེ་ནས་སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་བར་བྱ། དེའི་ཆེད་དུ་ལམ་ཟབ་མོ་ཉམས་སུ་ལེན་པ་ལ་འགལ་རྐྱེན་དང་བར་ཆད་ཀྱི་འཚེ་བ་ལས་སྐྱོབ་ཕྱིར་རྡོ་རྗེའི་སྲུང་མ་ཁྱད་པར་ཅན་འདི་དག་ལ་བསྟེན་པར་བགྱིའོ་སྙམ་པས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། གསང་མཆོག་འོད་གསལ་ཡེ་ཤེས་ཐིག་ལེའི་གཞིར༔ འགྲོ་ཀུན་སྒྲིབ་གསུམ་བྲལ་ནས་སྐུ་དང་གསུང༔ ཐུགས་ཀྱི་ཐིག་ལེ་ལྷུན་གྲུབ་སྣང་བཞིའི་ངང༔ གཞོན་ནུ་བུམ་སྐུར་གྲོལ་བར་སེམས་བསྐྱེད་དོ༔ ཞེས་ལན་གསུམ། སྡིག་ལྟུང་ཉམས་ཆག་དང་བཅས་པ་ལ་ལམ་གྱི་མངོན་རྟོགས་རྒྱུད་ལ་མི་སྐྱེ་ཞིང་སྲུང་མའི་དབང་པོ་རྣམས་ཀྱང་འཁུ་ལྡོག་གི་རྒྱུ་བྱེད་པས། བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བའི་སྡིག་སྒྲིབ་ཐམས་ཅད་ད་ལྟ་སྟན་ཐོག་འདི་ཉིད་དུ་བྱང་ཞིང་དག་པར་མཛད་དུ་གསོལ་སྙམ་པས་བཤགས་པ་བྱ་བ་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་དུས་གསུམ་དཀོན་མཆོག་གསུམ། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །བདག་ཅག་རྣམས་ལ་དགོངས་སུ་གསོལ། །བདག་གིས་དུས་འདི་ནས་གཟུང་སྟེ། །ཇི་སྲིད་སངས་རྒྱས་མ་ཐོབ་བར། །ལུས་ངག་ཡིད་གསུམ་དེ་ཁོ་ན། །མི་དགེ་བགྱིས་དང་བགྱིད་དུ་བསྩལ། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱི་དམ་ཚིག་ལས། །འགལ་གྱུར་ཉེས་ལྟུང་སྡིག་སྒྲིབ་བཤགས། །སྟོབས་བཞི་གཉེན་པོའི་སྒོ་ཚང་བས། །ཀུན་ཏུ་སྤྱོད་དང་རྟེན་སུན་འབྱིན། །སོར་ཆུད་པ་ཡི་རྟེན་འབྲེལ་གྱིས། །སྒོ་གསུམ་ཉེས་ལྟུང་བྱང་གྱུར་ཅིག །སྒྲིབ་གསུམ་ཕྲ་རགས་བྱང་གྱུར་ཅིག །ཐེག་དགུའི་མཐར་ཐུག་སྙིང་པོའི་དོན། །འོད་གསལ་རང་རིག་ཡེ་ཤེས་དེ། །བྲི་གང་མེད་པར་རྟོགས་པར་ཤོག །ལན་གསུམ་དང་སྤྲོ་ན། ཡེ་ཤེས་སྐུ་མཆོག་ཀྱང་བརྗོད། དེ་ནས་གུས་པའི་ཡིད་རྩེ་གཅིག་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྔམ་བརྗིད་དུར་ཁྲོད་དྲག་སྔགས་གཞལ་ཡས་ནས། ཁྲག་འཐུང་དྲེགས་པའི་གཙོ་མཆོག་ཧེ་རུ་ཀ །བདག་གིས་སངས་རྒྱས་བསྟན་པ་བསྲུང་སླད་དུ། །དྲག་སྔགས་ནུས་མཐུའི་དབང་བསྐུར་དེང་འདིར་སྩོལ། །ལན་གསུམ་བྱ། བླ་མས་རྡོ་རྗེ་སྤྱི་བོར་བཞག །དམ་ཆུ་བདུད་རྩི་ཁར་སྦྱིན་ལ། ཧོཿ སྣང་སྲིད་མེ་རླུང་འཁྲུགས་པའི་དཀྱིལ། །དྲག་སྔགས་ཆོས་སྲུང་ཕོ་བྲང་འདིར། ཁྱོད་གཞུག་སྡོམ་དང་དམ་ཚིག་སྲུངས། །རྡོ་རྗེའི་ཆུ་སྦྱིན་དམ་བཞག་གོ །དྲག་པོ་སྔགས་ཀྱི་དཀྱིལ་འཁོར་གཉན་པོ་འདིར་ཞུགས་ནས་ཕྱིན་ཆད་དམ་ཚིག་གི་རིམ་པ་ལས་ནམ་ཡང་འདར་མི་རུང་བས་དེ་ལྟར་བྱ་བའི་མོས་པས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ས་མ་ཡ་ཨི་དན་ན་ར་ཀན། ཞེས་བརྗོད། དབང་གི་གཞི་བསྒྲུབ་པའི་སླད་དུ་ཁྱེད་རང་རྣམས་དམིགས་པ་འདི་བཞིན་དུ་མཛད་པར་ཞུ། ལས་ཆུས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཉི་མའི་གདན་ལ་རང་རང་གི་རྣམ་པར་ཤེས་པའི་ངོ་བོ་དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་སྤྱི་དཔལ་རིག་འཛིན་ཆེན་པོ་བུདྡྷ་ཐོད་ཕྲེང་རྩལ་སྐུ་མདོག་མཐིང་ག་ཡུམ་དང་འཁྲིལ་བ་ལོངས་སྤྱོད་རྫོགས་པ་སྐུའི་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ། གཉིས་ཀའང་ཟུང་འཇུག་བདེ་བའི་ཉམས་ཆེན་པོ་དང་ལྡན་པ་གཅིག་ཏུ་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་རྣམས་དང་། བདག་རྡོ་རྗེ་སློབ་དཔོན་ལ་མོས་གུས་དུངས་བ་ཞིག་མཛད་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་པས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་མཐའ་བྲལ་བདེ་བ་ཆེན་པོའི་ཞིང་ཁམས་དང་། ལྷོ་ནུབ་རྔ་ཡབ་དཔལ་རི་བདེ་ཆེན་དབང་དྲག་རོལ་པའི་ཕོ་བྲང་ལ་སོགས་པར་བཞུགས་པའི་བླ་མ་རིག་འཛིན་ཡི་དམ་ཞི་ཁྲོ་མཁའ་འགྲོ་ཆོས་སྲུང་གི་ཚོགས་དང་བཅས་པའི་ཐུགས་རྒྱུད་བདེ་བ་ཆེན་པོའི་ཡེ་ཤེས་བསྐུལ་བ་ལས། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་གུ་རུ་ཐོད་ཕྲེང་སྡེ་ལྔ་དང་ཆོས་སྲུང་དྲག་པོ་སྡེ་བཞིའི་སྐུ་གསུང་ཐུགས་ཀྱི་རྣམ་པར་བྱས་ཏེ་ཡོམ་ཡོམ། ཤིག་ཤིག །ཐིབས་ཐིབས་བྱོན་པ་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་མཚོ་ནང་དུ་ཁ་བ་བབས་པ་བཞིན་སིབ་སིབ་ཐིམ་པའི་མོས་པ་མ་ཡེངས་པར་མཛོད། ཅེས་སྦྱར་སྤོས། འབེབ་རྫས། ཤ་ཆེན། གུ་གུལ་རྣམས་བདུག་ཅིང་རོལ་མོའི་འགྱུར་བ་རྔམ་བརྗིད་དང་བཅས་ཏེ་སྔོན་བསྐལ་མ་དང་། ཧཱུྃ༔ ལྷ་ཚོགས་ཀུན་གྱི་སྐུ་གསུང་ཐུགས་ཡིག་ལས༔ སོགས་དྲག་པོ་སྡེ་བཞིའི་སྤྱན་འདྲེན་གྱི་མཇུག་ཏུ། ཨོཾ་ཨཱཿཧཱུྃ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཐོད་ཕྲེང་རྩལ་ཧྲཱིཿམ་ཧ་རི་ནི་ས་ཨཱ་ཡུཿསིདྡྷི་ཕ་ལ་ཧཱུྃ། ཞེས་པ་ལ་ཆོས་སྲུང་གི་སྔགས་རྣམས་སྦྲེལ་བའི་གཤམ་དུ། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པས་བྱིན་དབབ། ཡེ་ཤེས་པ་དེ་ཉིད་སྒོ་གསུམ་ལ་བརྟན་པར་གྱུར་པའི་མོས་པ་མཛོད། ཏིཥྛ་བཛྲ། རྡོ་རྗེ་རྒྱ་གྲམ་དུ་བཀོད་ཅིང་མེ་ཏོག་འཐོར། དེས་དབང་གི་གཞི་བསྒྲུབ་པའི་རིམ་པ་སོང་ནས་དབང་དངོས་གཞི་གསན་པའི་སླད་དུ་ཞིང་ཁམས་འབུལ་བར་ཞུ། དངོས་གཞི་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་སུ་མཆིས་པའི་དང་པོ་དེ་ལ་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ལྔ་མཐའ་རྒྱས་དང་བཅས་ཡོད་པ་ལས། དང་པོ་སྐུའི་དབང་ནི། བུམ་པ་དང་པྲོག་ཞུ་ཙཀླི་རྣམས་བཏེགས་ཏེ། བུམ་པ་འདི་ཉིད་ཕྱི་བུམ་པའི་རྣམ་པ་ལ་ནང་ཁྲག་འཐུང་དྲག་པོའི་གཞལ་ཡས་ཁང་ཆེན་པོ་རྒྱ་ཁྱོན་ཚད་ལས་འདས་པའི་སྟེང་གི་ཆ་ལ་རིག་འཛིན་སྡེ་ལྔའི་དཀྱིལ་འཁོར་དང། འོག་གི་གཞི་ལ་ཆོས་སྲུང་དྲག་པོ་སྡེ་བཞི་སྤྲུལ་པ་ཡང་སྤྲུལ་ལས་བྱེད་བཀའ་ཉན་དང་བཅས་པ་གཟི་བརྗིད་ཉི་མ་འབུམ་ལྟར་འབར་ཞིང་རྔམ་པའི་ང་རོ་འབྲུག་ལྟར་ལྡིར་བ། མངོན་སུམ་བཞིན་དུ་བཞུགས་པ་རྣམས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་དང་རང་འདྲའི་སྐུ་མཐེབ་གང་པ་རེ་བྱུང་བ་ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་པས་བདུད་རྩིའི་རྒྱུན་གྱིས་མེར་ཁྲིག་གིས་གང་། ཆུ་ལྷག་མ་ཡར་ལུད་པ་ལས་དབང་རྟགས་རིགས་ལྔས་དབུ་བརྒྱན་པའི་མོས་པ་མཛོད། དབང་རྫས་རྣམས་སྤྱི་བོར་བཞག་སྟེ། ཆོས་དབྱིངས་བུམ་པ་ཁྲག་འཐུང་གཞལ་ཡས་ཁང་། །དྲག་པོའི་བཀའ་སྲུང་སྡེ་བཞིའི་འོད་སྐུ་འཁྲུགས། །རིག་འཛིན་འདུས་པའི་བྱིན་འོད་ཆི་ལི་ལི། །སྐལ་ལྡན་བུ་ལ་སྐུ་ཡི་དབང་བསྐུར་རོ། །བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧོཿ ཧཱུྃ་བཛྲ་ཕེ་ལཾ་ས་མ་ཡ་ཛཿཛ༔ ཧཱུྃ་བཛྲ་ཡ་མ་རཱ་ཙ་ས་མ་ཡ་ཛཿཛ༔ ཧཱུྃ་བཛྲ་ཏྲག་རཀྴ་ས་མ་ཡ་ཛཿཛ༔ ཧཱུྃ་བཛྲ་སཱ་དྷུ་ས་མ་ཡ་ཛཿཛ༔ ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧོཿ ཞེས་བུམ་ཆུ་སྦྱིན། དེས་ལུས་སྣང་ལྷ་སྐུའི་རོལ་པར་རྒྱས་ཐེབས། སྐུའི་དབང་བསྐུར་པ་ཐོབ། སྲིད་གསུམ་དྲེགས་པ་ཐམས་ཅད་ཀྱི་སྤྱི་དཔལ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀའི་སྐུའི་དཀྱིལ་འཁོར་དང་དབྱེར་མེད་དུ་གྱུར་སྙམ་པ་མཛོད། ཅེས་དང་ཤིས་པ་བརྗོད། དེ་ནས་བྱུག་པའི་རྫས་གསུམ་དང་ཕྱག་མཚན་རྒྱན་ཆས་རྣམས་བཏེགས་ལ། བྱུག་པའི་རྫས་དང་རྒྱན་ཆས་ཕྱག་མཚན་རྣམས་གཏད་པས། ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་བགོས་ཤིང་ཕྱག་མཚན་དུ་ཕུལ་བྱུང་སྙམ་པའི་མོས་པ་མཛོད། གནས་རྣམས་དང་ལག་ཏུ་གཏད་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཧཱུྃ། ཟག་མེད་ཀློང་ནས་མ་འགགས་སྒྱུ་འཕྲུལ་གར། །སྲིད་པ་ཐབས་ཀྱིས་འདུལ་བའི་རྫས་རྒྱན་འདིས། །སྟོབས་ཆེན་བདུད་བཞི་འཇོམས་པའི་དབང་བསྐུར་རོ། །མཐུ་རྩལ་བརྟུལ་ཞུགས་ལྡན་པའི་དབང་ཐོབ་ཤོག །ཅེས་དང་གོང་གི་སྔགས་ཀྱིས་བསྐུར། དེས་སྲིད་གསུམ་དྲེགས་པ་ཐམས་ཅད་ཀྱི་རྗེ་བཙན་དཔལ་དྲག་པོ་སྡེ་བཞིའི་སྐུ་རྒྱན་ཆ་ལུགས་ཡོངས་རྫོགས་ཀྱི་དབང་བསྐུར་པ་ཐོབ་ཅིང་མཐུ་རྩལ་ནུས་པའི་དབང་ཕྱུག་ཏུ་གྱུར་སྙམ་པ་མཛོད། ཤིས་པ་བརྗོད། གཉིས་པ་གསུང་གི་དབང་ནི། བདུད་རྩིའི་ཀ་པཱ་ལ་དང་སྒྲུབ་ཐབས་ཀྱི་གླེགས་བམ་བཏེགས་ལ། བདུད་རྩི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་འདི་ཉིད་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བཞག་པས་རྩའི་འཆིང་བྱེད་ཐམས་ཅད་བཀྲོལ་ཏེ་དྭངས་མས་རླུང་ཁམས་སྟོབས་སུ་སྨིན་པར་བྱས། སྒྲུབ་ཐབས་ཀྱི་ཡི་གེ་རྣམས་ཨཱ་ལི་ཀཱ་ལིའི་རྣམ་པར་བྱས་ཏེ་དམར་ནར་གྱིས་བྱུང་བ་མགྲིན་པར་ཞུགས་པར་གྱུར་སྙམ་པ་མཛོད། ཅེས་མགྲིན་པར་བསྐུར་ཞིང་། བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཞེས་དང་ཆོས་སྲུང་གི་སྔགས་ཤམ་དུའང་། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཞེས་བཏགས་པ་བརྗོད་ཅིང་བདུད་རྩི་སྦྱིན་ནོ། །དེས་གསུང་གསང་བའི་དབང་ཐོབ། ངག་གྲགས་སྟོང་རྒྱལ་བའི་གསུང་དབྱངས་སུ་གྱུར་སྙམ་པ་མཛོད། ཤིས་པ་བརྗོད། དེའི་མཐའ་རྟེན་བཟླས་པའི་ལུང་སྦྱིན་པ་ལ་དམིགས་པ་འདི་ལྟར་དུ་མཛོད། ཁྱེད་རང་རྣམས་ཀུན་བཟང་ཡབ་ཡུམ་དུ་གསལ་བའི་སྤྱི་བོར་རིག་འཛིན་བླ་མའི་དཀྱིལ་འཁོར། མགྲིན་པར་ཐོད་ཕྲེང་སྡེ་ལྔའི་ལྷ་ཚོགས། སྙིང་གར་དབུས་སུ་རྟ་ཕག་ཡབ་ཡུམ། དེའི་ཤར་དུ་ཀླུ་བདུད་མུན་པ་ནག་པོ། ལྷོ་རུ་སྲིན་པོ། ནུབ་ཏུ་མ་མོ། བྱང་དུ་དམ་ཅན་སྐྱེས་བུ་ཆེན་པོ་རྣམས་གསལ་ཞིང་། ལྷ་དེ་དག་སོ་སོའི་ཐུགས་ཀར་པདྨ་འདབ་བརྒྱད་ཟླ་ཉིའི་དཀྱིལ་འཁོར་གྱི་དབུས་སུ་ལྷ་སོ་སོའི་ཐུགས་སྲོག་ཧཱུྃ་ཡིག་ཁ་དོག་ལྔ་ལྡན་གྱི་མཐའ་སྐོར་དུ་རང་རང་གི་སྙིང་པོའི་སྔགས་ཕྲེང་གིས་བསྐོར་བ། བདག་སློབ་དཔོན་ཡང་དེ་དང་ཚུལ་མཚུངས་པ་ཞིག་ཏུ་གསལ་ཞིང་སྔགས་བཟླས་པའི་ཚེ་བདག་སློབ་དཔོན་གྱི་ལུས་ལ་བཀོད་པའི་ལྷ་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་མར་མེ་གཅིག་ལ་གཉིས་མཆེད་ཀྱི་ཚུལ་དུ་དམར་ནར་གྱིས་བྱུང་བ། ཁྱེད་རང་རྣམས་ཀྱི་ལུས་ལ་བསྐྱེད་པའི་ལྷ་རྣམས་ཀྱི་ཐུགས་ཀའི་སྔགས་ཕྲེང་དང་དབྱེར་མེད་དུ་གྱུར། སླར་ཡང་འོད་ཟེར་གྱི་སྣང་བས་ཁྱབ་པར་བྱས། གདུག་པ་ཅན་ཐམས་ཅད་ཚར་བཅད། རྒྱལ་བ་སྲས་དང་བཅས་པའི་མཐུ་སྟོབས་ནུས་པ་ཐམས་ཅད་བསྡུས་པར་བསམ་སྟེ་སྔགས་འདིའི་རྗེས་ཟློས་མཛད་པར་ཞུ། ཞེས་ཕྲེང་བ་གཏད་དེ། ཨོཾ་ཨཱཿཧཱུྃ་བུདྡྷ་བཛྲ་རཏྣ་སོགས་རིག་འཛིན་རྩ་སྔགས་དང་དྲག་པོ་སྡེ་བཞིའི་སྔགས་སྦྲེལ་བ་ལན་གསུམ་གསུམ་བཟླར་གཞུག །དེས་བཟླས་པའི་ལུང་དབོག་པ་གྲུབ་ཅིང་དྲེགས་པའི་གསུང་གི་ཕྲིན་ལས་ལ་དབང་འབྱོར་པར་གྱུར་སྙམ་པ་མཛོད། ཅེས་དང་ཤིས་པ་བརྗོད། གསུམ་པ་ཐུགས་ཀྱི་དབང་ནི། རྨ་བྱའི་མདོངས་དང་མེ་ལོང་ཤེལ་རྡོ་ཐུགས་སྲོག་གི་སྙིང་པོ་ཧཱུྃ་ཡིག་རྣམས་བཏེགས་ལ། ཁྱེད་རང་རྣམས་ཀྱི་སྐུ་ལུས་དང་དེའི་གནས་ལ་བཀོད་པའི་ལྷ་ཚོགས་དེ་དག་ཐམས་ཅད་འོད་ཕུང་དུ་གྱུར་པ་སྙིང་དབུས་རྟ་མགྲིན་གྱི་ཐུགས་ཀའི་ཧཱུྃ་ཡིག་ལ་བསྡུས་ཏེ། རང་གི་སེམས་དང་དབྱེར་མི་ཕྱེད་པའི་ངང་ལ་མཉམ་པར་འཇོག་པར་ཞུ། ཧཱུྃ། ཆོས་དབྱིངས་དྭངས་མའི་མེ་ལོང་དུ། །སྐུ་ལྔ་ལྷུན་གྲུབ་ཤེལ་འོད་འཕྲོ། །དབྱིངས་རིག་རྨ་བྱའི་མདོངས་བཞིན་དུ། །སྐུ་ཡི་དབྱེ་བ་ཐ་དད་ཀྱང་། །རྒྱུ་ཡི་ངོ་བོ་གཅིག་ཉིད་ལ། །མཉམ་གཞག་ཐུགས་སྲོག་ཧཱུྃ་ཉིད་དོ། །ཏིང་འཛིན་རྡོ་རྗེའི་དབང་བསྐུར་རོ། །ཧཱུྃ་ཧཱུྃ་ཧཱུྃ། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་སྙིང་གར་བསྐུར་ཞིང་། དེས་ཆོས་སྐུ་དྲི་མ་མེད་པ་མེ་ལོང་དྭངས་པ་ལྟ་བུའི་ངང་ནས་ལོངས་སྐུའི་ཡེ་ཤེས་དང་ཤེལ་འོད་ལྟར་གསལ་བ་ཟུང་དུ་འཇུག་པའི་གདངས་འགག་པ་མེད་པ་རྨ་བྱའི་མདོངས་ལྟར་ལྷ་སྐུ་སྒྱུ་མའི་རོལ་པ་མ་འདྲེས་པར་ཐ་དད་པ་ལྟར་སྣང་ཡང་ཐུགས་སྲོག་གཅིག་གི་ངོ་བོར་རོ་གཅིག་ཅིང་། དེ་ཡང་རང་སེམས་དང་དབྱེར་མེད་དུ་ངོ་འཕྲོད་པ་ནི་དྲེགས་པ་ཐུགས་ཀྱི་དབང་ཐོབ་པ་ཡིན་པས་དེའི་ངེས་ཤེས་ཀྱང་འཇོག་པར་ཞུ། ཤིས་པ་བརྗོད། བཞི་པ་ཡོན་ཏན་གྱི་དབང་ནི། སླར་ཡང་སྐུ་ཙཀ་རྣམས་དང་དྲག་པོའི་ཆས་རྣམས་བཏེག་ལ། ཁྱེད་རང་རྣམས་ཀྱི་ཕྱག་ཏུ་ཆོས་སྲུང་གི་སྐུ་དང་རྒྱན་ཆས་ལ་སོགས་པ་ཕུལ་བས་ཆེ་བའི་ཡོན་ཏན་ཐམས་ཅད་རྫོགས་ཤིང་བསྟན་པ་བསྲུང་བའི་ཕྲིན་ལས་རབ་འབྱམས་ལ་ཐོགས་པ་མེད་པའི་མཐུ་ནུས་དང་ལྡན་པར་གྱུར་སྙམ་པ་མཛོད། ལག་གཡས་སུ་གཏད་དེ། བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཛཿཧཱུྃ་བཾ་ཧོཿ ཨ་བྷི་ཥིཉྩ་ཧཱུྃ། ཆོས་སྲུང་གི་སྔགས་གཤམ་དུ་ཡང་། ཛཿཧཱུྃ་བཾ་ཧོཿ ཨ་བྷི་ཥིཉྩ་ཧཱུྃ་ཞེས་བཏགས་པས་བསྐུར། དེས་དྲག་པོ་ཡོན་ཏན་གྱི་དབང་ཡོངས་རྫོགས་ཐོབ་པ་ཡིན་པས་ངེས་ཤེས་ཀྱང་མཛོད། ཤིས་པ་བརྗོད། ལྔ་པ་ཕྲིན་ལས་ཀྱི་དབང་ནི། ཕུར་བུ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་རྣམས་བཏེགས་ལ། ཁྱེད་རང་རྣམས་ཀྱི་ཕྱག་ཏུ་འགུགས་འཆིང་སྡོམ་མྱོས་སྒྲོལ་བྱེད་ཀྱི་ཕྱག་མཚན་རྣམས་ཕུལ་བས་སྐྱེས་བུ་དཔའ་བོ་ལ་མཚོན་ཆ་སྤྲད་པ་ལྟར་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་དབང་བར་བྱས་སོ་སྙམ་པ་མཛོད། ལག་གཡོན་དུ་གཏད་ཅིང་ཐོ༷ད་ཕྲེང་སྡེ་ལྔ་དང་ཆོ༷ས་སྲུང་གི་སྔགས་གཤམ་དུ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿཧཱུྃ་ཕཊ། དེས་ཕྲིན་ལས་རབ་འབྱམས་ཀྱི་དབང་མ་ལུས་པ་ཐོབ་པ་ཡིན་པས་ངེས་ཤེས་མཛད་པར་ཞུ། ཞེས་དང་ཤིས་པ་བརྗོད། སློབ་མའི་མདུན་དུ་བྲུབ་ཁུང་ལིངྒ་དགོད། བསྒྲལ་ཆས་འདུ་བྱས་ལ། དེ་ནས་མཐའ་རྒྱས་ཀྱི་དབང་གི་ཐོག་མར་དྲག་པོའི་བསྒྲལ་དབང་བྱ་བའི་སླད་དུ། ཁྱེད་རང་རྣམས་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་ཀརྨ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཁྲོ་གཏུམ་རྔམ་པའི་གཟི་བརྗིད་བཟོད་པར་དཀའ་བ་བསྐལ་པའི་མེ་ལྟར་འབར་བའི་སྐུར་བསྐྱེད་ལ། སྤྲུལ་པ་དྲག་པོའི་ཆོས་སྲུང་འཁོར་དང་བཅས་པ་གློག་ལྟར་འཁྱུག་ཅིང་སྐར་ལྟར་འཁྲུག་པ་རྣམས་ཀྱིས་དགྲ་བགེགས་གནོད་བྱེད་དྲེགས་པ་ཅན་ཐམས་ཅད་བཀུག་ནས་མདུན་གྱི་དམིགས་རྟེན་ལ་བསྟིམ་པའི་མོས་པ་མཛོད། བྱས་ལ་སྤྲོ་ན་དྲག་པོའི་བསྒྲལ་མཆོད་ཉིད་གཏང་། བསྡུ་ན་བདེན་སྟོབས་བརྗོད་པ་དང་དགུག་འདྲེན་གང་འོས་ཀྱི་མཇུག་ཏུ་ཕུར་པ་སློབ་མའི་ཐལ་མོ་བསྣོལ་བའི་བར་དུ་སྤྲད་ལ། ཁྱེད་རང་རྣམས་ཀྱི་སོར་མོ་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བ་ལས་ཕུར་པ་སྤྲུལ་པའི་སྲས་མཆོག་བཛྲ་ཀཱི་ལ་ཡར་གསལ་བ་ལིངྒ་ལ་གདེངས་པས། དགྲ་བགེགས་ཀྱི་ཚེ་བསོད་འོད་ཀྱི་རྣམ་པར་བསྡུས་པ་ཕུར་རྩེས་བླངས་ཏེ་ཁྱེད་རང་རྣམས་ཀྱི་ཐུགས་སྲོག་ལ་ཐིམ། ཡང་གདེངས་པས་ཕུར་པའི་ཁོང་གསེང་ལས་བྱུང་བའི་བདུད་རྩིའི་ཆུ་རྒྱུན་གྱིས་དམིགས་བྱ་དེ་དག་གི་སྡིག་སྒྲིབ་ཐམས་ཅད་སྦྱངས། དེ་ནས་ཕུར་པའི་རྩེ་མོ་སྙིང་དཀར་ནག་གི་མཚམས་སུ་བསྟིམ་གྱིས་བཏབ་པས་ཁོའི་རྣམ་ཤེས་ཀྱི། དྭངས་མ་ཨ་ཡིག་དཀར་པོའི་རྣམ་པ་ཅན་དུ་བྱས་པ་དེ་ཉིད་ཕུར་པའི་ཁོང་གསེང་ནས་བརྒྱུད་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་གནས་སྤར་བའི་དམིགས་པ་དང་བཅས་ཏེ་ཕུར་གདབ་མཛད་པ་ཞུ། ཞེས་ཐོ༷ད་ཕྲེང་རྩལ་དང་ཆོ༷ས་སྐྱོང་རྣམས་ཀྱི་རྩ་སྔགས་གཤམ་དུ། མཱ་ར་ཡ་ཕཊ། མཱ་ར་ཡ་ཏི་ཧཱུྃ། ཨཾ་ན་རཏྣ་ཡ་ཧཱུྃ་ཕཊ། ཅེས་སློབ་མ་སོ་སོས་ཕུར་པ་བཏབ་ཅིང་རལ་གྲིས་གཏུབ་ཏུ་གཞུག །ལིང་རོ་ལ་བདུད་རྩི་བྲན། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས་ལ་ཆོས་སྲུང་རྣམས་སོ་སོའི་སྔགས་གཤམ་དུ། དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་ལན་གསུམ་གྱིས་འབུལ། བྱང་སེམས་དཀར་དམར་མཚོན་པའི་ཐོད་ཁྲག་དང་བདུད་རྩི་བཏེགས་ལ། དེ་ནས་ཐབས་ཤེས་སྦྱོར་བའི་དབང་བསྐུར་བ་ཡིན་པས། ཁྱེད་རང་རྣམས་ཀུན་བཟང་ཡབ་ཡུམ་ལུས་དཀྱིལ་དང་བཅས་པར་གསལ་བའི་ཡ་རྐན་ཁྲོ་བོ་ཡབ་དང་མ་རྐན་ཁྲོ་མོ་ཡུམ་གྱི་རང་བཞིན་དུ་གྱུར་པ་རྣམས། སྦྱོར་བ་མཛད་པའི་བྱང་སེམས་ཀྱིས་སྐུ་ལུས་ཀྱི་རྩ་ཁམས་ཐམས་ཅད་ཁེངས་ཤིང་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བར་གྱུར་སྙམ་པ་མཛོད། ཁྲག་ཆང་སྦྱིན་ལ། རིག་འཛིན་དང་ཆོས་སྲུང་གི་སྔགས་ཤམ་དུ། བོ་དྷི་ཙིཏྟ་ཏ་ཀྲི་ཀྲོ་དྷ་ས་མ་ཡ་ཧཱུྃ་ཞེས་བརྗོད། དེ་ནས་གཏོར་དབང་ནི། སྔར་ནས་བསྒྲུབས་ཟིན་པ་དེ་ཉིད་སྐབས་འདིར་ཡང་གསལ་འདེབས་བསྐྱར་མ་དང་མཆོད་བསྟོད་མདོར་བསྡུས་བྱ། གཏོར་མ་བཞི་ཀ་སྣོད་ཆེ་བ་ཞིག་ཏུ་བཏེགས་ལ། ཤ་ཆེན་དང་ཚིལ་ཆེན་གུལ་ཡུངས་སོགས་སྤོས་ཀྱི་བྱེ་བྲག་རྣམས་བསྲེག་ཅིང་རོལ་མོའི་རྔམ་བརྗིད་ཀྱིས་གཟི་བྱིན་བསྐྱེད་དེ། མཐའ་རྟེན་ཡོངས་རྫོགས་གཏོར་མའི་དབང་བགྱི་བ་ལ་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་འདི་དག་ཕྱི་གཏོར་མའི་རྣམ་པ་ལ་ནང་དུར་ཁྲོད་རབ་འཇིགས་ཀྱི་གཞལ་ཡས་ཁང་ཆེན་པོའི་དབུས་སུ་ཆོས་སྲུང་དྲག་པོ་སྡེ་བཞི་འཁོར་མཁའ་འགྲོ་ཆོས་སྐྱོང་བཀའ་སྲུང་སྡེ་བརྒྱད་དྲེགས་པའི་ཚོགས་དང་བཅས་པ། སོ་སོའི་རིགས་བདག་གིས་དབུ་བརྒྱན་ཏེ་དྲག་རྩལ་མཐུ་སྟོབས་ཀྱི་གཟི་བརྗིད་ཉི་མའི་ལྷུན་པོ་ལྟར་འབར་བ་ཞལ་མངོན་སུམ་དུ་ཁྲ་ལམ་མེ་བཞུགས་པ་རྣམས་ཀྱི། སྐུ་གསུང་ཐུགས་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་པ་སོ་སོའི་ལུས་ངག་ཡིད་གསུམ་ལ་ཐིམ་པས་ཆོས་སྲུང་དྲེགས་པའི་དབང་མ་ལུས་པ་གཅིག་ཅར་དུ་ཐོབ་བྱུང་སྙམ་པའི་མོས་པ་མཛོད། ཅེས་གཏོར་མ་སློབ་མའི་སྤྱི་བོར་བཞག་སྟེ། ཧཱུྃ། སྣང་སྲིད་དུར་ཁྲོད་དཀྱིལ་འཁོར་ནས། །རྒྱལ་བ་ཡོངས་ཀྱི་བསྟན་སྲུང་གཙོ། །ཕོ་རྒྱུད་མོ་རྒྱུད་མ་ནིང་དང་། །ཟ་བྱེད་གསོད་བྱེད་སྒྲོལ་བྱེད་དག །འགུག་བཅིང་བསྐྲད་དབྱེ་གཟིར་དང་མནན། །ཟློག་གསད་འཕང་བའི་ལས་འགྲུབ་པའི། །དྲེགས་པ་ཟིལ་གནོན་གཏོར་དབང་བསྐུར། །བསྟན་པ་སྲུང་བའི་ལས་མཛོད་ཅིག །ཅེས་རིག་འཛིན་དང་ཆོས་སྲུང་གི་སྔགས་མཐར་བ་ལིཾ་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་མགྲིན་པ་དང་སྙིང་གར་ཡང་བསྐུར། སླར་ཡང་གཏོར་མ་སྤྱི་བོར་བཀོད་དེ། ཧོ། ཀླུ་བདུད་མུན་པ་ནག་པོ། སྲིན་པོ་ལངྐ་མགྲིན་བཅུ། མ་མོ་ཁྲག་རལ་ནག་མོ། ཤན་པ་སྤུ་གྲི་དམར་པོ། གཏེར་སྲུང་གཉན་ཆེན་ཐང་ལྷ། དམ་ཅན་མཛོད་ལྔ་སྟག་རྩེ་སྟེ་སྣང་སྲིད་དྲེགས་པའི་སྡེ་དཔོན་ཆེན་པོ་ཁྱེད་རྣམས་དང་སྤྲུལ་པ་ཡང་སྤྲུལ་བཀའ་ཉན་ལས་བྱེད་ཕྱི་ནང་གསང་བའི་སྡེ་བརྒྱད་དྲེགས་པ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས། དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ །གུ་རུ་ཐོད་ཕྲེང་སྡེ་ལྔ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། ལྷ་བཙུན་ནམ་མཁའ་འཇིགས་མེད། རྣལ་འབྱོར་ཁམས་གསུམ་རང་གྲོལ། པདྨ་ཕྲིན་ལས་དབང་ཕྱུག །ཁྲག་འཐུང་འཇིགས་མེད་དཔའ་བོ། མི་འགྱུར་དཔལ་གྱི་སྒྲོན་མ་ལ་སོགས་ཏེ་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་རྡོ་རྗེའི་དམ་ཚིག་གཉན་པོ་ལས་མ་འདའ་བར། སྐལ་ལྡན་རྡོ་རྗེའི་སློབ་མ་འདི་རྣམས་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ་འགལ་རྐྱེན་བར་ཆད་སོལ། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་སྒྲུབས། མདོར་ན་ཐར་པ་བྱང་ཆུབ་སྙིང་པོ་ལ་མ་བཞག་གི་བར་དུ་རྡོ་རྗེའི་སྲུང་མ་མཛོད་ལ། ཉིན་གྱི་བྱ་ར། མཚན་གྱི་མེལ་ཚེ་མི་གཡེལ་བའི་ཕྲིན་ལས་མཛོད་ཅིག །ཅེས་བཀའ་བསྒོ །སྲུང་མའི་དབང་པོ་རྣམས་ཀྱིས་ཞལ་གྱིས་བཞེས་ཏེ་ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་ཐིམ་པར་གྱུར་སྙམ་པ་མཛོད། ཛཿཧཱུྃ་བཾ་ཧོཿ དེ་དག་རྣམས་ཀྱིས་སྦྱོར་སྒྲོལ་གཏོར་མའི་དབང་བཅས་ལེགས་པར་གྲུབ་པ་ཡིན་པས་མཐུ་རྩལ་ནུས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལ་དབང་འབྱོར་པའི་ངེས་ཤེས་བསྐྱེད་པར་ཞུ། ཞེས་དང་ཤིས་པ་བརྗོད། གཉིས་པ་ཐུན་མོང་མ་ཡིན་པའི་སྲོག་དབང་ནི་རྫས་དང་བརྡ་ལ་མི་ལྟོས་པ་སྤྲོས་མེད་བློ་བྲལ་གྱི་ཚིག་དབང་ཡིན་པས། ཁྱེད་རང་རྣམས་ལུས་གནད་ཇི་ལྟར་བདེ་བའི་ངང་ནས་ད་ལྟའི་ཐ་མལ་གྱི་ཤེས་པ་བཟོ་བཅོས་དང་རྐྱེན་གྱིས་མ་བསྒྱུར་བའི་རང་ངོ་ཧྲིག་གེ ཡེར་རེ། རྗེན་ནེ། བསལ་བཞག་འགྲོ་འོང་དང་བྲལ་བ་དེ་ཉིད་ལ་མ་ཡེངས་པར་མཉམ་པར་འཇོག་པ་ཞུ། ཧཱུྃ། སྣང་སྲིད་འཁོར་འདས་ཡོངས་ཀྱི་སྲོག །ཕྱི་ནང་གསང་བའི་སྡེ་བརྒྱད་དང་། །དྲེགས་པ་ཕོ་མོ་ཆོས་སྲུང་ཚོགས། །ཀུན་གྱི་རང་སྲོག་རང་རིག་ཡིན། །རང་རིག་ངོ་བོ་སྤྲོས་བྲལ་འདི། །ཀུན་ཏུ་ཁྱབ་ཅིང་ཅིར་ཡང་སྣང་། །སྣང་སྟོང་རང་བཞིན་སྐྱེ་བ་མེད། །སྐྱེ་མེད་ལྷུན་གྲུབ་རྡོ་རྗེའི་སྲོག །བླ་མ་ཡི་དམ་མཁའ་འགྲོ་དང་། །དམ་ཅན་ཆོས་སྲུང་ཅིར་བསྟན་ཡང་། །དེའི་སྲོག་རང་རིག་དེ་མ་ཉམས། །དེར་ནི་དམ་ཚིག་ས་མ་ཡ། །འདུས་པ་ཡེ་དག་ཡེ་བསྲུང་དང་། །དམ་ཚིག་རྡོ་རྗེའི་སྲོག་དབང་ཡིན། །དེ་ནས་སྣང་སྲིད་དགྲ་དང་གདོན། །བགེགས་ཀྱི་སྦྱོར་བ་མ་ཡིན་པ། །ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱས་བཏབ། །འབར་བ་སྐུ་ཡི་གར་དགུས་སྒྲོལ། །བདུད་བཞིའི་སྤོབས་པ་བརླག་པར་གྱིས། །ཞེས་བརྗོད། དེས་ཐུན་མོང་མ་ཡིན་པ་བླ་ན་མེད་པའི་སྲོག་དབང་བསྐུར་བ་ལེགས་པར་ཐོབ་པ་ཡིན་པས་ངེས་ཤེས་དང་བརྟུལ་ཞུགས་ལ་གནས་པར་མཛོད། ཅེས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་རོ། །དེ་ལྟར་བཀའ་སྲུང་དྲག་པོ་སྡེ་བཞིའི་སྲོག་དབང་ཟབ་པ་ལས་ཀྱང་ཆེས་ཆེར་དུ་ཟབ་པ་བཀའ་གཉན་ལ་བྱིན་ཆེ་བའི་རིམ་པ་དེ་ཉིད་ལེགས་པར་ཐོབ་པ་ཡིན་པས། དབང་སྲོག་དམ་ཚིག་ནི་རྡོ་རྗེ་ཐེག་པ་ལས་ཇི་སྐད་འབྱུང་བ་སྤྱི་དང་། བྱེ་བྲག་ཁྱད་པར་བའི་དམ་ཚིག་ཏུ་ཆོས་སྲུང་རྣམས་ཀྱི་བསྙེན་སྒྲུབ་དང་སྐོང་གསོ་མཆོད་བསྟོད་རྒྱུན་གཏོར་དང་དུས་གཏོར་སོགས་ལ་མ་ཆག་པར་བརྩོན་པའི་དམ་བཅའ་མཛོད་ལ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་མཇུག་བསྡུ་རྣམས་སྤྱི་ལྟར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ཆོས་སྲུང་གི་གཏོར་མཆོད་རྣམས་ཁ་གསོས། ལྕོགས་ན་སྐོང་གསོལ་རྒྱས་པར་བྱ། མཆོད་བསྟོད་དང་། རྩ་བའི་ལས་བྱང་གི་རྗེས་རིམ་རྣམས་ཚང་བར་བྱའོ། །ཐིག་ལེ་གཅིག་ཉིད་རྣམ་འགྱུར་སྣ་ཚོགས་སུ། །ཤར་བའི་རྒྱུད་གསུམ་སྲོག་ལ་དབང་ཐོབ་སྟེ། །དུག་གསུམ་འཁྲུལ་པ་དབྱིངས་སུ་རུ་ལྡོག་ནས། །འཁོར་འདས་ཟིལ་གྱིས་གནོན་པའི་མཐུ་ཐོབ་ཤོག །ཅེས་པའང་བརྒྱུད་ལྡན་དམ་པའི་གསུང་དང་ཕྱག་ལེན་གསལ་བྱེད་སྙིང་པོར་དྲིལ་ཏེ་བཀའ་སྲོལ་གྱི་རྒྱུན་ལ་ཕན་པའི་སེམས་ཀྱིས། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་གྱི་ཙ་རི་ཏྲ་དང་འདྲ་བ་ཆོས་སྲུང་གཉན་པོའི་བསྟི་གནས་འཇིགས་ལ་ཟིལ་ཆེ་བའི་གླིང་དུ་བྲིས་བ་དགེ་ལེགས་འཕེལ།། །།
གནས་བརྟན་ཕྱག་མཆོད་ (Volume 52, Text 6)
༄༅། །གནས་བརྟན་ཕྱག་མཆོད་བཞུགས། ། འོད་སྣང་ལས་གྲུབ་གསེར་གྱི་ས་གཞིའི་དབུས། །རྟ་བབས་སྤངས་པའི་རིན་ཆེན་གཞལ་མེད་ཁང་། །མཐའ་སྐོར་ཏ་ལའི་ལྗོན་པ་སྤོས་ཆུའི་ཀླུང་། །དབུས་སུ་པདྨ་སྟོང་ལྡན་གེ་སར་སྟེང་། །ཐུབ་པ་མཆོག་དང་གནས་བརྟན་བཅུ་དྲུག་རྣམས། །ཉན་ཐོས་དགྲ་བཅོམ་མང་པོའི་འཁོར་དང་བཅས། །ཐུགས་རྗེ་ཆེན་པོས་དགོངས་ཏེ་གཤེགས་སུ་གསོལ། །ཉེར་སྤྱོད་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །ཡན་ལག་བདུན་པའི་ཤིང་རྟས་དྲངས་ཏེ་འབུལ། །རྒྱལ་བ་སྟོན་མཆོག་ཁྱོད་ཀྱི་དམ་ཆོས་ནི། །མདོ་སྡེ་དང་ནི་མངོན་པའི་སྡེ་སྣོད་དེ། །བསྟན་པའི་ལམ་སྲོལ་ཇི་བཞིན་སྟོན་པ་ནི། །དམ་ཆོས་འདུལ་བའི་སྡེ་སྣོད་ཉིད་ཡིན་པས། །དེ་འཛིན་འཕགས་པའི་གནས་བརྟན་བཅུ་དྲུག་ནི། །སློབ་པ་མིན་པའི་གོ་འཕང་བརྙེས་ཟིན་ཀྱང་། །བསྟན་འགྲོའི་དོན་དུ་ཉན་ཐོས་ཚུལ་བཟུང་ནས། །བསྟན་པ་མ་ནུབ་བར་དུ་བཞུགས་ཕྱག་འཚལ། །དྲན་པ་ཉེ་བར་གཞག་པ་སོགས། །རྣམ་བྱང་རྒྱ་མཚོའི་མཆོད་སྡོང་ཆེ། །གསེར་གྱི་ལྷུན་པོ་ལྟ་བུའི་སྐུ། །སྟོན་པ་དྲང་སྲོང་ལ་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །གངས་རི་ཆེན་པོ་ཏི་སེ་ན། །འཕགས་པ་གནས་བརྟན་ཡན་ལག་འབྱུང་། །དགྲ་བཅོམ་སྟོང་དང་སུམ་བརྒྱས་བསྐོར། །སྤོས་ཕོར་རྔ་ཡབ་འཛིན་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །དྲང་སྲོང་རི་ཡི་ཤེལ་ནགས་ལ། །འཕགས་པ་གནས་བརྟན་མ་ཕམ་པ། །དགྲ་བཅོམ་བརྒྱ་ཕྲག་གཅིག་གིས་བསྐོར། །ཕྱག་གཉིས་མཉམ་གཞག་མཛད་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །ལོ་མ་བདུན་པའི་རི་ཕུག་ན། །འཕགས་པ་གནས་བརྟན་ནགས་ན་གནས། །དགྲ་བཅོམ་སྟོང་དང་བཞི་བརྒྱས་བསྐོར། །སྡིགས་མཛུབ་རྔ་ཡབ་འཛིན་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །འཛམ་བུ་གླིང་གི་ཟངས་གླིང་ན། །འཕགས་པ་གནས་བརྟན་དུས་ལྡན་ནི། །དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར། །གསེར་གྱི་རྣ་ཀོར་འཛིན་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །སིངྒ་ལ་ཡི་གླིང་ན་ནི། །གནས་བརྟན་རྡོ་རྗེ་མོ་ཡི་བུ། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །སྡིགས་མཛུབ་རྔ་ཡབ་འཛིན་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །ཆུ་བོ་ཡ་མུ་ནཱའི་གླིང་ན། །འཕགས་པ་གནས་བརྟན་བཟང་པོ་ནི། །དགྲ་བཅོམ་སྟོང་དང་ཉིས་བརྒྱས་བསྐོར། །ཆོས་འཆད་མཉམ་གཞག་མཛད་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །གནས་མཆོག་དམ་པ་ཁ་ཆེ་ན། །འཕགས་པ་གནས་བརྟན་གསེར་བེ་འུ། །དགྲ་བཅོམ་ཆེན་པོ་ལྔ་བརྒྱས་བསྐོར། །རིན་ཆེན་ཞགས་པ་འཛིན་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །ནུབ་ཀྱི་བ་ལང་སྤྱོད་ན་ནི། །བྷཱ་ར་དྷྭ་ཛ་གསེར་ཅན་མཆོག །དགྲ་བཅོམ་ཆེན་པོ་བདུན་བརྒྱས་བསྐོར། །ཕྱག་གཉིས་མཉམ་གཞག་མཛད་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །བྱང་གི་སྒྲ་མི་སྙན་ན་ནི། །འཕགས་པ་གནས་བརྟན་བཀྐུ་ལ། །དགྲ་བཅོམ་ཆེན་པོ་དགུ་བརྒྱས་བསྐོར། །ཕྱག་གཡོན་ནེའུ་ལེ་འཛིན་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །པྲི་ཡངྐུ་ཡི་གླིང་ན་ནི། །འཕགས་པ་གནས་བརྟན་སྒྲ་གཅན་ཟིན། །དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར། །རིན་ཆེན་པྲོག་ཞུ་འཛིན་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །བྱ་རྒོད་ཕུང་པོའི་རི་བོ་ལ། །འཕགས་པ་གནས་བརྟན་ལམ་ཕྲན་བསྟན། །དགྲ་བཅོམ་སྟོང་དང་དྲུག་བརྒྱས་བསྐོར། །ཕྱག་གཉིས་མཉམ་གཞག་མཛད་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །ཤར་གྱི་ལུས་འཕགས་གླིང་ན་ནི། །བྷཱ་ར་དྷྭ་ཛ་བསོད་སྙོམས་ལེན། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །གླེགས་བམ་ལྷུང་བཟེད་འཛིན་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །ལྷ་གནས་སུམ་ཅུ་རྩ་གསུམ་ན། །འཕགས་པ་གནས་བརྟན་ལམ་བསྟན་ནི། །དགྲ་བཅོམ་ཆེན་པོ་དགུ་བརྒྱས་བསྐོར། །གླེགས་བམ་ཆོས་འཆད་མཛད་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །རི་ཡི་རྒྱལ་པོ་ངོས་ཡངས་ལ། །འཕགས་པ་གནས་བརྟན་ཀླུ་ཡི་སྡེ། །དགྲ་བཅོམ་སྟོང་དང་ཉིས་བརྒྱས་བསྐོར། །བུམ་པ་འཁར་གསིལ་འཛིན་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །རི་ཡི་རྒྱལ་པོ་བྷི་ཧུ་ལར། །འཕགས་པ་གནས་བརྟན་སྦེད་བྱེད་ནི། །དགྲ་བཅོམ་སྟོང་དང་བཞི་བརྒྱས་བསྐོར། །ཕྱག་གཉིས་གླེགས་བམ་འཛིན་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །རི་ཡི་རྒྱལ་པོ་གངས་ཅན་ལ། །འཕགས་པ་གནས་བརྟན་མི་ཕྱེད་པ། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །བྱང་ཆེན་མཆོད་རྟེན་འཛིན་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །འཕགས་པ་དགེ་བསྙེན་དྷརྨ་ཏཱ། །རལ་པའི་ཐོད་བཅིངས་གླེགས་བམ་ཁུར། །སྣང་བ་མཐའ་ཡས་མདུན་ན་བཞུགས། །རྔ་ཡབ་བུམ་པ་འཛིན་ཕྱག་འཚལ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རང་རང་འཁོར་འདུལ་སྒོ་བཞི་སྐྱོང་། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་ལོ། །བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །ལྷག་པའི་ཚུལ་ཁྲིམས་བསླབ་པ་མཆོག་ལྡན་གཟུགས། །བསྟན་པའི་གཞི་མ་དམ་ཆོས་འདུལ་བ་ནི། །འཇིགས་སྐྱོབ་ལེགས་སྨོན་བློ་དང་མ་འདྲེས་པར། །འཁོར་བའི་རང་བཞིན་སྡུག་བསྔལ་བདེན་པ་རུ། །ཤེས་ནས་དེའི་རྒྱུ་ཀུན་འབྱུང་སྤོང་བྱེད་ཅིང་། །ལམ་གྱི་བདེན་པ་ལས་འབྲས་བསླུ་མེད་དང་། །གཞན་གནོད་གཞི་བཅས་དགེ་སྦྱོང་ཆོས་བཞི་བརྟག །ཉིས་བརྒྱ་ལྔ་བཅུ་སྤོང་བའི་ཚུལ་ཁྲིམས་དང་། །བཅུ་བདུན་བླང་བྱ་འཇུག་པའི་ཚུལ་ཁྲིམས་ལ། །ཕམ་ལྟུང་ཉེས་བྱས་ལྷག་མའི་སྐྱོན་བྲལ་ཞིང་། །གཞི་གསུམ་ཆོ་གས་རྣམ་པར་བྱང་བའི་ཁམས། །རྒྱུན་དུ་ཞུགས་སོགས་དགེ་སྦྱོང་འབྲས་བུ་བཞིར། །མངོན་པར་བྱང་ཆུབ་ལྷག་པའི་བསམ་གཏན་དང་། །ལྷག་པའི་ཤེས་རབ་རྣམ་པར་བྱང་བའི་གཟུགས། །དཀར་པོ་རྣམ་པར་འཕེལ་བའི་ས་བརྒྱད་ཀྱིས། །འགོག་བདེན་མངོན་གྱུར་དགྲ་བཅོམ་ཐོབ་པར་ཤོག །ཅེས་པའང་མོས་ལྡན་གྱི་སློབ་མའི་མཆོག་ཏུ་གྱུར་པ་ཉི་གྲགས་གསུམ་པ་རིན་པོ་ཆེའི་ངོར། ཁ་ཆེ་པཎྜི་ཏའི་གསུང་རང་སོར་བཞག་ལ་སྔོན་རྗེས་ཀྱི་ཚིགས་བཅད་བསྣན་ཏེ་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་དབུར་སྟོད་འབྲི་གུང་དུ་སྦྱར་པའོ། །དགེའོ། །དགེའོ། །དགེའོ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
བདེ་གཤེགས་ཡོངས་འདུས་ལས༔ མ་ཆགས་སྒྲུབ་པའི་རྒྱུན་གྱི་ལམ་ཁྱེར་རྡོ་རྗེ་མི་འགྱུར་བ་ (Volume 16, Text 6)
༁ྃ༔ བདེ་གཤེགས་ཡོངས་འདུས་ལས༔ མ་ཆགས་སྒྲུབ་པའི་རྒྱུན་གྱི་ལམ་ཁྱེར་རྡོ་རྗེ་མི་འགྱུར་བ་བཞུགས་སོ༔ ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ྈྈྈྈ མ་འོངས་སྙིགས་མ་ལྔ་བདོའི་ངན་དགུའི་དུས༔ གདུལ་དཀའི་གཉེན་པོ་སྒྲུབ་ཆེན་བཀའ་བརྒྱད་ལས༔ འཇིགས་ཚོགས་ལས་ཀྱིས་མནར་བའི་གཉེན་པོར་ནི༔ གང་འདུལ་ཟབ་ཁྱད་གནད་དུ་འདི་བསྣུན་ནོ༔ ས་མ་ཡ༔ འདུ་འཛི་ཕྱི་ཤོལ་དབང་བཙན་ནམ༔ མདུན་སྟབས་བློ་དང་སྤྲོས་པས་མ་ཐེངས་སོགས༔ འདུལ་མཛད་སྙིང་པོའི་ཡང་སྙིང་ཐིག་ལེའི་དྭངས༔ ཞུན་མར་སྦྱར་བའི་སྙིང་པོ་འདི་རོལ་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས་སྲུང་འཁོར་ནི༔ ཨེ༔ ནམ་མཁའ་ཆོས་འབྱུང་དབྱེར་མེད་ཧཱུྃ་མཛད་མཐིང༔ ཧཱུྃ༔ ཕྱི་རིམ་ཁྲོ་བཅུ་མི་གཡོ་འཁོར་ལོ་འཁོར༔ རྡོ་རྗེ་མཚོན་ཆ་ཡེ་ཤེས་མེ་རིའི་གུར༔ དེ་དབུས་མཚན་རྫོགས་གཞལ་ཡས་ཁང་གི་དབུས༔ པདྨ་ཉི་ཟླ་ལྷ་ཀླུའི་གདན་སྟེང་དུ༔ ཆེ་མཆོག་ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང༔ རྡོ་རྗེ་ཐོད་འཛིན་དུར་ཁྲོད་དཔལ་ཆས་བརྒྱན༔ དབྱིངས་ཕྱུག་དགྱེས་པར་མཉམ་རོལ་མངོན་པར་འབར༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨཱ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ དེ་ནས་སྒྲུབ་པ་དངོས་ལ་འཇུག་པ་ནི༔ ཧཱུྃ་ཧཱུྃ༔ རང་ཉིད་རིག་རྩལ་སྐད་ཅིག་དྲན་རྫོགས་སུ༔ དཔལ་ཆེན་ཆེ་མཆོག་དབུ་ནི་ཉི་ཤུ་གཅིག༔ ཕྱག་མཚན་ཞེ་གཉིས་ཞི་བའི་དཀྱིལ་འཁོར་འཛིན༔ ས་ལམ་ཡོངས་རྫོགས་གང་འདུལ་མཛད་པའི་སྐུའི༔ ཞབས་བརྒྱད་ལྷ་ཀླུ་བྱོལ་སོང་ཁྲི་ལ་འགྱིངས༔ སྤྱི་གཙུག་ཀུན་བཟང་བདེ་གཤེགས་དཀྱིལ་འཁོར་རྫོགས༔ སྤྱི་བོར་འཇམ་དཔལ་མགྲིན་པར་དབང་ཆེན་དཔལ༔ ཐུགས་ཀར་ཁྲག་འཐུང་གསང་བར་ཧེ་རུ་ཀ༔ ལྟེ་བར་ཕུར་པ་ཕྲིན་ལས་དཀྱིལ་འཁོར་རྫོགས༔ གཡས་གཡོན་པུས་མོར་དྲེགས་པ་དྲག་སྔགས་དང༔ རྡོ་རྗེའི་གཤོག་རྩེར་རིགས་ལྔའི་ཁྱུང་ཆེན་སོགས༔ མ་འདྲེས་ཡོངས་རྫོགས་འཁོར་བཅས་སྐུར་བསྒོམས་ལ༔ དགོངས་པ་གསལ་གདབ་བྱིང་རྒོད་སྤངས་བྱས་ཏེ༔ སྙིང་པོ་ཡང་གསང་རིག་པའི་རྩལ་སྦྱང་བཟླས༔ ཞི་བའི་དལ་དབྱངས་དྲག་པོའི་འགྱིང་འདོར་གྱིས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞག་བདུན་འབུམ་ཕྲག་གསུམ་བསྙེན་རྩ་བསྙེན་རྫོགས༔ རིག་རྩལ་བསྲེ་འཕོའི་འཕྲོ་འདུ་ཅིར་ཡང་སྒྱུར༔ ཁ་དོག་ལྔ་ལྡན་རིགས་ཀྱི་ཐུགས་རྒྱུད་བསྐུལ༔ བཟླས་དང་རླུང་གི་འཕྲོ་འདུའི་རྩལ་འབྱིན་གྱིས༔ ཉི་ཁྲི་ཆིག་སྟོང་ཞག་གི་གྲངས་བསྙེན་འདི༔ གསང་སྔགས་ལམ་གྱི་མཐར་ཐུག་འདི་ཁོ་ན༔ དུས་གསུམ་རྒྱལ་བའི་ཐུགས་ཐིག་འདི་ལ་རྫོགས༔ ཕྱོགས་བཅུའི་དུས་གསུམ་ཡི་དམ་ཐུགས་སྙིང་འདི༔ བཟླས་པས་འགྲོ་འོང་རིག་མདངས་སླར་བཟླུམས་ཏེ༔ གསང་སྔགས་མཐར་ཐུག་འཇུག་པ་གཅིག་པུའི་ལམ༔ ས་མ་ཡ༔ རྫོགས་རིམ་ནི༔ ལྷ་དང་སྔགས་ལ་རྩོལ་བྱེད་རང་སྣང་དེ༔ གསལ་བཞིན་གསལ་བའི་ངོ་བོ་རང་གསལ་གདབ༔ གསལ་ཆ་གཉིས་མེད་ངོ་བོ་རང་གྲོལ་གྱི༔ དོན་གྱི་ལམ་འདི་བཞག་པའི་ཡུལ་མགོ་མཐོང༔ ཅིར་སྣང་ངོ་བོ་ཆོས་ཉིད་རོལ་པའི་རྒྱན༔ སྣང་བ་ལྷར་ཤར་སྟོང་པ་རང་གྲོལ་གྱིས༔ བདེ་ཀློང་གཉིས་མེད་རང་གྲོལ་རོལ་པ་ཆེར༔ ཆེད་འཛིན་འདུས་མ་ཡེ་བྱས་གནས་འདི་འགྲུབ༔ སྣང་བ་ཆེ་མཆོག་སྟོང་པ་གནམ་ཞལ་གྱི༔ ངོ་བོ་དེ་ལས་ལོགས་སུ་རྩོལ་སྒྲུབ་སྟོང༔ ཡི་དམ་རང་ངོ་ཤར་ཞིང་རེ་དོགས་སྟོང༔ རྩོལ་མེད་ཡེངས་པ་མེད་པའི་ལམ་ཁྱེར་འདིས༔ གྲུབ་པའི་རང་ས་ཟིན་གྱི་གཞན་ལས་མིན༔ རང་གསལ་ལྟ་བ་མི་གཡོ་བསྒོམ་པའི་ངང༔ རྩོལ་མེད་སྤྱོད་པ་ཡེངས་མེད་འབྲས་བུ་ཡི༔ མི་གཡོ་གདོད་མའི་གཞི་ཡི་ས་ཟུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དཔལ་མགོན་དྲེགས་པའི་ཚོགས་ཀྱིས་བཀའ་འདི་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་རོལ་པ་བདེ་ཆེན་ཁང་ནས་སྤྱན་དྲངས་པའི་རིན་པོ་ཆེའི་ཤོག་སེར་ལས། ཀློང་གསལ་སྙིང་པོས་ཁོལ་རི་གསང་སྔགས་སྒྲུབ་ཁང་རྩེར་དག་པར་ཕབ་པའི་ཡི་གེ་པ་ནི་ཀུན་བཟང་པདྨ་སྟོབས་ཆེན་ནོ། །མངྒ་ལཾ།། །།
ལྷན་ཐབས་ལོ་རྒྱུས་སྟོང་ཐུན་འཛུད་བྱང་ (Volume 47, Text 6)
ལྷན་ཐབས་ལོ་རྒྱུས་སྟོང་ཐུན་འཛུད་བྱང་ནི། <!TCC Tibetan character 4,97 undefined in unicode!> འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་རྙེད་པར་དཀའ་བའི་དལ་འབྱོར་གྱི་ལུས་རྟེན་རིན་པོ་ཆེ་འདི་ཉིད་ཡུན་དུ་འཚོ་བའི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྒྲུབ་པ་སྐབས་སུ་བབས། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་དེ་ཉིད་ཀྱིས་རང་རང་གི་སྐལ་པ་དང་འཚམ་པར་ཐབས་ཚུལ་ཇི་སྙེད་ཅིག་གསུངས་པ་ལས། འདིར་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝས་གསུང་པའི་གསང་བདག་རྡོ་རྗེ་གཏུམ་པོའི་ལས་ཚོགས་གཟའ་ཀླུ་སྡེ་བརྒྱད་ཀྱི་དུག་དབྱུང་ཁྱད་པར་ཅན་ཏེ། དེ་ལ་ཐོག་མར་ཡིད་ཆེས་ཤིང་ཁུངས་བཙུན་པའི་ཕྱིར་བླ་མ་བརྒྱུད་པའི་ལོ་རྒྱུས་བརྗོད་པ་དང་འབྲེལ། དེ་ལས་བྱུང་བའི་གདམས་པ་དངོས་ལག་ལེན་དུ་བྱ་བ་སྟེ། དེ་ཡང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཞིང་ཁམས་ནས༔ དཔལ་ཀུན་ཏུ་བཟང་པོ་ཆོས་སྐུ་ཅིའི་ངོ་བོར་ཡང་མ་གྲུབ་པ་དེ་ཞལ་ཕྱག་གི་རྣམ་པར་བཞེངས་ཏེ༔ དེའི་རྩལ་ཉིད་དང༔ བདག་ཉིད་ཀྱི་ཐུགས་རྗེ་ལས༔ འོག་མིན་གནས་སུ་རྡོ་རྗེ་འཆང་ཆེན་པོར་སྐུར་སྤྲུལ༔ གསང་སྔགས་ཀྱི་རྒྱུད་ལུང་ཐམས་ཅད་བྱིན་གྱིས་བརླབས་པ་ཙམ་དུ་གནང༔ རྡོ་རྗེ་འཆང་གིས་ཀྱང་སྤྲུལ་སྐུ་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་ཏནྟྲ་སྡེ་བཅོ་བརྒྱད་བརྡ་བསྟན་པ་ཙམ་དུ་གནང༔ རྡོ་རྗེ་སེམས་དཔའ་དང་ཕྱག་ན་རྡོ་རྗེས་རི་མ་ལ་ཡ་གནམ་ལྕགས་འབར་བའི་རྩེ་མོར་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་ཕྱག་ན་རྡོ་རྗེ་ཕྱི་ནང་གསང་བ་ཡང་གསང་བླ་ན་མེད་པའི་གདམས་སྐོར་གནང་བ་ནི༔ ཕྱི་མཆོད་རྟེན་སྔོན་པོའི་རྒྱུད༔ ནང་འཕགས་པ་གོས་སྔོན་ཅན་གྱི་རྒྱུད༔ གསང་བ་དྲེགས་པ་ཀུན་འདུལ་གྱི་རྒྱུད༔ ཡང་གསང་གཏུམ་པོ་མེ་འབར་གྱི་རྒྱུད༔ བླ་མེད་མེ་ལྕེ་ཕྲེང་བའི་རྒྱུད་དང་ལྔའོ༔ དེའི་དུས་སུ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་རྒྱུད་དང་མན་ངག་རྣམས་རྫོགས་པར་གསན་ཏེ། དུར་ཁྲོད་ཆེན་པོ་གཏུམ་དྲག་འབར་བར་བྱོན་ནས་སྒྲུབ་པ་མཛད་པས་ཞལ་དངོས་སུ་གཟིགས། སྣང་སྲིད་ལྷ་འདྲེ་ཐམས་ཅད་བྲན་དུ་ཁོལ། སླར་ཡང་གངས་ཅན་གྱི་ལྗོངས་སུ་བྱོན་པའི་ཚེ། མངའ་བདག་ཁྲི་སྲོང་ལྡེའུ་བཙན་ཀླུའི་དུག་གིས་བསྙུན་པ་ན། གདམས་སྐོར་ཟབ་མོ་འདི་ཉིད་གསུངས་པའི་མོད་ལ་རྒྱལ་པོ་བསྙུན་ལས་གྲོལ་ཞིང་། ཡེ་ཤེས་མཚོ་རྒྱལ་གྱིས་བཀའི་བསྡུ་བ་པོ་མཛད་ནས། སྨོན་ལམ་བཏབ་སྟེ། གཏེར་དུ་སྦས་པ། ཨོ་རྒྱན་ཡབ་ཡུམ་གྱིས་སྨོན་ལམ་དང་། མཁའ་འགྲོའི་ལུང་བསྟན་ལ་བརྟེན་ནས། མངའ་བདག་ཚངས་པ་ལྷའི་མེ་ཏོག་གི་སྲས་མོ་ལྷ་ལྕམ་པདྨ་གསལ་གྱི་ཡང་སྲིད་སྤྲུལ་པའི་གཏེར་ཆེན་༧རིག་འཛིན་པདྨ་གླིང་པས། ལྷོ་བྲག་སྨན་མདོའི་བྲག་སེང་གེའི་གདོང་པ་ཅན་ནས་གདན་དྲངས་པར་མཛད་པའི་གསང་བདག་རྡོ་རྗེ་གཏུམ་པོའི་གདམས་སྐོར་གྱི་ལས་ཚོགས་གཟའ་ཀླུ་སྡེ་བརྒྱད་ཀྱི་དུག་དབྱུང་ཁྱད་པར་ཅན་ཏེ། འདི་ལྟ་བུའི་ལས་ཚོགས་གཟའ་ཀླུ་སྡེ་བརྒྱད་ཀྱི་དུག་དབྱུང་བ་ནི་སྔོན་གྱི་ལག་ཁྲིད་དང་རྗེས་ཀྱི་མན་ངག་ཟུང་དུ་བྱེད་པ་སྟེ། དེ་ལ་ཕྲིན་ལས་བཅོལ་བ། བཀྲུ་བ། བྱབ་པ། གནད་དབབ། དུག་དབྱུང། ཡས་སྐྱེལ། སྲུང་བ་སྟེ་དོན་ཚན་བདུན་དུ་མཆིས་པའི། དང་པོ་ཕྲིན་ལས་བཅོལ་བ་ལ་དམིགས་པ་འདི་བཞིན་དུ་གནང་བ་ཞུ། གནས་ཁང་འདི་ཡང་བྱང་ཕྱོགས་ལྕང་ལོ་ཅན་གྱི་ཞིང་ཁམས་དངོས་ཡིན་སྙམ་པ་དང། ཁོ་བོ་ཡང་གསང་སྔགས་རིག་སྔགས་གཟུངས་སྔགས་ཐམས་ཅད་འདུས་པའི་བདག་ཉིད། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་གཏུམ་པོ་ཆེན་པོ་ལ་ཁྲོ་བོ་ཁྲོ་མོ་རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་ཏེ་མངོན་སུམ་དུ་བཞུགས་ཡོད་སྙམ་པའི་མོས་པ་དང་། ད་ལྟ་ཁྱེད་རང་གཟའ་ཀླུ་སྡེ་བརྒྱད་འབྱུང་པོ་གདུག་པ་ཅན་རྣམས་ཀྱིས། མཐོང་རེག་ཁ་རླངས་ཀྱི་དུག་གིས་བཏབ་པའི་ལུས་ལྕི་ཞིང་འཐིབས་པ་ཟུག་གཟེར་དང་བཅས་པའི་ངག་སྨྲ་བརྗོད་ལྐུགས་ཤིང་བརྗོད་མི་བདེ་བས་ཡིད་མྱོག་ཅིང་རྨོངས་ལ་འཐིབས་པ་ཞིག་ཏུ་བསམས་ཏེ། ངེད་ལ་སྐྱབས་སུ་གསོལ་བས། ངེད་ཀྱིས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་ཁྲོ་བོ་བཅུའི་འཁོར་གྱིས་བསྐོར་བ་མངོན་སུམ་དུ་སྤྱན་དྲངས་ནས་དཔུང་གི་ར་མདར་སྦྲན་ཏེ། ཁྱོད་རང་གི་ནད་གདོན་ཆག་ཆེ་ཉམ་ང་ཐམས་ཅད་བསལ་བའི་ཕྲིན་ལས་ཞུ་བ་ཡིན་པས་དེ་ལྟ་བུའི་མོས་པ་མཛོད། ཅེས་སྦྱར། ༈ སློབ་དཔོན་གསང་བའི་བདག་པོ་སོགས་དུག་སྦྱོང་གཞུང་ལ་འཇུག་གོ །དབང་ཆོག་གི་དབང་བཤད་སོགས་དང་བསྟུན་ནས་ཞེ་ཆེན་པར་གསར་སྐབས་ཞུ་དག་ཐ་མའི་སྲི་ཞུ་པ་དྭགས་པོ་སྤྲུལ་སྐུས་བྲིས་ཏེ་ཉེར་མཁོར་རློམ་པས་བཞག་པའོ།།
བྱིན་དབབ་པ་ (Volume 7, Text 6)
བྱིན་དབབ་པ་ནི༔ ཧཱུྃ་ཧྲཱི༔ དུས་གསུམ་རྒྱལ་སྲས་པདྨ་ཐོད་ཕྲེང་རྩལ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་དང་བཅས༔ དཔའ་བོ་དཔའ་མོ་དམ་ཅན་རྒྱ་མཚོ་རྣམས༔ ཀུན་ཀྱང་ཡེ་ནས་ཆོས་སྐུ་སྐྱེ་མེད་ལས༔ སྤྲུལ་བསྒྱུར་གཟུགས་སྐུས་འགྲོ་དོན་མཛད་པའི་ཕྱིར༔ ཐུགས་དམ་རྒྱུད་བསྐུལ་དབྱིངས་ནས་སྐུ་བཞེངས་འཚལ༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ ཆོས་ཀྱི་དབྱིངས་ནས་འགྲོ་དོན་སྐུར་སྤྲུལ་ལ༔ རྣལ་འབྱོར་མཆེད་ལྕམ་རིག་འཛིན་སྒྲུབ་པ་པོས༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་བྱའི་ཕྱིར༔ བླ་མ་ཡི་དམ་མཁའ་འགྲོ་སྲུང་མའི་ཚོགས༔ སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས༔ རྫུ་འཕྲུལ་མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང༔ བྱིན་རླབས་མཆོག་དང་ཐུན་མོང་དངོས་གྲུབ་རྣམས༔ གཡེལ་བ་མེད་པར་དུས་འདིར་ཆར་ལྟར་ཕོབ༔ བླ་མ་ཡི་དམ་མཁའ་འགྲོ་སྲུང་མའི་ཚོགས༔ མཛད་པའི་རྣམ་ཐར་ཆོ་འཕྲུལ་བསམ་མི་ཁྱབ༔ སྤྲུལ་པ་ཡང་སྤྲུལ་དྷཱ་ཀི་ཕོ་ཉར་བཅས༔ སྐུ་ཡི་རྣམ་འགྱུར་གར་སྟབས་གློག་ལྟར་འཁྱུག༔ གསུང་གི་གདངས་སྐད་ང་རོ་འབྲུག་ལྟར་སྒྲོག༔ བརྩེ་བའི་ཐུགས་རྗེའི་བྱིན་རླབས་ཆར་ལྟར་འབེབ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ དཀྱིལ་འཁོར་གཞལ་ཡས་འདི་ལ་བྱིན་གཅིག་ཕོབ༔ ཕྱི་ནང་གསང་དབང་མ་ལུས་བསྐུར་དུ་གསོལ༔ རྣལ་འབྱོར་སྒྲུབ་མཆོག་རྣམས་ལ་བྱིན་གྱིས་རློབས༔ ཕོ་བྲང་ཆེན་པོ་འདི་ལ་བརྟན་པར་བཞུགས༔ དཔལ་ཆེན་ཁྱེད་ཀྱི་མཐུ་རྩལ་ནུས་པ་ཕྱུངས༔ རྟགས་དང་མཚན་མ་མ་ལུས་བསྟན་དུ་གསོལ༔ མཁྱེན་བརྩེ་ནུས་མཐུའི་ཐུགས་དམ་དུས་ལ་བབ༔ མ་གཡེལ་མ་གཡེལ་བླ་མ་ཡི་དམ་ལྷ༔ མ་གཡེལ་མ་གཡེལ་དཔའ་བོ་མཁའ་འགྲོའི་ཚོགས༔ རང་བཞིན་གནས་ནས་སྐུ་བསྐྱོད་འདིར་གཤེགས་ལ༔ དབང་ཆེན་ཁྱེད་ཀྱིས་བདག་ལ་དབང་སྐུར་ལ༔ བྱིན་ཆེན་ཁྱེད་ཀྱིས་བདག་ལ་བྱིན་ཕོབ་ཅིག༔ བླ་མ་སྐུ་ཡི་ཡེ་ཤེས་གཟི་བརྗིད་ཆེ༔ རྣལ་འབྱོར་ལུས་ལ་བདེ་བ་བསྐྱེད་དུ་གསོལ༔ ཡི་དམ་གསུང་གི་བྱིན་རླབས་ནུས་པར་ལྡན༔ སྒྲུབ་པ་མཐར་ཕྱིན་དངོས་གྲུབ་བསྩལ་དུ་གསོལ༔ མཁའ་འགྲོ་ཐུགས་ཀྱི་དགོངས་པ་ཀློང་དུ་གྱུར༔ ཇི་བསམ་ཡིད་བཞིན་འགྲུབ་པར་མཛད་དུ་གསོལ༔ དཔལ་ཆེན་ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་དྷེ་ཝ་དྷཱ་ཀི་ནཱི༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ༔ བཛྲ་མ་ཧཱ་ཀྲོ་དྷ་ཤཱནྟི་ཀ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་སིདྡྷི༔ ཀཱ་ཡ་ཝཱ་ཀ་ཙིཏྟ༔ ཛྙཱ་ན་སཏྭ་ཨ་མི་དྷེ་ཝ༔ མ་མ་ཙིཏྟ་སཾ་བྷ་ཝ་ཨ་དྷིཥྛ་ནཾ༔ མ་མ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ༔ ཨཱ་ཝེ་ཤ་ཡ་སཏྭཾ་བྷ་ཡ་ར་ར་ར་ར་ཙཱ་ལ་ཡ་ཧཱུྃ༔ ཨཱཿཛྷཻཾ་ས་མ་ཡ་ཨ་ཝེ་ཤ་ཡ་ཧྲིཾ་ཧྲིཾ༔ ཕེཾ་ཕེཾ༔ ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཞེས་པས་ཡེ་ཤེས་བྱིན་ཆེན་དབབ་ཅིང་ཛཔ྄་དང་བཅས་པས་བྲོ་གར་འཁྲབ་པ་ལ་སོགས་བྱའོ༔ ལས་བྱང་ཚངས་པའི་སྒྲ་དབྱངས་ལས་སོ།། །།
རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ འདོད་ཆགས་རྡོ་རྗེའི་ཤོག་དྲིལ (Volume 55, Text 6)
རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ འདོད་ཆགས་རྡོ་རྗེའི་ཤོག་དྲིལ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཌཱ་ཀི་ནཱི༔ དཔལ་པདྨ་མཁའ་འགྲོ་ལ་ཕྱག་འཚལ་ལོ༔ འདོད་ཆགས་ལམ་དུ་ཁྱེར་བ་འདི་ལ་དོན་གཉིས་ཏེ༔ རྒྱུ་དང་རྐྱེན་གཉིས་སོ༔ དེ་ལ་དང་པོ་རྒྱུ་རང་ལ་བརྟེན་པའི་འདོད་ཆགས་ལ་ཡང་གཉིས་ཏེ༔ གཞི་ཉོན་མོངས་ཀུན་གཞིའི་འདོད་པ་དང༔ དེ་ལ་བརྟེན་ནས་འཁྲུལ་པ་མ་རིག་པའི་འདོད་པའོ༔ ཉོན་མོངས་ཀུན་གཞིའི་འདོད་པ་དེ་ནི༔ ཡེ་གདོད་མ་ནས་རང་བཞིན་གྱིས་དག་པ་གཅིག་ཡིན་ཏེ༔ དུས་གསུམ་སངས་རྒྱས་ཀྱི་དགོངས་པ༔ སེམས་ཅན་ཀུན་ལ་ཁྱབ་པ་འདི་ཡིན་ཏེ༔ སངས་རྒྱས་ཀྱིས་མ་བཅོས༔ སེམས་ཅན་གྱིས་མ་བསླད༔ གློ་བུར་གྱི་དྲི་མ་དང་བྲལ་བ་གཅིག་ཡིན་པ་ལ༔ དེ་ངོ་མ་ཤེས་པས་ཉོན་མོངས་པའི་འདོད་པ་སྐྱེས་ནས༔ འཁྲུལ་པ་མ་རིག་པའི་འདོད་པ་ལ་བརྟེན་ནས༔ ཕྱི་རོལ་ཡུལ་སྣང་གི་དངོས་པོ་ལ་འདོད་པ་སྐྱེས་ཏེ༔ དུག་ལྔ་དུག་གསུམ་དུ་ཤར་ཏེ༔ འཁོར་བ་ན་འཁྱམས་པའོ༔ དེ་ལ་དང་པོ་གཞི་རང་ལ་བརྟེན་པའི་འདོད་པའི་མཁན་པོ་རྩད་གཅད་པ་ནི༔ ཕྱིའི་ཡུལ་སྣང་དུ་བུད་མེད་ཡིད་དུ་འོང་བའམ༔ རང་དང་སྣང་བ་མཐུན་པ་ལ་སོགས་དང་འཕྲད་པའམ༔ མཐོང་བའི་དུས་སུ༔ དེ་ཡིད་ལ་འདོད་ན༔ དེ་ལ་ངོ་བོ་ཅི་འདུག༔ གཟུགས༔ ཁ་དོག༔ དངོས་པོ་ཅི་འདུག་ལེགས་པར་ཐག་བཅད༔ དེ་ཐོབ་པ་ལ་ཡོན་ཏན་ཅི་འདུག༔ མ་ཐོབ་པ་ལ་ཤོར་རྒྱུ་ཅི་འདུག༔ འདོད་མཁན་ལ་ཐག་བཅད༔ དེ་ལ་གཟུགས་ཁ་དོག་དངོས་པོ་ཅི་ཡང་མ་རྙེད་པར་དེ་འདོད་པའི་མཁན་པོ་རང་གི་སེམས་སུ་ཐག་ཆོད་ཅིང་ངོ་ཤེས་ཙ་ན༔ ཕྱི་རོལ་གྱི་ཡུལ་སྣང་ལ་འདོད་པ་སྐྱེས་པ་ཐམས་ཅད༔ རང་གི་སེམས་ཀྱི་ཆོ་འཕྲུལ་མ་གཏོགས་པ༔ དོན་ལོགས་ན་གཅིག་ཀྱང་མེད་པར་ཤེས་ཏེ༔ ཕྱི་རོལ་གྱི་ཡུལ་སྣང་གིས་ཚུར་ཡོངས་ནས་རང་ལ་གནོད་མ་བསྐྱལ༔ རང་གིས་ཕར་ཕྱིན་ནས་ཡུལ་སྣང་ལ་ཕན་མ་བཏགས༔ ངོ་རང་ཐོག་ཏུ་འཕྲོད་ནས༔ འདོད་པའི་མཁན་པོ་ངོ་བོ་རང་སྟོང་དུ་ངོས་གཟུང་མེད་པར་འཆར༔ དེ་ཙ་ན་འདོད་པའི་མཁན་པོ་རྩད་ཆོད་པ་ཡིན་ནོ༔ མཁན་པོ་རྩད་ཆོད་ཙ་ན༔ ཕྱི་རོལ་དུ་བུ་མོ་ལ་སོགས་པ་ལེགས་པ་ཅི་མཐོང་ཡང༔ རང་སྣང་དུ་ངོ་ཤེས་ཏེ་དབྱེར་མེད་དུ་ཁྲོལ་གྱིས་འགྲོ༔ དེ་ཙ་ན་སྣང་བ་འདོད་ཆགས་པའི་མཁན་པོ་རང་སྣང་དུ་རྟོགས་པས༔ ཕྱིའི་ཡུལ་སྣང་སེམས་སུ་ངོ་འཕྲོད༔ ཡུལ་སྣང་སེམས་སུ་ངོ་འཕྲོད་པས༔ སྤང་བྱ་དང་དགག་སྒྲུབ་རང་སར་དག་སྟེ༔ ཕྱིའི་ཡུལ་རྐྱེན་གྱི་སྣང་བ་ཐམས་ཅད་གྲོགས་སུ་ཤར་ནས༔ རང་ལ་བརྟེན་པའི་འདོད་པ་ངོ་འཕྲོད་པའོ༔ སྤང་བླང་གི་མཐའ་དང་བྲལ་བ་ཡིན་ནོ༔ རྐྱེན་ཡུལ་སྣང་ལ་བརྟེན་ནས་ཆགས་པ་ནི༔ དེ་ལ་དོན་ལྔ་སྟེ༔ དབང་པོའི་སྒོ་ལྔ་ལ་བརྟེན་ནས༔ མིག་གཟུགས་ལེགས་པ་ལ་ཆགས༔ རྣ་བ་སྒྲ་སྙན་པ་ལ་ཆགས༔ སྣ་དྲི་ཞིམ་པ་ལ་ཆགས༔ ལྕེ་རོ་མངར་བ་ལ་ཆགས༔ ལུས་རེག་བྱ་འཇམ་པ་ལ་ཆགས༔ དེ་ལ་ཕྱིའི་རྐྱེན་ལ་བརྟེན་པའི་སྣང་བའི་ཡུལ་ལ་ཆགས་པ་ཐམས་ཅད༔ ནང་སྒོ་ལྔ་རིག་པའི་རྩལ་དུ་ངོ་མ་ཤེས་པས༔ དེ་ལ་ཆགས་པ་སྐྱེས་པས༔ སེམས་ཅན་གྱིས་རིགས་དྲུག་སོ་སོའི་སྡུག་བསྔལ་མྱོང་སྟེ༔ སེམས་ཉིད་འཁོར་བར་འཁྱམས་པའོ༔ དེ་ལ་དང་པོ་ཕྱི་རོལ་གྱི་ཡུལ་སྣང་ཐམས་ཅད་རང་སེམས་སུ་ཐག་བཅད་དོ༔ སེམས་ཉིད་སྟོང་པ་ཉིད་དུ་ཐག་བཅད་དོ༔ སེམས་སྟོང་པ་ཉིད་དུ་ཐག་ཆོད་ཙ་ན༔ ཕྱི་ཡུལ་རྐྱེན༔ ཡུལ་སྣང་ཐམས་ཅད་སྟོང་པར་ཤེས་སོ༔ དེ་ཙ་ན་ཕྱི་ཡུལ་རྐྱེན་ཐམས་ཅད་སེམས་སུ་ཤེས་པས༔ ཕྱི་ཡུལ་རྐྱེན་ཆགས་པའི་ཡུལ་དུ་ཤེས༔ ཡུལ་སྣང་སེམས་སུ་ཤེས༔ གཉིས་ཀ་གཉིས་མེད་དུ་ཤེས༔ དེ་ཙ་ན་ཕྱི་རོལ་སྣང་བའི་ཡུལ་ལ་ཆགས་པ་ཐམས་ཅད་རང་གི་རིག་པ༔ སེམས་ཀྱི་རྩལ་དུ་མ་གྱུར་པ་གཅིག་ཀྱང་མེད་དོ༔ འདོད་ཆགས་ཆུ་ལྟར་དུ་གཡོ་ཡང་ཨའུ་ཙི༔ ཐམས་ཅད་ཆོས་ཉིད་ཀྱི་ཡོ་ལང་ཡིན་ནོ༔ དཔེ་ཅི་དང་འདྲ་ན༔ མེ་འབར་བ་ལ་ཤིང་བསྣན་པ་དང་འདྲའོ༔ འདོད་ཆགས་ཀྱི་རང་བཞིན་ཆོས་སྐུ་ཡིན༔ འདོད་ཆགས་ཀྱི་རང་བཞིན་བདེ་བ་ཡིན༔ འདོད་ཆགས་ཀྱི་རང་བཞིན་ཡེ་ཤེས་ཡིན༔ དེ་ཙ་ན་ཕྱི་རོལ་ཆགས་པའི་ཡུལ་སྣང་ལ༔ སྤང་རྒྱུ་གཅིག་ཀྱང་མེད་དོ༔ ནང་རིག་པའི་ངོ་བོ་སྟོང་པ༔ རང་བཞིན་གསལ་བ༔ ཐུགས་རྗེ་འགག་པ་མེད་པ༔ གསལ་བ་དེ་ཆོས་སྐུ་ཡིན༔ ནང་རིག་པ་ཆོས་སྐུར་ངོ་ཤེས་ཙ་ན༔ ཕྱིའི་ཡུལ་སྣང་དུ་འདོད་ཆགས་སྐྱེས་པ་ཐམས་ཅད༔ ནང་རིག་པ་ཆོས་སྐུའི་རྩལ་ཡིན་ནོ༔ དེ་ངོ་ཤེས་ཙ་ན་འདོད་ཆགས་ལམ་གྱི་ལྷོང་དུ་གྱུར་པ་ཡིན་ནོ༔ དུག་ལྔའི་ནང་ནས་འདོད་ཆགས་འདི༔ འབྱུང་བ་ལྔ་དང་སྦྱར་ན་མེ་ཡིན་ནོ༔ ཁམས་ལྔའི་ནང་ནས་མེའི་ཁམས་ཡིན་ནོ༔ སྐུ་ལྔའི་ནང་ནས་སྣང་བ་མཐའ་ཡས་ཡིན་ནོ༔ སྟོང་པ་ལྔའི་ནང་ནས་གསལ་སྟོང་ཡིན་ནོ༔ ཡེ་ཤེས་ལྔའི་ནང་ནས་སོར་རྟོག་ཡེ་ཤེས་ཡིན་ནོ༔ འོད་ལྔའི་ནང་ནས་དམར་པོ་ཡིན་ནོ༔ ཞིང་ཁམས་ལྔའི་ནང་ནས་བདེ་བ་ཅན་ཡིན་ནོ༔ འདོད་ཆགས་ལམ་དུ་ཁྱེར་བའི་གདམས་པ་འདི༔ ལམ་མྱུར་མ་བསྒོམ་པར་སངས་རྒྱ་བ༔ ངོ་ཤེས་པ་དང་གྲོལ་བ་དུས་མཉམ་པ༔ གདམས་པའི་ཁྱད་པར་རོ༔ འདོད་ཆགས་རྡོ་རྗེའི་ཤོག་དྲིལ་ཞེས་བྱ་བ་ལགས་སོ༔ ཡུམ་རྡོ་རྗེ་ཕག་མོས་དུར་ཁྲོད་སོ་སའི་གླིང་དུ་ཡེ་ཤེས་མཚོ་རྒྱལ་ལ་གནང༔ མཚོ་རྒྱལ་གྱིས་སྒྲགས་ཡང་རྫོང་ཤེལ་གྱི་འོད་གསལ་ཕུག་ཏུ་གཏེར་དུ་སྦས་སོ༔ བཀའ་རྒྱ༔ གཏེར་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ དེ་ནས་སློབ་དཔོན་མ་ཀུན་དགའ་འབུམ་གྱིས་གཏེར་ནས་སྤྱན་དྲངས་པའོ། །ཤོག་སེར་གྱི་ཡང་ཚ་ལས་ཞལ་བཤུས་སོ།། །།
བཅོམ་ལྡན་འདས་དཔལ་རྟ་མགྲིན་དབང་གི་རྒྱལ་པོའི་ལས་ཚོགས་བརྒྱ་རྩ་བརྒྱད་པ་ (Volume 43, Text 6)
༄༅༔ བཅོམ་ལྡན་འདས་དཔལ་རྟ་མགྲིན་དབང་གི་རྒྱལ་པོའི་ལས་ཚོགས་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ་བཞུགས་སོ༔ རྒྱ་གར་སྐད་དུ༔ ཤྲཱི་ཧ་ཡ་གྲཱི་ཝ་ཤ་ཏ་ཀཾ་ཀརྨ་ཀཱ་ཡ་ནཱ་མ༔ བོད་སྐད་དུ༔ དཔལ་རྟ་མགྲིན་གྱི་ལས་ཚོགས་བརྒྱ་པ་ཞེས་བྱ་བ༔ དཔལ་རྟ་མགྲིན་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ སོ་སོར་རྟོག་པའི་ཡེ་ཤེས་པདྨའི་རིགས༔ མ་རིག་འདོད་ཁམས་སྲིད་པའི་སྡུག་བསྔལ་སེལ༔ པདྨའི་རིགས་གྱུར་དྲེགས་པ་མ་ལུས་འཇོམས༔ པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སྲིད་གསུམ་འཁོར་བའི་ཁྲི་མུན་ཆེན་པོ་ན༔ མི་བཟད་སྡུག་བསྔལ་ཚོགས་ཀྱིས་གཟིར་བ་ལ༔ སོ་སོར་ཀུན་རྟོག་ཐུགས་རྗེ་ཆེན་པོ་ཡིས༔ གང་ལ་གང་འདུལ་ལས་ཚོགས་བརྒྱ་པ་བཤད༔ འོད་དཔག་མེད་པ་སྤྱན་རས་གཟིགས་དབང་ཕྱུག༔ ཧ་ཡ་གྲཱི་ཝའི་མཚན་མ་ཐོབ་པ་འམ༔ ཡང་ན་སྔགས་འདི་བྱེ་བར་བསྐྱལ་བ་ཡིས༔ འོག་ནས་འབྱུང་བའི་དོན་ཀུན་འགྲུབ་པར་འགྱུར༔ ཨོཾ་ཨེ་ཨཱ་རལླི་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཧ་ཡ་གྲཱི་བར་རང་ལུས་གསལ་བ་ཡིས༔ དོན་ཀུན་འགྲུབ་པར་ཐེ་ཚོམ་མེད་པར་བཤད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟར་ཧ་ཡ་གྲཱི་ཝའི་བསྙེན་པ་ཐེམས་པའི་རྣལ་འབྱོར་པས༔ སེང་ལྡེང་གི་ཕུར་པ་སོར་བཞི་ལ༔ རིན་ཆེན་སྣ་ལྔའི་ཕྲ་བཅུག༔ དར་སྣ་ལྔའི་ཅོད་པན་བཏགས་ལ༔ དཀྱིལ་འཁོར་དབུས་སུ་བཞག་སྟེ༔ ཧྲཱིཿལས་པདྨ་ཧེ་རུ་ཀ་གང་ཡང་རུང་བར་བསྐྱེད་ལ༔ འོག་ནས་འབྱུང་བའི་ལས་ཚོགས་སོ་སོ་རྟ་མགྲིན་གྱི་སྔགས་གང་ཡང་རུང་བའམ་ཡི་དམ་གཞན་གྱི་སྔགས་གང་ལ་སྦྱར་ཡང་རུང་།་་་ཨོཾ་ཨེ་ཨཱ་རལླི་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ མ་ཧཱ་ཀྲོ་ཏ་ཨཱ་ཀརྵ་ཡ་ཛཿཛ༔ ཞེས་པ་ཁྲིའམ་སྟོང་དུ་མེ་ཏོག་དམར་པོ་ལ་སྔགས་ཏེ་གཏོར་བའམ༔ གང་ལ་དམིགས་པར་གདེངས་པ་ཙམ་གྱིས་དབང་དུ་འདུ་བར་འགྱུར་རོ༔༼༡༽ སེང་ལྡེང་དམར་པོའི་ཕུར་པ་ཁྲུ་གང་པ་ལ་གསེར་དང་བ་བླ་དང༔ རྟ་དམར་པོའི་སྙིང་ཁྲག་བྱུག་པ་ལ༔ དར་སེར་པོ་དང་དམར་པོའི་ཅོད་པན་བཏགས་ནས་དཀྱིལ་འཁོར་གྱི་དབུས་སུ་བཞག་ལ༔ ཧྲཱིཿལས་པདྨ་ཧེ་རུ་ཀ་གང་ཡང་རུང་བར་བསྐྱེད་ལ༔ ཨོཾ་ཨེ་ཨཱ་རལླི་པདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ མ་ཧཱ་སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཁྲིའམ་སྟོང་མེ་ཏོག་སེར་པོ་ལ་སྔགས་ཏེ་གཏོར་ན་གང་འདོད་པའི་ལུས་ལ་རེག་པས་སིདྡྷིར་ཞུ་ནས་བསོད་ནམས་རྒྱས་པར་འགྱུར་རོ༔༼༢༽ སེང་ལྡེང་དཀར་པོའམ་ཙན་དན་དཀར་པོའི་ཕུར་པ་ཁྲུ་གང་པ་ལ་ག་པུར་དང༔ གུ་གུལ་དང༔ རྟ་དཀར་པོའི་ཀླད་པ་བྱུག༔ དར་དམར་པོ་དང་དཀར་པོའི་ཅོད་པན་བཏགས་ཏེ་དཀྱིལ་འཁོར་གྱི་དབུས་སུ་བཞག་ནས༔ ཧྲཱིཿལས་པདྨ་ཧེ་རུ་ཀ་གང་ཡང་རུང་བར་བསྐྱེད་ལ༔ ཨོཾ་ཨེ་ཨཱ་རལླི་པདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ མ་ཧཱ་སརྦ་རུ་དྲ་ཏྲི་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་ཁྲིའམ་སྟོང་དུ་མེ་ཏོག་དཀར་པོ་ལ་སྔགས་ཏེ་གཏོར༔ ནད་གདོན་གང་ཡང་རུང་བ་ལ་ཕུར་བུས་མནན་པའམ་མེ་ཏོག་བྱུག་ན་ཞི་བར་འགྱུར་རོ༔༼༣༽ ཤེར་ཤིང་ངམ་ལྕགས་ཕུར་ཁྲུ་གང་པ་ལ༔ དུག་དང༔ གྲི་ཁྲག་དང༔ གུ་གུལ་དང༔ མུ་ཟི་ནག་པོ་བྱུག༔ དར་དམར་པོ་དང་ནག་པོའི་ཅོད་པན་བཏགས་ནས་དཀྱིལ་འཁོར་གྱི་དབུས་སུ་བཞག་ནས༔ ཧྲཱིཿལས་པདྨ་ཧེ་རུ་ཀ་གང་ཡང་རུང་བར་བསྐྱེད་ལ༔ ཨོཾ་ཨེ་ཨཱ་རལླི་པདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ མ་ཧཱ་སརྦ་མཱ་ར་ཡ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་པ་ཁྲིའམ་སྟོང་དུ་མེ་ཏོག་སྔོན་པོ་ལ་སྔགས་ཏེ་གཏོར་ནས༔ དགྲ་བགེགས་གང་ཡང་རུང་བའི་ལིང་གའམ་མིང་རུས་ལ་བཏབ་པས་དགྲ་བགེགས་ཐམས་ཅད་བརླག་པར་འགྱུར་རོ༔༼༤༽ ཨོཾ་ཨཱཿཧཱུྃ་མ་ཧཱ་པདྨ་ཧེ་རུ་ཀ༔ ཨོཾ་བོ་དྷ་སརྦ་རུ་ཙི་ན་བོ་དྷེ་ཤ་ཏ་སྭཱ་ཧཱ༔ ཞེས་པའི་སྔགས་འདི་བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་གཅིག་སྔགས་ཏེ༔ བདག་ཡི་དམ་གང་བྱེད་དེའི་ཏིང་ངེ་འཛིན་དང་ལྡན་པར་བྱས་ཏེ༔ ཕྲེང་བ་དེ་ལ་ཕྲིན་ལས་བཞི་པོ་གང་ཡང་རུང་བའི་བསྙེན་པ་བཟླས་པས་འབུམ་དུ་འགྱུར་རོ༔༼༥༽ ཨོཾ་པདྨཱནྟ་ཀྲྀཏ་ཨེ་ཨཱ་རལླི་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔་་་རྩ་སྔགས་འདི་ལས་ཚོགས་བཅུ་གསུམ་པ་ཡན་ཆད་ཐམས་ཅད་ཀྱི་མགོར་སྦྱར་བར་བྱའོ། །ཏྲག་ཏྲི་ཏྲག་ཏྲི་ཕཊ་ཕཊ་ཏྲ༔ ཞེས་པ་སྟོང་རྩ་བརྒྱད་ཉུངས་དཀར་ལ་སྔགས་ཏེ༔ ལུས་ཀྱི་མགུལ་དུ་བཏགས་ན་ཕྱི་ནང་གི་གནོད་པ་དང་བར་ཆད་ཐམས་ཅད་ཞི་བར་འགྱུར་རོ༔༼༦༽ ཨོཾ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་པ་ཟས་སྐོམ་གང་ཡང་རུང་བ་ལ་ཉེར་གཅིག་བཟླས་ན་ཟས་སྐོམ་དེ་བདུད་རྩིའི་བཅུད་དང་ལྡན་པར་འགྱུར་རོ༔༼༧༽ དྷརྨ་དྷཱ་ཏུ་མ་ཧཱ་སིདྡྷི་ཛཿཛ༔ ཞེས་པ་རྟ་དམར་པོའི་སྙིང་ཁྲག་དང་གསེར་གྱིས་ཤོག་བུ་དམར་པོ་ལ་བྲིས་ཏེ་སྔགས་དང་རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བརྒྱད་ཀྱིས་སྔགས་ལ་རབ་ཏུ་གནས་པར་བྱས་ནས༔ རང་གི་དཔེའི་གསེབ་ཏུ་བཅུག་ན༔ ཆོས་ཐམས་ཅད་རང་གི་དབང་དུ་འདུ་བར་འགྱུར་རོ༔༼༨༽ མ་དྷྭ་དྷཾ་གུ་རུ་ཙིཏྟ་ཧྲཱིཾ་ཧྲཱིཾ༔ ཞེས་པ་བརྒྱའམ་ཉེར་གཅིག་གསེར་སོགས་ལ་བཟླས་ནས་མཎྜལ་གྱི་དབུས་སུ་བཞག་ནས་ཕུལ་ན་བླ་མ་རྣམས་ཀྱིས་ཐུགས་རྗེས་འཛིན་པར་འགྱུར་རོ༔༼༩༽ པཱུ་ཛ་སརྦ་དེ་ཝ་ཧྲཱིཾ་ཧྲཱིཾ་ཧཱུྃ་ཛ༔ ཞེས་པ་མེ་ཏོག་དམར་པོ་ལ་སྔགས་ནས་པདྨ་རིགས་ཀྱི་ལྷ་ཚོགས་ཀྱི་སྤྱན་སྔར་ལན་བདུན་བདུན་ཕུལ་ན༔ མཆོད་པའི་ཡོ་བྱད་ཐམས་ཅད་དབང་དུ་འདུ་བར་འགྱུར་རོ༔༼༡༠༽ དེ་ཝ་སརྦ་རུ་རུ་སྥུ་རུ་ཨ་དྷི་པཱ་ལ་ཧཱུྃ་ཧྲཱིཿཛ༔ ཞེས་པ་པདྨ་ཧེ་རུ་ཀའི་སྐུའི་ནང་དུ་བཞུགས་པའམ༔ མཚལ་དང་པདྨ་རཀྟ་གཙང་མས་བྲིས་ནས་རྟེན་འབྲེལ་སྙིང་པོས་རབ་གནས་བྱས་ལ་བཅང་ན༔ བདེ་བར་གཤེགས་པའི་སྐུ་ཐམས་ཅད་བདག་གི་དབང་དུ་འདུ་བར་འགྱུར་རོ༔༼༡༡༽ མ་ཧཱ་སརྦ་བྷཱ་སུ་དྷཱ་རི་ཧྲཱིཾ་ཧྲཱིཾ༔ ཞེས་པ་ཤ་ལྔ་བདུད་རྩི་ལྔ་ལ་ལན་སྟོང་དུ་བཟླས་ནས་གཏོར་མ་ཕུལ་ན༔ བཟའ་བ་དང་བཏུང་བ་རྒྱུན་ཆད་མེད་པར་འབྱུང་བར་འགྱུར་རོ༔༼༡༢༽ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཨེ་ཨཱ་རལླི་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བཾ་ཧོ་ཤུདྡྷེ་མ་ཧཱ་ཤུདྡྷེ་སྭཱ་ཧཱ༔ ཞེས་པ་ཆུ་གཙང་མ་ལ་ལན་སྟོང་དུ་སྔགས་ནས་འཐུང་ངམ་འཁྲུད་པར་བྱས་ན་གྲིབ་དང་མི་གཙང་བས་ནོན་པ་ཐམས་ཅད་ཀྱིས་མི་ཚུགས་ཤིང་འཁྲུད་པར་བྱེད་དོ༔༼༡༣༽ ཨོཾ་པདྨཱནྟ་ཀྲྀཏ་ཧྲཱིཿཧྲཱིཿཨེ་ཨཱ་རལླི་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཞེས་པ་མངར་གསུམ་དང་ཧ་ལོའི་རི་ལུ་ལ་ནངས་མ་རེ་བཞིན་བརྒྱ་རྩ་བརྒྱད་དུ་སྔགས་ཏེ་རིལ་བུ་མིད་ན་ཚེ་ལོ་སྟོང་ཐུབ་པར་འགྱུར་རོ༔༼༡༤༽ ཨོཾ་པདྨཱནྟ་ཀྲྀཏ་ཧྲཱིཿཨཱ་རལླི་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་ཨ་ཏི་ཙཀྲ་ན་མ་ཕུ་རི་སྭཱ་ཧཱ༔ ཞེས་པ་ཐོད་ལེ་ཀོར་སྔོན་པོ་ལ་སྟོང་བཟླས་ནས་མིག་ལ་བྱུགས་ན་གསལ་བར་འགྱུར་རོ༔༼༡༥༽ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྲཱི༔ ཨེ་ཨཱ་རལླི་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ མ་ཧཱ་སརྦ་དུཿཁ་མཱཾ་ག་ཏི་སྭཱ་ཧཱ༔ ཞེས་པ་མེ་ཏོག་ལུག་རུ་དཀར་པོ་ལ་ཁྲི་ཕྲག་གཅིག་བཟླས་ནས༔ དྲི་ཆུ་དང་སྦྱར་ནས་ཁོང་དུ་བཏང་ན༔ གཟེར་ནད་མ་ལུས་པ་ཞི་བར་འགྱུར་རོ༔༼༡༦༽ མིའི་ཚིལ་བུ་དང་བྱ་རྒོད་ཀྱི་རྐང་མར་ལ༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་ཨེ་ཨཱ་རལླི་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ པདྨ་དྷཱ་རི་སིདྡྷི་ཧྲཱིཿམ་ཤྲི་ཏ་ཧཱུྃ་ཕཊ༔ ཅེས་པ་ཉིས་བརྒྱ་བཟླས་ནས་རྐང་ལག་ལ་བྱུགས་ན་སེར་ཀ་འབྱུང་བར་མི་འགྱུར་རོ༔༼༡༧༽ ཨོཾ་པདྨཱནྟ་ཀྲྀཏ་ཧྲཱིཿབཛྲ་ཀྲོ་དྷཱ་ཨེ་ཨཱ་རལླི་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཀ་མཱ་ར་བྷྲཱུྃ་བྷི་ཤ་ཏེ་ས་མ་ཡ་རཱུ་པ་ཧཱུྃ་ཕཊ༔ ཅེས་པ་གུ་གུལ་དང༔ ཉུངས་དཀར་དང༔ གྲི་ཁྲག་བྱུག་པའི་ཕུར་པ་ལ་སྔགས་ཤིང༔ རྫས་རྣམས་ཀྱི་དུད་པས་བདུག་པ་དང༔ ཕུར་བུ་ཉིད་ཀྱིས་གཟིར་ན༔ འབྱུང་པོའི་དབང་དུ་སོང་བ་རྣམས་སོས་པར་འགྱུར་རོ༔༼༡༨༽ མེ་ལོང་གཙང་མའི་དབུས་སུ་མཚལ་དང༔ སིནྡྷུ་ར་དང༔ མངལ་ཁྲག་གཙང་མས་ཧྲཱིཿདམར་པོ་བྲིས་ཏེ༔ པདྨ་ཧེ་རུ་ཀ་གང་ཡང་རུང་བར་བསྐྱེད་ལ༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་ཨེ་ཨཱ་རལླི་ཧཱུྃ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ སརྦ་དུ་ཤ་ཡ་དུ་ཡ་མ་ཧཱ་བི་ཙ་ཏ་ཡ་ཧཱུྃ་ཕཊ༔ ཅེས་པ་བརྒྱ་རྩ་བརྒྱད་མེ་ལོང་ལ་སྔགས་ནས་དུག་སྦྲུལ་ལམ་ཁྱི་སྨྱོན་གྱིས་བཟུང་བ་ལ་ལན་མང་དུ་ཕྱིས་ན་དུག་ལྡང་བར་མི་འགྱུར་རོ༔༼༡༩༽ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧཱུྃ་ཏ་ཝི་ས་རཾ་ར་བཱི་བྷིྵྪ་ཏི་བྷིས་བྷི་ཛ་ཧོ་ར་བྷིས་བྷིས་སྭཱ་ཧཱ༔ ཞེས་པ་ཆང་ཁོང་དུ་མ་སོང་བའི་སྔོན་དུ༔ ཆུ་ཁྱོར་གང་ལ་སྟོང་ཐེམས་པ་སྔགས་ནས༔ དཔལ་ཧེ་རུ་ཀ་ཡི་ང་རྒྱལ་དང་ལྡན་པར་བྱས་ཏེ༔ འཐུང་ན་བཟི་བར་མི་འགྱུར་རོ༔༼༢༠༽ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧཱུྃ་སཾ་པྲ་ཏྱཱཾ་གཱི་ར་ཧྲཱིཿཡྑླ་ཏ་བཛྲ་ཧཱུྃ་ཕཊ༔ ཅེས་པ་བྱེ་མ་ལ་ཞག་གསུམ་དུ་བཟླས་ནས་ཞིང་ལ་གཏོར་ན༔ འབྲུ་ལ་གནོད་པ་འབྱུང་བར་མི་འགྱུར་རོ༔༼༢༡༽ སག་རམ་རྩི་དང༔ ཡུང་བ་དང༔ དུང་བརྡུང་བའི་ཕྱེ་མ་དང་གསུམ་ལ༔ ཨོཾ་ནྲཱི་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧཱུྃ༔ སརྦ་དུ་ན་མ་ཙཀྵུཿསཱ་ལ་ཡེ་སྭཱ་ཧཱ༔ ཞེས་པ་འདི་སྟོང་དུ་བཟླས་ནས༔ བུད་མེད་ཀྱི་ནུ་ཞོ་ལ་སྦྱར་ནས་མིག་ཏུ་བླུགས་ན་རབ་རིབ་ཐམས་ཅད་སང་བར་འགྱུར་རོ༔༼༢༢༽ སེང་ལྡེང་ངམ་ཟངས་ཀྱི་ཕུར་པ་སོར་བརྒྱད་པ་ལ༔ ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧཱུྃ༔ ཨ་ཀ་ནི༔ ནི་ཀ་ནི༔ ཧྲཱི་བྷྲཱུྃ་ཀ་མི་ཏ་སྭཱ་ཧཱ༔ ཞེས་པ་བརྒྱ་རྩ་བརྒྱད་སྔགས་ནས༔ པདྨ་ཧེ་རུ་ཀ་གང་ཡང་རུང་བར་བསྐྱེད་ནས་གོང་བ་གཡས་པ་ལ་བཏག་ན་ཕྱོགས་ངན་ཐུབ་པར་འགྱུར་རོ༔༼༢༣༽ དཀར་གསུམ་དང༔ མངར་གསུམ་དང༔ བག་ཕྱེ་དང༔ ཁྱི་ཁྲག་ལ་རིལ་བུ་བྱས་ལ༔ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ༔ ནཱ་ག་རཱ་ཛ་ཤ་ཏི་ཝཱ་རུ་ཎ་ཤར་ཤར་ཕོབ༔ ཡ་མ་རཱ་ཛ་ཤར་ཤར་ཕོབ༔ གུ་ལི་གུ་ལི་སྭཱ་ཧཱ༔ ཞེས་པ་རིལ་བུ་རེ་ལ་བརྒྱ་རྩ་བརྒྱད་བཟླས་ནས༔ ཀླུ་གནས་པའི་ཆུ་མིག་ཏུ་བཅུག་ན་ཆར་འབེབ་པར་འགྱུར་རོ༔ ༼༢༤༽ རྫའི་བུམ་པ་གསར་པའི་ནང་དུ་མཚལ་དང༔ རམ་གྱིས་རྡོ་རྗེ་རྒྱ་གྲམ་བྲིས་པ་ལ་དྲི་བཟང་བྱུག་པའི་མཎྜལ་གཅིག་ལ་མེ་ཏོག་ཚོམ་བུ་ལྔ་པ་གཅིག་གི་སྟེང་དུ༔ བག་ཟན་གྱི་རླུང་ལྷ་ཤ་བ་ལ་ཞོན་པ་གཅིག་བཞག་ལ༔ དེ་རླུང་ལྷར་བསྐྱེད་དེ་ནུབ་བྱང་ནས་རླུང་ལྷ་སྔོ་སྐྱ་དེ་འདྲ་བ་གཅིག་སྤྱན་དྲངས་ནས་བསྟིམས་ལ༔ ཨོཾ་ཤྲཱི་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བཱ་ཡ་བེ་ཡ་སུ་ཏྲ་ས་ཏྲི་ནན་ཧཱུྃ་ཕཊ༔ ཅེས་པ་ཉེར་གཅིག་བཟླས་ལ༔ པར་བུའི་ནང་དུ་བཏབ་ལ་རླུང་ལྷ་པར་བུས་མནན༔ པར་བུའི་ནང་ན་དཔལ་རྟ་མགྲིན་ཡོད་པར་བསམ༔ སྲུབས་ལ་རླུང་མི་འཆོར་བ་བྱ༔ རླུང་ལྷ་གཏོང་བའི་དུས་སུ་མཆོད་པ་འབུལ༔ པར་བུ་བཏེགས་ལ་བཏང༔ དེ་ལྟར་བྱས་པས་བསྐལ་པའི་རླུང་ནོན་པར་འགྱུར་རོ༔༼༢༥༽ ཨོཾ་ཧྲཱིཿ་་་ཧྲཱིཿའདི་དཔེ་ལ་ལར་མི་སྣང་།པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔་་་རྩ་སྔགས་འདི་མན་ཆད་ཀྱི་ལས་སྔགས་ཐམས་ཅད་ཀྱི་མགོར་གདགས་པར་བྱའོ། །པྲ་ཏི་ལ་མ་ཏ་ལ་བཛྲ་དུ་ཡ་ཧཱུྃ་ཕཊ༔ ཅེས་སེང་ལྡེང་གི་ཕུར་པ་ལ་མཚལ་གྱིས་བྲིས་ནས་རྟ་མགྲིན་དུ་བསྐྱེད་ལ༔ སྲིས་ཀྱི་གསེབ་ཏུ་བཅུག་ན་སྲིས་ལ་ཡི་དྭགས་ཀྱིས་བརྐུ་བར་མི་འགྱུར་རོ༔༼༢༦༽ བྱེ་མ་དང་མུ་ཟི་ལ་བྱི་ལའི་བྲུན་བསྲེས་ལ༔ སེ་ན་དུ་ན་ཛུ་མ་ཏ་ལ་ཧཱུྃ་ཕཊ༔ ཅེས་པ་བརྒྱ་རྩ་བརྒྱད་སྔགས་ནས་གཏོར་ན༔ བྱི་བ་འཇིགས་པར་འགྱུར་རོ༔༼༢༧༽ དུ་དུ་མུ་དུ་སརྦ་ཀྱིང་ཀ་་་སྐྱིན་ཐང་ཟེར་བའང་གདའ།མཱ་ར་ཡ་ཧཱུྃ་རཀྵ༔ ཞེས་པ་སྐྱེར་པའི་ཕུར་པའི་བྱང་བུ་ལ་བྲིས་ནས་ནམ་མཁའ་མཐོང་བར་བཞག་ན་སེར་བ་ཐུབ་པར་འགྱུར་རོ༔༼༢༨༽ ཤ་ཏྲི་མ་ཏྲི་པྲེ་དུ་ཁ་ཆིངས་ཆིངས་སྭཱ་ཧཱ༔ མལ་སྟན་རྙིང་པ་དང་ཕུབ་མ་རུལ་པ་ལ་སྔགས་ཏེ་ཞིང་གི་ཐ་མ་ལ་གཏོར་ན༔ རི་བོང་ལ་སོགས་པ་རི་རྩྭ་དང་ཞིང་ཟ་བ་རྣམས་ཐུབ་པར་འགྱུར་རོ༔༼༢༩༽ བྷ་ས་བྷི་བྷི་ན་རུ་རུ་སིང་སྭཱ་ཧཱ༔ ཞེས་པ་མར་གསར་པས་ལུག་གི་ཀླད་པ་བཙོས་པ་སྔགས་ནས་བྱིན་ན་མངལ་ཁྲག་འབྱམས་པ་ཆད་པར་འགྱུར་ཞིང༔ ཨ་བ་བྷིནྡྷུ་བྷེ་ཧ་རེ་རཀྵ་ཧཱུྃ༔ ཞེས་པ་བལ་ཚོན་སྣ་ལྔའི་སྲད་བུ་ལ་སྔགས་ནས་རྐེད་པ་ལ་བཏགས་ན་ཐིག་ལེ་འཛག་པ་ཆད་པར་འགྱུར་ཏེ་ཁམས་སྲུང་བའོ༔༼༣༠༽ པ་པཾ་དུ་མ་ལ་རཾ་བཾ་བྷ་ས་རི་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་པ་ཆུ་དང་ས་དམར་པོ་བསྲེས་པ་སྔགས་ནས་གཏོར་ན་བསྐལ་པའི་མེ་ཡང་འཆི་བར་འགྱུར་རོ༔༼༣༡༽ སརྦ་བྷ་སུ་ཏེ་དྷ་སུ་བྷྲཱུྃ་མི་ན་ཤི་རི་སྭཱ་ཧཱ༔ ཞེས་པ་གསེར་གྱིས་བྲིས་ནས་སྐྱེར་པའི་ཕུར་པ་ལ་དཀྲིས་ནས་དཔལ་རྟ་མགྲིན་དུ་བསྐྱེད་ལ་ཆས་དྲིལ་བ་བཏབ༔ ས་སེར་པོ་ལ་སྔགས་ཏེ་གཏོར་ན༔ རྒྱ་མཚོ་ཆེན་པོ་ཡང་སྐེམས་ཤིང༔ ཕུར་པ་གང་ལ་བཏབ་པའི་ཤྭ་ཆུ་ཡང་ཆད་པར་འགྱུར་རོ༔༼༣༢༽ མུ་ཟི་དང༔ ཐར་ནུའི་མྱུ་གུ་དང༔ བ་དམར་པོའི་མར་ལ༔ བྷ་ཏ་བྷི་ན་ཀུ་རུ་ཙ་ཞི་ཏི་སྭཱ་ཧཱ༔ ཞེས་སྔགས་ནས་ལུས་ལ་བྱུགས་ན་ཤིག་འབྱུང་བར་མི་འགྱུར་རོ༔༼༣༣༽ ནཱ་ག་ཤ་རི་རྦད༔ དུ་ནན་ཤ་རི་རྦད༔ ཁ་ཏོ་ཤ་རི་རྦད༔ ཅེས་པ་ཡིད་ལ་ཡོད་པའམ༔ བྲིས་ཏེ་མགུལ་དུ་བཏགས་ན་ཁྱིས་ཕེད་པར་མི་འགྱུར་རོ༔༼༣༤༽ པདྨ་ཧ་ར་བ་ཤོ་ཏ་ཧྲཱི་པྲེ་པ་ཏ་ཁ་དུ་ན་རཀྵ༔ ཞེས་པ་བྱེ་མ་དང་ཤིང་ཡོ་འབོག་གི་སྐམ་པ་ལ་སྔགས་ཏེ༔ བྱེ་མ་གཏོར༔ སྐམ་པ་ཞིང་དབུས་སུ་བཙུགས་ན་འབུ་ཐུབ་བོ༔༼༣༥༽ ས་ནི་སིང་གི་ནི་ཀྲུག་ལེ་ཧྲཱི་སྭཱ་ཧཱ༔ ཞེས་པ་ཨ་རུ་ར་ལ་སྔགས་ནས་བྱིན་ན་དུག་ཐམས་ཅད་ཐུབ་པར་འགྱུར་རོ༔༼༣༦༽ ཨ་མྲྀཏ་ས་བྷི་ལ་བྷི་ཤ་ལ་བྲུཾ་མ་ཧཱ་ཙེ་རཀྵ་རཀྵ༔ ཞེས་པ་དྲི་ཆུ་བར་པ་ལ་སྔགས་ནས་ལྟོ་སྟོང་ལ་འཐུང་ན༔ རིམས་མི་བཟད་པ་ཐུབ་པར་འགྱུར་རོ༔༼༣༧༽ མ་མ་སརྦ་དྷཱུ་ན༔ པ་ཙ་པ་ཙ༔ ད་ཧ་ད་ཧ༔ ཧྲི་དི་པ་ར་དུཿཁ་ཧཱུྃ་བྷྱོ་ཟློག༔ ཅེས་རྒྱུན་དུ་བཟླས་པའམ༔ གསེར་གྱིས་བྲིས་ནས་མགུལ་དུ་བཏགས་ན༔ ཕུར་ཁ་ཐམས་ཅད་བཟློག་པར་འགྱུར་རོ༔༼༣༨༽ ཨོཾ་གྷསྨཱ་རཱི་ཏྲིག་ཏ་ཀྲོ་དྷ་བྷིྑྞ་ཡེ་ཧཱུྃ༔ ཞེས་པ་སྐེ་ཚེ་ལ་སྔགས་ནས་ལུས་ལ་བཅང་ན་སྟག་དང་སྦྲུལ་ཐུབ་བོ༔༼༣༩༽ བྷི་ཤུདྡྷེ་མོ་རུ་ཏ་མ་ལ་སྭཱ་ཧཱ༔ ཞེས་པ་སྔགས་ནས་ཐང་དུ་བྱས་པའི་ཁུ་བ་འཐུང་ངམ༔ ལུས་ལ་སྦགས་ན་འབྲུམ་པ་དང་བལ་ནད་ཐུབ་བོ༔༼༤༠༽ ཆམ་པ་སོད༔ རཾ་པཾ་སོད༔ མུཀྟི་རཀྵ༔ ཞེས་རམ་པ་དང་ཨ་རུ་ར་ལ་སྔགས་ནས་ལུས་ལ་བཅང་པའམ་ལྟོར་བཏང་ན་ཆམ་པ་མི་འབྱུང་ཞིང་ཐུབ་པར་འགྱུར་རོ༔༼༤༡༽ མ་ཧཱ་སྲིད་དུ་ས་གྲེང་གྲེང་སྲིད་པ་ཤི་སྐྱེ་བ་ཆོད་མངལ་སྒོ་ཁོག་སྭཱ་ཧཱ༔ ཞེས་པ་ཚོས་ཀྱི་ཁཎྜ་ལ་སྔགས་ཏེ་ལྟོ་སྟོང་ལ་ནངས་མ་བདུན་ཟོས་ན་མངལ་དུ་སྲིད་ཆགས་པར་མི་འགྱུར་རོ༔ ༼༤༢༽ སྲིས་རྐུན་ག་ཏ་ག་ཏ་པ་ན་ཏོ་ཀ་པ་ར་སྭཱ་ཧཱ༔ ཞེས་དུང་དང་ཡུང་བ་དོམ་མཁྲིས་ལ་སྔགས་ནས་བྱུགས་ན་འགོ་བའི་ཡམས་ཐམས་ཅད་སོས་པར་འགྱུར་རོ༔༼༤༣༽ ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སཏྭམ་བྷ་ཡ་ཁྲོལ་ཁྲོལ༔ དཀར་གསུམ་ལ་སྔགས་ནས་ཟོས་ན༔ ཕ་རོལ་པོས་བདག་བཅིངས་པ་ཐམས་ཅད་གྲོལ་བར་འགྱུར་རོ༔༼༤༤༽ བཛྲ་པདྨ་ཧྲཱི་དྷ་བྷི་ནཱ་ག་ནན་སྭཱ་ཧཱ༔ ཞེས་པ་གུ་གུལ་དང༔ ཀླུ་བདུད་རྡོ་རྗེ་ལ་སྔགས་ནས་ཟོས་ན་མཛེ་རིགས་ཐམས་ཅད་སོས་པར་འགྱུར་རོ༔༼༤༥༽ བཾ་ཧ་ར་བཛྲ་ས་ལི་སརྦ་རཱ་ཛ་མཱ་ར་ཡ་རྦད་རྦད་མ་ཏི་ནུ་པ་ཏི་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་སེང་ལྡེང་གི་དབྱུག་ཏོ་ལ་སྔགས་ནས་ནད་པ་ལ་ཛམ་ཛམ་བྱས༔ སྙིང་གར་བསྐོར་ནས་བསྣུན་ན་རྒྱལ་འགོང་ཐམས་ཅད་ཡུལ་ཐོན་པར་འགྱུར་རོ༔༼༤༦༽ ཨ་པུ་ཏ་ར་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ༔ ཞེས་པ་རིན་པོ་ཆེས་བྲིས་ནས་ལུས་ཀྱི་མགུལ་དུ་བཏགས་ན་ཕྱོགས་ངན་པ་ཐམས་ཅད་ཐུབ་པར་འགྱུར་རོ༔༼༤༧༽ སརྦ་མ་རི་ས་ཏ་རཀྟ་མཱུ་ལ་རཀྵ་རཀྵ་ཧཱུྃ༔ ཞེས་བྱ་མོའི་ཨོག་ཞོལ་དང༔ ཁུག་ཆོས་ཀྱི་རྩ་བ་ལ་སྔགས་ནས་བྱིན་ན་བུད་མེད་ཀྱི་པདྨ་སྐྱེས་པས་ཁ་ཕྱེད་པར་མི་འགྱུར་རོ༔༼༤༨༽ ཨོཾ་དུ་ཏི་མ་ལ་དུ་ཎི་ཧྲཱི་བྷ་ཏི་མཱུ་ལ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་བུ་རམ་ལ་སྔགས་ནས་ཟོས་ན་རྡོ་རྗེའི་དབང་པོས་ལན་བརྒྱ་ཐམ་པ་སྤྱོད་ནུས་པར་འགྱུར་རོ༔༼༤༩༽ མུ་ཟི་ནག་པོ་དང་སྲམ་གྱི་བྲུན་ལ༔ བྷ་ཏ་པྲེ་ཏ་ནི་ཎ་ཏ་མི་ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་སྔགས་ནས་ཁྱིམ་ཁྱབ་པར་གཏོར་ན་སྦུར་ནག་པོ་འབྱུང་བར་མི་འགྱུར་རོ༔༼༥༠༽ འབའ་ཆ་དང་ཕུག་རོན་གྱི་བྲུན་ལ་ས་བོན་བསྲེས་ནས༔ མ་ཧཱ་རཏྣ་བྷི་ཏ་ཨ་མྲྀཏ་ཧཱུྃ༔ ཞེས་པ་སྔགས་ལ་ཞིང་ལ་བཏབ་ན་ལུད་མི་དགོས་ཏེ་ཆར་མེད་པར་འབྲུ་འཁྲུངས་པར་འགྱུར་རོ༔༼༥༡༽ མ་ཧཱ་པུཥྤ་དྷཱ་རི་ས་ནུ་ས་མ་ཡ་མ་ལ་པ་ཏི་ཧཱུྃ༔ ཞེས་པ་འབྲུ་སྣ༔ སྨན་སྣ༔ མེ་ཏོག་སྣ་ཚོགས་ལ་སྔགས་ནས༔ སྐར་མ་རྒྱལ་གྱི་ཉིན་ལ་གཞི་བདག་ལ་བཀའ་བསྒོ་བ་བྱས་ནས་གཏོར་ན་ལུང་པ་དེ་བཀྲ་ཤིས་ཤིང་མེ་ཏོག་སྣ་ཚོགས་སྐྱེ་བར་འགྱུར་རོ༔༼༥༢༽ ཨོཾ་ལི་ཀྱི་ལི་ཀུ་ས་ཀ་ཏྲི་ཏོ་ཧོ་ར་ཛི་ཀུ་ཀུ་ཀའི་རཱ་ཛི་བི་ཥ་ཧ་རེ་ཧཱུྃ་ཕཊ༔ ཅེས་པ་རྨ་ལ་གདབ༔ སྐྲད་རྙིང་ལའང་སྔགས་ཏེ་ཕྱི་བ་དང་བྱུག་པ་བྱས་ན་ཁྱི་སྨྱོན་གྱི་དུག་ཐམས་ཅད་ཞི་བར་འགྱུར་རོ༔༼༥༣༽ པྲ་དུ་པྲ་མ་ཎ་ཡ་ཆིངས༔ རུ་ཙི་པྲ་མ་ཎ་ཡེ་སྭཱ་ཧཱ༔ ཞེས་པ་སྲད་བུ་ནག་པོ་ཤིང་ཀུན་བྱུགས་པ་ལ་སྔགས་ནས་ལུག་གམ་ར་ལ་སོགས་པ་ལ་བཏགས་ན་སྤྱང་ཀི་ལ་སོགས་པས་ཁ་ཕྱེད་པར་མི་འགྱུར་རོ༔༼༥༤༽ ཤ་ཏྲ་ཏ་མ་ཏ་ཧ༔་་་དཔེ་གཅིག་ལ། ཤ་ཤ་ཏྭ་ལ་ནི་མ་ན་ཤ་ཡ་ཧཱུྃ་ཕཊ༔ ཅེས་པ་གདའ། རི་བོང་གི་རིལ་མ་ལ་སྔགས་ཏེ་སྣ་བུག་ནས་དུད་པས་བདུག་ན་སྲོད་ལང་སེལ་བར་འགྱུར་རོ༔༼༥༥༽ ཡག་མོ་ཤག་ཡ་ཏྲག་ཏྲག་ཏི་ལ་ན་ཤ་དུན་བྷྱོ༔ ཞེས་བྱི་བའི་ཤ་ལ་སྔགས་ནས་དུད་པ་བཏང་ན་དམ་སྲི་ཡུལ་འདོན་པར་འགྱུར་རོ༔༼༥༦༽ སརྦ་དུ་རུ་ཙ་དུ་ཤ་ཡ་མ་ཧ་ཏ་རི་ཀུ་ལ་ཧཱུྃ་ཕཊ༔ ཅེས་པ་བྱེ་མ་ལ་སྔགས་ནས་ཞིང་དང་རི་ལ་གཏོར་ན་ཚག་པ་ཐུབ་པར་འགྱུར་རོ༔༼༥༧༽ ཨ་ཙག་སརྦ་བྷ་ཏུ་ཏ་ན་མ་ཏི་ལ་སྭཱ་ཧཱ༔ ཞེས་པ་སྦལ་པའི་ཤ་ལ་སྔགས་ནས་ལུས་ལ་བཅང་ན་སྲིད་ཐུབ་པར་འགྱུར་རོ༔༼༥༨༽ ཧྲཱི་ཀྵ་པུཎྱེ་མ་ཧཱ་སརྦ་བྲྀདྡྷི་པཱ་ལ་སརྦ་པ་ཏི་སིདྡྷི་ཧཱུྃ༔ ཞེས་པ་བཙོད་དང༔ བོ་དྷི་ཙི་མིག་མེད་པ་དང༔ གུར་གུམ་དང༔ ཁྱི་གུའི་ལྟེ་བ་དང༔ བུ་རམ་ལ་སྔགས་ནས་བྱིན་ན་མངལ་དུ་ཁྱེའུ་ཆགས་པར་འགྱུར་རོ༔༼༥༩༽ པདྨ་དྷཱ་ར་རམ་པ་སིཏ་ཏ་མ་རུ་པ་ལ་ཧཱུྃ༔ ཞེས་པ་ག་པུར་དང་ཨ་རུ་ར་བསྲེགས་པའི་ཐལ་བ་ལ་སྔགས་ནས་སྣ་བུག་ཏུ་བདུག་ནས་ཕྱིན་ན་ཁ་བས་མིག་ཕྱིད་པར་མི་འགྱུར་རོ༔༼༦༠༽ ཟངས་ཀྱི་ཕྱེ་མ་དང་སྐྱེར་པའི་ཁཎྜ་ལ༔ ཙཀྵུཿཔ་ཏ་ཙནྡྲ་མུ་ཏི་སྭཱ་ཧཱ༔ ཞེས་པ་སྔགས་ནས་མིག་ཏུ་བླུགས་ན་རབ་རིབ་སེལ་བར་འགྱུར་རོ༔༼༦༡༽ གྷྲྀ་རཱ་ཛ་གྷུཾ་ཐིབས་སེ་སྭཱ་ཧཱ༔ ཞེས་པ་ཐི་གུ་དཀར་ནག་གཅིག་ཏུ་དྲིལ་བ་མཐོ་གང་ལ་སྔགས་ནས་མདུད་པ་བོར་ཏེ་ལུས་ལ་བཅང་ན་ལམ་དུ་འཇིགས་པ་འབྱུང་བར་མི་འགྱུར་རོ༔༼༦༢༽ སརྦ་རཱུ་པ་ཛྭ་ལ་རོ་ར་བ་བྷ་གུངས་ཙནྡྲ་མཱ་ར་ཡ་ཧཱུྃ་ཕཊ༔་་་དཔེ་གཅིག་ལ། རཱུ་པ་ཏ་ཡ་ཧཱུྃ་ཕཊ༔ སྣང་། སྐྱེར་པའི་ཕུར་པ་ལ་སྔགས་ནས་ལུས་ལ་བཅང༔ དགྲ་བྱུང་བ་དང་ཕུར་བུ་ལ་འཆང་སྟེ་སྔགས་བཟླས་ན་དགྲ་རེངས་པར་འགྱུར་རོ༔༼༦༣༽ ཨོཾ་མ་ཧཱ་ཡ་ཏྲ་ལི་ཧྲཱི་དུ་དུ་མ་ལི་ཐ་མི་བྷཱུ་ཏ་ནན༔་་་དཔེ་གཅིག་ཏུ། མ་ཧཱ་ས་ཏ་ལ་བྷཱུ་ཏ་ནན༔ ཞེས་གདའ། ཞེས་པ་དབང་པོ་ལག་པ་དང༔ ར་མོ་ཤག་ལ་སྔགས་ནས་ཟོས་ན་ལུས་སྣུམ་ཞིང༔ གཉེར་མ་མེད་པར་འགྱུར་རོ༔༼༦༤༽ བྷཱུ་ཏ་པ་ལ་ཨ་སི་ཏི་ཡ་སརྦ་དུ་རུ་བཱ་ལམ་སྭཱ་ཧཱ༔ ཞེས་སྦྲང་དང༔ ལྷང་མ་ལྷང་ཚེར་ལ་སྔགས་ནས་ཟོས་ན་ལུས་ལས་འོད་ཟེར་འབྱུང་བ་དང༔ སྐྲ་དཀར་མེད་པར་འགྱུར་རོ༔༼༦༥༽ པུཎྱེ་པུཎྱེ་ཨཱ་ཡུཿཔུཎྱེ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཞེས་པ་བུ་རམ་དང༔ རྒུན་འབྲུ་ལ་སྔགས་ནས་ཟླ་བ་གཅིག་ཏུ་བརྟེན་ན་ལོ་བརྒྱ་ཐུབ་པར་འགྱུར་རོ༔༼༦༦༽ ཁ་རག་སྨཱ་ཤ་དུ་སིད་ཏ་མུ་ལ་བཻ་རཱ་ཙའི་སྲོག་ལ་རྦད་རྦད༔ ཅེས་པ་ཉུངས་དཀར་དང༔ ར་ཚིལ༔ རྟ་བོན་པ་རྣམས་ལ་སྔགས་ནས་ལུས་ལ་བཅངས་པའི་དུད་པས་བདུག་ན༔ ཕོ་འདྲེའི་གནོད་པའི་ཉལ་རེག་རྒྱུན་ཆད་པར་འགྱུར་རོ༔༼༦༧༽ སྲིད་པ་གསུམ་པོ་སལ་སལ་སྭཱ་ཧཱ༔ སང་སང་མུ་བར་ཏི་ཤ་བལ་སལ་སྭཱ་ཧཱ༔ ལུང་ཐང་མིག་མེད་པ༔ བྱིའུ་སྤྲུག་མོའི་མིག༔་་་འདི་ཆུ་ལ་གནས་པའི་སྦ་བྱིས་ཡིན་གསུངས་སྣང་། གྲི་ཁྲག་རྣམས་ལ་སྔགས་ནས་དུས་བཟང་པོ་ལ་དཔྲལ་བར་བྱུགས་པ་ན་སྲིད་པ་གསུམ་གྱི་ལྷ་འདྲེ་ཐམས་ཅད་མཐོང་བར་འགྱུར་རོ༔༼༦༨༽ ཧྲཱི་ས་ཏ་ཏ་རཏྣ་ཨ་སིདྡྷི་བཛྲ་སཱ་དྷུ་ས་མ་ཡ་རཏྣ་སིདྡྷི་ཧཱུྃ༔ ཞེས་པ་དུར་ཁྲོད་དུ་ཤིང་རྐང་གཅིག་གིས་རྩར་ཞ་ཉེའི་ཀོང་བུར་ཚིལ་ཆེན་གྱི་མར་མེ་སྦར་ཏེ༔ ཐོད་པ་དུམ་བུ་གཅིག་པར་དུ་བས་ཕོག་པར་བྱས་ཏེ༔ ཡུངས་དཀར་ལ་སྔགས་ཏེ་ཐོད་པ་ལ་ཞག་ལྔ་བྲབ་ན་ས་འོག་གི་གཏེར་མཐོང་བར་འགྱུར་རོ༔༼༦༩༽ སརྦ་ལེ་པ་ནི་ཏྲི་ཛ༔ སྲིན་དུ་ན་གུ་རི་མུ་ལ་ཤྲཱི་ཐིབ་སྭཱ་ཧཱ༔ ཞེས་པ་བུ་མོ་གཙང་མའི་རཀྟ་དང༔ རིན་པོ་ཆེ་ལྔ་དང༔ རྨ་བྱའི་མདོངས་དང༔ སེ་བའི་མེ་ཏོག་གྲིབ་མ་ལ་སྐམ་པ་དང༔ སྲིན་བྱའི་སྒོ་ང་རྣམས་བསྲེས་པ་ལ་བསྔགས་ཏེ༔ ཉུངས་དཀར་གྱི་མར་ཁུ་དང་བསྲེས་ཏེ་ལུས་ལ་བྱུགས་ན་ལྷ་འདྲེ་མི་གསུམ་གྱིས་མཐོང་མི་སྲིད་དོ༔ མཐོང་བར་འདོད་ན༔ སྐྱུང་ཀའི་ཁྲག་དང༔ རང་གི་དྲི་ཆུ་བསྲེས་པས་ལུས་བཀྲུས་ནའོ༔༼༧༠༽ ལ་མི་པྲ་ལ་བ་རི་ཙི་མུ་ཏི་ས་ཏ་ལ་ཤ་རཱི་རཾ་གྷ་མི་ཧྲཱི་སྭཱ་ཧཱ༔ ཞེས་པ་ཡུང་བ་དང༔ ལྡོང་རོས་དང༔ བ་དམར་མོའི་མར་བསྲེས་པ་ལ་བསྔགས་ཏེ་ལུས་ལ་བྱུགས་ན་མནའི་ཆད་པས་བདག་ལ་གནོད་པར་མི་འགྱུར་རོ༔༼༧༡༽ མ་ཧཱ་ཀཱ་ལི་མོ་ཏ་ལི་ཨཱ་ཀ་ནི་་་དཔེ་ལ་ལར་བར་འདིར། ཤ་མ་ཏི་རུ་ཀི་ག་ལ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་རཱ་ཡ་སྭཱ་ཧཱ༔ ཞེས་མི་ལྤགས་ལ་བྲིས་ཏེ་དར་དམར་པོས་དྲིལ་ནས་མགུལ་དུ་བཏགས་ན༔ གཟའི་འཇིགས་པ་ཐུབ་པར་འགྱུར་རོ༔ ཞེས་ཟེར་བའང་འདུག།སརྦ་བིད་མུ་ཧ་ར་རཏྣ་ས་མ་ཡ་རཀྵ་རཀྵ༔ ཞེས་ས་སྣ་དགུ་ལས་བྱས་པའི་མཆོད་རྟེན་དུ་གསེར་གྱིས་བྲིས་ནས་ཁྱིམ་གྱི་དབུས་ནམ་མཁའ་མཐོང་སར་བཞག་ན་ས་དགྲ་ཐམས་ཅད་ཐུབ་པར་འགྱུར་རོ༔༼༧༢༽ སརྦ་བིད་མུ་ལ་ཡི་ལི་ཤཀྟྲི༔ ཨ་ན་མ་ཡི་ལམ་ཤག༔ སརྦ་ཏྲི་ཤ་ཏི་མའི་ལམ་ཕྱེས་སྭཱ་ཧཱ༔ ཞེས་པ་བུལ་ཏོག་དང་ཚྭ་ལའི་ཆུ་ལ་སྔགས་ཏེ་བཏང་ན་མི་ཕྱུགས་གང་གི་ཡང་ཤ་མ་མ་ཐོན་པ་ཐོན་པར་འགྱུར་རོ༔༼༧༣༽ ཙི་ཏི་མུ་ཙ་དུ་རུ་ཏ་མ་ལ་ས་ཏ་ཀ་རི་ཀྲུམ་ཏི་ཤག་རྦད༔ ལ་ཕུག་གམ༔ སྒ་སྐྱ་ལ་སྔགས་ནས་བྱིན་ན་མ་ཞུ་བ་ཐམས་ཅད་སེལ་ལོ༔༼༧༤༽ པྲ་ཧཱུྃ་པྲ་མར་དུ་རུ་དུ་རུ་ས་ཐཾ་ཐཾ༔ ཞེས་པ་ཟ་རྒྱུ་བཏུང་རྒྱུ་གང་རུང་ལ་སྔགས་ཏེ་ལྟོར་བཏང་ན་འཁྲུ་བ་ཆོད་པར་འགྱུར་རོ༔༼༧༥༽ ཧ་ར་ཧ་ར་བཛྲ་ཏི་ལི་ས་མ་ཏི་སི་ལི་སི་ལི་སིལ་སིལ་ཁྲོལ་ཁྲོལ༔ ཞེས་པ་སྦྲུལ་ཤ་དང༔ མཚོ་ཚྭ་དང༔ ཚྭ་ལ་སྔགས་ཏེ་སྒོ་ལྕགས་ཀྱི་ལྕེ་ཁུང་དུ་བྲུད་ན་སྒོ་ལྕགས་ཕྱེད་པར་འགྱུར་རོ༔༼༧༦༽ པྲ་མ་ཤག་ཏྲ་ཤ་ནི་ཧ་ར་ཧ་རི་སྭཱ་ཧཱ༔ ཞེས་པ་ཆུ་གཙང་ལ་སྔགས་ཏེ་བདག་གི་ལུས་ལ་གཏོར་ཞིང་བཟླས་ཏེ་ཕྱིན་ན་ཕ་རོལ་པོས་བཟའ་བ་དང་བཏུང་བ་མགྱོགས་པར་སྟེར་རོ༔༼༧༧༽ ས་ཏོ་ལ་གོ་རི་དུཿཁ་པྲ་ཏ་མི་ལི་ཤི་ཤ་བྷཻ་ཥ་ཛྱེ་སྭཱ་ཧཱ༔ ཞེས་པ་མཁན་པ་དམར་པོ་དང༔ སྤྲུ་ནག༔ ཤུ་དག་རྣམས་ཀྱི་ཆུ་ལ་སྔགས་ཏེ་ཕྱུགས་ཀྱི་སྣ་བུག་ཏུ་བླུག་ཅིང་དུད་པས་བདུག་ན་ཕྱུགས་ནད་གང་ཡིན་པ་ཐམས་ཅད་ཞི་བར་འགྱུར་རོ༔༼༧༨༽ མ་ཧཱ་པྲ་ཏི་སཾ་བྷ་ན་ས་རི་བྷི་ཤ་སཏྭ་ཏྲག་ཏྲག་པ་ཏི་སྭཱ་ཧཱ༔ ཞེས་པ་ཤུ་དག་དང༔ སྤང་རྩི་དོ་བོ་དང༔ ཡུངས་དཀར་ལ་སྔགས་ཏེ་ར་ལུག་གི་གསེབ་ཏུ་གཏོར༔ ཁྲུས་དང་གཙང་སྦྲ་ལ་གནས་པར་བྱ༔ སྦྱོང་བ་ལན་གསུམ་བྱས་ན་ལུག་ནད་ཐམས་ཅད་ཞི་བར་འགྱུར་རོ༔༼༧༩༽ སྤུ་གྲི་དམར་པོ་ཟངས༔ འབྱུང་པོའི་སྲོག་ལ་རྦད༔ མ་ཏྲི་སརྦ་རཀྵ་རཀྵ༔ ཞེས་པ་ནས་ལ་སྔགས་ཏེ་ཆང་ལ་འཚོད་པའམ་གསེབ་ཏུ་བླུགས་ན༔ ཆང་ལ་གནོད་པའི་འདྲེ་ཐམས་ཅད་ཐུབ་པར་འགྱུར་རོ༔༼༨༠༽ འབྱུང་པོ་ཡཀྵ་ཚལ་སོད༔ མ་ཆུ་སརྦ་ཡག་མོ་སོད༔ ཅེས་པ་རྡེའུ་དཀར་ནག་གཉིས་ལ་སྔགས་ཏེ་ཞོ་མར་གྱི་སྟེང་དུ་བཞག་པའམ༔ ཞོའི་གསེབ་ཏུ་བཅུག་ན་དཀར་ལ་གནོད་པའི་འདྲེ་ཐམས་ཅད་ཞི་བར་འགྱུར་རོ༔༼༨༡༽ སརྦ་ས་ཏི་མ་ལ་སརྦ་ཏྲི་ལི་དུ་རུ་ཙ་ན་རཀྵ་རཀྵ་སྭཱ་ཧཱ༔ ཞེས་རྟེན་བྱིན་རླབས་ཅན་གྱི་ན་བཟའ་དང༔ སྐྱི་བའི་མེ་ཏོག་ལ་སྔགས་ཏེ་ཞིང་ལ་ཁྲུས་ཆུ་དང་བཅས་པས་གཏོར་ན་བཙའ་ཐུབ་པར་འགྱུར་རོ༔༼༨༢༽ མ་ཏ་པ་ཏ་སརྦ་ནཱ་ག་དུ་ན་ཕོབ༔ པྲ་ཏི་མ་ལ་དུན་ཤར་ཤར་ཕོབ༔ ཅེས་དཀར་གསུམ་མངར་གསུམ་དང་བག་ཟན་ལ་ཀླུའི་གཟུགས་བྱས༔ བུམ་པ་གཙང་མར་འོ་མ་དང་རྩི་སྨན་སྣ་ཚོགས་པ་དང༔ ཆུ་མིག་མང་པོའི་ཆུ་དང༔ ཁྱིའི་ཁྲག་བླུགས་པ་ལ་སྔགས་ཏེ་བུམ་པ་ཁ་བཅད་དེ་ཞག་གསུམ་ས་ལ་སྦ༔ ཆུ་གཏོར་བཏང༔ ནངས་པར་བུམ་པ་ཁ་ཕྱེ་སྟེ་བཞག་ན་བུམ་པའི་རླངས་པ་ནམ་མཁའ་ལ་སོང་ནས་རླངས་པ་སྤྲིན་དུ་སོང་ཞིང་ཆགས་པས་སད་ཐུབ་པར་འགྱུར་རོ༔༼༨༣༽ མ་ཧཱ་སརྦ་རཾ་རཾ་པ་ལ་རཾ་དུ་མ་རཾ་མུ་ཁ་ཏ་བྷ༔་་་དཔེ་གཅིག་ཏུ། དུ་ལ་རཾ་མུ་ཁ་ར༔ སྣང་། ཞེས་པ་གཡག་རྒོད་ཀྱི་མཁྲིས་པར་སྒ་དང༔ དྲོད་སྨན་དང༔ པི་ལིང་དང༔ ཕོ་རིལ༔ རྒྱ་ཚྭ༔ རྒྱམ་ཚྭ༔ ཚྭ་ལ༔ ཟེ་ཚ༔ ཕབས་རྣམས་བསྲེས་ལ་རིལ་བུ་སྲན་མ་ཙམ་བྱས་ནས་ལྟོ་སྟོང་ལ་མིད༔ ལུས་པོ་མེར་གྱིས་ཁེངས་པར་བསམས་ཏེ་ལུས་སྦྱོང་གང་ཡང་རུང་བ་བྱས་ཏེ༔ ཕྱི་ནས་ཀྱང་མར་རྙིང་དང་བསྲེས་ཏེ་ལུས་ལ་བྱུགས་ན་ལུས་པོ་བདེ་དྲོད་དང་ལྡན་པར་འགྱུར་རོ༔༼༨༤༽ ས་ཏི་གི་མ་མུ་ལུ་པ་ཡ་ཀྲོ་ཏ་ལ་མི་རི་སྭཱ་ཧཱ༔ ཞེས་པ་མི་རྟ་ཁྱི་གསུམ་གྱི་ཚིལ་བུ་ལ་སྔགས་པས་རྐང་པ་ལ་བྱུགས་ཏེ་རླུང་གི་སྦྱོར་བ་བུམ་པ་ཅན་ཁ་སྦྱོར་དུ་བྱས་ནས་ཕྱིན་ན་བྱ་རྒོད་དར་མའི་ཉིན་ལམ་རེ་ཆོད་པར་འགྱུར་རོ༔༼༨༥༽ ཀ་ར་ཀ་ར་སརྦ་དུ་ན་དུ་ན་པ་ཏ་ལ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་པ་ལྟོ་སྟོང་གི་མཆིལ་མ་ལ་སྔགས་ཏེ་ཕྱོགས་ཀུན་ཏུ་མཐེབ་སྲིན་གཡོན་པས་གཏོར་ན་རྨི་ལམ་ངན་པ་ཐམས་ཅད་བཟློག་པར་འགྱུར་རོ༔༼༨༦༽ བྷ་ཏ་པྲ་ཛྙཱ་ཤ་ར་ཙནྡྲ་གོ་མི་གསལ་གསལ་སྭཱ་ཧཱ༔ ཞེས་པ་དཀར་གསུམ་དང་མེ་ཏོག་ལུག་མིག་པ༔ ཀ་ར་རྣམས་བསྲེས་པའི་པདྨ་འདབ་བརྒྱད་ལ་སྦྱར་ལ་ཉི་ཟླ་གཟས་བཟུང་ཚེ་མིད་ན་ཤེས་རབ་ཆེན་པོས་ཐོས་པ་ཐམས་ཅད་འཛིན་པར་འགྱུར་རོ༔༼༨༧༽ ཀུ་ཏ་ས་ར་རི་ཏ་བྷི་མུ་རུ་བཛྲ་སརྦ་རཀྵ་རཀྵ༔ ཞེས་པ་ཤུ་དག་ནག་པོ་དང༔ མཁན་པའི་འབྲུ་དང༔ གཡེར་མ་དང༔ མར་ནག་རྣམས་སྦྱར་ནས་བྱུགས་ན་ཁྱི་ཤིག་ཐུབ་པར་འགྱུར་རོ༔༼༨༨༽ ཨི་དཾ་བྷ་རེ་ཙ་ཙ་ཤུ་བྷིས་མ་རུ་མ་ལ་ཤར་ཤར་སྨོས་སྭཱ་ཧཱ༔ རྡོ་ཕ་ཝང་ལོང་བུ་དང༔ རའི་སྙིང་ཁྲག་ལ་སྔགས་ནས་ཞ་ཉེའི་ཨ་ཙ་རའི་ནང་དུ་བཅུག་ནས་ལུས་ལ་བཅང་ན་ཕ་རོལ་པོས་ལྐོག་ཏུ་ཇི་སྐད་སྨྲས་པ་བདག་གིས་ཐོས་པར་འགྱུར་རོ༔༼༨༩༽ ཨི་ཏྲི་ཏ་པྲ་ཏྲི་ཧྲི་ཏ་པ་ཏི་ར་ཙ་ཧ་ས་ཧ་ག་ཏི་ཕ་ལ་སིདྡྷི་ཧཱུྃ༔་་་དཔེ་གཅིག་ཏུ། ཏི་ཏ་ས་རི་ཙ་ཧ་ས་ག་ཏི་ས་ལ་སིདྡྷི་ཧཱུྃ༔ ཞེས་སྣང་བས་དཔྱད། ཞེས་ར་རྒྱ་བོའི་དབང་པོ་ལྔ་དང༔ ཕ་ཝང་ལོང་བུ་དང་མགྲོན་བུ་མིག་མེད་རྣམས་ལ་སྔགས་ཏེ༔ ཟ་འོག་གི་ཁུག་མར་བཅུག་ནས་མཆན་ཁུང་གཡོན་པར་བཅང་ན་རྒྱན་རྒྱལ་བར་འགྱུར་རོ༔༼༩༠༽ ས་མ་སིད་དྷུ་བྷ་ལ་ས་པ་ཏི་ར་ཛྙཱ་པ་ཡ་སརྦ་ཏི་སྭཱ་ཧཱ༔ ཞེས་པ་རཏྣ་ལྔ་མིག་མ་ཕུག་པ་ལ་སྔགས་ལ་དར་སྣ་ལྔས་དྲིལ་ཏེ་ལུས་ལ་བཅང་ན་བདག་གི་ཚོང་རྒྱལ་བར་འགྱུར་རོ༔༼༩༡༽ ཡ་ས་ཏ་ལ་བྷི་སོ་ཏ་ཡ་ཧྲཱི་སརྦ་ད་ཏ་ཧཱུྃ་ཕཊ༔ ཅེས་པ་ལྕགས་ཀྱི་ཕུར་པ་སོར་བརྒྱད་ལ་སྔགས་ཏེ་དར་ནག་པོའི་ཅོད་པན་བཏགས་ཏེ་ལུས་སམ་མགུལ་དུ་བཅང་ན་གཤིན་རྗེའི་གདོན་གྱི་གནོད་པ་ཐམས་ཅད་ཞི་བར་འགྱུར་རོ༔༼༩༢༽ ཕ་ཏི་དེ་བ་སརྦ་ཏི་བཛྲ་རཀྵ་རཀྵ་སྭཱ་ཧཱ༔ ཞེས་པ་ཙནྡན་དཀར་པོའི་ཕུར་པ་ལ་སྔགས་ཏེ་དར་དཀར་གྱི་ཅོད་པན་བཏགས་ཏེ་ལུས་ལ་བཅང་ན་ལྷའི་གདོན་གྱི་གནོད་པ་ཐམས་ཅད་ཞི་བར་འགྱུར་རོ༔༼༩༣༽ མ་མ་ཏྲག་རཀྵ་རཀྵ་མ་ཡེ་སརྦ་དུ་ན་བྷྱོ་རཀྵ་རཀྵ༔ ཟངས་སམ་ཤིང་དམར་པོའི་ཕུར་པ་སོར་བརྒྱད་ལ་སྔགས་ཏེ་དར་དམར་པོའི་ཅོད་པན་བཏགས་ཏེ་ལུས་སམ་མགུལ་དུ་བཅང་ན༔ མ་མོའི་རིམས་དང་གདོན་ཐམས་ཅད་ཐུབ་པར་འགྱུར་རོ༔༼༩༤༽ དུ་དུ་རཀྵ་དུ་ས་ལ་ཛ་ཛ༔ མཱ་ར་ཡ་སརྦ་སིདྡྷི་ཏ་པ་རཀྵ་རཀྵ༔ ཞེས་པ་སྐྱེར་པའམ་གདུག་པ་ཅན་གྱི་ཤིང་གི་ཕུར་པ་སོར་བརྒྱད་ལ་སྔགས་ཏེ་དར་སྔོན་པོའི་ཅོད་པན་དང་བཅས་ཏེ་ལུས་སམ་མགུལ་དུ་བཅང་ན༔ བདུད་ཀྱི་གནོད་པ་ཐམས་ཅད་ཞི་བར་འགྱུར་རོ༔༼༩༥༽ ས་ཏི་བ་ར་སརྦ་པྲེ་ཏ་ག་ཎ་མ་མ་སརྦ་རཀྵ༔ ཞེས་པ་འོམ་བུའམ་ཁམ་བུའི་ཕུར་པ་སོར་བཞི་ལ་སྔགས་ཏེ་དར་དམར་རམ་ནག་པོའི་ཅོད་པན་དང་བཅས་ཏེ་ལུས་སམ་མགུལ་དུ་བཅང་ན་ཡི་དྭགས་ཀྱི་གནོད་པ་ཐམས་ཅད་ཞི་བར་འགྱུར་རོ༔༼༩༦༽ ཙ་ཙ་སོ་ཏི་ཧ་ར་བྷ་མ་མ་པུ་ཤུ་མ་ཙ་ལ་བྷ་ཡི་ཐ་ཧི་སྭཱ་ཧཱ༔ ཞེས་པ་ཤུག་པའི་ཕུར་པ་སོར་བཞིའམ་བརྒྱད་ལ་སྔགས་ཏེ་དར་དམར་པོའི་ཅོད་པན་དང་བཅས་ཏེ་ལུས་སམ་མགུལ་དུ་བཅང་ན་བཙན་གྱི་གནོད་པ་ཐམས་ཅད་ཞི་བར་འགྱུར་རོ༔༼༩༧༽ ཨོཾ་ཀྱེ་ཏ་ཁཾ་བཾ་བ་ཏ་ལི་སུ་མེ་རུ་ཡུ་མེ་སྭཱ་ཧཱ༔ ཞེས་ཁྲོའམ་ལྗོན་དམར་གྱི་ཕུར་བུ་སོར་བཞི་ལ་སྔགས་ཏེ་དར་དམར་པོའི་ཅོད་པན་དང་བཅས་ཏེ་ལུས་སམ་མགུལ་དུ་བཅང་ན་གཟའི་གནོད་པ་དང་ཀླུའི་གནོད་པ་ཐམས་ཅད་ཞི་བར་འགྱུར་རོ༔༼༩༨༽ ན་ཀི་སརྦ་དུཿཁ་མ་ལ་ཏི་པ་ཙ་པ་ཙ་མ་མ་ན་ར་མ་བྷ་ཏི་སྭཱ་ཧཱ༔ ཞེས་པ་མཆོག་ཕུར་ལ་སྔགས་ཏེ་དར་སྔོན་པོའི་ཅོད་པན་དང་བཅས་ཏེ་ལུས་སམ་མགུལ་དུ་བཅང་ན་ཤ་ཟའི་གདོན་གྱི་གནོད་པ་ཐམས་ཅད་ཞི་བར་འགྱུར་རོ༔༼༩༩༽ སརྦ་བྷུ་རུ་བྷཱུ་ཏ་ཙནྡྷ་མི་ལི་སརྦ་དུ་རུ་ན་སྭཱ་ཧཱ༔ ཞེས་པ་སེང་ལྡེང་གི་ཕུར་པ་སོར་བརྒྱད་ལ་སྔགས་ནས་དར་སྣ་ལྔའི་ཅོད་པན་བཅས་ལུས་སམ་མགུལ་དུ་བཅང་ན་འབྱུང་པོའི་གདོན་དང་གནོད་པ་ཐམས་ཅད་ཞི་བར་འགྱུར་རོ༔༼༡༠༠༽ བཛྲ་ཏྲིག་ནན་སརྦ་རཱ་ཙ་ཙ་རག་མོ་མཱ་ར་ཡ་སཏྭཾ་བྷ་ཡ་བྷྱོ་ཟློག་ཤད་རྦད་བྷྱོ་སྭཱ་ཧཱ༔ ཞེས་པ་ཤེར་ཤིང་གི་ཕུར་པ་སོར་བརྒྱད་ལ་སྔགས་ནས་དར་སྣ་ལྔའི་ཅོད་པན་བཏགས་ལ་ལུས་སམ་མགུལ་དུ་བཅང་པའམ་ཁྱིམ་གྱི་དབུས་སུ་བཙུགས་ན་ཁྱིམ་དེར་འབྱུང་པོ་གནས་པར་མི་འགྱུར་རོ༔ ༼༡༠༡༽ ཏྲི་ཤམ་ས་ཛྭ་ལ་མ་བྷི་ཀུ་རུ་ར༔ གནས་འདིར་འབྱུང་པོ་མི་དང་མི་མ་ཡིན་གྱི་གནོད་པ་སྲུངས་ཤིག༔ ཅེས་བྲིས་ཏེ་ཁམ་སའི་ལྕེ་སྤྱང་ལ་ཚོས་སམ་མཚལ་གྱིས་དམར་པོར་བྱས་པའི་ཁོག་པར་བཅུག་ལ་རྟེན་འབྲེལ་སྙིང་པོས་རབ་གནས་བྱས་ཏེ་སྒོ་ཡི་སྟེང་དུ་བཞག་ན༔ གནས་དེར་ཕ་རོལ་པོའི་གནོད་པ་མི་འབྱུང་བར་འགྱུར་རོ༔༼༡༠༢༽ བཛྲ་བྷ་ཤམ་ཧ་ལ་ན་མ་ཙཀྲ་སརྦ་ཨུ་ནན་ཆེ་གེ་མོའི་ངག་ཨུ་སཏྭཾ་བྷ་ཡ་ནན༔ ཞེས་པ་རང་ཉིད་པདྨ་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པས་བཟླས་ན་ཕ་རོལ་པོའི་ངག་ལྐུགས་ནས་སྨྲ་མི་ནུས་པར་འགྱུར་རོ༔༼༡༠༣༽ ཙི་རི་མི་རི་བྷི་བྷི་བྷ་བྷ་ཨ་ཨ་ཆེ་གེ་མོའི་དབང་པོ་སཏྭཾ་བྷ་ཡ་ནན༔ ཞེས་པ་ཁྱིའི་མཇུག་མའི་སྤུ་དང་བོང་བུའི་རཀྟ་དང་ཉའི་མཁྲིས་པ་ལ་སྔགས་ཏེ་ཁོང་དུ་བཏང་ན་ཕོ་དབང་ལྡང་མི་ནུས་སོ༔༼༡༠༤༽ ས་མཱ་ར་ཡ་སྲོག་ཏི་སྙིང་ལ་རྦད་ཡ༔ ཙིཏྟ་ལ་རྦད༔ ཤ་ཏྲཱུན་ས་མཱ་ར་ཡ་རྦད་རྦད༔ ཅེས་པ་ཕ་རོལ་པོའི་དྲི་མ་དང་རྐང་རྗེས་ཀྱི་ས་ལ་འདྲ་འབག་བཟོས་ཏེ་སྙིང་གར་མིང་རུས་ཁྱི་ཁྲག་གིས་བྲིས་པ་བཅུག༔ དགྲ་བོ་དངོས་སུ་བསམ་པ་ལྟར་དགུག་གཞུག་བྱས་ལ་གུ་གུལ་དང་ཁྱི་ལུད་ཀྱི་དུད་པས་བདུག༔ ལྕགས་ཀྱི་གྲི་གུག་ལ་སྔགས་ཏེ་མགུལ་པ་བྲེག་ཅིང་ཡན་ལག་གཏུབས་ལ་མིང་རུས་རྣམས་གཟའ་སྐར་ཐེབ་ཡོད་པ་ལ་མཆོད་རྟེན་གྱི་འོག་ཏུ་མནན་ལ༔ ཕ་རོལ་པོ་དེ་ཉིད་ཞག་ཉེར་གཅིག་ལ་གུམ་པར་འགྱུར་རོ༔༼༡༠༥༽ ཨེ་ས་ཏྲིག་ཏ་ཏྲིག་ཏ་མུ་ཧི་ཧ་ན་པྲ་མ་ཤག་རྦད་སྭཱ་ཧཱ༔ ཞེས་པ་ཕག་གི་ཀླད་པ་ལ་ཡུགས་སའི་མངལ་ཁྲག་གིས་བྲིས་ལ་ཕུང་ཤུལ་གྱི་ས་ལ་ཕག་གི་གཟུགས་བྱས་པའི་ནང་དུ་བཅུག༔ སྐར་མ་བྲ་ཉེ་ལ་བབ་དུས་དགྲ་བོའི་ཁང་འགྲམ་དུ་སྦས་ན་མཁར་མྱུར་དུ་འཇིག་པར་འགྱུར་རོ༔༼༡༠༦༽ སཾ་མྱྑྵ་ཏཱ་ཡ་ས་ར་ས་ར་ཨུ་ཙ་ཌཱ་བ་ཆེ་གེ་མོ་ལ་ཨུ་ཌཱ་ཡ་ཕཊ༔ ཅེས་རོ་རས་ལ་བྲིས་དུག་སྣ་ལྔ་བླུགས་ལ་ཐག་རིང་མགྲོན་པོའི་འབོག་གིས་དྲིལ་སྐུད་པ་ནག་པོས་ཕྱིན་ལོག་ཏུ་དཀྲིས་ཏེ་མཛོ་རྟོལ་གྱི་རྭ་གཡོན་པར་བཅུག་སྐར་མ་ཁྲའི་དུས་ནངས་ནུབ་ཆུ་ལ་བསྐྱུར་ན་ཕ་རོལ་པོ་གཉེན་དང་བྲལ་ནས་གླིང་ཕལ་པར་འགྲོ་བར་འགྱུར་རོ༔༼༡༠༧༽ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ མ་ཧཱ་ཕ་ལ་སརྦ་དྷརྨ་ཧྲཱི༔ གྷ་ཏི་ས་མ་དྷརྨ་དྷཱ་ཏུ་ཧྲཱི༔ པྲ་ཛ་ལཾ་སྭཱ་ཧཱ༔ ཞེས་དར་སྣ་ལྔ་དང༔ འབྲུ་སྣ་དང༔ མེ་ཏོག་དམར་པོ་སྣ་ཚོགས་ལ་སྔགས་ཏེ་ལུས་ལ་བཅང་ངམ་དོན་གང་སྒྲུབ་པའི་ཚེ་ལྟོར་ཟོས་ན་དོན་གང་ཡིན་པ་བཀྲ་ཤིས་པ་དང་བཅས་ནས་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ༔༼༡༠༨༽་་་འདི་ལ་ཕྱི་མོ་རྣམས་སུ་ལས་ཚོགས་བདུན་ཅུ་དོན་གསུམ་པ་དང་། དོན་ལྔ་པ་དང་། བརྒྱ་དང་བཞི་བྱས་པ་དང་། བརྒྱ་དང་བཅུར་དབྱེ་བ་སོགས་མི་གཅིག་པར་སྣང་ངོ་། །དུས་གསུམ་རྒྱལ་བ་མ་ལུས་འདུས་པ་ཡི༔ འོད་དཔག་མེད་པ་སྤྱན་རས་གཟིགས་དབང་ཕྱུག༔ དཔའ་བོ་རྟ་མགྲིན་གདུག་པ་ཀུན་འདུལ་བའི༔ རྒྱུད་སྡེ་མཐའ་ཡས་སྒྲུབ་ཐབས་མན་ངག་མཐོང༔ དབང་ཆེན་ཉིད་ཀྱི་བྱིན་གྱིས་བརླབས་པའི་ཕྱིར༔ བདག་འདྲ་མཐའ་ཡི་རྣལ་འབྱོར་ཐོད་ཕྲེང་ལ༔ འགྲོ་བའི་དོན་དུ་བཙུན་པ་རྒྱལ་མཆོག་དབྱངས༔ ཐེག་ཆེན་བློ་ཡིས་ཡང་ཡང་བསྐུལ་བའི་ཕྱིར༔ དབང་ཆེན་རྒྱལ་པོ་པདྨ་ཧེ་རུ་ཀའི༔ ཡིད་བཞིན་ནོར་བུའི་ལས་ཚོགས་བརྒྱ་ཚོ་བསྒྲིགས༔ དགེ་དེས་འགྲོ་ཀུན་ཉོན་མོངས་ཚོགས་བྲལ་ནས༔ བདེ་ཆེན་ཞིང་དུ་བླ་མེད་ཐོབ་པར་ཤོག༔ དཔལ་ཆེན་རྟ་མགྲིན་དབང་གི་རྒྱལ་པོ་ཡི༔ ཡིད་བཞིན་ནོར་བུའི་ལས་ཚོགས་བརྒྱ་རྩ་འདི༔ ལས་ཅན་གཅིག་དང་མྱུར་དུ་འཕྲད་པར་ཤོག༔ འཕྲད་ནས་འདི་ཡི་བསྟན་པ་དར་གྱུར་ཅིག༔ ས་མ་ཡ༔ དཔལ་རྟ་མགྲིན་དབང་གི་རྒྱལ་པོའི་ལས་ཚོགས་བརྒྱ་རྩ་བ་སློབ་དཔོན་པདྨས་མཛད་པ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ དཔལ་རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་ལས་ཚོགས་བརྒྱ་པ་ཞེས་བྱ་བ། ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་རྣམ་འཕྲུལ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དགེ་སློང་རྡོ་རྗེ་འཛིན་པ་གུ་རུ་ཚེ་བརྟན་རྒྱལ་མཚན་གྱིས་མོན་མཐའ་ཕྲ་མོ་དཔལ་གྱི་ཆུ་མོ་ཕུག་ལྷ་མོ་ལཱ་སྱ་གར་བྱེད་པ་འདྲ་བའི་གསང་གནས་ནས་སྤྱན་དྲངས་པའོ། །ཞེས་པའང་ཞབས་དྲུང་རིན་པོ་ཆེ་པདྨ་ཕྲིན་ལས་ཀྱི་ཕྱག་དཔེ་ལ་གཙོ་བོར་གཏུགས་ཏེ་བྲིས་ཤིང་དཔེ་གཞན་དང་ཡང་བསྟུན་པ་དགེ། །།
བདེ་གཤེགས་ཡོངས་འདུས་ལས༔ སྲིད་པ་ཁོད་སྙོམ་གྱི་མདོས་ (Volume 44, Text 6)
༁ྃ༔ བདེ་གཤེགས་ཡོངས་འདུས་ལས༔ སྲིད་པ་ཁོད་སྙོམ་གྱི་མདོས་བཞུགས་སོ༔ ྈྈྈྈ ཀྱཻ༔ རང་བཞིན་རྣམ་དག་འཕྲུལ་གྱི་མདོས༔ སངས་རྒྱས་ཐུགས་རྗེ་ལས་བྱུང་བའི༔ སྲིད་པ་འཕྲུལ་གྱི་མདོས་བཤམས་ན༔ རྒྱལ་བ་ཐམས་ཅད་དགྱེས་བྱེད་ཅིང༔ ལྷ་འདྲེ་ཡོངས་ཀྱི་འདོད་ཡོན་ཚང༔ དག་ཅིང་གཙང་མར་བཤམས་པ་ཡི༔ གླིང་བཞིའི་འཁོར་ཡུག་ལ་གནས་པའི༔ ལྷ་འདྲེ་ཡོངས་ཀྱི་སྤྱན་ལམ་དུ༔ མཛེས་ཤིངས་ངོམས་པ་མེད་པར་གྱུར༔ སངས་རྒྱས་ཐུགས་རྗེའི་རྒྱུ་དང་རྐྱེན༔ དེ་ལ་ཉེ་རིང་གང་ཡང་མེད༔ དག་པ་སྔགས་ཀྱི་བདེན་ཚིག་ལ༔ གསུང་དབྱངས་ཡན་ལག་ཚང་བའི་ཕྱིར༔ གླིང་བཞི་འཁོར་ཡུག་ཀུན་ཏུ་ཚོར༔ རི་རབ་ཟོམ་གྱི་ལྷ་འདྲེ་ཡང༔ ཟག་བཅས་ཟག་པ་མེད་པར་མཐོང༔ མ་དག་དག་པ་ཆེན་པོའི་ཕྱིར༔ དངོས་པོའི་སྒྲིབ་པར་ཡོངས་མ་བཤད༔ སྣང་ཞིང་སྲིད་པ་འགྲོ་དང་འོང༔ སངས་རྒྱས་ཐུགས་རྗེ་འགྲོ་འོང་མེད༔ མདའ་ན་སྔགས་པས་མགྲོན་འབོད་ན༔ ཕུ་ན་ལྷ་འདྲེས་མཆོད་པ་བཞེས༔ དེ་རིང་བཤམས་པའི་རིན་ཆེན་འདིས༔ རི་རབ་གླིང་བཞིའི་འཁོར་ཡུག་གིས༔ ལྷ་འདྲེ་དགའ་བའི་ཡས་སུ་བྱས༔ བཤམས་ནི་གནས་མཆོག་འདི་ན་བཤམས༔ བསྔོ་ནི་གསང་སྔགས་བདེན་པས་བསྔོ༔ ཚིམ་ནི་སོ་སོའི་དབང་པོ་ཚིམ༔ སྔགས་དྲུག་ཕྱག་དྲུག་གི་བྱིན་གྱིས་བརླབ། ཀྱཻ༔ སྲིད་པ་རླུང་ལ་རྟེན་བཅས་པའི༔ རྒྱ་མཚོ་ཆེན་པོ་ཐབས་ཀྱིས་བསྐོར༔ དེ་སྟེང་གསེར་གྱི་ས་གཞི་ལ༔ རི་རབ་རི་བདུན་གླིང་བཞི་དང༔ གླིང་ཕྲན་འཁོར་ཡུག་དང་བཅས་ལ༔ གནས་ཚད་བརྔན་དང་མདོས་ཀྱིས་བསྐང༔ རི་རབ་གཡུ་ཡི་བུམ་པ་ན༔ ལྷ་ཆེན་ཚངས་པ་ཆེན་པོ་དང༔ ཀུན་ཏུ་བཟང་པོ་ཐབས་ཀྱིས་བཞུགས༔ དེ་ཡང་བརྔན་དང་མདོས་ཀྱིས་བསྐང༔ རི་རབ་བུམ་པའི་ཤིང་མཚམས་སུ༔ གནམ་གྱི་དཀར་མོ་མིག་མེད་དང༔ རྒྱལ་མོ་ལྔ་རུ་མདངས་ལ་གསལ༔ དེ་ཡང་བརྔན་དང་མདོས་ཀྱིས་བསྐང༔ ཤིང་དང་ལོ་མའི་མཚམས་སུ་ཡང༔ ལྷ་ཆེན་སེར་སྐྱ་ཆེན་པོ་དང༔ རྒྱ་མཚོ་ཉི་ཟླའི་མདངས་སུ་གནས༔ དེ་ཡང་བརྔན་དང་མདོས་ཀྱིས་བསྐང༔ རི་རབ་བུམ་པའི་ལྕོག་བཞི་ན༔ ལྷ་ཆེན་བྷྲིཾ་གི་རི་ཏི་དང༔ ཁྲོས་པའི་དབང་ཆེན་རིགས་བཞི་གནས༔ དེ་ཡང་བརྔན་དང་མདོས་ཀྱིས་བསྐང༔ རི་རབ་ཕྱི་ཡི་ལྕོག་བཞི་ལ༔ ལྷ་ཆེན་འཁོར་ལོ་ཁྱབ་འཇུག་དང༔ ཐུགས་ཀྱི་དགྱེས་སྡེ་བག་ལ་གནས༔ དེ་ཡང་བརྔན་དང་མདོས་ཀྱིས་བསྐང༔ གྲྭ་བཞི་དག་ལ་རང་བཞིན་དུ༔ ལྷ་ཆེན་སྟོབས་བཟང་སེར་སྐྱ་དང༔ སྦས་པའི་མ་མོ་བཞི་པོ་གནས༔ དེ་ཡང་བརྔན་དང་མདོས་ཀྱིས་བསྐང༔ རི་རབ་ཁོང་སེང་རྐེད་པ་ན༔ སྐོས་རྗེ་བྲང་དཀར་ཆེན་པོ་དང༔ ཆགས་བྱེད་ཆ་སྙོམ་རང་བཞིན་གནས༔ དེ་ཡང་བརྔན་དང་མདོས་ཀྱིས་བསྐང༔ དཔག་བསམ་ཤིང་གི་རྩ་བ་ན༔ ཀཱ་ལ་བདུད་ཀྱི་རྒྱལ་པོ་དང༔ ནམ་མཁའི་རྒྱལ་མོ་རང་བཞིན་གནས༔ དེ་ཡང་བརྔན་དང་མདོས་ཀྱིས་བསྐང༔ དཔག་བསམ་ཤིང་གི་ལོ་མ་ལ༔ འབྱུང་རིགས་སྤུན་དགུའི་ཆོ་འཕྲུལ་དང༔ ཨེ་ཀ་ཙཱ་ཏི་ཐབས་ཅིག་གནས༔ དེ་ཡང་བརྔན་དང་མདོས་ཀྱིས་བསྐང༔ རི་རབ་རྨང་གི་གྲྭ་བཞི་ན༔ ས་བདག་ཕག་མགོ་ཆེན་པོ་དང༔ གྲུ་འདེགས་བཞི་པོ་ཐབས་ཅིག་གནས༔ དེ་ཡང་བརྔན་དང་མདོས་ཀྱིས་བསྐང༔ སྲིད་པའི་རོལ་མཚོ་བདུན་པོ་ལ༔ ཕུང་བྱེད་དྲེགས་པའི་ཀླུ་བདུན་དང༔ སྲིན་མོ་བདུན་པོ་ཐབས་ཅིག་གནས༔ དེ་ཡང་བརྔན་དང་མདོས་ཀྱིས་བསྐང༔ དཔག་བསམ་ཤིང་གི་སུམ་ཆ་ལ༔ དེ་འོག་ནོར་གྱི་བདག་པོ་དང༔ འདོད་ཁམས་ནེའུ་ཚོགས་རང་བཞིན་གནས༔ དེ་ཡང་བརྔན་དང་མདོས་ཀྱིས་བསྐང༔ རི་རབ་བང་རིམ་བཞི་པོ་ལ༔ རྒྱལ་པོ་ཆེན་པོ་སྡེ་བཞི་དང༔ ལས་ཀྱི་སྲིང་བཞི་རང་བཞིན་གནས༔ དེ་ཡང་བརྔན་དང་མདོས་ཀྱིས་བསྐང༔ དཔག་བསམ་ཤིང་གི་རྩ་བ་ན༔ གཤིན་རྗེ་རུ་དྲའི་གཟུགས་བྱད་དང༔ དབང་མོ་ཆེ་བརྒྱད་རང་བཞིན་གནས༔ དེ་ཡང་བརྔན་དང་མདོས་ཀྱིས་བསྐང༔ ཤར་གྱི་ལུས་འཕགས་གླིང་ན་ནི༔ དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྲུང༔ དྲི་ཟ་ལ་སོགས་ལྷ་འདྲེ་གནས༔ དེ་ཡང་བརྔན་དང་མདོས་ཀྱིས་བསྐང༔ བྱང་གི་སྒྲ་མི་སྙན་ན་ནི༔ གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས༔ གནོད་སྦྱིན་ལ་སོགས་ལྷ་འདྲེ་གནས༔ དེ་ཡང་བརྔན་དང་མདོས་ཀྱིས་བསྐང༔ ནུབ་ཀྱི་བ་ལང་སྤྱོད་ན་ནི༔ ཀླུ་དབང་རྒྱལ་པོ་སྤྱན་མི་བཟང༔ ཀླུ་གདོན་ལ་སོགས་ལྷ་འདྲེ་གནས༔ དེ་ཡང་བརྔན་དང་མདོས་ཀྱིས་བསྐང༔ ལྷོ་ཡི་འཛམ་བུའི་གླིང་ན་ནི༔ གཤིན་རྗེའི་རྒྱལ་པོ་འཕགས་སྐྱེས་པོ༔ གཤིན་རྗེ་ལ་སོགས་གདོན་ཚོགས་གནས༔ དེ་ཡང་བརྔན་དང་མདོས་ཀྱིས་བསྐང༔ ཡུལ་ནི་སུམ་ཅུ་སོ་གཉིས་ན༔ ཡུལ་ལྷ་ལ་སོགས་ལྷ་འདྲེ་གནས༔ དེ་ཡང་བརྔན་དང་མདོས་ཀྱིས་བསྐང༔ གནས་ནི་ཉི་ཤུ་རྩ་བཞི་ན༔ དཔའ་བོ་དཔའ་མོ་ལ་སོགས་གནས༔ དེ་ཡང་བརྔན་དང་མདོས་ཀྱིས་བསྐང༔ དུར་ཁྲོད་ཆེན་པོ་བརྒྱད་རྣམས་སུ༔ ལྷ་དང་འདྲེ་སྲིན་དཔག་མེད་གནས༔ དེ་ཡང་བརྔན་དང་མདོས་ཀྱིས་བསྐང༔ གཞན་ཡང་མདོས་ཀྱིས་བསྐང་བ་ནི༔ ཤར་ཕྱོགས་ལྷ་ཡི་གདོན་གྱི་ཚོགས༔ ཤར་ལྷོ་མེ་ལྷའི་གདོན་གྱི་ཚོགས༔ ལྷོ་ཕྱོགས་གཤིན་རྗེའི་གདོན་གྱི་ཚོགས༔ ལྷོ་ནུབ་སྲིན་པོའི་གདོན་གྱི་ཚོགས༔ ནུབ་ཕྱོགས་ཀླུ་ཡི་གདོན་གྱི་ཚོགས༔ ནུབ་བྱང་རླུང་ལྷའི་གདོན་གྱི་ཚོགས༔ བྱང་ཕྱོགས་གནོད་སྦྱིན་གདོན་གྱི་ཚོགས༔ བྱང་ཤར་དབང་ལྡན་གདོན་གྱི་ཚོགས༔ སྟེང་ཕྱོགས་གཟའ་སྐར་གདོན་གྱི་ཚོགས༔ འོག་ཕྱོགས་ས་བདག་གདོན་གྱི་ཚོགས༔ ཀུན་ཀྱང་རྒྱལ་བའི་བཀའ་ལ་ཉོན༔ ཀུན་ཀྱང་བདེན་པའི་ཚིག་ལ་ཉོན༔ ཀྱཻ༔ མི་སྲིད་དགུ་སྲིད་ཅིར་ཡང་སྲིད་པའི་འདྲེ༔ མི་ཚོགས་དགུ་ཚོགས་ལྷ་འདྲེའི་ཚོགས་ར་འདིར༔ མི་བྱེད་དགུ་བྱེད་བྱེད་པའི་ལྷ་དང་འདྲེ༔ མི་འདོད་དགུ་འདོད་འདོད་པས་གདུང་ན་ཡང༔ མི་གནོད་དགུ་གནོད་གནོད་པ་བསྐྱལ་པའི་མཐུས༔ མི་སྡུག་དགུ་སྡུག་བདེ་བའི་དུས་མཐའ་མེད༔ མི་བསམ་དགུ་བསམ་བསམ་པ་གཏན་ཕབ་སྟེ༔ མི་སྐྱིད་དགུ་སྐྱིད་དགེ་བར་སོམས་ཤིག་དང༔ མི་འཛོམ་དགུ་འཛོམ་འདོད་པའི་ཡོན་ཏན་འཛོམ༔ བདེན་མེད་རྫུན་དུ་སྤྱོད་པའི་ལྷ་འདྲེ་རྣམས༔ བསླུ་མེད་བདེན་པར་གྲུབ་པའི་ལས་འབྲས་སོམས༔ བསད་ན་ཚེ་ཐུང་བརྡུངས་ན་ནད་མང་བའི༔ གཞན་ལ་བསམ་ངན་སྦྱོར་བ་རང་ལ་ངན༔ ལས་དཀར་རྣམ་སྨིན་དཀར་བའི་དགེ་བ་དང༔ ལས་ནག་རྣམ་སྨིན་ནག་པའི་ངན་འགྲོའི་རྒྱུ༔ སྟོང་གཟུགས་རང་སྣང་ཚོལ་བའི་དུས་ལ་བབས༔ ལས་འབྲས་བསླུ་བ་མེད་པ་དགེ་བའི་རྒྱུ༔ འགྲོ་ལ་འཚེ་སྤོངས་ཕན་པའི་སེམས་སྐྱེད་ཅིག༔ གླུད་འབུལ་བ་ནི༔ ཀྱཻ༔ འགྲོ་བ་སེམས་ཅན་དོན་གྱི་ཕྱིར༔ འབྲུ་སྣའི་ཕྱེ་ལ་བྱས་པ་ཡི༔ རིན་ཆེན་ངར་གྱི་མི་བོ་འདི༔ འགྲོ་བ་ཡོངས་ཀྱི་གླུད་དུ་འབུལ༔ འགྲོ་བ་སྤྱི་མཐུན་བསོད་ནམས་ཀྱིས༔ སྦྱིན་བདག་སྐུ་ཚེ་བསྲིང་དུ་གསོལ༔ ལོང་ཐང་མིག་འདྲ་མིག་གི་ཚབ༔ འགྲོ་བའི་མིག་གི་གླུད་དུ་འབུལ༔ འགྲོ་བ་སྤྱི་མཐུན་བསོད་ནམས་ཀྱིས༔ སྦྱིན་བདག་སྐུ་ཚེ་བསྲིང་དུ་གསོལ༔ ཞོ་ཤ་སྙིང་འདྲ་སྙིང་གི་ཚབ༔ འགྲོ་བའི་སྙིང་གི་གླུད་དུ་འབུལ༔ འགྲོ་བ་སྤྱི་མཐུན་བསོད་ནམས་ཀྱིས༔ སྦྱིན་བདག་སྐུ་ཚེ་བསྲིང་དུ་གསོལ༔ འགྲོན་བུ་སོ་འདྲ་སོ་ཡི་ཚབ༔ འགྲོ་བའི་སོ་ཡི་གླུད་དུ་འབུལ༔ འགྲོ་བ་སྤྱི་མཐུན་བསོད་ནམས་ཀྱིས༔ སྦྱིན་བདག་སྐུ་ཚེ་བསྲིང་དུ་གསོལ༔ དར་དམར་ལྕེ་འདྲ་ལྕེ་ཡི་ཚབ༔ འགྲོ་བའི་ལྕེ་ཡི་གླུད་དུ་འབུལ༔ འགྲོ་བ་སྤྱི་མཐུན་བསོད་ནམས་ཀྱིས༔ སྦྱིན་བདག་སྐུ་ཚེ་བསྲིང་དུ་གསོལ༔ དབང་ལག་ལག་འདྲ་ལག་པའི་ཚབ༔ འགྲོ་བའི་ལག་པའི་གླུད་དུ་འབུལ༔ འགྲོ་བ་སྤྱི་མཐུན་བསོད་ནམས་ཀྱིས༔ སྦྱིན་བདག་སྐུ་ཚེ་བསྲིང་དུ་གསོལ༔ མཚལ་ནི་ཁྲག་འདྲ་ཁྲག་གི་ཚབ༔ འགྲོ་བའི་ཁྲག་གི་གླུད་དུ་འབུལ༔ འགྲོ་བ་སྤྱི་མཐུན་བསོད་ནམས་ཀྱིས༔ སྦྱིན་བདག་སྐུ་ཚེ་བསྲིང་དུ་གསོལ༔ རླུང་ནི་དབུགས་འདྲ་དབུགས་ཀྱི་ཚབ༔ འགྲོ་བའི་དབུགས་ཀྱི་གླུད་དུ་འབུལ༔ འགྲོ་བ་སྤྱི་མཐུན་བསོད་ནམས་ཀྱིས༔ སྦྱིན་བདག་སྐུ་ཚེ་བསྲིང་དུ་གསོལ༔ མཁའ་ནི་སེམས་འདྲ་སེམས་ཀྱི་ཚབ༔ འགྲོ་བའི་སེམས་ཀྱི་གླུད་དུ་འབུལ༔ འགྲོ་བ་སྤྱི་མཐུན་བསོད་ནམས་ཀྱིས༔ སྦྱིན་བདག་སྐུ་ཚེ་བསྲིང་དུ་གསོལ༔ མེ་ནི་དྲོད་འདྲ་དྲོད་ཀྱི་ཚབ༔ འགྲོ་བའི་དྲོད་ཀྱི་གླུད་དུ་འབུལ༔ འགྲོ་བ་སྤྱི་མཐུན་བསོད་ནམས་ཀྱིས༔ སྦྱིན་བདག་སྐུ་ཚེ་བསྲིང་དུ་གསོལ༔ གླང་ཆེན་སྣ་བསྒྱུར་གཞན་དང་མཚུངས༔ ཀྱཻ༔ མདོས་ལ་སྣ་བསྒྱུར་མི་དགོས་ཏེ༔ ཡོན་བདག་ཆག་ཆེན་ཆེ་བའི་ཕྱིར༔ ཡས་སྟགས་ཆ་མ་ཆོ་དགུ་རྣམས༔ གླང་པོ་ཆེ་ལ་བཀལ་ནས་ནི༔ མདོས་སྣ་གླང་ཆེན་སྣ་ཡིས་སྒྱུར༔ སྲིན་མོ་ཟ་ལམ༔ ཀྱཻ༔ མདོས་ལ་ལམ་སྣ་མི་དགོས་ཀྱི༔ སྦྱིན་བདག་བགེགས་ལས་རྒྱལ་བའི་ཕྱིར༔ ངར་གྱི་མི་མོ་ཆས་དང་ལྡན༔ གྲོང་རྒྱུད་འགྲིམ་པ་འདྲེ་མོའི་རྟེན༔ ཡས་དང་ལྷ་འདྲེའི་སྣ་འདྲེན་བྱོས༔ ཀྱཻ༔ མདོས་ལ་མ་ཚང་མེད་ན་ཡང༔ ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི༔ དཀར་པོ་ལུག་དང་དམར་པོ་རྟ༔ གནག་སོགས་ལྷ་འདྲེ་ངོམས་པར་བྱས༔ ཀྱཻ༔ མདོས་ལ་སྲིད་པ་ཀུན་སྲིད་ཀྱང༔ མི་སྲིད་སྲིད་པར་བལྟ་བའི་ཕྱིར༔ རྒྱ་མཚོ་ལྕགས་རིའི་ཕར་མཐའ་ན༔ གཟིགས་མོ་སྣ་ཚོགས་དེ་ན་མཆིས༔ ཀྱཻ༔ མདོས་འདི་ཇི་ལྟར་འགྲོ་བ་ཡང༔ འབྱུང་བ་རླུང་གིས་རྟ་བྱས་ནས༔ འདུག་པའི་གནས་མེད་ཤུགས་འགྲོ་ཡིས༔ མཐའ་ཡི་ལྕགས་རིའི་ཕྱིར་དུ་གཡོ༔ རྔ་མོང་ཁ་བཀལ་ནི༔ ཀྱཻ༔ མདོས་འདི་ཀུན་ཏུ་འགྲོ་བ་ལ༔ དེ་ལ་གང་ཡང་མཁོ་བའི་ཕྱིར༔ སྦྱིན་བདག་ངན་དགུ་སྡིག་བཅུ་ཀུན༔ སྲིད་པའི་རྔ་མོང་ལ་བཀལ་ནས༔ དེ་ཡང་འགོང་པོའི་སྐྱེས་སུ་འདེབས༔ བྱད་ཐག་གཅད་པ་ནི༔ ཀྱཻ༔ སྦྱིན་བདག་བྱད་ཀྱིས་འཆིངས་པ་ཡང༔ འཇའ་ཚོན་རང་སར་ཡལ་བ་ལྟར༔ བྱད་ཐག་བཅད་པས་རྒྱབ་འདྲེས་ཀྱང༔ མདོས་ཀྱི་སྣ་ནི་དྲང་བ་འོ༔ བྱུར་མགོ་ཐོག་གི་རྡོ་ལེབ་གཅགས་པ་ནི༔ ཀྱཻ༔ སྦྱིན་བདག་བྱུར་གྱིས་ནོན་པ་ནི༔ བལ་འདབ་རླུང་གིས་གཡོ་བ་ལྟར༔ དྲི་མ་མདོས་ཀྱི་སྣ་ལ་བརྡབ༔ ཆག་ཆེན་ལྟག་པའི་གཉའ་ཤིང་གཅགས་པ་ནི༔་་་ཤིང་གླང་མའི་གཉའ་ཤིང་ལྟ་བུ་བྱས་ཏེ་ནད་པའི་མགོ་ཐད་ནས་བཅགས༔ ཀྱཻ༔ ཆག་ཆེན་ལྟག་པའི་གཉའ་ཤིང་དེ༔ མདོས་ཀྱི་མཐུ་ཡིས་བཅགས་ནས་ནི༔ ཆག་ཆེན་མདོས་ཀྱིས་བསྒྱུར་ཏེ་འགྲོ༔ ཀྱཻ༔ སྡིག་དང་སྒྲིབ་པའི་དྲི་མ་རྣམས༔ དག་ཅིང་གཙང་མར་མཛད་པ་ཡིས༔ དྲི་མ་དྲི་མེད་རང་སར་དག༔ གླུད་དང་ཡས་སྟགས་མི་ཁའི་རྫས༔ སྒྱེའུར་བཅུག་སྟེ་ཁུར་བ་ལྟར་བྱེད༔ ཀྱཻ༔ མི་དགེ་ཁུར་གྱིས་གང་ལྕི་བ༔ ཤང་ཤང་ཏེའུས་ཁུར་ནས་ནི༔ མདོས་ཀྱི་སྣ་ལ་ལ་འུར་དེངས༔ ཀྱཻ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ རུ་ཏྲ་ཐར་པ་ནག་པོ་ཡིས༔ བླ་མར་ལྟ་བ་ལོག་པའི་མཐུས༔ དམ་ཚིག་ཉམས་པའི་སྲིར་གྱུར་ཏེ༔ མ་རྟོགས་འཁྲུལ་པའི་འདྲེ་རུ་གྱུར༔ དེ་བཞིན་དུས་བསྐལ་དེ་ཡི་འོག༔ བླ་མར་ལྟ་བ་གང་ལོག་པ༔ དམ་ཚིག་ཉམས་པའི་སྲི་རུ་གྱུར༔ དེ་ལ་མིང་དང་མཚན་བཏགས་པ༔ ལྟོགས་འགོང་སྡུག་འགོང་རྨོངས་འགོང་སོགས༔ དམ་སྲི་འགོང་པོར་གྱུར་པ་ཀུན༔ ལས་ནི་མི་རུང་དུ་མ་སྤྱོད༔ ཁྱད་པར་ཆོས་བྱེད་སྒྲུབ་པར་འཚེ༔ དེ་ལ་ཡས་དང་སྟགས་སྦྱིན་པ༔ རམ་པ་རུག་པ་སྒོག་པ་དང༔ ཚྭ་དང་གཡེར་མ་སྦང་ཕྱེ་དང༔ གོ་གསུམ་ཐལ་བ་ལ་སོགས་པའི༔ ཡས་སྟགས་ཆ་མ་ཆོ་དགུ་རྣམས༔ མཛོ་འགར་དྲེལ་ལ་བཀལ་ནས་ནི༔ འགོང་པོ་རྣམས་ལ་སྐྱེལ་དུ་འདེབས༔ ཀྱཻ༔ ལོ་སྐག་ཟླ་སྐག་ཞག་གི་སྐག༔ སྐག་གི་མདུད་པ་བཀྲོལ་ནས་ནི༔ དམུ་དག་ཚེ་ཡི་ལྷ་ལ་གཏད༔ ཀྱཻ༔ གློ་བུར་བདུད་ཀྱི་ཁྲམ་ཤིང་ཡང༔་་་སྤོམ་ནག་ལ་ལོ་གྲངས་ཀྱི་ཁྲམ་བྲིས། ཁྲམ་ཤིང་སྔགས་པས་བཅགས་ནས་ནི༔ ལྷ་འདྲེ་དགའ་བའི་ཡས་སུ་བྱས༔ ཀྱཻ༔ བཙན་གྱི་ཤོ་རྡིལ་འཕངས་ན་ཡང༔ ཤོ་རྡོ་ནག་པོ་ཡས་སུ་བྲུབ༔ དཀར་པོ་ལྷ་འདྲེའི་རྟ་རུ་བཟུང༔ ཀྱཻ༔ སྔོན་གྱི་བུ་ལོན་ཆགས་ན་ཡང༔ ཡུངས་གཞི་རེ་དང་གསེར་སྲང་རེ༔ སྔགས་འཆང་བདེན་པས་མཉམ་བྱས་ན༔ ད་ནི་ལྷ་འདྲེའི་བུ་ལོན་སོད༔ ཀྱཻ༔ སྔོན་གྱི་ལན་ནི་གང་ཆགས་པ༔ དེ་ལ་སྔགས་པས་གླུད་བཏང་ནས༔ སྔོན་གྱི་ལན་ཆགས་བྱང་བར་བྱས༔ ཀྱཻ༔ ནད་དང་གདོན་དང་སྡུག་བསྔལ་དང༔ རྐྱེན་དང་བར་ཆད་ཐམས་ཅད་ཀུན༔ རྩྭ་ནག་འདི་ལ་བསྡུས་ནས་ནི༔ ད་ནི་གྲིབ་ཀྱི་ཁུང་ཕྱུང་ངོ༔ ཀྱཻ༔ ལེགས་པའི་ཡོན་ཏན་སྣ་ཚོགས་ཀུན༔ རྩྭ་དཀར་འདི་ཡིས་སྣ་དྲངས་ནས༔ དམུ་དག་ཚེ་དཔལ་ལྷ་ལ་གཏད༔ ཀྱཻ༔ ཀུན་རྫོབ་བདེན་པའི་མདོས་དང་ཡས་བཤམས་ཏེ༔ དོན་དམ་བདེན་པའི་སྔགས་པས་བྱིན་བརླབས་ནས༔ བདེན་གཉིས་ཡང་དག་ལམ་ལ་གནས་བྱ་འོ༔ དྲང་དོན་མཆོད་སྦྱིན་ངེས་པའི་དོན་གྱི་རྒྱུ༔ མཚན་མ་སྣ་ཚོགས་མདོས་སུ་གང་བཤམས་པ༔ མཚན་མ་མེད་པའི་ཆོས་ཉིད་རྟོགས་ཕྱིར་རོ༔ མཚན་མར་འཛིན་པའི་རྟོག་པ་ཀུན་ཚོལ་ལ༔ མཚན་མ་མེད་པའི་དོན་ལ་གནས་པར་གྱིས༔ ཞེས་པ་རྣམས་ཀྱིས་མདོས་བསྔོ་བར་བྱའོ༔ དེ་ནས་སྐྱོང་བ་ནི༔ རང་བཞིན་མདོས་ཀྱི་ནུས་པ་དང༔ འདྲེ་སྲིན་ཡོངས་ཀྱི་གདུག་པའི་ཟེར༔ མདོས་ཡས་ཟོར་དང་ཐུན་གྱུར་ཏེ༔ བདག་ལ་སྡང་བའི་དགྲ་ལ་སྡིགས༔ དེ་ནས་མདོས་ཀྱི་ལམ་བསྟན་ནི༔ གང་དག་བདག་ལ་སྡང་བྱེད་ཀྱི༔ སེམས་ངན་དེ་ལ་ཟ་ཁ་སྟོན༔ བསམ་དང་རེག་དུག་དེ་རུ་འཕོ༔ ལྷ་འདྲེའི་དུག་ནི་དུག་མེད་མཛོད༔ ཀྱཻ༔ དེང་གི་གནས་མཆོག་དམ་པ་འདིར༔ སྔགས་འཆང་རྒྱལ་པོའི་ཞབས་ཀྱིས་བཅགས༔ རྒྱལ་པོའི་ཕོ་བྲང་འདེབས་འཚལ་བས༔ བགེགས་ཀྱིས་རྒྱུ་བར་མི་སྐབས་སོ༔ ཞེས་བསྐྱལ་ལོ༔ ཕྱིར་ལམ་གཅད་པ་ནི༔ ཀྱཻ༔ གནས་འདི་སྔགས་པས་བྱིན་བརླབས་ནས༔ ཡི་དམ་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས༔ རྒྱལ་བའི་གནས་བཞིན་ཡེ་ཤེས་གནས༔ དེ་ཕྱིར་བགེགས་ཚོགས་མཚམས་ཆོད་ཅིག༔ འདྲེ་ལས་རྒྱལ་ནས་ལྷ་ངོ་བསྟོད་པ་ནི༔ ཀྱཻ༔ སྔགས་ཀྱི་བདེན་པ་ཆེན་པོ་ཡིས༔ ལྷ་འདྲེ་དགའ་མགུས་མཁོན་བྱང་ནས༔ ཡས་ཀྱིས་སྣ་ཚོགས་ཀུན་ཚིམས་ཏེ༔ ད་ནི་བར་ཆད་བདུད་ལས་རྒྱལ༔ ཚེ་འགུགས་པ་ནི༔ ཀྱཻ༔ ད་ནི་བདུད་ལས་རྒྱལ་བའི་མཐུས༔ རྐྱེན་བྲལ་འདོད་པའི་ཡོན་ཏན་ཚང༔ སྲིད་ཞི་འཁོར་འདས་ཡོངས་ཀྱི་ཚེ༔ སྦྱིན་བདག་དཔལ་དང་ཚེ་གཡང་ཁུག༔ ཅེས་སོགས་དང་ལེགས་པའི་རྟེན་འབྲེལ་སྣ་ཚོགས་བྱས་ནས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་བརྗོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དཔལ་མགོན་དྲེགས་པའི་ཚོགས་ཀྱིས་བཀའ་འདི་སྲུངས༔ ས་མ་ཡཱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་རོལ་པ་བདེ་ཆེན་ཁང་ནས་ཀློང་གསལ་སྙིང་པོས་སྤྱན་དྲངས་པའི་རིན་པོ་ཆེའི་ཤོག་སེར་ལས། ཀཿཐོག་རྡོ་རྗེའི་གདན་དུ་དག་པར་ཕབ་པའོ། །སརྦ་མངྒ་ལཾ།། །།
རྫོགས་པ་ཆེན་པོ་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པའི་དོན་གྱི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་ཐོས་གྲོལ་ཡེ་ཤེས་སྒྲ་དབྱངས་ (Volume 59, Text 6)
༄༅། །རྫོགས་པ་ཆེན་པོ་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པའི་དོན་གྱི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་ཐོས་གྲོལ་ཡེ་ཤེས་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ས་མནྟ་བྷ་དྲཱ་ཡ། རང་བྱུང་ཡེ་གྲོལ་གཞི་རྫོགས་འོད་ཀྱི་སྐུ། །ཐུགས་རྗེའི་ཟེར་ཐག་ལུ་གུ་རྒྱུད་དུ་འཕྲོ། །འཁོར་འདས་ཀུན་གྱི་ཐོག་མའི་མགོན་པོ་མཆོག །པདྨ་ཀུན་ཏུ་འཆང་ལ་ཕྱག་བགྱི་འོ། །ཞག་བདུན་ཙམ་གྱིས་མངོན་འཚང་རྒྱ་བའི་གནད། །ཤིན་ཏུ་རྣལ་འབྱོར་ཡེ་ཤེས་རྩེར་ཕྱིན་པ། །ཡང་ཏིའི་ཕྲིན་ལས་རྡོ་རྗེའི་རང་སྒྲ་ནི། །རྣལ་འབྱོར་ལམ་གྱི་ཁྲིགས་སུ་བསྡེབ་པར་བྱ། །དེའང་རྫོགས་པ་ཆེན་པོ་ཡེ་ཤེས་ཟང་ཐལ་གྱི་དགོངས་པ་བཅུད་དུ་སྨིན་པའི་གང་ཟག་དབང་པོ་རབ་ཏུ་གྱུར་པ་རྣམས། བཤམ་བཀོད་གྱེར་མོ་སོགས་སྤྲོས་བཅས་ཀྱི་བློ་ལས་འདས་པའི་རང་སྣང་རིས་མེད་ཆེན་པོའི་དབྱིངས་སུ་ལ་བཟླ་བས་མཚན་མ་རྫས་ཀྱི་དཀྱིལ་འཁོར་དང་ཕྲིན་ལས་ཆོ་གའི་ཁྲིགས་རིམ་ལ་རག་མ་ལས་པས་དེ་དག་ཆེར་མ་བསྟན་ཀྱང་། དབང་པོ་འབྲིང་དང་ཐ་མའི་སྣང་ངོར་ཐེག་པ་འོག་མ་དང་སྒོ་བསྟུན་ཏེ་རྫོགས་ཆེན་སྐོར་གསུམ་གྱི་གཞུང་ཕལ་མོ་ཆེར་ཀུན་བཟང་དོན་གྱི་ཕྲིན་ལས་ཙམ་ཞིག་གསུངས་པ་ལྟར། འདིར་ཡང་དོན་ཕྲིན་རྩ་བ་ལེགས་པར་བསྟན་པ་དེ་ཉིད། དེང་སང་དབང་བསྐུར་དང་སྒྲུབ་མཆོད་རེ་ཙམ་དོན་དུ་གཉེར་བ་ལ། སྔོན་འགྲོའི་ཆོས་བདུན། དངོས་གཞིའི་ཆོས་བརྒྱད། རྗེས་ཀྱི་ལས་ཁྲིགས་བཅོ་ལྔའི་སྒོ་ནས་ལག་ཏུ་བླང་བདེར་འཆད་པ་ལ། ཐོག་མར་སྔོན་འགྲོའི་ཆོས་བདུན་གྱི་དང་པོ་བཤམ་ནི། མཎྜལ་པདྨ་འདབ་མ་བརྒྱད་པའམ། ཡང་ན་མཎྜལ་ལ་འབྲུའི་ཚོམ་བུ་དགུ་བཀོད་པའི་ཁར་གཏོར་མ་རིན་ཆེན་འབར་བ་རྒྱན་ལྡན་རྐང་གསུམ་ལ་བརྟེན་ཏེ་བཀོད། མདུན་དུ་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད། ཚོགས་ཀྱི་ཡོ་བྱད་དང་ཆད་བརྟན་ཀྱང་སྤྲོས་པ་ཆེ་ན་བཤམ། རྣལ་འབྱོར་པ་ནང་གི་དེ་ཁོ་ན་ཉིད་ལ་གཞོལ་བས་ནི། དེ་དག་ཏིང་ངེ་འཛིན་ཙམ་ལ་བརྟེན་ཀྱང་རུང་། དབང་བསྐུར་གྱི་སྐབས་སུ་དེའི་ཡོ་བྱད་དབང་གཞུང་ལྟར་འཚོགས་པར་བྱ་དགོས་སོ། །གཉིས་པ་བརྒྱུད་པའི་གསོལ་འདེབས་ལྷ་རྗེ་བློ་གྲོས་བཟང་པོས་མཛད་པ་ལྟར་རམ། དེ་ལས་བསྡུ་བར་འདོད་ན། ཨོཾ་ཨཱཿཧཱུྃ། ཀ་དག་ཁྱབ་བརྡལ་ཆེན་པོའི་ཀློང་ཡངས་སུ། །རྒྱལ་བ་དགོངས་བརྒྱུད་ཆོས་ཟད་བློ་འདས་ལ། །རྒྱུ་རྐྱེན་དམིགས་གཏད་བྲལ་བར་གསོལ་བ་འདེབས། །རྩོལ་མེད་བློ་ལས་འདས་པར་བྱིན་གྱིས་རློབས། །ལྷུན་གྲུབ་རྡོ་རྗེ་རིག་གདངས་འོད་ཀྱི་ཀློང་། །རིག་འཛིན་བརྡ་བརྒྱུད་ཐིག་ལེའི་ཚོམ་བུ་ལ། །རང་སྣང་རྣམ་དག་ངང་ནས་གསོལ་བ་འདེབས། །འཁྲུལ་པ་གཞི་ཐོག་གྲོལ་བར་བྱིན་གྱིས་རློབས། །འཁོར་འདས་མཉམ་ཉིད་ཡེ་རྫོགས་ཞིང་ཁམས་སུ། །གང་ཟག་སྙན་བརྒྱུད་སྒྱུ་འཕྲུལ་དྲྭ་བ་ལ། །སྣང་སྲིད་གཞིར་བཞེངས་ཆེན་པོར་གསོལ་བ་འདེབས། །ཡིན་ལུགས་གཏན་ལ་ཕེབ་པར་བྱིན་གྱིས་རློབས། །ཡེ་ཤེས་འོད་ལྔ་གསལ་འགྲིབ་བྲལ་བ་ན། །ལས་འཕྲོ་གཏེར་བརྒྱུད་རྡོ་རྗེའི་རྩལ་འཆང་ལ། །མངོན་སུམ་གོང་འཕེལ་ཉིད་དུ་གསོལ་བ་འདེབས། །ཚད་ཕེབས་ཟད་སར་འཁྱོལ་བར་བྱིན་གྱིས་རློབས། །རང་བྱུང་ལྷུན་རྫོགས་གང་འདུལ་སྤྲུལ་པའི་ཞིང་། །ཆོས་བདག་བརྒྱུད་འཛིན་འགྲོ་བ་འདུལ་མཛད་ལ། །མཉམ་ཡངས་རང་གྲོལ་ངང་དུ་གསོལ་བ་འདེབས། །འགྲོ་དོན་ནམ་མཁའ་མཉམ་པར་བྱིན་གྱིས་རློབས། །འབྲལ་མེད་སྙིང་དབུས་དྭངས་མའི་ཐིག་ལེ་ན། །རྩ་བའི་བླ་མ་གདོད་མའི་མགོན་པོ་ལ། །བཅོས་མིན་གདུང་ཤུགས་དྲགས་པོས་གསོལ་བ་འདེབས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །ཞེས་པ་ཙམ་བྱ། གསུམ་པ་བགེགས་བསྐྲད་པ་ནི། བཟང་ངན་བདེ་སྡུག་ཏུ་འཛིན་པའི་ཀུན་རྟོག་གི་གེགས་རྣམས་འོད་གསལ་གཉུག་མའི་ངང་དུ་སྦྱངས་ལ། ཨོཾ་ཨཱཿཧཱུྃ༔ ལྷ་ཡང་སེམས་ལ་འདྲེ་ཡང་སེམས༔ རང་བཞིན་གཅིག་པའི་གཏོར་མ་ལོངས༔ དངོས་པོར་མ་གྲུབ་གདོད་ནས་དག༔ ཆོས་ཉིད་ངང་ལས་བགེགས་མ་འདའ༔ ཨོཾ་ཨཱཿཧཱུྃ་བཛྲ་སརྦ་ཀྲོ་དྷ་སྥོ་ཊ་ཡ་པྲ་ཏཱ་ཡ་ཨུ་ཙ་ཏཱ་ཡ་ཧཱུྃ་ཕཊ༔ བཞི་པ་ལྟ་བ་གྱད་ཀྱི་མཚམས་གཅོད་དང་སྲུང་འཁོར་སྒོམ་པ་ནི། ཧཱུྃ༔ སྣང་སྲིད་ལྷ་སྐུར་ལྷུན་གྲུབ་པའི༔ ཞི་ཁྲོ་ཡོངས་རྫོགས་མཚམས་བཅད་དོ༔ སེམས་ཅན་སངས་རྒྱས་ལྷུན་གྲུབ་པའི༔ ཆོས་ཉིད་མངོན་སུམ་མཚམས་བཅད་དོ༔ འཁོར་བ་མྱང་འདས་ལྷུན་གྲུབ་པའི༔ རང་རིག་རྟོག་པས་མཚམས་བཅད་དོ༔ དུག་ལྔ་རང་སར་གྲོལ་བ་ཡི༔ ཡེ་ཤེས་རྣམ་ལྔས་མཚམས་བཅད་དོ༔ རེ་དོགས་སྤང་བླང་བྲལ་བ་ཡི༔ ཐིག་ལེ་ཉག་གཅིག་མཚམས་བཅད་དོ༔ ཨོཾ་ཨཱཿཧཱུྃ༔ རཾ་རཾ་རཾ་རཾ་རཾ༔ ཧཱུྃ༔ རྡོ་རྗེའི་མེ་ནི་དཀར་གསལ་འབར༔ རཏྣའི་མེ་ནི་སེར་གསལ་འབར༔ པདྨའི་མེ་ནི་དམར་གསལ་འབར༔ ཀརྨའི་མེ་ནི་ལྗང་གསལ་འབར༔ བུདྡྷའི་མེ་ནི་མཐིང་གསལ་འབར༔ ཡེ་ཤེས་མེ་འོད་ཕྱོགས་བཅུར་འཕྲོ༔ གསང་བའི་མེ་མཚམས་བགེགས་མ་འདའ༔ རཾ་རཾ་རཾ་རཾ་རཾ༔ ལྔ་པ་སྐྱབས་སུ་འགྲོ་བ་ནི། སྐྱབས་ཡུལ་ཞི་ཁྲོའི་ལྷ་ཚོགས་མདུན་གྱི་ནམ་མཁར་དམིགས་ལ། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང༔ སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ༔ བདག་དང་འགྲོ་ཀུན་གུས་པས་སྐྱབས་སུ་མཆི༔ ལན་གསུམ། དྲུག་པ་སེམས་བསྐྱེད་ནི། སྨོན་འཇུག་ཟུང་དུ་འཇུག་པའི་བློས། བདག་ནི་དེང་ནས་བྱང་ཆུབ་མ་ཐོབ་བར༔ རིག་འཛིན་རྒྱལ་སྲས་རྣམས་ཀྱི་རྗེས་ཞུགས་ནས༔ གསང་བ་ཟབ་མོའི་སྙིང་པོ་མངོན་བྱས་ཏེ༔ འགྲོ་རྣམས་ཀུན་བཟང་འོད་ལྔའི་སར་འགོད་བྱ༔ ལན་གསུམ། བདུན་པ་མཆོད་རྫས་བྱིན་བརླབ་ནི། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། རིག་པའི་རང་རྩལ་མེ་རླུང་ཆུས། །འཛིན་རྟོག་སྦྱངས་ནས་འོད་དུ་ཞུ། །དཀར་དམར་མཐིང་གསུམ་འཁོར་འདས་ཁྱབ། །འོད་ལྔའི་རང་བཞིན་འདོད་ཡོན་དང་། །དུག་གསུམ་རྣམ་དག་སྨན་རཀ་གཏོར། །དབྱིངས་སུ་ཡེ་རྫོགས་ཁྱབ་པ་ཆེ་ཧོཿ ཞེས་སྣང་སྲིད་ཐམས་ཅད་གདོད་ནས་ལྷུན་གྲུབ་ཆེན་པོའི་མཆོད་པའི་ཕྱག་རྒྱར་བལྟ་ཞིང་། ཨོཾ་ཨཱཿཧཱུྃ༔ བཛྲ་ཨརྒྷཾ༔ པཱ་དྱཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་བིདྱཱ༔ ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཞེས་པས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ ལན་གསུམ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋ༔ ལན་གསུམ། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ༔ ལན་གསུམ་གྱིས་ནང་མཆོད་བརླབ་བོ། །གཉིས་པ་དངོས་གཞི་ལ་རྣམ་གྲངས་བརྒྱད་ཡོད་པ་ལས། དང་པོ་ཡེ་གཞིའི་ཀློང་ནས་ཐ་མལ་གྱི་ཞེན་པ་སྐུ་གསུམ་གྱི་ཞིང་ཁམས་རྣམ་དག་ཏུ་རྩལ་སྦྱོང་བ་ནི། རྡོ་རྗེ་གསུམ་གྱི་རང་རྩལ་ལས་ཀློང་ལྔའི་རོལ་པ་བཅུད་དུ་སྨིན་པའི་འདེགས་བྱེད་ཀྱི་སྟེང་དུ་བརྡ་རྟགས་ལྷུན་རྫོགས་ཀྱི་གཞལ་མེད་ཁང་ཆེན་གདན་གསུམ་དང་བཅས་པའི་དབུས་སུ། གཞི་སྣང་ལྷུན་གྲུབ་ཀྱི་ལྷ་ཡི་འཁོར་ལོ་ནམ་མཁའ་ལ་གཟའ་སྐར་ཤར་བ་ལྟར་གསལ་འདེབས་ཤིང་། ཨོཾ་ཨཱཿཧཱུྃ༔ ཡཾ་ཁཾ་སུཾ་ཀེཾ་རཾ་བྷྲཱུྃ་ཧཱུྃ༔ པཾ་པདྨ་མཎྜ་ལ༔ མ་སཱུརྻ་མཎྜ་ལ༔ ཨ་ཙནྡྲ་མཎྜ་ལ་ཧཱུྃ་ཕཊ༔ ཧཱུྃ༔ དམིགས་མེད་ནམ་མཁའ་འགྱུ་བ་རླུང༔ ཆོས་ཉིད་སྟོང་སྒྲོན་རྒྱ་མཚོ་ས༔ དབྱིངས་ཆེན་རྣམ་དག་ཀེང་རུས་རི༔ ཡེ་ཤེས་ལྔ་ཡི་མེ་འོད་འབར༔ ལུ་གུ་རྒྱུད་ཀྱི་གཞལ་ཡས་ཁང༔ འཁོར་བའི་སྐྱོན་བྲལ་པདྨའི་སྟེང༔ དབྱིངས་རིག་གཉིས་མེད་ཉི་ཟླའི་གདན༔ དུག་ལྔ་རང་བྱུང་རང་གྲོལ་ལྷ༔ དུས་གསུམ་བདེ་གཤེགས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཞི་ཁྲོའི་སྐུ༔ མ་བསྐྱེད་ལྷུན་གྱིས་རྫོགས་པ་འོ༔ སྐབས་འདིར་ལས་དང་པོ་པའི་གང་ཟག་གིས་དབང་བསྐུར་སྐབས་སོགས་ཚིག་གི་སྤྲོས་པ་མེད་པར་ལྷུན་གྲུབ་རང་བྱུང་གི་ལྷ་རང་གསལ་འདེབས་མི་ནུས་པའམ། བློ་ཁ་མི་ཚིམས་ན་ཀར་གླིང་ཞི་ཁྲོའི་ལས་བྱང་འབྲིང་བ་ལྟར། ཧཱུྃ༔ བདག་ཉིད་ཐ་མལ་རང་སེམས་འདི༔ རྟོག་མེད་སྐད་ཅིག་དྲན་རྫོགས་སུ༔ ཞེས་པ་ནས། སྣང་ལ་རང་བཞིན་མེད་པར་བསྒོམ༔ ཞེས་པའི་བར་གྱིས་ཞི་ཁྲོའི་ལྷ་རྣམས་གསལ་འདེབས་བགྱིས་ཀྱང་རུང་བར་མངོན་ལ། ཞིབ་པར་བྱེད་ན་འདི་ཉིད་ཀྱི་སྤྲོས་བཅས་དབང་གི་སྐབས་སུ་ཞི་ཁྲོའི་ཕྱག་མཚན་སོགས་ཅུང་ཟད་འདྲ་མིན་འབྱུང་བས་དེ་དང་མཐུན་པའི་མངོན་རྟོགས་མདོར་བསྡུས་ཡོད་ན་ལེགས་པར་སྣང་ངོ་། །གཉིས་པ་སྤྱན་འདྲེན་པ་ནི། ཡང་དག་དོན་ལ་དམ་ཚིག་དང་ཡེ་ཤེས་སུ་འཛིན་པའི་གཉིས་སྣང་དང་སྤྱན་འདྲེན་གྱི་གནས་ཡུལ་གུད་དུ་བཅད་པ་མེད་ཀྱང་། འགྲོ་འདུལ་སྤྲུལ་པའི་རོལ་གར་ཆུ་ལས་ཉ་འཕར་བ་ལྟར་རིག་པ་ལྷན་སྐྱེས་ཀྱི་ཡེ་ཤེས་འོད་གསལ་ཆེན་པོའི་རྣམ་རོལ་དུ་སད་པར་བྱ་བའི་ཕྱིར་རྟོག་མེད་སྤྲོས་བྲལ་ཆེན་པོའི་ངར་གདངས་དང་ལྡན་པས་སྤོས་རོལ་དབྱངས་དང་བཅས། ཨོཾ་ཨཱཿཧཱུྃ༔ འགྱུར་མེད་ཆོས་དབྱིངས་ཕོ་བྲང་ནས༔ སྐྱེ་མེད་བླ་མ་གཤེགས་སུ་གསོལ༔ ལོངས་སྤྱོད་རྫོགས་སྐུའི་ཕོ་བྲང་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ སྤྲུལ་པ་སྐུ་ཡི་ཕོ་བྲང་ནས༔ ཐུགས་རྗེ་ཅན་རྣམས་གཤེགས་སུ་གསོལ༔ སྐྱེ་མེད་ཆོས་དབྱིངས་ཕོ་བྲང་ནས༔ མ་གཅིག་ཁྲོས་མ་གཤེགས་སུ་གསོལ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མ་དང་མཁའ་འགྲོ་གཤེགས་སུ་གསོལ༔ ལེགས་ཉེས་སྟངས་འཛིན་གཞལ་ཡས་ནས༔ ཆོས་སྐྱོང་སྲུང་མ་གཤེགས་སུ་གསོལ༔ སྣང་སྲིད་རྣམ་དག་གཞལ་ཡས་ནས༔ འཁོར་འདས་རང་གྲོལ་གཤེགས་སུ་གསོལ༔ ཆོས་དབྱིངས་ཡེ་ཤེས་ངང་ཉིད་ལས༔ དུས་གསུམ་སངས་རྒྱས་སྐུ་ཡི་ལྷ༔ རྣམ་སྣང་ཡབ་ཡུམ་གཙོ་འཁོར་བཅས༔ ཁྲག་འཐུང་སྤྲུལ་པར་བཅས་ཏེ་གཤེགས༔ སོར་རྟོག་ཡེ་ཤེས་ངང་ཉིད་ལས༔ དུས་གསུམ་སངས་རྒྱས་གསུང་གི་ལྷ༔ སྣང་མཐའ་ཡབ་ཡུམ་གཙོ་འཁོར་བཅས༔ ཁྲག་འཐུང་སྤྲུལ་པར་བཅས་ཏེ་གཤེགས༔ མེ་ལོང་ཡེ་ཤེས་ངང་ཉིད་ལས༔ དུས་གསུམ་སངས་རྒྱས་ཐུགས་ཀྱི་ལྷ༔ མི་བསྐྱོད་ཡབ་ཡུམ་གཙོ་འཁོར་བཅས༔ ཁྲག་འཐུང་སྤྲུལ་པར་བཅས་ཏེ་གཤེགས༔ མཉམ་ཉིད་ཡེ་ཤེས་ངང་ཉིད་ལས༔ དུས་གསུམ་སངས་རྒྱས་ཡོན་ཏན་ལྷ༔ རིན་འབྱུང་ཡབ་ཡུམ་གཙོ་འཁོར་བཅས༔ ཁྲག་འཐུང་སྤྲུལ་པར་བཅས་ཏེ་གཤེགས༔ བྱ་གྲུབ་ཡེ་ཤེས་ངང་ཉིད་ལས༔ དུས་གསུམ་སངས་རྒྱས་ཕྲིན་ལས་ལྷ༔ དོན་གྲུབ་ཡབ་ཡུམ་གཙོ་འཁོར་བཅས༔ ཁྲག་འཐུང་སྤྲུལ་པར་བཅས་ཏེ་གཤེགས༔ ཛཿཧཱུྃ་བཾ་ཧོ༔ གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ སྣ་ཚོགས་རང་གྲོལ་གཞལ་ཡས་འདིར༔ རོ་དང་ཉི་ཟླ་པདྨའི་སྟེང༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ མཐིང་གསལ་ཐིག་ལེའི་གཞལ་ཡས་སུ༔ མི་འཇིགས་སེང་གེའི་ཁྲི་སྟེང་དུ༔ དྲི་མེད་ཉི་ཟླ་པདྨ་ལ༔ སྐུ་ཡི་ཞི་ཁྲོ་བཞུགས་སུ་གསོལ༔ དམར་གསལ་ཐིག་ལེའི་གཞལ་ཡས་སུ༔ མཛེས་བྱེད་རྨ་བྱའི་ཁྲི་སྟེང་དུ༔ དྲི་མེད་ཉི་ཟླ་པདྨ་ལ༔ གསུང་གི་ཞི་ཁྲོ་བཞུགས་སུ་གསོལ༔ དཀར་གསལ་ཐིག་ལེའི་གཞལ་ཡས་སུ༔ སྟོབས་ཆེན་གླང་ཆེན་ཁྲི་སྟེང་དུ༔ དྲི་མེད་ཉི་ཟླ་པདྨ་ལ༔ ཐུགས་ཀྱི་ཞི་ཁྲོ་བཞུགས་སུ་གསོལ༔ སེར་གསལ་ཐིག་ལེའི་གཞལ་ཡས་སུ༔ མགྱོགས་བྱེད་རྟ་མཆོག་ཁྲི་སྟེང་དུ༔ དྲི་མེད་ཉི་ཟླ་པདྨ་ལ༔ ཡོན་ཏན་ཞི་ཁྲོ་བཞུགས་སུ་གསོལ༔ ལྗང་གསལ་ཐིག་ལེའི་གཞལ་ཡས་སུ༔ རྩོལ་བྱེད་ཤང་ཤང་ཁྲི་སྟེང་དུ༔ དྲི་མེད་ཉི་ཟླ་པདྨ་ལ༔ ཕྲིན་ལས་ཞི་ཁྲོ་བཞུགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་ས་མ་ཡ་ཏིཥྛ་ལྷན༔ བཞི་པ་ཕྱག་འཚལ་བ་ནི། ཧཱུྃ༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ༔ སྣ་ཚོགས་རང་གྲོལ་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ༔ དུས་གསུམ་སངས་རྒྱས་ཞི་ཁྲོ་ཡི༔ སྐུ་ནི་འཁྲིལ་ལྡེམ་སྒེག་བཞད་ལྡན༔ གསལ་སྟོང་དབྱེར་མེད་ཕྱི་ནང་མེད༔ ཞི་ཁྲོའི་སྐུ་ལ་ཕྱག་འཚལ་ལོ༔ དུས་གསུམ་སངས་རྒྱས་ཞི་ཁྲོ་ཡི༔ གསུང་ནི་འུར་ཆེམ་སིང་བག་ལྡན༔ གྲགས་སྟོང་དབྱེར་མེད་སྐྱེ་འགག་བྲལ༔ ཞི་ཁྲོའི་གསུང་ལ་ཕྱག་འཚལ་ལོ༔ དུས་གསུམ་སངས་རྒྱས་ཞི་ཁྲོ་ཡི༔ ཐུགས་ནི་ཐིག་ལེ་ཉག་གཅིག་ཟླུམ༔ རིག་སྟོང་དབྱེར་མེད་མཐའ་དང་བྲལ༔ ཞི་ཁྲོའི་ཐུགས་ལ་ཕྱག་འཚལ་ལོ༔ དུས་གསུམ་སངས་རྒྱས་ཞི་ཁྲོ་ཡི༔ ཡོན་ཏན་གཞལ་ཞིང་དཔག་ཏུ་མེད༔ བདེ་སྟོང་དབྱེར་མེད་ཀུན་ལ་ཁྱབ༔ ཞི་ཁྲོའི་ཡོན་ཏན་ལ་ཕྱག་འཚལ༔ དུས་གསུམ་སངས་རྒྱས་ཞི་ཁྲོ་ཡི༔ ཕྲིན་ལས་ཇི་བཞིན་ལྷུན་གྲུབ་ཅིང༔ སྣང་སྟོང་དབྱེར་མེད་སྣ་ཚོགས་སྟོན༔ ཞི་ཁྲོའི་ཕྲིན་ལས་ལ་ཕྱག་འཚལ༔ ཨོཾ་ཨཱཿཧཱུྃ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ལྔ་པ་ཆོས་ཉིད་རོལ་པ་ཆེན་པོའི་ཀློང་ནས་འཕྲུལ་དགའི་མཆོད་པ་འབུལ་བ་ནི། ཧཱུྃ༔ སྣོད་བཅུད་སྣང་གྲགས་གཟུགས་ཕུང་ཀུན༔ ཞི་ཁྲོ་སྐུ་ཡི་ལྷ་ཚོགས་ལ༔ སྣང་ཞིང་ཤེས་པར་མཆོད་པ་འབུལ༔ འཇའ་ཚོན་ལྟ་བུར་བཞེས་སུ་གསོལ༔ ས་ཆུ་མེ་རླུང་ཆོས་ཉིད་སྒྲ༔ ཞི་ཁྲོ་གསུང་གི་ལྷ་ཚོགས་ལ༔ ཐོས་ཤིང་གོ་བར་མཆོད་པ་འབུལ༔ འབྲུག་སྒྲ་ལྟ་བུར་བཞེས་སུ་གསོལ༔ དྲན་ཞིང་རིག་པ་ལུ་གུ་རྒྱུད༔ ཞི་ཁྲོ་ཐུགས་ཀྱི་ལྷ་ཚོགས་ལ༔ རྟོགས་ཤིང་གོ་བར་མཆོད་པ་འབུལ༔ ཉི་ཟླ་ལྟ་བུར་བཞེས་སུ་གསོལ༔ རེག་ཅིང་བདེ་བའི་ཚོར་བ་ཀུན༔ ཞི་ཁྲོ་ཡོན་ཏན་ལྷ་ཚོགས་ལ༔ མྱོང་ཞིང་སྟོང་པར་མཆོད་པ་འབུལ༔ བདུད་རྩི་ལྟ་བུར་བཞེས་སུ་གསོལ༔ ཞི་དང་རྒྱས་དང་དབང་དང་དྲག༔ ཞི་ཁྲོ་ཕྲིན་ལས་ལྷ་ཚོགས་ལ༔ ལྷུན་གྱིས་གྲུབ་པའི་མཆོད་པ་འབུལ༔ ནོར་བུ་ལྟ་བུར་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ རིག་པའི་མེ་ཏོག་ཚུལ་ཁྲིམས་སྤོས༔ ཡེ་ཤེས་མར་མེ་ཆོས་ཉིད་དྲི༔ བདེ་ཆེན་ཞལ་ཟས་རང་བྱུང་སྒྲ༔ ཞི་ཁྲོ་ཡེ་ཤེས་ལྷ་ལ་འབུལ༔ ཨོཾ་ཨཱཿཧཱུྃ༔ ཨརྒྷཾ་ལ་སོགས་ཀྱིས་མཆོད། ཧཱུྃ༔ དུག་ལྔ་རང་བྱུང་སུ་ར་སྨན༔ ཉོན་མོངས་ཚོགས་འཇོམས་རཀྟ་དང༔ ཆོས་ཉིད་རོལ་པའི་གཏོར་མ་རྣམས༔ ཞི་ཁྲོ་ལྷུན་གྲུབ་ལྷ་ལ་འབུལ༔ སྐྱེ་མེད་ཤེས་རབ་ཆོས་ཉིད་མཁའ༔ འགྱུར་མེད་རྡོ་རྗེ་འགག་མེད་ཐབས༔ བདེ་ཆེན་ཟུང་འཇུག་གཉིས་མེད་རོལ༔ ཞི་ཁྲོ་གསང་བའི་ལྷ་ལ་འབུལ༔ འཁོར་འདས་མ་ལུས་རང་གི་སེམས༔ ངོ་བོ་མ་གྲུབ་གདོད་ནས་དག༔ དབྱིངས་དང་ཡེ་ཤེས་དབྱེར་མེད་པ༔ ཞི་ཁྲོ་རིག་པའི་ལྷ་ལ་འབུལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་བྷོ་དྷི་ཙིཏྟ་པཱུ་ཙ་ཧོ༔ དྲུག་པ་གྲགས་སྟོང་སྐྱེ་མེད་ཀྱི་རྣམ་རོལ་ཆེན་པོས་བསྟོད་ཅིང་གཟི་བྱིན་བསྐྱེད་པ་ནི། ཧཱུྃ༔ སངས་རྒྱས་བཞི་བཅུ་རྩ་གཉིས་དང༔ ཁྲག་འཐུང་འབར་བ་ལྔ་བཅུ་བརྒྱད༔ ཞི་དང་ཁྲོ་བོས་འགྲོ་བ་འདུལ༔ ཞི་ཁྲོ་སྐུ་ཡི་ལྷ་ལ་བསྟོད༔ ས་ཆུ་མེ་རླུང་འབྱུང་བའི་སྒྲ༔ ཨཱ་ལི་ཀཱ་ལིའི་རོལ་པ་ཡིས༔ ཨོཾ་ཨཱཿཧཱུྃ་གིས་འགྲོ་བ་འདུལ༔ ཞི་ཁྲོ་གསུང་གི་ལྷ་ལ་བསྟོད༔ ཀུན་བཟང་དགོངས་པ་མཁའ་ལ་གསལ༔ ཉག་གཅིག་ཟླུམ་པོ་མཐའ་དང་བྲལ༔ དངོས་སུ་སྣང་བས་འགྲོ་བ་འདུལ༔ ཞི་ཁྲོ་ཐུགས་ཀྱི་ལྷ་ལ་བསྟོད༔ ཕྱི་ནང་སྣོད་བཅུད་ཡོངས་ལ་ཁྱབ༔ བཅུད་ཀྱི་བཅུད་མཆོག་བདུད་རྩི་རྒྱས༔ རྒྱས་ཤིང་སྨིན་པས་འགྲོ་བ་འདུལ༔ ཞི་ཁྲོ་ཡོན་ཏན་ལྷ་ལ་བསྟོད༔ སྐྱེ་མེད་ཤེས་རབ་འགག་མེད་ཐབས༔ རང་རིག་རང་གསལ་འགྲོ་འདུལ་ཞིང༔ ཞི་རྒྱས་དབང་དྲག་ཐུགས་རྗེས་སྒྲོལ༔ ཞི་ཁྲོ་ཕྲིན་ལས་ལྷ་ལ་བསྟོད༔ བདུན་པ་བཤགས་པ་བྱ་བ་ནི། ཨོཾ་ཨཱཿཧཱུྃ༔ སེམས་ཅན་སངས་རྒྱས་དངོས་ཉིད་ལ༔ ཞེ་སྡང་དབང་གིས་སྲོག་བཅད་དང༔ མ་བྱིན་ལེན་དང་གནོད་པ་བྱས༔ ཞི་ཁྲོ་སྐུ་ཡི་ལྷ་ལ་བཤགས༔ སྒྲ་རྣམས་སྔགས་ཀྱི་རང་བཞིན་ལ༔ འདོད་ཆགས་ཞེ་སྡང་དབང་གྱུར་པས༔ ངག་འཁྱལ་ཚིག་རྩུབ་ཕྲ་མ་བྱས༔ ཞི་ཁྲོ་གསུང་གི་ལྷ་ལ་བཤགས༔ དྲན་རྟོག་ཆོས་ཉིད་ཡིན་པ་ལ༔ མ་རིག་གཏི་མུག་དབང་གྱུར་པས༔ གནོད་སེམས་བརྣབ་སེམས་ལོག་པར་བལྟས༔ ཞི་ཁྲོ་ཐུགས་ཀྱི་ལྷ་ལ་བཤགས༔ འདོད་ཡོན་རང་བྱུང་རང་ཤར་ལ༔ ང་རྒྱལ་དབང་གིས་འཐབ་ཅིང་རྩོད༔ དགའ་མགུ་ཉེས་ཚིག་བྱས་པ་རྣམས༔ ཞི་ཁྲོ་ཡོན་ཏན་ལྷ་ལ་བཤགས༔ རེ་དོགས་སྤང་བླང་བྲལ་བ་ལ༔ ཕྲག་དོག་དབང་གིས་འཐབ་རྩོད་བྱས༔ མནར་མེད་དམྱལ་བའི་རྒྱུ་བསགས་པ༔ ཞི་ཁྲོ་ཕྲིན་ལས་ལྷ་ལ་བཤགས༔ བརྒྱད་པ་ཛཔ྄་དགོངས་ནི། ནང་རྒྱུད་ཐུན་མོང་དུ་གྲགས་པའི་བསྙེན་སྒྲུབ་ཡན་ལག་བཞིའི་ཁོག་དབུབ་ལས་འདས་པའི་རང་བྱུང་ལྷུན་གྲུབ་རྩོལ་མེད་གྲགས་སྟོང་ཆོས་ཉིད་ཀྱི་བཟླས་པ་དང་། ལམ་གྱི་གཙོ་བོ་ཁྲེགས་ཆོད་དང་ཨར་གཏད་མུན་པའི་རྣལ་འབྱོར་ཁོ་ན་ཡིན་ཕྱིར། བྱ་རྩོལ་འཛིན་ཞེན་ལས་འདས་པའི་འཁོར་འདས་མཉམ་རྫོགས་ཀྱི་ཨ་ཏི་ལྷུན་གྲུབ་སྣང་སྟོང་ཟབ་མོའི་བསྐྱེད་རིམ་གཞི་སྣང་གི་རོལ་རྩལ་མ་འགགས་པ་རིག་པ་ཚད་ཕེབས་ཀྱི་འཆར་གཞིར་བཀོད་ལ་ཞི་བའི་ཛཔ྄་བཟླས་ནི། ཨོཾ་ཨཱཿཧཱུྃ༔ ཕྱི་སྣོད་འཇིག་རྟེན་གཞལ་ཡས་ཁང༔ ནང་བཅུད་ཡི་དམ་ལྷ་ཡི་ཚོགས༔ འཁོར་བ་སྡུག་བསྔལ་ཆོས་ཉིད་རོལ༔ ཨ་ལ་ལ་སྟེ་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་དང་ཨཱཿདང་ཧཱུྃ་དང་གསུམ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས༔ བྷོ་དྷི་ཙིཏྟ་བྱང་ཆུབ་སེམས༔ མ་ཧཱ་སུ་ཁ་བདེ་བ་ཆེ༔ ཛྙཱ་ན་དྷཱ་ཏུ་ཡེ་ཤེས་དབྱིངས༔ ཨ་ནི་སྐྱེ་བ་མེད་པ་འོ༔ ཞི་བ་ལྷུན་གྲུབ་ཡེ་ཤེས་ལྷ༔ བཞི་བཅུ་རྩ་གཉིས་སྙིང་པོ་འོ༔ ཨོཾ་ཨཱཿཧཱུྃ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ༔ ཞེས་ཅི་ནུས་བཟླའོ། །དེ་ནས་ཁྲག་འཐུང་གི་སྒྲུབ་པ་ནི། ཨོཾ་ནི་སྐུ་ལྔ་ཡེ་ཤེས་ལྔ༔ རུ་ལུ་གནས་ལུགས་ཆོས་ཀྱི་དབྱིངས༔ རུ་ལུ་སྣང་ལུགས་ཆོས་དབྱིངས་སྐུ༔ ཧཱུྃ་ནི་འགག་མེད་ཐིག་ལེ་ཉིད༔ བྷྱོ་ནི་སྐྱེ་མེད་མཁའ་ལ་འཁྱིལ༔ ཧཱུྃ་ནི་སྐྱེ་འགག་གཉིས་སུ་མེད༔ ཁྲག་འཐུང་ཁྲོ་བོ་རིན་ཆེན་རྩལ༔ དྲུག་ཅུ་ཐམ་པའི་སྙིང་པོ་འོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བར་མེད་དུ་བཟླའོ། །དེ་ཡང་ཇི་སྐད་དུ། གྲོལ་བའི་ཐིག་ལེའི་ལམ་འབྲས་ཞི་ཁྲོའི་མན་ངག་ཏུ། ཆོས་ཉིད་སྟོང་པའི་རང་སྒྲ་ཡང༔ དུས་རྣམས་རྟག་ཏུ་རྒྱུན་མི་གཅད༔ ཆོས་སྐུ་ཞི་ཁྲོ་རབ་འབྱམས་ནི༔ དབྱིངས་ཀྱི་སྟོང་ཆ་ཞི་བར་བཞུགས༔ རིག་པའི་གསལ་ཆ་ཁྲོ་བོར་བཞུགས༔ ཡེ་ཤེས་རྩ་རླུང་ཐིག་ལེ་རྣམས༔ ཡིག་འབྲུ་སྔགས་ཀྱི་ཚུལ་དུ་བཞུགས༔ ཞི་ཁྲོ་དམ་པ་རིགས་བརྒྱ་སོགས༔ བཞུགས་ཀྱང་མ་བསྒོམ་མ་སྤྲད་ན༔ ལས་ཀྱི་རྩ་རླུང་ཐིག་ལེས་བསྒྲིབས༔ དབུལ་པོའི་ཁྱིམ་གྱི་གཏེར་བཞིན་བཞུགས༔ ཞེས་དང་། གདོད་ནས་ཡེ་རྫོགས་ཆེན་པོའི་སྐུ༔ སེམས་ཅན་ཀུན་ལ་རང་ཆས་སུ༔ ལྷུན་གྱིས་གྲུབ་པའི་ཚུལ་དུ་གནས༔ བལྟར་ཡོད་གཟུང་དུ་མེད་པར་བཞུགས༔ ཞེས་དང་། དེ་ལྟར་རང་གནས་ཆེན་པོ་ལ༔ འཛིན་མེད་ངང་ནས་གཏད་མེད་བལྟ༔ མ་ཡེངས་རྩེ་གཅིག་གནས་པ་ཙམ༔ ཅིར་སྣང་རང་རིག་ཆོས་སྐུ་རུ༔ ཤེས་ན་བར་དོ་རྣམས་སུ་གྲོལ༔ ཞེས་གསུངས་པ་ལྟར། ཀུན་བཏགས་བློས་བྱས་ཀྱི་བསྐྱེད་རིམ་དང་མ་འདྲེས་པར་ལྷུན་གྲུབ་རང་གནས་ཆེན་པོའི་དགོངས་པ་གསལ་གདབ་ཅིང་གཟེར་གསུམ་གྱི་གནད་དང་ལྡན་པས་ལམ་སྣང་གི་འཛིན་པ་ཆོས་ཉིད་ཟད་པའི་ས་ལ་བསྐྱལ་བར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་བཅོ་ལྔ་ལས། དང་པོ་ཚོགས་མཆོད་བྱིན་རླབས་ནི། དངོས་སུ་འབྱོར་ན་ཚོགས་རྫས་ཅི་ལྟར་འབྱོར་པ་བཤམས་ཤིང་། མ་འབྱོར་པའམ་སྤྲོས་པ་ཆུང་ན་ཕུང་པོ་ཚོགས་སུ་སྦར་བའམ། ཚོགས་དྲུག་གི་སྣང་བ་མཐའ་དག་ལྷུན་རྫོགས་ཚོགས་ཆེན་གྱི་འཁོར་ལོ་འོད་གསལ་དབྱིངས་ཀྱི་རྒྱན་དུ་གདོད་ནས་ཤར་བའི་དགོངས་པ་དང་ལྡན་པས། ཨོཾ་ཨཱཿཧཱུྃ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ བག་ཆགས་ཚོགས་ཀྱི་དྲི་མ་ཡིན༔ རང་སྟོང་རང་གསལ་རང་གྲོལ་གྱིས༔ དུག་གསུམ་ཆོས་ཀྱི་དབྱིངས་སུ་སྦྱང༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ བྱིན་གྱིས་རློབ་པའི་ཡི་གེ་གསུམ༔ སྤྲོས་ཀྱང་རང་སེམས་སྐྱེ་བ་མེད༔ བསྡུས་ཀྱང་འཁོར་འདས་རྒྱ་ཡན་ཀློང༔ སྐུ་གསུམ་ངང་དུ་བདུད་རྩིར་འཁྱིལ༔ ཨོཾ་ཨཱཿཧཱུྃ༔ གཉིས་པ་ཕུད་དང་པོ་སྤྲོས་བྲལ་ཆོས་སྐུའི་ལྷ་ལ་མཆོད་པ་ནི། ཨོཾ་ཨཱཿཧཱུྃ༔ ཞལ་ཟས་འབྱོར་ལྡན་དམ་པ་འདི༔ བརྟགས་ཤིང་བརྟགས་ཤིང་བྱུང་ཚོར་སྟོང༔ དཔག་མེད་དམིགས་མེད་འཛིན་པ་མེད༔ ཆོས་སྐུ་སྐྱེ་མེད་དབྱིངས་སུ་འབུལ༔ འགག་མེད་ཐབས་ཀྱི་ཚོགས་རྫོགས་ནས༔ དམིགས་མེད་མཆོག་གི་དངོས་གྲུབ་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ གསུམ་པ་ཚོགས་བར་པས་ལྷུན་གྲུབ་ལོངས་སྐུའི་ལྷ་ལ་མཆོད་པ་ནི། ཨོཾ་ཨཱཿཧཱུྃ༔ སྣང་སྲིད་ཡེ་སངས་རྒྱས་པ་ལ༔ རང་སྣང་དུཿཁས་སོ་སོར་གཟུང༔ ཨ་འཐས་དངོས་པོ་བདེན་པར་ཞེན༔ རིགས་དྲུག་མུ་རུ་འཁྱམས་པ་ཀུན༔ ལྷུན་གྲུབ་ལོངས་སྐུར་བསྐང་ཞིང་བཤགས༔ སྐུ་གསུམ་མངོན་གྱུར་ཚངས་པར་སྩོལ༔ བཛྲ་ས་མ་ཡ་ཨཱ༔ བཞི་པ་ཚོགས་ཐ་མ་སྣ་ཚོགས་སྤྲུལ་སྐུའི་ཞལ་དུ་སྦྱོར་སྒྲོལ་ཟུང་འཇུག་ཆེན་པོར་བསྟབ་པ་ནི། ཨོཾ་ཨཱཿཧཱུྃ༔ ང་དང་བདག་ཏུ་འཛིན་པའི་སེམས༔ མྱ་ངན་འདའ་བྱའི་རུ་དྲ་འདིར༔ རིག་པ་ཡེ་ཤེས་མཚོན་གྱིས་བསྣུན༔ བདག་མེད་ཆོས་ཉིད་དབྱིངས་སུ་བསྒྲལ༔ རྟོག་ཚོགས་ཆོས་སྐུའི་ཀློང་དུ་རོལ༔ རུ་དྲ་སརྦ་ཧ་ལ་པཉྩ་པཱུ་ཛ་ཧོ༔ སྐབས་འདིར་དབང་བཞིའི་དམ་ཚིག་དང་བསྟུན་ནས་རྡོ་རྗེ་ཕུང་པོའི་དཀྱིལ་འཁོར་ལ་ཚོགས་མཆོད་དབུལ། ལྔ་པ་ལྷག་མ་ནི། ཨོཾ་ཨཱཿཧཱུྃ༔ གཟུགས་ཕུང་ཤ་ཁྲག་ལྷག་མ་འདི༔ སྐྱེ་མེད་ཆོས་དབྱིངས་ངང་དུ་བཞེས༔ ལུས་ངག་ཡིད་གསུམ་ལྷག་མ་འདི༔ སྐུ་གསུང་ཐུགས་ཀྱི་ངང་དུ་བཞེས༔ ཉོན་མོངས་དུག་ལྔའི་ལྷག་མ་འདི༔ ཡེ་ཤེས་ལྔ་ཡི་ངང་དུ་བཞེས༔ སྐུ་གསུམ་འཛིན་མེད་ལྷག་མ་འདི༔ ཀ་ནས་དག་པའི་ངང་དུ་བཞེས༔ ཞེས་དོར། དྲུག་པ་ཐུགས་དམ་བསྐུལ་བ་ནི། ལྷུན་གྲུབ་ཡེ་ཤེས་རོལ་པའི་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་ཐུགས་ཀ་དག་ཟབ་ཞི་སྤྲོས་བྲལ་གྱི་ཀློང་ལས་མ་གཡོས་ཀྱང་། འགགས་མེད་ཡེ་ཤེས་ཀྱི་རོལ་རྩལ་གང་འདུལ་དེར་སྣང་གི་འཆར་སྒོ་མ་འགགས་པའི་ཕྲིན་ལས་དཔག་ཏུ་མེད་པར་སྟོན་པར་བལྟས་ལ། ཨོཾ་ཨཱཿཧཱུྃ༔ ང་ནི་ཀུན་བཟང་ཡབ་ཡུམ་ལ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ ང་ནི་རང་བྱུང་རང་གྲོལ་ལྷ༔ ང་ནི་དུས་གསུམ་སངས་རྒྱས་དངོས༔ རྣམ་ཤེས་གནས་དག་ཤར་ཕྱོགས་ན༔ ཐིག་ལེ་དཀར་གསལ་གཞལ་ཡས་སུ༔ བཛྲ་ཞི་ཁྲོ་ཕྲིན་ལས་མཛོད༔ ཞེ་སྡང་འདུལ་བའི་དུས་ལ་བབས༔ ཚོར་བ་གནས་དག་ལྷོ་ཕྱོགས་ན༔ ཐིག་ལེ་སེར་གསལ་གཞལ་ཡས་སུ༔ རཏྣ་ཞི་ཁྲོ་ཕྲིན་ལས་མཛོད༔ ང་རྒྱལ་འདུལ་བའི་དུས་ལ་བབས༔ འདུ་ཤེས་གནས་དག་ནུབ་ཕྱོགས་ན༔ ཐིག་ལེ་དམར་གསལ་གཞལ་ཡས་སུ༔ པདྨ་ཞི་ཁྲོ་ཕྲིན་ལས་མཛོད༔ འདོད་ཆགས་འདུལ་བའི་དུས་ལ་བབས༔ འདུ་བྱེད་གནས་དག་བྱང་ཕྱོགས་ན༔ ཐིག་ལེ་ལྗང་གསལ་གཞལ་ཡས་སུ༔ ཀརྨ་ཞི་ཁྲོ་ཕྲིན་ལས་མཛོད༔ ཕྲག་དོག་འདུལ་བའི་དུས་ལ་བབས༔ ཆོས་ཉིད་མི་འགྱུར་དབུས་ཕྱོགས་ན༔ ཐིག་ལེ་མཐིང་གསལ་གཞལ་ཡས་སུ༔ སངས་རྒྱས་ཞི་ཁྲོ་ཕྲིན་ལས་མཛོད༔ གཏི་མུག་འདུལ་བའི་དུས་ལ་བབས༔ ཙིཏྟ་སྙིང་གི་གཞལ་ཡས་སུ༔ བཞི་བཅུ་རྩ་གཉིས་ཞི་བའི་སྐུ༔ མཉེན་ལྕུག་འཁྲིལ་ལྡེམ་འོད་ཟེར་འབར༔ ཕུང་པོ་ལྷག་མེད་ཕྲིན་ལས་མཛོད༔ ཀླད་པ་དུང་ཁང་གཞལ་ཡས་སུ༔ ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་སྐུ༔ སྒེག་པ་དཔའ་བ་འཇིགས་སུ་རུང༔ རང་སྣང་རྟོག་པའི་ཕྲིན་ལས་མཛོད༔ སྣོད་བཅུད་རྒྱན་གྱི་གཏོར་མ་བཞེས༔ ཞི་བས་ཆོས་ཉིད་དབྱིངས་སུ་སྐྱོལ༔ ཁྲོ་བོས་དགྲ་བགེགས་མ་ལུས་སྒྲོལ༔ འཁོར་བ་དོང་སྤྲུགས་ཕྲིན་ལས་མཛོད༔ ཨོཾ་ཨཱཿཧཱུྃ༔ གསལ་སྟོང་དབྱེར་མེད་འཇམ་དཔལ་སྐུ༔ གྲགས་སྟོང་དབྱེར་མེད་པདྨ་གསུང༔ རིག་སྟོང་དབྱེར་མེད་ཡང་དག་ཐུགས༔ བདེ་ཆེན་བདུད་རྩི་ཡོན་ཏན་ལྷ༔ སྣང་སྟོང་ཕུར་པ་ཕྲིན་ལས་མཛོད༔ སྟོང་ཉིད་མ་མོ་རྦོད་གཏོང་ལྷ༔ ཆོས་ཉིད་རོལ་པའི་གཏོར་མ་ལོངས༔ དགྲ་བགེགས་སྐྱེ་བ་མེད་པར་སྒྲོལ༔ ཨོཾ་ཨཱཿཧཱུྃ༔ རྣམ་སྨིན་རིག་འཛིན་ཤ་ཁྲག་ལུས༔ སྐྱེ་མེད་རྟོགས་པའི་ཚེ་དབང་དང༔ བདེ་ཆེན་ཕྱག་རྒྱའི་རིག་འཛིན་དང༔ ལྷུན་གྲུབ་རིག་འཛིན་ལུ་གུ་རྒྱུད༔ སྐུ་གསུང་ཐུགས་དང་ཡོན་ཏན་དང༔ ཕྲིན་ལས་མ་མོའི་རིག་འཛིན་རྣམས༔ ཅིར་སྣང་ཆོས་སྐུའི་གཏོར་མ་ལོངས༔ འཁོར་བ་མྱ་ངན་འདས་པར་ཟློགས༔ ཨོཾ་ཨཱཿཧཱུྃ༔ འདོད་ཆགས་ཞེ་སྡང་གཏི་མུག་དང༔ ང་རྒྱལ་ཕྲག་དོག་འཇིག་རྟེན་ལྷ༔ ཞེ་སྡང་ཁོང་ཁྲོ་དམོད་པའི་ལྷ༔ རང་ངོ་ཤེས་པའི་ཕྲིན་ལས་མཛོད༔ སྐུ་གསུང་ཐུགས་དང་ཡོན་ཏན་དང༔ ཕྲིན་ལས་མ་ལུས་རྫོགས་པ་ཡི༔ ཞི་ཁྲོ་ཡེ་ཤེས་ལྷ་ཚོགས་རྣམས༔ ཅིར་སྣང་ཆོས་སྐུའི་གཏོར་མ་ལོངས༔ ཡེ་ནས་སྐྱེ་འགག་མེད་པ་ཡི༔ སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་རྣམས༔ སྣང་སྲིད་གཞིར་བཞེངས་གཏོར་མ་ལོངས༔ ཆགས་ཞེན་མེད་པའི་ཕྲིན་ལས་མཛོད༔ ཨོཾ་ཨཱཿཧཱུྃ༔ ཕཊ་ཕཊ་ཕཊ༔ གཏི་མུག་འོད་གསལ་དུ་ཟློག༔ མཱ་ར་ཡ་སོད༔ ཞེ་སྡང་རང་གྲོལ་དུ་ཟློག༔ མཱ་ར་ཡ་སོད༔ འདོད་ཆགས་བདེ་ཆེན་དུ་ཟློག༔ མཱ་ར་ཡ་སོད༔ ཨ་འཐས་སྟོང་པར་ཟློག༔ མཱ་ར་ཡ་སོད༔ མི་བདེན་པ་ལ་བདེན་པར་འཛིན་པའི་ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ འཁོར་བ་ལ་ཆགས་ཞེན་ཆེ་བ་ཟློག༔ ངན་སོང་གསུམ་ལ་ཉམ་ང་བ་ཟློག༔ གཟུང་འཛིན་གྱི་རྨི་ལྟས་ངན་པ་ཟློག༔ ཡར་གྱི་བདུད་སངས་རྒྱས་ལ་རེ་བ་ཟློག༔ མར་གྱི་བདུད་འཁོར་བ་ལ་ལྷུང་དུ་དོགས་པ་ཟློགས༔ ཐམས་ཅད་སྐྱེ་མེད་དུ་ཕྱ་ལ་ལ༔ འགག་མེད་དུ་ཡ་ལ་ལ༔ གཉིས་མེད་དུ་ཁྲོ་ལོ་ལོ་ཐོངས་ཤིག༔ བདུན་པ་སྙིང་ཐིག་གཉན་པོའི་བཀའ་སྲུང་རྣམས་ལ་གཏོར་མ་བསྔོ་ཞིང་ཆད་ཐོ་བསྒྲག་པ་ནི། ཧཱུྃ༔ དབྱིངས་ལས་ཡེ་ཤེས་རང་ཤར་བ༔ རང་རིག་རྒྱལ་པོ་སྒྲ་གཅན་འཛིན༔ ཁྱབ་འཇུག་ཆེན་པོའི་ཐུགས་དམ་བསྐང༔ རང་སྣང་རྩལ་ཆེན་རྒྱས་པར་མཛོད༔ སྣང་ལ་རང་བཞིན་མེད་པའི་ཡུལ༔ ཀུན་ཏུ་བཟང་མོ་གནམ་ཞལ་མ༔ ཨེ་ཀ་ཙཱ་ཏིའི་ཐུགས་དམ་བསྐང༔ དངོས་འཛིན་དབུ་མར་ཐིམ་པར་མཛོད༔ དབྱིངས་རིག་གཉིས་མེད་རྡོ་རྗེ་འཛིན༔ རྡོ་རྗེ་སེམས་དཔའ་དགྱེས་མཛད་པ༔ སྡེ་བརྒྱད་དྲེགས་དཔོན་ཐུགས་དམ་བསྐང༔ མཐའ་བརྒྱད་སྤྲོས་པ་ཆོད་པར་མཛོད༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ བརྒྱད་པ་བརྟན་མ་སྐྱོང་བ་ནི། བྷྱོཿ སྣ་ཚོགས་མ་འགགས་མ་མོའི་ཚོགས༔ རྟེན་འབྲེལ་བཅུ་གཉིས་ཡོངས་དག་པ༔ སྟོང་ཆེན་ཉིད་ཀྱི་རང་བཞིན་ཅན༔ བརྟན་མ་བཅུ་གཉིས་འཁོར་དང་བཅས༔ ལུགས་འབྱུང་བཅུ་གཉིས་གཏོར་མ་འབུལ༔ ལུགས་ལྡོག་བཅུ་གཉིས་ཟད་པའི་མཐར༔ རིག་པའི་ཡེ་ཤེས་རྟོགས་པར་མཛོད༔ མ་མཱ༔ ཁ་ཁཱ༔ ལ་ལཱ༔ ལེ་ལཱེ༔ ཏ་ཏཱ༔ ཏེ་ཏཻ༔ མ་མ་སྲིང་འགྲོ་མ་སརྦ་པཱུ་ཙ་ཁཱ་ཧི༔ དགུ་པ་རྟ་བྲོ་ནི། སྲིད་པ་སྤྱི་གནོན་གྱི་དགོངས་པས་གཏོར་གཞོང་ཁ་སྦུབ་པའི་སྟེང་དུ་ཕྲིན་ལས་རྣམ་པ་བཞིའི་རྟ་བྲོ་བརྡུང་ཞིང་། ཧཱུྃ༔ དཀར་ཞིང་གསལ་ལ་དྭངས་པ་ཡིས༔ ཉོན་མོངས་མ་ལུས་ཞི་མཛད་པ༔ ཞི་མཛད་ལྷ་ལ་ཕྱག་འཚལ་ལོ༔ ཨོཾ་ཨཱཿཧཱུྃ་ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ སེར་ཞིང་གསལ་ལ་དྭངས་པ་ཡིས༔ ཡེ་ཤེས་མ་ལུས་རྒྱས་མཛད་པ༔ རྒྱས་མཛད་ལྷ་ལ་ཕྱག་འཚལ་ལོ༔ ཨོཾ་ཨཱཿཧཱུྃ་རྒྱས་པ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ དམར་ཞིང་གསལ་ལ་དྭངས་པ་ཡིས༔ སྐུ་གསུམ་དབང་དུ་སྡུད་མཛད་པ༔ དབང་མཛད་ལྷ་ལ་ཕྱག་འཚལ་ལོ༔ ཨོཾ་ཨཱཿཧཱུྃ་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ ལྗང་ཞིང་གསལ་ལ་དྭངས་པ་ཡིས༔ འཁོར་བའི་སྡུག་བསྔལ་སྒྲོལ་མཛད་པ༔ སྒྲོལ་མཛད་ལྷ་ལ་ཕྱག་འཚལ་ལོ༔ ཨོཾ་ཨཱཿཧཱུྃ་སརྦ་མཱ་ར་ཡ་ནན༔ བཅུ་པ་ཚེ་འགུགས་པ་ནི། ཡེ་ཤེས་ལྔ་ལྡན་གྱི་མདའ་དར་གཡོབ་ཅིང་། ཨོཾ་ཨཱཿཧཱུྃ༔ ཤར་གྱི་ཕྱོགས་ནས་འགུགས་བྱེད་མ༔ རྡོ་རྗེ་མཁའ་འགྲོས་ཚེ་གཡང་ཁུག༔ འགྱུར་བ་མེད་པའི་བཀྲ་ཤིས་ཤོག༔ ལྷོ་ཡི་ཕྱོགས་ནས་འགུགས་བྱེད་མ༔ རིན་ཆེན་མཁའ་འགྲོས་ཚེ་གཡང་ཁུག༔ དགོས་འདོད་འབྱུང་བའི་བཀྲ་ཤིས་ཤོག༔ ནུབ་ཀྱི་ཕྱོགས་ནས་འགུགས་བྱེད་མ༔ པདྨ་མཁའ་འགྲོས་ཚེ་གཡང་ཁུག༔ སྐུ་ལྔ་དབང་སྡུད་བཀྲ་ཤིས་ཤོག༔ བྱང་གི་ཕྱོགས་ནས་འགུགས་བྱེད་མ༔ ལས་ཀྱི་མཁའ་འགྲོས་ཚེ་གཡང་ཁུག༔ ལས་རྣམས་འགྲུབ་པའི་བཀྲ་ཤིས་ཤོག༔ དབུས་ཀྱི་ཕྱོགས་ནས་འགུགས་བྱེད་མ༔ སངས་རྒྱས་མཁའ་འགྲོས་ཚེ་གཡང་ཁུག༔ མངོན་སངས་རྒྱ་བའི་བཀྲ་ཤིས་ཤོག༔ ཌཱ་ཀི་ནཱི་ཧ་རི་ནི་ས་ཛྙཱ་ན་ཨཱ་ཡུཿཔུཎྱེ་སིདྡྷི་ཚེ་བྷྲཱུྃ་ནྲྀ་ཛཿཔཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ བཅུ་གཅིག་པ་དངོས་གྲུབ་བླང་བ་ནི། ཨེ་མ་བདེ་གཤེགས་ལྷུན་གྲུབ་གནས་མཆོག་ནས༔ བདེ་ཆེན་རང་བྱུང་ཡེ་ཤེས་ནི༔ ཅིར་ཡང་མི་རྟོག་སལ་ལེར་བཞུགས༔ རྩ་བ་གསུམ་དང་གཉིས་སུ་མེད༔ གཞན་ནས་མ་བཙལ་ཆོས་སྐུ་སྐྱེ་བ་མེད༔ རང་བྱུང་སེམས་ལ་རང་དབང་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་སིདྡྷི་ཕ་ལ་ཧོ༔ བཅུ་གཉིས་པ་དབང་སྒྲུབ་ལྟ་བུའི་ཚེ་གཟུགས་བརྙན་གྱི་དཀྱིལ་འཁོར་བསྡུ་བ་ནི། ཨ༔ སྐྱེ་བ་མེད་ལ་འགག་པ་མེད༔ དུས་གསུམ་འཕོ་འགྱུར་མེད་པ་ལ༔ ཡིད་མིག་རླུང་གསུམ་གསལ་འོད་དུ༔ འདུ་འབྲལ་མེད་པར་ཐིམ་ཞིང་གསལ༔ ཀུན་ཀྱང་གཉིས་མེད་བཛྲ་མུ༔ བཅུ་གསུམ་པ་བསྔོ་བ་ནི། ཧཱུྃ༔ དམིགས་མེད་ཆོ་འཕྲུལ་སྒྱུ་མའི་གར༔ དགེ་ཚོགས་མ་འགགས་མེ་ལོང་གཟུགས༔ འཛིན་མེད་ཆོས་དབྱིངས་དྭངས་པའི་སར༔ འཁོར་གསུམ་དམིགས་གཏད་བྲལ་བར་བསྔོ༔ བཅུ་བཞི་པ་སྨོན་ལམ་ནི། ཧཱུྃ་ཨཱཿཨོཾ༔ སྐྱེ་བ་མེད་ལ་ཅིར་ཡང་སྣང༔ འགགས་པ་མེད་པའི་ཡེ་ཤེས་ཀྱི༔ གནས་མེད་འགྲོ་བའི་དོན་བྱས་ནས༔ དམིགས་མེད་རྫོགས་སངས་རྒྱས་གྱུར་ཅིག༔ ལན་གསུམ་བརྗོད། བཅོ་ལྔ་པ་མཐའ་རྟེན་བཀྲ་ཤིས་ནི། ཨོཾ་ཨཱཿཧཱུྃ༔ སྐྱེ་མེད་རྟོགས་པས་འཆི་རྒྱུ་མེད༔ འཆི་མེད་ཚེ་ཡི་བཀྲ་ཤིས་ཤོག༔ བདེ་སྟོང་རྟོགས་པས་ན་རྒྱུ་མེད༔ ནད་མེད་བཅུད་འཚོའི་བཀྲ་ཤིས་ཤོག༔ རིག་སྐུ་མཐོང་བས་རྒས་རྒྱུ་མེད༔ རྒས་མེད་མཆོག་གི་བཀྲ་ཤིས་ཤོག༔ ཉག་གཅིག་རྟོགས་པས་རྨོངས་རྒྱུ་མེད༔ སྐུ་གསུམ་ལྷུན་གྲུབ་བཀྲ་ཤིས་ཤོག༔ རང་རིག་རྟོགས་པས་འཁྲུལ་རྒྱུ་མེད༔ འཁྲུལ་མེད་ཡེ་སངས་རྒྱས་པའི་བཀྲ་ཤིས་ཤོག༔ ཡེ་ཤེས་རྟོགས་པས་གསལ་འགྲིབ་མེད༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ ཅེས་མེ་ཏོག་སིལ་མའི་ཆར་དབབ་པར་བྱའོ། །གྲོལ་ཏིག་དགོངས་པ་རང་གྲོལ་གྱི་ཞི་ཁྲོ་ལའང་སྦྱོར་དངོས་ཀྱི་ཆོ་ག་འདི་ཉིད་སྦྱར་ཞིང་སྐྱབས་སེམས་དང་ལྷ་བསྐྱེད་གྲོལ་ཏིག་རང་གཞུང་སྦྱར་བས་ཤིན་ཏུ་འབྲེལ་ཆགས་པར་འགྱུར་རོ། །རང་བྱུང་ཆོས་ཉིད་དོན་གྱི་རང་སྒྲ་ལ། །ཕྲིན་ལས་མཚན་དུ་གསོལ་འདི་དུས་ཞབས་ཀྱི། །རྣལ་འབྱོར་ཕལ་གྱི་བློ་དང་འཚམ་མིན་ཡང་། །ཐོས་པས་འཁྲུལ་པ་གྱ་ལོག་ཕྲིན་ལས་མཛད། །དེ་ཕྱིར་ཞབས་ཏོག་ཙམ་དུ་གསལ་བྱས་དགེས། །རང་རིག་རྩལ་རྫོགས་འོད་གསལ་ཁོར་ཡུག་འཆར། །སྲིད་པ་རུ་ལྡོག་འཁོར་བ་གཏིང་སྤྲུགས་ནས། །ཕྱམ་གཅིག་གདོད་མའི་གྲོལ་གཞིར་བྱང་ཆུབ་ཤོག །རྫོགས་ཆེན་ཡང་ཏི་ནག་པོའི་དོན་གྱི་ཕྲིན་ལས་གསལ་འདེབས་འདིའང་གཞུང་དང་གསལ་བྱེད་ཀྱི་ལེགས་བཤད་ལ་བརྟེན། ཆོས་འདིའི་ཞབས་ཏོག་ཏུ་དམིགས་ནས་སྔགས་རིག་འཛིན་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་པ་དགེ་ལེགས་འཕེལ།། །།
གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་གསུང་རབ་ཟབ་མོ་ཉེ་བརྒྱུད་ཀྱི་ཆོས་སྡེ་རིན་ཆེན་གཏེར་མཛོད་ཆེན་པོའི་བཞུགས་བྱང་དཀར་ཆག་གསལ་བར་བཀོད་པ་འོད་གསལ་རྡོ་རྗེ་སྙིང་པོའི་གྲུ་གཟིངས་ (Volume 66, Text 6)
བླ་མའི་སྒྲུབ་སྐོར། རྫོགས་པ་ཆེན་པོ། ཐུགས་རྗེ་ཆེན་པོ་གསུམ་ལ་མཚན་གཞི་བྱེད་ཅིང་། དེར་མ་ཟད་ཆོས་བཀའ་གང་ལས་གང་ཟག་གཅིག་འཚང་རྒྱ་བར་བྱེད་པའི་ལམ་ཆ་ལག་ཚང་བའི་ཆོས་སྐོར་སྤྱན་དྲངས་ན་གཏེར་ཆེན་དང་། དེ་མིན་པའི་མན་ངག་སྣ་རེ་དང་རྫས་གཏེར་ཙམ་སྤྱན་དྲངས་པར་གཏེར་ཕྲན་གྱི་ཐ་སྙད་འཇོག་ཅེས་འབྱུང་ངོ་། །དེ་ལྟར་གསུངས་པའང་རིམ་གྱིས་པའི་གང་ཟག་གིས་མཆོག་ཐུན་དངོས་གྲུབ་དོན་དུ་གཉེར་ཚུལ་ལས་བཞག་པ་མ་གཏོགས། རྣལ་འབྱོར་ཅིག་ཆར་བའི་རིགས་ནི་བསྐྱེད་རྫོགས་ལས་རིམ་གྱི་སྤྲོས་བཅས་ལ་ལྟོས་མ་དགོས་པར་མན་ངག་ཉུང་ངུ་ཙམ་གྱིས་གྲོལ་ནུས་པའང་ཡོང་ངེས་པ་ནི། གཏེར་ལུང་ལས། ཟབ་ལ་ཁ་ཚང་མ་བསྒྲིབས་མཐའ་རྒྱས་ཤིང༔ གདམས་པ་སྣ་རེས་གང་ཟག་གྲོལ་བར་ངེས༔ ཞེས་གསུངས་པ་ལས་ཤེས་སོ། །ལས་འཕྲོ་གཏེར་གྱི་རྣམ་བཤད་ལས། གཏེར་ཆོས་ཀྱི་རིགས་ཐམས་ཅད་ཀྱི་ནང་ན་མང་ཤོས་ནི་བླ་རྫོགས་ཐུགས་གསུམ་སྟེ། དེ་གསུམ་མ་ཚང་ན་གཏེར་ཆེན་མིན་ཞེས་གྲགས་པ་ལྟར་གཏེར་ཆེན་ཐམས་ཅད་ལ་གསུམ་ཀ་ཚང་བར་བཞུགས་ཤིང་། གཏེར་ཕྲན་ལ་ཡང་གསུམ་པོའི་གང་རུང་རེ་མེད་པ་ཆེར་མི་སྣང་བའི་ཕྱིར་རོ་ཞེས་དང་། དེ་དག་གི་ངོས་འཛིན་ལ། གུ་རུ་ཞི་དྲག །ཐུགས་སྒྲུབ་ཡི་དམ། རྫོགས་རིམ་སྐོར་ཅི་རིགས་ཞེས་འདྲེན་པའང་སྣང་མོད་ཀྱི། བླ་མ་གསང་འདུས་དང་དགོངས་འདུས་སོགས་བླ་སྒྲུབ། ཆོས་རྒྱལ་བཀའ་འབུམ་དང་ཡང་སྙིང་འདུས་པ་སོགས་ཐུགས་རྗེ་ཆེན་པོའི་ཆོས་སྐོར། མཁའ་འགྲོ་སྙིང་ཐིག་དང་དགོངས་པ་ཟང་ཐལ་སོགས་རྫོགས་ཆེན་ཞེས་སྔ་མ་རྣམས་ལ་གྲགས། ཡབ་རྗེ་ཀུན་མཁྱེན་བླ་མའང་འདི་ལྟར་བཞེད་དོ། །ཞེས་གསུངས་པ་ལ་དཔགས་ན་སྔར་གྱི་མཁས་གྲུབ་རྣམས་ཀྱང་ངོས་འཛིན་ལུགས་གཉིས་སུ་བྱུང་བ་དང་། རྫོགས་རིམ་རྣམས་གཙོ་བོ་མཁའ་འགྲོའི་སྒྲུབ་ཐབས་ལས་གསལ་བར་རྗེ་མཁྱེན་བརྩེ་དང་རྡོ་གྲུབ་བསྟན་པའི་ཉི་མས་ཀྱང་བཞེད་ལ། ཐུགས་སྒྲུབ་ལ་ཡི་དམ་གྱི་ཆོས་སྐོར་དུ་བཞག་པ་མཁས་པ་གཞན་གྱི་བཞེད་པ་ཡིན་ཡང་འདི་ཉིད་དོན་ལ་གནས་པ་སྟེ་ཐུགས་རྗེ་ཆེན་པོ་ཡང་ཡི་དམ་གྱི་བྱེ་བྲག་ཡིན་པས་འགལ་བར་མི་བསམ་མོ། །གོང་མ་ཁ་ཅིག་ཟབ་ཆོས་གཏེར་བྱོན་རྣམས་ལ་རྩ་བ་བླ་མ་ཡི་དམ་མཁའ་འགྲོའི་སྒྲུབ་ཐབས། ཡན་ལག་ལས་ཚོགས་རབ་འབྱམས་ཕྱོགས་གཏོགས་དང་བཅས་པ། སྙིང་པོ་བླ་རྫོགས་ཐུགས་གསུམ་ཞེས་གསུངས་པའང་བརྟགས་ན་བླ་རྫོགས་ཐུགས་གསུམ་ནང་རྩ་བ་གསུམ་གྱི་སྒྲུབ་ཐབས་འདུས་ཀྱང་ཞིབ་པར་དཔྱད་ན་དང་པོ་གཏེར་ཕྲན་དང་ཕྱི་མ་གཏེར་ཆེན། ཡན་ལག་ལས་ཚོགས་ནི་གཉིས་ཀའི་ཁོངས་ནས་འབྱུང་བ་ལ་བྱེད་པས་འགལ་མེད་དུ་གྲུབ་བོ། །གཞན་ཡང་སློབ་དཔོན་ཆེན་པོས། བོད་ཁམས་སྤྱི་ལ་དགོངས་ཏེ་དྲག་པོ་མཐུའི་ལས་དང་། གདུག་པ་གཏད་ཀྱི་ལས། བསྙེན་པ་སྲུང་ཟློག་གི་ལས། ངན་ཐབས་སེར་བ་དང་ཆོ་འཕྲུལ་གྱི་ལས་རྣམས་ལ་རྒྱུད་བརྒྱ་རྩ་བརྒྱད། སྒྲུབ་ཐབས་བརྒྱ་རྩ་བརྒྱད། དྲག་སྔགས་བརྒྱ་རྩ་བརྒྱད་ལས་ཕྲན་དང་བཅས་པ། སྲོག་སེར་གཏད་གསུམ་གྱི་ལག་ལེན། འཕྲང་སེལ་ཞུ་ལན། ཀུན་ལ་མཁོ་བའི་གཏེར་ཁྱིམ་སོགས་དང་། རྐྱེན་དང་བར་ཆད་སེལ་བ་དང་། སྐག་ཟློག་མདོས་ཀྱི་སྐོར་ལ་རྒྱུད་ལག་ལེན་སྟོང་ཕྲག་གཅིག་དང་། ཟངས་སྐྱམ་ཆེ་ཆུང་། ལོ་ཟླ་གནད་དུ་བརྩིས་པ་སོགས་ཕྱི་ནང་འབྱུང་བའི་གཙུག་ལག་དང་། བྱང་ཁོག་གཟེར་གྱི་སྒྲོམ་བུ་སོགས་སྨན་དཔྱད་ཀྱི་གཞུང་དང་། རིག་བྱེད་བཟོའི་ཡན་ལག་ཀྱང་མང་དུ་མཛད་ཅིང་གཏེར་དུ་བཞུགས་པ་ལས་རིམ་པར་བྱུང་བ་ལས་བཞིའི་སྐོར་སྨན་དང་འཁྱུད་དཔྱད། བཅུད་ལེན། འཁོར་ལོ། རྣོ་མཐོང་། མདོས་གཏོ། ནོར་སྒྲུབ། ལོ་ཕན། སྲུང་བ་སྣ་ཚོགས། སྔགས་འབུམ། ལས་ཕྲན་ཕྱོགས་བསྡུས་སོགས་དུས་ངན་གཡོ་འཁྲུགས་ཞི་ཞིང་། བོད་ཕུང་བྱེད་ཀྱི་དམ་སྲི་སྡེ་བརྒྱད་སོགས་མི་དང་མི་མིན་ནག་ཕྱོགས་ཀྱི་ཁ་གནོན་དང་། ཚེ་དཔལ་ལོངས་སྤྱོད་རྒྱས་པའི་གཏེར་རིགས་སྣ་ཚོགས་དབྱར་གྱི་ཆུ་ཕྲན་བཞིན་བྱོན་ནའང་། བོད་སྤྱི་མཐུན་གྱི་བསོད་ནམས་ཟད་ལ་ཉེ་ཞིང་གཏེར་ཆོས་ལ་གཙིགས་སུ་མི་སྟེར། སློབ་དཔོན་ཆེན་པོའི་རྗེས་འཇུག་གཏེར་བརྒྱུད་རྣམས་ལ་དགྲར་བཟུང་ཞིང་སྐྱོན་དུ་མཐོང་། བོད་ལྗོངས་དུས་འགྱུར་ལ་ཟློག་ཐབས་ཡོད་ཀྱང་དམ་སེལ་སྣ་ཚོགས་ཀྱི་བར་ཆད་ཞུགས། མཁན་སློབ་ཆོས་གསུམ་གྱི་རིང་ལུགས་ལ་སྡང་ཟུག་གིས་སྐུར་འདེབས་ལ་འབད་བཞིན་པ་སོགས་ལས་ངན་གྱི་གཡང་སར་ཕྱོགས་པ་ལ་བདེ་བའི་གོ་སྐབས་ག་ལ་རྙེད། འོན་ཀྱང་ལས་འཕྲོ་དང་སྐལ་བས་འཆུན་པ་གྲངས་མེད་པ་ཞིག་ནི་བོད་ཁམས་མཐའ་དབུས་ཀུན་ཏུ་ཟབ་གཏེར་གྱི་ཕྲིན་ལས་ལ་བརྟེན་ནས་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ཡངས་པོར་སྤྱོད་ཅིང་། ཕན་བདེ་ལེགས་ཚོགས་ཀྱི་དཔལ་ཡོན་བཟང་པོར་སོམ་ཉི་རྡུལ་ཙམ་ཡང་མ་དགོས་པར་བདེ་དགའ་རྒྱ་མཚོའི་དཔལ་གྱིས་རྟག་ཏུ་འཚོ་བའི་བཀའ་དྲིན་གྱི་ཕུང་པོ་ནི་ཚད་གཟུང་དུ་མེད་པ་ཉིད་དོ།། ༈ །།གསུམ་པ་བཀའ་གཏེར་ཆོས་ཀྱི་བསྡུས་དོན་ཡོངས་འདུས་རྩ་གསུམ་ཌཱཀྐིའི་སྤྲིན་ཕུང་བཤད་པ་ནི། དེ་ཡང་གདོང་དམར་ཅན་བོད་ཀྱི་ལྗོངས་སུ་མཉམ་མེད་ཤཱཀྱ་སེངྒེའི་བསྟན་པ་རིན་པོ་ཆེ་ཇི་ལྟར་བྱོན་པའི་བབས་སྔ་ཕྱི་ལས་མཚན་དུ་ཐོགས་པ་སྔ་འགྱུར་རྙིང་མ་དང་ཕྱི་འགྱུར་གསར་མ་ཞེས་ཐ་སྙད་གཉིས་སུ་ཆད་པ་ལས། སྔ་འགྱུར་ཆོས་ཀྱི་སྒོ་མོ་སྤྱི་ལྡོག་ནས་ཆོས་རྗེ་རོང་ཟོམ་པའི་བཞེད་པ་ལྟར། གང་དུ་བསྒྱུར་བ་གནས་ཀྱི་ཆེ་བ། བསྒྱུར་བྱ་ཆོས་ཀྱི་ཆེ་བ། སྒྱུར་བྱེད་པཎྜི་ཏའི་ཆེ་བ། ཞུས་བྱེད་ལོ་ཙཱའི་ཆེ་བ། ཞུ་རྟེན་མེ་ཏོག་གི་ཆེ་བ་སྟེ་ཁྱད་ཆོས་དྲུག་གི་བདག་ཉིད་དུ་གསུངས་པ་དང་། བྱེ་བྲག་ཏུ་ནང་རྒྱུད་ཡོ་ག་གསུམ་གྱི་ཆོས་སྐོར་རྣམས་གངས་ཅན་སྐྱེ་འགྲོའི་དཔལ་དུ་རིམ་པར་བྱོན་པ་ལ་བབས་བདུན་དུ་གསུངས་ཏེ། དང་པོ་ནི་ཨོ་རྒྱན་སངས་རྒྱས་གཉིས་པས་ཐུགས་སྲས་རྗེ་འབངས་སྙིང་གི་བུ་དགུ་ལ་སོགས་པར་གསང་སྔགས་ཀྱི་ཟབ་ཆོས་མང་དུ་སྤེལ་བ་དང་། གཉིས་པ་ནི་གནུབས་ནམ་མཁའི་སྙིང་པོས་རྒྱ་གར་ནས་སློབ་དཔོན་ཧཱུྃ་ཀ་ར་ལས་དཔལ་ཡང་དག་གི་ཆོས་སྐོར་རྣམས་གསན་ཏེ་བོད་དུ་བྱོན་པ་དང་། གསུམ་པ་ནི་སློབ་དཔོན་ཤཱནྟིཾ་གརྦྷ་བསམ་ཡས་ཀྱི་རབ་གནས་ལ་བྱོན་ཏེ་རྗེ་འབངས་རྣམས་ལ་ལྐོག་ཆོས་སུ་བསྩལ་པ་དང་། བཞི་པ་ནི་གངས་ཏི་སེར་སློབ་དཔོན་སངས་རྒྱས་གསང་བས་དབས་མཉྫུ་ཤྲཱི་ལ་གསང་བ་སྒྱུ་འཕྲུལ་གྱི་དབང་བསྐུར་ཏེ་རིམ་པར་བཙན་པོ་ཁྲི་སྲོང་སོགས་ལ་བརྒྱུད་པ་དང་། ལྔ་པ་ནི་ལོ་ཆེན་བཻ་རོ་ཙ་ནས་འཕགས་ཡུལ་གྱི་སློབ་དཔོན་ཤྲཱི་སིངྷ་སོགས་མཁས་པ་ཉེར་གཅིག་གི་དགོངས་མཛོད་ཕྱུང་པ་རྫོགས་ཆེན་གྱི་ཆོས་སྐོར་རྒྱལ་མོ་གཡུ་སྒྲ་སོགས་ལ་བརྒྱུད་པ་དང་། དྲུག་པ་ནི་པཎ་ཆེན་བི་མ་ལ་མི་ཏྲས་ལོ་ཙཱ་སྐ་ཅོག་རྣམ་གཉིས་དང་། རྨ་ལོ་རིན་ཆེན་མཆོག་ལ་གསང་བ་སྒྱུ་འཕྲུལ་གྱི་ཆོས་སྐོར་གསུངས་པ་དང་། བདུན་པ་ནི་ཁྲི་སྲོང་གི་སྐུ་འདད་དུ་ལྷ་སྲས་མུ་ནེ་བཙན་པོའི་སྐབས་བི་མ་ལ་རྒྱ་ནག་ནས་སླར་བྱོན་ཏེ་གཉགས་ལོ་ཡེ་ཤེས་གཞོན་ནུ་སོགས་ལ་བླ་མེད་ཀྱི་ཟབ་ཆོས་བསྩལ་པ་རྣམས་སོ། །དེ་ལྟར་སྔ་འགྱུར་ཆོས་སྡེ་རྣམས་ནི་འཕགས་ཡུལ་དུ་བསྟན་པ་གྲྭ་མ་ཉམས་པའི་དུས། སྤུར་རྒྱལ་གྱི་ལྷ་བཙན་པོ་མེས་དབོན་རྣམ་གསུམ་དང་། ཁྱད་པར་དཔལ་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཡབ་སྲས་ཀྱི་རིང་། ཟ་ཧོར་གྱི་མཁན་པོ་ཞི་བ་འཚོ་དང་། ཨོ་རྒྱན་གྱི་སློབ་དཔོན་པདྨ་སམ་བྷ་ཝ། ལྔ་བརྒྱའི་གཙུག་རྒྱན་ཁ་ཆེའི་སློབ་དཔོན་བི་མ་ལ་མི་ཏྲ་སོགས་དང་། བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ན། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། རྨ་རིན་ཆེན་མཆོག །གཉགས་ཛྙཱ་ན་ཀུ་མཱ་ར། དགེ་སློང་ནམ་མཁའི་སྙིང་པོ། གནུབས་སངས་རྒྱས་ཡེ་ཤེས་སོགས་བསམ་བཞིན་སྲིད་པ་ཉེ་བར་བཟུང་བ་རྣམས་ཀྱི་ཐུགས་བསྐྱེད་དུས་སུ་སྨིན་པའི་སྟོབས་ཁ་ན་མ་ཐོ་བ་མེད་པའི་རྒྱུས་ལྷན་ཅིག་ཏུ་ཞལ་འཛོམས། ཛམྦུའི་གླིང་དུ་བཞུགས་པའི་མདོ་སྔགས་གསུང་རབ་མང་པོ་བོད་གངས་ཅན་པའི་སྐད་དུ་བསྒྱུར། འཆད་ཉན་སྒོམ་སྒྲུབ་ཀྱི་རིམ་པ་རྣམས་གཏན་ལ་ཕབ་པར་མཛད་དེ་རྒྱལ་བསྟན་རིན་པོ་ཆེ་གཞིར་བཞེངས་སུ་ཕྲ་ཚུགས་ཤིང་རྒྱུན་མ་ཉམས་པར་བཞུགས་པ་ལ་སྔ་འགྱུར་རྙིང་མ་ཞེས་སུ་གྲགས། འདི་ལ་ཡིད་མ་རངས་པ་ཁ་ཅིག་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་བསྟན་པའི་སྲོལ་གཏོད་ཅེས་མགྲིན་པ་བཏེགས་ནས་སྨྲ་བར་བྱེད་ཀྱང་། གསར་རྙིང་གི་གཟུར་གནས་མཁས་པ་ཕུལ་དུ་བྱུང་བ་མང་པོའི་གསུང་རབ་མ་མཐོང་བའམ། མཐོང་ཡང་ཁྱད་གསོད་ཁོ་ནས་རྒྱབ་ཀྱིས་ཕྱོགས་ཏེ། མཁན་སློབ་ཆོས་གསུམ་གྱི་བཀའ་དྲིན་ཏིལ་འབྲུ་ཙམ་ཡང་མི་སེམས་པའི་བཤེས་གཉེན་ལྟར་སྣང་བ་ནི་མཁས་སུ་ཟིན་ཀྱང་ཆོས་བརྒྱུད་ལ་བྱིན་རླབས་ཅི་འདྲ་འོང་སྙམ་འཕྱང་མོ་ཉུག་གི་གནས་སུ་འཁུམས་ཏེ། ཟླ་བ་དྲི་མ་མེད་པའི་མདོ་ལས། མ་འོངས་པའི་དུས་ན་དགེ་སློང་མངོན་པའི་ང་རྒྱལ་ཅན་ཆོས་ལྟར་བཅོས་པ་དུ་མ་འབྱུང་སྟེ། དེའི་ཚེ་རང་གིས་བསླད་པའི་ཆོས་དག་འདྲེས་མར་བྱེད་དེ་འདི་ནི་དམ་པའོ། །ཞེས་སྟོན་ཅིང་། ཆོས་སྨྲ་བ་གཞན་ལ་འདུད་པར་མི་བྱེད། ཡོངས་སུ་འདྲི་བར་མི་བྱེད། ཀུན་ནས་མནར་སེམས་པས་སྨོད་པར་བྱེད་དོ། །མི་གཏི་མུག་ཅན་དེ་དག་ནི་དེའི་རྒྱུས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་པ་དག་ལ་ཅུང་ཟད་རེ་གཟིགས་ཤིག །དེ་རྗེས་གླང་དར་མ་འུ་དུམ་བཙན་པོས་བསྟན་པ་བསྣུབས་ཏེ་བོད་ཆོས་རྒྱལ་གྱི་གདུང་བརྒྱུད་དང་རྒྱལ་ས་རྣམས་སིལ་བུར་འཐོར། རྒྱལ་རྒྱུད་ཞང་ཞུང་གི་ཡུལ་དུ་གདན་འཇགས་པ་ལས་རིམ་པར་ལྷ་བླ་མ་ཡེ་ཤེས་འོད་སྐུ་མཆེད་ཀྱི་དུས་སུ། མངའ་རིས་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོ། རྔོག་ལེགས་པའི་ཤེས་རབ། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། རྔོག་བློ་ལྡན་ཤེས་རབ་སོགས་མང་དུ་བྱོན་ཏེ་གསུང་རབ་ཀྱི་འགྱུར་འགོ་གསར་དུ་ཚུགས། དཔལ་གསང་བ་འདུས་པ། འཇིགས་བྱེད། བདེ་མཆོག །དགྱེས་པ་རྡོ་རྗེ། མ་ཧཱ་མཱ་ཡཱ། དུས་ཀྱི་འཁོར་ལོ་སོགས་མང་དུ་བསྒྱུར་བ་མན་ཆད་ལ་ཕྱི་འགྱུར་གསར་མ་ཞེས་གྲགས། རབ་བྱུང་དང་པོའི་ནང་ཙམ་ནས་བཀའ་གདམས་པ་དང་། ལམ་འབྲས། ཕྱག་ཆེན། ཤངས་ཆོས། ཞི་བྱེད། རྡོ་རྗེ་རྣལ་འབྱོར། རྡོ་རྗེ་བསྙེན་སྒྲུབ་སྟེ་སྒྲུབ་བརྒྱུད་ཤིང་རྟའི་རིང་ལུགས་གཞན་རྣམས་ཀྱང་རིམ་པར་བྱུང་། གླང་དར་གྱིས་བསྟན་པ་བསྣུབས་པའི་ཚེ་རབ་བྱུང་ངུར་སྨྲིག་འཛིན་པ་རྣམས་ཕལ་ཆེར་ཉམས་སྨད་པར་བྱས་ཀྱང་། མཁན་ཆེན་ཞི་འཚོའི་སློབ་མ་སྨར་ཤཱཀྱ་མུ་ནེ། གཡོ་དགེ་འབྱུང། གཙང་རབ་གསལ་གསུམ་མདོ་ཁམས་སུ་བྲོས་ཏེ། དན་ཏིག་ཤེལ་གྱི་ཡང་དགོན་དུ་བསྒོམ་ལ་བཞུགས་པའི་དུས། རིམ་བཞིན་བླ་ཆེན་དགོངས་པ་རབ་གསལ་དང་དབུས་གཙང་གི་མི་བཅུས་བསྙེན་རྫོགས་ཀྱི་སྡོམ་པ་བླངས་ཏེ་བསྟན་པ་ཕྱི་དར་གྱི་དབུ་བརྙེས། ཐེག་ཆེན་གྱི་སྡེ་སྣོད་སྤྱི་དང་། གསང་སྔགས་ཀྱི་ཆོས་རྣམས་ནི་རྒྱལ་པོ་སྡིག་ཅན་གྱིས་བཤིག་པར་མ་ནུས་ཤིང་། ཁྱིམ་བཙུན་གོས་དཀར་ལྕང་ལོ་ཅན་པ་རྣམས་ཀྱིས་བཟུང་ཞིང་རི་སུལ་དང་། ཁྱིམ་ཕུག་ཏུ་འཆད་ཉན་སྒོམ་སྒྲུབ་མཛད་པའི་སྐུ་དྲིན་ལས་ད་ལྟའི་བར་འཕེལ་འགྲིབ་མང་དུ་བྱུང་ཡང་རྩལ་པོ་ཆེ་འགྲེ་ལྡོག་བྱེད་པ་བཞིན་སོར་ཆུད་དེ་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་ཉེར་འཚོའི་དཔལ་ཡོན་དུ་བཞུགས་པ་ཡིན་ནོ། །བསྟན་པ་ཕྱི་དར་གྱི་དུས་ཕ་ཆོས་བུ་ལ་གོ་མ་ཆོད་པ་ལྟར་འདོར་ལེན་བྱེད་ཅིང་ཆོས་ལ་མི་རྟོན་པར་གང་ཟག་ཚུལ་འཆོས་མཁན་ལ་གཙིགས་སུ་སྟེར་བའི་འགོ་འཚུགས། ལོ་ཆེན་རིན་ཆེན་བཟང་པོ། ཕོ་བྲང་ཞི་བ་འོད། འགོས་ལོ་ཙཱ་བ་ལྷས་བཙས། འབྲི་གུང་དཔལ་འཛིན་སོགས་གསར་མའི་ཕྱོགས་ནས་རྩོད་ཡིག་སྣ་ཚོགས་འདུ་བྱེད་པས་རྒྱལ་བའི་བསྟན་པ་ལོང་ལོང་པོར་གྱུར་ཅིང་སྔ་འགྱུར་རྙིང་མའི་ཆོས་རྣམས་སངས་རྒྱས་ཀྱི་བཀའ་མ་ཡིན་པ་ཙམ་དུ་དྲིལ་བསྒྲགས་པར་བྱས་མོད། འོན་ཀྱང་རོང་ཟོམ་ཆོས་ཀྱི་བཟང་པོ། རོག་བན་ཤེས་རབ་འོད། ཐར་ལོ་ཉི་མ་རྒྱལ་མཚན། བཅོམ་ལྡན་རིག་པའི་རལ་གྲི། ཀུན་མཁྱེན་ངག་གི་དབང་པོ། གྲུབ་ཆེན་ཨོ་རྒྱན་པ་རིན་ཆེན་དཔལ། པཎ་ཆེན་ཤཱཀྱ་མཆོག་ལྡན། རྒྱང་རོ་བྱང་ཆུབ་འབུམ། སོག་ཟློག་པ་བློ་གྲོས་རྒྱལ་མཚན་སོགས་སྔ་ཕྱི་རིམ་བྱོན་གཟུར་གནས་མཁས་གྲུབ་མང་པོས་གསང་སྔགས་རྙིང་མའི་ཆོས་རྣམས་སངས་རྒྱས་ཀྱི་བཀར་བསྒྲུབས་པར་མཛད་དོ། །སླད་དུའང་མ་རུངས་ཡིད་བསྲུབ་ཀྱི་བདག་པོས་བྱིན་གྱིས་བརླབས་པའི་ཕྱོགས་འགའ་རེས་ད་དུང་སྔ་འགྱུར་རྙིང་མའི་ཆོས་ལ་ཁུངས་མེད། གླང་དར་གྱི་དུས་སུ་ནུབ་ཟིན་ཟེར། དེ་འདྲ་བདེན་ན་སྨད་འདུལ་ཡང་ཡོང་དོན་མེད་དེ་སྔ་འགྱུར་རྙིང་མའི་ཆོས་དང་སྡོམ་རྒྱུན་ཡིན་པ་མཁས་བླུན་ཀུན་ལ་རླུང་ལྟར་གྲགས། སྐབས་དེ་དག་ཏུ་གསར་ཕྱོགས་ཀྱི་གཡོ་བག་ཟློས་གར་སྣ་ཚོགས་པའི་འཕྲུལ་དང་། བོད་རྣམས་ཨ་གསར་ཆེ་བས་རྙིང་བསྟན་ལ་ཉམས་ཆག་སྣ་དགུ་བྱུང་བ་གོར་མ་ཆག་པ་ནི། རྗེ་བཙུན་མི་ལ་བཞད་པའི་རྡོ་རྗེས། བོད་ཀྱི་སྙིང་ལ་འདྲེ་ཞུགས་ནས། །ཇོ་བོ་གསང་སྔགས་འཆད་པ་བཀག །ཅེས་དང་། ཇོ་བོའི་ཞལ་ནས་ཀྱང་། ངས་སྔགས་ཀྱི་གདམས་པ་དང་། དོ་ཧ་རྡོ་རྗེ་གླུ་ལ་སོགས་པ་ཡང་བཤད་དབང་མེད། སྡེ་པ་ཡང་གཟུག་དབང་མེད་དེ་ཁོ་བོ་བོད་དུ་འོངས་པ་ལ་དོན་མ་མཆིས་ཞེས་སོགས་མང་དུ་གསུངས་པ་དང་། ཇོ་བོ་ཉིད་སློབ་དཔོན་པདྨར་ཞལ་གྱིས་འཆེས་པ་དང་སློབ་དཔོན་པདྨའི་ཆོས་རྣམས་སྔགས་པ་རྣམས་ལ་གྲགས་པ་འདི་ཡིན་ཞེས་མི་འཇིགས་སེང་གེའི་སྒྲ་ཆེན་པོས་གཟེངས་བསྟོད་པ་དང་། ལྷ་སའི་ཀ་བ་བུམ་པ་ཅན་ནས་གཏེར་བཞེས་པ་སོགས་ཇོ་བོའི་མཛད་པ་དེ་ཙམ་ལའང་བོད་ཕྱི་རབས་པ་ཁ་ཅིག་ཡིད་མ་རངས་ནས། གླེགས་བམ་རིན་པོ་ཆེའང་ཕྱོགས་གཞན་དུ་འཕུལ་འདོད་པ་དག་བྱུང་ན་གཞན་ལྟ་སྨྲོས་ཅི་དགོས། དེ་ལྟ་ནའང་གཟུ་བོར་གནས་པའི་དཔྱོད་ལྡན་རྣམས་ཀྱིས་ནི་ནམ་དུ་ཡང་གསུང་ཚད་མར་བཞེད་པ་ལ་བསྙོན་དུ་མེད་དོ། །འོན་ཀྱང་སྔ་འགྱུར་རྙིང་མའི་ཆོས་རྣམས་རྩ་བ་ནས་མ་ནུབ་པའི་ཤེས་བྱེད་ཇོ་བོའི་ལམ་སྒྲོན་རང་འགྲེལ། བཀའ་གདམས་གླེགས་བམ། འགོས་ལོ་གཞོན་ནུ་དཔལ་དང་དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་དེབ་ཐེར། ཀུན་མཁྱེན་ལྔ་པ་ཆེན་པོའི་རྫོགས་ལྡན་གཞོན་ནུའི་དགའ་སྟོན་སོགས་གཟུར་གནས་ཚད་ཐུབ་ཀྱི་དམ་པ་མང་པོའི་གསུང་ལས་གསལ་བ་བཞིན་མདོ་སྔགས་ཡོངས་རྫོགས་ཀྱི་ལམ་སྲོལ་ཚང་ལ་མ་ནོར་བ་དོན་གྱི་སྙིང་པོ་གྲུབ་མཐའི་སྐྱེལ་སོ་འཆུགས་མེད་དུ་བཞུགས་པ་ཉིད་ལ། སྐལ་པ་དང་མི་ལྡན་པ་དག་གིས་སྒྲོ་སྐུར་སྣ་ཚོགས་ལྷུར་ལེན་ཀྱང་རང་རྒྱུད་ཆུད་གཟན་ཅིང་། འོག་ནས་འོག་ཏུ་འཕྱན་པའི་ལས་གསོག་པ་ནི་སྙིང་རྗེའི་མགྲོན་དུ་གྱུར་པ་ཁོ་ནའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ཤཱ་རིའི་བུ། ཆོས་སྤོང་བའི་བསམ་པས་འདི་སྐད་དུ། འདི་ལ་ཁྱེད་དང་བདག་ཅག་གིས་བསླབ་པར་མི་བྱ་སྟེ། འདི་ནི་ཆོས་མ་ཡིན་ནོ། །འདུལ་བ་མ་ཡིན་ནོ། །འདི་ནི་སྟོན་པའི་བསྟན་པ་མ་ཡིན་ནོ། །འདི་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནོ། །ཞེས་ཟེར་ཞིང་བདག་ཉིད་ཀྱང་སྤངས་ལ་གཞན་དག་ལ་ཡང་མོས་པ་མེད་པར་བྱེད་ཅིང་བདག་གཞན་གྱི་བསམ་པ་ཉམས་པར་བྱེད་པ། བདག་གཞན་ཆུད་གསན་པར་དགའ་བ། བདག་ཉིད་ཀྱང་ཕྱིར་སྤོང་བར་འདོད་པ། གཞན་ཡང་སྤང་དུ་འཇུག་པ་ཞེས་སོགས་གསུངས་པ་དང་། རྒྱན་ལས་ཀྱང་། གང་ཞིག་ཡོད་པ་མི་མཐོང་མེད་མཐོང་བ། །དེ་འདྲའི་མུན་ནག་རྣམ་པ་དེ་གང་ཞིག །ཅེས་འབྱུང་བ་བཞིན་བག་ཡོད་པའི་རྣལ་འབྱོར་ལ་བསླབ་པ་ལས། སྔ་འགྱུར་གྱི་བསྟན་པ་ནུབ་ཏུ་རེ་བས་གཤེ་སྐུར་ལ་བརྩོན་པ་ནི་རང་ཉིད་ངལ་བའི་རྒྱུར་ཟད་ཅིང་། གང་གིས་ཀྱང་འཇིག་པར་མི་ནུས་ཏེ། གླང་དར་མས་ཀྱང་བསྣུབ་པར་མ་ནུས་ན་དགེ་བཤེས་དར་མས་ལྟ་ག་ལ་ཞིག །དེས་ན་གྲུབ་མཐའ་དང་ཐེག་པ་གང་ལའང་དད་པ་དང་དག་སྣང་ཕྱོགས་མེད་ཀྱིས་བློ་གྲོས་བསྐྱེད་ཅིང་། ལས་དང་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པར་གསུངས་པའི་ཚུལ་ལ་ཡིད་རྟོན་པས་རིམ་གྱིས་སངས་རྒྱས་ལ་ཤེས་ནས་དད་པ་ཐོབ་པ་དང་། ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་ཐོབ་པ་དང་། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་ཤེས་ནས་དད་པ་ཐོབ་པ་ལ་བརྟུན་པ་བསྐྱེད་པར་བྱ་སྟེ། མངོན་པ་ཀུན་ལས་བཏུས་པ་ལས། ཆོས་ལ་གུས་པས་མྱུར་དུ་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་དང་། མྱུར་དུ་ཆོས་ཉིད་རྟོགས་པར་འགྱུར་བ་དང་། སངས་རྒྱས་ལ་ཤེས་ནས་དད་པ་ཐོབ་པ་དང་ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་ཐོབ་པ་དང་། མཐོང་བའི་ཆོས་ལ་བདེ་བར་གནས་པའི་མཆོག་ལ་རེག་པ་དང་། འབེལ་བའི་གཏམ་གཏན་ལ་འབེབས་པས་དམ་པ་རྣམས་ཀྱི་སེམས་མགུ་བར་བྱེད་དེ། མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བའོ། །ཞེས་སོགས་རྒྱ་ཆེར་བསྟན་པ་བཞིན་ནོ། ༈ །དེ་ལྟར་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་འདི་ལ་རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མའི་ཆོས་སྒོ་གཉིས་སུ་གནས་པ་ལས། དང་པོ་ནི། གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའམ་ཁྱབ་བདག་རིགས་དྲུག་པ་རྡོ་རྗེ་འཆང་བ་ནས་ད་ལྟར་འཚོ་ཞིང་གཞེས་པ་རྩོད་མེད་རིག་འཛིན་གྱི་སློབ་དཔོན་བསམ་བཞིན་སྲིད་པ་བཟུང་བ་རྣམས་ཀྱི་བར། ཞལ་ནས་སྙན་དུ་མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་ཟམ་མ་ཆད་པར་བྱོན་པའི་ཆོས་ཚུལ་དག་ལ་རིང་བརྒྱུད་བཀའ་མ་ཞེས་གྲགས། འདི་ལ་ཐུན་མོང་སོ་བྱང་གཉིས་དང་ཕྱི་རྒྱུད་སྡེ་གསུམ་སོགས་ཟབ་ཅིང་རྒྱ་ཆེ་བའི་རིམ་པ་མཐའ་ཡས་པར་བཞུགས་ཀྱང་། གཙོ་བོར་གྱུར་པ་ནི་རྒྱུད་ལུང་མན་ངག་གསུམ་ལ་ལྟོས་པའི་བརྗོད་བྱ་བསྐྱེད་རྫོགས་རྫོགས་ཆེན་གསུམ་མམ་སྡེ་ཚན་གྱི་དབང་གིས་མདོ་སྒྱུ་སེམས་གསུམ་གྱི་ཆོས་སྐོར་རྣམས་ཡིན་ལ། དཔལ་མ་ཧཱ་ཡོ་ག་ལ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་སུ་ཕྱེ་བས་དང་པོ་ལ། རྩ་རྒྱུད་སྒྱུ་འཕྲུལ་དྲྭ་བའི་ཆོས་སྐོར་ཏནྟྲ་ཆེན་པོ་བཅོ་བརྒྱད་དང་། བཤད་རྒྱུད་ལ་སྒྱུ་འཕྲུལ་སྡེ་བརྒྱད་དམ་གཙོ་བོ་རྡོ་རྗེ་མེ་ལོང་སོགས་བཤད་རྒྱུད་སྡེ་བཞིར་གྲགས་པ་རྣམས་སོ། །སྒྲུབ་སྡེ་ནི་བཀའ་གཏེར་ཆུ་བོ་གཅིག་འདྲེས་ཡིན་པས་སྒྲུབ་ཐབས་རྣམས་ནི་གཏེར་མའི་སྐབས་སུ་འབྱུང་ལ། རྒྱབ་ཆོས་ལྷན་ཐབས་ཀྱི་མན་ངག་གི་ཡིག་ཆ་ཅི་རིགས་པ་ནི་བཀའ་མ་རང་ལས་གསལ་ལོ། །ལུང་ཨ་ནུ་ཡོ་ག་ལ་ཡང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས། དང་པོ་ནི་ཀུན་བཏུས་རིག་པ་སོགས་མདོ་བཞི་དང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་རྣམས་སོ། །གཉིས་པ་སྒྲུབ་སྡེ་ནི་རྩ་རྒྱུད་པད་སྡོང་བརྩེགས་པ། སྐུ་རྒྱུད་ཤེལ་གྱི་རི་བོ། གསུང་རྒྱུད་རིན་ཆེན་འབྲུག་སྒྲ། ཐུགས་རྒྱུད་ནམ་མཁའ་ཀློང་ཡངས། ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་། ཕྲིན་ལས་ཀྱི་རྒྱུད་སྤུ་གྲི་རེག་ཆོད་རྣམས་སོ། །རྫོགས་ཆེན་ཨ་ཏི་ཡོ་ག་ལ་ཡང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས། དང་པོ་ལ་སེམས་ཀློང་མན་ངག་གི་སྡེ་གསུམ་གྱི་དང་པོ་ལ་སེམས་མད་མ་བུ་བཅོ་བརྒྱད། གཉིས་པ་ལ་ཀློང་སྡེ་རྡོ་རྗེ་ཟམ་པ་སོགས། གསུམ་པ་ལ་གསང་ཆེན་ངེས་པའི་རྒྱུད་བཅུ་བདུན་། ཁྲོས་མའི་རྒྱུད་དང་བཅས་པ་རྣམས་ཏེ་སྔར་ཇི་སྐད་སྨྲས་པ་བཞིན་ནོ། །སྔ་འགྱུར་བཀའ་མའི་ནང་སེམས་ཕྱོགས་གཙོ་བོར་སྟོན་པ་ཡིན་གྱི་ཕྱི་མ་གཉིས་ཀྱི་དབང་དང་བཤད་བཀའ་ཡང་ཆེ་ལོང་ཙམ་བྱུང་ངོ་། །རྫོགས་ཆེན་སྡེ་གསུམ་གྱི་ཆོས་བཀའ་བོད་དུ་འགྱུར་རོ་ཅོག་རྣམས་ནི་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་དཀར་ཆག་རྣམ་གཉིས་ལས་གསལ་བ་བཞིན་ནོ། །རྫོགས་ཆེན་སྒྲུབ་སྡེའི་ཆོས་ཚུལ་ཡང་ཟབ་སྙིང་པོར་དྲིལ་བ་རྣམས་ནི་བི་མ་སྙིང་ཐིག །མཁའ་འགྲོ་སྙིང་ཐིག །བླ་མ་ཡང་ཏིག །མཁའ་འགྲོ་ཡང་ཏིག །ཟབ་མོ་ཡང་ཏིག་བཅས་སྙིང་ཐིག་ཡ་བཞི་དང་གསལ་བྱེད་ཀྱི་ཡི་གེ་ཞིབ་མོ་དུང་ཡིག་ཅན་སོགས་དཔལ་ཀུན་ཏུ་བཟང་པོའི་འདྲ་འབག་འཇིག་རྟེན་གྱི་ཁམས་གང་དུའང་རྙེད་པར་མི་སྲིད་པ་ཀློང་ཆེན་ཡབ་སྲས་ཀྱི་གསུང་རབ་རིན་པོ་ཆེ་རྣམས་ལས་འབྱུང་བ་ཡིན་ནོ། །བླ་མ་ཁ་ཅིག་བཀའ་བརྒྱད་རྫོང་འཕྲང་གི་ཆོས་སྡེ་དག་རྫོགས་ཆེན་མན་ངག་གི་ཕྱོགས་སུ་བསླན་པ་ནི་བརྟག་པར་བྱ་བའི་གནས་ཏེ། ཐབས་བསྐྱེད་པའི་རིམ་པ་གཙོ་བོར་སྟོན་པ་བཀའ་བརྒྱད་ཀྱི་གཞུང་ཚོགས་མཐའ་དག་མ་ཧཱ་ཡོ་གར་གཏོགས་པ་ཤས་ཆེ་ཞིང་རེ་འགའ་ཙམ་དུ་ཨ་ནུའི་དགོངས་པར་བསྡུ་བའང་བཞེད་དོ། །ཅི་སྟེ་ལྟ་བའི་གནད་རྣམས་ཨ་ཏི་དང་གཅིག་པར་འདོད་ན། ཀུན་མཁྱེན་ཀློང་ཆེན་པས། མ་ཧཱ་ཡོ་ག་ལའང་ནང་གསེས་སུ་བསྐྱེད་རྫོགས་གཉིས་སུ་མེད་པ་སེམས་དང་ཡེ་ཤེས་རང་སྣང་བདེན་པ་དབྱེར་མེད་དུ་སྟོན་པ་དང་། སེམས་ཉིད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་སྟོན་པ་དང་། ཡེ་ཤེས་རང་སྣང་བའི་ངོ་བོར་སངས་རྒྱས་པའི་རང་བཞིན་དུ་སྟོན་པ་དང་གསུམ་དུ་ཕྱེ་སྟེ། སྒྱུ་འཕྲུལ་གསང་བའི་སྙིང་པོ་དག་ཨ་ཏིའི་མ་ཧཱར་བཞེད་པ་བཞིན་རྫོགས་ཆེན་སེམས་སྡེའི་ཕྱོགས་སུ་གཏོགས་པ་ཡིན་ནོ། །ནང་རྒྱུད་སྡེ་གསུམ་ལ་ནང་གི་དབྱེ་བས་མ་ཧཱའི་མ་ཧཱ་སོགས་དགུར་དབྱེ་བའི་ཁུངས་ནི་མན་ངག་ལྟ་བའི་ཕྲེང་བ་དང་། གསང་རྫོགས་མ་ཧཱའི་ལྷ་ཁྲིད། ཀུན་མཁྱེན་འཇིགས་མེད་གླིང་པའི་གསུང་དཔལ་ཆེན་ཞལ་ལུང་སོགས་ལས་གསལ་བ་བཞིན་ཏེ། ཇི་ལྟར་ན་ནང་རྒྱུད་སྡེ་གསུམ་གྱི་ལྟ་བ་དང་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི་བསྐྱེད་རིམ་སྒོམ་པའི་ཚུལ་ལས་ཕྱེ་བའོ། །དེ་ཡང་ལྟ་བ་མ་ཧཱ་ཡོ་ག་ལ་ལྷ་སྒོམ་པའི་ཚེ་ཡང་མ་ཧཱའི་གཞུང་ལྟར་འཇུག་པ་ནི་མ་ཧཱའི་མ་ཧཱ་དང་། དེ་བཞིན་དུ་ལྟ་བ་ཨ་ནུ་ཡོ་ག་ལ་ལྷ་སྒོམ་པའི་རིམ་པ་རྣམས་མ་ཧཱ་ལྟར་བྱེད་པ་ནི་ཨ་ནུའི་མ་ཧཱ་དང་། ལྟ་བ་ཨ་ཏི་ཡོ་ག་ལ་ལྷ་སྒོམ་པའི་སྐབས་མ་ཧཱར་བྱེད་པ་ནི་ཨ་ཏིའི་མ་ཧཱ་སྟེ། དེ་ལྟར་གསུམ་ཚན་གསུམ་གྱིས་སྦྱར་བ་ནི་ལྟ་བ་དང་ལྷ་སྒོམ་ཚུལ་གྱིས་ཡ་གྱལ་དགུར་ཕྱེ་བ་ཡིན་ལ། རྫོགས་རིམ་ལ་ཡང་ལྟ་བ་མ་ཧཱ་ལ་རྫོགས་རིམ་ཡང་མ་ཧཱ་ལྟར་འཇུག་པས་མ་ཧཱའི་མ་ཧཱ་དང་། རྫོགས་རིམ་ཨ་ནུ་དང་ཨ་ཏི་ལྟར་བྱེད་པ་ལ་མ་ཧཱའི་ཨ་ནུ་དང་ཨ་ཏིར་འཇོག་ཚུལ་ཡང་ཤུགས་ལས་རྟོགས་པར་འགྱུར་ལ། དེ་ལྟར་ཕྱེས་པའི་རྒྱུ་མཚན་ཡང་བླ་མེད་ཀྱི་རྣལ་འབྱོར་གང་ཞིག་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཤས་ཆེ་བའི་རིགས་ཅན་གསུམ་ལ་ནང་གསེས་དགུར་ཕྱེ་སྟེ་བསྐྱེད་རིམ་སྐབས་ཐ་མལ་སྣང་ཞེན་ལྡོག་ཐབས་སུ་དགུར་བསྟན་པ་དང་། བསྐྱེད་རིམ་གྱི་བདེན་ཞེན་ལྡོག་པའི་ཐབས་སུའང་གདུལ་བྱ་རིགས་ཅན་དགུར་ཕྱེས་ཏེ་གཉེན་པོ་གང་གིས་ཀུན་རྟོག་གཞོམ་པ་ལ་ནད་དང་སྨན་བཞིན་འཇུག་སླ་བའི་ཚུལ་གྱིས་ཐབས་ལ་མཁས་པས་རྫོགས་རིམ་ལ་ཡང་སྦྱར་ཚུལ་རྣམ་པ་དགུར་འགྱུར་བ་ཡིན་ནོ། །དེ་ལྟར་ནང་གསེས་དགུར་ཕྱེ་བའི་ཨ་ཏི་ནི་རྫོགས་ཆེན་སེམས་སྡེ་ཁོ་ན་ལས་གོང་མར་བསྙེགས་པར་མི་བྱ་སྟེ། གོང་མ་གཉིས་ཀྱི་སྒོས་ཆོས་རྣམས་དེར་གནས་ཤིང་ལྡན་པ་མེད་དོ། །འདི་དག་གི་ཁྱད་པར་འགའ་ཞིག་གསང་བ་སྙིང་པོའི་འགྲེལ་པ་རྣམས་ལས་ཀྱང་འབྱུང་ངོ་། ཁ་ཅིག་ཀུན་མཁྱེན་ཀློང་ཆེན་པའི་གསུང་སེམས་ཉིད་ངལ་གསོའི་དགོངས་དོན་སྒྱུ་འཕྲུལ་ལྟར་གནས་པ་ཡང་རྫོགས་ཆེན་མན་ངག་གི་ཡིག་ཆར་བཞག་པ་སོགས་བརྟག་པར་བྱ་བའི་གནས་མང་དུ་ཡོད་ཀྱང་། སླད་ཀྱི་མཁས་པ་རྣམས་སོ་སོར་རྟོག་པའི་ཤེས་རབ་ཀྱི་སྤྱན་གྱིས་རྣམ་དབྱེ་མ་འདྲེས་པར་དཔྱད་པར་འོས་པ་ཡིན་ནོ།། ༈ གཉིས་པ་ཉེ་བརྒྱུད་གཏེར་མ་བཤད་པ་ལ། གླེང་གཞི། གླེང་བསླང་། གཏེར་ཆོས་དངོས་ཀྱི་རིམ་པ། བཀའ་བསྡུ་བའི་ཚུལ་དང་བཞི་ལས། དང་པོ་ནི། གནས་ཕུན་སུམ་ཚོགས་པ་ལུགས་གསུམ་དཔལ་གྱི་བསམ་ཡས་དང་། མཆིམས་ཕུ་བྲག་དམར་ཀེའུ་ཚང་ལ་སོགས་པར། སྟོན་པ་ཕུན་སུམ་ཚོགས་པ་ཨོ་རྒྱན་སངས་རྒྱས་གཉིས་པས། འཁོར་ཕུན་སུམ་ཚོགས་པ་རྗེ་འབངས་གྲོགས་གསུམ་མམ་རྗེ་འབངས་ཉེར་ལྔ་ལ་སོགས་པ་ལས་ཅན་སྐྱེས་བུ་རྣམས་ལ། ཆོས་ཕུན་སུམ་ཚོགས་པ་གསང་སྔགས་རིག་པ་འཛིན་པའི་སྡེ་སྣོད་སྤྱི་དང་། ཁྱད་པར་བླ་རྫོགས་ཐུགས་གསུམ་མམ་བཀའ་དགོངས་ཕུར་གསུམ་གྱི་ཟབ་ཆོས་བླ་ན་མ་མཆིས་པ་། དུས་ཕུན་སུམ་ཚོགས་པ་མཁན་སློབ་ཆོས་གསུམ་ཞལ་འཛོམས་པ་དང་། བོད་ཀྱི་བདེ་སྐྱིད་ལྷ་དང་མཉམ་ཞིང་། ཆབ་སྲིད་ཀྱི་དབུ་རྨོག་བཙན་པོ་དགུང་ལ་རེག་པས་འཛམ་གླིང་སུམ་གཉིས་ལ་ལུང་བསྒྱུར་བ་སོགས་མངའ་ཐང་ཕྱོགས་ལས་རྣམ་པར་རྒྱལ་བའི་དུས་སོ། ༧ །གཉིས་པ་གླེང་བསླང་པ་ནི། དེ་ལྟར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། མཁན་སློབ་གཉིས་ཀྱིས་རབ་ཏུ་གནས་པར་མཛད། ལོ་པཎ་བརྒྱ་རྩ་བརྒྱད་ཐབས་གཅིག་ཏུ་བཞུགས་ཏེ་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་བོད་སྐད་དུ་བསྒྱུར། བཻ་རོ་ཙ་ནའི་གླིང་དུ་ཆོས་འཆད། རྣམ་དག་ཁྲིམས་ཁང་གླིང་དུ་འདུལ་ཁྲིམས་འབོགས། ཚང་མང་ཀེ་རུའི་གླིང་དུ་གཡོས་སྦྱོར། སྒྲ་བསྒྱུར་རྒྱ་གར་གླིང་དུ་ཆོས་བསྒྱུར། མི་གཡོ་བསམ་གཏན་གླིང་དུ་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་སོགས་མཉམ་མེད་ཤཱཀྱ་སེངྒེའི་བསྟན་པ་རིན་པོ་ཆེ་བྱང་ནས་བྱང་དུ་དར་བར་ལུང་བསྟན་པའི་སྐལ་བཟང་མངོན་དུ་གྱུར་ཏེ། མུན་པའི་གླིང་དུ་སྒྲོན་མེ་བཏེགས་པ་བཞིན་མདོ་སྔགས་ཀྱི་ཆོས་ཚུལ་མ་ལུས་པ་དར་ཞིང་རྒྱས་པར་གནས་པའི་དུས་ཇི་ཞིག་ན། ལྷ་ལྕམ་པདྨ་གསལ་དགུང་ལོ་བརྒྱད་དུ་ལོན་པ་ཚེའི་དུས་བྱས་པ་ལ། སློབ་དཔོན་གྱིས་རྣམ་ཤེས་བཀུག་སྟེ་སྨྲ་ཤེས་པ་ཙམ་དུ་བྱུང་བའི་ཚེ། ཟབ་མོའི་དབང་བསྐུར་ཞིང་གདམས་པའི་གཏད་རྒྱ་མཛད། མ་འོངས་པ་ན་པདྨ་ལས་འབྲེལ་རྩལ་སོགས་ཆོས་བདག་ཏུ་ལུང་བསྟན་པར་མཛད་དོ། །དེའི་ཚེ་ཆོས་རྒྱལ་ཐུགས་ཤིན་ཏུ་སུན་པར་བཞུགས་པ་ལ། སློབ་དཔོན་གྱིས་སྣོད་བཅུད་འཇིག་རྟེན་ཐམས་ཅད་མི་རྟག་པའི་ཚུལ་ལ་སོགས་པའི་གདམས་པ་མང་དུ་གནང་། ཆོས་རྒྱལ་གྱིས་དེ་ལྟ་ན་བོད་ཁམས་སྤྱི་དང་། བསམ་ཡས་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ཀུན་ཡུན་ཇི་ཙམ་དུ་གནས། བསྟན་པ་ལ་འཕེལ་འགྲིབ་ཇི་འདྲ་འོང་ཞེས་རིན་པོ་ཆེའི་མཎྜལ་དང་ཕྱག་དབུ་ཐོད་བུད་བུད་དུ་བཙལ་ནས་ཞུས་སོ། །དེ་ལ་སློབ་དཔོན་གྱིས་སྤྱིར་སྙིགས་མའི་དུས་སུ་སྐྱེ་འགྲོ་རྣམས་ལས་ངན་པའི་གཞན་དབང་ཅན་ཁོ་ནར་ངེས་པས་གང་དུ་ཡང་བདེ་བའི་གོ་སྐབས་མེད། ཁྱད་པར་ཆོས་རྒྱལ་གྱི་གདུང་རབས་གཉིས་ཙམ་ནས་རྒྱལ་པོ་དུད་འགྲོའི་མགོ་ཅན་བྱུང་ནས་ཆོས་བསྣུབ། དཀོན་མཆོག་གསུམ་གྱི་རྟེན་དང་བླ་མཆོད་རྣམས་འོ་བརྒྱལ་བ་འོང་། ཧོར་སོག་གི་དམག་དཔུང་གྲོག་ཚང་བརྡོལ་བ་ལྟར་ལྷགས་ནས་ཆོས་ཁྲིམས་དང་རྒྱལ་ཁྲིམས་བཤིག །བོད་ཁམས་ཐམས་ཅད་རིམ་གྱིས་སིལ་བུར་འགྱུར་འགྲོ། མཐའ་མ་བོད་འདི་ཧོར་གྱི་མངའ་འོག་ཏུ་ཚུད་དེ་སྡུག་བསྔལ་བཟོད་དཀའ་བས་མནར་བར་འགྱུར། འོན་ཀྱང་ངའི་སྤྲུལ་པ་རྣམས་ཀྱིས་ཅུང་ཟད་རེ་ཕྱིར་བསྲིང་བར་ངེས་ལ། དེ་བས་ན་ད་ལྟར་བོད་དུ་བསྒྱུར་བའི་མདོ་སྔགས་ཀྱི་ཆོས་རྣམས་ཐམས་ཅད་ལ་ལ་མཐའ་ལ་སྤྱུགས། ལ་ལ་གཏེར་དུ་སྦས་པར་གྱུར་ན་མ་འོངས་པར་སྐྱེ་འགྲོ་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་འགྱུར་རོ། །ཞེས་ཕྱིི་མཐའ་སྣ་ཚོགས་གཟིགས་པའི་ལུང་བསྟན་མང་དུ་བསྩལ་བ་ཡིན་ནོ། ༧ །གསུམ་པ་གཏེར་ཆོས་དངོས་ཀྱི་རིམ་པ་ནི། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་སྙིགས་དུས་ཀྱི་སྐྱེ་འགྲོ་འདུལ་དཀའ་བ་རྣམས་ལ་དགོངས་ནས་གངས་བྲག་རི་མཚོ་ཐམས་ཅད་སྒྲུབ་གནས་སུ་བྱིན་གྱིས་བརླབས། ཆོས་ནོར་དམ་རྫས་ཀྱི་གཏེར་ཁ་གྲངས་ལས་འདས་པ་སྦས་ཤིང་གཏེར་འབྱིན་གྱི་སྐྱེས་བུ་རྣམས་ལུང་བསྟན་པར་མཛད། གདུལ་བྱ་དུས་ལ་བབས་པའི་ཚེ་སྤྲུལ་པའི་གཏེར་སྟོན་མི་ཡི་ཁྱུ་མཆོག་རྣམས་རིམ་པར་བྱོན་ཏེ་ཟབ་གཏེར་གྱི་བསྟན་པ་ཕྱོགས་དང་ཕྱོགས་སུ་སྤེལ་བ་ལ་ཉེ་བརྒྱུད་གཏེར་མར་གྲགས་པ་སྟེ། ཐང་ཡིག་ལས། རྒྱལ་པོའི་གདུང་རབས་བརྒྱད་དམ་བཅུ་འདས་ནས༔ ལ་སྟོད་མཚོ་དབར་རྒྱང་ནག་ཞེས་བྱ་བར༔ མུ་གེ་ནད་ཡམས་མི་ཐོག་བུད་པ་འབྱུང༔ གློ་བོ་དགེ་དཀར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང༔ གཏེར་སྟོན་སངས་རྒྱས་བླ་མ་ཞེས་བྱ་འབྱུང༔ ཞེས་དང་། སྐབས་དང་སྐབས་སུ་མཐོངས་སྐར་ཉི་ཞུར་བཞིན༔ སྔོན་གྱི་འཕྲིན་ལས་སད་པའི་དམ་ཆོས་སྟོན༔ མི་ཐོག་རེ་སོང་གཏེར་སྟོན་རེ་རེ་འབྱུང༔ རེས་འགའ་གཏེར་ཆེན་རེས་འགའ་གཏེར་ཆུང་འབྱིན༔ རེས་འགའ་གཏེར་སྨྱོན་རེས་འགའ་གསང་གཏེར་འབྱིན༔ རེས་འགའ་ཐུགས་གཏེེར་རེས་འགའ་གཏེར་ཕྲན་འབྱིན༔ རེས་འགའ་མི་འབྱིན་གཏེར་རྙིང་བསྟན་པ་སྐྱོང༔ ཞེས་སོགས་ལྐོག་འགྱུར་ཇི་བཞིན་གཟིགས་པའི་ཡེ་ཤེས་ཀྱིས་ལུང་བསྟན་པ་བཞིན། མངའ་རིས་ཀྱི་བཙན་པོ་ལྷ་བླ་མ་ཡེ་ཤེས་འོད་དང་། ལོ་ཙཱ་བ་རིན་ཆེན་བཟང་པོའི་སྐུ་ཚེ་སྨད་ཙམ་ནས་གཏེར་སྟོན་ཐམས་ཅད་ཀྱི་ཐོག་མ་སངས་རྒྱས་བླ་མ་སོགས་ནས་རིམ་པར་གཏེར་སྟོན་མཆོག་གཉིས། གླིང་པ་བརྒྱད། ནུས་ལྡན་ཉེར་གཅིག་གམ། ཡང་ན། གཏེར་སྟོན་གྱི་རྒྱལ་པོ་ལྔ། མཆོག་གི་སྤྲུལ་སྐུ་རྣམ་གསུམ་སོགས་གཏེར་ཆེན་བརྒྱ་རྩ། གཏེར་ཕྲན་སྟོང་རྩའི་ཕྲེང་བ་ཟམ་མ་ཆད་པར་བྱོན་པ་སྟེ། བཀའ་བབས་ལུང་བསྟན་བརྙེས་པའི་གཏེར་འབྱིན་གྱི་སྐྱེས་བུ་མང་དུ་བྱུང་བ་དེ་དག་གི་རྣམ་ཐར་ཆེ་ལོང་ཙམ་ནི་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་དང་ཆོས་འབྱུང་ལོ་རྒྱུས་རྣམས་ལས་མཁྱེན་པར་འགྱུར་རོ། ༈ །བཞི་པ་བཀའ་བསྡུ་བའི་ཚུལ་བཤད་པ་ལ། དགོས་པའི་དབང་ལས་གཏེར་འབྱིན་སྐྱེས་བུ་གསུམ་གྱི་རྣམ་ཐར་མདོ་ཙམ་བསྟན་པ་དང་། བཀའ་བསྡུ་དངོས་ཀྱི་རིམ་པ་བཤད་པ་གཉིས་ལས། དང་པོ་ནི་ཁ་བ་ཅན་གྱི་ལྗོངས་སུ་ཕྱི་དར་ཟབ་མོའི་གཏེར་གྱིས་གདུལ་བྱ་མཐའ་ཡས་པ་བྱང་ཆུབ་ཀྱི་ལམ་དུ་འདྲེན་པར་མཛད་པའི་གཏེར་འབྱིན་སྤྲུལ་པའི་ཟློས་གར་མང་དུ་བྱོན་པ་རྣམས་ཀྱི་ཕྲིན་ལས་མཐའ་དག་གཅིག་ཏུ་འདུས་ཤིང་། འཕགས་པ་རིགས་གསུམ་སེམས་དཔའི་རྣམ་རོལ་མཁན་སློབ་ཆོས་གསུམ་སླར་ཡང་སྙིགས་ལྔའི་སྐྱེ་འགྲོ་རྣམས་ཀྱི་སྤྱི་དཔལ་དུ་བསམ་བཞིན་སྲིད་པ་ཉེ་བར་བཟུང་བ། མཚུངས་མེད་རྔ་ཡབ་གླིང་པའི་རིང་ལུགས་ཕྱོགས་ཐམས་ཅད་དུ་ཁྱབ་པར་བརྡལ་བའི་ཕྲིན་ལས་མུ་མཐའ་མ་མཆིས་པ། ལྷ་དང་བཅས་པའི་འགྲོ་བ་མཐའ་དག་གིས་བསྟོད་ཅིང་བསྔགས་པར་འོས་པའི་གནས་སུ་གྱུར་པ་ནི་ཟབ་གཏེར་རྒྱ་མཚོའི་མཛོད་ལ་མངའ་དབང་བསྒྱུར་བ་མཆོག་གྱུར་བདེ་ཆེན་གླིང་པ། བཀའ་བབས་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། མཛོད་ཆེན་རྣམ་ལྔའི་ཤིང་རྟ་ཆེན་པོར་བཞེངས་ཤིང་ཟབ་གཏེར་བསྡུ་བའི་ཕྲིན་ལས་གཞན་གྱིས་དྲིང་ལ་མི་འཇོག་པ་འཇམ་མགོན་བློ་གྲོས་མཐའ་ཡས་ཏེ། སྤྲུལ་པའི་གཏེར་འབྱིན་གསུམ་གྱི་རྣམ་པར་ཐར་པའི་ཚུལ་མདོ་ཙམ་བསྟན་པ་ལ། དཔལ་ལྷའི་སྲས་པོ་དམ་འཛིན་མུ་རུབ་བཙད་པོ་ཡེ་ཤེས་རོལ་པ་རྩལ་གྱི་རྣམ་འཕྲུལ་གཏེར་ཆེན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་ནི། མདོ་ཁམས་ལྷོ་རྒྱུད་ཡེར་སྟོད་དང་འབྲེལ་བར་སྒོམ་སྡེ་གྲྭ་ནང་གི་སའི་ཆར་ནང་ཆེན་ཆིང་ཧུའི་བློན་པོ་ཨ་ལྕགས་འགྲུའི་རིགས་ཡབ་སྡོམ་པ་སྔགས་འཆང་པདྨ་དབང་ཕྱུག་དང་། ཡུམ་ཚེ་རིང་གཡང་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ས་མོ་གླང་ཆུ་སྟོད་ཟླ་བའི་ཚེས་བཅུ་ལ་འཇའ་འོད་སོགས་ལྟས་བཟང་པོ་དང་བཅས་ཏེ་འཁྲུངས། སྐུ་ཆུང་ངུ་ནས་དམ་པའི་སྤྱོད་པ་ངོ་མཚར་བ་བསྟན་ཅིང་འབྲི་ཀློག་ཀྱང་ཚེགས་ཆུང་ངུས་མཁྱེན། བླ་དྭགས་ཀྱི་མཚན་ནོར་བུ་བསྟན་འཛིན་དུ་གསོལ། གཞན་གྱིས་བསྐུལ་བ་པོ་མེད་པར་ཐུགས་དམ་གྱི་རིམ་པའང་མང་དུ་མཛད། དགུང་ལོ་བཅུ་གསུམ་པར་མ་ཎི་ཁ་ཞེས་པར་རོལ་རྩེད་དུ་བྱོན་སྐབས་ཨོ་རྒྱན་རིན་པོ་ཆེ་དངོས་སུ་བྱོན་ནས་ས་ཆ་སོགས་ལ་ཅི་མིང་དྲི་བ་ལྟར་མཛད་པ་ལ། སོ་སོར་ལན་ཞུས་པས། ས་ལ་མ་ཎི་ཁ། ཁྱོད་ལ་ནོར་བུ་བསྟན་འཛིན། ལུང་པ་ལ་ཨཱརྻ་ནང་ཟེར་བས་ཁྱོད་འཇིག་རྟེན་ན་ཁྱད་པར་འཕགས་པ་ཞིག་འོང་ཞེས་ལུང་བསྟན་ནས་འཇའ་ལྟར་ཡལ། འདི་སྐབས་སྟག་ལུང་མ་རིན་པོ་ཆེ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དཔའ་བོ་བརྒྱད་པ་གཙུག་ལག་ཆོས་ཀྱི་རྒྱལ་པོས་བླ་མ་དགོངས་འདུས་ཐུགས་སྒྲུབ་ཚ་བ་དམར་ཐག་དང་ལས་བྱང་མེ་ཏོག་ཕྲེང་མཛེས་ཀྱི་དཔེ་ལུང་བྱིན་རླབས་ནན་དུ་གནང་ནས་འདི་ལ་ཉམས་བཞེས་མཛོད་ཅེས་ལེགས་པར་གདམས་ཤིང་དོན་གྱིས་གཏེར་བརྒྱུད་གཏད། སྔ་ཕྱིར་རྒྱལ་དབང་ཀར་འབྲུག་ཡབ་སྲས། འབྲི་གུང་མཆོག་སྤྲུལ། ཟུར་མང་གདན་སའི་མཁན་སློབ་སོགས་ཡོངས་འཛིན་དུ་མ་ལས་མདོ་སྔགས་གསར་རྙིང་གི་དབང་ལུང་མན་ངག །བཤད་རྒྱུན་ཕྱག་ལེན། གར་ཐིག་དབྱངས་རོལ་སོགས་མཐའ་ཡས་པ་གསན་ཅིང་དེ་དག་གི་དོན་ཚེགས་ཆུང་ངུས་ཤིན་ཏུ་མཁས་པའི་ཚུལ་བསྟན། དགུང་ལོ་ཉེར་ལྔ་པར་གུ་རུའི་ལུང་གིས་བསྐུལ་བ་ལྟར་དཔལ་སྤུངས་ཀྱི་གདན་སར་བྱོན་ནས་སི་ཏུ་པདྨ་ཉིན་བྱེད་དབང་པོ་དང་མཇལ། ཕུར་པ་དབང་ཆེན་བཞད་པ་སོགས་ཕུལ་བས་དགྱེས་བཞེས་ངོས་བར་ཆད་སེལ་བ་དང་ཞབས་པད་བརྟན་པའི་རྟེན་འབྲེལ་འགྲིགས། གཏེར་སྒྲུབ་དང་གསང་རྒྱ་མཐར་ཕྱིན་པ་དགོས་པའི་བསླབ་སྟོན་ནང་མ་བསྩལ། དེ་ནས་རིམ་པར་མཁན་ཆེན་བྱང་སེམས་ཟླ་བཟང་སྤྲུལ་པའི་སྐུ་ལས་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་སོགས་ཟབ་ཆོས་འགའ་ཞིག་དང་། འཇམ་མགོན་བློ་གྲོས་མཐའ་ཡས་ལས་སྨིན་གཏེར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱིས་ཐོག་དྲངས་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་བཤད་བཀའ་གཙོར་གྱུར་རྙིང་མ་བཀའ་མ་ཕལ་མོ་ཆེ་དང་། གཏེར་ཆོས་མང་པོ་གསན། ཁྱད་པར་རྟེན་འབྲེལ་མདོ་ཆིངས་ལས། ནམ་མཁའ་མཛོད་དུ་སྦས་པའི་ཟབ་གཏེར་རྣམས༔ མི་བཞག་འདོན་པའི་སྐྱེས་བུ་སྨོན་ལམ་ཅན༔ ལྷ་སྲས་ཁྱོད་ཀྱི་སྐྱེ་བའི་མཐའ་མར་འབྱུང༔ དེ་དུས་ལོ་པཎ་རྗེ་འབངས་ཕལ་ཆེར་འཛོམ༔ ཁྱད་པར་མངའ་བདག་ཡབ་སྲས་མཇལ་ནས་སུ༔ གཅིག་གྲོགས་གཅིག་བྱེད་ལས་འཕྲོ་རིམ་པར་སད༔ ང་ཡི་གདམས་པ་མཐར་ཐུག་རྣམས་དང་མཇལ༔ དག་པའི་སྣང་བར་ང་ཉིད་དངོས་དང་འཕྲད༔ གསང་སྔགས་གདམས་པའི་ལག་ལེན་དམར་ཁྲིད་སྟོན༔ རང་ཉམས་བླངས་པས་འབད་མེད་གྲུབ་པ་ཐོབ༔ དངོས་གྲུབ་བརྙེས་པའི་སློབ་མ་མང་དུ་འབྱུང༔ ཞེས་སོགས་ལུང་བྱང་ཕྱི་ནང་གསང་བ་མང་པོ་ན་ཤིན་ཏུ་གསལ་བ་ལྟར། ལོ་དེའི་དབྱུག་པ་ཟླ་བར་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཇལ་བར་ཕེབས་པ་ན། རྗེ་ཉིད་ནས་ཀྱང་མངའ་བདག་སྐྱེས་རབས་རིམ་པར་བརྒྱུད་པའི་འབྲེལ་བར་དགོངས་ནས་ཐོག་མ་ཉིད་དུ་ཆོས་དབང་ཕུར་པ་ཡང་གསང་སྤུ་གྲི་དང་། ཕྱིས་འཁོན་ལུགས་ཕུར་པའི་དབང་ཆེན་བསྩལ་བས་ཕྱི་ནང་གསང་བའི་བར་ཆད་བསལ། ཡང་ཏིག་ཡིད་བཞིན་ནོར་བུའི་དབང་གི་སྐབས་བླ་མ་པཎ་ཆེན་བི་མ་ལར་དངོས་སུ་གཟིགས་པ་སོགས་དག་པའི་སྣང་བ་ཁྱད་པར་ཅན་ཤར་ཅིང་རིག་པ་རྗེན་པར་ངོ་འཕྲོད། སྔགས་སྲུང་མའི་སྲོག་གཏད་སྐབས་ས་གཡོ་བ་ལྟ་བུའི་ཟིལ་ཆེན་པོ་བྱུང་ཞིང་ཨེ་ཀ་ཛཱ་ཊི་དངོས་སུ་གཟིགས། དཔོན་སློབ་གཉིས་ཆར་ལ་ལོ་གསུམ་གྱི་མཚམས་དངོས་གྲུབ་ཆེན་པོ་སྦྱིན་པར་གསུངས་པ་ཕྱིས་རྫོགས་ཆེན་སྡེ་གསུམ་ཐོན་པའི་སྔ་ལྟས་སུ་བྱུང་། དགུང་གྲངས་ཉེར་བདུན་པར་ཡང་དག་ལྷ་དགུའི་དབང་ཆེན་གསན་སྐབས་བླ་མ་ཧེ་རུ་ཀཿསྤྱི་བོ་ནས་ཐིམ་པའི་ཉམས་ཤར་བས་སྙིང་གའི་རྩ་མདུད་གྲོལ། དེ་ནས་བརྩམ་རྡོ་རྗེའི་མགུར་གླུ་ཐོགས་མེད་དུ་བརྡོལ། སྔོན་ཆད་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བརྡ་ཡིག་ཇི་བཞིན་མ་ཁྲོལ་བའང་ཚེགས་མེད་པར་མཁྱེན་ཏེ། རྗེ་མཁྱེན་བརྩེའི་ཟབ་གཏེར་ཐུགས་སྒྲུབ་བདེ་གཤེགས་འདུས་པ་དང་དོན་གཅིག་པ་མ་ཟད་ཚིག་རིས་ཕལ་ཆེར་ཡང་མཐུན་པར་བྱུང་བས་རྣམ་གཉིས་ལྷན་རྒྱས་པས་མ་བུ་ཟུང་བསྡེབས་ཀྱི་ཚུལ་དུ་བར་ཆད་མེད་པར་གཏན་ལ་ཕབ། གཏེར་སྒྲུབ་ཀྱང་ལྷན་ཅིག་ཏུ་མཛད་པས་གུ་རུ་ཡབ་ཡུམ་གྱིས་དངོས་སུ་རྗེས་སུ་བཟུང་བ་སོགས་དག་པའི་སྣང་བ་མཐའ་ཡས་པ་ཤར། གཏེར་ཁ་དུ་མའི་ཁ་བྱང་ཕེབས་པ་སོགས་རྟེན་འབྲེལ་གྱི་སྒོ་མང་པོ་འགྲིགས། གཅིག་ལ་གཅིག་ཐུགས་ཡིད་ཆེས་པས་རྗེ་མཁྱེན་བརྩེས་ཀྱང་གཏེར་གསར་གྱི་སྨིན་གྲོལ་བདུད་རྩི་བཞེས་ཤིང་མངའ་གསོལ་བས་རྩོད་མེད་ཡོངས་གྲགས་ཀྱི་གཏེར་ཆེན་ཉི་ཟླ་ལྟར་གྱུར། ཡང་འཁྱིལ་དབེན་པའི་གནས་སུ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་བསྙེན་སྒྲུབ་ལ་བཞུགས་པས་ཐོག་དྲངས། གུ་རུའི་ལུང་བཞིན་འོག་མིན་ཀརྨར་ལོ་གསུམ་གྱི་བཅད་རྒྱར་བཞུགས་པ་སོགས་ཐུགས་དམ་གྱི་རིམ་པ་ལ་བརྩོན་ཞིང་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ཉམས་བཞེས་མཐར་ཕྱིན་པར་མཛད་པས་གྲུབ་པའི་རྟགས་མཚན་མཐའ་ཡས་པ་མངོན་དུ་གྱུར། ཕྲིན་ལས་རྣམ་པ་བཞི་ལ་རང་དབང་བསྒྱུར་བའི་བདག་ཉིད་ཆེན་པོར་མངོན་སུམ་ཚད་མས་གྲུབ། ཁྱད་པར་རྫོགས་ཆེན་སྡེ་གསུམ་གྱི་ལུང་བསྟན་ལས། བཀའ་ནས་བཀར་བརྒྱུད་བར་མ་ཆད༔ ཟབ་མོ་དངོས་དང་དགོངས་པའི་གཏེར༔ ཡང་གཏེར་རྗེས་སུ་དྲན་པའི་གཏེར༔ དག་སྣང་སྙན་དུ་བརྒྱུད་པ་ཡི༔ བཀའ་བབས་བདུན་གྱི་ཆུ་བོ་ནི༔ མངའ་བདག་ཡབ་སྲས་སྐལ་བར་བབས༔ སྙིགས་དུས་བསྟན་པའི་བཙས་ཆེན་བྱེད༔ ཟབ་རྒྱས་ཉི་འོད་ལྷག་པར་བརྡལ༔ ཞེས་པ་ལྟར་མངའ་བདག་ཡབ་སྲས་རྣམ་འཕྲུལ་གཏེར་ཆེན་རྣམ་པ་གཉིས་ལ་སོ་སོར་བཀའ་གཏེར་དག་སྣང་གསུམ་ལས་ཕྱེ་བའི་ཟབ་ཆོས་ཀྱི་བཀའ་བབས་བདུན་དང་ལྡན་པ་སྟེ། དང་པོ་ནི། རིང་བརྒྱུད་བཀའ་མ་དེང་སང་རྒྱུན་བཞུགས་པ་ཕལ་ཆེར་གསན་ཅིང་མདོ་སྒྱུ་སེམས་གསུམ་གྱི་འཆད་སྤེལ་ཡང་མང་དུ་མཛད་པ་མ་ཟད། རྗེ་ཉིད་ཀྱི་ཟབ་གཏེར་ལས་མདོ་དང་སྒྱུ་འཕྲུལ་སོགས་བཀའ་མའི་གཞུང་ཇི་ལྟ་བའི་ཆོས་སྐད་གྲུབ་མཐའ་སློང་ནུས་པ་སྔོན་མེད་ངོ་མཚར་ཅན་བྱོན་པ་རྣམས་ཀྱང་དོན་དུ་བཀའ་བབས་པ་ཡིན་ནོ། །གཉིས་པ་རང་སྐལ་ས་གཏེར་ནི། དགུང་ལོ་བཅུ་གསུམ་པར་བྲག་དཀར་རྫོང་ཆུང་ནས་ལྷ་སྲས་ཐུགས་དམ་སྒྲུབ་ཐབས་ཉེར་བཞི་དང་དགོངས་འདུས་བཀའ་རྟགས་རྡོ་རྗེ་ཐོད་པ་མེ་ལོང་རྣམས་བཞེས་པ་ནས་བརྩམ། དགུང་གྲངས་སོ་དགུ་པར་རྗེ་བླ་མས་ཁ་བྱང་དང་ཞབས་བསྐུལ་ཕུལ་བ་ལྟར་རྩི་སྐེ་ནོར་བུ་སྤུན་གསུམ་ནས་དམ་ཆོས་ནོར་བུ་སྐོར་བདུན། གུ་རུའི་སྐུ་ཚབ། སེང་སྒྲོག་སྐུ་རྒྱན་རྣམས་སྤྱན་དྲངས་པའི་བར་མཆོག་གཏེར་སུམ་ཅུ་རྩ་བདུན་དང་། སྒྲགས་ཡང་རྫོང་ནས་ཞི་བྱེད་སྐོར་བདུན་བཅས། དེ་དག་གི་ཁ་བྱང་ཡང་བྱང་གནད་བྱང་སྙིང་བྱང་ལ་སོགས་པ་དང་རྫས་གཏེར་ཕྲན་ཚེགས་མང་དུ་བཞེས་པ་ལས། གཙོ་ཆེ་བ་ཟླ་ཉིན་ཁ་ལ་རོང་སྒོ་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ། ན་བུན་རྫོང་ནས་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར། འོག་མིན་ཀརྨའི་རྒྱབ་ཕྱོགས་ནས་ཐུགས་དམ་ཟབ་པ་སྐོར་བདུན། ཡེ་རྒྱལ་ནམ་མཁའ་མཛོད་ནས་དེའི་ཆ་ལག་རྒྱུད་ལུང་གི་སྐོར་རྣམས་དང་། རྩ་བའི་ཐུགས་སྒྲུབ་དགོངས་པ་ཀུན་འདུས། སྐུ་ཚབ་རྣམ་གཉིས་སོགས། སྨད་ཤོད་ཛམ་ནང་པདྨ་ཤེལ་ཕུག་ནས་དམ་ཆོས་རྫོགས་ཆེན་སྡེ་གསུམ། སེང་ཆེན་གནམ་བྲག་གི་རི་གོང་མོ་འོག་མ་ནས་དམ་ཆོས་ཤོག་སྡེ་དྲུག་པ། མཁའ་འགྲོ་འབུམ་རྫོང་ནས་ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ་དང་འཁོར་བ་དོང་སྤྲུག །ཀརྨའི་དཔལ་དེའུ་ནས་མ་མོ་སྤྱི་བསྡུས། ཀེ་ལ་ནོར་བུ་སྤུན་གསུམ་ནས་རྗེ་མཁྱེན་བརྩེའི་བཀའ་ལུང་བཞིན་ཐུགས་སྒྲུབ་ཡིད་བཞིན་ནོར་བུ། ཡེ་རྒྱལ་ལྷོ་ཕྱོགས་གཡུ་འབལ་བྲག་ནས་བཀའ་བརྒྱད་བདེ་གཤེགས་ཀུན་འདུས། ཟབ་པ་རྫོགས་ཆེན་གསེར་ཞུན། རོང་མེ་དཀར་མོ་སྟག་ཚང་ནས་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་དང་སྙིང་པོ་སྐོར་ལྔ། རུ་དམ་གངས་ཁྲོད་ནས་བདེ་མཆོག་སངས་རྒྱས་མཉམ་སྦྱོར་རྣམས་མཚོན་པ་ཙམ་སྟེ། གཏེར་གནས་རེ་རེ་ནས་ཀྱང་ཆོས་དང་དམ་རྫས་སྐུ་རྟེན་ཕྱག་མཚན་རྣམ་གྲངས་ཤིན་ཏུ་མང་པོ་བྱོན་ཅིང་། དེ་དག་ཕལ་ཆེར་ཁྲོམ་གཏེར་དུ་མཛད་པས་ཀུན་གྱི་དབང་པོའི་སྤྱོད་ཡུལ་དུ་ངོ་མཚར་ཡ་མཚན་རྨད་དུ་བྱུང་བ་མངོན་སུམ་པས་རྩོད་པ་དང་བྲལ་བར་གྱུར། མདོར་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གནས་གཏེར་བརྒྱ་རྩ། སྙིང་ཐིག་བརྒྱ་རྩ། མྱོང་གྲོལ་དུ་མའི་བཀའ་བབས་སུ་ལུང་གིས་གསལ་བ་ལྟར། དཔའ་བོ་དབང་ཆེན་བྲག་ནས་མདོ་ཁམས་གནས་ཆེན་ཉེར་ལྔའི་མདོ་བྱང་བཞེས་ཏེ་དེ་དག་གི་རྩ་བ་དང་ཡན་ལག་ཏུ་གྱུར་པའི་གནས་ཞལ་དུ་མ་གསར་དུ་སྣང་བར་མཛད། གུ་རུའི་སྐུ་ཚབ་ཀྱི་རྒྱུ་རིམ་པ་གསུམ་ཙམ་གཏེར་ནས་སྤྱན་དྲངས་ཏེ་སྐུ་ཚབ་གཉིས་པ་མང་དུ་སྤེལ་བར་མཛད་པ་སོགས་ངོ་མཚར་བསམ་གྱིས་མི་ཁྱབ་བོ། །གསུམ་པ་དེ་ལས་འཕྲོས་པའི་ཡང་གཏེར་ནི། རྗེ་ཉིད་ཀྱི་སྐྱེ་བ་གོང་མ་གཏེར་ཆེན་སངས་རྒྱས་གླིང་པའི་གུར་དྲག་ཧཱུྃ་དམར་སྙིང་ཐིག་བྱིན་རླབས་ཀྱི་སྟོབས་ལས་བཀའ་བབས་པ་དང་། མཁའ་འགྲོ་མ་ཀུན་དགའ་འབུམ་མའི་མ་རྒྱུད་གསང་བ་ལམ་ཁྱེར་ཉེ་བརྒྱུད་དུ་བཀའ་བབས། བཞི་པ་ཟབ་མོ་དགོངས་པའི་གཏེར་ནི། རྗེ་བཙུན་སྒྲོལ་མས་ལེགས་སོ་གསུམ་གྱིས་དབུགས་དབྱུང་བསྩལ་པ་ལ་བརྟེན་སྒྲོལ་མའི་ཟབ་ཏིག་གཏན་ལ་ཕབ། ལྔ་པ་དེ་ལས་འཕྲོས་པའི་རྗེས་དྲན་ནི། རྗེ་ཉིད་གནུབས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོར་འཁྲུངས་པའི་སྐབས་ཀྱི་སྔོན་གནས་དྲན་པ་ལས་གནུབས་ཆེན་འདའ་ཀའི་ཞལ་ཆེམས་ལུང་རྡོ་རྗེ་བཀོད་པའི་གདམས་པ་གནང་བ་དང་། གནུབས་ཀྱི་ཁ་ཕོ་བཅས་མདོ་ཙམ་ཡི་གེར་བཀོད་པ་དང་། རུ་ལུའི་འདྲེན་སྟངས་དང་གར་གྱི་རྣམ་འགྱུར་མཐའ་ཀླས་པ། སངས་རྒྱས་གླིང་པའི་སྔོན་གནས་རྗེས་དྲན་ལ་བརྟེན་དགོངས་འདུས་རྩལ་སྤྲུགས་རྣམ་དགུའི་འཕྲུལ་འཁོར་ཕྱག་ཁྲིད་ཞིབ་མོར་གཏན་ལ་ཕབ་པ་སོགས་བཞུགས། དྲུག་པ་དག་སྣང་ནི། རི་བོ་དབང་གཞུའི་གནས་གཏེར་གྱི་སྒོ་འབྱེད་སྐབས་བི་མ་ལའི་སྒྲུབ་ཕུག་ཏུ་པཎ་ཆེན་ཉིད་ཞལ་གཟིགས་ཏེ་གདམས་པ་བསྩལ་བ་བི་མ་ལའི་ཟབ་ཏིག་སོགས་བཞུགས། བདུན་པ་སྙན་བརྒྱུད་ནི། དག་པའི་སྣང་བར་ཟངས་མདོག་དཔལ་རིར་ཕེབས་ཏེ་ཨོ་རྒྱན་རིན་པོ་ཆེ་ལས་ཨ་ཏི་ཟབ་དོན་སྙིང་ཐིག་གི་གདམས་པ་གསན་པ་ཡི་གེར་བཀོད་པ་སོགས་བཀའ་བབས་བདུན་ལྡན་གྱི་རྣམ་ཐར་མདོ་ཙམ་བཀོད་པ་ཡིན་ལ། སྔ་ཕྱིར་རྩ་བ་གསུམ་གྱི་ཞལ་གཟིགས་ཤིང་ལུང་བསྟན་པ་དང་། སྲུང་མ་རྣམས་ཀྱིས་ཕྲིན་ལས་སྒྲུབ་པ་དང་། རྔ་ཡབ་དཔལ་རིར་ཕེབས་པའི་དག་སྣང་རྒྱས་བསྡུས་སྐོར་མང་ཡང་འདི་ཙམ་གྱིས་མཚོན་པར་ནུས་སོ། །རང་སྒོ་དང་ཚོགས་སྒྲུབ་གཞན་དག་གི་རྡོར་སློབ་ཏུ་ཕེབས་པ་བཅས་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་སྒྲུབ་ཆེན་སུམ་ཅུ་རྩ་གསུམ་ཙམ་མཛད། བསམ་ཡས་ཧས་པོ་རི་དང་དཔལ་ཆུ་བོ་རི་སོགས་བོད་དང་མདོ་ཁམས་ཀྱི་ས་གནད་རྣམས་སུ་བཀའ་ནན་རབ་བརྗིད་དང་། གནས་ཆེན་བྱིན་འབེབ་མང་པོས་མཐའ་དམག་སོགས་རྩུབ་འགྱུར་ཞི་ཞིང་རྒྱལ་ཁམས་ལ་བདེ་ལེགས་འཕེལ་བའི་ཕྲིན་ལས་ལུང་དོན་ལས་བྱུང་བ་ལྟར་རྒྱ་ཆེར་བསྒྲུབས། ཀར་འབྲུག་འབྲི་སྟག་གཙོར་གྱུར་བཀའ་བརྒྱུད་དང་། སྨིན་གླིང་ཞེ་རྫོགས་ཀཿདཔལ་རྣམས་གཙོར་བྱས་རྙིང་མ། གཞན་ཡང་ས་སྐྱ་པ་སོགས་རིས་སུ་མ་ཆད་པའི་བསྟན་འཛིན་རྣམས་ལ་དངོས་དང་བརྒྱུད་པའི་སྒོ་ནས་ཟབ་ཆོས་ཀྱི་སྨིན་གྲོལ་བསྩལ་ཅིང་། མྱོང་གྲོལ་གྱི་སྦྱིན་པ་ནི་བོད་ཁམས་མཐའ་དབུས་ཐམས་ཅད་དུའང་ཁྱབ། ཁྱད་པར་རྩ་བའི་ཆོས་བདག་རྣམ་བཅུ་ཕལ་ཆེ་བ་དང་རྟེན་འབྲེལ་ལེགས་པར་འགྲིགས་པ་ལ་བརྟེན་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གཙོ་བོར་གྱུར་པའི་གཏེར་ཆོས་ཀྱི་ཕྲིན་ལས་ཀྱང་རྒྱ་ཆེར་འཕེལ། འོག་མིན་མཚུར་ཕུར་ཟབ་བདུན་ཕུར་པའི་སྒྲུབ་ཆེན་རྩ་འཆམས་འབྲིང་པོ་བཅས་རྒྱུན་འཇག་གིས་མཚོན་དགོན་ཁག་མང་པོར་གཏེར་གསར་གྱི་ཆོས་བཀའ་ཆེ་ཕྲའི་སྒྲུབ་མཆོད་སོགས་ཚུགས། བོད་ཁམས་བདེ་ཐབས་ཆོས་བཅུའི་ནང་ཚན་རྟེན་འབྲེལ་གྱི་ཆོས་སྐོར་གཏན་ལ་ཕབ་ནས་དེའི་དོན་བཞིན་མཁན་སློབ་ཆོས་གསུམ་གྱི་དུས་སྟོན་མདོ་སྔགས་བསྟན་པ་གཉིས་ལྡན་གྱི་བཤད་སྒྲུབ་ལས་གསུམ་རྒྱས་པའི་ཆོ་ག་ངོ་མཚར་བའང་དཔལ་སྤུངས་ཀཿཐོག་རྫོགས་ཆེན་རྣམས་སུ་རིམ་པར་མཛད། གདན་ས་དངོས་ཀརྨ་རི། གནས་བརྟན་སྒང་། རྩི་ཀེ་འདུས་མདོ་རྣམས་སུ་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས། ཕྱི་མ་གཉིས་སུ་དགེ་འདུན་གྱི་སྡེ་དང་མདོ་སྔགས་བཤད་སྒྲུབ་ཀྱི་རྒྱུན་ཡང་བཀོད། དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་རེ་ཞིག་དོན་ཆེ་བ་གཞན་ལ་དགོངས་ནས་དགུང་གྲངས་ཞེ་གཉིས་བཞེས་པ་ལྕགས་ཕོ་རྟའི་ལོར་སྐུ་བསྙུན་པའི་ཚུལ་བསྟན་པའི་སྐབས་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པར་ཕེབས་པའི་དག་སྣང་ཤར། ཧོར་ཟླ་ལྔ་པའི་ཚེས་གཅིག་ལ་ས་གཡོ་བ་དང་འཇའ་འོད་སོགས་ངོ་མཚར་བའི་ཆོ་འཕྲུལ་ཆེན་པོ་བསྟན་ཏེ་ཞི་བའི་དབྱིངས་སུ་སྙོམས་པར་ཞུགས། ལོ་དེའི་མགོ་ཟླ་བའི་ཚེས་བཅོ་ལྔར་རྗེ་མཁྱེན་བརྩེའི་དབང་པོའི་དག་པའི་གཟིགས་སྣང་དུ་ནུབ་ཕྱོགས་ཞིང་ཁམས་པདྨས་ཁེབས་པར་གཏེརཆེན་ཉིད་བྱང་ཆུབ་སེམས་དཔའ་པདྨའི་མྱུ་གུའི་སྐུར་བཞེངས་པ་དང་མཇལ་ནས་སྒྲུབ་ཐབས་དང་དབང་བསྐུར་ཞལ་གྱི་གདམས་པའི་བདུད་རྩི་ལྷུག་པར་གསན། ཟླ་བ་གཅིག་ཏུ་གསང་བའི་དམ་ཚིག་གིས་རྒྱས་བཏབ། རྒྱལ་ཟླའི་ཚེས་བཅུར་ཚོགས་ཀྱི་མཆོད་པ་དང་རྗེས་སུ་འབྲེལ་བར་གཏན་ལ་ཕབ་པའི་ཚེ། ས་གཞིའི་ཁྱོན་ལ་དྲོད་གློ་བུར་དུ་བབས་པས་འཁྱགས་པ་རྣམས་ཆུ་བོའི་རྒྱུན་དུ་གྱུར་པའི་དགེ་མཚན་ཀྱང་དབང་པོའི་མངོན་སུམ་དུ་གྱུར་པའི་བྱིན་རླབས་ཀྱི་མཚན་མ་ཁྱད་པར་ཅན་བྱུང་བར་གྲགས་སོ།། ༈ གཏེར་སྟོན་རྒྱལ་པོ་ལྔ་པ་པཎ་ཆེན་བི་མ་ལ་དང་ཆོས་རྒྱལ་ཁྲི་སྲོང་ཟུང་དུ་འཇུག་པའི་རྣམ་རོལ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ནི། ཡབ་གཉོས་རིགས་དྲུང་ཆེན་རིན་ཆེན་དབང་རྒྱལ་དང་། ཡུམ་སོག་བཟའ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་ཆུ་སྟོད་ཟླ་བའི་ཡར་ཚེས་ལྔ་ལ། མདོ་ཁམས་སྡེ་དགེ་གཏེར་ཀླུང་དིལ་མགོའི་གྲོང་གི་དབྱར་རུ་ཁྱུང་ཆེན་བྲག་གི་ཉེ་འདབས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས། ཐུགས་དྲན་ཙམ་གྱི་དུས་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་དང་སྔགས་སྲུང་ཨེ་ཀ་ཛཱ་ཊིས་ཡང་ཡང་བརྩེ་ཞིང་སྐྱོང་བ་དང་། སྔོན་རབས་ཀྱི་སྐྱེ་བ་མང་པོ་འལ་འོལ་རྗེས་སུ་དྲན། སྐུ་ཆུང་ངུ་ནས་ཐེག་པ་ཆེན་པོའི་རིགས་སད་ཅིང་ཁྱད་པར་རབ་ཏུ་བྱུང་བའི་ཕྱོགས་ཁོ་ནར་ཐུགས་ལ་འདུན། མཁྱེན་རབ་དང་རྣམ་དཔྱོད་འགྲན་ཟླ་བྲལ་བས་འབྲི་ཀློག་སོགས་ཚེགས་མེད་པར་མཁྱེན་ཅིང་གླེགས་བམ་ཕལ་ཆེར་ཚར་རེ་གཟིགས་པས་ཚིག་དོན་ཐུགས་ལ་ཆུབ། དགུང་ལོ་ཉེར་གཅིག་པ་ལ་ཨོ་རྒྱན་སྨིན་གྲོལ་གླིང་དུ་མཁན་པོ་རིག་འཛིན་བཟང་པོ་ལས་བསྙེན་པར་རྫོགས། ས་སྐྱ་པ་རྡོ་རྗེ་རིན་ཆེན་སོགས་ལས་ཤིང་རྟ་གཉིས་ཀྱི་བཀའ་སྲོལ་དང་འབྲེལ་བའི་ཐུགས་བསྐྱེད་བཞེས། ཐར་རྩེ་མཁན་རིན་པོ་ཆེ་མཆེད་ལས་བདེ་དགྱེས། སྨིན་གླིང་ཁྲི་ཆེན་འགྱུར་མེད་སངས་རྒྱས་ཀུན་དགའ་ལས་ཡང་དག་སོ་ལུགས། རིག་འཛིན་ཐུགས་ཐིག །ཞེ་ཆེན་པ་དབོན་སྤྲུལ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལས་སྒྱུ་འཕྲུལ་ཞི་ཁྲོའི་དབང་བསྐུར་བཅས་གསན་པས་སྔགས་ཀྱི་སྡོམ་པའི་རྩ་བ་བཙུགས། སྐྱེ་སྤྲུལ་གྱི་གོ་ས་དང་རིགས་རུས་སྟོབས་འབྱོར་གྱི་དྲེགས་པ་རྩད་ནས་བསྙིལ་ཏེ་དཀའ་ཆེན་དང་དུ་བཞེས། འབད་པ་དང་བརྩོན་འགྲུས་ཆེན་པོས་དབུས་གཙང་ཁམས་གསུམ་གྱི་བླ་མ་རྡོ་རྗེ་འཛིན་པ། དགེ་བའི་བཤེས་གཉེན། རིག་པའི་གནས་ལ་མཁས་པ་སོགས་ཡོངས་འཛིན་བརྒྱ་དང་ལྔ་བཅུ་ཙམ་བསྟེན་ཏེ་བཟོ་གསོ་སྒྲ་ཚད་ཡན་ལག་རིག་པའི་གནས་བཅུར་གྲགས་པ་རྣམས་དང་། འདུལ་མཛོད་དབུ་ཕར་གྱིས་མཚོན་མཚན་ཉིད་ཕྱོགས་ཀྱི་གཞུང་བཤད་གསན་སྦྱང་མཐར་ཕྱིན་པར་མཛད། རྙིང་མ་བཀའ་གཏེར། བཀའ་གདམས་གསར་རྙིང་། ས་ངོར་ཚར་གསུམ། བཀའ་བརྒྱུད་ཀཾ་ཚང་འབྲི་སྟག་འབྲུག་པ། ཇོ་ཞལ་བོ་དོང་སོགས་སྔོན་གྱི་ལུགས་སྲོལ་མ་ཉམས་པར་བཞུགས་པ་ཐམས་ཅད་ཀྱི་སྨིན་གྲོལ་ཡོངས་རྫོགས། སྒྱུ་འཕྲུལ་གསང་བ་སྙིང་པོ། དུས་ཀྱི་འཁོར་ལོ། བདེ་དགྱེས་གསང་གསུམ་སོགས་རྒྱུད་དང་བསྟན་བཅོས་ཀྱི་བཤད་སྲོལ་གང་ཡོད་དང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ། རྙིང་མ་རྒྱུད་འབུམ། བསྟན་འགྱུར་ལས་རྒྱུན་གང་བཞུགས་ཀྱི་གཙོས་བོད་ཡུལ་གྲུབ་མཐའ་རིས་མེད་ཀྱི་བསྟན་བཅོས་ཡོངས་བསྡོམས་གླེགས་བམ་བདུན་བརྒྱ་ཙམ་གྱི་བཀླག་ལུང་གསན་པ་སོགས་མདོར་ན་མི་ལོ་བཅུ་གསུམ་ཙམ་དུ་ཐོས་པ་ཁོ་ན་བཙལ་ཞིང་། བཤད་བརྒྱུད་འདེགས་པའི་ཀ་ཆེན་བཅུར་གྲགས་པ་རྣམས་ཀྱི་རིང་ལུགས་ཕལ་མོ་ཆེ་གསན། རྗེ་འདིས་གླེགས་བམ་གཟིགས་པ་ཙམ་གྱིས་དོན་མཐིལ་ཕྱིན་པ་མཁྱེན་ཅིང་ནམ་ཡང་མི་བསྙེལ་བའི་གཟུངས་མངའ་ཡང་། ཆོས་ལ་གལ་ཆུང་མི་མཛད་པའི་རྣམ་ཐར་སྟོན་སླད་གསན་པ་ཙམ་དུ་མ་བཞག་པར་སྦྱང་གོམས་མཐར་ཕྱིན་པས་གྲུབ་མཐའ་སོ་སོའི་ལྟ་སྤྱོད་དང་ཁས་ལེན་གྱི་གནད། དེ་དང་དེའི་རིང་ལུགས་ཕྱག་སྲོལ་འཕྱུགས་མེད་ཡིན་མིན་སོགས་ཞིབ་ལ་མ་འདྲེས་པར་མཁྱེན་པའི་ཆོས་སྤྱན་རྡུལ་མེད་པར་མངའ་བ་ཡང་ད་ལྟའི་གང་ཟག་མཆོག་དམན་སུས་ཀྱང་བསྒྲུན་དུ་མེད། མདོ་རྒྱུད་བསྟན་བཅོས་གང་གསན་པ་རྣམས་ཀྱི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་ཕལ་མོ་ཆེ་ཞིག་ནི་ལན་གྲངས་མང་དུ་འཆད་པ་དང་། གང་ཡང་ཚར་རེ་མ་འཆད་པ་མི་མངའ་བར་ཟང་ཟིང་མེད་པའི་ཆོས་སྦྱིན་ཁོ་ནས་དམ་པའི་སྐྱེས་བུ་མཆོག་རྣམས་ནས་མུ་ཏོ་ཕལ་པ་ཡན་ཆད་དོན་གཉེར་སོ་སོའི་རེ་བ་ཚུལ་བཞིན་སྐོང་བར་མཛད། གདུལ་བྱ་འགྲོ་དོན་དུ་མིང་བཏགས་པའི་གྲོང་ཆོག་ལྡོམ་བུ་སོགས་ལོག་འཚོའི་དཀོར་སྡུད་གཏན་ནས་མ་མཛད་ཀྱང་འབར་བ་གསུམ་དང་འདུ་བ་གསུམ་གྱི་ཡོན་ཏན་ཕྱིར་ཤར་པས་ཟང་ཟིང་གི་དངོས་པོ་འབད་མེད་བྱུང་བ་ཐམས་ཅད་གནས་མིན་དུ་ཆུད་ཟོས་ཕྲ་མོ་ཙམ་ཡང་མི་བཏང་བར། སྐུ་རྟེན་གསེར་ཟངས་ཁོ་ན་ལས་གྲུབ་པ་སྟོང་ཕྲག་གཉིས་ཙམ་དང་། གསུང་རྟེན་གླེགས་བམ་པུསྟི་བཞི་བཅུ་ལ་ཉེ་བའི་སྤར། བྲིས་མ་དང་སྤར་མ་བསྡོམས་པའི་པུསྟི་ཀ་སྟོང་ཕྲག་གཉིས་ཙམ། ཐུགས་རྟེན་ལྷུན་གྲུབ་སྟེང་གི་མཆོད་སྡོང་ཆེན་མོའི་གཙོས་བརྒྱ་ཕྲག་ལྷག་ཙམ་གསེར་ཟངས་ལས་གྲུབ་པ། དེ་དག་བཞུགས་གནས་ལྷ་ཁང་ཆེ་ཆུང་བཅུ་གསུམ་ཙམ་བཀོད་ལེགས་པར་བཞེངས་ཤིང་དུས་དང་རྒྱུན་གྱི་མཆོད་པ་བཙུགས། གནས་གཞི་གསར་བཞེངས་རིགས་དུས་དབང་གིས་ཚུལ་ལྡན་འབྱུང་དཀའ་བས་སྤྲོས་པ་མ་མཛད་ཀྱང་ཕྱིས་ཚོད་དུས་ཟིང་དབང་གིས་སྟོད་སྨད་འཁྲུགས་ལོང་སྐབས་དགོན་གནས་ཉམས་གུད་ཆེར་གྱུར་པ་རྣམས་ལ། རྗེ་ཉིད་ནས་ཀྱང་དགོན་པ་ཆེ་ཆུང་དང་བསྟུན་པའི་གནང་སྦྱིན་དངོས་ཇ་སྟོང་ཕྲག་གསུམ་ལྷག་པ་དང་། རྒྱ་བོད་ཀྱི་མི་དཔོན། ཆོས་རྒྱལ་སྡེ་དགེ་རྒྱལ་བློན་རྣམས་ལ་མཐུན་སྦྱོར་མཛད་གལ་གནད་བཀྲོལ་གནང་བའི་སྒོ་ནས་སྔར་གནས་སོར་ཆུད་ཀྱི་ཉམས་གསོ་གསར་བཞེངས་དང་། མཆོད་ཐེབས་ཀྱི་ཞལ་འདེབས། ལུགས་གནས་ཚུལ་མཐུན་གྱི་ཞལ་བསྒོས་རྣམས་ཀྱི་སྒོ་ནས་དར་རྒྱས་འཕེལ་བའི་བཀའ་དྲིན་རླབས་པོ་ཆེ་བསྩལ། ཕན་ཚུན་གྱི་ཆོས་སྡེ་ཆེ་ཆུང་རྣམས་ལ་ལོ་རེ་བཞིན་གཟུངས་སྔགས་བསྔོ་བའི་རྟེན་ཡོན་སྦྱར་གནང་བ་སྔ་རྗེས་དངོས་ཇ་བཞི་སྟོང་གི་རྩ་བ་ཕུལ། སྤྱིར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་བརྟན་པ་ཐོབ་པ་དང་། སྒོས་གྲུབ་མཐའ་གང་ལའང་དག་སྣང་དང་མོས་གུས་ཀྱི་རྩལ་རྒྱས་པ་མ་གཏོགས་ཕྱོགས་རིས་དང་ལོག་རྟོག་གཏན་ནས་མི་མངའ་བའི་དོན་གྱིས་ས་སྐྱ་བཀའ་བརྒྱུད་རྙིང་མ་དགེ་ལུགས་ཀྱི་བསྟན་འཛིན་སྐྱེས་མཆོག་ཡོངས་སུ་གྲགས་པ་རྣམས་དང་། དགེ་བའི་བཤེས་གཉེན། རི་ཁྲོད་སྒྲུབ་པ་པོ། ཆོས་པ་ཉམ་ཆུང་། གཡུང་དྲུང་བོན་ལུགས་འཛིན་པ་ཚུན་ཆད་རིས་སུ་མ་ཆད་པའི་སློབ་མ་གྲངས་ལས་འདས་ཤིང་། རྒྱ་བོད་ཀྱི་དཔོན་ཆེན་མང་པོས་གཙོས་ཉིན་རེ་བཞིན་ཡང་རྒྱུན་མི་ཆད་པ་འདུས་པ་ཚད་བཟུང་མེད་པ་ལ་མོས་པ་དང་འཚམ་པའི་ཆོས་སྦྱིན་རྐྱེན་སེལ་དབང་བཀའ་བྱིན་རླབས་ཀྱི་འབྲེལ་བ་སོགས་ནི་མ་ཐོབ་པ་མེད་པ་ལྟ་བུ། ཆོས་བརྒྱད་ཀྱི་འཆིང་བ་ལས་གྲོལ་བས་མཆོག་དམན་གང་ལའང་ངོ་སྲུང་དང་རེ་དོགས་ཀྱིས་མཚོན་མི་ཆོས་ཀྱི་སྤྲོས་པ་གཏིང་ནས་ཆོད་པས་ཚེ་བློས་ཐོང་བའི་བྱ་བཏང་རྒྱལ་པོའི་རྣམ་ཐར་བཟུང་། སྔ་ཕྱིར་མི་ལོ་བཅུ་གསུམ་ཙམ་དུ་རྒྱུད་སྡེ་གསར་རྙིང་གི་ལྷག་པའི་ལྷ་དུ་མའི་བསྙེན་སྒྲུབ་དང་། རྗེ་བཙུན་གྲོལ་མཆོག་གི་གསུང་ཁྲིད་བརྒྱ་གཙོ་བོར་གྱུར་པའི་ཟབ་ཁྲིད་རྣམས་རེེ་རེ་བཞིན་ཉམས་བཞེས་མཛད་པས་དམ་ཚིག་ཞལ་བཞེས་རྗེས་སུ་བསྒྲུབས་པ་འདི་ཁོ་ནའི་རྣམ་ཐར་ལ་སུས་ཀྱང་འགྲན་ཟླ་བྲལ་བ་སྟེ། སྤོང་ཀློག་བྱ་བ་ལས་ཀྱི་འཁོར་ལོ་གསུམ་ལས་བརྩམ་པའི་ཕྱིའི་རྣམ་ཐར་མདོར་བསྡུས་པའོ། །གངས་ཅན་གྱི་ལྗོངས་སུ་སྒྲུབ་བརྒྱུད་ཀྱི་ཤིང་རྟ་ཆེན་པོ་བརྒྱད་དུ་གྲགས་པ། མཁན་སློབ་ཆོས་གསུམ་གྱི་བཀའ་དྲིན་ལས་བྱུང་བ་སྔ་འགྱུར་རྙིང་མ་བ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བཀའ་སྲོལ་ལྷ་ཆོས་བདུན་ལྡན་བཀའ་གདམས། གྲུབ་ཆེན་བི་རུ་པའི་ཐུགས་བཅུད་དཔལ་ས་སྐྱ་པ་ཡབ་སྲས་ལས་བྱོན་པ་གདམས་ངག་ལམ་འབྲས་བུ་དང་བཅས་པ། བཀའ་བཞི་བརྒྱུད་པའི་གདམས་ངག་མར་མི་དྭགས་གསུམ་ལས་བརྒྱུད་པ་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད། མཁས་གྲུབ་ཁྱུང་པོའི་གསེར་ཆོས་དཔལ་ལྡན་ཤངས་པ་བཀའ་བརྒྱུད། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་རྩལ་དུ་བཏོན་པ་སྦྱོར་བ་ཡན་ལག་དྲུག་པ། གྲུབ་ཆེན་དམ་པ་སངས་རྒྱས་ཀྱི་བཀའ་སྲོལ་དམ་ཆོས་སྡུག་བསྔལ་ཞི་བྱེད་ཡན་ལག་གཅོད་ཡུལ་དང་བཅས་པ། གྲུབ་ཆེན་ཨོ་རྒྱན་པ་ལ་རྡོ་རྗེ་བཙུན་མོས་དངོས་སུ་བསྩལ་བ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་རྣམས་བརྒྱུད་པ་ཟམ་མ་ཆད་ཅིང་སྔོན་གྱི་ལུགས་སྲོལ་མ་ཉམས་པར་བཞུགས་པ་རྣམས་ལ་དད་ཅིང་མོས་པ་ཚད་མེད་པས་སྐུ་ངལ་ཁྱད་དུ་བསད་དེ་འབད་བརྩོན་དྲག་པོས་སོ་སོའི་ཁུངས་དང་འབྲེལ་བའི་ཡོངས་འཛིན་རྣམས་ལས་སྨིན་གྲོལ་གྱི་རིམ་པ་ཚང་ལ་མ་ནོར་བ་རྫོགས་པར་གསན་ཅིང་། དེ་དག་བསམ་པས་སྒྲོ་འདོགས་གཅོད་པ་དང་། སྒོམ་པས་ཐུགས་ཉམས་བཞེས་པའི་སྐབས་རྣམས་སུ་དངོས་ཉམས་རྨི་ལམ་ཅི་རིགས་པར། འཕགས་བོད་མཁས་གྲུབ། ཡི་དམ་རྒྱལ་བ་ཞི་ཁྲོ། གནས་གསུམ་གྱི་མཁའ་འགྲོའི་ཚོགས་རྣམས་ཀྱིས་གསང་བ་གསུམ་གྱི་བྱིན་གྱིས་བརླབས་པ་དང་ཉེ་བརྒྱུད་ཀྱི་གདམས་པ་བསྩལ་བ་སོགས་སྐད་ཅིག་རེ་རེ་ལའང་དག་པའི་གཟིགས་སྣང་མཐའ་ཡས་ཀྱང་ཕྱོགས་མཚོན་ཙམ་ལས་ཞལ་གཟིགས་མངོན་ཤེས་སོགས་མི་ཆོས་བླ་མ་ནམ་ཡང་སྒྲོག་པར་མི་མཛད་པས་དེ་ཙམ་གྱིས་རྟོགས་པར་འགྱུར་བ་དང་། གཙོ་བོར་ཤིང་རྟ་བརྒྱད་ཀྱི་རིམ་པ་གཉིས་ཀྱི་ཚུལ་ཐུགས་སུ་ཆུད་པས་འཆད་རྩོད་རྩོམ་གསུམ་ལ་ཆགས་ཐོགས་མ་མཆིས་ཤིང་འཁྲུལ་པའི་དྲི་མ་དང་བྲལ་བས་སྐལ་ལྡན་རྣམས་རྗེས་སུ་འཛིན་པར་མཛད་པ་ནི་ནང་གི་རྣམ་ཐར་ས་བོན་ཙམ་མོ། ཁྱད་པར་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྡོ་རྗེའི་ལུང་ལས། བདག་དང་གཉིས་མིན་རྣལ་འབྱོར་པ༔ མཚན་ཉིད་ལྔ་དང་ལྡན་པ་ཞིག༔ འདི་ནས་བདུན་བརྒྱའི་ལོ་ཁོངས་སུ༔ མདོ་ཁམས་བར་ན་འབྲུག་གི་ལོ༔ གཉོས་ཀྱི་རིགས་འཛིན་སྒ་ཡི་བུ༔ ལྕགས་ཁམས་དཔའ་བོའི་མཚན་རྟགས་ཅན༔ པདྨ་རྒྱལ་པོས་བྱིན་བརླབས་པས༔ བཀའ་བབས་བདུན་ལྡན་མདོ་སྔགས་གླིང༔ བི་མ་མི་ཏྲས་བྱིན་བརླབས་པས༔ འོད་གསལ་སྤྲུལ་པའི་རྡོ་རྗེ་སྟེ༔ འཇམ་དཔལ་སྤྲུལ་པ་མངའ་བདག་གིས༔ བྱིན་བརླབས་ཆོས་ཀྱི་བཤེས་གཉེན་ཞེས༔ སྒྱུ་མ་ལྟ་བུའི་སྐྱེས་བུ་འབྱུང༔ ཞེས་དང་། རྫོགས་ཆེན་སྡེ་གསུམ་ལུང་བྱང་གོང་དུ་དྲངས་པ་སོགས་བཀའ་བབས་བདུན་ལ་མངའ་དབང་བསྒྱུར་ནས་བསྟན་འགྲོའི་དོན་ཆེན་མཛད་པར་རྡོ་རྗེའི་ལུང་གིས་ཡང་ཡང་བསྔགས་པ་ལྟར་མངོན་དུ་གྱུར་པ་སྟེ། དགུང་ལོ་བརྒྱད་བཞེས་པའི་དུས་སྐུ་ཁམས་ཤིན་ཏུ་བསྙེལ་ཞིང་ཟུག་རྔུའི་ཚོར་བས་གདུང་བའི་སྐབས་གུ་རུ་རིན་པོ་ཆེ་དང་མཚོ་རྒྱལ་གཉིས་ཀྱིས་ཞལ་བསྟན་ནས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་དབང་བསྐུར་ཅིང་བྱིན་གྱིས་བརླབས། རྗེས་སུ་གདམས་པའང་བསྩལ་པས་བར་ཆད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བར་གྱུར། དགུང་ལོ་བཅོ་ལྔ་པར་དག་པའི་སྣང་བར་རྒྱ་གར་རྡོ་རྗེ་གདན་གྱི་ཀེའུ་ཚང་རིམ་པ་དགུ་པའི་དྲུང་དུ་ཕེབས། ཐོག་སོ་འོག་མ་ནས་རིམ་པར་སྟེང་དུ་ཕེབས་པ་ན། བརྒྱད་པའི་ནང་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་པཎྜི་ཏའི་ཚུལ་ཅན་སྐུའི་གཡས་གཡོན་གླེགས་བམ་མང་པོ་བརྩིགས་པ་ཞིག་མཇལ་བ་ལ་གུས་པ་ཆེན་པོས་བཏུད་ཅིང་གསོལ་གདབ་མཛད་པས། གཡོན་ཕྱོགས་ནས་གླེགས་བམ་ཞིག་བླངས་ཏེ་བསྟན་པ་ཤེར་ཕྱིན་སྡུད་པའི་རྒྱ་དཔེར་འདུག །དེ་ཉིད་དབུར་བཞག་ནས་དགོངས་པ་གཏད་དེ་མཚན་ཉིད་ཀྱི་ཆོས་ཐམས་ཅད་ཀྱི་བཀའ་ལུང་རྫོགས་པ་ཡིན་ནོ་གསུངས། གཡས་ཕྱོགས་ནས་གླེགས་བམ་ཞིག་བླངས་ནས་བསྟན་པ་རྫོགས་པ་ཆེན་པོ་རྡོར་སེམས་སྙིང་གི་མེ་ལོང་གི་རྒྱུད་ཅེས་བྱ་བར་གནང་། དེ་ཉིད་དབུར་བཞག་ནས་དགོངས་པ་གཏད་དེ་གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་སྤྱི་དང་ཁྱད་པར་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ཚིག་དོན་བྱིན་རླབས་ཐམས་ཅད་རྫོགས་པ་ཡིན་གསུངས། ལུང་བསྟན་འགའ་ཞིག་མཛད་པའི་མཐར་དགྱེས་པའི་ཚུལ་གྱིས་འོད་དུ་ཞུ་ནས་རྗེ་ཉིད་ལ་ཐིམ་པས་དར་ཅིག་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་འབྱམས། དེ་ལས་སད་ནས་ཕྱིར་ཕེབས་པའི་ཚེ་སྒོ་དྲུང་དུ་མེ་ཆེན་པོ་འབར་ཞིང་འདུག་པའི་ནང་དུ་དབང་མེད་དུ་ཞུགས་པས་རགས་པའི་ལུས་ཕུང་དངོས་མེད་དུ་བསྲེགས་ནས་བི་མ་མི་ཏྲ་ཡིན་སྙམ་པའི་འོད་ཀྱི་སྐུར་ལམ་མེར་གྱུར་པ་བྱུང་། གཞན་ཡང་འདི་སྐབས་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོས་མནལ་ལམ་དུ་ཞལ་བསྟན་ཅིང་བྱིན་གྱིས་བརླབས། གདམས་པ་དང་རྗེས་སུ་གདམས་པ་བསྩལ་པས་བླ་སྒྲུབ་ཙམ་ཡི་གེར་བཀོད། ཕྱིས་བཀའ་རྒྱ་གྲོལ་ཏེ་རིམ་པར་གཏན་ལ་ཕབ་པ་རྫོགས་རིམ་དྲུག་གི་རྩ་ཚིག །སྒྲུབ་སྐོར་ལྔ། ཁྲག་འཐུང་བདེ་གཤེགས་འདུས་པ་སོགས་གྲུབ་ཐོབ་ཐུགས་ཏིག་གི་སྐོར་རྣམས་བྱོན། འཆི་མེད་མགོན་པོ་ཡབ་ཡུམ་གྱིས་ཞལ་བསྟན་ཅིང་བྱིན་གྱིས་བརླབས་པས་དེ་དག་གི་སྒྲུབ་ཐབས་ཁྱད་པར་ཅན་བྱུང་བ་ལས་ཚེ་ཡུམ་ཙཎྜ་ལཱི་རྩ་བ་གཏན་ལ་ཕབ་པ་སོགས་རྩ་གསུམ་རབ་འབྱམས་ཀྱི་གཟིགས་སྣང་མཐའ་ཡས་པ་བྱུང་ཡང་གསང་བ་སྲུང་བ་ལ་ཐུགས་ཤིན་ཏུ་སྒམ་པས་གཞན་གྱིས་ཟུར་ཙམ་ཡང་རྟོགས་པར་མ་གྱུར། ཁྱད་པར་ལུང་བསྟན་སྔ་ཕྱི་མང་དུ་བཞུགས་པར་སྣང་ནའང་བཀའ་ལས། གཏེར་སྟོན་ལུང་བསྟན་གྱིས་ཕུང་། ཞེས་བྱ་བ་ཡིན་པས་ལུང་བསྟན་ཟེར་བ་དེ་བྲིས་ཕྱིན་སྤང་བླང་ལག་ཏུ་ལོན་དགོས་པ་ལ་དེ་ནི་སུས་ཀྱང་མི་ལོན། དེ་མ་ལོན་པས་ཐོག་ཏུ་མི་ཁེལ། སྨྲ་བ་མང་པོ་ངག་ལ་བདུད་ཞུགས་པ་ཡིན་གསུངས་ནས་ལུང་བསྟན་མི་གནང་ཞིང་གཞན་ལའང་དགྱེས་པར་མི་མཛད་པ་འདི་ལའང་གནད་དོན་ཆེན་པོ་སྣང་། དགུང་གྲངས་བཅུ་དྲུག་པར་ས་ག་ཟླ་བའི་ཚེས་བཅུའི་ཐོ་རངས་དག་པའི་སྣང་ཆ་ལ་རྔ་ཡབ་པདྨ་འོད་དུ་ཕེབས། དེའང་བྲག་རི་ལྷུན་ཆགས་པའི་ནང་དུ་སྤྲིན་དཀར་ཤིན་ཏུ་མཛེས་པའི་ཁྲོད་ན་གུ་རུ་མཚོ་སྐྱེས་རྡོ་རྗེ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བའི་བཀོད་པ་ཅན་མཇལ། དགོངས་པས་བྱིན་གྱིས་བརླབས་ཤིང་བརྡའི་དབང་བསྐུར་བ་དང་བཀའ་བབས་བདུན་འབྱུང་བའི་དབུགས་དབྱུང་རྒྱས་པར་བསྩལ་པའི་མཐར་སྤྱན་ལྟ་སྟངས་དང་བཅས་ཏེ། གཟུང་བའི་ཡུལ་གྱིས་མ་གོས་ཤིང་། །འཛིན་པའི་རྟོག་པས་མ་བསླད་པ། །རིག་སྟོང་རྗེན་པར་བསྐྱང་བ་ནི། །སངས་རྒྱས་ཀུན་གྱི་དགོངས་པ་འོ། །ཞེས་གསུངས་ཏེ་འཁོར་དང་བཅས་པ་རྗེ་ཉིད་ལ་ཐིམ་པས་ཐུགས་ཡིད་དབྱེར་མེད་འདྲེས་པའི་ཉམས་ཤར། དེ་ཕྱིན་ཆད་ཀ་དག་གི་གནས་ལུགས་ལ་རང་བཞིན་གྱིས་བརྟན་པ་ཐོབ་པར་གྱུར། དེ་ལ་ཐུགས་སྤྲོ་བ་བརྟས་ཏེ་གུ་རུ་རིན་པོ་ཆེར་རྩེ་གཅིག་ཏུ་གསོལ་བཏབ་མཛད་པའི་རྐྱེན་ལས་མདོ་རྒྱུད་གསར་རྙིང་བཀའ་གཏེར་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་ཡོངས་གྲགས་རྣམས་དང་རྒྱུན་ཤིན་ཏུ་དཀོན་པ་རྣམས་ཀྱང་འབད་མེད་དུ་རྙེད་ནས་ཉམས་བཞེས་དང་འཆད་སྤེལ་གྱིས་བསྟན་པའི་མེ་རོ་བསླངས་པ་ནི་བཀའ་བབས་དང་པོའོ། །གཉིས་པ་ས་གཏེར་ནི། དགུང་ལོ་ཉི་ཤུ་པར་བྲག་དམར་མགྲིན་བཟང་དུ་ཕེབས་སྐབས་ཡེ་ཤེས་མཁའ་འགྲོས་གཏེར་སྒྲོམ་དངོས་སུ་ཕུལ་བ་ལས་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོའི་ཆོས་སྐོར་དང་། བྲམ་ཟེ་ཉེར་གཅིག་གི་གདུང་བྱོན་ཅིང་། འདམ་ཤོད་སྙིང་དྲུང་ནས་བླ་མ་སྐུ་བཞིའི་སྒྲུབ་ཐབས་ཀྱི་སྐོར་དང་། གུ་རུ་རིན་པོ་ཆེའི་ཚེམས་ལས་སྤྲུལ་པའི་རིང་བསྲེལ་རྣམས་གཉན་ཆེན་ཐང་ལྷས་སྤྱན་དྲངས་ཏེ་ཕུལ་བ་དང་། སི་ངུ་གཡུ་མཚོ་ནས་རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་སྐོར། གཏེར་ཀླུང་པདྨ་ཤེལ་རི་ནས་རྩ་གསུམ་སྤྱི་འདུས་ཀྱི་སྐོར་མཁའ་འགྲོའི་རྫུ་འཕྲུལ་གྱིས་སྤྱན་དྲངས་ཏེ་ཕུལ་བ་སོགས་མང་དུ་བཞུགས་པ་རྣམས་ལས་རྩ་བ་ཙམ་རེ་ལས་གཏན་ལ་འབེབ་པར་མ་གནང་ཞིང་། ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་སྐོར་དང་། སྐུ་ཚབ་དངོས་གྲུབ་དཔལ་འབར་བཅས་རྩི་སྐེ་ནོར་བུ་སྤུན་གསུམ་དུ་བཞུགས་པ་མཆོག་གྱུར་གླིང་པ་ལ་བཀས་བསྐུལ་ཏེ་སྤྱན་དྲངས་ཤིང་གཏན་ལ་ཕབ། སྤྱིར་བླ་སྒྲུབ་སྐོར་བཞི་ཀ་དང་བཻ་རོའི་ཐུགས་ཏིག་རྫོགས་ཆེན་སྡེ་གསུམ་སོགས་ཀྱང་རྗེ་འདི་ཉིད་དང་མཆོག་གླིང་ལྷན་རྒྱས་ཀྱི་གཏེར་ཁ་ཐུན་མོང་པར་སྣང་ངོ་། །གསུམ་པ་དེ་ལས་འཕྲོས་པའི་ཡང་གཏེར་ནི། དོན་གྲུབ་ས་ལུག་ལོར་གུ་རུ་རིན་པོ་ཆེ་ཉིད་གཏེར་ཆེན་སངས་རྒྱས་གླིང་པའི་སྐུར་སྣང་བས་གླེགས་བམ་བསྩལ་ཅིང་བྱིན་གྱིས་བརླབས་པའི་དག་སྣང་ཁྱད་པར་ཅན་གྱིས་གོ་ཕྱེས་ཏེ། གཏེར་སྟོན་རྣམས་ཀྱི་རྣམ་ཐར་དང་གཏེར་ཆོས་གང་བཞུགས་ཐུགས་ལ་གསལ་ཞིང་དེ་དག་གི་བཀའ་བབས་ལུང་བསྟན་ཐོབ་པ་ལྟར། ཕལ་ཆེར་སྔར་གྱི་གཏེར་སྟོན་སོ་སོས་ཡང་གཏེར་དུ་སྦས་པའི་ཤོག་སེར་རྣམས་ཡེ་ཤེས་མཁའ་འགྲོས་སྤྱན་དྲངས་ནས་ཕྱག་ཏུ་ཕུལ་བ་ལས་བརྡ་བསྒྱུར་བ་དང་། འགའ་ཞིག་བརྡའ་ཡིག་སྤྱན་ལམ་དུ་ཤར་བ་དང་དགོངས་པའི་ཀློང་དུ་རྩོལ་མེད་རང་གསལ་བ་ཉིད་གཏན་ལ་ཕབ་ཅིང་། དེ་དག་གི་སྐབས་སུ་གུ་རུ་རིན་པོ་ཆེ་དངོས་དང་དེ་ཉིད་གཏེར་སྟོན་སོ་སོའི་སྐུའི་རྣམ་པར་བསྒྱུར་བས་སྨིན་གྲོལ་ཆིག་རྫོགས་སུ་བསྩལ། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་ཞལ་སྔ་ནས་གཞན་གང་ལས་ཀྱང་གཏེར་རྙིང་རྒྱུན་ཆད་པ་སྣ་རེ་ཙམ་བྱུང་ནའང་ཡ་མཚན་ཆེ་བའི་ཐུགས་རྩོལ་ཆེན་པོས་ཡང་ནས་ཡང་དུ་གསོལ་བ་འདེབས་པར་མཛད་པ་བཞིན་ཡང་གཏེར་ཉེ་བརྒྱུད་ཀྱི་རིགས་ཤིན་ཏུ་མང་བར་བྱོན་པ་རྣམས་རིན་ཆེན་གཏེར་མཛོད་འདིར་བཞུགས་པ་ལྟར་རོ། །བཞི་པ་ཟབ་མོ་དགོངས་པའི་གཏེར་ནི། དགུང་གྲངས་ཉེར་དགུ་ས་སྤྲེལ་ལོར་དབུས་སུ་ཕེབས་ལམ་བྱང་འབྲོག་དགེ་རྒྱལ་ནང་ཚེས་བཅུའི་ཚོགས་མཆོད་སྐབས་གུ་རུ་རིན་པོ་ཆེས་དངོས་ཞལ་བསྟན་ནས་བྱིན་གྱིས་བརླབས། བསམ་ཡས་སུ་ཉང་གཏེར་མཚོ་སྐྱེས་རྡོ་རྗེའི་སྐུ་ཚབ་མདུན་མཆོད་འབུལ་མཛད་སྐབས་སྐུ་དེ་མཚོ་སྐྱེས་རྡོ་རྗེ་དངོས་སུ་གྱུར་ནས་བྱིན་གྱིས་བརླབས་ཤིང་གདམས་པ་གནང་བ་ལ་བརྟེན། བླ་སྒྲུབ་སྐོར་གསུམ་གྱི་གསང་སྒྲུབ་མཚོ་སྐྱེས་སྙིང་ཐིག་གི་ཆོས་སྐོར་བྱོན་པ་དང་། དགུང་ལོ་སོ་ལྔ་པ་ཤིང་སྟག་རྒྱལ་ཟླ་བར་འཆི་མེད་ཡིད་བཞིན་འཁོར་ལོའི་བསྙེན་སྒྲུབ་མཛད་པས་འཕགས་མ་ཡི་གེ་བཅུ་པའི་སྒྲ་གདངས་ཅན་དངོས་སུ་ཞལ་གཟིགས་ནས་བྱིན་གྱིས་བརླབས། སླར་འཆི་མེད་གྲུབ་པའི་སློབ་དཔོན་རྣམ་གསུམ་གྱིས་ཀྱང་བྱིན་གྱིས་བརླབས་པ་ལ་བརྟེན་ནས་འཕགས་མའི་སྙིང་ཐིག་གི་ཆོས་སྐོར་བྱོན་ཅིང་། གྲུབ་ཐོབ་ཐུགས་ཏིག་སྐོར་སྔར་སྨྲོས་པ་སོགས་ཡིན་ལ། འདི་དག་ནི་རྒྱུད་དང་དབྱེར་མེད་པའི་རྡོ་རྗེའི་ཚིག་རྐང་སོ་སྐྱེའི་བློ་ལས་འདས་པ་དགོངས་གཏེར་གྱི་ཕུལ་དུ་གྱུར་པའོ། །ལྔ་པ་རྗེས་དྲན་ནི། བོད་དུ་བྱོན་སྐབས་གཙང་འུ་ཡུག་གི་མདོར་ཕེབས་པའི་ཚེ་སྔོན་ལྕེ་བཙུན་ཆེན་པོ་འོད་ལུས་སུ་གཤེགས་པའི་གནས་དུས་ཇི་ལྟ་བར་རྗེས་སུ་དྲན་ནས་གཏན་ལ་ཕབ་པ་ལྕེ་བཙུན་སྙིང་ཐིག་དང་། ལང་གྲོ་དཀོན་འབྱུང་གི་སྔོན་གནས་རྗེས་སུ་དྲན་པས་དྲན་པའི་ཚེ་སྒྲུབ་བཻ་རོའི་ཐུགས་ཐིག །སེང་གདོང་དཀར་མོའི་བཅུད་ལེན་སོགས་སྣང་བར་མཛད་དོ། །དྲུག་པ་དག་སྣང་ནི། གོང་སྨྲོས་འཆི་མེད་ཐུགས་ཏིག་གི་ཚེ་ཡུམ་ཙཎྜ་ལཱིའི་གདམས་སྐོར་དང་། མི་ཏྲའི་སྙིང་ཐིག་ཚེ་ལྷ་དཀར་དམར་སྐོར། ཀློང་ཆེན་སྙིང་ཐིག་གི་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་གྱི་ཡིག་ཆ། མཆོག་གླིང་བླ་སྒྲུབ་སྐུ་གསུམ་རིགས་འདུས་ཀྱིས་མཚོན་མང་དུ་བཞུགས་པར་གདོན་མི་ཟའང་དངོས་སུ་སྤེལ་བ་ནི་དེ་ཙམ་མོ། །བདུན་པ་སྙན་བརྒྱུད་ནི། རྫོང་ཤོད་བདེ་གཤེགས་འདུས་པའི་གནས་ཆེན་དུ་བཞུགས་པའི་སྐབས་དག་པའི་སྣང་བར་མཆོད་རྟེན་བདེ་བྱེད་བརྩེགས་པའི་དྲུང་དུ་ཕེབས། དེའི་ཕྱོགས་མཚམས་བརྒྱད་དབུས་དང་དགུར་གུ་རུ་མཚན་བརྒྱད། ཀུན་འདུས་གུ་རུ་རིན་པོ་ཆེ་བཅས་ཀྱི་སྐུའི་བཀོད་པར་བཞུགས་པ་རྣམས་ཀྱིས་སྒྲུབ་ཆེན་བཀའ་བརྒྱད། སྒྱུ་འཕྲུལ་ཞི་ཁྲོ་སོགས་ཀྱི་སྨིན་གྲོལ་སྙིང་པོ་སྙན་བརྒྱུད་དུ་བསྩལ་པ་གཏན་ལ་ཕབ་པ་རྣམས་ཏེ། དེ་དག་ནི་གསང་བའི་རྣམ་པར་ཐར་པའི་སྙིང་པོ་མདོ་ཙམ་སྨྲོས་པ་ཡིན་ནོ། །དེ་ལྟར་ངོ་མཚར་རྨད་དུ་བྱུང་བའི་མཛད་པ་རེ་ཞིག་མཐར་ཕྱིན་ནས་དགུང་གྲངས་དོན་གསུམ་བཞེས་པ་ཆུ་ཕོ་འབྲུག་གི་ལོ་དབོ་ཟླ་བའི་ཤེར་ཕྱོགས་དགའ་བ་གཉིས་པའི་ནངས་མོ་མེ་ཏོག་འཐོར་བ་དང་བཅས་ཤིས་བརྗོད་ཤིན་ཏུ་མང་པོ་གནང་རྗེས་མཉམ་པར་གཞག་བཞིན་པའི་ངང་ནས་གཟུགས་སྐུའི་བཀོད་པ་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲའི་དགོངས་དབྱིངས་སུ་བསྡུས་སོ།། ༈ ལོ་ཆེན་བཻ་རོ་དངོས་བྱོན་འཇམ་མགོན་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་ནི། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། གང་གི་ལག་ན་ཏིང་འཛིན་མཆོག་ཡོད་པ། །རྒྱལ་བ་བྱམས་པ་གྲགས་པ་མཐའ་ཡས་བཞིན། །སེམས་ཅན་རྣམས་ཀྱི་དོན་མང་བྱེད་འགྱུར་ཞེས། །བློ་གྲོས་མཐའ་ཡས་དེ་ནི་ངས་ལུང་བསྟན། །ཅེས་དང་། ལངྐར་གཤེགས་པ་ལས། དེ་ཡི་འོག་དུ་བྱས་དུས་ལ། །འདྲེན་པ་བློ་གྲོས་ཞེས་བྱ་བ། །ཤེས་བྱ་ལྔ་རྣམས་སྟོན་པ་པོ། །དཔའ་བོ་ཆེན་པོ་འབྱུང་བར་འགྱུར། །ཞེས་སོགས་སངས་རྒྱས་ཉིད་ཀྱིས་གསལ་བར་ལུང་བསྟན་པ་དང་། ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་ཀྱང་གཏེར་ཁ་གསར་རྙིང་དུ་མ་ནས་རྡོ་རྗེའི་ལུང་གིས་འཁྲུལ་མེད་གསལ་བར་བསྔགས་པ་ལྟར། སྟོན་པའི་ཉེ་གནས་ཀུན་དགའ་བོ། རྣམ་སྣང་སྤྲུལ་པའི་ལོ་ཆེན་བཻ་རོ་ཙ་ན། བཀའ་གཏེར་བསྟན་པའི་ཤིང་རྟ་སྨིན་གླིང་གཏེར་ཆེན། ཞེ་ཆེན་རི་ཁྲོད་པ་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་གྲུབ་ཆེན་ཤེས་རབ་ཡར་འཕེལ་སོགས་འཕགས་བོད་ཀྱི་མཁས་གྲུབ་ཤིང་རྟ་ཆེན་པོ་དུ་མའི་རོལ་པར་བཞེངས་ནས་རྒྱལ་བསྟན་སྤེལ་བར་མཛད་པ་ལས། སྤྲུལ་པའི་སྒྱུ་འཕྲུལ་འདི་ཉིད་ཉེ་བར་བསྟན་པའི་ཡུལ་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་གི་པདྨ་ལྷ་རྩེའི་མདུན་རོལ་རོང་རྒྱབ་སྦས་པའི་ལྗོངས་སུ། ཡབ་ཁྱུང་རྒྱལ་གྲུབ་རིགས་བསྟན་འཛིན་གཡུང་དྲུང་དང་ཡུམ་རྣལ་འབྱོར་མ་བཀྲ་ཤིས་མཚོའི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཆུ་བྱ་སྨིན་དྲུག་ཟླ་བའི་ཚེས་བཅུའི་ཉི་ཤར་ལ་སྐུ་བལྟམས། ཕལ་པའི་ཡུལ་ལས་འདས་པའི་ངོ་མཚར་དང་ལྡན་ཅིང་མཆོག་གཟིགས་དམ་པ་མང་པོས་བསྟན་འཛིན་སྐྱེས་ཆེན་དུ་ལུང་བསྟན། གཞོན་ནུའི་རོལ་རྩེད་ཐམས་ཅད་དབང་སྐུར་ཆོས་འཆད་ཛཔ྄་བཟླས་ཀྱི་ཚུལ་བཟང་ཁོ་ནར་སྟོན། དགུང་ལོ་ལྔ་པ་ནས་ཡི་གེའི་ཕྱི་མོ་སོགས་གསན་བསམ་བརྡ་བསྟན་པ་ཙམ་གྱིས་ཐུགས་སུ་ཆུབ། ཨོ་རྒྱན་རིན་པོ་ཆེ་ལ་མི་ཕྱེད་པའི་ཐུགས་འདུན་རྩོལ་མེད་དུ་འཁྲུངས། དངོས་ཉམས་མནལ་ལྟས་སོགས་ལ་དག་པའི་སྣང་བ་འབའ་ཞིག་དང་། དགུང་ལོ་བཅུ་སྐོར་ནས་སྔོན་སྦྱངས་ཀྱི་བག་ཆགས་སད་དེ་དམ་པའི་ཆོས་ལ་འཇུག་པའི་ཐུགས་དམ་བརྟན་ཅིང་བཟོ་དང་གསོ་རིག་སོགས་གཟིགས་པ་ཙམ་གྱིས་མཁྱེན། ཐུགས་རྒྱུད་དྲང་ཞིང་འཇམ་ལ་དམ་བཅས་པ་ལས་མི་འདའ་བ་དང་མཁྱེན་རྩལ་ཕྱོགས་མེད་དུ་རྒྱས་པ་སོགས་སྐྱེས་བུ་དམ་པའི་ཡོན་ཏན་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་གསལ་བར་བསྟན། མཐུན་རྐྱེན་མ་འབད་པར་བསོད་ནམས་ཆེན་པོའི་མཐུ་ཚོགས་ཏེ། དགུང་ལོ་བཅུ་དྲུག་པར་གནས་ལྔ་རིག་པའི་པཎྜི་ཏ་ཟེ་ཆེན་དབོན་སྤྲུལ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་རིགས་བདག་ཏུ་བསྙེན། ཐ་སྙད་རིག་གནས་དང་། གྲུབ་མཐའ་རྒྱ་མཚོའི་རྣམ་གཞག །རྡོ་རྗེ་ཐེག་པའི་མན་ངག །བཀའ་འགྱུར་རིན་པོ་ཆེ། རྙིང་རྒྱུད། བཀའ་བརྒྱད། དགོངས་འདུས། ཀུན་མཁྱེན་ཆེན་པོ་དང་སྨིན་གླིང་ཡབ་སྲས་ཀྱི་བཀའ་འབུམ་སོགས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་མཐའ་ཡས་པས་ཐུགས་རྒྱུད་གཏམས་པར་མཛད། གཞན་ཡང་མཁས་གྲུབ་ཡོངས་འཛིན་དུ་མ་ལས་ཐུན་མོང་གི་རིག་པའི་གནས་བཅུ་ཕྲག་བརྒལ་བ། ཐུན་མིན་ནང་རིག་པ་དབུ་ཕར་འདུལ་མཛོད་བྱམས་ཆོས་གཙོ་བོར་གྱུར་པའི་མཚན་ཉིད་ཐེག་པའི་བཀའ་དང་དགོངས་འགྲེལ་མང་པོ། ཤིན་ཏུ་ཐུན་མིན་བཀའ་གཏེར་གསར་རྙིང་གི་རྒྱུད་སྡེ་ཆེན་པོ་ཇི་སྙེད་པ་བཅས་གསན་ཏེ། གཞན་དྲིང་མི་འཇོག་པའི་མཁྱེན་པ་ནམ་མཁའི་ཀློང་ལྟ་བུར་གྱུར་པས་སརྦ་ཛྙཱ་ན་མ་ཧཱ་པཎྜི་ཏ་ཞེས་མཚན་སྙན་གྲགས་པ་དོན་ལྡན་གྱི་གོ་འཕང་མཐོན་པོ་བརྙེས། བྱམས་མགོན་ཏཱའི་སི་ཏུ་པདྨ་ཉིན་བྱེད་དབང་པོའི་ཞབས་སེན་རིགས་ཀྱི་ཅོད་པན་དུ་བཞེས་ནས། སྡོམ་པ་གསུམ་གྱི་བདུད་རྩིས་མཚོན་མཐར་ཐུག་ངེས་གསང་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་མཛད་དེ་སྙིང་པོ་དོན་གྱི་བརྒྱུད་པའི་རྒྱལ་ཐབས་ལ་དབང་བསྒྱུར། ཁྱད་པར་འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་པོ་གཙོ་བོར་གྱུར་པའི་རིས་མེད་ཀྱི་བཤེས་གཉེན་བཅུ་ཕྲག་ལྔ་ལྷག་གི་དྲུང་ནས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ལམ་སྲོལ་གངས་ཅན་ལྗོངས་སུ་མཆིས་སོ་འཚལ་གྱི་སྨིན་གྲོལ་གདམས་པའི་ཟབ་བཅུད་མཐའ་དག་རྫོགས་པར་གསན། དེ་ཐམས་ཅད་ཀྱང་གསན་ལོ་ཙམ་དུ་མ་མཛད་པར་རེ་རེ་བཞིན་ཐུགས་ཉམས་སུ་བཞེས་ནས་ལམ་རྟགས་ཀྱི་ཡོན་ཏན་གཞུང་ནས་བཤད་པ་བཞིན་མ་གྲུབ་ཀྱི་བར་ཐུགས་བརྩོན་དྲག་པོས་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་དངོས་གྲུབ་རྣམ་གཉིས་ཉམས་འོག་ཏུ་ཆུད། བཀའ་དང་བསྟན་བཅོས་རྒྱུད་ལུང་མན་ངག་གི་གཞུང་བཤད་ཞལ་ཤེས་ལས་ཚོགས་ཕྱག་ལེན་ཕྲ་ཞིབ་དང་བཅས་པ་ཐུགས་ཀྱི་བུམ་པར་བསྐྱིལ་ནས། གསན་བསམ་སྒོམ་པའི་ཕྱག་རྗེས་རྨད་དུ་བྱུང་བའི་བསྟན་བཅོས་ཀྱང་། ཐུན་མོང་རིག་པའི་གནས་ཀྱི་ལམ་ནས་བཟུང་ཐུན་མིན་ཐེག་དགུའི་མཐར་ཐུག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ་ཐུག་གི་བར་མདོ་སྔགས་ཀྱི་ལུས་ཡོངས་སུ་རྫོགས་པ་ལེགས་པར་སྟོན་པ་ཤེས་བྱ་ཀུན་ལ་ཁྱབ་པའི་མཛོད། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་རྩ་བའི་སྙིང་པོ་རྣམས་དང་སྨིན་གྲོལ་བཅུད་ཀྱི་ཡང་ཟབ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་གདམས་ངག་རིན་པོ་ཆེའི་མཛོད། རྡོ་རྗེ་ཐེག་པ་སྔ་འགྱུར་བཀའ་མ་ཡང་ཕུར་གཤིན་གསུམ་སོགས་དང་། གསར་འགྱུར་མར་རྔོག་རྒྱུད་སྡེའི་སྐོར་གྱི་སྒྲུབ་དཀྱིལ་སྨིན་གྲོལ་ཕྱོགས་གཅིག་ཏུ་བསྡུས་པ་བཀའ་བརྒྱུད་སྔགས་ཀྱི་མཛོད། སྔ་འགྱུར་བརྒྱུད་པ་དྲུག་ལྡན་ཟབ་གཏེར་རྒྱ་མཚོའི་ཡང་ཞུན་བཅུད་དུ་དྲིལ་བ་རིན་ཆེན་གཏེར་གྱི་མཛོད། འོག་ཏུ་སྨྲོས་འགྱུར་བཞིན་ཤོག་སེར་དམ་རྫས་སོགས་ཟབ་གཏེར་གསང་བའི་ཁྱད་ནོར་ཐུན་མོང་མ་ཡིན་པའི་མཛོད་དང་། དེའི་རྗེས་འབྲེལ་གསུང་རྩོམ་ཐོར་བུའི་རིགས་ཕྱོགས་བསྡུས་རྒྱ་ཆེན་བཀའ་མཛོད་དེ། དེ་ལྟར་མཛོད་ཆེན་རྣམ་པ་ལྔའི་ཤིང་རྟ་འཛམ་བུའི་གླིང་ན་སྔར་མེད་གསར་དུ་དྲངས་པའང་ཕྱོགས་རེའི་ཐོས་བསམ་གོ་བ་རགས་རིམ་རྙེད་པས་འབྲི་འདོད་རྩོམ་འདོད་ཀྱི་རྩོོལ་བས་གྲགས་སྐམ་ཀྱི་ཡིག་སྣ་འགའ་ཞིག་བྲིས་པ་ལ་བཀའ་འབུམ་དུ་བཏགས་པ་ཙམ་མ་ཡིན་པར། བསྟན་པ་རིས་མེད་པའི་རྒྱུན་ལ་འཆི་ཁ་མའི་སྲོག་མཐུད་པ་ལྟ་བུར་གྱུར་པ་ངོ་མཚར་གསུང་རབ་གླེགས་བམ་དགུ་བཅུར་ལོངས་པའི་རྣམ་ཐར་ལ་གཞིག་ན་སྐུ་ཚེ་དེ་ཉིད་དུ་རྩོམ་པ་རྐྱང་པ་མཛད་པ་ལྟ་བུ། མདོ་སྔགས་བཀའ་གཏེར་གསར་རྙིང་རིས་སུ་མ་ཆད་པའི་དབང་ཁྲིད་མན་ངག་བཀླག་ལུང་སོགས་ཀྱི་འཆད་སྤེལ་ལ་བསམ་ན་སྐུ་ཚེ་ཁོ་ནར་འཆད་སྤེལ་ཤ་སྟག་མཛད་པ་ལྟ་བུ། སྔོན་འགྲོ་གསག་སྦྱོང་གི་རྣལ་འབྱོར་ནས་བརྩམ་དཀྱིལ་འཁོར་རབ་འབྱམས་བསམ་གྱིས་མི་ཁྱབ་པའི་བསྐྱེད་རྫོགས་ཟབ་མོའི་ཉམས་བཞེས་མཛད་ཚུལ་ལ་བརྟགས་ན་སྐུ་ཚེའི་རིང་སྒོམ་ཁང་འདག་སྦྱར་གྱིས་བཞུགས་པ་ལྟ་བུ། ཙ་འདྲ་རིན་ཆེན་བྲག་དང་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་སུ་དགོན་སྡེ་གསར་སྤེལ་དང་རྟེན་རྙིང་མང་པོའི་ཉམས་གསོ། སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་གསར་བཞེངས། ཚོམ་བུ་ཚོགས་ཀྱི་སྒྲུབ་ཆེན་བརྒྱ་ཕྲག་ཕྱེད་གཉིས་ལྷག་བརྒལ་བ། དཀོན་མཆོག་གི་མཆོད་འབུལ། དགེ་འདུན་ལ་བསྙེན་བཀུར་སོགས་མདོར་ན་ཆོས་སྤྱོད་རྣམ་པ་བཅུའི་ཕྱག་རྗེས་ལ་གཞལ་ན་སྐུ་ཚེ་དེ་ཉིད་ལ་བྱ་བ་ལས་ཀྱི་འཁོར་ལོར་བརྩོན་ནས་བཞུགས་པ་ལྟ་བུ་སྟེ། ངེས་པར་འཕགས་པའི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་ཞིག་གོ། ལྷག་པར་ཟབ་གཏེར་གྱི་བཀའ་བབས་ཚུལ་ནི། རྗེ་ཉིད་དགུང་ལོ་བཅོ་ལྔ་པར་དག་པའི་སྣང་བར་གུ་རུ་རིན་པོ་ཆེ་དང་མཇལ་ཏེ་བྱིན་རླབས་བསྩལ་པ་ལ་བརྟེན་ཟབ་མོ་དག་སྣང་གི་ཆོས་སྡེ་དུ་མ་དང་། ས་གཏེར་གྱི་བཀའ་བབས་ལན་གྲངས་དུ་མར་བྱུང་ཡང་བཏང་སྙོམས་སུ་འཇོག་པར་མཛད། བར་སྐབས་རྟེན་འབྲེལ་གྱི་བབས་འཕྱུགས་པའི་རྐྱེན་ལས་ནང་དུ་མཁའ་འགྲོ་འཁྲུགས་པའི་ལྟས་དང་། ཕྱི་སྣང་དུའང་སྐུ་ཤིན་ཏུ་ལྟེམས་པ་ཞིག་བྱུང་བའི་སྐབས་ཤིག་དངོས་དང་མནལ་ལམ་མི་ཕྱེད་པར་སྐུ་འཕོས་ཏེ་གུ་རུ་ཡབ་ཡུམ་དང་མཇལ་ནས་ཞུ་ལན་དུ་མའི་མཐར། སླར་ཡང་སྐྱེ་སྲིད་བཟུང་དགོས་པའི་བསླབ་བྱ་བསྩལ་པ་བཞིན་རང་མལ་དུ་ཞུགས་པའི་ཐུགས་ཉམས་ཤར། མནལ་ལྟས་དང་རྗེ་མཁྱེན་བརྩེའི་དབང་པོའི་བཀས་བསྐུལ་ནས་བཀའ་དྲིན་ལྷ་མོའི་གསོལ་ཁ་གཏན་ལ་ཕབ་པ་ན། སྤྲིན་མེད་ཀྱི་ནམ་མཁར་འཇའ་ཚོན་གྱི་གུར་ཁྱིམ་ཟླུམ་པོ་ཤིན་ཏུ་འཚེར་བ་ཤར་ཞིང་སྐུ་ཁམས་ཀྱང་དྭངས། བླ་མ་དགོངས་འདུས་ཀྱི་བསྙེན་སྒྲུབ་མཛད་སྐབས་མནལ་ལམ་དུ་གུ་རུ་རིན་པོ་ཆེ་མཇལ་ནས་དབང་བཞི་སྔགས་ཚིག་དང་བཅས་པའི་བྱིན་རླབས་བསྩལ་ཞིང་། འདི་ལོའི་ཚེ་ཀེག་སེལ་བ་ཡིན། ཕྱིན་ཆད་ལོ་ཤས་མཚམས་ནས་ངེད་རང་དངོས་དང་འཕྲད་འོང་བས་ཞལ་གདམས་བསླབ་བྱ་རིམ་པར་འབྱུང་གསུངས་པའི་དགོངས་དོན། དགུང་ལོ་བཞི་བཅུར་སོན་སྐབས་གཏེར་ཆེན་མཆོག་གྱུར་གླིང་པ་ཐོག་མར་མཇལ་བ་ཙམ་ནས་ཐུགས་ཡིད་གཅིག་ཏུ་འདྲེས་ཤིང་། ཁྱད་པར་གྱི་ལུང་བྱང་བསྩལ་བ་རྣམས་ཀྱང་ཕྱག་བཞེས་སུ་བསྟར། ལྷག་པར་རྫོང་ཤོད་བདེ་གཤེགས་འདུས་པའི་གནས་ཞལ་འབྱེད་པར་གནང་བའི་སྐབས། ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེ་དང་གཏེར་ཆེན་མཆོག་གླིང་ལྷན་རྒྱས་ནས། ཙིཏྟ་གསང་ཕུག་ཏུ་ཆོས་ཁྲི་མཐོན་པོ་ལ་རྗེ་ཉིད་བཞུགས་སུ་གསོལ་ཞིང་། རྟེན་འབྲེལ་གྱི་འབུལ་ཆེན་དང་འབྲེལ་ཨོ་རྒྱན་དུས་གསུམ་མཁྱེན་པས་གསོལ་བའི་མཚན། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པའོ། །ཞེས་པས་མངའ་གསོལ་ཞིང་དྲིལ་ཆེན་བསྒྲགས། སླད་ནས་ཟབ་གཏེར་གྱི་རྟེན་འབྲེལ་ཉམས་པ་སོར་ཆུད་དགོས་པའི་ཞུ་ནན་བརྟན་བཞུགས་དང་འབྲེལ་བར་འབུལ་གནང་མཛད་པས་རྟེན་འབྲེལ་གྱི་སྒོ་འཕར་ཡངས་པོར་ཕྱེས་ཏེ། རིམ་པར་རྗེ་མཁྱེན་བརྩེའི་བཀའ་ལུང་བཞིན་ལྷ་མདོ་འབུར་མོ་བྲག་གི་ཁ་བྱང་ཕྱག་ཏུ་ཕེབས་ཤིང་རྗེ་ཉིད་ལའང་གསལ་སྣང་ཁྱད་པར་བ་འཁྲུངས། དགུང་ལོ་ང་བརྒྱད་པར་ལྷ་མདོ་འབུར་མོ་བདེ་ཆེན་པདྨ་བཀོད་ནས་རྩ་གསུམ་དགོངས་པ་འདུས་པའི་ཆོས་སྡེ། སྐུ་མཆོག་བདེ་ཆེན་ཕུག་ནས་རྩ་གསུམ་དགོངས་འདུས་ཀྱི་རྒྱབ་ཆོས་ཤོག་སེར་དང་ཧཱུྃ་ཀ་རའི་གསང་གོས་སོགས། པདྨ་ལྷ་རྩེའི་དབུས་རི་རྗེ་བཙུན་ཕུག་ནས་གུ་རུའི་སྐུ་ཚབ་བཀྲ་ཤིས་དཔལ་འབར་དང་། མཱ་ར་ཏི་ཀར་གུ་རུའི་ཕྱག་སྒྲིལ་ཚེ་རིལ། མཁན་ཆེན་ཞི་འཚོའི་སྐུ་ཆོས། ཆོས་རྒྱལ་ཁྲི་ལྡེའི་སྐུ་རགས་སོགས། རྨ་རོང་གྲུ་གུ་བཀྲ་ཤིས་གཏེར་རྫོང་ནས་རྩ་གསུམ་དགོངས་འདུས་མཁའ་འགྲོའི་རྒྱབ་ཆོས་དང་། ཚེ་ཡུམ་ཙཎྜ་ལཱིའི་སྒྲུབ་སྐོར་སོགས། རོང་ཁ་ཤེལ་བྲག་འོད་རྫོང་ནས་ཚེ་དཔག་མེད་དང་རྟ་མགྲིན་སྒྲུབ་སྐོར་གྱི་ཤོག་སེར། མནྡཱ་རཿབའི་ཚེ་རིལ་སོགས། གཙང་རོག་བཀྲ་ཤིས་བརྩེགས་རྫོང་ནས་ཉེ་སྲས་བརྒྱད་ཀྱི་དམ་རྫས་དང་སྒྲུབ་ཐབས་ཤོག་སེར། ཙ་འདྲ་རིན་ཆེན་བྲག་གི་མཚོ་རྒྱལ་གསང་ཕུག་ནས་གསང་ཐིག་ཡབ་བཀའ་ཡུམ་བཀའི་སྒྲུབ་སྐོར་ཤོག་སེར། འཆི་མེད་རིག་འཛིན་བཅུ་གསུམ་གྱི་ཚེ་རིལ་སོགས་གཏེར་ཁ་རེ་རེའི་སྡེབ་ཏུའང་ཁྱད་འཕགས་དམ་རྫས་རྣམ་གྲངས་བརྗོད་ཀྱིས་མི་ལང་ཞིང་། གཞན་ཡང་རྗེ་ཉིད་ཀྱི་དབང་སྐལ་དུ་གྱུར་ཀྱང་གནས་དུས་ཀྱིས་ཕྱག་ཏུ་མ་སོན་པ་འགའ་ཞིག་རྗེ་མཁྱེན་བརྩེ་རིན་པོ་ཆེས་གཏེར་སྲུང་ལ་དམ་བསྒྲག་གནང་བའི་མཐུས་གཏེར་སྟོན་ལས་རབ་གླིང་པ་མངགས་གཞུག་མཛད་དེ་བཏོན་པ་དང་། འགའ་ཞིག་གཏེར་ཆེན་མཆོག་གྱུར་གླིང་པས་སྤྱན་དྲངས་ཏེ་རྗེ་ཉིད་ཀྱི་ཕྱག་ཏུ་ཕེབས། དེ་དག་ལའང་ཐོག་མར་ལུང་བྱང་བཞིན་སྣ་སེལ་རིགས་རྣམས་འཇམ་མགོན་རྣམ་གཉིས་ཞལ་རྒྱས་པས་མཛད། ཟབ་གཏེར་ཕྱག་ཏུ་སོན་པ་ཐམས་ཅད་རྗེ་མཁྱེན་བརྩེའི་དབང་པོའི་གཟིགས་ལམ་དུ་འབེབ་པ་གནང་། རྗེ་ཉིད་ནས་ཀྱང་མངའ་དབུལ་ཚོགས་མཆོད་དང་དངོས་འབུལ་མཎྜལ་སྔ་རྗེས་དུ་མ་བསྟར་བར་མཛད་ཅིང་། ཁྱད་པར་རྩ་གསུམ་དགོངས་འདུས་ཀྱི་ཆོས་གཏེར་ཆེན་མོ་སྤྱན་འདྲེན་པར་མཛད་པ་ན་ལེགས་སྐྱེས་རྒྱ་ཆེར་སྤྲོ་བ་དང་ཆབས་ཅིག །སྔོན་མཆོག་གྱུར་གླིང་པས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆོས་གཏེར་ཕྱུང་ཡང་ཤོག་སེར་གཏན་ནས་འབེབ་མ་ཐུབ་པར་ཁོང་གིས་གཏན་ལ་འབེབ་གྲོགས་མཛད་པས་གོ་ཆོད་པར་བྱུང་སོང་ཞིང་། ད་རེས་ཀྱི་རྩ་གསུམ་དགོངས་འདུས་མཛོད་ཆེན་རྣམ་ལྔ་ཡོངས་འདུས་ཀྱི་ཆོས་སྡེ་རྣམས་གཏན་ལ་འབེབ་པའི་གྲོགས་དན་མཛད་པར་ཞལ་གྱིས་བཞེས། དེ་ནས་རིམ་བཞིན་གཟིགས་སྣང་དུ་སྔགས་སྲུང་མས་བརྡ་འགྲོལ་ལན་གཉིས་དང་བཀའ་རྒྱ་སྡོམ་འགྲོལ་གྱི་དུས་སོགས་གསལ་བར་བྱུང་འདུག་ཅིང་། ཁྱད་པར་ཚེས་ཉེར་དགུའི་ནུབ་རྗེ་མཁྱེན་བརྩེ་རིན་པོ་ཆེའི་དག་པའི་གཟིགས་ངོར་འཇམ་མགོན་བླ་མ་ཉིད་གྲུབ་པའི་རིག་འཛིན་ཧཱུྃ་ཀ་རའི་རྣམ་པར་བཞེངས་ནས། རྩ་གསུམ་དགོངས་འདུས་ཀྱི་དབང་ཁྲིད་མན་ངག་བཅས་གནང་བའི་གསལ་སྣང་འཁྲུངས་པའི་རྐྱེན་གྱིས་ཤོག་སེར་གྱི་དོན་ཚང་མ་ཐུགས་ལ་གསལ་བར་ཤར་འདུག་གསུངས་ཏེ། འཇམ་མགོན་རྣམ་གཉིས་ཞལ་རྒྱས་པས་རྩ་གསུམ་དགོངས་འདུས་ལས་བླ་མ་རིག་འཛིན་མཆོག་སྒྲུབ་ཀྱི་ཆོས་སྡེའི་ཐོ་བཀོད་ཀྱང་གནང་། འདི་ལ་མཁའ་འགྲོའི་བརྡ་བསྒྱུར་ཆེན་མོའི་དབང་དུ་བྱས་ན་སངས་གླིང་བླ་མ་དགོངས་འདུས་ཙམ་ཞིག་འབྱུང་བར་སྣང་ཡང་བརྡ་བསྒྱུར་འབྲིང་པོའི་དབང་དུ་མཛད་ན་རྒྱས་བསྡུས་འཚམ་པས་ལེགས་གསུངས་ནས། ཆོས་ཚན་དྲུག་ཙམ་གཏན་ལ་ཕབ། འཕྲོས་མི་ཆེན་འགའ་ཞིག་གི་འགྲུལ་རྐྱེན་གྱིས་རྗེ་མཁྱེན་བརྩེའི་དབང་པོ་སྐུ་ཁམས་རྙོགས་ནས་འཕྲོས་རིམ་ལུས་ཀྱིས་དུས་ཚོད་ཡོལ་བ་སྤྱི་མཐུན་བསོད་ནམས་དམན་པའི་སྐྱོན་དུ་སྣང་། དེ་སྐབས་འཇམ་མགོན་རྗེའི་ཐུགས་ཐོག་ནས་ཀྱང་སྔ་མ་ཕབ་རིམ་བཞིན་ཕྱི་མ་རྩོལ་མེད་དུ་ཆུ་བོའི་རྒྱུན་བཞིན་འཆར་བ་དང་། ཌཱ་ཀིའི་འདུ་བ་སོགས་ཁྱད་པར་ཅན་གྱི་ལྟས་མང་། སྐབས་ཤིག་གི་ཐོ་རངས་ཐུགས་ཉམས་ཀྱི་སྣང་བ་གསལ་བ་ཞིག་ལ་བཀོད་པ་ཕུན་སུམ་ཚོགས་པའི་ལྷ་ཁང་ཞིག་ཏུ་ངོ་བོ་གུ་རུ་རིན་པོ་ཆེ་ཡིན་སྙམ་པ་ལ་རྣམ་པ་རྗེ་མཁྱེན་བརྩེ་རིན་པོ་ཆེ་ཉིད་སྣང་སྟོང་འོད་ཀྱི་སྐུ་ཅན་རྣམ་འགྱུར་མ་ངེས་པ་ཞིག་ཏུ་བཞུགས་པ་ལ་གུས་འདུད་མཛད་པས། རིག་འཛིན་རྒྱུན་གྱི་རྣལ་འབྱོར་ལྟར་སྐྱབས་སེམས་ཡན་ལག་བདུན་པ་རྣམས་རྗེས་ཟློས། ལྷ་བསྐྱེད་བྱིན་འབེབ་བཅས་མཛད། བུམ་པ་ཞིག་བླངས་ནས་དབུ་གཙུག་ཏུ་བཞག །གསང་དབང་ཡུམ་དང་སྦྱོར་བའི་བྱང་སེམས་དང་། ཤེར་དབང་ལ་རིག་མ་གཏད། ཐུགས་ཀ་ནས་ཤེལ་རྡོ་ཞིག་ཕྱུང་པ་བསྟན་ཏེ་ཆོས་ཐམས་ཅད་ཀ་དག་གཏིང་གསལ་ཤེལ་སྒོང་ལྟ་བུ། ལྷུན་གྲུབ་ཀྱི་གདངས་རྩལ་ཅིར་ཡང་འཆར་བ་ཤེལ་འོད་ཀྱི་གདངས་ཕྱིར་གསལ་བ་ལྟ་བུའོ། །ཞེས་ངོ་སྤྲད་ནས་སྐུ་མི་སྣང་བར་གྱུར། ཡང་ལས་ཀྱི་ཧེ་རུ་ཀའི་སྐུར་སྣང་བས་བཀའ་གཏེར་སྲུང་མ་རྣམས་སྐད་ཅིག་གིས་བཀུག་ནས་དངོས་སུ་ལང་ལོང་ཡོད་པ་ལྟ་བུ་ལ་བཀའ་བསྒོས་ནས་བཀའ་གཏད་དང་། རྗེས་གནང་གདམས་གཏད་ཀྱི་རྣམ་པ་བསྩལ་པའི་མཐར་ལུང་བྱང་ལྟ་བུའི་ཚིགས་བཅད་མང་ཞིག་གསན་མཐར་ཐུགས་ཉམས་སད། ཚོགས་འཁོར་གྱི་རྡོ་རྗེའི་གླུའི་སྐབས་བདེ་དྲོད་བཙན་ཐབས་སུ་འཁྲུངས་ཤིང་ཐུགས་ཉམས་འུར་བ་སོགས་བྱིན་རླབས་ཀྱི་བབས་ཆེ་བའི་རྟགས་ཀྱང་བྱུང་། གསང་ཐིག་ཡབ་ཡུམ་གྱི་ཤོག་སེར་ཡང་རྗེ་མཁྱེན་བརྩེ་རིན་པོ་ཆེ་ནས་འབེབ་པར་མཛད། ལམ་ཟབ་ལེའུ་བདུན་མ་འཇམ་མགོན་ཉིད་ཀྱིས་གཏན་ལ་འབེབ་པར་གནང་ཤིང་། གུ་རུ་པདྨ་སཾ་བྷའི་ཆས་ཅན་མཚན་པདྨ་རིག་འཛིན་ཞེས་པས་བཀླག་ལུང་ལན་གསུམ་མཛད་པའི་དག་སྣང་འཁྲུངས། ཟླ་གམ་དབང་ཕུག་ནས་ཚིག་བདུན་སྒྲུབ་ཐབས་ཀྱི་ཆོས་སྐོར་དག་སྣང་སྙན་བརྒྱུད་དུ་བྱུང་བའི་རྒྱུ་མཚན་རྗེ་བླ་མར་སྙན་སྒྲོན་མཛད་པས། མི་ཟད་རྒྱན་འཁོར་ལྔ་མཚོན་པའི་རྟེན་དང་འབྲི་གཞི་བཅས་ཕུལ་ནས་འབེབ་པའི་བསྐུལ་མ་གནང་བ་ལྟར་ཕལ་ཆེར་གཏན་ལ་ཕབ་གྲུབ་ནས་རྗེ་རྣམ་གཉིས་ལྷན་རྒྱས་ཀྱིས་སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེའི་ཚོགས་འཁོར་མཛད་པས། རྗེ་མཁྱེན་བརྩེ་རིན་པོ་ཆེར་གཟིགས་སྣང་ཁྱད་པར་ཅན་ཤར། རོང་མེ་དཀར་མོ་སྟག་ཚང་དུ་གྲོ་ལོད་སྒྲུབ་ཐབས་གཏན་ལ་ཕབ་ནས་ཚོགས་མཆོད་རྗེ་རྣམ་གཉིས་ལྷན་རྒྱས་ནས་མཛད་སྐབས། རྗེ་མཁྱེན་བརྩེའི་གཟིགས་སྣང་དུ་སྡིག་པ་རྭ་ཙ་ཆེན་པོ་དཀར་ནག་གཉིས་བྱུང་བས་འདི་ཤིན་ཏུ་གཉན་པའི་ལྟས་སུ་འདུག་གསུངས། ཙ་འདྲ་རིན་ཆེན་བྲག་དང་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་གཉིས་གནས་ཆེན་ཡིན་པའི་གསལ་སྣང་འཁྲུངས་པ་བཞིན། ཕྱིས་མཆོག་གླིང་ལ་གནས་ཡིག་དང་གནས་སྒོ་འབྱེད་པར་བསྐུལ་མ་གནང་བས་གནས་ཆེན་ཉེར་ལྔའི་མདོ་བྱང་དཔའ་བྲག་ནས་བཞེས་པའི་རྐྱེན་དང་གནས་སྒོ་འབྱེད་པ་སོགས་ཀྱང་བྱུང་། ཨ་ལོའི་དཔལ་དེའུ། ཙ་འདྲའི་གནས་ལག་དཔེ་ཝར་གནས་ཆེན་རྣམས་ཀྱང་རྗེ་མཁྱེན་བརྩེའི་བཀའ་ལྟར་འཇམ་མགོན་མཆོག་གི་ཞལ་སྔ་ནས་གནས་ཀྱི་བཞུགས་ཚུལ་ཀུན་ལ་མཚོན་པར་མཛད། ཆོས་ཚན་གཏན་ལ་ཕབ་གྲུབ་པ་རྣམས་ཀྱི་དབང་ལུང་ཀཿདཔལ། ཞེ་རྫོགས། ས་དགེ། འབྲི་སྟག །ཀརྨ་ཀཾ་ཚང་བཅས་པའི་སྐྱེས་མཆོག་རྣམས་ཀྱིས་དབུས་ལས་ལྡན་ཡོངས་ལ་ཐང་མར་བརྡལ་བའི་བཀའ་དྲིན་དང་། དམ་རྫས་རྣམས་ཀྱི་འགྲོ་དོན་དངོས་དང་བརྒྱུད་ནས་ཕྱོགས་མཐར་སྤེལ་བའི་ཕྲིན་ལས་འབྲེལ་ཚད་དོན་ལྡན་གྱི་སྒོ་འཕར་ཡངས་པོར་ཕྱེས། དབང་དང་སྒྲུབ་ཆེན་ཚོགས་འཁོར་སོགས་ཀྱི་སྐབས་སུ་བདུད་རྩི་ཁོལ་ཞིང་རཀྟ་ལུད་པ། སྨན་གྱི་དྲི་ངད་རིང་པོ་ནས་ཚོར་བ། འཇའ་སྤྲིན་གྱི་གུར་དང་མེ་ཏོག་གི་ཆར་བབས་པ་སོགས་ཡ་མཚན་པའི་ལྟས་སྣ་ཚོགས་སྐྱེ་བོ་ཀུན་གྱི་མཐུན་སྣང་དུ་གྲུབ་པ་དང་། གཞན་ཡང་ཁང་ཁྱིམ་ལ་ཟང་ཐལ་དུ་ཕེབས་པ། རྡོ་ལ་ཕྱག་ཞབས་ཀྱི་རྗེས་བྱོན་པ་སོགས་སྣང་བ་ལ་བདེན་འཛིན་མེད་པས་འཁྲུལ་པ་ཞིག་པའི་ངང་ཚུལ་ཅན་དུ་བཞུགས་པ་དང་། ཁྱད་པར་ཟབ་གཏེར་གྱི་ལུང་བྱང་དུ་སྐུ་ཚེ་ཐུང་ངུ་ཞིག་ལས་མེད་པར་གསལ་ཡང་རྡོ་རྗེའི་རྣལ་འབྱོར་དང་རྩ་རླུང་གི་ནུས་པས་སྐུ་ཚེ་ཕྱིར་བསྲིངས་ཏེ། དགུང་གྲངས་བརྒྱད་ཅུ་གྱ་བདུན་གྱི་སྟེང་དུ་སོན་ཀྱང་སྐུ་གཞོན་ཤ་ཆགས་ཤིང་སྤྱན་སླར་གསལ་བ་སོགས་གྲུབ་རྟགས་ནང་གི་ཆེ་བ་མངོན་སུམ་ཚད་མའོ། །ཚུལ་དེ་ལྟ་བུས་དངོས་ཀྱི་མཛད་པ་རེ་ཞིག་མཐར་ཕྱིན་ཏེ་དགུང་གྲངས་གྱ་བདུན་པ་ས་ཕག་མགོ་ཟླའི་ཤེར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་ངོ་མཚར་བའི་ཆོ་འཕྲུལ་དུ་མ་དང་བཅས་སྐུའི་བཀོད་པ་ནུབ་ཕྱོགས་ཤཱནྟ་པུ་རིའི་གྲོང་ཁྱེར་དུ་དཔའ་བོ་ཐོད་པའི་དུམ་བུ་རྩལ་གྱི་ཐུགས་དབྱིངས་སུ་བསྡུས་སོ། །དེ་ལྟར་ན་བདག་ཉིད་ཆེན་པོ་འདིའི་གསུང་དང་ཐུགས་ལས་བྱོན་པའི་སྲས་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པར་བཞུགས་པ་ལས། གཙོ་བོར་འཇིགས་བྲལ་གྱི་སློབ་དཔོན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནི་ཕན་ཚུན་གཉིས་ཀ་བླ་མ་སློབ་མ་གཉིས་ལྡན་གྱི་ཚུལ་དུ་བཞུག་པས། དུས་དེང་སང་གི་བར་དུ་འཇམ་མགོན་མཁྱེན་ཀོང་རྣམ་གཉིས་ཞེས་སྙན་པའི་སྒྲ་དབྱངས་བོད་ཁམས་ཡུལ་གྲུ་ཀུན་ན་མཁས་པ་པཎྜི་ཏ་ནས་བླུན་པོ་བ་ལང་རྫི་ཡན་ཆད་ལ་རླུང་ལྟར་གྲགས་པ་འདི་བཞིན་དང་། གཞན་དུ་བསྟན་པ་ཡོངས་རྫོགས་གཏད་ཅིང་དོན་གྱི་རྒྱལ་ཚབ་ཏུ་གྱུར་པ་རྒྱལ་དབང་མཁའ་ཁྱབ་རྡོ་རྗེ། ཏཱའི་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་གཙོ་བོར་གྱུར་པའི་ཀར་འབྲུག་འབྲི་སྟག་སོགས་བཀའ་བརྒྱུད་པའི་བསྟན་འཛིན་རྣམས་དང་། ཐར་རྩེ་དཔོན་སློབ་འཇམ་དབྱངས་བློ་གཏེར་དབང་པོ། རྫོང་གསར་མངའ་རིས་ཆོས་རྗེ་ཀུན་དགའ་འཇམ་དབྱངས་སོགས་ས་ངོར་གྱི་བསྟན་འཛིན་རྣམས་དང་། མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ། གཏེར་སྟོན་ལས་རབ་གླིང་པ། འགྱུར་མེད་ངེས་དོན་དབང་པོ། རྗེ་དྲུང་ཕྲིན་ལས་བྱམས་པའི་འབྱུང་གནས་སོགས་སྔ་འགྱུར་ཕྱོགས་ཀྱི་བསྟན་འཛིན་ཆེན་པོ་རྣམས་དང་། རྒྱུད་སྨད་མཁན་པོ་ཡེ་ཤེས་གོང་འཕེལ། བྲག་གཡབ་གདོང་སྤྲུལ་མཁས་མཆོག་ངག་དབང་དམ་ཆོས་རྒྱ་མཚོ་སོགས་རི་བོ་དགེ་ལྡན་པའི་སྐྱེས་མཆོག་དུ་མ་སྟེ། མདོར་ན་སྐབས་དེར་དབུས་གཙང་ནས་མདོ་ཁམས་སྟོད་སྨད་བར་གསུམ་ཡན་གྱི་མཁས་པ་པཎྜི་ཏ། རྟོགས་ལྡན་ཉམས་མྱོང་ཅན། དགེ་བའི་བཤེས་གཉེན་ཆེ་ཕྲ་དཔག་ཏུ་མེད་པ་ཐམས་ཅད་ཞལ་སློབ་ཏུ་མ་གྱུར་པ་མེད་པ་ལྟ་བུར་སྣང་ངོ་། །ཚུལ་འདི་རྣམས་ནི་བདུད་འཇོམས་འགྲོ་འདུལ་གླིང་པའི་གསུང་ལས་བཏུས་པའོ། ༈ །གཉིས་པ་བཀའ་བསྡུ་དངོས་ཀྱི་རིམ་པ་བཤད་པ་ནི། སྔོན་བོད་ལྗོངས་རང་དབང་གཙང་མའི་དཔལ་ཡོན་ལ་ལོངས་སུ་སྤྱོད་པའི་དུས་མཇུག་བསྟན་པའི་གནས་ཚད་བག་ལ་ཞ་ཞིང་། རིང་བརྒྱུད་བཀའ་མའི་ཆོས་རྣམས་ཚོང་འདུས་ཀྱི་འོ་མ་བཞིན་བརྒྱུད་པ་མང་པོས་བར་དུ་ཆོད། གཏེར་རྙིང་རྣམས་ཀྱང་རང་རང་གི་འབྲས་དུས་ཀྱི་གནས་ཚད་ཡོལ་ལ་ཁད་དུ་གྱུར་པའི་ཚེ། བདེ་བར་གཤེགས་པ་སྲས་དང་བཅས་པའི་ཐུགས་བསྐྱེད་དུས་སུ་སྨིན་པ་ལས་སླར་ཡང་སྔ་འགྱུར་བཀའ་གཏེར་རིང་ལུགས་སྙིགས་དུས་འགྲོ་བའི་དཔལ་དུ་ཤར་ཞིང་ཨོ་རྒྱན་སངས་རྒྱས་གཉིས་པའི་ཕྲིན་ལས་བོད་ཁམས་མཐའ་དབུས་ཀུན་དང་། རིམ་བཞིན་འཛམ་གླིང་སྐྱེ་དགུ་ཡོངས་ཀྱི་ཕན་བདེའི་རྩ་ལག་ཏུ་ཐང་མར་བརྡལ་བའི་དགེ་མཚན་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་ལས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མ་འོངས་པའི་དུས་ལྔ་བརྒྱའི་མཐའ་མ་ལ། དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པ་ན། སེམས་ཅན་གང་ལ་ལ་དག་འདི་ལྟ་བུའི་མདོ་སྡེའི་ཚིག་བཤད་པ་དག་ལ་ཡང་དག་པར་འདུ་ཤེས་བསྐྱེད་པར་འགྱུར་བ་ལྟ་མཆིས་ལགས་སམ་ཞེས་པ་ལ། བཅོམ་ལྡན་འདས་ཀྱིས་ཁྱོད་དེ་སྐད་མ་ཟེར་ཅིག །རབ་འབྱོར་མ་འོངས་པའི་དུས་ལྔ་བརྒྱའི་མཐའ་མ་ལ་དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པར་འགྱུར་བ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། ཤེས་རབ་དང་ལྡན་པ་དག་འབྱུང་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་། སངས་རྒྱས་གཅིག་ལ་བསྙེན་བཀུར་བྱས་པ་མ་ཡིན། སངས་རྒྱས་གཅིག་ལ་དགེ་བའི་རྩ་བ་བསྐྱེད་པ་མ་ཡིན་གྱི། རབ་འབྱོར་སངས་རྒྱས་འབུམ་ཕྲག་དུ་མ་ལ་བསྙེན་བཀུར་བྱས་ཤིང་། སངས་རྒྱས་འབུམ་ཕྲག་དུ་མ་ལ་དགེ་བའི་རྩ་བ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་འབྱུང་ངོ་། །ཞེས་ལུང་བསྟན་པ་ལྟར། བོད་རབ་བྱུང་བཅུ་བཞི་པའི་ནང་སྔ་འགྱུར་བསྟན་པའི་ཉིན་བྱེད་མཆོག་གྱུར་བདེ་ཆེན་གླིང་པ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇམ་མགོན་བློ་གྲོས་མཐའ་ཡས་རྣམས་ཞལ་འཛོམས། འཇམ་མགོན་ཡོན་ཏན་རྒྱ་མཚོའི་ཞལ་སྔ་ནས་གཏེར་ཆོས་གལ་ཆེ་བ་མཐའ་དག་མ་འོངས་སྐྱེ་འགྲོ་ལས་སྐལ་ལྡན་པ་རྣམས་ཀྱི་གསོས་སུ་གླེགས་བམ་ཕྱོགས་མཐར་བཙལ་བའི་ངལ་བ་ལ་ལྟོས་མ་དགོས་པར་ཕྱོགས་གཅིག་ཏུ་བསྡུ་བར་བཞེད་པ་ལ། སྔ་ཕྱི་ཅི་རིགས་པར་རྗེ་མཁྱེན་བརྩེ་དང་མཆོག་གྱུར་གླིང་པ་རྣམ་གཉིས་ནས་དགྱེས་པ་ཆེན་པོས་གཟེངས་བསྟོད་དབུགས་དབྱུང་བསྩལ། རྩ་གསུམ་ལྷ་ཚོགས་རྣམས་ཀྱིས་གནང་བ་ཐོབ་ཅིང་། གསང་བདག་རྡོ་རྗེ་ཆོས་དང་མི་གཉིས་པར་ཟབ་གཏེར་ཆོས་མཛོད་ཇི་སྙེད་པའི་བདག་པོར་མངའ་གསོལ་ཞིང་ལྷ་དང་བཅས་པའི་འགྲོ་བ་མཐའ་དག་གི་ལེགས་ཚོགས་རྒྱ་མཚོའི་དཔལ་དུ་གྱུར་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས། ཀུན་དགའ་བོ་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཅི་ནས་ནུབ་པར་མི་འགྱུར་བར་ཁྱོད་ལ་གཏད་དོ། །རྗེས་སུ་གཏད་དོ། །ཡི་གེ་ཙམ་ཡང་མི་ནུབ་པར་ཟུངས་ཤིག །ཅེས་པ་ནས་ཀུན་ཆུབ་པར་གྱིས་ཤིག །རབ་ཏུ་ཐོན་ཅིག །ཡུན་རིང་པོར་གནས་པར་གྱིས་ཤིག །ཅེས་དང་། ཀུན་དགའ་བོ་གལ་ཏེ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་ནས་ཕྱིས་ཆུད་གཟན་ཅིང་བཏང་སྟེ་བརྗེད་པར་བྱས་ན་ཀུན་དགའ་བོ་ཁྱོད་ཀྱིས་དེ་ཙམ་དུ་ང་ལ་ཉེས་པ་བྱས་པར་འགྱུར་ཏེ། ཁྱོད་ཀྱིས་ངའི་སེམས་ཀྱང་མགུ་བར་མ་བྱས་སོ། །ཞེས་གསུངས་པ་ལྟར། སྐབས་འདི་དག་གི་ཚེ་སྔོན་གྱི་གཏེར་རྙིང་དབང་ལུང་གི་རྒྱུན་ཆད་ལ་ཉེ་བ་རྣམས་གསོས་ཤིང་། རྒྱུན་ནུབ་པ་རྣམས་ཀྱང་ཉེ་བརྒྱུད་དུ་བཀའ་བབས། དབུས་གཙང་ཁམས་གསུམ་ཀུན་ཏུ་གཏེར་རྙིང་གྲགས་ཆེ་བ་རྣམས་ཀྱི་ཆོས་སྡེ་གཅོང་ཟོམ་རྙིང་རུལ་ཡན་ཆད་ཐུགས་རྩོལ་ཆེན་པོས་བསྡུས་ཏེ། བསྟན་པའི་སྦྱིན་བདག་གི་མཚམས་སྦྱོར་བཟང་པོ་དང་ལྷན་ཅིག་གླེགས་བམ་དུ་བྲིར་བསྩལ་ཏེ། ཚད་མ་གསུམ་ལྡན་བརྒྱུད་ཡིག་དག་ཀྱང་གཏན་ལ་ཕབ་པར་མཛད་ཚུལ་རྒྱས་པར་ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་གསུང་རྟོགས་བརྗོད་ལྷའི་རྔ་བོ་ཆེའི་སྒྲ་དབྱངས་རྒྱ་མཚོ་སྤྲིན་གྱི་བླ་བྲེ་ལས་གསལ་བ་བཞིན་ཏེ། སྐྱབས་རྗེ་དིལ་མཁྱེན་རིན་པོ་ཆེ་རབ་གསལ་ཟླ་བའི་གསུང་རིན་ཆེན་གཏེར་མཛོད་ལས་འཕྲོས་པའི་འབེལ་གཏམ་ལས་ཀྱང་ཅུང་ཟད་བཏུས་ཏེ་སྨྲོས་ན། སྔོན་མཁན་སློབ་རྗེ་འབངས་བཅས་པའི་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ཀྱང་ཐུགས་རྗེའི་གཟིགས་པ་དང་ཕྲིན་ལས་ཀྱི་ཞགས་པ་ནམ་ཡང་མ་བཏང་བར། མ་འོངས་པའི་གདུལ་བྱ་དང་བསྟན་པའི་བཙས་སུ་དགོངས་ནས་རྒྱ་བལ་བོད་ཡུལ་རྣམས་སུ་ཆོས་ནོར་སྨན་དང་དམ་རྫས་ལ་སོགས་པ་གཏེར་ཁ་མཐའ་ཡས་པ་སྦ་བར་མཛད་པ་ལས། གཙོ་བོ་གངས་ཅན་འདིར་གདུལ་བྱ་གང་ལ་གང་འདུལ་གྱི་ཐབས་ལ་མཁས་པའི་ཆོས་སྒོ་སྤྱི་དང་། ཁྱད་པར་ཡོ་ག་གསུམ་དང་འབྲེལ་བའི་རྒྱུད་ལུང་མན་ངག་ལས་ཚོགས་མཐའ་ཡས་པ་གསུངས་ཤིང་ཟབ་གཏེར་མང་དུ་སྦས་པ་རྣམས། ཕྱིས་འདུལ་བའི་དུས་ལ་བབས་པའི་ཚེ། གུ་རུ་ཉིད་ཀྱིས་བྱིན་རླབས་ལུང་བསྟན་བཞིན། རྗེ་འབངས་སྐལ་ལྡན་རྣམས་ཀྱི་སྒྱུ་འཕྲུལ་རིགས་དང་སྤྱོད་པ་མ་ངེས་པ་རིམ་པར་བྱོན་ནས་བསྟན་འགྲོའི་དོན་མཛད་པའི་ཚུལ། དྲི་མེད་ཀུན་དགའི་གཏེར་ལུང་ལས། གཏེར་སྟོན་ལང་མ་ལིང་མ་འོང༔ གཏེར་ཆོས་ཤ་མོང་སུལ་ལྟར་བརྡོལ༔ དེ་ཡང་འབྲས་མེད་མ་ཡིན་ཏེ༔ ཨོ་རྒྱན་ང་ཡི་བརྗེད་ཐོ་ཡིན༔ ཞེས་དང་། རཏྣའི་གཏེར་ལུང་ལས། ཡུལ་ཆེན་རེ་ལ་གཏེར་ཆེན་རེ༔ དེ་ཡང་ཨོ་རྒྱན་བརྗེད་ཐོ་ཡིན༔ ཡུལ་ཕྲན་རེ་ལ་གཏེར་ཕྲན་རེ༔ དེ་ཡང་ཨོ་རྒྱན་བརྗེད་ཐོ་ཡིན༔ ཞེས་སོགས་གསུངས་པ་དང་། ཐང་ཡིག་ལས། མ་འོངས་འགྲོ་ལ་ཆོས་སྦྱིན་ཟད་མེད་དུ༔ སྲིད་པ་ཐམས་ཅད་པདྨའི་གཏེར་གྱིས་བཀང༔ འབྱིན་མཁན་ཐམས་ཅད་ང་ཡི་སྤྲུལ་པ་ཡིན༔ ཆ་ལུགས་སྤྱོད་པ་ངེས་མེད་ཅི་ཡང་སྟོན༔ དད་ལྡན་སྣང་བ་ཐེབས་རེ་མི་ལྡོག་མེད༔ ཀུན་གྱིས་ཚད་འཛིན་དཀའ་བ་དུ་མ་འབྱུང༔ ཞེས་གསུངས་པ་ལྟར། བསྟན་པ་ཕྱི་དར་གྱི་ཐོག་མ་ལོ་ཆེན་རིན་ཆེན་བཟང་པོ་དང་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་དུས་ཙམ་ལས་གཏེར་སྟོན་ཀུན་གྱི་ཐོག་མ་སངས་རྒྱས་བླ་མ་ནས་བརྩམ་རིམ་པར་མངའ་བདག་ཉང་ཉི་མ་འོད་ཟེར། གུ་རུ་ཆོས་ཀྱི་དབང་ཕྱུག་སྟེ་གཏེར་ཁ་གོང་འོག་གིས་གཙོས་གཏེར་སྟོན་རྒྱལ་པོ་ལྔ་སོགས་ཟབ་གཏེར་གྱི་བཀའ་བབས་སྤྲུལ་པའི་གཏེར་སྟོན་རྣམས་རེ་འགའ་དུས་གཅིག་དང་། ལ་ལ་སྐུ་ཚེ་སྟོད་སྨད་གཅིག་རྗེས་གཅིག་མཐུད་དུ་བྱོན། མདོར་ན་གུ་རུ་ཡབ་ཡུམ་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་བོད་ཡུལ་དུས་ཀྱི་རྒུད་པ་གསོ་ཞིང་། བསྟན་འགྲོའི་དགེ་མཚན་སྤེལ་བ། མཐའ་དམག་དམ་སྲིའི་ཚ་ངར་བཅོམ་པ་སོགས་ཀྱི་བཀའ་དྲིན་ལ་བརྟེན་ཟབ་གཏེར་གྱི་ཕྲིན་ལས་མཐའ་ཡས་ཀྱང་། ཕྱི་དུས་སུ་བཀའ་དགོངས་ཕུར་གསུམ་སོགས་གཏེར་ཆེན་རྣམས་ལ་འཆད་ཉན་དར་རྒྱས་སུ་བཞུགས་ཀྱང་། ཡིད་ཆེས་ཁུངས་བཙུན་དཔེ་དང་དབང་ལུང་གཉིས་ཀའི་རྒྱུན་དཀོན་པ་གཏེར་ཕྲན་ཟབ་གཉན་ཅན་རྣམས་ནི། ཇི་སྐད་དུ་ཏིང་འཛིན་རྒྱལ་པོའི་མདོ་ལས། གང་གི་ལག་ན་ཏིང་འཛིན་མཆོག་ཡོད་པ། །རྒྱལ་བ་གྲགས་པ་བྱམས་པ་མཐའ་ཡས་བཞིན། །སེམས་ཅན་རྣམས་ཀྱི་དོན་མང་བྱེད་འགྱུར་ཞེས། །བློ་གྲོས་མཐའ་ཡས་དེ་ནིི་ངས་ལུང་བསྟན། །ཞེས་དང་། ཀལྤ་དུམ་བུའི་རྒྱུད་ལས། འཇིག་རྟེན་ཁ་བ་ཅན་ཞེས་སུ༔ པདྨའི་སྙིང་པོ་ཀུན་དགའ་དང༔ བློ་གྲོས་མཐའ་ཡས་ལ་སོགས་པས༔ འཛིན་པས་བསྟན་པ་རྒྱས་པར་འགྱུར༔ ཞེས་དང་། ཨོ་རྒྱན་སངས་རྒྱས་གཉིས་པས། བཻ་རོའི་སྐྱེས་མཐའ་བློ་གྲོས་མིང༔ འཆད་རྩོམ་མཐའ་ཡས་བཀའ་བབས་འབྱུང༔ ཞེས་མདོ་རྒྱུད་རྡོ་རྗེའི་ལུང་གིས་བསྟན་པ་ལྟར། འཇམ་མགོན་བློ་གྲོས་མཐའ་ཡས་སམ་བསྟན་གཉིས་གཡུང་དྲུང་གླིང་པ་མཆོག་ནས་བསྡུ་བར་དགོངས་ཤིང་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་བཀའ་བགྲོས་པ་ལས། གཏེར་ཆེན་བླ་རྫོགས་ཐུགས་གསུམ་ཚང་ལ་གཏེར་ཕྲན་རྒྱུན་དཀོན་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པས་སྔ་འགྱུར་བསྟན་པ་ལ་འཆི་ཁ་མའི་སྲོག་མཐུད་པ་ལྟ་བུ་ཕན་བདེའི་བཙས་སུ་འགྱུར་བར་བསྔགས་ཤིང་། གཏེར་ཕྲན་བཞི་བཅུ་ཁ་ལྷག་གི་གོ་རིམ་ཕྱག་ཐོ་བཅས་བསྩལ། ཁྱད་པར་ཡབ་རྗེ་མངའ་བདག་ཆེན་པོའི་རྣམ་འཕྲུལ་ཡོངས་རྫོགས་བསྟན་པའི་མངའ་བདག་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ། རྒྱལ་སྲས་མུ་རུབ་བཙན་པོའི་སྒྱུ་འཕྲུལ་ཨོ་རྒྱན་མཆོག་གྱུར་གླིང་པ་ཡབ་སྲས་གཉིས་ལ་གུ་རུ་ཡབ་ཡུམ་གྱིས། བཀའ་བབས་བདུན་གྱི་བང་མཛོད་གཏད་པས། ཟབ་གཏེར་གསར་རྙིང་མང་པོ་ཉེ་བརྒྱུད་དུ་བཀའ་བབས་ཤིང་། མདོར་ན་སྔོན་མཁན་སློབ་ཆོས་གསུམ་ཞལ་འཛོམས་ཏེ། མདོ་རྒྱུད་སྨིན་གྲོལ་གྱི་སྒོ་འཕར་ཡངས་པོར་ཕྱེས་པས་འཆད་ཉན་སྒོམ་སྒྲུབ་ཀྱི་རྒྱལ་བསྟན་གསལ་བར་མཛད་པ་བཞིན་དགེ་མཚན་གྱི་སྐྱ་རེངས་མདོ་ཁམས་སྡེ་དགེའི་རྒྱལ་ཁབ་ཏུ་ཤར་ནས། ཟབ་གཏེར་ནོར་བུའི་མཛོད་ཀྱི་གླེགས་བམ་གྱི་ཕྲེང་བ་ཕྱོགས་གཅིག་ཏུ་བསྡུས་ནས་ཤིང་པར་གྱི་ཕྱི་མོ་ཆོས་སྐུའི་མཆོད་སྡོང་གསར་དུ་བསྐྲུན་པ་ལས། ས་གསུམ་གྱི་རིན་ཆེན་རིན་ཐང་མེད་པ་འབུམ་ཕྲག་གིས་མི་མཚོན་པའི་དམ་ཆོས་གན་མཛོད་བསགས་པའི་བཀའ་དྲིན་གྱིས་རྩོད་དུས་ཀྱི་མཐའ་མ་དུས་འགྱུར་རང་མཚང་བརྡོལ་བའི་ཚེ་ཡང་། ཟབ་རྒྱས་ཆོས་ཀྱི་ཕ་ཕོགས་འཁོར་ལོས་སྒྱུར་བའི་བང་མཛོད་ཁ་ཕྱེས་པ་བཞིན་འཇམ་མགོན་ཉི་ཟླ་ཟུང་གིས་བཀའ་དྲིན་ལས་ལོངས་སུ་སྤྱོད་དུ་ཡོད་པ་ལྟར། བསྟན་པའི་སྙིང་ནོར་འདི་དག་འབྱུང་འགྱུར་སྐྱེས་བུ་དམ་པ་རྣམས་ཀྱིས་ཀྱང་བཤད་སྒྲུབ་ཕྲིན་ལས་ཀྱི་རྒྱུན་བཟང་པོས་བསྟན་འགྲོའི་ཕན་བདེའི་དགེ་མཚན་ཡར་ངོའི་ཟླ་བ་ཚེས་པ་བཞིན་མཛད་པ་དུས་ལས་མི་ཡོལ་བའི་ཐུགས་བསྐྱེད་དང་འབད་པ་བསྐྱེད་རིགས་པ་ཡིན་ནོ། །ཞེས་གསུངས་པ་ཤིང་པར་དང་པོ་གདན་ས་དཔལ་སྤུངས་སུ་བསྐོས་པ་དང་། དེ་རྗེས་བོད་ལྗོངས་ཆོས་ཀྱི་ཞིང་སར་གདན་ས་ཆེན་པོ་སྟོད་ལུང་མཚུར་ཕུར་སླར་ཡང་ཤིང་པར་ཐེངས་གཉིས་པ་ཞུས་དཔྱད་ནན་ཞིབ་ཀྱིས་སླར་བཅོས་བཅས་བསྐྲུན་པར་མཛད་དོ། །སླད་ཀྱི་རབ་བྱུང་བཅུ་དྲུག་པའི་ནང་མཐའ་དམག་ཀླ་ཀློའི་ཆོ་འཕྲུལ་མ་རུངས་པས་དུས་འགྱུར་གླེང་ལོག་ཚབས་པོ་ཆེས་གངས་ལྗོངས་རྒྱལ་བསྟན་ཆབ་སྲིད་དང་བཅས་པ་མིང་གི་ལྷག་མར་ཕྱོགས་ཤིང་། རིང་པོར་མི་ཐོགས་པར་ཆུ་ལྷའི་ཕང་པར་ཡིབ་ལ་ཉེ་བའི་དུས་ངན་གྱི་ཁུག་པ་རྦ་ཀློང་ལྟར་གཡོ་བ་གང་གི་ཚེ། མཉམ་མེད་ཟས་གཙང་སྲས་པོའི་བསྟན་པ་རིན་པོ་ཆེ་འཛམ་གླིང་ཡངས་པའི་ས་ཆེན་ཀུན་ཏུ་ནགས་ལ་མེ་མཆེད་པ་བཞིན་སླར་ཡང་འཕེལ་བའི་སྔ་ལྟས་སུ། གངས་ལྗོངས་རྒྱལ་བསྟན་རིས་མེད་ཀྱི་དམ་པའི་སྐྱེས་བུ་བསམ་བཞིན་སྲིད་པ་བཟུང་བ། ལྔ་བདོའི་རྒུད་ཚོགས་སྐྱོབ་པའི་ཐུགས་བསྐྱེད་འགོག་པ་མེད་པ། གསན་བསམ་སྒོམ་པའི་ཡོན་ཏན་གྱི་རྩལ་རྫོགས་ཤིང་སྐུ་ན་ཕྲ་མོར་སོན་པ་ཤ་སྟག་འཕགས་ཡུལ་དུ་ཞབས་སོར་འཁོད། ངལ་བ་བརྒྱ་ཕྲག་དུ་མ་ཁྱད་དུ་བསད་དེ་གཙུག་ལག་ཁང་དང་བཤད་སྒྲུབ་ཀྱི་སྡེ་གསར་དུ་བཙུགས། རིམ་པར་བསྟན་པའི་མེ་རོ་སླར་ཡང་གསོས་ཏེ་བཀའ་བསྟན་གསུང་རབ་ཀྱི་རྒྱུན་ཉམས་ལ་ཁད་དུ་བཞུགས་པའི་དཔེ་རྒྱུན་ཕྲ་མོ་ཙམ་ལས། གླང་པོ་ཆེ་ས་སྲུང་དང་རབ་བརྟན་གྱིས་ཁུར་དུའང་མི་བཟོད་པའི་གླེགས་བམ་གསར་བཞེངས་ཀྱི་སྒོ་འཕར་ཡངས་པོར་ཕྱེས་པ་ན། ༧སྐྱབས་རྗེ་ཞི་བར་གཤེགས་པ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གི་ཟླ་མེད་པའི་ཐུགས་བསྐྱེད་སྐྱ་རེངས་གསར་པའི་ལང་ཚོ་མངོན་པར་བཞད་པ་ལས། རིན་ཆེན་གཏེར་མཛོད་ཆེན་མོའི་མ་ཕྱི་དཔལ་སྤུངས་དང་མཚུར་ཕུའི་པར་རྙིང་གང་ཡོད་སྟེང་ཁ་སྐོང་སྔོན་ཡོད་དང་གསར་མཛད་ལྗགས་བསྒྲིགས་སོགས་ཀྱི་དཀར་ཆག་རིན་ཆེན་ཕྲེང་བ་དང་། དེའི་བརྒྱུད་ཡིག་ཡིད་ཆེས་དད་པའི་གསོས་སྨན་བཅས། གདུལ་བྱ་སྐལ་པ་མཆོག་ལྡན་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་ཡངས་པོར་གཏན་ལ་ཕབ་ཅིང་འཕྲུལ་པར་གསར་དུ་བསྐྲུན་ནས། སྔ་འགྱུར་བསྟན་འཛིན་གང་ན་སུ་བཞུགས་རྣམས་དང་དགོན་སྡེ་རྣམས་ལ་ཁྱབ་སྤེལ་མཛད་པ་ནི་རྒྱལ་བའི་གདུང་འཛིན་པ། ཆོས་ཀྱི་མཛོད་འཛིན་པ། གདུལ་བྱའི་ལྷག་མ་སྐྱོང་བའི་ཕྲིན་ལས་གཞལ་དུ་མེད་པ་སྟེ། རབ་རྩལ་རྣམ་གནོན་གྱིས་ཞུས་པ་ལས། ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེའི་མཛོད་མང་པོ་བསགས་པ་དང་ལྡན་པ་དེས། བུ་མང་པོ་རིགས་དང་ལྡན་ཞིང་ཞེས་པ་ནས་དེ་དག་ཐམས་ཅད་བཀུག་ནས། རིན་པོ་ཆེའི་མཛོད་བགོས་ཏེ། བུ་གང་ལ་ཡང་མི་བསྐུལ་བར་བྱིན་ནོ། །དེ་ལྟར་བགོས་ནས་དེ་དག་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་ལ་དགའ་བ་དང་མགུ་བ་ཆེན་པོ་ལྷག་པར་སྐྱེས་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་དོན་མཚུངས་པར་གྱུར་ཏོ་སྙམ་སྟེ། ཞེས་དང་། ཀུན་དགའ་བོ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོ་ཆོས་ཀྱི་བདག་པོ་རང་བྱུང་གིས་ཀྱང་སྲས་དེ་དག་བསྡུས་ནས་ཆོས་རིན་པོ་ཆེའི་མཛོད་འདི་མཉམ་པར་བགོས་ཏེ། སྲས་དེ་དག་གང་ལ་ཡང་མི་བསླུ་བས་ཞེས་དང་། གུས་པ་ཆེར་བསྐྱེད་ཅིང་དོན་མཐུན་པས་སངས་རྒྱས་ཀྱི་རིགས་མི་གཅོད་པར་གནས་སོ། །ཀུན་དགའ་བོ་སེམས་ཅན་གཞན་དམན་པ་ལ་མོས་པ། ང་རྒྱལ་ཅན་ལྟ་བ་ལ་སྤྱོད་པ་ཞེས་པ་ནས། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཟིལ་གྱིས་ནོན་པ། ལོག་པའི་ལམ་དུ་དོང་པ་རྣམས་ཀྱིས་ཆོས་རིན་པོ་ཆེ་འདི་བཟོད་པར་མི་ནུས་སོ། །ཞེས་གསུངས་པ་བཞིན་ནོ། ༧ ཁ་སྐོང་ཇི་ལྟར་བཏབ་པའི་ཚུལ་ནི། རྗེ་མཁྱེན་བརྩེ་རབ་གསལ་ཟླ་བའི་གསུང་ལས། རྒྱལ་ཀུན་མཁྱེན་བརྩེ་ནུས་གཟུགས་འབྲས་བུའི་སེམས་དཔའ་རིགས་གསུམ་མགོན་པོ་རྣམས་འཛམ་གླིང་ཤིང་རྟར་བསམ་བཞིན་བྱོན་པ། ཐུགས་རྗེ་ཡེ་སྤྲུལ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་རྣམ་གསུམ་གྱིས་བཀའ་ཡི་བསྡུ་བ་མཛད་པའི་མཛོད་ཆེན་རྣམ་ལྔ་ཞེས། གསར་རྙིང་རིས་སུ་མ་ཆད་པའི་སྐྱེས་ཆེན་རྣམས་ཀྱིས་བསྟན་པའི་གཅེས་ནོར་གྱི་མཆོད་སྡོང་ཆེན་པོར་བཞུགས་བཞིན་པ་ལས། ཟབ་ཅིང་རྒྱ་ཆེ་ལ་ཀུན་གྱི་ཐུགས་མཁོ་ཆེ་བ་ནི་རིན་ཆེན་གཏེར་མཛོད་ཆེན་མོ་སྟེ། དེ་ཉིད་སྔོན་བོད་རང་བཙན་གྱི་སྐབས་སུ་ཁམས་བོད་ཀྱི་ལྗོངས་ཀུན་ཏུ་ཤིང་པར་བཞུགས་ཀྱང་། དུས་ཀྱི་འགྱུར་བ་ཆེན་པོས། ཕྱོགས་གང་དུའང་དཔེ་རྒྱུན་དཀོན་པར་གནས་པའི་ཚེ། སངས་རྒྱས་ཀྱི་ཕྲིན་ལས་དང་། རིག་འཛིན་གྲུབ་པའི་ཐུགས་བསྐྱེད་སྨོན་ལམ་ནམ་ཡང་ཉམས་པ་མེད་ཅིང་བསྟན་པའི་གནས་ཚད་མ་རྫོགས་པས། བཀའ་དང་བསྟན་བཅོས་རིན་པོ་ཆེའི་ཕྲེང་བ་དག་འཕྲུལ་པར་དུ་བསྐྲུན་པའི་དགེ་མཚན་གྱི་སྐྱ་རེངས་འཆར་ཞིང་། བསྟན་འཛིན་སྐྱེས་ཆེན་རྣམས་ཀྱིས་ཀྱང་འཆད་སྤེལ་སྒོམ་སྒྲུབ་ཀྱི་བསྟན་པའི་ཉིན་བྱེད་སྒོ་དུ་མ་ནས་ཤར་བའི་ཚེ། བསྟན་འགྲོ་སྤྱི་ཡི་ལེགས་ཚོགས་ཅི་ཡང་འཕེལ་ཞིང་ཚེ་རབས་ཐམས་ཅད་དུ་དམ་པའི་ཆོས་ཀྱི་སྣང་བ་དང་མི་འབྲལ་བར་ཆོས་བཞིན་སྤྱོད་པའི་དགེ་རྩར་དམིགས་ཏེ། རྣམ་དཀར་གྱི་ལས་འདི་བརྩམ་པའི་ཚེ་ཁ་སྐོང་ཆེ་ཕྲ་དུ་མ་ཞིག་བཞུགས་སུ་གསོལ་བ་ནི། མཁས་གྲུབ་ཉི་ཟླ་ཟུང་གི་ཕྱག་བཞེས་མཐོང་བརྒྱུད་བཞིན་སྨིན་གྲོལ་གྱི་སྒོ་འཕར་འབྱེད་པ་ལ་ཉེར་མཁོ་དབང་གི་མཚམས་སྦྱོར། རྒྱབ་རྟེན་ཡིག་ཆ་རྒྱས་བསྡུས། ཡན་ལག་བརྒྱུད་འདེབས་སྐོང་བཤགས་ཚུན་གྱི་ཕྱག་ཐོ་དང་། དགོངས་པ་ཡོད་ཀྱང་དགོས་པ་གཞན་གྱིས་ཇི་བཞིན་གཏན་ལ་དབབ་མ་གྲུབ་པ་རྣམས་ཏེ། དེ་དག་ཀྱང་ཁུངས་དག་བརྒྱུད་པ་སེལ་མེད་འབའ་ཞིག་ལས་གང་བྱུང་དེས་ཆོག་མེད་པར། སླད་མའི་བརྒྱུད་འཛིན་དག་ལ་ཐུགས་ཕན་གསོས་རེའི་ཞལ་སྐོང་ཞུས་པའི་ཆོས་ཚན་གཙོ་བོ་ནི། འཇམ་མགོན་མཆོག་གིས་བསྩལ་བའི་བརྒྱུད་ཡིག་གི་དགོངས་པ་ལྟར། མཆོག་གླིང་རྫོགས་ཆེན་སྡེ་གསུམ་ཡོངས་རྫོགས། ཀུན་གཟིགས་མཁྱེན་བརྩེའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཆོས་སྐོར་ལས་ཕག་དཀར་ཡེ་ཤེས་གསལ་བྱེད་ཙམ་ལས་གཏེར་མཛོད་ཆེན་མོར་མ་བཞུགས་པ་རྣམས་དང་། ས་གཏེར་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོའི་སྐོར་སོགས་དང་། འཇམ་མགོན་བསྟན་གཉིས་གླིང་པའི་ཟབ་གཏེར་སྐོར་ཡོངས་རྫོགས། གཞན་ཡང་དབང་ལུང་འཆད་སྤེལ་དང་། བསྙེན་སྒྲུབ་ཉམས་ལེན་ལ་མཁོ་བའི་ཡིག་ཆ་ཕྲན་ཚེགས་བཅས་བཞུགས་སུ་གསོལ་བ་ཡིན། ཞེས་གསུངས་སོ། ༈ །སླད་ཀྱི་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་སྤྲེལ་སྤྱི་ལོ་ ༢༠༠༤ ལ་སྔ་འགྱུར་གྱི་ཆོས་སྡེ་ཆེན་པོ་བལ་ཡུལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་རིན་ཆེན་གཏེར་མཛོད་ཆེན་མོ་སླར་ཡང་འཕྲུལ་ཡིག་གི་པར་གསར་བཞེངས་ཞུས་པའི་ཚུལ་འཆད་པ་ལ། གཙུག་ལག་ཁང་གི་བྱུང་བ་བརྗོད་པ་དང་། གདན་རབས་ཕྲེང་བ་རིམ་བྱོན། གཏེར་ཆོས་དངོས་ཀྱི་བཞུགས་བྱང་། བཀའ་གཏེར་མདོ་རྒྱུད་རྣམས་ལ་འཇུག་ཚུལ། བསྟན་པའི་སྦྱིན་བདག་དང་སྲི་ཞུ་བའི་ལས་རིམ་བཤད་པ་སྟེ་ལྔ་ལས། དང་པོ་ནི། དེ་ཡང་མདོ་སྨད་ཆུ་བོ་གསེར་ལྡན་གྱི་འགྲམ་ལྡན་ལྗོངས་གཡུ་ལོ་བཀོད་ཀློང་ཐང་སྒྲོལ་མའི་གཙུག་ལག་ཁང་གི་དབང་ཕྱོགས་དིལ་མགོའི་ཁྱིམ་དུ་འཁྲུངས་ཤིང་། འཇམ་པའི་དབྱངས་དངོས་འཇམ་དབྱངས་མི་ཕམ་རྣམ་རྒྱལ་དང་། ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་སོགས་རིས་མེད་མཁས་གྲུབ་ལྔ་བཅུ་ལྷག་གིས་རྗེས་སུ་བཟུང་སྟེ། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་རིང་ལུགས་དྲི་མ་མེད་པས་ཐུགས་རྒྱུད་ལེགས་པར་གཏམས་པ། ༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཚན་བརྗོད་པར་དཀའ་ཡང་དོན་གྱིས་སླད་དུ་སྨྲོས་ན། འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་སྒྱུ་མའི་རོལ་རྩེད་བཞིན་བྱོན་པའི་ཚེ། རིགས་གསུམ་རྒྱལ་བའི་རྣམ་འཕྲུལ་མཁན་སློབ་ཆོས་གསུམ་གྱིས་གངས་ཅན་བོད་ཀྱི་གདུལ་བྱ་མ་ལུས་པ་རྨད་བྱུང་ཐུགས་བསྐྱེད་ཀྱིས་བདག་གིར་མཛད་པའི་གནས། མཆོད་རྟེན་བྱ་རུང་ཁ་ཤོར་སོགས་ངོ་མཚར་བའི་གནས་རྟེན་མང་པོ་བཞུགས་ཤིང་། སངས་རྒྱས་རབས་བདུན་དང་། འཇམ་པའི་དབྱངས་། ཀླུ་སྒྲུབ། དབྱིག་གཉེན་སོགས་པཎ་གྲུབ་དུ་མས་བྱིན་གྱིས་བརླབས་པའི་གནས་བལ་པོའི་ཡུལ་དུ་རང་གཞན་གྱི་ཚོགས་གཉིས་གསོག་པའི་རྟེན། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་རྟེན་དང་བརྟེན་པར་བཅས་པ་གསར་དུ་བསྐྲུན་པའི་ཐུགས་བཞེད་རབ་བྱུང་བཅུ་དྲུག་པའི་དྲག་པོ་ཞེས་པ་འབྱུང་བ་གསུམ་ལྡན་ལྕགས་ཕོ་སྤྲེལ། སྤྱི་ལོ་ ༡༩༨༠ ལ་འཁྲུངས་པ་ལ། དཔྱད་ལེགས་ས་ཡི་དཔལ་ཕུན་སུམ་ཚོགས་པ་འཕགས་ཡུལ་ཨོ་རྒྱན་སྨིན་གྲོལ་གླིང་གི་གདན་སར་རིན་ཆེན་གཏེར་མཛོད་སྨིན་གྲོལ་འཆད་སྤེལ་སྐབས་དཔལ་ཡུལ་རྫོང་ནོར་མཆོག་སྤྲུལ་འཇམ་དཔལ་བློ་གྲོས་ནས་བསྩལ་བ་དང་། སྔ་འགྱུར་བསྟན་པ་ལ་དད་ཅིང་གཏོང་བའི་སྒོ་ཡངས་པ་སྦྱིན་བདག་གཉའ་ནང་བསྟན་འཕེལ། འཆི་མེད། རྣམ་རྒྱལ་སྤུན་མཆེད། མ་ཧཱ་སནྡྷི་པ་གྲུབ་དབང་བཀའ་འགྱུར་རིན་པོ་ཆེའི་སྲས་མཆོག་སྤྲུལ་པདྨ་དབང་རྒྱལ། གང་གི་ཞལ་སློབ་ཕྱི་རྒྱལ་བ་ཀུན་བཟང་རང་གྲོལ་དང་དགེ་སྦྱོང་དཀོན་མཆོག་བསྟན་འཛིན་མ་བུ། ཁ་བཞི་ལྷོ་ཡི་སྨན་ལྗོངས་འབྲུག་གི་རྒྱལ་པོ་འཇིགས་མེད་སེང་གེ་དབང་ཕྱུག །རྒྱལ་ཡུམ་བགྲེས་གཞོན། མ་ཡུམ་ཆོས་དབྱིངས་བཟང་མ་ོསོགས་བློོན་འབངས་ཐམས་ཅད་དང་། བལ་ཡུལ་གྱི་རྒྱལ་པོ་ཤྲཱི་ལྔ་ལྡན་བི་རེན་དྷར་མཆོག་གི་མངའ་འབངས་སྐུ་ཞབས་ཚེས་བཅུས་ཡིག་ཆའི་མཐུན་སྦྱོར་རོགས་མགོན་གནང་བ་སོགས་ཀུན་གྱིས་མཐུན་རྐྱེན་ནམ་མཁའ་མཛོད་ཀྱི་སྒོ་འཕར་ཕྱེས་པ་དང་། གསང་ཡུམ་ལྷ་མོ་མཆོག་ནས་རིན་ཐང་ཅན་གྱི་རྒྱན་དང་དངོས་རྫས་ཕངས་མེད་བཏང་བ་དང་ཆབས་ཅིག །སྤྱི་ལོ་ ༡༩༨༡ རབ་བྱུང་བཅུ་དྲུག་པའི་བློ་ངན་ཞེས་པ་ལྕགས་མོ་བྱ་ལོའི་ཟླ་ཚེས་དགེ་བའི་ཉིན་ནས། འཁྲུལ་ཞིག་རིན་པོ་ཆེ་དང་། ཟླ་བཟང་མཆོག་སྤྲུལ། གྲུབ་སྲས་སྤྲུལ་སྐུ་ཆོས་ཀྱི་ཉི་མ། ཁྲ་རིགས་མཆོག་སྤྲུལ། ཁྲ་འགུ་མཆོག་སྤྲུལ་སོགས་སྟོན་འཁོར་རྣམས་ནས་བཀྲ་ཤིས་པའི་གསོ་སྦྱོང་མཛད་ཅིང་། སྐྱབས་རྗེ་མཆོག་ནས་ཀྱང་སྔགས་ལུགས་ས་ཆོག་དང་འབྲེལ། བཀའ་ནན་རབ་བརྗིད་ལྷ་སྲིན་དམ་བསྒྲགས་མཛད་ནས། མཆོག་སྲས་ཨོ་རྒྱན་སྟོབས་རྒྱལ་སོགས་འདུས་པ་དམ་གཙང་མང་བ་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་མྱོང་གྲོལ་བདུད་རྩིའི་ཚོགས་སྒྲུབ་དང་། ལས་སྨོན་བཟང་པོས་འབྲེལ་བ་མཛོད་པ་དངོས་གྲུབ་རྒྱ་མཚོ་དང་། ལས་བྱེད་མཁས་གྲུབ་རྒྱ་མཚོ་སོགས་ནས་ངལ་བ་ཁྱད་བསད་ཀྱིས་ཞབས་ཏོག་གཡེང་མེད་དང་། བཟོ་རིག་ཕུལ་ཕྱིན་སློབ་དཔོན་དམ་ཆོས་དང་། ཨོཾ་སྟོང་། ཨེམ་ཆི་ཀུན་བཟང་། དངོས་སློབ་ལྷ་བྲིས་དཀོན་མཆོག་འོད་ཟེར། དགེ་སློང་དབང་འདུས། དཔའ་བོ་རྡོ་རྗེ། ཨོ་རྒྱན་བསྟན་འཛིན་རྣམས་ལས་གྲོགས་བཅས་ནས་བསམ་སྦྱོར་གཡོ་ཟོལ་མ་མཆིས་པའི་ངང་ཕྱི་ནང་གི་རྟེན་དང་བརྟེན་པར་བཅས་པ་ལེགས་པར་བསྒྲུབས། ནང་གི་རྟེན་གཙོ་དུས་གསུམ་སངས་རྒྱས་དང་། གཏད་རབས་བདུན། གནས་བརྟན་བཅུ་དྲུག །ལོགས་རིས་ལ་གངས་ཅན་བསྟན་པ་ཡོངས་རྫོགས་ཀྱི་བླ་བརྒྱུད་དང་། དཔེ་མཛོད་ཁང་དུ་སྐུ་རྟེན་གཙོ་བོ་འཇམ་དཔལ་རྒྱུད་ལུགས། ཨོ་རྒྱན་རྡོ་རྗེ་འཆང་། འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོ། རྒྱན་དྲུག་མཆོག་གཉིས། སྒྲུབ་བརྒྱུད་ཤིང་རྟ་བརྒྱད། བཤད་བརྒྱུད་ཀ་ཆེན་བཅུ་སོགས་དང་། གསུང་རྟེན་བཀའ་བསྟན་དང་མཛོད་ཆེན་རྣམ་པ་ལྔ་སོགས་གསུང་རབ་མང་པོ། སྟེང་ཁང་དུ་བླ་མ་སྐུ་གསུམ། གཉྫི་རར་ཐུགས་སྒྲུབ་རྣམ་གཉིས་ཀྱི་གནས་ཆེན་བྱིན་འབེབ་བཅའ་གཞི་རྒྱས་བསྒྲུབས་དང་། མགོན་ཁང་དུ་སྨིན་ལུགས་དམ་ཅན་སྡེ་དགུ་དང་ཆོས་སྐྱོང་གཙོ་ཆེའི་སྐུ་དུ་མ། གཙུག་ལག་ཁང་གི་ཁྱམས་ལ། མཆོག་སྤྲུལ་པདྨ་དབང་རྒྱལ་དང་དད་སྦྱིན་སྙེ་ནམ་བསྟན་འཕེལ་སྤུན་མཆེད་རྣམས་ནས་ཆེད་བསྐུལ་ལྟར་ཟུར་བཞེངས་གུ་རུ་ལྷ་ཁང་དུ། སྣང་སྲིད་ཟིལ་གནོན། བླ་མ་སྐུ་གསུམ། ཐོད་ཕྲེང་སྡེ་ལྔ། ཡི་དམ་གུ་རུ་དྲག་པོ་དང་མཁའ་འགྲོ་སེང་ཞལ། གུ་རུ་མཚན་བརྒྱད། རིག་འཛིན་མཆོག་བརྒྱད། རྗེ་འབངས་བྲག་རི་མ་བཅས། སྐུ་རྟེན་རྣམས་ལ་གཟུངས་གཞུག་དགེ་སློང་ཁྲིམས་གཙང་གིས་གཟུངས་སྒྲུབ་ཞག་བརྒྱ་ཕྲག་བྱས་པ་དང་། སངས་རྒྱས་བྱང་སེམས་ཀྱི་རིང་བསྲེལ་ཡུངས་འབྲུ་ལྟ་བུ་དུ་མ། རྒྱ་དཔེ། ཤོག་སེར། ཕྱག་བྲིས་ཆོས་ཀྱི་རིང་བསྲེལ། སྐུ་གདུང་དང་སྐུ་བལ་རིང་བསྲེལ། རྟེན་འདུས་རིལ་བུ། སྐྱེ་བདུན་དམ་རྫས་སོགས་རྙེད་དཀའ་ཁུངས་བཙུན་སེལ་མེད་རྣམས་དང་། གདན་དུ་གནོད་སྦྱིན་འཁོར་ལོ། བཀྲ་ཤིས་པའི་གཏེར་བུམ། ཀླུ་དང་ས་བདག་གི་བུམ་གཏེར། ཉེས་སེལ་གཏེར་བུམ་སོགས་སྔ་འགྱུར་མཁས་གྲུབ་གོང་མའི་ཕྱག་བཞེས་ལྟར་ལག་ལེན་མ་འཁྲུགས་པར་བསྒྲུབས་པ་ལ། ༧རྒྱལ་དབང་བཅུ་བཞི་པ་ཆེན་པོ་༧གོང་ས་བསྟན་འཛིན་རྒྱ་མཚོ་མཆོག་དང་། ༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེར་ཡེ་ཤེས་དགོངས་གཏད་ཡང་ཡང་ཞུས་ཤིང་། སྤྱི་ལོ་ ༡༩༨༧ རབ་བྱུང་བཅུ་བདུན་པའི་ཐོག་མ་མེ་ཡོས་དབོ་ཟླའི་དུས་ཚེས་ཕུན་སུམ་ཚོགས་པར་༧སྐྱབས་མཆོག་རྡོ་རྗེ་འཆང་གང་ཉིད་དང་། རྡོ་རྗེ་འཛིན་དབང་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་དང་རིག་འཛིན་འདུས་པའི་སྡེས་སྨིན་གཏེར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཆེན་དང་འབྲེལ་སྨིན་ལུགས་རབ་གནས་དགེ་ལེགས་འདོད་འཇོ་ཞིབ་རྒྱས་སུ་མཛད་པས་མཚོན། སྐྱེས་ཆེན་དུ་མས་རབ་གནས་རྒྱས་བསྡུས་ལན་གྲངས་སུམ་བརྒྱ་ལས་མི་ཉུང་བ་མཛད། རྟེན་སྙིང་གཟུངས་གྲངས་འབུམ་ཕྲག་ལྷག་འགྲོ་ངེས་དང་། བསྟན་རྩ་དགེ་འདུན་གྱི་སྡེ་བཙུགས་ཤིང་ཉམས་བཞེས་ཀྱང་། འདུལ་བ་གཞི་གསུམ་གྱི་ཕྱག་ལེན། ཡར་མར་གྱི་ཚེས་བཅུ་དང་སྤྲེལ་ཟླའི་ཚེས་བཅུ་གར་འཆམས་དང་འབྲེལ་བའི་སྤྲོས་བཅས། བཀའ་བརྒྱད་ཁྲོ་རོལ་དང་། འཇམ་དཔལ་ཁྲོས་པ་སྨིན་གཏེར་གཤིན་རྗེ་དྲེགས་འཇོམས་ཀྱི་སྒྲུབ་མཆོད་དང་འབྲེལ་བའི་ལོ་མཇུག་དུས་རིམ་ཆེ་ཆུང་། ལུང་ཨ་ནུ་ཡོ་གའི་མདོ་ཚོགས་ཆེན་འདུས་པའི་སྒྲུབ་ཆེན། རྒྱུད་གསང་སྙིང་གི་བཤད་པ་ཞག་བཅུ་ལས་མི་ཉུང་བ་རྣམས་དང་། དབང་ལུང་གལ་ཆེ་ཟླ་རེ་ཉུང་མཐའ་བྱས་པ་སོགས་བཤད་སྒྲུབ་ཀྱི་རྩ་བ་བཙུགས་པ་འདིས་བསྟན་འགྲོ་སྤྱི་དང་ཁྱད་པར་འཛམ་བུའི་གླིང་དུ་ཞི་བདེ་འབྱུང་བའི་རྒྱུ་རྒྱལ་བསྟན་དྲི་མེད་དར་ཤིང་རྒྱས་པ་དང་སྐྱེ་དགུ་མཐའ་དག་ཀུན་ཀྱང་བྱམས་བརྩེ་མཛའ་བའི་དཔལ་ལ་སྤྱོད་ཅིང་རྫོགས་ལྡན་གྱི་ཉི་མ་སླར་ཡང་འཆར་བའི་ཐུགས་སྨོན་མཚམས་སྦྱོར་ཡང་དག་པས་བརྒྱན་པར་མཛད་དོ། ༈ །གཉིས་པ་གདན་རབས་ཕྲེང་བ་རིམ་བྱོན་གྱི་རྣམ་པར་ཐར་པ་ས་བོན་ཙམ་ལས། མདོ་ཁམས་སྔ་འགྱུར་རྙིང་མའི་བསྟན་འཛིན་ཆེན་པོ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་སྐུ་ཕྲེང་དང་པོ་བསྟན་པའི་རྒྱལ་མཚན་ནི། བདེ་གཤེགས་མྱ་ངན་མེད་དང་། གནོད་སྦྱིན་སྐར་མདའ་གདོང་། སློབ་དཔོན་འཇམ་དཔལ་བཤེས་གཉེན། རྒྱལ་སྲས་མུ་ཁྲི་བཙན་པོ། སློབ་དཔོན་ཀ་མ་ལ་ཤཱི་ལ། རོང་སྟོན་སྨྲ་བའི་སེང་གེ་སོགས་སངས་རྒྱས་དང་བྱང་སེམས་རིག་པ་འཛིན་པ་རྣམས་ཀྱི་ཡང་སྤྲུལ་སླར་ཡང་སྙིགས་དུས་འགྲོ་བའི་དེད་དཔོན་དུ་བྱོན་པ་སྟེ། དབུ་རུ་འཕན་ཡུལ་དུ་འབངས་མི་ཁྱིམ་མང་པོའི་བདག་པོ་སྡེ་པ་མཐོན་པོའི་རིགས་སུ་ལྕགས་ཕོ་སྟག་གི་ལོར་སྐུ་འཁྲུངས། ཁྱིམ་ཐབས་ཀྱི་གྲྭ་བསྒྲིགས་ཀྱང་ཐུགས་ལ་མ་བཞེད་པར་དགུང་ལོ་བཅུ་གསུམ་གྱི་དུས་མཚན་ཉིད་ཀྱི་གྲྭ་ས་ཆེན་པོ་འབྲས་ཡུལ་སྐྱེད་ཚལ་དུ་བྲོས་ནས་བྱོན། སྐྱེད་ཚལ་མཁན་པོ་ལས་བསྟན་པ་རིན་པོ་ཆེའི་སྒོར་ཞུགས། ཐུགས་འཛིན་གྱི་བསླབ་སྦྱོང་ཕལ་ཆེར་རྫོགས་པར་མཛད། ཁྱད་པར་སྡེ་བདུན་རྣམ་ངེས་སོགས་མཚན་ཉིད་ཀྱི་གཞུང་མང་པོར་མཁས་པར་སྦྱངས། དཔལ་འཁོར་ཆོས་སྡེ། རྟ་ནག་ཐུབ་བསྟན་གསེར་མདོག་ཅན། ངོར་པ་སོགས་ཀྱི་སྐྱེས་ཆེན་དམ་པ་མང་པོ་བླ་མར་བསྟེན། སྨིན་གྲོལ་གྱི་གདམས་ཟབ་མང་དུ་ཞུས། ས་སྐྱ་བདག་ཆེན་ཀུན་དགའ་བཀྲ་ཤིས་ལས་ས་ལུགས་ཀྱི་སྨིན་གྲོལ་གདམས་ངག་རྒྱ་ཆེར་གསན། ཁྱད་པར་ས་སྐྱ་གོང་དུ་ཀྱེ་རྡོར་གྱི་རྒྱུད་བཤད་མཛད་པས་དཔལ་ས་སྐྱའི་ལུགས་ལ་མཁས་པའི་གྲགས་པ་ཐོབ། འཇམ་མགོན་ས་སྐྱ་གོང་མ་རིན་པོ་ཆེས་ཐུགས་རྗེ་གཟིགས་པ་ཚད་མེད་པས་བསྔགས་བརྗོད་དང་དབུགས་དབྱུང་བསྩལ། སླར་ཡང་གངས་ཅན་གྱི་ཁྲོད་ན་ཚད་མ་རིག་པའི་འབྱུང་གནས་གསང་ཕུར་བཞུགས་ནས་མཚན་ཉིད་ཀྱི་མཐའ་རྒྱ་ལེགས་པར་བཅད་དེ་ཚད་མ་རིག་པ་ལ་མི་འཇིགས་པའི་གོ་འཕང་བརྙེས། གསང་ཕུ། ར་བ་སྟོད། འབྲས་ཡུལ་སྐྱེད་ཚལ་ལ་སོགས་པའི་མཚན་ཉིད་ཀྱི་གྲྭ་ས་རྣམས་སུ་གྲྭ་སྐོར་མཛད་ཅིང་མཁས་པའི་ཁྲོམ་ཐོག་ཆོད་པས། ཞྭ་ལམ་རབ་འབྱམས་པའི་མཚན་གྱི་ཅོད་པན་གྱིས་མཛེས་པར་མཛད། སེར་འབྲས་དགའ་གསུམ་རྒྱུད་སྟོད་སྨད་སོགས་ཀྱི་ཁྲི་གདན་ཟུར་གྱི་དཔོན་སློབ་ཐམས་ཅད་བླ་མར་བསྟེན་ནས་གསང་བདེ་འཇིགས་གསུམ་གྱིས་གཙོས་དཔལ་རི་བོ་དགའ་ལྡན་པའི་བཀའ་སྲོལ་ཕལ་ཆེར་བདག་གིར་མཛད། ཀུན་མཁྱེན་ལྔ་པ་ཆེན་པོའི་ཞབས་འབྲིང་པ། རྗེ་དེའི་ཞལ་སློབ་ཡོངས་ཀྱི་གཙོ་བོར་གྱུར་པ་དགེ་སློང་འཇམ་དབྱངས་གྲགས་པའི་ཞབས་ཕྱིར་འབྱོར་པས་གྲྭ་འཁོར་གྱི་ནང་མར་གྱུར། རྗེ་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོ་དང་། གནས་བརྟན་འཇམ་དབྱངས་གྲགས་པ་ཡབ་སྲས་གཉིས་ཀ་ལས་གསར་རྙིང་གི་ཟབ་གནད་གང་ཆེའི་བཀའ་ཆོས་མང་དུ་གསན་ནས་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པར་མཛད། སློབ་དཔོན་འཇམ་དབྱངས་གྲགས་པའི་ཞལ་ནས་ཁྱེད་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་རྣམ་འཕྲུལ་དུ་སྣང་ཞིང་སྔོན་གསར་མ་ལ་མཁས་གྲགས་ཆེན་པོ་ཐོན་འདུག་ཀྱང་། ད་ཕྱིན་སྔགས་རྙིང་མའི་རྫོགས་ཆེན་གྱི་རིང་ལུགས་པ་ཆེན་པོ་ཞིག་ཡོང་ཚོད་དུ་འདུག་གསུངས་ཏེ། རྗེ་དེའི་མངོན་མཁྱེན་ལ་ཆགས་ཐོགས་མི་མངའ་བས་ངེས་ཤེས་རྙེད་ཅིང་དག་སྣང་ཐོབ། དེ་དུས་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པ་ཆེན་པོ་པདྨ་རིག་འཛིན་བྲག་ཡེར་པར་བཞུགས་སྐབས་གནས་བརྟན་གྱིས་གཙོས་པའི་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོའི་དྲུང་འཁོར་འགང་ཆེ་བ་རྣམས་དང་ལྷན་དུ་རྫོགས་ཆེན་པ་ལ་ལྐོག་ཆོས་ཞུ་བར་བྱོན། མྱོང་ཁྲིད་གསན་པས་ཉམས་རྟོགས་རྩོལ་མེད་དུ་ཐུགས་ལ་འཁྲུངས་པས་ཁྲིད་ཞུ་བ་ཀུན་གྱི་ཡང་རྩེར་སོན། གྲུབ་དབང་རིན་པོ་ཆེ་ཡང་ཐུགས་ཤིན་ཏུ་མཉེས་པས་ཐུགས་ཡིད་རོ་གཅིག་ཏུ་འདྲེས། རྗེ་ཉིད་ཀྱིས་ཀྱང་ཚེ་རབས་དུ་མ་ནས་སྨོན་ལམ་གྱིས་འབྲེལ་བའི་བག་ཆགས་བཟང་པོ་སད། མོས་གུས་ཀྱི་གདུང་བས་འབྲལ་མི་ཕོད་པར་གྱུར། དེ་ནས་གོང་ས་ལྔ་པ་ཆེན་པོའི་བཀའ་ལུང་བཞིན་རྫོགས་ཆེན་པདྨ་རིག་འཛིན་དང་། ཞེ་ཆེན་རབ་འབྱམས་བསྟན་པའི་རྒྱལ་མཚན་གཉིས་ལ་ཧུ་ཐོག་ཐུའི་གོ་གནས་དང་བཀའ་ཤོག་ཤེལ་བམ་བཅས་མདོ་ཁམས་ཕྱོགས་སུ་གཞན་དོན་ལ་བསྐུལ་བར་མཛད། དཔོན་སློབ་གཉིས་ཆར་གྲྭ་འཁོར་དང་བཅས་ཆོས་སྒར་མདོ་ཁམས་སུ་བསྐྱོད། ནག་ཤོད་མཁར་བར་བསམ་གཏན་བྲག་ལ་རྒྱང་ཙམ་ཞིག་བཞུགས། དེ་ནས་རིམ་བཞིན་མདོ་སྨད་ཀྱི་ས་སྐྱོང་ཆེན་པོ་སྡེ་དགེའི་མངའ་རིས་རུ་དམ་སྐྱིད་བཀྲམ་ལུང་དུ་ཕེབས་པ་དང་། ས་དེར་རྫོགས་པ་ཆེན་པོའི་བཤད་སྒྲུབ་ཀྱི་སྡེ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཆོས་སྡེ་བཏབ་ཅིང་གཙུག་ལག་ཁང་བཞེངས་པའི་ས་འཚོལ་བ་སོགས་གང་ཅིའི་ཞབས་འདེགས་ཕུལ་དུ་ཕྱིན་པར་བསྒྲུབས། གྲུབ་དབང་ཉིད་ཕྱོགས་དང་ཕྱོགས་མེད་དུ་བསྟན་པ་སྤེལ་བ་ལ་ས་དགེ་སོགས་ལྟ་གྲུབ་ཕྱོགས་འཛིན་ཅན་ཆགས་སྡང་གི་ཚེར་མ་སྙིང་ལ་ཟུག་པ་འགའ་ཡིས་ཕྲིན་ལས་ཀྱི་སྒོ་འགེགས་པའི་ཀུན་སློང་མི་བཟད་པ་ལྟར་སྣང་གི་རྩོད་པ་བྱུང་བ་རྣམས་ཀྱང་། རབ་འབྱམས་པ་སྨྲ་བའི་སེང་གེ་འདིས་ལུང་རིགས་ཀྱི་ང་རོ་མཐོན་པོའི་གད་རྒྱངས་ཀྱིས་ཉེར་འཚེའི་རི་དྭགས་ཕྲ་མོ་དེ་དག་རྨིག་མེད་དུ་བཅོམ་པས་བསྟན་པའི་རྒྱལ་མཚན་གཡོ་མེད་ཚུགས། རྫོགས་ཆེན་རབ་འབྱམས་པ་ཞེས་མཚན་ཉི་ཟླ་ལྟར་གྲགས། སྐུ་བསོད་དང་སྙན་གྲགས་རྒྱས་པས་ཕྱོགས་ཐམས་ཅད་དུ་རྫོགས་ཆེན་པ་གཉིས་པར་གྲགས། འདི་ཡན་བླ་སློབ་འབྲལ་མེད་དུ་མཛད་ཅིང་། སྙིང་ཐིག་ཡ་བཞི། མཛོད་བདུན། ངལ་གསོ་སྐོར་གསུམ་དང་གཏེར་ཆེན་མཆོག་གཉིས། རཏ་གླིང་། ཀར་གླིང་། འཇའ་ཚོན་སོགས་ཀྱི་དབང་ཁྲིད་གདམས་པ་མཐའ་དག་སྨིན་རྒྱས་སུ་མནོས་ཏེ་དབུས་གཙང་ཁམས་གསུམ་དུ་སྒྲུབ་པ་ཉམས་བཞེས་མཐར་སོན་པར་མཛད། སྐབས་ཤིག་སྡེ་དགེ་ཁྲི་ཆེན་སངས་རྒྱས་བསྟན་པ་དང་། གཉེར་ཆེན་ལྷ་ཀླུ་སོགས་ཀྱིས་རྫོགས་ཆེན་པ་ཡབ་སྲས་རྣམས་ལ་བཀུར་སྟི་མི་དམན་པར་ཞུས། ཁྱད་པར་རབ་འབྱམས་པ་མཆོག་ལ། སྔོན་རྒྱལ་སྲས་སྤོམ་བྲག་པའི་གདན་ས། དེང་སང་ཁྲ་སྤོམ་བྲག་ཏུ་གྲགས་པ་འདི་དགོན་གོག་ཏུ་སོང་གཤིས། སྒྲུབ་པར་བཞུགས་ན་ལེགས་ཚུལ་ཕེབས་པ་ལྟར་སྒྲུབ་ཁང་གསར་འདེབས་སོགས་ཞབས་ཞུ་བྱུང་བ་བཞིན་ལོ་ཤས་སྒྲུབ་པ་མཛད་ནས་བཞུགས་ཀྱང་། གྲུབ་མཐའི་ཀུན་སློང་གིས་གྲྭ་རྒན་ཁ་ཤས་ནས་ཀར་བསྟན་རྙིང་མར་འགྱུར་དོགས་བསམ་སྦྱོར་རྩུབ་མོས་རྒྱུད་བསྐུལ་ཆགས་སྡང་རྩོད་པ་ཅན་གྱི་ཡུལ་སྤངས་ནས་ལྷོ་ཕྱོགས་ཉེ་རྒྱུད་ཀྱི་འབྲོང་པ། ལྷ་ཐོག་སོགས་ཡུལ་མ་ངེས་པ་རྣམས་སུ་ཕེབས་ནས་ཕྱོགས་བྲལ་གྱི་གདུལ་བྱ་བསྐྱངས་ཤིང་འབྲེལ་ཐོགས་མང་པོ་བྱང་གྲོལ་གྱི་ལམ་ལ་བཀོད་པར་མཛད། ལས་འཕྲོ་ལྡན་པའི་སློབ་མ་མང་དུ་བྱོན་པ་ལས་སློབ་བརྒྱུད་དུ་མར་འཕེལ། དམ་པ་འདི་ནི་རིག་པ་དང་གྲོལ་བའི་སྤོབས་པ་དགེ་བ་ཅན། རྒོལ་ངན་གཉིས་འཐུང་འཇོམས་པའི་ལུང་རིགས་སྨྲ་བའི་སེང་གེ །མདོ་རྒྱུད་རིག་གནས་དང་བཅས་པ་ལ་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོ། བསྟན་པ་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན། ངེས་དོན་ཟབ་མོའི་ཉམས་རྟོགས་ཀློང་དུ་གྱུར་པའི་རྣལ་འབྱོར་གྱི་དབང་ཕྱུག །ལུང་དང་རྟོགས་པའི་ཡོན་ཏན་དུ་མ་དང་ལྡན་པའི་སྐྱེས་བུ་ཆེན་པོའོ། །སླར་འབྲི་རྒྱུད་མཁར་མདོའི་ཕྱོགས་ཀྱི་གཙང་རོང་ཤར་ལྗོངས་རི་ཁྲོད་དུ་སྐུ་ཚེ་བསྒྲིལ་ནས་རྩེ་གཅིག་ཏུ་སྒྲུབ་པར་འབད་པའི་དམ་བཅའ་མཛད་ནས་བཞུགས་སྐབས། གྲུབ་དབང་པདྨ་རིག་འཛིན་འོག་མིན་དུ་གཤེགས་པའི་གཏམ་དང་། རྗེ་ཉིད་རྫོགས་ཆེན་པའི་གདན་སར་ཕེབས་དགོས་པར་སྡེ་དགེའི་བང་མི་འབྱོར་འཕྲལ་རུ་དམ་དུ་ཞབས་བཏེགས། དཔོན་སློབ་རིན་པོ་ཆེ་དཔོན་གཡོག་གིས་དགོངས་རྫོགས་ཕལ་ཆེར་གྲུབ་ཟིན་པའི་ཐོག་སླར་ཡང་རྒྱ་ཆེར་བསྒྲུབས། དེ་ནས་ལོ་ཤས་དབང་ཁྲིད་སོགས་ཀྱི་གདུལ་བྱ་སྐྱོང་བ་ཙམ་ལས་གདན་སའི་ཁུར་ལེན་མ་མཛད་པར་འགྲོ་དོན་ཕྱོགས་བྲལ་དུ་བསྐྱངས། འདི་སྐབས་གྲུབ་དབང་རིན་པོ་ཆེའི་སྤྲུལ་པའི་ཡང་སྲིད་སོག་པོའི་རྒྱལ་པོ་ཀུན་དགའ་དྭ་ཆིང་ཞེས་པའི་ཆབ་འབངས་ཞིག་ལ་འཁྲུངས་པ་ངོས་འཛིན་དང་གདན་སར་འཁོད་པའི་ཞབས་འགྱུར་གང་དྲགས་ཕུལ་ཞིང་། བཀུར་སྟི་དང་སྲི་ཞུ་མི་དམན་པ་བསྒྲུབས་པར་མཛད། ཤིང་སྤྲེལ་ལོ་དགུང་གྲངས་ལྔ་བཅུ་རྩ་ལྔ་པ་ལ་རྟག་འཛིན་ཅན་ཆོས་ལ་བསྐུལ་བའི་ཕྱིར་འདི་སྣང་སྤྲུལ་པའི་རོལ་གར་བསྡུས་ཏེ་གཞོན་ནུ་བུམ་སྐུའི་ཀློང་དུ་དགོངས་པ་ཐིམ་པའི་ཚུལ་བསྟན་པར་མཛད་དོ། །དམ་པ་འདི་ལ་སྒེར་གྱི་གྲྭ་ཚང་སྤྱིར་ཉེར་ལྔ་ཙམ་ཡོད་པ་ལས་ཐུགས་སྲས་མཆོག་ཏུ་གྱུར་པ། རྫོགས་ཆེན་གྱི་ལྟ་སྒོམ་ཕུལ་དུ་སོན་ཅིང་ལྷག་པའི་ལྷ་དུ་མའི་ཞལ་གཟིགས་བརྙེས་པ་ཧོར་རོང་པ་ཚ་བ་བླ་མ་པདྨ་དབང་ཕྱུག །ལྷོ་རྒྱུད་ཀྱི་བླ་མ་ཨོ་རྒྱན་བསྟན་འཛིན། ལྷ་ཐོག་ཨ་འཇམ་བླ་མ་པདྨ་རྒྱལ་མཚན། ཀླུ་བསེ་བླ་མ་དར་རྒྱས། མཁར་མདོ་རྟོགས་ལྡན་ཨོ་རྒྱན་ཚུལ་ཁྲིམས། གླིང་ར་རྟགས་བླ་མ་སྐལ་བཟང་སོགས་རྫོགས་ཆེན་སྙིང་པོའི་ཉམས་བཞེས་མཐར་སོན་པ་རང་གཞན་དོན་གཉིས་སྒྲུབ་ནུས་རྒྱུད་འཛིན་ཉེར་ལྔ་པོ་དེ་རྣམས་ཀྱིས་གོང་མའི་སྐུ་གདུང་མཆོད་རྟེན་སོགས་རྫོགས་ཆེན་དགོན་དུ་བཞེངས་གྲུབ་འཕྲལ། གཏེར་ཆེན་ཉི་གྲགས་ཀྱི་སྒྲུབ་གནས་ཞེ་ཆེན་ཨོ་རྒྱན་ཆོས་རྫོང་གི་ཉེ་འདབས་སུ་སྒྲུབ་སྡེ་གསར་དུ་བཏབ་པར་བྱས་སོ། ༈ །རབ་འབྱམས་གཉིས་པ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་ནི། རྡོར་བྲག་རིག་འཛིན་པདྨ་ཕྲིན་ལས་དང་། སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེ་སོགས་མཁས་གྲུབ་དུ་མས་ལུང་བསྟན་པ་ལྟར། རུ་དམ་གཡང་འཁྱིལ་དུ་རྫོགས་ཆེན་མཆོག་སྤྲུལ་གཉིས་པའི་གཅུང་དུ་ཆུ་མོ་སྦྲུལ་གྱི་ལོ་ལ་སྐྱེ་བའི་མྱུ་གུ་བཟུང་། ལྷུམས་སུ་བཞུགས་པའི་ཚེ་ཡིག་དྲུག་གི་སྒྲ་བསྒྲགས་པ་དང་། འཁྲུངས་མ་ཐག་ཏུ་ཚེམས་དཀར་ཤེལ་གྱི་མཆོད་རྟེན་ཅན་བསྩལ་ཞིང་། གསུང་བྱེ་བ་ཙམ་ནས་རབ་འབྱམས་པའི་ཡང་སྲིད་དུ་ཞལ་བཞེས་གནང་བ་སོགས་ངོ་མཚར་བའི་མཛད་པ་དུ་མ་བསྟན་ཅིང་དམ་པའི་ཡོན་ཏན་མངོན་གྱུར་དུ་གསལ། སྨིན་གླིང་ནས་མཚན་འགྱུར་མེད་ཀུན་བཟང་རྣམ་རྒྱལ་བློ་གསལ་རྒྱ་མཚོའི་སྡེ་ཞེས་བསྩལ། གོང་མའི་བུ་སློབ་རྣམས་ནས་རང་གནས་ཞེ་ཆེན་དགོན་རྙིང་གསང་སྔགས་ཆོས་གླིང་དུ་གདན་དྲངས། གོང་མའི་ཐུགས་སྲས་ཨོ་རྒྱན་སྐལ་བཟང་ནས་གསན་སྦྱོང་སོགས་ཀྱི་བཤེས་གཉེན་མཛད། དབང་ཁྲིད་གདམས་པ་ཡོངས་རྫོགས་རྒྱལ་ཚབ་བླ་མ་པདྨ་དབང་ཕྱུག་ནས་ཕུལ། ལོ་ཤས་ནས་འགོང་པོའི་ཆོ་འཕྲུལ་གྱིས་བོད་ཡུལ་དབུས་སུ་དུས་འགྱུར་ཚབས་ཆེ་བྱུང་བར་བརྟེན། སྨིན་གླིང་ཁྲི་ཆེན་རིན་ཆེན་རྣམ་རྒྱལ་ཁམས་ཕྱོགས་སུ་ཕེབས་སྐབས་རྫོགས་ཆེན་དང་ཞེ་ཆེན་དགོན་དུ་གདན་དྲངས་ནས་མཆོག་སྤྲུལ་དང་བླ་རྒན་སོགས་ཀྱིས་གཙོས་དགོན་བཞུགས་སྤྱི་ལ་དབང་ལུང་ཁ་ཤས་གནང་། དམ་པ་དེ་ཉིད་ནས་ཤེལ་བྲག་གཏེར་བྱོན་གཤིན་རྗེ་དྲེགས་འཇོམས་ཀྱི་ཆོས་བདག་ལུང་བསྟན་ནང་ཚན། ཆོས་བདག་སྔགས་སྤྱོད་རྣལ་འབྱོར་ལྔ་ཞེས་པའི་ནང་ནས་གཅིག་ཁྱོད་རང་ཡིན་པས་འདི་ཉིད་ཡི་དམ་དུ་མཛད་ན་སྐུ་ཚེ་མཛད་ཕྲིན་ཡར་རྒྱས་སུ་འོང་ཞེས་ལུང་བསྟན་གྱིས་དབུགས་ཕྱུང་སྟེ། གཏེར་ཆེན་རིན་པོ་ཆེའི་ཕྱག་ཕྲེང་རུ་རཀྵ་བྱིན་ལྡན་ཡང་བསྩལ་ཏེ་བསྔགས་བརྗོད་རྒྱ་ཆེར་མཛད། སྐུ་ཡོན་སློབ་གཉེར་གང་ལའང་དཀའ་ཚེགས་མ་དགོས་པར་སྐྱེས་ཐོབ་ཀྱི་བློ་གྲོས་ཕུལ་དུ་ཕྱིན་པས་མཁྱེན་རྟོགས་ཀྱི་རྩལ་རྫོགས། མདོ་སྔགས་རིགས་ལམ་དང་བཅས་པ་ལ་གཞན་དྲིང་མི་འཇོག་པའི་རྣམ་དཔྱོད་དང་ལྡན་པས་མཁས་པའི་ཡང་རྩེར་སོན། རྫོགས་ཆེན་མཆོག་སྤྲུལ་ཐེག་མཆོག་བསྟན་འཛིན་གཙོ་བོར་མཛད་དེ། རྡོ་བྲག་རིག་འཛིན་མཆོག་སྤྲུལ་སྐལ་བཟང་པདྨ་དབང་ཕྱུག །ཟུང་འཇུག་རྡོ་རྗེའི་ས་མཁན་འགྱུར་མེད་སྐལ་བཟང་འཕེལ་རྒྱས། རྗེ་ཉིད་ཀྱི་རིགས་དབོན་འགྱུར་མེད་སྐལ་བཟང་བསྟན་འཕེལ་བཅས་རིགས་བདག་མཚུངས་མེད་ལྔ་དང་། གཞན་ཡང་ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་། མདོ་ཁམས་པ་ཀུན་དགའ་བསྟན་འཛིན། ཀཿཐོག་རྒྱལ་སྲས་དྲི་མེད་ཞིང་སྐྱོང་སོགས་ཡོངས་འཛིན་མཁས་གྲུབ་དུ་མའི་ཞབས་པད་མཉེས་པ་གསུམ་གྱིས་བསྟེན་ནས་སྡེ་སྣོད་རྒྱུད་སྡེ་ཐ་སྙད་རིག་གནས་དང་བཅས་པ་ཐོས་པ་རྒྱ་མཚོའི་ཕ་རོལ་དུ་སོན། དབུས་ཕྱོགས་དང་ཁམས་ཀྱི་བསྟན་འཛིན་གསར་རྙིང་རིས་སུ་མ་ཆད་པ་དུ་མ་ལས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པ་གསན། ཡི་དམ་ཞི་དྲག་དུ་མའི་ལྗགས་བསྙེན་སོགས་བཅད་རྒྱ་ཚད་ལྡན་བསྒྲུབས་ཤིང་རྩ་གསུམ་ལྷག་པའི་ལྷ་དུ་མ་དང་། ཨོ་རྒྱན་ཆེན་པོ་སོགས་ཀྱི་ཞལ་གཟིགས་ལན་མང་དུ་བརྙེས། རྡོ་རྗེའི་ཆོས་སྲུང་ཀུན་ནས་ཕྲིན་ལས་སྒྲུབ་པའི་བརྡ་རྟགས་མངོན་སུམ་དུ་བསྟན་པ་དང་། འཇིག་རྟེན་ན་ཆེ་བར་གྲགས་པའི་དྲེགས་ཚོགས་རྣམས་ཀྱང་བཀའ་ལས་འདའ་བར་མི་ནུས་པ་སོགས་ཞིབ་པར་རྗེ་ཉིད་ཀྱི་དག་སྣང་འཇའ་ཚོན་རི་མོའི་རྣམ་འགྱུར་དུ་འཁོད་པ་ལྟར་རོ། །གཞན་ཡང་འཆད་པ་ལ་རྡོ་རྗེའི་ལྗགས་དང་ལྡན་པས་མདོ་སྔགས་བཀའ་གཏེར་གྱི་ཆོས་སྒོ་མཐའ་དག་གི་དབང་ལུང་ཁྲིད་རིམ་ཟབ་རྒྱས་ཀྱི་གདམས་པ་སྣ་ཚོགས་པས་གདུལ་བྱ་རྣམས་སྨིན་གྲོལ་ལ་བཀོད་ཅིང་། རྩོམ་པ་ལ་ལྷག་པའི་ལྷའི་བྱིན་རླབས་དང་ཤེས་རབ་རང་རྩལ་རྫོགས་པས་ཚིག་རླིང་ཞིང་ཟབ་ལ་ཉམས་འགྱུར་བརྒྱ་ཕྲག་དང་ལྡན་པ་ཁོ་ན་མཛད། ཡི་དམ་དུ་མའི་སྒྲུབ་ཕྲིན་ཆོག་སྒྲིག་སོགས་གསུང་རྩོམ་པུསྟི་ཀ་ཕྱིན་དྲུག་གི་གྲངས་ལྡན་དུ་བཞུགས། མདོར་ན་མཁས་བཙུན་བཟང་གསུམ། མཁྱེན་བརྩེ་ནུས་གསུམ། འཆད་རྩོད་རྩོམ་གསུམ་སོགས་དམ་པའི་ཡོན་ཏན་དུ་མས་ཀུན་ནས་ཕྱུག་པའི་མཁས་གྲུབ་དམ་པར་གྱུར་པ་སྟེ། རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་ལོར་རྒྱལ་མཆོག་བདུན་པ་སྐལ་བཟང་རྒྱ་མཚོའི་ལུང་བསྟན་བཞིན་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་ཆོས་སྡེ་གསར་དུ་ཕྱག་བཏབ་ནས། བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་སྤེལ་ཏེ་དགུང་གྲངས་ང་བརྒྱད་པ་ས་གླང་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ལ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་བསྟན། སློབ་མའི་རིམ་པའང་རྒྱལ་ཚབ་མཆོག་སྤྲུལ་པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ་དང་། སྒོ་མེའི་ཆོས་རྗེ་ཀུན་བཟང་སྙན་གྲགས་རྒྱ་མཚོ། སིབ་སྤྲུལ་སྐུ་ཀུན་བཟང་པདྨ་དབང་རྒྱལ། རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་སོགས་ཟླ་རྒྱུད་སྟོད་སྨད་དང་། ལྷོ་ཁའི་ཕྱོགས་སུའང་མཁས་གྲུབ་གཉིས་ལྡན་རིམ་གཉིས་ཀྱི་དྲོད་ཚད་བརྙེས་པ་དུ་མ་བྱུང་བ་ནི་སྨྲོས་ཀྱིས་མི་ལང་ངོ་། ༧ །རབ་འབྱམས་མཆོག་སྤྲུལ་གསུམ་པ་རིག་འཛིན་དཔལ་འབྱོར་རྒྱ་མཚོ་ནི། རྗེ་བླ་མ་དམ་པ་ཆོས་དབྱིངས་སུ་གཤེགས་རྗེས་ལྕགས་སྟག་ལོར་སྣ་ནམ་ཡང་སྲིད་རྡོར་བྲག་རིག་འཛིན་ཆེན་པོ་ཁམས་དར་རྩེ་མདོ་ནས་ཡར་བྱོན་སྐབས། ཞེ་ཆེན་གདན་སར་ཆིབས་བསྐྱོད་གནང་དུས་རྗེ་དབོན་བླ་མ་པདྨ་ཀུན་གྲོལ་རྣམ་རྒྱལ་དང་། ཕྱག་མཛོད་བླ་མ་དཀོན་མཆོག་དར་རྒྱས་སོགས་དགོན་པའི་གྲྭ་སློབ་རྣམས་ནས་རྗེ་བླ་མའི་ཡང་སྲིད་ལ་དོགས་གཅོད་ཞུས། རིག་འཛིན་མཆོག་ལ་རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་ནས་ལུང་བསྟན་བསྩལ་བར། རིག་པ་འཛིན་པ་རྡོ་རྗེ་ཐོགས་མེད་རྩལ། །འགྲོ་བའི་བླ་མ་གསང་སྔགས་བསྟན་འཛིན་གང་། །ཞིང་འདིའི་གདུལ་བྱ་རེ་ཞིག་རྫོགས་ན་ཡང་། །དགོན་གནས་ཉིད་ནས་འཇལ་བའི་ཤར་ལྷོ་མཚམས། །ལུང་པ་ཁ་ནི་ལྷོ་ནུབ་བསྟན་པ་ན། །རྩི་ཤིང་ནགས་ཚལ་དྲྭ་བ་འཁྲིགས་པའི་དབུས། །ཕ་མ་པདྨའི་རིགས་སུ་གྱུར་པའི་སྲས། །ཡོས་འབྲུག་མཚམས་སུ་འབྱུང་བའི་ངོ་ཞིག་མཆིས། །པདྨ་དྲག་པོའི་སྒོ་ནས་སྨིན་གྲོལ་གྱིས། །དམ་སྲི་འབྱུང་པོའི་ཚོགས་ལས་རྒྱལ་བར་ངེས། །འདི་ཙམ་ཡེ་ཤེས་མཁའ་འགྲོའི་གཏམ་འཆལ་ལོ། །ཞེས་པའི་ལུང་བསྟན་དང་རྗེས་སུ་མཐུན་པར་རྒྱ་རོང་སྒྲུབ་སྡེ་དང་ཉེ་བའི་ཕྱོགས་སུ་ཡབ་རྟ་མགྲིན་ཞེས་པའི་སྲས་སུ་འཁྲུངས་ཤིང་། སླར་ཡང་ཡོས་ལོར་དབུས་ཕྱོགས་ནས་ལྕགས་ཟམ་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། སྨིན་གླིང་ཁྲི་ཆེན་པདྨ་བསྟན་འཛིན། རྡོར་བྲག་རིག་འཛིན་ཆེན་པོ་ལ་བརྟགས་ཞུས་ཡང་བསྐྱར་དང་། ཁམས་ནས་ཤར་ཆེན་ཀླུ་ལྡིང་རིན་ཆེན་མི་འགྱུར་རྒྱལ་མཚན་སོགས་ཡེ་ཤེས་སྤྱན་གྱིས་ཤེས་བྱའི་ཆོས་ཀུན་མ་འདྲེས་པ་ས་ལེར་གཟིགས་པ་ཐམས་ཅད་ནས་དམ་པ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ལུང་བསྟན་པ་བཞིན་གོང་མའི་གདན་སར་མངའ་གསོལ། རབ་འབྱམས་སྤྲུལ་པའི་སྐུ་ཆོས་ཀྱི་ཁྲི་ལ་ཞབས་པད་བཀོད་པ་དང་ལྷན་ཅིག་རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེ་ཨ་ཏི་བསྟན་པའི་རྒྱལ་མཚན་ནས་གཙུག་ཕུད་བཞེས། ཕྱིས་སུ་སྨིན་གླིང་ཁྲི་ཆེན་འགྱུར་མེད་ཕྲིན་ལས་རྣམ་རྒྱལ་ནས་མཚན་རིག་འཛིན་དཔལ་འབྱོར་རྒྱ་མཚོ་རྣམ་པར་རྒྱལ་བའི་ཉིན་བྱེད་དུ་གསོལ། ཡོངས་འཛིན་དམ་པ་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་དང་། གཞན་ཡང་རྫོགས་སྤྲུལ་གསུམ་པ། སྨིན་གླིང་ཁྲི་ཆེན་སྐུ་མཆེད། རྡོ་བྲག་རིག་འཛིན་ཆེན་པོའི་ཡང་སྲིད་ཀུན་བཟང་འཇིགས་མེད་གླིང་པ། ཉི་གྲགས་མཆོག་སྤྲུལ་གསུམ་པ། རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན། ཀཿཐོག་པ་ཡབ་སྲས། བཤེས་གཉེན་རིག་འཛིན་བཟང་པོ། རྣམ་འདྲེན་བླ་མ་འཇིགས་མེད་གོ་ཆ་སོགས་དམ་པ་དུ་མ་ལས་སྨིན་གྲོལ་དབང་ཁྲིད་ཀྱི་གདམས་པ་མཐའ་དག་གསན། བཤད་སྒྲུབ་ཀྱི་བསྟན་པ་ལ་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་གཞན་འགྲན་དང་བྲལ་ཞིང་། ཁྱད་པར་རང་ལུགས་ཨོ་རྒྱན་སྨིན་གྲོལ་གླིང་པའི་ཕྱག་བཞེས་བཞིན་ལོ་བསྟར་དུས་མཆོད་ཆེ་ཁག་བཞི་དང་། ལོ་ངོ་གསུམ་རེའི་མཚམས་ནས་ཡི་དམ་བཀའ་བརྒྱད་ཀྱི་སྒོ་ནས་བདུད་རྩི་ཆོས་སྨན་གྱི་སྒྲུབ་པ་སོགས་ཁུངས་ལྡན་དམ་པའི་ཕྱག་བཞེས་རང་བཟོའི་དྲི་མ་ཕྲ་མོས་བཅོས་བསླད་ཀྱིས་མ་བསྒྲིབས་པར་གར་ཐིག་དབྱངས་རོལ་སོགས་ཕྱི་སྤྲོས་བཅས་རིམ་པའི་དུས་མཆོད་དང་། ནང་བསྐྱེད་རྫོགས་དམིགས་པའི་ཏིང་འཛིན་གསལ་ཞིང་། གསང་བ་སྤྲོས་བྲལ་ཀ་དག་གི་ལྟ་བར་ལ་བཟློ་ཞིང་སྒྲུབ་པའི་གཟུགས་བརྙན་དུ་མ་སོང་བ་བཙུགས་པར་མཛད། ཁྱད་པར་རབ་བྱུང་བཅུ་གསུམ་པའི་ཤིང་གླང་ལོར་ངེས་དོན་སྙིང་པོའི་སྒྲུབ་སྡེ་བདེ་ཆེན་པདྨ་འོད་གླིང་རྟེན་དང་བརྟེན་པར་བཅས་པ་གསར་དུ་བསྐྲུན། རྩེ་གཅིག་སྒྲུབ་ལ་གཞོལ་བའི་རྣལ་འབྱོར་པ་བཅོ་ལྔ་ཙམ་གྱིས་སྙིང་ཐིག་ཟབ་མོའི་ཉམས་ལེན་རྩ་རླུང་ཐོད་རྒལ་སོགས་ལ་སྦྱངས་པ་གནད་དུ་སྨིན་པ་ལས་རྣམ་གཡེང་དང་འདུ་འཛིར་མ་སོང་བའི་སྒྲུབ་གྲྭ་དངོས་གཙང་བཞེངས་ཤིང་མཐུན་རྐྱེན་གང་དགོས་རྩོལ་སྒྲུབ་མི་དགོས་པར་སྦྱོར་བར་མཛད། དེ་ལྟར་ངོ་མཚར་བའི་མཛད་ཕྲིན་དང་གསང་བ་གསུམ་གྱི་ཡོན་ཏན་གྱི་ཕུང་པོ་གཞལ་དུ་མ་མཆིས་པ་རྒྱ་མཚོ་ལྟ་བུ་མངའ་ཡང་། གདུལ་བྱའི་བསོད་ནམས་ཀྱིས་སྐལ་བས་མ་འཁྱོངས་པར་རེ་ཞིག་དག་པའི་ཞིང་དུ་གཤེགས་པའི་ཚུལ་བསྟན་པར་གྱུར་ཏོ། ༧ །རབ་འབྱམས་བཞི་པ་གར་དབང་ཆོས་ཀྱི་རྒྱལ་མཚན་བསོད་ནམས་སྟོབས་ཀྱི་དབང་ཕྱུག་ནི། གོང་མའི་ཆོས་ཁྲིར་མངའ་གསོལ་ནའང་མཁའ་འགྲོའི་ལུང་བསྟན་དང་ཟབ་གཏེར་གྱི་བཀའ་བབས་བཅས་གསང་སྤྱོད་ཀྱི་རྟེན་འབྲེལ་བཞེས་ནས། གྲུབ་པའི་གནས་མཆོག་རྦ་ལྕགས་ཤྲཱི་སོགས་སུ་ཕེབས་ཏེ་ཉང་དྭགས་ཀོང་གསུམ་གྱི་གདུལ་བྱའི་མགོན་མཛད་པ་ལས། ཕྱོགས་འདིར་ཕྲིན་ལས་ཀྱི་རྒྱུན་ཧ་ཅང་མ་སྨིན། ༧ །རབ་འབྱམས་ལྔ་པ་འགྱུར་མེད་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ནམ་འགྱུར་མེད་ཀུན་བཟང་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་མཆོག་ནི། ཤིང་ཕོ་བྱི་བའི་ལོ་ལ་ངོ་མཚར་བའི་ལྟས་དང་བཅས་ཏེ་འཁྲུངས། རྫོགས་ཆེན་མི་འགྱུར་ནམ་མཁའི་རྡོ་རྗེ། ཞེ་ཆེན་རྒྱལ་ཚབ་གསུམ་པ་ཨོ་རྒྱན་རང་བྱུང་རྡོ་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པ་སོགས་ཀྱི་བསླུ་མེད་རྡོ་རྗེའི་ལུང་གིས་ཟིན་པ་ལྟར་གོང་མའི་སེང་ཁྲིར་མངའ་གསོལ། ཆུང་ངུ་ནས་དམ་པའི་རྣམ་ཐར་སྒྲིབ་མེད་དུ་གསལ། ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལས་ཐོག་མར་དབང་བཞིའི་ཡེ་ཤེས་ཀྱིས་རྒྱུད་སྨིན་པར་མཛད། བར་དུ་མན་ངག་ངོ་སྤྲོད་ཀྱིས་མཉམ་གཞག་བོགས་དབྱུང་བ་དང་། ཕྱིས་ཡེ་ཤེས་ཀྱི་སྐུས་ཡང་ཡང་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པའི་རྒྱུས་རྩ་བའི་རིགས་བདག་གཅིག་ཆོག་དང་། གཞན་ཡང་རྒྱལ་བས་ལུང་བསྟན་འཇམ་མགོན་བློ་གྲོས་མཐའ་ཡས། མཁན་ཆེན་རྡོ་རྗེ་འཆང་པདྨ་དམ་ཆོས་འོད་ཟེར། དཔོན་སློབ་བཞི་པ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ། ཞེ་ཆེན་རྒྱལ་ཚབ་ཨོ་རྒྱན་རང་བྱུང་རྡོ་རྗེ། དཔལ་ཡུལ་རྒྱ་སྤྲུལ་རིན་པོ་ཆེ་ཀརྨ་ཀུན་བཟང་བསྟན་པའི་ཉི་མ། སྦས་པའི་རྣལ་འབྱོར་ཆེན་པོ་འཇུ་དབོན་འཇིགས་མེད་རྡོ་རྗེ་སོགས་མཁས་གྲུབ་ཀྱི་སྐྱེས་ཆེན་དུ་མའི་ཞབས་པད་བསྟེན་ནས། སྔ་འགྱུར་བཀའ་གཏེར་གཙོ་བོར་གྱུར་པའི་སྨིན་གྲོལ་དང་གསན་སྦྱོང་མཐར་ཕྱིན་པར་མཛད། རང་དགོན་བླ་བྲང་ཕུན་ཚོགས་ཡོངས་འདུའི་གཟིམ་ཤག་ངོ་མཚར་ཀུན་གཟིགས་སུ་ལོ་གསུམ་ཕྱོགས་གསུམ་གཙོ་བོར་གྱུར་པའི་བཅད་རྒྱར་སྔ་འགྱུར་འདུས་པ་མདོ། སྒྱུ་འཕྲུལ་ཞི་ཁྲོ། སྒྲུབ་པ་བཀའ་བརྒྱད། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་སོགས་རྩ་གསུམ་ལྷག་པའི་ལྷ་དུ་མའི་བསྙེན་སྒྲུབ་མཛད། དངོས་ཉམས་རྨི་ལམ་ཅི་རིགས་པར་བླ་མ་དང་ལྷག་པའི་ལྷ་རྣམས་ཀྱི་ཞལ་བསྟན་པ་དང་བྱིན་གྱིས་བརླབས་པའི་མཚན་མ་མང་དུ་བརྙེས། ཁྱད་པར་འདུས་མདོའི་བསྙེན་སྒྲུབ་སྐབས་དམ་པའི་རིགས་ཅན་དྲྭ་མ་ལྔའི་ནང་ཚན་སྲིན་པོ་བློ་གྲོས་ཐབས་ལྡན་གྱི་རྣམ་འཕྲུལ་ཡིན་པར་ལུང་བསྟན། སྨིན་གླིང་གཤིན་རྗེ་དྲེགས་འཇོམས་ཀྱི་ལྗགས་བསྙེན་སྐབས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཡིན་པའི་རྗེས་དྲན་གསལ་པོར་འཁྲུངས། རྡོ་རྗེ་འཆང་མཁྱེན་བརྩེའི་ཞབས་ཀྱིས་ཀྱང་། མདོ་ཁམས་སྨད་ཕྱོགས་ཀྱི་བསྟན་འཛིན་ཞིག་ལ་ཞེ་ཆེན་རབ་འབྱམས་ལས་བཟང་བ་མེད་ཅེས་ཡང་ཡང་བསྔགས་པས་མཚོན་དམ་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བཀུར། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཀླག་ལུང་ཚར་གཅིག །བོད་ཀྱི་གནས་ཆུང་སྒྲ་དབྱངས་གླིང་གི་རིག་འཛིན་འདུས་ཚོགས་ལ་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་གིས་མཚོན་སྨིན་གྲོལ་ཚར་བཞི། སྒྲུབ་ཐབས་འདོད་འཇོའི་བུམ་བཟང་གི་དབང་ལུང་ཚར་གསུམ། སེམས་སྡེ་ཨ་དོན་བཅོ་བརྒྱད། ཀློང་སྡེ་རྡོ་རྗེ་ཟམ་པ། མན་ངག་སྡེ་སྙིང་ཐིག་ཡ་བཞི། སྨིན་གླིང་གཏེར་གསར་སྐོར་སོགས་འཆད་སྤེལ་གྱིས་གདུལ་བྱ་མཐའ་ཡས་པ་རྗེས་སུ་བཟུང་། རང་དགོན་གྱི་གཙུག་ལག་ཁང་ཕན་ཚུན་གསར་བཞེངས་དང་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་གྱི་རྒྱུན་བཙུགས། སྔ་འགྱུར་བཀའ་མ་འདུས་མདོ། སྒྱུ་འཕྲུལ་ཞི་ཁྲོ། ན་རཀ་དོང་སྤྲུག །སོ་ལུགས་ཡང་དག །སངས་རྒྱས་མཉམ་སྦྱོར་བཀའ་སྲུང་བཅས་ཀྱི་སྒྲུབ་མཆོད་གཏན་འཇགས། མཆོད་རྫས་ཡོ་བྱད་ཁྱད་ཐོན་སོགས་འཁོར་ལོ་གསུམ་གྱི་ཕྲིན་ལས་ཀྱིས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད། མཐར་དགུང་གྲངས་ཞེ་དྲུག་པ་ས་མོ་བྱ་ཡི་ལོར་རེ་ཞིག་གཟུགས་སྐུའི་བཀོད་པ་མཁའ་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ། ༧ །རབ་འབྱམས་དྲུག་པ་སྣང་མཛད་གྲུབ་པའི་རྡོ་རྗེ་ནི། ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེར་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བའི་དག་སྣང་དང་། གྲུབ་དབང་རྫོགས་ཆེན་ལྔ་པའི་ཡེ་ཤེས་ཀྱི་གཟིགས་པས་ངོས་འཛིན་བྱུང་བ་དང་མཐུན་པར་འགུ་ལོག་ཨ་སྐྱོང་ཁང་གསར་དཔོན་གྱི་སྲས་སུ་ལྕགས་ཕག་ལ་སྐུ་འཁྲུངས། རང་དགོན་དང་ཉེ་བའི་ཆུ་ཆེན་པོའི་ཟམ་ཁར་ཕེབས་པ་དང་མ་ཡུམ་གྱི་རུམ་དུ་ཡོད་པར། ཞིང་སྐྱོང་དུར་ཁྲོད་མ་མོ་ཨ་མ་བགྲེས་མོ་ཞིག་ཏུ་བརྫུས་ནས་ངའི་བུ་འདིར་སླེབས་ཞེས་མགུལ་དར་ཕུལ་བ་མ་ཡུམ་ཆིབས་པའི་སྟེང་དུ་ཡོད་ཀྱང་དར་གྱི་སྣེ་ས་ལ་འཁྱིལ་བ་ཕྱིས་སུ་ཡབ་ཚང་གི་གཡང་རྟེན་དུ་བཞུགས། དེ་ནས་མི་རིང་བར་རྒྱལ་ཚབ་བཞི་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་རང་དགོན་དུ་སེང་གེའི་ཁྲི་ལ་མངའ་གསོལ། ཐུན་མིན་རིགས་བདག་རྒྱལ་ཚབ་རིན་པོ་ཆེ་ལས་སྡོམ་གསུམ་དང་། སྔ་འགྱུར་བཀའ་མ་མདོ་སྒྱུ་སེམས་གསུམ། ན་རཀ་དོང་སྤྲུག །ཡང་ཕུར་སོགས་ཀྱི་དབང་ལུང་ཞིབ་རྒྱས། རིན་ཆེན་གཏེར་མཛོད་ཆེན་མོ་དང་། རང་ལུགས་སྨིན་གླིང་གི་ཟབ་གཏེར། རྫོགས་ཆེན་སེམས་ཀློང་མན་ངག་གི་སྡེས་མཚོན་པའི་དབང་ཁྲིད་ལུང་བཅས་རྒྱ་ཆེར་གསན། ཁྱད་པར་སེམས་སྡེའི་རིག་འཛིན་བཅོ་བརྒྱད་ཀྱི་དབང་བསྐུར་རྡོ་རྗེའི་མགུར་གྱི་ངོ་སྤྲོད་ལ་སྲས་མོ་གོ་མ་དེ་ཝིའི་མགུར་གྱིས་དབང་དོན་གྱི་ཡེ་ཤེས་མངོན་དུ་གྱུར། རྒྱལ་ཚབ་རིན་པོ་ཆེ་དགོངས་པ་རྫོགས་རྗེས་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་སྟེ་སྡོམ་གསུམ་འགྲེལ་ཆེན་དཔག་བསམ་སྙེ་མར་ཁོ་བོས་མཆན་བཏབ་པ་ཞིག་ཡོད་པས་དེ་ལ་གཟིགས། ཚུལ་གནས་ཐོས་བསམ་བསྒོམ་པས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་དགོས་ཞེས་ཞལ་གདམས་བསྩལ། ཁྲོ་ཤུལ་མཁན་པོ་ཚུལ་ཁྲིམས་རྒྱ་མཚོ་ལས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལུང་དང་། ཞེ་ཆེན་ཀོང་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས་ལས་རྒྱལ་ཚབ་རིན་པོ་ཆེའི་བཀའ་འབུམ་གྱི་ལུང་སོགས་རྒྱ་ཆེ་དང་། གླིང་རྒྱལ་པདྨ་བཞད་པའི་དག་སྣང་ཚེ་ཡུམ་ཙཎྜི་ལཱི་སྤྱི་དང་བྱེ་བྲག་དབང་ཁྲིད་གཏད་རྒྱ་དང་། འཇམ་མགོན་མཁྱེན་བརྩེའི་མཆོག་སྤྲུལ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལས་རྒྱལ་དབང་ལྔ་པའི་དག་སྣང་གསང་བ་རྒྱ་ཅན་རྣམས་དང་། རང་དགོན་གྱི་བཤད་གྲྭ་གསར་འཛུགས་དང་འབྲེལ་བར་དགེ་མང་མཁན་ཆེན་ཡོན་ཏན་རྒྱ་མཚོའི་དངོས་སློབ་མཁན་པོ་སྒྲ་དབྱངས་ལས། རྒྱུད་གསང་བ་སྙིང་པོའི་འགྲེལ་ཆེན་གསང་བདག་དགོངས་རྒྱན་དང་ཞལ་ལུང་གི་བཤད་ཁྲིད་སོགས་མདོ་སྔགས་རིག་གནས་དང་བཅས་པ་ལ་མཁྱེན་པའི་དཀྱིལ་འཁོར་རྒྱས། ཞེ་ཆེན་ཡང་དབེན་དུ་གཟིམ་ཤག་གསར་བསྐྲུན་ནང་བཀའ་གཏེར་གདམས་ངག་ཟབ་དགུའི་བསྙེན་སྒྲུབ་མཛད། ལྷག་པའི་ལྷ་རབ་འབྱམས་ཀྱི་དངོས་གྲུབ་ཐོབ་པའི་རྟགས་མཚན་དུ་མ་མངོན་དུ་གྱུར། ཁྱད་པར་གླིང་དཀར་དག་སྣང་ཙཎྜ་ལཱིའི་ལྗགས་བསྙེན་ལ་བཞུགས་པའི་ཚེ་ནང་མཆོད་བདུད་རྩི་ཁོལ་བའི་དྲིས་སྒྲུབ་ཁང་དུ་ཁྱབ་པ་དང་། ཚེ་གལ་དུ་མ་འཁྲུངས་པ་སོགས་དངོས་སུ་བྱུང་། སིབ་རྫོགས་ཆེན་དགོན་དུ་བཀའ་བརྒྱད་ཀྱི་སྒྲུབ་ཆེན་མཛད་པས་མ་མོའི་རྟེན་ཕུར་ལས་བདུད་རྩི་བབས་པ་དང་། སྲུང་མ་རྣམས་ཀྱིས་ཅི་བགྱིས་ཕྲིན་ལས་བསྒྲུབས་པས། ནག་ཕྱོགས་དམ་ལ་བཏགས་པ་སོགས་དགེ་མཚན་སྣ་ཚོགས་མཐུན་སྣང་དུ་གྲུབ་པ་བྱུང་། དབུས་གཙང་ཕྱོགས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་མཁས་བཙུན་གྲུབ་པའི་སྐྱེས་མཆོག་གཅུང་རིན་པོ་ཆེ་དང་། མཁན་ཆེན་སྐུ་མཆེད་ལྷན་རྒྱས་པས་དབུ་མཛད། གདུང་སྲས་རྣམ་གཉིས་སོགས་དབུས་གཙང་ལྷོ་འབྲུག་ཚུན་གྱི་སྔ་འགྱུར་རྙིང་མའི་བླ་སྤྲུལ་སྒྲུབ་བརྩོན་སོགས་ལ་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་དང་ཁྲིད་ལུང་བཅས་ཞིབ་རྒྱས་བསྩལ། མདོ་ཁམས་སྨད་དུ་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་མཆོག་སྤྲུལ་གཙོས་འདུས་པ་གཙང་ལ་མང་བར་གཏེར་མཛོད་ཚར་གཅིག །བྱང་ཕྱོགས་ཞེ་ཆེན་གྱི་དགོན་ལག་རྣམས་སུ་སྒྲུབ་ཐབས་འདོད་འཇོའི་བུམ་བཟང་དང་། སྨིན་གླིང་རྡོར་སེམས། ཐུགས་ཆེན་བདེ་གཤེགས་ཀུན་འདུས། གཤིན་རྗེ་དྲེགས་འཇོམས་སོགས་དབང་ཁྲིད་ལོ་མང་བསྟར་ཆགས་སུ་རྒྱུན་མ་ཆད་པར་བསྩལ། འཇམ་མགོན་མཁྱེན་བརྩེ་རིན་པོ་ཆེ། ཞེ་ཆེན་ཀོང་སྤྲུལ། ལབ་མཁན་ཆེན། སྒོ་མེའི་རབ་འབྱམས་མཆོག་སྤྲུལ། སིབ་རྫོགས་ཆེན་སྤྲུལ་སྐུ། གཤོང་ནག་སྤྲུལ་སྐུ་སོགས་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་དུ་མ་བྱོན། རང་དགོན་གྱི་སྤྲུལ་སྐུ་རྣམས་ལ་ཆོས་སྲིད་ཀྱི་བསླབ་སྟོན། ཀུན་སྤྱོད་བཙུན་པ་དང་ཐོས་བསམ་སྒོམ་སྒྲུབ་ལ་དངོས་དང་ཤུགས་ནས་སྦྱོར་བར་མཛད། རྒྱལ་ཚབ་རིན་པོ་ཆེའི་བཤད་གྲྭ་གསར་འཛུགས་ལ་བཞུགས་གནས་དང་། དགོན་ལྟག་ཏུ་སྒྲུབ་སྡེ་གསར་འཛུགས་མཛད། གཙུག་ལག་ཁང་དུ་དུས་མཆོད་ཆེན་པོ་བཞིའི་མཆོད་རྫས་འཕན་གདུགས་བླ་བྲེ། སྒྲུབ་ཆེན་ལ་ཉེར་མཁོའི་སྨན་རཀ །གཏོར་མའི་སྣོད་དང་ཚོགས་གཞོང་། ཉེར་སྤྱོད་བདུན་གྱི་ཡོ་བྱད་སོགས་རིན་ཆེན་གཉིས་པ་ལ་ཚ་གསེར་དང་རིན་པོ་ཆེའི་ཕྲ་ཚོམ་ཅན་སྤུས་ལྡན་གྱི་སྟོང་མཆོད་ཡོ་བྱད་གསར་བཞེངས་དང་། དབྱངས་རོལ་ཕྱག་ལེན་ཐམས་ཅད་རང་ལུགས་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་བཞེས་སྔར་ནས་མ་ཉམས་པའི་སྟེང་། རྣམ་ཀུན་སྒྲིག་ལམ་ཀུན་སྤྱོད་སོགས་སྐུ་ངལ་ཁྱད་བསད་ཀྱིས་དམ་པས་བསྔགས་འོས་ལམ་བཟང་ཁོ་ན་དད་ལྡན་ཀུན་གྱི་མིག་རྒྱན་དུ་བསྐྲུན། མཐར་བོད་ཁམས་དུས་འགྱུར་གྱི་སྐབས་མཐའ་མིའི་ཁྲིམས་འོག་ཏུ་མཛད་པ་བརྟུལ་ཞིང་ཆོས་ཉིད་ཞི་བའི་དབྱིངས་སུ་ངལ་གསོ་བར་མཛད་དོ། ༧ །ཞེ་ཆེན་རབ་འབྱམས་པ་སྐུ་ཕྲེང་བདུན་པ་འགྱུར་མེད་བཤད་སྒྲུབ་ཆོས་ཀྱི་སེང་གེ་ནི། རབ་བྱུང་བཅུ་དྲུག་པའི་ནང་ཡབ་དང་། སྐྱེད་ཡུམ་རྗེ་བླ་མའི་སྲས་མོ་སྟེ་རིགས་རུས་ཆོ་འབྲངས་ཕུན་སུམ་ཚོགས་པར་འཁྲུངས། གཞོན་ནུའི་དུས་ནས་སྔོན་གོམས་བག་ཆགས་བཟང་པོས་འབྲི་ཀློག །རིག་པའི་གནས་དང་རིག་འཛིན་བརྒྱུད་པའི་ཕྱག་བཞེས་འཕྲིན་སྒྲུབ་རྣམས་དགེ་བའི་བཤེས་གཉེན་གྱིས་བརྡ་བསྟན་པ་ཙམ་ལས་ངལ་བ་ལ་ལྟོས་མ་དགོས་པར་ཚེགས་མེད་དུ་མཁྱེན། རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེ་མཆོག་ནས་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། རིམ་པར་མཁན་སློབ་དགེ་བའི་བཤེས་གཉེན་དུ་མ་ལས་མདོ་སྔགས་བཀའ་གཏེར་གྱི་གཞུང་ལུགས་རྒྱ་ཆེ་ཐུགས་སུ་ཆུད་པར་མཛད། ཁྱད་པར་མེས་པོ་༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་རྣམ་གཉིས་རིགས་ཀྱི་བདག་པོར་བསྙེན་ཅིང་ལུས་དང་གྲིབ་མ་བཞིན་མཉེས་པ་གསུམ་གྱིས་འགྲོགས་ཏེ་ཐུགས་སྲས་དམ་པར་གྱུར། སྔ་འགྱུར་བཀའ་མ་དང་། རིན་ཆེན་གཏེར་མཛོད། སྙིང་ཐིག་ཡ་བཞི། ཀློང་ཆེན་མཛོད་བདུན། ངལ་གསོ་སྐོར་གསུམ། རང་གྲོལ་སྐོར་གསུམ། ཤིང་རྟ་རྣམ་ལྔ་སོགས་ཐུན་མིན་ཟབ་ཆོས་ཀྱི་སྨིན་གྲོལ་གདམས་སྐོར་མཐའ་དག་བུམ་པ་གང་འབྱོའི་ཚུལ་དུ་བཞེས། སྐྱབས་རྗེ་རྣམ་གཉིས་ལས་བརྒྱུད་པའི་བཀའ་སྲོལ་ཡོངས་རྫོགས་ཀྱི་རྒྱུན་མ་ཚང་བ་མེད་པ་ཆིག་དྲིལ་དུ་བཞུགས། རྒྱ་བལ་འབྲས་འབྲུག་དང་། ཕྱི་གླིང་ཡུལ་གྲུ་རྣམས་སུ་དད་ལྡན་མཆོག་དམན་གྱི་གདུལ་བྱ་མང་པོར་མདོ་སྔགས་ཀྱི་ཆོས་ཚུལ་སྤྱི་དང་བྱེ་བྲག་སོགས་ཟབ་རྒྱས་ཀྱི་ཆོས་འབྲེལ་དགའ་སྟོན་རྟག་ཏུ་འགྱེད། མདོར་ན་སྔ་འགྱུར་རིག་འཛིན་བརྒྱུད་པའི་བཀའ་བབས་ཀྱི་ཆུ་བོ་མ་ཉམས་པ་ལས་དམ་པའི་ཚུལ་དགུས་བརྒྱན་པའི་གསང་གསུམ་གྱི་ཡོན་ཏན་མ་ལུས་རང་ཆས་སུ་མངའ། བལ་ཡུལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ། རྗེ་མཁྱེན་བརྩེ་བདེ་གཤེགས་གོང་མའི་མཆོག་སྤྲུལ་ཡང་སྲིད་རིན་པོ་ཆེ་བསྟན་འགྲོའི་དཔལ་མགོན་ཨོ་རྒྱན་བསྟན་འཛིན་འཇིགས་མེད་ལྷུན་གྲུབ་མཆོག་དང་ལྷན་དུ་བཤད་སྒྲུབ་འཁོར་ལོ་གསུམ་གྱི་མཛད་བཟང་གོང་འཕེལ་དུ་སྐྱོང་བཞིན་འཚོ་གཞེས་པ་སྟེ། སླད་དུའང་བསྟན་འགྲོའི་མགོན་དཔུང་དུ་དམ་པ་ཟུང་གསང་གསུམ་མི་ཞིག་གཡུང་དྲུང་གི་ངོ་བོར་བརྟན་ཅིང་། མཁན་སློབ་ཆོས་གསུམ་གྱི་རིང་ལུགས་བླ་ནས་བླར་འདེགས་པའི་ཤིང་རྟ་ཆེན་པོར་གྱུར་ནས་ཕན་བདེའི་ཕྲིན་ལས་ཕྱོགས་མཐར་ཁྱབ་པར་གྱུར་ཅིག ༈ །ཞེ་ཆེན་རྒྱལ་ཚབ་རིམ་བྱོན་ནི། རབ་འབྱམས་སྐུ་ཕྲེང་རྣམ་ཐར་གྱི་གསེབ་ལས་ཅུང་ཙམ་གསལ་བ་ལྟར་ལ་རིང་བརྒྱུད་འཁྲུངས་རབས་ཀྱི་དབང་དུ་ན། འཕགས་ཡུལ་རིག་འཛིན་བརྒྱད་ཀྱི་ཡ་རྒྱལ་སློབ་དཔོན་པྲ་བྷཱ་ཧསྟི། བོད་ཀྱི་རྗེ་འབངས་ཉེར་ལྔའི་ནང་ཚན་དགེ་སློང་ནམ་མཁའི་སྙིང་པོ། གངས་ལྗོངས་འདུལ་བསྟན་གསལ་བྱེད་བླ་ཆེན་དགོངས་པ་རབ་གསལ། ཕུར་ཐོགས་རིག་འཛིན་ཆེན་པོ་ལང་ལབ་བྱང་ཆུབ་རྡོ་རྗེ། གཞན་སྟོང་བསྟན་པའི་ཉིན་བྱེད་རྗེ་བཙུན་སྒྲོལ་བའི་མགོན་པོ། བཀའ་གཏེར་བསྟན་པའི་དབང་ཕྱུག་སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེ་སོགས་གླང་པོ་ཆེན་པོ་ལྟར་དམ་པའི་སྒྱུ་འཕྲུལ་མང་དུ་བྱོན་པ་ལས་ཉེ་བརྒྱུད་མཚན་འཆང་དངོས་ཀྱི་ཕྲེང་བ་ནི། ཞེ་ཆེན་རྒྱལ་ཚབ་དང་པོ་གྲུབ་དབང་པདྨ་རྒྱལ་མཚན། གཉིས་པ་པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ། གསུམ་པ་ཨོ་རྒྱན་རང་བྱུང་རྡོ་རྗེ། བཞི་པ་འགྱུར་མེད་པདྨ་རྣམ་རྒྱལ། ལྔ་པ་འགྱུར་མེད་པདྨ་རྡོ་རྗེ་རྣམས་རིམ་པར་བྱོན་ཞིང་། ཁྱད་པར་རྒྱལ་ཚབ་རིན་པོ་ཆེའི་དབོན་སྲས་རྟོགས་ལྡན་སངས་རྒྱས་རབ་བརྟན་གྱི་ཡང་སྲིད། དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་དང་། རིག་པ་འཛིན་པ་གྲུབ་ཆེན་ཤེས་རབ་ཡར་འཕེལ་སོགས་མཁས་གྲུབ་ཀྱི་རྣམ་ཐར་རྒྱ་མཚོ་ལྟར་མངའ་བ་མང་དུ་བྱུང་ཞིང་། སྤོབས་པའི་གཏེར་ཆེན་བརྒྱད་ལ་མངའ་དབང་འབྱོར་པ་འཇམ་དཔལ་དབྱངས་དངོས་༧མ་ཧཱ་པཎྜིཏ་མི་ཕམ་འཇམ་དབྱངས་ཕྱོགས་ལས་རྣམ་རྒྱལ་ཡང་ཆོས་བརྒྱུད་འདི་ཉིད་ལས་བྱོན་པ་ཁོ་ནའོ།། །།
རྡོ་རྗེ་ཕུར་པ་སྟོད་ལས་བྱང་ཆུབ་སྒྲུབ་པ༔ རྡོར་སེམས་རིགས་ལྔ་རྒྱན་གཅིག་ (Volume 31, Text 6)
ྈ རྡོ་རྗེ་ཕུར་པ་སྟོད་ལས་བྱང་ཆུབ་སྒྲུབ་པ༔ རྡོར་སེམས་རིགས་ལྔ་རྒྱན་གཅིག་བཞུགས་སོ༔ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ བདག་འདྲ་དཔལ་གྱི་སེང་གེ་ཡིས༔ དུས་གསུམ་ཀུན་མཁྱེན་གུ་རུ་རྗེ༔ དབྱིངས་ཀྱི་ཡུམ་མཆོག་མཚོ་རྒྱལ་མ༔ ཡབ་ཡུམ་ཐུགས་ཀྱི་གསང་མཛོད་བཏོལ༔ ཕྲིན་ལས་ཕུར་པའི་ཟབ་ཆོས་ལས༔ ཤིན་ཏུ་ཟབ་པའི་ཏི་ལ་ཀ༔ ཞི་བ་ཐུགས་ཀྱི་དཀྱིལ་འཁོར་དུ༔ སྟོད་ལས་བྱང་ཆུབ་སྒྲུབ་པའི་ལམ༔ རྡོར་སེམས་རིགས་ལྔ་རྒྱན་གཅིག་འདི༔ རྩེ་གཅིག་ཉམས་སུ་བླངས་གྱུར་ན༔ ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ༔ ཟབ་ཕྱིར་རང་གིས་ཉམས་སུ་བླངས༔ མ་འོངས་དོན་དུ་གཏེར་དུ་སྦས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དང་པོ་དབེན་ཞིང་ཡིད་མཐུན་པའི༔ གནས་སུ་ཡོ་བྱད་དཀྱིལ་འཁོར་བཤམ༔ སྟེགས་བུ་མདའ་གང་གྲུ་བཞི་པ༔ རྣམ་ལྔ་བདུད་རྩིས་ཆག་འཐས་པར༔ དཀྱིལ་འཁོར་སྒོ་རྫོགས་རྟ་བབས་བཞི༔ དུར་ཁྲོད་བཅས་པ་བྲིས་པའི་ནང༔ ལྷ་སྣམ་སྟེང་དུ་འཁོར་ལོ་ནི༔ རྩིབས་བཅུ་མུ་ཁྱུད་ལྟེ་བ་རུ༔ པདྨ་འདབ་བཞིའི་གདན་གྱི་དབུས༔ པདྨ་ཉི་ཟླར་གཙོ་བོ་དང༔ སྲས་དང་ཁྲོ་བཅུ་སྒོ་བ་སོགས༔ ལྷ་ཡི་མཚན་མ་བཀོད་པར་བྱ༔ བསྒྲུབ་རྫས་སྨན་རག་ཕྱི་ནང་གསང༔ མཆོད་པའི་ཡོ་བྱད་ཚང་བར་བྱ༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ བར་ཆད་བགེགས་ལ་གཏོར་མ་བསྔོ༔ ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་རྣམས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ གལ་ཏེ་བཀའ་ལས་འདའ་བྱེད་རྣམས༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ འདི་རུ་མ་འདུག་གཞན་དུ་དེངས༔ བཛྲ་ཀྲོ་དྷ་ལོག་འདྲེན་འབྱུང་པོ་མཱ་ར་ཡ་ཕཊ་ཕཊ་ཕཊ༔ ཧཱུྃ༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ རྡོ་རྗེ་འཁོར་ལོ་རིན་ཆེན་དང༔ རྒྱ་གྲམ་སྣ་ཚོགས་མཚོན་ཆའི་གུར༔ ཡེ་ཤེས་ལྔ་ལྡན་མེ་དཔུང་གིས༔ མི་ཤིགས་སྲུང་བའི་གུར་ཁང་འཁྲིགས༔ བགེགས་ཚོགས་འགྱུ་བ་མཚམས་བཅད་དོ༔ བཛྲ་ཙཀྲ་རཏྣ་ཀརྨ་ཁཌྒ་ཏཱིཀྵྞ་ཛྭ་ལ་རཾ་ཧཱུྃ་ཧཱུྃ་ཧཱུྃ༔ གཡས་པའི་སྤྱན་ཟུར་ལྡོག་པ་ཡིས༔ ཉི་སྟེང་རཾ་ལས་འོད་འཕྲོས་པས༔ ཕྱོགས་བཅུའི་དགྲ་བགེགས་གདུག་པ་ཅན༔ ཐམས་ཅད་མ་ལུས་བསྲེག་པར་བྱ༔ མ་སཱུརྻ་མཎྜ་ལ་རཾ༔ གཡོན་པའི་སྤྱན་ཟུར་ལྡོག་པ་ཡིས༔ ཟླ་སྟེང་ཨཱཿལས་འོད་འཕྲོས་པས༔ ཕྱོགས་བཅུའི་དགྲ་བགེགས་གདུག་པ་ཅན༔ ཐམས་ཅད་མ་ལུས་གསོ་བར་བྱ༔ ཨ་ཙནྡྲ་མཎྜ་ལ་ཨཱ༔ རང་གི་ཐུགས་ཀའི་འོད་ཀྱིས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་བདུད་འདུལ་ཁྲོ་བོའི་དཀྱིལ་འཁོར་གྱི་རྣམ་པར་མདུན་གྱི་ནམ་མཁར་སྤྱན་དྲངས༔ ཨོཾ༔ ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི༔ སོགས། ནོངས་པ་མཆིས་ན་རབ་གནོང་བཟོད་པར་གསོལ༔ གྱི་བར་བྱ༔ ཚོགས་ཞིང་རྣམས་རང་གི་ཐུགས་ཀར་ཛཿཧཱུྃ་བཾ་ཧོ༔ བྱིན་དབབ་པ་ནི༔ ཧཱུྃ༔ མཁའ་དང་མཉམ་པའི་དཀྱིལ་འཁོར་ནས༔ རབ་འབྱམས་རྒྱལ་བ་ཐུགས་རྗེ་ཅན༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་རྣམས༔ ཚུར་གཤེགས་དཀྱིལ་འཁོར་བྱིན་ཆེན་ཕོབ༔ སྒྲུབ་མཆོག་རྣམས་ལ་དབང་བཞི་སྐུར༔ གྲུ་གསུམ་མཐིང་ནག་དཀྱིལ་འཁོར་ནས༔ བདག་ཉིད་རྩ་བའི་དཀྱིལ་འཁོར་ལྷ༔ ཚུར་གཤེགས༴ སྒྲུབ་མཆོག༴ བསྐལ་པ་མེ་ལྟར་འབར་བ་ནས༔ ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ལྷ༔ ཚུར་གཤེགས༴ སྒྲུབ་མཆོག༴ ལས་བཞི་ལྷུན་གྲུབ་དཀྱིལ་འཁོར་ནས༔ ཕུར་པ་སྲས་མཆོག་ལྷ་ཚོགས་རྣམས༔ ཚུར་གཤེགས༴ སྒྲུབ་མཆོག༴ ཞིང་ཆེན་གསར་རྙིང་བཀྲམ་པ་ནས༔ སྤྲུལ་པ་བཀའ་ཉན་དཀྱིལ་འཁོར་ལྷ༔ ཚུར་གཤེགས༴ སྒྲུབ་མཆོག༴ རཀྟ་མཚོ་ལྟར་བསྐྱིལ་བ་ནས༔ མ་མོ་མཁའ་འགྲོའི་ལྷ་ཚོགས་རྣམས༔ ཚུར་གཤེགས༴ སྒྲུབ་མཆོག༴ ཀིང་རུས་རི་ལྟར་བརྩེགས་པ་ནས༔ གིང་ཆེན་ཀ་རའི་ལྷ་ཚོགས་རྣམས༔ ཚུར་གཤེགས༴ སྒྲུབ་མཆོག༴ རབ་འཇིགས་དུར་ཁྲོད་ཆེན་པོ་ནས༔ མཁའ་འགྲོ་ལས་ཀྱི་དབང་མོ་ཆེ༔ ཚུར་གཤེགས༴ སྒྲུབ་མཆོག༴ རཀྴ་སྲིན་པོའི་རྒྱལ་ཁབ་ནས༔ སྲིན་པོའི་རྒྱལ་པོ་ཐོད་ཕྲེང་རྩལ༔ ཚུར་གཤེགས༴ སྒྲུབ་མཆོག༴ སྤྱི་གཙུག་ཉི་ཟླ་པདྨའི་སྟེང༔ བཀའ་བབས་ལས་ལྡན་ཆོས་ཀྱི་བདག༔ ཚུར་གཤེགས་དཀྱིལ་འཁོར་བྱིན་ཆེན་ཕོབ༔ སྒྲུབ་མཆོག་རྣམས་ལ་དབང་བཞི་སྐུར༔ ཨ་ལ་ལ་ཧོ༔ ཧཱུྃ་ཧཱུྃ་ཧཱུྃ༔ སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཧྲིཾ་ཧྲིཾ་ཛ་ཛ༔ རང་གི་ཐུགས་ཀ་ནས་རཾ་འཕྲོས་པས་མཆོད་རྫས་ཀྱི་དངོས་འཛིན་བསྲེགས༔ ཡཾ་འཕྲོས་པས་རླུང་གིས་བག་ཆགས་མཚན་འཛིན་གྱི་དྲི་མ་གཏོར༔ ཁཾ་འཕྲོས་པས་བདུད་རྩིའི་ཆུས་མ་དག་པའི་དྲི་མ་བཀྲུས༔ རཾ་ཡཾ་ཁཾ༔ ཐོད་པ་དང་རིན་པོ་ཆེའི་སྣོད་དུ་མཆོད་རྫས་རྣམས་ཀྱི་སྟེང་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ཞུ་བ་ལས་བྱུང་བའི་མཆོད་པའི་སྤྲིན་རབ་འབྱམས་འཛིན་པའི་འདོད་ཡོན་གྱི་ལྷ་མོས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་ཨརྒྷཾ༔ པཱ་དྱཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་བིདྱ༔ ཤབྡ་ཨཱཿཧཱུྃ༔ སྟོང་པའི་ངང་ལས་ཡཾ་ལས་རླུང༔ རཾ་ལས་མེ༔ ཀཾ་ལས་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨཱ་ལས་ཐོད་པའི་སྣོད་ཡངས་པར༔ གོ་ཀུ་ད་ཧ་ན་ལས་ཤ་ལྔ༔ བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ༔ དེའི་སྟེང་དུ་ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་གི་བདུད་རྩི་བཀུག་ནས་ཐིམ༔ རླུང་གཡོས་མེ་སྦར་རྫས་རྣམས་ཞུ་ཞིང་འདྲེས་ཏེ་ཁོལ་བའི་རླངས་པ་ལས་ཨོཾ་ཨཱཿཧཱུྃ་གི་འོད་ཀྱིས་རྒྱལ་བའི་བྱིན་རླབས་བསྡུས་ནས་ཐིམ་པས་དམ་ཚིག་གི་བདུད་རྩི་དང་ཡེ་ཤེས་ཀྱི་བདུད་རྩི་གཉིས་སུ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ༔ ཨ་ལས་བྷནྡྷ་སྐྲ་ཅན་གྱི་ནང་དུ་ཁམས་གསུམ་འཁོར་བའི་འདོད་ཆགས་ཀྱི་རང་བཞིན་རཀྟའི་རྦ་རླབས་འཁྲུགས་པའི་སྟེང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཁམས་གསུམ་དབང་དུ་སྡུད་ཅིང་རྒྱུ་དྲུག་སྒྲོལ་ནུས་པའི་རྫས་རྩ་གསུམ་ལྷ་ཚོགས་དགྱེས་པ་སྐོང་ནུས་པར་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ༔ ཨ་ལས་ཐོད་པའི་སྣོད་དུ་ཧཱུྃ་ལས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས་གསུམ་གྱི་ཕུང་པོ་དོན་སྙིང་དང་དབང་པོ་ལྔས་བརྒྱན་པའི་དམར་གྱི་གཏོར་ཆེན་ངོ་བོ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ་གྱིས་བྱིན་གྱིས་བརླབ་པའོ༔ དངོས་གཞི་ནི་ཞི་བ་དཀྱིལ་འཁོར་ཆེན་པོ་དང་འབྲེལ་བ་རིགས་ལྔར་སྒྲུབ་པ་དང༔ ཁྲོ་བོ་སྐད་ཅིག་དྲན་རྫོགས་ལུས་དཀྱིལ་དུ་བསྐྱེད་ནས་བསྙེན་པ་དང༔ ཞར་ལ་ཕྲིན་ལས་བསྐུལ་ཞིང་སྨད་ལས་དགྲ་བགེགས་བསྒྲལ་བ་ལས་སྦྱོར་གྱི་རིམ་པའོ༔ དང་པོ་ནི༔ ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེར་སྒྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ ཧཱུྃ༔ ཐབས་ཀྱི་སྤྱོད་པས་གཞན་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་བྱའི་ཕྱིར༔ དབང་དང་དངོས་གྲུབ་འདིར་སྩོལ་ཅིག༔་་་སྲོག་ལ་དབང་བསྐུར་བའོ། །ཧཱུྃ༔ དང་པོ་དེ་བཞིན་ཉིད་ཀྱི་ངང༔ ཁྲོ་བོ་རྡོ་རྗེ་ཞེ་སྡང་འཇོམས༔ མཚོན་ཆ་སྔོན་པོ་འབར་བ་ཡིས༔ སྲོག་གི་གོ་རུ་ཤར་བ་དང༔ སྙིང་གི་དབུས་སུ་བསྒོམ་པར་བྱ༔ དེ་ནས་ཀུན་ཏུ་སྣང་བྱེད་པ༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ མ་རུངས་ལོག་འདྲེན་ཚར་བཅད་ནས༔ རྣམ་པར་ཤེས་པ་རྡོ་རྗེར་གཏམས༔ རྡོ་རྗེའི་ལྟེ་བར་ཧཱུྃ་ཡིག་ལས༔ ཨེ་འཕྲོས་ཆོས་དབྱིངས་ནམ་མཁའི་ཀློང༔ ཡཾ་ལས་རླུང་དཀྱིལ་རྒྱ་གྲམ་ཚུལ༔ རཾ་ལས་གྲུ་གསུམ་མེ་དཀྱིལ་འབར༔ ར་ལས་རཀྟའི་རྒྱ་མཚོ་འཁྲུགས༔ སུཾ་ལས་ཞིང་ཆེན་ས་གཞིར་བརྡལ༔ ཀེཾ་ལས་ཀེང་རུས་རི་རབ་སྟེང༔ རྡོ་རྗེའི་ས་གཞི་ར་བ་གུར༔ མཚོན་ཆ་མེ་འོད་ལྔ་ཡི་གུར༔ དེ་དབུས་ཆོས་ཀྱི་དབྱིངས་མཉམ་པའི༔ སྣ་ཚོགས་པདྨ་འབུམ་བརྡལ་བར༔ འཇིགས་རུང་དུར་ཁྲོད་ཆེན་པོ་བརྒྱད༔ མེ་ཆུ་ཤིང་སྤྲིན་མཆོད་རྟེན་བརྒྱད༔ ལྷ་ཀླུ་ཞིང་སྐྱོང་གྲུབ་པ་བརྒྱད༔ ཤ་ཟ་རོ་ལངས་མང་པོས་གང༔ གེ་སར་ཟེའུ་འབྲུ་བརྡལ་བའི་སྟེང༔ མ་ལས་ཉི་མའི་དཀྱིལ་འཁོར་གསལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ་ཧཱུྃ༔ ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་སྟེང༔ རྡོ་རྗེ་བྷྲཱུྃ་གྱུར་གཞལ་ཡས་ཁང༔ རིན་ཆེན་སྣ་ཚོགས་ལས་གྲུབ་པ༔ སྒོ་གྲུ་རྟ་བབས་ཡོངས་སུ་རྫོགས༔ ནང་ནི་བྷནྡྷ་འབར་བས་བརྩིགས༔ ལྷ་ཀླུ་གཟའ་སྐར་ཀ་གདུང་ལྕམ༔ ཞིང་ཆེན་ཐོག་ཕུབ་ཡོལ་བ་བཀྲམ༔ དོན་སྙིང་དབང་པོས་འཕན་ཚར་བརྒྱན༔ རྒྱུ་རློན་ལྡ་ལྡི་བྲེས་པའི་ནང༔ གནམ་ལྕགས་འཁོར་ལོ་རྩིབས་བཅུའི་སྟེང༔ པཾ་པདྨ་མཎྜལ༔་་་པདྨའི་གདན། མ་སཱུརྻ་མཎྜལ༔་་་ཉི་མ། ཨ་ཙནྡྲ་མཎྜལ༔་་་ཟླ་བ། གཙོ་བོའི་གདན།་་་མ་ཧཱ་དེ་བ་ཛ༔ ཨུ་མ་དེ་བཱི་ཛ༔ ཕྱོགས་སྐྱོང་བཅུ།་་་བྲཧྨ་ཛ༔ ཨིནྡྲ་ཛ༔ ཨགྣི་ཛ༔ ཡ་མ་ཛ༔ ནཻྱྀྱ་ཏི་ཛ༔ བ་རུ་ཎ་ཛ༔ བ་ཡ་བེ་ཛ༔ ཀུ་བཻ་རཱ་ཡ་ཛ༔ ཨཱི་ཤྭ་རི་ཛ༔ བྷཱུ་མི་པ་ཏི་ཛ༔ མ་ཐཱ་ཛ༔ སྒོ་བའི་གདན།་་་ཨོཾ་བཛྲ་ཡཀྵ་སཏྭ་ཧཱུྃ་ཛ༔ ཨོཾ་བཛྲ་བྷཻ་ར་བེ་ཧཱུྃ་ཧཱུྃ༔ ཨོཾ་བཛྲ་ཨ་མྲྀ་ཏེ་ཧཱུྃ་བཾ༔ ཨོཾ་བཛྲ་མཱ་ར་ཎི་ཧཱུྃ་ཧོ༔ གཙོ་བོའི་གདན།་་་རུ་ཏྲ་ཀྲོ་ཏི་ཏི་ར་བཾ༔ ཧཱུྃ༔ དེ་སྟེང་རྒྱུ་ཡི་རིག་པ་ནི༔ མཐིང་ནག་ཧཱུྃ་གི་འཕྲོ་འདུ་ལས༔ བདག་ཉིད་རྡོ་རྗེ་གཞོན་ནུའི་སྐུ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ ཞལ་གདངས་ལྗགས་འདྲིལ་ཀཱི་ལ་སྒྲོག༔ སྤྱན་དགུ་སྡང་མིག་ཧྲིག་གེར་གཟིགས༔ ཕྱག་དྲུག་གཡས་གཉིས་གནམ་ལྕགས་ཀྱི༔ རྩེ་དགུ་གསེར་རྡོར་རྩེ་ལྔ་གདེངས༔ སྲིད་གསུམ་སྲེག་བྱེད་མེ་དཔུང་དང༔ དུག་གསུམ་རྩད་གཅོད་ཁ་ཊྭཱཾ་གཡོན༔ མཐའ་གཉིས་ཐལ་སྦྱར་ཕུར་བུ་བསྒྲིལ༔ ཞབས་བཞི་གྱད་ཀྱི་འདོར་སྟབས་བསྒྲད༔ དབུ་སྐྲ་གྱེན་གཡེང་མི་བསྐྱོད་བརྒྱན༔ ཐོད་སྐམ་ཁྲག་འཐུང་རིགས་ལྔས་བརྒྱན༔ རྡོ་རྗེ་སྤུ་གྲིའི་གཤོག་པ་གདེངས༔ ཞིང་གླང་སྟོད་གཡོགས་སྟག་ཤམ་དཀྲིས༔ མགོ་ཕྲེང་སྦྲུལ་བརྒྱན་ཁྲག་ཞག་བྱུགས༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ རྡོ་རྗེ་དུང་དམར་འཛིན་པས་འཁྱུད༔ ཡེ་ཤེས་མེ་དཔུང་ཀློང་ན་བཞུགས༔ གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས༔ རྡོ་རྗེ་སེམས་དཔའ་མཐིང་གསལ་སྐུ༔ རྡོ་རྗེ་དྲིལ་འཛིན་སྐྱིལ་ཀྲུང་བཞུགས༔ ཐུགས་ནི་པདྨ་འདབ་བརྒྱད་བརྡལ༔ ལྟེ་བར་ཉི་མ་ཟླ་བའི་སྟེང༔ རྣམ་སྣང་དབྱིངས་ཕྱུག་འཁྲིལ་སྦྱོར་རོལ༔ འཁོར་ལོ་འཛིན་པའི་ཐུགས་ཀ་རུ༔ ཀུན་ཏུ་བཟང་པོ་ཡབ་ཡུམ་སྐུ༔ མཐིང་གསལ་སྐྱིལ་ཀྲུང་མཉམ་གཞག་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་མཐིང་ཁ༔ འོད་ཀྱིས་ཞིང་ཀུན་ཁྱབ་པར་གསལ༔ འདབ་བཞིའི་མདུན་དུ་མི་བསྐྱོད་པ༔ སྤྱན་མ་ཡུམ་འཁྲིལ་རྡོ་རྗེ་འཛིན༔ གཡས་སུ་རིན་ཆེན་འབྱུང་ལྡན་སེར༔ མཱ་ཀཱི་ཡུམ་འཁྲིལ་རིན་ཆེན་འཛིན༔ རྒྱབ་ཏུ་སྣང་བ་མཐའ་ཡས་དམར༔ གོས་དཀར་ཡུམ་འཁྲིལ་པདྨ་འཛིན༔ གཡོན་དུ་དོན་ཡོད་གྲུབ་པ་ལྗང༔ དམ་ཚིག་སྒྲོལ་འཁྲིལ་རྒྱ་གྲམ་འཛིན༔ ལོངས་སྤྱོད་རྫོགས་སྐུ་རིན་ཆེན་བརྒྱན༔ སྐྱིལ་ཀྲུང་འོད་ཟེར་ཀློང་ན་བཞུགས༔ གཙོ་བོའི་ཕྱོགས་ཀྱི་པད་ཉི་དང༔ དྲེགས་པ་བདུད་བཞིའི་གདན་སྟེང་དུ༔ མདུན་དུ་བུདྡྷ་ཀཱི་ལ་ཡ༔ ཤར་དུ་བཛྲ་ཀཱི་ལ་ཡ༔ ལྷོ་རུ་རཏྣ་ཀཱི་ལ་ཡ༔ ནུབ་ཏུ་པདྨ་ཀཱི་ལ་ཡ༔ བྱང་དུ་ཀརྨ་ཀཱི་ལ་ཡ༔ དཀར་སྨུག་མཐིང་སེར་དམར་ལྗང་མདོག༔ ཁྲོ་བོའི་ཆས་རྫོགས་ཕུར་པ་འདྲིལ༔ འཁོར་ལོ་འབར་བའི་རྩིབས་བཅུ་ལ༔ མདུན་དུ་ཧཱུྃ་མཛད་སྒྲ་འབྱིན་ནི༔ ཕྲ་མེན་ཕག་དང་སྨྲིག་བུའི་མགོ༔ ཤར་དུ་རྣམ་རྒྱལ་སྒེག་མོ་ནི༔ ཕྲ་མེན་སྟག་དང་བྱ་རྒོད་མགོ༔ ཤར་ལྷོར་དབྱུག་སྔོན་སྡེར་མོ་ནི༔ ཕྲ་མེན་གཡག་དང་བྱ་རོག་མགོ༔ ལྷོ་རུ་གཤིན་རྗེ་དུར་ཁྲོད་ནི༔ ཕྲ་མེན་ཤ་བ་འུག་པའི་མགོ༔ ལྷོ་ནུབ་མི་གཡོ་གཏུན་ཁུང་ནི༔ ཕྲ་མེན་གཟིག་དང་ཁྭ་ཏའི་མགོ༔ ནུབ་ཏུ་རྟ་མགྲིན་གཏུམ་མོ་ནི༔ ཕྲ་མེན་བྱི་ལ་པུ་ཤུད་མགོ༔ ནུབ་བྱང་འདོད་རྒྱལ་མདའ་སྙེམས་ནི༔ ཕྲ་མེན་སྤྱང་ཀི་ཁྲ་ཡི་མགོ༔ བྱང་དུ་འཁྱིལ་བ་སྒྲ་མཛད་ནི༔ ཕྲ་མེན་སེང་གེ་ཕ་ཝཾ་མགོ༔ བྱང་ཤར་ཁམས་གསུམ་གསོད་བྱེད་ནི༔ ཕྲ་མེན་དྲེད་དང་སྲེ་མང་མགོ༔ རྒྱལ་ཏུ་སྟོབས་ཆེན་སྐུལ་བྱེད་མ༔ ཕྲ་མེན་དོམ་དང་བྱི་བའི་མགོ༔ ཀུན་ཀྱང་ཁྲོ་བོའི་ཆ་ལུགས་རྫོགས༔ རང་རང་སྐུ་མདོག་ཕྱག་མཚན་བཅས༔ མེ་དཔུང་འབར་བའི་ཀློང་དུ་གསལ༔ ཤར་སྒོར་སྒོ་སྲུང་པུ་ཤུད་མགོ༔ དཀར་ནག་འགུགས་བྱེད་ལྕགས་ཀྱུ་གཡས༔ ལྷོ་ཕྱོགས་སྒོ་སྲུང་སྐྱ་གའི་མགོ༔ སེར་ནག་འཆིང་བྱེད་ཞགས་པ་གཡས༔ ནུབ་ཕྱོགས་སྒོ་སྲུང་སྲིན་བྱའི་མགོ༔ དམར་ནག་སྡོམ་བྱེད་ལྕགས་སྒྲོག་གཡས༔ བྱང་ཕྱོགས་སྒོ་སྲུང་ཁྲ་ཡི་མགོ༔ ལྗང་ནག་མྱོས་བྱེད་དྲིལ་བུ་གཡས༔ གཡོན་རྣམས་ཐོད་པ་ཁྲག་བཀང་འཐུང༔ ཁྲོ་ཆས་མེ་དཔུང་ཀློང་ན་གསལ༔ ཕྱི་ཁྱམས་བདག་ཉིད་ཤྭ་ན་མ༔ ས་བདག་སྐྱེས་བུ་རེ་ཏི་བཞི༔ ཕོ་བདུད་གིང་བདུད་གིང་ཕྲན་འབུམ༔ འཁོར་ཚོགས་བསམ་མི་ཁྱབ་པར་གསལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ ཨོཾ་བུདྡྷ་ཤྲཱི་ཧེ་རུ་ཀ༔ བུདྡྷ་ཀྲོ་ཏཱི་ཤྭ་རཱི་ཨོཾ༔ ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ༔ བཛྲ་ཀྲོ་ཏཱི་ཤྭ་རཱི་ཧཱུྃ༔ ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ༔ རཏྣ་ཀྲོ་ཏཱི་ཤྭ་རཱི་ཏྲཱཾ༔ ཨོཾ་པདྨ་ཤྲཱི་ཧེ་རུ་ཀ༔ པདྨ་ཀྲོ་ཏཱི་ཤྭ་རཱི་ཧྲཱི༔ ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ༔ ཀརྨ་ཀྲོ་ཏཱི་ཤྭ་རཱི་ཨཱ༔་་་ཁྲག་འཐུང་རིགས་ལྔས་ཡེ་ཤེས་ལྔར་དབང་བསྐུར་བའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔་་་་སྐུ་གསུང་ཐུགས་རྡོ་རྗེར་བྱིན་གྱིས་བརླབས་པའོ། །ཧཱུྃ༔ སྲིད་པ་ཕུར་བུ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་སྩོལ་བའི་སླད༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་སྟོན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཛ༔ ཧཱུྃ༔ སྲིད་གསུམ་གདུག་པ་འདུལ་བ་དང༔ ང་རྒྱལ་ཆེན་པོ་བརྟན་པའི་ཕྱིར༔ རྡོ་རྗེ་སྲིན་པོའི་ལྷ་ཚོགས་ལ༔ གཅིག་ཏུ་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛཿཧོ༔ ཧཱུྃ༔ འབར་བའི་ཁྲོ་རྒྱལ་ལྷ་ཚོགས་རྣམས༔ དྲེགས་པ་རོ་དང་པད་ཉིའི་སྟེང༔ ཕྱག་དང་ཞབས་ནི་བསིལ་ནས་ཀྱང༔ རྡོ་རྗེའི་གདན་ལ་བཞུགས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་དྱཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཧཱུྃ༔ བདེ་བར་གཤེགས་སོ་ཁྲོ་རྒྱལ་གཙོ༔ རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས༔ སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན༔ ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ༔ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཧཱུྃ༔ བདེ་བར་གཤེགས་པ་ཁྱེད་ཅི་འདྲ༔ དེ་འདྲ་ཁོ་ནར་བདག་གྱུར་ཅིག༔ སྤྱོད་པ་རྨད་བྱུང་བསམ་ཡས་པ༔ འགྲོ་ལ་ཕན་པའི་ཕྱིར་དག་ཏུ༔ བྱང་ཆུབ་སེམས་མཆོག་དམ་པ་དང༔ ཁྱེད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ༔ ཕྱག་རྒྱ་ནམ་ཡང་མི་གཏང་བཟུང༔ མི་གཡེལ་རྩེ་གཅིག་བསྒྲུབ་ལགས་ན༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་འདིར༔ བདག་ཅག་བསམ་པ་འགྲུབ་པར་མཛོད༔ ཙིཏྟ་བཛྲ་ས་མ་ཡ་ཧོ༔ ཧཱུྃ༔ རྡོ་རྗེ་སྒེག་མོ་སྒེག་མའི་རྣམ་འགྱུར་ཅན༔ རྡོ་རྗེ་ཕྲེང་བ་རིན་ཆེན་རྒྱན་ཕྲེང་འཛིན༔ རྡོ་རྗེ་གླུ་མ་སྙན་པའི་གླུ་དབྱངས་ལེན༔ རྡོ་རྗེ་གར་མ་མཛེས་པའི་གར་བསྒྱུར་མ༔ རབ་འབྱམས་ཞིང་ཀུན་ཁྱབ་པར་ཡོངས་སྤྲུལ་ཏེ༔ བླ་མ་བདུད་འདུལ་ཁྲོ་བོའི་དཀྱིལ་འཁོར་ལ༔ འབུལ་གྱིས་ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ལཱ་སྱེ་ཧཱུྃ༔ ཨོཾ་བཛྲ་མཱ་ལེ་ཏྲཱཾ༔ ཨོཾ་བཛྲ་གཱི་ཏི་ཧྲཱི༔ ཨོཾ་བཛྲ་ནཱིར་ཏི་ཨཱ༔ རྡོ་རྗེ་བདུག་སྤོས་དྲི་ཞིམ་སྤོས་ཕོར་འཛིན༔ རྡོ་རྗེ་མེ་ཏོག་ཡིད་འོང་མེ་ཏོག་ཐོགས༔ རྡོ་རྗེ་མར་མེ་མ་རིག་མུན་སེལ་བ༔ རྡོ་རྗེ་དྲི་ཆབ་དྲི་ལྡན་དུང་ཕོར་འཛིན༔ རབ་འབྱམས་ཞིང་ཀུན༴ བླ་མ་བདུད་འདུལ༴ འབུལ་གྱིས་ཀཱི་ལ་ཡ༴ ཨོཾ་བཛྲ་དྷཱུ་པེ་ཧཱུྃ༔ ཨོཾ་བཛྲ་པུཥྤེ་ཏྲཱཾ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱི༔ ཨོཾ་བཛྲ་གནྡྷེ་ཨཱ༔ རྡོ་རྗེ་པི་ཝཾ་མ་ནི་རྒྱུད་མང་བསྒྲེང༔ རྡོ་རྗེ་གླིང་བུ་སྙན་པའི་གླུ་དབྱངས་བསྒྱུར༔ རྡོ་རྗེ་རྔ་ཟླུམ་སྙན་པའི་རྔ་ཟླུམ་སྒྲ༔ རྡོ་རྗེ་རྫ་རྔ་མ་ནི་རྫ་རྔ་བརྡུང༔ རབ་འབྱམས་ཞིང་ཀུན༴ བླ་མ་བདུད་འདུལ༴ འབུལ་གྱིས་ཀཱི་ལ་ཡ༴ ཨོཾ་བཛྲ་ཝཱི་ནི་ཧཱུྃ༔ ཨོཾ་བཛྲ་ཝཾ་སེ་ཏྲཱཾ༔ ཨོཾ་བཛྲ་མྲྀ་ཏཾ་གེ་ཧྲཱི༔ ཨོཾ་བཛྲ་མུ་རཉྫེ་ཨཱ༔ རྡོ་རྗེ་གཟུགས་མ་མཛེས་སྡུག་མེ་ལོང་ཐོགས༔ རྡོ་རྗེ་རེག་བྱ་མ་ནི་ན་བཟའ་ཐོགས༔ རྡོ་རྗེ་རོ་མ་ལྷ་ཡི་ཞལ་ཟས་ཐོགས༔ ཆོས་ཀྱི་རྡོ་རྗེ་མ་ནི་ཆོས་འབྱུང་འཛིན༔ རབ་འབྱམས་ཞིང་ཀུན༴ བླ་མ་བདུད་འདུལ༴ འབུལ་གྱིས་ཀཱི་ལ་ཡ༴ ཨོཾ་བཛྲ་རཱུ་པ་ཧཱུྃ༔ ཨོཾ་བཛྲ་སྤརྴེ་ཏྲཱཾ༔ ཨོཾ་བཛྲ་ར་ས་ཧྲཱི༔ ཨོཾ་བཛྲ་དྷརྨ་དྷཱ་ཏུ་ཨཱ༔ རང་བྱུང་གདོད་ནས་རྣམ་པར་དག་པའི་རྫས༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བདུད་རྩི་སྨན༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔ་རྫོགས་རྫས༔ བླ་མ་རིག་འཛིན་བརྒྱུད་པར་བཅས་པ་དང༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལྷ་ཚོགས་ལ༔ འབུལ་ལོ་བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི༔ ཀུན་བཟང་རིགས་ལྔ་རྡོར་སེམས་པྲ་ཧསྟི༔ པདྨ་འབྱུང་གནས་ཡེ་ཤེས་མཚོ་རྒྱལ་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འདི༔ འབུལ་ལོ་བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ༴ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༔ དཔལ་གྱི་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་ལ༔ རྣམ་དག༴ འབུལ་ལོ༴ སརྦ༴ བདུད་འདུལ་ཁྲོ་བཅུ་ཡབ་ཡུམ་ཕྲ་མེན་མ༔ སྒོ་བ་བཞི་དང་ཕུར་སྲུང་དམ་ཅན་ལ༔ རྣམ་དག༴ འབུལ་ལོ༴ སརྦ་པཉྩ་ཨ་མྲྀཏ་སིདྡྷི་ཧོ༔ ཐིག་པ་མྱོང༔ བདག་གི་ཐུགས་ལས་བདེ་ཆེན་ལྷ་མོ་དང༔ དཔའ་བོ་མཉམ་སྦྱོར་བདེ་ཆེན་ཡེ་ཤེས་ཀྱིས༔ ཟུང་འཇུག་མཆོད་པ་སྤྲོས་པས་ལྷ་ཚོགས་རྣམས༔ དགའ་བཞི་བདེ་སྟོང་མཆོད་པས་མཉེས་པར་བྱ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ར་ཧོ་ཧཾ༔ རཱ་གཱ་ཡ་མི༔ བོ་དྷི་ཙིཏྟ་ཧོ༔ མ་ཧཱ་སུ་ཁ་པྲ་ཏཱིཙྪ་ཧོ༔ པྲ་ཏཱི་གྲྀཧྞ་ཁཱ་ཧི༔ རཀྟ་ལ་དམིགས་ཏེ༔ བྷནྡྷ་རབ་ཡངས་ཁམས་གསུམ་བྲུབ་ཁུང་དུ༔ ནྲྀ་ཏྲི་ཡོངས་གྱུར་དམ་སྲི་རུ་དྲ་བདུད༔ མ་རུངས་ལོག་འདྲེན་ཐམས་ཅད་ཁུག་ཅིག་ཛ༔ ན་མོ༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་བདེན་པའི་མཐུ༔ ཞེས་པས་ཕུར་གདབ་བྱ༔ ཧཱུྃ༔ བྷནྡྷ་འབར་བ་དམར་གྱི་ཞལ་བུའི་སྣོད༔ རྟེན་འབྲེལ་བཅུ་གཉིས་མཱུ་ལ་སྲིད་པའི་ཁྲག༔ མ་ཧཱ་རཀྟ་སྒྲོལ་བའི་ཁྲག་ཆེན་པོ༔ བདུད་འདུལ་ཁྲོ་བོའི་དཀྱིལ་འཁོར་ལྷ་ལ་འབུལ༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ ཧཱུྃ༔ རྩ་གསུམ་ཞི་ཁྲོ་ཁྲག་འཐུང་ལྷ་ཚོགས་ལ༔ དགྲ་བོའི་ཤ་རུས་ཚིལ་བུ་རྐང་དང་ཞག༔ དབང་པོ་གློ་སྙིང་ནང་རོལ་རྒྱུ་མར་བཅས༔ བདུད་རྩིར་བསྒྱུར་པའི་བ་ལིཾ་མཆོད་པ་འབུལ༔ ཞལ་དུ་བསྟབ་བོ་བཞེས་ཤིག་ཁ་རཾ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ ཆོས་ཀྱི་དབྱིངས་ནས་རང་བྱུང་རང་ཤར་བའི༔ ཕྲིན་ལས་ལྷུན་རྫོགས་ཀརྨ་ཧེ་རུ་ཀ༔ སྐུ་གསུམ་ལྡན་ཕྱིར་དབུ་གསུམ་ཁྲོ་ཆགས་བཞད༔ ཕ་རོལ་ཕྱིན་དྲུག་ཕྱག་རྣམས་ཕྱག་ཆ་བསྣམས༔ རྡོ་རྗེ་རྩེ་དགུས་ས་དགུའི་རྟོག་པ་འཇོམས༔ རྡོ་རྗེ་རྩེ་ལྔས་དུག་ལྔ་དབྱིངས་སུ་སྒྲོལ༔ མེ་དཔུང་འབར་བས་འཁོར་བའི་བག་ཆགས་སྲེག༔ ཁ་ཊྭཱཾ་རྩེ་གསུམ་དུག་གསུམ་རྩད་ནས་གཅོད༔ གནམ་ལྕགས་ཕུར་བུས་བདག་འཛིན་རུ་ཏྲ་འདུལ༔ ཚད་མེད་བཞི་ལྡན་ཞབས་བཞི་དོར་སྟབས་བསྒྲད༔ རྡོ་རྗེ་སྤུ་གྲིའི་གཤོག་པ་མཁའ་ལ་ལྡིང༔ དུར་ཁྲོད་འབར་བའི་ཆས་རྣམས་སྐུ་ལ་བརྒྱན༔ འཁོར་ལོ་རྒྱས་འདེབས་ཟ་བྱེད་ཀུན་གྱི་གཙོ༔ རྡོ་རྗེ་དུང་དམར་འཛིན་པས་ཡབ་ལ་འཁྲིལ༔ གཙོ་བོ་ཡབ་ཡུམ་གཉིས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཐུགས་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་པར༔ ཡེ་ཤེས་ལྔ་རྫོགས་རོལ་པ་ཆེན་པོའི་སྐུ༔ ཀུན་ཏུ་བཟང་པོ་ཡབ་ཡུམ་ཆོས་ཀྱི་དབྱིངས༔ གཏི་མུག་གནས་དག་རྣམ་སྣང་དབྱིངས་ཕྱུག་ཡུམ༔ ཞེ་སྡང་གནས་དག་མི་བསྐྱོད་སྤྱན་མ་ཡུམ༔ ང་རྒྱལ་གནས་དག་རིན་འབྱུང་མཱ་ཀཱི་ཡུམ༔ འདོད་ཆགས་གནས་དག་སྣང་མཐའ་གོས་དཀར་ཡུམ༔ ཕྲག་དོག་གནས་དག་དོན་གྲུབ་སྒྲོལ་མ་ཡུམ༔ འཁྲིལ་སྦྱོར་བདེ་སྟོང་ལོངས་སྤྱོད་རྫོགས་སྐུའི་ཚུལ༔ ཡེ་ནས་མ་བཅོས་རང་བྱུང་རང་ཤར་ལྷ༔ ཀུན་བཟང་རིགས་ལྔ་ཡབ་ཡུམ་ཕྱག་འཚལ་བསྟོད༔ ཧཱུྃ༔ རིགས་ཀུན་ཁྱབ་བདག་བཅོམ་ལྡན་རྡོ་རྗེ་སེམས༔ གསང་ཆེན་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ཆེ༔ འགྲོ་བའི་ལས་ཉོན་བག་ཆགས་དྲི་མ་ཀུན༔ སྦྱོང་མཛད་དཔའ་བོ་ཆེན་པོར་ཕྱག་འཚལ་བསྟོད༔ ཧཱུྃ༔ ལས་བཞི་ཀུན་སྒྲུབ་སྲས་མཆོག་རིགས་ལྔ་དང༔ ཕྱོགས་བཅུ་སྐྱོང་མཛད་བདུད་འདུལ་ཁྲོ་བོ་བཅུ༔ སྒོ་བཞི་སྡོམ་དགྱེས་སྒོ་བ་བཞི་དང་ནི༔ ཕུར་སྲུང་དམ་ཅན་ཚོགས་ལ་ཕྱག་འཚལ་བསྟོད༔ ཀུན་ཏུ་བཟང་པོའི་ཐུགས་ཀ་རུ༔ ཟླ་སྟེང་ཧཱུྃ་མཐིང་འོད་ཟེར་ནི༔ ཞིང་ཁམས་རབ་འབྱམས་ཁྱབ་སྤྲོས་པས༔ རྒྱལ་ཀུན་གསང་བ་གསུམ་གྱི་བྱིན༔ ཚུར་འདུས་ཧཱུྃ་ལ་ཐིམ་པར་བསྒོམ༔ ཧཱུྃ་བཛྲ་ཙིཏྟ་ཧཱུྃ༔ ཨོཾ་ཛི་ན་ཛིཀ྄༔ ཞེས་པ་ཡིད་བཟླས་ཚུལ་དུ་བྱ༔ སླར་ཡང་རྒྱལ་བ་རིགས་བཞི་ཡི༔ ཐུགས་སྲོག་ཧཱུྃ་སྭཱ་ཧྲཱིཿཧཱ་ལས༔ འོད་ཟེར་འགྲོ་དྲུག་གནས་སུ་འཕྲོས༔ སོ་སོའི་ལས་ཉོན་སྡིག་སྒྲིབ་སྦྱངས༔ ཀུན་ཀྱང་རྒྱལ་བའི་སྐུ་གསུང་ཐུགས༔ རྡོ་རྗེ་གསུམ་གྱི་ངོ་བོར་འགྲུབ༔ ཧཱུྃ་བཛྲ་དྷྲྀཀ྄༔ སྭཱ་རཏྣ་དྷྲྀཀ྄༔ ཨཱཾ་ཨ་རོ་ལྀཀ྄༔ ཧཱ་པྲ་ཛྙཱ་དྷྲིཀ྄༔ དཔལ་ཆེན་ལྗགས་སྟེང་པདྨ་དམར༔ འདབ་བཞི་ཨ་ཡིས་མཚན་པར་བསྒོམ༔ ཡ་རྐན་ཟླ་བ་ཨཱ་ལིས་བསྐོར༔ མ་རྐན་ཉི་མ་ཀཱ་ལིས་བསྐོར༔ གསང་སྔགས་ཡིག་འབྲུ་བཅུ་བཞི་པ༔ གནམ་ཐོག་ལྷུང་བ་ལྟ་བུ་རུ༔ བཟླས་པས་འོད་ཟེར་མེ་འོད་དང༔ མཚོན་ཆ་ཐོག་སེར་དཔག་མེད་འཕྲོས༔ སྟོང་གསུམ་ཐམས་ཅད་འོད་ཀྱིས་བཀང༔ སྲིད་གསུམ་གདུག་པ་ཅན་རྣམས་བཏུལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀཱི་ལ་ཡ་བཾ་ཧཱུྃ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་སཏྭཾ༔ ཞེས་པ་རབ་འབྲིང་ཐ་མ་རྟགས་དང་སྦྱར༔ ཐུན་མཚམས་སུ༔ ཕུར་པ་ཡོངས་རྫོགས་སྤྱན་འདྲེན་གཤེགས༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་འགལ་འཁྲུལ་ཐམས་ཅད་བཤགས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བཛྲ་ཨརྒྷཾ་ནས་ཤབྡའི་བར༔ མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཞེས་སྟོང་ཚིགས་ཀྱི་མཆོད་པའང་བྱ༔ ཐུན་བསྡུ་ཁར༔ ལྷ་ཡི་སྣང་ཆ་མེ་ལོང་ཧས་བཏབ་ལྟར༔ ཏིང་འཛིན་སེམས་དཔར་ཧཱུྃ་གི་ནཱ་དར་བསྡུ༔ སླར་ཡང་རྗེས་ཐོབ་ཧེ་རུ་ཀ་རུ་ལྡང༔ ཞེས་རྗེས་ཐོབ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་བྷནྡྷ་འཛིན་པར་ལྡང༔ དེ་ལྟར་རྣལ་འབྱོར་ལྡན་བརྩོན་པས༔ ལྷས་བྱིན་བརླབས་པའི་མཚན་མ་ནི༔ མཐོང་བར་བསྙེན་ནས་དངོས་གྲུབ་བླང༔ འདི་ནི་ཤིན་ཏུ་ཟབ་པ་སྟེ༔ ཞི་བ་ལྷ་ལྔ་ལ་བསྟེན་ནས༔ སྟོད་ལས་བྱང་ཆུབ་སྒྲུབ་པ་ཡིན༔ འདི་ནི་བཀའ་གཏེར་གཉིས་སུ་བཞག༔ བཀའ་བརྒྱུད་འཁོན་སྟོན་ཀླུ་དབང་གིས༔ སྤེལ་ནས་བསྟན་པ་ཡུན་དུ་སྐྱོང༔ གཏེར་འབྱུང་རྒྱས་འབྲིང་བསྡུས་དང་ཟབ༔ ཀུན་གྱི་ནང་ནས་ཡང་ཟབ་འདི༔ ད་ལྟ་ཁྱོད་ལ་གདམས་ཤིང་གཏད༔ མ་འོངས་བཞི་བཅུའི་ཡང་མཐའ་དེར༔ བདུད་ཀྱི་སྤྲུལ་པས་བོད་ཁམས་དཀྲུགས༔ སེར་གོས་གོན་པས་དམག་དཔོན་བྱེད༔ དབུས་གཙང་ནང་འཁྲུགས་དམེ་ལས་དར༔ ཕ་སྤུན་དམེ་འཁྲུགས་དུག་ལས་བྱེད༔ སྔགས་པ་རྡོ་རྗེ་ནང་དམེ་བྱེད༔ མི་ཆེན་གྲིར་བཀུམས་སྟོད་དམག་བསྐུལ༔ རྒྱ་དམག་དུ་རུཿཀ་ལུད་ནས༔ བོད་ཁམས་དམྱལ་ཐག་གཅོད་པའི་དུས༔ ཁྱོད་ཀྱི་སྨོན་ལམ་མཐུ་བཙན་པས༔ ཆོས་འདི་བཏོན་ནས་སྒྲུབ་གྱུར་ན༔ མཐའ་དམག་ཕྱིར་བསྲིང་བར་ཆད་སེལ༔ སུས་སྒྲུབ་བྱིན་རླབས་ཚན་ཁ་མྱུར༔ དེ་ཕྱིར་ཟབ་མོའི་གཏེར་དུ་སྦོས༔ ཞེས་གུ་རུའི་གསུངས་བཞིན་བདག་དཔལ་གྱི་སེང་གེས་འོན་ཕུ་སྟག་ཚང་བསམ་འགྲུབ་ཀེའུ་ཚང་གི་གནས་སུ་གསང་བའི་རྒྱས་བཏབ་ནས་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་རྭ་སྟོན་སྨྱོན་པས་ཇོ་མོའི་ལུང་བསྟན་ལྟར་གསང་གཏེར་དུ་སྤྱན་དྲངས་ནས། ལོ་ལྔ་སོང་བ་སྤྲེའུའི་ལོ་ལ་དབུས་གཙང་འཁྲུགས་པའི་དུས་རྟགས་དང་ལུང་བསྟན་ལྟར། སྦས་ཡུལ་སྤོ་བོའི་ཀུ་ཐང་སྟག་དོར་ཚེ་རིང་སྨོན་སྐྱིད་དུ་གཏེར་ཤོག་ལས་ཕབ་པའོ།། ྈ རྡོ་རྗེ་སེམས་དཔའ་རྒྱན་གཅིག་སྒྲུབ་པ་ལས༔ བདེ་སྟོང་གཏུམ་མོའི་ཉམས་ལེན་བཞུགས་སོ༔ ཐབས་མཆོག་བདེ་བ་ཆེན་པོ་སྣང་བ་ཡབ༔ སྟོང་ཉིད་ཤེས་རབ་དོན་དམ་འོད་གསལ་མ༔ གཉིས་མེད་ཟུང་འཇུག་འདུས་མ་བྱས་པའི་སྐུ༔ རང་རིག་རང་གསལ་མི་རྟོག་རྡོ་རྗེ་རུ༔ མཉམ་སྦྱོར་དང་པོའི་སངས་རྒྱས་དེ་ལ་འདུད༔ དང་པོར་ལུས་སྨིན་ངག་པ་ལྷ་ཡི་སྐུ༔ དྲི་མེད་ཤེལ་ལྟར་དྭངས་པ་རྡོ་རྗེ་སེམས༔ གསལ་སྟོང་འཛིན་བྲལ་ཞལ་ཕྱག་རྣམ་པར་གསལ༔ གཟུགས་ཕུང་རྣམ་སྣང་ཚོར་ཕུང་རིན་ཆེན་འབྱུང༔ འདུ་ཤེས་སྣང་མཐའ་འདུ་བྱེད་དོན་ཡོད་གྲུབ༔ རྣམ་ཤེས་ཞེ་སྡང་མེ་ལོང་ཡེ་ཤེས་ཏེ༔ ཕུང་པོ་ལྔ་པོ་རྒྱལ་བ་རིགས་ལྔའི་སྐུ༔ དག་པ་དུག་ལྔ་ཡེ་ཤེས་ལྔ་ཡི་ངང༔ དེ་བཞིན་ས་ཁམས་རྣམ་དག་མཱ་མ་ཀཱི༔ ཆུ་ཁམས་དག་པ་སངས་རྒྱས་སྤྱན་མ་དང༔ མེ་ཁམས་རྣམ་དག་ན་བཟའ་དཀར་མོ་དང༔ རླུང་ཁམས་རྣམ་དག་དམ་ཚིག་སྒྲོལ་མ་སྟེ༔ ནམ་མཁའ་རྣམ་དག་ཡུམ་ཆེན་དབྱིངས་ཕྱུག་མ༔ ཁམས་ལྔ་འབྱུང་ལྔར་དག་པ་ཡུམ་ལྔ་འོ༔ རིགས་ཀུན་འདུས་པ་རྡོ་རྗེ་སེམས་དཔའ་སྟེ༔ རྟག་པ་དོན་གྱི་ཡེ་ཤེས་རྡོ་རྗེ་ནི༔ འགྲོ་བ་ཀུན་གྱི་སྙིང་ལ་གནས་པའི་ཕྱིར༔ སྲོག་གི་སྟོང་ཆེན་ཐིག་ལེ་ལྔར་གནས་ཏེ༔ གནས་དང་བཏགས་དང་འཁྲུལ་དང་འདྲེན་པ་དང༔ མི་འགྱུར་བ་ཡི་སྲོག་གི་ཐིག་ལེ་ལྔར༔ ཨོཾ་བཛྲ་ས་ཏྭ་ཧཱུྃ༔ འབྲུ་ལྔ་ཡེ་ཤེས་ལྔ་ཡི་ས་བོན་ཏེ༔ མི་ཤིགས་སྲོག་གི་དྭངས་མའི་ཡི་གེ་ལྔ༔ རིགས་ལྔ་འདུས་པ་འོད་ཀྱི་ཐིག་ལེའི་ཀློང༔ ཨོཾ་ནི་རྣམ་སྣང་བཛྲ་མི་བསྐྱོད་པ༔ ས་ནི་རིན་འབྱུང་ཏྭ་ནི་སྣང་མཐའ་ཡས༔ ཧཱུྃ་ནི་དོན་གྲུབ་སྙིང་པོ་འབྲུ་ལྔ་ཡིན༔ རིགས་ལྔ་འདུས་པའི་སྙིང་པོ་རིགས་གཅིག་སྟེ༔ རྡོ་རྗེ་སེམས་དཔའ་རྒྱན་གཅིག་སྒྲུབ་ཐབས་ཡིན༔ རྒྱུད་རྡོ་རྗེ་ཕྲེང་བ་ལས༔ སྙིང་གི་པདྨོའི་སྦུབས་ཀྱི་མཁའ༔ ཡེ་ཤེས་རྡོ་རྗེ་རྟག་ཏུ་གནས༔ ཞེས་གསུངས་སོ༔ དེ་ལྟར་མ་དག་ཕུང་པོ་ལྔ་རྣམས་ནི༔ ཡེ་ཤེས་ལྔ་རུ་སྒྲུབ་པས་ལུས་ལྷའི་དལ༔ སྨིན་པར་བྱེད་པའི་བུམ་པའི་དབང་དོན་ཏེ༔ གདོས་བཅས་ཨ་འཐས་འཛིན་ཞེན་དག་པ་ཡི༔ གསལ་སྟོང་འཛིན་བྲལ་ལྷ་ཡི་སྐུ་རུ་སྦྱངས༔ གཉིས་པ་ངག་ནི་རྩ་ཁམས་གནས་རྣམས་སུ༔ འབྱུང་འཇུག་གནས་གསུམ་ལུས་ཀྱི་རླུང་ཚོགས་རྣམས༔ ཡེ་ཤེས་རླུང་ནི་དྷཱུ་ཏིར་དག་བྱེད་པ༔ བདེ་སྟོང་གཏུམ་མོ་སྒོམ་པའི་ཚུལ་ལ་གསུམ༔ དང་པོར་བྱིན་གྱིས་བརླབ་ཅིང་རྩ་རླུང་སྦྱང༔ གཉིས་པ་རྩ་འཁོར་བསྐྱེད་ཅིང་ལྷ་རྣམས་གསལ༔ གསུམ་པ་འབར་འཛག་ཞུ་བདེའི་ཡེ་ཤེས་ཀྱིས༔ ལུགས་ལས་འབྱུང་དང་བཟློག་པའི་བདེ་སྟོང་སྦྱང༔ རྗེས་ནི་ས་ལམ་འབྲས་བུ་ཡོན་ཏན་རྣམས༔ ཐོབ་པའི་ཚུལ་དང་བཞི་རུ་བཤད་པ་འོ༔ དང་པོ་ལྷ་སྐུ་སྟོང་ར་བསྒོམ་པ་ནི༔ རང་ལུས་རྡོ་རྗེ་སེམས་དཔའི་སྐུ་གསལ་སྟོང༔ ཤེལ་དཀར་བུམ་པ་ལྟ་བུར་གསལ་བ་ཡི༔ སྐུ་དབུས་དབུ་མ་མདའ་སྨྱུག་འབྲིང་པོ་ཙམ༔ ཡར་སྣ་ཚངས་བུག་མར་སྣ་གསང་རྩེར་ཟུག༔ ལྟེ་འོག་སོར་བཞི་དག་ནས་གྱེས་པའི་སྣ༔ གཡས་སུ་རོ་མ་དཀར་པོ་སྔོ་བའི་མདངས༔ གཡོན་དུ་རྐྱང་མ་དམར་པོ་དམར་བའི་མདངས༔ གཉིས་ཀ་སྦོམ་ཕྲ་གྲོ་སོག་འབྲིང་པོ་ཙམ༔ ཡར་སྣ་སྣ་བུག་གཉིས་ལ་ཟུག་པ་སྟེ༔ གསུམ་ཀ་དྲང་བ་ཆུ་ཤིང་སྡོང་པོ་འདྲ༔ སྒྲིབ་མེད་གསལ་དྭངས་ཏིལ་མར་མར་མེ་འདྲ༔ དམར་ཞིང་སྣུམ་པ་རྒྱ་སྐྱེགས་ཁུ་བ་འདྲ༔ འཇམ་ཞིང་མཉེན་པ་པདྨའི་འདབ་མ་འདྲ༔ མཚན་ཉིད་བཞི་དང་ལྡན་པའི་དབུ་མའི་ནང༔ ལྟེ་བར་ཉི་མའི་དཀྱིལ་འཁོར་གསལ་བའི་སྟེང༔ ངོ་བོ་ཤེས་རབ་ཕ་རོལ་ཕྱིན་མ་ཉིད༔ གསང་བ་ཡེ་ཤེས་རྗེ་བཙུན་རྣལ་འབྱོར་མ༔ དམར་གསལ་གཅེར་མོ་མེ་ཡི་མདོག་ཅན་ནི༔ ཚོན་གང་མེ་འོད་འཕྲོ་བར་གསལ་བ་ཡི༔ སྤྱི་བོར་རྩ་བའི་བླ་མ་ཨོ་རྒྱན་དང༔ དབྱེར་མེད་ཧེ་རུ་ཀ་དཔལ་རུས་རྒྱན་ཅན༔ མཁའ་འགྲོ་དམར་མོ་འཁྲིལ་སྦྱོར་བདེ་ཆེན་འབར༔ དེ་ཡི་སྤྱི་བོར་པྲ་བྷཱ་ཧསྟི་ནི༔ པཎ་གྲུབ་ཆ་ལུགས་སྡིགས་མཛུབ་ཕུར་བུ་བསྣམས༔ དེ་ཡི་དབུ་གཙུག་ཉི་ཟླ་དངོས་གྲུབ་ནི༔ རྣལ་འབྱོར་མ་དཔལ་ཉི་ཟླའི་ཕྲེང་བ་ཅན༔ དེ་ཡི་སྤྱི་བོར་དོན་གྲུབ་ཡབ་ཡུམ་དང༔ རིན་འབྱུང་མི་བསྐྱོད་སྣང་མཐའ་རྣམ་སྣང་མཛད༔ རིགས་ལྔ་ཡུམ་འཁྲིལ་ཐོ་བརྩེགས་བཞུགས་པ་ཡི༔ སྤྱི་བོར་ཀུན་བཟང་ཡབ་ཡུམ་འཁྲིལ་སྦྱོར་རོལ༔ འོད་ཟེར་མཁའ་དབྱིངས་ཁྱབ་པ་ཉིད་དུ་བལྟ༔ ཡིད་ཀྱིས་གདུང་ཤུགས་སྙན་པའི་ངག་གིས་ནི༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་སྤྲོས་དང་བྲལ་བའི་མཁའ་ཀློང་དུ༔ དང་པོའི་སངས་རྒྱས་ཀུན་བཟང་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བདེ་དྲོད་རང་འབར་ཞིང༔ བདེ་སྟོང་ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ༔ མདངས་རྩལ་མ་འགག་ཡེ་ཤེས་རོལ་པའི་གར༔ ལོངས་སྐུ་རྒྱལ་བ་རིགས་ལྔ་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བདེ་དྲོད་རང་འབར་ཞིང༔ བདེ་སྟོང་ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ༔ ཐུགས་རྗེ་ཅིར་སྣང་ལྷུན་གྲུབ་རང་གྲོལ་ཀློང༔ མཁའ་འགྲོའི་གཙོ་མོ་ཉི་ཟླ་དངོས་གྲུབ་ལ༔ གསོལ་བ་འདེབས་སོ་བདེ་དྲོད་རང་འབར་ཞིང༔ བདེ་སྟོང་ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ༔ བྲག་དམར་བྱ་སྐྱིབས་ཚལ་གྱི་ཀེའུ་ཚང་དུ༔ སློབ་དཔོན་ཆེན་པོ་པྲ་བྷཱ་ཧསྟི་ལ༔ གསོལ་བ་འདེབས་སོ་བདེ་དྲོད་རང་འབར་ཞིང༔ བདེ་སྟོང་ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ༔ རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་སུ༔ རྒྱལ་ཀུན་འདུས་པ་ཨོ་རྒྱན་གུ་རུ་ལ༔ གསོལ་བ་འདེབས་སོ་བདེ་དྲོད་རང་འབར་ཞིང༔ བདེ་སྟོང་ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ༔ སྤྱི་གཙུག་བདེ་བ་ཆེན་པོའི་གཞལ་ཡས་སུ༔ ཟབ་ཆོས་མངའ་བདག་དཔལ་གྱི་སེང་གེ་ལ༔ གསོལ་བ་འདེབས་སོ་བདེ་དྲོད་རང་འབར་ཞིང༔ བདེ་སྟོང་ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ༔ བདེ་ཆེན་ཡེ་ཤེས་མེ་འོད་འཁྲུགས་པའི་ཀློང༔ གསང་བ་ཡེ་ཤེས་རྗེ་བཙུན་རྣལ་འབྱོར་མར༔ གསོལ་བ་འདེབས་སོ་བདེ་དྲོད་རང་འབར་ཞིང༔ བདེ་སྟོང་ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ༔ ལས་རླུང་རྒྱུ་བ་དྷཱུ་ཏིར་དག་པ་ཡིས༔ ཕྲ་རགས་རྩ་མདུད་རང་གྲོལ་དཀར་དམར་གྱི༔ དྭངས་མ་ཨེ་ཝཾ་ངོ་བོས་ཡོངས་ཁྱབ་སྟེ༔ འཇའ་ལུས་འཕོ་བ་ཆེན་པོའི་སྐུ་འགྲུབ་ཤོག༔ ཅེས་པའི་གསོལ་བ་ཞེ་ནས་བཏབ་པ་ཡིས༔ ཀུན་བཟང་ཡབ་ཡུམ་འོད་ཞུ་རིགས་ལྔ་ལ༔ ཐིམ་ཞིང་རིམ་པར་ཨོ་རྒྱན་རྣལ་འབྱོར་མར༔ ཐིམ་པས་རྣལ་འབྱོར་མ་ཡང་མེའི་རང་བཞིན༔ རཾ་ཡིག་དག་ཏུ་གྱུར་ལ་ཤེས་པ་གཏད༔ དེ་ནི་རྩ་ཁམས་བྱིན་གྱིས་བརླབ་པ་འོ༔ དེ་ནས་རྩ་ནི་གཙོ་བོ་གསུམ་པོ་དེ༔ མ་འཁྱོགས་མ་འཁུམ་མདུད་པ་དང་བྲལ་བ༔ ལུས་ཀྱི་ཀ་བའི་ཚུལ་དུ་གནས་པ་ལ༔ རྟེན་མཁར་བཅས་ཏེ་སྙིང་ཁ་ཆོས་འཁོར་ལོ༔ རྩ་འདབ་སུམ་ཅུ་རྩ་གཉིས་གནས་པ་ཡང༔ སྙིང་ཁ་ལས་གྱེས་རྩ་འདབ་བཞི་ཡི་རྩེ༔ གཉིས་གཉིས་གྱེས་པ་རྩ་འདབ་བརྒྱད་ཉིད་དེ༔ དེ་དག་རེ་རེའང་གྱེས་པ་བཅུ་དྲུག་དང༔ དེ་ཡང་གཉིས་སུ་གྱེས་པ་སུམ་ཅུ་གཉིས༔ དེ་ཡི་རིགས་པས་རྩ་འཁོར་གཞན་ལའང་ཤེས༔ གདུགས་ཀྱི་རྩིབས་མ་ལྟ་བུར་ཅུང་ཟད་ཙམ༔ གྱེན་དུ་ཕྱོགས་པས་རྩ་ཆོས་བཞི་ལྡན་པ༔ སྲོག་འཛིན་ཆུ་ཡི་རླུང་ནི་གནས་པ་འོ༔ མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་འདབ་ནི༔ བཞི་ལས་གྱེས་པ་བརྒྱད་གཉིས་བཅུ་དྲུག་སྟེ༔ གྱེན་རྒྱུ་མེ་ཡི་རླུང་ནི་གནས་པ་འོ༔ སྤྱི་བོ་བདེ་ཆེན་འཁོར་ལོའི་རྩ་འདབ་ནི༔ སུམ་བརྒྱ་དྲུག་ཅུ་དག་ཏུ་གྱེས་པ་སྟེ༔ ཁྱབ་བྱེད་རླུང་གི་རླུང་ནི་གནས་པ་འོ༔ ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབ་ནི༔ རིམ་པར་གྱེས་པ་དྲུག་ཅུ་རྩ་བཞི་སྟེ༔ མེ་མཉམ་ས་ཡི་རླུང་ནི་གནས་པ་འོ༔ གསང་གནས་བདེ་སྐྱོང་འཁོར་ལོའི་རྩ་འདབ་ནི༔ རིམ་པར་གྱེས་པར་ཉི་ཤུ་རྩ་བརྒྱད་དེ༔ ཐུར་སེལ་ནམ་མཁའི་རླུང་ནི་གནས་པ་འོ༔ དེ་ལྟར་འབྱུང་བ་ལྔ་ཡི་རླུང་ལྔ་ཡི༔ བྱེད་ལས་ལྔ་ནི་སོ་སོར་འདི་ལྟ་སྟེ༔ ཐུར་སེལ་ནམ་མཁའི་རླུང་གིས་བདེ་བ་སྐྱེད༔ འོག་སྒོ་འབྱེད་འཛུམ་བཤང་གཅི་འཕེན་སྡོམ་བྱེད༔ མེ་མཉམ་ས་ཡི་རླུང་གིས་མེ་དྲོད་སྐྱེད༔ ཟ་འཐུང་བྱས་པ་འཇུ་བའི་ལས་ནི་བྱེད༔ སྲོག་འཛིན་ཆུ་ཡི་རླུང་གིས་སྲོག་འཛིན་ཅིང༔ དབུགས་ནི་ཕྱི་ནང་རྒྱུ་བའི་ལས་ནི་བྱེད༔ གྱེན་རྒྱུ་མེ་ཡི་རླུང་གིས་ཟ་འཐུང་མིད༔ མཆིལ་སྣབས་འདོར་དང་སྨྲ་དགོད་ལས་རྣམས་བྱེད༔ ཁྱབ་བྱེད་རླུང་གི་རླུང་ནི་ཀུན་ལ་ཁྱབ༔ འགྲོ་འདུག་སྒུལ་བསྐྱོད་དག་གི་ལས་རྣམས་བྱེད༔ དེ་ལྟར་རྩ་ཡི་འཁོར་ལོ་ལྔ་རྣམས་ལ༔ སྙིང་ཁའི་རྩ་འཁོར་དབུས་སུ་འབྱུང་བ་ཆུ༔ དག་པ་མི་བསྐྱོད་ས་བོན་ཧཱུྃ་མཐིང་གསལ༔ མགྲིན་པའི་རྩ་འཁོར་དབུས་སུ་འབྱུང་བ་མེ༔ དག་པ་སྣང་མཐའི་ས་བོན་ཨཱཾཿདམར་གསལ༔ སྤྱི་བོའི་རྩ་འཁོར་དབུས་སུ་འབྱུང་བ་རླུང༔ དག་པ་རྣམ་སྣང་ས་བོན་ཨོཾ་དཀར་གསལ༔ ལྟེ་བའི་རྩ་འཁོར་དབུས་སུ་འབྱུང་བ་ས༔ དག་པ་རིན་འབྱུང་ས་བོན་སྭཱ་སེར་གསལ༔ གསང་གནས་རྩ་འཁོར་དབུས་སུ་ནམ་མཁའི་ཁམས༔ དག་པ་དོན་གྲུབ་ས་བོན་ཧཱ་ལྗང་གསལ༔ དབུ་མའི་ནང་མར་ལྟེ་འོག་སོར་བཞི་ཡི༔ འདུས་མདོར་ཉི་མའི་སྟེང་དུ་རཾ་དམར་པོ༔ མེ་འོད་ལྟ་བུ་གསལ་བ་ཉིད་དུ་བལྟ༔ དབུ་མའི་ཡས་སྣར་ཧཾ་ཡིག་དངུལ་ཆུའི་མདོག༔ མགོ་བོ་ཐུར་དུ་བསྟན་ལ་ཤེས་པ་གཏད༔ རྩ་ཡི་ནང་ཀུན་འབྱུང་བ་ལྔ་ཡི་དུག༔ འཇའ་ཚོན་སྔོ་དམར་རྣམ་པར་འཁྱིལ་བ་སྟེ༔ ལུས་ཀྱི་གནད་ནི་རྣམ་སྣང་ཆོས་བདུན་ཏེ༔ རྐང་པ་སྐྱིལ་ཀྲུང་ལག་པ་མཉམ་གཞག་བསྲང༔ རྒལ་ཚིགས་བསྲང་ཞིང་དཔུང་པ་རྒོད་གཤོག་ལྟར༔ བརྒྱངས་ཤིང་མགྲིན་པ་ལྕགས་ཀྱུ་ལྟ་བུར་བཀུག༔ ལྕེ་རྩེ་རྐན་སྦྱར་མཆུ་ནི་ཐད་སོར་བཞག༔ མིག་འབྲས་མི་འགུལ་མདུན་མཁར་ཧྲིག་གེར་བལྟ༔ དེ་ལྟར་ལུས་གནད་བཅས་ཏེ་སྣ་གཡས་ནས༔ རླུང་རོ་དལ་བུས་བསིར་ཏེ་བུས་པའི་སྐབས༔ ནང་གི་འབྱུང་བའི་དུག་མཚོན་སྔོ་དམར་ནག༔ ཕྱི་རུ་སང་སང་བུད་དེ་སོང་བར་བསམ༔ ཚུར་ལ་རྔུབ་དུས་སྲིད་ཞིའི་དྭངས་བཅུད་རྣམས༔ འདུས་པར་མོས་ལ་རླུང་རོ་འབུད་པ་དང༔ རྔུབ་པ་དགང་བ་གཡས་གསུམ་གཡོན་གསུམ་དང༔ དབུས་གསུམ་དགུ་སྟེ་རླུང་རོ་བསལ་བ་འོ༔ རྔུབ་པ་དལ་བུས་ཆིལ་གྱིས་རྔུབ་པ་སྟེ༔ དགང་བ་ལྟོ་བར་དགང་ཞིང་འོག་རླུང་འཐེན༔ སྟེང་རླུང་མནན་པས་བུམ་པ་ཅན་དུ་བརྗོད༔ འཕང་བ་རླུང་རོ་སངས་ཀྱིས་འབུད་པ་སྟེ༔ སྦྱོར་བ་བཞི་ཞེས་ཀུན་ལ་དགོས་པ་འོ༔ དེ་ལྟར་མང་དུ་བཟུང་བས་རྩ་འདབ་རྣམས༔ ཞ་བ་འཁུམ་པ་འབྱར་བ་ཡོ་བ་སོགས༔ སྐྱོན་དང་བྲལ་ཞིང་ཡ་ཡོ་མེད་པར་དྲང༔ མདོག་ནི་དམར་གསལ་དག་ཏུ་གནས་པ་འོ༔ འབྱུང་བ་ལྔ་ཡི་རླུང་གི་ངོས་འཛིན་ཡང༔ སྣ་ཡི་ཀ་བ་གཉིས་ལ་བརྟེན་ནས་རྒྱུ༔ ཆུ་ཡི་རླུང་ངོ་འོག་གཉིས་ལ་བརྟེན་པ༔ ས་རླུང་བྱ་གཤོག་ལ་བརྟེན་མེ་རླུང་སྟེ༔ སྣ་ཡི་སྟེང་ཕྱོགས་རྒྱུ་བ་རླུང་གི་རླུང༔ སྣ་ཡི་དབུས་ནས་རྒྱུ་བ་ནམ་མཁའི་རླུང༔ དབང་པོའི་སྒོ་དགུ་དག་ནས་འགྱུ་བ་ནི༔ ཡན་ལག་རླུང་ངོ་ལས་རླུང་དག་ཏུ་བརྗོད༔ དེ་ནི་རྩ་རླུང་སྦྱོང་བའི་རིམ་པ་འོ༔ དེ་ནས་ལྷ་རྣམས་གསལ་ཞིང་འབར་འཛག་བསྒོམ༔ སྙིང་ཁའི་རྩ་འཁོར་ས་བོན་ཧཱུྃ་ཡོངས་གྱུར༔ མི་བསྐྱོད་ཡབ་ཡུམ་འཁྲིལ་སྦྱོར་ལོངས་སྐུའི་ཚུལ༔ མགྲིན་པར་ཨཱཾཿལས་སྣང་མཐའ་ཡབ་ཡུམ་བསྐྱེད༔ སྤྱི་བོར་ཨོཾ་ལས་རྣམ་སྣང་ཡབ་ཡུམ་བསྐྱེད༔ ལྟེ་བར་སྭཱ་ལས་རིན་འབྱུང་ཡབ་ཡུམ་བསྐྱེད༔ གསང་བར་ཧཱ་ལས་དོན་གྲུབ་ཡབ་ཡུམ་བསྐྱེད༔ དེ་ནས་ཆ་མཉམ་རླུང་ནི་འབུད་པའི་སྐབས༔ ནད་གདོན་སྡིག་སྒྲིབ་སང་སང་ཐོན་པར་བསམ༔ ཚུར་ལ་རྔུབ་དུས་སྲིད་ཞིའི་དྭངས་བཅུད་རྣམས༔ འུབ་བསྡུས་བསམ་སྟེ་རོ་རྐྱང་ལམ་ནས་བརྒྱུད༔ འདུས་མདོ་ནས་ཞུགས་རཾ་ཡིག་དག་ལ་བུས༔ དང་པོ་དམར་དང་འབར་བ་མཐའ་མེར་འབར༔ གསང་བའི་རྩ་འཁོར་ཀུན་ལ་ཁྱབ་པ་ཡིས༔ དོན་གྲུབ་ཡབ་ཡུམ་རྒྱུད་བསྐུལ་སྦྱོར་བ་མཛད༔ སྦྱོར་མཚམས་བྱང་སེམས་དཀར་དམར་རྒྱུན་བབས་པས༔ རྩ་ཁམས་ཁྱབ་སྟེ་མེ་འབར་སྟོབས་རྒྱས་པ༔ དཔེར་ན་མེ་ལ་མར་ཁུ་བླུག་པ་བཞིན༔ ཆེས་ཆེར་རྒྱས་ཏེ་མེ་ལྕེ་ཡར་འཕྲོས་པས༔ སྤྱི་བོའི་ཧཾ་ནས་བྱང་སེམས་རྒྱུན་བབས་པས༔ རྣམ་སྣང་ཡབ་ཡུམ་རྒྱུད་བསྐུལ་སྦྱོར་བ་མཛད༔ མཚམས་སྦྱོར་བྱང་སེམས་རྒྱུན་བབས་རྩ་འཁོར་གང༔ རཾ་ལས་མེ་འབར་ལྟེ་བའི་རིན་འབྱུང་གི༔ ཐུགས་རྒྱུད་བསྐུལ་ནས་སྦྱོར་བ་མཛད་པ་ཡིས༔ སྦྱོར་མཚམས་བདུད་རྩིའི་རྒྱུན་བབས་རྩ་འཁོར་གང༔ མེ་ལྕེའི་འོད་ཀྱིས་ཧཾ་ཡིག་ཞུ་བའི་རྒྱུན༔ མགྲིན་པར་སྣང་མཐའ་ཡབ་ཡུམ་ཐུགས་རྒྱུད་བསྐུལ༔ སྦྱོར་བ་མཛད་པའི་བྱང་སེམས་རྩ་འཁོར་གང༔ མེ་ལྕེའི་འོད་ཀྱིས་སྙིང་ཁའི་མི་བསྐྱོད་པ༔ ཡབ་ཡུམ་བདེ་བའི་རྒྱུད་བསྐུལ་སྦྱོར་བ་མཛད༔ སྦྱོར་མཚམས་བྱང་སེམས་རྒྱུན་བབས་རྩ་འཁོར་གང༔ དེ་ལྟར་ཧཾ་ཡིག་ལས་བྱུང་བྱང་སེམས་རྒྱུན༔ ཐབས་ཀྱི་ཆ་འཛིན་དཀར་ལ་བསིལ་བ་དང༔ རཾ་ཡིག་ལས་འཕྲོས་རྣམ་པ་མེ་ཡི་མདངས༔ དམར་ལ་ཚ་བ་ངོ་བོ་ཁམས་དམར་པོ༔ དཀར་དམར་ཞུ་བདེ་སྙིང་ཁར་ཞལ་མཇལ་བར༔ ཤེས་པ་གཏད་དེ་དར་གཅིག་མཉམ་པར་གཞག༔ འཁོར་ལོ་རེ་ལ་ཐུན་རེ་དམིགས་སྐོར་རེ༔ དེ་ལྟར་ལུས་གཅུས་རླུང་སྤྲུགས་དྲག་པོ་ཡིས༔ དཀར་དམར་གཉིས་པོ་ཁྲག་དང་འོ་མ་ལྟར༔ ཁྲུག་གིས་འདྲེས་ཏེ་རྩ་ཁམས་གནས་ཀུན་དང༔ ལུས་ཀྱི་གནས་རྣམས་བ་སྤུའི་བུ་ག་ཚུན༔ དཀར་དམར་ཞུ་བདེས་ཡོངས་སུ་ཁྱབ་པར་བལྟ༔ དེ་ལྟར་བརྒྱའམ་ལྔ་བཅུ་ཉེར་ལྔ་ཡིས༔ མཐའ་བྱས་ཐོ་རངས་ཉི་དྲོས་དགོང་ཀ་རྣམས༔ དུས་ཀྱི་གནད་དང་བསྟུན་ནས་འབད་དེ་བསྒོམ༔ དེ་ནི་ལྷ་སྐུ་དག་ལ་བརྟེན་པ་ཡི༔ འབར་འཛག་ཁྱད་པར་དམིགས་པའི་རིམ་པ་འོ༔ དེ་ནས་འབྱུང་ལྔའི་བཅུད་ལེན་ལ་བརྟེན་ནས༔ ཚེ་དཔལ་བསོད་ནམས་བཀྲག་མདངས་བསྐྱེད་པའི་ཕྱིར༔ སྙིང་ཁའི་མི་བསྐྱོད་ཡབ་ཡུམ་ཐུགས་སྲོག་ལས༔ འོད་འཕྲོས་འབྱུང་བ་ཆུ་ཡི་དྭངས་བཅུད་བསྡུས༔ ཐིམ་ཞིང་བདེ་སྦྱོར་བྱང་སེམས་བབས་པ་དང༔ མགྲིན་པའི་སྣང་མཐའ་ཡབ་ཡུམ་ཐུགས་སྲོག་ལས༔ འོད་འཕྲོས་འབྱུང་བ་མེ་ཡི་དྭངས་བཅུད་བསྡུས༔ ཐིམ་ཞིང་བདེ་སྦྱོར་བྱང་སེམས་བབས་པ་དང༔ སྤྱི་བོའི་རྣམ་སྣང་ཡབ་ཡུམ་ཐུགས་སྲོག་ལས༔ འོད་འཕྲོས་ཕྱོགས་བཅུའི་སྲས་བཅས་རྒྱལ་བ་ཡི༔ ཐུགས་རྗེ་མཐུ་སྟོབས་བྱིན་རླབས་ནུས་པ་བསྡུས༔ ཐིམ་ཞིང་བདེ་སྦྱོར་བྱང་སེམས་བབས་པ་དང༔ ལྟེ་བའི་རིན་འབྱུང་ཡབ་ཡུམ་ཐུགས་སྲོག་ལས༔ འོད་འཕྲོས་འབྱུང་བ་ས་ཡི་དྭངས་བཅུད་བསྡུས༔ ཐིམ་ཞིང་བདེ་སྦྱོར་བྱང་སེམས་བབས་པ་དང༔ གསང་བའི་དོན་གྲུབ་ཡབ་ཡུམ་ཐུགས་སྲོག་ལས༔ འོད་འཕྲོས་འབྱུང་བ་རླུང་གི་དྭངས་མ་དང༔ ལྷ་ཀླུ་མི་ཡི་ཚེ་དཔལ་བཀྲག་མདངས་བསྡུས༔ ཐིམ་ཞིང་བདེ་སྦྱོར་བྱང་སེམས་བབས་པ་སྟེ༔ དེ་ལྟར་འཁོར་ལོ་རེ་ལ་རླུང་ཐུན་ནི༔ གསུམ་ལྔ་བདུན་སོགས་སྐབས་དང་སྦྱར་ཏེ་འབད༔ མཆོག་དང་ཐུན་མོང་དངོས་གྲུབ་སྟབས་སུ་འབྱུང༔ ཡོན་ཏན་བསམ་བརྗོད་ཡུལ་ལས་འདས་པ་འོ༔ རྒྱུན་དུ་མཉམ་རྒྱུ་ཡེ་ཤེས་རླུང་རྒྱུ་དུས༔ འཁོར་ལོ་ལྔ་ཡི་རིགས་ལྔའི་ཐུགས་སྲོག་ལས༔ འབྱུང་ལྔའི་རླུང་ནི་སྣལ་མ་གཤིབས་འདྲར་སྤྲོས༔ དབྱུང་དུས་ཧཱུྃ་སྤྲོས་ལས་ཉོན་བག་ཆགས་དང༔ རྣམ་རྟོག་གཉིས་འཛིན་དགྲ་འདྲེ་སང་སང་བུད༔ འཇུག་དུས་ཨོཾ་གསལ་འབྱུང་ལྔ་སྐྱེ་འཕགས་ཀྱི༔ མཐུ་བྱིན་མ་ལུས་འུབ་བསྡུས་གནས་ལྔ་ཡི༔ ས་བོན་དག་ལ་བསྟིམ་སྟེ་ཨཱཿཞེས་པས༔ སྐྱེ་འགག་གཉིས་མེད་ཆོས་སྐུའི་དགོངས་པར་བཞག༔ དེ་ལྟར་འབྱུང་འཇུག་གནས་གསུམ་དག་ལ་སྦྱང༔ སྒོ་གསུམ་རྡོ་རྗེ་གསུམ་དུ་འགྲུབ་པར་འགྱུར༔ ཁྱད་པར་ལས་བཞི་མཆོག་སོགས་གང་འདོད་པ༔ རིགས་ལྔ་སོ་སོར་སྦྱར་ཞིང་སྤྲོ་བསྡུ་བྱ༔ སོ་སོའི་ལས་འགྲུབ་ཁ་བསྒྱུར་ཟབ་ཁྱད་དོ༔ དེ་ལྟར་བརྩོན་པ་དྲག་པོས་འབད་པ་ཡིས༔ རྗེས་ནི་ས་ལམ་ཡོན་ཏན་ཐོབ་ཚུལ་ནི༔ བདེ་བའི་ངོ་བོ་ཧཾ་ཡིག་ལས་བྱུང་བའི༔ བྱང་སེམས་མགྲིན་པར་བབས་པས་དགའ་བ་དང༔ བྱང་སེམས་སྙིང་གར་བབས་པས་མཆོག་ཏུ་དགའ༔ ལྟེ་བར་བབས་པས་དགའ་བྲལ་གསང་གནས་སུ༔ བབས་པས་ལྷན་སྐྱེས་ཡེ་ཤེས་དགའ་བ་སྟེ༔ དེ་ནི་ལུགས་ལས་འབྱུང་བའི་དགའ་བ་འོ༔ བྱང་སེམས་རྡོ་རྗེ་ནོར་བུའི་རྩེ་མོ་ནས༔ འཛག་མེད་འཆིང་བས་རྟེན་འབྲེལ་མ་རིག་དག༔ དུས་སྦྱོར་གཅིག་གི་རླུང་འགགས་མཐོང་ལམ་འགྱུར༔ དང་པོའི་ས་ཐོབ་མངོན་པར་ཤེས་པ་འཆར༔ བྱང་སེམས་གསང་གནས་འཁོར་ལོར་ལྡོག་པ་ཡིས༔ འདུ་བྱེད་དག་ནས་དུས་སྦྱོར་གཉིས་རླུང་འགགས༔ དྲི་མེད་ས་ཐོབ་གསང་བ་ལྟེ་བའི་བར༔ ལྡོག་པས་རྣམ་ཤེས་དག་ནས་དུས་སྦྱོར་གསུམ༔ རླུང་འགགས་ས་ནི་གསུམ་པ་ཐོབ་པར་འགྱུར༔ ལྟེ་བར་ལྡོག་པས་རྟེན་འབྲེལ་མིང་གཟུགས་དག༔ དུས་སྦྱོར་བཞི་ཡི་རླུང་འགགས་ས་བཞི་ནོན༔ བྱང་སེམས་ལྟེ་བ་སྙིང་ཁའི་བར་ལྡོག་པས༔ སྐྱེ་མཆེད་དྲུག་དག་དུས་སྦྱོར་ལྔའི་རླུང་འགགས༔ སྦྱང་དཀའི་ས་ཐོབ་སྙིང་ཁར་ལྡོག་པ་ཡིས༔ རིག་པ་དག་ཅིང་དུས་སྦྱོར་དྲུག་རླུང་འགགས༔ དྲུག་པ་མངོན་དུ་གྱུར་པའི་ས་ཐོབ་བོ༔ སྙིང་ཁ་མགྲིན་པའི་བར་དུ་བཟློག་པ་ཡིས༔ ཚོར་བ་དག་ནས་དུས་སྦྱོར་བདུན་རླུང་འགགས༔ བདུན་པའི་ས་ཐོབ་མགྲིན་པར་ལྡོག་པ་ཡིས༔ སྲེད་པ་དག་ཅིང་དུས་སྦྱོར་བརྒྱད་རླུང་འགགས༔ ས་བརྒྱད་ནོན་ཅིང་མགྲིན་པར་ལྡོག་པ་ཡིས༔ ལེན་པ་དག་ནས་དུས་སྦྱོར་དགུའི་རླུང་འགགས༔ ས་དགུ་ཐོབ་ཅིང་དཔྲལ་བར་ལྡོག་པ་ཡིས༔ སྲིད་པ་དག་ནས་དུས་སྦྱོར་བཅུའི་རླུང་འགགས༔ ས་བཅུ་ནོན་ཅིང་དཔྲལ་བར་གཙུག་ཏོར་བར༔ ལྡོག་པས་སྐྱེ་བ་དག་ནས་དུས་སྦྱོར་ནི༔ བཅུ་གཅིག་རླུང་དག་ཀུན་ཏུ་འོད་ཐོབ་བོ༔ གཙུག་ཏོར་དག་ཏུ་བྱང་སེམས་ལྡོག་པ་ཡིས༔ རྒ་ཤི་བར་གྱི་རྟེན་འབྲེལ་བཅུ་གཉིས་དག༔ དུས་སྦྱོར་ཉི་ཁྲི་ཆིག་སྟོང་རླུང་འགགས་པས༔ བཅུ་གཉིས་ས་ནོན་སྐུ་དང་ཡེ་ཤེས་སོགས༔ སངས་རྒྱས་ཡོན་ཏན་མི་ཟད་རྒྱ་མཚོ་ཐོབ༔ དེ་ལྟར་ལུགས་ལས་བྱུང་དང་ལྡོག་པ་ཡིས༔ དགའ་བ་བཞི་གསུམ་བཅུ་གཉིས་དོན་ལ་སྦྱང༔ རྡོ་རྗེ་སེམས་དཔའི་གསེང་ལམ་ཞེས་བྱ་བ༔ གསང་ཆེན་ཐེག་པའི་མྱུར་ལམ་རྩེ་རྒྱལ་མཆོག༔ གཞི་ལམ་འབྲས་བུ་ལྟ་སྒོམ་སྤྱོད་པ་དང༔ ལམ་ལྔ་ས་བཅུ་སྐུ་བཞི་ཡེ་ཤེས་ལྔ༔ ཐམས་ཅད་ཆིག་རྫོགས་གཅིག་ཆོད་གཅིག་གིས་འགྲུབ༔ དེ་ཕྱིར་གསང་བ་སྔགས་ཞེས་བརྗོད་པ་འོ༔ རྗེས་ཀྱི་བྱ་བ་སྤང་བླང་ཚུལ་དག་ནི༔ བདེ་དྲོད་རིམ་པར་སྐྱེ་བཞིན་གོས་སྲབ་བྱ༔ མཐར་ནི་རས་རྐྱང་དག་ལ་བསླབ་པར་བྱ༔ སྐྱི་ཆགས་མི་གྱོན་མེ་དང་ཉི་མ་སྤང༔ ཆང་སྐྱུར་ཆུ་འཁྱག་རུལ་སུངས་རྗེན་གྱི་རིགས༔ ལྒ་སོགས་ཚ་བ་གསུམ་དང་སྔོ་ངད་སྤང༔ རྟ་རྒྱུག་དུང་འབུད་མཆོང་རྒྱུག་སྤང་འདེགས་སོགས༔ རྩ་ཆད་རྔུལ་ཐོན་འགྱུར་བའི་དྲག་ཤུལ་སྤང༔ འཕྲོད་པའི་སྤྱོད་ལམ་དབེན་པར་གྲིབ་ལ་འཛེམ༔ ལུས་དལ་ཤ་ཆང་གསར་པ་རྩི་མར་སོགས༔ བཅུད་ཅན་ཟས་བརྟེན་ལུས་ནི་དག་པར་བཀྲུ༔ ཆུ་རྩ་གཡག་རྒོད་མཁྲིས་པ་ནེའུ་ལེའི་ཤ༔ ཞིབ་བཏགས་མར་དཀར་སྦྱར་བ་ལུས་ལ་བྱུག༔ ཆུར་སྦྱང་རས་དཀར་དྲི་མེད་དག་ལའང་བྱུག༔ གྱོན་པས་ལུས་ལ་བདེ་དྲོད་མེ་རུ་འབར༔ རྫས་དེ་ངང་སེར་ཚིལ་བུ་དང་བསྲེས་ཏེ༔ རྐང་མཐིལ་བྱུག་པས་སེར་ཁ་འགས་མི་འགྱུར༔ དབང་ལག་ཞིབ་བཏགས་འབྲི་ཡི་འོ་མར་བསྐོལ༔ སྦྲང་རྩི་ཀ་ར་བཏབ་པ་ལྟོ་སྟོང་ལ༔ བསྟེན་པས་ཀུནྡྷ་འཕེལ་ཞིང་ལུས་སྟོབས་རྒྱས༔ དེ་སོགས་སྨན་གྱི་སྦྱོར་བས་ཀུནྡྷ་ནི༔ འཕེལ་ཞིང་མ་ཉམས་དབབ་ཟློག་དགྲམ་པ་ལ༔ འབད་པས་གོང་གི་ཡོན་ཏན་འབྱུང་བ་འོ༔ རྗེས་ཀྱི་ཕན་ཡོན་བསླབ་བྱའི་རིམ་པ་འོ༔ ྈྈྈ ྈྈྈ རྡོ་རྗེ་སེམས་དཔའ་རྒྱན་གཅིག་སྒྲུབ་པ་ལས༔ བདེ་སྟོང་གཏུམ་མོའི་རིམ་པ་ཟབ་ྈྈ བདག་འདྲ་རྭ་སྟོན་སྨྱོན་པས༔ སྟག་ཚང་གཉིས་པ་ནས་སྤྱན་དྲངས་པའོ།། ྈ རྡོ་རྗེ་སེམས་དཔའ་རྒྱན་གཅིག་སྒྲུབ་པ་ལས༔ རྡོ་རྗེ་ལུས་ཀྱི་རྣམ་བཤད་བཞུགས་སོ༔ ྈྈྈྈྈྈྈྈྈྈྈ ཨེ་མ་བདག་འདྲ་མཁས་པ་པད་འབྱུང་གིས༔ གསང་བ་བླ་མེད་འོད་གསལ་རྡོ་རྗེའི་ལམ༔ སྙིང་པོའི་བཅུད་ཐིག་ཡང་ཟབ་གདམས་པ་འདི༔ ཀུན་ཏུ་བཟང་པོའི་ཐུགས་ཀྱི་ཐིག་ལེ་སྟེ༔ རྡོར་སེམས་ཞི་ཁྲོ་རིགས་ལྔ་རྒྱ་མཚོའི་སྲོག༔ རིག་འཛིན་མཁའ་འགྲོའི་སྙིང་ཁྲག་དྭངས་མའི་བཅུད༔ གསང་སྔགས་མ་རྒྱུད་གདམས་པའི་མཐར་ཐུག་པ༔ རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེ་ལ༔ བརྟེན་ནས་མཚན་བཅས་རྫོགས་པའི་རིམ་པ་འདི༔ མཚན་ལྡན་གཟུངས་མ་དབྱངས་ཅན་མཚོ་རྒྱལ་མ༔ སྙིང་གི་བུ་མཆོག་དཔལ་གྱི་སེང་གེ་ལ༔ གདམས་སོ་ད་ལྟ་མ་སྤེལ་གཏེར་དུ་སྦོས༔ མ་འོངས་གསང་སྔགས་འཆོལ་ནས་བབ་ཅོལ་ཏུ༔ སྤྱད་པས་བྱིན་རླབས་མཚན་མ་དྲོད་རྟགས་ཡལ༔ དམ་མེད་ཟོག་པོས་འགྲོ་བ་སླུ་བྱེད་ཅིང༔ དམ་ཅན་སྲུང་མ་ཁྲོས་པས་ནད་མཚོན་དང༔ མུ་གེ་ཡེ་འདྲོག་བུ་ཡུག་ལྟ་བུར་འཚུབས༔ སངས་རྒྱས་བསྟན་པ་སྙིགས་མར་གྱུར་པའི་དུས༔ དཔལ་གྱི་སེང་གེ་ཁྱོད་ཀྱི་སྨོན་ལམ་མཐུས༔ སྐྱེ་བའི་མཐའ་མར་རྣལ་འབྱོར་དབང་གི་མིང༔ དེ་དང་འཕྲད་དེ་འགྲོ་དོན་བྱེད་པར་ཤོག༔ ྈྈྈ ྈྈྈ ྈྈྈ ྈྈྈྈ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ གཞི་ནི་ཡེ་རྫོགས་གདལ་བ་ཆེན་པོ་ལ༔ ལམ་ནི་མངོན་རྫོགས་ཟང་ཐལ་ཆེན་པོ་ཉིད༔ འབྲས་བུ་ལྷུན་རྫོགས་འོད་གསལ་འདུས་མ་བྱས༔ ཟབ་གསང་རྡོ་རྗེའི་ཆོས་ཀུན་སྙིང་པོའི་བཅུད༔ རྒྱལ་བའི་དགོངས་པ་ཟབ་དགུའི་བཅུད་ཕྱུང་བ༔ འདི་འདྲ་སྐལ་ལྡན་ཁོ་ནའི་སྤྱོད་ཡུལ་ཡིན༔ འདི་ལ་སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ དང་པོ་སྔོན་འགྲོ་གནས་དང་སྟོན་པ་དང༔ མཐུན་རྐྱེན་འཛོམ་སར་ཐུན་མོང་ཐུན་མིན་གྱི༔ སྔོན་འགྲོ་མཐར་ཆགས་བྱ་བས་རྒྱུད་སྦྱངས་ནས༔ དངོས་གཞི་ཉམས་སུ་ལེན་བྱའི་གདམས་པ་བསྟན༔ རྗེས་ནི་ལམ་རྟགས་འབྲས་བུ་ཡོན་ཏན་ནོ༔ དང་པོ་དབེན་ཞིང་ཡིད་དང་མཐུན་པའི་གནས༔ རྒྱལ་བས་བྱིན་གྱིས་བརླབས་སོགས་མཚན་ཉིད་ཚང༔ དབྱར་དགུན་ཕྱེད་ཅིང་དགྲ་རྐུན་འཚེ་བ་མེད༔ མཐུན་རྐྱེན་འཛོམ་སར་དཀོན་མཆོག་མཆོད་པའི་རྫས༔ ཚོགས་དང་གཏོར་མ་མཱཾ་ས་མ་ད་ན༔ ལ་སོགས་བཟའ་བའི་དམ་ཚིག་རྫས་མ་ལུས༔ ཚང་བར་གསག་ཅིང་དམ་ལྡན་སྒྲུབ་པའི་གྲོགས༔ འཛོམ་པས་ཚེ་འདིའི་ཞེན་འཁྲིས་རྦད་བཅད་དེ༔ མཚན་ཉིད་ལྡན་པའི་བླ་མ་དམ་པ་ལ༔ སྨིན་ཅིང་གྲོལ་བའི་གདམས་པ་ལེགས་པར་ནོད༔ དེ་ཡང་དང་པོར་རང་གི་ལུས་འདི་ཉིད༔ དལ་འབྱོར་ཕུན་སུམ་ཚོགས་པས་གཞི་བཟུང་ནས༔ ཁམས་དྲུག་དག་དང་ལྡན་པའི་ལུས་འདི་ནི༔ རྡོ་རྗེ་བཞི་ཡི་བསྒྲུབ་བྱའི་རྟེན་ཡིན་ཏེ༔ དེ་ལ་དང་པོ་ཕྱི་ནང་སྣོད་བཅུད་ཀྱང༔ ཕྱི་སྣོད་འཇིག་རྟེན་ཇི་ལྟར་ཆགས་པ་དང༔ ནང་བཅུད་སེམས་ཅན་ཇི་ལྟར་གནས་པ་དང༔ གསང་བ་ཆོས་ཉིད་དབྱིངས་ཀྱི་དཀྱིལ་འཁོར་རྣམས༔ རྟེན་འབྲེལ་རྒྱུ་འབྲས་མཚུངས་པས་འཁོར་འདས་སུ༔ འཆར་བས་ཀུན་རྫོབ་འཇིག་རྟེན་མོས་ངོ་རུ༔ བརྡ་ཙམ་གསུངས་ལས་དོན་ལ་ཚད་གཟུང་མེད༔ ཕྱི་ལྟར་རི་རབ་རྩེ་ནས་ཡར་རྩེ་མོ༔ གཟུགས་མེད་གནས་ཀྱི་བར་ལ་འབུམ་ཕྲག་གཉིས༔ རི་རབ་དཀྱིལ་ནས་མེ་རི་ལ་ཐུག་བར༔ འབུམ་ཕྲག་གཉིས་དང་མཐའ་སྐོར་དཔག་ཚད་ནི༔ འབུམ་ཕྲག་བཅུ་གཉིས་དག་ཏུ་བཤད་པ་ཡིན༔ དེ་བཞིན་ལུས་ཀྱི་ལྟེ་བ་མན་ཆད་ལ༔ ཁྲུ་དོ་འབུམ་ཕྲག་གཉིས་ཏེ་ལྷ་མ་ཡིན༔ ཀླུ་དང་ཡི་དྭགས་དམྱལ་བ་རྣམས་ཀྱི་ས༔ ལུས་ཀྱི་མཐའ་མ་བསྐོར་བ་དེས་མཚོན་ནོ༔ སྤྱི་གཙུག་ནས་གཞལ་སོར་བཞི་གཟུགས་མེད་ཀྱི༔ ཁམས་བཞི་དེ་འོག་སོར་མོ་བཅུ་དྲུག་ནི༔ གཟུགས་ཁམས་བཅུ་དྲུག་དེ་འོག་སོར་མོ་དྲུག༔ འདོད་ལྷ་དྲུག་གོ་དེ་འོག་མི་ཡི་གནས༔ ལྟེ་བ་ཡན་ནོ་ལྟེ་བ་མན་ལ་ཡང༔ སོར་མོའི་གྲངས་ནི་དེ་དང་མཚུངས་པ་སྟེ༔ ཕྱི་སྐོར་སོར་མོ་སྟོང་ཕྲག་ཉེར་ལྔ་འོ༔ ཕྱི་ཡི་ས་ཆུ་མེ་རླུང་འབྱུང་བ་བཞི༔ རྩིག་པའི་དཔངས་ལ་སྟོང་ཕྲག་ཉེར་ལྔ་པ༔ བརྒྱད་དེ་ནང་གི་ལུས་ལ་ལྟེ་བ་ནས༔ སུམ་མདོ་བར་ནི་ས་ཡི་དཀྱིལ་འཁོར་ཏེ༔ ལྷ་མིན་དུད་འགྲོ་ཡི་དྭགས་དམྱལ་རིགས་་་ཡང་སོས།གཅིག༔ བརླ་ནི་ཆུ་ཡི་དཀྱིལ་འཁོར་དམྱལ་རིགས་གཉིས༔ རྗེ་ངར་མེ་ཡི་དཀྱིལ་འཁོར་དམྱལ་རིགས་གཉིས༔ བོལ་གོང་རླུང་གི་དཀྱིལ་འཁོར་དམྱལ་རིགས་གཉིས༔ རྐང་མཐིལ་རྡོ་རྗེའི་དམྱལ་བ་དང་བརྒྱད་དོ༔ རྐང་ལག་ཚིགས་གསུམ་རླུང་མེ་ཆུའི་དཀྱིལ་འཁོར༔ བྲང་ནི་གྲུ་བཞི་ས་ཡི་དཀྱིལ་འཁོར་ཏེ༔ སྒལ་ཚིགས་རི་རབ་ལྷུན་པོ་གསེར་རི་བདུན༔ བརླ་དང་རྗེ་ངར་བོལ་གོང་དཔུང་པ་དང༔ ལག་ངར་ལག་མགོ་སོར་མོ་རྣམ་པ་བདུན༔ འོད་སྔོན་མནྡྷཱ་ར་དང་ཎི་ཁ་ཌ༔ ནོར་བུ་དྲོ་ཎ་བསིལ་རི་རྟག་གདོང་གི༔ མེ་སྟེ་མཐའ་ཡི་མེ་རི་མཚོན་པ་འོ༔ དེ་བཞིན་དེ་དག་བར་བར་རོལ་མཚོ་བདུན༔ སྦྲང་རྩི་མར་ཞོ་འོ་མ་ཆང་ཆུ་དང༔ བ་ཚྭ་ཅན་རྣམས་རིམ་བཞིན་ཁུ་བ་དང༔ ཞག་དང་ཀླད་པ་བུད་མེད་འོ་མ་སྟེ༔ སྐྱེས་པའི་བད་ཀན་ཁམས་ཏེ་མཆིལ་མ་རྡུལ༔ གཅིན་ནི་བ་ཚྭ་ཅན་གྱི་མཚོ་མཚོན་ཏེ༔ དེ་བཞིན་ཁོར་ཡུག་དག་གི་གླིང་དྲུག་ཀྱང༔ ཟླ་བ་འོད་དཀར་ཀུ་ཤ་མི་འམ་ཅི༔ ཁྲུང་ཁྲུང་དྲག་པོའི་གླིང་རྣམས་རིམ་པ་བཞིན༔ བད་ཀན་ཁམས་དང་རྒྱུ་མ་ཚིལ་བུ་དང༔ སྙིང་དང་མཆིན་པ་ཤ་རྣམས་མཚོན་པ་འོ༔ ཕྱི་ཡི་གླིང་བཞི་གླིང་ཕྲན་བརྒྱད་པོ་ཡང༔ ནང་དུ་རྐང་ལག་ལྷུ་ནི་བཅུ་གཉིས་ཏེ༔ ལག་གཡས་ལྷུ་གསུམ་ཤར་གྱི་ལུས་འཕགས་གླིང༔ ལག་གཡོན་ལྷུ་གསུམ་ལྷོ་ཡི་འཛམ་བུ་གླིང༔ རྐང་གཡས་ལྷུ་གསུམ་ནུབ་ཀྱི་བ་གླང་སྤྱོད༔ རྐང་གཡོན་ལྷུ་གསུམ་བྱང་གི་སྒྲ་མི་སྙན༔ དེ་ཕྱིར་ཕྱི་ཡི་འབྱུང་ལྔ་ནང་ལུས་ཀྱི༔ སྲ་བ་་་ས།རླན་་་ཆུ།དང་དྲོད་་་མེ།དང་དབུགས་་་རླུང་།དག་དང༔ བུ་ག་་་ནམ་མཁའ།དག་ནི་ནམ་མཁའི་ཁམས་ཡིན་ཏེ༔ ཕྱི་ཡི་སྒྲ་གཅན་ནང་དུ་རྩ་དབུ་མ༔ ཉི་ཟླ་རོ་རྐྱང་གཉིས་ཡིན་གཟའ་བརྒྱད་ཀྱང༔ སྣ་བུག་ཉི་ཟླ་མིག་གཉིས་མིག་དམར་ཕུར༔ ཁ་དང་བཤང་ལམ་པ་སངས་ལྷག་པ་འོ༔ གཅི་ལམ་ཚངས་བུག་སྤེན་པ་མཇུག་རིང་སྟེ༔ རྣ་བ་གཉིས་ནི་སྒྲ་གཅན་དུས་མེ་འོ༔ མགྲིན་པའི་རྩ་འདབ་བཅུ་དྲུག་སྟོང་པའི་ནང༔ དབུགས་ཀྱི་འཁོར་ལོ་ཉིན་མཚན་འཁོར་བ་བཞིན༔ ཕྱི་རུ་ཉི་ཟླ་ཁྱིམ་ནི་བཅུ་གཉིས་སུ༔ ཁྱབ་པར་རྒྱུ་ཞིང་དབུགས་ནི་ཁུག་པ་དྲུག༔ དག་ལ་ཆུ་སྲང་གཅིག་གོ་དེ་དྲུག་ལ༔ ཆུ་ཚོད་གཅིག་གོ་ཆུ་ཚོད་དྲུག་ཅུ་ལ༔ ཉིན་ཞག་གཅིག་སྟེ་ཉི་མ་རིང་སྐབས་སུ༔ བཅུ་དྲུག་མཚན་མོ་ཉེར་བཞི་ཡུད་བཅོ་བརྒྱད༔ དེ་བཞིན་མཚན་མོ་ལ་འང་གོ་བཟློག་སྟེ༔ སྙོམས་པ་སྦྲུལ་ཟླ་ཉ་ཡི་ཉིན་མཚན་གཉིས༔ སུམ་ཅུ་དག་དང་ཡུད་ཙམ་བཅོ་ལྔ་འོ༔ དུས་ནི་མཐའ་མ་སྐད་ཅིག་མ་གཅིག་ལ༔ སེ་གོལ་ཡུན་གྱི་དྲུག་ཅུ་བཞིའི་ཆ་གཅིག༔ དེ་བརྒྱ་ཉི་ཤུ་ལ་ནི་སྐད་ཅིག་མའོ༔ དེ་ནི་དྲུག་ཅུར་ཐང་གཅིག་དེ་སུམ་ཅུར༔ ཡུད་ཙམ་གཅིག་སྟེ་དེ་ནི་སུམ་ཅུ་ལ༔ ཉིན་ཞག་གཅིག་གོ་དེ་ནི་སུམ་ཅུ་ལ༔ ཟླ་བ་གཅིག་ཡིན་དེ་ནི་བཅུ་གཉིས་ལོ༔ དེ་བཞིན་ཡུད་ཙམ་སུམ་ཅུ་དག་ལ་ཡང༔ དབུགས་ནི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འོ༔ འཕོ་ཆེན་རོ་མ་དབུགས་ནི་སྟོང་བརྒྱད་བརྒྱ༔ དེ་བཞིན་འཕོ་ཆེན་རེའི་མཚམས་དབུ་མ་རུ༔ ལྔ་བཅུ་དྲུག་དང་བཞི་ཆ་དག་ནི་རྒྱུ༔ ཕྱི་ཡི་ཟླ་བ་བཅུ་གཉིས་ནང་དུ་ནི༔ དུས་སྦྱོར་བཅུ་གཉིས་རླུང་ངོ་སྲོག་འཛིན་གྱི༔ རླུང་དག་ལུས་ལ་ཇི་ལྟར་འཕོ་ཚུལ་ནི༔ སྣ་བུག་གཉིས་ནས་འཕོ་ཆེན་དྲུག་གི་རླུང༔ ལུས་ཀྱི་སྟོད་ལ་འཁོར་བ་ལག་གཉིས་ཀྱི༔ ཚིགས་ཆེན་དྲུག་གི་བར་དུ་རེས་མོས་ཀྱིས༔ རྒྱུ་བ་དེ་ནི་ལྷོ་ཡི་བགྲོད་པ་འོ༔ དེ་བཞིན་གླིང་བཞི་ཕྱི་དང་ནང་གི་རླུང༔ ཁམས་ཀྱི་འཕེལ་འགྲིབ་དེ་ཡིས་མཚོན་པ་འོ༔ ཕྱི་ཡི་སྤྲིན་ནི་རླངས་པའོ་རླུང་གི་སྒྲ༔ གློ་བ་ཉིད་དེ་སྙིང་གི་སྒྲ་ནི་ཐོག༔ ཡིན་ལ་རྒྱུ་མ་ལྟོ་བའི་སྒྲ་ནི་འབྲུག༔ ཁ་དང་མགྲིན་པ་ལྟོ་བ་གསུམ་པོ་ནས༔ གློག་དང་ཉི་མ་དྲོད་དང་སྲེག་བྱེད་མེ༔ བ་སྤུ་འབྱུང་པོ་བྱེ་བ་ཕྲག་བཞི་པོ༔ ཕྱི་རོལ་སྐྱེ་གནས་བཞི་ནི་ནང་ལུས་ཀྱི༔ མངལ་སྐྱེས་ཁུ་བ་ལ་ཆགས་ཕྲུག་གུ་དང༔ བརྫུས་སྐྱེས་སྲོག་ཆགས་ཕྲ་མོ་དག་ཡིན་ལ༔ སྒོང་སྐྱེས་ཤིག་ལ་མངལ་གནས་སྲིན་བུ་རྣམས༔ དྲོད་དང་གཤེར་ལས་སྐྱེས་པ་ཉིད་ཡིན་ནོ༔ ཕྱི་ཡི་བདུད་རྩི་ཆར་པ་འབེབ་པ་ནི༔ ནང་གི་ལྕེ་ཆུང་ནས་འབབ་ཆུ་ཉིད་དོ༔ དེ་བཞིན་ཕྱི་སྣོད་འཇིག་རྟེན་ཁམས་རྣམས་ནི༔ ནང་ལུས་ཕུང་པོ་ཁམས་ལ་ཚང་བ་སྟེ༔ དང་པོ་བརྟེན་པ་རྒྱལ་བའི་ཞིང་ཁམས་ལ༔ ལུས་ཀྱི་རྩ་ནི་དཀྱིལ་འཁོར་ཉིད་ཡིན་ཞིང༔ ཁམས་ནི་བདུད་རྩི་རླུང་ནི་ཡེ་ཤེས་དང༔ རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ༔ རྣམ་པར་ཤེས་པ་ཀུན་བཟང་ཧེ་རུ་ཀ༔ ཡིད་ཤེས་ཡུལ་བརྒྱད་ཀེའུ་རཱི་སིཾ་ཧ་བརྒྱད༔ རྟག་ཆད་མུ་བཞི་སྒོ་བ་སྒོ་མ་བཞི༔ སྒལ་ཚིགས་དབང་མོ་ཉི་ཤུ་རྩ་བརྒྱད་དེ༔ དགེ་བཅུ་ཁྲོ་མོ་མི་དགེ་ཁྲོ་བོ་བཅུ༔ རྩིབས་མ་གཡས་གཡོན་གིང་ཆེན་བཅོ་བརྒྱད་དང༔ རུས་མགོ་ཕོ་ཉ་སུམ་བརྒྱ་དྲུག་ཅུ་སྟེ༔ དབང་བའི་སྒོ་བདུན་མ་མོ་བདུན་ཉིད་ལ༔ ལྷུ་ཚིགས་བཅུ་གཉིས་བརྟན་མ་བཅུ་གཉིས་སོ༔ རྐང་མཐིལ་རླུང་ལ་སུམ་མདོ་མེའི་དཀྱིལ་འཁོར༔ ལྟོ་བ་ཆུ་ལ་སྙིང་ག་སའི་དཀྱིལ་འཁོར༔ སྒལ་ཚིགས་མགོ་བོ་རི་རབ་ལྷུན་པོ་སྟེ༔ ལུས་ནི་ཆ་མཉམ་དཀྱིལ་འཁོར་གྲུ་བཞི་པ༔ རླུང་ནི་འགྱུ་བའམ་བུག་པ་སྒོ་བཞི་འོ༔ རྐང་བརྒྱད་ཀ་བ་པཉྩ་རེ་ཁཱ་མིག༔ སྣ་ནི་ཕ་གུ་སོ་ནི་དྲྭ་ཕྱེད་དོ༔ ལྕེ་དང་མཆུ་ནི་འདོད་པའི་སྣམ་བུ་ལ༔ དེ་བཞིན་རྣ་བ་གཉིས་ནི་རྟ་བབས་ཏེ༔ ཕྱི་རོལ་མཚོན་བྱེད་དཔེ་ཡི་དཀྱིལ་འཁོར་ནི༔ ཐམས་ཅད་རྡོ་རྗེའི་ལུས་ལ་ཚང་བའི་ཕྱིར༔ མཚོན་བྱ་དོན་གྱི་དཀྱིལ་འཁོར་ཉིད་ཡིན་ནོ༔ ཆོས་ཅན་སེམས་ཉིད་རྩ་ཐིག་རླུང་གསུམ་པོ༔ རྣམ་པ་ཀུན་གྱི་མཆོག་ལྡན་འོད་གསལ་བ༔ སེམས་ཅན་ཀུན་ལ་འཆར་ཀྱང་བག་ཆགས་ནི༔ སྲབ་འཐུག་དབང་གིས་དེ་བཞིན་ཉིད་ཡེ་ཤེས༔ ཆོས་ཉིད་རང་བཞིན་ཅིར་ཡང་མ་གྲུབ་པ༔ ཀུན་ལ་གནས་པས་རྣམ་པ་ཅིར་ཡང་འཆར༔ དེ་ལ་རང་བཞིན་གཞི་ཡི་ཆོས་ཉིད་ནི༔ འཁོར་འདས་ཀུན་ལ་ཁྱབ་པར་གནས་པ་སྟེ༔ ལུས་ནི་གྲོང་ཁྱེར་རྩ་ནི་སྲང་ཁ་འདྲ༔ རླུང་ནི་རྟ་རྒོད་རྣམ་པར་ཤེས་པ་མི༔ རླུང་གི་སྦྱོར་བ་བཅིངས་པས་སྲང་ལམ་ནི༔ བཀག་པ་ལྟ་བུར་གནས་ཏེ་དེ་ཡི་ཕྱིར༔ ལུས་ནི་མི་གཡོ་ངག་ནི་མི་སྨྲ་ཞིང༔ སེམས་ནི་རྟོག་པ་རླུང་ནི་འགྱུར་མེད་པ༔ ཁམས་ནི་འཛག་མེད་གནས་པས་སྒོ་གསུམ་པོ༔ རྡོ་རྗེ་གསུམ་གྱི་གོ་འཕང་འགྲུབ་པ་འོ༔ ྈྈྈ ྈྈྈ བདག་འདྲ་རྭ་སྟོན་སྨྱོན་པས་སྟག་ཚང་གཉིས་པ་ནས་སྤྱན་དྲངས་པའོ།། ྈ རྡོར་སེམས་རིགས་ལྔ་རྒྱན་གཅིག་ལས༔ ཟབ་ཆོས་ཀུན་བཟང་ཐུགས་ཀྱི་ཐིག་ལེ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈ བདེ་ཆེན་ཐིག་ལེ་ཉག་གཅིག་ཀློང༔ སྟོང་ཉིད་ཤེས་རབ་ཟུང་འཇུག་པ༔ དུས་གསུམ་འཕོ་འགྱུར་བཏགས་པ་མེད༔ དུག་གསུམ་ངོ་བོ་རང་སར་དག༔ ཁམས་གསུམ་སེམས་ཅན་སངས་རྒྱས་རྒྱུ༔ རྒྱུ་བཞིས་མ་བསྐྱེད་འདུས་མ་བྱས༔ རྐྱེན་བཞིས་མ་བསླད་འཁྲུལ་གྲོལ་བྲལ༔ དུས་བཞི་ལས་འདས་མཉམ་ཉིད་ངང༔ དུག་ལྔ་མ་སྤངས་རང་ངོ་ནི༔ ཡེ་ཤེས་ལྔ་ཡི་ངོ་བོ་ཉིད༔ ཕུང་ལྔ་དག་པ་རིགས་ལྔ་སྟེ༔ སྐུ་ལྔ་ལྷུན་གྲུབ་ཆེན་པོར་གནས༔ མ་དག་འཁྲུལ་རྒྱུ་ས་བོན་ལྔ༔ དག་པ་ཡེ་ཤེས་འབྲུ་ལྔ་ཡིས༔ སྦྱངས་ཏེ་ཡེ་ཤེས་ཐིག་ལེ་ལྔར༔ ལྷུན་གྱིས་གྲུབ་པའི་འོད་གོང་སྦུབས༔ གཞོན་ནུ་བུམ་པ་སྐུ་ཡི་དབྱིངས༔ འཕོ་མེད་ཆེན་པོའི་སྐུ་རུ་རྫོགས༔ ཨེ་མ་དུས་གསུམ་སངས་རྒྱས་དང༔ ཁམས་གསུམ་འཁོར་བ་ཞེས་བྱ་བ༔ བཏགས་པ་མིང་དང་རྣམ་པར་བས༔ དོན་དུ་ཆོས་ཀྱི་དབྱིངས་ངང་ཉིད༔ འོན་ཀྱང་དེ་ཉིད་མ་རིག་པས༔ རིགས་དྲུག་འཁོར་བའི་དུཿཁ་བསྐྱེད༔ རིག་ཚེ་མྱ་ངན་འདས་པ་དང༔ སངས་རྒྱས་ཞེས་པའི་སྒྲ་དོན་ལས༔ དོན་དུ་ངོ་བོ་གཅིག་ཉིད་དེ༔ དེ་ཕྱིར་མ་རིག་རྒྱར་འཐུམ་ཡང༔ རང་སྣང་རང་རིག་རང་གྲོལ་དུ༔ ཤེས་ཕྱིར་ཀུན་བཟང་དགོངས་པའི་བཅུད༔ ཟབ་པའི་ཡང་ཟབ་སྙིང་པོའི་དོན༔ ཡང་དག་བདེ་ཆེན་སར་སྦྱོར་བའི༔ གདམས་པ་འདི་འདྲ་ངོ་མཚར་རྨད༔ སྔོན་བྱོན་རྒྱལ་བས་གསུངས་པ་མེད༔ མ་འོངས་འབྱུང་འགྱུར་འབྱུང་མི་འགྱུར༔ ད་ལྟའི་སངས་རྒྱས་ཐུགས་ཀྱི་བཅུད༔ ཟབ་གསང་འོད་གསལ་རྡོ་རྗེའི་ལམ༔ ཀུན་གྱི་སྙིང་པོར་གྱུར་པ་འདི༔ རྡོ་རྗེ་སེམས་དཔའི་སྙིང་གི་བཅུད༔ རིགས་ལྔ་འདུས་པའི་དགོངས་པ་སྟེ༔ ཀུན་བཟང་ཐུགས་ཀྱི་ཐིག་ལེ་འོ༔ དེ་ལ་དང་པོ་བདག་གཞན་འགྲོ༔ ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི༔ རྒྱ་མཚོར་གཡེང་ཞིང་རྦ་ལ་འཁོར༔ དེ་ལས་སྐྱོབ་པའི་དེད་དཔོན་ནི༔ མཚན་ལྡན་བླ་མའི་ཐུགས་རྗེར་བསྟེན༔ དལ་འབྱོར་གྲུ་གཟིངས་རིན་ཆེན་ལ༔ བརྟེན་ཏེ་ཞི་བ་ཐར་གླིང་དུ༔ བགྲོད་ཕྱིར་སྐྱབས་གནས་དཀོན་མཆོག་ལ༔ སྐྱབས་སུ་འགྲོ་ཞིང་སྡིག་སྒྲིབ་སྦྱང༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ སྡོམ་པ་བཟུང་ཞིང་ཚོགས་གཉིས་གསག༔ ཁྱད་པར་གསང་སྔགས་ཉེ་རྒྱུ་ཡི༔ ཀློང་དུ་འཇུག་ཕྱིར་སྐྱབས་ཀུན་གྱི༔ མཐར་ཐུག་རྡོ་རྗེ་འཛིན་པ་སྟེ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ༔ སྨིན་གྲོལ་ཕྱིར་དུ་དབང་བཞི་བླང༔ གཟུགས་ཀྱི་ཕུང་པོ་རྣམ་སྣང་མཛད༔ ཚོར་བའི་ཕུང་པོ་རིན་ཆེན་འབྱུང༔ འདུ་ཤེས་ཕུང་པོ་སྣང་མཐའ་ཡས༔ འདུ་བྱེད་ཕུང་པོ་དོན་ཡོད་གྲུབ༔ རྣམ་ཤེས་ཕུང་པོ་མི་བསྐྱོད་དེ༔ ཡེ་ནས་རིགས་ལྔའི་རང་བཞིན་ནོ༔ ས་ཁམས་རྣམ་དག་མཱ་མ་ཀཱི༔ ཆུ་ཁམས་རྣམ་དག་སྤྱན་མ་ཡུམ༔ མེ་ཁམས་རྣམ་དག་གོས་དཀར་མོ༔ རླུང་ཁམས་རྣམ་དག་དམ་ཚིག་སྒྲོལ༔ ནམ་མཁའ་རྣམ་དག་དབྱིངས་ཕྱུག་མ༔ འབྱུང་ལྔ་རྣམ་དག་ཡུམ་ལྔ་རུ༔ ཤེས་ཤིང་སྦྱང་བའི་ཕྱིར་དག་ཏུ༔ རང་གི་ཕུང་ཁམས་སྐྱེ་མཆེད་འདི༔ དངོས་འཛིན་གདོས་བཅས་ཐ་མལ་གྱི༔ སྣང་བ་སྦྱངས་ནས་རིགས་ཀུན་གྱི༔ བདག་ཉིད་བཅོམ་ལྡན་རྡོ་རྗེ་སེམས༔ དུང་མདོག་རྡོར་སྐྱིལ་རིན་ཆེན་བརྒྱན༔ རྡོ་རྗེ་དྲིལ་འཛིན་བཞུགས་པ་ཡི༔ སྐུ་ནི་གསལ་སྟོང་ལྷམ་མེ་བའི༔ ཐུགས་ནི་པདྨ་འདབ་བརྒྱད་བརྡལ༔ དབུས་སུ་རྣམ་པར་སྣང་མཛད་ནི༔ དབྱིངས་ཕྱུག་ཡུམ་འཁྲིལ་འཁོར་ལོ་འཛིན༔ ཐུགས་ཀར་ཀུན་བཟང་ཡབ་ཡུམ་ནི༔ མཁའ་དབྱིངས་མདོག་ཅན་མཉམ་གཞག་རྒྱ༔ བཞུགས་པའི་ཐུགས་ཀར་ཟླ་དཀྱིལ་དབུས༔ ཐུགས་སྲོག་ཧཱུྃ་མཐིང་སྙིང་པོས་བསྐོར༔ འདབ་བཞི་ལྷོ་ཡི་པད་སྟེང་དུ༔ རིན་འབྱུང་ཡུམ་འཁྲིལ་རིན་ཆེན་འཛིན༔ འོད་ཟེར་སེར་པོ་ཡུལ་ཁམས་ཙམ༔ ཐིག་ལེ་ཟེར་ཐག་བཅས་པ་འཕྲོས༔ མ་དག་འབྱུང་བ་ས་ཡི་ཁམས༔ ཐམས་ཅད་སྦྱངས་ཏེ་དྭངས་གསལ་ནི༔ གསེར་ཞུན་བཙོ་མ་ལྟ་བུ་རུ༔ སླར་འདུས་རིན་འབྱུང་ཉིད་ལ་ཐིམ༔ ཚོར་བའི་ཕུང་པོ་གནས་གྱུར་ནས༔ མཉམ་ཉིད་ཡེ་ཤེས་མངོན་གྱུར་བསམ༔ སྔགས་ཕྲེང་ས་བོན་ལ་དམིགས་ནས༔ སྭཱ་རཏྣ་དྷྲྀཀ྄༔ འདབ་བཞི་ཤར་གྱི་པད་སྟེང་དུ༔ མི་བསྐྱོད་ཡུམ་འཁྲིལ་རྡོ་རྗེ་འཛིན༔ འོད་ཟེར་དཀར་པོ་ཡུལ་གྲོང་ཙམ༔ ཐིག་ལེ་ཟེར་ཐག་བཅས་པ་འཕྲོས༔ མ་དག་འབྱུང་བ་ཆུ་ཡི་ཁམས༔ ཐམས་ཅད་སྦྱངས་ཏེ་དྭངས་གསལ་ནི༔ ཤེལ་དཀར་ཞུན་མ་ལྟ་བུ་རུ༔ སླར་འདུས་མི་བསྐྱོད་ཉིད་ལ་ཐིམ༔ ཞེ་སྡང་ཕུང་པོ་གནས་གྱུར་ནས༔ མེ་ལོང་ཡེ་ཤེས་མངོན་གྱུར་བསམ༔ སྔགས་ཕྲེང་ས་བོན་ལ་དམིགས་ནས༔ ཧཱུྃ་བཛྲ་དྷྲིཀ྄༔ འདབ་བཞི་ནུབ་ཀྱི་པད་སྟེང་དུ༔ སྣང་མཐའ་ཡུམ་འཁྲིལ་པདྨ་འཛིན༔ འོད་ཟེར་དམར་པོ་རང་ཁྱིམ་ཙམ༔ ཐིག་ལེ་ཟེར་ཐག་བཅས་པ་འཕྲོས༔ མ་དག་འབྱུང་བ་མེ་ཡི་ཁམས༔ ཐམས་ཅད་སྦྱངས་ཏེ་དྭངས་གསལ་ནི༔ མཚལ་ཞུན་དྭངས་པ་ལྟ་བུ་རུ༔ སླར་འདུས་སྣང་མཐའ་ཉིད་ལ་ཐིམ༔ འདུ་ཤེས་ཕུང་པོ་གནས་གྱུར་ནས༔ སོར་རྟོག་ཡེ་ཤེས་མངོན་གྱུར་བསམ༔ སྔགས་ཕྲེང་ས་བོན་ལ་དམིགས་ནས༔ ཨཱཾཿཨ་རོ་ལྀཀ྄༔ འདབ་བཞི་བྱང་གི་པད་སྟེང་དུ༔ དོན་གྲུབ་ཡུམ་འཁྲིལ་རྒྱ་གྲམ་འཛིན༔ འོད་ཟེར་ལྗང་ཁུ་རང་ལུས་ཙམ༔ ཐིག་ལེ་ཐིག་ཕྲན་ཟེར་ཐག་འཕྲོས༔ མ་དག་འབྱུང་བ་རླུང་གི་ཁམས༔ ཐམས་ཅད་སྦྱངས་ཏེ་དྭངས་གསལ་ནི༔ མ་རྒད་ཞུན་མ་ལྟ་བུ་རུ༔ སླར་འདུས་དོན་གྲུབ་ཉིད་ལ་ཐིམ༔ འདུ་བྱེད་ཕུང་པོ་གནས་གྱུར་ནས༔ བྱ་གྲུབ་ཡེ་ཤེས་མངོན་གྱུར་བསམ༔ སྔགས་ཕྲེང་ས་བོན་ལ་དམིགས་ནས༔ ཧཱ་པྲ་ཛྙཱ་དྷྲྀཀ྄༔ སྣང་མཐའ་ཡབ་ཡུམ་ཐུགས་ཀ་ནས༔ འོད་ཟེར་མཐིང་ཁ་འདབ་བཞི་ཙམ༔ ཁྱབ་པའི་ཐིག་ལེ་ཟེར་ཐག་འཕྲོས༔ མ་དག་འབྱུང་བ་ནམ་མཁའི་ཁམས༔ ཐམས་ཅད་སྦྱངས་ཏེ་དྭངས་གསལ་ནི༔ བཻ་ཌཱུར་ཞུན་མ་ལྟ་བུ་རུ༔ སླར་འདུས་རྣམ་སྣང་ཉིད་ལ་ཐིམ༔ གཏི་མུག་ཕུང་པོ་གནས་གྱུར་ནས༔ ཆོས་དབྱིངས་ཡེ་ཤེས་མངོན་གྱུར་བསམ༔ སྔགས་ཕྲེང་ས་བོན་ལ་དམིགས་ནས༔ ཨོཾ་ཛི་ན་ཛིཀ྄༔ ཀུན་བཟང་ཡབ་ཡུམ་ཐུགས་ཀ་ནས༔ ཆོས་དབྱིངས་ཡེ་ཤེས་མཐིང་གསལ་འོད༔ ཐིག་ལེ་ཐིག་ཕྲན་ཟེར་ཐག་བཅས༔ རིམ་བཞིན་འདབ་བཞི་རང་གི་ལུས༔ ཁང་ཁྱིམ་ཡུལ་ཁམས་ཁྱབ་པར་འཕྲོས༔ ཐམས་ཅད་འོད་སྐུ་ཐིག་ལེ་དང༔ ཐིག་ཕྲན་ཟེར་དུ་ཤིགས་སེ་ཤིག༔ ཡིག་འབྲུ་ཕྱག་མཚན་ཡོམས་སེ་ཡོམ༔ ཐམས་ཅད་ཆོས་དབྱིངས་རྒྱལ་བའི་ཞིང༔ གཟུང་འཛིན་རྟོག་ཚོགས་ཨ་འཐས་ཀྱི༔ མ་དག་འཁྲུལ་པ་དབྱིངས་སུ་ཐིམ༔ བྱ་རྩོལ་འཛིན་ཞེན་བྲལ་བའི་ངང༔ ཨོཾ་བཛྲ་ཙིཏྟ་ཧཱུྃ༔ ས་མནྟ་བྷ་དྲ་ཨོཾ་ཨཱཿཧཱུྃ༔ དྲན་རིག་ངང་ནས་ཡིད་ཀྱིས་བཟླ༔ ཡུལ་གྲོང་ལུས་ཁྱབ་ཐིག་ལེ་ལ༔ སེམས་བཟུང་རྟོག་པ་སྤྲོ་མི་བྱ༔ མཐར་ནི་དབུས་ནས་མཐར་རིམ་བཞིན༔ ས་བོན་སྔགས་ཕྲེང་ཀུན་བཟང་སྐུ༔ རྣམ་སྣང་འདབ་བཞི་རང་ལུས་ཁྱིམ༔ ཡུལ་གྲོལ་ཡུལ་ཁམས་ཕྱི་རིམ་ལ༔ ཐིམ་ཞིང་དེ་ཡང་ནམ་མཁའ་དང༔ ཁྲུག་གིས་འདྲེས་ཏེ་དམིགས་མེད་བསྒོམ༔ རྫོགས་ཆེན་བྱ་རྩོལ་དང་བྲལ་བ༔ བློ་བྲལ་ཆོས་ཟད་ནམ་མཁའ་ཆེ༔ ཆོས་སྐུའི་དགོངས་པ་ཨེ་མ་ཧོ༔ དེ་ལྟར་རྩེ་གཅིག་བསྒོམས་པ་ཡིས༔ འཇའ་ལུས་འཕོ་བ་ཆེན་པོའི་སྐུ༔ ཚེ་འདིར་འཐོབ་པར་ཐེ་ཚོམ་མེད༔ ཨེ་མ་བདག་འདྲ་པདྨ་ཡིས༔ རྫོགས་ཆེན་འབུམ་ཕྲག་དྲུག་ཅུ་བཞིའི༔ སྙིང་པོའི་ཡང་སྙིང་ཐིག་ལེ་གཅིག༔ ཟབ་པའི་ནང་ནས་ཡང་ཟབ་བཅུད༔ རྡོ་རྗེ་སེམས་དཔའི་ཡང་སྙིང་སྟེ༔ ཀུན་བཟང་རིགས་ལྔའི་དགོངས་བཅུད་འདི༔ ད་ལྟ་ས་སྟེང་སྤེལ་བར་ཕངས༔ དེ་ཕྱིར་མཚན་ལྡན་གཟུངས་མ་མཆོག༔ དབྱངས་ཅན་སྤྲུལ་པ་མཚོ་རྒྱལ་མ༔ ཁྱོད་དང་ལས་ལྡན་སྙིང་གི་བུ༔ ཐབས་མཆོག་དཔལ་གྱི་སེང་གེ་ལ༔ བསྟན་ནོ་གདམས་སོ་མ་ནོར་བར༔ ཡི་གེར་བྲིས་ལ་མི་བརླག་ཚས༔ རྒྱ་བདུན་བཏབ་སྟེ་རིན་པོ་ཆེའི༔ ས་ཡི་སྙིང་པོའི་གཏེར་དུ་སྦོས༔ མ་འོངས་ལྔ་བརྒྱ་ཡང་མཐའ་ལ༔ བདུད་རིགས་བར་ཆད་ཁ་རྒྱས་པས༔ ཆོས་བྱེད་ལོང་མེད་འར་མ་འུར༔ སྟོད་སྨད་འདུས་པའི་དམག་གིས་མནར༔ སྡུག་བསྔལ་བྱེ་ཚན་ཉ་བསྒྲེས་ལྟར༔ གྱུར་ཚེ་སངས་རྒྱས་ལག་བཅངས་འདི༔ ཁྱོད་ཀྱི་སྐྱེ་མཐའ་ཧུར་སྤྱོད་ཅན༔ རྟ་སྦྲུལ་ལོ་པ་སྟོབས་ཀྱི་མིང༔ སྐལ་ལྡན་དེ་ཡིས་རྙེད་གྱུར་ནས༔ མཐའ་ཡས་འགྲོ་དོན་བྱེད་པར་ཤོག༔ སྨོན་ལམ་མཐའ་བཙན་འགྲུབ་སྟེ་མཆིས༔ ཟབ་བོ་གཅེས་སོ་དྷ་ཐིམ་རྒྱ༔ ྈྈྈྈྈ ྈྈྈ ྈྈྈ ྈྈྈ ྈྈྈ ྈྈྈ ྈྈྈྈ ྈྈྈྈྈྈྈྈ ྈྈྈ བདག་འདྲ་སྟོབས་ལྡན་རྡོ་རྗེས་སྟག་ཚང་གཉིས་པ་ནས་སྤྱན་དྲངས་པའོ།། ྈ ཀུན་བཟང་སྙིང་ཐིག་ལས༔ སྔོན་འགྲོ་གནད་ཀྱི་གཟེར་ཐེམས་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈ དེ་ནས་སློབ་བུ་གསང་སྔགས་ཀྱི༔ སྣོད་རུང་ལོག་ལྟ་ཐེ་ཚོམ་དང༔ ཐེག་དམན་ཉན་རང་རིགས་མིན་པ༔ དད་ལྡན་ཤེས་རབ་སྙིང་རྗེ་དང༔ གཏོང་ཕོད་སྙིང་རུས་ལྡན་པ་དག༔ ཐེག་པའི་རྩེ་རྒྱལ་ཨ་ཏི་ཡི༔ འོད་གསལ་རྡོ་རྗེ་སྙིང་པོའི་ལམ༔ སྨིན་པར་བྱེད་པའི་རྒྱུད་སྦྱངས་ནས༔ གྲོལ་ལམ་རྫོགས་པའི་རིམ་པ་ཡིས༔ ཐུན་མོང་ཐུན་མིན་ཆོས་བཤད་པས༔ བློ་སྦྱོང་སྐལ་བ་ཅན་དུ་བྱ༔ དང་པོ་ཐུན་མོང་ཐེག་པ་དང༔ བསྟུན་ཏེ་ལྟ་ལོག་མུ་སྟེགས་དང༔ ཕྱིན་ཅི་ལོག་དང་ཉན་རང་གི༔ དམན་པའི་ལམ་ལས་བློ་ལྡོག་སྟེ༔ སྐྱབས་སུ་འགྲོ་དང་སེམས་མཆོག་བསྐྱེད༔ སྡིག་ལྟུང་བཀྲུ་དང་བཤགས་པ་དང༔ ཚོགས་གཉིས་གསག་དང་ཡང་དག་པའི༔ ལམ་སྟོན་བླ་མའི་རྣལ་འབྱོར་ཏེ༔ སྔོན་དུ་འགྲོ་བཞིའི་རིམ་པ་ནི༔ རང་མདུན་ནམ་མཁའ་འཇའ་འོད་གུར་ཁང་ཀློང༔ སྣ་ཚོགས་པདྨ་ཟླ་བའི་གདན་སྟེང་དུ༔ རྩ་བའི་བླ་མ་ཀུན་ཏུ་བཟང་པོ་དང༔ དབྱེར་མེད་ནམ་མཁའི་མདོག་ཅན་མཁའ་དབྱིངས་རྒྱ༔ ཡུམ་ཆེན་ཀུན་ཏུ་བཟང་མོ་དཀར་མོ་སྦྱོར༔ ནམ་མཁའི་མདོག་ཅན་སྣང་ལ་རང་བཞིན་མེད༔ དེ་ལ་རྡོར་སེམས་རིན་འབྱུང་འོད་དཔག་མེད༔ དོན་གྲུབ་རྣམ་སྣང་ལྔ་ཀ་ལོངས་སྐུའི་ཚུལ༔ རིགས་ཀྱི་ཡུམ་འཁྲིལ་འཇའ་འོད་ཀློང་དུ་གསལ༔ གཡས་ཕྱོགས་པད་ཟླར་སྟོན་པ་རྫོགས་སངས་རྒྱས༔ རྡོ་རྗེ་ཆོས་དང་ལོངས་སྐུ་བྱང་སེམས་ཚོགས༔ རྒྱབ་ཏུ་རྫོགས་ཆེན་འབུམ་ཕྲག་དྲུག་ཅུ་བཞི༔ གསུང་རབ་ཡན་ལག་བཅུ་གཉིས་ལུང་གི་ཆོས༔ བྱང་ཕྱོགས་སོ་བདུན་གཉིས་མེད་སྣང་བ་བཞི༔ སྒྲུབ་པའི་ཆོས་སོགས་གླེགས་བམ་རྣམ་པར་བཞུགས༔ གཡོན་དུ་བི་མ་ནམ་སྙིང་ཆོས་རྒྱལ་སོགས༔ ཉན་རང་ཐེག་ཆེན་དགེ་འདུན་ཐམས་ཅད་གསལ༔ མདུན་དུ་རྡོར་སེམས་ཞི་ཁྲོ་རྒྱ་མཚོའི་ལྷ༔ ཡི་དམ་དཔའ་བོ་མཁའ་འགྲོ་སྤྲིན་དུ་འཁྲིགས༔ མཐའ་སྐོར་བཀའ་དང་བསྟན་པ་སྲུང་བ་ཡི༔ དམ་ཅན་རྒྱ་མཚོ་བར་ཆད་སྲུང་བའི་ཚུལ༔ ཐམས་ཅད་འོད་ཕུང་ཀློང་དུ་གསལ་བར་བསྐྱེད༔ སྒོ་གསུམ་མ་ཡེངས་དད་པའི་འདུན་པ་ཡིས༔ ཨེ་མ་ཧོ༔ སྤྲོས་བྲལ་འདུས་མ་བྱས་པ་ཆོས་སྐུའི་ཀློང༔ རང་རིག་སྐུ་གསུམ་ཡེ་ནས་ལྷུན་གྱིས་གྲུབ༔ སྐུ་གསུམ་ཀུན་འདུས་བླ་མར་སྐྱབས་སུ་མཆི༔ བདེ་ཆེན་ལྷུན་གྲུབ་རང་བྱུང་རང་ཤར་ཀློང༔ རང་རིག་འཁྲུལ་མེད་ཡེ་ཤེས་ལྔ་རུ་གསལ༔ རྩ་གསུམ་ཀུན་འདུས་བླ་མར་སྐྱབས་སུ་མཆི༔ སྟོང་གསུམ་མི་མཇེད་ཞིང་གི་རྡུལ་སྙེད་ན༔ དུས་གསུམ་སྤྲུལ་པས་འགྲོ་བའི་དོན་མཛད་པའི༔ མཆོག་གསུམ་ཀུན་འདུས་བླ་མར་སྐྱབས་སུ་མཆི༔ ཞེས་སྐྱབས་སུ་འགྲོའོ༔ བདག་གིས་ཐེག་ཆེན་བླ་མེད་བྱང་ཆུབ་ཀྱི༔ ལམ་མཆོག་རིན་ཆེན་ལ་ཞུགས་ཁམས་གསུམ་དུ༔ འཁོར་ཞིང་རིགས་དྲུག་དུཿཁ་ལ་སྤྱོད་པའི༔ འགྲོ་བ་བསྒྲལ་བའི་སེམས་མཆོག་བསྐྱེད་པར་བགྱི༔ སེམས་བསྐྱེད་བྱ༔ རང་གི་སྤྱི་བོར་པད་དཀར་ཟླ་བའི་སྟེང༔ ཨཱཿཡིག་དཀར་པོ་འཕྲོ་འདུའི་འོད་ཟེར་གྱིས༔ རྡོ་རྗེ་སེམས་དཔའ་ཤེལ་དཀར་ཟླ་བའི་མདོག༔ ལོངས་སྐུའི་མཚན་རྫོགས་ཕྱག་གཡས་གསེར་རྡོར་འཛིན༔ གཡོན་པ་དྲིལ་བུ་དཀུར་བརྟེན་རོལ་སྟབས་བཞུགས༔ ཐུགས་ཀར་ཟླ་སྟེང་ཐུགས་སྲོག་ཨཱཿདཀར་ལས༔ ཡི་གེ་བརྒྱ་པ་ཡང་སྙིང་འབྲུ་དྲུག་བསྐོར༔ དེ་ལས་འོད་འཕྲོས་བདག་གཞན་སྡིག་ལྟུང་སྦྱངས༔ སྔགས་ཕྲེང་སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ ཚངས་བུག་ནས་ཞུགས་ཕྱི་ནང་ལུས་སྒྲིབ་དག༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡ༔ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ༔ བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ༔ མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཡང་སྙིང༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཞེས་པ་བཟླ༔ མཐའ་མར་རྡོར་སེམས་འོད་ཞུ་རང་ལ་ཐིམ༔ རང་ལུས་ཤེལ་བུམ་ཞོ་ཡིས་བཀང་ལྟར་གྱུར༔ སྐྱབས་ཡུལ་ལ་དམིགས་དངོས་བཤམ་རིན་ཆེན་དང༔ འབྲུ་སྨན་བཟང་པོས་ཚོམ་བུ་དག་ཏུ་བཀོད༔ སྟོང་གསུམ་འཛམ་གླིང་བྱེ་བ་ཕྲག་བརྒྱ་ཚངས་ཆེན་ཞིང༔ རི་རབ་གླིང་བཞི་གླིང་ཕྲན་ལྷ་མིའི་འབྱོར་པས་གཏམས༔ རོལ་མཚོ་མུ་ཁྱུད་ལྕགས་རི་ཉི་ཟླའི་འོད་གསལ་བ༔ བདག་བློས་བླངས་ཏེ་གུས་པས་ཡོངས་སུ་འབུལ་ལགས་ན༔ འགྲོ་ཀུན་སངས་རྒྱས་སྤྲུལ་སྐུའི་ཞིང་ལ་སྤྱོད་པར་ཤོག༔ ལོངས་སྐུའི་ཞིང་གི་ཚོམ་བུ་བཀོད་པ་ལ༔ འོག་མིན་བདེ་ཆེན་རྔ་སྒྲའི་ཞིང་བཀོད་གཞལ་མེད་ཁང༔ རང་མདངས་རོལ་རྩལ་འགགས་མེད་ཆེ་རོལ་མཆོད་པའི་སྤྲིན༔ དག་པ་རབ་འབྱམས་ནམ་མཁའ་གང་བ་འབུལ་ལགས་ན༔ འགྲོ་ཀུན་ལྔ་ལྡན་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ ཆོས་སྐུའི་ཞིང་གི་ཚོམ་བུ་བཀོད་ལ༔ འོད་གསལ་ལྷུན་གྲུབ་ཡེ་ཤེས་འདུས་མ་བྱས་པའི་ཞིང༔ འོད་ལྔ་བརྡལ་བ་སྐུ་དང་ཐིག་ལེས་བརྒྱན་པ་འདི༔ རང་སྣང་དག་པས་རང་བཞིན་ཆོས་སྐུའི་ཞིང་དུ་འབུལ༔ བདག་སོགས་འགྲོ་ཀུན་འོད་གསལ་རྡོ་རྗེ་སྙིང་པོའི་ལམ༔ མངོན་གྱུར་ཀུན་བཟང་དགོངས་པའི་ཀློང་དུ་གྲོལ་བར་ཤོག༔ ཅེས་ཕུལ༔ དེ་རྗེས་སྐྱབས་ཡུལ་ཚོགས་ཞིང་རྣམས༔ རང་ལ་ཐིམ་མཐར་དམིགས་མེད་བཞག༔ ྈྈྈ བཞི་པ་བླ་མའི་རྣལ་འབྱོར་ནི༔ རང་ཉིད་རྡོ་རྗེ་སེམས་དཔར་གསལ་བ་ཡི༔ སྤྱི་བོར་རིན་ཆེན་ལས་གྲུབ་སེང་གེའི་ཁྲི༔ པདྨ་ཉི་ཟླའི་གདན་ལ་ཕྱོགས་དུས་ཀྱི༔ རྒྱལ་བ་ཀུན་འདུས་རིག་འཛིན་པདྨ་འབྱུང༔ སྐུ་མདོག་དཀར་དམར་རྡོ་རྗེ་ཐོད་པ་བསྣམས༔ ཟབ་ཕོད་འདུང་མ་ཆོས་གོས་དམར་པོ་གསོལ༔ དབུ་ལ་པད་ཞྭ་པདྨ་འདབ་ལྡན་མཛེས༔ རིན་ཆེན་རྒྱན་སྤྲས་ཞབས་གཉིས་རོལ་སྟབས་བཞུགས༔ གསང་ཡུམ་མཚོ་རྒྱལ་དཀར་མོ་མཁའ་འགྲོའི་ཚུལ༔ བདེ་སྟོང་གཉིས་མེད་བདེ་བའི་ཉམས་ལྡན་པ༔ གྲི་ཐོད་འཛིན་པས་སྐུ་ལ་དགྱེས་པར་འཁྲིལ༔ སྐུ་ལས་འོད་ཟེར་ཕུང་པོ་དཔག་ཡས་འཕྲོས༔ དེ་ཡི་དབུ་གཙུག་ལོངས་སྐུ་རྡོ་རྗེ་སེམས༔ དེ་ཡི་དབུ་གཙུག་ཀུན་བཟང་ཡབ་ཡུམ་བཞུགས༔ མཐའ་སྐོར་དགོངས་བརྡ་སྙན་བརྒྱུད་བཀའ་བབས་ཀྱི༔ བླ་མ་རིག་འཛིན་རྒྱ་མཚོས་བསྐོར་ཏེ་བཞུགས༔ གནས་གསུམ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ལས༔ འོད་འཕྲོས་རབ་འབྱམས་ཞིང་ནས་རྒྱལ་བའི་སྤྲིན༔ མ་ལུས་སྤྱན་དྲངས་དབྱེར་མེད་བཞུགས་པར་གྱུར༔ སྒོ་གསུམ་རབ་ཏུ་དང་བའི་བློ་ཡིས་ནི༔ སྐུ་གསུམ་ངོ་བོ་རྗེ་བཙུན་བླ་མ་ལ༔ རབ་གུས་དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ༔ དངོས་སུ་འབྱོར་དང་ཡིད་སྤྲུལ་ཞིང་གི་རྡུལ༔ ཀུན་བཟང་མཆོད་སྤྲིན་ནམ་མཁའ་མཉམ་པས་མཆོད༔ ཐོག་མེད་ནས་བཟུང་ད་ལྟའི་བར་བསགས་པའི༔ ལས་ཉོན་སྒྲིབ་པའི་ཚོགས་ཀུན་མི་འཆབ་བཤགས༔ རྒྱལ་བ་རྣམས་ཀྱི་འགྲོ་དོན་རྨད་བྱུང་བའི༔ ངོ་མཚར་མཛད་པ་རྒྱ་མཚོར་རྗེས་ཡི་རང༔ ཞུམ་བཅས་ཞི་བདེའི་ངང་དུ་མི་བཞུགས་པར༔ འགྲོ་དོན་བླ་མེད་ཆོས་འཁོར་བསྐོར་བར་བསྐུལ༔ ཕྱོགས་བཅུའི་ཞིང་གི་རྡུལ་སྙེད་སྟོན་མཆོག་རྣམས༔ མྱ་ངན་མི་འདའ་རྟག་བཞུགས་གསོལ་བ་འདེབས༔ བདག་གཞན་བླ་མེད་དགེ་ཚོགས་ཅི་མཆིས་པ༔ བྱང་ཆུབ་སྤྱོད་པའི་རྒྱ་མཚོར་འཇུག་གྱུར་ཅིག༔ གསོལ་འདེབས་ནི༔ ཨེ་མ་ཧོ༔ རང་བཞིན་ཀ་དག་ཆོས་སྐུའི་ཞིང་ཁམས་ནས༔ དུས་གསུམ་འཕོ་འགྱུར་སྐྱེ་འགག་བྲལ་བའི་ངང༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས༔ ལྷུན་གྲུབ་བདེ་ཆེན་མདངས་རྩལ་ཡེ་ཤེས་ལྔའི༔ རོལ་པ་དུ་མ་གཅིག་ཉིད་གསང་ཆེན་མཛོད༔ ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ་གསོལ༴ ཐུགས་རྗེ་ལྷུན་གྲུབ་གང་འདུལ་དེར་སྟོན་དུ༔ དཔག་ཡས་སྤྲུལ་པའི་རོལ་གར་ཅིར་ཡང་འཕྲུལ༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ༴ རྒྱལ་ཀུན་གསང་བའི་མཛོད་འཆང་ཐུགས་རྗེའི་དཔྱིད༔ རྡོ་རྗེ་ཆོས་དང་རིག་འཛིན་འབུམ་ཕྲག་སོགས༔ དགོངས་བརྡ་སྙན་བརྒྱུད་ཤོག་སེར་ཚིག་བརྒྱུད་ཀྱི༔ རིག་འཛིན་འདུས་པའི་ཚོམ་བུ་ལ་གསོལ༴ འོན་ཕུ་སྟག་ཚང་བསམ་འགྲུབ་ཀེའུ་ཚང་དུ༔ རྡོར་སེམས་གསང་ཆེན་རྒྱན་གཅིག་གསང་མཛོད་འཛིན༔ རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་ལ་གསོལ༴ སྟག་ཚང་མི་འགྱུར་རྡོ་རྗེའི་བྲག་ཕུག་ཏུ༔ ཕྲིན་ལས་ཡོངས་གྲུབ་ལྷ་སྲིན་བྲན་དུ་ཁོལ༔ རླངས་ཆེན་དཔལ་གྱི་སེང་གེ་ལ་གསོལ་བ་འདེབས༔ ལྟ་བ་འཁོར་འདས་སེམས་སུ་རྟོགས་པ་དང༔ སྒོམ་པ་དམིགས་གཏད་འཛིན་པ་རང་གྲོལ་ཏེ༔ སྤྱོད་པ་བླང་དོར་མེད་པར་རང་གྲོལ་ནས༔ འབྲས་བུ་ཡེ་རྫོགས་ལྷུན་གྲུབ་ཆེན་པོར་ཤོག༔ ཅེས་ཁ་ཞེ་མེད་པར་བྱིན་རླབས་རྟོགས་པ་རྒྱུད་ལ་འཕོ་བར་གསོལ་བ་བཏབ་པས་བརྒྱུད་པའི་བླ་མ་ཐམས་ཅད་འོད་ཀྱི་རྣམ་པར་ཞུ་སྟེ་བླ་མ་ཡབ་ཡུམ་ལ་ཐིམ༔ བླ་མ་ཡབ་ཡུམ་དཔྲལ་བའི་ཨོཾ་དཀར་ལས༔ འོད་ཟེར་དཀར་པོ་བདུད་རྩིའི་རང་བཞིན་འཕྲོས༔ བདག་ལུས་ལ་ཐིམ་འོད་སྣང་དཀར་པོས་གང༔ ལུས་ཀྱི་སྒྲིབ་གཉིས་བག་ཆགས་བཅས་པ་དག༔ སྐུ་ཡི་རྡོ་རྗེ་འགྲུབ་པའི་སྐལ་ལྡན་གྱུར༔ བླ་མ་ཡབ་ཡུམ་སྦྱོར་བ་མཛད་པ་ཡི༔ སྦྱོར་མཚམས་བྱང་སེམས་དཀར་དམར་དཔག་མེད་འཕྲོས༔ རང་གི་ལྕེ་ལ་ཐིམ་ཞིང་རྩ་ཁམས་གང༔ ངག་གི་སྒྲིབ་གཉིས་བག་ཆགས་བཅས་པ་དག༔ གསུང་གི་རྡོ་རྗེ་འགྲུབ་པའི་སྐལ་ལྡན་གྱུར༔ བླ་མ་ཡབ་ཡུམ་གཉིས་ཀྱི་ཐུགས་ཀ་ནས༔ འོད་ཟེར་སྔོན་པོ་དཔག་ཏུ་མེད་པ་འཕྲོས༔ རང་གི་སྙིང་གར་ཐིམ་པས་ལུས་ཀུན་ཁྱབ༔ ཡིད་ཀྱི་སྒྲིབ་གཉིས་བག་ཆགས་བཅས་པ་དག༔ ཐུགས་ཀྱི་རྡོ་རྗེ་འགྲུབ་པའི་སྐལ་ལྡན་གྱུར༔ མཐའ་མར་བླ་མ་ཡབ་ཡུམ་འོད་དུ་ཞུ༔ ཐིག་ལེ་མཐིང་གསལ་འོད་ཟེར་འཕྲོ་བ་དེ༔ རང་གི་ཚངས་བུག་ནས་ཞུགས་ལུས་ཀྱི་ནང༔ བ་སྤུའི་བུ་ག་ཐམས་ཅད་འཇའ་འོད་དུ༔ ཁྲུག་ཁྲུག་ཐིག་ལེ་འོད་ལྔར་ཤིགས་ཤིག་གསལ༔ རང་དང་བླ་མའི་དགོངས་པ་དབྱེར་མེད་ཀྱི༔ ངང་ལ་མ་བཅོས་ལྷུག་པར་ཅོག་གེར་བཞག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་པ་ཡིད་བཟླས་མི་སྐྱོའི་བར་དུ་བྱ༔ སྐྱོ་ན་དེ་ཡང་མི་དམིགས་རང་བབས་སུ༔ ཆམ་གྱིས་བསྐྱུར་ཏེ་ལྷོད་ཀྱིས་གློད་ལ་བཞག༔ རྒྱལ་བའི་དགོངས་པ་མངོན་གྱུར་ཨེ་མ་ཧོ༔ དེ་ལྟར་ཟབ་ཆོས་ཀུན་བཟང་དགོངས་པའི་བཅུད༔ རིག་འཛིན་འདུས་པ་རྒྱ་མཚོའི་སྙིང་ཐིག་གི༔ སྔོན་འགྲོ་གནད་ཀྱི་གཟེར་ཐེམས་ཟབ་མོ་འདི༔ ད་ལྟ་མི་སྤེལ་རིན་ཆེན་གཏེར་དུ་སྦོས༔ མ་འོངས་ལས་ལྡན་བུ་དང་འཕྲད་པར་ཤོག༔ འཕྲད་ནས་འགྲོ་ཀུན་སྨིན་གྲོལ་འགོད་པར་ཤོག༔ ྈྈྈ ྈྈྈ བདག་འདྲ་རྭ་སྟོན་སྨྱོན་པས་སྟག་ཚང་གཉིས་པ་ནས་ཟབ་ཆོས་འདི་ཉིད་སྤྱན་དྲངས་ནས། ལོ་བརྒྱད་དུ་བབས་པ་ན། རྫོགས་རིམ་སྐོར་རང་ཉིད་ཁོ་ནའི་ཉམས་སུ་ལེན་བྱ་ལས་གཞན་དུ་སྤེལ་བར་མི་སེམས་ཀྱང་། ཆོས་བདག་རིག་པ་འཛིན་པ་མཆོག་གི་སྤྲུལ་སྐུ་ཀུན་བཟང་རང་གྲོལ་གྱིས་ཅིས་ཀྱང་ཕབ་ནས་སྐུར་ཤིག་པའི་བཀའ་བསྩལ་ནན་ཆེར་གནང་བ་གྱེན་ལྡོག་མ་ནུས་པར། གཏེར་གནས་གུར་དཀར་ཕུག་ཏུ་དབང་ཆེན་སྤྲེའུ་ཟླ་བའི་ཚེས་ཉེར་ལྔ་ལ་གྲུབ་པར་ཕབ་པའོ།། ྈ ཀུན་བཟང་སྙིང་ཐིག་ལས༔ ཁྲེགས་ཆོད་ཀ་དག་གི་སྐོར་བཞུགས་སོ༔ ྈྈྈྈྈྈྈྈྈྈ གཉིས་པ་བདག་ལུས་འབྱུང་ལྔ་ལ་བསྐྱེད་པའི༔ དུག་ལྔ་འདུས་པའི་ཕུང་པོ་འདི་ཉིད་ལ༔ ཕྱི་ཡི་སྣང་བ་ཡུལ་དང་ཡུལ་ཀུན་གྱི༔ ཤེས་པ་རྟག་འཛིན་ཨ་འཐས་ཐེར་ཟུག་ནི༔ སྦྱོང་ཕྱིར་སྣང་བ་རྩལ་སྦྱོང་རིམ་པ་ནི༔ རང་ལུས་ཧཱུྃ་ཆེན་སྔོན་པོ་རང་འབར་བ༔ དེ་ལས་ཧཱུྃ་ཡིག་སྔོན་པོ་ཤུགས་ལྡན་པ༔ ཧཱུྃ་གི་རང་སྒྲ་དྲག་པོ་སྒྲོག་པ་ནི༔ ངག་ནས་ཧཱུྃ་སྒྲ་དྲག་པོ་བརྗོད་དང་ལྡན༔ བར་མ་ཆད་པར་རྒྱང་རྒྱང་ཐོལ་ཐོལ་སྤྲོས༔ ཕྱི་ཡི་སྣང་བ་གདོས་བཅས་རི་དང་བྲག༔ ས་གཞི་རྩི་ཤིང་དངོས་པོར་སྣང་ཀུན་ལ༔ ཧཱུྃ་གིས་ཐལ་བྱུང་ཟང་ཐལ་ཕར་ཐལ་ཕུག༔ ཚུར་ཐལ་ཕུག་སྟེ་སང་སེང་ཁྲལ་ཁྲོལ་དུ༔ བཏང་བས་དངོས་པོར་འཛིན་པའི་རྒྱ་ཞིག་ནས༔ ཧྲུལ་གྱིས་སོང་ནས་དམིགས་མེད་ངང་ཉམས་བསྐྱང༔ དེ་ལྟར་ལན་མང་དམིགས་པར་བསྐྱར་ཞིང་སྦྱང༔ དེ་ཡིས་སྣང་བའི་ཡུལ་གྱི་བདེན་འཛིན་འཇིག༔ སྣང་སྟོང་སྒྱུ་མ་ལྟ་བུའི་ངང་དུ་གྲོལ༔ གསུམ་པ་ཡུལ་ཅན་རང་གི་ལུས་ལ་སྦྱང༔ རང་ཉིད་ཐ་མལ་གནས་པའི་སྙིང་ཁ་རུ༔ ཧཱུྃ་སྔོན་མཐེབ་སོར་ཙམ་པ་གསལ་བ་ལས༔ ངག་ནས་ཧཱུྃ་ནི་དལ་བུས་བརྗོད་བཞིན་པས༔ གོང་ལྟར་ཧཱུྃ་ནི་སྒྲ་བཅས་གྲངས་མེད་འཕྲོས༔ རང་ལུས་སྟོད་སྨད་ཕྱི་ནང་མགོ་མཇུག་ཀུན༔ ཟང་ཐལ་ཕུག་པས་ཁྲོལ་མ་ལྟ་བུར་བཏང༔ མཐར་ནི་ཧྲུལ་གྱིས་ཞིག་ནས་དངོས་མེད་དུ༔ སོང་བར་བསམས་ཏེ་དེ་ཡི་ངང་ཉམས་བསྐྱང༔ དེ་ཡིས་ཕུང་པོའི་དངོས་འཛིན་རང་སར་གྲོལ༔ བཞི་པ་རྡོ་རྗེ་ལུས་ཀྱི་གནས་དྲུག་ཏུ༔ རིགས་དྲུག་དག་གི་ས་བོན་འབྲུ་དྲུག་གནས༔ སྤྱི་བོར་ལྷ་ཡི་ས་བོན་ཨ་དཀར་པོ༔ མགྲིན་པར་ལྷ་མིན་ས་བོན་སུ་ལྗང་ཁུ༔ སྙིང་གར་མི་ཡི་ས་བོན་ནྲྀ་སྔོ་སྐྱ༔ ལྟེ་བར་དུད་འགྲོའི་ས་བོན་ཏྲི་སྔོན་པོ༔ གསང་བར་ཡི་དྭགས་ས་བོན་པྲེ་དམར་ནག༔ རྐང་མཐིལ་དམྱལ་བའི་ས་བོན་དུ་ནག་པོ༔ ཡེ་ནས་ལྷན་སྐྱེས་རང་ལ་གནས་པ་དེས༔ རིགས་དྲུག་གནས་སུ་འཁྱམས་ཤིང་དུཿཁ་སྐྱེད༔ དེ་ཉིད་སྦྱོང་བྱེད་རྒྱལ་བའི་ས་བོན་དྲུག༔ སྤྱི་བོར་རྣམ་སྣང་ས་བོན་ཨོཾ་དཀར་པོ༔ མགྲིན་པར་སྣང་མཐའི་ས་བོན་ཨཱཿདམར་པོ༔ སྙིང་ཁར་རྡོར་སེམས་ས་བོན་ཧཱུྃ་དཀར་པོ༔ ལྟེ་བར་རིན་འབྱུང་ས་བོན་སྭཱ་སེར་པོ༔ གསང་གནས་དོན་གྲུབ་ས་བོན་ཧཱ་ལྗང་གུ༔ རྐང་མཐིལ་མི་བསྐྱོད་ས་བོན་ཧཱུྃ་མཐིང་ནག༔ གསལ་ཏེ་ཡི་གེ་འབྲུ་དྲུག་བསྙེན་པ་བྱ༔ ས་བོན་དྲུག་ལས་འོད་ཟེར་མེ་འོད་འཕྲོས༔ རིགས་དྲུག་ས་བོན་བསྲེགས་ཏེ་དམིགས་མེད་བསམ༔ དེ་ལྟར་རྡོ་རྗེ་ལུས་ཀྱི་ཆགས་པའི་ཚུལ༔ ཕྱི་ནང་གསང་བའི་བཤད་ཚུལ་ཤེས་བྱ་བའི༔ མཚན་ཉིད་དག་དང་སྦྱར་བ་ལ་སོགས་པ༔ ཁྱད་པར་བ་ཡི་སྔོན་འགྲོ་བསྟན་ཟིན་ཏོ༔ ྈྈྈ ྈྈྈ དེ་ལྟར་སྔོན་འགྲོ་ཐུན་མོང་ཐུན་མིན་དང༔ ཁྱད་པར་བ་ཡི་སྔོན་འགྲོ་བསྟན་ཟིན་ནས༔ དངོས་གཞི་སྨིན་པར་བྱེད་པའི་རིམ་པ་ནི༔ དཀྱིལ་འཁོར་ཆེན་པོའི་ཉེ་རྒྱུའི་གྲོང་དུ་བཅུག༔ བུམ་པའི་དབང་གིས་རང་ལུས་ལྷའི་འཁོར་ལོ༔ སྐུ་ཡི་རྡོ་རྗེ་དག་ཏུ་ཤེས་པར་བྱ༔ ལུས་ནི་སྨིན་པར་བྱེད་པའི་རིམ་པ་འོ༔ གཉིས་པ་གྲོལ་བྱེད་ཁྲིད་ཀྱི་རིམ་པ་ལ༔ སེམས་ཉིད་ཅེས་བྱ་ཀུན་གཞིའི་ཤེས་པ་དེ༔ མ་རིག་པ་ཡི་རྒྱུ་རྐྱེན་ལས་བྱུང་བའི༔ རྟེན་འབྲེལ་བཅུ་གཉིས་འཁྲུལ་པའི་འཁོར་ལོ་ཡིས༔ སྡུག་བསྔལ་ཟོ་ཆུའི་ཁྱུད་མོ་ལྟ་བུ་འམ༔ རྫ་མཁན་འཁོར་ལོ་ལྟ་བུར་འཁོར་བ་ལ༔ ཡང་དག་ལམ་སྟོན་བླ་མ་དམ་པ་ཡིས༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་རྒྱུད་ལ༔ ཡེ་ནས་གནས་པ་རང་ངོ་སྤྲོད་པ་ལ༔ དང་པོ་གཞི་རྩ་གཅད་པ་བསྟན་པ་ནི༔ སློབ་མ་ལུས་གནད་རྣམ་སྣང་ཆོས་བདུན་བཅའ༔ སེམས་ནི་འདས་རྗེས་མི་གཅོད་མ་འོངས་པ༔ སྔོན་མི་བསུ་དང་ད་ལྟར་ཤེས་པ་ལ༔ བཅས་བཅོས་མེད་པར་མིག་གཉིས་སྣ་རྩེ་ནས༔ མཐོ་གང་ཙམ་པའི་ཐད་དུ་མ་ཡེངས་བལྟ༔ དེ་ལ་མི་གནས་རབ་རིབ་བན་མ་བུན༔ ཅི་ལྟར་སྣང་བའི་མཚང་དེ་རྩད་གཅད་ལ༔ སེམས་ཞེས་བྱ་བ་ས་ལེ་ཧྲིག་གེ་བ༔ བདས་ན་མི་ཟིན་ཡལ་ཡལ་བན་བུན་པོ༔ བཞག་ན་མི་སྡོད་ཚུབ་ཚུབ་ཡེར་ཡེར་པོ༔ འདི་ཞེས་མཚོན་མེད་སྟོང་པ་ཕྱད་ཕྱད་དོ༔ འདི་ཀོ་དང་པོར་བྱུང་ས་གང་ནས་བྱུང༔ ཕྱི་ཡི་སྣང་བ་རི་བྲག་ཆུ་ཤིང་དང༔ ནམ་མཁའ་རླུང་སོགས་རྟེན་བཅས་རྟེན་མེད་པ༔ དག་ལས་བྱུང་ངམ་དྲི་ཞིང་རྩད་གདར་གཅད༔ ཡང་ན་ནང་གི་རང་ལུས་སྟོད་སྨད་བར༔ དབང་པོ་དོན་སྙིང་ཡན་ལག་ལ་སོགས་པ༔ གང་ནས་བྱུང་བརྟག་བར་དུ་གནས་པའི་ས༔ ཕྱི་ནང་ཡུལ་དང་དངོས་པོ་གང་དུ་གནས༔ མཐའ་མར་འགྲོ་བ་ལུས་ཀྱི་དབང་པོའི་སྒོ༔ གང་ནས་འགྲོ་དང་ཕྱི་ཡི་ཡུལ་ཉེ་འགྱང༔ ཡིད་ཡུལ་རྣམ་པ་ཀུན་ཏུ་སླེབས་མོད་ཀྱི༔ ལུས་ཀྱིས་ཕྱིན་ནམ་སེམས་ཉིད་ཁོ་ནས་ཕྱིན༔ ལུས་སེམས་ཚོགས་པས་ཕྱིན་སོགས་རྩད་གདར་གཅད༔ དེ་བཞིན་ཁ་དོག་དབྱིབས་དང་བྱེད་ལས་སོགས༔ དངོས་པོར་གྲུབ་བམ་གཟུགས་སུ་ཇི་ལྟར་སྣང༔ དངོས་པོ་མེད་པ་སྟོང་རྐྱང་ནམ་མཁའ་འདྲ༔ འདྲ་ན་ཀུན་རིག་ཀུན་བྱེད་ཀུན་ཤེས་པས༔ དངོས་པོར་གྲུབ་པ་དངོས་ཀྱིས་བསྟན་པས་ན༔ བརྟགས་ཤིང་དཔྱད་ལ་མཚན་ཉིད་འདི་ལྟ་བུ༔ ཞེས་པ་གོ་ཡུལ་ཚིག་ཏུ་མ་སོང་བར༔ བཙལ་ཞིང་དཔྱད་ན་སྒོམ་པ་ཁོ་ནའི་མཚང༔ ཇི་བཞིན་མ་བཅོས་ངོ་བོ་ངོས་བཟུང་དང༔ བྲལ་བའི་རིག་སྟོང་སྨྲ་བསམ་བརྗོད་མེད་དུ༔ ངེས་པར་གཏན་ལ་ཕབ་པར་གཅད་པར་བྱ༔ གཉིས་པ་སེམས་ཀྱི་བཞག་ཐབས་བསྟན་པ་ནི༔ ལུས་གནད་བཅིངས་ལ་སེམས་གནད་དུས་གསུམ་གྱི༔ རྟོག་དཔྱོད་བྲལ་བར་བཞག་ནས་དང་པོ་རུ༔ སེམས་ནི་ལུས་ཀྱི་སྟོད་སྨད་ཕྱི་དང་ནང༔ གང་དུ་གནས་བརྟག་བར་དུ་གནས་ཐོག་ནས༔ མི་གནས་འཕྲོ་ཚེ་གནས་མཁན་དེ་ཀ་ཡིས༔ འཕྲོ་འམ་དེ་ལས་འགྱུ་མཁན་གཞན་འདུག་བརྟག༔ གསུམ་པ་གནས་ཤིང་འགྱུ་སོང་སྙམ་པ་དེ༔ གནས་མཁན་འགྱུ་མཁན་གཉིས་དེ་སུ་ཡིས་རིག༔ འགྱུ་དུས་གར་སོང་ལོག་དུས་གང་ལ་གནས༔ གནས་འགྱུ་གཉིས་དེ་གཅིག་གམ་མི་གཅིག་བརྟག༔ མ་ཡེངས་དུས་གནས་ཡེངས་དུས་འགྱུ་འདྲ་བས༔ ངོ་བོར་གཅིག་པར་སྨྲ་ན་གཏན་ལ་ཕེབ༔ དེ་ལྟར་རང་གི་རིག་ཐོག་ངོ་ཤེས་ནས༔ གསུམ་པ་གནས་ལུགས་རང་ངོ་སྤྲོད་པ་ནི༔ རྩ་གསུམ་མཁའ་འགྲོ་མཉེས་པའི་ཚོགས་གཏོར་བཤམས༔ བླ་མས་དབང་བཞི་དོན་གྱི་ཡེ་ཤེས་ཕབ༔ དེ་ནས་སློབ་མ་ལུས་ཀྱི་གནད་བཅིངས་པ༔ དབང་དུས་སྐྱེས་པའི་བཞི་པའི་ཡེ་ཤེས་ལ༔ མ་ཡེངས་བཞག་སྐབས་བླ་མས་ཕཊ་དྲག་པོ༔ བརྗོད་པས་གཞི་གནས་ཉམས་ཀྱི་སྣང་བ་ནི༔ རྒྱ་མཚོ་ལྟ་བུར་མེར་མེར་གནས་པ་ལ༔ ཕཊ་ཀྱི་སྒྲ་ཡིས་མ་ཡེངས་མཉམ་གཞག་ངང༔ ལྷག་མཐོང་ཉ་མོ་འཁྱུགས་འདྲའི་རིག་པ་དེ༔ ཞི་ལྷག་ཟུང་འཇུག་རིག་སྟོང་དབྱེར་མེད་དུ༔ དཔེ་དང་བརྡ་དང་ཚིག་གིས་ངོ་སྤྲད་ནས༔ སྣང་སྟོང་གྲགས་སྟོང་བདེ་སྟོང་རིག་སྟོང་སོགས༔ རང་ཤར་རང་རིག་རང་གྲོལ་ངོ་སྤྲད་དོ༔ དེ་ནི་ཁྲེགས་ཆོད་ཀ་དག་ངོ་སྤྲོད་དེ༔ ཚིག་ཉུང་དོན་གསལ་རྟོགས་སླ་ཟབ་པ་འོ༔ ྈྈ བདག་འདྲ་རྭ་སྟོན་སྨྱོན་པས་སྟག་ཚང་གཉིས་པ་ནས་ཆུ་ཡོས་ལོར་སྤྱན་དྲངས་ཏེ། སླར་ལྕགས་ཁྱི་སྤྲེལ་ཟླའི་དུས་ཚེས་དགེ་བར། མཆིམས་ཕུ་གུར་དཀར་ཕུག་ཏུ་གཏེར་ཤོག་ལས་ཕབ་པའོ།། ྈ ཀུན་བཟང་སྙིང་ཐིག་ལས༔ ལྷུན་གྲུབ་སྣང་བཞི་ཐོད་རྒལ་གྱི་ཁྲིད་རིམ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ ཐོད་རྒལ་སྣང་སྟོང་ལྷུན་གྱིས་གྲུབ་པ་ཡི༔ སྣང་བཞི་གཏན་ལ་འབེབ་པར་བྱེད་པ་ལ༔ དང་པོ་ཀ་དག་ཁྲེགས་ཆོད་རིམ་པ་ཡི༔ ལམ་གྱིས་རྒྱུད་སྦྱངས་གོམས་པ་མཐར་ཕྱིན་པས༔ རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་རང་བཞིན་གྱི༔ འོད་གསལ་འདུས་མ་བྱས་པ་ཆོས་ཀྱི་སྐུའི༔ རྩལ་སྦྱོང་ལམ་མཐར་དབྱུང་བ་གཞི་ཡི་དབྱིངས༔ ལྷུན་གྲུབ་གཞོན་ནུ་བུམ་པ་སྐུ་མིག་ལ༔ འོད་ལྔ་མ་འདྲེས་གསལ་བ་ཡེ་ཤེས་ལྔ༔ རིགས་ལྔ་རང་གསལ་རིགས་ཀུན་གཅིག་བསྡུས་པ༔ གསང་ཆེན་རྡོ་རྗེ་སེམས་དཔའ་རྒྱན་གཅིག་གི༔ སྙིང་པོར་གྱུར་པ་ཀུན་བཟང་དགོངས་པའི་བཅུད༔ གསལ་ལ་མ་འགགས་བྱེད་པར་མ་གྲུབ་པ༔ སྐུ་འོད་རིག་པ་གསུམ་དུ་ཡེ་ནས་གྲུབ༔ དབང་བརྟུལ་གང་ཟག་དག་གི་མེ་ལོང་དུ༔ རང་བྱད་ཤར་བ་རང་ངོ་མ་ཤེས་ལྟར༔ དབང་པོ་རྣོན་པོས་བྱད་དུ་ཤེས་ལྟ་བུའི༔ རང་ངོ་རང་གིས་རིག་དང་མ་རིག་པའི༔ ཡེ་ཤེས་རླུང་གིས་བསྐྱོད་པའི་རྒྱུ་རྐྱེན་གྱིས༔ མདངས་ཕྱིར་ཤར་བ་རྐྱེན་བཞིས་རབ་ཕྱེ་བས༔ རྒྱུ་རྐྱེན་དངོས་པོ་གཞི་ཡི་གནས་ལུགས་དང༔ བདག་རྐྱེན་རང་རིག་པ་ཡི་ཡེ་ཤེས་ཉིད༔ དམིགས་པའི་རྐྱེན་གྱིས་རང་སྣང་དུ་ཤེས་པ༔ མཚུངས་པའི་རྐྱེན་ནི་རྟོགས་གྲོལ་སྐད་ཅིག་མར༔ ལོངས་སྤྱོད་རྫོགས་སྐུ་རིགས་ལྔ་རིགས་འདུས་སུ༔ ལྷུན་གྲུབ་གསང་བའི་སྦུབས་སུ་གྲོལ་བ་འོ༔ སྐུ་དབྱིངས་གཞན་སྣང་མཐོང་བས་ལུས་སུ་འཁྲུལ༔ རང་སྣང་མ་རིག་དེ་ཡི་རྒྱུ་རྐྱེན་གྱིས༔ དབྱིངས་ལས་ཡུལ་དང་རིག་པ་སེམས་སུ་འཁྲུལ༔ དེ་ལྟར་རྒྱུ་རྐྱེན་བདག་པོར་མཚུངས་དཔེ་རུ༔ མ་རིག་འཁྲུལ་པས་ལུས་ངག་ཡིད་གསུམ་པོ༔ སྐུ་འོད་རིག་པ་གསུམ་དུ་གྲོལ་བ་འོ༔ དང་པོ་གནས་པ་རང་ལུས་སྙིང་ནང་དུ༔ ཀུན་ཏུ་བཟང་པོ་གྭ་འུ་ཁ་སྦྱོར་ཞེས༔ གཞོན་ནུ་བུམ་པ་སྐུ་ཡི་ནང་དབྱིངས་སུ༔ ཀུན་ཏུ་བཟང་པོ་ཡབ་ཡུམ་ཉུང་འབྲུ་ཙམ༔ ཕྱོགས་བཞིར་རིགས་ལྔ་ཡེ་ཤེས་ལྔའི་ཐིག་ལེ༔ དབུས་དང་ལྔ་རུ་རང་གསལ་གནས་པ་འོ༔ དེ་ལྟར་ཙིཏྟ་གྭ་འུ་ཁ་སྦྱོར་གྱི༔ ནང་དུ་ཐིག་ལེ་སྐུ་རུ་གནས་པ་ནི༔ རིན་ཆེན་ཤེལ་དཀར་རྒྱུས་པའི་རྩ་ནང་ན༔ དབྱིངས་ནི་རྣམ་པར་དག་པའི་ཐིག་ལེ་ནི༔ ཆེ་ཆུང་སྲན་མ་ཙམ་དུ་གནས་པ་སྟེ༔ དེ་ཡང་ཁ་དོག་ལྔ་ལྡན་ཟེར་ཐག་འཕྲོ༔ སྐུར་བཅས་ཙིཏྟའི་རྩེ་མོར་གནས་པ་འོ༔ རིན་ཆེན་ཤེལ་གྱི་སྦུ་གུ་ཅན་ནང་ན༔ དབྱིངས་ཀྱི་ཐིག་ལེ་ཆེ་ཆུང་སྲན་མ་ཙམ༔ ཁ་དོག་དཀར་པོར་གནས་པ་ཙིཏྟ་ཡི༔ གཡས་ཀྱི་ཕྱོགས་སུ་གནས་ཤིང་འཆར་བ་འོ༔ རིན་ཆེན་དྲྭ་བ་འདུས་པའི་རྩ་ནང་ན༔ ཀུན་ཏུ་བཟང་པོའི་ཐིག་ལེ་ཉིད་གནས་ཏེ༔ ཁ་དོག་དམར་པོ་ཆེ་ཆུང་ཡུངས་འབྲུ་ཙམ༔ འགྲོ་འོང་དང་བཅས་ཙིཏྟའི་རྐེད་ན་གནས༔ རིན་ཆེན་སྟོང་པ་རང་སོང་རྩ་ནང་ན༔ ཡེ་ཤེས་ཐིག་ལེ་ཆེ་ཆུང་ཏིལ་འབྲུ་ཙམ༔ ཁ་དོག་དམར་སེར་འགྲོ་འོང་མེད་པ་ནི༔ ཙིཏྟའི་རྩ་བ་ནས་འབྱུང་འཆར་བ་འོ༔ རིན་ཆེན་དར་དཀར་སྣལ་མ་ལྟ་བུའི་རྩ༔ ནང་ན་ཡེ་ཤེས་ཆེན་མོའི་ཐིག་ལེ་གནས༔ ཆེ་ཆུང་རྟ་རྔ་བཅུ་ཆར་གཤགས་པ་ཙམ༔ ཁ་དོག་སྔོན་པོ་འགྲོ་འོང་མེད་པར་འཆར༔ ཙིཏྟའི་འདབ་ནས་འབྱུང་ཞིང་དེ་དག་རྣམས༔ མིག་གི་ལམ་ནས་འབྱུང་ཞིང་སྣང་བ་འོ༔ གཉིས་པ་དེ་ཉིད་ཉམས་སུ་ལེན་པ་ནི༔ ཆོས་ཉིད་ཡིད་བྱེད་ཙམ་དུ་མ་ལུས་པར༔ མངོན་སུམ་རང་ཐོག་ཕབ་ནས་ཉམས་ལེན་པའི༔ ཐབས་ནི་སྔོན་འགྲོ་ལུས་ཀྱི་བྱ་བ་གསུམ༔ འགྲོ་འདུག་བསྒུལ་སྐྱོད་ཕྱག་དང་བསྐོར་བ་གསུམ༔ ངག་གི་འཁྲུལ་གཏམ་བཟླས་བརྗོད་ཁ་ཏོན་གསུམ༔ ཡིད་ཀྱི་དུག་གསུམ་རྟོག་དཔྱོད་དག་སྟེ་ནི༔ སྒོ་གསུམ་བྱ་བ་དགུ་ཕྲུགས་བཏང་བྱས་ནས༔ ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་ཡིས༔ གྱེན་ལ་ལོངས་སྐུའི་བཞུགས་སྟངས་གླང་ཆེན་ནི༔ ཉལ་བ་ལྟ་བུའི་ཟུར་ཁྲིད་སྤྲུལ་སྐུ་ཡི༔ བཞུགས་སྟངས་དྲང་སྲོང་ཙོག་པུ་དག་གིས་ནི༔ ཐུར་ཕབ་ཚུལ་གྱིས་ཟུར་རམ་ཟིམ་བུས་བལྟ༔ ལུས་ནི་མི་འགུལ་གཞི་དབྱིངས་ནམ་མཁའ་ལ༔ དབྱིངས་ནི་རྣམ་པར་དག་པའི་ཐིག་ལེ་ལ༔ འབེན་བཅས་རིག་པ་རྡོ་རྗེའི་ལུག་རྒྱུད་ལ༔ གཟིགས་སྟངས་གསུམ་གྱིས་མི་འགུལ་བར་བལྟ་སྟེ༔ དེ་ཡང་ཤེས་རབ་རང་བྱུང་སྒྲོན་མ་ནི༔ སྙིང་ནང་ཨ་ཝ་དྷཱུ་ཏིར་གནས་པ་དེ༔ དཀར་འཇམ་རྩ་ཡི་སྒྲོན་མ་ཞེས་བྱ་བ༔ དར་སྐུད་བརྐྱང་པ་ལྟ་བུའི་ལམ་བརྒྱུད་ནས༔ ཐིག་ལེ་སྟོང་པའི་སྒྲོན་མ་ཉ་མིག་ལྟར༔ རྒྱང་ཞགས་ཆུ་ཡི་སྒྲོན་མ་ནས་སྣང་བ༔ མཐོང་བ་མ་འགགས་གསལ་བར་བྱེད་པ་སྟེ༔ སྒྲོན་མ་དེ་དག་ཐམས་ཅད་མིག་ལམ་ནས༔ དབྱིངས་ནི་རྣམ་པར་དག་པའི་སྒྲོན་མ་ནི༔ བར་སྣང་ཁམས་སུ་འཇའ་ཚོན་གུར་འདྲ་བའི༔ མཁའ་ལ་འཆར་རོ་གོམས་པ་ཚད་ཕྱིན་ན༔ ཡེ་ཤེས་སྐུ་དང་འོད་དུ་འཆར་བ་འོ༔ དབྱིངས་ཀྱི་སྒྲོན་མ་ཉམས་སུ་བླང་བའི་དུས༔ འོད་དང་ཐིག་ལེ་ཤར་བའི་རྟགས་སུ་བསྟན༔ ཤེས་རབ་རང་བྱུང་སྒྲོན་མ་ཞེས་བྱ་བ༔ སྐྱོན་དང་ཡོན་ཏན་མ་འདྲེས་གསལ་བ་འོ༔ དེ་ལྟར་ལྟ་སྟངས་གསུམ་གྱིས་བལྟས་པ་ཡིས༔ ཤག་ཤིག་ཁྲལ་ཁྲོལ་འགྱུ་འཕྲིག་ཡད་ཡུད་འབྱུང༔ རྡོ་རྗེ་སེམས་དཔའ་རང་བྱུང་ཡེ་ཤེས་ཏེ༔ ཅིར་ཡང་འཛིན་མེད་རིག་མདངས་ཐག་བཅད་ནས༔ མིག་ནི་མ་འགུལ་ཉམས་སུ་བླངས་པ་ཡིས༔ ཕྱི་ཡི་དབྱིངས་ནི་ནམ་མཁའ་སྟོང་པ་ལ༔ ནང་གི་དབྱིངས་ནི་འོད་དང་ཁ་དོག་བཀྲ༔ གསང་དབྱིངས་སྒྲོན་མ་ཡིད་བྱེད་བྲལ་བ་འོ༔ ངང་སེར་དཀར་ལོང་ཟ་ཟི་དུ་མ་འཆར༔ དེ་ནས་སྨིན་ཕྲག་ཕྱོགས་སུ་གཏད་བྱས་པས༔ ཁམས་ལོང་བ་དང་སྔོ་བུན་སྨྲིག་རྒྱུ་དང༔ སྲིན་བུ་མེ་ཁྱེར་མར་མེ་འབར་འདྲ་བ༔ སྤྲིན་མེད་ནམ་མཁའ་ལྟ་བུ་མཐིང་ནག་དང༔ ཟླ་བ་ཉི་མ་སྒྲ་གཅན་གློག་འོད་དང༔ འཇའ་འོད་གང་དང་ཐིག་ལེ་ལྗང་གུ་དང༔ ནག་པོ་ཁ་དོག་སྣ་ཚོགས་ཐིག་ལེ་འཆར༔ རྟ་རྔར་མདུད་པ་བོར་འདྲ་གཟུང་དཀའ་བ༔ མིག་གི་གར་འགྲོའི་ཕྱོགས་སུ་བགྲོད་པ་འཆར༔ དེ་ཉིད་བཟུང་ཐབས་སྨིན་མཚམས་སྒྲིལ་ནས་བཟུང༔ དེས་ནི་འོད་སྣང་གྱེན་སྒྲེང་རྩིབས་ཤར་དང༔ དྲྭ་ཕྱེད་མིག་མང་རིས་དང་ཟ་འོག་འདྲ༔ མདུང་རྩེ་ཀ་ཡིག་རེ་ལྡེ་འདྲ་བ་དང༔ དེ་རྗེས་ཐིག་ལེ་མུ་ཁྱུད་ལྔ་པ་དང༔ བཅུ་རུ་སྣང་དང་ཁམ་ཕོར་ཙམ་པ་དང༔ མེ་ལོང་མཁར་གཞོང་བསེ་ཕུབ་ཙམ་པ་སྟེ༔ ཡུལ་གྲུ་ཙམ་དང་དེ་ནས་ཐིག་ལེའི་ནང༔ ཞལ་རས་ཙམ་དང་སྐུ་ནི་ཕྱེད་པ་ཙམ༔ སྣང་བ་དོན་དམ་འབྱུང་བས་བསྐྱེད་པ་ཡི༔ སྒྲོན་མ་བཞི་རུ་ཤར་བ་ཉིད་ཡིན་ལ༔ འོད་ཀྱི་ཐིག་ལེའི་དབུས་སུ་སྐུའི་ལྟེ་བ༔ མན་ཆད་རེས་སྣང་རེས་ནི་མི་སྣང་བ༔ ཐིག་ལེའི་ཕྱེད་སྐུ་ཞེས་ཏེ་དགེ་སྡིག་རྣམས༔ རྟོག་མེད་སྣང་བ་རང་རྐྱེན་དབྱིངས་དག་པས༔ ཡེ་ཤེས་རང་ངོ་གཏན་ལ་ཕེབས་པ་འོ༔ དེ་ཡང་དཀར་འཇམ་རྩ་ལམ་དར་སྐུད་ཙམ༔ མིག་གི་དབང་པོ་ནས་འཐོན་ཆོས་ཉིད་མཁའ༔ སྨིན་ཕྲག་དག་ནས་སོར་ནི་བཅུ་གཉིས་སམ༔ བཅུ་དྲུག་ཁྲུ་གང་པ་ན་གནས་པ་སྟེ༔ རྡོ་རྗེ་ལུག་རྒྱུད་སྐུ་ནི་སྣང་བ་འཆར༔ རང་གི་སྤྱི་བོ་དབུ་མའི་ནང་དག་ནས༔ ཐིག་ལེའི་ནང་ནས་ཞལ་རས་སྣང་བ་འཆར༔ རོ་མ་ནས་འོད་རྐྱང་མ་དག་ནས་ནི༔ ཐུགས་རྗེ་ཀུན་ཁྱབ་ཐིག་ཕྲན་མཁའ་ཁྱབ་འཆར༔ སྐུ་ནི་ཐིག་ལེ་འོད་ནི་དབྱིངས་སྣང་དང༔ རིག་པ་ལུ་གུ་རྒྱུད་དུ་འཆར་བ་སྟེ༔ སྐུ་ནི་ཐུགས་རྗེ་འོད་ནི་རང་བཞིན་དང༔ རིག་པ་ངོ་བོ་ཉིད་དུ་བཤད་པ་འོ༔ ལུས་གནད་སྙིང་དབུས་སྐུ་དང་ཡེ་ཤེས་གནས༔ སྲོག་གནད་རྩ་ཡི་ནང་ན་ཐིག་ལེར་གནས༔ དབང་པོའི་གནད་ནི་མིག་ནས་སྒྲོན་མ་བཞི༔ དུས་གསུམ་དུས་མེད་དག་ཏུ་འཆར་བ་སྟེ༔ ལུ་གུ་རྒྱུད་ཀྱི་རྩེ་མོར་ཐིག་ལེ་ནི༔ ཁམ་ཕོར་ཙམ་པ་གསུམ་འབྲེལ་ཤར་བའི་དུས༔ ཆོས་ཉིད་ཀྱིས་ནི་གསུམ་ཆ་ལ་དབང་ཐོབ༔ མངལ་དུ་མི་འཇུག་པ་ཡི་གནད་དང་ལྡན༔ ཐིག་ལེའི་ནང་དུ་སྐུ་ནི་རྐྱང་པ་རེ༔ ཤར་དུས་རིག་པ་དབྱིངས་ཀྱི་གཟེར་ཐེབ་བོ༔ ཐིག་ལེ་རེ་རེའི་ནང་དུ་སྐུ་ལྔ་ལྔ༔ ཤར་དུས་སྐུ་གསུམ་ལམ་དུ་བྱེད་པ་སྟེ༔ དེ་ལ་སླར་ཡང་གོམས་པ་ཐོབ་པ་ན༔ ཁྲོ་བོའི་དཀྱིལ་འཁོར་དག་ཀྱང་དཔག་མེད་འཆར༔ ལོངས་སྐུའི་འགྲོ་ལྡོག་ལམ་དུ་ཆོད་པ་སྟེ༔ འབྱུང་བ་དྭངས་སྙིགས་ཕྱེད་པས་ཕྱིའི་སྣང་བ༔ འགགས་ཏེ་འོད་དུ་སྣང་བ་ཉིད་ཡིན་ནོ༔ ཆོས་ཅན་དང་ནི་ཆོས་ཉིད་ཕྱེད་པའི་ཚད༔ དབྱིངས་རིག་སྨིན་མཚམས་ནས་ནི་དྲལ་བ་སྟེ༔ འཁོར་འདས་རྒྱབ་གྱེས་པ་ཡི་ཚད་ཡིན་ནོ༔ སེམས་དང་ཡེ་ཤེས་ཕྱེད་པའི་རྟགས་ཚད་ནི༔ རིག་པ་ལ་ནི་ཉིན་མཚན་མེད་པ་ཡིན༔ ཡིད་དང་བློ་ཡི་ཤེས་རབ་བྱེད་པ་ཡིས༔ སྣང་བ་སྣ་ཚོགས་རང་བྱན་ཚུད་པ་ཡིན༔ ཀུན་གཞི་དང་ནི་ཆོས་སྐུ་ཕྱེད་པ་ནི༔ གདོས་བཅས་མི་སྣང་འཁོར་བ་མྱང་འདས་གྲོལ༔ ཆོས་ཉིད་ཟད་པའི་སྣང་བ་ཞེས་བྱ་བ༔ ས་ནི་སྲ་བ་དང་བྲལ་འོད་སེར་པོ༔ ཆུ་ནི་གཤེར་བ་དང་བྲལ་འོད་དཀར་པོ༔ མེ་ནི་ཚ་བ་དང་བྲལ་འོད་དམར་པོ༔ རླུང་ནི་གཡོ་བ་དང་བྲལ་འོད་ལྗང་གུ༔ ནམ་མཁའ་ཁྱབ་པ་མེད་པས་འོད་མཐིང་ཁ༔ ལྔ་ཀ་ཆོས་ཉིད་ཟད་པའི་དབྱིངས་སུ་ནི༔ རང་སར་དག་པས་སྣང་བའི་ངོ་བོ་ནི༔ མུ་མཐའ་དང་བྲལ་གང་དུའང་མ་གྲུབ་པ༔ འཇིག་པ་བྲལ་བས་རྐྱེན་གྱིས་མི་བརྫིབ༔ མི་འཇིག་རྟག་བརྟན་འགྱུར་བ་མེད་པ་འོ༔ རིག་པ་ཡེ་ཤེས་རྒྱན་དང་ཡེ་ཤེས་ལ༔ ཐུགས་རྗེའི་རྒྱན་དང་དེ་ཡིས་སེམས་ཅན་གྱི༔ དོན་བྱེད་མཚན་མ་ཐམས་ཅད་ཟིལ་གྱིས་གནོན༔ ཆོས་ཉིད་མངོན་སུམ་སྣང་བའི་དུས་སུ་ནི༔ མིག་དང་ནམ་མཁའ་རིག་པ་གསུམ་མི་འབྲལ༔ ཉམས་ནི་གོང་འཕེལ་སྣང་བའི་དུས་སུ་ནི༔ དང་པོ་སྨིན་ཕྲག་ཁྲུ་གང་ཙམ་ནས་འཆར༔ སྲན་མ་ཙམ་དང་མཐེ་བོང་ཙམ་འཆར་ཏེ༔ མས་བླངས་ཐིག་ལེ་ཁ་དོག་ལྔ་ལྡན་འགྱུར༔ དེ་ལས་དབྱིངས་ཀྱི་སྣང་བ་འཆར་བ་འོ༔ དང་པོ་རིག་པ་ཚད་ལ་ཕེབས་པ་ནི༔ འོད་དེ་རྣམས་ཀྱང་སྐུ་དང་ཐིག་ལེར་འཆར༔ སྐུ་ཡང་ཞི་དང་ཁྲོ་བོ་ལྔ་ཚན་ནི༔ ལྔ་ལྔར་སྣང་བ་ཚད་ཕེབས་སྣང་བ་ནི༔ ཆོས་ཉིད་ཟད་པའི་སྣང་བ་ཞེས་བྱ་བ༔ གང་གི་ངོ་བོར་ཡང་ནི་མ་གྲུབ་ཅིང༔ འདི་ཞེས་ཡིན་ནོ་ཞེས་པའི་མུ་མཐའ་བྲལ༔ ལུས་ངག་ཡིད་ཀྱི་ཞེན་པ་དེར་ཟད་དེ༔ རིག་པ་རང་ངོ་རྡོ་རྗེ་ལུ་གུ་རྒྱུད༔ ཆེན་པོར་ཡེ་གནས་ཡེ་རྫོགས་གཏིང་གསལ་བ༔ ཆེན་པོར་བཞུགས་པས་འདི་ནི་སྐུ་གསུམ་གྱི༔ ཞེན་པ་རང་ཟད་ལ་བཟླ་དབྱིངས་ཆེན་པོ༔ ཀུན་བཟང་དགོངས་པ་མངོན་དུ་གྱུར་པ་འོ༔ ྈྈྈྈྈ དང་པོ་མི་འགུལ་གསུམ་ལ་གཞི་བཅའ་བ༔ ལུས་ནི་འདུག་སྟངས་རིག་པ་ནམ་མཁའ་ལ༔ མིག་ནི་གཟིགས་སྟངས་གསུམ་ལས་མི་འགུལ་བའོ༔ གཉིས་པ་སྡོད་པ་གསུམ་གྱིས་ཚད་བཟུང་བ༔ ཕྱི་སྣང་རླུང་ཟད་འོད་སྣང་གར་གཏད་སྡོད༔ ནང་གི་ཕུང་པོ་སྡོད་པས་འཇིག་རྟེན་གྱི༔ བྱ་བར་མི་འཇུག་གསང་བ་རླུང་སེམས་སྡོད༔ རླུང་ནི་གར་གཏད་དག་ཏུ་འདྲོངས་པ་འོ༔ ཚད་ནི་རྨི་ལམ་དག་གིས་གཟུང་བ་ནི༔ རབ་ཏུ་རྨི་ལམ་རྒྱུན་ཆད་འབྲིང་པོ་ནི༔ རྨི་ལམ་རྨི་ལམ་ཤེས་ཤིང་མཐའ་མ་ཡི༔ རྨི་ལམ་སྔར་རྨི་དག་ལས་འགྱུར་བ་འོ༔ ཐོབ་པ་གསུམ་གྱིས་གཟེར་གདབ་ཅེས་བྱ་བ༔ སྐྱེ་བ་དག་ལ་རང་དབང་ཐོབ་པ་ཡིས༔ རང་ལུས་འོད་ཕུང་གྲོལ་དང་འགྲོ་དོན་འགྲུབ༔ སྣང་བར་རང་དབང་ཐོབ་པས་མཚམས་མེད་ལྔ༔ སྤྱད་པ་དག་ཀྱང་འཚང་རྒྱ་ནུས་པར་བྱེད༔ སོར་མོར་རིག་པ་གཏད་པས་རང་ལུགས་སུ༔ བཞག་པས་དེ་ཉིད་མི་སྣང་སངས་རྒྱས་ཐོབ༔ རླུང་སེམས་རང་དབང་ཐོབ་པས་མངོན་ཤེས་ལྔ༔ ཐོགས་པ་མེད་པར་འཆར་བ་ཉིད་ཡིན་ནོ༔ གདིངས་བཞི་ཡར་གྱི་གཉིས་དང་མར་གྱི་གཉིས༔ དཀོན་མཆོག་ཡོན་ཏན་བསམ་མི་ཁྱབ་པ་ཡང༔ རིག་པ་ལས་གཞན་མེད་པར་རྟོགས་པ་འོ༔ སངས་རྒྱས་ཐོབ་པར་རེ་བ་མེད་པ་སྟེ༔ རང་སེམས་ལས་གཞན་བྱ་རྒྱུ་མེད་པ་འོ༔ འགྲོ་དྲུག་སྡུག་བསྔལ་མཐོང་ཡང་མི་སྐྲག་སྟེ༔ རང་རིག་ཡེ་ནས་འཁྲུལ་མེད་ཤེས་པས་སོ༔ ལྔ་པ་འབྲས་བུའི་གྲོལ་བའི་ཚུལ་ལ་ནི༔ གཞི་ནི་རང་ཤར་རང་གྲོལ་སངས་རྒྱས་པས༔ མཚན་མར་འཛིན་པའི་མ་རིག་འཁོར་བ་སངས༔ ཡེ་ཤེས་སྐུ་ཉིད་དོན་ལ་རྒྱས་པའི་ཕྱིར༔ སངས་རྒྱས་ཞེས་བྱ་འབྲས་བུ་ལྷུན་གྲུབ་པ་འོ༔ དེ་ལྟར་སྐལ་བར་ལྡན་པའི་སྐྱེས་བུ་ཡིས༔ རྣམ་གཡེང་ཚེ་འདིའི་གདོས་ཐག་རྦད་བཅད་དེ༔ སྐད་ཅིག་གཡེལ་མེད་ཉམས་སུ་བླང་བར་བྱ༔ ྈྈྈ ྈྈྈ འདི་ནི་རྒྱུད་ཀུན་འདུས་པའི་སྙིང་པོ་སྟེ༔ རྫོགས་ཆེན་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཡི༔ ཟབ་པའི་ཡང་སྙིང་གཅིག་ཏུ་བསྡུས་པ་འདི༔ ཚིག་གསལ་དོན་འདུས་སངས་རྒྱས་སྦར་བཅངས་ཡིན༔ ད་ལྟ་མ་སྤེལ་རིན་ཆེན་གཏེར་དུ་སྦོས༔ མ་འོངས་སྙིགས་མཐར་འགྲོ་བ་ཚེ་ཐུང་ཞིང༔ སྒྲུབ་པའི་ལོང་མེད་ཟོག་པོ་ཆུ་ལྟར་བརྡོལ༔ གསང་སྔགས་ཟོང་དུ་བྲིན་ནས་བྱིན་རླབས་ཡལ༔ བདུད་ཀྱི་སྤྲུལ་པས་འགྲོ་བ་འདུལ་བའི་དུས༔ སྐལ་ལྡན་ལས་ཅན་ཤེས་རབ་སྙིང་རྗེ་ཅན༔ རྟ་སྦྲུལ་ལོ་པ་སྟོབས་ཀྱི་མིང་ཅན་དང༔ འཕྲད་དེ་འགྲོ་དོན་དཔག་མེད་སྤྱོད་པར་ཤོག༔ ྈྈྈྈྈ ྈྈྈ ྈྈྈ ྈྈྈ ྈྈྈ ྈྈྈ ྈྈྈྈྈྈྈྈ ྈྈ ྈྈ ྈྈ རྫོགས་པ་ཆེན་པོ་ཐོད་རྒལ་གྱི་སྐོར་འདི་ཆེས་བཀའ་གཉན་པས་འབེབ་མ་ཐུབ་པར་རང་ཉིད་བྲོ་འཚལ་བར་གྱུར་ཅིང་། སླར་ལས་ལྡན་གྱི་ཕྱག་རྒྱ་གང་གིས་ཐབས་ཤེས་ཀྱི་རྫས་དང་བཅས་འབྱོར་བའི་རྟེན་འབྱུང་གིས་ཁྲུམས་ཟླའི་ཌཱ་ཀི་འདུ་བའི་ཚེས་ཉེར་བདུན་ལ་མཆིམས་ཕུ་གུར་དཀར་ཕུག་ཏུ་སྣང་གསལ་མར་མེའི་འོད་ལ་བདག་འདྲ་རྭ་སྟོན་སྨྱོན་པས་དག་པར་ཕབ་པའོ།། །།
ཟབ་བདུན་འཇམ་དཔལ་གཤིན་རྗེ་ཚེ་བདག་ནག་པོའི་སྔགས་བྱང་རྣམས་ (Volume 18, Text 6)
ཟབ་བདུན་འཇམ་དཔལ་གཤིན་རྗེ་ཚེ་བདག་ནག་པོའི་སྔགས་བྱང་རྣམས་བཞུགས་སོ། །རྩ་སྔགས་བཅུ་གཅིག་པ་ནི༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ རྩ་སྔགས་འབྲིང་པོ་ནི༔ ཨྱཻ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ཧྲཱིཿཥྚི་ཨ་པ་ཡེ་ཧཱུྃ༔ སྐུ་ཡི་སྙིང་པོ་ནི། ཨོཾ་ཨེ་ཀ་ཡ་མ་ཧེ་དུན་རཀྵ་དུན་དུན་ཛ་ཡ་ཧཱུྃ་ཕཊ༔ གསུང་གི་སྙིང་པོ་ནི༔ ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་ཧཱུྃ་ཕཊ༔ ཐུགས་ཀྱི་སྙིང་པོ་ནི༔ ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན་ཧཱུྃ་ཕཊ༔ ཨྱཻ་རིང་ནི༔ ཨྱཻ་ཨྱཻ་ཨྱཻ༔ ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་ཡེ་ཨོཾ༔ ཀཱ་ལ་རཱུ་པ་ཀ་པ་ཡེ་ཨཱ༔ ཧྲཱིཿཥྚི་ཨ་པ་ཡེ་ཧཱུྃ༔ ཨ་ཨ༔ ཨ་ནི་ཨ་ནི༔ ཨཱུ་ཨཱུ༔ ཨཱུ་ནི་ཨཱུ་ནི༔ དུ་དུ༔ དུ་ནི་དུ་ནི༔ ཨ་ཨི༔ ཨུ་ཨེ༔ ཨོ་ཨཾ༔ ར་རཱི༔ ལ་ལཱི༔ དུ་རུ་ཡེ༔ བྱ་ཚ་ཡེ༔ སིང་ཧ་ཡེ༔ ཧྲཱི་ད་ཡེ༔ བྷི་ད་ཡེ༔ ཙིཏྟ་ཡེ༔ ཧ་ལ་ཡེ༔ མུ་ཁ་ཡེ༔ ཨུ་ཨུ་ནི་ཨུ་ནི༔ བྱི་ཊི་ཏ༔ ཨ་ཨ་ནན༔ ཡ་མ་རཱ་ཛ༔ ཡ་མ་རཀྴ༔ ཡ་མ་རཀ་ཨ༔ ཡ་མ་རཀྵ༔ བེ་ཏཱ་ལི་ཀྲོ་ཏཱི་ཤྭ་རཱི་མ་མ་ཨེ་ཀ་ཛཱ་ཊི་དྷེ་མ་ཀཱ་ལི་བཾ་རིལ་རུ་ལུ་རུ་ལུ་ཤྲཱི་བཛྲ་ཀྲོ་དྷ་ཡ་མ་ཀརྨ་རོ་ཥ་ཎ་ཀྲོ་དྷ་ཙཎྜ་རཀྵ་མནྟོ་ཨ་ཧཱུྃ་ཛ༔ སྲུང་སྔགས་ནི༔ ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས༔ གྷྲྀ་མ་ཡ་མ་དུ་རུ་ཙཀྲས་སྲུངས༔ སརྦ་ཙིཏྟ་གཟིར་ཐུམས་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ༔ སཾ་གྷྲྀ་ཝ་རི་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ལ་སྲུངས་ཤིག་རཀྵ་སྭཱ་ཧཱ༔ བཟློག་སྔགས་ནི༔ ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་ཟློག༔ སརྦ་ཙིཏྟ་གཟིར་ཐུམས་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པའི་ཤ་ལ་རྒྱུག༔ སྙིང་ལ་མཱ་ར་ཡ་རྒྱུག༔ དབུགས་ལ་རྒྱུག༔ སྲོག་ལ་མཱ་ར་ཡ་རྒྱུག༔ ཁྲག་ལ་རྒྱུག༔ རྩ་ལ་མཱ་ར་ཡ་རྒྱུག༔ ཧཱུྃ་ཕཊ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་ཟློག་ཡ༔ བསད་སྔགས་ནི༔ ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་སོད༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་སོད༔ གྷྲྀ་མ་ཡ་མ་དུ་རུ་ཙཀྲས་སོད༔ སརྦ་ཙིཏྟ་གཟིར་ཐུམས་བྷིག་ནན་ཏྲིག་ནན་རྦད་ཡ་སོད་ཡ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པའི་ཤ་ལ་རྒྱུག༔ སྙིང་ལ་མཱ་ར་ཡ་རྒྱུག༔ དབུགས་ལ་རྒྱུག༔ སྲོག་ལ་མཱ་ར་ཡ་རྒྱུག༔ ཁྲག་ལ་རྒྱུག༔ རྩ་ལ་མཱ་ར་ཡ་རྒྱུག༔ ཧཱུྃ་ཕཊ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་སོད་ཡ༔
ཚེ་དཔག་མེད་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ཀྱི་སྐོང་བ་འཆི་མེད་འདོད་འཇོའི་རྔ་སྒྲ་ (Volume 20, Text 6)
༄༅། །ཚེ་དཔག་མེད་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ཀྱི་སྐོང་བ་འཆི་མེད་འདོད་འཇོའི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ། ། ཧྲཱིཿ ལྷུན་གྲུབ་འགྱུར་བ་མེད་པའི་ཞིང་། །ཀློང་ཡངས་འཁྱིལ་བའི་གཞལ་མེད་ཁང་། །ཡེ་ཤེས་ལྔ་ཡི་རང་འོད་འབར། །བདེ་ཆེན་པདྨོ་བཀོད་པ་ནས། །ཚེ་དང་ཡེ་ཤེས་འོད་དཔག་མེད། །རང་སྣང་སྤྲུལ་པའི་འཁོར་ཚོགས་བཅས། །གཤེགས་བཞུགས་མཚན་མ་མི་མངའ་ཡང་། །ཐུགས་རྗེའི་དབང་གིས་འདིར་དགོངས་མཛོད། །གཟུང་འཛིན་རོ་མཉམ་ངང་དུ་བཞུགས། །ཡིད་དཔྱོད་བྲལ་བར་ཕྱག་བགྱི་འོ། །དུག་ལྔ་གནས་དག་ཡེ་ཤེས་ཀྱི། །འོད་ཟེར་ལྔ་ཡི་རང་མདངས་ལས། །རང་བྱུང་རང་ཤར་མཆོད་པའི་སྤྲིན། །མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཞལ་རོལ་མོ་དབྱངས། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །མཛེས་པའི་ལྷ་མོ་བཅུ་དྲུག་དང་། །སྨན་གཏོར་རཀྟ་ཚོགས་མཆོད་སོགས། །ཕྱི་ནང་གསང་བ་དེ་བཞིན་ཉིད། །དྭངས་མ་བདུད་རྩིའི་བཅུད་མཆོག་ལས། །རང་གྲུབ་སྐོང་རྫས་ནམ་མཁའ་མཛོད། །ཆོས་དབྱིངས་གདོད་ནས་ཁྱབ་པ་ཡིས། །ཐུགས་དམ་གཉན་པོ་བསྐངས་གྱུར་ནས། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཧྲཱིཿ དང་པོའི་སངས་རྒྱས་འོད་མི་འགྱུར། །ཆོས་ཀྱི་སྐུ་ཡི་ཐུགས་དམ་བསྐང་། །ནམ་མཁའི་རྒྱལ་པོ་གངས་ཆེན་མཚོ། །ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་བསྐང་། །རང་བྱུང་སངས་རྒྱས་པདྨ་སྐྱེས། །སྤྲུལ་པའི་སྐུ་ཡི་ཐུགས་དམ་བསྐང་། །སྐྱེ་འཆི་གཉིས་སྤངས་རྡོ་རྗེའི་སྐུ །ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང་། །འཆི་བདག་བདུད་བཅོམ་འོད་ཀྱི་ལུས། །ཏིང་འཛིན་བཟང་པོའི་ཐུགས་དམ་བསྐང་། །འབྱུང་བཞིར་དབང་སྒྱུར་མཁའ་འགྲོའི་གཙོ། །འཇའ་ཚོན་སྙིང་པོའི་ཐུགས་དམ་བསྐང་། །འཇིག་རྟེན་དབང་ཕྱུག་སྤྲུལ་པའི་སྐུ །ཆོས་དབྱིངས་རྡོ་རྗེའི་ཐུགས༴ མཁྱེན་བརྩེ་ནུས་ལྡན་གསང་བའི་བདག །གྲགས་པ་མཆོག་དབྱངས་ཐུགས༴ བི་མ་དངོས་བྱོན་འགྲོ་བའི་སྐྱབས། །བཟང་པོ་རྡོ་རྗེའི་ཐུགས༴ མཁས་གྲུབ་རྒྱ་མཚོའི་གཙུག་གི་རྒྱན། །པདྨ་ལེགས་གྲུབ་ཐུགས༴ བརྟུལ་ཞུགས་སྤྱོད་འཆང་ཧེ་རུ་ཀ །ནམ་མཁའ་འཇིགས་མེད་ཐུགས༴ བརྒྱུད་པའི་བཀའ་བབས་འགྲོ་བ་འདུལ། །བསྟན་པ་དར་རྒྱས་ཐུགས༴ གསར་རྙིང་བསྟན་པའི་སྒྲོན་མེ་མཆོག །ཀརྨ་ཆགས་མེད་ཐུགས༴ སྦྱང་པ་སྔོན་སོང་བཀའ་སྲོལ་འཛིན། །ལུང་ཟིན་ཆོས་བདག་ཐུགས༴ བཀའ་དྲིན་གསུམ་ལྡན་འཁོར་ལོའི་མགོན། །རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་བསྐངས་གྱུར་ནས། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཧྲཱིཿ རྒྱལ་བ་ཀུན་གྱི་གསུང་རྡོ་རྗེ། །མཁའ་མཉམ་འགྲོ་བ་ཡོངས་ཀྱི་སྐྱབས། །འཆི་མེད་དངོས་གྲུབ་ཀུན་འདུས་ཀྱི། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་། །འདུ་ཤེས་རྣམ་དག་བཅོམ་ལྡན་འདས། །སྣང་བ་མཐའ་ཡས་ཚེ་དཔག་མེད། །ན་བཟའ་དཀར་མོ་ཡུམ་དང་འཁྲིལ། །དཀྱིལ་འཁོར་གཙོ་བོའི་ཐུགས་དམ་བསྐང། །ནམ་མཁའི་ཁམས་ཀྱི་བཅུད་སྡུས་ལ། །སེམས་ཀྱི་ཁམས་ཀྱི་ཚེ་ཉམས་གསོས། །དྲན་བྱ་དྲན་བྱེད་སྙིགས་མ་སྦྱོངས། །དག་པ་ཡེ་ཤེས་རང་རྩལ་རྒྱས། །གསུང་མཆོག་རྡོ་རྗེའི་ཚེ་དབང་སྩོལ། །རྣམ་ཤེས་རྣམ་དག་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་ཚེ་དཔག་མེད། །སངས་རྒྱས་སྤྱན་མ་ཡུམ་དང་འཁྲིལ། །ཤར་གྱི་ཚེ་བདག་ཐུགས་དམ་བསྐང་། །ས་ཡི་ཁམས་ཀྱི་བཅུད་སྡུས་ལ། །ཤ་ཡི་ཁམས་ནས་ཚེ་ཉམས་གསོས། །ས་ཁམས་ཤ་ཡི་སྙིགས་མ་སྦྱོངས། །ས་བཅུད་ཤ་ཡི་དྭངས་མ་སྐྱེད། །ཐུགས་མཆོག་རྡོ་རྗེའི་ཚེ་དབང་སྩོལ། །ཚོར་བ་རྣམ་དག་བཅོམ་ལྡན་འདས། །རིན་ཆེན་འབྱུང་ལྡན་ཚེ་དཔག་མེད། །ཡུམ་ཆེན་མཱ་མ་ཀཱི་དང་འཁྲིལ། །ལྷོ་ཡི་ཚེ་བདག་ཐུགས་དམ་བསྐང། །ཆུ་ཡི་ཁམས་ཀྱི་བཅུད་སྡུས་ལ། ཁྲག་གི་ཁམས་ནས་ཚེ་ཉམས་གསོས། །ཆུ་ཁམས་ཁྲག་གི་སྙིགས་མ་སྦྱོངས། །ཆུ་བཅུད་ཁྲག་གི་དྭངས་མ་སྐྱེད། །ཡོན་ཏན་རྡོ་རྗེའི་ཚེ་དབང་སྩོལ། །གཟུགས་ཕུང་རྣམ་དག་བཅོམ་ལྡན་འདས། །རྣམ་པར་སྣང་མཛད་ཚེ་དཔག་མེད། །ཡུམ་ཆེན་དབྱིངས་ཕྱུག་མ་དང་འཁྲིལ། །ནུབ་ཀྱི་ཚེ་བདག་ཐུགས་དམ་བསྐང་། །མེ་ཡི་ཁམས་ཀྱི་ཚེ་ཉམས་གསོས། །དྲོད་ཀྱི་ཁམས་ནས་བཅུད་སྡུས་ལ། །མེ་ཁམས་དྲོད་ཀྱི་སྙིགས་མ་སྦྱོངས། །མེ་བཅུད་དྲོད་ཀྱི་དྭངས་མ་སྐྱེད། །སྐུ་མཆོག་རྡོ་རྗེའི་ཚེ་དབང་སྩོལ། །འདུ་བྱེད་རྣམ་དག་བཅོམ་ལྡན་འདས། །དོན་ཡོད་གྲུབ་པ་ཚེ་དཔག་མེད། །དམ་ཚིག་སྒྲོལ་མ་ཡུམ་དང་འཁྲིལ། །བྱང་གི་ཚེ་བདག་ཐུགས་དམ་བསྐང་། །རླུང་གི་ཁམས་ཀྱི་བཅུད་སྡུས་ལ། །དབུགས་ཀྱི་ཁམས་ནས་ཚེ་ཉམས་གསོས། །རླུང་ཁམས་དབུགས་ཀྱི་སྙིགས་མ་སྦྱོངས། །རླུང་བཅུད་དབུགས་ཀྱི་དྭངས་མ་སྐྱེད། །ཕྲིན་ལས་རྡོ་རྗེའི་ཚེ་དབང་སྩོལ། །འཇམ་དཔལ་གཞོན་ནུ་སྤྱན་རས་གཟིགས། །གསང་བའི་བདག་པོ་པདྨ་འབྱུང་། །རྒྱལ་ཀུན་རྡོ་རྗེ་བཞི་ཡི་དངོས། །འགྲོ་འདུལ་སྐུ་བཞིའི་ཐུགས་དམ་བསྐང་། །མཆོག་གསུམ་རྩ་གསུམ་རིག་པ་འཛིན། །དྲང་སྲོང་ཚེ་ལ་དབང་རྣམས་ཀྱི། །ཐུགས་རྗེ་བྱིན་རླབས་མངོན་ཤེས་ཚེའི། །དངོས་གྲུབ་བསྡུས་ནས་བདག་ལ་སྟིམས། །དམ་ཚིག་སྡོམ་ཉམས་སོར་ཆུད་ནས། །མི་འགྱུར་རྡོ་རྗེའི་ཚེ་དབང་སྩོལ། །པུཥྤེ་དཀར་མོ་དྷཱུ་པེ་སེར། །ཨཱ་ལོ་དམར་མོ་གནྡྷེ་ལྗང་། །ལས་བཞིའི་ཕྲིན་ལས་སྒྲུབ་མཛད་མ། །མགྱོགས་མ་བཞི་ཡི་ཐུགས་དམ་བསྐང་། །བརྒྱ་བྱིན་འཇོག་པོ་འཁོར་ལོས་སྒྱུར། །ལྷ་ཀླུ་མི་དབང་ཚེ་བསོད་ཅན། །སྟོབས་རྩལ་ཆེ་བའི་སྲོག་ཆགས་དང་། །མཁའ་ལྡིང་ཟིལ་དང་ལྡན་སོགས་ཀྱི། །ཚེ་བསོད་ཁ་རྗེ་དབང་ཐང་དང་། །སྙན་གྲགས་ཀླུང་རྟའི་དྭངས་མ་སྡུས། །འཆི་མེད་རྡོ་རྗེའི་ཚེ་དབང་སྩོལ། །རྣམ་པར་རྒྱལ་བ་གཤིན་རྗེའི་གཤེད། །རྟ་མགྲིན་དབང་ཆེན་བདུད་རྩི་འཁྱིལ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །སྒོ་སྲུང་ཡབ་ཡུམ་ཐུགས་དམ་བསྐང་། །གདོན་བགེགས་སྡེ་བརྒྱད་འབྱུང་པོ་ཡིས། །བླ་ཚེ་སྲོག་དབུགས་ཕྲོགས་པ་དང་། །བརྐུས་དང་བཅོམ་པ་རང་གནས་ཁུག །འཐོར་དང་ཞིག་པ་ཤུལ་དུ་ཆུགས། །ཚེ་བདུད་བར་ཆད་རྡུལ་དུ་རློགས། །གཞན་ཡང་ཚེ་ལྷ་རིག་འཛིན་དང་། །བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས། །གཙང་རིགས་དཔལ་མགོན་ལ་སོགས་པ། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་། །བླ་ཚེ་སྲོག་ཚེ་ཉམས་པ་གསོས། །གས་པ་སྦྱོར་ལ་ཡར་བ་ཁུག །ཆད་པ་མཐུད་ལ་ཡོ་བ་སྲོངས། །ཚེ་དབང་འགྲུབ་པའི་སྡོངས་གྲོགས་མཛོད། །ཕྱི་སྣོད་འཇིག་རྟེན་རབ་འབྱམས་ཀྱི། །འབྱུང་ལྔའི་དྭངས་མ་ལུས་ལ་སྟིམས། །ནང་བཅུད་ཁམས་གསུམ་སྲིད་གསུམ་གྱི། །སྐྱེ་འགྲོའི་ཤེས་རྒྱུད་ངག་ལ་སྟིམས། །གསང་རྒྱུད་རྒྱལ་བ་རྒྱ་མཚོ་ཡི། །ཐུགས་རྗེ་བྱིན་རླབས་སེམས་ལ་སྟིམས། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཧྲཱིཿ རྡོ་རྗེ་ཚེ་ཡི་ལྷ་ཚོགས་དགོངས། །ཐམས་ཅད་ཆོས་དབྱིངས་མཉམ་པ་ཉིད། །གདོད་ནས་ཡེ་སངས་རྒྱས་པ་ལ། །མ་རྟོགས་གཉིས་སྣང་འཁྲུལ་པའི་དབང་། །སྐྱེ་འཆི་འཁོར་བ་ལུ་གུ་རྒྱུད། །བར་མེད་ངང་དུ་སྒྲིབ་བསགས་པ། །ལས་ཉོན་སྤྱི་དང་ཁྱད་པར་དུ། །སྡོམ་པ་གསུམ་གྱི་ཆག་ཉམས་དང་། །སྲོག་བཅད་རྟེན་གསུམ་གཞིག་གཞོམ་དང་། །རྡེག་རྡུང་རྐུ་འཕྲོག་ལ་སོགས་པ། །ཚེ་ཐུང་ནད་མང་དབང་ཐང་གུད། །བར་གཅོད་མང་བའི་ལས་སྒྲིབ་རྣམས། །གནོང་འགྱོད་དྲག་པོས་མཐོལ་ལོ་བཤགས། །ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །སྣང་སེམས་ཟུང་འཇུག་ངང་དུ་བཤགས། །རིག་སྟོང་ཀློང་དུ་སོར་ཆུད་ཤོག །ཐམས་ཅད་རྡོ་རྗེ་ཚེ་ལྷ་ཡི། །དཀྱིལ་འཁོར་མཐའ་དབུས་མེད་པར་དག །ཨ་འཐས་འཁྲུལ་པའི་མིང་ཡང་མེད། །ལྷུན་གྲུབ་རིན་ཆེན་གསང་བའི་སྦུབས། །གཞོན་ནུ་བུམ་པ་སྐུར་སྨིན་ནས། །འཁོར་བ་མ་སྟོངས་བར་དུ་ནི། །སྐྱེ་འཆི་འཕོ་འགྱུར་མེད་པ་ཡི། །འཇའ་ལུས་རྡོ་རྗེ་དྭངས་མའི་སྐུ །ཚེ་དང་ཡེ་ཤེས་འོད་དཔག་མེད། །མངོན་གྱུར་དོན་གཉིས་ལྷུན་གྲུབ་ཤོག །དེ་སྐད་རྡོ་རྗེའི་ཚིག་གི་གསེར་ཕྲེང་ལ། །སོ་སྐྱེའི་ཚིག་རྒྱན་ར་གན་མི་མཛེས་ཀྱང་། །གསོལ་བསྐང་སྨོན་ལམ་མོས་བློས་བྱས་པ་ལ། །ཉེས་མེད་ཕྱིར་ན་འདི་ཉིད་སྒྲུབ་པའི་སྐབས། །རྟེན་འབྲེལ་ཆེད་དུ་སུ་ཁ་བཛྲ་ཡིས། །ཀུན་བཟང་བདེ་ཆེན་གླིང་བྲིས་ཡི་གེ་པ། །རང་སློབ་ཀརྨ་འགྱུར་མེད་ཚེ་དབང་ངོ་། །ཉེས་མཆིས་རྩ་གསུམ་ཆོས་སྐྱོང་སྲུང་མར་བཤགས། །དགེ་བས་འཆི་མེད་རྡོ་རྗེའི་སྐུ་བརྙེས་ཤོག །ཤུ་བྷཾ།། །།
ཡི་དམ་སྤྱི་ཡི་བྱང་ཆོག་ཤི་ཤོག་གསོན་ཤོག་གང་བྱེད་ཀྱང་འབྲེལ་ཚད་དོན་ལྡན་བདེ་ཆེན་ཞིང་གི་ལམ་བཟང་ (Volume 42, Text 6)
༄༅། །ཡི་དམ་སྤྱི་ཡི་བྱང་ཆོག་ཤི་ཤོག་གསོན་ཤོག་གང་བྱེད་ཀྱང་འབྲེལ་ཚད་དོན་ལྡན་བདེ་ཆེན་ཞིང་གི་ལམ་བཟང་བཞུགས་སོ། ། ན་མོ་བུདྡྷཡ། འོད་དཔག་མེད་ཀྱི་ཆོ་ག་རྒྱས་བསྡུས་སམ། །སྨན་བླའི་མདོ་ཆོག་ལ་བརྟེན་ཤི་གསོན་གྱི། །མིང་བྱང་བཞུ་འམ་རོ་ཆོག་བྱ་བའི་ཐབས། །བདག་མདུན་བུམ་གསུམ་སྤྱི་དང་མཚུངས་པ་སྟེ། ཁྱད་པར་སྨན་བླའི་ཕྱག་རབས་ཚར་བའི་རྗེས། །མདུན་བསྐྱེད་སྐུ་ལས་འོད་ཟེར་འཕྲོས་པ་ཡིས། །བདག་ཉིད་སྨན་བླ་གཙོ་རྐྱང་སྐུར་གྱུར་བསམ། །དེ་ཡང་དམ་ཚིག་ཡེ་ཤེས་དབྱེར་མེད་བསྒོམ། །བུམ་པའི་ནང་དུ་མདུན་བསྐྱེད་འོད་ཟེར་ལས། །གྲུབ་པའི་སྨན་བླ་མཆེད་བརྒྱད་སེམས་དཔའི་ཚོགས། །མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་གསལ། །སྐུ་ལས་བདུད་རྩིའི་རྒྱུན་བབ་བུམ་པ་གང་། །གཟུངས་རིང་གཟུངས་ཐུང་ཅི་ནུས་བཟླས་པའི་མཐར། །འོད་ཞུ་བུམ་ཆུ་ཉིད་དང་དབྱེར་མེད་བསམ། །གནས་ཆོག་ལ་ཡང་དེ་དང་མཚུངས་པ་འོ། །གཟུགས་དང་ནྲྀ་ཡིག་མིང་བྱང་བཅས་པ་འམ། །བསྡུ་ན་ས་བོན་ཙམ་གྱིས་ཆོག་པར་བསམ། ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ནྲྀ་ཡིག་ལས་མིང་དུ་བྲིས་པའི་དམིགས་ཡུལ་ཕུང་ཁམས་སྐྱེ་མཆེད་ཆ་ལུགས་ཡོངས་སུ་རྫོགས་པ་མངོན་སུམ་ལྟ་བུར་གསལ་བར་གྱུར། རང་གི་ཐུགས་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུར་ཕྱོགས་བཅུར་འཕྲོས་པས། བར་དོའི་རྣམ་ཤེས་ཨཿཡིག་དམར་པོ་འོད་དང་བཅས་པ་བཀུགས་ཏེ་སྤྱི་བོ་ནས་སྙིང་ཁར་ཞུགས་པའམ། ལུས་བླངས་ཚར་བའམ། གསོན་པོ་ཡིན་ན། འོད་དེས་བཀུག་ནས་མིང་བྱང་ལ་དབྱེར་མེད་པར་བསྒོམ་ཞིང་རྡོ་རྗེ་ནང་བསྡམ་མཛུབ་མོ་གཉིས་ཅུང་ཟད་བཀུག་མཐེའུ་ཆུང་གཉིས་གཤིབ་སྟེ་བརྐྱངས་ནས་རོའམ་བྱང་བུའི་མགོར་བཞག་སྟེ། ན་མོ། དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱི་བདེན་པ་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་བཅོམ་ལྡན་འདས་ཆེ་གེའི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། གཅིག་ཡིན་ན་ཚེ་འདས་ཆེ་གེའི་མིང་ངམ། དམིགས་ཡུལ་མིང་དུ་བྲིས་པ་འདི་རྣམས་སྲིད་པ་གསུམ་རིགས་དྲུག་བར་མ་དོ་གང་དུ་གནས་ཀྱང་སྐད་ཅིག་ཉིད་ལ་འདིར་མཆིས་པར་གྱུར་ཅིག །ཨོཾ་བཛྲ་སཏྭ་ཧཱུྃ། ཨོཾ་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཁུ་ཚུར་གཉིས་ཀྱི་ཧཱུྃ་གཉིས་བཅིངས་ནས་གྱེན་དུ་འགྲེང་བ་ལྟུང་བ་སློང་བའི་ཕྱག་རྒྱ། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་ཨ་པཱ་ཡ་ཨ་པཱ་ཡ་ཧཱུྃ། བསྡམས་པ་ལས་ཨོཾ་ཏྲཱཾ་ཨཱཿགསུམ་བརྐྱངས་ཏེ་ཕན་ཚུན་འདུད་པ་སྡིག་པ་འཇོམས་པའི་ཕྱག་རྒྱ། ཨོཾ་སརྦ་བིཏ་སརྦ་པཱ་པཾ་བི་ཤོ་དྷ་ནེ་ཧཱུྃ། རྒྱ་དེ་ལན་གསུམ་ཕྲལ་ནས། ཨོཾ་སརྦ་བིཏ་ཏྲཊ། དེ་ནས་ལྕོག་རྡོག་བྲན་ལ། ཨོཾ་ཨ་ཀཱ་རོ་སོགས། གཏོར་མ་སོ་སོའི་ཡིད་དང་མཐུན་པའི་ལོངས་སྤྱོད་རྒྱ་ཆེན་པོ་འདི། གསོན་པོ་རྣམས་ཀྱི་ཚེ་སྲོག་ལ་གནོད་ཅིང་། འཆི་ཁ་དབུགས་སྡུད་ཅིང་ཕུང་པོ་བདག་ཏུ་བཟུང་བས། ཚེ་འདས་ཀྱི་གཟུགས་སུ་སྤྲུལ་ནས་ཉེ་འབྲེལ་ལ་གནོད་པ། མཛའ་བཤེས་སུ་སྤྲུལ་ནས་འབོད་ཅིང་། ཚེ་འདས་ཐར་པ་ཐོབ་ཏུ་མི་འཇུག་པ། གཤེད་མར་སྤྲུལ་ནས་ངན་སོང་གི་ལམ་སྟོན་ཅིང་གཤིན་རྗེའི་ཡུལ་དུ་འཁྲིད་པར་བྱེད་པའི་བདུད་བགེགས་གནོད་སྦྱིན་ཤ་ཟ་དང་འབྱུང་པོའི་རིགས་དང་། གཤིན་རྗེའི་ཆད་པ་ཞེས་བྱ་བའི་ཡི་དྭགས་དང་། དྲི་ཟ་འཆི་ཁ་མ་ཡི་སེམས་ལ་ཉེ་བར་འཇུག་པ་དང་། དྲི་ཟ་ཁྱབ་བྱེད་དང་། དྲི་ཟ་པི་ཤ་ཙི་ན་རྣམས་ཀྱི་རིགས་དང་། གནོད་སྦྱིན་ཕྲ་མ་སྨྲ་འདོད་དང་། གནོད་སྦྱིན་ཝ་ར་ཧི་སྟེ་ཀུན་ཏུ་རྟོག་འདོད་ཅེས་བྱ་བའི་རིགས་སུ་གཏོགས་པ་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་ཐུག་པ་མེད་པ། བར་སྣང་ཁམས་ན་གནས་པ་ཐམས་ཅད་ལ་བསྔོ་འོ། །སྦྱིན་ནོ། །མགུ་ཞིང་ཚིམས་ནས་དམིགས་ཡུལ་མིང་དུ་བྲིས་པ་འདི་རྣམས་ལ་གནོད་ཅིང་འཚེ་བ་སྤོངས་ལ་རང་རང་སོ་སོར་སོང་ཞིག །ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས། གཡས་གཡོན་དུ་ལན་གསུམ་བསྐོར་རོ། །ཏིང་ལོ་ཆངས་བུ་ཡང་དེ་བཞིན་དུ་བསྐོར་ཞིང་། ཨོཾ་སུམྦྷ་ནི་སོགས། རང་གི་ཐུགས་ཀའི་འོད་ཟེར་གྱིས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས། ཨོཾ་བཛྲ་ཀྲོ་ཏ་ས་མ་ཡ་ཛཿ ཧཱུྃ། བདེན་པའི་བཀའ་ལ་མི་ཉན་པའི། །བགེགས་དང་ལོག་འདྲེན་འབྱུང་པོ་རྣམས། ཁྲོ་བོ་བརྩོན་འགྲུས་མཐའ་ཡས་ཀྱིས། །རྡོ་རྗེ་ཕུར་པས་དམ་དུ་ཐོབས། །གཙུག་ཏོར་འཁོར་ལོས་སྒྱུར་རྒྱལ་གྱིས། །བགེགས་ཀྱི་རྫུ་འཕྲུལ་མེད་པར་གྱིས། ཁྲོ་བོ་འདོད་པའི་རྒྱལ་པོ་ཡིས། །དེ་ཡི་བརྩོན་འགྲུས་ཉམས་པར་གྱིས། །དབྱུག་སྔོན་ཅན་གྱིས་དབྱུག་ཐོས་རྡུངས། །གནོད་མཛེས་ཀྱིས་ནི་རེངས་པར་གྱིས། །མི་གཡོ་མགོན་པོས་དམ་དུ་ཆིངས། །ཡེ་ཤེས་མེ་ཡི་འོད་ཀྱིས་སྲེགས། །ཨོཾ་སུམྦྷ་ནི་སོགས། ཡུངས་དཀར་རམ་མེད་ན་ནས་ཐུན་གྱིས་བྲབ། གཡས་སུ་མར་མེའམ་མེ། གཡོན་དུ་ཆུ་སྣོད། དབུས་སུ་ཏིལ་བཞག །སྟོང་པའི་ངང་ལས་ཞི་བའི་ཐབ་ཁུང་ནི། །མཚན་ཉིད་ཡོངས་རྫོགས་མེ་དཔུང་འབར་བའི་ནང་། །པད་ཉིར་འཇིགས་དུས་གདན་ལ་ཧཱུྃ་ཡིག་ལས། །ཟ་བྱེད་རྡོ་རྗེ་མཁའ་འགྲོ་སྐུ་མདོག་མཐིང་། །ཞལ་གཅིག་སྤྱན་གསུམ་མཆེ་གཙིགས་གར་དགུའི་ཉམས། །ཕྱག་རྒྱ་དྲུག་ལྡན་རྡོར་དྲིལ་ཐུགས་ཀར་བསྣོལ། །ཞལ་གདངས་ཞབས་གཉིས་གཡས་བརྐྱང་སྟབས་ཀྱིས་འགྱིངས། །གནས་གསུམ་འབྲུ་གསུམ་འོད་ཀྱིས་ཡེ་ཤེས་པ། །སྤྱན་དྲངས་བསྟིམ་ཞིང་དབང་ལྷས་དབང་བསྐུར་གྱུར། །དབང་རྟགས་མི་བསྐྱོད་པ་ཡིས་དབུ་བརྒྱན་གྱུར། །ཨརྒྷཾ་སོགས། དམིགས་ཡུལ་རྣམས་ཀྱི་སྙིང་ཁར་པཾ་ནག་པོ། །དེ་ལ་ལུས་ངག་ཡིད་གསུམ་སྡིག་སྒྲིབ་ཐིམ། །རྐང་མཐིལ་གཉིས་སུ་ཡཾ་ལས་རླུང་འཕྲོས་པས། །ལྟེ་བར་གཏུམ་མོ་ཡེ་ཤེས་མེ་འབར་བས། །པཾ་ཡིག་དེ་རྣམས་སྣ་བུག་གཡས་པ་ནས། །སྡིག་པ་རྭ་ཅན་གཟུགས་སུ་ཏིལ་ལ་ཐིམ། །རྡོ་རྗེ་མཁའ་འགྲོའི་ཞལ་དུ་ཕུལ་བར་བསམ། །ལག་པ་གཡས་གཡོན་གྱིས་ཏིལ་བླངས་ལ་ལན་དགུ་བསྐོར་ཞིང་འབུལ། ཨོཾ་བཛྲ་ཌཱ་ཀི་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷསྨིན་ཀུ་རུ་སྭཱ་ཧཱ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ཀྱི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །དམིགས་ཡུལ་རྣམས་ཀྱི་སྡིག་སྒྲིབ་དང་། །ཉམས་ཆག་ནད་གདོན་བར་ཆད་ཀུན། །ཞི་ཞིང་བྱང་བར་མཛད་དུ་གསོལ། །རྡོ་རྗེ་མཁའ་འགྲོ་དབྱིངས་སུ་གཤེགས། །བཛྲ་མུཿ བྱེ་མ་ལ་ལྷ་གང་ཡིན་གྱི་གཟུངས་དང་། སྤྱན་རས་གཟིགས་སོགས་ལྷ་གཞན་ལ་སོ་སོའི་སྙིང་པོ་དང་ཡིག་བརྒྱས་བྲབ། སྔགས་གཙོ་བོ་ནི། ཨོཾ་པདྨོ་ཨུཥྞི་ཥ་བི་མ་ལེ་ཧཱུྃ་ཕཊ། ཨོཾ་ད་ཧ་ད་ཧ་སརྦ་ན་རཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ། དེ་ནས་ལྷ་ཁྲུས་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་བསྩལ་དུ་གསོལ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོངས་མི་མངའ་ཡང་། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱང་སླད་དུ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་དག་གྱུར་ཅིག །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་སོགས། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་བྲལ་ལྡན་པས་སྐུ་ཕྱི་འོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་འབུལ། །ཨོཾ་བཛྲ་ཝསཏྲཾ་ཨཱཿཧཱུྃ། དེ་ནས་ཁྲུས་ཆུ་བུམ་པ་གཞན་དུ་བླུགས་ལ། འདི་ནི་ཕ་རོལ་ཕྱིན་དྲུག་ཆུ། །དྲི་མ་རྣམས་ནི་སྦྱོང་མཛད་པ། །ཕར་ཕྱིན་དྲུག་ལ་ལེགས་འགོད་ཆུ། ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། ༴ །ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་བའི། ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། ༴ །དྲི་ཆུ་དྲུག་གིས་ཁྲུས་བྱས་ནས། །དྲི་མ་རྣམ་དྲུག་སྦྱོང་མཛད་ཅིང་། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པ། ཁྲུས་ལེགས་མཛད་ལ་ཉེས་མི་མངའ། ༴ །དྲི་མ་རྣམ་དྲུག་དག་པ་ཡིས། །ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིད་དོ། །གཙུག་དགུའི་རྒྱུད་བརྟག་པ་ཕྱོགས་གཅིག་ལས། སྔགས་ཀྱི་ཆུ་མཆོག་གིས་ཀྱང་བཀྲུ་བར་བྱ། ཞེས་གསུངས་པས་འོད་དཔག་མེད་དང་། སྨན་བླ་གང་ཡིན་གྱི་གཟུངས་སམ་སྙིང་པོའི་མཚན་སྔགས་ཏེ། ཨོཾ་བྷཻ་ཥ་ཛྱེ༴ ཨོཾ་ཨ་མི་ཏེའི་མཇུག་ཏུ། དམིགས་ཡུལ་གྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཤོ་ལོ་ཀ་རེའི་མཚམས་སུ་སྦྱར་ཞིང་མཇུག་ཏུ། དམིགས་ཡུལ་གྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དང་ཕར་ཕྱིན་དྲུག་གི་མི་མཐུན་པའི་ཕྱོགས་ཐམས་ཅད་དག་ནས། ཕྱིན་དྲུག་ཡོངས་སུ་རྫོགས་པར་གྱུར་ཅིག །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །དཀོན་མཆོག་གསུམ་པོ་དུག་མི་མངའ། །དཀོན་མཆོག་བདེན་པས་དུག་བཅོམ་མོ། །གཟུངས་སམ་སྔགས་དང་། དམིགས་ཡུལ་གྱི་དུག་ལྔ་དུག་གསུམ་གྱི་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ས་ཆུ་མེ་རླུང་འབྱུང་བ་བཞི། །འབྱུང་བཞི་དུག་གི་ཕ་ཡིན་ཏེ། །འབྱུང་བཞི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །སེམས་ཅན་དུག་ནི་དུག་མེད་ཤོག །གཟུངས་སམ་སྔགས་དང་། དམིགས་ཡུལ་གྱི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དུག་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱིས་བསམ་པ་ཡིས། ཁྱོད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་རྣམས་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་ཤོག །ཁྱོད་ལ་སྡིག་པར་མ་གྱུར་ཅིག །དམིགས་ཡུལ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག །དེ་ཉིད་བསྡུས་པའི་རྒྱུད་ལས་གསུངས་པ་འདི་ཁོང་རྣམས་ཀྱིས་ཟེར་བར་དམིགས་ཤིང་། བཅོམ་ལྡན་འདས་བདག་ཅག་སྡུག་བསྔལ་གྱིས་གཟིར་བ་འདི་དག་ལ་སྐྱོབ་ཏུ་གསོལ། བདག་ཅག་རྣམས་སངས་རྒྱས་དང་། ཆོས་དང་དགེ་འདུན་དང་ཁྱེད་རྣམས་ལ་ཡང་སྐྱབས་སུ་མཆི་འོ། །བསྡུས་པ་དེས་ཆོག་གསུངས། སྤྲོ་ན་གཙོ་རྒྱལ་མ་བྱའོ། ༈ །མཎྜལ་ཕུལ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོག་ཆེན་ཇི་ལྟར་བསྩལ་པ་ལྟར། །བདག་ཅག་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །གསུམ་མམ་གཅིག །འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེར་བཅས་པ་ཡིས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བྱས་ནས། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །ཨོཾ་ཨ་མྲྀཏ་སོགས། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་དམིགས་ཡུལ་རྣམས། བཅོམ་ལྡན་འདས་ཆེ་གེའི་སྐུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། འོད་དང་འོད་ཟེར་འཕྲོ་བ། དེའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གསུམ། ཐུགས་ཀའི་སྟོད་དུ་ས་བོན་དེ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ནས། ཆེ་གེའི་སྐུ་གྲངས་མེད་པ་ཉི་ཟེར་གྱི་རྡུལ་འཁྲུགས་པ་ལྟར་བྱོན་ནས་ཁྱེད་རང་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། ཨོཾ་བཛྲ་པྲ་ཝེ་ཤ་ཡ་ཨ་ཨཱཿ རོལ་མོ་དང་། རྡོ་རྗེ་སྤྱི་བོར་བཞག་པར་བསམ་ལ། ཏིཥྛ་བཛྲ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་ལྷ་རིགས་ལྔ་སྤྱན་དྲངས་བཛྲ་ས་མ་ཡ་ཛཿ འདི་རྣམས་ལ་དབང་བསྐུར་བར་མཛད་དུ་གསོལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། བུམ་པའི་ཆུས་ལུས་ཀྱི་གནས་བཞི་གང་། སྒྲིབ་བཞི་དག །དབང་བཞི་ཐོབ། ཆུ་ཡི་ལྷག་མ་གྱེན་དུ་ལུད་པ་ལས། རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །སོགས། ཨོཾ་ལས་ལྷ་རྫས་འདོད་ཡོན་ནམ་མཁའ་གང་བར་གྱུར། ཨོཾ་སམྦྷ་ར་སོགས། ཧཱུྃ། སྣང་སྲིད་འགྲོ་བ་རིགས་དྲུག་དང་། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། །རང་གི་ཚེ་རབས་ཡུན་གྱི་རྒྱགས། །ལོངས་སྤྱོད་ཚེ་ཡི་རྒྱགས་འདི་ལོངས། །ཟས་ཀྱི་ཐ་མ་འདི་ཡིན་ཏེ། །དེ་ཕྱིར་ཁྱོད་ཀྱིས་ཟས་འདི་ལོངས། །ཟས་ཀྱི་ཐ་མ་འདི་ཡིན་པས། །སྐྱེ་བ་གཏན་གྱི་ལོངས་སྤྱོད་ཟས། །མི་ཟད་ནམ་མཁའི་མཛོད་ལ་སོགས། །སྦྱིན་པའི་ཕར་ཕྱིན་ཡོངས་རྫོགས་པའི། །ཟས་གཏད་འདི་ནི་དགའ་བས་ལོངས། །གསོན་ཡང་གཤིན་ལ་མི་འཕྲེང་ངོ་། །གཤིན་ཡང་གསོན་ལ་མ་ཆགས་པར། །བདེ་ཆེན་དག་པའི་ཞིང་དུ་གཤེགས། །འཁོར་བ་འདི་ནི་སྡུག་བསྔལ་ཆེ། །བྱས་པས་མི་ཟིན་ལས་ཡོད་པས། །འཁོར་བ་འདི་རུ་མ་གནས་པར། །རང་གི་ཆོས་ཉིད་འདི་རིག་ལ། །བདེ་བ་ཅན་གྱི་ཞིང་ཁམས་ན། །སྟོང་པ་ཆེན་པོ་ཡུན་རེ་རིང་། །འཁོར་བ་རིགས་དྲུག་གཅོང་རོང་ཆེ། །པདྨ་བཀོད་པའི་ཞིང་ཁམས་སུ། །ཆོས་ཉིད་འོད་གསལ་ལྷུན་རེ་འཐུག །སེམས་དཔའ་སེམས་མ་གྲོགས་རེ་བཟང་། །དེ་བས་ཚེ་འདས་ཆེ་གེ་ཁྱོད། །ཟས་འདི་ལོངས་ལ་བདེ་བར་གཤེགས། །འདོད་ཡོན་ནམ་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པ་དང་། །རྩོད་པ་མེད་ཅིང་འཚེ་མེད་པ། །རང་དབང་དུ་ནི་སྤྱོད་པར་ཤོག །འདོད་པའི་ཡོན་ཏན་ལྔ་ལ་སོགས་པ་དག་ཅིང་འབྱོར་པ་འདི་དག་ཐམས་ཅད། ཡུན་གྱི་ཟས་སྐལ་དང་། མི་ཟད་པའི་ལོངས་སྤྱོད་དང་། དགེ་བའི་རྩ་བར་བསྔོ་བའི་ཟས་གཏད་འདི་ལོངས་ལ། འཁོར་བ་འདིར་མ་ཞེན་པར། སེམས་སྟོང་པ་སྐྱེ་འཆི་མེད་པའི་དོན་ལྟོས་ལ། བདེ་ཆེན་དག་པའི་ཞིང་དུ་བཞུད་ཅིག །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ལམ་བྷ་ཏ། བྷ་ཏུ་ཡ་ཡ། ཨ་ལི། ཨུ་ལི། ཏ་ལི་པ་ཏ་ལི་ཨརྒྷཾ་པྲ་ཏཱི་ཛ་ཧོཿ གསོན་ཤོག་རྐྱང་པ་ལ་ཟས་བསྔོ་ལམ་བསྟན་གཉིས་མི་བྱའོ། །གཞན་ཁྱད་པར་མེད་དོ། །མེ་སྦར་འདི་ཐུན་མོང་གི་ཡིན་ཁྱད་པར་མེད། ཟླ་བའི་དཀྱིལ་འཁོར་སྟེང་དུ་ནི། །བསྒྲུབ་བྱ་ལྷ་ཡི་སྐུར་གནས་པའི། །ལྟེ་འོག་ཨ་ཐུང་ཡེ་ཤེས་མེ། །འབར་བས་སྡིག་སྒྲིབ་སྡུག་བསྔལ་དང་། །རྣམ་སྨིན་ལུས་དང་ཡིད་ལུས་ཀྱི། །སྒྲིབ་པའི་བར་ཆད་ཐམས་ཅད་བསྲེགས། །དག་པ་བཅོམ་ལྡན་ཆེ་གེ་ཡི། །སྐུ་རུ་མངོན་སུམ་ཉིད་དུ་གྱུར། །འོད་ཕུང་འཁྲིགས་པའི་དབུས་ན་བཞུགས། །བདག་གི་ཐུགས་ཀའི་འོད་ཟེར་གྱིས། །རྡོར་སེམས་ལ་སོགས་བཅོམ་ལྡན་འདས། །དཀར་པོ་སྤྱན་དྲངས་གྲངས་མེད་བསྟིམ། །སྡིག་སྒྲིབ་ནད་གདོན་ཐམས་ཅད་ཞི། །འཇམ་དབྱངས་ལ་སོགས་སེམས་དཔའི་ཚོགས། །སེར་པོ་དཔག་མེད་སྤྱན་དྲངས་བསྟིམ། །བསོད་ནམས་ཡེ་ཤེས་མཁྱེན་པ་རྒྱས། །ཕག་མོ་ལ་སོགས་ཌཱ་ཀིའི་ཚོགས། །དམར་མོ་གྲངས་མེད་སྤྱན་དྲངས་བསྟིམ། །རླུང་སེམས་རང་དབང་ཐོབ་པར་གྱུར། །ཧེ་རུ་ཀ་སོགས་ཁྲོ་བོའི་ཚོགས། །མཐིང་ནག་དཔག་མེད་སྤྱན་དྲངས་བསྟིམ། །བདུད་བཞི་ཉོན་མོངས་ཟད་པར་བྱས། །དམིགས་ཡུལ་རྒྱུད་ཀྱི་མ་དག་པའི། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །སྐུ་ལྔ་ཡེ་ཤེས་ལྔ་ཡི་མེས། །བསྲེགས་པས་བྱང་ཞིང་དག་པར་གྱུར། །བླ་མའི་མཚན་ནས་རྒྱང་འབོད་དང་། གཟུགས་མེད་སྒྲ་མེད་ནས་ཆོས་མེད་བར། ལྷ་གང་ཡིན་གྱི་གཟུངས་སམ་ཀཾ་ཀ་བརྗོད་ཅིང་བསྲེག །འཕོ་བ་དུས་ལྟར་ཚེ་འདས་རྣམ་ཤེས་སྤྱི་བོ་ནས་ཨཿཡིག་གི་རྣམ་པར་བཏོན་ཏེ་འཕེན་པར་བཤད་ཀྱང་། རང་ལུགས་ལ་དེ་མི་འདུག་པས། ཚེ་འདས་ཀྱི་རྣམ་ཤེས་དང་ཡེ་ཤེས་སེམས་དཔའ་དབྱེར་མེད་པར་ཟླ་བའི་དཀྱིལ་འཁོར་ལ་གནས་པ་དེ་ནམ་མཁར་བཏེགས་ཏེ། ཧོཿ ཚེ་ལས་འདས་པ་ཁྱོད་ཉོན་དང་། །འདི་ནས་ནུབ་ཕྱོགས་བདེ་ཆེན་ན། །མགོན་པོ་སྤྱན་རས་གཟིགས་དབང་དང་། །སངས་རྒྱས་སྣང་བ་མཐའ་ཡས་བཞུགས། །བྱང་ཆུབ་སེམས་དཔའི་འཁོར་དང་བཅས། །སྲིད་པའི་སྡུག་བསྔལ་ཀུན་ལས་གྲོལ། །ཞིང་དེའི་ཡོན་ཏན་བརྗོད་ལས་འདས། །སུ་ཞིག་དེ་ཡི་མཚན་འཛིན་པ། །མོས་ཤིང་གུས་པའི་མཆོག་བསྐྱེད་ན། །ཞིང་མཆོག་དེར་ནི་སྐྱེ་བར་གསུངས། །དེ་ཕྱིར་ཁྱོད་ཀྱིས་གུས་ཆེན་སྐྱེད། །ང་ནི་ཆེ་གེ་མོ་སྟེ། ཁྱོད་ཀྱི་ལམ་མཆོག་འདྲེན་པ་ཡིན། །འདི་དང་ཞིང་དེའི་བར་ལམ་དུ། ཁྱོད་ཀྱི་ཕ་མ་ང་ཡིན་ཟེར། ཁྱོད་ཀྱི་ཟླ་གྲོགས་ང་ཡིན་ཟེར། །འོ་དོད་ལྷང་ལྷང་འབོད་པ་ལ། །དེ་ལ་སྐད་ལན་མ་སྦྱིན་ཅིག །དེ་ལ་ཕྱི་མིག་མ་བལྟ་ཞིག །ཉེ་འཁོར་ཡུལ་ལ་མ་ཆགས་ཤིག །སྡུག་བསྔལ་སེམས་ལ་མ་འཕྲེང་ཞིག །བདེ་བ་ཅན་གྱི་ཞིང་དུ་བཞུད། །ཀྱེ། ཚེ་འདས་ཆེ་གེ་ཁྱོད་ཉོན་ཅིག །འདི་ནས་ངེས་པར་ནུབ་ཕྱོགས་འཇིག་རྟེན་གྱི་ཁམས། བདེ་བ་ཅན་ཞེས་བྱ་བ་ན། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ཚོགས་དང་། འཕགས་པའི་དགེ་འདུན་དཔག་ཏུ་མེད་པས་བསྐོར་ནས་རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དེར། རིགས་ཀྱི་བུ་ཁྱོད་སེང་གེའི་འགྲོས་སྟངས་ཀྱིས་སོང་ཞིག །གླང་ཆེན་གྱི་ལྟ་སྟངས་ཀྱིས་ལྟོས་ཤིག །ཞིང་ཁམས་དེ་ཡིད་ལ་དུང་དུང་བའི་ངང་ནས། རིག་པ་མ་འཁྲུལ་བར་སྐད་ཅིག་ལ་མདའ་འཕངས་པ་ལྟར་བཞུད་ཅིག །རྩེ་གཅིག་ཏུ་བཞུད་ཅིག །བདེ་ཆེན་གཏན་གྱི་ཞིང་ཁམས་དམ་པ་དེ་ཡིད་ལ་ཟུངས་ཤིག །ཨོཾ་པདྨེ་པདྨེ་པདྨ་སམ་བྷ་ཝེ་མ་ཧཱ་སུ་ཁ་བ་ཏི་གཙྪནྟུ་སྭཱ་ཧཱ། བདེ་བ་ཅན་གྱི་འོད་དཔག་མེད་གཙོ་འཁོར་གསུམ་ལ་མོས་གུས་དུང་དུང་བྱས་པ་ཙམ་གྱིས། སྐུ་གསུང་ཐུགས་ལས་ཐུགས་རྗེའི་འོད་ཟེར་འཇའ་སྣམ་གྱི་ཤར་བུ་བརྐྱང་བ་ལྟར་ནར་གྱིས་བྱུང་བའི་སྣ་ལ་ཚེ་འདས་ཀྱིས་འཇུས་པ་དང་། ཡར་ཙེན་གྱིས་བླངས་ནས་མདུན་གྱི་པདྨའི་སྦུབས་སུ་ཐིམ་པས། རྫུས་སྐྱེས་ཀྱི་སྤྲུལ་པའི་སྐུ་ཐོབ་པར་གྱུར་ཅིག །ཕཊ་ཕཊ་ཕཊ། གསོན་ཤོག་རྐྱང་པ་ལ། སྦྱིན་བདག་ལྷར་གསལ་བ། ཁོ་རང་གང་དུ་གནས་པ་དབྱེར་མེད་དུ་གྱུར་པའི། དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ལྟེ་བར་སྭཱ་སེར་པོ། གསང་བར་ཧཾ་ལྗང་གུ། གཙུག་ཏོར་དུ་ཀྵ་དུད་ཁས་མཚན་པས་ལུས་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་གྱོན་པར་གྱུར། ཨོཾ་ཧྲཱི་མཾ་ན་མཿཀཱ་ཡ་ཝཱ་ཀ་ཙིཏྟ་རཀྵ་རཀྵ་སྭཱ་ཧཱ། བསོད་ནམས་རི་བོ༴ ལོ་བརྒྱ་ཐུབ་ཅིང་སོགས། ཞེས་གཉེར་པ་ཆོས་འཕེལ་འཆི་ལ་ཁད་ཀྱི་དོན་ལ་དམིགས་ཏེ། རྣམ་གྲོལ་སྒོ་ཆེན་དང་ཀུན་རིག་ཆེན་མོ་གཉིས། རྗེ་མི་བསྐྱོད་ཞབས་དང་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་མི་འཁྲུགས་རྒྱས་བསྡུས་གཉིས། མཁས་པ་བུ་སྟོན་པས་མཛད་པ་དུས་ཀྱི་འཁོར་ལོའི་གཤིན་པོ་རྗེས་འཛིན་རྒྱས་པ་དང་། ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་གཤིན་དོན་བདུན་ཚིགས་མ་བུ་གསུམ། རྒྱལ་ཚབ་གྲགས་པ་མཆོག་དབྱངས་ཀྱིས་མཛད་པའི་གསོན་ཤོག་རྣམས་ཀྱི་དོན་བསྡུས་ཏེ། ཡི་དམ་གང་ལ་ཡང་སྦྱར་རུང་བའི་ཤི་བྱང་གསོན་བྱང་། ཁེར་ཞུས་དང་། སྤོམ་ཞུས་གང་བྱེད་ཀྱང་རུང་བར་གསུངས། རཱ་ག་ཨ་སྱས་བསྒྲིག་ཅིང་དགེ་སློང་པདྨ་ཐབས་མཁས་ཀྱིས་ཡི་གེར་བཀོད་པ། འགལ་འཁྲུལ་མཆིས་ན་ལྷ་ལ་བཤགས་ཤིང་དགེ་བས་སེམས་ཅན་དཔག་ཏུ་མེད་པ་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག། །། ༈ གཟུགས་མས་མེ་ལོང་འཛིན་པ་འདི། །ཚེ་འདས་སྤྱན་ལ་མཆོད་པ་འབུལ། །སྤྱན་གྱི་མཆོད་པ་བཞེས་སུ་གསོལ། །སྒྲ་མས་པི་ཝཾ་འཛིན་པ་འདི། །ཚེ་འདས་སྙན་ལ་མཆོད་པ་འབུལ། །སྙན་གྱི་མཆོད་པ་བཞེས་སུ་གསོལ། །དྲི་མས་དུང་ཆོས་འཛིན་པ་འདི། །ཚེ་འདས་ཤངས་ལ་མཆོད་པ་འབུལ། །ཤངས་ཀྱི་མཆོད་པ་བཞེས་སུ་གསོལ། །རོ་མས་ཞལ་ཟས་འཛིན་པ་འདི། །ཚེ་འདས་ལྗགས་ལ་མཆོད་པ་འབུལ། །ལྗགས་ཀྱི་མཆོད་པ་བཞེས་སུ་གསོལ། །རེག་མས་ན་བཟའ་འཛིན་པ་འདི། །ཚེ་འདས་སྐུ་ལ་མཆོད་པ་འབུལ། །སྐུ་ཡི་མཆོད་པ་བཞེས་སུ་གསོལ། །ཆོས་མས་ཆོས་འབྱུང་འཛིན་པ་འདི། །ཚེ་འདས་ཐུགས་ལ་མཆོད་པ་འབུལ། །ཐུགས་ཀྱི་མཆོད་པ་བཞེས་སུ་གསོལ། །འཇིག་རྟེན་ཕ་རོལ་སོང་བའི་ཚེ་འདས་ལ། །ཤུལ་དུ་མཆིས་པའི་ཉེ་དྲུང་བརྩེ་བ་ཡིས། ཁྱོད་ལ་གཏད་པའི་ཟས་སྐོམ་འདི་བསྔོས་པས། །ཟས་ཀྱི་མཆོག་ནི་འབྲས་དཀར་སཱ་ལུ་ཡིན། །སྐོམ་གྱི་མཆོག་ནི་ཤངས་དཀར་རྩེ་མོ་ཡིན། །ཚེ་འདས་ཁྱོད་ལ་མི་ཟད་གཏེར་དུ་བསྔོ། །ཚེ་འདས་མི་ཟད་གཏེར་ལ་ལོངས་སྤྱོད་ཤོག །ཨོཾ་བཛྲ་སཏྭ་ཧཱུྃ། ན་མོ། འཇིག་རྟེན་འདི་ནས་ཕ་རོལ་ཏུ་ཚེ་ལས་འདས་པ་འདི་ཉིད་ཀྱི། མིག་གི་ཡུལ་དུ་གཟུགས་མཛེས་པར་གྱུར་ཅིག །རྣ་བའི་ཡུལ་དུ་སྒྲ་སྙན་པར་གྱུར་ཅིག །སྣ་ཡི་ཡུལ་དུ་དྲི་ཞིམ་པར་གྱུར་ཅིག །ལྕེ་ཡི་ཡུལ་དུ་རོ་མངར་བར་གྱུར་ཅིག །ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པར་གྱུར་ཅིག །ཡིད་ཀྱི་ཡུལ་དུ་བཟའ་བ་དང་བཏུང་བ་ལ་སོགས་པའི་འདོད་པའི་ཡོན་ཏན་ལྔ་ཕུན་སུམ་ཚོགས་པའི་སྒོ་ནས་རྟེན་དཀོན་མཆོག་གསུམ་མཆོད་པའི་སྐལ་བ་དམ་པ་ལ་ལོངས་སྤྱོད་པར་གྱུར་ཅིག །བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །མི་འཁྲུགས་པའི་སྙིང་པོ་སོགས་བརྗོད་དོ།། །།
རྡོ་རྗེ་དྲག་པོ་རྩལ་གྱི་ཉམས་ལེན་རྒྱུན་ཁྱེར་དངོས་གྲུབ་ཀྱི་རྫིང་བུ་ (Volume 12, Text 6)
རྡོ་རྗེ་དྲག་པོ་རྩལ་གྱི་ཉམས་ལེན་རྒྱུན་ཁྱེར་དངོས་གྲུབ་ཀྱི་རྫིང་བུ་བཞུགས་སོ། །བརྒྱུད་པ་དྲུག་ལྡན་བླ་མ་རིག་འཛིན་ཚོགས། །ཡི་དམ་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། །ཌཱ་ཀི་ཆོས་སྲུང་དམ་ཅན་རྒྱ་མཚོ་ཡིས། །དེང་འདིར་ཤིས་པ་སྩོལ་ལ་བྱིན་གྱིས་རློབས། དེ་ལ་འདིར་རྡོ་རྗེ་དྲག་པོ་རྩལ་གྱི་ཉམས་ལེན་རྒྱུན་ཁྱེར་གྱི་རིམ་པ་ནི། སྔོན་འགྲོ་གཟེར་ལྔ་བླ་མའི་རྣལ་འབྱོར་གསོལ་འདེབས་དང་བཅས་པ་སོང་མཚམས། བླ་མ་འོད་དུ་མེར་གྱིས་ཞུ་ནས་བདག་ལ་ཐིམ་པའི་རྐྱེན་གྱིས་བདག་ཉིད་སྐད་ཅིག་དཀྲོང་བསྐྱེད་ཀྱི་ཚུལ་དུ། བདག་ཉིད་ཀྱིས་ཧཱུྃ་ཧཱུྃ་ཞེས་བརྗོད་པས་སྐད་ཅིག་དྲན་རྫོགས་སུ། ཞེས་བདག་བསྐྱེད་བླངས་ནས་བཟླས་པ་ལ་འཇུག་སྟེ། དེ་ཡང་བརྒྱ་ཕྲག་དང་པོའི་དམིགས་པ་ནི། རང་གི་ལྕེ་སྟེང་ནས་ཧཱུྃ་མཐིང་ག་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་བབས་ཁོང་པ་གང་། ཤ་ཁྲག་ནང་ཁྲོལ་སྡིག་སྒྲིབ་ཐམས་ཅད་འོད་སྐུར་དག་པ་ལ་སེམས་གཏད། བརྒྱ་ཕྲག་གཉིས་པར་ཁོང་ནང་གི་ཧཱུྃ་ལས་ཧཱུྃ་གྲངས་མེད་ཕྱིར་ཐོན། སྣོད་བཅུད་ཐམས་ཅད་ཧཱུྃ་གིས་མེར་གྱིས་ཁེངས་པ་ལ་དམིགས་པ་གཏད། བརྒྱ་ཕྲག་གསུམ་པའི་མགོར་ཧྲཱིཿཞེས་བརྗོད་པས་ཧཱུྃ་རྣམས་མཁའ་འགྲོ་མར་གྱུར་ཅིང་། ཀུན་ཀྱང་ཧཱུྃ་སྒྲ་དི་རི་རིར་སྒྲོག་པ་ལ་སེམས་གཏད། ཉེར་གཅིག་སྐབས་རང་གི་མགྲིན་པར་ཧཱུྃ་དམར་པོ་ཚོན་གང་ལས་འོད་ཟེར་འཕྲོས་མཁའ་འགྲོ་རྣམས་ལ་ཕོག་པས། དེ་དག་ཐམས་ཅད་གར་བསྒྱུར་ཞིང་འཛབ་དབྱངས་སྒྲོག་པ་ལ་བརྟེན་ཏེ། འཇིག་རྟེན་ཐམས་ཅད་མེར་མེར་ཤིག་ཤིག་ཡོམ་ཡོམ་འགུལ་འགུལ་ལྡེག་ལྡེག་འུར་འུར་ཆེམ་ཆེམ་དུ་གྱུར། ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱང་ནམ་མཁའ་ལ་བྱོན་ཏེ། དབང་བསྐུར་ལུང་སྟོན་དབུགས་དབྱུང་གཟེངས་བསྟོད་ཤིས་པ་བརྗོད། ལྷ་སྲིན་སྡེ་བརྒྱད་འདར་ཞིང་རང་དབང་མེད་པར་དབང་དུ་བསྡུས་ཏེ་བདག་གི་མདུན་དུ་བཀའ་ཉན་པ་དང་། སྣོད་བཅུད་ཀྱི་ཚེ་སྲོག་དཔལ་འབྱོར་འདོད་རྒུ་ཐམས་ཅད་ཆར་བཞིན་དུ་བབས་པར་བསམས་ལ། ཐུན་བསྡུ་ཁར། ཧཱུྃ༔ རིག་འཛིན་ཡོངས་རྫོགས་སྤྱན་འདྲེན་གཤེགས༔ སོགས་དང་། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་སརྦ་པཱུ་ཛ་ཁཱ་ཧི༔ བསྟོད་ལྟར། ཧཱུྃ༔ སྐྱེ་འགག་མེད་པ་སོགས་དང་། ཕྲིན་ལས་ནང་ལྟར་བསྟོད་པ་བྱའོ། །ཞེས་པ་འདིའང་རྣམ་དཀར་དད་སྟོབས་ཀྱིས་ཕྱུག་པ་གང་གིས་བསྐུལ་བའི་ངོར། ལམ་འདིའི་རྣལ་འབྱོར་པ་བློ་བཟང་པདྨ་ཕྲིན་ལས་ཀྱིས་ཕོ་བྲང་ཆེན་པོ་པོ་ཏ་ལའི་ཆར་འདབས་སུ་སྦྱར་བའོ།། །།
རྒྱལ་ཆེན་རྣམ་སྲས་སྲོག་འཁོར་བྲི་ཐབས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་བཀོད་ལགས། (Volume 51, Text 6)
རྒྱལ་ཆེན་རྣམ་སྲས་སྲོག་འཁོར་བྲི་ཐབས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་བཀོད་ལགས། རྣམ་སྲས་རིགས་གསུམ་གྱི་སྲོག་འཁོར་མུ་ཁྱུད་གསུམ་ལྡན། ཐམས་ཅད་ཀྱི་གསུམ་པར་དབྱངས་གསལ་རྟེན་སྙིང་མཐར། ཨོཾ༔ རྒྱལ་ཆེན་འཁོར་དང་བཅས་པ་རྣམས༔ སྔོན་གྱི་ཁས་བླངས་དམ་ཚིག་བཞིན༔ རྟེན་འདིར་བརྟན་པར་བཞུགས་ནས་སུ༔ དགྲ་བགེགས་བར་ཆད་གཞོམ་པ་དང༔ མངའ་རིས་འབྱོར་པ་སྤེལ་དུ་གསོལ༔ ཞེས་དང་། ཤིས་བརྗོད་གང་རིགས་བྲི་བ་ནི་སྤྱིར་བཏང་དང་། ༈ དམིགས་བསལ་སེར་ཆེན་ལ་བྲི་གཞི་སེར་པོ། ལྟེ་བར། བཻ། དབུས་ནས་བརྩམ་སྟེ་གཡས་སྐོར་དུ། ཨོཾ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ༔ ཞེས་པའི་ཕྱི་རོལ་མུ་ཁྱུད་གཉིས་པ་ལ། ཆོས་འཁོར་རྩིབས་བཞི་པའི་ཤར་མདུན་གྱི་རྩིབས་ལ། བྲཾ། ལྷོར། ཨིཾ། ནུབ་ཏུ། ཛཾ། བྱང་དུ། གཾ །རྩིབས་མཆན་བཞི་ལ། ལྷོ་ནས་གཟུང་སྟེ། ཛཿ ཧཱུྃ། བཾ། ཧོཿ ༈ མདུང་དམར་ཅན་ལ་བྲི་གཞི་དམར་སེར། ལྟེ་བར། ཧྲཱིཿ མཐར། ཨོཾ་མ་ཧཱ་རཱ་ཛ་ཡཀྵ་ས་མ་ཡ་བཻ་ཤྲ་བ་ཎཱ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛ༔ མུ་ཁྱུད་གཉིས་པ་རྩིབས་བཅུ་གཉིས་ལ་ཤར་རྩིབས་གཡས་སུ། རཾ། གཡོན་དུ། ཛཿ ལྷོར་གཡས་སུ། ཛྭཾ། གཡོན་དུ། ཧཱུྃ། ནུབ་རྩིབས་གཡས་སུ། ཨཾ། གཡོན་དུ། བཾ། བྱང་རྩིབས་གཡས་སུ། ཀིཾ །གཡོན་དུ། ཧོཿ ཤར་ལྷོར། དྷཱཾ། ལྷོ་ནུབ། ཀཱཾ །ནུབ་བྱང་། ཤཱཾ །བྱང་ཤར། ནཱཾ། ༈ རྟ་སྔོན་ཅན་ལ་གཞི་མཐིང་གའམ་ནག་པོར་དབུས་སུ། བྷྱོ། མཐར། ཨོཾ་བཻ་ཏྲཀ་རཀྵ་བྷྱོ་ཧཱུྃ་ཕཊ༔ མུ་ཁྱུད་གཉིས་པ་མཚོན་འཁོར་རྩིབས་བརྒྱད་ལ་ཕྱོགས་བཞིར། དུཿརེ་རེ། མཚམས་བཞིར་ཤར་ལྷོ་ནས་བརྩམ་སྟེ་གཡས་སྐོར། དྷྲིཾ། བིཾ། བིཾ། བཻཾ། ༈ མུ་ཁྱུད་གསུམ་པ་གསུམ་ཐུན་མོང་གོང་གི་ལྟར། སྤྲོ་ན་དེ་ཡི་ཕྱི་རོལ་དུ་རིམ་པར། སེར་ཆེན་ལ།་་་ནོར་འཛིན་དང་། མདུང་དམར་ལ།་་་འོད་ཟེར་པ་ཏྲ་གཡས་སྐོར། རྟ་སྔོན་ལ།་་་མེ་རི་པ་ཏྲ་གཡོན་སྐོར་དུ་བྲིའོ། །རྒྱས་པར་བྱེད་ན་གོང་གི་སྲོག་ཡིག་མལ་དུ་སོ་སོའི་ཕྱག་མཚན་མཐར། སོ་སོའི་མཚན་སྔགས་སྤེལ་ཚིག་ཅན་བྲི་བར་གསུངས་སོ། །འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཕྱག་བྲིས་ལས་ཞལ་བཤུས་སོ།། །། ༄། གཏེར་གསར་རྣམ་སྲས་གཏོར་མའི་ཟིན་བྲིས་ནི། གཏེར་གསར་རྣམ་སྲས་ལ་གཏོར་མ་ཆ་ཚང་ཚུལ་ལྡན་བྱེད་ན། སྤྱིར་རྙིང་མའི་ལུགས་ལ་རྟེན་གཏོར། རྟག་གཏོར། རྒྱུན་གཏོར་བཅས་རྣམ་གྲངས་གསུམ་མེད་ཐབས་མེད། རྟེན་གཏོར་ལྷར་བསྐྱེད་པ་ཡིན་པས་དང་པོ་བཅའ་སྒྲུབ་དཔྱིས་ཕྱིན་བྱས་ནས་ཇི་སྲིད་བར་མི་བསྒུལ་བར་བཞག་ལ་གཏོར་གསོས་སོགས་བྱེད་སྲོལ་མེད། རྟག་གཏོར་བདུད་རྩི་འདོད་ཡོན་དུ་དམིགས་ནས་འབུལ་རྒྱུ་ཡིན་པས་ལོ་རེའི་མཚམས་ལ་གསར་བརྗེ་བྱེད། ནུབ་རེ་བཞིན་མཐེབ་ཀྱུ་སོགས་ཀྱིས་གསོ་བྲན་བྱ། རྒྱུན་གཏོར་ལས་བྱང་ནམ་འདོན་ལ་གསར་དུ་བཤམས་ནས་གཏོར་འབུལ་སྐབས་ཕྱི་རོལ་དུ་འབུལ་དགོས། དེ་ལ་རྟེན་གཏོར་ནི། འབྲུ་རྗེན་འཐག་མར་གྱིས་བརྫིས་ལ་རྒྱུ་བྱིན་རླབས་བྱ། སྨན་སྣ་རིན་ཕྱེ་ཆོས་སྨན་རྣམས་དང་། རྟ་སྔོན་ཅན་ལ་ཤ་ཁྲག་སྙིང་སྣའང་བསྲེ། གཏོར་དབྱིབས་སེར་ཆེན་ལ་གདན་གྲུ་བཞིའི་སྟེང་ཁང་བཟང་སུམ་བརྩེགས་རྒྱ་ཕིབས་གསེར་གྱི་འཕྲུ་ཏོག་རྒྱལ་མཚན་བཅས། ཕྱོགས་མཚམས་བརྒྱད་དུ་འབྲང་རྒྱས་ནོར་དབྱིབས་མ་བརྒྱད་ཐམས་ཅད་ཁ་དོག་སེར་པོ་བྱ། བར་མཚམས་མཐེབ་ཀྱུས་བསྐོར། མདུང་དམར་ཅན་ལ་དམར་གཏོར་དམར་པོ། ཟླ་གམ་ལ་འཁོར་རང་འདྲ་བརྒྱད་དང་བར་མཚམས་མཐེབ་ཀྱུས་བསྐོར། རྩེ་ཕྲོམ་ལ་མདུང་དམར་དང་ལྕགས་ཀྱུས་མཚན་པའི་མེ་རི་གློག་ཞགས་མ། དྲག་པོ་རྟ་སྔོན་ལ་གྲུ་གསུམ་ནག་པོ་ལྟོ་ཁྲ་ལ། འཁོར་རང་འདྲ་བརྒྱད་དང་བར་མཚམས་མཐེབ་ཀྱུས་བསྐོར། རྩེ་ཁྲོམ་རལ་གྲི་ལྕགས་ཀྱུས་མཚན་པའི་རྐང་གསུམ་མ། གསུམ་ཀའི་ནང་གཞུག་རབ་དར་ལ་གསེར་དངུལ་གྱིས་བྲི་བའམ། སེར་ཆེན་ལ་གསེར། མདུང་དམར་ཅན་ལ་མཚལ། རྟ་སྔོན་ཅན་ལ་གྲི་ཁྲག་བསྲེས་པའི་སྣག་ཚས་རྒྱ་ཤོག་ལ་སོགས་ལ་བྲི་སྟེ། སྟོད་ལ་བླ་མ་བརྒྱུད་པའི་མཚན་སྔགས། བར་དུ་ཡི་དམ་གྱི་སྔགས། འོག་ཏུ་རྣམ་སྲས་རིགས་གསུམ་སོ་སོའི་སྙིང་པོ་བྲི། མགོ་མཇུག་གང་ནས་དྲིལ་ཡང་ཁྱད་ཆེར་མེད་ཅིང་ཡིག་ངོ་ནང་བསྟན་དུ་བསྒྲིལ། ལྷ་མདོག་དར་གྱིས་བསྟུམས་ནས་སེར་ཆེན་མདུང་དམར་གཉིས་ལ་ཟངས་སྦུབས་སུ་བཙུད། དྲག་པོ་རྟ་སྔོན་ལ་གྲི་ལྕགས་སྦུ་གུར་བཙུད་ནས་གཏོར་མའི་ནང་དུ་གཞུག །སྐུ་རྟེན་སོ་སོའི་ཙཀླི། གསུང་རྟེན་སྲོག་འཁོར་རམ་མ་འཛོམས་ན་ཙཀླིའི་རྒྱབ་ཏུ་སྔགས་བྱང་བྲིས་པ་དང་ལྷན་ཅིག་ཐུགས་རྟེན་མེ་ལོང་བཏགས་པ་བཙུགས་ཤིང་དར་གུར་ལྷ་མདོག་དང་མཚུངས་པ་ཕུབ་ལ། གཏོར་སྒྲོམ་ལྡིང་ཁྲིའི་སྟེང་བར་འོག་གསུམ་མམ་གྲལ་རིམ་དུ་མི་གཡོ་བར་བཞག །རྟག་གཏོར་ནི། རྟེན་གཏོར་གྱི་མདུན་འོག་ལྟ་བུའམ། མགོན་ཁང་ནང་ལ་རྟེན་གཏོར་ཡོད་པའི་ཕྱི་ཁྱམས་སུའང་རུང་སྟེ་གཏོར་རྒྱུ་སོགས་གོང་མཚུངས་ཀྱིས་བདག་བསྐྱེད་ཡི་དམ་ཕྱག་རྡོར་གྱི་འབུལ་གཏོར། སེར་ཆེན་ལ་གྲུ་བཞི་སེར་པོ་གཙོ་འཁོར་དགུ་མཐེབ་ཀྱུ་བཅས། གཞན་གཉིས་དབྱིབས་གྲངས་གོང་མཚུངས་བྱ། རྩེ་ཁྲོམ་དགོས་ངེས་མེད་པས་ཉི་ཟླ་ནོར་བུ་དང་། མེ་རི་ཉི་ཟླས་མཚན་པའི་ལྔ་རྒྱན་བྱ། རྒྱུན་གཏོར་རྒྱས་པ། སེར་ཆེན་ལ་གྲུ་བཞི། མདུང་དམར་ལ་ཟླ་གམ། དྲག་པོ་ལ་གྲུ་གསུམ། མཐེབ་ཀྱུ་བརྒྱད་རེས་བསྐོར་ཞིང་དཀར་རྒྱན་ཅན། དྲག་པོ་ལ་ཤ་དུམ་བཞག་པའམ། མ་འཛོམ་ན་སྤྱི་འཐུས་གཏོར་འབུལ་གཅིག་ལ་མཐེབ་ཀྱུས་བསྐོར་ཡང་ཆོག་སྟེ། དེའང་ཞི་རྒྱས་དབང་དྲག་ལས་བཞི་གང་གཙོ་བོར་བྱེད་པ་དེ་མཚུངས་གཏོར་དབྱིབས་བྱ། ལར་ལུགས་འདི་ལ་རྒྱལ་ཁབས་ཤིན་ཏུ་ཆེན་པོ་ལ་སེར་ཆེན། བླ་དགོན་ལ་མདུང་དམར་ཅན། སྡེ་དཔོན་ཆེན་པོ་ལ་རྟ་སྔོན་ཅན་གཙོ་བོར་བྱེད་ཅིང་། རྟེན་དང་གཏོར་མ་སོགས་ཀྱང་གང་གཙོ་དེ་ཀ་བཅའ་བཀོད་བྱེད། འདོན་དུས་སུམ་སྒྲིལ་འདོན་ཞེས་གཏེར་ཆེན་ཉིད་ཀྱིས་གསུངས་པ་ལགས། ཁང་བཟང་སྲོག་འཁོར་བླ་རྡོ་སོགས་རྟེན་རྒྱས་པ་ཡོད་ན་རྟེན་གཏོར་མེད་ཀྱང་ཆོག །གསང་སྔགས་སྔ་འགྱུར་ལུགས་སུ་ལས་ཐམས་ཅད་གཏོར་མ་ལ་བརྟེན་པ་ཡིན་པས་ཡོད་ན་ནི་བཟང་བ་ལས་ལྷག་སྐྱོན་ནམ་ཡང་མེད། རྟག་གཏོར་རྒྱུན་གཏོར་གཉིས་ནི་མེད་ཀ་མེད་ལགས་པ་བཅས་སྡེ་དགེའི་རྒྱལ་ཁབས་རྣམ་སྲས་མགོན་བླའི་ཐུགས་བཞེད་ངོར་བློ་གྲོས་མཐའ་ཡས་ཀྱིས་མགྱོགས་བྲིས་སུ་ཕུལ་བ་དགེ་ལེགས་འཕེལ། བཀྲ་ཤིས། ཞུས་སོ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
ནད་བདག་སྟོབས་ཆེན་གྱི་ཚ་དབལ་འཇོམས་པའི་མན་ངག་ཁྲིགས་སུ་བསྡེབས་པ་ཐུགས་རྗེའི་སྨན་ཆབ་ (Volume 46, Text 6)
༄༅། །ནད་བདག་སྟོབས་ཆེན་གྱི་ཚ་དབལ་འཇོམས་པའི་མན་ངག་ཁྲིགས་སུ་བསྡེབས་པ་ཐུགས་རྗེའི་སྨན་ཆབ་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་སཾ་བྷ་བཱ་ཡ། འགྲོ་བ་མ་ལུས་གསོ་བའི་ཐུགས་རྗེའི་རྒྱུན། །ཆད་པ་མེད་པས་དེ་དག་ལུས་སྲོག་ལ། །འཚེ་བའི་རེག་བྱ་འཇོམས་པའི་ཟླ་འོད་ནི། །རབ་ཏུ་བསིལ་བ་པདྨའི་ཞལ་གྱིས་སྐྱོངས། །ཡོངས་སུ་གྲགས་ཤིང་བྱིན་རླབས་གཟི་བརྗིད་ཅན། །བོད་ཁམས་སྐྱོབ་པའི་གསང་མཛོད་ཆེན་པོའི་བཅུད། །ཐུགས་སྒྲུབ་ཆོས་ཚན་ཉེར་ལྔའི་བཅུ་གསུམ་པ། །ནད་བདག་སྟོབས་འཇོམས་ལག་ཁྲིགས་གསལ་བར་བྱ། །དེའང་ཤོག་དྲིལ་ལས། དུས་ཀྱི་ཐ་མ་ཤར་བའི་ཚེ༔ སེམས་ཅན་ལོག་པའི་ལས་སྤྱད་པས༔ ཆོས་སྐྱོང་གཞི་བདག་གྲིབ་ཀྱིས་ཕོག༔ རི་རབ་ནང་དུ་ཞལ་གཟིགས་ནས༔ སྲུང་སྐྱོབ་མི་མཛད་བཀའ་ཆད་གཏོང༔ མཐའ་ཡི་འགོང་པོ་བོད་དུ་ཡོང༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་འཁྲུགས༔ སྲིད་པའི་ནད་བདག་ཆེན་མོ་གཅིག༔ གཉན་མོ་ཁ་འབར་ཞེས་བྱ་བ༔ རྒྱ་མཚོའི་གཏིང་ནས་སྐུ་བསྐྱོད་དེ༔ རི་རབ་ཟོམ་ལ་རྟེན་བཅས་ནས༔ ཐལ་མོ་བར་སྣང་ཁམས་སུ་རྡེབ༔ ནམ་མཁའ་ནད་ཀྱི་རླངས་པས་སྒྲིབ༔ ས་ནད་མེ་ལྟར་འབར་བ་ཡོང༔ གཉན་ནད་རྒྱུག་འགྱེལ་ནག་པོ་ཡིས༔ འཛམ་བུ་གླིང་པའི་བཞི་གསུམ་འཇོམས༔ སེམས་ཅན་མི་ལུས་ཐོབ་པ་ལ༔ ཕྱི་མ་གར་སྐྱེའི་གདིང་མེད་པར༔ སྲོག་ལུས་འདོར་བ་སྙིང་རེ་རྗེ༔ ཞེས་གསུངས་པ་ལྟར་མི་ཐུབ་ལྔ་པོ་བརྡོལ་པའི་སྙིགས་མའི་དུས་སུ་སེམས་ཅན་རྣམས་ཀྱི་ལྟ་སྤྱོད་ལོག་པའི་རྒྱུས། གཉེན་པོས་མི་ཆོམ་ཞིང་ངོས་མི་ཟིན་པའི་ནད་རིམས་མེ་ལྟར་འབར་བས་འཛམ་བུའི་གླིང་གི་མི་ཕྱུགས་སུམ་གཉིས་ཕྱགས་མས་འདེད་པའི་དུས་འདིར། སྐྱོབ་པའི་ཐབས་ནི། དེ་དུས་ང་ཡི་ཐུགས་རྗེ་ཡིས༔ ཟབ་མོའི་གཏེར་མཛོད་སྒོ་ཕྱེ་ནས༔ བོད་ཀྱི་ནད་རིམས་བཟློག་པར་འགྱུར༔ ཅེས་གསུངས་པ་ལྟར་གུ་རུའི་ཟབ་གཏེར་རྣམས་ལས་སྨན་སྔགས་སྲུང་ཟློག་གི་རིམ་པ་དུ་མ་བྱོན་པ་ཀུན་ལས་ཁྱད་པར་འཕགས་ཤིང་ཀུན་གྱི་ཁུངས་སུ་གྱུར་པ་བྱང་གཏེར་ཐུགས་སྒྲུབ་ཀྱི་ཆོས་ཐེམ་ལས། ས་ནད་གཉན་ནད་འཇོམས་པའི་ཕྱིར༔ ནད་བདག་སྟོབས་འཇོམས་མན་ངག་ཡོད༔ ཅེས་གསུངས་པ་ལ་སྨན་དཔྱད་དང་སྟོབས་འཇོམས་ཀྱི་སྐོར་གཉིས་སུ་ཡོད་པའི། ཕྱི་མ་ལའང་སྲུང་ཟློག་གསད་པའི་མན་ངག་མང་དུ་ཡོད་པ་ལས། འདིར་སྲུང་ཟློག་གི་མན་ངག་ཁ་འཐོར་བ་རྣམས་དྲིལ་ཏེ་ལག་ཏུ་ལེན་པ་ལ། སྒྲུབ་པ་པོ་རབ་སྟོང་ཉིད་སྙིང་རྗེ་ཀློང་དུ་གྱུར་པ། འབྲིང་ཐུགས་སྒྲུབ་ཀྱི་བསྙེན་པ་གྲངས་དུས་རྟགས་གསུམ་གང་རུང་རྫོགས་པ། ཐ་མ་ཡང་གུ་རུའི་ཐུགས་སྒྲུབ་ཞི་དྲག་གང་རུང་གི་བསྙེན་བཟླས་ཚད་དུ་ཕྱིན་པ་ཞིག་གིས། སྦྱོར་བའི་ཆོས་གསུམ། དངོས་གཞིའི་ལས་གསུམ། མཇུག་གི་དོན་གཅིག་སྟེ་ས་བཅད་རྣམ་པ་བདུན་གྱིས་ཉམས་སུ་བསྟར་བ་ལ། དང་པོ་སྦྱོར་བའི་ཆོས་ལ་གསུམ། སེམས་བསྐྱེད། མཁོན་སེལ། དཔང་པོ་གཟུག་པའོ། །དང་པོ་ནི། མན་ངག་རྩ་བ་ལས། དང་པོ་ལས་ཅན་སྐྱེས་བུ་རྣམས༔ ལས་ཀྱི་རྒྱུ་འབྲས་ཉེས་དམིགས་བསམ༔ རང་གི་ལུས་ལ་དཔེ་བླངས་ནས༔ ཕ་རོལ་གཞན་གྱི་དོན་ལ་འབད༔ སྐྱོ་ངལ་མེད་པར་འགྲོ་དོན་མཛོད༔ འཛམ་གླིང་མི་ཡི་སྲོག་བསླུས་པའི༔ བསོད་ནམས་བགྲང་པར་མི་ནུས་སོ༔ དེ་ཕྱིར་སེམས་བསྐྱེད་རྒྱ་ཆེན་བྱ༔ ཅེས་གསུངས་པ་ལྟར་དགེ་སྡིག་རྒྱུ་འབྲས་གོ་ལོག་རྩིང་ཆོས་སུ་མ་སོང་བའི་སྤྱོད་པ་རྣམ་པར་དག་པ་དང་། རིས་སུ་མ་ཆད་པའི་འགྲོ་བ་ལ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་པའི་ལྟ་བ་རྣམ་པར་དག་པས་ཐོག་མཐའ་ཀུན་ཏུ་ཟིན་པར་བྱའོ། །གཉིས་པ་མཁོན་སེལ་ནི། དོ་ནུབ་ཆོ་ག་བྱེད་རྒྱུའི་ནངས་པར་ཐོ་རངས་དགེ་སློང་ཁྲིམས་ལྡན་འཛོམས་ན་བཞི་དང་། མ་འཛོམ་ན་གཅིག་གཉིས་ཀྱིས་རྣམ་འཇོམས་བག་ཆགས་སྟོབས་སྦྱོང་གི་བུམ་ཆོག་དང་འབྲེལ་བའི་ཁྲུས་བྱ་སྟེ། དེའི་ཆོ་གའི་བཅའ་གཞི་རས་བྲིས་སམ་ཚོམ་བུ་གཙོ་འཁོར་དགུ་བཀོད་པའི་མཎྜལ་གྱི་ཁར་བུམ་པ་རྫས་དང་རྒྱན་ལྡན་བཀོད། མཚམས་འཛིན་ནས་བརྩམ་ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ། མདུན་དུ་གཏོར་མ་དཀར་ཟླུམ་པད་འདབ་བཞི་པ། འཇིག་རྟེན་པར་ཆ་གསུམ་མམ། ཡང་ན་དཀར་ཟླུམ་མཐེབ་ཀྱུ་བདུན་ཅུ་རྩ་ལྔས་བསྐོར་བ། གཞི་བགེགས་ཀྱི་གཏོར་མ་སོགས་ཀྱང་བཤམས་ལ། སྐྱབས་འགྲོ་སྤྱི་ལྟར། སེམས་བསྐྱེད་སྲུང་འཁོར་རྣམ་དག་སྔོན་གཏོར་བགེགས་བསྐྲད་ཡན་འདིའི་གཏེར་གཞུང་དཀྱུས་བཞིན་བཏང་། སྐབས་འདིར་གོང་གི་བཅས་བཤམ་ནས་བཤད་པ་ལྟར་བུམ་པ། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་སོགས་ནས། ནང་བཅུད་རྡོ་རྗེ་རྣམ་འཇོམས་ཀྱི་ལྷར་གྱུར༔ ཞེས་པ་ཡན་ཆད་འདིར་བརྗོད། དེ་ནས། ཧཱུྃ༔ ཆོས་དབྱིངས་ཀློང་ཡངས་ཆེན་པོ་སོགས་བརྗོད་ཅིང་བདག་མདུན་བུམ་པ་ཐ་མི་དད་དུ་བསྐྱེད། བཟླས་པའི་དུས་སུ་གཟུངས་ཐག་འཐེན། འཇིག་རྟེན་པའི་གཏོར་མ་བཏང་ཟིན་པའི་རྗེས། རྗེས་ཆོག་གི་མཆོད་བསྟོད་བཟོད་གསོལ་རྣམས་སྤྱི་ལྟར་བྱ། དེ་རྗེས། ཧཱུྃ༔ རྡོ་རྗེ་རྣམ་འཇོམས་ལྷ་ཚོགས་རྣམས༔ ཞེས་སོགས་བྱ། བཛྲ་མུ༔ས། བུམ་པའི་ཡེ་ཤེས་པ་གཤེགས༔ དམ་ཚིག་པ་ཞུ་བ་ལས་བྱུང་བའི་བུམ་ཆུ་ནུས་ལྡན་དུ་གྱུར༔ ཨཱོྃ་ཨཱཿཧཱུྃ༔ ཞེས་བུམ་ཆུ་བཏུང་། བསྔོ་སྨོན་ཤིས་བརྗོད་བྱ། དེ་ནས་གཞུང་བཞིན་ཁྲུས་ཀྱི་རིམ་པ་ལ་འཇུག་སྟེ་དེའང་རྟེན་ཁྱད་པར་ཅན་དང་། ཆོས་སྡེ་ཡིན་ན་ལྷ་ཁང་མགོན་ཁང་ཚོགས་པ་སོགས་ཐམས་ཅད་ལ་ཁྲུས་གཞུང་བཞིན་བྱ། གལ་ཏེ་ལུགས་འདིའི་ཆོ་ག་བྱེད་མཁན་མ་འབྱོར་ན་རྙིང་མ་བཀའ་གཏེར་གང་ཡང་རུང་བའི་རྣམ་འཇོམས་ཆོ་ག་ཞིག་གི་བུམ་ཁྲུས་བྱས་ཀྱང་རུང་ལ། དེ་ཙམ་ཡང་མ་ཤེས་ན་གསར་མ་ལུགས་ཀྱི་རྣམ་འཇོམས་ཆོ་ག་གང་རུང་བྱས་ཀྱང་ས་བཅད་མ་སྟོང་ཙམ་དུ་འགྱུར་ཞིང་། ལུགས་འདི་ནི་བླ་མེད་ཡིན་པས་སྒྲུབ་མཁན་སྔགས་པ་དམ་གཙང་གིས་ཀྱང་ཆོག་ཅིང་གཙང་སྦྲ་སོགས་མ་འགྲུབ་ཀྱང་རུང་ངོ་། །དེ་དང་འབྲེལ་བའི་རྒྱབ་ཆོས་སུ་སྔགས་པ་དམ་ལྡན་བཞི་ལ་སོགས་པས་ཉམས་ཆག་བཤགས་པའི་ཆོས། མཁའ་འགྲོ་ལ་མེ་མཆོད། ཆོས་སྐྱོང་ལ་སྐོང་གསོལ། སྡེ་བརྒྱད་ཆ་སྙོམས། ཡུལ་གྱི་གཞི་བདག་ལ་བརྔན་མཆོད། ཤེར་ཕྱིན་སོགས་རྒྱལ་བཀའ་གསུང་སྒྲོག་ཅི་འགྲུབ་དང་། གདུགས་དཀར་མདོས་ཆེན། མ་མོའི་ཁྲག་མདོས། ཁྱད་པར་བརྟན་མའི་མདོས་གཏོང་ཞིང་། གཙུག་ཏོར་དཀར་ནག་གི་མདོ་གཟུངས་དང་ལྷ་འདྲེ་བཀའ་ཐང་རྣམས་ཅི་འགྲུབ་བཀླག །གསུམ་པ་དཔང་པོ་གཟུག་པ་ནི། བཀའ་ནན་རབ་བརྗིད་ཀྱི་ཆས་ཞུགས་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་ཆས་སོགས་འཛོམ་ན་ཉེར་བསྡོག་བྱ། མ་འཛོམ་ན་པད་ཞུ། ཕུར་པ་སོགས་དང་། བསང་བརྔན་ཀྱི་ཆས་འདུ་བྱས་ལ་སྔ་དྲོ་ཡང་ཐོག་ཏུ་བྱང་གཏེར་ལྷ་བསང་ཆེ་བའམ། ལྷོ་གཏེར་བདེ་ལེགས་ཀུན་འབྱུང་ལྟ་བུ་བཏང་ནས་བརྔན་གྱི་མཇུག་ཏུ་ཆས་ཞུགས་བཅས། རང་ཉིད་སྐད་ཅིག་དྲན་རྫོགས་སུ། །པདྨ་འབྱུང་གནས་ཞི་མ་ཁྲོ༔ ཞལ་འཛུམ་སྤྱན་མིག་དྲག་པོར་གཟིགས༔ དབུ་ལ་མཉེན་ཞུ་ཆོས་གོས་དང༔ ཟབ་ཆེན་བེར་དང་ཕོད་ཁ་གསོལ༔ ཕྱག་གཡས་རྡོ་རྗེ་ཕྱར་ཐབས་བསྣམས༔ གཡོན་པས་ཕུར་པ་གཟིར་ཐབས་མཛད༔ ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ འཇིག་རྟེན་ལྷ་འདྲེ་ཐམས་ཅད་བཀུག༔ མདུན་དུ་བཀའ་ཉན་ལས་བྱེད་གྱུར༔ ཅེས་བདག་ཉིད་ཨོ་རྒྱན་སྣང་སྲིད་ཟིལ་གནོན་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོ་ཆེ་བཙན་འགྲན་ཟླ་དང་བྲལ་བར་མོས་ལ། ཧཱུྃ༔ སྔོན་གྱི་སྐལ་པ་དང་པོ་ལ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ བཀའ་དང་དམ་ལ་བཏགས་པ་ཡི༔ འཛམ་གླིང་བོད་ཀྱི་ལྷ་འདྲེ་རྣམས༔ ཆོས་ཉིད་བདེན་པའི་བཀའ་ལ་ཉོན༔ ཁ་རག་གསང་བའི་བྲག་ཕུག་ཏུ༔ བརྟན་མ་བཅུ་གཉིས་དམ་ལ་བཏགས༔ གཙང་གི་ཁ་རག་གཡག་མིག་ཏུ༔ འབྲོག་མོ་ཐམས་ཅད་དམ་ལ་བཏགས༔ བསམ་ཡས་དབུ་རྩེ་རིགས་གསུམ་དུ༔ རྒྱལ་པོ་ཐམས་ཅད་དམ་ལ་བཏགས༔ ཁམས་ཀྱི་གླ་བ་རྐང་གཅིག་ཏུ༔ ཐེའུ་རང་ཐམས་ཅད་དམ་ལ་བཏགས༔ ཞུབ་ཀྱི་ལ་ཐོག་བྲག་དམར་དུ༔ དྲི་ཟ་ཕོ་མོ་དམ་ལ་བཏགས༔ བྱང་གི་གནམ་མཚོ་ཕྱུག་མོ་རུ༔ ཕོ་རྒྱུད་ཐམས་ཅད་དམ་ལ་བཏགས༔ ན་མར་རྒོད་གོང་ལྷ་བཙན་དུ༔ བྱང་འབྲོག་ཕོ་མོ་དམ་ལ་བཏགས༔ མལ་གྲོ་ཀུང་གི་རྒྱ་ཚལ་དུ༔ ཀླུ་རིགས་ཐམས་ཅད་དམ་ལ་བཏགས༔ རོང་དོང་ལུང་པ་ནག་པོ་རུ༔ སྲིན་པོ་ཕོ་མོ་དམ་ལ་བཏགས༔ གུ་རུ་ཨོ་རྒྱན་གཤེགས་པའི་ཚེ༔ མང་ཡུལ་བྱེ་མའི་ལ་ཐོག་ཏུ༔ ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས༔ གཡའ་དང་གངས་ཀྱི་རྩེ་མོ་རུ༔ སྨན་བཙུན་ཐམས་ཅད་དམ་ལ་བཏགས༔ པདྨ་འབྱུང་གནས་སྤྱན་སྔ་རུ༔ བོད་ཀྱི་ལྷ་འདྲེ་ཐམས་ཅད་ཀྱིས༔ རང་རྟགས་སྲོག་གི་སྙིང་པོ་ཕུལ༔ མཐའ་ཡི་དམག་དཔུང་ཟློག་པ་དང༔ དབེན་གནས་ཆོས་འཁོར་སྐྱོང་བ་དང༔ གཙུག་ལག་གཉན་པོ་སྲུང་བ་དང༔ དལ་ཡམས་ཐམས་ཅད་ཟློག་པ་དང༔ བོད་ཁམས་སྐྱོང་བའི་གྲོགས་བྱེད་པར༔ ཁས་བླངས་དམ་བཅའ་མ་བྱས་སམ༔ དེ་ཕྱིར་བཀའ་ལས་མ་འདའ་བར༔ སྔོན་གྱི་དམ་ཚིག་དྲན་པར་གྱིས༔ ཁྱོད་ཀྱི་སྲོག་སྙིང་ང་ལ་ཡོད༔ འདུ་འདུ་ལྷ་སྲིན་དམ་ལ་འདུས༔ གུམ་གུམ་ཆུམ་ཆུམ་ལས་ལ་ཆུམས༔ གསེར་སྐྱེམས་བཤོས་བཟང་གཙང་མ་འདི༔ བོད་ཀྱི་གཞི་བདག་ཐམས་ཅད་དང༔ འགོ་བའི་ལྷ་ལྔ་མཆོད་ཕྱིར་འབུལ༔ ས་ཕྱོགས་འདི་ཡི་གཞི་བདག་རྣམས༔ ཁྱོད་ཀྱིས་མཐུ་རྩལ་དབྱུང་དགོས་སོ༔ ནུས་མཐུ་ལྡན་པའི་གཞི་བདག་རྣམས༔ རྣལ་འབྱོར་བདག་གི་གྲོགས་མཛོད་ལ༔ ས་ཕྱོགས་འདི་ཡི་ནད་རིམས་ཟློགས༔ དམག་དཔུང་དགྲ་བགེགས་ཐམས་ཅད་ཟློགས༔ ལྟས་ངན་པྲ་ངན་ཐམས་ཅད་ཟློགས༔ བདུད་དང་དམ་སྲི་འགོང་པོ་ཟློགས༔ ནུས་མཐུ་ཆུང་བའི་ལྷ་འདྲེ་རྣམས༔ རང་རང་བསམ་པ་བཟང་པོ་ཡིས༔ ཁྱོད་རང་གནས་པའི་ས་ཕྱོགས་སྲུངས༔ ང་ཡི་བཀའ་ལ་མི་ཉན་པར༔ ལོག་པར་འཁུ་བའི་ལྷ་འདྲེ་རྣམས༔ རྡོ་རྗེ་ཁྲག་འཐུང་ཁྲོས་པ་ཡིས༔ སྡང་མིག་གཟིགས་པས་བརླག་པར་འགྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ བཛྲ་ཀྲོ་ཏ་ཧཱུྃ༔ ཡ་མ་ཡ༔ མ་མ་རུ་ལུ༔ མ་ཧཱ་དྷེ་བ་ཨ༔ རུ་དྲ་དྷ༔ མུན་མུ་ཐུན༔ ཤུ་ལ་ཛ༔ རཱ་ཙ་ཙ༔ ཡཀྴ་ཀྵ༔ གྷྲྀ་བ་ཛ༔ རཀྴ་ར༔ བཛྲ་སཱ་དྷུ་ཏྲི༔ ཧཾ་ཤཾ་ཏྲི༔ ས་ནཱ་ག་ཕུ༔ ས་མ་ཡཱ༔ ཨ་མྲྀཏ་ན་ར་ཀན༔ ཞེས་གྱེར་ཞིང་དམ་བསྒྲགས་ལ་བསང་གཞུང་མཐར་དབྱུང་ངོ་། །གཉིས་པ་དངོས་གཞིའི་སྲུང་ཟློག་གསད་གསུམ་སྟེ། དང་པོ་སྲུང་བའི་འཁོར་ལོ་བྲི་གཞི་དར་རས་རྒྱ་ཤོག་གཙང་མར་མཚལ་ལམ་རྒྱ་སྣག་གིས་མུ་ཁྱུད་རིམ་པ་དྲུག་ཏུ་བསྐོར་བའི་ལྟེ་བར་ནྲྀའི་མཐའ་སྐོར་དུ། ཨཱོྃ་ཨཱཿཧཱུྃ༔ ཨཱོྃ་ཚི་རྟུལ་རྟུལ་རྨུག་ཤི་ཤི་ཧྲཱིཿཏྲཾ་ཙཀྲི་སད་རྦད༔ ཧ་ལ་བྷ་ཡེ་ནད་ཀྱི་བདག་མོ་སརྦ་མཱ་ར་ཡ་རྦད༔ བྷྲཱུྃ་ཧཱུྃ་བྷྲཱུྃ་ཧཱུྃ༔ ཡུལ་ལམ་བསྲུང་བྱ་ཆེ་གེ་མོ་འདི་དང་འདི་དག་ཏུ་འགོ་བའི་རིམས་ནད་སྤྱི་དང་ཁྱད་པར་འབྲུམ་པ་དཀར་ནག་བེ་གེ་གག་ལྷོག་གཟེར་གསུམ་གཉན་པརྦ་ཏ་རྒྱུ་གཟེར་བཤལ་ནད་ཉྭ་ལོག་འཁྲུ་སྐྱུག་ཆགས་རིམས་ལ་སོགས་འགོ་བའི་རིམས་ནད་ཐམས་ཅད་སྲུངས་ཤིག༔ སྒྲིབ་ཅིག་རཀྵ་རཀྵ་སྭཱ་ཧཱ༔ དེ་རྒྱབ་མུ་ཁྱུད་ལ་ཧཱུྃ་བཅུའི་བར་དུ། ཨཱོྃ་ཐིམ་ཐ་ར་ཏི་ས་དུནྟེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ དང་སྤེལ་ཚིག་གང་ཤོང་བྲི། དེ་རྒྱབ་རྩིབས་བཞིར་རཾ་དང་། དེའི་ཕྱིའི་མུ་ཁྱུད་ལ་རཾ་བཅུ། དེ་རྒྱབ་མུ་ཁྱུད་ལ་རྟེན་འབྲེལ་སྙིང་པོ་དང་སྤེལ་ཚིག་གང་ཤོང་བྲི། ཡི་གེ་རྣམས་མགོ་ཕྱིར་བསྟན། དེ་རྒྱབ་མེ་རི་འབར་བའང་བྱ། ལྟེ་བའི་ནྲྀ་དང་སྔགས་ལ་གླ་རྩི་གུ་གུལ་གུར་གུམ་བྱུག །དེའང་ནད་བདག་དང་ནད་མིང་སོགས་ལ་མི་བྱུག །རྩིབས་དང་མུ་ཁྱུད་མེ་རི་སོགས་ལ། ཤུ་དག་བོང་ང་སྤྲུ་ནག་ཕག་ཁྲག་ར་ཁྲག་མུ་ཟི་རྣམས་བྱུག་གོ །དེ་ལྟར་སྟན་ཐོག་གཅིག་ལ་བྲི་བ་དང་། རབ་ཏུ་གནས་པ་བྱ་དགོས། དེ་ནས་ཐུགས་སྒྲུབ་ཀྱི་བདག་བསྐྱེད་བླངས་ལ། ཧཱུྃ་སུམ་བརྒྱའི་མཇུག་ཏུ། རང་ཉིད་དྲག་པོ་རྩལ་དུ་གསལ་བའི་ངང་ནས་འཁོར་ལོ་མི་དམིགས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། གསེར་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་བོད་ཁ་བ་ཅན་གྱི་ཡུལ་ཐམས་ཅད་དང་ཁྱད་པར་དམིགས་ཡུལ་གྱི་ཡུལ་ཁམས་མི་ཕྱུག་རྣམས་ཚུད་པ། རྡོ་རྗེའི་ཕྱི་རོལ་དུ་ཐོད་པའི་གུར་ཁང་ཟླུམ་པོ། དེའི་ཕྱི་རོལ་དུ་འཁོར་ལོ་དམར་པོ་རྩིབས་དྲུག་པ། རྩིབས་གཉིས་སྟེང་འོག་ཏུ་ཟུག་པ། རྩིབས་བཞི་རཾ་ལས་མེ་འབར་བ། དེའི་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་འབར་བའི་གུར་ཁང་། རྩིབས་བཞི་རཾ་ལས་མེ་འབར་བས་ནད་བདག་རིམས་བདག་ཐམས་ཅད་བསྲེགས་གཏོར་བཀྲུས་པར་བསྒོམས་ནས། ཨཱོྃ་ཨཱཿཧཱུྃ༔ ཨཱོྃ་ཚི་རྟུལ་རྟུལ་རྨུག་ཤི་ཤི་ཧྲཱིཿཏྲཾ་ཙཀྲི་སད་རྦད༔ ཧ་ལ་བྷ་ཡེ་ནད་ཀྱི་བདག་མོ་སརྦ་མཱ་ར་ཡ་རྦད༔ བྷྲཱུྃ་ཧཱུྃ་བྷྲཱུྃ་ཧཱུྃ༔ ཞེས་ཚི་རྟུལ་མ་སུམ་བརྒྱ་སོགས་གང་མང་དང་། ཨཱོྃ་ཐིམ་ཐ་ར་ཏི་ས་དུནྟེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ཉེར་གཅིག །ཡེ་དྷརྨཱ་དང་སུ་པྲ་ཏིཥྛས་བརྟན་བཞུགས་བྱེད་ཅིང་མེ་ཏོག་འཐོར་ནས་ལྟེ་བ་མ་ཉམས་པར་བལྟབས། ས་ལ་མི་བཞག །མཚོན་རྩེ་མི་གཏོད། མི་ལག་མི་འགྲིམ། དེའང་རི་རྩེ་མཁར་རྩེ་རང་གཞན་གང་བསྲུང་བཅས་གསུམ་དུ་གསུངས་པའི་སྔ་མ་གཉིས་ནི་དར་རས་ལ་བྲི་ཞིང་། ཕྱི་མ་ཤོག་བུ་ལ་བྲི། ནད་རིམས་འབྱུང་དོགས་བསྲུང་ན་གོང་གི་དཔང་གཟུག་གི་གཤམ་དུ་རི་མཁར་གྱི་རྩེ་ལ་འཛུགས་ཤིང་བསྲུང་བྱ་རྣམས་ལའང་གདགས། བྱུང་ཟིན་གཅོད་ན་མདོས་བརྫངས་ཚར་བའི་ཕྱི་ཉིན་དཔང་གཟུག་དང་འཁོར་ལོ་འཛུགས་གདགས་མཛད་སྲོལ་ཡོད། གང་ལྟར་ཡང་འཁོར་ལོ་ཡོད་ཕྱིན་ཆད་སྲོད་དང་ཐོ་རངས་ཉིན་གུང་གསུམ་ལ་རབ་གནས་སྐབས་ཀྱི་དམིགས་པ་དེ་བསྒོམས་ལ། ཨཱོྃ་ཨཱཿཧཱུྃ༔ ཨཱོྃ་ཚི་རྟུལ་རྟུལ་རྨུག་ཤི་ཤི་ཧྲཱིཿཏྲཱཾ་ཙཀྲི་སད་རྦད་ཧ་ལ་བྷ་ཡེ་སརྦ་མཱ་ར་ཡ་རྦད་རིམས་ནད་ཐམས་ཅད་སྲུངས་ཤིག་བྷྲཱུྃ་ཧཱུྃ་བྷྲཱུྃ་ཧཱུྃ༔ ཞེས་ཅི་འགྲུབ་བཟླ། གལ་ཏེ་འཁོར་ལོ་བསྲུང་བྱའི་གྲངས་མཉམ་མ་འབྱོར་ན། བསྲུང་བྱའི་གཙོ་བོ་ཞིག་ལ་གདགས་པས་འཐུས་ལ། དེ་བཞིན་ཕྱུགས་ནད་བསྲུང་ན་རྫི་བོའི་མཆན་ཁུང་ངམ། རྟ་ཕྱུགས་ཀྱི་གཙོ་བོ་ཞིག་གི་མཇུག་མར་གདགས། ཡང་མཐིང་ཤོག་ལ་གོང་གི་སྔགས་དེ་གསེར་གྱིས་དབུ་ཅན་དུ་བྲི། སྲུང་སྨན་དྲི་བཟང་ཆོས་སྨན་གྱིས་བྱུག །དབུ་ནས་དྲིལ། བསྒྲུབས་ཤིང་རབ་ཏུ་གནས་པ་སཱཙྪའི་ནང་དུ་བཅུག །རི་མཐོན་པོའི་རྩེ་དང་ཡུལ་གྱི་ཕྱོགས་མཚམས་རྣམས་སུ་ཐོ་བརྩེགས་པའི་ནང་དུ་གཞུག་ལ། ཐོ་རྣམས་ཁྲོ་བཅུར་བསྐྱེད་ཅིང་རབ་ཏུ་གནས། བསྲུང་དགོས་པའི་ས་ཕྱོགས་ངོ་བོ་རྒྱལ་བའི་ཞིང་ཁམས། རྣམ་པ་ལྕགས་ཁང་སྒོ་མེད་གྲུ་བཞི་མེ་དཔུང་འབར་བའི་ནང་དུ་བསྲུང་བྱ་རྣམས་ཚུད་པར་བསམ་ལ་རྟེན་འབྲེལ་སྙིང་པོས་བྱིན་གྱིས་བརླབས་པའི་མེ་ཏོག་ཕྱོགས་ཐམས་ཅད་དུ་འཐོར་ལ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་ཤིས་བརྗོད་ཀྱི་ཚིགས་སུ་གཅད་པའང་བརྗོད་དོ། །གཉིས་པ་ཟློག་པ་ལ་སྦྱོར་བ་བཅས་བཤམ། དངོས་གཞི་གྱེར་སྨྲང་གཉིས་སོ། །དང་པོ་ནི། མདུན་ནམ་གཡས་གཡོན་སྟེགས་བུ་མཐོ་བར་ཐུགས་སྒྲུབ་བཀའ་སྲུང་དང་བཅས་པའི་གཏོར་མ། སྨན་རཀ །ཕྱི་ནང་གི་མཆོད་པ། ཟོར་གཏོར་དྲག་པོ་རྩལ་ཁྲོ་བོ་བཅུ་དང་བཅས་པ་ལ་དམར་གཏོར་གཙོ་འཁོར་བཅུ་གཅིག་ཁྲག་གིས་བྱུགས་ཤིང་མཚེ་ཡུངས་རྩང་གིས་བརྒྱན་པ། ཡང་ན་རང་ཉིད་ཡི་དམ་གང་ལ་བྱེད་པ་དེ་མཐུན་གྱི་མཆོད་གཏོར་དང་ཟོར་གཏོར། སྔོན་གཏོར་ཚོགས་ཀྱི་ཡོ་བྱད་སོགས་འདུ་བྱ། དེ་དང་ཉེ་བར་རབས་ཆད་ཐོད་པ་དངོས་སམ། མཛོ་དྲིལ་དྲེའུ་གང་རིགས་ཀྱི་ཐོད་པར་གྲི་ཁྲག །དམེ་ཁྲག །ནད་ཁྲག་སོགས་ཁྲག་སྣ་ཚོགས་བླུགས་ལ་བཙན་དུག་ཐང་ཕྲོམ་ཡུངས་དཀར་སོགས་བཏབ། ཐོད་པའི་ཁར་རས་ནག་གིས་བཀབ་པ་ལ་ཚོན་སྐུད་སྣ་ལྔས་དཀྲིས་པ་ཡང་བཤམས། སྤྲོ་ན་མདའ་དང་རྡོ་ཟོར་ཡང་བཤམས་ཤིང་། མི་སྤྲོ་ན་ཁྲག་ཟོར་གྱིས་འཐུས། རང་མདུན་སྟེགས་དམའ་བར་ལྕགས་སླང་ངམ་ཀ་ཊོ་ར་ལྟ་བུའི་ནང་དུ་དམིགས་བྱ་གང་ཡིན་གྱི་ལུས་བཀྲུས་པའི་ཁུ་བས་སྦྲུས་པའི་འབྲུའི་ངར་ཕྱེར་རིན་པོ་ཆེ་བརྡར་བ་བསྲེས་པར། མི་ཕྱུགས་མང་པོའི་ཁ་སྣའི་དབུགས་ཀྱིས་བདུགས་པ་ལས་ནད་བདག་མ་མོ་ཁྲོས་པའི་གཟུགས་ཅན་ཁ་གདངས་ཤིང་འོ་རྐྱལ་རིང་དུ་འཕྱང་བ། ཁྲག་གི་རལ་པ་རྟིང་པར་སླེབ་པ། ལག་གཉིས་ཐལ་མོ་རྡེབ་པའི་རྣམ་པ་ཅན་མཆན་ཁུང་དུ་ནད་རྐྱལ་ཐོགས་ཏེ་ལངས་པ། དེའི་ཕྱོགས་བཞིར་མ་མོ་དེ་བས་ཆུང་བ་རང་འདྲ་བཞིས་བསྐོར། དེ་ཁའི་མདུན་ནམ་ལོགས་ཅི་བདེ་བར་བསྒྲུབ་བྱའི་གླུད་ཆེན་སྐྱེ་མཆེད་ཚང་བ་བཅའ། མ་མོའི་གཟུགས་ཆེ་བ་དང་། གླུད་གཉིས་ཀར་ཡང་། ཞོ་ཤའི་སྙིང་། དུང་གི་རུས་པ། བསེའི་ཤ །མཚལ་གྱི་ཁྲག །རླུང་གི་དབུགས། མེའི་དྲོད། གོ་ལྕགས་ཀྱི་མགོ །རྦ་བྱིའུ་དང་ཟེར་མོའི་སྐྲ། དབང་ལག་གི་ལག་པ། ལུང་ཐང་གི་མིག །ཁབ་ཀྱི་སྣ། འགྲོན་བུའི་སོ། དར་དམར་གྱི་ལྕེ། སྐྱུང་མོའི་རྐང་པ། བལ་ཚོན་སྣ་ལྔའི་གོས། དར་ཟབ་དང་ཡུངས་དཀར་གྱིས་བརྒྱན་པར་བྱ། དེ་དག་གི་མཐའ་སྐོར་དུ་བཤོས་བུ་གྲུ་གསུམ་ནག་པོ་བརྒྱ། ཆངས་བུ་བརྒྱ། མཐེབ་ཀྱུ་བརྒྱ། ངར་གླུད་བརྒྱ། ཤ་སྣ་བརྒྱ། ཁྲག་སྣ་བརྒྱ། ལོ་མ། སྦང་མ། སྒོག་པ། ལ་ཕུག །རུས་པ། ནས་འབྲས་གྲོ་སྲན་མ་བཞི་བཙོས་པའི་ཆན། སྣམ་ཐེར། གོས་དར། རིན་པོ་ཆེ། སྨན་སྣ་སོགས་མ་ཚང་བ་མེད་པར་བཤམ། འགྲུབ་ན་གྱེར་གཞུང་ལས། ཤ་ཁལ་བརྒྱ་དང་རྩ་བརྒྱད་འབུལ༔ ཞེས་སོགས་གསུངས་པ་དང་མཐུན་པའི་སྣ་ཐམས་ཅད་ནས་མི་འདྲ་བ་བརྒྱ་དང་རྩ་བརྒྱད་དམ། དེ་ལྟར་མ་གྲུབ་ན། ལུག་ཤ་ལྟ་བུའི་རིགས་གཅིག་མི་མི་གཅིག་པ་བརྒྱ་དང་བརྒྱད་ལྟ་བུའི་བྱུང་ཁུངས་མི་གཅིག་པའམ། དེ་དག་གི་ལག་འགྲིམས་ཙམ་གྱིས་ཀྱང་རུང་སྟེ་རྫས་རྣམས་ཚོགས་པ་ཤིན་ཏུ་གལ་ཆེ། སྣོད་གཅིག་ཏུ་དམར་གཏོར་གྲུ་གསུམ་ཁྲག་གིས་བྱུགས་པ་གཙོ་འཁོར་ལྔ་ལ་མཐེབ་ཀྱུ་མང་པོས་བསྐོར་བར་དཀར་མངར་གྱིས་བརྒྱན། ནམ་རྒྱང་མདའ་འཕང་བཙུགས། གསེར་སྐྱེམས་དང་བཅས་པ་ཅི་བདེར་བཀོད། མ་མོའི་མདུན་དུ་ཉེར་སྤྱོད་ལྔ་ཕྲེང་ཚར་དུ་བསྒྲིག །རྗེས་སུ་གླུད་རྫས་རྣམས་འཇུག་སྣོད་སྒྱེའུ་སྔོ་དམར། གུལ་ཡུངས་ལྕགས་ཕྱེ་ཟངས་ཕྱེ་ཡུངས་དཀར་ནག་དང་བཅས་པར་བཙན་དུག་གི་ངར་བཏགས་པ་རྣམས་དང་། སློབ་དཔོན་མདུན་དུ་རྡོར་དྲིལ་ཌཱ་རུ་འཐོར་ནས་རོལ་མོའི་ཆས་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་གྱེར་སྨྲང་ནི། སྔོན་འགྲོ་གཟེར་ལྔ་ནས་བརྩམ་སྟེ་གསང་མཚན་ཐུགས་ཀྱི་སྒྲུབ་པའི་ཕྲིན་ལས་གཞུང་བཞིན་གྱེར། ཟོར་གཏོར་དྲག་པོ་རྩལ་ཁྲོ་བཅུས་བསྐོར་བ་བསྐྱེད་བསྟིམ་བྱེད། བཟླས་པ་བརྒྱ་ཉེར་གཅིག་གི་རྗེས་སུ། ནད་ཀྱི་བདག་མོ་རྦད་ཡ༔ མཱ་ར་ཡ་སརྦ་སོད༔ ཡེ་བྷ་ལ་ཧ་རྦད་སད་ཙཀྲི་ཏྲཾ༔ རིམས་ཀྱི་བདག་མོ་ཧྲཱིཿཤི་ཤི་རྨུག་རྟུལ་རྟུལ་ཚི་ཨཱོྃ་མཱ་ར་ཡ་ཟློག༔ ཅེས་ཚི་རྟུལ་མའི་ཟློག་པ་ལ་ནད་བདག་བསྡེབས་པ་སུམ་བརྒྱ་བཟླ་ཞིང་ཐུན་དང་གུ་གུལ་ལ་བསྔགས་སོ། །དེ་རྗེས་ཛཔ྄་བསྐུལ་དོན་བསྟོད་བཀའ་སྲུང་མཆོད་པ། ཚོགས་འཁོར་བྱིན་རླབས་འབུལ་བ་རྩ་གསུམ་སྐོང་གསོ་ཡན་དཀྱུས་བཞིན་བྱ། གལ་ཏེ་ལྷ་གཞུང་ཕྲིན་ལས་གཞན་གཏོང་ནའང་དེའི་འགྲོས་ཀྱིས་ཤེས་པར་བྱའོ། །སྐབས་དེར་གླུད་ཡས་རྣམས་ཆབ་ཀྱིས་བྲན་ལ། སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་པའི༔ སྤོས་དང་སྨན་སྦྱར་ཆུ་གཙང་དག་པའི་ཁྲུས༔ ཡིད་བཞིན་སྤྲིན་ཕུང་མཁའ་ལས་ཆར་འབེབས་པས༔ མི་གཙང་དྲི་མའི་ཚོགས་ཀུན་དག་གྱུར་ཅིག༔ ཨཱོྃ་ཤུདྡྷེ་བི་ཤུདྡྷེ་ཤོ་དྷ་ན་ཡ་སྭཱ་ཧཱ༔ དེ་ནས་ཆོས་ཉིད་རྣམ་དག་གི་སྔགས་རྒྱ་བྱས་པས་གླུད་ཡས་ཀྱི་རྒྱུ་རྐྱེན་གཙོར་བྱས་པའི་སྣང་སྲིད་སྣོད་བཅུད་ཀྱི་མ་དག་པ་ཐམས་ཅད་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་ལན་བདུན་གྱིས་སྦྱང་། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་བདུན་གྱིས་སོ་སོའི་གང་མོས་སུ་སྤེལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བདུད་རྩི་ཐལ་སྦྱོར་གྱི་སྔགས་རྒྱ་ལན་བདུན་གྱིས་བདུད་རྩིར་བསྒྱུར། དེ་ནས་མཁའ་འགྲོ་སྤྱན་འདྲེན་པ་ནི། དེའང་སྣང་སྲིད་ཐམས་ཅད་བླ་མ་མཁའ་འགྲོའི་དཀྱིལ་འཁོར་དུ་རྫོགས་པའི་དབུས་སུ་རྟ་ཕག་ཡབ་ཡུམ་ལ། ཡེ་ཤེས་དང་ལས་ལས་གྲུབ་པའི་ཚུལ་འཛིན་པའི་དཔའ་བོ་མཁའ་འགྲོ་ཐམས་ཅད་མཁའ་ལས་སྤྲིན་རྡོལ་བ་བཞིན་དུ་ཆོས་སྐུ་དེ་བཞིན་ཉིད་ཀྱི་ངང་ལས། ཀུན་རྫོབ་ཞལ་ཕྱག་གི་རྣམ་པར་ཐོལ་ཐོལ་བཞེངས་པར་བསམ་པ་ཉིད་སྤྱན་འདྲེན་ཡིན་པས་ཐག་རིང་གི་མགྲོན་པོ་ལྟར་འབྱོན་དགོས་པའི་ངེས་པ་མེད་ལ། དེ་ལྟར་བློས་མ་ལྕོགས་ན། གྱེར་ཚིག་དང་མཐུན་པའི་མགྲོན་རྣམས་ཁ་བ་ལྟར་འབབ། རླངས་པ་ལྟར་བརྡོལ། རླུང་ལྟར་འཚུབ་ཅིང་མཆོད་ཡུལ་དུ་གཤེགས་པར་བསམ། ནད་བདག་ཀྱང་ངོ་བོ་རྡོ་རྗེ་ཕག་མོ། རྣམ་པ་ནད་བདག་མ་མོའི་ཚུལ་དུ་སྤྱན་འདྲེན་པ་ཡིན་ལ། དང་པོར་སྣང་སྲིད་མཁའ་འགྲོའི་དཀྱིལ་འཁོར་དུ་བསྒོམས་ནས་སྤྱན་འདྲེན་མཆོད་བསྟོད་བགྱིས་ཏེ། མཐར་རྣམ་རྟོག་གི་རང་གཟུགས་ནད་བདག་མོའི་རྣམ་པར་བསྒྱུར་ནས་ཡས་བསྔོ་བ་དང་། ཟློག་སྒྱུར་གྱི་སྒོ་ནས་མདོས་རྫོངས་བགྱིས་པས་ཆོག་པའི་གནད་གོ་བར་བྱས་ལ་དབྱངས་རོལ། རྐང་གླིང་། ཐོད་རྔ། གཡབ་དར། གསུར་དུད། བཤུགས་པའི་སྒྲ་དང་བཅས་ཏེ་གྱེར་གླུད་རབས་ཀྱི་གཞུང་ལྟར། ཧཱུྃ༔ སྟོང་གསུམ་སྟོང་གི་གཞལ་ཡས་ནས༔ ཞེས་པ་ནས། རྣལ་འབྱོར་དབང་ཕྱུག་དགོངས་པའི་ཕྲིན་ལས་མཛོད༔ ཅེས་པའི་སྤྱན་འདྲེན། བཞུགས་གསོལ། གནད་ནས་བསྐུལ་བ་རྣམས་བྱ། དེ་ནས་སྤོས་དང་མར་མེ་སོགས་སྤར་ཞིང་མཆོད་པ་འབུལ་བ་ནི། ཧཱུྃ༔ སྟོང་གསུམ་སྣང་གསལ་མེ་ཏོག་དང༔ སོགས་ནས། མ་མོ་མཁའ་འགྲོ་མཉེས་གྱུར་ཅིག༔ ནད་ཀྱི་བདག་མོ་མཉེས་གྱུར་ཅིག༔ ཅེས་པའི་བར་སོང་ནས། གོང་གི་སྔགས་ཕྱག་དྲུག་གི་འཕྲོས། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཞེས་རྒྱ་ཆེན་ཤུགས་ལྡན་འོད་ཀྱི་སྔགས་རྒྱ་ལན་བདུན་གྱིས་ཐོབ་པར་བྱ་བ་དང་། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་ཧཱུྃ། ཞེས་ཡེ་ཤེས་སྐར་མདའི་སྔགས་རྒྱ་ལན་བདུན་གྱིས་ཚིམ་པར་བྱ་བ་དང་། ན་མཿས་མནྟ་བུདྡྷ་ནཾ་གྲ་ཧེ་ཤྭ་ར་པྲ་བྷ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ། ཞེས་དབང་སྒྱུར་འཁོར་ལོའི་སྔགས་རྒྱ་ལན་བདུན་གྱིས་དབང་དུ་བསྡུ་བ་བཅས་བྱ། དེ་རྗེས་རོལ་མོར་བཅས་ཏེ་གླུད་རབས་དངོས་ནི། ཧཱུྃ༔ སྔོན་ནི་སུ་དང་སུ་ཡི་གླུད༔ ཅེས་པ་ནས། ལྟས་ངན་སྣ་ཚོགས་ལངས་པ་ཟློགས༔ ཅེས་པའི་བར་གྱེར་གླུད་ཀྱི་གཞུང་ལྟར་བྱ། སྐབས་འདིར། ཟློག་བྱང་གཞན་ཡང་བྱའོ༔ ཞེས་པའི་དོན་ཕྱག་ལེན་དུ་མདོས་ཆོག་གམ་མན་ངག་ཤོག་དྲིལ་གྱི་ལྔ་པ་ནད་རིམས་ཟློག་པའི་གྱེར་སྐབས་འདིར་སྦྱར་སྲོལ་ཡོད་པས། ཧཱུྃ་བྷྱོ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ༔ སོགས་ནས། ཐམས་ཅད་རང་གི་གནས་སུ་དེངས༔ བར་བྱ། དེ་ནས་གྱེར་གྱི་གླུད་རབས་འཕྲོས། ཀྱཻ༔ གླུད་བྱུང་དང་པོ་གང་ནས་བྱུང༔ ཞེས་པ་ནས། མི་བས་གླུད་དགའ་བྱ་བས་སྤུ་དགའ་འོ༔ ཞེས་པ་ཡན་བརྗོད་ལ་གླུད་ཡས་རྣམས་སྒོ་ཕྱོགས་སུ་ཁ་བསྒྱུར་ལ་མདོས་ལམ་འཐེན། སྐབས་འདིར་ཚོགས་ལ་རོལ་ཞིང་ལས་བྱང་གི་ལྷག་མ་གཏོང་། ༼དེ་ནས་རིག་འཛིན་རྩལ་འཆང་ཁ་ཅིག་གི་ཕྱག་སྲོལ་ལྟར་ན། སྐབས་འདིར་ཡས་རྣམས་སྒྱེའུར་བླུག་སྟེ། མ་མོའི་གཟུགས་བརྙན་གྱི་མགོར་རྡོ་རྗེ་བཞག་ནས། བྷྱོ༔ ཁྱོད་ནི་བསྟེན་ཅིང་སྒྲུབ་པའི་ཚེ༔ སོགས་ཀྱིས་དམ་བསྒྲགས་ནས་བདེ་ཡངས་ལྟ་ཕུར་ཕྱིན་ལ། གསེར་སྐྱེམས་བཏེག་པ་སྔོན་དུ་འགྲོ་བས། བྷྱོ༔ སྟོང་གསུམ་སྟོང་གི་འཇིག་རྟེན་སོགས་ཀྱིས་གཤེགས་སྐྱེམས་དྲང་ལ། ལྔ་པ་ནད་རིམས་ཟློག་པའི་གྱེར་གྱི་རྗེས་ཀྱི། བྷྱོ༔ ལྷ་སྲིན་སྡེ་བརྒྱད་སྤྱན་ལམ་དུ༔ ངར་མོ་ཆས་སོ་སོགས་ཀྱི་ཟློག་གཞུང་དང་། བྷྱོ༔ བླ་མ་དཀོན་མཆོག་ཡི་དམ་ལྷ་ཡི་སོགས་ཀྱི་གཟུ་དཔང་། བྷྱོ༔ དོ་ནུབ་དགྲ་ལ་ཟོར་ཞིག་འཕེན༔ སོགས་ཀྱིས་ཟོར་བསྐུལ་ཏེ་རྫོངས་རྗེས་སུ་ཟོར་འཕང་བར་གསུངས་པ་འཇུག་པ་བདེ་ཞིང་ཤིན་ཏུ་ལེགས་མོད།༽ འདིར་རེ་ཞིག་རྡོ་རྗེ་བྲག་རིག་འཛིན་ཆེན་པོའི་ཕྱག་བཞེས་ཀྱི་རྗེས་སུ་འབྲང་སྟེ། གསེར་སྐྱེམས་སྔོན་དུ་འགྲོ་བས། རྩ་གསུམ་དམ་ཅན་རྒྱ་མཚོ་རྣམས་ལ་གདུང་ཤུགས་དྲག་པོའི་སྒོ་ནས་གཟུ་དཔང་གསོལ་བ་ནི། བྷྱོ༔ བླ་མ་དཀོན་མཆོག་ཡི་དམ་ལྷ་ཡི་ཚོགས༔ སོགས་ནས། དུས་ལ་བབས་ཀྱིས་ད་ནི་དམ་ལ་འདུས༔ ཞེས་དང་། ཟོར་བསྐུལ་བ་ནི། བྷྱོ༔ དོ་ནུབ་དགྲ་ལ་ཟོར་ཞིག་འཕེན༔ སོགས་ནས། བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ཁྲག་ཟོར་གྱི་འཕྱོང་བརྗོད། མ་མོའི་གཟུགས་ཀྱི་སྤྱི་བོར་རྡོ་རྗེ་བཞག་ལ་ཐུགས་དམ་བསྐུལ་བ་ནི། བྷྱོ༔ ཁྱོད་ནི་བསྟེན་ཅིང་སྒྲུབ་པའི་ཚེ༔ སོགས་ནས། རང་གིས་གསོས་ཏེ་དམ་སྲུངས་ཤིག༔ ཅེས་བརྗོད། གཤེགས་སྐྱེམས་ནི་རིན་པོ་ཆེ་ལ་སོགས་པའི་སྣོད་བཟང་པོར་གསེར་དང་སྦྱར་བའི་སྐྱེམས་བཏེག་ལ། ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ སོགས་ནས། རྣལ་འབྱོར་བདེན་པའི་བཀའ་ལ་ཉོན༔ ཅེས་པའི་བར་གྱེར་གླུད་ལྟར་བརྗོད། ངར་མི་བཤོས་བུ་མཐེབ་ཀྱུ་ཆངས་བུ་རྣམས་མ་གཏོགས་པའི་ཡས་རྣམས་སྒྱེའུ་སྔོ་དམར་དུ་བླུགས་ལ་ཁ་བཅིང་། ནད་བདག་ངར་མི་བཤོས་བུ་སོགས་གཙང་ཞིང་བརྟན་པའི་སྣོད་དུ་བླུགས་ནས་བཏེག་ལ། གལ་ཏེ་མི་འགྲོ་བར་གཅོད་ན༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་དང༔ ཕོ་ཉ་རྣམས་ཀྱི་བརྟུལ་ཞུགས་ཀྱིས༔ འཁོར་ལོ་རལ་གྲི་རྡོ་རྗེ་དང༔ བེ་ཅོན་དབྱུག་ཏོ་ཞགས་པ་དང༔ ཐོ་བ་ལྕགས་ཀྱུ་འཁྲིགས་པ་ཡི༔ གདུག་པའི་མེ་འོད་ཚྭ་ཚྭ་འཕྲོ༔ ཧཱུྃ༔ ང་ནི་རྡོ་རྗེ་དྲག་པོ་རྩལ༔ རྡོ་རྗེ་གུར་གྱི་རྭ་བ་ནས༔ ཧཱུྃ་མཛད་ལ་སོགས་ཁྲོ་བོ་བཅུ༔ སྒྲ་འབྱིན་ལ་སོགས་ཁྲོ་མོ་བཅུ༔ དཔའ་བོ་དཔའ་མོ་འཇིགས་པའི་ཚོགས༔ འཇིགས་ཚུལ་རྔམས་དང་སྟངས་སྟབས་ཀྱིས༔ གང་ལ་བྱ་བའི་དགྲ་དང་བགེགས༔ གསོ་ཐབས་མེད་པར་བརླག་པར་བྱེད༔ སོང་ཞིག་བྱེར་ཅིག་ནད་བདག་མོ༔ ཤ་ཟ་ཡི་དྭགས་འབྱུང་པོའི་ཚོགས༔ གདུག་ཅིང་རྒོལ་ན་བརླག་པར་བྱེད༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་ཅིང་། མི་མོའི་གཟུགས་ནད་བདག་དངོས་སུ་གྱུར་པ་ངར་མི་རྣམས་ཁྲོ་བོའི་ཕོ་ཉ་མཚོན་ཆ་སྣ་ཚོགས་ཐོགས་པས་ནད་བདག་འཁོར་དང་བཅས་པ་དེད་དེ་རྒྱ་མཚོའི་ཕར་འགྲམ་དུ་བསྐྲད་པར་བསམ་ལ། འཕྱར་དར་ལ་སོགས་པས་སྣ་དྲངས་ལ་རྫོངས་རྣམས་བཏེག་པའི་རྗེས་སུ་སྔགས་ཀྱིས་བཏབ་པའི་གུ་གུལ་གྱིས་བདུག །སློབ་དཔོན་གྱིས་དྲག་སྔགས་བཟླ་ཞིང་ཐུན་བྲབ། རོལ་མོའི་སྒྲ་དང་བཅས་ཏེ། གཙང་ཆུ་ལྟ་བུའི་ཀོ་བ་ཐེག་པའི་ཆུ་དང་ཐག་ཉེ་ན་ཆུ་འགྲམ་གྱི་བར་དུ་རོལ་མོ་དང་བཅས་ཏེ་བསྐྱལ། ནད་བདག་གླུད་ཡས་དང་བཅས་པ་ཀོ་བར་བརྫངས། གསེར་སྐྱེམས་གང་རིགས་འབུལ་ཞིང་། ལས་གཞུང་གི་ཆད་ཐོ་དམག་ལྟོའི་ཚུལ་དུ་གཏོང་། སླར་ཡང་རིག་པ་ངར་དང་ལྡན་པས་རང་ཉིད་རྡོ་རྗེ་དྲག་པོ་རྩལ་ཁྲོ་བཅུ་ཡབ་ཡུམ་སོགས་ཁྲོ་ཚོགས་ཀྱིས་བསྐོར་བའམ། རྩ་བའི་ཡི་དམ་གང་བྱེད་དེ་རབ་ཏུ་ཁྲོས་ཤིང་སྡེ་བརྒྱད་དྲེགས་པའི་དཔུང་དང་བཅས་ཏེ་དུག་མཚོན་ནད་ཀྱི་ཆར་འབེབ་པར་བསམ་ལ། ཀོ་བ་ཆུར་བསྐུར་བ་དང་སྦྲགས་ཏེ་ཆད་མདོའི་ཟོར་བསྐུལ་ལམ་སྤྱི་འགྲོའི་ཟློག་ཐུང་བརྗོད་ལ། ཀོ་བའི་རྗེས་སུ་དང་པོར་ཁྲག་ཟོར་འཕང་། དེ་རྗེས་སུ་ཟོར་གཏོར་འཕང་། ཐལ་མོ་བརྡབ། དུལ་མོ་རྟུལ། རྣལ་འབྱོར་པ་རྣམས་ཀྱིས་ཟློག་སྔགས་ཟབ་མོའི་རིགས་དྲག་ཏུ་བརྗོད་ཅིང་། མཱ་ར་ཡའི་དྲག་རྡུང་དང་བསྟུན། སྐྱེས་པ་གོ་མཚོན་ཅན་བརྒྱ་ཕྲག་གིས་བསྭོ་བསྭོའི་སྒྲ་དང་བྷྱོ་གདབ། མདའ་རྡོའི་ཆར་ཀོ་བ་ལ་མ་ཕོག་ཙམ་གྱིས་ནད་བདག་གི་རྒྱབ་ནས་རྡུངས། མེ་མདའ་སོགས་དྲག་པོའི་སྒྲའི་ཚམ་རྔམ་བྱ། ཡུགས་ས་ལ་སོགས་བུད་མེད་ནག་མོ་བརྒྱ་ཕྲག་གིས་དར་ནག་གི་གཡབ་མོ་རྡེབ། དམོད་མོ་དང་འོ་དོད་འབོད། ཆུ་ཐག་རིང་ཐུང་ཇི་ལྟར་ཡང་ནད་བདག་གི་རྫོངས་ཆས་རྣམས་ངེས་པར་གཙང་ཆུ་ལྟ་བུར་ཀོ་བའི་ཆས་ལ་བརྟེན་ནས་བརྫང་དགོས་པས། ཐག་རིང་ན་ནད་བདག་དཀོར་ཆ་དང་བཅས་པ་སོང་རྗེས་སུ་རྣལ་འབྱོར་པ་རྣམས་ཀྱིས་ས་ཡུལ་ཅི་བདེ་བའི་བར་དུ་སྐྱེལ་ཏེ་ཟོར་འཕང་བ་སོགས་བྱ། བསྲུང་བྱ་རྣམས་རྡོ་རྗེའི་ར་གུར་སོགས་ཁྲོ་མཚོན་མེ་དཔུང་གི་གུར་གྱིས་བཅིངས་པར་བསམ་ཞིང་འཁོར་གསུམ་མི་དམིགས་པའི་རྒྱས་གདབ། ཐམས་ཅད་ཀྱིས་ཕྱི་མིག་མི་བལྟ། སློབ་དཔོན་གྱིས་རྟིང་མནན་ཏེ་ལྡོག་པའི་སྒྲུབ་ཁང་གི་ཕྱིར་མེ་ཆུའི་རྒྱས་འདེབས་བྱ། ཟོར་གཏོར་གྱི་སྣོད་འབྲུ་དང་ཆང་ཕུད་ཀྱིས་བཤལ་པའི་ཆུས་བརྟན་མ་བསྐྱང་། གཏོར་གཞོང་ཁ་སྦུབས་ལ་རྟ་བྲོ་རྡུང་། ནང་དུ་ལོགས་ནས་ཚེ་འགུགས་ཤིང་དངོས་གྲུབ་བླང་། གཏང་རག་གི་མཆོད་བསྟོད་ནས་བཀྲ་ཤིས་བར་རྗེས་ཀྱི་བྱ་བ་རྣམས་མཐའ་རྒྱས་སུ་བགྱིད་ཅིང་། ནད་རིམས་བྱུང་ཟིན་གཅོད་ན་དཔང་གཟུག་དང་སྲུང་འཁོར་བཀྲམ་པ་སོགས་གོང་དུ་སྨྲོས་པ་ལྟར་ལག་ཏུ་བསྟར་རོ། །གསུམ་པ་གསད་པ་ནི། གལ་ཏེ་སྲུང་ཟློག་གི་ཆོ་ག་བྱས་པས་ནད་རིམས་རྩུབ་ཅིང་ཐུར་སོང་ན་གནད་ལ་དབབ་ཅིང་ཐུན་བྲབ། ནད་བདག་གསད་པའི་མན་ངག་གཞུང་ལྟར་ལག་ཏུ་བླང་བར་བྱའོ། །ས་བཅད་བདུན་པ་དེ་དག་གི་མཇུག་གི་ཆོས་གཅིག་ནི། གཞུང་ལས། རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི༔ ནད་དང་སྡུག་བསྔལ་རྐྱེན་རྣམས་ཀུན༔ ངེས་པར་གཏན་ལ་དབབ་པའི་ཚེ༔ རྒྱུ་རྐྱེན་སྙིང་པོ་མ་གྲུབ་པས༔ སྡུག་བསྔལ་བྱ་བྱེད་འཛིན་པ་དོར༔ ཐམས་ཅད་དག་པའི་ཞིང་ཡིན་པས༔ མཉམ་པ་ཉིད་དུ་ཐག་བཅད་ལ༔ བཅོས་མེད་ངང་ལ་དར་གཅིག་བཞག༔ དེ་ཡིས་རྒྱལ་ཁམས་བདེ་སྐྱིད་ལྡན༔ བྱང་ཆུབ་སེམས་ལྡན་སྐྱེས་བུ་ཡིས༔ འགྲོ་དོན་ཕྱོགས་རིས་མེད་པར་མཛོད༔ ཅེས་གསུངས་པའི་དོན་ལྟར་བདག་འཛིན་གྱི་རྩ་བ་གཞི་མེད་རྩ་བྲལ་འཁོར་འདས་རོ་མཉམ་དག་པ་རབ་འབྱམས་མ་བཅོས་ལྷུན་གྲུབ་འོད་གསལ་རྫོགས་པ་ཆེན་པོའི་ངང་དུ་མཉམ་པར་བཞག་གོ །འདི་ལྟ་བུའི་ལས་བརྩམ་པ་ལ། དམ་ཚིག་ལ་སེལ་མེད་པ། ཡི་དམ་ཀྱི་བསྙེན་པ་ཐེམས་པ། རྫས་ཚོགས་ཤིང་ལག་ལེན་མ་འཁྲུལ་པ། བྱང་ཆུབ་ཀྱི་སེམས་དང་ལྟ་བའི་རྒྱས་ཐེབས་པ། ཐེ་ཚོམ་གྱི་སྙེམས་འཕྲིག་མེད་པ། གསག་སྦྱོང་གི་དཔུང་བསྐྱེད་པ་སྟེ་གཅེས་པའི་གནད་དྲུག་དང་ལྡན་ན་འདོད་དོན་འགྲུབ་པར་འགྱུར་བའང་གོ་དགོས་སོ།། །། ༈ ཞར་བྱུང་ནད་རིམས་ཕྲ་མོ་ཟློག་ན། རྩ་བའི་ས་བཅད་ལྔ་པའི་འཕྲོས་དོན་ལས་གསུངས་པ་ལྟར། ཟླ་བ་མར་ངོའི་ཐེབས་དང་བསྟུན། ནས་ཚིགས་ཀྱི་ཕྱེ་ལ་ནད་བདག་གཙོ་འཁོར་ལྔ་བཟོས་ལ་གླུད་རྫས་སྣ་ཚོགས་ཀྱིས་བསྐོར་ཏེ། ཐུགས་སྒྲུབ་ཀྱི་ཕྲིན་ལས་གཞུང་བསྲང་། སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབ། མན་ངག་ཤོག་དྲིལ་ནས་གསུངས་པའི། ཧཱུྃ་བྷྱོ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ༔ ཞེས་པ་ནས། གདུག་ཅིང་རྒོལ་ན་བརླག་པར་གྱིས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པའི་བར་བརྗོད་ཅིང་གྱེར་གླུད་རབས་ཆེན་མོ་གཏང་མི་དགོས། བཅས་རྣམས་འབྱོར་ན་ཀོ་བ་དང་། མ་འབྱོར་ན་ཐེབས་དང་བསྟུན་ཏེ་རྒྱང་རིང་པོར་བསྐྱལ། མཚམས་གཅོད་སྲུང་འཁོར་སོགས་བྱས་པས་འགྲུབ་ཅིང་འཇུག་བདེ་བའི་གནད་དམ་པ་གཞུང་དོན་མན་ངག་གིས་གཏན་ལ་ཕབ་པའོ། །མ་མོ་ཁྲོས་པའི་ཚ་དབལ་མི་བཟད་པས། །ཉམ་ཐག་སྙིགས་མའི་འགྲོ་བ་སྐྱོབ་པ་ལ། །ཟླ་བ་བདུད་རྩི་ལྟ་བུར་རབ་བསིལ་བ། །ཨོ་རྒྱན་སངས་རྒྱས་གཉིས་པའི་དྲིན་ལས་ཤར། །བྱས་པ་འདི་ཡང་དོན་དང་ལྡན་གྱུར་ཏེ། །འཇིག་རྟེན་ཀུན་ཏུ་ནད་ཀྱི་དུ་རུཥྐ། །མིང་ཡང་མི་གྲགས་སྐྱེ་དགུའི་ལུས་དང་སྲོག །འགྱུར་མེད་བདེ་ཆེན་རྡོ་རྗེར་འཚོ་གྱུར་ཅིག །ཅེས་པ་འདི་ཡང་རང་འདྲའི་རྨོངས་པ་རྣམས་ཀྱིས་ལག་ཏུ་བླང་བདེ་བའི་ཆེད་དུ། རྩ་བའི་གཞུང་དང་བདུད་འཇོམས་ཡང་སྲིད་༧པདྨ་ཕྲིན་ལས་ཀྱི་གསུང་རབ་སྦས་དོན་ཀུན་གསལ་སོར་བཞག་ལ། ༧ཆོས་རྒྱལ་གཏེར་བདག་གླིང་པའི་གསུང་རྒྱུན་གྱི་གནད་ཟབ་མོ་སོགས་ལེགས་ཆས་བརྒྱན་ཏེ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊིའི་སྒྲུབ་གནས་སུ་སྦྱར་པ་དགེ་ལེགས་འཕེལ།། །།
རིག་འཛིན་སྲོག་སྒྲུབ་ལས། ཁྲིད་ཡིག་གི་རྒྱལ་པོ་འཇའ་གུར་འོད་གསལ་གྱི་གཏེར་མཛོད། ཟབ་མོ་མཁའ་འགྲོའི་དག་སྣང་ (Volume 9, Text 6)
༄༔ རིག་འཛིན་སྲོག་སྒྲུབ་ལས། ཁྲིད་ཡིག་གི་རྒྱལ་པོ་འཇའ་གུར་འོད་གསལ་གྱི་གཏེར་མཛོད། ཟབ་མོ་མཁའ་འགྲོའི་དག་སྣང་བཞུགས་སོ། ། ན་མོ་དྷརྨ་དྷཱ་ཏུ་མ་ཧཱ་སན་ཏི་ས་མཱ་ཏི་གུ་རུ་བྷྱཿ རབ་གསང་འཇའ་གུར་ཟག་བྲལ་རྡོ་རྗེའི་དབྱིངས། །ལྷུན་གྲུབ་འོད་ལྔ་ལོངས་སྐུ་མཚན་དཔེའི་བདག །སྤྲུལ་པས་འགྲོ་འདུལ་རིག་འཛིན་པདྨ་འབྱུང། །ཡི་དམ་ཌཱ་ཀི་ཆོས་སྲུང་སྤྱི་བོར་མཆོད། །ཕྱི་ནང་གསང་བའི་ཆོས་ཚུལ་རབ་འབྱམས་ཀྱི། །སྙིང་པོའི་བཅུད་བསྡུས་དབུ་ཕྱག་རྫོགས་པ་ཆེ། །བཀའ་གཏེར་དག་སྣང་ཟབ་མོ་སྙན་བརྒྱུད་ཀྱིས། །གངས་རིའི་ཁོར་ཡུག་ཁྱོན་འདི་མཛེས་གྱུར་པའི། །རྡོ་རྗེའི་ཆིངས་གྲོལ་བྱིན་རླབས་བདུད་རྩིའི་རྒྱུན། །སྙན་བརྒྱུད་འོ་མའི་བཅུད་མཆོག་མར་ལྟ་བུས། །ཐོས་གྲོལ་འགྲོ་ཀུན་དགའ་བའི་རེ་སྐོངས་ཤིག །ཐུགས་བཅུད་འདུས་པ་རིག་འཛིན་ཐིག་ལེའི་ཁྲིད། །མཁའ་སྤྱོད་དབྱིངས་གཞི་རྡོ་རྗེའི་མཎྜ་ལར། །དཔའ་བོ་ཌཱ་ཀིའི་གསང་སྔགས་རྡོ་རྗེའི་ཚིག །འོད་གསལ་སྙིང་པོ་གདོད་མའི་གནས་ལུགས་ངང་། །ལྷུན་གྱིས་གྲུབ་པའི་རང་མཚང་སྟོན་པའི་གླུ། །འདིར་ཅིག་སྨྲས་སོ་སྒྱུ་མའི་རྣལ་འབྱོར་པས། །སྐལ་པ་དམན་དང་རྒྱུ་འབྲས་ཕྱོགས་སུ་ཞེན། །ལམ་དོར་ལམ་ལོག་ལམ་དམན་ལམ་འཁྱོགས་པ། །སྐལ་མེད་རྣམས་ལ་གསང་དང་ཡེ་གསང་དང་། །རླུང་གི་ཕྱོགས་ཙམ་འཛག་མེད་རྒྱ་ཡིས་ཐོབ། །སྐལ་བཟང་རབ་མཆོག་བློ་གྲོས་ནོར་ལྡན་ཞིང་། །ལྷག་པར་སྐྱེས་རབས་རྒྱ་མཚོའི་བསོད་ནམས་ཕུལ། །འདིར་ནི་ཐེག་ཆེན་ཆོས་ལ་མངོན་འཇུག་པའི། །ཨ་ཏིའི་དལ་ལ་འདུ་ཞིང་མངོན་སུམ་དུ། །སྣང་བཞི་རྡོ་རྗེའི་ལམ་ནས་མི་འཁྱོག་པའི། །རིག་འཛིན་ཆོས་རྗེ་བླ་མའི་རྗེས་ཞུགས་པ། །སྐལ་བཟང་རྣམས་ལ་རྡོ་རྗེའི་དབྱངས་འདི་སྒྲོག །དེ་ལ་སྲོག་སྒྲུབ་ཡང་སྙིང་ཐུན་མོང་གི་ཁྲིད་ཡིག་སྲིད་ཞིའི་འོད་གསལ་གྱི་ཉི་མ། རང་བྱུང་དབྱིངས་རིག་དག་པའི་ལམ་ཆེན་ཞེས་བྱ་བ། མན་ངག་སྙིང་པོ་དམ་པ་འདིའི། རྡོ་རྗེའི་ལུས་མདོར་བསྟན་ན། སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། རྒྱས་པར་བཤད་ན་སྔོན་འགྲོ་ལ་ཡང་། ཐུན་མོང་དང་ཁྱད་པར་གཉིས་ལས། ཐུན་མོང་སྔོན་དུ་བཤད་པ་ལ་བཞི་སྟེ། དལ་འབྱོར་རྙེད་པར་དཀའ་བ། ཚེ་མི་རྟག་པ་བསམ་པ། ལས་རྒྱུ་འབྲས་བསླུ་བ་མེད་པའི་ཁྲིད་དུ་འཇུག་པ། འཁོར་བའི་ཉེས་དམིགས་དང་ཐར་པ་དམ་པའི་ཕན་ཡོན་བསྟན་པ་དང་བཞི་ལས། དང་པོ་དལ་འབྱོར་རིན་པོ་ཆེ་རྙེད་པར་དཀའ་བ་བསམ་པ་ནི། དབུལ་པོས་ཡིད་བཞིན་གྱི་ནོར་བུ་རྙེད་པ། འཇིག་རྟེན་གྱི་ཁམས་སུ་ཨུ་དུམ་ཝཱ་རའི་མེ་ཏོག་འབྱུང་བ། རྒྱ་མཚོར་གཉའ་ཤིང་གི་བུ་གར་རུ་སྦལ་གྱི་མགྲིན་པ་ཚུད་པ། ཞལ་བ་དང་ལྡན་པའི་གྱང་ལོགས་ལ་སྲན་མ་ཇི་ཙམ་གཏོར་ཀྱང་གཅིག་ཀྱང་མི་ཆགས་པ་ལ་སོགས་པའི་དཔེ་བསམ་གྱིས་མི་ཁྱབ་པ་མཐའ་དག་ལ་བསམ་པ་སྟེ། དཔེའི་སྒོ་ནས་རྙེད་པར་དཀའ་བ་བསམ་པའོ། །གྲངས་ཀྱི་སྒོ་ནས་བསམ་པ་ནི། དཔེར་ན་འབྲུའི་ཕུང་པོ་བརྩེགས་པའི་རྨང་ལྟ་བུ་ནི་ངན་སོང་གསུམ་ཡིན་ལ། གྲངས་ཀྱང་མང་ལ་སྡུག་བསྔལ་ཡང་ཆེ་བ་ནི་རྒྱལ་བའི་མདོ་རྒྱུད་ཐམས་ཅད་དུ་གསལ་བ་ལྟར་ལ། དེའི་གོང་མ་ནི་མཐོ་རིས་ཀྱི་འཇིག་རྟེན་གསུམ། བདེ་འགྲོ་ངན་སོང་ལས་འཕགས་པ་ཙམ་ཡིན་ཡང་། སྲིད་པའི་ལས་མཐའ་ཡས་པ་མ་སྤངས་པས། སླར་ཡང་འཁོར་བར་འཇུག་པའི་སྡུག་བསྔལ་སོགས་མཐའ་ཡས་པ་ཡོད་ལ། དེའི་རྩེ་མོ་འབྲུའི་ཚོགས་ཉུང་ངུ་ལས་མི་གནས་པར་གྱུར་པ་ནི། དལ་འབྱོར་རིན་པོ་ཆེ་འདི་ཉིད་ཀྱི་དཔེར་མཚུངས་པས། ད་རེས་ཀྱི་དལ་འབྱོར་འདི་ཉིད་དོན་དང་ལྡན་པར་བྱ་དགོས་སོ། །གཞན་ཡང་ངན་སོང་གི་འགྲོ་བ་ནི་ས་གཞི་ལྟ་བུ། མཐོ་རིས་ཀྱི་སེམས་ཅན་གྱི་གྲངས་ནི་ཁ་བ་བུ་ཡུག་འཚུབས་པ་ལྟ་བུ། དལ་འབྱོར་ཆོས་ལྡན་གྱི་སྐྱེས་བུའི་ལུས་ནི་སེན་རྩེའི་རྡུལ་ལྟ་བུ། གྲངས་ཀྱི་སྒོ་ནས་ཀྱང་རྙེད་པར་དཀའ་བའི་ཚུལ་མཐའ་ཡས་པ་གསུངས་པ་རྣམས་བསྒོམ་པར་བྱ་ཞིང་། ལེ་ལོ་དང་སྙོམ་ལས་ཀྱི་གཡང་སར་མི་འཇོག་པར་བྱའོ། །རྒྱུའི་སྒོ་ནས་རྙེད་པར་དཀའ་བ་ནི། ངན་འགྲོའི་རྒྱུ་སྡིག་པ་ཅི་ཡང་མི་བྱ་ཞིང་སྤོང་ལ། བདེ་འགྲོ་མཐོ་རིས་ཀྱི་རྒྱུ་དགེ་བ་བཅུ་སོགས་ཟག་བཅས་དང་ཟག་མེད་ཕྲ་རགས་ཀྱི་དགེ་བ་ཕུལ་དུ་གྱུར་པའི་རྒྱུ་ལ་བརྟེན་ནས། ད་རེས་དལ་འབྱོར་གྱི་མི་ལུས་འདི་འབྲས་བུར་ཐོབ་པ་ཡིན་པས། རྒྱུ་འབྲས་བསླུ་བ་མེད་པ་ལ་བསམ་པར་བྱ་ཞིང་། དེ་ལྟར་རྒྱུ་ཡི་སྒོ་ནས་རྙེད་པར་དཀའ་བ་བསམ་པ་དང་། གཞན་ཡང་སྔར་གྱི་སངས་རྒྱས་བྱང་ཆུབ་སེམས་དཔའ་སོགས་དང་། འདས་པ་དང་ད་ལྟར་བཞུགས་པ་ཐམས་ཅད་ཀྱིས་ཆོས་བྱེད་ཅིང་སངས་རྒྱས་སྒྲུབ་པར་བྱེད་པའི་རྟེན་མི་ལུས་ཁོ་ན་ཡིན་ཏེ། མི་ཡི་ལུས་མཆོག་འདིའི་དཀར་པོའི་ཡོན་ཏན་ལ་བསྔགས་ན། བདེ་བར་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ལྗགས་ཀྱིས་བརྗོད་པར་མི་ནུས་ཤིང་། མི་ལོང་། དེ་ལྟར་དང་པོ་དལ་འབྱོར་རྙེད་པར་དཀའ་བ། དཔེ་དང་གྲངས་དང་། རྒྱུ་དང་ངོ་བོའི་སྒོ་ནས་ཡོན་ཏན་ལ་བསམ་པ་སོགས་སོང་ནས། ༈ གཉིས་པ་དེ་ལྟ་བུའི་མཚན་ཉིད་ཀྱང་མི་རྟག་པའི་རང་བཞིན་ཅན་དུ་བསྟན་པ་ནི། སྔོན་འཁོར་འདས་གཉིས་རྒྱབ་གྱེས་པ་ནས། ཐ་མ་དུས་དེ་རིང་ཡན་གྱི་འདུས་བྱས་ཀྱི་སྣང་བ་ཐམས་ཅད་རྡུལ་ཙམ་ཡང་མི་རྟག་པར་གྱུར་པ་དང་། མ་འོངས་པར་ཡང་ཅི་ཤར་ཅི་སྣང་ཡང་མཐར་དེ་ལྟ་བུའི་རང་བཞིན་ཅན་ལས་མ་འདས་པ་དང་། ད་ལྟ་ཕྱིའི་སྣང་བ་སྣ་ཚོགས་པ་འདི་དག་མདང་གི་རྨི་ལམ་ལྟ་བུ། མེད་བཞིན་དུ་ཚོགས་དྲུག་གི་སྒོ་ལ་སྣང་ཙམ་དུ་དངོས་པོར་མ་གྲུབ་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ། དོན་ལ་སྣོད་ཀྱི་འཇིག་རྟེན་འདི་དག་གནས་སྐབས་སུ་དུས་བཞིའི་འགྱུར་ལྡོག་གི་སྒོ་ནས་མི་རྟག །མཐར་ཐུག་མེ་བདུན་ཆུ་གཅིག་གིས་འཇིག་པས་སྟོང་པར་འགྱུར་བ་དང་། རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་འདི་ཡང་། སྐྱེ་རྒ་ན་འཆིའི་དབང་གིས་རིམ་པར་འགྱུར་བ་དང་། སྤྱིར་གྱི་འདུས་པ་ཐམས་ཅད་འབྲལ། བསགས་པ་ཐམས་ཅད་འཛད། བརྩིགས་པ་ཐམས་ཅད་ཞིག །འདུས་བྱས་ཐམས་ཅད་ལ་སྙིང་པོ་མེད་པ་དང་། ཁྱད་པར་དུ་རང་གི་ཚེ་སྐལ་རླུང་གསེབ་ཀྱི་མར་མེ་ལྟ་བུ་འདི་ཡང་། ནད་བཞི་བརྒྱ་རྩ་བཞི། གདོན་བགེགས་རྐྱེན་ངན་གྱི་འཚེ་བ་མི་བཟད་པ་ཇི་ཙམ་འདུག་པ་ཐམས་ཅད་འཆི་བའི་རྐྱེན་ཡིན། གསོན་པའི་རྐྱེན་ནི་ཅུང་ཟད་ཙམ་ཡང་མི་འདུག་པ་དང་། འཆི་བའི་དུས་གནས་གྲོགས་རྐྱེན་ལ་ངེས་པ་མ་མཆིས་པ་དང་། སང་འཆི་གནངས་འཆི་དོ་ནུབ་འཆི་ཚོད་མི་ཐེངས། འཆི་བའི་རྐྱེན་གྱི་ནད་དྲག་པོའི་དུས་སུ་བབས་ན། སྨན་བཅོས་རིམ་གྲོ་ཐམས་ཅད་ཀྱི་མཐུ་རྡུགས། ལུས་ངག་ཡིད་གསུམ་གྱི་ལང་ཚོ་དང་སྟོབས་དཔལ་ཉམས། ཁ་ཟས་དང་སྐོམ་ལ་ཞེན་པ་ལོག །བསགས་པའི་ནོར། མཛའ་བའི་གྲོགས། སྡོད་པའི་གནས། གཅེས་པའི་སྲོག་ཐམས་ཅད་དོར་ཏེ། ཆ་མེད་ཀྱི་ཡུལ། ཡ་ང་བའི་གནས། དུར་ཁྲོད་བས་མཐའ། ནགས་གླིང་། ཆུ་འགྲམ་རྣམས་སུ་བྱ་དང་གཅན་གཟན་གྱི་གླིང་དུ། གཅེས་པའི་ལུས་འཕངས། བཏགས་པའི་མིང་ཡལ། སེམས་ཉིད་གཅིག་པོ་བྱ་སྒྲོ་རླུང་གིས་ཁྱེར་བ་བཞིན་དུ་གཏད་མེད་དང་རྟེན་མེད་དུ། སྲིད་གསུམ་རིགས་དྲུག་གི་ལས་རྗེས་སུ། མགོན་མེད་དང་སྐྱབས་མེད་དུ་འཁྱམས་དགོས་པ་ནི་ཨ་རེ་སྐྱོ །ཞེ་རེ་འཇིགས། མཚངས་རེ་ཆེ། མགོ་སྟོང་སྙིང་མེད་ཚེ་འདིར་ཞེན་ཅིང་ཆགས་པ་ཚོ་སོམས་ཤིག །དེ་ལྟར་འཆི་བ་མི་རྟག་པའི་ཚུལ་བཤད་ནས། ༈ ད་ནི་གསུམ་པ་ཆོས་ཀྱི་རྩ་བ་རྒྱུ་འབྲས་བསླུ་བ་མེད་པར་བསྟན་པ་ནི། སྔོན་གྱི་དགེ་བའི་འབྲས་བུ་ཕུན་སུམ་ཚོགས་པ་ལ་བརྟེན་ནས། ད་ལྟ་མཐོ་རིས་ཀྱི་གནས་སུ་དཔལ་འབྱོར་དགའ་བདེའི་འབྲས་བུ་ལ་ཆོས་བཞིན་དུ་སྤྱོད་པ་འདི་བྱུང་། སྔོན་གྱི་སྡིག་པའི་འབྲས་བུ་ལ་བརྟེན་ནས། ད་ལྟ་རིགས་དྲུག་གི་སྡུག་བསྔལ་མི་བཟོད་པ་འདི་བྱུང་། སྔོན་དགེ་སྡིག་སྤེལ་མའི་ལས་ལ་སྤྱད་པས། ད་ལྟ་བདེ་སྡུག་སྣ་ཚོགས་པ་མྱོང་བ་འདི་བྱུང་། ལས་ཀྱི་བསགས་ཚུལ་རེ་རེ་ལའང་། བྱེད་པ་རྒྱུ་མཐུན་གྱི་འབྲས་བུ། རྣམ་སྨིན་རྒྱུ་མཐུན་གྱི་འབྲས་བུ། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ། སྟེས་དབང་གི་འབྲས་བུ་སོགས་ལས་ཀྱི་འབྲས་བུ་དུ་མ་ཞིག་འཕེལ་བར་བཤད་འདུག་པས་དེས་ན་སྡིག་པའི་འབྲས་བུ་ནི་སྡུག་བསྔལ་འཁོར་བ། དགེ་བའི་འབྲས་བུ་ནི་བདེ་བ་མཐོ་རིས་ཐར་པ། དཀར་ནག་བསླུ་བ་མེད་པའི་རྒྱུ་འབྲས་ཞིབ་མོར་དཔྱད་ཅིང་བསམ་པ་དང་། སྔོན་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱིས་སྡིག་པ་སྤངས་དགེ་བ་སྒྲུབ་ཕྱིར་དཀའ་བ་སྤྱད་པའི་རྣམ་ཐར་དང་། བཅོམ་ལྡན་འདས་ཀྱི་ཞལ་ནས་ཀྱང་། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་འདི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པ་བཞིན། སྔོན་བྱས་ཀྱི་སྡིག་པ་ལ་འགྱོད་སེམས་ཀྱིས་བཤགས་པ། གཉེན་པོ་སྟོབས་བཞིའི་སྒོ་ནས་སྦྱོང་བ། ཕྱིན་ཆད་མི་བྱེད་པར་དམ་བཅའ་བ་དང་། སྡོམ་པ་གསུམ་གྱིས་རྒྱུད་བསྡོམས་ཏེ། མཐོ་རིས་དང་ངན་སོང་གི་སྒོ་དགག་པའི་ཕྱིར། རྣམ་མཁྱེན་ཞི་བའི་ཏིང་འཛིན་གྱི་ལམ་དུ་ཞུགས་ཏེ། རྩེ་གཅིག་ཏུ་དབེན་པར་གནས་པར་བྱ་བ་ནི་མཆོག་ཏུ་འགྱུར་ཏེ། ཀླུ་སྒྲུབ་ཀྱིས། དགེ་བ་ལས་ནི་བདེ་འགྲོ་དང་། །མི་དགེ་བ་ལས་སྡུག་བསྔལ་ཉིད། །གཉིས་ལ་མི་གནས་ཐར་པ་འོ། །ཞེས་གསུངས་པ་ལྟར་གྱི་ལས་འབྲས་བསླུ་བ་མེད་པ་ལ། ཉིན་མཚན་རྩེ་གཅིག་ཏུ་བསྒྲིལ་ཏེ་བསྒོམ་པར་བྱ་བ་ནི་གསུམ་པའོ། ༈ །བཞི་པ་འཁོར་བའི་ཉེས་དམིགས་དང་ཐར་པའི་ཕན་ཡོན་བཤད་པ་ནི། དེ་ལ་དང་པོ་འཁོར་བ་ནི། སྡུག་བསྔལ་མཐའ་ཡས་པའི་འབྱུང་གནས་ཏེ་སྡུག་བསྔལ་མཐའ་ཡས་པའི་རྟེན། སྡུག་བསྔལ་མཐའ་ཡས་པའི་བཙོན་དོང་། མེ་འོབ་ཆེན་པོའི་གནས་གར་ཕྱིན་ཀྱང་བསིལ་བ་མེད་པ་ལྟ་བུའི་འཁོར་བ་འདིར་གར་སྐྱེས་ཀྱང་བདེ་བའི་གོ་སྐབས་མེད་པ། སུ་དང་འགྲོགས་ཀྱང་མི་དགེ་བའི་ལམ་སྟོན་ཅིང་ཐར་པའི་བདེ་འབྱོར་འཕྲོག་པ། ལས་དང་བྱ་བ་ཅི་བྱས་ཀྱང་ངན་སོང་གི་སྣོན་མར་འགྲོ་བ། དུག་ལྔའི་གཡོ་སྦྱོར་གྱིས་ཆོས་བརྒྱད་ཚེ་འདིའི་ཞེན་པས། ལྟོ་གོས་ཀྱི་ཕྱིར་དུ་དམྱལ་བའི་གཏིང་རུམ་ཆེན་པོར་ཚེ་ལོང་མེད་དུ་བསྐྱུར་བ། བདུད་བཞིས་རྟག་པར་གཙེས་ཏེ་ཆོས་དྲན་པའི་དབང་མེད་ཅིང་། ཚེ་འདིའི་སྣང་བ་བདེན་བདེན་དང་། རྟག་རྟག་ཡུས་ཡུས་སུ་སོང་སྟེ། དམ་པའི་ཆོས་ལ་ལོག་ལྟ་དང་། སྐུར་འདེབས་ཕྱི་བཤོལ་བྱས་ནས་དགེ་སྡིག་ཕྱིན་ཅི་ལོག་ཏུ་སྤྱད་པས། ངན་སོང་གསུམ་གྱི་ས་དང་རིགས་དྲུག་གི་གནས་ནས་ཐར་པ་མེད་པ་ནི་འཁོར་བའི་སྡུག་བསྔལ། མི་རྟག་ཅིང་འགྱུར་བ་ནི་འཁོར་བའི་སྡུག་བསྔལ། མནར་ཞིང་མགོན་སྐྱབས་དང་བྲལ་བ་ནི་འཁོར་བའི་སྡུག་བསྔལ། ཟླ་མེད་གཅིག་པུར་མྱོང་དགོས་པ་ནི་འཁོར་བའི་སྡུག་བསྔལ་ལོ། ༈ །ཐར་པ་དམ་པའི་ཕན་ཡོན་ནི། བདག་གཞན་མཉམ་ཉིད་དུ་རྟོགས་པས་དགྲ་གཉེན་གྱི་སྣང་བ་མེད། འཁོར་འདས་རིས་མེད་དུ་རྟོགས་པས་སྤང་བླང་གི་ཚུལ་ཁྲིམས་གཙང། སྣང་བ་རང་སེམས་སུ་རྟོགས་པས་བྱང་ཆུབ་ཀྱི་སེམས་འབྱོངས། སྣང་སྟོང་དབྱེར་མེད་དུ་རྟོགས་པས་ཆགས་སྡང་དང་ཕྱོགས་རིས་དག །བྱ་བྲལ་བརྗོད་མེད་དུ་རྟོགས་པས་འཁོར་འདས་ཀྱི་མཚངས་ཞིག །རང་ངོ་རང་གྲོལ་དུ་རྟོགས་པས་བདེ་ཆེན་གྱི་བཙན་ས་ཟིན་པ་ནི། ངེས་དོན་ཐར་པ་དམ་པའི་ཕན་ཡོན་བསྟན་པ་སྟེ་བཞི་པའོ།། ༈ །།སྤྱི་དོན་གཉིས་པ་ཁྱད་པར་གྱི་སྔོན་འགྲོ་བསྟན་པ་ལ་རིམ་པ་ལྔ་སྟེ། སྐྱབས་སུ་འགྲོ་བ། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ། རྡོ་རྗེ་སེམས་དཔའི་སྒོམ་བཟླས། མཎྜལ་འབུལ་བ། བླ་མའི་རྣལ་འབྱོར་བསྒོམ་པ་དང་ལྔ་ལས། དེ་ལ་ཐོག་མར་སྐྱབས་སུ་འགྲོ་བ་ལ། རྒྱུའི་སྐྱབས་འགྲོ་དང་། འབྲས་བུའི་སྐྱབས་འགྲོ་གཉིས་ལས། རྒྱུ་ཡི་སྐྱབས་འགྲོ་ནི། སྐྱབས་སུ་འགྲོ་བྱེད་ཀྱི་ཆོ་ག་དེ་ཉིད་ལ་འབད་པར་བྱ་བ་ཡིན་ལ། འབྲས་བུའི་སྐྱབས་འགྲོ་ནི། སྐྱབས་སུ་འགྲོ་བྱ་དང་འགྲོ་བྱེད་ཀྱི་མཁན་པོའི་རང་ངོ་རང་གིས་རིག་པས། དཀོན་མཆོག་གསུམ་དང་རང་སེམས་ཐ་མི་དད་དུ་རྟོགས་པ་ནི། འབྲས་བུའི་སྐྱབས་འགྲོ་ཡིན་པས་གནད་ཤིན་ཏུ་གལ་ཆེ། དེ་ལ་སྐྱབས་སུ་འགྲོ་བའི་ཡུལ་ནི། ཕྱི་ལྟར་སངས་རྒྱས་ཆོས་དང་དགེ་འདུན། ནང་ལྟར་བླ་མ་ཡི་དམ་མཁའ་འགྲོ །གསང་བར་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ །དོན་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གཅིག་ཏུ་ལྷུན་གྱིས་གྲུབ་པའི་བདག་ཉིད། དང་པོ་འཁོར་འདས་གཉིས་ཀྱི་སྤྲོ་གཞི། ད་ལྟ་འཁོར་འདས་གཉིས་མེད་དུ་སྐྱབས་འགྲོ་བྱས་པས་ལྷུན་གྲུབ་ཏུ་སངས་རྒྱས་པ། ཡེ་གཞིའི་སྟེང་དུ་དག་པ་གཉིས་ལྡན་གྱི་དགོངས་པར་རིག་འཛིན་འདུས་པར་སྐྱབས་སུ་འགྲོ་བ་ནི། ཨོཾ་ཨཱཿཧཱུྃ༔ མཁའ་མཉམ་སྲིད་ཞིའི་སྐྱབས་ཀུན་སྙིང་པོའི་བཅུད༔ དབང་དྲག་རིག་འཛིན་པདྨ་ཐོད་ཕྲེང་རྩལ༔ ཁྱོད་སྐུར་སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་རྫོགས༔ འགྲོ་ཀུན་སྲིད་ལས་བསྒྲལ་ཕྱིར་སྐྱབས་སུ་མཆི༔ མཐའ་བྲལ་ཡངས་པ་ཆོས་སྐུ་རྡོ་རྗེའི་མཁའ༔ ངོ་བོ་རང་བཞིན་ཐུགས་རྗེ་རོ་གཅིག་པས༔ སྲིད་ཞིའི་ཁམས་ཀུན་འཇའ་ལུས་རྡོ་རྗེའི་ངང༔ མི་འགྱུར་དབྱིངས་རིག་དྭངས་མར་སྐྱབས་སུ་མཆི༔ དེ་ལྟར་སྐྱབས་སུ་སོང་ནས། འདིར་སྣང་ཟག་པ་དང་བཅས་པའི་འཇིག་རྟེན་གྱི་སྐྱབས་ལས་ལོག་སྟེ། ཡང་དག་པའི་ཆོས་ཉིད་མྱ་ངན་ལས་འདས་པའི་འཕགས་པ་དཀོན་མཆོག་གསུམ་དང་རྟག་ཏུ་མི་འབྲལ་ཞིང་སྐྱབས་འགྲོའི་བསླབ་པ་མཐའ་དག་ལ་ཡང་དག་པར་གནས་པར་བྱའོ། ༈ །གཉིས་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། སྨོན་པ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དང་། བདག་ཉིད་ལྷན་ཅིག་ཏུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པ་དང་། འཇུག་པས་སྨོན་པར་བྱེད་པའི་སེམས་ཉིད་ཀྱི་ངོ་བོ་དེ་རང་གཞན་གཉིས་མེད་བྱང་ཆུབ་སེམས་ཀྱི་སྙིང་པོ་ཡིན་པར་ངོ་ཤེས་ཏེ། སྨོན་འཇུག་དབྱེར་མེད་ནམ་མཁའ་ལྟ་བུའི་ངང་ལ་གནས་པ་ནི། བྱང་ཆུབ་ཀྱི་སེམས་ཡང་དག་པ་ཡིན་ཏེ། དེ་ལྟར་སེམས་བསྐྱེད་པའི་ཆོ་ག་ནི། སེམས་བསྐྱེད་ཀྱི་དཔང་པོ་སྐྱབས་འགྲོའི་སྐབས་ལྟར་གསལ་བཏབ་ལ། གསང་མཆོག་འོད་གསལ་ཡེ་ཤེས་ཐིག་ལེའི་གཞིར༔ འགྲོ་ཀུན་སྒྲིབ་གསུམ་དག་ནས་སྐུ་དང་གསུང༔ ཐུགས་ཀྱི་ཐིག་ལེ་ལྷུན་གྲུབ་སྣང་བཞིའི་ངང༔ གཞོན་ནུ་བུམ་སྐུར་གྲོལ་བར་སེམས་བསྐྱེད་དོ༔ ཡན་ལག་བདུན་པ་ནི། གཤིས་རིག་མ་བཅོས་གཉུག་མར་ཕྱག་འཚལ་ཞིང༔ གཏིང་མཐའ་བྲལ་བའི་འོད་གསལ་མཆོད་པར་འབུལ༔ འཁོར་བ་མྱང་འདས་མཉམ་ཉིད་ཀློང་དུ་བཤགས༔ བློ་བྲལ་ཆོས་ཟད་ཆེན་པོར་རྗེས་ཡི་རང༔ ལྷུན་གྲུབ་རྫོགས་པ་ཆེན་པོའི་ཆོས་འཁོར་བསྐོར༔ འཁོར་བ་དོང་ནས་སྤྲུགས་པར་གསོལ་བ་འདེབས༔ འཁོར་གསུམ་དམིགས་མཐའ་བྲལ་བའི་ཕ་མཐར་བསྔོ༔ ཞེས་སེམས་བསྐྱེད་ཀྱི་མཇུག་ཆོ་གའི་ཁ་སྐོང་དུ་བརྗོད་པའོ། ༈ །གསུམ་པ་སྡིག་སྒྲིབ་མྱུར་དུ་དག་པར་བྱ་བའི་ཕྱིར་དུ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། བདག་ཉིད་ཀྱིས་གཙོར་བྱས་ཁམས་གསུམ་འགྲོ་བ་རིགས་དྲུག་མ་ལུས་པའི་སྤྱི་བོའི་གཙུག་ཏུ། པཾ་ལས་པདྨ་ཨ་ལས་ཟླ་བ་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རང་རིག་གི་ངོ་བོ་ཨར་གསལ་བ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་། ཡུན་གྱི་བག་ཆགས་ཐམས་ཅད་སྦྱངས། སྣང་སྲིད་འཇའ་འོད་ཁ་དོག་ལྔ་ལྡན་གྱི་གུར་ཁང་། རྡོ་རྗེ་སྙིང་པོའི་གཞལ་ཡས་སུ་བྱིན་གྱིས་བརླབས་ལ། རང་གི་སྤྱི་བོར་ཧཱུྃ་གི་འཕྲོ་འདུ་ལས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱ་བ་ནི། པད་ཟླར་ཉི་སྟེང་རང་རིག་ཨར་གསལ་བའི༔ འོད་ཟེར་འཕྲོ་འདུས་ཁམས་གསུམ་སྲིད་གསུམ་གྱི༔ སྣང་གྲགས་ཐམས་ཅད་རྡོ་རྗེ་སྙིང་པོའི་ཞིང༔ ཡེ་ཤེས་འོད་ལྔ་འཇའ་ཟེར་ཐིག་ལེར་འཁྲིགས༔ དེ་སྟེང་ཡི་གེ་ཧཱུྃ་གི་འཕྲོ་འདུ་ལས༔ དྲན་རིག་སྣང་སྟོང་རྡོ་རྗེ་སེམས་དཔའི་སྐུ༔ ངོ་བོ་གཅིག་ལ་རིགས་ལྔ་རིགས་བརྒྱ་སོགས༔ ནམ་མཁའི་ཁམས་གང་ཆོས་དབྱིངས་ཁྱབ་པར་གསལ༔ རྒྱུད་སྡེ་བཞི་དྲུག་ཐེག་པ་རིམ་དགུ་ཡི༔ སོ་སོའི་གནས་ནས་རྒྱལ་བའི་དཀྱིལ་འཁོར་གང༔ ཐམས་ཅད་གནས་གསུམ་འབྲུ་གསུམ་ཧཱུྃཿཡིག་མཐར༔ ཡིག་བརྒྱའི་འཕྲོ་འདུས་སྒྲིབ་གསུམ་བག་ཆགས་སྦྱང༔ ཡིག་བརྒྱ་བརྗོད། གཉེན་པོ་སྟོབས་བཞིའི་སྒོ་ནས་སྡིག་བཤགས་ཀྱི་རིམ་པ་གཞན་དག་ཀྱང་སྐབས་འདིར་བྱ། མཐར་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་རང་རིག་ཀ་དག་ལྷུན་གྲུབ་ཆེན་པོ་དང་དབྱེར་མེད་པའི་ཤེས་རིག་རང་ངོར་བཞག་པས་རང་བབས་ཡེ་གྲོལ་གྱི་དགོངས་པ་རྟོགས་པ་ནི། འབྲས་བུ་དོན་དམ་གྱི་རྡོ་རྗེ་སེམས་དཔའ་ངོ་འཕྲོད་པ་ཡིན་ནོ། །ལས་ཀྱི་སྒྲིབ་པ་ཡུལ་གྱི་སྣང་འཛིན་ཟད་པ། ཤེས་བྱའི་སྒྲིབ་པ་ཤེས་རིག་གི་སྐྱོང་སྒོམ་དག་པ། སྒྲིབ་མེད་ཀྱི་རིག་པ་གཡའ་ཡིས་མ་གོས་པ་ནི་སྡིག་པ་དག་པའི་ཚད་དོ། ༈ །བཞི་པ་མཎྜལ་འབུལ་བ་ནི། ཡུལ་ནི་རང་གི་རྩ་བའི་བླ་མ་སངས་རྒྱས་སྐུ་ལྔའི་བདག་ཉིད་དུ་ཤར་བའི་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་མངོན་པར་བྱང་ཆུབ་རྡོ་རྗེ་ལྟ་བུའི་སྐུར་བསྟན་པའི་རྒྱལ་བ་རྣམས་ལ་འབུལ། ཡོ་བྱད་ནི། ཕྱི་ལྟར་སྤྲུལ་སྐུའི་ཞིང་ཁམས། ནང་ལྟར་ལོངས་སྐུའི་ཞིང་ཁམས། གསང་བ་ཆོས་སྐུའི་ཞིང་ཁམས། རང་གི་སྒོ་གསུམ་གྱི་ལུས་ལོངས་སྤྱོད་དང་བཅས་པ་འཛིན་པ་མེད་པར་བློས་ལིང་གིས་བཏང་སྟེ་འབུལ་བར་བྱ་བ་དང་། དེ་ལྟར་འབུལ་མཁན་གྱི་ཤེས་པ་འདོད་པའི་དྲིས་མ་གོས་པ། སྟོང་གསལ་རྙོགས་པ་དང་བྲལ་བ་ཅིར་ཡང་མི་དམིགས་པ་ནི། སྲིད་ཞི་མཉམ་པ་ཉིད་ཀྱི་མཆོད་པ་དེ་ཁོ་ན་ཉིད་ཀྱི་མཎྜལ་ལོ། །འབྱམས་ཀླས་ཟག་མེད་བདེ་ཆེན་ཆོས་ཀྱི་དབྱིངས༔ རབ་འབྱམས་སྲིད་ཞི་རང་བྱུང་རིག་པའི་ངང༔ མི་འགྱུར་དབྱིངས་རིག་སྐུ་གསུམ་ཞིང་རབ་འབྱམས༔ སྣང་སྟོང་ལྷུན་གྲུབ་འོད་ལྔའི་ཚོམ་བུར་འབུལ༔ སྒྱུ་འཕྲུལ་ཟག་མེད་རྡོ་རྗེའི་ལུས་ཀྱི་སྦུབས༔ འོད་ཀྱི་རྩ་དང་ཡེ་ཤེས་རླུང་ལྔའི་ཞིང༔ རྒྱལ་བ་ཞི་ཁྲོ་རང་བྱུང་དམ་རྫས་དང༔ གནས་ཡུལ་དུར་ཁྲོད་དཔའ་བོ་ཌཱ་ཀིར་བཅས༔ དྭངས་མའི་གཤིས་རིག་མ་བྱུང་མ་སྐྱེས་ཤིང༔ ཟག་བྲལ་བློ་འདས་གདོད་ནས་ཀུན་ཏུ་བཟང༔ དག་པ་གཉིས་ལྡན་ཡེ་ཤེས་འཁོར་ལོ་འདི༔ རིག་འཛིན་རྒྱལ་བའི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་མཆོག་གི་དངོས་གྲུབ་བདག་ལ་སྩོལ༔ གཞན་ཡང་སྨན་དང་འབྲུ་དང་འདོད་པའི་ཡོན་ཏན་ཅི་འབྱོར་གྱི་མཎྜལ་འབུལ་བར་བྱའོ། །འདིས་ནི་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་སྐུ་གསུམ་འབྲས་བུའི་ཞིང་དུ་མངོན་པར་སངས་རྒྱས་པར་བཤད། ཕན་ཡོན་བརྗོད་ཀྱིས་མི་ལོང་། ༈ ལྔ་པ་བླ་མའི་རྣལ་འབྱོར་བསྒོམ་པ་ནི། བླ་མ་ནི་སྲིད་ཞི་ཡོངས་ཀྱི་ཁྱབ་བདག་གདོད་མའི་དཔལ་མགོན། དམ་པའི་ཆོས་འཕགས་པའི་དགེ་འདུན་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། དཀར་པོའི་ཡོན་ཏན་ཐམས་ཅད་ཀྱི་གཏེར་མཛོད། སྤྱན་དང་མངོན་ཤེས་གྲུབ་པའི་རྟགས་ལ་སོགས་པ་ངོ་མཚར་གྱི་སྣང་བ་མཐའ་ཡས་པའི་གནས། སྐྱོན་དྲིས་མ་གོས་ཡོན་ཏན་གྱི་ཕུང་པོ། བདག་ཅག་འཁོར་བ་ལས་འདྲེན་པར་བྱེད་པའི་མཁན་སློབ། སྨིན་གྲོལ་གྱི་གདམས་པ་སྟེར་བའི་བླ་མ། བྱང་ཆུབ་ཀྱི་ལམ་བཟང་བགྲོད་པའི་ལམ་མཁན། འཁོར་བའི་འཕྲང་རིང་ལས་སྐྱབས་པའི་སྐྱེལ་མ། བདུད་བཞིའི་དཔུང་ཆེན་འཇོམས་པའི་གོ་མཚོན། མ་རུངས་དུག་ལྔ་འབྱིན་པའི་སྨན་པ། མཁའ་སྤྱོད་རང་ཞལ་སྟོན་པའི་སྒྲོན་མེ། བདེ་ཆེན་ཐར་གླིང་དུ་སྐྱེལ་བའི་གྲུ་ཆེན། བདག་གི་རེ་ས་དང་འཇུ་ས། ཚེ་འདིའི་བློ་གཏད། ཕྱི་མའི་རེ་གནས་ཁྱེད་མཁྱེན་ནོ་བསམ་པའི་ངང་ནས། ཕྱི་སྒྲུབ་ཁྲོམ་ཚོགས་སུ་བསྒོམ་པ། ནང་སྒྲུབ་ཐོ་བརྩེགས་སུ་བསྒོམ་པ། གསང་སྒྲུབ་ནོར་བུ་ལུགས་སུ་བསྒོམ་པ་ལས། ད་ལམ་འདིར་ཀུན་འདུས་ནོར་བུ་ལུགས་སུ་བསྒོམ་པར་བྱས་ལ་རང་གི་སྤྱི་བོར་རྩ་བའི་བླ་མ་དང་ཐོད་ཕྲེང་རིགས་ལྔ་དབྱེར་མ་མཆིས་པར་གསལ་བཏབ་ལ། སྲིད་ཞིའི་ངོ་བོ་རང་བྱུང་སྙིང་པོའི་བཅུད༔ འོད་གསལ་རྒྱལ་པོ་རང་གྲོལ་ཆོས་ཀྱི་སྐུ༔ མ་འགག་སྣང་བ་གང་ཤར་ཡེ་ཤེས་ཀྱི༔ རྒྱལ་བའི་དཀྱིལ་འཁོར་མི་ཟད་ལོངས་སྤྱོད་རྫོགས༔ གང་འདུལ་ཐབས་ཀྱིས་འགྲོ་བ་འདྲེན་པའི་མགོན༔ ཕྱོགས་དུས་རྒྱལ་བ་ཀུན་འདུས་རིག་པ་འཛིན༔ ཐོད་ཕྲེང་རིགས་ལྔའི་སྐུ་གསུང་ཐུགས་རྡོ་རྗེ༔ ཡོན་ཏན་འཕྲིན་ལས་སྙིང་པོར་གསོལ་བ་འདེབས༔ མདོ་རྒྱུད་ལུང་དང་མན་ངག་ཆུ་བོའི་མགོ༔ བཀའ་གཏེར་སྙན་བརྒྱུད་ངེས་དོན་ཡོངས་ཀྱི་མཛོད༔ ཐར་གླིང་འགྲོ་བ་འདྲེན་པའི་དེད་དཔོན་མཆོག༔ དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས༔ རང་བྱུང་རང་རིག་ཤེས་པ་བཟོ་མེད་སྟོན༔ ཟག་མེད་དབྱིངས་རིག་སྣང་སྟོང་ལྷིང་པར་སྟོན༔ ལྷུན་གྲུབ་སྣང་སྟོང་སྣང་བཞིའི་སྙིང་པོར་སྟོན༔ འཕོ་མེད་མཆོག་གི་བདེ་ཆེན་འདིར་སྩོལ་ཅིག༔ དབང་བཞི་ལེན་པ་ནི། སྣང་གྲགས་ཐམས་ཅད་རྒྱལ་བའི་སྐུ་དང་གསུང༔ ཐུགས་ཀྱི་རྡོ་རྗེ་ཐིག་ལེ་འོད་ལྔའི་བཅུད༔ སྤྱི་མགྲིན་སྙིང་ག་ལྟེ་གསང་གནས་ལྔར་བབས༔ སྒོ་ལྔའི་འཛིན་སྣང་འོད་སྐུར་རྒྱ་རལ་ནས༔ ཆུ་ཟླ་སྤྲུལ་པ་སྒྱུ་མའི་དཔེ་བརྒྱད་དང༔ འོད་གསལ་སྟོང་དབྱིངས་ཆེན་མོར་མཁའ་སྤྱོད་སྦུབས༔ འོག་མིན་རྡོ་རྗེའི་གདན་བཞིར་དབང་བཞི་རྫོགས༔ ཕྱིར་མི་ལྡོག་པའི་རྒྱ་ཡི་མཛེས་སྐུར་བསྟན༔ སྲིད་གསུམ་འགྲོ་ཀུན་མོས་པ་རྒྱ་མཚོའི་མཁར༔ གང་འདུལ་སྤྲུལ་པའི་འོད་ཟེར་མཐའ་ཡས་པ༔ རྒྱལ་བའི་ཞིང་ནས་བདག་གིས་ཡོངས་སྤྲོས་ཏེ༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག༔ ཅེས་དབང་བཞི་བླངས་ནས། རྗེས་སྨོན་ལམ་ནི། ཧོ༔ མནན་ན་ནེམ་བྱེད་བཏེགས་ན་རབ་འཕར་བའི༔ ཕྱི་ནང་མེད་པ་འོད་ལྔ་ཡེ་ཤེས་སྦུབས༔ གསལ་འགྲིབ་བྲལ་བ་རང་བྱུང་རིག་པའི་གཞི༔ སྐུ་ཞིང་གདུལ་བྱ་རྣམ་དབྱེར་མེད་པའི་མཁའ༔ ཆོས་ཉིད་སྒྱུ་མ་རྡོ་རྗེ་སྙིང་པོའི་གཞིར༔ ཀུན་བཟང་སྣང་མཐའ་འོད་དཔག་མེད་པའི་མགོན༔ ཅིར་ཡང་མ་གྲུབ་སྲིད་ཞི་ཡོངས་ཁྱབ་སྟེ༔ ཟབ་གསང་རྡོ་རྗེའི་སྦུབས་སུ་སངས་རྒྱས་ཤོག༔ ཆོས་དབྱིངས་ཀློང་འདི་རྒྱལ་བའི་སྐྱེད་མོས་ཚལ༔ བདག་གི་སྤྲུལ་པས་ཞིང་ཀུན་ཕྱུར་བུར་བཀང༔ མཛད་པ་རྒྱ་མཚོ་བསྡུ་བཞིའི་ཆོས་འཁོར་གྱིས༔ སྲིད་གསུམ་འགྲོ་བའི་དེད་དཔོན་ཆེན་པོར་ཤོག༔ བཀྲ་ཤིས་ནི། འོད་གསལ་སྙིང་པོ་དོན་གྱི་གཞལ་ཡས་ནས༔ བརྒྱུད་གསུམ་བླ་མ་འཇའ་ལུས་རྡོ་རྗེའི་སྐུ༔ མི་ཟད་རྒྱན་གྱི་འཁོར་ལོའི་སྤྲུལ་པ་ཡིས༔ ཨ་ཏིའི་སྒྲུབ་བརྒྱུད་འཕེལ་བའི་བཀྲ་ཤིས་ཤོག༔ སྲིད་ཞི་གཞིར་རྫོགས་འབྲས་བུ་ཆོས་ཟད་ཀློང༔ བདེ་ཆེན་མི་གཡོ་ཐར་གླིང་དགའ་བདེའི་ཞིང༔ འགྲོ་བ་འདི་དྲུག་ཟག་མེད་འོད་གསལ་ངང༔ ཉིན་མཚན་བདེ་ལེགས་སྐྱོང་བའི་བཀྲ་ཤིས་ཤོག༔ ཅེས་མཐར་དབང་བཞི་བླང་། བླ་མ་དང་རང་སེམས་དབྱེར་མེད་དུ་མཉམ་པར་གཞག །རྗེས་དགེ་བའི་རྩ་བ་བྱང་ཆུབ་ཀྱི་མཆོག་ཏུ་བསྔོ་བ་སོགས་སོ་སོའི་མཇུག་ཏུ་སྦྱར་ཏེ། ཀ་དག་བློ་འདས་རྒྱ་ཡན་ཡེ་གྲོལ་རང་བབས་ཀྱི་གནས་ལུགས་ཆུ་བོའི་རྒྱུན་ནམ་མར་མེའི་རྩེ་བཞིན་དུ་སྐྱོང་བ་ནི་ཤིན་ཏུ་གཅེས་སོ། །དེས་ནི་ཐུན་མོང་མ་ཡིན་པའི་སྔོན་དུ་འགྲོ་བའི་རིམ་པ་རྣམས་སོང་ངོ་།། ༈ །།སྤྱི་དོན་གསུམ་པ་དངོས་གཞིའི་རིམ་པ་ནི། བསྐྱེད་རྫོགས་གཉིས་ལས། དང་པོ་བསྐྱེད་རིམ་གྱི་སྐོར། ཕྱི་སྒྲུབ་ནང་སྒྲུབ་གསང་སྒྲུབ་ཡང་གསང་གི་སྒྲུབ་པ་སོགས། གཞུང་ནས་ཇི་ལྟར་བཤད་པ་བཞིན་བྱས་ལ། བསྡུས་པ་བྱེད་ན་སྤྲོས་མེད་ཀྱི་ཚེ་སྒྲུབ་ཙམ་གྱིས་ཀྱང་རུང་ངོ་། །དེ་ལྟར་བསྐྱེད་རིམ་གྱི་སྐོར་རྣམས་སོང་ནས། ༈ གཉིས་པ་རྫོགས་རིམ་གྱི་སྐོར་ལ། སེམས་མི་གནས་པ་གནས་པར་བྱེད་པའི་ཐབས་གཙོ་བོར་བསྟན་པ་དང་། གནས་པ་བརྟན་པར་བྱེད་པ། བརྟན་པ་བོགས་དབྱུང་བར་བྱེད་པ་གསུམ་ལས། དང་པོ་མི་གནས་པ་གནས་པར་བྱེད་པའི་ཐབས་དགོས་པའི་རྒྱུ་མཚན་ནི། འཁོར་འདས་རྒྱབ་གྱེས་པའི་དུས་ནས། ཡུལ་སྣང་སོ་སོར་ཞེན་པས། ད་ལྟ་དེའི་བག་ཆགས་འཐུག་པོས། མིག་གཟུགས། རྣ་བ་སྒྲ །སྣ་དྲི། ལྕེ་རོ། ལུས་རེག་བྱ་སོགས་ཚོགས་དྲུག་གི་ཡུལ་སྣང་སྒོ་མ་འགག་པས། ཆགས་སྡང་རྨོངས་གསུམ་གྱིས་ཀུན་གཞི་ཉོན་ཡིད་ཀྱི་སྟེང་དུ་ལས་བསགས་པས། ཁམས་གསུམ་རིགས་དྲུག་ཏུ་སྐྱེ་བའི་རྒྱུ་བྱེད་པ་ཡིན། དེའི་ཉེར་ལེན་འགོག་པར་བྱེད་པའི་མན་ངག་ལ། བློ་རབ་ཀྱིས་རྫོགས་པ་ཆེན་པོ། འབྲིང་གིས་ཕྱག་རྒྱ་ཆེན་པོ། ཐ་མས་དབུ་མ་ཆེན་པོའི་ཟབ་དོན། དེ་ཉིད་ཀྱི་དགོངས་པ་ལ་མཉམ་པར་གཞག་པས། རྣམ་རྟོག་བག་ཆགས་ཀྱི་མ་རིག་པ་ཧྲུལ་པོར་སོང་ནས། ཞེན་འཛིན་གྱི་མུན་པ་སངས་པའི་གཞི་རང་རིག་གི་རང་ཚོ་ཚུགས་ནས། འཁོར་བ་དོང་ནས་སྤྲུགས་པར་བྱེད་པ་ཡིན་ཏེ། དེ་ལ་དང་པོ་མི་གནས་པ་གནས་པར་བྱེད་པའི་ཁྲིད་ལ། ཕྱི་ཡུལ་ཐོག་ཏུ་མཉམ་པར་འཇོག་པ་མཚན་མ་དང་བཅས་པའི་ཞི་གནས། ཤིང་བུ་རྡེའུ་ལ་བརྟེན་ཏེ་མཉམ་པར་འཇོག་པ། ཐུབ་པ་ཆེན་པོ། སྤྱན་རས་གཟིགས། ཨོ་རྒྱན་སོགས་རྒྱུད་སྡེའི་ལྷ་ཚོགས་གང་དང་གང་བསྒོམ་ཡང་དེ་ལ་བརྟེན་ནས་དམིགས་པ་གཞན་དུ་མི་ཡེངས་པ་བྱེད་པའི་རྟེན། ཞི་གནས་སྐྱེ་བར་བྱེད་པའི་ཐབས་ཡིན་པས། ཐོག་མར་འདི་ལ་རྟགས་ཐོན་པར་འབད་དགོས། གཞན་ཡང་སྡང་བའི་དགྲ །བྱམས་པའི་གཉེན། ཡུལ་གང་ལ་འཕྲོ་ཞིང་ཞེན་པར་གྱུར་པ། དེ་ལ་བརྟེན་ནས་སེམས་བཟུང་བར་གྱུར་ཀྱང་ལམ་ཆོད་ཆེ་བར་བཤད་དོ། ༈ །གཉིས་པ་ནང་སེམས་ཐོག་ཏུ་འཇོག་པ་གནས་པ་བརྟན་པར་བྱེད་པའི་ཐབས་མཚན་མ་མེད་པའི་ཞི་གནས་ལ། བྱིང་རྒོད་འཕྲོ་གསུམ་ལ་བརྟེན་ཏེ། དེའི་ངོ་བོར་མཉམ་པར་འཇོག་པ་ནི། དང་པོ་བྱིང་བའི་སྐབས་སུ། ཤེས་པ་གང་དུ་ཡང་མི་འཕྲོ་བ་བར་སྣང་གཡའ་དང་བྲལ་བའི་ངོས་ལྟ་བུ་ལ། རྒྱ་མཚོ་ཆེན་པོའི་ཆུ་ལྟར་གཡོ་འགུལ་མེད་པ། ཕྱི་རོལ་དུ་ཉིན་མཚན་སོང་བ་མི་ཚོར། ནང་དུ་ཏིང་ངེ་འཛིན་གྱི་གསལ་འགྲིབ་མི་ཚོར་བ། མི་རྟོག་པ་བག་ལ་ཉལ་དུ་གྱུར་པ་ནི་བྱིང་བ་ཡིན་ཏེ། འདིའི་དུས་སུ་བྱིང་བའི་ངང་ལ་ནན་ལྟར་མཉམ་པར་གཞག་པས། སྐབས་ཤིག་ནས་རྐྱེན་བཟང་ངན་ཞིག་གིས་བསྐུལ་ཏེ་ངེས་པར་འཕྲོ་བར་འགྱུར། འཕྲོ་མཁན་གྱི་ཤེས་པ་ལ་རང་ངོ་རང་ཤེས་སུ་ལྷིང་པར་འཕྱོར་བཅུག་པས་བྱིང་བའི་སྐྱོན་དག །འཕྲོ་མཁན་གྱི་ཤེས་པ་བག་མེད་ཁ་ཡན་དུ་མ་སོང་བར་གསལ་སྟོང་མཉམ་ཉིད་ཀྱི་རྩེ་འཕྲོད། དེ་བཞིན་དུ་རྨུག་པ་ཞེས་བྱ་བ་ཅི་ཡང་མི་འཆར་བ། མི་གོ་བ། མི་རིག་པ་གླེན་པའི་རིགས་ཅན་གྱིས་རྨུག་པ་དང་། རྒྱུད་ཞི་གནས་ཀྱིས་བརླན་ཏེ། གནས་ལུགས་མི་རྟོག་པའི་ངང་དུ་འབྱམས་པ་གཉིས་ཡོད་དེ། ཕྱི་མ་ནི་རང་ཐོག་ཏུ་བཞག་པས་གོང་བཞིན་གྲོལ་བར་འགྱུར། རྒོད་པ་དང་འཕྲོ་བ་ལ། ཆགས་ཅན་གྱིས་ཕྱི་ནང་གསང་བའི་ཟབ་ཁྱད་ཀྱི་རླུང་ལྔའི་སྒོ་ནས་སེམས་འཛིན་པ་དང་། ཆགས་མེད་འབྲུ་གསུམ་སྐྱེ་མེད་རྡོ་རྗེའི་བཟླས་པ་དང་། བརྗོད་པ་དོན་དམ་བརྡ་བསྒྱུར་རྡོ་རྗེའི་བཟླས་པ་སོགས་སྐབས་དང་སྦྱར། དོན་རང་རིག་གི་ངོ་བོ་ཅར་ཕོག་ཏུ་ཕུ་དེད་མདའ་དེད་ལ་བཏང་བའི་ལྟ་མཁན་དང་བལྟ་རྒྱུ་གཉིས་མེད་ཀྱི་ཤེས་པ་ཟི་ལང་ངེ་བ་དེ་གའི་ངར་མ་ཤོར་བར་སྐྱོང་བ་སོགས། མཚན་བཅས་དང་མཚན་མེད་གཉིས་མེད་ཀྱི་རང་ངོ་སོགས་གང་བདེ་བའི་གནད་ཅིག་ལ་ཉམས་ལེན་ཕུར་ཚུགས་སུ་བྱའོ། །དེ་དག་ལ་བརྟེན་ཏེ་ཇི་ལྟར་གནས་ན། དང་པོ་རི་གཟར་གྱི་འབབ་ཆུ་ལྟ་བུ་དྲག་ཏུ་འགྱུ་ཞིང་མི་བརྟན་པ། གཉིས་པ་ལྷོ་སྤྲིན་ལྟ་བུ་ལང་མ་དང་ལིང་མ། བན་མ་དང་བུན་མར་འགྱུ་བ་དང་། གསུམ་པ་ཆུ་རླུང་དལ་གྱིས་འབབ་པ་ལྟ་བུ་རང་བབས་ཀྱིས་ལྷོད་ཆགས་པ། བཞི་པ་རྦ་རླབས་དང་བྲལ་བའི་རྒྱ་མཚོ་ལྟ་བུ། འགྱུ་བ་གཞི་ཐོག་ནས་མི་གཡོ་བ། གནས་པ་འགྱུ་ཐོག་ཏུ་བརྟན་པ། རང་ངོ་གཉིས་མེད་དུ་འཕྲོད་དེ། ཀ་དག་གཞིའི་འོད་གསལ་རང་ངོ་འཕྲོད་པར་ཉེ་ཞིང་། དེ་ཡང་བདེ་བ་དང་། གསལ་བ་དང་། མི་རྟོག་པ་གསུམ་གྱིས་ལམ་གྱི་གེགས་འབྱུང་བས། དེ་དག་སྐབས་འདིར་གསལ་བ་དང་བོགས་འདོན་པ་གལ་ཆེ་སྟེ། དེ་ཡང་སྣང་ཐོག་ཏུ་སྟོང་པར་ངོ་སྤྲད། སྟོང་ཐོག་ཏུ་སྣང་བར་ངོ་སྤྲད། སྣང་སྟོང་དབྱེར་མེད་བདེ་བ་ཆེན་པོར་ངོ་སྤྲད། དེ་ཡང་ཟག་བཅས་ཀྱི་བདེ་བ་ནི་ཞུ་བདེ་ལྷན་སྐྱེས་ལས་བྱུང་བ་ལྟ་བུ་གནས་སྐབས་ཀྱི་བདེ་བ། ཟག་མེད་ཀྱི་བདེ་བ་ནི་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དུས་འཁོར་ནས་ཀྱང་འགྱུར་བ་མེད་པའི་བདེ་བ་ཆེན་པོ་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཅེས་གསུངས་པ་ལྟ་བུ་ཡིན་ལ། དེ་ལྟར་བདེ་བ་དང་སྟོང་པ་དབྱེར་མེད་པའི་ངོ་བོ་འདི་ཅིར་ཡང་མ་གྲུབ་པའི་རང་བྱུང་བྱང་ཆུབ་སེམས་ཀྱི་རང་ངོ་མངོན་སུམ་དུ་རྟོགས་པ་དབུ་མ་ཐལ་འགྱུར་བས་བརྗོད་བྲལ་གྱི་རྩེ་མོར་བསྐྱལ་བའི་གནས་ལུགས་དེ་ངོ་ཤེས་ན་འདིར་བྱོན། འདིའི་དུས་སུ་བསྒོམས་པའི་རང་ཤུགས་ཀྱིས་རང་ངོ་མ་འཕྲོད་པ་རྣམས་ལ། བྱུང་གནས་འགྲོ་གསུམ་སོགས་སེམས་ཚོལ་གྱི་རིམ་པ་ཞིབ་མོར་བཏང་། འདི་ལ་གཞི་ལམ་འབྲས་བུ་གསུམ་གྱི་སྐབས་ཐོབ་དང་སྦྱར་ནས་བཏགས་པའི་མིང་གི་རྣམ་གྲངས་ནི། འཁོར་འདས་གང་དུའང་མ་གྲུབ་པའི་དུས་སུ། ཐོག་མའི་ཡེ་གཞི་ཞེས་པ་དང་། འཁོར་འདས་གཉིས་པོ་སོ་སོར་མ་འགག་པ་སྣང་བའི་དུས་སུ་འཁོར་འདས་གཉིས་ཀྱི་སྤྱི་གཞི་ཞེས་པ་དང་། འཁོར་འདས་སོ་སོར་སྣང་བའི་དུས་སུ་ཀུན་གཞི་དང་། དེ་ཉིད་སྒོ་ལྔའི་རྣམ་པར་ཤེས་པ་ལ་འགྱུ་བ་ནི། ཀུན་གཞི་རྣམ་ཤེས་སམ་ཉོན་ཡིད་ཅེས་པ་དང་། དེ་ཚོགས་དྲུག་གི་ཡུལ་ལ་ཞུགས་ཏེ། སྒོ་ལྔའི་རྣམ་ཤེས་ཚོགས་བརྒྱད་དང་། ཚོགས་བདུན་གྱི་རིམ་པ་འབྱུང་ངོ་། །དེ་ལམ་ཉམས་སུ་ལེན་པའི་དུས་སུ། གནས་པ་ལ་ཞི་གནས། དེ་ལས་འཕྲོས་པ་ལ་ལྷག་མཐོང་ཞེས། དེ་ནས་རིམ་བཞིན་གནས་པ་དང་པོ་ནས། ཐ་མའི་བར་དུ་ཞི་ལྷག་ཟུང་འཇུག་གི་སྟེང་དུ་ཐབས་སྣ་ཚོགས་ཀྱིས་གཅུན་པས་གནས་ཐོག་ཏུ་འཛིན་པ་ཟད་པས་རང་གྲོལ་ཀ་དག་གི་དགོངས་པ་རྟོགས། དེ་ལས་འགྱུ་ཐོག་ཏུ་འབད་རྩོལ་མེད་པར་རང་བྱུང་ལྷིང་འགྲོས་ཀྱི་གནས་ལུགས་སུ་རྟོགས། དེ་ལས་གནས་དུས་སུ་འགྱུ་བ་རང་དག་ཏུ་སོང་། འགྱུ་སྟེང་དུ་གནས་པ་རང་ཐིམ་དུ་སོང་ནས། གནས་འགྱུ་དབྱེར་མེད་པ་དེའི་དོན་ལ་མཉམ་པར་བཞག་པ་ལ་མཉམ་གཞག་དང་། མཉམ་གཞག་དེའི་རྗེས་ཀྱི་ཤེས་པ་ཡང་དག་པའི་ལམ་དུ་མ་ཚུད་ན་རྗེས་ཀྱི་ཤེས་པ་ཕྲ་རགས་དང་། མཉམ་གཞག་ལ་གཡོ་བ་མེད་པ། རྗེས་ཤེས་ཀུན་ཏུ་བཟང་པོའི་དགོངས་པར་དག་པ་ནི། རང་བཞིན་རྫོགས་པ་ཆེན་པོ་རྩོལ་བྲལ་ཏིང་ངེ་འཛིན་གྱི་གསང་ལམ་ཞེས། རྟོགས་པའི་རང་སོ་ཚུགས་ནས་འབྲས་བུའི་སྐབས་ཐོབ་ཀྱི་མིང་དང་སྦྱར་ན། ངོ་བོ་སྟོང་པ་ལ་ཆོས་སྐུར་མཚོན་པས་སྟོང་པ་སྤང་དུ་མེད། རང་བཞིན་གསལ་བ་ལྷུན་གྲུབ་ཀྱི་ལོངས་སྐུར་རང་ཆས་ཡིན་པས་རྩོལ་བས་གཞན་ནས་བསྒྲུབ་ཏུ་མེད། དོན་གཉིས་མེད་ཀྱི་ཡེ་ཤེས་མཐའ་བྲལ་ཆེན་པོ་འདིར་དབྱིངས་གཅིག་པས། ངོ་བོ་ཉིད་ཀྱི་སྐུ་འདི། རང་སྣང་རང་གྲོལ་སྐྱེ་འགག་སྤང་བླང་དང་བྲལ་བ་ཞེས་བཏགས་སོ། །དེ་ལྟར་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་མཚན་ཉིད་དང་། དེའི་ཚེ་དམའ་མནར་མེད་ནས། མཐོ་སྲིད་རྩེའི་བར་གྱི་ཆོས་ཐམས་ཅད། བཅོས་མེད་རིག་པའི་སྟེང་ན་ལྷིང་པར་ཐིག་ལེ་ཉག་གཅིག་གི་ངོ་བོར་བཟང་ངན་བྲལ་བར་སྣང་བས། ཆོས་སྐུ་ཐིག་ལེ་ཉག་གཅིག་ཅེས་བྱའོ། །ཆོས་ཐམས་ཅད་སྐྱེ་འགག་གནས་གསུམ་དང་བྲལ་བས་ཆོས་སྐུ་སྐྱེ་བ་མེད་པ། མི་ཤིགས་པ་དང་སྲ་བ་དང་། རྡོ་རྗེ་ཐེག་པའི་གནས་མཐར་ཐུག་པའི་འགྱུར་བ་མེད་པའི་རང་བཞིན་ཅན་ཡིན་པས་དོན་དམ་པའི་ཆོས་སྐུ་ཞེས། གཞི་འབྲས་ཐམས་ཅད་ཀྱི་གནས་སྐབས་སུ་རང་རང་གི་ལྟ་སྒོམ་མྱོང་སྦྱངས་དང་བསྟུན་པའི་ངོ་སྤྲད་ཅིང་ཁས་ལེན་པ་ཙམ་ནི་ཁ་ལྟར་མི་འཆོར་ཞིང་མཛེས་པར་གོ་ལགས། དེང་སང་བབས་ཆོལ་གྱི་ཆོས་སྐད་ཡང་གསང་རྫོགས་པ་ཆེན་པོ་ཟབ་པ་དང་རྒྱ་ཆེ་བའི་དགོངས་པ་མ་ལོན་པར་རྫོགས་པ་ཆེན་པོ་ལྟ་བ་མཐོས་ཞེས། ཁྱུ་འདེད་དུ་བཏང་སྟེ། ཟབ་དོན་གཞན་ཞིག་རློམ་པའི་སྐལ་དམན་པ། དུད་འགྲོ་སྣ་འཇུ་མེད་པ་ཁོ་དེ། ཁྱོད་ཀྱིས་རྫོགས་པ་ཆེན་པོའི་ལྟ་བ་གང་ནས་མཐོས་འདི་ནས་མཐོས་ཉན་མགོ་ནོན་ནམ། ལྷ་དང་མིའི་རིག་པ་འཛིན་པ་པཎ་གྲུབ་ལོ་པཎ་གྲུབ་ཐོབ་རིག་འཛིན་སྔགས་འཆང་གི་ཚོགས། ཚོམ་བུ་འབུམ་ཁྲི་བྱེ་བ་མང་པོ་འཇའ་ཕུང་དུ་གཤེགས་པའི་ཤུལ་ལམ། ལྷ་དང་མི་ཡི་སྟོན་མཆོག་དམ་པ་རྣམས་ཀྱིས་ལན་བརྒྱར་བསྔགས་ཤིང་བསྟོད་པའི་གནས་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་རྡོ་རྗེའི་ཆིངས་སྙན་བརྒྱུད་ཟབ་མོ་རྣམས་སུ། ཀ་དག་ལྷུན་གྲུབ་གཉིས་མེད་རང་བཞིན་རྫོགས་པ་ཆེན་པོ་དོན་གྱི་གནས་ལུགས་ནི། སངས་རྒྱས་ཀྱིས་ཀྱང་བརྗོད་པར་མི་ནུས་པའི་མཐོ་དམན་དང་བྲལ། གནས་སྐབས་ས་ལམ་གྱི་བརྩི་ཚུལ་ནི་ཐུན་མོང་གི་ཐེག་པ་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་ཞིབ། མཐོང་སྣང་ཡིད་ཆེས་ལ་ནི་པཎ་ཆེན་བི་མ། ཨོ་རྒྱན་པདྨ་སོགས་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པ་དང་། ཡང་དག་པར་རྫོགས་པར་སངས་རྒྱས་པ་དང་། མངོན་པར་རྫོགས་པ་སངས་རྒྱས་པ་སོགས། ངོ་མཚར་གྱི་རྟགས་ཚད་མངོན་སུམ་དུ་ཐོན་པ་དེ་ཙམ་ཞིག་བྱུང་འདུག །དེ་ཕྱིར་རང་བློ་ལ་མི་ལེན་པ་ནི། བསྟན་བུའི་རྒྱུད་ལས། འདི་ནི་ཀུན་གྱི་སྤྱོད་ཡུལ་མིན། །སྐལ་པ་ཅན་གྱི་སྤྱོད་ཡུལ་ལོ། །ཞེས་གསུངས་པ་ལྟ་བུ་ཡིན་ལ། དེ་ཕྱིར་དང་པོ་མི་གནས་པ་གནས་པའི་ཚང་ལ་འཇུག་པའི་སྐབས་སུ་སྙིང་རུས་དང་ལྡན་པ། གནས་པ་བརྟན་པའི་སྐབས་སུ་ས་ལམ་གྱི་སྤུ་རིས་ཕྱེད་པ། བརྟན་པ་བོགས་དབྱུང་བའི་སྐབས་སུ་གཞི་ལམ་གྱི་འབྲས་བུར་ཞེན་ཐག་ཆོད་པ་ཞིག་དགོས་པར། བླ་མ་དམ་པ་རྣམས་ཀྱི་ཞལ་གདམས་ཀྱི་སྙིང་པོར་གསུངས་པས་དེ་ཡང་། ཤར་གྲོལ། གཅེར་གྲོལ། རང་གྲོལ། ཡོངས་གྲོལ། ཡེ་གྲོལ་སོགས། གྲོལ་ལུགས་རེ་རེའི་ཐད་དུ། ཤར་གྲོལ་གྱི་སྐབས་སུ་ཞེན་པར་འཛིན་པའི་རྣམ་རྟོག་དག་དགོས། གཅེར་གྲོལ་གྱི་ཐད་དུ་མི་རྟོག་པའི་རྣམ་རྟོག་དག་དགོས། རང་གྲོལ་གྱི་ཐད་དུ་ཚོར་བ་ངོ་མི་ཤེས་ཀྱི་རྣམ་རྟོག་དག་དགོས། ཡོངས་གྲོལ་གྱི་ཐད་དུ་སྟོང་ཉིད་ངོ་མི་ཤེས་ཀྱི་རྣམ་རྟོག་དག་དགོས། ཡེ་གྲོལ་གྱི་དུས་སུ་སྟོང་ཉིད་གཤིས་ཤོར་གྱི་རྣམ་རྟོག་དག་དགོས། རྣམ་རྟོག་དེ་རྣམས་དག་པའི་རྗེས་སུ་རང་ཉམས་སུ་ཇི་ལྟར་ལེན་ན། གསུམ་སྟེ། ལྟ་བ་གྲོང་ཁྱེར་རྒྱུན་གཅོད། མན་ངག་རི་བོ་ཅོག་གཞག །དགོངས་པ་ཁམས་གསུམ་ཡོངས་གྲོལ་ལོ། །དང་པོ་ལྷུན་གྲུབ་རང་བྱུང་གི་ཡེ་ཤེས། ངོ་བོ་ཅིར་ཡང་མ་གྲུབ་པ། རང་བཞིན་གསལ་ལ་དག་པ། ཐུགས་རྗེ་ཅིར་ཡང་འཆར་བ། དོན་རང་རིག་རིག་སྟོང་། ཀ་དག་ཆེན་པོའི་དབྱིངས་ན། སྣང་སྲིད་འཁོར་འདས་ཐམས་ཅད་རོལ་པ་དང་རྒྱན་རྩལ་རང་སྣང་ཙམ་དུ་རང་གྲོལ་ཆེན་པོར་གནས་སོ། །དེ་ཅིར་ཡང་མ་གྲུབ་པའི་ཟང་ཐལ་ཆེན་པོ་ལྷུན་གྲུབ་འོད་ལྔའི་རྩལ་ལས། ཕྱི་ནང་གི་སྣང་བའི་རོལ་པ་དཔག་ཏུ་མེད་པ་ཤར་བ་ཡིན་ནོ། །ཐུགས་རྗེ་རོལ་པའི་རྩལ་ལས། ནང་སེམས་དང་སེམས་བྱུང་ཡང་ཚོགས་བརྒྱད་ཀྱི་ཤེས་པས་གྲུབ་སྟེ། རིག་པའི་རྩལ་དུ་ཤར། དེའི་ཕྱིར་ཕྱི་ཡུལ། བར་ལུས། ནང་སེམས་དང་བཅས་པ་ཐམས་ཅད་གཞི་མེད་སྣང་སྟོང་ཆོ་འཕྲུལ་ཙམ་དུ་ཤར་བ་ལས། བདེན་རྫུན་ཐམས་ཅད་ཀྱི་མཐའ་ལས་འདས། དེའི་ཕྱིར་རང་གི་རིག་པ་རང་བྱུང་གི་ཡེ་ཤེས་འདི་ཡེ་ནས་སངས་རྒྱས་ཤིང་རྣམ་པར་དག་པ། ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་སུ་ཡེ་ནས་སངས་རྒྱས་པར་གོ །དེ་ཡང་སེང་གེ་རྩལ་རྫོགས་ལས། ཉོན་མོངས་ལྔ་ལ་ཡེ་ཤེས་ལྔ། །ཡུལ་ལྔ་ལ་ནི་འོད་ལྔའི་སྐུ །ཕུང་པོ་ལྔ་ལ་སངས་རྒྱས་ལྔ། །འབྱུང་བ་ལྔ་ལ་ཡུམ་ལྔར་རྟོགས། །སྲིད་པ་གསུམ་ཉིད་སངས་རྒྱས་ཞིང་། །གཉིས་མེད་ལྟ་བའི་རང་ལུས་ཡིན། །ཞེས་དང་། མུ་ཏིག་འཕྲེང་བ་ལས། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན། །རིགས་དང་རིགས་ཀྱི་བདག་པོར་གྲོལ། །ཞེས་སོ། །དེའི་ཚེ་ཉོན་མོངས་མ་སྤངས་མི་གནས་པར་རང་སར་དག་སྟེ། མཁའ་ལ་སྤྲིན་དྭངས་པའམ། ཆུའི་རྙོགས་མ་རང་སངས་ལྟར་དག་སྟེ། གཞི་རང་མལ་ཆོས་ཉིད་ཁོ་རང་གི་འདུག་ཚུལ། དང་པོ་འཁྲུལ་མ་མྱོང་། ད་ལྟ་འཁྲུལ་པ་ལ་མི་གནས། ཐ་མར་འཁྲུལ་མི་སྲིད་པའི་གནད་མངོན་དུ་གྱུར་པའོ། །འདི་ནི་རིག་པ་རང་མལ་གྱི་ཆོས་སྐུ །ཕྱལ་པ་བར་མེད་ཀྱི་རྒྱ་ཡན། རང་བབས་རྣལ་མའི་འདུག་ཚུལ། གཞི་རང་མལ་ཆོས་ཉིད་ཁོ་རང་གི་འདུག་ཚུལ། ཟང་ཐལ་སྐྱེ་མེད་ཀྱི་རང་ངོ་། རྣལ་འབྱོར་པའི་རང་སྣང་ཆོས་སྐུར་ཤར་བ། སྲིད་གསུམ་ཀ་དག་གི་དགོངས་པ་ཞེས། ཆོས་སྐུའི་གླིང་མཆོག་ཡང་དག་པར་ཕྱིན་པའོ། །རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། འབྲས་བུའི་ཆོས་ཐམས་ཅད་སྐུ་གསུམ་ལས་ཕྱིར་མི་ལྡོག་པའི་འབྲས་བུར་ཤེས་པར་གྱིས་ཤིག །ཅེས། རྩིང་སྤྱོད་དང་ཧོལ་རྒྱུག་གོ་ཡུལ་ཙམ་ལ་བརྟེན་ནས། ཁ་ལྟར་སྨྲ་བར་བྱེད་པའི་ཆོས་ནི་འདི་མ་ཡིན་ནོ། །རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གི་ཆོས་ཚུལ་གསུམ་དུ་གྲགས་པ་ནི། རྙིང་མ་རྣམས་ཀྱི་གཞུང་ལུགས་ཆེན་པོ་རྣམས་སུ་གསལ་བར་བསྟན་པས། རིག་འཛིན་ཐུགས་བཅུད་མཁའ་འགྲོའི་སྲོག་ཏིག་ཆོས་སྲུང་སྙིང་གི་རྒྱ་ཅན། བརྒྱུད་པ་བྱིན་རླབས་དང་ལྡན་ཞིང་མན་ངག་ཡང་ཟབ་ཀྱི་ཕུལ་དུ་གྱུར་པ་འདི། བློ་དྲེད་ཆོས་དྲེད་ཁ་ལྟ་སྟོང་ཤོབ་ཅན་གྱི་དཔེ་ཉོབ་ནག་ཧྲུལ་དང་བསྲེས་ནས་འཇོག་པའི་འོས་ནི་མིན་ནོ། །ཚེ་སྲོག་འབེན་དུ་བཙུགས། སྒྲུབ་པ་སྙིང་པོར་བྱེད། ལྟོ་གོས་གཏམ་གསུམ་ལ་གྱོང་བསྐུར། བསམ་རྒྱུ་དམ་པའི་ཆོས་ལས་མེད་པ་ཞིག་གི་གཙུག་ཏུ་འཆང་བའི་ཡིད་བཞིན་གྱི་ནོར་བུ་ཞིག་འདི་ན་གདའོ། ༈ །དེ་ནས་ངོ་སྤྲད་པ་ནི། ཐག་གཅིག་ཐོག་ཏུ་བཅད་པ། ངོ་རང་ཐོག་ཏུ་སྤྲད་པ། གདིང་གྲོལ་ཐོག་ནས་ཐོན་པ་གསུམ་པོ་འདིར་འདུས་སོ། །དེ་ལ་དང་པོ་ཐག་གཅིག་ཐོག་ཏུ་བཅད་པ་ནི། རིག་པ་མ་བཅོས་པར་བཞག་ལ། ཕྱོགས་བཞི་མཚམས་བརྒྱད་དུ་ཐལ་གྱིས་གཏང་། དེ་སོ་སོ་ལ་རིག་པ་རྣམ་པ་བརྒྱད་དུ་ཨེ་འདུག་ལེགས་པར་བརྟགས་པས། གཅིག་ལ་བཏང་དུས་གཅིག་མེད། གཅིག་ལ་གསལ་དུས་གཅིག་སྟོང་། སྟོང་མཁན་གྱི་མཁན་པོ་ལ་བལྟས་པས་སྟོང་བྱ་དང་སྟོང་བྱེད་གཉིས་མེད་ཀྱི་ཤེས་པ་ཝལ་པོ་ཟང་ཐལ། ཚིག་གིས་བརྗོད་དུ་མེད་པས་དབུ་མའི་མཐའ་ལས་འདས། བློས་བསམ་དུ་མེད་པས་ཕྱག་རྒྱ་ཆེན་པོའི་མཐའ་ལས་འདས། དཔེས་མཚོན་དུ་མེད་པས་རྫོགས་པ་ཆེན་པོའི་སྤྱོད་ཡུལ་ལས་ཀྱང་འདས། ཀུན་ནས་ཡོངས་སུ་རང་བཞིན་གྱིས་མྱ་ངན་ལས་འདས་པ་ནི། ཐག་གཅིག་ཐོག་ཏུ་བཅད་པའི་མན་ངག་མཐར་ཐུག་ཡིན་ནོ། །གཉིས་པ་ངོ་རང་ཐོག་ཏུ་སྤྲད་པ་ནི། དེ་ལྟར་ཐག་གཅིག་ཐོག་ཏུ་བཅད་པའི་ཤེས་པ་བཟོ་མེད་ཅིར་ཡང་མ་གྲུབ་པ་དེ་ལ། འཁོར་འདས་ཀྱི་ཡོན་ཏན་ཀུན་ཏུ་མ་ལུས་པ་རབ་ཏུ་རྫོགས་པར་བཞུགས་པ་ནི། སྟོང་ཆའི་ངོ་བོ་ལ་སངས་རྒྱས་ཆོས་ཀྱི་སྐུའི་ཡོན་ཏན་དང་། དེའི་རང་མདངས་འགག་པ་མེད་པ་ལ། སངས་རྒྱས་ལོངས་སྤྱོད་རྫོགས་སྐུའི་ཡོན་ཏན་ཕུན་སུམ་ཚོགས་པ་ལྷུན་གྱིས་གྲུབ་པ་དང་། དེ་ཉིད་གཉིས་སུ་མེད་པའི་རང་རྩལ་ལ་སངས་རྒྱས་སྤྲུལ་པ་སྐུའི་ཡོན་ཏན་གྱི་ཆ་ཐམས་ཅད་རྫོགས་པ་དང་། དེ་གསུམ་ལྡོག་པ་ཐ་དད་ལ། ངོ་བོ་གཅིག་ཏུ་འདུས་པ་ངོ་བོ་ཉིད་ཀྱི་སྐུ་ཞེས། སྐུ་བཞི་ལྷུན་གྱིས་གྲུབ་པའི་བདག་ཉིད་ཡིན་པས། དེ་ལ་ཆོས་སྐུ་དག་པ་གཉིས་ལྡན་ཡེ་ནས་དག་པའི་གཞི་སྟེང་དུ་ལམ་གྱིས་འཕྲང་བསལ་ཞིང་། ད་ལྟ་བླ་མས་ངོ་སྤྲད་པའི་རིག་པ་གཉིས་སུ་མེད་པ་གཅིག་ཏུ་དག་པ་ནི་དག་པ་གཉིས་ལྡན། ལོངས་སྐུ་ངེས་པ་ལྔ་ལྡན་ལ་གསང་ཆེན་རིགས་གཅིག་ནས་བརྒྱའི་བར་གསུངས་པ་ལྟར། གནས། འཁོར། དུས། ཆོས། སྟོན་པ་སོགས་དང་སྐུ་ལྔ་ཡེ་ཤེས་ལྔ་ནི་རྫོགས་ཆེན་གཞན་དག་ནས་རྒྱ་ཆེར་ཡང་ནས་ཡང་དུ་གསུངས་པ་ལྟར་འདིར་མ་བཀོད། སྤྲུལ་སྐུ་མ་ངེས་སྣ་ཚོགས་པ་ནི། ཐུགས་རྗེ་སྤྲུལ་པའི་སྐུ་དང་། རང་བཞིན་སྤྲུལ་པའི་སྐུ་དང་། འགྲོ་འདུལ་སྤྲུལ་པའི་སྐུ་གསུམ་དུ་བསྟན་པ་ལས། ཐུགས་རྗེ་སྤྲུལ་པའི་སྐུ་ནི་སྟོང་གསལ་གཉིས་སུ་མེད་པའི་རང་བྱུང་གི་རིག་རྩལ་དེ་ཡིན་ལ། རང་བཞིན་སྤྲུལ་པའི་སྐུ་ནི་བདེ་བ་ཅན། དགའ་ལྡན་མངོན་དགའ་སོགས་རིགས་ལྔའི་ཞིང་རྣམས་ཀྱི་ཆེ་བའི་ཡོན་ཏན་བརྗོད་པ་ལྟར་ཡིན་ལ། འགྲོ་འདུལ་སྤྲུལ་པའི་སྐུ་ནི། ཐུབ་པ་དྲུག་དང་། བསྐལ་བཟང་གི་སངས་རྒྱས་སྟོང་སོགས། འགྲོ་བའི་དོན་དུ་བྱོན་པའི་སྤྲུལ་པའི་བྱེ་བྲག །གྲུ་དང་ཟམ་པ་རྔ་བོ་ཆེ་སོགས་མཐའ་ཡས་པ་གསུངས་པ་རྣམས་ཡིན། གཞན་ཡང་སྲིད་ཞིའི་ཁམས་ཀྱི་ཆེ་བའི་ཡོན་ཏན་མ་ཚང་བ་མེད་པ། ལྷུན་གྱིས་གྲུབ་པར་བཞུགས་པར། ངོ་རང་ཐོག་ཏུ་སྤྲད་པས། གདིང་གྲོལ་ཐོག་ནས་ཐོན་པ་ནི། དེ་ལྟར་ཡིན་པ་ལ་ཡིན་པར་ཤེས་ཏེ་འབད་པ་དང་རྩོལ་བ་མེད་པར་རང་བཞིན་ལྷུན་གྲུབ་ཆེན་པོར་སངས་རྒྱས་ཀྱི་གོ་འཕང་མངོན་དུ་གྱུར་པ་ནི། རྫོགས་པ་ཆེན་པོ་འདིའི་ཁྲེགས་ཆོད་ཀྱི་གདམས་པར་གཏན་ལ་ཕབ་ཟིན་ནས། ལམ་ཟབ་མོ་ལྷུན་གྲུབ་སྣང་བ་བཞིའི་ཁྲིད་ཡིག་གུད་དུ་བཞུགས་པ་ལས་བླང་བར་བྱའོ། །འདི་ལྟ་བུའི་ཟབ་ཁྱད་ཀྱི་གདམས་པ་འབྲས་བུའི་སྙིང་བཅུད། དཔལ་ལྡན་བླ་མ་དམ་པའི་སྙན་བརྒྱུད་ཀྱི་སྙིང་པོ་ཐུན་མོང་མ་ཡིན་པ་དག་སྣང་གི་ཟབ་ཁྲིད་རྡོ་རྗེའི་དྭངས་བཅུད། ཚིག་ཚོགས་དང་ཐ་སྙད་ཀྱི་སྤྲོས་པ་རྒྱུད་ལུང་གི་དགག་བཞག་རྣམས་བཏང་སྙོམས་སུ་བཞག་སྟེ། གསལ་ལ་བདེ་བ་དང་བློ་ཆུང་བློ་དམན་པའི་རིགས་ལ་ཕན་པ་ཆེ་བར་བསམས་ཏེ། སྐལ་བཟང་ཐར་གླིང་དུ་གཞོལ་བའི་ཟབ་མོ་དོན་གྱི་ཤིང་རྟ་ཆེན་པོར་བཀོད་པའོ། །འོད་གསལ་དབྱིངས་རིག་དྭངས་མའི་ལམ་ཆེན་ཞེས་བྱ་བ་རྫོགས་སོ། །ས་མ་ཡ། རྒྱ་རྒྱ་རྒྱ། ཨོཾ་སྭསྟི་སིདྡྷཾ། ཟབ་ཞི་མཉམ་ཉིད་རྡོ་རྗེའི་དབྱིངས་ཡངས་པར། །འཇའ་ལུས་དབང་པོ་མཁའ་སྤྱོད་རིག་འཛིན་གྱི། །རྨད་བྱུང་གདུལ་བྱ་ནམ་མཁའི་ཁམས་གང་བ། །ཀུན་གྱིས་ཟབ་གསང་རྡོ་རྗེའི་དབྱངས་འདི་ཐོས། །གཅིག་ཆར་དད་པས་ཡིད་བཞིན་མཆོག་དངོས་སུ། །བཟུང་སྟེ་བྱིན་རླབས་འཇའ་ལུས་གསེར་འགྱུར་རྩི། །སྲིད་ཞི་འཕོ་བ་ཆེན་པོའི་རིག་འཛིན་གཞིར། །སྤྲུལ་པས་སྲིད་ཞིའི་ཁྱོན་ནི་རབ་འགེངས་ཤོག །འདི་མཐོང་ཐོས་དང་དྲན་རེག་སྐྱེས་བུའི་ཚོགས། །གཅིག་ཅར་སྟོན་པའི་ལང་ཚོ་སྐད་ཅིག་རྫོགས། །རྣམ་གྲོལ་སྲས་བཅས་རྒྱལ་བའི་ལམ་ཆེན་པོར། །ཞུགས་ཏེ་རྡོ་རྗེ་སྙིང་གཞིར་སངས་རྒྱས་ཤོག །མཐུ་ལྡན་བཀའ་སྲུང་དྲེགས་པའི་གཙོ་མཆོག་རྒྱལ། །ཀླུ་བདུད་མུན་ནག་ཤ་ཟན་ཁྲག་རལ་ཅན། །ཨེ་ཀ་ཙཱ་ཏི་རྡོ་རྗེ་ལེགས་པ་དང་། ཁྱབ་འཇུག་ཆེན་པོས་བཀའ་ཡི་བྱ་ར་མཛོད། །ཆོས་བདག་སྐྱེས་བུའི་ཚོགས་རྣམས་དབང་དུ་སྡུས། །དམ་ཉམས་ལོག་པར་ལྟ་ལ་བཀའ་ཆད་ཕོབ། །ཆོས་ཚུལ་འདི་ནི་ནམ་མཁའི་མཐར་ཁྱབ་མཛོད། ཁྱད་པར་ཐང་ལྷ་མཛོད་ལྔས་ཉིན་མཚན་སྲུངས། ས་མ་ཡ། རྒྱ་རྒྱ་རྒྱ། ཁཐཾ། གུ་ཧྱ། བཀྲ་ཤིས།། །།
ལྷ་ཆེན་གྱི་མེ་མཆོད་ཁམས་གསུམ་དབང་བྱེད་ (Volume 53, Text 6)
༄༅། །ལྷ་ཆེན་གྱི་མེ་མཆོད་ཁམས་གསུམ་དབང་བྱེད་ཅེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། དཔལ་པདྨ་གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །འདིར་བཀའ་སྲུང་ལྷ་ཆེན་གྱི་མེ་མཆོད་བྱ་བའི་རིམ་པ་ནི། ཡར་ངོའི་རྒྱལ་དང་ལྡན་པའི་ཚེས་བརྒྱད་དམ་བཅོ་ལྔའམ། མར་ངོའི་ཚེས་དགུ་ལྟ་བུའི་དགོང་གི་ཆ་ལ། ཚོང་འདུས་ཀྱི་སས་བྲི་ཐབ་ཀྱི་ཚེ་ཆག་ཆག་གདབ་ཅིང་། རྩིག་ཐབ་ཀྱི་ཚེ་དེ་ལ་རྒྱུ་བྱས་པའི་ཐབ་ཁུང་ཟླ་གམ་དམར་པོ་རྒྱར་མཛུབ་གང་དང་། དཔངས་སུ་དེའི་ཕྱེད་ཆ་སོར་བཞི་པའི་ཁ་ཁྱེར་མུ་རན་དང་བཅས་པ་ལྕགས་ཀྱུའི་མཚན་མ་ཅན་གྱི་ནང་དུ། ཙན་དན་དམར་པོ་དང་། མཛོ་མོ་ཤིང་དང་། འོལ་མོ་སེ་སོགས་སྐྱུར་བའི་ཤིང་རྣམས་གང་རྙེད་ཀྱིས་བུད་ཤིང་ཟླ་གམ་དུ་བརྩིག །གཡས་ཕྱོགས་སུ་ཏིལ་གྱི་མར་ཁུའམ་མ་འབྱོར་ན་འབྲུ་མར་དང་། སྔར་གྱི་ཤིང་རྣམས་གང་རིགས་ཀྱི་སྡོང་པོའི་ཆ་ལས་བྱུང་བའི་ཡམ་ཤིང་སོར་ལྔ་པ་མངར་གསུམ་དང་མར་ཁུར་ཉུགས་པ་གྲངས་ཇི་ལྟར་འོས་པ་དང་། རྩ་བའི་རྫས་ཙན་དན་དམར་པོའི་བྱང་བུ་ལ་རྫས་སྣ་བཞིས་དམིགས་བྱའི་རཱུ་པ་མིང་རུས་ཅན་བྲིས་ལ་ཕོ་མོའི་ཁྱད་པར་གྱི་གཞོན་ནུའི་ཁུ་རྡུལ་བྱུགས་པ་དང་། གཞན་ཡང་ཨུཏྤལ་དམར་པོ་སོགས་མེ་ཏོག་དམར་པོའི་རིགས། མངར་གསུམ། ཙན་དན་དམར་པོ། མྱོས་བྱེད་ཀྱི་འབྲས་བུ། ཤ་ལྔ་བདུད་རྩི་ལྔ། རིན་པོ་ཆེ་སྣ་ཚོགས། འབྲུ་སྣ། བཟའ་བཅའ་སོགས་ཁ་ཟས་བཟང་དགུ་དང་། དབང་སྤྱིའི་རྫས་སྐྱུར་བའི་འབྲས་བུ་དང་ཟླ་མཚན་སོགས་གང་རྙེད་སོ་སོའམ་གཅིག་ཏུ་བསྲེས་ཀྱང་རུང་སྟེ། ཐམས་ཅད་ཀྱང་རྒྱ་སྐྱེགས་ཀྱི་ཁུ་བས་ཁ་དོག་བསྒྱུར་པ། གཡོན་ངོས་སུ་ཟངས་གཞོང་དུ་འབྲུ་སྣའི་ཕྱེ་སྨན་སྤོས་མངར་གསུམ་དང་སྦྱར་བ་ཆང་དང་སྦྲང་རྩིས་སྦྲུས་པའི་གཏོར་མ་རིན་པོ་ཆེའི་སྙེ་མའི་དབྱིབས་ཅན་འཁོར་ལྔ་པ་མཐེབ་ཀྱུ་རིལ་བུས་བསྐོར་བ། བཟའ་བཅའ་སྣ་ཚོགས་ཀྱིས་བརྒྱན་ཅིང་དར་དམར་གྱི་གུར་ཕུབ་པ་དང་། མངར་གསུམ་ཆང་དང་སྦྱར་བའི་བཏུང་བ། མཆོད་རྫས་མེ་ཏོག་དམར་པོ། ཁྱད་པར་གྱི་སྦྱར་སྤོས། ཏིལ་མར་གྱི་སྒྲོན་མེ། ཙན་དན་གྱི་དྲི་ཆབ། བཟའ་བཅའི་ཞལ་ཟས་རྣམས་བཤམ། མདུན་དུ་རྡོར་དྲིལ་དགང་བླུག་ནང་མཆོད་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། ཆས་གོས་དམར་པོ་བསྟར་ནས་ཆགས་པའི་སེམས་དང་ལྡན་པས་སྐྱིལ་ཀྲུང་གིས་ཁ་ནུབ་ཏུ་ཕྱོགས་པས་འདུག་ལ། ཐུགས་རྗེ་ཆེན་པོ་ཞི་ཁྲོ་གང་རུང་གི་བདག་བསྐྱེད་བཟླས་པའི་བར་བྱས་ནས། དཀྱིལ་འཁོར་རྫོགས་པར་བསྒོམས་པ་ཡིན་ན་འཁོར་རྣམས་རང་ལ་བསྡུས་ཏེ་རང་ཉིད་གཙོ་བོའི་ང་རྒྱལ་གྱིས་མེ་མཆོད་ལ་འཇུག་སྟེ། མཆོད་གཏོར་རྣམས་ལ་ནང་མཆོད་འཐོར་ཞིང་། རཾ་ཡཾ་ཁཾ་གིས་བསང་། སྭ་བྷཱ་ཝས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨཱོྃ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨཱོྃ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཱུ་ཛ་ས་མ་ཡ་ཧཱུྃ༔ ཞེས་པས་མཆོད་པ་དང་། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་འབར༔ ཨཱོྃ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ས་གཏོར་མ་བརླབ། བསྲེག་རྫས་རྣམས་ཨཱོྃ་ཨཱཿཧཱུྃ་གིས་ཟག་པ་མེད་པ་བདུད་རྩིའི་རང་བཞིན་ཅན་དུ་གྱུར་པར་བསམ་མོ། །དེ་ནས་ཐབ་བསང་སྦྱང་། སྟོང་པའི་ངང་ལས་མདུན་དུ་དབང་གི་ཐབ་ཁུང་པདྨ་རཱ་གའི་རང་བཞིན་ཅན་ཟླ་གམ་དམར་པོ་ཁ་ཁྱེར་དང་བཅས་པ་འོད་ཟེར་དམར་པོ་འཕྲོ་བར་བསམ་ལ། ཨཱོྃ་ཨགྣེ་ཛྭ་ལ་རཾ༔ ཞེས་སྨད་འཚོང་མའི་མེས་སྦར་ལ། ཨཱོྃ་སརྦ་བྷཱུ་ཏ་རཀྵ་ཧཱུྃ་ཧཱུྃ༔ ཞེས་སྲུང་བའི་འཁོར་ལོས་བཅིངས་པར་བསམ། ཐབ་ཀྱི་ནང་དུ་རཾ་ལས་འབར་བའི་མེའི་དབུས་སུ་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཨཾ་ཡིག་དམར་པོ་འབར་བ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སྣོད་བཅུད་ཐམས་ཅད་དབང་དུ་བསྡུས་ནས་འོད་ཟེར་དམར་པོའི་རྣམ་པས་ཨཾ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། ལྷ་ཆེན་དབང་ཕྱུག་ཆེན་པོ་སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་འོད་འབར་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་ཆགས་པ་དང་སྒེག་པའི་ཉམས་ཅན། ཅུང་ཟད་ཁྲོ་ལ་འཛུམ་པ། གཡས་ཁམས་གསུམ་འགུགས་པའི་ལྕགས་ཀྱུ་འཕྱར་སྟབས་སུ་འཛིན་ཅིང་། གཡོན་སྡིགས་མཛུབ་དང་བཅས་པས་རླུང་གི་ཞགས་པ་འཛིན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་དོར་སྟབས་ཀྱིས་བཞུགས་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན་ཟུར་ཕུད་ལ་ཟླ་བ་ཚེས་པས་བརྒྱན་པ། གཅེར་བུ་ལིངྒ་སྒྲེང་ཞིང་བདེ་བ་རྒྱས་པའི་ཉམས་གསལ་བ། དར་སྣ་ཚོགས་པའི་སྟོད་གཡོགས་དང་ཅོད་པན་འཆང་ཞིང་། ཨུཏྤལ་དམར་པོའི་དོ་ཤལ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེའི་གཡོན་དུ་ཡུམ་ཨུ་མཱཿདེ་བཱིཿདམར་གསལ་མཛེས་འཛུམ་ལང་ཚོ་རྒྱས་ཤིང་ལྕགས་ཀྱུ་དང་ཞགས་པ་འཛིན་པ། དར་དང་མེ་ཏོག་དམར་པོའི་རྒྱན་ཅན་སྐྲ་གྲོལ་བ། ལྷ་མོའི་ཆ་བྱད་རྫོགས་པས་ཡབ་ལ་བརྟེན་ཏེ་བཞེངས་སྟབས་སུ་གནས་པ། ཕྱོགས་ཀྱི་འདབ་མ་བཞི་ལ་གསང་བའི་ཌཱ་ཀི་འགུགས་བྱེད་མ། འཆིང་བྱེད་མ། རྨོངས་བྱེད་མ། མྱོས་བྱེད་མ་བཞི་སྟེ། ཐམས་ཅད་ཀྱང་བིནྡུ་ཀའི་མདོག་ཅན་ལྕགས་ཀྱུ་དང་ཞགས་པ་འཛིན་པ་འཛུམ་ཞིང་ཆགས་པའི་ཉམས་ཅན། འགྲེང་སྟབས་སུ་འཁོད་པ། གཞན་ཡང་ཁམས་གསུམ་གྱི་དྲེགས་པ་ཅན་ཐམས་ཅད་ཀྱིས་བསྐོར་ཞིང་འོད་ཟེར་དམར་པོ་རབ་ཏུ་འཁྲུག་པའི་དབུས་ན་བཞུགས་པར་བསམ་ལ། དེ་རྣམས་ཀྱི་སྤྱི་བོར་ཨཱོྃ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་དང་སོ་སོའི་ས་བོན་གྱིས་མཚན་པ་དང་། རང་གི་སྙིང་ག་ནས་འཕྲོས་པའི་འོད་ཟེར་གྱིས་ཚངས་པའི་གནས་དང་། གངས་དཀར་ཏི་སེ། རྒྱ་མཚོ་ཆེན་པོའི་འགྲམ་ལ་སོགས་པ་ནས་ལྷ་ཆེན་ལྕམ་དྲལ་འཁོར་དང་བཅས་པ་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་དུ་བྱོན་པར་བསམ་ལ། ཨཱོྃ་མ་ཧཱ་དེ་བ་ཨཱ་ཀརྵཱ་ཡ་ཛཿཛ༔ ཞེས་བཟླ་ཞིང་སྦྱར་བའི་སྤོས་སྲེག་པ་དང་བཅས། ཛ༔ ཚུར་བྱོན་ཚུར་བྱོན་ལྷ་ཆེན་པོ༔ འཇིག་རྟེན་སྐྱོང་བ་དབང་ཕྱུག་ཆེ༔ མངོན་ཤེས་རྫུ་འཕྲུལ་ཐབས་ལ་མཁས༔ ཆགས་པའི་ཞལ་ལ་སྒེག་པའི་སྐུ༔ གུ་ལང་ཆེན་པོ་ལྷ་ཡི་ལྷ༔ ཨུ་མཱཿཡུམ་དང་གཉིས་སུ་མེད༔ ཁྱོད་ནི་དབང་ཕྱུག་ཆེན་པོ་སྟེ༔ ཁམས་གསུམ་མ་ལུས་དབང་དུ་བྱེད༔ ཁྱོད་ནི་འཇིགས་བྱེད་ཆེན་པོ་སྟེ༔ སྲིད་གསུམ་མ་ལུས་ཟིལ་གྱིས་གནོན༔ དྲེགས་པའི་ལྷ་ཆེན་ཐམས་ཅད་ཀྱང༔ ཁྱོད་ཀྱི་འཁོར་དང་གཡོག་ལགས་ཀྱི༔ ལས་ལ་མ་གཡེལ་ད་ཚུར་བྱོན༔ དུས་ལ་བབ་པོ་གཤེགས་སུ་གསོལ༔ ཨཱོྃ་མ་ཧཱ་དེ་བ་ཨཱ་ཀརྵཱ་ཡ་ཛཿཛ༔ ཞེས་པས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་པས། དམ་ཚིག་པ་དང་གཉིས་སུ་མེད་པར་བཞུགས་པར་བསམ་མོ། །དེ་ནས་ལྷ་ཆེན་ལྕམ་དྲལ་འཁོར་དང་བཅས་པའི་ལྗགས་ལ་རཾ་དང་གཟར་བུ་གཉིས་ལ་ཨཾ་ཡིག་གིས་མཚན་པར་གྱུར། ཨཱོྃ་ཨགྣ་ཡེ་སྭཱ་ཧཱ། ཞེས་བླུག་གཟར་བདུན་གྱིས་དགང་གཟར་བཀང་རྗེས་གཟར་བུ་གཉིས་ཁ་སྦྱར་བ་པདྨའི་ཁུ་ཚུར་གྱིས་བཟུང་བ་གཡས་སུ་བསྐོར་ཞིང་། ཨཱོྃ་མ་ཧཱ་དེ་བ་ཛ༔ ཨུ་མཱཿདེ་བཱིཿཧྲིཾ་ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོ༔ ཆེ་གེ་མོ་སོགས་ཁམས་གསུམ་གྱི་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུ་བར་མཛོད་ཅིག་ཧོཿ ཞེས་ལན་གསུམ་གྱིས་ཏིལ་མར་ཕུལ་ལ། མཆོད་པ་ནི། ཚོགས་རྗེ་ཚོགས་བདག་དབང་དང༔ ལྷ་ཆེན་ལྕམ་དྲལ་འཁོར་བཅས་རྣམས༔ དངོས་སུ་བཤམས་དང་ཡིད་སྤྲུལ་གྱི༔ མཆོད་པ་བཟང་པོ་འདི་བཞེས་ལ༔ མེ་ཏོག་ཕྲེང་སོགས་རིན་ཆེན་དབྱིག༔ ལ་དུ་མྱོས་བྱེད་ཡིད་བཞིན་ཟས༔ སྤོས་དང་སྨན་སྦྱར་ཏིལ་མར་སྒྲོན༔ བཤོས་གཙང་ཡོན་ཆབ་སྣ་ཚོགས་དང༔ འབྲས་ཆང་རྒུན་ཆང་བཏུང་བའི་མཆོག༔ སྦྲང་རྩི་བུ་རམ་མངར་བའི་རོ༔ རཀྟ་བཅུད་ཆེན་གིའུ་ཝཾ་དང༔ བཙོས་དང་རྗེན་ཤ་ཁུ་བ་རྐང༔ བཟའ་དང་བཅའ་དང་བཏུང་བའི་མཆོག༔ གཟུགས་སྒྲ་དྲི་རོ་རེག་བྱ་སོགས༔ སྣ་ཚོགས་མཆོད་པ་འདི་དག་ཀུན༔ བཞེས་ཤིང་མཉེས་པར་མཛད་དུ་གསོལ༔ ཨཱོྃ་མ་ཧཱ་དེ་བ་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་དང་། ཁྱད་པར། ཨཱོྃ་མ་ཧཱ་དེ་བ་ཛ༔ ཨུ་མཱཿདེ་བཱིཿཧྲིཾ་ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོ༔ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་གཏོར་མ་འབུལ། དེ་ནས་བསྟོད་པ་ནི། ཧྲཱི༔ སྤྱན་རས་གཟིགས་སྤྲུལ་དབང་ཕྱུག་ལྷ་ཆེན་པོ༔ འཇིག་རྟེན་མེས་པོ་ཁམས་གསུམ་ཀུན་གྱི་བདག༔ དངོས་གྲུབ་མཆོག་སྟེར་ཡོན་ཏན་རྫོགས་པའི་ལྷ༔ རྒྱལ་བའི་བཀའ་སྡོད་མཐུ་ཆེན་ཁྱོད་ལ་བསྟོད༔ འོད་ཕུང་བསྐལ་པའི་མེ་ལྟར་འབར་བའི་སྐུ༔ ཉི་ཟླའི་སྤྱན་བགྲད་ཁྲོ་གཉེར་བཞད་པའི་ཞལ༔ མཆེ་གཙིགས་འཛུམ་ཆགས་གཞན་ཡིད་འགུགས་པ་པོ༔ གར་གྱི་དབང་ཕྱུག་དཔལ་ཆེན་བཀའ་བཞིན་དུ༔ དམ་ཚིག་འཁོར་ལོའི་གནས་རྣམས་སྐྱོང་མཛད་ཅིང༔ སྣ་ཚོགས་དར་དང་རཏྣ་ཨུཏྤལ་གྱིས༔ ངེས་པར་ཆེ་བཙན་རྒྱལ་པོའི་རྟགས་སུ་བརྒྱན༔ ཚངས་གནས་ཏི་སེ་རྒྱ་མཚོ་ཆེན་པོའི་ཀློང༔ དུར་ཁྲོད་གནས་ན་མ་མོའི་ཚོགས་ཀྱིས་བསྐོར༔ ཁྱོད་ནི་རྣལ་འབྱོར་གྲུབ་པའི་དབང་ཕྱུག་ཡིན༔ དྲེགས་པའི་ལྷ་ཆེན་ཀུན་གྱིས་ཕྱག་བྱས་ཤིང༔ ལོག་འདྲེན་བགེགས་རྣམས་མ་ལུས་འདུལ་བར་མཛད༔ ལྷ་ཡུལ་གྲོང་ཁྱེར་ནགས་འདབས་ཐམས་ཅད་དུ༔ ལྷ་དམག་དབུགས་འབྱིན་ཆེ་བཙན་གཡུལ་ལས་རྒྱལ༔ ཁམས་གསུམ་ཀུན་གྱི་ཡིད་འགུགས་ལྕགས་ཀྱུ་དང༔ རླུང་གི་ཞགས་པས་སྐྱེ་འགྲོ་འགུགས་ཤིང་འཆིང༔ གནོད་སྦྱིན་གཟི་བརྗིད་མདངས་ཀུན་རྟགས་ཀྱིས་འཕྲོག༔ ཨུ་མཱཿཡུམ་འཁྱུད་རྟག་ཏུ་ཆགས་ཤིང་རོལ༔ གསང་བའི་མ་བཞིས་འགྲོ་ཀུན་དབང་དུ་སྡུད༔ དྲེགས་པའི་ལྷ་ཆེན་ཀུན་ཀྱང་ལས་ལ་འགྱེད༔ ཁྱོད་ནི་མི་བཟད་འཇིགས་བྱེད་ཀུན་གྱི་བདག༔ སྨོན་ལམ་དབང་གིས་རྣམ་འཕྲུལ་ཅིར་ཡང་སྟོན༔ འདོད་པའི་མཆོག་སྩོལ་འཇིག་རྟེན་ཀུན་གྱི་སྐྱབས༔ ཁྱོད་ལ་ཕྱག་འཚལ་རྒྱ་ཆེན་དངོས་གྲུབ་སྩོལ༔ ཅེས་བརྗོད། དེ་ནས་རྫས་རྣམས་ཡེ་ཤེས་ཀྱི་བདུད་རྩི་དམར་པོའི་དྭངས་མ་གསོལ་བར་བསམ་ལ། ཨཱོྃ་མ་ཧཱ་དེ་བ་ཛ༔ ཨུ་མཱཿདེ་བཱིཿཧྲིཾ་ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོ༔ ཞེས་དང་ཆེ་གེ་མོ་སོགས་ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་དབང་དུ་བསྡུ་བར་མཛོད་ཅིག་ཧོཿ ཞེས་པ་ཁོ་ནས་ཡམ་ཤིང་། ཏིལ་མར། མེ་ཏོག་དམར་པོ་སོགས་རྫས་རྣམས་བརྒྱ་རྩ་བརྒྱད་སོགས་ཇི་ལྟར་རིགས་པ་ཕུལ་ནས། ལྷ་ཆེན་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ལ་ཕྲིན་ལས་སུ་གསོལ་བ་ནི། བདག་ཅག་འཁོར་དང་བཅས་པ་རྣམས་ཀྱིས་འགྲོ་བ་ཆེ་གེ་མོ་སོགས་ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་དབང་དུ་འདུས་ནས་དབང་གི་ཕྲིན་ལས་མཐར་ཕྱིན་པར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། དེ་ནས་ཁྱད་པར་རྩ་བའི་རྫས་བྱང་བུ་ལ་དམིགས་ཏེ། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་ལྷ་ཆེན་དམར་པོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་མེད་སྤྲོས། བསྒྲུབ་བྱའི་སྙིང་ནང་ན་སེམས་ཀྱི་ངོ་བོ་ནྲྀ་དམར་པོའི་རྣམ་པར་གནས་པ་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུ་བ་ལྟར་བཀུག་ནས་གཟུགས་ལ་ཐིམ་པར་བསམ་ལ། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཏེ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདེ་གཤེགས་ཀུན་འདུས་གར་དབང་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། ལེགས་ལྡན་ལྷ་ཆེན་ལྕམ་དྲལ་སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་ཆེ་གེ་མོ་ལ་སོགས་ཏེ་ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཨ་ནྲྀ་ཏྲི་བཛྲ་ཨཱ་ཀརྵཱ་ཡ་ཧཱུྃ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་དང་། ཡི་དམ་གྱི་སྔགས་མཐར་ཆེ་གེ་མོ་པཱ་ཤཾ་ཀུ་རུ་ཧོཿ ཞེས་བཏགས་པ་བརྒྱ་རྩ་བརྒྱད་ཀྱིས་བཀུག་ཅིང་བསྟིམས་པས་བསྒྲུབ་བྱ་དངོས་སུ་གྱུར་པར་བསམ་ལ། ཨཱོྃ་མ་ཧཱ་དེ་བ་ས་མ་ཡ་ཧྲིཾ་ཛ༔ ཨཱོྃ་མ་ཧཱ་དེ་བ་ཛཿཨུ་མཱཿདེ་བཱིཿཧྲིཾ་ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོ༔ ཨཱོྃ་མ་ཧཱ་དེ་བ་ཛཿཛཿཛུ་ཛུ་ཧྲིཾ་ཧྲིཾ་ཁུག་ཁུག་དུང་དུང་སློང་སློང་ལོ་ཀ་སརྦ་པཱ་ཤཾ་ཀུ་རུ་ཛ༔ ཨ་ནྲྀ་ཏྲི་ཧྲིཾ་ཧྲིཾ་ཛ༔ ཨཱ་ཀརྵཱ་ཡ་ཧཱུྃ་ཛ༔ བཱ་སུ་སིདྡྷི་ས་མ་ཡ་སྡུས་སྡུས་ཨཾ་གུ་ཤ་ཧྲིཾ་པཱ་ཤཾ་ཀུ་རུ་ཧཱུྃ་ཛཿཛ༔ ཞེས་བཟླ་བཞིན་དུ་ཙན་དན་གྱི་བྱང་བུ་བསྒྲུབ་བྱ་དངོས་སུ་བསམ་ནས་ཕུལ་བས། ལྷ་ཆེན་གྱི་ཐུགས་ཀའི་འོད་ཟེར་གྱིས་འཁོར་གྱི་མཁའ་འགྲོ་དང་འཇིག་རྟེན་གྱི་དྲེགས་པ་ཅན་ཐམས་ཅད་རང་དབང་མེད་པར་བསྐུལ་བས། དེ་རྣམས་ཀྱིས་དམིགས་བྱ་གཅེར་བུ་སྐྲ་འབལ་བ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་བཞག །ལྕགས་ཀྱུས་སྙིང་ནས་བཏབ་ཞགས་པས་མགྲིན་པ་བཅིངས་ནས་མྱུར་བའི་རླུང་ཤུགས་ཀྱིས་དྲངས་ཏེ་རང་གི་མདུན་དུ་ལྷགས་ཤིང་བརྟན་པ་དང་བྲལ་བས་དབང་དུ་གྱུར་པར་བསམ་མོ། །མཐར་དམིགས་བྱ་དེ་ཉིད་ཐིག་ལེ་དམར་པོའི་རྣམ་པར་ལྟེམ་གྱིས་ཞུ་ནས་རང་གི་སྙིང་གར་བསྡུས་པས་རང་སེམས་དང་དབྱེར་མེད་དུ་གྱུར་པར་མོས་ལ་དེའི་ངང་ལ་མཉམ་པར་བཞག་གོ །དེ་ནས་རྗེས་ཆོག་ནི། ཨཱོྃ་མ་ཧཱ་དེ་བ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ཧྲཱི༔ སྤྱན་རས་གཟིགས་སྤྲུལ་དབང་ཕྱུག་ལྷ་ཆེན་པོ༔ འཇིག་རྟེན་མེས་པོ་ཁམས་གསུམ་ཀུན་གྱི་བདག༔ དངོས་གྲུབ་མཆོག་སྟེར་ཡོན་ཏན་རྫོགས་པའི་ལྷ༔ རྒྱལ་བའི་བཀའ་སྡོད་མཐུ་ཆེན་ཁྱོད་ལ་བསྟོད༔ ཅེས་པས་བསྟོད། ཡིག་བརྒྱ་མང་དུ་བཟླས་མཐར། མ་རྙེད་ཡོངས་སུ་མ་ཚང་དང་། །སོགས་ཀྱིས་བཟོད་པར་གསོལ། ཨཱོྃ་། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱི་མཐར་བཛྲ་མུཿས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བདག་ཉིད་ལ་ཐིམ་པར་བསམ་ཞིང་། དགེ་འདིས་བདག་ཅག་འཁོར་བཅས་ཀྱིས། །འགྲོ་ཀུན་དབང་དུ་འདུས་པ་དང་། །དབང་གི་ཕྲིན་ལས་མཐར་ཕྱིན་ནས། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །ཅེས་སྨོན་ལམ་གདབ་བོ། །བཀྲ་ཤིས་ནི། ཨཱོྃ། བྱིན་རླབས་མཆོག་སྩོལ་རིགས་བརྒྱའི་བདག །བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །དངོས་གྲུབ་ཆར་འབེབ་ཞི་དང་ཁྲོ། །ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག །ཐོགས་མེད་ཕྲིན་ལས་སྒྲུབ་མཛད་པའི། །དཔའ་བོ་མཁའ་འགྲོའི་བཀྲ་ཤིས་ཤོག །གང་ལ་བསམ་པའི་དོན་ཀུན་འགྲུབ། །དགེ་ལེགས་མཆོག་གི་བཀྲ་ཤིས་ཤོག །ཅེས་བརྗོད་ནས་མེ་རང་ཞིའམ་ཆང་གིས་གཞིལ་ལ་ཐལ་སོལ་རྣམས་མི་ཕྱུགས་མང་པོས་འཐུང་བའི་ཆུ་ལ་བསྐྱལ་ལོ། །ཚུལ་འདི་ལ་འབད་པས་ནི་སྒྲུབ་པའི་ལས་ཐམས་ཅད་ཀྱི་འབྲས་བུ་སྐད་ཅིག་ལ་སྟེར་བར་གསུངས་སོ། །ཞེས་རྒྱལ་སྲས་ཕྱག་རྡོར་རྣམ་པར་རྒྱལ་བའི་གསུང་གིས་བསྐུལ་བ་ལས་འགྱུར་མེད་རྡོ་རྗེས་སྤེལ་བའོ།། །། ༄། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་བཀའ་སྲུང་ལྷ་ཆེན་གྱི་མཐུན་རྫས་ལ་དུའི་སྦྱོར་བ་ལ། བག་ཕྱེ་ལ་དཀར་གསུམ་མངར་གསུམ། ལྒ། པི་པི་ལིང་། ཕོ་བ་རིས་རྣམས་བསྲེས་པའི་རིལ་བུ་མར་ཁུར་བཙོས་པ་ཡིན། ཡང་ལུགས་གཅིག་ལ་བག་ཕྱེ་དང་། སྦྲང་རྩི། ལྒ། པི་པི་ལིང་། ན་ལེ་ཤམ། རྒུན་འབྲུམ། སེ་འབྲུ། འུ་སུའི་འབྲས་བུ་རྣམས་བསྡུས་པ་ཡིན་ནོ།། །། ࿊ ལྷ་ཆེན་གྱི་མཐུན་རྫས་སྦྱར་སྤོས་ལ། །ཙན་དན་དཀར་དམར་སྲང་རེའི་ཚེ། །གུར་གུམ་ཞོ་གསུམ་ག་པུར་དང་། །སི་ལ་ཞོ་ཡི་སུམ་ཆ་རེ། །ཏང་ཀུན་སྤང་སྤོས་ཞོ་རེ་རེ། །སྤོས་དཀར་ཞོ་དོ་ཤུག་པའི་ཕྱེ། །ཉག་གང་སྦྱར་བས་མཉམ་པར་འབྱུང་། །དེ་ཉིད་རིལ་བུ་རེང་བུ་སོགས། །སྐབས་དང་སྦྱར་བས་དགོས་དོན་འགྲུབ། །ཙན་དན་དང་། ག་པུར། སི་ལ། གུར་གུམ། ཏང་ཀུན། སྤོས་དཀར། སྤང་སྤོས་རྣམས་སོ།། །།
གསང་ཐིག་སྐོར་གསུམ་ལས་ཡང་དག་ཕྱག་རྒྱ་གཅིག་པའི་གཏོར་དབང་གི་ཆོ་ག་འབར་བའི་ཐིག་ལེ་ (Volume 28, Text 6)
༄༅། །གསང་ཐིག་སྐོར་གསུམ་ལས་ཡང་དག་ཕྱག་རྒྱ་གཅིག་པའི་གཏོར་དབང་གི་ཆོ་ག་འབར་བའི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། ། མཆོག་གི་དངོས་གྲུབ་མྱུར་སྩོལ་བ། །ཧེ་རུ་ཀ་དཔལ་ལ་བཏུད་ནས། །བྱིན་རླབས་སྙིང་པོ་གཏོར་མའི་དབང་། །འདི་ཡིས་ཡེ་ཤེས་སྒོ་འབྱེད་དོ། །ཐོད་པ་་་མ་རྙེད་ན་སྣོད་གཙང་མ་ལ་དེར་མོས་པས་འཐུས། མཆན། མཚན་ལྡན་གྱི་ནང་དུ་དཔལ་གྱི་གཏོར་མ་སྐྱུ་གུ་བརྒྱད་ལྡན་རྒྱན་གྱིས་སྤྲས་ལ་ཤ་ཆང་གིས་སྦགས་ལ་སྟེགས་གཙང་མར་བཀོད། པདྨ་གཙུག་ཏོར་གྱི་སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་བཅས་སྦྱར། བླ་མ་ཐུགས་རྗེ་ཆེན་པོ་ཞེས་པར། བླ་མ་ཧེ་རུ་ཀ་དཔལ་སོགས་ཁ་བསྒྱུར། བདག་བསྐྱེད་དང་བཟླས་པ་ཅི་འགྲུབ་བྱ། གཏོར་མ་བྲན་ལ་གཏོར་འབུལ་སྔགས་བསྔོས་ལན་གསུམ་ཕྲིན་བཅོལ་དབང་བླང་བ་བཅས་མཐར་ཆགས་སུ་བཏང་། གཏོར་ལྷ་འོད་ཞུ་མ་བྱས་པའི་གོང་དེར་ལས་བུམ་མམ་བསང་ཆུ་རྡོར་སེམས་ཕྱག་རྒྱ་གཅིག་པའི་སྐབས་སུ་སྨོས་པ་ལྟར་བསྒྲུབ། སློབ་མ་རྣམས་ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུྃ༔ དང་། སུམྦྷ་ནི་དྲག་ཏུ་བརྗོད་ཅིང་གུ་གུལ་ཡུངས་ཐུན་རོལ་མོའི་སྦྱོར་བས་བགེགས་བསྐྲད། རྡོ་རྗེའི་རང་བཞིན་གྱི་སྲུང་བའི་འཁོར་ལོ་མཚོན་ཆ་ཁྲོ་ཆུང་མེ་ཕུང་གི་དཀྱིལ་འཁོར་རྔམ་དྲག་བརྟན་པར་མཚམས་བཅིངས་པར་གྱུར། བཛྲ་པཉྩ་ར་རཀྵ་རཀྵ་ཧཱུྃ་བྷྲཱུྃཿ མེ་ཏོག་བཀྱེ་བསྡུ་བྱས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རིགས་ཀུན་ཁྱབ་བདག་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་བྱིན་རླབས་དབང་བསྐུར་ཟབ་མོ་གསན་ལ་ལམ་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེའང་ཇི་སྐད་དུ། ཡང་དག་གྲུབ་པ་གཅིག་པུ་ཉིད། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །ཞེས་འབྱུང་བ་ལྟར། གཞི་གདོད་ནས་ཡང་དག་མཆོག་གི་གྲུབ་པ་གཉིས་མེད་གཅིག་པུ་སངས་རྒྱས་ཐམས་ཅད་ཀྱི་བདེ་ཆེན་ཡེ་ཤེས་མ་ལུས་པ་འདུས་པ་དེ་ཉིད། ལམ་ཡོ་ག་གསུམ་གྱི་རྣལ་འབྱོར་ཟབ་མོ་སྟོང་གསལ་ཟུང་འཇུག་སྐུ་གསུམ་རང་ཆས་སུ་རྫོགས་པའི་ཚུལ་གྱིས་ཉམས་སུ་བླངས་པས། འབྲས་བུ་ཐབས་ཤེས་མཉམ་སྦྱོར་མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ་བ་ཆེན་པོའི་འཁོར་ལོ་མངོན་དུ་འགྱུར་བས་ན། ཚེ་གཅིག་ལུས་གཅིག་ལ་མཆོག་དངོས་གྲུབ་པར་འདོད་པའི་སྐལ་པ་ཅན་རྣམས་ཀྱིས་བསྒྲུབ་བྱའི་གཙོ་བོ། རྡོ་རྗེ་ཧཱུྃ་མཛད་དང་པཎ་ཆེན་བི་མ་ལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་གནུབས་ཀྱི་དགེ་སློང་ནམ་མཁའི་སྙིང་པོ་སོགས་རྒྱ་བོད་ཀྱི་གྲུབ་ཐོབ་རྩོད་པ་མེད་པ་རྣམས་ཀྱི་ཐུགས་དམ་གསང་བའི་ལྷ་མཆོག་དཔལ་ཡང་དག་འདི་ཉིད་ཡིན་ཏེ། ཇི་སྐད་དུ། ཕྱག་རྒྱ་ཆེན་པོ་ཡང་དག་པའི། །མཆོག་གི་དངོས་གྲུབ་ཚེ་གཅིག་ལ། །ཐོབ་ཕྱིར་རྒྱལ་བའི་གསང་ལམ་མཆོག །ཡང་དག་སྙིང་པོ་བསྒྲུབ་པར་བྱ། །ཞེས་གསུངས་ཤིང་། སྣང་ཚུལ་དུའང་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཉིད་གདུལ་དཀའ་འདུལ་བའི་སླད་དུ་ཧེ་རུ་ཀའི་རྣམ་པར་བཞེངས་པས། འདོད་པའི་དོན་སྒྲུབ་པ་ལ་ཞི་བ་ལས་ཀྱང་ཁྲོ་བོའི་རྣལ་འབྱོར་གྱིས་ཟབ་ཅིང་དམ་ཚིག་ཉམས་ཆག་སྦྱོང་བ་སོགས་ལ་ལྷག་པར་བསྔགས་པ་ཡིན་ཏེ། རད་གླིང་ཟབ་གཏེར་ལས། གསང་སྔགས་རྣལ་འབྱོར་འདི་ལ་སུས་བརྩོན་པ༔ ཁྱད་པར་རྩ་བ་ཡན་ལག་དམ་ཚིག་དང༔ སྡོམ་གསུམ་ཚུལ་ཁྲིམས་ཉམས་སོགས་མ་ལུས་པ༔ ཐམས་ཅད་འདི་ཡིས་སོར་ཆུད་ཉམས་ཆག་སྐོང༔ དངོས་གྲུབ་རྣམ་གཉིས་ཡེ་ནས་ངེས་ཐོབ་ཅིང༔ ཁྱད་པར་ཉམས་ཆག་སྐོང་བའི་མཐར་ཐུག་ཡིན༔ རིག་འཛིན་ཚེ་ཡི་མཆོག་ཀྱང་འདིས་འགྲུབ་བོ༔ ཅི་ཕྱིར་ཞེ་ན་གསང་བའི་ཐུགས་སྒྲུབ་ཡིན༔ ཞེས་གསུངས་པ་ལྟར་ལ། དེའི་སྒྲུབ་ཐབས་རྒྱས་བསྡུས་བཀའ་གཏེར་དག་སྣང་གི་སྲོལ་ཀ་མང་དུ་མཆིས་པ་ཐམས་ཅད་ཀྱི་དོན་སྙིང་བཅུད་དུ་དྲིལ་བ། ཟླ་གམ་དགུ་པ་དང་ལྔ་བཅུ་རྩ་བརྒྱད་ལ་སོགས་པ་དཀྱིལ་འཁོར་ཐམས་ཅད་ཀྱི་འཕྲོ་གཞི། ཟབ་པའི་མཐར་ཐུག་པ་ནི་ཕྱག་རྒྱ་གཅིག་པ་འདི་ཉིད་ཡིན་ཏེ། སྔ་མ་ལས། ཡང་དག་ཐུགས་ཀྱི་སྒྲུབ་པ་ཕྱོགས་གཅིག་དྲིལ༔ ཟབ་དོན་ཉུང་དྲིལ་ཉམས་སུ་བླང་བ་བདེ༔ འདི་ལས་ཟབ་པའི་ཐུགས་སྒྲུབ་མཐར་ཐུག་པ༔ འཇིག་རྟེན་འདི་ན་འབྱུང་བ་ག་ལ་སྲིད༔ ཀྱེ༔ སྔོན་ནས་བསོད་ནམས་བསགས་པའི་ལས་འཕྲོ་ཡིས༔ འདི་དང་འཕྲད་པར་གྱུར་པ་མ་ལགས་པ༔ བཙལ་བས་འཇིག་རྟེན་འདི་ནས་ག་ལ་རྙེད༔ དེ་ཕྱིར་འདི་ལ་བརྩོན་པ་རྟག་ཏུ་སྐྱེད༔ དངོས་གྲུབ་གཞན་ལས་མྱུར་རམ་བསྒྲུབས་ལ་ལྟོས༔ ཞེས་གསུངས། དེ་ལྟ་བུའི་སྒྲུབ་ཐབས་བརྒྱུད་པ་ཉེ་ཞིང་བྱིན་རླབས་ཀྱི་གཟི་བྱིན་དང་མཁའ་འགྲོའི་ཁ་རླངས་མ་ཡལ་བ། རྩོད་བྲལ་དུས་བབ་ཀྱི་ཟབ་ཆོས། སྤྲུལ་པའི་གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་སྒྱུར་བ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་ལུག་ལོ་སྤྲེལ་ཟླའི་ཚེས་བཅུ་ལ་གནས་ཆེན་དེ་བཱི་ཀོ་ཊིའི་སྙིང་པོའི་ཤར་ཕྱོགས་ཀྱི་ཆ། ཙ་འདྲ་རིན་ཆེན་བྲག་རི་དཔལ་ཆེན་པོའི་སྐུའི་རྣམ་པར་ཆགས་པའི་ཕྲག་གཡས་གུ་རུའི་གསང་ཕུག་ནས་སྤྱན་འདྲེན་པར་མཛད་པ་གསང་ཐིག་སྐོར་གསུམ་ལས། ཡང་དག་ཧེ་རུ་ཀ་ཟླ་གམ་གཅིག་མའི་བྱིན་རླབས་གཏོར་མའི་དབང་བསྐུར་བསྒྲུབ་པར་བགྱི་བ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ཟིན་པ་ལགས་པས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛད་འཚལ། བླ་མ་ཧེ་རུ་ཀ་དཔལ་ཆེ༔ མཁའ་འགྲོའི་གཙོ་བོ་དགོངས་སུ་གསོལ༔ བླ་མེད་ས་ལ་དྲངས་ནས་སུ༔ སྐུ་གསུང་ཐུགས་མཆོག་བསྩལ་དུ་གསོལ༔ ལན་གསུམ། བླ་མ་དང་བཅོམ་ལྡན་འདས་བཛྲ་ཧེ་རུ་ཀ་གཉིས་སུ་མེད་པ་མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་བཞུགས་པའི་དྲུང་དུ། བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྒོ་གསུམ་རྩེ་གཅིག་གུས་པས་སྐྱབས་སུ་མཆིའོ་སྙམ་པའི་བློས་འདིའི་རྗེས་ཟློས་མཛོད། ན་མོ༔ བདག་སོགས་སེམས་ཅན་སྡུག་བསྔལ་གྲོལ་དོན་དུ༔ བྱང་ཆུབ་བར་དུ་སྐྱབས་སུ་བཟུང་བའི་གནས༔ བླ་མ་ཧེ་རུ་ཀ་དཔལ་དཀོན་མཆོག་གསུམ༔ ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ ལན་གསུམ། མཁའ་ཁྱབ་ཀྱི་ཕ་མ་རིགས་དྲུག་ཐམས་ཅད་བཅོམ་ལྡན་འདས་དཔལ་ཆེན་ཧེ་རུ་ཀའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་བསྐུར་ཞུ་བ་དང་། ལམ་ཉམས་སུ་ལེན་པ་ལ་བརྩོན་འགྲུས་བརྩམ་པར་བྱའོ་སྙམ་པ་དང་། གནས་ལུགས་མ་རྟོགས་པས་འཁོར་བར་འཁྲུལ་པའི་ཕ་མ་སེམས་ཅན་རྣམས་ལ་བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་ཚད་མེད་པ་བཞིའི་ཏིང་ངེ་འཛིན་ལ་བློ་བཞག་སྟེ་འདིའི་རྗེས་ཟློས་མཛོད། བདག་ནི་སྔོན་གྱི་རྒྱལ་བའི་མཛད་པ་བཞིན༔ སེམས་ཅན་ཀུན་གྱི་དོན་རབ་བརྩོན་པར་བྱ༔ སེམས་ཅན་མ་བརྒལ་བསྒྲལ་དང་མ་གྲོལ་སྒྲོལ༔ སེམས་ཅན་དབུགས་དབྱུང་མྱ་ངན་འདས་འགོད་འཇུག༔ འགྲོ་རྣམས་བདེ་ལྡན་སྡུག་བསྔལ་བྲལ་བ་དང༔ འཕགས་པའི་བདེ་ཐོབ་བཏང་སྙོམས་ལ་གནས་ཤོག༔ གསུམ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པའི་ཚོགས་ཀྱི་ཞིང་རབ་འབྱམས་རྒྱ་མཚོའི་སྤྲིན་ཆེན་པོ། དཔལ་ལྡན་བླ་མ་ཧེ་རུ་ཀའི་ཐུགས་ཆོས་དབྱིངས་ཁྱབ་བརྡལ་ཆེན་པོའི་རྩལ་ལས་རང་ཤར་བའི་ཚུལ་དུ་མཁའ་ཁྱབ་ཀྱི་འཁོར་ལོར་སད་པའི་སྤྱན་སྔར། ཕྱག་འཚལ་བ་ལ་སོགས་པ་གསག་སྦྱོང་གི་སྙིང་པོ་བསྡུས་པ་ཡན་ལག་བདུན་པའི་དོན་རེ་རེ་ནས་རྗེས་སུ་དྲན་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་འདིར་བྱོན་ལ༔ འཕོ་འགྱུར་འབྲལ་མེད་ཀློང་དུ་བཞུགས་སུ་གསོལ༔ ཡེ་ནས་རྣམ་དག་ངང་དུ་ཕྱག་འཚལ་ལོ༔ ཆོས་ཉིད་རྣམ་རོལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ མ་རིག་སྡིག་པའི་ལས་བགྱིས་མཐོལ་ལོ་བཤགས༔ དབྱིངས་རིག་འདུ་འབྲལ་མེད་ལ་ཡི་རང་ངོ༔ ཁྱབ་བརྡལ་ཕྱོགས་ལྷུང་བྲལ་བའི་ཆོས་འཁོར་བསྐོར༔ དུས་གསུམ་རྟག་པར་མྱ་ངན་མི་འདར་བཞུགས༔ དམིགས་མེད་དགེ་ཚོགས་མཁའ་མཉམ་འགྲོ་ལ་བསྔོ༔ ཧེ་རུ་ཀ་དཔལ་གོ་འཕང་མྱུར་ཐོབ་ཤོག༔ དེ་ལྟར་རྒྱུད་སྦྱོང་བ་སྔོན་དུ་སོང་ནས་བྱིན་རླབས་ཀྱི་གཞི་འགོད་པ་ལ་ཡེ་ཤེས་པ་དབབ་ཅིང་བསྟིམ་པའི་སླད་དུ་ཁྱེད་རང་ལྷའི་སྐུ་འདི་ལྟར་དུ་གསལ་ཐོབ་མཛོད། རང་བཞིན་དག་པའི་དེ་བཞིན་ཉིད༔ མ་བཅོས་བདེ་ཆེན་རྩལ་མདངས་ནི༔ རིག་པ་ཧཱུྃ་གི་སྒྲ་གདངས་ལས༔ རྡོ་རྗེའི་གུར་ཁང་མེ་འབར་བ༔ དབུས་སུ་འབྱུང་བ་རིམ་བརྩེགས་སྟེང༔ པདྨ་འདབ་སྟོང་ལྟེ་བ་རུ༔ བྷྲཱུྃ་ལས་ཟླ་གམ་གཞལ་ཡས་ཁང༔ ནང་དུ་རྡོ་རྗེའི་བྲག་ཆེན་དང༔ པདྨ་ཉི་མ་རུ་དྲའི་སྟེང༔ ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན༔ འོད་འཕྲོས་རྒྱལ་མཆོད་འགྲོ་རྒྱུད་སྦྱངས༔ བྱིན་རླབས་འོད་ཟེར་ཚུར་འདུས་པས༔ ཁྱེད་རྣམས་དཔལ་ཆེན་ཧེ་རུ་ཀ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཁྲོ་གཏུམ་མི་བཟད་གར་དགུ་ལྡན༔ ཕྱག་གཡས་རྡོ་རྗེ་གཡོན་དྲིལ་བུ༔ ཞབས་གཉིས་རོལ་པའི་སྟབས་ཀྱིས་བཞེངས༔ རྡོ་རྗེའི་གཤོག་པ་དྲག་ཏུ་བརྒྱངས༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡུམ་ཆེན་ཀྲོ་དྷཱི་ཤྭ་རཱི་མ༔ ཁ་ཊྭཱཾ་དང་ནི་དུང་དམར་སྟོབ༔ ཡབ་ཡུམ་བདེ་ཆེན་འཁྲིལ་སྦྱོར་རོལ༔ རྡོ་རྗེ་པདྨ་མཉམ་པར་སྦྱར༔ སྐུ་ལས་ཡེ་ཤེས་མེ་ཕུང་འབར༔ དེ་ལྟར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོས་མཚན་པ་དེ་དག་དང་། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། ཆོས་དབྱིངས་མེ་རི་འབར་བའི་དུར་ཁྲོད། མཐིང་ནག་རང་བྱུང་ཨེའི་དཀྱིལ་འཁོར་ལ་སོགས་པ་ནས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དཔལ་ཧེ་རུ་ཀའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་སིབ་སིབ་ཐིམ་པས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པར་གྱུར་པའི་མོས་པ་མཛོད། སྙིང་པོའི་ཤམ་དུ། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་དྲག་ཏུ་བརྗོད་ཅིང་སྤོས་རོལ་གྱི་སྦྱོར་བས་བྱིན་དབབ། ཡེ་ཤེས་པ་རྒྱུད་ལ་དབབ་པ་དེ་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རབ་ཏུ་གནས་པར་བྱས་པར་གྱུར། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་རྡོ་རྗེ་མགོར་བཞག །གཏོར་སྣོད་ཆོས་དབྱིངས་རང་བྱུང་ཟླ་གམ་འབར་བའི་གཞལ་ཡས་ཁང་ཡེ་ཤེས་རང་གསལ་འཇའ་འོད་ཟེར་ཐིག་མེ་ཕུང་འཁྱིལ་པའི་ཕོ་བྲང་དུ། གཏོར་མ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཡབ་ཡུམ་གནས་ཡུལ་སྒོ་སྐྱོང་དབང་ཕྱུག་མཁའ་འགྲོའི་འཁོར་དང་བཅས་པ་སྤྲིན་གཏིབས་པ་ལྟར་བཞུགས་པའི་སྐུ་ལས་སྐུ་ཕྱག་རྒྱའི་རྣམ་པ་དཔག་ཏུ་མེད་པ་འཕྲོས་ཏེ་བྱུང་། ཁྱེད་རང་རྣམས་ཀྱི་དཔྲལ་བ་ནས་ཞུགས། ལུས་ཀྱི་སྡིག་སྒྲིབ་ཐམས་ཅད་བསལ། སྐུའི་དབང་དང་བྱིན་རླབས་ཐོབ། རྩ་ཁམས་སྣང་སྟོང་སྐུ་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་པར་མོས་མཛོད། ཧཱུྃ༔ ཆོས་དབྱིངས་བྷཉྫ་ཟླ་གམ་གཞལ་ཡས་ནས༔ དཔལ་ཆེན་ཧེ་རུ་ཀ་ཡི་ལྷ་ཚོགས་རྣམས༔ སྐུ་ནི་ཡེ་ཤེས་འབར་བའི་གར་དགུ་ལྡན༔ མི་གཡོ་མཉམ་ཉིད་སྐུ་གསུང་ཐུགས་ཀྱི་ངང༔ ཆོས་ཀྱི་དབྱིངས་ལ་སྤྲོས་པ་མི་མངའ་ཡང༔ འགྲོ་བའི་དོན་དུ་ཐུགས་རྗེའི་སྐུར་སྤྲུལ་པ༔ མོས་པའི་སྣང་ཚུལ་བཞིན་དུ་ཅིར་ཡང་སྟོན༔ དཔལ་ཆེན་ཡབ་ཡུམ་ཐུགས་དམ་དུས་ལ་བབ༔ སྐུ་ཡི་དབང་མཆོག་ལུས་ལ་བསྐུར་དུ་གསོལ༔ སྣང་སྟོང་ལྷ་རུ་རྟོགས་པར་བྱིན་གྱིས་རློབས༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་གཏོར་མ་སྤྱི་བོར་བཞག །གཏོར་སྣོད་ཆོས་དབྱིངས་རང་བྱུང་ཟླ་གམ་འབར་བའི་གཞལ་ཡས་ཁང་ཡེ་ཤེས་རང་གསལ་འཇའ་འོད་ཟེར་ཐིག་མེ་ཕུང་འཁྱིལ་པའི་ཀློང་དུ། གཏོར་མ་བཅོམ་ལྡན་འདས་དཔལ་ཆེན་ཧེ་རུ་ཀ་ཡབ་ཡུམ་གནས་ཡུལ་སྒོ་སྐྱོང་དབང་ཕྱུག་མཁའ་འགྲོའི་འཁོར་དང་བཅས་པ་སྤྲིན་གཏིབས་པ་ལྟར་བཞུགས་པའི་གསུང་ལས་གསུང་སྔགས་ཀྱི་ཡིག་འབྲུ་དཔག་ཏུ་མེད་པ་འཕྲོས་ཏེ་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས། ངག་གི་སྡིག་སྒྲིབ་ཐམས་ཅད་བསལ། གསུང་གི་དབང་དང་བྱིན་རླབས་ཐོབ། རླུང་ཁམས་གྲགས་སྟོང་གསུང་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་པར་མོས་མཛོད། ཧཱུྃ༔ ཆོས་དབྱིངས་བྷཉྫ་ཟླ་གམ་གཞལ་ཡས་ནས༔ དཔལ་ཆེན་ཧེ་རུ་ཀ་ཡི་ལྷ་ཚོགས་རྣམས༔ གསུང་ནི་འགྲོ་བ་སྒྲོལ་མཛད་སྔགས་ཀྱི་སྒྲ༔ མི་གཡོ་མཉམ་ཉིད་སྐུ་གསུང་ཐུགས་ཀྱི་ངང༔ ཆོས་ཀྱི་དབྱིངས་ལ་སྤྲོས་པ་མི་མངའ་ཡང༔ འགྲོ་བའི་དོན་དུ་ཐུགས་རྗེས་སྐུར་སྤྲུལ་པ༔ མོས་པའི་སྣང་ཚུལ་བཞིན་དུ་ཅིར་ཡང་སྟོན༔ དཔལ་ཆེན་ཡབ་ཡུམ་ཐུགས་དམ་དུས་ལ་བབ༔ གསུང་གི་དབང་མཆོག་ངག་ལ་བསྐུར་དུ་གསོལ༔ སྒྲ་གྲགས་རྩ་རླུང་སྔགས་སུ་རྟོགས་པ་དང༔ ཚངས་དབྱངས་དྲུག་ཅུའི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཝཱ་ཀ་ཨ་བྷི་ཥིཉྩ་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་གཏོར་མ་མགྲིན་པར་བཞག །གཏོར་སྣོད་ཆོས་དབྱིངས་རང་བྱུང་ཟླ་གམ་འབར་བའི་གཞལ་ཡས་ཁང་ཡེ་ཤེས་རང་གསལ་འཇའ་འོད་ཟེར་ཐིག་མེ་ཕུང་འཁྱིལ་བའི་ཀློང་དུ། གཏོར་མ་བཅོམ་ལྡན་འདས་དཔལ་ཆེན་ཧེ་རུ་ཀ་ཡབ་ཡུམ་གནས་ཡུལ་སྒོ་སྐྱོང་དབང་ཕྱུག་མཁའ་འགྲོའི་འཁོར་དང་བཅས་པ་སྤྲིན་གཏིབས་པ་ལྟར་བཞུགས་པའི་ཐུགས་ལས་ཐུགས་ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་ཏེ་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་ག་ནས་ཞུགས། ཡིད་ཀྱི་སྡིག་སྒྲིབ་ཐམས་ཅད་བསལ། ཐུགས་ཀྱི་དབང་དང་བྱིན་རླབས་ཐོབ། ཐིག་ལེ་རིག་སྟོང་ཐུགས་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་པར་མོས་མཛོད། ཧཱུྃ༔ ཆོས་དབྱིངས་བྷཉྫ་ཟླ་གམ་གཞལ་ཡས་ནས༔ དཔལ་ཆེན་ཧེ་རུ་ཀ་ཡི་ལྷ་ཚོགས་རྣམས༔ ཐུགས་ནི་འོད་གསལ་བདེ་ཆེན་ཟང་ཐལ་ལེ༔ མི་གཡོ་མཉམ་ཉིད་སྐུ་གསུང་ཐུགས་ཀྱི་ངང༔ ཆོས་ཀྱི་དབྱིངས་ལ་སྤྲོས་པ་མི་མངའ་ཡང༔ འགྲོ་བའི་དོན་དུ་ཐུགས་རྗེའི་སྐུར་སྤྲུལ་པ༔ མོས་པའི་སྣང་ཚུལ་བཞིན་དུ་ཅིར་ཡང་སྟོན༔ དཔལ་ཆེན་ཡབ་ཡུམ་ཐུགས་དམ་དུས་ལ་བབ༔ ཐུགས་ཀྱི་དབང་མཆོག་སེམས་ལ་བསྐུར་དུ་གསོལ༔ ཤར་གྲོལ་མཐའ་བྲལ་འཛིན་མེད་རྟོགས་པ་དང༔ བདེ་སྟོང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་གཏོར་མ་སྙིང་གར་བཞག །མཐར་གཏོར་མ་ལ་བརྟེན་པའི་བཀའ་བསྒོ་སྤྱི་འགྲེ་བྱ་བར་སྤྲོ་ན། གཏོར་མ་དཔལ་ཆེན་པོ་འཁོར་བཅས་སུ་གསལ་བའི་སྟེང་གི་ཆ་ལ་རིག་འཛིན་གྲུབ་ཐོབ་བརྒྱུད་པའི་བླ་མ། བར་གྱི་ཆ་ལ་ཡི་དམ་ཞི་བ་དང་ཁྲོ་བོ། འོག་རོལ་དུ་མཁའ་འགྲོ་དམ་ཅན་སྲུང་མ་རྣམས་སྤྲིན་གཏིབས་པ་ལྟར་བཞུགས་པའི་གསང་བ་གསུམ་ལས་འབྲུ་གསུམ་དང་བྱིན་རླབས་འོད་ཟེར་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ལ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྟན་ཐོག་འདི་ཉིད་ལ་ཐོབ་པའི་མོས་པ་མཛོད་ཅིག །ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་རྡོ་རྗེ་ཧཱུྃ་མཛད། ཨོ་རྒྱན་པདྨ་ཐོད་ཕྲེང་། ལོ་ཆེན་བཻ་རོ་ཙ་ན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཨོ་རྒྱན་མཆོག་གྱུར་གླིང་པ་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། དཔལ་ཆེན་བཛྲ་ཧེ་རུ་ཀ །ཡུམ་ཀྲོ་དྷཱི་ཤྭ་རཱི་མ། གནས་ཀྱི་མ་མོ་བརྒྱད། ཡུལ་གྱི་ཕྲ་མེན་བརྒྱད། སྒོ་མ་གདོང་ཅན་བཞི། དབང་མོ་ཉི་ཤུ་རྩ་བརྒྱད། མ་མོ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་ཆེན་པོའི་བྱིན་རླབས་དབབ་པར་མཛད་དུ་གསོལ། ལས་དང་ཉོན་མོངས་པའི་སྡིག་སྒྲིབ། ཁྱད་པར་རྩ་བ་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མུན་ཁང་ལ་ཉི་མ་ཤར་བ་བཞིན་བསལ་བར་མཛད་དུ་གསོལ། ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད། ཁྱད་པར་འཆི་བ་མེད་པ་ཚེ་ལ་དབང་བའི་རིག་པ་འཛིན་པ་མྱུར་དུ་ཐོབ་པར་མཛད་དུ་གསོལ། མི་སློབ་པའི་ཟུང་འཇུག་བདེ་ཆེན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་གེགས་མེད་དུ་ཐོབ་ནས་དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་གཏོར་མ་གནས་གསུམ་དུ་བཞག །མཐར། གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩི། གྲུབ་པའི་བཅུད་ལེན། རྡོ་རྗེ་སེམས་དཔའི་ཐིག་ལེར་འཁྱིལ་བ་དེ་ཉིད་ཟོས་པ་ཙམ་གྱིས་དངོས་གྲུབ་རྣམ་པ་གཉིས་གཅིག་ཆར་དུ་ཐོབ་པར་མོས་འཚལ། ཞེས་བྱས་ནས་གཏོར་མའི་ཆ་ཤས་སྦྱིན། གལ་ཏེ་དབང་བརྒྱ་སོགས་གྲངས་གསོག་དགོས་ན་རྒྱས་པ་ཚར་གཅིག་གྲུབ་པའི་རྗེས་སུ། སླར་ཡང་གཏོར་དབང་ཟབ་མོ་ཞུ་བའི་སླད་དུ་མཎྜལ་འབུལ་འཚལ། ཞེས་པ་ཙམ་གྱིས་བརྡ་སྦྱར་ནས། མཎྜལ། གསོལ་གདབ། སློབ་མ་སྐད་ཅིག་གིས་ཧེ་རུ་ཀར་གསལ་བ་ལ་ཡེ་ཤེས་པ་ཆར་བབ་པ་ལྟར་ཐིམ་པར་གྱུར། བྱིན་འབེབ་སྔགས་དང་བརྟན་པའི་སྔགས་བརྗོད། གཏེར་གཞུང་དངོས་གསལ་ཁ་མ་ཕྲལ་བའི་ཚིགས་བཅད་བརྗོད་ལ་གཏོར་མ་གནས་གསུམ་དུ་བཞག །སླར་མཎྜལ་སོགས་ལ་འཇུག །གྲངས་གང་འོས་གྲུབ་མཐར་གཏོར་མའི་བཀའ་བསྒོ་དང་འོད་ཞུ་བྱའོ། །གང་ལྟར་དབང་བསྐུར་གྲུབ་མཐར་ཤིས་བརྗོད་བྱ། དེ་ལྟར་ཡང་དག་ཧེ་རུ་ཀ་ཕྱག་རྒྱ་གཅིག་པ་ལ་བསྟེན་པའི་བྱིན་རླབས་གཏོར་མའི་དབང་བསྐུར་ལེགས་པར་གྲུབ་པ་ཡིན་པས། གསང་བ་གསུམ་གྱིས་བསྡུས་པའི་དམ་ཚིག་རྩ་བ་དང་ཡན་ལག་ཐམས་ཅད་ལེགས་པར་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། དེང་ནས་བརྩམ་སྟེ་སོགས། དགེ་བསྔོ་བཅས་ཀྱིས་གྲུབ་བོ། །སྣང་སྲིད་འོད་ཞུ་རང་ལ་ཐིམ༔ རང་ཡང་ཐུགས་ཀའི་ཧཱུྃ་ལ་ཐིམ༔ ཧཱུྃ་ཡང་དམིགས་མེད་ངང་ལ་བཞག༔ ཀ་དག་སྤྲོས་བྲལ་ངང་ལ་བལྟ༔ སླར་ཡང་ཆུ་ལས་ཉ་འཕར་ལྟར༔ ཧེ་རུ་ཀ་ཡི་སྐུ་རུ་བལྟ༔ བདག་བསྐྱེད་བསྡུ་ལྡང་བྱ། སྨོན་ལམ་བཀྲ་ཤིས་སྤྱི་ལྟར་རམ། དམིགས་སུ་སྤྲོ་ན། ཧོ༔ བླ་མེད་ཡེ་ཤེས་ལས་བྱུང་བའི༔ བསོད་ནམས་མཐའ་ཡས་དམ་པ་དེས༔ མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ ཧེ་རུ་ཀ་དཔལ་ཐོབ་པར་ཤོག༔ འགྱུར་བ་མེད་པ་རང་གི་གཤིས༔ རྟག་ཅིང་བརྟན་པ་རྡོ་རྗེའི་གནས༔ རང་རིག་ཡེ་ཤེས་དབྱེར་མེད་པར༔ མངོན་སངས་རྒྱས་པའི་བཀྲ་ཤིས་ཤོག༔ ཅེས་པ་ཙམ་བྱའོ། །གྲུབ་མཆོག་ཀུན་གྱི་ཡི་དམ་ལྷ། །སྒྲུབ་ཐབས་ཡོན་ཏན་འབུམ་ལྡན་འདི། །ཉམས་ལེན་སྐལ་བ་ལྡན་པ་ཡིས། །རྒྱ་མཚོའི་མཐར་ཐུག་གང་བར་ཤོག །ཅེས་པ་འདིའང་ལུང་རྟོགས་ཀྱི་ཡོན་ཏན་ཕུལ་དུ་བྱུང་བས་སྤྲས་པ་རྡོར་སློབ་ཀརྨ་རཏྣས་ཆེད་དུ་བསྐུལ་བའི་ངོར། ཟབ་ཆོས་འདི་ཉིད་རང་སྐལ་དུ་ཐོབ་པའི་ལས་འཕྲོ་དགེ་བ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་གཏེར་གནས་ཉིད་དང་འདབས་འབྱོར་བའི་བསམ་གཏན་ཁང་བུར་བྲིས་པ་དགེ་ལེགས་འཕེལ།། །།
ཐུགས་སྒྲུབ་ཡོན་ཏན་ཀུན་འབྱུང་གི་བླ་མ་བརྒྱུད་པར་གསོལ་བ་འདེབས་པ་སྨོན་ལམ་དང་བཅས་པ་འཇུག་བདེར་སྤེལ་བ་ (Volume 50, Text 6)
༄༅། །ཐུགས་སྒྲུབ་ཡོན་ཏན་ཀུན་འབྱུང་གི་བླ་མ་བརྒྱུད་པར་གསོལ་བ་འདེབས་པ་སྨོན་ལམ་དང་བཅས་པ་འཇུག་བདེར་སྤེལ་བ་བཞུགས་སོ། ། བདེ་ཆེན་འོད་གསལ་ཀུན་བཟང་ཆོས་ཀྱི་སྐུ། །ངེས་པ་ལྔ་ལྡན་རིགས་ལྔ་ལོངས་སྤྱོད་རྫོགས། །བདུད་འདུལ་རྡོ་རྗེ་གཞོན་ནུ་སྤྲུལ་པའི་སྐུ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྒྱུད་ཀུན་བཀའ་བསྡུ་ཕྱག་ན་རྡོ་རྗེ་དཔལ། །མཁའ་འགྲོའི་ཚོགས་དཔོན་ལས་ཀྱི་དབང་མོ་ཆེ། །ཟུང་འཇུག་སྐུ་བརྙེས་པདྨ་སཾ་བྷ་བ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྣལ་འབྱོར་དབང་མོ་མཁར་ཆེན་བཟའ་མཚོ་རྒྱལ། །དབང་ཆེན་གྲུབ་བརྙེས་རྒྱལ་བ་མཆོག་དབྱངས་ཞབས། །ཕུར་པའི་རིག་འཛིན་ཤུད་བུ་དཔལ་གྱི་སིཾ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དང་པོའི་སངས་རྒྱས་མི་ཡི་ཚུལ་བཟུང་ནས། །མཐའ་ཡས་གདུལ་བྱ་སྨིན་ཅིང་གྲོལ་མཛད་པ། །བཀའ་དྲིན་འཁོར་མེད་གར་དབང་ལས་རབ་རྩལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །པདྨའི་སྒྲུབ་གནས་སྦྲགས་ཀྱི་ཡང་རྫོང་དུ། །མི་སྣང་རྒྱས་བཏབ་བླ་མའི་ཐུགས་སྒྲུབ་ཆོས། །སྲུང་མ་མ་མགོན་གཟའ་བདུད་གཙོ་འཁོར་བཅས། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །པདྨ་ཐོད་ཕྲེང་ཞི་དང་ཁྲོ་བོ་ཡི། །བསྙེན་དང་བསྙེན་པའི་མན་ངག་ཉམས་བླངས་པས། །རང་ལ་གདོད་ནས་བཞུགས་པའི་རྩ་གསུམ་ལྷ། །མངོན་སུམ་མྱུར་དུ་འགྲུབ་པར་བྱིན་གྱིསརློབས། །རྫས་དང་སྔགས་དང་ཏིང་འཛིན་ཟབ་མོ་ཡིས། །ཞི་རྒྱས་དབང་དང་མངོན་སྤྱོད་ལས་སྒྲུབ་པའི། །ཕྲིན་ལས་གང་བརྩམ་ཐོགས་པ་མེད་འགྲུབ་ནས། །བསྟན་འགྲོའི་དོན་ཆེན་ནུས་པར་བྱིན་གྱིས་རློབས། །ཀ་དག་ལྷུན་གྲུབ་འཆི་མེད་རྡོ་རྗེའི་སྲོག །སྒྲུབ་པའི་མན་ངག་ཚུལ་བཞིན་བསྒོམས་པ་ཡིས། །གཟུང་འཛིན་དག་ནས་ཚེ་འདིའམ་བར་དོ་རུ། །རྒྱལ་བའི་སྐུ་བཞི་ཐོབ་པར་བྱིན་གྱིས་རློབས། །ཐུགས་སྒྲུབ་ཡོན་ཏན་ཀུན་འབྱུང་གི་བརྒྱུད་པའི་གསོལ་འདེབས་རང་དང་གཞན་མང་གི་ཁ་ཏོན་དུ་ཉེ་བར་མཁོ་ཕྱིར་རྩོམ་འདུན་ཡོད་པའི་སྟེང་སྐྱབས་གནས་ཀུན་འདུས་གཏེར་ཆེན་བླ་མས་ལེགས་སོའི་གནང་བ་བསྩལ་པར་བརྟེན་བློ་བཟང་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་ཀྱིས་ཟུར་མཁར་ཕུ་ལྷ་སྡིང་བྱང་ཆུབ་ཤིང་གི་ནགས་ཁྲོད་དུ་བསྡེབས་པའོ། །མངྒ་ལཾ།། །། ༄༅། །གསང་སྒྲུབ་ཁམས་གསུམ་དབང་སྡུད་ཀྱི་ལས་བྱང་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ། །པདྨ་རྒྱལ་པོ་ཛམྦྷ་ལའི་ལས་བྱང་དཔག་བསམ་ལྗོན་ཤིང་ཞེས་བྱ་བ། བླ་མ་ལ་ཕྱག་འཚལ་ལོ། །དྲི་མེད་བླ་མ་ཞེས་གྲགས་འཛམ་གླིང་ལ། །ཆེ་བའི་བརྟུལ་ཞུགས་གྲུབ་གང་ཛམྦྷ་ལའི། །རྣམ་རོལ་འདོད་རྒུའི་ཆར་གྱིས་ས་གསུམ་འགྲོའི། །དབུལ་བའི་གདུང་སེལ་མཛད་པ་དེར་ཕྱག་འཚལ། ཁྱོད་ཉིད་སྒྲུབ་ཅིང་མཆོད་པའི་ཆོ་ག་ལ། །སུ་ཞིག་བརྩོན་ལྡན་དེ་ཡི་ལག་པད་རྩེར། །སྲིད་ཞིའི་དཔལ་འབྱོར་ལོངས་སྤྱོད་བུང་བའི་ཚོགས། །ངང་ཉིད་འབབ་མཐོང་འདི་ལ་མངོན་དགའ་རྒྱས། །དེ་ཕྱིར་ཟབ་གཏེར་མན་ངག་ཟླ་བའི་ཡུམ། །རྣམ་དཔྱོད་རི་བོས་བསྲུབས་ལས་ཕྲིན་ལས་གཞུང་། །ཕུན་ཚོགས་ཡིད་བཞིན་འབྲས་བུ་འཛད་མེད་དུ། །སྦྱིན་པའི་དཔག་བསམ་འབྲས་བུ་དེང་འདིར་འཁྲུངས། །དེ་ཡང་གཞུང་ལས། བདག་འདྲ་སྔགས་མཆོག་མངའ་བདག་པདྨ་ཡི༔ ཟབ་རྒྱ་ཐུགས་སྒྲུབ་ཤིན་ཏུ་རྒྱ་ཆེ་ཡང༔ སྙིགས་དུས་གནས་སྐབས་དང་མཚུངས་དཔལ་ལྡན་གྱི༔ བླ་མ་ནོར་ལྷ་གཉིས་མེད་སྒྲུབ་ཐབས་འདི༔ རྣོ་མྱུར་བྱིན་ཆེ་དངོས་གྲུབ་ཐུགས་རྗེ་མྱུར༔ ཞེས་པས་དེང་སང་སྙིགས་དུས་ཐ་མའི་ལུས་ཅན་རྣམས་ལ་དཔལ་འབྱོར་འདོད་རྒུའི་དངོས་གྲུབ་སྩོལ་བར་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་པར་འཕགས་པའི་ཡིད་བཞིན་གྱི་ནོར་བུ་གསང་སྒྲུབ་ཁམས་གསུམ་དབང་སྡུད་ཇི་ལྟར་ལག་ཏུ་བླང་བའི་ཚུལ་ལ། གཞུང་ལས། ཡིད་མཐུན་གསང་བའི་གནས་སུ་ཆག་ཆག་གདབ༔ དཀྱིལ་འཁོར་མདའ་གང་བཀོད་ལེགས་ལྡན་པ་ཡི༔ རྡུལ་ཚོན་རས་བྲིས་ཚོམ་བུ་སྐབས་དང་སྦྱར༔ དབུས་སུ་རཏྣའི་བུམ་པ་རྒྱན་ལྡན་དང༔ ཞེས་སོགས་གསུངས་པ་ལྟར། བསྙེན་སྒྲུབ་གཡང་འགུགས་སོགས་ཀྱི་སྐབས་ཁྱད་པར་ནི་དཀྱིལ་འཁོར་དང་གཏེར་བུམ་སོགས་གཞུང་དང་མན་ངག་ལྟར་བཤམ་དགོས་ཤིང་། རྒྱུན་ཁྱེར་ལྟ་བུ་སྤྲོས་པ་ཉེར་བསྡུའི་ཚེ་སྨན་རག་གཏོར་མཆོད་ཙམ་ལ་བརྟེན་པར་རུང་བས་གཤོམ་རྣམས་ལེགས་པར་འདུ་བྱས་ནས། ཆོ་ག་དངོས་ལ། བགེགས་བསྐྲད་མཚམས་གཅོད་སྐྱབས་སེམས་ཡན་ལག་བཅུ། །བཤགས་པ་བྱིན་རླབས་མཆོད་རློབ་སྔོན་འགྲོའི་ཆོས། །བསྐྱེད་རིམ་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་དང་། །མཆོད་བསྟོད་ཛཔ྄་བཟླས་ཚོགས་མཆོད་བསྐང་བ་བཤགས། །གཡང་འགུགས་ཚོགས་རོལ་ལྷག་གཏོར་བསྐུལ་ཆད་མདོ། །བརྟན་སྐྱོང་གཏོར་མནན་དངོས་གྲུབ་བསྐུལ་དང་བཤགས། །རྟེན་འཛུག་གཡང་གཏའ་བསྡམ་ཞིང་བདག་བསྐྱེད་བསྡུ། །བསྔོ་སྨོན་ཤིས་བརྗོད་ལས་རིམ་སོ་གཉིས་སོ། །དེ་ལ་དང་པོ་བདེ་བའི་སྟན་ལ་བསམ་གཏན་གྱི་གནས་པས་འདུག་སྟེ་རྩ་བརྒྱུད་ཀྱི་བླ་མའི་གསོལ་འདེབས་སྔོན་དུ་འགྲོ་བས། རང་ཉིད་སྐད་ཅིག་གིས་ཆུ་ལས་ཆུ་བུར་རྡོལ་བ་ལྟར་དཔལ་ཆེན་པདྨ་དྲག་པོ་ཀཱི་ལ་ཡ་བཟོད་པར་དཀའ་བའི་གཟི་བྱིན་བསྐལ་པའི་མེ་ལྟར་འབར་བར་གྱུར། སྤྲོ་ན་དཀར་གཏོར་སྣང་བའི་འདོད་ཡོན་གཏོང་། བགེགས་གཏོར། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་འདོད་རྒུའི་ལོངས་སྤྱོད་ཟད་མི་ཤེས་པ་ནམ་མཁའ་མཛོད་ཀྱི་རང་བཞིན་དུ་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བརླབས་ལ་བཀའ་བསྒོ་བ་ནི། ཧཱུྃ༔ རིག་འཛིན་བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་མཐུ་རྩལ་དང༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་དྲག་རྩལ་གྱིས༔ བླ་མེད་དཀྱིལ་འཁོར་ཟབ་གསང་དམ་པ་འདིར༔ བསྒྲུབ་པའི་ལྷ་ནི་མ་གཏོགས་བགེགས་ཀྱི་རིགས༔ འདོད་ཡོན་གླུད་གཏོར་འདི་ཁྱེར་མྱུར་དུ་དེངས༔ གལ་ཏེ་མི་འགྲོ་འཚེ་ཞིང་འགྲས་བྱེད་ན༔ དབང་དྲག་རྡོ་རྗེ་སྲིན་པོའི་ང་རྒྱལ་གྱིས༔ ཁྱོད་ཀྱི་ལུས་ངག་ཡིད་གསུམ་བརླག་པར་འགྱུར༔ དེ་བས་འདི་རུ་མ་འདུག་ཕྱིར་དེངས་ཤིག༔ ཨོཾ་སུམྦྷ་ནི་སོགས་བརྗོད་ཅིང་གཏོར་མ་ཕྱི་རོལ་དུ་དོར་ལ་སྤོས་ཐུན་རོལ་མོའི་ཚམ་རྔམ་དང་དམིགས་པ་དྲག་པོས་བགེགས་བསྐྲད། གཉིས་པ་ལ་མཚམས་གཅོད་སྲུང་འཁོར་ནི། ཧཱུྃ༔ ང་ནི་རྣམ་དག་རྒྱུ་ནི་ཁྲོ་བོའི་སྐུ༔ ཁྲོ་བོ་ཁྲོ་མོས་ས་གཞི་བར་སྣང་གང༔ རྡོ་རྗེ་ལྕགས་སྡིག་མཚོན་ཆའི་གུར་ཁང་ནང༔ གཉིས་འཛིན་གདོན་བགེགས་འབྱུང་པོ་མཚམས་ཆོད་ཅིག༔ བཛྲ་ཀྲོ་ཏ་རཀྵ་རཀྵ་ཧཱུྃ་ཕཊ༔ གསུམ་པ་སྐྱབས་སུ་འགྲོ་བ་ནི། ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པ་རྣམས༔ མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛ༔ ཞེས་བླ་མ་ནོར་ལྷའི་དཀྱིལ་འཁོར་གྱི་རྣམ་པར་མཁའ་ཁྱབ་ཏུ་སད་པར་མོས་ལ། ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་འདུས་པའི་སྐུ༔ བླ་མ་ཡི་དམ་མཁའ་འགྲོ་འདུས་པའི་གསུང༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་འདུས་པའི་ཐུགས༔ བདག་དང་མཐའ་ཡས་སེམས་ཅན་མ་ལུས་པ༔ བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། བཞི་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི༔ ཧོ༔ སེམས་བསྐྱེད་འགྲོ་བ་བདག་གཞན་ཀུན་དོན་དུ༔ གང་འདུལ་ཐབས་ཀྱིས་གདུལ་དཀའ་འདུལ་མཛད་པའི༔ བླ་མ་ཡི་དམ་ནོར་ལྷ་བསྒྲུབས་ནས་ནི༔ མཐའ་ཡས་འགྲོ་བ་སྒྲོལ་བར་སེམས་བསྐྱེད་དོ༔ ལན་གསུམ། ལྔ་པ་ཚོགས་གསག་ཡན་ལག་བཅུ་པ་ནི། ཧཱུྃ༔ སྐུ་གསུམ་བླ་མ་གཤེགས་སུ་གསོལ༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ མི་དགེའི་ལས་རྣམས་ཅི་བགྱིས་བཤགས༔ དུས་གསུམ་དགེ་ཚོགས་རྗེས་ཡི་རངས༔ བླ་མེད་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་བ་བྱང་ཆུབ་རྒྱུ་རུ་བསྔོ༔ ཡང་དག་བདེ་ཆེན་དོན་རྟོགས་ཤོག༔ ལན་གསུམ། དྲུག་པ་བཤགས་པ་ནི། ཧཱུྃ་ཧྲཱི༔ ཆོས་དབྱིངས་ངང་དུ་སངས་རྒྱས་སེམས་ཅན་མེད༔ ལྷ་དང་འདྲེ་རུ་བལྟས་པ་མཐོལ་ལོ་བཤགས༔ སྤྲོས་བྲལ་ཀློང་དུ་གཉིས་འཛིན་རྣམ་རྟོག་ཟད༔ ང་དང་བདག་ཏུ་བཟུང་བ་མཐོལ་ལོ་བཤགས༔ མཉམ་ཉིད་ཀློང་དུ་ཆོས་ཀུན་སྐྱེ་བ་མེད༔ སྤང་བླང་དགག་སྒྲུབ་བགྱིས་པ་མཐོལ་ལོ་བཤགས༔ ལྟ་བ་ཡེ་སངས་རྒྱས་པའི་ཀློང་དུ་བཤགས༔ སྒོམ་པ་འཁོར་འདས་རོ་གཅིག་ཀློང་དུ་བཤགས༔ སྤྱོད་པ་ཤར་གྲོལ་དུས་མཉམ་ཀློང་དུ་བཤགས༔ བཤགས་དང་བཤགས་བྱ་གཉིས་མེད་ཀློང་ཆེན་པོ༔ ཡེ་གྲོལ་ཡོངས་བབས་གདོད་མར་ཨ་ཨ་ཨ༔ ཞེས་དང་། སྤྲོ་ན། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི༔ ཞེས་སོགས་བརྗོད་མེད་ཀྱི་བཤགས་པ་འདོན། ཚོགས་ཞིང་རྣམས་རང་གི་ཐུགས་ཀར་ཛཿཧཱུྃ་བཾ་ཧོཿ བདུན་པ་བྱིན་དབབ་པ་ནི། ཡེ་ཤེས་ལྷ་ཚོགས་བཤམས་པའི་དཀྱིལ་འཁོར་ལ་ཐིམ་པར་བསམ་ཞིང་སྤོས་རོལ་གཡབ་དར་དང་བཅས། ཧཱུྃ༔ དབྱིངས་དང་ཡེ་ཤེས་དབྱེར་མེད་དཀྱིལ་འཁོར་ན༔ བདེ་གཤེགས་རྒྱལ་བ་ཐུགས་དམ་སྐུར་བཞེངས་ལ༔ དངོས་བཤམས་ཡིད་སྤྲུལ་མཎྜལ་མཆོད་ཚོགས་ལ༔ དབང་སྐུར་བྱིན་ཕོབ་མཆོག་གི་དངོས་གྲུབ་སྩོལ༔ ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཕེཾ་ས་མ་ཡ་ཛ༔ བརྒྱད་པ་མཆོད་པ་བྱིན་རླབས་ནི། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་མཆོད་རྫས་དྭངས་ཤིང་ཐོགས་པ་མེད་པ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཟག་པ་མེད་པ་ནམ་མཁའ་གང་བར་གྱུར། ཨོཾ་བཛྲ་སྥ་ར་ཎ་ཁཾ༔ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ༔ ཧཱུྃ༔ རང་བྱུང་རྣམ་པར་དག་པའི་རྫས༔ རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན༔ ཉོན་མོངས་གཟུང་འཛིན་བསྒྲལ་བའི་ཁྲག༔ ཆགས་མེད་རཀྟ་མཁའ་དབྱིངས་གང༔ རྒྱུད་དྲུག་འཁོར་བ་བསྒྲལ་བའི་ཕྱིར༔ བ་ལིཾ་གཏོར་མཆོད་དམ་པ་རྣམས༔ སྐུ་གསུང་ཐུགས་སུ་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ། དགུ་པ་ཏིང་ངེ་འཛིན་རྣམ་གསུམ་གཞལ་ཡས་ཁང་དང་ལྷ་བསྐྱེད་པ་ནི། ཧཱུྃ༔ ཆོས་རྣམས་ཐམས་ཅད་བདག་མེད་སྤྲོས་དང་བྲལ༔ རྒྱུ་ལས་ཀུན་བསྐྱེད་སྙིང་རྗེ་ཆེན་པོའི་ངང༔ རྣམ་དག་ཐུགས་རྗེའི་ཡེ་ཤེས་རྩལ་བསྐྱེད་དོ༔ བྷྲཱུྃ་ལས་འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང༔ གྲུ་བཞི་སྒོ་བཞི་མཚན་ཚད་མུ་ཁྱུད་ལྡན༔ རྩིག་པ་འདོད་སྣམ་ཕ་གུ་དྲྭ་བ་དང༔ དྲྭ་ཕྱེད་མདའ་ཡབ་པུ་ཤུ་ནོར་བུའི་ཏོག༔ གདུགས་དང་རྒྱལ་མཚན་བ་དན་འཕན་ཚར་བརྒྱན༔ རྟ་བབས་སྣམ་བུའི་སྟེང་ན་རྫས་རྟགས་བརྒྱད༔ རྒྱལ་སྲིད་སྣ་བདུན་མཆོད་པའི་ལྷ་མོས་མཆོད༔ སྒོ་བཞི་སྒོ་ཁྱུད་ཀ་བ་བཞི་སྟེང་དུ༔ བ་སོ་རྩ་བརྒྱད་ཆོས་འཁོར་གདུགས་རི་དྭགས༔ གཞལ་ཡས་ཁང་མཆོག་མཚན་ཉིད་ལྡན་པའི་དབུས༔ སྐྱོན་བྲལ་ཡོན་ཏན་ཀུན་ལྡན་པདྨའི་སྟེང༔ སྣ་ཚོགས་རིན་ཆེན་མཛེས་པའི་ཁྲི་སྟེང་དུ༔ སངས་རྒྱས་ཀུན་འདུས་པདྨ་རྒྱལ་པོའི་སྐུ༔ ནོར་གྱི་བདག་པོ་ཨཱརྻ་ཛམྦྷ་ལ༔ སྐུ་མདོག་སེར་གསལ་དགོས་འདོད་ལྷུན་གྱིས་གྲུབ༔ ཞལ་གཅིག་ཕྱག་གཉིས་གསུས་འཁྱིལ་འགྱིང་བག་ལྡན༔ དར་དང་རིན་ཆེན་རུས་པའི་རྒྱན་གྱིས་མཛེས༔ ཕྱག་གཡས་ལྕགས་ཀྱུ་གཡོན་པ་ནེའུ་ལེ་འཛིན༔ ཕྱེད་སྐྱིལ་ཞི་ཁྲོ་འཛུམ་ལྡན་ལྷུན་ཆགས་པར༔ གསང་བའི་ཡུམ་མཆོག་ནོར་རྒྱུན་ཏཱ་རེ་མ༔ སྐུ་མདོག་ལྗང་གསལ་ལས་ཀུན་ལྷུན་གྲུབ་སྐུ༔ རིན་ཆེན་དབུ་རྒྱན་དར་དཔྱང་ཅོད་པན་འཕུར༔ བདེ་བའི་ཉམས་ལྡན་ཡབ་ཀྱི་མགུལ་ནས་འཁྱུད༔ ཕྱག་གཡས་ལྕགས་ཀྱུས་སྣང་སྲིད་དབང་དུ་སྡུད༔ གཡོན་པ་གཏེར་བུམ་འདོད་འཇོ་གཙོ་ལ་སྟོབ༔ ཕྱོགས་བཞི་པདྨ་འདབ་བཞིའི་གདན་སྟེང་དུ༔ ཤར་ཕྱོགས་ཞི་བའི་ནོར་བདག་ཛམྦྷ་ལ༔ དཀར་གསལ་ཞི་འཛུམ་རིན་ཆེན་དུ་མས་བརྒྱན༔ ཕྱག་གཡས་གཏེར་བུམ་གཡོན་པ་ནེའུ་ལེ་འཛིན༔ ལྷོ་རུ་རྒྱས་པའི་ནོར་བདག་ཛམྦྷ་ལ༔ སྐུ་མདོག་སེར་གསལ་རིན་ཆེན་དར་གྱིས་བརྒྱན༔ ཞི་ཁྲོ་འཛུམ་སྒེགས་བརྗིད་ཆགས་འོད་དུ་འབར༔ ཕྱག་གཡས་རིན་ཆེན་གཡོན་པ་ནེའུ་ལེ་འཛིན༔ ནུབ་ཏུ་དབང་གི་ནོར་བདག་ཛམྦྷ་ལ༔ སྐུ་མདོག་དམར་པོ་པདྨ་རཱ་གའི་མདངས༔ རིན་ཆེན་རུས་རྒྱན་དར་གྱི་འཇོལ་བེར་གསོལ༔ ཕྱག་གཡས་ལྕགས་ཀྱུ་གཡོན་པ་ནེའུ་ལེ་འཛིན༔ བྱང་དུ་དྲག་པོའི་ནོར་བདག་ཛམྦྷ་ལ༔ སྐུ་མདོག་ནག་པོ་རིན་ཆེན་རུས་པས་བརྒྱན༔ གསུས་འཁྱིལ་སྐུ་ཤ་རྒྱས་ཤིང་ཁྲོ་ཆགས་ལྡན༔ ཕྱག་གཡས་ཐོད་ཁྲག་གཡོན་པ་ནེའུ་ལེ་འཛིན༔ ཀུན་ཀྱང་ཕྱེད་སྐྱིལ་དགོས་འདོད་ཆར་དུ་འབེབ༔ བར་ཁྱམས་ནོར་ལྷ་གཏེར་བདག་ཚོགས་དང་བཅས༔ འདོད་པའི་རེ་སྐོང་ཡོན་ཏན་དཔལ་དུ་འབར༔ སྒོ་བཞིར་ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ༔ སྤྱན་མི་བཟང་དང་རྒྱལ་པོ་རྣམ་ཐོས་སྲས༔ ཕྱི་འཁོར་ལྷ་ཀླུ་གཟའ་དང་ཕྱོགས་སྐྱོང་བཅུ༔ དཔལ་མགོན་བདུན་ཅུ་ནོར་བདག་བྱེ་བའི་ཚོགས༔ མི་ཟད་འདོད་རྒུའི་མཛོད་ལ་མངའ་དབང་ཕྱུག༔ སེམས་ཅན་དབུལ་བའི་སྡུག་བསྔལ་སེལ་བར་མཛད༔ ལྷ་ཚོགས་རྣམས་ཀྱི་གནས་གསུམ་འབྲུ་གསུམ་ལས༔ འོད་འཕྲོས་རང་བཞིན་གནས་དང་ལྕང་ལོ་ཅན༔ མ་ལ་ཡ་དང་ཕྱོགས་བཅུའི་ཞིང་ཁམས་ནས༔ སྤྱན་འདྲེན་མཆོད་པའི་ཞིང་འདིར་ས་མཱ་ཛ༔ བཅུ་པ་སྤྱན་འདྲེན་ནི། བདག་མདུན་གྱི་ཐུགས་སྲོག་གི་འོད་ཀྱིས་བསྐུལ་བས་རྔ་ཡབ་དཔལ་རི། ལྕང་ལོ་ཅན་སོགས་ན་བཞུགས་པའི་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པར་བསམ་ཞིང་། སྤོས་དཀར་ཨ་ཀ་རུ་སོགས་སྤོས་བཏུལ། མདའ་དར་གཡབ་ཅིང་དབྱངས་དང་རོལ་མོར་བཅས་པས། ཧཱུྃ༔ ཆོས་དབྱིངས་ཁྱབ་བརྡལ་འོད་ལྔའི་ཞིང༔ ནོར་བདག་མགོན་པོ་ཛམྦྷ་ལ༔ ནོར་ལྷ་བྱེ་བའི་ཚོགས་དང་བཅས༔ སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ༔ གཏེར་མཛོད་ཡིད་བཞིན་གཞལ་ཡས་ནས༔ ནོར་བདག་ཛམ་ལ་རིགས་བཞིའི་ཚོགས༔ ཡང་འཁོར་སྤྲུལ་པ་མང་པོས་བསྐོར༔ སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ༔ རི་རབ་ཕྱོགས་བཞི་མཚམས་བརྒྱད་ནས༔ རྒྱལ་ཆེན་བཞི་དང་གནོད་སྦྱིན་ཚོགས༔ མ་ལུས་འཁོར་བཅས་འདིར་བྱོན་ལ༔ འདོད་རྒུ་ཆར་དུ་འབེབ་མཛད་གསོལ༔ བཛྲ་ས་མ་ཡ་ཛཿཛ༔ བཅུ་གཅིག་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ རིན་ཆེན་བརྩེགས་པའི་གཞལ་ཡས་འདིར༔ པདྨ་ཉི་ཟླའི་གདན་སྟེང་དུ༔ དར་ཟབ་འབོལ་བརྩེགས་ཁྲི་སྟེང་དུ༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཞེས་པས་དམ་ཡེ་གཉིས་མེད་དུ་བརྟན་པར་བཞུགས་པར་བསམ། བཅུ་གཉིས་པ་ཕྱག་འཚལ་བ་ནི། ཧཱུྃ༔ སེམས་ཅན་དབུལ་བ་སེལ་མཛད་ཅིང༔ མི་ཟད་ནོར་ལྷ་བྱེ་བའི་ཚོགས༔ ལོངས་སྤྱོད་ཕྱྭ་གཡང་སྡུད་མཛད་པའི༔ མགོན་པོ་ཆེན་པོར་བདག་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོ༔ བཅུ་གསུམ་པ་མཆོད་པ་ལས་ཉེར་སྤྱོད་ནི། ཧཱུྃ༔ མཐའ་ཡས་འཇིག་རྟེན་ཁམས་འདི་ན༔ སྨན་མཆོག་དྲི་ངད་རབ་ལྡན་པ༔ ཆུ་གཙང་ཇི་སྙེད་ཡོད་པ་ཀུན༔ ནོར་ལྷ་འཁོར་དང་བཅས་ལ་འབུལ༔ བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ མཐའ་ཡས་འཇིག་རྟེན་ཁམས་འདི་ན༔ ཆུ་དང་ཐང་སྐྱེས་ལས་བྱུང་བའི༔ མེ་ཏོག་ཇི་སྙེད་ཡོད་པ་ཀུན༔ ནོར་ལྷ་འཁོར་དང་བཅས་ལ་འབུལ༔ བཛྲ་པུཥྤེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ མཐའ་ཡས་འཇིག་རྟེན་ཁམས་འདི་ན༔ སྦྱར་དང་རང་བྱུང་ངད་ལྡན་པའི༔ བདུག་སྤོས་ཇི་སྙེད་ཡོད་པ་ཀུན༔ ནོར་ལྷ་འཁོར་དང་བཅས་ལ་འབུལ༔ བཛྲ་དྷཱུ་པེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ མཐའ་ཡས་འཇིག་རྟེན་ཁམས་འདི་ན༔ དྭངས་གསལ་ཉི་ཟླ་སྒྲོན་མེ་སོགས༔ སྣང་གསལ་ཇི་སྙེད་ཡོད་པ་ཀུན༔ ནོར་ལྷ་འཁོར་དང་བཅས་ལ་འབུལ༔ བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ མཐའ་ཡས་འཇིག་རྟེན་ཁམས་འདི་ན༔ རེག་བྱ་དྲི་བཟང་ངད་ལྡང་བའི༔ དྲི་ཆབ་ཇི་སྙེད་ཡོད་པ་ཀུན༔ ནོར་ལྷ་འཁོར་དང་བཅས་ལ་འབུལ༔ བཛྲ་གནྡྷེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ མཐའ་ཡས་འཇིག་རྟེན་ཁམས་འདི་ན༔ དཀར་མངར་འདོད་ཡོན་ཕུན་ཚོགས་པའི༔ ཞལ་ཟས་ཇི་སྙེད་ཡོད་པ་ཀུན༔ ནོར་ལྷ་འཁོར་དང་བཅས་ལ་འབུལ༔ བཛྲ་ནཻ་བིདྱཱ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ མཐའ་ཡས་འཇིག་རྟེན་ཁམས་འདི་ན༔ གླུ་དབྱངས་རོལ་མོའི་རིག་བྱེད་ཚོགས༔ རོལ་མོ་ཇི་སྙེད་ཡོད་པ་ཀུན༔ ནོར་ལྷ་འཁོར་དང་བཅས་ལ་འབུལ༔ བཛྲ་ཤབྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ འདོད་ཡོན་དྲུག་ནི། ཧཱུྃ༔ བཅོམ་ལྡན་མགོན་པོ་ཛམྦྷ་ལ༔ ནོར་བདག་འཁོར་དང་བཅས་རྣམས་ལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ འདོད་ཡོན་དྲུག་གི་མཆོད་པ་འབུལ༔ ཨོཾ་བཛྲ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་སྥ་ར་ཎ་དྷརྨ་དྷཱ་ཏུ་ཨཱཿཧཱུྃ༔ སྤྲོ་ན་རྟགས་བརྒྱད་སྣ་བདུན་འབུལ་ཞེས་པས་རྟགས་བརྒྱད་ནི། རིགས་ལྔ་རྒྱན་གཅིག་གི་རབ་གནས་སོགས་གསར་རྙིང་མང་པོ་ནས་བྱུང་བར་ཚིག་ཕྲད་ཅུང་ཟད་བསྒྱུར་བ།་་་ཧཱུྃ༔ ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས༔ བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར༔ རྒྱལ་དང་བྱང་སེམས་ནོར་ལྷའི་དཀྱིལ་འཁོར་ལ༔ བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི༔ ཨོཾ་ཨཥྚ་མངྒ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ རྒྱལ་སྲིད་བདུན་ནི། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི༔ སངས་རྒྱས་སྲས་བཅས་ནོར་ལྷའི་དཀྱིལ་འཁོར་ལ༔ བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས༔ འགྲོ་རྣམས་མི་ཟད་གཏེར་ལ་སྤྱོད་པར་ཤོག༔ ཨོཾ་སཔྟ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ འདི་སྤྱོད་རྒྱུད་ཡིད་རུང་བླ་མེད་ལྟར་བཀྲལ་པས་བླ་མེད་ཀྱི་མཆོད་རྫས་རུང་བར་གསུངས་པ་བཞིན་སྨན་མཆོད་ནི། ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན༔ དུག་ལྔ་རྣམ་པར་དག་པའི་རྫས༔ རོ་མཆོག་བརྒྱ་ལྡན་བདུད་རྩི་འདི༔ ནོར་བདག་ལྷ་ཚོགས་རྣམས་ལ་འབུལ༔ སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི༔ རཀྟའི་མཆོད་པ་ནི། ཧོ༔ ཉོན་མོངས་གཟུང་འཛིན་བསྒྲལ་པའི་ཁྲག༔ འདོད་ཆགས་རྣམ་པར་དག་པའི་རྫས༔ རྒྱུད་དྲུག་འཁོར་བ་བསྒྲལ་ཕྱིར་འབུལ༔ བཞེས་ནས་ནོར་གྱི་དངོས་གྲུབ་སྩོལ༔ མ་ཧཱ་རཀྟ་ཁཱ་ཧི༔ གཏོར་མཆོད་ནི། ཧོ༔ སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ བཅུད་ཀྱི་སྐྱེ་འགྲོ་གཏོར་མར་སྦྱར༔ བླ་མ་ནོར་ལྷའི་ཚོགས་ལ་འབུལ༔ བཞེས་ནས་ནོར་གྱི་དངོས་གྲུབ་སྩོལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ བཅུ་བཞི་པ་བསྟོད་པ་ནི། ཧཱུྃ༔ རིན་ཆེན་དགོས་འདོད་འབྱུང་བའི་གཞལ་ཡས་སུ༔ བཅོམ་ལྡན་མགོན་པོ་ནོར་བདག་ཛམྦྷ་ལ༔ སྐུ་མདོག་བཙོ་མ་གསེར་མདངས་བརྗིད་བག་ལྡན༔ མི་འཛད་ནོར་གྱི་བདག་པོ་ཁྱོད་ལ་བསྟོད༔ རིན་ཆེན་སྣ་ཚོགས་དར་གྱི་ལྷབ་ལྷུབ་མཛེས༔ ཁྲོ་འཛུམ་བག་ལྡན་ཁམས་གསུམ་དབང་དུ་སྡུད༔ བརྐྱང་བསྐུམ་འགྱིང་ལྡན་རཏྣའི་ཁྲི་ལ་བཞུགས༔ འདོད་ཡོན་ཀུན་ཚང་ལྷ་ལ་ཕྱག་འཚལ་བསྟོད༔ ཕྱག་གཡས་ལྕགས་ཀྱུས་སྣང་སྲིད་དབང་དུ་སྡུད༔ གཡོན་པ་ནེའུ་ལེ་དགོས་འདོད་ཆར་ལྟར་འབེབ༔ བསོད་ནམས་ནོར་བདག་འཛམ་གླིང་གཏེར་གྱི་བདག༔ དབུལ་བའི་སྡུག་བསྔལ་སེལ་མཛད་ཁྱོད་ལ་བསྟོད༔ པང་དུ་གསང་ཡུམ་ལྷ་མོ་ཏཱ་རེ་མ༔ ལྗང་གསལ་འོད་ལུས་ཅི་འདོད་སྩོལ་བའི་ལྷ༔ ལྕགས་ཀྱུས་དབང་སྡུད་ནོར་བདག་བུམ་པར་བསྐྱིལ༔ ཐོགས་མེད་དངོས་གྲུབ་ཀུན་སྩོལ་མ་ལ་བསྟོད༔ ཕྱོགས་བཞིར་པད་སྟེང་ཛཾ་ལ་རིགས་བཞིའི་ཚོགས༔ ཞི་རྒྱས་དབང་དྲག་དགོས་འདོད་སྒྲུབ་ལ་བརྩོན༔ ཚེ་ཆོས་ཟས་ནོར་བསོད་ནམས་ཕྱྭ་གཡང་སྤེལ༔ ནོར་ལྷ་རིགས་བཞིའི་ཚོགས་ལ་ཕྱག་འཚལ་བསྟོད༔ བར་ཁྱམས་ནོར་ལྷ་གཏེར་གྱི་བདག་པོ་བརྒྱད༔ རང་རང་ཆ་ལུགས་བཞོན་པ་རྒྱན་བཅས་གསལ༔ ལྷ་མིའི་དཔལ་འབྱོར་དུ་མ་ཆར་དུ་འབེབ༔ གནོད་སྦྱིན་གཏེར་བདག་བརྒྱད་ལ་ཕྱག་འཚལ་བསྟོད༔ སྒོ་བཞིར་ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ༔ སྤྱན་མི་བཟང་དང་རྒྱལ་པོ་རྣམ་ཐོས་སྲས༔ དངོས་གྲུབ་ཀུན་སྩོལ་བར་ཆད་སྲུང་མཛད་པ༔ བཀའ་ཉན་བསྟན་སྲུང་ཚོགས་ལ་ཕྱག་འཚལ་བསྟོད༔ ཕྱི་རོལ་འཁོར་ཡུག་ལྷ་ཀླུ་གཟའ་སྐར་དང༔ ཕྱོགས་སྐྱོང་བཅུ་དང་དཔལ་མགོན་བདུན་ཅུ་གཉིས༔ རང་རང་རིགས་ཀྱི་དགོས་འདོད་ཆར་དུ་འབེབ༔ ནོར་ལྷ་བྱེ་བའི་ཚོགས་ལ་ཕྱག་འཚལ་བསྟོད༔ བཅོ་ལྔ་པ་ཛཔ྄་བཟླ་བར། ཛཔ྄་བསྐུལ་ནི། ཧཱུྃ༔ ཐོག་མེད་དུས་ནས་བསྙེན་ཅིང་བསྒྲུབས་པའི་ལྷ༔ ནོར་གྱི་བདག་པོ་ཡེ་ཤེས་ལྷ་ཡི་ལྷ༔ ད་དུས་དཀྱིལ་འཁོར་འདི་རུ་བསྙེན་ཅིང་སྒྲུབ༔ སྐྱོབ་པ་ཤཱཀྱའི་སྤྱན་སྔར་ཁས་བླངས་བཞིན༔ གང་བཅོལ་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ བཟླས་པའི་དམིགས་པ་མན་ངག་ལྟར་གསལ་བཏབ་ནས་ཛཔ྄་བཟླས་དངོས་ལ་བསྙེན་སྔགས་ནི། ཨོཾ་གུ་རུ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་ཛཾ་་་ཁོ་ནའང་སྣང་།ཛཾ་བྷི་མོ་ཧེ་མ་མ་བཱ་སུ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྒྲུབ་སྔགས་ནི། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་བཻ་ཤྲ་མ་ཎཱ་ཡེ་ཨ་ཏྲི་ནྲྀ་པུཎྱེ་དྷ་ནཾ་མེ་དྷི་སིདྡྷི་པཱ་ཤཾ་ཀུ་རུ་སྡུས་སྡུས༔ ལས་སྦྱོར་ནོར་ལྷ་གཏེར་བདག་གི་གཟུངས་ནི། ཨོཾ་གུ་རུ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་ཛཾ་བྷི་མོ་ཧེ་མ་མ་བཱ་སུ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ཨོཾ་བཻ་ཤྲ་མ་ཎཱ་ཡེ༔ མ་ཧཱ་རཱ་ཛཿ ཏདྱ་ཐཱ༔ སི་མི་སི་མི༔ སུ་མུ་སུ་མུ༔ ཙིནྡྷ་ཙིནྡྷ༔ ས་ར་ས་ར༔ ཀ་ར་ཀ་ར༔ ཀི་རི་ཀི་རི༔ ཀུ་རུ་ཀུ་རུ༔ ཙུ་རུ་ཙུ་རུ༔ མུ་རུ་མུ་རུ༔ སརྦ་ཤཱིཾནྟ་པུཥྚིཾ་པཱ་ཤཾ་ཀུ་རུ་སྡུས་སྡུས་སྭཱ་ཧཱ༔ གནོད་སྦྱིན་སྤྱིའི་སྒྲུབ་སྔགས་ནི། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་བཻ་ཤྲ་མ་ཎཱ་ཡེ་སྭཱ་ཧཱ༔ ཏདྱ་ཐཱ༔ ཧི་ལི་མ་ཎི་བྷ་དྲ༔ ཧི་ལི་ཧི་ལི་མ་ཎི་བྷ་དྲ༔ ཀི་ལི་མ་ནི་བྷ་དྲ༔ ཀི་ལི་ཀི་ལི་མ་ཎི་བྷ་དྲ༔ ཙི་ལི་མ་ཎི་བྷ་དྲ༔ ཙི་ལི་ཙི་ལི་མ་ཎི་བྷ་དྲ༔ ཙུ་ལུ་མ་ཎི་བྷ་དྲ༔ ཙུ་ལུ་ཙུ་ལུ་མ་ཎི་བྷ་དྲ༔ ཀུ་རུ་མ་ཎི་བྷ་དྲ༔ ཀུ་རུ་ཀུ་རུ་མ་ཎི་བྷ་དྲ༔ ཏུ་རུ་མ་ཎི་བྷ་དྲ༔ ཏུ་རུ་ཏུ་རུ་མ་ཎི་བྷ་དྲ༔ སུ་རུ་མ་ཎི་བྷ་དྲ༔ སུ་རུ་སུ་རུ་མ་ཎི་བྷ་དྲ༔ ཙུ་རུ་མ་ཎི་བྷ་དྲ༔ ཙུ་རུ་ཙུ་རུ་མ་ཎི་བྷ་དྲ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་ཛཾ་བྷི་མོ་ཧེ་མ་མ་བཱ་སུ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་རྣམས་ཅི་ནུས་སུ་བཟླ་ཞིང་། ནོར་ལྷ་ཡོངས་རྫོགས་སྤྱན་འདྲེན་གཤེགས༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་འགལ་འཁྲུལ་ཐམས་ཅད་བཤགས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བཛྲ་ཨརྒྷཾ་ནས། ཤབྡ་མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཞེས་སྟོང་ཚིགས་ཀྱི་མཆོད་པ་བྱས་ལ་ཛཔ྄་བསྟོད་ནི། ཨོཾ་ཨཱཿཧཱུྃ༔ སྐྱེ་མེད་སྐུ་ཡི་དག་པ་འདི༔ རྒྱལ་བ་མཁྱེན་བརྩེའི་སྐུ་ལ་འབུལ༔ འགག་མེད་གསུང་གི་སྔགས་སྒྲ་འདི༔ རིག་སྔགས་དྲག་པོའི་ལྷ་ལ་འབུལ༔ འཁྲུལ་མེད་དགོངས་བརྒྱུད་དག་པ་འདི༔ ནོར་ལྷ་གཏེར་བདག་ཚོགས་ལ་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བསྐྱེད་བཟླས་ཏིང་འཛིན་གསུམ་གྱི་ལྷག་ཆད་ནོར་འཁྲུལ་སྐོང་ཞིང་སྔགས་ནུས་བརྟན་ཕྱིར་དབྱངས་གསལ་ཡིག་བརྒྱ་སྦྲེལ་བ་དང་རྟེན་འབྲེལ་སྙིང་པོ་ལན་གསུམ་རེ་བརྗོད། སྐབས་འདིར་ཟབ་གཏེར་སྲུང་མའི་མཆོད་ཕྲིན་རྒྱས་བསྡུས་ཅི་རིགས་བྱ། བཅུ་དྲུག་པ་ཚོགས་མཆོད་ནི། བ་ལ་དང་མ་ད་ན་སོགས་སྒོག་ཙོང་མ་འདྲེས་པའི་དམ་རྫས་སྣ་ཚོགས་བཤམས་པ་བདུད་རྩིས་བསང་། ཨོཾ་ཨཱཿཧཱུྃ༔ ཚོགས་ཀྱི་ཡོ་བྱད་མ་དག་དངོས་འཛིན་རྣམས༔ སྐྱེ་མེད་ཡི་གེ་གསུམ་གྱིས་སྦྱངས་སྤེལ་བསྒྱུར༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ། འབྲུ་གསུམ་འོད་ཀྱིས་དམ་ཚིག་བདུད་རྩིའི་རྒྱུན༔ ཟག་མེད་བློ་འདས་སྣོད་བཅུད་ཁྱོན་ཁེངས་གྱུར༔ ཞེས་པས་བྱིན་གྱིས་བརླབས་ལ། ཚོགས་མགྲོན་སྤྱན་འདྲེན་པ་ནི། ཧཱུྃ༔ ཆོས་དབྱིངས་རྣམ་དག་པདྨ་འོད་ཀྱི་ཞིང༔ རིག་འཛིན་འདུས་པ་བླ་མའི་ལྷ་ཚོགས་རྣམས༔ དཔའ་བོ་དཔའ་མོ་གླུ་དབྱངས་སྒྲ་དང་བཅས༔ འདིར་གཤེགས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དབང་དྲག་འབར་བ་དྲག་པོའི་གཞལ་ཡས་ནས༔ ཡི་དམ་ཀུན་འདུས་རྡོ་རྗེ་དྲག་པོ་རྩལ༔ གིང་ལང་ལས་བྱེད་ཕོ་ཉའི་ཚོགས་དང་བཅས༔ འདིར་གཤེགས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ རི་རབ་བྱང་ཕྱོགས་རིན་ཆེན་གཞལ་ཡས་ནས༔ ནོར་ལྷ་འདུས་པ་གཏེར་བདག་ཚོགས་དང་བཅས༔ བཀའ་སྲུང་དམ་ཅན་གཏེར་སྲུང་ཚོགས་ཀྱིས་བསྐོར༔ འདིར་གཤེགས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དཀྱིལ་འཁོར་གཞལ་ཡས་འདི་ལ་བྱིན་ཆེན་ཕོབ༔ སྒྲུབ་མཆོག་ཚོགས་གཏོར་འདི་ལ་བཅུད་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ བཛྲ་ས་མ་ཡ་ཛཿཛ༔ སྤྲོ་ན་སྤྱིར་མཆོད་པ་ནི། ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་འདི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ༔ ཨརྒྷཾ་ནས། ཤབྡ་མ་ཧཱ་སརྦ་པཱུ་ཛ་ཁཱ་ཧི༔ ཚོགས་ཕུད་ཆ་གསུམ་དུ་བྱས་ལ། དང་པོ་མཆོད་པ་ནི། ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་རྣམས༔ འདོད་ཡོན་ཚོགས་ཀྱི་མཆོད་པ་བཞེས༔ ཞི་ཁྲོ་ནོར་ལྷའི་ཚོགས་རྣམས་ཀྱིས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ག་ཎ་ཙཀྲ་པཱུ་ཛ་ཁ་རཾ་ཁཱ་ཧི༔ གཉིས་པ་བཤགས་པ་ནི། ཧཱུྃ༔ མ་རིག་རྨོངས་ཤིང་དུག་ལྔ་རགས༔ ཐོག་མེད་དུས་ནས་ད་བར་དུ༔ ལས་ཉོན་སྒྲིབ་ཚོགས་གང་མཆིས་པ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་བཤགས༔ ཨོཾ་ན་མོ་པུ་རུ་ཤ་ཡ་བཛྲ་ས་མ་ཡ་བི་ཤུདྡྷེ་ཨ༔ ཞེས་དང་ཡི་གེ་བརྒྱ་པ་བཟླ། ཐ་མ་བསྒྲལ་བསྟབ་ནི། ཧཱུྃ་ཞེས་བརྗོད་པས་འདོད་ཡོན་གྱི་ལྷ་མོ་རང་ལ་ཐིམ༔ རང་ཉིད་རྡོ་རྗེ་སྲིན་པོའི་སྐུར་གྱུར༔ རྩ་གསུམ་དབང་ཆེན་འདུས་པའི་ཕྱི་སྒྲུབ་རིག་འཛིན་བདེ་འདུས་ནས།་་་ཧཱུྃ་ཧྲཱི༔ བདག་ཉིད་ཁྲོ་རྒྱལ་དབང་དྲག་སྐུར་གསལ་བའི༔ མདུན་དུ་ཨེ་ལས་ཁམས་གསུམ་འབྲུབ་ཁུང་ནང༔ ནྲྀ་ལས་སྡང་དགྲ་ཏྲི་ལས་གནོད་བྱེད་བགེགས༔ མངོན་སུམ་ཉམ་ཐག་ཡན་ལག་ལྕགས་སྒྲོག་བསྡམས༔ བུ་ག་དགུ་ནས་ཁྲག་རྒྱུན་ནར་མར་འབབ༔ མྱ་ངན་འོ་དོད་སྨྲེ་སྔགས་ཙི་དིར་གསལ༔ ཨེ་ནྲྀ་ཏྲི་ཛ༔ ན་མོ༔ མཆོག་གསུམ་རྩ་གསུམ་རྒྱ་མཚོའི་མཐུ་སྟོབས་དང༔ ཆོས་ཉིད་རྣམ་དག་ཆོས་ཅན་བསླུ་མེད་ཀྱི༔ བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལས༔ ཚེ་རབས་ལན་ཆགས་སྨོན་ལམ་ལོག་པའི་བདུད༔ དུག་ལྔར་ཨ་འཐས་འཁྱམས་པའི་རུ་དྲ་རྣམས༔ ལས་བྱེད་ཕོ་ཉ་རྣམས་ཀྱིས་འདིར་ཁུག་ལ༔ བ་ལིཾ་དམོད་རྫས་འདི་ལ་གཉིས་མེད་སྟིམས༔ ཨོཾ་བཛྲ་ཛཿཧཱུྃ་བཾ་ཧོཿནྲྀ་ཏྲི་རུ་དྲ་མཱ་ར་ཡ་ཛ༔ ཞེས་པས་བཀུག་ལ་བདག་ཉིད་དབང་དྲག་དང་ཕུར་པ་མེ་དབལ་དུ་གསལ་ཞིང་ཚེ་ཁྲུས་ཀྱི་དགོངས་པར་ལྡན་པས། ཧཱུྃ༔ ཁྲག་འཐུང་ཐུགས་ལས་སྤྲུལ་པའི་སྲས༔ དམ་ཉམས་སྒྲོལ་གིང་ཆེན་པོ་སྟེ༔ འཇིགས་བྱེད་ཡཀྴ་ཀཱ་ལ་ཆེ༔ དམར་ནག་ཕྱག་གཉིས་ཕུར་བུ་འདྲིལ༔ ཉམས་པའི་ལུས་ངག་རྡུལ་དུ་རློགས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ཨ༔ ཨོཾ་ཡཀྵ་ཀཱ་ལ་བཛྲ་ཀཱི་ལི་ཀཱི་ལ་ཡ་རུ་དྲ་མཱ་ར་ཡ་རྦད་རྦད་སོད༔ ཅེས་བསྒྲལ། ཧོ༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་ཞལ་ཕྱེས་ཤིག༔ དགྲ་བགེགས་དུག་གསུམ་བསྒྲལ་པའི་ཤ་ཁྲག་རུས༔ དབང་པོ་གློ་སྙིང་ནང་རོལ་མཁལ་མར་བཅས༔ ཞལ་དུ་བསྟབ་བོ་བཞེས་ཤིག་ཁ་རཾ་ཁཱ་ཧི༔ བཅུ་བདུན་པ་ནི་རྩ་གསུམ་སྤྱི་བསྐང་དང་ལོང་སྐབས་ཀྱིས་འགྲུབ་ན། ནོར་ལྷའི་སྐོང་བཤགས་བྱེད་པར་སྤྲོ་ན། སྐོང་རྫས་རྣམས་སྔགས་དྲུག་གམ་བསྡུ་ན་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ནས་ཐུགས་ཀྱི་སྙིང་པོའི་སྐོང་བཤགས་རྡོ་རྗེའི་རྒྱ་ཅན་ཉིད་གཏང་ཡང་ལེགས་ལ། ཡང་ན་རྩ་གསུམ་གླིང་པའི་ནོར་བདག་པདྨ་རྒྱལ་པོ་ལས་གསུངས་པ་ལྷའི་མཚན་ཁ་བསྒྱུར་བ། ༼འདིར་ནི་སྡོམ་གྱི་ས་བཅད་ལྟར་བཀོད་མོད། ཕྱག་ལེན་དངོས་མ་ནོར་ལྷའི་སྒོས་ཀྱི་སྐོང་བཤགས་འདི་བཞིན་ཚོགས་བར་པའི་མཐར་སྦྱོར་བར་མཛད།་་་ཧཱུྃ༔ ལྷུན་གྲུབ་བདེ་ཆེན་འཁྱིལ་བའི་ཕོ་བྲང་ནས༔ པདྨ་རྒྱལ་པོ་ནོར་བདག་དཀྱིལ་འཁོར་ལྷ༔ དབང་སྡུད་ཡེ་ཤེས་མཁའ་འགྲོ་འབུམ་གྱིས་བསྐོར༔ ཐུགས་དམ་བསྐང་ཕྱིར་གནས་འདིར་གཤེགས་སུ་གསོལ༔ སྣ་ཚོགས་རིན་ཆེན་པད་ཟླའི་ཁྲི་ལ་བཞུགས༔ རོ་མཆོག་ལྔ་ལྡན་འདོད་ཡོན་ཕུད་ཀྱིས་མཆོད༔ ཐུགས་དམ་བསྐང་ཞིང་དགོས་འདོད་རབ་སྦྱིན་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ གཟུགས་མཛེས་སྤྱན་གཟིགས་གར་མོ་སྤྲིན་ལྟར་གཏིབས༔ རིན་ཆེན་སྣ་ཚོགས་འབྲུ་སྨན་གཅལ་དུ་བཀྲམ༔ དཀར་མངར་ཕུད་ཀྱི་མཆོད་པ་མཚོ་ལྟར་བསྐྱིལ༔ རྟ་གླང་མ་ཧེ་གཡག་ལུག་ར་ཡི་ཚོགས༔ སྤྱན་གཟིགས་ཡིད་འོང་བླ་མེད་མཆོད་པ་ཡིས༔ གུ་རུ་པདྨ་རྒྱལ་པོའི་ཐུགས་དམ་བསྐང༔ ཡུམ་མཆོག་ནོར་རྒྱུན་ཏཱ་རཱེའི་ཐུགས་དམ་བསྐང༔ ནོར་བདག་ཛཾ་ལ་རིགས་བཞིའི་ཐུགས་དམ་བསྐང༔ ནོར་སྦྱིན་རྟ་བདག་བརྒྱད་ཀྱི་ཐུགས་དམ་བསྐང༔ སྒོ་སྐྱོང་རྒྱལ་ཆེན་སྡེ་བཞིའི་ཐུགས་དམ་བསྐང༔ ཕྱི་འཁོར་ནོར་ལྷ་བྱེ་བའི་ཐུགས་དམ་བསྐང༔ གཏེར་བདག་མ་མགོན་གཟའ་བདུད་ཐུགས་དམ་བསྐང༔ གསང་བའི་དཀྱིལ་འཁོར་ཡོངས་རྫོགས་ཐུགས་དམ་བསྐང༔ ཐུགས་དམ་བསྐང་ཞིང་མཆོག་ཐུན་དངོས་གྲུབ་སྩོལ༔ ཧཱུྃ༔ དམ་རྫས་བདུད་རྩིའི་མཆོད་པ་མཚོ་ལྟར་འཁྱིལ༔ མཱུ་ལ་རཀྟ་དབྱིངས་ཀྱི་རང་བྱུང་ཁྲག༔ བ་ལིཾ་གཏོར་མ་བརྗིད་ལྡན་རི་ལྟར་སྤུངས༔ སྦྱོར་སྒྲོལ་སྣ་ཚོགས་མཆོད་པའི་བྱེ་བྲག་གིས༔ གུ་རུ་པདྨ་རྒྱལ་པོའི་ཐུགས་དམ་བསྐང༔ ཡུམ་མཆོག་ནོར་རྒྱུན་ཏཱ་རཱེའི་ཐུགས༴ ནོར་བདག་ཛཾ་ལ་རིགས་བཞིའི་ཐུགས༴ ནོར་སྦྱིན་རྟ་བདག་བརྒྱད་ཀྱི་ཐུགས༴ སྒོ་སྐྱོང་རྒྱལ་ཆེན་སྡེ་བཞིའི་ཐུགས༴ ཕྱི་འཁོར་ནོར་ལྷ་བྱེ་བའི་ཐུགས༴ གཏེར་བདག་མ་མགོན་གཟའ་བདུད་ཐུགས༴ གསང་བའི་དཀྱིལ་འཁོར་ཡོངས་རྫོགས་ཐུགས་དམ་བསྐང༔ ཐུགས་དམ་བསྐང་ཞིང་མཆོག་ཐུན་དངོས་གྲུབ་སྩོལ༔ ཧཱུྃ༔ ཟླ་རྒྱས་ཞོ་དང་ཟླ་ཕྲོམ་མར་གྱི་ཕྲོམ༔ འབྲས་རྒུན་བུ་རམ་ཀ་ར་སྦྲང་གི་ཆང༔ ཕྱེ་མར་འབྲང་རྒྱས་ལོངས་སྤྱོད་སྣ་ཚོགས་དང༔ གསེར་དངུལ་ཟངས་དང་མུ་ཏིག་བཻ་ཌཱུརྻ༔ ནོར་བུ་རྟ་མཆོག་གླང་པོ་དམག་དཔོན་དང༔ བཙུན་མོ་བློན་པོ་འཁོར་ལོ་རིན་པོ་ཆེ༔ གདུགས་དང་རྒྱལ་མཚན་དཔལ་བེའུ་བུམ་པ་རྣམས༔ གསེར་ཉ་པདྨ་ཆོས་དུང་གཡས་སུ་འཁྱིལ༔ གཡང་གི་དགའ་འཁྱིལ་སྣ་ཚོགས་བཤམས་པ་འདིས༔ གུ་རུ་པདྨ་རྒྱལ་པོའི་ཐུགས་དམ་བསྐང༔ ཡུམ་མཆོག་ནོར་རྒྱུན་ཏཱ་རཱེའི་ཐུགས་དམ་བསྐང༔ ནོར་བདག་ཛཾ་ལ་རིགས་བཞིའི་ཐུགས་དམ་བསྐང༔ ནོར་སྦྱིན་རྟ་བདག་བརྒྱད་ཀྱི་ཐུགས་དམ་བསྐང༔ སྒོ་སྐྱོང་རྒྱལ་ཆེན་སྡེ་བཞིའི་ཐུགས་དམ་བསྐང༔ ཕྱི་འཁོར་ནོར་ལྷ་བྱེ་བའི་ཐུགས་དམ་བསྐང༔ གཏེར་བདག་མ་མགོན་གཟའ་བདུད་ཐུགས་དམ་བསྐང༔ གསང་བའི་དཀྱིལ་འཁོར་ཡོངས་རྫོགས་ཐུགས་དམ་བསྐང༔ ཐུགས་དམ་བསྐང་ཞིང་མཆོག་ཐུན་དངོས་གྲུབ་སྩོལ༔ ཧཱུྃ༔ མཆོག་ཆེན་མཆོག་ཕྲན་མཚན་ལྡན་དང༔ ཟ་ལེ་འབྲི་དང་ཤེལ་གོང་ལུག༔ ཙ་ར་རོག་པོ་མདངས་ལྡན་དང༔ ག་ཎ་ཚོགས་ཀྱི་ལོངས་སྤྱོད་དང༔ བདུད་རྩི་ཚེ་ཡི་ཨ་མྲྀཏ༔ མཱཾ་ས་སྣ་ཚོགས་ཤ་ཡི་མཆོག༔ རི་སྒོག་ཀླུང་སྒོག་ཤྭ་མོང་དང༔ ཅོ་ལེ་ཉོ་ལེ་ཉ་ཁྲི་དང༔ རྒུན་འབྲུ་སྣ་ཚོགས་ཤིང་གི་ཐོག༔ མ་ཚང་མེད་པའི་མཆོད་རྫས་འདིས༔ པདྨ་རྒྱལ་པོའི་ཐུགས་དམ་བསྐང༔ ནོར་རྒྱུན་ཏཱ་རཱེའི་ཐུགས་དམ་བསྐང༔ ཛཾ་ལ་རིགས་བཞིའི་ཐུགས་དམ་བསྐང༔ རྟ་བདག་བརྒྱད་ཀྱི་ཐུགས་དམ་བསྐང༔ རྒྱལ་ཆེན་སྡེ་བཞིའི་ཐུགས་དམ་བསྐང༔ ནོར་ལྷ་བྱེ་བའི་ཐུགས་དམ་བསྐང༔ མ་མགོན་གཟའ་བདུད་ཐུགས་དམ་བསྐང༔ དཀྱིལ་འཁོར་ཐུགས་དམ་བསྐངས་གྱུར་ནས༔ ཕྱི་ནང་འགལ་རྐྱེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ༔ བསྐང་བ་སྐྱེ་མེད་ངང་ལ་བསྐང༔ མཆོད་པ་གཉིས་མེད་རོལ་པས་མཆོད༔ སྦྱོར་བ་ཟུང་འཇུག་དགའ་བཞི་སྦྱོར༔ སྒྲོལ་བ་དུག་ལྔ་དབྱིངས་སུ་བསྒྲལ༔ བཤགས་པ་ཡེ་གྲོལ་ཆེན་པོར་བཤགས༔ ཐུགས་དམ་གཉན་པོ་བསྐངས་གྱུར་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དེ་ནས་བཤགས་པ་བྱ་བ་ནི། ཧོ༔ རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ བདག་ཅག་བག་མེད་མ་རིག་དབང་གྱུར་ནས༔ བསྐྱེད་རྫོགས་མ་གསལ་མཆོད་པ་ལོ་ཟླར་འདས༔ དམ་རྫས་མ་ཚང་རྒྱུ་ཆུང་ཕུད་ལ་ཉམས༔ ལྷག་མ་འཕྲི་ཞིང་སེར་སྣས་འདོད་སྲེད་བཅིངས༔ མ་རིག་རྨོངས་པའི་རྐྱེན་དབང་ཅི་མཆིས་པ༔ རིག་འཛིན་མཁའ་འགྲོ་དཀྱིལ་འཁོར་ལྷ་ལ་བཤགས༔ བྱང་ཞིང་དག་སྟེ་མི་སྒྲིབ་ཚངས་པར་སྩོལ༔ ཅེས་དང་། ཡི་གེ་བརྒྱ་པ་བརྒྱ་རྩའམ་ཉེར་གཅིག་སོགས་བཟླ། བསམ་པ་ལྷུན་གྲུབ་མ་སྤྱི་དང་། བྱེ་བྲག །འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ༔ ཞེས་སོགས་མང་དུ་བརྗོད་ལ་འདོད་པའི་དངོས་གྲུབ་ལ་གསོལ་བ་གདབ་པར་བྱའོ། །བཅོ་བརྒྱད་པ་གཡང་འགུགས་ནི། བརྟན་གཡོའི་དྭངས་བཅུད་བསྡུ་བའི་དམིགས་གནད་གསལ་བས་མདའ་དར་གཡོབ་ཅིང་དབྱངས་དང་བཅས། ཧཱུྃ༔ ཆོས་དབྱིངས་ཁྱབ་བརྡལ་བདེ་ཆེན་ཞིང་ཁམས་སུ༔ སྤྲོས་མཚན་བྲལ་བ་རྣམ་དག་ལྷ་ཡི་ལྷ༔ ཀུན་བཟང་སྣང་མཐའ་རྡོ་རྗེ་འཆང་བ་སོགས༔ བརྒྱུད་གསུམ་རྩ་བརྒྱུད་བླ་མའི་གཡང་འགུགས་སོ༔ མ་འགགས་རང་གསལ་ལོངས་སྤྱོད་རྫོགས་པའི་ཞིང༔ ཕྱོགས་བཅུའི་འཇིག་རྟེན་ཡེ་ཤེས་ལྔ་རྫོགས་ནས༔ རྒྱལ་བ་རིགས་ལྔ་ལོངས་སྐུའི་ལྷ་ཚོགས་ཀྱི༔ ཐུགས་རྗེ་ཕྱོགས་རིས་མེད་པའི་གཡང་འགུགས་སོ༔ ངོ་བོ་རང་བཞིན་གསལ་བའི་ཞིང་ཁམས་ནས༔ ཀློང་ཡངས་མ་འགགས་རོལ་པ་ཆེན་པོའི་རྩལ༔ པད་འབྱུང་རིག་འཛིན་གྲུབ་པ་རྒྱ་མཚོའི་ཚོགས༔ བྱིན་རླབས་ཐུགས་རྗེའི་ཕྱྭ་དང་གཡང་འགུགས་སོ༔ སྐྱེ་མེད་ངང་ལས་སྐྱེ་བའི་ཚུལ་བསྟན་ཞིང༔ ཐུགས་རྗེ་ཐབས་མཁས་འགྲོ་བའི་དོན་མཛད་པ༔ གནས་ཡུལ་ཞིང་གི་ཡོན་ཏན་ཌཱ་ཀིའི་ཚོགས༔ སྣོད་བཅུད་སྲིད་ཞིའི་ཁམས་ཀྱི་གཡང་འགུགས་སོ༔ རྣམ་དག་ཞིང་ཁམས་ཛཾ་བུའི་གླིང་མཆོག་ཏུ༔ བདེ་བར་གཤེགས་པ་འགྲོ་བའི་དོན་མཛད་ཅིང༔ ཤཱཀྱའི་རྒྱལ་དང་སངས་རྒྱས་སྟོང་གི་ཚོགས༔ ཐུགས་བསྐྱེད་མཐུ་སྟོབས་ཡེ་ཤེས་གཡང་འགུགས་སོ༔ བདེ་གཤེགས་གསུང་ལས་སྤྲུལ་པའི་ཡི་གེར་བྱོན༔ རྒྱུད་སྡེ་བཞི་དྲུག་ཐེག་པ་རིམ་པ་དགུ༔ ཉོན་མོངས་འཇོམས་མཛད་དམ་ཆོས་བརྒྱད་ཁྲིའི་ཚོགས༔ དགོས་འདོད་རེ་བ་སྐོང་བའི་གཡང་འགུགས་སོ༔ ཆོས་སྲིད་དཔལ་འབྱོར་འདུ་ས་འཕགས་པའི་ཚོགས༔ བྱང་སེམས་ཉན་རང་ཐེག་པ་ཆེ་ཆུང་དང༔ དགེ་འདུན་མི་ཕྱེད་འདུས་པའི་བྱིན་རླབས་ཀྱིས༔ ཆོས་སྲིད་བསྟན་པ་རྒྱས་པའི་གཡང་འགུགས་སོ༔ ཐུགས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ བསྟན་པ་བསྲུང་ཕྱིར་དྲག་པོའི་སྐུར་བཞེངས་ཤིང༔ འཇིག་རྟེན་འདས་དང་མ་འདས་སྲུང་མའི་ཚོགས༔ དགྲ་བགེགས་བར་ཆོད་སྲུང་བའི་གཡང་འགུགས་སོ༔ ཧཱུྃ༔ དབུས་ཕྱོགས་བདེ་ཆེན་ཆོས་དབྱིངས་ཡངས་པའི་ཀློང༔ རྣམ་པར་སྣང་མཛད་མགོན་པོ་ཛམྦྷ་ལ༔ དབུས་ཕྱོགས་ཞིང་གི་ཕྱྭ་དང་གཡང་ཁུག་ལ༔ ལོངས་སྤྱོད་དགའ་སྐྱིད་འཛོམ་པ་འདིར་སྩོལ་ཅིག༔ ཤར་ཕྱོགས་དཀར་གསལ་པདྨའི་ཁྲི་སྟེང་དུ༔ མི་བསྐྱོད་རྡོ་རྗེ་ནོར་བདག་ཛཾ་ལ་དཀར༔ ཤར་ཕྱོགས་ཞིང་གི་ཕྱྭ་དང་གཡང་ཁུག་ལ༔ ནད་གདོན་སྡིག་སྒྲིབ་ཞི་བའི་གཡང་འགུགས་སོ༔ ལྷོ་ཕྱོགས་སེར་གསལ་པདྨའི་ཁྲི་སྟེང་དུ༔ རིན་ཆེན་འབྱུང་གནས་ནོར་བདག་ཛཾ་ལ་སེར༔ ལྷོ་ཕྱོགས་ཞིང་གི་ཕྱྭ་དང་གཡང་ཁུག་ལ༔ ཚེ་ཆོས་བསོད་ནམས་རྒྱས་པའི་གཡང་འགུགས་སོ༔ ནུབ་ཕྱོགས་དམར་གསལ་པདྨའི་ཁྲི་སྟེང་དུ༔ སྣང་བ་མཐའ་ཡས་ནོར་བདག་ཛཾ་ལ་དམར༔ ནུབ་ཕྱོགས་ཞིང་གི་ཕྱྭ་དང་གཡང་ཁུག་ལ༔ ཁམས་གསུམ་དབང་དུ་བྱེད་པའི་གཡང་འགུགས་སོ༔ བྱང་ཕྱོགས་ལྗང་གསལ་པདྨའི་ཁྲི་སྟེང་དུ༔ དོན་ཡོད་གྲུབ་པ་ནོར་བདག་ཛཾ་ལ་ནག༔ བྱང་ཕྱོགས་ཞིང་གི་ཕྱྭ་དང་གཡང་ཁུག་ལ༔ མཐུ་སྟོབས་གློག་ལྟར་མྱུར་བའི་གཡང་འགུགས་སོ༔ ཧཱུྃ༔ དཀྱིལ་འཁོར་བར་ཁྱམས་ནོར་ལྷ་གཏེར་བདག་ཚོགས༔ ཀུན་ཀྱང་མཐུ་སྟོབས་གཟི་བྱིན་ཡ་ལ་ལ༔ སྟེང་གི་ཕྱོགས་ནས་ལྷ་ཡི་མཐུ་སྟོབས་དང༔ ཚེ་དཔལ་གཟི་བརྗིད་ལྡན་པའི་གཡང་འགུགས་སོ༔ བར་གྱི་ཕྱོགས་ནས་མི་ཡི་ཁ་རྗེ་དང༔ ལོངས་སྤྱོད་ནོར་དང་རིགས་རྒྱུད་གཡང་འགུགས་སོ༔ འོག་གི་ཕྱོགས་ནས་ཀླུ་ཡི་ནོར་བུ་དང༔ དགོས་འདོད་རེ་བ་སྐོང་བའི་གཡང་ཁུག་ཅིག༔ ཧཱུྃ༔ དཀྱིལ་འཁོར་ཕྱོགས་བཞིར་རྒྱལ་པོ་ཆེན་པོ་བཞི༔ ཤར་ཕྱོགས་སྒོ་སྐྱོང་རྒྱལ་ཆེན་ཡུལ་འཁོར་སྲུང༔ ལུས་འཕགས་པོ་ཡི་སྲིད་བཅུད་འདིར་ཁུག་ཅིག༔ དྲི་ཟའི་ལག་ནས་ཕྱྭ་དང་གཡང་འགུགས་སོ༔ ལྷོ་ཕྱོགས་སྒོ་སྐྱོང་རྒྱལ་པོ་འཕགས་སྐྱེས་པོ༔ ཛཾ་བུ་གླིང་གི་སྲིད་བཅུད་འདིར་ཁུག་ཅིག༔ གཤིན་རྗེའི་ལག་ནས་ཕྱྭ་དང་གཡང་འགུགས་སོ༔ ནུབ་ཕྱོགས་སྒོ་སྐྱོང་རྒྱལ་ཆེན་སྤྱན་མི་བཟང༔ བ་གླང་སྤྱོད་ཀྱི་སྲིད་བཅུད་འདིར་ཁུག་ཅིག༔ ཀླུ་དབང་ལག་ནས་ཕྱྭ་དང་གཡང་འགུགས་སོ༔ བྱང་ཕྱོགས་སྒོ་སྐྱོང་རྒྱལ་ཆེན་རྣམ་ཐོས་སྲས༔ སྒྲ་མི་སྙན་གྱི་སྲིད་བཅུད་འདིར་ཁུག་ཅིག༔ གནོད་སྦྱིན་ལག་ནས་ཕྱྭ་དང་གཡང་འགུགས་སོ༔ ཧཱུྃ༔ དཀྱིལ་འཁོར་ཕྱི་རིམ་ནོར་ལྷ་བྱེ་བའི་ཚོགས༔ ལྷ་ཀླུ་གཟའ་སྐར་སྤར་སྨེ་ལོ་ཟླ་ཞག༔ གཞན་ཡང་འཇིག་རྟེན་སྲིད་པའི་ལྷ་ཚོགས་རྣམས༔ སྤྲོ་ན་འདི་མན་སྡེ་ཚན་སོ་སོའི་ཁ་བསྒྱུར༔ དེང་འདིར་བདག་དང་ཡོན་གྱི་བདག་པོ་ལ༔ མི་ནོར་ཟས་གསུམ་འཛོམ་པའི་གཡང་ཁུག་ཅིག༔ ལོངས་སྤྱོད་སྙན་དང་གྲགས་པའི་གཡང་ཁུག་ཅིག༔ བུ་ནོར་རིགས་རྒྱུད་འཕེལ་བའི་གཡང༴ ཆོས་སྲིད་བསྟན་པ་རྒྱས་པའི་གཡང༴ རྩ་རླུང་ཉམས་རྟོགས་འཕེལ་བའི་གཡང༴ ཚེ་རིང་ནད་མེད་བདེ་བའི་གཡང༴ རྟ་ནོར་ཕྱུགས་ལུག་འཕེལ་བའི་གཡང༴ ཅི་བསམ་འདོད་དོན་འགྲུབ་པའི་གཡང༴ ཕྱྭ་གཡང་ཆར་འཚུབ་བཞིན་དུ་འུ་རུ་རུ༔ དངོས་གྲུབ་སྦྲང་ཆར་བཞིན་དུ་ཤ་ར་ར༔ གནས་འདིར་མཚོ་མོ་བཞིན་དུ་མེ་རེ་རེ༔ ལོངས་སྤྱོད་དགའ་སྐྱིད་འཛོམ་པ་འདིར་སྩོལ་ཅིག༔ བཅུ་དགུ་པ་ཚོགས་ལ་རོལ་པ་ནི། ལས་ཀྱི་རྡོ་རྗེས་ཐབས་ཤེས་ཀྱི་རྫས་རྣམས་བསྣོལ་མར་སློབ་དཔོན་ལ་སྟོབ་ཅིང་། ཀྱེ༔ གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས༔ འདི་ལ་ཐེ་ཚོམ་བྱར་མི་རུང༔ བྲམ་ཟེ་ཁྱི་དང་གདོལ་པ་ཕག༔ རང་བཞིན་གཅིག་ཏུ་དགོངས་ཏེ་རོལ༔ ལེན་པ་པོས་པད་ཀོར་སྔོན་དུ་འགྲོ་བས། རིན་ཐང་མེད་ལས་ལེགས་འོང་ཆོས༔ འདོད་ཆགས་དྲི་མ་རྣམ་པར་དག༔ གཟུང་དང་འཛིན་པ་ཀུན་སྤངས་པའི༔ དེ་བཞིན་ཉིད་ལ་བདག་ཕྱག་འཚལ༔ གུ་ཧྱ་སིདྡྷི་ཨ་ལ་ལ་ཧོ༔ ཞེས་བླངས་ཚོགས་པ་ཐམས་ཅད་ལ་བྲིམས་ཏེ་ནང་གི་སྦྱིན་སྲེག་དང་ལྡན་པས་རོལ་པའི་མཐར། ༼སྤྱི་དྲིལ་གསོལ་འདེབས་བསམ་པ་ལྷུན་གྲུབ་མའི་ལས་བྱང་ལས།་་་ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ ལྟ་སྤྱོད་ཕྲིན་ལས་མན་ངག་ཐབས་མཁས་པས༔ ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི་ཕུལ་བས༔ བདག་ཅག་འདིར་འདུས་རྣལ་འབྱོར་ཕོ་མོ་དང༔ ཕ་མ་འགྲོ་དྲུག་ཁམས་གསུམ་སེམས་ཅན་གྱི༔ ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་གནས་དག་ནས༔ ནད་གདོན་སྡིག་སྒྲིབ་སྡུག་བསྔལ་ཞི་གྱུར་ཅིག༔ ཚེ་དཔལ་ཡེ་ཤེས་བདེ་ལེགས་ཕུན་ཚོགས་ཤིང༔ ལོག་འདྲེན་གདུལ་བྱ་དབང་འདུས་ཆོས་ལ་འཁོད༔ དགྲ་བགེགས་རྣམ་པར་འཚེ་བ་རྡུལ་དུ་རློག༔ དགོངས་པའི་གཏིང་རྫོགས་མཁྱེན་བརྩེའི་ཡོན་ཏན་རྡོལ༔ ཀུན་བཟང་གོ་འཕང་ད་ལྟ་མངོན་གྱུར་ནས༔ པདྨ་ཐོད་ཕྲེང་རླབས་ཆེན་ཕྲིན་ལས་སྒོ༔ མངོན་རྫོགས་ཕྱམ་གཅིག་འགྲོ་བ་སྒྲོལ་བར་ཤོག༔ ཅེས་ཚོགས་ཀྱི་འཁོར་ལོའི་དགེ་བ་བྱང་ཆུབ་ཏུ་བསྔོ། ཉི་ཤུ་པ་ལྷག་གཏོར་ནི། ལྷག་མ་རྣམས་བསྡུས་པའི་དམེ་གཏོར་ཕུད་ལྷག་མཚམས་སྦྱར་བ་ལ་སློབ་དཔོན་ལྟ་དགོངས་དང་ལྡན་ན་ཁ་ཕྲུས་གདབ་ཅིང་། ཨ་ཀཱ་རོས་བརླབས་ལ་འབར་བའི་ཕྱག་རྒྱ་བསྐོར་ཞིང་ཕེཾ་ཕེཾ་ཞེས་ལྷག་སྡུད་རྣམས་བོས་ལ། ཧཱུྃ༔ དཔལ་གྱི་བཀའ་ཉན་མ་མོ་ནི༔ དབང་ཕྱུག་ཕྲ་མེན་གིང་ལང་ཀ༔ ཟས་སུ་ཤ་དང་ཁྲག་ལ་དགྱེས༔ སྐྱོགས་བཟང་བྷནྡྷ་སྐྲ་ཅན་འཆང༔ རྣལ་འབྱོར་དྲོད་ཉུལ་ཚོགས་ཁང་འགྲིམ༔ ལྷག་མ་བཞེས་ལ་ཕྲིན་ལས་མཛོད༔ ཨོཾ་ཨུཙྪིཥྚ་བྷཀྵ་སི་ས་མི་ཏ་ཁཱ་ཧི༔ ཞེས་ཕྱི་རོལ་དུ་གཏང་། ཉེར་གཅིག་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ བླ་མ་ཡི་དམ་ནོར་ལྷའི་ཚོགས་དང་བཅས༔ ཐུགས་དམ་བསྐུལ་ལོ་འགྲོ་བའི་དོན་ལ་དགོངས༔ བསྐུལ་ཡང་མི་གསན་བཅོལ་ཡང་མི་མཛད་ན༔ སྙིགས་མ་ལྔ་བདོའི་དུག་ལྔའི་འགྲོ་བ་རྣམས༔ ངན་སོང་གསུམ་གྱི་སྡུག་བསྔལ་བཟོད་ཐབས་མེད༔ ལྷ་ཁྱོད་བསྙེན་སྒྲུབ་མཆོད་པའི་དགོས་པ་དོར༔ དེ་ཕྱིར་ཐུགས་རྗེའི་ཐུགས་དམ་དཔུང་སྐྱེད་ལ༔ དུས་འཁྲུགས་ལོ་ཉེས་བཙའ་ཐན་སད་སེར་སྲུངས༔ འདྲེ་རྒོད་རྒྱལ་བསེན་འབྱུང་པོའི་འགྱུ་ལམ་ཆོད༔ རིམས་དང་ཡམས་ནད་བཀྲ་མི་ཤིས་པ་ཟློགས༔ གནོད་བྱེད་དགྲ་བགེགས་བྱད་མ་རྡུལ་དུ་རློགས༔ གང་བཅོལ་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཅེས་གདུང་ཤུགས་དྲག་པོས་བསྐུལ་བས་གང་བཅོལ་གྱི་ཕྲིན་ལས་མཛད་པར་བསམ། ཉེར་གཉིས་པ་ཆད་མདོ་བསྒྲག་པ་ནི། བཀའ་སྲུང་དང་ཆད་མདོའི་གཏོར་མ་རྣམས་རྡོ་རྗེའི་འགྲོས་ཀྱིས་ཕྱི་ནུར་དུ་དཔགས་ལ་སྨན་རཀ་བྲན། མཚན་མོ་ཡིན་ན་དཔལ་འབར་བཙུགས། འབྲུ་གསུམ་གྱིས་བདུད་རྩིར་སྤེལ་ལ། ཧཱུྃ༔ སྔོན་འདས་འོག་མིན་གནས་མཆོག་དང༔ གསང་ཆེན་རོལ་པའི་དུར་ཁྲོད་དུ༔ མཁའ་འགྲོ་ལས་ཀྱི་དབང་མོ་ཆེས༔ རྒྱུད་རྣམས་གཏེར་དུ་སྦས་པའི་ཚེ༔ དབྱིངས་ཀྱི་སྲུང་མ་ཐམས་ཅད་ཀྱིས༔ བསྟན་པ་བསྲུང་བར་ཆད་མདོ་མཛད༔ མཆོད་གཏོར་བཞེས་ལ་ཕྲིན་ལས་མཛོད༔ དེ་འོག་བསྐལ་པ་བར་མ་ལ༔ གསང་སྔགས་ཆོས་རྣམས་དར་བའི་དུས༔ ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ༔ ཡང་ཟབ་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱིས༔ རང་རྟགས་སྲོག་ཕུལ་ཁས་བླངས་བཞིན༔ གཏོར་མ་བཞེས་ལ་ཆད་མདོ་སྲུངས༔ ཐ་མར་གུ་རུ་ཡབ་ཡུམ་གྱིས༔ ལས་ཅན་དག་པའི་འཁོར་རྣམས་ལ༔ སྨོན་ལམ་གཏད་རྒྱའི་དབང་བསྐུར་ཚེ༔ ནོར་ལྷ་གཏེར་སྲུང་དམ་ཅན་གྱིས༔ ཛི་ལྟར་ཁས་བླངས་དམ་བཅས་ལྟར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་འོག་རྩོད་ལྡན་སྙིགས་མའི་དུས༔ ཨོ་རྒྱན་དྲི་མེད་གླིང་པ་ཡིས༔ ཡང་རྫོང་གསང་བའི་ཕུག་པ་རུ༔ དབང་དྲག་དཀྱིལ་འཁོར་ཞལ་ཕྱེ་ཚེ༔ བཀའ་གཏེར་སྲུང་མ་ཐམས་ཅད་ཀྱིས༔ བསྟན་པ་བསྲུང་བར་ཁས་བླངས་བཞིན༔ མཆོད་གཏོར་བཞེས་ལ་ཕྲིན་ལས་མཛོད༔ ཅེས་རོལ་མོ་དང་བཅས་ཕྱིར་འབུལ། ཉེར་གསུམ་པ་བརྟན་མ་སྐྱོང་བ་ནི། སྔར་གྱི་གཏོར་གཞོང་བཤལ་བའི་ཕུད་ཀྱིས་བརྟན་མའི་གཏོར་མ་བྲན་ནས་འབྲུ་གསུམ་གྱིས་ལོངས་སྤྱོད་ཀྱི་གཏེར་དུ་བརླབས་ལ། བྷྱོ༔ བརྟན་མ་སྐྱོང་མཛད་མ་དང་སྲིང༔ བདུད་མོ་གནོད་སྦྱིན་སྨན་མོའི་ཚོགས༔ ཁྱེད་ཅག་སྔོན་གྱི་གཡར་དམ་ཅན༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ མ་མཱ། ཁ་ཁཱ། ལ་ལཱ། ལེ་ལཻ། ཏ་ཏཱ། ཏེ་ཏཻ། སྲིང་འགྲོ་མ་བ་ལིཾ་ཏ་ཁཱ་ཧི༔ ཞེས་གཙང་སར་འབུལ། ཉེར་བཞི་པ་གཏོར་མནན་བྲོ་རྡུང་ནི། གཏོར་གཞོང་ཁ་སྦུབ་སྟེ་འོག་ཏུ་ཕྱི་འབྲང་གི་དམ་སྲི་མནན་པར་བསམ་ལ། ཧཱུྃ༔ སྲིད་གསུམ་འབར་བའི་ཧོམ་ཁུང་དུ༔ བདུད་དང་ལོག་འདྲེན་མ་ལུས་པ༔ རྡོ་རྗེ་སྲིན་པོའི་བྲོ་ཡིས་མནན༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ ཨོཾ་ནན༔ ཨཱཿནན༔ ཧཱུྃ་ནན༔ སཏྭམྦྷ་ཡ་ནན༔ ཉེར་ལྔ་པ་དངོས་གྲུབ་བསྐུལ་བ་ནི། སྒྲུབ་གཏོར་ལྷར་གསལ་བ་ལས་དབང་བླང་བའི་དམིགས་པ་དང་བཅས། ཧཱུྃ༔ རིན་ཆེན་འབར་བའི་གཞལ་ཡས་ཁང༔ ནོར་བདག་ཛཾ་ལྷའི་དཀྱིལ་འཁོར་ལྷ༔ གནོད་སྦྱིན་སྡེ་དཔོན་ཚོགས་དང་བཅས༔ ཐུགས་དམ་བསྐུལ་ཞིང་གཟི་བྱིན་སྐྱེད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མི་འཛད་ནོར་ལ་དབང་འབྱོར་པའི༔ མགོན་པོ་ནོར་ལྷའི་དབང་ཐོབ་ཤོག༔ ཨོཾ་གུ་རུ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་ཛཾ་བྷི་མོ་ཧེ་མ་མ་བཱ་སུ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་བཻ་ཤྲ་མ་ཎཱ་ཡེ་ཨ་ཏྲི་ནྲྀ་པུཎྱེ་དྷ་ནཾ་མེ་དྷི་སིདྡྷི་པཱ་ཤཾ་ཀུ་རུ་སྡུས་སྡུས༔ ཨ་བྷི་ཥིཉྩ་ཧཱུྃ༔ བཅོམ་ལྡན་འདས་ནོར་གྱི་བདག་པོའི་ལྷ་ཚོགས་ཁྱེད་རྣམས་ཀྱིས་སྔོན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཞལ་གྱིས་བཞེས་པ་ལྟར་བདག་སོགས་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་ལ་བསོད་ནམས་ནོར་གྱི་དངོས་གྲུབ་འཛམ་གླིང་གཏེར་གྱི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཞེས་གནས་གསུམ་དུ་རེག་ཅིང་མཐར་གཏོར་མའི་ཡེ་ཤེས་པ་རང་ལ་བསྟིམ། དམ་ཚིག་པ་བདུད་རྩིར་ཞུ་བར་བསམ་ལ་གཏོར་ཟན་དངོས་གྲུབ་ཏུ་རོལ། ཉེར་དྲུག་པ་ནོངས་པ་བཟོད་པར་གསོལ་བ། ནོར་ལྷ་ཡོངས་རྫོགས་སྤྱན་འདྲེན་གཤེགས༔ སོགས་ཀྱིས་མཆོད་ཅིང་བསྟོད། ཧོ༔ གསང་སྔགས་གཉན་གྱི་སྒོར་ཞུགས་ཤིང༔ དམ་ཚིག་དཀྱིལ་འཁོར་དམ་པ་རུ༔ མ་འབྱོར་པ་དང་ཉམས་པའི་ཚོགས༔ ཐམས་ཅད་མ་ལུས་བཟོད་པར་གསོལ༔ ཡི་གེ་བརྒྱ་པ་མང་དུ་བཟླའོ། །ཉེར་བདུན་པ་རྟེན་འཛུག་པ་ནི། ཀྱེ༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ སྐྱེ་བའི་ཆོ་འཕྲུལ་སྐུར་བཞེངས་ཏེ༔ ནོར་བདག་མགོན་པོ་ཛཾ་བྷ་ལ༔ ནོར་ལྷ་བྱེ་བའི་ཚོགས་དང་བཅས༔ ཀུན་ཀྱང་གཟི་བརྗིད་ཡ་ལ་ལ༔ བརྗིད་པའི་སྐུ་ལ་འཛུམ་བག་ཅན༔ སྣ་ཚོགས་དར་དང་རིན་ཆེན་བརྒྱན༔ དགོས་འདོད་རེ་བ་སྤྲིན་ལྟར་གཏིབས༔ ཐུགས་རྗེ་བྱིན་རླབས་འབྲུག་ལྟར་འུར༔ མཐུ་སྟོབས་ནུས་པ་གློག་ལྟར་འཁྱུགས༔ དངོས་གྲུབ་ཆར་ལྟར་ཤ་ར་ར༔ དགྱེས་ཤིང་བཞུགས་པའི་རྟེན་ཞིག་འཛུག༔ ནོར་ལྷ་མི་དང་མ་བྲལ་ཅིག༔ ཅི་འདོད་སྩོལ་ཞིང་བརྟན་པར་བཞུགས༔ རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར༔ བརྟན་པའི་སྲོག་ཤིང་རྟེན་དུ་འཛུགས༔ ནོར་ལྷ་མི་དང་མ་བྲལ་ཅིག༔ ཅི་འདོད་སྩོལ་ཞིང་བརྟན་པར་བཞུགས༔ རྒྱུན་དུ་ཕྲིན་ལས་བཅོལ་བའི་ཕྱིར༔ བསོད་ནམས་གླང་འཁོར་རྟེན་དུ་འཛུགས༔ ནོར་ལྷ་མི་དང་མ་བྲལ་ཅིག༔ ཅི་འདོད་སྩོལ་ཞིང་བརྟན་པར་བཞུགས༔ ཁམས་གསུམ་སྲིད་གསུམ་དབང་སྡུད་ཕྱིར༔ བཀྲ་ཤིས་རྫས་རྟགས་རྟེན་དུ་འཛུག༔ ནོར་ལྷ་མི་དང་མ་བྲལ་ཅིག༔ ཅི་འདོད་སྩོལ་ཞིང་བརྟན་པར་བཞུགས༔ འདོད་པའི་རེ་བ་སྐོང་བའི་ཕྱིར༔ རིན་ཆེན་སྣ་ལྔ་རྟེན་དུ་འཛུགས༔ ནོར་ལྷ་མི་དང་མ་བྲལ་ཅིག༔ ཅི་འདོད་སྩོལ་ཞིང་བརྟན་པར་བཞུགས༔ དུག་ལྔའི་ནད་ལས་སྐྱོབ་པའི་ཕྱིར༔ སྨན་སྣ་དྲི་ལྡན་རྟེན་དུ་འཛུགས༔ ནོར་ལྷ་མི་དང་མ་བྲལ་ཅིག༔ ཅི་འདོད་སྩོལ་ཞིང་བརྟན་པར་བཞུགས༔ དབུལ་བའི་སྡུག་བསྔལ་སེལ་བའི་ཕྱིར༔ དར་ཟབ་འབྲུ་སྣ་རྟེན་དུ་འཛུགས༔ ནོར་ལྷ་མི་དང་མ་བྲལ་ཅིག༔ ཅི་འདོད་སྩོལ་ཞིང་བརྟན་པར་བཞུགས༔ ཚེ་སྲོག་བར་གཅོད་སེལ་བའི་ཕྱིར༔ མདའ་དར་ཚེ་གཟུངས་རྟེན་དུ་འཛུགས༔ ནོར་ལྷ་མི་དང་མ་བྲལ་ཅིག༔ ཅི་འདོད་སྩོལ་ཞིང་བརྟན་པར་བཞུགས༔ ལུས་ཀྱི་སྟོབས་རྣམས་རྒྱས་པའི་ཕྱིར༔ རྩི་ཐོག་ཤི་ཐོག་རྟེན་དུ་འཛུག༔ ནོར་ལྷ་མི་དང་མ་བྲལ་ཅིག༔ ཅི་འདོད་སྩོལ་ཞིང་བརྟན་པར་བཞུགས༔ འཁོར་འབངས་རིགས་རྒྱུད་སྤེལ་བའི་ཕྱིར༔ ས་ཞིང་ཁང་པ་རྟེན་དུ་འཛུགས༔ ནོར་ལྷ་མི་དང་མ་བྲལ་ཅིག༔ ཅི་འདོད་སྩོལ་ཞིང་བརྟན་པར་བཞུགས༔ རྟ་ནོར་ཕྱུགས་ལུག་སྩོལ་བའི་ཕྱིར༔ སྤུ་སྣ་སྣ་ཚོགས་རྟེན་དུ་འཛུགས༔ ནོར་ལྷ་མི་དང་མ་བྲལ་ཅིག༔ ཅི་འདོད་སྩོལ་ཞིང་བརྟན་པར་བཞུགས༔ ཅི་བསམ་སྒྲུབ་ལ་བརྩོན་པའི་ཕྱིར༔ སྣོད་བཅུད་འདོད་ཡོན་རྟེན་དུ་འཛུགས༔ ནོར་ལྷ་མི་དང་མ་བྲལ་ཅིག༔ ཅི་འདོད་སྩོལ་ཞིང་བརྟན་པར་བཞུགས༔ ཧཱུྃ༔ དེ་ལྟར་རྟེན་འཛུགས་བགྱིས་པ་དང༔ མཆོད་བསྟོད་འདོད་དོན་གསོལ་པའི་མཐུས༔ བདག་ལ་གཡང་ཅན་ནོར་རྫས་སྐྱོལ༔ བཅུད་ཅན་ཟས་ཀྱི་དངོས་གྲུབ་སྩོལ༔ འཛད་མེད་གོས་ཀྱི་དངོས་གྲུབ་སྩོལ༔ ཟང་ཟིང་ནོར་གྱི་དངོས་གྲུབ་སྩོལ༔ ཆོས་སྲིད་བརྟན་པའི་དངོས་གྲུབ༴ འཆི་མེད་ཚེ་ཡི་དངོས་གྲུབ༴ བདུད་འདུལ་སྔགས་ཀྱི་དངོས་གྲུབ༴ དབང་སྒྱུར་སྟོབས་ཀྱི་དངོས་གྲུབ༴ བང་མཛོད་ནས་ཀྱི་དངོས་གྲུབ༴ རིན་ཆེན་གསེར་གཡུའི་དངོས་གྲུབ༴ ཇ་དར་སྙན་གྲགས་དངོས་གྲུབ༴ རིགས་ལྡན་མུ་དྲའི་དངོས་གྲུབ༴ བརྒྱུད་འཛིན་བུ་ཡི་དངོས་གྲུབ༴ འཁོར་འབངས་གཡོག་གི་དངོས་གྲུབ༴ རྟ་ནོར་རྐང་བཞིའི་དངོས་གྲུབ༴ འདབ་ཆགས་སྡེར་ཆགས་དངོས་གྲུབ༴ ཅི་བསམ་འགྲུབ་པའི་དངོས་གྲུབ༴ སྟེང་ནས་ལྷ་ཡི་དངོས་གྲུབ༴ བར་ནས་མི་ཡི་དངོས་གྲུབ༴ འོག་ནས་ཀླུ་ཡི་དངོས་གྲུབ་སྩོལ༔ འཇིག་རྟེན་སྲིད་པའི་འདོད་ཡོན་དང༔ འབྱུང་ལྔས་བསྡུས་པའི་བཀྲག་མདངས་གཡང༔ བདེ་སྐྱིད་ཕུན་ཚོགས་གང་མཆིས་པ༔ ཐམས་ཅད་བདག་གི་དབང་དུ་སྡུས༔ བཀྲ་ཤིས་ཆར་ཆེན་རྒྱུན་མི་ཆད༔ རྒྱ་ཆེར་འབད་མེད་རབ་སྩོལ་ཞིང༔ ནམ་མཁའ་མཉམ་པ་འབྱུང་བར་ཤོག༔ ཅེས་པའི་མཐར། འདིར་ནི་གཟུགས་དང་ལྷན་ཅིག་ཏུ༔ སོགས་བརྟན་བཞུགས་ཀྱི་འདོད་གསོལ་རྒྱས་བསྡུས་ཅི་རིགས་དང་། སུ་པྲ་ཏིཥྛས་མེ་ཏོག་འཐོར། ཉེར་བརྒྱད་པ་གཡང་གཏའ་སྡོམ་པ་ནི། ཧཱུྃ༔ ཕུན་ཚོགས་གཡང་ཁང་ལོངས་སྤྱོད་དཔལ་གྱིས་ཕྱུག༔ དཀྱིལ་འཁོར་གཞལ་ཡས་བང་ཁང་ནོར་དང་ལྡན༔ ཡོན་བདག་མི་ནོར་ཟས་ཀྱི་རེ་བ་སྐོང༔ ཡེ་ཤེས་ལྷ་མཆོག་ཛཾ་ལ་རིགས་ལྔ་དང༔ ཤར་ལྷོ་ནུབ་བྱང་སྐྱོང་བའི་ནོར་ལྷའི་ཚོགས༔ ཐུགས་དམ་ཐུགས་རྗེས་དུས་ལས་མི་གཡེལ་བར༔ ནང་གི་དངོས་གྲུབ་འདོད་ཡོན་ཕྱིར་མ་གཏོང༔ ཕྱི་ཡི་བར་གཅོད་འབྱུང་པོ་ནང་མ་གཏོང༔ སྒོ་འདི་ཐུབ་པར་སྲུངས་ལ་གཏའ་འདི་སྡོམས༔ བཅོལ་ལོ་གཉེར་རོ་ཡེ་ཤེས་ལྷ་ཡི་ལྷ༔ ཐུབ་པར་སྲུངས་ལ་དངོས་གྲུབ་འབད་མེད་སྩོལ༔ ཉེར་དགུ་པ་བདག་བསྐྱེད་བསྡུ་ལྡང་ནི། ཧཱུྃ༔ རང་བཞིན་དཀྱིལ་འཁོར་ལྷ་ཚོགས་རྣམས༔ མཐའ་ནས་དབུས་ཞུ་གཙོ་ལ་ཐིམ༔ གཙོ་བོ་ཏིང་འཛིན་སེམས་དཔའ་ཛཾ༔ སྐྱེ་མེད་དབྱིངས་ཀྱི་ནཱ་དར་བསྡུ༔ སླར་ཡང་སྒྱུ་མའི་རོལ་རྩལ་གྱིས༔ རིག་འཛིན་བླ་མའི་ངོ་བོར་ལྡང༔ ཞེས་དཀྱིལ་འཁོར་འོད་གསལ་སྟོང་ཉིད་ཀློང་དུ་བསྡུ་ལ་མཉམ་པར་བཞག །སླར་ཡང་དྲན་རིག་ལྷར་ལྡང་ངོ་། །སུམ་ཅུ་པ་བསྔོ་བ་ནི། ཧཱུྃ༔ བསྔོ་བྱ་ཚོགས་གཉིས་དགེ་ཚོགས་རྣམས༔ བསྔོ་བྱེད་ཁམས་གསུམ་སེམས་ཅན་དོན༔ སྔོ་མཁན་ཀ་དག་ཆོས་སྐུའི་ངང༔ བསྔོ་ཡུལ་མེད་པའི་ངང་དུ་ཨ༔ སོ་གཅིག་པ་སྨོན་ལམ་ནི། ཧཱུྃ༔ སྨོན་པའི་བྱང་ཆུབ་སེམས་མཆོག་བསྐྱེད༔ འཇུག་པས་ཕ་རོལ་ཕྱིན་དྲུག་ལྡན༔ རང་བཞིན་གདོད་མའི་ངོ་བོ་རུ༔ ཐམས་ཅད་རྫོགས་བྱང་ཐོབ་པར་ཤོག༔ སོ་གཉིས་པ་ཤིས་བརྗོད་ནི། ཧཱུྃ༔ མ་བཅོས་སྤྲོས་བྲལ་བྱང་ཆུབ་སྙིང་པོའི་སྐུ༔ གདོད་ནས་མ་སྐྱེས་རང་བྱུང་མཐའ་དབུས་བྲལ༔ ལྷུན་གྲུབ་རྣམ་དག་ཀུན་ཁྱབ་ཀུན་ཏུ་བཟང༔ ཆོས་སྐུའི་བཀྲ་ཤིས་དེས་ཀྱང་བདེ་ལེགས་ཤོག༔ རིགས་ལྔ་ཡབ་ཡུམ་སེམས་དཔའ་ལྕམ་དྲལ་བཞི༔ སྒོ་བ་ཡབ་ཡུམ་སྤྲུལ་སྐུ་ཐུབ་པ་དྲུག༔ དཔལ་འབར་ཞི་བ་བཞི་བཅུ་རྩ་གཉིས་ཏེ༔ ལོངས་སྐུའི་བཀྲ་ཤིས་དེས་ཀྱང་བདེ་ལེགས་ཤོག༔ ཆེ་མཆོག་ཧེ་རུ་ཡིད་བཞིན་མྱུར་འགྲུབ་དཔལ༔ ཡིད་བཞིན་རིན་ཆེན་གཏེར་གྱི་བཀྲ་ཤིས་ཤོག༔ སྣང་བ་མཐའ་ཡས་ཡེ་ཤེས་ཚེ་ཡི་བདག༔ འགྱུར་མེད་རྡོ་རྗེ་ཚེ་ཡི་བཀྲ་ཤིས་ཤོག༔ འཇམ་དཔལ་གཤིན་རྗེ་སྣང་སྲིད་སྐུ་ཡི་དཔལ༔ འགྱུར་མེད་འཇམ་དཔལ་སྐུ་ཡི་བཀྲ་ཤིས་ཤོག༔ དཔལ་ཆེན་རྟ་མགྲིན་ཆོས་སྒོ་འདུས་པའི་དཔལ༔ འགགས་མེད་པདྨ་གསུང་གི་བཀྲ་ཤིས་ཤོག༔ ཡང་དག་ཡོངས་རྫོགས་རང་བྱུང་ཐུགས་ཀྱི་དཔལ༔ འགྱུར་མེད་ཡང་དག་ཐུགས་ཀྱི་བཀྲ་ཤིས་ཤོག༔ དངོས་གྲུབ་ཀུན་འབྱུང་བྱིན་རླབས་སྩོལ་བའི་དཔལ༔ བླ་མ་རིག་འཛིན་ལྷ་ཚོགས་བཀྲ་ཤིས་ཤོག༔ ཛམ་ལ་རིགས་ལྔ་ནོར་ལྷ་འདུས་པའི་དཔལ༔ འདོད་རྒུ་ཆར་དུ་འབེབ་པའི་བཀྲ་ཤིས་ཤོག༔ ཡཀྵ་ཀཱ་ལ་ཕྲིན་ལས་ཐོགས་མེད་དཔལ༔ ལས་བཞི་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག༔ རིག་འཛིན་ཡོངས་རྫོགས་རྒྱུད་ལུང་མན་ངག་དཔལ༔ ཤེས་རབ་གསུམ་ལ་མངའ་བརྙེས་བཀྲ་ཤིས་ཤོག༔ དམ་ཅན་རྒྱ་མཚོ་བདུད་བཞི་འཇོམས་པའི་དཔལ༔ སྡེ་བརྒྱད་བྲན་དུ་བཀོལ་བའི་བཀྲ་ཤིས་ཤོག༔ པདྨ་དྲག་པོ་སྣང་སྲིད་སྲོག་བདག་དཔལ༔ དགྲ་བགེགས་མ་ལུས་སྒྲོལ་བའི་བཀྲ་ཤིས་ཤོག༔ དཀྱིལ་འཁོར་ཡོངས་རྫོགས་དངོས་གྲུབ་ཀུན་འབྱུང་དཔལ༔ བསྙེན་སྒྲུབ་ལས་མཐར་ཕྱིན་པའི་བཀྲ་ཤིས་ཤོག༔ ཅེས་སོགས་ཤིས་པ་རྒྱ་ཆེར་བརྗོད་ཅིང་མེ་ཏོག་གི་ཆར་དབབ་བོ། །འདིར་སྨྲས་པ། ཀྱེ་མ་དེང་སང་རྩོད་དུས་ཐ་མའི་འགྲོ། །ཕལ་ཆེར་དབུལ་བའི་མྱ་ངམ་ཐང་ཆེན་དུ། །འཁྱམས་མོད་ཚུར་ཤོག་འདོད་རྒུའི་གཏེར་གྱི་སྒོ། །འབུམ་ཕྲག་གདངས་པའི་གཞལ་མེད་ཁང་འདི་ཟུངས། །ཆོས་སྲིད་དགེ་མཚན་ཡོན་ཏན་དངོས་ཀུན་གྱི། །སྲོག་ཏུ་གྱུར་པ་ནོར་ཉིད་དེ་ཡི་ཕྱིར། །བློ་ལྡན་རྣམས་ཀྱིས་བརྩོན་པའི་གྲུ་སྐྱོད་ལ། །དངོས་གྲུབ་རིན་ཆེན་གླིང་ཡངས་འདིར་ཞུགས་ཤིག །བསོད་ནམས་རྩིབས་སྟོང་གསེར་གྱི་འཁོར་ལོ་ཡིས། །སྡིག་དང་རྒུད་སོགས་རྒོལ་བའི་ཕྱོགས་ཀུན་ལས། །རྣམ་པར་རྒྱལ་ནས་ཐེག་པ་ཆེན་པོ་ཡི། །ཆོས་ཀྱི་རྒྱལ་སྲིད་མངོན་པར་མཐོ་གྱུར་ཅིག །གསང་སྒྲུབ་ཁམས་གསུམ་དབང་སྡུད་ཀྱི་ལས་བྱང་དཔག་བསམ་ལྗོན་ཤིང་ཞེས་བྱ་བ། གངས་རི་དཔལ་གྱི་དོ་ཤལ་འཆང་བའི་ལྗོངས་འདིར་སྣོད་བཅུད་ཆོས་སྲིད་ཀྱི་ལེགས་ཚོགས་གོང་དུ་སྤེལ་བའི་སླད་དུ། གཏེར་སློབ་གནུབས་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་དཔལ་བཟང་པོས་རྒྱལ་བའི་ལོ་མགོ་ཟླའི་ཚེས་བཅུ་རྒྱལ་ཕུར་འཛོམ་པའི་དུས་དགེ་བར་རིན་ཆེན་སྤུངས་པ་ལྟ་བུའི་གནས་མཆོག་དཔལ་ཆུ་བོ་རིར་སྦྱར་བའོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །། ༄༅། །བླ་མ་ནོར་ལྷའི་གཡང་ཆོག་དང་འབྲེལ་བའི་བསེ་རག་རྫོངས་ཐབས་མདོར་བསྡུས་བཞུགས། ཨོཾ་སྭསྟི། བླ་མ་ནོར་ལྷའི་གཡང་སྒྲུབ་སྐབས་སྒབ་འདྲེ་བསེ་རག་རྫོངས་པའི་ཆོ་ག་མདོར་བསྡུས་པ་ནི། སྦྱོར་བའི་སྐབས་སུ་ཕད་བུ་ནག་པོའི་ཁར་རྫ་ཆག་ལྟ་བུར་བསེ་རག་ངར་མི་ཞྭ་གོས་སྐྱ་བོ་གྱོན་པ་སྐ་རགས་དམ་དུ་བཅིང་ཞིང་ལག་གཉིས་ཟས་བསླང་བའི་ཚུལ་གྱིས་བཟེད་པ་ཁ་གད་མོ་བགད་པའི་ཚུལ་ཅན། ཕྲག་པ་གཡས་གཡོན་དུ་ཉི་ཟླའི་ཤིང་བྱང་། རྒྱབ་ཏུ་ནམ་མཁའ་དཀར་པོ་གཟེར་བའི་གཡས་སུ་ཕོ་རིགས་ཀྱི་གླུད་དྲིལ་གཡོན་དུ་མོ་རིགས་ཀྱི་གླུད་དྲིལ། མདུན་དུ་མར་མེ། རྒྱབ་ཏུ་ཏིང་ལོ། མཐའ་མར་ཕོར་སྡེར་རྫ་ཟངས་ཆག་ཡས་དང་། དར་ཚོན། བལ་རས། རིན་ཆེན། ནས་འབྲས་སྦང་མ་བྲ་བོ་རམ་པ། སྲེ་ལོང་། སྒོག་གཡེར་རྒྱ་བ། རྒྱ་ཚྭ་ཁ་རུ་ཚྭ། ལྕམ་པ་རུས་པ་ལ་ལ་ཕུད། ཝ་རིལ་ཁྱི་རིལ་སྤྱང་རིལ། ཞྭ་གོས་ལྷྭམ་ཧྲུལ། མདའ་གཞུ་མདུང་ཆག །ཐག་པ་དཀར་ནག་འབྲེང་ཆད་སོགས་མི་ཁའི་ཡས་རྫས་བཤམ་མོ། །དངོས་གཞིར་ལས་བྱང་གི་བགེགས་བསྐྲད་ཀྱི་གོང་དུ་བྱ་བའམ། ཕྱག་ལེན་ཕལ་ཆེར་ལ་གཡང་འགུགས་ཀྱི་གོང་དུ་མཛད་པས། སྐབས་སུ་བབས་པ་ན། ཡས་རྣམས་སྔགས་དྲུག་ཕྱག་དྲུག་གིས་འདོད་ཡོན་དུ་བརླབ་ཅིང་རང་ཉིད་དྲག་པོའི་ང་རྒྱལ་དང་ལྡན་པས། ཀྱེ༔ རི་བོ་ཆེན་པོའི་ལྷོ་ཡི་ཕྱོགས༔ འཛམ་བུ་གླིང་གི་འཇིག་རྟེན་ཁམས༔ སྣ་ཚོགས་ལས་ཀྱི་གྲོང་ཁྱེར་གྱི༔ མཐའ་དབུས་ཕྱོགས་མཚམས་གར་བཞུགས་ཀྱང༔ བསེ་རག་གཞོན་ནུ་རྒྱལ་པོ་ལ༔ བསེ་རག་སྡེ་ཚོགས་འཁོར་གྱིས་བསྐོར༔ རྫོངས་ཡས་མཆོད་སྦྱིན་བཞེས་པའི་ཕྱིར༔ བསྐྱེད་པའི་གནས་འདིར་མྱུར་དུ་གཤེགས༔ བོས་པའི་མགྲོན་ལ་ས་མཱ་ཛ༔ གཟུགས་དང་གཉིས་མེད་བརྟན་པར་བཞུགས༔ ཕུད་དང་ནས་འབྲུ་འཐོར་ཞིང་། ཀྱེ༔ བསེ་རག་གཞོན་ནུ་རྒྱལ་པོ་ནི༔ མ་ལུས་འཁོར་བཅས་ཚུར་ཉོན་ཅིག༔ ཁྲོ་རྒྱལ་ཕྱག་ན་རྡོ་རྗེ་ཡིས༔ བཀའ་བསྒོས་དམ་ལ་བཞག་པ་ལྟར༔ རྫོངས་ཡས་མཆོད་སྦྱིན་འདི་བཞེས་ལ༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ ཐབ་ལ་འཁོར་བ་བསེ་རག་ནི༔ དམར་པོ་མེ་ཐུལ་མེ་ལྕེ་ཅན༔ དཀར་ལ་འཁོར་བའི་བསེ་རག་ནི༔ དཀར་པོ་བ་ཐུལ་ལྕགས་ལྕེ་ཅན༔ ཟས་ལ་འཁོར་བའི་བསེ་རག་ནི༔ གོས་ཧྲུལ་དཀར་སྐྱ་ཤིང་ལྕེ་ཅན༔ འབྲུ་ལ་འཁོར་བའི་བསེ་རག་ནི༔ རེ་གོས་ནག་པོ་རླུང་ལྕེ་ཅན༔ གོམ་པ་རེ་རེས་རྒྱང་གྲགས་བགྲོད༔ ལག་པ་བརྐྱངས་པས་དཔག་ཚད་ཁྱབ༔ ཡིད་ཀྱིས་བལྟས་པས་ཡུལ་ཁམས་གསལ༔ ཁྱེད་རྣམས་མ་ལུས་འཁོར་བཅས་ལ༔ དེ་རིང་ཡས་དང་རྫོངས་འདེབས་ན༔ ནས་འབྲས་ཆང་གི་སྦང་མ་འདི༔ ཟད་མི་ཤེས་པའི་སྐོམ་ཆུ་གྱིས༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ བྲ་ནག་སྲན་ཆུང་རམ་པ་གསུམ༔ ཟད་མི་ཤེས་པའི་འབྲུ་ནོར་གྱིས༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ ར་ལུག་ནོར་གསུམ་སྲེ་ལོང་འདི༔ ཟད་མི་ཤེས་པའི་རྒྱ་རི་གྱིས༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ སྒོག་པ་གཡེར་མ་རྒྱ་བ་གསུམ༔ ཟད་མི་ཤེས་པའི་འབྲུ་ནོར་གྱིས༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ རྒྱ་ཚྭ་དང་ནི་ཁ་རུ་ཚྭ༔ ཟད་མི་ཤེས་པའི་རོ་མཆོག་གྱིས༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ ལྕམ་པ་རུག་པ་ལ་ལ་ཕུད༔ ཟད་མི་ཤེས་པའི་སྔོ་གསུམ་གྱིས༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ ཝ་རིལ་ཁྱི་རིལ་སྤྱང་རིལ་གསུམ༔ ཟད་མི་ཤེས་པའི་གོ་མཚོན་གྱིས༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ ཞྭ་ཧྲུལ་ལྷྭམ་ཧྲུལ་གོས་ཧྲུལ་གསུམ༔ ཟད་མི་ཤེས་པའི་ཞྭ་གོས་ལྷྭམ་གསུམ་གྱིས༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ མདའ་ཆག་མདུང་ཆག་གཞུ་ཆག་གསུམ༔ ཟད་མི་ཤེས་པའི་གོ་མཚོན་གྱིས༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ རྫ་ཆག་ཕོར་ཆག་སྡེར་ཆག་གསུམ༔ ཟད་དུ་མེད་པའི་ཡོ་བྱད་གྱིས༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ ཐག་པ་དཀར་ནག་འབྲེང་ཆད་གསུམ༔ ཟད་དུ་མེད་པའི་ཁུར་ཐག་གྱིས༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ དེ་ནས་ཁ་ཕྱིར་སྒྱུར་སྒྲོན་མེ་སྦར༔ ཀྱེ༔ བསེ་རག་འཁོར་བཅས་ཚུར་ཉོན་དང༔ ད་ནི་ལམ་བསྟན་ཤར་དུ་བསྟན༔ ཤར་ཕྱོགས་ལུས་འཕགས་གླིང་ལ་གཤེགས༔ གླིང་ཆེན་དེ་ན་དཔལ་རེ་བཟང༔ གླིང་ཆེན་དེ་ན་ནོར་རེ་ཕྱུག༔ གླིང་ཆེན་དེ་ན་སྐྱིད་རེ་ཆེ༔ ཁྱེད་ཅག་མ་ལུས་དེ་ན་གཤེགས༔ ནམ་མཁའ་དཀར་པོ་བྱིན་པ་དེ༔ ལུས་འཕགས་གླིང་གི་ནམ་མཁའ་ཡིན༔ རི་བོ་དཀར་པོ་ཤེལ་གྱི་རི༔ ལུས་འཕགས་པོ་ཡི་རི་བོ་ཡིན༔ ཁྱེད་ཅག་འཁོར་བཅས་གླིང་དེར་དེངས༔ ཡུལ་འཁོར་འདི་ལ་མ་ཆགས་ཤིག༔ གནས་ཁང་འདི་ལ་མ་ཞེན་ཅིག༔ མར་མེ་མདུན་གྱི་ལམ་སེལ་གྱིས༔ གཡས་ཀྱི་ཆངས་བུ་ཉིན་གྱི་ལོངས་སྤྱོད་གྱིས༔ གཡོན་གྱི་ཆངས་བུ་མཚན་གྱི་ལོངས་སྤྱོད་གྱིས༔ ཕྲག་པ་གཡས་ཀྱི་ཉི་མ་དེ༔ ཉིན་གྱི་ལམ་སྒྲོན་གྱིས་ལ་གཤེགས༔ ཕྲག་པ་གཡོན་གྱི་ཟླ་བ་དེ༔ མཚན་གྱི་ལམ་སྒྲོན་གྱིས་ལ་གཤེགས༔ རྒྱབ་ན་བཞག་པའི་ཏིང་ལོ་དེ༔ ཕུགས་ཀྱི་ནང་ཟས་གྱིས་ལ་གཤེགས༔ དར་ཚོན་བལ་རས་སྣ་ཚོགས་དེ༔ ཁྱེད་ཅག་མཁོ་དགུ་གྱིས་ལ་གཤེགས༔ རིན་ཆེན་རྣམ་ལྔའི་རྫོངས་ཆེན་དེ༔ མེད་ཀྱང་མི་ལ་བཙལ་པ་ཡིན༔ སྲ་ཡང་བྲག་ལ་བརྐོས་པ་ཡིན༔ ཕྱག་ན་རྡོ་རྗེའི་བཀའ་བྱུང་ནས༔ ཕོངས་ཀྱང་རྫོངས་སུ་བཏབ་པ་ཡིན༔ ཡས་རྫོངས་རྣམ་པ་སྣ་ཚོགས་དེ༔ ཁྱོད་ལ་བྱིན་པས་དགའ་བར་གྱིས༔ ཁྱོད་ལ་བྱིན་པས་མགུ་བར་གྱིས༔ རྒྱང་གྲགས་རེ་ལ་གོམ་རེ་གྱིས༔ དཔག་ཚད་རེ་ལ་འདུར་རེ་གྱིས༔ ད་སོང་ད་གཤེགས་དུས་ལ་བབས༔ མྱུར་དུ་དེངས་ཤིག་བསེ་རག་ཚོགས༔ ཡས་དང་རྫོངས་ཆེན་དེ་བཏབ་ནས༔ བཀའ་བཞིན་འགྲོ་བར་མ་བྱས་ན༔ ཕྱག་ན་རྡོ་རྗེའི་ཏིང་འཛིན་གྱིས༔ ཁྲོ་བོ་ཁྲོ་མོ་མཚོན་ཆ་དང༔ མེ་དཔུང་རྡོ་རྗེའི་ཆར་ཆེན་པོས༔ རྡུལ་དུ་བརླག་པར་གདོན་མི་ཟ༔ ཞེས་དང་། སུམྦྷའི་སྔགས་ཀྱིས་བསྐྲད། ཧཱུྃ༔ ང་ནི་རྣམ་དག་རྒྱུ་ནི་ཁྲོ་བོའི་སྐུ༔ སོགས་བརྗོད་ཅིང་སྲུང་འཁོར་བརྟན་པར་གསལ་བཏབ་ལ་མཚམས་བཅད་དེ་ཕྱྭ་གཡང་འགུགས་པའི་ཕྲིན་ལས་ལ་འཇུག་པར་བྱའོ། །ཞེས་པའང་གཏེར་སློབ་ཕྲིན་ལས་པའི་ཆོག་བསྒྲིགས་ལས་ཁོལ་དུ་ཕྱུང་བ་དགེའོ། །མངྒ་ལཾ།། །། ༄༅། །བླ་མའི་ཐུགས་སྒྲུབ་ཡོན་ཏན་ཀུན་འབྱུང་ལས༔ གཏེར་སྲུང་སྤུ་གྲི་མཆེད་གསུམ་གྱི་རྒྱུན་གྱི་ཕྲིན་ལས་བཞུགས༔ ྈ ྈྈྈྈ དཔལ་ཆེན་ཧེ་རུ་ཀ་ལ་འདུད༔ བཀའ་གཏེར་སྲུང་མཆོད་བྱེད་འདོད་ན༔ རྒྱས་པ་རང་རང་དཀྱུས་ལྟར་བྱ༔ བསྡུ་ན་དཀར་དམར་གཏོར་མ་དང༔ གཟའ་བཤོས་མཐེབ་ཀྱུ་བཅུ་གཉིས་ཏེ༔ མཆོད་རྫས་ཅི་འབྱོར་སྟ་གོན་བྱ༔ བདག་ཉིད་པདྨ་དབང་དུ་གསལ༔ ཧཱུྃ་ཧཱུྃ་ཧཱུྃ༔ བླ་མ་ཁྲོ་རྒྱལ་དྲག་པོ་རྩལ༔ མི་མངོན་དབྱིངས་ནས་སྤྱན་འདྲེན་ན༔ འདིར་གཤེགས་བཤམས་པའི་མཆོད་གཏོར་བཞེས༔ ཕྱི་ནང་འགལ་རྐྱེན་ཞི་བ་དང༔ འདོད་རྒུ་ཆར་དུ་འབེབ་མཛད་གསོལ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་ས་པ་རི་བཱ་ར་པཉྩ་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མཁའ་འགྲོའི་གཙོ་མོ་རྣལ་འབྱོར་མ༔ ཌཱ་ཀི་སྡེ་ལྔའི་ཚོགས་དང་བཅས༔ ཉི་ཤུ་རྩ་བཞིའི་གནས་ནས་བཞེངས༔ སྒྲུབ་པའི་གནས་འདིར་གཤེགས་ནས་ཀྱང༔ མཉེས་པའི་མཆོད་ཚོགས་བཞེས་སུ་གསོལ༔ ཌཱ་ཀི་ནཱི་ཧ་རི་ནི་ས་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མ་ནིང་སྲོག་བདུད་འཁོར་དང་བཅས༔ ཕོ་རྒྱུད་མགོན་པོའི་ཚོགས་ཀྱིས་བསྐོར༔ ཡང་འཁོར་སྤྲུལ་པ་འབུམ་དང་བཅས༔ མཆོད་ཕྱིར་གནས་འདིར་སྤྱན་འདྲེན་ནོ༔ དགྱེས་པའི་གདན་བཞུགས་ཕྱག་འཚལ་བསྟོད༔ མཆོད་གཏོར་བཞེས་ལ་བསྟན་པ་སྲུངས༔ ཤྲཱི་མ་ཧཱ་ཀཱ་ལ་སརྦ་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཧྲཱི༔ སྡེ་བརྒྱད་ཤན་པའི་གྲོང་ཁྱེར་ནས༔ ཁྱབ་འཇུག་དུག་གི་གདོང་པ་ཅན༔ གཟའ་བརྒྱད་གདོང་བཞི་རྒྱུ་སྐར་ཚོགས༔ མཆོད་གཏོར་བཞེས་ལ་དགྲ་བགེགས་སྒྲོལ༔ ཨོཾ་རཱ་ཧུ་ལ་སརྦ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ དམ་ཅན་རྡོ་རྗེ་ཀུན་དྲག་མོ༔ མ་ཡམ་བརྟན་མའི་ཚོགས་ཀྱིས་བསྐོར༔ འདིར་གཤེགས་བཤམས་པའི་མཆོད་པ་བཞེས༔ རྐྱེན་ཟློགས་དགྲ་ཐུལ་དངོས་གྲུབ་སྩོལ༔ ཌཱ་ཀི་ནཱི་མ་མ་སརྦ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ བཀའ་གཏེར་སྲུང་མ་དྲག་རྩལ་མཐུ་བོ་ཆེ༔ ཁྱེད་ལ་མཆོད་བསྟོད་འདོད་དོན་གསོལ་བའི་མཐུས༔ རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་རྣམས༔ ནད་གདོན་བར་ཆད་དགྲ་བགེགས་ཞི་བ་དང༔ ཚེ་བསོད་དཔལ་འབྱོར་ཉམས་རྟོགས་རབ་རྒྱས་ཤིང༔ སྲིད་གསུམ་ལྷ་འདྲེ་མི་རྣམས་དབང་དུ་སྡུས༔ བྱད་མ་དགྲ་བགེགས་མྱུར་དུ་བརླག་པར་མཛོད༔ མདོར་ན་འདི་གཟུང་གནས་སྐབས་ཐམས་ཅད་དུ༔ ལུས་དང་གྲིབ་བཞིན་མི་འབྲལ་རྟག་འགྲོགས་ནས༔ བསམ་པའི་དོན་རྣམས་ཡོངས་སུ་འགྲུབ་པར་མཛོད༔ ཁྱད་པར་རིགས་དང་ཆོས་ཀྱི་བརྒྱུད་འཛིན་དང༔ ཟབ་གཏེར་བསྟན་པ་ཕྱོགས་བཅུར་རྒྱས་པར་མཛོད༔ ཅེས་བརྗོད་གཏོར་མ་གཙང་སར་གཤེགས༔ རྒྱུན་གཏོར་བརྟན་བཞུགས་མཆོད་གཏོར་གཤེགས་བསྡུ་སོགས༔ རྣལ་འབྱོར་ཉམས་ལྡན་བློ་ཡིས་དཔྱད༔ ཤིན་ཏུ་ཟབ་པ་དམ་ཅན་མཆོད་བྱང་འདི༔ མ་འོངས་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔
སློབ་དཔོན་ཆེན་པོ་སྤྲུལ་སྐུ་པདྨ་འབྱུང་གནས་ཀྱི་བཀའ་འབུམ་བཞུགས་པའི་དབུའི་ཕྱོགས༔ ཆོས་འདི་ཉམས་སུ་ལེན་པའི་སྙིང་གཏམ་གྱི་ཆོས་ཡིན་པས༔ ཐུགས་སུ་ལེན་པར་མཛོད་ལེགས་སྷོ༔ (Volume 60, Text 6)
ལས་མ་བྱིན་པར་ལེན་པའི་ངོ་བོ་ནི༔ གཞན་གྱི་རྫས་བདག་གིར་བྱེད་པ་ཞིག་ཡིན་ཏེ༔ དབྱེ་ན༔ མཐུས་ལེན་པ་མངོན་སུམ་དུ་འཕྲོག་པ་ལྟ་བུ་དང༔ འཇབ་བུས་ལེན་པ་མ་ཚོར་བར་རྐུ་བ་དང༔ གཡོ་སྒྱུས་ལེན་པ་བྲེ་སྲང་གི་ཟོལ་ལ་སོགས་པ་བྱེད་པ་ཡིན༔ མཚོ་རྒྱལ་འདོད་པ་ལས་བློ་མ་ལོག་པའི་མི་ལ་སྐྱིད་མེད་གསུངས༔ དེ་རྫོགས་པར་བྱེད་པའི་ཡན་ལག་སྔར་ལྟར་བཞི་ཚང་བས་རྫོགས༔ འབྲས་བུ་ལ་གསུམ་ལས་རྣམ་པར་སྨིན་པའི་འབྲས་བུ་ཤས་ཆེ་འབྲིང་ཆུང་གསུམ་གྱིས་ངན་སོང་གསུམ་དུ་ལྷུང༔ ཁྱད་པར་དུ་ཡི་དྭགས༔ དབང་གི་འབྲས་བུ་གལ་ཏེ་མིར་སྐྱེས་སྲིད་ན་ཡང་འབྱོར་པ་ཆུང་ཞིང་རྐུ་འཕྲོག་མང་དུ་འབྱུང་བར་འགྱུར་རོ༔ རྒྱུ་མཐུན་གྱི་འབྲས་བུ་ནི་བག་ཆགས་ངན་པ་ཀུན་གཞི་ལ་སོག་པས་ཚེ་རབས་ཐམས་ཅད་དུ་ཡང་མ་བྱིན་པར་ལེན་པ་ལ་དགའ་བར་འགྱུར་རོ༔ མཚོ་རྒྱལ་དེ་ལྟ་བུ་ལ་སྤྱད་པ་སྤངས་ན༔ འབྲས་བུ་ལྷ་མིའི་ལུས་བླངས་ནས་འབྱོར་པ་དང་ལྡན་པ་ལ་སོགས་པ་སྔར་ལས་ཟློག་པ་འཐོབ་པར་འགྱུར་རོ་གསུངས༔ ལུས་ཀྱི་མི་དགེ་བ་གསུམ་པ་འདོད་པས་ལོག་པར་གཡེམ་པའི་ངོ་བོ་ནི༔ འདོད་པའི་ཡུལ་རང་དབང་དུ་མ་གྱུར་པ་ལ་གཡེམ་པ་ཞིག་ཡིན༔ དབྱེ་ན༔ རྒྱལ་པོས་བསྲུངས་པ་བཙུན་མོ་ལ་འབངས་ཀྱིས་སྤྱད་དུ་མི་རུང་བའམ༔ ཁྲིམས་བཅས་པས་སྤྱད་དུ་མི་རུང་བ་ལྟ་བུའོ༔ ཕ་མས་བསྲུངས་པ་ནི༔ རྒྱ་གར་པ་བབ་ཅོལ་དུ་སྤྱད་དུ་མེད་དེ༔ ཕོ་མོ་ཁྱིམ་དུ་མ་བསྟུན་གྱི་བར་ལ་ཕ་མས་བསྲུངས་པ་ལྟ་བུ་ལ་སྤྱད་པའོ༔ མི་ཆོས་ཀྱིས་བསྲུངས་པ་ཞེས་བྱ་སྟེ༔ མ་སྲིང་ལ་སོགས་པའི་ངོ་ཚ་བའི་གནས་ལ་སྤྱད་དུ་མི་རུང་བའོ༔ ལྷ་ཆོས་ཀྱིས་བསྲུངས་པ་ཞེས་བྱ་སྟེ༔ སློབ་དཔོན་གྱི་ཕྱག་རྒྱ་མའམ༔ འདུལ་ཁྲིམས་ཅན་ལ་སོགས་པ་ཡིན༔ སྐྱེས་བུ་ཆགས་པ་ཅན་གྱིས་ཐར་པའི་ལམ་སྣ་མི་ཟིན༔ མཚོ་རྒྱལ་གཉེན་པོས་སླེབ་པར་གྱིས་ཤིག་གསུངས༔ བདག་གི་དབང་དུ་བྱས་པའི་གྲོགས་ལའང་སྤྱད་དུ་མི་རུང་བའི་སྐབས་ཡོད་དེ༔ དུས་མི་རུང་བ་ཉ་སྟོང་བརྒྱད་གསུམ་ལ་མི་རུང༔ གནས་དཀོན་མཆོག་སྤྱན་སྔར་མི་རུང༔ ཡན་ལག་མ་ཡིན་པ་བྱོལ་སོང་གི་སྤྱོད་ཚུལ་ལ་སོགས་པ་མི་རུང་ངོ༔ མཚོ་རྒྱལ་ལར་སྐྱེས་བུ་ཁྱིམ་ཐབ་མ་སྤང་བ་བདུད་ཀྱི་ར་བར་ཚུད་པ་ཡིན་གསུངས༔ དེ་ཡང་རྫོགས་པར་བྱེད་པའི་ཡན་ལག་སྔར་ལྟར་བཞི་ཚང་བས་རྫོགས༔ འབྲས་བུ་ལ་ཡང་གསུམ༔ ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ངན་སོང་གསུམ་དུ་སྐྱེ༔ གལ་ཏེ་མཐོ་རིས་ཐོབ་སྲིད་ན་ཡང་ཁྱོ་ཤུག་འཐབ་འདོད་པ་ལ་སོགས་པར་འགྱུར༔ དབང་གི་འབྲས་བུ་ནི་ཚེ་རབས་སུ་ཡང་བདག་གི་མཆིས་བྲང་སྙིང་རིང་ཞིང་ལོག་པ་སྣ་ཚོགས་བྱེད༔ རྒྱུ་མཐུན་གྱི་འབྲས་བུ་བག་ཆགས་ངན་པས་འདོད་ལོག་ལ་དགའ་བར་འགྱུར་རོ༔ མཚོ་རྒྱལ་དེ་ལྟ་བུ་ལ་སྤྱད་པ་སྤངས་ན་འབྲས་བུ་དེ་ལས་ཟློག་པ་འཐོབ་པར་འགྱུར་བས་སྤང་བ་གལ་ཆེ་གསུངས༔ གཉིས་པ་ངག་གི་མི་དགེ་བ་ལ་བཞི་སྟེ༔ དང་པོ་རྫུན་དུ་སྨྲ་བའི་ངོ་བོ་ནི༔ དངོས་པོའི་ཆོས་ལ་མི་གནས་པ་ལ༔ དེར་ངག་གིས་རྗོད་པ༔ དབྱེ་ན༔ ཕན་གནོད་མེད་པའི་རྫུན་རྒན་པོ་རྫུན་བྱེད་པ་ལྟ་བུ་དང༔ ཕན་གནོད་ཡོད་པའི་རྫུན་ཡུལ་གཅིག་ལ་ཕན་པ་གཅིག་ལ་གནོད་པའི་རྫུན་དང༔ མི་ཆོས་བླ་མའི་རྫུན་ཞེས་ཏེ་བདག་གི་རྒྱུད་ལ་མེད་པའི་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཡོད་པར་སྨྲ་བ་རྣམས་ཡིན་ཏེ༔ མཚོ་རྒྱལ་མ་བརྟགས་པའི་བརྗོད་པ་མ་མང་ཞིག་གསུངས༔ དེ་རྫོགས་པར་བྱེད་པའི་ཡན་ལག་སྔར་ལྟར་བཞི་ཚང་བས་རྫོགས༔ འབྲས་བུ་ལ་གསུམ་ལས༔ རྣམ་པར་སྨིན་པའི་འབྲས་བུ་ངན་སོང་གསུམ་དུ་ལྷུང༔ དབང་གི་འབྲས་བུ་གལ་ཏེ་མིར་སྐྱེས་ན་ཡང་ངག་མི་བཙན་པར་འགྱུར༔ རྒྱུ་མཐུན་པའི་འབྲས་བུ་ཚེ་རབས་སུ་ཡང་རྫུན་སྨྲ་བ་ལ་དགའ་བར་འགྱུར་རོ༔ མཚོ་རྒྱལ་དེ་ལྟ་བུ་སྤངས་ན་འབྲས་བུ་དེ་ལས་ཟློག་པ་འཐོབ་པར་འགྱུར་བས་སྤང་བ་གལ་ཆེ་གསུངས༔ ངག་གི་མི་དགེ་བ་གཉིས་པ་ཕྲ་མའི་ངོ་བོ་ནི༔ གཞན་གྱི་མཛའ་བོ་དབྱེ་བ་ཞིག་ཡིན༔ དབྱེ་ན༔ བཙན་ཕྲ་ཞེས་བྱ་སྟེ་ངོས་རྒོལ་དང༔ གཞོགས་ཕྲ་སྟེ་ཟུར་ཟློས་བྱེད་པ་དང༔ ལྐོག་ཕྲ་སྟེ་གཞན་ལ་སོ་སོར་སྒྲོག་པ་རྣམས་ཡིན་ཏེ༔ མཚོ་རྒྱལ་ཚོ་གཟུང་མ་ནུས་པའི་མི་ལ་སྐྱིད་མེད་གསུངས༔ ཡན་ལག་སྔར་དང་འདྲ༔ འབྲས་བུ་གསུམ་ལས༔ རྣམ་པར་སྨིན་པའི་འབྲས་བུ་ངན་སོང་གསུམ་དུ་ལྷུང༔ དབང་གི་འབྲས་བུ་ནི་མི་ལུས་ཐོབ་སྲིད་ན་ཡང་མཛའ་བོ་ཉུང་བ་དང༔ འཐབ་ཟླ་མང་བ་དང༔ རྟག་ཏུ་གྱོད་སྣ་མང༔ ཀུན་གྱི་ཡིད་དུ་མི་འོང༔ དོན་མེད་པར་འགྱུར༔ རྒྱུ་མཐུན་ཚེ་རབས་སུ་ཕྲ་མ་ལ་དགའ་བར་འགྱུར་རོ༔ མཚོ་རྒྱལ་བདག་ཅག་གིས་དེ་ལྟ་བུ་སྤངས་ན་འབྲས་བུ་དེ་ལས་ཟློག་པར་འཐོབ་པས་སྤང་བ་གལ་ཆེ་གསུངས༔ ངག་གི་མི་དགེ་བ་གསུམ་པ་ཚིག་འཁྱལ་བའི་ངོ་བོ་ནི༔ ངལ་བ་ཆུད་ཟོས་པ་ཞིག༔ དབྱེ་ན༔ མི་དཔོན་དང༔ སྒྲུང་ལྡེའུ་དང༔ བྲེ་མོའི་གཏམ་མོ༔ ཡན་ལག་སྔར་ལྟར་བཞིས་རྫོགས༔ འབྲས་བུ་གསུམ་ལ༔ རྣམ་པར་སྨིན་པའི་འབྲས་བུ་ངན་སོང་གསུམ་དུ་སྐྱེ༔ དབང་གི་འབྲས་བུ་མིར་སྐྱེ་སྲིད་ན་ཡང་ཚིག་མི་བཙུན་པ་དང༔ སྨོད་ཚིག་ཅན་དང༔ འཁྱལ་པར་འགྱུར༔ རྒྱུ་མཐུན་ཚེ་རབས་སུ་ཚིག་ཀྱལ་པ་སྨྲ་བ་ལ་དགའ་བར་འགྱུར་རོ༔ མཚོ་རྒྱལ་དེ་ལྟ་བུ་སྤངས་ན་འབྲས་བུ་དེ་ལས་ཟློག་པ་འཐོབ་པས་དོན་མེད་ཀྱི་ལོང་གཏམ་ལ་མ་དགའ་གསུངས༔ ངག་གི་མི་དགེ་བ་བཞི་པ་ཚིག་རྩུབ་ཀྱི་ངོ་བོ་ནི༔ གཞན་ཞེ་གཅོད་པའི་ངག༔ དབྱེ་ན༔ ངོར་མཚང་འབྲུ་བ༔ བརྒྱུད་དེ་ཞེ་གཅོད་པ༔ ལྐོག་ཏུ་ཞེ་གཅོད་པ་རྣམས་ཡིན༔ མཚོ་རྒྱལ་རང་རྒྱུད་གཞན་རྒྱུད་གཉིས་ཀ་མེས་མ་སྲེགས་ཤིག༔ ཚིག་རྩུབ་ཀྱི་མཚོན་གྱིས་ཐར་པའི་སྲོག་གཅོད་གསུངས༔ ཡན་ལག་བཞིས་རྫོགས༔ འབྲས་བུ་གསུམ་ལ༔ རྣམ་སྨིན་ངན་སོང་གསུམ་དུ་སྐྱེ༔ དབང་གི་འབྲས་བུ་མིར་སྐྱེ་ན་ཡང་ཅི་སྨྲས་གཞན་གྱི་ཞེ་གཅོད་ལ་ཕོག་པ་དང་རྟག་ཏུ་ཞེ་གཅོད་དུ་འོང༔ རྒྱུ་མཐུན་འབྲས་བུ་ཚིག་རྩུབ་ལ་དགའ་བར་འགྱུར་རོ༔ མཚོ་རྒྱལ་དེ་ལྟ་བུ་སྤངས་ན་འབྲས་བུ་དེ་ལས་ཟློག་པ་འཐོབ་སྟེ༔ དུས་ངན་གྱི་སེམས་ཅན་ལ་སྐྱིད་མི་གདའ་གསུངས༔ གསུམ་པ་ཡིད་ཀྱི་མི་དགེ་བ་ལ་གསུམ་སྟེ༔ དང་པོ་བརྣབ་སེམས་ཀྱི་ངོ་བོ་ནི༔ ཕུན་སུམ་ཚོགས་པ་ལ་ཆགས་པ༔ དབྱེ་ན༔ བདག་གི་ལ་ཡོད་པ༔ གཞན་ལ་མི་གཏོང་བ༔ གཞན་གྱི་བདག་གི་དབང་དུ་བྱ་བར་འདོད་པ༔ དེ་གཉིས་ཀ་མ་ཡིན་པའི་ཕུན་སུམ་ཚོགས་པ་ལ་ཆགས་པ་རྣམས་ཡིན་ཏེ༔ མཚོ་རྒྱལ་ཟང་ཟིང་གི་ལོངས་སྤྱོད་ལ་བདག་ཏུ་མ་ཞེན་ཅིག༔ མི་རྟག་པ་རྒྱུད་ལ་མ་སྐྱེས་པའི་ཆོས་པ་ལ་སྐྱིད་མེད་དོ་གསུངས༔ ཡན་ལག་བཞིས་རྫོགས༔ རྣམ་སྨིན་གྱི་འབྲས་བུ་ངན་སོང་གསུམ༔ དབང་གི་འབྲས་བུ་མིར་སྐྱེས་ན་ཡང་རྟག་ཏུ་ཡུལ་ངན་པ་བཀྲེས་པ་དང་སྐོམ་པ་དང་བཅས་པར་འགྱུར༔ རྒྱུ་མཐུན་ཚེ་རབས་སུ་བརྣབ་སེམས་ལ་དགའ་བར་འགྱུར་རོ༔ མཚོ་རྒྱལ་དེ་ལྟ་བུ་སྤང་བ་གལ་ཆེ་གསུངས་སོ༔ གཉིས་པ་གནོད་སེམས་ཀྱི་ངོ་བོ་ནི༔ གཞན་ལ་བསམ་ངན་འཆང་བ༔ དབྱེ་ན༔ ཞེ་སྡང་གི་ཆ་ལས་བྱུང་བ་དང༔ འཁོན་དུ་འཛིན་པའི་ཆ་ལས་བྱུང་བ་དང༔ ཕྲག་དོག་གི་ཆ་ལས་བྱུང་བ་གསུམ་ཡིན་ཏེ༔ མཚོ་རྒྱལ་རང་སྡུག་རང་ལ་གནོད་པའི་ལས་མ་བྱེད་ཅིག་གསུངས༔ ཡན་ལག་བཞིས་རྫོགས༔ རྣམ་སྨིན་གྱི་འབྲས་བུ་ངན་སོང་གསུམ་དུ་སྐྱེ༔ དབང་གི་འབྲས་བུ་མིར་སྐྱེ་སྲིད་ན་ཡང་ཉེས་པ་མེད་པར་གཞན་སྡང་བ་དང༔ རྟག་ཏུ་སྨྲ་མང་ཁ་མཆུ་མང་བར་འགྱུར༔ རྒྱུ་མཐུན་འབྲས་བུ་གནོད་སེམས་ཅན་དུ་འགྱུར་རོ༔ མཚོ་རྒྱལ་གནོད་སེམས་འདི་མ་སྤང་ན་ཐེག་པ་ཆེ་ཆུང་གང་ཡང་མི་མཆི་གསུངས༔ གསུམ་པ་ལོག་པར་ལྟ་བའི་ངོ་བོ་ནི༔ བདེན་པའི་དོན་ལས་ཕྱིན་ཅི་ལོག་པ༔ དབྱེ་ན༔ སྒྲོ་སྐུར་འདོགས་པ་དང༔ མུ་སྟེགས་ལྟར་རྟག་ཆད་དུ་ལྟ་བ་དང༔ ཁྱི་དང་བྱའི་དཀའ་ཐུབ་ལ་སོགས་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༔ འཇིག་ཚོགས་ལ་ལྟ་བ་རྣམས་ཡིན་ཏེ༔ མཚོ་རྒྱལ་ཆོས་དང་ཆོས་མ་ཡིན་པའི་བྱེ་བྲག་ཤེས་པ་རང་ཡང་ཉུང་བར་འདུག་ན་གསུངས༔ ཡན་ལག་བཞིས་རྫོགས༔ རྣམ་སྨིན་འབྲས་བུ་ངན་སོང་གསུམ་དུ་སྐྱེ༔ དབང་གི་འབྲས་བུ་མིར་སྐྱེས་སྲིད་ན་ཡང་ཡུལ་མཐའ་འཁོབ་ཀླ་ཀློ་ལ་སོགས་པ་དཀོན་མཆོག་གི་སྒྲ་ཡང་མི་ཐོས་པར་སྐྱེ༔ རྒྱུ་མཐུན་ལོག་པར་ལྟ་བའི་བག་ཆགས་ཀུན་གཞི་ལ་འཐས་ནས་ལོག་པར་ལྟ་བ་ལ་དགའ་བར་འགྱུར་རོ༔ མཚོ་རྒྱལ་དེ་ལྟར་མི་དགེ་བ་བཅུ་པོ་འདི་ནི་འཕགས་པ་རྣམས་ཀྱིས་སྨད་པ་དང༔ མཁས་པ་རྣམས་ཀྱིས་སྤངས་པ་དང༔ ལྷ་མི་དལ་འབྱོར་ཁྱད་པར་ཅན་ཐོབ་པ་རྣམས་ཀྱིས་སྤྱད་པར་བྱ་བ་མ་ཡིན་པས་སྤོངས་ཤིག༔ དགེ་སྡིག་ངོ་མི་ཤེས་པ་རང་ཡང་མང༔ བདག་ཅག་སངས་རྒྱས་ཀྱི་བསྟན་པ་ལ་ནི་ཞུགས༔ ལས་དགེ་སྡིག་རྒྱུ་འབྲས་ཤེས་བཞིན་དུ་མི་དགེ་བ་སྤྱོད་པ་འདི་རྣམས་དུད་འགྲོ་དང་ཁྱད་མེད་དོ་གསུངས༔ སློབ་དཔོན་ལ་ཇོ་མོས་ཞུས་པ༔ དེ་དག་སྤངས་ན་འབྲས་བུ་ཅི་ཐོབ་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ རྣམ་སྨིན་འབྲས་བུ་ལྷ་མིར་སྐྱེ༔ ཚངས་པ་བཞིན་དུ་དབྱངས་སྙན༔ བརྒྱ་བྱིན་བཞིན་དུ་གཟུགས་བཟང༔ འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་ལོངས་སྤྱོད་དང་ལྡན་པར་འགྱུར་རོ༔ དབང་གི་འབྲས་བུ་ཐོས་པ་འཛིན་ཞིང་ཤེས་རབ་དང༔ སངས་རྒྱས་ཀྱིས་བསྟན་པའི་ཆོས་རྣམས་དང་འཕྲད་པར་འགྱུར་བ་དང༔ མཐར་བྱང་ཆུབ་གསུམ་གྱི་གོ་འཕང་འཐོབ་པར་འགྱུར་རོ༔ རྒྱུ་མཐུན་འབྲས་བུ་ཚེ་རབས་ཐམས་ཅད་དུ་མི་དགེ་བཅུ་སྤང་བ་ལ་བརྩོན་པར་འགྱུར་རོ༔ ཇོ་མོས་ཞུས་པ༔ དེ་ལྟ་བུའི་མི་དགེ་བ་བཅུ་པོ་ལ༔ སྡིག་པ་ཆེ་ཆུང་གི་ཁྱད་པར་མཆིས་སམ་མ་མཆིས༔ སློབ་དཔོན་གྱིས་གསུང་པ༔ དེ་ལ་ཁྱད་པར་ཡོད་དེ༔ སྤྱིར་ཉོན་མོངས་པའི་སྒོ་ནས་དབྱེ་བ་ནི༔ ཞེ་སྡང་གི་སྒོ་ནས་མི་དགེ་བ་བཅུ་སྤྱད་ན་དམྱལ་བ༔ འདོད་ཆགས་ཀྱི་སྒོ་ནས་ཡི་དྭགས༔ གཏི་མུག་གིས་སྤྱད་ན་དུད་འགྲོར་སྐྱེའོ༔ ཡུལ་གྱི་སྒོ་ནས་ཆེ་ཆུང་གི་ཁྱད་པར་ཡོད་དེ༔ ཡུལ་ཁྱད་པར་ཅན་ལ་མི་དགེ་བ་བཅུ་སྤྱད་པས་དམྱལ་བ༔ ཡུལ་ཐ་མ་ལ་ཡི་དྭགས༔ ཡུལ་དམན་པས་དུད་འགྲོར་སྐྱེ་བར་འགྱུར༔ དེ་ཡང་བྱེ་བྲག་ཏུ་སྲོག་གཅོད་པའི་ནང་ནས་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སྲོག་དང་ཕྲལ་བའི་སྡིག་པ་རྣམ་སྨིན་ཆེ༔ མ་བྱིན་པར་ལེན་པའི་ནང་ནས་དཀོན་མཆོག་གི་དཀོར་ལ་རྐུ་བ་སྡིག་ཆེ༔ འདོད་ལོག་གི་ནང་ནས་དགྲ་བཅོམ་མ་ལ་སྤྱད་ན་སྡིག་ཆེ༔ རྫུན་གྱི་ནང་ནས་བླ་མ་དང་དགེ་འདུན་མཆོད་པར་འོས་པའི་མགོ་བསྐོར་བ་སྡིག་ཆེ༔ ཕྲ་མའི་ནང་ནས་དགེ་འདུན་གྱི་དབྱེན་བྱས་པ་སྡིག་ཆེ༔ ཚིག་རྩུབ་ཀྱི་ནང་ནས་དགེ་འདུན་ལ་མི་སྙན་པར་བརྗོད་པ་སྡིག་ཆེ༔ ངག་འཁྱལ་གྱི་ནང་ནས་དགེ་སློང་མ་བསམ་གཏན་གཉིས་མེད་ཀྱི་དོན་སྒོམ་པའི་བློ་དཀྲུགས་པ་སྡིག་ཆེ༔ བརྣབ་སེམས་ཀྱི་ནང་ནས་དཀོན་མཆོག་གི་ནོར་ལ་བརྣབ་པ་སྡིག་ཆེ༔ གནོད་སེམས་ཀྱི་ནང་ནས་མཚམས་མེད་པ་ལྔ་ཤོམ་པ་སྡིག་ཆེ༔ ལོག་ལྟའི་ནང་ནས་ཡང་དག་པའི་དོན་ལ་སྐུར་པ་འདེབས་པ་སྡིག་ཆེ༔ མཚོ་རྒྱལ་ལས་དེ་ལྟ་བུ་ནི་སྲོག་ལ་བབས་ཀྱང་མི་རུང་གསུངས༔ སྤྱིར་བསྟན་ན་མི་དགེ་བ་བཅུ་ཉིད་ལ་ཡང་ཁྱད་ཡོད་དེ༔ སྲོག་གཅོད་པ༔ ཕྲ་མ༔ ཚིག་རྩུབ༔ གནོད་སེམས་བཞིས་དམྱལ་བ༔ འདོད་ལོག༔ མ་བྱིན་པར་ལེན་པ༔ བརྣབ་སེམས་གསུམ་གྱིས་ཡི་དྭགས༔ རྫུན༔ ངག་འཁྱལ༔ ལོག་ལྟ་གསུམ་གྱིས་དུད་འགྲོར་སྐྱེའོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གཉིས་པ་དང་དུ་བླང་བའི་གཉེན་པོ་དགེ་བཅུ་ཇི་ལྟར་བརྟེན༔ སློབ་དཔོན་གྱིས་གསུང་པ༔ དགེ་བ་བཅུ་ལ་དོན་བཞི་སྟེ༔ དང་པོ་ངོ་བོ་ནི་མངོན་མཐོ་སྐྱེད་པར་བྱེད་པའི་ལུས་ངག་ཡིད་གསུམ་དག་པ་ཞིག་ཡིན༔ གཉིས་པ་ངེས་ཚིག་ནི་དལ་འབྱོར་ཐོབ་པའི་གང་ཟག་གིས་ཚུལ་བཞིན་དུ་སྤྱད་ན༔ ཡིད་ལ་འདོད་པའི་འབྲས་བུ་སྟེར་བར་བྱེད་པས་ན་དགེ་བ་ཞེས་བྱ༔ གསུམ་པ་དབྱེ་ན༔ མི་དགེ་བ་བཅུ་ལས་ལོག་པའི་དགེ་བ་སྟེ་སྲོག་འདོན་བྱ་བ་དང༔ སྦྱིན་པ་རྒྱ་ཆེན་པོ་གཏོང་བ་དང༔ ཚངས་པར་སྤྱོད་པ་ལ་གནས་པ་དང༔ བདེན་པར་སྨྲ་བ་དང༔ འཐབ་པ་རྣམས་སྡུམ་པ་དང༔ ཞི་ཞིང་དུལ་བར་སྨྲ་བ་དང༔ གསོང་པོར་སྨྲ་བ་དང༔ སེམས་ཅན་རྣམས་ལ་བྱམས་པར་བྱ་བ་དང༔ ཆགས་པ་མེད་པར་བྱ་བ་དང༔ ལས་འབྲས་དང་ཡང་དག་པའི་དོན་ལ་ཐེ་ཚོམ་དང་བྲལ་བར་བྱ་བའོ་གསུངས༔ བཞི་པ་དེ་དག་རྒྱུད་ལ་གནས་པར་བྱེད་པའི་གྲོགས་ལ་བཅུ་སྟེ༔ ཡང་དག་པའི་ཆོས་ལ་དད་པ་དང༔ ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ལ་གནས་པ་དང༔ རྒྱན་པོ་མི་འགྱེད་ཅིང་རྩོད་པ་མེད་པ་དང༔ ཁྲོམ་འདུས་པ་ལ་མི་བལྟ་བ་དང༔ རྟག་ཏུ་བག་ཡོད་པར་སྤྱད་པ་དང༔ ལེ་ལོ་མེད་པ་དང༔ སྡིག་པའི་གྲོགས་དང་མི་འགྲོགས་པ་དང༔ ལུས་ངག་ཡིད་གསུམ་ཤིན་ཏུ་སྦྱང་བ་དང༔ སྐྱེ་མཆེད་མུ་བཞི་སྒོམ་པ་དང༔ ཁྱད་པར་དུ་ཡིད་འཕགས་པའི་ལམ་ལ་དམིགས་པའོ༔ མཚོ་རྒྱལ་དེ་ལྟར་སྤྱོད་ཅིག་མངོན་པར་མཐོ་བའི་འབྲས་བུ་ལ་ཐེ་ཚོམ་མེད་ཀྱི་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གསུམ་པ་བྱ་བ་ལ་འཇུག་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་ཇི་ལྟར་ལགས༔ སློབ་དཔོན་གྱིས་གསུང་པ༔ བྱ་བ་ལ་འཇུག་པའི་ཕ་རོལ་ཏུ་ཕྱིན་པ་ལ་དོན་ལྔ་སྟེ༔ དང་པོ་སྤྱིའི་ངོ་བོ་ནི་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པའི་ལམ་གྱི་རང་བཞིན་ཞིག་ཡིན༔ གཉིས་པ་ངེས་ཚིག་ནི་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ་ལས་འདས་པ་ཆེན་པོར་ཕྱིན་པར་བྱེད་པའོ༔ གསུམ་པ་ལས་ནི་ཚོགས་གཉིས་རྫོགས་ནས་སེམས་ཅན་གྱི་དོན་ཆེད་སྒྲུབ་པར་བྱེད་པའོ༔ བཞི་པ་དབྱེ་བ་ལ་སྤྱི་དང་བྱེ་བྲག་གཉིས་ལས༔ སྤྱིར་དབྱེ་ན༔ སྦྱིན་པ་དང༔ ཚུལ་ཁྲིམས་དང༔ བཟོད་པ་དང༔ བརྩོན་འགྲུས་དང༔ བསམ་གཏན་དང༔ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་གསུངས༔ བྱེ་བྲག་ཏུ་དབྱེ་ན༔ སྦྱིན་པ་ལ་གསུམ་སྟེ༔ ཆོས་ཀྱི་སྦྱིན་པ་དང༔ ཟང་ཟིང་གི་སྦྱིན་པ་དང༔ མི་འཇིགས་པའི་སྦྱིན་པ་དང་གསུམ་ཡིན་གསུངས༔ ཚུལ་ཁྲིམས་ལ་ཡང་གསུམ་སྟེ༔ སྡོམ་པའི་ཚུལ་ཁྲིམས་དང༔ དགེ་བ་ཆོས་སྡུད་ཚུལ་ཁྲིམས་དང༔ སེམས་ཅན་དོན་བྱེད་ཚུལ་ཁྲིམས་དང་གསུམ་ལས༔ རིམ་བཞིན་མི་དགེ་བ་བཅུ་སྡོམ་པ་དང༔ ཕ་རོལ་ཏུ་ཕྱིན་པ་དྲུག་དང༔ བསྡུ་བའི་དངོས་པོ་བཞི་ཡིན་གསུངས༔ བཟོད་པ་ལ་ཡང་གསུམ་སྟེ༔ འཁོར་བ་སྤོང་བ་ལ་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་དང༔ སེམས་ཅན་གྱི་དོན་སྒྲུབ་པ་ལ་དཀའ་བ་དང་དུ་ལེན་པའི་བཟོད་པ་དང༔ ཆོས་ལ་ངེས་པར་སེམས་པ་ཟབ་མོའི་དོན་ལ་མི་སྐྲག་པའི་བཟོད་པ་གསུམ་ཡིན་གསུངས༔ བརྩོན་འགྲུས་ལ་ཡང་གསུམ་སྟེ༔ ཐེག་པ་ཆེན་པོའི་ཆོས་ལ་སྦྱོར་བའི་བརྩོན་འགྲུས་དང༔ གོ་ཆས་མི་མཐུན་པ་ཟློག་པའི་བརྩོན་འགྲུས་དང༔ རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་སྒྲུབ་པ་ལ་ཆོག་མི་ཤེས་པའི་བརྩོན་འགྲུས་སོ་གསུངས༔ བསམ་གཏན་ལ་ཡང་གསུམ་ཏེ༔ འཇིག་རྟེན་པའི་ཡང་དག་གི་ལམ་ལ་དམིགས་པའི་བསམ་གཏན་དང༔ འཇིག་རྟེན་ལས་འདས་པའི་ལམ་ལ་དམིགས་པའི་བསམ་གཏན་དང༔ དམིགས་པ་ཐུན་མོང་གི་བསམ་གཏན་དང་གསུམ་ཡིན་གསུངས༔ ཤེས་རབ་ལ་ཡང་གསུམ་སྟེ༔ ཆོས་ཅན་དམིགས་སུ་མེད་པར་རྟོགས་པའི་ཤེས་རབ་དང༔ ཆོས་ཉིད་དམིགས་སུ་མེད་པར་རྟོགས་པའི་ཤེས་རབ་དང༔ གཉིས་ཀ་མཉམ་པ་ཆེན་པོར་རྟོགས་པའི་ཤེས་རབ་དང་གསུམ་ཡིན་གསུངས༔ ལྔ་པ་དེ་དག་རྒྱུད་ལ་བརྟེན་པའི་ཐབས་རེ་རེ་ལ་ཡང་ཕ་རོལ་ཏུ་ཕྱིན་པ་བཞི་ཚང་བར་ཤེས་དགོས་ཏེ༔ ལན་ལ་རེ་བ་མེད་པའི་སྦྱིན་པས་སེར་སྣ་དང་དབུལ་བ་འཇོམས་པས་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༔ སོ་སོ་སྐྱེ་བོ་དང་ཐེག་པ་དམན་པའི་བསམ་པ་དང་བྲལ་བས་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༔ བདག་དང་སེམས་ཅན་ཐམས་ཅད་ཀྱི་དབུལ་བ་རྒྱུན་གཅོད་པར་གྱུར་ཅིག་སྙམ་པས་གཏོང་བས་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང༔ འཁོར་གསུམ་ཡོངས་སུ་དག་པར་གཏོང་བས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་གསུངས༔ དེ་བཞིན་དུ་འཁོར་བའི་འབྲས་བུ་འདོད་པ་མ་ཡིན་པའི་ཚུལ་ཁྲིམས་ཀྱིས་མི་དགེ་བ་འཇོམས་པས་སྟོབས༔ ཆོས་བརྒྱད་ཀྱི་བསམ་པ་དང་བྲལ་བར་སྲུང་བ་ཐབས༔ བདག་གཅིག་པུ་ལྷ་མི་འདོད་པ་མ་ཡིན་པར་སེམས་ཅན་ཐམས་ཅད་ཚུལ་ཁྲིམས་རྒྱུན་ཆད་པར་མ་གྱུར་ཅིག་སྙམ་པས་སྨོན་ལམ༔ འཁོར་གསུམ་མི་དམིགས་པས་ཟིན་པ་ཡེ་ཤེས་སོ༔ ཀུན་ལ་སྙོམས་པའི་བཟོད་པས་ཁོང་ཁྲོ་འཇོམས་པས་སྟོབས༔ གཡོ་སྒྱུ་ལ་སོགས་པ་འཇིག་རྟེན་པའི་ཆེད་དུ་མ་ཡིན་པ་ཐབས༔ བདག་གཅིག་པུ་ལྷ་མིའི་གཟུགས་བཟང་པོ་འདོད་པ་མ་ཡིན་པར་སེམས་ཅན་ཐམས་ཅད་ཀྱང་མི་སྡུག་པ་རྣམས་ཞི་བར་གྱུར་ཅིག་སྙམ་པ་སྨོན་ལམ༔ དེ་དག་འཁོར་གསུམ་མི་དམིགས་པས་ཟིན་པ་ཡེ་ཤེས་སོ༔ ཡོན་ཏན་རྗེས་སུ་དྲན་པའི་བརྩོན་འགྲུས་ཀྱིས་ལེ་ལོ་འཇོམས་པས་སྟོབས༔ གཞན་དང་གཞན་དུ་རེ་བ་ལ་སོགས་པ་འཇིག་རྟེན་གྱི་བྱ་བ་དང་བྱ་བ་མ་ཡིན་པ་ངེས་པ་ཐབས༔ སེམས་ཅན་གྱི་ལེ་ལོ་རྒྱུན་བཅད་དེ་ཡང་དག་པའི་ལམ་ལ་རྩོལ་བར་གྱུར་ཅིག་སྙམ་པས་སྨོན་ལམ༔ འཁོར་གསུམ་མི་དམིགས་པས་ཟིན་པ་ཡེ་ཤེས་སོ༔ གཟུགས་མེད་སྤངས་པའི་བསམ་གཏན་གྱིས་གཡེང་བ་འཇོམས་པས་སྟོབས༔ ལྷ་མིའི་གོ་འཕང་འདོད་པ་མ་ཡིན་པར་བླ་ན་མེད་པའི་བྱང་ཆུབ་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་སྒྲུབ་པའི་ཕྱིར་ཐབས༔ སེམས་ཅན་ཐམས་ཅད་ཀྱི་རྣམ་པར་གཡེང་བ་རྒྱུན་ཆད་པར་གྱུར་ཅིག་སྙམ་པས་སྨོན་ལམ༔ དེ་ཡང་འཁོར་གསུམ་ཡོངས་སུ་མི་དམིགས་པའི་ཡེ་ཤེས་སོ༔ སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན་གྱི་ཤེས་རབ་ཀྱིས་མཚན་མའི་སྤྲོས་པ་འཇོམས་པར་བྱེད་པས་སྟོབས༔ དེ་ཉིད་དང་དུས་གསུམ་དུ་འབྲལ་བ་མེད་པས་ཐབས༔ བདག་གཞན་ཐམས་ཅད་ཡང་དག་པའི་དོན་རྟོགས་པར་གྱུར་ཅིག་སྙམ་པས་སྨོན་ལམ༔ རང་གི་སེམས་ཉིད་ཡེ་ནས་ཤེས་རབ་དེ་ལྟ་བུའི་རང་བཞིན་ཡིན་པ་ལ་ཡིན་པར་ཤེས་པ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན༔ མཚོ་རྒྱལ་དེ་ལྟར་མ་ཡེངས་པར་ཉམས་སུ་ལོངས་ཤིག༔ འབྲས་བུ་ངན་སོང་ལས་ཐར་ཏེ་ལྷ་མི་ཁྱད་པར་ཅན་ཐོབ་ནས་ལམ་མཐར་ཕྱིན་ཏེ༔ མྱུར་དུ་སངས་རྒྱས་ནས་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བའི་དེད་དཔོན་ཆེན་པོར་འགྱུར་གྱིས་གསུངས༔ བཅུ་གཅིག་པ་གཏོང་ཐོབ་ཀྱི་ས་མཚམས་ནི༔ ཐོབ་པའི་དུས་ནི་བསོད་ནམས་ཀྱི་ཚོགས་མང་པོ་བསགས་ནས་རྒྱུད་ཡོངས་སུ་དག་པར་སྦྱངས་ཏེ༔ སེམས་ཅན་གྱི་དོན་ཕྱིན་ཅི་མ་ལོག་པར་བྱ་དགོས་པའི་བསམ་པ་སྐྱེས་པ་དང༔ ཆོ་ག་རྫོགས་པའི་བརྗོད་པ་གསུམ་གྱི་ཐ་མ་ལ་འཐོབ༔ གཏོང་བའི་དུས་ནི་ལོག་ལྟ་སྐྱེས་པས་དཀོན་མཆོག་གསུམ་སྤངས་ཏེ༔ བསླབ་བྱ་ལས་འདས་ན་འཆོར་བས་དྲན་པ་དང་ཤེས་བཞིན་གྱི་བྱ་ར་བས་འབད་པ་འདོན་པ་གལ་ཆེའོ་གསུངས༔ བཅུ་གཉིས་པ་ཉམས་ན་གསོ་བའི་ཐབས་ནི༔ རྩ་བ་ཉམས་ན་སྔར་ལྟར་བླང་དགོས༔ ཡན་ལག་ཉམས་ན་སློབ་དཔོན་དང་དཀོན་མཆོག་སྤྱན་སྔར་བཤགས་པར་བྱའོ་གསུངས༔ ࿊ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གཉིས་པ་ནང་ལྟར་སེམས་བསྐྱེད་པ་ལ་ཇི་ལྟར་བསླབ་ཅེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ དེ་ཡང་བསླབ་པའི་ཚུལ་ཁྲིམས་ལ་བཅུ་གཉིས་ཡོད་གསུངས༔ དེ་ལས་དང་པོ་ངོ་བོ་ནི༔ ཆོས་ཉིད་ཡང་དག་པའི་དོན་སྤྲོས་པ་དང་བྲལ་བ་ཡིན་པ་ལ༔ དེ་ལྟར་མ་རྟོགས་པ་རྣམས་ལ་ཕན་སེམས་བསྐྱེད་པ་ཡིན༔ གཉིས་པ་ངེས་ཚིག་ནི༔ དེ་ལྟ་བུ་དེ་ཕྱི་ལུས་ངག་གི་བྱ་བ་ལ་མི་ལྟོས་པར་སེམས་ཁོ་ནས་བསྐྱེད་པའི་ཕྱིར་ནང་ཞེས་བྱ་སྟེ༔ དེ་རང་ཡང་མི་ནུས་གསུངས༔ གསུམ་པ་དབྱེ་བ་ནི༔ སྨོན་འཇུག་གཉིས་ཏེ༔ དེ་ཡང་སྨོན་པ་ནི༔ དེ་ལྟར་སེམས་ཅན་མ་རྟོགས་པ་རྣམས་ཀྱིས་དེ་ལྟར་རྟོགས་པར་འདོད་པ་ཞིག་ཡིན་ཏེ༔ དེ་ཡང་ཁ་འཁུན་ཞིང་བསྡད་པས་མི་ཆོག༔ སེམས་ཅན་ཐམས་ཅད་ཀྱིས་དེ་ཐོབ་པར་བྱེད་པའི་ཐབས་ལ་ཅི་ནས་ཀྱང་འབད་པ་གལ་ཆེ་སྟེ༔ མཚོ་རྒྱལ་གཉིས་འཛིན་དང་མ་བྲལ་བར་དུ་འཇུག་པ་ཉིད་ཀྱང་དཀའ་གསུངས༔ བཞི་པ་བསླབ་པ་ལ་འཇུག་པའི་གང་ཟག་གི་མཚན་ཉིད་ནི༔ སྔར་བཤད་པ་ལྟ་བུའི་སྟེང་དུ་རྟོག་པའི་སྤྲོས་པ་ཆུང་བ་ཞིག་དགོས༔ མཚོ་རྒྱལ་སེམས་ངལ་སོར་ཆུག་གསུངས༔ ལྔ་པ་བླང་བའི་ཡུལ་ནི༔ བླ་མ་ཤེས་རབ་རྣམ་གསུམ་ལ་བསླབ་པར་བྱ་ཞིང༔ བདག་མེད་གཉིས་ཀྱི་དོན་རྟོགས་སྟེ༔ ཆོས་བརྒྱད་དང་བྲལ་བ་ལས་བླང་དགོས༔ མཚོ་རྒྱལ་ཐེག་པ་ཆེན་པོའི་ཆོས་ལ་ཞུགས་པ་ལ་བླ་མ་གལ་ཆེ་འོ་གསུངས༔ དྲུག་པ་བླང་བའི་ཆོ་ག་ནི༔ འཁོར་གསུམ་ཡོངས་དག་བྱས་ནས༔ འཇིག་རྟེན་གྱི་བྱ་བ་མཐའ་དག་བློས་བཏང་སྟེ༔ ཡང་དག་པའི་གདམས་ངག་ཞུ་གསུངས༔ བདུན་པ་བསླབས་པའི་ཕན་ཡོན་ནི་ལམ་ལོག་པ་དང་ཐེག་པ་དམན་པ་ལས་ཁྱད་དུ་འཕགས་ཏེ༔ ང་བདག་དང་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་སྤངས་ནས་བདག་མེད་པའི་དོན་རྟོགས་པའི་དགོས་པ་ཡོད་གསུངས༔ བརྒྱད་པ་སེམས་བསྐྱེད་པ་དེ་ལ་སློབ་པའི་གཏན་ཚིགས་ནི༔ བདག་གིས་སེམས་ཅན་ཐམས་ཅད་ཡང་དག་པའི་ལམ་བདག་མེད་གཉིས་ཀྱི་དོན་ལ་དགོད་དགོས་པས་སོ༔ དགུ་པ་མ་བསླབ་པའི་ཉེས་དམིགས་ནི༔ བདག་མེད་པའི་དོན་ལས་གོལ་བ་ཞིག་ཡིན་ཏེ༔ དེ་ཡང་གང་ཟག་གི་བདག་ནི་གྲུབ་མཐས་བློ་མ་བསྒྱུར་བ་སོ་སོའི་སྐྱེ་བོ་དང༔ གྲུབ་མཐའ་ལོག་པར་ཞུགས་པའི་མུ་སྟེགས་པ་རྣམས་ཟག་པའི་ཕུང་པོ་ལྔ༔ སྐྱེ་མཆེད་བཅུ་གཉིས༔ ཁམས་བཅོ་བརྒྱད་ལ་དབང་སྒྱུར་ཞིང་ལོངས་སྤྱད་པ་དང༔ དེ་ཡང་རྟག་པ་དངོས་པོ་ཅན་བདག་དང་བཅས་པས་དགྲ་གཉེན་བདག་གཞན་ལ་སོགས་པར་འཛིན་པ་ཞིག་ཡིན༔ མཚོ་རྒྱལ་འཛིན་པའི་རྟོད་ཕུར་འབྱིན་དགོས་གསུངས༔ དེས་བཏགས་པའི་ཉེས་པ་ནི༔ དེ་ལྟར་ང་དང་བདག་དུ་བཟུང་བས་ཡུལ་གཞན་དུ་སྣང༔ དེ་གཉིས་སུ་བཟུང་བས་བདག་ལ་ཕན་འདོགས་པ་ལ་གཉེན་དུ་བཟུང༔ གནོད་པ་སྐྱེལ་བ་ལ་དགྲར་བཟུང༔ དེ་ལས་ཆགས་སྡང་གཉིས་སྐྱེ༔ དེས་མི་དགེ་བ་སྣ་ཚོགས་སྤྱད་པས་ངན་སོང་དང་འཁོར་བར་འཁྱམས༔ མཚོ་རྒྱལ་འགོང་པོ་འདི་སྒོར་མ་ཐོན་ན་སྐྱིད་མེད་གསུངས༔ བདག་དེ་གང་ཟག་གང་གིས་འགེགས་ན༔ སྤྱིར་ནང་པ་སངས་རྒྱས་པ་ཐམས་ཅད་ཀྱིས་འགེགས༔ ཁྱད་པར་དུ་ཉན་ཐོས་བྱེ་བྲག་པས་ཀྱང་འགེགས༔ འོ་སྐོལ་ཐེག་པ་ཆེན་པོའི་སྒོར་ཞུགས་པ་རྣམས་ཀྱིས་གང་ཟག་གི་བདག་ཏུ་མི་འཛིན་པ་ལྟ་སྨྲོས་ཀྱང་ཅི་དགོས་གསུངས༔ ཆོས་ཀྱི་བདག་མེད་པ་ནི་ཕྱོགས་རྟོགས་ཉན་ཐོས་དང༔ ཡང་དག་པར་མ་རྟོགས་པར་རང་སངས་རྒྱས་འདོད་དེ༔ དེ་ཡང་ཉན་ཐོས་ཀྱིས་ཆོས་ཀྱི་བདག་ཤེས་པ་ལས་ལོག་དོན་བེམ་པོར་ཁས་ལེན་པ་དང༔ རང་སངས་རྒྱས་ཀྱིས་ཤེས་པ་ལོག་པའི་དོན་གྱིས་སྟོང་པའི་སེམས་ཉིད་འཛིན་པའི་ཆར་གནས་པར་འདོད་དེ༔ མཚོ་རྒྱལ་གྲུབ་མཐའ་དམན་པའི་འདོད་པ་དང་མ་བྲལ་གྱི་བར་དུ་ཡང་དག་པའི་དོན་མི་མཐོང་གསུངས༔ དེར་བཟུང་བའི་ཉེས་པ་ནི༔ ཁས་ལེན་དང་འཛིན་པའི་ཆ་དེ་ལས་ཉོན་མོངས་པ་འབྱུང་ཞིང༔ དེས་འཁོར་བར་འཁྱམས་པའི་རྒྱུ་བྱེད་པས་བསྐལ་བར་འབད་ཀྱང་དོན་མེད་པའི་ལས་ཡིན་ནོ་གསུངས༔ དེ་གང་ཟག་གང་གིས་འགེགས་ན༔ ཐེག་པ་ཆེན་པོ་པ་ཐམས་ཅད་ཀྱིས་འགེགས༔ ཁྱད་པར་དུ་དབུ་མ་པས་ཀྱང་འགེགས༔ འོ་སྐོལ་གསང་སྔགས་ཀྱི་སྒོར་ཞུགས་པ་རྣམས་ཀྱིས་ཕྱོགས་རིས་སུ་འཛིན་པ་ལྟས་ངན་ཡིན་གསུངས༔ བཅུ་པ་བསྲུང་བྱའི་ཆོས་ནི༔ བདག་མེད་པའི་དོན་ལ་བསླབ་པ་སྟེ༔ དེ་ཡང་གཉིས་ལས༔ དང་པོ་སྨོན་པའི་བསྲུང་བྱ་ནི༔ དུས་རྟག་ཏུ་སེམས་ཅན་ཐམས་ཅད་ཀྱིས་བདག་མེད་པའི་དོན་རྟོགས་པར་གྱུར་ཅིག་སྙམ་དུ་སྨོན་ལམ་རྒྱུན་མི་འཆད་པ་དང་གཅིག༔ གཞན་བདག་མེད་པའི་དོན་སྒོམ་པ་རྣམས་ལ་ཉིན་ལན་གསུམ་མཚན་ལན་གསུམ་དུ་རྗེས་སུ་ཡི་རང་བ་སྒོམ་པ་དང་གཉིས༔ དུས་རྟག་ཏུ་བདག་མེད་པའི་དོན་ལས་མི་འདའ་བར་འབད་པ་ལ་བསླབ་པ་གལ་ཆེ་གསུངས༔ གཉིས་པ་འཇུག་པའི་བསྲུང་བྱ་ལ་ཕྱི་ནང་གཉིས་ཏེ༔ དང་པོ་ཕྱིའི་བསྲུང་བྱ་བཞི་ནི༔ བདག་མེད་པའི་དོན་མ་རྟོགས་ཀྱི་བར་དུ་དེ་སྟོན་པའི་བླ་མ་དགེ་བའི་བཤེས་གཉེན་དང་མི་འབྲལ་བ་དང་གཅིག༔ གནས་ཡུལ་སྡེ་རིས་དང་དགྲ་གཉེན་ཕྱོགས་ཆ་སྤང་བ་དང་གཉིས༔ བདག་མེད་སྟོང་པ་ཉིད་སྟོན་པའི་ཆོས་ཐོས་བསམ་སྒོམ་གསུམ་བྱ་བ་དང་གསུམ༔ མིང་རུས་ལུས་དང་གསུམ་ལ་བདག་ཏུ་ངེས་པར་མི་གཟུང་བ་བཞི་ཡིན་གསུངས༔ གཉིས་པ་ནང་གི་བསླབ་བྱ་ལ་ཡང་བཞི་སྟེ༔ ཕྱི་རོལ་གྱི་བཏགས་པའི་མིང་དང་ཐ་སྙད་ཐམས་ཅད་སེམས་ཉིད་ཀྱི་ངོ་བོ་ལས་མ་གྲུབ་པས་ཐ་སྙད་ལ་དོན་དུ་མི་གཟུང་བ་དང་གཅིག༔ སྣོད་བཅུད་ཀྱིས་བསྡུས་པའི་དངོས་པོ་འདི་རྣམས་རྨི་ལམ་ལྟ་བུ་སྣང་ཡང་རང་བཞིན་མ་གྲུབ་པར་ཤེས་པ་དང་གཉིས༔ དེ་ལྟར་གང་དུ་ཡང་མ་གྲུབ་པ་ལ་སྣ་ཚོགས་སུ་འཛིན་མཁན་གྱི་སེམས་རིག་པ་དེ་ཉིན་ལན་གསུམ་མཚན་ལན་གསུམ་དུ་བཙལ་བ་དང་གསུམ༔ བཙལ་བས་ནང་ནས་འཛིན་པའི་སེམས་དེ་གང་དུ་ཡང་མ་རྙེད་པར་མིང་མེད་མཐའ་སྟོངས་སུ་འཇུག་པའི་དོན་ལས་མི་འདའ་བ་དང་བཞི་ལ་འབད་ཅིང་བསླབ་པ་གལ་ཆེ༔ དེ་ལྟར་འབད་ན་འགོང་པོ་རྩད་ནས་ཆོད་དེ་འཁོར་བའི་རྒྱུན་ལྡོག་པར་གདའ་ཡི་གསུངས༔ བཅུ་གཅིག་པ་གཏོང་ཐོབ་ཀྱི་ས་མཚམས་ལས༔ ཐོབ་པའི་དུས་ནི་བླ་མ་ལས་མན་ངག་ཐོབ་པའི་དུས་ནས་འཐོབ༔ གཏོང་བའི་དུས་ནི་རང་བཞིན་མེད་པར་མ་རྟོགས་གཟུང་འཛིན་རང་ཁ་མའི་ཕྱིར་འབྲེངས་ན་འཆོར་བས་གཉེན་པོས་སླེབ་པར་གྱིས་ཤིག་གསུངས༔ བཅུ་གཉིས་པ་ཉམས་ན་གསོ་བའི་ཐབས་ནི༔ སྔར་གྱི་དོན་ལས་མ་ཡེངས་པར་བསླབ༔ གཟུང་འཛིན་གྱི་མདུད་པ་ཤུགས་ཀྱིས་གྲོལ་ནས་འགྲོ་གསུངས༔ ࿊ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གསུམ་པ་གསང་བའི་སེམས་བསྐྱེད་པ་ལ་ཇི་ལྟར་བསླབ་ཅེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ དེ་ལ་བཅུ་གཅིག་ཡིན༔ དང་པོ་གསང་བའི་སེམས་བསྐྱེད་པའི་ངོ་བོ་ནི༔ ཡེ་ནས་བྱ་རྩོལ་ལས་འདས་ཏེ་བསམ་བརྗོད་ཀྱི་མཐའ་དང་བྲལ་བ་སྐྱེ་འགག་གཉིས་མེད་དུ་རྒྱུན་དུ་ཤེས་པའོ༔ གཉིས་པ་ངེས་པའི་ཚིག་ནི༔ དེ་ལྟ་བུ་དེ་ཚིག་གིས་མཚོན་ཅིང་སེམས་ཀྱིས་བསམ་པ་ལས་འདས་པས་རང་བཞིན་གྱིས་ཐེག་པ་འོག་མ་བ་རྣམས་ལ་གསང་ངོ༔ གསུམ་པ་དབྱེ་ན༔ དག་པ་ཕྱོགས་གཅིག་བསྒོམ་དུ་འདོད་པ་དང༔ རང་བཞིན་ལྷུན་གྲུབ་སྒོམ་མེད་ཡེ་སངས་རྒྱས་པར་འདོད་པ་གཉིས་ཡིན་ཏེ༔ དེ་ཡང་གང་དུ་ཡང་རྒྱ་མ་ཆད་པ་ཞིག་དགོས་གསུངས༔ བཞི་པ་དེ་ལ་འཇུག་པའི་གང་ཟག་གི་མཚན་ཉིད་དབང་པོ་ཡང་རབ་བློ་དངོས་ཀྱི་ཆོས་ལས་ཡིད་བྱུང་བ་ཞིག་དགོས༔ མཚོ་རྒྱལ་སྔོན་སྦྱངས་ཅན་གྱི་གང་ཟག་མི་གདའ་ན་གསུངས༔ ལྔ་པ་བླང་བའི་ཡུལ་ནི༔ ཆོས་སྐུ་ཐིག་ལེ་ཉག་གཅིག་རྟོགས་པས་བྱ་བྲལ་ཀློང་ཆེན་ངང་ལ་གནས་པ་ཞིག་དགོས་ཏེ༔ མཚོ་རྒྱལ་རྫོགས་པ་ཆེན་པོ་རྟོགས་པའི་སློབ་དཔོན་མི་གདའ་གསུངས༔ དྲུག་པ་བླང་བའི་ཆོ་ག་ནི༔ རིག་པ་རྩལ་གྱི་དབང་བསྐུར་ལ༔ ལུས་ཀྱི་མ་དག་པ་འཇིག་རྟེན་གྱི་བྱ་བ་དང་དག་པ་དགེ་བའི་ལས་ཀྱི་བྱ་བ་ཐམས་ཅད་བཏང་ལ་སྐྱེས་བུ་བྱ་བ་ཟིན་པ་ལྟར་གནས༔ ངག་གི་མ་དག་པ་ལོག་པའི་སྨྲ་བརྗོད་དང་དག་པའི་ཁ་ཏོན་དང་བཟླས་བརྗོད་ལ་སོགས་པ་སྤངས་ཏེ་ལྐུགས་པས་བུ་རམ་ཟ་བ་ལྟར་གནས༔ སེམས་ཀྱིས་མ་རྟོགས་པའི་འཁོར་བའི་རྣམ་རྟོག་ཐམས་ཅད་དང་དག་པ་མྱ་ངན་ལས་འདས་པའི་རྣམ་པར་རྟོག་པ་ཐམས་ཅད་སྤངས་ཏེ་སྐྱེས་བུའི་སྙིང་བཏོན་པ་ལྟར་གནས༔ ལར་རིག་པ་ཡེ་ནས་ཆོས་སྐུ་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པའི་དོན་དེ་བླ་མས་བསྟན་པ་ཙམ་གྱིས་མཐོང་བར་འགྱུར་ཏེ༔ མཚོ་རྒྱལ་ངའི་གདམས་པ་འདི་རྟོགས་གྲོལ་དུས་གཅིག་ཏུ་འགྲོ་བའི་ཆོས་ཡིན་གསུངས༔ བདུན་པ་དེ་ལ་བསླབས་པའི་དགོས་པ་ནི༔ འཁོར་བ་མ་སྤང་པར་རང་སར་གྲོལ་ནས་ཉོན་མོངས་པ་ཡེ་ཤེས་སུ་ལྷུན་གྱིས་གྲུབ་སྟེ༔ ད་ལྟ་ཉིད་དུ་སངས་རྒྱས་པའི་ཡོན་ཏན་ཡོད་གསུངས༔ བརྒྱད་པ་དེ་ལྟར་སློབ་པའི་གཏན་ཚིགས་ནི༔ རྒྱ་ཆད་ཕྱོགས་ལྷུང་མེད་པའི་དོན་དང་ལྡན་དགོས་པས་སོ༔ དགུ་པ་མ་བསླབ་པའི་ཉེས་དམིགས་ནི༔ གྲུབ་མཐའ་ཕྱོགས་སུ་ལྷུང་ནས་ཆོས་ཉིད་ཀྱིས་འཆིང་བར་གྱུར་པའི་སྐྱོན་ཡོད་གསུངས༔ མཚོ་རྒྱལ་ཕྱོགས་སུ་ལྷུང་ན་རྫོགས་པ་ཆེན་པོ་མ་ཡིན་གསུངས༔ བཅུ་པ་བསྲུང་བྱའི་ཆོས་ནི༔ ཐ་སྙད་ཙམ་དུ་ཡང་ཆོས་ཐམས་ཅད་ཀྱི་རྩ་བ་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་སྐྱེ་མེད་ཀ་དག་ཏུ་འདུས་པར་ལྟ་བ་དང༔ རིག་པ་བྱང་ཆུབ་ཀྱི་སེམས་དེ་ལ་བལྟ་བྱ་ལྟ་བྱེད་ལ་སོགས་པ་སྤྲོས་པ་གང་དུ་ཡང་མི་འདུག་པས༔ དེ་རྟོགས་སངས་རྒྱས་པར་ལྟ་བ་དང༔ དེའི་ངང་ལས་རྟོག་འཛིན་ཅི་བྱུང་ཡང་ཡེ་ནས་རིག་པ་སྟོང་གསལ་དེ་ཉིད་དུ་འདུག་པར་ཤེས་པ་དང༔ ཕྱི་ཡུལ་གྱི་སྣང་བ་ཡང་སྣང་བའི་དུས་ཉིད་ན་ངོ་བོ་གང་དུ་ཡང་མ་གྲུབ་པས་ཆོས་ཉིད་ཀྱི་རོལ་པ་ལས་མ་འདས་པར་ཤེས་པ་དང༔ ཡུལ་སེམས་གཉིས་སུ་མེད་པར་ཆོས་ཉིད་བདེ་བ་ཆེན་པོ་སྤང་བླང་དགག་སྒྲུབ་མེད་པར་སྤྱོད་པ་དང༔ བྱེ་བྲག་ཏུ་ཉོན་མོངས་པ་སྡུག་བསྔལ་ཐམས་ཅད་བྱང་ཆུབ་ཀྱི་ལམ་དམ་པར་སྤྱོད་པ་དང༔ སེམས་ཅན་དུ་སྣང་བའི་དུས་ཉིད་ན་གང་དུ་ཡང་མ་གྲུབ་པར་འདུག་པས་འཁོར་བ་ལ་སྤང་དུ་མེད་དེ་སྐྱེ་མེད་ཀ་དག་རྟོགས་པ་དང༔ སྐུ་དང་ཡེ་ཤེས་སུ་སྣང་བ་ཐམས་ཅད་བློ་དངོས་ཀྱི་ཆོས་སུ་འདུག་པས་སངས་རྒྱས་ལ་བསྒྲུབ་ཏུ་མེད་པར་རྟོགས་པར་གྱིས་ཤིག༔ དཔལ་ཀུན་ཏུ་བཟང་མོའི་གདུང་རྒྱུད་འཛིན་པར་གྱིས་ཤིག༔ བཅུ་གཅིག་པ་གཏོང་ཐོབ་ཀྱི་ས་མཚམས་ནི་མེད་དེ༔ ཡེ་ནས་དུས་གསུམ་དུ་འདུ་འབྲལ་མེད་པར་གནས་སོ་གསུངས༔ མཚོ་རྒྱལ་བདག་གིས་སེམས་བསྐྱེད་ཕྱི་ནང་གསང་བ་གསུམ་དུ་མདོ་རྒྱུད་ལུང་མན་ངག་ཀུན་གྱི་དོན་བསྡུས་པ་འདི་ཉམས་སུ་ལོངས་ཤིག༔ ལམ་དུ་ཁྱེར་ཅིག༔ རྒྱུད་ལ་ཁོལ་ཅིག༔ དོན་དང་བསྟུན་ཅིག༔ ཐེག་པ་ཆེན་པོའི་ཆོས་ཀྱི་རྩ་བ་ཡིན་ནོ་གསུངས༔ ཐེག་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་སྦྱང་བ༔ སེམས་བསྐྱེད་ལམ་ཁྱེར་གྱི་སྐོར་ཞེས་བྱ་བ༔ མོན་ཁ་སེང་གེ་རྫོང་དུ་ཡི་གེར་བཏབ་བོ༔ རྫོགས་སྷོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ༄༅༔ ན་མོ་གུ་རུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ༔ དང་པོར་མངལ་གྱིས་མ་གོས་ཏེ་པདྨའི་སྡོང་པོ་ལས་འཁྲུངས་པ༔ བར་དུ་དཀའ་བའི་སྤྱོད་པ་སྣ་ཚོགས་མཛད་པ༔ ཐ་མར་ཚེའི་རིག་འཛིན་གྲུབ་ནས་སྐྱེ་ཤི་རྒྱུན་བཅད་དེ་བཞུགས་པ༔ ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཞལ་ནས་གསུང་བ༔ འགྲོ་བ་རིགས་དྲུག་དང་ལྷ་མ་སྲིན་སྡེ་བརྒྱད་ཀྱི་སྐད་མཁྱེན་པ༔ ཚངས་པའི་གསུང་གིས་སེམས་ཅན་ལ་ཕན་འདོགས་པ༔ ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་དགོངས་པ་མངའ་བ༔ སྐྱེ་འགག་མེད་པའི་དོན་ཐུགས་སུ་ཆུད་པ༔ ཆོས་ཉིད་ཀྱི་དོན་ལ་ཕྱོགས་རིས་མི་འབྱེད་པ༔ ཡོན་ཏན་གྱིས་དགོས་འདོད་ཐམས་ཅད་ངང་ལ་འབྱུང་བ༔ ལེགས་པ་ཐམས་ཅད་འབྱུང་བའི་གཞིར་གྱུར་པ༔ འགྲོ་བ་ཐམས་ཅད་འདུལ་བའི་ཐབས་ལ་མཁས་པ༔ ཕྲིན་ལས་བདེ་བར་གཤེགས་པའི་ཐུགས་རྒྱུད་བསྐུལ་བ༔ ལྷ་མ་སྲིན་སྡེ་བརྒྱད་ཀྱི་སྲོག་སྙིང་མངའ་བ༔ རྒྱ་མཚོའི་གླིང་ནས་སྐུ་འཁྲུངས་པ༔ ཨོ་རྒྱན་ཡུལ་དུ་རྒྱལ་སྲིད་བཟུང་ནས༔ དུར་ཁྲོད་བརྒྱད་དུ་སྤྱོད་པ་མཛད་པ༔ རྒྱ་གར་ཡུལ་དུ་དཀའ་བ་སྤྱད་ནས༔ བོད་ཡུལ་དུ་ཐུགས་རྗེས་བྱོན་པ༔ བོད་ཀྱི་བཙན་པོའི་ཐུགས་དགོངས་བསྒྲུབས་ནས༔ བོད་ཀྱི་རྒྱལ་ཁམས་བདེ་བ་ལ་བཀོད་པའི་བཀའ་དྲིན་ཅན་དེ་ལ༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་བུད་མེད་ཀྱི་བུར་གྱུར་པ་ལ༔ དད་པ་དང་ལྡན་པ༔ སྙིང་རྗེ་ཆེ་ལ་ཕན་སེམས་དང་ལྡན་པ༔ ཡིད་གཞུང་ལ་བློ་རྣོ་བ་དེས་དགུང་ལོ་བཅུ་གསུམ་ལོན་ནས་སློབ་དཔོན་གྱི་གཟུངས་མ་མཛད༔ སློབ་དཔོན་དེ་བོད་ཡུལ་དུ་དགུང་ལོ་བརྒྱ་དང་བཅུ་གཅིག་བཞུགས་ཀྱི་བར་དུ་ཞབས་ཏོག་མཛད་ནས་ཐུགས་ཟིན་ཏེ་མཉེས་པར་མཛད༔ གདམས་ངག་གི་བཅུད་ཕྱུང་ཐུགས་ཀྱི་ཉིང་ཁུ་རྣམས་གཅིག་ཀྱང་མ་ལུས་པར་གནང༔ བར་སྐབས་ཀྱི་བཀའ་བསྩལ་དུ་གསུངས་པ་ཐམས་ཅད་བསྡེབས་ནས་ཡི་གེ་རིས་སུ་བཏབ་སྟེ༔ རིན་ཆེན་གཏེར་དུ་སྦས་ནས་བཞག་གོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་བསླབ་པའི་མཐའ་བཅུ་ལ་རྫོགས་པར་སློབ་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ ལྟ་བས་ཐག་གཅོད་པ་ཁྱུང་ནམ་མཁའ་ལ་ལྡིང་བ་ལྟ་བུ་ཆོས་ཐམས་ཅད་འོག་ཏུ་ཚུད་པ་ཞིག་དགོས༔ ལ་སྤྱོད་པས་དོར་བ་གླང་པོ་ཆེ་ཆུར་ཞུགས་པ་ལྟ་བུ་གང་གིས་ཀྱང་མི་རྫི་བ་ཞིག་དགོས༔ ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟར་མ་རིག་པའི་མུན་པ་སེལ་བ་ཞིག་དགོས༔ དོན་མན་ངག་གིས་སྒྲུབ་པ་ནོར་བུ་རིན་པོ་ཆེ་ལོན་པ་ལྟ་བུ་ཆོས་ཐམས་ཅད་དོན་དུ་གྲོལ་བ་ཞིག་དགོས༔ རིམ་པ་དབང་གིས་བགྲོད་པ་རྒྱལ་བུ་རྒྱལ་སར་ཕྱུང་པ་ལྟ་བུ་འཁོར་བར་ལྷུང་བའི་དོགས་པ་དང་བྲལ་བ་ཞིག་དགོས༔ གཞི་དམ་ཚིག་གིས་གཟུང་བ་ཞིང་ས་གཤིན་པོ་ལྟ་བུ་ཅི་བྱས་ཆུད་མི་ཟོས་པ་ཞིག་དགོས༔ རྒྱུད་ཐོས་པས་གྲོལ་བ་ཅང་ཤེས་སྒྲོག་བཀྲོལ་བ་ལྟ་བུ་ཆོས་ཀྱི་ཕྱོགས་ཐམས་ཅད་ལ་བྱང་བ་ཞིག་དགོས༔ སྒོ་ཀུན་ནས་སྡུར་བ་བུང་བ་ཚང་ཚོལ་བ་ལྟ་བུ་ཆོས་ཀྱི་གྲུབ་མཐའ་ཐམས་ཅད་ཤེས་པ་ཞིག་དགོས༔ མདོ་གཅིག་ཏུ་སྡུད་པ་ཚོང་པ་ཁེ་སྤོགས་བྱེད་པ་ལྟ་བུ་ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་ཤེས་པ་ཞིག་དགོས༔ མཁས་པ་ཕུལ་དུ་བྱུང་བ་རི་རབ་ཀྱི་རྩེར་ཕྱིན་པ་ལྟ་བུ་ཆོས་ཐམས་ཅད་ཀྱི་དོན་གསལ་ལ་མ་འདྲེས་པར་ཤེས་པ་ཞིག་དགོས་པ་ཡིན་གསུངས༔ བོད་ཀྱི་མིས་དེ་དག་ལ་མ་བསླབ་པར་མཁས་པར་འདོད་པ་དེ༔ དོན་ལ་མ་མཁས་པར་ཆོས་ལ་ཕྱོགས་རིས་ཆེ༔ བསླབ་པའི་མཐའ་བཅུ་ལ་མ་བསླབ་པའི་སྐྱོན་ཡིན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ བསླབ་པའི་མཐའ་བཅུ་ལ་མ་སྦྱང་པ་ལ་སྐྱོན་བཅུ་ཡོད་གསུངས༔ ཇོ་མོས་དེ་ཇི་ལྟར་མཆི་ཞུས་པས༔ ལྟ་བ་ཐག་མ་ཆོད་ན་གར་འགྲོ་ཆ་མེད་པའི་སྐྱོན་ཡོད༔ སྤྱོད་པ་ཡལ་བར་དོར་ན་ལྟ་སྤྱོད་ཟུང་འཇུག་མི་ཤེས་པའི་སྐྱོན་ཡོད༔ ཉམས་སུ་ཏིང་ངེ་འཛིན་གྱིས་ལེན་མ་ཤེས་ན་ཆོས་ཉིད་ཀྱི་དོན་མི་མཐོང༔ དོན་མན་ངག་གིས་མ་བསྒྲུབ་ན་ཉམས་སུ་ལེན་མི་ཤེས༔ རིམ་པ་དབང་གིས་མ་བགྲོད་ན་ཆོས་ལ་སྤྱོད་པར་མི་རུང༔ གཞི་དམ་ཚིག་གིས་མ་ཟིན་ན་ཅི་བྱས་དམྱལ་བའི་ས་བོན་འདེབས༔ རྒྱུད་ཐོས་པས་མ་གྲོལ་ན་ཆོས་ཀྱི་རོ་མི་ཚོར༔ སྒོ་ཀུན་ནས་མ་བསྡུར་ན་གྲུབ་མཐའི་ཕྱོགས་མི་ཆོད༔ མདོ་གཅིག་ཏུ་མ་བསྡུས་ན་ཆོས་ཀྱི་རྩ་བ་མི་ཤེས༔ མཁས་པ་ཕུལ་དུ་མ་ཕྱིན་ན་ཆོས་ཀྱི་དོན་མི་མཐོང༔ ཆོས་མ་བསླབ་པའི་དགེ་བའི་བཤེས་གཉེན་དུ་གསོལ་བ་རྣམས༔ ཆོས་རིས་མེད་པ་དེ་ཀུན་གྱིས་མ་ཤེས༔ གཅིག་ལ་གཅིག་ཆོས་ཀྱི་ཁ་ཟིན་ཆེན་པོ་བྱེད༔ ཐེག་པ་རང་ས་ན་བདེན་པས་ཁ་གཟུང་མི་འཚལ༔ ཅོག་གེ་ཞོག་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་མདོ་བཅུ་དང་ལྡན་དགོས་གསུངས༔ ཇོ་མོས་མདོ་བཅུ་གང་ལགས་ཞུས་པས༔ དད་པའི་མདོ་འཕེལ་འགྲིབ་མེད་པ་ཆུ་བོ་ལྟ་བུ་ཞིག་དགོས༔ སྙིང་རྗེའི་མདོ་དགྲ་ཟུན་མེད་པ་ཉི་མ་ལྟ་བུ་ཞིག་དགོས༔ སྦྱིན་པའི་མདོ་ཕྱོགས་རིས་མེད་པ་བཏུང་ཆུ་ལྟ་བུ་ཞིག་དགོས༔ དམ་ཚིག་གི་མདོ་དྲི་མ་མེད་པ་ཤེལ་གོང་ལྟ་བུ་ཞིག་དགོས༔ ལྟ་བའི་མདོ་ཕྱོགས་ལྷུང་མེད་པ་ནམ་མཁའ་ལྟ་བུ་ཞིག་དགོས༔ སྒོམ་པའི་མདོ་གསལ་འགྲིབ་མེད་པ་ནམ་ལངས་པ་ལྟ་བུ་ཞིག་དགོས༔ སྤྱོད་པའི་མདོ་བླང་དོར་མེད་པ་ཁྱི་ཕག་ལྟ་བུ་ཞིག་དགོས༔ འབྲས་བུའི་མདོ་སྤང་བླང་མེད་པ་རིན་པོ་ཆེ་གསེར་གྱི་གླིང་དུ་ཕྱིན་པ་ལྟ་བུ་ཞིག་དགོས༔ ཆོས་ཕྱོགས་སུ་གདུང་བ་སྐོམ་པ་ཆུ་ཚོལ་བ་ལྟ་བུ་ཞིག་དགོས༔ ལར་མདོ་ཆོས་ལ་མི་བྱེད་པར་མདོ་ནོར་ལ་བྱེད་པ་ཤ་སྟག་འདུག་སྟེ༔ རང་འཆི་ཀར་ནོར་གྱིས་སྟོངས་ནས་ངན་སོང་དུ་མ་སོང་བ་ཞིག་དགོས་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་ལ་ཁ་ཚིག་ཏུ་འགྲོ་བ་མང་པོ་ཡོད་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ དད་པ་མེད་པས་ཀློག་འདོན་པ་ཡང་ཁ་ཚིག་ཡིན༔ སྙིང་རྗེ་མེད་པའི་ཕན་སེམས་ཀྱང་ཁ་ཚིག་ཡིན༔ སེར་སྣ་དང་མ་བྲལ་བའི་སྦྱིན་པ་ཡང་ཁ་ཚིག་ཡིན༔ དམ་ཚིག་མི་སྲུང་བའི་སྔགས་པ་ཡང་ཁ་ཚིག་ཡིན༔ སྡོམ་པ་མི་བསྲུང་བའི་བཙུན་པོ་ཡང་ཁ་ཚིག་ཡིན༔ མི་སྒོམ་པའི་བཟང་པོ་ཡང་ཁ་ཚིག་ཡིན༔ ཆོས་མི་སྤྱོད་པའི་ཤེས་པ་ཡང་ཁ་ཚིག་ཡིན༔ ཉམས་ལེན་དོན་དང་མི་ལྡན་པའི་ཆོས་སྤྱོད་ཀྱང་ཁ་ཚིག་ཡིན༔ རང་ཆོས་བཞིན་མི་བྱེད་པའི་གཞན་ལ་འཆད་པ་ཡང་ཁ་ཚིག་ཡིན༔ རང་ཉམས་སུ་མི་ལེན་པའི་གདམས་ངག་ཀྱང་ཁ་ཚིག་ཡིན༔ ལར་མཁས་པ་ཆོས་ཀྱིས་སེམས་མ་ཐུལ་བར་ཆོས་ཉོན་མོངས་པའི་བསྣོན་མར་སོང་བ་འདི་དག༔ ཅི་ཟེར་ཁ་ཚིག་ཏུ་ཐོས་ནས་རྣ་བ་སུན་ལོག་གེ་འདུག་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་ཁ་རྗེ་ཆེ་བ་བཅུ་ཡོད་གསུངས༔ ཇོ་མོས་གང་ལགས་ཞུས་པས༔ མ་ཉན་པར་ཆོས་ཤེས་ན་ཁ་རྗེ་ཆེ༔ མ་བསྒྲུབ་པར་མཐུ་ཆེ་ན་ཁ་རྗེ་ཆེ༔ མོས་གུས་མེད་པར་བྱིན་རླབས་བྱུང་ན་ཁ་རྗེ་ཆེ༔ མ་བསྒོམ་པར་སངས་རྒྱས་ན་ཁ་རྗེ་ཆེ༔ བསྐུར་སྟི་མ་བྱས་པར་སློབ་དཔོན་རྙེད་ན་ཁ་རྗེ་ཆེ༔ བརྒྱུད་པ་མེད་པའི་ཆོས་ཀྱིས་གྲོལ་ན་ཁ་རྗེ་ཆེ༔ གདམས་ངག་མེད་པར་རྟོགས་པ་ཤར་ན་ཁ་རྗེ་ཆེ༔ ཉམས་ལེན་མ་བྱས་པར་རང་རྒྱུད་གྲོལ་ན་ཁ་རྗེ་ཆེ༔ བརྩོན་འགྲུས་མེད་པར་ཉམས་སུ་ལོན་ན་ཁ་རྗེ་ཆེ༔ དམ་ཚིག་མ་བསྲུང་བར་བཀྲ་ཤིས་ན་ཁ་རྗེ་ཆེ༔ ལར་དཀའ་བ་མ་སྤྱད་པར་སླ་བར་འོང་བར་འདོད་པ་འདི་དག་ལ་ཁ་རྗེ་ཆེ་བ་ཁོ་ན་མི་འོང་སྟེ་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་ཉམས་སུ་ལེན་པ་ལ་སྐྱོན་བཅུར་མ་སོང་བ་ཞིག་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ བསྒོམས་ཀྱང་ཉོན་མོངས་དང་རྣམ་རྟོག་གི་གཉེན་པོར་མ་སོང་ན་གདམས་པ་མ་ཐེབ་པའི་སྐྱོན་ཡོད༔ སེམས་ཟིན་ཡང་ཤེས་པ་ཕྱོགས་རིས་མེད་པར་མ་གྲོལ་ན་གདམས་པ་ཁྱད་པར་ཅན་དང་མ་འཕྲད་པའི་སྐྱོན་ཡོད༔ མོས་གུས་དྲགས་པོ་བྱས་ཀྱང་བྱིན་རླབས་མ་ཞུགས་ན་བླ་མ་གྲུབ་པ་ཐོབ་པ་དང་མ་འཕྲད་པའི་སྐྱོན་ཡོད༔ རྩོལ་བ་དྲགས་པོ་བྱས་ཀྱང་ཉམས་ལ་བོགས་མེད་ན་སེམས་རྒྱུད་རྩལ་མ་འབྱོངས་པའི་སྐྱོན་ཡིན༔ དགེ་སྦྱོར་བྱས་པས་ཁམས་ལྡོག་ན་སེམས་ཉིད་ས་མ་ཟིན་པའི་སྐྱོན་ཡིན༔ སྒོམ་བྱས་ཀྱང་སེམས་གནས་སུ་མ་འདོད་ན་བསམ་གཏན་གྱི་ལྗིད་མ་ཕེབས་པའི་སྐྱོན་ཡིན༔ ཤེས་པ་ལྟེངས་ནས་ཉམས་མྱོང་འཕྲལ་དག་ཏུ་མི་སྐྱེ་ན་ཞི་གནས་རྐྱང་པར་ཤོར་བའི་སྐྱོན་ཡིན༔ རིག་པའི་རྦད་ཁམ་མ་སློང་ན་སྣང་བ་གྲོགས་སུ་ཁྱེར་མ་ཤེས་པའི་སྐྱོན་ཡིན༔ ཉོན་མོངས་པ་ཆགས་ཞེན་གཅད་དཀའ་ན་དུག་ལྔ་ལམ་དུ་ཁྱེར་མ་ཤེས་པའི་སྐྱོན་ཡིན༔ སྡུག་བསྔལ་དང་རྐྱེན་མ་ཐུབ་ན་རང་རྒྱུད་འཁོར་བ་ལས་ལྡོག་མ་ཤེས་པའི་སྐྱོན་ཡིན༔ ལར་ཆོས་བྱེད་ཟེར་ཞིང་སྐྱོན་གྱིས་ཁོང་བཀང་ནས༔ དུས་ནམ་ཕུགས་སུ་ལེགས་པ་སྣ་གཅིག་ཀྱང་ཅང་མཆིའམ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱས་པའི་རྟགས་སུ་ཡོན་ཏན་བཅུ་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ རྣམ་རྟོག་ཟིལ་གྱིས་ནོན་ན་སེམས་ཉིད་བཙན་ས་ཟིན་པའི་རྟགས་ཡིན༔ ཡེ་ཤེས་ཕྱོགས་མེད་དུ་འཆར་ན་གདམས་ངག་གནད་དུ་ཐེབས་པའི་རྟགས་ཡིན༔ བླ་མ་སངས་རྒྱས་སུ་མཐོང་ན་བླ་མ་ལ་གུས་པ་ཕུལ་བའི་རྟགས་ཡིན༔ བྱིན་རླབས་ཐོགས་མེད་དུ་བྱུང་ན་གྲུབ་ཐོབ་ཀྱི་བརྒྱུད་པ་མ་ཆད་པའི་རྟགས་ཡིན༔ རྩོལ་སྒྲུབ་ཀྱིས་ཤེས་པ་གཅུན་པས་རྒྱུད་ཕྱོགས་མེད་དུ་སྒྱུར་ནུས་ན་སེམས་ཉིད་རྩལ་འབྱོངས་པའི་རྟགས་ཡིན༔ དགེ་སྦྱོར་ཉིན་མཚན་དུ་བྱས་ཀྱང་ཁམས་མི་ལྡོག་ན་རླུང་སེམས་གནད་དུ་ཕེབས་པའི་རྟགས་ཡིན༔ བསྒོམས་མ་བསྒོམ་ལ་གསལ་མི་གསལ་མེད་ན་བསམ་གཏན་གནད་དུ་ཕེབས་པའི་རྟགས་ཡིན༔ ཤེས་པ་ཅི་སྐྱེས་ཀྱང་སྣང་བ་ཅི་ཤར་ཆོས་ཉིད་དུ་གསལ་འདེབས་ནུས་ན་རྟོགས་པ་ལམ་དུ་སློངས་པའི་རྟགས་ཡིན༔ ཉོན་མོངས་པའི་རོ་མི་ལྡང་ཞིང་ལངས་ཀྱང་འཕྲལ་དུ་ཞི་ན་དུག་ལྔ་གནས་སུ་ཆོམས་པའི་རྟགས་ཡིན༔ སྡུག་བསྔལ་གྱི་རྐྱེན་གྱིས་བརྫི་བར་མི་ནུས་ན་འཁོར་བའི་མཚན་ཉིད་མི་རྟག་པར་ཤེས་པའི་ཡོན་ཏན་ཡིན༔ ལར་ཆོས་རྒྱུད་ལ་སྐྱེས་ན་ཡོན་ཏན་ནང་ནས་འཆར་ཏེ༔ དད་པ་དང་བརྩོན་འགྲུས་ཤེས་རབ་དང་བྲལ་བའི་བོད་ཀྱི་མི་འདི་ཀུན་ལ་ཡོན་ཏན་ནང་ནས་འཆར་བ་དཀའ་བར་མཆིའོ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་རྒྱུད་ལ་ཐེབས་ན་རྟགས་བཅུ་འཆར་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ འཛིན་པ་ཆུང་ན་འགོང་པོ་སྒོར་ཐོན་པའི་རྟགས་ཡིན༔ ཉོན་མོངས་པ་ཆུང་ན་དུག་ལྔ་ཁོང་དུ་སོད་པའི་རྟགས་ཡིན༔ ང་བདག་ཆུང་ན་འགོང་པོ་སྒོར་ཐོན་པའི་རྟགས་ཡིན༔ ངོ་ཚ་གཟའ་གཏད་དང་བྲལ་ན་འཁྲུལ་པའི་སྣང་བ་ཞིག་པའི་རྟགས་ཡིན༔ བསྒོམ་བྱ་སྒོམ་བྱེད་དང་བྲལ་ནས་ཆོས་ཉིད་དོན་དང་ལྡན་པར་གནས་ན་སེམས་ཉིད་མ་བུ་འཕྲད་པའི་རྟགས་ཡིན༔ སྣང་བ་ཅིར་ཤར་ཡང་རང་སྣང་རིས་མེད་དུ་ཤར་ན་ལྟ་སྒོམ་གྱི་ཕུ་ཕྲོལ་པའི་རྟགས་ཡིན༔ འཁོར་འདས་དབྱེར་མེད་དུ་ཆོད་ན་རྟོགས་ཚད་རྒྱུད་ལ་སྐྱེས་པའི་རྟགས་ཡིན༔ མདོར་ན་རང་གི་ལུས་ལ་ཡང་ཞེན་པ་མེད་ན་འདོད་པ་གཏིང་ནས་བྲལ་བའི་རྟགས་ཡིན༔ སྡུག་བསྔལ་གྱི་རྐྱེན་གྱིས་མི་གནོད་ན་སྣང་བ་སྒྱུ་མར་ཤེས་པའི་རྟགས་ཡིན༔ ཆོས་བརྒྱད་ཤས་ཆུང་ན་སེམས་ཉིད་ངོ་ཤེས་པའི་རྟགས་ཡིན༔ ལར་ནང་རྟགས་ཕྱིར་འཆར་བ་ཤིང་ལ་ལོ་མ་སྐྱེས་པ་དང་འདྲ༔ ཕྱི་རྟགས་གཞན་པ་ལ་འཆར་བ་ཤིང་ཐོག་གི་འབྲས་བུ་སྨིན་ནས་ཟས་སུ་རུང་བ་དང་འདྲ་སྟེ༔ ནང་ན་ཡོན་ཏན་སྣ་གཅིག་ཀྱང་མེད་པའི་ཆོས་པ་མང༔ རྟོགས་པ་དང་ལྡན་པ་ཤིན་ཏུ་དཀོན་པས་སྒོམ་པ་ལ་འབད་རྩོལ་སྐྱེད་པ་གལ་ཆེ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱར་བྱུང་བ་རྣམས་ལ་ཡིན་པ་བཅུ་ཡོད་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ སངས་རྒྱས་ཀྱི་བསྟན་པ་གནས་པ་དང་གང་ཟག་གིས་མི་ལུས་ཐོབ་པ་དུས་མཚུངས་ན་ཚེ་སྔ་མ་ལ་ཚོགས་བསགས་པ་ཡིན༔ རང་ཆོས་ལ་མོས་པ་དང་བླ་མ་གདམས་པ་ཅན་དང་འཕྲད་ན་ལོང་བས་རིན་པོ་ཆེ་རྙེད་པ་ལྟ་བུ་ཡིན༔ མི་ལུས་གཙང་མ་ཐོབ་པ་དང་དད་པ་ཤེས་རབ་ཏུ་འཛོམ་ན་སྔོན་སྦྱངས་པའི་ལས་འཕྲོ་སད་པ་ཡིན༔ རང་ཉིད་སྡུག་བསྔལ་ལ་སྐྱོ་བ་སྐྱེས་པ་དང་ཉེ་འབྲེལ་རྒྱ་གད་སྨྲ་བ་དུས་མཚུངས་ན་ཆོས་ལ་སྐུལ་མ་འདེབས་པ་ཡིན༔ རང་ལ་འབྱོར་པ་ཡོད་པ་དང་སློང་མོ་བ་དུས་མཚུངས་ན་སྦྱིན་པ་རྫོགས་པར་འགྱུར་བའི་དུས་ཡིན༔ དགེ་སྦྱོར་ཉམས་སུ་བླང་བའི་ཚེ་སྡུག་བསྔལ་གྱི་མཚོ་འབྲུབ་ན་ལས་ངན་སྒྲིབ་པ་དག་པ་ཡིན༔ རང་ཆོས་ལ་བློ་ཞུགས་པའི་དུས་སུ་མ་ཉེས་པའི་དགྲ་བྱུང་ན་བཟོད་པའི་ལམ་སྣ་བགྲོད་པ་ཡིན༔ རང་ལ་དད་པ་ཕུལ་བྱུང་ཡོད་ཅིང་འདུས་བྱས་མི་རྟག་པར་གོ་བ་དང་གདམས་པ་ཟབ་མོ་རྙེད་པ་དུས་མཚུངས་ན་འཇིག་རྟེན་ལས་བློ་ལྡོག་པའི་དུས་ཡིན༔ རང་མི་རྟག་པ་འཆི་བས་འཇིགས་པ་དང་གཞན་ཤི་བ་དུས་མཚུངས་ན་དད་པ་ཐུན་མོང་མ་ཡིན་པ་སྐྱེ་བའི་དུས་ཡིན༔ ལར་བསོད་ནམས་ཀྱི་ཚོགས་མ་གསག་པ་ཁོ་ན་ཤས་ཆེ་བས༔ སྔོན་དུ་འཇིག་རྟེན་བྱ་བ་བསྒྲུབས་ནས༔ ཕྱིས་ཆོས་ལ་འགྲོ་བར་བསམ་པ་མང་བར་གདའ་སྟེ༔ འཁོར་བ་ལས་ཐར་བ་ཉུང་བར་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་འཁྱོག་པ་བདུན་ཡོད་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ དད་པ་ཆུང་ཞིང་ཤེས་རབ་ཆེ་ན་སྟོན་པར་འཁྱོག༔ བརྟེན་པ་མང་ལ་རང་སྒོ་དྲགས་ན་དགེ་བཤེས་སུ་འཁྱོག༔ མི་ཆོས་བཟོ་ལ་ཆོས་རྒྱུད་ལ་མ་འབྱོར་ན་གཙོ་བོར་འཁྱོག༔ གདམས་ངག་བཏབ་ནས་ཉམས་ལེན་མ་བྱུང་ན་དྲེད་པོ་ཆོས་རྒྱུས་ཅན་དུ་འཁྱོག༔ ཆོས་སེམས་ལ་མེད་པར་ཐོ་ཅོ་ཆེ་བ་རྣལ་འབྱོར་ཟ་ཕྱིད་བྱེད་པའི་ཟོག་པོར་འཁྱོག༔ ཐོས་པ་ཆུང་ལ་གདམས་པ་མེད་ན་དད་པ་ཆེ་ཡང་ཐ་མལ་དུ་འཁྱོག༔ ཆོས་པ་གཞུང་དང་མཐུན་པ་དེ༔ ཤེས་རབ་ཀྱིས་རྒྱུད་གྲོལ༔ དད་པས་སེམས་ཐུལ༔ ཉན་པས་སྒྲོ་འདོགས་ཆོད༔ མི་ཆོས་རྒྱབ་ཏུ་བོར༔ རང་རྒྱུད་ཆོས་སུ་འདྲེས༔ ཐོས་བསམ་གྱིས་ཤེས་བྱ་རྫོགས༔ གདམས་ངག་གིས་སེམས་ཐག་ཆོད༔ ལྟ་སྒོམ་གྱིས་ཕུགས་ཤིག་ཕྲོལ་དགོས་ཏེ་དཀའ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་སྒོར་ཞུགས་པ་འདི་དག་ལ་ནོར་ར་རེ་མང་པོ་ཡོད་གསུངས༔ ཇོ་མོས་ཇི་ལྟར་མཆི་ཞུས་པས༔ ཐོས་བསམ་གྱིས་རྒྱུད་གྲོལ་བའི་དགེ་བཤེས་དང༔ ཤེས་རབ་ཀྱིས་ལྟ་རྟོག་བྱས་པའི་སྟོན་པ་ནོར་ར་རེ༔ རང་གིས་ཉམས་སུ་བླངས་པའི་ཉམས་མྱོང་ཅན་དང༔ ཉམས་སུ་མ་བླང་པའི་དྲེད་པོ་ཆོས་རྒྱུས་ཅན་ནོར་ར་རེ༔ རང་རྒྱུད་ཆོས་ཀྱིས་ཐུལ་བའི་བཟང་པོ་དང༔ གཟོབ་པའི་སླུ་བྲིད་ཚུལ་འཆོས་ནོར་ར་རེ༔ གདམས་པ་ཅན་གྱི་ལྟ་བ་དང༔ ཁ་ཆོས་མཁན་གྱི་ལྟ་ཁམ་གྱི་ཚིག་ནོར་ར་རེ༔ དད་པ་ཅན་གྱི་ཆོས་ལ་མོས་པ་དང༔ ཁ་ཆོས་མཁན་གྱི་ཆོས་སྐད་ནོར་ར་རེ༔ ལར་ཆོས་དང་རང་རྒྱུད་འདྲེས་པ་ཞིག་དགོས་པ་ཡིན་ཏེ༔ ཆོས་ཕ་རོལ་ཏུ་བཞག་ནས་རང་ཚུར་རོལ་དུ་འདུག་པའི་ཆོས་པར་ཁས་བླངས་པ་ཁ་སྤྱང་མཁན་འདི་རྣམས་ལ་ཆོས་མི་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་ཆོས་སུ་འགྲོ་བ་ཞིག་དགོས༔ ཆོས་ལམ་དུ་འགྲོ་བ་ཞིག་དགོས༔ ལམ་གྱི་འཁྲུལ་པ་སེལ་བ་ཞིག་དགོས༔ འཁྲུལ་པ་ཡེ་ཤེས་སུ་འཆར་བ་ཞིག་དགོས༔ གསུངས༔ ཇོ་མོས་དེ་ཇི་ལྟར་བགྱི་ཞུས་པས༔ ཆོས་ཐམས་ཅད་ཐེག་པ་གཅིག་ཏུ་འདུས་པར་ཤེས་ནས་སྤང་བླང་མེད་པར་རྟོགས་ན་ཆོས་ཆོས་སུ་འགྲོ་བ་ཡིན༔ ཆོས་གང་ལ་ཡང་སྐྱབས་འགྲོ་སེམས་བསྐྱེད་དང༔ བསྐྱེད་རིམ་རྫོགས་རིམ༔ ཐབས་ཤེས་རབ་ཏུ་འབྲེལ་ན་ཆོས་ལམ་དུ་སོང་བ་ཡིན༔ ལམ་ལྟ་སྒོམ་སྤྱོད་པ་འབྲས་བུ་དང་འབྲེལ་ན་ལམ་གྱི་འཁྲུལ་པ་སེལ་བ་ཡིན༔ ལྟ་སྒོམ་གྱི་ཕུགས་ཕྲོལ་ནས་ཉམས་ལེན་ལ་བརྩོན་ན་འཁྲུལ་པ་ཡེ་ཤེས་སུ་འཆར་བ་ཡིན༔ ལར་ཆོས་གང་སྒྲུབ་ཀྱང་བསྐྱེད་རྫོགས་ལྟ་སྤྱོད་ཐབས་ཤེས་རབ་ཟུང་འཇུག་ཏུ་མ་ཤེས་ན༔ རྐང་པ་གཅིག་གིས་འགྲོ་མི་ཤེས་པ་དང་འདྲ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་ཐེག་པ་འོག་མ་པར་མ་སོང་བ་ཞིག་གལ་ཆེ་གསུངས༔ ཇོ་མོས་དེ་ཇི་ལྟར་བགྱི་ཞུས་པས༔ ཞི་གནས་ཀྱི་བདེ་གསལ་མི་རྟོག་པ་གསུམ་ལ་ཆགས་ན་ཉན་ཐོས་དང་རང་སངས་རྒྱས་ལས་འགྲོ་ས་མེད༔ ལྷག་མཐོང་གི་བདེ་གསལ་མི་རྟོག་པ་གསུམ་སྐྱེས་ན་ཆོས་སྐུ་ཡིན་གསུངས༔ ལར་ཞི་གནས་ལྟེངས་པོ་ལ་སེམས་ཟིན་པ་མང༔ དེས་ལྷའི་བསམ་གཏན་དུ་སྐྱེ་བའམ་གལ་ཏེ་ལུས་མ་བླང་ཡང་སེམས་ཅན་གྱི་དོན་མི་འགྲུབ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་ཀྱི་རྩ་བ་སྐྱབས་འགྲོ་དང་སྡོམ་པ་ཡིན་གསུངས༔ ཇོ་མོས་དེ་གཉིས་སྐྱེ་བའི་དུས་གང་གི་ཚེ་ལགས་ཞུས་པས༔ ངན་སོང་གིས་འཇིགས་ཤིང་དཀོན་མཆོག་གསུམ་ལ་དད་པའི་ཚེ་སྐྱབས་སུ་འགྲོ་བའི་སྡོམ་པ་སྐྱེ་བ་ཡིན༔ ལས་རྒྱུ་འབྲས་ལ་ཡིད་ཆེས་པའི་དུས་ན་དགེ་བསྙེན་གྱི་སྡོམ་པ་སྐྱེ་བ་ཡིན༔ འཁོར་བ་ལས་བློ་ལོག་པའི་དུས་ན་དགེ་ཚུལ་གྱི་སྡོམ་པ་སྐྱེ་བ་ཡིན༔ སྡིག་པ་མཐའ་དག་ལས་བློ་ལྡོག་པའི་དུས་ན་དགེ་སློང་གི་སྡོམ་པ་སྐྱེ་བ་ཡིན༔ སྙིང་རྗེས་བདག་གཞན་སྙོམས་པའི་ཚེ་བྱང་ཆུབ་སྨོན་པའི་སྡོམ་པ་སྐྱེ་བ་ཡིན༔ རང་ལས་གཞན་གཅེས་བྱུང་བའི་དུས་ན་བྱང་ཆུབ་སེམས་དཔའི་སྡོམ་པ་སྐྱེ་བ་ཡིན༔ བོད་ཀྱི་མིས་སྐྱབས་འགྲོ་ལ་མ་ཐའི་ཆོས་སུ་བྱེད༔ བཙུན་པ་ལ་འདུལ་ཁྲིམས་མེད༔ ཐེག་པ་ཆེན་པོ་ཡིན་ཟེར་ནས་བྱང་ཆུབ་ཀྱི་སེམས་མེད༔ སྔགས་པ་ལ་དམ་ཚིག་མེད༔ རྣལ་འབྱོར་པ་ལ་སྒོམ་མེད༔ བོད་ཀྱི་ཡུལ་འདིར་གྲུབ་ཐོབ་དཀའ་བར་འོང་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་དམ་ཚིག་བསྲུང་དགོས་ཏེ་དཀའ་གསུངས༔ ཇོ་མོས་ཇི་ལྟར་བསྲུང་ཞུས་པས༔ སློབ་དཔོན་ལ་སངས་རྒྱས་སུ་མཐོང་ན་སྐུའི་དམ་ཚིག་དང་ལྡན་པ་ཡིན༔ བཀའ་ལུང་ལ་ནོར་བུ་རིན་པོ་ཆེ་ལྟར་མཐོང་ན་གསུང་གི་དམ་ཚིག་དང་ལྡན་པ་ཡིན༔ གདམས་ངག་ལ་བདུད་རྩིར་མཐོང་ན་ཐུགས་ཀྱི་དམ་ཚིག་དང་ལྡན་པ་ཡིན༔ ཡི་དམ་ལ་སྤོང་ལེན་མེད་ན་ལུས་ཀྱི་དམ་ཚིག་དང་ལྡན་པ་ཡིན༔ གསང་སྔགས་ལ་ཐེ་ཚོམ་མེད་ན་ངག་གི་དམ་ཚིག་དང་ལྡན་པ་ཡིན༔ གནས་ལུགས་ཀྱི་དོན་རྟོགས་ན་སེམས་ཀྱི་དམ་ཚིག་དང་ལྡན་པ་ཡིན༔ ལར་རང་སེམས་རྣམ་པར་དག་ན་དམ་ཚིག་གཙང་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་མི་མཐུན་པའི་ཕྱོགས་བཅོ་ལྔ་ཡོད་པས་སྤང་དགོས་གསུངས༔ ཇོ་མོས་གང་ལགས་ཞུས་པས༔ ལོང་གཏམ་ཀུ་རེ་བཞད་གད་གསུམ་སྒོམ་པའི་བར་ཆད་ཡིན་པས་སྤང་དགོས༔ གཉེན་དང་གྲོགས་པོ་སློབ་མ་གསུམ་ཆོས་ཀྱི་བཤོལ་འདེབས་ཡིན་པས་སྤང་དགོས༔ ཁེ་དང་གྲགས་པ་བཀུར་སྟི་གསུམ་ཆོས་ཀྱི་རྟོད་ཕུར་ཡིན་པས་སྤང་དགོས༔ རྫས་དང་འདུ་འཛི་ལོངས་སྤྱོད་གསུམ་ཆོས་ཀྱི་གཡེང་བ་ཡིན་པས་སྤང་དགོས༔ གཉིད་དང་སྙོམ་ལས་ལེ་ལོ་གསུམ་ཆོས་བྱེད་པའི་དགྲ་ཆེན་ཡིན་པས་སྤང་དགོས༔ ལར་ཆོས་བྱེད་པ་ལ་བཤོལ་འདེབས་འོང་བ་མཚང་རེ་ཆེ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་རྒྱུ་རྐྱེན་བཅོ་ལྔ་དང་ལྡན་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ ཐོས་པ་དང་བསམ་པ་སྒོམ་པ་གསུམ༔ འདི་གསུམ་ཆོས་ཀྱི་རྒྱངས་ཤིང་ཡིན༔ བརྩོན་འགྲུས་དང་དད་པ་ཡིད་ཆེས་གསུམ༔ འདི་གསུམ་ཆོས་ཀྱི་སྲོག་ཤིང་ཡིན༔ མཁས་པ་དང་བཙུན་པ་བཟང་བ་གསུམ༔ འདི་གསུམ་ཆོས་ཀྱི་གང་ཟག་ཡིན༔ ཆགས་མེད་དང་ཞེན་མེད་འཛིན་མེད་གསུམ༔ འདི་གསུམ་ཆོས་ཀྱི་མཐུན་ཕྱོགས་ཡིན༔ ལར་ཆོས་བྱེད་པ་ལ་རྒྱུ་རྐྱེན་གསུམ་དང་ལྡན་པའི་མི་མི་འདུག༔ ཆོས་གཞུང་དང་མཐུན་པ་དེ་དཀའ་བར་གདའ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་དོན་མེད་པ་ཉི་ཤུ་རྩ་གཅིག་ཡོད་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ སེམས་ཅན་རྣམས་ལ་གནོད་པ་མ་སྤང་པའི་སེམས་བསྐྱེད་པ་ལ་དོན་མེད༔ དམ་ཚིག་མི་སྲུང་བའི་དབང་རིམ་པ་མནོས་པ་ལ་དོན་མེད༔ རང་སེམས་ལ་མ་ཕན་པའི་ཐོས་པ་མང་པོ་ལ་དོན་མེད༔ སྡིག་དང་འདྲེས་པའི་དགེ་རྩ་བྱས་པ་ལ་དོན་མེད༔ རྟག་ཏུ་སྡིག་པ་ལ་སྦྱོར་ན་བླ་མ་བསྟེན་པ་ལ་དོན་མེད༔ ཆོས་ལས་བློ་ལྡོག་ནས་སྡིག་པ་ལ་སྦྱོར་བའི་སློབ་དཔོན་བྱས་པ་ལ་དོན་མེད༔ འཇིག་རྟེན་ཆོས་བརྒྱད་སྒྲུབ་པའི་ལས་ཀ་བྱས་པ་ལ་དོན་མེད༔ རྟག་ཏུ་ཕ་མ་ལ་སྡང་བར་བྱེད་ཅིང་མཆོད་གནས་ཕུགས་སུ་བསྟེན་པ་ལ་དོན་མེད༔ མི་དགེ་བ་ལྷག་པར་སྤྱོད་པས་དམྱལ་བར་འཇིགས་ཟེར་བ་ལ་དོན་མེད༔ དད་པ་མེད་ཅིང་བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་པའི་སྦྱིན་པ་གཏོང་བ་ལ་དོན་མེད༔ གཉེན་པོའི་སྟོབས་ཀྱིས་མ་ཟིན་པའི་དབང་མེད་པའི་བཟོད་པ་ལ་དོན་མེད༔ བྱིང་རྒོད་གཉིས་ལ་རྟག་ཏུ་གནས་པའི་བསམ་གཏན་སྒོམ་པ་ལ་དོན་མེད༔ བྱང་ཆུབ་ཀྱི་ལམ་དུ་མི་འགྱུར་བའི་བརྩོན་འགྲུས་རྩོམ་པ་ལ་དོན་མེད༔ དུག་ལྔ་རྒྱས་པར་བྱེད་པའི་ལོག་པའི་ཤེས་རབ་སྐྱེད་པ་ལ་དོན་མེད༔ སྙིང་རྗེའི་ལམ་དང་བྲལ་བའི་ཐེག་ཆེན་སྒྲུབ་པ་ལ་དོན་མེད༔ རང་གི་སེམས་ཉིད་མ་རྟོགས་པའི་སྒོམ་པ་བྱས་པ་ལ་དོན་མེད༔ རང་ཉིད་ཉམས་སུ་མི་ལེན་པའི་གདམས་ངག་མནོས་པ་ལ་དོན་མེད༔ བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་འགྲོ་དོན་བྱེད་པ་ལ་དོན་མེད༔ སྲུང་བའི་སེམས་དང་མི་ལྡན་པས་སྡོམ་པ་ནོས་པ་ལ་དོན་མེད༔ ལར་དོན་མེད་ཀྱང་བྱ་བྱེད་མང་བ་འདི་དག་ལ་དགོས་པ་མེད་ཀྱང་བྱིས་པའི་སྐྱེ་བོ་རྣམས་མི་ཉན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་ཕྱིར་མི་ལྡོག་པ་བཞི་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ འཆི་བ་རྗེས་སུ་དྲན་པ་བསྒོམས་པས་ཚེ་འདིའི་ཆེད་ལ་ཕྱིར་མི་ལྡོག༔ མི་དགེ་བ་བཅུའི་འབྲས་བུ་ལ་ཆེས་ཆེར་བསྒོམས་པས་ངན་སོང་གསུམ་དུ་ཕྱིར་མི་ལྡོག༔ བྱམས་པ་བསྒོམས་པས་ཐེག་པ་ཆུང་ངུར་ཕྱིར་མི་ལྡོག༔ སྟོང་ཉིད་བསྒོམས་པས་འཁོར་བར་ཕྱིར་མི་ལྡོག༔ ལར་ཆོས་བྱེད་པ་ལ་འཇིག་རྟེན་འདིའི་ཆེད་ལས་བློ་ལྡོག་དགོས་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་མི་འོང་བ་བཞི་ཡོད་པས་སྤང་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ འཆི་བ་རྗེས་སུ་མ་དྲན་ན་ཆོས་སྒྲུབ་པའི་དུས་མི་འོང༔ ལས་འབྲས་ལ་ཡིད་མ་ཆེས་པས་མི་དགེ་བ་མི་སྤོང་བ་ལ་མཐོ་རིས་ཐར་པ་ཐོབ་པའི་དུས་མི་འོང༔ སེམས་ཅན་གྱི་དོན་དུ་བྱང་ཆུབ་ཏུ་སེམས་མ་བསྐྱེད་པར་རང་གཅིག་པུ་ཐར་པ་དང་གྲོལ་བར་འདོད་པ་ལ་རྫོགས་པའི་སངས་རྒྱས་མི་འོང༔ ལར་ཚེ་འདིའི་བྱ་བ་ལས་བློ་མི་ལྡོག་ན་ཡང་དག་པའི་ཆོས་གཏན་ནས་མི་འོང༔ འཇིག་རྟེན་བློས་གཏོང་བ་འགའ་ཡང་མི་གདའ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་སྙིང་པོ་བླང་བ་གལ་ཆེ་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ ལུས་སྙིང་པོ་མེད་པ་ལས་སྙིང་པོ་བླང་བ་ནི་ཚུལ་ཁྲིམས་གཙང་མ་བསྲུང༔ ལོངས་སྤྱོད་སྙིང་པོ་མེད་པ་ལས་སྙིང་པོ་བླང་བ་ནི་སྦྱིན་པ་སེམས་བསྐྱེད་ཀྱིས་ཟིན་པར་གཏང༔ ཚོགས་སྙིང་པོ་མེད་པ་ལས་སྙིང་པོ་བླང་བ་ནི་རྒྱུ་བསོད་ནམས་ཀྱི་ཚོགས་དང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་གསག༔ ཐོས་པ་སྙིང་པོ་མེད་པ་ལས་སྙིང་པོ་བླང་བ་ནི་སྒྲུབ་པ་ནན་ཏན་གྱིས་ཉམས་སུ་བླང་བ་ལ་འབད༔ དེ་ལྟར་སྙིང་པོ་ལེན་མ་ཤེས་ན་འཇིག་རྟེན་འདིའི་ལས་འབའ་ཞིག་ཡིན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་འཁྲུལ་མེད་ལྔ་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ ཁས་བླངས་པའི་ཚུལ་ཁྲིམས་དང་སྲུང་སྡོམ་ལ་འཁྲུལ་པ་མེད་པས་སྲུང་བ་ཞིག་དགོས༔ བྱམས་སྙིང་རྗེ་བྱང་ཆུབ་སེམས་སྒོམ་པ་ལ་དུས་རྟག་ཏུ་འཁྲུལ་པ་མེད་པ་ཞིག་དགོས༔ ལས་རྒྱུ་འབྲས་སྒོམ་པ་ལ་འཁྲུལ་པ་མེད་པས་ལས་ཕྲ་མོ་ནས་འཛེམ་པ་ཞིག་དགོས༔ བླ་མ་སངས་རྒྱས་སུ་སྒོམ་པ་ལ་འཁྲུལ་པ་མེད་དེ་རྟག་ཏུ་སྤྱི་བོར་སྒོམ་པ་ཞིག་དགོས༔ ལར་ཆོས་བྱེད་པ་ཐམས་ཅད་སྟོང་པ་ཉིད་དུ་སྒོམ་པ་ལ་འཁྲུལ་པ་མེད་པ་སྟེ་ཐམས་ཅད་ཟུང་འཇུག་སྟོང་པའི་ངང་དུ་རྟོགས་པ་ཞིག་དགོས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་ཉམས་སུ་ལེན་དགོས་གསུངས༔ ཇོ་མོས་དེ་ཇི་ལྟར་ཉམས་སུ་བླང་ཞུས་པས༔ སེར་སྣའི་ཕྱོགས་གང་ཡང་ཡིད་ལ་མ་བྱས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན༔ ཉོན་མོངས་པ་ཐབས་ཀྱིས་སྤོང་བ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན༔ ཁྲོ་བ་དང་འཁོན་དུ་འཛིན་པ་གང་ཡང་མེད་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན༔ ལེ་ལོ་དང་སྒྱིད་ལུག་པ་མེད་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན༔ གཡེང་བ་དང་བསམ་གཏན་གྱི་རོ་ལ་ཆགས་པ་མེད་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན༔ སྤྲོས་པའི་རྣམ་པ་གང་ཡང་མེད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་བྲེལ་བ་རྣམ་པ་གསུམ་ཡོད་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ བྱ་བ་གཞན་ལ་མི་བརྩོན་པར་ཅི་བྱེད་ཕྱི་མའི་ཆེད་དུ་བྲེལ་པ་དེ་སྐྱེས་བུ་ཐ་མ་ཡིན་ཏེ༔ མཐོ་རིས་མི་འཐོབ་པའི་ཐབས་མེད༔ འཁོར་བ་མཐའ་དག་ལ་ཡིད་བྱུང་ནས་དགེ་སྦྱོར་ལ་བྲེལ་བ་དེ་སྐྱེས་བུ་འབྲིང་ཡིན་ཏེ༔ ཐར་པ་མི་འཐོབ་པའི་ཐབས་མེད༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཀྱི་སེམས་སྦྱོང་བས་བྲེལ་པ་དེ་སྐྱེས་བུ་མཆོག་ཡིན་ཏེ༔ རྫོགས་པའི་བྱང་ཆུབ་མི་འཐོབ་པའི་ཐབས་མེད༔ ལར་ནངས་བྱ་དང་མཉམ་པ་ནུབ་མུན་དང་མཉམ་ནས་བྲེལ་བ་འདི་དག་ཚེ་འདིའི་ཆེད་དུ་ཡིན་ཏེ༔ ཚེ་འདི་ལ་ཉོན་མོངས་ལ་ཕྱི་མར་ངན་སོང་གསུམ་ལས་འགྲོ་ས་མེད་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ཀུན་ཉེ་འབྲེལ་ཤི་བ་ལ་མྱ་ངན་ཆེ་བར་བྱེད་པར་གདའ་སྟེ་དེ་ལྟར་མ་ཡིན་གསུངས༔ ཆོས་བྱེད་པ་ལ་མྱ་ངན་བྱེད་དགོས་པ་ལྔ་ཡོད་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ སློབ་དཔོན་བཟང་པོ་དང་བྲལ་ན་མྱ་ངན་འདས་མཆོད་བྱེད་དགོས་པ་ཡིན༔ ཆོས་གྲོགས་བཟང་པོ་དང་བྲལ་ན་མྱ་ངན་ཚོགས་གསོག་བྱེད་དགོས་པ་ཡིན༔ རང་ལ་ཉམས་ཆག་དང་ཞིག་རལ་བྱུང་ན་མྱ་ངན་གསོ་སྦྱོང་དང་བཤགས་དགོས་པ་ཡིན༔ རང་ཡུན་རིང་དུ་ན་ནས་དགེ་སྦྱོར་བྱེད་མ་ནུས་ན་མྱ་ངན་བླ་མ་བསྟེན་དགོས་པ་ཡིན༔ འཇིག་རྟེན་ཆོས་བརྒྱད་ལ་སེམས་ཤོར་ན་མྱ་ངན་ཞེན་པ་གཏིང་ནས་ལོག་དགོས་པ་ཡིན༔ ལར་འདུས་བྱས་མི་རྟག་པར་མ་གོ་བ་རྣམས་ལ་མྱ་ངན་རྫོགས་པ་དང་སངས་པ་མི་འོང་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་སོ་ནམ་རྣམ་བཞི་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ ཡིད་ཆེས་པའི་དད་པ་བརྟན་པོས་རྒྱུད་ཀྱི་ཐ་རྒོད་སྦང་དགོས༔ སྒོམ་སྒྲུབ་ཀྱིས་སེམས་བསྒྱུར་ཁའི་ལུད་འདེབས་དགོས༔ དགེ་བའི་རྩ་བ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་ས་བོན་བཟང་པོ་འདེབས་དགོས༔ དུག་ལྔ་དང་རྣམ་རྟོག་ཐམས་ཅད་ཐབས་ཤེས་རབ་ཟུང་འཇུག་གི་རྨོས་གླང་གིས་སྐྱེས་བུ་བརྩོན་འགྲུས་ཅན་གྱིས་ཡེ་ཤེས་ཀྱི་གཤོལ་བཟུང་བས་རོལ་དུ་གསོད་དགོས༔ དེ་ལྟར་བྱས་ན་བྱང་ཆུབ་ཀྱི་མྱུ་གུ་ལ་སངས་རྒྱས་ཀྱི་འབྲས་བུ་མི་སྐྱེ་མི་སྲིད་དོ༔ ལར་འཇིག་རྟེན་འདིའི་སོ་ནམ་ལ་ངལ་དུབ་མེད་པར་ཐར་པའི་སོ་ནམ་མི་ནུས་པ་ཁོ་ན་མང༔ སེམས་ཅན་སྙིང་རྗེ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་ན་སྨྲ་བཅད་བརྒྱད་བྱ་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ ལུས་སྨྲ་གཅོད་ཕྱོགས་སུ་མ་ལྷུང་བའི་དབེན་སར་བསྡད༔ དེས་ཆགས་སྡང་གཉིས་ལས་ལྡོག་པ་ཡིན༔ ངག་སྨྲ་གཅོད་ལྐུགས་པའི་ཚུལ་དུ་གནས༔ དེས་གཞན་དང་གཏམ་མ་འདྲེས་པས་དགེ་སྦྱོར་ལས་མི་ཡེངས་པའི་དགོས་པ་ཡོད༔ སེམས་སྨྲ་བ་བཅད་དེ་རྒྱུན་དུ་རྣམ་རྟོག་དང་གཡེང་བའི་དབང་དུ་མི་གཏང༔ དེས་བསམ་དུ་མེད་པའི་ཆོས་ཉིད་ལ་གནས་པའི་དགོས་པ་ཡོད༔ འདོད་ཡོན་སྨྲ་བ་བཅད་དེ་ཟས་ལ་གཙང་དམེའི་རྟོག་པ་སྤང༔ དེས་འཚོ་བ་སླ་ཞིང་མཁའ་འགྲོ་འདུ་བའི་དགོས་པ་ཡོད༔ གདམས་ངག་སྨྲ་བ་བཅད་དེ་སྣོད་མི་ལྡན་པ་ལ་མི་སྦྱིན༔ དེས་བརྒྱུད་པའི་བྱིན་རླབས་འཇུག་པའི་དགོས་པ་ཡོད༔ སྤྱོད་པ་སྨྲ་བ་བཅད་དེ་ཚུལ་ཆོས་དང་བྲལ་བ་རང་བྱུང་དུ་སྤྱད༔ དེས་སེམས་ལ་སྒྲིབ་པ་མི་སོག་པའི་དགོས་པ་ཡོད༔ ཉམས་མྱོང་སྨྲ་བ་བཅད་དེ་ཉམས་རྟོགས་ཅི་བྱུང་ཡང་གཞན་ལ་གསང་ཞིང་འཆད་པ་སྤང༔ སྐྱེ་བ་འདི་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཐོབ་པའི་དགོས་པ་ཡོད༔ རྟོགས་པ་སྨྲ་བ་བཅད་དེ་ཞེ་འདོད་པའི་ཕྱོགས་ལྷུང་མཐའ་བྲལ་དུ་གནས༔ དེ་རྟོགས་པ་ཙམ་གྱིས་ད་ལྟ་ཉིད་དུ་གྲོལ་བའི་དགོས་པ་ཡོད༔ ལར་དགེ་སྦྱོར་དྲོ་ཁ་ཙམ་རེ་ཡང་མི་ནུས་ཤིང༔ བཟླས་པ་ཐུན་རེ་མ་རྫོགས་བར་དུ་ཡང་སྨྲ་གཅོད་མི་ནུས༔ སྨྲ་འདོད་པའི་ཁ་ལ་ཚུགས་པ་མེད་པ་འདི་དག་ལ་སྨྲ་བཅད་གང་ལ་ཡང་མི་འོང་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པའི་གང་ཟག་རྣམས་ཀྱང་བདུད་ཀྱིས་བསླུས་པ་མ་ཚོར་བར་འདུག་གསུངས༔ ཇོ་མོས་ཇི་ལྟར་གདའ་ཞུས་པས༔ མཐུ་བོ་ཆེ་རྣམས་ང་རྒྱལ་དྲེགས་པའི་བདུད་ཀྱིས་བསླུས་ནས་གདའ༔ དྲེད་པོ་རྣམས་ཁ་འཇམ་འཁྲུལ་པའི་བདུད་ཀྱིས་བསླུས་ནས་གདའ༔ ཐ་མལ་པ་རྣམས་མ་རིག་རྨོངས་པའི་བདུད་ཀྱིས་བསླུས་ནས་གདའ༔ ཕྱུག་པོ་རྣམས་ཟང་ཟིང་ནོར་གྱིས་བསླུས་ནས་གདའ༔ ཆོས་བྱེད་ཀུན་ཀྱང་ཟང་ཟིང་ནོར་སྤེལ་གྱི་བདུད་ཀྱིས་བསླུས་ནས་གདའ༔ ལན་ཆགས་བུ་སྤེལ་བདུད་ཀྱིས་བསླུས་ནས་གདའ༔ སློབ་འཁོར་བཀུར་སྟིའི་བདུད་ཀྱིས་བསླུས་ནས་གདའ༔ ཉེ་དྲུང་འཁོར་བྱམས་བདུད་ཀྱིས་བསླུས་ནས་གདའ༔ དགྲ་སྡང་གདོང་འཛུགས་བདུད་ཀྱིས་བསླུས་ནས་གདའ༔ གཉེན་གྱི་གཅམ་ཚིག་བདུད་ཀྱིས་སླུ་བ་ཡིན༔ ལུས་ཀྱིས་འདུད་བཟང་བདུད་ཀྱིས་སླུ་བ་ཡིན༔ ངག་འཇམ་ཚིག་སྙན་བདུད་ཀྱིས་སླུ་བ་ཡིན༔ སེམས་ཀྱི་ཞེན་ཆགས་བདུད་ཀྱིས་སླུ་བ་ཡིན༔ མཛེས་སྡུག་བརྩེ་གདུང་བདུད་ཀྱིས་སླུ་བ་ཡིན༔ འཁྲུལ་པའི་ལས་ལ་བརྩོན་པ་ཐམས་ཅད་བདུད་ཀྱིས་སླུ་བ་ཡིན༔ དུག་ལྔ་རང་ལ་གནས་པ་སེམས་ཀྱི་བདུད༔ ཡུལ་དྲུག་བག་ཆགས་བཞག་པ་ཕྱི་ཡི་བདུད༔ ཏིང་འཛིན་རོ་ལ་ཆགས་པ་ནང་གི་བདུད༔ རྫོགས་ཆེན་འབྲས་བུར་རེ་བ་ལྟ་བའི་བདུད༔ ཡོན་ཏན་ཆེ་བ་རྣམས་ཀྱང་བདུད་ཡིན་ལ༔ མ་རིག་རྨོངས་པ་རྣམས་ཀྱང་བདུད་ཡིན་ནོ༔ དེས་ན་བདུད་ཆེན་བདག་ཏུ་འཛིན་པ་ཡིན༔ གཞན་དུ་མ་ཡིན་དེ་ཉིད་ནང་དུ་སོད༔ ལར་བདུད་ནང་དུ་སོད་ན་ཕྱི་ནས་བདུད་མི་འབྱུང་སྟེ༔ བདུད་ངོ་མ་ཤེས་པ་ཁོ་ན་མང་བར་གདའ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་དུག་ལྔ་རྩད་ནས་གཅོད་དགོས་ཏེ་གསུངས༔ ཇོ་མོས་དེ་ཇི་ལྟར་ལགས་ཞུས་པས༔ ཞེ་སྡང་ཆེ་བའི་གང་ཟག་དེ་རང་སྡུག་བསྔལ་ཆེ༔ གཏི་མུག་ཆེ་བའི་མི་དུད་འགྲོ་དང་མཚུངས་པས་ཆོས་མི་གོ༔ ང་རྒྱལ་ཆེ་བའི་མི་ལ་ཡོན་ཏན་མི་འགོ་དགྲ་མང༔ འདོད་ཆགས་ཆེ་བའི་མིས་སྡོམ་པ་མི་ཐུབ་སྒྲོ་སྐུར་མང༔ ཕྲག་དོག་ཆེ་བའི་མི་མཐོ་འདོད་ཆེ་དབྱེན་ལ་དགའ༔ དུག་ལྔ་པོ་འདིའི་རྗེས་སུ་མི་འབྲེང་སྐྱེས་གྲོལ་དུས་མཉམ་དུ་ཁོང་དུ་གསད་འཚལ་ཏེ༔ དུག་ལྔ་རང་དགར་སྤྱོད་པའི་མི་འདི་དག་སྡུག་རང་གིས་སྒྲུབ་པར་གདའ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་སྔོན་ལ་རང་རྒྱུད་དུལ་དགོས་གསུངས༔ ཇོ་མོས་དེ་ཇི་ལྟར་གདའ་ཞུས་པས༔ ཞེ་སྡང་གི་མེ་དཔུང་བྱམས་པའི་ཆུས་གསོད་དགོས་གསུངས༔ འདོད་ཆགས་ཀྱི་ཆུ་བོ་གཉེན་པོ་སྟོབས་ལྡན་གྱི་ཟམ་པས་སྒྲོལ་དགོས༔ གཏི་མུག་གི་མུན་པ་ལ་ཤེས་རབ་ཀྱི་སྒྲོན་མེ་སྤར་དགོས༔ ང་རྒྱལ་གྱི་རི་བྲག་ལ་བརྩོན་འགྲུས་ཀྱི་གཟུ་ཤིང་གིས་རྨང་ནས་སྒྱེལ་དགོས༔ ཕྲག་དོག་གི་རླུང་དམར་ལ་བཟོད་པའི་གོས་གོན་པས་སྤང་དགོས༔ ལར་དུག་ལྔ་པོ་འདི་རང་དགར་ཤོར་ན་རང་རྒྱུད་རློག་པར་བྱེད་པས༔ དུག་ལྔ་རང་ཁར་མི་གཏང་བ་ཤིན་ཏུ་གཅེས་སོ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་མཐོང་བའི་རྟགས་ལྔ་དང་ལྡན་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ དམ་ཆོས་ཚིག་དང་བྲལ་བའི་སེམས་ཉིད་དངོས་མེད་དུ་མཐོང་དགོས༔ འདི་ལྟར་སྣང་བ་འདི་འཛིན་མེད་རང་གྲོལ་མཐོང་དགོས༔ ཉམས་མྱོང་ལ་ཅི་སྐྱེས་ཀྱང་དངོས་མེད་བདེ་ཆེན་དུ་མཐོང་དགོས༔ མོས་གུས་དང་ལྡན་པས་བླ་མ་ལ་སངས་རྒྱས་སུ་མཐོང་དགོས༔ ལར་ཆོས་བྱེད་པ་ལ་ཅི་ལ་ཡང་ཆགས་པ་མེད་པར་མཐོང་དགོས་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་གྲུབ་པ་ལྔ་དང་ལྡན་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ བླ་མའི་གདམས་ངག་ལེ་ལོར་མ་བཞག་པར་ཉམས་ལེན་གྲུབ་པ་ཞིག་དགོས༔ རང་ཉིད་ཀྱིས་སྒྲུབ་པ་བྱས་ནས་རང་དོན་གྲུབ་པ་ཞིག་དགོས༔ བྱིན་རླབས་ཀྱི་བབས་དང་ལྡན་པས་གཞན་དོན་སློབ་མ་ཁྲིད་ནུས་པ་ཞིག་དགོས༔ སྣང་བ་ཆོས་སུ་གྲོལ་བས་མ་བཅོས་རང་ལུགས་སུ་གྲུབ་པ་ཞིག་དགོས༔ རང་ངོ་རང་གི་ཤེས་པས་རང་སེམས་སངས་རྒྱས་སུ་གྲུབ་པ་ཞིག་དགོས༔ ད་ལྟའི་དུས་ན་བོད་ཀྱི་སྒྲུབ་པ་པོ་རྣམས་ལ་དགོས་པ་སྣ་གཅིག་གྲུབ་པ་ཡང་མི་གདའ་འོ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་ཆེ་བ་རྣམ་པ་ལྔ་དང་ལྡན་དགོས་གསུངས་སོ༔ ཇོ་མོས་དེ་གང་ལགས་ཞུས་པས༔ བླ་མ་གདམས་ངག་ཆེ་བ་ཞིག་དགོས༔ གདམས་ངག་ཀྱང་ཐབས་ཟབ་མོའི་ཆེ་བ་དང་བཅས་པ་ཞིག་དགོས༔ རང་ཉིད་དཀའ་ཐུབ་ཀྱི་སྒོམ་སྲན་ཆེ་བ་ཞིག་དགོས༔ ཆོས་ཕྱོགས་སུ་མོས་པ་ཆེ་བ་ཞིག་དགོས༔ ཉམས་ལེན་ལ་བཅད་པ་ཆེ་བ་ཞིག་དགོས༔ འཁོར་བ་ལས་ཐར་བར་བྱེད་པ་ལ་དེ་ལྔ་དང་མ་ལྡན་ན་མཐར་མི་ཕྱིན་ནོ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་ཆུད་པ་ལྔ་དང་ལྡན་དགོས༔ ཇོ་མོས་དེ་གང་ལགས་ཞུས་པས༔ ཆོས་ལ་རང་བྱན་ཆུད་པས་གཅིག་ཤེས་ཀུན་ལས་གྲོལ་བ་ཞིག་དགོས༔ ཆོས་ཉིད་ཀློང་དུ་ཆུད་པས་སྐྱེ་མེད་རྒྱུད་ལ་སྐྱེས་པ་ཞིག་དགོས༔ དམ་ཚིག་གནས་སུ་ཆུད་པས་སེམས་ལ་དྲི་མ་མེད་པ་ཞིག་དགོས༔ བརྩོན་པས་སྲོག་རྩོལ་གནས་སུ་ཆུད་པས་རླུང་སེམས་དབང་དུ་འདུས་པ་ཞིག་དགོས༔ གདམས་པ་གནས་སུ་ཆུད་པས་གང་ཟག་ཇི་ལྟ་བུ་ལ་ཡང་གདམས་པ་ཐེབས་པ་ཞིག་དགོས་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་དགོས་པ་ཆུང་བ་ལྔ་ཡོད༔ ཇོ་མོས་དེ་གང་ལགས་ཞུས་པས༔ འཁོར་བ་ལ་ཞེན་པ་མ་ལོག་པས་མོས་པ་བྱེད་པ་དགོས་པ་ཆུང༔ དངོས་པོ་ལ་ཞེན་པ་མ་ལོག་པས་སྟོང་ཉིད་སྒོམ་པ་དགོས་པ་ཆུང༔ འདོད་པ་ལ་བློ་མ་ལོག་པས་སྒོམ་བྱེད་པ་དགོས་པ་ཆུང༔ ཆགས་སྡང་ལས་བློ་མ་ལོག་པས་གདམས་ངག་བཤད་པ་དགོས་པ་ཆུང༔ རང་དོན་དང་མི་ལྡན་པས་ཁ་ཚིག་བཟང་པོ་དགོས་པ་ཆུང་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་དགོས་པ་ལྔ་དང་ལྡན་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ དམ་པ་རྣམས་ཀྱི་ཐུགས་ཟིན་ན་གདམས་པ་རྣམས་ཀྱི་བཅུད་ཐོབ་པའི་དགོས་པ་ཡོད༔ བླ་མ་ལ་མོས་གུས་དྲག་པོ་རྒྱུན་མ་ཆད་པར་བྱས་ན་བྱིན་རླབས་ཤུགས་ལས་འབྱུང་བའི་དགོས་པ་ཡོད༔ ཚོགས་ཁྱད་པར་ཅན་བསགས་ན་བསམ་པ་ལས་སུ་རུང་བའི་དགོས་པ་ཡོད༔ དེས་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བའི་དགོས་པ་ཡོད༔ དེས་ཐམས་ཅད་མཁྱེན་པའི་སངས་རྒྱས་མྱུར་དུ་འཐོབ་པའི་དགོས་པ་ཡོད་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་པར་ཁས་ལེན་པ་ལ་རྫུན་དུ་འགྲོ་བ་ལྔ་ཡོད་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ འཇིག་རྟེན་འདི་ལ་མངོན་པར་དགའ་ཞིང་ཚེ་ཕྱི་མ་ལ་འཇིགས་གཏམ་ཟློས་པ་རྫུན་དུ་འགྲོ༔ ངན་སོང་གསུམ་ལ་མི་འཇིགས་པའི་ལས་བྱེད་ཅིང་སྐྱབས་སུ་འགྲོ་ཟེར་བ་རྫུན་དུ་འགྲོ༔ འདོད་པ་ལས་བློ་མ་ལོག་པར་སྒོམ་ཆེན་ཁས་ལེན་པ་རྫུན་དུ་འགྲོ༔ རྒྱུ་འབྲས་མི་ཤེས་པར་ལྟ་བ་རྟོགས་ཟེར་བ་རྫུན་དུ་འགྲོ༔ སྲིད་པའི་གཡང་ས་མ་ཆོད་པར་སངས་རྒྱས་ཡིན་ཟེར་བ་རྫུན་དུ་འགྲོ༔ ཆོས་པར་ཁས་བླངས་ནས་རང་གཞན་གཉིས་ཀ་ལ་རྫུན་གཏོང་བ་མང་པོ་གདའ་སྟེ༔ ཤི་འཕོས་པའི་དུས་ན་རྫུན་ཐམས་ཅད་རང་ལ་གཏོང་བར་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་གདམས་པ་ངེས་པའི་ཚིག་ལྔ་དང་ལྡན་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ མ་བསྒོམ་པར་ཉམས་རྟོགས་མི་སྐྱེ་བར་ངེས༔ ཐེག་ཆེན་ཐབས་ཤེས་རབ་ཡ་བྲལ་ན་ཉན་ཐོས་སུ་ལྷུང་བར་ངེས༔ ལྟ་སྤྱོད་ཟུང་འཇུག་མ་ཤེས་ན་ལམ་ལོག་པར་འགྲོ་བར་ངེས༔ སེམས་ཉིད་རྣམ་དག་མ་རྟོགས་པ་ལ་ལས་དགེ་སྡིག་ཡོད་པར་ངེས༔ རང་སེམས་མ་རྟོགས་ན་སངས་མི་རྒྱ་བར་ངེས་སོ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་དོན་མེད་པ་ལྔ་གདའ་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ བཅུད་དང་མི་ལྡན་པའི་སློབ་དཔོན་བསྟེན་པ་ལ་དོན་མེད༔ དམ་ཚིག་མི་སྲུང་བའི་སློབ་མ་བསྟེན་པ་ལ་དོན་མེད༔ རང་ཉམས་སུ་མི་ལེན་པའི་ཆོས་ཤེས་པ་ལ་དོན་མེད༔ རང་རྒྱུད་ལ་མ་ཕན་པའི་སྒོམ་པ་ལ་དོན་མེད༔ རང་ལ་མི་ཕན་པའི་ཁ་གཏམ་རྐྱང་པའི་ཆོས་ལ་དོན་མེད༔ ལར་དོན་མེད་པ་མང་པོ་བྱེད་པར་གདའ་སྟེ༔ མ་རིག་པས་བྱེ་བྲག་མ་ཤེས་པ་ཡིན་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་འཕགས་པའི་ཆོས་དྲུག་དང་ལྡན་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ ལྟ་བ་ལ་རང་བྱན་ཚུད་པས་ཐམས་ཅད་སེམས་སུ་ཤེས༔ ཚུལ་ཁྲིམས་ལ་ངོ་ལྐོག་མེད་པས་རང་རྒྱུད་དྲི་མ་དང་བྲལ༔ སྦྱིན་པ་ལ་ཕྱོགས་རིས་མེད་པས་ཁ་ལེན་དང་བྱིན་བཞག་མེད༔ བཟོད་པས་རྐྱེན་ཐུབ་པས་དགྲ་ལ་ཁོང་ཁྲོ་མེད་པ༔ ཐོས་པས་རྒྱུད་སྦྱངས་པས་སྡུག་བསྔལ་ལམ་དུ་སློང་བ༔ བསྒོམས་པ་བསོད་ནམས་ཀྱི་བདུད་ཀྱིས་མ་ཁྱེར་བ་ཞིག་དགོས་ཏེ༔ སྒྲུབ་པ་པོ་རྣམས་ཀྱང་ཆོས་དང་མཐུན་པར་མི་བྱེད་པར་གདའ་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་སྐྱོན་བཞི་སྤང་དགོས་གསུངས་སོ༔ ཇོ་མོས་དེ་གང་ལགས་ཞུས་པ༔ སྒྲུབ་པ་དལ་ཁོམ་གྱིས་མི་འོང་ཆུ་བོ་རྒྱུན་གྱི་རྣལ་འབྱོར་རྒྱུན་མ་ཆད་པར་དགོས༔ ཉམས་མྱོང་འདྲེ་མཐོང་གིས་མི་འོང་ཆོས་ཀྱིས་རང་རྒྱུད་གྲོལ་བ་ཞིག་དགོས༔ སྤྱོད་པ་ཚུལ་འཆོས་ཀྱིས་མི་འོང་རང་བྱུང་ཤུགས་ལ་འཆར་དགོས༔ བཀུར་སྟི་ཁ་ལེན་གྱིས་མི་འོང་བླ་མའི་ཞབས་ནས་འདེགས་དགོས༔ ལར་ཆོས་པ་འདི་བཞི་དང་འབྲལ་བར་གདའ་སྟེ༔ འཆི་བའི་ཚེ་རང་ཉིད་ཁོ་ན་ཕམ་པར་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་པ་ལོ་འདོད་ལ་རྩིས་བྱེད་པ་འདི་རྣམས་ཐ་མལ་པ་བས་ཀྱང་ཐུ་གསུངས༔ ཇོ་མོས་གང་ལགས་ཞུས་པས༔ ཆོས་པ་ཆེ་ལོ༔ བླ་མ་བསྟེན་ལོ༔ སྟོན་པ་ཆེ་ལོ༔ གྲྭ་པ་མང་ལོ༔ དགོན་པ་འཛིན་ལོ༔ མཆོད་པ་བཟང་ལོ༔ དགེ་སྦྱོར་རེམ་ལོ༔ མངོན་ཤེས་ཡོད་ལོ༔ འདག་སྦྱར་བྱེད་ལོ༔ གདམས་ངག་ཆེ་ལོ༔ འཇིག་རྟེན་གྱི་དྲེགས་པ་དང་མ་བྲལ་བར་ལས་ཚུལ་འཆོས་ལ་བྱས་པས༔ མིའི་མགོ་རང་འཐག་བཞིན་བསྐོར་བས༔ འཆི་ཁར་འགྱོད་པར་མཆི་འོ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཞེ་ཐག་པ་ནས་ཆོས་བྱེད་ན་རྒྱབ་ལོག་བཅུ་བཞི་བྱེད་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ རི་ཡི་བུ་གྱིས་ལ་རི་ཁྲོད་དགོན་པ་འགྲིམས༔ མུ་གེའི་ཟས་ཟོ་ལ་དཀའ་ཐུབ་བཅུད་ལེན་གྱིས༔ སྐུ་ཆེ་བའི་རྒྱལ་སར་མ་འགྲིམ་དམན་པའི་སྤྱོད་ལམ་གྱིས༔ དགྲ་དགའ་བའི་ལས་གྱིས་ལ་སུ་དང་ཡང་འབྲེལ་པ་ཆོད༔ སྐྱུག་ལོག་པའི་གོས་གོན་ལ་ལྡོམ་བུ་གྱིས༔ གཉེན་བྱམས་པར་སྐྱུག་ཟློགས་ལ་འབྲེལ་ཆོད༔ འགྲན་སངས་རྒྱས་ལ་ཚུགས་ལ་སྒྲུབ་པ་གྱིས༔ བརྣག་པ་གདམས་ངག་ལ་གྱིས་ལ་ཆོས་ཉམས་སུ་ལོངས༔ ལྐོག་འབུག་ཡི་དམ་ལ་གྱིས་ལ་བཟླས་པ་ལ་འབད༔ གཞུང་ངན་སྡིག་པ་ལ་གྱིས་ལ་རྒྱབ་ཏུ་བོར༔ གཏོང་ཕོད་བླ་མ་ལ་གྱིས་ལ་ཅི་ཡོད་ཕུལ༔ རྒྱབ་ལོག་འཁོར་བ་ལ་གྱིས་ལ་སྐྱོ་བ་སྐྱེད༔ རྒྱལ་ཁ་གཞན་ལ་བྱིན་ལ་དྲག་པོའི་ཟླ་མ་བྱེད༔ མངན་རང་ལ་བགྲོངས་ལ་མཚང་ཡུལ་ཐོན༔ དེ་ལྟར་གྱིས་དང་ཆོས་སུ་བགྲོད་འགྲོ༔ འཁོར་བ་རུ་ཟློག་པར་གདའ་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་ནད་གསུམ་སྤང་དགོས་པར་གདའ་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ ཡུལ་གྱི་ནད་ཕ་ཡུལ་མ་སྤང་ན་དུག་ལྔའི་བཙོན་རར་ཆུད་པ་ཡིན་ཏེ༔ ངན་སོང་གི་གནས་སུ་ལྷུང༔ གནས་ཀྱི་ནད་ཁང་ཁྱིམ་བདག་འཛིན་མ་སྤང་ན་གཟུང་འཛིན་གྱི་ཁྲི་མུན་དུ་ཆུད་པ་ཡིན་ཏེ༔ འཁྲི་བའི་མདུད་པ་མི་ཆོད༔ འབྲེལ་བའི་ནད་བུ་ཚ་གཉེན་འདུན་བུད་མེད་མ་སྤང་ན་འཁོར་བའི་འདམ་རྫབ་ཏུ་ཚུད་པ་ཡིན་ཏེ༔ ཐར་པའི་དུས་མི་འོང༔ ནད་གསུམ་མ་སྤང་པའི་འཁོར་བའི་ཁང་པ་ན༔ དུག་གསུམ་གྱི་ནད་ཀྱིས་གདུངས་ནས་སྡུག་བསྔལ་མ་ཚོར་བར་སྡུག་སྲན་ཆེ་བར་གདའ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ན་འཁོར་བ་ལས་ཐར་བའི་ཐབས་ཡོད་པ་ལ་གསུངས༔ ཇོ་མོས་དེ་ཇི་ལྟར་བགྱི་ཞུས་པས༔ གུས་པ་ཁྱད་པར་ཅན་སྐྱེ་བར་འདོད་ན་བླ་མའི་ཕྱི་ནང་གི་ཡོན་ཏན་ལ་ལྟོས༔ སྤྱོད་པ་ཀུན་དང་མཐུན་པར་འདོད་ན་གཞན་དོན་གྱི་རྩོལ་བ་མི་དགག༔ བླ་མའི་ཐུགས་ཟིན་པར་འདོད་ན་བླ་མས་གནང་བའི་གདམས་ངག་ཉམས་སུ་བླང༔ དངོས་གྲུབ་མྱུར་དུ་ཐོབ་པར་འདོད་ན་དམ་ཚིགས་མ་ཉམས་པར་བསྲུང༔ སྐྱེ་རྒས་ན་འཆིའི་ཆུ་བོ་བཞི་ལས་ཐར་བར་འདོད་ན་ཀུན་གཞི་དལ་མེད་དུ་རྩད་ཆོད༔ སྒྲུབ་པ་ལ་བར་ཆད་མེད་པར་འདོད་ན་འཇིག་རྟེན་གྱི་གཡེང་བ་རྒྱབ་ཏུ་བོར༔ གཞན་དོན་འབད་པ་མེད་པ་སྒྲུབ་པར་འདོད་ན་ཚད་མེད་པའི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་རྒྱུད་སྦྱོངས༔ ཕྱི་མར་ངན་སོང་གསུམ་དུ་འཚེར་ན་ཚེ་འདིར་མི་དགེ་བ་བཅུ་སྤོངས༔ འདི་དང་མ་འོངས་པ་གཉིས་ཀ་བདེ་བར་འདོད་ན་དགེ་བ་བཅུ་ལ་འབད༔ ཆོས་ལ་བློ་འཇུག་པར་འདོད་ན་སྡུག་བསྔལ་གྱི་དཀའ་བ་ཉམས་སུ་བླང༔ འཁོར་བ་ལས་ཟློག་པར་འདོད་ན་བླ་ན་མེད་པའི་བྱང་ཆུབ་རང་གི་སེམས་ལས་བཙལ༔ འབྲས་བུ་སྐུ་གསུམ་ཐོབ་པར་འདོད་ན་ཚོགས་གཉིས་གསག་པ་ལ་འབོད༔ དེ་ལྟར་བགྱིས་ན་བདེ་བར་འོང་བར་གདའ་སྟེ༔ འཁོར་བ་ལ་བློ་མ་ལོག་པའི་མི་ལ་སྐྱིད་མེད་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྙིང་ནས་ཆོས་བྱེད་ན་བྱ་ཐབས་ཡོད་གསུངས༔ ཇོ་མོས་ཙུག་བྱེད་ཞུས་པས༔ སྒྲུབ་པ་ཉམས་སུ་ལེན་ན་ཆགས་སྡང་གི་སྒྲོག་ཁྲོལ༔ ཐོས་པ་གཞུང་བཞིན་བྱེད་ན་བཟོད་པའི་གོ་གྱོན༔ གནས་དགོན་བརྟེན་ན་ཡིད་ཟས་ནོར་ལ་མ་ཆགས་པར་གྱིས༔ གྲུབ་པའི་ཆོས་འདོད་ན་གྲུབ་པ་བརྙེས་པའི་བླ་མ་བསྟེན༔ བླ་མ་དམ་པ་དང་འཕྲད་ནས་འདུག་ན་ལོག་པ་མ་བྱེད་པར་ཐུགས་ཅི་ཟིན་གྱིས༔ ཆོས་ལ་ཐེ་ཚོམ་བྱུང་ན་བླ་མའི་ཞལ་ལ་དྲིས༔ གཉེན་གྱི་ཆགས་ཞེན་ཀུན་ལྡོག་ལ་སེམས་ཀྱིས་འཁྲི་བ་ཆོད༔ བློ་ཡིས་སྟེང་དུ་སོང་ན་ཤེས་པ་བཅུད་ལ་བོར༔ བར་ཆད་འབྱུང་པོས་གཡེང་བ་ཐོངས༔ སྡོད་ལོང་མེད་པས་མྱུར་དུ་སྒོམས༔ གཡེང་ལ་མ་དགའ་གཅིག་ཏུ་སྡོད༔ གཉེན་དང་ནོར་དང་འབྲེལ་པ་དངོས་པོ་ཐམས་ཅད་འཁྲུལ་པ་ཡིན་གྱིས་བོར་ལ་ཐོངས༔ མི་དང་འགྲོགས་ན་ཆགས་སྡང་སྐྱེ༔ རང་རེ་གཅིག་ཏུ་སྡོད་ལ་དགེ་སྦྱོར་གྱིས༔ གཡེང་བ་ཆེ་ན་བར་ཆད་འབྱུང་གིས་རྒྱབ་ཏུ་བོར༔ ལར་ཆོས་མ་ནུས་པ་དགེ་སྦྱོར་མེད་པའི་མི་ལ་སྐྱིད་མེད་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་དམ་ཚིག་བསྲུང་དགོས་ཏེ་དཀའ་བས་དམ་ཉམས་པ་ཁོ་ན་ཤས་ཆེ་བར་གདའ་གསུང༔ ཇོ་མོས་དེ་ཇི་ལྟར་ལགས་ཞུས་པ༔ སློབ་དཔོན་གསང་ནས་བདག་ཉིད་ཀྱི་ཆེ་བ་འབྱིན་པའི་དམ་ཉམས་ཀྱང་གདའ༔ བླ་མ་ལ་དབུལ་བར་བསམས་ནས་བློ་ལོག་སྟེ་རང་གི་ནོར་ལ་དཀོར་དུ་སྒྱུར་བའི་དམ་ཉམས་ཀྱང་གདའ༔ བླ་མ་དང་ཆོས་གྲོགས་རྫུན་གྱིས་མགོ་བསྐོར་ནས་སླུ་བའི་དམ་ཉམས་ཀྱང་གདའ༔ བླ་མ་བཀའ་དྲིན་ཅན་ཁྱད་དུ་བསད་ནས་སྒོ་དྲགས་པ་སྐད་དུ་ཟློས་པའི་དམ་ཉམས་ཀྱང་གདའ༔ རང་སྐྱོན་བླ་མ་ལ་བཀལ་བས་དམ་ཚིག་གཙང་བ་སྐད་དུ་ཟློས་པའི་དམ་ཉམས་ཀྱང་གདའ༔ སློབ་དཔོན་གྱི་ཚུལ་གཞལ་ལ་མེད་པར་ཡོད་ཟེར་བ་དྲན་པའི་དམ་ཉམས་ཀྱང་གདའ༔ ཆོས་མ་ཉན་པ་ཤེས༔ དབང་མ་ཐོབ་པ་ཐོབ༔ གདམས་ངག་མེད་པར་ཡོད་ཟེར་བའི་སྒོ་བཟང་པོ་མང་བར་གདའ་སྟེ༔ བྱིན་རླབས་དང་ནུས་པ་འབྱུང་བ་ཉུང་བར་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་དད་པ་བརྟན་པོ་ཁོ་ན་གལ་ཆེ་སྟེ༔ དད་པ་སྐྱེ་བ་ལ་རྒྱུ་བཅུ་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ ད་ལྟར་གྱི་བྱེད་སྤྱོད་ཁ་དྲག་དང་བཅས་པ་འདི་ལ་བདེ་བ་མེད་པར་ངོ་ཤེས་པ་དང༔ ལས་དགེ་སྡིག་གཉིས་ཀྱི་རྒྱུ་འབྲས་ལ་ཡིད་ཆེས་པ་དང༔ རང་འཆི་བ་རྗེས་སུ་དྲན་ནས་སྐྱོ་བ་སྐྱེ་བ་དང༔ འཆི་བའི་དུས་སུ་ལོངས་སྤྱོད་དང་བུ་སྨད་དང་གཉེན་འབྲེལ་དང་མི་འགྲོགས་པས་དགོས་མེད་དུ་ཤེས་པ་དང༔ ཚེ་ཕྱི་མ་ལ་གང་དུ་སྐྱེ་མ་ངེས་པས་གནས་མལ་ལ་རང་དབང་མེད་པར་ཤེས་པ་དང༔ མི་ལུས་གཙང་མ་ཐོབ་ནས་ཆོས་མེད་སྟོང་ལོག་བྱེད་པར་ཤེས་པ་དང༔ འཁོར་བའི་གནས་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་ལས་མ་འདས་པར་ངོ་ཤེས་པ་དང༔ དཀོན་མཆོག་གསུམ་གྱི་ཆེ་བའི་ཡོན་ཏན་ཐོས་པ་དང༔ བླ་མ་དམ་པ་ཁྱད་པར་ཅན་གྱི་མཛད་སྤྱོད་ཡོན་ཏན་མཐོང་བ་དང༔ ཆོས་གྲོགས་བཟང་པོ་དགེ་བ་ལ་གནས་པ་དང་འགྲོགས་པ་དང༔ དེ་རྣམས་རྒྱུད་ལ་སྐྱེས་སམ་དྲན་ན་གང་ཟག་དེ་འཁོར་བ་ལས་ཟློག་པར་གདའ་སྟེ༔ རེ་རེ་རྒྱུད་ལ་སྐྱེ་བ་ཡང་དཀའ་བར་མི་གདའ་འམ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ སེམས་ཐག་པ་ནས་ཆོས་བྱེད་ན༔ ཞེན་ལོག་གི་ཆོས་བཅུ་གསུམ་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ ཕ་ཡུལ་མ་སྤང་ན་ང་རྒྱལ་གྱི་བདུད་མི་ཆོམས༔ ཁྱིམ་གྱི་བྱ་བ་མ་གཏང་ན་ཆོས་བྱ་བའི་སྐབས་མི་རྙེད༔ དད་པ་སྐྱེས་པའི་ཚེ་ན་ཆོས་ལ་མ་ཕྱིན་ན་ལས་ལ་ཟིན་པ་མི་འོང༔ རང་ལ་དད་པ་མེད་པར་མི་གཞན་ལ་བསྙད་མ་འདོགས༔ རང་གི་ཡོ་བྱད་རླུང་ལ་མ་སྐུར་ན་མི་ཆོས་ལ་ཁོ་ཐག་མི་ཆོད༔ གཉེན་འབྲེལ་དང་རྒྱང་མ་བསྲིང་ན་ཆགས་སྡང་རྒྱུན་མི་ཆོད༔ དུས་ད་རེས་ཆོས་མ་བྱས་ན་ཕྱིས་གང་དུ་སྐྱེ་ཆ་མེད༔ ད་ལྟ་རང་ལ་བྱ་དབང་ཡོད་པ་ལ་མི་བྱེད་པར་ཕྱི་མ་ལ་སྨོན་ལམ་འདེབས་པ་དེ་ལ་དེས་མི་སྟོངས་པ་ཡིན༔ རང་ལ་རྫུན་མི་བྱེད་ན་ཞེ་འདོད་ཆོད་ལ་དམ་པའི་ཆོས་གྱིས༔ གཉེན་འདུན་བུད་མེད་ཡོ་བྱད་དོར་དགོས་པ་ལ་ད་ལྟ་དོར་ན་དོན་ཅན་དུ་འགྲོ་བ་ཡིན༔ རང་ལ་མི་སྟོངས་ངེས་པའི་སྲིད་མ་སྐྱོང་བར་དགོས་ངེས་པའི་དགེ་བ་སྐྱོངས༔ དགོས་སམ་མི་དགོས་མི་ངེས་པའི་སང་ཕོད་ཀྱི་བཅས་མ་བྱེད་པར་དགོས་པར་ངེས་པའི་དགེ་སྦྱོར་གྱིས་ཤིག་གསུངས༔ ནན་ཏར་ཆོས་བྱེད་ན་ལྟོ་རྒྱབ་གཉིས་ཀྱི་སྡུག་བསྔལ་བྱ་མི་དགོས་ཞོར་ལ་འབྱུང༔ ཆོས་བྱེད་ལྟོག་ཅིང་ཤི་ཟེར་བ་མ་ཐོས་མ་མཐོང་གིས་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཡང་དག་པར་ཆོས་བྱེད་ན་གཅེས་པ་བཅུ་གསུམ་དང་ལྡན་དགོས་གསུངས་སོ༔ ཇོ་མོས་དེ་གང་ལགས་ཞུས་པས༔ ཡོན་ཏན་དང་ལྡན་པའི་བླ་མ་ལ་བཀུར་སྟི་བྱ་བ་གཅེས༔ གདམས་པ་དང་ལྡན་པའི་བླ་མ་ཡུན་རིང་དུ་བསྟེན་པ་གཅེས༔ ལྷ་དཀོན་མཆོག་གསུམ་པོ་ལ་དད་གུས་བརྟན་པོ་གཅེས༔ སྡིག་པ་མི་དགེ་བ་ཕྲ་མོ་ལ་ཡང་འཛེམ་པ་གཅེས༔ ཉིན་ལན་གསུམ་མཚན་ལན་གསུམ་དུ་མི་རྟག་པ་རྒྱུད་ལ་སྒོམ་པ་གཅེས༔ དགེ་བའི་ཆོས་ལ་བརྩོན་འགྲུས་བསྐྱེད་པ་གལ་ཆེ༔ དུས་རྟག་ཏུ་སེམས་ཅན་ལ་བྱམས་པ་དང་སྙིང་རྗེ་སྒོམ་པ་གཅེས༔ སྣང་བ་དང་དངོས་པོ་ལ་ཞེན་ཆགས་ཐབས་ཀྱིས་བསྐྱུང་བ་གཅེས༔ ཕྱིན་ཅི་མ་ལོག་པའི་གདམས་ངག་ལ་ངེས་ཤེས་སྐྱེ་བ་གཅེས༔ དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བ་གཅེས༔ གསང་བའི་མན་ངག་སྣོད་ངན་ལ་མི་སྤེལ་བ་གཅེས༔ ཉམས་སུ་ལེན་པ་ལ་དགོན་པ་བརྟེན་པ་ལ་འབད་པ་གཅེས༔ རྒྱུན་དུ་རང་གི་སེམས་ཉིད་གཏན་ལ་འབེབ་པ་གཅེས༔ དེ་རྣམས་དང་ལྡན་ན་ཆོས་འོང་བ་ཡིན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་འདོད་ན་ཐབས་ཡོད་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ ཆོས་ཉིད་ཀྱི་དོན་མཐོང་བར་འདོད་ན་བླ་མ་བསྟེན་དགོས༔ འཁོར་བ་ནས་ཐར་བར་འདོད་ན་ཁྱིམ་ཐབ་སྤང་དགོས༔ རང་ཉིད་འཆི་བ་གོ་ན་ཆོས་སྤྱོད་བྱེད་དགོས༔ གཉིས་མེད་སྒོམ་པར་འདོད་ན་བྱ་བ་གཏོང་དགོས༔ ཡོན་ཏན་རྫོགས་པར་འདོད་ན་སྒྲུབ་པ་བྱེད་དགོས༔ སྡུག་བསྔལ་སྤོང་བར་འདོད་ན་འཁོར་འདབས་བསྐྱུར་དགོས༔ ཉམས་མྱོང་སྐྱེ་བར་འདོད་ན་རི་ཁྲོད་འགྲིམ་དགོས༔ ཆགས་སྡངས་མེད་པར་འདོད་ན་རང་ཡུལ་སྤང་དགོས༔ ལྟད་མོ་བལྟ་བར་འདོད་ན་རང་སེམས་གསལ་བའི་མེ་ལོང་བལྟ་དགོས༔ དངོས་གྲུབ་ཉེ་བར་འདོད་ན་བླ་མ་ཡི་དམ་མཁའ་འགྲོ་གསུམ་སྤྱི་བོར་ཁུར་དགོས༔ ཐར་པ་ཐོབ་པའི་ཆོས་ཉམས་སུ་ལེན་པ་མི་གདའ་ན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྙིང་ནས་ཆོས་བྱེད་ན་འབད་རྩོལ་དང་ལྡན་པ་དགོས་གསུངས༔ ཇོ་མོས་ཇི་ལྟར་འཚལ་ཞུས་པས༔ གཉེན་དང་ཟས་ནོར་བུ་ཚ་ཀུན༔ འཁྲུལ་པ་ཡིན་པས་བོར་དགོས༔ གཡེང་བ་དང་བསོད་ནམས་བཀུར་སྟི་རྣམས༔ བར་ཆད་གཡབ་མོ་ཡིན་པས་བོར་དགོས༔ གྲོགས་དང་གཡོག་པོ་ཉེ་འབྲེལ་རྣམས༔ ཆགས་སྡང་འཁོར་བའི་རྒྱུ་ཡིན་པས་བོར་དགོས༔ ལོ་དང་ཟླ་བ་ཞག་དང་ཟ་མ་རྣམས་འཆི་བའི་ཚེ་རྐུན་ཡིན་པས་མྱུར་དུ་སྒོམ་དགོས་པ་ཡིན་ཏེ༔ སྙིང་ལ་རུས་པ་མེད་པའི་མི་རྣམས་གཉེན་དང་ཟས་ནོར་བུ་ཚ་ལ་ཡོན་ཏན་དུ་བཟུང༔ གཡེང་བ་ལ་བསོད་ནམས་སུ་མཐོང༔ བྱུར་གྱི་གཉའ་ཤིང་གྲོགས་ལ་དགའ་བདེར་མཐོང༔ ལོ་ཟླ་ནམ་ཟླ་ཟད་པར་མ་ཚོར་བའི་ཚེ་རིང་ཐུང་བརྩི་ཞིང༔ དུག་ལྔ་ལ་སེམས་རྟེན་འཆའ་བ་མང་བར་གདའ་སྟེ༔ འཆི་བའི་ཚེ་རང་གི་འདུན་མ་རང་གིས་བྱ་དགོས་སོ་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ཡང་དཀའ་བར་གདའ་གསུངས༔ ཇོ་མོས་ཇི་ལྟར་གདའ་ཞུས་པས༔ ཉེན་ལྟ་བ་ལོག་ན་ཆེ༔ སྒོམ་པ་ཡིད་ལ་བྱས་པས་འཁྲུལ༔ དགྲར་དམ་ཚིག་ཉམས་པས་གནོད༔ སྤྱོད་པ་ལུས་ངག་ཡིད་གསུམ་སྡིག་ལ་སྤྱོད་པས་འཁྲུལ༔ བསྟན་པ་ཞེ་འདོད་ཆེས་པས་བཤིག༔ ཆོས་ནོར་ལ་དམིགས་པས་སྣུབ༔ སྡོམ་པ་གཞན་ལ་གཤེ་སྐུར་གྱིས་འཆོར༔ ལམ་སྡུག་བསྔལ་ལ་བདེན་པར་འཛིན་པ་འདིས་ལོག༔ ཁྲེལ་འདོད་པས་གདུངས་པ་ལ་འཆོར༔ འདུན་མ་ཚེ་འདིའི་ཁ་དྲགས་པ་རྣམས་ནོར༔ ངོ་སྟོན་པ་ཆོས་མེད་པོ་རྣམས་ཚ༔ ཡི་སྒོམ་ཆེན་རྡུགས་པ་རྣམས་མུག༔ འདི་དག་གིས་མི་རྟག་པ་མ་དྲན་པས༔ འཆི་བའི་ཚེ་ན་ཁམ་ཆེ་བར་ངས་མཐོང་སྟེ༔ ཁོ་དག་རྣམས་སྤྱང་ཞིང་མཁས་པར་རློམ་ནས་ཚུགས་པར་གདའ་འོ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཤེས་ན་བདེ་བའི་ཐབས་ཡོད་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ གཟུང་འཛིན་གཉིས་སུ་མེད་པའི་ལྟ་བ་བདེ༔ བྱིང་རྒོད་གཡེང་བ་མེད་ན་སྒོམ་པ་བདེ༔ ཞེན་ཆགས་མཁའ་ལྟར་དག་ན་སྤྱོད་པ་བདེ༔ རང་སེམས་དྲི་མ་དག་ན་ཉམས་མྱོང་བདེ༔ སེམས་ལ་ཟུག་རྔུ་མེད་ན་རང་གནས་བདེ༔ ཕྱོགས་རིས་རྣམ་པར་དག་ན་སྙིང་རྗེ་བདེ༔ འཛིན་པ་གཏིང་ནས་དག་ན་སྦྱིན་པ་བདེ༔ ཟས་ནོར་སྒྱུ་མར་ཤེས་ན་ལོངས་སྤྱོད་བདེ༔ གར་སྡོད་སྡོད་ལ་ངེས་པ་མེད་ན་གར་འདུག་བདེ༔ དྲེགས་པའི་ས་མ་བཟུང་ན་སྤྱོད་ལམ་བདེ༔ སྡུག་ཐུབ་ཁྱིམ་དུ་མ་ཁྱེར་ན་འཚོ་བ་བདེ༔ བཟང་པོའི་འགྲན་ཟླ་མ་བྱས་ན་གྲོགས་སུ་བདེ༔ བྱིས་པའི་སྤྱོད་པ་བདག་འཛིན་བྲལ་ན་བདེ༔ གདམས་པ་སྙིང་རྗེར་ལྡན་པའི་དམ་པ་བསྟེན་པས་བདེ༔ བདེ་གཤེགས་སྙིང་པོས་བསྡུས་པའི་འགྲོ་དྲུག་མཆེད་དུ་བདེ༔ སེམས་ཀྱི་ཞེན་པ་ཆོད་ན་ཅི་བྱས་ལམ་དུ་བདེ༔ སྣང་སྲིད་རང་སར་གྲོལ་ན་བདེ་ཆེན་རྙེད་དེ་བདེ༔ སྣང་གྲགས་སྒྱུ་མར་ཤེས་ན་གདུང་བ་བཅད་དེ་བདེ༔ རང་གིས་རང་ངོ་ཤེས་ན་འབད་རྩོལ་མེད་དེ་བདེ༔ རྣམ་རྟོག་ཆོས་ཉིད་ཡིན་པས་ཅིར་མཐོང་སྒོམ་པར་བདེ༔ དེ་ལྟར་ཤེས་ན་གང་ལྟར་བྱས་ཀྱང་བདེ་སྟེ༔ བདག་འཛིན་དང་མ་བྲལ་བའི་དུས་ངན་གྱི་སེམས་ཅན་ལ་སྐྱིད་པ་དང་བདེ་བ་མི་གདའ༔ ཐམས་ཅད་སྙིང་རྗེ་བར་གདའ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ནུས་ན་སྐྱིད་པའི་ཐབས་ཡོད་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ ཞེན་ཆགས་ཀྱི་འདམ་ལ་ཟུག་པ་མེད་པས་ཕ་ཡུལ་སྤངས་ན་སྐྱིད༔ ཤེས་བྱའི་ཐོས་བསམ་ལ་རྫོགས་པ་མེད་པས་རང་སེམས་རྟོགས་པའི་དུས་ན་སྐྱིད༔ ཐ་མལ་གྱི་ལོང་གཏམ་ལ་ཟད་པ་མེད་པས་སྨྲ་བཅད་བྱེད་ནུས་ན་སྐྱིད༔ འཇིག་རྟེན་གྱི་གཡེང་བའི་ལས་ལ་ཟིན་པ་མེད་པས་གཅིག་པུར་འདུག་ནུས་ན་སྐྱིད༔ བྱ་བའི་ལས་ཀ་ཟིན་པ་མེད་པས་བྱ་བ་གཏོང་ནུས་ན་སྐྱིད༔ བསགས་པའི་ནོར་ལ་ཆོག་ཤེས་མེད་པས་འཛིན་ཆགས་བསྐྱུང་བར་ནུས་ན་སྐྱིད༔ སྡང་བའི་དགྲ་ལ་ཐུལ་བ་མེད་པས་ཉོན་མོངས་པ་འཇོམས་ན་སྐྱིད༔ ཞེན་ཆགས་ཀྱི་གཉེན་ལ་མགུ་བ་མེད་པས་གདུང་སེམས་གཅོད་ནུས་ན་སྐྱིད༔ འཁོར་བའི་རྩ་བ་ལ་ཆོད་པ་མེད་པས་ང་བདག་གཅོད་ནུས་ན་སྐྱིད༔ རྣམ་རྟོག་དང་འགྱུ་བྱེད་ལ་ཟད་པ་མེད་པས་སེམས་ཀྱི་འཕྲོ་འདུ་གཅོད་ནུས་ན་སྐྱིད༔ ལར་ང་བདག་དང་མ་བྲལ་བའི་སེམས་ཅན་ལ་སྐྱིད་མི་གདའ༔ འཁོར་བའི་གནས་སུ་སྡུག་ཡུན་རིང་པོར་གདའ་འོ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ རྣལ་འབྱོར་པར་ཁས་བླངས་ནས་ཐ་མལ་དུ་གོལ་བ་མང་དུ་ཡོད་གསུངས༔ ཇོ་མོས་ཇི་ལྟར་མཆིས་ཞུས་པས༔ ཁ་ལ་ལྟ་བ་ཟེར་ཞིང་སེམས་ངོ་མ་ཤེས་པའི་རྣལ་འབྱོར་གོལ༔ ཤེས་པ་བཙོན་དུ་བཟུང་ནས་མ་རྟོགས་གླེན་སྒོམ་བྱེད་པའི་རྣལ་འབྱོར་གོལ༔ ཐམས་ཅད་སེམས་ཡིན་ཟེར་ཞིང་སྤྱོད་པ་བབ་ཅོལ་བྱེད་པའི་རྣལ་འབྱོར་གོལ་གསུངས༔ ༔མ་གོལ་བ་ཇི་ལྟ་བུ་ཞུས་པས༔ སྣང་བ་སེམས་སུ་ཤེས་ནས་ཆོས་སྐུ་ལམ་དུ་ཁྱེར་བའི་རྣལ་འབྱོར་མ་གོལ༔ སྤྲོས་པ་མཐའ་དག་བཅད་ནས་ལྟ་བའི་གདེང་དང་ལྡན་པའི་རྣལ་འབྱོར་མ་གོལ༔ དེ་ཉིད་ཉམས་སུ་མྱོང་ནས་རིག་པ་ལམ་དུ་ཁྱེར་བའི་རྣལ་འབྱོར་མ་གོལ༔ སྣང་བ་གྲོགས་སུ་ཁྱེར་ནས་ཆགས་མེད་ཞེན་མེད་ཀྱི་རྣལ་འབྱོར་མ་གོལ༔ ལར་སྙིགས་མའི་དུས་སུ་རྣལ་འབྱོར་པ་རྣམས་ཀྱང་མ་གོོལ་བ་ཉུང་ཞིང་གོལ་བ་མང་བར་མཆི་འོ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་ཐབས་གལ་ཆེ་གསུངས༔ ཇོ་མོས་ཐབས་གང་ལགས་ཞུས་པས༔ རང་ལ་ཡོད་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་ཟིན་ན་སངས་མི་རྒྱ་བའི་ཐབས་མེད༔ གྲུབ་མཐའ་དང་ཕྱོགས་རེ་ལ་ཞེན་ན་སངས་ལ་རྒྱ་ཐབས་མེད༔ འཁོར་བའི་མཚན་ཉིད་སྡུག་བསྔལ་གྱི་ལུ་གུ་རྒྱུད་དུ་ཤེས་ནས་དེ་ལས་བློ་ལོག་ན་འཁོར་བ་ལས་མི་ཐར་པའི་ཐབས་མེད༔ གཟུང་འཛིན་དང་མ་བྲལ་ན་འཁོར་བར་མི་ལྡོག་པའི་ཐབས་མེད༔ ཡེ་ཤེས་གཟུགས་སུ་མ་གྲུབ་པས་དུག་ལྔ་རང་སངས་སུ་ཤེས་ན་དམྱལ་བར་འགྲོ་བའི་ཐབས་མེད༔ དེ་ལྟ་བུ་རྒྱུད་ལ་ལྡན་པ་འགའ་ཡང་མི་གདའ་སྟེ༔ འཁོར་བའི་གནས་སུ་འཁྱམ་ཡུན་རིང་བར་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་འདི་ཡང་བྱས་པས་འོང་བར་མི་འདུག་གསུངས༔ ཇོ་མོས་ཇི་ལྟར་གདའ་ཞུས་པས༔ བཤད་པ་བྱས་པས་སྒྲོ་སྐུར་གཉིས་སུ་འགྲོ་བར་གདའ༔ ཐོས་པ་བྱས་པས་རེ་དོགས་གཉིས་སུ་འགྲོ་བར་གདའ༔ ཚོགས་དཔོན་བྱས་པས་བཟའ་བཏུང་གཉིས་ལ་ཞེན་པས་འགྲོ་བར་གདའ༔ སྒོམ་པ་བྱས་པས་བྱིང་རྒོད་གཉིས་སུ་འགྲོ་བར་གདའ༔ བསོད་ནམས་སྐྱེས་པས་རྙེད་པ་དང་བཀུར་སྟིར་འགྲོ་བར་གདའ༔ ཡོན་ཏན་ཤེས་ཤིང་འདོད་པ་ཆེར་འགྲོ་བར་གདའ༔ སློབ་མ་དང་མང་དུ་འབྲེལ་ན་ཆོས་ལ་དལ་དུ་འགྲོ་བར་གདའ༔ ཅི་བྱས་ཆོས་དང་འགལ་བའི་ཆོས་པ་ཁོ་ན་མང་པོར་གདའ་འོ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་པར་ཁས་འཆེས་པ་འདི་དག་ང་རྒྱལ་གྱིས་རང་མཐོང་བས་འདོད་པ་ཆེ་བར་འདུག་གསུངས༔ ཇོ་མོས་ཇི་ལྟར་གདའ་ཞུས་པས༔ ཁ་ཅིག་བདག་ཉིད་ཉན་བཤད་དང་ལྡན་པའི་ཤེས་རབ་ཅན་དུ་རང་གིས་མཐོང༔ ཁ་ཅིག་བདག་ཉིད་བཙུན་པ་དང་ཆོས་སྤྱོད་པར་རང་གིས་མཐོང༔ ཁ་ཅིག་རི་ཁྲོད་དགོན་པ་འགྲིམ་པའི་སྒོམ་ཆེན་པར་རང་གིས་མཐོང༔ ཁ་ཅིག་མཐུ་དང་ནུས་པ་ཆེ་བར་རང་གིས་མཐོང༔ འདོད་པའི་ནོར་མཐོང་ན་གཅན་ཟན་ཁྲག་མཐོང་བ་བཞིན་དུ་གདུང༔ མི་འདོད་པའི་གནོད་པ་མཐོང་ན་འབྲོང་ཆད་པ་བཞིན་དུ་ལྡོག༔ རང་ཉིད་ཀྱི་ཡོན་ཏན་ལ་རྨ་བྱའི་མདོངས་མཐོང་བ་བཞིན་དུ་རློམ༔ གཞན་གྱི་ཡོན་ཏན་ལ་ཁྱི་བཟང་ནོར་སྲུང་བ་བཞིན་དུ་ཕྲག་དོག་བྱེད༔ རང་གིས་རང་མཐོང་བའི་ཆོས་པ་འདི་དག་གིས་ཕུང་འདྲེ་བདག་ཁོ་ན་ལ་བྱེད་དེ༔ དེ་ལྟར་མ་རིག་པ་འདི་དག་བདུད་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཡིན་པས་སྙིང་རྗེ་སྙམ་དུ་སེམས་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་དགེ་སྡིག་གི་སྤྲོས་པ་ཆོད་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ བདག་དུ་ལྟ་བའི་རྣམ་པར་རྟོག་པ་ཟད་པའི་དུས་ན༔ ཆོས་མེད་སྡིག་མེད་ལས་དང་རྣམ་པར་སྨིན་པ་མེད་པས༔ ཇི་སྲིད་བདག་ལྟའི་རྟོག་པ་མ་ཟད་ཀྱི་བར་དུ་མི་དགེ་བའི་ལས་རྣམས་ཀྱང་སོག་ཅིང་འབྲས་བུ་འབྱིན༔ དགེ་བའི་ལས་རྣམས་ཀྱང་སོག་ཅིང་འབྲས་བུ་འབྱིན༔ རྣམ་པར་རྟོག་པ་ཟད་པའི་ཚེ༔ དགེ་སྡིག་གང་ཡང་མི་སོག༔ འབྲས་བུ་གང་ལ་ཡང་མི་འབྱིན༔ དུས་དེའི་ཚེ་རྒྱུ་ཟད་རྐྱེན་ཟད་བྱ་བ་ཡིན༔ དོན་དམ་པའི་བདེན་པ་ཞེས་བྱ་བ་ཡིན༔ དུས་ལྔ་བརྒྱའི་སྙིགས་མ་མ་འོངས་པའི་དུས་སུ༔ གང་ཟག་འགའ་ཞིག་བདག་ཏུ་ལྟ་བ་ངོས་མ་ཟིན་པར་རྣམ་པར་རྟོག་པའི་ཁ་མ་བྲི་བས༔ ཉོན་མོངས་པ་གང་ལས་ཀྱང་རགས་པར་བྱས་པ་ནས༔ ལྟ་བ་ཁ་ལ་ཁྱེར་ཏེ༔ དགེ་སྡིག་གི་ལས་འབྲས་སྤྱོད་པ་ལ་ལྟ་བ་དམའ་བ་ཞེས་ཟེར་ཏེ༔ ལས་འབྲས་ཁྱད་དུ་བསད་ནས་སངས་རྒྱས་ཀྱི་དགོངས་པ་ཡིན་པ་སྐད་ཟེར༔ སྤྱོད་པ་བབ་ཅོལ་ཁ་ཡན་དུ་སྤྱོད་པ་ཤས་གཅིག་འོང་སྟེ༔ དེ་དག་གིས་རང་གཞན་གཉིས་ཀ་ལོག་པར་འཁྲིད་པའི་ལོག་སྤྱོད་ཡིན་པས༔ དེ་རྣམས་ཀྱི་རྗེས་སུ་སྐད་ཅིག་ཙམ་ཡང་འབྲང་དུ་མི་རུང་ངོ་ཞེས་གསུངས་སོ༔ ༔བདག་འདྲ་མཚོ་རྒྱལ་བུད་མེད་སྐྱེ་དམན་བློ་ཆུང་ཡང༔ སློབ་དཔོན་སྤྲུལ་སྐུའི་ཞབས་ལ་ཡུན་རིང་བཏུད་པ་ཡིས༔ ཆོས་ཀྱི་གདམས་ངག་སྐབས་འགར་ཚིག་འགའ་གསུངས༔ མི་བརྗེད་གཟུངས་སུ་ནན་ཏན་བསྐྱེད་ནས་བཟུང༔ ཕྱི་རབས་དོན་དུ་བསྡེབས་ནས་ཡི་གེར་བཀོད༔ སྤེལ་བའི་གནས་མེད་རིན་ཆེན་གཏེར་དུ་སྦས༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ཞུས་ལན་བསྟན་པ་མའི་སྐོར་ཞེས་བྱ་བ་ཕག་གི་ལོའི་སྟོན་ཟླ་འབྲིང་པོའི་ཉི་ཤུ་ལྔ་ལ་མཆིམས་ཕུ་དགེའུ་གོང་དུ་ཡི་གེར་བཏབ་བོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ྈ ༄༅༔ ན་མོ་གུ་རུ༔ སློབ་དཔོན་པདྨའི་ཞལ་ནས༔ མཚོ་རྒྱལ་ཆོས་བྱེད་པ་ལ་གྲོང་ཡུལ་དང༔ རྒྱལ་པོའི་ཕོ་བྲང་དང་དགེ་འདུན་གྱི་གནས་དང༔ སྐྱེ་བོའི་འདུ་འཛི་ལ་སོགས་པ་གཡེང་བའི་སར་བསྒོམས་པས༔ སེམས་གཡེང་བས་ཁྱེར་ནས་གནས་སུ་མི་འདོད༔ གྲོང་ངམ་ཁང་ཁྱིམ་བཟང་པོ་དང་འཁོར་དང་ལོངས་སྤྱོད་རྣམས་ལ་ཆགས་པས་ཚེ་མ་ཚོར་བར་ཟད་དེ༔ འཆི་བའི་ཚེ་ན་ཡང་ཆགས་ཞེན་གྱིས་བཅིངས་ནས༔ མཁའ་ལ་རྒྱུ་བའི་ཡི་དྭགས་སུ་སྐྱེས་ཏེ་འཁོར་དང་རྫས་གང་ལ་ཆགས་པ་དེ་ལ་གནོད༔ ཁང་པ་ལ་ཆགས་པས་རྩིག་རྨང་གི་སྲོག་ཆགས་སུ་སྐྱེ་བ་ཡིན༔ དེ་བས་ཆོས་བྱེད་ན་སེང་གེ་གངས་གོང་ན་གནས་པ་ལྟ་བུར་གཡའ་རི་དང་གངས་རི་དང་ནགས་ཁྲོད་ལ་སོགས་པར་གནས་ཏེ་བསྒྲུབ་པར་བྱ༔ ལུས་དབེན་ན་སེམས་དབེན༔ སེམས་དབེན་པས་དགེ་སྦྱོར་ངང་གིས་འཕེལ་བ་ཡིན༔ མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱང་རང་བཞིན་གྱིས་འདུ་བས་བར་ཆད་མི་འབྱུང་བ་ཡིན་གསུངས༔ དེ་ཡང་ལོངས་སྤྱོད་ལ་མ་ཆགས་པ་རྒྱལ་བུ་ཀུན་དུ་དགེ་ལྟ་བུ་ཞིག་དགོས་གསུངས༔ ༔ཇོ་མོས་རྒྱལ་བུ་དེས་ཇི་ལྟར་མ་ཆགས་པ་ལགས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ ཡུལ་དབུས་འགྱུར་གྱི་ཚལ་ན༔ རྒྱལ་པོ་ཤིང་རྟ་བཅུ་པ་ཞེས་བྱ་བ་ལ༔ རྒྱལ་བུ་དགེ་བ་ཞེས་བྱ་བ་ཡོད་པས་སྐྱེ་ཤིས་འཇིགས་པས༔ རྒྱལ་པོའི་ཕོ་བྲང་རིན་པོ་ཆེ་བསམ་ལས་འདས་པ་དང༔ རྒྱལ་སྲིད་འཁོར་དང་བཙུན་མོ་དང་ཟས་ནོར་ལོངས་སྤྱོད་ལ་མ་ཆགས་པར་ནགས་ཁྲོད་དགོན་པ་ཞིག་ཏུ་བྲོས་ནས་གནས་ཏེ༔ མྱ་ངན་ལས་འདས་པའི་ཆོས་ཡིད་ལ་བྱེད་ཅིང་ཡོད་པ་ལ་སྤྲོ་བ་དང་བྲོད་པ་ལ་སོགས་པ་ཇི་ལྟར་བསྐྱེད་ཀྱང་མ་ཁུག་ནས༔ ཡུལ་དརྟུ་ནི་ན་རྒྱལ་པོ་དགེ་བའི་འོད་ཅེས་བྱ་བ་ཐབས་ལ་མཁས་པ་མངའ་ཐང་དང་ལྡན་པ་ཞིག་ཡོད་པས༔ དེ་རྒྱལ་པོ་ཤིང་རྟ་བཅུ་པའི་གྲོགས་པོ་ཡིན་པས་རྒྱལ་བུ་འགུགས་པའི་ངོ་ཆེན་ཞུས་ནས༔ ནགས་ཁྲོད་དུ་རྒྱལ་བུའི་དྲུང་དུ་བྱོན་ཏེ་ཞུས་པ༔ ཀྱེ་མ་རྒྱལ་བུ་དགེ་བ་ཁྱོད༔ ཁྱིམ་བཟང་དཔལ་ལྡན་བོར་ནས་ནི༔ ཤིང་དྲུང་བདུད་པོའི་ཡུལ་ལེན་པ༔ བདུད་ཀྱིས་བསླུས་སམ་སྨྱོ་བར་ངེས༔ ཤིན་ཏུ་འཁྲུལ་པས་བདག་ལ་གསོན༔ རྒྱལ་ཁྲིམས་གཟུང་ལ་ཆོས་ཀྱང་ཡོད༔ ཅེས་སྨྲས་པས༔ རྒྱལ་བུས་གསུང་པ༔ རྒྱལ་པོས་གསུངས་པའི་བཀའ་གྲོས་དག༔ བྱམས་པའི་སེམས་ཀྱིས་གསུང་མོད་ཀྱང༔ བདག་གི་བསམ་པའི་དོན་དང་འགལ༔ དབེན་པར་གཅིག་པུ་ཆོས་སེམས་པས༔ རྒྱལ་པོའི་ཕོ་བྲང་གྲོག་ཚང་ཧྲུལ་པོ་འདྲ༔ དེ་ལ་ཆགས་སེམས་བདག་ལ་མེད༔ ཅེས་སྨྲས་སོ༔ ཡང་རྒྱལ་པོས་ཞུས་པ༔ རྒྱལ་སྲིད་འཛིན་པར་མི་བྱེད་ཀྱང༔ ཕོ་བྲང་གནས་ནས་དམ་ཆོས་སྤྱོད༔ ཅེས་སྨྲས་སོ༔ རྒྱལ་བུས་གསོལ་པ༔ འཁོར་བའི་ཁྱིམ་པ་བྱ་བ་མང༔ རྟག་ཏུ་ཉོན་མོངས་སྡུག་བསྔལ་སྤྱོད༔ ཁྱིམ་ནི་སྦྲུལ་གྱི་ཚང་དང་ནི༔ རྟག་གཏན་སྡུག་པ་བཙོན་དོང་འདྲ༔ ཞེས་གསོལ་པས༔ རྒྱལ་པོས་སྨྲས་པ༔ ཡུལ་འཁོར་རྒྱལ་སྲིད་མི་སྐྱོང་ཡང༔ དམ་ཆོས་ཕོ་བྲང་ནང་དུ་གསུང༔ ཞེས་སྨྲས་པས༔ སྟོང་ཉིད་སྤྱོད་པ་སྒོམ་པའི་གོ་འཕང་གཅོད་མཐོང་ན༔ ཐོས་མང་ཚིག་ལ་ཞེན་པ་ནེ་ཙོ་འདྲ༔ བསོད་ནམས་འདུ་འཛིའི་ཆོས་འཆད་སྙིང་རྗེའི་གནས༔ རང་ཡང་མི་གྲོལ་གཞན་ལ་ཕན་མི་འགྱུར༔ ཞེས་གསུངས་སོ༔ ཡང་རྒྱལ་པོས་སྨྲས་པ༔ ཚོགས་མང་བསྟེན་པར་མི་བྱེད་ཀྱང༔ ལོངས་སྤྱོད་བཟུང་ལ་སྦྱིན་པ་ཐོངས༔ ཞེས་སྨྲས་པས༔ རྒྱལ་བུས་གསོལ་བ༔ གསེར་གྱི་རི་ལ་གཡུ་ཡི་མཚོ་བརྡོལ་ཀྱང༔ ནོར་གྱི་འོས་སུ་རང་སེམས་ཆོག་ཤེས་བཟང༔ ཡོད་ཅིང་སེར་སྣ་ཆགས་སེམས་ཡི་དྭགས་རྒྱུ༔ སྦྱིན་པ་བླ་མེད་བྱང་ཆུབ་སེམས་སྐྱེད་བཟང༔ ཞེས་གསུངས་སོ༔ ཡང་རྒྱལ་པོས་སྨྲས་པས༔ ལོངས་སྤྱོད་རྫས་རྣམས་མི་བརྟེན་ཀྱང༔ འཁོར་འབངས་བསྟེན་ལ་བདེ་བ་སྤྱོད༔ ཅེས་སྨྲས་པས༔ ཡང་རྒྱལ་བུས་གསུང་པ༔ དཔལ་གྱི་རི་ལ་གཡུ་ཡི་ཆུ་འབྲུབ་ཀྱང༔ བུད་མེད་འཁོར་འབངས་འཁོར་བའི་གདོས་ཐག་བྱེད༔ སེམས་ཀྱིས་བསྟེན་ས་བླ་མེད་དཀོན་མཆོག་བཟང༔ ཞེས་གསུངས་སོ༔ རྒྱལ་པོས་ཞུས་པ༔ འཁོར་འབངས་བསྟེན་པར་མི་བྱེད་ཀྱང༔ མཛེས་པའི་ན་བཟའ་སྐུ་ལ་གསོལ༔ ཅེས་སྨྲས་པས༔ རྒྱལ་བུས་གསུང་པ༔ གསེར་གྱི་ཁྲི་དང་མཛེས་རྒྱན་ལྷབ་ལྷུབ་གོས༔ ཆགས་སེམས་ཆེ་འགྱིང་ཉོན་མོངས་སྙིང་རྗེའི་ཡུལ༔ རང་གི་ཆོག་ཤེས་སྣལ་མ་དུར་ཁྲོད་གོས༔ ཞེས་གསུངས༔ ཡང་ཞུས་པ༔ མཛེས་པའི་ན་བཟའ་མི་གསོལ་ཡང༔ ཁ་ཟས་དགྱེས་པའི་རོ་དང་ལྡན༔ ཞེས་གསོལ་པས༔ རྒྱལ་བུས་གསུང་པ༔ མི་རྟག་ནགས་སུ་ཤིང་རྩི་སྨན་དང་བཅུད༔ དྲི་མེད་ཟས་མཆོག་སྙོམས་ཟས་བདུད་རྩི་འདི༔ འདོད་ཡོན་རོ་ལྡན་ཟས་ནི་ཆོག་ཤེས་མེད༔ ཅེས་གསུངས་སོ༔ དེར་རྒྱལ་པོ་དགེ་བའི་འོད་ཀྱིས་སྨྲས་པའི་བཀའ་གྲོས་མ་རྙེད་ནས་མི་སྨྲ་བར་གནས་སོ༔ རྒྱལ་བུས་རྒྱལ་པོ་དགེ་བའི་འོད་ལ་གསུང་པ༔ ཀྱེ་ལགས་རྒྱལ་པོ་ཆེན་པོ་བདག་ལ་གསོན༔ འཁོར་བ་མི་རྟག་སྒྱུ་མའི་ཆོས་ཉིད་ལ༔ བླུན་པོ་ཆགས་ཤིང་མཁས་པས་སྨད་པའི་གནས༔ དེ་བས་བདག་ནི་དགོན་པའི་གནས་སུ་མཆི༔ རྒྱལ་པོ་ཞེས་བྱ་རྒྱལ་སྲིད་སྡིག་དོན་སྤྱོད༔ ཚེ་འདི་ལོང་མེད་སྒྱུ་མ་རྨི་ལམ་འདྲ༔ སླར་ཡང་གཏན་སྡུག་ངན་འགྲོའི་གནས་སུ་འཁྱམ༔ ཐར་པ་བསྒྲུབས་པས་བདེ་བའི་སངས་རྒྱས་མཆོག༔ རྒྱལ་པོ་ཉིད་ཀྱང་དགོན་པར་སྟོང་ཉིད་སྒོམས༔ ཞེས་བཀའ་གྲོས་ཕར་གསོལ་པས༔ རྒྱལ་པོ་དགེ་བའི་འོད་ཡིད་རངས་ཏེ༔ རྒྱལ་སྲིད་དོར་ནས་རྒྱལ་བུ་དང་གཉིས་ནགས་ཁྲོད་བརྟེན་ཏེ་སྒོམ་པས་མངོན་པར་རྫོགས་པར་སངས་རྒྱས་སྐད་དོ༔ མཚོ་རྒྱལ་དེ་བས་སྐྱེ་ཤིས་འཇིགས་པ་རྣམས༔ ཡུལ་དང་ཁང་ཁྱིམ་བུ་དང་ཆུང་མ་ནོར་དང་ལོངས་སྤྱོད་ལ་མ་ཆགས་པར་དགོན་པ་བརྟེན་ནས་བསྒོམ་པ་གཅེས་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ མཚོ་རྒྱལ་མི་ཕྱུག་པོ་རྣམས་ནོར་སོག་སྟེ༔ ནོར་དེ་དང་པོ་གསག་དཀའ་སྟེ༔ སེར་སྣ་དང་ཞིབ་འགྲིགས་ཀྱིས་གསོག་དགོས་སྟེ༔ བཟའ་བ་དང་གོན་པར་ཕངས༔ སྦྱིན་པར་ཕངས༔ དེ་ཡང་ཤས་བག་ཙམ་ཆུང་སྟེ༔ ལ་ལ་ཚོང་སོགས་དང་གཡོ་སྒྱུ་དང༔ ཁྲམ་དང་སླུ་བྲིད་དང༔ མགོ་སྐོར་སྣ་ཚོགས་བྱས་ནས་གསོག་པ་དེ་ཡང་སྡིག་ཆེ༔ དེ་བས་སེམས་ཅན་སྲོག་གཅོད་རྐུ་འཕྲོག་ལ་སོགས་ལས་ངན་པ་སྣ་ཚོགས་བྱས་ནས་གསོག་པ་གདའ་སྟེ་སྡིག་པ་ཤིན་ཏུ་ཆེའོ༔ ནོར་རྫས་དེ་ཡང་བསགས་ཏེ་ཕྱུག་ནས་ཡོད་པ་ཙམ་གྱིས་སྡུག་བསྔལ་ཆེ་སྟེ༔ བཙའ་རྫི༔ འཚོ་སྐྱོང༔ མེལ་ཚེ༔ རྐུན་མ༔ ཟད་ཀྱི་དོགས༔ མ་འཕེལ་གྱི་དོགས༔ དེ་ལ་ཆགས་པས་ཤི་ན་ཡི་དྭགས་སུ་སྐྱེ༔ འཇིག་རྟེན་ན་བུ་ལ་ཕོག་པ་རབ་ཏུ་བྱེད་དེ༔ ཟས་ནོར་བུས་ཁྱེར་ནས་སྡིག་དང་རྣམ་སྨིན་རང་གིས་ཁུར་ནས་ངན་སོང་དུ་འགྲོ་སྟེ༔ བུ་མེད་ན་ནོར་རྫས་ཀུན་གཞན་གྱིས་ཐོབ་ཤར་ཁྱེར༔ རང་ཞེ་སྡང་བསགས་པས་འདིར་སྡུག་ཕྱི་མ་ངན་སོང་ལས་འགྲོ་ས་མེད་དེ༔ དཔེར་ན་བུང་བས་སྦྲང་རྩི་བསགས་པ་ལྟ་བུའོ༔ དེ་བས་ནོར་རྫས་ཡོད་པ་རྣམས་ཀྱིས༔ བླ་མ་དཀོན་མཆོག་མཆོད༔ ཚེ་འདི་ལ་ནོར་འབྱོར་པ་ཆེ་ཞིང་འཕེལ༔ ཕྱི་མར་བྱང་ཆུབ་འཐོབ་པ༔ ཁྱིམ་བདག་གི་བུ་ནོར་ཚོལ་ལྟ་བུ་ཡིན་གསུངས༔ ༔ཇོ་མོས་དེ་ཇི་ལྟར་ལགས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ རྒྱ་གར་གྱི་ཡུལ་དབུས་འགྱུར་འཆང་ན༔ ཁྱིམ་བདག་གོའུ་ཏ་མ་ཞེས་བྱ་བ༔ ནོར་རྫས་དང་ལོངས་སྤྱོད་ཆེན་པོ་ལྡན་པ་ཞིག་ལ༔ བུ་ནོར་ཚོལ་བྱ་བ་ཞིག་ཡོད་པ་ལ༔ བུ་དེ་ལ་ནོར་རྫས་ཕོག་ནས་ཁྱིམ་ཐབས་བྱས་པས༔ བུ་དེས་མི་མང་པོ་ཞིག་བུང་བའི་ཚང་འཇིག་པ་ཞིག་མཐོང་ནས་སྦྲང་རྩི་མི་རྣམས་ཀྱིས་འཐུང༔ བུང་བའི་ཕྲུ་གུ་རྣམས་བསད༔ མ་མོ་རྣམས་ལ་ལ་ཤི༔ ལ་ལ་བྲོས༔ ལ་ལ་བརྒྱལ་བར་མཐོང་ནས༔ དེ་དག་ལ་སྙིང་རྗེ་དྲག་པོ་སྐྱེས་ཏེ༔ རང་ཉིད་ཀྱིས་བསམ་པ་ལས༔ བདག་གི་ནོར་རྫས་འདི་དག་ཀྱང་འདི་དང་ཁྱད་པར་མེད༔ དགྲ་རྫས་འདྲེ་རྫས་ཁ་ལེན་ངོ་སྲུང་དུ་སོང་བས་སྦྲང་རྩི་གཞན་གྱིས་ཁྱེར་བ་དང་འདྲ༔ དེ་བས་ཚེ་འདི་ཕྱི་གཉིས་ལ་ཕན་པའི་སྦྱིན་པ་གཏང་སྙམ་དུ་བསམས་པ་ལས༔ ཕས་གཏང་དབང་མ་བྱུང་གིས་དོགས་ནས་སྨྲས་པ༔ ཁྱིམ་བདག་ཆེན་པོ༔ བསགས་པའི་ནོར་ལ་དོན་ཅི་ཡོད༔ བདག་ཅག་འཆི་དུས་ན་ནོར་ཐམས་ཅད་གཞན་གྱིས་ཁྱེར༔ དཔེར་ན་བུང་ཚང་མིས་བཏོན་པ་ལྟ་བུ༔ བདག་ཅག་ལ་དགྲ་ཐུབ་པ་མེད་པ་ཞིག་འོང་ངོ་ཞེས་སྨྲས་པས༔ ཕས་བུ་ལ་སྨྲས་པ༔ དགྲ་ཞེས་པ་གང་ནས་བྱུང་ཞེས་སྨྲས་པས༔ བུས་སྨྲས་པ༔ སྐྱེ་རྒ་ན་འཆི་ཞེས་བྱ་བ་ཞིག་འབྱུང་སྟེ༔ སྐྲ་དཀར་དང་གཉེར་མ་འདུས༔ རྐང་ལག་ཀུན་ཡང་འདར༔ སྲོག་ནི་ཟིལ་པ་འདྲ་སྟེ་བོ་ལ་ཁད༔ དབུགས་ནི་ན་བུན་འདྲ་སྟེ་ཡལ་ལ་ཁད༔ སེམས་ནི་མེ་སྟག་འདྲ་སྟེ་ཡར་ལ་ཁད༔ ལོངས་སྤྱོད་སྒྱུ་མ་འདྲ་སྟེ་བརླག་ལ་ཁད༔ མདོར་ན་བུང་ཚང་འདྲ་སྟེ་གཞན་གྱིས་ཁྱེར༔ ཐུབ་པ་མེད་པའི་དགྲ་བཞི་འོང་བ་ངེས༔ ཞེས་སྨྲས་པས༔ ཕས་གསོལ་བ༔ དགྲ་དེ་ཐུབ་པའི་ཐབས་སུ་ལ་ཡོད༔ བུས་སྨྲས་པ༔ དེ་ཐུབ་པའི་ཐབས་སངས་རྒྱས་བཅོམ་ལྡན་འདས་ལ་ཡོད་ཅེས་ཟེར༔ དེར་ཁྱིམ་བདག་ཕ་དང་བུས་སངས་རྒྱས་ལ་ཞུས་པས༔ འཁོར་བ་མི་རྟག་བུང་ཚང་ཞིག་པ་འདྲ༔ རྟག་པར་འཛིན་པ་ཕུང་བར་འགྱུར༔ ཟས་ནོར་མི་རྟག་སྐྱོ་བ་སྐྱེས་ནས་ནི༔ སྦྱིན་པ་གཏོང་ཞིང་བླ་མ་དཀོན་མཆོག་མཆོད༔ སྡུག་བསྔལ་ལས་གྲོལ་བདེ་བའི་གནས་འཐོབ་འགྱུར༔ ཞེས་བཀའ་བསྩལ་པས༔ ཁྱིམ་བདག་ཡབ་སྲས་ཀྱིས༔ ནོར་རྫས་ལོངས་སྤྱོད་ཐམས་ཅད་ཆ་བགོས་སྐྱེ་བོ་མང་པོ་བསགས༔ སྦྱིན་པ་རྒྱ་ཆེན་པོ་བཏང་བས༔ སྐྱེ་བ་དེ་ཉིད་ལ་མངོན་པར་རྫོགས་པའི་བྱང་ཆུབ་ཐོབ་སྐད་དོ༔ མཚོ་རྒྱལ་བདག་ཅག་ཀྱང་འཁོར་བའི་ལོངས་སྤྱོད་ཀྱི་རྫས་ལ་སྐྱོ་བ་སྐྱེས་པ་ཡོད་ན་སྦྱིན་པ་གཏང༔ བླ་མ་དང་དཀོན་མཆོག་མཆོད་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ མཚོ་རྒྱལ་ཆོས་ཀྱི་བཅས་ཤོམ་པ་ལ་དང་པོ་ཉིད་ནས་བཅས་ལེགས་པས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་དགྲ་ལས་རྒྱལ་བར་བྱེད་པ་ལ༔ རྒྱལ་བུ་ཟླ་བའི་འོད་ཟེར་གྱིས་འཁྲུགས་པའི་ཤོམ་ར་ལྟ་བུ་ཞིག་དགོས་གསུངས༔ ཇོ་མོས་ཇི་ལྟར་བགྱིས་ཞུས་པས༔ རྒྱ་གར་ཡུལ་ན་རྒྱལ་པོ་ཟླ་བ་བཟང་པོ་ཞེས་བྱ་བ་ལ༔ བུ་རྒྱལ་བུ་ཟླ་བའི་འོད་ཟེར་ཞེས་བྱ་བ་ཡོད་དེ༔ དེ་ལ་རྒྱལ་སྲིད་གཏད་ནས་རྒྱལ་བུ་རྒྱལ་སྲིད་ཀྱི་བྱ་བ་བྱེད་མ་འདོད་པས༔ རྒྱལ་པོས་རྒྱལ་བུ་ལ་སྨྲས་པ༔ རྒྱལ་སྲིད་ཀྱི་བྱ་བ་གྱིས་ཤིག༔ བདག་ཅག་ནི་རྒྱལ་པོ་ཕ་རོལ་དང་གཡུལ་གཤམ་པར་འཚལ་བས༔ དམག་ཚོགས་ཀྱི་དཔུང་འཇོམས་པའི་ཐབས་གྱིས་ཤིག་གསུངས་པས༔ རྒྱལ་བུས་སྨྲས་པ༔ ཕ་རོལ་དགྲའི་དཔུང་ཆོམས་པས་མི་ཕན༔ བདག་ཅག་ལ་དགྲ་ཐུབ་པར་དཀའ་བ༔ ཤིན་ཏུ་འཇིགས་སུ་རུང་བ་ཞིག་འོང་བར་གདའ་སྟེ༔ དེའི་དམག་དཔོན་ནི་བདག་འཛིན་རྒྱལ་པོས་བྱས༔ དམག་དཔུང་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གིས་བྱས༔ མཚོན་དུ་སྐྱེ་རྒས་ན་འཆིའི་ཆུ་བོ་ཆེན་པོ་བཞི་ཐོགས་ནས༔ བདག་ཅག་ལ་དམག་འོང་བར་འདུག་གོ༔ ཞེས་སྨྲས་པས༔ རྒྱལ་པོས་སྨྲས་པ༔ དགྲ་དེ་ཡུལ་གང་ན་གནས༔ རྒྱལ་བུས་སྨྲས་པ༔ དངོས་པོ་སྣ་ཚོགས་འཛིན་པ་ན༔ རྒྱལ་པོ་ང་བདག་འགོང་པོ་ཞེས་བྱ་བ་ལ༔ བློན་པོ་ཉོན་མོངས་དུག་ལྔ༔ དམག་མི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལ༔ གོ་ཆ་མི་དགེ་བ་བཅུ་གོན་ནས༔ མཚོན་ཆ་སྐྱེ་རྒ་ན་འཆི་བཞི་བསྣུན་ཏེ༔ གཅིག་ཀྱང་མི་ཐར་བར་གདའ་འོ་ཞེས་གསོལ་པས༔ རྒྱལ་པོས་སྨྲས་པ༔ དགྲ་དེ་ལས་རྒྱལ་བར་བྱེད་པ་ལ༔ གཡུལ་ཇི་ལྟར་བཤམ་ཞེས་སྨྲས་པས༔ རྒྱལ་བུས་གསོལ་པ༔ དེ་ནི་སྟོན་པ་བདེ་བར་གཤེགས་པ་ལ་ཞུས་ཤིག་ཅེས་སྨྲས༔ རྒྱལ་པོ་ཡབ་སྲས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པས༔ བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ༔ ཉོན་མོངས་དགྲའི་གཡུལ་ལས་རྒྱལ་བར་འདོད་ན༔ དད་པས་ཤགས་གདབ༔ ཚུལ་ཁྲིམས་ཀྱི་གཞི་བཟུང༔ བརྩོན་འགྲུས་ཀྱི་རྟར་ཞོན༔ བཟོད་པའི་གོ་ཆ་གོན༔ བསམ་གཏན་གྱི་མཁར་རྩིག༔ ཤེས་རབ་ཀྱི་མཚོན་ཆ་གཟུང༔ ཆོས་སྤྱོད་བཅུའི་དམག་དཔུང་སྐྱེད་ཅིག༔ ཅེས་བཀའ་བསྩལ་པས༔ རྒྱལ་པོ་ཡབ་སྲས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པས་འཁོར་བ་ལས་གྲོལ་ལོ༔ དེ་ངོ་མཚར་ནས་བར་སྣང་གི་ལྷ་རྣམས་ཀྱིས་སྨྲས་པ༔ མི་རྟག་སྲིན་པོའི་ཚོགས་ཀྱི་དམག་དཔུང་ལ༔ དད་པས་ཕ་རོལ་ཕྱིན་དྲུག་གཡུལ་བཤམས་པས༔ ཉོན་མོངས་འཁོར་བའི་དགྲ་ལས་ཐར་པར་མཛད༔ གཡུལ་བཤམས་འདི་ལྟ་བུ་ནི་ངོ་མཚར་ཆེ༔ ཞེས་ཀྱང་སྨྲས་སོ༔ མཚོ་རྒྱལ་བདག་ཅག་ཀྱང་སྐྱེ་ཤིས་འཇིགས་པ་ལས་གཡུལ་དེ་ལྟར་བཤམ་དགོས་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ མཚོ་རྒྱལ་ལྟ་བ་དང་སྤྱོད་པ་གཉིས་ལས་ལྟ་བ་གཅེས༔ ལྟ་བ་ཐག་ཆོད་ན་སྤྱོད་པ་ཅི་བྱས་ཀྱང་གྲོལ་ཏེ༔ ལྟ་བས་གཞི་ནས་གྲོལ་བར་བྱེད་པ་ཡིན༔ རྣལ་འབྱོར་པ་ལྟ་བའི་གདེང་དང་ལྡན་ཙམ་ན༔ སྤྱོད་པ་ཤུགས་འབྱུང་འགག་མེད་དུ་འབྱུང་བ་ཡིན༔ ལྟ་བའི་དཔེ་ནམ་མཁའ་ལྟར་ཕྱོགས་ལྷུང་དང་བྲལ་བ་རྟེན་མེད་ཡིན་གསུངས༔ དེ་ལ་ཡིད་ཆེས་པའི་གཏམ་རྒྱུད་ནི༔ སྔོན་རྒྱ་གར་ཡུལ་ན༔ ཁྱིམ་བདག་མགོན་མེད་ཟས་སྦྱིན་ཞེས་བྱ་བ་ལ༔ མཆོད་གནས་གཉིས་ཡོད་པ་ལས༔ དགེ་སློང་དྲི་མ་མེད་པར་གྲགས་པ་ནི་ལྟ་བ་ཐག་མ་ཆོད་ན༔ སྤྱོད་པ་ལ་སོགས་པ་ཅི་བྱས་ཀྱང་གོད་མེད་ཞེས་ཟེར་ཏེ་སེམས་ཀྱི་རྩལ་འབའ་ཞིག་སྦྱོང་ངོ༔ སྤྱོད་པ་ནག་པོ་ཆེན་པོ་ནི་སྤྱོད་པས་གྲོལ་བར་འདོད་དེ༔ བརྟུལ་ཞུགས་ཀྱི་སྤྱོད་པ་སྣ་ཚོགས་བྱེད་དོ༔ དེ་གཉིས་ཀྱི་སློབ་མ་ཁྱིམ་བདག་ལ་ཡང་དེ་ཁོ་ན་ལྟར་བཤད་པས༔ ཁྱིམ་བདག་གིས་དེ་གཉིས་གང་ལགས་ཞེས་སངས་རྒྱས་ལ་ཞུས་པས༔ སངས་རྒྱས་ཀྱིས་བཀའ་བསྩལ་པ༔ ལྟ་བ་ཡང་དག་དོན་རྟོགས་ན༔ སྲིད་པའི་གཟེབ་ལས་གྲོལ་བར་འགྱུར༔ ལྟ་བ་མེད་པའི་སྤྱོད་པ་ནི༔ གྲོལ་བ་མེད་པས་ཁྱི་ཕག་འདྲ༔ ཞེས་གསུངས་སོ༔ དེས་ན་ཆོས་བཞིན་བྱེད་ན༔ ལྟ་བ་ནམ་མཁའ་ལྟར་རྒྱ་ཆེ་བ༔ སྤྱོད་པ་ས་གཞི་ལྟར་ཤོང་ཆེ་བ༔ ལྟ་སྤྱོད་ཟུང་འབྲེལ་དུ་བྱ་དགོས་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ མཚོ་རྒྱལ་སྐྱེ་ཤིས་འཇིགས་པ་ལ་བསྒོམ་དགོས་པ་ཡིན༔ མ་བསྒོམ་པར་སངས་རྒྱ་བ་ནི་སངས་རྒྱས་ཀྱིས་ཀྱང་མ་གསུངས་ཏེ༔ སྒོམ་པ་དེ་ཡུད་ཙམ་དང་ཞག་དང་ཟླ་བ་འགས་མི་འོང་སྟེ་ལོ་མང་དུ་བསྒོམ་དགོས༔ སྒོམ་པའི་དཔེ་ཆུ་བོ་ལྟར་རྒྱུན་ཆད་མེད་པ་ཞིག་དགོས་པ་ཡིན༔ སྒོམ་པ་དང་རྒྱུ་བསོད་ནམས་ཀྱི་ཚོགས་གསོག་གཉིས་གང་གཅེས་ན༔ སྒོམ་པ་གཅེས་པ་ཡིན་གསུངས༔ དེ་ལ་ཡིད་ཆེས་པའི་གཏམ་རྒྱུད་ནི༔ རྒྱ་གར་གྱི་ཡུལ་ན་རྒྱལ་པོ་རབ་སྣང་ལ༔ མཆོད་གནས་གཉིས་ཡོད་པ་ལས༔ དགེ་བསྙེན་ཉི་མའི་འོད་ཟེར་ནི་སངས་རྒྱ་བ་ལ་མ་བསྒོམ་ན་མི་ཕན་ཞེས་ཟེར་ནས་སྒོམ་པ་འབའ་ཞིག་བྱེད༔ དགེ་སློང་པདྨའི་ངང་ཚུལ་ནི་རྒྱུ་བསོད་ནམས་ཀྱི་ཚོགས་གསོག་དགོས་ཞེས་ཟེར་ནས་ཚོགས་གསོག་གོ༔ རྒྱལ་པོ་ལ་ཡང་དེ་ཁོ་ན་ལྟར་བཤད་པས༔ རྒྱལ་པོས་སངས་རྒྱས་གསེར་ཐུབ་ལ་གང་གཙོ་ཞུས་པས༔ བསོད་ནམས་ཚོགས་ཀྱིས་མཐོ་རིས་འཐོབ༔ དེ་ཡང་འབྲས་བུ་འཁོར་བ་ཡིན༔ བསྒོམས་པས་ཉོན་མོངས་ཟད་ནས་ནི༔ མྱ་ངན་འདས་པ་འཐོབ་པར་འགྱུར༔ ཞེས་གསུངས་སོ༔ དེ་བས་ན་བསོད་ནམས་ཀྱི་ཚོགས་ཞར་ལ་བསགས་པས་དགེ་སྦྱོར་གྱི་གྲོགས་སུ་འགྱུར༔ སྒོམ་པ་ཆུ་བོའི་རྒྱུན་བཞིན་བསྲིང༔ ཡེ་ཤེས་ཀྱི་ཚོགས་རྫོགས་ན་སངས་རྒྱ་བར་འགྱུར་རོ་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྤྱོད་པ་ཞེན་ཆགས་མེད་པ་སྐྱི་སེར་གྱི་རླུང་ལྟ་བུ་ཞིག་དགོས༔ ཆགས་ཞེན་གང་བྱུང་ཡང་དེས་འཆིང་བ་ལས་མ་ཆོད་པ་ཡིན༔ ཆགས་པ་དང་ཞེན་པས་འཆིང་བའི་གཏམ་རྒྱུད་ནི༔ ཀོ་ས་ལའི་རྒྱལ་ཁམས་ན༔ རྒྱལ་པོ་གསལ་རྒྱལ་ཞེས་བྱ་བ་ཤིན་ཏུ་ལོངས་སྤྱོད་དང་ལྡན་པ་ཞིག་གནས་པ་ལ༔ དབུལ་པོ་དེས་པ་ཞེས་བྱ་བ་ཤིན་ཏུ་བཀྲེན་པ་ཞིག་གིས་དུས་རེ་ཞིག་གི་ཚེ་ནོར་བུ་རིན་པོ་ཆེ་ཞིག་རྙེད་ནས༔ བདག་ལྟོགས་པ་འདི་ཀ་ལ་སུ་ཡང་རེ་གནས་མེད༔ འདི་བདག་གིས་བཅངས་པས་དབུལ་པོ་རྣམས་ཀྱི་རེ་གནས་སུ་མི་འགྱུར་བས༔ འཇིག་རྟེན་ན་གང་དབུལ་བ་ཡིན་པ་ལ་སྦྱིན་ནོ་ཞེས་སྨྲས་པས༔ དབུལ་བ་ཐམས་ཅད་འདུས་ནས་བདག་ཅག་ལ་སྦྱིན་ཅིག་ཟེར༔ ཁྱེད་ནི་དབུལ་པོ་མ་ཡིན་ཏེ་དབུལ་པོ་ཞེས་བྱ་བ་རྒྱལ་པོ་གསལ་རྒྱལ་ཡིན་པས་རྒྱལ་པོ་ལ་སྦྱིན་ནོ་ཞེས་སྨྲ༔ རྒྱལ་པོ་ངོ་ཚ་ནས་དེས་པ་ལ་ཁྱོད་བས་བདག་དབུལ་བ་ཇི་ལྟར་ཡིན་ཞེས་སྨྲས་པས༔ བདག་ལ་ནི་ཅི་ཡང་མེད་ཀྱང་ཆོག་ཤེས་པས་ཕྱུག་པོ་ཡིན༔ རྒྱལ་པོ་ནི་དཀོར་ནོར་ཇི་རྙེད་དང་ལྡན་ཡང་ཆོག་མི་ཤེས་པས་དབུལ་པོ་འོ་ཞེས་སྨྲས་པས༔ དེ་ལྟར་ཡིན་ནམ་མ་ཡིན་སངས་རྒྱས་ལ་དྲིས་པས༔ བཀའ་བསྩལ་པ༔ ཟང་ཟིང་ནོར་ལ་ཆོག་ཤེས་སེམས་མེད་ན༔ ཇི་སྙེད་ཡོད་ཀྱང་དེ་ཉིད་སྡུག་བསྔལ་རྒྱུ༔ ཆོག་ཤེས་ཕྱུག་ཅིང་ཆོག་ཤེས་མེད་པ་དབུལ༔ ཞེས་གསུངས་སོ༔ རིན་པོ་ཆེ་རྒྱལ་པོ་ལ་བྱིན༔ དབུལ་པོས་ཟས་རང་ཉིད་འཚོ་ནུས་པ་ཙམ་རྒྱལ་པོ་ལ་བླངས་ནས་ཆོས་བྱས་པས་གྲོལ་ཏེ་བྱང་ཆུབ་ཐོབ་བོ༔ དེས་ན་གང་ལ་ཡང་ཞེན་པ་དང་ཆགས་པ་དེས་འཆིང་བས་སྤྱོད་པ་ཞེན་མེད་ཆགས་མེད་དུ་སྐྱི་སེར་གྱི་རླུང་ལྟར་སྤྱོད་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ མཚོ་རྒྱལ་འབྲས་བུ་དགོས་འདོད་ཕུན་སུམ་ཚོགས་པས་རང་དོན་དང་གཞན་དོན་འགྲུབ་པ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཞིག་དགོས༔ དེ་གཞན་ན་མེད་པས་རང་གི་སེམས་ཉིད་རྟོགས་པ་ཉིད་སངས་རྒྱས་ཡིན་ནོ༔ དེ་ཡང་ཡིད་ཆེས་པའི་གཏམ་རྒྱུད་ནི༔ ཡུལ་མ་ག་དྷ་ན་རྒྱལ་པོ་གཟུགས་ཅན་སྙིང་པོ་ཞེས་བྱ་བ་ལ་མཆོད་གནས་གཉིས་ཡོད་དེ༔ རི་ཁྲོད་པ་སེམས་དཔའ་སེང་གེ་ནི་སེམས་རྟོགས་པ་ཁོ་ན་སངས་རྒྱའོ་ཞེས་ཟེར་ནས་སེམས་སངས་རྒྱས་སུ་ངོ་སྤྲོད༔ ཧང་བུ་བདེ་བའི་རྒྱལ་པོ་ཞེས་བྱ་བ་ནི་སངས་རྒྱས་འོག་མིན་གྱི་གནས་ཕུན་སུམ་ཚོགས་པ་ན་བཞུགས་སོ་ཞེས་ཟེར་ནས་དུས་རྟག་ཏུ་སྤྱན་འདྲེན་མཆོད་པ་འབུལ་ལོ༔ དེ་གཉིས་གང་ལགས་རྒྱལ་པོས་བཅོམ་ལྡན་འདས་ལ་ཞུས་པས༔ ཆོས་སྐུ་སྤྲོས་བྲལ་དག་པ་ནི༔ རང་སེམས་རྟོགས་པ་ཁོ་ན་ཡིན༔ གཞན་ན་ཡོད་པར་འདོད་པ་ནི༔ བྱེ་མ་དག་ལ་མར་འཚིར་འདྲ༔ ཞེས་གསུང་ངོ་སྐད༔ ད་ལྟར་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་སངས་རྒྱས་ཀྱི་སྐུ་སྒོམ་པ་རྨོངས་པ་སྤྲོ་བ་སྐྱེད་ཅིང་བློ་སྦྱོང་སེམས་འབྲིད་པ་ཡིན༔ དེ་བས་ན་སངས་རྒྱས་ནི་རང་སེམས་རྟོགས་པ་ཁོ་ན་ཆོས་སྐུ་ཡིན༔ སངས་རྒྱས་སྐུ་གསུམ་ཐུགས་ཕྲད་དུ་ཤེས་པ་གལ་ཆེ་སྟེ༔ སེམས་སྐྱེ་མེད་ཆོས་སྐུ༔ འགག་མེད་ལོངས་སྐུ༔ གཉིས་མེད་སྤྲུལ་སྐུ༔ རྟོག་མེད་ཆོས་སྐུ༔ བདེ་བ་ལོངས་སྐུ༔ གསལ་བ་སྤྲུལ་སྐུ་ཡིན་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ མཚོ་རྒྱལ་སེམས་ལས་སུ་རུང་ཞིང་བློ་བཀོལ་དུ་འདོད་པས༔ གཞན་གྱི་ཤེས་པ་འགྱུར་བར་ནུས་ལ༔ རང་གི་ཤེས་པ་གཞན་ལ་འཇུག་པར་ནུས་པ་ལ་སོགས་པའི་རྫུ་འཕྲུལ་དང་ལྡན་པ༔ རྣལ་འབྱོར་གྱི་དབང་ཕྱུག་ལྟ་བུ་ཞིག་དགོས་པ་ཡིན་གསུངས༔ དེ་ཡང་རྒྱ་གར་གྱི་ཡུལ་ནགས་ཁྲོད་ཅིག་ན་རྣལ་འབྱོར་པ་དཔོན་གཡོག་གཉིས་སྒོམ་ཞིང་གནས་པ་ལ༔ དུས་ནམ་ཞིག་གི་ཚེ་གྲོང་ཁྱེར་དུ་བསོད་སྙོམས་ལ་ཕྱིན་པས༔ རྒྱལ་བུ་ཞིག་དཔྱིད་ཟླ་འབྲིང་པོ་ལ་རྒྱལ་སར་འདོན་པ་ལ་ཟླ་བ་སྔ་མ་ལ་ཤི་ནས༔ ཡབ་ཀྱིས་རྒྱལ་བུའི་རོ་དགུང་ཞག་བཞི་ལྔར་པང་དུ་བླངས་ཏེ་གདུང་བས་འབྲལ་མི་ཕོད་པར་གྱུར༔ དེ་ནས་མྱ་ངན་དཔག་ཏུ་མེད་པ་ཞིག་བྱེད་ཅིང་འདུག་པ་ལ༔ རྣལ་འབྱོར་པས་བསོད་སྙོམས་བླངས་པས་རྒྱལ་པོ་ན་རེ་རྣལ་འབྱོར་པ་གྲུབ་པ་ཐོབ་པ་ཞིག་ཡིན་ནམ་ཞེས་ཟེར་བ་ལ་ཡིན་དུ་རུང་ཞེས་ཟེར༔ དེ་ཉིད་ཕོ་བྲང་དུ་སྤྱན་དྲངས་ཏེ༔ ཟས་སྐོམ་གྱིས་བསྙེན་བཀུར་བྱས་ནས༔ རྣལ་འབྱོར་པ་གྲུབ་པ་ཐོབ་པ་ཞིག་ཡིན་ན༔ ངའི་རྒྱལ་བུ་འདི་སློངས་ཤིག༔ མ་བསླང་ན་ཆབ་གསོལ་ལོ་ཞེས་སྨྲས་པས༔ རྣལ་འབྱོར་པས་རོ་དེ་སྤོས་ཆུ་དང་དུ་རུ་ཀ་དང་ཙན་དན་དང་དྲི་བཟང་པོ་ལ་སོགས་པའི་ཆུས་བཀྲུས་ནས༔ རས་གཙང་མའི་སྟེང་དུ་བཞག་སྟེ༔ དགོངས་པས་རྒྱལ་བུ་དེའི་རྣམ་ཤེས་བཀུག་ནས་རོ་ལ་བཅུག་ནས༔ ད་རྒྱལ་པོས་གཟིགས་ཤིག་ཅེས་གསོལ་བས༔ དེར་རྒྱལ་པོས་བལྟས་པས་མདངས་ཞིག་བྱུང༔ དེ་ནས་ངང་ལ་སྙིང་འགུལ༔ དེ་ནས་ལུས་དང་ཡན་ལག་རིམ་གྱིས་འགུལ་ནས་དབུགས་དང་སྐད་བྱུང་སྟེ༔ སྔར་བཞིན་དུ་གྱུར་ནས་རྒྱལ་བུས་ཡབ་རྒྱལ་པོའི་མགུལ་ལ་ཁྱུད་ཀྱིས་འཁྱུད་ནས༔ རྣལ་འབྱོར་པ་ལ་མཆོད་གནས་ཞུས་པས་མ་གནང་སྟེ་གཤེགས་སོ༔ དེ་ནས་གྲོང་ཁྱེར་ཞིག་ཏུ་བུ་ཕོ་ཞིག་ཤི་བའི་མྱ་ངན་བྱེད་པ་དང་འཕྲད་ནས་བསོད་སྙོམས་བླངས་པས༔ སྔར་བཞིན་དུ་རོ་དེ་བསླང་བར་ཞུས་ཏེ༔ གཟིགས་པས༔ བུ་དེ་ཉིད་ལྷར་སྐྱེས་ནས་འདུག་པས༔ སྐད་རིགས་མི་གཅིག་པའི་བུ་ཕོ་ན་ཟླ་ཙམ་ཞིག་གི་ཀུན་གཞི་འཁྱམས་ཤིང་འདུག་པ་བཟུང་ནས་རོ་ལ་བཅུག་པས་ཀག་གིས་ལངས་པར་གྱུར་ཏོ༔ རྣལ་འབྱོར་པ་དེས་སྨྲས་པ༔ ཁྱོད་ཀྱི་བུ་ཕོ་དེ་ལྷར་སྐྱེས་འདུག་པས༔ བུ་ཕོ་གཞན་གཅིག་གི་ཤེས་པ་འཁྱམས་པ་འདི་ལ་བཅུག་པ་ཡིན་པས་ཁྱོད་ཀྱི་བུ་ཕོ་དེར་ཤེས་པར་གྱིས་ཤིག༔ ཅེས་གསུངས་པས༔ བུད་མེད་ཤིན་ཏུ་དགའ་བར་གྱུར་ནས་རྣལ་འབྱོར་པ་ལ་བསྙེན་བཀུར་བྱས་ནས་གཤེགས་སོ༔ དེ་ནས་ལམ་སྲང་ཞིག་ན་སྐྱེས་པ་གཞོན་ནུ་གཟུགས་བྱད་དང་ལྡན་པ་ཞིག་ཤི་མ་ཐག་པའི་རོ་ཞིག་འདུག་ནས༔ རོ་ལ་ཁྲུས་བྱས་ནས་གཡོག་པོ་ལ་སྨྲས་པ༔ བདག་ནི་འབྱུང་བ་རྙིང་པའི་ལུས་འདི་བོར་ལ་འདི་ལ་འཇུག་གིས༔ རོ་འདི་ལ་བདག་གི་ཤེས་པ་བཞག་པ་དང་ངའི་རོ་སྲེགས་ཤིག༔ ཅེས་སྨྲས་ནས་རོ་ལ་ཤེས་པ་བཅུག་པ་དང༔ རྣལ་འབྱོར་པའི་ཤངས་ཁུང་ནས་འོད་དཀར་དམར་གཉིས་བྱུང་ནས་རོའི་སྣ་བུག་ཏུ་སོང་སྟེ་རོ་དེ་ལངས་པར་གྱུར་པ་དང༔ གཞོན་ནུའི་ལུས་ལ་རྣལ་འབྱོར་པའི་སེམས་བཅུག་མདངས་དང་ལྡན་པར་བྱས་ནས༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་སྟེ༔ ད་ལྟ་ཡང་འཛམ་བུ་གླིང་པའི་སྒྲུབ་པ་པོ་རྣམས་ལ་མཆོག་ཐུན་མོང་གི་དངོས་གྲུབ་སུ་འདོད་ཅེས་སྨྲ་ཞིང་འབྱོན་ཏེ༔ ལས་ཀྱི་སྒྲིབ་པས་མ་མཐོང་མ་ཐོས་པ་ཡིན་ནོ་གསུངས་སོ༔ མཚོ་རྒྱལ་སེམས་ལས་སུ་རུང་ན་ཡོན་ཏན་དེ་ལྟ་བུ་དང་ལྡན་པས༔ སེམས་ཉིད་གཏན་ལ་དབབ་པ་གལ་ཆེའོ༔ ཡོན་ཏན་ཐམས་ཅད་དེ་ལས་འབྱུང་ངོ་གསུངས༔ ངེས་ཤེས་སྐྱེད་པ་གཏམ་རྒྱུད་ཀྱི་སྐོར༔ ཇོ་མོ་མཁར་ཆེན་བཟའ་ཡིས་ཡི་གེ་རིས་སུ་བཏབ་ནས་ཕྱི་རབས་དོན་དུ་རིན་པོ་ཆེའི་གཏེར་དུ་སྦས་སོོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ༄༅༔ གསང་སྔགས་བློ་སྦྱོང་སྐོར༔ ན་མོ་གུ་རུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ༔ སྐུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པ༔ རང་རིག་པ་རྩལ་གྱི་དབང་ཐོབ་པ་དེ་ལ༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས༔ མཚན་བཅས་ལྷའི་སྒོམ་རིམ་ཞུས་པ༔ ཨེ་མ་ཧོ་སློབ་དཔོན་ཆེན་པོ་ལགས༔ མཚན་བཅས་ལྷའི་སྐུ་སྒོམ་པའི་གདམས་པ་ཞིག་ཞུ་འཚལ་ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཡི་དམ་ལྷའི་སྐུར་མ་བསྒོམ་ན་དངོས་གྲུབ་མི་ཐོབ་པས༔ ཡི་དམ་ལྷ་སྒོམ་པ་ལ་གང་ཟག་བློ་ཆུང་བས་རིམ་གྱིས་སྒོམ་པ་དང༔ གང་ཟག་བློ་ཆེ་བས་གཉིས་མེད་ཀྱིས་སྐུར་སྒོམ་པ་གཉིས་ཡིན༔ དེ་ལ་བློ་ཆུང་བས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བསླབ་སྟེ༔ དང་པོར་སྒྲུབ་པ་པོ་གནས་གང་ན་འདུག་པར༔ རེ་ཞིག་རང་ཉིད་ཀྱི་བདུད་རྩིའི་ཆུའམ་བུམ་པའི་ཆུས་གདོང་པ་ལ་སོགས་པ་བཀྲུས་ལ༔ བདེ་བའི་གནས་སུ་རྡོ་རྗེ་སྐྱིལ་ཀྲུང་ངམ་སེམས་དཔའི་སྐྱིལ་ཀྲུང་གིས་འདུག་སྟེ༔ ཁམས་གསུམ་འཁོར་བའི་སེམས་ཅན་སྡུག་བསྔལ་གྱི་རྒྱུ་ལ་ཞུགས་པ་རྣམས་ལ་དེ་རྣམས་འཁོར་བ་ལས་གདོན་པའི་ཕྱིར༔ བདག་ཉིད་ཡི་དམ་གྱི་ལྷའི་སྐུར་བསྒོམ་སྙམ་པའི་བྱང་ཆུབ་ཀྱི་སེམས་སྔོན་དུ་སོང་བས༔ སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་བསམ་པ་དང༔ སྡུག་བསྔལ་དང་བྲལ་བར་བྱ་སྙམ་པའི་བསམ་པ་དང༔ བདེ་བ་དང་འཕྲད་པའི་དགའ་བ་དང༔ དེ་དང་མི་འབྲལ་བའི་བཏང་སྙོམས་བསྒོམ་པར་བྱའོ༔ དེ་ནས་ཨཱོྃ་ཨཱཿཧཱུྃ་ཞེས་ཡི་གེ་འབྲུ་གསུམ་བརྗོད་པས༔ རང་ཡི་དམ་གྱི་ལྷར་ང་རྒྱལ་བྱས་ལ༔ དེའི་ཐུགས་ཀར་པདྨ་དང་ཉི་ཟླའི་སྟེང་དུ་ས་བོན་གྱི་ཡི་གེ་གང་ཡིན་པ་བསམས་ལ༔ དེ་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༔ བླ་མ་ཡི་དམ་མཁའ་འགྲོ་རྣམས་མདུན་གྱི་ནམ་མཁའ་ལ་དམིགས་ལ་ཕྱག་བཙལ་བ་དང༔ མཆོད་པ་དང༔ སྡིག་པ་བཤགས་པ་དང༔ བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༔ སྐྱབས་སུ་འགྲོ་བ་དང༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༔ མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང༔ བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༔ དགེ་བའི་རྩ་བ་བསྔོ་བ་རྣམས་བྱས་ལ༔ རྟེན་རྣམས་གཤེགས་སུ་གསོལ་བའམ་མི་དམིགས་པའམ་ལུས་ལ་བསྡུ་བ་གང་ཡང་རུང་བ་བྱའོ༔ དེ་རྣམས་ནི་བསོད་ནམས་ཀྱི་ཚོགས་གསག་པའི་ཡན་ལག་ཡིན་གསུངས་སོ༔ དེ་ནས་ཡེ་ཤེས་ཀྱི་ཚོགས་གསག་པ་ལ༔ རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་ལས་འོད་འཕྲོས་པས་བདག་གི་ལུས་ཐམས་ཅད་ཀྱང་འོད་ཀྱི་རང་བཞིན་དུ་བྱས་ལ༔ ཕྱོགས་བཅུར་འོད་འཕྲོས་པས་ཀྱང་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་འོད་ཀྱི་རང་བཞིན་དུ་བྱས་ཏེ༔ འོད་དེ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཏེ༔ འོད་དེ་དག་སླར་བསྡུ་བའི་རིམ་པ་ནི༔ སྣོད་འོད་དུ་གྱུར་ནས་བཅུད་ལ་བསྡུ༔ དེ་རང་གི་ལུས་ལ་བསྡུས༔ ལུས་ཀྱི་འོད་ཀྱང་མེ་ལོང་ཧུས་བཏབ་པ་ལྟར་འདུས་ནས༔ རིམ་གྱིས་པདྨའི་གདན་ལ་འདུས༔ དེ་ཉི་ཟླ་ལ་འདུས༔ དེ་ཡང་ས་བོན་ལ་འདུས༔ ས་བོན་ཡང་རིམ་གྱིས་ཟླ་ཚེས་ལ་འདུས༔ ཐིག་ལེའི་འོད་ཀྱང་སེམས་ཀྱི་རང་བཞིན་སྐྲའི་རྩེ་མོ་བརྒྱར་གཤགས་པ་ཙམ་དུ་ཡང་དང་ཡང་དུ་བསམ་པར་བྱའོ༔ དམིགས་པ་མི་གསལ་ན༔ ཤཱུནྱ་ཏཱ་ལ་སོགས་པའི་སྔགས་བརྗོད་པས་སྟོང་པ་ཉིད་ཆེན་པོ་དེ་དག་ཀྱང་མི་དམིགས་པར་བསམ་མོ༔ དེ་ལྟ་བུའི་ཚོགས་རྣམ་པ་གཉིས་རྫོགས་པ་ལས་རང་གི་སེམས་ཉིད་ཡི་དམ་གྱི་ལྷའི་ས་བོན་དུ་གནས་པར་བསམ་པའམ༔ ཡང་ན་ས་བོན་ཡོངས་སུ་གྱུར་པ་ལས་ཕྱག་མཚན་ལ་ས་བོན་གྱིས་མཚན་པར་བསམས་ཏེ༔ དེ་ཡོངས་སུ་གྱུར་པ་ལས་རང་གི་ཡི་དམ་ལྷ་གང་ཡིན་པ་དེའི་ཞལ་དང་ཕྱག་མཚན་ལ་སོགས་པ་རྫོགས་པར་བསྐྱེད་ལ༔ དེའི་ཐུགས་ཀར་པདྨ་དང་ཉི་མའམ་ཟླ་བའི་དཀྱིལ་འཁོར་གྱི་གདན་སྟེང་དུ༔ ས་བོན་བསམས་པ་ལས་བྱུང་བའི་འོད་ཟེར་གྱིས་བླ་མ་ཡི་དམ་མཁའ་འགྲོ་ཕྱོགས་བཅུའི་བདེ་གཤེགས་དང་བཅས་པ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ཏེ༔ མཆོད་པ་རྣམ་པ་ལྔ་ཕུལ་ཏེ༔ རང་གི་ཡེ་ཤེས་ཀྱི་ལྷ་དགུག་པ་དང་གཞུག་པ་བྱ༔ བདེ་བར་གཤེགས་པ་རྣམས་ཀྱིས་དབང་བསྐུར་ནས༔ རིགས་ཀྱི་བདག་པོས་རྒྱས་གདབ་པར་བྱས་ལ༔ རྟེན་རྣམས་གཤེགས་སུ་གསོལ་ལོ༔ དེ་ནས་བདག་གི་གནས་གསུམ་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་འབྲུ་གསུམ་བསྒོམས་པ་ལ་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པ་བྱའོ༔ ཡི་དམ་ཀྱི་ལྷ་དེ་ཉིད་ལ་སེམས་རྩེ་གཅིག་ཏུ་གཟུང་བར་བྱའོ༔ དེ་ནས་སྒོམ་པ་ལ་སྐྱོ་ན་བཟླས་པ་བྱ་སྟེ༔ དེ་ཡང་རྡོ་རྗེ་ཤུབ་བུའི་བཟླས་པ་ནི་ཐོང་གས་ཐོས་པ་ཙམ་གྱི་བཟླས་པ་བྱའོ༔ རྡོ་རྗེ་དབྱངས་ཀྱི་བཟླས་པ་ནི་ཛཔ྄་དབྱངས་སུ་བསྒྲག་གོ༔ རྡོ་རྗེ་གསང་བའི་བཟླས་པ་ནི་ཡིད་ཀྱིས་བཟླས་པའོ༔ དེ་ཡང་འཁོར་ལོ་ལྟ་བུའི་བཟླས་པ་ནི་ཁ་ནས་བྱུང་ནས་ལྟེ་བར་ཞུགས་སྙིང་ཁའི་དབུས་ཀྱི་ས་བོན་ལ་ཐིམ་པར་བསམ་མོ༔ ཕྲེང་བ་ལྟ་བུའི་བཟླས་པ་ནི་ཐུགས་ཀའི་ས་བོན་ལ་སྔགས་ཀྱི་ཕྲེང་བས་བསྐོར་ནས་ཡི་གེ་ལ་སེམས་རྩེ་གཅིག་ཏུ་བྱས་ལ་བཟླས་པའོ༔ སྒྲ་ལ་དམིགས་པའི་བཟླས་པ་ནི་སྔགས་ཀྱི་སྒྲ་ཉིད་ལ་སེམས་གཏད་ལ་བཟླས་པ་བྱའོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཡི་དམ་ལྷ་སྒོམ་པའི་ཐུན་མཚམས་སུ་ཇི་ལྟར་བགྱི་ཞེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ བཟླས་པས་སྐྱོ་ན་རོལ་མོའི་སྒྲ་བསྒྲག་ཅིང་བསྟོད་པ་བྱའོ༔ ཡི་དམ་ལྷ་གཤེགས་སུ་གསོལ༔ བདག་ཉིད་ཐ་མལ་བའི་རྟོག་པས་གནས་པར་བྱའོ༔ དེ་ནས་སྒྲུབ་པའི་མཆོད་པ་བྱེད་པར་འདོད་ན༔ རྟེན་རྣམས་མདུན་དུ་བཀྲམ་ལ༔ དེའི་མདུན་དུ་དྲི་ཞིམ་པོའི་ཆུས་མ་དྷལ་བྱུགས་ཏེ་མེ་ཏོག་བཀྲམ་ལ༔ སྐད་ཅིག་གིས་བདག་ཉིད་ཡི་དམ་ལྷའི་ང་རྒྱལ་བྱས་ལ༔ སྙིང་ཁའི་ས་བོན་ལས་འོད་འཕྲོས་པས་ཕྱོགས་བཅུའི་ཆོས་དང་སྐུ་གཟུགས་རྣམས་སྤྱན་དྲངས་ལ་རྟེན་རྣམས་ལ་བསྟིམ༔ ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༔ བླ་མ་དང་ཡི་དམ་ལྷ་དང་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པ་མདུན་དུ་བཞུགས་པར་བསམས་ལ་རང་གིས་ཅི་འབྱོར་བའི་མཆོད་པ་རྣམས་ཀྱིས་མཆོད་དེ༔ དེའི་མདུན་དུ་བདུན་རྣམ་དག་ལ་སོགས་པ་བྱས་ལ༔ སྐབས་དེར་ཡི་དམ་ལྷ་ལ་གཏོར་མ་དབུལ་བ་དང༔ ཆོས་སྐྱོང་མཆོད་པ་དང༔ ཆུ་གཏོར་གཏང་བ་དང༔ སཱཙྪ་གདབ་པ་ལ་སོགས་པ་བྱའོ༔ དེ་ནས་བདེ་བར་གཤེགས་པ་རྣམས་ཀྱི་བཀའ་བཀླག་པར་འདོད་ན་ཡང༔ སྐད་ཅིག་གིས་ལྕེ་སྟོང་པ་ཉིད་ལས་ཧཱུྃ༔ དེ་ལས་རྡོ་རྗེ་རྩེ་ལྔ་པར་བསམས་པ་ལ༔ རང་གི་ས་བོན་ལས་རྡོ་རྗེའི་བུ་གར་གང་ཁ་ཏོན་བྱེད་པའི་སྒྲ་དེ་བྱུང་བར་བསམ་ཞིང༔ བདག་གི་ལུས་ཀྱང་དུ་མར་གྱུར་པས་སྟོང་གསུམ་ལ་སོགས་པ་འཇིག་རྟེན་གྱི་ཁམས་དུ་མར་ཁྱབ་སྟེ༔ དེའི་ཁ་རེ་རེར་ཡང་རྡོ་རྗེའི་ལྕེ་དུ་མ་བསམས་ཏེ་བཀླགས་པས་སེམས་ཅན་ཐམས་ཅད་ཀྱིས་ཐོས་ནས་འཁོར་བ་ལས་གྲོལ་བར་བསམ་པ་ནི༔ སྤྱོད་ལམ་ཐུན་མཚམས་ཀྱི་རྣལ་འབྱོར་ཡིན་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ བསྐྱེད་པའི་རིམ་པ་ལ་རྫོགས་པའི་རིམ་པས་རྒྱས་ཇི་ལྟར་བཏབ༔ སློབ་དཔོན་གྱིས་གསུང་པ༔ རྫོགས་པའི་རིམ་པ་སྒོམ་པར་འདོད་པའི་རྣལ་འབྱོར་པས༔ རང་ལྷའི་སྐུར་བསྒོམས་པ་ཐུན་གཏོང་བའི་ཚེ་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ༔ དམ་ཚིག་སེམས་དཔའ་འོད་དུ་ཞུ་ནས་ཡི་དམ་ལྷ་དེའི་ས་བོན་ནམ་ཧཱུྃ་དུ་གྱུར་པའི་ཚེ༔ ཧཱུྃ་རིམ་གྱིས་ཐིག་ལེར་གྱུར༔ ཐིག་ལེ་དེ་ཡང་རིམ་གྱིས་ཕྲ་བར་གྱུར་ནས་སྟོང་པར་གནས་པ་དེའི་ངང་ལ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྟོང་གསལ་མི་རྟོག་པ་ཡོད་མེད་ཀྱི་མཐའ་དང་བྲལ་བ་ལ་གནས་པར་བྱའོ༔ ཡང་ན་བླ་མ་ལས་རྫོགས་པའི་མན་ངག་ཇི་ལྟར་ཐོབ་པ་བཞིན་ཡང་ཡང་དུ་གསལ་གདབ་པར་བྱའོ་གསུངས༔ དེ་ལྟར་སྒྲུབ་པ་ལ་ཐུན་གསུམ་མམ་བཞིར་ཉམས་སུ་བླངས་ན༔ སྐྱེ་བ་འདིའམ་སྐྱེ་བ་གཞན་གྱིས་བར་མ་ཆོད་པར༔ སྲིད་པ་བར་མ་དོར་རྣལ་འབྱོར་ཆེན་པོར་ངལ་གསོ་སྟེ༔ ཡི་དམ་གྱི་ལྷ་སྐུ་ཕྱག་རྒྱ་ཆེན་པོར་འགྱུར་རོ༔ གལ་ཏེ་བསྐྱེད་པའི་རིམ་པའི་རྩལ་མ་འབྱོངས་ན་ཡང༔ སྐྱེ་བ་ཕྱི་མ་ལ་རྣལ་འབྱོར་ཆེན་པོར་ངལ་གསོ་སྟེ༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་གདོན་མི་ཟའོ༔ དེ་རྣམས་ནི་གང་ཟག་དབང་པོ་བརྟུལ་པོ་ཐ་མའི་དབང་དུ་བྱས་པ་སྟེ༔ རིམ་གྱིས་སྒོམ་པའི་ལམ་རིམ་དུ་གདམས་པའོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གང་ཟག་དབང་པོ་རབ་ཀྱིས་ཇི་ལྟར་བསྒོམ༔ སློབ་དཔོན་གྱིས་གསུང་པ༔ གང་ཟག་དབང་པོ་རབ་ཀྱིས་ལྷ་སྒོམ་པ་ནི༔ རིམ་ནས་རིམ་གྱིས་མི་བསྐྱེད་དེ་སྙིང་པོའམ་ཚིག་བརྗོད་པ་ཙམ་གྱིས་ཆུ་བུར་བརྡོལ་བའི་ཚུལ་དུ་སྐད་ཅིག་གིས་རང་བྱུང་དུ་གསལ་བ་ནི༔ ལྷ་དབྱིངས་ནས་སྤྱན་དྲང་བ་ཡང་དེ་ཉིད་དེ༔ བདག་ལྷར་གསལ་བ་དེ་དབྱིངས༔ ལྷ་སྣང་ལ་རང་བཞིན་མེད་པ་དེ་ཡེ་ཤེས༔ དབྱིངས་ཡེ་ཤེས་གཉིས་སུ་མེད་པས་ཀུན་རྫོབ་ཏུ་མ་འགགས་པར་ལྷར་སྣང་བ་ཡིན༔ ལྷ་ལ་རང་བཞིན་མེད་པའི་ངོ་བོ་སྟོང་པ་དེ་དོན་དམ་པ་ཡིན༔ དེ་ལྟར་ཀུན་རྫོབ་དོན་དམ་དབྱེར་མེད་པའོ༔ ལྷ་ཡབ་ལྟར་སྣང་བ་ཐབས༔ ཡུམ་ལྟར་སྣང་བ་ཤེས་རབ༔ ཐབས་ཤེས་རབ་དབྱེར་མེད་པ་ཡིན༔ ལྷར་སྣང་བ་བདེ་བ༔ ལྷ་ལ་རང་བཞིན་མེད་པ་སྟོང་པ༔ བདེ་སྟོང་དབྱེར་མེད༔ ལྷ་ལྷར་སྣང་བ་རིག་པ༔ ལྷ་སྣང་ལ་རང་བཞིན་མེད་པ་སྟོང་པ༔ རིག་སྟོང་དབྱེར་མེད་ཡིན༔ ལྷ་ལྷར་སྣང་བ་གསལ་བ༔ ལྷ་ལ་རང་བཞིན་མེད་པ་སྟོང་པ༔ གསལ་སྟོང་དབྱེར་མེད་ཡིན་ནོ༔ དེ་ལ་ལྷར་གསལ་བ་དེ་སྐུ་སྣང་ལ་རང་བཞིན་མེད་པས་བགྲེས་རྒུད་མི་མངའ་བ༔ གསུང་ལ་འགག་པ་མི་མངའ་བས་སྙིང་པོ་རྒྱུན་མི་འཆད༔ ཐུགས་ལ་སྐྱེ་འཆི་མེད་པས་ཆོས་ཉིད་རྒྱུན་ཆད་མེད༔ འགྲོ་འཆག་ཉལ་འདུག་སྤྱོད་ལམ་རྣམ་བཞིར་དེ་དང་མི་འབྲལ་བར་གསལ་བ་ནི༔ དབང་པོ་རབ་ཀྱི་ལམ་རིམ་ཡིན་ནོ་གསུངས༔ དེ་ཡང་ཤིན་ཏུ་དཀའ་སྟེ༔ སྔོན་སྦྱངས་ལས་འཕྲོ་ཅན་གྱི་སྤྱོད་ཡུལ་ཡིན་ནོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཡི་དམ་ལྷ་སྒོམ་པ་ལ་དང་པོ་ལྷ་ལ་སེམས་གཟུང་བའི་གདམས་པ་ཞིག་ཞུ་འཚལ་ཞེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ དང་པོ་ལྷ་གསལ་བར་བྱ་བའི་མན་ངག་ལ༔ མདུན་དུ་བསྒོམ་ཡང་རུང་སྟེ༔ བླ་མའི་མན་ངག་ཐོབ་སྟེ་བླ་མས་སློབ་མ་བྱིན་རླབས་བྱ་བ་དང་བགེགས་བསྲུང་བ་བྱས་ལ༔ དེ་ནས་སྟན་བདེ་བ་ལ་འདུག་སྟེ་ཁམས་སྙོམས་པར་བྱས་ལ༔ ཡི་དམ་ལྷའི་བྲིས་སྐུ་མདུན་དུ་ལེགས་པར་བཀྲམ་ནས༔ ཅི་ལ་ཡང་མི་རྟོག་པར་ཅུང་ཟད་ཅིག་གནས༔ དེ་ནས་སྐུ་གཟུགས་ལ་དབུ་ནས་ཞབས་སུ་བལྟ༔ ཞབས་ནས་དབུ་ལ་རིམ་གྱིས་བལྟ༔ དེ་ནས་སྐུ་སྤྱིར་ཁྱབ་པར་བལྟ་ཞིང༔ སྐབས་སུ་མི་རྟོག་པ་ལ་བཞག་སྟེ་ངལ་གསོ༔ དེ་ལྟར་ཡང་དང་ཡང་དུ་ཉིན་གཅིག་བཞིན་དུ་བལྟས་ལ༔ དེའི་ནུབ་མོ་གཉིད་ཚིམས་པར་ལོག་ལ༔ ནམ་ལངས་ནས་ཡང་སྔར་བཞིན་དུ་བལྟ་ཞིང་ནུབ་མོ་ལྷ་མི་སྒོམ་པར་མི་རྟོག་པ་ལ་སེམས་བཞག༔ དེ་ནས་མ་བསྒོམ་པར་ལྷ་ཡིད་ལ་ཝལ་གྱིས་འབྱུང་སྟེ༔ མ་བྱུང་ན་ཡང་སྐུ་ལ་བལྟས་ལ་མིག་བཙུམས་ཏེ་མདུན་དུ་གཟུགས་བརྙན་དེ་ཉིད་གསལ་བར་བྱས་ལ༔ སེམས་སྔར་གྱི་དེ་ལས་མ་ཤོར་བར་འདུག་གོ༔ དེ་མི་གསལ་ན་ཡང་གཟུགས་བརྙན་ལ་བལྟས་ལ་གསལ་གདབ་སྟེ༔ རྣམ་རྟོག་གི་རྒྱུ་བ་བཅད་ལ་འདུག་གོ༔ དེ་ལྟར་བསྒོམས་པ་དེ་ལ་ཉམས་ལྔ་སྟེ༔ གཡོ་བའི་ཉམས་དང༔ ཐོབ་པའི་ཉམས་དང༔ གོམས་པའི་ཉམས་དང༔ བརྟན་པའི་ཉམས་དང༔ མཐར་ཕྱིན་པའི་ཉམས་སོ༔ དེ་ཡང་དེའི་ཚེ་སེམས་གནས་སུ་མི་འདོད་པར་རྟོག་པའི་འདུ་བྱེད་མང་དུ་རྒྱུ་བ་ནི་གཡོ་བའི་ཉམས་སོ༔ དེ་ནི་སེམས་ཟིན་པར་ཉེ་བ་སྟེ་རི་གཟར་གྱི་ཆུ་ལྟ་བུའོ༔ དེ་ནས་ཅུང་ཟད་ལྷར་གསལ་ཏེ་ལྷའི་དབྱིབས་དང་ཁ་དོག་དུས་གཅིག་ཏུ་ཝལ་ལེ་གསལ་ན་ཐོབ་པའི་ཉམས་ཏེ་རྫིང་ལྟ་བུའོ༔ དེ་ལྟར་གསལ་བ་དེ་རྒྱང་རིང་ཐུང་གང་དུ་བསྒོམས་ཀྱང་གསལ་ཞིང་ཐུན་སུམ་ཆའི་ཕྱེད་ཙམ་དུ་གནས་ནུས་ཤིང་རྟོག་པ་རགས་པ་མི་འགྱུ་ན་གོམས་པའི་ཉམས་ཏེ་ཆུ་ཀླུང་ལྟ་བུའོ༔ དེ་ལྟར་རྟོག་པ་མི་གསལ་བར་ལྷར་གསལ་བ་ལ་ཐུན་སྐྱོང་ནུས་པ་ནི་བརྟན་པའི་ཉམས་ཏེ་རི་རབ་ལྟ་བུའོ༔ དེ་ནས་ལྷའི་སྐུ་བ་སྤུ་མན་ཆད་ནས་ཕྱག་ཞབས་ཡན་ཆད་བཀྲ་ལམ་གྱིས་གསལ་ཞིང་རྟོག་པ་མི་འཕྲོ་བར་ཉིན་མཚན་ཕྱེད་བར་གནས་པ་ཡན་ཆད་མཐར་ཕྱིན་པའི་ཉམས་སོ༔ ཡང་རྣལ་འབྱོར་རང་གི་ཉམས་དང་སྦྱོར་ཅིག༔ ལྷ་མི་གསལ་བ་ཡུན་རིང་ན་ཁམས་འཁྲུགས་སུན་ཕྱུང་ཏིང་ངེ་འཛིན་ལ་བོགས་མི་ཐོན་ཞིང་རྟོག་པ་སླར་ཡང་མང་དུ་འབྱུང་ངོ༔ སྤྱིར་ན་ཐུན་ཆུང་ལ་གསལ་བ་གལ་ཆེ་སྟེ༔ སྣང་བ་དང་བཅས་པའི་ཉི་མ་དང་མར་མེ་ལ་སོགས་པ་ལ་བསྒོམ༔ གཉིད་སད་མ་ཐག་དང༔ མྱས་མྱོས་དང༔ རབ་རིབ་ལ་མི་བསྒོམ༔ ནུབ་མོ་གཉིད་ཚིམས་པར་ལོག་ལ༔ ཉིན་མོ་ཐུན་ཆུང་ངུ་ཆུང་ངུ་བརྒྱད་ལ་བསྒོམ༔ སྒོམ་གཏོང་ན་ཏིང་ངེ་འཛིན་གློ་བུར་བཏང་ན་འཆོར་བས་དལ་བུས་གསལ་བ་ལ་གཏང༔ སྒོམ་མ་ཐག་ཏུ་གསལ་ཝལ་གྱིས་འོང་ན༔ མཚན་མོ་ཡང་སྲོད་ཐོ་རངས་ལ་བསྒོམ༔ སྤྱིར་མ་སུན་ཙམ་དུ་གང་གསལ་བ་དེ་ལ་སེམས་གཏད་ལ༔ དེ་བརྟན་པར་གྱུར་པ་དང༔ སྐུ་རྫོགས་པར་གསལ་བར་བྱའོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ལྷར་གསལ་བའི་དུས་རིང་ཐུང་གནས་པ་ཇི་ལྟར་བགྱི་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ དེ་ནི་གོང་ལྟར་གསལ་བ་ཐོབ་ནས༔ ཅུང་ཟད་བརྟན་པ་དང་ཡུན་རིང་དུ་གནས་པ་བྱ༔ བཟླས་པ་དང་ཐུན་ཚོད་ནི༔ དབུགས་ཀྱི་ཐུན་ཚད་ཙམ༔ ཕྱིའི་ཐུན་ཚད་ཆུ་ཚོད་གྲངས་ཀྱིས་བརྩིའོ༔ ཉིན་གཅིག་གི་ཐུན་ཚོད་ཀྱང་འབྱུང་སྟེ་བཞི་བཞི་ཉིན་མཚན་གང་རིགས་པ་ལ་གཟུང་ངོ༔ ཐུན་ཚོད་ཀྱི་དགོས་པ་ནི༔ ཁམས་མི་འཁྲུགས་པ་དང༔ སྒོམ་པའི་ཚད་ཟིན་པ་དང༔ ཏིང་ངེ་འཛིན་བོགས་ཆེ་བ་དང༔ ཡུན་རིང་དུ་གནས་པའོ༔ གྲངས་ནི་ངག་གིས་མི་བགྲང་སྟེ༔ ཡིད་ཀྱིས་ཕྲེང་བ་ལ་གཟུང༔ དེ་ནས་རིམ་གྱིས་མང་དུ་བསྲིང་ཞིང་གྲངས་ཚད་དེའི་བར་དུ་ངལ་མི་གསོ༔ གྲངས་དེའི་བར་དུ་བསྒོམ༔ གྲིབ་མའི་ཚོད་ནི༔ ཉིན་གཅིག་ལ་ཐུན་དྲུག་བཅུ་དྲུག་གམ་བརྒྱད་དུ་བཤད་དེ༔ གྲིབ་མའི་ཆ་དེ་རེ་རེར་ཕྱིན་པའི་བར་དུ་བསྒོམ༔ དེའི་ཚད་ཙམ་དུ་ངལ་གསོ༔ མདོར་ན་ཐུན་བརྒྱད་དུ་བསྒོམ་ཞིང་བརྒྱད་ངལ་གསོ་བ་སྤེལ་མར་ཤེས་པར་བྱའོ༔ དེ་ནས་བརྟན་པ་དང་ཐུན་ཆུང་གཉིས་གཉིས་བསྲིངས་ཏེ་སྒོམ༔ དེ་ནས་ཉི་མ་དང་ཉིན་ཞག་དང་ཟླ་བ་ཕྱེད་ལ་སོགས་པ་གནས་ནུས་སོ༔ མདོར་ན་ཐུན་ཇི་ལྟར་ཡིན་ཡང་མ་སུན་ཞིང་གསལ་ལ་རྟོག་པ་མེད་པ་མི་རྒྱུ་བ་དེའི་ངང་ལ་བགས་ཀྱིས་ཡུན་རིང་དུ་བསྲིང་ངོ༔ དེ་ནི་ལྷ་གསལ་བ་ཡུན་རིང་བར་བྱ་བའི་མན་ངག་གོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ལྷ་བཅོས་པ་དེ་ལ་འགྱུར་བའི་སྐྱོན་ཇི་ལྟར་བཅོས་ཞུས་པས༔ སློབ་དཔོན་གྱིས་གདམས་པ༔ དེ་ལ་སྐྱོན་ངོས་གཟུང་བ་དང༔ བཅོས་ཐབས་གཉིས་སོ༔ ངོས་གཟུང་བ་ལ་སྤྱི་སྐྱོན་དང༔ ཁྱད་པར་གྱི་སྐྱོན་གཉིས་ལས༔ དང་པོ་སྤྱི་སྐྱོན་ལ༔ དམིགས་པ་བརྗེད་ངས་པ་དང༔ ལེ་ལོ་དང༔ དོགས་པ་དང༔ བྱིང་བ་དང༔ རྒོད་པ་དང༔ རྩོལ་བ་དང༔ མི་རྩོལ་བའོ༔ དེ་ལ་བརྗེད་ངས་པ་ནི་སྒོམ་པ་ཡེངས་པའོ༔ ལེ་ལོ་ནི་སྙོམས་ལས་སུ་བཞག་པའོ༔ དོགས་པ་ནི་གོལ་སར་ལྟུང་གི་དོགས་པའོ༔ བྱིང་བ་ནི་རྐྱེན་གྱིས་བྱིང་བ་དང་རང་བཞིན་གྱིས་བྱིང་བའོ༔ རྒོད་པ་ནི་རང་བཞིན་གྱིས་རྒོད་པ་དང་རྐྱེན་གྱིས་རྒོད་པ་དང་ཆེད་དུ་བྱས་པའི་རྒོད་པ་འོ༔ རྩོལ་བ་ནི་ལྷར་གསལ་བཞིན་དུ་ཆོག་མ་ཤེས་ཏེ་གསལ་བཏབ་པས་སླར་རྟོག་པ་སྐྱེ་བའོ༔ མི་རྩོལ་བ་ནི་ལྷ་མི་སྤང་པར་སྒོམ་བློ་མེད་པའོ༔ གཉིས་པ་ཁྱད་པར་གྱི་སྐྱོན་ལ་ནི་ལྷ་སྒོམ་པའི་ཚེ་རབ་རིབ་ཀྱི་སྐྱོན་དང༔ མགོ་མཇུག་ལོག་པ་དང༔ གྲིབ་མ་དང༔ སྐུའི་ཚད་འགྱུར་བ་དང༔ ཆ་ལུགས་འགྱུར་བ་དང༔ དབྱིབས་འགྱུར་བ་དང༔ གྲངས་འགྱུར་བ་དང༔ བཞུགས་ཚུལ་འགྱུར་བ་དང༔ སྐུ་མདོག་འགྱུར་བ་དང༔ ཁ་དོག་འབའ་ཞིག་ཏུ་སྣང་བ་དང༔ དབྱིབས་འབའ་ཞིག་ཏུ་སྣང་བ་དང༔ འཕྲེད་ལ་འདུག་པ་དང༔ རིམ་པས་ནུབ་པ་དང་སྐྱོན་བཅུ་གཉིས་ཡོད་གསུངས༔ ༔དེ་ལ་སྐྱོན་དེ་དག་བཅོས་པའི་ཐབས་བསྟན་པ་ནི༔ སྤྱི་སྐྱོན་བདུན་ལ་སྤོང་བའི་འདུ་བྱེད་བརྒྱད་པ་བརྟེན་ཏེ༔ དམིགས་པ་བརྗེད་པ་ལ་དྲན་པ་བརྟེན༔ ལེ་ལོའི་གཉེན་པོར་དད་པ་དང་བརྩོན་འགྲུས་བརྟེན༔ དོགས་པའི་གཉེན་པོར་མི་རྟོག་པ་བརྟེན༔ བྱིང་བའི་གཉེན་པོར་བྲོད་པ་བསྐྱེད་ཁྲུས་བྱ་ལུས་བཅག༔ རྒོད་ན་འཁོར་བ་ལ་སྐྱོ་བ་བསྐྱེད༔ སེམས་དྲན་པའི་ཐག་པས་བཅིངས་ལ་དམིགས་པའི་སྡོང་པོ་ལ་གདགས་སོ༔ མདོར་ན་བྱིང་རྒོད་ལ་ཤེས་བཞིན་གྱི་བྱ་ར་བ་བརྟེན༔ རྩོལ་འདོད་ན་བཏང་སྙོམས་བརྟེན༔ མི་རྩོལ་ན་བརྩོན་འགྲུས་ཀྱིས་གསལ་གདབ༔ ཁྱད་པར་ལྷའི་སྐྱོན་བཅོས་པ་ནི་རབ་རིབ་མག་མོག་གྲིབ་མ་ལྟར་སྣང་བ་གསུམ་ལ༔ སྟོང་ཉིད་མི་རྟོག་པ་བསྒོམས་པའི་རྗེས་ལ་བྲིས་སྐུ་ལ་ཞིབ་ཏུ་བལྟས་ལ་བསྒོམ༔ དེ་ཡང་མི་རྟོག་པ་དང་བྲིས་སྐུ་ལ་བལྟས་ཏེ་སྒོམ་པ་སྤེལ་ཞིང་བསྒོམ་མོ༔ སྐུ་ཚད་འགྱུར་བ་དང༔ ཆ་ལུགས་འགྱུར་བ་དང༔ བཞུགས་ཚུལ་འགྱུར་བ་དང༔ དབྱིབས་འགྱུར་བ་རྣམས་ལ་སྐུ་དེ་གདོས་པ་ཅན་དུ་བརྟན་པ་སྣ་བུག་ནས་ཕུག་རོན་འབྱུང་འཇུག་བྱེད་པ༔ ཡན་ལག་ལ་བྱ་དང་ལུག་དང་རི་དྭགས་རྩེ་བ་ལྡེར་སོ་ལྟ་བུར་བསྒོམ་མོ༔ གྲངས་འགྱུར་བ་ལ་དང་པོ་ལ་གཅིག་གམ་གཉིས་སམ་གྲངས་བཅད་པ་ལྟར་བྱ༔ ཁ་དོག་འབའ་ཞིག་སྣང་བ་ལ་དབྱིབས་གསལ་གདབ༔ ཁྲག་མཁྲིས་ལ་སོགས་པ་ཁམས་ཀྱི་ཚ་བས་སེར་པོ་དང་དམར་པོ་ལ་སོགས་པ་ཁ་དོག་འགྱུར་བ་ལ་ཁམས་གསོ་བའི་ཆོ་ག་བྱའོ༔ རིམ་པས་ནུབ་ན་ཞལ་ཕྱག་གསལ་བར་སེམས་གཟུང༔ མ་རྫོགས་པའི་སྐྱོན་ལ་སྐུ་ཡོངས་སུ་རྫོགས་པར་རྒྱན་དང་ཆ་ལུགས་རྫོགས་པར་གསལ་གདབ༔ ཡང་ན་གང་མ་རྫོགས་པ་དེ་གསལ་གདབ་བོ༔ མདོར་ན་སྐྱོན་གང་བྱུང་ཡང་དེ་ཉིད་ལ་ཡིད་མ་བྱུང་བར་བསྒོམ་མོ༔ དེ་ནས་སྟོང་པ་ཉིད་རྟོགས་པའི་རྗེས་ལ་ལྷའི་སྐུ་ལ་བལྟས་ཤིང་སེམས་གཏད་ལ་བསྒོམ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ལྷ་དེ་དང་དབྲལ་ན་ཇི་ལྟར་བསླབ༔ སློབ་དཔོན་གྱིས་གསུང་པ༔ ལྷ་དང་དབྲལ་བའི་མན་ངག་ནི༔ ལྷ་སྒོམ་པའི་སྐྱོན་དེ་དག་མ་སེལ་བར་དུ་མི་རྟོག་པ་བསྒོམས་པས་ལྷ་གསལ་བར་བྱེད་པས་ལྷ་དང་མི་རྟོག་པ་སྤེལ་ཞིང་བསྒོམ༔ ལྷ་སྐྱོན་མེད་དུ་གསལ་ནས་མི་རྟོག་པ་དང་བྲལ་བར་ལྷ་རང་ཁོ་ན་བསྒོམ་མོ༔ ༔དེ་ནས་ལྷ་སློང་བ་ནི༔ སྐྱོན་མེད་དུ་གསལ་བ་ནས་དེ་ཉིད་ལངས་པར་བསྒོམ༔ འདུག་པ་དང༔ ཉལ་བ་དང༔ གན་རྐྱལ་དང༔ ཁ་སྦུབ་དང༔ རི་དང༔ ཐང་དང༔ ཉེ་བ༔ རིང་བ༔ རྡོའི་དཀྱིལ༔ ཆུའི་དཀྱིལ་ལ་སོགས་པ་གང་དུ་ཡང་བསྒོམ་པར་འདོད་ན༔ ལྷ་ལམ་དུ་སློངས་པ་ཡིན་ནོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ལྷ་དང་བསྲེ་ན་ཇི་ལྟར་བགྱི་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ དེ་ཡང་ལྷ་དེ་སློངས་པ་རང་ལ་བསྟིམ༔ རང་སྐུ་རྒྱན་གཅིག་པའམ་དཀྱིལ་འཁོར་དང་ཞིང་ཁམས་རྫོགས་པར་བསྐྱེད་ལ་བསྒོམ༔ ༔དེ་ནས་ལྷ་དེ་དོན་ལ་སྦྱར་བ་ནི༔ བདག་ཉིད་རྟོག་པའི་ལྷ་དེ་བརྟན་པ་དང་རང་གི་སེམས་དང་རྣམ་པར་ཤེས་པའི་ཚོགས་བརྒྱད་ལྷའི་སྐུ་དང་ཡེ་ཤེས་སུ་ཤར་བ་ལས༔ དོན་དུ་རིག་པ་བྱང་ཆུབ་ཀྱི་སེམས་རང་བྱུང་གི་ཡེ་ཤེས་འབྲས་བུའི་ངོ་བོ་ཉིད༔ ལྷ་དེ་གང་ནས་ཀྱང་འོངས་པ་མེད་ཅིང༔ སྣང་ལ་རང་བཞིན་མེད་པས་གཉིས་སུ་མེད་པའི་སྐུའོ༔ དེ་ཡང་ལྷའི་སྐུར་སྣང་བ་ནི་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུར་སྣང་ལ་རང་བཞིན་མེད་པ་ནི་ཞེན་པ་མེད་པའོ༔ སེམས་ཉིད་ལྷ་རུ་སྣང་ཡང་རང་བཞིན་མེད་པར་རྟག་ཅིང་བསྟན་དུ་མེད་པས་ཆོས་ཀྱི་སྐུ་ཞེས་བྱ༔ དེ་ལྟར་དོན་ལ་སྦྱངས་པའི་རྣལ་འབྱོར་པས་སྒོམ་པའི་དམ་ཚིག་དྲུག་ལ་གནས་ཏེ༔ མན་ངག་སྟོན་པའི་བླ་མ་ལ་གདུང་བ་རྒྱུན་མི་གཅད་པ་དང༔ ཏིང་ངེ་འཛིན་གྱི་མཐུན་པ་རྣམས་བརྟེན་པ་དང༔ མི་མཐུན་པ་དོར་བ་དང༔ སྤྱོད་ལམ་ཀུན་ལ་ཏིང་ངེ་འཛིན་རྣམས་ཡལ་བར་མི་འདོར་བ་དང༔ ཡི་དམ་མི་སྤང་བར་མཐར་དབྱུང་བ་དང༔ ལྷ་གང་སྒོམ་པ་གསང་བ་དང༔ ཡི་དམ་ལྷ་ལ་སྤོང་ལེན་གྱི་སེམས་ཀྱིས་མི་བསྒོམ༔ ལྷ་གང་བསྒོམས་ཀྱང་སངས་རྒྱས་ཐམས་ཅད་སྒོམ་པ་ཡིན༔ སངས་རྒྱས་ཀྱང་རང་གི་སེམས་རྟོགས་པ་ལས་གུད་ན་བསྒོམ་རྒྱུ་མེད༔ ཡི་དམ་ལྷ་ཡང་སེམས་ཀྱི་སྣང་བ་ཡིན༔ ལོགས་ནས་བསྒྲུབ་ཅིང་བསྒོམ་རྒྱུ་ཞིག་མེད་པས་སངས་རྒྱས་ཐམས་ཅད་ཡི་དམ་ལྷ་ལ་འདུས༔ ཡི་དམ་ལྷ་མང་པོ་བསྒོམས་ཀྱང་སེམས་ཀྱི་སྣང་བ་ཡིན༔ ལྷ་གཅིག་བསྒོམས་ཀྱང་སེམས་ཀྱི་སྣང་བ་ཡིན་ནོ༔ དེ་རྣམས་ནི་ལྷ་དང་བསྲེ་ཞིང་ལྷ་དོན་ལ་སྦྱར་བའི་མན་ངག་ཡིན་ནོ་གསུང་ངོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ལྷ་ལམ་དུ་ཁྱེར་ཞིང་ཇི་ལྟར་བསྒྲུབ་ཅེས་ཞུས་པ༔ སློབ་དཔོན་གྱིས་གསུང་པ༔ ལྷ་བསྒྲུབ་པ་ནི་ཐོག་མར་ལྷ་མདུན་དུ་གོམས་པར་བྱས་ལ༔ དེ་ནས་བདག་ལྷར་བསྒོམས་པའི་དམིགས་པ་བརྟེན་པ་དང༔ དེ་ཡན་ཆོད་བཟླས་བརྗོད་སྤང༔ དེ་ནས་སྒྲུབ་པའི་མ་དྷལ་བཤམས་ལ་མཆོད་པ་བཤམ༔ རང་སྟན་བདེ་བ་ལ་འདུག༔ མདུན་དུ་རྟེན་རྣམས་བཞུགས་ལ་བླ་མ་ཡི་དམ་ལྷ་ཚོགས་ཐམས་ཅད་སྤྱན་དྲངས་ལ་ཕྱག་བཙལ་བ་དང༔ མཆོད་པ་དང༔ བསྟོད་པ་དང༔ ཡན་ལག་བརྒྱད་པ་བྱ་སྟེ༔ ལྷ་འོད་དུ་ཞུ་ནས་བདག་ལ་ཐིམ་པས་བདག་ཡི་དམ་ལྷར་བསྐྱེད༔ མཚམས་གཅད༔ མཆོད་པ་བྱིན་གྱིས་བརླབ༔ ཏིང་ངེ་འཛིན་རྣམ་གསུམ་ལ་སོགས་པས་དཀྱིལ་འཁོར་ལྷ་དང་བཅས་པ་བསྐྱེད་ལ༔ དབང་བསྐུར་བྱིན་རློབ༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་བསྟིམ་པ་དང༔ ཕྱག་དང་མཆོད་བསྟོད་བྱས་ལ༔ ཡེ་ཤེས་པ་མདུན་དུ་ཕྱེས་ལ་ཛཔ྄་བྱ༔ བཟླས་པ་རྫོགས་ནས་བསྟོད་པ་བྱ༔ མདུན་དུ་ཕྱེས་པ་བདག་ལ་བསྟིམ་ལ་བདག་ལྷའི་ང་རྒྱལ་གྱིས་ཉལ༔ ནངས་པར་སྐད་ཅིག་གིས་ལྷར་བསྐྱེད་ལ༔ གོང་བཞིན་གཞུང་བསྲང་ལ་བཟླས་པ་བྱའོ༔ བཟའ་བཏུང་བྱིན་གྱིས་བརླབས་ལ་ཚོགས་ཕུད་དབུལ༔ སྐུ་རྒྱན་གཅིག་པ་ལ་སྦྱོར་ཡང་དེ་ལྟར་བསྒྲུབ་བོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ལྷ་བསྒྲུབས་པས་གྲུབ་རྟགས་དང་མཚན་མ་ཇི་ལྟར་འབྱུང་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ རྟགས་ལ་རྨིས་ལྟས་དང༔ དྲོད་ལྟས་དང༔ མཚན་ལྟས་དང༔ རྟགས་སོ༔ མཚན་ལྟས་ལྔ་ནི༔ དུ་བ་ལྟ་བུ་དང༔ སྨྲིག་རྒྱུ་ལྟ་བུ་དང༔ སྲིན་བུ་མེ་ཁྱེར་ལྟ་བུ་དང༔ དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༔ སྤྲིན་མེད་པའི་ནམ་མཁའ་ལྟ་བུ་སྟེ༔ དེ་དག་ནི་ཉམས་ཀྱི་རིམ་པ་སྟེ་དཔེར་བཤད་དོ༔ རྨིས་ལྟས་ནི༔ སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་སྐུ་སོ་སོར་བཞུགས་པར་མཐོང་བ་དང༔ སངས་རྒྱས་རྣམས་དང་བདག་མཚུངས་པར་མཐོང་བ་དང༔ བདག་ལྷར་གསལ་བའི་སྐུ་མདུན་རྒྱབ་མེད་པར་མཐོང་བ་དང༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལྷར་གསལ་བ་ལ་ཕྱག་འཚལ་ཞིང་མཆོད་པ་བྱེད་པར་མཐོང་བ་དང༔ སངས་རྒྱས་རྣམས་ཀྱིས་ཆོས་ཟབ་མོ་སྟེར་བ་དང་བཤད་པ་རྨིའོ༔ གཞན་ཡང་རྟག་པར་གཅེར་བུར་ཕྱུང་བ་བག་ཆགས་བྱང་བའི་རྟགས་དང༔ ནམ་མཁའི་སྐས་ལ་འཛེགས་པ་ལམ་སྣ་ཟིན་པའི་རྟགས་དང༔ སེང་གེ་དང་གླང་པོ་ཆེ་ལ་ཞོན་པ་ས་ནོན་པའི་རྟགས་དང༔ གཟུགས་བརྙན་ཞལ་འཛུམ་པ་ལ་སོགས་པ་ལུང་བསྟན་ཐོབ་པའི་རྟགས་དང༔ དེ་དག་ལ་སོགས་པ་རྨིས་ལྟས་བཟང་པོ་བྱུང་ཡང་དགའ་བྲོད་མི་བྱའོ་གསུངས༔ སྒོམ་པའི་དྲོད་ནི་ཕྱི་ནང་གསང་བ་གསུམ་ལས༔ ཕྱིའི་དྲོད་ནི་སྒོམ་པའི་ཚེ་རྡུལ་ཕྲན་དང་ཡི་གེ་དང་ཐུགས་ཕྱག་མཚན་དང༔ སྐུ་ཕྲ་མོ་ལ་སོགས་པའི་སྤྱོད་ཡུལ་རགས་པ་མཐོང་བའོ༔ མེ་དང་ཆུ་ལ་སོགས་པའི་ཁ་དོག་ལྔའི་སྐྱེ་མཆེད་རགས་པ་མཐོང་བའོ༔ ནང་གི་དྲོད་ནི་ལྷ་བསྒོམས་པས་དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར་བ་དང༔ ལུས་ཤིང་བལ་ལྟར་ཡང་བ་དང༔ རྒས་ཤིང་རྒུད་པ་མེད་པའོ༔ གསང་བའི་དྲོད་ནི་ལྷ་སྒྱུ་མ་ཙམ་དུ་བསྒོམས་པས་ཡེ་ཤེས་རང་གསལ་ཏེ༔ སྙིང་རྗེ་མཉམ་པ་ཉིད་དུ་སྐྱེ་བ་དང༔ སོ་སོའི་སྤྱོད་ཡུལ་ཡེ་ཤེས་སུ་སྐྱེ་བའོ༔ རྟགས་ནི་ཕྱི་རྟགས་ནང་རྟགས་ལས༔ ཕྱི་རྟགས་སུ་འོད་བྱུང་བ་དང༔ ལྷའི་གཟུགས་བརྙན་འཛུམ་པ་དང༔ སྒྲ་ཆེན་པོ་དང༔ དྲི་ཞིམ་པོ་དང༔ མར་མེ་རང་འབར་བ་དང༔ བན་དྷ་མཁའ་ལ་འཕར་བ་དང༔ ཁམས་མི་བདེ་བ་མེད་པའོ༔ ནང་རྟགས་ནི་སྔར་བས་སྙིང་རྗེ་ཆེ་བ་དང༔ ཆགས་པ་ཆུང་བ་དང༔ ཕྱོགས་རིས་མེད་པ་དང༔ དམ་ཚིག་གཙང་ཞིང་བླ་མ་རྡོ་རྗེ་སྤུན་ལ་གདུང་བ་དང༔ འཁོར་འདས་ལ་རེ་དོགས་བྲལ་བ་དང༔ བདུད་ལ་ཉམ་མི་ང་བ་ལ་སོགས་པ་མང་དུ་འབྱུང་སྟེ༔ དེ་ལྟར་ཡང་དགའ་བྲོད་མི་བྱ་བར་བརྩོན་འགྲུས་བསྐྱེད་དོ༔ དེ་དག་ནི་ལྷ་བསྒོམས་པའི་དྲོད་རྟགས་འབྱུང་བ་རྣམས་ཡིན་ནོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ལྷ་བསྒོམས་པས་ཡོན་ཏན་ཅི་འབྱུང་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ བསྒོམས་པའི་ཡོན་ཏན་ནི༔ སྒྲིབ་པ་བྱང་བ་དང༔ ཚོགས་སྐྱེ་བའོ༔ ལྷ་བསྒོམས་པས་ཀུན་བརྟགས་ཟད་པའི་ཕྱིར་ལས་དང་ཉོན་མོངས་པའི་སྐྱེ་གནས་ཀྱི་སྒྲིབ་པ་འབྱང་བའོ༔ ཚོགས་སྐྱེ་བ་ནི༔ འབྲས་བུ་ལྔ་སྟེ༔ དེ་ཡང་ལམ་གྱི་འབྲས་བུ་རིག་འཛིན་བཞི་དང༔ མཐར་ཐུག་གི་འབྲས་བུའོ༔ རིག་འཛིན་ལ་གཉིས་ཏེ༔ ཡོན་ཏན་དང་ངོ་བོའོ༔ ཡོན་ཏན་ནི༔ མངོན་ཤེས་དྲུག་དང༔ ཆོ་འཕྲུལ་བཞིའོ༔ ངོ་བོ་ནི༔ རྣམ་པར་སྨིན་པའི་རིག་འཛིན་དང༔ ཚེ་ལ་དབང་བའི་རིག་འཛིན་དང༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་དང༔ ལྷུན་གྱིས་གྲུབ་པའི་རིག་འཛིན་ནོ༔ མཐར་ཐུག་གི་འབྲས་བུ་དེ་ལྟར་སྒོམ་པ་དེ་ལས་སུ་རུང་ན་ཤེས་རབ་ཆུང་ཡང་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཐེ་ཚོམ་མེད་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་ལམ་རྣམ་པ་ལྔ་སྦྱང་དགོས་པར་བཤད་ན༔ དེ་དང་ལྷའི་དཀྱིལ་འཁོར་རྫོགས་པར་སྒོམ་པ་ཇི་ལྟར་སྦྱར་ལགས༔ སློབ་དཔོན་གྱིས་གསུང་པ༔ རྣལ་འབྱོར་པ་ལྷའི་དཀྱིལ་འཁོར་སྒོམ་པ་ལ་ལམ་བཞི་སྟེ༔ སྦྱོར་བའི་ལམ་དང༔ མཐོང་བའི་ལམ་དང༔ སྒོམ་པའི་ལམ་དང༔ མཐར་ཕྱིན་པའི་ལམ་སྟེ༔ དེ་ཡང་ལམ་རིམ་པ་བསྙེན་སྒྲུབ་ཞར་ལ་སྦྱར་ཏེ༔ བསྙེན་པ་སྦྱོར་ལམ༔ ཉེ་བའི་བསྙེན་པ་མཐོང་ལམ༔ སྒྲུབ་པ་སྒོམ་ལམ༔ སྒྲུབ་པ་ཆེན་པོ་མཐར་ཕྱིན་པའི་ལམ་མོ༔ སྦྱོར་བའི་ལམ་ལ་བཞི་སྟེ༔ དྲོད་དེ་བཞིན་ཉིད་དང་སྒྱུ་མ་ལྟ་བུར་སྒོམ་པ་དང༔ རྩེ་མོ་ཕྲ་མོའི་ཏིང་ངེ་འཛིན་ཕྱག་རྒྱ་གཅིག་པ་སྒོམ་པ་དང༔ བཟོད་པ་སྣང་བ་རྣམ་འབྱེད་ཕྱག་རྒྱ་སྤྲོས་པ་སྒོམ་པ་དང༔ འཇིག་རྟེན་ཆོས་མཆོག་བར་ཆད་མེད་པའི་ལམ་དུ་ཚོགས་སྒྲུབ་པའོ༔ དེ་ཡང་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱིས་ཆོས་ཐམས་ཅད་སེམས་ཐོག་གནས༔ སེམས་མ་བཅོས་པ་ཆོས་ཉིད་ངང་གིས་མི་རྟོག་པར་བསྒོམ༔ དེ་ཡང་མངོན་དུ་མ་གྲུབ་བར་བསྒོམ༔ སྒྱུ་མ་ལྟ་བུ་ནི་སྐྱེ་བ་མེད་པའི་དབྱིངས་རང་སྣང་ཡིན་ཏེ༔ རང་བཞིན་དུ་གསལ༔ གསལ་བཞིན་དུ་རྣམ་པར་མི་རྟོག་པས༔ ནམ་མཁའི་འོད་ཀྱི་སྣང་བ་བཞིན་སྣང་སྟོང་དབྱེར་མེད་གསལ་ལ་མི་རྟོག་པ་དེ་བསྒོམ༔ དེ་ཉིད་ལས་སུ་རུང་ཞིང་མངོན་དུ་གྱུར་ནས་ཐེག་པ་ཆེ་ཆུང་གི་རིགས་ཕྱེད་དེ་དྲོད་འཐོབ༔ རྟགས་ཀྱང་ལུས་ལ་སྲོག་ཆགས་མི་ཆགས་པ་དང༔ ཕྱི་ནང་གི་དྲི་མ་དག་པ་དང༔ འདུ་བ་རྣམ་བཞིའི་ནད་དང་བྲལ་བ་དང༔ ལུས་ཀྱི་བཟོད་པ་ཐོབ་པ་ལ་སོགས་པ་ཕྱིར་མི་ལྡོག་པའི་རྟགས་བཅུ་གཅིག་འབྱུང་ངོ༔ རྩེ་མོ་ཕྲ་མོའི་ཕྱག་རྒྱ་གཅིག་པ་བསྒོམ་པ་ནི༔ ཕྲ་མོའི་ཏིང་ངེ་འཛིན་ཡི་དམ་ལྷ་གང་ཡིན་པའི་ཕྱག་རྒྱ་གཅིག་པ་ཡུལ་གསུམ་གསལ་བར་གོམས་པས༔ རྩེ་མོའི་དྲོད་ནི་ནང་གི་ཉོན་མོངས་པ་ལྔ་ཕྱིའི་ཡུལ་ལ་མི་སྐྱེ་ཞིང༔ ཕྱིའི་འབྱུང་བ་ལྔའི་གནོད་པས་མི་ཚུགས་པ་ནི་སེམས་དང་སྣང་བ་འདྲེས་པའི་རྟགས་སོ༔ བཟོད་པ་ལ་ཕྱག་རྒྱ་སྤྲོས་པ་བསྒོམ་པ་ནི་ཞི་ཁྲོ་རིགས་གསུམ་མམ་ལྔའམ༔ རིགས་ཀྱི་ཚོམ་བུའི་གྲངས་ལ་བསླབ༔ གོམས་ནས་སྐད་ཅིག་མའི་ཏིང་ངེ་འཛིན་གྱིས་འོད་དུ་འབར་ཏེ༔ སངས་རྒྱས་སྟོང་གི་དཀྱིལ་འཁོར་ཡན་ཆད་དུ་རང་རིག་པ་གསལ་བས་མཐར་ཕྱིན་པའོ༔ བཟོད་པ་ཐོབ་ནས་སྣང་བ་རྣམ་འབྱེད་ལས་སུ་རུང་བའི་རྟགས་ནི༔ བྱེ་མ་ལ་གསེར་དུ་སྒྱུར་བ་དང༔ ས་སྐམ་ལས་ཆུ་དབྱུང་བ་དང༔ སོལ་དུམ་ལས་ལྗོོན་ཤིང་སྐྱེད་པ་དང༔ སྣང་བའི་དངོས་པོ་ཐམས་ཅད་ལ་ཇི་ལྟར་འདོད་པ་བཞིན་དབང་སྒྱུར་ནུས་པ་ནི་སེམས་ལ་དབང་ཐོབ་པའི་རྟགས་སོ༔ འཇིག་རྟེན་ཆོས་མཆོག་བར་ཆད་མེད་པའི་ལམ་དུ་ཚོགས་སྒྲུབ་པ་ནི༔ ཤིན་ཏུ་བརྟན་པར་གྱུར་ནས༔ ཡོ་བྱད་ལྔ་པོ་ལ་སོགས་པ་དང་ལྡན་པར་བྱས་ནས༔ སྒྲུབ་པ་དུས་ཚོད་དང་སྦྱར་ཏེ་ཆོས་ཉིད་བདེ་བ་ཆེན་པོའི་དོན་ཉམས་སུ་བླང་ངོ༔ དེ་ལ་ཏིང་ངེ་འཛིན་གྱི་རྩལ་ཆེ་ན༔ ཚེ་ལ་དབང་བའི་རིག་འཛིན་འཐོབ་སྟེ༔ ཟླ་དྲུག་བཅུ་གཉིས་བཅུ་དྲུག་གིས༔ དབང་སྒྱུར་རིགས་ཀྱི་དམ་པ་འཐོབ༔ ཅེས་འབྱུང་བས་ཚེ་ཉི་ཟླ་དང་མཉམ་པར་འགྱུར་བས༔ ལོ་བརྒྱ་བརྒྱ་ཞིང་ཕྱིར་བསྲིང་ནུས་པ་ཡིན་ནོ༔ ཏིང་ངེ་འཛིན་རྩལ་ཆུང་ན་རྣམ་པར་སྨིན་པའི་རིག་འཛིན་འཐོབ་སྟེ༔ བར་མ་དོ་ལ་ཡི་དམ་གྱི་ལྷའི་སྐུ་ཇི་ལྟ་བ་བཞིན་དུ་གྱུར་ནས༔ བསྐྱེད་རིམ་བརྟན་པའི་འབྲས་བུ་ཡིན་ནོ༔ ཉེ་བའི་བསྙེན་པ་མཐོང་ལམ་དུ་བསྟན་པ་ནི༔ ལྷག་མའི་ལུས་འདི་ཉིད་ཡེ་ཤེས་ཀྱི་ལུས་སུ་གྲུབ་ནས་ཟག་པ་ཟད་ནས་ལུས་མ་བོར་བར་ཚེ་ལ་དབང་བའི་རིག་འཛིན་སྐྱེ་ཤི་མེད་པའི་གཡུང་དྲུང་ཐོབ་སྟེ༔ མངོན་པར་ཤེས་པ་ལྔ་དང་ཆོ་འཕྲུལ་བཞི་ཐོབ་ནས་དོན་གྱི་མཚན་ཉིད་མངོན་དུ་བྱས་ཤིང༔ མཐོང་ལམ་དུ་ཆོ་འཕྲུལ་སྟོན༔ བསྐལ་པ་གྲངས་མེད་པར་སྣ་ཚོགས་སུ་སྤྲུལ་པས་གཞན་དོན་མཛད་ཀྱང་ཆགས་པ་མེད་པར་སྤྱོད་ཅིང༔ སྤྲུལ་པའི་སྐུ་ལ་ཆོས་ཉན་ཏེ་ཟག་པ་མེད་ཅིང་ལམ་ལས་ཕྱིར་མི་ལྡོག་པའོ༔ སྒྲུབ་པ་སྒོམ་ལམ་དུ་བསྟན་པ་ནི༔ སྒོམ་ལམ་ནི་འཇའ་ཚོན་ལྟ་བུའི་སྐུ་ཕྱག་རྒྱ་ཆེན་པོར་གྱུར་ནས༔ དོན་གྱི་མཚན་ཉིད་ཉམས་སུ་ལེན་པའོ༔ དེ་ཡང་མཉམ་བཞག་ཏུ་རྒྱལ་བའི་དགོངས་པ་དང་ཁྱད་མེད་ཀྱང༔ རྗེས་ཀྱི་ཤེས་པ་ཡོད་པས་ཆེད་དུ་མཉམ་པར་འཇོག་དགོས༔ འདིར་མི་གཡོ་བའི་ཏིང་ངེ་འཛིན་ལ་གནས་པས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ནོ༔ ཤིན་ཏུ་རྣལ་འབྱོར་ལས་མི་གཡོ་བའི་སྤྱོད་པ་སྟེ༔ མཉམ་བཞག་ལས་མ་གཡོས་པར་ཆོ་འཕྲུལ་སྣ་ཚོགས་བཀྱེ་ནས་གཞན་དོན་མཛད་ཅིང༔ ལོངས་སྤྱོད་རྫོགས་པའི་སྐུ་ལ་དགོངས་པ་བརྡའི་སྒོ་ནས་ཆོས་ཉན་པའོ༔ སྒྲུབ་པ་ཆེན་པོ་མཐར་ཕྱིན་པའི་ལམ་ལྷུན་གྱིས་གྲུབ་པའི་རིག་འཛིན༔ སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཤས་ཆེར་མཉམ་ཡང་མཉམ་བཞག་གིས་བོགས་འབྱིན་མི་འབྱིན་གྱི་ཁྱད་པར་ཡོད་དོ༔ ལྷུན་གྱིས་གྲུབ་པའི་རིག་འཛིན་ལ་སྐད་ཅིག་མ་ལ་བོགས་དབྱུང་དུ་ཡོད་པའོ༔ རྒྱལ་ཚབ་རྒྱུད་གཅིག་སྟོན་པར་བྱེད༔ མཐར་ཕྱིན་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་ནས༔ རྩོལ་བ་མེད་པའི་ཆོ་འཕྲུལ་གྱི་རང་བཞིན་གྱིས་དོན་མཛད༔ ཆོས་ཀྱི་སྐུའི་ཞལ་མཐོང་ནས་བྱིན་རླབས་ཀྱིས་ཆོས་སྟོན་པ་ཉན་ཞིང་ཤེས་བྱའི་སྒྲིབ་པ་ཕྲ་མོ་སྦྱོང་བའོ༔ དེ་རྣམས་ནི་བསྙེན་སྒྲུབ་བཞི་དང༔ ལམ་ལྔ་དང༔ རིག་འཛིན་བཞིའི་ཐོབ་ལུགས་ལམ་རིམ་གྱིས་པ་ཡིན་ནོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གསང་སྔགས་ལ་ལམ་ཉེ་བར་བཤད་ན༔ ལམ་ཐོད་རྒལ་དུ་བགྲོད་དུ་མཆིས་སམ་མ་མཆིས་ཞུས་པས༔ སློན་དཔོན་གྱིས་གསུང་པ༔ ལམ་ཐོད་རྒལ་བ་ཡང་ཡོད་པར་བཤད་དེ༔ སྦྱོར་ལམ་མཐོང་ལམ་སྒོམ་ལམ་ཆིག་ཆོད་དུ་ཁྱེར་ནས་མཐར་ཕྱིན་པ་ཡང་སྲིད༔ རིམ་པས་བགྲོད་མི་དགོས་པར་ཁ་ཅིག་མཐོང་ལམ་ནས་སངས་རྒྱས་སར་འགྲོ་བ་ཡང་ཡོད༔ ཁ་ཅིག་སྒོམ་ལམ་ནས་སངས་རྒྱས་ཀྱི་སར་འགྲོ་བ་ཡང་ཡོད༔ ཁ་ཅིག་རིམ་གྱིས་བགྲོད་ནས་སངས་རྒྱས་ཀྱི་སར་འགྲོ་བ་ཡང་ཡོད༔ ཤེས་རབ་དང་ཏིང་ངེ་འཛིན་གྱི་རྩལ་ཆེ་ཆུང་གི་རིམ་པས་ཕྱེ་བའོ༔ དེ་ལྟར་གང་ཟག་བཞི་པོའི་རིམ་པས་ལམ་དུ་ཁྱེར་ལུགས་བཞི་པོ་དེ་ཀུན་ཀྱང༔ འབྲས་བུ་གསང་སྔགས་ཀྱི་ལུགས་ཀྱི་སྐྱེ་བ་ཕྱི་མ་བླང་བའི་ལམ་ལ་མི་ལྟོས་པར༔ ཚེ་འདི་ཉིད་ལ་འཁོར་བའི་ནད་དང་བྲལ་བར་བྱས་ནས༔ སྐྱེ་བ་ཕྱིས་མི་ལེན་པས་ཏིང་ངེ་འཛིན་གྱི་ས་ཐོབ་ནས་སྐུ་གསུམ་ལྷུན་གྱིས་གྲུབ་པར་འདོད་དོ༔ སྐྱེ་བ་གཅིག་གི་དབྱེ་བ༔ ས་ནོན་ན་ཆོས་ཀྱི་སྐུ་འཐོབ་པར་བྱ་བའི་ཕྱིར༔ ཆོས་སྐུའི་ལམ་གོམས་པར་བྱ་བའི་བློ་གྲོས་ཅན་ལ༔ དེ་ཁོ་ན་ཉིད་ལམ་དུ་ཁྱེར་བར་བསྟན་པ་དང༔ ཡེ་ཤེས་བླ་མའི་ས་ནོན་པ་དང༔ བདེ་ཆེན་གྱི་སྐུ་འཐོབ་པར་བྱ་བའི་ཕྱིར༔ བདེ་བ་ཆེན་པོའི་ལམ་ལ་སྦྱར་ཞིང་གོམས་པར་བྱ་བ༔ འདོད་ཆགས་ཅན་བདེ་བ་ལམ་དུ་ཁྱེར་བ་དང༔ འཁོར་ལོ་ཚོགས་ཆེན་གྱི་ས་ནོན་པ་དང༔ གཟུགས་སྐུ་འཐོབ་པར་བྱ་བའི་ཕྱིར༔ ཞེ་སྡང་ཅན་སྒྲོལ་བ་ལམ་དུ་ཁྱེར་ཞིང་མཚན་མ་ཅན་ལ་ལྷ་ལམ་དུ་ཁྱེར་བ་བསྟན་པའོ༔ དེ་ལྟར་སྐུ་གསུམ་གྱི་ཞིང་ལ་སྦྱང་ཞིང་ས་གསུམ་ལ་གོམས་པར་བྱས་ལ༔ འབྲས་བུ་ཐམས་ཅད་རང་གི་སེམས་ལ་རྫོགས་པའི་ཕྱིར༔ སངས་རྒྱས་ལོགས་ན་མེད་པར་ཐག་གཅོད་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གསང་སྔགས་ཀྱི་འབྲས་བུ་ཡེ་ཤེས་ལྔའི་ཐོབ་ཚུལ་ཇི་ལྟར་ལགས་ཞེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ གོང་ལྟར་དབང་པོའི་བྱེ་བྲག་དང་སྦྱར་ནས༔ ལམ་གྱི་སྦྱོར་ལུགས་བཞིའི་ཚུལ་དུ་བགྲོད་པས༔ མཐར་ཐུག་གི་འབྲས་བུ་ནི་སྐུ་ལྔ་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པ་སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཅན་དེ་ནི་ཆོས་ཉིད་སྤྲོས་པ་དང་བྲལ་བ་ཡེ་ནས་འདུས་མ་བྱས་པའི་གཉེན་པོ༔ མ་བྱུང་མ་སྐྱེས་གཟོད་ནས་དག་པ་སྐྱེ་འགག་མེད་པ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ༔ དབྱིངས་དེ་ཉིད་དངོས་པོ་མེད་ཀྱང་རང་བཞིན་གྱིས་འོད་གསལ་ཞིང་ཆོས་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་སྣང་བ༔ རང་བཞིན་མེད་ཅིང་གསལ་ལ་རྟོག་པ་མེད་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ༔ དབྱིངས་མ་འགགས་པ་རང་བྱུང་གི་རིག་པ་ཡིན༔ རིག་པའི་ཡེ་ཤེས་སྤྲོས་པ་དང་བྲལ་བ་སྣང་བ་མ་སྐྱེས་པ་དང་གཉིས་སུ་མེད་པས་མཉམ་པ་ཆེན་པོ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ༔ མཉམ་པ་ཉིད་གཉིས་སུ་མེད་པའི་ངང་ལས་མ་གཡོས་པར་ཆོས་སྤྱི་དང་ཁྱད་པར་རང་གི་མཚན་ཉིད་མ་འདྲེས་པར་ཡོངས་སུ་རྫོགས༔ མ་རིག་པའི་བག་ཆགས་སྤངས༔ རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤར་བས་སོ་སོར་རྟོག་པའི་ཡེ་ཤེས་སོ༔ གོང་མ་ལྟར་གསལ་བའི་དུས་ན་དབྱེར་མེད་ཀྱི་ཡེ་ཤེས་སུ་གསལ་ཞིང་བདག་གཞན་གྱི་དོན་ལ་ནན་ཏན་དུ་ལྷུན་གྱིས་གྲུབ་པར་མཛད་པས་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ༔ དེ་ལྟར་ཡེ་ཤེས་ལྔ་པོ་དེ་རིག་པའི་རྩལ་མ་འགགས་པས་སོ་སོར་འཆར་ཏེ༔ གཞི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་མ་གཡོས་སོ༔ ཀུན་གྱི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་ནི་རང་ལ་ཡེ་ནས་གནས་ཏེ༔ དུས་གསུམ་དུ་རྣལ་འབྱོར་པ་དང་འདུ་འབྲལ་མེད་པ་ཡིན་ནོ༔ སྐུ་ལྔའི་འཆར་ལུགས་ནི༔ མ་བཅོས་པའི་ཆོས་ཉིད་རྣལ་མ་ཟབ་མོ་སྐྱེ་འགག་མེད་ཅིང་སྤྲོས་པ་དང་བྲལ་བ་ནི་ཆོས་ཀྱི་སྐུའོ༔ ཆོས་ཉིད་ངང་ལས་སྐུ་དང་ཡེ་ཤེས་གསལ་བས་རིག་པ་རང་བྱུང་གི་ཡེ་ཤེས་ཆེན་པོར་ལོངས་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུའོ༔ ཡེ་ཤེས་ལས་ཐུགས་རྗེར་འཕྲུལ་ཅིང་ཅིར་ཡང་སྟོན་པས་སྤྲུལ་པའི་སྐུའོ༔ བྱང་ཆུབ་སེམས་མ་སྐྱེས་པའི་བདེ་བ་ཆེན་པོ་ནི་བདེ་ཆེན་གྱི་སྐུའོ༔ སྐུ་བཞི་པོ་དེ་ཡང་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་གཅིག་པས་ངོ་བོ་ཉིད་ཀྱི་སྐུའོ༔ སྐུ་ལྔ་ཡེ་ཤེས་ལྔར་ལྷུན་གྱིས་གྲུབ་པས་སངས་རྒྱས་ཀྱི་སྤྱི་གཟུགས་ཅན་ཞེས་བྱའོ༔ སྐུ་ལྔའི་ངོ་བོ་དེ་ཡང་རྣལ་
ཤིན་ཏུ་ཟབ་པའི་མན་ངག་འདུན་གྲོས་ངན་པ་ཆུ་སྒྱུར་ (Volume 54, Text 6)
༄༅། །ཤིན་ཏུ་ཟབ་པའི་མན་ངག་འདུན་གྲོས་ངན་པ་ཆུ་སྒྱུར་བཞུགས་སོ༔ བཀའ་གཏེར་ཟུང་འཇུག་བྱང་པའི་ལུགས་སོ། །རྩ་བ་འདི་འཕྲེང་པོ་རིན་པོ་ཆེའི་གཏེར་ཁ་ལས་ཀྱང་འབྱུང་།། དཔལ་དྲེགས་པའི་བདག་པོ་ལ་ཕྱག་འཚལ་ལོ༔ ཕ་རོལ་གཞན་གྱི་བསམ་སྦྱོར་འདུན་གྲོས་ངན་པ་བྱེད་དུས་སྒྱུར་བའི་གདམས་པ་ནི༔ རྫའི་གྭའུ་ཟུར་གསུམ་པ་ནང་དུ་བང་རིམ་ཡོད་པ༔ ཚད་སོར་བཞི་བས་མི་ཆེ་བ་སོ་མ་བཏང་བའི་ནང་དུ༔ འཁོར་ལོ་བསྣོལ་མ་གྲུ་གསུམ་པའི་ལྟེ་བར་ལིང་ག་བྲིས་པའི་ལྟེ་བར་རྣྲྀ་དང་དགྲ་གང་ཡིན་གྱི་མིང་རུས་བྲིས་པའི་མཐར༔ དགྲ་བོ་འདི་ཞེས་བྱ་བའི་བསམ་སྦྱོར་འདུན་གྲོས་ངན་པ་ཐམས་ཅད་ཤིག་ཅིག༔ མི་འགྲུབ་པར་གྱུར་ཅིག༔ འཇིག་པར་གྱུར་ཅིག༔ བྱ་བ་བྲི༔ གྲུ་གསུམ་གྱི་ཕྱིའི་མུ་ཁྱུད་ལ༔ ཧ་ཡ་ར་ལ་ཝ༔ ཞེས་མགོ་ཕྱིར་བསྟན་པ་བཀོད༔ ཟག་རྫས་རྙེད་ན་ལིངྒ་ལ་བྱུགས༔ མ་རྙེད་ཀྱང་རུང༔ སྣག་ཤོག་གྭའུ་རྫས་སོགས་གང་ལ་ཡང་རང་གི་དྲི་མ་ཁ་རླངས་མ་ཤོར་བར་བྱ༔ རྫས་མེ་ཏོག་ལྕེ་ཚ་སེར་པོ༔ སྤང་སྤོས༔ སྐུད་པ་སེར་པོ་ཕྱིན་ལོག༔ གྲོ་ཡོས་རྣམས་སྟ་གོན་བྱའོ༔་་་གྲོ་ཡོས་དང་། སྐུད་སེར་གྱི་ལག་ལེན་བུད་མེད་ཡུགས་ས་མས་བྱེད། སྐར་མ་བྲ་ཉེའམ༔ བྱ་མཆུའི་ཉིན༔ ཡང་ན་འཇིགས་ཉི་བདུན་པོ་གང་རུང་ལ་གཏད༔ ལིངྒ་དགུག་གཞུག་དྲག་པོ་བྱ༔ ཆོས་སྐྱོང་དང་ལྷ་སྲུང་གཞི་བདག་ལ་ཆང་ཕུད་གཏོར༔ དཔང་གཟུག༔ འཁོར་ལོ་ཟུར་གསུམ་དུ་བལྟབས་པའི་ནང་དུ་མེ་ཏོག༔ གྲོ་ཡོས༔ སྤང་སྤོས་རྣམས་དུམ་རེ་འཇུག༔ སྐུད་སེར་གྱིས་ཕྱིན་ལོག་འཆིང་གིན་དམོད་མོ་བརྗོད༔ དེ་གྭའུའི་གཏིང་དུ་གཞུག༔ སྟེང་མེ་ཏོག་དང་གྲོ་ཡོས་ཀྱིས་བཀང༔ ཡ་ཐོད་བཅས་འགྲིགས་པར་བྱེད༔ དེ་ཡར་འཆུག་མར་འཆུག་མེད་པར་བྱས་ལ༔ ཡང་ལན་གསུམ་སྐུད་སེར་གྱིས་རྒྱ་གྲམ་དུ་བཅིང༔ རྫས་ལ་སྔགས་འབྲུ་ལྔ་པོ་ལྔ་བརྒྱ་བཟླས་ལ་བཏབ༔ མཆིལ་མ་མི་འདེབས་པར་ཧུས་འདེབས༔ ཕྲེང་བ་ཕྱིར་བསྒྱུར༔ དེ་ནས་འབབ་ཆུ་དྲག་པོ་རང་ཡུལ་དུ་མི་ལྡོག་པའི་སར་ཕྱིན་ལ༔ གཏོར་མ་ཆ་གསུམ་བཤམས་པའི་གཅིག་ཡི་དམ་ཆོས་སྐྱོང་ལ་བསྔོ༔ གཅིག་ཆུ་བདག་ལྷ་འདྲེ་ལ་བསྔོ༔ བསམ་པ་སྒྱུར་བའི་ཕྲིན་ལས་བཅོལ༔ གཅིག་བྱིན་རླབས་བྱས་ནས་རྟགས་བྱུང་བ་དང་གཏོང་ངོ་ཞེས་གཏར་གཟུང༔ རང་གི་ཁ་བལྟ་ཕྱོགས་ནི༔ ཆུ་འབབས་པའི་དགྲ་ཡུལ་ལ་བསྟན་ལ༔ སྔགས་བརྒྱ་རྩ་བརྒྱད་བཟླ༔ དམོད་བཅོལ་རྒྱས་པར་བྱས༔ གྭའུ་ཆུའི་གཞུང་ལ་བསྐྱུར༔ མེ་ཏོག་དང་གྲོ་ཡོས་ཚོམ་གཅིག་ཀྱང་ཆུ་ལ་བསྐྱུར༔ ཕྲིན་ལས་བཅོལ༔ དེ་ནས་ཕྱི་མིག་མི་བལྟ་བར་ཡི་དམ་ལྷའི་སྔགས་བཟླ་བཞིན་འོང༔ བསྐྱུར་དུས་རང་སྲུང་དམིགས་པ་ནི༔ རང་ལུས་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་མེ་འབར་བའི་ལྟེ་བར་རང་སེམས་ཡི་གེ་ཧཱུྃ་མཐིང་ནག་གཅིག་ཏུ་བསྒོམ༔ དཔྲལ་བར་མཚལ་གྱི་ཐིག་ལེ་བྱ༔ རྐེད་པ་ལ་སེང་ལྡེང་གི་ཕུར་པ་བཏགས༔ དེ་ནི་གནད་ཀྱི་གདམས་པའོ༔ དེ་ལྟར་ལན་གསུམ་མམ་ལྔའམ་བདུན་བསྐྱུར་ན༔ ཕ་རོལ་གྱི་དཔུང་ཇི་ལྟར་ཆེ་ཡང་འཇིག་ཅིང་བསམ་ངན་བཟློག་ངེས་སོ༔ བསམ་ངན་ཆུ་སྒྱུར་གྱི་གདམས་པ་ཟབ་མོ་ཡང་དག་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ ཟབ་རྒྱ༔ ཞལ་ཤེས་ལ༔ རྫས་གྲོ་ཡོས་དང་། སྐུད་སེར་གྱི་ལག་ལེན་བུད་མེད་ཡུགས་ས་མས་བྱེད། རང་ཡི་དམ་གང་ཡིན་གྱི་གཞུང་བསྲང་། བདེན་བདར་དགུག་གཞུག་གསེར་སྐྱེམས་གཟུ་དཔང་བཅས་གཏོང་། དམོད་མོ་ནི། བསམ་སྦྱོར་འདུན་གྲོས་ངན་གཤོམ་བྱེད་པ་ཐམས་ཅད་ཤིག་ཅིག །ཆུས་ཁུར་ཅིག །གཤེར་ཅིག །འདུན་གྲོས་ངན་ཤོམ་ཐམས་ཅད་མི་འགྲུབ་པར་གྱུར་ཅིག །གཏོར་ཅིག །ཆུས་ཁྱེར་ཅིག །ྀཨཚ༔ བསམ་སྒྱུར་གྱི་དུས་སུ། ཝ་ཡ་ར་ལ་ཧ། དམོད་མོ་ནི། འཇིག་རྟེན་འདི་ན་ངག་བཙན་ཞིང་། །དམོད་པའི་དྲང་སྲོང་རིག་པ་འཛིན། །ཆུ་བོའི་མདོར་གནས་དྲང་སྲོང་རྣམས། །སྔོན་གྱི་ཐུགས་དམ་བརྩེར་དགོངས་ལ། །བདག་ལ་སྡང་བར་བྱེད་པ་རྣམས། །དྲང་སྲོང་རྣམས་ཀྱིས་དམོད་བོར་ལ། །སྡང་བའི་དགྲ་བོའི་མདུན་གྲོས་ཤིག །བདག་གི་བསམ་པ་ཁྱེད་ཀྱིས་སྒྲུབས། །བསམ་སྦྱོར་འདུན་གྲོས་ངན་ཤོམ་བྱེད་པ་ཐམས་ཅད་ཤིག །བསམ་སྒྱུར་གྱི་དུས་སུ། རང་སྲུང་བའི་མན་ངག་བསྟན་པ་ནི། སྙིང་གི་དཀྱིལ་དུ་རྡོ་རྗེ་རྩེ་ལྔ་བསྒོམ། ལྟེ་བ་ལ་འཁོར་ལོ་རྩིབས་བཞིའི་ལྟེ་བར་ཧཱུྃ་ཡོད་པ་ཞིག་བསྒོམ། སྣ་རྩེེ་ལ་མཚལ་གྱི་ཐིག་ལེ་བྱ། གུ་གུལ་ནག་པོ་དང་། མུ་ཟི་ནག་པོ། སེང་ལྡེང་གི་ཕུར་པ་ལུས་ལ་བཅང་། རང་སྲུང་བ་འདི་ཆུ་ལ་རྫས་བསྐྱུར་བའི་གོང་དུ་བྱའོ། །འདི་རྣམས་ལུས་ལ་བཅང་ངོ་། །ྀཨཚ། འདིའི་གོང་གི་ཕྱག་ལེན་ལ། ཤོག་བུ་གྲུ་གསུམ་དག་ལ་རྒྱ་སྣག་གིས་འཁོར་ལོ་གྲུ་གསུམ་དཔེ་ཆུང་ལྟར་བྲི། འཁོར་ལོ་གྲུ་གསུམ་ཁ་སྦྱར་བར་དུ་ལིངྒ་བཅུག །སྐུད་སེར་གྱིས་རྒྱ་གྲམ་དུ་བཅིང་། རྫའི་གྭའུ་གྲུ་གསུམ་ཚད་སོར་བཞི་པ་ནང་དུ་བང་རིམ་གསུམ་བཀོད་པའི་ནང་དུ་འཁོར་ལོ་གྲུ་གསུམ་དཔེ་ཆུང་རྣམས་ཡར་འཆུག་མར་འཆུག་མེད་པར་བརྫང་། དེ་སྟེང་གོང་གི་རྫས་རྣམས་བླུགས་ནས་ཁ་སྦྱར་ལ་ཆས་བསྡམས་སྐུད་སེར་གྱིས་རྒྱ་གྲམ་དུ་བཅིང་། གོང་གི་ལིངྒ་རྣམས་ལ་ཟབ་པར་བྱེད་ན་དགྲ་བོའི་ཟག་རྫས་དང་དགུག་གཞུག་གནད། གཞན་མ་ཆུ་ལ་སྐྱུར་དུས་གསེར་སྐྱེམས་གཟུ་དཔང་ཐོག་གོང་གི་དམོད་བཅོལ་དང་དམ་ཅན་གྱི་བསྐུལ་སོགས་དམོད་མོ་གང་འགྲུབ་གནང་ཐོག །རང་གོང་གི་སྲུང་འཁོར་བསྒོམ། འདི་ལ་རང་གི་དྲི་མ་མ་ཕོག་པ་སོགས་གང་གཙང་གནང་སྲོལ་འདུག །ཆ་གསུམ་གོང་ལྟར་དང་། ཝ་ཡ་ར་ལ་ཧ། སྔགས་འདི་གང་མང་བར་ལམ་ལ་ཡང་རྒྱག་དུས་བཟླས་ཚེ་ཕ་རོལ་བཟློག་པར་ཐེ་ཚོམ་མེད།ྀཨཚ།། །།
གུ་རུའི་ཐུགས་སྒྲུབ་སྙན་བརྒྱུད་ཡིད་བཞིན་ནོར་བུའི་བརྒྱུད་འདེབས་ (Volume 10, Text 6)
༄༅། །གུ་རུའི་ཐུགས་སྒྲུབ་སྙན་བརྒྱུད་ཡིད་བཞིན་ནོར་བུའི་བརྒྱུད་འདེབས་བཞུགས། ། ཨོཾ་ཨཱཿཧཱུྃ། ཀུན་བཟང་སྣང་བ་མཐའ་ཡས་ཆོས་ཀྱི་སྐུ །ལོངས་སྤྱོད་རྫོགས་སྐུ་འཕགས་མཆོག་སྤྱན་རས་གཟིགས། །རྒྱལ་ཀུན་འདུས་ཞལ་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བདེ་ཆེན་མཁའ་འགྲོའི་གཙོ་མོ་མཁར་ཆེན་བཟའ། །ཟབ་གཏེར་བཀའ་བབས་བརྒྱུད་པའི་བླ་མ་དང་། །བཀའ་དྲིན་སུམ་ལྡན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཡི་དམ་ཀུན་འདུས་རྟ་ཕག་ཡབ་ཡུམ་དང་། །རིགས་ལྔའི་མཁའ་འགྲོ་མ་མགོན་གཏེར་སྲུང་སོགས། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །སྲིད་བདེ་འཁྲུལ་པའི་རང་མཚང་ཀུན་རིག་སྟེ། །ཐུན་མོང་ཐུན་མོང་མ་ཡིན་ལམ་ཞུགས་ནས། །སྨིན་བྱེད་དབང་གིས་རྒྱུད་སྨིན་གྲོལ་བྱེད་ཀྱི། །རིམ་གཉིས་རྣལ་འབྱོར་མཐའ་རུ་ཕྱིན་པར་ཤོག །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཞི་བ་དང་། །མཐུན་རྐྱེན་མཐའ་དག་མ་ཚང་མེད་འབྱོར་ཏེ། །དོན་གཉིས་ལྷུན་གྲུབ་པདྨ་ཐོད་ཕྲེང་གི །གོ་འཕང་དཀའ་བ་མེད་པར་མྱུར་ཐོབ་ཤོག །ཅེས་པའང་པདྨ་དགྱེས་པས་་་་སོ།། ༈ གུ་རུ་ཞི་བའི་ཐུགས་སྒྲུབ་སྙན་བརྒྱུད་ཡིད་བཞིན་ནོར་བུའི་ལས་བྱང་དངོས་གྲུབ་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །གུ་རུ་ཞི་བའི་ཐུགས་སྒྲུབ་སྙན་བརྒྱུད་ཡིད་བཞིན་ནོར་བུའི་ལས་བྱང་དངོས་གྲུབ་གཏེར་མཛོད་ཅེས་བྱ་བ། མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ། །རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་འདུས་ཞལ་མཆོག །བགྲང་ཡས་དཀྱིལ་འཁོར་རྒྱ་མཚོའི་རྣམ་རོལ་དུ། །འཆར་བའི་ཁྱབ་བདག་པདྨ་ཐོད་ཕྲེང་རྩལ། །རྩ་གསུམ་འདུས་པའི་ངོ་བོ་དེར་བཏུད་ནས། །གང་གི་ཐུགས་སྒྲུབ་ཀུན་གྱི་མཐར་ཐུག་པ། །ཟབ་ལམ་སྙན་བརྒྱུད་ཡིད་བཞིན་ནོར་བུ་ཡི། །ལས་བྱང་འཇུག་བདེའི་ཁྲིགས་སུ་འདིར་བསྡེབས་ཀྱི། །བྱིན་རླབས་མཆོག་གི་བཀའ་དྲིན་སྩོལ་བར་མཛོད། །དེ་ལ་འདིར་སྙན་བརྒྱུད་ཡིད་བཞིན་ནོར་བུའི་ལས་བྱང་ཁྲིགས་ཆགས་སུ་བཀོད་པ་ལ། སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། དང་པོ་ལ་ཡང་ཡོ་བྱད་བཤམ་པ་དང་། ཆོ་ག་དངོས་གཉིས་ལས། དང་པོ་ནི། དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པས་དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ། ཕྱི་ནང་གསང་བའི་མཆོད་གཏོར་སྤྱན་གཟིགས་ཡོ་བྱད་ལ་སོགས་པ་མཐའ་དག་ཚོགས་པར་བྱས་ལ། གཉིས་པ་ཆོ་ག་དངོས་ལ་བདུན་གྱི་དང་པོ་སྐྱབས་སུ་འགྲོ་བ་ནི། བླ་མ་རིག་འཛིན་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿས་སད་པའི་སྤྱན་སྔར། ན་མོ༔ ཕྱོགས་དུས་བདེ་གཤེགས་རྒྱལ་བ་སྲས་བཅས་ལ༔ བདག་སོགས་མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ སྒོ་གསུམ་གུས་པས་རྟག་ཏུ་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་བསྐྱེད་པ་ནི། ཧོ༔ དེང་ནས་བཟུང་སྟེ་འཁོར་བ་མ་སྟོངས་བར༔ རྒྱལ་བ་རྣམས་ཀྱི་ཕྲིན་ལས་དབང་བསྒྱུར་ཏེ༔ མཐའ་མེད་འགྲོ་ཀུན་མྱང་འདས་གཞིར་འགོད་པའི༔ སེམས་ནི་བྱང་ཆུབ་དམ་པར་བསྐྱེད་བགྱི་འོ༔ ལན་གསུམ། གསུམ་པ་ཚོགས་གསག་པ་ནི། བདེ་གཤེགས་སྲས་བཅས་བདག་ལ་དགོངས་སུ་གསོལ༔ སྒོ་གསུམ་དྭངས་བས་རབ་ཏུ་ཕྱག་འཚལ་ཞིང༔ ཟག་མེད་ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད༔ མི་དགེའི་ལམ་ཞུགས་སྡིག་སྒྲིབ་ནོངས་པས་བཤགས༔ དུས་གསུམ་རྒྱལ་བའི་མཛད་པར་རྗེས་ཡི་རངས༔ བླ་མེད་ཆོས་འཁོར་བསྐོར་ཞིང་བཞུགས་གསོལ་འདེབས༔ བདག་གཞན་དགེ་ཚོགས་བྱང་ཆུབ་མཆོག་ཏུ་བསྔོ༔ འཁོར་བ་ཡོངས་དག་ཆོས་དབྱིངས་ཐོབ་པར་ཤོག༔ ལན་གསུམ་གྱིས་ཚོགས་བསགས་ཤིང་རྒྱུད་དག་པར་བྱས་ནས། ཛཿཧཱུྃ་བཾ་ཧོཿཚོགས་ཞིང་རྣམས་རང་ལ་བསྟིམ། བཞི་པ་བགེགས་སྐྲད་པ་ནི། རང་ཉིད་སྐད་ཅིག་གིས་དཔའ་བོ་རྟ་མགྲིན་ཡུམ་དང་བཅས་པའི་སྐུར་གྱུར་པར་བསམས་ལ། བགེགས་གཏོར་རཾ་ཡཾ་ཁཾ་གིས་བསྲེག་གཏོར་སྦྱང་། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱི༔ གནོད་བྱེད་བགེགས་ཀུན་ཚིམ་བྱེད་པའི༔ ཟག་མེད་འདོད་ཡོན་བདུད་རྩིར་གྱུར༔ འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང་། ཕཻཾ༔ ཞེས་བརྗོད་པས་གཏོར་མགྲོན་སྤྱན་དྲང་། སྡྱཱ་ན་པ་ཏི་ཀྴེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུྃ༔ སྲིད་གསུམ་གནས་པའི་ལོག་འདྲེན་འབྱུང་པོའི་ཚོགས༔ འདིར་འདུས་ལོངས་སྤྱོད་གཏོར་མས་ཚིམས་བྱོས་ལ༔ བདེ་བར་དེངས་ཤིག་བཀའ་ལས་འདའ་བྱེད་ན༔ ཁྲོ་རྒྱལ་འབར་བས་རྡུལ་དུ་བརླག་པར་འགྱུར༔ བྷཱུ་མི་པ་ཏི་སརྦ་བ་ལིཾ་ཏ་ཁཱ་ཧི༔ ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་བཱན་བིདྱཱ་རཱ་ཛ་ཡ་ཧཱུྃ་ཕཊ༔ ཞེས་བཟླ་ཞིང་རོལ་མོའི་སྦྱོར་བ་དྲག་པོ་དང་བཅས་བགེགས་བསྐྲད། ལྔ་པ་སྲུང་འཁོར་ནི། ཕྱི་རོལ་གྱི་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་སྲུང་བའི་འཁོར་ལོ་ཆེན་པོས་བར་མཚམས་མེད་པར་ཀུན་ཏུ་དཀྲིགས་པར་གྱུར། ཧཱུྃ༔ བདག་ཉིད་འགྱུར་མེད་གདོད་ནས་རྡོ་རྗེའི་སྐུ༔ ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་གྲི་གུག་དང༔ རལ་གྲི་རྒྱ་གྲམ་འཁོར་ལོའི་ར་བ་གུར༔ ཁྲོ་ཆུང་མཚོན་ཆའི་ཚྭ་ཚྭ་སྐར་ལྟར་འཁྲུགས༔ བསྐལ་པའི་མེ་ཆེན་དྲག་འཚུབས་རབ་འབར་བའིཿ གཞོམ་མེད་སྲུང་བའི་གུར་ཁང་ཆེན་པོར་གྱུར༔ བཛྲ་རཏྣ་པདྨ་ཀརྨ་ཙཀྲ་རཀྵ་ཏིཥྛ་ཧཱུྃ༔ ཞེས་སྲུང་འཁོར་བསྒོམ། དྲུག་པ་བྱིན་དབབ་པ་ནི། ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང༔ པདྨ་འོད་ཀྱི་གཞལ་ཡས་སུ༔ རིག་འཛིན་པདྨ་འབྱུང་གནས་ལ༔ པདྨ་ཐོད་ཕྲེང་རྩལ་དུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བྱིན་དབབ། བདུན་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ་གིས་ཡོངས་སུ་དག་པར་བྱས་ལ། སྟོང་པའི་ངང་ལས་གནས་ཁང་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་གཞི་དང་རྒྱན་དང་དབྱིབས་དང་བཀོད་པ་ཚད་མེད་པས། མངོན་པར་འཕགས་པའི་ཕྱོགས་ཀུན་ཏུ་རིན་པོ་ཆེ་དང་པདྨ་ལ་སོགས་པའི་སྣོད་ཕུན་སུམ་ཚོགས་པར་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། འདོད་ཡོན་ལྔ། རིན་པོ་ཆེ་སྣ་བདུན། བཀྲ་ཤིས་པའི་རྫས་བརྒྱད། རྡོ་རྗེའི་ལྷ་མོ་བཅུ་དྲུག་མཆོག་གི་མ་ད་ན་དང་། རུ་དྷི་ར་སྣ་ཚོགས་པའི་བཟའ་བཅའ་ལྡག་མྱོང་ལ་སོགས་པ་ཟག་པ་མེད་པའི་འདོད་ཡོན་གྱི་རྣམ་པ་ཐམས་ཅད། མཆོད་པའི་སྤྲིན་རབ་འབྱམས་སུ་ལྷུན་གྱིས་གྲུབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་རཀྟ་ཨིནྡྲ་མེ་ད་གྷྲི་ཏཾ་པཉྩ་མཱཾ་ས་ཨཱཿཧཱུྃ༔ ཨཱོཾ་གུ་ཧྱ་པཱུ་ཛ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་རཀྟ་ཨ་མྲྀཏ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཨཱ༔ ཞེས་པ་རྣམས་ལན་གསུམ་དང་། ཨོཾ་ཨཱཿཧཱུྃ༔ གསལ་སྟོང་ཟུང་འཇུག་འབྲུ་གསུམ་འཕྲོ་འདུ་ལས༔ སྣ་ཚོགས་མཆོད་སྤྲིན་ཀུན་བཟང་རྣམ་འཕྲུལ་པ༔ རབ་འབྱམས་སྣང་སྟོང་ལྷ་རྣམས་དགྱེས་བྱེད་རྫས༔ ཆོས་ཀྱི་དབྱིངས་ཀུན་ཡོངས་སུ་གང་བར་གྱུར༔ ཨོཾ་བཛྲ་སྥ་ར་ཎ་ཁཾ༔གིས་མཁའ་ཁྱབ་ཏུ་སྤེལ་ལོ། །གཉིས་པ་དངོས་གཞི་ལ་བདུན་གྱི་དང་པོ་ལྷ་བསྐྱེད་པ་ནི། ཧཱུྃ༔ ཆོས་རྣམས་མི་དམིགས་སྤྲོས་བྲལ་ལས༔ ཀུན་ཁྱབ་བརྩེ་བའི་སྙིང་རྗེ་བསྒོམ༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་ཧྲཱི༔ སྣོད་བཅུད་འོད་གསལ་འཁོར་ལོའི་དབུས༔ པདྨ་ཉི་ཟླ་ཏི་རའི་སྟེང༔ རྒྱུ་ཡིག་ཧྲཱིཿདམར་འཕྲོ་འདུ་ལས༔ བདག་ཉིད་དབང་ཆེན་ཧེ་རུ་ཀ༔ དམར་པོ་གྲི་གུག་ཐོད་པ་འཛིན༔ ཞབས་གཉིས་བརྐྱང་བསྐུམ་སྟབས་ཀྱིས་བཞུགས༔ རྡོ་རྗེ་ཕག་མོ་ཡུམ་དང་སྦྱོར༔ དབུ་གཙུག་རྟ་ཞལ་ཕག་གདོང་མཚན༔ དུར་ཁྲོད་རོལ་པའི་ཆས་རྣམས་རྫོགས༔ ཡེ་ཤེས་མེ་ཕུང་ཀློང་ན་བཞུགས༔ སྤྱི་གཙུག་པད་སྡོང་ཉི་ཟླའི་སྟེང༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ཨ་ཙར་གཞོན་ནུ་དཀར་དམར་ཞལ༔ གསང་ཕོད་སྣམ་སྦྱར་ཟབ་བེར་དང༔ མཉེན་ཞུ་སྒྲོ་དར་རྒྱན་ཅན་གསོལ༔ རྡོ་རྗེ་ཐོད་པ་ཁ་ཊྭཱཾ་འཛིན༔ སྐྱིལ་ཀྲུང་རོལ་སྟབས་ཚུལ་དུ་བཞུགས༔ རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས༔ སྤྲིན་ཕུང་གཏིབས་པ་ལྟ་བུར་གསལ༔ ཞེས་གསལ་གདབ་ལ། གཉིས་པ་སྤྱན་འདྲེན་པ་ནི། ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་སརྦ་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་སྤྱན་དྲངས་ལ། གསུམ་པ་བཞུགས་སུ་གསོལ་བ་ནི། ཧྲཱི༔ རིན་ཆེན་ཕོ་བྲང་ཉམས་རེ་དགའ༔ དུར་ཁྲོད་གཞལ་ཡས་བྱིན་རེ་ཆེ༔ པདྨ་འདབ་བཞི་མདངས་རེ་གསལ༔ རྟོག་མེད་རོ་གདན་བག་རེ་དྲོ༔ ཉི་ཟླ་བརྩེགས་པ་འོད་རེ་གསལ༔ བཞུགས་པའི་གནས་སུ་དང་རེ་སྤྲོ༔ གུ་རུ་ཡི་དམ་མཁའ་འགྲོའི་ཚོགས༔ དགྱེས་ཤིང་བྱིན་གྱིས་རློབ་ཕྱིར་བཞུགས༔ མོས་པའི་བུ་ལ་ཞལ་བསྟན་འཚལ༔ གསུང་གི་གདམས་པའི་གནད་བསྒྲག་འཚལ༔ ཐུགས་ཀྱི་དགོངས་པའི་སྒོ་དབྱེ་འཚལ༔ འགྲོ་བའི་དོན་དུ་སྐུ་བཞུགས་འཚལ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་ས་མ་ཡ་ཏིཥྛ་ལྷན༔ ཞེས་པས་དགྱེས་ཤིང་གཉིས་སུ་མེད་པར་བཞུགས་པར་བསམ་མོ། བཞི་པ་ཕྱག་འཚལ་བ་ནི། ཨེ་མ་ཧོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབ་པའི༔ ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ སྤྲོས་བྲལ་བདེ་ཆེན་ཀུན་བཟང་མོ༔ རྡོ་རྗེ་སྨན་གཅིག་མཚོ་རྒྱལ་ཡུམ༔ བདེ་སྟོང་གཉིས་མེད་ཐབས་ཤེས་སྦྱོར༔ ཡབ་ཡུམ་གཉིས་མེད་ཕྱག་འཚལ་ལོ༔ བྱ་བྱེད་ཡིད་ཆོས་རྣམ་པར་དག༔ རང་བྱུང་ཐུགས་རྗེས་འགྲོ་བ་འདུལ༔ དབང་ཆེན་རྟ་མཆོག་ཡབ་ཡུམ་ལ༔ གཉིས་མེད་གུས་པས་ཕྱག་འཚལ་ལོ༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ མཁའ་འགྲོ་གིང་ལ་ཕྱག་འཚལ་ལོ༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོལ༔ ཆོས་སྲུང་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱི་ཙྪ་ཧོ༔ ཞེས་ཕྱག་བྱའོ། ལྔ་པ་མཆོད་པ་ལ་སྤྱི་དང་བྱེ་བྲག་གཉིས་ཀྱི་དང་པོ་ལ་ཡང་ཕྱི་ནང་གསང་གསུམ་ལས་ཕྱི་མཆོད་ནི། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ལྷ་རྫས་ཕྱི་མཆོད་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་ཡིད་འོང་རྣམས༔ སྤྱན་ཤངས་ཐུགས་ཀ་སྐུ་ལུས་དང༔ ཞལ་དང་སྙན་དུ་མཆོད་པ་འབུལ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་པུཥྤེ༔ དྷུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་བི་དྱ༔ ཤབྡ་པཱུ་ཛ་ཧོ༔ ནང་མཆོད་ནི། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ རང་བྱུང་ནང་མཆོད་འབུལ་བ་ནི༔ དབང་པོ་རྣམ་ལྔའི་མེ་ཏོག་མཆོད༔ གསུར་ཆེན་བདུག་སྤོས་དྲི་ཡིས་མཆོད༔ ཞུན་ཆེན་སྣང་གསལ་མར་མེས་མཆོད༔ རྡོ་རྗེ་དྲི་ཆུ་བྱུགས་པས་མཆོད༔ བདུད་རྩི་དྲི་ཆེན་ཞལ་ཟས་མཆོད༔ རྐང་གླིང་ཐོད་པའི་རྔ་སྒྲས་མཆོད༔ དུག་གསུམ་སྐུ་གསུང་ཐུགས་སུ་མཆོད༔ དུག་ལྔ་ཡེ་ཤེས་ལྔ་རུ་མཆོད༔ སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་མ་ཧཱ་པཉྩ་པཱུ་ཛ་ཧོ༔ གསང་མཆོད་ནི། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ གཉིས་མེད་གསང་མཆོད་འབུལ་བ་ནི༔ ཡབ་ཡུམ་གཉིས་མེད་མཁའ་གསང་ལས༔ བྱང་སེམས་དཀར་དམར་བདེ་བའི་མཆོག༔ བདེ་བའི་རོ་སྙོམས་མཆོད་པར་འབུལ༔ སྐུ་ལུས་རྒྱས་ཕྱིར་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་པཱུ་ཛ་ཧོ༔ གཉིས་པ་བྱེ་བྲག་ཏུ་མཆོད་པ་ལས། སྨན་མཆོད་ནི། ཨོཾ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་ལ༔ དུག་ལྔ་སེལ་ཕྱིར་ཡེ་ཤེས་ལྔ་རྫོགས་རྫས༔ དམ་རྫས་བདུད་རྩི་མཆོག་གི་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཞེས་དང་གཞན་ཡང་། ཀུན་བཟང་སྣང་བ་མཐའ་ཡས་ཆོས་ཀྱི་སྐུ །ལོངས་སྤྱོད་རྫོགས་སྐུ་འཕགས་མཆོག་སྤྱན་རས་གཟིགས། །རྒྱལ་ཀུན་འདུས་ཞལ་པདྨ་འབྱུང་གནས་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། བདེ་ཆེན་མཁའ་འགྲོའི་གཙོ་མོ་མཁར་ཆེན་བཟའ། །ཟབ་གཏེར་བཀའ་བབས་བརྒྱུད་པའི་བླ་མ་དང་། །བཀའ་དྲིན་སུམ་ལྡན་རྩ་བའི་བླ་མ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཡི་དམ་ཀུན་འདུས་རྟ་ཕག་ཡབ་ཡུམ་དང་། །རིགས་ལྔའི་མཁའ་འགྲོ་མ་མགོན་གཏེར་སྲུང་སོགས། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། རཀྟའི་མཆོད་པ་ནི། ཨཱ༔ འདོད་ཆགས་རྣམ་དག་པདྨ་རཀྟ་འདི༔ རྒྱུད་དྲུག་ཀུན་སྒྲོལ་ཁམས་གསུམ་དབང་དུ་སྡུད༔ བདེ་མཆོག་བདེ་སྤྱོད་རཀྟའི་མཆོད་པ་འདི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་མ་ཧཱ་རཀྟ་ཁཱ་ཧི༔ གཏོར་མའི་མཆོད་པ་ནི། ཧྲཱི༔ རྡོ་རྗེའི་སྣོད་ཡངས་ཆོས་ཀྱི་དབྱིངས་ཆེན་པོར༔ སྣང་སྲིད་དཔལ་གྱི་གཏོར་མས་ཡོངས་སུ་གང༔ ལོངས་སྤྱོད་རྫས་ཀྱི་མཆོད་པ་ཆེན་པོ་འདིས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་སྐོང་གྱུར་ཅིག༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཞེས་ཕྱི་ནང་གསང་བའི་མཆོད་པའི་སྤྲིན་གྱིས་ཡང་དག་པར་མཆོད་དོ། །དྲུག་པ་བསྟོད་པ་ནི། ཧཱུྃ་ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྟོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ སྐུ་ནི་མི་འགྱུར་ཀུན་ཏུ་བཟང་པོའི་སྐུ༔ གསུང་ནི་མི་འགག་མཉམ་ཉིད་རིག་པའི་གསུང༔ ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས༔ སྐུ་གསུང་ཐུགས་ལྡན་པདྨ་རྒྱལ་ལ་བསྟོད༔ འགྲོ་བའི་དོན་དུ་རང་བྱུང་འོད་དཔག་མེད༔ བཀྲ་ཤིས་ཡོན་ཏན་དུ་མས་བརྒྱན་པའི་སྐུ༔ འཇིག་རྟེན་མངའ་བསྒྱུར་པདྨ་རྒྱལ་པོའི་སྲས༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔ དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ༔ དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔ ཐམས་ཅད་ལྷུན་གྲུབ་བུདྡྷ་ཐོད་ཕྲེང་རྩལ༔ ཕྲིན་ལས་རྫོགས་པའི་རྗེ་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ སྣང་བ་མ་འགག་ཐུགས་རྗེ་ཆེན་པོའི་སྐུ༔ རྟ་མགྲིན་དབང་གི་སྐུ་ལ་ཕྱག་འཚལ་བསྟོད༔ སྐྱེ་མེད་རྣམ་དག་ཆོས་དབྱིངས་དག་པའི་ཀློང༔ རྡོ་རྗེ་ཕག་མོ་ཡུམ་ལ་ཕྱག་འཚལ་བསྟོད༔ སྐྱེ་འགག་གཉིས་སུ་མེད་པའི་མཁའ་དབྱིངས་ལས༔ ཐུགས་རྗེ་མ་འགག་ཅིར་ཡང་སྟོན་ཅིང་སྤྲུལ༔ དཔའ་བོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ དམ་ཅན་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། བདུན་པ་འཛབ་བཟླ་བ་ནི། གུ་རུའི་གནས་གསུམ་ཡིག་འབྲུ་གསུམ༔ འོད་འཕྲོས་རང་གི་གནས་གསུམ་ཐིམ༔ སྒོ་གསུམ་སྒྲིབ་སྦྱངས་དབང་བཞི་ཐོབ༔ བདེ་ཆེན་ཡེ་ཤེས་ཐོབ་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་རྩེ་གཅིག་ཏུ་བཟླ་བ་སྟེ། ཕྱི་སྒྲུབ་བསྙེན་པའི་ཡན་ལག་གོ །སླར་ཡང་བླ་མ་སྙིང་ཁར་བྱོན༔ ལོངས་སྐུ་གསང་འདུས་རྡོ་རྗེ་འཆང༔ མཐིང་གསལ་རྡོ་རྗེ་དྲིལ་བུ་འཛིན༔ གསང་ཡུམ་མཚོ་རྒྱལ་དཀར་མོས་འཁྱུད༔ གཉིས་ཀ་གཅེར་བུ་རིན་ཆེན་དང༔ རུས་པའི་རྒྱན་གྱིས་རྣམ་པར་མཛེས༔ སྐྱིལ་ཀྲུང་འོད་ལྔའི་ཀློང་ན་བཞུགས༔ ཐུགས་སྲོག་གསང་སྔགས་ཕྲེང་བ་ལས༔ འོད་འཕྲོས་སྣང་སྲིད་སྣོད་བཅུད་ཀུན༔ ལྷ་སྔགས་ཡེ་ཤེས་རོལ་པར་སྦྱངས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་རྩེ་གཅིག་ཏུ་བཟླ་བ་སྟེ་ནང་སྒྲུབ་སྒྲུབ་པའི་མན་ངག་གོ །སྙིང་ཁའི་བླ་མ་འོད་དུ་ཞུ༔ རང་དང་དབྱེར་མེད་གཅིག་ཏུ་གྱུར༔ དཀར་སེར་དམར་ལྗང་འོད་ཟེར་གྱིས༔ ཕྲིན་ལས་རྣམ་བཞི་སྒྲུབ་པར་གྱུར༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛ༔ ཞེས་བཟླ་བ་སྟེ་ལས་སྦྱོར་གྱི་མན་ངག་གོ །བཟླས་པའི་མཐར་མཆོད་ཅིང་བསྟོད་ནས་དངོས་གྲུབ་བླང་། གསུམ་པ་རྗེས་ཀྱི་ལས་རིམ་ལ་བདུན་གྱི་དང་པོ་ཚོགས་མཆོད་ལ་བཤམས་ཤིང་བྱིན་གྱིས་བརླབ་པ་ནི། དམ་རྫས་སུ་འོས་པའི་ཚོགས་ཀྱི་ཡོ་བྱད་རྣམས་ལ་བདུད་རྩིས་བསང་གཏོར་བྱས་ལ། ཨོཾ་སརྦ་དྲ་བྱཾ་བི་ཤོ་དྷ་ནི་ཧཱུྃ་ཕཊ༔ ཞེས་སྤྱིར་བསང་། ཧཱུྃ་རཾ་ཡཾ་ཁཾ། རང་གི་ཐུགས་ཀའི་ཧཱུྃ་ལས་རཾ་ཡཾ་ཁཾ་འཕྲོས་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཚོགས་གཞོང་པདྨ་འབར་བར་ཚོགས་རྫས་རིགས་ལྔ་ཡབ་ཡུམ་གྱི་དམ་ཚིག་ཆེན་པོའི་རང་བཞིན་འདོད་ཡོན་གྱི་རྣམ་པ་ཅིར་ཡང་འཆར་བར་གྱུར། ཧཱུྃ༔ ཆོས་དབྱིངས་བྷཉྫར་ཤ་ལྔ་བདུད་རྩི་ལྔ༔ བཟའ་བཅའ་བཏུང་སོགས་མི་ཟད་གཏེར་ཆེན་སྟེང༔ ཉི་སྟེང་ཁ་ཊྭཱཾ་ཡི་གེ་འབྲུ་གསུམ་གྱི༔ འོད་ཀྱིས་རྩི་བཅུད་ཡེ་ཤེས་བདུད་རྩིར་བཀུག༔ གཉིས་མེད་གཅིག་འདྲེས་ཟག་མེད་བདུད་རྩིའི་མཆོག༔ རྒྱལ་བ་དགྱེས་བྱེད་ཆོས་དབྱིངས་ཡོངས་གང་གྱུར༔ ག་ཎ་ཙཀྲ་ཛྙཱ་ན་ཨ་མྲྀཏ་ཨོཾ་ཨཿཧཱུྃ་ཧ་ཧོ་ཧྲཱི༔ བྱིན་གྱིས་བརླབས་ལ། ཚོགས་ཞིང་རྣམས་ཅང་ཏེའུའི་སྒྲ་དང་སྙིང་གའི་འོད་ཟེར་གྱིས་བསྐུལ་པས་མཁའ་ཁྱབ་ཀྱི་འཁོར་ལོར་སད་པར་བྱས་ལ། ཧཱུྃ༔ བཞེངས་ཤིག་རྩ་གསུམ་ལྷ་ཚོགས་རྣམས༔ རིག་འཛིན་མཁའ་འགྲོ་འཁོར་དང་བཅས༔ མི་མངོན་དབྱིངས་ནས་སྐུ་སྐྱོད་ལ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ སྒྲུབ་རྫས་རྣམས་ལ་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ཨེ་ཧྱེ་ཧི་ཕེཾ་ཕེཾ་ཕེཾ༔ ས་མ་ཡ་སཏྭཾ༔ ཞེས་པས་སྤྱན་དྲངས་ལ། ཉེར་སྤྱོད་དང་འདོད་ཡོན་ལྔས་སྤྱིར་མཆོད་ནས་ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་ལ། དང་པོ་མཆོད་པ་ནི། ཧོ༔ རབ་འབྱམས་རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ལ༔ རྨད་བྱུང་ཕྱི་ནང་གསང་བའི་མཆོད་པའི་སྤྲིན༔ ཟག་མེད་འདོད་ཡོན་ལོངས་སྤྱོད་དམ་ཚིག་རྫས༔ བདུད་རྩིའི་ཚོགས་མཆོད་འབུལ་ལོ་བཞེས་སུ་གསོལ༔ ཨོཾ་དེ་བ་ག་ཎ་སརྦ་ག་ཎ་ཙཀྲ་ཨ་མྲྀཏ་པཱུ་ཛ་ཁཱ་ཧི༔ བར་པ་བཤགས་པ་ནི། ཧོ༔ ལྷག་པའི་ལྷ་ཁྱོད་བདག་ལ་དགོངས་སུ་གསོལ༔ བདག་ཅག་རྨོངས་པས་རྩ་བ་ཡན་ལག་གི༔ དམ་ཚིག་ཉམས་དང་སྡིག་པའི་ལས་བགྱིས་ཀུན༔ མཐོལ་ཞིང་བཤགས་སོ་བྱང་ཞིང་དག་པར་མཛོད༔ ཅེས་དང་། ཡི་གེ་བརྒྱ་པ་ལན་གསུམ་སོགས་བརྗོད། ཐ་མ་བསྒྲལ་བ་ནི། དམིགས་བྱའི་རཱུ་པ་བཅས་ལ། ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོ༔ རང་གི་ཐུགས་ཀའི་ཧཱུྃ་ཡིག་ལས་སྤྲོས་པའི་ཕོ་ཉ་རྣམས་ཀྱིས་དམིགས་བྱ་དབང་མེད་དུ་བཀུག་སྟེ་གཟིར་ཞིང་ཚར་བཅད་ནས་རྣམ་ཤེས་བདེ་བ་ཆེན་པོའི་འཁོར་ལོར་སྦྱར་བར་གྱུར། ཧཱུྃ༔ སྣང་སྲིད་གདོད་ནས་ཆོས་སྐུའི་རོལ་པ་ལ༔ ང་བདག་འཛིན་པའི་ཉོན་མོངས་དགྲ་བགེགས་རྣམས༔ རང་རྩལ་ཡེ་ཤེས་རོལ་པའི་མཚོན་ཆ་ཡིས༔ སྐྱེ་མེད་ཆོས་དབྱིངས་དག་པའི་དབྱིངས་སུ་བསྒྲལ༔ མཱ་ར་ཡ་རྦད༔ ཅེས་མཚོན་ཆས་དུམ་བུར་བཅད་པའི་སྙིགས་མའི་ཤ་ཁྲག་གི་ལོངས་སྤྱོད་རྣམས་རྡོ་རྗེ་བཟའ་བའི་དམ་ཚིག་ཏུ་སྤྱད་པས་ལྷ་ཚོགས་ཐམས་ཅད་ཚིམས་པར་མོས་ལ། ཧོ༔ བདག་ཏུ་འཛིན་པའི་རུ་དྲ་བསྒྲལ་པ་ཡི༔ གཏི་མུག་ཤ་ཆེན་ང་རྒྱལ་རུས་པ་དང༔ འདོད་ཆགས་ཁྲག་སོགས་འཁྲུལ་རྟོག་མ་ལུས་པ༔ ཀུན་བཟང་ཡངས་པ་ཆེན་པོའི་ཀློང་དུ་བསྟབ༔ མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཨ་མྲྀཏ་ཁཱ་ཧི༔ ཞེས་འབུལ། བསྒྲལ་ཐ་ནི། ལྷ་ཚོགས་ཐམས་ཅད་རང་རང་གི་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་སྦྱོར་བས་དགའ་བ་བཞིའི་རོས་ཚིམས་པར་གྱུར། དེ་ནས་ལས་ཀྱི་རྡོ་རྗེས་འཁོར་ལོ་འདུས་པའི་གཙོ་བོ་ལ་ཕྱག་བྱས། ཐབས་ཤེས་ཀྱི་རྫས་རྣམས་སྣོད་སོ་སོར་ཐོགས་པ་ལག་གཉིས་ཕན་ཚུན་བསྣོལ་བཞིན་པར་སྟོབ་ཅིང་། ཧོ༔ ཆོས་དབྱིངས་བྷཉྫར་སྣང་སྲིད་བདུད་རྩིར་བསྐྱིལ༔ རྡོ་རྗེའི་བཅུད་ལྡན་མི་ཟད་ལོངས་སྤྱོད་དང༔ ཛ་གད་གར་མཆོད་སྒེག་མཛེས་རྫས་མཆོག་འབུལ༔ ལྷུན་གྲུབ་བདེ་ཆེན་ཀློང་རོལ་དཔའ་བོ་ཆེ༔ ཞེས་བརྗོད་ཅིང་དྲང་། སློབ་དཔོན་གྱིས་པདྨའི་བསྐོར་བ་སྔོན་དུ་འགྲོ་བས་རྩེ་གསུམ་གྱི་ཕྱག་རྒྱ་དང་བཅས་པས། ཨེ་མ་ཧོ༔ འདོད་ཡོན་མ་སྤང་ཟག་བྲལ་ཐབས་ཤེས་རྫས༔ ཡིད་བཞིན་གཏེར་མཛོད་གུ་ཧྱའི་ལོངས་སྤྱོད་རྣམས༔ བདག་ལུས་འཛིན་བྲལ་རྒྱལ་བའི་དཀྱིལ་འཁོར་འདིར༔ བདེ་ཆེན་རོ་གཅིག་ངང་དུ་བླངས་ཏེ་རོལ༔ ཞེས་པས་ལེན། འདུས་པ་གཞན་རྣམས་ལའང་བྲིམ་ཞིང་ལུས་དཀྱིལ་གྱི་ལྷ་ཚོགས་རྣམས་ཡང་དག་པར་བསམ་ཞིང་བཟའ་བ་འཁོར་ལོའི་གཙོ་མོ་དང་། བཏུང་བ་འཁོར་ལོའི་གཙོ་བོས་ཐོག་མར་ལོངས་སྤྱོད། གདོད་ནས་ལྷུན་གྲུབ་སྒོ་གསུམ་དཀྱིལ་འཁོར་འདིར༔ མི་ཟད་ལོངས་སྤྱོད་བདེ་ཆེན་ཀློང་རོལ་མཐུས༔ ཚོགས་གཉིས་རབ་རྫོགས་ཆོས་དབྱིངས་བརྗོད་བྲལ་ཀློང༔ འགྲོ་ཀུན་ཡེ་དག་ཡེ་རྫོགས་རྟོགས་པར་ཤོག༔ ཅེས་སྨོན་ལམ་གདབ། དེ་ནས་ལྷག་མ་བསྡུ། ཕུད་ཅུང་ཟད་བསྲེས་ལ་ལས་ཀྱི་རྡོ་རྗེས་ལྷག་གཏོར་བྱིན་གྱིས་བརླབ་པར་གསོལ་བ་གདབ། སློབ་དཔོན་གྱིས་དམ་ཚིག་གི་ཁ་ཕྲུ་གདབ་ལ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོ་ཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛཿ བཤུག་པའི་སྒྲ་དྲག་པོས་སྤྱན་དྲང་། མེ་ཏོག་ལ་སོགས་པས་མཆོད་ནས། ཧཱུྃ༔ ལྷག་ལ་དབང་བ་དྲེགས་པའི་ཚོགས༔ གཏུམ་ཆེན་དྲག་པོའི་སྡེ་དཔུང་བཅས༔ འདིར་བྱོན་ཤ་ཁྲག་ལྷག་གཏོར་བཞེས༔ དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས༔ དགྲ་བགེགས་ཞིང་བཅུ་ཆམ་ལ་ཕོབ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ༔ ཞེས་རོལ་མོ་དང་བཅས་པས་གཏོར་མ་ཕྱི་རོལ་དུ་དོར་རོ། །གཉིས་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ གླིང་གི་གླིང་མཆོག་རྔ་ཡབ་གླིང༔ ཟངས་མདོག་དཔལ་རིའི་གནས་མཆོག་ནས༔ རིག་འཛིན་གཙོ་བོ་པདྨ་འབྱུང༔ རྩ་གསུམ་མང་པོའི་འཁོར་དང་བཅས༔ བཞེངས་ཤིག་འབར་བའི་ཀློང་ནས་བཞེངས༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ དབང་དྲག་འབར་བའི་སྐུར་བཞེངས་ཤིག༔ གདོད་ནས་བདེ་གཤེགས་སྙིང་པོ་ལ༔ བདེ་སྡུག་མཚན་མར་འཛིན་པ་ཡི༔ གློ་བུར་འཁྲུལ་རྟོག་དགྲ་བགེགས་དཔུང༔ རང་རྩལ་ཡེ་ཤེས་ཆེན་པོས་ཟློག༔ གཞན་ཡང་ཕྱི་ནང་བར་ཆད་བགེགས༔ བདུད་དགྲ་རྨིས་ལྟས་མཚན་ངན་རྣམས༔ ཆོས་དབྱིངས་ཡེ་ཤེས་རིག་པའི་ཀློང༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ ཅེས་དང་། གསུམ་པ་ཆད་ཐོ་བསྒྲག་པ་ནི། གཏོར་མ་འབྲུ་གསུམ་གྱིས་བདུད་རྩིར་སྤེལ་ལ། ཧཱུྃ༔ སྲིད་གསུམ་ཞིང་འཁོད་དམ་ཅན་དྲེགས་པའི་ཚོགས༔ འདོད་ཡོན་ཟག་མེད་བདུད་རྩིའི་གཏོར་མ་ལོངས༔ བདེ་གཤེགས་རྩ་གསུམ་རྒྱལ་བའི་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་དྲན་མཛོད་ལ༔ མདོ་སྔགས་བཤད་སྒྲུབ་བསྟན་པ་སྲུང་བ་དང་། དེ་འཛིན་སྐྱོང་ཞིང་ལོག་འདྲེན་དབྱིངས་སུ་སྒྲོལ༔ ཁམས་གསུམ་འགྲོ་བའི་བདེ་སྐྱིད་སྤེལ་བ་དང༔ གང་གསོལ་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ བཞི་པ་བརྟན་མ་སྐྱོང་བ་ནི། འབྲུ་གསུམ་གྱི་བྱིན་གྱིས་བརླབས་ལ། བྷྱོ༔ པདྨའི་བཀའ་ཉན་བསྟན་སྐྱོང་མ་དང་སྲིང༔ གིང་ལང་འབུམ་ཕྲག་བཀའ་ཉན་བཅས་པ་རྣམས༔ འདིར་གཤེགས་དམ་རྫས་དཔལ་གྱི་གཏོར་མ་ལོངས༔ མཐའ་དམག་བསྲུང་ཞིང་རྒྱལ་བསྟན་མ་ལུས་སྐྱོངས༔ བཅོལ་པའི་ཕྲིན་ལས་ཐམས་ཅད་སྒྲུབ་པར་མཛོད༔ སརྦ་ཌཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ ཞེས་དབུལ་ཞིང་ཕྲིན་ལས་གསོལ་ལ། གཙྪ་གཙྪ་སྭཱ་བྷཱ་བ་ནཱཾ༔ ཞེས་པས་རང་གནས་སུ་བཏང་། ལྔ་པ་བྲོ་བརྡུང་ནི། གཏོར་གཞོང་རི་རབ་ཏུ་གསལ་བའི་འོག་ཏུ་དམ་སྲི་མནན་པར་བསམས་ལ། ཨེ༔ མདུན་དུ་གནམ་ལྕགས་ཁང་སྒྲོམ་ཟུར་གསུམ་པ༔ གཏིང་དོག་ཁ་ཁྱེར་མཐོ་ཞིང་དུག་གསུམ་འཁྲིགས༔ ལས་བྱེད་ཕོ་ཉའི་བཤན་ར་ཆེན་པོའི་ནང༔ ཞིང་བཅུའི་ལོག་འདྲེན་ཐམས་ཅད་རབ་ཏུ་མནན༔ སྟེང་དུ་ཁྲོ་རྒྱལ་ཕོ་བྲང་རི་རབ་བཏབ༔ ཐབས་ཤེས་གཉིས་སུ་མེད་པའི་རྟ་བྲོ་བརྡུང༔ བྱང་ཆུབ་མཆོག་སེམས་མ་བསྐྱེད་དེ་སྲིད་དུ༔ མནན་པ་ཡིན་གྱིས་ལྡང་བར་མ་བྱེད་ཅིག༔ ཨོཾ་ནན༔ ཨཱཿནན༔ ཧཱུྃ་ནན༔ སྟམྦྷ་ཡ་ནན༔ མཱ་ར་ཡ་ནན༔ ཞེས་གཏོར་མནན་བྱ། དྲུག་པ་དངོས་གྲུབ་བླང་བ་ནི། གཏོར་མ་ལྷར་གསལ་བ་ལ། མཆོད་ཅིང་བསྟོད་ནས་ཛཔ྄་ཀྱིས་ཐུགས་དམ་བསྐུལ་བ་སྔོན་དུ་འགྲོ་བས། བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས༔ རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་གི༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་མཆོག༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་དཔལ༔ བུམ་པ་བཟང་པོ་དཔག་བསམ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བདག་ལ་བསྩལ་དུ་གསོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ འགག་མེད་གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཡོན་ཏན་རེ་སྐོང་དངོས་གྲུབ་བསྩལ་དུ་གསོལ༔ ཕྲིན་ལས་འགྲོ་འདུལ་དངོས་གྲུབ་བསྩལ་དུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ འཛད་མེད་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ༔ ཐུན་མོང་ཡིད་བཞིན་དངོས་གྲུབ་བསྩལ་དུ་གསོལ༔ བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ རྩ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧོ༔ ཞེས་གཏོར་མའི་ཡེ་ཤེས་པ་བདག་ལ་བསྟིམ། དམ་ཚིག་པ་འདོད་ཡོན་བདུད་རྩིར་ཞུ་བར་བསམས་ལ་གཏོར་ཟན་དངོས་གྲུབ་ཀྱི་རྫས་སུ་རོལ་ལོ། །ས་བཅད་བདུན་པའི་ཁོངས་ནས་བསྟན་པའི་ལས་རིམ་ལ། དང་པོ་ནི་སླར་ཡང་མཆོད་ཅིང་བསྟོད་ནས་ཡི་གེ་བརྒྱ་པ་མང་དུ་བཟླས་པའི་མཐར། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་བཟོད་པར་གསོལ། གཉིས་པ་ནི། དབང་དོན་གྱི་དཀྱིལ་འཁོར་སོགས་དང་འབྲེལ་ན་ནི། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཞེས་སོགས་ཀྱིས་ཡེ་ཤེས་པ་གཤེགས་སུ་གསོལ་ནས། དམ་ཚིག་གི་དཀྱིལ་འཁོར་བསྡུ་བ་ནི། ཨ༔ སྐྱེ་འགག་གནས་གསུམ་མཐའ་བྲལ་དོན་གྱི་ལྷར༔ གཤེགས་བཞུགས་དངོས་པོའི་མཚན་མས་དབེན་མོད་ཀྱང༔ འོན་ཀྱང་རང་གསལ་མ་འགག་སྣང་སྟོང་གཞི༔ སྐྱེ་མེད་ཐུགས་སྲོག་ཧཱུྃ་གི་ནཱ་དར་བསྡུ༔ སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་གཞལ་ཡས་ཁང་ལྷ་དང་བཅས་པ་ལ་ཐིམ། དེ་ཡང་རིམ་བཞིན་ཐུགས་སྲོག་ཧཱུྃ་ཡིག་ལ་བསྡུ། ཧཱུྃ་གྱེན་རྫོགས་ཐིག་ལེར་ཡལ་བའི་ངང་དུ་མི་དམིགས་པར་གྱུར། སླར་ཡང་དྲན་རིག་མ་ཧཱ་གུ་རུའི་སྐུར་ལངས་ལ་སྤྱོད་ལམ་ལ་འཇུག་གོ །གསུམ་པ་དགེ་བ་བསྔོ་བ་ནི། དབྱེར་མེད་གཅིག་འདུས་རྡོ་རྗེའི་མཆེད་ལྕམ་གྱིས༔ རྨད་བྱུང་དམིགས་བཅས་དམིགས་མེད་དགེ་བགྱིས་མཐུས༔ ཁམས་གསུམ་སེམས་ཅན་བདེ་ཞིང་སྐྱིད་པ་དང༔ ཟག་བཅས་ཡུལ་སྣང་རྡོ་རྗེའི་སྐུར་བྱང་ནས༔ འཕོ་མེད་ཆོས་ཀྱི་དབྱིངས་མཆོག་ཐོབ་པར་ཤོག༔ ཅེས་སྨོན་ལམ་རྒྱ་ཆེར་གདབ་བོ། །བཞི་པ་ཤིས་པ་བརྗོད་པ་ནི། ཨོཾཿ བྱིན་རླབས་མཆོག་སྩོལ་རིགས་བརྒྱའི་བདག༔ བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ དངོས་གྲུབ་ཆར་འབེབ་ཞི་དང་ཁྲོ༔ ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག༔ ཐོགས་མེད་ཕྲིན་ལས་སྒྲུབ་མཛད་པའི༔ དཔའ་བོ་མཁའ་འགྲོའི་བཀྲ་ཤིས་ཤོག༔ གང་ལ་བསམ་པའི་དོན་ཀུན་འགྲུབ༔ དགེ་ལེགས་མཆོག་གི་བཀྲ་ཤིས་ཤོག༔ ཅེས་ཤིས་པ་བརྗོད་པའི་ཚིག་གིས་ལམ་ཡངས་པར་བྱའོ། །དེ་ལྟར་གུ་རུའི་ཐུགས་སྒྲུབ་སྙན་བརྒྱུད་ཡིད་བཞིན་ནོར་བུའི་ལས་བྱང་ནག་འགྲོས་སུ་བཀོད་པ་འདི་ཡང་རྩ་བའི་གཞུང་གི་དགོངས་པ་གཞིར་བཟུང་། ཁ་འགེངས་པར་འོས་པ་རྣམས་གཏེར་ཁ་འོག་མའི་བླ་མ་གསང་འདུས་ཀྱི་ལས་བྱང་སྙིང་པོ་དོན་གསལ་དང་རིག་འཛིན་ལས་བྱང་པདྨའི་དགོངས་རྒྱན་རྣམས་ལས་བླངས་ཏེ་པདྨ་དགྱེས་པས་བྲིས་པའོ།། །།
ལས་ཚོགས་རིན་ཆེན་ཁང་བུ་ལས༔ སད་སྲུང་སྤྲིན་གྱི་གོ་ཆའི་གདམས་པ་ (Volume 45, Text 6)
༄༅༔ ལས་ཚོགས་རིན་ཆེན་ཁང་བུ་ལས༔ སད་སྲུང་སྤྲིན་གྱི་གོ་ཆའི་གདམས་པ་བཞུགས་སོ༔ ྈྈྈྈ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ བོད་ཀྱི་སེམས་ཅན་སྐྱོབ་པའི་ཕྱིར༔ ཕན་བྱེད་ལས་མཐའ་དཔག་མེད་པ༔ རྒྱ་གར་ཡུལ་ནས་བོད་དུ་བསྒྱུར༔ ཁྱད་པར་ཐུགས་སྒྲུབ་ཆ་རྐྱེན་དུ༔ གསང་བ་མཁའ་འགྲོའི་ལས་ཚོགས་ཀྱི༔ རིན་ཆེན་ཁང་བུའི་གདམས་སྐོར་བསྒྱུར༔ ཕྱིས་དུས་དགོས་པའི་གདམས་སྐོར་ལ༔ སད་སྲུང་སྤྲིན་གྱི་གོ་ཆ་འདི༔ སྤྱིར་ཡང་ལྷ་སྲིན་འཁྲུགས་པ་དང༔ ཁྱད་པར་སྡིག་ཆེན་དམ་ལོག་དང༔ བསོད་ནམས་དམན་པའི་འགྲོ་བ་རྣམས༔ དུས་མིན་ཚེ་ཡི་དུས་བྱས་པས༔ སྐྱ་མོ་སད་ཀྱི་འཇིགས་པ་འབྱུང༔ ཐུགས་སྒྲུབ་བསྙེན་པ་ཐེམས་པ་ཡིས༔ དེ་དུས་སྲུང་བའི་ལས་འདི་བརྩམ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ སད་སྲུང་སྤྲིན་གྱི་གོ་ཆ་ལ༔ ཐུན་མོང་ཕྱི་ལྟར་སྲུང་བ་དང༔ ཁྱད་པར་ནང་ལྟར་སྲུང་ཐབས་དང༔ ཡང་གསང་གནད་ཀྱི་སྲུང་ཐབས་སོ༔ ཐུན་མོང་ཕྱི་ཡི་སྲུང་བ་ནི༔ ཡུལ་ཕྱོགས་གང་བསྲུང་དགེ་ཁྲིམས་བཅའ༔ གསུང་རབ་ཀློག་ཅིང་ཆུ་གཏོར་གཏང༔ སྤྲིན་ཆེན་ཀླུ་གཟུངས་འདོན་བྱ་ཞིང༔ ཡུལ་ལྷ་མཆོད་ཅིང་ཕྲིན་ལས་གཞོལ༔ དེ་ལྟར་བྱས་ན་སད་ལས་སྐྱོབ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ཁྱད་པར་ནང་ལྟར་སྲུང་བ་ལ༔ རི་བོའི་རྩེ་མོར་ལྷོ་སྤྲིན་རྟོད་ལ་མནན༔ རི་ཐང་མཚམས་སུ་ན་བུན་སྒྲོག་ཏུ་གཞུག༔ ཞིང་གི་ཆུ་འགོར་ས་ལ་དྲོད་ཆེན་འབེབ༔ དེ་ལྟར་གདམས་སྐོར་རྣམ་པ་གསུམ་གྱིས་བསྟན༔ དང་པོ་ལྷོ་སྤྲིན་རྟོད་ལ་གནོན་པ་ནི༔ ཤོག་གཙང་ཆག་མ་བྱས་པ་ལ༔ ཤར་དུ་ཀླུ་རྒྱལ་བ་སུ་ཀི༔ ལྷོ་སྤྲིན་རྟོད་ལ་མནན་ནས་ཀྱང༔ སྤྲིན་ཚོགས་ཡལ་དུ་མི་འཇུག་པར༔ སད་ཀྱི་འཇིགས་པ་སྐྱོབས་ཤིག་དང༔ སྤྲིན་ཆེན་སྒྲོག་པ་སྔོན་པོའི་གཟུགས༔ མཐའ་མར་སྤྲིན་བསྡུའི་སྔགས་བཅས་བྲི༔ དེ་བཞིན་ཤར་ལྷོར་ཀླུ་པདྨ༔ སྤྲིན་ཆེན་འཁྲིགས་པ་དམར་པོ་བྲི༔ ལྷོ་རུ་ཀླུ་རྒྱལ་པདྨ་དཀར༔ སྤྲིན་ཆེན་འཁྲིགས་པ་སེར་པོ་སྟེ༔ ལྷོ་ནུབ་མཐའ་ཡས་གང་བ་སེར༔ ནུབ་ཏུ་ཀར་ཀོ་དྲག་པོ་དཀར༔ ནུབ་བྱང་རིགས་ལྡན་ཆར་འབེབ་ལྗང༔ བྱང་དུ་འཇོག་པོ་སྨུག་པ་དཀར༔ བྱང་ཤར་དུང་སྐྱོང་གཏུམ་དྲག་ལྗང༔ དེ་ལྟར་སྤྲིན་བརྒྱད་མཐའ་མར་ནི༔ ཀླུ་བརྒྱད་རང་སྔགས་སྤྲིན་སྡུད་བཅས༔ འདོད་གསོལ་བཅས་པ་བྲིས་བྱས་ལ༔ རང་ཉིད་ལྷར་གསལ་ཀླུ་གཏོར་གཏང༔ བདེན་པ་བདར་ཞིང་ཕྲིན་ལས་བཅོལ༔ ཕྱོགས་མཚམས་སྤྲིན་གྱི་སྙིང་པོ་བསྡུས༔ གཟུངས་སྔགས་རྣམས་ལ་ཐིམ་པ་ཡིས༔ སྤྲིན་དང་ན་བུན་མ་ལུས་པ༔ རྟ་རྒོད་རྟོད་ལ་མནན་པ་ལྟར༔ ཕྱོགས་སུ་འཁྱར་མེད་སྡོད་པར་བསམ༔ རི་མོར་བྲིས་ལ་རས་སྐུད་ཀྱིས༔ བཅིངས་ཏེ་རྡོ་རྗེ་དྲག་པོ་རྩལ༔ སེང་ལྡེང་ཕུར་པ་དབྱེར་མེད་པའི༔ མགུལ་པར་བཏགས་ལ་ས་ལ་སྦ༔ དེ་ཡང་ཡུལ་དེའི་སྤྲིན་པ་རྣམས༔ སྐྱེ་དང་འཇིག་པའི་གནད་ཡོད་པའི༔ རི་བོ་མཐོན་པོའི་རྩེ་མོར་མནན༔ སྟེང་དུ་རང་མཐོ་བཅུ་ལྡན་པའི༔ ཐོ་བརྩིག་ལྷག་པའི་ལྷར་བསམ་ལ༔ ཞབས་འོག་སྤྲིན་གྱི་སྲོག་འདུས་ནས༔ ན་བུན་དཔག་མེད་འགྱེད་པར་བསམ༔ སྤྲིན་བསྡུའི་སྔགས་དང་དམིགས་པ་ལ༔ ནར་མར་ཉམས་ལེན་འབད་པ་ཡིས༔ ལྷོ་སྤྲིན་སྟོད་ལ་བབས་ནས་ཀྱང༔ འབྱུང་ཆེན་གཏིང་ནས་མ་རྫོགས་ན༔ གློ་བུར་རྐྱེན་ལས་སྐྱོབ་པར་འགྱུར༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ན་བུན་སྒྲོག་ཏུ་གཞུག་པ་ནི༔ ནམ་མཁའ་ནམ་འཕང་མཐོ་གྱུར་ཅིང༔ ན་བུན་རི་རྩེར་བུད་པ་ན༔ འཇིམ་པའི་གྭ་འུ་སོ་མའི་ནང༔ འབྲུ་སྣ་ལྔ་དང་དར་སྣ་ལྔ༔ དཀར་གསུམ་མངར་གསུམ་རྣམས་ཀྱིས་དགང༔ ལྷ་དང་ཆོས་སྐྱོང་གཏོར་མས་བསྐང༔ བཀའ་བསྒོ་འདོད་དོན་ཕྲིན་ལས་བཅོལ༔ དཀར་མོའི་འབྲུ་ལ་སྡུད་པའི་སྔགས༔ ཅི་མང་བཟླས་ལ་གྭའུར་བསྩལ༔ རྟ་བོང་སྒྲོག་ཚན་གསུམ་དང་ནི༔ གྭའུ་རི་ཐང་མཚམས་སུ་སྦ༔ སྟེང་དུ་མཐོ་སོགས་གོང་བཞིན་བཅའ༔ དེས་ཀྱང་སྤྲིན་དང་ན་བུན་འཆིང༔ མཁའ་ལ་ཡལ་བར་མི་འགྱུར་རོ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ས་ལ་དྲོད་ཆེན་འབེབ་པ་ནི༔ དེ་ནས་དེས་ཀྱང་མ་ཕན་པར༔ ཕྱི་དྲོ་སད་ཀྱི་ལྟས་བྱུང་ཞིང༔ ཐོ་རངས་སྐར་མ་ཆུང་བ་ཡལ༔ ཆེ་བ་ཡལ་མ་སོང་བའི་དུས༔ སྤྲིན་པ་འདུ་བར་མ་གྱུར་ན༔ རྒྱུན་ཆད་མེད་པའི་ཆུ་མིག་ནི༔ དབྱར་བསིལ་དགུན་མི་འཁྱགས་ས་ནས༔ བྱིས་པ་བཅུ་གསུམ་ལོ་ལོན་ཅིང༔ བུད་མེད་དག་དང་མ་རེག་པ༔ ཀླུ་དང་ས་བདག་མི་གནོད་པས༔ ལུག་གྲོ་མོ་ཡི་གྲོད་པ་གང༔ ལུ་ཆུ་བླངས་ལ་རང་ཁྱིམ་དུ༔ ཟངས་སམ་རྫ་མ་གཙང་མར་བླུག༔ དེ་ན་ཀླུ་ཆེན་བརྒྱད་པོ་ནི༔ སྦྲུལ་མགོའི་གདེངས་ཀ་སྦྲུལ་མཇུག་ཅན༔ རྒྱན་དང་ཆ་ལུགས་རྫོགས་པ་ལ༔ འཁོར་གྱི་ཀླུ་རིགས་དཔག་མེད་བསམ༔ ཆུ་ཤིང་སྐྱ་བས་ཟངས་ཆུ་དཀྲུག༔ མཁའ་ལ་གཏོར་ཞིང་སྔགས་འདི་བཟླ༔ ཨོཾ་ནཱ་ག་ཀཱ་ལ་ཧཱུྃ༔ ནཱ་ག་ལེ་ལཱེ༔ དུམ་པ་ལེ་ལཱེ༔ ནཱ་ག་རཱ་ཙ་ཧཱུྃ་ཕཊ༔ ཨོཾ་སརྦ་མེ་གྷ་སྡུས་སྭཱ་ཧཱ༔ ཆུ་ལ་རླངས་པ་ཐོན་པ་དང༔ མཁའ་ལ་སྤྲིན་པ་འུབ་ཀྱིས་འདུ༔ ཧ་ཅང་ཁོལ་ན་ཆར་པ་འབབ༔ འདི་ལ་ཐེ་ཚོམ་སོམ་ཉི་མེད༔ ལག་ལེན་བྱས་པས་ངེས་པར་འགྲུབ༔ ས་གཞི་དྲོད་འབེབ་གདམས་པ་ཡིན༔ གང་བསྲུང་མིག་རིས་བཅད་པས་ཐུབ༔ སྐྱོན་ལས་ཐར་ནས་ཟངས་ཀྱི་ཆུ༔ རྒྱ་མཚོ་ཆེའམ་ཆུ་བོར་གཤེགས༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ དྲོད་འབེབ་འཁོར་ལོ་གཏའ་གཞུག་པའི༔ དཔེའུ་ཆུང་ལག་ལེན་མ་ནོར་ན༔ རྣོ་ལ་ངར་གྱིས་གདགས་པ་ཡིན༔ རིན་ཆེན་གསེར་གྱིས་སླུས་ལ་ཞུས༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ཡང་གསང་གནད་ཀྱི་སྲུང་ཐབས་ལ༔ གསང་བ་ཐབས་ཀྱིས་སྲུང་བ་དང༔ ཡང་གསང་བཙན་ཐབས་སྦྱོར་བ་གཉིས༔ དང་པོ་ཐབས་ཀྱིས་སྲུང་བ་ནི༔ ལུང་གསུམ་མདོ་ཡི་བར་གསུམ་ན༔ ཆུ་མིག་གསུམ་ནས་ཆུ་རེ་དང༔ རྡོ་རེ་སྦལ་བ་གཅིག་རྣམས་བཟུང༔ དེ་ནས་སད་རྟགས་ཆར་སྐྱ་འབབ༔ སྤྲིན་དང་ལྷག་པ་རྒྱུན་ལས་བཟློག༔ དེ་ཚེ་དབེན་པའི་གནས་བཟང་དུ༔ གོང་གི་རྡོ་གསུམ་སྒྱེད་པུ་བྱ༔ དེ་སྟེང་ཟངས་བཙུགས་ཆུ་གསུམ་བླུག༔ སྦལ་པ་གཅིག་པོ་ཆུ་ནང་གཞུག༔ དེ་ལ་རྫས་གསུམ་གདབ་པར་བྱ༔ མུ་རྩ་མདུང་རིངས་རི་བོང་རིལ༔ གསུམ་པོ་སྦྱར་ལ་གདབ་པར་བྱ༔ དེ་ནས་ཟངས་ལ་མེ་སྦར་ལ༔ གོང་གི་རྫས་གསུམ་དུད་པ་བཏང༔ སེང་ལྡེང་སྐྱ་བས་ཆུ་དཀྲུག་ཅིང༔ མཁའ་ལ་གཏོར་ཞིང་ནམ་མཁར་ནི༔ སྔགས་འདི་བུངས་བསྐྱེད་དྲག་ཏུ་བཟླ༔ ཨོཾ་བྷི་ཏ་ལིང་ཐིབ་ཐིབ༔ བྷ་ཐ་ལིང་ཐིབ་ཐིབ༔ སེ་བ་ལི་ཐིབ་ཐིབ༔ སེར་འདུས༔ རླངས་འདུས༔ སྤྲིན་འདུས༔ སྭ་ཏ་པ་ལ་སྭ་ཏ་པ་ལ༔ མེ་ལྕེ་ཆེ་དྲགས་ཆུ་དྲོས་ན༔ སྦལ་པ་འཆི་བས་རན་ཚོད་བྱ༔ ཡང་ན་ཆུ་གྲང་དག་དང་བརྗེ༔ ཡང་ན་སྦལ་པ་བཏོན་ནས་ཀྱང༔ ཆུ་གྲང་སྣོད་དུ་གཞུག་པའང་རུང༔ དམ་ཚིག་ཆུ་དང་སྦལ་པ་ལ༔ འགོང་ཡུག་མ་སོང་གཅེས་པ་ཡིན༔ དེས་ནི་གློ་བུར་སྤྲིན་འདུས་ནས༔ སད་ཀྱི་འཇིགས་པ་འབྱུང་མི་འགྱུར༔ དངོས་སུ་སྤྲིན་པ་མ་འདུས་ཀྱང༔ མཁའ་ལ་སད་སྲུང་ཞག་ཆགས་ནས༔ བ་མོས་འབྲུ་ལ་གནོད་མི་འགྱུར༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ཅིས་ཀྱང་ཐུབ་པར་དཀའ་བ་ན༔ ཀུན་གྱི་ཐུན་མོང་མ་ཡིན་པ༔ ཡང་གསང་བཙན་ཐབས་སྦྱོར་བ་བསྟན༔ ཐུགས་སྒྲུབ་བསྙེན་པའི་རྟགས་རྫོགས་སམ༔ ཡང་ན་ལྷ་བསྙེན་ཐེམས་ངེས་པས༔ སྙུག་རྒོད་ཚིགས་པ་གཅིག་པ་ནི༔ ཡར་མར་སོར་བཞི་ལྡན་པ་འམ༔ ཡང་ན་སྙུག་མ་གཉིས་ལ་བྱ༔ ཕྱོགས་གཅིག་ནང་དུ་གཙོད་ཁྲག་དང༔ གླ་རྩི་སྨན་ཆེན་གུ་གུལ་ནག༔ མཛེ་ཁྲག་ཡུགས་ས་གསུམ་པའི་ཁྲག༔ རྟ་ནག་རྟ་བོན་ཁྱི་ནག་ཁྲག༔ མུ་ཟི་སེར་ནག་གཉིས་དང་ནི༔ ཤ་བའི་ག་དོར་འབོག་གང་རུང༔ དེ་རྣམས་ཁྲོལ་བུ་བླུག་པ་འམ༔ ཡང་ན་སྦྱར་བའི་རིལ་བུ་གཞུག༔ གཡག་རྒོད་དག་གི་སྙིང་རྩིད་ལ༔ སྐུད་པ་བྱས་ལ་ཕྱི་རོལ་ནས༔ སྙུག་མ་མི་མཐོང་དམ་པར་བཅིང༔ ཕྱོགས་གཅིག་ངོས་སུ་སྨན་སྣ་དང༔ ཀླུ་སྨན་འཛོམ་པར་བསགས་ལ་བླུག༔ རས་སྐུད་དཀར་པོས་དམ་དུ་དཀྲི༔ གཉིས་ཀའི་ཁ་ནི་སྤྲ་ཚིལ་ལམ༔ ལ་ཆས་ལེགས་པར་བཅད་བྱས་ནས༔ ནང་དུ་ཆུ་མི་འཆོར་བར་བྱ༔ གཉིས་སུ་བྱས་ན་བསྡེབས་ལ་བཞག༔ དེ་ནས་སད་ཀྱི་རྟགས་རྫོགས་ནས༔ འགྲོ་བ་སྡུག་བསྔལ་བྱེད་པའི་ཚེ༔ ཁེངས་གྲགས་ལོག་པའི་བློ་སྤངས་ལ༔ སྙིང་རྗེ་བྱང་སེམས་རྒྱུད་བསྐུལ་ནས༔ རྩ་བ་གསུམ་ལ་བློ་བཀལ་ལ༔ ཀླུ་རྒྱལ་གནས་ངེས་ཆུ་མིག་ཏུ༔ ཕྱིན་ལ་རང་ཉིད་དྲག་པོ་རྩལ༔ ཡང་ན་ཕྱག་ན་རྡོ་རྗེ་ནི༔ སྐུ་ལ་ཁྱུང་རིགས་ལྔས་བརྒྱན་པར༔ བསམ་ལ་བཟླས་པ་ཐུན་གཅིག་བྱ༔ གཞིས་བདག་ཀླུ་ལ་གཏོར་མ་གཏང༔ བདེན་སྟོབས་བརྗོད་ལ་ཕྲིན་ལས་བཅོལ༔ དེ་ནས་གོང་གི་སྙུག་ཚིགས་དེ༔ གཡམ་པར་རྡོ་རྗེ་རྒྱ་གྲམ་དང༔ གླིང་བཞི་རི་རབ་བྲིས་པ་ཡི༔ བར་དུ་སྟེམས་ལ་སྐུད་པས་བཅིང༔ ཆུ་མིག་སྐྱེ་བའི་རྦ་ལ་བརྫང༔ དེ་སྟེང་ཐོ་ནག་གཅིག་བརྩིགས་ལ༔ ཐོ་དེ་ཀླུ་བདུད་མ་རུངས་པ༔ ནཱ་ག་རཀྴ་མགོ་དགུར་བསམ༔ དེ་ཡི་སྙིང་ཁར་རྫས་བརྫངས་པས༔ ཀླུ་བདུད་ནག་པོ་རབ་ཁྲོས་ནས༔ འཛམ་གླིང་ཀླུ་ཕྲན་ཐམས་ཅད་བསྐུལ༔ རྒྱ་མཚོའི་སྤྲིན་རྣམས་ཕྱོགས་དེར་བསྡུས༔ ཀླུ་རྣམས་བུ་ག་དགུ་ནས་ཀྱང༔ རླངས་པ་བྱུང་བ་སྤྲིན་དུ་ཆགས༔ འབྲུག་སྒྲོག་ན་བུན་འཐིབས་པར་བསམ༔ སྐད་ཅིག་མ་ཡེངས་ཏིང་འཛིན་གྱིས༔ གསང་བའི་སྔགས་ལ་ནན་ཏན་བསྐྱེད༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་པ་དྲག་པོའམ༔ ཡང་ན༔ བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་པའི་ཞབས་སུ་ནཱ་ག་ལེ་ལཱེ༔ དུམ་པ་ལེ་ལཱེ༔ ནཱ་ག་ཀཱ་ལ་ཧཱུྃ༔ བྷ་རི་ཤ་ཡ་པ་ཏ་ཡ༔ ཙིཏྟ་ཧྲིཾ་ཛ་ཧྲིཾ་ཛ༔ ཁྲོཾ་ཁྲོཾ་ཧྲིལ་ཧྲིལ༔ ཤར་ཤར༔ ཕོབ་ཕོབ༔ བརྒྱ་ཕྲག་ལ་སོགས་ཅི་འགྲུབ་བཟླ༔ སྲོད་ལ་སྦྱོར་བ་བརྩམས་པ་ཡིས༔ ནམ་གུང་ཕན་ནས་སྤྲིན་ཚོགས་རྣམས༔ ལག་གིས་བསྡུས་ལྟར་འདུས་ནས་ཀྱང༔ འབྲུག་སྒྲོག་ཆར་པ་ཟིམ་བུ་འབབ༔ རླུང་ཞི་ས་ལ་དྲོད་ཆེན་འབེབ༔ ཐོ་རངས་སད་ཀྱི་འཇིགས་ལས་སྐྱོབ༔ ལས་སྦྱོར་འདི་ཉིད་མི་བདེན་ན༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ གསང་སྔགས་གྲུབ་པ་ཐོབ་པ་དང༔ ལྷ་སྲིན་དམ་ལ་ཐོགས་པ་དང༔ གདམས་པའི་མཐའ་རྒྱ་ཆོད་པ་ཡིས༔ དགོས་པ་མ་མཆིས་དོན་མེད་འགྱུར༔ འདིས་ཀྱང་སྙིགས་དུས་སེམས་ཅན་སྐྱོབ༔ བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད༔ བསེ་སྒྲོམ་སྨུག་པོའི་ནང་དུ་སྦས༔ ཆོས་བདག་མཁའ་འགྲོ་གཉན་ལ་གཏད༔ ལན་གཅིག་དུས་ལ་བབས་པའི་ཚེ༔ ལས་ཅན་ཆོས་བདག་བྱུང་ཚེ་སྦྱིན༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ དེས་ཀྱང་དངོས་པོ་ནོར་ཕྱིར་དང༔ ངོ་སྲུང་ཕྱིར་དུ་མ་ཡིན་པར༔ སྣོད་དང་ལྡན་པའི་གང་ཟག་ལ༔ ཐུགས་སྒྲུབ་ཆོས་བཀའ་རྫོགས་ནས་ཀྱང༔ གནས་ཆེན་རྣམས་སུ་ཐུགས་སྒྲུབ་ཀྱི༔ ཉམས་ལེན་བསྙེན་སྒྲུབ་ཐེམས་པའི་ཚེ༔ སེམས་ཅན་སྤྱི་ལ་ཕན་ན་སྦྱིན༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ གབ་རྒྱའོ༔ བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད་ནས། རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་གདན་དྲངས་པའོ།། །། ༄༅༔ གསང་མཚན་ཐུགས་ཀྱི་སྒྲུབ་པ་ལས༔ སད་སྲུང་ནཱ་ག་འབྲུག་སྒྲོག་བཞུགས༔ ལྷ་བྲག་གི་གཏེར་མའོ༔ ྈྈྈྈྈྈྈྈ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མ་འོངས་ལྔ་བརྒྱ་ཐ་མ་ལ༔ འཁོར་བའི་ལོ་ཐོག་སྨིན་བྱའི་ཕྱིར༔ སད་སྲུང་མན་ངག་བསྟན་པར་བྱ༔ ཐུགས་སྒྲུབ་བསྙེན་པའི་རྟགས་རྫོགས་ནས༔ ལས་སྦྱོར་འདི་ཉིད་ཉམས་སུ་བླང༔ སྔོན་འགྲོ་དགེ་སློང་།་་་གཙང་མས་ཁྲུས་ཆོག་བྱ༔ ལྷ་ཀླུ་གཞི་བདག་གྲིབ་ནས་བཏོན༔ ཀླུ་གནས་རི་རྩེ་དབེན་ཁང་སྟེང༔ ཁྲོ་འམ་ཟངས་སམ་རྫ་མ་གསར༔ ལོངས་མ་སྤྱད་པའི་སྣོད་ནང་དུ༔ རབ་ཏུ་ལུང་པ་བཅུ་གསུམ་ཆུ༔ འབྲིང་བདུན་ཐ་མ་ལུང་གསུམ་ཆུ༔ བླུགས་ནས་བཟང་དྲུག་ཀླུ་སྨན་དང༔ དཀར་གསུམ་མངར་གསུམ་ཆུ་ཤིང་དང༔ རིན་ཆེན་ལྔ་དང་དར་སྣ་ལྔ༔ འབྲུ་སྣ་ཚོགས་ཚད་བླུག་པར་བྱ༔ བྱིན་རླབས་ལྡན་པའི་རྟེན་གསུམ་ལ༔ ཁྲུས་གསོལ་ཆུ་ཡང་དེ་ལ་བསྲེ༔ ཤུག་པ་རྩེ་རྒྱལ་མདའ་གང་ལ༔ ཡཾ་ཁཾ་བཾ་ལཾ་ཨེ༔ ལྔ་པོ་འདི་བྲིས་སྐྱ་བ་བྱ༔ ཤུག་པ་སྤ་མ་ལ་སོགས་ཏེ༔ ཤིང་སྣ་གང་རྙེད་མེ་སྤར་ནས༔ ནམ་ཕྱེད་ཉི་མ་རྩེ་ཤར་བར༔ དུད་པ་རྒྱུན་ཆད་མེད་པར་བྱ༔ ཆུ་སྔགས་ཐུན་གཟུང་བཟླས་པ་ནི༔ དྷེ་ཝ་ར་ར་སྡུས་རྣྲི་འུབས་སྡུས༔ སྤྲིན་སྡུས༔ རག་ཤ་སྡུས་སྭཱ་ཧཱ༔ ཞེས་པའི་སྔགས་འདི་མེ་བསྩལ་ནས༔ ཆུ་ལྷོག་མ་ཐོན་བར་དུ་བཟླ༔ ལྷོག་ཐོན་སྔགས་དེའི་མཇུག་ལ་ནི༔ ཨོཾ་ཨ་མ་ཧཱུྃ༔ ཐུཾ་རིལ་སྡུས༔ པྲ་ཏི་པྲ་ཏི་བྷ་རི་སྭཱ་ཧཱ༔ ཨོཾ་ནཱ་ག་མུ་ལ༔ བྷ་རི་ཤ་ཡ༔ གྲི་ན་ཡ་བྷི་རི༔ ནག་པོ་ཐིབ་ཐིབ༔ འདྲེ་ཡ་ཡེ༔ སྤྲིན་སྡུས་སྡུས༔ ཞེས་དགོང་ནས་ཉི་ཤར་བར་དུ་བཟླ༔ ཁྱད་པར་ཐོ་རངས་དྲག་ཏུ་བཟླ༔ སྔ་དྲོ་ཆབ་གཏོར་ཀླུ་གཏོར་གཏང༔ འོ་ཆོལ་ཀླུ་འབུམ་མང་དུ་བྱ༔ ཕྱི་དྲོ་ཟན་གཏོར་སྲོད་ལ་ནི༔ ཆ་གསུམ་གཏོར་མ་གཏང་བར་བྱ༔ དེས་ནི་སྤྲིན་འདུ་ངེས་པ་འོ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ༈ སྤྲིན་སྒྲོག་ཏུ་བཅུག་པའི་མན་ངག་ནི༔ དགོང་མོ་སྤྲིན་འགྱེས་འགྱེས་འདྲ་ན༔ རྟ་གྲོ་དཀར་གཅིག་ལ་བསང་སྦྱང་བྱས་ལ༔ སྤྲིན་དང་ན་བུན་གྱི་རྟ་སྒྲོག་ཏུ་བཅུག་པར་བསམ་ལ༔ ཨོཾ་ནཱ་ག་ཀ་ཁོ་ཧཱུྃ་ཡ་ཕཊ༔ ཅེས་མང་དུ་བཟླས་ལ༔ རྟ་རང་སྒྲོག་ལ་བཏབ་སྟེ༔ སྒྲོག་བརྒྱབས་པས་སྤྲིན་རྟོད་ལ་མནན་པའི་མན་ངག་གོ༔ ཏན་ཏཏྱ༔ རྟ་དངོས་སུ་མ་འབྱོར་ན༔ འདམ་གཙང་མ་ལ༔ སྤོས་དང་རིན་པོ་ཆེ་བསྲེས་ལ༔ བྱིན་རླབས་བྱས་ནས༔ རྟའི་གཟུགས་དོད་པར་བྱས་ལ༔ དེ་ཉིད་རྟ་དངོས་སུ་བསམ་ལ༔ སྔགས་དང་དམིགས་པ་གོང་ལྟར་བྱའོ༔ ࿊ བུམ་གཏེར་གཞུག་པ་ནི༔ རྫ་བུམ་གས་ཆག་མེད་པའི་ནང་དུ༔ བུམ་རྫས་ཉེར་ལྔ༔ དུང་དང་མན་ཤེལ་བྱི་རུ་རྡོག་རེ་བཅུག༔ གོང་གི་ཆུ་སྣས་ཁེངས་པར་བཀང༔ དར་དཀར་གཙང་མས་ཁ་བཅད་ལ༔ ཀླུ་གནས་རི་རྩར་སྦས་ནས་ནི༔ རྟེན་འབྲེལ་སྙིང་པོས་རབ་གནས་བྱ༔ སད་སྲུང་ཚར་ནས་བཏོན་ལ་ཀླུ་གཏོར་གཏང་རག་བྱའོ༔ ࿊ རླུང་གནོན་པའི་མན་ངག་ལ༔ བག་ཟན་ལ་ཤ་བའི་གཟུགས་རྭ་བཅུ་པ་གཅིག་བཟོས་ལ་ཤོག་བུ་ལ༔ སྤྲིན་སྡུས་རླུང་ཐམས་ཅད་ནོན༔ ཅེས་བྲིས་ལ་ཁོག་ཏུ་བཅུག་ལ་རང་གང་འདོད་པའི་བྱང་ཤར་དུ༔ དོང་བྲུས་ལ་བཅུག༔ གཡམ་པ་ལ་འོག་ཏུ་ཡཾ༔ སྟེང་དུ་རྡོ་རྗེ་རྒྱ་གྲམ་བྲིས་ལ་ཁ་བཅད༔ སྤྲིན་ཐམས་ཅད་སྡུས་རླུང་ཐམས་ཅད་ནོན་ཅིག་ཅེས་བཟླ༔ ལས་གྲུབ་པ་དང་འདོན༔ གཞན་ཡང་རླུང་གནོན་མང་དུ་བྱ༔ ࿊ ྈྈྈྈྈྈྈྈྈྈ བསྙེན་རྟགས་ཐོན་པའི་རྣལ་འབྱོར་པས༔ ཡང་ཟབ་གནད་ཏིག་མན་ངག་འདི༔ ལས་སྦྱོར་དག་ཏུ་བྱ་བར་གསུངས༔ རྫས་དང་སྔགས་དང་ཏིང་འཛིན་ནི༔ སྙུག་མ་ཚིགས་ཅན་སོར་བཞིའི་ནང༔ གཙོད་ཁྲག་གླ་རྩི་གུ་གུལ་བཙན་དུག༔ ཡུགས་སར་ལན་གསུམ་ཕོག་པ་ཡི༔ བུད་མེད་མངལ་ཁྲག་མཛེ་ཁྲག་དང༔ གླང་ནག་ཁྲག་དང༔ རྟ་ནག་གི་ས་བོན་དང་ཁྱི་ནག་ཁྲག༔ མུ་ཟི་སེར་པོ་ནག་པོ་དང༔ ཤ་བའི་ག་དོར་རྣམས་བླུགས་ལ༔ སྤྲ་ཚིལ་དག་གིས་ཁ་བཅད་ལ༔ རྒོད་གཡག་སྙིང་རྩིད་སྐུད་པ་ཡིས༔ སྙུག་མ་མི་མཐོང་བར་དུ་དཀྲི༔ སྙུག་མ་གཅིག་གི་ནང་དུ་ནི༔ ཀླུ་སྨན་སྣ་ཚོགས་བླུགས་ནས་ནི༔ རས་སྐུད་དཀར་པོས་དཀྲི་བར་བྱ༔ གཉིས་ཀའི་ནང་དུ་ཆུ་མི་འགྲོ༔ ཚགས་བྱས་སྙེགས་པ་བྱས་པ་དེ༔ སད་ཡོང་དུས་སུ་ཆུ་མིག་ནི༔ གཉན་པོ་གཅིག་གི་རྩར་ཕྱིན་ལ༔ ཀླུ་དང་གཞི་བདག་ལྷ་འདྲེ་ལ༔ གཏོར་མ་བྱིན་ལ་བདེན་སྟོབས་བརྗོད༔ ཆུ་མིག་ནང་དུ་ཐོ་ནག་བརྩིག༔ འོག་ཏུ་གོང་གི་རྫས་དེ་མནན༔ ཐོ་དེ་ཀླུ་བདུད་ནག་པོ་ནི༔ མགོ་དགུ་སྦྲུལ་གྱི་རལ་པ་ཅན༔ ནག་པོ་ཕྱག་གཉིས་ཐལ་མོ་སྦྱར༔ སྐུ་སྨད་སྦྲུལ་མཇུག་འཁྱིལ་བར་བསམ༔ སྙིང་ཁར་རྫས་དེ་བཅུག་པར་བསམ༔ རང་ཉིད་གསང་བདག་ཕྱག་རྡོར་ནི༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་པ་གནམ་ལྕགས་རྡོ་རྗེ་རྩེ་དགུ་གདེངས༔ གཡོན་པ་སྡིགས་མཛུབ་ཐུགས་ཀར་མཛད༔ སྦྲུལ་མགོ་གསོལ་ཞིང་མཆེ་བ་གཙིགས༔ ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་པ༔ པད་ཉི་ཀླུ་གཉན་ཕོ་མོ་བརྫིས༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔ ཡེ་ཤེས་མེ་དཔུང་ཀློང་ན་འགྱིང༔ སྤྲུལ་པའི་བྱ་ཁྱུང་དཔག་མེད་ཀྱིས༔ གནམ་ས་གང་ནས་ཀླུ་གཉན་གཟིར༔ དྲག་པོའི་སྔགས་འདི་བགྲངས་ཙམ་གྱིས༔ ཀླུ་བདུད་ཁྲོས་ནས་རྒྱ་མཚོ་ཁོལ༔ སྤྲིན་བསྡུས་འབྲུག་བསྒྲགས་ན་བུན་ཐུལ༔ ཆར་བ་འབབ་པར་བསམ་བྱས་ལ༔ ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ནཱ་ག་ལཱེ་དུཾ་པ་ལཱེ༔ ནཱ་ག་ལཱེ་ཧཱུྃ༔ ནཱ་ག་རཱ་ཛ་ཧཱུྃ་ཕཊ༔ པ་རི་ཤ་ཡ༔ པ་ཏ་ཡ༔ ནཱ་ག་རཱ་ཙ༔ ཙིཏྟ་ཧྲིང་ཧྲིང་ཛ༔ ཁྲོཾ་ཁྲོཾ༔ ཧྲིལ་ཧྲིལ༔ ཤར་ཤར༔ ཕོབ་ཕོབ༔ ཅེས་བརྒྱ་ཡན་བཟླས་པས་ཐུབ་བོ༔ བསྙེན་པ་མི་དགོས་ལས་སྦྱོར་སྔགས༔ དགོས་དུས་བཟླས་པས་འགྲུབ་པ་འོ༔ འཇིགས་པ་གྲོལ་དང་ཐོ་བསྒྱེལ་ལ༔ རྫས་སྟོན་བཤགས་པ་གཏང་རག་བྱ༔ ཀླུ་གཏོར་འོ་ཆོལ་རྒྱས་པར་བྱ༔ ཀླུ་གཟིར་ཉེས་པ་ཆེ་བ་ཡིས༔ ན་རཀ་སྐོང་བཤགས་སྒྲིབ་པ་སྦྱང༔ སེམས་བསྐྱེད་བརྩེ་བས་ཟིན་པ་གཅེས༔ མ་འོངས་ལྔ་བརྒྱ་ཐ་མ་ལ༔ མཐའ་དམག་གདུག་པའི་ཁ་རླངས་དང༔ སེམས་ཅན་སྤྱོད་ངན་ཉམས་གྲིབ་ཀྱིས༔ ལོ་ཐོག་དགྲ་མང་སད་ཀྱིས་ཁྱེར༔ མུ་གེས་འགྲོ་བ་ཕོངས་བའི་དུས༔ བོད་ཁམས་སེམས་ཅན་དོན་ཕྱིར་དུ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སད་སྲུང་ཟབ་མོའི་མན་ངག་དང༔ གང་དགོས་ལས་ཚོགས་མ་ལུས་པ༔ ལས་ཅན་བུ་ཡི་དོན་དུ་བཞག༔ སེམས་བསྐྱེད་ལྡན་པས་འགྲོ་དོན་མཛོད༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ལྕགས་མཛོད་ནག་པོ་ནས་རིག་འཛིན་ཆེན་པོས་སྤྱན་དྲངས་པའོ།། །།
ཆོས་རྡོར་གུ་རུ་དྲག་མཐིང་ལྷག་བསྟབ་ (Volume 14, Text 6)
ྈ བྷནྡྷ་ལྕང་ལོ་ཅན་གྱི་ནང་དུ༔ ཚོགས་ལྷག་དགྲ་བགེགས་ཀྱི་ཤ་ཁྲག་དབྱེར་མེད་པ་རཀྟའི་རྒྱ་མཚོ་རྦ་ཀློང་དུ་འཁྲུགས་པ་ཤ་ཡི་རི་བོ༔ རུས་པའི་གྲམ་ཁྲོད་དབང་པོ་རྣམ་ལྔ་དོན་སྙིང་ནང་ཁྲོལ་དྲོད་རླངས་མ་ཡལ་བ་གཅིག་ཏུ་གྱུར་པར་བསམས་ལ༔ ཧཱུྃ༔དཀོན་མཆོག་གསུམ་དང་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་བདེན་པའི་མཐུས༔ ཞིང་བཅུ་ཚང་བའི་དགྲ་བགེགས་དང༔ ཡིད་ལ་དམིགས་པའི་དགྲ་བོ་འདིའི༔ བྱད་མ་ལྷ་སྲུང་བཅས་པ་ཡི༔བླ་སྲོག་རྣམ་པར་ཤེས་པ་རྣམས༔ ཚོགས་ཀྱི་ལྷག་མ་འདི་ལ་ཁུག༔ གནོད་བྱེད་རུ་དྲ་ཨཾ་ཀུ་ཤ་ཛ༔ ཧཱུྃ༔ བཾ་སྒྲོལ་ལྷག་སྡུད་སྤྱང་ཞོན་མ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ ལས་བྱེད་སྲོག་གཅོད་མཁའ་འགྲོ་འབུམ༔ གྲི་གུག་ཐོད་ཁྲག་འཛིན་པ་ཡིས༔ བསྟན་དགྲ་ཚོགས་ལྷག་དབྱེར་མེད་པ༔ ལྷག་མ་མེད་པར་ཞལ་དུ་བསྟབ༔ ཁྱད་པར་དམིགས་པའི་སྒོས་དགྲ་ནི༔ གཟུགས་ཕུང་དབང་པོ་མ་ཉམས་པ༔ མངོན་སུམ་རྐང་མཐིལ་སྐྱ་ལྷག་གེ༔ སྐད་ངན་ཙེར་ཙེར་འབོད་བཞིན་དུ༔ སྐད་ཅིག་ཉིད་ལ་གྱུར་མིད་དུ༔ སྐད་ཅིག་ཐོགས་མེད་བཞེས་སུ་གསོལ༔ ཨུཙྪིཥྚ་བ་ལིཾ་ཏ་དགྲ་བགེགས་ཀྱི་མཱཾ་ས་ལ་ཁཱ་ཧི༔ རཀྟ་ལ་ཁཱ་ཧི༔ ཙིཏྟ་ལ་ཁཱ་ཧི༔ ཀིཾ་ནི་རི་ཏི་ལ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་ཧཱུྃ་ཕཊ་ཕཊ༔ ལྷག་མའི་ཟབ་གནད་སྲོག་གི་སྤུ་གྲི་ལས་བྱེད་མཁའ་འགྲོའི་སྙིང་ཐིག་འདི༔ སངས་རྒྱས་བསྟན་པའི་དོན་བཙུག་ལག་ཆོས་འཁོར་དང༔ དགེ་འདུན་གྱི་སྡེ་ཚེ་གཅིག་བྱང་ཆུབ་སྒྲུབ་པའི་དབེན་གནས་རི་ཁྲོད་མཛད་པའི་རྣལ་འབྱོར་སྲོག་ལ་བསྡོ་བའམ༔ བསྟན་པའི་དོན་དུ་ཨུས་ལན་དགུར་མ་ཐུག་པར་བྱས་ན་རང་རེ་རྡོ་རྗེའི་དམྱལ་བར་སྐྱེ་མཁའ་འགྲོའི་བཀའ་ཆད་འབྱུང་བས་དམ་རྒྱ༔ དགོས་པའི་དུས་ལ་བབ་ཚེ་པདྨ་འབྱུང་གནས་ཀྱི་བཀའ་ལས་ལྷ་སྲས་མུ་ཁྲི་བཙན་པོ་ལ༔ བསྟན་པ་འཇིག་ཅིང་དམ་ཆོས་བསྣུབ་པ་དང༔ རྒྱལ་པོ་དམང་དུ་འབེབ་པའི་གལ་སོང་ཚེ༔ ལྷ་སྲས་དཔང་དུ་བཙུགས་ལ་དམོད་པ་བོར༔ ཞེས་གསུངས་པ་ལྟར༔ རྣལ་འབྱོར་པའི་བསྟན་པའི་མཚོན་ཆ་ཡིན་པས་ཚོགས་ལྷག་ལ་འགུགས་གཞུག་ཡང་དོ་གལ་ཆེ་ཆུང་ལྔ་བདུན་དགུ་སོགས་བརྒྱ་རྩའི་བར་དུ་གང་དགོས་རྟོགས་དཔྱོད་བྱས་ནས་རྦད་བསྐུལ་ཡང་དེ་མཐུན་བྱས་ན༔ གང་ལ་དམིགས་པའི་དགྲ་དེ་ཉིད༔ ལོ་ཟླར་མི་འགོར་བར་བསྒྲལ་བར་ཐེ་ཚོམ་མེད་དོ༔ ལས་བྱེད་སྤྱང་ཞོན་མཆེད་གསུམ་གྱིས༔ ཁྲོས་མ་ནག་མོར་དམ་བཅས་པ་འོ༔ ས་མ་ཡ་ན་ར་ཀན༔ རཀྵ་རཀྵ་རཀྵ༔ ཌཱ་ཀི་ས་མ་ཡ་རྒྱ་རྒྱ་རྒྱ༔ མཚོ་ཆེན་རིན་ཆེན་གཡུ་མཚོའི་དགེ་བསྙེན་ཀླུ་བདུད་ནག་པོའི་གྲེ་བར་གཏེར་དུ་སྦས་པས་། དུག་སྦྲུལ་གྱི་ལྤགས་པ་སོར་བཞི་ལ་བདུད་མགོན་ཏྲཀྴད་ནག་པོའི་ཡི་གེ་ཀླུ་བདུད་ཉིད་ཀྱི་མཐོང་བའི་དུག་དང་རེག་པའི་དུག་གིས་བདག་ལ་གནོད་པ་མེད་པར་གས་ཕོ་སྟག་གི་ལོར་ཟླ་བ་དགུ་པའི་ཚེས་དགུ་ཡི་ནམ་སྨད་ཀྱི་ཆ་ངོས་སུ་བདག་ལ་སྤྲད་པས༔ ཤིང་ཕོ་སྟག་གི་ལོ་བར་གསང་རྒྱ་བྱས་ནས༔ སྦས་པའི་ཆོས་བདག་གི་ངོར་སྟག་ལོ་ཟླ་བ་དྲུག་པའི་ཉེར་དགུ་ནུབ་སྲོད་དྲག་པོའི་དུས་སུ་འབྲུག་དགོན་མདོ་སྔགས་བཤད་སྒྲུབ་གླིང་གི་ཕོ་བྲང་དུ། རིག་འཛིན་ཆོས་རྒྱལ་རྡོ་རྗེས་དཀར་ཤོག་ངོས་སུ་ཕབ་པ་ཡི་གེ་པ་ནི་ལྷ་སྲས་ཀྱི་བྱིན་རླབས་ཀྱི་ཆ་ཐོབ་པའི་མིང་གིས་བྲིས༔ ས་མ་ཡ་རྒྱ་རྒྱ་རྒྱ༔ སྐུ་རྒྱ༔གསུང་རྒྱ༔ ཐུགས་རྒྱ༔ དུས་ངན་སྙིགས་མའི་སྔགས་པ་ལ་གཏད་ན་ཤན་པའི་ལག་ཏུ་གྲི་བསྐུར་བ་དང་འདྲ་བས༔ མི་སྤེལ་བར་དམ་ཚིག་རྒྱ༔ དཔེ་འདི་ཤོག་དྲིལ་བྱེད་ནས་ཟངས་ལྕགས་ཀྱི་སྦུ་གུའམ་སྨྱུག་སྦུབ་སོགས་ནང་དུ་བཅུག་ནས་ལ་ཐིལ་བྱས་ཏེ་དམིགས་མེད་དུ་སྦས་པ་གནད་ཡིན༔ །ྀཨཚ།༔
དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་དང་འབྲེལ་བའི་སྤྲོས་བཅས་སྒྲུབ་མཆོད་རྒྱས་པར་བྱ་བའི་ལག་ལེན་རྣམ་གྲོལ་སྙེ་མ་ (Volume 3, Text 6)
༄༅། །དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་དང་འབྲེལ་བའི་སྤྲོས་བཅས་སྒྲུབ་མཆོད་རྒྱས་པར་བྱ་བའི་ལག་ལེན་རྣམ་གྲོལ་སྙེ་མ་ཞེས་བྱ་བ་བཞུགས་སོ། ། དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་དང་འབྲེལ་བའི་སྤྲོས་བཅས་སྒྲུབ་མཆོད་རྒྱས་པར་བྱ་བའི་ལག་ལེན་རྣམ་གྲོལ་སྙེ་མ་ཞེས་བྱ་བ། ན་མོ་གུ་རུ་བཛྲ་སཏྭཱ་ཡ། སངས་རྒྱས་ཀུན་གྱི་ཅོད་པན་རིགས་བརྒྱ་ཡི། །འཁོར་ལོས་སྒྱུར་མཛད་བཅོམ་ལྡན་རྡོ་རྗེ་སེམས། ཁྱབ་བདག་བླ་མའི་རྣམ་པར་ཤར་བ་ཡི། །ཟུང་འཇུག་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །དེ་ཡི་སྒྲུབ་ཐབས་བྱེ་བ་ཕྲག་བརྒྱའི་བཅུད། །སྣང་མཛད་ཐུགས་ཀྱི་ཐིག་ལེ་སྒྲུབ་པའི་ཚུལ། །གར་དབང་ཐུགས་རྗེ་ཆེན་པོའི་གཞུང་བཞིན་དུ། །རྣམ་གསལ་འཇུག་བདེའི་ལག་ལེན་འབྲི་བར་བྱ། །འདིར་བསྒྲུབ་བྱའི་ལྷའི་ངོ་བོ་ཕྱག་རྒྱ་གཅིག་པ་ལ་ཚོམ་བུ་ཚོགས་སུ་སྒྲུབ་པའི་ཆིངས་ཡོངས་རྫོགས་སྦྱོར་བ་ནི་རྒྱུད་གཞུང་གི་དངོས་བསྟན་དང་མི་འབྲེལ་བས་རང་བློ་འདྲིད་བྱེད་ཙམ་དུ་ཟད་ཀྱང་། སྒྲུབ་མཆོད་དཀྱུས་མ་ཙམ་གྱི་ཕྱག་ལེན་ཚོགས་གསག་སྒྲུབ་པའི་རྣལ་འབྱོར་དང་འབྲེལ་བ་ལ་འགལ་བ་མེད་ཅིང་མྱང་གྲོལ་སྤྲོས་བཅས་སྒྲུབ་པའི་སྐབས་སོགས་སུ་ལེགས་པ་ལྟར་སྣང་བས་ཚུལ་དེ་འཆད་པ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ་ལྔ། ས་ཆོག །མཚམས་གཅོད། སྟ་གོན། ཐིག་ཚོན། རྒྱན་བཀོད་ཀྱི་ལས་རིམ་མོ། །དང་པོ་ནི། དུས་གྲངས་རྟགས་ཀྱི་བསྙེན་པ་སྔོན་དུ་སོང་བའི་རྣལ་འབྱོར་པས། སྒྲུབ་པའི་གནས་ཁང་བྱི་དོར་དང་རྒྱན་གྱིས་སྤྲས་པའི་གུང་དུ་སྟེགས་བུ་ལ་བདག་བསྐྱེད་བླ་གཏོར་དཀར་པོ་ལྔ་རྒྱན་ཅན་གྱི་གཡས་གཡོན་སྨན་རཀ །མདུན་དུ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་བཤམ། དཀྱིལ་འཁོར་གྱི་གཞིར་མཉྫིའི་སྟེང་དུ་ས་ལྷའི་གཏོར་མ་དཀར་ཟླུམ་བཤམས་པའི་མཐར། བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག་ནས་བརྩམ་ཆུ་གཉིས་ཉེར་སྤྱོད་གཡས་བསྐོར་དུ་བཤམ། བརྒྱུད་འདེབས་བསང་ཆུ་བྱིན་རླབས་ཚོགས་གསག་ནས་བརྩམ། བདག་བསྐྱེད་བཟླས་པ་བསྡུ་རིམ། ལྷར་ལྡང་ཞིང་གནས་གསུམ་བྱིན་རླབས་བར་བྱས་ལ། མཆོད་པ་རྣམས་ ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རི་སོགས་ཀྱིས་བསང་། བྷཱ་བས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱཱ་ཤབྡ་པཱུ་ཛ་ས་མ་ཡ་ཧཱུྃ༔ ཞེས་དང་། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་རྒྱ་དང་བཅས་པས་གཏོར་མབརླབ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས་ ཤབྡའི་བར་གྱིས་མཆོད། བྷཱུ་མི་པ་ཏི་ས་པ་རི་བཱ་ར་བྷྱཿན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུྃ༔ དགོངས་ཤིག་ས་བདག་ལྷ་ཀླུ་སྡེ་དང་དཔུང༔ བྱིན་བརླབས་བསྔོས་པའི་མཆོད་གཏོར་འདི་བཞེས་ལ༔ ཕྲིན་ལས་གཉན་པོ་བསྒྲུབ་ཕྱིར་ས་སློང་གིས༔ ཅི་བདེ་བར་ནི་དགྱེས་པས་བསྩལ་དུ་གསོལ༔ ཞེས་གསོལ་བས་ས་གཞི་བྱིན་པར་བསམས་ལ་འཇམ་རོལ་དང་བཅས་པས་གཏོར་མ་ཕྱིར་བསྐྱལ་ལ་མཆོད་པ་རྣམས་བསྡུས་ཏེ་ས་སློང་བའོ། །དེ་ནས་ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བརྗོད་ལ་དཀྱིལ་འཁོར་གྱི་གཞིར་དྲི་དང་བ་བྱུང་གི་ཆུ་རྡོ་རྗེ་ཁུ་ཚུར་གྱིས་གཏོར་བ་བྱང་ཤར་ནས་གཡས་བསྐོར་དུ་བྱུག །སྭབྷཱ་བའི་སྔགས་ལན་བདུན་བརྗོད་པ་དང་བསྟུན་སློབ་དཔོན་གྱིས་ལག་གཡས་ཐལ་མོ་སར་འཇོག་སྟེ་སྦྱོང་བའོ། །རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བའི་སྐུར་གྱུར། ཧཱུྃ༔ ཡང་དག་གསང་བའི་དཀྱིལ་འཁོར་འདིར༔ འདུ་བའི་ལྷ་རྣམས་མ་གཏོགས་པ༔ གནོད་བྱེད་གདོན་བགེགས་འབྱུང་པོའི་ཚོགས༔ ད་ལྟ་ཉིད་དུ་སོ་སོར་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ འཇིགས་བྱེད་ཁྲོ་རྒྱལ་ཐུགས་ཁྲོས་ནས༔ རྡོ་རྗེའི་མཚོན་ཆ་འབར་བ་ཡིས༔ རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ ཞེས་བཀའ་བསྒོ །ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་སོགས་དང་། སུམྦྷ་ནིའི་དྲག་སྔགས་བཟླ་ཞིང་རོལ་མོ་ཚམ་རྔམ་དང་བཅས་ཏེ་གུ་གུལ་གྱིས་བདུག །སློབ་དཔོན་གྱིས་བསྙེམ་པ་དང་བཅས་དཀྱིལ་འཁོར་གྱི་ས་གཞི་ལ་གཡས་བསྐོར་གྱིས་འགྲོ་ཞིང་ཐུན་གྱིས་བྲབ་ཏེ་བཟུང་བའོ། །གཉིས་པ་སྲུང་བའི་སླད་དུ་མཚམས་བཅད་པ་ལ་ཕྱི་མཚམས་ནི་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་ཕྱོགས་བཞིར། ཐོ་ལ་སྐུ་རྟེན་རྒྱལ་མཚན་དང་བཅས་པ་བཙུགས་པའི་མདུན་དུ་ཆུ་གཉིས་ཉེར་མཆོད་ལྔ་དང་དཀར་གཏོར་རེ་རེ་བཤམ། ཐོག་མར་ཤར་དུ་ཕྱིན་ལ་མཆོད་གཏོར་གོང་སྨོས་ལྟར་བསང་སྦྱང་བྱིན་བརླབ། དེ་ནས་ཐོ་བསང་སྦྱང་། སྟོང་པའི་ངང་ལས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་སྐུ་མདོག་དཀར་པོ་མཛེས་ཤིང་བརྗིད་པའི་ཆས་ཅན་པི་ཝཾ་འཛིན་པའི་སྐུར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་བཅས་བཛྲ་ས་མ་ཡ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ། ཨོཾ་དྷྲིཥྚ་རཱཥྚཱ་ཡ་སྭཱ་ཧཱ༔ ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས་ ཤབྡའི་བར་གྱིས་མཆོད། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་ནས་ ཁཾ་སྭཱ་ཧཱའི་བར་ནམ་མཁའ་མཛོད་ཀྱི་སྔགས་ལན་གསུམ་དང་རྡོར་ཐལ་ཕྱེ་རྒྱས་གཏོར་མ་འབུལ། དྲི་ཟ་དག་གི་བདག་པོ་ཆེ། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །བཙུན་མོ་སྲས་དང་བློན་པོར་བཅས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཤར་ཕྱོགས་བགེགས་ཀྱི་མཚམས་ཆོད་ཅིག །ཅེས་ཕྲིན་ལས་བཅོལ། རང་སྔགས་ལན་གསུམ་བཟླ། ཏིཥྛ་བཛྲ་ཞེས་མེ་ཏོག་འཐོར་ལ་བརྟན་བཞུགས་བྱ། དེ་བཞིན་དུ་གཞན་གསུམ་པོ་ཡང་རིགས་འགྲེ་བས། ལྷོར། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་སྐུ་མདོག་སྔོན་པོ་མཛེས་ཤིང་བརྗིད་པའི་ཆས་ཅན་རལ་གྲི་འཛིན་པའི་སྐུར་གྱུར། རི་རབ་ཀྱི་ལྷོ་ཕྱོགས་ནས་དྲངས་བསྟིམ། ཨོཾ་བཻ་རཱུ་ཌྷ་ཀཱ་ཡ་སྭཱ་ཧཱ༔ གྲུལ་བུམ་དག་གི་བདག་པོ་ཆེ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །བཙུན་མོ་སྲས་དང་བློན་པོར་བཅས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ལྷོ་ཕྱོགས་བགེགས་ཀྱི་མཚམས་ཆོད་ཅིག །ནུབ་ཏུ། རྒྱལ་པོ་ཆེན་པོ་མིག་མི་བཟང་སྐུ་མདོག་དམར་པོ་མཛེས་ཤིང་བརྗིད་པའི་ཆས་ཅན་སྦྲུལ་ཞགས་དང་མཆོད་རྟེན་འཛིན་པའི་སྐུར་གྱུར། རི་རབ་ཀྱི་ནུབ་ཕྱོགས་ནས་དྲངས་བསྟིམ། ཨོཾ་བི་རཱུ་པཱཀྵཱ་ཡ་སྭཱ་ཧཱ། ཀླུ་དབང་དག་གི་བདག་པོ་ཆེ། །རྒྱལ་པོ་ཆེན་པོ་མིག་མི་བཟང་། །བཙུན་མོ་སྲས་དང་བློན་པོར་བཅས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ནུབ་ཕྱོགས་བགེགས་ཀྱི་མཚམས་ཆོད་ཅིག །བྱང་དུ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་སེར་པོ་མཛེས་ཤིང་བརྗིད་པའི་ཆས་ཅན་བེ་ཅོན་དང་ནེའུ་ལེ་འཛིན་པའི་སྐུར་གྱུར། རི་རབ་ཀྱི་བྱང་ཕྱོགས་ནས་དྲངས་བསྟིམ། ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། གནོད་སྦྱིན་དག་གི་བདག་པོ་ཆེ། །རྒྱལ་པོ་ཆེན་པོ་ངལ་བསོས་པོ། །བཙུན་མོ་སྲས་དང་བློན་པོར་བཅས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བྱང་ཕྱོགས་བགེགས་ཀྱི་མཚམས་ཆོད་ཅིག །ཅེས་བྱའོ། །ནང་མཚམས་ནི། སྒྲུབ་ཁང་གི་སྒོ་རུ་བྲུབ་ཁུང་གྲུ་གསུམ་དུ་བྲུ། དེར་ར་སོག་གམ་གྲོ་ཤོག་ལ་དམ་སྲིའི་ལིངྒ་བྲིས་པའི་སྙིང་གར་ཏྲི་ཡ་མ་དམ་སྲི་སཏྭམྦྷ་ནི་ཛཿཛཿཞེས་བྲིས་པ་བཀོད། གསེར་སྐྱེམས། རཾ་ཡཾ་ཁཾ་གཅིག །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿགསུམ་གྱིས་བྱིན་བརླབ། དབྱངས་རོལ་བཅས། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། ཁྱད་པར་རྡོར་སེམས་ཞི་ཁྲོའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོག་མངག་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་སོགས་ཡུལ་གཞི་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །ཅེས་པའི་ཚིག་མཚམས་གསུམ་པོར་གསེར་སྐྱེམས་འབུལ། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དམ་སྲི་ཕོ་མོ་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ། རང་ཉིད་རྡོ་རྗེ་ཁྲོ་བོའི་སྐུར་གྱུར། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི༴ ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི༴ བདེན་པ་ཆེན་པོའི་མཐུས། མ་རུངས་པའི་སེམས་ཅན་ཡ་མ་དམ་སྲིའི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛཿཏྲི་བཛྲ་ཨཾ་ཀུ་ཤ་ཛཿཛཿཧཱུྃ་བཾ་ཧོཿ ཞེས་བདེན་བདར་འགུགས་བསྟིམ་ལན་གསུམ་བྱས་ལ་དྲག་སྔགས་སོ་ལྔ་པ་བཟླ་ཞིང་ཐུན་བྲབ། ཧཱུྃ༔ གསང་བའི་དཀྱིལ་འཁོར་ཆེན་པོ་འདིར༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ བཀའ་ལས་འདའ་བྱེད་དམ་སྲི་རྣམས༔ མནན་ཅིང་གཟིར་རོ་སཏྭཾ་བྷ་ཡ༔ ཡ་མ་དམ་སྲི་སཏྭཾ་བྷ་ཡ་ནན༔ ཨོཾ་ལཾ་ཧཱུྃ་ལཾ་མཱ་ར་ཡ་ནན༔ ཞེས་པས་མནན་ལ་དོང་ཁ་བཅད། མཆེད་རྣམས་ལག་གཡས་སྟེང་དུ་བྱས་ནས་བསྣོལ་བའི་མཐེའུ་ཆུང་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ཏེ། སུམྦྷ་ནི་དང་། ཧཱུྃ༔ ང་ནི་འཇིགས་བྱེད་ཆེན་པོ་སྟེ༔ ཁམས་གསུམ་ཐམས་ཅད་སྤྱི་ནས་གནོན༔ དགྲ་བགེགས་སྡིག་ཅན་འབྱུང་པོ་རྣམས༔ དུག་གསུམ་ལས་ཀྱི་ཁུང་བུར་མནན༔ མནན་ནོ་བཅིངས་སོ་སཏྭཾ་བྷ་ཡ༔ རྡོ་རྗེའི་བྲོ་ཡི་རྒྱས་བཏབ་པས༔ སུས་ཀྱང་འཇིག་པར་ནུས་མ་ཡིན༔ ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ ཞེས་པས་བྲོ་བརྡུང་། དེ་ནས་བར་མཚམས་ནི། དཀྱིལ་འཁོར་གྱི་སྒོའི་ཡ་ཐེམ་གྱི་ཕྱི་ངོས་སུ། གཤིན་རྗེ་གཤེད་ཀྱི་རྟེན་བཏགས་པའི་མདུན་དུ་ཆུ་གཉིས་ཉེར་སྤྱོད་དང་གཏོར་མ་དཀར་ཟླུམ་ཞིག་ཀྱང་བཤམ། མཆོད་གཏོར་སྔར་ལྟར་བསང་སྦྱང་བརླབ། རྟེན་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་གཤིན་རྗེ་གཤེད་ནག་པོ་དབྱུག་པ་དང་ཞགས་པ་འཛིན་པའི་སྐུར་གྱུར། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཨརྒྷཾ་ནས་ ཤབྡའི་བར་གྱིས་མཆོད། ནམ་མཁའ་མཛོད་ཀྱི་སྔགས་དང་རྡོར་ཐལ་གྱི་རྒྱས་གཏོར་མ་འབུལ། ཧཱུྃ། གསང་ཆེན་ལྷུན་གྲུབ་ཕོ་བྲང་ནས། །བཅོམ་ལྡན་ཆོས་རྗེས་བཀའ་བསྩལ་ལྟར། །བདག་ཅག་རིག་འཛིན་སྒྲུབ་པ་པོ། །བཀའ་གསང་གཞུང་ཆེན་འདི་སྒྲུབ་ཀྱི། །འདི་ལ་གནོད་ཅིང་བར་གཅོད་རྣམས། །ས་འདི་ཡན་ཆད་མ་བཏང་ཞིག །ཕྱི་འཁོར་སྐྱོང་བའི་མུ་རན་ལ། །རྡོ་རྗེ་ཡལ་གམ་ཐུབ་པར་མཛོད། །ཨོཾ་བཛྲ་ཡ་མ་རཱ་ཛ་ས་མ་ཡ་སཏྭཾ། ཞེས་བཟླས་ནས་མེ་ཏོག་འཐོར་ཞིང་ཏིཥྛ་བཛྲས་བརྟན་བཞུགས་བྱ། དེ་ནས་དཀྱིལ་འཁོར་གྱི་འོག་གཞིའི་ཕྱོགས་བཞི་དང་མཚམས་བཞི། ཤར་ནུབ་ཀྱི་ཕྱི་རྣམས་སུ་ཕུར་གདན་བཅུ་བཀོད། སློབ་དཔོན་ཤར་དུ་ཞལ་ཕྱོགས་པའི་མདུན་དུ་སེང་ལྡེང་གི་ཕུར་བུ་བཅུ་ཙནྡན་དམར་པོས་ཁ་དོག་བསྒྱུར་མེ་ཏོག་ཕྲེང་བ་བཅིངས་པ་བཀོད་ལ། རང་གི་ཐུགས་ཀ་ནས་ཧཱུྃ་ཡིག་བཅུ་སྤྲོས་ཕུར་བུ་རྣམས་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས་སྟོད་ཁྲོ་བོའི་གཟུགས་ཅན་སྨད་ཕུར་བུ་འབར་བའི་རྣམ་པ་ཅན་དུ་གྱུར་པར་བསམས་ལ། འདོད་རྒྱལ་གྱི་རྒྱ་དང་ཧཱུྃ་བཞི་པའི་སྔགས་ཀྱིས་ཕྱོགས་བཅུའི་བགེགས་རྣམས་བཀུག་པ་ལ། ཨོཾ་བཛྲ་ཀྲོ་ཏ་སརྦ་དུཥྚཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་པའི་སྔགས་ལན་བཅུས་ཕྱོགས་ཀྱི་ཕུར་བུ་རྣམས་ཤར་ནས་གཡས་བསྐོར་དང་། མཚམས་བྱང་ཤར་ནས་གཡོན་བསྐོར། སྟེང་གི་ཕུར་བུ་ཤར་གྱི་ཤར་དང། འོག་གི་ཕུར་བུ་ནུབ་ཀྱི་ནུབ་ཏུ་གདབ། བགེགས་རྣམས་ཀྱི་སྙིང་ཕུག་ནས་གཡོ་འགུལ་མེད་ཅིང་འོད་གསལ་བར་བསམ་ཞིང་ཕུར་བུ་ལས་བྱུང་བའི་འོད་ཟེར་སྲུང་བའི་འཁོར་ལོར་འཁྲིགས་པས་ཕྱོགས་མཚམས་ཐམས་ཅད་ཁྱབ་པར་གྱུར། ཧཱུྃ༔ ང་ནི་ཡེ་ནས་རང་བྱུང་བའི༔ སངས་རྒྱས་ཀུན་གྱི་འཁོར་ལོས་སྒྱུར༔ ཆེ་མཆོག་བཛྲ་ཧེ་རུ་ཀ༔ ཐུགས་ལས་ཁྲོ་ཆུང་མཚོན་ཆ་དང༔ རབ་འབར་མེ་ཡི་ཚྭ་ཚྭ་འཕྲོ༔ ཕྱོགས་མཚམས་ཀུན་ཏུ་རབ་ཏུ་གཏམས༔ བར་ཆད་ཀུན་གྱིས་མི་ཕྱེད་པའི༔ གཞོམ་མེད་རྡོ་རྗེའི་གུར་དུ་གྱུར༔ བཛྲ་ཀྲོ་ཏ་ཙཀྲ་རཀྵ་ཛྭ་ལ་རཾ་ཧཱུྃ་བྷྲཱུྃ༔ ཞེས་སྲུང་འཁོར་བསྒོམ། བསྲུང་བྱ་སྲུང་བྱེད་སྲུང་བ་ཐམས་ཅད་གདོད་ནས་སྤྲོས་བྲལ་དུ་འོད་གསལ་བ་དེ་ཁོ་ན་ཉིད་ཀྱི་སྲུང་འཁོར་ཡང་བསྒོམ་པ་སྟེ། དེ་དག་ནི་ནུབ་དང་པོའི་བྱ་བའོ། །འདི་དག་གི་སྐབས་སུ་ཕྱི་བཤགས་སཱཙྪ་བཏབ་པ། ཆུ་གཏོར་གཏོང་བ། མདོ་སྡེ་ཀློག་པ། གླུད་གཏོར་གསེར་སྐྱེམས་ལ་སོགས་པ་དགེ་བའི་དཔུང་སྐྱེད་ཅིང་བར་གཅོད་ཞི་བའི་ཐབས་ཀྱི་རིམ་པ་ཇི་ལྟར་འགྲུབ་པར་བྱའོ། །གསུམ་པ་སྟ་གོན་ནི། བདག་བསྐྱེད་མཆོད་གཏོར་སྔ་ཉིན་ལྟར་བཤམ། དཀྱིལ་འཁོར་གྱི་གཞི་ལ་བདུད་རྩི་ལྔ་དང་བསྲེས་པའི་དྲི་བཟང་གི་ཐིག་ལེ་གྲུ་བཞི་པ་ལ་མེ་ཏོག་དཀར་པོའི་ཚོམ་བུ་བཀོད། དེའི་མཐའ་སྐོར་དུ་ཕྱི་མཆོད་གཡས་བསྐོར་དུ་བཤམས་ལ་བདག་བསྐྱེད་བཟླས་པ་བསྡུ་ལྡང་གི་བར་སོང་ནས། སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་སོགས་ནས། ཨོཾ༔ ཕྱོགས་བཅུ་ཀུན་ན་སོགས་ཚིགས་བཅད་དང་། ས་མ་ཡ་སཏྭཾ། གདོད་ནས་གྲུབ་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་དཀྱིལ་འཁོར་གྱི་ས་གཞིའི་སྟེང་གི་ནམ་མཁའ་ལ་བཞུགས་པར་གྱུར། ཞེས་མོས་ལ། བདེ་བར་གཤེགས་སོ་སོགས་མཆོད་པ་རྒྱས་པ་མདུན་བསྐྱེད་ལྟར་རམ། དེ་ལས་བསྡུས་པ་ཅི་རིགས་དང་། ཨོཾ༔ བླ་མ་དཔལ་ལྡན་སོགས་ཀྱིས་བསྟོད། སྙན་གསན་དབབ་པ་ནི། སློབ་དཔོན་གྱིས་པུས་མོ་གཡས་པ་བཙུགས། སྤོས་དང་བཅས་པའི་རྡོར་དྲིལ་འཛིན་ལ། ཨོཾ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔ སྔོན་གྱི་ཞལ་བཞེས་དགོངས་མཛོད་ལ༔ བདག་དང་སློབ་མ་རྣམས་དོན་དུ༔ བཅོམ་ལྡན་ཁྱོད་ལ་མཆོད་བགྱིད་ན༔ དགྱེས་མཛད་བརྩེ་བས་དགོངས་ནས་ནི༔ ནངས་པར་འདིར་ནི་འབྱོན་པར་མཛོད༔ ཅེས་ལན་གསུམ་བརྗོད་ལ། བདག་བསྐྱེད་སྐབས་ལྟར། ཨོཾ༔ དཔག་མེད་ནམ་མཁའི་ཁམས་ཉིད་ལས༔ སོགས་ཀྱིས་མཆོད། བཛྲ་མུཿས་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། ཞེས་མོས། བཞི་པ་ཐིག་ཚོན་གྱི་བྱ་བ་ལ་ཐོག་མར་གོ་མ་ཡེ་གཏོང་བ་ནི། ཧཱུྃ༔ གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ རང་བྱུང་བདུད་རྩི་རྣམ་པ་ལྔས༔ ཡེ་ཤེས་དངོས་གྲུབ་མཆོག་གྲུབ་ཕྱིར༔ ཁྱབ་བརྡལ་ཆེན་པོར་ཆག་ཆག་འདེབས༔ ཨོཾ་པཉྩ་ཨམྲྀ་ཏ་མ་དྷ་ལ་བྷྲཱུྃ་སྭཱ་ཧཱ༔ ཞེས་འཇམ་རོལ་དང་བཅས་པས་དཀྱིལ་འཁོར་གྱི་གཞི་བ་བྱུང་གིས་བྱུག །དྲི་བཟང་དང་སྦྱར་བའི་བདུད་རྩི་ལྔའི་ཆུ་རྡོ་རྗེའི་ཁུ་ཚུར་གྱིས་གཏོར་བ་བྱང་ཤར་ནས་གཡས་བསྐོར་དུ་ཁྱེམ་མེད་པར་བྱུག་གོ །དེ་ནས་ཐིག་ཚོན་གྱི་བྱ་བ་དངོས་ནི་བསྙེན་སྒྲུབ་ཕྲིན་ལས་ཀྱི་ཆོ་གའི་གཞུང་དུ་གསལ་བ་ལྟར་རོ། །ལྔ་པ་རྒྱན་བཀོད་པ་ནི། སློབ་དཔོན་རྡོར་དྲིལ་དང་སྤོས་ཀྱི་རེང་བུ་འཛིན་པས་ཐོག་དྲང་། མཆེད་གཞན་རྣམས་ཀྱིས་མྱང་གྲོལ་རིལ་བུ་སྒྲུབ་པ་དང་འབྲེལ་ན་དེའི་སྣོད་བྷནྡྷ་ཁ་སྦྱོར། རྣམ་རྒྱལ་བུམ་པ། ཐོད་པ། མེ་ལོང་། ཤེལ་རྡོ། རལ་གྲི་བཞི། མདའ་བཞི། ཕུར་བུ་བཞི། གདུགས། བ་དན་བཞི། རྒྱལ་མཚན་བཞི། ཉེར་སྤྱོད་ཙམ་ཐོགས་པའི་སེར་སྦྲེང་གིས་དཀྱིལ་འཁོར་ལ་གཡས་སུ་བསྐོར་ཞིང་། ཧཱུྃ༔ ཡེ་ཤེས་བུམ་པ་རྡོ་རྗེའི་གཞལ་ཡས་ཁང༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་བཞུགས་པའི་གནས༔ སྐུ་དང་གསུང་དང་ཐུགས་སུ་དབྱེར་མེད་ཅིང༔ དངོས་གྲུབ་རྣམ་གཉིས་སྩོལ་ཕྱིར་བཞུགས་སུ་གསོལ༔ ཨོཾ་བཛྲ་སཏྭ་ཨཱ༔ སརྦ་ས་མ་ཡ་ཏིཥྛ་ལྷན༔ ཞེས་འཇམ་རོལ་དང་བཅས་པས་རིལ་བུའི་སྣོད་ཡོད་ན་དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་སྟེགས་ལ་བཀོད། དེ་སྟེང་འཕྲུལ་སྟེགས་ལ་རྣམ་བུམ་གྱི་ཁར་ཐོད་པ་མེ་ལོང་ཤེལ་རྡོ་བཅས་བཞུགས་སུ་གསོལ། དེ་ནས་རལ་གྲི་སོགས་ཚིག་བསྟུན་ཕྱོགས་མཚམས་སུ་མཛེས་པར་བཀྲམ་ཞིང་། ཧཱུྃ༔ ཤེས་རབ་རལ་གྲིས་ཉོན་མོངས་དྲྭ་བ་གཅོད༔ ཡེ་ཤེས་མདའ་ཡིས་མ་རིག་དུག་གསུམ་འབིགས༔ ཕྲིན་ལས་ཕུར་པས་བར་ཆད་བདུད་དཔུང་འདུལ༔ དཀྱིལ་འཁོར་ཆེན་པོའི་རྒྱན་དུ་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ བྱམས་པའི་གདུགས་མཆོག་འཁོར་བའི་ཚ་གདུང་སྐྱོབ༔ ཆོས་ཀྱི་རྒྱལ་མཚན་བར་ཆད་བདུད་ལས་རྒྱལ༔ ཤེས་རབ་འཕན་དར་བྱང་ཆུབ་ཆོས་རྣམས་རྫོགས༔ རྒྱལ་བའི་དཀྱིལ་འཁོར་མཛེས་པའི་རྒྱན་དུ་འབུལ༔ བཛྲ་སྥ་ར་ཎ་ཕཊ༔ ཨརྒྷཾ་མེ་ཏོག་བདུག་སྤོས་མར་མེ་དང༔ དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ༔ དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་པ་རྣམས༔ དཀྱིལ་འཁོར་ལྷ་ཚོགས་མཆོད་ཕྱིར་འབུལ་བར་བགྱི༔ སརྦ་པཱུ་ཛ་ས་མ་ཡ་ཧཱུྃ༔ ཞེས་སོ་སོའི་མཐར་འཇམ་རོལ་བྱ། ལག་ལེན་བདེ་ཁྱད་གདུགས་ཐོག་མ་ནས་དབུབ། བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམས་ཕྱོགས་མཚམས་བརྒྱད་དུ་ཆུ་གཉིས་ཉེར་སྤྱོད་ལྔ་གཡས་བསྐོར་དུ་བཀོད། མདུན་ལྟ་བུ་གང་བདེར་དཀྱིལ་འཁོར་ལྷའི་འདས་གཏོར། བླ་གཏོར་ཟླུམ་པོ་མཐེབ་ཀྱུ་བཞི་བཅུ་རྩ་གཉིས་ཀྱིས་བསྐོར་བ་དཀར་པོ་དང་། དཔལ་གཏོར་ཟུར་གསུམ་ཀྱུ་གུ་ང་བརྒྱད་ཀྱིས་བསྐོར་བ་དམར་པོ་བཅས་རྒྱན་སྤྲོས་དར་གདུགས་ཅན། དེ་དག་གི་གཡས་སུ་དམ་ཅན་སྤྱིའི་གཏོར་སྤུངས་དང་ཆད་མདོ། གཡོན་དུ་སྔགས་སྲུང་མའི་གཏོར་མ་དང་བརྟན་མ། གཡས་གཡོན་དུ་སྒྲུབ་པའི་རྫས་དང་སྦྱར་བའི་སྨན་རཀ་རྣམས་བཀོད། འགྲུབ་ན་ཕྱི་མཆོད་བརྒྱ་རྩའམ་སྟོང་མཆོད་ལ་སོགས་པ་དང་། སྨན་རཀ་གཏོར་མ་ཚོགས་གཏོར་རྣམས་ཀྱང་བརྒྱ་རྩའི་ཕྲེང་བས་དཀྱིལ་འཁོར་གྱི་མཐའ་བསྐོར་ཞིང་། བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སོགས་ཀྱི་གཟུགས་བརྙན་བྲིས་འབུར་ཡང་བཀྲམ་པ་དང་། གོས་དང་རྒྱན་གྱི་ཡོ་བྱད་སོགས་འདུ་བྱ། སྔར་སྲུང་བའི་ཚེ་བཏབ་པའི་ཁྲོ་བཅུའི་ཕུར་བུ་རྣམས་ཀྱང་ཕྱོགས་མ་འཆོལ་བར་དཀྱིལ་འཁོར་གྱི་མཐར་བཀོད། སྒྲུབ་མཆོད་དངོས་གཞི་ལ་མཁོ་བའི་སྤོས་རོལ་གཡབ་དར། བསང་ཆུ་འཐོར་གཡབ། སྔོན་འགྲོ་དཀར་བགེགས། ཚོགས་ཀྱི་ཡོ་བྱད། གཏེར་གཞི་དང་ཆད་བརྟན་གྱི་གཏོར་མ། ཧོམ་ཁུང་དུ་ཉུ་ལེའི་ལིངྒ་ཐུན་རྫས། གདབ་ཕུར། མཆོད་པ་ཁ་གསོ་བར་སྟབས་བདེ་སླད་དཀྱིལ་འཁོར་མདུན་ངོས་ཕྱི་རོལ་དུ་ཕྱི་མཆོདཕྲེང་ཚར་དང་། མེ་ཏོག་སྤོས་དང་ཞལ་ཟས་སོགས་ཁ་གསོ་བྱེད་རྣམས་ཀྱང་གྲབས་སུ་ཚུད་པར་བྱའོ། །དེས་ཉིན་གཉིས་པའི་བྱ་བ་གྲུབ། མགྱོགས་ཁྱད་ལྟ་བུར་སྔོན་འགྲོའི་ཉི་མ་གཉིས་པོ་སྦྲེལ་ན། ཕུར་གདབ་སྲུང་འཁོར་གྱི་འཕྲོས་དེ་མ་ཐག་པར་ལྷ་སྟ་གོན་གྱི་ཉེར་བསྡོགས་གྲབས་སུ་ཚུད་པར་བྱས་ནས། བདག་བསྐྱེད་སྐབས་ལྟར་མཆོད་པ་བྱིན་བརླབ། སྙིང་གའི་ཧཱུྃ་གི་འོད་ཟེར་སོགས་མན་ཆད་གོང་སྨོས་དཀྱུས་བཞིན་བཏང་བས་འགྲུབ་བོ། །གཉིས་པ་སྒྲུབ་མཆོད་དངོས་གཞི་ལ། སློབ་དཔོན་དཀྱིལ་འཁོར་ལ་ཞལ་ཕྱོགས་པའི་མདུན་གཡོན་ནས་བརྩམ། ནང་མཆོད་རྡོར་དྲིལ་ཅང་ཏེའུ་མེ་ཏོག་གི་སྣོད་ལས་བུམ་རྣམས་བཞག །གཞན་རྣམས་ཀྱང་ཇི་ལྟར་འོས་པར་འཁོད་ལ་ཚིག་བདུན་གསོལ་འདེབས། གཏེར་ཆེན་རིན་པོ་ཆེའི་རྣམ་ཐར་དང་སྐྱེས་རབས་གསོལ་འདེབས་གང་འོས། བརྒྱུད་འདེབས་སྔོན་དུའགྲོ་བའི། སྔོན་གཏོར་ནས་བརྩམ་ཕྲིན་ལས་ཀྱི་གཞུང་དང་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གྱིས་མཛད་པའི་ལྷན་ཐབས་ཟུར་འདེབས་ལྟོ་སྦྱར་བའི་བདག་བསྐྱེད་བཟླས་པ་བསྡུ་རིམ། མདུན་བསྐྱེད་ཕྱག་མཆོད་བསྟོད་པའི་བར་བྱས་ནས་བཟླས་གྲངས་ཀྱི་གཙོ་བོ་འདིར་བཟུང་། གལ་ཏེ་མྱང་གྲོལ་རིལ་བུ་སྒྲུབ་པ་དང་འབྲེལ་ན་དེའི་འདོན་བྱ་དང་ལག་ལེན་ཁྱབ་བདག་བླ་མ་ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་གསུང་རབ་ལྟར་ཉམས་སུ་ལེན། གལ་ཏེ་དབང་བསྐུར་གནས་ལུང་སོགས་དང་སྦྲེལ་ན་བུམ་པའི་འཛབ་ཀྱང་བྱ། དེ་མཐར་ཉུ་ལེ་སྐྲོད་ཅིང་བྱིན་འབེབས་བྱ་བའམ་འགྲུབ་ཏུ་རུང་ན་བུམ་འཛབ་མཐར། ཡེ་ཤེས་སྐུ་མཆོག་གི་བཤགས་པ་སོགས་ཡན་ལག་ལྷག་མ་རྣམས་དང་། དམ་བཅའ་ཙམ་མམ་སྐོང་ཆེན་ལྔ་དག་གྱུར་དང་བཅས་པ། བྱིན་རླབས་ནས་ལྷག་མའི་བར་ཚོགས་མཆོད་ཀྱི་ཚུལ་དུ་བཏང་ཞིང་དེ་དག་ལ་དབྱངས་རོལ་དང་གསོལ་གདབ་སོགས་ཀྱི་སྤྲོས་པ་མི་དགོས། ཉུ་ལེ་སྐྲོད་པ་དང་བྱིན་འབེབས་ལན་གཅིག་ལས་མི་བྱེད་ན་དགོང་མོ་བརྟན་མ་སྐྱོང་བའི་རྗེས་སུ་ཉུ་ལེ་བསྐྲད། བཀྲ་ཤིས་ཀྱི་རྗེས་སུ་བྱིན་འབེབས་བྱ་བ་ཡིན་ཡང་ཐུན་རེ་རེ་བཞིན་དེ་དག་བྱེད་པར་སྤྲོ་ན། སྐབས་འདིར་ཉུ་ལེའི་ལིངྒ་སློབ་དཔོན་གྱི་དྲུང་དུ་བཤམ། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉུལ་ལེ་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ཉམ་ཐག་པའི་གཟུགས་ཅན་དུ་གྱུར། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི༴ ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི༴ བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉུ་ལེ་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛཿཏྲི་བཛྲ་ཨཾ་ཀུ་ཤ་ཛཿཛཿཧཱུྃ་བཾ་ཧོཿ དྲག་སྔགས་སོ་ལྔས་ཐུན་བྲབ། ཨོཾ་བཛྲ་ཀྲོ་དྷ་སརྦ་དུཥྚཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཤཱ་ཏྲཱུཾ་མཱ་ར་ཡ་རྦད། ཅེས་ཕུར་བུ་འདྲིལ་ཞིང་གདབ། དེ་ནས་སྦྱར་སྤོས་དྲི་ཞིམ་པོ་བསྲེག །ཞྭ་སོགས་གཟི་བྱིན་བསྐྱེད་ལ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་རློབ་པའི་དུས་ལ་བབ། །དབང་མཆོག་སྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་སྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། །ཅེས་དང་། ཡིག་བརྒྱའི་མཐར། ཨོཾ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཨཱཿཧ་ཛྷཻཾཿ ཞེས་ཐོད་རྔ་སོགས་རོལ་མོའི་སྒྲ་སྦྱར་ཞིང་། དར་སྣ་ལྔའི་གཡབ་མོ་འདོར་ཏེ་སྒྲུབ་པའི་རྟེན་ལ་བྱིན་དབབ། ཛཔ྄་དབྱངས་བྱ་ཞིང་ཚོགས་གྲོལ་བས་ཐུན་དང་པོ་གྲུབ། ཐུན་གཉིས་པར། བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་སོགས་སྔོན་འགྲོ་རྒྱུད་དག་པར་བྱེད་པ་ནས་བྱིན་དབབ་པ་ཡན་ཆད་སྔ་མ་ཇི་ལྟ་བར་བསྐྱར། ཐུན་གསུམ་པར་ཡང་དེ་དང་འདྲ་བ་ལས་སྐོང་ཆེན་དག་འགྱུར་བཅས་པའི་རྗེས་སུ་སྤྲོ་ན་བདག་འཇུག་བླང་། མ་གྲུབ་ཀྱང་འགལ་བ་མེད། དེ་ནས་དམ་ཅན་སྤྱི་གཏོར། སྔགས་སྲུང་མའི་བསྟོད་པའི་མཐར་བསྡུ་ན་སྐོང་བ་སྦྲེལ་བ་དང་། གཏེར་གཞི། ལས་རྡོར་གྱིས་གསོལ་གདབ་བཅས་ཚོགས་བྱིན་རླབས་ནས་སྦྱོར་མཆོད་ཀྱི་བར་བཏང་ལ་ཚོགས་འབུལ་དྲང་བྱ། རྒྱས་པར་སྤྲོ་ན་གོང་དུ་སྐོང་བ་མི་གཏང་བར་སྐབས་འདིར་བྱིན་རླབས་སྔོན་འགྲོས་སྔགས་སྲུང་མའི་སྐོང་བ། བཤགས་པ་ཕྲིན་བཅོལ་བཅས་སྦྱར། གང་ལྟར་འདིར་ཆ་གསུམ་བཏང་ལ་སྨོན་ལམ་ཚིག་བཞིའི་མཐར་ལས་རྡོར་གྱིས་གསོལ་གདབ་བཅས་ལྷག་མ་བསྔོས་ལ་བཙོན་དུ་འཛིན། དམ་ཅན་སྤྱི་གཏོར་གྱི་གཏོར་འབུལ་ནས་བཀྲ་ཤིས་བར་མཐར་དབྱུང་། དེ་ནས་ཆད་མདོ་དང་བརྟན་མ་འབུལ་མཚམས་བསྡུ་ན་གོང་གསལ་ལྟར་ཉུ་ལེ་ལ་ཕུར་གདབ་བྱ། ཅུང་ཟད་རྒྱས་པར་སྤྲོ་ན་རྗེས་སུ་བཀྲ་ཤིས་གྲུབ་ཀྱི་བར་མི་བྱ། གོང་ལྟར་མཆོད་པ་བྱིན་བརླབ། རྗེས་ཆོག་མཆོད་བསྟོད། ནོངས་བཤགས། རྡུལ་ཚོན་རས་བྲིས་སྐབས་ཕྱེད་པའི་བརྟན་བཞུགས་སྤྱི་མཐུན། བསྡུ་ལྡང་བསྔོ་སྨོན། བཀྲ་ཤིས་བཅས་གྲུབ་ནས་གོང་དུ་མ་སོང་ན་ཉུ་ལེ་གཟིར་བ་སྔར་སྨོས་པ་ལྟར་རམ་སྤྱི་འགྲོའི་རྒྱས་པ་སྦྱར་ཡང་རུང་ལ་ཕུར་གདབ་གྲུབ་པའི་མཚམས་སུ་བཀའ་བརྒྱད་ལྟར་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་ལ་ཐུན་བྲབ། བྱིན་འབེབས་གོང་སྨོས་ལྟར་རམ། རིག་འཛིན་ཐུགས་ཐིག་གི་བྱིན་འབེབས་དངོས་གྲུབ་ཆར་འབེབས་ཉིད་སྦྱོར་ནའང་སྐབས་སུ་འཚམས་པར་འགྱུར་རོ། །འདི་ནས་བརྩམ་སྟེ་ཛཔ྄་རྒྱུན་འཛུག་པ་དང་། ཐུན་དང་པོའི་བསྙེན་པའི་སྐབས་ནས་སྔགས་རྒྱུན་ལེན་པ་གཉིས་སུ་སྣང་བ་གང་ལྟར་བྱས་ཀྱང་འགལ་བ་མེད་མོད། ད་ལྟ་ཕྱག་ལེན་ཕྱི་མ་ལྟར་བྱེད་ཅིང་དེ་ནས་བརྩམ་ཡི་གེ་བརྒྱ་པའི་ཛཔ྄་སྔགས་གསུང་མི་ཆད་དུ་བཟླ། ཐུན་བརྗེ་ལེན་སྐབས་སྔ་མ་རྣམས་ཀྱིས་མཆོད་བསྟོད་བསྡུས་པ་རེའང་བྱ་བར་གསུངས་སོ། །མཚན་ཐུན་རྣམས་ལའང་སྔོན་འགྲོ་རྒྱུད་དག་ནས་བྱིན་འབེབས་ཡན་ཉིན་ཐུན་གཉིས་པ་དང་འདྲ་བ་ལས་མདུན་བསྐྱེད་མཆོད་ཚིག་རྒྱས་པ་མ་ལྕོགས་ན་བདག་བསྐྱེད་ལྟར་བྱ་བ་དང་། སྐོང་ཆེན་ལྔའང་མ་ལྕོགས་ན་བཞག་ཏུ་རུང་ངོ་། །དེ་ལྟར་ཐུན་དྲུག་ལྕོགས་ན་ཤིན་ཏུ་ལེགས་ཤིང་ཅིས་ཀྱང་མ་འཁྱོངས་ན་ཉིན་ཐུན་གཉིས། མཚན་ཐུན་གཉིས་ཏེ་ཐུན་བཞིར་བྱས་ཀྱང་ཆོག་གོ །གསུམ་པ་རྗེས་སྒྲུབ་པ་གྲུབ་པའི་ཉིན་ཐ་མའི་བྱ་བ་ནི། ཚོགས་ཐ་མ་བསྟབ་པའི་དུས་ཉུ་ལེའི་ལིངྒ་མེར་བསྲེགས་པའི་ཐལ་བ་ཆོས་སྐྱོང་གཏོར་མར་བསྟབ། བདག་འཇུག་ངེས་པར་བླང་བའི་རྗེས་ཙམ་དུ་ཁ་སྐོང་ལ་ཞི་བ་དང་དངོས་གྲུབ་ཆེན་པོའི་དོན་དུ་མཆོག་གི་སྦྱིན་སྲེག་ཅི་རིགས་པ་བསྙེན་སོང་གི་སློབ་དཔོན་གཞན་པ་དང་གྲྭ་པ་གྲངས་བཅད་ཀྱིས་བསྒྲུབ། དེའི་སྦྱོར་དངོས་ཀྱི་བྱ་བ་གཞུང་གསལ་ལྟར་ལ་འདས་པའི་མེ་ལྷ་མཆོད་པའི་བསྐྱེད་ཆོག་སྐབས། བཀོད་པ་ཕུལ་དུ་བྱུང་བའི་སྟེང་དུ་པདྨ་དང་ཟླ་བའི་གདན་བཀྲ་ལམ་གྱིས་གསལ་བར་གྱུར། ཨོཾ༔ ཕྱོགས་བཅུ་ཀུན་ན་སོགས་བརྗོད་ཅིང་ལས་ཀྱི་རྡོ་རྗེས་སྤོས་རོལ་གྱིས་མཚོན་པར་ཚོམ་བུ་སྤྱན་དྲངས་ལ། ཛཿཧཱུྃ་བཾ་ཧོཿ ཡིག་བརྒྱ་ལན་གཅིག །ཐབ་ཀྱི་དཀྱིལ་འཁོར་གྱི་དབུས་སུ་བཞུགས་པ་ནི་བླ་མ་དང་གཉིས་སུ་མེད་པའི་སོགས་ནས་གསལ་བར་གྱུར། དེ་ནས་ཕྱག་དང་མཆོད་བསྟོད་དཀྱུས་བཞིན་ལ། རྗེས་གཤེགས་གསོལ་སྐབས། བཛྲ་མུཿ མེ་ཐབ་ཀྱི་ལྷ་ཚོགས་རྣམས་དཀྱིལ་འཁོར་པའི་ཐུགས་ཀར་གཤེགས་པར་གྱུར། ཞེས་སྦྱར་ལ་ལས་རྡོར་གྱིས་ཚོམ་བུ་སླར་སྤྱན་དྲང་བ་ནི་ཁྱད་པར་རོ། །ལྷག་ཆོག་གི་སྐབས་སྔར་བཙོན་འཛིན་བྱས་པའི་ལྷག་མ་རྣམས་ཀྱང་སྒྲུབ་ཁང་གི་ཕྱི་རོལ་ལྷོ་ནུབ་གོམས་པ་བདུན་ཅུའི་སར་སྤུངས། བརྟན་མ་བསྐྱང་གྲུབ་པའི་རྗེས་སུ་དངོས་གྲུབ་བླང་བ་ནི། དཀྱིལ་འཁོར་གྱི་མདུན་དུ་འབྲང་རྒྱས་སོགས་དངོས་གྲུབ་ཀྱི་རྫས་རྒྱས་པའམ། བསྡུ་ན་ཚེ་རིལ་ཚེ་ཆང་ཙམ་བཤམ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུྃ། ཞེས་བརྗོད་ཅིང་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། རོལ་མོའི་ཚམ་རྔམ་དང་བཅས་ཏེ་བགེགས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་པས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་སྲུང་བའི་གུར་ཁང་མེའི་འོད་ཟེར་འཕྲོ་བས་བར་མཚམས་མེད་པར་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པར་གྱུར་པར་བསམས་ལ་སྲུང་འཁོར་བསྒོམ། འཕགས་མཆོག་ཐུགས་རྗེ་མས་བྱིན་དབབ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །སོགས་ཀྱིས་བཤགས་པ་བྱ། དཀྱིལ་འཁོར་པའི་གནས་གསུམ་ལས་སྤྲོས་པའི་འོད་ཟེར་རང་གི་གནས་གསུམ་དུ་ཐིམ། སླར་ཡང་འོད་ཟེར་འཕྲོས་པས་འཁོར་འདས་ཀྱི་བཅུད་དང་དྭངས་མ་དངོས་གྲུབ་རྣམ་པ་གཉིས་མ་ལུས་པ་བསྡུས་ནས་སྒྲུབ་རྫས་རྣམས་ལ་ཐིམ་པར་གྱུར་པར་མོས། ཡིག་བརྒྱའི་ཤམ་དུ། ཨོཾ་ཨཱཿཧཱུྃ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཡང་མྱང་གྲོལ་སྒྲུབ་པ་དང་འབྲེལ་ན། སྒྲུབ་རྫས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པས་རང་ལ་ཐིམ་པར་གྱུར་པར་བསམས་ལ་ཡིག་བརྒྱའི་མཐར། ཨོཾ་ཛྙཱ་ན་ཨམྲྀ་ཏ་སརྦ་སིདྡྷི་ཧཱུྃ། ཞེས་སྦྲེལ་བ་བརྒྱ་སྟོང་སོགས་བཟླ་ཞིང་། མཐར་སྨན་གཏོར་རཀྟས་མངའ་གསོལ་བ་ནི། གཙང་དམེའི་དྲི་རྟོག་ཀུན་བྲལ་བའི༔ སོགས་དང་། ཤ་ལྔ་བདུད་རྩིའི་སྙིང་པོ་ཅན༔ སོགས་ཀྱིས་རྒྱས་པར་མཆོད་ནས། སྒྲུབ་རྟེན་བནྡྷ་ཁ་སྦྱོར་གནས་བཞིར་གཏུག་ཅིང་། ཨོཾ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔ བདག་ལ་རྗེས་སུ་ཆགས་པར་མཛོད༔ སྐྱེ་རྒ་ན་དང་འཆི་བ་སོགས༔ འཇིགས་རུང་སྲིད་པའི་སྡུག་བསྔལ་ལས༔ མགོན་པོ་ཁྱོད་ཀྱིས་བདག་སྐྱོབས་ཤིག༔ སྡིག་པ་ཀུན་ལས་རྣམ་གྲོལ་ཞིང༔ ཡང་དག་ཡེ་ཤེས་སེམས་དཔའ་ཆེའི༔ སྐུ་གསུང་ཐུགས་སུ་བདག་སྒྲུབས་ཤིག༔ ས་མ་ཡ་སིདྡྷི་ཨ་ལ་ལ་ཧོ༔ ཞེས་རོལ་མོའི་སྒྲ་དང་བཅས་པས་དངོས་གྲུབ་བླང་ཞིང་། ལྷ་འོད་དུ་ཞུ་བའི་དམ་རྫས་བདུད་རྩིར་གྱུར་པར་མོས་ལ་ཐབས་ཤེས་ཀྱི་རྫས་རྣམས་གཡས་བསྐོར་གཡོན་བསྐོར་དུ་སྟོབ་ཅིང་ལོངས་སྤྱོད། དེ་ནས་དཀྱིལ་འཁོར་རྗེས་ཆོག་མཆོད་པ་བྱིན་རླབས། མཆོད་བསྟོད་ཡན་ཆད་དཀྱུས་བཞིན་ལ། རྡུལ་ཚོན་ཡིན་ན་བརྟན་བཞུགས་བོར་ནས། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་གསལ་དུ་བསྡུ། སླར་ཐུན་མཚམས་ཀྱི་ལྷར་ལྡང་ལ་གོ་བགོ་ལུས་བསྲུང་བྱ། ཕྱི་རོལ་དུ་སོང་ནས་རྒྱལ་ཐོ་བཞི་ལ། མཆོད་གཏོར་བཤམས་ནས་བྱིན་རླབས་བསྐྱེད་བསྟིམ་མཆོད་གཏོར་འབུལ་བ་རྣམས་ཐོ་སྡོམ་ལྟར་ལས། བསྟོད་པའི་རྐང་པ་ཐ་མ་ཤར་ཕྱོགས་བགེགས་སོགས་ཀྱི་ཚབ་ཏུ། བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་སྦྱར་བའི་མཐར་བཛྲ་མུཿས་གཤེགས་སུ་གསོལ། སྒོ་བྱང་ལ། མཆོད་གཏོར་བཤམ་བཀོད་རློབ་པ་བསྐྱེད་དྲངས་བསྟིམ་དབུལ་རྣམས་སྡོམ་པ་ལྟར་ལ། བཛྲ་མུཿས་གཤེགས་སུ་གསོལ། དེ་ནས་ནང་དུ་ལོག་སྟེ། ཨོཾ་བཛྲ་ཀཱི་ལ་ཡ་ཨུཊྐཱི་ལ་ཡ་སརྦ་ཀཱི་ལ་ཡ་བཛྲ་དྷ་ར་ན་ཨཛྙཱ་པ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཧོཿ ཞེས་ཧཱུྃ་བཞི་པའི་སྔགས་བཟླ་ཞིང་རྐང་པ་གཡོན་ཀྱང་དང་ལག་སྐམ་པའི་རྒྱས་ཕུར་བུ་རྣམས་མས་རིམ་ནས་བཏོན་ལ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནེ་སྭཱ་ཧཱ། ཞེས་བཟླས་པའི་འོ་མས་ཕུར་རྩེ་བཀྲུ་ཞིང་ཕུར་ཁུང་ལའང་གཏོར། རྡུལ་ཚོན་གྱི་དཀྱིལ་འཁོར། ཨ་ཀཱ་རོ་བཟླ་ཞིང་རྡོ་རྗེས་དབང་ལྡན་གྱི་རྩིག་པ་ནས་བརྩམ་སྟེ་ལྟེ་བའི་བར་བསྐོར་བའི་རེ་ཁཱ་གསུམ་འཐེན་ཅིང་ལྷ་མཚན་ཅུང་ཟད་བླངས་པ་མགོ་བོར་བཀོད་ཅིང་དོན་དུ་གཉེར་བ་རྣམས་ལའང་ཅུང་ཟད་བྱིན་པའི་ལྷག་མ་རྣམས་ཕྱགས་ལ་བུམ་པ་སོགས་སྣོད་དུ་བླུག །དྲི་བཟང་གི་ཆུས་ཐིག་རྣམས་ཀྱང་མཐའ་ནས་རིམ་བཞིན་བསུབ། དེ་ནས་ཅུང་ཟད་རྒྱས་པར་སྤྲོ་ན་མར་མེ་ཐོགས་ལ། ཧཱུྃ། བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །སྙིང་པོ་བྱང་ཆུབ་ལམ་ལ་ཞུགས་པ་ཡིས། །འཁོར་བའི་གཡང་ས་ཆེན་པོར་མི་ལྟུང་ཞིང་། །ཆགས་སྡང་གཅོང་རོང་གནས་སུ་མི་སྐྱེ་དང་། །ལོག་ལྟ་དམྱལ་བའི་ཟངས་ཁར་རྦབ་མི་འགྲིལ། །འཁོན་འཛིན་གཅན་གཟན་གདུག་པའི་སྐད་མི་ཐོས། །ཉོན་མོངས་མཚོན་རྩེ་གདུག་པའི་ཟེར་མི་འཕོག །དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བ་དང་། །སྲོག་གིས་སྦྲེལ་བའི་མཆེད་དང་ལྕམ་དྲལ་དང་། །གསུམ་པའི་དབང་གིས་སྦྲེལ་བའི་རིག་མ་གསུམ། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །མི་འབྲལ་རྩེ་གཅིག་འགྲོགས་པའི་ཏིང་འཛིན་གྱིས། །ས་བཅུ་ཁྱད་པར་རིམ་གྱིས་བགྲོད་པར་ཤོག །ནམ་ཞིག་ཚེ་འཕོས་ལུས་བརྗེའི་དུས་བྱུང་ནས། །འཁོར་བའི་གཡང་སར་ལན་གཅིག་ལྟུང་སྲིད་ཀྱང་། །སྣང་བའི་གོ་འབྱེད་ཞུན་མར་མདངས་གསལ་འདིས། །རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཅིང་། ཀུན་ཏུ་འོད་ཀྱི་ས་ལ་རྒྱུད་སྦྱངས་ནས། །པདྨ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ། །འཁོར་ལོ་ཚོགས་ཆེན་ས་ལ་གཤེགས་པའི་ཚེ། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མདུན་བསུས་ཤིག །ཡི་དམ་ལྷ་ཡིས་རྒྱབ་ནས་སྲོག་བརྟེན་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐའ་སྐྱོར་ཅིག །མཆོད་པའི་ལྷ་མོ་རྣམས་ཀྱིས་སྣ་དྲོངས་ཤིག །མ་ཚོགས་དབང་མོ་རྣམས་ཀྱིས་རྗེས་སྐྱོངས་ཤིག །ལྕང་ལོ་ཅན་གྱི་ས་ལ་ཕྱིན་པའི་ཚེ། །མི་ལྡོག་པ་ཡི་ས་ལ་གནས་ནས་ཀྱང་། །རྡོ་རྗེ་ཁྲོ་རྒྱལ་ཁྱོད་ཀྱི་ཞལ་མཐོང་ནས། །རིག་འཛིན་རྣམས་དང་དབྱེར་མེད་གྱུར་ནས་ཀྱང་། །བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །ཅེས་བཀའ་བརྒྱད་སྒྲུབ་ཁོག་ལྟར་མར་མེ་སྨོན་ལམ་དབྱངས་སྙན་བོར་ལེན་ཚུལ་དུ་བྱ། མཐར། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །སོགས་བསྔོ་སྨོན་དང་། ཕུན་སུམ་ཚོགས་པའི་ཚིགས་སུ་བཅད་པས་ཐོག་དྲངས་བཀྲ་ཤིས་རྒྱས་པར་བརྗོད། རྡུལ་ཚོན་ཆུ་བོར་གཤེགས་པ་སོགས་དངོས་སུ་མ་གསལ་བ་རྣམས་གསང་བ་སྤྱི་ཆོག་ལྟར་ཤེས་པར་བྱའོ། །རིགས་འདུས་རྒྱལ་བ་འདི་གྲུབ་ན། །རབ་འབྱམས་དཀྱིལ་འཁོར་འགྲུབ་པའི་ཕྱིར། །རྙེད་དཀའ་དོན་ཆེའི་ལམ་བཟང་ལ། །ཆམ་གཅིག་ཞུགས་པའི་སྐལ་ལྡན་ཤོག །འདིས་ཐོབ་དགེ་བའི་ཆ་གང་དེས། །འབྲེལ་ཚད་འཁོར་བ་དོང་ནས་སྤྲུགས། །དཔལ་ལྡན་རྡོ་རྗེ་སེམས་དཔའ་དང་། །དབྱེར་མེད་རིགས་ཀུན་བདག་གྱུར་ཅིག །ཅེས་པ་འདིའང་གདན་ས་ཆེན་པོ་དཔལ་སྤུངས་ཀྱི་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་གི་སྒྲུབ་པའི་སྡེ་རྣམས་ལ་ཉེ་བར་མཁོ་བས་མཚམས་སྦྱར་ཏེ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་གཏེར་ཆེན་སྐུ་མཆེད་ཀྱི་གསུང་རབ་ལས་ལེགས་པར་བཏུས་ཏེ་བྲིས་པ་དགེ་ལེགས་འཕེལ།། །།
ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་ལྷ་དགུའི་ཕྲིན་ལས་ཀྱི་ཆོ་ག་འཕགས་མཆོག་དགྱེས་པའི་མཆོད་སྤྲིན་ (Volume 24, Text 6)
༄༅། །ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་ལྷ་དགུའི་ཕྲིན་ལས་ཀྱི་ཆོ་ག་འཕགས་མཆོག་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། མཐའ་ཀླས་འཇིག་རྟེན་གསུམ་གྱི་གདུང་སེལ་བའི། །སྙིང་རྗེའི་དབང་ཕྱུག་བླ་མ་ལྷག་པའི་ལྷར། །བཏུད་ནས་དེ་ཡི་ཕྲིན་ལས་འཕགས་པ་མཆོག །མངོན་པར་དགྱེས་པའི་མཆོད་སྤྲིན་ཅུང་ཟད་སྤྲོ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཆོ་གར་མ་གཏོགས་པའི་སྦྱོར་བ་དང་། ཆོ་གར་གཏོགས་པའི་སྦྱོར་བའོ། །དང་པོ་ནི། གནས་དབེན་ཞིང་ཡིད་དང་མཐུན་པར། སྟེགས་བུའི་ཁར་རྡུལ་ཚོན་ནམ་རས་བྲིས་སམ་ཚོམ་བུའི་དཀྱིལ་འཁོར་མངོན་པར་འདུ་བྱས་པའི་དབུས་སུ་རྣམ་བུམ་བཅུད་ལྡན་ཙམ་དང་། དབང་བསྐུར་བ་དང་འབྲེལ་ན་རིག་དབང་གཞན་གྱི་ཆས་སོགས་དབང་རྫས་རྣམས་ཚོགས་པར་བྱས་པའི་མཐར་སྨན་རཀ་གཏོར་གསུམ་ཉེར་སྤྱོད་སོགས་བཀོད་པས་མཛེས་པར་བཤམ། ཉེ་ལོགས་སུ་སྔོན་གཏོར་དང་། ཚོགས་ཀྱི་ཡོ་བྱད། རང་གི་མདུན་དུ་རྡོ་རྗེ། དྲིལ་བུ། ཌཱ་མ་རུ། ལས་བུམ་ནང་མཆོད་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱའོ། །གཉིས་པ་ལ། རྒྱུན་སྤྱོད་མཚམས་བཅད་སྲུང་འཁོར་བསྒོམ། །བརྡ་སྒོ་དབྱེ་ཞིང་བརྡ་ཕྱག་འཚལ། །དམ་བཅའ་བྱིན་དབབ་མཆོད་རྫས་བརླབ། །ཅེས་བརྒྱད་ལས་དང་པོ་ལ། བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། བླ་མ་དང་འཇིག་རྟེན་དབང་ཕྱུག་ལྷ་དགུའི་དཀྱིལ་འཁོར་མཁའ་ཁྱབ་ཏུ་སད་པར་བལྟས་ལ། སྐྱབས་སུ་འགྲོ་བ་ནི། བདག་སོགས་མཁའ་མཉམ་སེམས་ཅན་མ་ལུས་པ། །རྩ་བ་གསུམ་གྱི་དཀྱིལ་འཁོར་ལྷ་ཚོགས་ལ། །རང་རིག་དཔལ་ལྡན་རྡོ་རྗེ་སེམས་དཔའི་ཞལ། །རང་ངོ་མ་འཕྲོད་དེ་སྲིད་སྐྱབས་སུ་མཆི། །སེམས་བསྐྱེད་པ་ནི། རང་ལ་གདོད་ནས་ཡོད་པའི་རྫོགས་སངས་རྒྱས། །གཅེར་མཐོང་ངོ་སྤྲད་འགྲོ་ཀུན་གྲོལ་བའི་ཆེད། །བདག་གིས་བླ་ན་མེད་པའི་རྣལ་འབྱོར་མཆོག །ཉམས་བླངས་གཞན་དོན་བྱེད་པར་སེམས་བསྐྱེད་དོ། །ཚོགས་གསག་པ་ནི། བླ་མ་ཡི་དམ་མཁའ་འགྲོ་གཤེགས། །ཉི་ཟླ་པདྨའི་གདན་ལ་བཞུགས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཉམས་ཆག་སྡིག་སྒྲིབ་ཐམས་ཅད་བཤགས། །གསང་སྔགས་སྒྲུབ་ལ་རྗེས་ཡི་རང་། །སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར། །མྱ་ངན་མི་འདའ་གསོལ་བ་འདེབས། །སྙིང་པོ་སེམས་ཅན་དོན་དུ་བསྔོ། །ཡང་དག་རྡོ་རྗེའི་དོན་རྟོགས་ཤོག །ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། གཉིས་པ་མཚམས་གཅོད་ལ། ཐོག་མར་མཚམས་ལྷ་བསྐྱེད་པ་ནི། ཧྲཱིཿ རང་སེམས་སྐད་ཅིག་ཧྲཱིཿཡིག་ཡོངས་གྱུར་ལས། ཁྲོ་རྒྱལ་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པ། །བེ་ཅོན་སྡིགས་མཛུབ་རྩེ་ལས་མེ་དཔུང་འབར། །དུར་ཁྲོད་ཆས་རྫོགས་རྟ་སྐད་ཕྱོགས་བཅུར་སྒྲོག །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་ང་རྒྱལ་བཟུང་ལ། གཏོར་མ་དཀར་དམར་གཉིས། རཾ་ཡཾ་ཁཾ་གིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་མགྲོན་དགུག །རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ཞིང་སེ་གོལ་གཏོགས་པ་དང་བཅས་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨཱ་ཀ་རོ་སོགས་ལན་གསུམ་གྱིས་བསྔོས་ལ། ས་བདག་ལྷ་ཀླུ་འཁོར་དང་བཅས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདག་གིས་སྒྲུབ་པ་མ་ཐོན་བར། ཁྱེད་ལ་གནས་འདི་བདག་གཡར་གྱིས། །གནང་བ་ལེགས་པར་བསྩལ་ནས་ཀྱང་། །ཅི་བདེ་བར་ནི་གཞན་དུ་སོངས། །ཞེས་ཕྲིན་ལས་གསོལ་ལ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪས་རང་གནས་སུ་གཤེགས་པར་བསམ། གཏོར་མ་གཉིས་པ། ཨོཾ་སརྦ་བིགྷྣཱན་ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་དཾ་བ་ལིཾ་ཏ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོས་ལ། ཧཱུྃ། ཡང་དག་གསང་བའི་དཀྱིལ་འཁོར་འདིར། །འདུ་བའི་ལྷ་རྣམས་མ་གཏོགས་པ། །མི་དང་མི་མིན་འབྱུང་པོའི་ཚོགས། །འདི་རུ་མ་འདུག་གཞན་དུ་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །རྟ་མཆོག་རྒྱལ་པོས་རྡུལ་དུ་རློག །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ གནོད་བྱེད་འབྱུང་པོ་ཨུ་ཙཊྚ་ཡ་ཕཊཿ ཅེས་བཀའ་བསྒོས་ལ་དྲག་སྔགས་རོལ་མོའི་ཚམ་རྔམ་དང་བཅས་པས་བསྐྲད་ཅིང་བགེགས་གཏོར་ཕྱིར་དོར། གསུམ་པ་སྲུང་འཁོར་ནི། བདག་ཉིད་རྟ་མཆོག་ཧེ་རུ་ཀའི་སྐུ་ལས་མེ་མཚོན་གྱི་སྤྲིན་སྤྲོས་པས་བགེགས་རྣམས་བསྐྲད། སླར་འདུས་པ་ལས་འཁོར་ལོ་རྩིབས་བཅུ་པ་ཡངས་ཤིང་རྒྱ་ཆེ་བ་ཕྱི་རོལ་དུ་རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པར་གྱུར་པར་བསམ་ལ། ཧྲཱིཿ དབང་གི་རྟ་སྐད་རབ་འཚེར་ཞིང་། །འཁོར་ལོ་རྡོ་རྗེ་མེ་དཔུང་གིས། །སྟེང་འོག་ཕྱོགས་མཚམས་མེད་པར་གཏམས། །སྲུང་བའི་གུར་ཁང་ཆེན་པོར་གྱུར། །ཨོཾ་བཛྲ་ཙཀྲ་ཛྭ་ལ་རཾ་ཧཱུྃ་བྷྲཱུྃ་ཧཱུྃ། བཞི་པ་བརྡ་སྒོ་ནི། མ་དག་པའི་སྣང་ཞེན་སྦྱངས་ནས་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་ཚད་མེད་བཞིའི་འཇུག་པས་ཞུགས་པར་མོས་ཏེ། ཧྲཱི༔ ཀུན་སྣང་ཡེ་ཤེས་ཞིང་ཁམས་ལ། །འཁྲུལ་རྟོག་སྒོ་བཅད་ཀུན་ཏུ་བྲལ། །རང་ཤར་རང་ངོ་ཤེས་པ་ཡིས། །ཀློང་ཡངས་ཞིང་ཁམས་སྒོ་ཕྱེ་འོ། །ཧཱུྃ་པྲ་བེ་ཤ་ཡ་ཕཊ། ལྔ་པ་བརྡ་ཕྱག་ནི། དེ་ལྟར་ཞུགས་ནས་རང་བཞིན་གཉིས་མེད་རང་རིག་པའི་ངང་དུ་བརྡ་ཕྱག་འཚལ་བར་བསམ་ལ། ཧྲཱིཿ ཟང་ཐལ་ཀུན་བཟང་ཡེ་ཤེས་ཆེ། །ཐིག་ལེ་ཀུན་ཁྱབ་ཀུན་ཏུ་སྣང་། །རྟག་ཆད་བྲལ་བའི་དོན་གྱི་མཆོག །རང་ངོ་ཤེས་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོཿན་མཿ དྲུག་པ་དམ་བཅའ་ནི། གཉིས་སུ་མེད་པའི་བྱང་ཆུབ་སེམས་རྡོ་རྗེའི་དམ་ཚིག་ལས་ནམ་ཡང་མི་འདའ་བའི་དམ་བཅའ་བརྟན་པོར་བཟུང་བ་དང་བཅས། ཧྲཱིཿ འཆར་དང་ནུབ་པ་མེད་པ་ལ། །སྤང་བླང་བྱས་པས་གོལ་སར་ལྷུང་། །རེ་དོགས་བྲལ་བའི་བྱང་ཆུབ་སེམས། །སྲོག་གི་ཐིག་ལེར་བཟུང་བར་བགྱི། །ཨོཾ་བཛྲ་ས་མ་ཡ་སཏྭཾ། བདུན་པ་བྱིན་དབབ་པ་ནི། རང་གི་སྙིང་ག་ནས་བྱུང་བའི་ལྕགས་ཀྱུ་ལྟ་བུའི་འོད་ཟེར་གྱིས་མཁའ་ཁྱབ་ཀྱི་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ་བས། ཡེ་ཤེས་ཀྱི་ལྷ་ཚོགས་ནམ་མཁའ་ཁེངས་པ་ཙམ་དུ་བྱོན་ནས་བདག་གནས་ཡོ་བྱད་རྣམས་ལ་ཐིམ་པས་གཉིས་མེད་དུ་བྱིན་གྱིས་བརླབས་པར་མོས་ཏེ། སྤོས་རོལ་དང་དབྱངས་ཀྱི་འགྱུར་བ་སྙན་པོ་དང་བཅས། ཧྲཱིཿ ཆོས་དབྱིངས་རྣམ་དག་དཀྱིལ་འཁོར་ནས། །རང་བྱུང་ཐུགས་རྗེའི་ལྷ་ཚོགས་རྣམས། །འགྲོ་བའི་དོན་དུ་སྐུར་བཞེངས་ལ། །དབང་སྐུར་བྱིན་ཕོབ་དངོས་གྲུབ་སྩོལ། །ཨོཾ་ཨཱརྱ་ལོ་ཀེ་ཤྭ་ར་བཛྲ་ཨཱ་བེ་ཤ་ཡ་ཨཱ་ཨཱཿ བརྒྱད་པ་མཆོད་རླབས་ནི། མཆོད་རྫས་རྣམས། ཨོཾ་སྭ་བྷཱ་བ་བི་ཤུདྡྷོ་སརྦ་དྷརྨཱ་བི་ཤུདྡྷོ྅་ཧཾ། ཞེས་བརྗོད་པས་ངོ་བོ་རང་བཞིན་གྱིས་རྣམ་པར་དག་པ་ཡེ་ཤེས་ཀྱི་ང་རྒྱལ་དང་། རཾ་ཡཾ་ཁཾ་གིས་རྣམ་པ་རྫས་ཀྱི་དངོས་འཛིན་ཐམས་ཅད་ཡེ་ཤེས་ཀྱི་མེ་རླུང་ཆུས་བསྲེག་གཏོར་བཀྲུས་ནས་སྦྱངས་པར་བསམ་ལ། ཐུགས་ནས་རཾ་ཡཾ་ཁཾ་འཕྲོས་པས། །ཕྱི་ནང་གསང་བའི་མཆོད་རྫས་ཀྱི། །མ་དག་ཉེས་སྐྱོན་ཀུན་སྦྱངས་ནས། །མི་ཟད་ནམ་མཁའི་མཛོད་དུ་གྱུར། །ཅེས་དང་། ཨོཾ་ཨཱཿཧཱུྃ་གིས་སྤྱིར་བརླབ། བྱེ་བྲག་ཏུ་སོ་སོའི་ཕྱག་རྒྱ་དང་བཅས། ཨོཾ་བཛྲ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱཱ། ཤབྡ་པཱུ་ཛ་ཧོཿ ཨོཾ་ཨཱཿཧཱུྃ་མ་ཧཱ་པཉྩ་པཱུ་ཛ་ཧོཿ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་མ་ཧཱ་པཱུ་ཛ་ཧོཿ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིངྟ་ཧཱུྃ་ཧྲཱིཿཋཿ ཞེས་པས་ཕྱི་ནང་གསང་མཆོད་སྨན་རཀ་གཏོར་མ་དང་བཅས་པ་ཆོས་ཉིད་ཀྱི་རང་རྩལ་འགག་པ་མེད་པ་ལས་འདོད་ཡོན་རྣམ་པ་ཐམས་ཅད་པའི་མཆོད་སྤྲིན་ཡེ་ཤེས་སྒྱུ་མའི་རོལ་པ་ཅིར་ཡང་འཆར་བར་གྱུར་པར་བསམ་མོ། །གཉིས་པ་དངོས་གཞི་ལ། ལྷ་བསྐྱེད་སྤྱན་འདྲེན་བཞུགས་སུ་གསོལ། །ཕྱག་འཚལ་མཆོད་བསྟོད་བཟླས་པ་བྱ། །ཐུན་ལས་ལྡང་བའི་རིམ་པ་འོ། །ཞེས་བརྒྱད་ལས། དང་པོ་ནི། སྒྲུབ་གཞི་རང་སེམས་གཉུག་མ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཉིད། སྒྲུབ་བྱེད་མཚན་མའི་དཀྱིལ་འཁོར་མཁའ་ཁྱབ་ཏུ་སྣང་བས། བསྒྲུབས་པའི་འབྲས་བུ་གཞི་ལམ་ཚོགས་པའི་རྒྱུ་རྐྱེན་གྱིས་ཐ་མལ་གྱི་སྣང་ཞེན་སྦྱངས་ཏེ་འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་དུ་འགྱུར་བའི་ཚུལ་ཁོང་དུ་ཆུད་པས། བདག་མདུན་བུམ་གསུམ་དབྱེར་མེད་པ་ཏིང་ངེ་འཛིན་གསུམ་གྱིས་ཁོག་ཕུབ་ཅིང་། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་ཚུལ་ཚིག་ཕྱིར་སེམས་གཞོལ་བས། ཨོཾ། སྟོང་ཉིད་སྙིང་རྗེ་དབྱེར་མེད་རང་རིག་ཧྲཱིཿ དེ་ལས་འོད་ཟེར་ཐིག་འཕྲོས་འབྱུང་ལྔའི་སྟེང་། །བྷྲཱུྃ་ལས་བདེ་ཆེན་ལྷུན་གྲུབ་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན། །རྩིག་པ་ལྔ་ལྡན་ཕ་གུ་པ་ཏྲ་ཅན། །དྲྭ་ཕྱེད་ཤར་བུ་མདའ་ཡབ་ཕིབས་ཏོག་མཛེས། །རྡོ་རྗེའི་ར་གུར་ཡེ་ཤེས་མེ་འོད་འཕྲོ། །ཕྱི་རོལ་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར། །དེ་དབུས་པདྨ་འདབ་བཞིའི་ལྟེ་བ་དང་། །འདབ་མར་ཟླ་བའི་དཀྱིལ་འཁོར་ཉ་གང་སྟེང་། །རང་སེམས་ཧཱུྃ་དཀར་བྷྲཱུྃ་སྔོ་ཨཾ་སེར་པོ། །ཛྲིཾ་དམར་ཁཾ་ལྗང་ཛཿཧཱུྃ་བཾ་ཧོཿརྣམས། །རང་རང་མདོག་ཅན་སྒོ་བཞིར་ཡོངས་གྱུར་ལས། །ལྟེ་བར་རང་ཉིད་མི་བསྐྱོད་འཇིག་རྟེན་དབང་། །དཀར་གསལ་འཛུམ་ལྡན་སྤྱན་གཉིས་འགྲོ་ལ་གཟིགས། །དབུ་སྐྲ་ཐོར་ཚུགས་ལྷག་མ་ཐུར་དུ་འཕྱང་། །ཕྱག་གཉིས་གཡས་པ་མཆོག་སྦྱིན་ཕྱག་རྒྱ་དང་། །གཡོན་པ་སྟ་ཟུར་ངོས་སུ་དཀུར་བརྟེན་པ། །རིན་ཆེན་རྒྱན་དང་དར་གྱི་ན་བཟའ་གསོལ། །ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་ཚུལ་ཅན། །ཤར་དུ་སྣང་མཛད་འཇིག་རྟེན་དབང་ཕྱུག་སྔོ། །ལྷོ་རུ་རིན་འབྱུང་འཇིག་རྟེན་དབང་ཕྱུག་སེར། །ནུབ་ཏུ་སྣང་མཐའ་འཇིག་རྟེན་དབང་ཕྱུག་དམར། །བྱང་དུ་དོན་ཡོད་འཇིག་རྟེན་དབང་ཕྱུག་ལྗང་། །ཀུན་ཀྱང་རྒྱན་གོས་ཕྱག་རྒྱ་གཙོ་བོ་བཞིན། །སྒོ་བཞིར་ཟླ་བའི་གདན་ལ་ལྷ་མོ་བཞི། །དཀར་སེར་དམར་ལྗང་དབུ་སྐྲ་ཐོར་ཚུགས་ཅན། །རིན་ཆེན་རྒྱན་དང་དར་གྱི་ན་བཟའ་གསོལ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན། །གཡོན་པ་སྡིགས་མཛུབ་ཞབས་གཉིས་དོར་སྟབས་བཞུགས། །ཞེས་དམ་ཚིག་གི་འཁོར་ལོ་གསལ་བཏབ། གཉིས་པ་སྤྱན་འདྲེན་ནི། དེ་ལྟར་དུ་གསལ་བའི་ལྷ་ཚོགས་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དེ་ལས་འོད་འཕྲོས་པས་མཁའ་ཁྱབ་ཀྱི་རྒྱལ་བ་ཐམས་ཅད་འཇིག་རྟེན་དབང་ཕྱུག་ལྷ་དགུའི་ཡེ་ཤེས་ཀྱི་འཁོར་ལོའི་རྣམ་པར་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲང་པར་བསམ་ལ། སྤོས་རོལ་དང་དབྱངས་ཀྱི་འགྱུར་བ་སྙན་པོས། ཧྲཱིཿ སྔོན་ཚེ་བསྐལ་པའི་ཐོག་མ་ལ། །འགྲོ་དྲུག་སྡུག་བསྔལ་ཐུགས་རྗེས་གཟིགས། །སྨོན་ལམ་སྟོབས་བསྐྱེད་འགྲོ་དོན་མཛད། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། །གནས་མཆོག་འདི་རུ་གཤེགས་སུ་གསོལ། །སེམས་ཅན་འཛིན་པས་བཅིངས་པ་རྣམས། །ལམ་གྱི་བར་ཆད་སེལ་བའི་ཕྱིར། །འགུགས་འདྲེན་འཆིང་སྡོམ་དགྱེས་མཛད་མ། །སྒོ་སྲུང་ལྷ་མོ་ཆེན་མོ་བཞི། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་ལོ་ཀེ་ཤྭ་ར་ས་མ་ཡ་ཛཿཛཿ གསུམ་པ་བཞུགས་གསོལ་ནི། དམ་ཡེ་དབྱེར་མེད་དུ་བསྟིམ་ཞིང་བརྟན་པར་བཞུགས་པའི་མོས་པས། ཧྲཱིཿ ཆོས་དབྱིངས་ལྷུན་གྲུབ་བདེ་ཆེན་གཞལ་ཡས་འདིར། །དབྱིངས་ཀྱི་ཐིག་ལེ་འོད་ཕུང་འཁྱིལ་པའི་དབུས། །རིག་པ་རང་ཤར་ཐུགས་རྗེ་ཆེན་པོའི་ལྷ། །མཉམ་ཉིད་དོན་གྱི་དབྱིངས་སུ་བརྟན་པར་བཞུགས། །ཨོཾ་བཛྲ་ས་མ་ཡ་ཏིཥྛནྟུ། བཞི་པ་ཕྱག་ནི། གཙོ་བོའི་ཐུགས་ཀ་ནས་རང་ཉིད་གཙོ་བོ་གཉིས་པའི་རྣམ་པར་ལོགས་སུ་བྱེ་ནས་དཀྱིལ་འཁོར་གྱི་ཤར་སྒོའི་ཐད་དུ་གནས་པས་ཕྱག་སོགས་ལས་རིམ་ལ་འཇུག་པར་མོས་པས། ཧྲཱིཿ རང་རིག་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ། །སྣང་སྟོང་སྐྱེ་འགག་མེད་པའི་དབྱིངས་ཉིད་དུ། །བཟང་ངན་གཉིས་འཛིན་ཡེ་ནས་བྲལ་བ་ཡི། །མཉམ་ཉིད་དོན་གྱི་ངང་དུ་ཕྱག་འཚལ་ལོ། །ན་མོ་པུ་རུ་ཤ་ཡ་ཧོཿ ཞེས་ཕྱག་བྱ། ལྔ་པ་མཆོད་པ་ནི། ཕྱི་ནང་གསང་མཆོད་སྨན་རཀ་གཏོར་མ་དང་བཅས་པའི་མཆོད་སྤྲིན་མཁའ་ཁྱབ་ཏུ་སྤྲོས་པར་བསམ་ལ། ཧྲཱིཿ རིག་གདངས་ཐུགས་རྗེའི་ལྷ་ཚོགས་ལ། །མཆོད་པའི་བྱེ་བྲག་འབུལ་བ་ནི། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་སིལ་སྙན་ལྷ་མོ་རྣམས། །སོ་སོའི་ཁ་དོག་ཕྱག་རྒྱ་བསྒྱུར། །རབ་འབྱམས་ནམ་མཁའི་ཁམས་བཀང་ནས། །རྒྱལ་བའི་དཀྱིལ་འཁོར་མཆོད་པར་བྱ། །ཨོཾ་ཨཱཿཧཱུྃ་བཛྲ་པུཥྤེ་ནས། ཤབྡ་པཱུ་ཛ་ཧོཿ ཧྲཱིཿ རིག་གདངས་ཐུགས་རྗེའི་ལྷ་ཚོགས་ལ། །རང་བྱུང་བདུད་རྩི་རྣམ་ལྔ་དང་། །ཤ་ལྔ་དམ་ཚིག་མཆོག་གི་རྫས། །ནང་གི་བདག་ཉིད་དག་པར་བཞེས། །མ་ཧཱ་ཨ་མྲྀཏ་མཱཾ་ས་པཉྩ་པཱུ་ཛ་ཧོཿ ཧྲཱིཿ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ། །སྣང་སྟོང་བདེ་ཆེན་ཡབ་ཡུམ་མཁར། །དགའ་བཞི་ཡེ་ཤེས་ཐིག་ལེར་འཁྱིལ། །ཟུང་འཇུག་བདེ་ཆེན་མཆོད་པར་བཞེས། །ཨཱོཾ་བོ་དྷི་ཙིཏྟ་པཱུ་ཛ་ཧོཿ ཧྲཱིཿ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ། །རྩ་བརྒྱད་བདུད་རྩིའི་མཆོད་པ་དང་། །བདེ་ཆེན་རཀྟའི་མཆོད་པ་དང་། །དམ་རྫས་གཏོར་མའི་མཆོད་པ་རྣམས། །དོན་དམ་དབྱིངས་ཀྱི་མཆོད་པར་འབུལ། །ཟུང་འཇུག་མཆོག་གི་མཆོད་པར་བཞེས། །ཨོཾ་མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིནྟ་ཁ་རཾ་ཁཱ་ཧི། སྤྲོ་ན། སྣང་མཐའ་སྤྱན་རས་གཟིགས་དབང་པདྨ་འབྱུང་། །ཆོས་རྒྱལ་སྲོང་བཙན་རྡོ་རྗེ་ཐོགས་མེད་རྩལ། །སྨིན་གྲོལ་མཆོག་སྩོལ་རྩ་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞི་དང་ཁྲོ་བོའི་དཀྱིལ་འཁོར་རབ་འབྱམས་ཀྱི། །སྤྱི་གཟུགས་འཇིག་རྟེན་དབང་ཕྱུག་ལྷག་པའི་ལྷ། །དཀྱིལ་འཁོར་འཁོར་ལོར་བཅས་པ་ཐམས་ཅད་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཟབ་ལམ་གདམས་པའི་བཀའ་སྲུང་མཐུ་སྟོབས་བདག །དམ་ཅན་བརྟན་མ་བཅུ་གཉིས་ལ་སོགས་པ། །རྣམ་བཞིའི་ཕྲིན་ལས་སྒྲུབ་པར་མཛད་རྣམས་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་འབུལ། རྗེས་འབྲེལ་དུ་དངོས་གྲུབ་བླང་བ་ནི། ཧཱུྃ། ལྕེ་ཡི་དམ་ཚིག་རྡོ་རྗེ་ལ། །དམ་ཚིག་ཅན་གྱིས་ཧཱུྃ་བསྒོམ་སྟེ། །མཐེབ་སྲིན་ཐབས་ཤེས་ཕྱག་རྒྱ་ཡིས། །མྱང་ན་དངོས་གྲུབ་ཐོབ་པར་འགྱུར། །ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱིཿ ཞེས་གནས་གསུམ་ཐིག་ལེ་བྱ་ཞིང་མྱང་ངོ། །དྲུག་པ་བསྟོད་པ་ནི། ཡོན་ཏན་རྗེས་སུ་བསྔགས་པའི་རྡོ་རྗེའི་གླུ་སྙན་ཅིང་འགྱུར་བས་བསྟོད་པར་མོས་ལ། ཧྲཱིཿ དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །སྨོན་ལམ་སྟོབས་ཀྱིས་འགྲོ་བའི་དོན་མཛད་པ། །མཐོང་ཐོས་དྲན་པས་སྡུག་བསྔལ་ཀུན་ལས་གྲོལ། །འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །འོད་གསལ་དབྱིངས་ལས་ཡེ་ཤེས་རང་ཤར་བའི། །མི་བསྐྱོད་རྣམ་སྣང་རིན་འབྱུང་འོད་དཔག་མེད། །དོན་ཡོད་གྲུབ་པ་འཇིག་རྟེན་དབང་ཕྱུག་ལྷ། །རིགས་ཀྱི་འཁོར་ལོས་བསྒྱུར་ལ་ཕྱག་འཚལ་བསྟོད། །བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཀྱི། །ཚད་མེད་བཞི་ཡིས་འགྲོ་བའི་དོན་མཛད་པ། །སེམས་ཅན་ལས་དང་མཐུན་པའི་ལམ་སྣ་འདྲེན། །སྒོ་སྐྱོང་ལྷ་མོ་བཞི་ལ་ཕྱག་འཚལ་བསྟོད། །བདུན་པ་བཟླས་པ་ལ། ཐོག་མར་ཛཔ྄་ཁང་དབྱེ་བ་ནི། དབྱེ་གཞི་དཀྱིལ་འཁོར་ལེགས་པར་གསལ་བཏབ་ནས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཕཊ་ཛཿཧཱུྃ་བྷྲཱུྃ་ཨཾ་ཛྲིཾ་ཁཾ་ཛཿཧཱུྃ་བཾ་ཧོཿཕཊ་ཛཿ ཞེས་བརྗོད་པས། བདག་དམ་ཚིག་གི་འཁོར་ལོ་ལས། མདུན་བསྐྱེད་ཡེ་ཤེས་ཀྱི་འཁོར་ལོའི་ངོ་བོ་རྟེན་དང་བརྟེན་པར་བཅས་པ་ལོགས་སུ་བྱེ་ནས་མདུན་གྱི་ནམ་མཁར་མེ་རི་འདབས་འབྱོར་གྱི་ཚུལ་དུ་བཞུགས་པའི། བདག་མདུན་གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་པད་ཟླའི་གདན་ལ་ཧཱུྃ་ཡིག་དཀར་པོ་སོགས་སོ་སོའི་ས་བོན་རང་སྔགས་ཀྱི་ཕྲེང་བ་རང་སྒྲ་སྒྲོག་བཞིན་པས་བསྐོར་བར་བསམ། བཟླས་དམིགས་ནི། བདག་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། རང་གི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ་ཐུགས་མཉེས་པའི་མཆོད་པ་ཕུལ། སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་སྦྱངས། འཁོར་འདས་སྣོད་བཅུད་ཀྱི་ཡོན་ཏན་ཐམས་ཅད་འོད་ཟེར་གྱི་རྣམ་པས་མདུན་བསྐྱེད་ཀྱི་ལྷ་རྣམས་ལ་ཐིམ། དེ་དག་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པས་སླར་འདུས་པ་བདག་དམ་ཚིག་སེམས་དཔའ་ལ་ཐིམ་པར་མོས་ཏེ་དམ་ཡེ་དབྱེར་མེད་འཕྲོ་འདུས་གསལ་བ་གསུམ་དང་། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་དུ་ཤེས་པས། ཧྲཱིཿ རང་བྱུང་རྣམ་དག་གཞལ་ཡས་འདིར། །ལོངས་སྐུ་ཐུགས་རྗེ་ཆེན་པོའི་ལྷ། །སྣ་ཚོགས་སྐུ་དང་ཆ་ལུགས་ལ། །ཐུགས་སྲོག་ཛཔ྄་ཀྱི་རང་སྒྲ་སྒྲོག །མི་འགྱུར་ཐུགས་ལས་འོད་ཟེར་འཕྲོས། །ཕར་འཕྲོས་སེམས་ཅན་དོན་རྣམས་རྫོགས། །ཚུར་འདུས་དངོས་གྲུབ་བཅུད་དུ་བསྡུ། །རྟགས་མཐོང་བར་དུ་རྒྱུན་མི་གཅད། །ཅེས་པའི་ཛཔ྄་བསྐུལ་དང་བཅས་བཟླ་བྱའི་སྔགས་ནི། ཨོཾ་བཛྲ་ཨ་ཀྵོ་བྷྱ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨོཾ་བཻ་རོ་ཙ་ན་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨཱོཾ་རཏྣ་སཾ་བྷ་བ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨཱོཾ་པདྨ་དྷཱ་ར་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨོཾ་ཨ་མོ་གྷ་སིདྡྷི་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨོཾ་བཛྲ་ཨངྐུ་ཤ་ཛཿ རཏྣ་པཱ་ཤ་ཧཱུྃ། པདྨ་སྥོ་ཊ་བཾ། ཀརྨ་གྷནྡྷེ་ཧོཿ ཞེས་ལྷ་སོ་སོའི་སྔགས་གཙོ་འཁོར་གྱི་འགྲོས་སྦྱར་ཏེ་ཅི་ནུས་དང་། གཙོ་བོར། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཡི་གེ་དྲུག་པ་བཟླས་པའི་སྐྱོན་རྣམས་སྤངས་ཏེ་ཆུ་བོའི་རྒྱུན་བཞིན་དུ་བསྙེན་པར་བྱའོ། །བརྒྱད་པ་ནི། ཐུན་ལས་ལྡང་བར་བརྩམ་པ་ན། དབྱངས་གསལ་དང་རྟེན་སྙིང་གིས་སྔགས་ཀྱི་ལྷག་ཆད་བསྐང་ཞིང་ནུས་པ་སྤེལ་བའི་མཐར། ཛཔ྄་ཁང་བསྡུ་བ་ནི། ཨོཾ་ཨཱཿཧཱུྃ་བཛྲ་པུཥྤེ་ནས། ཤབྡ་པཱུ་ཛ་ཧོཿ ཞེས་དང་། ཨོཾ་མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི་ཞེས་པས་མཆོད། ཧྲཱིཿ དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས།སོགས་ཀྱིས་བསྟོད། དམ་ཡེའི་དཀྱིལ་འཁོར་ཡེ་ནས་གཉིས་མེད་དུ་རྟོགས་པའི་ཚུལ་གྱིས་ཧཱུྃ་ཞེས་བརྗོད་པས། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་ཏིང་ངེ་འཛིན་དམ་ཚིག་གི་དཀྱིལ་འཁོར་ལ་ཐིམ་པར་བསམ་ལ། ཡི་གེ་བརྒྱ་པས་བརྟན་པར་བྱ། དབང་དོན་སོགས་ཀྱི་ཚེ་བུམ་པ་སྒྲུབ་ན་སླར་ཡང་། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཕཊ་ཛཿ ཧཱུྃ་བྷྲཱུྃ་ཨཾ་ཛྲིཾ་ཁཾ་ཛཿཧཱུྃ་བཾ་ཧོཿཕཊ་ཛཿ ཞེས་བརྗོད་པས། བུམ་པའི་དཀྱིལ་འཁོར་ལོགས་སུ་བྱེ་ནས་རྣམ་རྒྱལ་བུམ་པ་དང་དབྱེར་མེད་དུ་བཞུགས་པར་བསམ་ལ་གཟུངས་ཐག་ནས་འཇུས་ཏེ། རང་གི་ཐུགས་ཀ་ནས་སྔགས་ཕྲེང་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་གི་སྐུ་ལས་བདུད་རྩིའི་རྒྱུན་བབས་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་མོས་ལ། ལྷ་སོ་སོའི་སྔགས་ཅི་རིགས་དང་། གཙོ་བོར་ཡི་གེ་དྲུག་པ་ཁོ་ན་བཟླ། ལས་ཐམས་ཅད་ཀྱི་བུམ་པར་པད་ཉི་དྲེགས་པའི་གདན་གྱི་སྟེང་དུ་གུ་རུ་དྲག་པོ་སྐུ་མདོག་དམར་ནག་རྡོ་རྗེ་དང་ལྕགས་སྡིག་བསྣམས་ཤིང་ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་པ། རིགས་ཀྱི་བདག་པོ་ཨོ་རྒྱན་ཟ་ཧོར་མའི་ཚུལ་དུ་བཞུགས་པའི་སྐུར་གྱུར། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས། དབྱེར་མེད་དུ་ཐིམ་པར་བསམ། ཨོཾ་བཛྲ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མངག་གཞུག་ཕོ་ཉའི་ལས་མཛད་པ། །དབང་དྲག་ཡཀྵ་མེ་དབལ་གྱིས། །བགེགས་ཀྱི་སྦྱོར་བ་རྒྱུན་ཆོད་ཅིག །ཅེས་བསྟོད་ནས། ཨོཾ་ཨཱཿཧཱུྃ་ཨརྩིཀ་ནིརྩིཀ་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཨཱ་ཧཱུྃ་ཧཱུྃ་ཕཊཿ ཅེས་ཅི་ནུས་བཟླས་མཐར། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ། ཧཱུྃ་ཞེས་བརྗོད་པས། རྣམ་རྒྱལ་བུམ་པའི་ལྷ་རྣམས་འོད་དུ་ཞུ་ནས་བྱང་ཆུབ་སེམས་ཀྱི་ཆུས་བུམ་པ་གང་བར་གྱུར་པར་བསམ། ལས་བུམ་གྱི་ལྷ་ལ། ལས་ཀྱི་ལྷས་བསྙེན་སྒྲུབ་ཀྱི་བྱ་བ་མཐར་མ་ཕྱིན་བར་བགེགས་བཟློག་པའི་ཕྲིན་ལས་མཛོད་ཅིག་ཅེས་གསོལ་ཏེ། ཧཱུྃ་ཞེས་བརྗོད་པས། ལྷ་འོད་དུ་ཞུ་བ་དབང་དྲག་གི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ། གནས་ལུང་སོགས་དང་འབྲེལ་བའི་ཚེ། དཀྱིལ་འཁོར་པའི་ཞལ་ནས་སྔགས་ཀྱི་སྒྲ་དང་ཐུགས་རྗེའི་འོད་ཟེར་འཕྲོས། ཁམས་གསུམ་རྣམས་སྣང་བར་བྱས། ངན་སོང་རྣམས་སྦྱངས། དམིགས་ཡུལ་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་བསྒྲལ་བར་བསམས་ལ། ཡི་གེ་དྲུག་པའི་ཤམ་དུ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊཿ ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊཿ ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊཿ ཅེས་བཏགས་པ་དང་། གཞན་ཡང་ཡིག་བརྒྱ། ངན་སོང་སྦྱོང་བ་དང་། མི་འཁྲུགས་པའི་གཟུངས་སོགས་ཇི་ལྟར་རིགས་པ་བཟླ་ཞིང་བྱེ་ཡུངས་ལ་སྔགས་ཀྱི་ནུས་པ་བསྟིམ་མོ། །བར་འདིར་བཀའ་གཏེར་གྱི་སྲུང་མ་སྤྱི་དང་། ཁྱད་པར་གཏེར་སྲུང་བརྟན་མ་བཅུ་གཉིས་ཀྱི་གཏོར་བསྔོ་རྒྱས་བསྡུས་གང་རིགས་བྱ། གསུམ་པ་རྗེས་ལ། ཚོགས་མཆོད་བརྟན་སྐྱོང་དངོས་གྲུབ་བླང་། །གཏང་རག་འབུལ་ཞིང་ནོངས་པ་བཤགས། །ཉེར་བསྡུ་བསྔོ་སྨོན་ཤིས་པ་བརྗོད། །ཅེས་བརྒྱད་ལས་དང་པོ་ནི། དམ་རྫས་སུ་འོས་པའི་ཡོ་བྱད་རྣམས་ལ་བསང་ཆུ་དང་། ཨོཾ་སརྦ་དྲ་བྱཾ་སཾ་ཤྭ་དྷ་ནི་ཧཱུྃ་ཕཊ། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཚོགས་རྫས་ཀྱི་དངོས་འཛིན་ཡེ་ཤེས་ཀྱི་མེ་རླུང་ཆུས་སྦྱངས། སྟོང་པའི་ངང་ལས་ཚོགས་གཞོང་བྷཉྫ་འབར་བར་ཚོགས་རྫས་ཡེ་ཤེས་ཀྱི་བདུད་རྩི་འདོད་ཡོན་གྱི་སྤྲིན་འཕྲོ་བར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཞེས་པས་བྱིན་གྱིས་བརླབ། ཧྲཱིཿ རང་བཞིན་རྣམ་དག་གཞལ་ཡས་ནས། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །རིགས་ལྔ་སྒོ་མ་བཞི་ཡི་ལྷ། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་ཨཱརྻ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་པས་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་ཏེ། དང་པོ་མཆོད་པ་ནི། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །ནམ་མཁའ་མཛོད་ཀྱི་སྒོ་ཕྱེ་སྟེ། །འབུལ་གྱིས་བཞེས་ལ་དངོས་གྲུབ་སྩོལ། །ཨཱརྻ་ལོ་ཀེ་ཤྭ་ར་གྷ་ན་ཙཀྲ་སརྦ་པཱུ་ཛ་ཁཱ་ཧི། བར་པ་བཤགས་པ་ནི། མ་རིག་ལས་དང་ཉོན་མོངས་གིས། །རྩ་བ་ཡན་ལག་དམ་ཚིག་གི །ནོངས་པར་གྱུར་པའི་ཉེས་པ་ཀུན། །གནོང་འགྱོད་སེམས་ཀྱིས་མཐོལ་ཞིང་བཤགས། །ཡི་གེ་བརྒྱ་པ་བརྗོད། ཐ་མ་བསྒྲལ་བསྟབ་ནི། རང་ཉིད་དབང་ཆེན་ཁྲོ་བོའི་སྐུར་གྱུར་པར་བསམ། དམིགས་བྱ་བསྐྱེད་བསྟིམ་རྒྱས་པར་བྱ་བའམ་བསྡུ་ན། ཨེ་ནྲྀ་ཏྲི་ཞེས་པས་ཚོགས་སྣོད་ལྕགས་ཁང་གྲུ་གསུམ་གྱི་ནང་དུ་དམིགས་རྟེན་བསྒྲལ་བྱ་དངོས་སུ་གསལ་བར་བསམ། ཛཿཧཱུྃ་བཾ་ཧོཿས་དགུག་འཆིང་བསྡམས་ཤིང་མྱོས་པར་བྱས་ལ། སྐུ་སྟོད་དབང་ཆེན་ཁྲོས་པའི་གཟུགས། །སྐུ་སྨད་གནམ་ལྕགས་ཕུར་བུའི་དབལ། །དགྲ་བགེགས་ལོག་འདྲེན་དམ་སྲི་ཡི། །སྙིང་ལ་བཏབ་བོ་མཱ་ར་ཡ། །ཤ་ཁྲག་རུས་ཕུང་རྡུལ་དུ་རློག །ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་གནོད་བྱེད་དགྲ་བགེགས་ཤཱ་ཏྲུཾ་མཱ་ར་ཡ་རྦད། ཅེས་ཕུར་བུས་བསྒྲལ་པའི་ཤ་ཁྲག་བདུད་རྩིའི་ངོ་བོ་འདོད་ཡོན་རྣམ་པ་ཐམས་ཅད་པའི་རང་བཞིན་དུ་གྱུར་པ་ཉིད། ཨོཾ་ཨཱརྻ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧི། ཞེས་ཕུལ། སྤྲོ་ན་སྐབས་འདིར་རྩ་གསུམ་སྤྱི་སྐོང་སོགས་ཇི་ལྟར་རིགས་པ་གཏོང་། རང་ཉིད་འཕགས་པའི་སྐུར་གྱུར་པས་ཚོགས་རྫས་རྣམས་བརྡ་དང་བརྡའི་འབུལ་ལེན་སྤྱི་ལྟར་སྔོན་དུ་འགྲོ་བས་ནང་གི་སྦྱིན་སྲེག་གི་ཚུལ་དུ་ཚིམས་པར་རོལ་པའི་མཐར། འཇིག་རྟེན་དབང་ཕྱུག་དཀྱིལ་འཁོར་དུ། །ཚོགས་ཀྱི་འཁོར་ལོས་མཆོད་པ་ཡིས། །བདག་གཞན་འགྲོ་བ་མ་ལུས་ཀུན། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ། ལྷག་མ་རྣམས་བསྡུས་ལ་བདུད་རྩིས་བསང་ཞིང་། པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོ་ཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར་པར་བསམ། ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ། ཞེས་པས་ལྷག་མའི་དམ་ཚིག་ལ་གནས་པ་རྣམས་སྤྲིན་གཏིབས་པ་བཞིན་བྱོན་པར་བསམ་ལ། ཧྲཱིཿ ཐུགས་རྗེ་ཆེན་པོའི་བཀའ་འཁོར་ན། །དམ་པ་ཆོས་ཀྱི་སྲུང་མ་རྣམས། །ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད། །གཟའ་ཆེན་བརྒྱད་དང་གནོད་སྦྱིན་བརྒྱད། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། །ཧ་རི་ཀ་དང་པཉྩི་ཀ །འཕྲོག་མ་མ་བུར་བཅས་པ་དང་། །དཔལ་ལྡན་མགོན་པོ་ལྕམ་དྲལ་དང་། །ལྷ་དང་ལྷ་མིན་མི་འམ་ཅི། །དྲི་ཟ་གནོད་སྦྱིན་འབྱུང་པོ་དང་། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ། །མཆོད་སྦྱིན་གཏོར་མ་འདི་བསྔོས་པས། །ཅི་འདོད་ཕུན་སུམ་ཚོགས་པར་ཤོག །ཇི་ལྟར་ནུས་པའི་ཕྲིན་ལས་མཛོད། བ་ལིཾ་ཏ་པཱུ་ཛ་ཧོཿ ཞེས་བསྔོ། གཉིས་པ་བརྟན་སྐྱོང་ནི། བརྟན་མའི་གཏོར་མ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ། ཧཱུྃ། ཨ་སུ་ར་ཡི་བྲག་ཕུག་ཏུ། །ཨོ་རྒྱན་པདྨ་འབྱུང་གནས་ཀྱི། །སྤྱན་སྔར་ཁས་བླངས་དམ་བཅས་པའི། །བོད་ཡུལ་བརྟན་མ་བཅུ་གཉིས་དང་། །ཕྱི་གཏོར་དབང་བར་ཁས་བླངས་རྣམས། །མཆོད་སྦྱིན་གཏོར་མ་འདི་ལོངས་ལ། །བདུད་དཔུང་ཐུལ་ལ་ཞིང་བཅུ་སྒྲོལ། །དལ་ཁ་ཆིངས་ལ་འབྲུ་ཕྱུགས་སྤེལ། །དམག་དཔུང་ཆོམས་ལ་མཚོན་རྩེ་རྟུལ། །བཅོལ་པའི་དམ་ཚིག་དྲན་པར་མཛོད། །གསུམ་པ་དངོས་གྲུབ་བླང་བ་ནི། སྒྲུབ་པ་སོགས་ཀྱི་སྐབས། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པ་རང་གི་གནས་གསུམ་དུ་ཐིམ་པར་བསམ་ལ། ཧྲཱིཿ སྐྱེ་མེད་ཆོས་དབྱིངས་ཕོ་བྲང་ནས། །ཐུགས་རྗེ་འགག་མེད་དཀྱིལ་འཁོར་ལྷ། །མཉམ་ཉིད་དབྱིངས་ནས་སྐུ་བཞེངས་ལ། །སྐུ་གསུམ་ཡོངས་རྫོགས་དངོས་གྲུབ་སྩོལ། །ཞེས་བསྐུལ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་ཨཱཿཧཱུྃ་མ་ཧཱ་སིདྡྷི་ཧཱུྃ་ཞེས་ཛཔ྄་བཟླ་བ་དང་ལྷན་ཅིག་སྒྲུབ་རྫས་གནས་གསུམ་དུ་གཏུགས་ཤིང་མྱང་། བཞི་པ་གཏང་རག་ནི། ཨོཾ་ཨཱཿཧཱུྃ་བཛྲ་པུཥྤེ་ནས། ཤབྡ་པཱུ་ཛ་ཧོཿ ཞེས་དང་། ཨོཾ་མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིངྟ་ཁཱ་རཾ་ཁཱ་ཧིཿ ཞེས་པས་མཆོད། ཧྲཱིཿ དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །སྨོན་ལམ་སྟོབས་ཀྱིས་འགྲོ་བའི་དོན་མཛད་པ། །མཐོང་ཐོས་དྲན་པས་སྡུག་བསྔལ་ཀུན་ལས་གྲོལ། །འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ལྔ་པ་ནོངས་བཤགས་ནི། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་། ཡི་གེ་བརྒྱ་པས་ནོངས་པ་བཤགས། དྲུག་པ་ཉེར་བསྡུ་ནི། མདུན་བསྐྱེད་རས་བྲིས་སོགས་ཀྱི་རྟེན་ཡོད་ན་དང་། རྡུལ་ཚོན་གྱི་ཉིན་སྔ་མ་རྣམས་ལ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་དང་། མེ་ཏོག་འཐོར་བས་བརྟན་བཞུགས་བྱ། རྟེན་མེད་པ་དང་། རྡུལ་ཚོན་གྱི་ཉིན་རྗེས་མ་ལ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དབྱིངས་སུ་གཤེགས་པར་བསམ། ཏིང་ངེ་འཛིན་དམ་ཚིག་གི་དཀྱིལ་འཁོར། ཧྲཱིཿ སྣོད་བཅུད་མ་ལུས་གཞལ་ཡས་ཁང་ལ་ཐིམ། །དེ་ཉིད་འཁོར་དང་འཁོར་ཡང་གཙོ་བོར་ཐིམ། །གཙོ་བོ་མི་དམིགས་སྟོང་པའི་ངང་ཉིད་ལས། །སླར་ཡང་འཇའ་ཚོན་བཞིན་དུ་གསལ་བར་གྱུར། །ཅེས་འོད་གསལ་རྣམ་པར་མི་རྟོག་པའི་དབྱིངས་སུ་བསྡུ་ཞིང་། སླར་ཡང་ཐུན་མཚམས་ཀྱི་ལྷར་ལྡང་། བདུན་པ་བསྔོ་སྨོན་ནི། དགེ་བ་འདི་ཡིས་མཁའ་མཉམ་འགྲོ་ཀུན་གྱི། །སྒྲིབ་གཉིས་དེ་འབྲས་མ་ལུས་ཀུན་བྱང་ནས། །ཐུགས་རྗེ་ཆེན་པོའི་གོ་འཕང་མངོན་གྱུར་ཏེ། །རང་གཞན་དོན་གཉིས་མ་ལུས་འགྲུབ་པར་ཤོག །བརྒྱད་པ་ཤིས་བརྗོད་ནི། ཆོས་སྐུ་སྣང་མཐའ་ལོངས་སྐུ་འཇིག་རྟེན་དབང་། །སྤྲུལ་པའི་སྐུ་མཆོག་སྲོང་བཙན་སྒམ་པོ་སྟེ། །སྐུ་གསུམ་དབྱེར་མེད་ཐུགས་རྗེ་ཆེན་པོ་ཡི། །བཀྲ་ཤིས་ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག །ཅེས་སོགས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཇི་ལྟར་རིགས་པ་བརྗོད་ཅིང་མེ་ཏོག་གི་ཆར་སིལ་མར་བསྙིལ་བས་དགེ་ལེགས་སུ་བྱའོ། །འཇིག་རྟེན་དབང་ཕྱུག་ཕྲིན་ལས་ཆུ་གཏེར་ལས། །ལེགས་འོང་འཕགས་མཆོག་དགྱེས་པའི་མཆོད་ཡོན་སྤྲིན། །སྐལ་བཟང་ཡིད་མཁར་དཀྲིགས་ལས་ལུས་ཅན་ཀུན། །ཐར་བདེའི་པདྨོ་མཆོག་ཏུ་རྒྱས་གྱུར་ཅིག །ཅེས་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྡོ་རྗེ་ཐོགས་མེད་རྩལ་གྱི་དག་པ་ཡེ་ཤེས་ཀྱི་གཟིགས་ངོར་སྣང་བའི་ཡང་གསང་རྒྱ་ཅན་གྱི་ཆོས་སྡེ་ཉི་ཤུ་རྩ་ལྔའི་ནང་ཚན། སྙིང་གི་རྒྱ་ཅན་ལས་བྱུང་བའི་འཇིག་རྟེན་དབང་ཕྱུག་ལྷ་དགུའི་ཕྲིན་ལས་ཀྱི་ཆོ་ག་འདིའང་། ཀུན་མཁྱེན་ཆེན་པོ་ཉིད་ཀྱི་རང་གཞུང་རྩ་བར་བཟུང་། གསལ་བྱེད་ཅུང་ཟད་དགོས་པ་རྣམས་རིགས་མཐུན་རྡོ་རྗེའི་གསུང་དང་། འགྲོ་འདུལ་གཏེར་བདག་གླིང་པ་སོགས་ལུགས་འདི་ལ་ཚད་མར་གྱུར་པའི་ལེགས་བཤད་ཀྱིས་མཚམས་སྦྱར་ཏེ་བཀླགས་པས་གྲུབ་པར་བྱ་བྲལ་མ་ཎི་པ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོ་རྡོ་རྗེ་གཟི་བརྗིད་ཀྱིས་སྦྱར་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །།
ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས༔ རིག་འཛིན་བྱིན་འབེབ་ (Volume 41, Text 6)
ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས༔ རིག་འཛིན་བྱིན་འབེབ་བཞུགས་སོ༔ དུས་གསུམ་སངས་རྒྱས་བཀའ་ཡི་ཕྲིན་ལས་ཉིད༔ སྒྲུབ་པ་མཐར་ཕྱིན་དངོས་གྲུབ་ཀུན་གྱི་གཏེར༔ རིག་འཛིན་རྩལ་འཆང་རྣམས་ལ་ཕྱག་འཚལ་ལོ༔ སྒྲུབ་ཆེན་དཀྱིལ་འཁོར་རྒྱན་ལ་སོགས༔ སྔོན་འགྲོའི་རིམ་པ་ཡོངས་རྫོགས་ནས༔ རྣལ་འབྱོར་རྣམས་ནི་ཆས་སུ་ཞུགས༔ སྤོས་དུད་བཏང་ཞིང་ཤ་ཆེན་བསྲེག༔ དེ་ལ་བསྐོར་ཞིང་རོལ་མོ་བསྒྲག༔ དཀྱིལ་འཁོར་སྨན་གྱི་ཕོ་བྲང་ནས༔ བྱིན་ཆེན་དབབ་པ་འདི་སྐད་དོ༔ ཧཱུྃ༔ དཔལ་ལྡན་ནུབ་ཕྱོགས་ཨུ་རྒྱན་ཡུལ༔ དྷ་ན་ཀོ་ཥའི་མཚོ་གླིང་དུ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་བྱིན་ཕོབ་ཅིག༔ ཧེ་རུ་ཀ་ཡི་གནས་བཅུ་མཆོག༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ ཡོན་ཏན་སྣ་ཚོགས་དངོས་གྲུབ་བརྙེས༔ པདྨ་སཾ་བྷས་བྱིན་ཕོབ་ཅིག༔ གྲོང་ཁྱེར་ཡངས་པ་ཅན་གྱི་གནས༔ རཱ་ག་ར་ཏིའི་གནས་མཆོག་ཏུ༔ ཐམས་ཅད་མཁྱེན་པའི་དངོས་གྲུབ་བརྙེས༔ བློ་ལྡན་མཆོག་སྲེད་བྱིན་ཕོབ་ཅིག༔ ཤར་ཕྱོགས་མཁའ་འགྲོ་འདུ་བའི་གནས༔ དགའ་བ་ཚལ་གྱི་དུར་ཁྲོད་དུ༔ ཁམས་གསུམ་དབང་སྡུད་དངོས་གྲུབ་བརྙེས༔ པདྨ་རྒྱལ་པོས་བྱིན༴ མཆོད་རྟེན་བདེ་བྱེད་བརྩེགས་པའི་དྲུང༔ སོ་ས་གླིང་གི་དུར་ཁྲོད་དུ༔ འགྲོ་བ་འདུལ་བའི་དངོས་གྲུབ་བརྙེས༔ ཉི་མ་འོད་ཟེར་བྱིན༴ ཡུལ་ནི་རྒྱ་གར་ཤར་གྱི་ཕྱོགས༔ ཟ་ཧོར་རྒྱལ་པོའི་ཡུལ་དབུས་སུ༔ བདུད་འདུལ་དྲག་པོའི་དངོས་གྲུབ་བརྙེས༔ ཤཱཀྱ་སེང་གེས་བྱིན་ཕོབ་ཅིག༔ དབུས་འགྱུར་མ་ག་དྷ་ཡི་ཡུལ༔ རྡོ་རྗེ་གདན་གྱི་གནས་མཆོག་ཏུ༔ མུ་སྟེགས་འདུལ་བའི་དངོས་གྲུབ་བརྙེས༔ སེང་གེ་སྒྲ་སྒྲོག་བྱིན༴ ཡུལ་ནི་གངས་ཅན་བོད་ཀྱི་ཡུལ༔ སྟག་ཚང་སེང་གེ་བསམ་འགྲུབ་ཏུ༔ དྲེགས་པ་ཚར་གཅོད་དངོས་གྲུབ་བརྙེས༔ རྡོ་རྗེ་གྲོ་ལོད་བྱིན༴ ཡུལ་ནི་རྒྱ་ནག་ཤར་ཕྱོགས་ཡུལ༔ རི་བོ་རྩེ་ལྔའི་གནས་མཆོག་ཏུ༔ ཡོན་ཏན་བདུད་རྩིའི་དངོས་གྲུབ་བརྙེས༔ བི་མ་མི་ཏྲས་བྱིན༴ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ ཡང་རྫོང་ཤེལ་གྱི་བྲག་ཕུག་ཏུ༔ འཇམ་དཔལ་སྐུ་ཡི་དངོས་གྲུབ་བརྙེས༔ སངས་རྒྱས་ཡེ་ཤེས་བྱིན༴ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ མཆིམས་ཕུ་བྲེ་གུའི་དགེ་འུ་ནས༔ པདྨ་གསུང་གི་དངོས་གྲུབ་བརྙེས༔ རྒྱལ་བ་མཆོག་དབྱངས་བྱིན༴ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ མཁར་ཆུ་གསང་བའི་དབང་ཕུག་ཏུ༔ ཡང་དག་ཐུགས་ཀྱི་དངོས་གྲུབ་བརྙེས༔ ནམ་མཁའི་སྙིང་པོས་བྱིན༴ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ ཡར་ལུང་ཤེལ་གྱི་བྲག་ཕུག་ཏུ༔ བདུད་རྩི་སྨན་གྱི་དངོས་གྲུབ་བརྙེས༔ གཉགས་ཆེན་ཛྙཱ་ནས་བྱིན༴ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ ནཻ་རིང་སེང་གེའི་རྫོང་གསུམ་ནས༔ ཕྲིན་ལས་ཕུར་པའི་དངོས་གྲུབ་བརྙེས༔ མཁར་ཆེན་མཚོ་རྒྱལ་བྱིན༴ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ ཤམ་པོ་གངས་ཀྱི་རྭ་བ་ནས༔ རྦོད་གཏོང་མ་མོའི་དངོས་གྲུབ་བརྙེས༔ དཔལ་གྱི་ཡེ་ཤེས་བྱིན་ཕོབ་ཅིག༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ གནམ་མཚོ་སྔགས་ཀྱི་སྒྲུབ་གནས་ནས༔ དྲེགས་པ་ཀུན་འདུལ་དངོས་གྲུབ་བརྙེས༔ རླངས་ཆེན་དཔལ་སེང་བྱིན༴ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ གཡའ་མ་ལུང་གི་དབེན་གནས་ནས༔ དྲག་སྔགས་མཐུ་ཡི་དངོས་གྲུབ་བརྙེས༔ བཻ་རོ་ཙ་ནས་བྱིན༴ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ བསམ་ཡས་དབུ་རྩེ་རིམ་གསུམ་ནས༔ བདེ་གཤེགས་འདུས་པའི་དངོས་གྲུབ་བརྙེས༔ ཆོས་རྒྱལ་ཆེན་པོས་བྱིན༴ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ ལྷུན་གྲུབ་དབྱིངས་ཀྱི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་འདུས༔ ཞི་ཁྲོའི་ལྷ་ཚོགས་བྱིན༴ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ ཉི་ཤུ་རྩ་བཞིའི་གནས་མཆོག་ནས༔ བར་ཆད་སེལ་ཞིང་ཕྲིན་ལས་སྒྲུབ༔ མ་མོ་མཁའ་འགྲོས་བྱིན༴ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ དཔལ་ཆེན་ཧེ་རུ་ཀ་ཡི་གནས་བཅུ་ནས༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི༔ ཀེའུ་སེང་དབང་ཕྱུག་བྱིན༴ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ བཀའ་འདུས་གསང་བའི་དཀྱིལ་འཁོར་ནས༔ དགྲ་བགེགས་འཇོམས་ཤིང་བར་ཆད་སེལ༔ ཆོས་སྐྱོང་སྲུང་མས་བྱིན༴ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ བླ་མེད་གསང་བའི་དཀྱིལ་འཁོར་འདིར༔ སྔགས་འཆང་རྣལ་འབྱོར་བདག་ཅག་གིས༔ བླ་མེད་མཆོག་གི་རྫས་ལ་བརྟེན༔ བསྙེན་སྒྲུབ་གཞུང་བཞིན་སྒྲུབ་ལགས་ན༔ སྒྲུབ་པའི་རིག་འཛིན་ཆེན་པོ་རྣམས༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ དུར་ཁྲོད་གནས་བརྒྱད་ལ་སོགས་ནས༔ མ་ཚོགས་མཁའ་འགྲོ་འབུམ་དང་བཅས༔ རྒྱན་དང་ཅོད་པན་སི་ལི་ལི༔ བཤུག་གླུ་རོལ་མོ་ཏི་རི་རི༔ ནམ་མཁའ་ཁྱབ་པའི་གར་མཛད་ཅིང༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ དབང་ཆེན་རྣམས་ཀྱིས་དབང་སྐུར་ལ༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ རྟགས་དང་མཚན་མ་བསྟན་པ་དང༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་དྷ་ཀི་ནཱི་སརྦ་ས་མ་ཡ་ཧྲཱིཾ་ཧྲཱིཾ༔ ཛ་ཛ༔ ཕེཾ་ཕེཾ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་རོལ་མོ་རྣམས་ཀྱི་སྐབས་སུ་བྱིན་དབབ་ཅིང་དཀྱིལ་འཁོར་བསྐོར༔ མདའ་དར་དང་མེ་ལོང་ལ་སོགས་པ་ཡང་གཡབ་བོ༔ སློབ་དཔོན་གྱི་གསུང་བཞིན་བདག་འདྲ་མཁར་ཆེན་བཟས་ཡི་གེར་བཀོད་པའོ༔ ས་མ་ཡ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ སྤྲུལ་སྐུ་རཏྣ་གླིང་པས་དམྱལ་སྨད་དགེ་རི་བྲག་ནས་གདན་དྲངས་པའོ༔ མངྒ་ལཾ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབ་ཀྱི་དབང་གི་ཆོ་ག་གསལ་བར་བཀོད་པ་སྟོན་མཚན་ཟླ་བའི་ཐིག་ཕྲེང་ (Volume 23, Text 6)
༄༅། །ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབ་ཀྱི་དབང་གི་ཆོ་ག་གསལ་བར་བཀོད་པ་སྟོན་མཚན་ཟླ་བའི་ཐིག་ཕྲེང་ཞེས་བྱ་བ་བཞུགས་སོ། ། ན་མོ་ལོ་ཀེ་ཤྭ་ར་ཡ། ཤུལ་རིང་ལམ་དུ་སྡུག་བསྔལ་བྱེ་བ་བརྒྱས། །ཤིན་ཏུ་དུབ་པའི་འགྲོ་ལ་ཐུགས་རྗེའི་སྤྱན། །རབ་ཡངས་ཐབས་མཁས་ཕྱག་གིས་དབུགས་འབྱིན་པ། །བླ་མ་མཆོག་དང་དབྱེར་མེད་ཞབས་ལ་འདུད། །འགྲོ་བ་སྐྱོབ་མཛད་སྨིན་བྱེད་མཆོག །དེང་དུས་གསེར་ལས་དཀོན་པ་ཉིད། །སྐལ་བཟང་དཔལ་དུ་ཤར་བས་ན། །ཐར་འདོད་སྲོག་གི་ཟུངས་སུ་བསྟན། །ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབ་ཀྱི་དཀྱིལ་འཁོར་ཏུ་སློབ་མ་གཞུག་པའི་རིམ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་གཤོམ་གྱི་རིམ་པ་ནི། སྟེགས་གཙང་མའི་སྟེང་ཞི་དཀྱིལ་སྤྱི་ལྟར་ལ། དབུས་སུ་ལྷ་གནས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་རྡོར་དྲིལ། སྒོ་བཞིར་ཐིག་ལེ་དཀར་སེར་དམར་ལྗང་བཞི་བཀོད་པ་བཀྲམ་པའི་དབུས་སུ་མཉྫིའི་ཁར་བུམ་པ་བཅུད་ལྡན་མགུལ་ཆིངས་དཀར་དམར་ཁ་རྒྱན་དང་བཅས་པ། ཐུགས་རྗེ་ཆེན་པོ་དཀར་དམར་གཉིས་ཀྱི་སྐུ་ཙཀ །ཡིག་བདུན་སོ་སོའི་ཙཀླི་རྣམས་དང་། མདུན་དུ་དབང་གཏོར་སྐུ་ཙཀ་གིས་བརྒྱན་པ། ཅི་བདེ་བར་ཐོད་ཆང་བུ་རམ་དང་བདུད་རྩི་བཏབ་པ། མར་མེ། དབུ་རྒྱན། ཕྲེང་བ། མེ་ལོང་ལ་མཚལ་གྱིས་ཡིག་བདུན་བྲིས་པ། །མེ་ལོང་ལ་ཤེལ་རྡོ་བཙུགས་པ། རས་དཀར་ཁ་གང་ལ་མེ་ཏོག་གི་ཚོམ་བུ་ལྔ་བཀོད་པ། གདུགས། རྡོར་དྲིལ། རྒྱུད་དམ་སྒྲུབ་ཐབས་ཀྱི་གླེགས་བམ། མེ་ལོང་བཅས་བཀོད་པའི་མཐའ་ཕྱི་ནང་གི་མཆོད་པས་བསྐོར་བ་དང་། གཞན་ཡང་ལས་བུམ། དམ་ཆུ། མཆོད་གཏོར་ཚོགས་ཀྱི་ཡོ་བྱད་སོགས་ཉེར་མཁོ་རྣམས་འདུ་བྱའོ། །གཉིས་པ་དངོས་གཞི་ལ། ཐོག་མར། དབང་དོན་སྒྲུབ་མཆོད་ནི། ལས་བྱང་ལྟར་བདག་མདུན་དབྱེར་མེད་དུ་བསྒྲུབ། ཛཔ྄་ཁང་ཕྱེས་ལ་བཟླས་པ་ཅི་ནུས་སྟོང་ཚིགས་བཅས། རྣམ་བུམ་ལྷ་སྐད་ཅིག་གིས་གསལ་གདབ་ལ། སྤྲོ་བསྡུའི་དམིགས་པ་བཅས་བཟླས་པ་དང་འོད་ཞུ་བྱ། ཐོད་ཆང་ལ་དམིགས་ནས་མ་ཎི་བརྒྱ་རྩ་བཟླས་ཏེ་མཆོད་བསྟོད་འབུལ། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་དང་བཀའ་གཏེར་སྲུང་མ་སྤྱི་དང་བྱེ་བྲག་པ་རྣམས་ལ་གཏོར་མ་འབུལ། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཀྱི་བར་གྲུབ་པ་དང་། ཏིང་ངེ་འཛིན་གྱི་དབང་བླངས་ལ་སློབ་མ་གཞུག་པར་གནང་བ་ནོད་དོ། །དེ་ནས་དབང་བསྐུར་བ་ལ་གཉིས། འཇུག་པ་དང་དབང་དངོས་སོ། །དང་པོ་ནི། སློབ་མ་རྣམས་སྒོ་དྲུང་དུ་ཁྲུས་བྱས། ཕྱག་འཚལ་ནས་ནང་དུ་འཁོད་པ་ལ་བགེགས་བསྐྲད། སྲུང་འཁོར་བསྒོམ། ཆོས་བཤད་ཅི་རིགས་དང། ཁྱད་པར། དེ་ལ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཚན་པོ་ཆེ་སྤྱི་དང་། ཁྱད་པར་སངས་རྒྱས་ཀུན་གྱི་ཐུགས་རྗེ་འཇུག་པའི་ཡུལ་དུ་མ་གྱུར་པ་གདོང་དམར་བོད་ཀྱི་ཡུལ་དུ་སྐྱེས་པའི་འགྲོ་བ་མགོན་མེད་པ་རྣམས་ལ་ལྷག་པར་ཐུགས་རྗེ་ཆེན་པོས་དགོངས་ཏེ་ཕྱག་མཚན་དུ་བཞེས་པར་མཛད་པ། འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་ལ་རྒྱུད་སྡེ་གོང་འོག་དང་འབྲེལ་བའི་རྒྱུད་སྒྲུབ་ཐབས་ཀྱི་སྐོར་བསམ་གྱིས་མི་ཁྱབ་པ་འཕགས་བོད་གཉིས་ཀྱི་ལྗོངས་སུ་བྱོན་པ་རྣམས་ཀྱི་ནང་ནས་ཁྱད་པར་དུ་འཕགས་པ། སྤྱན་རས་གཟིགས་དབང་ཉིད་རྡོ་རྗེ་སློབ་དཔོན་གྱི་གཟུགས་སུ་བསྟན་པ་ཨོ་རྒྱན་གྱི་གུ་རུ་པདྨཱ་ཀ་ར་ཉིད་ཀྱིས་གངས་ཅན་གྱི་གདུལ་བྱ་རྣམས་ལ་བརྩེ་བ་ཆེན་པོས་དགོངས་ཏེ། འཕགས་པའི་ཆོས་སྐོར་རྒྱས་འབྲིང་བསྡུས་པའི་ཚུལ་དཔག་ཏུ་མེད་པ་མངའ་བདག་རྗེ་འབངས་རྣམས་ཀྱི་སྐལ་བར་བསྩལ་ནས་ཕྱི་རབས་གདུལ་བྱའི་དོན་དུ་གཏེར་དུ་སྦས་པ་རྣམས་ཀྱི་ནང་ནས། སྐབས་སུ་བབ་པ་འདི་ནི་རྣམ་སྣང་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་ཉིད་བསམ་བཞིན་བསྟན་འགྲོའི་དཔལ་དུ་སྲིད་པ་ཉེ་བར་བཟུང་བ་ཨོ་རྒྱན་རྡོ་རྗེ་གླིང་པས་གཏེར་ཁ་ཆེ་ཆུང་བརྒྱ་ཕྲག་གཅིག་སྤྱན་དྲངས་པར་མཛད་པའི་ནང་ནས་ཐུགས་རྗེ་ཆེན་པོ་ལའང་། རྒྱལ་བ་རྒྱ་མཚོ། ཡང་ཟབ་གནད་འདུས། ཡང་སྙིང་འདུས་པ། ངན་སོང་ཀུན་སྐྱོབ་དང་བཞིར་བཞུགས་པ་ལས། ད་ལམ་གླང་བྲག་བྱ་སྐྱིབས་ཅན་རྡོ་རྗེ་བྲག་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབ་ཀྱི་དབང་བསྐུར་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མི་ཕྱེད་པའི་སྤྱན་སྔར་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀྱེ་ཧོ༔ བླ་མ་དཀོན་མཆོག་ཐུགས་རྗེ་ཆེ༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ སྡིག་སྒྲིབ་མ་རིག་འདམ་བྱིང་བའི༔ བླུན་རྨོངས་བདག་ཅག་བསྐྱབ་ཏུ་གསོལ༔ སྨིན་བྱེད་དབང་གིས་དྲང་བ་དང༔ གྲོལ་བྱེད་རིག་པའི་ཡེ་ཤེས་སྟོན༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་དྲི་བ་ལན་གསུམ་དུ་བགྱིད་དགོས་པ་འདི་ལ་གསན་འཚལ༔ ཧོ༔ བུ་རྣམས་ལེགས་པར་ང་ལ་ཉོན༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདིར༔ ཁྱེད་རྣམས་འཇུག་པར་འདོད་པ་ལ༔ དམ་ཚིག་སྡོམ་པ་སྲུང་ནུས་སམ༔ ཡང་དག་དོན་ནི་བསྒོམ་ནུས་སམ༔ སྤྲོས་མེད་མྱ་ངན་འདའ་ནུས་སམ༔ ཞེས་དྲིས་པ་ལ་ལན་གདབ་པར་མོས་ཏེ་འདིའི་རྗེས་ཟློས། ཧོ༔ འདི་ནས་བཟུང་སྟེ་བྱང་ཆུབ་བར༔ བླ་མའི་གསུང་ལས་འདའ་རེ་ཀན༔ ཡང་དག་དོན་ལས་གཡེལ་རེ་ཀན༔ ལུས་ངག་གཡེང་བ་ཀུན་སྤངས་ཏེ༔ མི་འདའ་གསུམ་པོ་མི་བསྒྲུབ་རེ༔ ཞེས་པའི་དྲིས་ལན་ཚར་གསུམ་དུ་བསྐྱར། དེ་ནས་རྒྱུད་དག་པར་བྱ་བའི་སླད་དུ་སྐྱབས་ཡུལ་དཀོན་མཆོག་རྩ་གསུམ་རབ་འབྱམས་མངོན་སུམ་བཞིན་དུ་གསལ་བའི་སྤྱན་སྔར་བདག་སོགས་མཁའ་ཁྱབ་ཀྱི་ལུས་ཅན་མཐའ་དག་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ལས་བྱང་ལྟར་སྐྱབས་འགྲོ་ལན་གསུམ། སྨོན་པ་དང་འཇུག་པ་དང་དོན་དམ་པའི་བདག་ཉིད་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གསལ་ཐོབ་ལ་འདིའི་རྗེས་ཟློས། ལས་བྱང་ལྟར་སེམས་བསྐྱེད་ལན་གསུམ། སྤྱན་དྲངས་ཤིང་བཞུགས་སུ་གསོལ་བ་དང་། ཕྱག་འཚལ་ཅིང་མཆོད་པ་འབུལ་བ་སོགས་མཚན་བཅས་ཀྱི་དམིགས་པའི་རིམ་པ་སྤྱི་དང་མཐུན་པར་གསལ་འདེབས་ཤིང་། མཚན་མེད་རང་བྱུང་འོད་གསལ་བློ་འདས་ཆེན་པོའི་དགོངས་པའི་ཀློང་དུ་མཉམ་པར་འཇོག་བཞིན་པས་ཡན་ལག་བཅུ་པ་འདིའི་རྗེས་ཟློས། ལས་བྱང་ལྟར་རྗེས་ཟློས་བྱར་གཞུག །དེ་ནས་བདུད་རྩིའི་དམ་ཆུ་སྦྱིན་ཏེ། དམ་ལ་བཞག་པ་ནི། ཧོ༔ དམ་ཚིག་སྟོང་གསལ་འཛིན་མེད་དེ༔ བསྲུང་བྱ་བསྲུང་མཚམས་བྲལ་བ་དང༔ ཡེ་བསྲུང་ཆེན་པོའི་དམ་ཚིག་འདི༔ ཁྱོད་ལ་སྦྱིན་ནོ་ཐུབ་པར་གྱིས༔ ཉོན་མོངས་ཁམས་གསུམ་འཁོར་བ་འདིར༔ ལུས་ངག་ཡིད་གསུམ་སྡུག་བསྔལ་མྱོང༔ ཐུབ་ན་སྐུ་གསུམ་སྐུ་ལྔ་ཐོབ༔ ཐུགས་རྗེ་ཆེན་པོ་དབྱེར་མེད་འགྱུར༔ དེས་ན་དམ་སྲུངས་ཆུ་འདི་ཐུངས༔ ས་མ་ཡ་ཨ་མྲྀཏ་ཧཱུྃ༔ ཞེས་དམ་ལ་བཞག་པའི་དམ་ཚིག་གི་གནས་ལ་སྲུང་སྡོམ་གྱི་བསམ་པ་དྲག་པོ་བསྐྱེད་དེ་དམ་ཚིག་ཁས་ལེན་འདིའི་རྗེས་ཟློས་ལན་གསུམ་མཛོད༔ བླ་མ་ཐུགས་རྗེ་ཆེན་པོའི་དྲུང༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ སྲོག་གི་ཕྱིར་ཡང་མི་གཏོང་ཞིང༔ བསྐལ་པ་ཞིག་ཀྱང་གཏོང་རེ་ཀན༔ ཞེས་བརྗོད། དེ་ནས་དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་རྣམས་ལ་སེམས་རྩེ་གཅིག་ཏུ་གཏོད་ཅིག །བསང་སྦྱང་། སྟོང་པའི་ངང་ལས། གནས་ཁང་ཐར་པ་ཆེན་པོའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་རྫོགས་པའི་དབུས་སུ་པདྨ་དཀར་པོ་དང་ཟླ་བའི་སྟེང་དུ་ཁྱེད་རང་གི་རིག་པའི་ངོ་བོ་ཧཱུྃ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ། ཕྱག་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ཏེ་འཛིན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཅན་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུར་གྱུར། དེའི་ཐུགས་ཀར་རིན་པོ་ཆེའི་གཞལ་ཡས་ཁང་གི་དབུས་སུ། པདྨ་ཉི་ཟླའི་གདན་ལ་སྤྱན་རས་གཟིགས་དམར་པོ་ཕྱག་གཉིས་མཉམ་གཞག་གིས་ཚེ་བུམ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། དེའི་པང་དུ་ཡུམ་གསང་བ་ཡེ་ཤེས་དམར་མོ་གྲི་གུག་དང་ཐོད་པ་བདུད་རྩིས་བཀང་བ་བསྣམས་པས་འཁྲིལ་པ། གཡས་སུ་སྲས་པོ་ནོར་བུ་འཛིན་པ་དཀར་པོ་ནོར་བུ་དང་པདྨའི་ཕྲེང་བ་འཛིན་པ། གཡོན་དུ་སྲས་མོ་གསང་སྔགས་འཛིན་མ་སྔོ་ལྗང་ཨུཏྤལ་དང་པདྨའི་ཕྲེང་བ་འཛིན་པ། དེའི་ཕྱིར་པདྨ་འདབ་བཞི་ལ་རིགས་བཞི་ཡབ་ཡུམ། དེའི་ཕྱིར་པདྨ་འདབ་བརྒྱད་ལ་སེམས་དཔའ་ཡབ་ཡུམ་བརྒྱད། སྒོ་བཞི་ལ་སྒོ་བ་ཡབ་ཡུམ་བརྒྱད་རྣམས་བཞུགས་པ། སྤྱི་བོར་དུར་ཁྲོད་འབར་བའི་གཞལ་ཡས་ཁང་གི་ནང་དུ་པདྨ་ཉི་ཟླ་རོའི་གདན་ལ་ཁྲོ་བོ་རྟ་མགྲིན་དམར་ནག་གྲི་གུག་དང་ཐོད་ཁྲག་འཛིན་པ་ལ། ཡུམ་རྡོ་རྗེ་ཕག་མོ་མཐིང་ནག་གྲི་གུག་དང་ཐོད་ཁྲག་བསྣམས་པས་འཁྲིལ་བ། དེའི་ཕྱིར་འཁོར་ལོ་རྩིབས་བཞི་ལ་རྟ་མགྲིན་རིགས་བཞི། དེའི་ཕྱིར་འཁོར་ལོ་རྩིབས་ཉེར་བཞི་པ་ལ་དབང་ཕྱུག་ཉེར་བཞི་དང་། སྒོ་བཞིར་རེ་རེ་སྟེ་ཉེར་བརྒྱད། སྤྱི་མགྲིན་སྙིང་ལྟེ་གསང་གནས་རྐང་མཐིལ་དྲུག་ཏུ་ཐུབ་པ་དྲུག །ཡན་ལག་བཞི་ལ་མཁའ་འགྲོ་ཡབ་ཡུམ། རྩ་དང་ཐིག་ལེའི་འོད་ཀློང་དུ་དཔའ་བོ་མཁའ་འགྲོ་བྱེ་བ་ས་ཡ་དང་། བ་སྤུའི་བུ་ག་རྣམས་སུ་བསྐལ་བཟང་གི་སངས་རྒྱས་སྟོང་སྤྲུལ་སྐུའི་རྣམ་པར་བཞུགས་པ། དེ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་དབུས་སུ་ཟླ་བ་ལ་གནས་པའི་ཧྲཱིཿདམར་པོ། དེ་དང་བདག་མདུན་གྱི་ལྷའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་གསང་བ་གསུམ་གྱི་གནས་ནས་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཞི་ཁྲོའི་དཀྱིལ་འཁོར་པ་དང་སངས་རྒྱས་བྱང་སེམས་རྩ་གསུམ་ཆོས་སྐྱོང་གི་ཚོགས་དཔག་ཏུ་མེད་པ་ཉི་ཟེར་གྱི་རྡུལ་འཁྲིགས་པ་ལྟར་བྱོན་ཏེ། ཁྱེད་རང་གི་སྤྱི་བོའི་གཙུག །དབང་པོའི་སྒོ །བ་སྤུའི་བུ་ག་རྣམས་ནས་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་ཤིང་བདེ་བ་ཆེན་པོའི་ཡེ་ཤེས་མཆོག་ཏུ་རྒྱས་པར་བྱས་པའི་མོས་པ་མཛོད་ཅིག །སྤོས་རོལ་དབྱངས་དང་བཅས་སྤྲོ་ན་ལས་བྱང་གི་སྤྱན་འདྲེན་བཏང་། འབེབ་སྔགས། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ མང་དུ་བཟླས། དེ་ལྟར་དབབ་པའི་ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་གནས་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག །གཉིས་པ་དབང་ནི། དེ་རྣམས་ཀྱིས་དབང་གི་གཞི་དགོད་པ་སོང་ནས། དབང་དངོས་བསྐུར་བ་ལ་དམིགས་པ་རྣམས་རིམ་པ་བཞིན་གསལ་འདེབས་པར་ཞུ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། གདན་གསུམ་ཚང་བའི་དབང་གི་ལྷ་སྤྱན་དྲངས་བཛྲ་ས་མཱ་ཛཿ ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས། བསྟོད་པར་འོས་པ་སོགས་ཀྱིས་བསྟོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མ་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་ལྷ་རྣམས་དབང་བསྐུར་བའི་དགོངས་པ་གཏོད་ཅིང་ཕྲིན་ལས་ལ་འཇུག་པར་གྱུར། འདིར་སྤྲོ་ན་ཐུན་མོང་རིག་པའི་དབང་ལྔ་སྤྱི་ལྟར་བསྐུར་བར་བཤད། དེའང་དབང་བསྐུར་དངོས་ལ་སྤྲོས་བཅས། སྤྲོས་མེད། རབ་ཏུ་སྤྲོས་མེད། ཤིན་ཏུ་སྤྲོས་མེད། རིག་པ་རྩལ་གྱི་དབང་། ལྷུན་གྲུབ་ཐོད་རྒལ་གྱི་དབང་། བྱིན་རླབས་གཏོར་མའི་དབང་། བཀའ་གཏད་གཞན་དོན་གྱི་དབང་དང་བརྒྱད་ལས། དང་པོ་སྤྲོས་བཅས་སྐུ་དབང་ལུས་ལ་བསྐུར་བ་ལའང་སྐུ་གསུང་ཐུགས་དབང་གསུམ་ལས། དང་པོའི་སླད་དུ་སློབ་དཔོན་དང་དབང་ལྷ་ལྷན་ཅིག་པས་བཀྲ་ཤིས་རྣམ་པར་རྒྱལ་བའི་བུམ་པའི་བདུད་རྩིས་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཇི་སྲིད་དངོས་པོར་འཛིན་བྱ་རྣམས༔ ཆུ་ཟླ་དར་གྱིས་འཚག་པ་འདྲ༔ འབྱུང་བ་དངོས་མེད་ཡུལ་འཛིན་བྲལ༔ སྣོད་བཅུད་ཨ་འཐས་དག་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་བུམ་ཆུ་སྦྱིན་ཅིང་འཐོར། དེ་ནས་སྣོད་བཅུད་ཐ་མལ་གྱི་དངོས་འཛིན་སྟོང་སྟེ་ཡེ་ཡིན་གཞལ་ཡས་ཁང་དང་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་ཤེས་པར་གྱིས་ཤིག །ཁྱེད་རང་ཐུགས་རྗེ་ཆེན་པོར་ཀྲོང་གིས་གྱུར་པ་ལ་མདུན་གྱི་ལྷ་ཚོགས་རྣམས་ལས་གཉིས་པ་རེ་མཆེད་དེ་སྤྱི་བོ་ནས་ཐིམ་པས། དཀྱིལ་འཁོར་ལྷའི་སྐུའི་བྱིན་རླབས་ལུས་ལ་ཞུགས་པའི་མོས་པ་མཛོད། སྐུ་ཙཀ་ཐོགས་ཏེ། ཧྲཱི༔ ཆོས་སྐུ་སྣང་མཐའ་སྙིང་ནང་ན༔ སྟོང་ལ་ངང་དྭངས་ཆེན་པོར་བཞུགས༔ ལོངས་སྐུ་ཐུགས་ཆེན་མིག་གི་དཀྱིལ༔ གསལ་འཚེར་འཇའ་རིས་ཚོམ་བུར་བཞུགས༔ སྤྲུལ་སྐུ་པད་འབྱུང་ཚོགས་དྲུག་ཡུལ༔ སྣ་ཚོགས་གཅེར་གྲོལ་ཆེན་པོར་བཞུགས༔ མ་བསྐྱེད་ཡེ་རྫོགས་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་གནས་གསུམ་དུ་བཞག །ཐོད་པའི་བདུད་རྩི་བྱིན་པས་དཀྱིལ་འཁོར་ལྷའི་གསུང་གི་བྱིན་རླབས་ངག་ལ་ཞུགས་པའི་མོས་པ་མཛོད། ཧྲཱི༔ ཐོད་པ་སྟོང་ཉིད་ཆོས་ཀྱི་དབྱིངས༔ བུ་རམ་བདེ་གསལ་ཉམས་མྱོང་ངོ༔ ཆང་ནི་འཁོར་འདས་དབྱེར་མེད་དེ༔ སྨྲ་མེད་གྲགས་སྟོང་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་བདུད་རྩི་སྦྱིན། དེ་ནས་མར་མེ་བསྟན་ཅིང་དབུ་རྒྱན་བསྐོན་ནས་ཕྲེང་བ་གཏད་པས་དཀྱིལ་འཁོར་ལྷའི་ཐུགས་ཀྱི་བྱིན་རླབས་ཡིད་ལ་ཞུགས་པའི་མོས་པ་མཛོད། ཧྲཱི༔ ཐུགས་རྗེ་ཆེན་པོའི་ཐུགས་ཉིད་ནི༔ ལྟ་བའི་ཞིང་ཁམས་མཐོང་ཡུལ་བྲལ༔ སྒོམ་པའི་ངོ་བོ་གསལ་ཡུལ་བྲལ༔ སྤྱོད་པའི་ངོ་བོ་ཞེན་འཛིན་བྲལ༔ རྟོགས་གྲོལ་སོ་མ་ལྷང་ངེ་བ༔ ཡབ་ཡུམ་སྣང་སྟོང་དབྱེར་མེད་དོན༔ སྐལ་ལྡན་ཁྱོད་ཀྱིས་རྟོགས་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་བརྒྱ་རྩ་བརྗོད་པར་གསུངས། དེ་ནས་ངེད་ཀྱིས་ཨ་ཞེས་བརྗོད་པ་དང་དམིགས་མེད་དུ་ལྷང་ངེར་བཞག་མཛོད༔ ཨ༔ ཞེས་མཉམ་པར་འཇོག་ཏུ་བཅུག་གོ །གཉིས་པ་སྤྲོས་མེད་སྔགས་དབང་ངག་ལ་བསྐུར་བ་ནི། དཀྱིལ་འཁོར་ལྷའི་ཐུགས་ཀ་ནས་ཡིག་བདུན་གྱི་ཡིག་འབྲུ་རེ་རེ་བཞིན་བྱུང་སྟེ་ཁྱེད་རང་ལ་ཐིམ་པས་བྱིན་གྱིས་བརླབས་པའི་མོས་པ་མཛོད། མ་ཎི་བཟླ་བཞིན་དུ་ཐོད་ཆང་བླུད། དེ་ནས་ཨོཾ་སོགས་རིམ་པར་ཐོགས་ལ། ཨོཾ་ནི་ཡེ་ཤེས་ལྔ་ཡིན་ཏེ༔ ཞེ་སྡང་རང་གྲོལ་མེ་ལོང་སྐུ༔ ང་རྒྱལ་རང་གྲོལ་མཉམ་ཉིད་སྐུ༔ འདོད་ཆགས་རང་གྲོལ་སོར་རྟོག་སྐུ༔ ཕྲག་དོག་རང་གྲོལ་བྱ་གྲུབ་སྐུ༔ གཏི་མུག་རང་གྲོལ་ཆོས་དབྱིངས་སྐུ༔ སྐལ་ལྡན་བུ་ཡིས་ཐོབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མ་ནི་སྤྲོས་པ་ཀུན་བྲལ་ཏེ༔ ཚོགས་བརྒྱད་རང་གྲོལ་སེམས་དཔའི་སྐུ༔ སྣ་ཚོགས་ཤར་ཡང་དབྱིངས་སུ་གཅིག༔ དོན་ལ་ཡོད་མེད་མཐའ་ལས་འདས༔ སྐྱེ་མེད་ཡུམ་གྱི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཎི་ནི་རྟོག་པ་གཞི་ཐོག་ལོག༔ ལྟ་བ་སྤྲོས་པ་བྲལ་བ་ལ༔ སྒོམ་པ་ཐུན་བཟུང་མེད་པ་ཡིས༔ སྤྱོད་པ་འཛིན་མེད་སྣང་སྟོང་ཀློང༔ འབྲས་བུ་ཐོབ་རྒྱུ་བྲལ་བ་སྟེ༔ བློ་འདས་བྱར་མེད་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ པད་ནི་ཉོན་མོངས་དྲི་མ་བྲལ༔ གསལ་བའི་མདངས་ལ་འོད་ཀྱི་དལ༔ ཟེར་གྱི་ཚོམ་བུ་ངང་གིས་སྟོང༔ དྲི་མེད་ལྷུན་གྲུབ་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མེ་ནི་འཁོར་བའི་ཞེན་འཛིན་བསྲེགས༔ བློས་བྱས་འདོད་པས་འཆིང་ཡུལ་ཚིག༔ ངང་གིས་རང་གསལ་ལྷ་ཚོགས་ཤར༔ གཞོན་ནུ་བུམ་པའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཧཱུྃ་ནི་དུག་ལྔ་རྩད་ནས་གཅོད༔ རྒྱུད་དྲུག་འཁོར་བའི་གནས་ནས་འདྲེན༔ སྐྱེ་མེད་ངང་ལས་འགག་མེད་ཤར༔ བློ་ཟད་ཞེན་བྲལ་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཧྲཱིཿནི་སྐུ་གསུམ་ངང་གིས་རྫོགས༔ སྟོང་པས་གཟུགས་མེད་ཆོས་སྐུར་གྲོལ༔ གསལ་བས་གཟུགས་ཁམས་ལོངས་སྐུར་གྲོལ༔ མ་འགགས་འདོད་ཁམས་སྤྲུལ་སྐུར་གྲོལ༔ རིག་པ་གཅེར་བུའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་སྤྱི་བོར་བཞག་གོ །གསུམ་པ་རབ་ཏུ་སྤྲོས་མེད་ཐུགས་དབང་སེམས་ལ་བསྐུར་བ་ནི། དཀྱིལ་འཁོར་ལྷའི་ཐུགས་ཀ་ནས་འོད་ཟེར་དང་ཕྱག་མཚན་གྱི་ཚོགས་འཕྲོས་ཏེ་ཁྱེད་རང་གི་སྙིང་གར་ཐིམ་པས་བྱིན་གྱིས་བརླབས་པའི་མོས་པ་དང་ཚིག་དོན་ལའང་སོམས་མཛོད། མེ་ལོང་ལ་ཡིག་བདུན་མཚལ་གྱིས་བྲིས་པ་ཐོགས་ཏེ། ཧོ༔ ཀུན་གཞི་སྐྱེ་མེད་མེ་ལོང་གཡའ་དག་འདྲ༔ འཁོར་འདས་མ་གྲུབ་གསལ་སྟོང་གཟུགས་བརྙན་ནི༔ རྣམ་པ་གསལ་ཡང་གཟུགས་བརྙན་ངོ་བོས་སྟོང༔ ཤར་ཡང་མ་གྲུབ་བདེན་མེད་ཀུན་སྣང་བ༔ ཡེ་གྲོལ་གཅེར་གྲོལ་རང་གྲོལ་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་མེ་ལོང་སྙིང་གར་བཞག །བཞི་པ་ཤིན་ཏུ་སྤྲོས་མེད་ཀྱི་དབང་ཚིག་གིས་ངོ་སྤྲོད་དུ་གདབ་པ་ནི་འདི་ལ་གསན་འཚལ། མེ་ལོང་ལ་ཤེལ་རྡོ་བཙུགས་པ་ཐོགས་ཏེ། ཧྲཱི༔ དྲི་མེད་གསལ་དག་གཞི་ཡི་ཀློང༔ སེམས་ཅན་ཀུན་གྱི་ཙིཏྟར་གནས༔ འགྱུ་རྟོག་དྲན་པ་རང་སངས་དེ༔ སེམས་ཅན་ཀུན་གྱི་རྩ་ལ་གནས༔ ཞི་གནས་ལྷག་མཐོང་དབྱེར་མེད་པ༔ རྟོག་པ་གཉིས་ཀྱི་བར་ན་གནས༔ སྐུ་གསུམ་འཛིན་བྲལ་རིག་སྐུ་དེ༔ བར་སྣང་དག་པའི་དབྱིངས་ན་གནས༔ ངང་དེར་གནས་ཤིང་ངང་དེར་གྲོལ༔ ཆོས་ཟད་འཛིན་བྲལ་རྟོགས་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་ཤེལ་རྡོ་སྤྱི་བོར་བཞག །ལྔ་པ་རིག་པ་རྩལ་གྱི་དབང་མཆོག་བསྐུར་བ་ནི། སློབ་མས་སྟོད་གོས་ཕུད་དེ་གནས་པ་ལ་ལྟ་སྒོམ་སྤྱོད་པའི་གདིང་སྐྱེད་པར་བྱེད་པ་ཡིན་པས་ཚིག་འདི་ལ་མ་ཡེངས་པར་གསན་འཚལ། ཧོ༔ གཉིས་འཛིན་རྟོག་པ་གཞི་མེད་ལ༔ ཨ་འཐས་ཞེན་པ་ཚི་རེ་ཆད༔ རྟག་ཆད་བྲལ་བའི་རིག་སྐུ་ལ༔ ཡོད་མེད་སེམས་པ་ཐང་རེ་ཆད༔ ཡེ་གྲོལ་རང་རིག་སྐུ་གསུམ་ལ༔ བསྐྱར་ནས་སྒོམ་པ་ཚི་རེ་ཆད༔ སེམས་རིག་རྣམ་རྟོག་མཚན་མ་རྣམས༔ བྱུང་གནས་འགྲོ་གསུམ་འདུག་གམ་ལྟོས༔ བྱུང་ངོ་སྙམ་པ་བདག་རྟོག་ཡིན༔ གནས་སོ་སྙམ་པ་དེར་རྟོག་ཡིན༔ འགྲོ་འོ་སྙམ་པ་རང་མདངས་ཡིན༔ ཆུ་ཡི་ཆུ་བུར་ཇི་བཞིན་དུ༔ ཤར་གྲོལ་ཡན་པ་བྱུང་རྒྱལ་སྐྱོངས༔ ཞེས་བརྗོད་མཐར་འཁོར་འདས་རུ་ཤན་དབྱེ་བའི་སྤྱོད་པ་སྣ་ཚོགས་པ་བྱ་བར་གསུངས་སོ། །དྲུག་པ་ལྷུན་གྲུབ་ཐོད་རྒལ་གྱི་དབང་བསྐུར་བ་ལ་སློབ་མ་རྣམས་སེང་གེ་དང་གླང་ཆེན་དྲང་སྲོང་ཙོག་པུ་སྟེ་འདུག་སྟངས་གསུམ་དང་། སྟེང་དང་ཐད་ཀ་དང་ཅུང་ཟད་ཐུར་དུ་གཟིགས་པ་སྟེ། གཟིགས་སྟངས་རྣམས་ཚིགས་བཅད་གསུམ་དང་མཉམ་དུ་འཕོ་ཞིང་ནམ་མཁར་ཟིམ་བུས་བལྟ་བ་དང་མ་ཡེངས་པར་གསན་འཚལ། ཨ༔ ལུས་ནི་ཆོས་བདུན་ངང་དེར་འདུག༔ ངག་ནི་ལྐུགས་པ་བརྗོད་མེད་ངང༔ རིག་པ་སྤྲོས་མེད་དབྱིངས་སུ་གཏོད༔ འོད་སྐུ་རྣམས་ལ་བློ་མི་འཆོས༔ ཆོས་ཀྱི་སྐུ་ཡང་དབྱིངས་སུ་ཐིམ༔ ཨ༔ ལུས་ནི་ཅེར་ཉལ་ཟིལ་བུར་འདུག༔ ངག་ནི་ལྐུགས་པ་བརྗོད་མེད་ངང༔ རིག་པ་སྤྲོས་མེད་དབྱིངས་སུ་གཏོད༔ འོད་སྐུ་རྣམས་ལ་བློ་མི་འཆོས༔ ལོངས་སྤྱོད་སྐུ་ཡང་དབྱིངས་སུ་ཐིམ༔ ཨ༔ ལུས་ནི་ཙོག་པུའི་ངང་དུ་འདུག༔ ངག་ནི་ལྐུགས་པ་བརྗོད་མེད་ངང༔ རིག་པ་སྤྲོས་མེད་དབྱིངས་སུ་གཏོད༔ འོད་སྐུ་རྣམས་ལ་བློ་མི་འཆོས༔ སྤྲུལ་པའི་སྐུ་ཡང་དབྱིངས་སུ་ཐིམ༔ ཞེས་བརྗོད། བདུན་པ་བྱིན་རླབས་གཏོར་མའི་དབང་བསྐུར་བ་ནི། གཏོར་སྣོད་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དང་། གཞན་ཡང་རྩ་གསུམ་དཔའ་བོ་མཁའ་འགྲོ་སྤྲིན་གཏིབས་པའམ་ཏིལ་གོང་ཁ་ཕྱེ་བ་ལྟར་བཞུགས་པའི་སྤྱི་མགྲིན་སྙིང་ལྟེའི་གནས་བཞི་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་འོད་ཟེར་བདུད་རྩི་དང་བཅས་པ་དཀར་དམར་མཐིང་སེར་ལྗང་བའི་ཁ་དོག་ལྔ་ལྡན་ཤིག་གིས་བྱུང་། ཁྱེད་རང་གི་གནས་བཞིར་ཐིམ་པས་དབང་བཞི་ཐོབ། སྒྲིབ་བཞི་དག །རྡོ་རྗེ་བཞིའི་བྱིན་རླབས་ཞུགས། སྐུ་བཞི་ཐོབ་པར་བྱིན་གྱིས་བརླབས་པའི་མོས་པ་མཛོད། གཏོར་མ་ཐོགས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཕྱི་སྣོད་ཐམས་ཅད་བྷནྡྷའི་ཞལ་བུ་ལ༔ ནང་བཅུད་ཐམས་ཅད་གཏོར་མའི་རང་བཞིན་ཏེ༔ སྣོད་བཅུད་ཐམས་ཅད་ལྷ་དང་ལྷ་མོའི་ཞིང༔ ཆགས་མེད་པདྨའི་གཏོར་གཞོང་དུ༔ ཞེན་པ་མེད་པའི་གཏོར་མ་བཤམས༔ སྤང་བླང་མེད་པའི་ལྷ་ཚོགས་ལ༔ རྫོགས་ལྡན་དབྱིངས་རིག་ངང་དུ་འབུལ༔ ཚོགས་དྲུག་ཡུལ་དག་དབང་ཐོབ་ནས༔ ཐུགས་རྗེ་ཆེ་དང་དབྱེར་མེད་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ལྷ་དབང་ལུས་ལ་བསྐུར་པ་ཡིས༔ ལུས་དག་སྣང་སྟོང་ཐུགས་རྗེ་ཆེ༔ སྔགས་དབང་ངག་ལ་བསྐུར་པ་ཡིས༔ ངག་དག་ཆོས་ཚིག་མ་ཎིའི་དབྱངས༔ ཆོས་དབང་སེམས་ལ་བསྐུར་པ་ཡིས༔ གཟུང་འཛིན་རང་གྲོལ་སྐྱེས་གྲོལ་ཐུགས༔ སེམས་དབང་ཡེ་ཤེས་རིག་པའི་རྩལ༔ ཡེ་ནས་དམིགས་གཏད་མེད་པས་གཏོར༔ མ་འགགས་ཀུན་ལ་ཁྱབ་པས་མ༔ འདོད་ཡོན་ཕུང་ལྔ་རང་གྲོལ་བས༔ ཁམས་དག་ཡེ་ཤེས་བདུད་རྩི་ལྔ༔ གཉིས་མེད་ཐུགས་རྗེ་རྩ་གསུམ་ལྷ༔ རང་ལ་རང་ལོངས་སྤྱོད་པ་སྟེ༔ ལྷུན་གྲུབ་ཆེན་པོར་དབང་བསྐུར་རོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བཛྲ་གུ་རུ་པདྨ་སིདྡྷི་ཨ་ཧ་ར་ཨ་ཧ་ར་ཧཱུྃ༔ ཨ་ཧ་རི་ནི་ས་ཧཱུྃ༔ ཨ་བྷི་ཥིཉྩ་ཨོཾ༔ ཨ་བྷི་ཥིཉྩ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨ་བྷི་ཥིཉྩ་ཧྲཱི༔ ཞེས་གནས་བཞིར་བཞག །གཏོར་ཟན་དངོས་གྲུབ་ཏུ་སྦྱིན་པར་བྱའོ། །བརྒྱད་པ་བཀའ་གཏད་གཞན་དོན་གྱི་དབང་བསྐུར་ཞུ་བའི་སླད་དུ་མཎྜལ་ཕུལ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད༔ ཀྱེ༔ བླ་མ་ཐུགས་ཆེན་སྤྱན་རས་གཟིགས༔ བདག་ཅག་སྣོད་ལྡན་བུ་མཆོག་ལ༔ དབང་གི་ཆུ་བོ་གང་བྱོ་ཡི༔ གདམས་གཏད་ལུང་རྣམས་རྫོགས་པར་ཞུ༔ དེ་ནས་སློབ་མ་སེང་གེའི་ཁྲི་ལ་བཀོད་ཅིང་མཆོད་པའི་ཚོགས་དུ་མས་མཐའ་བསྐོར་ཏེ་མེ་ཏོག་གི་ཆར་འབེབས་ཤིང་། གླུ་དབྱངས་རོལ་མོ་དུ་མའི་བཀྲ་ཤིས་ཀྱིས་མངའ་གསོལ་ཏེ་ལག་ཏུ་ཤེལ་དཀར་གཏད་ཅིང་དབུ་སྟེང་དུ་གདུགས་བཟང་པོ་བསྐོར་བའི་མོས་པ་མཛོད། ཤེལ་དང་གདུགས་ཐོགས་ཏེ། ཧོ༔ ལྟ་བ་ཕྱོགས་ལྷུང་བྲལ་བ་ནི༔ འཁོར་འདས་ཀུན་གྱི་སྤྱི་དཔལ་ཡིན༔ བལྟ་བྱ་ལྟ་བྱེད་གཉིས་ལས་འདས༔ བློ་འདས་ཆེན་པོ་སྣང་མཐའ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་ནས༔ ཆོས་སྐུའི་བསྟན་པ་ཁྱེད་ལ་གཏད༔ རིགས་ཀྱི་བུས་ལྟ་བ་ཕྱོགས་ལྷུང་དང་བྲལ་བའི་དབང་མཆོག་ཐོབ་སྟེ་ཆོས་སྐུའི་བསྟན་པ་གསུམ་གྱིས་སེམས་ཅན་གྱི་དོན་གྱིས་ཤིག༔ ཅེས་ལག་ཏུ་གཏད། དབུ་རྒྱན་བསྐོན་རྡོར་དྲིལ་ལག་ཏུ་གཏད་དེ། ཧོ༔ སྒོམ་པ་རང་གསལ་ཡེངས་མེད་འདི༔ འཁོར་འདས་ཀུན་གྱི་ཁོང་སྲོག་ཡིན༔ བསྒོམ་བྱ་སྒོམ་བྱེད་གཉིས་ལས་འདས༔ ཡེ་གྲོལ་རང་གསལ་ཐུགས་རྗེ་ཆེ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལོངས་སྐུའི་བསྟན་པ་ཁྱོད་ལ་གཏད༔ རིགས་ཀྱི་བུས་སྒོམ་པ་རྩོལ་བྱས་དང་བྲལ་བའི་དབང་མཆོག་ཐོབ་སྟེ་ལོངས་སྐུའི་བསྟན་པ་གསུམ་གྱིས་སེམས་ཅན་གྱི་དོན་གྱིས་ཤིག༔ གླེགས་བམ་མེ་ལོང་ཡིག་དྲུག་རྣམས་ལག་ཏུ་གཏད་ལ། ཧོ༔ སྤྱོད་པ་སྤང་བླང་རང་གྲོལ་བ༔ འཁོར་འདས་ཀུན་གྱི་རང་བཞིན་ཡིན༔ སྤྱད་བྱ་སྤྱོད་བྱེད་གཉིས་ལས་འདས༔ ཡེ་གྲོལ་རང་གསལ་བླ་མ་ཉིད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྤྲུལ་སྐུའི་བསྟན་པ་ཁྱེད་ལ་གཏད༔ རིགས་ཀྱི་བུས་སྤྱོད་པ་སྤང་བླང་དང་བྲལ་བའི་དབང་མཆོག་ཐོབ་སྟེ་སྤྲུལ་སྐུའི་བསྟན་པ་གསུམ་གྱིས་སེམས་ཅན་གྱི་དོན་གྱིས་ཤིག༔ ཅེས་མེ་ཏོག་གཏོར་རོལ་མོ་སྦིར། དེ་ནས་བླ་མའི་ཐུགས་ཀ་ནས་ཐུགས་རྗེ་ཆེན་པོའི་སྐུ་ཚོན་གང་པ་ཞིག་སློབ་མའི་སྙིང་གར་འཕྲོས་པའི་མོས་པ་མཛོད༔ གླེགས་བམ་ཐོགས་ཏེ། ཧོ༔ འཁོར་འདས་ཆོས་རྣམས་གཞི་རྩ་བྲལ༔ མེད་བཞིན་སྣང་བ་ཀུན་གྱི་ལམ༔ རིག་པ་སྐྱེ་མེད་བརྡལ་བ་འདི༔ རེ་དོགས་བྲལ་བ་ཨ་ལ་ལ༔ འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ༔ ཀུན་གྱིས་མཆོད་འོས་མོས་རྟེན་དུ༔ དེ་རིང་ཉིད་དུ་གྱུར་པ་འོ༔ ཞེས་ལག་ཏུ་གཏད། འོ་བུ་ཁྱོད་ཀྱིས་དུས་འདི་ནས་ལྟ་སྤྱོད་གཞན་དང་མ་བསྲེ་བར་རང་ཚུགས་ཟིན་པར་གྱིས་ཤིག༔ མེ་ལོང་དང་ཡིག་བདུན་བཅང་ཞིང་མ་ཎིའི་བྲོ་ར་ཆོས་ཤིག༔ འགྲོ་བ་ཀུན་ལ་དབང་ཆོས་ཀྱི་ཆར་ཕོབ་ཅིག༔ ལམ་འཕྲང་ཡིག་བདུན་ཚུགས་ཤིག༔ གཟུངས་རྒྱུན་ནར་མར་ཆོས་ཤིག༔ ཚེས་བཅུའི་མཆོད་པ་རྒྱུན་མ་བཅད་ཅིག༔ བླ་མ་ལ་མོས་གུས་སྐྱེད་ཅིག༔ རང་ཉིད་ཏིང་ངེ་འཛིན་ལས་མ་གཡོས་ཤིག༔ དྲེད་པོ་ཁ་གསག་མཁན་ལ་ཡིག་ཆ་མི་བསྟན་ཞིང་རང་གི་བརྒྱུད་པ་ཟིན་ངེས་པ་ལ་གདམས་པ་རྫོགས་པར་སྟོན་ཅིག༔ ལྟ་བ་ནམ་མཁའི་མདུང་བསྐོར་ཡིན་ཡང་སྤྱོད་པ་ཆོས་མིན་མ་འཆོལ་ཅིག༔ སྤྱོད་པ་རྒྱུ་འབྲས་ལ་ཞིབ་ཀྱང་ཀ་དག་གི་དོན་ལ་སྐྱོལ་ཅིག༔ བསྒོམ་བྱའི་རྩོལ་བ་ཞིག་ཀྱང་བསྙེན་སྒྲུབ་ཁ་གསོས་ཤིག༔ ཡེ་གྲོལ་སྣང་སེམས་ཀྱི་བར་ལག་འགྱེལ་ཀྱང་མ་ཡེངས་དྲན་པའི་བྱ་ར་བསྟེན་ཅིག༔ གང་བབ་གཤིས་ཀྱི་འདུག་ཚུལ་ཡིན་ཡང་མི་འདའ་བ་གསུམ་གྱིས་གཞི་སྣང་ལ་ཟློས་ཤིག༔ བླ་མ་དང་ཐུགས་ཡིད་འདྲེས་ཀྱང་གདུང་ཤུགས་མོས་གུས་ཀྱིས་གསོལ་བ་ཐོབ་ཅིག༔ རི་ཀླུང་ལ་དབྱེ་བ་མེད་ཀྱང་ཐབས་ཤེས་ཀྱིས་ས་ཡང་དབེན་གནས་དང་རི་ཁྲོད་འགྲིམ་པར་བྱོས་ཤིག༔ ཅེས་གདམས། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱང་ཁྱེད་རང་རྣམས་ལ་ཐིམ་པར་གྱུར་པ་ལ༔ བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བདེན་ཚིག་གིས་ཤིས་པ་བརྗོད་ཅིང་མེ་ཏོག་ཆར་དུ་བསྙིལ་བར་མོས་ཤིག༔ ཅེས་བྱས་ལ་ཞལ་ནས་གསུངས་པས་ཐོག་དྲངས་ཏེ་ཤིས་བརྗོད་རྒྱས་པར་སྤེལ། གསུམ་པ་དབང་གི་རྗེས་ནི། དམ་ཚིག་ཁས་བླང་། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་རྣམས་དང་། དཀྱིལ་འཁོར་རྗེས་རིམ་ཚོགས་ལ་རོལ་ཅིང་ལྷག་མ་གཏང་བ་ནས་ཤིས་པ་བརྗོད་པའི་བར་ལས་བྱང་ལྟར་བྱས་པས་འགྲུབ་བོ། །ཐུགས་རྗེའི་འོད་ཀྱིས་སྒྲིབ་གཉིས་མུན་ཁང་བརྟོལ། །རང་བྱུང་སྤྱན་རས་དྲི་མེད་གཟིགས་པ་ཡིས། །ཉམ་ཐག་འགྲོ་རྣམས་དབུགས་ཆེན་འབྱིན་པ་ཡི། །ཕྲིན་ལས་མུ་ཁྱུད་མཁའ་དང་མཉམ་པར་ཤོག །འདིའི་གཏེར་གཞུང་ཉིད་རྒྱུད་ཀྱི་ལུང་སྦྱོར་སོགས་རྒྱས་དྲགས་པས་དབང་ཆོག་གི་དངོས་དོན་མ་ཚང་བ་མེད་པར་བསྡུས་ཏེ་བཀླགས་པས་ཆོག་པའི་ཁྲིགས་སུ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
ཆོས་སྐྱོང་བསྟན་སྲུང་ཡོངས་རྫོགས་ཀྱི་བསྐང་བཤགས་ (Volume 38, Text 6)
ཆོས་སྐྱོང་བསྟན་སྲུང་ཡོངས་རྫོགས་ཀྱི་བསྐང་བཤགས་བཞུགས་སོ། །དུས་གསུམ་བདེ་གཤེགས་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་ལོ༔ སྒྲུབ་ཆེན་བཀའ་བརྒྱད་ཡོངས་རྫོགས་ཀྱི་བཀའ་སྲུང༔ ཆོས་སྐྱོང་བསྟན་སྲུང་ཡོངས་རྫོགས་ཀྱི་བསྐང་བཤགས་བྱ་བ་ནི༔ རང་གིས་དམ་ཚིག་ཉམས་སམ༔ དགྲ་ལ་རྦད་ནས་གུད་པ་ལེན་ནམ༔ བདུད་ཆག་ཆེ་འམ༔ གཏང་རག་གཏོང་ངམ༔ དགྲ་ལ་རྦད་དམ༔ མགོན་པོ་རང་རྒྱུད་པར་གོལ་ནས༔ འཁུ་ལྡོག་བྱུང་ངམ༔ འདིར་བསྟན་པའི་སྔགས་པ་ནང་འགྲས་པར༔ དང་པོ་ལོག་གནོན་རང་གཤེད་དབབ༔ བར་དུ་བསད་གསོ་འཕྲུལ་ནས་དབྱུང༔ མཐའ་རུ་བསྐང་ཞིང་དགྲ་ལ་རྦད༔ དེ་ཕྱིར་བསྐང་བའི་རིམ་པ་ནི༔ རི་རབ་བང་རིམ་བཞི་བྱས་ལ༔ རྩེ་ལ་དབལ་བཤོས་ཟུར་གསུམ་པ༔ སྙིང་གཟུགས་ཁྲག་ཆེན་བྱུགས་པ་དགུ༔ མཐེབ་ཀྱུ་བརྒྱད་ཀྱིས་བསྐོར་བ་བཀོད༔ དེ་འོག་བང་རིམ་གཉིས་པ་ལ༔ མགོན་པོ་སྡེ་ལྔ་ལྷ་མོ་ལྔ༔ གསུམ་པར་དཔལ་མགོན་བདུན་ཅུ་ལྔ༔ བཞི་པར་སྡེ་དཔོན་སུམ་ཅུ་པོ༔ དེ་འོག་བསྟན་མ་བཅུ་གཉིས་དང་རྒྱལ་ཆེན་བཞི༔ རང་རང་གཏོར་མ་ཤ་ཁྲག་བརྒྱན༔ མི་ནག་གཏོར་མ་ར་ལུག་དང༔ བྱ་ནག་ཁྱི་ནག་རྟ་ནག་དང༔ གཡག་རོག་གླང་ནག་ལ་སོགས་པ༔ ཐམས་ཅད་ཕུན་སུམ་ཚོགས་པར་བྱ༔ ཚོགས་ཀྱི་ཡོ་བྱད་ཐམས་ཅད་གསག༔ བསང་སྦྱང་བྱིན་རླབས་སྤྱི་མཐུན་བྱ༔ སྒྲུབ་ཆེན་བཀའ་བརྒྱད་ཡོངས་རྫོགས་དང༔ བསྟན་སྲུང་ཡོངས་རྫོགས་ཕྲིན་ལས་བཏང༔ རོལ་མོ་སྣ་ཚོགས་སྒྲ་དང་བཅས༔ གདུང་བའི་དབྱངས་ཀྱི་འདི་སྐད་དོ༔ ཀྱཻ༔ དགོངས་ཤིག་དཔལ་ལྡན་མགོན་པོའི་ཚོགས༔ དགོངས་ཤིག་འཁོར་གྱི་བཀའ་ཉན་རྣམས༔ སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ༔ བསྟན་པ་བསྲུང་བར་ཞལ་བཞེས་པའི༔ ཁྱེད་ཀྱི་དམ་བཅའ་གཉན་པོ་དེ༔ ད་ལྟ་རྣལ་འབྱོར་བདག་བསྐུལ་ན༔ བདག་ནི་རིག་འཛིན་སྒྲུབ་པ་པོ༔ བདག་ནི་རྣལ་འབྱོར་དམ་ཚིག་ཅན༔ དམ་ལ་གནས་ཤིང་ལྷ་ལ་དུངས༔ ཁྱོད་ནི་སྲུང་མ་དམ་ཚིག་ཅན༔ ཁྱོད་ནི་མྱུར་མགྱོགས་མཐུ་རྩལ་ཅན༔ བསྒྲུབ་ཅིང་བསྐུལ་ལོ་གཤེགས་སུ་གསོལ༔ ཀྱཻ༔ ཡེ་ཤེས་མགོན་པོ་གནས་འདིར་བྱོན༔ ཡེ་ཤེས་མ་ཆེན་གནས་འདིར་བྱོན༔ ཡེ་ཤེས་ལྷ་མོ་གནས་འདིར་བྱོན༔ མགོན་པོ་སྡེ་ལྔ་གནས་འདིར་བྱོན༔ ལྷ་མོ་སྡེ་ལྔ་གནས་འདིར་བྱོན༔ བྱ་རོག་གདོང་ཅན་གནས་འདིར་བྱོན༔ སེང་གེའི་གདོང་ཅན་གནས་འདིར་བྱོན༔ གཤིན་རྗེ་ཆོས་རྒྱལ་གནས་འདིར་བྱོན༔ སོ་ཀ་རཱ་ཙ་གནས་འདིར་བྱོན༔ སྤྲུལ་པ་མཆེད་གསུམ་གནས་འདིར་བྱོན༔ སྒྲོལ་གིང་ཡབ་ཡུམ་གནས་འདིར་བྱོན༔ གཙང་རིས་དཔལ་མགོན་ཐུགས་དམ་ཅན༔ བདུན་ཅུ་རྩ་ལྔ་གནས་འདིར་བྱོན༔ སྡེ་དཔོན་སུམ་ཅུ་གནས་འདིར་བྱོན༔ སྤྲུལ་འཁོར་བྱེ་བ་གནས་འདིར་བྱོན༔ ཀྱཻ༔ ཉོན་དང་ཡེ་ཤེས་མགོན་པོའི་ཚོགས༔ ཉོན་དང་བསྟན་སྲུང་ཡོངས་རྫོགས་ལྷ༔ རྒྱལ་བའི་བཀའ་ལ་མི་ཉན་མེད༔ ཟབ་མོའི་དོན་ལ་མི་སེམས་མེད༔ ཟས་དང་སྐོམ་ལ་མི་ཆགས་མེད༔ ཀྱཻ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀས༔ འཁོར་འདས་གཉིས་ལ་དབང་བསྒྱུར་ཕྱིར༔ ཡེ་ཤེས་མགོན་པོའི་སྐུ་རུ་སྤྲུལ༔ བསྟན་སྲུང་ཡོངས་རྫོགས་ཕོ་ཉར་འགྱེད༔ དྲེགས་པ་ཐམས་ཅད་བྲན་དུ་བཀོལ༔ ཁྱོད་ནི་ཆོས་སྐྱོང་ཡོངས་ཀྱི་རྗེ༔ བདག་ནི་དུངས་དུངས་ཁྱོད་འབོད་ན༔ ཁྱོད་ནི་ཆོས་སྐྱོང་དམ་ཚིག་ཅན༔ ཁྱོད་དང་རྣལ་འབྱོར་བདག་ཅག་གཉིས༔ བསྐལ་པ་ཞིག་ཀྱང་མི་འབྲལ་ན༔ ལྡེམ་མེ་རྒྱང་ངེ་མ་མཛད་པར༔ བརྩེ་སེམས་གདུང་སེམས་ཅི་ཆེར་མཛོད༔ ཁྱོད་ལ་དགོས་པའི་དམ་རྫས་ནི༔ རི་རབ་རྩེ་དང་རྒྱ་མཚོའི་གཏིང༔ སྲོག་ལ་བསྡོས་ནས་ཐུགས་དམ་བསྐང༔ བདག་ལ་དགོས་པའི་དུས་བྱུང་ན༔ ཅི་ལ་ཐུག་ཀྱང་ཕྲིན་ལས་མཛོད༔ སྒྲུབ་ལ་བར་ཆད་བྱེད་པ་ན༔ རྡོ་རྗེའི་སྤུན་ཡང་བསྒྲལ་བར་བྱ༔ ཀྱཻ༔ བོས་པའི་ཚེ་ན་སྙན་མ་སྲ༔ གཡབ་པའི་ཚེ་ན་སྤྱན་མ་རྟུལ༔ བསྟེན་པའི་ཚེ་ན་རྒྱང་མ་རིང༔ བསྒྲུབ་པའི་ཚེ་ན་དགོངས་མ་གཡེལ༔ རྦད་པའི་ཚེ་ན་མཐུ་མ་ཆུང༔ སྒྲོལ་བའི་དུས་ན་ངང་མ་རིང༔ ཀྱཻ༔ རྗེ་བོར་བསྟེན་ནོ་དབང་མ་ཆེ༔ གྲོགས་པོར་བགྱི་འོ་གཞུང་མ་ངན༔ མཛའ་བོར་བརྟེན་ནོ་ཁྲེལ་མ་ཆུང༔ བྲན་ལྟར་བསྐུལ་ལོ་སྙིང་མ་རིང༔ ཀྱཻ༔ ད་ནི་ཁྱེད་རྣམས་དགོངས་སུ་གསོལ༔ ཡེ་ཤེས་མགོན་པོ་དགོངས་སུ་གསོལ༔ ཡེ་ཤེས་ལྷ་མོ་དགོངས་སུ་གསོལ༔ མགོན་པོ་སྡེ་ལྔ་དགོངས་སུ་གསོལ༔ ལྷ་མོ་སྡེ་ལྔ་དགོངས་སུ་གསོལ༔ བསྟན་སྲུང་ཡོངས་རྫོགས་དགོངས་སུ་གསོལ༔ ཀྱཻ༔ ཤཱཀྱའི་བསྟན་པ་གཉན་པོ་དང༔ གསང་སྔགས་བསྟན་པ་སྲུང་བ་དང༔ སྒྲུབ་མཆོག་རིག་འཛིན་སྐྱོང་བའི་ཕྱིར༔ དོ་ནུབ་སྔར་བྱས་གཏང་རག་གཏོང༔ དོ་ནུབ་ཕྱིས་བྱེད་ཞུ་སྐྱེམས་འབུལ༔ དོ་ནུབ་མཛའ་བའི་གཞུང་གཅིག་བྱེད༔ དོ་ནུབ་བྱས་པའི་ལན་གཅིག་གླན༔ དོ་ནུབ་ཆད་པའི་གཞུང་གཅིག་སྲོང༔ དོ་ནུབ་ཉམས་ཆག་མ་ལུས་བསྐང༔ དོ་ནུབ་ཞིག་རལ་མ་ལུས་གསོ༔ ཀྱཻ༔ ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི༔ བཤོས་ནག་རྒྱན་གྱི་གཏོར་མས་བསྐང༔ ཤེལ་ནག་རཀྟའི་རྒྱ་མཚོས་བསྐང༔ རྒྱུ་ལས་བྱུང་བའི་བདུད་རྩིས་བསྐང༔ འབྲས་བུ་ཤེལ་སྒོང་མཚན་མས་བསྐང༔ སྣང་བ་གསལ་བྱེད་མར་མེས་བསྐང༔ འབོད་པའི་དམ་རྫས་ཡིན་པའི་ཕྱིར༔ རྐང་ཆེན་དུང་གིས་ཐུགས་དམ་བསྐང༔ འགུགས་པའི་དམ་རྫས་ཡིན་པའི་ཕྱིར༔ ཧསྟིའི་གཡབ་དར་ནག་པོས་བསྐང༔ མི་འབྲལ་རྒྱུན་དུ་འགྲོག་པའི་ཕྱིར༔ གྲི་རྒོད་སྙིང་གིས་ཐུགས་དམ་བསྐང༔ བརྟེན་པའི་དམ་རྫས་ཡིན་པའི་ཕྱིར༔ མདའ་ནག་བྱ་རྒོད་སྐུ་ཡི་རྟེན༔ རཀྟ་དམར་ཆེན་གསུང་གི་རྟེན༔ ཙིཏྟ་སྙིང་ཆེན་ཐུགས་ཀྱི་རྟེན༔ དགྱེས་པའི་དམ་རྫས་ཡིན་པའི་ཕྱིར༔ སྣ་ཚོགས་ཞལ་ཟས་ཚོགས་ཀྱིས་བསྐང༔ དམ་ཚིག་གཅིག་ཏུ་བསྲེ་བའི་ཕྱིར༔ བདུད་རྩི་སྨན་གྱིས་ཐུགས་དམ་བསྐང༔ རྔམས་ཆེན་ཟས་སུ་ཟ་བའི་ཕྱིར༔ མཆོག་ཆེན་ཤ་ཡིས་ཐུགས་དམ་བསྐང༔ སྐོམ་དུ་རཀྟ་འཐུང་བའི་ཕྱིར༔ ཨརྒྷཾ་དམར་གྱིས་ཐུགས་དམ་བསྐང༔ སྒྲུབ་པའི་དམ་རྫས་ཡིན་པའི་ཕྱིར༔ སྒྲུབ་གཏོར་ཆེན་པོས་ཐུགས་དམ་བསྐང༔ རྒྱུན་དུ་འཕྲིན་ལས་བཅོལ་བའི་ཕྱིར༔ རྒྱུན་གྱི་གཏོར་མས་ཐུགས་དམ་བསྐང༔ ཤངས་ཀྱི་དབང་པོ་ཚིམ་བྱའི་ཕྱིར༔ གསུར་ཆེན་དུད་པས་ཐུགས་དམ་བསྐང༔ ལྗགས་ཀྱི་དབང་པོ་ཚིམ་བྱའི་ཕྱིར༔ འདོད་ཡོན་གཏོར་མས་ཐུགས་དམ་བསྐང༔ ཐུགས་ཀྱི་འོད་ཟེར་འགྱེད་པའི་ཕྱིར༔ ཞུན་ཆེན་མར་མེས་ཐུགས་དམ་བསྐང༔ སྐུ་ཡི་རྟེན་རྫས་ཡིན་པའི་ཕྱིར༔ ཙཀྐ་ལི་ཡིས་ཐུགས་དམ་བསྐང༔ གསུང་གི་རྟེན་རྫས་ཡིན་པའི་ཕྱིར༔ རང་རང་རྟེན་པའི་འཁོར་ལོས་བསྐང༔ ཐུགས་ཀྱི་རྟེན་རྫས་ཡིན་པའི་ཕྱིར༔ ཙན་དན་བེང་གིས་ཐུགས་དམ་བསྐང༔ སྙན་གྱི་དབང་པོ་ཚིམ་བྱའི་ཕྱིར༔ རོལ་མོའི་སྒྲ་ཡིས་ཐུགས་དམ་བསྐང༔ དགྱེས་པའི་སྤྱན་གཟིགས་ཡིན་པའི་ཕྱིར༔ མདའ་ནག་སྟོང་དམར་བཅུ་གསུམ་ལ༔ རྡོ་རྗེ་གྲི་གུག་བེང་ཆེན་རིས༔ རྒྱལ་མཚན་མང་པོས་བརྒྱན་པ་དང༔ མདུང་ནག་དབལ་དམར་བཅུ་གསུམ་ལ༔ བ་དན་ནག་པོས་བརྒྱན་པ་དང༔ ཁྱི་ནག་སྙིང་དཀར་བཅུ་གསུམ་དང༔ ལུག་ནག་སྤྱི་དཀར་བཅུ་གསུམ་དང༔ སྟག་གཟིག་དོམ་སྤྱང་ཝ་སྤྲེའི་ཚོགས༔ གཏོར་མ་དམར་ནག་བཅུ་གསུམ་གྱིས༔ བསྟན་སྲུང་ཡོངས་རྫོགས་ཐུགས་དམ་བསྐང༔ ཀྱཻ༔ དགྲ་དཔུང་བདུད་དཔུང་གཞོམ་པའི་ཕྱིར༔ ནག་པོའི་དམ་རྫས་སྣ་ཚོགས་ཀྱིས༔ ཡེ་ཤེས་མགོན་པའི་ཐུགས་དམ་བསྐང༔ འདོད་ཁམས་དབང་དུ་བསྡུ་བའི་ཕྱིར༔ ནལ་བུའི་སྙིང་སོགས་དམ་རྫས་ཀྱིས༔ ཡེ་ཤེས་ལྷ་མོའི་ཐུགས་དམ་བསྐང༔ ཕྲིན་ལས་འདོད་དགུར་བསྒྱུར་བའི་ཕྱིར༔ མཐུན་པའི་སྤྱན་གཟིགས་སྣ་ཚོགས་ཀྱིས༔ ལྷ་ཆེན་དཔལ་འབར་ཐུགས་དམ་བསྐང༔ སྐུ་ལས་སྤྲུལ་པའི་མགོན་པོ་ནི༔ སྟག་ཞོན་འཁོར་བཅས་ཐུགས་དམ་བསྐང༔ གསུང་ལས་སྤྲུལ་པའི་མགོན་པོ་ནི༔ བེང་ཆེན་འཁོར་བཅས་ཐུགས་དམ་བསྐང༔ ཐུགས་ལས་སྤྲུལ་པའི་མགོན་པོ་ནི༔ གྲི་གུག་འཁོར་བཅས་ཐུགས་དམ་བསྐང༔ ཡོན་ཏན་སྤྲུལ་པའི་མགོན་པོ་ནི༔ སེང་ཞོན་འཁོར་བཅས་ཐུགས་དམ་བསྐང༔ ཕྲིན་ལས་སྤྲུལ་པའི་མགོན་པོ་ནི༔ ཏྲག་ཤད་འཁོར་བཅས་ཐུགས་དམ་བསྐང༔ ནག་མོ་འབུམ་སྡེའི་གཙོ་མོ་ནི༔ འདོད་ཁམས་དབང་ཕྱུག་ཐུགས་དམ་བསྐང༔ ཞི་བའི་ལས་རྣམས་སྒྲུབ་མཛད་མ༔ ལྷ་མོ་རེ་ཏིའི་ཐུགས་དམ་བསྐང༔ རྒྱས་པའི་ལས་རྣམས་སྒྲུབ་མཛད་མ༔ གཤིན་རྗེ་རེ་ཏིའི་ཐུགས་དམ་བསྐང༔ དབང་གི་ལས་རྣམས་སྒྲུབ་མཛད་མ༔ རཀྴ་རེ་ཏིའི་ཐུགས་མ་བསྐང༔ དྲག་པོའི་ལས་རྣམས་སྒྲུབ་མཛད་མ༔ གནོད་སྦྱིན་རེ་ཏིའི་ཐུགས་དམ་བསྐང༔ དགྲ་ལ་ནད་ཡམས་དབབ་པའི་ཕྱིར༔ ཤ་སྣ་སྙིང་སྣ་ལ་སོགས་པས༔ མ་མོའི་ཚོགས་ཀྱི་ཐུགས་དམ་བསྐང༔ ཕྲིན་ལས་ཐམས་ཅད་མྱུར་བསྒྲུབ་ཕྱིར༔ བྱ་རོག་གདོང་ཅན་ཐུགས་དམ་བསྐང༔ དགྲ་བགེགས་བར་གཅོད་བསྒྲལ་བའི་ཕྱིར༔ བདུད་རྗེ་སེང་གདོང་ཐུགས་དམ་བསྐང༔ དགྲ་བགེགས་ཐམས་ཅད་བསྒྲལ་བའི་ཕྱིར༔ གཤིན་རྗེ་ཆོས་རྒྱལ་ཐུགས་དམ་བསྐང༔ དགྲ་བགེགས་རྩད་ནས་གཅོད་པའི་ཕྱིར༔ གནོད་སྦྱིན་སོ་ཀ་རཱ་ཙའི་ཐུགས་དམ་བསྐང༔ སྐུ་གསུང་ཐུགས་ལས་སྤྲུལ་པའི་ཕྱིར༔ མོན་པའི་ཚོགས་ཀྱི་ཐུགས་དམ་བསྐང༔ དགྲ་སྲོག་མྱུར་དུ་གཅོད་པའི་ཕྱིར༔ བཤན་པ་ཕོ་མོའི་ཐུགས་དམ་བསྐང༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ གཙང་རིས་དཔལ་ལྡན་མགོན་པོའི་ཚོགས༔ བདུན་ཅུ་རྩ་ལྔའི་ཐུགས་དམ་བསྐང༔ ཨོཾ་ཨཱཿཧཱུྃཿས་མ་ཡཿཨ་མྲྀཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧོ༔ སྙིང་ཉེ་བྲན་ཕོ་བྲན་མོའི་ཚོགས༔ དམ་ལས་མ་འདའ་ས་མ་ཡ༔ བདག་གི་སྲུང་མར་མངའ་གསོལ་ལོ༔ སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས༔ དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད༔ རྣལ་འབྱོར་སྐུ་དགྲ་ཁྱོད་ཀྱིས་སྒྲོལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཀྱཻ༔ ལྷ་ཡི་སྡེ་དཔོན་མ་ཧཱ་དེ་ཝ་སོགས༔ སྣང་སྲིད་ལྷ་རྣམས་ཡོངས་ཀྱི་ཐུགས་དམ་བསྐང༔ ལྷ་མོའི་སྡེ་དཔོན་ཨུ་མ་དེ་ཝཱི་སོགས༔ སྣང་སྲིད་ལྷ་མོ་ཡོངས་ཀྱི་ཐུགས་དམ་བསྐང༔ གཤིན་རྗེའི་སྡེ་དཔོན་ཡ་མ་རཱ་ཛ་སོགས༔ སྣང་སྲིད་གཤིན་རྗེ་ཡོངས་ཀྱི་ཐུགས་དམ་བསྐང༔ གཤིན་རྗེ་མོ་ཡི་སྡེ་དཔོན་སྲོག་བདག་མོ༔ སྣང་སྲིད་གཤིན་རྗེ་མོ་ཡི་ཐུགས་དམ་བསྐང༔ མ་མོའི་སྡེ་དཔོན་སྲིད་པའི་རྒྱལ་མོ་སོགས༔ སྣང་སྲིད་མ་མོ་ཡོངས་ཀྱི་ཐུགས་དམ་བསྐང༔ སྔགས་སྲུང་སྡེ་དཔོན་ཨེ་ཀ་ཛཱ་ཊི་སོགས༔ སྣང་སྲིད་སྔགས་སྲུང་ཡོངས་ཀྱི་ཐུགས་དམ་བསྐང༔ བདུད་ཀྱི་སྡེ་དཔོན་སྐོས་རྗེ་བྲང་དཀར་སོགས༔ སྣང་སྲིད་བདུད་རྣམས་ཡོངས་ཀྱི་ཐུགས་དམ་བསྐང༔ བདུད་མོའི་སྡེ་དཔོན་ནག་མོ་ཁྲག་འཛག་སོགས༔ སྣང་སྲིད་བདུད་མོ་ཡོངས་ཀྱི་ཐུགས་དམ་བསྐང༔ རྒྱལ་པོའི་སྡེ་དཔོན་མ་ཧཱ་རཱ་ཙ་སོགས༔ སྣང་སྲིད་རྒྱལ་པོ་ཡོངས་ཀྱི་ཐུགས་དམ་བསྐང༔ གིང་གི་སྡེ་དཔོན་སྲོག་བདག་ཚངས་པ་སོགས༔ སྣང་སྲིད་གིང་རྣམས་ཡོངས་ཀྱི་ཐུགས་དམ་བསྐང༔ དགྲ་བླའི་སྡེ་དཔོན་སྐུ་ལྷ་གསང་བ་སོགས༔ སྣང་སྲིད་དགྲ་བླ་ཡོངས་ཀྱི་ཐུགས་དམ་བསྐང༔ གཟའ་ཡི་སྡེ་དཔོན་གཟའ་བདུད་རཱ་ཧུ་ལ༔ སྣང་སྲིད་གཟའ་རྣམས་ཡོངས་ཀྱི་ཐུགས་དམ་བསྐང༔ སྲིན་པོའི་སྡེ་དཔོན་རཀྴ་གློག་ཕྲེང་སོགས༔ སྣང་སྲིད་སྲིན་པོ་ཡོངས་ཀྱི་ཐུགས་དམ་བསྐང༔ སྲིན་མོའི་སྡེ་དཔོན་སྦལ་མགོ་ཁྲག་མིག་སོགས༔ སྣང་སྲིད་སྲིན་མོ་ཡོངས་ཀྱི་ཐུགས་དམ་བསྐང༔ གནོད་སྦྱིན་སྡེ་དཔོན་ཡཀྴ་མེ་དབལ་སོགས༔ སྣང་སྲིད་གནོད་སྦྱིན་ཡོངས་ཀྱི་ཐུགས་དམ་བསྐང༔ གནོད་སྦྱིན་མོ་ཡི་སྡེ་དཔོན་མོན་མོ་ནག༔ སྣང་སྲིད་གནོད་སྦྱིན་མོ་རྣམས་ཐུགས་དམ་བསྐང༔ མགོན་པོའི་སྡེ་དཔོན་མ་ཧཱ་ཀཱ་ལ་སོགས༔ བསྟན་སྲུང་མགོན་པོ་ཡོངས་ཀྱི་ཐུགས་དམ་བསྐང༔ རཱུ་ཏྲའི་སྡེ་དཔོན་རྡོ་རྗེ་བདུད་འདུལ་སོགས༔ སྣང་སྲིད་རཱུ་ཏྲ་ཡོངས་ཀྱི་ཐུགས་དམ་བསྐང༔ དམུ་བདུད་སྡེ་དཔོན་ནག་པོ་བཀྲག་མེད་སོགས༔ སྣང་སྲིད་དམུ་བདུད་ཡོངས་ཀྱི་ཐུགས་དམ་བསྐང༔ མུ་སྟེགས་སྡེ་དཔོན་གུ་ལང་རཀྴ་སོགས༔ སྣང་སྲིད་མུ་སྟེགས་ཡོངས་ཀྱི་ཐུགས་དམ་བསྐང༔ ཡུལ་ལྷའི་སྡེ་དཔོན་ལྷ་རབས་ཤམ་པོ་སོགས༔ སྣང་སྲིད་ཡུལ་ལྷ་ཡོངས་ཀྱི་ཐུགས་དམ་བསྐང༔ གནམ་སྨན་སྡེ་དཔོན་ཐོག་གི་བུ་ཡུག་སོགས༔ སྣང་སྲིད་གནམ་སྨན་ཡོངས་ཀྱི་ཐུགས་དམ་བསྐང༔ མ་སངས་སྡེ་དཔོན་སྤྱི་བདུད་གུ་རུམ་རྩེ༔ སྣང་སྲིད་མ་སངས་ཡོངས་ཀྱི་ཐུགས་དམ་བསྐང༔ བཙན་གྱི་སྡེ་དཔོན་སྲོག་ཟན་དམར་པོ་སོགས༔ སྣང་སྲིད་བཙན་རྣམས་ཡོངས་ཀྱི་ཐུགས་དམ་བསྐང༔ ཐེའུ་རང་སྡེ་དཔོན་སྐྱེས་བུ་གནམ་ཐེའུ་དཀར༔ སྣང་སྲིད་ཐེའུ་རང་ཡོངས་ཀྱི་ཐུགས་དམ་བསྐང༔ འགོང་པོའི་སྡེ་དཔོན་ཡམ་ཤུད་དམར་པོ་སོགས༔ སྣང་སྲིད་འགོང་པོ་ཡོངས་ཀྱི་ཐུགས་དམ་བསྐང༔ བགེགས་ཀྱི་སྡེ་དཔོན་བི་ནཱ་ཡ་ཀ་སོགས༔ སྣང་སྲིད་བགེགས་ཆེན་ཡོངས་ཀྱི་ཐུགས་དམ་བསྐང༔ མཁའ་འགྲོའི་སྡེ་དཔོན་ནག་མོ་མགྱོགས་བྱེད་སོགས༔ སྣང་སྲིད་མཁའ་འགྲོ་ཡོངས་ཀྱི་ཐུགས་དམ་བསྐང༔ ཀླུ་བདུད་སྡེ་དཔོན་ནག་པོ་མགོ་དགུ་སོགས༔ སྣང་སྲིད་ཀླུ་བདུད་ཡོངས་ཀྱི་ཐུགས་དམ་བསྐང༔ ཀླུ་མོའི་སྡེ་དཔོན་ཡཀྴ་ནག་མོ་སོགས༔ སྣང་སྲིད་ཀླུ་མོ་ཡོངས་ཀྱི་ཐུགས་དམ་བསྐང༔ ཀྱཻ༔ སྤྲུལ་འཁོར་དམ་ཅན་བསམ་གྱིས་མི་ཁྱབ་པ༔ བྱ་ཁྱུང་སྔོན་པོ་འབུམ་གྱི་ཐུགས་དམ་བསྐང༔ ལྕགས་ཀྱི་བྱ་ཁྲ་འབུམ་གྱི་ཐུགས་དམ་བསྐང༔ བྱ་རོག་ཤ་ཟན་འབུམ་གྱི་ཐུགས་དམ་བསྐང༔ བདུད་བྱ་ཀྱུང་ཀ་འབུམ་གྱི་ཐུགས་དམ་བསྐང༔ དུར་བྱ་ཀང་ཀ་འབུམ་གྱི་ཐུགས་དམ་བསྐང༔ སྲིན་བྱ་འུག་པ་འབུམ་གྱི་ཐུགས་དམ་བསྐང༔ བསེ་ཁྲ་དུང་ཁྲ་འབུམ་གྱི་ཐུགས་དམ་བསྐང༔ བྱ་རྒོད་ཐང་ནག་འབུམ་གྱི་ཐུགས་དམ་བསྐང༔ སྤྲུལ་པ་སྟག་སེང་འབུམ་གྱི་ཐུགས་དམ་བསྐང༔ ཆོ་འཕྲུལ་ཝ་སྤྲེལ་འབུམ་གྱི་ཐུགས་དམ་བསྐང༔ ལས་བྱེད་མོན་ནག་འབུམ་གྱི་ཐུགས་དམ་བསྐང༔ སྲིན་མོ་རོ་ཟན་འབུམ་གྱི་ཐུགས་དམ་བསྐང༔ དྲེད་མོ་མི་ཟན་འབུམ་གྱི་ཐུགས་དམ་བསྐང༔ རྟ་ནག་ཤངས་དམར་འབུམ་གྱི་ཐུགས་དམ་བསྐང༔ གཡག་རོག་མིག་དམར་འབུམ་གྱི་ཐུགས་དམ་བསྐང༔ ལྕགས་སྤྱང་འུར་བ་འབུམ་གྱི་ཐུགས་དམ་བསྐང༔ བསེ་ཡི་འཕར་བ་འབུམ་གྱི་ཐུགས་དམ་བསྐང༔ དོམ་ནག་བྲང་དཀར་འབུམ་གྱི་ཐུགས་དམ་བསྐང༔ ཁྱི་ནག་སྙིང་དཀར་འབུམ་གྱི་ཐུགས་དམ་བསྐང༔ སྲོག་གཅོད་ཤན་པ་འབུམ་གྱི་ཐུགས་དམ་བསྐང༔ ལིངས་པ་མདའ་འཕེན་འབུམ་གྱི་ཐུགས་དམ་བསྐང༔ མ་སྲིང་དམ་ཅན་ཡོངས་ཀྱི་ཐུགས་དམ་བསྐང༔ ལས་མཁན་པུ་ཏྲ་ནག་པོའི་ཐུགས་དམ་བསྐང༔ ཤན་པ་སྣ་ལོག་ནག་པོའི་ཐུགས་དམ་བསྐང༔ སྲོག་བདག་བེག་གདོང་ལྕམ་དྲལ་ཐུགས་དམ་བསྐང༔ མོན་བདུད་ལིངས་པའི་ཚོགས་ཀྱི་ཐུགས་དམ་བསྐང༔ བཀའ་ཉན་ཉིས་ཁྲི་ཆིག་སྟོང་ཐུགས་དམ་བསྐང༔ ལྷ་དམག་བྱེ་བ་དུང་ཕྱུར་ཐུགས་དམ་བསྐང༔ མ་མོ་བསྟན་མ་བཅུ་གཉིས་ཐུགས་དམ་བསྐང༔ སྣང་སྲིད་ལྷ་སྲིན་ཡོངས་ཀྱི་ཐུགས་དམ་བསྐང༔ ཡུལ་ལྷ་གཞི་བདག་ཡོངས་ཀྱི་ཐུགས་དམ་བསྐང༔༈ ཀྱཻ༔ ཁྱོད་རྣམས་དགྱེས་པའི་དམ་རྫས་ནི༔ ཕྱི་རྟེན་གཡག་ནག་ལུག་ནག་དང༔ ར་ནག་བྱ་ནག་རྟ་ནག་དང༔ ཁྱི་ནག་ལ་སོགས་རྟེན་དུ་འཛུགས༔ ནང་རྟེན་དར་ནག་རྒྱལ་མཚན་དང༔ གསང་བ་སྐུ་གསུང་ཐུགས་ཀྱི་རྟེན༔ དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྣམས༔ རབ་འབྱམས་ནམ་མཁའི་ཁམས་བཀང་ནས༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང༔ ཁྱེད་ཀྱི་ཐུགས་དམ་བསྐངས་པས་ནི༔ ལྷ་དང་མི་འབྲལ་གྲིབ་ལྟར་འགྲོགས༔ ཐུགས་དམ་གཉན་པོ་བསྐངས་པའི་མཐུས༔ སྐུ་གསུང་ཐུགས་དང་རྩ་བ་དང༔ ཡན་ལག་དམ་ཚིག་ཉམས་པ་རྣམས༔ བསྟན་སྲུང་ཡོངས་རྫོགས་སྤྱན་སྔར་བཤགས༔ ཧོ༔ ཉམས་དང་ཚོགས་འདྲེས་ཁས་བླངས་ཉམས་པ་དང༔ ཐུགས་དམ་མ་བསྐང་མཆོད་པ་དུས་ལས་ཡོལ༔ སྒྲུབ་རྫས་མ་ཚང་ཁས་བླངས་ཉམས་པ་རྣམས༔ བསྟན་སྲུང་ཡོངས་རྫོགས་ཁྱོད་ལ་མཐོལ་ལོ་བཤགས༔ བཀའ་ཡི་སྲུང་མ་ཁྱེད་རྣམས་བསྟེན་བྱས་ནས༔ འདའ་དཀའི་དམ་ཚིག་གཉན་པོ་བསྲུང་རྒྱུ་ལ༔ བཀའ་ལྟར་མ་གྱུར་གཞུང་ལྟར་རྔོ་མ་ཐོགས༔ བསྙེན་སྒྲུབ་དུས་འདས་ཕུད་དང་གཏོར་མ་ཆག༔ རྩ་བ་ཡན་ལག་དམ་ཚིག་ཉམས་པ་རྣམས༔ བསྟན་སྲུང་ཡོངས་རྫོགས་ཁྱོད་ལ་མཐོལ་ལོ་བཤགས༔ བསྟན་སྲུང་ནུས་མཐུས་དངོས་གྲུབ་བསྩལ་དུ་གསོལ༔ དུས་བཞིར་ཕུད་དང་ནངས་ནུབ་མཆོད་རྒྱུ་ལ༔ མཆོད་པའི་འབྱོར་ཚོགས་ཆུང་བས་སྐུ་མ་མཉེས༔ བཟླས་བརྗོད་སྔགས་ཚིག་ལོང་གཏམ་བར་དུ་བཅུག༔ ཁྱོད་ཀྱི་སྲོག་སྙིང་གནད་ནས་མ་འཁུལ་ཏེ༔ བཟླས་བརྗོད་སྔགས་ཀྱི་དམ་ཚིག་ཉམས་པ་རྣམས༔ བསྟན་སྲུང་ཡོངས་རྫོགས་ཁྱོད་ལ་མཐོལ་ལོ་བཤགས༔ ཡི་དམ་རྩེ་གཅིག་གཞུང་བཞིན་བསྒོམ་རྒྱུ་ལ༔ ཏིང་འཛིན་རྩེ་གཅིག་མ་གསལ་ཁྱེད་རྣམས་ཀྱི༔ ཐུགས་ཀྱི་དམ་ཚིག་ཉམས་པར་གྱུར་པ་དང༔ དར་ནག་རཀྴ་བྷནྡྷ་དམ་རྫས་སོགས༔ རྟེན་རྫས་ལ་སོགས་ཡོ་བྱད་རྫས་མ་ཚང༔ རྩ་བ་ཡན་ལག་དམ་ཚིག་ཉམས་པ་རྣམས༔ བསྟན་སྲུང་ཡོངས་རྫོགས་ཁྱོད་ལ་མཐོལ་ལོ་བཤགས༔ གནོང་ངོ་འགྱོད་དོ་བཟོད་པར་བཞེས་སུ་གསོལ༔ དམ་ལས་མ་འདའ་བཅོལ་བའི་ཕྲིན་ལས་མཛོད༔ བསྟན་ལ་གནོད་བྱེད་སློབ་དཔོན་སྐུ་ལ་བརྙས༔ བདག་ལ་བར་གཅོད་སེམས་ཅན་ཡོངས་ལ་འཚེ༔ བསྒྲལ་བའི་ཞིང་བཅུར་གྱུར་པའི་སེམས་ཅན་རྣམས༔ མྱུར་དུ་སྒྲོལ་བའི་ཕྲིན་ལས་མཛད་དུ་གསོལ༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་དེས་བསྐངས་ལ༔ བདག་ལ་ལྷ་དང་མི་འབྲལ་གྲིབ་ལྟར་འགྲོགས༔ སངས་རྒྱས་བསྟན་སྲུངས་དཀོན་མཆོག་དབུ་འཕང་བསྟོད༔ རྣལ་འབྱོར་བདག་གི་མི་ནོར་ཆོས་འཁོར་སྐྱོངས༔ བདག་ལ་སྡང་བའི་དགྲ་བགེགས་མྱུར་དུ་སྒྲོལ༔ བདག་ནི་མི་རྟག་སྒྱུ་ལུས་བོར་བའི་ཚེ༔ ས་ལམ་བར་གཅོད་ཐམས་ཅད་བསྲུང་བ་དང༔ བླ་མེད་བྱང་ཆུབ་ཐོབ་པའི་གྲོགས་མཛོད་ཅིག༔ བདག་ནི་ཚེ་འདིར་བསམ་དོན་ཀུན་འགྲུབ་ཅིང༔ བུ་ནོར་ལོངས་སྤྱོད་རྒྱས་པར་མཛད་དུ་གསོལ༔ ཞི་རྒྱས་དབང་དྲག་ཕྲིན་ལས་ཐམས་ཅད་སྒྲུབས༔ ཚེ་རིང་ནད་མེད་འཁོར་དང་ལོངས་སྤྱོད་སྤེལ༔ མི་ནོར་ཆོས་གསུམ་ཐུབ་པར་བསྲུང་དུ་གསོལ༔ འགལ་རྐྱེན་བར་གཅོད་ཐམས་ཅད་ཟློག་ཏུ་གསོལ༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབས༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ སྐབས་འདིར་བསྟོད་བསྐུལ་ཆེན་མོ་བྱའོ༔ ཆོས་སྐྱོང་བསྟན་སྲུང་ཡོངས་རྫོགས་ཀྱི་བསྐང་བཤགས་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བྱང་ལྕགས་མཛོད་ནག་པོ་ནས་སྤྲུལ་སྐུ་གཏེར་སྟོན་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་གདན་དྲངས་པའོ། །བཀྲ་ཤིས་མངྒ་ལཾ། །དགེ་ལེགས་འཕེལ་བར་ཤོག། ༈ །།དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
ཚེ་དཔག་མེད་གནམ་ལྕགས་རྡོ་རྗེའི་ཆ་ལག་འཆི་བསླུའི་གཏོར་ཆེན་འགྲིགས་ཆགས་སུ་བཀོད་པ་འཆི་བདག་གཡུལ་ཟློག་ (Volume 20, Text 7)
༄༅། །ཚེ་དཔག་མེད་གནམ་ལྕགས་རྡོ་རྗེའི་ཆ་ལག་འཆི་བསླུའི་གཏོར་ཆེན་འགྲིགས་ཆགས་སུ་བཀོད་པ་འཆི་བདག་གཡུལ་ཟློག་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨཱ་ཡུརྫྙཱ་ན་ཡ། སྐྱེ་དགུ་ཀུན་ལ་དུས་ཀྱི་ཆད་པ་འཇིགས། །དེ་ལས་མྱུར་སྐྱོབ་སྟོབས་བཅུའི་གཟི་བརྗིད་ཅན། །འཆི་མེད་མགོན་པོ་མཚོ་སྐྱེས་རྡོ་རྗེ་འཆང། །དཔལ་ལྡན་བླ་མའི་རྣམ་པར་ཤར་ལ་འདུད། །འཆི་བདག་ཞགས་པ་གཅོད་པ་ཡི། །གདམས་ངག་བྱེ་བའི་ཡང་སྙིང་བཅུད། །ཤར་གཏེར་སྤྲུལ་པའི་སྐྱེས་མཆོག་གི །དྲིན་ལས་བྱུང་འདི་གསལ་བར་བྱ། །འཆི་བསླུའི་ཆོ་ག་ཟབ་ཅིང་ཁྱད་པར་དུ་འཕགས་པ་འདི་ལ་དོན་ལྔ། གང་ཞིག་བྱ་བའི་དགོས་པ། གང་གི་ཆེད་དུ་བྱ་བ། གང་གིས་བྱེད་པའི་སློབ་དཔོན། ནམ་བྱ་བའི་དུས་ཚོད། ཇི་ལྟར་བྱ་བའི་ཚུལ་དངོས་བཤད་པའོ། །དང་པོ་ནི། ལོ་ཟླ་ཞག་དུས་ཀྱི་སྐེག་སྲི་སྡེ་བརྒྱད་འབྱུང་པོའི་གནོད་པ་སོགས་རྐྱེན་ངན་བར་གཅོད་ལ་བརྟེན་ནས་ནད་གདོན་གློ་བུར་དུས་མ་ཡིན་པར་འཆི་བའི་འཇིགས་པ་འབྱུང་བར་གྱུར་པ་ལ། དེ་ཉིད་ཟློག་པའི་ཐབས་འདི་ལས་ཟབ་པ་གཞན་མེད་དོ། །གཉིས་པ་ནི། རྣལ་འབྱོར་པ་རང་དང་རང་གི་བླ་མ་མཆེད་གྲོགས་དམ་ཚིག་ཅན་ཕ་མ་དང་ཆོས་ལྡན་སྐྱེ་བོའི་རིམ་གྲོར་བྱ་བ་ལས། མི་ནག་ཕལ་པ་དམ་མེད་སྡིག་ཅན་གྱི་ཆེད་དུ་བྱས་ན་རང་ལ་འཁུ་ལྡོག་འབྱུང་ངོ་། །གསུམ་པ་ནི། སློབ་དཔོན་རབ་ལྟ་བའི་གདིང་དང་ལྡན་པ། འབྲིང་བསྐྱེད་རྫོགས་ལ་གསལ་སྣང་ཐོབ་པ། ཐ་མ་གཞན་ཕན་གྱི་སེམས་དང་ལྡན་ཅིང་ཡི་དམ་ལྷའི་བསྙེན་སྒྲུབ་ཚད་དུ་ཕྱིན་པ་ཞིག་ངེས་པར་དགོས་ཀྱི་གང་བྱུང་གིས་བྱས་ན་རང་གཞན་གཉིས་ཀར་གནོད་པ་འབྱུང་བས་མི་བཏུབ་བོ། །བཞི་པ་ནི། ཧོར་ཟླ་བཅུ་གཉིས་པའི་ཉེར་དགུ་འཆི་བདག་ཟློག་པའི་དུས་ཁྱད་པར་དུ་བསྔགས་པ་ཡིན་པས་རྣལ་འབྱོར་པ་རང་དོན་ལྟ་བུར་དུས་དེར་ལོ་རེ་བཞིན་བྱ་བའམ། སྤྱིར་ཉེར་དགུའི་རིགས་ལ་ལེགས་ཤིང་གཞན་ཡང་འཆི་ལྟས་ཀྱི་རིགས་དང་ནད་གདོན་རྐྱེན་ངན་ནམ་བྱུང་བའི་དུས་སྐབས་དེར་བསྒྲུབ་པར་བྱ་བའོ། །ལྔ་པ་ལ་གསུམ། སྔོན་འགྲོ་བཅའ་གཞིའི་རིམ་པ། བར་དུ་རྒྱབ་རྟེན་གྱི་ཆོ་ག །མཐར་པྲ་ལྟས་བརྟག་པའོ། །དང་པོ་ནི། འདི་ལ་བདག་བསྐྱེད་ཡི་དམ་འཇའ་ཚོན་རང་ལུགས་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་དང་དཀོན་མཆོག་སྤྱི་འདུས་བཀའ་བརྒྱད་དངོས་གྲུབ་སྙིང་པོ་ལྟ་བུ་བྱས་ན་ལེགས་ཤིང་། སྤྱིར་བདག་གི་རྣལ་འབྱོར་གཤིན་རྗེ་གཤེད་བསྔགས་པས་ཚེ་བདག་རིགས་ལྟ་བུ་དང་སྦྲེལ་ཡང་ཆོག །གང་ལྟར་གནས་ཁང་ཕུགས་སུ་ཡི་དམ་གྱི་དཀྱིལ་འཁོར་མཆོད་པ་ཚོགས་གཏོར་ལེགས་པར་བཤམ། རྣལ་འབྱོར་པ་བྱང་ནས་ལྷོར་ཁ་གྱུ་བ་དང་མདུན་སྤྲོད་ཀྱིས་གཏོར་ཆེན་ལྷོ་ནས་བྱང་དུ་གྱུ་བ་འགྲིགས་ན་ལེགས་པས་འོག་གི་བཤམ་བྱ་རྣམས་གོ་ཡུལ་འགྲིགས་པར་བྱས་ལ། ཕྱར་བ་ལྟ་བུ་གཞི་མ་ནག་པོའི་སྟེང་ལྕགས་སྣོད་ཆེ་ཞིང་ཡངས་པ་ལ་ས་སྟེགས་སོལ་བས་བྱུགས། དེ་སྟེང་ལིངྒ་གན་རྐྱལ་ཡན་ལག་བགྲད་པ་རྡུལ་ཚོན་དམར་སྔོན་གྱིས་བྲིས་ལ་གཞོག་གཡས་མདུན་དུ་བྱས་པའི་དབུས་སྙིང་ཁར། ས་ནག་ལ་རོ་སོལ་བྲ་ནག་ནས་ནག་ཚིག་མ་བསྲེས་ཏེ་དུག་ཁྲག་གི་ཆུས་སྦྲུས་ལ་གཤིན་རྗེ་ཨ་ཝ་གླང་མགོ་ནག་པོ་མི་སྡུག་པའི་རྣམ་འགྱུར་ཅན་ཁོག་སྟོད་ཅུང་ཟད་རྒུ་ཞིང་གདོང་སྨད་པའི་རྣམ་པ། གཡས་སུ་ཚེ་བདག་རཀྴ་ཕག་མགོ་སྔོན་པོ། གཡོན་དུ་སྲོག་བདག་ཞེ་སྡང་སྦྲུལ་མགོ་དམར་པོ་གཉིས་གཙོ་བོའི་ཕྱེད་ཆར་སླེབ་པ། ལག་གཡས་ཀྱི་ཚིགས་གསུམ་ལ་སྟག་ཡོས་འབྲུག་གསུམ། གཡོན་གྱི་ཚིགས་གསུམ་ལ་སྦྲུལ་རྟ་ལུག་གསུམ། རྐང་གཡོན་གྱི་ཚིགས་གསུམ་ལ་སྤྲེལ་བྱ་ཁྱི་གསུམ། རྐང་གཡས་ཀྱི་ཚིགས་གསུམ་ལ་ཕག་བྱི་གླང་བཅས་ལོ་བདུད་བཅུ་གཉིས་སྟག་ལྗང་གུ་སོགས་ཁ་དོག་རྩིས་ལུགས་ལྟར་བྱས་ཀྱང་ཆོག་མོད། སྟབས་བདེ་བས་ཐམས་ཅད་མདོག་ནག་པོ་བྱ། གཙོ་འཁོར་བཅོ་ལྔ་པོའི་ལག་གཡས་རྣམས་ཁྲམ་ཤིང་དང་གཡོན་རྣམས་ཞགས་པ་ནག་པོ་ཐོགས་པ། གཅེར་བུ་སྟག་ཤམ་འཇིགས་པའི་གཟུགས་ཅན་བྱ། གཙོ་བོའི་ཞལ་རས་དར་རམ་རས་ནག་གིས་བཀབ་ལ་བཞག་པའི་མདུན་དུ་སྟེགས་བུ་ནག་པོའི་ཁར་དུག་ཁྲག་གི་ཆུ་གཉིས་སོགས་དྲག་མཆོད་ཉེར་སྤྱོད་དང་དམར་གཏོར་རྒྱན་ལྡན་སྐུ་གླུད་བཅས་ཁ་གཤིན་རྗེ་ལ་ཕྱོགས་པར་བཤམ། དེའང་ལས་སྔགས་བཟླས་པའི་བུམ་ཆུས་བསྒྲུབ་བྱའི་ལུས་རིལ་པོའམ་ཡན་ལག་ལྔ་ཁྲུས་བྱས་པའི་ཆུ་དང་འབྲུ་སྣ་ལྔའི་ངར་ཕྱེ་སྦྱར་བས་ཕོ་མོ་གང་ཡིན་གྱི་གཟུགས་སྐྱེ་མཆེད་དོད་པ་ཁྲུ་གང་བྱས་ལ་ཟེར་མོའི་སྒྲོའི་སྐྲ །ལུང་ཏང་མིག་སོགས་གླུད་རྫས་གླུད་རབས་ནས་འབྱུང་བ་རྣམས་གནས་སོ་སོར་བཀོད་པའམ་ཕྱོགས་བསྡུས་ཟན་ལ་བསྲེས་ཀྱང་རུང་། གོན་འཕྲོའི་གོས་དུམ་ཡོད་ན་ལེགས་ཤིང་ཞྭ་གོས་མགུལ་རྒྱན་སོགས་ཕོ་མོ་གང་ཡིན་གྱི་ཆས་ཤིན་ཏུ་ལེགས་པར་བྱ། སྐྱེས་པ་ལ་ཕོ་ཤིང་སྟག་པ་ལྟ་བུ་ལ་ཁྲམ་ལོ་གྲངས་བྲིས་པ་ཕྲག་གཡས་སུ་བཙུག །བུད་མེད་ལ་མོ་ཤིང་གླང་མ་ལྟ་བུར་ཁྲམ་ལོ་གྲངས་བྲིས་ཏེ་ཕྲག་གཡོན་དུ་གཟུག་ཅིང་། ལུས་དྲུད་ཆངས་བུ་དར་ཟབ་རིན་ཆེན་ཤིང་ཐོག་འབྲུ་སྨན་ཟས་སྣ་སོགས་གླུད་རྫས་ཅི་འབྱོར་གྱིས་མཐའ་བསྐོར། གཏོར་ཆེན་གྱི་མདུན་གཡས་སུ་ཅོག་སྟེགས་དཀར་པོའི་སྟེང་དུ་ཆངས་བུ་དཀར་པོ་དང་། རིལ་བུ་དཀར་པོ་བརྒྱ་རྩ་བརྒྱད་རེ། གྲོ་ནས་འབྲས་ཏིལ་དཀར་ཡུངས་དཀར་སྲན་དཀར་སོགས་འབྲུ་དཀར་ཅི་འཛོམ། མར་ཐུད་ཆུར་བ། དར་ཟབ་རིན་ཆེན་ཕྱེ་མ་ཤིང་ཏོག་རྣམས་བཞག །མངར་གསུམ་དང་སྦྱར་བའི་འོ་ཆབ་གཙང་མ་ཟངས་དཀར་རམ་རག་རྡིག་ལྟ་བུར་བླུགས་པ་དེའི་ཉེ་ལོགས་སུ་བཀོད། མདུན་གཡོན་ངོས་སྟེགས་ནག་པོའི་སྟེང་དུ་ཆངས་བུ་ནག་པོ། གཏོར་ཆུང་ངམ་རིལ་བུ་ནག་པོ་ཟུར་གསུམ། ལིང་ཆུང་ནག་པོ་སྤར་བཏབ་པ་རྣམས་བརྒྱ་རྩ་བརྒྱད་རེ། ཡུངས་ནག་བྲ་བོ་སྲན་མ་སོགས་འབྲུ་ནག །ཚྭ་སྒོག་རམ་པ་ཆང་གི་གླུམ། ཤ་ཚིལ་དུམ་བུ་རྣམས་བཞག །ལྕགས་ཟངས་ཀྱི་སྣོད་དུ་ཆང་དང་ཁྲག་ཆུ་བླུགས་ལ་ཉེ་ལོགས་སུ་བཀོད། གཡས་གཡོན་གཉིས་ཀ་ཁྱིམ་ཡངས་ཤིང་སྣོད་འཛོམ་ན། གཏོར་མ། འབྲུ་སྣ་ཚོགས་སྣོད་སོ་སོའི་ནང་དུ་བཀོད། འབྲུ་དང་ཤ་སོགས་ཀྱང་བརྒྱ་རྩ་བརྒྱད་རེ་འདེང་ངེས་བྱ། ཞི་དྲག་གཉིས་ཀར་ཚར་རེ་རེ་བཞིན་ནས་ཆན་རེའང་བླུགས་སྲོལ་ཡོད་པ་བཙོས་ལ་ཟུར་དུ་བཞག །མདུན་ངོས་སུ་བསྔོ་སྐབས་བསྒྲིག་གཞི་ཅོག་སྟེགས། བཤམ་སྣོད་ཐེབ་ཙེ་དྲུག་བདུན་ལས་མི་ཉུང་བ། འོ་ཆབ་སོགས་སྦྲེང་སྤྱད་ཆུ་བུམ་མམ་གཏོར་འགུ །བསྔོ་ཚར་དུས་བླུགས་སྣོད་གཡས་ཕྱོགས་ཟངས་དང་གཡོན་ལྕགས་ལྟ་བུའི་སྣོད་གང་འཛོམ་ཆེ་བ་གཉིས་ཀྱང་སོ་སོར་བཞག །ཁང་ཁྱིམ་དོགས་ཤིང་འབྱོར་པས་མི་ལྕོགས་ན་བཤམ་བསྔོ་གཉིས་ཀར་སྣོད་ཉུང་ངུར་ཕྱོགས་སྡུད་བྱས་ཀྱང་ཆོག །མཆོད་གཡོག་གཤོམ་མཁན་དང་ཆུ་སོགས་སྦྲེང་མཁན་གཉིས་དགོས་པས་ལག་པ་བཀྲུ་ཞིང་ཁ་སྣ་རས་ཀྱིས་དཀྲི་བ་སོགས་གཙང་སྦྲ་གལ་ཆེ། གཞན་ཡང་དཀར་གཏོར་གསེར་སྐྱེམས། ཟ་ལམ་དམར་གཏོར། ཟོར་གཏོར་མཚེ་ཡུངས་ཅན་གྱིས་མཚོན་འོག་ཏུ་དགོས་པ་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་ཆོ་གའི་ལས་རིམ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། ལྷ་གཞུང་གང་ཡིན་གྱི་ཕྲིན་ལས་གཞུང་བསྲང་། བཟླས་པ་ཅི་འགྲུབ། སྲུང་མའི་གཏོར་འབུལ། ཚོགས་སྐོང་བཤགས་ལྷག་མ་གཏང་བའི་བར་གྲུབ་པར་བྱའོ། །གཉིས་པ་ལ་ལྔ། བྱིན་རླབས། བསྐྱེད་ཆོག །འགུགས་བསྟིམ། སྲུང་འཁོར། མཆོད་ཅིང་བསྔོ་བའོ། །དང་པོ་ཡོ་བྱད་སྤྱིར་བྱིན་བརླབ་པ་ནི། རྫས་རྣམས་ཆུ་གཙང་གིས་བྲན། བདག་ཉིད་ངོ་བོ་དཀྱིལ་འཁོར་གྱི་གཙོ་བོ། རྣམ་པ་ལས་བྱེད་ཀྱི་ལྷ་སོ་སོའི་ང་རྒྱལ་དུ་འཕོས་ལ། བདག་ཉིད་བཅོམ་ལྡན་ཤཱཀྱ་ཐུབ། ཕྱག་རྒྱའི་ཡི་གེ་ཨ་དཀར་ལས། །འོད་འཕྲོས་གཏོར་རྫས་དངོས་འཛིན་གྱི། །དྲི་མ་སྦྱངས་ནས་སྟོང་པར་གྱུར། །ཐལ་མོ་ཁོང་སྟོང་སྦྱར་ལ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། ལན་གསུམ་རེ་རེ་བཞིན་ཕྱག་རྒྱ་བཀྲོལ་ནས་སེ་གོལ་གཏོགས་པ་ཕྱི་མ་རྣམས་ལའང་འགྲེ །ཆོས་ཉིད་རྣམ་དག་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་ཀྱི། །འབགས་བཙོག་ཉམས་གྲིབ་ཉེས་སྐྱོན་དང་། །མཚན་འཛིན་དྲི་མ་དག་གྱུར་ཅིག །བདག་ཉིད་བཅོམ་ལྡན་རྣམ་སྣང་མཛད། །ཕྱག་རྒྱའི་ཡི་གེ་ཁཾ་སྔོན་ལས། །འོད་འཕྲོས་གཏོར་རྫས་ཟད་མེད་མཛོད། །ནམ་མཁའི་ཁམས་ཀུན་ཁྱབ་པར་གྱུར། །ཐལ་མོ་སྦུབ་སྟོང་དུ་སྦྱར་བའི་ཚིགས་བར་པ་རྣམས་བཅག་པ་རིན་ཆེན་སྒྲོམ་བུའི་ཕྱག་རྒྱ་སྨིན་མཚམས་སུ་བསྐོར་ཞིང་། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་རྣམས། །བསྐལ་པའི་བར་དུ་ཟད་མི་ཤེས། །རྒྱ་ཆེ་ནམ་མཁའ་གང་གྱུར་ཅིག །བདག་ཉིད་བཅོམ་ལྡན་བདུད་རྩི་འཁྱིལ། །ཕྱག་རྒྱའི་ཡི་གེ་ཧྲཱིཿདམར་ལས། །འོད་འཕྲོས་གཏོར་རྫས་ཡེ་ཤེས་ཀྱི། །བདུད་རྩི་ཆེན་པོའི་རང་བཞིན་གྱུར། །མཐེ་བོང་བསྣོལ། སོར་མོ་གཞན་རྣམས་གཤོག་པ་ལྟར་གདེངས་པ་ཁའི་ཐད་དུ་བཞག་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། བདུད་རྩི་ཐབས་སྦྱོར་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་རྣམས། །བདུད་རྩི་ཡེ་ཤེས་ལྔ་ཡི་དངོས། །འཆི་གསོས་དུག་ལྔའི་སྨན་གྱུར་ཅིག །བདག་ཉིད་བཅོམ་ལྡན་རིན་ཆེན་འབྱུང་། །ཕྱག་རྒྱའི་ཡི་གེ་ཏྲཱཾ་སེར་ལས། །འོད་འཕྲོས་གཏོར་རྫས་འདོད་ཡོན་ལྔ། །སོ་སོའི་མོས་པ་ཇི་བཞིན་གྱུར། །ལག་པ་གཉིས་མཛུབ་མོ་བསྒྲེངས་པའི་ཁུ་ཚུར་གཡོན་སྙིང་གར་བཞག །གཡས་བརྐྱངས་ཏེ་རྫས་ལ་གཏོད་པའི་ཚུལ་བྱས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། རྒྱ་ཆེན་ཤུགས་ལྡན་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་རྣམས། །དབང་པོའི་སྤྱོད་ཡུལ་ཚིམ་བྱེད་པའི། །འདོད་ཡོན་སྣ་ཚོགས་ཆར་འབེབ་ཤོག །བདག་ཉིད་བཅོམ་ལྡན་དོན་ཡོད་གྲུབ། །ཕྱག་རྒྱའི་ཡི་གེ་ཧཱ་ལྗང་ལས། །འོད་འཕྲོས་མཆོག་དམན་སྐལ་པ་བཞིན། །འཐབ་རྩོད་མེད་པར་ཐོབ་པར་གྱུར། །ལག་གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཅངས། གཡོན་པ་མཆོག་སྦྱིན་གྱི་ཕྱག་རྒྱས་སྣོད་འདེགས་པའི་ཚུལ་བྱས་ལ།་་་འདི་གོ་ལྡོག་པའང་སྣང་། ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ས་མནྟ་སྥ་ར་ཎ་རསྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ནི་ཧཱུྃ། ཡེ་ཤེས་སྐར་མདའི་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་མགྲོན་རྣམས་ཀུན། །ཕམ་རྒྱལ་འཁྲུགས་རྩོད་མེད་པར་ཐོབ། །དགྱེས་ཤིང་རེ་བ་གང་གྱུར་ཅིག །བདག་ཉིད་བཅོམ་ལྡན་རྡོ་རྗེ་འཛིན། །ཕྱག་རྒྱའི་ཡི་གེ་ཛཿདམར་ལས། །འོད་འཕྲོས་མགྲོན་རྣམས་དབང་དུ་འདུས། །ཕྲིན་ལས་གང་འདོད་སྒྲུབ་པར་གྱུར། །ལག་གཉིས་སོར་མོ་ནང་དུ་བསྣོལ་བའི་ཁུ་ཚུར་ངོས་མཐེ་བོང་གཉིས་གཤིབས་ཏེ་བརྐྱངས་པ་སྤྱི་བོར་བསྐོར་ཏེ། ན་མཿས་མནྟ་བུདྡྷ་ནཱཾ་གྲ་ཧེ་ཤྭ་རི་པྲ་བྷ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ། དབང་བསྒྱུར་འཁོར་ལོའི་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་མགྲོན་རིགས་ཀུན། །བདག་གི་དབང་འདུས་གང་བཅོལ་ལས། །སྒྲུབ་པའི་སྡོངས་གྲོགས་མཛད་གྱུར་ཅིག །མཐར། ན་མོ། བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །ལན་ཆགས་མགྲོན་རྣམས་བརྔན་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ནི་མ་ལུས་འདིར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་པའི་སྟོབས་ཀྱིས་ཀྱང་བྱིན་གྱིས་བརླབ་བོ། །གཉིས་པ་གཟུགས་བརྙན་ལ་མགྲོན་བསྐྱེད་པ་ནི། ཨོཾ་སྭ་བྷཱ་བ་སོགས་ཀྱིས་སྦྱང་། སྟོང་པའི་ངང་ལས་མདུན་དུ་མ་ཏྲཾ་དགྲ་བགེགས་ཀྱི་ཁོག་པར་འཆི་བདག་ཨ་ཝ་གླང་མགོ་སྐུ་མདོག་ནག་པོ་ཁྲམ་ཤིང་དང་ཞགས་པ་བསྣམས་པ། གཡས་སུ་ཚེ་བདག་རཀྴ་ཕག་མགོ་སྔོན་པོ་ཁྲམ་ཤིང་དང་ཞགས་པ་བསྣམས་པ། གཡོན་དུ་སྲོག་བདག་ཞེ་སྡང་སྦྲུལ་མགོ་དམར་པོ་ཁྲམ་ཤིང་དང་ཞགས་པ་བསྣམས་པ། དེའི་མཐའ་སྐོར་དུ་མི་ལུས་བྱི་བའི་མགོ་ཅན་ཁྲམ་ཤིང་དང་ཞགས་པ་བསྣམས་པ། མི་ལུས་གླང་གི་མགོ་ཅན༴ མི་ལུས་སྟག་གི་མགོ་ཅན༴ མི་ལུས་ཡོས་ཀྱི་མགོ་ཅན༴ མི་ལུས་འབྲུག་གི་མགོ་ཅན༴ མི་ལུས་སྦྲུལ་གྱི་མགོ་ཅན༴ མི་ལུས་རྟའི་མགོ་ཅན༴ མི་ལུས་ལུག་གི་མགོ་ཅན༴ མི་ལུས་སྤྲེལ་གྱི་མགོ་ཅན༴ མི་ལུས་བྱ་ཡི་མགོ་ཅན༴ མི་ལུས་ཁྱིའི་མགོ་ཅན༴ མི་ལུས་ཕག་གི་མགོ་ཅན་ཁྲམ་ཤིང་དང་ཞགས་པ་བསྣམས་པ། གཞན་ཡང་བཀའི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་ཚོགས་དང་བཅས་པ་འཁོད་པར་གྱུར། གསུམ་པ་བཀུག་ཅིང་བསྟིམ་པ་ནི། བདག་ཉིད་ལྷ་ཡི་ཐུགས་ཀ་ནས་འོད་ཟེར་ལས་སྤྲུལ་པའི་ཁྲོ་ཚོགས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་དཔག་ཏུ་མེད་པ་སྐར་ལྟར་འཁྲུགས་ཤིང་འཕྲོས་པས། འཆི་བདག་གཤིན་རྗེ་འཁོར་དང་བཅས་པ་རང་དབང་མེད་པར་བཀུག་ནས་མདུན་གྱི་གཟུགས་ལ་ཐིམ་པར་གྱུར། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི་བཀའ༴ གཟུངས་སྔགས་ཀྱི་རྒྱལ་མོ་ཁྲོ་མོ་རྣམས་ཀྱི་བཀའ༴ ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་སྟོབས་ལ་བརྟེན་ནས། ཆེ་གེའི་ལུས་ངག་ཡིད་གསུམ་ཚེ་སྲོག་ལ་བར་དུ་གཅོད་པའི་འཆི་བདག་ཨ་ཝ་གླང་མགོ་དང་། ཚེ་བདག་རཀྴ་ཕག་མགོ །སྲོག་བདག་ཞེ་སྡང་སྦྲུལ་མགོ །ལོ་བདུད་ལོ་གཤེད་བཅུ་གཉིས། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་གནས་གདོན་ལུས་གདོན་ནད་བདག་ཡམས་བདག་རིམས་བདག །བཀའི་ལྷ་མ་སྲིན་སྡེ་བརྒྱད་ལ་སོགས་པ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་འབྱུང་པོ་གང་དག་ཇི་སྙེད་ཡོད་པ་ཐམས་ཅད་མཐོ་རི་བོའི་རྩེ། དམའ་རྒྱ་མཚོའི་སྟེང་། ས་འོག་ས་སྟེང་ས་བླ་གར་གནས་ཀྱང་རང་དབང་མེད་པར་གཟུགས་ཀྱི་ཕུང་པོ་འདི་རྣམས་ལ་ཁུག་ཅིག །ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ལན་གསུམ་གྱིས་རང་གཟུགས་ལ་གཉིས་སུ་མེད་པར་ཐིམ་པར་བསམ། སླར་ཡང་རིག་པ་ངར་བསྐྱེད་རོལ་མོ་དབྱངས་དང་བཅས་ཏེ་ཧཱུྃ་སྡུད་ཀྱིས་བཀུག་པ་ནི། ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེ་གཤེད། །ང་ནི་པདྨ་ཧེ་རུ་ཀ །ང་ནི་གསང་བདག་རྡོ་རྗེ་འཛིན། ཁམས་གསུམ་འདི་ན་སུ་ཡང་རུང་། །ང་ཡི་བཀའ་ལས་མ་འདའ་ཞིག །གལ་ཏེ་བཀའ་ལས་འདའ་བྱེད་ན། །མ་ལུས་རྡུལ་དུ་བརླག་པར་བྱེད། །རྣལ་འབྱོར་སྦྱིན་བདག་འཁོར་བཅས་ལ། །གནོད་ཅིང་འཚེ་བར་བྱེད་པའི་བགེགས། །འཆི་བདག་ཨ་ཝ་གླང་མགོ་དང་། །ཚེ་བདག་རཀྴ་ཕག་མགོ་དང་། །སྲོག་བདག་ཞེ་སྡང་སྦྲུལ་མགོ་དང་། །ལོ་བདུད་ལོ་གཤེད་བཅུ་གཉིས་དང་། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་ཚོགས། །གནོད་པར་བྱེད་པ་གང་ཡང་རུང་། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །ཡི་དམ་ལྷ་ཡི་ཏིང་འཛིན་དང་། ཁྲོ་བོ་ཁྲོ་མོའི་མཐུ་རྩལ་དང་། །སྔགས་དང་ཕྱག་རྒྱའི་བདེན་པ་ཡིས། །རང་དབང་མེད་པར་འདིར་ཁུག་ཅིག །གནོད་བྱེད་སརྦ་སུ་ཏྲི་པྲེ་ཏ་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ལན་གསུམ་གྱིས་བཀུག་པས་རང་དབང་མེད་པར་བཀའ་ཉན་གུས་འདུད་བྱེད་པར་བསམ། བཞི་པ་སྲུང་བའི་གུར་ཁང་ནི། བདག་ཉིད་ཡི་དམ་ལྷའི་ཐུགས་ཀའི་ས་བོན་ལས་ཧཱུྃ་ཡིག་བཅུ་སྟེང་འོག་ཕྱོགས་བཅུར་འཕྲོས་པ་ལས། སྟེང་དུ་ཧཱུྃ་ཀཱ་ར། འོག་ཏུ་སྟོབས་པོ་ཆེ། ཤར་དུ་རྣམ་པར་རྒྱལ་བ། ལྷོར་གཤིན་རྗེའི་གཤེད། ནུབ་ཏུ་རྟ་མགྲིན། བྱང་དུ་བདུད་རྩི་འཁྱིལ་བ། ཤར་ལྷོར་དབྱུག་སྔོན། ལྷོ་ནུབ་ཏུ་མི་གཡོ་མགོན་པོ། ནུབ་བྱང་གཞན་གྱིས་མི་ཐུབ་པ། བྱང་ཤར་ཁམས་གསུམ་རྣམ་རྒྱལ། ཀུན་ཀྱང་མཐིང་ནག་ཞལ་གཅིག་ཕྱག་གཉིས་མཚོན་ཆ་སྣ་ཚོགས་འཛིན་ཅིང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། དམ་ཡེ་གཉིས་སུ་མེད་པའི་ཁྲོ་བོ་ཆེན་པོའི་གུར་ཁང་ཞལ་ནང་དུ་ཕྱོགས་པའོ། །དེ་རྣམས་ཀྱི་ཐུགས་ཀའི་འོད་ཟེར་ནམ་མཁའི་མཐར་ཁྱབ་པར་འཕྲོས་པས་རྒྱལ་བ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་གི་བྱིན་རླབས་དང་འཁོར་འདས་བརྟན་གཡོའི་ནུས་བཅུད་ཐམས་ཅད་བསྡུས་ཏེ་ཐིམ་པས་གཟི་བྱིན་ནུས་སྟོབས་རབ་ཏུ་འབར་ཞིང་།རང་འདྲའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པ་རྣམས་དང་བཅས་པའི་སྐུ་ལས་སྐྱེས་པའི་མེ་དང་ཕྱག་ན་མཚོན་ཆ་སྣ་ཚོགས་དང་། ཞལ་ནས་སྔགས་སྒྲ་དྲག་པོར་སྒྲོག་པས་བར་མཚམས་མེད་པར་གཏམས་པས་འཆི་བདག་འཁོར་བཅས་འབྲོས་པའི་ལམ་མེད་པར་འདར་ཕྲི་ལི་ལི་བདག་གིས་ཅི་བགྱིའི་བཀའ་ཉན་པར་གྱུར། ན་མཿས་མནྟ་བུདྡྷཱ་ནཱཾ༔ ན་མཿས་མནྟ་དྷརྨཱ་ནཱཾ༔ ན་མཿས་མནྟ་སངྒྷཱ་ནཱཾ༔ ཨཱོཾ་སི་ཏཱ་ཏཱ་པ་ཏྲེ༔ ཨཱོཾ་བྷི་མ་ལེ༔ ཨཱོཾ་ཤངྐ་ར༔ ཨཱོཾ་པྲ་ཏྱཾ་གི་ར༔ ཨཱོཾ་བཛྲ་ཨུཥྞཱི་ཥ༔ ཙཀྲ་ཝརྟྟི༔ སརྦ་ཡནྟྲ་མནྟྲ༔ མཱུ་ལ་ཀརྨ༔ བྷནྡྷ་ནཱཾ༔ ཏཱ་ཊ་ནཱཾ༔ ཀཱི་ལ་ནཾ་ཝཱཾ༔ མ་མ་ཀྲྀཏ༔ ཡེ་ན་ཀེ་ན་ཙིཏྟ་ཀྲྀཏནྟ་ད༔ སརྦནྟུ༔ ཚིནྡྷ་ཚིནྡྷ༔ བྷིནྡྷ་བྷིནྡྷ༔ ཙི་རི་ཙི་རི༔ གི་རི་གི་རི༔ མཱ་ར་མཱ་ར༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ ཅེས་བདུན་ནམ་ཉེར་གཅིག་བཟླ། སྲུང་འཁོར་ཤིན་ཏུ་དམ་པ་གནད་ཆེ་བར་གསུངས་སོ། །དྲག་པོའི་མཆོད་ཡོན་སོགས་སྔགས་དང་ཕྱག་རྒྱ་ཙམ་གྱིས་འབུལ། ལྔ་པ་མཆོད་ཅིང་བསྔོ་བ་ལ་གསུམ། དཀར་མཆོད། དམར་མཆོད། གླུད་བསྔོའོ། །དང་པོ་ལའང་གསུམ་ལས་ཐོག་མར་བྱིན་བརླབ་པ་ནི། མདུན་གྱི་ཅོག་སྟེགས་ཁར་ཞི་སྣོད་དུ་གཡས་ཕྱོགས་སུ་བཤམས་པའི་རིལ་བུ་ཆངས་བུ་འབྲུ། སྨན་ཟས་སྣ་སོགས་འདོན་མི་དུ་ཡོད་ཀྱི་གྲངས་དང་མཉམ་པ་སྣོད་སོ་སོར་བཤམས་ནས་ཆན་རེ་བླུག །ཐེབ་སྟོང་པ་ཞིག་ཀྱང་བཞག །འོ་ཆབ་བྲན་ལ། ཨོཾ་སྭཱ་བྷཱ་བ་སོགས་ཀྱིས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་དཀར་གསུམ་མངར་གསུམ་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ༔ ལན་གསུམ། ཐེབ་སྟོང་པར་འོ་ཆབ་སྦྲེང་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཞེས་ལན་བདུན་བརྗོད། གཉིས་པ་འབུལ་བ་ནི། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་འཆི་བདག་ཨ་ཝ་གླང་མགོ །ཚེ་བདག་རཀྴ་ཕག་མགོ །སྲོག་བདག་ཞེ་སྡང་སྦྲུལ་མགོ །ལོ་བདུད་ལོ་གཤེད་བཅུ་གཉིས། བཀའི་ལྷ་མ་སྲིན་སྡེ་བརྒྱད་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །གསུམ་པ་བདེན་སྟོབས་ཀྱི་ཕྲིན་ལས་བཅོལ་བ་ནི། ན་མོ། དཀོན་མཆོག་གསུམ་གྱི་བདེན་པ་དང་། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བདེན་པ་དང་། མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། སྔགས་འཆང་རྣལ་འབྱོར་པ་བདག་གི་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་སྟོབས་ཀྱིས། དེ་རིང་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས། བདག་ཅག་འཁོར་དང་བཅས་པ་རྣམས་ལ། དུས་འདི་ནས་བཟུང་སྟེ། ནམ་སྙིང་པོ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ནད་ཀྱི་རིགས་སུ་གྱུར་པ་དང་། གདོན་གྱི་རིགས་སུ་གྱུར་པ་དང་། རྨི་ལམ་ངན་པ་དང་། མཚན་མ་ངན་པ་དང་། ལྟས་ངན་པ་དང་། དུས་མ་ཡིན་པར་འཆི་བ་ལ་སོགས་ཏེ། མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། མཐུན་ཞིང་དགེ་བའི་རིགས་སུ་གྱུར་པ་དང་། ཚེ་རིང་བ་དང་། ནད་མེད་པ་དང་། བཀྲ་ཤིས་བདེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། ཅེས་པའི་མཐར་རོལ་མོ་བྱས་པས་ཚར་གཅིག་གྲུབ། ཕྲིན་བཅོལ་གྱི་ཚེ་བཤམ་སྔ་མ་རྣམས་སྣོད་སྟོང་བཞག་པའི་ནང་བླུགས། བཤམ་སྣོད་རྣམས་ཀྱང་འོ་ཆབ་ཀྱིས་བཤལ། ཚར་རྗེས་མའི་བསྔོ་རྒྱུ་བཤམ་གྲུབ་པ་བྱ་དགོས། དེ་ནས་བྱིན་རླབས་ནས་ཕྲིན་བཅོལ་བར་བསྐྱལ་ཏེ་བཏང་བའི་བརྒྱ་རྩ་བརྒྱད་རྫོགས་པར་འགྲོ་དགོས་པས་འདོན་མི་མང་ན་མི་གྲངས་ལྟར་བརྩི། གཅིག་ལས་མེད་ན་མ་ཚང་བར་བསྐྱར་དགོས་སོ། །གཉིས་པ་དམར་མཆོད་ལ་སྦྱོར་བ་དང་དངོས་གཉིས་ལས། དང་པོ་ནི། སློབ་དཔོན་སྔགས་ཆས་སྤྲད། མ་གྲུབ་ན་ཞྭ་གྱོན་ཅིང་གདོང་ལ་སོལ་བའི་ཞུར་ནག །མཁུར་ཚོས་ཁྲག་གི་ཐིག་ལེ་སོགས་དྲག་པོའི་ཆས་དང་འདུག་སྟངས་བྱས་ལ། ངེས་པར་ཡི་དམ་གཤིན་རྗེ་གཤེད་ལྟ་བུ་ཁྲོ་བོའི་ང་རྒྱལ་བསྐྱེད། ལྟ་དགོངས་ཏིང་འཛིན་གཡེལ་བ་མེད་པས་གོང་གསལ། ན་མོ། རྗེ་བཙུན་རྩ་བ་དང་སོགས་ཚིག་ལྷུག་དང་། ཧཱུྃ༔ ང་ནི་འཇམ་དཔལ་སོགས་ཀྱི་དགུག་གཞུག་ལན་གསུམ་གསུམ་དང་། སྔགས་ཙམ་བརྗོད་ལ་སྲུང་འཁོར་གསལ་བཏབ། ལིངྒ་རྣམས་ཨེ་སྣོད་དུ་བཀོད། བསྒྲལ་ཆས་འདུ་བྱས་ལ། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ནྲྀ་ཏྲི་ཡོངས་སུ་གྱུར་པ་ལས་གནོད་བྱེད་དགྲ་བགེགས་ཀྱི་གཟུགས་ཕུང་དབང་པོ་སྐྱེ་མཆེད་ཡོངས་སུ་རྫོགས་པར་གྱུར། རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པའི་རྣམ་པར་ཤེས་པ་ནྲྀ་དམར་ལྗང་དང་ཏྲི་དམར་སེར་ལ་ཕོག་པས་རང་དབང་མེད་པར་བཀུག་ནས་གཟུགས་ལ་ཐིམ་པར་གྱུར། ཅེས་དམིགས། བྱད་ཁ་ཆེ་ན་བྱད་མ་བཀུག་ལ་བསྒྲལ་ནས་འཆི་བདག་ལ་བསྟབས་པས་ལས་མྱུར། གདིང་ལྡན་གྱི་རྣལ་འབྱོར་པས་རང་དོན་བྱེད་ན་འཆི་བདག་གཤིན་རྗེ་འཁོར་བཅས་དང་ཚེ་སྲོག་ལ་བར་དུ་གཅོད་པའི་དགྲ་བགེགས་འབྱུང་པོ་ཐམས་ཅད་བཀུག་ཅིང་བསྒྲལ་བའི་ཤ་ཁྲག་གི་རྒྱ་མཚོ་སླར་ཁོ་རང་རྣམས་ལ་བྱིན་པས་རང་དབང་མེད་པར་ཟོས་པར་དམིགས་པར་གསུངས་ཀྱང་སུ་ཐོད་ཐོད་ཀྱིས་བྱར་མི་རུང་ངོ་། །ལྕགས་ཀྱུའི་ཕྱག་རྒྱ་བཅས། ན་མོ། དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི༴ དགེ་འདུན་གྱི༴ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི༴ མ་གནས་གསུམ་གྱི་མཁའ་འགྲོ་མ་རྣམས་ཀྱི༴ དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི༴ ཁྱད་པར་དུའང་དཔལ་ཆེན་ཁྲག་འཐུང་ཁྲོ་བོའི་རྒྱལ་པོའི་ལྷ་ཚོགས་རྣམས་ཀྱི༴ ཆོས་ཉིད་རྣམ་པར་དག་ཅིང་། རྒྱུ་འབྲས་བསླུ་བ་མེད་པའི་མཐུ་དང་ནུས་པ་ལ་བརྟེན་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་ཚེ་ལ་རྐུ་ཞིང་སྲོག་ལ་འཇབ་པ། དཀར་པོ་དགེ་བའི་ལས་སྒྲུབ་པ་ལ་བར་དུ་གཅོད་པའི་འབྱུང་པོ་མི་དང་མི་མ་ཡིན་པ་གང་ཡིན་པ་དེ་དག་ཐམས་ཅད་གར་གནས་གང་དུ་འདུག་ཀྱང་རང་དབང་མེད་པར་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཨཱ་ཀརྴ་ཡ་ཛཿ ལན་གསུམ། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ དཔལ་ཆེན་འབར་བའི་ལྷ་ཚོགས་རྣམས༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ རང་དབང་མེད་པར་འདིར་ཁུག་ཅིག༔ དབང་དུ་སྡུས་ལ་འདིར་ཁུག་ཅིག༔ ཧཱུྃ༔ ཁྲོ་བོ་རོལ་པའི་འོད་ཟེར་འཁྱུགས༔ ལྕགས་ཀྱུ་སྤྲུལ་པས་ནམ་མཁའ་གང༔ ཞགས་པ་སྤྲུལ་པས་བར་སྣང་གང༔ ལྕགས་སྒྲོག་སྤྲུལ་པས་ས་གཞི་གང༔ དྲིལ་བུ་སྤྲུལ་པས་ཕྱོགས་མཚམས་གང༔ འཁོར་འདས་ལག་ཏུ་ཤོར་མི་འཚལ༔ བཛྲ་ཨཾ་ཀུ་ཤ་ཛ༔ པཱ་ཤ་ཧཱུྃ༔ སྥོ་ཊ་བཾ༔ གྷཎྜེ་ཧོ༔ ཞེས་ཕྱག་རྒྱ་བཞིས་འགུགས་འཆིང་བསྡམ་མྱོས་བྱ། ཧཱུྃ༔ ལས་བྱེད་ཕོ་ཉའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅན་སྡང་སེམས་ལྡན་པ་རྣམས༔ སྐྱོབ་བྱེད་ལྷ་དང་ད་ཕྲོལ་ཅིག༔ ལྷན་ཅིག་སྐྱེས་པའི་བདུད་དང་སྤྲོད༔ ཟུངས་ཤིག་རྒྱོབ་ཅིག་བྱད་དུ་ཆུགས༔ སྨྱོ་འབོག་རེངས་ཤིང་སྒུལ་སྐྱོད་བྲལ༔ ཕུང་པོ་རྣམ་ཤེས་རྟེན་དང་ཕྲོལ༔ ཅེས་ལྷ་དང་དབྱེ་བ་སོགས་བྱ། ཕུར་པ་ཐོགས་ལ། ཧཱུྃ༔ ང་ནི་ཁྲག་འཐུང་འབར་བའི་སྐུ༔ སྲས་འཁོར་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་འགྱེད༔ དཔལ་ཆེན་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུ་འཛིན༔ ལྕགས་ཀྱུས་ཟུངས་ལ་ཕུར་པས་ཐོབ༔ གནོད་བྱེད་དགྲ་བགེགས་མྱུར་དུ་སྒྲོལ༔ དྲག་སྔགས་སོ་ལྔ་ལྟ་བུ་བརྗོད། ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས་ཕུར་བུས་བཏབ་ལ། ཧཱུྃ༔ གནོད་བྱེད་དགྲ་བགེགས་རུ་ཏྲ་བདུད་དཔུང་ལ༔ འབར་བའི་མཚོན་ཆ་ལྔ་ཡི་ཆར་ཕབས་པས༔ འཇོམས་བྱེད་ཐོ་བ་གཅོད་པའི་རལ་གྲི་དང༔ རྡུང་བའི་དབྱུག་ཐོ་འགུགས་པའི་ལྕགས་ཀྱུ་དང༔ གཅོད་པའི་སཏྭ་རེ་ལྔ་ལ་སོགས་པ་ཡིས༔ བསམ་པའི་སྙིང་ལ་ཕོག་ན་དུམ་བུ་སྟོང༔ གདུག་པའི་ལུས་ལ་ཕོག་ན་ཕྱེ་མ་བརྒྱ༔ སྨྲ་བའི་ལྕེ་ལ་ཕོག་ན་ལྐུགས་སུ་ཆུགས༔ གཟུགས་ཕུང་རྣམ་ཤེས་གཞོབ་ཏུ་བསྲེགས་ནས་ཀྱང༔ རྡུལ་ཕྲན་བཞིན་དུ་ཕྱེ་མར་བརླག་པར་གྱིས༔ རྡུལ་ཕྲན་རྡུལ་ཕྲན༔ ཕྱེ་མ་ཕྱེ་མ༔ དུམ་བུར་དུམ་བུར༔ ཤག་ཤག༔ ཚལ་པ་ཚལ་པ་རྦད༔ ཨོཾ་བཛྲ་ཏཱིཀྵ་ཎ་ཁ་ཐཾ༔ གནོད་བྱེད་དགྲ་བགེགས་འབྱུང་པོའི་སྙིང་ལ་དུཥྚཱཾ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་རལ་གྲི་སོགས་མཚོན་ཆས་དུམ་བུར་གཏུབ། གཉིས་པ་དངོས་ལའང་གསུམ་གྱི། དང་པོ་བྱིན་བརླབ་པ་ནི། ཅོག་སྟེགས་ཁར་དྲག་སྣོད་དུ་གཡོན་ཕྱོགས་ཀྱི་ལིང་རོ་ཆངས་བུ་རིལ་བུ་གཏོར་ཆུང་གང་ཡོད། ཆང་། འབྲུ་ནག །ཤ་ཚིལ་སོགས་སྣོད་སོ་སོར་བཤམས་ནས་ཆན་བླུགས། ཐེབ་སྟོང་པའང་བཞག །ཆང་དང་ཁྲག་ཆབ་ཀྱིས་བྲན་ལ། ཨོཾ་སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་སྣོད་བྷནྡྷ་དམར་པོ་གྲུ་གསུམ་པའི་ནང་དུ། གནོད་བྱེད་ཀྱི་གཟུགས་ཕུང་ལས་བཟའ་བ་ཤ་ཡི་རི་བོ་བཏུང་བ་ཁྲག་གི་རྒྱ་མཚོ་ཟག་པ་མེད་པའི་བདུད་རྩིར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཐེབ་སྟོང་པར་ཁྲག་ཆུ་སྦྲེང་ལ། སམྦྷ་རའི་སྔགས་ལན་བདུན་བརྗོད། གཉིས་པ་འབུལ་བ་ནི། དགྲ་བགེགས་ཀྱི་ཤ་ཁྲག་ལས་གྲུབ་པའི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད། འཆི་བདག་ཨ་ཝ་གླང་མགོ །ཚེ་བདག་རཀྴ་ཕག་མགོ །སྲོག་བདག་ཞེ་སྡང་སྦྲུལ་མགོ །ལོ་བདུད་ལོ་གཤེད་བཅུ་གཉིས། བཀའི་ལྷ་མ་སྲིན་སྡེ་བརྒྱད་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །གསུམ་པ་བདེན་སྟོབས་ཀྱི་ཕྲིན་ལས་བཅོལ་བ་ནི། ན་མོ། དཀོན་མཆོག་གསུམ་གྱི་བདེན་པ་དང་། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བདེན་པ་དང་། མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། སྔགས་འཆང་རྣལ་འབྱོར་པ་བདག་གི་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་སྟོབས་ཀྱིས། དེང་འདིར་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས། བདག་ཅག་འཁོར་དང་བཅས་པ་རྣམས་ལ་དུས་འདི་ནས་བཟུང་སྟེ། ནམ་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་ཚེ་སྲོག་ལ་བར་དུ་གཅོད་པར་བྱེད་པའི། བྱད་མ་ལྷ་སྲུང་དང་བཅས་པའི་གནོད་བྱེད་ཐམས་ཅད་རང་བྱད་རང་ལ་ལོག་པར་གྱུར་ཅིག །རང་གཤེད་རང་ལ་འབེབ་པར་གྱུར་ཅིག །རང་སྲོག་རང་གིས་གཅོད་པར་གྱུར་ཅིག །རང་ཤ་རང་གིས་ཟ་བར་གྱུར་ཅིག །རང་སྨ་རང་ལ་འབེབ་པར་གྱུར་ཅིག །རང་ཁྲག་རང་གིས་འཐུང་བར་གྱུར་ཅིག །ཕུང་བར་གྱུར་ཅིག །བརླག་པར་གྱུར་ཅིག །མེད་པར་གྱུར་ཅིག །སྟོང་པར་གྱུར་ཅིག །ཅེས་བསྔོས་ལ་རོལ་མོ་བྱ། བཤམས་ཟིན་པ་རྣམས་སྣོད་སྟོང་དུ་བླུགས། བཤམ་སྣོད་ཁྲག་ཆུས་བཤལ། རྗེས་མ་བསྔོ་རྒྱུ་བཤམ་བྲན་བྱས་ལ་བྱིན་བརླབ་ནས་ཕྲིན་བཅོལ་བར་བྱ་ཚུལ་གོང་མས་རིགས་འགྲེ་སྟེ་བརྒྱ་རྩ་བརྒྱད་གྲངས་ཚང་འབུལ། གྲངས་རྫོགས་པ་དང་བཤམ་སྟེགས་སོགས་བསྡུ། ཡས་སྣོད་གཉིས་རེ་ཞིག་གཡས་གཡོན་དུ་བཞག །གསུམ་པ་གླུད་བསྔོ་བ་ནི། སྐུ་གླུད་ལ་ཆབ་བྲན། བྱིན་བརླབ་ནས་བརྩམ། ཟུར་གསལ་གླུད་རབས་ལྷའི་གཎྜེ་ཚང་བ་འདིར་སྦྱར་རོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་གཉིས། ནང་དུ་བྱ་བ་དང་། ཕྱི་རོལ་ནས་བྱ་བའོ། །དང་པོ་ལ་བཞི། ཆད་མདོ། བསྐུལ་བ། སྒོ་དབྱེ་ལམ་བསྟན། བཀའ་བསྒོ་བའོ། །དང་པོ་ནི། ཆད་མདོའི་གཏོར་མ་ལ་འགུགས་གཞུག་བྱིན་བརླབས་བྱས་ནས་ལས་གཞུང་ལྟར་བསྔོ། གཉིས་པ་བསྐུལ་བ་ནི། དཀོན་སྤྱི་ལ་དྲག་སེང་གཉིས་ཀྱི་བསྐུལ་བྱ་བས་མཚོན་ལྷ་གཞུང་གང་ཡིན་གྱི་དྲག་བསྐུལ་གཏང་། སྤྱི་ཙམ་དུ། ཧཱུྃ༔ མི་མངོན་དབྱིངས་ན་བཞུགས་པ་རྒྱལ་བ་ཞི་ཁྲོའི་ཚོགས༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་བསྐུལ་ལོ་སེམས་ཅན་དོན་ལ་སྐུལ༔ མཛོད་ཅིག་མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ གཟུགས་སྐུ་འཇིགས་པའི་ཆ་ལུགས་རྫོགས་མཛད་པ༔ ཕྱོགས་བཅུ་དུས་གསུམ་བདེ་གཤེགས་ཞི་ཁྲོ་དང༔ སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་འདིར་གཤེགས་ཐུགས་དམ་བསྐུལ༔ དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབས༔ ཐུགས་དམ་ཐུགས་རྗེས་དགྲ་བགེགས་མྱུར་དུ་སྒྲོལ༔ ཅེས་དང་རྩ་གསུམ་ཆོས་སྲུང་དྲག་བསྐུལ་གཞན་ཡང་སྤྲོ་ན་བྱའོ། །གསུམ་པ་སྒོ་དབྱེ་ལམ་བསྟན་ནི། ཧཱུྃ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུ༔ དེ་ན་ཕྱོགས་སྐྱོང་བཅུ་པོ་བཞུགས༔ བདག་གིས་གཏོར་ཟོར་འཕང་བ་ན༔ ཕྱོགས་སྐྱོང་ཕོ་རྣམས་ཁྲག་ཏུ་སྐྱུགས༔ ཕྱོགས་སྐྱོང་མོ་རྣམས་བརྒྱལ་ཞིང་སྔངས༔ ཕྱོགས་སྐྱོང་ཕྲུག་གུ་དམྱལ་ཐག་གཅོད༔ དེ་ཡང་སྙིང་རྗེས་ཟོར་མི་འཕེན༔ ཟོར་འཕེན་སྡང་བའི་དགྲ་ལ་འཕེན༔ ཟོར་འཕེན་གནོད་པའི་བགེགས་ལ་འཕེན༔ སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ཤིག༔ འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག༔ སྒོ་ཕྱེས་ལམ་སྟོན་འཕྲང་སོལ་ཅིག༔ སྒོ་རྣམས་ཐམས་ཅད་ཁྲོ་ལོ་ལོ༔ གཏོར་མའི་ཟོར་ལམ་ད་ཕྱེས་ཤིག༔ མཐོ་བ་རྣམས་ཀྱིས་ཞབས་སྡུས་ཤིག༔ དམའ་བ་རྣམས་ཀྱིས་དབུ་ཆུམས་ཤིག༔ བར་དུ་གནས་པ་སྐུ་ཟུར་ཅིག༔ གདོང་དུ་སུ་ཡང་མ་སྡོད་ཅིག༔ ཟོར་ལམ་ཐམས་ཅད་ད་ཕྱེས་ཤིག༔ ཡུལ་ལྷ་གཞི་བདག་གཉན་པོ་དང༔ མཁར་གྱི་རྩེ་ལྷ་གཉན་པོ་རྣམས༔ སྐུ་ཟུར་དེ་ནི་སྤྱན་གཡོར་ཅིག༔ ཁྱོད་ལ་བདག་གིས་ཟོར་མི་འཕེན༔ བདག་གིས་བསྒྲུབས་པའི་གཏོར་ཟོར་གཉན་པོ་འདི༔ དམ་ཉམས་ལས་ངན་སྟེང་དུ་འཕེན་པ་ན༔ ཆོས་སྐྱོང་སྲུང་མས་བདག་གི་སྡོངས་གྲོགས་མཛོད༔ དགྲ་བགེགས་ལྔ་ཕུང་ཐལ་བ་རྡུལ་དུ་རློགས༔ བདག་གིས་བསྒྲུབས་པའི་གཏོར་ཟོར་གཉན་པོ་འདི༔ གཉིས་འཛིན་འཁྲུལ་སྣང་བག་ཆགས་སྟེང་དུ་འཕེན༔ ཁམས་གསུམ་རིགས་དྲུག་འཁོར་བའི་ལམ་རྒྱུན་ཆོད༔ མཉམ་ཉིད་རང་གྲོལ་ཆོས་ཀྱི་དབྱིངས་སུ་བསྔོ༔ ཞེས་སོ། །བཞི་པ་འཆི་བདག་འཁོར་དང་བཅས་པ་ལ་བཀའ་བསྒོ་བ་ནི། རོལ་མོ་དབྱངས་དང་བཅས་ཏེ། ཧཱུྃ༔ འཆི་བདག་གཤིན་རྗེ་འཁོར་བཅས་དང༔ ལྷ་ཀླུ་གནོད་སྦྱིན་ལ་སོགས་ཏེ༔ གདོན་བགེགས་རིགས་སུ་གྱུར་པ་རྣམས༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ གནོད་པར་གྱུར་པ་གང་ཡང་རུང༔ སེམས་ཅན་ཆེན་པོ་ཁྱོད་ཉོན་ཅིག༔ གདོད་མ་ཉིད་ནས་དངོས་པོར་གོལ༔ དངོས་མེད་པ་ལ་ཡོད་པར་བཟུང༔ ད་ལྟ་ཉིད་དུ་དངོས་པོར་གོལ༔ རྟག་པར་བཟུང་ཞིང་འཛིན་པར་བཅས༔ དཔེར་ན་ཟོ་ཆུའི་ཁྱུད་མོ་འདྲ༔ སླར་ཡང་ལོག་ཅིང་ངན་སོང་འཁྱམས༔ ཁྱོད་ཀྱི་སེམས་དང་ང་ཡི་སེམས༔ ཁྱོད་ཀྱིས་ད་ལྟ་སོ་སོར་བཟུང༔ འཁྲུལ་པ་ཡིན་ཏེ་ངན་སོང་རྒྱུ༔ ང་ཡི་སེམས་ཉིད་ཀུན་བཟང་ལ༔ ཁྱོད་ཀྱིས་རྫུ་འཕྲུལ་ཅི་བསྟན་ཡང༔ ང་ལ་གཡོ་བ་རྡུལ་ཙམ་མེད༔ སླར་ཡང་རང་སེམས་བརླག་པའི་རྒྱུ༔ སེམས་ཅན་ཀུན་ལ་མ་འཚེ་ཞིག༔ སེམས་ཅན་ཀུན་ལ་འཚེ་བ་ན༔ སེམས་ཅན་སངས་རྒྱས་རྒྱུ་ཡིན་ཏེ༔ སངས་རྒྱས་སྐུ་ལ་ཁྲག་ཕྱུང་ན༔ འགྲོ་བ་སེམས་ཅན་མ་ལུས་ཀུན༔ སྡུག་བསྔལ་ཆེན་པོའི་ཆར་མི་ཕོད༔ གནོད་པར་བྱས་ན་སྲིན་པོར་སྐྱེ༔ དཔལ་ཆེན་སྐུ་ཡིས་བསྒྲལ་ལ་རེ༔ རྟག་པར་བཟུང་ན་མུ་སྟེགས་ཡིན༔ བཅོམ་ལྡན་འདས་ཀྱིས་འདུལ་ལ་རེ༔ ང་རུ་བཟུང་ན་གཤིན་རྗེ་ཡིན༔ ཁྲོ་རྒྱལ་ཞབས་ཀྱིས་བཅག་ལ་རེ༔ ཕྲག་དོག་བལྟས་ན་ལྷ་མིན་ཡིན༔ འཆི་འཕོས་གཡང་སར་ལྟུང་བའི་རྒྱུ༔ རྒྱལ་བས་གསུངས་པའི་བཀའ་ལ་ཉོན༔ སྒོ་གསུམ་སྡོམས་ལ་གུས་པས་ཉོན༔ འདི་རུ་གནོད་པ་མ་བྱེད་ཅིག༔ ཇི་ལྟར་ས་བོན་གང་བཏབ་པ༔ འབྲས་བུ་དེ་ལྟར་སྨིན་པ་བཞིན༔ དགེ་བའི་འབྲས་བུ་མཐོ་རིས་ཐོབ༔ སྡིག་པའི་འབྲས་བུ་ངན་སོང་ལྷུང༔ དེ་བས་ཡང་དག་དོན་ལ་སོམས༔ གཟུགས་ལ་མཚན་མར་མ་བཟུང་ཞིག༔ གཟུགས་ལ་མཚན་མར་བཟུང་བ་ན༔ དམྱལ་བའི་བཙོ་སྲེག་དེ་ན་ཡོད༔ ཡུལ་ལ་ཆགས་པ་མ་བྱེད་ཅིག༔ ཡུལ་ལ་ཆགས་པ་བྱས་པ་ན༔ དམྱལ་བའི་རྒྱུ་འབྲས་དེ་ན་ཡོད༔ ཚེ་ལ་རྟག་པར་མ་འཛིན་ཅིག༔ ཚེ་ལ་རྟག་པར་བཟུང་བ་ན༔ དམྱལ་བའི་ཚེ་འཕྲོ་དེ་ན་ཡོད༔ ངན་སོང་དམྱལ་བའི་སྡུག་བསྔལ་ཡང༔ གཞན་ན་ཡོད་པ་མ་ཡིན་ནོ༔ རང་གིས་ཉེས་ན་དམྱལ་བ་ཡིན༔ མ་རྟོགས་ན་ནི་སེམས་ཅན་ཡིན༔ མ་རིག་ན་ནི་ཉོན་མོངས་ཡིན༔ དུས་གསུམ་སངས་རྒྱས་བདེ་གཤེགས་ཀྱང༔ གཞན་ན་ཡོད་པ་མ་ཡིན་ཏེ༔ རང་གིས་ལོན་ན་མཐོ་རིས་ཡིན༔ ལེགས་པར་རྟོགས་ན་སངས་རྒྱས་ཡིན༔ རིག་ཅིང་རྟོགས་ན་ཀུན་བཟང་ཡིན༔ གོ་ཞིང་རྟོགས་ན་རྡོར་འཆང་ཡིན༔ དེ་ལྟར་རྟོགས་ན་ཅི་ཕྱིར་གནོད༔ སེམས་ཉིད་ཀུན་ཏུ་བཟང་པོ་ལ༔ གནོད་པར་བྱེད་པའི་རྒྱུ་ཡང་མེད༔ གང་དུ་གནོད་པའི་གནས་ཀྱང་མེད༔ མཐོ་རིས་མེད་ཅིང་ངན་སོང་མེད༔ སངས་རྒྱས་མེད་ཅིང་སེམས་ཅན་མེད༔ ལྷ་ཡང་མེད་ཅིང་འདྲེ་ཡང་མེད༔ བདུད་ཀྱང་མེད་ཅིང་བགེགས་ཀྱང་མེད༔ གལ་ཏེ་དེ་དོན་མ་རྟོགས་ན༔ དཔེར་ན་ནམ་མཁའི་སྐར་ཚོགས་འདྲ༔ ནམ་མཁའ་ཉིད་ལས་མ་གཡོས་ཀྱང༔ ཉི་ཟླ་གཟའ་སྐར་བཀྲ་བ་རྣམས༔ གློ་བུར་རྟོག་པའི་སྤྲིན་གྱིས་སྒྲིབ༔ ཆོས་ཀྱི་དབྱིངས་ལ་བཟང་ངན་མེད༔ ཀུན་བཟང་གནས་ལ་ཡངས་དོག་མེད༔ ཡེ་ཤེས་ཐུགས་ལ་གསལ་སྒྲིབ་མེད༔ སངས་རྒྱས་ཐུགས་ལ་སྤང་བླང་མེད༔ འཇིག་རྟེན་གནས་ལ་རང་བཞིན་མེད༔ རྟོགས་ན་ང་ལ་སྐྱབས་སུ་ཤོག༔ མ་རྟོགས་འཚེ་ན་གཞན་དུ་དེངས༔ སྔོན་གྱི་ལན་ཆགས་ཡིན་ན་ཡང༔ མཆོད་སྦྱིན་འདི་ཡིས་འཁོར་བར་གྱིས༔ འཕྲལ་རྐྱེན་འགལ་བ་ཅི་ཡོད་ཀྱང༔ མཆོད་སྦྱིན་འདི་ཡིས་བྲལ་བར་གྱིས༔ བུ་ལོན་ཤ་མཁོན་ཡོད་ན་ཡང༔ མཆོད་སྦྱིན་འདི་ཡིས་བྱང་བར་གྱིས༔ དོན་མེད་གནོད་པ་བྱེད་ན་ཡང༔ མཆོད་སྦྱིན་འདི་ཡིས་ཚིམས་པར་གྱིས༔ རང་སྲོག་རང་ལ་གཅེས་པ་ལྟར༔ གཞན་སྲོག་གཞན་ལ་དེ་བས་གཅེས༔ རང་གི་ལུས་ལ་དཔེ་ལོངས་ལ༔ གཞན་ལ་གནོད་པ་མ་བྱེད་ཅིག༔ བཟུང་བ་ཡོད་ན་གཏང་བར་གྱིས༔ བཅིངས་པ་ཡོད་ན་མྱུར་དུ་ཁྲོལ༔ བསྡམས་པ་ཡོད་ན་ཀློད་དུ་གསོལ༔ རྒྱལ་བའི་བཀའ་ལ་མི་ཉན་མེད༔ སྲིད་པའི་ཆུ་ལ་མི་འཐུང་མེད༔ འབྱུང་བ་རླུང་ལ་མི་བརྟེན་མེད༔ མཛེས་པའི་གླུད་ལ་མི་ལེན་མེད༔ དམ་རྫས་བདུད་རྩིའི་གཏོར་ཆེན་འདི༔ རྟོགས་པར་གྱུར་ན་སྨན་ཡིན་ཏེ༔ མ་རྟོགས་ན་ནི་དུག་ཏུ་འགྱུར༔ གཡང་ས་ཆེན་པོའི་ཆོས་མ་ཉན༔ རྟག་པར་འཛིན་པའི་ལས་མ་བྱེད༔ རང་བྱས་རང་ལ་སྨིན་འགྱུར་བས༔ དཔེར་ན་སྐྱེས་པའི་མཚོན་ཆ་འདྲ༔ རང་གིས་བྱས་ཤིང་རང་ཉིད་འཇོམས༔ འཇིག་རྟེན་འདི་ནི་མི་རྟག་སྟེ༔ ས་ནི་ནམ་མཁར་འཕགས་ཀྱང་སྲིད༔ ཉི་ཟླ་ས་ལ་ལྷུང་ཡང་སྲིད༔ རླུང་ནི་ཞགས་པས་ཟིན་ཡང་སྲིད༔ ཆུ་བོ་གྱེན་ལ་ལོག་ཀྱང་སྲིད༔ རྒྱལ་བའི་བཀའ་ལ་འགྱུར་མི་སྲིད༔ རྒྱལ་བའི་བཀའ་ལས་མ་འདའ་བར༔ རང་རང་གནས་སུ་ད་ནི་དེངས༔ རྒྱལ་བའི་བཀའ་ལས་འདས་གྱུར་ན༔ དེ་ཚེ་སངས་རྒྱས་ཐུགས་ཁྲོས་ནས༔ སྤྲུལ་པའི་ཁྲོ་བོ་ཐམས་ཅད་ཀྱིས༔ ལྕགས་ཀྱུ་མཚོན་ཆ་སྣ་ཚོགས་ཀྱིས༔ སྙིང་ནས་བཟུང་སྟེ་བརླག་པར་བྱེད༔ ཚེ་འདིར་སྡུག་བསྔལ་དཔག་མེད་མྱོང༔ ཕྱི་མ་ངན་སོང་གནས་སུ་ལྷུང༔ དེ་བས་རང་རང་གནས་སུ་དེངས༔ ང་ཡིས་མཚམས་བཅད་ཚུན་ཆད་ལ༔ སུ་ཡང་འདའ་བར་མ་བྱེད་ཅིག༔ གནོད་བྱེད་འབྱུང་པོ་མཱ་ར་ཡ་ཕཊ༔ ཅེས་ཆོས་བཤད་བཀའ་བསྒོ་བྱ་ཞིང་གཤེགས་སུ་གསོལ་ལོ། །གཉིས་པ་ཕྱི་རོལ་དུ་བྱ་བ་ལ་བརྒྱད། གསེར་སྐྱེམས། གཟུ་དཔང་། ཟ་ལམ། ཟློག་སྒྱུར། བརྟན་སྐྱོང་། རྟ་བྲོ། སྲུང་འཁོར། རྒྱལ་དབྱངས་སོ། །དང་པོ་གསེར་སྐྱེམས་ནི། སློབ་དཔོན་དང་མདོས་སྐྱེལ་རྣམས་ཀྱིས་འཛོམས་ན་ཆས་སུ་ཞུགས། གཞན་མ་འཛོམས་ནའང་ཞྭ་གྱོན་ལ། དཀར་གཏོར་གསེར་སྐྱེམས་ཀྱིས་སྣ་དྲངས། དེ་རྗེས་སྐུ་གླུད་དང་དམར་གཏོར་རྒྱན་ལྡན། ཞི་དྲག་མཆོད་པའི་སྣོད། གཤིན་རྗེའི་གཟུགས། ཟོར་གྱི་དམར་གཏོར། དར་ནག་བཅས་རིམ་པར་ཁྱེར། སློབ་དཔོན་གྱིས་རྟིང་མནན་ལ། ཕྱོགས་འགྲིགས་ན་སྒྲུབ་པ་པོ་དང་ཡོན་བདག་གི་ལོ་ལྷ་མིན་པ། གཟའ་རྒོད་དང་མཁའ་འགྲོ་རྒྱུ་ཕྱོགས་སུ་གདོང་མ་ཐུག་པར་བྱས་ལ་ལྷོ་སྟོད་སྨད་གཉིས། ཤར་ལྷོ་ལྷོ་ནུབ་བཅས་ལྷོ་ངོས་ཞིག་ཏུ་འགྲིགས་དགོས་པས་དེ་ལྟར་ཁྱེར་ལ། གྲོང་ཟད་པའི་མཐར་ཆུ་ཆེན་ཡོད་ན་ལེགས་ཤིང་མེད་ཀྱང་ཁང་པ་མི་མཐོང་བའི་སར་ཕྱིན། ཤིན་ཏུ་ཉེ་ནའང་གོམ་པ་བདུན་ཅུ་ལས་ཐུང་མི་རུང་ཞིང་། འཕང་བའི་ས་དེར་ཕྱིན་པ་དང་། གོ་རིམ་ལྟར་ཁ་ཕར་བསྟན་ལ་བསྒྲིག །དཀར་གཏོར་གསེར་སྐྱེམས་བཏེག་ལ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿས་བྱིན་བརླབ། ཧཱུྃ༔ དཀོན་མཆོག་རྩ་གསུམ་ལྷ་ཚོགས་དང༔ ཁྱད་པར་ཁྲག་འཐུང་སྲུང་མར་བཅས༔ ཕྱོགས་སྐྱོང་སྡེ་བརྒྱད་གཞི་བདག་སོགས༔ མཆོད་འོས་ཀུན་ལ་གསེར་སྐྱེམས་འབུལ༔ ཉེས་མེད་རྣལ་འབྱོར་འཁོར་བཅས་ལ༔ སྡང་དགྲ་གདོན་བགེགས་ཀུན་གྱིས་བརྙས༔ བདེན་རྫུན་ཤན་ཕྱེས་གཟུ་དཔང་མཛོད༔ དམ་ཚིག་གཉན་དགོོོངས་དགྲ་བགེགས་སྒྲོལ༔ གསེར་སྐྱེམས་ཕྱོགས་རྣམས་དང་བོར་ཕྱོགས་སུ་འབུལ། གཉིས་པ་གཟུ་དཔང་ནི། ཧཱུྃ༔ མ་ཉེས་དཔང་དུ་དཀོན་མཆོག་བཞུགས༔ དགྲ་བགེགས་མ་གཏོགས་སྐུ་ཟུར་ཅིག༔ ཁྲག་འཐུང་ལྷ་ཚོགས་དམག་དཔུང་སྐྱེད༔ སྡང་དགྲ་གདོན་བགེགས་མ་ལུས་ཀུན༔ ཐམས་ཅད་གཅིག་ཏུ་བསྡུས་ནས་ཀྱང༔ ཡུད་ཙམ་གཅིག་ལ་འདིར་ཁུག་ཅིག༔ གཞིག་དང་དབབ་དང་བསྒྲལ་ནས་ཀྱང༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧིཿ ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ གཟུགས་སྐུ་འཇིགས་པའི་ཆ་ལུགས་རྫོགས་མཛད་ནས༔ རུ་དྲ་དགྲ་བགེགས་བར་ཆད་རྣམ་གཉིས་པོ༔ མངོན་སྤྱོད་ཚུལ་གྱིས་མྱུར་སྒྲོལ་ཕྲིན་ལས་མཛོད༔ གསུམ་པ་ཟ་ལམ་ནི་དམར་གཏོར་བྲན་ལ་བཏེག །བྷྱོ༔ ཤར་གྱི་ཕྱོགས་ནས་དཀར་མོ་སྤྱན་གཅིག་མ༔ དམར་གྱི་གཏོར་མའི་ལམ་སྣ་དགྲ་ལ་དྲོངས༔ ལྷོ་ཡི་ཕྱོགས་ནས་ནག་མོ་ཁ་འབྱམས་མ༔ དམར་གྱི་གཏོར་མའི་ལམ་སྣ་དགྲ་ལ་དྲོངས༔ ནུབ་ཀྱི་ཕྱོགས་ནས་དམར་མོ་མཆུ་འཇིབ་མ༔ དམར་གྱི་གཏོར་མའི་ལམ་སྣ་དགྲ་ལ་དྲོངས༔ བྱང་གི་ཕྱོགས་ནས་སེར་མོ་རྐང་ལྡག་མ༔ དམར་གྱི་གཏོར་མའི་ལམ་སྣ་དགྲ་ལ་དྲོངས༔ བྷྱོ༔ དམག་གི་རྒྱལ་མོ་ཆེན་མོ་བཞི་རྣམས་ཀྱིས༔ རིགས་བཞི་མཁའ་འགྲོའི་དམག་དཔུང་དགྲ་ལ་དྲོངས༔ སྲིད་པ་གསུམ་པོ་བྷྱོ་ཟློག་བྱེད་པ་མོ༔ སྲིད་པ་ཆགས་བྱེད་མ་མོ་ཆེན་མོ་ཡིས༔ སྲིད་པའི་དམག་དཔུང་དམ་ཉམས་དགྲ་ལ་དྲོངས༔ སྲིད་པའི་ཆ་སྙོམས་མ་མོ་ཆེན་མོ་ཡིས༔ སྲིད་གསུམ་གདུག་པའི་དམག་དཔུང་དགྲ་ལ་དྲོངས༔ རྣལ་འབྱོར་དགྲ་བླ་རིག་འཛིན་སྒྲུབ་པ་མོ༔ རྣལ་འབྱོར་དགྲ་བླའི་དམག་དཔུང་དགྲ་ལ་དྲོངས༔ བསྟན་སྲུང་ལས་བྱེད་ཨེ་ཀ་ཛཱ་ཊི་མ༔ བསྟན་སྲུང་ལས་བྱེད་དམག་དཔུང་དགྲ་ལ༴ བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ་གཅིག་མ༔ བདུད་དང་གཤིན་རྗེའི་དམག་དཔུང་དགྲ་ལ༴ མདོག་བཟང་ནག་མོ་གྲུབ་པའི་རྣལ་འབྱོར་མ༔ ནག་མོའི་ཚོགས་ཀྱི་དམག་དཔུང་དགྲ་ལ༴ མདོག་བཟང་སྔོན་མོ་ལྷ་མོ་རྣལ་འབྱོར་མ༔ སྔོན་མོའི་དམག་ཚོགས་དམག་དཔུང་དགྲ་ལ༴ མདོག་བཟང་དཀར་མོ་གླིང་བཞི་སྤྱི་འགྲོས་མ༔ དཀར་མོའི་དམག་ཚོགས་དམག་དཔུང་དགྲ་ལ༴ དབུ་བརྒྱ་སྤྱན་སྟོང་ལྡན་པའི་གར་དབང་མ༔ སྟོང་ཕྲག་བརྒྱད་ཅུའི་དམག་སྣ་དགྲ་ལ༴ པདྨ་གར་དབང་ས་བདག་པདྨའི་ཕྲེང༔ ས་བདག་གདོན་གྱི་དམག་སྣ་དགྲ་ལ་དྲོངས༔ བྷྱོ༔ ཤར་གྱི་དཀར་མོ་ཆེན་མོ་མཆེ་གཅིག་མ༔ དཀར་མོ་འབུམ་སྡེའི་དམག་སྣ་དགྲ་ལ་དྲོངས༔ ལྷོ་ཡི་ནག་མོ་ཆེན་མོ་ཁ་འབྱམས་མ༔ ནག་མོ་འབུམ་སྡེའི་དམག་སྣ་དགྲ་ལ༴ ནུབ་ཀྱི་དམར་མོ་ཆེན་མོ་མཆུ་འཇིབ་མ༔ དམར་མོ་འབུམ་སྡེའི་དམག་སྣ་དགྲ་ལ༴ བྱང་གི་སེར་མོ་ཆེན་མོ་རྐང་ལྡག་མ༔ སེར་མོ་འབུམ་སྡེའི་དམག་སྣ་དགྲ་ལ༴ ཧར་ཏིང་ནག་མོ་བྱང་ཤར་གྲུ་འདེགས་མ༔ བྱང་ཤར་གདོན་གྱི་དམག་སྣ་དགྲ་ལ༴ དུནྟིང་ནག་མོ་ཤར་ལྷོའི་གྲུ་འདེགས་མ༔ ཤར་ལྷོའི་བགེགས་ཀྱི་དམག་སྣ་དགྲ་ལ༴ ཤཱནྟིང་དམར་མོ་ལྷོ་ནུབ་གྲུ་འདེགས་མ༔ ལྷོ་ནུབ་བགེགས་ཀྱི་དམག་སྣ་དགྲ་ལ༴ གྲུབ་ཏིང་སེར་མོ་ནུབ་བྱང་གྲུ་འདེགས་མ༔ ནུབ་བྱང་བགེགས་ཀྱི་དམག་སྣ་དགྲ་ལ༴ བཞུགས་ས་དགྲ་བོའི་ཡུལ་དུ་གྱིས༔ གནས་མལ་དགྲ་བོའི་ཡུལ་དུ་གྱིས༔ བདུད་རྟ་དགྲ་བོའི་ཡུལ་དུ་རྒྱུགས༔ དམ་ཉམས་དགྲ་བོ་མྱུར་དུ་སྒྲོལ༔ ནད་སྣ་ཡམས་སྣ་དགྲ་ལ་ཐོངས༔ དགྲ་མཁར་ནག་པོ་རྨང་ནས་སྒྱེལ༔ དགྲ་ལ་ཕྲིན་ལས་མྱུར་དུ་མཛོད༔ དུས་ལ་བབ་བོ་ས་མ་ཡ༔ ཞེས་བོར་ཕྱོགས་སུ་འབུལ། བཞི་པ་ཟློག་སྒྱུར་ནི། ཧཱུྃ༔ དབང་དྲག་འབར་བ་ཡབ་ཡུམ་གྱི༔ ལྷ་སྔགས་ཏིང་འཛིན་ནུས་རྩལ་ལས༔ དཔལ་གྱི་གཏོར་ཟོར་མེ་ལྟར་འབར༔ དགྲ་བགེགས་གཟུགས་ཕུང་རྡུལ་དུ་རློགས༔ མཐའ་དམག་གདུག་པའི་གནོད་པ་ཟློག༔ ཧོར་སོག་རྒྱ་འདྲེའི་གནོད་པ་ཟློག༔ འབྱུང་པོ་སྤུན་དགུའི་གནོད་པ་ཟློག༔ དུ་རུཥྐ་ཡི་གནོད་པ་ཟློག༔ ཧཱུྃ་བྷྱོ༔ གཞན་ཡང་ཟློག་ཅིང་བསྒྱུར་བ་ནི༔ ཡས་ཀྱི་བདུད་གཡོས་མས་ཀྱི་སྲི་ལངས་ཟློག༔ ལོགས་ཀྱི་བཙན་ཁྲོས་རྒྱལ་པོའི་བཀའ་ཆད་ཟློག༔ ཆོས་ཟོར་བོན་ཟོར་དམོད་ཟོར་ཁ་མཆུ་ཟློག༔ ཕོ་ཡི་ཟ་འདྲེ་མོ་ཡི་གནོད་འདྲེ་ཟློག༔ དར་ཚན་སྟོང་སྡེ་སྐྱེ་བོའི་ཡ་ག་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་དགྲ་ལ་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དགྲ་ལ་ཟློག༔ ལོ་སྐག་ཟླ་སྐག་ཞག་སྐག་དགྲ་ལ་ཟློག༔ མོ་ངན་རྩིས་ངན་ཐམས་ཅད་དགྲ་ལ་ཟློག༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་དགྲ་ལ་ཟློག༔ གློ་བུར་བརྒྱད་ཅུ་རྩ་བཞི་དགྲ་ལ་ཟློག༔ དུས་མིན་འཆི་བ་རྣམ་བརྒྱད་དགྲ་ལ་ཟློག༔ ཕོ་བདུད་དལ་ཁ་གཡས་སུ་སྒྱུར༔ མོ་བདུད་དལ་ཁ་གཡོན་དུ་སྒྱུར༔ སྤྱི་བདུད་དལ་ཁ་ཐམས་ཅད་སྒྱུར༔ ཟློག་ཅིག་སྒྱུར་ཅིག་མཐུ་མ་ཆུང༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ སློབ་དཔོན་ལྟ་བའི་གདིང་སྒོམ་པའི་གསལ་སྣང་དང་བཅས་པས་གཤིན་རྗེའི་གཟུགས་ཁ་ཕར་གྱུས་ཏེ་འཕང་། དེའི་རྗེས་སུ་དམར་གཏོར་འཕངས་ཏེ་དྲག་སྔགས་སོ་ལྔ་ལ་ཟློག་ཤམ། ཨེ་ཀ་དུ་ན་སོགས་སམ། མ་ཧཱ་ཤ་རི་བྷྱོ་ཟློག༔ ཅེས་བཏགས་པའམ། ཕུར་པའི་རྦད་དགུ་ལྟ་བུ་སྤྱི་འགྲེ་དང་། གུར་དྲག་སྔགས་ཤམ་སྦྱར་བ། སེང་གདོང་མའི་སྔགས་སོགས་དྲག་སྔགས་གང་ཤེས་བརྗོད། གོ་ཆས་མཚོན་ཆ་ཅན་ཡོད་ན་བསྭོ་སྒྲ་སྒྲོག །དར་ནག་བརྡབ། རྣལ་འབྱོར་ནུས་པ་དམན་པའམ་ཕྱོགས་གཙང་མ་འགྲིགས་ན་ཁ་ཕར་གྱུས་ལ་བཞག་པའམ། ཆུ་ཆེན་ཡོད་ན་དེའི་གཞུང་དུ་བསྐྱལ། དེ་རྗེས་དམར་གཏོར་འཕངས་ལ་ཟོར་པྲ་བརྟག །གླུད་དང་བསྔོ་རྫས་རྣམས་ཀྱང་གཤིན་རྗེའི་གཟུགས་གང་དུ་གཤེགས་པ་དེར་བྱོ། །ལྔ་པ་བརྟན་མའི་གཏོར་མ་ལ་གཏོར་སྣོད་སྨན་ཕུད་ཀྱིས་བཤལ་བས་བྲན་ལ། འབྲུ་གསུམ་གྱིས་བྱིན་བརླབས་ནས་ལས་གཞུང་ལྟར་ཕུལ། སྤྲུལ་པའི་བྱ་ཁྱུང་ནག་པོ་རི་རབ་ཙམ་ཞལ་ཕར་གཟིགས་ནས་རྗེས་སྙོགས་བཅད་པར་གྱུར། ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཅེས་བརྗོད་ལ་སློབ་དཔོན་གྱིས་རྟིང་མནན་ལ་སྒོ་དྲུང་དུ་ཕྱིན། དྲུག་པ་རྟ་བྲོ་ནི། གཏོར་གཞོང་སྦུབས་པའི་འོག་ཏུ་དགྲ་བགེགས་དམ་སྲི་འགུགས་གཞུག་བྱས་ལ་ལས་གཞུང་གི་རྟ་བྲོ་འདོན། བདུན་པ་སྲུང་འཁོར་ནི།ལས་གཞུང་སོ་སོ་ལྟར་རམ། སྤྱི་ཙམ་དུ། ཧྲཱི༔ བདག་ཉིད་འགྱུར་མེད་ཡེ་ནས་རྡོ་རྗེའི་སྐུ༔ ཕྱི་ནང་སྣོད་བཅུད་གཞལ་ཡས་སྐྱེ་འགྲོ་ལྷ༔ ཕྱོགས་དང་ཕྱོགས་མཚམས་འཇའ་འོད་མཚོན་ཆས་གཏམས༔ རྡོ་རྗེའི་ས་གཞི་རྭ་གུར་མེ་རིས་བསྐོར༔ ཨོཾ་བཛྲ་རཀྵ་ཛྭ་ལ་རཾ༔ ཞེས་བརྗོད་ལ་སྲུང་འཁོར་བརྟན་པོར་བསྒོམ། བརྒྱད་པ་རྒྱལ་དབྱངས་ནི། རྣལ་འབྱོར་པ་ཞལ་གྱེན་དུ་ཕྱོགས་ལ་འབྲུ་འཐོར་ཞིང་། ཧཱུྃ༔ རྩ་གསུམ་སྲུང་མའི་དམག་ཚོགས་ཀྱིས༔ དགྲ་བགེགས་ཐལ་བར་བརླགས་མཛད་ནས༔ ཕྱིན་ཆད་ལྡང་བར་མི་འགྱུར་ཞིང༔ མཐུ་རྩལ་སྟོབས་ལྡན་ལྷ་རྒྱལ་ལོ༔ ཞེས་དང་ཤིས་བརྗོད་ཤློ་ཀ་རེ་ཟུང་བྱ། དེ་ནས་ནང་དུ་ཕྱིན་ལ་ནད་པ་སོགས་གལ་ཆེན་དང་། ཚེ་སྒྲུབ་དང་འབྲེལ་ན་ཚེ་དབང་བསྐུར་ཞིང་ཚེ་འགུགས་ཚེ་གཏའ་བསྡམ་པ་རྣམས་རྒྱས་པར་བྱ། སྤྱི་ཙམ་ལ་ལྷ་གཞུང་སོ་སོའམ་དཀོན་སྤྱི་ལྟ་བུའི་ཚེ་འགུགས་དང་ཚེ་གཟུངས་འདོན། ཕྱིན་དྲུག་ཤིས་བརྗོད་བྱས་ལ། ཡི་དམ་ལས་གཞུང་གཏང་རག་མཆོད་བསྟོད། ནོངས་བཤགས། བསྡུ་སྡང་། ཤིས་བརྗོད་ཀྱི་བར་དུ་བྱས་པས་འགྲུབ་བོ། །སློབ་དཔོན་འབྱོན་མི་ཐུབ་པ་དང་སྤྲོས་བཅས་མི་འགྲིགས་ན་འདོན་བྱ་ཚང་མ་ནང་ནས་བྱ། ཡས་རྣམས་སྐྱེལ་དུ་གཏང་ནའང་ཧ་ཅང་མི་རུང་བ་མེད་པའང་ཤེས་པར་བྱའོ། །གསུམ་པ་མཐར་པྲ་ལྟས་བརྟག་པ་ནི། གཏོར་ཆེན་ཁ་ཕྱིར་བསྒྱུར་ན་ཆག་སྒོ་མེད་པས་བཟང་། གཏོར་ཁ་ཡར་བསྒྱུར་ན་ཟློག་པ་བསྐྱར་ལ་བྱ། འཕྲེད་དུ་བསྒྱུར་ན་ཉེས་ཆེར་མི་འབྱུང་ཡང་སྐུ་རིམ་ལ་འབད། དེ་ལྟར་བྱས་པས་ཆག་སྒོ་ཇི་ལྟར་ཆེ་ཡང་འདི་ཉིད་ལན་གསུམ་བསྐྱར་ན་མི་ཟློག་མི་སྲིད་ཅེས་གཞུང་ལས་གསུངས་སོ། །འཆི༵་བདག་ཤ་བཙོན་སྔགས་རྒྱ་ཡས་ཀྱིས་བ༵སླུས། །རྐྱེ༵ན་ངན་བར་ཆད་བདེན་པའི་སྟོབས་ཀྱིས་ཟློ༵ག །དལ༵་འབྱོ༵ར་རྟེན་བཟང་སྤྲིན་བྲལ་ཟླ་བ་ལྟར། །རིང༵་འཚོ༵་བདུད་རྩིའི་ལང་ཚོས་གང་གྱུར་ཅིག །ཅེས་པའི་ཚུལ་འདི་ཉེ་བར་མཁོ་ཞིང་གཏོ་མཁན་ཕལ་མོ་ཆེས་ལག་ཆར་ཁྱེར་ཡང་ལག་ལེན་ཇི་བཞིན་ཐེབས་པ་ཕྱོགས་འདིར་ནི་མི་འདུག་པས་བཀའ་བབས་གོང་མའི་གསུང་རྣམས་གུང་བསྒྲིགས་ཏེ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་ཤྲཱི་དེ་བཱི་ཀོ་ཊིའི་དབེན་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ།། །།
གནམ་ཆོས་ཐུགས་གཏེར་སྙན་བརྒྱུད་དམ་པ་རིགས་བརྒྱའི་སྒྲུབ་ཐབས་ཀྱི་ལྷན་ཐབས་གསོན་བྱང་བཞུ་ཐབས་བསྡུས་པ་ (Volume 42, Text 7)
༁ྃ༔ གནམ་ཆོས་ཐུགས་གཏེར་སྙན་བརྒྱུད་དམ་པ་རིགས་བརྒྱའི་སྒྲུབ་ཐབས་ཀྱི་ལྷན་ཐབས་གསོན་བྱང་བཞུ་ཐབས་བསྡུས་པའོ། ། ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། །དེའང་བདེ་མཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། གསོན་བྱང་བཞུ་ཚུལ་གསུངས་ནས། རྒྱུད་རྣམས་ཀུན་ལས་ཐུན་མོང་དུ། །ཆོ་ག་འདི་ནི་རབ་ཏུ་གྲགས། །ཞེས་དེ་ནི་གཞན་ཐམས་ཅད་ལ་སྦྱར་ཆོག་གསུངས་པ་དང་། རྡོ་རྗེ་ཕྲེང་བའི་རྒྱུད་དང་སྲོང་བཙན་སྒམ་པོའི་ཞལ་གདམས་སོགས་ལས་ཀྱང་། ཏིང་ངེ་འཛིན་ལ་བརྟེན་ནས་གསོན་ཤོག་བྱ་ཚུལ་དང་། རྒྱུད་སྡེ་ཐུན་མོང་པ་ཕལ་ཆེར་རྫས་གཅིག་ལ་བརྟེན་པའི་སྦྱིན་སྲེག་གསུངས་པ་ཡང་དོན་གསོན་ཤོག་ཏུ་ངོས་འཛིན་སྲོལ་འདུག་པས། ལམ་འབྲས་ལས་ཀྱང་དེ་ཉིད་སྒྲིབ་སྦྱོང་གི་གཙོ་བོར་བཤད་པ་ལྟར་འདིར་དགོད་པར་བྱ་སྟེ། རྒྱས་པར་བྱང་བུའི་གཟུགས་བྲིས་པའི་སྙིང་གར་ནྲྀ་དང་མིང་ཡིག་སོགས་སྤྱི་ལྟར་བྲི། བསྡུ་ན་མིང་ཡིག་ཁོ་ནས་ཆོག་སྟེ། མདུན་དུ་བཤམས་ལ་གྱེར་སྒོམ་སྦྲགས་པར་བྱའོ། །ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ རང་ཉིད་རྡོར་སེམས་སྐུ་མདོག་དཀར༔ ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ༔ ཐུགས་ཀར་འཛིན་ཅིང་གཡོན་པ་ཡི༔ དྲིལ་བུ་དཀུར་བརྟེན་ཞབས་སེམས་སྐྱིལ༔ སྐུ་ལ་དར་དཀར་ན་བཟའ་གསོལ༔ རིན་པོ་ཆེ་ཡི་རྒྱན་གྱིས་སྤྲས༔ སྙིང་ག་ཆོས་ཀྱི་འཁོར་ལོ་རུ༔ ཞི་བ་བཞི་བཅུ་རྩ་གཉིས་ནི༔ རྒྱན་དང་ཆ་ལུགས་རྫོགས་པར་བསྐྱེད༔ མགྲིན་པར་རིག་འཛིན་ལྷ་ཚོགས་གསལ༔ ཀླད་པ་དུང་ཁང་གཞལ་ཡས་སུ༔ ཁྲག་འཐུང་འབར་བ་ལྔ་བཅུ་བརྒྱད༔ དམ་ཡེ་དབྱེར་མེད་དྲན་རྫོགས་གསལ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་ཅི་ལྕོགས་བཟླ། མདུན་དུ་མིང་བྱང་དང་། རྫ་གསར་པའམ་ལྕགས་སྣོད་དུ་མེ་ཁྲོལ་མང་ཞིག་དང་། ཐེབ་རྩེའི་ནང་དུ་ཏིལ་ལམ་མ་རྙེད་ན་ཉུངས་གཞི། མར་མེའམ་མེ་རུ་བཞག །རང་ཉིད་རྡོ་རྗེ་སེམས་དཔའ་ནི། །སྐུ་ཆེ་རི་རབ་དང་མཉམ་པ། །སྦྱིན་པའི་བདག་པོ་འདི་དག་ནི། །ས་ཐག་ཉེ་རིང་གར་ཡོད་ཀྱང་། །རང་གི་མདུན་དུ་མིང་ཡིག་དང་། །དབྱེར་མེད་ཉིད་དུ་གསལ་བ་ཡི། །སྙིང་གར་པཾ་ཡིག་ནག་པོ་ལ། །ལུས་ངག་ཡིད་ཀྱི་སྡིག་སྒྲིབ་བསྟིམ། །རྐང་མཐིལ་ཡཾ་ལས་རླུང་གཡོས་པས། །ལྟེ་འོག་རཾ་ལས་མེ་འབར་བས། །སྙིང་གའི་པཾ་ཡིག་གྱེན་དུ་དེད། །སྡིག་པ་རྭ་ཅན་རྣམ་པ་རུ། །སྣ་བུག་གཡོན་ནས་ཐོན་གྱུར་ཏེ། །མདུན་གྱི་ཏིལ་ལ་ཐིམ་པར་གྱུར། །མདུན་གྱི་མེ་ཁྲོལ་མི་དམིགས་པ། །ཞི་བའི་ཐབ་ཁུང་མཚན་ཉིད་ལྡན། །དེ་ནང་དམ་ཡེ་དབྱེར་མེད་པའི། །ཟ་བྱེད་རྡོ་རྗེ་མཁའ་འགྲོ་མཐིང་། །ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན། །གར་དགུའི་ཉམས་ལྡན་གཡས་བརྐྱངས་བཞུགས། །ཞལ་གདངས་ཡེ་ཤེས་མེ་ཆེན་འབར། །དེ་ཡི་ཞལ་དུ་སྡིག་སྒྲིབ་རྣམས། །འཕུལ་བས་བསྲེགས་ཤིང་སྦྱངས་པར་གྱུར། །ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་གྲངས་མི་བཟུང་མི་རུང་ཅི་ལྕོགས་ཤིག་ཏིལ་སྔགས་རེ་དང་སྦྲག་མེར་བསྲེག །ཨོཾ་བཛྲ་ཌཱ་ཀ་ཨརྒྷཾ་སོགས། ཧཱུྃ། ཆར་སྤྲིན་མདོག་ཅན་ཞལ་གདངས་མཆེ་བ་གཙིགས། །དུག་ལྔ་སྲེག་བྱེད་བསྐལ་པའི་མེ་དཔུང་འབར། །སྲིད་གསུམ་ཟིལ་གནོན་སྤྱན་གསུམ་གྱེན་ཐུར་གཟིགས། །སྡིག་སྒྲིབ་ཟ་བྱེད་རྡོ་རྗེ་མཁའ་འགྲོར་བསྟོད། །བཛྲ་ཌཱ་ཀ་བཛྲ་མུཿ ཞེས་རང་བཞིན་གནས་སུ་གཤེགས་པར་བསམ། མིང་ཡིག་སྦྱིན་བདག་དབྱེར་མེད་པའི། །རྩ་གསུམ་འཁོར་ལོ་བཞི་ལྡན་གྱི། །ལྟེ་བའི་ཨཿཐུང་ཡེ་ཤེས་མེ། །འབར་བས་ཕུང་ཁམས་སྐྱེ་མཆེད་དང་། །སྡིག་སྒྲིབ་རྣམ་སྨིན་ལུས་བཅས་བསྲེག །མེ་རུའམ་མར་མེ་ཐོགས་ལ། ཧཱུྃ། རྡོ་རྗེ་ལུས་ཀྱི་ལྟེ་དབུས་ན། །དུས་གསུམ་རྒྱལ་བ་སྐྱེད་པའི་ཡུམ། །ཨཿཡིག་པདྨ་རཱ་གའི་མདོག །ཉི་མ་སྟོང་གི་གཟི་བརྗིད་ཅན། །ཡེ་ཤེས་ལྔ་ཡི་མེ་སྦར་བས། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །སྒྲིབ་གཉིས་གློ་བུར་དྲི་མ་རྣམས། །བསྲེགས་པས་བྱང་ཞིང་དག་པར་གྱུར། །རྒྱས་པར་ན་ཡིག་བརྒྱ། འབྲིང་བོ་དྷི་ཙིཏྟ། བསྡུ་ན་བཛྲ་སཏྭ་ལ། ཆེ་གེ་མོའི་་་སྡིག་སྒྲིབ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སྦྱར་ལ་མེ་སྦར་ནས། མིང་ཡིག་བསྲེགས་པས་དེ་རྣམས་ཀྱི། །སྡིག་སྒྲིབ་རྣམ་སྨིན་ལུས་དག་ནས། །ཡེ་ཤེས་ལུས་ཅན་བཅོམ་ལྡན་འདས། །ཟླ་སྟེང་རྡོར་སེམས་སྐུ་མདོག་དཀར། །ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ། །ཐུགས་ཀར་འཛིན་ཅིང་གཡོན་པ་ཡི། །དྲིལ་བུ་དཀུར་བརྟེན་ཞབས་སེམས་སྐྱིལ། །སྐུ་ལ་དར་དཀར་ན་བཟའ་གསོལ། །རིན་པོ་ཆེ་ཡི་རྒྱན་གྱིས་སྤྲས། །སྙིང་ག་ཆོས་ཀྱི་འཁོར་ལོ་རུ། །ཞི་བ་བཞི་བཅུ་རྩ་གཉིས་ནི། །རྒྱན་དང་ཆ་ལུགས་རྫོགས་པར་བསྐྱེད། །མགྲིན་པར་རིག་འཛིན་ལྷ་ཚོགས་གསལ། །ཀླད་པ་དུང་ཁང་གཞལ་ཡས་སུ། ཁྲག་འཐུང་འབར་བ་ལྔ་བཅུ་བརྒྱད། །མེ་ལོང་གཟུགས་བརྙན་ལྟ་བུར་གསལ། །སོ་སོའི་ཐུགས་ཀའི་ས་བོན་དང་། །བདག་གི་ཐུགས་ཀའི་འོད་ཟེར་གྱིས། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་བསྐུལ། །ཀུན་བཟང་རིགས་ལྔ་ཐུབ་པ་དྲུག །མདོག་དཀར་ཁ་བ་བུ་ཡུག་ལྟར། །འབྱོན་ནས་ལུས་མཆོག་དེ་ལ་ཐིམ། །སྒྲིབ་གཉིས་དྲི་མ་སངས་ཀྱིས་དག །ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ སྦྱིན་བདག་རྣམས་ཀྱི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། སེམས་དཔའ་བརྒྱད་དང་སེམས་མ་བརྒྱད། །ཛམ་བྷ་ལ་དང་ནོར་རྒྱུན་མ། །གསེར་མདོག་ཆར་ལྟར་བབས་ནས་ཐིམ། །ཚེ་བསོད་ཡེ་ཤེས་ཉམས་རྟོགས་རྣམས། །ཡར་ངོའི་ཟླ་ལྟར་འཕེལ་རྒྱས་གྱུར། །ཨོཾ་སརྦ་བོ་དྷི་སཏྭ་ཨཱརྻ་ཛམ་བྷ་ལ། སྦྱིན་བདག་རྣམས་ཀྱི་ཚེ་བསོད་ཡེ་ཤེས་པུཥྚིཾ་ཀུ་རུ་ཡེ་ཨོཾ། རིག་འཛིན་ལྔ་དང་ཀེའུ་སེང་སོགས། །མདོག་དམར་སྒེག་ཅིང་ཆགས་པའི་གཟུགས། །འཇའ་འོད་འཐིབ་འཐིབ་ལུས་ལ་ཐིམ། །རླུང་སེམས་སྣང་བ་དབང་དུ་གྱུར། །ཧྲཱིཿམ་ཧ་རི་ནི་ས། སྦྱིན་བདག་རྣམས་ཀྱི་རླུང་སེམས་རང་དབང་ཐོབ་པར་གྱུར་ཅིག །པཱ་ཤཾ་ཀུ་རུ་ཧོཿ ཆེ་མཆོག་རིགས་དྲུག་ཐམས་ཅད་ནི། །རབ་འཇིགས་ཤིན་ཏུ་ཁྲོས་པའི་ཚུལ། །ཆར་བཞིན་བབས་ནས་ལུས་ལ་ཐིམ། །ཉོན་མོངས་སྡིག་སྒྲིབ་བཅོམ་པར་གྱུར། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། སྡིག་ལྟུང་ཉམས་ཆག་ཐམས་ཅད་མཱ་ར་ཡ་ཕཊ། དེ་ལྟར་སྒྲིབ་སྦྱངས་དབང་བསྐུར་པས། །གནས་གསུམ་ཨོཾ་དཀར་ཨཱཿདམར་པོ། །ཧཱུྃ་མཐིང་གསུམ་གྱི་རྒྱས་བཏབ་ཅིང་། །འོད་དང་མེ་དཔུང་འཁྲུགས་ཤིང་འབར། །བར་ཆད་བགེགས་ཀྱིས་མི་ཚུགས་གྱུར། །ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། བཛྲ་རཀྵ་རཀྵ། སྦྱིན་བདག་རྣམས་ཀྱི་དུས་གསུམ་བསགས་པ་དང་། །འདི་ལྟར་བགྱིས་པའི་བསོད་ནམས་གང་ཡོད་དེས། །ཚེ་འདིར་ཚེ་རིང་ནད་མེད་ཚོགས་གཉིས་འཕེལ། །ཕྱི་མ་བདེ་ཆེན་ཞིང་དུ་སྐྱེ་གྱུར་ཅིག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལས་ངེས་པར་འབྱུང་གྱུར་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད་བདག་དང་སྦྱིན་བདག་སེམས་ཉིད་དང་། །རྒྱལ་བའི་ཐུགས་རྣམས་དབྱེར་མེད་ངོ་བོ་གཅིག །ལྟ་བ་འཁོར་འདས་དབྱེར་མེད་ངང་ལ་བཞག །གོང་གི་དམིགས་པའི་རིམ་པ་དེ་རྣམས་ཀྱང་། །རྫོགས་ཆེན་ལྟ་བའི་ངང་ལ་ཐུབ་ན་རབ། །མ་ཐུབ་དང་པོ་དམིགས་རིམ་གསལ་བསྒོམ་ཞིང་། །རྗེས་ནས་དམིགས་མེད་ལྟ་བའི་ངང་ལ་བཞག །ལར་ནི་འདི་ལ་འཁོར་འདས་དབྱེར་མེད་ཀྱི། །ལྟ་བ་རྟོགས་པ་ཤིན་ཏུ་གལ་ཆེ་འོ། །དེ་རྣམས་གནམ་ཆོས་ཞི་ཁྲོའི་ཁ་སྐོང་དུ། །རྒྱུད་གཞུང་མན་ངག་མང་པོའི་དོན་བསྡུས་ཏེ། །སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་བཀས་བསྐུལ་ནས། །རྡོ་རྗེ་འཛིན་པ་རཱ་ག་ཨ་སྱས་སྦྱར། །ཉེས་འགལ་མཆིས་ན་ཞི་ཁྲོའི་ལྷ་ལ་བཤགས། །དགེ་བས་འགྲོ་ཀུན་སྒྲིབ་གཉིས་ཀུན་བསྲེགས་ནས། །ནམ་ཞིག་འཕོས་ཚེ་བདེ་ཆེན་ཞིང་ཁམས་སུ། །རྫུས་ཏེ་སྐྱེས་ནས་ས་བཅུ་འཐོབ་པར་ཤོག །མངྒ་ལཾ། །གཅིག་གམ་མང་པོའང་རུང་སྟེ་དམིགས་པ་སོ་སོར་ཟིན་པ་གལ་ཆེ།། །།
ཐུགས་སྒྲུབ་ཧཱུྃ་སྒྲུབ་ཀྱི་མདུན་བསྐྱེད་ (Volume 12, Text 7)
༄༅༔ ཐུགས་སྒྲུབ་ཧཱུྃ་སྒྲུབ་ཀྱི་མདུན་བསྐྱེད་བཞུགས་སོ༔ ཐུགས་དམ་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ གསང་སྔགས་སྒྲུབ་ཆེན་འདུས་པའི་བཅུད༔ ཐུགས་སྒྲུབ་ཧཱུྃ་གི་སྒྲུབ་ཐབས་ཀྱི༔ དཀྱིལ་འཁོར་རྒྱས་པ་བཤད་པར་བྱ༔ ཕྱི་ནང་སྔོན་འགྲོ་ཏིང་འཛིན་གསུམ༔ ལས་བྱང་ལྟ་བུར་བསྐྱེད་པའི་ཕྱིར༔ གཅེས་འཛིན་སེམས་ནི་སྟོང་པར་བསྒོམ༔ སྤྲོས་བྲལ་དེ་ཡི་ངང་ཉིད་ལས༔ སྐྱེ་མེད་མཁའ་ལ་ཡི་གེ་ཧཱུྃ༔ མཐིང་གི་མདོག་ལས་འོད་འཕྲོས་པས༔ ཨེ་ལས་ནམ་མཁའ་ཆོས་འབྱུང་མཐིང༔ གྲུ་གསུམ་ཁ་ཁྱེར་མཐའ་ལས་འདས༔ ཡཾ་ལས་རླུང་གི་དཀྱིལ་འཁོར་ནི༔ ལྗང་གུ་ཟླ་གམ་བ་དན་མཚན༔ རཾ་ལས་མེ་ཡི་དཀྱིལ་འཁོར་ནི༔ གྲུ་གསུམ་མེ་ཡི་ཚྭ་ཚྭ་འཕྲོ༔ བཾ་ལས་ཆུ་ཡི་དཀྱིལ་འཁོར་ནི༔ དཀར་ཟླུམ་བུམ་པ་བརྒྱད་ཀྱིས་མཚན༔ ལཾ་སེར་ས་ཡི་དཀྱིལ་འཁོར་ནི༔ གྲུ་བཞི་རྡོ་རྗེ་བརྒྱད་ཀྱིས་མཚན༔ སུཾ་ལས་རིན་ཆེན་རི་རབ་ནི༔ གྲུ་བཞི་ཤར་དཀར་ལྷོ་ཕྱོགས་སྔོ༔ ནུབ་དམར་བྱང་ཕྱོགས་སེར་པོ་འོ༔ དེ་སྟེང་རཾ་ལས་ཡེ་ཤེས་མེ༔ ཤར་ཕྱོགས་དཀར་ལ་ལྷོ་ཕྱོགས་སེར༔ ནུབ་ཕྱོགས་དམར་ལ་བྱང་ཕྱོགས་ལྗང༔ རབ་ཏུ་ཚ་ཞིང་འབར་བ་འཕྲོ༔ རྒྱ་ཚད་བློ་འདས་ཀུན་ཏུ་འཁྱིལ༔ དེ་དབུས་མཐིང་ནག་ཧཱུྃ་གྱུར་པས༔ རྡོ་རྗེ་རྒྱ་གྲམ་ར་གུར་བསམ༔ དེ་སྟེང་བྷྲཱུྃ་ལས་གཞལ་ཡས་ཁང༔ གྲུ་བཞི་སྒོ་བཞི་གནས་པ་སྟེ༔ གཏི་མུག་དག་པ་ཤར་ཕྱོགས་དཀར༔ ང་རྒྱལ་དག་པ་ལྷོ་ཕྱོགས་སེར༔ འདོད་ཆགས་དག་པ་ནུབ་ཕྱོགས་དམར༔ ཕྲག་དོག་དག་པ་བྱང་ཕྱོགས་ལྗང༔ འོད་ལྡན་རྭ་ཡི་ཕྱོགས་བཞིའི་སྟེང༔ ཟུར་བཞི་རྭ་ཡི་མཚམས་ན་གནས༔ ཞེ་སྡང་དག་པའི་དཀྱིལ་འཁོར་དབུས༔ མཐིང་ནག་གྲུ་གསུམ་འོད་ཟེར་ཅན༔ སྣ་ཚོགས་པདྨ་འདབ་བརྒྱད་ནི༔ ཕྱོགས་མདོག་ཕྱོགས་ལོགས་མཛེས་པ་བརྒྱད༔ ས་གཞིའི་མདོག་འདྲ་ཡོད་པ་ལ༔ གོང་རས་མུ་ཁྱུད་ཅི་མཛེས་བརྒྱན༔ ཉོན་མོངས་ལྔ་པོ་གནས་དག་པས༔ ཡེ་ཤེས་རྩིག་པ་ལྔ་སྦྲགས་ནི༔ མཐིང་དཀར་སེར་དམར་ལྗང་གུ་ལྔ༔ ཕན་ཚུན་རེག་ལ་མ་འབྱར་བར༔ ནང་ནས་རིམ་པར་གནས་པ་འོ༔ དབུས་ནི་གཙོ་བོའི་འདོམ་གང་གིས༔ ཅུང་ཟད་མཐོ་སྟེ་བཀྲག་མདངས་ལྡན༔ པདྨའི་གྲིབ་མས་ས་གཞི་ཕོག༔ ཁོར་ཡུག་ནག་པོའི་མུ་ཁྱུད་བསྐོར༔ འཁོར་ལོ་གཙོ་བོའི་ཁྲུ་གང་སྟེ༔ དེ་ཕྱིར་ཡོན་ཏན་བར་ཁྱམས་སེར༔ དེ་མཐའ་དབང་དྲག་ལྷ་སྣམ་དམར༔ དེ་དང་ཕྱི་ལོགས་ཁྱམས་བཞི་ནི༔ འོད་འབར་མཐོ་དམའ་མེད་པར་གསལ༔ གྲུ་ཆད་ཕྱོགས་བཞི་མཚམས་བཞི་ན༔ མ་རིག་དག་པའི་ཆུ་ཤེལ་ལས༔ གྲུབ་པའི་འཁོར་ལོའི་ཀ་སྟན་བཞི༔ རྡོ་རྗེ་རིན་པོ་ཆེ་དང་ནི༔ པདྨ་དང་ནི་རལ་གྲི་འབར༔ གསེར་ལས་གྲུབ་པའི་ཀ་བ་བཞི༔ ཀ་ཞུ་རིན་ཆེན་སྣ་ཚོགས་ལས༔ གྲུབ་པའི་རྡོ་རྗེ་རྒྱ་གྲམ་གྱི༔ སྟེང་ན་ཟླ་བའི་དཀྱིལ་འཁོར་གནས༔ ཕྱོགས་བཞི་སྒོ་ཡི་གཡས་དང་གཡོན༔ ཆུ་དབང་གཙོ་བོའི་འདོམ་གང་གི༔ གྲུ་བཞི་ཡ་ཡོ་མེད་པ་ལ༔ མེ་ཤེལ་པདྨའི་ཀ་གདན་རེ༔ ཉི་མའི་དཀྱིལ་འཁོར་དང་བཅས་གནས༔ དེ་སྟེང་གསེར་གྱི་ཀ་བ་རེ༔ སྣ་ཚོགས་རྡོ་རྗེ་ཀ་ཞུ་ལ༔ རི་བོང་དཀྱིལ་འཁོར་ལྡན་པའི་སྟེང༔ གཡུ་ཡི་རྡོ་རྗེ་གདུང་མ་ལ༔ དབུས་ན་རེ་མིག་བསྣོལ་བ་ཡིས༔ སྒོ་ཕྱི་ཀ་བའི་གདོང་དུ་སླེབ༔ སྒོ་བཞི་ཀ་བའི་གདོང་བཞི་ལངས༔ གོང་བཞིན་གདུང་རེ་སྟེང་ནས་བཏང༔ མེ་ཤེལ་པདྨའི་གདུང་གཡོག་གི༔ གཙོ་བོའི་སོར་བཞི་ལྷག་པར་བཀབ༔ དེ་སྟེང་གསེར་གྱི་གྲལ་མས་བཀབ༔ དེ་སྟེང་ཆུ་སྐྱེས་ལེགས་པར་གཡོགས༔ སྟེང་ནས་ཕ་གུ་སེར་པོ་ཡི༔ ཁྲུ་རེ་ལྷག་པར་ཀུན་ཏུ་བསྐོར༔ མུ་མེན་དང་ནི་བྱི་རུ་ཡི༔ སེང་གེ་ཁ་ཕྱིར་བལྟས་པ་དང༔ ཆུ་སྲིན་ཤར་ར་སྤེལ་བ་ཡི༔ ཁ་ན་མུ་ཏིག་མན་ཤེལ་དང༔ དྲིལ་བུ་མེ་ལོང་ཟ་ར་ཚག༔ རིན་ཆེན་འཕན་དང་རྔ་ཡབ་དང༔ དར་དཔྱང་མང་པོས་ལེགས་པར་སྤྲས༔ གཞལ་ཡས་དེ་ཡི་རྩིག་པའི་ཕྱིར༔ འདོད་ཡོན་སྣམ་བུ་དམར་པོ་ལ༔ པདྨ་ཨུཏྤལ་ཀུ་མུ་ཏ༔ མནྡཱ་ར་བ་ཆེ་ཆུང་དང༔ མཉྫུ་ཤ་ཀ་སྤུནྟ་རི༔ སྣ་ཚོགས་རྡོ་རྗེའི་སྟེང་དུ་ནི༔ གཟུགས་སྒྲ་དྲི་རོ་རེག་ལྷ་མོ༔ རིག་མ་བཅུ་དྲུག་ལ་སོགས་པའི༔ མཆོད་པའི་ལྷ་མོ་དཔག་མེད་གནས༔ ཕ་གུ་དྲྭ་ཕྱེད་འཕྱང་པ་ཡི༔ མར་གད་མན་ཤེལ་ཆུ་ཤེལ་དང༔ གསེར་དངུལ་དུང་ཟངས་གཡུ་དང་མཆོང༔ སྣ་ཚོགས་མཛེས་པའི་ཤར་བུ་ལ༔ གསེར་གྱི་མཆོད་རྟེན་པུ་ཤུ་སྤྲས༔ འོད་དང་འོད་ཟེར་ལྡན་པར་གནས༔ དབུས་ཀྱི་གདུང་བཞིའི་རེ་མིག་ལས༔ ཟླ་བ་རྒྱས་པས་ཁྱབ་པར་གནས༔ མན་ཤེལ་པདྨ་རཱ་ག་ཡི༔ བྱང་ཆུབ་ཆེན་པོའི་མཆོད་རྟེན་ལ༔ གསེར་གྱི་འཁོར་ལོའི་སྤར་ཁེབས་དང༔ ནོར་བུ་འབར་བའི་ཏོག་གིས་བརྒྱན༔ གདུགས་དང་དར་དཔྱང་དྲིལ་བུར་ལྡན༔ ཤར་ལྷོ་ནུབ་བྱང་ཕྱོགས་བཞིའི་སྟེང༔ ཟླ་བ་གང་བའི་སྟེང་དུ་ནི༔ ཆུ་ཡི་གསེར་དང་ཀེ་ཀེ་རུ༔ བྱི་རུ་མར་གད་ལས་གྲུབ་པའི༔ བྱང་ཆུབ་ཆེན་པོའི་མཆོད་རྟེན་བཞི༔ ཏོག་གི་དབུས་མ་བྲེ་ལ་སླེབ༔ དར་དཔྱང་དྲིལ་བུར་སྤྲས་པ་ཡིས༔ མཆོད་རྟེན་ལྔ་པོའི་ནང་ཉིད་དུ༔ མ་ཆགས་པདྨ་ཉི་ཟླའི་སྟེང༔ འཇའ་འོད་འཁྱིལ་བའི་གདན་དབུས་སུ༔ སངས་རྒྱས་རྣམ་པར་སྣང་མཛད་ལ༔ དཔག་མེད་སྐུ་ཡི་ལྷ་ཡིས་བསྐོར༔ དེ་བཞིན་ཤར་དུ་མི་བསྐྱོད་པ༔ ལྷོ་རུ་རིན་ཆེན་འབྱུང་ལྡན་དང༔ ནུབ་ཏུ་སྣང་བ་མཐའ་ཡས་ཏེ༔ བྱང་དུ་དོན་ཡོད་གྲུབ་པ་བཞུགས༔ མཆོད་རྟེན་ལྔ་པོའི་བྲེ་སྟེང་དུ༔ བྱང་ཆུབ་སེམས་དཔའ་དུད་འགྲོའི་གཟུགས༔ རུ་རུ་དཀར་ལ་སུ་རུ་སེར༔ སྙིང་རྗེའི་དར་གྱིས་མགུལ་བཅིངས་ནས༔ ཕན་ཚུན་བྱམས་དང་བརྩེ་བ་ཡིས༔ དབུས་ཀྱི་རྩེ་ལ་བལྟས་ཏེ་གནས༔ གཞལ་ཡས་དེ་ཡི་ཟུར་མཚམས་ཀུན༔ རིན་པོ་ཆེ་ཡི་བུམ་པ་བརྒྱད༔ བཀྲ་ཤིས་རྫས་བརྒྱད་རབ་ཏུ་བཀང༔ རྟགས་བརྒྱད་ཀྱིས་ནི་ཁ་བརྒྱན་ཅིང༔ དར་གྱིས་ལེགས་དཀྲིས་རྒྱན་དུ་གནས༔ མི་ནུབ་རྒྱལ་མཚན་བཞི་ཡང་བཙུགས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ མཆོད་པའི་ཌཱ་ཀི་གྲངས་མེད་ནི༔ གཞལ་ཡས་སྟེང་དུ་ཁྱབ་པར་གནས༔ ཡེ་ཤེས་ཟང་ཐལ་སྒོ་བཞི་ནི༔ སྐྱེས་བུ་ཡ་ཐེམ་མ་ཐེམ་ཀུན༔ སྣ་ཚོགས་རྡོ་རྗེ་རིན་པོ་ཆེ༔ འཇའ་འོད་འབར་བས་བརྒྱན་པ་ལ༔ ཟླ་ཕྱེད་རྡོ་རྗེའི་གཡག་ཤིང་ཅན༔ ཕྱི་ནང་མེད་པར་འོད་དུ་གསལ༔ ཚད་མེད་བཞི་ལྡན་སྒོ་བཞིའི་ཕྱིར༔ རིན་ཆེན་གསེར་དང་གཡུ་དང་ཤེལ༔ མུ་མེན་ཁྲི་འཕངས་མཐོ་དམན་ཅན༔ སྣ་ཚོགས་པདྨས་སྤྲས་པ་བཞི༔ ནང་མ་བཞི་སྟེ་བརྒྱད་དུ་གནས༔ གཞལ་ཡས་ཁང་གི་མཆོད་རྟེན་གྱི༔ ཏོག་གི་གྲིབ་མས་སླེབ་པའི་སར༔ སྣ་ཚོགས་ཆུ་སྐྱེས་ར་བར་གནས༔ ཆུ་སྐྱེས་པདྨའི་གེ་སར་ལས༔ མཆོད་པའི་ལྷ་མོ་གྲངས་མེད་པས༔ མཆོད་རྫས་ཐོགས་ཏེ་མཆོད་པར་བསམ༔ གཞལ་ཡས་ཕྱི་རིམ་ཕྱོགས་མཚམས་ན༔ རབ་འཇིགས་དུར་ཁྲོད་ཆེན་པོ་བརྒྱད༔ གཏུམ་དྲག་དུར་ཁྲོད་ཤར་དུ་སྟེ༔ འུར་འུར་འབར་བ་ལྷོ་རུ་འོ༔ འཇིགས་བྱེད་ཐོད་པ་ནུབ་ཏུ་སྟེ༔ ཚང་ཚིང་འཁྲིགས་པ་བྱང་དུ་འོ༔ བསིལ་བ་ཚལ་ནི་ཤར་ལྷོ་སྟེ༔ མུན་པ་མི་ཟད་ལྷོ་ནུབ་ཏུ༔ ཅ་ཅོ་སྒྲོག་པ་ནུབ་བྱང་སྟེ༔ ཧ་ཧ་སྒྲོག་པ་བྱང་ཤར་གནས༔ དུར་ཁྲོད་དབུས་ན་མཆོད་རྟེན་ནི༔ ལྷ་ལས་བབས་པ་ཤར་དུ་སྟེ༔ འོད་ཟེར་སྐྱེ་བ་ཤར་ལྷོ་རུ༔ འཁོར་ལོ་བརྩེགས་པ་ལྷོ་ཕྱོགས་ཏེ༔ རིན་ཆེན་བརྩེགས་པ་ལྷོ་ནུབ་ཏུ༔ པདྨ་བརྩེགས་པ་ནུབ་ཕྱོགས་ཏེ༔ མྱ་ངན་མེད་པ་ནུབ་བྱང་དུ༔ སྒོ་མང་མཆོད་རྟེན་བྱང་དུ་སྟེ༔ མཆོད་རྟེན་སྟོང་ལྡན་བྱང་ཤར་གནས༔ ཤིང་བརྒྱད་ཤར་ནས་རིམ་པ་བཞིན༔ ཤིར་ཤ་ཨ་ཤྭ་བ་ཏ་དང༔ ཀ་ཀོ་ལ་དང་ཀ་རན་ཙ༔ ས་ལ་བ་དང་བ་ཏི་འོ༔ བྷ་ཏ་ཀ་ཤི་ཙུ་ཏའི་ཤིང༔ ཤིང་ལ་བརྟེན་པའི་ཞིང་སྐྱོང་ནི༔ ཤར་དུ་གླང་གཤོག་གླང་པོའི་གདོང༔ ཤར་ལྷོ་ཀུན་སྲེག་ར་ཡི་གདོང༔ ལྷོ་རུ་གསོད་བྱེད་མ་ཧེའི་གདོང༔ ལྷོ་ནུབ་ཟ་བྱེད་སྲིན་པོའི་གདོང༔ ནུབ་ཏུ་དག་བྱེད་ཆུ་སྲིན་གདོང༔ ནུབ་བྱང་སྐྱོང་བྱེད་ཤ་བའི་གདོང༔ བྱང་དུ་ནོར་འཛིན་རྟ་ཡི་གདོང༔ བྱང་ཤར་གནོད་སྦྱིན་ཁྱུ་མཆོག་གདོང༔ ཀུན་ཀྱང་རྒྱལ་པོ་ཤར་རིམ་བཞིན༔ བརྒྱ་བྱིན་དཀར་པོ་གླང་ཆེན་ཆིབས༔ རྡོ་རྗེ་དྲིལ་བུ་གཡས་དང་གཡོན༔ མེ་ལྷ་དམར་པོ་ར་ལ་ཞོན༔ མེ་ཐབ་སྤྱི་བླུགས་ཕྱག་ན་བསྣམས༔ གཤིན་རྗེ་མཐིང་ནག་མ་ཧེ་ཞོན༔ དབྱུག་པ་ཐོད་པ་ཁྲག་བཀང་བསྣམས༔ སྲིན་པོ་སྨུག་ནག་རོ་ལངས་ཞོན༔ བ་དན་གཡས་ལ་ཞགས་པ་གཡོན༔ ཆུ་ལྷ་དཀར་པོ་ཆུ་སྲིན་ཞོན༔ སྦྲུལ་ཞགས་གཡས་ལ་པདྨ་གཡོན༔ རླུང་ལྷ་དུད་ཁ་ཤ་བ་ཞོན༔ བ་དན་གཡས་ལ་ཞགས་པ་གཡོན༔ གནོད་སྦྱིན་སེར་པོ་རྟ་ལ་ཞོན༔ རྒྱལ་མཚན་གཡས་ལ་ནེའུ་ལེ་གཡོན༔ འབྱུང་པོ་སྔོ་སྐྱ་ཁྱུང་ལ་ཞོན༔ མདུང་ཐུང་གཡས་ལ་ཐོད་ཁྲག་གཡོན༔ ཐམས་ཅད་རིན་ཆེན་རུས་པས་བརྒྱན༔ རང་རང་ཆུང་མ་བུ་དང་ནི༔ ཕྱོགས་ཕྱོགས་གདོན་དང་བཅས་ཏེ་གནས༔ ཆུ་བརྒྱད་ཤར་ནས་འདི་ལྟ་སྟེ༔ དད་པ་དང་ལྡན་འབབ་པ་དང༔ ནོར་བུ་རྒྱ་མཚོ་རབ་ཏུ་བསིལ༔ འོ་མ་ལྡན་པ་མ་དྲོས་པ༔ གང་གཱ་དང་ནི་བརྒྱད་ཡིན་ནོ༔ ཆུ་ལ་གནས་པའི་ཀླུ་བརྒྱད་ནི༔ ཤར་ནས་ཆུ་བཞིན་རིམ་པ་ལྟར༔ དགའ་བོ་ཉེར་དགའ་པདྨ་དཀར༔ རིགས་ལྡན་མཐའ་ཡས་རིགས་ལྡན་བུ༔ འཇོག་པོ་དང་ནི་དུང་སྐྱོང་རྣམས༔ སྦྲུལ་མགོ་དགུ་དགུའི་གདེངས་ཀ་ཅན༔ སྨད་ནི་སྦྲུལ་དུ་འཁྱིལ་བ་ལ༔ རིན་ཆེན་འབར་བས་སྐུ་ལ་བརྒྱན༔ ཕྱོགས་སྐྱོང་མདོག་མཐུན་སྦྲུལ་ཞགས་གཡས༔ གཡོན་པ་ཀུན་ན་ནོར་བུ་བསྣམས༔ གཙུག་ན་ནོར་བུ་ལྡན་པ་འོ༔ ཆུ་རླངས་མཁའ་ལ་སྤྲིན་བརྒྱད་ནི༔ ཤར་དུ་སྒྲ་སྒྲོག་སྔོན་པོ་སྟེ༔ ཤར་ལྷོར་ཁྲིགས་པ་མེ་ཡི་མདོག༔ ལྷོ་རུ་སྒྲ་ལྡན་སེར་པོ་སྟེ༔ ལྷོ་ནུབ་ཆར་འབེབ་ལྗང་གུ་འོ༔ ནུབ་ཏུ་དྲག་པོ་དཀར་པོ་ལ༔ ནུབ་བྱང་སྨུག་པ་དམར་ལྗང་ངོ་༔ བྱང་དུ་གང་བ་གསེར་གྱི་མདོག༔ བྱང་ཤར་གཏུམ་དྲག་སྣ་ཚོགས་མདོག༔ ཐམས་ཅད་སྲེག་བྱེད་འབར་བ་དང༔ རྣོ་མྱུར་རབ་ཏུ་འཕྲོ་བ་དང༔ འོད་ལྡན་དུས་མཐའི་མེ་ཉིད་དོ༔ གྲུབ་ཐོབ་རྣལ་འབྱོར་ཆེན་པོ་བརྒྱད༔ ཕྱོགས་མཚམས་ཀུན་ཏུ་བཞུགས་པ་ནི༔ ཤར་དུ་ཨིནྡྲ་བོ་དྷི་དང༔ ལྷོ་རུ་གུ་ཧྱ་ཙནྡྲ་འོ༔ ནུབ་ཏུ་ཀླུ་སྒྲུབ་སྙིང་པོ་ལ༔ བྱང་དུ་རྡོ་རྗེ་དྲག་པོ་རྩལ༔ ཤར་ལྷོར་རྡོ་རྗེ་ཧཱུྃ་ཀཱ་ར༔ ལྷོ་ནུབ་པདྨ་བཛྲ་སྟེ༔ ནུབ་བྱང་འཇམ་དཔལ་གཤིན་རྗེ་དཔལ༔ བྱང་ཤར་རཀྵ་ཀ་མ་ལ༔ རྣལ་འབྱོར་གྲུབ་ཐོབ་བརྒྱད་རྣམས་ཀྱང༔ སྐུ་མདོག་མ་ངེས་མདངས་དང་ལྡན༔ རྒྱན་དང་ཆ་ལུགས་སྣ་ཚོགས་ལ༔ འདུག་སྟངས་མ་ངེས་སྣ་ཚོགས་བཞུགས༔ བྱིན་གྱིས་བརླབས་པའི་མཁའ་འགྲོ་ནི༔ ངང་ངམ་ཤུགས་ལས་བྱུང་བ་ཡི༔ མཁའ་འགྲོ་དཔག་མེད་སྤྲིན་ལྟར་གཏིབས༔ ཕྱི་ནང་ཕྱོགས་སྐྱོང་ཞིང་སྐྱོང་དང༔ གཏོར་ལེན་ལས་བྱེད་བསམ་མི་ཁྱབ༔ ཕྱོགས་མཚམས་རོ་ནི་བསམ་ལས་འདས༔ གསར་རྙིང་ཕྱེད་དང་ཚལ་པ་དང༔ པགས་ཁྲག་སྐྲ་དང་ཀེང་རུས་དང༔ ཀླད་ཚིལ་རོ་ནི་བསམ་ལས་འདས༔ སྟག་གཟིག་དོམ་དྲེད་ཝ་སྤྱང་དང༔ ཤ་ཟ་སྲིན་པོ་ཏེ་ལོ་པ༔ ལྕེ་སྤྱང་ཁྱི་ལ་སོགས་པ་དང༔ དུར་བྱ་བཞད་རྒོད་བྱ་རོག་འུག༔ ཆུ་སྲིན་ཉ་སྲམ་ལ་སོགས་པ༔ ཤ་ཟ་བསམ་ལས་འདས་པ་གནས༔ ཐོད་པའི་མཁར་དང་ཀེང་རུས་དགོད༔ རྣམ་རྟོག་སྨྱོན་པའི་མི་མ་ཡིན༔ དཔག་མེད་གྲངས་ལས་འདས་པ་སྟེ༔ ཀུན་ཀྱང་གཏུམ་པོ་སྡང་སེམས་ལྡན༔ གསལ་བར་ཚོགས་དང་རྟེན་ཅིང་འབྲེལ༔ དག་པར་ཡུལ་དུ་སྣང་སར་གནས༔ གཞལ་ཡས་ཁང་ནས་པདྨའི་དབུས༔ ཨཱ་ལིར་གྱུར་པ་ཟླ་བའི་དཀྱིལ་འཁོར༔ ཀཱ་ལིར་གྱུར་པ་ཉི་མའི་དཀྱིལ་འཁོར༔ ཨཱ་དཀར་ཧཱུྃ་སྔོན་ཞུ་བ་ལས༔ རྡོ་རྗེ་སྔོན་པོ་རྩེ་ལྔ་པའི༔ ལྟེ་བར་ཉི་དཀྱིལ་ཧཱུྃ་ཡིག་བསམ༔ འོད་ཟེར་ཕྱོགས་བཅུའི་ཞིང་ཁམས་སུ༔ སངས་རྒྱས་རྣམས་ཀྱི་ཐུགས་དམ་དང༔ བདག་དང་དབྱེར་མེད་འགྲོ་ལ་ཕོག༔ སེམས་ཅན་སངས་རྒྱས་ས་ལ་བཀོད༔ སེམས་ཅན་རྣམས་ནི་ས་དེར་བཞག༔ སངས་རྒྱས་རྣམས་ཀྱི་ཐུགས་རྗེ་འོད༔ ཚུར་འདུས་དབྱེར་མེད་ཧཱུྃ་ལ་ཐིམ༔ རྡོ་རྗེ་སྔོན་པོ་ཞུ་བ་ལས༔ རང་རིག་རྡོ་རྗེ་གཞོན་ནུའི་སྐུ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རྡོ་རྗེ་རྩེ་དགུ་རྩེ་ལྔ་གཡས༔ མེ་དཔུང་ཁ་ཊྭཱཾ་འབར་བ་གཡོན༔ ཐ་གཉིས་ཕུར་བུ་འདྲིལ་ཞིང་འདེབས༔ འཁོར་ལོ་རྒྱས་འདེབས་ཡབ་ལ་སྦྱོར༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་མ༔ གཡས་འཁྱུད་གཡོན་པ་དུང་ཁྲག་སྟོབ༔ ཡབ་ཡུམ་གཉིས་སུ་མེད་པ་ཡི༔ སྐུ་ལ་དུར་ཁྲོད་ཆས་བརྒྱད་རྫོགས༔ དེ་ཡི་སྤྱི་གཙུག་པད་སྟེང་དུ༔ ཉི་ཟླ་རུ་དྲ་བརྫིས་པའི་སྟེང༔ བདག་ཉིད་རྡོ་རྗེ་དྲག་པོ་རྩལ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གནམ་ལྕགས་རྡོ་རྗེ་རྩེ་དགུ་གཡས༔ གཡོན་པ་གསེར་གྱི་དྲིལ་བུ་བརྟེན༔ དུར་ཁྲོད་ཆས་བརྒྱད་ལེགས་པར་སྤྲས༔ ཟ་འོག་བེར་སྨུག་སྐུ་ལ་གསོལ༔ རིགས་ལྔའི་སངས་རྒྱས་དབུ་ལ་བརྒྱན༔ ཞབས་གཉིས་དོར་སྟབས་འགྱིང་བག་བཞུགས༔ ཕག་མོ་ནག་མོ་ཡུམ་དང་སྦྱོར༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་མ༔ གྲི་གུག་གཡས་ལ་ཐོད་ཁྲག་གཡོན༔ ཁྲོ་མོའི་ཞལ་ལ་མཛེས་པའི་སྐུ༔ སྤྱི་གཙུག་ཕག་ཞལ་ངུར་སྒྲ་སྒྲོག༔ སྐུ་ལ་རིན་ཆེན་རུས་པས་བརྒྱན༔ ཡབ་ཡུམ་ཐབས་ཤེས་གཉིས་མེད་སྦྱོར༔ རྡོ་རྗེ་ཆེན་པོར་གནས་འགྱུར་ཏེ༔ ཧཱུྃ་གི་སྒྲ་སྒྲོག་དི་རི་རི༔ དེ་ཡི་སྐུ་ལྔའི་དཀྱིལ་འཁོར་ནི༔ རིག་འཛིན་སྐུ་ཡི་སྣང་བ་ལས༔ སྤྱི་གཙུག་སྐུ་ཡི་འཁོར་ལོ་རུ༔ རྩ་འདབ་དཀར་པོ་འདབ་བརྒྱད་དབུས༔ པདྨ་ཉི་མའི་གདན་སྟེང་དུ༔ རྗེ་བཙུན་རྡོ་རྗེ་ཐོད་ཕྲེང་རྩལ༔ དཀར་པོ་ཞལ་གཅིག་ཕྱག་གཉིས་པ༔ འཁོར་ལོ་གཡས་ལ་དྲིལ་བུ་གཡོན༔ མདུན་ན་སྐུ་ཡི་ཕག་མོ་ནི༔ དཀར་མོ་འཛུམ་པའི་མདངས་དང་ལྡན༔ གཡས་པ་གྲི་གུག་ཐོད་ཁྲག་གཡོན༔ ཡབ་ནི་གཡས་བརྐྱང་གཡོན་པ་བསྐུམ༔ ཡུམ་ནི་གཡས་འཁྱུད་གཡོན་པ་བརྐྱང༔ ཡབ་ཡུམ་གཉིས་ཀ་རུས་པ་དང༔ རིན་པོ་ཆེ་དང་དར་གྱིས་བརྒྱན༔ བདེ་སྟོང་གར་ཉམས་ལྡན་པར་བཞུགས༔ རྩ་འདབ་པད་ཉིའི་གདན་སྟེང་དུ༔ བུདྡྷ་སྐུ་ཡི་མཁའ་འགྲོ་བརྒྱད༔ དཀར་མོ་ཞལ་གཅིག་ཕྱག་གཉིས་མ༔ གྲི་གུག་གཡས་ལ་ཐོད་ཁྲག་གཡོན༔ གར་སྟབས་རིན་ཆེན་རུས་པས་བརྒྱན༔ ཁ་ཊྭཱཾ་སྐུར་བརྟེན་ཐོད་སྐམ་བརྒྱན༔ བརྒྱད་ཀའང་མདུན་གྱི་གཙོ་ལ་བལྟ༔ འཛུམ་པའི་མདངས་དང་ལྡན་པར་བསྒོམ༔ རིག་འཛིན་གསུང་གི་སྣང་བ་ལས༔ མགྲིན་པ་ལོངས་སྤྱོད་འཁོར་ལོ་རུ༔ རྩ་འདབ་དམར་པོ་འདབ་བརྒྱད་དབུས༔ པདྨ་དམར་པོ་འདབ་བརྒྱད་དབུས༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ པདྨ་གཡས་ལ་དྲིལ་བུ་གཡོན༔ མདུན་དུ་གསུང་གི་ཕག་མོ་ནི༔ དམར་མོ་འཛུམ་པའི་མདངས་དང་ལྡན༔ གཡས་པ་གྲི་གུག་གཡོན་ཐོད་ཁྲག༔ ཡབ་ཡུམ་རྒྱན་རྫོགས་གོང་བཞིན་ནོ༔ རྩ་འདབ་པད་ཉིའི་རོ་སྟེང་དུ༔ པདྨ་གསུང་གི་ཌཱ་ཀི་བརྒྱད༔ དམར་མོ་ཞལ་གཅིག་ཕྱག་གཉིས་མ༔ རྒྱན་དང་འདུག་སྟངས་གོང་དང་འདྲ༔ རིག་འཛིན་ཐུགས་ཀྱི་སྣང་བ་ལས༔ སྙིང་ག་ཆོས་ཀྱི་འཁོར་ལོ་རུ༔ རྩ་འདབ་སྔོན་པོ་འདབ་བརྒྱད་དབུས༔ པདྨ་ཉི་མའི་གདན་སྟེང་དུ༔ རྗེ་བཙུན་རྡོ་རྗེ་ཐོད་ཕྲེང་རྩལ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་གཡས་ལ་གྲི་གུག་གཡོན༔ མདུན་དུ་ཐུགས་ཀྱི་ཕག་མོ་ནི༔ སྔོན་མོ་འཛུམ་པའི་མདངས་དང་ལྡན༔ གཡས་པ་གྲི་གུག་ཐོད་ཁྲག་གཡོན༔ ཡབ་ཡུམ་རྒྱན་རྫོགས་གོང་དང་འདྲ༔ རྩ་འདབ་པད་ཉི་རོ་སྟེང་དུ༔ རྡོ་རྗེ་ཐུགས་ཀྱི་ཌཱ་ཀི་བརྒྱད༔ སྔོན་མོ་ཞལ་གཅིག་ཕྱག་གཉིས་མ༔ རྒྱན་དང་འདུག་སྟངས་གོང་དང་འདྲ༔ རིག་འཛིན་ཡོན་ཏན་སྣང་བ་ལས༔ ལྟེ་བ་སྤྲུལ་པའི་འཁོར་ལོ་རུ༔ རྩ་འདབ་སེར་པོ་འདབ་བརྒྱད་དབུས༔ པདྨ་ཉི་མའི་གདན་སྟེང་དུ༔ རྗེ་བཙུན་རཏྣ་ཐོད་ཕྲེང་རྩལ༔ སེར་པོ་ཞལ་གཅིག་ཕྱག་གཉིས་པ༔ རིན་ཆེན་གཡས་ལ་དྲིལ་བུ་གཡོན༔ མདུན་དུ་ཡོན་ཏན་ཕག་མོ་ནི༔ སེར་མོ་ཞལ་གཅིག་ཕྱག་གཉིས་མ༔ གཡས་པ་གྲི་གུག་ཐོད་ཁྲག་གཡོན༔ ཡབ་ཡུམ་རྒྱན་རྫོགས་གོང་དང་འདྲ༔ རྩ་འདབ་པད་ཉིའི་རོ་སྟེང་དུ༔ ཡོན་ཏན་རིན་ཆེན་ཌཱ་ཀི་བརྒྱད༔ སེར་མོ་ཞལ་གཅིག་ཕྱག་གཉིས་མ༔ རྒྱན་དང་འདུག་སྟངས་གོང་དང་འདྲ༔ རིག་འཛིན་ཕྲིན་ལས་སྣང་བ་ལས༔ གསང་གནས་བདེ་སྐྱོང་འཁོར་ལོ་རུ༔ རྩ་འདབ་ལྗང་གུ་འདབ་བརྒྱད་དབུས༔ པདྨ་ཉི་མའི་གདན་སྟེང་དུ༔ རྗེ་བཙུན་ཀརྨ་ཐོད་ཕྲེང་རྩལ༔ ལྗང་གུ་ཞལ་གཅིག་ཕྱག་གཉིས་པ༔ རྒྱ་གྲམ་གཡས་ལ་དྲིལ་བུ་གཡོན༔ མདུན་དུ་ཕྲིན་ལས་ཕག་མོ་ནི༔ ལྗང་གུ་འཛུམ་པའི་མདངས་དང་ལྡན༔ གཡས་པ་གྲི་གུག་ཐོད་ཁྲག་གཡོན༔ ཡབ་ཡུམ་རྒྱན་རྫོགས་གོང་དང་འདྲ༔ རྩ་འདབ་པད་ཉིའི་རོ་སྟེང་དུ༔ ཀརྨ་ཕྲིན་ལས་ཌཱ་ཀི་བརྒྱད༔ ལྗང་གུ་ཞལ་གཅིག་ཕྱག་གཉིས་མ༔ རྒྱན་དང་འདུག་སྟངས་གོང་དང་འདྲ༔ ཐམས་ཅད་གར་ཉམས་ལྡན་པར་བསྒོམ༔ དེ་ཕྱིར་པདྨ་འདབ་བརྒྱད་སྟེང༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཤར་དུ་དཔལ་ཆེན་ཧེ་རུ་ཀ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས༔ དྲིལ་བུ་བྷན་དམར་རྒྱུ་ཞགས་གཡོན༔ ཞབས་བཞི་བརྐྱང་བསྐུམ་དོར་སྟབས་བཞུགས༔ བཛྲ་ཀྲོ་དྷཱི་ཤྭ་རི་མཐིང༔ ཡབ་ཡུམ་གཉིས་སུ་མེད་པ་ལ༔ དུར་ཁྲོད་རྒྱན་སྤྲས་ཐོད་ཁྲག་སྟོབ༔ ཤར་ལྷོར་ཆེ་མཆོག་ཧེ་རུ་ཀ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སྨུག་ཞལ༔ གཡས་ཀྱི་ཕྱག་གསུམ་རྡོ་རྗེ་གསོར༔ གཡོན་གྱི་ཕྱག་གསུམ་བྷནྡྷ་འཛིན༔ ཡུམ་ཆེན་གནམ་ཞལ་སྐུ་ལ་འཁྲིལ༔ ཡབ་ཡུམ་གཉིས་སུ་མེད་པ་ལ༔ དུར་ཁྲོད་རྒྱན་སྤྲས་ཐོད་ཁྲག་སྟོབ༔ ལྷོ་རུ་འཇམ་དཔལ་གཤིན་རྗེ་གཤེད༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སྨུག་ཞལ༔ འཁོར་ལོ་རལ་གྲི་དགྲ་སཏྭ་གཡས༔ སྡིགས་མཛུབ་མདུང་ཐུང་བྷན་དམར་གཡོན༔ སྦྱོར་བའི་ཡུམ་ནི་བེ་ཏ་ལཱི༔ ནག་མོ་སྐུ་ལ་དགྱེས་པར་འཁྲིལ༔ སྒྲོལ་བའི་ཡུམ་ནི་རལ་གཅིག་མ༔ གཡས་གཡོན་ཏྲི་ཤཱུལ་བྷནྡྷ་ཐོགས༔ ཐམས་ཅད་དུར་ཁྲོད་རྒྱན་གྱིས་སྤྲས༔ ལྷོ་ནུབ་མངོན་རྫོགས་རྒྱལ་པོའི་སྐུ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སྨུག་ཞལ༔ རྡོ་རྗེ་ཁྱུང་ཁྲ་སྦྲུལ་ཞགས་གཡས༔ བྷན་དམར་ཞིང་དབྱུག་དུང་ཆེན་གཡོན༔ ཉིད་བཞི་ཡུམ་ཆེན་སྐུ་ལ་འཁྲིལ༔ ཡབ་ཡུམ་གཉིས་སུ་མེད་པ་ལ༔ དུར་ཁྲོད་རྒྱན་སྤྲས་ཐོད་ཁྲག་སྟོབ༔ ནུབ་ཏུ་པདྨ་དབང་ཆེན་རྒྱལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་སྔོ་དབུས་དམར་ཞལ༔ རྡོ་རྗེ་ཁ་ཊྭཱཾ་སྦྲུལ་ཞགས་གཡས༔ དྲིལ་ཆེན་བྷན་དམར་ལྕགས་སྒྲོག་གཡོན༔ པདྨ་གཟི་ལྡན་སྐུ་ལ་འཁྲིལ༔ ཡབ་ཡུམ་གཉིས་སུ་མེད་པ་ལ༔ དུར་ཁྲོད་རྒྱན་སྤྲས་ཐོད་ཁྲག་སྟོབ༔ ནུབ་བྱང་མགོན་པོ་ཚེ་དཔག་མེད༔ དམར་གསལ་མཉམ་གཞག་བུམ་པ་འཛིན༔ སྤྲུལ་སྐུའི་ཆ་ལུགས་ཆོས་གོས་གསོལ༔ གཟི་བརྗིད་དཔག་མེད་ལྡན་པར་བཞུག༔ བྱང་དུ་རྡོ་རྗེ་གཞོན་ནུའི་སྐུ༔ སྐུ་སྟོད་ཞལ་གསུམ་ཕྱག་དྲུག་པ༔ གཡས་པ་རྩེ་དགུ་རྩེ་ལྔ་སྟེ༔ གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་བསྣམས༔ ཐ་གཉིས་རི་རབ་ཕུར་པ་བསྒྲིལ༔ སྐུ་སྨད་ཟུར་གསུམ་ཕུར་པའི་དབལ༔ བརྗིད་གསལ་ཚ་ངར་ལྡན་པར་བཞུགས༔ བྱང་ཤར་ཕྱག་ན་རྡོ་རྗེ་ནི༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སྨུག་ཞལ༔ རྡོ་རྗེ་ཐོད་ཁྲག་དང་པོ་བསྣམས༔ བར་པ་ལྷ་གསུམ་ཀླུ་གསུམ་མགོ༔ ཐ་མ་ལྷ་ལྔ་ཀླུ་ལྔའི་མགོ༔ སྲིད་པ་སྤྱི་འདུལ་ཡུམ་ཆེན་འཁྲིལ༔ ཡབ་ཡུམ་གཉིས་སུ་མེད་པ་ལས༔ དུར་ཁྲོད་རྒྱན་སྤྲས་ཐོད་ཁྲག་སྟོབ༔ ཐམས་ཅད་དྲེགས་པ་བརྫིས་པའི་གདན༔ རྔམ་བརྗིད་རོལ་པའི་སྟབས་སུ་བཞུགས༔ གྲུ་ཆད་ཟུར་བཞིར་པད་ཟླའི་སྟེང༔ ཤར་ལྷོ་ལཱ་སྱེ་པུཥྤེ་དཀར༔ ལྷོ་ནུབ་མཱ་ལྱེ་དྷཱུ་པེ་སེར༔ ནུབ་བྱང་གཱིརྟི་དཱི་པཾ་དམར༔ བྱང་ཤར་ནཱིརྟི་གནྡྷེ་ལྗང༔ ཐམས་ཅད་རྒྱན་དང་ཆ་ལུགས་རྫོགས༔ སྒེག་ཅིང་གར་ཉམས་ལྡན་པར་བཞུགས༔ ཡོན་ཏན་བར་ཁྱམས་སེར་པོ་ཡི༔ ཕྱོགས་མཚམས་ཀུན་ཏུ་མཁའ་འགྲོའི་སྐུ༔ དཀར་སེར་དམར་ལྗང་སྨུག་པོ་ལྔ༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་མ༔ ཕྱག་གཡས་རྡོ་རྗེ་རིན་ཆེན་དང༔ པདྨ་རྒྱ་གྲམ་འཁོར་ལོ་བསྣམས༔ གཡོན་པ་ཐམས་ཅད་ཐོད་ཁྲག་འཛིན༔ རིན་ཆེན་རུས་པའི་རྒྱན་དང་ལྡན༔ བཀྲག་དང་གཟི་མདངས་ལྡན་པར་བསྐྱེད༔ དབང་དྲག་ལྷ་སྣམ་དམར་པོ་ལ༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང༔ མཁའ་འགྲོ་སུམ་ཅུ་རྩ་གཉིས་དང༔ སྐྱེས་བུ་གིང་ཆེན་བཅོ་བརྒྱད་དང༔ ལངྐ་དུར་ཁྲོད་བདག་པོ་དང༔ འབར་མ་མ་སྲིང་ཚོགས་དང་བཅས༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ༔ དྲེགས་པའི་སྡེ་དཔོན་སུམ་ཅུ་སྟེ༔ བཀའ་སྲུང་མ་ལུས་ཁྱབ་པར་གནས༔ ཡེ་ཤེས་ཟང་ཐལ་སྒོ་བཞི་ལ༔ ཤར་སྒོར་ཡ་མཱནྟ་ཀྲྀཏ་དཀར༔ ཤེས་རབ་ལྕགས་ཀྱུ་མ་དང་འཁྲིལ༔ ལྷོ་སྒོར་པྲཛྙཱནྟ་ཀྲྀཏ་སེར༔ ཤེས་རབ་ཞགས་པ་མ་དང་འཁྲིལ༔ ནུབ་སྒོར་པདྨཱནྟ་ཀྲྀཏ་དམར༔ ཤེས་རབ་ལྕགས་སྒྲོག་མ་དང་འཁྲིལ༔ བྱང་སྒོར་བིགྷྣཱནྟ་ཀྲྀཏ་ལྗང༔ ཤེས་རབ་དྲིལ་བུ་མ་དང་འཁྲིལ༔ ཡབ་ཡུམ་གཉིས་མེད་སྒོ་སྲུང་མཛད༔ གཞལ་ཡས་ཕྱི་ཡི་ཕྱོགས་བཞི་རུ༔ ཤར་དུ་རྒྱལ་ཆེན་ཡུལ་འཁོར་སྲུང༔ ལྷོ་རུ་རྒྱལ་ཆེན་འཕགས་སྐྱེས་པོ༔ ནུབ་ཏུ་རྒྱལ་ཆེན་སྤྱན་མི་བཟང༔ བྱང་དུ་རྒྱལ་ཆེན་རྣམ་ཐོས་སྲས༔ རང་འདྲ་འཁོར་དང་བཅས་ཏེ་བཞུགས༔ ཡེ་ཤེས་ལྷ་དང་གཞལ་ཡས་ཁང༔ ཉི་མ་དང་ནི་འོད་ཟེར་ལྟར༔ ཆུ་ནང་ཟླ་བ་ལྟ་བུར་བསྐྱེད༔ ࿊ ལྷ་ཚོགས་ཐུགས་ཀའི་ཧཱུྃ་ཡིག་ལས༔ འོད་འཕྲོས་ཡེ་ཤེས་སེམས་དཔའ་ཡི༔ ཐུགས་ཀར་ཕོག་པས་བྱོན་བསམས་ལ༔ གཡབ་དར་དང་བཅས་རོལ་མོ་བསྒྲག༔ གདུང་བའི་དབྱངས་ཀྱིས་སྤྱན་དྲངས་ཏེ༔ ལས་བྱང་གཞུང་བཞིན་མཆོད་བསྟོད་བྱ༔ འཛབ་དང་འཛབ་བསྟོད་གཏོར་ཚོགས་འབུལ༔ བསྐུལ་དང་ལྷག་གཏོར་བྲོ་བརྡུང་བྱ༔ དལ་བསྡུ་རྒྱུན་གྱི་ཏིང་འཛིན་རྣམས༔ ཕྲིན་ལས་ལྟར་དུ་ཤེས་པར་བྱ༔ པུར་སྦྱོང་མཆོད་ཡུལ་གོང་འོག་གི༔ ལས་བཞིའི་སྦྱིན་སྲེག་ཆོ་ག་དང༔ དྲག་པོའི་བྲོ་ཡི་ཆོ་ག་རྣམས༔ སྲེག་ཆོག་ལྟར་དུ་ཤེས་པར་བྱ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ རྒྱལ་པོའི་ཐུགས་ལ་སྟིམས་ཤིག་གསུངས༔ ཡི་གེར་བཀོད་དེ་གཏེར་དུ་སྦས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཐུགས་སྒྲུབ་ཧཱུྃ་གི་སྒྲུབ་ཐབས་རྒྱས་པར་བསྟན་པ་ནི། ཟང་ཟང་ལྷ་བྲག་གི་རྐེད་བསེ་སྒྲོམ་སྨུག་པོའི་དབུས་ནས། རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་མེ་ཕོ་རྟ་ཡི་ལོ་ལུག་གི་ཟླ་བའི་ཚེས་བཅོ་ལྔའི་ཐོ་རངས་སྟག་གི་དུས་སུ་གཏེར་ནས་སྤྱན་དྲངས་པའོ།། །།
གནོད་སྦྱིན་རྡོ་རྗེ་བདུད་འདུལ་གྱི་གཏོར་ཆོག་ (Volume 51, Text 7)
གནོད་སྦྱིན་རྡོ་རྗེ་བདུད་འདུལ་གྱི་གཏོར་ཆོག །ན་མོ་བཛྲ་དྷཱ་ར་ཡ། གནོད་སྦྱིན་ཆེན་པོ་རྡོ་རྗེ་བདུད་འདུལ་གྱི་མཆོད་གཏོར་ཚུལ་བཞིན་དུ་བཤམས་ལ། བསང་སྦྱང་གིས་བྱིན་གྱིས་བརླབ་པ་སྔོན་དུ་བྱས་ནས། མདུན་གྱི་ནམ་མཁར་པདྨ་དང་ཉི་མའི་གདན་ལ་ཀྵ་ཡིག་ལས་བྱུང་བའི་གནོད་སྦྱིན་ཆེན་པོ་རྡོ་རྗེ་བདུད་འདུལ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་དགོས་འདོད་སྩོལ་བའི་ནོར་བུ་རིན་པོ་ཆེ་དང་། གཡོན་བདུད་རྩིས་གང་བའི་བུམ་པ་བསྣམས་པ། བརྗིད་བག་དང་བཅས་པའི་སྐུ་ལ་དར་ནག་གི་བེར་ཆེན་གསོལ་ཞིང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། སྒེག་ཅིང་དཔའ་བའི་ཉམས་ཀྱིས་སྲིན་པོ་ཕོ་མོའི་གདན་ལ་རྒྱལ་པོ་ཆེན་པོའི་རོལ་པས་གནས་པའི་གཡོན་ན་ཡུམ་གནོད་སྦྱིན་ཀུན་འགྲུབ་མས་འདུད་པ། དེ་ཉིད་ཀྱི་ཤར་དུ་ཛམ་ལ་དཀར་པོ། ལྷོར་མགོན་པོ་ནག་པོ། ནུབ་ཏུ་འབྲོག་གནས་མཆེད་ལྔ། བྱང་དུ་རྣམ་ཐོས་སྲས་སོགས་མཛེས་ཤིང་བརྗིད་ཆགས་པའི་འཁོར་གྲངས་མེད་པས་བསྐོར་བ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྕང་ལོ་ཅན་གྱི་ཕོ་བྲང་ནས་གནོད་སྦྱིན་ཆེན་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། རོལ་མོ་དབྱངས་དང་བཅས་པས། ཧཱུྃ། རི་རྒྱལ་ལྷུན་པོའི་ཕ་རོལ་ན། །གཉའ་ཤིང་འཛིན་གྱི་ཚུར་རོལ་ན། །རིན་ཆེན་མཛེས་པའི་གཞལ་ཡས་ཁང་། །བཻ་ཌཱུར་སྔོན་པོའི་ཁྲི་སྟེང་ན། །གནོད་སྦྱིན་སྡེ་དཔོན་མཐུ་བོ་ཆེ། །བཙུན་མོ་བློན་པོར་བཅས་པ་རྣམས། །སྔོན་གྱི་ཞལ་བཞེས་དམ་བཅས་ལྟར། །འདིར་གཤེགས་མཐུན་པའི་གདན་ལ་བཞུགས། །ཨེ་ཧྱེ་ཧི་མ་ཧཱ་ཡཀྵ་རཏྣ་ཙིཏྟ་ཛཿཧཱུྃ་བཾ་ཧོཿ ཞེས་པས་སྤྱན་དྲངས། ཨོཾ་བཛྲ་རཏྣ་ཙིཏྟ་མཱ་ལེ་ཧཱུྃ་གིས་ཅོད་པན་གྱི་དབང་བསྐུར། རྡོ་རྗེ་འཆང་གི་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །བདུད་འདུལ་མཐུ་ཆེན་གཏེར་གྱི་བདག །འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཨོཾ་བཛྲ་དུནྟི་སྭཱ་ཧཱ་ཨ་ཏི་པཱུ་ཧོ། པྲ་ཏཱིཙྪ་ཧོཿ ཞེས་ཕྱག་བྱ། ཧཱུྃ། མགོན་པོ་འཁོར་དང་བཅས་པ་ལ། །སྤོས་དང་མར་མེ་མེ་ཏོག་ཕྲེང་། །ཚིམ་པའི་ཞལ་ཟས་སྙན་པའི་སྒྲ། །གཟུགས་སྒྲ་དྲི་རོ་རེག་བྱ་སོགས། །འབུལ་གྱིས་བཞེས་ནས་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་ཡཀྵ་ས་པ་རི་ཝཱ་ར་པུཥྤེ་ནས་ཤབྡའི་བར་དང་ཨ་མྲྀཏ་པཱུ་ཛ་ཁཱ་ཧི། རཀྟ་པཱུ་ཛ་ཁཱ་ཧི། ཨོཾ་བཛྲ་རཏྣ་ཙིཏྟ་རཱ་ག་རཱ་གེ་ཧཱུྃ་ཕཊ་སྭཱ་ཧཱ་ས་པ་རི་ཝཱ་ར་གུ་ཧྱ་བ་ལིཾ་ཏ་ཁཱ་ཧི། ཞེས་པས་གཏོར་མ་འབུལ། བསྟོད་པ་ནི། ཧཱུྃ། མགོན་པོ་རྡོ་རྗེ་བདུད་འདུལ་ནི། །ཐུགས་རྗེའི་སྟོབས་ཀྱིས་གདུག་པ་འདུལ། །གཞོན་ནུ་དཔའ་བོ་ཁྲོས་པའི་སྐུ། ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད། །མགོན་པོ་གཡུལ་ལས་རྣམ་རྒྱལ་ཏེ། །མགོན་པོ་རིན་ཆེན་བརྩེགས་པར་བཞུགས། །ཕྱག་ན་རིན་ཆེན་ཐོད་ཁྲག་བསྣམས། །མགོན་པོ་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོའི་རྒྱལ་པོ་དབུ་མཐའ་ཡས། །སྤྱན་གསུམ་པ་ལ་མཆེ་བ་གཙིགས། །ཧཱུྃ་དང་ཕཊ་ཀྱི་འཇིགས་དྲག་པོས། །མ་རུངས་འདུལ་ཁྱོད་ལ་ཕྱག་འཚལ། །ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས། །སྦྲུལ་དང་ཐོད་པའི་ཕྲེང་བས་བརྒྱན། །དར་ནག་རལ་ག་སྐུ་ལ་གསོལ། །རྡོ་རྗེ་བདུད་འདུལ་ཁྱོད་ལ་བསྟོད། །འཁོར་ནི་གནོད་སྦྱིན་སྟོང་སྡེས་བསྐོར། །མདོག་ནག་བསྐལ་པའི་མེ་ལྟར་འབར། །རྔམས་པའི་སྟོབས་ཀྱིས་བགེགས་འདུལ་བའི། །བགེགས་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད། །རིག་འཛིན་སྒྲུབ་པའི་སྐུ་ལ་འཕགས། །མཐུ་རྩལ་མི་མཉམ་མངའ་བ་ལས། །སྲིད་པ་གསུམ་གྱི་མཐར་ཕྱིན་མཛད། །བདུད་འདུལ་འཇིགས་བྱེད་ཁྱོད་ལ་བསྟོད། །ཧཱུྃ། དབུས་ཀྱི་གྲུ་གསུམ་མཐིང་ནག་ན། །རྡོ་རྗེ་ནོར་བུ་དངོས་གྲུབ་ཅན། །ཀླུ་ཡི་ཚ་བོ་ཞེ་བརྣག་ཅན། །བསྟན་པ་བསྲུང་བའི་དམ་ཚིག་ཅན། །དགྲ་བགེགས་འདུལ་བའི་མཐུ་སྟོབས་ཅན། །འཇིགས་པའི་སྐུར་སྟོན་ཁྱོད་ལ་བསྟོད། །སྡེ་དཔོན་ཆེན་པོ་ཁྱོད་ལ་བསྟོད། །རིན་ཆེན་གཏེར་བདག་ཁྱོད་ལ་བསྟོད། །བསྟན་པ་སྲུང་མཛད་ཁྱོད་ལ་བསྟོད། །ཅེས་བསྟོད་ཅིང་འདོད་དོན་གསོལ་ལ་རྗེས་ཀྱི་ཆོ་ག་རྣམས་གཞན་དང་ཐུན་མོང་དུ་བྱའོ། །ཞེས་པ་འདིའང་འགྱུར་མེད་རྡོ་རྗེས་ཡི་གེ་རྙིང་པ་རྣམས་ཀྱི་ལེགས་ཆ་བསྡུས་ཏེ་བརྗོད་བདེ་བ་གཙོ་བོར་བྱས་ནས་བྲིས་པའོ།། །།
གསང་མཚན་ཐུགས་ཀྱི་སྒྲུབ་པ་ལས༔ སྲུང་བའི་ཁ་བྱང་ (Volume 46, Text 7)
༄༅༔ གསང་མཚན་ཐུགས་ཀྱི་སྒྲུབ་པ་ལས༔ སྲུང་བའི་ཁ་བྱང་བཞུགས་སོ༔ རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ༔ ཨུ་རྒྱན་པདྨ་འབྱུང་གནས་ཀྱིས༔ མ་འོངས་སེམས་ཅན་དོན་ཕྱིར་དུ༔ ནད་རིམས་སྲུང་བའི་མན་ངག་འདི༔ ཕྱག་ན་རྡོ་རྗེ་དངོས་ལ་ཞུས༔ རྒྱལ་ཁམས་ཀུན་གྱི་ནད་སྲུང་ན༔ རྡོ་རྗེ་ཁྲབ་ཆེན་འཁོར་ལོ་དགོས༔ གསང་བའི་མཛོད་དུ་ཤེས་པར་བྱ༔ སྡེ་རིགས་གཅིག་གི་ནད་སྲུང་ན༔ རྡོ་རྗེ་ཁྲབ་རིང་འཁོར་ལོ་དགོས༔ བདུད་རྩི་བུམ་པར་ཤེས་པར་བྱ༔ ཡུལ་ཁམས་གཅིག་གི་ནད་སྲུང་ན༔ གདུག་པ་གསུམ་དྲིལ་འཁོར་ལོ་དགོས༔ གཏུམ་མོ་ཐུགས་ཀྱི་མཛོད་དུ་ལྟོས༔ གང་ཟག་གཅིག་གི་ནད་སྲུང་ན༔ རྡོ་རྗེ་རི་རབ་འཁོར་ལོ་དགོས༔ མཚོན་ཆ་གནད་ཀྱི་འཁོར་ལོར་ལྟོས༔ སྲུང་བྱེད་འཁོར་ལོའི་ཁ་བྱང་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ༄༅༔ གསང་མཚན་ཐུགས་ཀྱི་སྒྲུབ་པ་ལས༔ རྡོ་རྗེ་ཁྲབ་རིང་གི་སྲུང་བ་བཞུགས་སོ༔ རྒྱ་གར་སྐད་དུ༔ ཨ་མྲྀཏ་ཀ་ལ་ཤ་མ་ཏྲི་ན་ཏྲི་ཏནྟྲ་ནཱ་མ༔ བོད་སྐད་དུ༔ འཆི་མེད་བདུད་རྩི་བུམ་པའི་རྒྱུད་ཅེས་བྱ་བ༔ བླ་མ་ཡི་དམ་ལྷ་ཇོ་བོ་དཀོན་མཆོག་འཚོ་བྱེད་རྒྱལ་བ་སྲས་དང་བཅས་པ་མ་ལུས་པ་རྣམས་ལ་ཕྱག་འཚལ་ལོ༔ དུས་ངན་སྙིགས་མའི་ཐ་མ་ལ༔ མི་དགེ་སྣ་ཚོགས་བྱས་པ་ཡིས༔ ནད་མཚོན་མུ་གེའི་བསྐལ་པ་དར༔ མཛེ་དང་དམུ་ཆུ་གཉན་ནད་དར༔ རུས་ནད་ནག་པོ་མཛེ་ཡིས་འཛིན༔ ཁྲག་ནད་དམུ་ཆུ་རྫིང་དུ་འཁྱིལ༔ ཤ་ནད་དོན་སྙིང་གཉན་གྱིས་རྨུག༔ གསུམ་གྱི་མཐའ་ལ་གཉན་ནད་དེ༔ འདེགས་བྱེད་རླུང་གི་རྟ་ལ་ཞོན༔ ཚ་བ་སྦག་མའི་བེར་ཆེན་གོན༔ མཆིན་མཁྲིས་ཚ་བའི་གནས་སུ་བབས༔ རྒྱ་ནད་མིག་སེར་ཞེས་ཀྱང་བྱ༔ ནག་པོ་རྒྱུག་འགྱེལ་ཞེས་ཀྱང་བྱ༔ ཅོག་འགྱེལ་ལྟག་འགྱེལ་ཞེས་ཀྱང་བྱ༔ གཉན་ཚད་ཐོག་བབས་ཞེས་ཀྱང་བྱ༔ ནག་པོ་སུམ་སྒྲིལ་ཞེས་ཀྱང་བྱ༔ མིང་གི་རྣམ་གྲངས་བརྗོད་མི་ལང༔ ཁོ་ཡི་སྤྲུལ་པ་ཅིར་ཡང་འོང༔ དེ་ལ་སྲུང་ཐབས་བསམ་མི་ཁྱབ༔ བསྡུ་ན་སྲུང་ཐབས་གསུམ་དུ་གསུང༔ ཕྱི་ནི་སྤྱོད་ལམ་ཆོ་གས་སྲུང༔ ནང་ནི་ཟུ་གུ་གྱད་ཀྱིས་སྲུང༔ གསང་བ་སྔགས་དང་ལྷ་སྒོམ་དམིགས་པས་སྲུང༔ དེ་ལ་སྔགས་ཀྱིས་སྲུང་བ་ནི༔ མི་རྟོག་སྟོང་པའི་ངང་ཉིད་ལས༔ ལྷ་ཡི་ང་རྒྱལ་ལྡན་པ་ཡིས༔ སྤྲུལ་པའི་བྱ་ཁྱུང་སྔོན་པོ་དང༔ ཉི་ཟླ་འབར་བའི་འཁོར་ལོ་སྒོམ༔ ཟུ་གུ་ནང་དུ་བཅུག་པ་ཡིས༔ རོ་ཡི་ཇག་པ་ཟློག་པ་ཡིན༔ ཕུར་མ་བྱུགས་པའི་གྱད་ཀྱིས་ནི༔ དྲི་ཡི་ཇག་པ་ཟློག་པ་ཡིན༔ ཙཀྲ་སྔགས་ཀྱི་གྱད་གྲགས་ཀྱིས༔ རེག་བྱའི་འཇིགས་པ་ཐུབ་པ་ཡིན༔ རྟོགས་བྲལ་སྟོང་པར་བསྒོམས་པ་ཡིས༔ འགོས་པར་བྱ་བའི་ཡུལ་མ་གྲུབ༔ བཙན་པོའི་མཁར་དུ་འཇུག་པའི་གནད༔ ལྷ་ཡི་ང་རྒྱལ་མ་བྲལ་བས༔ སྲིད་གསུམ་ཟིལ་གྱིས་གནོན་པ་དང༔ དྲེགས་པ་བྲན་དུ་ཁོལ་བའི་གནད༔ སྤྲུལ་པའི་བྱ་ཁྱུང་བསྐྱེད་པ་ཡིས༔ རྣོ་གསུམ་མཚོན་དུ་བརྡུང་བ་དང༔ འགལ་རྐྱེན་ཆམ་ལ་འབེབ་པའི་གནད༔ ཉི་ཟླའི་འཁོར་ལོ་ཆ་ལང་རྡེབ༔ སྣོལ་མར་འཁྲུགས་པར་བརྡབས་པ་ཡིས༔ བར་ཆད་འབྱུང་པོ་ཐལ་བར་རློག༔ སྤྱིར་དུ་ནག་པོ་སུམ་སྒྲིལ་འདི༔ གཉན་དང་ཚད་པ་རླུང་དུ་བཅོས༔ བདུད་རྩི་ཆེན་པོའི་སྦྱོར་བ་ཡིས༔ དང་པོར་གཉན་གྱི་རི་བོ་སྙིལ༔ བསིལ་སྨན་ཆེན་པོ་སྦག་མ་ཡིས༔ བར་དུ་ཚད་པའི་མེ་དབལ་གསད༔ བཅུད་བཅོས་ཚད་དང་ལྡན་པ་ཡིས༔ ཐ་མ་རླུང་བཅོས་ལུས་པོ་གསོ༔ སྨན་རྣམས་བུངས་མཉམ་བསྲེས་ལ་གཏང༔ སྨན་ཆེན་སུམ་འགྱུར་ཁ་གནོན་དང༔ རྒྱ་བྲག་ངོས་ཀྱི་བྲག་ཞུན་དང༔ ཡོན་ཏན་རྒྱས་པའི་ཆབ་ཀྱིས་བསྡུས༔ རིལ་བུ་སྲན་མ་འབྲིང་པོ་ཙམ༔ ལྔ་འམ་བདུན་དགུ་བཅུ་གཅིག་སོགས༔ བཅོ་ལྔ་ལ་སོགས་་་སྨན་ཆེན་བུངས་མཉམ་སུམ་འགྱུར་སྦྱར༔ བྲག་ཞུན་སྦྲུས་པའི་ཁུ་བ་དང༔ བྱིས་པ་ལོ་བརྒྱད་ཆུ་ཡིས་སྦྲུས༔ཐུན་གྱི་ཚད༔ ལུས་ཟུངས་ནད་ཀྱི་དབྱིབས་དང་སྦྱར༔ ནད་སོས་དྭངས་ཁ་མི་བདེ་ན༔ སེ་འབྲུ་བཞི་པའི་སྦྱོར་བ་བྱ༔ གཅེས་པའི་སྙིང་དང་འདྲ་བ་ཡི༔ ཤིན་ཏུ་སེམས་ཅན་དོན་དུ་གཅེས༔ ལྷ་ཡི་ང་རྒྱལ་མ་བྲལ་བར༔ བརྩེ་སེམས་སྙིང་རྗེ་དྲག་པོས་བཅོས༔ ཚད་ནད་ནག་པོ་རྒྱུག་འགྱེལ་ལ༔ འདི་ལས་ལྷག་པའི་བཅོས་ཐབས་མེད༔ ཡི་དམ་སྙིང་པོ་འཁོར་ལོའི་ལྟེ་བ་ལ་བྲི།་་་ཨཱོྃ་ཐིམ་ཐ་ར་ཏི༔ ས་དུན་ཏེ༔ ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔་་་དྲི་ཆུ་བར་པ་བཏབ་བཏུང་། དེ་ནི་ཡི་དམ་སྙིང་པོ་ཡིན༔ དེའི་ཕྱི་རིམ་ལ༔ ཨཱོྃ་མ་ཧཱ་གུ་རུ༔ ཨུ་ཧ་གྷུ་རུ༔ ནི་ཏྲི་གུ་རུ༔ ནི་ནཱ་ག་ཤད༔ མ་མ་རཾ་རཾ་ཐུལ་ཐུལ༔ ནཱ་ག་ཙི་ཏྲ༔ ཕོ་ནཱ་ག་སྦུད་ལིང་ཤག༔ མྱོག་ཐུན་སོད༔ དེ་ནི་གུ་རུའི་ཐུན་སྔགས་ཡིན༔ ཨཱོྃ་ཧུར་ཁྱུང་ཧུར་ཁྱུང་སོད༔ སྦྲུལ་ཁྱུང་སྦྲུལ་ཁྱུང་སོད༔ ནཱ་ག་ནཱ་ག་སོད༔ དྷེ་བ་དྷེ་བ་སོད༔ དེ་ནི་གསོད་པའི་ཕོ་སྔགས་ཡིན༔ ཨཱོྃ་ཧུར་ཁྱུང་ཧུར་ཁྱུང་སྲུངས༔ སྦྲུལ་ཁྱུང་སྦྲུལ་ཁྱུང་སྲུངས༔ ནཱ་ག་ནཱ་ག་སྲུངས༔ དྷེ་བ་དྷེ་བ་སྲུངས༔ དེ་ནི་སྲུང་བའི་མོ་སྔགས་ཡིན༔ ཨཱོྃ་ཧུར་ཁྱུང་ཧུར་ཁྱུང་ནད་ཐམས་ཅད་ལ་བྷྱོ༔ སྦྲུལ་ཁྱུང་སྦྲུལ་ཁྱུང་གདོན་ཐམས་ཅད་ལ་བྷྱོ༔ ནཱ་ག་ནཱ་ག་རིམས་ཐམས་ཅད་ལ་བྷྱོ༔ དྷེ་བ་དྷེ་བ་ནད་གདོན་རིམས་ཐམས་ཅད་ལ་བྷྱོ༔ དེ་ནི་བྱ་ཁྱུང་མཆུ་སྔགས་ཡིན༔ མུ་ཁྱུད་ལ༔ ཏདྱ་ཐཱ༔ ཨ་ལི་མ་ཐ་ལི་ཧ་ལ་ཧ་ལ༔ ཆེ་གེ་མོ་ཛ་ར་ན༔ ཙན་དྷ་ལི༔ ཨ་ཀ་ར་ཏི༔ ཀན་ཏ་ཧོ༔ ཀནྟ་ཙ་རུ་ཐ་མ་ནི༔ ཨརྱ་སྭཱ་ཧཱ༔ དེ་ནི་གཟུངས་སྔགས་རྒྱལ་པོ་ཡིན༔ ཁྱུང་གི་ཕོ་སྔགས་མོ་སྔགས་ལྟོ་སྦྲག་ཏུ་བྲིའོ༔ ཨཱོྃ་སེ་པུརྣ་སྣ༔ སེ་སྤུརྣ༔ བཛྲ་ཙིག་ཙིག༔ གོ་གོ་ར་ནན༔ བྱ་སྤུར༔ བྱ་ཁྱུང་སུམ་ར་ནན༔ ཨཱོྃ་ཀུ་རུ་ན་ཀུ་རུ་ན་སྭཱ་ཧཱ༔ གྷྲི་བྲི་བ་གྷྲི་ནན༔ ནད་གུར་ཙིག་ལ་སྭཱ་ཧཱ༔ ཨཱོྃ་དྷ་རུ་ན་དྷ་རུ་ན་སྭཱ་ཧཱ༔ ནད་ཐམས་ཅད་ལ་སྭཱ་ཧཱ༔ གདོན་ཐམས་ཅད་ལ་སྭཱ་ཧཱ༔ རིམས་ཐམས་ཅད་ལ་སྭཱ་ཧཱ༔ ནད་ཐམས་ཅད་ལ་བྷྱོ༔ གདོན་ཐམས་ཅད་ལ་བྷྱོ༔ རིམས་ཐམས་ཅད་ལ་བྷྱོ༔ འཆང་བ་པོ་ལ་རཀྵ་རཀྵ་སྭཱ་ཧཱ༔ སྲུངས་ཤིག་སྲུངས་ཤིག་སྭཱ་ཧཱ༔་་་རྒྱུན་སྲུང་འདི་དར་ལ་བྲིས་ལ་རབ་གནས་བྱས་ལ་མགུལ་དུ་བཏག །དེ་ནི་བསྙེན་པའི་སྔགས་ཅེས་བྱ༔ ཕོ་སྔགས་གཤོག་པ་གཡས་ལ་བྲི༔ ཨཱོྃ་པིས་ཁྲི་ལི་མི་ལི་ཧ་ལ་སྭཱ་ཧཱ༔ དེ་ནི་ཕོ་སྔགས་སོ༔ ཨཱོྃ་པིས་ཁྲི་ལི་མི་ལི་ཧ་ལ་ཡ་ཡ་སྭཱ་ཧཱ༔ འཆང་བ་ལ་སྲུངས་ཤིག་རཀྵ༔ དེ་ནི་མོ་སྔགས་ཡིན༔ མོ་སྔགས་གཤོག་པ་གཡོན་ལ་བྲི༔ ཨཱོྃ་ཨ་ཀ་སེ༔ བྷི་ཀ་སེ༔ མ་ཧཱ་ཀ་སེ༔་་་མུ་ཁྱུད་ལྔ་པའི་རྩིབས་བཅུ་ལ། ཁྲོ་བོ་རཱ་ཛས་ནད་སྒོ་ཁོག༔ རིམས་ཁ་ཆིངས༔ ཁྲོ་བཅུ་ལས་ལ་བསྐུལ་བ་ཡིན༔ ཀྵ་ད་བྷྲཱུྃ་པ་རི་ཧཱུྃ་བྷྱོ༔ ཅེས་པའི་སྔགས་ཀྱི་འཁོར་ལོ་རྣམས༔ ལུགས་བཞིན་བྲིས་ལ་མགུལ་དུ་བཏགས༔ ཡིད་ལ་དྲན་ཞིང་བཟླས་པས་ཐུབ༔ དམིགས་པ་ཅེས་པ་བརྒྱ་བཏབ་ལ༔ ས་མཱ་དྷི་ཞལ་ལ་རག་གོ །དྲོ་ལ་ཉེར་གཅིག་བཟླས་པ་ཡིས༔ ནག་པོའི་ཕྱོགས་རྣམས་ཐམས་ཅད་ཐུབ༔ ྀཨཚ༔ འཁོར་ལོའི་སྔགས་རྣམས་ཀྱིས༔ ནད་མཚོན་གང་ཡང་ཐུབ་པར་ངེས༔ སྒོ་ལ་བཏགས་ན་ཁྱིམ་གང་ཐུབ༔ ལུས་ལ་བཏགས་ན་ལུས་གང་ཐུབ༔ ཡུལ་ཁམས་སྲུང་ན་རྒྱལ་མཚན་ལ༔ ཡུལ་ཁམས་བསྲུང་བར་འདོད་ན་ཡང༔ ལུགས་བཞིན་བྲིས་ལ་དར་ལ་དྲིལ༔ རྒྱལ་མཚན་མཐོན་པོའི་རྩེ་ལ་བཏགས༔ རི་བོ་ཆེན་པོའི་ཟོམ་ལ་བཙུགས༔ དཔག་མེད་སྨན་གྱི་དུད་པ་བཏང༔ ཐོ་བརྩིགས་སྔགས་ཕུར་མཐོ་ལ་བཏགས༔ དཀར་དམར་ཕུད་ཀྱི་གཏོར་མ་བསྐྱིལ༔ རང་རང་ཅི་བྱེད་ལས་གཞུང་བསྲང༔ མ་ཉམས་ཚོགས་འཁོར་དགའ་སྟོན་བྱ༔ དཀར་ཆོས་གསུང་རབ་མང་དུ་སྒྲོག༔ སྨོན་ལམ་བཏབ་ཅིང་ཤིས་པ་བརྗོད༔ བཀའ་སྒྱུར་གཏོར་ཟློག་ཟོར་ཐུན་འདྲིལ༔ གོ་དང་མཚོན་དབལ་ཕྱི་ལ་བསྟན༔ བྷྱོ་དང་ཟློག་གི་གདངས་སྒྲ་འདོན༔ དེ་ལྟར་བྱས་པར་གྱུར་པ་ན༔ ཡོད་ན་ཆད་ཅིང་མེད་ན་ཐུབ༔ རྡོ་རྗེ་ཁྲབ་རིང་རྒྱུད་ནས་བསྡུས༔ ནན་ཟབ་བོ༔ ༈ འཁོར་ལོའི་གྱད་ནི༔ ནི་ལཾ་ཛ་རཾ་བྷྲཱུྃ་ས་ཏེ་རྦད༔ སྤྲུལ་པའི་ཁྱུང་ལ་ན་མོ༔ འཁོར་ལོ་ལུགས་བཞིན་བྲི་བ་ནི༔་་་ཟླ་སྟོད་རྒྱལ་ལམ་རྟ་པའམ། །སྨིན་དྲུག་ལ་སྣོད་རུང་བྱས་ལ། །ཙཀྲ་བྲིས་ལ་བཏགས་པར་བྱའོ། །མཐིང་ཤོག་རས་སམ་ཤོག་བུ་ལ༔ གསེར་རམ་མཚལ་ལམ་རྒྱ་སྣག་ལ༔ གླ་བ་ཤུ་དག་སྨན་ཆེན་གྱིས༔ སྤྲུལ་པའི་ཁྱུང་གི་ལྟོ་བ་རུ༔ གྱད་བཞི་དཔོན་པོའི་འཁོར་ལོ་ནི༔ ཡབ་ཀྱི་འཁོར་ལོ་གཡས་སུ་སྐོར༔ ཡུམ་གྱི་འཁོར་ལོ་གཡོན་དུ་སྐོར༔ དེ་བཞིན་ཡབ་ཀྱི་སེར་པོ་བྱ༔ ཡུམ་གྱི་ཙཀྲ་དམར་པོ་བྱ༔ ཁྱུང་ཞལ་གཡས་གཡོན་དབུས་སུ་བསྟན༔ མུ་ཁྱུད་དྲུག་ལྡན་ལྟེ་བར་བཅས༔ དབུས་སུ་ཡི་དམ་སྙིང་པོ་བྲི༔ དེ་ཡི་ཕྱི་ཡི་མུ་ཁྱུད་ལ༔ གུ་རུའི་ཐུགས་ཀྱི་སྙིང་པོ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཏདྱ་ཐཱ༔ གཟུངས་སྔགས་རྒྱལ་པོ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ རྩིབས་བརྒྱད་འཁོར་ལོ་འབར་བ་བྲི༔ ལོག་ལ་གསོད་པའི་ཕོ་སྔགས་བྲི༔ ཟུར་བཞིར་སྲུང་བའི་མོ་སྔགས་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ བསྙེན་སྔགས་ལྟོ་སྦྱོར་སྦག་ཏུ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ འཁོར་ལོ་རྩིབས་བཅུ་འབར་བ་བྲི༔ ཁྲོ་བོ་ལས་ལ་བསྐུལ་སྔགས་འགོད༔ རྩིབས་མཆན་འཁོར་ལོའི་གོང་རས་ལ༔ གསང་བའི་བདག་པོའི་ཕྱག་མཚན་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ རྟེན་འབྲེལ་སྙིང་པོས་ཐ་མ་སྐོར༔ མཆུ་སྔགས་གཟུང་བའི་ཚུལ་དུ་བྲི༔ མགྲིན་པར་སྐུ་གསུང་ཐུགས་སྔགས་བྲི༔ ཕྱག་ལ་གཏུམ་པོའི་སྔགས་རྒོད་བྲི༔ མཇུག་སྔགས་མཇུག་མའི་ཁོངས་བུ་བྲི༔ ཕོ་སྔགས་གཤོག་པ་གཡས་ལ་བྲི༔ མོ་སྔགས་གཤོག་པ་གཡོན་ལ་བྲི༔ ཁྱུང་གི་ཕྱག་མཐིལ་གཉིས་པོ་ལ༔ ཉི་མ་ཟླ་བའི་འཁོར་ལོ་བྲི༔ རྒྱབ་ཏུ་རྟེན་འབྲེལ་སྙིང་པོ་བྲི༔ འབྲི་མཁན་སྟན་ལས་མ་ལང་པར༔ རབ་གནས་སྔགས་རྣམས་ཐམས་ཅད་དང༔ རྟེན་འབྲེལ་སྙིང་པོ་ཉེར་གཅིག་བཟླ༔ ཚང་བར་བཟླས་ལ་ནས་ལ་སྔགས༔ རབ་གནས་བྱས་ལ་ཉི་ཟླ་སྤྲད༔ དར་ལ་དྲིལ་ལ་མགུལ་དུ་བཏགས༔ དམ་ཚིག་ཡོད་ཅེས་མི་སྨྲ་འོ༔ གྱད་དེ་མི་ལག་མི་བརྒྱུད་པར༔ འཁོར་ལོ་ལྷ་སྒོམ་སྔགས་སོགས་རྣམས༔ ཡིད་ལ་དྲན་ཅིང་བཟླས་པ་ཡིས༔ ནད་མཚོན་གང་ཡང་ཐུབ་པར་ངེས༔ ཁྱད་པར་ནག་པོ་རྒྱུག་འགྱེལ་ཐུབ༔ གག་ལྷོག་གཉན་ནད་ཐམས་ཅད་ཐུབ༔ མཆོག་ཏུ་རྒྱུ་གཟེར་དམར་བཤལ་ཐུབ༔ ལོ་ཟླའི་སྐེག་དང་ཕྱོགས་ངན་ཐུབ༔ མཛེ་དང་སྲི་འུ་སྨྱོན་པ་ཐུབ༔ གཟའ་དང་གནམ་ལྕགས་སེར་བ་ཐུབ༔ རྦོད་གཏོང་དམག་དང་ཆུ་དགྲ་ཐུབ༔ ཡོད་ཅེས་མི་སྨྲ་དམ་ཚིག་ཡིན༔ འཁོར་ལོ་འདི་བཏགས་ངན་དགུ་ཐུབ༔ དཔལ་དང་བསོད་ནམས་ཕུན་སུམ་ཚོགས༔ ཅི་བསམ་འགྲུབ་པར་ཐེ་ཚོམ་མེད༔ ཡིད་བཞིན་ནོར་བུ་འདྲ་བ་ཡིན༔ གནམ་ལྕགས་རྡོ་རྗེའི་སྲུང་བ་འདིས༔ འགོ་བའི་ནད་ཐུབ་སྨྲོས་ཅི་དགོས༔ འཆི་བདག་བདུད་ཀྱང་ཟློག་པར་འགྱུར༔ དེ་ཕྱིར་ཀུན་ཐུབ་རྡོ་རྗེ་ཡིན༔ གྱད་བཞི་འཁོར་ལོའི་དཔོན་པོ་འདི༔ སྙིང་ཏིག་གཅེས་པའི་ཙཀྲ་ཡིན༔ འཆི་མེད་བདུད་རྩིའི་བུམ་པ་ལས༔ ལུས་སྲོག་སྲུང་བའི་གོ་ཆ་དང༔ གྱད་བཞིའི་དཔོན་པོ༔ ཆིག་རྒྱུད་ཐུབ་པ་བྲིས་པས༔ འཁོར་ལོའི་གྱད་ཅེས་བྱ༔ ཡང་ཏིག་གཅེས་པའི་ཤོག་རིལ་ྀཨཚ༔ ཙཀྲའི་གྱད་གཅིག་པོས་ནད་དང་རིམས་ཐམས་ཅད་ཐུབ༔ ༈ སྐྱོབ་པའི་ལྷ་ལ་ཕྱག་འཚལ་ལོ༔ ཟུ་གུ་ནང་དུ་གཞུག་པ་ལ༔ གླ་བ་་་བག་ཙམ།གུ་གུལ་་་ཆ་གསུམ།ཤིང་ཀུན་་་བག་ཙམ།དང༔ ཤུ་དག་་་ཕྱེད་དང་གསུམ།སྨན་ཆེན་་ཆ་གཅིག།ཁ་གནོན་་་ཆ་དྲུག།དང༔ ལྡོང་རོས་་་ཆ་གཅིག།གི་ཝཾ་་་ཆ་གཅིག།གཅིག་པོ་སྐྱེས༔་་་ཆ་གཅིག །དཔའ་བོ་རྣམ་དགུའི་ཟུ་གུ་གཞུག༔ མཐའ་བཞི་གྱད་ཀྱིས་སྲུང་བ་ལ༔ འཁོར་ལོ་སྔགས་ཕུར་བྱུག་པ་ཏེ༔ གླ་བ་ཤིང་ཀུན་ཛཱ་ཏི་དང༔ གུ་གུལ་སྤྲུ་ནག་བདུད་རྩི་གཉིས༔ ཤུ་དག་མུ་ཟི་སྒོག་སྐྱ་གསུམ༔ བཅུད་སྦྱར་མཐིལ་དུ་སྲིན་ལག་མཉེ༔ དྲི་ལྡན་གནས་ཆེན་བརྒྱད་དུ་བྱུག༔་་་སྤྱི་བོ་ལྟག་ཁུང་སྨིན་དབྲག་སྣ་བུག་སྙིང་ཁ་ལྟེ་བ་ལྕི་བ་བཤང་བ་དང་བརྒྱད་དོ། །ཤ་ཆེན་སྟག་ཤ་སྤྲུ་ནག་དང༔ གླ་བ་རུ་རྟ་མུ་ཟི་དང༔ རིགས་གསུམ་མགོན་པོ་་་བཙན་དུག་ཤུ་དག་ཡུང་བ།མགུལ་དུ་བཏགས༔ ཟས་དང་སྒྲ་སྐད་མ་འདྲེས་པར༔ ཤངས་ཀྱིས་དྲི་ཡི་སྙིང་པོ་བླང༔ སྔགས་དང་འཁོར་ལོ་གཞན་དུ་བལྟའོ༔ མི་རྟོག་སྟོང་པར་སྒོམ་པ་ནི༔ སྣང་གྲགས་འཁོར་འདས་མ་ལུས་སེམས༔ སེམས་ནི་སྐྱེ་འགག་གནས་གསུམ་བྲལ༔ མདོག་དབྱིབས་ཚད་དང་དངོས་པོས་སྟོང༔ འགོས་པར་བྱ་བའི་ཡུལ་མ་གྲུབ༔ ཕྱི་སྟོང་ནང་སྟོང་ཀུན་ཏུ་སྟོང༔ སྟོང་པ་ཆེན་པོར་ཡེ་ནས་གནས༔ སྟོང་ཉིད་ལྟ་བའི་སྲུང་བ་ཡིན༔ ལྷ་ཡི་རྒྱལ་པོ་སྒོམ་པ་ནི༔ རང་བཞིན་སྐྱེ་འགག་སྟོང་ཉིད་ལ༔ རྒྱུ་རྐྱེན་སྔགས་ཀྱིས་མ་བསྐྱེད་པར༔ རོལ་པ་འགག་མེད་རྡོ་རྗེའི་སྐུ༔ སུས་ཀྱང་མི་ཆོད་མི་ཤིགས་པས༔ ཀུན་གྱི་རྗེ་བཙན་དཔའ་བོ་ལ༔ དུག་གསུམ་་་བྱ་སྦྲུལ་ཕག།འཇིགས་པའི་འཁོར་གྱིས་བསྐོར༔ མེ་དཔུང་འབར་བའི་དབུས་ན་བཞུགས༔ ཞལ་བསྒྲད་མཆེ་གཙིགས་ཟིལ་གནོན་སྒོམས༔ སྤྲུལ་པའི་བྱ་ཁྱུང་སྒོམ་པ་ནི༔ རྡོ་རྗེ་སྐུ་ཡི་སྤྱི་གཙུག་ཏུ༔ ཁྱུང་སྔོན་མེ་ཡི་རལ་པ་ཅན༔ གནམ་ལྕགས་འབར་བའི་མཆུ་སྡེར་གྱིས༔ རྒྱ་མཚོའི་གཏིང་དཀྲུགས་ཀླུ་ནད་འཇོམས༔ ཕྱག་ན་ཉི་ཟླའི་འཁོར་ལོ་སྒོམས༔ ཉི་ཟླ་འབར་བའི་སྡང་མིག་གིས༔ གདུག་པ་ཐམས་ཅད་འཇོམས་པར་སྒོམས༔ སྲུང་བ་ནང་གསང་རྣམ་གཉིས་ལ༔ ཁྱད་པར་གཅེས་པའི་གདམས་ངག་ཡིན༔ སྙིང་དང་འདྲ་བར་ཐུགས་ལ་ཆོངས༔ མིག་དང་འདྲ་བར་དམ་ཚིག་སྲུངས༔ ཉི་ཟླའི་འཁོར་ལོ་སྒོམ་པ་ནི༔ གཡས་གཡོན་ཐབས་དང་ཤེས་རབ་ལ༔ རྩིབས་བརྒྱད་འཁོར་ལོ་འབར་བ་སྒོམས༔ དབུས་སུ་སྐྱེད་པའི་ས་བོན་སྔགས༔ རྩིབས་ལ་གཏུམ་པོའི་སྔགས་རྒོད་བྲི༔ ཐབས་ཤེས་ཉི་ཟླའི་འཁོར་ལོ་སྒོམས༔ འཁོར་ལོ་ལྟོ་སྦྱར་བསྣོལ་མར་སྒོམས༔ ཕྱག་རྒྱ་བསྒྱུར་ཏེ་བརྡབས་པ་ཡིས༔ གནོད་བྱེད་ཐལ་བར་བརླགས་པར་བསམ༔ ལུས་སྲོག་སྲུང་བའི་གོ་ཆ་ལས༔ ཕྱག་རྒྱ་འཁོར་ལོའི་གདམས་ངག་འདི༔ ཡང་ཏིག་གཅེས་པའི་ཤོག་རིལ་ལོ༔ ཨེ་མ་ཤིན་ཏུ་གསང་བར་བྱ༔ ྀཨཚ༔ དྲི་ཆུ་བར་པ་ལ༔ ཨཱོྃ་ཐིམ་ཐ་ར་ཏིའི་སྔགས་བཏབ་དྲོ་གོང་བཏུང༔ ལས་ཀྱི་མཐའ་བསྒྱུར་ཟུག་གཟེར་བཅག༔ ཅེས་པ་ནི༔ སྨན་ལ་བྱེ་བྲག་ཏུ༔ ངར་འདོགས་དགོས་པ་ཡིན་ཏེ༔ དགུ་སྦྱོར་གྱི་སྟེང་དུ་མནན་པའི་སྨན་ལ༔ འཁྲུ་མདོག་དམར་ན་མེ་ཏོག་བྱ་རྐང་སྡེབ༔ སྨུག་ན་བྲག་ཞུན་བསྡེབ་པར་བྱ༔ སྨུག་པོ་རྒྱ་ཐལ་ལྡུམ་བུ་རེ་རལ་ཆུ་ལ་སྡེབ༔ དམར་སྨུག་བྲག་ཞུན་བྱ་རྐང་སྡེབ༔ སེར་ན་དུག་ཉུང་སྐྱེར་པ་སྡེབ༔ དམར་སེར་གསེར་གྱི་ཕུད་བུ་མཁྲིས་པ་སྡེབ༔ ཟངས་མདོག་བཙུག་ལ་སྐྱེ་འབྲུམ་མཁྲིས་ཆེན་སྡེབ༔ བེ་སྣབས་སེ་འབྲུ་རྒུན་འབྲུམ་སྡེབ༔ དུད་ཁུ་རྒྱུ་རུས་བསྐྱེད་ལ་བཏང༔ ཆུ་སྐྱུག་ཀླད་རྒྱ་ཅན་ལ་ནི༔ ཛཱ་ཏི་ཆང་ལ་སྦྱར་ལ་བཏང་ངོ༔ སྨན་དེ་རྣམས་ནད་གཞིའི་ཁ་དོག་བརྟགས་ལ༔ ཆུའི་འོལ་ཁ་སྒྱུར་ལ་ངར་དུ་བཏགས་སོ༔ ཟུག་གཟེར་བཅག་པ་ལ་ཡང༔ རྒྱུ་ལོང་སྨད་དུ་ཟུག་ཆེ་ན༔ བོང་དཀར་ཁྱི་ལྕེ་དཀར་པོ་དུག་མོ་ཉུང༔ ཧོང་ལེན་ཞིབ་པར་བཏགས་ལ༔ གངས་ཆུ་གྲང་མོ་ལ་བཏབ་ལ༔ ཆུ་ཧུབ་རེས་ཕུལ་ལ་གཏང་ངོ༔ ཁྱད་པར་ཟུག་ཁོལ་བུར་བྱུང་ན༔ དུག་མོ་ཉུང་གངས་ཆུ་གྲང་མོ་ལ་བཏབ་ལ༔ གྲོད་པར་བླུག་ལ་ན་སར་བདུག་གོ༔ ལས་ཀྱི་མཐའ་བསྒྱུར་ཟུག་གཟེར་བཅག་པའོ༔ ལྡེ་མིག་གོ༔ ལྷོག་པ་ལས་རྣམ་པར་རྒྱལ་བའོ། ༈ །སངས་རྒྱས་སྨན་གྱི་བླ་དང་ནི༔ རིགས་གསུམ་མགོན་ལ་ཕྱག་འཚལ་ལོ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ ནག་པོ་སུམ་སྒྲིལ་ཐོག་གི་མདའ༔ རྒྱུ་ལ་ཁྱད་པར་མེད་མོད་ཀྱང༔ འཕོག་སའི་འབེན་གྱིས་ཐ་དད་དེ༔ གནས་ཀྱིས་བསྒྱུར་བས་མི་འདྲ་འབྱུང༔ དབྱེ་ན་དཔག་ཏུ་མེད་མོད་ཀྱང༔ བསྡུ་ན་གཅེས་པའི་བུ་ལྔར་འདུས༔ ཕྱི་རུ་ཕོག་པའི་ལྷོག་པ་ལ༔ སྲུང་བརྟག་བཅོས་པ་རྣམ་པ་གསུམ༔ རྩ་བ་བསྡུས་པ་ལུས་ཀྱི་ཆིངས༔ སྲུང་བ་ཕྱི་ནང་གསང་བ་གསུམ༔ རྡོ་རྗེ་ཁྲབ་རིང་རྒྱུད་དུ་ལྟོས༔ ཁྱད་པར་བདག་ཉིད་ཆེན་པོ་ལ༔ ལྕགས་ཀྱི་ཕག་པ་མགོ་དགུ་པ༔ ཁ་ནས་མེ་ཡི་བུ་ཡུག་འཕྲོ༔ སྣ་ཡིས་ཐམས་ཅད་རློག་པར་བྱེད༔ ལྕེ་ཡིས་ཐམས་ཅད་འཇོམས་པར་བྱེད༔ སོ་ཡིས་ཐམས་ཅད་སྒྲོལ་བར་བྱེད༔ ཉམ་ང་མེད་པའི་སྲུང་བ་ཡིན༔ བརྟག་པ་ཕྱི་ནང་གསང་བ་གསུམ༔ དང་པོ་མགོ་ན་རོ་སྟོད་གཟེར༔ གྲང་ཤུམ་ཁྲུམ་སེར་བ་སྤུ་ལྡང༔ ཉྭ་བཞི་མི་བདེ་ཚིགས་བཞི་ན༔ ཤེད་ཆུང་ལུས་པོ་བརྡུངས་སྙམ་བྱེད༔ འགྲོ་སྙིང་འདོད་ཅིང་ཚིག་པ་ཟ༔ ཤེས་པ་འཕྱོ་ཞིང་སྙིང་མི་དགའ༔ གཏམ་སྨྲ་གཏིང་ནས་འདར་སྐད་འོང༔ མདོར་ན་རིམས་ཀྱིས་བཏབ་པ་འདྲ༔ རྩ་ནི་ཁ་རྒྱུག་གཏིང་ན་གྲིམས༔ ཁ་ན་འདར་རློབ་གདོན་རྩ་འདྲ༔ ཨན་སྟོང་རྩ་དང་མིག་གི་རྩ༔ འགྲམ་རྩ་འགུལ་ཞིང་ལྕེ་རྩ་འགུལ་ན་ཡིན༔ ཆུ་ནི་མདོག་ནག་རླངས་པ་འཐིབ༔ ཀུ་ཡ་འཁྲུགས་ན་འཆི་བར་ངེས༔ ནད་རྟགས་བྱུང་ན་བཞི་ཡི་རིགས༔ རླུང་ལྷོག་སྐྱ་ལ་སོབ་པར་ཡོང༔ སྐྲངས་པ་མི་བརྟན་འཁོར་ཞིབ་བྱེད༔ གྲོད་པ་ཞོ་ཡིས་བཀང་བ་འདྲ༔ མེ་ལྷོག་དམར་ལ་ཚ་བས་ཏེ༔ མཆེད་པ་སྐྱེན་ཅིང་དྲོད་དང་ལྡན༔ མེ་ཡི་གཞལ་ཡས་ཁང་དང་འདྲ༔ ཆུ་ལྷོག་སྐྲངས་འཇོམས་སྙིང་ལ་གཞོག༔ བསིལ་ཞིང་དྲོད་ཆུང་ཆུ་བུར་ཅན༔ དཔེར་ན་གཡུ་མཚོ་འཁྱིལ་བ་འདྲ༔ ས་ལྷོག་སྐྲངས་པ་མཁྲེགས་པ་ལ༔ སྐྲངས་བརྟན་མདོག་ནག་མགོ་བོ་ལེབ༔ སླ་ང་ཁ་ནི་སྦུབ་པ་འདྲ༔ ཡང་ན་རྒོད་དང་ཡང་རྒོད་གཉིས༔ རྒོད་ན་སྐྲངས་པ་ཆེ་འབྲོས་རྐྱེན༔ ཟུག་གཟེར་ཆེ་ཞིང་རྩ་ལ་ཞེན༔ ཡང་རྒོད་མེ་རིགས་སྐྲངས་པ་ཆེ༔ འཁོར་ལོ་འཐོར་ཞིང་འགྲོ་བ་ཡིན༔ གཟེ་མ་མགོ་དགུ་ཞེས་ཀྱང་ཟེར༔ ད་རུང་ནད་ངོས་མ་ཟིན་ན༔ གསང་བ་རྫས་ཀྱིས་བརྟག་པ་ནི༔ ཤུ་དགུ་ཆུ་ངན་སྦྱར་པ་ཡིས༔ སྐྲངས་ལ་བཀུས་ན་འཕར་བ་ཡིན༔ སེམས་ཅན་ལུས་བསྐྱེད་ཐུར་མ་ཡིས༔ སྐྲངས་པའི་མཐའ་བཞི་དབུས་དང་ལྔར༔ འབུག་ཚུལ་བསྟན་ཏེ་དབུས་ཉིད་ན༔ ཚ་ལ་བྱུགས་པས་ནད་པ་ཡི༔ ལྟེ་ཁུང་དམར་ཚིག་འདུག་ན་ཡིན༔ སྐྲངས་པའི་སྟེང་དུ་གཟའ་སྙིང་གིས༔ དབུར་བས་སླར་སྐྲངས་ཡིན་པར་ངེས༔ བཅོས་ཐབས་སྤྱི་དང་བྱེ་བྲག་གཉིས༔ སྤྱི་ལ་ཟས་སྤྱོད་སྨན་དཔྱད་བཞི༔ སྨན་ལ་བྱུག་པ་ཆོས་སྨན་གཉིས༔ ཁོང་སྨན་བྱ་ཁྱུང་ལྔ་སྦྱོར་ཟ༔ ཡང་ན་མྱོས་བྱེད་རྣམ་པ་གསུམ༔ ཡང་ན་དཔའ་བོ་ལྔ་སྦྱར་བྱ༔ སྤྱིར་དུ་རྒྱུད་ལས་བཤད་པ་ཟབ༔ ནང་དུ་ཟུ་གུ་མ་བཅུག་པར༔ མཐའ་ནས་དམག་གིས་མི་བསྐོར་ཏེ༔ བྱུག་པའི་རྗེས་སུ་ཁོ་འདྲེན་གཅེས༔ འཛིན་པ་མངར་གསུམ་མདེ་འུ་ཡིན༔ གང་དུ་སོང་ཡང་འགུག་པར་བྱེད༔ བྱུག་པ་བཙན་དུག་མུ་ཟི་དང༔ སྟག་ཤ་བ་ཡིས་གསོད་པ་ཡིན༔ བྲག་སྤོས་སྤུ་རྩ་ཆུ་རྩ་དང༔ ཐུན་གསུམ་དྲངས་པས་འཇོམས་པའི་སྨན༔ ར་དུག་སྦྲེ་དང་པདྨའི་ཁྲག༔ བྲག་ཞུན་དུ་བ་ཆུ་ངན་གྱིས༔ སྡོམ་པར་བྱེད་པའི་རྩི་མཆོག་ཡིན༔ ཤུ་དག་ཟངས་རྩི་ཀུན་གྱི་གྲོགས༔ དེ་རྣམས་སྦྱར་བ་ཞིབ་དཀྲུགས་ནས༔ སྐྲངས་མཐའ་མ་ཤོར་མཐའ་ནས་བསྡུ༔ ཚང་ཁ་མི་གསུབ་སྐར་ཁུང་དབྱེ༔ མངར་གསུམ་སྦྱར་བའི་ཐིག་ལེ་བྱ༔ སྟེང་ནས་བལ་འདབ་འཇམ་པོས་མནན༔ འབུར་འཇོམས་མན་ངག་དམ་པ་ཡིན༔ དཔྱད་ལ་ཁྲུས་དང་མེ་བཙའ་གཉིས༔ ཁྲུས་ལ་ཐར་ནུ་ཆུ་རྩ་དང༔ བྱི་མོང་ཐར་ནུ་དུར་བྱིད་དང༔ སྟག་ཤ་གུ་གུལ་ཁྲོན་བུ་དང༔ ལོ་བརྒྱད་ཆུ་སྦྱར་ཁོང་དུ་གཏང༔ ལོག་དང་འབྱམས་དང་འགྱིང་བ་དང༔ སྟོང་སྦོས་ཟུག་གཟེར་ཆེ་བ་ལ༔ ལོག་གནོན་དཔའ་བོ་གཡུལ་དུ་གཞུག༔ མེ་བཙའ་མགོ་སྐེ་ཡན་ཆོད་དང༔ སྤྱི་གཙུག་ཆེ་ཆུང་གཡས་གཡོན་དུ༔ བདུད་སྒོ་རྣ་བའི་ནང་རྩ་བསྲེག༔ ལག་པ་དཔུང་འཇུམས་རད་ན་བསྲེག༔ སྤྱིར་དུ་དྲུག་བདུན་དཀར་ནག་མཚམས༔ ཤ་སུལ་རྩ་ཡི་འབྲོས་སྲང་བསྡམ༔ མཐའ་བཞི་མེ་ཡིས་རྟོད་ལ་མནན༔ རྩ་བོ་ཆེ་ལ་གནམ་ལྕགས་རྡེག༔ ཟས་སྤྱོད་དཀར་གསུམ་མངར་གསུམ་སྤང༔ མར་དང་ལན་ཚྭ་དྲོད་བཅུད་སྤང༔ རུལ་སུམ་སྐྱུར་གྱི་རིགས་ཆ་སྤང༔ རྔ་སྒྲ་གཤང་སྒྲ་སེར་བུ་སྤང༔ སྒ་སྒོག་ཚ་བའི་རིགས་ཆ་སྤང༔ མེ་ལྷོག་ཟན་དྲོན་ཉི་མ་སྤང༔ མེ་ཉིར་ལུས་པོ་བདུག་པ་སྤང༔ ཆུ་ལྷོག་ཆུ་སྒྲོལ་ཆུ་འཐུང་སྤང༔ ས་ལྷོག་སྤྱོད་ལམ་ངལ་དུབ་སྤང༔ སྒུལ་བསྐྱོད་ལུས་ཀྱི་རྩོལ་བ་རྣམས༔ ཐམས་ཅད་ཀུན་ལ་སྤང་བར་བྱ༔ རླུང་གི་རིགས་ལ་རླུང་མི་སྒོམ༔ མེ་ཡི་རིགས་ལ་མེ་མི་འདེབ༔ ཆུ་ཡི་རིགས་ལ་སྔགས་མི་གདབ༔ ས་ཡི་རིགས་ལ་ནད་མི་བྱ༔ བྱེ་བྲག་གློ་ལ་ཤོར་བ་ལ༔ གློ་དམར་ལྦུ་བ་སྐྱ་སོབ་ཡོང༔ སྨ་སྐམ་ལོང་སྲིན་འཁྲུ་བ་སྲིད༔ རྔམ་པ་རྒོད་ཅིང་རོ་སྟོད་རྒྱངས༔ ག་པུར་གུར་གུམ་ཅུ་གང་དང༔ ཤིང་མངར་ཤིང་རྩ་ཧོང་ལེན་དང༔ ཤུ་དག་ཐར་ནུ་ཆུ་སྦྱར་གཏང༔ སྙིང་ལ་ཤོར་ན་ལུད་པ་ལུ༔ མིག་རྩ་རྒོད་ཅིང་ཁྲོ་ཚུལ་སྟོན༔ གྱེན་ལ་མིག་ལྡོག་ཧོ་རེའི་མིག༔ འདར་ཞིང་གཉིད་འཁུན་བྱེད་པ་ལ༔ ག་པུར་བཟང་དྲུག་ཤིང་ཀུན་དང༔ སྙིང་བུ་ཞོ་ཤ་སྦྱར་ལ་གཏང༔ མཆིན་པ་ལ་ཤོར་གདོང་པ་སྨུག༔ མཁྲིས་པ་སྐྱུག་ཅིང་མིག་མི་འཛུམ༔ སྒུལ་བསྐྱོད་དཀའ་ཞིང་གསལ་དུ་ལུ༔ དོམ་དང་བ་སྤྱི་ཕག་རྒོད་མཁྲིས༔ བཟང་དྲུག་ཤིང་ཀུན་ཏིག་ཏ་རྣམས༔ འོ་མའི་རྟ་ལ་སྐྱོན་ལ་གཏང༔ མཁལ་མ་ལ་བབས་སྐྱིགས་བུ་མང༔ ཁ་ཆུ་སྣ་ཆུ་མང་དུ་འཛག༔ དེ་ལ་སྡིག་སྲིན་ཀ་ཀ་རུ༔ མཁལ་མ་ཞོ་ཤ་ཙམ་པ་དང༔ རྒྱ་ཚ་རུ་རྟ་ཀྱི་ལྕེ་དཀར༔ ཁ་རུ་ཚ་རྣམས་ཆུ་སྦྱར་གཏང༔ མཚེར་པ་ལ་བབས་སྒྲེགས་པ་འོང༔ དྲོད་ཆེ་ཁྲག་དང་ཆུ་སེར་འཛག༔ ལུས་ལྕི་གཟི་མདངས་དབང་པོ་ཉམས༔ དེ་ལ་བཟང་དྲུག་གི་ཝཾ་དང༔ གླ་བ་དོམ་མཁྲིས་སྦྱར་ལ་གཏང༔ བཞིན་སྔོ་ཁ་ཡོ་འཕོངས་ཁྲག་འཛག༔ སྲོག་པ་རྩ་ལ་ཤོར་བ་ཡིན༔ གླ་བ་གུ་གུལ་ཤིང་ཀུན་དང༔ ཨ་གར་ནག་པོ་ཆང་སྦྱར་གཏང༔ སྔགས་ནི༔ ཨཱོྃ་ཧུར་ཁྱུང་སོད་ལ་སོགས༔ གཞན་ཡང་མཆུ་སྔགས་བསྙེན་སྔགས་རྣམས༔ སྨན་དང་ཆུ་དང་ཟས་རྣམས་ལ༔ མང་བར་བཏབ་ལ་ལྟོ་རུ་གཏང༔ སྤྱི་གཙུག་མཐིལ་བཞི་ལྟེ་ཁུང་དང༔ གསང་བ་རྣམས་སུ་གདབ་པར་བྱ༔ སྐྲངས་ཀྱི་མཐའ་བསྐོར་དབུས་སུ་གསད༔ མགོ་བོ་སྐམ་ལ་འཕྲད་ལ་གདབ༔ ཉ་བཞི་རློན་པ་འཐུར་ལ་བདས༔ མང་ལ་བཟླས་ལ་དྲག་ཏུ་བཏབ༔ སྨན་དང་སྤྱོད་ལམ་སྔགས་རྣམས་ཀྱིས༔ གསོ་དཀའི་ནད་རྣམས་སོས་པར་བྱེད༔ ལྷོག་པ་ལས་རྣམ་པར་རྒྱལ་བ་ཞི་སྦྱོང་སྦྲགས་མ་ཞེས་བྱ་བ་མ་བས་ལྷག་པའི་བུ་ྀཨཚ༔ གག་པ་ལས་རྣམ་པར་རྒྱལ་བའོ།། ༈ བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ ནག་པོ་སུམ་སྒྲིལ་ཐོག་གི་མདའ༔ རྒྱུ་ལ་ཁྱད་པར་མེད་མོད་ཀྱང༔ འཕོག་སའི་འབེན་གྱིས་ཐ་དད་དེ༔ གནས་ཀྱིས་བསྒྱུར་བས་མི་འདྲ་འབྱུང༔ དབྱེ་ན་དཔག་ཏུ་མེད་མོད་ཀྱང༔ བསྡུ་ན་གཅེས་པའི་བུ་ལྔར་འདུས༔ གྲེ་བར་བབས་པའི་གག་པ་ལ༔ སྲུང་ཐབས་བཅོས་པ་རྣམ་པ་གཉིས༔ སྲུང་བ་མི་འཇིགས་སྟོབས་ལྡན་གྱིས༔ སྲུང་བ་ཕྱི་ནང་གསང་བ་གསུམ༔ རྡོ་རྗེ་ཁྲབ་རིང་རྒྱུད་དུ་ལྟོས༔ ཐུན་མོང་རྫས་ཀྱི་སྲུང་བ་ནི༔ མཁའ་ལྡིང་འདབ་ཆགས་གོ་བོའི་མཆུ༔ སྐེ་རུ་བཏགས་པས་གག་པ་ཐུབ༔ བརྟག་ཐབས་སྤྱི་དང་བྱེ་བྲག་གཉིས༔ དང་པོ་མགོ་ན་ལྕེ་འདར་ཁྱེར༔ བ་སྤུ་ལྡང་ཞིང་ཚིགས་བཞི་ན༔ ལྕེ་མདོག་སྐྱ་སེར་ལྕེ་ཆུང་འབབ༔ ལྕེ་ལྐོག་ན་ཞིང་གཏམ་སྨྲ་དཀའ༔ ཟས་ཀྱི་མི་ཐར་སྐོམ་པ་བསྲེ༔ བྱེ་བྲག་གནས་དང་རིགས་ཀྱི་དབྱེ༔ གནས་ནི་སྟོད་སྨད་བར་གསུམ་སྟེ༔ ཡར་གྱི་རྫོང་དང་མར་གྱི་རྫོང༔ ལྐུག་པ་རྣམ་གཉིས་མཁན་པའི་ཚང༔ ཡར་རྫོང་སྟོད་ཡིན་སིང་སིང་ཁྲོད༔ མར་རྫོང་སྨད་ཡིན་རྐང་མཐིལ་སྦུབས༔ ལྐུག་པ་བར་ཡིན་གཡས་གཡོན་གཉིས༔ དེ་ལ་སྐད་ཀྱིས་དབྱེ་བ་འབྱུང༔ སྟོད་ཁག་མངར་ལ་སྨད་ཁག་སིང༔ སྨད་ཁག་བཤལ་ཤ་རྐང་པའི་དགྲ༔ དེས་ཀྱང་ཉམས་སུ་མ་ལོན་ན༔ ཡར་གྱི་རྫོང་ལ་བབས་པའི་རྟགས༔ མིག་དམར་གྱེན་ལ་བཟློག་ན་ཡིན༔ མ་ཐུབ་ཀླད་པའི་རྒྱས་ལ་འཆོར༔ ཁྲག་ཆུ་སྣ་ནས་བབས་ན་ཡིན༔ ལྐུག་པ་གཉིས་སུ་བབས་པའི་རྟགས༔ གྲེ་བ་སྐད་འགགས་ཟས་མི་ཐར༔ མ་ཐུབ་གློ་བ་དབུགས་ལ་འཆོར༔ གློར་སོང་སྐད་ངན་སྣ་ཡང་ཞོམ༔ མར་གྱི་རྫོང་ལ་བབས་པའི་རྟགས༔ མིག་ནི་མདུང་ཚུགས་ཧ་རེ་བལྟ༔ ཟུག་གཟེར་ཆུང་ཡང་དབུགས་མི་ཐོན༔ མ་ཐུབ་རྩ་དང་སྙིང་ལ་འཆོར༔ ལྕེ་ཐུང་མིག་གི་གཟི་མདངས་ཉམས༔ ཡན་ལག་གཡོབ་ཅིང་ཤེས་པ་གསལ༔ མ་མཐོང་སྒྲ་རྟགས་ངོས་འཛིན་ཡིན༔ མིང་ཐོགས་རིགས་ཀྱི་དབྱེ་བ་ནི༔ སྟོད་སྨད་བར་གསུམ་གར་བྱུང་ཡང༔ རིགས་ནི་ལྔ་ལས་མ་འདས་ཏེ༔ རྐྱེན་པ་གདོན་གྱི་ཁ་དོག་དྲུག༔ རིགས་ནི་ཕ་མ་བུ་དང་གསུམ༔ ཡམ་ཁམ་བུ་འི་རིགས་དང་ལྔ༔ ཕ་རིགས་ཚད་པ་ས་ཡིས་བསྐྱེད༔ ཟན་ལ་སྲན་མ་བཏབ་པ་འདྲ༔ མ་ཐུབ་སྐར་ཆེན་བཞིན་དུ་འགྲོ༔ མ་རིགས་མེ་དང་ཁྲག་གིས་བསྐྱེད༔ རྒྱ་ཕོར་ཁ་ནི་སྦུབ་པ་འདྲ༔ མ་ཐུབ་ལྕེ་རྐན་སྔོ་འམ་ནག༔ བུ་རིགས་ཆུ་དང་རླུང་གིས་བསྐྱེད༔ ཆུ་རླུང་འཐབ་པས་ཞོ་འབྲུམ་འདྲ༔ མ་ཐུབ་ཁ་བ་བབས་པ་བཞིན༔ ཡམས་ཁག་རླུང་དང་ཚད་པས་བསྐྱེད༔ ཐོར་བུ་ཤ་ཚ་བརྡོལ་བ་འདྲ༔ མ་ཐུབ་རལ་གྲི་ཤུབ་བྱུང་བཞིན༔ བུ་ཁག་དཀར་དམར་ནད་སྐྱས་བསྐྱེད༔ སྐྱ་ལ་ཁྲག་མེད་མཐའ་མ་སྐྲངས༔ གང་བཟླས་དང་པོའི་ཟས་ཀྱིས་ཐུབ༔ སྤྱིར་ནི་རིགས་ནི་གང་ཡིན་དང༔ རྐྱེན་ལ་གདོན་གྱིས་ཁ་དོག་བསྒྱུར༔ བདུད་ནག་བཙན་དམར་ས་བདག་སེར༔ ཀླུ་སྔོ་རྒྱལ་པོ་དཀར་པོ་ཡིན༔ མི་རིགས་དམ་སྲི་མཐའ་སྐྲངས་དམར༔ སྤྱིར་དུ་མོ་ལ་ཕོ་རིགས་གཉན༔ ཕོ་ལ་མོ་རིགས་གཉན་པ་ཡིན༔ གཡོན་དུ་ཟུག་ན་ཤིན་ཏུ་གཉན༔ ངེས་ཚིག་གསལ་བའི་སྒྲོན་མེ་ཡིན༔ གསོ་ཐབས་སྤྱི་དང་བྱེ་བྲག་གཉིས༔ སྤྱི་ལ་སྨན་དཔྱད་ཟས་སྤྱོད་སྔགས༔ སྨན་ལ་ཁོང་སྲུང་གསད་བཞུ་དང༔ དཔྱད་ལ་བཤལ་སྐྱུགས་འཇར་བ་གསུམ༔ ཟས་དང་སྤྱོད་ལམ་སྔགས་དང་གསུམ༔ ཕྱི་ལ་ལྷོག་པའི་སྐབས་དང་འདྲ༔ ཁོང་སྲུང་རྒྱུད་ལས་བྱུང་བ་བཞིན༔ གསད་པ་གུ་གུལ་རུ་རྟ་དང༔ ཤུ་དག་གསེར་ཐིག་གྲེ་བའི་སྨན༔ བཞུ་བ་རྒྱ་ཚྭ་ཟེ་ཚྭ་དང༔ ཁ་རུ་ཚ་དང་མཚུར་གྱིས་འཇུ༔ དཔྱད་ལ་སྤང་རྒོད་དོ་རྒོད་པ༔ རྒྱ་ཚྭ་རྡོ་སོལ་ཨ་རུ་ར༔ མི་རུས་བསྲེགས་པའི་ཐལ་བས་དཔྱད༔ བཞུ་བསད་སྤྱད་པ་གསུམ་པོ་ནི༔ བྱ་ཐབས་ལྕེ་ནི་ཐུར་མས་མནན༔ སྦུ་གུའི་ནང་དུ་སྨན་བླུག་སྟེ༔ ཆེ་ཆུང་རན་པའི་ཕུ་ཡིས་བཏབ༔ ཐེབས་པས་སྐྱུག་པའི་གག་པ་སེལ༔ མིག་པས་སྐྲངས་པའི་གག་པ་འཇོམས༔ དེས་ཀྱང་སེལ་བར་མ་གྱུར་ན༔ དཔྱད་དུ་སྐྱུང་བུས་གག་པ་གཞར༔ བཞུ་གསད་སྨན་གྱིས་རྒྱ་ཡིས་གདབ༔ ཡང་ཅིག་སྦས་པའི་དཔྱད་མཆོག་ནི༔ གག་པ་སྐྱུག་ལ་མི་འདའ་བར༔ སྤྱང་ཚེར་ཤུ་དག་པོ་སོ་ཆ༔ ཐར་ནུ་གུ་གུལ་མདེའུ་བཏང༔ སྐྱུག་པའི་གག་པ་འཇོམས་པར་བྱེད༔ ལོག་གནོན་ཁྲུས་ཀྱི་བྱ་ཐབས་ནི༔ སྣ་ཁྲུས་ལྟོ་ཁྲུས་རྣམ་པ་གཉིས༔ ཡར་གྱི་རྫོང་ལ་ཤོར་བ་ན༔ འགྲོན་བུ་བོང་དཀར་གུ་གུལ་གཉིས༔ སུག་པ་རུ་རྟ་སྐྱུར་ཚུར་རྣམས༔ དྲི་ཆུ་སྦྱར་ལ་སྣ་ཁྲུས་བཏང༔ མར་གྱི་རྫོང་ལ་བྲོས་པ་ལ༔ ཐར་ནུ་ཆུ་རྩ་དུར་བྱིད་དང༔ གཉེན་པོའི་སྨན་ནི་བཏང་བར་བྱ༔ མེ་བཙའ་སྟོད་དུ་སྤྱི་གཙུག་ཏུ༔ བདུད་སྒོ་སྨིན་མའི་མཚམས་སུ་བསྲེག༔ དཔྱད་དུ་རྩེ་ཆུང་གཡས་གཡོན་དང༔ ཨོལ་མདུད་སྐེ་ཡི་ལྟེ་བར་བསྲེག༔ བྱེ་བྲག་ཚ་བས་བསྐྱེད་པ་ལ༔ རྒྱལ་བློན་གསུམ་མནན་བསིལ་དུ་སྦྱར༔ གྲང་བས་བསྐྱེད་པའི་གག་པ་ལ༔ ཤིང་ཀུན་སྲོད་ནག་དྲོད་ངར་བཏགས༔ དེ་ཡིས་གག་པའི་ནད་ལས་གྲོལ༔ ཨེ་མ་ཇོ་མོ་མཁར་ཆེན་བཟའ༔ སྨན་དཔྱད་ཟས་སྤྱོད་སྔགས་རྣམས་ཀྱིས༔ སོས་དཀའ་གག་པའི་ནད་སེལ་ནས༔ འགྲོ་བ་བདེ་ལ་འགོད་པར་ཤོག༔ གག་པ་ལས་རྣམ་པར་རྒྱལ་བ་ཞི་སྦྱོང་སྦྲགས་མ་ཞེས་བྱ་བ་མ་ལས་ལྷག་པའི་བུ་ྀཨཚ༔ བྱིན་ལོག་གི་སྔགས་ལ༔ ཨཱོྃ་ཏྲ་ཧོ་མ་ར་དུ་སྭཱ་ཧཱ༔ ཨཱོྃ་ཏྲི་ཏ་མ་ར་ཏི་སྭཱ་ཧཱ༔ ཨཱོྃ་ཏྲི་དུ་མ་ར་དུ་སྭཱ་ཧཱ༔ ཕག་རྒོད་བསྙེན་པ་ཞེས་ཀྱང་བྱ༔ རྟོག་མེད།་་་མཚོན་ཆའི་འཁོར་ལོ་འདི་མེད་ན༔ གཅེར་བུ་མདའ་ཁ་བྱེད་པ་འདྲ༔ གོ་མཚོན་མེད་པའི་དཔའ་བོ་འདྲ༔ དམག་གི་ལག་ཆ་མེད་པ་འདྲ༔ དེས་ན་འདི་ལ་གཅེས་པར་བྱེད་པ་གལ་ཆེ༔ ཕག་མགོ་ངོས་ཀྱི་རྩིབས་ལ༔ ཨཱོྃ་དྷེ་པ་ནན༔ ཀ་རུ་ནན་ཏེ་སད༔ གཉིས་པ༔ ཨཱོྃ་བྲམ་ཟེ་བྲཾ་སད༔ གཤོག་ཟི་གཤོག་སད༔ གསུམ་པ༔ ཨཱོྃ་ཞུ་ཟི་ཞུ་སད༔ གཤོག་ཟི་གཤོག་སད༔ བཞི་པ༔ ཨཱོྃ་གནམ་ལྕགས་རྡོ་རྗེ་ཁས་བྲཾ༔ གནམ་ལྕགས་རྡོ་རྗེ་མདའ་ལ་བྲཾ༔ ལྔ་པ༔ གནམ་ལྕགས་རྡོ་རྗེ་ཐིབས་སོད༔ ཨཱོྃ་ཕེ་ཁྱིམ་ནི་སྭཱ་ཧཱ༔ ལྟེ་བ་ལ་ཁྲོཾ་ལས༔ ཨཱོྃ་ཀ་རུ་ན་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ རྩིབས་མཆན་ལ༔ ཏདྱ་ཐཱ༔ ཨི་ལི་ག་བི་པ༔ ཨ་ཀི་སྭཱ་ཧཱ༔ ཏདྱ་ཐཱ༔ མ་ཧཱ༔ གྷ་ཡ་མ་ཧཱ་ལི་ཧ་བདག་ལ་ཛཱ་རན༔ ཏདྱ་ཐཱ༔ ག་ན་གྷུ་ནི་ཨཱརྻ་སྭཱ་ཧཱ༔ ཏདྱ་ཐཱ༔ ཀནྡྷེ༔ ཀན་རྩ༔ རྩན་དྷ༔ ཨཱརྱ་སྭཱ་ཧཱ༔ རབ་གནས་ནི༔ འཁོར་ལོ་མདུན་དུ་བཞག་ལ༔ སྭཱ་བྷཱ་བས་སྟོང་པར་བསམ༔ དེའི་ངང་ལས་འཁོར་ལོ་ཕག་པ་ནག་པོ་སྤུ་རྩེ་ཁམ་ཡག་པ་གཅིག་ཏུ་བསམ་ལ༔ རང་ཡང་ཕག་པ་ནག་པོ་གཅིག་ཏུ་བསམ༔ རང་གི་སྙིང་ག་ནས་ཕག་པ་དཀར་པོ་ཕྱེད་ཐོན་པ་གཅིག་བསྒོམ༔ དེ་ཡེ་ཤེས་སེམས་དཔའ་ཡིན༔ སྔགས་ཚར་དྲུག་པོ་ཚར་ཉི་ཤུ་རྩ་གཅིག་བཟླས༔ རྟེན་འབྲེལ་སྙིང་པོ་ཉེར་གཅིག་གིས་མེ་ཏོག་ལ་སྔགས་ལ་གཏོར༔ སྣོལ་མར་ཁ་སྦྱོར༔ ལུས་ལ་ཚིལ་ཆེན་བྱུག༔ ྀཨཚ༔ འཆི་གསོས་བདུད་རྩི་ལྷ་ལ་ཕྱག་འཚལ་ལོ༔ རྟ་རུ་བ་ཆ་གཅིག་ལ༔ དེའི་ཕྱེད་ཐུབ་རྒྱ་ཚྭ་དང༔ དེའི་ཕྱེད་ཐུབ་གི་ཝཾ་དང༔ ཞིབ་བཏགས་རིལ་བུ་སྲན་མ་ཙམ༔ གཅིག་གཉིས་གསུམ་སོགས་ནད་པ་རྒན་གཞོན་དར་མ་རྣམས་ལ༔ ལུས་ཟུངས་དག་དང་སྦྱར་ལ་གཏང༔ ཟུག་ཆག་ཤེས་པ་ཟི་གྱུར་ན༔ མར་དཀར་བཏབ་པའི་ཚོད་མ་སྦྱིན༔ ཚ་སྲིན་གྲང་སྲིན་བརྟག་མི་དགོས༔ སྲིན་འཇོམས་བདུད་རྩི་སུམ་སྦྱོར་ནི༔ ཕོ་ལོག་འབུ་སྣ་མངལ་སོགས་པའི༔ སྲིན་ནད་རྣམས་ཀྱི་གཉེན་པོ་ཡིན༔ འཆི་བདག་འཇོམས་པའི་དཔའ་བོ་ཡིན༔ ྀཨཚ༔ ༄༅༔ རྡོ་རྗེ་ཁྲབ་རིང་གི་ཆ་ལག་བུ་བདུན་བཞུགས༔ སློབ་དཔོན་པདྨ་འབྱུང་གནས་ལ༔ མངའ་བདག་མུ་ཁྲི་བཙན་པོ་ཡིས༔ གསེར་གྱི་མཎྜལ་ལ་གཡུའི་ཚོམ་བུ་བཀོད་དེ་ཕུལ་ཕྱག་འཚལ་ནས་ཞུས་པ༔ སློབ་དཔོན་ཆེན་པོ་སྤྲུལ་པའི་སྐུ༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ ལྷོག་པ་དཀར་ནག་དར་ནས་སུ༔ སྐྱེ་འགྲོའི་སྲོག་གཅོད་སྲུང་བར་མཆིས༔ དེ་ལ་ཐབས་དང་སྲུང་བ་ཞུ༔ ཞུས་པས༔ སློབ་དཔོན་གྱིས་བཀའ་བསྩལ་པ༔ དེ་སྲུང་བ་ལ་རྫས་དང་སྔགས་ཀྱི་སྲུང་བ་ཡོད་གསུང་ནས་གནང་ངོ༔ རྫས་ཀྱི་སྲུང་བ་ལ་རིགས་གསུམ་ཡོད༔ ཙནྡན་གླ་རྩི་ཤིང་ཀུན་གསུམ༔ ཞིབ་བཏགས་ཕུར་ཏེ་སྐེ་ལ་བཏགས༔ ལྷོག་པ་སྲུང་བའི་མཆོག་ཡིན་ཏེ༔ རྫས་ཀྱི་དྲི་མ་ཡལ་བར་ཐུབ༔ ཐེ་མི་ཚོམ་པས་ཤིན་ཏུ་ཟབ༔ ྈྈྈ ཡང་མིའི་ཤ་དང་ཚིལ་བུ༔ བཙན་དུག་ག་པུར་གླ་རྩི་ཕུར་མ་བྱས་ཏེ༔ དཔུང་པ་གཡོན་ལ་བཏགས༔ སྲུང་བའི་མཆོག་ཡིན་ཟབ༔ ྈྈྈ ྈྈྈ ག་པུར་བོང་ང་ཤུ་དག་གསུམ༔ ག་པུར་གྱིས་ལྷོག་པ་དཀར་པོ་ཐུབ༔ བོང་ངས་ནག་པོ་ཐུབ༔ ཤུ་དག་གིས་ཁྲ་བོ་ཐུབ༔ ཕུར་མ་སྐེར་བཏགས་ན་དྲི་མ་ཡལ་བར་དུ་ཐེ་ཚོམ་མེད༔ ཟབ་རྒྱ༔ ྈྈྈ ྈྈྈ འ྅ཾ༔ ཡང་གག་ལྷོག་ལ་སོགས་རིམས་སྲུང་ན༔ རྒྱ་ཚྭ་དང་རྟ་བོན་པོ་ཞིབ་བཏགས་ཕུར་མ་བཏགས་ནའང་ཐུབ་བོ༔ ཟབ་རྒྱ༔ ྈྈྈ ྈྈྈ ཡང་རིམས་ནད་སྲུང་ན༔ གུ་གུལ་ནག་པོ༔ སླེ་ཏྲེས༔ ཉུངས་དཀར༔ མི་རུས༔ མི་ཁྲག༔ སྒོག་སྐྱ༔ གླ་རྩི༔ དེ་རྣམས་ཕྱེ་མའམ༔ རིལ་བུ་བྱ་སྟེ་སྐེར་བཏགས་པས་ཐུབ་བོ༔ ཟབ་རྒྱ༔ ྈྈྈ འ྅ཾ༔ གུ་རུ་ལ་ན་མོ༔ རྡོ་རྗེ་ཁྲབ་རིང་གི་ཤོག་རིལ་བདུན་བྱ་བ༔ སློབ་དཔོན་པདྨས༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་གདམས་པ༔ ནད་རིམས་སྲུང་བའི་ཤོག་དྲིལ་བདུན་པོ་འདི་ནི༔ སྙིགས་མའི་དུས་སུ་དགོས་པས་སྙིང་ལ་ཕུར་ཅིག་གསུངས༔ ཟབ་རྒྱ༔ རྒྱུག་འགྱེལ་ནག་པོ་གསུམ་སྒྲིལ་གྱི་སྲུང་བ་ལ༔ གླ་བ༔ སྨན་ཆེན༔ ཤུ་དག༔ མུ་ཟི༔ སྤྲུ་ནག༔ གུརྒུམ་བྱུགས༔ ཨཱོྃ་ཚི་རྟུལ་རྟུལ་རྨུག་ཤི་ཤི་ཧྲཱིཿཏྲཾ་ཙཀྲི་སད་རྦད་ཧ་ལ་བྷ་ཡེ་སརྦ་མཱ་ར་ཡ་རྦད༔ ཅེས་ཟབ༔ ཚད་རིམས་སྲུང་བ་ལ༔ ར་ཁྲག་དང་དུག་སྣ་བྱུགས༔ ཧ་ས་བྷ་ས༔ ཡཾ་རྦད་དེ་རྦད༔ ས་རི་རྦད་སྭཱ་ཧཱ༔ ཏདྱ་ཐཱ༔ ཨཱོྃ་ཨི་ལི་མི་ཏི་མི་ལི་ཧ་ནི༔ ཨུ་ཧ་ནི༔ ཛྷ་ར་བྷ་ན་མི༔ ཨཱོྃ་ཀན་བྷི་ཀན་ཙ༔ ཐ་ཀུ་ནི་ར་ས་ཛྷ་ར་བ་ཧཱུྃ་ཕཊ་སྭཱ་ཧཱ༔ ཟབ་རྒྱ་རྒྱ༔ རྒྱུ་གཟེར་སྲུང་བ་ལ༔ ཐོག་རུས༔ གླ་བ༔ མུ་ཟི༔ སྟག་ཤ༔ སྤྲུ་བ་བྱུགས༔ ཨཱོྃ་མཱ་ར་རྦད་ཏམ་སརྦ་བྷ་ར་དུ་ན་ན་ཤ་ཡ་ཕཊ་སྭཱ་ཧཱ༔ ཟབ་རྒྱ༔ བྱིན་ལོག་སྲུང་བ་ལ༔ སྤྲུ་ནག༔ མུ་ཟི༔ བོང་ང༔ ཐར་ནུ་བྱུགས༔ ཨཱོྃ་ར་ཙ་ཧ་རི་ནཾ༔ མ་རུ་དུ་ཏྲི་ཡཾ་རྦད༔ ཏྲི་རྦད་ཤ་ཡམ་ཀྲམ་རྦད་བྷྱོ༔ སྔགས་ཆུ་ཁོང་དུ་གཏང༔ ཟབ་རྒྱ༔ རྒྱ་ནད་མིག་སེར་སྲུང་བ་ལ༔ མཐིང་ཤོག་ལ་ར་ཁྲག་གིས་བྲིས་ལ༔ མི་གྲིར་བསད་པའི་ལྤགས་པས་བསྟུམ༔ ཨཱོྃ་ཚལ་དུ་ཚལ་དུ་སོད༔ བྷ་ཏ་ན་ཤ་ཡ་ན་ཤ་ཡ༔ ཏྲིང་ཛ་ཏྲིང་ཛ༔ བྷ་ཏ་ཕཊ་སྭཱ་ཧཱ༔ ཟབ་རྒྱ༔ གག་ལྷོག་སྲུང་བ་ལ༔ གུ་གུལ༔ གླ་རྩི༔ ཤུ་དག༔ མུ་ཟི་བྱུགས༔ ཨཱོྃ་ནཱ་ག་ས་རུ་ས་ཧ་སེ་ནོས་སོད༔ གྷ་ལ་ཁ་ཁྱུར་རྦད༔ ཟབ་རྒྱ༔ འབྲུམ་ནག་གི་སྲུང་བ་ལ༔ བཙན་དུག༔ ཕག་ཁྲག༔ བྱ་རོག་གི་ཁྲག་བྱུག་གོ༔ ཧ་ར་བྷ་རླབ་ལ་ར་ཙ་ཏུར་ཕཊ་རྦད༔ རཾ་ཤི་ཁས་རྒྱ་ཡ་ཀརྨཱ་བྷི་ཏི་པུ་ཐ་རྦད་རྦད༔ གླ་བ་མུ་ཟི་ཤུ་དག་བྱུགས༔ ཟབ་རྒྱ༔ སྲུང་བ་འདི་ལས་ཟབ་པ་མེད༔ དེ་ཕྱིར་རིན་ཆེན་གཏེར་དུ་སྦོས༔ ཕྱི་རབས་ལས་ཅན་རིགས་ཀྱི་བུ༔ རྒོད་ཀྱི་ལྡེམ་འཕྲུ་ཅན་ལ་གཏོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ྈྈྈ ྈྈྈ ྈྈྈ ཟང་ཟང་ལྷ་བྲག་གི་རྐེད་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་གདན་དྲངས་པའོ།། །། ༄༅༔ གསང་མཚན་ཐུགས་ཀྱི་སྒྲུབ་པ་ལས༔ རིགས་གསུམ་མགོན་པོའི་སྲུང་བ་བཞུགས་སོ༔ སྲུང་བའི་ལྷ་དཔའ་བོ་གསུམ་ལ་ཕྱག་འཚལ་ལོ༔ སྙིགས་མའི་དུས་སུ་སེམས་ཅན་ལ་ནད་ཀྱི་བར་ཆད་འབྱུང་སྟེ༔ དེ་སྲུང་བའི་མན་ངག་བྱ་སླ་ལ་ཚེགས་ཆུང་བ་ནི༔ ཡུང་བ་རྡོག་པོ་གཅིག་འཇམ་དཔལ་དུ་བསྒོམ༔ ཤུ་དག་རྡོག་པོ་གཅིག་སྤྱན་རས་གཟིགས་སུ་བསྒོམ༔ བོང་ང་རྡོག་པོ་གཅིག་ཕྱག་རྡོར་དུ་བསྒོམ༔ སྔགས་བརྒྱ་རྩ་རེ་རྒྱབ༔ ཨཱོྃ་ཐིམ་ཐ་ར་ཏི་ས་དུན་ཏེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ཞེས་བཏབ་ནས༔ ཐུམ་ཀོག་ཀྱང་དཀར་སེར་ནག་པོ་གསུམ་ལ་བྱས་ཏེ་ལུས་ལ་བཅངས་ན༔ ནད་གདུག་པ་ཅན་གྱིས་མི་ཕོག་ཅིང་རྒྱུན་གྱི་སྲུང་བ་ཆེན་པོར་འགྱུར་རོ༔ གནམ་བབས་ཀྱི་ནད་བསྲུང་བའི་ལེའུ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྲུལ་པའི་ཁྱུང་ཆེན་ལ་ཕྱག་འཚལ་ལོ༔ རྒྱ་ཤོག་ཀ་རི་ཀ་དག་ལ༔ གསེར་དང་མཚལ་དང་རྒྱ་སྣག་གིས༔ ཨཱོྃ་ཚི་རྟུལ་རྟུལ་རྨུག་ཤི་ཤི་ཧྲཱིཿཏྲཾ་ཙཀྲི་སད་རྦད༔ ཧ་ལ་བྷ་ཡེ་སརྦ་མཱ་ར་ཡ་རྦད༔ རང་ཉིད་ཁྱུང་དུ་བསྒོམས་བྱས་ལ༔ ཤུ་དག་གླ་བ་མུ་ཟི་དང༔ སྤྲུ་ནག་གུ་གུལ་བོང་ང་དང༔ ཤིང་ཀུན་སྦྱར་བའི་རྩ་ནན་བྱ༔ སྔགས་དེ་བཟླས་ཤིང་མགུལ་དུ་བཏགས༔ རིམས་གསེབ་མི་འགྲིམ་དབེན་པར་སྡོད༔ ཐོས་པ་སྒྲ་ལ་བརྟེན་ནས་རིམས་འཇུག་པ་བསྲུང་བའི་ལེའུ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྷ་ཆེན་སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ༔ གང་ཞིག་ཡུལ་ཕྱོགས་རིམས་ནད་ཀྱིས༔ འཁོར་ནས་ནད་རིམས་ཕོག་པའི་གསེབ་ཏུ་འགྲོ་དགོས་ན༔ ཅོང་ཞི་བཟང་པོ་ཕུལ་གང་ཁྲོམ་ཁྲོམ་བརྡུངས་ཏེ༔ ཆུ་བྲེ་གང་བླུགས་ལ་མེ་ལ་གདུ༔ མ་འདྲེགས་ཙམ་ལ་ཁུ་བ་བཞུར་ཏེ༔ ག་པུར་བཏབ༔ དེ་ནས་སྔ་དྲོ་དང་པོ་རོ་རྐྱང་གཉིས་ཀྱི་རླུང་གང་ནས་འགྲིམ་པ་བལྟས་ལ༔ གང་ནས་འགྲིམ་པ་དེའི་ཕུག་ན་རྩ་ཀུན་ཏུ་རྒྱལ་བ་བྱ་བ་ཁ་གདང་སྟེ་ཡོད༔ དེ་ནས་ནད་དང༔ རིམས་དང༔ གདོན་དང༔ གྲིབ་དང༔ རྫི་དུག་ཐམས་ཅད་དང་པོ་རྩ་དེ་ནས་འཇུག༔ དེ་ནས་ལུས་ཐམས་ཅད་ལ་ཁྱབ་པར་འགྲོ་སྟེ༔ དེ་སྨིན་ནས་རྐྱེན་ཆེན་པོར་འགྲོ་བས༔ རྩ་སྒོ་དགག་པའི་ཕྱིར༔ ཅོང་ཞིའི་ཆུ་ལ་ག་པུར་བཏབ་པ་དང༔ རང་གི་དྲི་ཆུ་དྲོད་མ་ཡལ་བ་ལ་ལག་མཐིལ་དུ་བླུགས་སྟེང༔ སྣའི་དབུགས་གྱེན་དུ་དྲག་པོར་དྲངས་ཏེ༔ རྩ་སྒོ་དེར་ཕོག་སྟེ་ཁེགས་སོ༔ ཁེས་པའི་རྟགས་སུ༔ དར་གཅིག་ཁྲི་ཟེར་ཁྱེར་ཡོང༔ དེ་ནས་སྤང་རྒྱན་དཀར་པོ་དང༔ ཨུཏྤལ་སྔོན་པོ་དང༔ ཛཱ་ཏི༔ གུར་གུམ༔ ན་ག་གེ་སར༔ ཙནྡན་སྨུག་པོའི་མར་ཁུ་རྣམས་སྦྱར་ལ༔ དེའི་དུ་བས་སྣ་བུག་གཉིས་ཀ་བདུག་གོ༔ དེས་གློ་བུར་གྱི་ཕོག་ཐུག་དྲག་པོ་དང༔ སེར་བ་བབས་པ་དང༔ རིམས་དལ་དྲག་པོའི་གསེབ་ཏུ་འགྲོ་བ་དང༔ དུ་བ་རླུང་ཞོན་གྱི་དུག་དྲག་པོ་ཕོག་པ་དང༔ ཉེས་པ་ཐམས་ཅད་ཉིན་ཞག་གཅིག་ཏུ་སེལ་ནུས་སོ༔ ཕྱིན་ཆད་ཅོང་ཞི་ཆུ་སྣོད་བཟང་པོར་མཉེས་བྱས་་་ཆུ་མེད་ན་ཅོང་ཞི་བཏུལ་མ་བཟང་པོས་ཀྱང་རུང་།ནངས་རེ་བཞིན་མ་ཆག་པར་བྱའོ༔ རིམས་གསེབ་ཏུ་འགྲོ་བ་ལ་ནད་ཀྱིས་མི་ཕོག་པར་བྱ་བའི་ལེའུ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ༔
ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་བརྒྱུད་འདེབས་འཆི་མེད་གྲུབ་སྟེར་ (Volume 9, Text 7)
ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་བརྒྱུད་འདེབས་འཆི་མེད་གྲུབ་སྟེར་ཞེས་བྱ་བ་བཞུགས་སོ། །སྣང་མཐའ་ཚེ་དཔག་མེད་མགོན་པདྨ་འབྱུང་། །ཡེ་ཤེས་མཚོ་རྒྱལ་རྡོ་རྗེ་ཐོགས་མེད་རྩལ། པདྨ་ཕྲིན་ལས་གཏེར་བདག་གླིང་པ་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །ངག་དབང་ཀླུ་སྒྲུབ་ངག་དབང་འཇིགས་མེད་ཞབས། །འགྱུར་མེད་མཆོག་གྲུབ་པདྨ་ཚེ་དབང་རྩལ། །འཇིགས་མེད་གོ་ཆ་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །དཀྱིལ་འཁོར་གཙོ་མཆོག་པདྨ་ཚེ་དཔག་མེད། །རིགས་ལྔ་ཐོད་ཕྲེང་ཡབ་ཡུམ་སྤྲུལ་པའི་གར། །ཡི་དམ་མཁའ་འགྲོ་ཆོས་སྲུང་གཏེར་བདག་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །སྲིད་ལས་ངེས་འབྱུང་བྱང་ཆུབ་སེམས་གཉིས་འབྱོངས། །རྡོ་རྗེའི་སློབ་དཔོན་ཚུལ་བཞིན་བསྟེན་པ་དང་། །རྒྱུད་སྨིན་དམ་ཚིག་སྲོག་བཞིན་སྲུང་བར་ཤོག །བསྐྱེད་རིམ་ཟབ་མོས་ཅིར་སྣང་ལྷ་སྐུར་ཤར། །རླུང་སེམས་དབང་ཐོབ་དགའ་བཞི་དབུ་མར་རྫོགས། །ཀ་དག་ལྷུན་གྲུབ་རྡོ་རྗེའི་གསེང་ལམ་ནས། །འཆི་མེད་ཡེ་ཤེས་འགྲུབ་པའི་བཀྲ་ཤིས་སྩོལ། །ཅེས་རྒྱ་ཅན་ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་བརྒྱུད་འདེབས་འདིའང་། འཇམ་མགོན་བླ་མ་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་ལས་གདམ་པའི་བདུད་རྩི་ཐོབ་པ་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ། །།
ཟབ་བདུན་རྩ་གསུམ་ཚེ་ཟབ་ལས༔ དབང་གི་མཁའ་འགྲོའི་བཀའ་སྲུང་ (Volume 53, Text 7)
༁ྃ༔ ཟབ་བདུན་རྩ་གསུམ་ཚེ་ཟབ་ལས༔ དབང་གི་མཁའ་འགྲོའི་བཀའ་སྲུང་བཞུགས་སོ༔ ྈྈ རྩ་གསུམ་ལྷ་ལ་གུས་པས་འདུད༔ དེ་ཡི་ལས་སྦྱོར་དབང་སྡུད་ཀྱི༔ བཀའ་སྲུང་རྣོ་བའི་ལས་སྦྱོར་ནི༔ སྲིད་པའི་རྟགས་འདྲའི་བྲག་གི་ཞོལ༔ མཎྜལ་ཟླ་གམ་ཉིད་དུ་བྱ༔ སྟེང་དུ་ཟླ་གམ་སྒོ་གཅིག་ནང༔ པདྨ་འདབ་བཞིའི་ཟེའུ་འབྲུ་ལ༔ ཉི་གདན་ལྕགས་ཀྱུ་དམར་པོ་དང༔ ཞགས་པ་རྟགས་ཀྱིས་མཚན་པ་བྲི༔ གཏོར་མ་ཤིང་གི་ཐོག་བུ་ལྟར༔ དམར་པོ་སྤོད་ཀྱིས་བྲན་པ་ལ༔ སྐུ་གཟུགས་འཛུག་ཅིང་དར་གདུགས་ཕུབ༔ སྲིད་པའི་ལིངྒའི་གཟུགས་ཀྱིས་བརྒྱན༔ ཕྱི་ནང་གསང་བའི་མཆོད་པ་བཤམ༔ མདུན་དུ་ལྷ་ཡི་ཞིང་ཁམས་དབུས༔ པདྨ་རཱ་ག་ལས་གྲུབ་པའི༔ ཕོ་བྲང་ཟླ་གམ་སྒོ་གཅིག་ནང༔ པདྨ་འདབ་བཞི་དབུས་དང་ལྔར༔ ཉི་མའི་གདན་ལ་ཧྲིཾ་དམར་པོ༔ འོད་འཕྲོས་ཁམས་གསུམ་དབང་དུ་སྡུད༔ ཡོངས་གྱུར་ལྷ་ཆེན་དབང་ཕྱུག་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ ཞི་འཛུམ་ཆགས་པའི་ཉམས་རྒྱས་ཤིང༔ ཕྱག་གཡས་ལྕགས་ཀྱུས་ཁམས་གསུམ་འགུགས༔ གཡོན་པས་རླུང་ཞགས་སྲིད་གསུམ་འཆིང༔ ཨུཏྤལ་དམར་པོ་དར་དམར་སོགས༔ སྣ་ཚོགས་ཅོད་པན་རིན་ཆེན་དང༔ རུས་པའི་རྒྱན་དྲུག་མཛེས་པ་ཡིས༔ བརྒྱན་ཅིང་རལ་པའི་ཐོར་ཚུགས་ལ༔ ཟླ་བ་སྣ་ཚོགས་རྡོ་རྗེས་བརྒྱན༔ བཞེངས་ཐབས་རྟགས་ནི་འོད་ལྡན་བསྐྱེད༔ དེ་ཡི་གཡོན་དུ་ཨུ་མཱཿནི༔ དམར་གསལ་མཛེས་ཆགས་འཛུམ་པའི་མདངས༔ ཨུཏྤལ་དར་གྱི་ཅོད་པན་དང༔ རིན་ཆེན་དུ་མའི་རྒྱན་དང་ལྡན༔ ལྕགས་ཀྱུ་ཞགས་པ་འཛིན་པ་ཡིས༔ ཡབ་ལ་གདུང་བས་བརྩེ་བར་གནས༔ གཉིས་ཀ་གཟི་མདངས་འབར་བ་རུ༔ འོད་དམར་འཁྲིགས་པའི་དབུས་སུ་གསལ༔ ཕྱོགས་བཞིར་རིགས་བཞིའི་མཁའ་འགྲོ་རྣམས༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ འཛིན་ཅིང་དར་དང་རིན་ཆེན་བརྒྱན༔ མཛེས་ཤིང་ཆགས་པའི་ཉམས་རྒྱས་ཤིང༔ སྲིད་གསུམ་དབང་སྡུད་ཆེན་པོར་གསལ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་འབར༔ གཙོ་བོའི་ཐུགས་ཀའི་ཧྲིཾ་དམར་ལས༔ འོད་འཕྲོས་འཁོར་བཅས་སྤྱན་དྲངས་གྱུར༔ ཧྲཱི༔ སུམ་ཅུ་རྩ་གསུམ་ལྷ་ཡི་གནས༔ ཆོས་བཟང་ལྷ་ཡི་འདུན་ས་ནས༔ ལྷ་ཆེན་དབང་ཕྱུག་སྤྱན་འདྲེན་ན༔ སྔོན་གྱི་དམ་ཚིག་ཆེན་པོར་དགོངས༔ གནས་འདིར་མྱུར་དུ་གཤེགས་ནས་ཀྱང༔ འདོད་པའི་དོན་རྣམས་མཆིས་པར་མཛོད༔ ཨོཾ་མ་ཧཱ་དེ་བ་ཛཿཨུ་མཱཿདེ་བཱི་ཧྲིཾ༔ ཧ་རི་ནི་ས་བཛྲ་ས་མཱ་ཛ༔ ཧྲཱི༔ རིན་ཆེན་མཛེས་པའི་གཞལ་ཡས་འདིར༔ གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ སྤྱན་རས་གཟིགས་དབང་འཇིག་རྟེན་ཚུལ༔ ལས་རྣམས་སྒྲུབ་ལ་ཕྱག་འཚལ་ལོ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཛཿཧཱུྃ་བཾ་ཧོ༔ ཨ་ཏི་བྷཱུ་ཧོ༔ པྲ་ཏི་བྷཱུ་ཧོ༔ ཧྲཱི༔ དགྱེས་པ་བསྐྱེད་པའི་མཆོད་སྤྲིན་ནི༔ ཁྲུས་ཆབ་ཞབས་བསིལ་ཡིད་དུ་འོང༔ མེ་ཏོག་བདུག་སྤོས་སྣང་གསལ་དང༔ དྲི་ཆབ་ཞལ་ཟས་རོལ་མོའི་ཚོགས༔ འཁོར་ལོ་ནོར་བུ་བཙུན་མོ་དང༔ བློན་པོ་རྟ་གླང་དམག་གི་དཔོན༔ བཀྲ་ཤིས་རྫས་བརྒྱད་རྟགས་བརྒྱད་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་སོགས༔ སྲིད་པའི་འདོད་དགུ་མཆོད་པའི་སྤྲིན༔ ཡུལ་ལྗོངས་གནས་ཁང་དཀོར་ནོར་སོགས༔ མཛེས་པའི་ཁྱེ་འུ་ཕོ་མོ་རྣམས༔ མཛེས་ཤིང་ཡིད་འོང་རྒྱན་དང་ལྡན༔ དུག་ལྔ་དག་པ་ཡེ་ཤེས་རྫས༔ འཆི་མེད་བདུད་རྩི་ཨ་མྲྀ་ཏ༔ གདུག་པ་ཅན་རྣམས་བསྒྲལ་པའི་ཁྲག༔ ཁམས་གསུམ་ཀུན་གྱི་པདྨའི་བཅུད༔ དཔའ་བོའི་ཛ་གད་མྱོས་བྱེད་ཆང༔ འབྲུ་སྣ་ཚོགས་པའི་ཟན་དང་ནི༔ དཀར་གསུམ་མངར་གསུམ་ལ་ཕུད་དང༔ སྒོག་ཙོང་ཁུར་བ་འབྲས་ཆན་ཟན༔ ཤ་སྣ་སྤོད་དང་སྦྱར་པ་ཡི༔ ལོངས་སྤྱོད་གཏོར་མའི་མཆོད་པ་འབུལ༔ ཡིད་དུ་འོང་བ་བུ་མོའི་ཚོགས༔ རོལ་མོ་གླུ་གར་དང་བཅས་པས༔ རེ་རེ་བཞིན་དུ་ལྷ་ཆེན་གྱི༔ སྐུ་ལ་སྦྱོར་ཞིང་དགའ་བཞིས་མཉེས༔ སྟོང་ཉིད་རང་བཞིན་མེད་པ་སྟེ༔ མཆོད་བྱ་མཆོད་བྱེད་རོ་གཅིག་པས༔ སྤྲོས་མེད་སྤྲོས་པའི་མཆོད་པ་འབུལ༔ ཧྲཱི༔ འཇིག་རྟེན་དབང་ཕྱུག་སྙིང་རྗེའི་རོལ་པ་ལས༔ ཁམས་གསུམ་དབང་སྒྱུར་ལྷ་ཆེན་གར་གྱི་དབང༔ སྲིད་གསུམ་དབང་སྡུད་སྐུ་མདོག་དམར་ལ་འཚེར༔ ཞི་མ་ཁྲོ་ལ་སྒེག་པའི་ཉམས་ལྡན་པ༔ རལ་པའི་ཐོར་ཚུགས་ཟླ་ཕྱེད་རྡོ་རྗེས་སྤྲས༔ ཕྱག་གཡས་སྲིད་གསུམ་འགུགས་པའི་ལྕགས་ཀྱུ་དང༔ གཡོན་པ་ཞགས་པས་ཁམས་གསུམ་མ་ལུས་འཆིང༔ རིན་ཆེན་མེ་ཏོག་དར་དང་རུས་པས་བརྒྱན༔ ཞབས་གཉིས་བཞེངས་སྟབས་རྟགས་སྒྲེང་འོད་འབར་བ༔ ཡུམ་ཆེན་ཨུ་མཱར་རྟག་ཏུ་བརྩེ་བཞིན་པས༔ སྲིད་པའི་མེས་པོ་སྟོང་གསུམ་དབང་སྡུད་པ༔ ལྷ་ཆེན་པདྨ་གར་དབང་ཁྱོད་ལ་བསྟོད༔ ལྷ་ཆེན་དགྱེས་ཡུམ་ཨུ་མཱཿདེ་བཱི་ནི༔ དམར་གསལ་ཆགས་ཉམས་ལྕགས་ཀྱུ་ཞགས་པ་ཐོགས༔ རིན་ཆེན་ཨུཏྤལ་རྒྱན་ལྡན་ཡབ་ལ་བརྩེ༔ ཁམས་གསུམ་ཡིད་འགུགས་མ་ལ་ཕྱག་འཚལ་བསྟོད༔ འཁོར་གྱི་ལས་བྱེད་མཁའ་འགྲོ་རྣམ་བཞི་ནི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་བསྣམས༔ འགྲོ་ཀུན་འགུགས་འཆིང་སྡོམ་མྱོས་ལས་ལ་བརྩོན༔ ཅི་བགྱིས་བཀའ་ཉན་ཚོགས་ལ་ཕྱག་འཚལ་བསྟོད༔ རང་ཉིད་ཡི་དམ་དུ་གསལ་བའི་ཐུགས་སྲོག་ལས་འོད་ཟེར་འཕྲོས་པས་ལྷ་ཆེན་གྱི་ཐུགས་ཀར་ཉི་མའི་སྟེང་དུ་ཧྲིཾ་གསལ་བ་ལ་འོད་ཟེར་དང་པོ་ཕོག་པས་ལྷ་ཆེན་དབང་དུ་བསྡུས༔ གཉིས་པས་དམ་ཚིག་དྲན༔ གསུམ་པས་དགྱེས་པ་བསྐྱེད༔ བཞི་པས་གང་དབང་དུ་བསྡུ་བའི་གནས་སུ་འོད་ཟེར་འཕྲོས་ཏེ་ཁབ་ལེན་གྱི་རྡོས་ལྕགས་བླངས་པ་ལྟར་དབང་དུ་བསྡུས་པར་བསམ་ལ༔ ཨོཾ་མ་ཧཱ་དེ་བ་ཛ༔ ཨུ་མཱཿདེ་བཱི་ཧྲིཾ་ཧ་རི་ནི་ས་སིདྡྷི་ཛ༔ རེ་རེ་ལ་ཡང་འབུམ་ཕྲག་བཟླས༔ དབང་དུ་འདུས་པའི་རྟགས་འོད་དམར་པོ་འཁྱུགས་པ་དང༔ དངོས་དང་ཉམས་སྣང་རྨི་ལམ་ལ་ལྷ་ཆེན་གྱི་སྐུ་མཐོང་བ་དང༔ ཁྱེའུ་མེ་ཏོག་དམར་པོས་བརྒྱན་པའམ་གོས་དམར་ཅན་གྱིས་ཟས་གཏད་པའམ་འདུད་པ་དང་དགའ་བའི་རྣམ་འགྱུར་སྟོན་པ་ནི་དབང་དུ་འདུས་པའི་རྟགས་ཏེ༔ གཞན་ཡང་དགྱེས་པའི་རྟགས་ནི་སྐུ་གཟུགས་རྙེད་པ་དང་ལྕགས་ཀྱུ་ཞགས་པ་བྱིན་པ་སོགས་དང༔ དབང་སྡུད་ཀྱི་ ལས་འགྲུབ་པའི་རྟགས་སུ་གོས་རྒྱན་དམར་པོ་བྱས་ལུས་ལ་ཉི་མ་ཤར་བ་རི་རྩེར་ཕྱིན་པ་དུང་འབུད་དར་ཕྱར་རོལ་མོ་དཀྲོལ་བ་ཁྲོམ་འདུས་ནས་ཕྱག་བྱས་པ་དབང་བསྐུར་ཆོས་བཤད་པ་ནོར་ཕྱུགས་མང་པོ་བསྡུ་བ་རྣམས་ནི་ལས་འགྲུབ་པའི་རྟགས་སོ༔ དེ་ནས་ཐུན་མཚམས་རྟགས་བྱུང་དུས་གཏོར་མ་གཟབ་པར་འབུལ་ཞིང་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ ཟླ་གམ་དམར་པོ་དབང་གི་གཞལ་ཡས་ནས༔ ལྷ་ཆེན་པདྨ་གར་གྱི་དབང་ཕྱུག་དང༔ ཡུམ་མཆོག་ཨུ་མཱཿདེ་བཱི་མཁའ་འགྲོ་བཞི༔ འཁོར་བཅས་འདོད་ཡོན་གཏོར་མ་འདི་བཞེས་ལ༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང༔ དགེ་འདུན་འདུ་ཞིང་ལོངས་སྤྱོད་རྒྱས་པར་མཛོད༔ ཁྱད་པར་ལྷ་ཆེན་འཁོར་དང་བཅས་པ་ཡི༔ སྲིད་གསུམ་འཆིང་བ་ཆགས་པའི་ཞགས་པ་དེས༔ གང་ལ་དམིགས་པ་དེ་ཡི་སྒོ་གསུམ་ཆིངས༔ ཁམས་གསུམ་འགུགས་པར་འདོད་པའི་ལྕགས་ཀྱུ་དེས༔ གང་ལ་དམིགས་པ་དེ་ཡི་སྙིང་སྒུལ་ལ༔ འདོད་པའི་ལོངས་སྤྱོད་བསམས་པའི་ལུས་ངག་ཡིད༔ མྱུར་བ་ཉིད་དུ་ད་ལྟ་ཉིད་དུ་ཁུག༔ ཁུག་པ་དེ་ཡང་སླར་ཡང་མི་ལྡོག་པའི༔ བདག་ལ་སྙིང་ལས་སྐྱེས་པའི་མཛའ་གདུང་གིས༔ མཐུན་རྐྱེན་སྒྲུབ་པའི་གྲོགས་དང་འཁོར་དུ་མཛོད༔ མཐུ་ནུས་བྱིན་རླབས་མཁྱེན་ལྡན་ལ་སོགས་པའི༔ མཁས་གྲུབ་རྣམས་ཀྱང་བདག་གི་དབང་དུ་སྡུས༔ ཆེ་དྲེགས་མངའ་དབང་བསྒྱུར་བའི་སྟོབས་ལྡན་དང༔ རྒྱལ་བློན་རྣམས་ཀྱང་བདག་གི་དབང་དུ་མཛོད༔ བསོད་ནམས་འབྱོར་པ་ལོངས་སྤྱོད་ལྡན་པ་ཡི༔ སྐྱེ་བོ་ཕོ་མོ་བདག་གི་དབང་དུ་མཛོད༔ དགེ་བཅུ་ལྡན་པའི་ཡུལ་ཁམས་ཡིད་འདོད་པའི༔ སྡེ་སྲིད་མངའ་རིས་བདག་གི་དབང་དུ་མཛོད༔ བདག་ལ་སྡང་བར་བྱེད་པའི་དགྲ་དང་བགེགས༔ གནོད་པར་བྱེད་རྣམས་ཐམས་ཅད་དབང་དུ་སྡུས༔ མངའ་འོག་བཀའ་འབངས་རྩིས་ལ་འབེབ་པར་མཛོད༔ གཟུགས་མཛེས་ཡིད་དུ་འོང་བའི་མཚན་དང་ལྡན༔ ཁྱེ་འུ་ཕོ་མོ་བདག་གི་དབང་དུ་སྡུས༔ ཤེས་རབ་ལྡན་ཞིང་བཙུན་པའི་རིགས་ལྡན་པའི༔ དགེ་འདུན་འདུས་པའི་ཚོགས་རྣམས་དབང་དུ་སྡུས༔ གཞན་ཡང་ཟས་ནོར་ལོངས་སྤྱོད་གང་དགོས་རྫས༔ ཕྱོགས་མཚམས་ཀུན་ནས་ད་ལྟ་ཉིད་དུ་སྡུས༔ ཐམས་ཅད་བདག་གི་དབང་དུ་འདུ་བ་ཡི༔ འདོད་པའི་རེ་བ་ཐམས་ཅད་སྐོང་དུ་གསོལ༔ ཞེས་འདོད་དོན་གསོལ་ཞིང་མཆོད་བསྟོད་བཟོད་གསོལ་བྱས་ལ༔ བཛྲ་མུས་རང་གནས་གཤེགས༔ ཟབ་ཅིང་གཉན་པས་བཀའ་རྒྱ་དམ་པར་བྱའོ༔ ས་མ་ཡ་རྒྱ༔ ྈྈ མཆོག་གྱུར་གླིང་པས་ནམ་མཁའ་མཛོད་ནས་སྤྱན་དྲངས་པའོ།། ྀཨཚ༔ ༁ྃ༔ ཟབ་བདུན་རྩ་གསུམ་ཚེ་ཟབ་ལས༔ པདྨ་མཁའ་འགྲོའི་བཀའ་སྲུང་གི་ཕྱི་ནང་གསང་སྒྲུབ་བཞུགས༔ ྈྈྈ རྩ་གསུམ་ལྷ་ལ་གུས་པས་འདུད༔ ལྷ་ཆེན་ཕྱི་སྒྲུབ་བསྟན་པ་ནི༔ དབང་གི་རྫས་གསུམ་བྱུགས་པ་ཡི༔ རས་ལ་གཙོ་འཁོར་སྐུ་རྣམས་ནི༔ བགེགས་སྦྱངས་བསྐྱེད་བསྟིམ་རབ་ཏུ་གནས༔ དཀྱིལ་འཁོར་དབུས་སུ་གཏོར་མ་བཤམས༔ དེ་ལ་མདའ་དར་དམར་པོ་ནི༔ ཟངས་ཀྱི་ལྕགས་ཀྱུ་མེ་ལོང་དང༔ ཞགས་པ་དམར་པོས་བརྒྱན་པ་འཛུགས༔ སྐུ་རྟེན་དེ་ཡི་མགུལ་དུ་བཏགས༔ རང་ཉིད་རྟ་མགྲིན་ཡབ་ཡུམ་བསྒོམ༔ བགེགས་བསྐྲད་མཆོད་པ་བྱིན་གྱིས་བརླབ༔ དེ་ནས་སྒྲུབ་ཐབས་ཕྲིན་ལས་བཞིན༔ ཚུལ་བཞིན་བསྒོམ་ཞིང་བསྙེན་པ་ཡི༔ དུས་སུ་ཡེ་ཤེས་དུ་མ་བསྟིམ༔ དབང་དུ་གྱུར་པའི་རྟགས་རྣམས་འབྱུང༔ ཕྲིན་ལས་བཅོལ་ཞིང་ཚོགས་འཁོར་བྱ༔ ས་མ་ཡ་རྒྱ༔ དེ་ནས་ནང་གི་སྒྲུབ་པ་ནི༔ རས་ལ་སྦྱང་འདུལ་ལེགས་པར་བྱ༔ སུ་ར་རྒྱ་སྐག་རྣམས་ཀྱིས་བྱུགས༔ གསེར་གྱི་འཁོར་ལོ་རྩིབས་བཞི་བྲི༔ དབུས་སུ་ཧྲིཾ་ཡིག་གཉིས་བརྩེགས་ལ༔ ཡབ་ཡུམ་གཉིས་ཀྱི་སྔགས་ཀྱིས་བསྐོར༔ རྩིབས་བཞིར་ཧ་རི་ནི་ས་བྲི༔ རྩིབས་མཆན་རྣམས་སུ་འདོད་པའི་དོན༔ ཁུག་ཛཿཧྲིཾ་སོགས་འདོད་གསོལ་དང༔ མུ་ཁྱུད་ལ་ཡང་འདོད་གསོལ་བྲི༔ ཕྱི་རོལ་ལྕགས་ཀྱུའི་ཕྲེང་བ་བྲི༔ འཁོར་ལོ་རབ་གནས་ཚུལ་བཞིན་བྱ༔ པདྨ་རཱ་ག་ཤེལ་དང་དུང༔ ཕ་ཝཾ་ལོང་རྡོ་ཁབ་ལེན་རྡོ༔ གཡུ་ཟངས་ལ་སོགས་ནང་དུ་བཏུམ༔ ལེ་བརྒན་དམར་པོས་ཕྱི་ནས་གཡོགས༔ སྐུད་པ་སྣ་ལྔས་རྒྱ་གྲམ་བཅིངས༔ ཟངས་ཀྱི་གྭའུ་ཟླ་གམ་ནི༔ རྟགས་ཀྱིས་མཚན་པའི་ནང་དུ་གཞུག༔ དེ་ཉིད་མདའ་ཡི་སྐེ་རུ་བཏགས༔ ཕྲིན་ལས་ཕྱི་སྒྲུབ་ལྟར་དུ་བྱ༔ དམ་གནས་དགྱེས་བསྐྱེད་དམིགས་པ་ཡང༔ དགྱེས་བསྐྱེད་ལྷ་མོའི་ཐུགས་ཀའི་ཛཿས༔ བཀུག་པས་དགྱེས་པར་གྱུར་པར་བསམ༔ རྟགས་རྣམས་བྱུང་ན་གོང་བཞིན་བྱ༔ ས་མ་ཡ་རྒྱ༔ དེ་ནས་གསང་བའི་སྒྲུབ་པ་ནི༔ སྨད་འཚོང་མ་བཞག་ྈྈྈ ྈྈྈྈྈྈྈྈྈྈ ྈྈྈྈྈྈགཉིས་ལ་བྲི༔ ཡབ་ཡུམ་གཉིས་ཀྱི་སྔགས་ཀྱིས་བསྐོར༔ སྦྱངས་ལ་བགེགས་བསྐྲད་བསྐྱེད་བསྟིམ་བྱ༔ འཁོར་ལོ་གཉིས་པོ་ཁ་སྦྱར་ལ༔ ཕོ་མོ་མཛེས་མའི་སྐྲ་ཡིས་དཀྲི༔ ལེ་བརྒན་དམར་པོས་ཕྱི་ནས་གཡོགས༔ ཟངས་ཀྱི་ལྕགས་ཀྱུ་ཞིག་གིས་མཚན༔ ཕོ་མོའི་ཐོད་བཟང་ཆང་གིས་བཀང༔ མར་གྱིས་བསྟུམས་ལ་དེ་རུ་གཞུག༔ ཐོད་པ་འབྲུ་སྨན་མངར་གསུམ་དང༔ དཀར་གསུམ་ཤིང་ཐོག་དབང་ཐང་ཅན༔ རྣམས་ཀྱི་ལག་ནས་བྱུང་བ་དང༔ ཕོ་མོ་མཛེས་མའི་མཛའ་བ་ཡི༔ ལག་ནས་བྱུང་བ་རྣམས་ཀྱིས་བཀང༔ ཐོད་པ་དར་གྱིས་གཡོགས་བྱས་ལ༔ ཚོན་སྐུད་སྣ་ལྔས་རྒྱ་གྲམ་བཅིངས༔ སྤོས་ཀྱིས་བདུག་ལ་གཏོར་མ་ཡི༔ འོག་ཏུ་མཉྫི་ཁ་རུ་བཞག༔ ཕྲིན་ལས་གོང་བཞིན་བཏང་ནས་སུ༔ བསྙེན་པའི་དུས་སུ་ཨུ་མཱའི་ཛཿས༔ ཡབ་བསྐུལ་དེ་ཡི་ཧྲིཾ་ཡིག་ལས༔ འོད་འཕྲོས་ཡུམ་གྱི་ཛཿལ་ཕོག༔ གཉིས་ཀ་ཆགས་པས་རབ་མྱོས་ཏེ༔ ྈྈྈྈྈྈྈྈྈྈྈ ྈྈྈྈྈྈ བཟོད་མེད་བདེ་བ་རྒྱས་པ་ཡི༔ ྈྈྈྈྈྈས་ནས་འོད་ཟེར་ནི༔ ལྕགས་ཀྱུའི་དབྱིབས་ཅན་འཕྲོས་པ་ཡིས༔ དམིགས་ཡུལ་རྣམས་ཀྱི་གསང་བ་ནས༔ ཞུགས་ཏེ་སྙིང་གར་ཧྲིཾ་དུ་གྱུར༔ ཐམས་ཅད་བསྡུས་ཏེ་དབང་དུ་བྱས༔ ཐོད་པའི་གཟུགས་ལ་ཐིམ་པར་བསམ༔ དེ་ཚེ་ལས་འགྲུབ་རྟགས་ཀྱང་འབྱུང༔ གཏོར་མ་ཚོགས་ཀྱི་མཆོད་པ་འབུལ༔ བསྟོད་ཅིང་ཕྲིན་ལས་བཅོལ་བར་བྱ༔ ས་མ་ཡ་རྒྱ་རྒྱ༔ ཞལ་ཤེས་ནི་ྈྈྈྈནང་དུ༔ བསྒྲུབ་བྱའི་ྈྈྈྈྈྈྈྈྈྈྈྈྈྈྈྈྈ ཕྱག་མཚན་བཞི་བཞི་བྲིས་པ་དར་གྱིས་བཀབ་ལ་སྐུད་པ་སྣ་ལྔས་བཅིངས་ལ་གཟུངས་དབུས་ཀྱི་ཐོད་པ་ལ་བཏགས༔ ཐུན་བར་ལ་བདེན་སྟོབས་བརྗོད་ལ་འགུགས་གཞུག་བྱའོ༔ ས་མ་ཡ་རྒྱ༔ གསང་རྒྱ༔ སྦས་རྒྱ༔ ཁ་ཐཾ༔ མཆོག་གྱུར་གླིང་པས་སུ་ཁ་ཁྲིད་ནས་ནམ་མཁའ་མཛོད་ནས་བཏོན་པའོ།། །།
དཔལ་ཡང་དག་ཧེ་རུ་ཀའི་གསང་བ་ཐུགས་ཀྱི་ཏནྟྲ་ (Volume 28, Text 7)
ྈ དཔལ་ཡང་དག་ཧེ་རུ་ཀའི་གསང་བ་ཐུགས་ཀྱི་ཏནྟྲ་བཞུགས་སོ༔ ྈྈྈྈྈྈྈ རྒྱ་གར་སྐད་དུ༔ མ་ཧཱ་ཤྲཱི་བཛྲ་ཀྲོ་དྷ་ཡ་ཙིཏྟ་ཏནྟྲ་ནཱ་མ༔ བོད་སྐད་དུ༔ དཔལ་རྡོ་རྗེ་ཁྲོ་བོ་ཆེན་པོའི་ཐུགས་ཀྱི་རྒྱུད་ཅེས་བྱ་བ༔ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ འོག་མིན་མཐའ་དབུས་མེད་པའི་ཞིང༔ གསང་བ་མཆོག་གི་ཕོ་བྲང་དུ༔ རྡོ་རྗེ་སེམས་དཔའ་ལྷ་ཡི་ལྷ༔ སངས་རྒྱས་ཀུན་གྱི་བདག་ཉིད་ཆེ༔ སངས་རྒྱས་ཀུན་གྱི་འཁོར་ལོས་བསྒྱུར༔ སངས་རྒྱས་ཀུན་གྱི་བདེ་བའི་དཔལ༔ སངས་རྒྱས་ཀུན་གྱི་ལས་རྣམས་བྱེད༔ ཤྲཱི་བཛྲ་སཏྭ་ཉིད༔ མི་འགྱུར་སྐུ་ནི་ནམ་མཁའ་འདྲ༔ མཚན་མ་རྟགས་ཀྱི་ཞལ་ཕྱག་ཀྱང༔ སྣ་ཚོགས་རོལ་པ་བསམ་མཐའ་ཡས༔ དེ་དག་ཀུན་གྱི་གཞི་གཅིག་པུ༔ ཆོ་འཕྲུལ་ཇི་སྙེད་ཀུན་གྱི་རྒྱུ༔ སྣ་ཚོགས་མ་ལུས་འབྱུང་བའི་གནས༔ མི་འགྱུར་བདེ་བ་ཆེན་པོའི་སྐུ༔ ཡེ་ཤེས་རྣམ་པ་ལྔ་ཉིད་དང༔ བྱེ་བྲག་ཡེ་ཤེས་རྒྱ་མཚོ་ཡང༔ ཀུན་འདུས་རྣམ་པར་དག་པའི་ཞལ༔ སངས་རྒྱས་འོད་ཟེར་དང་ལྡན་པའོ༔ ཡེ་ཤེས་ཀུན་ཏུ་འབར་བ་ཡི༔ སྤྱན་གྱི་དཀྱིལ་འཁོར་གསུམ་དུ་རྒྱས༔ རྡོ་རྗེ་རྩེ་ལྔ་ཐབས་ཀྱི་རྒྱ༔ སྐྱེ་མེད་དོན་མཚོན་དྲིལ་བུ་དང༔ སྣ་ཚོགས་སྒེག་མཛེས་རྒྱན་གོས་འཆང༔ རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས་ཏེ༔ འཛུམ་པའི་མདངས་ཀྱིས་བཙུན་མོར་རོལ༔ ཙིཏྟ་འོད་ཀྱི་ཏི་ཀ་ལས༔ བྱེ་བ་ཁྲག་ཁྲིག་འོད་ཟེར་གྱིས༔ འཇིག་རྟེན་ཁམས་རྣམས་མང་པོ་ཡང༔ བསྐུལ་བའི་འཕྲོ་འདུ་ཅིར་ཡང་མཛད༔ དེ་ནས་དཔྲལ་བའི་མཛོད་སྤུ་ལས༔ ཤྲཱི་བཛྲ་པཱ་ཎིའི་སྐུ༔ མཐིང་ག་རྡོ་རྗེ་དྲིལ་བུ་ཅན༔ ཞི་ཁྲོའི་ཉམས་འགྱུར་རྫོགས་པ་ཡང༔ ཇི་ལྟར་མཁའ་ལས་གློག་བཞིན་སྤྲོས༔ རང་མདུན་ལྷགས་ནས་གུས་གསོལ་བ༔ ཆོས་རྣམས་སངས་རྒྱས་མཉམ་སྦྱོར་བའི༔ བླ་མེད་ཡང་དག་ངེས་པའི་ལུང༔ རྡོ་རྗེ་སེམས་དཔའི་ཐུགས་ཀྱི་མཛོད༔ དགྱེས་ཤིང་རོལ་པ་བསྟན་དུ་གསོལ༔ བསྐུལ་བའི་ལན་དུ་རང་བྱུང་བ༔ མ་སྐྱེས་གསང་བ་ཆེན་པོའི་བཀའ༔ ངེས་པའི་ལུང་འདི་བབ་ལས་སྣང༔ ཀྱེ་མ་གསང་བའི་བདག་པོ་ཉོན༔ སྐྱེ་བ་བཞི་ལ་གང་གནས་པའི༔ འགྲོ་བ་ལྔ་པོ་འདི་དག་ཀྱང༔ རྣམ་དག་རྒྱལ་བའི་སྐུ་རུ་གནས༔ ལུས་ཅན་ཙིཏྟའི་གཞལ་ཡས་ན༔ སངས་རྒྱས་ཡེ་ཤེས་བདེ་ཆེན་པོ༔ ངོ་བོ་སྤྲོས་པ་མེད་པ་དང༔ རང་བཞིན་ཡེ་ཤེས་གཉིས་མེད་གསལ༔ ཡོན་ཏན་སྐུ་དང་རྒྱལ་བའི་གསུང༔ ཐུགས་ཀྱི་བྱེ་བྲག་བསམ་མི་ཁྱབ༔ སྣ་ཚོགས་མཛད་པའི་ཕྲིན་ལས་བཅས༔ མ་འདྲེས་རྫོགས་ཀྱང་མཚན་མ་མེད༔ བདག་མེད་ཕྱོགས་ལྷུང་རྣམ་པར་སྤང༔ བདེ་ཆེན་རྟག་ཏུ་མི་འགྱུར་བ༔ ལྷུན་གྱིས་གྲུབ་སྟེ་མངོན་སུམ་གནས༔ འགྲོ་ཀུན་ཚུལ་གཅིག་སངས་རྒྱས་པ༔ ང་དང་གཉིས་མེད་རྣམ་དག་སྐུ༔ རང་བཞིན་ངང་གི་བུདྡྷ་ཉིད༔ དེ་བཞིན་འབྱུང་བ་ཕུང་པོ་ཁམས༔ མ་ལུས་རྫོགས་པའི་སངས་རྒྱས་ཉིད༔ ཆོས་ཀུན་ཡེ་ནས་བྱང་ཆུབ་པས༔ ཀུན་ཀྱང་རྒྱལ་བའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་བྱེ་བྲག་ལས༔ གཞན་དུ་རྡུལ་ཙམ་མེད་ཉིད་ཀྱང༔ མ་མཐོང་རང་ལ་རང་རྨོངས་ཤིང༔ སྣ་ཚོགས་ལས་ཀྱི་རྒྱུ་རྐྱེན་ལས༔ རྣམ་སྨིན་འགྲོ་དྲུག་སྣང་བ་ནི༔ རྨི་ལམ་སྒྱུ་མའི་ཚུལ་དུ་བྱུང༔ དེས་ཀྱང་བདེ་ཆེན་བཅིངས་མེད་པས༔ ངོ་བོ་རྣམ་དག་དཀྱིལ་འཁོར་གསུམ༔ རྣལ་འབྱོར་བློ་ཡིས་དྲངས་པའི་མཐུས༔ བློ་མིན་ཡེ་ཤེས་ཡུལ་དུ་ཤར༔ དེ་ཚེ་དེ་ལ་རབ་སྦྱོར་བས༔ རྣམ་སྨིན་སྒྱུ་མ་རྣམ་བསལ་ཏེ༔ ཡང་དག་ཡེ་ཤེས་སྐུ་རུ་འགྱུར༔ དེ་ཕྱིར་ཐབས་ཀྱི་བྱེ་བྲག་ནི༔ གྲངས་མེད་བརྗོད་མེད་བསམ་མི་ཁྱབ༔ རེ་ཞིག་འགག་ཏུ་དྲིལ་བ་ཡང༔ ཐབས་དང་ཐབས་ལས་བྱུང་བ་འོ༔ ཐབས་ནི་བཅོས་པའི་རྣམ་པ་དང༔ མ་བཅོས་པ་ཞེས་བརྗོད་པ་དང༔ རྣམ་པ་གཉིས་སུ་ཡང་དག་འདུས༔ དེ་ལ་སྐྱེ་བའི་རྒྱུ་དང་རྐྱེན༔ རྟེན་དང་ལས་ཀྱི་བྱེ་བྲག་གོ༔ རྒྱུ་ཉིད་བདེ་ཆེན་ཁོ་ན་སྟེ༔ སྐྱེད་དུ་མེད་པ་རང་ཉིད་གསལ༔ དེའི་རྐྱེན་དེ་ཡང་ཕྱི་ནང་གཉིས༔ འཇིག་རྟེན་རབ་ཏུ་སྣང་བ་དང༔ སྣང་བ་ཡང་དག་ངེས་པའི་ལུང༔ དེ་ཉིད་ཕྱིན་ཅི་མ་ལོག་པའི༔ དོན་སྟོན་གཙོ་བོ་དམ་པ་ཕྱི༔ བདེ་ཆེན་རང་གི་ཆོ་འཕྲུལ་ལས༔ ངེས་པའི་མཐུ་དང་ལྡན་པའི་བློ༔ འཇིག་རྟེན་རྣམ་སྨིན་ལ་འཇིགས་དང༔ སྙིང་རྗེ་སེམས་ཀྱི་དམ་པ་དང༔ མཆོག་གི་གནས་ལ་རབ་དད་དང༔ འཇུག་བརྩོན་ཡང་དག་འདོད་ཉིད་དོ༔ རྟེན་ཉིད་མཐོ་རིས་གསུམ་པ་མཆོག༔ ལས་ནི་ཕྱི་ནང་རྐྱེན་དབང་གིས༔ རིམ་པ་དག་དང་དོན་བསྟན་པ༔ ངེས་པའི་ཐབས་ལ་བརྩོན་རྣམས་སོ༔ དེ་ལྟར་དེ་དག་དང་ལྡན་པས༔ གུ་ཧྱ་ཡོངས་རྫོགས་དག་པའི་ལམ༔ སྙིང་པོ་ཉིད་དེ་བཙལ་མི་དགོས༔ དེ་ཡང་རྣལ་འབྱོར་བློ་ཉིད་ཀྱིས༔ ཐོག་མ་ང་ཉིད་ཇི་བཞིན་བསྒོམ༔ ཙིཏྟ་འོད་ཀྱི་གུར་ནང་ན༔ ཉི་ཟླ་འབྲུ་གསུམ་ལྡན་པ་ལ༔ ཡང་སྙིང་ཕྲེང་བ་འདི་དག་བཀོད༔ ཨོཾ་བཛྲ་སཏྭ་ཤྲཱི་ཧེ་རུ་ཀ་ས་མ་ཡ་ཨཱཿཧཱུྃ༔ ལྔ་ལྡན་ཚོན་སྐུད་ལྟ་བུ་ཡང༔ ཐབས་དང་ཤེས་རབ་ཐིག་ལེ་དམར༔ བརྒྱུད་དེ་གུ་ཧྱ་བདེ་བའི་ལམ༔ དྲངས་ཏེ་གཞི་ཡི་འབྲུ་གསུམ་ལ༔ རྡོ་ཚན་ཆར་བབས་ལྟ་བུ་འམ༔ མགལ་མེ་དག་ལ་རླུང་ཕོག་ལྟར༔ ཐིམ་ཞིང་རེག་པས་ཀུན་ཞུ་བའི༔ ཐིག་ལེ་ཙིཏྟའི་སྦུབས་བསྒོམ་བཟླ༔ རང་སེམས་ལས་རུང་ཉིད་འགྱུར་རོ༔ དེ་ནས་ཆོས་རྣམས་སྐྱེ་མེད་པ༔ འོད་གསལ་ཉིད་དེ་ང་ཡི་ཡིད༔ རྟག་པ་རྟག་པ་ཉིད་མི་འཛིན༔ ངང་བསྒོམ་དེ་ནི་དེ་བཞིན་ཉིད༔ རིག་པ་རྟོག་མེད་དེ་ཡི་འཕྲུལ༔ འགྲོ་ལ་རབ་བརྩེ་ཉིད་དུ་བཞག༔ དེ་དག་མ་ལུས་དཀྱིལ་འཁོར་གྱི༔ རྒྱུ་སྟེ་ཡི་གེ་ཧཱུྃ་ཉིད་དོ༔ དེ་ལས་བྱུང་བའི་ལྔ་ལྡན་འོད༔ རྟེན་དང་འཕྲད་ཚེ་གཟུགས་བརྙན་བཞིན༔ ཁྲོ་བོའི་ཕོ་བྲང་ཉིད་དུ་བལྟ༔ ཧཱུྃ་དེ་རྡོ་རྗེ་འབྲུ་གསུམ་བཅས༔ སྤྲོ་བསྡུས་ཡང་དག་བདེ་བའི་སྐུ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཞབས་བཞི་ཁྲོ་ཚུལ་རྔམ་དང་ལྡན༔ གཡས་དཀར་གཡོན་དམར་སྤྱན་དགུ་འཁྲུགས༔ དབུ་སྐྲ་སྨ་ར་སྨིན་མ་མེ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ ཧཱུྃ་ཕཊ་བྷྱོ་ཡི་ང་རོ་སྒྲོག༔ རྡོ་རྗེ་ཁ་ཊྭཱཾ་ཐོད་རྔ་གཡས༔ དྲིལ་བུ་ཐོད་ཁྲག་རྒྱུ་ཞགས་གཡོན༔ གླང་ཀོ་མི་ལྤགས་སྟག་ཤམ་གསོལ༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཐོད་རློན་ལྔ་བཅུའི་དོ་ཤལ་འཕྱང༔ སྦྲུལ་ལྔ་རིན་ཆེན་རུས་པས་མཛེས༔ ཐལ་ཆེན་རཀྟ་ཞག་གིས་བྱུག༔ རྡོ་རྗེའི་ཁྱུང་གཤོག་རྣོ་ངར་ལྡན༔ རང་འོད་དབྱིངས་ཀྱི་ཡུམ་ཆེན་ནི༔ བཛྲ་ཀྲོ་དྷཱི་ཤྭ་རཱི་མ༔ ཁ་ཊྭཱཾ་ཐོད་ཁྲག་ཐོགས་པ་མོ༔ བདེ་སྟོང་འདུ་འབྲལ་མེད་པར་བསྒོམ༔ ཙིཏྟའི་དཀྱིལ་དུ་སེམས་དཔའ་ནི༔ སྔོ་བསངས་རྒྱན་མེད་ཐབས་ཤེས་རྒྱ༔ རིན་ཆེན་ཟུར་བརྒྱད་འབྲུ་བརྒྱད་དབུས༔ ཉི་མའི་དཀྱིལ་འཁོར་སྲོག་གི་ཐིག༔ གསལ་ཞིང་རུ་ལུ་རུ་ལུའི་སྒྲ༔ དག་ཅིང་གསལ་བ་བཟླས་པའི་མཐུས༔ ཐབས་ཤེས་གུ་ཧྱའི་ད་ལ་ནས༔ ལྔ་ལྡན་འོད་འཕྲོས་འཁོར་འདས་ཀུན༔ བསྐྱེད་པའི་ལྷ་རུ་ལམ་གྱིས་བསྒྱུར༔ དེ་དག་རང་སྔགས་སྒྲ་དང་བཅས༔ རང་ལ་བསྡུས་ཏེ་ཡང་ཡང་བཟླ༔ མཆོག་གི་དངོས་གྲུབ་སྐལ་ལྡན་འགྱུར༔ རུ་ལུ་འབྲུ་བརྒྱད་རྒྱུན་དུ་བགྲང༔ སྤྱོད་ཡུལ་སངས་རྒྱས་ལམ་ཁྱེར་བྱ༔ རྩ་བ་བདེ་ཆེན་གང་ངེས་པ༔ ཡང་དག་ཉིད་དུ་བསྒོམ་པར་བྱ༔ ཟླ་དྲུག་དག་ཏུ་བཟླས་གྱུར་ན༔ རང་སེམས་ལས་རུང་ཉིད་འགྱུར་རོ༔ དེ་ཡི་ཡན་ལག་མཚན་མའི་དལ༔ གྲུ་བཞི་སྒོ་བཞི་རྟ་བབས་བཞི༔ ཟླ་གམ་དབང་གི་སྒོ་གཅིག་བྲི༔ ཕོ་ཡི་ཐོད་པ་བཟང་པོ་རུ༔ ཙཀྲ་རྩིབས་བརྒྱད་དབུས་སུ་སྲོག༔ རྩིབས་བརྒྱད་དག་ལ་གསེར་ཕྲེང་ནི༔ རེ་རེ་བཞིན་དུ་ཚང་བ་ཡང༔ གསེར་རམ་ལེ་བརྒན་རྩི་ཡིས་བྲི༔ དལ་གྱི་དཀྱིལ་ནི་ཐོད་པ་ཉིད༔ འཁོར་ནི་ཅི་འབྱོར་མཆོད་པས་བསྐོར༔ མཚོན་ཆ་ལ་སོགས་རྣམ་པ་ལྔས༔ མཚམས་གཅད་མཆོད་པའི་ཚོགས་རྣམས་ཀུན༔ བདུད་རྩིའི་རང་བཞིན་བྱིན་གྱིས་བརླབ༔ བདག་དང་བཤམས་པའི་ཡོ་བྱད་སོགས༔ དངོས་སྣང་ལྷ་ཡི་སྐུར་གསལ་བ༔ རིམ་གྱིས་ཡང་ན་གཅིག་ཅར་ཏེ༔ རྣལ་འབྱོར་བློ་ཡི་རྩལ་དང་སྦྱར༔ དམ་ཡེ་གཉིས་སུ་ཐ་མི་དད༔ གནས་གསུམ་ཡི་གེ་འབྲུ་གསུམ་བཀོད༔ དེ་ལས་འོད་སྤྲོས་རང་འདྲ་བ༔ མང་པོ་སྤྱན་དྲངས་བཞུགས་སུ་གསོལ༔ ཕྱག་རྒྱ་གར་དང་སྨན་མཆོད་དང༔ སྦྱོར་བ་ལས་བྱུང་རཀྟ་དང༔ ཤ་ལྔ་སྤུངས་པའི་གཏོར་མ་དང༔ མེ་ཏོག་སྤོས་སོགས་དགྱེས་མཆོད་རྫས༔ རྣམ་མང་ཕྱི་ནང་གསང་བ་ཀུན༔ མཉམ་སྦྱར་འབུལ་ཞིང་བསྟོད་པར་བྱ༔ དེ་ལྟར་རིམ་པ་མཐར་ཕྱིན་པའམ༔ གསལ་བརྟན་རབ་ཏུ་གྱུར་པའི་ཚེ༔ ལྷ་སྐུ་སྟོང་གསལ་ཉིད་ཀྱི་སྦུབས༔ རྩ་གསུམ་བཀོད་དེ་དུག་ཕྱིར་དབྱུང༔ སྲོག་ཐུར་སྦྱར་ཏེ་ལྟེ་འོག་འཆིངས༔ དེ་ཡང་ཉིན་ཞག་རེ་རེ་བཞིན༔ ཁུག་པ་སུམ་བརྒྱ་དྲུག་ཅུ་བཟུང༔ སྙིང་རུས་བསྐྱེད་དེ་རབ་བརྩོན་གཅེས༔ ཟླ་བ་གཅིག་གིས་དགོས་པ་འགྲུབ༔ དེ་ནས་འཁོར་ལོ་རྣམ་བཞི་བཀོད༔ ཨ་དང་ཧྃ་ཡང་གསལ་བཀོད་དེ༔ རླུང་དང་འཁྲུལ་འཁོར་རྣམས་སྦྱར་བས༔ འབར་དང་འཛག་པའི་བྱེད་ལས་ཀྱིས༔ བདེ་བ་རྣམ་པ་བཞི་དག་གིས༔ ཡེ་ཤེས་རང་ལ་གསལ་བར་འགྱུར༔ ལྡོག་དང་བཀྲམ་པའི་བྱེད་ལས་ཀྱིས༔ བདེ་བའི་ཡེ་ཤེས་གསལ་བརྟན་འགྱུར༔ དེ་ཡང་འཁྲུལ་འཁོར་དག་དང་སྦྱར༔ དེ་ལྟར་ལས་སུ་རུང་བ་ན༔ བཅུ་དྲུག་ལོ་ལོན་གཞོན་ནུ་མ༔ རྒྱུད་བཟང་དར་ཞིང་མཚན་ལྡན་པ༔ མ་ནོར་བརྟགས་ལ་དབང་དུ་བྱ༔ རྒྱུད་སྦྱོང་དབང་གིས་སྨིན་བྱའི་ཕྱིར༔ རྣམ་དག་བདེ་ཆེན་བྱང་ཆུབ་སེམས༔ མཆོག་ཏུ་བདེ་བ་འབྱུང་བའི་གནས༔ རིན་ཆེན་བུམ་པའི་བཅུད་དུ་བསྐྱིལ༔ ཕོ་ཉ་མོ་དེར་བླུད་པར་བྱ༔ སྣང་སྟོང་ཡེ་ཤེས་ལྷ་ཡི་སྐུ༔ སངས་རྒྱས་ཀུན་གྱི་འདུས་གནས་ཏེ༔ ཕྱག་རྒྱ་ཆེན་པོ་རྨད་བྱུང་བའི༔ ཐབས་ཆེན་ལྷ་ཡི་གཟུགས་ཉིད་དང༔ སྨྲ་བའི་རྒྱལ་པོ་གསེར་ཕྲེང་ནི༔ མང་དུ་བཟླས་པས་སིདྡྷི་རྫོགས༔ དེ་ཡང་མཚན་ལྡན་མོ་དེར་གཏད༔ རང་གི་ཁུ་བ་གསང་བའི་རྫས༔ ཡེ་ཤེས་བསྐྱེད་པའི་རྟེན་གྱི་མཆོག༔ གལ་ཏེ་དེ་ཡིས་གུས་བླངས་ན༔ དེས་ཀྱང་ཕུན་སུམ་ཚོགས་ཐོབ་པས༔ མོས་དང་སྦྱར་ལ་རབ་ཏུ་སྦྱིན༔ ལྷན་སྐྱེས་བདེ་བ་བདེ་བའི་མཆོག༔ དགའ་བདེའི་ཐབས་ཀྱིས་ཉེ་བར་མཚོན༔ འདི་ཡང་མི་མོས་དང་བླང་ན༔ རིག་འཛིན་རྒྱལ་བ་ཉིད་གྲུབ་པས༔ གསུམ་པ་ཡང་ནི་རང་གིས་སྦྱིན༔ དེ་ནས་དེ་ལ་རྣལ་འབྱོར་ལམ༔ ཐུན་མོང་ཐུན་མོང་མིན་པ་བཤད༔ སྣོད་དང་གོ་རིམ་དག་དང་སྦྱར༔ རྣལ་འབྱོར་བརྩོན་ཏེ་ནུས་ཐོབ་ན༔ ཡེ་ཤེས་གསལ་བའི་གྲོགས་སུ་ཆེ༔ དེ་ལ་ཆོ་ག་བཞིན་དུ་སྤྱད༔ དབབ་ལྡོག་དགྲམ་ལ་མཁས་གྱུར་ན༔ མཆོག་བདེ་ཡེ་ཤེས་རྒྱས་པར་འགྱུར༔ དེ་ཡི་མཐུ་ལས་ལམ་ལྔ་དང༔ ས་བཅུ་ཡོངས་སུ་རྫོགས་གྱུར་ནས༔ ཟུང་འཇུག་མཐར་ཐུག་ཆོས་ཀྱི་སྐུ༔ མངོན་དུ་འགྱུར་བར་གདོན་མི་ཟ༔ དེ་བས་རིགས་བཟང་ཐོས་བརྩོན་བུ༔ ཚུལ་བཞིན་བསྒྲུབ་པར་མཛད་རྣམས་ལ༔ བཀའ་གསང་སྙིང་པོ་འདི་གཏད་ཀྱིས༔ གལ་ཏེ་རིགས་ངན་རྨོངས་པའི་ཡིད༔ ང་རྒྱལ་རང་ཆེ་འཛིན་པ་དང༔ མི་བསྒོམ་གཞན་ལ་འཆེལ་བ་ཡི༔ སྣོད་ངན་དག་ལ་འདི་མིན་ནོ༔ དེ་སྐད་ཡང་དག་བཀའ་བསྩལ་པས༔ རྡོ་རྗེ་ཅན་ཉིད་ཡི་རངས་ནས༔ གུས་འདུད་ཚིག་གི་རིམ་པས་བསྟོད༔ སྐུ་ནི་རབ་འཇིགས་གར་གྱི་ཉམས་དང་ལྡན༔ ཕྲིན་ལས་སྣ་ཚོགས་གང་ཡང་ཐོགས་པ་མེད༔ བདག་ཏུ་ལྟ་བ་འཇོམས་མཛད་ཧེ་རུ་ཀ༔ བཅོམ་ལྡན་ཁྲག་འཐུང་གཙོ་ལ་ཕྱག་འཚལ་བསྟོད༔ སྐྱེ་བའི་ཆོ་འཕྲུལ་ཤེས་རབ་ཡུམ་གྱི་ཚུལ༔ ཁམས་གསུམ་བདེ་རོལ་སྐྱེ་ཤི་རྩད་ནས་གཅོད༔ ཐབས་དང་ལྡན་པའི་ཆོ་འཕྲུལ་ཅིར་ཡང་སྟོན༔ ཁྲོ་མོའི་དབང་ཕྱུག་སྐུ་ལ་ཕྱག་འཚལ་བསྟོད༔ དུས་གསུམ་མི་འགྱུར་རྡོ་རྗེ་ལྟ་བུའི་སྐུ༔ སྐྱོན་དང་བྲལ་བ་འགྲོ་བའི་དོན་ཀུན་མཛད༔ འཁོར་འདས་ཀུན་ལ་དབང་བསྒྱུར་བཅོམ་ལྡན་འདས༔ དཔལ་ཆེན་ཡབ་ཡུམ་གཉིས་ལ་ཕྱག་འཚལ་བསྟོད༔ དེ་ལྟར་བསྟོད་དེ་ཕྱག་བྱས་པས༔ ཞི་སྐུ་ཉིད་ལས་ཁྲོ་བོའི་ཚུལ༔ ཡབ་ཡུམ་སྦྱོར་བའི་སྐུར་བཞེངས་ཏེ༔ རོལ་པའི་ཁྲོ་ཚོགས་མང་པོ་སྤྲོས༔ གདུག་པ་ཅན་གྱི་དོན་མཛད་དོ༔ སླར་ཡང་ཐུགས་རྗེ་ཞི་བའི་སྐུར༔ བཞེངས་ནས་ཚིག་འདི་རབ་ཏུ་བསྟན༔ གསང་བ་མཆོག་གི་དགྱེས་པ་ནས༔ ཐམས་ཅད་ཞི་བ་ཉིད་དུ་ཡང༔ གདུག་པ་མང་པོ་རབ་བསྒྲལ་ཕྱིར༔ རབ་འཇིགས་རྣམ་པར་བཀོད་པའི་རྒྱལ༔ དུས་གསུམ་བདེ་གཤེགས་ཀུན་འདུས་དཔལ༔ རྡོ་རྗེའི་ཁྲག་འཐུང་བདེ་བའི་སྐུ༔ གསང་བ་མཆོག་གི་དགྱེས་པ་ནས༔ དཔལ་ཡང་རྟག་ཏུ་སྦྱིན་པར་ངེས༔ ཞེས་གསུངས་ནས་བསམ་གྱིས་མི་ཁྱབ་པར་བཀོད་པའི་རྒྱན་ཉིད་དུ་རྟག་པར་བཞུགས་སོ༔ རྒྱུད་འདི་སློབ་དཔོན་པདྨ་དང༔ ལོ་ཆེན་བཻ་རོས་བསྒྱུར་བ་འོ༔ སྐལ་ལྡན་བུ་དང་འདི་འཕྲད་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈ དཔལ་ཡང་དག་ཧེ་རུ་ཀའི་གསང་ཏིག་ལས༔ ཞི་ཁྲོ་རྩ་བའི་མཆོག་སྒྲུབ་ཉི་མའི་དཀྱིལ་འཁོར་བཞུགས་སོ༔ ྈྈྈྈྈྈ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཐུགས་དམ་གསང་བའི་ལྷ་འདི་ཉིད༔ རྣལ་འབྱོར་བྱ་བའི་རིམ་པ་ནི༔ བཀྲ་ཤིས་ཉམས་དགའི་ས་ཕྱོགས་སུ༔ དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པ༔ རྟ་བབས་བཞི་དང་ལྡན་པའི་དབུས༔ ཟླ་གམ་དམར་པོ་སྒོ་གཅིག་བྲི༔ ཕོ་ཐོད་མཚན་ཉིད་ལྡན་པའི་ནང༔ གསེར་རམ་ཡང་ན་ཁྲག་ཆེན་གྱིས༔ སྐུ་གཟུགས་མངོན་རྟོགས་ལྟ་བུ་འམ༔ འཁོར་ལོ་རྩིབས་བརྒྱད་ལྟེ་བར་ཧཱུྃ༔ རྩིབས་བརྒྱད་དག་ལ་གསེར་ཕྲེང་ནི༔་་རུ་ལུ། རེ་རེ་བཞིན་དུ་ཚང་བར་བཀོད༔ བནྡྷ་དཀྱིལ་འཁོར་དབུས་སུ་བཞག༔ དེ་མཐར་སྨན་གཏོར་རཀྟ་སོགས༔ ཕྱི་ནང་མཆོད་པ་དུ་མས་བསྐོར༔ མི་ཡི་འགྲུལ་བཅད་སྨྲ་བ་སྤང༔ རྣལ་འབྱོར་བདེ་བའི་གདན་ལ་འཁོད༔ རྩེ་གཅིག་ཡིད་ཀྱིས་བསྒྲུབ་པར་བྱ༔ ས་མ་ཡ༔ ཧོ༔ སངས་རྒྱས་རྡོ་རྗེ་སློབ་དཔོན་དང༔ ཡང་དག་དཔའ་བོ་བདེ་གཤེགས་གཙོ༔ དཔང་གྱུར་སྐྱབས་མཆོག་མ་ལུས་པར༔ ཀུན་ནས་དད་པས་བདག་སྐྱབས་མཆི༔ སངས་རྒྱས་བདེ་བ་བླ་ན་མེད༔ འགྲོ་བའི་དོན་ཕྱིར་བདག་གིས་བསྒྲུབ༔ གསང་བ་གསང་མཆོག་བདེ་བའི་ལམ༔ ཚུལ་བཞིན་ཉམས་སུ་བླང་བར་བགྱི༔ ཆོས་རྣམས་རང་བཞིན་དག་པའི་ངང༔ མ་ཆགས་པདྨ་ཉི་མའི་སྟེང༔ ཧཱུྃ་ལས་བདག་ཉིད་རྡོ་རྗེ་སེམས༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་གསུམ་ཁྲོ་འཛུམ་རུས་པ་དང༔ དར་གོས་རིན་ཆེན་རྒྱན་གྱིས་མཛེས༔ རྡོ་རྗེ་གཡས་ལ་དྲིལ་བུ་གཡོན༔ དབུ་སྐྲ་ཐོར་ཚུགས་རིགས་ལྔས་བརྒྱན༔ རང་འོད་དགྱེས་པའི་ཡུམ་དང་བཅས༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ རང་བཞིན་འོད་ལྔའི་ཀློང་ན་བཞུགས༔ ཙིཏྟ་འོད་ཀྱི་གུར་ཁྱིམ་དབུས༔ ཐབས་ཤེས་ཉི་ཟླའི་གདན་གྱི་སྟེང༔ ཨོཾ་དཀར་ཨཱཿདམར་ཧཱུྃ་སྔོན་པོ༔ བརྩེགས་མར་གནས་པའི་མཐའ་སྐོར་དུ༔ ཡང་སྙིང་སྔགས་ཀྱི་ཕྲེང་བས་བསྐོར༔ ཨོཾ་བཛྲ་སཏྭ་ཤྲཱི་ཧེ་རུ་ཀ་ས་མ་ཡ་ཨཱཿཧཱུྃ༔ བརྒྱ་སྟོང་ལ་སོགས་ཅི་འགྲུབ་ཏུ༔ བཟླས་པས་སྔགས་ཕྲེང་འོད་ལྔར་འབར༔ དེ་ཡང་ཚོན་སྐུད་བསྒྲིལ་བ་བཞིན༔ ཞལ་ནས་བརྒྱུད་དེ་ཡུམ་གྱི་ཞལ༔ ཐིག་ལེ་དམར་པོའི་དཀྱིལ་དུ་ཞུགས༔ སྐུ་ཡི་དབྱིབས་བརྒྱུད་མཁའ་ལས་ཐོན༔ གསང་ལམ་རྡོ་རྗེའི་སྦུབས་ནས་དྲང༔ ཐུགས་ཀའི་ཡིག་འབྲུ་གསུམ་ལ་ཕོག༔ འབྲུ་གསུམ་སྔགས་ཀྱི་ཕྲེང་བ་བཅས༔ དྭངས་གསལ་འོད་ཀྱི་ཐིག་ལེར་ཞུ༔ ལྔ་ལྡན་འདྲིལ་བ་སྲན་ཟླུམ་ཙམ༔ ཙིཏྟའི་དཀྱིལ་དུ་རབ་བསྒོམ་ལ༔ འབྲུ་གསུམ་རྡོ་རྗེའི་བཟླས་པ་བྱ༔ དེས་ཀྱང་རང་སེམས་ལས་རུང་འགྱུར༔ ས་མ་ཡ༔ དེ་ལ་གསལ་སྣང་བརྟན་པའི་ཚེ༔ ཆོས་རྣམས་སྐྱེ་མེད་འོད་གསལ་བ༔ རྡོ་རྗེ་སེམས་དཔའ་བདེ་བའི་ཐུགས༔ མཆོག་ཏུ་མི་འགྱུར་མི་རྟོག་ངང༔ དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ༔ རང་སེམས་གསལ་ལ་མི་རྟོག་པའི༔ རང་སྣང་ཅིར་ཡང་མ་འགགས་པ༔ འགྲོ་དྲུག་བརྩེ་བས་དྲངས་སླད་དུ༔ སྙིང་རྗེ་སྒྱུ་མའི་ཐབས་ལ་འཇུག༔ བདེ་སྟོང་སྙིང་རྗེ་དང་བཅས་སེམས༔ མ་ལུས་དཀྱིལ་འཁོར་བཀོད་པའི་རྒྱུ༔ འཁོར་བ་རབ་ཏུ་སྦྱོང་བའི་ཐབས༔ བྱང་ཆུབ་སེམས་ནི་ཧཱུྃ་དུ་བསྒོམ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཉིད་ལས་བྱུང་འོད་ཟེར་ལྔ༔ སྣོད་ལ་ཕོག་པས་སྐད་ཅིག་གིས༔ རྣམ་དག་གསང་བ་མཆོག་གི་གནས༔ རང་བྱུང་ཁྲོ་བོའི་གཞལ་མེད་ཁང༔ རིན་ཆེན་བནྡྷ་འབར་བས་བརྩིགས༔ མ་བཀོད་ལྷུན་གྱིས་གྲུབ་པའི་ཚུལ༔ རྒྱན་དང་མཚན་ཉིད་ཐམས་ཅད་རྫོགས༔ སྣང་ལ་རང་བཞིན་མེད་པའི་དབུས༔ ཟླ་གམ་དབང་ཆེན་ཨེ་དཀྱིལ་དུ༔ རཱུ་དྲ་ཉི་ཟླ་པདྨའི་སྟེང༔ ཧཱུྃ་ཉིད་རྡོ་རྗེ་རྩེ་ལྔ་པའི༔ ལྟེ་བར་འབྲུ་གསུམ་དང་བཅས་བསྒོམ༔ དེ་ལས་འོད་འཕྲོས་དོན་གཉིས་བྱས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ དཔལ་ཆེན་ཡང་དག་བདེ་བའི་སྐུ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཞབས་བཞི་ཁྲོ་ཚུལ་རྔམ་དང་ལྡན༔ གཡས་དཀར་གཡོན་དམར་སྤྱན་དགུ་འཁྱུགས༔ དབུ་སྐྲ་སྨ་ར་སྨིན་མ་མེ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ ཧཱུྃ་བྷྱོ་ཕཊ་ཀྱི་ང་རོ་སྒྲོག༔ རྡོ་རྗེ་ཁ་ཊྭཱཾ་ཐོད་རྔ་གཡས༔ དྲིལ་བུ་ཐོད་ཁྲག་རྒྱུ་ཞགས་གཡོན༔ གླང་ཀོ་མི་ལྤགས་སྟག་ཤམ་གསོལ༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཐོད་རློན་ལྔ་བཅུའི་དོ་ཤལ་འཕྱང༔ སྦྲུལ་ལྔ་རིན་ཆེན་རུས་པས་མཛེས༔ ཐལ་ཆེན་རཀྟ་ཞག་གིས་བྱུག༔ རྡོ་རྗེའི་ཁྱུང་གཤོག་རྣོ་ངར་གདེངས༔ རང་འོད་དབྱིངས་ཀྱི་ཡུམ་ཆེན་ནི༔ བཛྲ་ཀྲོ་དྷཱི་ཤྭ་རཱི་མཐིང༔ ཕྱག་གཡས་ཁ་ཊྭཱཾ་ཡབ་ལ་འཁྱུད༔ གཡོན་པ་ཆགས་པའི་དུང་དམར་སྟོབ༔ རུས་པའི་རྒྱན་ལྡན་གཟིག་ཤམ་གསོལ༔ ཞབས་གཉིས་ཐབས་ཤེས་བརྐྱང་བསྐུམ་ཚུལ༔ བསྐལ་པའི་མེ་འབར་ཨེ་ཡི་ཀློང༔ བདེ་སྟོང་འདུ་འབྲལ་མེད་པར་བསྒོམ༔ ཡབ་ཀྱི་ཙིཏྟ་འོད་ཀློང་དུ༔ ཉི་མའི་གདན་ལ་རྡོ་རྗེ་སེམས༔ སྔོན་པོ་རྡོ་རྗེ་དྲིལ་བུ་འཛིན༔ རྒྱན་མེད་ཉམས་ལྡན་སྐྱིལ་ཀྲུང་བཞུགས༔ དེ་ཡི་ཐུགས་ཀྱི་དཀྱིལ་འཁོར་ནི༔ རིན་ཆེན་ཟུར་བརྒྱད་ཕོ་བྲང་དུ༔ སྲན་ཟླུམ་ཙམ་གྱི་ཉི་གདན་ལ༔ དྭངས་གསལ་མི་འགྱུར་ཡི་གེ་ཧཱུྃ༔ ཟུར་བརྒྱད་ལ་ནི་ཡིག་འབྲུ་བརྒྱད༔ ཕྲ་ཞིང་འོད་འབར་གསལ་བར་བསྒོམ༔ དེ་ལྟར་གསལ་ཞིང་བཟླས་པའི་མཐུས༔ ཡབ་ཡུམ་སྦྱོར་བའི་མཁའ་གསང་ནས༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོས༔ རྒྱལ་བ་རྣམས་ལ་མཆོད་པ་འབུལ༔ སེམས་ཅན་ཀུན་གྱི་སྒོ་གསུམ་སྦྱོང༔ འཁོར་འདས་སྣོད་བཅུད་ཐམས་ཅད་ཀྱང༔ ཡང་དག་བདེ་བ་མཆོག་གི་སྐུ༔ ཆུ་ཟླ་ལྟ་བུར་བྱིན་གྱིས་བརླབས༔ དེ་དག་ཀུན་ཀྱང་རུ་ལུའི་སྔགས༔ བུང་བ་ཚང་ཞིག་བཞིན་དུ་ལྡིར༔ ཚུར་འདུས་རང་ལ་གཉིས་མེད་ཐིམ༔ མཆོག་གི་དངོས་གྲུབ་ཐོབ་པར་བསྒོམ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཡང་ཡང་བསྒོམ་ཞིང་རྟག་པར་བགྲང༔ སྤྱོད་ལམ་རྣམ་བཞིའི་དུས་ཀུན་ཏུ༔ གཟུགས་སྣང་ཐམས་ཅད་ཧེ་རུ་ཀ༔ ཆུ་ཟླ་བཞིན་དུ་དྲན་པར་བྱ༔ སྒྲ་གྲགས་ཐམས་ཅད་རུ་ལུའི་སྒྲ༔ ཚངས་པའི་གླུ་དང་འབྲུག་སྒྲ་བཞིན༔ ཀུན་གྱི་རྩ་བ་བདེ་ཆེན་ཉིད༔ སྒྲོ་འདོགས་བློ་ལས་འདས་པའི་ངང༔ རང་གསལ་མི་འགྱུར་བཙན་ས་བཟུང༔ ས་མ་ཡ༔ ལྷ་ལ་གསལ་སྣང་ཐོབ་པ་དང༔ བཟླས་པ་ཟླ་བ་དྲུག་གི་བར༔ སྒྲ་ཟུར་མ་ཉམས་ལྷག་ཆད་བྲལ༔ ཚུལ་བཞིན་བཟླས་ན་ལས་རུང་འགྱུར༔ དེ་ཚེ་རྣལ་འབྱོར་རྫོགས་རིམ་བསྒོམ༔ བསྐྱེད་རིམ་ཐབས་ཀྱི་རྣལ་འབྱོར་མཆོག༔ འདི་ལྟར་ཚུལ་བཞིན་སུས་བསྒོམ་པ༔ ཚེ་འདི་ཉིད་ལ་རིག་འཛིན་སྐུ༔ ཐོབ་པར་འགྱུར་བ་གདོན་མི་ཟ༔ ས་མ་ཡ༔ བདེ་གཤེགས་ཞི་ཁྲོ་གྲངས་མེད་ཀྱི༔ རྩ་བའི་སྒྲུབ་ཐབས་ཟབ་མོ་འདི༔ དཔེར་ན་ཉི་མའི་དཀྱིལ་འཁོར་འདྲ༔ འཇིག་རྟེན་བློ་ཡི་མུན་པ་འཇོམས༔ མཆོག་གི་དངོས་གྲུབ་སུས་འདོད་པ༔ དེ་ཀུན་འདི་ལ་ནན་ཏན་གཅེས༔ དྷ་ཐིམ༔ སློབ་དཔོན་པདྨས་མཛད་པ་འོ༔ ལས་འཕྲོ་ཅན་དང་འདི་འཕྲད་ཤོག༔ རྒྱ་རྒྱ་རྒྱ༔ ྈྈྈྈ དཔལ་ཡང་དག་ཧེ་རུ་ཀའི་གསང་ཏིག་ལས༔ ལས་བྱང་དོན་གྱི་སྙིང་པོ་བཞུགས་སོ༔ ྈྈྈྈྈྈྈ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཟབ་མོའི་ལམ་འདི་བསྒོམ་པའི་ཚེ༔ རྣལ་འབྱོར་ཉམས་ལེན་ཆ་རྐྱེན་དུ༔ ལས་བྱང་དོན་གྱི་སྙིང་པོ་བཀོད༔ ཉམས་སུ་ལོངས་ཤིག་སྐལ་ལྡན་ཀུན༔ ས་མ་ཡ༔ ཧཱུྃ༔ བཀའ་གསང་སྒྲུབ་ལ་མི་དབང་བའི༔ བདུད་དང་ལོག་འདྲེན་འབྱུང་པོ་བགེགས༔ ལན་ཆགས་གླུད་གཏོར་འདི་ལོངས་ལ༔ བཀའ་ལས་མ་འདའ་གཞན་དུ་དེངས༔ གལ་ཏེ་མི་འགྲོ་འཚེ་བྱེད་ན༔ བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔ ཐུགས་རྗེ་རབ་ཁྲོས་ཁྲོ་ཚོགས་ཀྱིས༔ མགོ་ལུས་སྙིང་ཡང་དུམ་བུར་གཏུབས༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ གནོད་བྱེད་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཕཊ༔ ཧཱུྃ༔ སྟེང་འོག་ཕྱོགས་མཚམས་སྣོད་བཅུད་ཀུན༔ རིགས་ལྔ་ཡེ་ཤེས་ལྔ་ཡི་ལྷ༔ མ་རྟོགས་འཁྲུལ་པའི་བགེགས་བྱུང་ན༔ མཚོན་ཆ་འབར་བ་ལྔ་ཡིས་སྒྲོལ༔ འཁོར་ལོ་རྡོ་རྗེ་རིན་པོ་ཆེ༔ པདྨ་རལ་གྲི་མེ་འབར་བའི༔ གུར་ཁང་ཁྲོ་བོའི་ཚོགས་བཅས་འཁྲིགས༔ གདུག་པ་འདའ་བའི་གནས་མེད་གྱུར༔ བཛྲ་ཀྲོ་དྷ་ཛྙཱ་ན་ཛྭ་ལ་རཾ་རཀྵ་རཀྵ་བྷྲཱུྃ༔ ཧོ༔ ཡོངས་རྫོགས་བདེ་གཤེགས་ཞི་ཁྲོའི་ཚོགས༔ རིགས་འདུས་མ་བཅོས་རྩ་བའི་ལྷ༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ བདག་ནི་དུག་གསུམ་དབང་གྱུར་ཏེ༔ རྣལ་འབྱོར་རིག་པའི་དམ་ཚིག་ལས༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ ཐབས་དང་ཡང་དག་ལྟ་བ་ཡིས༔ ཆོ་ག་བཞིན་དུ་སོ་སོར་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་ནས༔ ཞི་ཁྲོ་བདེ་གཤེགས་རྒྱལ་བ་འཁོར་དང་བཅས༔ སྔགས་ཚིག་ཤུགས་པའི་བརྡ་ཡིས་རབ་བསྐུལ་ན༔ མཁའ་དབྱིངས་ཀློང་ལས་ཕྱག་རྒྱའི་སྐུར་བཞེངས་འཚལ༔ གསང་བ་གྲུབ་པའི་བླ་མ་རིག་འཛིན་ཚོགས༔ དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོ་འབར་བ་རྣམས༔ སོ་སོའི་ཐུགས་དམ་གཉན་པོ་མ་གཡེལ་བར༔ དམ་ཚིག་དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ བཛྲ་ས་མ་ཡ་ཛ་ཛ༔ བཛྲ་ཨཱ་བེ་ཤ་ཡ་ཧོ༔ ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་རིགས་ལྔའི་བདུད་རྩི་དང༔ རྟེན་འབྲེལ་བཅུ་གཉིས་བསྒྲལ་པའི་ཁྲག་ཆེན་དང༔ སྣོད་བཅུད་རྒྱུ་རྐྱེན་ཕུན་ཚོགས་གཏོར་མ་སོགས༔ གསང་བ་མཆོག་གི་མཆོད་པའི་ཕྱག་རྒྱ་རྣམས༔ སོ་སོའི་འདོད་ཡོན་ལྷ་མོའི་རོལ་པར་བཅས༔ ཕྱོགས་བཅུར་ཁྱབ་ནས་ཡོངས་སུ་འབྱུང་གྱུར་ཅིག༔ མ་ཧཱ་སརྦ་པཱུ་ཛ་ས་མ་ཡ་ཧོ༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ལ༔ ཞི་ཁྲོའི་རྣལ་འབྱོར་གཞུང་བཞིན་བསྒོམ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་གསལ༔ དེ་ལས་ཡེ་ཤེས་འོད་འཕྲོས་པས༔ འོག་མིན་གནས་ནས་རང་འདྲའི་སྐུ༔ སླར་ཡང་གྲངས་མེད་སྤྱན་དྲངས་ཐིམ༔ ཧཱུྃ༔ ཐབས་དང་ཤེས་རབ་བླ་མེད་དཀྱིལ་འཁོར་ནས༔ ཞི་ཁྲོ་རིགས་འདུས་བདེ་ཆེན་རྩ་བའི་ལྷ༔ དཔལ་ཆེན་ཡང་དག་ཁྲོ་བོ་ཀུན་གྱི་གཙོ༔ གཉིས་མེད་ཡུམ་དང་བཅས་ཏེ་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ ཧཱུྃ༔ ཟླ་གམ་དབང་ཆེན་ཨེ་དཀྱིལ་དུ༔ རཱུ་དྲ་ཉི་ཟླ་པདྨའི་གདན༔ བདེ་གཤེགས་ཕོ་བྲང་འདི་ལགས་ན༔ ཅི་བདེར་དགྱེས་པར་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་སཏྭཾ༔ ཧཱུྃ༔ ཁྲོ་བོ་ཀུན་གྱི་ཆེ་བཙན་ལྷ༔ གདུག་པ་འདུལ་མཛད་དྲག་ཤུལ་ཅན༔ དབུ་གསུམ་ཕྱག་དྲུག་ཞབས་བཞིར་ལྡན༔ རྡོ་རྗེ་དྲིལ་བུ་ཐབས་ཤེས་ལྡན༔ ཁ་ཊྭཱཾ་ཐོད་ཁྲག་སྦྱོར་སྒྲོལ་མཛད༔ ཐོད་རྔས་མ་མོ་མཁའ་འགྲོ་བསྐུལ༔ རྒྱུ་ཞགས་ལོག་རྟོག་ཐབས་ཀྱིས་འདྲེན༔ སྐུ་ལ་དུར་ཁྲོད་ཆས་རྣམས་རྫོགས༔ ཡུམ་ཆེན་བཛྲ་ཀྲོ་དྷཱི་འཁྲིལ༔ བདེ་སྟོང་ཉམས་དང་རབ་སྦྱར་བའི༔ སྣ་ཚོགས་ཕྱག་རྒྱ་གར་མཆོད་བཞེས༔ ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ བཛྲ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ༔ མ་ཧཱ་མུ་དྲ་ཧོ༔ ཧཱུྃ༔ སྐུ་ལྔ་ཡེ་ཤེས་ལྔ་ཡི་དངོས༔ རིགས་ལྔ་ཡབ་ཡུམ་མཉམ་སྦྱོར་རྫས༔ བདུད་རྩི་ལྔ་དང་ལྡན་པའི་སྨན༔ དམ་ཚིག་མཆོག་ཏུ་དགོངས་ཏེ་རོལ༔ མ་ཧཱ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཁྲོ་མོ་ཡུམ་གྱི་མཁའ་དབྱིངས་སུ༔ རྡོ་རྗེའི་ཐོ་ཆེན་འབར་བ་ཡིས༔ དགྲ་བགེགས་དུག་ལྔ་རབ་བསྒྲལ་ཏེ༔ རཀྟའི་མཆོད་པ་འབུལ་གྱིས་བཞེས༔ མ་ཧཱ་རཀྟ་ཁཱ་ཧི༔ ཧཱུྃ༔ ཡངས་པ་བནྡྷའི་སྣོད་མཆོག་ཏུ༔ དམ་རྫས་ལྔ་ཡི་གཏོར་མ་བཤམས༔ འདོད་ཡོན་རྒྱན་གྱི་ལྷ་མོར་བཅས༔ ཁྲོ་རྒྱལ་ཐུགས་དམ་བསྐང་ཕྱིར་འབུལ༔ གཞན་ཡང་དགྱེས་མཆོད་བསམ་མི་ཁྱབ༔ མེ་ཏོག་སྤོས་སོགས་རྣམ་པ་ལྔ༔ ཕྱི་ནང་གསང་གསུམ་མཉམ་སྦྱར་ནས༔ གུས་པས་འབུལ་ལོ་བཞེས་སུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཨོཾ་བཛྲ་པུཥྤེ་སོགས་ཤབྡ་ཨཱཿཧཱུྃ་སྭཱ་ཧཱ༔ ཧཱུྃ༔ སྐུ་ནི་རབ་འཇིགས་གར་གྱི་ཉམས་དང་ལྡན༔ ཕྲིན་ལས་སྣ་ཚོགས་གང་ཡང་ཐོགས་པ་མེད༔ བདག་ཏུ་ལྟ་བ་འཇོམས་མཛད་ཧེ་རུ་ཀ༔ བཅོམ་ལྡན་ཁྲག་འཐུང་གཙོ་ལ་ཕྱག་འཚལ་བསྟོད༔ སྐྱེ་བའི་ཆོ་འཕྲུལ་ཤེས་རབ་ཡུམ་གྱི་ཚུལ༔ ཁམས་གསུམ་བདེ་རོལ་སྐྱེ་ཤི་རྩད་ནས་གཅོད༔ ཐབས་དང་ལྡན་པའི་ཆོ་འཕྲུལ་ཅིར་ཡང་སྟོན༔ ཁྲོ་མོའི་དབང་ཕྱུག་སྐུ་ལ་ཕྱག་འཚལ་བསྟོད༔ དུས་གསུམ་མི་འགྱུར་རྡོ་རྗེ་ལྟ་བུའི་སྐུ༔ སྐྱོན་དང་བྲལ་བ་འགྲོ་བའི་དོན་ཀུན་མཛད༔ འཁོར་འདས་ཀུན་ལ་དབང་བསྒྱུར་བཅོམ་ལྡན་འདས༔ དཔལ་ཆེན་ཡབ་ཡུམ་གཉིས་ལ་ཕྱག་འཚལ་བསྟོད༔ སྐབས་འདིར་བཟླས་པའི་ལས་རྣམས་བྱ༔ ཧོ༔ ཐུགས་རྗེའི་དབང་བསྒྱུར་ལྷག་པའི་ལྷ༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་བའི༔ བསྙེན་སྒྲུབ་ཏིང་འཛིན་མཐར་ཕྱིན་པས༔ དེང་འདིར་སྐལ་ལྡན་བདག་ཅག་ལ༔ ཐུན་མོང་མཆོག་གི་དངོས་གྲུབ་གཏེར༔ ད་ལྟ་ཉིད་དུ་བསྩལ་དུ་གསོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོ༔ འདི་ལྟར་ལྷར་སྣང་རང་གི་སེམས༔ སེམས་ཉིད་མ་བཅོས་སྐྱེ་འགག་མེད༔ སྐྱེ་མེད་རྡོ་རྗེ་ལྟ་བུའི་ངང༔ རོལ་པའི་བྱེ་བྲག་འཇའ་ལྟར་ཡལ༔ ཨ་ཨ༔ ཡེ་ཤེས་རང་སྣང་གསལ་བའི་སྐུ༔ དཔེར་ན་ཆུ་ཟླ་འཇའ་ཚོན་བཞིན༔ འཕོ་འགྱུར་འགྲོ་འོང་ལས་འདས་ངང༔ གང་འདུལ་འགྲོ་དོན་བརྩོན་པར་བགྱི༔ ཕཊ་ཕཊ༔ བདག་གིས་ཟག་བཅས་ཟག་མེད་པའི༔ བསོད་ནམས་སྟོབས་ཆེན་འདི་ཡི་མཐུས༔ ཡང་དག་སྙིང་པོའི་དོན་རྟོགས་ནས༔ འབྲས་བུ་སྐུ་གསུམ་མངོན་གྱུར་ཤོག༔ ཧོ༔ དུས་གསུམ་བདེ་གཤེགས་ཀུན་འདུས་དཔལ༔ རྡོ་རྗེའི་ཁྲག་འཐུང་བདེ་བའི་སྐུ༔ གསང་བ་མཆོག་གི་དགྱེས་པ་ན༔ རྟག་ཏུ་དཔལ་གནས་བཀྲ་ཤིས་ཤོག༔ ལས་ཅན་བུ་དང་འདི་འཕྲད་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དཔལ་ཡང་དག་ཧེ་རུ་ཀའི་གསང་ཏིག་ལས༔ དབང་ཆོག་བདེ་ཆེན་སྙིང་པོ་བཞུགས་སོ༔ ྈྈྈ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སློབ་མ་སྨིན་པའི་ཆོ་ག་ནི༔ དབང་བུམ་ལྷ་ཡི་སྐུ་དང་སྔགས༔ མུ་དྲ་མཚན་ལྡན་འདུ་བྱས་ལ༔ གཞུང་བཞིན་བསྒྲུབ་ཅིང་རང་ཉིད་འཇུག༔ ས་མ་ཡ༔ དངོས་གྲུབ་ཀུན་གྱི་བདག་པོ་ནི༔ བདེ་ཆེན་རྡོ་རྗེ་སློབ་དཔོན་མཆོག༔ ཁྱེད་ལ་བདག་ནི་འབུལ་ལགས་ན༔ རྗེས་སུ་བཟུང་ཞིང་དབང་མཆོག་སྩོལ༔ ཧོ༔ སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་དང་རབ་ལྡན་པའི༔ བདེ་ཆེན་གསང་ལམ་བླ་མེད་འདིར༔ བུ་ཁྱོད་དད་པས་འཇུག་པར་གྱིས༔ དབང་བསྐུར་དམ་པ་བདག་གིས་སྦྱིན༔ ཧོ༔ ཇི་ལྟར་རྒྱལ་བ་སྲས་བཅས་ཀྱིས༔ ཡང་དག་དམ་ཚིག་རབ་བཟུང་ནས༔ རང་གཞན་དོན་ནི་རབ་བསྒྲུབས་བཞིན༔ བདག་ཀྱང་དམ་ལ་གནས་པར་བགྱི༔ བཛྲ་ཙིཏྟ་ས་མ་ཡ་ཧོ༔ ཧཱུྃ༔ རྣམ་དག་བདེ་ཆེན་བྱང་ཆུབ་སེམས༔ མཆོག་ཏུ་བདེ་བ་འབྱུང་བའི་གནས༔ རིན་ཆེན་བུམ་པའི་བཅུད་དུ་བསྐྱིལ༔ དེང་འདིར་བུ་ལ་དབང་བསྐུར་རོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྣང་སྟོང་བདེ་ཆེན་ཡེ་ཤེས་སྐུ༔ འདིར་ནི་སངས་རྒྱས་ཐམས་ཅད་འདུས༔ ཕྱག་རྒྱ་ཆེན་པོ་རྨད་བྱུང་བའི༔ ཐབས་ཆེན་དབང་མཆོག་སྦྱིན་པར་བྱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཛྙཱ་ན་ཀྲོ་དྷ་ཀཱ་ཡ་བཛྲ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ བརྗོད་པ་ཀུན་གྱི་རྒྱལ་པོ་ནི༔ འབྲུ་བརྒྱད་གསེར་ཕྲེང་རིན་པོ་ཆེ༔ བཟླས་པས་དངོས་གྲུབ་ཡོངས་རྫོགས་ཕྱིར༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ མ་ཧཱ་ཛྙཱ་ན་ཀྲོ་དྷ་ཝཱ་ཀ་བཛྲ་མ་ཧཱ་སུ་ཁ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧོ༔ ཧོ༔ བདེ་དང་སྟོང་པ་མཉམ་སྦྱོར་བའི༔ བཅུད་འདི་ཡེ་ཤེས་སྐྱེད་པའི་རྟེན༔ གང་ཞིག་གུས་པས་འདི་བླངས་ན༔ དེ་ལ་དངོས་གྲུབ་ཕུན་སུམ་ཚོགས༔ མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧོ༔ ཧོ༔ ལྷན་ཅིག་སྐྱེས་པ་བདེ་བའི་མཆོག༔ དགའ་བདེའི་ཐབས་ཀྱིས་ཉེར་མཚོན་ཏེ༔ རིག་འཛིན་རྒྱལ་བའི་སྐུ་ཐོབ་ཕྱིར༔ ལས་ཀྱི་ཕྱག་རྒྱའི་དབང་བསྐུར་རོ༔ མ་ཧཱ་མུ་དྲ་ཨ་བྷི་ཥིཉྩ་ས་མ་ཡ་ཧོ༔ ཨ་ལ་ལ་ཧོ༔ དེ་ཡིས་སློབ་མ་སྨིན་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈ དཔལ་ཡང་དག་ཧེ་རུ་ཀའི་གསང་ཏིག་ལས༔ ཚོགས་ཀྱི་ཆོ་ག་དངོས་གྲུབ་ཀུན་འབྱུང་བཞུགས་སོ༔ ྈྈྈྈྈྈ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ བསོད་ནམས་ཚོགས་ཆེན་རབ་རྫོགས་ཕྱིར༔ འདོད་ཡོན་ཚོགས་རྫས་སྣ་ཚོགས་བཤམས༔ ཧཱུྃ༔ བྷནྡྷ་ཡངས་པའི་ཚོགས་སྣོད་དུ༔ ཟག་མེད་ཤ་ལྔ་བདུད་རྩི་ལྔ༔ འདོད་ཡོན་ལྔ་ཡི་ལྷ་མོའི་ཚོགས༔ དཔག་མེད་ནམ་མཁའ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་ཁྲོ་བོའི་རྒྱལ༔ མཁའ་འགྲོ་མི་བཟད་འབར་བའི་ཚོགས༔ རོལ་པ་ཚོགས་ཀྱི་འདོད་ཡོན་ལ༔ གཏུམ་རྔམས་ཁྲོས་པའི་ཆོ་འཕྲུལ་གྱིས༔ གར་དང་ཕྱག་རྒྱ་བསྒྱུར་བྱས་ཏེ༔ མ་ལུས་དགོངས་ཤིང་གཤེགས་སུ་གསོལ༔ སྣང་སྲིད་འདོད་པའི་ཡོན་ཏན་ཀུན༔ ཡེ་ཤེས་རྫས་སུ་བྱིན་བརླབས་ཏེ༔ ཁྲོ་རྒྱལ་འཁོར་བཅས་དགྱེས་ཕྱིར་འབུལ༔ ཨ་ལ་ལ་སྟེ་བཞེས་སུ་གསོལ༔ བདག་ནི་ཆགས་དང་ཞེ་སྡང་དང༔ གཏི་མུག་དབང་གྱུར་བག་མེད་པས༔ ཁྱེད་ཀྱི་ཐུགས་དང་ཅི་འགལ་བ༔ མཐོལ་བཤགས་ཚངས་པའི་དངོས་གྲུབ་སྩོལ༔ ཧཱུྃ༔ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་འདིར༔ ཁྲག་འཐུང་རྡོ་རྗེ་འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ནས༔ གདུག་པ་ཅན་ཚོགས་སུ་ཡང་རུང༔ མ་ལུས་བསྡུས་ཏེ་འདིར་ཁུག་ལ༔ རྡོ་རྗེ་ཁྲོས་པའི་ཕུར་པས་བཏབ༔ གཟུགས་ཀྱང་རྡུལ་དུ་བཤིགས་བྱས་ཏེ༔ གཏུམ་རྔམས་འཁྲུགས་པའི་ཚོགས་ལ་འབུལ༔ བཞེས་ནས་སྟོབས་ཀྱི་དངོས་གྲུབ་སྩོལ༔ སྐབས་འདིར་རྣལ་འབྱོར་ཚོགས་ལ་རོལ༔ ལྷག་མ་བྷནྡྷའི་ནང་དུ་སྤུངས༔ སྨན་རཀ་ཛ་གད་ཕུད་ཀྱིས་བྲན༔ ཧཱུྃ༔ རྣམ་དག་ཆོས་དབྱིངས་རང་བཞིན་ལས༔ ཐུགས་རྗེའི་རོལ་པ་ཆེན་པོའི་སྐུ༔ བདག་ཉིད་ཆེན་པོ་ཧེ་རུ་ཀའི༔ བཀའ་ཡི་ཕོ་ཉ་ལྷག་སྡུད་ནི༔ རྡོ་རྗེ་རིན་ཆེན་པདྨ་ལས༔ སོ་སོའི་རིགས་དང་ཡང་འཁོར་བཅས༔ འདིར་གཤེགས་རྒྱན་གྱི་ལྷག་གཏོར་བཞེས༔ སངས་རྒྱས་བསྟན་པ་སྲུང་བ་དང༔ རྣལ་འབྱོར་སྒྲུབ་པའི་སྡོངས་གྲོགས་ལ༔ སྐད་ཅིག་ཙམ་ཡང་མ་གཡེལ་ཅིག༔ མ་མ་ཧྲིང་ཧྲིང་ཛ་ཨུ་ཙིཥྚ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས༔ བཀའ་གསང་རྒྱུད་རྣམས་བསྟན་པའི་ཚེ༔ བསྟན་པ་སྲུང་བར་ཞལ་བཞེས་པའི༔ དམ་ཅན་རྒྱ་མཚོ་འཁོར་དང་བཅས༔ འདིར་གཤེགས་བཀའ་ཡི་གཏོར་མ་བཞེས༔ ཕྲིན་ལས་རྣམ་བཞི་མྱུར་འགྲུབ་མཛོད༔ དེ་འོག་སློབ་དཔོན་པདྨ་སོགས༔ རིག་འཛིན་རྣམས་ཀྱི་སྤྱན་སྔ་རུ༔ བསྟན་སྲུང་ཞལ་བཞེས་དྲེགས་པའི་ཚོགས༔ འདིར་གཤེགས་མཆོད་བཞེས་ཕྲིན་ལས་མཛོད༔ ད་ལྟ་སྔགས་འཆང་སྒྲུབ་པ་པོས༔ གསང་སྔགས་གཉན་པོ་བསྒྲུབ་པའི་ཚེ༔ བསྟན་པ་སྲུང་མཛད་ཆོས་སྐྱོང་རྣམས༔ འདིར་གཤེགས་དམ་རྫས་གཏོར་མ་བཞེས༔ གསང་སྔགས་བསྟན་པ་སྲུང་བ་དང༔ ཞི་རྒྱས་དབང་དྲག་ལས་རྣམས་མཛོད༔ བྷྱོ༔ བོད་ཁམས་སྐྱོང་མཛད་བརྟན་མའི་ཚོགས༔ འཁོར་དང་ཡང་འཁོར་གྲངས་མེད་བཅས༔ འདིར་གཤེགས་བཀའ་ཡི་གཏོར་མ་བཞེས༔ ཁྱེད་རྣམས་སྔོན་གྱི་ཁས་བླངས་བཞིན༔ བོད་ཡུལ་སོ་ཁ་སྲུང་བ་དང༔ འཇིག་རྟེན་བདེ་སྐྱིད་སྤེལ་བ་དང༔ བདག་གི་དགེ་བའི་གྲོགས་མཛོད་ཅིག༔ ཧཱུྃ༔ ཁམས་གསུམ་ཡོངས་སྒྲོལ་མཛད་པའི་ཕྱིར༔ ཁྲོ་བོའི་སྤྲུལ་པས་བར་སྣང་གང༔ ཁྲོ་མོའི་སྤྲུལ་པས་ས་གཞི་གང༔ རོལ་པའི་གར་གྱིས་སྟོང་གསུམ་གཡོ༔ དགྲ་བགེགས་དམ་སྲི་བདུད་ཀྱི་ཚོགས༔ ལྡང་མེད་འཇིག་རྟེན་འོག་ཏུ་མནན༔ ཡ་མ་དམ་སྲི་སརྦ་ཤཱ་ཏྲཱུཾ་མཱ་ར་ཡ་ནན༔ འདི་ལྟར་བརྩོན་པའི་སྐལ་ལྡན་གྱིས༔ ཚེ་འདིའི་འགལ་རྐྱེན་མཐའ་དག་ཞི༔ འཕོས་ཚེ་རིག་འཛིན་ཞིང་དུ་སྐྱེ༔ དེ་ནས་རིང་མིན་མངོན་སངས་རྒྱས༔ གནས་སྐབས་ཀུན་ཏུ་དངོས་གྲུབ་གཏེར༔ ཅི་ལྟར་འདོད་པ་བཞིན་དུ་ཐོབ༔ དེ་བས་འདི་ལ་ནན་ཏན་གཅེས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈ ༔དཔལ་ཡང་དག་ཧེ་རུ་ཀའི་གསང་ཏིག་ལས༔ རྩ་རླུང་ཐིག་ལེའི་ཉམས་ལེན་བདེ་ཆེན་མཆོག་སྩོལ་བཞུགས་སོ༔ ྈྈྈ ྈྈྈྈྈ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ བསྐྱེད་པའི་རིམ་པ་སྔོན་སོང་ནས༔ རྫོགས་རིམ་ཟབ་མོ་འདི་ལྟར་བསྒོམ༔ ཤིན་ཏུ་དབེན་པར་མཚམས་བཅད་ནས༔ རང་ལུས་ཆུ་དྲོན་འོ་མས་བཀྲུ༔ ཏིལ་མར་སོགས་ཀྱིས་བསྐུ་མཉེ་བྱ༔ དར་རམ་རས་ཀྱི་རྐེད་ཤམ་གོན༔ འཇམ་འཐུག་འབོལ་བའི་གདན་ལ་འཁོད༔ རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བསྡམ༔ ལག་གཉིས་མཐེ་བོང་སྲིན་ལག་རྩར༔ མནན་པའི་ཁུ་ཚུར་དཔྱི་མཚམས་གཏད༔ དཔུང་པ་གཉིས་ནི་དྲང་པོར་བརྒྱང༔ སྒལ་ཚིགས་མདའ་བསླང་བཞིན་དུ་བསྲང༔ མགྲིན་པ་ཨན་ཙམ་མདུན་དུ་བཀུག༔ མིག་གཉིས་སྣ་རྩེར་རང་སོར་ཕབ༔ གསུས་ཁྱིམ་ཅུང་ཟད་ལྡིར་བར་བྱ༔ བདུན་པོ་འདི་དག་ལུས་གནད་དོ༔ བླ་མ་རྡོ་རྗེ་སེམས་དཔའ་ཉིད༔ སྤྱི་བོའི་གཙུག་ཏུ་བསྒོམ་བྱས་ལ༔ ཕུར་ཚུགས་གསོལ་འདེབས་མོས་གུས་བྱ༔ བླ་མ་རང་ལ་ཐིམ་པའི་མོད༔ རང་ཉིད་ཡང་དག་ཧེ་རུ་ཀ༔ ཡབ་ཡུམ་འཁྲིལ་སྦྱོར་རྒྱན་དང་བཅས༔ གཞུང་བཞིན་གསལ་བར་བསྒོམ་པ་འམ༔ ཡང་ན་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་དྲིལ་འཛིན་ཡུམ་ལ་འཁྱུད༔ རུས་པ་རིན་པོ་ཆེ་ཡི་རྒྱན༔ རྫོགས་ཤིང་ཉི་མའི་གདན་ལ་བཞེངས༔ ཁྲོ་ཆགས་ཉམས་འགྱུར་འབར་བ་བསྒོམ༔ གང་ཡང་སྟོང་ར་འོད་ཀྱི་སྐུ༔ དཔེར་ན་ཤེལ་གྱི་བུམ་པ་བཞིན༔ དེ་ཡང་གདོས་བཅས་ལས་འདས་པ༔ ཆུ་ཟླ་འཇའ་ཚོན་ལྟ་བུར་བསྒོམ༔ ཁོག་པའི་དབུས་དྲང་རྩ་དབུ་མ༔ མཐིང་གསལ་རང་གི་མཐེ་བོང་ཙམ༔ དྭངས་གསལ་སྒྲིབ་མེད་འོད་ལྔ་ཅན༔ སྤྱི་གཙུག་བདེ་སྐྱོང་གཉིས་ཀྱི་བར༔ དྲང་ཞིང་གཡོ་འགུལ་མེད་པར་གནས༔ གཡས་སུ་རོ་མ་དམར་མོ་དང༔ གཡོན་དུ་རྐྱང་མ་དཀར་མོ་གཉིས༔ སྦོམ་ཕྲ་རང་གི་སྲིན་ལག་ཙམ༔ ཡར་སྣེ་སྨིན་ཕྲག་མཚམས་ནས་གུག༔ སྣ་བུག་གཉིས་སུ་ཧ་རེ་ཟུག༔ མར་སྣེ་ལྟེ་འོག་སོར་བཞིའི་མཚམས༔ དབུ་མ་ཉིད་དང་སྦུབས་གཅིག་ཚུལ༔ དྲང་ཞིང་དྭངས་གསལ་སྒྲིབ་དང་བྲལ༔ རྡུལ་དང་ཁུ་བའི་གཤེར་ཆགས་པ༔ དཀར་དམར་འོད་ལྡན་གསལ་བརྟན་བསྒོམ༔ མ་དག་སྒོ་གསུམ་དུག་གསུམ་དང༔ སྣང་གསུམ་སྒྲིབ་པ་ནད་གདོན་བགེགས༔ ལས་རླུང་ནག་པོའི་རྣམ་པ་རུ༔ ཕྱིར་ཐོན་སངས་ཀྱིས་དག་པར་བསམ༔ རླུང་རོ་དགུ་ཕྲུགས་དྲག་ཏུ་འབུད༔ སྒོ་གསུམ་དང་ནི་རྩ་གསུམ་པོ༔ སྐྱོན་བྲལ་དྲི་མ་མེད་པར་བསམ༔ ཕྱི་ལྟར་འབྱུང་བ་ལྔ་ཡི་བཅུད༔ ནང་ལྟར་ལྷ་དང་མི་ལ་སོགས༔ བསོད་ནམས་སྟོབས་དཔལ་འབྱོར་ལྡན་གྱི༔ ཚེ་བསོད་ནུས་བཅུད་མ་ལུས་དང༔ གསང་བ་ཕྱོགས་བཅུ་དུས་གསུམ་གྱི༔ རྒྱལ་བ་སྲས་བཅས་ཡི་དམ་ལྷ༔ མཁའ་འགྲོ་མ་དང་མཁའ་འགྲོའི་ཚོགས༔ ཁྱད་པར་གནས་མཆོག་ཉེར་བཞི་ན༔ བཞུགས་པའི་ཧེ་རུ་ཀ་དཔལ་དང༔ དཔའ་མོ་འབུམ་ཕྲག་ཡངས་པའི་འཁོར༔ ཀུན་གྱི་བྱིན་རླབས་ནུས་སྟོབས་རྣམས༔ མ་ལུས་འདུས་པའི་ངོ་བོ་ལ༔ རྣམ་པ་ཁ་དོག་ལྔ་ལྡན་རླུང༔ འཇའ་ཚོན་ལྔ་སྒྲིལ་ལྟ་བུ་ཡང༔ དཔེར་ན་ཡུར་ཆུ་དྲངས་པ་ལྟར༔ སྣ་བུག་གཡོན་ནས་དལ་བུས་རྔུབ༔ རྐྱང་མའི་ལམ་བརྒྱུད་འདུས་མདོ་ནས༔ དབུ་མའི་ནང་དུ་འུབ་འུབ་ཞུགས༔ ལྟེ་འོག་སོར་གཉིས་གཞལ་བའི་མཚམས༔ དབུ་མའི་ལམ་དུ་འོད་ལྔ་ཡི༔ ཐིག་ལེ་ཡུངས་འབྲུ་ལྟ་བུ་ལ༔ རླུང་གི་རྒྱུ་བ་ཐམས་ཅད་ཐིམ༔ དེ་ཚེ་སེམས་ཀྱི་རྟོག་པ་ཡང༔ དེར་ཐིམ་རླུང་སེམས་རང་སར་འགགས༔ སྐྱོན་བྲལ་འོད་གསལ་འབར་བར་བསྒོམ༔ འོག་སྒོ་འབྱེད་འཛུམ་བྱེད་བཅིང་གིས༔ ཐུར་སེལ་ལྟེ་འོག་ཐིག་ལེར་སྡུད༔ གྱེན་རྒྱུ་ཐུར་དུ་མནན་པ་ཡི༔ ཤུགས་ཀྱིས་སྲོག་འཛིན་ཡང་དེར་འཆིངས༔ གསུས་པ་དྲག་ཏུ་ལྡིར་བ་ཡིས༔ མེ་མཉམ་གཡོ་མེད་རང་སོར་གནས༔ ཡན་ལག་ཐམས་ཅད་བསྒྲིམ་པ་དང༔ རྩེ་གཅིག་དམིགས་པའི་བྱེད་བཅིང་གིས༔ ཁྱབ་བྱེད་ཚོགས་ཀྱང་རིམ་པར་འདུས༔ མདོར་ན་བཅུད་འདུས་ཕྱི་རླུང་ལྔ༔ བྱ་བ་བྱེད་པའི་ནང་རླུང་ལྔ༔ ཀུན་ཀྱང་ཕྲ་རགས་མ་ལུས་ཀུན༔ གཞི་ཡི་འོད་ལྔའི་ཐིག་ལེ་ལ༔ ཐིམ་ནས་རང་སར་དག་པར་བསྒོམ༔ སྟེང་འོག་རླུང་གཉིས་ཁ་སྦྱར་ལ༔ ལྟེ་འོག་བུམ་པ་བཞིན་དུ་དགང༔ རླུང་སེམས་རྩེ་གཅིག་དེར་གཏད་ལ༔ བཅག་བཅག་་་པུས་གཏད་་་བྱེད་དེ་ཡང་ཡང་གཞིལ༔ མི་ཐུབ་དུས་སུ་ལྟོ་བའི་ཐད༔ བ་སྤུའི་ཁུང་བུ་ཐམས་ཅད་ནས༔ རླུང་སྐྱོན་སང་སང་བུད་པར་བསམ༔ འདི་ཉིད་ཧ་ཅང་མང་མི་བྱ༔ གང་ཡང་སྟེང་རླུང་ཤུགས་ཀྱིས་བཅག༔ བྱང་ཁོག་སྟོད་ཕྱོགས་མ་ཤོར་གཅེས༔ རྩེ་གཅིག་སེམས་དེར་མ་གཏད་ན༔ རླུང་ཡང་མི་ཟིན་རླུང་ལོག་འབྱུང༔ ལུས་གནད་དྲག་ཏུ་མ་གཅུན་ན༔ ལུས་འཁྲུགས་ཤ་བཀྲའི་ནད་སོགས་ལྡང༔ དེ་དག་གཅུན་པས་རླུང་སེམས་དྭངས༔ སྒོ་གསུམ་བདེ་ཡང་དངོས་གྲུབ་འབྱུང༔ དེ་ཕྱིར་འདུན་པ་རྩེ་གཅིག་པས༔ རླུང་སེམས་ལུས་གནད་དྲག་ཏུ་གཅུན༔ མི་ཐུབ་དུས་སུ་རླུང་སྐྱོན་རྣམས༔ རོ་མའི་ལམ་བརྒྱུད་སྣ་གཡས་ནས༔ ཕྱིར་ཐོན་སང་སང་དག་པར་བསྒོམ༔ ཐོག་མར་སྣ་བུག་གཡས་ཉིད་ནས༔ རླུང་རོ་ལན་གསུམ་མདའ་ལྟར་འཕང༔ དེ་ནས་ལག་གཉིས་པུས་མོར་གཏད༔ རླུང་རོ་དྲག་འབུད་སྐྱིལ་ཀྲུང་བཤིག༔ ངལ་གསོ་ཤེས་པ་རང་བབ་ལྷོད༔ རྣམ་གཡེངས་བྲེ་མོའི་གཏམ་ལ་སོགས༔ སྤྱོད་ལམ་གཞན་གྱིས་མ་ཆད་པར༔ སླར་ཡང་ཚུལ་བཞིན་བསྒོམ་ལ་འབད༔ ཐུན་བཞིའམ་ཐུན་དྲུག་ཉམས་དང་སྦྱར༔ ཉིན་ཞག་གཅིག་ལ་རླུང་ཁུག་གྲངས༔ སུམ་བརྒྱ་དྲུག་ཅུ་རྒྱུད་ལས་གསུངས༔ གོམས་པའི་ཚེ་ན་ཡུན་བསྲིང་འབད༔ ཐོག་མར་ཡུན་ཐུང་གྲངས་མང་བྱ༔ ཐུན་དྲུག་སྐབས་སུ་གུང་གཉིས་ཚེ༔ གཡས་ནས་རྒྱུ་བའི་དུས་དག་དང༔ ཐུན་བར་སྤྱོད་ལམ་གཞན་རྣམས་སུ༔ སྲོག་རྩོལ་དྲག་ཏུ་མི་བསྡམ་པར༔ ཤེས་པ་གཏན་གྱི་ཐིག་ལེར་གཏད༔ བར་རླུང་ཐད་ཀར་ཆིལ་གྱིས་གཞིལ༔ དེས་ནི་གེགས་ཞི་ཡོན་ཏན་འབྱུང༔ གཙུབ་ཤིང་གཙུབ་པས་མེ་འབྱུང་བཞིན༔ བར་མེད་ཤུགས་དྲག་མ་འབད་ན༔ ལོ་ཟླའི་གྲངས་ཀྱིས་ནུས་མི་འབྱུང༔ བརྩོན་པ་རབ་ཀྱིས་ཟླ་གཅིག་དང༔ འབྲིང་གཉིས་ཟླ་བ་གསུམ་དག་གིས༔ རླུང་ཟིན་སེམས་ཀྱང་ལས་རུང་འགྱུར༔ དེ་ཚེ་གཙོ་མོ་གསུམ་ཉིད་ལ༔ སྤྱི་བོ་བདེ་ཆེན་འཁོར་ལོ་རུ༔ རྩ་འདབ་སུམ་བརྒྱ་དྲུག་ཅུ་དཀར༔ མགྲིན་པ་རོ་འདུས་འཁོར་ལོ་རུ༔ རྩ་འདབ་བརྒྱད་གཉིས་བཅུ་དྲུག་དམར༔ སྙིང་ག་དྲན་པའི་འཁོར་ལོ་རུ༔ འདབ་བརྒྱད་དྭངས་གསལ་ནམ་མཁའི་མདོག༔ ལྟེ་བ་སྤྲུལ་པའི་འཁོར་ལོ་རུ༔ རྩ་འདབ་དྲུག་ཅུ་རྩ་བཞི་སེར༔ ཐམས་ཅད་གདུགས་ཀྱི་གུར་རྩིབས་བཞིན༔ སྦོམ་ཕྲ་གྲོ་ཡི་སོག་སྦུབས་ཙམ༔ དྭངས་གསལ་འོད་དང་ལྡན་པར་བསྒོམ༔ སྤྱི་བོའི་རྩ་འཁོར་ཐུར་དུ་སྦུབ༔ མགྲིན་པ་ལ་སོགས་གཞན་གསུམ་བཀན༔ དཔེར་ན་འཇའ་ཚོན་ལྟ་བུར་བསྒོམ༔ བདེ་ཆེན་འཁོར་ལོའི་སྟེང་ཉིད་ཀྱི༔ སོར་གཉིས་མཚམས་སུ་ཡི་གེ་ཧྃ༔ དཀར་གསལ་བདེ་བའི་ངོ་བོར་བསྒོམ༔ ལྟེ་འོག་སོར་བཞིའི་གནས་སུ་ཨ༔ དམར་པོ་མེ་ཡི་རང་བཞིན་བསྒོམ༔ ལུས་གནད་བདུན་པོ་སྔར་ལྟར་ལ༔ རླུང་རྔུབ་རོ་རྐྱང་གཉིས་ནས་བརྒྱུད༔ དུས་མིན་ཨ་ལ་དྲག་ཏུ་ཕོག༔ ཡེ་ཤེས་མེ་ཉིད་ལྷག་གེར་འབར༔ མེ་ལྕེ་ཉུག་ཉུག་གྱེན་དུ་འཁྱིལ༔ ལྟེ་བའི་རྩ་འཁོར་ཐམས་ཅད་གང༔ མ་དག་སྙིགས་མའི་རྩ་ཐིག་རླུང༔ དེས་བསྐྱེད་ལས་སྒྲིབ་བག་ཆགས་བསྲེག༔ དྭངས་མའི་ནུས་པ་མེ་ལྟར་འབར༔ བདེ་དྲོད་གློ་བུར་སྐྱེས་པར་བསྒོམ༔ ཁུ་ཚུར་པུས་གཏད་སྐྱིལ་ཀྲུང་བཤིག༔ རྐེད་པ་གཡས་གཡོན་ལན་བདུན་རེ༔ དྲག་ཏུ་བསྐོར་མཐར་འབེབས་ཆུང་་་མཐོ་གང་ཚད་་་བསྣུན༔ དེ་བཞིན་ཕོ་བ་དྲག་ཏུ་བསྐོར༔ འབེབས་ཆུང་གསུམ་སྤྲུགས་ངལ་གསོ་བྱ༔ སླར་ཡང་མེ་ལྕེ་གྱེན་དུ་འབར༔ སྔར་བཞིན་སྙིང་གའི་འཁོར་ལོ་གང༔ སྙིང་རླུང་ནད་གདོན་ཀུན་སྲེག་བསམ༔ ཁུ་ཚུར་ནུ་ཕྲག་བསྐོར་ཞིང་བརྡེག༔ མདུན་རྒྱབ་ཐལ་མོས་དྲག་ཏུ་འཕུར༔ ཁུ་ཚུར་པུས་གཏད་སྐྱིལ་ཀྲུང་བཤིག༔ འབེབས་ཆུང་གསུམ་རྒྱབ་ངལ་བསོ་བྱ༔ དེ་བཞིན་མགྲིན་པའི་རྩ་འཁོར་རྣམས༔ མེ་ལྕེས་ལྟེམ་གྱིས་གང་བར་བསམ༔ མགོ་བོ་བསྒྲིལ་ཞིང་མགྲིན་པ་བསྐོར༔ སྐྱིལ་ཀྲུང་བཅའ་བཤིག་འབེབས་ཆུང་བརྡེག༔ དེ་ནས་སྤྱི་བོའི་རྩ་འཁོར་ཡང༔ མེ་ལྕེས་སྔར་བཞིན་གང་བར་བསྒོམ༔ དཔྲལ་བའི་མདུན་རྒྱབ་ཐལ་མོས་མཉེ༔ པུས་གཏད།་་་མགོ་བོ་སྤྲུགས་ལ་འབེབས་ཆུང་བསྣུན༔ དེ་ལྟར་འཁོར་ལོ་རེ་རེ་བཞིན༔ བདེ་དྲོད་མ་ཐོན་བར་དུ་ཡང༔ ཞག་གསུམ་ལ་སོགས་རིམ་བཞིན་འབད༔ འཁྲུལ་འཁོར་ཤུགས་དྲག་བྱ་བ་གནད༔ དེ་ནས་སྤྱི་བོའི་རྩ་འཁོར་ལས༔ མེ་ལྕེའི་ཟེར་མ་གྱེན་དུ་འཕྲོས༔ ཧྃ་ལ་ཕོག་པས་བདེ་བའི་ཉམས༔ བཟོད་གླགས་མེད་པར་འབར་བར་བསམ༔ ཧར་གྱིས་་་འདི་ལ་ཕྱེད་སྐྱིལ་ཁུ་ཚུར་པུས་གཏད་ཀྱིས་རླུང་བཟུང་་་ལངས་ལ་ཐལ་མོ་གཉིས༔ སྤྱི་བོར་མ་རེག་ཙམ་དུ་གཅུན༔ རྐང་པའི་རྟིང་སྦྱར་སོར་རྩེ་བཙུག༔ པུས་མོ་ཕྱིར་བསྐྱེད་ལུས་བྱིང་བསྲང༔ ཨ་ཧྃ་བརྗོད་ཅིང་ལུས་སྤྲུགས་མཐར༔ པུས་མོ་མདུན་དུ་བཀུག་སྟེ་སྦྱར༔ དྲག་འབེབས་གཅིག་དང་་་ཁྲུ་གང་ཚད་་་བར་འབེབས་གསུམ༔ བྱས་ལ་ངལ་བསོ་བདེ་ལུགས་བཞག༔ ཧྃ་ལས་བདེ་བའི་ཐིག་ལེ་ནི༔ དཔེར་ན་དངུལ་ཆུའི་ཐིགས་པ་བཞིན༔ དཀར་གསལ་སྣུམ་འོད་འབར་བ་བརྒྱད༔ བབ་པས་སྤྱི་བོའི་རྩ་འཁོར་གང༔ དེར་བཞུགས་དཔའ་བོ་མཁའ་འགྲོ་མཆོད༔ བུམ་པའི་དབང་ཐོབ་ལུས་སྒྲིབ་སྦྱང༔ དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས༔ དབྱིབས་ཀྱི་རྣལ་འབྱོར་བསྒོམ་ལ་དབང༔ སྤྲུལ་སྐུའི་སྐལ་པ་ཅན་དུ་གྱུར༔ ལུས་ལ་བདེ་དྲོད་འབར་བར་བསམ༔ རྡོར་སྐྱིལ་གྱིས་རླུང་བཟུང་།་་་དཔྲལ་བའི་མདུན་རྒྱབ་ཐལ་མོས་བརྡེག༔ པུས་མགོ་བོ་སྤྲུགས་ཤིང་བར་འབེབས་བྱ༔ རྗེས་ཐོབ་དགའ་བའི་ཡེ་ཤེས་བསྐྱང༔ ཐིག་ལེ་བདུན་པོ་མགྲིན་པར་བབ༔ ལོངས་སྤྱོད་འཁོར་ལོའི་རྩ་འདབ་གང༔ དེར་བཞུགས་དཔའ་བོ་མཁའ་འགྲོ་མཆོད༔ གསང་བའི་དབང་ཐོབ་ངག་སྒྲིབ་སྦྱང༔ མཆོག་དགའི་ཡེ་ཤེས་རྒྱུད་ལ་སྐྱེས༔ བདག་བྱིན་རླབས་པ་བསྒོམ་ལ་དབང༔ ལོངས་སྐུའི་སྐལ་པ་ཅན་དུ་གྱུར༔ ངག་ལ་ནུས་པ་འབར་བར་བསམ༔ རྡོར་་་མགོ་བོ་དགྱེ་ཞིང་མདུན་དུ་དགུགས༔ དེ་ཚེ་མིག་བཙུམ་སྟེང་རླུང་མནན༔ ཐལ་མོས་ངོ་གདོང་ཐུར་དུ་བྱུག༔ གཡོན་པུས་གཏད།་་་གཡས་ཀྱི་སོར་བཞིས་མགྲིན་པ་བརྡུང༔ བར་འབེབས་བྱས་ལ་རྗེས་ཤེས་བསྐྱང༔ ཐིག་ལེ་དྲུག་པོ་སྙིང་གར་བབ༔ ཆོས་ཀྱི་འཁོར་ལོའི་རྩ་འདབ་གང༔ དེར་བཞུགས་དཔའ་བོ་མཁའ་འགྲོ་མཆོད༔ གསུམ་པའི་དབང་ཐོབ་ཡིད་སྒྲིབ་སྦྱང༔ ཁྱད་པར་དགའ་བའི་ཡེ་ཤེས་སྐྱེས༔ གཞན་ལུས་ཐབས་ལྡན་བསྒོམ་པར་དབང༔ ཆོས་སྐུའི་སྐལ་པ་ཅན་དུ་གྱུར༔ སེམས་ལ་ཉམས་རྟོགས་འབར་བར་བསམ༔ རྡོར་་་ནུ་བསྐོར་མཆན་བརྡེག་རྒྱབ་ཤད་བྱ༔ མདུན་རྒྱབ་ཐལ་མོས་་་ལན་རེ་་་ཅུང་ཟད་བརྡེག༔ བར་འབེབས་གསུམ་བྱས་རང་ངོ་བསྐྱང༔ ཐིག་ལེ་ལྔ་པོ་ལྟེ་བར་བབ༔ སྤྲུལ་པའི་འཁོར་ལོའི་རྩ་འདབ་གང༔ དེར་བཞུགས་དཔའ་བོ་མཁའ་འགྲོ་མཆོད༔ གསུམ་པའི་དབང་ཐོབ་ཡིད་སྒྲིབ་སྦྱང༔ ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སྐྱེས༔ ཕྱག་རྒྱ་ཆེན་པོ་བསྒོམ་པར་བསམ༔ ངོ་བོ་ཉིད་སྐུའི་སྐལ་ལྡན་གྱུར༔ སྒོ་གསུམ་རྡོ་རྗེ་གསུམ་དུ་བསམ༔ ཕྱེད་་་རྐང་པ་བརྐྱང་་་ཁུ་ཚུར་གདན་གཏད་་་སྤྲུགས་ཧར་གྱིས་ལང༔ གྲུ་མོས་རྩིབ་ལོགས་གཡས་གཡོན་བརྡུང༔ འབེབས་ཆེན་གཅིག་དང་བར་འབེབས་གསུམ༔ བྱས་ལ་རྗེས་ཤེས་རང་བབ་བསྐྱང༔ སླར་ཡང་བདེ་བའི་ཐིག་ལེ་གཅིག༔ ཐུར་དུ་ལྷུང་བས་མེ་ལ་རེག༔ མེ་ཉིད་རབ་ཏུ་ཆེར་འབར་ཞིང༔ ཐིག་ལེ་གྱེན་དུ་ཆིལ་ཆིལ་འཕང༔ མེ་ལྕེས་འཁོར་ལོ་བཞི་རྣམས་དང༔ རང་ལུས་ཕྱི་ནང་ཐམས་ཅད་ཁྱབ༔ མ་དག་ཕུང་ཁམས་སྐྱེ་མཆེད་སྦྱང༔ ཀུན་ཀྱང་བདེ་ཆེན་དྭངས་མའི་གཟུགས༔ ཐིག་ལེ་འོད་ལྔ་འབར་བར་གྱུར༔ དེ་ཀུན་རང་ལ་སིབ་སིབ་ཐིམ༔ བདེ་སྟོང་ཉམས་རྟོགས་བརྗོད་མེད་འབར༔ ལུས་ཁམས་བདེ་བ་བཟོད་མེད་གཡོས༔ ཐིག་ལེ་ཕྱུར་ཕྱུར་མེར་མེར་འཕེལ༔ བདེ་བའི་རླངས་པ་འོད་ལྔའི་ཟེར༔ འདོམ་གང་ཙམ་དུ་འཕྲོ་བར་བསྒོམ༔ དེ་ཚེ་དབུ་མའི་མར་སྣེའི་རྩ༔ དུང་ཅན་མ་ཡི་ཁོང་སེང་དུ༔ མི་འགྱུར་ཡི་གེ་ཕཊ་ལྗང་སེར༔ རྡོ་རྗེའི་ཕ་ལམ་ལྟ་བུ་ཡིས༔ རྩ་སྦུག་ཁྲིག་གེར་བཀག་པར་བསམ༔ མེ་རྣམས་དྭངས་མའི་ཨ་ལ་ཐིམ༔ ཐིག་ལེས་ལུས་ཀུན་ལྟེམ་གྱིས་གང༔ བདེ་སྟོང་གཡོ་མེད་གནས་པར་བསམ༔ ཕྱེད་་་རྐང་པ་ཤད་བརྐྱང་གྱེན་དུ་བྱུག༔ གཡས་གཡོན་ཁུ་ཚུར་གདན་ལ་བརྡེག༔ ཕྱིར་འབེབས་གཅིག་དང་འབེབས་ཆུང་གསུམ༔ བྱས་ཏེ་བདེ་སྟོང་རང་ངོ་བསྐྱང༔ ཁྱད་པར་འོག་རླུང་དྲག་ཏུ་བསྡམས༔ རྒྱུ་བའི་རྩ་ཡང་གཏེམས་པར་བྱ༔ ཕཊ་ལ་སེམས་བཟུང་གཡོ་མེད་བཞག༔ སླར་ཡང་གྱེན་དུ་ལྡོག་བྱའི་ཕྱིར༔ ལྟེ་འོག་ཐིག་ལེ་ཐམས་ཅད་ཀྱང༔ རིམ་པར་འདུས་ཏེ་གཅིག་ཏུ་གྱུར༔ དེ་ཉིད་ཕཊ་ཀྱིས་གྱེན་དུ་འཕང༔ ལྟེ་བ་སྤྲུལ་པའི་འཁོར་ལོ་གང༔ དགའ་བའི་ཡེ་ཤེས་མངོན་དུ་བྱས༔ བདེ་བའི་མེ་ཡང་གྱེན་དུ་འབར༔ ལྟེ་བ་སྤྲུལ་པའི་འཁོར་ལོ་ཡི༔ ཐིག་ལེ་ཀུན་ཀྱང་གྱེན་དུ་ལྡོག༔ སྙིང་ག་ཆོས་ཀྱི་འཁོར་ལོ་གང༔ མཆོག་དགའི་ཡེ་ཤེས་མངོན་དུ་བྱས༔ མེ་དང་རླུང་གིས་གྱེན་དུ་ཕུལ༔ སྙིང་ག་ཆོས་ཀྱི་འཁོར་ལོ་ཡི༔ ཐིག་ལེ་ཀུན་ཀྱང་གྱེན་དུ་ལྡོག༔ མགྲིན་པ་ལོངས་སྤྱོད་འཁོར་ལོ་གང༔ ཁྱད་པར་དགའ་བའི་ཡེ་ཤེས་གསལ༔ མེ་རླུང་ཤུགས་ཀྱིས་རབ་བསྐྱོད་པས༔ མགྲིན་པ་ལོངས་སྤྱོད་འཁོར་ལོ་ཡི༔ ཐིག་ལེ་ལྷག་མེད་གྱེན་དུ་ལྡོག༔ སྤྱི་བོ་བདེ་ཆེན་འཁོར་ལོ་གང༔ ལྷན་སྐྱེས་ཡེ་ཤེས་མངོན་དུ་བྱས༔ དེ་ལྟར་དེ་དག་ཀུན་གྱི་ཚེ༔ རིག་པ་སྤྱི་གཙུག་ཧྃ་ལ་གཏད༔ ཕྱེད་་་སྟག་སྐྱུགས་འཁྲུལ་འཁོར་ཡང་ཡང་གཅེས༔ དེ་ཡང་སོར་བཞི་དྲག་ཏུ་བསྐུམ༔ ཁྱད་པར་འོག་རླུང་དྲག་ཏུ་འཐེན༔ ལྟོ་བ་ནང་བཅག་སྒལ་པར་སྦྱར༔ མགོ་དགྱེ་ལྕེ་རྩ་ཡ་རྐན་གཟིར༔ མིག་འབྲས་གྱེན་ལ་རབ་ཏུ་བཟློག༔ གཡས་གཡོན་གཅུས་འཐེན་ཧ་ཧ་གཅེས༔ གྱེན་དུ་རྩ་འདར་ཐོན་པར་འཕང༔ ཧར་གྱིས་ལངས་ལ་འབེབས་ཆེན་སྤྲུགས༔ བདེ་སྟོང་ཡེ་ཤེས་རང་ངོ་བསྐྱང༔ དེ་ནས་ཐིག་ལེ་བཀྲམ་པའི་ཕྱིར༔ བདེ་ཆེན་འཁོར་ལོའི་བྱང་སེམས་ཀུན༔ རྩ་ཆེན་རྩ་ཕྲན་ལམ་བརྒྱུད་དེ༔ རང་ལུས་སྟོད་སྨད་ཀུན་ལ་ཁྱབ༔ བདེ་སྟོང་ཡེ་ཤེས་བརྟན་པར་བསམ༔ ཕྱེད་་་ལངས་ལ་་་གཡས་གཡོན་་་མགོ་བསྒྲིལ་དགྱེ་དགུག་དང༔ ཐལ་མོས་གདོང་མཉེ་དྲག་ཏུ་བྱུག༔ ཁུ་ཚུར་འཕེན་སྡུད་དཔུང་མགོར་བརྡེག༔ གཡས་གཡོན་རེས་མོས་དྲག་ཏུ་འཕུར༔ གྲུ་མོས་རྩིབ་ལོགས་བརྡེག་པ་དང༔ ནུ་ཕྲག་འཕུར་བརྡེག་རྒྱབ་་་གསུམ་རེ་་་ཤད་བྱ༔ དེ་ནས་རྐང་གཉིས་རྟིང་སྦྱར་ལ༔ སོར་རྩེ་སར་བཙུགས་སྔར་བཞིན་གདེངས༔ ལག་གཉིས་ནུ་མའི་ཐད་དུ་བསྣོལ༔ གཡས་གཡོན་ལྟ་སྟངས་རླུང་འབུད་མཐར༔ རླུང་ཉིད་ལྟེ་འོག་ཆིལ་གྱིས་མནན༔ རྡོ་རྗེའི་ཐོག་འབེབས་དྲག་ཏུ་བརྡེག༔ སླར་ཡང་བར་འབེབས་གསུམ་བྱས་ལ༔ རིག་པ་ཁྱབ་བརྡལ་ངང་དུ་བཞག༔ ཕྱེད་་་ཡང་གཅིག་གན་རྐྱལ་འོག་རླུང་ཉིད༔ ཅུང་ཟད་ནང་དུ་ཡིད་ཀྱིས་དྲངས༔ ཡན་ལག་བཞི་བརྐྱང་གཡས་གཡོན་འདྲིལ༔ སྒལ་འབེབས་གསུམ་དང་སྒུར་འབེབས་གསུམ༔ བྱས་ལ་ཀ་དག་ངང་དུ་བཞག༔ དབབ་སྐྱིལ་བཟློག་བཀྲམ་ཀུན་གྱི་ཐབས༔ བདེ་བ་ཡེ་ཤེས་དྲངས་ཕྱིར་ཏེ༔ ལུས་སེམས་ཚོར་བདེ་གློ་བུར་བ༔ དེ་ཡང་ཡེ་ཤེས་དྲངས་པའི་ཐབས༔ བདེ་ཆེན་ཡེ་ཤེས་ཞེས་བྱ་བ༔ རྟག་ཏུ་ལུས་ཅན་སྙིང་ལ་གནས༔ ཟག་མེད་སངས་རྒྱས་ཡེ་ཤེས་ཅན༔ འཕོ་འགྱུར་གཡོ་བ་མེད་པ་སྟེ༔ ཤྲཱི་ཧེ་རུ་ཀ་ཡི་དངོས༔ དུས་གསུམ་རྟག་པའི་བདག་ཉིད་ཆེ༔ མཁའ་ལྟར་རྣམ་པར་མི་རྟོག་དབྱིངས༔ བསམ་མེད་བརྗོད་མེད་དཔེ་ལས་འདས༔ དེ་ལ་རྒྱུ་རྐྱེན་ཡོད་མིན་ཡང༔ ཐབས་ཀྱིས་རླུང་སེམས་རང་འགགས་ཚེ༔ རང་གནས་བདེ་ཆེན་གསལ་བར་མཐོང༔ གཞན་ནས་འོང་མིན་ལྷན་ཅིག་སྐྱེས༔ སངས་རྒྱས་དགོངས་པ་མཐར་ཐུག་གོ༔ དེ་ལྟར་རང་ལུས་ལས་རུང་ཚེ༔ མི་མོ་ལོ་གྲངས་བཅུ་དྲུག་མ༔ ལུས་དང་རྩ་ལ་ནད་མེད་ཅིང༔ རྒུད་པ་མ་ཡིན་ལང་ཚོ་དར༔ པདྨ་ཅན་སོགས་རིགས་ལྔ་པོ༔ མ་ནོར་སྤྱི་ལྟར་ལེགས་པར་བརྟག༔ ཐབས་དང་རྫས་སྔགས་ཕྱག་རྒྱས་བཀུག༔ ཐུན་མོང་ཆོས་བཤད་སེམས་རྒྱུད་སྦྱང༔ སྣོད་དང་འཚམ་པའི་དབང་ཡང་བསྐུར༔ དམ་ཚིག་གཉན་པོའི་རྣམ་དབྱེ་བཤད༔ བསྐྱེད་རྫོགས་རྣལ་འབྱོར་ཟབ་མོ་སྦྱིན༔ ཅུང་ཟད་མ་བརྟན་བར་དུ་ཡང༔ ཐུན་བཞིར་མ་ཆག་བསྒོམ་དུ་བཅུག༔ ཅུང་ཟད་གོམས་པར་གྱུར་པའི་ཚེ༔ དབེན་ཁང་ཉིད་དུ་གསང་སྤྱོད་བརྩམ༔ དེ་ཡང་བལྟ་དང་འཛུམ་བཞད་དང༔ ལུས་ཀྱི་ཆ་ཤས་རེག་པ་དང༔ བདེ་བའི་གཏམ་ནི་སྣ་ཚོགས་པས༔ ཆགས་པ་བསྐུལ་ཏེ་རྒྱས་བྱས་ལ༔ འདུ་ཤེས་གསུམ་གྱིས་མཁའ་གསང་སྤྲད༔ བསྒུལ་བསྐྱོད་བསྲུབ་པས་བདེ་བ་སྤེལ༔ ཐིག་ལེ་རིམ་བཞིན་བབ་པའི་ཚེ༔ བསྲུབ་འཕྲོ་བཅད་ལ་བདེ་ཉམས་བསྐྱང༔ འཁོར་ལོ་བཞི་རུ་དགའ་བཞི་སོགས༔ རང་ལུས་ཐབས་ལྡན་ཇི་བཞིན་བསྒོམ༔ ཐབས་བྱུང་ཡེ་ཤེས་ཉིད་གསལ་ན༔ དབང་སོགས་གལ་ཏེ་དྲན་རྟོག་གི༔ བྱེ་བྲག་ཡིད་ལ་བྱེད་མི་དགོས༔ ཆགས་བདེའི་ངང་དུ་འོད་གསལ་ཉིད༔ གལ་ཏེ་བག་ལ་ཞ་གྱུར་ན༔ སྦྱོར་བ་བྱིན་གྱིས་བརླབས་མིན་པས༔ ཡེ་ཤེས་རང་ངོ་མ་བོར་གཅེས༔ གང་ཡང་ཐིག་ལེ་མ་ཉམས་པ༔ རྡོ་རྗེའི་རྩེར་བཟུང་རང་ངོ་བསྐྱང༔ བསྐྱིལ་བའི་དམིགས་པ་འཁྲུལ་འཁོར་ཡང༔ སྔར་བཞིན་ཤུགས་དྲག་བྱ་བ་གནད༔ དེ་ནས་གྱེན་དུ་རབ་ལྡོག་བྱ༔ དེ་ཚེ་རླུང་དམིགས་འཁྲུལ་འཁོར་ཡང༔ གསལ་ལ་ངར་ལྡན་མང་དུ་བྱ༔ གང་ཡང་ཡེ་ཤེས་རང་ངོ་ལས༔ མི་གཡོ་བཙན་ས་བཟུང་བ་གནད༔ དབབ་ལྡོག་ཚད་དུ་ཕྱིན་པ་ན༔ ལྷན་སྐྱེས་ཡེ་ཤེས་མངོན་སུམ་མཇལ༔ དེ་ཡང་ཡས་བབ་དུས་སུ་ནི༔ བདེ་བའི་ཉམས་ཀྱིས་ཅུང་ཟད་བསླད༔ མས་བརྟན་མཐའ་རུ་འོད་གསལ་ཉིད༔ སྟོན་གནམ་རྐྱེན་བྲལ་ལྟ་བུར་འཆར༔ དེ་ཉིད་འཁྲུལ་བློའི་ཡུལ་མིན་པས༔ སེམས་ཀྱིས་ངོས་བཟུང་བྱར་མེད་ཀྱང༔ གཉིས་མེད་ཡེ་ཤེས་རང་ངོ་རུ༔ མངོན་སུམ་རང་གསལ་ཐེ་ཚོམ་བྲལ༔ རྣལ་འབྱོར་དེ་དང་འབྲལ་མི་བྱ༔ དེ་ཉིད་རབ་ཏུ་གོམས་པ་ན༔ ཉོན་མོངས་སྒྲིབ་པ་བསལ་བ་དང༔ མི་དགེ་རྩད་ནས་དག་པ་དང༔ ཤེས་བྱའི་སྒྲིབ་པ་སྦྱོང་བ་དང༔ གཟུང་འཛིན་མངོན་ཞེན་ལྡོག་པ་དང༔ སྙིང་རྗེ་ཕྱོགས་མེད་རྒྱས་པ་དང༔ ཆོས་རྣམས་མ་ནོར་ཤེས་པ་དང༔ དག་པའི་སྣང་བ་འཕེལ་བ་དང༔ རང་མཐོང་ང་རྒྱལ་ཞི་བ་སོགས༔ གནས་སྐབས་ལམ་རྟགས་ཡོན་ཏན་ཡང༔ འབད་རྩོལ་མི་དགོས་ངང་གིས་འཆར༔ མཐར་ཐུག་སྐུ་ལྔ་ཡེ་ཤེས་ལྔ༔ ལམ་མཆོག་འདི་ལས་ངེས་པར་ཐོབ༔ དེ་ཕྱིར་འབད་པས་ཉམས་སུ་ལོངས༔ གལ་ཏེ་སྦྱོར་བའི་བྱེད་བཅིང་གིས༔ ཡེ་ཤེས་གསལ་བར་མ་གྱུར་ན༔ ཐིག་ལེ་བཀྲམ་པའི་ཐབས་རྣམས་བརྩོན༔ གལ་ཏེ་ཐིག་ལེའི་ནད་ལྡང་ན༔ གློ་བུར་རྣལ་འབྱོར་ཚེ་ལ་གཟན༔ མིག་སོགས་དབང་པོ་ཉམས་པར་འགྱུར༔ ལུས་ཉིད་ལྗི་ཞིང་མདངས་ཀྱང་ཉམས༔ སེམས་ལ་བྱིང་འཐིབ་སྡིག་སེམས་མང༔ དེ་སོགས་བཀྲ་མི་ཤིས་པ་ཡི༔ ཕྱི་ནང་ལྟས་མཚན་ལོག་པར་འགྱུར༔ དེ་ཚེ་རྣལ་འབྱོར་བསྐང་བཤགས་བརྩོན༔ མི་ཡི་རྒྱུ་འགྲུལ་དམ་དུ་བཅད༔ རྩ་ཁམས་མ་ཉམས་ཆགས་ལྡན་ཅིང༔ གཞན་གྱིས་བདག་གིར་མ་ཡིན་ལ༔ གྲིབ་ཅན་གདོན་ཅན་དམ་ཉམས་པ༔ མིན་པའི་མཚན་ལྡན་གཞོན་ནུ་མར༔ སྲིད་མི་འབྱུང་བའི་དུས་ཉིད་དུ༔ སྦྱོར་ཞིང་བྷ་གར་ལྷ་ཚོགས་བསྒོམ༔ ཐིག་ལེ་མཆོད་པའི་ཚུལ་དུ་ཕུལ༔ ཤ་ལྔ་བདུད་རྩི་ལྔ་ལ་སོགས༔ རྣལ་འབྱོར་ཐབས་དང་ལྡན་པས་བཟའ༔ ཚོགས་སུ་མི་འདུག་གཅིག་པུར་རྒྱུ༔ ཅང་ཏེའུ་ཐོད་པ་ཁ་ཊྭཱཾ་ག༔ མ་ཉམས་རྡོ་རྗེ་དྲིལ་བུ་འཆང༔ ཀུན་ལ་མ་ཆགས་མི་འཇིགས་པའི༔ གསང་སྤྱོད་བརྟུལ་ཞུགས་ལམ་ཁྱེར་བྱ༔ རྣལ་འབྱོར་ཡེ་ཤེས་དང་ལྡན་ན༔ གང་བྱས་ཚོགས་སུ་ལྷུན་གྱིས་གྲུབ༔ རུང་དང་མི་རུང་མཐའ་ལས་འདས༔ དེ་ཚེ་ཀུན་བཟང་སྤྱོད་པ་འབྱུང༔ འཁོར་བ་དང་དུ་མི་ལེན་པས༔ ཕལ་པ་དག་དང་མཚུངས་མི་འགྱུར༔ ཆོས་རྣམས་འབད་མེད་ཁོང་ཆུད་པས༔ ཆོས་སྨྲ་གཞན་ལ་འཇིགས་མི་འགྱུར༔ སྒོ་གསུམ་ཡང་དག་ཉིད་གྱུར་པས༔ བཀའ་དང་གཞུང་ལས་འགལ་མི་སྲིད༔ ཟག་མེད་སྤྱན་དང་མངོན་ཤེས་ཡང༔ དེ་ལ་རིང་པོར་མི་ཐོགས་འབྱུང༔ ལུས་ངག་རྫུ་འཕྲུལ་ཤུགས་དང་ལྡན༔ རྟག་ཏུ་གཞན་དོན་ཉིད་ལ་འཇུག༔ དེ་དག་རྣལ་འབྱོར་ལམ་གྱི་རྟགས༔ ནོར་མེད་ཡང་དག་ཉིད་ཡིན་ནོ༔ རྣལ་འབྱོར་འདོད་ཡོན་ལ་ཞེན་དང༔ གཏམ་ལ་ཆགས་པས་རྣམ་པར་གཡེངས༔ མི་མིན་མཁའ་འགྲོས་ལུང་མང་བསྟན༔ མངོན་ཤེས་རྨི་ལམ་རབ་གསལ་དང༔ འདྲེ་འདུལ་ནུས་པ་ཆེ་བ་དང༔ གཞན་གྱིས་ཟས་ནོར་སྟེར་བ་ཡིས༔ ཟབ་མོའི་སྒྲུབ་པ་དཀྲུག་གྱུར་ནས༔ ཆོས་འགལ་སྣ་ཚོགས་འབྱུང་འགྱུར་ཞིང༔ ཡང་དག་དོན་ལས་རིང་གྱུར་ན༔ གང་ཡང་བདུད་ཀྱི་ཆོ་འཕྲུལ་དུ༔ ཤེས་ནས་མ་ཆགས་བརྟུལ་ཞུགས་སྤྱོད༔ ལམ་ལ་ཉམས་ལེན་བརྩོན་འགྲུས་བྱ༔ བདོག་རྒུའི་ཡོ་བྱད་ཚོགས་སུ་གཏོང༔ གང་ཡང་བདག་གིར་མི་འཛིན་པར༔ དུར་ཁྲོད་གནས་ཉུལ་ལུས་སྦྱིན་འབད༔ མི་དང་མཐུན་འཇུག་བྱ་བ་སྤང༔ རྟག་ཏུ་ཟབ་མོའི་དོན་བསྒོམ་ན༔ དངོས་གྲུབ་ཕུན་སུམ་ཚོགས་པར་འགྱུར༔ ས་མ་ཡ༔ བདག་འདྲ་སློབ་དཔོན་པདྨ་ངས༔ རྒྱུད་དང་མན་ངག་ཀུན་གྱི་དོན༔ མ་ནོར་ལག་ལེན་བཀོད་པ་འདི༔ མ་འོངས་ཐ་མའི་དུས་ཀྱི་ཚེ༔ ལས་འཕྲོ་སྨོན་ལམ་ལྡན་རྣམས་དང༔ འཕྲད་ནས་འགྲོ་དོན་མཐར་རྒྱས་ཤོག༔ ཆོས་སྐྱོང་དམ་ཅན་རྒྱ་མཚོ་ཡིས༔ ཟབ་མོའི་ཆོས་འདི་རྟག་པར་སྲུངས༔ གནད་ལ་འཆོས་བསླད་བྱེད་པ་དང༔ ལོག་པར་སྤྱོད་པའི་རིགས་རྣམས་སྒྲོལ༔ སྐལ་ལྡན་སྒྲུབ་ལ་བརྩོན་པ་རྣམས༔ སྲུང་ཞིང་ཕྲིན་ལས་རྟག་ཏུ་མཛོད༔ དྷ་ཐིམ༔ རྒྱ་རྒྱ་རྒྱ༔ ཨེ་མ༔ བདག་འདྲ་བློ་དམན་མཚོ་རྒྱལ་གྱིས༔ གུ་རུའི་ཟབ་གཏེར་གྲངས་མེད་སྦས༔ ཡང་ཟབ་གསང་ཏིག་མན་ངག་འདི༔ སྙིང་དང་འདྲ་བའི་གདམས་པ་འོ༔ འདི་ལ་རྒྱུད་དང་རྩ་སྒྲུབ་དང༔ ལས་བྱང་དབང་ཆོག་ཚོགས་མཆོད་དང༔ རྫོགས་རིམ་བཅས་ཏེ་དྲུག་གིས་ཚང༔ གུ་རུའི་བཀའ་བཞིན་གཏེར་དུ་སྦས༔ སྨོན་ལམ་ལས་འཕྲོ་ལྡན་རྣམས་དང༔ དུས་ལ་བབ་ཚེ་འདི་འཕྲད་ཤོག༔ ྈྈྈྈ ས་མ་ཡ༔ ྀཨཚ༔ ཞེས་པ་འདི་དག་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཙ་འདྲ་རིན་ཆེན་བྲག་གི་ཡན་ལག་དཔལ་གྱི་དེའུའི་ཨོ་རྒྱན་གསང་ཕུག་ནས་དངོས་གྲུབ་ཏུ་ཐོབ་པའོ།། ༈ །།འདི་ནི་འཇམ་མགོན་རིན་པོ་ཆེ་དང་རིགས་བདག་བླ་མ་རྣམས་ཀྱི་དགོངས་རྫོགས་ཕྱིར་དུ་ཁ་བསྐངས་ཏེ་སྤར་གསར་དུ་བསྒྲུབས་པ་ཡིན་པས་དབང་ལུང་སོགས་ལ་ཞིབ་ཅ་བྱ་དགོས་པ་ཡོད་དོ། །ཞེས་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་ཁོ་བོས་ཆེད་དུ་གདམས་པའོ།།
པདྨ་རྒྱལ་པོ་ཛམྦྷ་ལའི་དབང་གི་ཆོག་སྒྲིག་འདོད་རྒུའི་གཏེར་བུམ་ (Volume 50, Text 7)
༄༅། །པདྨ་རྒྱལ་པོ་ཛམྦྷ་ལའི་དབང་གི་ཆོག་སྒྲིག་འདོད་རྒུའི་གཏེར་བུམ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། དྲི་མེད་གསེར་ལྟར་མཛེས་བརྗིད་སྐུ། །གླིང་བཞིར་དབྱིག་གི་ཆར་འབེབ་པ། །པདྨ་འབྱུང་གནས་ཆུའི་དབང་པོར། །གུས་བཏུད་དབང་གི་ཆོ་ག་བཤད། །འདི་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་པའི་ཚུལ། བྱིན་རླབས་དབང་གི་ཆོ་གའོ། །དང་པོ་ནི། ནོར་སྒྲུབ་རྒྱས་པའི་བཅའ་གཞི་དང་འབྲེལ་ན་དབང་རྫས་བུམ་ཐོད་སོགས་གསར་དུ་བཤམས་པས་འཐུས་ཤིང་། དབང་སྒྲུབ་ཁོ་ནའི་ཚེ་སྟེགས་བུ་ཕྱིར་དཀར་རམ་དར་རས་སེར་པོས་གཡོགས་སྟེང་རས་བྲིས་ཀྱི་དཀྱིལ་འཁོར་འདིང་བའམ། མཎྜལ་ཚོམ་བུ་ལྷ་གྲངས་བཀོད། དེ་དབུས་མཉྫིའི་ཁར་བུམ་པ་ཆས་ལྡན་བཅུད་ཀྱིས་བཀང་བ་གཙོ་བོའི་སྐུ་ཙཀ་བཙུགས་པ། གཡས་སུ་མཉྫིའི་ཁར་དབང་གཏོར། གཡོན་དུ་ཐོད་པ་མཚན་ལྡན་ཛ་གད་བཟང་པོའི་ཕུད་ཀྱིས་བཀང་བར་མངར་གསུམ་ཨ་མྲྀཏ་བཏབ་ཅིང་དར་དམར་གྱི་ཁེབས་བཅས། སྤྲོ་ན་བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་སྣ་བདུན་འབུར་མའམ་ཙཀ་ལི། མདུན་དུ་མཆོད་གཏོར། གཡས་གཡོན་དུ་སྨན་རཀ །རྒྱབ་ཏུ་མ་མགོན་གཟའ་གསུམ་དང་ཆད་བརྟན་གྱི་གཏོར་མ། མཐའ་སྐོར་དུ་ཉེར་སྤྱོད་གཡས་སྐོར། ཕྱེ་མར། བཟའ་བཅའ་བཏུང་བའི་ཕུད་དང་སྤྱན་གཟིགས་མཁོ་དགུའི་ལོངས་སྤྱོད་གང་འབྱོར། མདའ་དར། ལས་བུམ། སྔོན་གཏོར། ཚོགས་ཀྱི་དམ་རྫས་སོགས་འོག་ཏུ་གང་དགོས་མ་ཚང་མེད་པ་བཀོད་ལེགས་སུ་བཤམ། །གཉིས་པ་དངོས་གཞི་སྒྲུབ་ཚུལ་ནི། ལས་བྱང་དཔག་བསམ་ལྗོན་ཤིང་གཞུང་བསྲངས་ལ་བདག་མདུན་བུམ་གསུམ་དབྱེར་མེད་དམ་གྱེར་ཚིག་གཅིག་གིས་རྣམ་པ་ཐ་དད་དུ་བསྒོམ་པ་བློ་ནུས་དང་སྦྱར་བའི་བསྐྱེད་བསྟིམ་མཆོད་བསྟོད་བཟླས་པས་ནུས་ལྡན་དུ་བསྒྲུབས་མཐར། གཡང་འགུགས། ཁྲུས་སྒྲུབ་མ་རིག་མུན་སེལ་ལྟར་ལས་བུམ་བསྒྲུབ། བཀའ་གཏེར་སྲུང་མའི་གཏོར་བསྔོ། ཚོགས་མཆོད། ཐུགས་དམ་བསྐུལ་བ། བདག་འཇུག་རྒྱས་བསྡུས་གང་རུང་བླང་བ་རྣམས་ཕྱག་བཞེས་ལྟར་བྱའོ། །གསུམ་པ་བྱིན་རླབས་དབང་ཆོག་ནི། སློབ་མ་གྲལ་ལ་འཁོད། བདེ་གཤེགས་རྒྱལ་བ་རྣམས་ཀྱི་ཡེ་ཤེས་ཆུས། །སྐལ་ལྡན་སློབ་མའི་ལུས་ངག་ཡིད་གསུམ་ལ། །གནས་པའི་ནད་གདོན་སྡིག་སྒྲིབ་ཉེས་ལྟུང་རྣམས། །བཀྲུ་བར་བྱས་ཏེ་བྱང་ཞིང་དག་གྱུར་ཅིག །ཨ་མྲྀཏ་དང་། ཨ་བྷི་ཥེ་ཀའི་སྔགས་ཀྱིས་ཁྲུས་བྱར་གཞུག །བགེགས་གཏོར་ལས་བུམ་གྱི་ཆུ་དང་། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་འདོད་དགུའི་ལོངས་སྤྱོད་ཟད་མི་ཤེས་པས་ནམ་མཁའ་མཛོད་ཀྱི་རང་བཞིན་དུ་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་བགེགས་རྣམས་བཀུག །ཧཱུྃ༔ རིག་འཛིན་བླ་མ་རྣམས་ཀྱི་བྱིན་རླབས་དང༔ སོགས་ཀྱི་མཐར་ཧཱུྃ་བཞིའི་སྔགས་དང་ཐུན་བྲབ། གུ་གུལ་གྱི་དུད་པས་བདུག་ལ་བགེགས་བསྐྲད། ཧཱུྃ༔ ང་ནི་རྣམ་དག་རྒྱུ་ནི་ཁྲོ་བོའི་སྐུ༔ སོགས་སྔགས་དང་བཅས་པའི་སྲུང་འཁོར་བསྒོམ། ལས་ཀྱི་རྡོ་རྗེས་མེ་ཏོག་བཀྱེ་བསྡུ་བྱེད། སློབ་དཔོན་གྱིས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་བླ་མ་ཛམྦྷ་ལའི་དབང་བསྐུར་ཟབ་མོ་ཞུ་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས། གནས་ཁང་འདི་ཡང་པདྨ་འོད་དམ་ལྕང་ལོ་ཅན་གྱི་ཞིང་ཁམས་སུ་གསལ་བའི་དབུས་སུ་སློབ་དཔོན་ཡང་པདྨ་རྒྱལ་པོ་ནོར་བདག་ཛཾ་བྷ་ལ་དངོས་སུ་གསལ་བ་དང་། ཆོས་ཀྱི་སྒྲ་དབྱངས་གྲགས་སྟོང་སྐྱེ་བ་མེད་པར་སྒྲོག་པར་མོས་ཤིང་གུས་པའི་སྤྱོད་ལམ་དང་ལྡན་པས་མ་ཡེངས་པར་གསན་འཚལ། དེ་ཡང་རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་ལས། གང་ལ་ནོར་ཡོད་དེ་ནི་ཡོན་ཏན་གྱིས་མཐོ་བསྟོད་འོས་ཡོན་ཏན་དག་ཀྱང་ཅིས་མི་འཛིན། །དབུལ་བས་ཉམས་པའི་གཟི་བྱིན་སུན་ཕྱུངས་ཡོན་ཏན་མེ་ཏོག་ཉིད་མཚུངས་ནོར་གྱི་ནི། །ཡོན་ཏན་ཉིད་དེ་ཡོན་ཏན་ལ་ནི་ནོར་མིན་ནོར་ལྡན་བསྔགས་འོས་ཡོན་ཏན་ལྡན་པ་ཡིན། །སློང་བས་ངལ་བྱས་ཚོགས་རྣམས་ཞི་བ་དག་ལས་ནོར་ནི་ཡོན་ཏན་རྣམས་ཀྱི་ཚེ་སྲོག་ཡིན། །ཞེས་དང་། དཔལ་ཨོ་རྒྱན་ཆེན་པོས་ཀྱང་། ལྷ་ཆོས་ནོར་གྱིས་སྒྲུབ་ཅིང་མི་ཆོས་ནོར་ལ་བརྟེན། །དེ་ཕྱིར་དཀོར་སྒྲུབ་ཡང་གཅེས་གཏེར་དུ་བསྩལ། །ཞེས་གསུངས་པ་ལྟར། སྤྱིར་ཆོས་དང་སྲིད་ཀྱི་བྱ་བ་ཐམས་ཅད་ཀྱི་མཐུན་པའི་རྐྱེན་དང་། བྱེ་བྲག་ཏུ་རྒྱལ་བའི་སྲས་ཀྱི་ལམ་བཟང་ཕར་ཕྱིན་དྲུག་ལས། སྦྱིན་པ་ལ་རྣམ་པ་བཞིར་ཡོད་པའི་ཟང་ཟིང་གི་སྦྱིན་པ་དང་རྫས་ལས་བྱུང་བའི་བསོད་ནམས་ཀྱི་གཞི་བདུན་གཙུག་ལག་ཁང་དང་དགེ་འདུན་མཆོད་པ་སོགས་སྲིད་པ་འདི་ཕྱིའི་ལེགས་ཚོགས་རང་གཞན་གྱི་དོན་ཇི་སྙེད་སྒྲུབ་པ་ལ་ནོར་མེད་དུ་མི་རུང་ལ། ནོར་སྒྲུབ་པའི་ཐབས་ཀྱང་རྒྱུའི་ཐེག་པར་མཆོད་སྦྱིན་ལ་བརྩོན་པར་བྱས་པས་རྒྱུ་འབྲས་མི་བསླུ་བས་ལོངས་སྤྱོད་འབྱུང་བར་གསུངས་པ་དང་། གཞན་དུ་ཚོང་དང་། ཞིང་ལས་སོགས་འཇིག་རྟེན་པ་དང་ཐུན་མོང་བའི་འབྱོར་པ་སྒྲུབ་ཐབས་ཙམ་ལས་མེད་ནའང་སྔགས་ཀྱི་ཐེག་པ་ནི་ཐབས་མང་བ་ཡིན་པས་ནོར་གྱི་ལྷའི་སྒྲུབ་ཐབས་ལས་ཚོགས་ཀྱི་རིམ་པ། རྒྱུད་སྡེ་གོང་འོག །སྔགས་གསར་རྙིང་མཐའ་དག་ནས་མང་དུ་གསུངས་པའི་གཙོ་བོར་གྱུར་པ་ནི། འཕགས་པ་ཆུ་དབང་སྙིང་རྗེ་ཆེན་པོ་ཞེས་བྱ་བ་ས་བཅུའི་བྱང་ཆུབ་སེམས་དཔའ་ཁམས་གསུམ་གྱི་ནོར་དང་ལོངས་སྤྱོད་དཔལ་གཡང་མ་ལུས་པའི་བདག་པོའམ་འབྱུང་གནས་ཀྱི་གཙོ་བོར་ལྷུན་གྱིས་གྲུབ་པ་ཡིན་ཕྱིར། དུས་འཁོར། གསང་འདུས། བདེ་མཆོག །བཀའ་བརྒྱད། ཕུར་པ་སོགས་གསར་རྙིང་གི་རྒྱུད་སྡེ་ཆེན་པོ་རྣམས་ལས་དཀྱིལ་འཁོར་གྱི་གཙོ་བོ་ཉིད་ཛཾ་བྷ་ལའི་རྣམ་པར་སྒྲུབ་པ་ཇི་སྙེད་གསུངས་པ་ལྟར། དཔལ་ཨོ་རྒྱན་གྱི་སློབ་དཔོན་རྡོ་རྗེ་འཆང་ཆེན་པོས་གྲུབ་པའི་སློབ་དཔོན་དཔལ་སངས་རྒྱས་ཡེ་ཤེས་ཞབས་ལས་ཛཾ་བྷ་ལའི་རིག་སྔགས་གསན་པ་སོགས་རྒྱུད་སྡེ་མང་པོའི་ཟབ་དོན་ནོར་སྒྲུབ་ཀྱི་གདམས་པ་དུ་མ་རྒྱལ་བ་རིག་འཛིན་གྲུབ་པ་རྣམས་ལ་གསན་ནས། འཕགས་ཡུལ་ཡངས་པ་ཅན་གྱི་གྲོང་ཁྱེར་ལ་སོགས་པར་ཡེ་ཤེས་ཀྱི་ནོར་ལྷ་མང་པོའི་སྒྲུབ་པ་མཛད་པས་འཕགས་པ་ཛཾ་བྷ་ལ་སོགས་དང་གཉིས་སུ་མེད་པར་གྱུར་པའི་ཕྱིར། ཤིན་ཏུ་སྙིགས་མའི་མཐར་ཐུག་པའི་དུས་འདིར་གུ་རུ་ཉིད་ནོར་གྱི་བདག་པོའི་རྣམ་པར་སྒྲུབ་པ་རང་ཅག་གངས་ཅན་པ་རྣམས་ལ་ནོར་ལྷ་གཞན་ལས་ཀྱང་ཐུགས་རྗེའི་བྱིན་རླབས་ལྷག་པར་མྱུར་ཞིང་བཀྲ་ཤིས་པ་ཡིན་ཏེ། རྒྱུ་འབྲས་རྟེན་འབྲེལ་སྨོན་ལམ་ཁྱད་པར་གྱིས༔ སངས་རྒྱས་གཞན་ལས་ང་ཉིད་ཐུགས་རྗེ་མྱུར༔ ཞེས་དང་། གསོལ་འདེབས་ལས། འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ༔ སེམས་ཅན་མུ་གེའི་ནད་ཀྱིས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་ཐོབས༔ ང་ཉིད་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས༔ དབུལ་ཕོངས་བཀྲེས་སྐོམ་སེལ་བར་ཐེ་ཚོམ་མེད༔ ཅེས་རྡོ་རྗེའི་ཞལ་གྱིས་བཞེས་པ་ལྟར་ཡིན། དགོས་པ་དེ་ལྡན་གྱི་སླད་དུ་དཔལ་ཨོ་རྒྱན་ཆེན་པོ་ནོར་ལྷར་སྒྲུབ་པའི་ཐབས་རྒྱས་བསྡུས་དུ་མ་སྔོན་དུས་ལས་ཅན་རྣམས་ལ་གསུངས་ཤིང་ཕྱི་རབས་ཀྱི་བཙས་སུ་གཏེར་ཁ་མང་པོ་སྦ་བར་མཛད་པ་ལས། འདིར་སྐབས་སུ་བབ་པ་ངེས་པའི་དོན་དུ་གུ་རུ་པདྨ་ཉིད་དང་རྣམ་དབྱེར་མེད་ཀྱང་། གདུལ་བྱའི་ངོར་ངན་ལམ་རྒྱལ་བ་མཆོག་དབྱངས་དང་ཤུད་བུ་དཔལ་གྱི་སེང་གེའི་ཡང་སྲིད་གཏེར་ཆེན་གྲུབ་པའི་དབང་ཕྱུག་༧ཀརྨ་འགྲོ་དོན་མཐར་ཕྱིན་ནམ། ཟབ་གཏེར་གསང་བའི་ལུང་ལས། ཨོ་རྒྱན་དྲི་མེད་གླིང་པ་དང༔ གར་དབང་བདུད་འདུལ་ལས་རབ་རྩལ༔ ཞེས་ཡོངས་སུ་གྲགས་པ་གང་དེས་སྦྲགས་ཡང་རྫོང་ནས་སྤྱན་དྲངས་པའི་གུ་རུའི་ཐུགས་སྒྲུབ་ཡོན་ཏན་ཀུན་འབྱུང་གི་གསང་སྒྲུབ་ཁམས་གསུམ་དབང་སྡུད་རིན་པོ་ཆེ་འདོད་འཇོ་ཞེས་པ། དུས་བབ་གསང་བའི་ཟབ་ཆོས་ཤིན་ཏུ་བཀྲ་ཤིས་བྱིན་རླབས་ཀྱི་ཚན་ཁ་མངོན་སུམ་མྱོང་བས་གྲུབ་པ་ཡིན་ཏེ། རང་གཞུང་ལས། བདག་འདྲ་སྔགས་མཆོག་པདྨ་རྒྱལ་པོ་ཡི༔ ཟབ་རྒྱ་ཐུགས་སྒྲུབ་ཤིན་ཏུ་རྒྱ་ཆེ་ཡང༔ སྙིགས་དུས་གནས་སྐབས་དང་མཚུངས་དཔལ་ལྡན་གྱི༔ བླ་མ་ནོར་ལྷ་གཉིས་མེད་སྒྲུབ་ཐབས་འདི༔ རྣོ་མྱུར་བྱིན་ཆེ་དངོས་གྲུབ་ཐུགས་རྗེ་མྱུར༔ དེ་ཕྱིར་གསང་སྒྲུབ་ཁམས་གསུམ་དབང་སྡུད་བསྟན༔ ཞེས་གསུངས་པ། དེ་ལྟ་བུའི་བླ་མའི་ནོར་སྒྲུབ་ཟབ་མོའི་དབང་བསྐུར་རིག་འཛིན་ཌཱ་ཀིའི་ཞལ་གྱི་དྲོད་རླངས་མ་ཡལ་བ་དེ་ཉིད་འབུལ་བར་བྱེད་པ་ལ་བདག་རྡོ་རྗེ་སློབ་དཔོན་གྱི་བགྱི་འོས་མཐའ་དག་སྔོན་དུ་ལེགས་པར་གྲུབ། ད་ཁྱེད་རང་རྡོ་རྗེ་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཞིག་ཕུལ། སློབ་མས་མཎྜལ་ཕུལ་རྗེས། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ བླ་མ་ནོར་བདག་རིགས་ལྔའི་ཚོགས༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་པ༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ ནོར་ལྷ་ཆེན་པོ་ཁྱེད་རྣམས་ཀྱིས༔ དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ལན་གསུམ། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་དཔལ་ཨོ་རྒྱན་གྱི་སློབ་དཔོན་པདྨ་རྒྱལ་པོ་ཛཾ་བྷ་ལ་ནོར་ལྷ་འདུས་པའི་དཀྱིལ་འཁོར་ཆེན་པོའི་སྟེང་གི་ཆར་བརྒྱུད་པའི་བླ་མ། མཐའ་སྐོར་དུ་ཡི་དམ་ཞི་ཁྲོ་སངས་རྒྱས་བྱང་སེམས་བཀའ་སྲུང་ཐམས་ཅད་མངོན་སུམ་དུ་བཞུགས་པར་མོས་ལ། བདག་དང་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་སྐྱོབ་ཕྱིར་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་འདུས་པའི་སྐུ༔ སོགས་གསུམ། སྐྱབས་ཡུལ་དེ་རྣམས་དཔང་པོར་བཞུགས་པའི་སྤྱན་སྔར་བདག་གིས་བླ་མ་ནོར་ལྷ་བསྒྲུབས་ནས་མ་གྱུར་འགྲོ་ཀུན་གནས་སྐབས་དབུལ་ཕོངས་ཀྱི་འཇིགས་པ་བསལ་ནས་བསྟན་འགྲོའི་བདེ་འབྱོར་རྒྱས་པ་དང་། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ལ་དགོད་སྙམས་པས་འདིའི་རྗེས་ཟློས། ཧོ༔ སེམས་བསྐྱེད་འགྲོ་བ་བདག་གཞན་ཀུན་དོན་དུ༔ སོགས་ལན་གསུམ། ཚོགས་ཞིང་སྔར་ཡོད་སྟེང་། སླར་ཡང་མཁའ་ཁྱབ་ཀྱི་སྐྱབས་ཡུལ་མ་ལུས་པ་སྤྱན་དྲངས་ནས་ཏིང་ངེ་འཛིན་གྱིས་སྤྲུལ་པའི་གདན་ལ་བཞུགས་སུ་གསོལ་བ་དང་། རང་གི་ལུས་གྲངས་མེད་དུ་སྤྲུལ་ནས་ཕྱག་མཆོད་འབུལ་བ་སོགས་ཚིག་ཕྱིར་ཐུགས་གཞོལ་བས་ཡན་ལག་བཅུ་པ་འདིའི་རྗེས་ཟློས། ཧཱུྃ༔ སྐུ་གསུམ་བླ་མ་གཤེགས་སུ་གསོལ༔ སོགས་ལན་གསུམ། ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་ལྟར་མཛོད། སློབ་མ་ལས་བུམ་གྱི་ཆུ་དང་། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། ཆོས་ཐམས་ཅད་རང་བཞིན་གྱིས་དག་པའི་སྟོང་ཉིད་དེའི་ངང་ལས་ཁྱེད་རང་རྣམས་རིན་པོ་ཆེའི་ཁྲི་དང་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ་ཛཾ་ཡིག་གསེར་གྱི་མདོག་ཅན་ཡོངས་སུ་གྱུར་པ་ལས། ནོར་གྱི་དབང་ཕྱུག་སངས་རྒྱས་ཀུན་འདུས་པདྨ་རྒྱལ་པོ་ཛཾ་བྷ་ལ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས། ཤ་རྒྱས་ཤིང་བརྗིད་ཆགས་ལ་གསུས་པ་འཕྱང་ལ་འགྱིང་བག་དང་ལྡན་པ་དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་མཛེས་པ། ཕྱག་གཡས་ལྕགས་ཀྱུ་འཕྱར་ཞིང་། གཡོན་གཏེར་གྱི་ནེའུ་ལེ་འཛིན་པའི་ཁ་ནས་ནོར་བུའི་ཆར་འབེབ་པ། ཞབས་གཡས་ཅུང་ཟད་བརྐྱངས་པའི་རོལ་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་པང་ན་ཡུམ་ནོར་རྒྱུན་ཏཱ་རེ་ལྗང་གསལ་གཡས་ལྕགས་ཀྱུ་དང་གཡོན་གཏེར་གྱི་བུམ་པ་འཛིན་པས་འཁྱུད་པ། གཉིས་ཀའང་ཉི་མ་འབུམ་ལྟར་གཟི་འོད་འབར་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དཀྱིལ་འཁོར་གྱི་གཙོ་བོ་བླ་མ་པདྨ་རྒྱལ་པོ་ཛཾ་བྷ་ལར་མོས་གུས་དུང་པ་བྱས་པས་དེ་དང་ཁྱེད་རང་ཛཾ་བྷ་ལར་གསལ་བ་གཉིས་ཀའི་ཐུགས་སྲོག་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས། སྐུ་གསུམ་གྱི་ཞིང་ཁམས་མཁའ་ཁྱབ་ན་བཞུགས་པའི་རྩ་གསུམ་རྒྱལ་བ་སྲས་བཅས་སྤྱི་དང་། ཁྱད་པར་རྔ་ཡབ་པདྨ་འོད་དང་བྱང་ཕྱོགས་ལྕང་ལོ་ཅན་ནས་དཔལ་ཨོ་རྒྱན་ཆེན་པོ་གཏེར་བདག་ནོར་ལྷར་བཅས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། དེ་ཐམས་ཅད་བླ་མ་ཛཾ་བྷ་ལ་རིགས་ལྔའི་ལྷ་ཚོགས་ཀྱི་རྣམ་པར་ཆར་བབས་པ་ལྟར་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པའི་དམིགས་པ་རྩེ་གཅིག་ཏུ་མཛོད། ཧཱུྃ༔ ཆོས་དབྱིངས་ཁྱབ་བརྡལ་འོད་ལྔའི་ཞིང༔ ཞེས་སོགས་ལས་གཞུང་གི་སྤྱན་འདྲེན་མཐར་བསྙེན་སྒྲུབ་ཀྱི་སྔགས་གཤམ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ དྲག་ཏུ་བརྗོད་ཅིང་སྦྱར་སྤོས་ཀྱིས་སློབ་མར་བདུག །རོལ་མོའི་སྒྲ་དང་བཅས་ཡེ་ཤེས་ཕེབས་མཐར་ཏིཥྛ་བཛྲ་ཞེས་སློབ་མའི་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ་བརྟན་པར་བྱ། དེ་ནས་དབང་དངོས་བསྐུར་བ་ལ་བུམ་པ་ལ་བརྟེན་ནས་སྐུའི་དབང་། བདུད་རྩི་ལ་བརྟེན་ནས་གསུང་གི་དབང་། གཏོར་མ་ལ་བརྟེན་ནས་ཐུགས་ཀྱི་དབང་། སྤྲོས་པའི་ཡན་ལག་ཏུ་རིགས་མཐུན་གཞན་ནས་ཁ་བསྐང་བའི་སྣ་བདུན། རྫས་རྟགས་ཀྱི་དབང་རྣམས་ལས། དང་པོ་བུམ་པའི་དབང་ནི། བུམ་པ་འདི་ཉིད་གཞལ་ཡས་ཁང་གི་ནང་དུ་བུམ་ཆུ་པདྨ་རྒྱལ་པོ་ཛཾ་བྷ་ལ་རིགས་ལྔའི་ལྷ་ཚོགས་སུ་གསལ་བ་ཁྱེད་རང་གཙོ་བོ་ཡབ་ཡུམ་དུ་གསལ་བའི་སྤྱི་བོ་ནས་དབང་བསྐུར་བས། ལྷ་ཚོགས་རྣམས་ཀྱི་ཐུགས་སྲོག་སྔགས་ཕྲེང་ལས་འོད་ཟེར་ཛཿཡིག་ལྕགས་ཀྱུའི་རྣམ་པ་ཅན་མཁའ་ཁྱབ་ཏུ་སྤྲོས་པས། སྲིད་ཞིའི་དྭངས་བཅུད་དཔལ་འབྱོར་ལོངས་སྤྱོད་ཕྱྭ་གཡང་ཐམས་ཅད་བསྡུས་ནས་ཐུགས་ཀའི་ས་བོན་སྔགས་ཕྲེང་ལ་ཐིམ་ཞིང་། དེ་རྣམས་ལས་འཁོར་འདས་ཀྱི་དཔལ་གཡང་བྱང་ཆུབ་སེམས་ཀྱི་ངོ་བོ་བདུད་རྩིའི་ཆུ་རྒྱུན་ཆད་པ་མེད་པར་བྱུང་བ་ཁྱེད་རང་གི་སྤྱི་བོ་ནས་ཞུགས། སྐུ་ལུས་ཀྱི་ཕྱི་ནང་བཀྲུས་ཤིང་གང་བས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དབུལ་ཕོངས་ཐམས་ཅད་དག །ཕུང་ཁམས་སྐྱེ་མཆེད་གདོད་མ་ནས་བླ་མ་ནོར་བདག་རིགས་ལྔའི་ལྷ་ཚོགས་ཀྱི་ངོ་བོར་གནས་པའི་ནུས་བྱིན་སྐད་ཅིག་ལ་སད་པར་བྱས། ལུས་བླ་མ་ནོར་ལྷའི་སྐུ་དང་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད། ཧཱུྃ༔ བུམ་པ་ཡེ་ཤེས་ལྔ་ལྡན་ཞིང༔ བུམ་ཆུ་ཛཾ་ལ་རིགས་ལྔའི་ཚོགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཅི་འདོད་འགྲུབ་པའི་དབང་ཐོབ་ཤོག༔ ཨོཾ་གུ་རུ་ཛམྦྷ་ལ་ཛ་ལེནྡྲ་ཡེ་ཛཾ་བྷི་མོ་ཧེ་མ་མ་བཱ་སུ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་བཻ་ཤྲ་མ་ཎཱ་ཡེ་ཨ་ཏྲི་ནྲྀ་པུཎྱེ་དྷ་ནཾ་མེ་དྷི་སིདྡྷི་པཱ་ཤཾ་ཀུ་རུ་སྡུས་སྡུས༔ སྤྱི་བོའི་གནས་རྣམས་ལ་རིམ་པར་བཞག་ཅིང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨ་བྷི་ཥིཉྩ་ཏྲཱཾ༔ ཨ་བྷི་ཥིཉྩ་ཧྲཱི༔ ཨ་བྷི་ཥིཉྩ་ཨཱ༔ བུམ་ཆུ་སྦྱིན། །གཉིས་པ་བདུད་རྩིའི་དབང་ནི། དུང་ཆེན་བདེ་བ་ཆེན་པོའི་སྣོད་ཡངས་ཤིང་བླ་མ་ཛཾ་ལ་རིགས་ལྔ་ཡབ་ཡུམ་རྡོ་རྗེའི་ཆགས་པ་ཆེན་པོས་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་མཁའ་ཁྱབ་རྩ་གསུམ་རྒྱལ་བ་ཐམས་ཅད་སྤྱན་དྲངས། གཞན་ཡང་འོད་ཟེར་གྱི་སྤྲོ་བསྡུས་ཕྱི་འབྱུང་བ་ལྔའི་བཅུད། ནང་ལྷ་ཀླུ་མི་གསུམ་གྱི་ཚེ་དཔལ་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་ཞལ་དུ་ཞུགས། དེ་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཞུ་བའི་བདུད་རྩིའི་ཆུ་རྒྱུན་སྦྱོར་མཚམས་ནས་བྱོན། བྷནྡྷའི་ནང་དུ་རྒྱ་མཚོར་འཁྱིལ་བ་ཁྱེད་རང་རྣམས་ཀྱི་མགྲིན་པར་བཞག་ཅིང་བླུད་པས་གཞིར་གནས་ཀྱི་རྩ་ཁམས་དམ་ཚིག་པ་ཆན་ལ་ཕབས་ཀྱིས་བསྣན་པ་ལྟར་ཡེ་ཤེས་ཀྱི་རང་བཞིན་དུ་ལྷོངས་ཏེ་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་དབུལ་ཕོངས་ཐམས་ཅད་དག །ངག་བླ་མ་ནོར་ལྷའི་གསུང་རིག་སྔགས་ཀྱི་རང་བཞིན་དུ་དག་ནས་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་ཤིང་ཁམས་གསུམ་དབང་དུ་གྱུར་པའི་མོས་པ་མཛོད། ཐོད་ཆང་མགྲིན་པར་བཞག་ལ། ཧཱུྃ༔ བྷནྡྷ་འབར་བའི་གཞལ་ཡས་ཁང༔ ལྷ་ཡི་དངོས་གྲུབ་བདུད་རྩིའི་ཆུས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འདོད་རྒུའི་ལོངས་སྤྱོད་དཔལ་ཐོབ་ཤོག༔ བསྙེན་སྒྲུབ་ཀྱི་སྔགས་མཐར་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ བདུད་རྩི་འཐུང་དུ་གཞུག །གསུམ་པ་གཏོར་མའི་དབང་ནི། གཏོར་མ་འདི་ཉིད་རིག་འཛིན་ཆེན་པོ་པདྨ་རྒྱལ་པོ་ཛཾ་བྷ་ལ་རིགས་ལྔ། ནོར་བདག་གནོད་སྦྱིན་བརྒྱད། རྒྱལ་ཆེན་བཞི། དཔལ་མགོན་བདུན་ཅུ་རྩ་ལྔ་སོགས་ནོར་ལྷ་བྱེ་བས་བསྐོར་བའི་དཀྱིལ་འཁོར་རྟེན་དང་བརྟེན་པ་ཡོངས་རྫོགས་སུ་གསལ་བའི་སྟེང་གི་ཆར་བརྒྱུད་པ་དྲུག་གི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱང་སྤྲིན་གཏིབས་པ་ལྟར་བཞུགས་པར་གསལ་བ། ཁྱེད་རང་གི་གནས་གསུམ་དུ་བཞག་པས་ནོར་གྱི་བདག་པོའི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གནས་རྣམས་ལས་གསང་བ་གསུམ་གྱི་བྱིན་རླབས་དང་དངོས་གྲུབ། སྐུ་དང་ཡིག་འབྲུ་ཕྱག་མཚན་འོད་ཟེར་དཀར་དམར་མཐིང་གའི་རྣམ་པར་བྱོན་ནས་ཁྱེད་རང་ཛཾ་བྷ་ལ་ཡབ་ཡུམ་དུ་གསལ་བའི་གནས་གསུམ་དུ་ཐིམ་པས། ལྷ་ཚོགས་དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་ཅིག་ཆར་དུ་ཐོབ་ཅིང་སློབ་དཔོན་དང་ལྷན་ཅིག་ཏུ་བརྒྱུད་པའི་བླ་མ་རྣམས་ཀྱིས་ཀྱང་བཀའ་བསྒོས་པས། གཏོར་མའི་ལྷ་ཚོགས་ཀྱི་ཐུགས་སྲོག་སྔགས་ཕྲེང་ལས་འོད་ཟེར་ཛ་ཡིག་ལྕགས་ཀྱུའི་རྣམ་པ་ཅན་དང་། སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་འཇིག་རྟེན་གྱི་ཁམས་ཀུན་ཏུ་འཕྲོས་པ་རྣམས་ཀྱིས་འབྱུང་ལྔའི་དྭངས་བཅུད། སྐྱེ་འགྲོའི་ཚེ་བསོད། འབྲུ་ནོར་ལོངས་སྤྱོད་ཇི་སྙེད་མཆིས་པ་སྐད་ཅིག་ལ་བསྡུས་ཤིང་བཀུག་ནས་ཁྱེད་རང་རྣམས་ལ་དངོས་གྲུབ་ཏུ་བྱིན་ཅིང་། ལྷ་འདྲེ་མི་གསུམ་གྱི་བླ་སྲོག་རྣམ་ཤེས་ཨ་ཏྲི་ནྲྀའི་རྣམ་པར་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་ལྟར་བསྡུས་ཤིང་ཕྲོགས་ནས་ཁྱེད་རང་ལྷར་གསལ་བའི་ཐུགས་སྲོག་གི་ཞབས་སུ་བསྟིམ་པས་རང་སྣང་དབང་དུ་འདུས། གཞན་སྣང་སྲིད་ཞི་མཐའ་དག་ཟིལ་གྱིས་ནོན་ཅིང་དཔལ་འབྱོར་ལོངས་སྤྱོད་ནམ་མཁའི་མཛོད་ལ་མངའ་བརྙེས་པ། ཨོ་རྒྱན་ཆེན་པོ་ཆུའི་དབང་པོའི་ཐུགས་ཡེ་ཤེས་ཡོན་ཏན་ཕྲིན་ལས་བསམ་གྱིས་མི་ཁྱབ་པར་མངའ་དབང་འབྱོར་པའི་མོས་པ་མཛོད། སྒྲུབ་གཏོར་སྤྱི་བོར་བཞག་ལ། ཧཱུྃ༔ རིན་ཆེན་འབར་བའི་གཞལ་ཡས་ཁང༔ ནོར་བདག་ཛཾ་ལའི་དཀྱིལ་འཁོར་ལྷ༔ གནོད་སྦྱིན་སྡེ་དཔོན་ཚོགས་དང་བཅས༔ ཐུགས་དམ་བསྐུལ་ཞིང་གཟི་བྱིན་སྐྱེད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མི་འཛད་ནོར་ལ་དབང་འབྱོར་པའི༔ མགོན་པོ་ནོར་ལྷའི་དབང་ཐོབ་ཤོག༔ བསྙེན་སྒྲུབ་ཀྱི་སྔགས་དང་། སྤྲོ་ན་ལས་སྦྱོར་གྱི་སྔགས་རིང་གཉིས་ཀྱང་བརྗོད་མཐར། བཅོམ་ལྡན་འདས་ནོར་གྱི་བདག་པོའི་ལྷ་ཚོགས་ཁྱེད་རྣམས་ཀྱིས་སྔོན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཞལ་གྱིས་བཞེས་པ་ལྟར་བདག་ཅག་སྦྱིན་པའི་བདག་པོ་ཞེས་སམ། སྣོད་ལྡན་གྱི་སློབ་བུ་འདི་ཉིད་འཁོར་དང་བཅས་པ་ལ་བསོད་ནམས་ནོར་གྱི་དངོས་གྲུབ། འཛམ་གླིང་གཏེར་གྱི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། དཔྲལ་མགྲིན་སྙིང་གར་རིམ་པར་རེག་ཅིང་། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཞེས་བརྗོད། བརྒྱུད་འཛིན་དམ་ཚིག་ཐུབ་ངེས་ཡིན་ན། གཏོར་མའི་ལྷ་ཚོགས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཐིམ་པས་ཁྱེད་རང་འཕགས་པ་ཛམ་བྷ་ལར་དངོས་སུ་གྱུར་པའི་ང་རྒྱལ་བསྐྱེད་ཅིང་། མཐར་བླ་མ་ནོར་ལྷ་དང་རང་སེམས་བསྲེས་པའི་ངང་ལ་མཉམ་པར་འཇོག་པར་ཞུ། དབང་གཏོར་རྗེས་སུ་དགོས་པ་མེད་ན། གཏོར་ཟན་བདུད་རྩིའི་རང་བཞིན་དངོས་གྲུབ་ཀྱི་དབྱིག་ཆེན་པོར་གྱུར་པ་མགྲིན་པའི་ལམ་ནས་མྱངས་པས་བདུད་རྩིའི་དྭངས་མས་ལུས་ཐམས་ཅད་ཁྱབ། བདེ་ཆེན་གྱི་ཡེ་ཤེས་སྐྱེས་ཤིང་། འཆི་མེད་ཚེ་དང་འཛད་མེད་ཀྱི་ནོར། འཕོ་འགྱུར་མེད་པའི་བསོད་ནམས་སོགས་མཆོག་ཐུན་གྱི་དངོས་གྲུབ་ཐོབ་པར་མོས་ཤིག །ཅེས་བརྗོད་ལ་གཏོར་ཟན་རས་མ་བདུད་རྩིར་བཅས་པ་དང་། ཚེ་རིལ། གཡང་ཆང་སོགས་ཀྱང་བྱིན། མཐའ་རྟེན་བསྐུར་བར་སྤྲོ་ན། བླ་མ་ཛཾ་བྷ་ལས། མི་མཆོག་འཁོར་ལོས་སྒྱུར་རྒྱལ་རྣམས་ཀྱི་ལེགས་བྱས་རླབས་པོ་ཆེའི་མཐུ་ལས་འབད་མེད་དུ་འབྱུང་ཞིང་། གླིང་བཞི་ལྷ་དང་བཅས་པ་ལ་སོགས་པར་མངའ་དབང་འབྱོར་པའི་ཆོས་ཀྱི་རྒྱལ་སྲིད་རྒྱས་པར་བྱེད་པའི་ནུས་པ་ཅན་རིན་པོ་ཆེ་སྣ་བདུན་རྗེས་སུ་གནང་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བའི་མོས་པ་མཛོད། རྒྱལ་སྲིད་སྣ་བདུན་བྲིས་འབུར་གང་རུང་ལག་ཏུ་གཏད་ཅིང་། ཧཱུྃ༔ འཁོར་ལོ་ཆོས་ཀྱི་འཁོར་ལོ་བསྐོར༔ བཙུན་མོ་ཕ་རོལ་ཕྱིན་བཅུ་ལྡན༔ ནོར་བུ་དགོས་འདོད་ཐམས་ཅད་སྐོང༔ ཁྱིམ་བདག་ཆབ་སྲིད་རྒྱས་པར་སྤེལ༔ དམག་དཔོན་ཉོན་མོངས་གཡུལ་ངོ་ཟློག༔ རྟ་མཆོག་འཁོར་བའི་ཕ་རོལ་སྒྲོལ༔ གླང་པོས་བདུད་ཀྱི་དཔུང་ཚོགས་འཇོམས༔ ཕུན་ཚོགས་འབྱོར་པའི་དཔལ་ཆེན་པོས༔ ཆོས་ཀྱི་རྒྱལ་པོར་མངའ་གསོལ་ལོ༔ ཨོཾ་མ་ཧཱ་ཙཀྲ་པྲ་ཛྙཱ་པཱ་ར་རཏྣ་ཨ་ཏི་ཏི་ཀ་ཀརྨ་ཨ་ཤྭ་ཧསྟི་ཨ་བྷི་ཥིཉྩ་མཱཾ༔ སྟོན་པ་རྒྱལ་བས་བྱིན་གྱིས་བརླབས་པའི་བཀྲ་ཤིས་པའི་རྫས་བརྒྱད་ཁྱེད་རང་རྣམས་ལ་གཏད་པས་དོན་གཉིས་འཕྲལ་ཡུན་གྱི་བཀྲ་ཤིས་དང་དགེ་ལེགས་མཁའ་ཁྱབ་ལ་དབང་འབྱོར་པའི་རྟེན་འབྲེལ་ལྷུན་གྱིས་གྲུབ་པར་མོས་པ་མཛོད། རྫས་བརྒྱད་དངོས་སམ་ཙཀ་ལི་གཏད་ལ། ཧཱུྃ༔ ཡུངས་དཀར་བགེགས་ཀྱི་ཚོགས་རྣམས་འཇོམས༔ དཱུརྦཱས་གདོན་གྱི་གནོད་པ་སྐྱོབ༔ ལི་ཁྲིས་འགྲོ་བ་དབང་དུ་སྡུད༔ བིལ་བས་ཡོན་ཏན་ཐམས་ཅད་རྒྱས༔ གི་ཝཾ་ནད་ལས་ཐར་པར་བྱེད༔ ཞོ་ཡིས་དབང་པོའི་གཟི་མདངས་སྐྱེད༔ མེ་ལོང་མ་རིག་མུན་པ་སེལ༔ དུང་གིས་གསུང་དབྱངས་དྲུག་ཅུ་སྒྲོག༔ རྟག་ཏུ་བཀྲ་ཤིས་དབང་ཐོབ་ཤོག༔ ཨོཾ་སྭསྟི་སརྦ་དྷརྨ་པ་ཏི་བྷྲཱུྃ་བྷྲཱུྃ་བྷྲཱུྃ༔ ཨ་བྷི་ཥིཉྩ་མཱཾ༔ སྐྱོབ་པ་རྫོགས་པའི་སངས་རྒྱས་རྣམས་ཀྱི་མཚན་བཟང་པོ་མཚོན་པར་བྱེད་པའི་བཀྲ་ཤིས་པའི་རྟགས་བརྒྱད་ཀྱིས་ཁྱེད་རང་གི་ལུས་ལ་རྒྱས་བཏབ་པས། བདེ་བར་གཤེགས་པའི་མཚན་དང་དཔེ་བྱད་ཕྲིན་ལས་རབ་འབྱམས་ལ་དབང་འབྱོར་ཞིང་ཕྱོགས་དུས་གནས་སྐབས་ཀུན་ཏུ་བཀྲ་ཤིས་པའི་རྟེན་འབྲེལ་འདུ་བྱས་པར་མོས་ཤིག །རྟགས་བརྒྱད་ཀྱི་གཟུགས་བརྙན་ཡོད་ན་གནས་སོ་སོར་བཞག །མེད་ན་མེ་ཏོག་འཐོར་ཞིང་། ཨོཾ༔ དབུ་ལ་བཀྲ་ཤིས་གསེར་གྱི་གདུགས༔ སྤྱན་ལ་བཀྲ་ཤིས་ཤེས་རབ་ཉ༔ ལྗགས་ལ་བཀྲ་ཤིས་པདྨ་སྟོང༔ ཚེམས་ལ་བཀྲ་ཤིས་གཡས་འཁྱིལ་དུང༔ མགུལ་ལ་བཀྲ་ཤིས་བུམ་པ་བཟང༔ ཐུགས་ལ་བཀྲ་ཤིས་དཔལ་བེ་འུ༔ སྐུ་ལ་བཀྲ་ཤིས་རྒྱལ་མཚན་དཔལ༔ ཕྱག་ཞབས་བཀྲ་ཤིས་འཁོར་ལོ་སྟེ༔ མཚན་དཔེ་ཡོན་ཏན་ཀུན་རྫོགས་ནས༔ བསྐལ་བརྒྱར་མི་ནུབ་རྟག་བརྟན་ཤོག༔ ཨོཾ་སྭསྟི་བྷྲཱུྃ་མངྒ་ལཾ་ཏིཥྛ་བྷ་བནྟུ་ཡེ་སྭཱ་ཧཱ༔ འདི་ནི་གནས་སྐབས་བཀྲ་ཤིས་པའི་རྟེན་འབྲེལ་དང་གཡང་སྒྲུབ་ཀྱི་སྐབས་ཉེ་བར་མཁོ་ཞིང་ཆོ་གའི་མཛེས་རྒྱན་དུ་འགྲོ་ཕྱིར་རང་ལུགས་ཐུགས་རྗེ་ཆེན་པོ་ནང་སྒྲུབ་ཞི་ཁྲོའི་དབང་ཆོག་ནས་ལྷན་ཐབས་སྦྱར་བ་མ་གཏོགས་གཏེར་གཞུང་གི་དངོས་བསྟན་མིན་པས། བསྡུ་ན་མ་བསྐུར་ཡང་འགལ་བ་མེད་དོ། །དེ་ལྟར་དབང་བསྐུར་པ་ཐོབ་པ་ལ། རྩ་བ་བརྒྱུད་པའི་བླ་མ་རིག་འཛིན་གདན་གསུམ་ཚང་བའི་ལྷ་ཚོགས་ནམ་མཁའ་གང་བས་ཤིས་པ་བརྗོད་པའི་མོས་པ་མཛོད། ཕུན་སུམ་ཚོགས་པ་མངའ་བ་སོགས་མདོ་རྒྱུད་ལས་བྱུང་བ་དང་། ལས་བྱང་གི་བཀྲ་ཤིས། འབད་དང་རྩོལ་བས་མ་གོས་པའི། །ཞེས་སོགས་ཤིས་བརྗོད་གང་འཚམ་བྱ་ཞིང་མེ་ཏོག་གི་ཆར་དབབ། དེ་ལྟར་དབང་ཐོབ་པའི་ཕན་ཡོན་དང་ཁྱད་པར་གྱི་དམ་ཚིག་ནི། གཞུང་ལས། དེས་ནི་ནོར་བདག་གྲིབ་ལྟར་འགྲོགས༔ ཅི་འདོད་རྩོལ་མེད་ཤུགས་ཀྱིས་ཐོབ༔ ནོར་ལྷ་བྱེ་བའི་སྲོག་དབང་ཐོབ༔ དམ་ཚིག་སྦྱིན་པ་ཕྱོགས་མེད་གཏང༔ མཆོད་པའི་འབྱོར་ཚོགས་རྒྱ་ཆེར་འབུལ༔ རྒྱུ་འབྲས་ཆུད་མི་ཟ་བ་ཡི༔ བདེན་འབྲས་ཚེ་འདིར་ཐོབ་པར་འགྱུར༔ ཞེས་བཀའ་བསྩལ་པས་ཨོ་རྒྱན་སངས་རྒྱས་གཉིས་པའི་རྡོ་རྗེའི་གསུང་གིས་ནམ་ཡང་བསླུ་བ་མེད་པས་སྤྲོ་དགའ་རྒྱ་ཆེར་བསྐྱེད་པ་དང་། དམ་ཚིག་ཁས་བླང་ཞིང་། མི་འབྲལ་རྗེས་སུ་འཛིན་པར་གསོལ་བ་དང་སྨོན་ལམ་འདེབས་པ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །དེང་ནས་གཟུང་སྟེ་བྱང་ཆུབ་བར༔ ཁྱེད་དང་མི་འབྲལ་འགྲོགས་ནས་ཀྱང༔ གསང་སྔགས་སྨིན་གྲོལ་གདམས་པ་ཀུན༔ ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ༔ དབང་བསྐུར་རྫོགས་པར་ཐོབ་པའི་གཏང་རག་གི་ཡོན་དུ་མཎྜལ་ཕུལ་མཛོད། སློབ་མས་མཎྜལ་ཕུལ་རྗེས། དེས་ནང་པ་སངས་རྒྱས་པའི་ནོར་ལྷ་ཐམས་ཅད་ཀྱི་གཙོ་བོ་འཕགས་པ་ཛམ་བྷ་ལར་སྒྲུབ་ཐབས་ཀྱི་བཀའ་སྲོལ་མང་དུ་ཡོད་པ་ལས། འདིར་རིག་འཛིན་ཆེན་པོ་དྲི་མེད་གླིང་པས་སྦྲགས་ཡང་རྫོང་དྲི་མེད་གསང་ཕུག་ནས་ཟབ་གཏེར་དུ་སྤྱན་དྲངས་པའི་གསང་སྒྲུབ་བླ་མ་ནོར་བདག་རིགས་འདུས་ཛམ་བྷ་ལའི་དབང་ཆོག་དངོས་གྲུབ་ལྗོན་ཤིང་ལེགས་པར་ཐོབ་པ་ཡིན་པས་བསྙེན་སྒྲུབ་ལས་གསུམ་གྱི་སྒོ་ནས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེར་མཛད་པས། དགེ་བ་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བར་ཞུ། བསོད་ནམས་འདི་ཡིས་ཞེས་སོགས་དགེ་བ་བསྔོ། འབྱོར་ན་སློབ་མ་ཡིས་དར་དམར་སེར་དང་། རིན་པོ་ཆེ་སོགས་ལོངས་སྤྱོད་ཀྱི་དངོས་པོ་ཅི་འདོད་ཕྱག་རྟེན་ཡོན་དུ་འབུལ་ཞིང་། དཔོན་སློབ་ཐུན་མོང་དུ་ཚོགས་ཀྱི་དགའ་སྟོན་ལ་རོལ་རྗེས་སློབ་མ་རྣམས་ལ་བཀྱེ། གཡང་སྒྲུབ་དང་འབྲེལ་ན་རྟེན་འཛུགས་སོགས་བྱ། གཞན་དུ་ཚོགས་ལྷག་མན་རྗེས་ཆོག་རྣམས་དཀྱུས་ལྟར་བྱའོ། །སྨིན་བྱེད་བརྒྱ་བྱིན་ཐོགས་པའི་རིན་པོ་ཆེ། །རེག་ཙམ་ཉིད་ནས་དབུལ་ཕོངས་ཕལ་བའི་གཟུགས། །འབྱོར་ལྡན་འཆི་མེད་ལུས་སུ་སྒྱུར་བྱེད་པའི། །ངོ་མཚར་གནས་ལ་ཡིད་ཆེས་དང་བས་བཀོད། །འཕགས་པ་མཆོད་དང་ཟང་ཟིང་སྦྱིན་སོགས་ཀྱིས། །བྱང་ཆེན་སྒྲུབ་པའི་ལམ་གྱི་མཐུན་པའི་རྐྱེན། །ཟབ་གཏེར་ཌཱ་ཀིའི་ཞལ་རླངས་ཉམས་མེད་ཆོས། །འཇུག་བདེའི་ཁྲིགས་སུ་སྤེལ་བའི་བསོད་ནམས་མཐུས། །བསིལ་ལྡན་ལྗོངས་འདིའི་སྣོད་བཅུད་དགེ་མཚན་རྣམས། །རབ་རྒྱས་དེ་ཡིས་རྒྱལ་བའི་བསྟན་པ་དང་། །དེས་ཀྱང་འགྲོ་མང་རྒྱུད་ལ་བླ་མེད་ཀྱི། །ཡེ་ཤེས་བདེ་ཆེན་དགའ་སྟོན་དར་གྱུར་ཅིག །བླ་མ་ནོར་གྱི་བདག་པོའི་དབང་ཆོག་དངོས་གྲུབ་ལྗོན་ཤིང་སྐུར་ཐབས་བཀླག་ཆོག་འདི་ཡང་གཏེར་སློབ་གནུབས་བན་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་ཀྱིས་ཀུན་དགའི་ལོ་ནག་ཟླ་ཕྱི་མའི་ཡར་ཚེས་ལ་ངག་སྤོད་དུ་སྤེལ་བའི་ཡི་གེའི་འདུ་བྱེད་འགྱུར་མེད་ཚུལ་ཁྲིམས་ཀྱིས་བགྱིས་པ་དགེ་ལེགས་འཕེལ་ལོ། །སརྦ་མངྒ་ལཾ།། །། ༄༅། །བླ་མའི་ནོར་སྒྲུབ་ཁམས་གསུམ་དབང་སྡུད་ཀྱི་བསྙེན་ཡིག་ཡིད་བཞིན་དབང་གི་རྒྱལ་པོ་བཞུགས་སོ། །དྲི་མེད་ཐུགས་རྗེའི་ཆུ་འཛིན་ལས། །དངོས་གྲུབ་འདོད་རྒུའི་ཆར་འབེབ་མཁན། །རྔ་ཡབ་གླིང་པ་ནོར་གྱི་ལྷར། །འདུད་དོ་སྲིད་ཞིའི་དཔལ་འབྱོར་སྩོལ། །འདིར་གསང་སྒྲུབ་ཁམས་གསུམ་དབང་སྡུད་ཀྱི་བསྙེན་སྒྲུབ་བྱ་ཚུལ་མདོ་ཙམ་འཆད་པ་ལ། བར་ཆོད་དམ་སྲི་བསེ་རག་བཀར་མནན་གང་འགྲུབ་སྔོན་དུ་འགྲོ་བས། ས་རལ་དང་ཤྭ་འོད་ཀྱི་ཤུལ་སོགས་་་དུག་སྦྲུལ་འགྱུ་སྲང་ས་རལ་ཤྭ་འོད་སར། །ནོར་སྒྲུབ་བྱས་ན་མི་འགྲུབ་ཞུད་པས་སྤང་། །ཞེས་བཤད་སྣང་བས་སོ།མ་ཡིན་པའི་གནས་སུ་བཅས་གཤོམ་རས་བྲིས་སམ་ཚོམ་བུའི་དཀྱིལ་འཁོར་གཏེར་བུམ་སོགས་གཞུང་ལྟར་རམ། བསྡུ་ན་རྟེན་གཏོར་སྐུ་ཙཀ་ཙམ་ལ་དམིགས་ནས་བདག་མདུན་གྱེར་ཚིག་གཅིག་གིས་བཞིན་དང་མེ་ལོང་ནང་གི་གཟུགས་བརྙན་ལྟར་སོ་སོར་བསྐྱེད། དེ་ཡང་ཏིང་འཛིན་རྣམ་གསུམ་རྒྱུ་ཡིག་ཛཾ་སེར་པོ་་་འདིར་ལས་བྱང་གི་ཚིག་རིས་དང་འཁོར་ལོའི་གཞུང་གི་ལྟེ་བའི་ཡིག་འབྲུ་ལྟར་ན་བྷྲཱུྃ་དང་ཡང་ན་ཨོཾ་དུ་བཤད་པ་ལྟར་སྣང་ཡང་ཚིག་གི་བརྗོད་ཚུལ་སོགས་སུ་སྣང་བའི་ཕྱིར་བརྒྱུད་པའི་ཞལ་ལུང་གསང་བ་སྤྱིའི་འགྲོས་ལྟར་བཤད་པའོ།ལས་ཨེ་ཡཾ་རཾ་བཾ་ལཾ་སུཾ་བྷྲཱུྃ་རྣམས་འཕྲོས། འབྱུང་བ་རིམ་བརྩེགས་ལྷུན་པོ་དང་བཅས་པའི་སྟེང་། བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་སྤྱི་མཐུན་ལྷ་གནས་པདྨ་འདབ་བཞི་ཁྱམས་ཕྱི་ནང་ཅན་གྱི་ལྟེ་བར་ཛཾ་ལས་པདྨ་རྒྱལ་པོ་ཛཾ་བྷ་ལ་ཡབ་ཡུམ། པད་འདབ་བཞིར་རིགས་བཞིའི་ཛཾ་ལ། ནང་ཁྱམས་ཀྱི་ཕྱོགས་མཚམས་བརྒྱད་དུ་རྟ་བདག་བརྒྱད། སྒོ་བཞིར་རྒྱལ་ཆེན་བཞི། ཕྱི་ཁྱམས་འཁོར་ཡུག་ལ་དཔལ་མགོན་བདུན་ཅུ་དང་། གནོད་སྦྱིན་ནོར་ལྷའི་ཚོགས་ཀྱིས་བསྐོར་བ་ཐམས་ཅད་ཀྱང་རཏྣའི་ཆར་འབེབ་པར་བསྐྱེད། སྤྱན་འདྲེན་མཆོད་བསྟོད་ལས་བྱང་གི་དཀྱུས་ལྟར་བྱ། བཟླས་པའི་དམིགས་པ་བདག་མདུན་ཛཾ་ལ་གཙོ་བོའི་ཐུགས་ཀར་ཟླ་གདན་ལ་ཛཾ་སེར་པོའི་མཐར་བཟླ་བྱའི་སྔགས་རྣམས་གསེར་མདོག་རང་སྒྲ་དང་བཅས་གཡས་སུ་ཀྱི་ལི་ལི་འཁོར་བ་གསལ་བཏབ། འཕྲོ་འདུའི་དམིགས་རྐང་གཉིས་ལས། དང་པོ་གཟི་བྱིན་བསྐྱེད་པ་ནི། བདག་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་ནང་ཐམས་ཅད་གང་ཞིང་། དཔེར་ན་མན་ཤེལ་སེར་པོའི་ནང་དུ་མར་མེ་སྦར་བ་ལྟར་སྣང་བར་བྱས། ཞལ་དང་བ་སྤུའི་བུ་ག་སོགས་ནས་ཕྱིར་འཕྲོས་པའི་སྣེ་ལ་མཆོད་པའི་སྤྲིན་ཕུང་རྒྱ་མཚོ་བྱུང་བས་མདུན་བསྐྱེད་ཀྱི་ལྷ་ཚོགས་མཉེས་པར་བྱས་ཤིང་ཐུགས་རྒྱུད་བསྐུལ། བདག་མདུན་གཉིས་ཀའི་ཐུགས་སྲོག་སྔགས་ཕྲེང་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་སྤྲོས་པས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཆོད། སེམས་ཅན་རྣམས་ཀྱི་དབུལ་ཕོངས་ལ་སོགས་པའི་སྡུག་བསྔལ་དང་སྡིག་སྒྲིབ་སྦྱངས་ཏེ་བླ་མ་ནོར་ལྷའི་གོ་འཕང་ལ་བཀོད། སྐྱབས་ཡུལ་དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྨུགས་འཛིན་རིགས་ལྔའི་སྐུ་དང་སྔགས་ཀྱི་ཡིག་འབྲུ་ལྕགས་ཀྱུ་ནེའུ་ལེ་གཏེར་བུམ་སོགས་ཕྱག་མཚན་གྱི་རྣམ་པར་བུན་ལང་ལང་བྱོན་ཏེ། བདག་མདུན་ལ་ཐིམ་པས་ཉི་མ་འབུམ་ཡང་ཟིལ་གྱིས་གནོན་པའི་གཟི་བྱིན་དང་། མཁྱེན་བརྩེ་ནུས་སྟོབས་ལྷག་པར་རྒྱས་ཤིང་སྣང་གྲགས་རིག་གསུམ་བླ་མ་ནོར་གྱི་བདག་པོའི་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་ཕྱམ་བརྡལ་བར་མོས་པ་ནི། གཞུང་ལས་དངོས་སུ་མ་བཤད་ཀྱང་། གཏེར་ཆེན་བླ་མ་དམ་པའི་ཞལ་ལུང་ལས་བྱོན་པའོ། །གཉིས་པ་ཕྱྭ་གཡང་སྡུད་པ་ནི། གཞུང་ལས། ཏིང་འཛིན་དམིགས་པས་སྲིད་ཞིའི་ཕྱྭ་གཡང་སྡུད༔ འོད་ཟེར་སྤྲོ་བསྡུས་ལྷ་མིའི་སྲོག་འཕྲོག་སྟེ༔ ཁམས་གསུམ་སྲིད་པའི་དྭངས་བཅུད་སྦུབས་སུ་དྲངས༔ ལྷ་འདྲེ་མི་གསུམ་ཁ་རྗེ་དབང་ཐང་བསྡུས༔ ལེགས་ཚོགས་རྟེན་འབྲེལ་འཛད་མེད་གཡང་ཞགས་བསྐྱིལ༔ ཞེས་པས་བདག་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་ཛཿཡིག་ལྕགས་ཀྱུའི་རྣམ་པ་ཅན་སྟོང་གསུམ་གང་བར་སྤྲོས་པས། ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱི་སྙིང་གི་དབུས་ན་རྣམ་ཤེས་ཨ་ཏྲི་ནྲྀའི་རྣམ་པར་གནས་པར་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་ལྟར་ཙེན་གྱིས་བླངས་ཏེ། ཐུགས་སྲོག་གི་ཞབས་སུ་བསྟིམས་པས་ཚངས་པ་བརྒྱ་བྱིན་འཁོར་ལོས་སྒྱུར་རྒྱལ་སོགས་འགྲོ་བ་ཐམས་ཅད་དབང་དུ་འདུས་ཤིང་བྲན་དུ་ཁོལ་ནས་བདག་ལ་གུས་པས་འདུད་པར་བསམ། ཡང་འོད་ཟེར་སྦུབས་ཅན་སྨྱུག་མ་ལྟ་བུ་སྦོམས་སུ་ཀ་གདུང་ཙམ་ནམ་མཁའི་མཐས་གཏུགས་པའི་ཁམས་གསུམ་སྣོད་བཅུད་ཐམས་ཅད་ལ་ཁྱབ་ཅིང་ཟུག་པས་རྩི་བཅུད་མར་ལྟ་བུ། འབྲུ་བཅུད་ཆང་ལྟ་བུ། ཤིང་བཅུད་བུ་རམ་ལྟ་བུས་མཚོན་ཏེ་འབྱུང་བ་ལྔའི་དྭངས་བཅུད་དང་། རིགས་དྲུག་གི་འཁོར་ལོར་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དབང་ཐང་མཐུ་སྟོབས་རྫུ་འཕྲུལ་བཀྲག་མདངས་སོགས་ལེགས་ཚོགས་ཀྱི་དངོས་པོ་མ་ལུས་འུབ་ཀྱིས་དྲངས་ཏེ་བདག་མདུན་སྒྲུབ་རྫས་རྣམས་ལ་ཐིམ་པས་ལྟ་བར་མི་བཟོད་པའི་གཟི་བྱིན་ཆེར་འབར། ལྷ་ཚོགས་རྣམས་ཀྱི་ཞལ་དང་སྐུའི་ཆ། ཕྱག་མཚན་ནེའུ་ལེ་དང་གཏེར་གྱི་བུམ་པ་ལ་སོགས་པ་རྣམས་ལས་ནོར་བུ་དང་འབྲུ་དང་ཟས་སོགས་མཁོ་རྒུའི་དངོས་པོ་བསྐལ་པའི་ཆར་གྱི་རྒྱུན་ལྟར་བབས་ཤིང་། སླར་ཡང་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཁོར་རྣམས་རང་དབང་མེད་པར་བསྐུལ། དེ་རྣམས་ལས་སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་ཏེ་རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས་རྟགས་སོགས་ལྷ་ཀླུ་མི་གསུམ་གྱིས་མཚོན་པའི་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་བཀུག་པས། རང་གི་གནས་ཁང་བང་མཛོད་ནས་རིམ་བཞིན་ཁ་བ་ཅན་གྱི་རྒྱལ་ཁམས་མ་ལུས་ཟས་ནོར་ལོངས་སྤྱོད་ཀྱིས་ཕྱུར་བུར་ཁེངས་ཏེ་མི་ཤོང་བ་ཙམ་དུ་དམིགས་ལ་ཛཔ྄་བཟླ། ཐུན་གྱི་མཐར་གཡང་འགུགས་ཀྱང་བྱ་སྟེ་དེའི་དམིགས་པ་ནི། གཞུང་ལས། བདག་བསྐྱེད་ཐུགས་རྗེའི་འོད་ཟེར་གྱིས༔ མདུན་བསྐྱེད་ལྷ་ཚོགས་ཐུགས་དམ་རྒྱུད་བསྐུལ་ནས༔ མདུན་བསྐྱེད་ཐུགས་ལས་འོད་ཟེར་ལྕགས་ཀྱུའི་ཚོགས༔ ཛཿཡིག་མཚན་པ་སྟེང་འོག་ཕྱོགས་བཅུར་འཕྲོས༔ ལྷ་མིའི་དཔལ་འབྱོར་མངའ་ཐང་ལོངས་སྤྱོད་དང༔ ཀླུ་དབང་དྲི་ཟའི་ནོར་རྣམས་འུབ་བསྡུས་ནས༔ སྒྲུབ་རྫས་དཀྱིལ་འཁོར་གཉིས་ལ་ཐིམ་པ་ཡིས༔ དཀྱིལ་འཁོར་མདངས་ལྡན་སྒྲུབ་རྫས་འོད་དུ་འབར༔ ཅི་འདོད་དངོས་གྲུབ་མ་ལུས་ཐོབ་པར་དམིགས༔ ཞེས་པ་ལྟར་རོ། །ནུབ་རེ་བཞིན་ཚོགས་དང་སྐོང་བཤགས་གཏོང་། ཐུན་མཚམས་སུ་བསམ་པ་ལྷུན་གྲུབ་མ་སྤྱི་དང་ཁྱད་པར་ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་གསོལ་འདེབས་ལ་འབད་ཅིང་འགྲུབ་ན་ཛཾ་བྷ་ལ་དང་ཡི་དྭགས་ལ་ཆུ་སྦྱིན་ཅི་ནུས་བྱ། གྲངས་བསྙེན་བསྙེན་སྔགས་ལྔ་འབུམ་དང་། སྒྲུབ་སྔགས་སུམ་འབུམ་བཟླ་བར་གསུངས་ཤིང་། ལས་སྦྱོར་གྱི་སྔགས་གཉིས་ཁྲི་ཕྲག་སོགས་ཅི་ནུས་སུ་བཟླས་པས་རུང་། མཐར་སྒྲུབ་རྫས་ལྷར་གསལ་བ་ལས་དངོས་གྲུབ་བླང་བ་རིགས་མཐུན་སྤྱི་ལྟར་བྱེད། རྟགས་ཀྱི་ཁྱད་པར་ཡང་ཆོས་རྗེ་གླིང་པའི་ཛཾ་དམར་ལས། གྲུབ་པའི་རྟགས་ནི་དངོས་སམ་ཉམས་དང༔ ཐ་མའང་རྨི་ལམ་དུ་གནོད་སྦྱིན་དང༔ གནོད་སྦྱིན་མོའི་ཚོགས་འདུ་བ༔ རཏྣའི་ཆར་འབེབ་པ༔ གོས་དམར་པོ་གོན་པ༔ རཏྣ་དམར་པོ་དང་མེ་ཏོག་དམར་པོའི་ཕྲེང་བ་ཐོགས་པ༔ གཏེར་ཆེན་པོའི་བུམ་པ་རྙེད་པ་ལ་སོགས་པ་ནི་དངོས་གྲུབ་ཐོབ་པའི་རྟགས་དང༔ སྐྱེ་འགྲོ་མང་པོ་འདུ་བ༔ ཁྲི་སྟན་བཟང་པོའི་སྟེང་དུ་འདུག་པ༔ ཤིང་འབྲས་སོགས་ཟ་བ༔ བུད་མེད་མང་པོས་བསྐོར་བ་སོགས་ནི་ལས་སྦྱོར་གྲུབ་པའི་རྟགས་དང༔ དེ་དག་ལས་ལྡོག་པ་མངོན་སུམ་བྱིང་རྨུགས་འཐིབས་པ༔ མཎྜལ་གྱི་བཀྲག་མདངས་ཉམས་པ༔ རྨི་ལམ་དུ་ཡི་དྭགས་དང་བྱིས་པ་ཡུགས་ས་མཛེ་དང་གདོན་ཅན་སོགས་རྨིས་ན་བསེ་རག་གིས་སྒྲུབ་པ་ལ་ཞུད་པ་ཡིན་པས་ཡི་དམ་གྱི་དམིགས་པས་གཟིར༔ ཞེས་སོགས་ནོར་སྒྲུབ་གཞན་དང་མཚུངས་ཤིང་། ལར་འདི་ནི་ལྷག་པར་བྱིན་རླབས་ཆེ་སྟེ། གཏེར་བུམ་བཅས་པ་ཙམ་གྱིས་ཡུལ་དང་ཞིང་ལ་ལོ་ཆུ་ལེགས་པ་དང་། ཟས་ནོར་འདུ་བ་སོགས་རྫུན་ཟོབ་མིན་པར་ཡང་ནས་ཡང་དུ་མྱངས་པས་གྲུབ་པ་ཡིན་ནོ། །ཞེས་པའང་གཏེར་ཆེན་བླ་མ་དམ་པའི་གསུང་གི་བདུད་རྩིས་ངོམས་པའི་སྐལ་བཟང་ཕྲིན་ལས་གྲགས་པའི་གསུང་གིས་ཡང་ཡང་དུ་བསྐུལ་ཞིང་། གནས་དང་དུས་ཀྱི་རྟེན་འབྲེལ་ལ་བསམས་ནས་གཏེར་སློབ་གནུབས་བན་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་ཀྱིས་བཟད་སྒེར་སྟོད་དགོན་པར་བྲིས་པའོ། །རང་ལོ་སོ་བདུན་རྒྱལ་བའི་ལོ། །སྨིན་ཟླའི་དམར་ཕྱོགས་་་ཚེས་ཉེར་བརྒྱད།འདི་བརྩམས་ཚེ། །ཚེ་མཐའ་ཡས་པའི་སྐུ་བརྙན་སོགས། །དགེ་བའི་མཚན་མ་ཕུན་སུམ་ཚོགས། །སརྦ་མངྒ་ལཾ།། །། ༄༅། །བླ་མའི་ནོར་སྒྲུབ་ཁམས་གསུམ་དབང་སྡུད་ཀྱི་རྒྱས་པའི་སྦྱིན་སྲེག་འདོད་རྒུ་ཆར་འབེབ་ཁྲིགས་སུ་བསྡེབས་པ་དགེ་ལེགས་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །དྲི་མེད་འཛམ་བུའི་གསེར་གྱི་རི་འདྲའི་སྐུ། །དྭངས་པའི་ཡིད་མཚོར་འགྲོགས་པའི་མོད་ཉིད་ལ། །འདོད་རྒུའི་མཆོག་སྩོལ་ལངྐའི་གླིང་གི་མགོན། །རྨུགས་འཛིན་ནོར་ལྷར་བཞེངས་པ་དེས་སྐྱོངས་ཤིག །གང་དེ་སྦྱིན་སྲེག་མཆོད་པས་མཉེས་བྱས་ལས། །རྩོད་དུས་རྒུད་པ་མཐར་བསྐྲད་རྫོགས་ལྡན་གྱི། །ལེགས་ཚོགས་མགྲོན་དུ་འགུགས་བྱེད་ཆོ་གའི་ཁྲིགས། །དམ་ལྡན་རིག་འཛིན་འཇུག་བདེའི་སྐྱེས་སུ་སྤེལ། །དབང་ཐོབ་དམ་ཚིག་ལ་གནས་པ་བསྙེན་སྒྲུབ་ཚད་དུ་ཐེམས་པའི་སྔགས་པས་རྒྱལ་དབང་པདྨའི་ཐུགས་སྒྲུབ་ཡོན་ཏན་ཀུན་འབྱུང་གི་རྒྱས་པའི་སྦྱིན་སྲེག་འདོད་རྒུའི་ཆར་འབེབ་ལག་ཏུ་བསྟར་བར་སྤྲོ་ན། ལེགས་བཤམས་བདག་བསྐྱེད་བསང་ཆུ་སྒྲུབ། །རྫས་བརླབ་མེ་སྦར་འཇིག་རྟེན་དང་། །ཡེ་ཤེས་མེ་ལྷ་མཆོད་པའི་རིམ། །སླར་ཡང་མེ་ལྷ་ལྷག་མས་མཆོད། །རྗེས་ཆོག་རྗེས་བསྡུ་བཅུ་ཡིན་ནོ། །དང་པོ་ནི། གཞུང་ལས། དེ་ཡང་ཡར་ངོའི་དུས་ཚེས་དགེ་བའི་ཉིན༔ དབེན་ཞིང་ཉམས་དགའ་གཙང་མའི་གནས་མཆོག་ཏུ༔ རྒྱས་པའི་དཀྱིལ་འཁོར་གྲུ་བཞི་མདའ་གང་བ༔ ཞེས་སོགས་གསུངས་པ་ལྟར་ཚེས་གྲངས་གཟའ་སྐར་སོགས་རྩིས་གཞུང་དང་བསྟུན་ལ་རྒྱས་པའི་ལས་ལ་ཤིས་པའི་ཉིན། སྤྱིར་གཞུང་ནས་བཤད་པའི་གནས་དང་། བྱེ་བྲག་དཀྱིལ་འཁོར་དང་འབྲེལ་ན་སྒྲུབ་ཁང་གི་ལྷོའམ། དཀྱིལ་འཁོར་གྱི་ལྷོ་སྒོའི་ཕྱོགས་སུ་སློབ་དཔོན་གྱི་སྟན་འཇིག་རྟེན་པའི་བྱང་ངམ་ལྷོར་ཁ་བལྟ་བར་བཤམས་པའི་མདུན་དུ་ཐབ་དཀྱིལ་བློས་འཆུན་ན་རང་དང་ཞལ་ཕྱོགས་གཅིག་པ་དང་། དེ་མིན་ཞལ་སྤྲོད་ཀྱི་ཚུལ་དུ་བསྒོམ་པ་ཡིན་ལ། གནས་ཁང་གི་གོ་ཡུལ་ལམ། ཕྱོགས་དེར་དུར་ཁྲོད་རོ་ཁུང་ས་རུལ་ཤྭ་འོད་ཀྱི་ཤུལ་སོགས་ཡོད་པས་མི་བདེ་ན་བློས་ཤིས་པའི་ཕྱོགས་སུ་མོས་ལ་ཇི་ལྟར་བདེ་བར་སྤྱད་ཀྱང་རུང་སྟེ། ཕྱོགས་ཀྱི་ངེས་པ་སོགས་ཀྱང་བློས་བཏགས་མ་གཏོགས་བདེན་པར་གྲུབ་པ་མེད་པའི་ཕྱིར་རོ། །གཞི་དེར་སྔར་ས་ཆོག་གྲུབ་པའམ་ཡང་ཐོག་ལྟ་བུར་མི་དགོས་ལ། གཞན་དུ་གཞི་དེར་དཀར་གཏོར་བཟའ་བཏུང་སྣ་ཚོགས་ཀྱིས་བརྒྱན་པ་བཤམ། རང་ཉིད་ལྷའི་ང་རྒྱལ་གྱིས་བསང་སྦྱང་། འབྲུ་གསུམ་གྱིས་བྱིན་གྱིས་བརླབ། ཨ་ཀཱ་རོ་གསུམ་གྱིས་བསྔོ། ས་བདག་ལྷ་ཀླུ་འཁོར་དང་བཅས། །གཏོར་མ་དམ་པ་འདི་བཞེས་ལ། །བདག་གིས་སྦྱིན་སྲེག་མ་ཐོན་བར། །གནས་འདི་ཁྱོད་ལ་བདག་གཡར་གྱིས། །ཅི་བདེ་བར་ནི་གཞན་དུ་ཟུར། །ཅེས་བསྒོས་ལ་གཏོར་མ་ཕྱི་རོལ་དུ་བསྐྱལ་བས་ས་བླང་། ལག་གཡས་ས་ལ་བཞག་སྟེ། ཨོཾ་ཨཱཿཧཱུྃ་དང་། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊཿ བརྒྱ་རྩ་བཟླ་བཞིན་སྟོང་ཉིད་བསྒོམ་པས་སྦྱང་བ་ཙམ་དུ་སྔོན་དུ་འགྲོ་བས། ཕྱུག་འཕེན་གྱི་ཁང་ཞིང་དང་གནས་ཆེན་རི་རྒྱུད་བཟང་པོའི་ས་སྣ་གང་རྙེད་བསྲེས་པའི་ས་སྟེགས་དཔངས་སོར་བཞི། རྒྱ་འདོམ་ཕྱེད་ལྷག་པ་གྲུ་བཞི་མཉམ་ཞིང་འཇམ་པ་བྱས་སྟེང་ཚངས་ཟུར་གྱི་ཐིག་གདབ། དབུས་ནས་སོར་དྲུག་ཟླུམ་སྐོར་ལྟེ་བ། དེའི་ཕྱིར་སོར་དྲུག་ཟླུམ་སྐོར་པད་འདབ་བརྒྱད། ཚངས་ཐིག་དང་ཟླུམ་སྐོར་འཕྲད་མཚམས་ལོགས་བཞི་དྲང་པོར་བཅད་པས་ཁྲུ་གང་གྲུ་བཞི་འབྱུང་བ་ཐབ་ཁུང་། དེའི་ཕྱིར་སོར་བཞིའི་ཕྱིར་བསྐྱེད་པའི་ཐིག་ཕྱི་དང་གཉིས་བཏབ་པ་ནང་མ་མཆུའམ་མུ་རན་དང་ཕྱི་མ་ཁ་ཁྱེར། ལྟེ་བར་རིན་ཆེན་འབར་བ་དང་པད་འདབ་བརྒྱད་ལ་ཛཾ་ལ་རིགས་བཞི་རྟ་བདག་བརྒྱད་རྒྱལ་ཆེན་བཞི་དང་བཅས་པའི་ཕྱག་མཚན་ཚོན་སྤུངས་གང་རིགས། ཡང་ན་མེ་ཏོག་སེར་པོའི་ཚོམ་བུ་ལྷ་གྲངས། ཟླུམ་སྐོར་གྱི་ཕྱི་ཐབ་ཁུང་ནང་གི་གྲུ་ཆད་བཞིར་ཟླ་ཕྱེད་རྡོ་རྗེ་ནང་བསྟན་རེ། མུ་རན་ལ་རྡོ་རྗེའི་ཕྲེང་བ་དང་ཁ་ཁྱེར་ལ་ནོར་འཛིན་པ་ཏྲ་གཡས་སྐོར་བཅས་གཞི་སེར་པོ་ལ་བཅད་རྣམས་དམར་སེར་ལྟ་བུས་བྲི་བ་བྲིས་ཐབ། བསླང་ཐབ་འགྲུབ་ན་མཆོག་ཏུ་ལེགས་པས་སྟེགས་བུའི་སྟེང་ཐབ་ཁུང་དཔངས་སོར་བཅུ་གཉིས། ཁ་ཁྱེར་དཔངས་སོར་བཞི། དབྱིབས་དང་རྒྱ་ཚད་གོང་བཞིན། རིན་པོ་ཆེའམ་ས་སྣ་གོང་གསལ་བསྲེས་པའི་རྒྱུ་ལས་བྱ་བ་རྩིག་ཐབ། ས་རྗེན་པར་ལྟོ་འཕྱེ་བརྟགས་ལ་བྲུ་བའམ། ཡང་ན་ས་སྟེགས་དཔངས་ཚད་ལྟར་བྱས་པའི་དབུས་ཐབ་ཁུང་ཚད་ལྡན་བྲུས་ལ་མུ་རན་སོར་བཞི་དོར་བ་ནས་ཁ་ཁྱེར་རྒྱ་དཔངས་གོང་བཞིན་ས་ལ་བརྩིགས་པ་བྲུ་ཐབ་སྟེ། ཕྱི་མ་འདི་གཉིས་ལ་རི་མོ་རྣམས་འགྲུབ་ན་ཕྱེད་འབུར་དུ་བྱ་ཞིང་། དྲི་དང་ཚོན་སེར་པོས་བྱུགས། བུར་ཤིང་། ཁམ་སྟར། ཀུ་ཤུ། ཤུག་པ་ལྕང་སྐྱ་སོགས་འབྱོར་ན་རབ། དེ་མིན་ཤིང་སྐམ་གང་རྙེད་བཤམ་པའོ། །སྲོག་ཆགས་མེད་པའི་ལྕི་བ་སྐམ་པོས་བྲིས་ཐབ་ཡིན་ན་ཁ་ཁྱེར་གྱི་སྟེང་ནས་ཁྲུ་ཕྱེད་དང་། རྩིག་ཐབ་ཀྱི་ཚེ་ཐབ་ཁུང་གི་ནང་ཐབ་ལས་དམའ་ཙམ་གྲུ་བཞིར་བརྩེགས་དབུས་ཏིང་ལོ་ཆེ་བར་བཞག །ལས་བྱང་གཞུང་བསྲང་གི་གཏོར་མཆོད་ལོགས་སུ་བཤམས་པ་ཕྱག་ལེན་གཙང་བར་མངོན་པར་འགྲུབ་ན་གུང་ཕུགས་ཅི་རིགས་པར་བཤམ། གཡས་གཡོན་དུ་སྟེགས་བུ་ཁེབས་སེར་པོས་གཡོགས་ཏེ་སློབ་དཔོན་གྱི་གཡས་ངོས་སུ་ཡམ་ཤིང་འབྲས་བུ་ཅན་ནམ། ཤུག་པ་བ་ལུ་སོགས་བདུད་རྩི་ཅན་རློན་པ་སོར་བརྒྱད་པ་རྩ་རྩེ་གུར་གུམ་སོགས་དྲི་དང་འོ་ཞོ་མངར་གསུམ་སྦྱར་བའི་མར་ཁུ་བྱུགས་པ་གྲངས་ལྡན། མར་ཁུའམ་འབྲུ་མར། ནས། གྲོ། འབྲས་གསུམ་བཙོས་པའི་མཆན། ཤིང་ཏོག་སྣ་ཚོགས་གུར་གུམ་སོགས། ཁ་དོག་སེར་པོ་གཙོར་གྱུར་མེ་ཏོག་སྣ་ཚོགས། ནས་འབྲས་གྲོ་སྲན་ཏིལ་སོགས་འབྲུ་སྣ་ཚོགས། ཁུར་བ་མར་ཐུད་ལ་དུ་མངར་གསུམ་སོགས་སྒོག་ཙོང་མ་འདྲེས་པའི་ཁ་ཟས་བཟང་དགུ། འབྲས་བུ་གསུམ་བཟང་དྲུག་སོགས་སྨན་སྣ་ཚོགས། ཙན་དན་རུ་རྟ་སོགས་སྤོས་སྣ་ཚོགས། དར་སྣ་ཚོགས། རིན་ཆེན་སྣ་ཚོགས། གཞན་ཡང་འོ་ཞོ་རྒྱ་ཇ་ཆང་ཕུད་བཏུང་བའི་བྱེ་བྲག་སོགས་ཅི་འབྱོར་རིན་པོ་ཆེ་སོགས་སེར་པོའི་སྣོད་དུ་སོ་སོར་བཤམ་པའམ། འཇུག་པ་བདེ་བར་འདོད་ན། ཡམ་ཤིང་དང་། མར་ཁུ་མ་གཏོགས་ཕྲུགས་གཅིག་ཏུ་བསྲེས་པའི་ཕྱེ་མའམ་རིལ་བུ་ཁྲོལ་བུ་གང་རུང་ཕུལ་ཡང་རུང་སྟེ་ཕུད་ནས་ཡེ་ཤེས་པར་མང་བ་དང་། ལྷག་མ་ནས་འཇིག་རྟེན་མེ་ལྷར་ཉུང་བ་བཀོད། གཡོན་ངོས་སུ་འཇིག་འདས་ཀྱི་མེ་ལྷའི་གཏོར་མ་གྲུ་བཞི་དང་། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་ཚན་གཉིས་སྦྲེང་ཚར་སྨན་རཀ་བཅས། མཆོད་རྫས་དང་བསྲེག་རྫས་འདི་ཀུན་གུར་གུམ་ཡུང་བ་སོགས་ཀྱིས་ཁ་དོག་སེར་པོ་བསྒྱུར། མདུན་དུ་ཅོག་རྩེའི་ཁར་རྡོར་དྲིལ་གྱི་བར་དུ་དགང་བླུག་ཁ་སྦྱར་བ། ལས་བུམ་ཆས་ལྡན་བཅུད་ཀྱིས་གང་བ། ཌཱ་རུ། ནང་མཆོད། འཐོར་ནས། དཔལ་འབར། རླུང་གཡབ། མདའ་དར་སེར་པོ། སྤྲོ་ན་ཀུ་ཤ་ཟུང་སྦྱར་བཞི་དང་ཆུན་པོ་ལེབ་ཆགས་གཅིག །སློབ་དཔོན་དང་ཐབ་ཀྱི་བར་དུ་མེ་ཡོལ་གངས་རི་བཾ་ཡིག་ཆུ་རྒྱུན་བྲིས་པ། གཞན་ཡང་བུད་ཤིང་གི་བསྣོན་མ་དང་། ཚོགས་ཀྱི་དམ་རྫས། ཆས་གོས། རོལ་མོ་སོགས་འོག་ཏུ་དགོས་པ་ཇི་སྙེད་མཐོང་བརྒྱུད་ལྟར་བཀོད་པས་མཛེས་པར་འདུ་བྱ། །གཉིས་པ་བདག་བསྐྱེད་ནི། གཞུང་ལས། སློབ་དཔོན་ཆས་གོས་སེར་པོ་ཛཾ་ལར་བསྐྱེད༔ ཅེས་སོགས་གསུངས་པས་སྒྲུབ་པ་དང་འབྲེལ་ན་ལྷའི་གསལ་སྣང་སྔར་ཡོད་གསལ་བཏབ་པས་ཆོག་ཅིང་གཞན་དུ་ལས་བྱང་དཔག་བསམ་ལྗོན་ཤིང་གཞུང་བསྲངས་ལ་བདག་དང་སྣང་སྲིད་གུ་རུ་ནོར་ལྷའི་དཀྱིལ་འཁོར་དུ་བསྐྱེད་བསྟིམ་མཆོད་བསྟོད་སོགས་ཀྱི་མཐར། བཟླས་པ་ཅི་འགྲུབ། སྲུང་མའི་གཏོར་ཆོག་གི་བར་ཉམས་སུ་བསྟར། ཐོ་རངས་སམ་སྔ་དྲོ་ནས་སྦྱིན་སྲེག་དངོས་ལ་འཇུག་སྟེ། ཁྲུས་བྱས་སྤྲོ་ཞིང་འབྱོར་ན་འཁོར་ལོས་སྒྱུར་བའི་ཆས་གོས་སེར་པོས་བརྒྱན། བདག་གཞན་གྱི་དཔལ་འབྱོར་རྒྱས་འདོད་དགའ་བའི་ཡིད་ཀྱིས་སེམས་སྐྱིལ་ལམ་བཟང་པོའི་འདུག་སྟངས་ཀྱིས་འདུག་ནས། །གསུམ་པ་བསང་ཆུ་སྒྲུབ་པ་ནི། ལས་བུམ་བསང་སྦྱང་། སྟོང་པའི་ངང་ལས༴ ཕྱི་ནི་རྟེན་འབྲེལ་ཐབ་ཀྱི་རང་བཞིན༔ ཞེས་སོགས་ཁྲུས་སྒྲུབ་མ་རིག་མུན་སེལ་ལྟར་བདུད་རྩི་འཁྱིལ་པའི་བསྐྱེད་བཟླས་གཟུངས་ཐག་ནས་བཟུང་ལ་ཛཔ྄་གྲངས་བརྒྱའམ་ཉེར་གཅིག །བདུད་རྩིར་བསྒྱུར་བ་རྣམས་བྱ། བཞི་པ་མཆོད་རྫས་བསྲེག་རྫས་བྱིན་བརླབ་ནི། ཞི་བའི་སྦྱིན་སྲེག་སྡིག་སྒྲིབ་ཀུན་སྦྱོང་ལས༔ ཌཱ་དྲིལ་དགང་གཟར་བླུག་གཟར་རབ་ཏུ་གནས༔ ཞེས་གསུངས་པས། སྤྲོ་ན། ཧཱུྃ༔ ཐབས་ཤེས་ཟུང་འཇུག་ཆོས་ཉིད་མཚོན༔ འདས་དུས་འགྲོ་རྣམས་སད་པའི་ཕྱིར༔ ཡེ་ཤེས་ལྔ་ཡི་རྡོ་རྗེ་གསོར༔ ཤེས་རབ་དབྱངས་ཀྱི་དྲིལ་བུ་འཁྲོལ༔ བཛྲ་དྷརྨ་ཧཱུྃ་ཨཱ༔ ཞེས་རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ། ཧཱུྃ༔ ཐབས་ཀྱི་གཟུགས་ལ་ཤེས་རབ་སྒྲ༔ དབྱེར་མེད་ཟུང་འཇུག་ཆོས་ཀྱི་དབྱངས༔ འགྲོ་རྣམས་མ་རིག་གཉིད་ལས་སློང༔ རབ་འབྱམས་རྒྱལ་ཀུན་དགྱེས་པ་སྐྱེད༔ ཨོཾ་དྷརྨ་ཤབྡ་ཨཱ༔ ཞེས་ཐོད་རྔ་འཁྲོལ། དགང་བླུག་དང་བསྲེག་རྫས་རྣམས་ལས་བུམ་གྱི་ཆུ་གཡས་སྐོར་དུ་འཐོར་བ་དང་། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། རྡོར་དྲིལ་དང་བཅས་པས་དགང་བླུག་ཐོགས་ལ། ཨོཾ༔ ཐབས་ཀྱི་རོལ་པ་ལས་བྱུང་ཏིང་འཛིན་གྱི༔ དཔའ་བོ་རྡོ་རྗེའི་སྣོད་མཆོག་གཡས་སུ་ཐོགས༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨོཾ་ཝཾ་ཤྲཱི་རོ་ན་བི་ཤཱུ་ར་ཡེ་སྭཱ་ཧཱ༔ ཨཱ༔ ཤེས་རབ་བདེ་སྟོང་དགའ་བཞིའི་སྙོམས་འཇུག་གི༔ དཔའ་མོ་ཟབ་ལམ་ཆོས་འབྱུང་གཡོན་དུ་ཐོགས༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཨོཾ་ཨེ་ཤྲཱི་རི་ཏྲཱི་ཏྲ་ཏི་ཤུ་སྭཱ་ཧཱ༔ ཐབས་ཤེས་སྦྱར་བས་བསྲེག་རྫས་རྣམས་ལ་གཡས་སྐོར་དུ་རེག་ཅིང་། ཧཱུྃ༔ ཆགས་མེད་བདེ་སྟོང་ཡེ་ཤེས་རྣམ་རོལ་གྱིས༔ སྐྱེ་མེད་སྣ་ཚོགས་རྫས་ཀུན་བྱིན་གྱིས་བརླབ༔ ཛཿཧཱུྃ་བཾ་ཧོ༔ ཛྙཱ་ན་པཉྩ་ཨ་མྲྀཏ་ཨཱ་བེ་ཤ་ཡ་ཧོ༔ ལས་ཀྱི་རྡོ་རྗེས་བསྲེག་རྫས་རྣམས་ལ་བདུད་རྩིས་བྲན། སྟོང་པའི་ངང་ལས་བསྲེག་རྫས་རྣམས་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་འདོད་ཡོན་གྱི་འོད་ཟེར་འཕྲོ་བར་གྱུར༔ རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རྫས་རྣམས་ལ་རེག་པར་མོས་ལ། རྫས་རྣམས་བཀྲུ་བའི་སྔགས།་་་ཨོཾ་སྭཱ་ཧཱ༔ ཡམ་ཤིང་།་་་ཨོཾ་ཨཱཿསྭཱ་ཧཱ༔ མར་ཁུ།་་་ཨོཾ་ཤྲཱི་སྭཱ་ཧཱ༔ འབྲུ།་་་ཨོཾ་ཛྲིཾ་སྭཱ་ཧཱ༔ རྫས་གཞན་རྣམས།་་་ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་ལན་གསུམ། མཆོད་རྫས་རྣམས་གོང་ལྟར་བསང་སྦྱང་། སྟོང་པའི་ངང་ལས་མཆོད་རྫས་དྭངས་ཤིང་ཐོགས་པ་མེད་པ་ཞེས་སོགས་སྔགས་དང་བཅས་པས་ཉེར་སྤྱོད་དང་། ཧཱུྃ༔ རང་བྱུང་རྣམ་པར་དག་པའི་རྫས༔ ཞེས་སོགས་སྔགས་ཀྱིས་སྨན་རཀ་གཏོར་གསུམ་རློབ་པ་ལས་བྱང་ལྟར་བྱ། ལྔ་པ་མེ་སྤར་བ་ནི། རྒྱལ་བློན་ཁྱིམ་བདག་ཚོང་དཔོན་སོགས་འབྱོར་ལྡན་གྱི་ལག་ནས་བླངས་པའི་མེས་དཔལ་འབར་སྦར་བ་ལས་བུམ་གྱི་ཆུ་དང་། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། ཡེ་ཤེས་ཀྱི་མེ་ལྕེ་འོད་གསལ་བར་གྱུར༔ ལག་གཉིས་རྡོར་དྲིལ་དང་བཅས་ཐལ་མོ་སྦྱར་བས་དཔལ་འབར་གཟུང་། ཧཱུྃ༔ ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་གཙོ༔ སེར་མོ་མེ་ཡི་རང་མདངས་ཅན༔ ཕྱག་ན་མེ་ཡི་ཕུང་པོ་བསྣམས༔ རྒྱས་པ་འཁོར་ལོའི་མེ་སྦར་རོ༔ ཨོཾ་ཨགྣེ་ཛྭ་ལ་རཾ་རཾ༔ ཞེས་ཐབ་ལ་གཡས་སུ་ལན་གསུམ་བསྐོར་ཏེ་ལྷོ་ཕྱོགས་ནས་ཐབ་ནང་གི་ཏིང་ལོ་སྦར། དེའི་སྟེང་དུ་རྩ་སྐམ་དང་ཤིང་སྲེག་སོགས་བཅུག་ཅིང་། ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ ཞེས་མར་ཁུ་བླུག་གཟར་གསུམ་བླུགས། ཧཱུྃ༔ ལྷོ་ནུབ་མཚམས་ནས་རླུང་གཡོབ་མ༔ མདངས་ལྡན་ལྷ་མོ་དཔལ་ལྡན་མ༔ ཕྱག་ན་རླུང་གི་སྒྲོམ་བུ་བསྣམས༔ མེ་ཕུང་འབར་བའི་རླུང་གཡོབས་ཤིག༔ ཨོཾ་ཡཾ་ཡཾ་ཨུ་པ་ཏ་ཡ་སྭཱ་ཧཱ༔ ལན་གསུམ་བརྗོད་ཅིང་རླུང་གཡབ་ལ་མེ་གསོ། དེ་ནས་བཟུང་མེ་སྦར་དགོས་ཚང་མར་རླུང་གཡབ་གཡོབ་པ་མ་གཏོགས་ཁ་དང་གོས་ཀྱི་རླུང་སོགས་མི་རུང་བར་གསུངས། །དྲུག་པ་འཇིག་རྟེན་མེ་ལྷ་མཆོད་པ་ནི། ཐབ་ལས་བུམ་གྱི་ཆུ་དང་། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པ་ཡི་ནི་ངང་ཉིད་ལས༔ རྒྱས་པའི་ཐབ་ཁུང་གྲུ་བཞི་པ༔ མུ་རན་ཁ་ཁྱེར་སོར་བཞི་བཞི༔ ཕྱི་རིམ་པདྨ་འདབ་བརྒྱད་དང༔ ཟླ་ཕྱེད་རྡོ་རྗེ་པ་ཏྲས་མཚན༔ མཚན་ཉིད་ཡོངས་རྫོགས་ལྟེ་བ་རུ༔ རཾ་ཡིག་འཕྲོ་འདུས་ཡོངས་གྱུར་པས༔ གཟི་བརྗིད་འབར་བ་མེ་ཡི་ལྷ༔ བརྗིད་ཅིང་སྒེག་ལ་འགྱིང་བག་ལྡན༔ དར་དང་རིན་པོ་ཆེ་ཡིས་བརྒྱན༔ ཕྱག་གཡས་ལྕགས་ཀྱུ་གཡོན་མེ་ཕུང༔ དོར་སྟབས་པད་ཉིའི་གདན་ལ་འགྱིང༔ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ རང་འདྲའི་ཡེ་ཤེས་སེམས་དཔའ་ཆེ༔ དག་པ་མཁའ་སྤྱོད་ཞིང་ཁམས་དང༔ ཆོས་དབྱིངས་རྣམ་དག་ཕོ་བྲང་ནས༔ སྤྱན་འདྲེན་ཞིང་འདིར་ས་མཱ་ཛ༔ ལག་པ་གཡས་པའི་མཐེ་བོང་གུང་མོའི་རྩ་བར་སྦྱར། མཛུབ་མོས་གུང་མོའི་རྒྱབ་ནས་བཀབ་པ་དབྱུག་གུ་གསུམ་པའི་ཕྱག་རྒྱས་མེ་དར་གཡབ་ཅིང་། ཧཱུྃ༔ ཚུར་བྱོན་ཚུར་བྱོན་མེ་ལྷ་ཆེ༔ དད་པ་དང་ནི་དམ་ཚིག་གི༔ འདོད་པའི་དོན་ལ་སྤྱན་འདྲེན་ན༔ ཡེ་ཤེས་རྒྱས་པའི་དཀྱིལ་འཁོར་དུ༔ སྐད་ཅིག་ཙམ་གྱིས་གཤེགས་ནས་ཀྱང༔ འབར་བའི་གདན་ལ་བཞུགས་ནས་ནི༔ མཆོད་རྫས་དམ་པ་འདི་བཞེས་ལ༔ ཡིད་ལ་འདོད་པ་ཀུན་འགྲུབ་མཛོད༔ ཨོཾ་ཨགྣེ་རཱ་ཛ་ས་མ་ཡ་ཛཿཛ༔ ཞེས་པས་སྤྱན་དྲང་། སྤྲོ་ན། ཀུ་ཤ་དགོད་པ་ནི། ཀུ་ཤ་ཟུང་སྦྱར་བཞི་དང་། བ་ལང་གི་རྣ་བ་ལྟ་བུའི་ལེབ་ཆགས་གཅིག་ལག་པ་གཡོན་གྱིས་བཟུང་། བསང་ཆུ་དང་། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་རྩེ་མ་ཉམས་ཤིང་ཡལ་འདབ་ཕུན་སུམ་ཚོགས་པར་གྱུར། ཨོཾ་བཛྲ་སཏྭ་ཨཱཿ ཞེས་པས་བྱིན་གྱིས་བརླབས་ལ། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པའི། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ་ཞེས་པའི་མཐར། ཨོཾ་བཛྲ་སཏྭ་ཨཱཿ ཞེས་ཟུང་སྦྱར་བཞི་ཐབ་ཀྱི་ཁ་ཁྱེར་རང་གི་གཡོན་ཕྱོགས་ནས་བརྩམ་ཕྱོགས་བཞིར་རྩེ་མོ་གཡས་སྐོར་དུ་འགོད་ཅིང་། བ་ལང་གི་རྣ་བ་ལྟ་བུས་སྟེང་ནས་གཡོགས། ཀུ་ཤ་གཅིག་འབུལ་བ་ཕྱག་ལེན་དུ་འདུག་རུང་། འདི་ལྟར་རྣམ་པ་གསལ་བར་སྣང་བས་སྤྱི་འགྲེ་ལྟར་བྲིས་པ་ཡིན་ལ། ཀུ་ཤ་འབུལ་བ་འདི་བཞིན་གཞུང་རྩ་བ་ནས་མ་གསུངས་པས་བསྡུ་ན་བཞག་ཀྱང་ཆོག་གོ །ཛཿཧཱུྃ་བཾ་ཧོཿས་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་བསམ། ཨོཾ་ཨགྣི་རཱ་ཛ་ས་མ་ཡ་ཏིཥྛ་ལྷན་ཞེས་བཞུགས་སུ་གསོལ། བྱོན་སྐྱེམས་འབུལ་བ་ནི། དགང་བླུག་ཁ་ལ་ཛཾ་ཡིག་མཚན༔ མེ་ལྷ་ཅུང་ཟད་ཞལ་གདངས་པའི༔ ལྗགས་ལ་རཾ་ཡིག་གིས་མཚན་པས༔ བསྲེག་རྫས་བདུད་རྩི་བཞེས་པར་གྱུར༔ ལག་གཉིས་རྡོར་དྲིལ་དང་བཅས་པའི་རྡོ་རྗེ་ཁུ་ཚུར་ལས་གུང་མོ་བརྐྱངས་པ་རིན་པོ་ཆེའི་ཁུ་ཚུར་གྱིས་དགང་བླུག་བཟུང་སྟེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ ལན་བདུན་བརྗོད་ཅིང་། མར་ཁུ་བླུག་བཟར་བདུན་གྱིས་དགང་གཟར་བཀང་བའི་ཁར་བླུག་གཟར་མར་ཁུས་བཀང་བ་བཟུང་བས། ཨོཾ་ཨགྣ་ཡེ་ཨཱ་དི་བྱ་ཨཱ་དི་བྱ་ཨཱ་བྷི་ཤ་ཨཱ་བྷི་ཤ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ། བདག་ཅག་དཔོན་སློབ་ཅེས་སམ། ཡོན་གྱི་བདག་པོ། འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དཔལ་དང་གཟི་བརྗིད་འཁོར་དང་ལོངས་སྤྱོད་རིམ་པ་གཉིས་ཀྱི་རྟོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ་ཞེས་ལག་གཉིས་པུས་མོའི་ཕྱིར་མ་འདས་པར་ཐབ་ལ་ལན་གསུམ་གཡས་སུ་བསྐོར་ནས་དགང་བླུག་ཁ་སྦྱར་ཏེ་ཐབ་ནང་དུ་འབུལ། རོལ་མོ་བྱ། དེ་ལྟར་དགང་བླུག་ཚར་གསུམ་ཕུལ་ནས་མཆོད་པ་ནི། ཧཱུྃ༔ རྒྱས་པ་འཁོར་ལོའི་དཀྱིལ་འཁོར་དུ༔ གཟི་བརྗིད་འབར་བ་མེ་ཡི་ལྷར༔ མཆོད་ཡོན་ཞབས་བསིལ་མེ་ཏོག་དང༔ མར་མེ་དྲི་ཆབ་ཞལ་ཟས་རོལ༔ འབྲས་ཆན་འབྲུ་སྣ་ཟས་སྣ་སྨན༔ བཟའ་བཅའ་བཏུང་བའི་བྱེ་བྲག་རྣམས༔ འབུལ་ལོ་དགྱེས་པར་བཞེས་ནས་ཀྱང༔ ཚེ་བསོད་དཔལ་འབྱོར་ལོངས་སྤྱོད་རྣམས༔ མྱུར་དུ་རྒྱས་པའི་ཕྲིན་ལས་མཛོད༔ ཨོཾ་ཨགྣ་ཡེ་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ དེ་བཞིན་དུ། པཱ་དྱཾ། པུཥྤེ་ནས། ཤབྡའི་བར་སྦྱར་བས་མཆོད། བསྲེག་རྫས་འབུལ་བ་ནི། ལག་གཉིས་རྡོར་དྲིལ་དང་མ་བྲལ་བས། ཡམ་ཤིང་རེ་གཡས་བརྐྱང་མཐེབ་སྲིན་གྱིས་དབུལ་ཞིང་། མར་ཁུ་བཏུང་བའི་རིགས་སོགས་བླུག་གཟར་དང་། གཞན་རྣམས་བླུག་གཟར་དང་སོར་མོ་ཅི་བདེ་བས་དབུལ་ཞིང་། ཨོཾ་ཨགྣི་རཱ་ཛ་ས་མ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་ཁོ་ནས་རྫས་ཚན་རེ་ནས་བདུན་ནམ་ཉེར་གཅིག་རེ་ཕུལ་བའི་མཐར། ཧོཿ མེ་ལྷའི་ལྷ་ཚོགས་རྣམས་ལ་ཕྲིན་ལས་སུ་གསོལ་བ་ནི། བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི་ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་ལ་གནོད་ཅིང་འཚེ་བ་ཐམས་ཅད་མཱ་ར་ཡ་ཛྭ་ལ་རཾ། ཚེ་བསོད་དཔལ་འབྱོར་ལོངས་སྤྱོད་སྙན་གྲགས་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་རྒྱས་པར་གྱུར་ཅིག་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་འདོད་དོན་གསོལ། གོ་རིམ་ཡང་ཐོག་མར་ཡམ་ཤིང་། མར་ཁུ། དེ་ནས་གཞན་རྣམས་འབུལ། དེ་ཡང་མཉམ་སྦྱོར་ལས། ཡམ་ཤིང་འོད་ལ་འབུལ་བྱས་ཏེ། །ཏིལ་ཞོ་ནས་ནི་ཕྱག་ཏུ་འོ། །ཀུ་ཤ་དཱུརྦཱ་གཙུག་ཏོར་ལ། །མར་ཁུ་ནས་གྲོ་སོ་བ་དང་། །མཱ་ཤ་ལ་སོགས་ཞལ་དུ་འབུལ། ཁུར་བའི་རྫས་ཀུན་དེ་བཞིན་ནོ། །སྤོས་རྣམས་ཤངས་ལ་མེ་ཏོག་སྤྱན། །དྲི་མཆོག་དཀར་དམར་མར་མེའི་འོད། །མཆོད་ཡོན་འཐོར་འཐུང་ཕྱག་ཏུ་འབུལ། །བདུད་རྩི་ལྗགས་ལ་གོས་མཆོག་སྐུ། །མེ་ཏོག་ཕྲེང་བ་དབུ་དང་སྙན། །རོལ་མོའི་རྫས་རྣམས་མདུན་དུ་འོ། །ཞེས་གསུངས་པ་ལྟར་རམ། ཡང་ན། བསྲེག་རྫས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩི་སེར་པོའི་རྣམ་པར་ཞལ་དུ་ཕུལ་བར་མོས་ཀྱང་རུང་བར་སེམས། བསྟོད་པ་ནི། ཧཱུྃ༔ རྒྱས་མཛད་རཏྣ་ཧེ་རུ་ཀ༔ གཟི་བརྗིད་འབར་བ་མེ་ཡི་ལྷ༔ འདོད་པ་ཐམས་ཅད་སྟེར་མཛད་པར༔ གུས་པའི་སེམས་ཀྱིས་བསྟོད་པར་བགྱི༔ དེ་ནས། ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ ཞེས་བརྗོད། བླུག་གཟར་གྱིས་མར་ཁུ་ལན་གསུམ་ཕུལ་ནས། མེ་ལྷ་ཐབ་ཀྱི་ཁ་ཁྱེར་ལ་གནས་པར་གྱུར། ཅེས་བརྗོད་ཅིང་བསམ། བདུན་པ་ཡེ་ཤེས་མེ་ལྷ་མཆོད་པ་ནི། བུད་ཤིང་ཁ་གསོས། ཨ་མྲྀཏ་དང་ལས་བུམ་གྱི་ཆུ་གཡས་སྐོར་དུ་འཐོར་བས་བསང་། སྭ་བྷཱ་བས་སྦྱང་། ཧཱུྃ༔ ཆོས་རྣམས་ཐམས་ཅད་བདག་མེད་སྤྲོས་དང་བྲལ༔ ཞེས་སོགས་ཏིང་འཛིན་གསུམ་ནས་རིམ་པར་མེ་ནང་དུ་གཞལ་ཡས་ཁང་དང་ལྷ་བསྐྱེད། སྤྱན་འདྲེན་བཞུགས་སུ་གསོལ། ཕྱག་འཚལ་གྱི་བར་ལས་བྱང་ལྟར་བྱས་རྗེས། བྱོན་སྐྱེམས་འབུལ་བ་ནི། དགང་བླུག་ཁ་ལ་ཛཾ་ཡིག་མཚན༔ དཀྱིལ་འཁོར་ལྷ་ཚོགས་ལྗགས་ལ་ཡང༔ ཛཾ་ཡིག་དག་གིས་མཚན་པ་ལས༔ བསྲེག་རྫས་བདུད་རྩི་བཞེས་པར་གྱུར༔ ཨོཾ་གུ་རུ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་ཛཾ་བྷི་མོ་ཧེ་མ་མ་བཱ་སུ་པུཥྚིཾ་ཀུ་རུ་ཡེ་ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་མར་ཁུ་བླུག་གཟར་བདུན་གྱིས་དགང་གཟར་བཀང་བའི་དགང་བླུག་སྔར་ལྟར་འབུལ། ཨོཾ་ཨགྣ་ཡེ་ཨཱ་དི་བྱ་ཨཱ་དི་བྱ་ཨཱ་བི་ཤ་ཨཱ་བི་ཤ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ། བདག་ཅག་དཔོན་སློབ་ཅེས་སམ། སྦྱིན་པའི་བདག་པོ། འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དཔལ་དང་གཟི་བརྗིད་འཁོར་དང་ལོངས་སྤྱོད་རིམ་པ་གཉིས་ཀྱི་རྟོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ་ཞེས་སམ། སྭཱ་ཧཱའི་མཐའ་ཅན་བརྗོད་པས་དགང་བླུག་ལན་གསུམ་འབུལ། བསྲེག་རྫས་འབུལ་བ་ནི། ཧཱུྃ༔ རྒྱས་པ་འཁོར་ལོའི་དཀྱིལ་འཁོར་དུ༔ གཟི་བརྗིད་འབར་བའི་ལྷ་ཚོགས་རྣམས༔ མཆོད་ཡོན་ཞབས་བསིལ་མེ་ཏོག་དང༔ མར་མེ་དྲི་ཆབ་ཞལ་ཟས་རོལ༔ འབྲས་ཆན་འབྲུ་སྣ་ཟས་སྣ་སྨན༔ བཟའ་བཅའ་བཏུང་བའི་བྱེ་བྲག་རྣམས༔ འབུལ་ལོ་དགྱེས་པར་བཞེས་ནས་ཀྱང༔ ཚེ་བསོད་དཔལ་འབྱོར་ལོངས་སྤྱོད་རྣམས༔ མྱུར་དུ་རྒྱས་པའི་ཕྲིན་ལས་མཛོད༔ ཨོཾ་གུ་རུ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་ཛཾ་བྷི་མོ་ཧེ་མ་མ་བཱ་སུ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པའི་རྩ་སྔགས་རྒྱས་པའི་སྤེལ་ཚིག་ཁོ་ནས་ཡམ་ཤིང་མར་ཁུ་རྣམས་རིམ་པར་ཕུལ་བའི་རྫས་ཚན་རེ་རེའམ་བརྒྱ་རྩ་རེའི་མཚམས་སུ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕྲིན་ལས་སུ་གསོལ་བ་ནི། བདག་ཅག་དཔོན་སློབ་ཅེས་སམ། སྦྱིན་པའི་བདག་པོ། འཁོར་དང་བཅས་པ་རྣམས་ཀྱི་ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་ལ་གནོད་ཅིང་འཚེ་བ་ཐམས་ཅད་མཱ་ར་ཡ་ཛྭ་ལ་རཾ། ཚེ་བསོད་དཔལ་འབྱོར་ལོངས་སྤྱོད་སྙན་གྲགས་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་རྒྱས་པར་གྱུར་ཅིག་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་འདོད་གསོལ་གདགས། གྲངས་མང་དུ་གསོག་ན་རྫས་ཐམས་ཅད་བསྲེས་པའི་ཕྱེ་མའམ་རིལ་བུ་ཕུལ་བར་གྲངས་གཟུང་བ་ལེགས་ཤིང་། ཡང་འབྲུ་སོགས་གང་རྒྱས་པར་འདོད་པའི་རྫས་དེ་གཙོ་བོར་ཕུལ་ཡང་རུང་། གང་ལྟར་ཐུན་རེར་ཇི་ཙམ་འབུལ་བའི་གྲངས་རྫོགས་མཐར། ཧཱུྃ༔ མཐའ་ཡས་འཇིག་རྟེན་ཁམས་འདི་ན༔ ཞེས་སོགས་ཉེར་སྤྱོད། འདོད་ཡོན་དྲུག །རྟགས་བརྒྱད། སྣ་བདུན། སྨན་རཀྟ་གཏོར་མ་རྣམས་ཀྱིས་མཆོད། བསྟོད་པ་བྱ་བ་ལས་བྱང་ལྟར་གཏང་། ཚོགས་བྱིན་བརླབས་ནས་གཟུང་ཚོགས་མཆོད། སྐོང་བཤགས་བསྒྲལ་སྟབ། ལྷག་གཏོར། ཐུགས་དམ་བསྐུལ་བ། ཆད་ཐོ། བརྟན་སྐྱོང་། བྲོ་བརྡུང་། དངོས་གྲུབ་བླང་བའི་བར་སྐབས་འདིར་བྱ་ཞིང་། ཕུད་ལྷག་བཤལ་ཆུ་སོགས་ཐབ་ཁུང་དུ་འབུལ། གཡང་འགུགས་དང་། རྟེན་འཛུགས། གཡང་གཏའ་བསྡམ་པ་སོགས་མི་དགོས་པས་བཞག །གཤེགས་སྐྱེམས་དགང་བླུག་ལན་གསུམ་སྔར་ལྟར་འབུལ། མཆོད་པ་ཁ་གསོས་ལ། ནོར་ལྷ་ཡོངས་རྫོགས་སྤྱན་འདྲེན་གཤེགས༔ སོགས་ཀྱིས་གཏང་རག་གི་མཆོད་བསྟོད་དང་། ཧོ༔ གསང་སྔགས་གཉན་གྱི་སྒོར་ཞུགས་ཤིང༔ སོགས་དང་། དྲིལ་བུ་འཁྲོལ་བཞིན་ཡིག་བརྒྱ་ལན་གསུམ་མམ་བདུན་གྱིས་ནོངས་པ་བཤགས། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་ཀྱི་མཐར། བཛྲ་མུཿས་ཡེ་ཤེས་པ་གཤེགས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་རང་ལ་ཐིམ་པར་བསམ། བརྒྱད་པ་སླར་ཡང་འཇིག་རྟེན་མེ་ལྷ་ལྷག་མས་མཆོད་པ་ནི། མར་ཁུ་བླུག་གཟར་གང་ཐབ་ཏུ་བླུགས་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། སླར་ཡང་མེ་ལྷ་འབར་བའི་དབུས་སུ་བྱོན་པར་གྱུར། མར་ཁུ་བླུག་གཟར་བདུན་གྱིས་བཀང་བའི་དགང་བླུག་ཚར་གསུམ་བྱོན་སྐྱེམས་ཀྱི་སྐབས་ལྟར་འབུལ། ཨོཾ་ཨགྣི་རཱ་ཛ་ས་མ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ཡམ་ཤིང་མར་ཁུ་སོགས་བསྲེག་རྫས་ལྷག་མ་སོ་སོ་ནས་གྲངས་ཇི་ལྟར་རིགས་པ་དང་། ཨོཾ་ཨགྣི་རཱ་ཛ་ས་པ་རི་བཱ་ར་ཨརྒྷཾ། པཱ་དྱཾ། པུཥྤེ་ནས། ཤབྡ་ཨཱཿཧཱུྃ་གིས་མཆོད། རྒྱས་མཛད་རཏྣ་ཧེ་རུ་ཀ༔ མཆོད་པ་དམ་པ་འདི་བཞེས་ལ༔ བདག་གི་འདོད་དོན་སྒྲུབ་སླད་དུ༔ གུས་པའི་ཡིད་ཀྱིས་བསྟོད་པ་བྱ༔ མེ་ལྷའི་གཏོར་མ་དགང་བླུག་གི་ཁར་བཞག་ལ། བདུད་རྩིས་བྲན་པ་བསང་སྦྱང་། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བརླབས། འབར་བ་མེ་ཡི་ལྷ་ཚོགས་རྣམས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ནད་མེད་ཚེ་དང་དབང་ཕྱུག་དང༔ དཔལ་དང་གྲགས་དང་སྐལ་པ་བཟང༔ ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༔ ཞི་དང་རྒྱས་ལ་སོགས་པ་ཡི༔ ལས་ཀྱི་དངོས་གྲུབ་བདག་ལ་སྩོལ༔ དམ་ཚིག་ཅན་གྱིས་བདག་ལ་སྲུངས༔ སྲུང་མས་རྟག་ཏུ་གྲོགས་མཛོད་ཅིག༔ དུས་མིན་འཆི་དང་ནད་རྣམས་དང༔ གདོན་དང་བགེགས་རྣམས་ཞི་བ་དང༔ རྨི་ལམ་ངན་དང་མཚན་མ་ངན༔ བྱ་བྱེད་ངན་པ་མེད་པར་མཛོད༔ འཇིག་རྟེན་བདེ་ཞིང་ལོ་ལེགས་དང༔ འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ༔ དགེ་ལེགས་ཐམས་ཅད་འབྱུང་བའི་གནས༔ ཡིད་ལ་འདོད་པ་ཀུན་འགྲུབ་མཛོད༔ ཅེས་པས་བསྔོས་ཤིང་ཕྲིན་ལས་བཅོལ་ནས་གཏོར་མ་ཐབ་ཁུང་དུ་འབུལ། ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། དབྱུག་གུ་གསུམ་པའི་ཕྱག་རྒྱ་ཕྱིར་སྐྱེད་ལ། ཧཱུྃ༔ སེམས་ཅན་དོན་ལ་རབ་དགོངས་པའི༔ གཟི་བརྗིད་འབར་བ་མེ་ཡི་ལྷ༔ སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ བཛྲ་མུ༔ སརྦ་ལོ་ཀ་གཙྪ༔ ཞེས་པས། མེ་ལྷ་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་ཤིང་། འཇིག་རྟེན་པའི་འཁོར་རྣམས་རང་གནས་སུ་བཏང་། དམ་ཚིག་པ་ལྟེ་བའི་ཨ་ཤད་ལ་ཐིམ་པར་བསམ། བསྔོ་སྨོན་ཤིས་བརྗོད་ཇི་ལྟར་རིགས་པས་མཐའ་བརྒྱན་ནོ། །དགུ་པ་རྗེས་ཆོག་ནི། བདག་བསྐྱེད་བསྡུ་རིམ་སོགས་ཆོ་གའི་འཕྲོ་རྣམས་དཀྱུས་ལྟར་བྱ། །བཅུ་པ་ལས་རྗེས་བསྡུ་བ་ནི། མེ་རང་ཞི་གཏང་བའམ་ལོང་མེད་ན་གུར་གུམ་ལ་སོགས་པའི་ཆུས་གཞིལ་ལ་ཐལ་སོལ་བང་མཛོད་སོགས་ཀྱི་ཕུགས་སུ་སྦ། ཐབ་དང་ཡོ་བྱད་སོགས་སྣོད་མིན་གྱི་མིག་ལམ་དུ་མི་མངོན་པར་བྱ་བར་གཅེས་སོ། །འདིར་སྨྲས་པ། འཁོར་ལོའི་དབང་ཕྱུག་གཏེར་ཆེན་བླ་མའི་བཀའ། །མི་ཕྱེད་དད་པའི་གཙུག་ཏོར་རྩེར་མཆོད་ནས། །གནུབས་བན་ཛྙཱ་ནའི་མིང་གི་བློ་མཚོ་ལས། །ལེགས་བཤད་སྦྲང་རྩིའི་རྒྱལ་མཚན་བཞད་འདི་འཁྲུངས། །ཕྲ་ཞིབ་ལག་ལེན་རྣམ་གྲངས་མཐའ་དཔྱོད་སོགས། །འཕགས་བོད་མཁས་པའི་གསུང་དང་མཐོང་བརྒྱུད་ལས། །རྟོགས་ཕྱིར་ཟབ་གཏེར་གཞུང་ལ་དགོས་ངེས་ཀྱི། །ལྷན་ཐབས་ཙམ་སྦྱར་འཇུག་བདེའི་ཁྲིགས་སུ་བསྡེབས། །དགེ་དེས་ངལ་གསོས་རྒྱལ་པོའི་དཔལ་འབྱོར་ཡང་། །ལན་བརྒྱར་ཕམ་བྱེད་ནམ་མཁའི་མཛོད་ཆེན་པོར། །དབང་འབྱོར་སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ནས། །སེམས་ཅན་ཐམས་ཅད་སྟོབས་བཅུ་མངའ་ཐོབ་ཤོག །ཐུགས་སྒྲུབ་ཡོན་ཏན་ཀུན་འབྱུང་གི་རྒྱས་པའི་སྦྱིན་སྲེག་འདོད་གུའི་ཆར་འབེབ་ལག་ཏུ་བླངས་བདེ་ཁྲིགས་ཆགས་དགེ་ལེགས་སྤྲིན་ཕུང་ཞེས་བྱ་བ་འདི་ཡང་རྒྱལ་ཀུན་འདུས་ཞལ་གཏེར་ཆེན་བླ་མ་དམ་པའི་བཀའ་བསྩལ་སྙིང་ལ་བཅངས་ཏེ། བསྟན་སྲིད་སྤྱི་སྒོས་ཀྱི་འབྱོར་ཚོགས་རྒྱས་པའི་རྟེན་འབྱུང་དུ་དམིགས་ནས། གཏེར་སློབ་གནུབས་བན་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་ཀྱིས་རབ་འདོད་ཡོངས་འཛིན་གྱི་ལོར་ཉང་ཁོལ་རང་བྱུང་བདུད་རྩིའི་ཁྲུས་རྫིང་གི་འགྲམ་ནས་བཟུང་ངག་སྤོད་དུ་བསྡེབས་ཤིང་ཡི་གེའི་ཕྲེང་བར་འགྱུར་མེད་ཚུལ་ཁྲིམས་ཀྱིས་སྤེལ་བ་འདིས་ཀྱང་ཐེག་དགུའི་ཆོས་ཀྱི་རྒྱལ་སྲིད་དར་རྒྱས་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་མངྒ་ལཾ།། །། ༄༅། །བླ་མའི་གསང་སྒྲུབ་ཁམས་གསུམ་དབང་སྡུད་ལས༔ ནོར་སྒྲུབ་གླང་པོའི་འཁོར་ལོ་ཡིད་བཞིན་ནོར་བུ་བཞུགས་སོ༔ ྈྈྈྈྈྈྈྈ ཐུགས་སྒྲུབ་གསང་བའི་ལྷ་ལ་འདུད༔ སྔགས་མཆོག་པདྨ་རྒྱལ་པོ་ཡིས༔ འཛམ་གླིང་བོད་ཀྱི་དོན་ལ་བྱོན༔ ཉིད་ཀྱི་སྒྲུབ་པ་ཉིད་ཀྱིས་མཛད༔ ལས་ཅན་རྗེ་འབངས་ལོ་ཙཱ་ལ༔ མ་འོངས་འགྲོ་བ་བསྐྱབ་པའི་ཕྱིར༔ སྨོན་ལམ་དབང་བསྐུར་གཏད་རྒྱ་མཛད༔ རྡོ་རྗེའི་བྲག་དང་གཡང་ཞག་མཚོ༔ མི་འགྱུར་དབྱིངས་སོགས་ཡང་མཛོད་དུ༔ རིན་ཆེན་གསང་བའི་གཏེར་དུ་སྦས༔ ལས་འཕྲོ་དུས་རྟགས་ལྡན་པའི་ཚེ༔ དབྱིངས་ཀྱི་མཁའ་འགྲོའི་བརྡ་ཡིག་ལས༔ རིག་རྩལ་ཤེས་བྱས་གཏན་ལ་ཕབ༔ ས་མ་ཡ༔ རྒྭ་རྒྭ་རྒྭ༔ ཁྱད་པར་གུ་རུའི་ཐུགས་སྒྲུབ་ལས༔ སེམས་ཅན་དབུལ་བ་སེལ་མཛད་པའི༔ ནོར་སྒྲུབ་ཛཾ་ལ་རིགས་ལྔ་ཡི༔ སྒྲུབ་པ་ཁམས་གསུམ་དབང་སྡུད་ཀྱི༔ དཀྱིལ་འཁོར་རྩ་བའི་སྲོག་འཛིན་པའི༔ བསོད་ནམས་གླང་པོའི་འཁོར་ལོ་བསྟན༔ རྒྱུ་སྐར་རྒྱལ་ཕུར་དར་བ་འམ༔ ཚེས་བརྒྱད་ཉ་གང་བཅུ་ལ་སོགས༔ གཟའ་སྐར་འཕྲོད་སྦྱོར་ཤིས་པའི་ཉིན༔ དར་དམར་རྒྱ་ཤོག་གཙང་མ་ལ༔ འཁོར་ལོ་མུ་ཁྱུད་བདུན་དུ་བསྐོར༔ ལྟེ་བར་བྷྲཱུྃ་ཡིག་མཐའ་སྐོར་དུ༔ ཨོཾ་གུ་རུ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སོགས༔་་་ཡིག་མགོ་ཕྱིར་བསྟན། བསྙེན་སྒྲུབ་སྔགས་རྣམས་བྲི་བར་བྱ༔ ཨ་ཏྲི་ནྲྀ་ཨཱ་ཡུཿཔུཎྱེ་ཕ་ལ་པཱ་ཤཾ་ཀུ་རུ་སྡུས་སྡུས་ཛཿཛཿཧཱུྃ་ཛཿཧཱུྃ་ཛ༔ བྷྲཱུྃ་བྷྲཱུྃ་སྭཱ་ཧཱ༔ གནས་ཁང་བང་མཛོད་འདིར་མི་འཛད་འབྲུ་ནོར་གྱི་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ དེ་ཕྱིར་པདྨ་འདབ་བཞི་ལ༔ མདུན་ནས་བརྩམ་སྟེ་གཡས་སྐོར་དུ༔ ཧཱུྃ་བཛྲ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་ཨ་ཏྲི་ནྲྀ་ཨཱ་ཡུཿཔུཎྱེ་དྷ་ནཾ་མེ་དྷི་ཧྲཱིཿསརྦ་སིདྡྷི་པཱ་ཤཾ་ཀུ་རུ་སྡུས་སྡུས༔ དེས་འགྲེ་བར༔ ཏྲཱཾ་རཏྣ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་ཨ་ཏྲི་ནྲྀ་སོགས༔ ཧྲཱིཿཔདྨ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་ཨ་ཏྲི་ནྲྀ་སོགས༔ ཨཱཿཀརྨ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་ཨ་ཏྲི་ནྲྀ་སོགས་འགོད༔ པད་བར་དུ༔ ཨོཾ་ཛཾ་བྷི་མོ་ཧེ་མ་མ་བཱ་སུ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དེས་འགྲེ་བར༔ ཨོཾ་ཛཾ་བྷི་མོ་ཧེ་མ་མ་བཱ་སུ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་ཛཾ་བྷི་མོ་ཧེ་མ་མ་བཱ་སུ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་ཛཾ་བྷི་མོ་མ་མ་བཱ་སུ་མཱ་ར་ཡ་ཕཊ༔ ཅེས་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ནོར་ལྷ་གཏེར་བདག་གི་གཟུངས་འདི་གཞུག༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་ཛཾ་བྷི་མོ་ཧེ་མ་མ་བཱ་སུ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ཨོཾ་བྷཻ་ཤྲ་མ་ཎཱ་ཡེ༔ མ་ཧཱ་རཱ་ཛ༔ ཏདྱ་ཐཱ༔ སི་མི་སི་མི༔ སུ་མུ་སུ་མུ༔ ཙནྡྷ་ཙནྡྷ༔ ས་ར་ས་ར༔ ཀི་རི་ཀི་རི༔ ཀུ་རུ་ཀུ་རུ༔ ཙུ་རུ་ཙུ་རུ༔ མུ་རུ་མུ་རུ༔ སརྦ་ཤཱནྟིཾ་པུཥྚིཾ་པཱ་ཤཾ་ཀུ་རུ་སྡུས་སྡུས་སྭཱ་ཧཱ༔ དེའི་ཕྱིར་པདྨ་འདབ་བརྒྱད་ལ༔ བཀྲ་ཤིས་རྟགས་བརྒྱད་བྲི་བར་བྱ༔ པདྨའི་བར་མཚམས་རྣམས་སུ་ཡང༔ བདག་ལ་ཆོས་སྲིད་མངའ་ཐང་སྐྱེས་ཆེན་རྣམས་ཀྱི་མཛད་ཕྲིན་ཐམས་ཅད་དབང་དུ་སྡུས་ཤིག་ཁུག་ཅིག༔ རྒྱལ་བློན་འབངས་འཁོར་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག་ཁུག་ཅིག༔ སྐྱེ་འགྲོའི་ཁ་རྗེ་དབང་ཐང་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག་ཁུག་ཅིག༔ འཇིག་རྟེན་ཁམས་ཀྱི་མི་ནོར་ཟས་གསུམ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག་ཁུག་ཅིག༔ ལྷ་འདྲེ་མི་གསུམ་གྱི་བསོད་ནམས་ཕྱྭ་གཡང་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག་ཁུག་ཅིག༔ ནས་འབྲས་གྲོ་ཁྲེ་ཡུངས་དཀར་སྲན་མ་འབྲུའི་རིགས་བྱེད་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག་ཁུག་ཅིག༔ གསེར་དངུལ་ཟངས་ལྕགས་རིན་པོ་ཆེའི་རིགས་བྱེད་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག་ཁུག་ཅིག༔ དར་ཟབ་གོས་ཀྱི་རིགས་བྱེད་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག་ཁུག་ཅིག༔་་་སོགས་བྲིས། དེའི་ཕྱི་རིམ་མུ་ཁྱུད་ལ༔ གནོད་སྦྱིན་སྤྱི་བསྡུས་ཀྱི་སྒྲུབ་སྔགས་འདོད་བྱང་བཞུགས༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་བཻ་ཤྲ་མ་ཎཱ་ཡེ་སྭཱ་ཧཱ༔ ཏདྱ་ཐཱ༔ ཧི་ལི་མ་ཎི་བྷ་དྲ༔ ཧི་ལི་ཧི་ལི་མ་ཎི་བྷ་དྲ༔ ཀི་ལི་མ་ཎི་བྷ་དྲ༔ ཀི་ལི་ཀི་ལི་མ་ཎི་བྷ་དྲ༔ ཀུ་རུ་མ་ཎི་བྷ་དྲ༔ ཀུ་རུ་ཀུ་རུ་མ་ཎི་བྷ་དྲ༔ ཏུ་རུ་མ་ཎི་བྷ་དྲ༔ ཏུ་རུ་ཏུ་རུ་མ་ཎི་བྷ་དྲ༔ སུ་རུ་མ་ཎི་བྷ་དྲ༔ སུ་རུ་སུ་རུ་མ་ཎི་བྷ་དྲ༔ ཙུ་རུ་མ་ཎི་བྷ་དྲ༔ ཙུ་རུ་ཙུ་རུ་མ་ཎི་བྷ་དྲ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་ཛཾ་བྷི་མོ་ཧེ་མ་མ་བཱ་སུ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེའི་ཕྱིའི་མུ་ཁྱུད་ལ༔ ནོར་ལྷ་ཁྱེད་རྣམས་ཀྱིས་སྔོན་ཚེ་རྒྱལ་བའི་སྤྱན་སྔར་ཇི་ལྟར་ཞལ་གྱིས་བཞེས་ཤིང་དམ་བཅས་པ་ལྟར༔ བདག་ལ་བསོད་ནམས་ནོར་གྱི་དངོས་གྲུབ་འཛམ་གླིང་གཏེར་གྱི་དངོས་གྲུབ་ད་ལྟ་ཉིད་དུ་བསྩལ་དུ་གསོལ༔ སོགས་གང་འདོད་ཀྱི་འདོད་བྱང་གཞུག༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ དབྱངས་གསལ་རྟེན་འབྲེལ་སྙིང་པོ་གཞུག༔ དེའི་ཕྱིར་གླང་གཟུགས་སྟོབས་ལྡན་བྲི༔ དྲི་བཟང་སྨན་་་སྣ་གང་འཛོམ།དང་གཡང་རྫས་བྱུག༔ སྦྲང་རྩི་སོགས་ཀྱང་བྱུགས་བྱས་ལ༔ བལྟེབས་བཅས་བུམ་པའི་ནང་དུ་བཏིང༔ ལྟེ་བར་སྲོག་ཤིང་གཟུངས་་་ནོར་ལྷ་གཏེར་བདག་གི་གཟུངས་དང་གནོད་སྦྱིན་སྤྱིའི་གཟུངས་རིང་ཚེ་སྙིང་སོགས་བྲིའོ།ལྡན་འཛུག༔ མཐའ་མར་གཡང་རྫས་འབྲུ་ཡིས་བཀང༔ དཀྱིལ་འཁོར་སྒྲུབ་པའི་རྟེན་དུ་འཛུག༔ བསྐྱེད་བཟླས་སྤྱན་འདྲེན་མཆོད་བསྟོད་འབུལ༔ ཇི་ལྟར་སྒྲུབ་པ་ཐོན་པའི་ཚེ༔ འགོམ་ཡུག་མི་ཕོག་གཙང་དབེན་སར༔ བཞུགས་ལ་གཏའ་བསྡམ་བཀྲ་ཤིས་གསོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྟེན་འཛུག་འདོད་དོན་གསོལ་བ་ནི༔ ཀྱཻ༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ སྐྱེ་བའི་ཆོ་འཕྲུལ་སྐུར་བཞེངས་ཏེ༔ ནོར་བདག་མགོན་པོ་ཛཾ་བྷ་ལ༔ ནོར་ལྷ་བྱེ་བའི་ཚོགས་དང་བཅས༔ ཀུན་ཀྱང་གཟི་བརྗིད་ཡ་ལ་ལ༔ བརྗིད་པའི་སྐུ་ལ་འཛུམ་བག་སྤྱན༔ སྣ་ཚོགས་དར་དང་རིན་ཆེན་བརྒྱན༔ དགོས་འདོད་རེ་བ་སྤྲིན་ལྟར་གཏིབས༔ ཐུགས་རྗེའི་བྱིན་རླབས་འབྲུག་ལྟར་འུར༔ མཐུ་སྟོབས་ནུས་པ་གློག་ལྟར་འཁྱུགས༔ དངོས་གྲུབ་ཆར་ལྟར་ཤ་ར་ར༔ དགྱེས་ཤིང་བཞུགས་པའི་རྟེན་ཞིག་འཛུག༔ ནོར་ལྷ་མི་དང་མ་བྲལ་ཅིག༔ ཅི་འདོད་སྩོལ་ཞིང་བརྟན་པར་བཞུགས༔ རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར༔ བརྟན་པའི་སྲོག་ཤིང་རྟེན་དུ་འཛུག༔ ནོར་ལྷ་མི་དང་མ་བྲལ་ཅིག༔ ཅི་འདོད་སྩོལ་ཞིང་བརྟན་པར་བཞུགས༔ རྒྱུན་དུ་ཕྲིན་ལས་བཅོལ་བའི་ཕྱིར༔ བསོད་ནམས་གླང་འཁོར་རྟེན་དུ་འཛུག༔ ནོར་ལྷ་མི་དང་མ་བྲལ་ཅིག༔ ཅི་འདོད་སྩོལ་ཞིང་བརྟན་པར་བཞུགས༔ ཁམས་གསུམ་སྲིད་གསུམ་དབང་སྡུད་ཕྱིར༔ བཀྲ་ཤིས་རྫས་བརྒྱད་རྟེན་དུ་འཛུག༔ ནོར་ལྷ་མི་དང་མ་བྲལ་ཅིག༔ ཅི་འདོད་སྩོལ་ཞིང་བརྟན་པར་བཞུགས༔ འདོད་པའི་རེ་བ་སྐོང་བའི་ཕྱིར༔ རིན་ཆེན་སྣ་ལྔ་རྟེན་དུ་འཛུག༔ ནོར་ལྷ་མི་དང་མ་བྲལ་ཅིག༔ ཅི་འདོད་སྩོལ་ཞིང་བརྟན་པར་བཞུགས༔ དུག་ལྔའི་ནད་ལས་སྐྱོབ་པའི་ཕྱིར༔ སྨན་སྣ་དྲི་ལྡན་རྟེན་དུ་འཛུག༔ ནོར་ལྷ་མི་དང་མ་བྲལ་ཅིག༔ ཅི་འདོད་སྩོལ་ཞིང་བརྟན་པར་བཞུགས༔ དབུལ་བའི་སྡུག་བསྔལ་སེལ་བའི་ཕྱིར༔ དར་ཟབ་འབྲུ་སྣ་རྟེན་དུ་འཛུག༔ ནོར་ལྷ་མི་དང་མ་བྲལ་ཅིག༔ ཅི་འདོད་སྩོལ་ཞིང་བརྟན་པར་བཞུགས༔ ཚེ་སྲོག་བར་གཅོད་སེལ་བའི་ཕྱིར༔ མདའ་དར་ཚེ་གཟུངས་རྟེན་དུ་འཛུག༔ ནོར་ལྷ་མི་དང་མ་བྲལ་ཅིག༔ ཅི་འདོད་སྩོལ་ཞིང་བརྟན་པར་བཞུགས༔ ལུས་ཀྱི་སྟོབས་རྣམས་རྒྱས་པའི་ཕྱིར༔ རྩི་ཐོག་ཤིང་ཐོག་རྟེན་དུ་འཛུག༔ ནོར་ལྷ་མི་དང་མ་བྲལ་ཅིག༔ ཅི་འདོད་སྩོལ་ཞིང་བརྟན་པར་བཞུགས༔ འཁོར་འབངས་རིགས་རྒྱུད་སྤེལ་བའི་ཕྱིར༔ ས་ཞིང་ཁང་པ་རྟེན་དུ་འཛུག༔ ནོར་ལྷ་མི་དང་མ་བྲལ་ཅིག༔ ཅི་འདོད་སྩོལ་ཞིང་བརྟན་པར་བཞུགས༔ རྟ་ནོར་ཕྱུགས་ལུག་སྩོལ་བའི་ཕྱིར༔ སྤུ་སྣ་སྣ་ཚོགས་རྟེན་དུ་འཛུག༔ ནོར་ལྷ་མི་དང་མ་བྲལ་ཅིག༔ ཅི་འདོད་སྩོལ་ཞིང་བརྟན་པར་བཞུགས༔ ཅི་བསམ་སྒྲུབ་ལ་བརྩོན་པའི་ཕྱིར༔ སྣོད་བཅུད་འདོད་ཡོན་རྟེན་དུ་འཛུག༔ ནོར་ལྷ་མི་དང་མ་བྲལ་ཅིག༔ ཅི་འདོད་སྩོལ་ཞིང་བརྟན་པར་བཞུགས༔ ཧཱུྃ༔ དེ་ལྟར་རྟེན་འཛུག་བགྱིས་པ་དང༔ མཆོད་བསྟོད་འདོད་དོན་གསོལ་པའི་མཐུས༔ བདག་ལ་གཡང་ཅན་ནོར་རྫས་སྐྱོལ༔ བཅུད་ཅན་ཟས་ཀྱི་དངོས་གྲུབ་སྩོལ༔ འཛད་མེད་གོས་ཀྱི་དངོས་གྲུབ་སྩོལ༔ ཟང་ཟིང་ནོར་གྱི་དངོས་གྲུབ༴ ཆོས་སྲིད་བརྟན་པའི་དངོས་གྲུབ༴ འཆི་མེད་ཚེ་ཡི་དངོས་གྲུབ༴ བདུད་འདུལ་སྔགས་ཀྱི་དངོས་གྲུབ༴ དབང་བསྒྱུར་སྟོབས་ཀྱི་དངོས་གྲུབ༴ བང་མཛོད་ནས་ཀྱི་དངོས་གྲུབ༴ རིན་ཆེན་གསེར་གཡུའི་དངོས་གྲུབ༴ ཇ་དར་སྙན་གྲགས་དངོས་གྲུབ༴ རིགས་ལྡན་མུ་དྲའི་དངོས་གྲུབ༴ བརྒྱུད་འཛིན་བུ་ཡི་དངོས་གྲུབ༴ འཁོར་འབངས་གཡོག་གི་དངོས་གྲུབ༴ རྟ་ནོར་རྐང་བཞིའི་དངོས་གྲུབ༴ འདབ་ཆགས་སྡེར་ཆགས་དངོས་གྲུབ༴ ཅི་བསམ་འགྲུབ་པའི་དངོས་གྲུབ༴ སྟེང་ནས་ལྷ་ཡི་དངོས་གྲུབ༴ བར་ནས་མི་ཡི་དངོས་གྲུབ༴ འོག་ནས་ཀླུ་ཡི་དངོས་གྲུབ འཇིག་རྟེན་སྲིད་པའི་འདོད་ཡོན་དང༔ འབྱུང་ལྔས་བསྡུས་པའི་བཀྲག་མདངས་གཡང༔ བདེ་སྐྱིད་ཕུན་ཚོགས་གང་མཆིས་པ༔ ཐམས་ཅད་བདག་གི་དབང་དུ་སྡུས༔ བཀྲ་ཤིས་ཆར་ཆེན་རྒྱུན་མི་ཆད༔ རྒྱ་ཆེར་འབད་མེད་རབ་སྩོལ་ཞིང༔ ནམ་མཁའ་མཉམ་པ་འབྱུང་བར་ཤོག༔ ཅེས་བརྗོད་གཏེར་བུམ་གཡང་ཁང་བསམ༔ དབེན་ཅིང་མཛོད་ཀྱི་ཕུགས་སུ་གཞུག༔ དེ་ཡང་གང་འདོད་གནས་སུ་སྦ༔ འབྲུ་འཕེལ་འབྲུ་ཡི་བང་བར་གཞུག༔ དེ་བཞིན་རིགས་པས་འཕྲུལ་ཤེས་བྱ༔ འདི་ལྟར་ལན་གཅིག་བརྩམས་པ་ན༔ ཅི་འདོད་མ་ལུས་ཆར་དུ་འབེབ༔ བཅས་ཆོག་གདམས་པ་ཁྱད་པར་འཕགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཟབ་པའི་ཡང་ཟབ་མཐར་ཐུག་པ༔ དབུལ་ཕོངས་རིན་ཆེན་ནོར་དང་སྤྲོད་པའི་ཐབས༔ ས་གཡང་ཉམས་དང་ས་གནད་གསོ་བའི་བཅུད༔ ཡུལ་གསར་རྟེན་བཞེངས་གཙུག་ལག་ཚ་ཁང་སོགས༔ གང་དུ་བཞུགས་ཀྱང་ཡུལ་ཕྱོགས་གཡང་དང་ལྡན༔ བཀྲ་ཤིས་བག་ལྡན་ཉམས་དགའ་བདེ་སྐྱིད་ལྡན༔ བསོད་ནམས་སྐྱེད་པ་གླང་པོའི་འཁོར་ལོ་ཞེས༔ ནོར་རྫས་སྤེལ་བ་ནོར་གྱི་འཁོར་ལོ་ཞེས༔ ལུས་སྟོབས་སྐྱེད་པ་སྟོབས་ཀྱི་འཁོར་ལོ་ཞེས༔ ཚེ་སྲོག་སྐྱེད་པ་དཔལ་གྱི་འཁོར་ལོ་ཞེས༔ འདི་ཡི་ཡོན་ཏན་བསྐལ་བརྒྱར་ལྕེ་སྟོང་གིས༔ ཆ་ཤས་ཙམ་ཡང་བརྗོད་པར་སྤོབས་མི་རྙེད༔ དུས་ཀྱི་མཐའ་མར་དབུལ་ཕོངས་བཀྲེས་སྐོམ་དར༔ དེ་དུས་སྨོན་ལམ་ལས་སད་བུ་ལྔ་ཡིས༔ གསང་རྒྱ་བརྡ་ཡི་འཕྲུལ་ཡིག་མེ་ལོང་ལས༔ ཇི་བཞིན་མངོན་དུ་འབྱིན་པའི་རྟེན་འབྲེལ་རྒྱ༔ མ་ནིང་ནག་པོས་བཀའ་འདི་རྟག་པར་སྐྱོངས༔ གཟའ་བདུད་དྲག་མོའི་བྱ་རས་ཐུབ་པར་སྲུངས༔ ས་མ་ཡ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ གཉན་རྒྱ༔ གུ་ཧྱ༔ ཁ་ཐམ༔ རྒྱ་རྒྱ་རྒྱ༔ ༄༅། །བླ་མའི་ནོར་སྒྲུབ་ཁམས་གསུམ་དབང་སྡུད་ཀྱི་ཕྱྭ་གཡང་འགུགས་པའི་ཟིན་བྲིས་གཏེར་དུང་གཡས་འཁྱིལ་བཞུགས་སོ། །ཕྱོགས་ལྷུང་དྲི་མ་སྤངས་པ་ཚད་མེད་ཀྱི། །ཐུགས་རྗེ་ཡིད་བཞིན་དབང་གི་རྒྱལ་པོ་ཞེས། །སྐྱེ་རྒུའི་རེ་འདོད་སྐོང་ལ་མཐུ་ཆེ་བ། །རྔ་ཡབ་གླིང་པ་རྨུགས་འཛིན་རིགས་ལྔར་འདུད། །གང་ལ་བསྟེན་ནས་སྲིད་ཞིའི་ཕྱྭ་གཡང་ཀུན། །འགུགས་པའི་ཕྲིན་ལས་འདི་ཀོ་སྙིགས་དུས་འགྲོའི། །ཕན་བདེའི་གསོས་སྨན་མཆོག་ཏུ་ངེས་དེའི་ཕྱིར། །ཕྱག་བཞེས་འཇུག་བདེའི་ངག་གིས་འདིར་བཤད་བྱ། །རྒྱལ་དབང་པདྨའི་ཐུགས་སྒྲུབ་ཀྱི་རྒྱལ་པོ་ཡོན་ཏན་ཀུན་འབྱུང་ལས། གསང་སྒྲུབ་ཁམས་གསུམ་དབང་སྡུད་ཀྱི་སྒོ་ནས་ཕྱྭ་གཡང་འགུགས་པའི་ཚུལ་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་ཁང་ཕྱགས་བདར་ཡོལ་བ་བླ་བྲེ་སོགས་བཀོད་པས་མཛེས་པར་བྱ། རྩ་གསུམ་དམ་ཅན་སྤྱི་སྒོས་ཀྱི་རྟེན་དགྲམ། སྟེགས་བུ་ཕྱིང་དཀར་རམ་དར་རས་སེར་པོས་གཡོགས་པའི་ཁར་འབྲུ་བཟང་སྣ་ཚོགས་བརྡལ་བའི་གཞིར་དཀྱིལ་འཁོར་རས་བྲིས་དགྲམ་པའམ་མེད་ན་འབྲས་དཀར་དྲི་བཟང་གིས་གཤེར་བའི་ཚོམ་བུ་ལྷ་གྲངས་བཞུགས་ཚུལ་ལྟར་བཀོད། སྒྲུབ་རྟེན་རིན་པོ་ཆེའམ་རྫའི་བུམ་པ་གས་ཆག་མེད་པ་ཁལ་གཅིག་ནས་བྲེ་གང་ཡན་ཆད་ཤོང་བའི་ཕྱི་ལ་མཚལ་ལམ་ལི་ཁྲི་ས་དཀར་གང་རུང་གིས་བྱུགས་ལ་བཀྲ་ཤིས་རྟགས་བརྒྱད་དང་། ཤོང་ན་སྲུང་བཞི་རིགས་ལྔའི་ཕྱག་མཚན། འོག་ཏུ་གཡུང་དྲུང་སོགས་བྲི། ཙན་དན་ནམ་རྒྱ་ཤུག་འབྲས་བུ་ཅན་སོགས་རྩ་རྩེ་མ་ལོག་པའི་སྲོག་ཤིང་གྲུ་བཞི་རི་རབ་ལྟ་བུའི་རྩེ་མོར་རིགས་ལྔའི་ཐུགས་སྲོག་དང་། རྩ་བར་འབྱུང་ལྔའི་ས་བོན། ལོགས་ལ་ཚེ་གཟུངས་ནོར་ལྷ་གཏེར་བདག་གི་གཟུངས་རིང་དང་། གནོད་སྦྱིན་སྤྱིའི་སྒྲུབ་སྔགས་དང་རྟེན་འབྲེལ་སྙིང་པོ་སོགས་དགོད། བསོད་ནམས་གླང་པོའི་འཁོར་ལོ་གཞུང་དང་དཔེའུ་རིས་ལྟར་བྲིས་པ་ཆོས་སྨན་དྲི་བཟང་གཡང་རྫས་ཀྱི་ལྡེ་གུས་བྱུགས། རབ་གནས་སྤྱི་ལྟར་བྱས་ལ། བུམ་པའི་མཐིལ་དུ་སྲོག་ཤིང་གི་འོག་ཏུ་བཀྲམ་ནས་འདིང་བའམ་མ་ཤོང་ན་ལྟེ་བ་མ་ཆག་པར་མས་དང་ཡས་ནས་བལྟེབས་ལ་ལྟེ་བ་ཕྱི་དང་དབུ་ཡར་བསྟན་སྲོག་ཤིང་ལ་མཇུག་ནས་དཀྲི། དར་སྐུད་སེར་པོས་བཅིངས་ལ་དར་རས་སེར་པོས་དྲིལ། བུམ་རྫས་ནི་གཞུང་ལས། དར་ཟབ་འབྲུ་སྨན་རིན་ཆེན་སྣ་ཚོགས་དང༔ ཕྱུག་པོ་འཕན་དགུའི་ས་དང་བྲེ་སྲང་དྲེག༔ ལོངས་སྤྱོད་ཐབ་དྲག་ཚོང་འདུས་གནས་ཀྱི་ས༔ གནག་ཕྱུགས་རྟ་ལུག་སྤུ་རིགས་གང་འཛོམ་དང༔ སྲིད་པའི་འདོད་ཡོན་གང་དང་ཅི་འོས་གསག༔ ཅེས་པ་ལྟར། གཞན་ཡང་བཀྲ་ཤིས་གཡང་ཅན་གྱི་རྫས་གང་རྙེད་གསག །བུམ་པ་བསང་སྤོས་ཀྱིས་བདུག་པའི་ནང་འོག་ཏུ་ས་སྣ་གཏིང་བའི་ཁར་སྲོག་ཤིང་དབུས་སུ་དྲང་པོར་བཙུགས་པའི་བར་རྣམས་རྫས་ཀྱིས་གསེང་མེད་པར་གཏེམས་ཤིང་བཀང་། རྡོ་ཤིང་ལེབ་མོས་ཁ་བཅད་པའི་སྟེང་རྡོ་རྗེ་རྒྱ་གྲམ་རིགས་ལྔའི་ས་བོན་གྱིས་མཚན་པ་བྲི། དེ་ཉིད་རྒྱལ་མཚན་མདུན་དུ་བསྟན་ལ་དཀྱིལ་འཁོར་གྱི་དབུས་སུ་དགོད། གཏེར་གཞུང་གི་དངོས་བསྟན་དེ་ཙམ་ཡིན། ཆོས་སྡེ་ཆེན་པོའི་བང་མཛོད་ལྟ་བུར་གཡང་རྟེན་སྤྲོས་བཅས་སུ་བཅའ་ན་ཤིང་སྒྲོམ་རྟགས་བརྒྱད་དང་རྒྱལ་སྲིད་བདུན་ལ་སོགས་པའི་རི་མོས་བཀྲ་བའི་ནང་བཀྲ་ཤིས་པའི་ས་སྣ་བརྡལ་བའི་སྟེང་དཀྱིལ་འཁོར་རས་བྲིས་འདིང་། དེའི་དབུས་ཨན་དར་གྱི་ཁར་ས་སྤྱིན་རིན་པོ་ཆེ་བརྡར་བའི་རི་རབ་བང་རིམ་བཞི་པའི་རྩེ་མོར་གོང་གི་གཏེར་བུམ། དེའི་སྟེང་ཕྱེ་མར་རམ་ས་སྤྱིན་ལ་རིན་པོ་ཆེ་འབར་བ་བྱས་ལ་བཞག །བང་རིམ་རྣམས་ལ་ལྷ་ཚོགས་གཙོ་བསྡུས་ཀྱི་སྐུ་་་སྐུ་གཟུགས་བྲི་བ་མི་ཤེས་ན་མེད་ཀྱང་རུང་ཞིང་། ཡང་ན་ལྷ་ཚོགས་ཀྱི་བྲིས་སྐུ་རྒྱབ་ཏུ་བཀྲམ་ཡང་རུང་། མཆན།དང་འདོད་ཡོན་ལྔ། རྒྱལ་སྲིད་བདུན། བཀྲ་ཤིས་རྟགས་རྫས་སོགས་སྐོང་རྫས་སྣ་ཚོགས་འབྲས་བུ་ཅན་གྱི་ཤིང་བྱང་ངམ་རས་ལ་བྲིས་པ་གཟུག །རི་རབ་ཀྱི་རྨང་ཕྱོགས་མཚམས་སུ་གཏེར་བུམ། དཔག་བསམ་གྱི་ཤིང་། ཁྲུས་རྫིང་། འདོད་འཇོའི་བ་རྣམས་བརྒྱད་དམ་བཞི་སོགས་སྤེལ་མར་བསྐོར་ཞིང་། དངོས་སམ་བཅོས་མའི་རིན་པོ་ཆེ་སྣ་ཚོགས་གཅལ་དུ་བཀྲམ་པའི་མཐར་ལྕགས་རིས་བསྐོར། མདའ་དར་མེ་ལོང་གིས་བརྒྱན་ཅིང་ལྟོང་ལ་ཚེ་གཟུངས་ཀྱི་ཤོག་དྲིལ་ཅན་ཕྱོགས་མདོག་ལྔ་སོ་སོར་འགོད་པའམ་བསྡུ་ན་དབུས་སུ་ལྔ་ལྡན་ནམ་དམར་པོ་གཅིག་གཟུག་པ་བཅའ་གཞི་རྒྱས་འབྲིང་གཉིས་ཀར་དགོས། གཞན་ཡང་སྟེང་དུ་གདུགས་དང་ལྡ་ལྡི། ཟུར་བཞིར་འཕན་ནམ་རྒྱལ་མཚན་བ་དན་སོགས་བཀོད་ལེགས་སུ་བཤམས་ལ་སྟོང་ཆ་མ་ལུས་པར་བྱེད། ཤིན་ཏུ་བསྡུས་པ་གཏེར་བུམ་མ་འགྲུབ་ན་རྟེན་གཏོར་ཙམ་ལ་བརྟེན་ནས་ཀྱང་བྱ་རུང་ཞིང་། དེའི་ཚེ་གླང་པོའི་འཁོར་ལོ་རྟེན་གཏོར་དུ་གཞུག་པ་འགྲུབ་ན་ལེགས་པར་འགྱུར། མདུན་དུ་མཆོད་གཏོར་དཔེའུ་རིས་ལྟར་གྱི་གཡས་གཡོན་དུ་སྨན་རཀ །མཆོད་ཡོན་སྔོན་འགྲོའི་ཉེར་སྤྱོད་ལྔ་སྦྲེང་ཚར་བསྒྲིག་གང་བདེ། ཇི་ལྟར་རིགས་པའི་སར། ཕྱེ་མར། ཆང་ཕུད། འོ་ཞོ། རྒྱ་ཇ། སྒོག་ཙོང་མ་འདྲེས་པའི་ཁ་ཟས་སྣ་ཚོགས། ཚེ་རིལ། ཚེ་ཆང་། སྤུ་གྲི་མཆེད་གསུམ། དཀར་བགེགས་ཆད་བརྟན་གྱི་གཏོར་མ། ཚོགས་མཆོད། གཡང་ནས། ནས་འབྲས་གྲོ་གསུམ་བསྲེས་པ་རིན་པོ་ཆེའི་སྣོད་ཕྱུར་བུར་གང་བའམ། བྱང་གཏེར་གཡང་གཞུང་ལས། འབྲུ་དཀར་མོ་བྲེ་གསུམ་གང་བ་འདི༔ གཡང་འགུགས་པའི་རྫས་སུ་འདི་ལྟར་ལགས༔ ཞེས་པ་ལྟར་སོ་སོར་བྲེ་ཚད་བཀང་བ་བཤམས་ཀྱང་ལེགས། དཀར་མོ་ལག་གཡས། གཞན་ཡང་གསེར་བྲེ་དངུལ་བྲེ་དངུལ་ལྟོང་། ཤེལ་དཀར་དམར་སོགས་རིན་པོ་ཆེའི་རིགས་དང་། འོ་ཕུད། ཚྭ་ནས། ཇ་སིག །དར་ཟབ། སྣམ་རས། རྩི་བཅུད། འབྲུ་དང་འབྲུའི་ལྟང་སོགས་སྤྱན་གཟིགས་མཁོ་རྒུའི་ཡོ་བྱད་འབྱོར་ཚད་དང་། ཆོས་སྡེའི་རིགས་ལ་བུམ་པ། རྡོར་དྲིལ། འབུད་དུང་། གཎྜི། རོལ་ཆ། ཆོས་གོས་རྣམ་གསུམ་སོགས་ཀྱང་བཤམས་པ་རྟེན་འབྲེལ་གྱི་གནད་དུ་ཆེ། སློབ་དཔོན་གྱི་མདུན་དུ་མདའ་དར་དམར་པོའམ་ལྔ་ལྡན་མེ་ལོང་གིས་བརྒྱན་པ། རྡོར་དྲིལ་སོགས་དང་ཐུན་རྫས། ཚོགས་པའི་སར་སྤོས་དང་རོལ་མོའི་བྱེ་བྲག་སོགས་བཀོད་པས་ཁྱད་པར་འཕགས་པ་འདུ་བྱ། སྣ་སེལ་བསེ་རག་བཀར་བ་འགྲུབ་ན་ལེགས་པས་རྩ་གསུམ་གླིང་པའི་ནོར་བདག་པདྨ་རྒྱལ་པོ་ལྟར་བྱ། དེ་ཡང་ནོར་སྒྲུབ་ལ་འཇུག་གོང་ཞག་བདུན་ནམ་གསུམ་སོགས་ཆིག་དྲིལ་དུ་བསྒྲུབ་དགོས་རུང་། དེང་སང་ཕལ་ཆེར་གྱིས་མི་ལྕོགས་ཤིང་ས་བཅད་མ་སྟོང་ཙམ་དུ་གཡང་སྒྲུབ་རང་གི་ཐུན་དང་པོའི་འགོར་ཚར་གཅིག་གྱེར་བ་ཕྱག་བཞེས་སུ་སྣང་། དེ་ལྟར་ན་སྐབས་འདིར་མས་ཕྱོགས་ལོགས་ཤིག་ཏུ་བསེ་རག་བཀར་ཡས་རྒྱས་བསྡུས་སྤྲོས་འབྱོར་དང་བསྟུན་པ་འདུ་བྱས་ལ་དངོས་གཞིའི་ལས་གཞུང་ཚར་དང་པོའི་བགེགས་སྐྲོད་ཀྱི་སྐབས་སམ། ཡང་ན་གཡང་འགུགས་ཀྱི་གོང་དུ་ཡས་རྣམས་སྔགས་དྲུག་ཕྱག་དྲུག་གིས་བརླབ། བསྐྱེད་ཆོག་ཚར་གཅིག །དགུག་གཞུག་བདེན་བདར་ལན་གསུམ། འགུགས་སྔགས་ཉེར་གཅིག །ཁ་ཆིངས་ཀྱི་སྔགས་བརྒྱ་རྩ་ཙམ་བཟླས་མཐར་ཐུན་ལ་བསྔགས་ནས་འདེབས། དེ་ནས་ཡས་ཁ་ཕྱིར་སྒྱུར་ལ། ཧཱུྃ༔ ང་ནི་ཆེ་མཆོག་སོགས་ཀྱིས་རྫོངས་སུ་འདེབས། ཅུང་ཟད་སྤགས་ལ། ཧཱུྃ༔ ཉོན་ཅིག་དམ་སྲི་བགེགས་རྣམས་དང༔ སོགས་ཀྱིས་ལམ་བསྟན། འབྱུང་པོ་ཨུཙྪ་ཊ་ཡ་ཕཊ་ཀྱི་མཐར་དྲག་སྔགས་ཐུན་བྲབ་རོལ་མོའི་ཚམ་རྔམ་དང་བཅས་པས་ཡས་རྣམས་གནས་ཁང་མི་མཐོང་བའི་ཆུ་ངོགས་སམ་ལམ་ཆེན་པོའི་མདོ་སོགས་སུ་བསྐྱལ་ལ་ལས་བྱང་ལྟར་སྲུང་འཁོར་བསྒོམ། འོན་ཏེ་མ་འགྲུབ་ཀྱང་རང་གཞུང་གི་དངོས་བསྟན་མིན་ཕྱིར་ཆད་སྐྱོན་དུ་མི་འགྱུར་རོ། །གཉིས་པ་དངོས་གཞི་ནི། ཐུན་བཞིར་ལས་བྱང་དཔག་བསམ་ལྗོན་ཤིང་གྱེར་ཞིང་བདག་མདུན་གྱི་ཏིང་འཛིན་དམིགས་པའི་འཕྲོ་འདུ་སོགས་བསྙེན་ཡིག་ཡིད་བཞིན་དབང་རྒྱལ་དང་བརྒྱུད་ལྡན་བླ་མའི་ཞལ་ལུང་ལྟར་ཉམས་སུ་བསྟར། དེ་ཡང་མཆོད་པ་བྱིན་རླབས་དང་། དངོས་གཞི་ལྷ་བསྐྱེད་ནས་ཛཔ྄་བསྟོད་ཀྱི་བར། མདའ་དར་གཡོབ་ཅིང་དབྱངས་དང་བཅས་ཏེ་གཡང་འགུགས། མདུན་བསྐྱེད་ལ་བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང་རྣམས་ཐུན་ཐམས་ཅད་ལ་བྱ་དགོས་ཤིང་། ཐུན་རེར་བསྙེན་སྔགས་སྟོང་། སྒྲུབ་སྔགས་བརྒྱ་རྩ། ལས་སྦྱོར་ནོར་ལྷ་གཏེར་བདག་གི་གཟུངས་དང་གནོད་སྦྱིན་སྤྱིའི་སྒྲུབ་སྔགས་གཉིས་ཉེར་གཅིག་རེ་ཙམ་ཅི་ནུས་སུ་བཟླ། གཞན་མ་ཚིག་བདུན་གསོལ་འདེབས་དང་བརྒྱུད་འདེབས་ནས་གཟུང་སྔོན་འགྲོའི་ཆོས་རྣམས་ཉིན་རེའི་ཐུན་དང་པོའི་འགོར་བྱ། སྲུང་མ་སྤྱི་སྒོས་ཀྱི་མཆོད་ཕྲིན། ཚོགས་དང་སྐོང་བཤགས་སོགས་རྗེས་ཀྱི་རིམ་པ་རྣམས་དགོང་ཐུན། སྲོད་ཐུན་སོགས་ཇི་ལྟར་རིགས་པའི་མཐར་སྦྱར་ཏེ། མདོར་ན་དངོས་གྲུབ་བླང་བ་དང་རྟེན་འཛུག་གཡང་གཏའ་སྡོམ་པ་རྣམས་དངོས་གཞིའི་རིང་མི་བྱ་བར་འཇོག་པ་མ་གཏོགས་དེ་ཕྱིན་ཉིན་ཞག་རེར་ལས་བྱང་གི་སྦྱོར་དངོས་རྗེས་གསུམ་ཚང་བར་བྱ་བའོ། །གསུམ་པ་རྗེས་ནི། སྔར་བཤད་པའི་རིམ་པས་ཞག་གྲངས་བདུན་སོགས་གནས་དུས་དང་སྦྱར་བ་བསྒྲུབས་ནས། གྲོལ་རྒྱུའི་ཐུན་གྱི་མཐར་ཚོགས་མཆོད་སྐོང་བཤགས་གཡང་འགུགས་སོགས་ནས་བྲོ་བརྡུང་གི་བར་ཚང་བར་གྱེར་བའི་ཆད་ཐོའི་སྐབས་ཆོས་སྲུང་གི་འཛིན་གཏོར་རྣམས་ཀྱང་འབུལ། དེ་ནས་ཡོན་བདག་རྒྱན་གོས་བཟང་པོ་དང་བཅས་བོས། སྟན་བཟང་པོ་འབྲུ་དཀར་གྱི་གཡུང་དྲུང་བྲིས་པ་ལ་བཞག་པར་སྤྲོ་ན་དབང་ཆོག་དངོས་གྲུབ་ལྗོན་ཤིང་རྫོགས་པར་བསྐུར་ན་ལེགས་ཏེ། དེ་ལྟར་ན་དབང་རྫས་བུམ་པ་དང་ཐོད་ཆང་སོགས་ཀྱང་བཤམ་སྒྲུབ་དང་བདག་འཇུག་བླང་བ་སྔོན་དུ་འགྲོ་དགོས་ཤིང་། བསྡུ་ན་ལས་བྱང་ནང་གི་གཏོར་དབང་བྱ། སྤྲོས་པ་ལ་དགའ་ན་རབ་གནས་ཀྱི་སྐབས་ལྟར་རྫས་བརྒྱད་དང་སྣ་བདུན་གཏད། གཏང་རག་གི་མཆོད་བསྟོད་ནོངས་བཤགས་རྟེན་འཛུག་བགྱིད་རྗེས་བརྟན་བཞུགས་ཀྱི་འདོད་གསོལ་དང་མེ་ཏོག་འཐོར། གཡང་གཏའ་སྡོམ་པའི་མཇུག་གཡང་སྒྲོམ་གྱི་སྒོ་བཅད་པར་མར་གྱི་ཡར་སེས་་་མ་ཐེམ་ལ་སྒོ་སྐྱོང་ཁྲོ་རྒྱལ་མཚོན་བྱེད་བཞི་དང་རུ་གཡས་གཡོན་རྒྱལ་ཆེན་བཞི་མཚོན་བྱེད་གཉིས་རེ་འདེབས་པ་ཡིན།བརྒྱད་སོགས་འདེབས། བདག་བསྐྱེད་བསྡུ་རིམ། བསྔོ་སྨོན། ལས་བྱང་གི་ཤིས་བརྗོད་རྫོགས་མཐར། གཡང་ནས་ཡོན་མཆོད་ཚང་མར་བཀྱེ་ལ་མདོ་རྒྱུད་ལས་བྱུང་བ་ལ་སོགས་པའི་བཀྲ་ཤིས་ཀྱི་ཚིགས་བཅད་རྒྱ་ཆེར་བརྗོད་པ་དང་ལྷན་ཅིག་མེ་ཏོག་གི་ཆར་དབབ། ཡོན་མཆོད་ཐུན་མོང་དུ་ཚོགས་དང་ཚེ་རྫས་གཡང་ཆང་ཕྱེ་མར་སོགས་ལ་ལོངས་སྤྱོད་ཅིང་དགའ་སྟོན་རྒྱ་ཆེར་བྱ། འདི་ནི་དཀྱིལ་འཁོར་དེ་ཉིད་མ་བསྡུས་པར་བཞག་ཏུ་རུང་བའི་དབང་བྱས་ཀྱི་དེ་ལྟར་མིན་ན་རྟེན་འཛུག་གི་གོང་དུ་གཡང་རྟེན་གཡང་རྫས་ཀྱི་ཕུད་དང་བཅས་བང་མཛོད་ཀྱི་ཕུགས་ལ་སོགས་པར་གདན་དྲངས་ལ་བཞུགས་སུ་གསོལ། བགེགས་བསྐྲད། སྤྲོ་ན་ལས་བྱང་བཟླས་པ་ཡན་བསྡུས་ཙམ་གྱེར་ལ་གཡང་འགུགས་རྟེན་འཛུག་གཡང་གཏའ་སྡོམ་པ་མན་སྔར་བཤད་པ་ལྟར་བྱའོ། །རྩོད་དུས་ཐ་མའི་འགྲོ་རྣམས་སྙིགས་མ་ལྔའི། །གདུང་བ་བསྐལ་མེའི་དབལ་གྱིས་འཚིག་པ་ལ། །ཕན་བདེའི་བསིལ་བ་རབ་སྟེར་སྣོད་བཅུད་ཀྱི། །ཕུན་ཚོགས་མྱུ་གུ་སྐྱེད་བྱེད་འདི་ཁོ་ན། །འདོད་རྒུའི་དཔལ་འབྱོར་སྦྱིན་ལ་ཡིད་བཞིན་གྱི། །རིན་ཆེན་ཕུང་པོར་སྤུངས་ལས་ཆེས་ལྷག་པའི། །ཟབ་གཏེར་གསང་བའི་མན་ངག་གསལ་བྱས་དགེས། །འགྲོ་ཀུན་ནམ་མཁའ་མཛོད་ལ་དབང་འབྱོར་ཤོག །བླ་མའི་ནོར་སྒྲུབ་ཁམས་གསུམ་དབང་སྡུད་ཀྱིས་ཕྱྭ་གཡང་འགུགས་པའི་ཕྲིན་ལས་ཀྱི་ལག་ལེན་གསལ་བར་བྱེད་པ་གཏེར་དུང་གཡས་འཁྱིལ་འདི་ཡང་དེང་དུས་བསྟན་སྲིད་འཛིན་པ་རྣམས་ལ་ཕན་པ་རྒྱ་ཆེན་པོའི་སྒོར་མཐོང་ནས་གཏེར་སློབ་གནུབས་བན་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་ཀྱིས་རྒྱལ་བའི་ལོ་མགོ་ཟླ་བའི་ཚེས་བརྒྱད་ལ་གྲུབ་པར་འདོད་རྒུའི་འབྱུང་གནས་བཟད་སྒེར་སྟོད་ཀྱི་གཙུག་ལག་ཁང་དུ་བྲིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ། དགེའོ།། །། ༈ འདིའི་བརྒྱུད་པ། ཀུན་བཟང་། རིགས་ལྔ། རྡོ་རྗེ་གཞོན་ནུ། ཕྱག་ན་རྡོ་རྗེ། ལས་ཀྱི་དབང་མོ། པདྨ་སཾ་བྷ་བ། མཚོ་རྒྱལ། རྒྱལ་བ་མཆོག་དབྱངས། ཤུད་བུ་དཔལ་སེང་། དེ་གཉིས་ཟུང་དུ་འཇུག་པའི་རྣམ་འཕྲུལ་ཨོ་རྒྱན་དྲི་མེད་གླིང་པ། ཆོས་བདག་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། སྤང་སྟོན་པདྨ་ཚེ་དབང་། བསྟན་འཛིན་མཁྱེན་རབ་མཐུ་སྟོབས། པདྨ་འོད་གསལ་མདོ་སྔགས་གླིང་པ། དེས་སོ།།
སློབ་དཔོན་ཆེན་པོ་སྤྲུལ་སྐུ་པདྨ་འབྱུང་གནས་ཀྱི་བཀའ་འབུམ་བཞུགས་པའི་དབུའི་ཕྱོགས༔ ཆོས་འདི་ཉམས་སུ་ལེན་པའི་སྙིང་གཏམ་གྱི་ཆོས་ཡིན་པས༔ ཐུགས་སུ་ལེན་པར་མཛོད་ལེགས་སྷོ༔ (Volume 60, Text 7)
འབྱོར་ལམ་པའི་དུས་ན་སེམས་ཉིད་ཀྱི་ངོ་བོ་ལ་རིམ་དུ་བསྒོམས་པས༔ རྣལ་འབྱོར་པ་ལུས་ཀྱི་རྒྱ་དང་བྲལ་བའི་དུས་སུ་སྐུ་ལྔ་ཡེ་ཤེས་ལྔ་པོ་དེ་ལ་ཐོབ་ཏུ་མེད་པའི་ཚུལ་གྱིས་ཐོབ༔ སྣང་དུ་མེད་པའི་ཚུལ་གྱིས་སྣང་བ་ཡིན་ནོ་གསུངས༔ སངས་རྒྱས་དེ་ལྟ་བུ་དེས་སེམས་ཅན་གྱི་དོན་བྱེད་ཚུལ་ནི༔ ཉི་མའི་སྙིང་པོ་གཅིག་ལས་མ་གཡོས་པར་རྒྱ་མཚོ་ཐ་དད་ཀྱི་ནང་དུ་གཟུགས་བརྙན་འཆར་བ་ལྟར༔ ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་སྐུ་དེ་ཆོས་ཉིད་མཉམ་པ་ཉིད་ལས་མ་གཡོས་པར༔ ལོངས་སྐུ་དང་སྤྲུལ་སྐུས་ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ལ༔ གདུལ་བྱ་ཇི་ལྟར་མོས་པ་བཞིན་དུ་སྤྲུལ་ནས་རྟོག་མེད་ཀྱིས་འགྲོ་བའི་དོན་བྱེད་དོ༔ དེ་ཡང་དཔེར་ན་ཉི་མའི་འོད་ཟེར་ལ་འགྲོ་བའི་དོན་བྱས་སོ་བྱེད་དོ་སྙམ་པའི་རྟོག་པ་མེད་དོ༔ དེ་བཞིན་དུ་སྐུ་གཉིས་ཀྱང་འགྲོ་བའི་དོན་བྱེད་པའི་རྟོག་པ་དང་བྲལ་ཏེ་སྨོན་ལམ་གྱི་ཤུགས་ཀྱིས་འགྲོ་དོན་འབྱུང་བ་ཡིན་ནོ་གསུངས༔ ༔སློབ་དཔོན་གྱིས་གསུང་པ༔ མཚོ་རྒྱལ་བོད་ཀྱི་སྔགས་པ་ལ་ཚིག་གི་སྨྲང་ལས་དོན་གྱི་སྒོམ་པ་མེད༔ གསང་སྔགས་བོན་གྱེར་བྱེད༔ དམ་རྫས་ལ་ཐོ་ཅོའི་སྤྱོད་པ་བྱེད༔ དབེན་པ་གྲོང་ཁྱེར་གྱི་དཀྱིལ་དུ་འཆའ༔ སྦྱོར་བ་བྱེད་ཅེས་འདོད་ཆགས་རང་དགའ་མར་སྤྱོད༔ སྒྲོལ་བ་བྱེད་ཅེས་ཟེར་ནས་ཞེ་སྡང་རང་གར་སྤྱོད༔ དགེ་སྡིག་འཆོལ་བར་སྤྱོད༔ མན་ངག་ལ་ཡང་ཟོང་བྱེད༔ སློབ་དཔོན་གྱིས་སློབ་མ་ཚོལ༔ གསང་སྔགས་ལ་རས་ཆོད་བྱེད༔ དེ་ལྟའི་དུས་ཀྱི་ཐ་མ་ལ༔ གསང་སྔགས་ཚིག་གིས་བསྒྲིབས་ནས་དོན་མ་གོ་བས་བྱིན་རླབས་འགྲིབ༔ གྲུབ་པ་ཐོབ་པ་ཉུང༔ གསང་སྔགས་ནུབ་ཏུ་ཉེ་བའི་དུས་ཤིག་འོང་བས༔ དེའི་དུས་སུ་སྐལ་ལྡན་ལས་འཕྲོ་ཅན་གྱི་དོན་དུ༔ སྙན་བརྒྱུད་ཡི་གེར་ཐོབས་ལ་གཏེར་དུ་སྦོས་ཤིག་གསུངས་སོ༔ ཇོ་མོས་དེ་ཉིད་དུ་ཡི་གེར་བཏབ་སྟེ་གཏེར་དུ་སྦས༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་ནས་ཀྱང༔ བློ་གྲོས་སྒྲིབ་པ་བྱང་ནས་རིག་འཛིན་ས་ཐོབ་ཤོག༔ གསང་སྔགས་ཀྱི་བློ་སྦྱོང་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ༔ སྤྲེའུ་ལོ་སྟོན་ཟླ་ཐ་ཆུང་གི་ཉི་ཤུ་གཉིས་ཀྱི་ཉིན་མོར་ཡེར་པའི་མཐོ་ལྡིང་ཕུག་ཏུ་ཡི་གེར་བཏབ་བོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ༄༅༔ ན་མོ་གུ་རུ༔ སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ༔ དགོངས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་དང་དབྱེར་མེད་པ༔ ལྟ་དགོངས་ཀྱིས་ཆོས་ཐམས་ཅད་ཐུགས་ལ་མངའ་བ༔ ཡང་དག་པའི་དོན་ལ་རྟག་ཏུ་གཡོ་འགུལ་མེད་པར་གནས་པ་དེ་ལ་ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས༔ ལྟ་བ་ཡས་འབུབས་ཀྱི་དགོངས་པ་ལ་ཟླ་བ་ཐམས་ཅད་ཀྱི་གནད་ཐམས་ཅད་ཞུས་པའོ༔ སློབ་དཔོན་པདྨ་ལ་ཇོ་མོ་མཁར་ཆེན་གྱིས་ཞུས་པ༔ སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་དང་པོ་གང་ནས་བྱུང༔ སློབ་དཔོན་གྱི་ཞལ་ནས༔ སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་མིང་གི་བག་ཆགས་བརྟས་པ་ལས་བྱུང༔ མིང་ལ་གསུམ་སྟེ༔ ཡིད་ཀྱི་མིང་དང༔ སེམས་ཀྱི་མིང་དང༔ མིང་གི་མིང་དང་གསུམ་མོ༔ དེ་ལ་ཡིད་ཀྱི་མིང་ལས་རྣམ་རྟོག་འགྱུས༔ སེམས་ཀྱི་མིང་གིས་བག་ཆགས་བསགས༔ མིང་གི་མིང་གིས་སྣ་ཚོགས་ཤར༔ དེས་ན་མིང་འདོགས་ཆོད་ན་བདེ་གསུངས༔ སློབ་དཔོན་ལ་ཇོ་མོས་ཞུས་པ༔ མིང་འདོགས་ཇི་ལྟར་བགྱིས་ན་བྲལ་བར་འགྱུར༔ སློབ་དཔོན་གྱིས་གསུང་པ༔ ཡིད་ཀྱི་མིང་འདོགས་དྲན་རྟོག་དང་བྲལ་ན༔ སེམས་ཀྱི་མིང་འདོགས་བཟང་ངན་དང་བྲལ༔ དེ་དང་བྲལ་ན་མིང་གི་མིང་འདོགས་བཏགས་པ་དང་བྲལ༔ སྣ་ཚོགས་བག་ཆགས་ཀྱི་རྨི་ལམ་དང་བྲལ་བས་མིང་འདོགས་དང་བྲལ༔ དེ་དང་བྲལ་བས་བར་དོའི་མིང་འདོགས་དང་བྲལ༔ དེ་དང་བྲལ་བས་སྐྱེ་ཤིའི་མིང་འདོགས་དང་བྲལ༔ དེ་དང་བྲལ་བས་འཁོར་བའི་སྐྱེ་རྒྱུན་གཅོད༔ ཆོས་ཐམས་ཅད་བཏགས་པས་བཏགས་པ་མིང༔ མིང་མི་བདེན་པ་མིང་འདོགས་དང་བྲལ་ན་བདེ་གསུངས༔ ཇོ་མོས་ཞུས་པ༔ མིང་འདོགས་གྲོལ་བར་བྱེད་པའི་ཐབས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ འཁོར་འདས་ཀྱི་ཆོས་ཇི་ལྟར་སྣང་བ་དང༔ བཏགས་པ་དང༔ དགའ་མི་དགའ་དང༔ བདེ་སྡུག་དང༔ ང་དང་བདག་དང་གཞན་ལ་སོགས་པའི་འཛིན་པ་ཀུན༔ མིང་ཡང་མི་འགྱུར་མིང་མི་གདགས༔ གང་ཡང་རང་སར་བཞག་པས་རང་གྲོལ་དུ་འགྲོ་བ་ཡིན་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སངས་རྒྱས་དང་སེམས་ཅན་གཉིས་ཀ་མེད་པའི་སོ་མཚམས་ན་ཇི་ལྟར་གནས༔ སློབ་དཔོན་གྱིས་གསུང་པ༔ སངས་རྒྱས་དང་སེམས་ཅན་གཉིས་མེད་པའི་དུས་ན༔ རིག་མ་རིག་མེད་པར་གནས༔ རྟོགས་མ་རྟོགས་མེད་པར་གནས༔ ཡིན་མིན་བཟང་ངན་མེད་པར་གནས༔ མིང་འདོགས་ཐམས་ཅད་དང་བྲལ་བར་གནས་པ་ཡིན་གསུངས༔ སློབ་དཔོན་ལ་ཇོ་མོས་ཞུས་པ༔ སེམས་ཅན་མིང་དུ་བཏགས་པ་འདི་ཇི་ལྟར་འཁྲུལ༔ སློབ་དཔོན་གྱི་ཞལ་ནས༔ མིང་འདོགས་མེད་ལ་ང་བདག་བྱུང་བས་བདག་འཛིན་གྱི་བག་ཆགས་བརྟས་པས༔ ཕ་མ་བུ་ནོར་དགྲ་དང་གཉེན་ཡུལ་ཞིང་ལ་སོགས་པའི་མིང་དུ་བཟུང༔ བདག་འཛིན་མིང་གིས་འགྲོ་བ་རིགས་དྲུག་ཏུ་འཁྲུལ་པའོ་གསུངས༔ ཇོ་མོས་ཞུས་པ༔ ཇི་ལྟར་བགྱིས་ན་སངས་རྒྱ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བྱས་པའི་ཆོས་ཀྱིས་སངས་མི་རྒྱ༔ མ་བྱས་པའི་ཆོས་ཤིག་དགོས༔ མཚོན་པའི་ཆོས་ཀྱིས་སངས་མི་རྒྱ༔ མི་མཚོན་པའི་ཆོས་ཤིག་དགོས༔ བཤད་པའི་ཆོས་ཀྱིས་སངས་མི་རྒྱ༔ མ་བཤད་པའི་ཆོས་ཤིག་དགོས༔ བསྒྲུབས་པའི་ཆོས་ཀྱིས་སངས་མི་རྒྱ༔ མ་བསྒྲུབ་པའི་ཆོས་ཤིག་དགོས༔ གང་ཡང་མ་བྱེད༔ གང་དུ་ཡང་མ་འགྲོ༔ རྟོག་མེད༔ སྤྲོས་མེད༔ བསྡུར་མེད༔ གཏད་མེད༔ རྟེན་མེད༔ དམིགས་མེད༔ འཛིན་མེད༔ གང་ཅི་ཡང་མེད་པར་གཞག་གོ༔ སངས་རྒྱས་ཞེས་མིང་དུ་མ་བཏགས༔ ཆོས་སྐུ་སྨྲ་བསམ་བརྗོད་དང་བྲལ་བ་ཡིན་གསུངས༔ སློབ་དཔོན་ལ་ཇོ་མོས་ཞུས་པ༔ དེ་ལྟར་ཆོས་བྱར་མེད་པ་ཞིག་ལགས་སམ༔ སློབ་དཔོན་གྱི་ཞལ་ནས༔ ཡིན་ཅི་ཡང་མ་ཡིན་ཏེ༔ སྣང་བ་ཅིར་ཡང་སྣང༔ དངོས་པོ་ཅི་ཡང་མེད་དེ་སྣ་ཚོགས་ཀུན་གྱི་གཞི་བྱས༔ མཚོན་དུ་རྡུལ་ཙམ་མེད་དེ་མཚོན་པ་སྣ་ཚོགས་ཀྱི་རྩལ་བྱས༔ ཆགས་ཞེན་གནས་པ་མེད་དེ་ཀུན་གྱི་རྟེན་བྱས༔ སྐྱེ་ཤི་ཀུན་དང་བྲལ་ཏེ་ན་རྒ་འཆི་བའི་གཞི་མ་བྱས༔ མ་བཅོས་མ་བསྒྱུར་ཡེ་གདལ་ཡེ་གནས་སྤྲོས་བྲལ་གྱི་ངང་ལ་ཞོག༔ འཁོར་འདས་རང་སར་གྲོལ༔ གསང་བའི་དགྲ་བོ་ང་བདག་གནས་སུ་ཞི་ནས་ལྟས་ངན་གཡང་དུ་ཁུག་པ་ཡིན་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སེམས་ལ་སྐྱོན་གྱི་དངོས་གཞི་ཡོད་དམ་མེད༔ སློབ་དཔོན་གྱི་ཞལ་ནས༔ མ་རྟོགས་སྐྱོན་གྱི་དངོས་གཞི་ཡིན༔ སེམས་ཉིད་ངོ་བོ་སྟོང་པར་རྟོགས༔ སྟོང་པ་ཆོས་སྐུ་ཆེན་པོ་ལ༔ སྐྱོན་གྱི་དྲི་མ་མི་གནས་པས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང༔ སེམས་ཉིད་རྟོགས་པས་སངས་རྒྱས་པས༔ སྐྱོན་གྱི་དངོས་གཞི་མེད་པར་ཐག་གཅད་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཡུལ་སེམས་གཉིས་སུ་ཡོད་དམ་ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཡུལ་དུ་སྣང་བ་སེམས་ཀྱི་སྣང་བ་ཡིན༔ སྣ་ཚོགས་སྣང་བ་སེམས་ཀྱི་རྩལ་ཡིན་པས༔ ངོ་བོ་སྟོང་སྟེ་ཡུལ་སྣང་སྤང་དུ་མེད་དེ་གྲོལ༔ ཡུལ་སེམས་གཉིས་སུ་མེད་པར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སངས་རྒྱས་གཞན་ནས་བསྒྲུབ་ཏུ་བདོག་གམ་མི་བདོག་ཅེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དུས་གསུམ་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང༔ རང་སེམས་སྐྱེ་བ་མེད་པར་རྟོགས་པ་སྟེ༔ སྐྱེ་མེད་ངང་ལས་རོལ་པར་སྐུ་གསུམ་ཤར༔ ལོགས་ནས་བསྒྲུབ་ཏུ་མེད་པར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ འཕོ་འགྱུར་ལ་ཉམ་མི་ང་བའི་གདེང་གང་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ འཕོ་འགྱུར་འཇིག་རྟེན་པས་བརྟགས་ན༔ རང་རིག་པའི་སྟོབས་ཀྱི་རྩལ་རྫོགས་པས་མཉམ་པ་ཆེན་པོ་མི་འགྱུར་བའི་ངང་ལ་རྟག་ཏུ་གནས་པས་འཕོ་འགྱུར་གཞི་ནས་བྲལ་བར་ཐག་གཅད་དོ་གསུངས་སོ༔ སློབ་དཔོན་ལ་ཇོ་མོས་ཞུས་པ༔ འཆི་བ་ལ་མི་འཇིགས་པའི་གནས་གང་དུ་བཅའ་ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སེམས་ཉིད་སྐྱེ་བ་མེད་པར་རྫོགས་པའི་དུས་ན༔ ལུས་འཕོ་བ་ལྟར་སྣང་ཡང༔ སེམས་ཉིད་སྟོང་གསལ་ཆོས་ཀྱི་སྐུ་ལས་འགྱུར་བ་མེད་པར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ རིགས་དྲུག་གཡང་ས་གང་ལགས་ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ རིགས་དྲུག་སྡུག་བསྔལ་སྣ་ཚོགས་སུ་སྣང༔ གཞན་གྱིས་བྱས་པ་མ་ཡིན་དེ་རང་ལས་བྱུང་བ་ཡིན་ཏེ༔ རང་གིས་རང་ངོ་མ་ཤེས་པས་རང་ལ་རང་སེམས་ཀྱིས་གནོད་པར་བྱེད༔ རང་སེམས་སྟོང་པ་ཆེན་པོ་ལ་སྡུག་བསྔལ་གཞི་རྩ་དང་བྲལ་བར་ཐག་གཅད་དོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སེམས་ཉིད་འདི་ལ་ལས་དང་བག་ཆགས་ཀྱིས་གོས་སམ་མ་གོས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ལས་དང་བག་ཆགས༔ བཟང་རྟོག་དང་ངན་རྟོག༔ བསྒོམ་བྱ་དང་སྒོམ་བྱེད་ལ་སོགས་པ་དགེ་བ་ཐམས་ཅད་ཀྱང་སེམས་ཡིན༔ ངན་རྟོག་མི་དགེ་བ་བྱེད་མཁན་ཐམས་ཅད་ཀྱང་སེམས་ཡིན༔ སེམས་སྐྱེ་མེད་སྟོང་པ་དངོས་མེད་ཟང་ཀ་ལ༔ ལས་དགེ་སྡིག་གང་གིས་ཀྱང་གོས་པ་མེད་པར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ལྟུང་གནས་ཀྱི་གཡང་ས་རྟོག་གམ་མི་རྟོག་ཅེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ལྟུང་བའི་དངོས་གཞི་རང་གི་རྣམ་རྟོག་ཡིན༔ ལྟུང་བའི་ས་ནི་རང་གི་གཡང་ས་སྟེ༔ ལྟུང་གིས་དོགས་པ་སེམས་ཀྱི་རྣམ་རྟོག་ཡིན༔ འཁོར་བ་སེམས་ཀྱི་སྣང་བ་འཁྲུལ་པ་སྟེ༔ རང་སེམས་ཆོས་སྐུ་ཆེན་པོར་རྟོགས་པའི་ཚེ༔ རིགས་དྲུག་ཉིད་ཀྱང་སངས་རྒྱས་ཞིང་ཁམས་སུ་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ལྟ་བ་ལ་ཕྱོགས་ལྷུང་བདོག་གམ་མི་བདོག་ཅེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བཀོལ་བ་མེད་པའི་ལྟ་བ་ལ་ཕྱོགས་མེད་ནམ་མཁའ་ལྟ་བུ་ཡིན༔ ཐམས་ཅད་སེམས་ཡིན་སེམས་ཉིད་སྟོང༔ ཕྱོགས་རིས་མེད་པ་ནམ་མཁའ་ལྟ་བུར་ཐག་གཅད་དོ་གསུངས་སོ༔ སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྒོམ་པ་ལ་གསལ་འགྲིབ་བདོག་གམ་མི་བདོག་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སེམས་ཉིད་ངོ་བོ་སྟོང་པ་ལ༔ ཆོས་ཉིད་འགྱུར་བ་མེད་པར་གཞག༔ གཉིས་མེད་མ་འགགས་གསལ་བ་དེ༔ ཉི་མའི་སྙིང་པོ་ལྟ་བུར་གསལ༔ འགྲིབ་ཀྱང་གཞི་དང་མ་བྲལ་བར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྤྱོད་པ་ལ་བླང་དོར་བདོག་གམ་མི་བདོག་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བླང་དོར་མེད་པའི་སྤྱོད་པ་ནི༔ ཤེལ་གོང་དྲི་མ་མེད་པ་དེ༔ དར་སྣའི་གདན་ལ་བཞག་དང་མཚུངས༔ ཅི་བྱེད་སེམས་ཉིད་སྟོང་གསལ་ཡིན༔ སྐྱོན་ཡོན་གང་ཡང་གཞི་མ་གྲུབ༔ ཅིར་སྣང་རང་བྱུང་རང་གྲོལ་དུ་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ འབྲས་བུ་ལོགས་ནས་བསྒྲུབ་ཏུ་མཆིས་སམ་མ་མཆིས༔ ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ རང་ལ་གནས་པས་སྒྲུབ་ཏུ་མེད༔ དཔེར་ན་ནོར་བུ་རིན་ཆེན་ལྟར༔ དགོས་འདོད་ཐམས་ཅད་རང་ལས་འབྱུང༔ སངས་རྒྱས་ཆེ་བའི་ཡོན་ཏན་རྣམས༔ ཐམས་ཅད་རང་སེམས་རྟོགས་ལས་བྱུང༔ རང་སེམས་ཆོས་སྐུར་ཡེ་ནས་ལྷུན་གྱིས་གྲུབ་པར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཕྱི་སྣང་བ་ལ་སྐྱོན་དུ་འཚལ་ལམ་མི་འཚལ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྣང་བ་ལ་སྐྱོན་དུ་མི་བལྟ་སྟེ༔ རང་སྣང་བ་ལ་རང་བཞིན་མེད༔ དཔེར་ན་མེ་ལོང་གཟུགས་བརྙན་བཞིན༔ སྣང་ལ་རང་བཞིན་མེད་པར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ནང་རྟོག་པ་ལ་སྐྱོན་དུ་བལྟ་འཚལ་ལམ་མི་འཚལ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ རྟོག་པ་ལ་སྐྱོན་དུ་མི་བལྟ་སྟེ༔ དཔེར་ན་རྒྱ་མཚོའི་རླབས་དང་འདྲ༔ རང་སེམས་སྟོང་ཉིད་གཡོ་མེད་པས༔ རྟོག་པ་ཅི་སྐྱེས་ཆོས་ཉིད་ཀྱི་རོལ་པར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ འདུས་བྱས་ཀྱི་དགེ་བའི་རྩ་བ་ལ་ལྟོས་པ་མཆིས་སམ་མ་མཆིས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བྱས་ཆོས་ཐམས་ཅད་བློ་ཡིན་པས༔ འདུས་བྱས་ཆོས་རྣམས་ཐམས་ཅད་འཇིག༔ ཆོས་ཉིད་ཡེ་ནས་ལྷུན་གྱིས་གྲུབ༔ འདུས་བྱས་ཀྱི་དགེ་བ་ལ་འབད་རྩོལ་མེད་པར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཡེ་ཤེས་ལ་ཤར་ནུབ་མཆིས་སམ་མ་མཆིས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ རིག་པ་ཡེ་ཤེས་རང་ལ་ཤར༔ དེ་ཡང་ཡེ་ནས་རང་གསལ་ཏེ༔ ངོ་བོ་རང་གསལ་ཕྱི་ནང་མེད༔ ཡེ་ཤེས་རང་གསལ་བ་ལྷུན་གྲུབ་ཆེན་པོར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ རྒྱུ་འབྲས་གཉིས་སུ་དབྱེར་མཆིས་སམ་མ་མཆིས་ཞུས་པ༔ སློབ་དཔོན་གྱི་ཞལ་ནས༔ སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོ་ཅན༔ ཡེ་ནས་སངས་རྒྱས་རྒྱུ་འབྲས་དབྱེ་བ་མེད༔ ད་གདོད་བཙལ་ཞིང་སྒྲུབ་ཏུ་མེད་པར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཆགས་སྡང་སྤང་དུ་མཆིས་སམ་མ་མཆིས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དུག་ལྔ་སྤང་ཞིང་ཡེ་ཤེས་སྒྲུབ་ཏུ་མེད༔ དགྲ་ལ་སྡང་དང་གཉེན་ལ་ཆགས་སུ་མེད༔ ཐམས་ཅད་ཀྱི་བྱེད་པ་པོ་སེམས་ཉིད་སྟོང་པ་ཡིན་པས༔ དུག་ལྔ་རང་གྲོལ་དུ་ཐག་གཅད་དོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ འཁོར་འདས་ལ་བཟང་ངན་མཆིས་སམ་མ་མཆིས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ འཁོར་བའི་རང་བཞིན་འདུས་བྱས་ཡིན༔ འདུས་བྱས་མི་བདེན་འཇིག་པ་སྟེ༔ ཞི་བའི་རང་བཞིན་སྟོང་པ་ཡིན༔ སྟོང་ཉིད་ཀྱི་ཀློང་དུ་བཟང་ངན་ཡེ་ནས་མ་གྲུབ་པར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྐུ་གསུམ་རང་ལ་ཇི་ལྟར་གནས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སེམས་ཉིད་སྟོང་པ་ཆོས་ཀྱི་སྐུ༔ གསལ་བ་ལོངས་སྐུ༔ འགག་མེད་སྤྲུལ་སྐུ༔ དུག་གསུམ་གཏན་ནས་དག་པས་སྐུ་གསུམ་ཡེ་ནས་རང་ལ་འཆར་བར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཆོས་ཉིད་ཀྱི་དོན་ཉམས་སུ་བླང་དུ་མཆིས་སམ་མ་མཆིས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སེམས་ཉིད་སྟོང་པའི་དོན་རྟོགས་ན༔ སངས་རྒྱས་ས་ལ་འགྲོ་རྒྱུ་མེད༔ དཀོན་མཆོག་གསུམ་ལ་སྐྱབས་མི་འཚལ༔ རྩོལ་སྒྲུབ་ཀྱིས་ཆོས་ལ་བྱ་རྒྱུ་མེད་པར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ འཁོར་བར་ལྟུང་བ་མཆིས་སམ་མ་མཆིས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སེམས་ཉིད་སྟོང་པའི་རང་བཞིན་ལ༔ འཁོར་བ་གཞི་ནས་གྲུབ་པ་མེད༔ འཁོར་བའི་རྩ་བ་ཀ་ནས་དག༔ ལྟུང་མེད་འཁྲུལ་པ་དང་བྲལ་བའི་ཡེ་ཤེས་སུ་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཆོས་ལ་བྱེད་པ་པོ་མཆིས་སམ་མ་མཆིས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ རང་རིག་ངོ་བོ་ཡེ་ནས་སྟོང་པ་ལ༔ ཆོས་དང་གང་ཟག་མི་དམིགས་པས༔ དགེ་བཅུ་སྤྱོད་བྱེད་ཡེ་ནས་སྟོང༔ ཆོས་ལ་བྱེད་མཁན་མེད་པར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གདམས་ངག་ལ་རག་ལུས་སམ་མ་ལུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཆོས་ཉིད་སངས་རྒྱས་དགོངས་པ་ངེས༔ བཙལ་མེད་ཡེ་ནས་རང་ལ་གནས༔ རིག་པ་སྤྲོས་མེད་ཆོས་སྐུར་གནས༔ གཞན་གྱིས་བསྟན་དུ་མེད་པས་གདམས་ངག་མི་དགོས་པར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ རྟོགས་ལྡན་གྱི་རྣལ་འབྱོར་པ་དེ་ལུས་ལེན་ནམ་མི་ལེན་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སེམས་ཉིད་ནམ་མཁའ་ལྟ་བུ་ལ༔ ལས་ཀྱིས་འཕེན་པ་མ་གྲུབ་པས༔ རིགས་དྲུག་མངལ་ཁ་སྟོང་པར་བཞག༔ ལས་དང་བག་ཆགས་གསོག་པ་སྟོང༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས༔ སེམས་ཉིད་ཐིག་ལེ་ཉག་གཅིག་ལ༔ འཕོ་འགྱུར་ཀ་ནས་དག་སྟེ་སྟོང༔ སྐྱེ་ཤི་གཉིས་པོ་རྩད་བཅད་དེ༔ ཀུན་གཞི་རྩ་བྲལ་དོན་རྟོགས་པས༔ སྐྱེ་རྒ་ན་འཆིའི་ཆུ་བོ་སྐམ༔ ལས་ཀྱི་རྣམ་སྨིན་རང་སར་དག༔ རྒྱུ་དྲུག་གནས་ནས་ཟློག་སྟེ་སྟོང༔ འཁོར་བ་མ་སྤང་རང་སར་གྲོལ༔ མྱ་ངན་འདས་པ་མ་བསྒྲུབ་ཐོབ༔ འཁོར་འདས་གཉིས་མེད་ཆོས་སྐུར་འདྲེས༔ རྣམ་སྨིན་ལུས་བླང་དོན་མི་གདའ་གསུངས་སོ༔ ༔སློབ་དཔོན་གྱི་ཞལ་ནས༔ མཚོ་རྒྱལ་ངའི་གདམས་པ་འདི་དུས་གསུམ་སངས་རྒྱས་རྣམས་ཀྱི་གཤེགས་ཤུལ་ཡིན་ཏེ༔ འདིའི་ངང་ལ་སངས་རྒྱས༔ ཁམས་གསུམ་གྱི་སེམས་ཅན་གྱི་གྲོལ་ཤུལ་ཡིན་ཏེ༔ འདིའི་ངང་ལས་གྲོལ༔ པདྨ་བདག་གི་དགོངས་པ་ཡིན་པས༔ མཚོ་རྒྱལ་ཐུགས་ལ་ཆོངས༔ སྐལ་མེད་རྣམས་ཀྱི་སྐྲག་ཡུལ་ཏེ༔ སྐུར་པ་བཏབ་པས་དམྱལ་བར་ལྟུང༔ སྐལ་ལྡན་རྣམས་ཀྱི་མེ་ལོང་ཡིན༔ བསྟན་པ་ཙམ་གྱིས་གྲོལ༔ མ་སྤེལ་རིན་ཆེན་གཏེར་དུ་སྦོས་ལ་རྒྱ་ཡིས་ཐོབས༔ སྐལ་ལྡན་ལས་འཕྲོ་ཅན་ལ་གཏེར་སྒོ་ཕྱེས་ལ་གཏོད་ཅེས་གདམས་སོ༔ ལྟ་བ་ཡས་འབུབས་ཐག་ཆོད་ཀྱི་སྐོར༔ སློབ་དཔོན་པདྨས་གདམས་པའི་བཅུད་ཕྱུང་ནས་ཇོ་མོ་ལ་གཏད་པ༔ ཡོས་བུའི་ལོ་སྟོན་ཟླ་འབྲིང་པོའི་ཚེས་བཅོ་བརྒྱད་ལ་མཆིམས་ཕུའི་ཡང་དབེན་དུ་ཡི་གེར་བཀོད་པའོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ༄༅༔ ན་མོ་གུ་རུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ༔ མུ་ཏིག་ཤེལ་གྱི་སྤ་མ་གོང་གི་དབེན་གནས་སུ༔ ཇོ་མོ་མཁར་ཆེན་བཟས་གདམས་པ་ཞུས་པའི་ཚེ༔ ཉམས་ལེན་དྲི་མེད་ཤེལ་ཕྲེང་འདི་གསུངས་སོ༔ སློབ་དཔོན་པདྨའི་ཞལ་ནས༔ སྙིང་ནས་ཆོས་བྱེད་པ་ལ་བརྒྱུད་པའི་བཀའ་བབས་མ་ཆད་པ་ཞིག་དགོས་གསུངས༔ ཇོ་མོས་དེ་གང་ལ་ཟེར་བ་ལགས་ཞུས་པས༔ སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་བཀའ་བབས་མ་ཆད་པའི་བརྒྱུད་པ་ཞིག་དགོས་གསུངས་ཏེ༔ དེ་སློབ་དཔོན་པདྨའི་བརྒྱུད་པ་འདི་ཡིན་པར་འདུག༔ ཆོས་སྐུ་ཀུན་ཏུ་བཟང་པོས་ལོངས་སྐུ་སྣང་བ་མཐའ་ཡས་ལ་བརྒྱུད༔ དེས་སྤྲུལ་སྐུ་པདྨ་འབྱུང་གནས་ལ་རིག་པ་ཐབས་ཀྱིས་བརྒྱུད༔ སྤྲུལ་སྐུས་དངོས་སུ་བྱོན་པའི་གསུང་ཁོ་མོ་བུད་མེད་ཀྱིས་ཐོབ་པ་ཡིན༔ བརྒྱུད་པའི་བཀའ་བབས་དང་ལྡན་པ་ཡིན་ནོ༔ སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ སྣོད་མེད་སྐལ་པ་དང་མི་ལྡན་པ་ལ་གདམས་པ་མི་སྦྱིན་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ བླ་མ་ལ་མི་གུས་ཤིང་ཆོས་ཐབས་ཀྱིས་འདོར༔ ཐོབ་ནས་ཁུངས་གཞན་ལ་འབྱིན༔ གདམས་ངག་མཆུའི་ཟོང་དུ་བྱེད༔ བརྒྱུད་པའི་བཀའ་མི་འཛིན༔ སྒྲུབ་པ་མི་བྱེད་པ་ལ་ཆོས་བྱིན་པས་གདམས་པའི་སྣོད་དུ་མི་རུང༔ མ་གོ་ཞིང་ངེས་ཤེས་མེད་པས་ཆོས་མི་ཐུབ༔ སྣོད་ངན་ལ་གདམས་པ་བྱིན་པས་ཡི་གེའི་རིས་དང་དཔེ་ཆར་སོང་ནས་ཆོས་འཆལ་བ་ལ་དགོས་པ་མི་གདའ་གསུངས༔ ༔སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ སྒྲོ་སྐུར་ཅན་གྱི་གང་ཟག་ལ་ཆོས་མི་བསྟན་གསུངས༔ ཇོ་མོས་སྐྱོན་ཅི་བདོག་ཞུས་པས༔ གདམས་པའི་གནད་མེད༔ བརྒྱུད་པའི་བཀའ་བབས་མེད་པས་སེམས་དང་ཆོས་སུ་མ་འདྲེས༔ རྟོག་གེའི་རྗེས་གཅོད་ལ་མཁས་པའི་མི་ལ་ཆོས་བསྟན་པས་ཆོས་ལ་སྐུར་པ་འདེབས༔ ཆོས་ཉིད་ལ་སྐུར་པ་བཏབ་པས་ཁོས་སྡིག་གསོག༔ རང་དེ་ལ་མ་དགའ་ནས་ཉམས་པས་ཆོས་ལ་བརྟེན་ནས་གཉིས་ཀའི་སྡིག་གསོག་པ་ལ་དགོས་པ་མི་གདའ་ཡི་གསུངས༔ ༔སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ གདམས་ངག་མཆུ་ཟོང་བྱེད་པའི་འཁོར་མི་བསྟེན་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ འཇིག་རྟེན་འདིའི་ཁེ་གྲགས་ལ་དགའ་བའི་མི་ཉན་ལོ་ཤེས་ལོ་ནས༔ སྒྲུབ་པ་གཙོར་མི་བྱེད་པར་ཆོས་འཚོང་བའི་ཚོང་དཔོན༔ ཟས་ནོར་བསྙེན་བཀུར་བག་ཙམ་ཐོབ་ན་ཆོས་ལ་བླ་མའི་བཀའ་རྒྱ་ཡོད་ཀྱང་མི་ཐུབ་པ་དེ་ལྟ་བུ་ལ་མན་ངག་མི་སྦྱིན༔ ཆོས་བཀའ་འཆལ་བར་འགྱུར་བ་ཡིན༔ འཆི་མེད་ཀྱི་བདུད་རྩི་རང་གིས་མི་ཟ་བར་གཞན་ལ་བྱིན་པ་ལ་དགོས་པ་མི་གདའ་གསུངས༔ ༔སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ སྔོན་སྦྱངས་ལས་འཕྲོ་ཅན་གྱི་གང་ཟག་ལ་མན་ངག་གི་བཅུད་བཏོན་ལ་སྦྱིན༔ ཇོ་མོས་དེ་གང་ལགས་ཞུས་པ༔ བླ་མ་སངས་རྒྱས་སུ་མཐོང་བས་མོས་པ་ཆེ་བ༔ གདམས་ངག་ལ་བདུད་རྩིར་མཐོང་བས་ངེས་ཤེས་སྐྱེས་པ༔ བློ་ཐེ་ཚོམ་དང་བྲལ་བས་བཀའ་ལུང་ལ་ནོར་བུ་རིན་པོ་ཆེར་མཐོང་བ༔ འཁོར་བའི་སྡུག་བསྔལ་དུག་ལྟར་མཐོང་བས་སྒྲུབ་པ་ལ་རྩོལ་བ༔ ཚེ་འདིའི་བྱ་བ་ལ་དོན་མེད་དུ་མཐོང་བས་དཀའ་ཐུབ་ལ་སྡུག་སྲན་ཆེ་བ༔ དེ་ལྟ་བུ་ལ་གདམས་པ་བྱིན་ན་རང་གཞན་གཉིས་ཀའི་དོན་དུ་འགྱུར་བ་ཡིན༔ སེང་གེའི་འོ་མ་སྣོད་ངན་གྱིས་མི་ཐུབ་པས་གསེར་གྱི་བུམ་པར་བླུགས་ན་ངོ་མཚར་ཆེ་བ་ཡིན་གསུངས༔ ࿊ ༔སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ དཀའ་ཐུབ་ཀྱི་སྲང་དུ་མ་བཅུག་ན་ཉམས་ལེན་རྒྱུད་ལ་མི་ཁེལ་བས་དཀའ་ཐུབ་བྱ་བ་གལ་ཆེ་གསུངས༔ ཇོ་མོས་དཀའ་ཐུབ་ཀྱི་སྲང་དུ་ཇི་ལྟར་འཛུད་ཞུས་པས༔ དང་པོ་ཆོས་ཉམས་སུ་ལེན་པ་ལ་དཀའ་ཐུབ་དང་མ་བསྲེས་པར་སྙོམ་ལས་ལེ་ལོ་ཙམ་གྱིས་མི་འོང་བས༔ དུས་ཚོད་ཟླ་བ་བཟང་པོ་ནམ་ཟླ་དབྱར་སྟོན༔ ཚེས་གྲངས་བཟང་པོ་བརྒྱད་དམ་ཉ༔ གནས་དུར་ཁྲོད་དམ་གངས་རིའམ་གྲུབ་ཐོབ་ཀྱི་གནས་སམ་དབེན་པར་སོང་ལ༔ གནས་དེར་མ་དྷལ་བཤམ༔ མཆོད་པ་བཤམ༔ རྟེན་དགྲམ༔ གནས་དེའི་ས་བདག་ཀླུ་ལ་སོགས་པ་ལ་གཏོར་མ་བཏང་ལ་བར་ཆད་མ་བྱེད་པར་བཀའ་བསྒོ༔ ནངས་ནུབ་ཆོས་སྤྱོད་ལས་དུབ་པ་སྤང་སྟེ༔ བླ་མ་དང་དཀོན་མཆོག་ལ་མཆོད་པ་འབུལ༔ གསོལ་བ་གདབ༔ ཡི་དམ་དང་ཆོས་སྐྱོང་ལ་གཏོར་མ་རྒྱུན་པར་གཏོང༔ གཏོར་མ་གཏོང་བའི་ཚེ་ཁ་ཕྱིར་མི་འཕོ་ནང་དུ་བསྟན་ལ་གཏད༔ ཉིན་མོ་སྣང་བ་ཉིད་ལམ་དུ་བསླང་སྟེ་སྣང་ལ་བཟོ་མི་བྱ་བར་རང་སོར་གཞག༔ རང་གྲོལ་དུ་གཞག༔ འཛིན་པ་མེད་པར་གཞག༔ བུན་ནེ་ཝ་ལེ་གཞག༔ ནུབ་མོ་རིག་པ་ལམ་དུ་ཁྱེར་ཏེ༔ སྲོད་ལ་སེམས་སྟོད་ལ་བྱིང་རྨུགས་སུ་མི་གཏང་བར་སིང་ངེ་གཞག༔ ནམ་ཕྱེད་གཉིད་དང་ཆོས་ཉིད་བསྲེས་ལ་དྲན་མེད་ཀྱི་ངང་ལ་ཉལ༔ རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱ་སྙམ་དུ་འདུན་པ་དྲགས་པོ་གཏང༔ དེས་རྨི་ལམ་དུ་ཡང་ཆོས་ཉིད་དྲན་པ་དང་བདེ་སྡུག་ལས་གྲོལ་བར་འགྱུར་རོ༔ ཐོ་རངས་ཆོས་ཉིད་ལམ་དུ་ཁྱེར་ཏེ༔ གཉིད་སངས་ནས་ཁམས་བདེ་བའི་དུས་དེར༔ ཆོས་ཉིད་གསལ་ལ་འཛིན་པ་མེད་པར་རང་བྱུང་ལ་མ་དྲེད་པར་གསལ་བཏབ་ལ་བསྒོམ༔ ངན་དྲེད་དང་སྙོམ་ལས་ཀྱི་ཁར་མི་གཏང་བར་དཀའ་ཐུབ་ཚད་བསྲིང་ཞིང་བསྒོམ་མོ༔ སྒྲུབ་པ་མ་ཐོན་བར་དུ་གཞན་གྱི་གོས་མི་གོན༔ ཟས་ངན་པ་དང་ཉམས་གྲིབ་ཅན་གྱི་ཟས་མི་ཟ༔ གདན་མི་སྤོ༔ གཞན་གྱི་སྲུང་སྐྱོབ་མི་བྱ༔ ལུས་གོས་དང་དྲི་མ་དང་མགོ་དང་སྐྲ་མི་བཀྲུ༔ སྐྲ་དང་སེན་མོ་མི་བྲེག༔ གཞན་ལ་ཆོས་མི་བཤད༔ དམ་བཅའ་ཡང་དུས་གཅིག་མི་བྱ་བར་བསྲིང་ཞིང་བྱ༔ སྒྲུབ་པ་མ་ཐོན་བར་དུ་གཞན་དོན་སྤང༔ རང་དོན་དུ་དགེ་སྦྱོར་འཕེལ་བར་སྒྲུབ༔ དཀའ་ཐུབ་ཐོན་ནས་གཏང་རག་གི་མཆོད་པ་ཡང་རིམ་པས་གཏང༔ མཚམས་ཀློད་ནས་ཞག་ཁ་ཡར་དུ་མཚམས་རྗེས་སྲུང་ཞིང༔ གྲོང་ཡུལ་དང་ཐག་རིང་དུ་མི་འགྲོའོ༔ སྤྱིར་བདེ་བར་འདོད་ན་རང་ལ་དཀའ་ཐུབ་ལ་སོགས་པ་སྡུག་བསྔལ་གྱིས་ཐོག་དྲངས་ན༔ ཆོས་ཉམས་ལེན་སྲང་དུ་ཚུད་ནས་བདེ་བ་ཡུན་རིང་བ་འོང་བ་ཡིན༔ ༔སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ དམ་བཅའ་ཕྱིར་བསྲིང་མ་ཤེས་ན་བར་ཆད་ཀྱི་བདུད་ཀྱིས་ཁྱེར་བ་ཡིན་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ གདམས་པ་མ་ཉམས་པ་དེ་དཀའ་ཐུབ་དམ་བཅས་ཉམས་སུ་ལེན་པའི་དུས་སུ༔ གཞན་གྱི་བསྙེན་བཀུར་དང་ཕྱག་དང་མཆོད་པ་དང་སྲུང་སྐྱོབ་ལ་སོགས་པས་གཞན་གྱི་ངོ་སྲུང་དང་ཟས་སྐོམ་གྱི་འཁྲི་བ་ལ་གཉེན་པོ་དྲག་པོས་དེ་དག་སྤོངས༔ དམ་བཅའ་ཡང་དང་པོ་ཞག་བདུན་དགུ་ཟླ་ཕྱེད་དེ་ནས་ཟླ་བ་དང་ལོར་རིམ་པར་བསྲིང་ཤེས་པ་སྟེ༔ རབ་ཀྱིས་ལོ་བཅུ་གསུམ༔ འབྲིང་གིས་ལོ་དྲུག༔ ཐ་མས་ཀྱང་ཟླ་བ་དྲུག༔ དེ་ཡང་མ་གྲུབ་ན་དབྱར་རྒུན་རེ་ཙམ་ལེ་ལོ་དང་སྙོམ་ལས་མེད་པར༔ དེ་ལ་དཀའ་ཐུབ་ཀྱི་རྡེའུ་བཙུགས་ན་དོན་ཅན་དུ་འགྲོ་བ་ཡིན༔ ལར་མི་འགྲུབ་པའི་དམ་བཅའ་འདི་ཉམས་པའི་རྒྱུ་ཆེན་པོ་ཡིན་པས་མི་འགྲུབ་པའི་དམ་བཅའ་མི་བྱ་གསུངས༔ ༔སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ གདམས་པ་མ་ཉམས་པ་དེ་རྒྱུད་ལ་ཉམས་སུ་ལེན་ཙ་ན་ངག་གི་སྨྲ་གཅད་འདི་གལ་ཆེ་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ གཡེང་བའི་ནང་ན་ཆེ་བ་སྨྲ་བ་མང་བ་ཡིན་པས་ལོང་གཏམ་གྱིས་དགེ་སྦྱོར་གྱི་བར་ཆད་དུ་འགྲོ་བ་ཡིན༔ སྨྲ་གཅད་ནུས་ན་མཚམས་ཀྱི་ནང་ནས་མཆོག་ཡིན་ཏེ༔ ལུས་ཚོང་འདུས་ན་འདུག་ཀྱང་མི་ལྟོ༔ དཀའ་ཐུབ་ཇི་ཙམ་བྱེད་པ་སྨྲ་གཅད་བྱེད་ནུས་ན་ལེགས༔ དེ་མ་འགྲུབ་ཀྱང་དགེ་སྦྱོར་མ་ཐོན་བར་དུ་སྨྲ་བ་གཅད་དགོས༔ ངག་ལ་ནུས་པ་འབྱུང་ཞིང་མྱུར་དུ་འགྲུབ་པ་ཡིན༔ ལར་ཆོས་སྤྱོད་མ་ཡིན་པའི་སྨྲ་བ་མང་པོ་ལ་དོན་མེད་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཡི་དམ་ལྷ་སྒོམ་པ་ལ་སྐུ་གསུང་ཐུགས་མཉམ་བཞག་གི་དགོངས་པ་གལ་ཆེ་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ ལུས་ལྷའི་རྣམ་པར་སྣང་ལ་རང་བཞིན་མེད་པར་གསལ་བ་དེ་སྐུ་མཉམ་པར་བཞག་པ་ཡིན༔ ངག་ལྷ་དེའི་སྔགས་གསལ་ལ་དག་པ་གྲགས་སྟོང་དུ་ཟློས་པ་དེ་གསུང་མཉམ་པར་བཞག་པ་ཡིན༔ ཡིད་རྣམ་པར་རྟོག་པ་དང་བྲལ་བ་གསལ་སྟོང་དབྱེར་མེད་པ་དེ་ཐུགས་མཉམ་པར་བཞག་པ་ཡིན༔ སྐུ་གསུང་ཐུགས་མཉམ་བཞག་ལས་མི་འདའ་བ་དེ་ཕྱག་རྒྱ་ཆེན་པོ་བྱ་བ་ཡིན༔ ཨཱོྃ་སྐུ་ཨཱཿགསུང་ཧཱུྃ་ཐུགས་འབྲུ་གསུམ་པོ་འདི་རྒྱུན་དུ་བཟླས་ན་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་ལྡན་པ་ཡིན༔ ལར་སྐུ་གསུང་ཐུགས་ཡ་བྲལ་ན་གསང་སྔགས་ལམ་ལོག་པ་དེ་ཀ་ཡིན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ བཟླས་པའི་གྲངས་ཀྱི་ཐུན་ཚད་གཟུང་བ་འདི་གལ་ཆེ་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ བཟླས་པ་བྱེད་པ་ལ་དུས་གསུམ་མམ་བཞིར་ཞག་རེ་ལ་ཐུན་གཅིག་བྱས་ལ༔ རབ་སྟོང༔ འབྲིང་ལྔ་བརྒྱ༔ ཐ་མ་ཡང་བརྒྱ་རྩ་བརྒྱད་དམ་བཅའ་བྱས་ལ༔ དེ་མ་ཐོན་བར་དུ་ངག་བཅད་དེ་མི་ཚིག་གིས་བར་མ་ཆད་པར་བྱ༔ དེས་བར་ཆད་མི་འབྱུང༔ བཟླས་པ་ལ་ནན་ཏན་བྱེད་པ་འདི་ངའི་གདམས་ངག་ཡིན༔ སྒྲིབ་པ་འབྱང༔ ཚོགས་སོག༔ བར་ཆད་སེལ༔ དངོས་གྲུབ་འབྱུང༔ བཟླས་པའི་ནང་ནས་ཀྱང་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་འབྲུ་གསུམ་པོ་འདིར་མ་འདུས་པ་མེད་པས་འདི་ཟློས་ཤིག༔ ལར་ཐིགས་པ་བསགས་ན་རྒྱ་མཚོ་ཙམ་འོང་བ་ཡིན༔ མཆུ་མི་སྡོམ་པར་སྔགས་འབྲུ་རེ་རེ་ལའང་སློབ་པ་གལ་ཆེ་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཐབས་ཤེས་རབ་ཟུང་དུ་མ་འབྲེལ་ན་གསང་སྔགས་ལམ་ལོག་པར་འགྲོ་བ་ཡིན་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཐབས་ཞེས་བྱ་བ་བསྐྱེད་རྫོགས་གང་སྒོམ་ཡང་དེ་ཉིད་ཀྱི་དོན་མ་ནོར་བ་དེ་ཡིན༔ ཤེས་རབ་བྱ་བ་ལྟ་བ་ཆོས་ཉིད་སྟོང་པ་འོད་གསལ་རང་བྱུང་གི་དོན་མ་རྟོགས་ན་ཤེས་རབ་ཀྱི་ལམ་དུ་མི་འགྲོ་ལ༔ ཐབས་དང་བྲལ་བའི་ཤེས་རབ་ལ་ཉམས་མྱོང་མི་སྐྱེ༔ ཤེས་རབ་དང་བྲལ་བའི་ཐབས་རྐྱང་གིས་ཆོས་ཉིད་ལག་ཏུ་མི་ལོན༔ དེས་ན་ཡ་མ་བྲལ་བར་ཟུང་དུ་འབྲེལ་དགོས་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ མཉམ་གཞག་རྗེས་ཐོབ་གཉིས་མེད་དུ་མ་ཤེས་ན་སྟོང་པའི་གནས་མི་ཐོབ་གསུངས༔ ཇོ་མོས་གང་ལགས་ཞུས་པས༔ མཉམ་གཞག་ལ་ཆོས་ཉིད་དངོས་པོ་མེད་པའི་ངོ་བོ་ཉིད་གསལ་ལ་རྟོག་པ་མེད་པ་དེ་ལ་བཞག་ལ༔ རྗེས་ལ་གང་ལ་ཡང་རང་བཞིན་མེད་པར་སྟོང་པར་རྟོགས༔ སྟོང་པ་ཉམས་སུ་མྱོང་བ་ལ་ཞེན་པ་དང་ཆགས་པ་མེད་པར་མཉམ་བཞག་དང་རྗེས་ཐོབ་མེད་པར༔ དམིགས་པ་དང་མཚན་མ་མེད་པར་རང་ཞིག་ཏུ་འགྲོའོ༔ ལར་མཉམ་གཞག་དང་རྗེས་ཐོབ་ལ་གསལ་མི་གསལ་མེད་པ་བྱད་དང་མེ་ལོང་བལྟས་པ་ལྟ་བུ་ཞིག་དགོས་པ་ཡིན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ བྱིང་རྒོད་རང་སར་དག་པར་མ་ཤེས་ན་བསྒོམས་ཀྱང་སྐྱོན་གྱི་མཐར་འཆོར་བ་ཡིན་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ ཆོས་ཉིད་རང་གསལ་ལ་བཞག་པའི་ཚེ༔ བྱིང་རྒོད་ལ་སོགས་པ་བྱུང་བའི་དུས་སུ་དེ་ཉིད་ལ་བལྟས་པས་བྱིང་བ་ཉིད་ཀྱང་ཆོས་ཉིད་སྟོང་པར་འདུག༔ བྱིང་རྒོད་ལ་མངོན་ཞེན་མེད་པར་དག་ནས་བྱིང་རྒོད་ཀྱི་མཐར་མི་འཆོར་བར་རང་གྲོལ་དུ་འགྲོ༔ བྱིང་རྒོད་རང་སར་དག་པར་ཤེས་ན་སྒོམ་བྱུང་བ་ཡིན་གསུངས༔ ལར་སྒོམ་ཐམས་ཅད་བྱིང་རྒོད་བཅོས་པས་བློ་སྒོམ་དུ་སོང་བ་ཡིན༔ བྱིང་རྒོད་རྩ་བ་སྟོང་པར་རྟོགས་པ་གལ་ཆེ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྤྱོད་ལམ་དང་བསྲེ་མ་ཤེས་ན་བསམ་གཏན་གྱིས་འཆིང་བ་ཡིན་གསུངས༔ ཇོ་མོས་དེ་ཇི་ལྟར་འཆིང་ཞུས་པས༔ ཆོས་ཉིད་སྤྲོས་པ་དང་བྲལ་བ་ལ་མཉམ་པར་བཞག་ནས་རྒྱུད་ལ་མྱོང་བ་དེ་འགྲོ་འཆག་ཉལ་དང་འདུག་ལྡང་དུ་ཉམས་སུ་ལེན་པའོ༔ རང་སྤྱོད་ལམ་ཅི་བྱེད་ཀྱང་ཆོས་སྤྱོད་དང་མ་བྲལ་བས༔ རྒྱུ་ཆོས་ཉིད་ཀྱི་ངང་ལ་གནས་ཏེ་བསམ་གཏན་ཐུན་དུ་སྒོམ་པ་དང་མ་བྲལ་བར་འགྱུར་རོ༔ ལར་སྒོམ་གནད་དུ་མ་ཐེབས་པར་ལུས་སེམས་བཙོན་དུ་འཛིན་པའི་སྒོམ་ཆེན་དེ་འཆིང་བའི་ཞགས་པ་ཡིན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ མཆོད་བཤགས་ཀྱི་བྱ་བ་བཞག་ནས་ལས་ཀྱི་སྒྲིབ་པ་མི་འདག་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ གདམས་པ་ཉམས་སུ་ལེན་པའི་དུས་སུ༔ ཆོས་སྤྱོད་ལམ་དུ་བྱེད་པ་ཞེས་བྱ་སྟེ༔ སྒོམ་པ་དང༔ མཆོད་པ་དང༔ བསྐོར་བ་དང༔ སཱཙྪ་དང༔ གཏོར་མ་དང༔ ཀློག་འདོན་དང༔ གཞན་ཆོས་སྤྱོད་ཐམས་ཅད་ཟག་མེད་ཀྱི་ལམ་དུ་བཅུག་ནས་བྱ་བ་དང་བྱེད་པ་རྒྱུན་མི་གཅད་དོ༔ ཞེན་པ་དང་ངལ་དུབ་ལ་སོགས་པའི་སྒོ་ནས་གཙོར་ཡང་མི་སྒྲུབ༔ ལར་དམིགས་པ་མེད་པས་མ་ཟིན་ན༔ ཅི་བྱས་ཐམས་ཅད་འཁོར་བའི་བདེ་འབྲས་སྐྱེད་པ་ལས་བྱང་ཆུབ་ཀྱི་ལམ་དུ་མི་འགྱུར༔ དོན་མེད་པ་ཡིན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་ཉམས་སུ་བླངས་པ་ལས་དྲོད་རྟགས་ཀྱི་རྩལ་མ་ཕྱིན་ན༔ གདམས་པ་དོན་ཐོག་ཏུ་མ་ཕེབས་པ་ཡིན་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ ནང་རྟགས་བདེ་གསལ་མི་རྟོག་པ་ཁོང་ནས་རང་ཤར་བ༔ ཉོན་མོངས་འཛིན་པའི་མངོན་ཞེན་དང་བྲལ་བ་རྟོགས་པ་རང་གྲོལ་དུ་སོང་བ་ཡིན༔ བྱིན་རླབས་རང་རྡོལ་ཤུགས་འབྱུང་ལུས་ངག་ལ་འབྱུང༔ ཉོན་མོངས་པ་དང་རྐྱེན་ངན་ཐོག་རྫིས་སུ་གཅོད་ནུས་པ༔ ནད་གདོན་བདུད་ཀྱིས་བསླུར་མི་བཏུབ་ན༔ བར་གྱི་རྟགས་ཆོས་ཀྱི་བྱིན་རླབས་རྙེད་པ་ཡིན༔ འཇིག་རྟེན་ཆོས་བརྒྱད་དང་བྲལ་ནས་བདག་འཛིན་གྲོལ་ན་ཕྱི་རྟགས་ཡིན༔ ལར་ཆོས་བདག་པོ་ངན་ན་ངེས་ཤེས་མི་སྐྱེ་བ་ཡིན་པས༔ བླ་མ་གྲུབ་ཐོབ་བརྒྱུད་པ་བར་མ་ཆད་པ་ལ་གཏུགས་འཚལ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ གདམས་པ་ཟབ་མོ་ལ་པོ་ཏི་མེད་གསུངས༔ ཇོ་མོས་དེ་ཇི་ལྟར་ལགས་ཞུས་པས༔ གདམས་པ་མ་ཚོར་བ་དེ་ཚིག་གཅིག་ལ་ཡང་བླ་མ་ཁྱད་པར་ཅན་གཅིག་གིས༔ སློབ་མ་སྐལ་ལྡན་གཅིག་ལ་བཏབ་ནས་ལག་ཏུ་བླངས་པས་ངེས་ཤེས་སྐྱེ་བ་ཡིན་གསུངས༔ ༔མཚོ་རྒྱལ་རང་སེམས་སྐྱེ་མེད་སྟོང་གསལ་ཀུན་ལ་ཁྱབ་པ་ཡིན་གྱིས་རྒྱུན་དུ་ཉམས་ལེན་གྱིས༔ ལར་ཆོས་ཀྱི་བདག་པོ་བཟང་ན་མན་ངག་གར་ཐོད་ཐོད་ན་ཡོད་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་ཅི་བྱེད་སེམས་ཅན་གྱི་དོན་དུ་མ་སོང་ན་ཉན་ཐོས་འགོག་པར་འགྲོ་གསུངས༔ ཇོ་མོས་དེ་ཇི་ལྟར་འགྲོ་ཞུས་པས༔ གདམས་པ་ཉམས་སུ་ལེན་པའི་དུས་སུ༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་དགོངས་པ་ཉམས་སུ་ལེན་པ་ཡིན༔ ཐེག་པ་ཐུན་མོང་མ་ཡིན་པས་གཞན་དོན་སྒྲུབ་པ་ཡིན༔ རང་གཅིག་པུ་ཞི་བདེ་འདོད་པ་དེ་ཐེག་པ་ཆུང་ངུ་བ་ཡིན༔ ལར་རང་གཅིག་པུ་བདེ་བར་འདོད་པ་ལ་སྐྱིད་མི་འོང་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ དམིགས་པ་མེད་པའི་སྙིང་རྗེས་མ་ཟིན་ན༔ བྱས་པའི་དགེ་བའི་རྩ་བ་ཐམས་ཅད་ཆུད་འཛའ་བ་ཡིན་གསུངས༔ ཇོ་མོས་དེ་ཇི་ལྟར་ལགས་ཞུས་པས༔ དམིགས་པ་དང་བཅས་པའི་དགེ་བའི་རྩ་བ་ནི་འཕེལ་དུ་མི་བཏུབ་ཅིང་འཛད་པ་ཡིན༔ དམིགས་པ་མེད་པའི་བསྔོ་བས་ཟིན་ན༔ དགེ་བའི་རྩ་བ་མི་འཛད་པས་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུའི་གཙོ་བོ་ཡིན༔ དམིགས་མེད་དེ་གང་ཡིན་ཞེ་ན༔ བདག་མི་དམིགས༔ གཞན་མི་དམིགས༔ དགེ་བའི་རྩ་བ་མི་དམིགས༔ སྟོང་ཕྱམ་གྱིས་གཏང་འཚལ༔ ལར་དྲེགས་པ་དང་བཅས་པའི་དགེ་བ་དེ༔ བསྔོ་བ་ལོག་པ་ཡིན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཐབས་ལ་མཁས་པའི་དགེ་བའི་རྩ་བ་གཅིག་གིས་གཞན་ཟིལ་གྱིས་གནོན་པ་ཡིན་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ གདམས་པ་ཐམས་ཅད་ལ་མཁས་པ་དང་བཅས་པས་ལག་ཏུ་ཐོབ་ན༔ ཡང་དག་པའི་དོན་དེ་ལ་སྦྱངས་ཤིང༔ དམིགས་མེད་བསྔོ་བས་རྒྱས་བཏབ་པས༔ དངོས་པོའི་དམིགས་སྤྱོད་ཟིལ་གྱིས་མནན་ཏེ༔ ཆོས་གང་ལས་ཀྱང་དགེ་བའི་རྩ་བ་འཕེལ་བ་ཡིན༔ ལར་དགེ་བའི་རྩ་བ་དོན་དུ་འཕེལ་བ་ལ་དམིགས་མེད་རྗེས་མེད་དགོས་གསུངས༔ ༔སློབ་དཔོན་སྤྲུལ་སྐུ་པདྨ་འབྱུང་གནས་ཀྱི་ཞལ་ནས༔ མཐུན་པ་གསུམ་ལྡན་གྱི་གྲོགས་དང་འགྲོགས་ན་བར་ཆད་བདུད་ཀྱིས་མི་ཚུགས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ མཐུན་པའི་བླ་མ་ཚད་ལྡན་དེ་ལ་གསོལ་བ་འདེབས་པའི་དོན་དུ་སྤྱི་བོར་བསྒོམ༔ མཐུན་པའི་གྲོགས་དམ་ཚིག་གཅིག་པའི་ཆོས་བྱེད་པ་དང་འགྲོགས༔ མཐུན་པའི་གདམས་པ་བླ་མ་སྒྲུབ་པ་པོས་ཉམས་ལེན་གྱིས་ལག་ཏུ་བླང་བའི་ཁྲིད་ལ་བརྟེན་ནས་ཉམས་སུ་བླང༔ དེ་གསུམ་དང་མ་བྲལ་ན་བར་ཆོད་ཀྱིས་མི་ཚུགས་པ་ཡིན༔ ལར་རང་སེམས་དཔང་དུ་བཙུགས་ན་ཇི་ལྟར་སོང་ཡང་ལེགས་པར་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་ཉམས་སུ་ལེན་པ་ལ་གཞི་ནས་བཅས་ལེགས་པ་ཞིག་དགོས་པ་ཡིན༔ ཇོ་མོས་དེ་ཇི་ལྟར་བགྱི་ཞུས་པས༔ དང་པོ་རང་ཚོགས་བསགས་པ་ཞིག་མེད་ན་བླ་མ་གདམས་པ་ཅན་དང་མི་འཕྲད༔ སྔོན་སྦྱངས་ཀྱི་ལས་འཕྲོ་མེད་ན་ཆོས་མི་གོ༔ དད་གུས་ཁྱད་པར་ཅན་མེད་ན་བླ་མའི་ཡོན་ཏན་མི་གོ༔ སྡོམ་ཁྲིམས་དང་དམ་ཚིག་མེད་ན་ཆོས་ཀྱི་རྩ་བ་ཉམས༔ གདམས་ངག་གི་ཁྲིད་ཀྱིས་མ་ཁྲིད་ན་སྒོམ་མི་ཤེས༔ བརྩོན་འགྲུས་དང་འབད་པ་མེད་ན་དགེ་སྦྱོར་བསྲང་ལ་མི་ཚུད༔ འཁོར་བ་ལས་ཡིད་མ་བྱུང་ན་ཆོས་མཐར་མི་ཕྱིན༔ དེ་དག་ཐམས་ཅད་འཛོམ་ན་ཆོས་འོང་སྟེ༔ སྤང་བྱ་སྤངས་ན་བསྒྲུབ་བྱ་འགྲུབ་པར་འགྱུར་རོ༔ ལར་ཆོས་འདི་རྟེན་འབྲེལ་མང་པོ་འཛོམ་དགོས་པས་ཆོས་ཡང་དག་པར་གཞུང་བཞིན་འགྲུབ་པ་དེ་ཉུང་བར་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་ཤེས་པས་མི་ཕན་ཉམས་སུ་ལེན་དགོས་གསུངས༔ ཇོ་མོས་ཉམས་སུ་ལེན་ན་ཇི་ལྟར་བགྱི་ཞུས་པས༔ ལྟ་བའི་གོ་རྒྱ་ཕྱེད་པས་ཆོས་ལ་ཕྱོགས་རིས་མི་བྱ༔ སྒོམ་པའི་བཙན་ས་ཟིན་པས་ཆོས་རྣམས་ཀྱི་དོན་སེམས་སུ་བསྡུ༔ སྤྱོད་པའི་འཇུག་སྒོ་ཕྱེད་པས་ལྟ་སྤྱོད་གང་ཡང་མ་འགལ་བར་བྱ༔ འབྲས་བུའི་གདེང་དང་ལྡན་པས་འཁོར་འདས་ཆོས་ཉིད་དུ་མཉམ༔ དམ་ཚིག་གི་བསྲུང་མཚམས་ཤེས་པས་སྡོམ་པ་གསུམ་ལྡན་དུ་བསྲུང༔ དེ་ལྟར་ཉམས་སུ་བླངས་ན་ཆོས་ལ་འཆུགས་མེད༔ ལར་ཆོས་ཁ་ཆོས་སུ་སོང་ནས་རྒྱུད་ལ་མ་འབྱར༔ ཉམས་ལེན་མེད་པ་ཁོ་ན་མང་བར་གདའ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ དུས་ཕྱི་མའི་ཆོས་པར་ཁས་ལེན་པ་ཤས་གཅིག༔ རང་གིས་མ་ཁྲོལ་བར་གཞན་ལ་བཤད་འདོད༔ རང་གིས་མ་བསྒོམ་པར་གཞན་ལ་སྒོམ་འདེབས༔ རང་མ་གྲོལ་བར་གཞན་ལ་གྲོལ་རྫུ་འདེབས༔ རང་འདོད་པ་དང་མ་བྲལ་བར་གཞན་ལ་སྤོང་ཐག་གྱིས་ཤིག་ཟེར༔ ཆོས་ཀྱི་ཕག་ནས་གཡོ་སྒྱུ་དང༔ ཁྲམ་དང༔ མགོ་སྐོར་དང༔ སླུ་བྲིད་བྱེད་པ་མང་དུ་འབྱུང་བས༔ ཆོས་ཚུལ་བཞིན་བྱེད་ན་ཐོས་བསམ་གྱིས་སྒྲོ་འདོགས་ཆོད༔ ཉམས་ལེན་གྱིས་རྒྱུད་ལ་ཁོལ༔ ཚད་ལྡན་གྱི་བླ་མ་བསྟེན༔ བརྩོན་པ་དང་འབད་པས་སྒྲུབས༔ དམ་ཚིག་དང་སྡོམ་ཁྲིམས་སྲུངས༔ དགེ་སྦྱོར་ཕྱི་དུས་སུ་མ་གཞག་པར་འཕྲལ་དག་གྱིས༔ ལར་ཆོས་བྱེད་པ་ལ་འཆི་བ་མ་དྲན་ན་མི་འོང་གསུངས༔ ཉམས་ལེན་ཤེལ་ཕྲེང་དྲི་མེད་ཅེས་བྱ་བ༔ སྤྲུལ་སྐུའི་སློབ་དཔོན་པདྨ་འབྱུང་གནས་ལ༔ མཁར་ཆེན་མཚོ་རྒྱལ་བདག་གི་མོས་པ་ཡིས༔ ལུས་ངག་ཡིད་གསུམ་གུས་པས་གསོལ་བཏབ་པས༔ ཐུགས་ཀྱི་བཅུད་ཐིག་བདུད་རྩི་གསལ་བ་འདི༔ ཕྱི་རབས་དོན་དུ་དཀར་ཆག་ཡི་གེར་བཏབ༔ སྤེལ་བའི་གནས་མེད་རིན་ཆེན་གཏེར་དུ་སྦེད༔ སྐལ་ལྡན་གཅིག་དང་འཕྲད་ནས་ཉམས་སུ་ལོངས༔ ཉམས་ལེན་དྲི་མེད་ཤེལ་ཕྲེང་དྲི་མ་མེད་པའི་སྐོར༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ྈ ༄༅༔ ྈ ན་མོ་གུ་རུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ༔ སྐུ་མངལ་ལས་མ་སྐྱེས་ཏེ་པདྨ་ལས་འཁྲུངས་པ༔ འཆི་འཕོའི་འཇིགས་པ་དང་བྲལ་བ་སྐྱེ་ཤིའི་རྒྱུན་བཅད་པ༔ དགོངས་པ་དཔལ་ཀུན་ཏུ་བཟང་པོ་དང་མཉམ་པ་དེ་ལ༔ ཇོ་མོ་མཁར་ཆེན་བཟས་ཕྱག་ཕྱིར་འབྲངས་ནས་ཞབས་ཏོག་བྱས་ཏེ༔ མུ་ཏིག་ཤེལ་གྱི་སྤ་མ་གོང་ན་བཞུགས་པའི་དུས་སུ༔ སློབ་དཔོན་ལ་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ སེམས་ཅན་སྐྱེ་རྒ་ན་འཆིའི་ཆུ་བོ་ཆེན་པོ་བཞི་ལས་མི་ཐར་བ་འདི་བར་མ་དོ་མ་ཆོད་པས་ལན་གདའ་བ༔ བར་དོ་ལ་རྣམ་པ་དུ་ཡོད་ཞུས་པས༔ སློབ་དཔོན་གྱིས་གདམས་པ༔ མཚོ་རྒྱལ་ཁམས་གསུམ་འཁོར་བའི་སེམས་ཅན་ཐམས་ཅད་བར་དོ་མ་ཆོད་པས་སྐྱེ་བ་བླངས་ཤིང་ཁམས་གསུམ་དུ་འཁོར་བ་ཡིན་གསུངས༔ དེ་ལ་བར་དོ་ལ་རྣམ་པ་ལྔ་ཡིན་ཏེ༔ རང་བཞིན་གནས་པའི་བར་མ་དོ་ཐིག་ལེ་ངོ་སྤྲོད་པ་ནི་དྭ་ཕྲུག་མ་དང་འཕྲད་པ་ལྟ་བུ༔ ཏིང་ངེ་འཛིན་གྱི་བར་མ་དོ་ཤེས་པ་མི་གསལ་བ་གསལ་གདབ་པ་ནི་སྒེག་མོ་མེ་ལོང་བལྟ་བ་ལྟ་བུ༔ རྨི་ལམ་གྱི་བར་དོར་བག་ཆགས་ཀྱིས་མཚམས་སྦྱར་བ་ནི་ཆུ་བོའི་གཞུང་ལྟ་བུ༔ སྐྱེ་ཤིའི་བར་དོ་ལ་ཉམས་ཀྱི་འཕྲོ་འཐུད་པ་ནི་ཡུར་བ་རྐང་ཆག་གི་ཝ་བཙུགས་པ་ལྟ་བུ༔ སྲིད་པའི་བར་མ་དོར་ལས་ཀྱི་འཕྲོ་འཐུད་པ་ནི་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟ་བུ༔ བར་དོ་ལྔ་པོ་འདི་རྩད་མ་ཆོད་ན་འཁོར་བ་རྩད་ཆོད་དུས་མི་འོང་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ དང་པོར་རང་བཞིན་གནས་པའི་བར་དོར་ཐིག་ལེ་ངོ་སྤྲོད་པ་དྭ་ཕྲུག་མ་དང་ཕྲད་པ་ལྟ་བུ་དེ་ཅིས་གཏན་ལ་འབེབ་ཅེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ རང་བཞིན་གནས་པའི་བར་དོར་ཐིག་ལེ་ངོ་སྤྲད་པ་ནི༔ དཔེར་ན་དྭ་ཕྲུག་འཁྱམས་པ་མ་དང་འཕྲད་ན་མ་ཡིན་པ་ལ་མ་ཡིན་པར་ངོ་ཤེས་པ་དང་འདྲ་བར་རང་ཉིད་ཆོས་སྐུར་ངོ་སྤྲད་གསུངས༔ དེ་གཏན་ལ་དབབ་པ་ལ་ཐབས་རྣམ་པ་གསུམ་སྟེ༔ ངོ་བོ་སྟོང་པ་འགྱུར་མེད་ཀྱིས་གནས་ལུགས་ཆོས་སྐུ་གཏན་ལ་དབབ་པ་དང་གཅིག༔ རང་སྣང་རིས་མེད་ཀྱིས་སྣང་ལུགས་ཡེ་ཤེས་གཏན་ལ་དབབ་པ་དང་གཉིས༔ བྱར་མེད་བདེ་ཆེན་གྱིས་གཉིས་མེད་ཡེ་ཤེས་གཏན་ལ་དབབ་པ་དང་གསུམ་ཡིན་གསུངས༔ དང་པོ་ལ་ཆོས་བདུན་ཏེ༔ དང་པོ་རྒྱུས་མ་སྐྱེད༔ བར་དུ་རྐྱེན་གྱིས་མི་འཇིག༔ རང་བྱུང་ཡིན༔ གཞན་གྱིས་མ་བྱས༔ དངོས་པོ་མེད༔ དུས་གློ་བུར་དུ་མ་བྱུང༔ རྟག་ཆད་ལས་གྲོལ་བ་ཞིག་ཡིན་ནོ་གསུངས༔ གཉིས་པ་སྣང་ལུགས་ཡེ་ཤེས་ལ་གཉིས༔ ཕྱི་འཁྲུལ་པའི་སྣང་བ་དང༔ ནང་ཡེ་ཤེས་ཀྱི་སྣང་བའོ༔ ཕྱི་འཁྲུལ་པའི་སྣང་བ་དེ་ཇི་ལྟར་བྱུང་ན༔ རང་རིག་པ་བྱང་ཆུབ་ཀྱི་སེམས་འདི་གནས་ལུགས་མ་བཅོས་པ་ནམ་མཁའ་ལྟ་བུ་ལས༔ རྐྱེན་མ་རིག་པ་སྤྲིན་ལྟ་བུའི་སྲེད་ལེན་བྱུང༔ དེ་བྱུང་བས་མངལ་དུ་ཞུགས༔ དེས་ཕུང་པོ་བླངས༔ དེ་བླངས་པས་འབྱུང་བ་ལྔ་ཤར༔ དེ་ལས་དུག་ལྔར་བྱུང༔ དུག་ལྔ་ལས་ནད་ལྔ་བྱུང༔ དེས་རྐྱེན་བྱས་ནས་འཆི་བར་འགྱུར་རོ༔ ཤི་བས་འགྲོ་བ་རིགས་དྲུག་ཏུ་འཁོར་བ་ཡིན་ནོ་གསུངས༔ ནང་ཡེ་ཤེས་ཀྱི་སྣང་བ་ཇི་ལྟར་ཤར་ན་རང་གྲོལ༔ འཛིན་མེད༔ དངོས་མེད་ཞེན་མེད་དུ་སྣང་བས༔ མ་རིག་པ་རིག་པར་ཤར༔ དུག་ལྔ་ཡེ་ཤེས་ལྔར་སྣང༔ འབྱུང་བ་ལྔ་ཆ་སྙོམས༔ ཡུལ་ལྔ་སྒྲོ་འདོགས་ཆོད་པས༔ བར་དོ་ལྔ་ལ་ཞེན་པ་ལྡོག༔ ན་ཚ་སྡུག་བསྔལ་ཞི་བར་ཤེས༔ གདོན་ལྔ་གྲོགས་སུ་འགྲོ༔ དམྱལ་བའི་སྒོ་ཁེགས༔ འགྲོ་དྲུག་གི་གཡང་ས་ཆོད་པ་དུས་དེར་འོང་གསུངས༔ གསུམ་པ་བྱར་མེད་བདེ་ཆེན་གྱིས་གཉིས་མེད་ཡེ་ཤེས་གཏན་ལ་དབབ་པ་ནི༔ སངས་རྒྱས་དང་སེམས་ཅན་གཉིས༔ འཁོར་བ་དང་མྱ་ངན་ལས་འདས་པ་གཉིས༔ སྣང་བ་དང་སྟོང་པ་གཉིས༔ དེ་རྣམས་ཐ་དད་དུ་སོང་ངམ་སྙམ་པ་ལ༔ སངས་རྒྱས་དང་སེམས་ཅན་གཉིས་དུས་ལ་སྔ་ཕྱི་གཉིས་སུ་མེད༔ འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ངོ་བོ་ལ་བཟང་ངན་གཉིས་སུ་མེད༔ སྣང་བ་དང་སྟོང་པ་གཉིས་འདུག་པ་ལ་ཐ་དད་མེད་པས་གཉིས་སུ་མེད་དོ༔ དེའི་ཕྱིར་བྱར་མེད་བདེ་ཆེན་ཡིན་ནོ་གསུངས༔ དེ་ལ་ཞེན་པ་གྲོལ་བཞིའི་གདམས་ངག་གིས་གནད་ནས་བཀྲོལ་བ་ནི༔ རང་སྣང་རིས་མེད་ཀྱིས་སྟོང་མཐར་སྐུར་འདེབས་ཀྱི་ཞེན་པ་གྲོལ༔ ངོ་སྟོང་འགྱུར་མེད་ཀྱིས་རྟག་ལྟ་ཐེར་ཟུག་གི་ཞེན་པ་གྲོལ༔ དབྱེར་མེད་ཟུང་འཇུག་གིས་བདེན་རྫུན་རེས་འཇོག་གི་ཞེན་པ་གྲོལ༔ གཞི་ཕྱོགས་མེད་ཀྱིས་ཕྱོགས་གཅིག་མྱུར་ལྟུང་གི་ཞེན་པ་དགྲོལ་བ་དག་གཅེས་སོ་གསུངས༔ ངོ་སྤྲོད་དྲུག་གིས་ལག་ཏུ་བླང་བའི་མན་ངག་ལ༔ སྣང་བ་སེམས་སུ་ངོ་སྤྲད༔ སེམས་སྟོང་པར་ངོ་སྤྲད༔ སྣང་བ་དང་སྟོང་པ་གཉིས་སུ་མེད་པར་ངོ་སྤྲད༔ གཉིས་སུ་མེད་པ་བདེ་བ་ཆེན་པོར་ངོ་སྤྲད༔ བདེ་བ་ཆེན་པོ་མི་རྟོག་པར་ངོ་སྤྲད༔ མི་རྟོག་པ་ཆོས་ཀྱི་སྐུར་ངོ་སྤྲད་གསུངས༔ རྒྱས་གདབ་པ་དྲུག་གིས་ཆོས་ཉིད་མ་དང་འཕྲད་པའི་མན་ངག་ལ༔ སྣང་བ་ལ་སྟོང་པས་རྒྱས་གདབ༔ སྟོང་པ་ལ་སྣང་བས་རྒྱས་གདབ༔ དེ་གཉིས་སྣང་སྟོང་གཉིས་སུ་མེད་པར་རྒྱས་གདབ༔ གཉིས་སུ་མེད་པ་ལ་བདེ་བ་ཆེན་པོས་རྒྱས་གདབ༔ བདེ་བ་ཆེན་པོ་ལ་མི་རྟོག་པས་རྒྱས་གདབ༔ མི་རྟོག་པ་ལ་ཆོས་ཉིད་འགྱུར་བ་མེད་པས་རྒྱས་གདབ་གསུངས༔ ཐག་གཅད་ལྔའི་མན་ངག་གིས་ལ་ཟླ་བ་ནི༔ ཆོས་སྐུ་ཡེ་ནས་རང་ལ་གནས་པས་བཙལ་ཞིང་སྒྲུབ་ཏུ་མེད་པར་ཐག་གཅད༔ བདེ་སྡུག་ཆོས་སྐུར་གནས་པས་བླང་ཞིང་དོར་དུ་མེད་པར་ཐག་གཅད༔ ཆོས་སྐུ་ལ་སྐྱེ་འགག་མེད་པས་རྒྱུ་དང་འབྲས་བུ་དང་བྲལ་བར་ཐག་གཅད༔ ཡིན་མིན་གྱི་གཟའ་གཏད་མེད་པས་སྒྲོ་སྐུར་ཡུལ་མ་ཡིན་པར་ཐག་གཅད༔ མ་བྱས་རྒྱུན་དུ་གནས་པས་རྣམ་རྟོག་གིས་སྦྱར་བ་མ་ཡིན་པར་ཐག་གཅད་དོ་གསུངས༔ དེ་ལ་ལྟ་བ་རྟོགས་པའི་ཡོན་ཏན་ནི༔ ཡེ་ཤེས་རང་ས་ཟིན༔ ཆོས་ཉིད་མ་དང་འཕྲད༔ མཚན་མ་རང་སར་གྲོལ༔ བྱ་བ་ངོ་ཤེས་པའི་བདེ་བ་ཁོང་དུ་ཆུད་པས༔ ཤེས་བྱ་རང་ཆོད་དུ་སོང་བ༔ ལྟ་བ་མཐའ་སངས་པའོ༔ ཡེ་ཤེས་རང་ས་ཟིན་ཏེ་ཆོས་ཇི་ཙམ་ཉན་ཡང་སྣང་སྟོང་ལས་བོགས་དབྱུང་རྒྱུ་མེད་པར་ཤེས༔ རང་དུ་ཤེས་རང་དུ་གོ༔ རང་ཉིད་ཀྱི་སྤྱོད་ཡུལ་ལས་མ་འདས་པར་ཤེས་སོ༔ ཡིན་པ་ལ་ཡིན་པར་ངོ་ཤེས་པས་ཆོས་ཉིད་མ་དང་འཕྲད་པའོ༔ མིག་གི་ཡུལ་གཟུགས་སུ་སྣང་བ་ལ༔ སྣང་ཡང་ཞེན་མེད་དུ་ཤར་ཙམ་ན་མཚན་མ་རང་སར་གྲོལ་བའོ༔ དེ་ལྟར་ཤར་ཙམ་ན་ཡེ་ཤེས་རང་ལ་རྙེད༔ ཆོས་ཉིད་རང་ལ་རྙེད༔ བདེ་བ་རང་ལས་རྙེད༔ བྱད་ངོ་ཤེས་པའི་བདེ་བ་ཁོང་དུ་ཆུད་པའོ༔ དེ་ནི་གདེང་ཆེན་ལྟ་བའི་མན་ངག་སྟེ༔ རྒྱལ་བ་གདུང་མི་འགྱུར་བའི་ལྟ་བ་ཞེས་ཀྱང་བྱ༔ འདྲེ་རྐུན་ངོས་བཟུང་བ་འཁྲུལ་གཞི་ཞེས་ཀྱང་བྱ༔ འཁོར་བ་ཐོག་མཐའ་གཅོད་པའི་མན་ངག་ཅེས་ཀྱང་བྱ༔ བློ་ཆོས་ཉིད་དུ་ངོ་སྤྲོད་པའི་མན་ངག་ཅེས་ཀྱང་བྱ༔ དེ་རྣམས་ནི་ལྟ་བའི་མན་ངག་སྟེ༔ དཔེར་ན་མ་གཅིག་ལ་བུ་གཅིག་ཡོད་པ་ལ༔ བུའི་ཕ་ཤི་ནས་ཁྱོ་གཞན་གཅིག་ལ་སོང་བས༔ བུ་དེ་འཁྱམས་ནས་དེ་ཕྱིས་མ་དང་འཕྲད་པ་ལ་མས་བུར་ངོ་ཤེས༔ བུས་ཀྱང་མར་ངོ་ཤེས༔ དེ་བཞིན་དུ་ཆོས་ཉིད་ཀྱི་དོན་རྟོགས་པའི་དུས་ན་སངས་རྒྱས་དང་སེམས་ཅན་གཉིས༔ འཁོར་བ་དང་མྱ་ངན་ལས་འདས་པ་གཉིས༔ སྣང་བ་དང་སྟོང་པ་གཉིས༔ ཡེ་ནས་ཐ་དད་མེད་པར་ཆོས་ཉིད་ཐིག་ལེ་ཉག་གཅིག་ཡིན་པར་ངོ་ཤེས་ཏེ་ཐེ་ཚོམ་མེད་པར་ཐག་བཅད་པ་ནི༔ རང་བཞིན་གནས་པའི་བར་མ་དོར་ཐིག་ལེ་ངོ་སྤྲད་པའི་གདམས་ངག་དང༔ དྭ་ཕྲུག་མ་དང་འཕྲད་པའི་གདམས་ངག་ཡིན་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཏིང་ངེ་འཛིན་གྱི་བར་མ་དོ་ཤེས་པ་མི་གསལ་བ་གསལ་གདབ་པ་སྒེག་མོ་མེ་ལོང་ལ་བལྟ་བ་ལྟ་བུ་གང་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཤེས་པ་མི་གསལ་བ་གསལ་གདབ་པ་སྒེག་མོ་མེ་ལོང་བལྟ་བ་ལྟ་བུ་ནི་སྒོམ་པའི་མན་ངག་ཡིན་ཏེ༔ དཔེར་ན་སྒེག་མོ་དེ་མེ་ལོང་དུས་གསུམ་དུ་བལྟ་བ་ལྟར༔ རྣལ་འབྱོར་པས་ཀྱང་དུས་གསུམ་དུ་སེམས་ལ་བལྟ་ཞིང་བསྒོམ་དགོས་ཏེ༔ དེ་ལ་ལུས་ཀྱི་འདུག་ཐབས་དང་སེམས་ཀྱི་གཞག་ཐབས་གཉིས་ལས༔ དང་པོ་ཐུན་སྒོམ་བྱེད་པའི་དུས་སུ་ལུས་དྲང་པོར་བསྲང༔ མཉམ་པའི་སྐྱིལ་ཀྲུང་བཅའ༔ མཇིང་པ་བག་ཙམ་དགུག༔ མིག་སྣ་རྩེར་དབབ༔ ལྕེ་རྐན་ལ་སྦྱར༔ ལག་པ་པུས་མོ་ལ་དགབ༔ སྤྱོད་ལམ་གྱི་དུས་སུ་འགྲོ་འཆག་ཉལ་འདུག་སྡོད་དང་སྦྱར༔ གཉིས་པ་སེམས་ཀྱི་གཞག་ཐབས་ནི༔ གཞག་རྒྱུ་མེད་པའི་བཞག་པ་ཆེན་པོ་སྟེ༔ ལྟ་བ་རྟོགས་པའི་ངང་ལ་དབང་པོ་རང་ཡན་དུ་གཞག༔ ལུས་སེམས་བཅོས་མེད་གསལ་ལ་ཞེན་པ་མེད་པར་གཞག༔ ཆོས་སྐུ་གསལ་ལ་ཆོས་སྐུར་འཛིན་པ་མེད་པར་གཞག༔ ཕྱིན་ཅི་མ་ལོག་པར་བསྒོམ༔ ཡུན་རིང་དུ་བསྒོམ༔ བར་མ་ཆད་པར་བསྒོམ༔ གུས་པ་སྐྱེད་ལ་བསྒོམ༔ ཕྱིན་ཅི་མ་ལོག་པ་ནི་ལྟ་བ་རྟོགས་པ་དེའི་ངང་ལ༔ དེར་གསལ་གྱི་སྒོམ་པ་ལ་དེར་འཛིན་གྱི་བློ་མ་སྐྱེས་ན་མི་གཡོ་མཉམ་པ་ཉིད་ཀྱི་དགོངས་པ་སྟེ༔ དེར་གསལ་བ་ནི་བདེ་བར་གསལ༔ ཡེ་ཤེས་སུ་གསལ༔ རྟོག་མེད་ཀྱི་རིག་པར་གསལ༔ ཡེ་ཤེས་ཀྱི་རོལ་པར་གསལ་ཏེ༔ བདེ་བར་འཛིན་པ་མེད༔ ཡེ་ཤེས་སུ་འཛིན་པ་མེད༔ རྟོག་མེད་ཀྱི་རིག་པར་འཛིན་པ་མེད༔ ཡེ་ཤེས་ཀྱི་རོལ་པར་ཡང་འཛིན་པ་མེད༔ དེ་འཛིན་མེད་ཀྱི་རིག་པ་ཞེན་མེད་དུ་རང་ཤར་བའོ༔ དེ་ལྟར་སྒོམ་པ་ལ་དགྲ་ནི༔ བྱིང་རྒོད་གཉིས༔ རྟག་ཆད་གཉིས་ཏེ་བཞི་འོ༔ བྱིང་བ་བྱུང་ན་བྱིང་བ་རང་གང་ཡང་ཡིད་ལ་མི་བྱེད་པ་ནི༔ བྱིང་རྨུགས་ཆོས་སྐུར་གདམས་ངག་ཅེས་བྱའོ༔ དེ་མ་བྱུང་ན་ཤེས་པ་གཟེངས་སྟོད་ལ་བསྒོམ༔ རྒོད་པ་ནི་རྒོད་ཀྱིས་དོགས་པ་དང༔ རྒོད་པ་ཉིད་དེ་ཚུར་དགུག་སྙམ་པ་དང༔ མི་རྒོད་པར་འདུག་སྙམ་པ་ལ་སོགས་པ་སྟེ༔ རྒོད་པ་རང་གི་སེམས་ཉིད་དུ་ཤེས་ན་རྒོད་པ་ཆོས་ཉིད་དུ་རྒྱས་ཐེབས་པ་ཞེས་བྱའོ༔ རྒོད་རྒྱུ་དང༔ དགག་རྒྱུ་དང༔ གཞག་རྒྱུ་དང༔ སྦྱང་རྒྱུ་མ་མཐོང་བས༔ དེ་ཉིད་རང་དུ་ཤེས་པ་ལ་རྣམ་རྟོག་ཆོས་ཉིད་དུ་སློངས་པ་ཞེས་བྱའོ༔ དེ་ནི་རྟོག་པ་བཅོམ་ཐབས་སོ༔ དེ་ལྟར་མ་ཤེས་ན་འཐོར་བ་བསྡུ་བའི་མན་ངག་ཅེས་བྱ་སྟེ༔ སེམས་ཉིད་ངོ་བོ་མ་བཅོས་པ་དེའི་ངང་དུ་བཞག་ཅིང་བསྒོམ༔ ཡང་སྒོམ་པ་ལ་ཤོར་ས་བཞི་འབྱུང་སྟེ༔ འདུ་ཤེས་ཕྱལ་པར་ཤོར་བ་ཞེས་བྱ་སྟེ་དྲན་པ་མེད་པར་སེམས་ཤོར་བའོ༔ ཞི་གནས་འཐོམ་དུ་ཤོར་བ་སྟེ་ཤེས་པ་ལྟེངས་ནས་ཆོས་ཉིད་ཀྱི་དོན་མ་གསལ་བའོ༔ ཤེས་པ་རིག་ཚོར་ཤོར་བ་ཞེས་བྱ་བ་མི་འཕྲོ་བར་འཛིན་འདོད་པའོ༔ འདུ་ཤེས་ཉིད་ཕུར་ཤོར་བ་ཞེས་བྱ་བ་ཤེས་ནས་ནང་དུ་བཀུག་ནས་སྡོད་པ་སྟེ༔ དེ་དག་ནི་ཤོར་ས་བཞི་ཡིན་ནོ༔ སྐྱོན་བསལ་བ་ནི་ཤེས་པ་གོལ་སར་མི་གཏོད༔ རྟག་པར་མི་འདུག་སྟེ་ངོ་བོ་སྟོང་པ་ཉིད་ཀྱི་རྒྱས་ཐེབས༔ ཆད་པར་མི་འདུག་སྟེ་གསལ་ལ་མ་འགགས་པའོ༔ སངས་ལ་རྒྱ་རྒྱུ་མེད་དེ་རང་ཉིད་ཆོས་སྐུར་གནས༔ འཁོར་བར་དོགས་རྒྱུ་མེད་དེ་འཁོར་བ་ཆོས་སྐུར་གྲོལ༔ རྟོག་པ་ཡེ་ཤེས་སུ་སློངས༔ སྡུག་བསྔལ་ཡེ་ཤེས་སུ་ཤར་ཙམ་ན་དག་རྒྱུ་མེད་དོ་གསུངས༔ དེ་ལྟར་སྒོམ་ཤེས་ན་ཕྱིན་ཅི་མ་ལོག་པའོ༔ དེ་ལ་ཡུན་བསྲིངས་ལ་བསྒོམ༔ བར་ཆད་མེད་པར་གུས་པ་སྐྱེད་ལ་བསྒོམ༔ དེ་ལྟར་བསྒོམས་པས་སྔར་ཞེན་གྱི་བག་ཆགས་ཆུང་དུ་འགྲོའོ༔ བསྒོམས་པའི་སྟོབས་ཀྱིས་གསལ་བ་བདེ་བ་ལུས་མེད་པ་སྙམ་བྱེད་པ་འབྱུང་ངོ༔ མ་བསྒོམ་ན་གློ་བུར་གྱི་འཁྲུལ་རྟོག་མི་ཆོད༔ སྔར་ཞེན་གྱི་བག་ཆགས་མི་ཆོད་པའོ༔ དེའི་ཕྱིར་དར་པོ་ཆེ་རླུང་གིས་མི་སྐྱོད་པ་ལྟར་ཤེས་པ་ཆོས་ཉིད་དང་མི་འབྲལ་བར་ཕྲིལ་ལེ་བསྒོམ༔ དེ་ཡང་སྒེག་མོ་མེ་ལོང་བལྟ་བ་དེ་བྱད་ལ་སྐྱོན་ཅི་འདུག་བལྟ་བ་ལྟར༔ ཏིང་ངེ་འཛིན་གྱིས་ལྟ་སྤྱོད་ཀྱི་དོན་ལ་བྱིང་རྒོད་ལ་སོགས་པའི་སྐྱོན་ཅི་འདུག་བརྟག་ཅིང་དུས་རྟག་ཏུ་བསྒོམ་གསུངས༔ དེ་ནི་ཏིང་ངེ་འཛིན་གྱི་བར་དོར་བསྒོམ་པའི་མན་ངག་ཡིན་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ རྨི་ལམ་གྱི་བར་དོར་བག་ཆགས་ཀྱིས་མཚམས་སྦྱོར་བ་ཆུ་བོའི་གཞུང་ལྟ་བུ་གང་ལགས་ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དེ་ནི་སྤྱོད་པའི་མན་ངག་སྟེ༔ དཔེར་ན་ཆུ་བོ་རྒྱུན་ཆད་མེད་པ་བཞིན་དུ་ད་ལྟའི་ཏིང་ངེ་འཛིན་དང་རྨི་ལམ་གྱི་དུས་ཀྱི་ཤེས་པ་གཅིག་ཏུ་བསྲེས་པའི་མན་ངག་ཡིན་ཏེ༔ དེ་ལ་རྣམ་པ་གསུམ༔ གདམས་ངག་གིས་བསྲེ་བ་དང༔ ཁམས་ཀྱིས་བསྲེ་བ་དང༔ སྤྱོད་ལམ་གྱིས་བསྲེ་བའོ༔ དང་པོ་གདམས་ངག་གིས་བསྲེ་བ་ནི༔ གཉིད་བདེ་སྟོང་དབྱེར་མེད་དུ་ཁྱེར་བ་བྱ་སྟེ༔ དེ་ལ་ཡང་གསུམ་སྟེ༔ རིག་པ་བཅུན་ཏེ་ནང་དུ་དགུག༔ ལུས་བཅུན་ཏེ་བཞི་བསྐུམ་བྱ༔ གཉིས་ཀ་བཅུན་ཏེ་བག་ཆགས་འདྲ་འདྲེའི་དུས་གཉིད་ཟ་ཟི་ལ་བདེ་སྟོང་གི་ཉམས་དང་མི་འབྲལ་བར་བྱའོ༔ བག་ཆགས་ལ་མི་གནས་པའི་དུས་གཉིད་ལོག་པ་ཐམས་ཅད་ནི་སྒོམ་པའི་ཉམས་དང་མི་འབྲལ་བའོ༔ དེ་ཙམ་ན་བར་དོ་འབྱོངས་པ་ཡིན་ནོ༔ ཁམས་ཀྱིས་བསྲེ་བ་ནི༔ དང་པོ་གཉིད་ཕྱོགས་པའི་དུས་སུ་ཐིམ་པ་དེ་ས་ལ་ཆུ་ཐིམ་པ་ཡིན༔ དེའི་དུས་སུ་བདེ་སྟོང་གི་ཉམས་ལ་བསླབ༔ ཤེས་པ་བྱིང་ཙམ་ན་ཆུ་མེ་ལ་ཐིམ་པ་ཡིན༔ དེའི་དུས་སུ་བདེ་སྟོང་ལ་བསླབ༔ ཤེས་པ་ཟང་ཟིང་བྱུང་ཙམ་ན་མེ་རླུང་ལ་ཐིམ་པ་ཡིན༔ དེའི་དུས་ན་བདེ་སྟོང་དབྱེར་མེད་ལ་བསླབ༔ གཉིད་ཧྲུལ་ལ་སོང་ཙམ་ན་རླུང་རྣམ་པར་ཤེས་པ་ལ་ཐིམ་པ་ཡིན༔ དེའི་དུས་ན་ཡང་བདེ་སྟོང་དབྱེར་མེད་ལ་བསླབ༔ རྨི་ལམ་མེད་པར་ལྷན་ནེ་བ་དེ་རྣམ་ཤེས་འོད་གསལ་ལ་ཐིམ་པ་ཡིན༔ དེ་ཙམ་ན་སྐྱེ་མེད་དྲན་མེད་བདེ་སྟོང་ལྷན་ནེར་གནས་པར་འགྱུར་ཏེ༔ དེ་ཙམ་ན་བར་དོ་འབྱོངས་པ་ཡིན་གསུངས༔ སྤྱོད་ལམ་གྱིས་བསྲེ་བ་ནི༔ རྨི་ལམ་ལ་རྨི་ལམ་དུ་ཤེས་པར་བྱ་སྙམ་པའི་འདུན་པ་དྲག་པོ་བཏང་ལ༔ ཉིན་མོ་སྒོམ་པའི་དུས་ན་ཡང་རྨི་ལམ་ལྟ་བུའི་འདུ་ཤེས་གཞག་པར་བྱའོ༔ ཆོས་ཐམས་ཅད་རྨི་ལམ་དུ་ཤེས་པ་དང༔ བདེ་སྡུག་ཐམས་ཅད་འཁྲུལ་པར་ཤེས་པར་བྱའོ༔ སྔར་གྱི་སྒོམ་ཉམས་དྲན་པར་བྱའོ༔ དེ་ལ་རྨི་ལམ་དང་ཉིན་པར་ཁྱད་མེད་པར་བསྒོམས་པ་འདྲ་བ་བྱུང་ཙམ་ན༔ རྨི་ལམ་དང་བར་དོ་འདྲ་བས༔ གོང་གི་དོན་བསྒོམས་པས་བར་དོ་ཆོད་འོང་གསུངས༔ དེ་ཡང་དཔེར་ན་ཆུ་བོ་ལ་རྒྱུན་ཆད་མེད་པ་ལྟར༔ ཉིན་མོ་དང་རྨི་ལམ་དང་དུས་ཐམས་ཅད་དུ་རྒྱུན་ཆད་མེད་པར་བསྒོམ་གསུངས༔ རྨི་ལམ་གྱི་བར་དོར་སྤྱོད་པའི་མན་ངག་བསྟན་པ་ཡིན་ནོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྐྱེ་ཤིའི་བར་དོར་ཉམས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆག་ལ་ཝ་འཛུགས་པ་ལྟ་བུ་གང་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྐྱེ་ཤིའི་བར་དོར་ཉམས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆག་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ལ་གཉིས་ཏེ༔ རྐྱེན་གཞན་གྱིས་གསལ་གདབ་པ་དང༔ རྟོགས་ལྡན་རང་གིས་གསལ་གདབ་པའོ༔ དང་པོ་ནི་སློབ་དཔོན་ནམ་ཆོས་གྲོགས་ཀྱིས་གསལ་གདབ་པ་སྟེ་རང་གིས་གདབ་པ་ལྟར་བྱའོ༔ གཉིས་པ་རང་གིས་གསལ་གདབ་པ་ནི༔ སེམས་ཉིད་སྐྱེ་ཤི་མེད་དེ་རང་གི་སེམས་སུ་འདུག༔ ས་ཐིམ་པའི་དུས་སུ་ལུས་མི་ཁྱག་ཅིང་ལྕི༔ ས་ཆུ་ལ་ཐིམ་པའི་དུས་སུ་དབུགས་ཕྱིར་སྲིང་ནང་དུ་སྡུད༔ ཆུ་མེ་ལ་ཐིམ་པའི་དུས་སུ་ཁ་སྣ་སྐམ་དབུགས་ཕྱི་ནང་གཉིས་ཀ་ཐུང༔ མེ་རླུང་ལ་ཐིམ་པའི་དུས་སུ་ཤེས་པ་མི་གསལ༔ རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་དུས་སུ་དབུགས་འཆད་དེ༔ དེའི་དུས་ན་རང་གི་ཤེས་པ་གསལ་བཏབ་སྟེ༔ ཤེས་པ་བཏེགས་པས་རྐྱེན་དབང་དུ་མི་བཏང་བར་ལུས་སེམས་གཉིས་ཀ་བཅུན་ལ༔ འཆི་བ་ཡང་རང་གི་སེམས་སུ་འདུག༔ ལུས་ཤ་ཁྲག་དང་བྲལ་ཡང་སེམས་ལ་བྲལ་མ་བྲལ་མེད་དེ༔ སྔར་གྱི་ལྟ་སྒོམ་གྱི་དོན་དྲན་པར་བྱ་གསུངས༔ དེ་ཡང་དེའི་དུས་སུ་ཡུར་བ་རྐང་ཆག་གི་ཝ་བཙུགས་པ་ལྟ་བུར་སྐད་ཅིག་མ་སྔ་མ་འགགས་ནས༔ སྐད་ཅིག་ཕྱི་མ་གོམས་ཤུགས་ཀྱིས་རྒྱུན་མཐུད་དེ་འགྲོ་གསུངས༔ དེ་ནི་སྐྱེ་ཤི་བར་དོར་ཉམས་མྱོང་གི་འཕྲོ་མཐུད་པ་ཉམས་ཀྱི་མན་ངག་ཡིན་ནོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྲིད་པའི་བར་མ་དོ་ལ་ལས་ཀྱི་འཕྲོ་མཐུད་པ་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟ་བུའི་མན་ངག་གང་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དེ་ནི་སྔགས་ཀྱི་ལྷའི་སྐུ་སྒོམ་པ་ཡིན་ན༔ བར་མ་དོར་ལྷའི་སྐུར་གསལ་བས་ཕྱག་རྒྱ་ཆེན་པོའི་རིག་འཛིན་འཐོབ༔ ཆོས་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པ་བསྒོམས་པ་ཡིན་ན༔ བར་མ་དོར་མི་རྟོག་པ་ཆོས་སྐུར་ཤེས་པས་རང་དོན་དུ་ཆོས་སྐུ༔ གཞན་དོན་དུ་ལོངས་སྐུ་དང་སྤྲུལ་སྐུས་འགྲོ་དོན་བྱེད་པར་འཆར་རོ༔ དེ་ཡང་སྲིད་པའི་བར་དོ་དེ་གཉིད་ལོག་པའི་རྨི་ལམ་དང་འདྲ་སྟེ༔ དབུགས་ཆད་པ་དང་ཤེས་པ་བར་དོར་ཡེར་གྱིས་སོང་ངོ༔ དེ་ལ་བར་དོ་མ་ཆོད་པས་སྔ་མའི་བག་ཆགས་ཀྱིས་ལུས་ཡོད་པ་སྙམ་བྱེད་དེ་རྟོགས་པས་མ་ཆོད་པས་འགྲོ་དྲུག་གཡང་སར་འགྲོའོ༔ བར་དོ་ཆོད་ན་གོམས་པའི་ཤུགས་ཀྱིས་ལྷ་ཆོས་ཉིད་གང་གསལ་ཡང་འགྲོ་དྲུག་གི་གྲོང་ཁྱེར་ཁེགས་ནས༔ དབང་པོ་ཤ་ཁྲག་མེད་པས་གང་གསལ་བ་དེའི་དོན་ལ་གནས་ནས་འཁོར་བ་རྒྱུན་ཆད་པ་ཡིན་ནོ་གསུངས༔ དེ་ཡང་དཔེར་ན་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟར༔ རྣལ་འབྱོར་པ་ལུས་སེམས་ནམ་བྲལ་བའི་དུས་སུ༔ སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན་མེད་དེ༔ ལུས་སེམས་བྲལ་བའི་སྐད་ཅིག་མ་དེ་ལ་ཆོས་ཀྱི་སྐུ་ཐོབ་པས་བར་དོར་སངས་རྒྱ་བ་ཞེས་བྱ༔ མངོན་པར་ཤེས་པ་དྲུག་འཆར༔ ཉོན་མོངས་པ་ལྔ་སྤངས་ནས་ཡེ་ཤེས་ལྔ་འཆར༔ ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཡང་དུས་གཅིག་ཏུ་གསལ༔ ལོངས་སྐུ་དང་སྤྲུལ་སྐུས་འགྲོ་བའི་དོན་བྱེད་དེ༔ མུན་ཁུང་དུ་སྒྲོན་མེ་བཏེགས་པ་བཞིན་དུ་ཚེ་གཅིག་གིས་སངས་རྒྱ་བ་ཡིན་ཏེ་འབྲས་བུ་ལྷུན་གྱིས་གྲུབ་པ་ཞེས་བྱའོ༔ སློབ་དཔོན་པདྨས་ཇོ་མོ་ལ་གདམས་པ་བར་དོ་རྣམ་པ་ལྔའི་གདམས་ངག་གོ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ མུ་ཏིག་ཤེལ་གྱི་སྤ་མ་གོང་དུ་སྦྲུལ་གྱི་ལོའི་སྟོན་ཟླ་ཐ་ཆུང་གི་ཚེས་གཉིས་ཀྱི་ཉིན་མོར་བྲིས་སོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ྈ ༄༅༔ འཁྲུལ་གཞི་རྩད་གཅོད་ཀྱི་སྐོར་རོ༔ ྈ ན་མོ་གུ་རུ༔ སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ༔ འཁྲུལ་པ་རྩད་ནས་ཆོད་དེ་སྣང་སྲིད་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་མཁྱེན་པ༔ དགོངས་པ་དཔལ་ཀུན་ཏུ་བཟང་པོ་དང་མཉམ་པ༔ སྤྲུལ་པའི་སྐུར་དངོས་སུ་བཞུགས་པ་ལ༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་འཁྲུལ་གཞི་རྩད་ནས་གཅོད་པའི་གདམས་པ་ཞུས་པ་འདིའོ༔ སློབ་དཔོན་པདྨ་ལ་ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ སངས་རྒྱས་དང་སེམས་ཅན་གང་སྔ་ལགས༔ སངས་རྒྱས་སྔ་ན་དང་པོ་སངས་རྒྱས་ལས་སེམས་ཅན་དུ་འཁྲུལ་པས༔ དེ་ཡང་སངས་རྒྱས་པ་ལ་དགོས་པ་མི་གདའ༔ ཆོས་ལ་འབད་པ་ལ་དོན་མི་འདུག༔ སེམས་ཅན་སྔ་བ་ལགས་ན་གཞི་སེམས་ཅན་དེ་ལ་གང་གིས་བཤད༔ སེམས་ཅན་ལ་ཆོས་སྟོན་བྱེད་མེད་པས་ཇི་ལྟར་བསྒྲུབས་ཀྱང་སངས་རྒྱས་མི་འབྱུང༔ སངས་རྒྱས་དང་སེམས་ཅན་དུས་མཉམ་ན༔ རང་རང་སོ་སོར་སོང་བས་སེམས་ཅན་སངས་རྒྱས་པའི་རྒྱུ་དང་བྲལ༔ གཞི་གཅིག་ན་གང་གི་གཉེན་པོ་གང་གིས་བྱེད༔ སློབ་དཔོན་ཆེན་པོ་འཁྲུལ་མེད་ཀྱིས་གསུང་དུ་གསོལ་ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྐལ་ལྡན་གྱི་བུ་མོ༔ སྤོབས་ལྡན་གྱི་ངག༔ བཤད་ཀྱིས་ཉོན༔ སངས་རྒྱས་དང་སེམས་ཅན་གཉིས་སྔ་ཕྱི་མེད་དེ༔ ཐོག་མ་སངས་རྒྱས་དང་སེམས་ཅན་གཉིས་མེད་པའི་དུས་ན་ཆོས་མེད༔ སྟོན་པ་མེད༔ ཉན་པ་མེད༔ སྨྲར་མེད༔ ཚིག་མེད༔ བརྗོད་དུ་མེད༔ བདེ་སྡུག་བཟང་ངན་མཐའ་དབུས་མེད༔ གཞི་མིང་འདོགས་གང་ཡང་མེད་པ༔ ནམ་མཁའ་ལྟ་བུར་གནས་པ་ལས༔ སངས་རྒྱས་ལ་སྔ་བ་ཡིད་བྱེད་པ་པོ་ཆོས་སྐུ་ཀུན་ཏུ་བཟང་པོ་ཞེས་བྱ་བ་བྱས་པ་དང་བསྒྲུབས་པ་མེད་པར་རང་བྱུང་དུ་སངས་རྒྱས་སོ༔ སེམས་ཅན་ལ་སྔ་བ་ཆོས་བྱ་བ་མོ་ཀུན་ཏུ་བཟང་མོ་ཞེས་བྱ་བ་དང་དུས་གཅིག་ཏུ་བྱུང་ནས༔ ཡིད་དང་ཆོས་གཉིས་ཀྱིས་སངས་རྒྱས་སེམས་ཅན་གཉིས་ཀའི་གཞི་བྱས་ཏེ༔ དུས་མཉམ་དུ་བྱུང་བ་ཡིན་ནོ་གསུངས༔ ༔ཇོ་མོས་ཞུས་པ༔ ཆོས་སྐུ་ཀུན་ཏུ་བཟང་པོ་བྱས་པ་མེད་པར་སངས་རྒྱ་བ་ཇི་ལྟར་ལགས༔ སློབ་དཔོན་གྱི་ཞལ་ནས༔ གཞི་ལྷུན་གྲུབ་ཀྱི་སངས་རྒྱས་བྱ་བ་ཡིན་ཏེ༔ གཞི་མིང་འདོགས་གང་དུ་ཡང་མ་གྲུབ་པ་དེའི་ངང་ལས་མ་གཡོས་མཉམ་པ་ཆེན་པོར་ལྷུན་གྱིས་གྲུབ་པས་དུས་གསུམ་དུ་འཕོ་འགྱུར་མེད་པར་བཞུགས་པ་ཡིན་ནོ་གསུངས༔ ༔ཇོ་མོས་ཞུས་པ༔ ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོ་དང་ཆོས་བྱ་བ་མོ་ཀུན་ཏུ་བཟང་མོས་སངས་རྒྱས་དང་སེམས་ཅན་གྱི་དོན་གཞི་ཇི་ལྟར་བྱས༔ སློབ་དཔོན་གྱི་ཞལ་ནས༔ ཀུན་ཏུ་རྣམ་པར་རྟོག་པའི་ཡིད་དང་གཞིའི་ཤེས་པ་ཆོས་བྱ་བ་མོ་གཉིས་བྱས་པ་མེད་པར་རང་བྱུང་བས༔ ཡིད་ལས་ལྷན་ཅིག་སྐྱེས་པའི་མ་རིག་པ་བྱུང༔ དེར་རང་གར་སོང་བས་སེམས་ཅན་གྱི་གཞི་བྱས་ཏེ་མར་འཁྲུལ་པས་སེམས་ཅན་རྣམས་བྱུང་ངོ༔ ཆོས་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བྱུང་ནས༔ དེ་རང་གར་སོང་བས་སངས་རྒྱས་ཀྱི་གཞི་བྱས་ཏེ་མྱ་ངན་ལས་འདས་པ་བྱུང་ངོ༔ དེ་གཉིས་ཀ་ལ་མིང་ཀུན་གཞི་ཞེས་བྱ་བར་བཏགས་ཏེ༔ དེ་ཡང་ཀུན་གཞིའི་རྣམ་པར་རྟོག་པའི་ཡིད་ནི་ཁྱོ་དང་འདྲ༔ གཞི་བྱ་བ་མོ་ནི་ཆུང་མ་དང་འདྲ༔ ལྷན་ཅིག་སྐྱེས་པའི་མ་རིག་པ་བུ་མོ་ལྟ་བུ་སྟེ༔ སངས་རྒྱས་དང་སེམས་ཅན་གཉིས་ཀྱི་བྱུང་ཁུངས་སམ་གྱེས་ཚུལ་ནི་དེ་ལྟར་ཤེས་པར་གྱིས་གསུངས་སོ༔ ༔ཇོ་མོས་ཞུས་པ༔ མར་འཁོར་བའི་ཚུལ་སེམས་ཅན་གྱི་སྡུག་བསྔལ་ཅིས་ལན༔ སློབ་དཔོན་གྱི་ཞལ་ནས༔ དེ་ནི་ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོ་ཁྱོ་ལྟ་བུ་དེ༔ ཀུན་གཞི་ལ་ཁ་ནང་དུ་བལྟས་ནས་ང་དང་བདག་ཏུ་བཟུང་པས༔ དེ་ལ་བུ་མོ་སྐྱེས་པའི་ཚུལ་དུ་ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱ་བ་དངོས་པོར་མེད་པ་ལ་གནོད་པ་ཆེ་བ་ཞིག་བྱུང་ནས༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་བུ་ལྟ་བུ་དེ་སྐྱེ་བའི་གེགས་བྱས་ནས་བག་ལ་ཉལ་གྱི་སྒྲིབ་པ་རྣམས་བསགས་སོ༔ དེ་ལས་ཀུན་ཏུ་བཏགས་པའི་མ་རིག་པ་ཞེས་བྱ་བ་དངོས་པོར་མེད་པར་སྣང་ལ་གནོད་པ་ཆེ་བ་ཞིག་བྱུང་སྟེ༔ བུ་མོ་དེ་ཁྱོ་ཚོལ་བ་ལྟར་ཡིད་ཀྱི་རྣམ་ཤེས་ཀྱིས་ཁ་ཕྱིར་བསྟན་ནས་སྒོ་ལྔའི་རྣམ་ཤེས་ཀྱི་རྗེས་སུ་འབྲངས་པས་སྣ་ཚོགས་པའི་ལས་བསགས༔ ང་བདག་ཏུ་མ་གྲུབ་པ་ལ་དེར་བཟུང་བས༔ དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་བག་ཆགས་སྣ་ཚོགས་བསགས་པས༔ དེ་རྒྱུ་བྱས་ནས་སྐྱེ་བ་དང་རྒ་བ་དང་ན་བ་དང་ཚ་བ་ལ་སོགས་པའི་སྡུག་བསྔལ་དུ་བྱུང་ངོ༔ དེ་ཡང་ཀུན་ཏུ་བཏགས་པའི་མ་རིག་པ་ཁྱོ་ཚོལ་བ་ལྟ་བུ་དེས༔ ཡིད་ཀྱི་རྣམ་ཤེས་ཁྱོ་དང་འདྲ་བ་ཁ་ཕྱིར་བལྟས༔ དེ་གཉིས་འདོད་པ་སྤྱོད་པ་ལྟར་སྒོ་ལྔའི་རྗེས་ཕྱིར་འབྲངས་པས༔ བུ་ཚ་འཕེལ་བ་ལྟ་བུར་འགྲོ་བ་རིགས་དྲུག་ཏུ་འཁྲུལ་ལོ་གསུངས་སོ༔ ༔ཇོ་མོས་ཞུས་པ༔ ཡར་སངས་རྒྱས་པའི་ཚུལ་ཇི་ལྟར་ལགས༔ སློབ་དཔོན་གྱི་ཞལ་ནས༔ སྔར་ལྟར་ཆོས་བྱ་བ་མོ་དང༔ ཡིད་བྱེད་པ་པོ་བཟའ་མི་ལྟ་བུས་ཏེ༔ དེ་ཡང་ཆོས་བྱ་བ་མོ་ཀུན་ཏུ་བཟང་མོ་དེ་ནི་ཤེས་བྱ་ཆོས་ཀྱི་དབྱིངས་ཡིན༔ ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོ་དེ་ཤེས་བྱེད་རིག་པའི་ཡེ་ཤེས་ཡིན་པས༔ ཆོས་ཀྱི་དབྱིངས་ལ་ང་དང་བདག་ཏུ་མི་ལྟ༔ དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་བདེ་བ་ཆེན་པོར་སྤྱོད་པས༔ དེ་ལས་བུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤར་ཏེ༔ བུ་མོ་ལྟ་བུ་ལྷན་ཅིག་སྐྱེས་པའི་མ་རིག་པ་དེ་ཞར་ལ་འགགས་ནས༔ འཁྲུལ་པ་ཡེ་ཤེས་སུ་ལོག༔ རྣམ་རྟོག་ཆོས་ཉིད་དུ་ལོག་ནས༔ ཆོས་སྐུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་རང་ངོ་རང་གིས་ཤེས་པས་རྟོགས་གྱུར་གྱིས་སངས་རྒྱས་ཏེ༔ རིགས་དྲུག་ཏུ་སྐྱེ་བའི་རྒྱུན་བཅད་ནས་སྐུ་གསུམ་གྱི་ཞིང་ཁམས་སུ་གྲོལ་བའོ་གསུངས༔ ༔ཇོ་མོས་ཞུས་པ༔ དེ་ལྟར་འཁྲུལ་གཞི་རྩད་ཆོད་པ་ཙམ་གྱིས་ཆོག་གམ༔ ཉམས་སུ་ལེན་འཚལ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ གང་ཟག་དབང་པོ་ཡང་རབ་ནི༔ དེ་ལྟར་ཆོད་ནས་འཁྲུལ་པ་ངོ་ཤེས་པ་ཙམ་གྱིས་འཁྲུལ་ཕྱིར་མི་འཇུག་སྟེ༔ རྟོགས་པ་མངོན་གྱུར་དུ་སངས་རྒྱས་པ་ཡང་ཡོད༔ དབང་པོ་འབྲིང་དང་ཐ་མས་འཁྲུལ་གཞི་རྩད་ཆོད་པའི་དོན་དེ་ཉམས་སུ་བླང་དགོས་གསུངས་སོ༔ ༔ཇོ་མོས་ཞུས་པ༔ འཁྲུལ་པའི་གཞི་གང་ལས་འཁྲུལ༔ རྒྱུ་གང་ཡིན༔ དུས་ནམ་གྱི་ཚེ་འཁྲུལ༔ ངོ་བོ་གང་ཡིན༔ ཚུལ་ཇི་ལྟར་འཁྲུལ༔ འབྲས་བུ་གང་ཡིན༔ དཔེ་ཇི་ལྟ་བུ་ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ འཁྲུལ་གཞི་ཀུན་གཞི་སྟེ༔ ཀུན་ཏུ་རྣམ་པར་རྟོག་པའི་ཡིད་ཀྱིས་གཞིའི་ཤེས་པ་ཆོས་ཀྱི་སྐུ་ལ་ང་བདག་ཏུ་བཟུང་བས༔ འཁྲུལ་པའི་རྒྱུ་མ་རིག་པ་སྟེ༔ ལྷན་ཅིག་སྐྱེས་པའི་མ་རིག་པ་དང་ཀུན་ཏུ་བརྟགས་པའི་མ་རིག་པ་གཉིས་ཀྱིས་བག་ཆགས་ངན་པ་བསགས་པས་འཁྲུལ་ལོ༔ འཁྲུལ་དུས་ནི་དཔྱོད་བྱེད་ཀྱི་ཤེས་པ་ཞུགས་པའི་ཚེ་འཁྲུལ་ཏེ༔ ཀུན་གཞི་ཆོས་ཉིད་ཀྱི་དབྱིངས་མཉམ་པ་ཉིད་དུ་གནས་པ་ལས༔ ཆོས་སྐུ་ལས་རིག་པ་གཞན་དུ་དཔྱད་པས་ཡུལ་སེམས་གཉིས་སུ་བཟུང་བའི་ཚེ༔ འཁྲུལ་པའི་ངོ་བོ་ང་བདག་ཡིན་ཏེ༔ ཀུན་གཞི་ནམ་མཁའ་ལྟ་བུ་ལ་ཉོན་མོངས་པ་ཅན་གྱི་ཡིད་ཁ་ནང་དུ་བལྟས་ཏེ་བདག་ཏུ་བཟུང༔ ཡིད་ཀྱི་རྣམ་པར་ཤེས་པས་ཁ་ཕྱིར་བལྟས་ཏེ༔ སྒོ་ལྔའི་རྣམ་པར་ཤེས་པའི་རྗེས་སུ་འབྲངས་ནས་རྟོག་པ་སྣ་ཚོགས་སུ་བསགས་པས་དགྲ་གཉེན་ལ་སོགས་པར་བཟུང་བས་འཁྲུལ་ལོ༔ འཁྲུལ་ཚུལ་ནི༔ སེམས་ངོ་བོ་གང་དུ་ཡང་མ་གྲུབ་མིང་དུ་གདགས་སུ་མེད་པ་ལས༔ ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་དུ་བཏགས༔ དེ་ཡང་ཡུལ་མཁར་བུ་ནོར་དགྲ་གཉེན་མེད་པ་ལ་ཡོད་པར་འཛིན་པའི་ཚུལ་གྱིས་མིང་འདོགས་ལ་ཆགས་ཞེན་དུ་བཟུང་ནས་འཁྲུལ་ལོ༔ འཁྲུལ་པའི་འབྲས་བུ་ནི༔ རིགས་དྲུག་གི་སྡུག་བསྔལ་ཉམས་སུ་མྱོང་བའོ༔ དེ་རྣམས་ཀྱང་གཞན་གྱིས་བྱས་པ་མ་ཡིན་ཏེ༔ རང་གི་སེམས་འཁྲུལ་པས་ཉེས་པ་བྱས་སོ་གསུངས༔ འཁྲུལ་པའི་དཔེ་ནི༔ སྲིན་བུའི་ཁ་ཆུ་དང་འདྲ་སྟེ༔ དེ་རང་ལས་བྱུང་ནས་རང་འཐུམས་ནས་འཆི་བ་ལྟ་བུའོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ འཁྲུལ་པ་དེ་གཅོད་པའི་ཐབས་གང་ཡིན༔ དཔེ་ཇི་དང་འདྲ་བར་བཟློག༔ ཟློག་པའི་རྒྱུ་དང་རྐྱེན་གང་ཡིན༔ དུས་ནམ་གྱི་ཚེ་ཡིན༔ ལོག་པའི་ངོ་བོ༔ ཟློག་ཚུལ་ཇི་ལྟར༔ འཁྲུལ་པ་ལོག་པའི་འབྲས་བུ་གང་ཡིན་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ འཁྲུལ་པ་དེ་གཅོད་པའི་ཐབས་ནི༔ སྔོན་དུ་དད་པ་ཁྱད་པར་ཅན་བསྐྱེད་ལ་འཁོར་བའི་ཆོས་ལས་ཡིད་དབྱུང་བར་བྱ་སྟེ༔ དམ་པའི་ཆོས་ལ་སེམས་ཞུགས༔ བླ་མ་གདམས་པ་ཅན་བསྟེན་པའི་ཚེ་འཁྲུལ་པ་ཟློག་པའི་ས་རུ་ཕྱིན་ཏོ༔ འཁྲུལ་པ་ལོག་པའི་དཔེ་ནི༔ གཉིད་སད་པ་དང་འདྲ་སྟེ༔ རྨི་ལམ་ན་བདེ་སྡུག་ལ་སོགས་པའི་དངོས་པོ་ཐམས་ཅད་བདེན་པར་སྣང་བ་ལ་སོགས༔ གཉིད་སད་པའི་དུས་ན་གང་ཡང་མེད་དེ་འཁྲུལ་པར་འདུག་པ་ལྟར༔ འདི་ལྟར་གྱི་སྣང་བ་འདི་ཐམས་ཅད་བློ་འཁྲུལ་པའི་ངོ་གང་ལ་བདེན་པ་ལྟར་སྣང་ཡང་གང་ཡང་བདེན་པར་གྲུབ་པ་མེད༔ རྟག་པའི་བདེན་པ་ཞིག་མེད༔ སེམས་ཅན་ཐམས་ཅད་འཆི་བས་མི་བདེན༔ གནས་དང་ཡུལ་ཞིང་ཐམས་ཅད་འཕོ་བས་མི་བདེན༔ ད་ལྟ་སྟོང་གསུམ་གྱི་འཇིག་རྟེན་ཡང་མེ་བདུན་ཆུ་གཅིག་གིས་མཐར་འཇིག་པར་འགྱུར་བས་མི་བདེན་གསུངས་སོ༔ འཁྲུལ་པ་ལྡོག་པའི་རྒྱུ་དང་རྐྱེན་ནི༔ དཔེར་ན་ཆབ་རོམ་ལ་རྐྱེན་ཉི་མ་ཕོག་པས་ཆུར་འགྱུར་བ་ལྟར༔ རང་བྱུང་གི་ཡེ་ཤེས་གཞི་ལ་ཡོད་པ་དེ་རྐྱེན་བླ་མའི་གདམས་ངག་གིས་བསྟན་པས་ཡེ་ཤེས་སུ་ལྡོག་དགོས་གསུངས་སོ༔ འཁྲུལ་པ་ལྡོག་པའི་དུས་ནི༔ སྲེ་བྱེད་ཀྱི་ཤེས་པས་བསྲེས་ནས་འདྲེས་པའི་དུས་སུ་ལྡོག་སྟེ༔ བེམ་རིག་གཅིག་ཏུ་བསྲེས་ནས་བེམ་པོ་ལུས་ཀྱི་ཆ་ལ་ཞེན་པ་མེད༔ རིག་པ་སྟོང་པའི་ཆ་ལ་ཞེན་པ་མེད་ན་འདྲེས་པ་ཡིན༔ བདག་དང་ཕ་མ་གཉེན་འདུན་རྣམས་ལ་ཞེན་འཛིན་མེད༔ གཞན་སྣང་རྣམས་དང་དགྲ་ལ་ཞེ་སྡང་མེད་ན་བདག་གཞན་འདྲེས་པ་ཡིན༔ འཁོར་བ་སྤངས་ནས་རིང་དུ་འགྲོ་རྒྱུ་མེད་ལ༔ མྱ་ངན་ལས་འདས་པ་བསྒྲུབས་ནས་ཉེ་བར་འགྱུར་བ་མེད་ན་འཁོར་འདས་གཅིག་ཏུ་གྱུར་པ་ཡིན༔ དཔེར་ན་ལན་ཚྭ་ཆུ་ལ་ཐིམ་པ་ལྟར་དབྱེར་མེད་མཉམ་པའི་ངང་དུ་གནས་ན་འཁྲུལ་པ་ལྡོག་པའི་དུས་ཡིན་གསུངས་སོ༔ འཁྲུལ་པ་ལོག་པའི་ངོ་བོ་ནི༔ རིག་པ་གཟུང་འཛིན་དང་བྲལ་བ་ཡིན་ཏེ༔ ཤེས་བྱ་ཆོས་ཀྱི་དབྱིངས་སྐྱེ་བ་མེད་པ་དང༔ ཤེས་བྱེད་རིག་པའི་ཡེ་ཤེས་ཐ་མི་དད་པར་གཉིས་མེད་དུ་ཉམས་སུ་མྱོང་བའོ༔ དེ་ཡང་ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པའི་བབ་ནི་ཆོས་ཀྱི་དབྱིངས་ཡིན་ལ༔ ཡེ་ནས་རང་བཞིན་མེད་པ་ཤེས་པ་ཡེ་ཤེས་ཏེ༔ གང་ལ་ཡང་རང་བཞིན་མེད་པར་རྟོགས་པའོ༔ འཁྲུལ་པ་ལྡོག་པའི་ཚུལ་ནི༔ ཞར་སྐྱེ་དང་ཞར་འགག་གི་ཚུལ་དུ་ལྡོག་སྟེ༔ འཁྲུལ་པའི་དུས་སུ་མ་རིག་པ་སྐྱེས་པས་ཡེ་ཤེས་ཞར་ལ་འགགས་པ་བཞིན་དུ༔ དེ་ལྡོག་པའི་དུས་སུ་ཡེ་ཤེས་སྐྱེས་པས་མ་རིག་པ་ཞར་ལ་འགགས་ཏེ༔ དཔེར་ན་ཉི་མ་ཤར་བས་མུན་པ་ཞར་ལ་འགགས་པ་ལྟར་སྣང་བ་ཐམས་ཅད་སེམས་སུ་ཤེས༔ སེམས་སྟོང་པར་ཤེས༔ སྟོང་པ་ཡེ་ཤེས་སུ་ཤེས་པས་མ་རིག་པའི་གཞི་མེད་དེ༔ སྣང་སྲིད་ཐམས་ཅད་ཡེ་ཤེས་ཀྱི་རོལ་པ་ལས་གཞན་མེད་དོ་གསུངས༔ འཁྲུལ་པ་ལོག་པའི་འབྲས་བུ་ནི༔ སྐུ་གསུམ་སྟེ༔ ཆོས་སྐུ་ནམ་མཁའ་ལྟ་བུ་སྐྱེ་མེད་ལས༔ ལོངས་སྐུ་མཚན་དང་དཔེ་བྱད་ལྡན་པ་སྤྲིན་ལྟ་བུར་བཞེངས་ནས༔ སྤྲུལ་པའི་སྐུ་ཆར་ལྟ་བུས་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་གང་ལ་གང་འདུལ་དུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པ་ཡིན་ནོ་གསུངས༔ དེ་རྣམས་ནི་དབང་པོ་འབྲིང་གི་འཁྲུལ་པ་ལོག་ནས་གྲོལ་ལུགས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ དབང་པོ་ཐ་མས་འཁྲུལ་པ་ལྡོག་པའི་གདམས་པ་ཞིག་ཞུ་དང་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དབང་པོ་ཐ་མས་འཁྲུལ་པ་ལྡོག་པ་ལ༔ དཔེར་ན་ཀུན་གཞིའི་རྣམ་པར་ཤེས་པ་ཁྱིམ་དང་འདྲ་སྟེ༔ དེར་ནོར་གསོག་པ་ལྟར་ལས་དང་བག་ཆགས་བཟང་ངན་ཐམས་ཅད་གསོག་པའི་སྣོད་དོ༔ ཉོན་མོངས་པ་ཅན་གྱི་ཡིད་ཆུང་མ་དང་འདྲ་སྟེ༔ དེས་ནོར་རྫས་འཛིན་པ་ལྟར༔ ཀུན་གཞིའི་རྣམ་པར་ཤེས་པ་ཁ་ནང་དུ་བལྟས་ནས༔ བག་ཆགས་བཟང་ངན་དུ་འཛིན་པའོ༔ ཡིད་ཀྱི་རྣམ་པར་ཤེས་པ་ཁྱོ་ལྟ་བུ་སྟེ༔ དེས་ནོར་ལ་སོགས་པ་ཚོལ་བ་ལྟར་ཡིད་ཀྱི་རྣམ་པར་ཤེས་པས་ཁ་ཕྱིར་བལྟས་ནས་ཡུལ་སྣ་ཚོགས་ལ་མཚན་མར་བཟུང་ནས་རྟོག་པའོ༔ སྒོ་ལྔའི་རྣམ་པར་ཤེས་པ་བུ་ལྟ་བུ་སྟེ༔ དེས་ནོར་གཅོད་པ་ལྟར་རྣམ་ཤེས་ཀྱིས་ཡུལ་ལ་ཆགས་སྡང་སྣ་ཚོགས་སྐྱེད་ཅིང་ཚུར་གཅོད་དོ༔ ལུས་ཀྱི་རྣམ་པར་ཤེས་པ་མནའ་མ་དང་འདྲ་སྟེ༔ ནོར་ལ་ལོངས་སྤྱོད་པ་ལྟར་འདོད་པའི་ཡོན་ཏན་ལྔ་ལ་བལྟས་ནས་ཉམས་སུ་མྱོང་བར་ལོངས་སྤྱོད་པའོ༔ དེ་ནི་འཁྲུལ་པའི་ཚུལ་བསྟན་པའོ༔ ད་འཁྲུལ་པ་དེ་ལས་ལྡོག་པ་ལ༔ ཀུན་གཞིའི་རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་ཡིན་ཏེ༔ གང་དུ་ཡང་མ་གྲུབ་པ་ནམ་མཁའ་ལྟ་བུ་ཞིག་རང་གི་རྒྱུད་ལ་གནས་པ་ཡིན༔ དེ་ལ་ཉོན་མོངས་པའི་ཡིད་ཀྱིས་མ་གཟུང་བར་གློད་དེ་འབད་རྩོལ་དང་བྲལ་བར་བཞག་པས༔ རང་གི་རྣམ་རྟོག་ཡིད་གཉིས་མ་ལངས༔ ཡིད་ཀྱི་རྣམ་པར་ཤེས་པས་ཕྱིར་མ་བཅད་པས༔ སྒོ་ལྔའི་ཡུལ་མཚན་མར་མ་བཟུང་བ་གསལ་ལ་རྟོག་མེད་དེ་ཡེ་ཤེས་ཡིན་ནོ༔ དེ་ལ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཅེས་བྱ༔ རང་བྱུང་གི་ཡེ་ཤེས་ཞེས་བྱའོ༔ དེ་ལ་ཉམས་སུ་བླངས་པས་སྣང་བ་འདི་སྣང་ལ་རང་བཞིན་མེད་པ་ཆུ་ཟླའམ༔ གཟུགས་བརྙན་ནམ༔ སྒྱུ་མའམ༔ རྨི་ལམ་ལྟར་ངོ་བོ་གང་དུ་ཡང་མ་གྲུབ་པ་སྟོང་པའི་ཉམས་འཆར་རོ༔ དེའི་ཚེ་ན་འཁྲུལ་པ་ཡེ་ཤེས་སུ་འཆར་བ་ཡིན་ནོ༔ དེ་ལ་གོམས་པའི་རྣལ་འབྱོར་པ་བེམ་རིག་བྲལ་བའི་དུས་ན་ཀུན་གཞིའི་རྣམ་པར་ཤེས་པ་ཆོས་ཀྱི་སྐུར་གྱུར་ཏེ༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་ཤར་ཏེ༔ སྒོ་ལྔའི་རྣམ་པར་ཤེས་པ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་འཆར༔ ཡིད་ཀྱི་རྣམ་པར་ཤེས་པ་སོ་སོར་རྟོག་པའི་ཡེ་ཤེས་སུ་ཤར༔ ཉོན་མོངས་པའི་ཡིད་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་ཤར༔ ལུས་ཀྱི་རྣམ་པར་ཤེས་པ་འོད་ཀྱི་ལུས་སུ་གྱུར་ནས་གཟུགས་སྐུ་གཉིས་སུ་ཤར་ཏེ༔ བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་སེམས་ཅན་གྱི་དོན་བྱེད་དོ༔ དེ་ཡང་ཆོས་སྐུ་ནམ་མཁའ་དང་འདྲ་སྟེ་དབྱིབས་དང་ཁ་དོག་བརྗོད་བྱ་ལས་འདས་སོ༔ ལོངས་སྤྱོད་རྫོགས་པའི་སྐུ་ནི་འོག་མིན་ཆོས་ཀྱི་དབྱིངས་ན་བཞུགས་ཏེ༔ མཚན་དང་དཔེ་བྱད་དང་ལྡན་པ་སངས་རྒྱས་རིགས་ལྔའི་ཚུལ་དུ་བཟུང་ནས་བྱང་ཆུབ་སེམས་དཔའ་རྣམས་ལ་སྣང་སྟེ་ཆོས་སྟོན་ཏོ༔ སྤྲུལ་སྐུ་ནི་སེམས་ཅན་གང་ལ་གང་འདུལ་ལ་ཐུབ་པ་དྲུག་ཏུ་སྤྲུལ་ནས་གདུལ་བྱ་ཅི་ཡིན་འདུལ་བའི་ཚུལ་དུ་སྣང་ངོ༔ དེ་ལྟ་བུའི་སྐུ་གསུམ་ཡང་ངོ་བོ་ཉིད་ཀྱི་སྐུར་གཅིག་སྟེ༔ སེམས་ཉིད་ཀྱི་ངོ་བོ་ཆོས་ཀྱི་དབྱིངས་རྟོགས་ནས་སྒོམ་པ་བརྟན་པ་ལས་བྱུང་བས་རྒྱུད་ཡོངས་སུ་དག་པའི་སངས་རྒྱས་ཞེས་བྱའོ༔ སྐུ་གསུམ་པོ་དེ་མཐོང་བའི་དུས་ན་མས་མཐོང༔ ཐོབ་པའི་དུས་ན་ཡས་ཐོབ་པའོ༔ དེ་དག་ནི་དབང་པོ་ཐ་མའི་འཁྲུལ་པ་ལྡོག་ལུགས་དང་གྲོལ་ལུགས་བསྟན་པའོ་གསུངས་སོ༔ འཁྲུལ་གཞི་རྩད་ནས་གཅོད་པའི་གདམས་པ་འདི༔ མཁར་ཆེན་མཚོ་རྒྱལ་ཁྱོད་ལ་གཏད༔ སྣོད་ལྡན་སྐལ་ལྡན་ཤིན་ཏུ་དཀོན༔ རིན་ཆེན་གཏེར་དུ་སྦོས་ལ་ཞོག༔ དུས་ཀྱི་མཐའ་ལ་གཏེར་སྒོ་ཕྱེས༔ ལས་དང་སྐལ་ལྡན་གཅིག་ལ་གཏོད༔ ཅེས་གདམས་སོ༔ འཁྲུལ་གཞི་རྩད་གཅོད་ཀྱི་ཞུས་ལན༔ སྟོན་ཟླ་འབྲིང་པོའི་ཚེས་གསུམ་ལ་མཆིམས་ཕུའི་ཡང་དབེན་དུ་ཡི་གེར་བཏབ་པའོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ྈ ༄༅༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བསམ་ཡས་ན་བཞུགས་པའི་དུས་སུ༔ རྔོག་ཤེས་རབ་རྒྱལ་པོ་ཞེས་བྱ་བ༔ ན་སོ་ལོ་དྲུག་ཅུ་རེ་གཅིག་ལོན་པ༔ ཐོས་པ་མ་བྱས་པ༔ དད་པ་ཅན་གྱི་མཆོག་ཏུ་གྱུར་པ༔ སློབ་དཔོན་ལ་ཤིན་ཏུ་མོས་པ་ཞིག་གིས༔ བྲག་པོ་ཆེའི་དབེན་པ་རུ༔ སློབ་དཔོན་ལོ་གཅིག་དུ་བཏེགས་ནས༔ རྔོག་གིས་ཆོས་ཞུ་མ་བྱས༔ སློབ་དཔོན་གྱིས་ཆོས་བཤད་མ་བྱས་པར༔ ལོ་གཅིག་ན་སློབ་དཔོན་བཞུད་པར་དགོངས་པ་ལ༔ རྔོག་གིས་མ་དྷལ་གཅིག་གི་སྟེང་དུ་གསེར་སྲང་གཅིག་ལ་མེ་ཏོག་བྱས་ནས་སློབ་དཔོན་ལ་ཕུལ་ནས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ བདག་ལ་ཐུགས་རྗེས་དགོངས་འཚལ༔ བདག་གཅིག་ཏུ་ཐོས་པ་ཆུང༔ གཉིས་སུ་ཤེས་རབ་ཆུང༔ གསུམ་དུ་ན་སོ་རྒས་པས་འབྱུང་བ་རྙིང༔ སློབ་དཔོན་ཆེན་པོ་ནས་བདག་ལ་གོ་སླ་བ༔ སྒྲོ་འདོགས་ཕྱི་ནང་ཆོད་པ༔ རྟོགས་པར་སླ་བ༔ ལྟ་ཁམ་ཆེ་བ༔ ཉམས་སུ་བླང་སླ་བ༔ ཚེ་ཕྱི་མ་ལ་ཕན་པ༔ རྒན་པོ་འཆི་ཀ་མའི་ཆོས་ཤིག་ཞུ་འཚལ་ལོ་ཞེས་ཞུས་པས༔ སློབ་དཔོན་གྱིས་རྒད་པོའི་སྙིང་གར་ཕྱག་འཁར་གཏད་ནས་གདམས་པ་བཏབ་པ་འདིའོ༔ ཉོན་ཅིག་རྒད་པོ་རང་རིག་པ་བྱང་ཆུབ་སེམས་འདི་ལ་ལྟོས་ཤིག༔ གཟུགས་དང་ཁ་དོག་ཏུ་གྲུབ་པ་མེད༔ མཐའ་དང་དབུས་སུ་གྲུབ་པ་མེད༔ དང་པོ་བྱུང་ས་མེད་དེ་སྟོང༔ བར་དུ་གནས་ས་མེད་དེ་སྟོང༔ ཐ་མ་འགྲོ་ས་མེད་དེ་སྟོང༔ སྟོང་པ་ཅིར་ཡང་མ་གྲུབ་པ་གསལ་ལ་དྭངས་པ་ཞིག་འདུག་པ་དེ་མཐོང་ནས་ངོ་ཤེས་ན་རང་ངོ་རང་གིས་ཤེས་པ་ཡིན༔ ཆོས་ཀྱི་ཆོས་ཉིད་གོ་བ་ཡིན༔ སེམས་ཀྱི་སེམས་ཉིད་མཐོང་བ་ཡིན༔ དངོས་པོ་དོན་གྱི་གནས་ལུགས་གཏན་ལ་ཕེབས་པ་ཡིན༔ ཤེས་བྱའི་སྒྲོ་འདོགས་ཆོད་པ་ཡིན༔ རིག་པ་བྱང་ཆུབ་ཀྱི་སེམས་དེ་དངོས་པོ་ཅིར་ཡང་མ་གྲུབ་པས་རང་བྱུང་རང་ལ་གནས་ཏེ༔ གཞན་ནས་བཙལ་དུ་མེད་པས༔ ཆོས་ཉིད་ཀྱི་དོན་རྟོགས་སླ༔ སེམས་ཉིད་ཀྱི་དོན་ལ་གཟུང་འཛིན་གྱི་དངོས་པོ་མ་གྲུབ༔ རྟག་ཆད་ཀྱི་མཐའ་ལས་འདས༔ སངས་ལ་རྒྱ་རྒྱུ་མེད་དེ་སངས་རྒྱས་ཀྱང་རང་གི་རིག་པ་རང་སངས༔ དམྱལ་བར་འགྲོ་རུ་མེད་དེ་རིག་པ་རང་དག༔ ཆོས་ལ་བྱ་རྒྱུ་མེད་དེ་ཆོས་ཉིད་རང་གསལ༔ ལྟ་བ་རང་ལུགས་ཆེན་པོ་དེ་རང་ལ་ཡོད་པས་གཞན་ནས་བཙལ་དུ་མེད་པར་ཐག་བཅད་དོ༔ དེ་ལྟར་ལྟ་བ་རྟོགས་ནས་ཉམས་སུ་ལེན་པར་འདོད་པས༔ རང་གར་འདུག་པའི་ས་དེ་ལུས་ཀྱི་རི་བོའི་དགོན་པའི་གནས༔ ཕྱི་སྣང་བ་ལ་གང་ཤར་བ་དེ་སྣང་བ་རང་སྣང༔ སྟོང་པ་རང་སྟོང༔ སྤྲོས་པའི་མཐའ་དང་བྲལ་བར་གཞག་གོ༔ དེའི་ཕྱིར་སྣང་བ་གྲོགས་སུ་རང་སར་དག་སྟེ་སྣང་བ་ལམ་དུ་ཁྱེར་ཅིང་ཉམས་སུ་བླངས་པས༔ ནང་སེམས་ལ་དྲན་པ་ཅི་ཤར་ཡིད་ལ་ཅི་འགྱུས་ཀྱང་དེ་ལ་ངོ་བོ་མེད་དེ་སྟོང་པར་འདུག༔ འགྱུ་དྲན་རང་སར་དག༔ སེམས་ཉིད་གསལ་ཐེབས་པས་འགྱུ་དྲན་ལམ་དུ་བསླངས་ནས་ཉམས་སུ་བླང་བར་བདེའོ༔ གསང་བ་ཉོན་མོངས་པ་གང་ལངས་ཀྱང༔ ཉོན་མོངས་པར་བལྟས་པས་རྗེས་མེད་ངང་དུ་ཞི༔ ཉོན་མོངས་པ་རང་སར་དག༔ ཉམས་སུ་བླང་བར་བདེའོ༔ དེ་ལྟར་ཉམས་སུ་ལེན་ཙ་ན༔ སྒོམ་པ་ཐུན་སྒོམ་བྱར་མེད༔ ཐམས་ཅད་གྲོགས་སུ་ཤེས་པས་ཉམས་ལ་གསལ་འགྲིབ་མེད༔ ཆོས་ཉིད་ཀྱི་དོན་ལ་རྒྱུན་ཆད་མེད༔ སྤྱོད་པ་ལ་ཡངས་དོག་མེད་དོ༔ ཇི་ལྟར་གནས་ཀྱང་ཆོས་ཉིད་དོན་ལ་འདུ་འབྲལ་མེད༔ དེ་ལྟར་རྟོགས་ཙམ་ན་འབྱུང་བའི་ལུས་རྒས་ཀྱང་བྱང་ཆུབ་སེམས་ལ་རྒས་པ་མེད༔ ན་སོ་ལ་རྒན་གཞོན་མེད༔ ཆོས་ཉིད་དོན་ལ་ཕྱོགས་རིས་མེད་པས༔ རིག་པ་ཆོས་ཉིད་ཀྱི་ཡེ་ཤེས་དེ་རང་ལ་ཡོད་པར་ངོ་ཤེས་པས་དབང་པོ་ལ་རྣོ་བརྟུལ་མེད་དོ༔ ཆོས་ཉིད་ཀྱི་དོན་ལ་ཕྱོགས་རིས་མེད་པ་དེ་ལ་མེད་པར་གོ་བས་ཐོས་པ་ལ་ཆེ་ཆུང་མེད་དོ༔ བེམ་རིག་གི་བརྙན་ལུས་ཞིག་ཀྱང་རིག་པ་ཡེ་ཤེས་ཆོས་ཀྱི་སྐུ་ལ་རྒྱུན་ཆད་མེད༔ མི་འགྱུར་བརྟན་པ་ཐོབ་པས་ཚེ་ལ་རིང་ཐུང་མེད་དོ་གསུངས་སོ༔ རྒད་པོ་ཡང་དག་པའི་དོན་དེ་ཉམས་སུ་ལོང་མཛོད༔ ཉམས་ལེན་རྒྱུད་ལ་ཁོལ་མཛོད༔ ཚིག་དང་དོན་དུ་མ་འཛོལ་བར་མཛོད༔ བརྩོན་འགྲུས་གྲོགས་དང་མ་བྲལ་བར་མཛོད༔ དྲན་པའི་རྩིས་ཀྱིས་ཟིན་པར་མཛོད༔ ལོང་གཏམ་དང་འཆལ་གཏམ་ལ་མ་དགའ་བར་མཛོད༔ ཐ་མལ་གྱི་བློ་དང་མ་འདྲེས་པར་མཛོད༔ བུ་ཚའི་སྡུག་བསྔལ་མ་ཆེ་བར་མཛོད༔ བཟའ་བཏུང་ལ་སྲེད་པ་མ་ཆེ་བར་མཛོད༔ ཐ་མལ་དུ་འཆི་བ་ལ་སེམས་མཛོད༔ ཚེ་ལ་ལོང་མེད་བརྩོན་འགྲུས་སྐྱེད་མཛོད༔ རྒད་པོ་འཆི་ཁ་མའི་གདམས་ངག་འདི་ལ་མཛོད་ཅེས་གསུངས་ནས༔ རྒད་པོའི་སྙིང་གར་ཕྱག་འཁར་བཙུགས་ནས་གདམས་པ་བཏབ་པས༔ རྒད་པོ་ལ་འཁར་བཙུགས་ཀྱི་གདམས་པ་ཞེས་བྱའོ༔ རྔོག་ཤེས་རབ་རྒྱལ་པོ་གྲོལ་ཏེ་གྲུབ་པ་ཐོབ་བོ༔ ཕྱི་རབས་དོན་དུ་མཁར་ཆེན་བཟའ་ཡིས་ཡི་གེ་རིས་སུ་བཏབ༔ མིང་ཡང་འཁར་བཙུགས་ཀྱི་གདམས་པ་ཞེས་བྱའོ༔ རྒྱ༔ རྒྱ༔ རྒྱ༔༔ ༔༔ ༄༅༔ ྈ སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ་སྤྲུལ་པའི་སྐུ་དེ༔ རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྤྱན་དྲངས་ནས༔ བྲག་དམར་དཔལ་གྱི་བསམ་ཡས་ན་བཞུགས་པའི་ཚེ༔ སྟོན་བཟའ་དགེ་ལྡན་མ་ཞེས་བྱ་བ༔ རྒན་མོ་དད་པ་ཤིན་ཏུ་ཆེ་བ་ཞིག་ཡོད་པ་ལ༔ གཡོག་མོ་མར་གོང་བཟའ་རིན་ཆེན་འཚོ་བྱ་བ་ལ༔ ནངས་ཀྱི་རིགས་ལ་ཞོ་ཞལ་བུ་རེ་ལ་རྒུན་འབྲུམ་གྱི་ཕྱེ་ཚུམ་རེ་བཏབ་ནས་འདྲེན་དུ་བཏང་བ་ལ༔ དེ་ནས་སློབ་དཔོན་བསམ་ཡས་མཆིམས་ཕུར་བཞུད་པའི་དུས་སུ༔ སྒོ་ནས་ཆས་པའི་ལམ་ཀར་ཕྱག་དང་བསྐོར་བ་བྱས་ནས་མདུན་ནས་ཐལ་མོ་སྦྱར་ནས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ སློབ་དཔོན་ནི་བཞུད་ཀ་མ༔ རྒན་མོ་ནི་འཆི་ཀ་མ༔ བདག་གཅིག་ཏུ་བུད་མེད་ཀྱི་བུར་སོང་བས་སྐྱེ་བ་དམན༔ བྱ་བས་གཡེང་ནས་ཆོས་མི་དྲན༔ གཉིས་སུ་བློ་དམན་ཤེས་རབ་ཆུང༔ གསུམ་དུ་ན་སོ་རྒས་པས་རྨོངས༔ རིག་པ་མི་གསལ༔ སློབ་དཔོན་ཆེན་པོ་ལགས༔ རྒན་མོ་ལ་ཚེགས་ཆུང་བ་གོ་སླ་བ༔ ཉམས་སུ་བླང་སླ་ལ་དོན་ཆེ་བ༔ རྒན་མོ་འཆི་ཀ་མའི་གདམས་ངག་ཞིག་ཞུ་འཚལ་ལོ༔ ཞེས་ཞུས་པས༔ སློབ་དཔོན་པདྨའི་ཞལ་ནས༔ རྒན་མོ་ཁྱོད་སུ་ཡིན་ཞེས་དྲིས་པས་རྒན་མོས་ཞུས་པ༔ ཁོལ་མོ་ངན་མ་ཞིག་ཞོ་ཞལ་བུ་རེ་འདྲེན་དུ་གཏོང་བ་དེ་ལགས་ཏེ་ཞེས་སྨྲས་པས༔ སློབ་དཔོན་དགྱེས་ཏེ༔ ཁྲི་སྲོང་ལྡེ་བཙན་བས་ཀྱང་དད་པ་ཆེ་བ་དེ་ཡིན་ཨང་གསུངས་ནས༔ རྒན་མོ་དཔོན་གཡོག་ལ་གདམས་པ་བཏབ་པ༔ རྒན་མོ་སྐྱིལ་ཀྲུང་འཆོས་ལ་ལུས་པོ་དྲང་པོར་སྲོངས་ཤིག༔ དལ་ཅིག་སེམས་ལྷོད་ཀྱིས་ཀློད་ལ་ཞོག་ཅིག་གསུངས༔ དེ་ནས་སློབ་དཔོན་གྱིས་རྒན་མོའི་སྙིང་གར་ཕྱག་གི་མཛུབ་མོ་བཙུགས་ནས་གདམས་པ་འདི་བཏབ་བོ༔ རྒན་མོ་ཉོན་མཛོད་ཅིག༔ ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་དང༔ ཁམས་གསུམ་གྱི་སེམས་ཅན་གྱི་སེམས་ལ་ཁྱད་ཅི་ཡོད་ན༔ སེམས་ཉིད་དོན་རྟོགས་མ་རྟོགས་གཉིས་ལས་མེད༔ སེམས་ཅན་གྱིས་དོན་མ་རྟོགས་པས༔ མ་རིག་པ་ལ་འཁྲུལ་པ་བྱུང་ནས་སྡུག་བསྔལ་སྣ་ཚོགས་ཤར་ཏེ་མར་འཁོར་བར་འཁྱམས་པ་ཡིན༔ སངས་རྒྱས་ཀྱི་རྒྱུ་དེ་རང་ལ་ཡོད་ཀྱང་ངོ་མ་ཤེས་པ་ཡིན༔ དེ་ལ་སངས་རྒྱས་ཀྱི་རྒྱུ་དེ་སེམས་ཅན་ཐམས་ཅད་ལ་ཡོད༔ སྒོས་དལ་འབྱོར་ཐོབ་པའི་མི་ལ་ཡོད་དོ༔ དེ་ཡང་ཕོ་ལ་སངས་རྒྱས་ཀྱི་རྒྱུ་ཆེ་བ་མེད་ལ༔ མོ་ལ་སངས་རྒྱས་ཀྱི་རྒྱུ་དེ་ཆུང་བ་མེད་པས༔ སྐྱེ་བ་བུད་མེད་དུ་སྐྱེས་ཀྱང་སངས་རྒྱས་འགྲུབ་པ་ལ་འགལ་བ་མེད་གསུངས༔ སངས་རྒྱས་ཀྱི་ཡེ་ཤེས་དེ་ངོ་ཤེས་ཤིང་རྟོགས་པར་བྱེད་པ་ལ༔ ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་ཀྱང༔ དེའི་དོན་ཤེས་པར་བྱེད་པ་ལ་བླ་མའི་གདམས་ངག་ཚིག་གསུམ་གསུངས་པ་ལ་འདུས་པས༔ བློ་དམན་ཤེས་རབ་ཆུང་ཡང་མི་ལྟོ་གསུངས༔ ད་ཆོས་ཀྱི་དོན་སངས་རྒྱས་ཀྱི་དགོངས་པ༔ བླ་མའི་གདམས་ངག་ཚིག་གསུམ་ལ༔ ཕྱི་གཟུང་བའི་ཡུལ་དག་པས་སྣང་བ་རང་སར་གྲོལ༔ ནང་འཛིན་པའི་སེམས་དག་པས་འཛིན་མེད་ཀྱི་རིག་པ་རང་སར་གྲོལ༔ བར་དུ་འོད་གསལ་ཉམས་དགའ་བས་རང་ངོ་རང་གིས་ཤེས་པའོ༔ ཕྱི་གཟུང་བའི་ཡུལ་ཇི་ལྟར་དག༔ རིག་པ་བྱང་ཆུབ་ཀྱི་སེམས་འདི་རྣམ་རྟོག་གིས་མ་བསླད་པ༔ རང་གསལ་དུ་སྣང་བ་འདི་ལ་བཞག་པས༔ ཡུལ་སྣང་ལ་འཛིན་པ་མ་ཞུགས་པས་སྣང་བ་གང་ལྟར་སྣང་ཡང་དོན་དུ་མི་བདེན་པ་ལ་དངོས་པོར་མི་འཛིན་ཏེ༔ སྣང་བ་གང་ཡིན་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ༔ ཁྱིམ་དང་མཁར༔ ནོར་དང་རྫས༔ དགྲ་དང་གཉེན༔ སྤུན་དང་གྲོགས༔ བུ་དང་ཆུང་མ༔ ཁྱོ་དང་བུ་མོ༔ དེ་དག་ལ་སོགས་པ་གང་ལ་ཡང་བདག་ཏུ་འཛིན་པའི་བློ་མ་ཞུགས་པས་སྣང་ཡང་དོན་དུ་མི་འཛིན༔ གང་ལ་ཡང་ཞེན་པ་མེད་པས་ཕྱི་གཟུང་བའི་ཡུལ་དག་པ་བྱ་བ་ཡིན༔ ཡུལ་དག་ཟེར་ནས་སྣང་བ་མེད་ནས་མི་འགྲོ༔ ཞེན་པ་དང་འཛིན་པ་མེད་པ་གསལ་ལ་སྟོང་པ༔ དཔེ་མེ་ལོང་གི་གཟུགས་བརྙན་དང་འདྲ་སྟེ་སྣང་ཡང་གཟུང་རྒྱུ་མེད་པར་སྟོང་པ་ལྟར༔ སྣང་བ་རང་ཤར་སྟོང་པ་ལ་བྱའོ༔ ནང་འཛིན་པའི་སེམས་དག་པས་འཛིན་མེད་ཀྱི་རིག་པ་རང་སར་གྲོལ་བའི་མན་ངག་ནི༔ སེམས་ལ་རྣམ་རྟོག་དང་འགྱུ་བྱེད་ཀྱི་དྲན་པ་དང་དུག་ལྔ་གང་སྐྱེས་ཀྱང༔ གང་དྲན་པ་དེ་ལ་བློ་མ་བཟུང་བས་འགྱུ་བ་རང་སངས་སུ་འགྲོ་སྟེ༔ འགྱུ་བྱེད་ཀྱི་སྐྱོན་གྱིས་མ་གོས་པའོ༔ ནང་འཛིན་པའི་དྲི་མེད་ཟེར་ནས་བེམ་པོ་ས་རྡོ་ལྟར་འགྲོ་བ་མ་ཡིན་ཏེ༔ རིག་པ་ལ་རྟོག་པའི་དྲི་མ་མི་འཇོག་པ་ལ་ཟེར་བ་ཡིན་ནོ༔ དཔེར་ན་རིན་ཆེན་གསེར་གླིང་དུ་ཕྱིན་པ་དང་འདྲ་སྟེ༔ རིན་པོ་ཆེ་གསེར་གླིང་ན་ས་རྡོའི་མིང་ཡང་མེད༔ དེ་བཞིན་དྲན་རིག་ཡེ་ཤེས་སུ་གྲོལ་ཙ་ན་རྣམ་རྟོག་གི་མིང་ཡང་མེད་དོ༔ བར་འོད་གསལ་ཉམས་དགའ་བས་རང་ངོ་རང་གིས་ཤེས་པའི་མན་ངག་ནི༔ ཉམས་སུ་བླང་བའི་དུས་སུ༔ རང་གིས་ཤེས་པ་རིག་པ་མེད་པ༔ ས་ལེ༔ སེང་ངེ༔ ཧྲིག་གེ་བ༔ ཆོས་ཉིད་རང་བྱུང་གི་ཡེ་ཤེས་དེ་རྒྱུད་ལ་ཉམས་སུ་བླངས་པས༔ བདེ་བ་གསལ་བ་མི་རྟོག་པ་ཞེན་འཛིན་དང་བློ་ཡིས་མ་བསླད་པའི་ཉམས་ཤིག་འོང་བས༔ དེ་ཀ་སངས་རྒྱས་ཀྱི་དགོངས་པ་ཡིན་པས༔ རིག་པ་རང་ངོ་རང་གིས་ཤེས་པས༔ དཔེར་ན་རང་གི་མ་ཡིན་པ་ལ་མར་སྒོམ་མི་དགོས༔ མ་མིན་སྙམ་པའི་རྟོག་པ་གང་ཡང་མི་འཆར༔ དེ་བཞིན་དུ་རང་གི་རིག་པ་ཆོས་ཉིད་ཡིན་པར་ངོ་ཤེས་པའི་དུས་ན༔ འཁོར་བའི་ཆོས་ཐམས་ཅད་ཆོས་ཉིད་ཡིན་སྙམ་དུ་སྒོམ་མི་དགོས་ཏེ༔ མ་བསྒོམ་ཡང་ཆོས་ཉིད་ཀྱི་དོན་དང་མི་འབྲལ་ཏེ༔ མ་བསྒོམ་པའི་སྒོམ་པ་བྱ་བ་ཡིན་པས༔ ཆོས་ཐམས་ཅད་རང་བཞིན་མེད་པ་དེ་ཆོས་ཉིད་ཀྱི་མ༔ རང་བཞིན་མེད་པར་ཤེས་པ་ཆོས་ཉིད་ཀྱི་བུ༔ རིག་པ་ཆོས་ཀྱི་དབྱིངས་སུ་ངོ་ཤེས་པས་རང་ངོ་རང་གིས་ཤེས་པ་བྱ་བ་ཡིན་ནོ་གསུངས་སོ༔ དུས་དེ་ཙམ་ན་སྐྱེ་བ་ལ་མཐོ་དམན་མེད༔ བྱ་བ་ལ་ཆེ་ཆུང་མེད༔ བློ་ལ་རྣོ་བརྟུལ་མེད༔ ཤེས་རབ་ལ་ཆེ་ཆུང་མེད༔ ཐོས་པ་ལ་མང་ཉུང་མེད༔ ན་སོ་ལ་རྒན་གཞོན་མེད༔ ཤེས་པ་ལ་གསལ་མི་གསལ་མེད༔ ཚེགས་ཆུང་ལ་གོ་སླ༔ ཉམས་ལེན་བདེ་ལ་དོན་ཆེ༔ འཆི་བ་ལ་ཉམ་མི་ང༔ རྒན་མོ་ཉམས་སུ་ལོང་མཛོད༔ ཚེ་ལ་ལོང་མེད་བརྩོན་འགྲུས་སྐྱེད་མཛོད༔ བུ་ཁྱོའི་ཁོལ་མོ་གླ་མེད་ལག་སྟོང་མ་བྱེད་པར༔ བླ་མའི་གདམས་ངག་རྒྱགས་ཕྱེར་ཐོགས་མཛོད༔ ཚེ་འདིའི་བྱ་བའི་ལས་ལ་ཟིན་པ་མེད་པས་སྒོམ་སྒྲུབ་མཐའ་རུ་ཕྱུངས༔ རྒན་མོ་འཆི་ཁར་མི་འཚེར་བའི་སུན་མར་གདམས་པ་མཛོད་གསུངས་ནས༔ སློབ་དཔོན་གྱིས་རྒན་མོའི་སྙིང་གར་མཛུབ་མོ་བཙུགས་ནས་གདམས་པ་བཏབ་པས༔ མིང་ཡང་རྒན་མོ་མཛུབ་བཙུགས་ཀྱི་གདམས་པ་ཞེས་བྱའོ༔ རྒན་མོ་དཔོན་གཡོག་གྲོལ་ཏེ་གྲུབ་པ་ཐོབ་བོ༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་ཕྱི་རབས་དོན་དུ་ཡོས་བུའི་ལོའི་དབྱར་ཟླ་འབྲིང་པོའི་ཚེས་བཅུ་བདུན་ལ་བསམ་ཡས་ལྷོ་ངོས་སུ་ཡི་གེ་རིས་སུ་བཏབ་པའོ༔ ཕྱི་རབས་དོན་དུ་རིན་ཆེན་གཏེར་དུ་སྦས༔ སྐལ་ལྡན་སྤྲུལ་པ་ཞིག་དང་འཕྲད་པར་ཤོག༔ གང་ལ་གང་འོས་འགྲོ་ལ་གདམས་པ་མཛོད༔ འདི་ཡིས་ལས་ཅན་རང་རྒྱུད་གྲོལ་བར་ཤོག༔ རྒྱ༔ རྒྱ༔རྒྱ༔༔ ༔༔ ྈ ༄༅༔ ྈ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ༔ སྐུ་མངལ་གྱིས་མ་གོས་ཏེ་པདྨ་ལས་རྫུས་སྐྱེས་སུ་འཁྲུངས་པ་དེ༔ བོད་ཀྱི་ལྷ་སྲས་བཙན་པོས་སྤྱན་དྲངས་ནས་བསམ་ཡས་ཀྱི་ས་གཞི་བཏུལ་བའི་དུས་སུ༔ མུ་ཏིག་ཤེལ་གྱི་སྤ་མ་གོང་དུ་བཞུགས་པ་ལ༔ བུད་མེད་ཁྱད་པར་དུ་འཕགས་པ་མཁར་ཆེན་བཟའ་མཚོ་རྒྱལ་དང༔ ཤེལ་དཀར་བཟའ་རྡོ་རྗེ་འཚོ་དང༔ ཅོག་རོ་བཟའ་དཔལ་གྱི་མཆོད་གནས་དང༔ འབྲོ་བཟའ་མ་ཏིང་མ་དང༔ མར་གོང་བཟའ་རིན་ཆེན་ཚུལ་དང༔ མཆིམས་བཟའ་མ་ས་ལེ་འོད་དང༔ རུ་ཡང་བཟའ་མ་ཏི་དང༔ བུད་མེད་བདུན་གྱིས་གསེར་གྱི་མ་དྷལ་ཁྲུ་གང་པ་ཞིག་ལ་གཡུའི་མེ་ཏོག་རིན་ཆེན་སྣ་བདུན་གྱི་ཚུལ་དུ་བྱས༔ འབྲས་ཆང་དིང་བ་དང་ཞལ་ཟས་སྣ་ཚོགས་ལ་ཚོགས་འཁོར་མཛད་ནས༔ སློབ་དཔོན་ཆེན་པོ་ལགས༔ དྲི་མེད་ཀྱི་སྐུ༔ རྣམ་དག་གི་གསུང༔ སྤྲོས་བྲལ་གྱི་ཐུགས༔ གནང་བར་མཛོད་ཅེས་ཞུས་སོ༔ སློབ་དཔོན་པདྨ་ལ༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་ཞུས་པ༔ བདག་བུད་མེད་འདྲ་བ་ཤེས་རབ་ཆུང་ལ་བློ་བརྟུལ༔ གོ་བ་ཆུང་ལ་སེམས་རྒྱ་ཆུང་བས༔ ཤེས་སླ༔ གཟུང་སླ༔ གོ་སླ༔ རྟོགས་སླ་བ༔ བུད་མེད་ཀྱི་ལུས་འདི་ལ་བརྟེན་ནས་ཚེ་འདི་ལ་སངས་རྒྱ་བའི་གདམས་ངག་ཞིག་ཞུ་འཚལ་ལོ་ཞེས་ཞུས་པས༔ སློབ་དཔོན་གྱིས་གདམས་པ་བཏབ་པ༔ མཁར་ཆེན་བཟའ་ཉོན་ཅིག༔ ཆོས་ཉིད་ཡང་དག་པའི་དོན་དེ༔ བློའི་ཡུལ་དང་བྲལ༔ རྒྱ་ཆད་ཕྱོགས་ལྷུང་མེད༔ སྤྲོས་པའི་མཐའ་དང་བྲལ༔ དོན་ཅིའི་ངོ་བོར་ཡང་མ་གྲུབ་པ་ཞིག་ཡིན་པས༔ དེ་ནི་ཤེས་རབ་ཀྱིས་དཔྱད་མི་དགོས༔ རང་སེམས་ལ་ཡེ་ནས་གནས་པར་ཤེས་པས༔ ཤེས་རབ་མི་དགོས༔ ཤེས་རབ་གདངས་ལ་བཟེད་ལ་ཞོག་གསུངས༔ ཡང་དག་པའི་དོན་དེ་བློའི་སྤྱོད་ཡུལ་དང་བྲལ་བས་སྐྱེ་མེད་རྣམ་དག་རང་བྱུང་རང་གསལ་དུ་འདུག་ཀྱང༔ ཆེད་དུ་བསྒོམ་མི་དགོས་རང་གསལ་དུ་ཉམས་སུ་མྱོང་བས༔ བློ་ལ་གཟུང་མི་དགོས༔ བློ་རྣོ་བ་ལ་དགོས་པ་མེད༔ བློ་མལ་དུ་སྙོལ༔ མཉམ་ཉིད་ཀྱི་རིག་པ་ལ་ཆེ་ཆུང་མེད༔ སངས་རྒྱས་ཀྱི་ཐུགས་དང་སེམས་ཅན་གྱི་སེམས་གཉིས༔ དང་པོ་རྒྱུ་བྱང་ཆུབ་སེམས་སུ་གཅིག༔ བར་དུ་རྟོགས་པས་སངས་རྒྱས༔ མ་རྟོགས་པས་འཁོར་བར་འཁྱམས༔ སེམས་ཉིད་ཀྱི་ངོ་བོ་སྤྲོས་པ་དང་བྲལ༔ དྭངས་སང་ངེ༔ ཅི་ཡང་མ་ཡིན་པར་སྟོང་སང་ངེ༔ གསལ་ལ་མ་འགགས་པར་བཀྲ་ས་ལེ་བ་དེ་སངས་རྒྱས་ཀྱི་དགོངས་པ་ཡིན་པས༔ ལོགས་ནས་རྟོགས་རྒྱུ་མེད༔ རྟོགས་པས་གཏན་ལ་ཕེབས༔ ཆོས་ཉིད་ཀྱི་དོན་དེ་ལ་ཚིག་དང་ཡི་གེར་གཟུང་བ་མེད་པས་སྤྲོས་པའི་མཐའ་དང་བྲལ༔ གདམས་ངག་ལ་ཡི་གེ་རིས་དང་དཔེ་ཆ་མེད་པས༔ སྤྲོས་པ་གཅོད་རྒྱུ་མེད༔ དེ་ལྟར་རྟོགས་ན་ཤེས་རབ་ཆུང་ཡང་མི་ལྟོ༔ བློ་བརྟུལ་ཡང་མི་ལྟོ༔ གོ་བ་ཆུང་ཡང་མི་ལྟོ༔ སེམས་རྒྱས་དགོས་པ་མེད༔ རྟོགས་པ་གཏན་ལ་ཕེབས་པའང་དེ་ཡིན༔ ཚིག་བརྒྱུད་དོན་དང་ལྡན་པའང་དེ་ཡིན༔ ཐོས་བསམ་གྱི་སྤྲོས་པའི་མཐའ་དེས་ཆོད་པ་ཡིན༔ ཚེ་འདིར་ལུས་མ་བོར་བར་སངས་རྒྱས་པའང་དེ་ཡིན༔ དེ་ལྟར་ཉམས་སུ་ལོང་མཛོད༔ ལར་ཁྱེད་བུད་མེད་ཀྱི་བུ་ལ༔ བཤད་ན་མི་གོ༔ བསྟན་ན་མི་མཐོང༔ བསླབ་ན་མི་ཉན༔ གསང་མི་ཐུབ་ལ་ཆོས་ཞུ་བ་ལ་ནན་ཏན་ཆེ༔ ཆོས་སེམས་ལ་མེད་པར་ཡོད་རྫུའི་ཐོ་ཅོ་ཆེ༔ བུད་མེད་ཀྱི་ཆོས་འདི་དཀའ་བར་གདའ་བས༔ རང་གིས་རང་ལ་རྫུན་མ་བྱེད་པར་ཉམས་ལེན་བག་དྲག་ཏུ་མཛོད་ཅིག་གསུངས༔ ༔ཤེལ་དཀར་བཟའ་རྡོ་རྗེ་འཚོས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ བདག་བུད་མེད་ཀྱི་བུ་འདྲ་བ་རྒྱུ་ངན་པས་རྩོལ་སྒྲུབ་མི་ནུས་པས་ཉལ་ནས་ཉམས་སུ་བླངས་པས་སངས་རྒྱ་བའི་གདམས་ངག་ཅིག་ཞུ་འཚལ༔ ཞེས་ཞུས་པས༔ སློབ་དཔོན་གྱི་གདམས་པ་བཏབ་པ༔ ཉོན་ཅིག་ཤེལ་དཀར་བཟའ༔ ཆོས་ཉིད་ཀྱི་དོན་རང་སེམས་རང་ལ་གསལ་བར་ཡོད་པས་ཉལ་བས་ཆོག་སྟེ༔ ཆོས་ཉིད་ཡང་དག་པའི་དོན་དེ་གང་ཡིན་ན༔ རང་སེམས་གསལ་ལ་མ་འགགས་པར་རང་ཤར་བ་འདི་ཡིན༔ གཞན་བཙལ་དུ་མེད༔ མཉམ་ཉིད་ཀྱི་རིག་པ་རང་བྱུང་རྒྱུན་ཆད་མེད་པ་འདི་ངོ་ཤེས་པས་ཉལ་བས་ཆོག༔ སེམས་ཉིད་རིག་པའི་རྩལ་སྣ་ཚོགས་སུ་འཆར་བས༔ འགྱུ་བྱེད་ཀྱི་རྟོག་པ་གང་ཤར་ཡང༔ ཆོས་ཉིད་ཀྱི་དོན་རང་བྱུང་རང་ཞིར་སོང་བས་ཡེ་ཤེས་ལ་རྒྱུན་ཆད་མེད༔ རྟོགས་པའི་དོན་ལ་སྒོམ་ཞིང་སྒྲུབ་ཏུ་མེད་པས་ཉལ་བས་ཆོག་སྟེ༔ དེ་ལྟ་བུའི་ཆོས་ཉིད་དེ་ལ་བསྒོམ་རྒྱུ་དང་བསྒྲུབ་རྒྱུ་ཅི་ཡང་མེད༔ ཡེ་ནས་རང་ལ་རང་ཆས་སུ་ཡོད་པ་ཡིན་ནོ༔ བྱ་བྱེད་འབད་རྩོལ་ཐམས་ཅད་འདོད་པའི་ཐག་པས་འཆིང་བས་རྩོལ་སྒྲུབ་ཀྱིས་འབྲས་བུ་ལོགས་ནས་སྒྲུབ་ཏུ་མེད༔ རྟོགས་པ་ཆོས་ཉིད་ཀྱི་ངང་ལ་མཉམ་ཉིད་ཀྱི་རིག་པ་རྟེན་མེད་དུ་ཉོལ༔ དོན་དེ་ལྟར་རྟོགས་ནས་ཉལ་ནུས་ན་སངས་རྒྱས་ཀྱང་དེ་ཀ་ལ་ཟེར་བ་ཡིན༔ འཁོར་བར་སྐྱེ་དོགས་མེད་ཀྱི་གསུངས༔ ལར་ཁྱེད་བུད་མེད་ཀྱི་བུ་འདྲ་བ་བཏང་ན་མི་འགྲོ༔ བཞག་ན་མི་སྡོད༔ མ་བཅོལ་བའི་བྱ་བ་མང་པོ་དྲན་རྒྱ་ཆེ༔ བཅོལ་བའི་ཆོས་སྐད་ཅིག་ཀྱང་མི་དྲན༔ སེམས་ཉིད་ཀྱི་དོན་ལ་བལྟར་བཅུག་ན་སྐད་ཅིག་ཀྱང་ལྟ་མི་ནུས་པར༔ བལྟས་པ་ལ་དགོས་པ་མེད་པའི་རང་རང་གི་བྱད་བལྟ་བ་ལ་རེམ༔ སྒོམ་སྒྲུབ་ལ་རྩལ་མི་ཐོན་པར༔ ལོང་གཏམ་གླང་རྒན་གྱི་ཁ་ཆུ་ལྟ་བུར་ཟིན་པ་མེད་པ་ཞིག་ལ་རྩལ་འདོན༔ ངས་བུད་མེད་ཀྱི་ཆོས་ལ་མཐར་ཕྱིན་པ་ཙམ་མ་མཐོང་ན༔ རེམ་ལ་ད་རུང་ཆོས་ལ་ནན་ཏན་སྐྱེད་ཅིག་གསུངས༔ ༔སློབ་དཔོན་ལ་ཅོག་རོ་བཟའ་དཔལ་གྱི་མཆོད་གནས་ཀྱིས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས་བདག་བུད་མེད་ཀྱི་བུ་འདྲ་བ་དུག་ལྔ་ཤས་ཆེ་བས༔ དུག་ལྔ་སྤང་མི་དགོས་པར་སངས་རྒྱ་བའི་གདམས་ངག་ཅིག་ཞུ་འཚལ༔ ཞེས་ཞུས་པས༔ སློབ་དཔོན་གྱིས་གདམས་པ་གནང་བ༔ ཉོན་ཅིག་ཅོག་རོ་བཟའ༔ ཉོན་མོངས་པ་དུག་ལྔ་པོ་འདི་ཡེ་ནས་རང་ལ་རང་ཆས་སུ་ཡོད་པ་ཡིན་པས་འདི་སྤངས་པས་མི་སྤོང༔ བསྒྱུར་པས་མི་འགྱུར༔ སྦྱངས་པས་མི་འབྱོངས་ཏེ༔ དུག་ལྔ་ཆོས་ཉིད་ཀྱི་རང་བཞིན་ཡིན་པས་དུག་ལྔ་གནས་སུ་དག་ནས་རང་སར་གྲོལ་དགོས་གསུངས༔ དེ་ཡང་ཞེ་སྡང་ངོ་བོ་སྟོང་པ་ཡིན་ཏེ༔ ཞེ་སྡང་དམྱལ་ལ་སྐྱེས་པའི་སྐད་ཅིག་མ་དེ་ལས༔ རྗེས་ལ་ཞེ་སྡང་སྐྱེ་བའི་གནས་མེད་དེ༔ འདི་ལས་སྐྱེས་པ་བྱ་བ་མེད༔ ཞེ་སྡང་སྐྱེ་བའི་ཡུལ་སྟོང་སྟེ༔ འདི་ལ་སྐྱེ་བྱ་བ་མེད༔ ཞེ་སྡང་རང་གི་ངོ་བོ་སྟོང་སྟེ༔ དབྱིབས་དང་ཁ་དོག་དང་བྲལ༔ དངོས་པོ་དང་རྫས་སུ་གྲུབ་པ་མེད་པས༔ ཞེ་སྡང་མ་སྤང་རང་སར་དག༔ ཞེ་སྡང་པས་གནོད་མ་བསྐྱལ༔ ཞེ་སྡང་མ་སྐྱེས་པས་ཕན་མ་བཏགས༔ ཞེ་སྡང་རང་སར་ཆོས་ཉིད་ཀློང་དུ་གྲོལ༔ དེ་བཞིན་དུ་འདོད་ཆགས་གཏི་མུག་ང་རྒྱལ་ཕྲག་དོག་ཀྱང༔ དང་པོ་གནས་སྟོང་སྟེ་བྱུང་ས་མེད༔ བར་དུ་ཡུལ་སྟོང་སྟེ་རྟེན་དང་དངོས་པོར་མ་གྲུབ༔ ཐ་མ་ངོ་བོས་སྟོང་སྟེ་ཁ་དོག་དང་དབྱིབས་སུ་མ་གྲུབ༔ ཉོན་མོངས་པ་དུག་ལྔ་ལ་རྗེས་མེད༔ དུག་ལྔ་རང་སར་དག༔ ཡེ་ཤེས་རྒྱུན་པར་འཆར༔ རྣམ་རྟོག་ཆོས་ཉིད་དུ་གྲོལ༔ གཟུང་འཛིན་གྱི་གདོས་ཐག་ཆོད༔ དེ་ལྟར་རྟོགས་ཤིང་ཉམས་སུ་བླངས་ན༔ དུག་ལྔ་ཅི་སྐྱེས་ཆོས་ཉིད་དུ་འཆར༔ དུག་ལྔ་སྤང་དུ་མེད༔ ཡེ་ཤེས་སྒྲུབ་ཏུ་མེད༔ དུག་ལྔ་རང་སར་གྲོལ་བའི་གདམས་ངག་ཡིན༔ དོན་དེ་ལྟར་ཉམས་སུ་བླངས་ན་སངས་རྒྱས་ལ་མི་འོང་བའི་འགྲོ་ས་མེད་ཀྱིས་གསུངས༔ ལར་ཁྱེད་བུད་མེད་ཀྱི་བུ་འདྲ་བ༔ ཉོན་མོངས་པ་དུག་ལྔ་རང་གི་རྒྱུད་ལ་མེ་ལྟར་འབར༔ བག་ཆགས་ངན་པ་ཆུ་ལྟར་འབྲུབ་ནས་འདོད་པ་ལ་གཡེམ༔ གཟུང་འཛིན་གཉིས་ཀྱིས་ཁྱོའི་འདོད་པ་རླུང་ལྟར་འཚུབ༔ སྡིག་སྒྲིབ་གཉིས་པོ་ཟོལ་ཟོག་བྱས་ནས་ས་ལྟར་གསོག༔ ཆོས་ལ་མི་སེམས་བདག་འཛིན་སེམས་ཞིང་གཡེང་བས་ཁྱེར༔ དུག་ལྔ་རྨུ་རྒོད་དུ་འཆོར་ཉེན་ཡོད་པས་ཉམས་ལེན་རྒྱུད་ལ་ཁོལ་མཛོད་དང་གསུངས༔ ༔སློབ་དཔོན་པདྨ་ལ་འབྲོ་བཟའ་མ་ཏིང་མས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ བུད་མེད་ཀྱི་བུ་འདྲ་བ༔ བྱ་བ་མང་ལ་གཡེང་བ་ཆེ་བས་བྱ་བ་མ་སྤང་པར་སངས་རྒྱ་བའི་གདམས་ངག་ཅིག་ཞུ་འཚལ༔ ཞེས་ཞུས་པས༔ སློབ་དཔོན་གྱིས་གདམས་པ་བཏབ་པ༔ ཉོན་ཅིག་འབྲོ་བཟའ་ཏིང་པང་མ༔ ཆོས་ཉིད་ཅིར་ཡང་འཆར་བས་ཐམས་ཅད་སངས་རྒྱས་ཡིན་ཏེ༔ འདོད་པའི་ཡོན་ཏན་ལྔ་གང་ལ་ཡང་སྤྱོད་ལ་ཞེན་པ་མེད་པ་ཟས་ཀྱི་སྣོད་ལྟ་བུ་ཡིན་ཏེ༔ ཆགས་པ་མེད་པ་སངས་རྒྱས་མཛད་སྤྱོད་ཡིན༔ རང་བྱུང་ཡེ་ཤེས་རང་ལས་བྱུང་བས་ཅི་དྲན་ཡེ་ཤེས་ཡིན༔ སེམས་ལ་དྲན་པ་ཅི་བྱུང་ཡང༔ དེའི་ཕྱིར་མི་འབྲེང་བར་རང་བྱུང་རང་ཞི་ཆུའི་ཆུ་བུར་འདྲ༔ རང་སར་དག་པས་སངས་རྒྱས་དགོངས་པ་ཡིན༔ འཁོར་བ་མི་རྟག་པས་དངོས་པོ་ཅི་ཡང་མེད་དེ༔ སྐྱེ་རྒ་ན་འཆི་འབྱུང་འཇུག་རྒྱུན་མི་འཆད་པར་འཁོར་ཡང༔ དེ་རྣམས་རང་གི་སེམས་ལས་བྱུང་བས་དངོས་པོ་ཅི་ཡང་མེད་དེ་སྒྱུ་མའི་སྣང་བ་དང་འདྲ༔ སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུའི་སྣང་བར་ཤེས་པར་གྱིས༔ བདག་འཛིན་འཁྲུལ་པ་ཡིན་པས་ང་བདག་དངོས་པོར་མི་འཛིན༔ ཡུལ་དང་ཁང་ཁྱིམ་བུ་ཁྱོ་དང་ནོར་རྫས་ཐམས་ཅད་རྨི་ལམ་གྱི་ཡུལ་དང་འདྲ་བར་མི་བདེན་རྫུན་པས་རྨི་ལམ་ལྟ་བུར་ཁྱེར༔ འཇིག་རྟེན་གྱི་བྱ་བ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཡིན༔ སྲིན་གྱི་ཁ་ཆུ་དང་འདྲ་བར་རང་ལས་བྱུང་ནས་རང་འཆིང༔ ཅི་བྱེད་ཐམས་ཅད་དམིགས་མེད་རྒྱ་ཡིས་ཐོབས་ལ་བྱེད་སྤྱོད་ཚོགས་སུ་སྔོས་གསུངས༔ དེ་ལྟར་བྱས་ན་བྱ་བ་ཅི་བྱས་ཀྱང་སངས་རྒྱས་འཐོབ་པའི་ཆོས་སུ་འགྲོ་སྟེ༔ ལར་ཁྱེད་བུད་མེད་ཀྱི་བུ་འདྲ་བ༔ སྐྱེ་བ་དམན་པས་སྙིང་རྩལ་ཆུང༔ ལུས་ལ་དགྲ་ཡོད་པས་ཆོས་ལ་མི་འགྲོ་ཁྱིམ་ཐབ་བྱེད༔ ལས་ངན་པས་བྱ་བ་མང་བས་ཆོས་མི་དྲན༔ བུད་མེད་ལ་ཆོས་འོང་བ་ཉུང་བར་གདའ་བས་སྙིང་རུས་སྐྱེད་མཛོད་གསུངས༔ ༔སློབ་དཔོན་ལ་མར་གོང་བཟའ་རིན་ཆེན་ཚུལ་གྱིས་ཞུས་པ༔ བདག་བུད་མེད་ཀྱི་བུ་འདྲ་བ་ལས་ངན་པར་གདའ་བས་ཕྱི་མ་ལ་བུད་མེད་ཀྱི་ཚུལ་འདི་བླང་མི་དགོས་པ་ཞིག་ཞུ་འཚལ༔ ཞེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ མར་གོང་བཟའ་ཉོན་ཅིག༔ རང་རིག་པ་བྱང་ཆུབ་ཀྱི་སེམས་འདི་དུས་གསུམ་དུ་འདུས་མ་བྱས་ཡིན་པས༔ ཕོ་མོ་མ་ནིང་བཟང་ངན་མེད༔ རང་བྱུང་རང་གསལ་རང་ཤར་ཆོས་ཉིད་སྐྱེ་བ་མེད་པ་ལ་འཆི་འཕོ་འཇིགས་པ་དང་བྲལ༔ འཕོ་འགྱུར་ལ་ཉམ་མི་ང༔ རྣམ་རྟོག་ཡེ་ཤེས་ཡིན་པས་བསྒོམ་ཞིང་རྩོལ་བ་མེད༔ རང་བྱུང་རང་གྲོལ་ནམ་མཁའི་སྤྲིན་དང་འདྲ༔ ཆོས་སྐུ་རང་ལ་ཡོད་ཅིང་དེ་ལ་འདུས་མ་བྱས་པས་འཁོར་བ་ཀ་ནས་དག༔ ལུས་ལ་བླང་རྒྱུ་མི་གདའ་བ༔ ཆོས་ཉིད་ཀྱི་རོལ་པ་ཤེས་རབ་ཀྱི་རང་བཞིན་ཡིན་པས༔ དེ་ལྟར་ཤེས་ན་བུད་མེད་ཡིན་ཡང་ལུས་ངན་རྒྱུ་མེད༔ ཆོས་ཉིད་ཀྱི་དོན་ངོ་མ་ཤེས་ན་སྐྱེ་བ་མངའ་བདག་རྒྱལ་པོར་སྐྱེས་ཀྱང་འཁོར་བ་རྒྱུན་མི་ཆོད༔ དགོས་པ་མི་གདའ་གསུངས༔ ལར་ཆོས་ཉིད་སྐྱེ་མེད་མ་རྟོགས་ན་ཅིས་ཀྱང་མི་ཕན༔ མོ་གཤམ་ལ་བུ་མི་འོང་བ་དང་འདྲ་བར༔ སྐྱེ་མེད་རྟོགས་ཙམ་ན་ལུས་བླང་རྒྱུ་མི་གདའ་གསུངས༔ ལར་ཁྱེད་བུད་མེད་ཀྱི་བུ་འདྲ་བ་ཤེས་རབ་ཀྱི་རྩལ་གྱིས་ཆོས་མི་འོང༔ བརྩོན་འགྲུས་ཀྱི་གོ་ཆ་མེད་པས་སྒྲུབ་མི་ནུས༔ བློ་ཆུང་བས་ཆོས་ཉིད་ཀྱི་དོན་བསྟན་དཀའ༔ སྙིང་སྟོབས་ཆུང་བས་སྒྲུབ་མི་ནུས༔ བུད་མེད་ཀྱིས་ཆོས་འབྱུང་བ་ཉུང་བར་འདུག་ན་བརྩོན་འགྲུས་སྐྱེད་ལ་ཉམས་ལེན་རྒྱུད་ལ་ཁོལ་མཛོད་གསུངས༔ ༔སློབ་དཔོན་པདྨ་ལ་མཆིམས་བཟའ་ས་ལེ་འོད་ཀྱིས་ཞུས་པ༔ བདག་བུད་མེད་ཀྱི་བུ་འདྲ་བ༔ བློ་བརྟུལ་བས་གདམས་པ་ཚིག་གཅིག་གིས་སངས་རྒྱ་བ་ཞིག་ཞུ་འཚལ༔ ཞེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ མཆིམས་བཟའ་མ་ཉོན་ཅིག༔ རང་སེམས་ཡེ་ནས་སྐྱེ་མེད་རང་བྱུང་རང་གསལ་བ་དེ༔ ཡེ་ནས་རང་གི་རྒྱུད་ལ་ཡོད་པས་ད་གཟོད་བཙལ་ཞིང་སྒྲུབ་ཏུ་མེད༔ སེམས་ཉིད་དངོས་པོ་མེད་པས་སྒོམ་པ་ཅི་ཡང་མི་བསྒོམ༔ བསྒོམ་བྱའི་ཡུལ་མེད༔ སྒོམ་པའི་མཁན་པོ་མེད༔ རྣམ་རྟོག་ཡེ་ཤེས་ཡིན་པས་བྱིང་རྒོད་ལ་སྐྱོན་དུ་མ་ལྟ༔ རྣམ་རྟོག་ལ་ངོ་བོ་མེད་པར་རང་གྲོལ་བས་ཆོས་ཉིད་རང་ཤར་དུ་བྱུང༔ བྱིང་བ་རང་བྱུང་རང་ཤར་གསལ༔ རྒོད་པ་རང་བྱུང་དབྱིངས་སུ་དག༔ འབྲས་བུ་སྒྲུབ་ཏུ་མེད་པས་རང་སེམས་རྟོགས་པས་ཆོག༔ རང་སེམས་འཕོ་འགྱུར་མེད་པས་ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན༔ དགོངས་པ་གཅིག་ཆོད་ཀྱི་དོན་འདི་རྟོགས་ན་སངས་རྒྱས་ཞེས་དེ་ཀ་ལ་བྱའོ་གསུངས༔ ལར་ཁྱེད་བུད་མེད་ཀྱི་བུ་འདྲ་བ་བློ་སྲབ་ལ་ཐེ་ཚོམ་ཟ༔ བླ་མའི་གདམས་པ་མི་ཐུབ༔ ཉོན་མོངས་པ་ཤས་ཆེ་བས་གདུལ་བ་དཀའ༔ ཆོས་མཐར་ཕྱིན་པ་ཉུང༔ ཆོས་བྱེད་ན་བླ་མའི་གདམས་ངག་གཙིགས་སུ་གྱིས་ལ་དཀའ་ཐུབ་བག་རེ་གྱིས་དང་གསུངས༔ ༔སློབ་དཔོན་པདྨ་ལ་རུ་ཡང་བཟའ་མ་ཏིས་ཞུས་པ༔ བདག་རྩོལ་བ་ཆུང་བས་བྱར་མེད་ཀྱི་ཆོས་ཤིག་ཞུ་འཚལ༔ ཞེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ རུ་ཡང་བཟའ་མ་ཏི་ང་ལ་ཉོན་ཅིག༔ ཆོས་ཉིད་ཀྱི་དོན་ལ་དངོས་པོ་མེད་པས་བསྒྲུབ་པ་བྱ་རྒྱུ་མེད༔ ཆོས་ཉིད་ཀྱི་དོན་དེ་ཡེ་ནས་ཡོད་པས་ཕྱིས་བཙལ་དུ་མེད༔ ཆོས་ཉིད་ཀྱི་དོན་དེ་རང་ལ་ཡོད་པས་གསལ་ལ་འགྲིབ་པ་མེད༔ རང་སེམས་ངོ་བོ་སྟོང་པར་རྟོགས་ན་སངས་རྒྱས་ཡིན་པས་བསྒྲུབ་རྒྱུ་ཅི་ཡང་མེད༔ རྩོལ་སྒྲུབ་ཐམས་ཅད་འདོད་པས་འཆིང་བས་མ་བཅོས་སྒོམ་མེད་ངང་ལ་ཞོག་གསུངས༔ ལར་བུད་མེད་ཀྱི་བུ་འདྲ་བ་འདི་གཏི་མུག་ཤས་ཆེ་བས་ཇི་སྐད་བསྟན་ཀྱང་གོ་བ་མེད༔ ཆོས་སྐུ་ངོས་འཛིན་བསྟན་ཀྱང་འཛིན་མི་ཤེས༔ སངས་རྒྱས་ངོ་སྤྲོད་བསྟན་ཀྱང་མཐོང་བ་མེད༔ བྱར་མེད་ཆིག་ཆོད་བསྟན་ཀྱང་རྟོགས་པ་དཀའ༔ བུད་མེད་ཀྱི་ཆོས་འདི་འཁྱོག་མང་བར་གདའ་ན༔ གོ་ཆ་ཆེར་མཛོད་ལ་ཁྱོ་གའི་བདུད་ཀྱིས་མ་ཁྱེར་བར་གྱིས༔ ལུས་ལ་བུ་མ་སྐྱེས་པར་ཉམས་ལེན་གཅིག་པུར་སྡོད་ལ་གྱིས་དང་སྟེ་དཀའ་བར་འདྲ་ན་གསུངས༔ ༔སློབ་དཔོན་པདྨས་བུད་མེད་རྣམས་ལ་གདམས་ངག་སྤྱིར་གདམས་པ༔ བུད་མེད་རྣམས་དཀར་པོའི་ཆོས་བྱེད་ན༔ བདག་འཛིན་བུད་མེད་ཆེ་བས་ཁྱོ་ལ་བདག་ཏུ་མ་འཛིན༔ ཉོན་མོངས་པ་བུད་མེད་ཆེ་བས་ཉོན་མོངས་པ་རང་དགར་མ་གཏང༔ སེར་སྣ་བུད་མེད་ཆེ་བས་སྦྱིན་པ་འབད་ལ་ཐོངས༔ བློ་སྣ་བུད་མེད་མང་བས་བློ་སྣ་ཆོས་ལ་གཞོལ༔ གཡེང་བ་བུད་མེད་ཆེ་བས་ཅི་བྱེད་ཆོས་དང་བསྟུན༔ བྱ་བ་བུད་མེད་ཆེ་བས་བྱེད་སྤྱོད་ཚོགས་སུ་སྔོས༔ ཆགས་ཞེན་བུད་མེད་ཆེ་བས་ཞེན་ཆགས་མདུད་པ་ཁྲོལ༔ དུག་ལྔ་བུད་མེད་ཆེ་བས་གཉེན་པོས་སླེབ་པར་གྱིས༔ ལེ་ལོ་བུད་མེད་ཆེ་བས་བརྩོན་འགྲུས་འབད་པ་སྐྱེད༔ གོ་བ་བུད་མེད་ཆུང་བས་སེམས་ལ་ལྟ་རྟོག་ཐོངས༔ དེ་ལྟར་བྱས་ན་བུད་མེད་ཀྱིས་ཆོས་ཀྱི་ལམ་རྙེད་ནས་འོང་སྟེ༔ ཆོས་བྱ་བསམ་མེད་པའི་རྨུ་རྒོད་མ་ཚོ་རང་དགར་ཤོར་ནས་འཆི་བའི་ནངས་པར་སྡུག་རབ་འོང་ཉེན་ཡོད་པས་བག་ཙམ་ཚོད་ཟུངས་མཛོད་དང་གསུངས༔ ༔ཡང་སློབ་དཔོན་པདྨས་བུད་མེད་རྣམས་ལ་གདམས་པ༔ ཟ་མ་བུད་མེད་རྣམས་ཆོས་བྱེད་པར་འདོད་ན༔ འཁོར་བའི་བཙོན་རར་སྡུག་བསྔལ་གྱི་རྩ་བ་དུག་ལྔ་ཡིན་པས་ཁྱིམ་ཐབ་སྤོངས༔ ཁྱིམ་བཟང་གི་ཁོལ་མོ༔ ཁྱོ་ལྟོགས་ན་ལས་ཀྱི་དགྲ་ཡིན་གྱིས་ཁྱོ་མ་འདོད༔ བུ་བྱམས་ན་བདུད་ཀྱི་སླུ་བྱེད་སྡང་ན་ལས་ཀྱི་ལན་ཆགས་སྙོག་པ་ཡིན་གྱིས་བུ་མ་འདོད༔ ནོར་བསགས་པ་སེར་སྣའི་རྒྱུ་ཡིན༔ ཅི་ཙམ་ཡོད་ཀྱང་ཆོག་ཤེས་མེད་ཅིང་ཞེན་ཆགས་སླར་ཆེ་བས༔ ཡོ་བྱད་ཡོད་ན་བླ་མ་དཀོན་མཆོག་མཆོད༔ ལུས་ལ་གསེར་གཡུ་ལ་སོགས་རྒྱན་གྱིས་བརྒྱན་ནས༔ རེ་འབྲིའུ་དར་ཟབ་ལ་སོགས་འཇམ་པོ་གོན་ཡང་ཕུང་པོ་གཡར་པོ་ཡིན་པས་ནམ་འབོར་ཆ་མེད༔ རྟག་ཏུ་ཚུལ་ཁྲིམས་ཀྱི་རྒྱན་ཐོགས༔ བཟོད་པའི་གོས་གོན༔ ཚེ་འདིའི་འབྲེལ་པ་བསྐྱངས་ཤིང་ཇེ་དཀའ་འགྲོ་བས༔ བྱ་བ་ཐོངས་ལ་བླ་མའི་གདམས་ངག་རྒྱགས་ཕྱེར་ཐོགས༔ སྨྲ་བའི་ཚིག་ལ་མཐར་ཐུག་མེད་པས་དུག་ལྔ་སྐྱེ་བའི་འཕོང་ར་སྤོངས་ལ་ནུས་ཐང་ཆོས་སྤྱོད་གྱིས༔ བཀལ་བའི་གོས་རྣམས་བྱས་ཤིང་ཡང་དགོས་པས་བལ་ཕྲུག་འཛིན་པ་ཐོངས་ལ་རང་སེམས་བྱ་ར་ཐོངས༔ བྱས་པའི་ལས་ལ་ཟིན་པ་མེད་པས་ལྷོད་ཀྱིས་གློད་ལ་ཆོས་ཉིད་མ་བཅོས་ངང་ལ་ཞོག༔ དེ་ལྟར་བྱས་ན་འདིར་བདེ་ཕྱི་མར་སྐྱིད༔ འཛངས་མ་ཚོས་མི་ཚེ་སྡུག་ལ་བསྐྱལ་ནས༔ ཚེ་ཕྱི་མ་ལ་དེ་བས་ཀྱང་སྡུག་པ་ཞིག་ངན་སོང་གནས་སུ་སྐྱེ་བ་དེ་ཆ་མེད་དམ་གསུངས༔ ༔སློབ་དཔོན་པདྨས་བུད་མེད་རྣམས་ལ་གདམས་པ༔ ལས་ངན་སྐྱེ་བ་དམན་པའི་བུད་མེད་རྣམས་ཉོན་དང༔ སྔ་རབས་ལས་ངན་བསགས་པས་ད་ལྟ་སྐྱེ་བ་དམན་པས༔ ད་རུང་ཚུལ་ཁྲིམས་བསྙེན་གནས་གཙང་མར་སྲུངས༔ ལུས་ལ་དགྲ་ཡོད་པས་བུ་ཆུང་བཙས་པའི་སྡུག་བསྔལ་དྲག་པོས་ཀྱང་མ་བྲེད་སྲན་མོ་ཆེ་ཚོ༔ འདོད་སྲེད་བློ་ཡིས་ཐོངས༔ བརྔོ་བཏགས་གཡོ་མངག་ལ་སོགས་ལྷག་པའི་ལས་ཀུན་འབབ་ཀྱང་མི་འཚེར་བའི་མེ་རྡུལ་ཅན་ཚོ༔ ཚེ་འདི་བས་ཕྱི་མ་རིང་བས་ཕྱི་མའི་དོན་དུ་ལྷ་ཆོས་རྒྱགས་ཕྱེ་ཐོགས༔ མ་ཕྱིད་མ་ལྡང་དོགས་པ་མཉམ་པོ་ལ་སེར་སྣ་འཇུར་གེགས་བྱེད་དགོས་པའི་ཞིབ་ཏིག་མཁན་ཚོ༔ བསགས་པ་ལུས་ནས་ངན་སོང་གསུམ་དུ་སྐྱེ་བ་མི་ཚོར་བའི་རྫི་བརྟུལ་མ་ཚོ༔ ཡོ་བྱད་ཡོད་མེད་ཕྱོགས་ནས་སྦྱིན་པ་ཅི་འགྲུབ་ཐོངས༔ གཞོན་པའི་ཚེ་ལ་ཆོས་མི་དྲན་པར་ཁྱིམ་ཐབ་ལ་འགྲོ་བའི་བསམ་པ་དེ་ལས་མེད་པའི་བསམ་བརླག་མ་ཚོ༔ ཁྱིམ་ཐབ་བྱས་པས་སྐྱིད་ཀྱང་སྐྱིད་ཡུན་མེད༔ སྡུག་ན་དམྱལ་བ་ཡིན་པས་དམ་པའི་ལྷ་ཆོས་དྲན་པར་གྱིས༔ ཆོས་ལ་གོ་བ་མེད་ཅིང་གཏི་མུག་གི་མུན་པར་ཚུད་པའི་ནག་ཡོར་མ་ཚོ༔ མི་ལུས་ཐོབ་པ་ཡིན་པས་ཆོས་དང་མ་ཤེས་ནའང༔ རང་འཆི་བར་ཡང་མ་ཤེས་སམ༔ ཤི་ནས་མི་ལུས་གཙང་མའི་གདེང་ནི་ཁྱོད་ལ་ཅང་ཡོད་དམ༔ སྐྱབས་འགྲོ་རེམ་ཞིང་བསྙེན་གནས་དུས་གསུམ་སྲུངས༔ བུ་ཁྱོ་མང་ཡང་འཆི་བའི་ནངས་པར་བུ་ཁྱོས་མི་སྟོངས་པར་གཅིག་པུར་འཆི་བས༔ འཆི་ཁར་མི་འཚེར་ཙམ་གྱི་ཆོས་སྤྱོད་གྱིས་གསུངས༔ ༔ཡང་སློབ་དཔོན་པདྨས་བུད་མེད་རྣམས་ལ་གདམས་པ༔ ཉོན་ཅིག་ཟ་མ་བུད་མེད་དད་པ་ཅན་ཀུན༔ སྐྱབས་གནས་དཀོན་མཆོག་གསུམ་བཟང་གིས་སྐྱབས་འགྲོའི་རིམ་པ་གྱིས༔ ཚེ་འདིར་བཀྲ་ཤིས་ཕྱི་མར་ངན་སོང་སྐྱོབ༔ བསྟེན་སར་བླ་མ་བཟང་གིས་མགོའི་ཐོད་བཞིན་ཁུར༔ ཚེ་འདིར་བྱིན་རླབས་འབྱུང་ཞིང་ཕྱི་མར་ལམ་སྣ་འདྲེན༔ མཆོད་སར་ཡི་དམ་བཟང་གིས་ཚོགས་དང་གཏོར་མ་ཐོངས༔ ཚེ་འདིར་བསམ་པ་འགྲུབ་ཕྱི་མར་འབྱོར་པ་ཐོབ༔ བཀུར་ས་ཕ་མ་བཟང་གིས་བཀུར་སྟི་རིམ་གྲོ་གྱིས༔ ཚེ་འདིར་མཐོང་ཆོས་འོང་ལ་ཕྱི་མར་ལན་ཆགས་ཁྱེར༔ སྟོངས་པར་ཁྱོ་བོ་བཟང་གིས་ཁྱོ་ལ་མིག་བཞིན་ཁུར༔ འདིར་བཙུན་ཕྱི་མར་སྐྱེ་སར་སྐྱེ༔ འཕྲལ་དབང་བུད་མེད་ཆེ་བས་ཟས་ལ་ཡངས་སུ་གྱིས༔ ཚེ་འདིར་འཁོར་འདུ་ཕྱི་མར་ཟས་ནོར་འདུ༔ སྔོན་གྱི་ལན་ཆགས་ཡིན་པས་བུ་ཚ་ཆོས་ལ་ཚུད༔ ཚེ་འདིར་རང་ལ་ཕན་ཞིང་ཕྱི་མར་བུ་ལ་ཕན་གསུངས༔ ༔སློབ་དཔོན་པདྨས་བུད་མེད་རྣམས་ལ་གསུང་པ༔ བློ་དམན་གོ་བ་མེད་པའི་མིག་སྒྲིན་མ་ཚོ་ཉོན་དང༔ ཚེ་འདི་ཡུད་ཙམ་ཡིན་གྱིས་འདིའི་སྡུག་བསྔལ་མ་ཆེ༔ འདི་བས་ཕྱི་མ་རིང་བས་གཡོ་འཁྲིག་སྡིག་མ་བྱེད༔ འདིར་ངན་ཕྱི་མར་སྐྱོ་བས་ཁྱོ་མིན་སྐྱེས་པ་སྤོངས༔ རྣམ་སྨིན་དྲན་པར་གྱིས་ལ་སྡིག་པའི་ལས་མ་བྱེད༔ ཡོ་བྱད་ཡོད་ན་བླ་མ་དཀོན་མཆོག་མཆོད༔ འདི་ཕྱི་གཉིས་ཀར་བྱིན་རླབས་འབྱུང་བར་ངེས༔ ཡོ་བྱད་མེད་ན་སླར་གྱིས་བསོད་ནམས་ཆེ་ཡིས་སྦྱིན་པ་ཐོངས༔ སྙིང་རྗེའི་གནས་ལ་ཟས་སྐོམ་ཅུང་ཟད་བྱིན་ཡང་བསོད་ནམས་དཔག་ཏུ་མེད༔ གྲུབ་ན་བླ་མ་གོང་མ་རྣམས་ལ་ཟས་ནོར་ཕུལ་བས་སྟོང་འགྱུར་འཕེལ༔ མ་གྲུབ་ཆོས་སྟོན་འགའ་ཡང་ཕྱི་མའི་རྒྱགས་ཕྱེར་འགྱུར༔ གྲུབ་ན་བཀའ་ལ་ཀློག་འདོན་བྱས་ན་ཡུན་གྱི་བྱང་ཆུབ་འཐོབ༔ མ་གྲུབ་མདོ་ཚར་འགས་ཀྱང་རང་གི་སྒྲིབ་པ་འབྱང༔ གྲུབ་ན་ཡི་དམ་བཟླས་པ་བྱས་ན་སྒྲིབ་བྱང་བར་ཆོད་སེལ༔ མ་གྲུབ་སྐྱབས་འགྲོ་བྱས་ན་འདི་ཕྱིའི་སྐྱབས་སུ་འགྱུར༔ གྲུབ་ན་ཚུལ་ཁྲིམས་གཙང་མ་བསྲུངས་ན་ཐར་པའི་ལམ་སྣ་ཟིན༔ མ་གྲུབ་བསྙེན་གནས་བསྲུངས་ཀྱང་ལྷ་མིའི་གོ་འཕང་འཐོབ༔ གྲུབ་ན་སེམས་ལ་བལྟས་ན་རྟོགས་པ་ནང་ནས་འཆར༔ མ་གྲུབ་བསམ་བློ་མ་མང་ཉོན་མོངས་རླུང་འཚུབ་ལྡང༔ གྲུབ་ན་ཁྱོ་ལ་བཀུར་བསྟི་བྱས་ན་རང་བཙུན་མིས་མི་འཕྱ༔ མ་གྲུབ་འཐབ་རྩོད་མ་མང་འདུས་པ་འབྲལ་བར་ངེས༔ གྲུབ་ན་བུ་ཚ་ལ་ཆོས་སློབས་འདི་ཕྱི་གཉིས་ཀར་ཕན༔ མ་གྲུབ་སྡིག་ལ་མ་འཛུད་འདིར་ངན་ཕྱི་མར་ལྕི༔ ལར་སྙིང་མེད་མ་འདི་ཚོ་འདི་ཕྱི་གཉིས་ཀར་སྡུག་པའི་སྤྱོད་པ་ཤ་སྟག་བྱེད་དེ༔ རང་ལ་རང་ཚས་འདི་ཀ་ཙམ་བྱས་ན་རུང་ངམ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཉོན་ཅིག་ཟ་མ་བུད་མེད་ཚོ༔ རིག་པ་བྱང་ཆུབ་སེམས་ལ་ཕོ་མོ་མེད༔ ཆོས་ཉིད་རང་བྱུང་ཡེ་ཤེས་ལ་བཟང་ངན་མེད༔ རང་བྱུང་ཆོས་སྐུ་ལ་མཐོ་དམན་མེད༔ ཐིག་ལེ་ཉག་གཅིག་གི་དོན་ལ་འཕེལ་འགྲིབ་མེད༔ སངས་རྒྱས་ཀྱི་དགོངས་པ་ལ་ཆེ་ཆུང་མེད༔ ཆོས་དང་ཆོས་ཉིད་ལ་གཉིས་སུ་མེད༔ རང་སེམས་སངས་རྒྱས་སུ་རྟོགས་ན་སངས་རྒྱས་གཞན་ནས་བཙལ་དུ་མེད༔ སེམས་ཉིད་ཀྱི་དོན་རྟོགས་པར་གྱིས་ལ་ཉམས་སུ་ལོང༔ བླ་མ་དཀོན་མཆོག་མཆོད་ཅིང་བཏུབ་ཚད་ཆོས་དང་བསྟུན༔ བུད་མེད་དུ་སྐྱེས་ཀྱང་འཛངས་གྲགས་ལྡན་པ་ཡིན་ནོ་གསུངས༔ ༔ཡང་གསུང་པ༔ བུད་མེད་ཀྱི་ལུས་ལ་ངན་རྒྱུ་མེད་ཀྱིས༔ མེ་ལོང་མ་བལྟ་སེམས་ཉིད་སྟོང་པ་མཐའ་བྲལ་གྱི་ལྟ་བ་ལ་ལྟོས༔ དུག་ལྔ་མ་སྒོམས་རང་བྱུང་ཡེ་ཤེས་འོད་གསལ་གཉིས་མེད་སྒོམས༔ བྱད་ཀྱི་དྲི་མ་མ་ཕྱིད་སྤྱོད་ལམ་རྒྱུན་དུ་སེམས་ཀྱི་དྲི་མ་ཕྱིས༔ ཁྱོའི་འདོད་པའི་འབྲས་བུ་མ་སྒྲུབས་ཆོས་སྐུ་རང་བྱུང་གི་འབྲས་བུ་སྒྲུབས༔ སེར་སྣ་འཇུར་གེགས་མ་ཆེ་སྦྱིན་པ་འབད་པས་ཐོངས༔ ཉོན་མོངས་འདོད་སེམས་མ་ཆེ་ལུས་ངག་ཡིད་གསུམ་ཚུལ་ཁྲིམས་སྲུངས༔ ཁོང་ཁྲོ་མ་ཆེ་བཟོད་པའི་གོ་ཆ་བག་དང་ལྡན་པར་གྱིས༔ ལེ་ལོ་མ་ཆེ་ཆོས་སྤྱོད་བརྩོན་འགྲུས་སྐྱེད༔ གཡེང་བའི་དབང་དུ་མ་གཏོང་བསམ་གཏན་ཏིང་འཛིན་སྒོམས༔ མ་རིག་དབང་དུ་མ་གཏོང་ཤེས་རབ་གསལ་བའི་མེ་ཆེན་སྦོར༔ དེ་ལྟར་ཤེས་ན་བུད་མེད་མ་ཡིན༔ བྱང་ཆུབ་སེམས་མ་ཡིན་གསུངས་སོ༔ དེ་ལྟར་མ་ཤེས་ན་བླ་མ་སྤྱི་བོར་སྒོམས༔ སྐྱབས་འགྲོ་དཀོན་མཆོག་ལ་གྱིས༔ སྙིང་པོ་བྱང་ཆུབ་སྒྲུབ་པ་ཟློས༔ སེམས་ཉོན་མོངས་པ་ལ་མ་སྐུར༔ རིག་པ་བཙན་ས་ཟུངས་ལ་ཆོས་ལ་འབད་རྩོལ་གྱིས༔ སྦྱིན་པ་ཆུང་ངུ་ནས་ཐོངས༔ སྡིག་པ་ཕྲ་མོ་ནས་འཛེམས༔ དགེ་བ་ཆུང་ངུ་ནས་སྤེལ༔ དེ་ལྟར་བྱས་ན་ཚེ་འདིར་ཇེ་བདེ་ཇེ་སྐྱིད༔ ཕྱི་མར་ངན་སོང་དུ་སོང་ན་ངས་ལན་གྱིས་གསུངས་སོ༔ གྲུབ་ཐོབ་ཀྱི་བུད་མེད་བདུན་གྱིས༔ སློབ་དཔོན་ལ་རྗེས་སུ་ཡི་རང་ནས་ཕྱག་དང་བསྐོར་བ་བྱས༔ ཚོགས་འཁོར་ཆེན་པོ་བྱས་སོ༔ ཇོ་མོ་མཁར་ཆེན་བཟས་ཕྱི་རབས་ཀྱི་དོན་ལ་དགོངས་ནས༔ མུ་ཏིག་ཤེལ་གྱི་སྤ་མ་གོང་དུ་དུས་དེ་ཉིད་དུ་ཡི་གེར་བཏབ་བོ༔ རྒྱ་རྒྱ་རྒྱ༔༔ ༔༔ ྈ ༄༅༔ གནད་ཀྱི་གདམས་པ་ཉི་ཤུ་རྩ་གཅིག༔ ྈ ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ༔ སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ༔ རྒྱ་མཚོའི་གླིང་གི་པདྨ་ལས་སྐུ་སྤྲུལ་ཏེ་འཁྲུངས་པ༔ སྐུ་ལ་འདས་གྲོངས་མེད་པར་སྐྱེ་འཆི་རྒྱུན་བཅད་ནས་བཞུགས་པ༔ གསུང་ཐེག་པ་རིམ་པ་དགུ་ལ་སོགས་པ་རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་སྟོན་པ༔ ཐུགས་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བས༔ ཆོས་ཐམས་ཅད་ཀྱི་གནད་ཐུགས་སུ་ཆུད་པ་དེ་ལ༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་ཞུས་པ༔ བདག་གིས་བཀའ་ཕྱི་ནང་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང༔ ཐེག་པ་མཐོ་དམན་ཐམས་ཅད་ཀྱི་གནད་མ་གོ་བས་གནད་ཀྱི་གདམས་པ་ཞིག་ཞུ་འཚལ་ཞེས༔ སློབ་དཔོན་ལ་ལུས་ངག་ཡིད་གསུམ་གྱིས་མཉེས་པར་བྱས་ཏེ༔ གསེར་གྱི་མ་དྷལ་ལ་གཡུའི་རིན་ཆེན་སྣ་བདུན་གྱི་ཚུལ་དུ་བཀོད་ནས་ཕུལ་ཏེ་ཞུས་པའོ༔ སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྣང་སྲིད་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྣང་སྲིད་ཐམས་ཅད་ཀྱི་གནད་ནི་ནམ་མཁར་འདུས༔ འབྱུང་བ་བཞི་ནི་ཐམས་ཅད་འགྱུར་ཞིང་མི་རྟག་པའོ༔ དེ་ཡང་ནམ་མཁའི་རང་བཞིན་ནི་ཡེ་གདོད་མ་ནས་སྟོང་པ་མི་འགྱུར་བའོ༔ འབྱུང་བ་ས་ཆུ་མེ་རླུང་ནི་འགྱུར་བའི་ཆོས་ཉིད་ཡིན་ཏེ༔ བྱུང་ཡང་ནམ་མཁའི་ངང་ལས་བྱུང༔ གནས་ཀྱང་ནམ་མཁའི་ངང་ལ་གནས༔ ཐིམ་ཡང་དེའི་ངང་ལ་ཐིམ༔ ནམ་མཁའི་རང་བཞིན་དུས་གསུམ་དུ་འགྱུར་བ་མེད་པས༔ སྣང་སྲིད་ཐམས་ཅད་ནམ་མཁའི་ངང་དུ་འདུས་སོ༔ དཔེ་ནམ་མཁའ་ལ་དོན་ཆོས་ཉིད་ནམ་མཁའ་ལྟ་བུར་ཡེ་གདོད་མ་ནས་སྟོང་པ་ལ༔ རྟགས་སེམས་ཉིད་སྟོང་པ་ནམ་མཁའ་ལྟ་བུ་ལ༔ བག་ཆགས་དང་ཉོན་མོངས་པ་སྤྲིན་དང་ཁུ་རླངས་ལྟ་བུ་བྱུང་ཡང་སེམས་ཉིད་སྟོང་པ་ལས་བྱུང༔ གནས་ཀྱང་སེམས་ཉིད་སྟོང་པའི་ངང་ལ་གནས༔ ཐིམ་ཡང་སེམས་ཉིད་སྟོང་པའི་ངང་དུ་ཐིམ་པའོ༔ དེ་ལྟར་རྟོགས་པའི་དུས་ལས་དང་ཉོན་མོངས་པའི་བག་ཆགས་ཀྱི་སྐྱོན་གྱིས་མ་གོས་པ་ནི༔ སྣང་སྲིད་ཀྱི་ཆོས་ཐམས་ཅད་གནད་དུ་ཚུད་པ་ཞེས་བྱའོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་གནད་ནི་ཆོས་ཉིད་བདེ་བ་ཆེན་པོར་འདུས༔ ཆོས་གཞན་ནི་འགྱུར་ཞིང་མི་རྟག་པའོ༔ ཆོས་ཉིད་བདེ་བ་ཆེན་པོ་ཡེ་ནས་ལྷུན་གྱིས་གྲུབ་ཅིང་བྱ་བཙལ་མེད༔ མ་བཅོས་པའི་ངང༔ རང་བྱུང་རང་གསལ༔ སྤྲོས་པ་མེད་པའི་ངང་དུ་འདུས་སོ༔ ཐེག་པ་གཞན་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ནི༔ བྱུང་ཡང་ཆོས་ཉིད་བདེ་བ་ཆེན་པོའི་ངང་ལས་བྱུང༔ གནས་ཀྱང་ཆོས་ཉིད་བདེ་བ་ཆེན་པོའི་ངང་ལ་གནས༔ ཐིམ་ཡང་ཆོས་ཉིད་བདེ་བ་ཆེན་པོའི་ངང་དུ་ཐིམ༔ ཆོས་ཅན་གང་འགྱུར་ཡང༔ ཚིག་ཏུ་ཇི་སྐད་གསུངས་ཀྱང༔ མཁས་པས་ཇི་ལྟར་བསྟན་ཀྱང༔ ཆོས་ཉིད་བདེ་བ་ཆེན་པོའི་དོན་དེ་མི་འགྱུར་བས༔ ཆོས་ཐམས་ཅད་ཀྱི་གནད་ནི་ཆོས་ཉིད་བདེ་བ་ཆེན་པོ་མ་བཙལ་མཉམ་པར་བཞག་པ་ནི༔ ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་གནད་ཡིན་ནོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སེམས་ཅན་སྐྱེ་འགྲོ་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སེམས་ཅན་སྐྱེ་འགྲོ་ཐམས་ཅད་ཀྱི་གནད་ནི་བྱང་ཆུབ་སེམས་ལ་འདུས༔ གཟུགས་དང་ཤེས་པ་གཞན་ནི་འགྱུར་ཞིང་མི་རྟག་པའོ༔ སེམས་ཅན་སྐྱེ་བ་རྣམ་བཞི་དང་པོ་བྱུང་ཡང་སེམས་མ་རྟོགས་པས་སེམས་ཅན་དུ་འཁོར་རོ༔ སེམས་སྐྱེ་བ་མེད་པ་གདོད་མ་ནས་དག་པ་རང་བྱུང་གི་རིག་པ་དེ༔ ངོ་ཤེས་ཙམ་ན་སངས་རྒྱས་རང་ལ་རྙེད་པ་ཡིན༔ སེམས་ཀྱི་མཚན་ཉིད་ནི་རྟོགས་པའི་དུས་ན༔ སེམས་མ་བཙལ་མཉམ་པར་བཞག་པའི་ངང་ལས་སངས་རྒྱས་སོ༔ བྱང་ཆུབ་སེམས་ཀྱི་ངོ་བོ་ནི་དུས་གསུམ་དུ་འགྱུར་བ་མེད་པས༔ སྐྱེ་འགྲོ་ཐམས་ཅད་སངས་རྒྱས་པའོ༔ བདེ་བར་གཤེགས་པའི་སྙིང་པོ་སངས་རྒྱས་ཀྱིས་ཐམས་ཅད་ལ་ཁྱབ་པར་གནས་པས༔ བྱང་ཆུབ་ཀྱི་སེམས་རྟོགས་པ་གཅེས་སོ༔ དེ་རྟོགས་ན་སེམས་ཅན་སྐྱེ་འགྲོ་ཐམས་ཅད་གནད་དུ་ཚུད་པ་ཞེས་བྱའོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཡེ་ཤེས་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཡེ་ཤེས་ཐམས་ཅད་ཀྱི་གནད་རང་བྱུང་གི་ཡེ་ཤེས་ཡིན༔ ཡེ་ཤེས་གཞན་ནི་འགྱུར་ཞིང་མི་རྟག་པའོ༔ རང་བྱུང་གི་ཡེ་ཤེས་ནི་གདོད་མ་ནས་རང་བྱུང་ཞིང༔ ཆོས་ཉིད་ཀྱི་དོན་རང་གསལ་རིས་མེད་དུ་གནས་པའོ༔ རང་བྱུང་གི་ཡེ་ཤེས་ནི་དེས་མི་མཁྱེན་པ་མེད་པ་དང༔ མ་གཟིགས་པ་མེད་པ་དང༔ དེས་མ་རྟོགས་པ་མེད་པས༔ རང་བྱུང་གི་ཡེ་ཤེས་དེ་གསལ་ལ་ངོ་བོ་བརྟག་ཏུ་མེད་པའི་ཕྱིར༔ ཆོས་དང་ཡེ་ཤེས་ཐམས་ཅད་ཀྱི་རྩ་བ་ཡིན༔ གནས་པ་ཡང་དེ་ཡིན་པས་ཡེ་ཤེས་ཐམས་ཅད་དེའི་ངང་དུ་གནད་དུ་ཚུད་པ་ཞེས་བྱའོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཏིང་ངེ་འཛིན་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཏིང་ངེ་འཛིན་ཐམས་ཅད་ཀྱི་གནད་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཡིན༔ ཏིང་ངེ་འཛིན་གཞན་ཐམས་ཅད་ནི་འགྱུར་ཞིང་མི་རྟག་པའོ༔ དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ ཆོས་ཉིད་དོན་གྱི་ངོ་བོ་དེ་མ་ནོར་བ༔ ཡེ་ཇི་བཞིན་པའི་དོན་དེ་མ་བཅོས་པ༔ དོན་གྱི་ངོ་བོ་དེ་ཉིད་ཐོག་ཏུ་ཕེབས་པ་དེ་ཁོ་ན་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་སྟོང་པ་ཉིད་ཀྱི་ངང་དུ་ཏིང་ངེ་འཛིན་ཐམས་ཅད་མ་འདུས་པ་མེད་དེ་དེའི་ངང་ལ་འདུས་པས༔ ཇི་ལྟར་ཆོས་ཀྱི་རྣམ་གྲངས་བསམ་ལས་འདས་ཀྱང༔ སྟོང་པ་ཡེ་ཇི་བཞིན་པ་བཙལ་དུ་མེད་པའི་ངང་དུ་སངས་རྒྱས་ཀྱི་དགོངས་པ་ཐམས་ཅད་མ་འདུས་པ་མེད་པའི་ཕྱིར་རོ༔ ཏིང་ངེ་འཛིན་ཐམས་ཅད་གནད་དུ་ཚུད་པ་ཞེས་བྱའོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གནས་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ གནས་ཐམས་ཅད་ཀྱི་གནད་ནི་འགྱུར་མེད་ཆོས་ཀྱི་དབྱིངས་ཡིན༔ གནས་གཞན་ཐམས་ཅད་ནི་མི་རྟག་པའོ༔ སེམས་ཅན་ཆོས་ཉིད་མི་འགྱུར་བའི་དོན་མ་རྟོགས་པ་རྣམས་ནི་གནས་དང༔ དུས་དང༔ ཆོས་དང༔ རྐྱེན་དང༔ ལས་དང༔ རྟོག་པར་འགྱུར་ཏེ༔ ཆོས་ཉིད་དེ་ནི་རྐྱེན་དང་གཉེན་པོ་གང་གིས་ཀྱང་མི་འགྱུར་ཏེ༔ སངས་རྒྱས་ཀྱི་ཞིང་ཁམས་ཀྱི་གནས་བཟང་བ་དང༔ སེམས་ཅན་འཁོར་བའི་གནས་ངན་པ་ལྟ་བུ་མ་ཡིན་ཏེ༔ བཟང་ངན་གྱི་རྟོག་པ་གང་ཡང་མ་དམིགས་པས༔ མ་བཅོས་མ་བཙལ་བར་བཞག་པས་མི་འགྱུར་བ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་གནས་ཞེས་བྱའོ༔ དེའི་དོན་རྟོགས་ན་གནས་ཐམས་ཅད་གནད་དུ་ཚུད་པ་ཞེས་བྱའོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ལམ་གྱི་གནད་ཐམས་ཅད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ལམ་ཐམས་ཅད་ཀྱི་གནད་ནི་བགྲོད་དུ་མེད་པའི་ལམ་དུ་འདུས་པ་ཡིན༔ ལམ་གཞན་ནི་འགྱུར་ཞིང་མི་རྟག་པའོ༔ བྱང་ཆུབ་ཀྱི་སེམས་ཀྱི་ལམ་ལ་བགྲོད་དུ་མེད་དེ༔ བྱང་ཆུབ་སེམས་ཀྱི་ངོ་བོ་ཡང་དག་པའི་དོན་ཕྱིན་ཅི་མ་ལོག་པའི་དབྱིངས༔ གསལ་བའི་ཡེ་ཤེས་གཉིས་སུ་མེད་པའི་དོན་ལ་འཇུག་པའི་དོན་རྟོགས་པའི་དུས་ན༔ ལམ་ཞེས་བྱ་བར་འགྲོ་ས་དང་བགྲོད་དུ་མེད་པའོ༔ དེ་ལྟར་འགྲོ་འོང་མེད་པའི་དོན་རྟོགས་པའི་དུས་ན༔ ཐེག་པ་ས་ལམ་ཞེས་བྱ་བའི་ཆོས་ཉིད་དངོས་པོའི་གཞི་མེད་དེ༔ བྱས་པ་མེད་པས་རྡོ་རྗེ་ལྟ་བུ་འཇིག་པ་མེད་པའི་སངས་རྒྱས་ཞེས་བྱ་བ༔ དེ་ལྟ་བུའི་དོན་རྟོགས་ན་ལམ་ཐམས་ཅད་གནད་དུ་ཚུད་པ་ཞེས་བྱའོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྐུ་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྐུ་ཐམས་ཅད་ཀྱི་གནད་ནི་ཆོས་ཀྱི་སྐུ་འགྱུར་བ་མེད་པ་ལ་འདུས་པ་ཡིན༔ སྐུ་གཞན་ཐམས་ཅད་ནི་འགྱུར་ཞིང་མི་རྟག་པའོ༔ ཆོས་ཀྱི་སྐུ་ལ་དངོས་པོ་དང་མཚན་མའི་སྐྱོན་གྱིས་མ་གོས༔ སྣང་བ་མེད་པའི་སྐུ་ལ་རྐྱེན་གང་གིས་ཀྱང་འཇིག་པ་མེད་པས་འགྱུར་བ་མེད་པ༔ ལོངས་སྐུ་དང་སྤྲུལ་སྐུ་ལ་སོགས་པ་བློས་བརྟགས་ཀྱི་སྐུ་ཐམས་ཅད་འགྱུར་བ་དང་བཅས་པའོ༔ སྐུ་ཞེས་བྱ་བ་ནི་མི་འགྱུར་བའི་ཕྱིར་ན་སྐུ་ཞེས་བྱའོ༔ རྐྱེན་གང་གིས་ཀྱང་མི་འཇིག་པའི་ཕྱིར་ན་སྐུ་ཞེས་བྱའོ༔ དེའི་དོན་རྟོགས་ཤིང་ཁོང་དུ་ཆུད་ན༔ སྐུ་ཐམས་ཅད་གནད་དུ་ཚུད་པ་ཞེས་བྱའོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གསུང་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ གསུང་ཐམས་ཅད་ཀྱི་གནད་ནི་རང་བཞིན་དངོས་མེད་ཀྱི་གསུང་ལ་འདུས་པ་ཡིན༔ གསུང་གཞན་ནི་འགྱུར་ཞིང་མི་རྟག་པའོ༔ སེམས་ཅན་ཐམས་ཅད་ཀྱི་སྐད་ལ་སྒྲ་རུ་གྲགས་པ་ལ་ནི་འགག་པ་ཡོད་དོ༔ ཆོས་ཉིད་རང་བཞིན་མེད་པའི་དོན་རྟོགས་པའི་དུས་ན༔ སེམས་ཅན་ཐམས་ཅད་ཀྱི་སྐད་ཐམས་ཅད་རང་བཞིན་མེད་པར་རྟོགས་པས༔ སྒྲ་གྲགས་སྟོང་ངོ་བོ་ཉིད་ཀྱིས་སྟོང་སྟེ༔ སྟོང་པའི་ངང་ལས་མ་འགགས་པར་བྱུང༔ རང་བྱུང་གི་དོན་ལ་རང་བཞིན་མེད་པའོ༔ དེའི་དོན་རྟོགས་ཤིང་ཁོང་དུ་ཆུད་ན་གསུང་ཐམས་ཅད་གནད་དུ་ཆུད་པ་ཞེས་བྱའོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཐུགས་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཐུགས་ཐམས་ཅད་ཀྱི་གནད་ནི་མཉམ་ཉིད་འཁྲུལ་པ་མེད་པ་ལ་འདུས་ཏེ༔ ཐུགས་གཞན་ནི་འགྱུར་ཞིང་མི་རྟག་པའོ༔ སངས་རྒྱས་ཀྱི་ཐུགས་དེ་མ་ནོར་མ་བཅོས་མཐའ་བྲལ་མཉམ་པ་ཉིད་འཁྲུལ་པའི་སྐྱོན་ལས་སངས༔ རིག་པའི་ཡེ་ཤེས་རྒྱས་པ་ཞིག་ཡིན༔ སེམས་ཀྱིས་སེམས་ལ་རྟོག་པ་ཐུན་མོང་གི་ཐེག་པ་ཀུན་རྫོབ་སྒྱུ་མའི་ཆོས་རྣམས་ལ་སྤྱོད་པ་རྣམས་ནི་འཁྲུལ་པའོ༔ བྱང་ཆུབ་ཀྱི་སེམས་མ་ནོར་མ་བཅོས་པ་བྱ་རྩོལ་གྱི་མཐའ་དང་བྲལ་བ་དེ་ལ་སངས་རྒྱས་ཀྱི་དགོངས་པ་ཐམས་ཅད་འདུས་པས༔ དེའི་དོན་རྟོགས་ཤིང་ཁོང་དུ་ཆུད་ན་ཐུགས་ཐམས་ཅད་གནད་དུ་ཚུད་པ་ཞེས་བྱའོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ དམ་ཚིག་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དམ་ཚིག་ཐམས་ཅད་ཀྱི་གནད་ནི་ཡེ་ནས་བསྲུང་དུ་མེད་པས་ཕྱལ་པའི་ངང་ལ་འདུས༔ དམ་ཚིག་གཞན་ནི་འགྱུར་ཞིང་མི་རྟག་པའོ༔ བྱང་ཆུབ་སེམས་ལ་སྐྱོན་དང་སྒྲིབ་པ་མེད་པས་དག་ཅིང་གསལ་ཏེ༔ ཡོན་ཏན་དང་ཡོན་ཏན་གྱི་བླང་དོར་མེད་པས༔ བྱང་ཆུབ་ཀྱི་སེམས་ལ་བསྲུང་བྱ་དང་སྲུང་བྱེད་དུ་མ་གྲུབ་པའོ༔ དེ་ལྟ་བུའི་དོན་ལས་གཡོ་བ་མེད་པས༔ རྟོགས་པའི་དོན་ལས་མི་འདའ་བ་དེ་ནི་དམ་ཚིག་བསྲུང་མེད་ཕྱལ་བའི་ངང་ཞེས་བྱའོ༔ ཐུན་མོང་གི་དམ་ཚིག་ལ་ས་མ་ཡ་གྲངས་མེད་པ་ནི་འགལ་བ་དང་བཅས་པས་བསྲུང་བ་ཉིད་ཀྱིས་དམ་དུ་བཅིངས་པའོ༔ དེའི་དོན་རྟོགས་ཤིང་ཁོང་དུ་ཚུད་པ་ན་དམ་ཚིག་ཐམས་ཅད་གནད་དུ་ཚུད་པ་ཞེས་བྱའོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཡོན་ཏན་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཡོན་ཏན་ཐམས་ཅད་ཀྱི་གནད་ཀུན་ལ་སྙོམས་པ་ཡིན༔ ཡོན་ཏན་གཞན་ཐམས་ཅད་འགྱུར་ཞིང་མི་རྟག་པའོ༔ བྱང་ཆུབ་སེམས་ཀྱི་ཡོན་ཏན་ནི༔ ཆོས་ཐམས་ཅད་ཀྱི་ཡོན་ཏན་སེམས་ལས་བྱུང༔ སེམས་ཉིད་ལས་སུ་རུང་བར་གྱུར་ཙམ་ན་ཇི་ཙམ་འདོད་པ་ལ་དབང་ཡོད་དེ༔ ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར་དགོས་འདོད་རང་ལས་འབྱུང་བའོ༔ དེ་ལྟ་མ་ཡིན་ན་ལོག་པའི་རིག་བྱེད་ཀྱི་ཡོན་ཏན་ཕྲ་མོ་ནི༔ ཀུན་ལ་སྙོམས་པ་མ་ཡིན༔ དོན་ཕུན་སུམ་ཚོགས་པར་མི་འགྱུར་རོ༔ སེམས་ཉིད་ལས་སུ་རུང་ནས་བརྟན་པ་ཐོབ་པ་ནི༔ སངས་རྒྱས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་ཀུན་ལ་སྙོམས་པ་འབྱུང་བའོ༔ དེའི་དོན་རྟོགས་ཤིང་ཁོང་དུ་ཆུད་ན་ཡོན་ཏན་ཐམས་ཅད་གནད་དུ་ཚུད་པ་ཞེས་བྱའོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཕྲིན་ལས་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཕྲིན་ལས་ཐམས་ཅད་ཀྱི་གནད་ནི་མ་བཙལ་ལྷུན་གྱིས་གྲུབ་པ་ལ་འདུས༔ ཕྲིན་ལས་གཞན་ཐམས་ཅད་འགྱུར་ཞིང་མི་རྟག་པའོ༔ རང་རིག་པའི་སེམས་འདི་ཡེ་ནས་མ་བཅོས་ལྷུན་གྱིས་གྲུབ་པ་ཡིན༔ ད་གཟོད་འབད་རྩོལ་བྱས་ནས་ཕྲིན་ལས་ཀྱི་དོན་ལ་བྱ་རྒྱུ་མེད་པས་ཡེ་ནས་བྱས་ཟིན་པའོ༔ རྒྱུ་འབྲས་ཀྱི་ཆོས་ལ་ལོངས་སྤྱོད་པ་རྣམས་ནི༔ འབད་རྩོལ་གྱི་འབྲས་བུ་སངས་རྒྱས་འཐོབ་པར་འདོད་པའོ༔ འདིར་ཕྲིན་ལས༔ མ་བཙལ་བཞག་པས་ལས་རྣམས་ཟིན༔ བཙལ་བ་མེད་པས་ཆོས་སྐུ་འགྲུབ༔ ཅེས་གསུངས་པས༔ དེའི་དོན་རྟོགས་ཤིང་ཁོང་དུ་ཆུད་ན་ཕྲིན་ལས་ཐམས་ཅད་གནད་དུ་ཚུད་པ་ཞེས་བྱའོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གསང་སྔགས་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ གསང་སྔགས་ཐམས་ཅད་ཀྱི་གནད་ནི་གསང་སྔགས་དོན་གྱི་སྙིང་པོ་ལ་འདུས༔ སྔགས་གཞན་འགྱུར་ཞིང་མི་རྟག་པའོ༔ གསང་སྔགས་ཀྱི་སྙིང་པོ་ནི་རིག་པ་ཡིན་ཏེ༔ རིག་པ་སྟོང་པའི་དོན་དེ་ཀུན་ལ་གནས་ཀྱང་ཀུན་གྱིས་རྟོགས་པར་དཀའ་བས་གསང༔ སྙིང་པོའི་དོན་ལ་ངོ་བོ་བརྗོད་དུ་མེད་དེ་ཡེ་ནས་མ་བཅོས་པས་གསང༔ དོན་གྱི་མན་ངག་བསྟན་པའི་སྙིང་པོ་འདི་ནི་སངས་རྒྱས་འགྲུབ་པའི་རྒྱུར་འགྱུར་བས་གསང་སྔགས་དོན་གྱི་སྙིང་པོ་འོ༔ འབད་རྩོལ་གྱིས་ལྷ་བསྒོམས་ཞིང་སྔགས་བཟླས་པས་སངས་རྒྱས་འགྲུབ་ཏུ་རེ་བ་ནི༔ སངས་རྒྱས་འདོད་པས་འཆིང་བའོ༔ དེ་ལྟ་བུའི་དོན་དེ་རྟོགས་པར་རྩོལ་སྒྲུབ་འདོད་ནས་བསྒྲུབས་པས་སངས་རྒྱས་མ་གྲུབ་སྟེ་སྒྲུབ་པ་ཉིད་ཀྱིས་འཆིང་བའོ༔ དེས་ན་རང་ལ་ལྷུན་གྲུབ་ཏུ་ཤེས་ན་སངས་རྒྱས་བསྒྲུབ་ཏུ་མེད་དོ༔ དེ་ལྟ་བུའི་དོན་རྟོགས་ཤིང་ཁོང་དུ་ཆུད་ན་སྒྲུབ་པ་ཐམས་ཅད་གནད་དུ་ཆུད་ཅེས་བྱའོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྨོན་ལམ་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྨོན་ལམ་ཐམས་ཅད་ཀྱི་གནད་རེ་འདོད་མེད་པ་ལ་འདུས་ཏེ༔ སྨོན་ལམ་གཞན་ནི་འགྱུར་ཞིང་མི་རྟག་པའོ༔ དེ་ཡང་གྲུབ་མཐའ་ཐུན་མོང་གི་ཐེག་པར་གནས་ཤིང་སྤྱོད་པ་ནི་རེ་དོགས་གཉིས་སུ་ལྟའོ༔ གསང་སྔགས་རྡོ་རྗེ་ཐེག་པའི་སྨོན་ལམ་ནི༔ རེ་དོགས་གཉིས་མེད་དཔེར་ན་བྱ་ལམ་འདྲ༔ ལམ་ལྔ་བགྲོད་མེད་མཐར་ཕྱིན་ལམ་ལ་ཞུགས༔ སྨོན་ལམ་མེད་པར་སངས་རྒྱས་ལམ་དུ་ཕྱིན༔ ཅེས་པས༔ བྱང་ཆུབ་ཀྱི་སེམས་ཀྱི་དོན་མ་ནོར་བ་ཆོས་ཀྱི་དབྱིངས་རང་བཞིན་ལྷུན་གྱིས་གྲུབ་པ་དེ་ངོ་ཤེས་ཙམ་ན་སངས་རྒྱས་ཐོབ་ཏུ་རེ་བ་དང༔ འཁོར་བར་ལྷུང་གིས་དོགས་པ་མེད་པས༔ སྨོན་ལམ་ཡེ་དག་ལས་ཡེ་བགྲོད་དུ་མེད་པ་ཡིན་ནོ༔ དེ་ལྟར་རྟོགས་ཤིང་ཁོང་དུ་ཆུད་ན་སྨོན་ལམ་ཐམས་ཅད་གནད་དུ་ཆུད་པ་ཞེས་བྱའོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྒོམ་པ་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྒོམ་པ་ཐམས་ཅད་ནི་མ་བཅོས་སྒོམ་མེད་ཀྱི་ངང་ལ་འདུས་ཏེ༔ སྒོམ་གཞན་ཐམས་ཅད་ནི་འགྱུར་ཞིང་མི་རྟག་པའོ༔ མི་སྒོམ་ངང་ལ་བསམ་མེད་སྒོམས༔ སྒོམ་བྱེད་མ་བཅོས་ངང་ལ་གནས༔ བསྒོམ་པར་བྱ་བའི་རྒྱུ་མཚན་མེད༔ སྒོམ་པར་བྱེད་པའི་མཁན་པོ་མེད༔ གང་ཡང་མེད་པར་རྟོགས་པ་སྒོམ་པའི་གནད་ཡིན་ནོ༔ ཐེག་པ་ཐུན་མོང་བ་རྩོལ་བས་སྒོམ་པ་ནི༔ རྩོལ་སྒྲུབ་ཀྱི་དམིགས་པས་བཅིངས་པས་གྲོལ་བར་མ་བཤད་དོ༔ དེས་སྒོམ་མེད་རང་གསལ་དུ་ཁོང་དུ་ཆུད་ན་སྒོམ་པ་ཐམས་ཅད་གནད་དུ་ཚུད་པ་ཞེས་བྱའོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྤྱོད་པ་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྤྱོད་པ་ཐམས་ཅད་ཀྱི་གནད་ནི་སྤྱད་དུ་མེད་པ་ཡིན༔ སྤྱོད་པ་གཞན་ཐམས་ཅད་འགྱུར་ཞིང་མི་རྟག་པ་ཡིན༔ སྤྱོད་པ་མ་བཙལ་བཞག་པས་ལས་རྣམས་ཟིན༔ ཡིད་དང་བག་ཆགས་རྗེས་སུ་ཞུགས་པ་ནི༔ སེམས་ཅན་ཐུན་མོང་གི་ཐེག་པ་རྒྱུ་འབྲས་ཀྱི་ཆོས་ལ་སྤྱོད་པའོ༔ འོ་ན་གང་ཡིན་ན༔ རེ་དོགས་གཉིས་སུ་མེད་པའི་སྤྱོད་པ་ཆོས་ཐམས་ཅད་ཇི་ལྟར་སྤྱོད་ཀྱང༔ མ་བཙལ་མཉམ་པར་བཞག་པས་རྩོལ་ཞེན་གྱི་འདོད་པ་དང་བྲལ་བས༔ ཇི་ལྟར་སྣང་ཞིང་དྲན་པ་ཐམས་ཅད་རྩོལ་མེད་མཉམ་པ་ཉིད་ཀྱི་ཆོས་ཉིད་ལ་བཞག་པ་ནི༔ སངས་རྒྱས་རྣམས་ཀྱི་སྤྱོད་པ་ཡིན་ནོ༔ དེ་ལྟར་རྟོགས་ཤིང་ཁོང་དུ་ཆུད་པས་སྤྱོད་པ་ཐམས་ཅད་གནད་དུ་ཚུད་པ་ཞེས་བྱའོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ འབྲས་བུ་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ འབྲས་བུ་ཐམས་ཅད་ཀྱི་གནད་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་འདུས༔ འབྲས་བུ་གཞན་ཐམས་ཅད་ནི་འགྱུར་ཞིང་མི་རྟག་པའོ༔ ཡང་དག་པར་རྫོགས་པའི་སངས་རྒྱས་དེ་རྟག་ཆད་ཀྱི་མུ་མཐའ་ལས་གྲོལ་ཏེ༔ དངོས་པོ་ཐམས་ཅད་ཀྱི་ཡུལ་ལས་འདས་པས་མི་འགྱུར་ཞིང་སྐྱེ་འགག་མེད༔ ཡངས་དོག་མེད་པས༔ ཡོངས་སུ་རྣམ་དག་ཆོས་སྐུ་ཉིད༔ རང་སྣང་དབྱེར་མེད་ངོ་བོ་ཉིད༔ རིག་པ་ཆོས་ཉིད་ངང་དུ་ཞི༔ ཐོབ་པ་མེད་པ་འབྲས་བུའི་མཆོག༔ རང་ལས་བྱུང་ཞིང་རང་ལས་འཐོབ༔ ཅེས་སོ༔ དེ་ལྟར་མ་ཡིན་པར་འབྲས་བུ་སངས་རྒྱས་ལོགས་ནས་གྲུབ་པར་འདོད་པ་ནི༔ ཐེག་པ་ཐུན་མོང་བ་སྟེ་གྲོལ་བར་མ་བཤད་དོ༔ དེ་ལྟ་བུའི་དོན་རྟོགས་ཤིང་ཁོང་དུ་ཆུད་ན་འབྲས་བུ་ཐམས་ཅད་གནད་དུ་ཆུད་པ་ཞེས་བྱའོ་གསུངས༔ སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ༔ གནད་ཀྱི་གདམས་པ་ཉི་ཤུ་རྩ་གཅིག་འདི༔ མཚོ་རྒྱལ་བདག་གིས་ཕྱི་རབས་དོན་དུ་སྦས༔ ལས་ཅན་སྐལ་ལྡན་གཅིག་དང་འཕྲད་པའི་ཚེ༔ མང་དུ་སྤེལ་ན་དངོས་གྲུབ་ཉམས་པར་འགྱུར༔ གཏེར་གྱི་རང་བཞིན་གསང་ལ་རིམ་གྱིས་སྤྱོད༔ གནད་ཀྱི་གདམས་པ་ཉི་ཤུ་རྩ་གཅིག་རྫོགས་སྷོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ༄༅༔ ཀཾ ྈ ན་མོ་གུ་རུ༔ སྒོམ་ཁྲིད་རིན་ཆེན་གསེར་ཕྲེང་གི་སྐོར༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ༔ སྐུ་ལ་འགྱུར་བ་མེད་པ་ཉི་མ་ལྟ་བུ༔ གསུང་ལ་རྒྱུན་ཆད་མེད་པ་ཆུ་བོ་ལྟ་བུ༔ ཐུགས་ལ་འགག་པ་མེད་པ་ནམ་མཁའ་ལྟ་བུ༔ ཡོན་ཏན་འཕེལ་འགྲིབ་མེད་པ་ཆུ་བོ་ལྟ་བུ༔ ཕྲིན་ལས་ཐོགས་པ་མེད་པ་རླུང་ལྟ་བུ༔ དགོངས་པ་སངས་རྒྱས་དང་མཉམ་པ༔ ཆོས་འགྲོ་བ་རིགས་དྲུག་དང་མཐུན་པར་སྟོན་པ༔ སྤྲུལ་པའི་སྐུ་འཛམ་བུ་གླིང་དུ་ཉི་མ་ལྟར་གྲགས་པ་དེ་ལ༔ ཇོ་མོ་མཁར་ཆེན་བཟས་ཞབས་ཏོག་བྱས་ཏེ༔ མུ་ཏིག་ཤེལ་གྱི་སྤ་མ་གོང་ན་བཞུགས་པའི་དུས་ན༔ ལུས་ངག་ཡིད་གསུམ་གྱིས་མཉེས་པར་བྱས་ཏེ་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ གང་ཟག་དད་པ་ཅན་སྒོམ་པར་འདོད་པས་སྒོམ་པའི་དོན་དུ་བྱ་བའི་རིམ་པ་གང་ལགས་ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བསྒོམ་པའི་དོན་དུ་བྱ་བའི་རིམ་པ་ལ་ཚོགས་གསོག༔ མན་ངག་ནོད༔ འབྲེལ་ཐག་བཅད༔ ཆ་རྐྱེན་བསྡུ༔ དེ་ནས་གནས་བྱི་དོར་བྱས༔ ཆེ་ཆུང་རན་པར་ཁམས་བསང་སྟེ༔ སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་སེམས་ཅན་ཐམས་ཅད་བྱང་ཆུབ་ལ་དགོད་པར་དམ་བཅའ༔ དེར་སྟན་རས་བལ་ཅན་ལ་སོགས་པའི་ལྷོད་ཚངས་ཅན་བཏིང་ལ༔ ལུས་ཀྱི་བཤང་གཅི་དང་མཆིལ་སྣབས་ལ་སོགས་པ་དོར་ནས༔ ལུས་སྐྱིལ་མོ་ཀྲུང་བཅའ༔ ལག་པ་མཉམ་གཞག༔ ལུས་དྲང་པོར་བསྲང༔ མགོ་དགྱེ་སྒུ་མེད་པར་བྱ༔ མིག་སྣ་རྩེར་དབབ༔ སོ་དང་མཆུ་ཐ་མལ་པར་གཞག༔ ལར་སྒོ་གསུམ་ལྷུག་པར་བཞག་ལ་བསྒོམ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྒོམ་པའི་དུས་སུ་བློའི་གཞག་ཐབས་གང་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྒོམ་པའི་དུས་སུ་ལུས་སེམས་གློད་ལ༔ ཆོས་ཐམས་ཅད་ཅིར་ཡང་དཔྱད་དུ་མེད་པས༔ སེམས་དང་སེམས་ལས་བྱུང་བ་རྒྱུན་བཅད་དེ༔ དེ་དག་ཆེད་དུ་ཡང་མི་དགག༔ གཏོང་འཛིན་དང་བྲལ་བ་དང་ཡིད་ལ་བྱེད་པ་ཀུན་སྤངས་ལ་ཅིར་ཡང་མི་རྟོག༔ ཅི་ཡང་མི་སེམས༔ རང་གི་རང་བཞིན་ཇི་ལྟ་བ་བཞིན་དུ་གསལ་བ༔ གང་དུ་ཡང་མི་གཡོ་བར་རང་བཞིན་རྣལ་མར་གཞག༔ དེ་བས་ན་དེའི་ཚེ་ཤེས་པ་དང་ཤེས་བྱ་སོ་སོར་མ་མཐོང་བས་ཡུལ་ཕར་མི་དཔྱོད༔ ཤེས་པས་ཚུར་མི་དཔྱོད༔ གཉིས་ཀ་མ་ཡིན་པར་ཡང་མི་དཔྱོད༔ ཡུལ་ཕར་མི་དབྱུང༔ རྟོག་པ་ཚུར་མི་འགོག་པས་སེམས་ཉིད་དྭངས་གསལ་ཕྱད་དེ་སང་ངེ་ཅི་ལ་ཡང་མི་གནས་པར་གཞག་གོ༔ དེ་ལ་མི་མཐུན་པའི་སྐྱོན་ནི་རྒོད་པ་དང༔ བྱིང་བ་དང༔ ཞེ་ལ་འཛིན་པའོ༔ དེ་ཡང་རྒོད་པ་ནི་ཡུལ་ལ་འཕྲོ་བ་སྟེ༔ དེ་ལ་བཅོས་པ་ནི༔ ལུས་སེམས་གློད་ལ་ཏིང་ངེ་འཛིན་ལ་གཞག༔ ཡང་ནས་ཡང་དུ་གཞག་གོ༔ ད་རུང་རྟོག་པ་སྣ་ཚོགས་རྗེས་སུ་འཕྲོ་ན༔ ཤེས་པ་གང་འཕྲོ་བ་དེ་ཉིད་ལ་ཡང་ནས་ཡང་དུ་རྗེས་སུ་གཏད་དོ༔ དེས་ཀྱང་མ་ཐུབ་སྟེ་འཕྲོ་ན༔ ནམ་མཁའི་སྤྲིན་ལྟར་འཕྲོ་བ་དེ་གར་བྱུང་གར་འཕྲོ་ཇི་ལྟར་འདུག་པ་རང་ལ་བརྟགས་པས་རང་བྱུང་རང་ཞིར་གཞག་གོ༔ རྟོག་པ་དེ་ཉིད་སྟོང་པ་ཡིན་པས་དམ་དུམ་འཕྲོས་ཀྱང་མི་ལྟོ་རྟོག་པ་ཆེད་དུ་དགག་མི་དགོས༔ དེ་ནི་རྒོད་པ་དང་འཕྲོ་བ་བསྡུ་བའི་མན་ངག་ཡིན་གསུངས༔ བྱིང་བ་ནི་མུན་ཁུང་དུ་ཞུགས་པ་ལྟ་བུའམ༔ མིག་བཙུམས་པ་ལྟ་བུའོ༔ དེ་བཅོས་པ་ལ་སྤྱོད་ལམ་གྱིས་གསེང་བ་ཆོས་སྤྱོད་དང་གཞིག་འབྲེལ་ལ་སོགས་པ་བྱ༔ ཏིང་ངེ་འཛིན་གྱིས་གསེང་བ་ནི༔ རང་ནམ་མཁའ་ལ་སྒོམ་པ་དང༔ སྒལ་ཚིགས་འཕང་ལོ་ལྟར་བརྩེགས་ལ་སྒོམ་པ་དང༔ ཤེས་པ་ནམ་མཁའ་ལྟར་བསྒོམ་མོ༔ མན་ངག་གིས་གསེང་བ་ནི༔ ཡུལ་གྱི་རྗེས་སུ་བལྟ་སྟེ་སྒོམ་པ་དང༔ དབང་པོ་ཧར་བསྒོམ་བྱའོ༔ དེ་ནི་བྱིང་བ་གསེང་བའི་མན་ངག་ཡིན་གསུངས༔ རྨུགས་པ་ནི་སེམས་བློང་བློང་པོར་འཇུག་པའམ་ཤེས་པ་དྲན་པ་མེད་པར་འདྲེས་བརླབས་པ་བཞིན་སོང་ན༔ མི་བསྒོམ་པར་བཞག་ལ་ཕྱིས་བསྒོམ་མོ༔ དེ་ནི་བྱིང་བ་སྤོང་བའི་མན་ངག་ཡིན་གསུངས༔ ཞེ་ལ་འཛིན་པའི་སྐྱོན་ནི༔ ཆོས་ཉིད་སྒོམ་པ་ཅི་ཡང་མི་དམིགས་མི་འཛིན་པར་བསྒོམ་རྒྱུ་ལ་འཛིན་པ་ཡོད་ན་སྐྱོན་ཡིན༔ ཡོད་མེད་རྟག་ཆད་མི་མཐུན་པ་དང་གཉེན་པོ་དང་བླང་དོར་གྱི་རྟོག་པ་ལ་སོགས་པ་རྣམས་ལྟ་ཅི་སྨྲོས་ཀྱི༔ ཐ་ན་དངོས་པོ་འདི་ཀུན་སྣང་བ་རང་བཞིན་མེད་པའོ་ཞེའམ༔ དངོས་པོ་འདི་ལ་བསམ་དུ་མེད་པས་དེ་ལ་མི་དམིགས་པར་བསྒོམ་མོ༔ ཞེས་པ་ལ་སོགས་པ་སེམས་གྱི་ན་མོ་ཙམ་དང་འཛིན་པ་རྡུལ་ཙམ་ཡོད་ཀྱང་སྐྱོན་ཡིན་ནོ༔ དེ་ནི་འཛིན་པ་བསལ་བའི་མན་ངག་ཡིན་ནོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྒོམ་ཞིང་རྟོགས་པའི་ཉམས་ཇི་ལྟར་སྐྱེ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྒོམ་པའི་ཚེ་སྣང་བ་དང་སྣང་བ་མེད་པ་དང༔ སྐྱེ་འགག་མེད་པ་དང༔ དེ་ལ་སོགས་པ་མིང་གི་རྣམ་གྲངས་ཀུན༔ འཁོར་བ་ལ་དངོས་པོ་མེད་པས༔ དེ་མཚོན་པར་བྱ་བའི་ཕྱིར་གློ་བུར་དུ་མིང་དུ་བཏགས་པ་ཙམ་ལས་མེད་པས༔ དེ་ལྟར་བསྒོམས་པས་དངོས་པོ་འདི་ལ་ངོ་བོར་གྲུབ་པ་ཅི་ཡང་མེད་པར་ཡང་རྟོགས་པར་འགྱུར་རོ༔ འཁོར་བ་ལ་དངོས་པོ་མེད་པས་སྤང་དུ་ཡང་མེད༔ མྱ་ངན་ལས་འདས་པ་ཐོབ་རྒྱུ་ཡང་མེད༔ དེ་གཉིས་ཀྱང་མིང་ཙམ་དུ་རྟོགས་པར་འགྱུར་རོ༔ ཡང་དག་པར་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་ངེས་པའི་དོན་ལ་ཅི་ཡང་མ་ཡིན་པ༔ སེམས་ཀྱི་ཡུལ་ལས་འདས་པར༔ ཚིག་ཙམ་མ་ཡིན་པར་བློའི་གཏིང་དུ་ཐག་ཆོད་པ་མངོན་སུམ་དུ་རྟོགས་པར་འགྱུར་རོ༔ གང་ཞིག་དེ་ལྟར་མ་རྟོགས་པར་དངོས་པོ་ཐམས་ཅད་ནི་མ་སྐྱེས་པའོ་ཞེས་ཚིག་ཏུ་བརྗོད་པ་དང༔ འདི་ནི་སྟོང་པ་ཉིད་ཡིན་སྙམ་དུ་དམིགས་ཤིང་སྤྱོད་པ་ནི་ཉམས་ཙམ་ཞེས་བྱ་སྟེ༔ དེས་ནི་ངེས་པ་རྙེད་པར་མི་འགྱུར་རོ༔ དངོས་པོ་རྣམས་དེ་ལྟར་རྟོགས་ནས་དེའི་དོན་ལ་མི་དམིགས་པའི་ཚེ༔ དེའི་ཚེ་དངོས་པོ་གྱི་ནར་སྣང་ཡང་སེམས་ཀྱི་དངོས་པོ་དང་མཚན་མ་བསྟན་རྒྱུའམ་དམིགས་རྒྱུ་རྡུལ་ཙམ་ཡང་མ་མཐོང་བས༔ དོན་ཉམས་སུ་མྱོང་བའམ་ཤེས་པས་གཟུང་རྒྱུ་ཅི་ཡང་མི་སྣང་བའི་ཕྱིར༔ དངོས་པོ་འདི་ནི་འདིའོ་ཞེས་དྲན་པ་དང་ཡིད་ལ་བྱེད་པ་མི་སྐྱེད༔ འོན་ཀྱང་ད་རུང་འཁྲུལ་རྟོག་གི་བག་ཆགས་མ་སྤང་པའོ༔ དེ་ཚེ་དངོས་པོ་ཀུན་ཆུ་དྭངས་པའི་ནང་དུ་མིག་གིས་བལྟ་བ་བཞིན་དུ་མིག་ལམ་ན་ནི་ཁ་དོག་གིས་བསྡུས་པ་ལྟ་བུར་བུད་མེད་མེ་ལོང་བལྟ་བ་ལྟར་སོ་སོའི་རྣམ་པར་རང་སྣང་ཡང༔ དེ་ལས་འདི་ནི་འདི་ཡིན་ནོ་སྙམ་པའི་འདུ་ཤེས་མི་འཇུག་གོ༔ ཡིད་ཀྱི་ངོ་བོ་གང་དེ་ཉིད་ནམ་མཁའ་བཞིན་དུ་དྭངས་སང་ངེ་མངོན་ཏེ་འོང་ངོ༔ དེའི་ཚེ་རང་ཡང་རང་དུ་མི་མངོན་པ་དང༔ བདག་ཉིད་ནམ་མཁའ་ལའང་འདུག་པ་འདྲ་བའམ༔ ཡང་ཤེས་པ་དང་ཤེས་བྱ་སོ་སོར་མཐོང་བས་གཡང་ཟ་བའམ་ཉམ་ང་བའམ༔ དེ་ལ་གནས་པར་མི་འདོད་པར་འོང་ངོ༔ མིང་དང་གཟུགས་བཞིན་དུ་མཐོང་ནས་སེམས་ཅན་གྱི་འདུ་ཤེས་མི་འཇུག་གོ༔ དེ་ལས་ལངས་ནས་སྤྱོད་ལམ་བྱེད་པའི་ཚེ་ན་ཡང་དངོས་པོ་ལ་ཅུང་ཟད་བརྟགས་པས་དངོས་པོར་མི་མཐོང་བའི་ངང་ལས་འགྲོ་ཡང་འགྲོ་བར་མི་ཚོར༔ ཟ་ན་ཟ་བའི་འདུ་ཤེས་མེད་པ་ལམ་ལམ་གྱིས་འབྱུང་ངོ༔ དེའི་ཚེ་དངོས་པོ་ཀུན་ལ་བརྟགས་པས་བླང་དོར་མེད་པའི་རྟོགས་པ་ཡང་སྐྱེ་སྟེ༔ དེ་ལ་བདག་དང་དངོས་པོ་ཀུན་རྫོབ་སྒྱུ་མ་ཙམ་མམ༔ ནམ་མཁའ་བཞིན་མཐོང་བས༔ བདག་ཀྱང་བདག་ཏུ་མི་མཐོང༔ གཞན་ཡང་གཞན་དུ་མི་མཐོང་ངོ༔ མིག་བཙུམས་ཀྱང་སེམས་ནང་དུ་ལྟ་སྟེ༔ ཡུལ་ཀུན་བགས་ཀྱིས་མི་གསལ་བར་གྱུར་ནས༔ ཡིད་ཀྱི་འགྱུ་བ་རྒྱུན་ཆད་ནས་སྣང་བ་དང་བྲལ་ཏེ༔ བློའི་དྭངས་མ་ཡིད་ནམ་མཁའ་བཞིན་དུ་གྱུར་ནས༔ ལུས་ཀྱང་ཡོད་པར་མི་ཚོར༔ དབུགས་ཀྱང་འགྱུ་བ་མི་ཚོར་བ་འབྱུང་ངོ༔ དེའི་སེམས་ཀྱང་དཔེར་ན་ནམ་ལངས་པའི་ནམ་མཁའི་མེ་ལོང་གི་འོད་བཞིན་མི་གཡོ་བ་གསལ་བ་ལྷམ་མེ་བར་འདུག་ནས་དམིགས་འཛིན་མེད་པར་རང་ལ་རང་གསལ་ཞིང༔ ཉིན་མོ་དང་མཚན་མོ་ཡང་ཁྱད་མེད་པར་འདུག་གོ༔ རེས་འགའ་སེམས་རྒྱུན་ཡང་དངོས་པོར་རིམ་གྱིས་སོང་ནས་ཡང་ལྷན་གྱིས་འགྲོ༔ དེ་བཅོས་པ་ནི༔ གསལ་བ་དེ་ཙམ་ཡང་མི་འཛིན༔ མི་དམིགས་འཛིན་པ་མེད་པར་རང་གིས་རང་གསལ་བ་ཙམ་དུ་གཞག་གོ༔ དེ་ལྡང་བར་བཟོ་ཙམ་ན་ཡང་ལྡང་བར་མ་ཚོར༔ ཅུང་ཟད་ལངས་ཙམ་ན་ཡང་ལྷན་གྱིས་འགྲོའོ༔ དེ་ལྟར་སྣང་བ་དང་བཅས་པའི་དངོས་པོ་རྣམས་གོང་དུ་སྟན་ཐོག་ཏུ་ཐག་ཆོད་པའི་དབང་གིས་མཉམ་པར་གཞག་པའི་དུས་སུ༔ དངོས་པོ་གྱི་ནར་སྣང་བཞིན་དུ་དེ་ལ་འཛིན་ཅིང་དམིགས་པ་མེད་པར་གནས་པས་བྱང་ཆུབ་འདོད་པའང་སྒྱུ་མ༔ འཁོར་བ་ལ་ཉམ་ང་མེད་པར་གནས་ནུས་ན༔ དེ་ནི་སྣང་བ་མི་སྐྱོད་པར་མཐོང་བ་ཞེས་བྱའོ༔ དེའི་བཅོས་ཐབས་ནི༔ དེ་ཙམ་དུ་ཡུལ་རྟོག་གི་མཚན་མ་ཅི་བྱུང་ཡང༔ ཐ་ན་འདི་ནི་དངོས་པོ་འདི་ཡིན་ནོ་བའི་རྟོག་པ་ཡང་སྤངས་ལ༔ དེ་ཡང་དང་པོ་དགག་ཀྱང་མི་དགག༔ བར་དུ་དེའི་སྣང་བ་ཡང་མི་གཟུང༔ ཐ་མ་དེའི་རྗེས་སུ་ཡང་མི་འབྲེང་བར་རང་བྱུང་རང་ཞིར་གཞག་སྟེ༔ ཇི་སྲིད་འདོད་པའི་བར་དུ་གནས་པར་ནུས་པ་ནི༔ བློ་ལས་སུ་རུང་བའམ་བྱ་རྩོལ་དང་བྲལ་བ་ཞེས་བྱའོ༔ དེ་ལྟར་གནས་པའི་སྐབས་དེ་ལ་ནི་མཉམ་པར་བཞག་པ་ལས་ལངས་པའི་ཤེས་པ་ཕྱིས་དཔྱད་པའམ་མཉམ་པར་གཞག་པའི་དུས་ཉིད་དུ་དཔྱད་པས༔ ཤེས་རབ་ལ་བཅོས་མི་དགོས༔ གཟུང་བའི་ཡུལ་ཇི་ལྟར་སྣང་ཡང་ཆེད་དུ་དཔྱད་པ་མི་སྐྱེ༔ རྟོག་པ་ཇི་ལྟར་སྐྱེས་ཀྱང་ཆོས་ཉིད་དུ་གསལ༔ ཉོན་མོངས་པ་ཅི་སྐྱེས་ཀྱང་ཆོས་ཉིད་དུ་སྐྱེས༔ སྡུག་བསྔལ་ཅི་བྱུང་ཡང་གནོད་པ་མེད༔ བདེ་བ་ཅི་ཙམ་སྐྱེས་ཀྱང་ཕན་མེད༔ བློ་ལྷུག་པར་གནས་པས་བཅོས་མི་དགོས༔ མ་བསྒོམ་པར་ཡང་ཆོས་ཉིད་དང་མི་འབྲལ༔ དེ་ལས་ལྷག་པ་མེད་པས་ཐེ་ཚོམ་གྱི་བློ་མི་སྐྱེ༔ བསྒོམ་པའི་ཡུལ་མ་མཐོང་བས་བློའི་རྩོལ་བ་མི་དགོས༔ བློ་ཆོས་ཉིད་དུ་གྱུར་པས་འཕེལ་འགྲིབ་མེད་པར་གནས་པ་ནི༔ ཆོས་ཀྱི་སྐུའི་དགོངས་པ་སྟེ་མཉམ་པ་ཉིད་དོ༔ དེ་ལྟར་བརྟན་པ་ཐོབ་ཙམ་ན་རང་རྒྱུད་པ་ཞིག་མ་གྲུབ་པས༔ མི་རྟོག་པའི་ཡེ་ཤེས་རང་སྣང་ཞེས་བྱ་བ་ཡིན་ནོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཚུལ་བཞིན་བསྒོམས་པ་ལ་རྟགས་ཅི་འབྱུང་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ གོང་ལྟར་ཡུན་རིང་དུ་བསྒོམས་པས་ནང་རྟགས་ཕྱི་རྟགས་རྣམས་འབྱུང་ངོ༔ དེ་ལ་ནང་རྟགས་ནི་མཉམ་པར་བཞག་པའི་དུས་སུ་དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར་བ་དང༔ ལུས་ཡོད་པ་མི་ཚོར་བ་དང༔ ཚ་བ་དང་གྲང་བ་དང་ཤིན་ཏུ་མི་བདེ་བ་དག༔ བྱུང་བ་ཡང་མི་ཚོར་བ་དང༔ ཅི་ཡང་མི་དམིགས་པའི་དགའ་བདེ་ཆེན་པོ་རང་བཞིན་གྱིས་འབྱུང་བར་འགྱུར་རོ༔ དེ་ཙམ་ན་ཡུལ་གང་ལ་ཡང་འཛིན་པ་ཆུང་ཞིང༔ འདི་ཡིན་ནོ་བའི་འཛིན་པ་ཆུང་བར་འགྱུར༔ ཅི་ལ་ཡང་འཛེམ་དོགས་ཆུང་བར་འགྱུར་བ་དང༔ བདག་འཛིན་དང་ཆགས་པ་དང་དྲན་ཡིད་དང་ཆོས་བརྒྱད་ལ་སོགས་པའི་རྟོག་པ་ཐམས་ཅད་ཇེ་ཕྲ་ཇེ་ཞི་འོང་ངོ༔ རྟགས་དེ་ལྟར་མ་བྱུང་བར་དུ་ཡང་རྟགས་དང་ཅི་མཐུན་དུ་འབད་དོ༔ རྫུ་འཕྲུལ་དང་གཞན་གྱིས་སེམས་ཤེས་པ་ལ་སོགས་པ་ཡང་བགས་ཀྱིས་འབྱུང་ངོ༔ དེ་རྣམས་ནི་ནང་གི་རྟགས་ཡིན་གསུངས༔ དེ་ལ་ཕྱི་རྟགས་ནི༔ རང་གི་ལུས་ལ་འོད་འབྱུང་བ་དང༔ ནམ་མཁའ་ལ་འོད་དམ་ཁ་དོག་གམ་དབྱིབས་སྣ་ཚོགས་པར་མཐོང་བ་དང༔ འཕགས་པ་དང་སངས་རྒྱས་ཀྱི་སྐུ་མཐོང་བ་དང་སྒྲ་ཐོས་པ་དང་བདག་མཆོད་པ་དང༔ དེ་རྣམས་ཀྱིས་བདག་ལ་ཆོས་བཤད་པ་དང་ལུང་སྟོན་པ་ནོད་པ་ལ་སོགས་པ་འབྱུང་ངོ༔ དེ་ལ་ཞེན་ནས་རྟག་པར་བཟུང་ན་བདུད་ཀྱིས་བར་དུ་བཅད་ནས་སྐྱོན་དུ་འགྱུར་བ་ཡིན་ནོ༔ མ་གཟུང་མ་ཞེན་ན་ཡོན་ཏན་གྱི་རྟགས་ཡིན་ནོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ མཉམ་པར་བཞག་པ་ལས་ལངས་ནས་སྤྱོད་ལམ་ཇི་ལྟར་བྱ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ གོང་ལྟར་མཉམ་པར་བཞག་པ་ལས་ལངས་ནས་བསླབ་ལུགས་གཉིས་ལས༔ ཤེས་རབ་དང་མཐུན་པར་བསླབ་པ་ནི༔ བདག་དང་ཕྱི་ནང་གི་དངོས་པོ་ཅིར་སྣང་ཡང་རྨི་ལམ་བཞིན་དུ་འཁྲུལ་པའི་སྣང་བར་ཡིད་ཆེས་པར་བྱས་ལ༔ དེ་ལ་ཅི་གང་སུ་སྤྱོད༔ སྤྱོད་ལམ་རྣམ་བཞིར་དྲན་པ་དེས་ཟིན་པར་བྱ༔ ལུས་ཅིར་སྣང་ཡང་དགག་ཀྱང་མི་དགག༔ གཟུང་ཡང་མི་གཟུང་བ་ལ་བསླབ་པར་བྱའོ༔ ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཅི་བྱེད་ཀྱང་མི་དམིགས་པ་ལ་བསླབ་པར་བྱའོ་གསུངས༔ ཐབས་དང་མཐུན་པར་བསླབ་པ་ནི༔ སྒྱུ་མ་ལྟ་བུའི་སེམས་ཅན་ལ་སྒྱུ་མ་ལྟ་བུའི་སྙིང་རྗེ་བསྐྱེད་ཅིང༔ བསམ་གཏན་ལ་མི་གནོད་ན་ཕན་པ་སྣ་ཚོགས་ཀྱང་སྤྱད༔ བཟང་སྤྱོད་ལ་སོགས་པའི་སྨོན་ལམ་རྒྱ་ཆེན་པོ་ཡང་བཏབ༔ དགེ་སྡིག་ཤན་ཕྱེ་ལ་དགེ་བ་སྣ་ཚོགས་སྤྱད༔ གང་ཞིག་མཚན་མར་བཟུང་ནས་སྤྱད་ན་མཉམ་པར་མི་རུང་ཞིང་ཐེག་པ་གོང་མ་པ་མ་ཡིན་པས་བདག་དང་དངོས་པོ་ཀུན་སྒྱུ་མ་ལྟ་བུར་རྟོགས་པར་བྱས་ལ༔ མི་དགེ་བ་ལས་འཁོར་བར་དོགས་པའམ༔ དགེ་བས་བྱང་ཆུབ་ཏུ་རེ་བ་ལ་སོགས་པ་དང་བྲལ་བས༔ རྒྱུ་ཚོགས་གསག་རྒྱུ་དང་སྒྲིབ་པ་སྦྱང་རྒྱུ་ཀུན་མ་གཏང་བར་བླང་དོར་མེད་པར་མཉམ་པར་བཞག་པའི་ངང་ལས་མཉམ་པའི་གདེང་མ་ཐོབ་བར་དུ་སྒྲིབ་པ་སྦྱོང་ཞིང་ཚོགས་གསག་ལ་འབད་དོ༔ མཉམ་པའི་གདེང་ཐོབ་ཅིང་བླང་དོར་མེད་པར་སྤྱད་ནས་ཀྱང༔ གཞན་གྱིས་སྡིག་པ་སྤང་ཞིང་དགེ་བ་ལ་གཟུད་པའི་ཕྱིར༔ ཚུལ་ཁྲིམས་ལ་སོགས་བསྲུང་སྡོམ་ཀུན་ལའང་མི་དམིགས་བཞིན་དུ་གུས་པར་བྱའོ་གསུངས་སོ༔ སྤྱིར་ན་དེ་དག་ཐམས་ཅད་ལའང་སྤྱད་མ་སྤྱད་ལའང་སྐྱོན་ཡོན་དུ་མི་བརྟག་གོ༔ མཚན་མར་བཟུང་ནས་བླང་དོར་དུ་སྤྱོད་ན་མཉམ་དུ་མི་སྟེར་བའི་སྒྲིབ་པ་ཡིན་ཏེ༔ དཔེར་ན་ཉི་མ་ལ་སྤྲིན་དཀར་ནག་གཉིས་ཀས་སྒྲིབ་པ་བཞིན་ནོ༔ དེ་བས་མཉམ་པའི་གདེང་ཐོབ་ནས་སྡོམ་ཁྲིམས་ལ་བསྲུང་ཉམས་སུ་དམིགས་ན༔ དེ་ཁོ་ན་ཉིད་མ་རྟོགས་པའི་སྐྱོན་ཡིན་གསུངས༔ རྐྱེན་བཟང་ངན་དང་ཁེ་གྲགས་ལ་སོགས་པ་ཉོན་མོངས་པའི་རྟོག་པ་ཅི་སྐྱེས་ཀྱང་དེའི་དབང་དུ་མི་གཏང༔ དེ་ཡིད་ལ་མི་བྱ་བར་སྤང་ངོ༔ བདག་གི་སྐྱོན་བྲེ་མོའི་གཏམ་དང་འདུ་འཛི་གཡེང་བ་ཐམས་ཅད་སྤང་ཞིང༔ ལུས་ངག་ཡིད་ཀྱི་སྤྱོད་ལམ་ཡང་ཤིན་དུ་དུལ་བ་ལ་བསླབ༔ གཞན་གྱི་སྐྱོན་ལ་མི་རྟོག་པར་ཡོན་ཏན་ལ་བསམ༔ གལ་ཏེ་བདག་ལ་ཆོས་ཉིད་རྟོགས་པ་ལ་སོགས་པའི་ཡོན་ཏན་ཡོད་སྙམ་ནས་དྲེགས་ཏེ་འཕང་བསྟོད་ཅིང་ཆེ་འགྱིང་ན༔ དེ་ནི་ཆོས་ཉམས་རྒྱུད་ལ་ཡོད་པར་མ་སོང་བས་སྤང་བར་བྱའོ་གསུངས་སོ༔ མདོར་ན་རྟོག་པ་ནི་འཁོར་བ༔ མི་རྟོག་པ་མྱ་ངན་ལས་འདས་པ་ཡིན་པས་རྣལ་འབྱོར་པ་འདུ་འཛི་དང་གཡེང་བ་ལ་གནས་པ་ནི་འཁོར་བ་ཞེས་བྱའོ༔ ཐ་ན་ཡུད་ཙམ་གཅིག་མི་དམིགས་པ་མཉམ་པར་བཞག་ཀྱང་དེའི་བར་དུ་མྱ་ངན་ལས་འདས་པ་ཡིན་ནོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ དེ་ལྟར་ཉམས་སུ་བླངས་པས་སངས་ཇི་ལྟར་རྒྱ་ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཆོས་ཉིད་ཀྱི་དོན་རྣམ་པར་མི་རྟོག་པ་བསྒོམས་པས༔ འཁོར་བའི་རྒྱུ་རྣམ་རྟོག་ཇེ་ཞི་ཇེ་ཕྲར་གྱུར་ནས༔ རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་སྟེ༔ ཡེ་ཤེས་དེ་ལ་ཡང་ཞི་བ་དང་སྤྱོད་ཡུལ་ཡོངས་སུ་དག་པ་དང༔ སྐུ་གསུམ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཀྱང་ཉི་མ་ལས་འོད་འབྱུང་བ་ལྟར་རང་བཞིན་གྱིས་འབྱུང་ངོ༔ དེ་ལྟར་དོན་ཀློང་དུ་གྱུར་པ་ནི༔ ལུས་མི་ཡུལ་ན་འདུག་ཀྱང་དགོངས་པ་སངས་རྒྱས་ཀྱི་ས་ལ་འདུག་པའོ༔ རིམ་པ་དེ་ལྟར་ཉམས་སུ་བླངས་པས་བར་མ་དོར་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ༔ དེ་ཡང་རང་སྣང་ལ་ཆོས་ཀྱི་སྐུ་ཅིར་ཡང་མ་གྲུབ་པ་ནམ་མཁའ་ལྟ་བུ་ལས༔ གཞན་སྣང་ལ་ལོངས་སྐུ་ཉི་མ་ལྟ་བུ་དང་སྤྲུལ་སྐུ་འོད་ཟེར་ལྟ་བུས་སེམས་ཅན་གྱི་དོན་བྱེད་པར་འགྱུར་རོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གང་ཟག་དབང་པོ་འབྲིང་གིས་སྒོམ་པ་ཇི་ལྟར་བསྒོམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ གང་ཟག་དབང་པོ་འབྲིང་གིས་ཆོས་ཐམས་ཅད་རང་གི་སེམས་ཉིད་ཡིན་པར་ཐག་ཆོད་པའི་དུས་ན༔ ཆོས་ཉིད་བསམ་དུ་མེད་པའི་ངང་ལ་བློ་གཏད་ཅིང་ཉམས་སུ་བླངས་པས༔ སྒོམ་པ་དང་རྟོག་པ་དགག་མི་དགོས་ཏེ༔ སྔོན་ལ་རྟོགས་པ་གཅེས་སོ་གསུངས་སོ༔ དེ་ལ་ཆོས་ཐམས་ཅད་སེམས་སུ་མཐོང་བས་གཞན་གང་དུ་ཡང་མ་མཐོང༔ གང་ལྟར་གནས་ཀྱང་སེམས་སུ་མཐོང་བ་དེ་དང་མ་བྲལ་བས༔ ཆེད་དུ་མ་བསྒོམ་ཡང་ཆོས་ཉིད་དུ་བཏུབ་པའོ༔ རྣམ་རྟོག་སེམས་ཉིད་དུ་ཤེས་ནས༔ རྟོག་པ་ཉིད་ཀྱང་ཆོས་ཉིད་དེ་ཅིར་སྣང་ཡང་སེམས་ཉིད་དུ་རང་གསལ་བས༔ སེམས་ལས་གཞན་དུ་འཛིན་པའི་བློ་སྐྱེད་པ་མེད་ཅིང༔ གང་ལ་གནས་ཤིང་གང་དུ་མཐོང༔ སེམས་ཉིད་རང་གསལ་བས་རྒྱུན་ཆད་མེད་པའི་ཕྱིར༔ མ་བསྒོམ་པར་གསལ་བ་དང༔ མ་སྦྱང་པར་བདག་པོ་བཏུབ་པའོ༔ དོན་དེ་ལ་གནས་པའི་དུས་ན་ཡུལ་གྱི་མཚན་མ་ཅི་བྱུང་ཡང་གནོད་ཅིང་གཡེང་བར་མི་འགྱུར་ཏེ༔ མཚན་མར་སྣང་བ་ཉིད་སེམས་སུ་མཚོན་པས་མཚན་མའི་བློ་མི་སྐྱེ་བའི་ཕྱིར་རོ༔ དེ་ལྟར་ཆོས་ཐམས་ཅད་སེམས་སུ་གསལ་ཞིང་གཞན་དུ་མི་གཡོ་བར་འདུག་པའི་ངང་ལས་བྱ་རྩོལ་གང་ཡང་མེད་དེ་བྱ་བ་དང་བྲལ་བས་གྲོལ་བར་འགྱུར་རོ༔ དེ་ལྟར་ཡུལ་ཇི་ལྟར་སྣང་ཡང་སེམས་སུ་སྣང་བློའི་འཛིན་པ་ཅི་སྐྱེས་སེམས་སུ་སྐྱེས་ན་དུས་ཐམས་ཅད་དུ་དགོངས་པ་ཆོས་ཉིད་ལས་མི་གཡོ་བ་ཡིན་ནོ༔ དེ་ལྟར་ཆོས་ཐམས་ཅད་སེམས་སུ་གསལ་བ་ལས་བློ་གཞན་དུ་མི་འགྱུར་བ་ནི་ཡེ་ཤེས་ཡིན་ནོ༔ དེ་ལྟར་རྟོགས་པའི་རྣལ་འབྱོར་པ་དེ་ནི་སྤྱོད་ཡུལ་ཅི་བྱུང་བ་ཐམས་ཅད་ཆོས་ཉིད་དུ་གསལ་བས་ཅི་སྣང་བ་ཐམས་ཅད་བསྒོམ་པའོ༔ དེ་ལྟར་ཆོས་ཐམས་ཅད་སེམས་ལས་མ་གཏོགས་པ་མེད༔ འདུ་ཤེས་གཞན་མི་སྐྱེ༔ མ་སྐྱེས་ཙམ་ན་ཡུལ་རྟོག་ཆོས་ཉིད་དུ་འགྲོ་བ་ཡིན་ནོ༔ དེ་ལྟར་རྟོག་པ་ཅི་སྣང་སེམས༔ སེམས་ལ་ངོས་གཟུང་མེད་པས་རྟོག་པ་དང་མཚན་མ་ལ་སྐྱོན་དུ་མི་ལྟ་སྟེ༔ རྟོག་པ་ཉིད་སྒོམ་པའོ༔ དེ་ནས་ཅིར་སྣང་ཅི་བྱེད་ཅི་མྱོང་ཐམས་ཅད་སྒོམ་པར་མ་གྱུར་པ་མེད་པས་ཆེད་དུ་བློ་གཏད་ལ་སྒོམ་དུ་མེད༔ ལྟ་སྒོམ་ཆིག་ཆོད་ཀྱི་གཞུང་བསྟན་པ་ཡིན་ནོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཆོས་ཉིད་ཀྱི་ཡེ་ཤེས་དེ་ངོས་ཇི་ལྟར་གཟུང་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཡེ་ཤེས་ངོས་གཟུང་བའི་མན་ངག་ནི༔ དཔེར་ན་སྨན་པ་མཁས་པ་ལྟ་བུ་སྟེ་དེས་ནད་པའི་ཉམས་དང་རྩ་ཆུའི་སྒོ་ནས་ནད་ངོས་འཛིན་པ་དང་འདྲ་སྟེ༔ རྣལ་འབྱོར་པས་ཀྱང་སྟོན་པའི་གསུང་བླ་མའི་གདམས་ངག་རང་གི་ཉམས་གསུམ་ལ་བརྟེན་ཏེ་ཡེ་ཤེས་ནམ་མཁའ་ལྟར་ཁྱབ་ཅིང་ངོས་ཟིན་པར་བྱའོ༔ ཡེ་ཤེས་སྤྱི་བླུགས་ཀྱི་དགོངས་པ་ནི༔ དཔེར་ན་མེ་ལོང་གི་ངོས་ལ་ཉི་མ་ཤར་བ་ལྟ་བུའོ༔ དེ་བཞིན་དུ་རྣལ་འབྱོར་པས་ཀྱང་འདི་གསལ་གྱི་རྣམ་པ་མེད་པར་ཡེ་ཤེས་སྤྱི་བླུགས་ཀྱི་དགོངས་པ་ལ་གནས་པར་བྱའོ༔ ཚོགས་དྲུག་ལྷུག་པའི་མན་ངག་སྐྱེས་བུ་ནད་ཀྱིས་གཟིར་བ་ལྟ་བུ་ནི༔ དེ་ལ་ངོ་ཚ་མི་ཚ་ལ་སོགས་པའི་རྣམ་པར་རྟོག་པ་མི་འབྱུང་བ་དང་འདྲ་བར༔ དེ་བཞིན་དུ་རྣལ་འབྱོར་པས་ཀྱང་ཆོས་ཐམས་ཅད་རྟོག་པ་མེད་པ་ལ་གནས་པར་བྱའོ༔ ཡེ་ཤེས་ཐུག་ཕྲད་ཀྱི་དགོངས་པ་ནི༔ དཔེར་ན་སྨན་བཟང་པོ་ལྟ་བུ་སྟེ༔ དེས་གང་ལ་རེག་པས་སྨན་གྱི་བྱ་བ་བྱེད་པ་དང་འདྲ་བར༔ རྣལ་འབྱོར་པས་ཀྱང་ལྟ་བའི་བདུད་རྩིས་ཟིན་ན་ཐམས་ཅད་ཡེ་ཤེས་ཀྱི་བྱ་བ་བྱེད་པར་འགྱུར་རོ༔ སེམས་གནས་པའི་གདམས་ངག་ནི༔ རུས་སྦལ་འཁར་གཞོང་དུ་བཞག་པས་འགུལ་མི་ནུས་པ་ལྟ་བུ་སྟེ༔ རྣལ་འབྱོར་པས་ཀྱང་བླ་མའི་གདམས་ངག་གིས་ཟིན་ན་ཤེས་པ་འགུལ་མི་ནུས་སོ༔ དེ་རྣམས་ནི་ཆོས་ཉིད་ཀྱི་ཡེ་ཤེས་ངོས་གཟུང་བའི་མན་ངག་ཡིན་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ རང་བྱུང་གི་ཡེ་ཤེས་དེ་ལ་གཞག་པའི་ཐབས་ཇི་ལྟར་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སེམས་ཀྱི་གཞག་ཐབས་ལ་གསུམ་སྟེ༔ ༡ ཁྱུང་ནམ་མཁའ་ལ་ལྡིང་བ་ལྟར་གཞག་སྟེ༔ དེ་ཡང་གཤོག་པ་ཐང་བཅད་དེ་ལྡིང་བ་དང༔ རྩོལ་སྒྲུབ་མེད་པར་ལྡིང༔ འོག་གི་ཡུལ་གསལ་བ་ལྟར་ལྡིང༔ འོག་མའི་ཡོན་ཏན་འདུ་བའི་ཚུལ་དུ་ལྡིང༔ སྒོ་ངའི་ནང་ནས་གཤོག་འདབ་རྒྱས་པར་ལྡིང་བ་ལྟར༔ རྣལ་འབྱོར་པས་ཀྱང་མཉམ་པར་འཇོག་པའི་དུས་སུ་ཤེས་པ་ཐང་བཅད་ལ་གཞག་པ་དང༔ རྩོལ་བ་མེད་པར་གཞག༔ ཐེག་པ་འོག་མའི་དོན་བསམ་པར་གཞག༔ འོག་མའི་ཡོན་ཏན་བསྡུ་བ་ལྟར་གཞག༔ འཁོར་བ་ན་གནས་ཀྱང་སངས་རྒྱས་ཀྱི་དགོངས་པ་དང་ལྡན་པར་གཞག༔ ༢ བྱ་ཐི་བ་ཚང་དུ་འཇུག་པ་ལྟར་གཞག་སྟེ༔ དེས་རྩིས་གདབ་མེད་པར་ཚང་དུ་འཇུག་པ་དང་འདྲ་བར༔ རྣལ་འབྱོར་པས་ཀྱང་རྟོགས་པའི་དོན་ལ་རྩིས་གདབ་མེད་པར་གཞག་པར་བྱའོ༔ ༣ བྱ་བ་བཏང་བའི་སྐྱེས་བུ་ལྟར་གཞག་སྟེ༔ དེ་སེམས་ཇི་ལྟར་གནས་པ་བཞིན་བཅོས་བསྒྱུར་མེད་པ་ལྟར༔ རྣལ་འབྱོར་པས་ཀྱང་བློ་ཇི་ལྟར་གནས་པ་བཞིན་མ་བཅོས་མ་བསྒྱུར་མ་བསླད་པར་བྱའོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ བྱང་ཆུབ་སེམས་ལ་བཙའ་ཐབས་དུ་བདོག་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བཙའ་ཐབས་ལ་གསུམ་ཡོད་གསུངས༔ ༡ རྟ་རྨུ་རྒོད་ལྟར་བཙའ་བ་ནི༔ དེ་མ་ཡེངས་པར་འདུལ་བ་དང་འདྲ་བར༔ རྣལ་འབྱོར་པས་ཀྱང་ཐམས་ཅད་ཡེངས་སུ་མེད་པར་ལྟ་བའི་དོན་ལ་གནས་པར་བྱའོ༔ ༢ རིན་པོ་ཆེ་གཏེར་ལྟར་བཙའ་སྟེ༔ གནོད་པའི་རྩོལ་བ་མ་བྱས་ན༔ ཆོམ་རྐུན་གྱིས་མི་ཚུགས་པ་དང་འདྲ་བར༔ རྣལ་འབྱོར་པས་ཀྱང་ཏིང་ངེ་འཛིན་གཏང་བའི་རྩོལ་བ་མ་བྱས་ན༔ བྱིང་རྒོད་ཀྱིས་མི་ཚུགས་པར་གནས་སོ༔ ༣ རྒྱལ་པོའི་བཙུན་མོ་ལྟར་བཙའ་བ་ནི༔ དམངས་ཐམས་ཅད་རྒྱལ་པོའི་མངའ་རིས་སུ་འདུས་པས༔ བཙུན་མོ་ལ་གནོད་པ་བྱེད་མི་ནུས་པ་ལྟར༔ རྣལ་འབྱོར་པས་ཀྱང་ཆོས་ཐམས་ཅད་སེམས་སུ་རྟོགས་པས༔ རྟོག་པས་གནོད་རྒྱུ་མེད་པར་གནས་པར་བྱའོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ བྱང་ཆུབ་སེམས་ལ་བཅོས་ཐབས་དུ་ཡོད་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བཅོས་ཐབས་གསུམ་ཡོད་གསུངས༔ ༡ ཁང་སྟོང་གི་རྐུན་མ་ལྟར་བཅོས་ཏེ༔ ཁང་སྟོང་ལ་རྐུ་རྒྱུ་མེད་པས་སླར་ལོག་པ་དང་འདྲ་བར༔ རྣལ་འབྱོར་པས་ཀྱང་རྟོག་པ་རྩིང་ཞིབ་བྱུང་བའི་ཚེ༔ དེ་བརྟགས་ཤིང་དཔྱད་པས་མ་རྙེད་པར་གནས་སོ༔ ༢ ནམ་མཁའི་སྤྲིན་ལྟར་བཅོས་པ་ནི༔ ནམ་མཁའ་ལ་སྤྲིན་བྱུང་བ་རང་ཞིར་འགྲོ་བ་ལྟར༔ རྟོག་པ་རང་ཞིར་གཞག༔ ༣ དུག་ལ་སྔགས་ཀྱིས་བཏབ་པ་ལྟར་བཅོས་ཏེ༔ དེའི་སྔགས་དང་ལྡན་པའི་སྐྱེས་བུ་ལ་དུག་གིས་གནོད་པ་མི་ནུས་པ་ལྟར༔ མན་ངག་དང་
འདུན་བཤིག་པད་གནུབས་ཐུན་མོང་ལུགས་ཆེས་ཟབ་པ་ (Volume 54, Text 7)
༄༅། །འདུན་བཤིག་པད་གནུབས་ཐུན་མོང་ལུགས་ཆེས་ཟབ་པ་བཞུགས་སོ། །འདུན་བཤིག་འབྲི་གུང་ཕྱག་བཞེས་མ། ཡ་མ་རི་ལ་ན་མོ། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །དགྲ་བོ་ཁ་དྲགས་གསར་པའི་དུས། །སྔགས་པ་མཐུ་བྱེད་གསོད་རྡུང་ཟེར། །དེ་ཡི་འདུན་གྲོས་བཤིག་པའི་ཐབས། །བདག་འདྲ་པདྨ་འབྱུང་གནས་ཀྱིས། །གནུབས་བན་འཁྱམས་པོ་ཁྱོད་ལ་གཏད། །སངས་རྒྱས་ཡེ་ཤེས་ལག་ཏུ་ཆོངས། །གཞན་ལ་སྤེལ་བའི་གནས་མེད་དོ། །སེམས་ལ་སྟིམས་ཤིག་ས་མ་ཡ། །འདིའི་ལག་ལེན་ནི། འཇིག་ཉིའམ་སྐར་མ་བྲ་ཉེ་ལ་བབ་པའི་དུས་སུ། དུག་ཤོག་ལ།་་་གྲུ་གསུམ་པའི་དབྱིབས་སུ་དྲས་པའི་ལོགས་རེར་རྒྱང་མཐོ་རེ་བས་མི་ཆུང་བར་བྱ། ཕོ་རོག་དང་འུག་པའི་ཁྲག་བསྲེས་པའི་སྣག་ཚས་གྲུ་གསུམ་སུམ་རིམ་བྲིས་པའི་དབུས་སུ་ལིང་ག་བྲི། ལིང་གའི་མགོ་ཐོག་ཏུ་ཝ། གཡོན་དུ་ལ། འོག་ཏུ་ར་ཡ། གཡས་སུ་ཧ་རྣམས་མགོ་ཕྱིར་བསྟན་བྲི། མུ་ཁྱུད་ནང་མའི་ལོགས་རེ་རེ་མེ་ལྷས་བྱིན་གྱིས་བསམ་སྦྱོར་ངན་པ་ཐམས་ཅད་ཤིག་ཅིག །ཅེས་པ་ཚར་རེ་མགོ་ཕྱིར་བསྟན་དུ་བྲི། མུ་ཁྱུད་བར་མའི་གཡོན་དུ། ཨཱོྃ་ཏྲི་ཁ་ལ་འུར་བ་ཤག་བྱེར་ཡཱ། འོག་ཏུ། ཁཾ་རཾ་ཡཾ་བཾ་ཆེ་གེ་མོའི་འདུན་གྲོས་ཤིག་ཡཱ། གཡས་སུ། རཱ་ཙ་འདུས་འདུས་ཁཾ་ཤག་བྱེར་ཡ། ཞེས་པ་རྣམས་མགོ་ཕྱི་བསྟན་དུ་བྲི། མུ་ཁྱུད་ཕྱི་མའི་གཡོན་ལོགས་སུ། རཾ་ལྔ། གཡས་སུ། ཁཾ་ལྔ། འོག་ཏུ་ཡཾ་ལྔ་རེ་རྣམས་མགོ་ནང་བསྟན་དུ་བྲི། ཕྱི་རོལ་གྲུ་གསུམ་གྱི་རྩེ་མོར་ཝཾ། གཡོན་ལོགས་སུ་ཕྱཻ། ཟུར་གཡོན་དུ་ཤིག །འོག་ཏུ་ཡཾ། གཡས་ཟུར་དུ་ཝཾ། གཡས་ལོགས་སུ་བྷྱོ་རྣམས་མགོ་ཕྱི་བསྟན་དུ་བྲི། ལིང་གའི་དཔྲལ་བར་རུས། བླ་ལ་བླ་དྭགས་སོགས་གནས་ཡིག་གང་འོས་ཙམ་བྲི། སྙིང་གར་ཛ་ནྲྀ་ཛ་དང་། དགྲ་བོ་ཆེ་གེ་མོའི་བསམ་སྦྱོར་གདུག་རྩུབ་འདུན་གྲོས་ངན་ཤོམ་ཐམས་ཅད་ཤིག་ཅིག །མི་འགྲུབ་པར་གྱིས་ཤིག །མེད་པར་གྱིས་ཤིག །བརླག་པར་གྱིས་ཤིག །ཕུང་བར་གྱིས་ཤིག །འཇིག་པར་གྱིས་ཤིག །ཅེས་སོགས་དམོད་པ་ཁ་སྒྱུར་སྐབས་སྦྱར་གང་ཤོང་བྲི། འབྱུང་བཞིས་བཀྲུ། ཁོའི་དྲི་མ་དྲུག་གང་རྙེད་གཟུགས་དང་མིང་ལ་བྱུགས། ལྕགས་སྣོད་དུ་གཅེར་ལ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་དཔང་གཟུག་ཁོའི་ཉེས་པ་བསྒྲག །དབྱེ་འགུགས་དྲག་པོ་ཅི་མང་བྱས་ལ། ཨེ་ནན་འདུན་ཤིག །ཝ་ལ་ར་ཡ་ཧ་དགྲ་བོ་ཆེ་གེ་མོའི་མཐར། ཤམ་བུ་ཁ་བསྒྱུར་ནི་སྲོག་ལ་བྱེད་ན་མཱ་ར་ཡ་རྦད་སོད། བསམ་བསྒྱུར་ལ། བསམ་སྦྱོར་འདུན་གྲོས་གདུག་རྩུབ་ངན་ཤོམ་ཐམས་ཅད་སྒྱུར་ཅིག །ཤིག་ཅིག །ཤགས་འདེབས་ན། བསམ་ངན་གཏམ་ཤགས་ཡུས་སྨྲ་ཐམས་ཅད་ཕམ་པར་གྱིས་ཤིག །འབྱེད་དཀྲུག་ལ་ཆེ་གེ་མོ་དང་ཆེ་གེ་ཤག་ཕྱེ་ཕྱེ་དཀྲུགས་གཏོར། བསྐྲད་པ་ལ་ཆེ་གེ་མོ་ཡུལ་གཞན་དུ་སྐྲོད་ཅིག་སྤྱུགས་ཤིག །བསོད་ནམས་སོགས་ཉམས་པ་ལ་ཆེ་གེ་མོའི་སྲོག་ལུས་དབང་ཀླུང་ཚེ་བསོད་དཔལ་འབྱོར་ཕུན་ཚོགས་ཐམས་ཅད་ཉམས་ཕུང་བརླག་པར་གྱིས་ཤིག །ཅེས་སོགས་འདོད་དོན་ཤམ་བུ་ཁ་བསྒྱུར་གང་བྱེད་བྲི་བཟླས་གཉིས་ཀ་བྱའོ། །དེ་ལྟར་རྩ་སྔགས་ལ་ཤམ་བུ་ཁ་བསྒྱུར་བཏགས་པ་སྟོང་ཕྲག་ཡན་བཟླས་རྗེས་ལིངྒ་བལྟབ།་་་ཟུར་གསུམ་པོ་ལིངྒའི་སྙིང་གའི་ནྲྀ་སྟེང་དུ་འཛོམ་པར་བལྟེབ། སླར་ཟུར་གསུམ་ཡང་ནྲྀ་སྟེང་དུ་བལྟེབ། དེ་ལྟར་གྭའུའི་ནང་དུ་མ་ཤོང་བར་དུ་ཟུར་ཁོ་ན་དབུས་སུ་བལྟབ་བོ། །སྲད་བུ་སེར་པོ་ཕྱི་སྒྲིལ་གྱིས་བཅིང་གྭའུར་བཅུག །དེ་སྟེང་དབྱར་ཡིན་ན་མེ་ཏོག་སེར་པོ། དགུན་ཡིན་ན་གྲོ་ཡོས་ཀྱིས་གྭའུ་ཁ་བཅད། སྲད་བུ་སེར་པོས་རྒྱ་གྲམ་དུ་བཅིངས་ནས། གང་དུ་བསྐྱུར་བའི་སར་ཁྱེར་ནས། གཏོར་མ་གསུམ་བཤམ། གཅིག་བླ་མ་དང་དཀོན་མཆོག་གསུམ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་འབུལ་ལས་གྲུབ་པའི་གསོལ་བ་གདབ། གཅིག་ལྷ་སྲིན་སྡེ་བརྒྱད་ལ་བསྔོ་ཕྲིན་ལས་བཅོལ། གཅིག་ཆུ་བདག་ལ་གཏད་བཅོལ་གཏམ་བྱ། རང་ཆུ་མི་མཐོང་སར་བསྡད་ལ། བདེན་བརྡར་གྱི་མཇུག་ཏུ། ཨེ་ནན་འདུན་ཤིག་ཆེ་གེའི་བསམ་སྦྱོར་ངན་པ་ཁོ་རང་ལ་ཕར་ཟློག་ཅིག །མེ་ལྷས་བྱིན་ཀྱང་འདི་ཡིན་ནོ། །བསམ་སྦྱོར་ངན་པ་ཤིག་ཅིག །ཝ་ལ་ར་ཡ་ཧ་ཞེས་པའི་མཇུག་ཏུ་ཤམ་བུ་ཁ་བསྒྱུར་གང་དགོས་གོང་ལྟར་བཏགས་པ་དྲག་ཏུ་བརྗོད་ཅིང་གྭའུ་ཆུར་བསྐྱུར་ཐལ་མོ་བརྡབ། ཕྱི་མིག་མི་བལྟ་བར་ལྡོག་གོ །དེ་ལྟར་ལན་གཅིག་གིས་མ་གྲུབ་ན་གསུམ་བསྐྱར་བས་མི་འགྲུབ་མི་སྲིད་དོ། །འདུན་བཤིག་འདི་ལ་སྔགས་རྫས་བཅའ་གཞི་མི་འདྲ་བ་དུ་མ་སྣང་མོད་ཀྱང་། འདི་ནི་སློབ་དཔོན་པདྨས་གནུབས་ལ་གཏད་པ་ཟབ་ཁྱད་ཅན་ཁ་ལག་འདྲིལ་ཞིང་དགོས་དོན་ཚང་བ་ཡིན་པས་གཞན་དང་བསྲེ་བསླད་མ་བྱེད་ཅིག །ས་མ་ཡ་རྒྱ་རྒྱ་རྒྱ། ༄༅། །འདུན་བཤིག་གྭའུ་མའི་ཉེར་མཁོའི་ཆ་གསུམ་བསྔོ་ཚུལ་བཞུགས་སོ། །ན་མོ་གུ་རུ། འདིར་འདུན་བཤིག་གྭའུ་མའི་ཉེར་མཁོའི་ཆ་གསུམ་ལ། རིན་པོ་ཆེའི་སྣོད་དུ་གཏོར་མ་གསུམ་དཔེའུ་རིས་བྲིས་ལྟར་བཤམ། འབྲུ་སྨན་དར་ཟབ་སོགས་བྲན་པ་ལ་ཆུ་གཙང་གཏོར་ཞིང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་སོགས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་དམ་རྫས་གཏོར་མ་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོ་གསུམ་དུ་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ གསུམ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་གསུམ་བརྗོད། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་འབུལ་ཞིང་བསྔོ་བའི་གནས་སུ་གྱུར་པ་ནི། དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། སྐྱབས་ཇོ་བོ་དཀོན་མཆོག་གསུམ། ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་མ་མགོན་ལྕམ་དྲལ་བསྟན་སྲུང་ཆོས་ཀྱི་སྒྲོན་མ་ལ་སོགས་པ། བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དམ་པ་ཡེ་ཤེས་ཆོས་སྐྱོང་བའི་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་འབུལ་ལོ། །བཞེས་ནས་རྣལ་འབྱོར་པ་ཆེ་གེ་མོ་བདག་ཅག་དཔོན་སློབ་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་རྣམས་ལ་ཕ་རོལ་མི་དང་མི་མ་ཡིན་སོགས་ཀྱི་བསམ་སྦྱོར་གདུག་རྩུབ་འདུན་གྲོས་ངན་ཤོམ་བྱེད་པ་ཐམས་ཅད་སྒྱུར་ཅིག །མི་འགྲུབ་པར་མཛོད་ཅིག །འཇིག་པར་མཛད་དུ་གསོལ། ཞེས་དབུལ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། ཨོཾ་ཨཱཿཧཱུྃ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་འབུལ་ཞིང་བསྔོ་བའི་གནས་སུ་གྱུར་པ་ནི། ལྷ་ཀླུ་བཙན་བདུད་མ་མོ་རྒྱལ་པོ། གཟའ་རྒོད་གནོད་སྦྱིན་ཐེའུ་བྲང་ལ་སོགས་པ་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཕོ་མོ་ཀླུ་རྒྱུད་གསུམ་གྱིས་བསྡུས་པའི་འཇིག་རྟེན་ཁམས་ཀྱི་དྲེགས་པ་ཅན་ཐམས་ཅད་ལ་འབུལ་ལོ། །བཞེས་ནས་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་ལ་ཕ་རོལ་མི་དང་མི་མ་ཡིན་གྱི་བསམ་སྦྱོར་གདུག་རྩུབ་འདུན་གྲོས་ངན་ཤོམ་བྱེད་པ་ཐམས་ཅད་མི་འགྲུབ་པར་གྱིས་ཤིག །གཏོར་བར་གྱིས་ཤིག །འཇིག་པར་གྱིས་ཤིག །རིན་ཆེན་མང་ལ་ཕྱག་འཚལ་ལོ་སོགས། མཆོད་སྦྱིན་གྱི་གཏོར་མ་དམ་པ་འདི་འབུལ་བའི་གནས་སུ་གྱུར་པ་ནི། མཚོ་འདིར་གནས་པའི་ཀླུ་བཙན་ཀླུ་སྨན་ལ་སོགས་པ་དུས་སུ་རྒྱུ་བ་དང་། གཉུག་མར་གནས་པ་ཐམས་ཅད་ལ་འབུལ་ལོ། །བཞེས་ནས་བདག་གིས་ཁྱོད་ལ་ཕྲིན་ལས་གཉན་པོ་བཅོལ་བ་འདི་ཉིད་མྱུར་བ་ཉིད་དུ་འགྲུབ་པར་གྱིས་ཤིག །ལོ་ཟླ་ཞག་དང་ཟ་མར་མ་འགོར་བར་ཕྲིན་ལས་བཅོལ་པ་འདི་ཉིད་སྒྲུབས་ཤིག་ས་མ་ཡ། ཞེས་དབུལ། རྫས་གྭའུ་ཆུར་བསྐྱུར་རྗེས་ཀྱི་དམོད་པ་བྱ་བ་ནི། རྩ་བརྒྱུད་བླ་མ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ ཡི་དམ་ལྷ་ཚོགས་རྣམས་ཀྱི༴ ཆོས་སྐྱོང་སྲུང་མ་རྣམས་ཀྱི༴ རྒྱུ་འབྲས་བསླུ་བ་མེད་པའི་བདེན་པས་ཕ་རོལ་མི་དང་མི་མ་ཡིན་གྱིས་བདག་ཅག་ལ་བསམ་སྦྱོར་གདུག་རྩུབ་འདུན་གྲོས་ངན་ཤོམ་བྱེད་པ་ཐམས་ཅད་མི་འགྲུབ་པར་གྱུར་ཅིག །ཕུང་བར་གྱུར་ཅིག །འཇིག་པར་གྱུར་ཅིག །ཨེ་ནན་འདུན་ཤིག་ཕ་རོལ་གྱི་བསམ་སྦྱོར་ངན་པ་ཁོ་རང་ལ་ཕར་ཟློག་ཅིག །མེ་ལྷས་བྱིན་ཀྱང་འདི་ཉིད་ཡིན་ནོ། །བསམ་སྦྱོར་ངན་པ་ཤིག་ཅིག་ཝ་ལ་ར་ཡ་ཧ་བསམ་སྦྱོར་གདུག་རྩུབ་འདུན་གྲོས་ངན་པ་ཐམས་ཅད་སྒྱུར་ཅིག་ཤིག་ཅིག་མཱ་ར་ཡ་རྦད་སོད། ཅེས་གྭའུ་ཆུར་འཕངས་པ་དངོས་སུ་བལྟས་ལ་ཐལ་མོ་ལན་གསུམ་རྡེབ། འདི་དག་གི་ཤམ་བུ་རྣམས་འདུན་ཤིག་ཁོ་ན་ལྟར་བྲིས་ཀྱི་དབྱེ་བསྐྲད་གསད་པ་བསོད་ནམས་ཉམས་པ་སོགས་ལ་ཤམ་བུ་གཞུང་བཞིན་འགེབས་དགོས་སོ། །ཞེས་པ་འདི་ཡང་རང་ཉིད་ཀྱིས་ལག་ཏུ་མི་ལེན་པར་བསྐུལ་ཚེ་ཉེར་མཁོར་བྱུང་བས་འབྲི་གུང་པ་ཞེ་སྡང་གཤིན་རྗེའི་གཤེད་ཀྱིས་བྲིས་སོ་ཨང་།། །། ༄། གབ་པའི་ཞལ་གདམས་ནི། རབ་མཚོ་གཉན་སྡེ་བརྒྱད་གནས་ས། འབྲིང་ཆུ་མིག་གཉན་པོ་སྡེ་བརྒྱད་ལྷ་ཀླུ་གནས་ས། ཐ་མ་འབབ་ཆུ་དྲག་པོ་རང་ཡུལ་དུ་མི་ལྡོག་ཅིང་དགྲ་ཡུལ་དུ་འབབ་པ་ལ་བསྐྱུར། ལིངྒའི་མཐའ་ཆོས་འབྱུང་གི་ནང་དུ་ཛཿཁྲམ་བྲི། བབ་ནི། སྤང་སྤོས་ཡིན་པས། དབྱར་དགུན་གང་ལ་བྱ་ཡང་དགོས། མེ་ཏོག་སེར་པོ་ནི་ལྕེ་ཚ་བ་ཡིན། ཟབ་གནད་ལ་གཞུང་དུ་དབྱར་དགུན་རྫས་སོ་སོར་གསུངས་ཀྱང་། དབྱར་དགུན་གང་ལ་ཉམས་སུ་ལེན་ཡང་། ལྕེ་ཚ་བ་དང་གྲོ་ཡོས་སྤང་སྤོས་གསུམ་ཀ་འཛོམ་པར་བྱས་ན་ལེགས་པ་ཡོང་གི་ཡོད་ལགས། ཞེས་བདག་གི་རྗེ་བླ་མ་དྷརྨ་ཀཱིརྟིའི་ཞལ་གདམས་སོ།། །། ༄། དགྲའི་འདུན་མ་བཤིག་འདོད་ན། ཤོག་བུ་གཙང་མ་ཟུར་གསུམ་ལ། དཔེའུ་ཆུང་བཞིན་དུ་བྲིས་བྱས་ཏེ། ཕྱིའི་ལོགས་ཐུང་གསུམ་པོ་ལ། ཡ་ར་ལ་ཝ་ཧྲིང་།་་་མགོ་ནང་བསྟན། ཞེས་ཤོང་ཚད་བྲི། གྲུ་གསུམ་ནང་དུ་ཕ་རོལ་པོའི་མིང་རུས་དང་།་་ཟུར་ནས་མགོ་གཟུང་ཕྲེང་དུ་བྲི། ཆེ་གེ་མོ་བདག་ལ་ཁ་མཆུ་རྩོད་པ་འདིའི་འདུན་མ་འདི་ཆུས་ཁྱེར་ཅིག །བསམ་ངན་དང་གྲོས་ངན་དང་འདུན་མ་ངན་པ་ཅི་བསམ་པ་ཐམས་ཅད་ཆུས་ཁྱེར་ཅིག །མེད་པར་གྱིས་ཤིག །ཅེས་བྲི། ཁམ་ས་ལ་ཟུར་གསུམ་ནང་ཅན་བྱས་ཏེ། ཁ་སྦྱར་བའི་ནང་དུ་བཅུག་ལ། སྣལ་མ་སེར་པོས་རྒྱ་གྲམ་དུ་བསྡམ། ཐེབས་ཡོད་པའི་དུས་སྲོད་ལ་འབབ་ཆུ་འགྲོ་ངེས་ལ་བསྐྱུར་ལ་ཡ་ར་ལ་ཝ་ཧྲིང་། བརྒྱ་རྩ་རེ་བཟླས་ཀྱིན་མེ་ཏོག་ལྕེ་ཚ་ཡོད་ན་རབ། མེད་ན་མེ་ཏོག་སེར་པོ། ཡོས་སྤོག་འགས་པོ་ཚུམ་རེ་བརྒྱབ་སྟེ། ཆུ་ལ་བསྐྱུར་ལ་དགྲ་བོའི་འདུན་མ་ཐམས་ཅད་ལིང་ལིང་ཆུས་ཁྱེར་བར་དམིགས་ཏེ། ནུབ་རེ་ལ་ལན་ཉི་ཤུ་རེ་བྱས་པས། ནུབ་ལྔ་དྲུག་དུས་འདུན་མ་ཞིག་པར་ཐེ་ཚོམ་མེད། ཁམ་སའི་ཟུར་གསུམ་སྔགས་དང་བཅས་པ་དེ་མིན་པ་མི་དགོས། ནུབ་གཞན་ལ་མེ་ཏོག་དང་ཡོས་རང་ལ་བྱེད། དེ་ཡིས་དགྲ་བོའི་འདུན་མ་བཤིག་པར་འགྱུར་རོ། །དེ་རྣམས་ཀྱིས་ཁ་མཆུ་དང་ཇག་དང་ཆོམ་རྐུན་དང་། དེ་ལ་སོགས་ངན་བྱེད་གཙོ་བོར་རྩོམ་པ་ཀུན་ཟློག་པར་འགྱུར་རོ། །གནོད་སྦྱིན་ཨ་པ་རཱ་ཙི་ཏའི་ལས་ཚོགས་ཡིན་པར་འདོད། ྀཨཚ༔ ༁ྃ༔ འདུན་གྲོས་སེལ་ལ། ཕུང་སའི་གྭའུའི་ནང་ལྷ་སྲིན་སྡེ་བརྒྱད་འདུན་བཤིག་སྔགས། ཨ་ཡ་མ་དུ་རུ་ཙ་ཤ་ན་དགྲ་བོ་ཆེ་གེ་མོའི་འདུན་གྲོས་ཤིག་ཅིག་སྭཱ་ཧཱ། གྲུ་གསུམ་ལ་ལིང་ག་མིང་རུས་གཞུག །ལོགས་ལ་ལྷ་ཀླུའི་སྔགས་འདི་བྲི། ཅ་ ཆ་ འ་ ཟ་ ཞ་ ཇ་ བྲི། སྐུད་པ་སེར་པོས་བཅིང་། མེ་ཏོག་སེར་པོ་སྟེང་དུ་བླུགས། འདུན་མ་ཤིག་བྱས་ལ་ཆུ་ལ་སྐུར། མི་གསུམ་ཡན་ཆད་གྲོས་བྱེད་ཞིག་པར་འགྱུར། དུག་ཤོག་སེར་ལ་ཞལ་བཤུས་བྱས། འདུན་མ་དམ་ན་ལན་གསུམ་བྱ། མན་ངག་དཔེ་རིས་དགོས། རྒྱ་ནག་གྭའུ་རྫོགས། ༈ ཟུར་གསུམ་དཀྱིལ་ན་སྔགས་འདི། ཨ་ཡ་མ་དུ་རུ་ཙ་ཤ་ན་ཏྲི་ཏ་ཧ་དགྲ་བོ་ཆེ་གེ་མོའི་འདུན་གྲོས་ཐམས་ཅད་འཇིག་པར་གྱུར་ཅིག །ཅེས་བྲི། ལོགས་གསུམ་ལ་ཅ་ཆ་འ་ཟ་ཞ་ཇ་བྲི། རྫས་སེ་བ་རང་ཞིག་ཟེར། ལིང་ག་ཉི་ཤུ་རྩ་གཅིག་སོགས། ལྷ་དབྱེ་འགུག་གཞུག་བདེན་བརྡར་བྱ། ཨ་ཡ་མ་དུ་རུ་ཙ་ཤ་ན་དགྲ་བོ་ཆེ་གེ་འུར་ལིང་འུར་ལིང་འུར་ཤིག་འུར་ཤིག་འུར་ཆོམ་འུར་ཆོམ་དགྲ་བོའི་འདུན་གྲོས་ངན་པ་ཐམས་ཅད་འཇིག་པར་གྱུར་ཅིག །ལིངྒའི་ནང་དུ་དུག་དང་ཡུངས་དཀར་བླུག །གྭའུའི་ཡ་ཐོད་ཐུན་ཁུང་བྱ། ཐུན་ཐག་དྲང་། ཚོན་སྐུད་རྒྱ་གྲམ་བཅིང་། སྔགས་གོང་མ་སྟོང་ཚར་བ་དང་ཆུ་འབྲུག་སྔགས་ཤམ་མན་ངག་ལ་ཐུན་བྱ་དམོད་བཅོལ་ངན་པ་བྱ། ཡེ་དྷར་བརྒྱ་རྩ། ཆུ་འགྲམ་གཙང་གཏོར་གསུམ་བླ་མ་ཡི་དམ་ཆོས་སྐྱོང་དང་གཞི་བདག་ཆུའི་ལྷ་ལ་འབུལ། གྭའུ་བཅུ་གསུམ་བཟོ། ཆུ་འགྲམ་ཉིན་རེ་རེ་བསྒྲུབ། ཁྱིམ་ན་ཉི་མ་བདུན་བསྒྲུབ་ཆུ་ལ་བསྐྱུར། གནས་ཁང་སྲུང་བ་གླང་ཆེན་མན་ངག་ཞལ་ལས་ཤེས། ཆུ་གཏོར་དང་དཀར་གཏོར་གཏང་། ཆུའི་ལྷ་མོ་ཆུ་སྲིན་མགོ་ཅན་ཆུ་གླང་ལ་ཞོན་པ་ལ་གཏོར་མ་འབུལ། གྭའུ་ཆུ་ལ་བསྐུར་གཡབ་མོ་འདེབས། ཆོས་སྐྱོང་ལ་གཏང་རག་འབུལ། དགྲ་སྙིང་གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་སྟེང་སྡེ་བརྒྱད་བསྐྱེད། དྲག་སྔགས་སྒྲོག་ཅིང་མཚོན་འཕེན་འཁྲུག་པར་བསམ། ཚོན་སྐུད་ཡུགས་སྐྲ་སྐྱེར་ཕུར་ཁམ་འཇིམ་གྭའུ་ཆ་གསུམ་བྱ།
ཨོ་རྒྱན་རིན་པོ་ཆེ་རྗེ་འབངས་ཉེར་ལྔའི་ལས་བྱང་དངོས་གྲུབ་སྤྲིན་ཕྲེང་བྱིན་རླབས་ཆར་འབེབ་ (Volume 10, Text 7)
༄༅། །ཨོ་རྒྱན་རིན་པོ་ཆེ་རྗེ་འབངས་ཉེར་ལྔའི་ལས་བྱང་དངོས་གྲུབ་སྤྲིན་ཕྲེང་བྱིན་རླབས་ཆར་འབེབ་བཞུགས་སོ།། ན་མོ་པྲ་ཝཱ་ཀ་རཱ་ཡ། འདིར་གུ་རུ་རིན་པོ་ཆེ་རྗེ་འབངས་ཉེར་ལྔ་བསྙེན་ཅིང་བསྒྲུབ་པར་མོས་པའི་གང་ཟག་སྐལ་ལྡན་དམ་ཚིག་ཅན་གྱི་རྣལ་འབྱོར་པས། དབེན་པའི་གནས་སུ་རྟེན་བཤམ་པའི་དྲུང་དུ་ཕྱི་ནང་གི་མཆོད་པ་རྣམས་དང་། ག་ཎ་ཙཀྲའི་ལོངས་སྤྱོད་ལ་སོགས་པ་ཚར་དུ་དངར་བ་གཙང་ཞིང་བཟང་བར་བཤམས་ལ། དེ་ཡང་ལས་རིམ་དོན་ཚན་ཉེར་ལྔས་བསྟན་པ་ལས། དང་པོ་སྐྱབས་སུ་འགྲོ་བ་ནི། སྐྱབས་ཡུལ་རྣམས་གསལ་བཏབ་ལ། ན་མོ། བདེ་གཤེགས་འདུས་པ་དཀྱིལ་འཁོར་གཙོ། ཁྱབ་བདག་རྒྱལ་བ་ཡེ་སངས་རྒྱས། །ཀུན་བཟང་པདྨ་ཐོད་ཕྲེང་རྩལ། །བདག་སོགས་འགྲོ་རྣམས་སྐྱབས་སུ་མཆི། །གཉིས་པ་སེམས་བསྐྱེད་པ། དེང་ནས་བླ་མེད་བྱང་ཆུབ་བར། །མཐའ་ཀླས་སེམས་ཅན་ཀུན་དོན་དུ། །གཞན་ཕན་ཕྲིན་ལས་རླབས་ཆེན་གྱིས། །འཁོར་བ་དོང་སྤྲུགས་སེམས་བསྐྱེད་དོ། །གསུམ་པ་སྔོན་འགྲོའི་གཏོར་མ་བྲན་ལ། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། བྷྲཱུྃ་ལས་རིན་ཆེན་གཏོར་སྣོད་དུ། །འབྲུ་གསུམ་འོད་ཞུ་འདོད་ཡོན་རྣམས། །ཟག་མེད་བདེ་བ་བསྐྱེད་པར་གྱུར། །སྣང་ཞིང་སྲིད་པའི་འབྱུང་པོ་དང་། །བགེགས་རིགས་ལན་ཆགས་རྣམས་ལ་བསྔོ། །ཚིམས་ཤིང་དགྱེས་ནས་གནོད་སེམས་སྤོངས། །བལྟ་བར་མི་དབང་ལོག་འདྲེན་རྣམས། །དེངས་ཤིག་གལ་ཏེ་བཀའ་འདས་ན། །དབང་ཆེན་འབར་བའི་བདེན་སྟོབས་ཀྱིས། །རྡུལ་ཕྲན་བཞིན་དུ་བརླག་ཏ་རེ། །ཨོཾ་སུམྦྷ་ནི་སོགས་ཧཱུྃ་བཞིའི་སྔགས་བརྗོད། གུ་གུལ་བདུག །ཡུངས་ཀར་བྲབ་ལ་བགེགས་བསྐྲད། བཞི་པ་མཚམས་གཅོད་སྲུང་འཁོར་ནི། ཧྲཱིཿ དངོས་ཀུན་ཀ་དག་ཡེ་རྫོགས་ཀློང་། །རང་གསལ་འཛིན་མེད་མཚམས་གཅོད་དོ། །སྟེང་འོག་བར་མཚམས་ཡེ་ཤེས་ཀྱི། །མེ་རི་ལྔ་ལྡན་སྲུང་འཁོར་གྱུར། །དྷརྨ་དྷཱ་ཏུ་ཛྙཱ་ན་པཉྩ་བཛྲ་ཙཀྲ་རཀྵ་རཀྵ་ཧཱུྃ་ཧཱུྃ། ལྔ་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི། འདིར་བཤམས་ཕྱི་ནང་གསང་བའི་རྫས། །སྨན་གཏོར་རཀྟ་ལ་སོགས་པ། །བླ་མེད་མཆོག་གི་མཆོད་པ་རྣམས། །ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ་ཛྙཱ་ན་པཉྩ་ཨ་མྲྀཏ་མ་ཧཱ་བ་ལིཾ་ཏ་མ་ཧཱ་རཀྟ་ཧཱུྃ་ཧྲཱིཿཋཱཿ སྔགས་ལན་གསུམ་བརྗོད་ཅིང་མཆོད་རྫས་རྣམས་ལ་བདུད་རྩི་འཐོར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ་པཱ་དྱཾ་སོགས་ནས་ཤབྡའི་བར་བརྗོད། དེ་ནས་དྲུག་པ་དངོས་གཞི་བདག་མདུན་དབྱེར་མེད་གཅིག་ཅར་དུ་བསྐྱེད་པའི་རིམ་པ་ནི། ཨོཾ་ཨཱཿཧཱུྃ། བློ་འདས་བརྗོད་མེད་དེ་བཞིན་ཉིད་ཀྱི་ངང་། །སྟོང་དང་སྙིང་རྗེ་ཟུང་འཇུག་རྩལ་མདངས་ལས། །རིག་པའི་ངོ་བོ་ཧཱུྃ་ཡིག་མཐིང་ག་ཤར། །ཡོངས་གྱུར་བདག་ཉིད་ཆེན་པོ་པདྨ་འབྱུང་། །རྒྱལ་ཀུན་འདུས་པ་མཚོ་སྐྱེས་རྡོ་རྗེ་འཆང། །མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པའི་སྐུ །དཀར་གསལ་ཟླ་མདོག་ཞི་འཛུམ་སྤྱན་གསུམ་ཅན། །པད་ཞྭ་རྒོད་ལྡེམ་རིན་ཆེན་ཉི་ཟླས་བརྒྱན། །ཕྱག་གཡས་རྡོ་རྗེ་གཡོན་པས་ཀ་པཱ་ལ། །བདུད་རྩིས་བཀང་དབུས་འཆི་མེད་ཚེ་བུམ་འཛིན། །གྲུ་མོར་ཁ་ཊྭཱཾ་ཌཱ་རུ་དྲིལ་ཆུང་བརྒྱན། །ཡིད་བཞིན་ནོར་དང་འཛམ་བུ་ཆུ་གསེར་གྱི། །སྙན་ཆ་མགུལ་རྒྱན་ལ་སོགས་དུ་མས་སྤྲས། །ཟ་བེར་དབང་སྔོན་ཕོད་ཁ་ཐུན་མཚམས་ཀྱི། །འཆར་ཀའི་མདོག་མཚུངས་ཆོས་གོས་རྣམ་གསུམ་ལྡན། །ལྷ་རྫས་རིན་ཐང་བྲལ་བའི་བེར་གྱིས་བཀླུབས། །ཞབས་གཉིས་རྡོར་སྐྱིལ་ཟླ་ཉི་པད་མའི་སྟེང་། །ཡེ་ཤེས་ལྔ་ལྡན་འོད་ཀྱི་གུར་ཁང་དབུས། །སྣང་ཞིང་སྟོང་ལ་སྟོང་བཞིན་སྣང་བ་ཡི། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་གྱུར། །བདེར་གཤེགས་ཞིང་ཁམས་ཡོན་ཏན་སྐུར་རྫོགས་ཤིང་། །སྐུ་ཡི་བཀོད་པས་རབ་འབྱམས་དཀྱིལ་འཁོར་ཁྱབ། །སྒྱུ་འཕྲུལ་རྡོ་རྗེའི་གར་གྱི་རོལ་རྩེད་ལས། །ངོ་མཚར་སྤྲུལ་པ་སྣ་ཚོགས་ཅིར་ཡང་སྟོན། །འཇམ་དཔལ་སྐུ་ཡི་བཀའ་བབས་རིག་འཛིན་ཆེ། །སངས་རྒྱས་ཡེ་ཤེས་ཉི་ཟླ་གདན་དུ་བཏིང་། །དབང་ཆེན་གསུང་གི་བཀའ་བབས་གྲུབ་པའི་དབང། །རྒྱལ་བ་མཆོག་དབྱངས་སྤྱི་བོར་རྟ་སྐད་འཚེར། །ཡང་དག་ཐུགས་ཀྱི་བཀའ་བབས་དགེ་སློང་མཆོག །ནམ་མཁའི་སྙིང་པོ་ཉི་མའི་ཟེར་ལ་འཆིབ། །ཡོན་ཏན་བདུད་རྩིའི་བཀའ་བབས་རྡོ་རྗེ་འཛིན། །ཛྙཱ་ན་ཀུ་མཱར་བྲག་ལས་བདུད་རྩི་འབྱིན། །ཕྲིན་ལས་རྡོ་རྗེ་ཕུར་པའི་བཀའ་བབས་གཙོ། །ཡེ་ཤེས་མཚོ་རྒྱལ་བྲག་ལ་ཕུར་པ་འདེབས། །བླ་མེད་གསང་བའི་བཀའ་བབས་ཧེ་རུ་ཀ །དཔལ་གྱི་ཡེ་ཤེས་མ་སྲིང་ལས་ལ་བཀོལ། །དྲེགས་པ་ཀུན་འདུལ་བཀའ་བབས་རྣལ་འབྱོར་ཆེ། །དཔལ་གྱི་སེང་གེ་དྲེགས་པ་ཕོ་ཉར་འགྱེད། །སྟོབས་ལྡན་དྲག་སྔགས་བཀའ་བབས་འཇིག་རྟེན་མིག །བཻ་རོ་ཙ་ན་སྡེ་བརྒྱད་བྲན་དུ་ཁོལ། །བདེ་གཤེགས་འདུས་པའི་བཀའ་བབས་ཆོས་ཀྱི་རྒྱལ། ཁྲི་སྲོང་ལྡེའུ་བཙན་གཞན་སྣང་ཟིལ་གྱིས་གནོན། །བཀའ་བབས་ཐུགས་ཀྱི་སྲས་དགུ་ལྷམ་མེར་གསལ། །གྲུབ་པའི་སར་གནས་གྲུབ་པ་ཡོངས་ཀྱི་གཙོ། །རྣལ་འབྱོར་དབང་ཕྱུག་རིག་སྔགས་འཆང་རྣམས་ནི། །རྡོ་རྗེ་བདུད་འཇོམས་མཁའ་ལ་ཐོགས་མེད་ལྡིང་། །ཡེ་ཤེས་དབྱངས་ཆེན་མཁའ་སྤྱོད་གནས་རྣམས་བགྲོད། །སོག་པོ་ལྷ་དཔལ་ཅེ་སྤྱང་ཕྱག་གིས་འཛིན། །སྣ་ནམ་ཡེ་ཤེས་མཁའ་ལ་བྱ་ལྟར་འཕུར། །གཡུ་སྒྲ་སྙིང་པོ་གསེར་གྱི་རྡོ་རྗེར་སྤྲུལ། །དཔལ་གྱི་དབང་ཕྱུག་ཕུར་པ་གདེངས་ཚད་སྒྲོལ། །ཤུད་བུ་དཔལ་སེང་ཆུ་བོ་གྱེན་དུ་ལྡོག །ལྡན་མ་རྩེ་མང་མི་བརྗེད་གཟུངས་རྣམས་ཐོབ། །ཀ་བ་དཔལ་བརྩེེགས་གཞན་རྒྱུད་ས་ལེར་མཁྱེན། །རྒྱལ་བ་བློ་གྲོས་རོ་ལངས་གསེར་དུ་བསྒྱུར། ཁྱེའུ་ཆུང་ལོ་ཙཱ་ནམ་མཁའི་བྱ་རྣམས་འཛིན། །དྲན་པ་ནམ་མཁའ་བྱང་ནས་གཡག་རྒོད་འགུག །འོ་བྲན་དབང་ཕྱུག་ཆུ་ལ་ཉ་ལྟར་འཕྱོ། །རྨ་ཐོག་རིན་ཆེན་ཕ་ཝང་ཟན་ལྟར་གསོལ། །དཔལ་གྱི་རྡོ་རྗེ་རི་བྲག་ཐོགས་མེད་རྒྱུ། །ལང་གྲོ་དཀོན་མཆོག་ཐོག་ཆེན་མདའ་ལྟར་འཕེན། །རྒྱལ་བ་བྱང་ཆུབ་མཁའ་ལ་སྐྱིལ་ཀྲུང་བཞུགས། །གཞན་ཡང་རིག་འཛིན་དཔའ་བོ་ཌཱ་ཀི་དང་། །གཏེར་ཆེན་བརྒྱ་རྩ་གཏེར་ཕྲན་སྟོང་རྩ་གཉིས། །ལུང་ཟིན་སྐྱེས་མཆོག་རྒྱ་བོད་གྲུབ་ཆེན་ཚོགས། །ཡི་དམ་རྒྱལ་བའི་དཀྱིལ་འཁོར་ལྷ་རབ་འབྱམས། །ཆོས་ཀྱི་སྲུང་མ་དམ་ཅན་རྒྱ་མཚོ་རྣམས། །འཇའ་ཟེར་འོད་ཀློང་བཀྲ་གསལ་སྣང་བར་གྱུར། །གཙོ་འཁོར་ཀུན་གྱི་གནས་གསུམ་འབྲུ་གསུམ་ལས། །འོད་འཕྲོས་འོག་མིན་མཁའ་སྤྱོད་བདེ་ཆེན་ཞིང་། །དཔལ་རི་པདྨ་འོད་ཀྱི་ཕོ་བྲང་ནས། །ཨོ་རྒྱན་རྗེ་འབངས་སངས་རྒྱས་བྱང་སེམས་སོགས། །སྤྲུལ་དང་ཡང་སྤྲུལ་དཔག་མེད་འཁོར་བཅས་རྣམས། །མདུན་གྱི་ནམ་མཁར་སྤྱན་དྲངས་གཤེགས་སུ་གསོལ། །བདུན་པ་སྤྱན་དྲང་བ། གཏེར་གཞུང་རྡོ་རྗེའི་གསུང་ལས་བྱུང་བའི་ཚིག་བདུན་གསོལ་འདེབས་ནི། ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །ལན་གསུམ་དང་། གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་ཞིག་སྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿཛཿ སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ ཞེས་འཛབ་ལན་བདུན་ནམ་གསུམ་བརྗོད་པས་བྱིན་ཕབ། དམ་ཚིག་ཡེ་ཤེས་གཉིས་མེད་དུ་གྱུར་པར་མོས་ལ། བརྒྱད་པ་བཞུགས་སུ་གསོལ་བ་ནི། ཧཱུྃ། རྒྱལ་བ་རབ་འབྱམས་ཐུགས་རྗེ་ཅན། །བདག་སོགས་སེམས་ཅན་ཀུན་དོན་དུ། །བརྩེ་བ་ཆེན་པོས་དགྱེས་དགོངས་ལ། །གནས་འདི་ཉིད་དུ་བརྟན་པར་བཞུགས། །པདྨ་ཀ་མ་ལཱ་ཡ་སཏྭཾ། དགུ་པ་ཕྱག་འཚལ་བ་ནི། ཧཱུྃ། སྐུ་གསུམ་ཡོན་ཏན་ཡོངས་རྫོགས་པ། །མཚོ་སྐྱེས་རྡོ་རྗེ་འཆང་ཆེན་པོ། །རྗེ་འབངས་སྤྲུལ་པར་བཅས་པ་ལ། །དད་གུས་གདུང་བས་གུས་ཕྱག་འཚལ། །ན་མཿཔུ་རུ་ཥཱ་ཡ་ཧོཿ བཅུ་པ་ཕྱི་མཆོད་འབུལ་བ་ནི། ཨོཾ། རང་སྣང་རྩལ་ལས་མཆོད་པའི་ལྷ་མོ་ནི། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མ། །སྣང་གསལ་དྲི་ཞལ་རོལ་མོ་གཟུགས་སྒྲ་དྲི། །རོ་དང་རེག་ཆོས་རྣམ་དག་ཕྱིའི་མཆོད་པ། །ཐུགས་རྗེས་དབྱིངས་ནས་བརྩེར་དགོངས་བཞེས་སུ་གསོལ། །མཆོག་ཐུན་དངོས་གྲུབ་མྱུར་སྩོལ་བྱིན་གྱིས་རློབས། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ་པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱཱ། ཤབྡ་ཨཱཿཧཱུྃ། བར་དང་། རཱུ་པ་ ཤབྡ་ གནྡྷེ་ རཱ་ས་ སྤརྴེ་དྷརྨ་དྷཱ་ཏུ་སརྦ་པཱུ་ཛ་ཨཱཿཧཱུྃ། བཅུ་གཅིག་པ་ནང་མཆོད་འབུལ་བ། ཨཱཿ རྩ་བརྒྱད་ཡན་ལག་སྟོང་སྦྱར་འཆི་མེད་བཅུད། །རང་བྱུང་བདུད་རྩི་ར་སཱ་ཡ་ན་དང་། །ཚེ་དང་གལ་གྱི་རྨད་བྱུང་བརྗིད་ལྡན་པའི། །དམ་ཚིག་རྫས་མཆོག་མ་ཧཱ་བ་ལིན་ཏ། །རྒྱུ་དྲུག་འཁོར་བའི་དུག་ལྔ་ཡེ་ཤེས་ལྔར། །བསྒྲལ་པའི་དམར་ཆེན་རཀྟ་མཆོད་པར་འབུལ། །མ་ཧཱ་པཉྩ་ཨ་མྲྀཏ་མ་ཧཱ་བ་ལིན་ཏ་པཱུ་ཛ་ཁཱ་ཧི། བཅུ་གཉིས་པ་གསང་བའི་མཆོད་པ། ཧཱུྃ། སྣང་བ་ཐབས་ཀྱི་ཧེ་རུ་ཀ །སྟོང་པ་ཤེས་རབ་ཡུམ་དང་སྦྱོར། །གསང་བ་བླ་མེད་མཆོད་པ་འདི། །བདེ་བ་ཆེན་པོའི་ངང་དུ་རོལ། །མ་ཧཱ་སུ་ཁ་པཱུ་ཛ་ཧོཿ བཅུ་གསུམ་པ་དེ་བཞིན་ཉིད་མཆོད་ནི། ཧོཿ མཆོད་བྱ་མཆོད་བྱེད་ཐམས་ཅད་ཀྱང་། །འཛིན་མེད་མ་བཅོས་ཁྱབ་གདལ་ཀློང་། །རང་བྱུང་རང་གྲོལ་ཆེན་པོའི་དབྱིངས། །འཁོར་གསུམ་དག་པའི་མཆོད་པ་འབུལ། །དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཿ བཅུ་བཞི་པ་བསྟོད་པ་ནི། ཧྲཱིཿ གདོད་ནས་རྣམ་དག་མཐའ་བྲལ་ཆོས་ཀྱི་སྐུ །ལྷུན་གྲུབ་འདུས་མ་བྱས་པ་ལོངས་སྤྱོད་རྫོགས། །འགགས་མེད་ཐུགས་རྗེའི་རྣམ་རོལ་སྤྲུལ་སྐུར་སྟོན། །སྐུ་གསུམ་པདྨ་འབྱུང་ལ་ཕྱག་འཚལ་བསྟོད། །རང་བཞིན་དབྱིངས་ལས་མ་གཡོས་རྣམ་པར་འཕྲུལ། །སྲིད་པའི་དུཿཁ་མཐར་བྱེད་དཔའ་བོ་ཆེ། །རྗེ་འབངས་ཚུལ་གྱིས་རྣལ་འབྱོར་སྤྱོད་པ་འཆང་། །གྲུབ་པའི་འཁོར་ལོས་སྒྱུར་རྣམས་བསྟོད་པར་བགྱི། །བཅོ་ལྔ་པ་འཛབ་བཟླས་དམིགས་རིམ་ནི། བདག་མདུན་ཐུགས་ཀར་པདྨ་འདབ་བརྒྱད་སྟེང་། །རྡོ་རྗེ་རྩེ་ལྔའི་ལྟེ་བར་ཟླ་དཀྱིལ་ཧཱུྃ། །མཐའ་མར་སྔགས་ཕྲེང་གཡས་སྐོར་འོད་ཟེར་འཕྲོས། །འཕགས་མཆོད་བྱིན་རླབས་རང་ཐིམ་སླར་ཡང་ནི། །འོད་འཕྲོས་འགྲོ་དྲུག་སེམས་ཅན་སྡིག་སྒྲིབ་སྦྱངས། །དྲེགས་ཅན་ཟིལ་གནོན་བཀའ་དང་དམ་ལ་གནས། །ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ་སྐུར་བསྒྱུར། །གྲགས་སྟོང་སྔགས་ཀྱི་རང་སྒྲ་སྒྲོག་པར་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། དེ་ལྟར་ཡང་སྙིང་ཅི་འགྲུབ་བཟླ་ཞིང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿཛཿསརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ སྤྱི་དྲིལ་ཡང་ལྷག་པར་བཟླའོ། །དེ་ནས་བཅུ་དྲུག་པ་ཚོགས་ཀྱི་མཆོད་པ་ནི། ཧྲཱིཿ རང་ཉིད་ལྷར་གསལ་ཐུགས་ཀ་ནས། །རཾ་ཡཾ་ཁཾ་འཕྲོས་མཆོད་རྫས་ཀྱི། །འཛིན་རྟོག་བག་ཆགས་ཉེས་སྐྱོན་སྦྱངས། །ཨོཾ་ཨཱཿཧཱུྃ་གི་འཕྲོ་འདུ་ལས། །ཟག་མེད་ཡེ་ཤེས་ཚོགས་འཁོར་ལོ། །རང་བྱུང་ཡེ་ཤེས་བདུད་རྩིར་སྤེལ། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཧཱུྃ། འཆི་མེད་རིག་འཛིན་གྲུབ་པའི་གཙོ། །རྒྱལ་བ་རྒྱལ་བའི་མྱུ་གུ་རྣམས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །ཉམས་དགའ་དམ་གཙང་སྤྲོ་དགའི་གནས། །དེང་འདིར་བྱིན་རླབས་བཅུད་ཕོབ་ལ། །མི་རྟོག་ཡེ་ཤེས་བསྐྱེད་དུ་གསོལ། །མ་རིག་དབང་གིས་སྡོམ་གསུམ་དང་། །འགལ་ཉམས་ནོངས་པ་མཐོལ་ཞིང་བཤགས། །ཉོན་མོངས་དུག་ལྔའི་ངར་འཛིན་འདི། །སྐྱེ་མེད་ངང་དུ་བསྒྲལ་ནས་ཀྱང་། །ཀུན་བཟང་ཀློང་དུ་བསྟིམ་པར་མཛོད། །གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ག་ཎ་ཙཀྲ་ལ་ཁཱ་ཧི། པཉྩ་ཨ་མྲྀཏ་ལ་ཁཱ་ཧི། ཞེས་ཚོགས་ཕུད་འབུལ། དེ་ནས་རྣལ་འབྱོར་པ་རྣམས་ཚོགས་ཀྱི་དངོས་གྲུབ་ལ་གསལ་བ་གསུམ་ལྡན་གྱིས་རོལ་ནས། བཅུ་བདུན་པ་ལྷག་གཏོར་བསྔོ་བ་ནི། ཧཱུྃ། བཀའ་ཡི་འཁོར་དུ་དམ་བཅས་པའི། །བཀའ་སྲུང་རྡོ་རྗེའི་དམ་ཚིག་ཅན། །བཀའ་ཡི་ལྷག་གཏོར་དམ་པ་བཞེས། །བཀའ་ལས་མ་འདའ་དམ་མ་གཡེལ། །ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། བཅོ་བརྒྱད་པ་བཀའ་ཡི་ཆད་ཐོ་བསྒྲག་པ་ནི། ཧཱུྃ། སྔོན་འདས་དུས་དང་བར་གྱི་བསྐལ་པ་དང་། །ད་ལྟ་དུས་གསུམ་ཀུན་བཟང་པད་འབྱུང་གིས། །དགོངས་གཏད་སྨོན་ལམ་དབང་བསྐུར་ཇི་ལྟ་བར། །ཆོས་ཀྱི་སྲུང་མ་ཁྱེད་རྣམས་དགྱེས་དགོངས་ལ། །ཐ་ཚིག་གཉེར་གཏད་མ་བསྙེལ་གཏོར་མ་བཞེས། །རྣལ་འབྱོར་ཕྲིན་ལས་གང་བཅོལ་ཐོགས་མེད་སྒྲུབས། །བཅུ་དགུ་པ་བརྟན་སྐྱོང་ནི། གངས་ཅན་བསྟན་འགྲོ་བདེར་སྐྱོང་བརྟན་མ་རྣམས། །སྔོན་གྱི་གཡར་དམ་མ་གཡེལ་བཤལ་ཆུ་བཞེས། །དལ་ཡམས་མཚོན་འཁྲུགས་སྡང་བའི་དགྲ་ལ་སྒྱུར། །ཆོས་དང་ལོངས་སྤྱོད་རྒྱས་པའི་སྡོང་གྲོགས་མཛོད། །ཉི་ཤུ་པ་བཟོད་གསོལ་ནི། ཧོཿ ཟབ་དོན་ཐུགས་ཀྱི་སྒྲུབ་པའི་དཀྱིལ་འཁོར་འདིར། །མ་རིག་དབང་གིས་ཉམས་ཆག་འགལ་འཁྲུལ་རྣམས། །ཐོག་མེད་སྡིག་བཅས་གནོད་འགྱོད་དྲག་པོས་བཤགས། །བྱང་དག་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ། །ཡིག་བརྒྱ་བརྗོད། ཉེར་གཅིག་པ་བྱིན་རླབས་དབང་བཞི་ལེན་པ་རྡོ་རྗེའི་ཚིག་རྐང་ལྟར་བྱ་བ་ནི། གུ་རུ་མཁའ་འགྲོའི་ཚོགས་བཅས་ཀྱིས། །བདག་ཅག་མོས་པའི་བུ་རྣམས་ལ། །ལུས་ལ་སྐུ་ཡིས་བྱིན་གྱིས་རློབས། །ངག་ལ་གསུང་གིས་བྱིན་གྱིས་རློབས། །ཡིད་ལ་ཐུགས་ཀྱིས་བྱིན་གྱིས་རློབས། །དབང་བཞི་བསྐུར་བར་བྱིན་གྱིས་རློབས། །རྒྱུད་བཞི་དག་པར་བྱིན་གྱིས་རློབས། །ལམ་བཞི་འབྱོངས་པར་བྱིན་གྱིས་རློབས། །སྐུ་བཞི་ཐོབ་པར་བྱིན་གྱིས་རློབས། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་ཌཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། སརྦ་ཨ་བྷི་ཥིཉྩ་ཧྲཱིཿ སྔགས་རྣམས་ལན་གསུམ་བརྗོད་ནས། མདུན་བསྐྱེད་འཁོར་རྣམས་གཙོ་བོར་ཐིམ། །དེ་ཉིད་རང་ཐིམ་དབྱེར་མེད་པར། །མ་བཅོས་གཉུག་མ་སྤྲོས་བྲལ་ཀློང་། །གང་ཤར་བཟོ་མེད་ངང་དུ་བཞག །ཉེར་གཉིས་བདག་བསྐྱེད་བསྡུ་རིམ་ནི། བསྐྱེད་པའི་ལྷ་ཚོགས་རིམ་བཞིན་རང་ལ་ཐིམ། །དེ་ཡང་སྔགས་ཕྲེང་རྡོ་རྗེ་ཧཱུྃ་ལ་བསྡུ། །དམིགས་མེད་བློ་འདས་རྫོགས་པ་ཆེན་པོའི་ངང་། །བྱ་རྩོལ་བྲལ་བའི་ཀློང་དུ་མཉམ་པར་བཞག །སླར་ཡང་པད་འབྱུང་སྐུ་རུ་ལམ་གྱིས་གསལ། །སྣང་གྲགས་རྟོག་ཚོགས་ཡེ་ཤེས་རོལ་པར་ཤར། །ཉེར་གསུམ་པ་བསྔོ་བ་ནི། ཨེ་མ་ཧོ། བླ་མེད་ཡང་གསང་དཀྱིལ་འཁོར་བསྒྲུབས་ལ་སོགས། །དུས་གསུམ་བསགས་པའི་དགེ་བ་ཅི་མཆིས་པ། །སྨོན་ལམ་ཟབ་མོའི་མཚམས་སྦྱོར་འདིར་བརྟེན་ནས། །བདག་གཞན་ཚེ་གཅིག་སངས་རྒྱས་ཐོབ་ཕྱིར་བསྔོ། །ཉེར་བཞི་པ་སྨོན་ལམ་ནི། གདོད་མའི་བདེ་གཤེགས་ཀུན་ཏུ་བཟང་པོ་ཡི། །དགོངས་དོན་མཐའ་བྲལ་ལྟ་བའི་ཡང་རྩེ་མཆོག །རྣམ་དག་ཨ་ཏིའི་ངེས་ལམ་མཐར་ཕྱིན་ནས། །རྟེན་འདིར་འཇའ་ལུས་ཆོས་སྐུ་མངོན་གྱུར་ཤོག །ཉེར་ལྔ་པ་བཀྲ་ཤིས་ནི་མེ་ཏོག་གི་ཆར་བསྙིལ་བཞིན་པས། བཀྲ་ཤིས་གང་ཞིག་སྐུ་གསུམ་རོལ་པའི་ཀློང་། །ཐུགས་རྗེ་ཀུན་གསལ་པད་འབྱུང་ཉིན་མོར་བྱེད། །འགྲོ་དྲུག་མུན་སེལ་དེང་འདིར་བདེ་ལེགས་ཀྱི། །སྣང་བ་དམ་པས་རྟག་པར་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཆུ་ཟླའི་གར་རྩེད་ལས། །རྩ་གསུམ་ལྷ་ཚོགས་བྱིན་རླབས་འོད་དཀར་ཅན། །སྲིད་པའི་གདུང་སེལ་དེང་འདིར་བདེ་ལེགས་ཀྱི། །དཔལ་ཀུན་ཡོངས་འདུ་རྣམ་ཀུན་བཀྲ་ཤིས་ཤོག །ཅེས་པའང་བསླབ་གསུམ་མངོན་མཐོ་རྟོགས་ལྡན་མ་ཎིའི་ཐུགས་བཞེད་བསྐང་ཕྱིར། སི་ཏུ་པདྨ་ཉིན་བྱེད་དབང་པོས་བཀོད་པ་ནོངས་པར་གྱུར་རྣམས་ཀུན་བཟང་ཀློང་དུ་བཤགས་ཤིང་དགེ་བས་འགྲོ་རྣམས་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པར་གྱུར་ཅིག །སརྦ་མངྒ་ལཾ།། །།
ལས་ཚོགས་རིན་ཆེན་ཁང་བུ་ལས༔ ལོ་གླུད་ཀྱི་ཆོ་ག་ (Volume 45, Text 7)
༄༅༔ ལས་ཚོགས་རིན་ཆེན་ཁང་བུ་ལས༔ ལོ་གླུད་ཀྱི་ཆོ་ག་བཞུགས༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ བོད་ཀྱི་སེམས་ཅན་སྐྱོབ་པའི་ཕྱིར༔ ཁྱད་པར་ཐུགས་སྒྲུབ་ཆ་རྐྱེན་དུ༔ རིན་ཆེན་ཁང་བུའི་གདམས་སྐོར་བཤད༔ དབྱར་དུས་ལོ་ཏོག་འཇོམས་བྱེད་པའི༔ ཐོག་སེར་ལོ་དགྲ་བྱུང་གྱུར་ན༔ ཐུགས་སྒྲུབ་བསྙེན་པའི་རྟགས་རྫོགས་ནས༔ གནམ་ལྕགས་གུར་ཁང་མན་ངག་ལ༔ ཕྱི་ནང་གསང་བའི་སྒྲུབ་ཐབས་ཡོད༔ ལོ་ཏོག་འཇིགས་ལས་སྐྱོབ་པའི་ཕྱིར༔ ལོ་གླུད་གཏོང་བའི་ཐབས་བྱེད་ན༔ ཚེས་གྲངས་གཟའ་སྐར་བཟང་པོ་ལ༔ ཡུལ་དབུས་སྐུ་རྟེན་བཞུགས་པ་འམ༔ ཡུལ་ལྷ་གཉན་པོ་གནས་པ་འམ༔ འོང་བའི་དབུས་སུ་དཀོན་མཆོག་མཆོད༔ གཟུངས་སྒྲོགས་སཱཙྪ་ཆབ་གཏོར་གཏང༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་ཡུལ་ལྷ་བརྔན་ཞིང་མཆོད༔ དེ་ལྟར་བྱས་ན་འཇིགས་ལས་སྐྱོབ༔ ས་མ་ཡཱ༔ གཅའ་གཞི་ལག་ལེན་བསྟན་པ་ནི༔ བཤོས་བུ་མཁར་ཐབས་ནོར་བུས་བརྒྱན༔ མཐའ་མར་སྡེ་བརྒྱད་བཤོས་བུ་དང༔ གཏོར་མ་བཅུ་གསུམ་འབྲས་ལུག་དང༔ ངར་གླུད་བཅུ་གསུམ་འབྲང་རྒྱས་བཤམས༔ དཀར་གཏོར་དམར་གཏོར་རྒྱན་ལྡན་དང༔ བདུད་བྱ་སྐྱུང་ཀ་ལ་སོགས་པ༔ སྲོག་ཆགས་གཟུགས་འགྲོས་དཔག་མེད་དང༔ གསེར་སྐྱེམས་གཡུ་སྔོན་རྒྱས་པར་བཤམ༔ བདག་ཉིད་མ་ཧཱ་གུ་རུ་ཡི༔ བསྐྱེད་རིམ་བཟླས་པ་ཐུན་གཅིག་བྱ༔ ལྷ་སྲིན་དབང་དུ་བསྡུ་བ་ནི༔ ཧཱུྃ༔ རིག་འཛིན་ཆེན་པོ་རྡོ་རྗེ་དྲག་པོ་རྩལ༔ སྐུ་གཅིག་བཞེངས་པས་དཀྱིལ་འཁོར་ཐམས་ཅད་རྫོགས༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་འགྱིང་བག་ཅན༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་མཁའ་ལ་གདེངས༔ གཡོན་པ་གསེར་གྱི་དྲིལ་བུ་དཀུ་ལ་བརྟེན༔ རིན་ཆེན་རུས་རྒྱན་སྦྲུལ་གྱི་གདུ་བུས་བརྒྱན༔ ཟབ་ཆེན་བེར་སྨུག་དབང་གི་ན་བཟའ་གསོལ༔ ཞབས་གཉིས་སྟངས་སྟབས་གྱད་ཀྱི་སྟབས་སུ་བཞུགས༔ དུག་གསུམ་འཇོམས་མཛད་རང་བྱུང་རིག་པའི་ལྷ༔ རང་རིག་ལྷ་ཡི་ལྷ་ལ་ཕྱག་འཚལ་བསྟོད༔ སྐད་ཅིག་དྲན་རྫོགས་གནས་འགྱུར་དབང་གི་ལྷ༔ རྟ་མགྲིན་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ རྟ་མགོ་ལྗང་གུ་རྟ་སྐད་ཕྱོགས་བཅུར་སྒྲོག༔ གྲི་གུག་ཐོད་ཁྲག་ཐོགས་ནས་རུས་པས་བརྒྱན༔ ཁ་ཊྭཱཾ་རྩེ་གསུམ་མཆན་ཁུང་གཡོན་ན་བཟུང༔ ཞབས་གཉིས་བགྲད་དེ་དབང་ཕྱུག་ཆེན་པོ་དང༔ མ་ཧཱ་དེ་བ་བརྫིས་པའི་གདན་ལ་བཞུགས༔ རྡོ་རྗེ་ཕག་མོ་ཡུམ་དང་འཁྲིལ་སྦྱོར་མཛད༔ སྣོད་ཀྱི་འཇིག་རྟེན་ལྷ་ཡི་གཞལ་ཡས་ཁང༔ ཕྱོགས་མཚམས་རིག་འཛིན་མཁའ་འགྲོའི་འཁོར་གྱིས་བསྐོར༔ ཐམས་ཅད་གར་སྒྱུར་བྲོ་རྡུང་དི་རི་རི༔ མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ངར་དང་བཅས༔ འུར་འུར་ཆེམ་ཆེམ་འཇིག་རྟེན་ཤིག་ཤིག་གྱུར༔ དྲེགས་པ་ལྷ་ཀླུ་མ་མོ་གཤིན་རྗེ་དང༔ གཟའ་རྒོད་གནོད་སྦྱིན་སྲིན་པོ་དབང་དུ་བསྡུས༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཧྲིཾ་ཧྲིཾ་ཛ༔ ཧཱུྃ༔ ང་ནི་ཆེ་མཆོག་ཧེ་རུ་ཀ༔ ང་ནི་རིག་འཛིན་དྲག་པོ་རྩལ༔ ང་ནི་རྟ་མགྲིན་དབང་གི་ལྷ༔ ང་ནི་ཁྲག་འཐུང་ཀུན་གྱི་རྗེ༔ ང་ནི་སྲིད་གསུམ་ཀུན་གྱི་བདག༔ ང་ནི་འཇིག་རྟེན་ལྷ་ཡི་གཙོ༔ སྣང་སྲིད་ཐམས་ཅད་ང་ཡི་ངང༔ ང་ཡི་བཀའ་ལ་ཉན་པར་གྱིས༔ ཁྱེད་རྣམས་ལྷ་འདྲེ་ཕྱི་ནང་ཡིན༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ ཁས་བླངས་སྲོག་སྙིང་ཕུལ་པ་བཞིན༔ དམ་ལས་མ་འདའ་ས་མ་ཡ༔ ཉོན་ཅིག་ཕྱི་ནང་ལྷ་འདྲེའི་ཚོགས༔ སྟོང་གསུམ་སྟོང་གི་འཇིག་རྟེན་གྱི༔ སྲིད་རྩེ་དམྱལ་ཁམས་ཡན་ཆོད་དུ༔ སྔ་རབས་འདས་དང་ད་ལྟར་བཞུགས༔ སླད་ནས་འབྱོན་པ་ཇི་སྙེད་པ༔ བདེན་པའི་ཚིག་ལ་མི་ཉན་གང་ཡང་མེད༔ ཟབ་མོའི་དོན་ལ་མི་སེམས་གང་ཡང་མེད༔ དཀོན་མཆོག་བཀའ་ལ་མི་ཉན་གང་ཡང་མེད༔ རི་རབ་ཟོམ་ལ་མི་བརྟེན་གང་ཡང་མེད༔ འབབ་པའི་ཆུ་ལ་མི་འཐུང་གང་ཡང་མེད༔ འཆི་བའི་སྲོག་ལ་མི་འཛེམ་གང་ཡང་མེད༔ གདུག་པའི་མཚོན་ཆས་མི་འཇིགས་གང་ཡང་མེད༔ དམ་བཅའ་ཚུལ་བཞིན་མི་བྱེད་གང་ཡང་མེད༔ གལ་ཏེ་རྒྱལ་བའི་བཀའ་ལ་མི་ཉན་ན༔ དམ་ཚིག་གཉན་པོའི་བཀའ་ལས་འདས་པ་ན༔ རྡོ་རྗེའི་དམྱལ་བར་ལྟུང་སྟེ་བརླག་པར་འགྱུར༔ དེ་བས་དཀོན་མཆོག་གསུམ་གྱི་བཀའ་དང་ནི༔ རྡོ་རྗེ་འཛིན་པ་ང་ཡི་བཀའ་ཉོན་ལ༔ མཆོད་པའི་གནས་འདིར་གཤེགས་སུ་གསོལ༔ བཛྲ་ཨཾ་ཀུ་ཤ་ཡ་ཧཱུྃ་ཛ༔ དེ་ནས་ཟིལ་གྱིས་མནན་པ་ནི་ཆེ་བའི་ང་རྒྱལ་བསྐྱེད་ལ༔ ཧཱུྃ༔ དཀྱིལ་འཁོར་དབུས་ཀྱི་སེང་ཁྲི་པདྨའི་སྟེང༔ རིག་འཛིན་བླ་མའི་ལྷ་ཚོགས་དང༔ མཁའ་འགྲོའི་གཙོ་མོ་རྡོ་རྗེ་ཕག་མོ་དང༔ བདེ་གཤེགས་རིག་འཛིན་བཀའ་བརྒྱད་ལྷ་ཚོགས་དང༔ མ་སྲིང་མཁའ་འགྲོ་དམ་ཅན་འཁོར་བཅས་ལ༔ གཙང་མར་སྦྱར་བའི་མཆོད་པ་འདི་འབུལ་གྱི༔ ཕུལ་བས་བཞེས་ལ་ལྷ་རྣམས་དགྱེས་པར་མཛོད༔ རྣལ་འབྱོར་བདག་ལ་མཐུ་དཔུང་བསྩལ་དུ་གསོལ༔ ཡུལ་འདིར་ཐོག་སེར་ལོ་དགྲ་སྲུང་དུ་གསོལ༔ དེ་ནས་སེར་བའི་བདག་པོ་བཅུ་གསུམ་དང༔ ཕྱི་ནང་གསང་བའི་སྡེ་བརྒྱད་རྣམས་སྤྱན་དྲངས་ཤིང་མཆོད་པ་ནི༔ ཧཱུྃ༔ སྲིད་པའི་རྩེ་ནས་བར་སྣང་ཁམས༔ ས་འོག་ས་སྟེང་གནས་བྱས་པའི༔ སེར་བའི་བདག་པོ་བཅུ་གསུམ་དང༔ ཕྱི་ནང་གསང་བའི་སྡེ་བརྒྱད་རྣམས༔ འཁོར་བཅས་གནས་འདིར་སྤྱན་འདྲེན་ན༔ སྐད་ཅིག་ཐང་ཅིག་ཡུད་ཙམ་ལ༔ ད་ལྟ་ཉིད་དུ་གཤེགས་སུ་གསོལ༔ ད་ལྟ་ཉིད་དུ་གཤེགས་ནས་ཀྱང༔ ཁྱེད་རྣམས་འཁོར་དང་བཅས་པ་ལ༔ དེ་རིང་རྣལ་འབྱོར་བདག་ཅག་གིས༔ ཡུལ་གྱི་ལོ་ཏོག་འདི་རྣམས་ཀྱི༔ གླུད་དུ་ལོ་གླུད་འདི་རྣམས་འབུལ༔ ཉེ་ན་བཙན་དང་མཁར་ལ་ཞེན༔ བཤོས་བུ་བཅུ་གསུམ་འདི་ལ་ཞེན༔ ངར་གླུད་བཅུ་གསུམ་འདི་ལ་ཞེན༔ འབྲས་ལུག་བཅུ་གསུམ་འདི་ལ་ཞེན༔ བདུད་བྱ་སྐྱུང་ཀ་འདི་ལ་ཞེན༔ འབྲང་རྒྱས་དཀར་ནག་འདི་ལ་ཞེན༔ དཀར་དམར་གཏོར་མ་གསེར་སྐྱེམས་དང༔ ཞོ་དང་མར་ཐུད་སྔོ་ཕུད་སོགས༔ བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ༔ ཡུལ་འདིར་ཐོག་སེར་མ་གཏང་ཞིག༔ གཡས་སུ་བྱོལ་ལ་གཡོན་དུ་ཟུར༔ གཡའ་དང་གངས་ལ་ད་དེངས་ཤིག༔ སོ་སོར་བསྔོ་བ་འདི་སྐད་དོ༔ ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ རི་བོ་མཆོག་རབ་སྟེང་ཞིག་ན༔ ལྷོ་སྤྲིན་སྨུག་པོའི་དཀྱིལ་འཁོར་དུ༔ ཡབ་གཅིག་ནག་པོ་གློག་ཕྲེང་ཅན༔ འཇིགས་པའི་གཟུགས་ལ་སྨུག་ནག་མདོག༔ ཞེ་སྡང་ཆེན་པོ་མེ་ལྟར་འབར༔ རྒྱ་མཚོ་ཆེན་པོའི་སྟེང་ཞིག་ན༔ ཡུམ་གཅིག་ཟ་བྱེད་ཧཾ་ཤཾ་མ༔ སྦལ་མགོ་ནག་མོ་ཁྲག་མིག་ཅན༔ སྐུ་མདོག་དམར་མོ་སྦྲུལ་མཇུག་ཅན༔ འདོད་ཆགས་ཆེན་པོ་ཆུ་ལྟར་འཁྲུགས༔ དེ་གཉིས་སྲིད་ཅིང་སྤྲུལ་པའི་སྲས༔ ཞེ་སྡང་འདོད་ཆགས་གཉིས་ཀྱི་བུ༔ ཧྲཱི༔ ཁྱབ་འཇུག་ཆེན་པོ་སྒྲ་གཅན་འཛིན༔ འཇིགས་བྱེད་ཆེན་པོ་སྤྲུལ་པའི་སྐུ༔ འཇིག་རྟེན་ཁམས་ཀྱི་དྲག་རྩལ་ཅན༔ དྲང་སྲོང་ཆེན་པོ་རྫུ་འཕྲུལ་ཅན༔ འཇིག་རྟེན་ཁམས་སུ་རྫུ་འཕྲུལ་སྟོན༔ ཕ་ནི་སྲིན་ལ་མ་ནི་ཀླུ༔ ཀླུ་སྲིན་ཚོགས་པའི་མཐུ་བོ་ཆེ༔ སྤྲུལ་པ་ཆེན་པོ་མི་བསྲུན་པ༔ ལུས་པོ་མི་ལ་མགོ་བོ་དགུ༔ མགོ་དགུ་བརྩེགས་པའི་བྱ་རོག་གདོང༔ མགོ་གཅིག་ལྷ་མིན་ཁྲོས་པའི་ཞལ༔ ཉི་མ་ཟླ་བ་གྲིབ་མས་གནོན༔ གཅིག་ནི་བཞད་ཅིང་དགོད་པའི་ཞལ༔ དགྱེས་པ་བཀའ་ཡི་བྱ་ར་བྱེད༔ གཅིག་ནི་ཁྲོས་པ་སྲིན་པོའི་གདོང༔ གདུག་པའི་དགྲ་བགེགས་ཟས་སུ་ཟ༔ གཅིག་ནི་བཞད་པ་དབང་གི་ཞལ༔ ཁམས་གསུམ་མ་ལུས་དབང་དུ་སྡུད༔ གཅིག་ནི་རྔམ་ཞིང་ཟ་བྱེད་གདོང༔ གནམ་ལྕགས་མེ་ཡི་ཐོག་ཆེན་འབེབ༔ གཅིག་ནི་གཙིགས་བྱེད་མ་རུངས་པ༔ ཚ་གྲང་འཐབ་པའི་རྐན་སྒྲ་སྒྲོག༔ གཅིག་ནི་འཁྲུག་བྱེད་འཇིགས་པའི་ཞལ༔ གཡོ་འགུལ་ཆེན་པོས་སེར་བ་འབེབ༔ གཅིག་ནི་གཏུམ་བྱེད་ཡེ་ཤེས་ཞལ༔ མངོན་ཤེས་རྫུ་འཕྲུལ་ཐོགས་མེད་སྟོན༔ གཅིག་ནི་ལས་སྟོབས་རྫུ་འཕྲུལ་ཅན༔ སངས་རྒྱས་བསྟན་པ་སྲུང་བར་མཛད༔ གཅིག་ནི་ཞི་བ་ལྷ་ཡི་ཞལ༔ སྒྲུབ་པ་པོ་ལ་དངོས་གྲུབ་སྟེར༔ ཁྱོད་ནི་ཆོས་སྐྱོང་ཆེན་པོ་སྟེ༔ སྟེང་གི་ཕྱོགས་སུ་བྱ་རོག་ཞལ༔ དཀོན་མཆོག་དབུ་འཕང་སྟོད་པར་བྱེད༔ སྐུ་སྟོད་མི་ལ་སྐུ་སྨད་སྦྲུལ༔ མགོ་ལུས་མེད་པར་མིག་གིས་གང༔ ཕྱོགས་བཅུར་བསྟན་པ་སྐྱོང་བའི་རྟགས༔ སྐུ་མདོག་འཇིགས་པའི་དུད་ཁ་ལ༔ ཕྱག་གཡས་ཆུ་སྲིན་རྒྱལ་མཚན་བསྣམས༔ ས་བདག་ཀླུ་གཉན་འདུལ་བའི་རྟགས༔ གཡོན་པ་ར་ཡི་མདའ་གཞུ་བསྣམས༔ སྡང་བྱེད་དགྲ་བོ་འདུལ་བའི་རྟགས༔ རི་རབ་སྟེང་ན་ལྷ་ཡི་གཙོ༔ རྒྱ་མཚོའི་སྟེང་ན་ཀླུ་ཡི་བདག༔ བར་སྣང་ཁམས་སུ་སྐྱོད་ཙ་ན༔ ལྷ་སྲིན་སྡེ་བརྒྱད་བསྡོངས་ནས་རྒྱུ༔ འཇིག་རྟེན་ཁམས་ཀུན་རློག་པར་བྱེད༔ བྱང་ཤར་མཚམས་ནས་སྐུ་སྐྱོད་ལ༔ ཉི་མའི་རྗེས་གཅོད་ནུབ་ཏུ་རྒྱུ༔ ལྷོ་ནུབ་མཚམས་ནས་སྐུ་བཞེངས་ལ༔ ཟླ་བའི་རྗེས་གཅོད་ཤར་དུ་རྒྱུ༔ མཚན་མོ་རྒྱུ་བས་ཕྱོགས་བཞི་འཇོམས༔ ཉིན་མོ་རྒྱུ་བས་མཚམས་བཞི་འཇོམས༔ ཉི་མ་ཟླ་བ་ཟས་སུ་ཟ༔ བར་སྣང་ཁམས་སུ་རྒྱུ་ཙམ་ན༔ འཇིག་རྟེན་ཁམས་ཀུན་སྲེག་པར་བྱེད༔ རྒྱ་མཚོའི་གཏིང་ན་གནས་པའི་ཚེ༔ ཀླུ་རྣམས་ཀུན་ཀྱང་འཁྲུག་པར་བྱེད༔ ཁྱོད་ནི་ཤ་ཟ་ཆེན་པོ་སྟེ༔ སྡེ་བརྒྱད་ཀུན་གྱི་དམག་དཔོན་བྱེད༔ འབྱུང་བ་ཆེན་པོ་ལྔ་ཡི་བཅུད༔ མཚན་ནི་རྣམ་པ་ལྔ་རུ་གྲགས༔ ཁྱོད་ནི་ཁྲོ་རྒྱལ་སྤྲུལ་པ་སྟེ༔ ཁམས་གསུམ་ཀུན་ན་མཐུ་རྩལ་ཆེ༔ བསྐལ་པ་གྲངས་མེད་སྔོན་རོལ་དུ༔ འཇིག་རྟེན་ཁམས་ཀྱི་དྲག་རྩལ་ཅན༔ ཕྱག་ན་རྡོ་རྗེའི་ཞབས་དྲུང་དུ༔ རྡོ་རྗེ་འཆང་གི་བཀའ་ཉན་ཅེས༔ དཔལ་ལྡན་མགོན་པོའི་ལས་མཁན་མཆོག༔ རེ་མ་ཏི་ཡི་ཕོ་ཉ་སྟེ༔ ཧེ་རུ་ཀ་ཡི་སྤྲུལ་པ་ཉིད༔ རྡོ་རྗེ་འཆང་གིས་དབང་བསྐུར་ནས༔ དཀྱིལ་འཁོར་བཅུག་ཅིང་དམ་ལ་བཏགས༔ ནུབ་ནས་ཤར་དུ་བསྐྱོད་པའི་ཚེ༔ དྲང་སྲོང་དཀར་སེར་སེར་བ་འབེབ༔ བྱང་ནས་ལྷོ་རུ་བསྐྱོད་པའི་ཚེ༔ བདུད་དམག་ཚོགས་ཀྱིས་སེར་བ་འབེབ༔ ལྷོ་ནུབ་བྱང་ཤར་བསྐྱོད་པའི་ཚེ༔ གདུག་པ་སྲིན་པོས་སེར་བ་འབེབ༔ ཤར་ནས་ནུབ་ཏུ་བསྐྱོད་ཙ་ན༔ བཙན་རྒོད་ཚོགས་ཀྱིས་སེར་བ་འབེབ༔ ནུབ་བྱང་ཤར་ལྷོར་བསྐྱོད་པའི་ཚེ༔ གཤིན་རྗེའི་ཚོགས་ཀྱིས་སེར་བ་འབེབ༔ ལྷོ་ནས་བྱང་དུ་བསྐྱོད་ཙ་ན༔ ཀླུ་བདུད་ཡོངས་ཀྱིས་སེར་བ་འབེབ༔ ཉི་ཤུ་དགུ་ཡི་མྱུར་སྨད་ལ༔ བྱང་ཤར་ལྷོ་ནུབ་བསྐྱོད་པའི་ཚེ༔ བི་ནཱ་ཡ་ཀ་ཁྲོས་པའི་སྐུ༔ དྲེགས་པ་སྡེ་བརྒྱད་སེར་བ་འབེབ༔ སྲིན་མོ་གདོང་མོ་མཆེད་བཞི་ཡང༔ སྔོན་གྱི་དམ་བཅའ་ཇི་ལྟ་བར༔ ཁྱེད་རྣམས་སེར་བའི་བདག་པོ་སྟེ༔ ལོ་གླུད་དམ་པ་འདི་བཞེས་ལ༔ གནས་འདིར་ཐོག་སེར་མ་འབེབ་ཅིག༔ ཧཱུྃ༔ ཤར་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས༔ སྤྲིན་དཀར་འཁོར་ལོའི་རྩིབས་སྟེང་ནས༔ ཤར་གྱི་སྟག་སྲིན་ཟོར་བའི་གདོང༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར༔ སྟག་གི་དབུ་ལ་ཟོར་བའི་གདོང༔ ཚངས་པ་བརྒྱ་བྱིན་ཆུང་མ་སྟེ༔ ཕྱག་ན་བསེ་ཕུབ་ཁྲག་ཟོར་བསྣམས༔ ཞབས་གཉིས་ཉི་མའི་གདན་ལ་བཞུགས༔ ཁྱེད་ཀྱང་སེར་བའི་བདག་མོ་སྟེ༔ ལོ་གླུད་དམ་པ་འདི་བཞེས་ལ༔ ཡུལ་འདིར་ཐོག་སེར་མ་འབེབ་ཅིག༔ ཧཱུྃ༔ ལྷོ་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས༔ ལྷོ་སྤྲིན་སྨུག་པོའི་རྩིབས་སྟེང་ན༔ བཾ་སྲིན་སྨུག་ནག་དྲེད་མགོ་མ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྨུག༔ སྐར་མདའ་གདོང་གི་སྲིང་མོ་སྟེ༔ ཕྱག་ན་དགྲ་སཏྭ་སྦྲུལ་ཞགས་བསྣམས༔ ཞབས་གཉིས་ཟླ་བའི་གདན་ལ་བཞུགས༔ ཁྱེད་ཀྱང་སེར་བའི་བདག་མོ་སྟེ༔ ལོ་གླུད་དམ་པ་འདི་བཞེས་ལ༔ ཡུལ་འདིར་ཐོག་སེར་མ་འབེབ་ཅིག༔ ཧཱུྃ༔ ནུབ་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས༔ སྤྲིན་ནག་འཁོར་ལོའི་རྩིབས་སྟེང་ན༔ ཀོང་སྲིན་དམར་ནག་བ་ལང་མགོ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ ཀླུ་རྒྱལ་འཇོག་པོའི་ཆུང་མ་སྟེ༔ ཕྱག་ན་ཟངས་ཀྱི་གློག་ཞགས་བསྣམས༔ ཞབས་གཉིས་ཁྲག་མཚོའི་སྟེང་ན་བཞུགས༔ ཁྱོད་ཀྱང་སེར་བའི་བདག་མོ་སྟེ༔ ལོ་གླུད་དམ་པ་འདི་བཞེས་ལ༔ ཡུལ་འདིར་ཐོག་སེར་མ་འབེབ་ཅིག༔ ཧཱུྃ༔ བྱང་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས༔ སྤྲིན་ལྗང་འཁོར་ལོའི་རྩིབས་སྟེང་ན༔ འབྲོག་སྲིན་ལྗང་ནག་ཆུ་སྲིན་གདོང༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང༔ གནོད་སྦྱིན་བརྒྱད་ཀྱི་སྲིང་མོ་སྟེ༔ རྡོ་རྗེ་བེ་ཅོན་གློག་ཞགས་བསྣམས༔ ཞབས་གཉིས་ཆུ་ཀླུང་སྟེང་ན་བཞུགས༔ ཁྱེད་ཀྱང་སེར་བའི་བདག་མོ་སྟེ༔ ལོ་གླུད་དམ་པ་འདི་བཞེས་ལ༔ ཡུལ་འདིར་ཐོག་སེར་མ་འབེབ་ཅིག༔ ཧཱུྃ༔ ཕྱོགས་བཞི་མཚམས་བརྒྱད་རྒྱུ་བ་ནི༔ དཔུང་པ་གཡས་པ་རྒྱལ་པོར་སྤྲུལ༔ ལག་པ་གཡོན་པ་རྒྱལ་མོར་སྤྲུལ༔ མགོ་བོ་སྲིན་པོར་སྤྲུལ་ནས་ཀྱང༔ མཇུག་མ་དེ་ནི་དམུ་རུ་སྤྲུལ༔ བི་ནཱ་ཡ་ཀར་སྤྲུལ་པ་སྟེ༔ སྡེ་བརྒྱད་ལྷ་སྲིན་དམག་ཚོགས་རྣམས༔ དུས་བརྒྱད་ཉིད་དུ་རྒྱུ་བྱེད་པ༔ ཁྱེད་ཀྱང་སེར་བའི་བདག་པོ་སྟེ༔ ལོ་གླུད་དམ་པ་འདི་བཞེས་ལ༔ ཡུལ་འདིར་ཐོག་སེར་མ་འབེབ་ཅིག༔ ཧཱུྃ༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཉི་མ་ལྷོ་ཕྱོགས་ཕ་གི་ན༔ བདུད་ཡུལ་དེ་ནི་ནག་པོ་ན༔ མ་བདུད་གཉན་གྱི་མཐུ་མོ་ཆེ༔ མ་ཡམས་ཆེན་མོ་དབང་སྡུད་མ༔ ནད་དང་རིམས་ཀྱི་བདག་མོ་སྟེ༔ འཇིག་རྟེན་ཁམས་རྣམས་ཕུང་མཛད་མ༔ ཐོག་དང་སེར་བའི་མངའ་བདག་མོ༔ ལོ་གླུད་དམ་པ་འདི་བཞེས་ལ༔ ཡུལ་འདིར་ཐོག་སེར་མ་འབེབ་ཅིག༔ གཡས་སུ་བྱོལ་ལ་གཡོན་དུ་ཟུར༔ ཧཱུྃ༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ནམ་མཁའ་ཡངས་པའི་དཀྱིལ་ཤེད་ན༔ གནམ་སྨན་ཐོག་གི་བུ་ཡུག་མ༔ དགྲ་ལྷའི་རྒྱལ་མོ་ལྕམ་གཅིག་མ༔ བརྒྱ་བྱིན་དཀར་མོ་ཞེས་ཀྱང་བྱ༔ དེ་ཡི་འཁོར་ན་གནས་པ་ནི༔ དབང་ཕྱུག་ཤྲཱི་རལ་པ་ཅན༔ ཁྱེད་ཀྱང་སེར་བའི་བདག་པོ་སྟེ༔ ལོ་གླུད་དམ་པ་འདི་བཞེས་ལ༔ ཡུལ་འདིར་ཐོག་སེར་མ་འབེབ་ཅིག༔ ཀྱཻ༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ རི་རབ་ཆེན་པོའི་ཕྱོགས་གཅིག་ན༔ གདོང་མོ་བཞི་ཡི་མིང་པོ་སྟེ༔ གཟའ་བདུད་རཀྴ་ཆེན་པོ་ནི༔ སྤྲུལ་པ་ཆེན་པོ་མི་བསྲུན་པ༔ ཧ་ལ་རོག་པོ་མགོ་དགུ་པ༔ བར་སྣང་དེ་ནི་ཡུད་ཀྱིས་སྐྱོད༔ སད་སེར་དེ་ནི་མུ་ཁྲིད་བྱེད༔ ཁྱེད་ཀྱང་སེར་བའི་བདག་པོ་སྟེ༔ ལོ་གླུད་དམ་པ་འདི་བཞེས་ལ༔ ཡུལ་འདིར་ཐོག་སེར་མ་འབེབ་ཅིག༔ ཀྱཻ༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཉི་མ་ནུབ་ཕྱོགས་ཕ་གི་ན༔ མ་གཅིག་སྲིད་པའི་རྒྱལ་མོ་བཞུགས༔ ཁྱོད་ནི་ཁམས་གསུམ་ཀུན་གྱི་ཡུམ༔ སྐུ་ནི་ཀུན་ཏུ་བཟང་མོ་སྟེ༔ འབྱུང་བའི་མ་མོ་ཐམས་ཅད་སྐྱོད༔ སྤྲུལ་པ་མ་མོ་ཀུན་ཏུ་འགྱེད༔ ནད་ཡམས་ཐོག་དང་སེར་བ་འབེབ༔ ཁྱེད་ཀྱང་སེར་བའི་བདག་མོ་སྟེ༔ ལོ་གླུད་དམ་པ་འདི་བཞེས་ལ༔ ཡུལ་འདིར་ཐོག་སེར་མ་འབེབ་ཅིག༔ ཀྱཻ༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཉི་མ་ཤར་ཕྱོགས་ཕ་གི་ན༔ བདུད་ཀྱི་རྒྱལ་པོ་ཆེན་པོ་སྟེ༔ ཤར་གྱི་ཀོང་རྗེ་བྲང་དཀར་དང༔ ལྷོ་ཡི་ནག་པོ་བཀྲག་མེད་དང༔ ནུབ་ཀྱི་ཡབ་རྗེ་ནག་པོ་དང༔ བྱང་གི་ཡམ་ཤུད་དམར་པོ་དང༔ བདུད་བྱ་འཁོར་བ་ཅན་ཞེས་ཏེ༔ བདུད་ཀྱི་རྒྱལ་པོ་ཁྱེད་རྣམས་ཀྱང༔ འཁོར་ན་བདུད་ཕྲན་སྟོང་གིས་བསྐོར༔ ནམ་གྱི་གུང་ལ་རྒྱུག་བྱེད་ཅིང༔ ཚེ་སྲོག་གཅོད་ཅིང་སེར་བ་འབེབ༔ ཁྱེད་ཀྱང་སེར་བའི་བདག་པོ་སྟེ༔ ལོ་གླུད་དམ་པ་འདི་བཞེས་ལ༔ ཡུལ་འདིར་ཐོག་སེར་མ་འབེབ་ཅིག༔ ཀྱཻ༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཐང་ཁུ་ཡི་ནི་རྒྱལ་པོ་སྟེ༔ དམུ་རྗེ་དེ་ནི་ཆེན་པོ་པ༔ དམུ་བདུད་ཀྱི་ནི་རྒྱལ་པོ་ཡིན༔ འཁོར་ནི་དམུ་བདུད་འབུམ་གྱིས་བསྐོར༔ གློ་བུར་སྐྱིན་ཐང་རྐུན་པོ་གཏོང༔ ཐོག་དང་སེར་བའི་སྣ་ཁྲིད་བྱེད༔ ཁྱེད་ཀྱང་སེར་བའི་བདག་པོ་སྟེ༔ ལོ་གླུད་དམ་པ་འདི་བཞེས་ལ༔ ཡུལ་འདིར་ཐོག་སེར་མ་འབེབ་ཅིག༔ ཀྱཻ༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཉི་མ་ལྷོ་ཕྱོགས་ཕ་གི་ན༔ གཤིན་རྗེ་ཡི་ནི་རྒྱལ་པོ་སྟེ༔ འཁོར་ནི་གཤིན་རྗེ་འབུམ་གྱིས་བསྐོར༔ ལས་ནི་གསོད་དང་གཅོད་ལ་དགའ༔ འཇིག་རྟེན་སྒྲོལ་མཛད་མཐུ་བོ་ཆེ༔ ཡ་མ་ནག་པོ་ལས་ཀྱི་གཤེད༔ ཟས་སྐོམ་ཤ་དང་ཁྲག་ལ་རོལ༔ ཁྱེད་ཀྱང་སེར་བའི་བདག་པོ་སྟེ༔ ལོ་གླུད་དམ་པ་འདི་བཞེས་ལ༔ ཡུལ་འདིར་ཐོག་སེར་མ་འབེབ་ཅིག༔ ཀྱཻ༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཉི་མ་ཤར་ལྷོ་ཕ་གི་ན༔ ཡུལ་རྗེ་དེ་ནི་ཆེན་པོ་སྟེ༔ ཡུལ་གྱི་ཡུལ་བདག་ཆེན་པོ་ཁྱོད༔ སྔོན་ནི་ལྷ་གཡག་དཀར་པོས་མཆོད༔ བར་དུ་ལྷ་ལུག་དཀར་པོས་མཆོད༔ ད་ལྟ་འབྲས་ལུག་ཞལ་དཀར་མཆོད༔ ཁྱེད་ཀྱང་སེར་བའི་བདག་པོ་སྟེ༔ ལོ་གླུད་དམ་པ་འདི་བཞེས་ལ༔ ཡུལ་འདིར་ཐོག་སེར་མ་འབེབ་ཅིག༔ ཀྱཻ༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཡུལ་གྱི་ཡུལ་བདག་ཆེན་པོ་སྟེ༔ ཡུལ་གྱི་བདག་པོར་གཉེར་གཏད་ནས༔ ཡུལ་རྗེ་ཆེན་པོར་མངའ་གསོལ་ཞིང༔ ཡུལ་ལྷ་ཆེན་པོ་མཐུ་རྩལ་ཅན༔ ཁྱེད་ཀྱང་སེར་བའི་བདག་པོ་སྟེ༔ ལོ་གླུད་དམ་པ་འདི་བཞེས་ལ༔ ཡུལ་འདིར་ཐོག་སེར་མ་འབེབ་ཅིག༔ ཀྱཻ༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཉི་མ་ལྷོ་ནུབ་ཕ་གི་ན༔ ཡཀྴ་རཀྴ་ཆེན་པོ་སྟེ༔ འཁོར་ན་གནས་པ་བཙན་གྱི་བུ༔ མཆེད་ནི་སུམ་བརྒྱ་དྲུག་ཅུ་སྟེ༔ དགེ་བསྙེན་བཙན་གྱི་རྒྱལ་པོ་པ༔ རྡོ་རྗེ་ལེགས་པ་ཞེས་ཀྱང་བྱ༔ མགྱོགས་པ་སྡེ་བརྒྱད་འཁོར་དང་བཅས༔ ཁྱེད་ཀྱང་སེར་བའི་བདག་པོ་སྟེ༔ ལོ་གླུད་དམ་པ་འདི་བཞེས་ལ༔ ཡུལ་འདིར་ཐོག་སེར་མ་འབེབ་ཅིག༔ ཀྱཻ༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཉི་མ་བྱང་ཤར་ཕ་གི་ན༔ བགེགས་ཀྱི་རྒྱལ་པོ་ཆེན་པོ་སྟེ༔ ཤར་ཕྱོགས་ཁམས་གསུམ་བདག་པོ་ཡིན༔ ལྷོ་ཕྱོགས་སྲིན་གྱི་རྒྱལ་མོ་དང༔ ནུབ་ཕྱོགས་དགེ་བསྙེན་རྡོ་རྗེ་མཆུ༔ བྱང་ཕྱོགས་བི་ནཱ་ཡ་ཀ་སྟེ༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུར་བཅས༔ ལས་ལ་འགྱེད་པའི་མཐུ་བོ་ཆེ༔ ཁྱེད་ཀྱང་སེར་བའི་བདག་པོ་སྟེ༔ ལོ་གླུད་དམ་པ་འདི་བཞེས་ལ༔ ཡུལ་འདིར་ཐོག་སེར་མ་འབེབ་ཅིག༔ ཀྱཻ༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཉི་མ་ནུབ་བྱང་ཕ་གི་ན༔ བདུད་ཀྱི་བུ་ལ་ཀླུ་ཡི་ཚ༔ ཀླུ་བདུད་ཀུན་གྱི་རྒྱལ་པོ་སྟེ༔ ཀླུ་བདུད་ནག་པོ་གདུག་པ་ཅན༔ འཁོར་དུ་ཀླུ་བདུད་འབུམ་གྱིས་བསྐོར༔ ཕོ་ཉར་ས་བདག་ཀླུ་གཉན་འགྱེད༔ ནད་དུ་མཛེ་ནད་འབྲུམ་ནད་གཏོང༔ ལས་སུ་ཐོག་དང་སེར་བ་འབེབ༔ ཁྱེད་ཀྱང་སེར་བའི་བདག་པོ་སྟེ༔ ལོ་གླུད་དམ་པ་འདི་བཞེས་ལ༔ ཡུལ་འདིར་ཐོག་སེར་མ་འབེབ་ཅིག༔ ཀྱཻ༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ བཙན་གྱི་བུ་ལ་ཀླུ་ཡི་ཚ༔ ཀླུ་བཙན་གཉན་གྱི་མཐུ་བོ་ཆེ༔ ཀླུ་སྲིན་ཀུན་ལ་དབང་མཛད་ཅིང༔ བྲག་སྲིན་ཐམས་ཅད་བྲན་དུ་འཁོལ༔ མཛེ་ནད་ལྷོག་པ་གྲི་རྒོད་གཏོང༔ ཐོག་སེར་སྐྱིན་ཐང་སེར་བ་འབེབ༔ ཁྱེད་ཀྱང་སེར་བའི་བདག་པོ་སྟེ༔ ལོ་གླུད་དམ་པ་འདི་བཞེས་ལ༔ ཡུལ་འདིར་ཐོག་སེར་མ་འབེབ་ཅིག༔ ཀྱཻ༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ འོག་ཕྱོགས་ས་བདག་མཆེད་བཞི་ཡང༔ ཀླུ་ཡི་རྒྱལ་པོ་ཆེན་པོ་བརྒྱད༔ གཉན་པོའི་བདག་ནི་མཆེད་དྲུག་རྣམས༔ ཀླུ་རྣམས་ཀྱི་ནི་བདག་པོ་སྟེ༔ ཀླུ་རྣམས་ཀུན་གྱི་ཁ་ལོ་སྒྱུར༔ ས་བདག་ཀླུ་གཉན་འཁོར་དང་བཅས༔ སད་དང་སེར་བ་གར་ཡང་འབེབ༔ ཁྱེད་ཀྱང་སེར་བའི་བདག་པོ་སྟེ༔ ལོ་གླུད་དམ་པ་འདི་བཞེས་ལ༔ ཡུལ་འདིར་ཐོག་སེར་མ་འབེབ་ཅིག༔ གཡས་སུ་བྱོལ་ལ་གཡོན་དུ་ཟུར༔ གཟའ་ཡི་སེར་བ་མ་གཏང་ཞིག༔ ཡུལ་ལྷའི་སེར་བ་མ་གཏང་ཞིག༔ ཀླུ་བཙན་སེར་བ་མ་གཏང་ཞིག༔ མ་བདུད་སེར་བ་མ་གཏང་ཞིག༔ ཀླུ་སྨན་སེར་བ་མ་གཏང་ཞིག༔ མ་མོའི་སེར་བ་མ་གཏང་ཞིག༔ བརྟན་མའི་སེར་བ་མ་གཏང་ཞིག༔ ལྷ་ཡི་སེར་བ་མ་གཏང་ཞིག༔ གནོད་སྦྱིན་སེར་བ་མ་གཏང་ཞིག༔ ཡུལ་བདག་སེར་བ་མ་གཏང་ཞིག༔ རྒྱལ་པོའི་སེར་བ་མ་གཏང་ཞིག༔ གནས་འདིར་ཐོག་སེར་མ་གཏང་ཞིག༔ སེར་བ་དགྲ་དང་བགེགས་ལ་བྷྱོ༔ ཀྱཻ༔ ལྷ་ཡི་དབང་པོ་བརྒྱ་བྱིན་དང༔ ཐགས་བཟང་རིས་དང་དགའ་བོ་དང༔ བྱ་རོག་མགོ་བརྩེགས་ཚངས་པ་དང༔ ལང་ཀ་མགྲིན་བཅུ་བདུད་རྒྱལ་དང༔ དམུ་རྗེ་བཙན་པོ་ལ་སོགས་པ༔ ཕྱི་ཡི་སྡེ་བརྒྱད་འཁོར་བཅས་རྣམས༔ ལོ་གླུད་དམ་པ་འདི་བཞེས་ལ༔ ཡུལ་འདིར་ཐོག་སེར་མ་འབེབ་ཅིག༔ ཀླུ་ཡི་རྒྱལ་པོ་སོག་མ་མེད༔ མ་མོ་ཙ་མུནྟི་ལ་སོགས༔ གཤིན་རྗེ་དམར་པོ་གཟའ་བདུད་དང༔ བཙན་བདུད་ནག་པོ་གསེར་མིག་མ༔ ཡུལ་ལྷ་མ་ཧཱ་དེ་བ་དང༔ སྨན་མོ་འབྲུག་སྒྲོག་ལ་སོགས་པ༔ ནང་གི་སྡེ་བརྒྱད་འཁོར་བཅས་རྣམས༔ ལོ་གླུད་དམ་པ་འདི་བཞེས་ལ༔ ཡུལ་འདིར་ཐོག་སེར་མ་འབེབ་ཅིག༔ དབང་ཕྱུག་མ་ཧཱ་དེ་བ་དང༔ ཀླུ་བདུད་འཆི་བདག་མགོ་དགུ་པ༔ གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དང༔ མ་མོ་ཨེ་ཀ་ཛཱ་ཊི་དང༔ བདུད་པོ་རོལ་པ་རྐྱ་གཅིག་པོ༔ སྲིན་པོ་རཀྴ་ནག་པོ་དང༔ གནོད་སྦྱིན་རྒྱལ་པོ་ཀར་ཙ་དང༔ ཁྱབ་འཇུག་ཆེན་པོ་ལ་སོགས་པ༔ གསང་བའི་སྡེ་བརྒྱད་འཁོར་དང་བཅས༔ ལོ་གླུད་དམ་པ་འདི་བཞེས་ལ༔ ཡུལ་འདིར་ཐོག་སེར་མ་འབེབ་ཅིག༔ བྱིང་ན་དམུ་བདུད་ཧ་ལིང་ཀ༔ མུ་ཁ་ལེ་དང་རཀྴ་ནག༔ མ་མོ་གསོད་བྱེད་འཁོར་དང་བཅས༔ ཀླུ་བཙན་རོལ་པ་གློག་འཁྱུགས་དང༔ གཤིན་རྗེ་ཡཀྴ་ཧ་ལ་དང༔ བདུད་པོ་བྱ་རོག་མགོ་བརྩེགས་སོགས༔ སྦས་པའི་སྡེ་བརྒྱད་འཁོར་དང་བཅས༔ ལོ་གླུད་དམ་པ་འདི་བཞེས་ལ༔ ཡུལ་འདིར་ཐོག་སེར་མ་འབེབ་ཅིག༔ བདུད་པོ་ཡབ་རྗེ་ནག་པོ་དང༔ སྲོག་བདག་དཀར་པོ་སྙིང་འབྱིན་དང༔ ཡུལ་ལྷ་ཕྱ་སང་མགོན་པོ་ནག༔ རྡོར་ལེགས་སྲིན་པོ་སྲོག་བདག་དང༔ གནམ་ཐེ་དཀར་པོ་ཡམ་ཤུད་དམར༔ མ་མོ་རེ་མ་ཏི་ལ་སོགས༔ བསྟན་པ་སྐྱོང་བའི་སྡེ་བརྒྱད་རྣམས༔ ལོ་གླུད་དམ་པ་འདི་བཞེས་ལ༔ ཡུལ་འདིར་ཐོག་སེར་མ་འབེབ་ཅིག༔ བཙན་རྒོད་སྦྲུལ་གྱི་མགོ་ཅན་དང༔ དམུ་རྗེ་བཙན་པོ་ཡ་བ་ཏི༔ བདུད་ནག་སྐྲག་བྱེད་སྲོག་གཅོད་ནག༔ ཀླུ་བདུད་ནག་པོ་སྦྲུལ་ཞགས་ཅན༔ གནོད་སྦྱིན་སྲོག་གཅོད་ནག་པོ་དང༔ མ་མོ་ནག་མོ་ཁྲག་འཛག་སོགས༔ དྲག་སྔགས་ལྷ་སྲིན་སྡེ་བརྒྱད་རྣམས༔ ལོ་གླུད་དམ་པ་འདི་བཞེས་ལ༔ ཡུལ་འདིར་ཐོག་སེར་མ་འབེབ་ཅིག༔ ཐང་ལྷ་གཡའ་སྤང་སྐྱེས་གཅིག་དང༔ སྐྱེས་བུ་ལུང་བཙན་བན་རུ་ཏྲ༔ ཧོ་ལ་འབར་བ་ཟུར་ཕུད་ཅན༔ རྒྱལ་པོ་ཤིང་བྱ་ཅན་ལ་སོགས༔ ཡུལ་འདིར་གནས་པའི་སྡེ་བརྒྱད་དང༔ ཡུལ་ལྷ་གཞི་བདག་མ་ལུས་པ༔ བཏགས་ཆགས་སྡེ་བརྒྱད་འཁོར་བཅས་རྣམས༔ ལོ་གླུད་དམ་པ་འདི་བཞེས་ལ༔ ཡུལ་འདིར་ཐོག་སེར་མ་འབེབ་ཅིག༔ གཞན་ཡང་འོ་དེ་གུང་རྒྱལ་སོགས༔ ལྷ་བདུད་སུམ་བརྒྱ་དྲུག་ཅུའི་སྡེ༔ གཤིན་རྗེ་མ་མོ་བདུད་བཙན་དང༔ གནོད་སྦྱིན་གཟའ་ཀླུ་རྒྱལ་པོ་སོགས༔ མྱུར་མགྱོགས་བསྟན་སྲུང་སྡེ་བརྒྱད་རྣམས༔ ལོ་གླུད་དམ་པ་འདི་བཞེས་ལ༔ ཡུལ་འདིར་ཐོག་སེར་མ་འབེབ་ཅིག༔ གཡས་སུ་བྱོལ་ལ་གཡོན་དུ་ཟུར༔ སེར་བའི་བདག་པོ་བཅུ་གསུམ་དང༔ ཕྱི་ནང་གསང་བའི་སྡེ་བརྒྱད་རྣམས༔ རིག་འཛིན་བླ་མའི་བཀའ་མ་གཅོག༔ རྟ་མགྲིན་རྒྱལ་པོའི་དམ་མ་འདྲལ༔ བསགས་པའི་ཡོ་བྱད་ཆུད་མ་གསན༔ སྔགས་འཆང་བདག་གི་བཀའ་མ་གཅོག༔ དེས་ན་བདག་གི་ངག་ལ་ཉོན༔ ཡུལ་འདིར་ཐོག་སེར་མ་འབེབ་ཅིག༔ གཟའ་དང་བཙན་གྱི་སེར་བ་ཟློགས༔ ཀླུ་དང་གཉན་གྱི་སེར་བ༴ གཤིན་རྗེ་རྒྱལ་པོའི་སེར་བ༴ བདུད་དང་མ་མོའི་སེར་བ༴ ཡུལ་བདག་གནོད་སྦྱིན་སེར་བ༴ ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད༔ ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི༔ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང༔ དཔལ་མགོན་བདུན་ཅུ་རྩ་གཉིས་རྣམས༔ ཐོག་དང་སེར་བའི་བདག་པོ་སྟེ༔ ལོ་གླུད་དམ་པ་འདི་བཞེས་ལ༔ ཡུལ་འདིར་ཐོག་སེར་མ་འབེབ་ཅིག༔ གཡས་སུ་བྱོལ་ལ་གཡོན་དུ་ཟུར༔ དེ་ནི་རྫོངས་གདབ་པར་བྱ་བ་ནི༔ ཀྱཻ༔ འབྲས་བུ་ལོ་ཏོག་རྣམས་ཀྱི་དགྲ༔ སྐྱིན་ཐང་སེར་བ་ཞེས་བྱ་བའི༔ སེར་བདག་ཁྱེད་རྣམས་ང་ལ་ཉོན༔ ཤར་ཕྱོགས་སྨིན་དྲུག་འཆར་འོག་ན༔ རྒྱ་ནག་གླིང་ཕྱོགས་ཆེན་པོ་ན༔ རྒྱ་ནག་རྩིས་ཀྱི་རྒྱལ་པོ་བཞུགས༔ རྒྱལ་པོའི་མངའ་ཐང་དེ་ན་ཆེ༔ བློན་པོའི་ངོ་ཡང་དེ་ན་ཆེ༔ ཟས་ནོར་དཀོར་མཛོད་དེ་ན་ཕྱུག༔ ལོ་ཐོག་འབྲས་བུ་དེ་ན་རྒྱས༔ སྙེ་མ་དེ་ནི་དོང་པ་ཙམ༔ གང་བུ་དེ་ནི་གཞུ་ཤུབས་ཙམ༔ ནས་དཀར་བཏབ་པ་ཕུག་རོན་ཙམ༔ ནག་པོ་བཏབ་པ་སྐྱུང་ཀ་ཙམ༔ བྲ་བོ་བཏབ་པ་རྟ་མགོ་ཙམ༔ གྲོ་སྲན་བཏབ་པ་གཡག་མགོ་ཙམ༔ སྲན་ཆུང་བཏབ་པ་རང་འཐག་ཙམ༔ ལ་ཕུག་བཏབ་པ་རྫ་མ་ཙམ༔ ལ་ལོ་དེ་ནི་མཆིན་པ་ཙམ༔ ཉུང་མ་བཏབ་པ་པར་བུ་ཙམ༔ དེ་ཡི་ཡུལ་དུ་ཁྱོད་སོང་ཞིག༔ བདག་གིས་བསྲུང་བའི་ས་ཡུལ་འདིར༔ ལོ་ཐོག་དགྲ་རུ་མ་ལྡང་ཞིག༔ བདུད་དུ་མ་འབེབས་ཁྱོད་སོང་ཞིག༔ ལྷོ་ཕྱོགས་ལག་སོར་འཆར་འོག་ན༔ རྒྱ་གར་ཆོས་ཀྱི་རྒྱལ་པོ་བཞུགས༔ རྒྱལ་པོའི་མངའ་ཐང་དེ་ན་ཆེ༔ བཙུན་མོའི་ཆས་གོས་དེ་ན་བཟང༔ བློན་པོའི་ངོ་ཡང་དེ་ན་ཆེ༔ ཟས་ནོར་དཀོར་མཛོད་དེ་ན་ཕྱུག༔ ལོ་ཐོག་འབྲས་བུ་དེ་ན་བཟང༔ སྙེ་མ་དེ་ནི་དོང་པ་ཙམ༔ གང་བུ་དེ་ནི་གཞུ་ཤུབས་ཙམ༔ ནས་དཀར་བཏབ་པ་ཕུག་རོན་ཙམ༔ ནག་པོ་བཏབ་པ་སྐྱུང་ཀ་ཙམ༔ བྲ་བོ་བཏབ་པ་རྟ་མགོ་ཙམ༔ གྲོ་སྲན་བཏབ་པ་གཡག་མགོ་ཙམ༔ སྲན་ཆུང་བཏབ་པ་རང་འཐག་ཙམ༔ ལ་ཕུག་བཏབ་པ་རྫ་མ་ཙམ༔ ལ་ལོ་དེ་ནི་མཆིན་པ་ཙམ༔ ཉུང་མ་བཏབ་པ་པར་བུ་ཙམ༔ དེ་ཡི་ཡུལ་དུ་ཁྱོད་སོང་ཞིག༔ ནུབ་ཕྱོགས་ཟླ་བ་ཚེས་པ་ན༔ སྟག་གཟིག་ནོར་གྱི་རྒྱལ་པོ་བཞུགས༔ རྒྱལ་པོའི་མངའ་ཐང་དེ་ན་ཆེ༔ བཙུན་མོའི་ཆས་གོས་དེ་ན་བཟང༔ བློན་པོའི་ངོ་ཡང་དེ་ན་ཆེ༔ ཟས་ནོར་དཀོར་མཛོད་དེ་ན་ཕྱུག༔ ལོ་ཏོག་འབྲས་བུ་དེ་ན་ལེགས༔ སྙེ་མ་དེ་ནི་དོང་པ་ཙམ༔ གང་བུ་དེ་ནི་གཞུ་ཤུབས་ཙམ༔ ནས་དཀར་བཏབ་པ་ཕུག་རོན་ཙམ༔ ནག་པོ་བཏབ་པ་སྐྱུང་ཀ་ཙམ༔ བྲ་བོ་བཏབ་པ་རྟ་མགོ་ཙམ༔ གྲོ་སྲན་བཏབ་པ་གཡག་མགོ་ཙམ༔ སྲན་ཆུང་བཏབ་པ་རང་འཐག་ཙམ༔ ལ་ཕུག་བཏབ་པ་རྫ་མ་ཙམ༔ ལ་ལོ་དེ་ནི་མཆིན་པ་ཙམ༔ ཉུང་མ་བཏབ་པ་པར་བུ་ཙམ༔ དེ་ཡི་ཡུལ་དུ་ཁྱོད་སོང་ཞིག༔ བྱང་ཕྱོགས་སྨེ་བདུན་འཆར་འོག་ན༔ གེ་སར་དམག་གི་རྒྱལ་པོ་བཞུགས༔ རྒྱལ་པོའི་མངའ་ཐང་དེ་ན་ཆེ༔ བཙུན་མོའི་རྒྱན་གོས་དེ་ན་ལེགས༔ བློན་པོའི་གསུང་སྙན་དེ་ན་སྒྲོག༔ ཟས་ནོར་དཀོར་མཛོད་དེ་ན་ཕྱུག༔ ལོ་ཐོག་འབྲས་བུ་དེ་ན་ལེགས༔ སྙེ་མ་དོང་པ་ཙམ་ཡང་ཡོད༔ གང་བུ་དེ་ནི་གཞུ་ཤུབས་ཙམ༔ ནས་དཀར་བཏབ་པ་ཕུག་རོན་ཙམ༔ ནག་པོ་བཏབ་པ་སྐྱུང་ཀ་ཙམ༔ བྲ་བོ་བཏབ་པ་རྟ་མགོ་ཙམ༔ གྲོ་སྲན་བཏབ་པ་གཡག་མགོ་ཙམ༔ སྲན་ཆུང་བཏབ་པ་རང་འཐག་ཙམ༔ ལ་ཕུག་བཏབ་པ་རྫ་མ་ཙམ༔ ལ་ལོ་དེ་ནི་མཆིན་པ་ཙམ༔ ཉུང་མ་བཏབ་པ་པར་བུ་ཙམ༔ དེ་ཡི་ཡུལ་དུ་ཁྱོད་སོང་ཞིག༔ དེ་རིང་ནས་ནི་རྫོངས་བཏབ་བོ༔ ང་ཡིས་བསྲུང་བའི་ས་ཕྱོགས་འདིའི༔ ཡུལ་འདིར་མ་གནོད་ཁྱོད་སོང་ཞིག༔ བདག་གི་ཐོ་ཡིས་གང་བཅད་སར༔ སེར་རྐུན་ཆོམ་པོ་མ་བྱེད་ཅིག༔ རྒྱ་ནག་ཡུལ་དུ་ཁྱོད་སོང་ཞིག༔ རྒྱ་གར་ཡུལ་དུ་ཁྱོད་སོང་ཞིག༔ བྷ་ཏ་ཧོར་གྱི་ཡུལ་དུ་སོང༔ ཀོང་པོའི་ཡུལ་དུ་ཁྱོད་སོང་ཞིག༔ མོན་ཡུལ་མཐིལ་དུ་ཁྱོད་སོང་ཞིག༔ ཐོག་སེར་རི་བོའི་རྩེ་ལ་བྷྱོ༔ ལོ་གླུད་དམ་པ་འདི་བཞེས་ལ༔ ང་ཡིས་བསྲུངས་བའི་ཐོ་ནང་དུ༔ ཐོག་སེར་རྐུན་པོ་མ་གཏང་ཞིག༔ གཡས་སུ་བྱོལ་ལ་གཡོན་དུ་ཟུར༔ བྱད་མ་གནོད་བྱེད་སྟེང་དུ་བྷྱོ༔ ཞེས་བརྗོད་ལ་དྲག་སྔགས་བཟླས་ཤིང༔ ཐོག་སེར་དགྲ་ཡུལ་དུ་དམིགས་ལ་བྷྱོས་གདབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིན་ཆེན་ཁང་བུའི་གདམས་སྐོར་ལས་ལོ་གླུད་ཀྱི་ཆོ་ག་རྫོགས་སོ༔ བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ། །དགེའོ། །བཀྲ་ཤིས།། །། ༄༅༔ ཧཱུྃ༔ ཀེ་ཀ་ཀེ་དུན༔ ཡ་མ་རཀྴ་ཛ༔ མཱུན་ཏྲི་རཾ་ཏྲི་ཤུ་སྙིང་ལ་རྦད༔ སརྦ་དུ་རཾ་ཨུར་ནན༔ ཧ་ཤྲི་རྦུད་ནན༔ སྲོག་ལ་མྱོག་རྦད༔ སརྦ་ནཱ་ག་ཙིཏྟ་ཐུམ་རྦུད་ནན༔ ཁཾ་ཤག་སྒྱུར༔ སརྦ་ཙིཏྟ་གཟེར་ཐུཾ༔ ཏྲིག་ནན་བྷྱོ་ཟློག༔ ཡུལ་འདིར་སེར་བའི་གནོད་པ་ཕྱིར་ཟློག་གཞན་དུ་སྒྱུར༔ ཕ་རི་ལ་ཤར་ཕ་རི་ལ་ཟློག་ཕ་རི་ལ་བྷྱོ༔ བཛྲ་ཀྲོ་ཏ་འགྲིམས་རྒྱལ་པོའི་སེར་བ་ཟློག༔ མ་མོའི་སེར་བ་ཟློག༔ བདུད་ཀྱི་སེར་བ་ཟློག༔ བཙན་གྱི་སེར་བ་ཟློག༔ གཤིན་རྗེའི་སེར་བ་ཟློག༔ གཟའི་སེར་བ་ཟློག༔ ཀླུ་ཡི་སེར་བ་ཟློག༔ དམུའི་སེར་བ་ཟློག༔ ཕྱྭའི་སེར་བ་ཟློག༔ ལྷའི་སེར་བ་ཟློག༔ སྨན་གྱི་སེར་བ་ཟློག༔ སྤྱིར་དྲེགས་པ་ཅན་བཅོ་བརྒྱད་ཀྱི་སེར་བ་ཟློག༔ སྒོས་ལྷ་མ་སྲིན་སྡེ་བརྒྱད་ཀྱི་སེར་བ་ཟློག༔ ཡང་སྒོས་ཕོ་རྒྱུད་ཀྱི་སེར་བ་ཟློག༔ ཁྱད་པར་མོ་རྒྱུད་ཀྱི་སེར་བ་ཟློག༔ དྲག་པོ་ཀླུ་བདུད་ཀྱི་སེར་བ་ཟློག༔ ཡུལ་འདིར་སྡེ་བརྒྱད་འཁྲུགས་སེར་དང་། གཞན་གྱིས་ཕབ་སེར་སོགས་ཆུ་འཁྱགས་སྐྱིན་ཐང་དྲག་པོའི་སེར་བའི་གནོད་པ་ཐམས་ཅད་ཕྱིར་ཟློགས་ཤིག༔
བླ་མ་དྲག་པོ་མཐིང་ནག་ཡང་ཁྲོས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་གནམ་ལྕགས་དབལ་ཟེར་ (Volume 14, Text 7)
༄༅། །བླ་མ་དྲག་པོ་མཐིང་ནག་ཡང་ཁྲོས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་གནམ་ལྕགས་དབལ་ཟེར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཀྲོ་དྷ་ཀཱ་མེ་ཤྭ་རཱ་ཡ། ཆོས་ཉིད་འགྱུར་མེད་ནམ་མཁའི་དཀྱིལ་འཁོར་བཞིན། །འཁོར་འདས་དབྱིངས་ཀུན་ཁྱབ་པའི་ཐུགས་རྗེའི་རྩལ། །མ་རུངས་བདུད་འཇོམས་ཤིན་ཏུ་ཁྲོས་པའི་སྐུ །བླ་མ་མཐུ་སྟོབས་རབ་འབར་དེ་ལ་འདུད། །དེ་ཡི་སྒྲུབ་ཐབས་སྙིགས་དུས་ཀྱི། །ནད་གདོན་གཉེན་པོ་ཟླ་མེད་པ། །མྱོང་བས་གྲུབ་པའི་སྨིན་བྱེད་ཀྱི། །ལག་ལེན་ཉུང་གསལ་འདིར་དགོད་བྱ། །ཟབ་ཅིང་གཉན་ལ་ནུས་པའི་རྣོ་མྱུར་ཕུལ་དུ་བྱུང་བའི་གུར་དྲག་མཐིང་ཁའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་དོན་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ་གཉིས། དབང་རྫས་བཤམ་པ། དབང་དོན་སྒྲུབ་མཆོད་བྱ་བའོ། །དང་པོ་ནི། སྟེགས་བུའི་སྟེང་དུ་རས་བྲིས་ཀྱི་དཀྱིལ་འཁོར་དགྲམ། མ་འཛོམ་ན་མཎྜལ་ལ་འབྲུ་མེ་ཏོག་མཐིང་གའམ་ནག་པོ་ཁྲག་ཆང་གིས་གཤེར་བའི་ཚོམ་བུ་གཙོ་འཁོར་ལྔ། དེ་རྒྱབ་བཅུ། དེ་རྒྱབ་བཞི་བཀོད་པའི་ཁར་མཉྫི་ལ་བུམ་པ་མགུལ་ཆིངས་མཐིང་ནག་བཅུད་དང་ཁ་རྒྱན་ལྡན་པ་བཞག །ཕྱོགས་བཞིར་མིང་དབང་རྡོར་དྲིལ། དབུ་རྒྱན། རྡོ་རྗེ། དྲིལ་བུ་རྣམས་དང་། རྒྱབ་ངོས་སུ་དཔལ་གཏོར་སྐུ་ཙཀ་དར་གདུགས་མཐིང་ག་ཕུབ། མདུན་ངོས་སུ་ལྷ་ཙཀ་གཙོ་འཁོར་ཚང་མ། དུར་ཁྲོད་ཆས། ཐོད་པ་མཚན་ལྡན་ཆང་ལ་མངར་གསུམ་ཆོས་སྨན་སྦྱར་བའི་ཁར་མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་ཆོས་འབྱུང་བསྣོལ་མའི་དབུས་པདྨ་འདབ་བཞིའི་དབུས་དང་ཕྱོགས་བཞིར་བཾ་ཧ་རི་ནི་ས་བྲིས་པས་བཀབ་པའི་སྟེང་ཤེལ་རྡོ་བཞག །སྔགས་བྱང་དང་སྒྲུབ་དཔེ་གླེགས་བམ། རཀྴའམ་ཐོད་ཕྲེང་། སྡེ་བརྒྱད་བཀའ་གཏད་ལ་དམར་གཏོར་གཙོ་འཁོར་དགུ་པ་འཛོམ་ན་ཙཀླི་བཙུགས་པ་རྣམས་ཅི་བདེར་བཞག །སྨན་རཀ་གཏོར་གསུམ། ཕྱི་མཆོད་སྤྱི་ལྟར་བཤམ། གཞན་ཡང་བསྒྲལ་དབང་ཆས་ལྕགས་ཧོམ་དུ་ཤོག་ལིང་དང་ཟན་ལིང་བཅུག་པ། དམར་གཏོར། ཕུར་པ་རལ་གྲི །སྐྱེར་པའི་མེ་ཧོམ། དམ་ཆུ། མིག་དར། མེ་ཏོག །སྔོན་གཏོར་དཀར་བགེགས་ཚར་གཉིས། གཏེར་སྲུང་གཏོར་འབུལ། ཚོགས་ཀྱི་ཡོ་བྱད་སོགས་ཉེར་མཁོ་རྣམས་ཚོགས་པར་བྱའོ། །གཉིས་པ་ནི། བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་ལས་བྱང་ཕྲིན་ལས་མྱུར་འགྲུབ་ཀྱི་སྐྱབས་སེམས་ནས་བརྩམ་མཐར་ཆགས་སུ་བཏང་། བདག་མདུན་དབྱེར་མེད་དུ་བསྐྱེད། བཟླས་པའི་སྐབས་ཛཔ྄་ཁང་ཕྱེས་ལ་བདག་མདུན་གཉིས་ཀར་འཕྲོ་འདུའི་དམིགས་པ་དང་བཅས་ཏེ་རྩ་བསྙེན་དང་སྤྱི་དྲིལ་ཅི་འགྲུབ་བཟླས་ལ་སྟོང་ཚིག་གི་མཆོད་བསྟོད་འབུལ། དེ་ནས་བུམ་པ་སྒྲུབ་པ་ནི། ཨོཾ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རྣམ་རྒྱལ་གྱི་བུམ་པའི་ནང་དུ་འཁོར་ལོ་སྔོན་པོ་རྩིབས་བཅུ་པའི་ལྟེ་བར་ཨེ་གྲུ་གསུམ་མཐིང་ནག་འབར་བའི་ཀློང་དུ་པདྨ་ཉི་མ་རུ་དྲ་ཕོ་མོའི་གདན་ལ༔ གུ་རུ་དྲག་པོ་མཐིང་ནག་ཁྲོ་ཆས་ཡོངས་རྫོགས་གནས་ལྔར་གོ་ཆ་ལྷ་ལྔ༔ འཁོར་རིགས་བཞི་དང་ཁྲོ་བཅུ་སྒོ་སྲུང་དང་བཅས་པ༔ རིགས་བདག་ཐོད་ཕྲེང་སྡེ་ལྔ་ཡེ་ཤེས་བྱ་ཁྱུང་དང་བཅས་པ་གསལ་བའོ༔ ལས་བུམ་ནང་དུ་པད་སྡོང་དང་ཉི་གདན་ལ་ཁྲོ་བོ་བདུད་རྩི་འཁྱིལ་པ་ཕྱག་གཉིས་ཐལ་སྦྱར་བུམ་པ་འཛིན་པ་གསལ་བར་གྱུར༔ དེ་ཐམས་ཅད་ཀྱི་གནས་གསུམ་ཨོཾ་ཨཱཿཧཱུྃ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས༔ ཛཿཧཱུྃ་བཾ་ཧོ༔ དམ་ཚིག་ཡེ་ཤེས་གཉིས་མེད་གཅིག་ཏུ་འདྲེས་པར་གྱུར༔ མཆོད་པ་ནི། ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤབྡ་པཱུ་ཛ་ཨཱཿཧཱུྃ༔ ཨ་མྲྀཏ་རཀྟ་བ་ལིཾ་ཏ་ག་ཎ་གུ་ཧྱ་པཱུ་ཛ་ཧོ༔ བསྟོད་པ་ནི། ཧཱུྃ༔ བདེ་ཆེན་མི་འགྱུར་ཆོས་དབྱིངས་ཞིང་ཁམས་ནས༔ མ་འགགས་རང་ཤར་ཀརྨ་དྲག་པོ་རྩལ༔ བདེ་གཤེགས་ཀུན་འདུས་བདུད་འདུལ་ཐོད་ཕྲེང་རྩལ༔ ལྷ་ཚོགས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང༔ བགེགས་རྣམས་མ་ལུས་འཇོམས་མཛད་པ༔ དངོས་གྲུབ་མ་ལུས་སྩོལ་བའི་ལྷ༔ བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད༔ བུམ་ལྷའི་ཐུགས་ཀར་ཉི་མའི་སྟེང༔ ཧཱུྃ་མཐིང་མཐའ་མར་སྔགས་ཀྱིས་བསྐོར༔ བཟླས་པས་རྒྱུད་བསྐུལ་བདུད་རྩིའི་རྒྱུན༔ བབ་པས་བུམ་པ་གང་བར་གྱུར༔ གཟུངས་ཐག་བླངས་ལ་རྩ་བསྙེན་དང་སྤྱི་དྲིལ་ཅི་ནུས་བཟླ། ལས་བུམ་ལ། ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ༔ ཞེས་བརྒྱ་རྩ་བཟླ། དུང་ཞལ་ཆུ་ཕུལ་ཏེ། བུམ་ལྷ་འོད་ཞུ་བདུད་རྩིའི་རང་བཞིན་དུ་གྱུར༔ ཅེས་བརྗོད། གཏེར་སྲུང་གཏོར་འབུལ་རྒྱས་བསྡུས་གང་འགྲུབ་དང་། ལས་བྱང་ལྟར་ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཡན་གྲུབ་པར་བྱ། ཏིང་ངེ་འཛིན་གྱི་དབང་བཞི་ལེན་པའམ་སྔ་འགྱུར་གསང་བ་སྤྱི་འགྲོས་རིག་པའི་མེ་ཏོག་དོར་ལ་སློབ་མ་གཞུག་པར་གནང་བ་ནོད་དོ། །གཉིས་པ་དབང་དངོས་གཞི་ལ་གཉིས། འཇུག་པའི་ཆོ་ག་དང་། ཞུགས་པ་ལ་དབང་བསྐུར་བའོ། །དང་པོ་ནི། དམ་ཚིག་ཐུབ་ངེས་པའི་སློབ་མ་རྣམས་སྒྲུབ་ཁང་གི་སྒོ་དྲུང་དུ་ཁྲུས་བྱ། ནང་དུ་འཁོད་ནས་ལས་བྱང་ལྟར་དཀར་གཏོར་དང་བགེགས་གཏོར་བཏང་། ཡུངས་ཐུན་བྲབ། གུ་གུལ་བདུག །མཚམས་གཅོད་ཚན་གསུམ་དོན་དམ་སྲུང་འཁོར་ཡན་བརྗོད། དེ་ནས་སློབ་དཔོན་གྱིས་སྤྲོ་བ་དྲི་བ་ནི། འོ་རིགས་ཀྱི་བུ༔ དལ་འབྱོར་མི་ལུས་ཐོབ་པ་ཉིན་སྐར་ཙམ༔ རྙེད་ཅིང་མཚན་ལྡན་བླ་མ་དམ་པ་ཡིས༔ ཐེག་ཆེན་གསང་སྔགས་ཟབ་ལམ་སྒོར་གཞུག་ནས༔ ཚེ་གཅིག་སངས་རྒྱས་ས་རུ་བསྐྱེལ་བ་ལ༔ ཐེ་ཚོམ་མེད་པར་རྗེས་སུ་འཇུག་ནུས་སམ༔ དེ་མིན་ལོག་ལྟ་ཅན་རྣམས་ཕྱིར་དེངས་ཤིག༔ ཅེས་དྲིས་པའི་ལན་གསོལ་བ་ནི། ཐལ་མོ་སྦྱར་མོས་གུས་བསྐྱེད་ལ་འདིའི་རྗེས་ཟློས་མཛོད། ཧོ༔ དགོངས་སུ་གསོལ་ལོ༔ བདག་ནི་བསྐལ་པ་གྲངས་མེད་འཁོར་བར་འཁྱམས༔ སྡུག་བསྔལ་བཟོད་མེད་ངན་འགྲོའི་གཡང་ལ་ལྟུང༔ ཚ་གྲང་དམྱལ་བའི་བཙོན་ལས་ད་རེས་ཐར༔ མཚན་ལྡན་བླ་མ་མཇལ་བའི་ལས་འབྲེལ་བཟང༔ གསང་སྔགས་ཟབ་ཆོས་སྒོར་ཞུགས་སྐལ་པར་ལྡན༔ ད་ནི་སྙིང་ནས་ཁྱེད་ཀྱི་རྗེས་འཇུག་ལགས༔ ལན་གཅིག །སློབ་དཔོན་གྱིས། ལེགས་སོ༔ ཁྱེད་རྣམས་གྲངས་མེད་དུས་ནས་ཕ་མ་ཡིན༔ ང་ནི་འགྲོ་འདྲེན་པདྨའི་ཕོ་ཉ་ཡིན༔ སྐལ་ལྡན་ལས་འཕྲོ་ཅན་རྣམས་འདྲེན་པའི་ཕྱིར༔ ཐེག་ཆེན་ཆོས་ཀྱིས་སྨིན་གྲོལ་ལམ་ལ་བཀོད༔ ཐེ་ཚོམ་མེད་པར་སྙིང་ནས་གསོལ་བ་ཐོབ༔ ཕྱི་ནང་སྣོད་བཅུད་ལུས་དང་ལོངས་སྤྱོད་ཕུལ༔ ཅེས་བརྗོད་ལ། མཎྜལ་སྤྱི་མཐུན་ཚོམ་བུ་སོ་བདུན་མ་འབུལ་དུ་གཞུག །སྔོན་ཆད་དཀྱིལ་འཁོར་འདིར་མ་ཞུགས་པའམ་མ་རིག་པའི་སྒྲིབ་གཡོགས་དང་བཅས་པ་མཚོན་པའི་བརྡར་གདོང་གཡོགས་བཅིང་བར་ཞུ། ཨོཾ་ཨཱཿཧཱུྃ༔ དཀྱིལ་འཁོར་པའི་ལྷ་ལ་ཕྱག་སྟོང་པར་མཇལ་དུ་མི་བཏུབ་པས་ཕྱག་རྟེན་མཚོན་བྱེད་མེ་ཏོག་སྣ་ལྔའི་ཅོད་པན་ཕྱག་ཏུ་ཐོགས་པར་མོས། ཨོཾ་ཨཱ་ཁཾ་ཝཱི་ར་ཧཱུྃ༔ ཞེས་མིག་དར་འཆིང་ཞིང་མེ་ཏོག་གཏད། སེམས་བསྐྱེད་དང་ཆོས་བཤད་ཅི་རིགས་མཚམས་སྦྱར་ལ། དེའང་རྩ་བ་གསུམ་དཀྱིལ་འཁོར་རབ་འབྱམས་སྤྲོ་དང་སྡུད་པའི་བྱེད་པོ། གངས་ཅན་བོད་ཀྱི་སྐྱབས་གཅིག །སངས་རྒྱས་གཉིས་པ་པདྨ་འབྱུང་གནས་དེ་ཉིད་ཀྱིས་གདུལ་བྱ་གང་ལ་གང་འདུལ་གྱི་གཉེན་པོར་སྤྱིར་ཞི་བ་དང་ཁྲོ་བོའི་རྣམ་རོལ་བསམ་གྱིས་མི་ཁྱབ་པ་བསྟན་ཅིང་། ཁྱད་པར་མ་རུངས་གདུག་པ་ཅན་གྱི་གདུལ་དཀའ་འདུལ་བའི་སླད་དུ་དམར་ནག་མེའི་ཕྲེང་བ་ཅན་གཙོ་བོར་གྱུར་པའི་བླ་མ་དྲག་པོ་རིགས་ལྔའི་དཀྱིལ་འཁོར་དུ་མར་སྤྲུལ་ནས། རྡོ་རྗེ་ཁྲག་འཐུང་རོལ་པ་དང་དྲེགས་པ་སྙིང་འབྱིན་ལ་སོགས་པའི་རྒྱུད་མཐའ་ཡས་གསུངས་པ་ལ་བརྟེན་ནས་གུར་དྲག་དམར་པོའི་སྒྲུབ་ཐབས་ཀྱི་བཀའ་སྲོལ་མང་པོ་ཡོངས་གྲགས་སུ་བྱུང་ལ། ཀརྨ་དྲག་པོ་རྩལ་འདི་ནི། ཨོ་རྒྱན་རིན་པོ་ཆེ་ཉིད་དྷ་ན་ཀོ་ཤའི་མཚོ་གླིང་པདྨའི་སྡོང་པོར་བརྫུས་ཏེ་འཁྲུངས་པའི་ཚུལ་བསྟན་མ་ཐག་དྲག་པོ་མཐིང་གའི་སྐུར་བཞེངས་ཏེ་ནམ་མཁའི་གཟའ་ཆེན་དང་རྒྱ་མཚོའི་ཀླུ་ཐམས་ཅད་དམ་ལ་བཏགས། བོད་དུ་ཆོས་རྒྱལ་ཆེན་པོས་སྤྱན་འདྲེན་མ་ཞུས་པའི་སྔོན་རོལ་དུ་མོན་ཁ་ནེ་རིང་སེང་གེ་རྫོང་དུ་ཕེབས་ནས་དྲག་པོ་མཐིང་ནག་གི་སྐུར་བཞེངས་ནས་ལྷ་སྲིན་གདུག་པ་ཅན་ཕལ་མོ་ཆེ་བཏུལ། དེའི་རྒྱུད་སྒྲུབ་ཐབས་མན་ངག་བཅས་གཏེར་དུ་སྦས། བོད་ཡུལ་དུ་སྐུ་དངོས་ཀྱིས་ཕེབས་ནས་གདུལ་བྱ་མཐར་ཕྱིན་ཏེ་ལྷོ་ནུབ་སྲིན་པོའི་ཁ་གནོན་དུ་ཕེབ་ཀར་བསམ་ཡས་བར་ཁང་གཡུ་ཞལ་ཅན་དུ་ལྷ་སྲས་མུ་ཁྲི་བཙད་པོས་རིན་པོ་ཆེའི་མཎྜལ་དང་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་ཕུལ་ནས་གདུང་ཤུགས་དྲག་པོས། མ་འོངས་སྙིགས་དུས་ཀྱི་གདུལ་དཀའ་འདུལ་བར་གསོལ་བ་བཏབ་པའི་ངོར་དྲག་པོ་མཐིང་གའི་སྐུར་བཞེངས་ཏེ་ལྷ་སྲིན་མང་པོ་དམ་ལ་བཞག །འདུས་པའི་རྗེ་འབངས་རྣམས་ལ་དེ་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཅིང་སྒྲུབ་ཐབས་མན་ངག་དང་བཅས་པ་གནང་ནས་མ་འོངས་ཚེ་ལོ་སུམ་ཅུ་ཁ་རལ་སྙིགས་མ་ཆེར་བདོ་བའི་དུས་སུ་ཟབ་ཆོས་འདིའི་འགྲོ་དོན་འབྱུང་བར་ལུང་བསྟན་ནས་གཏེར་དུ་སྦ་བར་གདམས་པ་ལྟར། བཀའི་སྡུད་པ་མོ་དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་དང་ལྷ་སྲས་མུ་ཁྲི་ཟུང་གིས་ཤོག་སེར་དུ་བཏབ། སྒྲུབ་ཐབས་རྩ་བ་མདོ་ཁམས་སྟོད་ཀྱི་གནས་མཆོག་གཉན་རྒྱལ་རྡོ་རྗེ་ཁྱུང་རྫོང་གི་གུ་རུའི་སྒྲུབ་ཕུག་དུང་དཀར་འདྲ་བར་སྦས། མན་ངག་བསམ་ཡས་མཆོད་རྟེན་ནག་པོར་རྒྱས་བཏབ་པ་འདུལ་བའི་དུས་སུ་བབས་པའི་ཚེ་འདོན་པའི་སྐྱེས་བུ་ནི། མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱི་ལུང་བསྟན་ལས། ང་ཉིད་འདིར་འཕོས་རྣམ་རྒྱལ་རྡོ་རྗེར་སྤྲུལ༔ ཆོས་རྒྱལ་རྡོ་རྗེ་ཆོས་ཀྱི་མཚན་ཅན་གྱིས༔ པདྨ་བཛྲ་བཀའ་བབས་མངོན་སངས་རྒྱས༔ བྱང་ཕྱོགས་སྦས་གནས་སྒོ་འབྱེད་ཟབ་གཏེར་འབྱིན༔ སྒྲུབ་པའི་རྟགས་ཐོན་སྙིང་པོའི་བསྟན་པ་སྤེལ༔ ཅེས་གསུངས་པ་ལྟར་ལྷ་སྲས་མུ་ཁྲིའི་སྐྱེ་མཐའ་རིག་འཛིན་མི་འགྱུར་རྡོ་རྗེའི་རྣམ་འཕྲུལ་སྦས་པའི་རྣལ་འབྱོར་གནས་ལུགས་ཀྱི་རྟོགས་པ་མཐར་ཕྱིན་ཅིང་གྲུབ་པའི་རྟགས་ཀུན་གྱི་སྤྱོད་ཡུལ་དུ་ཐོན་པ་རིག་འཛིན་ཆོས་རྒྱལ་རྡོ་རྗེས་སྒྲུབ་ཐབས་མན་ངག་དང་བཅས་པ་རྣམས་ངོ་མཚར་བའི་རྟགས་མཚན་བཅས་ཏེ་སྤྱན་དྲངས།སླར་སྐལ་ལྡན་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར་སྤྱི་འབྱམས་ཉི་ཟླ་ཕུག་ནས་དྲག་པོ་རིགས་ལྔའི་སྤྱི་ཆིངས་སུ་གྱུར་པའི་དབང་ཆོག་འདིའང་། ས་གཏེར་དག་སྣང་དགོངས་གཏེར་སུམ་སྦྲགས་ཀྱི་ཚུལ་དུ་བཀའ་བབས། བཀའ་རྒྱ་གྲོལ་ནས་རིམ་པར་སྤེལ་བར་མཛད་པའི་གུ་རུ་དྲག་པོ་ཀརྨ་ཧེ་རུ་ཀ་གནམ་ལྕགས་ཐོག་གི་སྤུ་གྲིའི་དབང་བསྐུར་རྒྱས་པ་སྐུ་བཞི་མྱུར་སྨིན་བྱིན་རླབས་ཆར་རྒྱུན་བསྒྲུབ་པ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་པ་ལགས། ད་ཁྱེད་རང་སློབ་མའི་བྱ་བ་ལ། འཇུག་པའི་ཆོ་ག་དང་ཞུགས་ནས་མངོན་པར་དབང་བསྐུར་བ་གཉིས་སུ་ཡོད་པ་ལས། ཐོག་མར་དཀྱིལ་འཁོར་དུ་འཇུག་པར་གསོལ་བ་གདབ་པའི་སླད་དུ་བླ་མ་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་པ་ལ་དད་མོས་གདུང་ཤུགས་དྲག་པོས་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་དབང་ཆེ༔ སངས་རྒྱས་ཀུན་བདག་དཀྱིལ་འཁོར་ཆེ༔ བླ་མེད་གསང་ཆེན་དཀྱིལ་འཁོར་དུ༔ བདག་སོགས་འཇུག་པར་མཛད་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་བཀའི་གནང་བ་བསྩལ་བར་མོས་ཤིག །ཨེ་མ་དུས་གསུམ་བྱོན་པ་ཡི༔ དཔའ་བོས་ཆོ་ག་འདི་མཛད་པས༔ བྱང་ཆུབ་སྤྱོད་པ་བླ་མེད་ཐོབ༔ བདུད་སྡེ་དཔུང་བཅས་མི་བཟད་བཅོམ༔ དེ་ཕྱིར་དེ་རིང་ཁྱོད་ཉིད་ཀྱང༔ དཔའ་བོ་མཆོག་གི་རྗེས་ཞུགས་ཕྱིར༔ རྡོ་རྗེའི་དབང་བསྐུར་སྦྱིན་པར་བྱ༔ རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ༔ ཀརྨ་དྲག་པོ་རྩལ་གྱི་དཀྱིལ་འཁོར་རྩ་གསུམ་ཆོས་སྲུང་རྒྱ་མཚོས་སྤྲིན་གཏིབས་པ་ལྟར་བསྐོར་ཏེ་བཞུགས་པའི་སྤྱན་སྔར་བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྩེ་གཅིག་གུས་པའི་ཡིད་ཀྱིས་སྐྱབས་སུ་འགྲོ་བའི་བློས་འདིའི་རྗེས་ཟློས། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ སོགས་ལས་བྱང་ལྟར་ལན་གསུམ། ཕ་མར་གྱུར་པའི་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་གནས་སྐབས་བདུད་བཞིའི་གཡུལ་ལས་རྒྱལ་ཞིང་མཐར་ཐུག་བླ་མ་དྲག་པོའི་གོ་འཕང་ལ་འགོད་པའི་ཕྱིར་དུ། བདག་ཉིད་དཀྱིལ་འཁོར་དུ་ཞུགས་ནས་བསྐྱེད་རྫོགས་ལམ་གྱི་རིམ་པ་ལ་འབད་དེ་ཀརྨ་ཧེ་རུ་ཀའི་གོ་འཕང་མྱུར་དུ་ཐོབ་པར་བགྱིའོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས། ན་མོ༔ བདག་དང་མཁའ་མཉམ་འགྲོ་བ་དང༔ ཞེས་སོགས་ལས་བྱང་ལྟར་ལན་གསུམ། དམ་ཚིག་དང་མི་ལྡན་པས་དབང་གི་ཡེ་ཤེས་འཛིན་པར་མི་ནུས་པ་མ་ཟད་ཉེས་པ་ཆེན་པོའི་གཞིར་འགྱུར་བ་ལགས་པས་རྒྱུད་སྡོམ་ལྡན་དུ་བསྒྲུབ་པའི་སླད་དུ། བླ་མ་དཀྱིལ་འཁོར་བའི་སྤྱན་སྔར་ཕྱི་སོ་ཐར། ནང་བྱང་སེམས། གསང་བ་སྔགས་ཀྱི་སྡོམ་པ་དང་དམ་ཚིག་གི་རིམ་པ་རྣམས་ལེགས་པར་བླངས་ནས་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཧོ༔ དབང་དྲག་འབར་བའི་དཀྱིལ་འཁོར་དུ༔ སོ་སོ་ཐར་པའི་སྡོམ་པ་དང༔ བྱང་ཆུབ་སེམས་གསུམ་བསླབ་བྱ་དང༔ རིག་སྔགས་འཆང་བའི་སྡོམ་པ་རྣམས༔ མ་ལུས་བདག་གིས་བརྟན་པོར་བཟུང༔ ལན་གསུམ། ཁེ་ཉེན་གྱི་གནད་ལ་བཀར་ཏེ་དམ་ཚིག་བསྒྲག་པ་ཡིན་པས་ཐུགས་ལ་ངེས་འཚལ། རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནི༔ ཡེ་ནས་རང་བྱུང་སེམས་ལ་རྫོགས༔ དམ་ཚིག་ཉམས་ན་དེ་ལ་སྒྲིབ༔ དེ་བས་ཤིན་ཏུ་དམ་ཚིག་སྲུངས༔ བཛྲ་ཙིཏྟ་ས་མ་ཡ༔ ནང་མཆོད་བསྲེས་པའི་དམ་ཆུ་སྦྱིན་ལ། འདི་ནི་དམ་ཚིག་བདུད་རྩིའི་ཆུ༔ དམ་ཚིག་བསྲུང་ན་དངོས་གྲུབ་ཐོབ༔ དམ་ཚིག་ལོག་ན་སྲེག་པར་བྱེད༔ ས་མ་ཡ་ཨ་མྲྀཏ་ཨུ་ད་ཀ་ཋ༔ ལས་ཀྱི་རྡོ་རྗེའི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ་ཡོལ་བའི་ནང་དུ་དྲང་བར་མོས་ཤིག །ཛཿཧཱུྃ་བཾ་ཧོ༔ དཀྱིལ་འཁོར་སྒོ་ཤག་གིས་ཕྱེས་པར་མོས་ཤིག །པྲ་བེ་ཤ་ཡ་ཕཊ༔ ཡོལ་བ་ཡོད་ན་བསལ་ལོ། །དཀྱིལ་འཁོར་ཆེན་པོའི་ཤར་སྒོ་ནས་གུས་པ་ཆེན་པོས་ལྷ་ཚོགས་རྣམས་ཀྱི་ཞབས་ལ་ཕྱག་འཚལ་བའི་མོས་པས་ཐལ་མོ་གནས་གསུམ་དུ་སྦྱོར་ལ་འདིའི་རྗེས་ཟློས། ཨོཾ་ན་མ་སྟེ་ཧཱུྃ༔ ཨོཾ་ན་མཱ་མི་ཧཱུྃ༔ ཨོཾ་ན་མོ་ན་མ་ཧཱུྃ༔ ལན་གསུམ། དེ་ནས་དབང་གི་རྩ་བའམ་ཡེ་ཤེས་ཀྱི་གཞི་བསྒྲུབ་པ་ཡིན་པས་ཁྱེད་རང་རྣམས་ལུས་གནད་དྲང་པོར་བསྲང་། ངག་རླུང་ཁ་སྦྱོར་དུ་འཆིང་། ཡིད་ཀྱི་རྟོག་པ་གཞན་དུ་མ་ཡེང་བར་དམིགས་པ་རྩེ་གཅིག་ཏུ་སྒོམས་ཤིག །ལས་བུམ་ཆུ་དང་། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། ཁྱེད་རང་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་སེམས་ཉིད་ཀ་དག་རྫོགས་པ་ཆེན་པོའི་ཀློང་ལས༔ གུ་རུ་དྲག་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཁྲོ་ཞིང་གཏུམ་པ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་པ་མེ་དཔུང་མཚོན་ཆའི་ཐོག་སེར་འབེབ་པ༔ གནོད་བྱེད་རྒྱལ་འགོང་དམ་སྲི་དགྲ་བགེགས་རྡུལ་དུ་བརླག་པ༔ གཡོན་གནམ་ལྕགས་ཀྱི་སྡིག་པ་མགོ་དགུ་པ་རྭ་བཅོ་བརྒྱད་དང་ལྡན་པས་དགྲ་བགེགས་དམ་སྲི་ཧབ་ཧབ་ཏུ་ཞལ་དུ་གསོལ་ཞིང་རྗེས་མེད་དུ་བརླག་པ༔ ཞེ་སྡང་མེ་ལྟར་འབར་བ་འཛིན་པ༔ དབུ་སྐྲ་རལ་པ་དམར་པོས་བར་སྣང་ཁེངས་པའི་གསེབ་ནས་ཁྲོ་ཚོགས་མཚོན་ཆ་ཆར་ལྟར་འབེབ་པ་ཐོད་སྐམ་ལྔས་དབུ་ལ་བརྒྱན་པའོ༔ སྐུ་ལ་དུར་ཁྲོད་ཆས་བརྒྱད་དང་ལྡན་པ༔ ཞབས་གཉིས་རྒྱལ་བསེན་ཕོ་མོ་མནན་པ༔ བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་བཞུགས་པ༔ ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ༔ བདུད་དང་ལོག་འདྲེན་ཐམས་ཅད་ཚར་གཅོད་པ༔ དེའི་སྤྱི་བོར་འཇམ་དཔལ༔ མགྲིན་པར་རྟ་མགྲིན༔ ཐུགས་ཀར་ཕྱག་རྡོར༔ ལྟེ་བར་ཁྲོས་མ་སྡེ་ལྔ༔ གསང་བར་རྡོ་རྗེ་ཕུར་པ༔ དབུ་གཙུག་ཏུ་བྱ་ཁྱུང༔ དེའི་སྤྱི་བོར་ཐོད་ཕྲེང་སྡེ་ལྔ༔ གཡས་སུ་ཡཀྴ་མེ་དབལ༔ གཡོན་དུ་ཁྲོས་མ༔ མདུན་དུ་ལྕགས་སྡིག༔ རྒྱབ་ཏུ་རྡོ་རྗེ་འབར་བ༔ དེ་ཡི་ཕྱི་རོལ་ཕྱོགས་མཚམས་སྟེང་འོག་ཏུ་སྤྲུལ་པའི་ཁྲོ་བཅུ་ཡབ་ཡུམ༔ ཕྱོགས་བཞི་སྒོ་སོགས་ལྷ་ཚོགས་ཐམས་ཅད་སྣང་སྟོང་འཇའ་ཚོན་ལྟ་བུ་སྣང་ལ་རང་བཞིན་མེད་པའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ་དང་སོ་སོའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་གཞལ་ཡས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ནམ་མཁའ་ནས་ཆར་བབ་པ་ལྟར་བྱོན་ཏེ་སྒོ་གསུམ་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད་ཅིག༔ འབེབ་པའི་རྫས་སྦྱོར་དང་ཌཱ་དྲིལ་དབྱངས་བཅས་ཀྱིས་གཟི་བྱིན་བསྐྱེད་ལ། ཧཱུྃ་ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༔ བདེ་ཆེན་མི་འགྱུར་ཆོས་དབྱིངས་ཞིང་ཁམས་ནས༔ མ་འགགས་རང་ཤར་ཀརྨ་དྲག་པོ་རྩལ༔ བདེ་གཤེགས་ཀུན་འདུས་བདུད་འདུལ་དྲག་པོ་རྩལ༔ ལྷ་ཚོགས་འཁོར་དང་བཅས་པ་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ཨཱ་བེ་ཤ་ཡ་ཨཱ༔ ཞེས་སྔགས་དྲག་ཏུ་བརྗོད་ལ་དབབ། རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་བཞག་ལ། ཡེ་ཤེས་པ་དབབ་པའི་རྒྱུན་དེ་ཉིད་མི་ཉམས་པར་བརྟན་པའི་མོས་པ་མཛོད༔ ཏིཥྛ་བཛྲ༔ སྤྲོས་མེད་ཀྱི་མཆོད་བསྟོད་བྱ་བར་གསུངས་པས། ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤབྡ་ཨཱཿཧཱུྃ༔ བདེ་ཆེན་མི་འགྱུར་སོགས་ཤློ་ཀས་བསྟོད། དེ་ལྟར་དམ་ཡེ་དབྱེར་མེད་ཀརྨ་དྲག་པོ་རྩལ་དངོས་སུ་གྱུར་པ་ལ་དུར་ཁྲོད་རོལ་པའི་ཆས་བརྒྱད་ཀྱིས་མངའ་གསོལ་བར་མོས་ཤིག །དུར་ཁྲོད་ཆས་ཙཀ་སྦྱིན་ལ། ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས༔ བདུད་དཔུང་རུ་དྲ་བསྒྲལ་པའི་ཚེ༔ དཔའ་བརྗིད་རྒྱན་དུ་བྱས་པ་ལྟར༔ དེ་བཞིན་ཁྱེད་ལ་དབང་བསྐུར་བས༔ རྣམ་ཤེས་ཚོགས་བརྒྱད་རང་སར་དག༔ དཔལ་གྱི་སྐུ་རུ་ཁྱོད་གྱུར་ནས༔ དྲེགས་པ་ཚར་གཅོད་དབང་ཐོབ་ཤོག༔ སྔར་བྱིན་པའི་མེ་ཏོག་གི་ཅོད་པན་དེ་ཉིད་ཚེ་རབས་ནས་འབྲེལ་བའི་ལྷག་པའི་ལྷ་ལ་ཕོག་པར་ཤོག་ཅིག་སྙམ་པའི་མོས་པས་མེ་ཏོག་དཀྱིལ་འཁོར་དུ་འབུལ་ཞིང་འདིའི་རྗེས་ཟློས། གུ་རུ་དྲག་པོའི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་འདི་ཕུལ་བས༔ སྔོན་ནས་ལས་འཕྲོ་གང་ཡོད་ལྷས༔ རྗེས་འཛིན་བྱིན་གྱིས་བརླབ་པར་ཤོག༔ པྲ་ཏཱིཙྪ་བཛྲ་ཧོ༔ ཞེས་འགྲིམ་དཀྱིལ་དུ་འདོར་གཞུག །དཀྱིལ་འཁོར་པ་ཐམས་ཅད་ཁྱབ་བདག་པདྨ་དྲག་པོའི་ཡེ་ཤེས་ཀྱི་རོལ་པ་ཁོ་ནར་ཤར་བ་ཡིན་པས་བདུད་འདུལ་ཀརྨ་དྲག་པོ་ཉིད་ལྷག་པའི་ལྷར་བཟུང་བའི་ཕྱིར་དབང་རྟགས་ཅོད་པན་བྱིན་པར་མོས་ཤིག །པྲ་ཏི་གྲྀཧྞ་ཨི་མཾ་བ་ལ་མ་ཧཱ་སཏྭ༔ མེ་ཏོག་སྤྱི་བོར་བཅིང་། ཡེ་ཤེས་ཀྱི་ཐུར་མས་མ་རིག་པའི་སྒྲིབ་གཡོགས་བསལ་བས་རྣམ་དག་ཡེ་ཤེས་ཀྱི་སྤྱན་ཐོབ་པར་མོས་ཤིག །གསེར་ཐུར་གྱིས་མིག་དབྱེ་ཚུལ་བྱ་ཞིང་། འོ༔ མ་རིག་ཉོན་མོངས་ཆུ་བུར་མིག༔ རང་རིག་གསེར་ཐུར་གྱིས་ཕྱེས་ལ༔ དབང་དྲག་འབར་བའི་དཀྱིལ་འཁོར་དང༔ རང་སེམས་དབྱེར་མེད་འདི་ལ་ལྟོས༔ ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ སྤྱན་དར་དབྱེ། དཔལ་ཀརྨ་དྲག་པོ་རྩལ་གྱི་ཕྱི་ནང་གསང་གསུམ་གྱི་དཀྱིལ་འཁོར་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་པར་མོས་ཤིག །དེ་དག་རྣམས་ཀྱིས་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། གཉིས་པ་དབང་བསྐུར་དངོས་གཞི་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། རི་རབ་གླིང་བཞི་གླིང་ཕྲན་ལྕགས་རི་ཉི་ཟླ་བཅས༔ རིན་ཆེན་སྣ་བདུན་གཏེར་གྱི་བུམ་པས་ལེགས་བཀང་སྟེ༔ བདག་ལུས་ལོངས་སྤྱོད་སྣང་སྲིད་བཅས་པ་ཀུན་འབུལ་ན༔ ཐུགས་རྗེ་ཆེན་པོས་དགོངས་ནས་བཞེས་ཏེ་བསྐྱབ་ཏུ་གསོལ༔ གུ་རུ་ཨི་དཾ་མཎྜ་ལ་ཀཾ་ནིརྻཱ་ཏ་ཡཱ་མི། ཞེས་མཎྜལ་འབུལ་དུ་གཞུག །གསོལ་འདེབས་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ༔ མཆོད་ཅིང་ཇི་ལྟར་གསོལ་བཏབ་བཞིན༔ བདག་ཀྱང་དྲང་བའི་དོན་གྱི་ཕྱིར༔ ནམ་མཁའི་བདག་པོས་དེང་བདག་སྩོལ༔ ལན་གསུམ། དབང་དངོས་གཞི་ལ་བདག་དོན་སྐུ་བཞི་སྒྲུབ་པའི་སྨིན་བྱེད་དང་། གཞན་དོན་ཐུགས་རྗེའི་ཤུགས་སྒྲོལ་གྱི་མངའ་དབང་བསྐུར་བ་གཉིས་སུ་ཡོད། དེའི་དང་པོ་ལའང་བུམ་དབང་། གསང་དབང་། ཤེས་རབ་ཡེ་ཤེས། དབང་བཞི་པ། མཐའ་རྟེན་གཏོར་མའི་དབང་དང་ལྔ་རུ་ཡོད། དང་པོ་བུམ་དབང་ལ་དངོས་དང་། རྗེས་འབྲེལ་སྐུ་གསུང་ཐུགས་ཀྱི་རྗེས་གནང་སྦྱིན་པ་གཉིས་སུ་ཡོད་པའི་ཐོག་མར་རིག་པའི་དབང་ལྔ་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་དཀྱིལ་འཁོར་པའི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་དབང་གི་ལྷ་གདན་གསུམ་ཚང་བའི་དཀྱིལ་འཁོར་ནམ་མཁའ་གང་བར་སྤྱན་དྲངས༔ དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད༔ སེམས་དཔའ་སེམས་མ་རྣམས་ཀྱིས་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད༔ ཁྲོ་བོའི་ཚོགས་རྣམས་ཀྱིས་བགེགས་བསྐྲད༔ བུམ་འཛིན་ལྷ་མོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་བཀང་བ་སོགས་དབང་རྫས་རྣམས་རིམ་པར་ཐོགས་ནས་མངོན་པར་དབང་བསྐུར་བར་གྱུར༔ བུམ་པ་ཐོགས་ལ། ཧཱུྃ༔ ཕྱི་ནི་རིན་ཆེན་བུམ་པ་གཞལ་ཡས་ཁང༔ ནང་དུ་དབང་དྲག་དཀྱིལ་འཁོར་ལྷ་ཚོགས་བཞུགས༔ སྐུ་ལས་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ བདུད་རྩིའི་རྒྱུན་བབ་སྤྱི་བོ་ནས་ཞུགས་ནས༔ བུམ་པའི་དབང་ཐོབ་རྡོ་རྗེའི་སྐུ་འགྲུབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་བུམ་པས་དབང་བསྐུར་བུམ་ཆུ་སྦྱིན། དེ་ལྟར་དབང་བསྐུར་པས་བདུད་རྩིས་ལུས་ཐམས་ཅད་གང༔ སྒོ་གསུམ་གྱི་དྲི་མ་སྦྱངས༔ བདེ་ཆེན་ཡེ་ཤེས་མངོན་དུ་གྱུར༔ ཆུ་ལྷག་གྱེན་དུ་ལུད་པ་ལས་རིགས་ཀྱི་བདག་པོ་ཐོད་ཕྲེང་སྡེ་ལྔས་དབུ་བརྒྱན་པར་གྱུར་པའི་མོས་པ་མཛོད༔ དབུ་རྒྱན་བཅིངས་ལ། རིན་ཆེན་ཐོད་པའི་ཕྲེང་བའི་དབུ་རྒྱན་འདི༔ རིགས་ལྔའི་དབང་རྟགས་སངས་རྒྱས་ཀུན་བསྒྲུབ་ཕྱིར༔ རིགས་ཀྱི་བུ་ལ་དབང་བསྐུར་དབུ་ལ་བརྒྱན༔ ཡེ་ཤེས་ལྔ་ཉིད་མངོན་གྱུར་སངས་རྒྱས་ཤོག༔ ཨོཾ་རཏྣ་ཀ་པཱ་ལ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་ལག་གཡས་སུ་གཏད་ལ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༔ དེ་རིང་ཁྱོད་ལ་དབང་བསྐུར་བས༔ སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ༔ རྡོ་རྗེ་འདི་ནི་རྟག་ཏུ་ཟུངས༔ ཨོཾ་མ་ཧཱ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ དྲིལ་བུ་ལག་གཡོན་དུ་གཏད་ལ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི༔ ཆོས་ཀྱི་དབྱངས་ཀྱི་རྗེས་འགྲོར་བཤད༔ བྱང་ཆུབ་མཆོག་ཏུ་རྒྱལ་བས་གསུངས༔ དྲིལ་བུ་འདི་ནི་རྟག་ཏུ་ཆོངས༔ མ་ཧཱ་གྷཎྜྷེ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོར་དྲིལ་ལྷན་ཅིག་པ་སྤྱི་བོར་དཀྲོལ་ལ། སངས་རྒྱས་ཀུན་གྱི་མིང་གི་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ ཅིས་ཀྱང་མི་ཆོད་མི་ཤིགས་པའི༔ རྡོ་རྗེའི་མིང་ནི་རབ་ཏུ་གྲགས༔ ཀྱེ་ཤྲཱི་ཧེ་རུ་ཀ་རིགས་དང་མཐུན་པའི་མིང་ངམ། སྤྱི་ཁྱབ་ལ། བདུད་འདུལ་དྲག་པོ་ཕྲིན་ལས་འདུས་པ་ལས་རབ་བདེ་བ་རྩལ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བཏགས། དེ་ལྟར་ཁྲག་འཐུང་རིགས་ལྔའི་ངོ་བོ་རིག་པའི་དབང་ལྔ་བསྐུར་པས་ཕུང་པོ་ལྔའི་རྟོག་སྒྲིབ་དག །ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་གནས་གྱུར། རྒྱལ་བ་རིགས་ལྔའི་གོ་འཕང་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེས་བུམ་དབང་དངོས་གཞི་གྲུབ་ནས་རྗེས་འབྲེལ་སྐུ་གསུང་ཐུགས་ཀྱི་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དཔལ་ལྡན་བླ་མའི་བཀའ་དྲིན་གྱིས༔ བདག་ལ་གུ་རུ་དྲག་པོ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ། གཙོ་འཁོར་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་ལྷ་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་ཁྱེད་རང་རྣམས་ཀྱི་ལུས་དང་གནས་སོ་སོར་ཐིམ་པར་སྒོམས་ཤིག །སྐུ་ཙཀ་རྣམས་སྤྱི་བོ་སོགས་གནས་སོ་སོར་བཞག །ཁྲོ་བཅུ་དང་སྒོ་མ་བཞི་ལག་ཏུ་གཏད་ལ། ཧཱུྃ༔ འདི་ནི་གུ་རུ་དྲག་པོ་རྩལ༔ ལྷ་སྲིན་སྡེ་བརྒྱད་འདུལ་མཛད་ཅིང༔ བདུད་བགེགས་དམ་སྲི་ཚར་གཅོད་པའི༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཨརྩིག་སོགས་དང་ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་གུ་རུ་དྲག་པོ་ཡི༔ རིགས་བདག་ཐོད་ཕྲེང་སྡེ་ལྔ་ཡིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ སྐུ་ལྔ་ཡེ་ཤེས་མངོན་གྱུར་ནས༔ སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་གུ་རུ་དྲག་པོ་ཡི༔ སྐུ་མཆོག་འཇམ་དཔལ་གཤིན་རྗེའི་གཤེད༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལུས་ཀྱི་ནད་གདོན་ཞི་བ་དང༔ འཇའ་ལུས་མཁའ་སྤྱོད་མྱུར་འགྲུབ་ནས༔ སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་གུ་རུ་དྲག་པོ་ཡི༔ གསུང་མཆོག་དབང་ཆེན་རྟ་མགྲིན་གྱིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ངག་ལ་ནུས་པ་བསྐྱེད་པ་དང༔ འགག་མེད་ཚངས་དབྱངས་དྲུག་ཅུ་ལྡན༔ སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་གུ་རུ༴ ཐུགས་མཆོག་ཕྱག་ན་རྡོ་རྗེ་ཡིས༔ སྐལ་ལྡན་ཁྱོད་ལ༴ བརྒྱལ་ནད་སྨྱོ་འབོག་སྙིང་གཟེར་ཞི༔ སེམས་ཉིད་ཆོས་སྐུ་མངོན་གྱུར་ནས༔ སྐུ་ཡི༴ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་གུ་རུ་དྲག༴ ཡོན་ཏན་ཁྲོས་མ་རིགས་ལྔ་ཡིས༔ སྐལ་ལྡན༴ མོ་གདོན་དམ་སྲིའི་ནད་རིམས་ཞི༔ ཡོན་ཏན་ཐམས་ཅད་ལྷུན་གྲུབ་པའི༔ སྐུ་ཡི༴ ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏཱི་ཀཱ་ལི་ཧ་རི་ནི་ས་ཀཱ་ཡ༴ ཧཱུྃ༔ འདི་ནི་གུ་རུ༴ ཕྲིན་ལས་བཛྲ་ཀཱི་ལ་ཡས༔ སྐལ་ལྡན༴ བན་བོན་བྱད་མ་དགྲ་བགེགས་སྒྲོལ༔ ལས་བཞིའི་ཕྲིན་ལས་མཐར་ཕྱིན་ནས༔ སྐུ་ཡི༴ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ༴ ཧཱུྃ༔ འདི་ནི་གུ་རུ༴ རིགས་བདག་ཁྲོ་རྒྱལ་ག་རུ་ཊ༔ སྐལ་ལྡན༴ ཀླུ་གདོན་ས་བདག་གཟའ་ནད་འཇོམས༔ ཁྲོ་རྒྱལ་ཀུན་གྱི་མཐུ་སྟོབས་རྫོགས༔ སྐུ་ཡི༴ ཨོཾ་བཛྲ་ག་རུ་ཌ་ཀཱ་ཡ༴ ཧཱུྃ༔ འདི་ནི་གུ་རུ༴ རིགས་བཞི་ཁྲོ་བོ་རྩ་བའི་ལྷ༔ མེ་དབལ་ཐང་ལྷ་ཁྲོས་མ་སྡིག༔ སྐལ་ལྡན༴ སྡང་དགྲ་མ་རུངས་བདུད་ཚོགས་བསྒྲལ༔ དྲག་པོའི་ཕྲིན་ལས་ཐོགས་མེད་བསྒྲུབ༔ སྐུ་ཡི༴ ཨོཾ་བཛྲ་ཀཱི་ལ་ཡ་བཛྲ་འབར་བ་རྩལ་བྷ་ར་ཧི་ཀཱ་ལི་རཀྵ་ཧཱུྃ་ཀཱ་ཡ་ཨ་བྷི༴ ཧཱུྃ༔ འདི་ནི་གུ་རུ༴ ཐུགས་སྤྲུལ་བགེགས་འདུལ་ཁྲོ་བོ་བཅུ༔ ཧཱུྃ་ཀར་རྣམ་རྒྱལ་དབྱུག་སྔོན་གཤིན་རྗེའི་གཤེད༔ མི་གཡོ་རྟ་མགྲིན་འདོད་རྒྱལ་བདུད་རྩི་འཁྱིལ༔ ཁམས་གསུམ་རྣམ་རྒྱལ་སྟོབས་ཆེན་ཁྲོ་བོ་བཅུས༔ སྐལ་ལྡན་སློབ་མ་ཁྱོད་ལ༴ ཕྱོགས་སྐྱོང་བཅུ་ཡི་གནོད་པའི་ནད་གདོན་བགེགས༔ དགྲ་གྱོད་མི་ཁ་སྟོང་ཕྲག་བརྒྱད་ཅུ་དང༔ ཡེ་འདྲོགས་གློ་བུར་མི་མཐུན་རྐྱེན་ཚོགས་ཞི༔ ཁྲོ་རྒྱལ་བཅུ་ཡི་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཀཱ་ཡ་ཨ་བྷི༴ ཧཱུྃ༔ དབང་དྲག་འབར་བའི་ཕྱི་རོལ་སྒོ་སྲུང་བའི༔ འགུགས་འཆིང་སྡོམ་མྱོས་གདོང་ཅན་སྒོ་མ་བཞི༔ སྐལ་ལྡན་སློབ་མ་ཁྱོད་ལ་དབང༴ བདུད་བཞིའི་དགྲ་ལས་རྣམ་རྒྱལ་སྐུ་བཞི་འགྲུབ༔ ལྷ་དབང་ཡོངས་རྫོགས་སྐུ་ཡི་དབང་ཐོབ་ཤོག༔ ཛཿཧཱུྃ་བཾ་ཧོཿཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ལྷ་དབང་ལུས་ལ་བསྐུར་པས་ཡི་དམ་གུ་རུ་དྲག་པོའི་ལྷ་ཚོགས་རྣམས་དང་གཉིས་སུ་མེད་པར་གྱུར་ནས། ནད་གདོན་བར་ཆད་གང་གིས་ཀྱང་མི་ཚུགས་པར་དྲག་པོ་རྩལ་དང་དབྱེར་མི་ཕྱེད་པ་གཞོམ་གཞིག་སྐྱེ་འཆི་བྲལ་བ་རྡོ་རྗེའི་སྐུ་ཐོབ་པར་གྱུར་པའི་མོས་པ་མཛོད། དེ་ནས་སྒྲུབ་པོད་དང་སྔགས་བྱང་ཐོགས་ལ། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་གསུང་ཡིག་འབྲུའི་ཚོགས་ཆར་བབ་པ་ལྟར་བྱོན་ནས་མགྲིན་པར་ཐིམ་པར་གྱུར་པའི་མོས་པ་མཛོད། ཧཱུྃ༔ དབང་དྲག་འབར་བའི་གསུང་གི་དཀྱིལ་འཁོར་ནས༔ གསང་སྔགས་རིག་སྔགས་གཟུངས་སྔགས་དཀྱིལ་འཁོར་ཤར༔ ཡི་གེའི་རིས་སུ་ཤོག་སེར་ཚིག་ཏུ་བསྡུས༔ གཞོམ་གཞིག་བྲལ་བ་རིན་ཆེན་སྒྲོམ་དུ་བཅུག༔ ལས་ཅན་བུ་ལ་བཀའ་གཏད་དབང་བསྐུར་ནས༔ མི་བརྗེད་གཟུངས་ཐོབ་ཐུགས་དཀྱིལ་རྒྱས་བཏབ་སྟེ༔ བདག་ཉིད་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ རྡོ་རྗེའི་བྲག་ལ་མི་སྣང་རྒྱས་བཏབ་པས༔ སྙིགས་མའི་དུས་ལ་རྡོ་རྗེའི་མཚན་ཅན་གྱིས༔ བསྟན་འགྲོའི་དོན་དུ་གཏེར་སྒོ་འབྱེད་པ་ཡི༔ ལུང་བསྟན་དུས་བབ་སྨོན་ལམ་ལས་འཕྲོ་སད༔ ད་ལྟ་སྐལ་ལྡན་འགྲོ་བའི་དཔལ་དུ་ཤར༔ གསང་བ་གསུང་གི་དབང་མཆོག་འདི་བསྐུར་བས༔ གྲགས་སྟོང་སྔགས་ཀྱི་ནུས་མཐུ་ཐོབ་པར་ཤོག༔ ཅེས་སྔགས་བྱང་སྒྲུབ་ཡིག་མགྲིན་པར་རེག་ཅིང་ལག་ཏུ་གཏད། ཕྲེང་བ་སྦྲེལ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཕྲེང་འོད་ཟེར་ཁ་དོག་སྣ་ལྔའི་རྣམ་པར་འཕྲོས༔ ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ས་བོན་ཧཱུྃ་ཡིག་མཐར་འཁོར་བར་དམིགས་ལ་སྔགས་འདིའི་རྗེས་ཟློས་མཛོད༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་སོགས་དང་། ཨོཾ་ཤྲཱི་ཀརྨ་ཧེ་རུ་ཀ་ཡ་མ་རཱ་ཛ་ཧྱ་གྲཱི་བ་བཛྲ་པཱ་ཎི་ཌཱ་ཀི་ནཱི་ཧ་རི་ནི་ས་བཛྲ་ཀཱི་ལི་ཀཱི་ལ་ཡ་ཁྲོཾ་ག་རུ་ཊ་ཧཱུྃ་ཕཊ༔ ལན་གསུམ། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས༔ བདག་ལ་འགོ་བར་མཛད་དུ་གསོལ༔ ལན་གསུམ། མེ་ཏོག་སྤྱི་བོར་བཞག་ལ། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས༔ འདི་ལ་འགོ་བར་མཛད་དུ་གསོལ༔ དེ་ལྟར་སྔགས་དབང་ངག་ལ་བསྐུར་པས་ཡི་དམ་གུ་རུ་དྲག་པོའི་གསུང་གསང་སྔགས་རིག་སྔགས་གཟུངས་སྔགས་རྣམས་ཀྱི་ནུས་པ་རྒྱུད་ལ་བརྟན་པར་བྱས་པར་མོས་ཤིག །དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཆེན་པོའི་རང་གཟུགས་ཕྱག་མཚན་གྱི་ཚོགས་འཕྲོས་པ་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་མོས་མཛོད། རྡོ་རྗེ་ལག་གཡས། ཕུར་པ་ལྕགས་སྡིག་ལག་གཡོན་དུ་གཏད་ལ། ཧཱུྃ༔ དབང་དྲག་ཀརྨ་དྲག་པོ་ཡི༔ ཕྱག་རྒྱ་རྟགས་ཀྱི་དབང་བསྐུར་བས༔ ཉོན་མོངས་རྩད་གཅོད་དབྱིངས་སུ་སྦྱོར༔ ཡེ་ཤེས་ཐུགས་སུ་འགྲུབ་པར་ཤོག༔ རྩ་སྔགས་མཐར་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་སྙིང་གར་བཞག །དེ་ལྟར་ཆོས་དབང་སེམས་ལ་བསྐུར་པས་ཡི་དམ་གུ་རུ་དྲག་པོའི་ཐུགས་འོད་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོའི་ངོ་བོར་བྱིན་གྱིས་བརླབས་པར་མོས་ཤིག །དེ་རྣམས་ཀྱིས་ལུས་ཀྱིས་ལྷ་བསྒོམ་པ་དང་ངག་གིས་སྙིང་པོ་བཟླ་བ་དང་སེམས་ཀྱིས་ཏིང་ངེ་འཛིན་བསྒོམ་དུ་རུང་བར་བྱས་པ་ལགས། དེ་ལྟར་དེ་དག་རྣམས་ཀྱིས་ཕྱི་མཚན་མ་རྫས་ཀྱི་དཀྱིལ་འཁོར་དུ་ལུས་སྨིན་པར་བྱེད་པ་བུམ་པའི་དབང་ཐོབ༔ ལུས་ཀྱི་དྲི་མ་སྦྱངས༔ ལམ་དུས་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང༔ སྣོད་བཅུད་དབང་དྲག་ཁྲོ་བོའི་དཀྱིལ་འཁོར་དུ་རྫོགས་ཏེ་སྐུ་རྡོ་རྗེ་མངོན་པར་བྱང་ཆུབ་པ་ལྔའི་བདག་ཉིད་མཆོག་གི་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་་་དུ་བྱས་པ་ཡིན་ནོ༔ ཞེས་རྟོགས་པ་བརྗོད། གཉིས་པ་གསང་བའི་དབང་བསྐུར་བ་ལ་འདུན་པ་འདི་ལྟར་མཛོད། ཀ་པཱ་ལའི་བདུད་རྩི་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་ངོ་བོ་ལྕེ་ཐོག་ཏུ་མྱང་བས་བྱང་སེམས་ཐིག་ལེའི་རྒྱུན་འཕེལ་ཏེ་སྤྱི་མགྲིན་སྙིང་ལྟེའི་རྩ་འཁོར་ཐམས་ཅད་གང་བས། སོ་སོའི་ལས་སྣང་གི་མདུད་པ་བཀྲོལ་ཏེ་ཐིག་རླུང་སེམས་གསུམ་ཡེ་ཤེས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབས་པས་མི་འགྱུར་བདེ་བ་ཆེན་པོ་མངོན་དུ་གྱུར་པའི་མོས་པ་གྱིས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཧཱུྃ༔ ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས༔ རྒྱལ་སྲས་ཚོགས་ལ་དབང་བསྐུར་བཞིན༔ གཉིས་མེད་མཉམ་སྦྱོར་བྱང་སེམས་རོལ༔ བུ་མཆོག་ཁྱེད་ལ་དབང་བསྐུར་རོ༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ ཞེས་མྱང་། དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ངག་སྨིན་པར་བྱེད་པ་གསང་བའི་དབང་ཐོབ༔ ངག་གི་དྲི་མ་སྦྱངས༔ ལམ་དུས་སུ་བདག་བྱིན་རློབ་གཏུམ་མོ་སྦར་བར་དབང༔ སྒྲ་སྐད་རླུང་འབྱིན་འཇུག་སྔགས་སུ་དག་སྟེ་གསུང་རྡོ་རྗེ་བདེན་དོན་བཅུ་གཉིས་ཀྱི་བདག་ཉིད་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ༔ ཞེས་རྟོགས་པ་བརྗོད། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཡིན་པས་དམིགས་པ་འདི་ལྟར་དུ་མཛོད། སིནྡྷུ་རའི་དཀྱིལ་འཁོར་ལས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཡེ་ཤེས་ཕྱག་རྒྱ་འཕྲོས་ཏེ་ཁྱེད་རང་རྣམས་ལ་གཏད་པར་མོས་ཤིག །མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་ལག་ཏུ་གཏད་ལ། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ༔ སྣ་ཚོགས་སྒྱུ་འཕྲུལ་ཡིད་དུ་འོང༔ ཁྱེར་ལ་རྟག་ཏུ་པདྨར་རོལ༔ བདེ་ཆེན་མཆོག་གི་དངོས་གྲུབ་ཤོག༔ པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར་ཐིག་ལེ་བྱས་ལ། ཤེས་རབ་མ་དང་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་བྱང་སེམས་དབབ་ལྡོག་གིས་ལུགས་འབྱུང་ལུགས་ལྡོག་གི་བདེ་བ་ལྷན་སྐྱེས་ཡེ་ཤེས་ཀྱི་རོལ་པ་རྒྱུད་ལ་བརྟན་པར་མོས་ཤིག །དེ་ལྟར་གསང་བ་ཆོས་ཐམས་ཅད་འབྱུང་བའི་དཀྱིལ་འཁོར་དུ་ཡིད་སྨིན་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ སེམས་ཀྱི་དྲི་མ་སྦྱངས༔ ལམ་དུས་སུ་ཕོ་ཉ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་གསང་ལམ་བསྒོམ་པ་ལ་དབང༔ བྱུང་ཚོར་ལྷན་སྐྱེས་ཡེ་ཤེས་སུ་དག༔ ཐུགས་རྡོ་རྗེ་དགའ་བ་བཅུ་དྲུག་གི་བདག་ཉིད་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ༔ ཞེས་རྟོགས་པ་བརྗོད། བཞི་པ་ཚིག་དབང་རིན་པོ་ཆེ་བསྐུར་བ་ནི། སྔར་གསུམ་པའི་དུས་སུ་དཔེའི་ཡེ་ཤེས་ལས་སྐྱེས་པ་དེ་ཉིད་དང་རྡོ་རྗེ་སེམས་དཔའི་མེ་ལོང་གིས་མཚོན་བྱེད་དུ་བྱས་ནས། མཚོན་བྱ་རང་རིག་ཀ་དག་ཆེན་པོའི་ངོ་བོར་བསལ་བཞག་མེད་པར་མཉམ་པར་ཞོག་ཅིག །ཤེལ་རྡོ་མིག་ཏུ་བསྟན་ལ། ཧཱུྃ༔ འདི་ལྟར་ཆོས་རྣམས་ཐམས་ཅད་ཀུན༔ ཐོག་མཐའ་བར་མེད་གསལ་ཞིང་སྟོང༔ སྨྲ་བསམ་བརྗོད་མེད་ཡེ་ཤེས་ལམ༔ བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག༔ འདི་ནི་སངས་རྒྱས་དགོངས་པ་འོ༔ ཛྙཱ་ན་བཛྲ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨ༔ འདི་ལྟར་ཤེལ་གོང་དྭངས་པ་ལ་གཟུགས་བརྙན་གྱི་ཚོན་རིས་ཅིར་ཡང་འཆར་བ་ལྟར་སེམས་ཀྱི་གཤིས་གང་དུའང་མ་གྲུབ་པ་མདངས་བདེ་ཆེན་དུ་མ་འགགས་པ༔ རང་རྩལ་སྣ་ཚོགས་སུ་འཆར་བ༔ བསྒོམ་བྱ་སྒོམ་བྱེད་ཐམས་ཅད་ལས་འདས་པ་གསལ་རིག་རྗེན་ནེ་བ་སྤྲོས་པ་དང་བྲལ་བ་འདི་ཀ་དཔལ་ཆེན་པོ་ཧེ་རུ་ཀའི་དགོངས་པའོ༔ དེ་ལྟར་སྤྲོས་མེད་བརྡའི་དཀྱིལ་འཁོར་དུ་ཚིག་དང་རིག་པའི་རྩལ་དབང་ཐོབ༔ སྒོ་གསུམ་གྱི་དྲི་མ་དག༔ ལམ་དུས་སུ་ཁྲེགས་ཆོད་ཐོད་རྒལ་ཟུང་འཇུག་གི་ཉམས་ལེན་བྱ་བ་ལ་དབང༔ སྣང་བཞི་ཟད་སར་འཁྱོལ་ཏེ་ལྷུན་གྲུབ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ༔ ཞེས་རྟོགས་པ་བརྗོད། ལྔ་པ་མཐའ་རྟེན་བྱིན་རླབས་གཏོར་མའི་དབང་བསྐུར་བ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་འདི་ཉིད་གུ་རུ་དྲག་པོ་མཐིང་ནག་གི་སྐུར་གསལ་བའི་སྟེང་གི་ཆ་ལ་བཀའ་བརྒྱུད་བླ་མ༔ བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས༔ འོག་གི་ཆ་ལ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་སྤྲིན་འཁྲིགས་པ་ལྟར་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་འོད་དུ་ཞུ་སྟེ་ཁྱེད་རང་རྣམས་དང་དབྱེར་མེད་དུ་ཐིམ་པར་སྒོམས་ཤིག༔ དཔལ་གཏོར་གནས་ལྔར་བཞག་ལ། ཧཱུྃ༔ ཕྱི་ནི་དམ་རྫས་བ་ལིཾ་ཏ༔ ནང་ན་དབང་དྲག་ལྷ་ཚོགས་བཞུགས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དབང་མཆོག་དམ་པ་བསྐུར་བ་ཡིས༔ སྒོ་གསུམ་ལས་ཉོན་དྲི་མ་སྦྱང༔ སྣང་གྲགས་ལྷ་སྔགས་རིག་སྟོང་ངང༔ རྡོ་རྗེ་གསུམ་དུ་འགྲུབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་སོགས་ཀྱི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཤྲཱི་པདྨ་ཧེ་རུ་ཀ་ཡ་མ་རཱ་ཛ་ཧ་ཡ་གྲཱི་བ་བཛྲ་པཱ་ཎི་ཌཱ་ཀི་ནཱི་ཧ་རི་ནི་ས་བཛྲ་ཀཱི་ལི་ཀཱི་ལ་ཡ་ཁྲོཾ་ག་རུ་ཊ་ཧཱུྃ་ཕཊ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཕཊ༔ ས་མ་ཡ་རཀྵ་རཀྵ་རཀྵ༔ སླར་གཏོར་མ་སྤྱི་བོར་བཞག་ལ་བཀའ་བསྒོ་བ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལྷ་སྲས་མུ་ཁྲི་བཙན་པོ། རིག་འཛིན་མི་འགྱུར་རྡོ་རྗེ། གཏེར་སྟོན་རིག་འཛིན་ཆོས་རྒྱལ་རྡོ་རྗེ། གཏེར་སྟོན་བརྒྱ་དང་རྩ་བརྒྱད། གཏེར་ཕྲན་སྟོང་དང་རྩ་གཉིས། ཡང་སྤྲུལ་བྱེ་བ་གྲངས་ལས་འདས་པའི་རིག་འཛིན་དཔའ་བོ་མཁའ་འགྲོ །བཀའ་བབ་རིག་འཛིན་གྲུབ་ཐོབ། ཆོས་བདག་སྦས་པའི་རྣལ་འབྱོར། བརྒྱུད་འཛིན་ལས་ཅན་སྟོང་དང་རྩ་བརྒྱད། སྡོང་པོ་ལྟ་བུ། ཡལ་ག་ལྟ་བུ། འབྲས་བུ་ལྟ་བུ། མེ་ཏོག་ལྟ་བུ་འབྲེལ་ཚད་དོན་ལྡན། མཐོང་ཐོས་དྲན་གྲོལ་གྱི་བླ་མ་སངས་རྒྱས་བསམ་གྱིས་མི་ཁྱབ་པ་གྲངས་ལས་འདས་པ་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་གུ་རུ་དྲག་པོ་དབང་དྲག་འབར་བའི་ལྷ་ཚོགས། རིགས་བདག་ཐོད་ཕྲེང་སྡེ་ལྔ། ཁྲོ་རྒྱལ་བྱ་ཁྱུང་ག་རུ་ཊ། སྐུ་མཆོག་འཇམ་དཔལ། གསུང་མཆོག་རྟ་མགྲིན། ཐུགས་མཆོག་ཕྱག་རྡོར། ཡོན་ཏན་མཁའ་འགྲོ་སྡེ་ལྔ། ཕྲིན་ལས་ཡཀྴ་མེ་དབལ། སྤྲུལ་པའི་རིགས་བཞིའི་ཁྲོ་རྒྱལ། རྩ་བའི་ལྷ་བཞི། ཐུགས་སྤྲུལ་ཁྲོ་བཅུ་ཡབ་ཡུམ། སྒོ་སྲུང་བཞི་དང་སྤྲུལ་པ་ཡང་སྤྲུལ་ལྷ་ཚོགས། ཡེ་ཤེས་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པས་རྡོ་རྗེའི་སློབ་མ་འདི་རྣམས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས་བྱིན་གྱིས་བརླབ་པ་དང་དབང་བསྐུར་བར་མཛད་དུ་གསོལ། གཟའ་ཀླུ་རྒྱལ་བསེན་དམ་སྲི་ཕོ་མོའི་གནོད་པས་མི་ཚུགས་པར་སྲུངས་ཤིག །མི་ནད་དང་། ཡམས་ནད་དང་། སྡང་དགྲ་གནོད་བྱེད། བྱད་མ་རྦོད་གཏོང་། རྣོ་བའི་མཚོན། སྦྱོར་བའི་དུག །རྨིས་ལྟས་མཚན་ངན། གློ་བུར་ཡེ་འདྲོགས། མི་ཁ་བྲ་མཆུ། འཇིགས་པ་བརྒྱད་དང་བཅུ་དྲུག་གི་འཚེ་བ་ཐམས་ཅད་ཞི་བ་དང་བྱང་བར་གྱུར་ཅིག །བསྲུང་བ་དང་། སྐྱོབ་པ་དང་། ཚེ་དང་བསོད་ནམས་དབང་ཐང་དཔལ་འབྱོར་སྙན་གྲགས་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ནམ་འཆི་བའི་ཚེ་གནད་གཅོད་དྲག་པོ་མི་འབྱུང་ཞིང་སངས་རྒྱས་སྣང་བ་མཐའ་ཡས་དང་དབྱེར་མ་མཆིས་པར་བདེ་ཆེན་ཞིང་དུ་སངས་རྒྱས་པར་གྱུར་ཅིག །ཉམས་དང་རྟོགས་པ་རྩ་ཐིག་རླུང་གསུམ་མཐུ་དང་ནུས་པ་ས་ལམ་ཡོན་ཏན་ཐམས་ཅད་མཐར་ཕྱིན་ནས་ཡི་དམ་གུ་རུ་དྲག་པོ་རྩལ་དང་དབྱེར་མེད་པར་གྱུར་ཅིག །ཡེ་དྷརྨཱ་སོགས་བརྗོད། སྡེ་བརྒྱད་བཀའ་གཏད་ནི། དམར་གཏོར་ཐོགས་ལ། ཁྱེད་རང་རྣམས་དཔལ་ཆེན་ཀརྨ་དྲག་པོ་རྩལ་སྣང་སྲིད་དྲེགས་བྱེད་ཡོངས་ཀྱི་རྗེ་བཙན་ཆེན་པོར་གསལ་བ་ལ། སློབ་དཔོན་གྱིས་དྲེགས་པ་སྡེ་བརྒྱད་གཡོག་དང་བཅས་པ་ལ་ཐ་ཚིག་གཉན་པོའི་དམ་བསྒྲགས་ཏེ་བྲན་དང་འབངས་སུ་གཏད་ནས་ཇི་ལྟར་བཅོལ་པའི་ལས་ཐོགས་མེད་དུ་སྒྲུབ་པར་ཁས་བླངས་པར་མོས་ཤིག །ཧཱུྃ༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་རྣམས༔ གུ་རུ་དྲག་པོས་བཀའ་བསྒོས་ལྟར༔ རྡོ་རྗེ་སློབ་མ་འདི་རྣམས་ཀྱིས༔ ཅི་བཅོལ་ཕྲིན་ལས་སྒྲུབ་པར་མཛོད༔ ལུས་ངག་ཡིད་ལ་བསྲུང་ཞིང་སྐྱོབས༔ དམ་ལས་མ་འདའ་ས་མ་ཡ༔ གང་བསམ་ཕྲིན་ལས་ཐོགས་མེད་སྒྲུབས༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཏིང་འཛིན་བརྟན་པོས་སྔགས་ཚར་ཅི་རིགས་བརྗོད་ལ་གཏོར་མ་ལག་ཏུ་གཏད། སླར་རང་གྲལ་དུ་བཞག་ལ་ཁ་གསོས་ཏེ་བདུད་རྩིས་བྲན། བྱིན་བརླབས་ལ་སྔགས་ཙམ་གྱིས་ཕུལ། རྡོ་རྗེ་མགོར་བཞག་ལ། ཧཱུྃ༔ རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་དང༔ ཡི་དམ་གུ་རུ་དྲག་པོའི་བདེན་པ་ཡིས༔ སྐལ་ལྡན་འདི་ལ་བདག་གིས་བསྲུངས་ཟིན་གྱིས༔ འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག༔ བཛྲ་རཀྵ་རཀྵ༔ ཅེས་བརྗོད་མེ་ཏོག་འཐོར་ལ། ཨེ་མ་ཧོ༔ ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམ་པ་ཡིད་བཞིན་འགྲུབ༔ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ལ༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ ཅེས་ཤིས་པ་བརྗོད། དེ་དག་རྣམས་ཀྱིས་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་རིམ་རྫོགས་པ་ལགས། གཉིས་པ་སྨད་ལས་དྲག་པོའི་བསྒྲལ་དབང་བསྐུར་བ་ལའང་བསྒྲལ་བ་དང་སྲེག་པ་དང་མནན་པའི་རྗེས་གནང་སྦྱིན་པ་གསུམ་དུ་ཡོད་པ་ལས། དང་པོ་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས་དགྲ་བགེགས་སྒྲོལ་བའི་དབང་བགྱི་བ་ལ། སྣང་སྲིད་ཁྲོ་བོ་རོལ་པའི་དཀྱིལ་འཁོར་ཆེན་པོར་དཔོན་སློབ་གཉིས་ཀ་བདུད་འདུལ་ཆེ་མཆོག་ཀརྨ་དྲག་པོ་རྩལ་ཁྲོ་ཞིང་གཏུམ་ལ་རྔམ་ཞིང་འཇིགས་པའི་སྐུར་གསལ་བ་དང་རྫོང་འཕྲང་སྲོག་གི་གནད་ཟབ་མོ་དང་ལྡན་པས་དམིགས་པའི་རིམ་པ་རྣམས་ཚིག་རིས་དང་མཐུན་པར་གསལ་ཐོབ་ཅིག །བྲུབ་ཁུང་ལིངྒ་བསྒྲལ་ཆས་དམར་གཏོར་སོགས་མདུན་དུ་བཀོད་ལ། ཧཱུྃ༔ རང་མདུན་ཨེ་ལས་བྲུབ་ཁུང་ནང༔ ནྲྀ་ཏྲི་ལས་བྱུང་དགྲ་བགེགས་ནི༔ མངོན་སུམ་ཉིད་དུ་གསལ་བར་གྱུར༔ ན་མོ༔ དཀོན་མཆོག་གསུམ་དང་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་བདེན་པའི་མཐུས༔ བསྟན་དགྲ་སྒོས་དགྲ་རྣལ་འབྱོར་དགྲ༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ བར་ཆད་བྱེད་པའི་དམ་སྲི་རྣམས༔ རང་དབང་མེད་པར་འདིར་ཁུག་ཅིག༔ ཨ་མུ་ཀ་ནྲྀ་ཏྲི་སརྦ་ཨཾ་ཀུ་ཤ་ཛ༔ ལྕགས་ཀྱུའི་ཕྱག་རྒྱ་བཅས་ལན་གསུམ་བཀུག །ཛཿཧཱུྃ་བཾ་ཧོ༔ པྲ་བེ་ཤ་ཡ་ཕཊ༔ ཨཱ་བེ་ཤ་ཡ་ཨཱ༔ ཞེས་འགུགས་འཆིང་སྡོམ་མྱོས་དབྱེ་འབེབ་ཀྱི་རྒྱ་དང་དེ་དག་གི་དམིགས་པས་གཟིར། ཁྱེད་རང་ཀརྨ་དྲག་པོའི་ང་རྒྱལ་དང་གསལ་སྣང་བརྟན་པོ། ཕུར་བུ་སྲས་མཆོག །ལིངྒ་དགྲ་བགེགས་དངོས་སུ་གསལ་བ་ལ་ཚེ་ལུང་ཁྲུས་ལུང་གི་དགོངས་པ་དང་ལྡན་པས་བསྒྲལ་བའི་ལས་རིམ་ལ་འཇུག་པར་མཛོད་ཅིག །ཕུར་བུ་རལ་གྲི་དམར་གཏོར་རྣམས་རིམ་པར་གཏད་ལ། ཧཱུྃ༔ ང་ནི་བདུད་འདུལ་དབང་དྲག་སྐུ༔ མཐིང་ནག་འབར་བ་མཐུ་རྩལ་ཅན༔ ཁྲོ་ཚོགས་རབ་འཇིགས་ཧཱུྃ་སྒྲ་ལྡིར༔ སྐུ་ལས་ཁྲོ་ཚོགས་མཚོན་ཆར་འབེབ༔ ཕོ་ཉ་ལས་བྱེད་གློག་ལྟར་འཁྱུག༔ དམ་ཉམས་དགྲ་བོ་ལས་ངན་འདི༔ ལོ་ཟླ་ཞག་ཏུ་མི་འགྱངས་པར༔ སྐད་ཅིག་ད་ལྟ་ཉིད་དུ་སྒྲོལ༔ རྡོ་རྗེ་ཕུར་པས་སྙིང་ལ་གཟིར༔ རྣོ་ངར་འབར་བའི་མཚོན་ཆས་གཏུབས༔ དྲག་པོ་དམར་གྱི་གཏོར་མ་འདི༔ ཁྲོ་རྒྱལ་ཀུན་འདུས་མཐུ་སྟོབས་རྫས༔ བསྟན་དགྲའི་ཕུང་ཁམས་རྡུལ་དུ་རློགས༔ དབང་དྲག་འབར་བའི་ཞལ་དུ་བསྟབ༔ ཁྲོ་ཚོགས་རྣམས་ཀྱིས་ལྷག་མེད་རོལ༔ གནམ་ལྕགས་སྡིག་པས་སྙིང་ཁྲག་ཐུངས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས༔ གཟུགས་ཕུང་ཤ་ཁྲག་ཚོགས་སུ་རོལ༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ རྩ་སྔགས་མཐར། མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ ཞེས་ཟན་ལིང་བསྒྲལ་དུ་གཞུག་ལ་དཔལ་གཏོར་དུ་བསྟབ་ཅིང་ལྷག་མ་སློབ་མ་རྣམས་ལ་སྦྱིན། ཤོག་ལིང་དུམ་བུར་གཏུབས་ལ་བཞག །ཧོམ་སྦར་ལ། གཉིས་པ་སྲེག་པ་ཧོམ་གྱི་རྗེས་སུ་གནང་བ་ལ། སྲེག་ཁང་མེ་ཕུང་གྲུ་གསུམ་རབ་ཏུ་འབར་བའི་དབུས་སུ་བདུད་འདུལ་ཀརྨ་དྲག་པོ་རྩལ་གྱི་ལྷ་ཚོགས་ཞལ་གནམ་ས་ཙམ་དུ་གདངས་ཤིང་ཡེ་ཤེས་ཀྱི་མེ་འབར་བ་ལ། ལིང་རོ་མཐའ་དམག་དམ་སྲི་བསྟན་དགྲ་སྒོས་དགྲ་དང་དབྱེར་མེད་པར་བསྟབས་པས་ཐལ་བའི་རྡུལ་ཕྲན་ཙམ་ཡང་མ་ལུས་པར་བཞེས་ཤིང་བསྲེགས་པར་མོས་ཤིག །ཤོག་ལིང་དུམ་བུ་ཡུངས་དཀར་དང་སྦྱར་བ་ཧོམ་དུ་འབུལ་གཞུག་ལ། ཧཱུྃ༔ སྲེག་ཁང་གྲུ་གསུམ་མེ་དཔུང་དབུས༔ མེ་ལྷ་དབང་དྲག་དབྱེར་མེད་པའི༔ ཞལ་ནས་བསྐལ་པའི་མེ་དཔུང་འབར༔ བསྟན་དགྲ་དམ་སྲི་མཐའ་དམག་རྣམས༔ ཐམས་ཅད་མ་ལུས་གཅིག་ཏུ་བསྡུས༔ གཟུགས་ཀྱི་ལིངྒ་འདི་ལ་བསྟིམས༔ བདུད་འདུལ་དྲག་པོའི་ཞལ་དུ་བསྟབ༔ མེ་ལྕེའི་ཁ་ཡི་སྦྲང་མ་ལྟར༔ གཞོབ་ཐུལ་རྡུལ་བརླགས་དམིགས་མེད་གྱུར༔ རྩ་སྔགས་སྡེ་བརྒྱད་ལས་སྔགས་བཅས་པའི་མཐར། གནོད་བྱེད་དམ་སྲི་མཐའ་དམག་བསྟན་དགྲ་སྒོས་དགྲ་ནད་གདོན་བར་ཆད་ཨགྣི་ཛྭ་ལ་རཾ་ཁཱ་ཧི༔ གནོད་བྱེད་བྱད་མ་མཱ་ར་ཡ་ཕཊ༔ ཅེས་པའི་སྔགས་ཚར་བདུན་ནམ་གསུམ་སོགས་བཟླས་ལ་སྲེག་རྫས་རྫོགས་པ་དང་མེ་ལྷ་མི་དམིགས་པར་བཞག །མེ་ཁྲག་ཆུས་བསད་པའི་ཐལ་བ་སྒོ་དྲུང་དུ་དོང་གྲུ་གསུམ་བྲུས་པར་མནན་དུ་གཞུག་ལ། གསུམ་པ་ལས་ཀྱི་མཐའ་སྡུད་མནན་པའི་རྗེས་སུ་གནང་བ་ལ། སློབ་དཔོན་ཀརྨ་དྲག་པོའི་ཕྱག་གཡས་པའི་རྡོ་རྗེ་ས་ལ་བརྒྱབས་པས་ས་གཞི་གས་ཏེ་རིམ་པ་དགུའི་འོག་རོལ་ནས་འཆི་བདག་ལས་ཀྱི་གཤིན་རྗེ་ཁ་གདངས་པའི་ནང་དུ་བསྲེགས་ཐལ་མཐའ་དམག་དམ་སྲི་བསྟན་དགྲ་སྒོས་དགྲ་དངོས་སུ་གསལ་བ་བསྟབས་པས། དབང་མེད་དུ་མིད་ནས་རིམ་དགུའི་སའི་འོག་རོལ་ཏུ་སོང་བའི་སྟེང་དུ་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པས་རྒྱས་བཏབ། སྣང་སྲིད་ཁྲོ་བོ་རོལ་པའི་ལྷ་ཚོགས་རྣམས་ཀྱིས་རྡོ་རྗེའི་བྲོ་ཆེན་བརྡུང་བར་མོས་ཤིག །ཧཱུྃ༔ ང་ནི་དབང་དྲག་འབར་བ་ཡི༔ ཕྱག་གཡས་རྡོ་རྗེ་ས་ལ་བཏབ༔ ས་གས་འོག་ཕྱོགས་གཤིན་རྗེ་ཡི༔ ཁ་གདངས་མཆེ་གཙིགས་ལག་པ་བརྐྱང༔ དགྲ་བོ་ངས་གསོད་འོ་དོད་འབོད༔ རང་དབང་མེད་པར་ཞལ་དུ་མིད༔ རིམ་དགུ་ས་ཡི་འོག་ཏུ་སོང༔ བསྐལ་པའི་བར་དུ་མ་བཏང་ཞིག༔ དེ་སྟེང་འབྱུང་བ་རིམ་བརྩེགས་མནན༔ སྡང་དགྲ་དམ་སྲི་མ་བཏང་ཞིག༔ རྩ་སྔགས་སྡེ་བརྒྱད་གཟིར་སྔགས་མནན་སྔགས་བཟླ། གནོད་བྱེད་དམ་སྲི་རྒབ་འདྲེ་མཐའ་དམག་བསྟན་དགྲ་ནད་བདག་ཡམས་བདག་ལོག་འདྲེན་འབྱུང་པོ་ཐམས་ཅད་སཏྭམྦྷ་ཡ་ནན༔ ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་མཱ་ར་ཡ་སཏྭམྦྷ་ཡ་ནན་ནན༔ མནན་པའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་དུ་བཀོད་ལ། ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ཞིང་བཅུ་ཚང་བའི་དགྲ་སྟེང་ན༔ དབང་དྲག་ལྷ་ཚོགས་བྲོ་བརྡུངས་པས༔ དགྲ་ནི་ཐལ་བར་བརླག་པའི་བྲོ༔ བགེགས་རྣམས་ཕྱེ་མར་འཐག་པའི་བྲོ༔ རྣལ་འབྱོར་དམ་སྲི་འདུལ་བའི་བྲོ༔ བར་ཆད་མེད་པར་བརྡུང་བར་བྱ༔ སཏྭམྦྷ་ཡ་མཱ་ར་ཡ་ནན་ནན་ཁ་ཐཾ༔ སུམྦྷ་ནི་སོགས་ཧཱུྃ་བཞིའི་སྔགས་བརྗོད། བླ་མ་དཀྱིལ་འཁོར་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་བརྗོད་ཅིང་མེ་ཏོག་ཆར་དུ་བསྙིལ་བས་དབང་གི་ཡེ་ཤེས་མ་སྐྱེས་པ་བསྐྱེད། སྐྱེས་པ་གོང་དུ་འཕེལ་ཞིང་བརྟན་པར་བྱིན་གྱིས་རློབ་པར་མོས་ཤིག །ཞལ་ནས་གསུངས་པས་ཐོག་དྲངས། བཀྲ་ཤིས་པའི་ཚིགས་སུ་བཅད་པ་རྒྱས་པར་བརྗོད་དོ། །དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་བདུད་འདུལ་ཀརྨ་དྲག་པོ་རྩལ་གྱི་རྩ་བའི་དབང་བསྐུར་རྒྱས་པ་ལས་སྦྱོར་གྱི་རྗེས་གནང་བཀའ་གཏད་དང་བཅས་ལྷག་ཆད་མེད་པར་གྲུབ་པ་ལགས་པས་སོགས་ཀྱིས་མཚམས་སྦྱར་ནས། དམ་ཚིག་ཁས་བླང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྱེས། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ། ཆད་ཐོ་བསྒྲགས་ལ་སྲུང་མའི་གཏོར་མ་སོགས་འབུལ། སྐབས་འདིར་ཟློག་པའི་སྐོར་མི་དགོས་པས་བརྟན་མ་བསྐྱང་། རྟ་བྲོ་བརྡུང་། མཆོད་བསྟོད་བཟོད་གསོལ་དབང་ལེན་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་ཀྱི་བར་ལས་བྱང་དཀྱུས་ལྟར་གཏང་བས་འགྲུབ་བོ། །ཡིག་ཆ་རྒྱུད་བཅས་ཡོད་བཞིན་དུ། །གསར་འབྲིའི་ངལ་བ་མ་དགོས་ཀྱང་། །མཚམས་སྦྱོར་འགའ་ཞིག་མ་ཚང་སོགས། ཁ་སྐོང་རྒྱས་བསྡུས་འཚམ་ཕྱིར་བཀོད། །མཐིང་ནག་དུས་ཀྱི་མུན་པའི་དབྱིངས་རུམ་དུ། །མི་སྲུན་བདུད་བགེགས་དམིགས་པ་མེད་པར་བསྟིམ། །ཡེ་ཤེས་སྣང་བའི་ཚ་ཟེར་རབ་འབར་བས། །དགེ་ལེགས་སྣང་བ་ཕྱོགས་དུས་ཀུན་ཁྱབ་ཤོག །ཅེས་པའི་ཟབ་ཆོས་འདི་ཉིད་གཏེར་ཆེན་མཆོག་གྱུར་གླིང་པས་ཉིད་ཀྱི་ཟབ་གཏེར་གྱི་ཆ་ལག་ཏུ་གཏོགས་པས་མེད་དུ་མི་རུང་བར་གསུངས་པ་དང་། ཟབ་གཉན་བྱིན་རླབས་ཆེ་བས་ཉེ་བར་མཁོ་བའི་ཕྱིར་རིག་འཛིན་ཉིད་ཀྱིས་མཛད་པའི་དབང་ཆོག་ལ་གསལ་བྱེད་ཞབས་ཏོག་གི་ཚུལ་དུ། རྡོ་རྗེ་ཐོད་ཕྲེང་རྩལ་ལ་བློ་གཏད་འཆའ་བའི་ཕྱོགས་བྲལ་གྱི་རྣལ་འབྱོར་སྤྱོད་པ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བསྡེབས་པ་དགེ་ལེགས་འཕེལ།། །།
དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་མྱང་གྲོལ་རིལ་བུའི་སྒྲུབ་ཐབས་ངག་འདོན་སྙིང་པོར་དྲིལ་བ་གཞན་ཕན་མཁའ་ཁྱབ་ (Volume 3, Text 7)
དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་མྱང་གྲོལ་རིལ་བུའི་སྒྲུབ་ཐབས་ངག་འདོན་སྙིང་པོར་དྲིལ་བ་གཞན་ཕན་མཁའ་ཁྱབ་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་སཏྭ་ཡ། དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་མན་ངག །མ་བསྒོམ་སངས་རྒྱས་གྲོལ་ལམ་གསུམ་གྱི་ཡ་གྱལ། མྱང་གྲོལ་བདུད་རྩི་རིལ་བུ་སྒྲུབ་པའི་ལག་ལེན་ནི། གཞུང་རྩ་བ་ལས། དཔའ་བོ་ཤ་ལྔ་བདུད་རྩི་ལྔ༔ མཆོག་གྲུབ་གདུང་དང་རིང་བསྲེལ་དང༔ བདུད་རྩི་སྒྲུབ་རྫས་སྨན་ཕབས་རྣམས༔ རྩ་བའི་རྫས་ཏེ་སྟོབས་བསྐྱེད་པ༔ བཟང་དྲུག་འབྲས་བུ་གསུམ་ལ་སོགས༔ བདུད་རྩི་མཆོག་རྒྱུད་བཞིན་སྦྱར་ནས༔ ཡུངས་ཀར་འབྲུ་དགུའི་ཚད་དུ་དྲིལ༔ མཚན་ལྡན་ཕོ་མོའི་ཐོད་པར་བླུག༔ ཅེས་གསུངས་པ་ལྟར་ལག་ལེན་དུ་བསྟར་བ་ནི། འབྲས་བཟང་པོ་ཆུ་ཁྲུས་བྱས་པའི་ཕྱེ་མ་བྲེ་གསུམ་གྱི་ཚེ་ན། ཨ་རུ་གསེར་མདོག་རྡོག་བཅུ་ལ། སྐྱུ་རུ་ར་སུམ་ཅུ། བ་རུ་ར་རྡོག་བཅུ། ཛཱ་ཏི། ལི་ཤི །སུག་སྨེལ། གུར་གུམ། ཅུ་གང་། ཀ་ཀོ་ལ་སྟེ་བཟང་པོ་དྲུག་སོ་སོ་ནས་ཞོ་དོ་ཙམ་རེ་དང་། ཙནྡན་དཀར་དམར། གིའུ་ཝང་། ཁ་ཆེ་རྣམས་ཞོ་རེ་ཙམ། དེ་ཕྱིན་སྨན་གཞན་མང་པོ་བཏང་ཡང་རོ་ནུས་ལ་གནོད་པས། བདུད་རྩི་སྨན་གྱི་སྒྲུབ་པའི་ལག་ལེན་ཚད་ལྡན་གྱིས་སྦྱར་བའི་བདུད་རྩི་ཆོས་སྨན་ཕོན་ཆེ་བ་ཙམ་བཏབ་ཕྱིན་དེ་ལ་མ་འདུས་པ་མེད་ཅིང་། ཕབ་གཏའ་ནི། མཆོག་གི་དངོས་གྲུབ་བརྙེས་པ་རིག་འཛིན་བླ་མའི་གདུང་རུས་རིང་བསྲེལ་རྣམ་སྣང་མི་བསྐྱོད། དེ་བཞིན་གཤེགས་པའི་འཕེལ་གདུང་། སེལ་མེད་ཀྱི་གོང་མ་དག་གི་སྒྲུབ་རྫས་རིལ་བུ་རྣམས་སོ། །ཤ་ལྔ་བདུད་རྩི་ལྔ་ནི། བདུད་རྩི་ཆོས་སྨན་ལ་ཡོད་པ་དེས་འཐུས་པར་མཛད་པས་གསར་དུ་མི་དགོས། དེ་ལྟར་རྫས་དེ་རྣམས་ཞིབ་ཏུ་བསྣུར་ཞིང་འདྲེས་པར་སྦོལ་བའི་ཕྱེ་མ་ལས་ཟན་གཡོས་ཏེ། རིལ་བུ་ཡུངས་ཀར་འབྲུ་དགུ་གཅིག་ཏུ་དྲིལ་བ་ཙམ་གྱི་ཚད་དུ་དྲིལ་ལ། གྲིབ་སྐམ་བྱས་ནས་མཚལ་གྱིས་ཁ་དོག་དམར་པོར་བསྒྱུར། དེ་ཉིད་དར་གྱི་ཁུག་མར་བླུགས་པ་མཚན་ལྡན་ཕོ་མོའི་ཐོད་པ་སྟེང་འོག་ཁ་སྦྱོར་གྱི་བར་དུ་བཅུག །ཕྱི་ནས་དཀར་མཐིང་སེར་དམར་ལྗང་བའི་དར་ཚོན་སྣ་ལྔས་དྲིལ། ཚོན་སྐུད་སྣ་ལྔའི་སྲད་བུས་རྒྱ་གྲམ་དུ་བཅིངས་ལ་བགེགས་བསྐྲད་པ་དང་། ཁྲུས་གསོལ་རྒྱས་བསྡུས་ཇི་ལྟར་རིགས་པར་བྱ། རང་དང་ཁ་སྤྲོད་དུ་སྟེགས་བུ་ཁེབས་ལྡན་ལ་རས་བྲིས་སམ་རྡུལ་ཚོན་གང་རུང་གི་རེ་ཁཱ་དཀར་པོས་པདྨ་འདབ་མ་བརྒྱད་པ་ཞིག་བྲིས་པའི་དབུས་སུ་མཉྫི་ལ་བཀོད། མཐའ་མཆོད་གཏོར་གྱིས་བསྐོར་ལ་སྤྲོ་ན་རྒྱན་བཀོད་སོགས་མཐོང་བརྒྱུད་བཞིན་བྱའོ། །དེ་ནས་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་གཞི་བགེགས་ཀྱི་གཏོར་མ་གཏང་བ་ནས་བཟུང་བདག་བསྐྱེད་བཟླས་པ་དང་བཅས་པའི་མཇུག་གི་བྱ་བ་གསོལ་གདབ། ཉེར་བསྡུ། ཐུན་མཚམས་ཀྱི་ལྷར་ལྡང་བའི་བར་ཆོ་ག་རྣམ་གྲོལ་ལམ་བཟང་ལྷན་ཐབས་དང་བཅས་པ་ལས་ཇི་ལྟར་འབྱུང་བ་བཞིན་ལེགས་པར་གྲུབ་ནས། མདུན་རྟེན་ལ་བསང་ཆུ་འཐོར་ཞིང་། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཤོ་དྷ་ཡ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཤུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་བསང་སྦྱང་། མདུན་རྟེན་མི་དམིགས་སྟོང་པར་གྱུར། །དེ་ངང་རླུང་མེ་ཐོད་སྒྱེད་སྟེང་། །ཨ་ལས་ཐོད་པའི་སྣོད་ནང་དུ། །པདྨ་འདབ་བཞིའི་སྙིང་པོ་ལ། །དབུས་སུ་ཨཱོཾ་མཱུཾ་དཀར་གསལ་འཚེར། །ཤར་དུ་ཧཱུྃ་ལཱཾ་མཐིང་སྔོན་འབར། །ལྷོ་རུ་ཏྲཱྃ་མཱཾ་གསེར་མདོག་ཅན། །ནུབ་ཏུ་ཧྲཱིཿཔཱཾ་ལེ་བརྒན་མདངས། །བྱང་དུ་ཨཱཿཏཱཾ་མ་རྒད་མདོག །འོད་འབར་ས་བོན་བཅུ་པོ་ཉིད། །རིམ་བཞིན་ཡོངས་གྱུར་ལྟེ་བའི་དབུས། །བ་ལང་ཤ་དང་བྱང་ཆུབ་སེམས། །ཤར་དུ་མཆོག་ཆེན་མི་ཤ་དང་། །བདུད་རྩི་དྲི་ཆེན་ལྷོ་ཕྱོགས་སུ། ཁྱི་ཤ་དང་ནི་ཤ་ཆེན་པོ། །ནུབ་ཏུ་རྟ་ཤ་མཚན་ལྡན་མའི། །པདྨའི་རཀྟ་བྱང་དུ་ནི། །གླང་ཆེན་ཤ་དང་དྲི་ཆུ་དང་། །སོ་སོའི་ས་བོན་གྱིས་མཚན་པའི། །སྟེང་དུ་དཀར་གསལ་ཟླ་དཀྱིལ་ལ། །རིག་པ་ཧཱུྃ་ལས་རྡོ་རྗེར་གྱུར༔ སྤྲོ་བསྡུས་དེ་ཉིད་བཅོམ་ལྡན་འདས༔ རྡོ་རྗེ་སེམས་དཔའ་ཟླ་བའི་མདོག༔ ཞི་ཚུལ་མཚན་དང་དཔེ་བྱད་འབར༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ པང་དུ་སྙེམས་མ་གྲི་གུག་དང༔ ཐོད་པ་འཛིན་པས་མགུལ་ནས་འཁྱུད༔ དར་དཔྱངས་རིན་ཆེན་ཅོད་པན་སོགས༔ རྒྱན་ཆས་བཅུ་གསུམ་དག་དང་ལྡན༔ མཐའ་ཡས་འོད་ཟེར་སྤྲོ་བ་འོ༔ ཞེས་དམ་ཚིག་པ་བསྐྱེད་ནས། དེ་ལྟར་ཡོངས་སུ་གསལ་བར་གྱུར་པའི་སོགས། གནས་གསུམ་བྱིན་རླབས། སྤྱན་འདྲེན། དབང་བསྐུར། མཆོད་བསྟོད་རྣམས་བདག་བསྐྱེད་བཞིན་བྱས་ནས། མྱང་གྲོལ་ལ་གཟུངས་ཐག་གཏད་ལ་ཛཔ྄་དམིགས་ནི། རང་ཉིད་ལྷར་གསལ་ཐུགས་ཀ་ནས། །འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ། །སོང་པས་འོག་གི་རླུང་གཡོས་ཤིང་། །མེ་སྦར་ཐོད་པའི་དམ་རྫས་ཁོལ། །དཀར་དམར་འོད་ཀྱི་གོང་བུར་ཞུ༔ རླངས་པས་ཡབ་ཡུམ་ཆགས་པ་བསྐུལ༔ མཉམ་སྦྱོར་དགའ་བའི་འོད་དང་སྒྲས༔ སངས་རྒྱས་ཚད་མེད་སྤྱན་དྲངས་ནས༔ ཞལ་ཞུགས་ཐིག་ལེར་ཞུ་བ་ཉིད༔ མཁའ་གསང་ལས་ནི་བདུད་རྩི་ལ༔ མཚོ་ལ་ཁ་བ་བབ་པ་བཞིན༔ ཐིམ་ནས་རྗེས་ཆགས་མཉམ་སྦྱོར་བས༔ ཡབ་ཡུམ་ཐིག་ལེའི་ངོ་བོར་ཞུ༔ དམ་ཚིག་རྫས་དང་རོ་གཅིག་གྱུར། །ཞེས་པའི་དམིགས་པའི་འཕྲོ་འདུ་དང་བཅས་སྙིང་པོ་ཡི་གེ་བརྒྱ་པའི་མཐར། ཨོཾ་ཛྙཱ་ན་ཨ་མྲྀཏ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་བཏགས་པ་བཟླ་ཞིང་། ཐུན་འཇོག་པ་ན། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་རློབ་པའི་དུས་ལ་བབ། །དབང་མཆོག་སྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། །ཅེས་དང་ཡིག་བརྒྱའི་མཐར། ཨོཾ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཨཱཿཧ་ཛྷཻཾཿ ཞེས་རོལ་མོའི་སྒྲ་དང་རྐང་གླིང་ཐོད་རྔ། བཤུག་གླུ །དར་སྣ་ལྔའི་གཡབ་དར་སོགས་ཀྱིས་སྒྲུབ་པའི་ཡོ་བྱད་རྣམས་ལ་བྱིན་དབབ་བོ། །དེ་ལྟ་བུས་ཉིན་ཐུན་གཉིས་དང་། མཚན་ཐུན་གཉིས་སམ། ཡང་ན་ཐོ་རེངས། སྔ་གྲོ །དགོང་ཀ །སྲོད་དེ་ཐུན་བཞི་ལ་གོང་ལྟར་བྱེད་ཅིང་སྔགས་སྒྲ་རྒྱུན་མ་ཆད་པར་བཟླ་བས་ཞག་བདུན་སོགས་དུས་དང་། ཁྲི་འབུམ་སོགས་ཀྱི་གྲངས་རང་གི་ནུས་པ་དང་འཚམས་པ་བྱའོ། །དེའི་ཚེ་གྲུབ་པའི་རྟགས་ནི། རྫས་ལ་འོད་འཕྲོ་བ་དང་། དྲི་བཟང་པོ་འཐུལ་བ་དང་། སྒྲ་སྙན་པར་སྒྲོག་པ་དང་། མང་པོར་འཕེལ་ཞིང་རིལ་བུའི་གྲངས་འཕར་བ་སོགས་ཀྱི་རྟགས་བཟང་པོ་འབྱུང་ངོ་། །དེ་ལྟར་གྲངས་དུས་མཚན་མ་གསུམ་གང་གི་ཚེ་ནའང་སྒྲུབ་པ་ཐེམས་ནས་དངོས་གྲུབ་བླང་བ་ནི། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུྃ། ཞེས་བརྗོད་ཅིང་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབས་རོལ་མོའི་ཚམ་རྔམ་དང་བཅས་ཏེ་བགེགས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་པས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་སྲུང་བའི་གུར་ཁང་མེའི་འོད་ཟེར་འཕྲོ་བས་བར་མཚམས་མེད་པར་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པར་གྱུར་པར་བསམས་ལ་སྲུང་འཁོར་བསྒོམ། འཕགས་མཆོག་ཐུགས་རྗེ་མས་བྱིན་དབབ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །སོགས་ཀྱིས་བཤགས་པ་བྱ། དེ་ནས་སྒྲུབ་རྫས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པས་རང་ལ་ཐིམ་པར་གྱུར་པར་བསམས་ལ་ཡིག་བརྒྱའི་མཐར། ཨོཾ་ཛྙཱ་ན་ཨམྲྀཏ་སརྦ་སིདྡྷི་ཧཱུྃ༔ ཞེས་སྦྲེལ་བ་བརྒྱ་སྟོང་སོགས་བཟླ་ཞིང་། མཐར་སྨན་གཏོར་རཀྟས་མངའ་གསོལ་བ་ནི། གཙང་དམེའི་དྲི་རྟོག་ཀུན་བྲལ་བའི༔སོགས་དང་། ཤ་ལྔ་བདུད་རྩིའི་སྙིང་པོ་ཅན༔སོགས་ཀྱིས་རྒྱས་པར་མཆོད་ནས། སྒྲུབ་རྟེན་བནྡྷ་ཁ་སྦྱོར་གནས་བཞིར་གཏུགས་ཤིང་། ཨོཾ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ཆེ༔ བདག་ལ་རྗེས་སུ་ཆགས་པར་མཛོད༔ སྐྱེ་རྒ་ན་དང་འཆི་བ་སོགས༔ འཇིགས་རུང་སྲིད་པའི་སྡུག་བསྔལ་ལས༔ མགོན་པོ་ཁྱོད་ཀྱིས་བདག་སྐྱོབས་ཤིག༔ སྡིག་པ་ཀུན་ལས་རྣམ་གྲོལ་ཞིང༔ ཡང་དག་ཡེ་ཤེས་སེམས་དཔའ་ཆེའི༔ སྐུ་གསུང་ཐུགས་སུ་བདག་སྒྲུབས་ཤིག༔ ས་མ་ཡ་སིདྡྷི་ཨ་ལ་ལ་ཧོ༔ ཞེས་རོལ་མོའི་སྒྲ་དང་བཅས་པས་དངོས་གྲུབ་བླང་ཞིང་། ལྷ་འོད་དུ་ཞུ་བའི་དམ་རྫས་བདུད་རྩིར་གྱུར་པར་བསམས་ལ་ལོངས་སྤྱོད་པར་བྱའོ། །དེ་ནས་མཆོད་པ་རྣམས་ཁ་གསོས་ལ་གཏང་རག་གི་མཆོད་བསྟོད་རྒྱས་པར་བྱ། ནོངས་པ་བཤགས། ཡེ་ཤེས་པ་རྣམས་རྟེན་ལ་བརྟན་བཞུགས་དང་། དམ་ཚིག་གི་དཀྱིལ་འཁོར་བསྡུས་ལ་ཐུན་མཚམས་ཀྱི་ལྷར་ལངས་ཏེ། གོ་བགོ་ལུས་སྲུང་བསྔོ་སྨོན་ཤིས་བརྗོད་རྣམས་ལྷན་ཐབས་ཡན་ལག་མཛེས་རྒྱན་ལྟར་མཐའ་རྒྱས་སུ་བྱའོ། །དེ་ལྟ་བུའི་དམ་རྫས་དེ་ཉིད་སེར་སྣ་མེད་པའི་སེམས་བསྐྱེད་བཟང་པོས་སེམས་ཅན་ཐམས་ཅད་ལ་ཁྱབ་བརྡལ་དུ་སྤེལ་ཞིང་སྦྱིན་པར་བྱ་སྟེ། གཞུང་ལས། དེ་ལྟ་བུ་ཡི་དམ་རྫས་དེ༔ གང་གིས་ཟོས་པས་ཉམས་ཆག་སྦྱོང༔ དམ་ཚིག་དངོས་གྲུབ་ཀུན་ཐོབ་ནས༔ འཕོ་མེད་བདེ་ཆེན་འགྲུབ་པར་འགྱུར༔ ཞེས་གནས་སྐབས་སུ་དམ་ཚིག་ཉམས་ཆག་གཙོ་བོར་གྱུར་པའི་སྡིག་སྒྲིབ་ཐམས་ཅད་ལྷག་མེད་དུ་བྱང་ཞིང་། ཕྲིན་ལས་བཞི་དང་། གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པའི་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པ་དང་། མཐར་ཐུག་བདེ་བ་ཆེན་པོར་ཁ་སྦྱོར་ཡན་ལག་བདུན་ལྡན་དཔལ་རྡོ་རྗེ་སེམས་དཔའི་གོ་འཕང་དཀའ་བ་མེད་པར་འགྲུབ་པས་མཚོན་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་སོ། །དེ་དག་ནི་གཙོ་བོ་མྱོང་གྲོལ་ཆིག་དྲིལ་ཏུ་སྒྲུབ་ཚུལ་ཙམ་ཡིན་ལ། གལ་ཏེ་སྒྲུབ་མཆོད་དང་སྦྲེལ་ན། སྦྱོར་བ་ཡོ་བྱད་བཤམ་པའི་སྐབས་སུ། མྱང་གྲོལ་གྱི་ཐོད་པ་ཁ་སྦྱོར་རྣམས་དཀྱིལ་འཁོར་གྱི་དབུས་སུ་ལྡིང་ཁྲིའི་ཁར་བཀོད་ཅིང་། གཞན་སྒྲུབ་པའི་ཡོ་བྱད་ཐམས་ཅད་གཞུང་ལྟར་ཚོགས་པར་བྱ། དངོས་གཞིར་བསྙེན་པའི་རྣལ་འབྱོར་སྔོན་དུ་འགྲོ་བས། ཚོགས་གསག་སྒྲུབ་པའི་རྣལ་འབྱོར་གྱི་ཚོགས་ཞིང་དམ་ཚིག་པ་བསྐྱེད་ཟིན་པའི་མཚམས་མདུན་རྟེན་བསང་སྦྱང་ནས་བརྩམས་ཏེ། མཐའ་ཡས་འོད་ཟེར་སྤྲོ་བ་འོ༔ཞེས་པའི་བར་གོང་དུ་སྨོས་པ་ལྟར་གྲུབ་རྗེས། དེ་ལྟར་ཡོངས་སུ་གསལ་བར་གྱུར་པའི་སོགས་གནས་གསུམ་བྱིན་རླབས་ནས་བཟུང་དཀྱུས་གཅིག་ཏུ་བྱས་ལ། བུམ་བཟླས་འོད་ཞུའི་བར་ཆོ་གའི་གཞུང་དང་ལྷན་ཐབས་སྦྱར་ཏེ་བཟླས་པ་འོས་མཚམས་དང་བཅས་བྱ། དེ་ནས་མྱང་གྲོལ་ལ་གཟུངས་ཐག་གཏད་ལ། རང་ཉིད་ལྷར་གསལ་ཐུགས་ཀ་ནས། སོགས་ཛཔ྄་དམིགས་གསལ་བཏབ་སྟེ་བཟླས་པ་ཐུན་དུ་བཅད་པའི་མཚམས་བྱིན་འབེབས་བཅས་གོང་ལྟར་དང་། ཐུན་མཚམས་སུ་ཡེ་ཤེས་སྐུ་མཆོག་ནས་བཟུང་བསྔོ་སྨོན་ཤིས་བརྗོད་ཀྱི་བར་ཆོ་གའི་གཞུང་དང་ལྷན་ཐབས་སྦྱར་ཏེ་རྒྱས་པར་ཉམས་སུ་བསྟར་ཞིང་། སྐབས་སུ་ཉུ་ལེའི་བགེགས་ལ་ཕུར་པ་གདབ་པ་དང་། ཁོར་ཡུག་ཏུ་གསུང་མི་ཆག་པའི་བཟླས་པ་བྱ་ཚུལ་སོགས་མཐོང་བརྒྱུད་ལྟར་ཤེས་པར་བྱ། སྒྲུབ་པའི་ཞག་གྲངས་རྫོགས་པའི་ཐུན་ཐ་མའི་ཚེ་བརྟན་མ་སྐྱོང་བའི་བར་གྱི་ཆོ་ག་རྣམས་གྲུབ་རྗེས་དངོས་གྲུབ་བླང་བ་གོང་དུ་སྨོས་པ་ལྟར་བྱ་ཞིང་དམ་ཚིག་གི་རྫས་ལ་ལོངས་སྤྱད། དོན་དུ་གཉེར་བ་རྣམས་ལའང་དངོས་གྲུབ་ཀྱི་སྐལ་བ་ཅི་རིགས་པ་སྦྱིན་ཅིང་། དམིགས་བསལ་དབང་བསྐུར་བ་སོགས་དགོས་ནའང་སྐབས་འདིར་བྱས་ལ། གཏང་རག་གི་མཆོད་བསྟོད་ནས་བརྩམ་སྒྲུབ་པའི་རྗེས་ཀྱི་བྱ་བ་རྣམས་གཞུང་ལྟར་རྒྱས་པར་བྱའོ། །ཞེས་པའང་རིག་འཛིན་གྱི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རྗེ་བཙུན་བླ་མ་དམ་པ་ཞི་བར་གཤེགས་པ་རྣམས་ཀྱི་ཟབ་དགོངས་འོད་གསལ་གྱི་དབྱིངས་སུ་རྫོགས་ཤིང་། ད་ལྟར་ཞལ་བཞུགས་པ་རྣམས་ཞབས་པད་བརྟན་ཅིང་ཕྲིན་ལས་རྒྱས་པ་དང་། ཚེ་འདིའི་ཕ་མས་གཙོ་བྱས་མཁའ་ཁྱབ་ཀྱི་ཡིད་ཅན་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའི་གོ་འཕང་རིན་པོ་ཆེར་དབུགས་འབྱིན་པའི་ལྷག་བསམ་གཅིག་ཏུ་དཀར་བས་གཞི་བཟུང་། རང་བྱུང་པདྨའི་སྒྲུབ་གནས་མདོ་ཁམས་མཁའ་འགྲོ་ཕུག་གི་བསམ་གཏན་བསྒོམ་པའི་འདུས་སྡེ་ཨོ་རྒྱན་འོད་གསལ་ཐེག་མཆོག་གླིང་དུ་ཚུལ་འདི་ལྟ་བུའི་མྱང་གྲོལ་སྒྲུབ་མཆོད་དང་འབྲེལ་བར་འཛུགས་པའི་སྐབས་ཉེ་བར་མཁོ་བས་མཚམས་སྦྱར་ཏེ་སྨིན་གླིང་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེས་མཛད་པའི་གྲོལ་ལམ་གསུམ་གྱི་མན་ངག་ལྷན་ཐབས་ལས་ཟུར་དུ་ཕྱུངས་ཏེ་ཅུང་ཟད་གསལ་བདེར་སྤེལ་བའི་དགེ་བས་ཇི་ལྟར་སྨོན་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །སརྦ་མངྒ་ལཾ་བྷ་བ་ཏུ།། །།
ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་རྒྱུན་ཁྱེར་ཟབ་ལམ་སྙིང་པོ་ (Volume 24, Text 7)
༄༅། །ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་རྒྱུན་ཁྱེར་ཟབ་ལམ་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། འདིར་དག་སྣང་རྒྱ་ཅན་ལས་བྱུང་བའི་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་རྒྱུན་གྱི་རྣལ་འབྱོར་སྙིང་པོར་དྲིལ་ཏེ་ཉམས་སུ་བླང་བའི་ཚུལ་ལ་གསུམ། སྔོན་འགྲོ།དངོས་གཞི། རྗེས་སོ། །དང་པོ་ལ་སྐྱབས་སེམས་ནི། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །བླ་མ་རྩ་བ་གསུམ་ལ་སྐྱབས་སུ་མཆི། །གཞན་དོན་རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། །འཇིག་རྟེན་དབང་ཕྱུག་བསྒྲུབ་པར་སེམས་བསྐྱེད་དོ། །ལན་གསུམ། བགེགས་བསྐྲད་སྲུང་འཁོར་ནི། ཧྲཱིཿ རང་ཉིད་རྟ་མགྲིན་བེ་ཅོན་སྡིགས་མཛུབ་མཛད། །ཐུགས་ལས་སྤྲུལ་པའི་ཁྲོ་མཚོན་མེ་ཕུང་གིས། །བར་དུ་གཅོད་པའི་གདོན་བགེགས་འབྱུང་པོ་རྣམས། །མཐར་བསྐྲད་རྡོ་རྗེ་སྲུང་བའི་གུར་དུ་གྱུར། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ གནོད་བྱེད་འབྱུང་པོ་ཨུ་ཙཊྚ་ཡ་ཕཊཿ ཨོཾ་བཛྲ་ཙཀྲ་ཛྭ་ལ་རཾ་ཧཱུྃ་བྷྲཱུྃ་ཧཱུྃ། མཆོད་པ་དངོས་བཤམས་ཡོད་ན། རཾ་ཡཾ་ཁཾ། ཐུགས་ནས་རཾ་ཡཾ་ཁཾ་འཕྲོས་པས། །ཕྱི་ནང་གསང་བའི་མཆོད་རྫས་ཀྱི། །མ་དག་ཉེས་སྐྱོན་ཀུན་སྦྱངས་ནས། །མི་ཟད་ནམ་མཁའི་མཛོད་དུ་གྱུར། ཨོཾ་ཨཱཿཧཱུྃ་ཞེས་བརླབ་བོ། །གཉིས་པ་དངོས་གཞི་ལ། དམ་ཚིག་པ་བསྐྱེད་པ་ནི། ཨོཾ། སྟོང་ཉིད་སྙིང་རྗེ་དབྱེར་མེད་རང་རིག་ཧྲཱིཿ དེ་ལས་འོད་ཟེར་ཐིག་འཕྲོས་འབྱུང་ལྔའི་སྟེང་། །བྷྲཱུྃ་ལས་བདེ་ཆེན་ལྷུན་གྲུབ་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན། །རྩིག་པ་ལྔ་ལྡན་ཕ་གུ་པ་ཏྲ་ཅན། །དྲྭ་ཕྱེད་ཤར་བུ་མདའ་ཡབ་ཕིབས་ཏོག་མཛེས། །རྡོ་རྗེའི་རྭ་གུར་ཡེ་ཤེས་མེ་འོད་འཕྲོ། །ཕྱི་རོལ་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར། །དེ་དབུས་པདྨ་འདབ་བཞིའི་ལྟེ་བ་དང་། །འདབ་མར་ཟླ་བའི་དཀྱིལ་འཁོར་ཉ་གང་སྟེང་། །རང་སེམས་ཧཱུྃ་དཀར་བྷྲཱུྃ་སྔོ་ཨཾ་སེར་པོ། །ཛྲིཾ་དམར་ཁཾ་ལྗང་ཛཿཧཱུྃ་བཾ་ཧོཿརྣམས། །རང་རང་མདོག་ཅན་སྒོ་བཞིར་ཡོངས་གྱུར་ལས། །ལྟེ་བར་རང་ཉིད་མི་བསྐྱོད་འཇིག་རྟེན་དབང་། །དཀར་གསལ་འཛུམ་ལྡན་སྤྱན་གཉིས་འགྲོ་ལ་གཟིགས། །དབུ་སྐྲ་ཐོར་ཚུགས་ལྷག་མ་ཐུར་དུ་འཕྱང་། །ཕྱག་གཉིས་གཡས་པ་མཆོག་སྦྱིན་ཕྱག་རྒྱ་དང་། །གཡོན་པ་སྟ་ཟུར་ངོས་སུ་དཀུར་བརྟེན་པ། །རིན་ཆེན་རྒྱན་དང་དར་གྱི་ན་བཟའ་གསོལ། །ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་ཚུལ་ཅན། །ཤར་དུ་སྣང་མཛད་འཇིག་རྟེན་དབང་ཕྱུག་སྔོ། །ལྷོ་རུ་རིན་འབྱུང་འཇིག་རྟེན་དབང་ཕྱུག་སེར། །ནུབ་ཏུ་སྣང་མཐའ་འཇིག་རྟེན་དབང་ཕྱུག་དམར། །བྱང་དུ་དོན་ཡོད་འཇིག་རྟེན་དབང་ཕྱུག་ལྗང་། །ཀུན་ཀྱང་རྒྱན་གོས་ཕྱག་རྒྱ་གཙོ་བོ་བཞིན། །སྒོ་བཞིར་ཟླ་བའི་གདན་ལ་ལྷ་མོ་བཞི། །དཀར་སེར་དམར་ལྗང་དབུ་སྐྲ་ཐོར་ཚུགས་ཅན། །རིན་ཆེན་རྒྱན་དང་དར་གྱི་ན་བཟའ་གསོལ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན། །གཡོན་པ་སྡིགས་མཛུབ་ཞབས་གཉིས་དོར་སྟབས་བཞུགས། །གནས་གསུམ་རྡོ་རྗེ་གསུམ་གྱི་ཡི་གེས་མཚན། །དེ་ལས་འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར། །ཡེ་ཤེས་པ་སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་བསྟོད་པ་དང་བཅས་པ་ནི། ཧྲཱིཿ རང་བཞིན་རྣམ་དག་ཞིང་ཁམས་ནས། །འཇིག་རྟེན་དབང་ཕྱུག་སྙིང་རྗེའི་ལྷ། །འདིར་གཤེགས་གཉིས་སུ་མེད་པར་བཞུགས། །སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བའི་མཆོད་པ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་ལོ་ཀེ་ཤྭ་ར་ས་མ་ཡ་ཛ་ཛཿ ཨོཾ་བཛྲ་ས་མ་ཡ་ཏིཥྛནྟུ། ན་མོ་པུ་རུ་ཤ་ཡ་ཧོཿ ཨོཾ་ཨཱཿཧཱུྃ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཱུ་ཛཿཧོཿ སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། ཧྲཱིཿ དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །སྨོན་ལམ་སྟོབས་ཀྱིས་འགྲོ་བའི་དོན་མཛད་པ། །མཐོང་ཐོས་དྲན་པས་སྡུག་བསྔལ་ཀུན་ལས་སྒྲོལ། །འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །བཟླས་པ་བྱ་བ་ནི། ཧྲཱིཿ རང་བྱུང་རྣམ་དག་གཞལ་ཡས་འདིར། །ལོངས་སྐུ་ཐུགས་རྗེ་ཆེན་པོའི་ལྷ། །སྣ་ཚོགས་སྐུ་དང་ཆ་ལུགས་ལ། །ཐུགས་སྲོག་ཛཔ྄་ཀྱི་རང་སྒྲ་སྒྲོག །མི་འགྱུར་ཐུགས་ལས་འོད་ཟེར་འཕྲོས། །ཕར་འཕྲོས་སེམས་ཅན་དོན་རྣམས་རྫོགས། །ཚུར་འདུས་དངོས་གྲུབ་བཅུད་དུ་བསྡུ། །རྟགས་མཐོང་བར་དུ་རྒྱུན་མི་གཅད། །ཅེས་དགོངས་པའི་སྲོག་ཏུ་བཟུང་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཡི་གེ་དྲུག་པའི་བཟླས་པ་རྩེ་གཅིག་ཏུ་བྱ། སྤྲོ་ན་སོ་སོའི་སྔགས་བཟླ་བའི་ཚུལ་ལས་བྱང་ལྟར་རོ། །གསུམ་པ་རྗེས་ལ། ཐུན་ལས་ལྡང་བ་ན་དབྱངས་གསལ་རྟེན་སྙིང་གིས་སྔགས་ཀྱི་ལྷག་ཆད་ཁ་བསྐང་། གོང་ལྟར་སྔགས་ཀྱིས་མཆོད་ཅིང་། བསྟོད་པའི་མཐར་ཡི་གེ་བརྒྱ་པས་ནོངས་པ་བཤགས། བསྡུ་རིམ་ནི། ཧྲཱིཿ སྣོད་བཅུད་མ་ལུས་གཞལ་ཡས་ཁང་ལ་ཐིམ། །དེ་ཉིད་འཁོར་དང་འཁོར་ཡང་གཙོ་བོར་ཐིམ། །གཙོ་བོ་མི་དམིགས་སྟོང་པའི་ངང་ཉིད་ལས། །སླར་ཡང་འཇའ་ཚོན་བཞིན་དུ་གསལ་བར་གྱུར། །བསྔོ་སྨོན་ནི། དགེ་བ་འདི་ཡིས་མཁའ་མཉམ་འགྲོ་ཀུན་གྱི། །སྒྲིབ་གཉིས་དེ་འབྲས་མ་ལུས་ཀུན་བྱང་ནས། །ཐུགས་རྗེ་ཆེན་པོའི་གོ་འཕང་མངོན་གྱུར་ཏེ། །རང་གཞན་དོན་གཉིས་མ་ལུས་འགྲུབ་པར་ཤོག །བཀྲ་ཤིས་ནི། ཆོས་སྐུ་སྣང་མཐའ་ལོངས་སྐུ་འཇིག་རྟེན་དབང་། །སྤྲུལ་པའི་སྐུ་མཆོག་སྲོང་བཙན་སྒམ་པོ་སྟེ། །སྐུ་གསུམ་དབྱེར་མེད་ཐུགས་རྗེ་ཆེན་པོ་ཡི། །བཀྲ་ཤིས་ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག །ཅེས་བརྗོད་ཅིང་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་གོ །ཞེས་པའང་རྡོ་རྗེའི་གསུང་གི་གཞུང་ལ་རིགས་མཐུན་གྱི་མཚམས་སྦྱོར་འཇུག་པ་བདེ་བར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།
རྩ་གསུམ་རིག་འཛིན་སྲོག་སྒྲུབ་ལས། བྱིན་འབེབ་མེ་ཏོག་ཆར་སིལ་ངོ་མཚར་ལྷའི་སྣང་བ་ (Volume 41, Text 7)
༄༅། །རྩ་གསུམ་རིག་འཛིན་སྲོག་སྒྲུབ་ལས། བྱིན་འབེབ་མེ་ཏོག་ཆར་སིལ་ངོ་མཚར་ལྷའི་སྣང་བ་ཞེས་བྱ་བ་བཞུགས་སོ། ། ཨོཾ་ཨཱཿཧཱུྃ། བཛྲ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིང་ཧྲིང་ཛཿསརྦ་ལོ་ཀ་ཛྙཱ་ན་སིདྡྷི་ཧཱུྃ། ཨཱ་ཡུ་སིདྡྷི་ཕ་ལ་ཧྲིང་ཧྲིང་ཛཿཛཿསརྦ་པཉྩ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཧྲཱིཿཐཱ། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཧྲཱིཿ ཟག་མེད་འོད་ལྔ་འཁྲུག་པ་རྡོ་རྗེའི་དབྱིངས། །སྐྱེ་མེད་སྒྱུ་འཕྲུལ་ཆོས་དབྱིངས་ཀློང་རབ་འབྱམས། །འབྱམས་ཀླས་རྒྱལ་བ་ཞི་ཁྲོའི་སྤྲིན་ཕུང་འཁྲིགས། །དེང་འདིར་སྒྲུབ་མཆོག་གདུང་བས་འབོད་ལགས་སོ། །འོད་གསལ་རིག་འཛིན་རྒྱལ་བའི་གཞལ་ཡས་ནས། །འཇམ་དཔལ་བཤེས་གཉེན་ནཱ་གཱརྫུ་ན་དང། །ཧཱུྃ་ཀཱར་བཱི་མ་པྲ་ཆེན་ཧསྟི་ལ། །གདུང་བས་འབོད་ལགས་བརྩེ་བས་དགོངས་ཏེ་གཤེགས། །རིག་འཛིན་ཆེན་པོ་དྷ་ན་སཾསྐྲྀ་དང་། །དེ་ཝ་ཙནྡྲ་ཤཱནྟིཾ་གརྦྷ་དང་། །ཀུན་འདུས་རིག་འཛིན་པདྨ་ཐོད་ཕྲེང་གིས། །རིག་འཛིན་ཡོངས་འདུས་བྱིན་རླབས་དངོས་གྲུབ་སྩོལ། །འཇམ་དཔལ་སྐུ་དང་པདྨ་གསུང་གི་ལྷ། །ཡང་དག་ཐུགས་དང་ཆེ་མཆོག་ཡོན་ཏན་ཚོགས། །ཕྲིན་ལས་ཕུར་པ་མ་མོ་རྦོད་གཏོང་གིས། །མཐུ་སྟོབས་མཆོག་ཐུན་དངོས་གྲུབ་འདིར་སྩོལ་ཅིག །འཇིག་རྟེན་མཆོད་བསྟོད་དམོད་པ་དྲག་སྔགས་དང། །རིག་འཛིན་བླ་མ་སྒྲུབ་པ་བཀའ་བརྒྱད་ཀྱི། །ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་འདིར་གཤེགས་ཤིག །མི་ཟད་མཆོག་ཐུན་དངོས་གྲུབ་དེང་འདིར་སྩོལ། །སྣང་བ་མཐའ་ཡས་ཆོས་སྐུ་འགྱུར་མེད་བཅུད། །ལོངས་སྐུ་རིགས་ལྔ་ཨོ་རྒྱན་ཡབ་ཡུམ་དང་། །ཆོས་རྒྱལ་རྗེ་འབངས་ལོ་པཎ་ཚོམ་བུ་རྣམས། །ཟངས་མདོག་དཔལ་རིའི་རྩེ་ནས་འདིར་གཤེགས་ཤིག །སྤྲུལ་པའི་གཏེར་སྟོན་གླིང་བརྒྱད་དྲི་མེད་ལྔ། །མཆོག་སྤྲུལ་གསུམ་དང་མཁན་སློབ་བརྒྱུད་པ་བཅས། །ཟབ་མོ་གསང་སྔགས་བཤད་སྒྲུབ་ཆུ་བོའི་མགོ །བརྒྱུད་བཅས་བླ་མ་ཐམས་ཅད་འདིར་གཤེགས་ཤིག །མཚོ་སྐྱེས་རྡོ་རྗེ་རྒྱལ་བའི་དགོངས་གསང་ནས། །ཙིཏྟ་འབར་བ་ལྷུན་གྲུབ་འདབ་བརྒྱའི་རྩེར། །ཐེག་པ་དགུ་རྫོགས་ཐབས་ཤེས་ཉི་ཟླའི་སྟེང་། །ཉིས་བརྒྱ་ཉེར་ལྔ་དགོངས་འདུས་ལྷ་ཚོགས་གཤེགས། །པདྨ་བཛྲ་བུདྡྷ་ཐོད་ཕྲེང་རྩལ། །མི་བསྐྱོད་རྡོ་རྗེ་པདྨ་དབང་ཆེན་དང་། །རིག་འཛིན་ཐོད་རྩལ་དྲག་པོ་མེ་ཡི་ཕྲེང་། །མ་འགགས་ཐུགས་རྗེ་རོལ་པའི་ཀློང་ནས་གཤེགས། །སངས་རྒྱས་དཔའ་བོ་དཔལ་ཆེན་རྟ་མགྲིན་དབང་། །ལག་ན་རྡོ་རྗེ་དཔའ་བོ་དཔའ་མོར་བཅས། །སྒོ་མཚམས་སྐྱོང་མཛད་གཙང་རིགས་དཔལ་མགོན་སོགས། །བཀའ་བཙན་དྲེགས་པའི་བཀའ་སྲུང་འདིར་གཤེགས་ཤིག །པུལླི་ར་མ་ཛཱ་ལན་དྷ་ར་དང་། །ཨཽ་ཌཱིན་ཨརྦུ་ཏ་སོགས་གནས་བཞི་དང་། །གོ་ད་ཝ་རི་རཱ་མེ་ཤྭ་ར་དང་། །དེ་ཝཱི་ཀོ་ཊི་མལླ་ཝ་ནས་གཤེགས། །གནས་དང་ཉེ་གནས་བརྒྱད་ཀྱི་དཔའ་བོ་དང་། །ཌཱ་ཀི་དམ་ཅན་རྒྱ་མཚོའི་ཚོགས་མ་ལུས། །བྱིན་རླབས་ཐུགས་རྗེའི་ན་བུན་ཐིབས་སེ་ཐིབ། །བཤམས་པའི་དམ་རྫས་ཡེ་ཤེས་སེམས་དཔར་བཞུགས། །ཀཱ་མ་རཱུ་པ་ཨོ་ཏྲི་ཡ་སོགས་དང་། །ཏྲི་ཤ་ཀུ་ནེ་ཀོ་ས་ལ་གནས་པའི། །ཌཱ་ཀི་ཤུགས་འགྲོ་དམ་ཅན་རྒྱ་མཚོའི་ཚོགས། །ཞིང་དང་ཉེ་ཞིང་སྐྱོང་མཛད་འདིར་གཤེགས་ཤིག །ཀ་ལིངྐ་དང་ལམྦ་ཀ་ལ་སོགས། །ཀཉྩི་ཀ་དང་ཧི་མ་ལར་གནས་པའི། །ཚན་དྷོ་དང་ནི་ཉེ་བའི་ཚན་དྷོའི་བདག །འབོད་པའི་གདུང་དབྱངས་གསན་ནམ་འདིར་གཤེགས་ཤིག །པྲེ་ཏ་པུ་རི་གྲྀ་ཧ་དེ་ཝ་དང་། །སཽ་རཱཥྚ་སུྱྜྷ་དྭཱི་པ་སོགས། །འདུ་བ་དང་ནི་ཉེ་བའི་འདུ་བ་དང་། །སྣང་སྲིད་དྭངས་མའི་བཅུད་བསྡུས་འདིར་གཤེགས་ཤིག །ན་ག་ར་དང་སིནྡྷུ་མ་རུ་ཏ། །ཀུ་ལུ་ཏ་ལ་གནས་མཛད་དམ་ཅན་ཚོགས། །དུར་ཁྲོད་དང་ནི་ཉེ་བའི་དུར་ཁྲོད་ནས། །དམ་རྫས་རི་ལྟར་སྤུངས་པའི་གནས་འདིར་གཤེགས། །གཏུམ་དྲག་ནགས་ཚལ་ཕུན་ཚོགས་འཇིགས་སུ་རུང་། །མུན་པ་མི་བཟད་འུར་འུར་འབར་བ་དང་། །ཀཱི་ལིའི་སྒྲ་ཅན་ཚང་འཁྲིགས་ཧ་ཧ་རྒོད། །དུར་ཁྲོད་བརྒྱད་ལ་གནས་རྣམས་འདིར་གཤེགས་ཤིག །མཁའ་སྤྱོད་ཡེ་ཤེས་རང་བཞིན་སྦུབས་ཡངས་པར། །ལྷུན་གྲུབ་གཞལ་ཡས་འཇའ་ཟེར་འཁྱིལ་བའི་བདག །ཕྱོགས་དུས་རྒྱལ་བ་རབ་འབྱམས་སྲས་དང་བཅས། །བདག་ཡིད་གདུང་བས་འབོད་དོ་འདིར་གཤེགས་ཤིག །འོད་ལྔ་ཡེ་ཤེས་སྦུབས་ན་འཇིགས་རུང་གི །མ་མོ་གཤིན་རྗེ་ཕུར་པའི་གཞལ་ཡས་ཁང་། །སྡེ་བརྒྱད་ལྷ་སྲིན་འཁྲུགས་པའི་བཀོད་ར་ནས། །བཀའ་གཏེར་བསྟན་པ་སྐྱོང་རྣམས་འདིར་གཤེགས་ཤིག །གླུ་གར་རོལ་མོ་དྲིལ་གཡེར་གླིང་བུ་དང་། །སིལ་སྙན་ཕེག་རྡོབ་ལྷ་མིའི་རྔ་སྒྲར་བཅས། །ཡན་ལག་རྒྱ་མཚོ་སྙན་པའི་དབྱངས་ཀྱི་སྒྲ། །མཁའ་སྤྱོད་རྒྱལ་བ་སྲས་དང་བཅས་ལ་འབུལ། །ཆོས་དབྱིངས་གཏིང་མཐའ་བདུད་རྩིའི་མཚོ་བསྐྱིལ་ཞིང་། །སྣང་སྲིད་ཐམས་ཅད་རཀྟའི་རྦ་སྤུངས་འཁྱོམ། །རང་རིག་ཞུན་མར་ཚུལ་ཁྲིམས་དྲི་བཟང་དང་། །སྣང་སྲིད་ཕྱི་ནང་གསང་བའི་མཆོད་པ་འབུལ། །བར་སྣང་དག་པའི་ངོས་ཡངས་སྐུ་དང་གསུང་། །ཐུགས་ཀྱི་ཐིག་ལེ་མི་ཟད་མཁྱེན་བརྩེའི་གཏེར། །སྤོས་སྤྲིན་ལྷ་ཡི་མེ་ཏོག་ཆར་དང་ལྡན། །སྒྲུབ་རྫས་གཉན་པོ་འདི་ལ་བྱིན་ཅིག་ཕོབ། །རྩ་བརྒྱད་ཡན་ལག་སྟོང་སྦྱར་འདོད་ཡོན་ལྔའི། །སྲིད་ཞིའི་ཡོན་ཏན་ཀུན་སྤུངས་ཡིད་བཞིན་མཆོག །ར་སཱ་ཡཱ་ནཾ་རྫས་མཆོག་འདི་ཉིད་ལ། །ཚེ་བཅུད་ནུས་སྤོར་དངོས་གྲུབ་ཆར་ཆེན་ཕོབ། །བར་སྣང་ལྷ་རུ་རྗིད་པའི་ཐུགས་རྗེ་དང་། །རིག་འཛིན་སྒྲུབ་མཆོག་འདུས་པའི་རྫུ་འཕྲུལ་གྱིས། །སྐྱེ་བདུན་སྨན་གྱི་གོང་བུ་འོད་འབར་ཞིང་། །འཇའ་འོད་དྲི་བཟང་འཐུལ་བའི་ངོ་མཚར་སྩོལ། །འཛམ་གླིང་ཡངས་པའི་འཁོར་ལོ་སྨན་དྲིས་གང་། །རིགས་དྲུག་མྱོང་རེག་སྐྱེ་འགྲོ་འོད་སྐུར་ཡལ། །མཐོང་ཐོས་དྲན་རེག་འཁོར་བར་ཕྱིར་མི་ལྡོག །ཡིད་བཞིན་རེ་བ་སྐོང་བའི་དཔལ་དུ་ཤོག །ཡུལ་བདེ་རྫོགས་ལྡན་ལྷ་ཡུལ་ངོ་མཚར་གྱུར། །འགྲོ་ཀུན་གནས་སྐབས་བདེ་སྐྱིད་དཔལ་གྱིས་འཚོ། །རྩི་བཅུད་ལོ་འབྲས་འདོད་དགུའི་ནམ་མཁའི་རྫིང་། །འཇིག་རྟེན་བདེ་ལེགས་ཐམས་ཅད་འདིར་སྩོལ་ཅིག །ནད་གདོན་བགེགས་རིགས་འགལ་རྐྱེན་མཐར་བསྐྲད་ནས། །ཐོགས་མེད་དྲག་སྔགས་ནུས་མཐུའི་དངོས་གྲུབ་སྩོལ། །མུ་གེ་དམག་འཁྲུག་མིང་ཙམ་མེད་པར་ཤོག །སྐྱེ་མེད་ཨ་ཏིའི་འོད་གསལ་སྙིང་པོའི་སྦུབས། །སྲིད་ཞིའི་སྤང་ཐོབ་ཟད་པའི་འཕོ་བ་ཆེ། །འཇའ་འོད་རྡོ་རྗེའི་ལྡིང་ཁང་རྩེ་མོ་རུ། །སྐལ་བཟང་འདིར་ཚོགས་རྡོ་རྗེའི་སྐུ་བརྙེས་ཤོག །འབྲེལ་དང་འབྲེལ་འགྱུར་ཕ་མ་མཁའ་མཉམ་འགྲོ །གསང་ཆེན་སྒྲུབ་པའི་ཚོམ་བུར་འཁོད་པ་རྣམས། །སྐུ་ལྔའི་ཞིང་དུ་ལས་བཞིའི་དངོས་གྲུབ་ཐོབ། ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་མཛོད། །རིག་འཛིན་བླ་མ་འཇའ་སྐུར་འོད་དུ་ཐིམ། །ཡི་དམ་ལྷ་ཚོགས་འོད་སྐུར་བདུད་རྩིར་ཞུ། །མཁའ་འགྲོ་དམ་ཅན་རོ་བཅུད་ནུས་པར་འབར། །སྒྲུབ་རྫས་བཀྲ་ཤིས་འཇའ་སྐུར་ལམས་སེ་ལམ། །དམ་ཡེ་དབྱེར་མེད་ཆོས་དབྱིངས་ཕྱམ་ཡངས་ངང་། །སྐྱེ་འགག་བྲལ་བ་ཨ་ཏི་ཆོས་ཟད་གཞིར། །མི་གཡོ་རབ་བཞག་རིག་སྟོང་སྐྱེ་མེད་ཨ། །རྡོ་རྗེ་སྙིང་པོ་འོད་གསལ་ཐིག་ལེར་ཧཱུྃ། །པད་གཞོན་འཁོར་ལོ་མཁའ་ལ་རབ་བཞད་པའི། །མདངས་ལ་རྗེས་ཆགས་ལྷ་ཡི་བྱེའུ་ཆུང་། །བདེ་བའི་གླུ་སྒྲས་སྐྱོ་སངས་བྱེད་པོའི་གནས། །སྨན་སྡིངས་ཞེས་པ་མཁའ་སྤྱོད་འབྲས་ལྗོངས་རྩེར། །ནམ་མཁའ་འཇིགས་མེད་སྒྱུ་མའི་རྣལ་འབྱོར་པས། །མཁའ་སྤྱོད་རྩ་གསུམ་རྒྱལ་བའི་བཅུད་འགུགས་པའི། །ཕོ་ཉ་འདི་ནི་རང་རིག་རྡོ་རྗེ་འཆང་། །བླ་མར་རྟོགས་དེས་གཉུག་མའི་ཐོལ་གླུ་བླངས། །དགེ་བས་འགྲོ་ཀུན་དངོས་གྲུབ་མཆོག་ཐོབ་ཤོག །དགེའོ།། །།
ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ལས་བྱང་པདྨའི་ཕྲེང་བ་ (Volume 23, Text 7)
<!TCC Tibetan character 3,182 undefined in unicode!> ༔ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ལས་བྱང་པདྨའི་ཕྲེང་བ་བཞུགས་སོ༔ ྈྈྈྈྈྈྈྈྈ ཨེ་མ་ཧོ༔ འཇིག་རྟེན་གསུམ་མགོན་བྱམས་མགོན་ཐུགས་རྗེ་ཅན༔ ཚད་མེད་སྙིང་རྗེས་འགྲོ་ཀུན་འདྲེན་མཛད་པའི༔ གསང་འདུས་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད༔ ཚོགས་གཉིས་མཐར་ཕྱིན་དོན་གཉིས་བསྒྲུབ་བྱའི་ཕྱིར༔ ལས་བྱང་པདྨའི་ཕྲེང་བ་འདི་ཉིད་བསྟན༔ འདི་ལ་སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ སྔོན་འགྲོ་ཐུན་མོང་ལས་རིམ་བཅུ༔ སྐྱབས་འགྲོ་སེམས་བསྐྱེད་བཀའ་བསྒོ་ཞིང༔ མཚམས་བཅད་བརྡའ་སྒོ་བརྡའ་ཕྱག་འཚལ༔ དམ་བཅའ་བྱིན་དབབ་མཆོད་བཤགས་བྱ༔ དངོས་གཞིའི་ལས་ཁྲིགས་ཉེར་གསུམ་སྟེ༔ ཏིང་འཛིན་རྣམ་གསུམ་གཞལ་ཡས་ཁང༔ སྤྱན་འདྲེན་བཞུགས་གསོལ་ཕྱག་དང་གླུ༔ ཕྱི་ནང་གསང་གསུམ་སྨན་གཏོར་རཀ༔ སྦྱོར་སྒྲོལ་དེ་བཞིན་ཉིད་ཀྱི་མཆོད༔ བསྟོད་བསྐུལ་འཛབ་བཟླ་དངོས་གྲུབ་བླང༔ རྗེས་ཀྱི་ལས་ཁྲིགས་བཅུ་གཅིག་སྟེ༔ ཆེ་བ་བསྐྱེད་ཅིང་ཚོགས་ཕྲིན་གདབ༔ ཚོགས་དང་ལྷག་མཆོད་ཐུགས་དམ་བསྐུལ༔ ཆད་མདོ་བརྟན་སྐྱོང་རྟ་བྲོ་དང༔ དཀྱིལ་འཁོར་བསྡུ་ཞིང་རྒྱུན་སྤྱོད་བྱ༔ སྨོན་ལམ་མཐའ་རྒྱས་བཀྲ་ཤིས་བརྗོད༔ འདི་དག་ལས་གཞུང་རྩ་ཐོར་བསྡེབས༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ སྤྱི་གཙུག་པད་སྡོང་ཉི་ཟླའི་སྟེང༔ རྩ་བ་གསུམ་གྱི་ལྷ་ཚོགས་དང༔ སྐྱབས་གནས་དཀོན་མཆོག་ཐམས་ཅད་བསམ༔ ཕ་མས་གཙོར་བྱས་འགྲོ་བ་རྣམས༔ སྒོ་གསུམ་གུས་པས་འདི་སྐད་བརྗོད༔ ན་མོ༔ བླ་མ་དཀོན་མཆོག་ཡི་དམ་ལྷ༔ རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ༔ བདག་དང་འགྲོ་བ་སེམས་ཅན་རྣམས༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ རང་རིག་ལྷ་ལ་ཕྱག་འཚལ་ལོ༔ མ་འགགས་རང་གསལ་མཆོད་པར་འབུལ༔ མུ་བཞིར་ལྷུང་བ་མཐོལ་ལོ་བཤགས༔ དུས་གསུམ་མཉམ་ཉིད་རྗེས་ཡི་རང༔ འཁོར་བ་དོང་ནས་སྤྲུགས་པར་བསྐུལ༔ ཀ་དག་ཟང་ཐལ་རྗེན་པར་བཞུགས༔ ཀུན་ཀྱང་རང་རིག་རྟོགས་པར་བསྔོ༔ སྐུ་གསུམ་ཡོངས་རྫོགས་ཐོབ་པར་ཤོག༔ དེ་ནས་སེམས་བསྐྱེད་པ་ནི༔ ཀྱེ་མ༔ བདག་གིས་འགྲོ་ཀུན་བསྒྲལ་བྱའི་ཕྱིར༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ༔ འཁོར་བ་དོང་ནས་སྤྲུགས་པའི་ཕྱིར༔ ཚད་མེད་བཞི་རུ་སེམས་བསྐྱེད་དོ༔ དེ་ནས་བཀའ་བསྒོ་བགེགས་གཏོར་སྦྱིན༔ ཧཱུྃ༔ ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས༔ ང་ནི་འཇིགས་བྱེད་དབང་གི་སྐུ༔ གལ་ཏེ་བཀའ་ལས་འདས་པ་ན༔ ཁྱོད་ཀྱི་ལུས་ངག་རྡུལ་ཕྲན་བཞིན༔ བརླག་པར་འགྱུར་གྱི་གཞན་དུ་མིན༔ དེ་བས་རང་གི་གནས་སུ་དེངས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྷྲྀཧྞ་གྷྲྀཧྞ་ཧཱུྃ༔ གྷྲྀཧྞ་པཱ་ཡ་གྷྲིཧྞ་པཱ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་ཝཱན༔ བིདྱཱ་རཱ་ཛ་ཧཱུྃ་ཕཊ༔ དེ་ནས་མཚམས་བཅད་རང་ཉིད་ལྷ༔ རྔམ་བརྗིད་འཇིགས་པའི་ང་རྒྱལ་བསྐྱེད༔ ཧཱུྃ༔ ང་ནི་ཐུགས་རྗེའི་རང་རྩལ་ལས༔ འབར་བའི་རྟ་མགྲིན་དབང་གི་སྐུ༔ སྐུ་ལས་མཚོན་ཆའི་ཐོག་སེར་འཕྲོ༔ བསྐལ་པའི་མེ་དཔུང་དམར་ནག་འབར༔ ཁྲོ་ཆུང་རྒྱ་མཚོའི་རླབས་ལྟར་འཁྲུགས༔ བགེགས་ཀྱི་ཚོགས་རྣམས་བརླག་པར་འགྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྷྲཱི་ཝ་མ་ཧཱ་ཀྲོ་དྷ་ད་ཧ་པ་ཙ་བནྡྷ་ཧ་ན་ཧཱུྃ་ཕཊ༔ དེ་ནས་བརྡ་ཡི་སྒོ་ཡང་དབྱེ༔ ཧཱུྃ༔ ཐུགས་རྗེའི་རང་རྩལ་རང་བྱུང་ཡེ་ཤེས་ལྷ༔ འཁོར་འདས་ཐམས་ཅད་དཀྱིལ་འཁོར་གཅིག་གི་ངང༔ མ་རིག་རང་གསང་ཐབས་ཀྱིས་སྒོ་བཅད་པ༔ རང་རིག་རང་གསལ་དག་པའི་སྒོ་ཕྱེས་ཤིག༔ བྷྲཱུྃ་ཛྙཱ་ན་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་བརྡ་ཡི་ཕྱག་ཀྱང་འཚལ༔ ཧཱུྃ༔ འཁོར་འདས་ཐམས་ཅད་རང་བྱུང་ཐུགས་རྗེ་ཆེ༔ ཀུན་ཁྱབ་རང་བྱུང་ཡེ་ཤེས་དོན་མ་རྟོགས༔ རང་གསལ་མཐའ་དབུས་མེད་ཀྱང་མུ་བཞིར་གོལ༔ དོན་དམ་སྙིང་པོའི་རང་བཞིན་མཇལ་ཕྱག་འཚལ༔ གུ་རུ་ལོ་ཀེ་ཤྭ་ར་ཨ་ཏི་པཱུ་ཧོ༔ དེ་ནས་རྒྱུན་གྱི་དམ་བཅའ་བཟུང༔ ཧཱུྃ༔ ཐུགས་རྗེའི་རང་རྩལ་རྒྱུ་དྲུག་འཁོར་བ་སྦྱངས༔ ཐོག་མ་མེད་པའི་དུས་ནས་ཡི་དམ་ལྷ༔ དུས་འདིར་རང་བྱུང་སྙིང་པོའི་དོན་རྟོགས་པས༔ སྲོག་གི་ཕྱིར་ཡང་མི་གཏོང་ས་མ་ཡ༔ ཙིཏྟ་བཛྲ་ས་མ་ཡ་ཛ༔ དེ་ནས་གསང་བའི་བྱིན་ཆེན་དབབ་པ་ནི༔ ཧཱུྃ་ཧྲཱི༔ རྣམ་དག་སྤྲོས་དང་བྲལ་བའི་ངང་ཉིད་ལས༔ མ་འགགས་ཐུགས་རྗེའི་རང་རྩལ་གཙོ་དང་འཁོར༔ གནས་འདིར་སྐུ་གསུང་ཐུགས་ཀྱི་བྱིན་ཕོབ་ལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མ་ཧཱ་ཀཱ་རུ་ཎི་ཀ་སརྦ་ས་མ་ཡ་ཨཱ་ཝེ་ཤ་ཡ་ཨཱ༔ དེ་ནས་མཆོད་པ་བྱིན་གྱིས་བརླབ༔ ཧྲཱི༔ གསང་འདུས་ཐུགས་རྗེའི་དཀྱིལ་འཁོར་དུ༔ ཕྱི་ནང་གསང་བའི་མཆོད་ཚོགས་རྣམས༔ སྣང་སྲིད་ཐམས་ཅད་ཡོངས་བཀང་ནས༔ གུས་པས་འབུལ་གྱིས་བཞེས་སུ་གསོལ༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ དྷཱུ་པེ༴ ཨཱ་ལོ་ཀེ༴ གནྡྷེ༴ ནཻ་ཝིདྱ༴ ཤབྡ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཐཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཐཱ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་གྷ་ཎ་གྷུ་ཧྱ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ཞེས་ཕྱི་ནང་གསང་གསུམ་མཆོད་པ་བྱིན་བརླབ་བོ༔ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ༔ བླ་མ་གསང་འདུས་ཞི་ཁྲོའི་ཚོགས༔ བདག་ནི་རྨོངས་ཤིང་གཏི་མུག་པས༔ མ་རིག་དབང་གིས་ཉམས་ཆག་སོགས༔ འགལ་འཁྲུལ་ཐམས་ཅད་མཐོལ་ལོ་བཤགས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་ས་མ་ཡ་ཤུདྡྷེ་ཨ༔ དེ་ནས་དངོས་གཞིའི་ལས་ཁྲིགས་ལས༔ ཏིང་འཛིན་རྣམ་པ་གསུམ་ཉིད་དེ༔ ཧཱུྃ༔ སྤྲོས་མེད་ཆོས་རྣམས་ཡེ་ནས་དག༔ མཐའ་བཞིའི་དྲི་མ་རང་སངས་ཉིད༔ ཀ་དག་ཟང་ཐལ་ཆོས་ཀྱི་སྐུ༔ འཁོར་འདས་མཉམ་པ་ཉིད་དུ་བདལ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཧཱུྃ༔ གདོད་ནས་བདེ་ཆེན་ཆོས་ཀྱི་སྐུ༔ རང་ངོ་མ་ཤེས་འཁྲུལ་པའི་དབང༔ གཟུང་འཛིན་ལས་ལ་རབ་ཏུ་འཐས༔ དེ་ཉིད་མ་རྟོགས་སྙིང་རེ་རྗེ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཤུདྡྷེ་ཨཱ༔ ཧཱུྃ༔ འཁོར་བ་དང་ནི་མྱ་ངན་འདས༔ རྒྱུ་ཡི་ངོ་བོ་གཅིག་ཉིད་དེ༔ ཧྲཱིཿནི་ཡེ་ཤེས་སྙིང་པོའི་སྲོག༔ རྟེན་འབྲེལ་རྒྱུ་ཡི་ས་བོན་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཧྲཱིཿཙིཏྟ་བཛྲ་ས་མཱ་དྷི་ཧཱུྃ༔ དེ་ནས་ཕོ་བྲང་གཞལ་ཡས་བསྐྱེད༔ ཧཱུྃ༔ ཨེ་ལས་སྟོང་གསལ་ནམ་མཁའི་དབྱིངས༔ ཡཾ་ལས་སྟོབས་ཆེན་རྡོ་རྗེའི་རླུང༔ ར་ལས་རྒྱ་མཚོ་མུ་མཐའ་མེད༔ སུཾ་ལས་དབང་ཆེན་གསེར་གྱི་གཞི༔ ཀེཾ་ལས་གྲུ་གསུམ་རི་རབ་བརྗིད༔ རཾ་ལས་མེ་དཔུང་ཕྱོགས་བཅུར་འབར༔ དུག་ལྔ་གནས་སུ་དག་པ་ལས༔ དབང་ཆེན་ཡུམ་ལྔའི་མཁའ་ཀློང་དབུས༔ ཧྲཱིཿལས་བྷྲཱུྃ་འཕྲོས་གཞལ་ཡས་ཁང༔ མ་བཅོས་རང་བྱུང་འོད་ལྔའི་ཀློང༔ རབ་མཛེས་ཕྱི་ནང་ཟང་ཐལ་གསལ༔ དལ་དབུས་པདྨའི་སྙིང་པོ་ཟླུམ༔ མུ་ཁྱུད་ཕྱི་ནང་པད་འདབ་མཛེས༔ གྲུ་ཆད་བར་ཁྱམས་སྒོ་ཁྱུད་རྫོགས༔ རིན་ཆེན་སྣ་ལྔའི་རྩིག་པ་ལ༔ ཡེ་ཤེས་རླུང་གི་ཁོར་ཡུག་ཅན༔ ཟླ་ཕྱེད་རྡོ་རྗེའི་སྐར་ཁུང་མཛེས༔ འདོད་ཡོན་ལྷ་མོའི་གར་གྱིས་དཀྲིག༔ ཕོ་བྲང་མཉམ་ཡངས་འོད་དུ་འཁྱིལ༔ མ་བཅོས་ལྷུན་གྱིས་གྲུབ་པར་གསལ༔ ངོ་མཚར་རྨད་བྱུང་རྒྱལ་བའི་གནས༔ གཞལ་ཡས་ཡོངས་རྫོགས་ཆེན་པོར་གསལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ༔ ཨེ་ཛྙཱ་ན་ཙཀྲ་མཎྜལ་བྷྲཱུྃ༔ པདྨ་སཱུརྻ༔ ཙནྡྲ་མཎྜལ་བྷྲཱུྃ༔ དེ་ནས་དཀྱིལ་འཁོར་ལྷ་རྣམས་བསྐྱེད༔ ཧཱུྃ་ཧྲཱི༔ དལ་དབུས་ཧྲཱིཿཡི་འཕྲོ་འདུ་ལས༔ རང་རིག་པདྨ་ཉི་ཟླའི་སྟེང༔ གསང་འདུས་ཞལ་གཅིག་ཕྱག་གཉིས་པ༔ དམར་གསལ་རིན་ཆེན་རྒྱན་རྫོགས་སྤྲས༔ ཕྱག་གཡས་པད་ཕྲེང་ཐུགས་ཀར་བསྣམས༔ ཕྱག་གཡོན་པད་སྡོང་བདུད་རྩིའི་བུམ༔ གསང་ཡེ་སྐུ་ལ་གཉིས་མེད་འཁྲིལ༔ དམར་གསལ་གཞོན་ཚུལ་རྒྱན་གྱིས་སྤྲས༔ ཕྱག་གཡས་པདྨ་གྲི་གུག་འཁྱུད༔ ཕྱག་གཡོན་ཚེ་བུམ་སྙན་དུ་འཛིན༔ འཛུམ་པའི་མདངས་ལྡན་དབུ་སྐྲ་གྲོལ༔ རྒྱན་དྲུག་པད་ཕྲེང་དོ་ཤལ་མཛེས༔ ཐབས་ཀྱི་སྐུ་དང་གཉིས་མེད་འཁྲིལ༔ གསང་འདུས་སྐུ་ཡི་དབུ་གཙུག་ཏུ༔ རིགས་བདག་མཐའ་ཡས་སྐུ་མདོག་དམར༔ ཐུགས་ཀར་རྟ་མགྲིན་རྔམ་བརྗིད་འཇིགས༔ ཉིད་ལས་གཉིས་མེད་སྤྲུལ་པའི་སྲས༔ ནོར་འཛིན་གཡས་ལ་གསང་འཛིན་གཡོན༔ སྐུ་མདོག་དཀར་དམར་པད་ཕྲེང་འཛིན༔ ཀུན་གྱི་སྤྱི་གཙུག་རིག་བདག་བརྒྱན༔ དེ་ཡི་ཕྱི་རིམ་ཕྱོགས་བཞི་དབུས༔ འདབ་བཞི་འཇའ་འོད་ལྔ་ཡི་དཀྱིལ༔ ཐུགས་རྗེའི་རྒྱལ་བ་རིགས་མཆོག་ལྔ༔ ཤར་དུ་མི་བསྐྱོད་མཱ་ཀཱི་མཐིང༔ རྡོ་རྗེ་དྲིལ་འཛིན་ཡུམ་དང་འཁྲིལ༔ ལྷོ་རུ་རིན་འབྱུང་སྤྱན་མ་སེར༔ རིན་ཆེན་དྲིལ་འཛིན་ཡུམ་དང་འཁྲིལ༔ ནུབ་ཏུ་སྣང་མཐའ་གོས་དཀར་དམར༔ པདྨ་དྲིལ་འཛིན་ཡུམ་དང་འཁྲིལ༔ བྱང་དུ་དོན་གྲུབ་སྒྲོལ་མ་ལྗང༔ རྒྱ་གྲམ་དྲིལ་འཛིན་ཡུམ་དང་འཁྲིལ༔ དབུས་མདུན་རྣམས་སྣང་དབྱིངས་ཕྱུག་དཀར༔ འཁོར་ལོ་དྲིལ་འཛིན་ཡུམ་དང་འཁྲིལ༔ ཀུན་ཀྱང་དབུ་རྒྱན་ཅོད་པན་དང༔ རིན་ཆེན་རྒྱན་མཛེས་མདངས་དང་ལྡན༔ དེ་ཡི་ཕྱི་རིམ་འདབ་བརྒྱད་ལ༔ རིགས་འདུས་སེམས་དཔའ་ཡབ་ཡུམ་བརྒྱད༔ ཤར་དུ་ས་སྙིང་ལཱ་སེ་དཀར༔ རིན་ཆེན་མྱུ་གུ་མེ་ལོང་འཛིན༔ ཤར་ལྷོར་བྱམས་པ་པུཥྤེ་དཀར༔ ཀླུ་ཤིང་དྲིལ་བུ་མེ་ཏོག་འཛིན༔ ལྷོ་རུ་ནམ་སྙིང་དྷཱུ་པེ་མཐིང༔ རལ་གྲི་དྲིལ་བུ་སྤོས་ཕོར་འཛིན༔ ལྷོ་ནུབ་སྒྲིབ་སེལ་གནྡྷེ་དཀར༔ པུསྟི་དྲིལ་བུ་དུང་ཕོར་འཛིན༔ ནུབ་ཏུ་སྤྱན་རས་གཱི་ཏི་དམར༔ པདྨ་དྲིལ་བུ་པི་ཝཾ་འཛིན༔ ནུབ་བྱང་ཀུན་བཟང་མཱ་ལེ་མཐིང༔ རིན་ཆེན་དྲིལ་བུ་ཕྲེང་བ་འཛིན༔ བྱང་དུ་ཕྱག་རྡོར་ནཱིརྟི་ལྗང༔ རྡོ་རྗེ་དྲིལ་བུ་ཞལ་ཟས་འཛིན༔ བྱང་ཤར་འཇམ་དཔལ་ཨཱ་ལོ་སེར༔ ཨུཏྤལ་དྲིལ་བུ་མར་མེ་འཛིན༔ དེ་ལྟར་རིགས་ཀྱི་ཡབ་ཡུམ་རྣམས༔ ཕྱེད་སྐྱིལ་སེམས་དཔའི་གཡོན་ནས་ནི༔ འཛུམ་པའི་མདངས་ལྡན་ཡུམ་རྣམས་འཁྱུད༔ དབུ་རྒྱན་ཅོད་པན་དོ་ཤལ་དང༔ ཕྱག་ཞབས་གདུ་བུ་དར་དཔྱང་སྤྲས༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན༔ འཛུམ་པའི་མདངས་དང་ལྡན་པར་བསྐྱེད༔ དེ་ཡི་ཕྱི་རིམ་པདྨ་དྲུག༔ རིན་ཆེན་མཛེས་པའི་འཛུམ་བཅས་ལ༔ ཡི་གེ་དྲུག་གི་འཕྲོ་འདུ་ལས༔ བརྒྱ་བྱིན་ཐགས་བཟང་ཤཱཀྱ་ཐུབ༔ རབ་བརྟན་ཁ་འབར་ཆོས་ཀྱི་རྒྱལ༔ སྐུ་མདོག་དཀར་སྔོ་སེར་གསལ་མཛེས༔ སེར་ནག་ལྗང་དང་དེ་བཞིན་ནག༔ བརྒྱ་བྱིན་པི་ཝཾ་ཐགས་བཟང་མཚོན༔ ཤཱཀ་ཐུབ་བསྲེག་ཤང་རབ་བརྟན་ཆོས༔ ཁ་འབར་རིན་ཆེན་ཆོས་རྒྱལ་ཆུ༔ ཀུན་ཀྱང་འགྲོ་འདུལ་འོད་ཟེར་ཅན༔ སྤྲུལ་སྐུ་གཞོན་ཚུལ་ལྡན་པར་བསྐྱེད༔ དེ་ཡི་ཕྱི་རིམ་མུ་ཁྱུད་བཞིར༔ པདྨ་སྟོང་ལྡན་གདན་སྟེངས་སུ༔ ཐུགས་རྗེའི་རང་རྩལ་འགྲོ་བ་འདུལ༔ དུས་གསུམ་སངས་རྒྱས་སྟོང་རྩ་གཉིས༔ གང་འདུལ་སྐུ་མདོག་སྣ་ཚོགས་མཛེས༔ སྤྲུལ་པའི་སྐུ་རུ་ཡོངས་རྫོགས་བསྐྱེད༔ ཧྲཱི༔ སྒོ་བཞིར་བདུད་བཞི་པད་ཉིའི་སྟེང༔ ཤར་དུ་བཛྲ་ཧེ་རུ་དཀར༔ ལྕགས་ཀྱུ་གཡས་ལ་སྡིགས་མཛུབ་གཡོན༔ ལྷོ་རུ་རཏྣ་ཧེ་རུ་སེར༔ བེ་ཅོན་གཡས་ལ་ཞགས་པ་གཡོན༔ ནུབ་ཏུ་པདྨ་ཧེ་རུ་དམར༔ དབྱུག་ཏོ་གཡས་ལ་ལྕགས་སྒྲོག་གཡོན༔ བྱང་དུ་ཀརྨ་ཧེ་རུ་ལྗང༔ རྒྱ་གྲམ་གཡས་ལ་དྲིལ་བུ་གཡོན༔ ཀུན་ཀྱང་རྔམ་བརྗིད་འཇིགས་པར་བསྐྱེད༔ ཕྱི་རོལ་བར་ཁྱམས་འཁོར་ཡུག་ལ༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་ཚོགས༔ དཔག་མེད་འཇའ་སྤྲིན་ལྟ་བུར་འཐིབ༔ གང་འདུལ་སྒྱུ་མའི་རོལ་པར་ཤར༔ ཀུན་ཀྱང་མ་འདྲེས་འཇའ་ལྟར་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་བྷ་ག་ཝཱན་མ་ཎི་བཛྲ་ཨཱ༔ བཛྲ་རཏྣ་པདྨ་ཀརྨ་བུདྡྷ་ས་མ་ཡ་སཏྭཾ༔ ས་མ་ཡ་ཛ༔ བསྐྱེད་རིམ་སྤྲོས་པ་ལ་མི་དགའ་ན་ལས་བྱང་བསྡུས་པ་འདི་ཉིད་བྱས་པས་མི་འགལ༔ དེ་ནས་རང་བཞིན་གནས་ནས་སྤྱན་དྲངས་པ་ནི༔ ཧཱུྃ༔ རྣམ་དག་བདེ་ཆེན་གཞལ་ཡས་ནས༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ལྷུན་གྲུབ་ལོངས་སྐུའི་ཞིང་ཁམས་ནས༔ རྒྱལ་བ་རིགས་ལྔ་གཤེགས་སུ་གསོལ༔ ཕྱོགས་བཅུ་དག་པའི་ཞིང་ཁམས་ནས༔ སེམས་དཔའ་ཡབ་ཡུམ་གཤེགས་སུ་གསོལ༔ འགྲོ་འདུལ་སྤྲུལ་པའི་ཞིང་ཁམས་ནས༔ རྒྱལ་བ་ཐུབ་དྲུག་གཤེགས་སུ་གསོལ༔ ཕྱོགས་བཅུ་དུས་གསུམ་ཞིང་ཁམས་ནས༔ སངས་རྒྱས་སྟོང་རྩ་གཤེགས་སུ་གསོལ༔ ཕྲིན་ལས་བཞི་ཡི་དཀྱིལ་འཁོར་ནས༔ སྒོ་བཞིའི་ཁྲོ་རྒྱལ་གཤེགས་སུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧྲཱི༔ དམ་ཚིག་དབང་གིས་དཀྱིལ་འཁོར་འདིར༔ འགྲོ་ལ་ཕན་མཛད་ཐུགས་རྗེའི་བདག༔ མཁའ་དང་འཇའ་ཚོན་ཇི་བཞིན་དུ༔ དབྱེ་བསལ་མེད་པར་བཞུགས་སུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧྲཱི༔ ཐུགས་རྗེའི་རང་རྩལ་ཞི་དང་ཁྲོ༔ མ་འགགས་རང་གསལ་ཅིར་ཡང་སྣང༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལ༔ སྒོ་གསུམ་དད་པས་ཕྱག་བགྱི་འོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ དེ་ནས་གླུ་ཡི་མཆོད་པ་ནི༔ ཧྲཱི༔ སྣང་སྟོང་ཟུང་འཇུག་དབྱིངས་ཀྱི་གླུ༔ རྟོག་བྲལ་འདུ་འབྲལ་མེད་པའི་ངང༔ གླུ་ནི་ཐབས་ཤེས་དབྱེར་མེད་གླུ༔ བྲོ་ནི་བདེ་བ་ཆེན་པོར་བརྡུང༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཤཱུ་མ་ཧཱ་ཛྙཱ་ན་ཏེ་ཏེ་ཧཱུྃ་ཏེ་ན་ཧཱུྃ༔ དེ་ནས་ཕྱི་ཡི་མཆོད་པ་འབུལ་བ་ནི༔ ཧྲཱི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ༔ ཕྱི་ཡི་མཆོད་པ་འབུལ་བ་ནི༔ མཛེས་པའི་མེ་ཏོག་སྤྱན་ལ་འབུལ༔ དྲི་ཞིམ་བདུག་སྤོས་ཤངས་ལ་འབུལ༔ སྣང་གསལ་མར་མེ་ཐུགས་ལ་འབུལ༔ བདེ་བའི་དྲི་ཆབ་སྐུ་ལ་འབུལ༔ རོ་ལྡན་ཞལ་ཟས་ལྗགས་ལ་འབུལ༔ སྒྲ་སྙན་རོལ་མོ་སྙན་ལ་འབུལ༔ ཐུགས་རྗེའི་དབང་གིས་བཞེས་སུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་ཨཱཿཧཱུྃ༔ དེ་ནས་ནང་གི་མཆོད་པ་འབུལ་བ་ནི༔ ཧྲཱི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ༔ ནང་གི་མཆོད་པ་འབུལ་བ་ནི༔ མཆོད་པའི་ཕྱག་རྒྱ་ཆེན་པོ་སྟེ༔ འདོད་པའི་མཆོད་སྤྲིན་རྒྱ་མཚོ་གཏིབས༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ འདོད་ཡོན་ལྔ་ཡི་མཆོད་ཚོགས་འབུལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མ་ཧཱ་པཉྩ་པཱུ་ཛ་ཧོ༔ དེ་ནས་གསང་བའི་མཆོད་པ་ནི༔ ཧྲཱི༔ ཐབས་ཤེས་གཉིས་སུ་མེད་པ་ལས༔ བྱང་སེམས་བདེ་བའི་རང་བཞིན་མཆོག༔ བདེ་བའི་རོ་སྙོམས་མཆོད་པར་བཞེས༔ སྐུ་ལུས་རྒྱས་ཕྱིར་པཱུ་ཛ་ཧོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བོ་དྷི་ཙིཏྟ་མ་ཧཱ་པཱུ་ཛ་ཧོ༔ དེ་ནས་བདུད་རྩི་སྨན་གྱི་མཆོད་པ་ནི༔ ཧྲཱི༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ དུག་ལྔ་སེལ་བའི་བདུད་རྩི་མཆོག༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཐཱ༔ ཧྲཱི༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི༔ ངོ་མཚར་རྨད་དུ་བྱུང་བའི་ཆོས༔ ཐུགས་རྗེའི་རང་བཞིན་ལྷ་ཚོགས་ལ༔ གུས་པས་འབུལ་ལོ་བཞེས་སུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི༔ དེ་བཞིན་དུ་ལྷ་ཚོགས་ཐམས་ཅད་ལ་མཚན་དོན་སྦྱར༔ དེ་ནས་གཏོར་མའི་མཆོད་པ་འབུལ་བ་ནི༔ ཧྲཱི༔ སྣང་སྲིད་བདེ་ཆེན་གཏོར་གཞོང་དུ༔ རང་བྱུང་འཁོར་འདས་གཏོར་མར་སྦྱར༔ མ་ལུས་འདུས་པའི་ཚོགས་ཆེན་པོ༔ ཐུགས་རྗེའི་ལྷ་ཚོགས་བཞེས་སུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ དེ་ནས་རཀྟའི་མཆོད་པ་ནི༔ ཧྲཱི༔ རྒྱུ་དྲུག་རང་བཞིན་དབྱིངས་སུ་བསྒྲལ༔ འདོད་ཆགས་རཀྟའི་རྦ་ཀློང་འཁྲུགས༔ བློ་ངན་འཁོར་བའི་རྒྱུན་གཅོད་ཕྱིར༔ རཀྟའི་མཆོད་པ་བཞེས་སུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ དེ་ནས་སྦྱོར་བའི་མཆོད་པ་ནི༔ ཧྲཱི༔ ཐབས་དང་ཤེས་རབ་གཉིས་སུ་མེད༔ བདེ་ཆེན་འདུ་འབྲལ་མེད་པར་སྦྱར༔ བདེ་བའི་རང་བཞིན་དགའ་བ་ཆེ༔ ཐུགས་རྗེའི་ལྷ་ཚོགས་མཉེས་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛཿཧཱུྃ་བཾ་ཧོ༔ པདྨ་ཡོ་གི་ནཱི་མུ་དྲ་པྲ་ཝེ་ཤ་ཡ་ཕཊ༔ སརྦ་པཱུ་ཛ་ཧོ༔ དེ་ནས་བསྒྲལ་བའི་མཆོད་པ་ནི༔ ཧྲཱི༔ འདོད་ཆགས་ཞེ་སྡང་གཏི་མུག་དང༔ ང་རྒྱལ་ཕྲག་དོག་དུག་ལྔ་ནི༔ ཡེ་ཤེས་ལྔ་ཡི་ངོ་བོ་རུ༔ ཡེ་ནས་རོ་གཅིག་ཆོས་ཀྱི་སྐུ༔ རང་ངོ་རྟོགས་གྲོལ་རང་སར་བསྒྲལ༔ ཐམས་ཅད་ཡེ་རྫོགས་ཆེན་པོར་བཞེས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མ་ཏྲཾ་རུ་དྲ་པྲ་བྷན་ཙཀྲ་ཁ་རཾ་ཁཱ་ཧི༔ དེ་ནས་དེ་བཞིན་ཉིད་ཀྱིས་མཆོད༔ ཧྲཱི༔ ཀ་དག་ཟང་ཐལ་ཆོས་ཀྱི་སྐུ༔ སྤྲོས་པ་མེད་པ་དབྱིངས་ཀྱི་ངང༔ ནམ་མཁའ་ལ་ནི་ནམ་མཁའ་ཐིམ༔ ཡེ་མཆོད་ཆེན་པོར་བཞེས་སུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་པཱུ་ཛ་ཧོ༔ དེ་ནས་བསྟོད་པའི་རིམ་པ་ནི༔ ཧྲཱི༔ བདེ་གཤེགས་ཀུན་འདུས་ཐུགས་རྗེའི་ལྷ༔ རང་བྱུང་ཡེ་ཤེས་སྤྱན་རས་གཟིགས༔ དམར་གསལ་པད་ཕྲེང་བུམ་པ་འཛིན༔ གསང་ཡེ་རང་འདྲའི་ཡུམ་དང་འཁྲིལ༔ རབ་མཛེས་རྒྱན་རྫོགས་འོད་ལྔའི་ཀློང༔ ཉི་ཟླ་པད་སྟེང་དགྱེས་པར་བཞུགས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས༔ འཇིག་རྟེན་མགོན་ལ་ཕྱག་འཚལ་བསྟོད༔ དུས་གསུམ་བདེ་གཤེགས་རིགས་ཀྱི་བདག༔ ཚེ་ཡི་བདག་པོ་སྐུ་མདོག་དམར༔ མཉམ་གཞག་ཚེ་བུམ་རྒྱན་རྫོགས་སྤྲས༔ འོད་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཐུགས་སྲོག་ཡེ་ཤེས་སེམས་དཔའི་སྐུ༔ དབང་ཆེན་དམར་པོ་གྲི་ཐོད་འཛིན༔ རྟ་སྐད་འཚེར་ཞིང་བདུད་བཞི་འདུལ༔ དབང་སྡུད་མཛད་ལ་ཕྱག་འཚལ་བསྟོད༔ སྲས་མཆོག་ནོར་འཛིན་གསང་སྔགས་འཛིན༔ དཀར་དམར་རྒྱན་མཛེས་པད་ཕྲེང་འཛིན༔ ཐབས་ཀྱི་འགྲོ་འདུལ་རིག་པ་འཛིན༔ བདེ་སྟོང་སྲས་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ སྟོང་གསལ་ཐིག་ལེའི་དཀྱིལ་འཁོར་དུ༔ ལྷུན་གྲུབ་རྒྱལ་བ་རིགས་མཆོག་ལྔ༔ དག་པ་ཡེ་ཤེས་འོད་ལྔའི་སྐུ༔ མཉེན་ལྕུག་འཁྲིལ་ལྡེམ་སྒེག་བཞད་ལྡན༔ གསལ་འཚེར་གཞོན་ཚུལ་མཛེས་པའི་སྐུ༔ རིགས་ལྔ་ཡབ་ཡུམ་སྐུ་ལ་བསྟོད༔ དུས་གསུམ་བདེ་གཤེགས་རྒྱལ་བའི་སྲས༔ རིགས་མཆོག་སེམས་དཔའ་ཡབ་ཡུམ་བརྒྱད༔ རབ་མཛེས་ཞི་བའི་ངང་ཚུལ་ཅན༔ ཐུགས་རྗེའི་ཕྲིན་ལས་བསམ་མི་ཁྱབ༔ འགྲོ་འདུལ་བྱང་སེམས་དཔག་མེད་བསྐོར༔ ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ གང་ལ་གང་འདུལ་འགྲོ་བ་འདྲེན༔ རིགས་དྲུག་སྐྱབས་མཆོག་ཐུབ་པ་དྲུག༔ མ་ངེས་ཅིར་ཡང་སྟོན་མཛད་པའི༔ སྡུག་བསྔལ་སྐྱོབ་ལ་ཕྱག་འཚལ་བསྟོད༔ བསྐལ་བཟང་འདི་ལ་ཐུགས་བསྐྱེད་ནས༔ ཞིང་འདིར་མཛད་པ་རྨད་བྱུང་གི༔ གང་འདུལ་ཐབས་ཀྱིས་འགྲོ་བ་འདྲེན༔ སངས་རྒྱས་སྟོང་ལ་ཕྱག་འཚལ་བསྟོད༔ སྒོ་བཞིར་བདུད་བཞི་བསྣོལ་བའི་སྟེང༔ རང་བྱུང་ཁྲོ་རྒྱལ་ཆེན་པོ་བཞི༔ ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ༔ བདུད་དཔུང་འཇོམས་ལ་ཕྱག་འཚལ་བསྟོད༔ གཞན་ཡང་བཀའ་འདུས་གསང་བ་ཡི༔ དཀྱིལ་འཁོར་ཕྱི་ནང་ལྷ་ཡི་ཚོགས༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ལས༔ ཕྲིན་ལས་སྒྲུབ་ཅིང་དངོས་གྲུབ་སྩོལ༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་བཅས༔ ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ དེ་ནས་བསྐུལ་བའི་རིམ་པ་ནི༔ ཧྲཱི༔ ཆོས་དབྱིངས་རོལ་པ་ཆེན་པོའི་དཀྱིལ་འཁོར་ནས༔ ཡེ་ཤེས་ལས་གྲུབ་རྒྱལ་བ་རྒྱ་མཚོའི་ཚོགས༔ བཀོད་པ་སྐུ་ཡི་རྣམ་འཕྲུལ་དཔག་མེད་ཅིང༔ མཛད་པའི་ཕྲིན་ལས་ནམ་མཁའི་མཐའ་དང་མཉམ༔ རང་སྣང་དགོངས་བརྒྱུད་དག་པས་ཐུགས་དམ་བསྐུལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་བསྙེན་སྒྲུབ་འཛབ་ལ་སྦྱར༔ ཧྲཱི༔ གསང་འདུས་ཐུགས་རྗེའི་དཀྱིལ་འཁོར་དུ༔ རང་བྱུང་ཡེ་ཤེས་འོད་ཀྱི་ཀློང༔ འཇའ་ཚོན་ལྔ་ཡི་མུ་ཁྱུད་འཁྲིགས༔ པདྨ་སྟོང་ལྡན་ཉི་ཟླའི་སྟེང༔ གསང་འདུས་ཐུགས་རྗེ་སྤྱན་རས་གཟིགས༔ ཚེ་བདག་རྟ་མགྲིན་གསང་ཡེ་ཡུམ༔ ནོར་འཛིན་གསང་འཛིན་རིགས་ལྔར་བཅས༔ སེམས་དཔའ་ཡབ་ཡུམ་ཐུབ་པ་དྲུག༔ སངས་རྒྱས་སྟོང་རྩ་སྒོ་བ་བཞི༔ རིག་འཛིན་མཁའ་འགྲོ་དམ་ཅན་ཚོགས༔ སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས༔ མ་འདྲེས་ནམ་མཁའི་འཇའ་ལྟར་གསལ༔ རྒྱན་རྫོགས་གཟི་བརྗིད་ལྡན་པའི་སྐུ༔ ཕྱག་རྒྱ་གར་སྟབས་ཤིགས་སེ་ཤིག༔ བརྗོད་མེད་རང་བྱུང་རྡོ་རྗེའི་སྒྲ༔ འཛབ་དབྱངས་འབྲུག་སྒྲ་འུ་རུ་རུ༔ མཉམ་ཡངས་མི་རྟོག་སྤྲོས་བྲལ་ཐུགས༔ མ་འགགས་རང་རྩལ་ཐུགས་རྗེ་ཤར༔ གསང་འདུས་རྒྱལ་བ་རྒྱ་མཚོའི་ཚོགས༔ དམ་ཚིག་ཡེ་ཤེས་དབྱེར་མེད་ཅིང༔ བསྙེན་སྒྲུབ་མཐའ་རུ་མ་ཕྱིན་བར༔ ནམ་ཡང་མི་གཏང་བསྒྲུབ་པར་བགྱིའོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་ཨ་མི་དྷེ་ཝ་ཨཱ་ཡུཿསིདྡྷི་ཧཱུྃ་ཧྲཱི༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧཱུྃ༔ ཨོཾ་ཧཱུྃ་སྭཱ་ཨཱ་ཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཨོཾ་ཀ་པ་ཙ་ཝ༔ ཁ་ཕ་ཚ་ཡ༔ ག་པ་ཛ་ར༔ ཕ་གྷ་ལ་ཛྙཱ་ན་སྭཱ་ཧཱ༔ ཨོཾ་མུ་ནེ་ཀྵཾ་ཡེ་ཀྲུཾ་ཀྲེཾ་ནྲི་ཏྲི་ཧཱུྃ༔ ཨོཾ་བུདྡྷ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་ཧེ་རུ་ཀ་ཧཱུྃ་ཕཊ༔ དཀྱིལ་འཁོར་དལ་ལ་འཆམས་ཤིང་བསྐོར༔ བསྙེན་སྒྲུབ་འཛབ་ལ་ནན་ཏན་བསྐྱེད༔ བདུན་འབུམ་ཉིས་ཁྲི་གྲངས་དང་ནི༔ ཞལ་མཐོང་ལུང་སྟོན་རྟགས་དང་སྦྱར༔ དངོས་གྲུབ་ངོ་མཚར་མཆོག་ཐོབ་འགྱུར༔ དེ་ནས་དངོས་གྲུབ་བླང་ཆོག་བྱ༔ བནྡྷ་ཛ་གད་ཉིང་ཁུས་བཀང༔ དམ་རྫས་བདུད་རྩི་ཆོས་སྨན་གདབ༔ རྡོ་རྗེ་སློབ་དཔོན་ཕྱག་ཏུ་ཐོགས༔ འབྲང་རྒྱས་ཟས་སྣ་ཚོགས་ཚད་བསགས༔་་་རིམ་པར་བཤམས་ལ་དཀྱིལ་འཁོར་ཤར་སྒོར།་་་མངར་གསུམ་བདུད་རྩིས་བྲན་ལ་བཞག༔ ཐམས་ཅད་ལུག་རྒྱུད་སྒོར་མོར་སྦྲེལ༔ དངོས་གྲུབ་སྡུད་པའི་ཕྱག་རྒྱ་བྱ༔ དངོས་གྲུབ་བླང་བའི་འཛབ་འདི་བཟླ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ཞེས་པ་བརྒྱའམ་སྟོང་ཚར་ནས༔ ཐུགས་དམ་བསྐུལ་ཞིང་དངོས་གྲུབ་བླང༔ ཧྲཱི༔ དགོངས་ཤིག་ཐུགས་རྗེ་ཆེ་མངའ་བ༔ རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་དགོངས༔ དང་པོར་བསྙེན་ཅིང་བར་དུ་བསྒྲུབ༔ དངོས་གྲུབ་འབྱུང་བའི་དུས་ལ་བབ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་རྣམས༔ བདག་ཅག་རྣམས་ལ་བསྩལ་དུ་གསོལ༔ དེ་ནས་ལས་ལ་སྦྱར་བ་ནི༔ དངོས་གྲུབ་བདུད་རྩི་ཞལ་ཟས་ལ༔ ཡང་ཡང་བསྟིམ་ཞིང་རྣལ་འབྱོར་རྣམས༔ རིངས་པར་རིངས་པར་ལྷག་མི་བཞག༔ དུས་གཅིག་དག་ལ་རོལ་པར་བྱ༔ འདོད་པའི་དོན་ལ་གསོལ་བ་བཏབ༔ དེས་ནི་མཆོག་དང་ཐུན་མོང་གི༔ དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་རྣམས་དངོས་གཞིའི་རིམ་པ་འོ༔ དེ་ནས་རྗེས་ཀྱི་ལས་ཁྲིགས་ལས༔ དང་པོ་ཆེ་བ་བསྐྱེད་པ་ནི༔ ཧྲཱི༔ སྟོང་གསུམ་འཇིག་རྟེན་དབང་གི་དལ༔ ཡེ་ཤེས་མེ་དཔུང་ཕྱོགས་བཅུར་འབར༔ གཟུགས་སྣང་ཐམས་ཅད་ཁྲོ་བོའི་རྒྱལ༔ དབང་གི་རྟ་སྐད་སྟོང་གསུམ་ཁེངས༔ མ་མོ་མཁའ་འགྲོ་དབང་དུ་སྡུད༔ སྣང་སྲིད་ཐམས་ཅད་བྲན་དུ་འཁོལ༔ སྟོང་གསུམ་འདི་ན་སུ་ཡང་རུང༔ ང་ལས་ཆེ་བཙན་སུ་ཡང་མེད༔ ང་ཡིས་བསྒོ་བའི་བཀའ་བཞིན་དུ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་ཧཱུྃ༔ ཧྲཱིཿཧྲཱི༔ བྷྱོ་བྷྱོ༔ དེ་ནས་ཚོགས་ཀྱི་རིམ་པ་རྣམས༔ ཞིང་ལྤགས་སྟག་ལྤགས་ལ་སོགས་པ༔ ཚོགས་གདན་ཙང་མའི་སྟེང་དུ་བཞག༔ ཟས་སྣ་ཡོ་བྱད་ཚོགས་ཚད་བཤམ༔ བདུད་རྩི་བསང་ཆུ་གཏོར་བྱས་ནས༔ རྡོ་རྗེ་རྒྱལ་པོའི་མདུན་དག་ཏུ༔ ཚོགས་ལས་པ་རྣམས་ཐལ་སྦྱར་ཏེ༔ བྱིན་རླབས་ཞུ་ཚོགས་ཕྲིན་ལས་གདབ༔ ཧོ༔ དགོངས་སུ་གསོལ་ལོ༔ སྤྲོས་མེད་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དམ་པ་ནས༔ ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ལྷ་ཚོགས་ཡབ་ཡུམ་སྲས་འཁོར༔ རིགས་ལྔའི་རྒྱལ་བ༔ སེམས་དཔའ་ཡབ་ཡུམ་ལྕམ་དྲལ༔ སྤྲུལ་སྐུ་ཐུབ་པ་དྲུག༔ སངས་རྒྱས་སྟོང་དང་རྩ་གཉིས༔ སྒོ་བཞི་སྐྱོང་བའི་ཁྲོ་བོ༔ རིག་འཛིན་དཔའ་བོ་མཁའ་འགྲོ༔ ཚོགས་ཀྱི་དཀྱིལ་འཁོར་འདིར་འདུས་པའི་རྡོ་རྗེ་སློབ་དཔོན་མཆེད་ལྕམ་དྲལ་དང་བཅས་པ་ཐམས་ཅད་དགོངས་སུ་གསོལ༔ རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་མཆོད་ཅིང༔ རྣལ་འབྱོར་པ་བདག་ཅག་གི་གཡར་དམ་སོར་སྩོལ་ཕྱིར༔ ཟབ་མོ་ཚོགས་ཀྱི་མཆོད་པ་གཞུང་བཞིན་དུ་འབུལ་ལགས་ན༔ བརྩེ་བ་དང་ལྡན་པ་ཁྱེད་རྣམས་ཀྱིས་ཐུགས་རྗེས་དགོངས་ཏེ་བཞེས་པ་ཅི་གནང༔ ཞེས་ཞུས་པའི་ལན་དུ་རྡོ་རྗེ་སློབ་དཔོན་གྱིས༔ ཨེ་མ་ཧོ༔ ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་ཀྱིས་ཐུགས་རྗེས་ནི་གཟིགས༔ བྱམས་པས་ནི་དགོངས༔ གནས་མཆོག་འདི་ཡང་ཧེ་རུ་ཀའི་དཀྱིལ་འཁོར༔ རྡོ་རྗེ་སློབ་དཔོན་གཉན་གྱི་དབུ་གཙོ༔ ཚོགས་ཀྱི་དཀྱིལ་འཁོར་འདིར་འདུས་པ་ཐམས་ཅད་ལྷ་དང་ལྷ་མོ་དཔའ་བོ་དཔའ་མོའི་རང་བཞིན་ཁོ་ན་ཡིན་པས༔ ཐུགས་རྗེས་གཟིགས་ཤིང་རྗེས་སུ་བཟུང་སྟེ་བཞེས་པར་གནང་གིས་འབྱོར་ཚོགས་གཞུང་བཞིན་དུ་དྲོངས་ཤིག༔ ཨ་ལ་ལ་ཧོ༔ དེ་ནས་ཚོགས་སྦྱང་བ་ནི༔ ཧཱུྃ༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ ཆོས་ཀུན་སྒྱུ་མར་རིག་པའི་ཕྱིར༔ རིག་པའི་ཡེ་ཤེས་རཾ་ཡཾ་ཁཾ༔ རཾ་ལས་ཡེ་ཤེས་མེ་བྱུང་བས༔ ཚོགས་ཀྱི་དངོས་འཛིན་ཐམས་ཅད་བསྲེགས༔ ཡཾ་ལས་ཡེ་ཤེས་རླུང་བྱུང་བས༔ ཚོགས་ཀྱི་བག་ཆགས་ཐམས་ཅད་གཏོར༔ ཁཾ་ལས་ཡེ་ཤེས་ཆུ་བྱུང་བས༔ ཚོགས་སུ་འཛིན་པའི་གཉིས་འཛིན་བཀྲུ༔ དེ་ནས་ཚོགས་བྱིན་གྱིས་བརླབ་པ་ནི༔ ཧྲཱི༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ ཆོས་ཀུན་སྒྱུ་མར་རིག་པའི་ཕྱིར༔ རྒྱུ་ཡི་འབྲུ་བཞི་གཏན་ལ་དབབ༔ སྤྲོ་བསྡུའི་སྦྱོར་བས་འདོད་ཡོན་ཚོགས༔ ལོངས་སྤྱོད་དཔག་ཏུ་མེད་པར་གྱུར༔ ཧཱུྃ་ ཧཱུྃ་གིས་རྣམ་པར་རྟོག་པ་སྦྱངས༔ ཨཱཿ ཨཱཿཡིས་ཡེ་ཤེས་བདུད་རྩིར་བསྒྱུར༔ ཨོཾ་ ཨོཾ་གྱིས་འདོད་ཡོན་སྣང་སྲིད་གང༔ ཧྲཱིཿ ཧྲཱིཿཡིས་མཐོང་སྣང་ལྷ་ཚོགས་དགྱེས༔ རྒྱལ་བའི་ཐུགས་དམ་བསྐང་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱ༔ སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ན་ཨི་མཾ་ག་ག་ན་ཁཾ༔ དེ་ནས་ཐོག་མར་ཚོགས་ཀྱི་ལྷ་སྤྱན་དྲང་བ་ནི༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ གཟུགས་སྐུས་འགྲོ་བའི་དོན་མཛད་པ༔ ཐུགས་རྗེའི་ལྷ་ཚོགས་འཁོར་དང་བཅས༔ ཡེ་ཤེས་ཚོགས་ལ་གཤེགས་སུ་གསོལ༔ ཧྲཱི༔ འདི་ན་སྣ་ཚོགས་གཟུགས་མཆིས་ཀྱི༔ གཟུགས་ཀྱི་ལྷ་མོས་མེ་ལོང་ཐོགས༔ ཀུན་ཀྱང་སྤྱན་དང་གཤེགས་སུ་གསོལ༔ འདི་ན་སྣ་ཚོགས་སྒྲ་མཆིས་ཀྱི༔ སྒྲ་ཡི་ལྷ་མོས་པི་ཝཾ་ཐོགས༔ ཀུན་ཀྱང་སྙན་དང་གཤེགས་སུ་གསོལ༔ འདི་ན་སྣ་ཚོགས་དྲི་མཆིས་ཀྱི༔ དྲི་ཡི་ལྷ་མོས་སྤོས་ཁང་ཐོགས༔ ཀུན་ཀྱང་ཤངས་དང་གཤེགས་སུ་གསོལ༔ འདི་ན་སྣ་ཚོགས་རོ་མཆིས་ཀྱི༔ རོ་ཡི་ལྷ་མོས་ཞལ་ཟས་ཐོགས༔ ཀུན་ཀྱང་ལྗགས་དང་གཤེགས་སུ་གསོལ༔ འདི་ན་སྣ་ཚོགས་རེག་མཆིས་ཀྱི༔ རེག་གི་ལྷ་མོས་ན་བཟའ་ཐོགས༔ ཀུན་ཀྱང་སྐུ་དང་གཤེགས་སུ་གསོལ༔ འདི་ན་སྣ་ཚོགས་ཆོས་མཆིས་ཀྱི༔ ཆོས་ཀྱི་ལྷ་མོས་རྡོར་དྲིལ་ཐོགས༔ ཀུན་ཀྱང་ཐུགས་དང་གཤེགས་སུ་གསོལ༔ འདོད་ཡོན་ལྷ་མོ་དཔག་མེད་ཚོགས༔ ནམ་མཁའ་ཁྱབ་པའི་གར་བྱེད་ཅིང༔ ཡེ་ཤེས་ཚོགས་ལ་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ དེ་ནས་ཚོགས་ཕུད་རིམ་པ་གསུམ་དུ་སྤྲོ་སྟེ༔ དང་པོ་མཆོད་པ་ནི༔ ཧྲཱི༔ གསང་བ་མཆོག་གི་མཆོད་པ་ནི༔ འདོད་པའི་ལོངས་སྤྱོད་སྤྲིན་ཚོགས་གཏིབས༔ བདེ་ཆེན་ལྷ་མོས་གར་གྱིས་བསྒྱུར༔ མཆོད་བཞེས་དབང་དང་དངོས་གྲུབ་སྩོལ༔ གུ་རུ་ལོ་ཀེ་ཤྭ་ར་དེ་ཝ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་པ་བཤགས་པ་བྱ་བ་ནི༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ བདག་ཅག་མ་རིག་རྨོངས་གྱུར་ཏེ༔ ཕུད་ལ་གཞོལ་ཞིང་ལྷག་ལ་འཕྲིས༔ སེར་སྣའི་དབང་གིས་འབྱོར་ཚོགས་ཆུང༔ ལེ་ལོའི་དབང་གིས་དུས་མ་བསྐངས༔ ལྟ་སྒོམ་མི་ལྡན་ཏིང་འཛིན་གཡེལ༔ འཁྲུལ་པས་ཡང་དག་དོན་མ་རྟོགས༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བསྐང༔ བསྐངས་ནས་དངོས་གྲུབ་བསྩལ་དུ་གསོལ༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ཐ་མ་བསྒྲལ་བའི་མཆོད་པ་ནི༔ གཟས་པ་པོའི་ཤ་ཁྲག་རཱུ་པ་མིང་རུས་དང་བཅས་པ་བཤམས་ལ༔ སྒྲོལ་གིང་དཀར་ནག་ལས་མཁན་དུ་གསལ༔ ལྕགས་ཀྱུའི་ཕྱག་རྒྱས་བདེན་པའི་སྟོབས་བརྗོད༔ གཟུ་དཔང་འགུགས་བསྟིམ་དྲག་ཏུ་བྱ༔ ཕུར་པ་འདྲིལ་ཞིང་སྟོད་རྟ་མགྲིན་དམར་པོ་མེ་འབར་བ༔ སྨད་ཕུར་པ་མེའི་ཚྭ་ཚྭ་འཕྲོ་བ་མགར་གྱི་སོལ་མལ་ནས་བྱུང་བ་ལྟར་བསྐྱེད་ལ༔ ཧཱུྃ༔ ང་ནི་རབ་འཇིགས་དབང་གི་རྒྱལ༔ རྟ་སྐད་འཚེར་ཞིང་སྲིད་གསུམ་གཟིར༔ ཁྲོ་ཚོགས་མང་པོ་སྤྲིན་ལྟར་གཏིབས༔ ཕོ་ཉ་ལས་མཁན་གློག་ལྟར་འཁྱུག༔ གནམ་ལྕགས་ཕུར་པ་མཁའ་ལ་འདྲིལ༔ ལྕགས་ཀྱུ་ཞགས་པ་ཀླད་ལ་བསྐོར༔ བཏབ་ན་ལྷ་ཡང་བརླག་པར་འགྱུར༔ དགྲ་བགེགས་འབྱུང་པོ་སྨོས་ཅི་དགོས༔ རོལ་ཅིག་ཆོམས་ཤིག་མཱ་ར་ཡ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ཨོཾ་པདྨཱནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་དགྲ་བགེགས་འབྱུང་པོ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ཅེས་བསྒྲལ་ཏེ་ཞལ་དུ་འབུལ་བ་ནི༔ ཧཱུྃ༔ ཕྱེས་ཤིག་ཕྱེས་ཤིག་ཞལ་ཕྱེས་ཤིག༔ ཐུགས་ཉིད་ཞི་བའི་ངང་ཉིད་ལས༔ མ་རུངས་འདུལ་ཕྱིར་ཁྲོ་བོའི་ཚུལ༔ དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ མགུལ་དུ་བསྟིམ་མོ་ཨཱ་རལླི༔ ཞེས་དགྲ་བགེགས་དངོས་སུ་དམིགས་ལ་འབུལ་ལོ༔ དེ་ནས་རྡོ་རྗེ་སློབ་དཔོན་ལ་ཕུལ་བའི་རྗེས་སུ་ལྷག་ཕུད་བཅད་ལ་རིམ་པར་དྲངས་ཏེ༔ ཧྲཱི༔ གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས༔ འདི་ལ་ཐེ་ཚོམ་བྱར་མི་རུང༔ བྲམ་ཟེ་གདོལ་པ་ཁྱི་དང་ཕག༔ རང་བཞིན་གཅིག་ཏུ་དགོངས་ཏེ་རོལ༔ ཅེས་དྲང་ངོ༔ ལེན་པ་པོས་ཀྱང་པདྨའི་ཕྱག་རྒྱས་འདི་སྐད་བརྗོད་ལ་བླང༔ ཨ་ལ་ལ་སྟེ་ངོ་མཚར་ཆེ༔ རིན་ཐང་མེད་ལས་ལེགས་འོངས་ཆོས༔ འདོད་ཆགས་དྲི་མ་དང་བྲལ་ཞིང༔ གཟུང་དང་འཛིན་པ་ཀུན་སྤངས་པའི༔ དེ་བཞིན་ཉིད་ལ་བདག་ཕྱག་འཚལ༔ ཞེས་པས་རོལ་ལོ༔ ཚོགས་ཀྱི་སྨོན་ལམ་གདབ་པ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར༔ རིགས་ལྡན་རྣལ་འབྱོར་བདག་ཅག་གིས༔ བསོད་ནམས་ཚོགས་ཆེན་ཡོངས་རྫོགས་བསྐོར༔ ལྷ་ལ་ལྷ་ཐིམ་ངོ་མཚར་ཆེ༔ བདག་གཞན་ཚོགས་གཉིས་རྫོགས་གྱུར་ཅིག༔ ཅེས་དང༔ ཡང༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ལ༔ ཡེ་ཤེས་ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས༔ བདག་གཞན་བསོད་ནམས་ཚོགས་ཆེན་ཡོངས་རྫོགས་ནས༔ མ་ལུས་དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག༔ ཅེས་སྨོན་ལམ་གདབ་བོ༔ དེ་ནས་ལྷག་མའི་ཆོ་ག་བྱ་སྟེ༔ དཔལ་གཏོར་ནས་ཀྱུ་གུ་གཅིག་ཕབ་ལ་ལྷག་མར་བསྐུལ་ཏེ༔ དཀྱིལ་འཁོར་ནས་ཕབ་སྟེ་སྟེགས་ལ་བཞག་ནས་རཀྟས་བྲན་ལ༔ ཧྲཱི༔ དབང་ཆེན་ཐུགས་རྗེའི་ལྷ་ཚོགས་རྣམས༔ རིག་འཛིན་མཁའ་འགྲོའི་ཚོགས་བཅས་ཀུན༔ རྨད་བྱུང་གཏོར་མ་འདི་བཞེས་ལ༔ དམ་བསྐང་དབང་དང་དངོས་གྲུབ་སྩོལ༔ ཧྲཱི༔ པདྨཱནྟ་ཀྲྀཏ་ས་མ་ཡ་དེ་ཝཱི་ཀྲོ་དྷ་སརྦ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཞེས་སྨན་ཕུད་དང་ཁ་ཕྲུ་བཏབ་ལ་ཐ་ཚིག་བརྗོད་པ་ནི༔ ཧྲཱི༔ དང་པོ་ཕུད་ཀྱིས་མི་མཆོད་རྒྱུ༔ དཔལ་ཆེན་ལྷ་ཚོགས་ཕུད་ཀྱི་བདག༔ དེ་ནས་ལྷག་མས་མི་མཆོད་རྒྱུ༔ མ་མོ་མཁའ་འགྲོ་ལྷག་ལ་དགྱེས༔ ཐ་མ་གཅིག་ཏུ་མི་བསྲེ་རྒྱུ༔ ཆོས་ཉིད་ཡེ་ནས་རྒྱུ་འབྲས་གཅིག༔ ལྷག་མ་ཁ་ཆུས་མི་བྲན་རྒྱུ༔ ཁྱོད་དང་བདག་ཉིད་དམ་ཚིག་གཅིག༔ དཀྱིལ་འཁོར་མཐའ་ལ་མི་བཞག་རྒྱུ༔ བྲན་གཡོག་ཕོ་མོའི་ཚུལ་དུ་གནས༔ དཔལ་གྱི་བཀའ་ཉན་ལྷག་སྡུད་རྣམས༔ དབང་ཆེན་རྟ་ཡི་བཀའ་སྡོད་ཚོགས༔ ལས་རྣམས་ཞལ་གྱིས་བཞེས་པ་ཡི༔ དཔལ་གྱི་བཀའ་སྡོད་ཕོ་ཉའི་ཚོགས༔ མཁའ་འགྲོ་གིང་དང་ལང་ཀར་བཅས༔ མ་བདུན་སྲིང་བཞི་དུར་ཁྲོད་བདག༔ འབར་མ་དབང་ཕྱུག་ཉི་ཤུ་བརྒྱད༔ མཛེས་པའི་སྐུ་ལ་སྒེག་ཚུལ་ཅན༔ མེ་ཏོག་ཆུན་འཕྱང་སྐ་རགས་བཅིངས༔ རཏྣའི་གཞོང་ཐོགས་གཏོར་ལེན་མ༔ ཕྲ་མེན་མངག་གཞུག་བྱེད་པའི་ཚོགས༔ བཀའ་ཡི་ཕ་འབབ་འདི་ལོངས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧྲཱིཿཧྲཱིཿཧྲཱི༔ བྷྱོ་བྷྱོ་བྷྱོ༔ བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཞེས་བཏང་ངོ༔ དེ་ནས་ཐུགས་དམ་བསྐུལ་བ་ནི༔ ཧྲཱི༔ མ་བཅོས་ལྷུན་གྲུབ་བདེ་ཆེན་ཞིང་ཁམས་ནས༔ རང་བྱུང་ཡེ་ཤེས་ཐུགས་རྗེའི་ལྷ་ཚོགས་རྣམས༔ མ་འགགས་འགྲོ་བ་འདུལ་བར་ཐུགས་དམ་བསྐུལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ རང་བཞིན་རྣམ་པར་དག་པའི་དཀྱིལ་འཁོར་ནས༔ ཡེ་ཤེས་ལྔ་ལྡན་རྒྱལ་བ་རིགས་ལྔའི་ཚོགས༔ དུག་ལྔ་རྩད་ནས་གཅོད་པར་ཐུགས་དམ་སྐུལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཕྱོགས་དུས་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ནས༔ རྣམ་ཐར་བརྒྱད་ལྡན་བྱང་ཆུབ་སེམས་དཔའི་ཚོགས༔ རྣམ་ཤེས་ཚོགས་བརྒྱད་དག་པར་ཐུགས་དམ་སྐུལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ འགྲོ་འདུལ་སྤྲུལ་པ་སྐུ་ཡི་ཞིང་ཁམས་ནས༔ བཅོམ་ལྡན་ཐུབ་པ་དྲུག་གི་ཐུགས་དམ་སྐུལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ མཛད་པ་རྨད་དུ་བྱུང་བའི་དཀྱིལ་འཁོར་ནས༔ འགྲོ་འདུལ་སངས་རྒྱས་སྟོང་གི་ཐུགས་དམ་སྐུལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཚད་མེད་རྣམ་པར་ཐར་པའི་སྒོ་བཞི་ནས༔ ཁྲོ་རྒྱལ་སྒོ་སྐྱོང་བཞི་ཡི་ཐུགས་དམ་སྐུལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དཀྱིལ་འཁོར་ཆེན་པོའི་བར་ཁྱམས་ཁོར་ཡུག་ནས༔ རིག་འཛིན་བཀའ་སྡོད་ཚོགས་ཀྱི་ཐུགས་དམ་སྐུལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་ཆད་མདོ་བྱ་བ་ནི༔ ཧཱུྃ་ཧྲཱི༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ ནུབ་ཕྱོགས་བདེ་ཆེན་འབར་བའི་དཀྱིལ་འཁོར་དུ༔ བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀས༔ རྟ་སྐད་ཐེངས་གསུམ་བསྒྲགས་ནས་སྣང་སྲིད་མ་མོ་བཏུལ༔ ཐ་ཚིག་གསུམ་གྱིས་དམ་ལ་བཏགས་པའི་ཚེ༔ རྡོ་རྗེ་ཕག་མོ་ལ་སོགས་མཁའ་འགྲོ་བྱེ་བ་བརྒྱས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་འོག་བར་གྱི་བསྐལ་པའི་དབུས་མ་ལ༔ ཤར་ཕྱོགས་རི་བོ་ཏ་ལའི་ཕོ་བྲང་དུ༔ ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ཡིས༔ འགྲོ་འདུལ་ཐུགས་རྗེའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ རིགས་འདུས་མཁའ་འགྲོ་འབུམ་ཕྲག་ཉི་ཤུ་ཡིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་འོག་བར་གྱི་དུས་ཚིགས་དབུས་མ་ལ༔ དཔལ་གྱི་བསམ་ཡས་ཨརྱ་པ་གླིང་དུ༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་དང༔ སློབ་མའི་དྭངས་མ་རྗེ་འབངས་ཉེར་ལྔ་ཡིས༔ འགྲོ་འདུལ་ཐུགས་རྗེའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཡེ་ཤེས་ལས་ཀྱི་མཁའ་འགྲོ་ཐམས་ཅད་ཀྱིས༔ སོ་སོའི་གཟུགས་མཆོག༴ གཡར་དམ་ཅན་ལ༴ བཀའ་ཡི་གཏོར་མ༴ བཅོལ་བའི་ཕྲིན་ལས༴ སྔོན་ཚེ་ཞལ་བཞེས༴ ཤ་ཁྲག་དམར་གྱི༴ རྣལ་འབྱོར་བཅོལ་བའི༴ དེ་འོག་བར་གྱི་བསྐལ་པའི་ཐ་མ་ལ༔ ལྷོ་བྲག་མཁར་ཆུ་གཉན་གྱི་དབེན་གནས་སུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ ནམ་སྙིང་མཚོ་རྒྱལ་རྒྱལ་བ་མཆོག་དབྱངས་དང༔ ལང་གྲོ་ལོ་ཙཱ་ཤེལ་དཀར་རྡོ་རྗེ་མཚོས༔ གསང་འདུས་ཐུགས་རྗེའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བསེ་ལང་མཁའ་འགྲོ་བཀའ་སྡོད་སྒྲོལ་གིང་དང༔ གཏེར་སྲུང་དམ་ཅན་རྒྱ་མཚོ་ཐམས་ཅད་ཀྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་འོག་ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ རང་སྣང་མ་འགགས་དག་པའི་དཀྱིལ་འཁོར་དུ༔ རིག་འཛིན་ཆེན་པོ་པདྨ་འབྱུང་གནས་དང༔ ཆོས་ཀྱི་བདག་པོ་རཏྣ་གླིང་པ་ཡིས༔ གསང་འདུས་ཐུགས་རྗེའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཐུགས་རྗེའི་བསྟན་སྐྱོང་དམ་ཅན་ཐམས་ཅད་ཀྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ ཐུགས་རྗེ་ཆེན་པོའི་རྗེས་འཇུག་བརྒྱུད་འཛིན་རྣམས༔ བཅོལ་བའི་ལས་མཛད་བུ་བཞིན་སྐྱོང་བ་དང༔ རྟག་ཏུ་སྲུང་ཞིང་སྐྱོབ་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་གཏོར་མ་དཔག་སྟེ་བརྟན་མ་སྐྱོང་བ་ནི༔ ཧཱུྃ་ཧྲཱི༔ དགུང་སྔོན་སྟེང་དང་གངས་རི་གཡའ་རྩེ་དང༔ སྤང་ལྗོངས་སྐྱེད་མོས་ཚལ་དང་ནགས་འདབས་དང༔ གངས་ཅན་མཐའ་དབུས་ཀུན་ལ་གནས་པ་ཡི༔ འཇིག་རྟེན་བོད་ཁམས་སྐྱོང་བ་བརྟན་མའི་ཚོགས༔ གནོད་སྦྱིན་དཔལ་གནས་མ་དང་ཡང་དག་ཤེས༔ ཀོང་ལྷ་གཡུ་བུན་ཁ་རག་ཁྱུང་བཙུན་མ༔ མེ་ཏོག་ཟླ་འོད་བྱང་གི་ཏིང་མོ་བཙུན༔ གསེར་ཐར་མ་དང་ཀུན་བཟང་ཤཱནྟིཾ་དཔལ༔ ཀླུ་མོ་ཆེན་མོ་གཟི་འབར་ལ་སོགས་པ༔ ཁྱེད་རྣམས་སྔོན་གྱི་ཞལ་བཞེས་གཡར་དམ་ཅན༔ རང་རང་གནས་ནས་མ་ལུས་འདིར་བྱོན་ལ༔ སྔོན་ཚེ་སློབ་དཔོན་པདྨའི་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་དེ་བཞིན་དུ༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་འཁོར་སྲུངས་རྐྱེན་ཟློག་བར་ཆད་སོལ༔ བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ མ་མ་ཧྲིང་མ་མ་ཧྲིང༔ ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཞེས་གཏོར་གཞོང་བདུད་རྩིས་བཤལ་ལ་མཆོད་དོ༔ དེ་ནས་རྟ་བྲོ་བྱ་བ་ནི༔ གཏོར་གཞོང་རི་རབ་འོག་ཏུ་དགྲ་བགེགས་དམ་སྲི་འགུགས་གཞུག་དྲག་ཏུ་བྱས་ཏེ་མཆེད་ལྕམ་རྣམས་ལག་པ་ལུག་རྒྱུད་སྦྲེལ་ལ༔ ཧཱུྃ་ཧྲཱི༔ ཐུགས་རྗེས་འགྲོ་འདུལ་དཀྱིལ་འཁོར་འདིར༔ བར་ཆད་དམ་སྲི་འདུལ་བའི་ལྷ༔ ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ༔ གཏུམ་ཆེན་རྔམ་པའི་སྒྲ་སྒྲོག་ཅིང༔ དཔལ་གྱི་རྟ་སྐད་ཙེ་རེ་རེ༔ ཁྲོ་བོའི་འབྲུག་སྒྲ་འུ་རུ་རུ༔ རོལ་པའི་རྟ་བྲོ་ཆེམས་སེ་ཆེམ༔ བདུད་དང་དམ་སྲི་རྡུལ་དུ་རློག༔ ཧྲཱིཿཔདྨཱནྟ་ཀྲྀཏ་ཧྱ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཡ་མ་དམ་སྲི་སཏྭམྦྷ་ཡ་ནན༔ ཅེས་བྲོས་མནན་ནོ༔ དེ་ནས་རྡོ་རྗེས་དཀྱིལ་འཁོར་མཐའ་ནས་བསྡུ་ཞིང༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་སྤྲོས་པའི་མཐའ་བྲལ་ཡང༔ ཐུགས་རྗེའི་དཀྱིལ་འཁོར་མ་འདྲེས་ཡོངས་རྫོགས་ཤར༔ གང་འདུལ་འགྲོ་བའི་སྡུག་བསྔལ་ཀུན་བསལ་ནས༔ སླར་ཡང་ཆོས་དབྱིངས་སྐྱེ་མེད་ངང་དུ་མུ༔ ཞེས་ཨཱ་ལི་ཀཱ་ལི་དང་ཡི་གེ་བརྒྱ་པས་ཁ་བསྐང༔ ཡེ་ཤེས་པ་གཤེགས་དམ་ཚིག་པ་རང་ལ་བསྡུ༔ ཡེ་ཤེས་ལྷ་ཚོགས་གནས་འདིར་བྱོན་པ་ལེགས༔ བདག་སོགས་འགྲོ་རྣམས་བསོད་ནམས་སྐལ་པར་ལྡན༔ དམིགས་མེད་སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༔ སླར་ཡང་ཐུགས་རྗེས་འབྱོན་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་མུ༔ དེ་ནས་རྒྱུན་སྤྱོད་ལ་འཇུག་པ་ནི༔ ཧྲཱི༔ བདག་ཉིད་སྒྱུ་མ་ཆུ་ཟླ་འཇའ་ཚོན་བཞིན༔ འགྲོ་བའི་དོན་ཕྱིར་ཐུགས་རྗེས་སྐུར་བཞེངས་ནས༔ སྟོང་དང་ཐུགས་རྗེའི་སྙིང་རྗེ་ཟུང་འབྲེལ་བས༔ རྒྱུན་དུ་འགྲོ་བ་འདྲེན་པའི་སྤྱོད་ལམ་བྱའོ༔ དེ་ནས་སྨོན་ལམ་གདབ་པ་ནི༔ བླ་མ་དཀྱིལ་འཁོར་ལྷ་ཡི་ཚོགས༔ མ་ལུས་བདག་ལ་དགོངས་སུ་གསོལ༔ བདག་གིས་དུས་གསུམ་དགེ་བའི་ཚོགས༔ བསྐྱེད་རྫོགས་བསྙེན་སྒྲུབ་ལྟ་སྒོམ་སྤྱོད༔ སྦྱིན་སོགས་དགེ་བཅུ་ཅི་སྤྱད་པའི༔ འབྲས་བུ་དུས་འདིར་སྨིན་གྱུར་ཏེ༔ བདག་དང་འགྲོ་བ་ཐམས་ཅད་ཀྱིས༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ དེ་ནས་བཀྲ་ཤིས་བརྗོད་པ་ནི༔ ཧྲཱི༔ དངོས་གྲུབ་ཀུན་གྱི་འབྱུང་གནས་གཏེར༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ འགྲོ་བ་མ་ལུས་འདྲེན་མཛད་པའི༔ གསང་འདུས་ཐུགས་རྗེའི་བཀྲ་ཤིས་ཤོག༔ དུས་མིན་འཆི་ལས་སྐྱོབ་མཛད་པའི༔ འོད་དཔག་མེད་པའི་བཀྲ་ཤིས་ཤོག༔ བར་ཆད་བདུད་དཔུང་འཇོམས་མཛད་པའི༔ རྟ་མགྲིན་དབང་གི་བཀྲ་ཤིས་ཤོག༔ སྐུ་ལྔ་ཡེ་ཤེས་མངོན་གྱུར་པའི༔ རྒྱལ་བ་རིགས་ལྔའི་བཀྲ་ཤིས་ཤོག༔ ཚོགས་བརྒྱད་གནས་སུ་དག་མཛད་པའི༔ སེམས་དཔའ་བརྒྱད་ཀྱི་བཀྲ་ཤིས་ཤོག༔ ཡུལ་བརྒྱད་གནས་སུ་དག་མཛད་པའི༔ སེམས་མ་བརྒྱད་ཀྱི་བཀྲ་ཤིས་ཤོག༔ རིགས་དྲུག་སྡུག་བསྔལ་སེལ་མཛད་པའི༔ ཐུབ་པ་དྲུག་གི་བཀྲ་ཤིས་ཤོག༔ གང་འདུལ་འགྲོ་བ་འདྲེན་མཛད་པའི༔ སངས་རྒྱས་སྟོང་གི་བཀྲ་ཤིས་ཤོག༔ ཕྲིན་ལས་རྣམ་བཞི་སྒྲུབ་མཛད་པའི༔ སྒོ་བ་བཞི་ཡི་བཀྲ་ཤིས་ཤོག༔ གང་ལ་བསམ་པའི་དོན་སྒྲུབ་པའི༔ དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག༔ ཅེས་རྒྱ་ཆེར་བརྗོད་ཅིང་སྐབས་སུ་རོལ་མོ་སྒྲོག་ལ་མེ་ཏོག་འཐོར་རོ༔ དེ་ནས་དགའ་སྟོན་གྱི་ཚོགས་འཁོར་བྱ༔ བཀྲ་ཤིས་པའི་གླུ་བྲོ་གར་ལ་སོགས་པ་རྣམས་ཉམས་ཅི་དགར་བསྐྱང་ཞིང་རོལ་ལོ༔ གསང་སྔགས་གསང་བའི་ཕྱིར་མཐའ་རྗེས་མི་མངོན་པར་བྱའོ༔ རྗེས་སུ་དུས་དང་རྣམ་པ་ཀུན་ཏུ་ཡང༔ ཕྱི་སྣང་བའི་ཡུལ་ལ་མ་ཆགས་པར་ཚོགས་དྲུག་ལྷུག་པ་ཟང་ཐལ་ལེ༔ ནང་འཛིན་པའི་སེམས་མ་བཅོས་དམིགས་གཏད་དང་བྲལ་བའི་ངང་དུ་རྗེན་ནེ༔ ལྷང་ངེ༔ རྙོགས་པ་མེད་པར་དྭངས་སང་ངེ༔ ཤར་གྲོལ་དུ་ཁྲོལ་ལེ༔ གདངས་མ་འགགས་པ་ལྷ་ཡི་སྐུར་ཀྲོང་ངེ༔ སྒྲ་གྲགས་སྟོང་བསྙེན་སྒྲུབ་ཏུ་འུ་རེ༔ བློ་བྲལ་ཆོས་སྐུར་ཤིག་གེ་བར་བཞག་པར་བྱ་སྟེ༔ རྣམ་པ་ཀུན་ཏུ་སྒོ་གསུམ་དཀྱིལ་འཁོར་གསུམ་དང་མི་འབྲལ་བར་བྱ་བ་ནི༔ བླ་མེད་གསང་སྔགས་ཀྱི་དམ་ཚིག་སྟེ༔ རྒྱུན་དུ་དེ་ལྟ་བུ་དང་མི་འབྲལ་བར་བྱའོ༔ ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ལས་བྱང་པདྨའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་པདྨས་མཛད་པ༔ བདག་འདྲ་ཨ་ཙར་ཡེ་ཤེས་ཀྱིས་ལ་ཡག་མོན་མཁར་སྟེང་དུ་ཡི་གེར་བཀོད་པའོ༔ ྀཨཚ༔ བདག་འདྲ་རིག་འཛིན་མཚོ་སྐྱེས་རྡོ་རྗེ་ཡིས༔ ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་འདི༔ ཤིན་ཏུ་ཟབ་ཕྱིར་གནམ་སྐས་བྲག་ལ་སྦས༔ ད་ལྟ་བསྟན་ཅིང་སྤེལ་བའི་དུས་མིན་པས༔ སྙིགས་མ་ལྔ་དུས་པྲེ་ཏ་བོད་ཁམས་རྣམས༔ འགྲོ་མགོན་ཐུགས་རྗེའི་བསྟན་པས་འདུལ་བར་འགྱུར༔ ལས་ཅན་ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ རྒ།རྒ།རྒ༔ མནྟྲ་གུ་ཧྱ༔ ྈྈྈྈྈ སྤྲུལ་པའི་སྐྱེས་མཆོག་རཏྣ་གླིང་པས་གནམ་སྐས་བྲག་ནས་ཁྲོམ་གཏེར་བྱས་ནས་གདན་དྲངས་པའོ། །སརྦ་མངྒ་ལཾ། །དགེའོ། །དགེའོ། །དགེའོ།། །།
བྱང་གཏེར་མགོན་པོ་བསྟན་སྲུང་ཡོངས་རྫོགས་ཀྱི་དབང་ཆོག་ཟབ་དོན་སྣང་བ་ (Volume 38, Text 7)
༄༅། །བྱང་གཏེར་མགོན་པོ་བསྟན་སྲུང་ཡོངས་རྫོགས་ཀྱི་དབང་ཆོག་ཟབ་དོན་སྣང་བ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་མ་ཧཱ་ཀཱ་ལ་ཡ། རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་མ་ལུས་པ། །རྡོ་རྗེ་སློབ་དཔོན་གཟུགས་སུ་རྣམ་རོལ་པ། ཁྱབ་བདག་འཁོར་ལོའི་མགོན་པོ་ཧེ་རུ་ཀ །ཟིལ་གནོན་བཞད་པ་རྩལ་དེར་ཕྱག་བགྱི་འོ། །དུས་གསུམ་རྒྱལ་བའི་ཕྲིན་ལས་ཉིད། །ཡེ་ཤེས་མགོན་པོའི་དཀྱིལ་འཁོར་ལྷར། །རབ་སྟོན་བསྟན་སྲུང་ཡོངས་རྫོགས་ཀྱི། །དབང་གི་ཆོ་ག་འདིར་བཤད་བྱ། །དེ་ལ་བྱང་གཏེར་མགོན་པོ་ཡིད་བཞིན་ནོར་བུ་བསྟན་སྲུང་ཡོངས་རྫོགས་ཀྱི་དབང་གི་ཆོ་ག་ཁྲིགས་སུ་བྱ་བ་ལ་དོན་གསུམ་སྟེ། སྦྱོར་བ་དང་དངོས་གཞི་རྗེས་སོ། །དང་པོ་སྦྱོར་བ་ནི། རྩ་བ་ལས། རྒྱ་གར་སྐད་དུ༔ ཤྲཱི་མ་ཧཱ་ཀཱ་ལ་སརྦ་དུཥྚཱཾ་ཨ་བྷི་ཥིཉྩ་ནཱ་མ༔ བོད་སྐད་དུ༔ དཔལ་ལྡན་མགོན་པོ་བསྟན་སྲུང་ཡོངས་རྫོགས་ཀྱི་དབང་ཆོག་ཅེས་བྱ་བ༔ བདེ་གཤེགས་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་ལོ༔ ཁམས་གསུམ་སྲོག་ལ་དབང་སྒྱུར་བའི༔ དབང་ཆེན་ཡོངས་རྫོགས་བསྐུར་བ་ནི༔ དབེན་པའི་གནས་སུ་ཡོ་བྱད་བསགས༔ རབ་ནི་བཀའ་བརྒྱད་ཡོངས་རྫོགས་སམ༔ བསྟན་སྲུང་ཡོངས་རྫོགས་དཀྱིལ་འཁོར་བྲིས༔ ས་ནག་ཆང་བསྲེས་ཆག་ཆག་གདབ༔ ཐིག་གདབ་དཀྱིལ་འཁོར་བྲི་བར་བྱ༔ ཞེས་གསུངས་པས། བཀའ་བརྒྱད་རང་ཤར་གྱི་སྒྲུབ་ཆེན་ནམ་དབང་བསྐུར་དང་འབྲེལ་ན་རབ། རས་བྲིས་སམ་ཚོམ་བུ་ལ་ཐིག་ཚོན་གྱི་ཆོ་ག་སོགས་བྱ་མི་དགོས་ཀྱང་རྡུལ་ཚོན་གྱི་དབང་དུ་བགྱིས་ན་གང་དུ་དཀྱིལ་འཁོར་བྱ་བའི་སར་ཆང་ལ་ས་ནག་ཅུང་ཟད་དང་ཆོས་སྨན་བསྲེས་པས་ཆག་ཆག་གདབ་ཅིང་། གུ་ཧྱ་ཛྙཱ་ན་ཙཀྲ་མཎྜ་ལ་ཧཱུྃ། ཞེས་བརྗོད། ཐོད་པའམ་རིན་པོ་ཆེའི་སྣོད་དུ་ལས་ཐིག་དང་ཚོན་ལྔ་དབུས་སྔོ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བ་རིགས་ལྔའི་ས་བོན་བྲིས་པ། རང་མགོན་པོའི་ང་རྒྱལ་གྱིས་བསང་སྦྱང་། སྟོང་པའི་ངང་ལས་ཐིག་ཚོན་ལྔ་མགོན་པོ་རིགས་ལྔའི་ཁ་དོག་ཅན་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་པར་གྱུར་པ་ལ་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོཿས་བསྟིམ། མ་ཧཱ་ཀཱ་ལ་པཉྩ་ཀུ་ལ་ཨརྒྷཾ་སོགས་ཀྱིས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་ཡེ་ཤེས་མགོན་པོར་ཕྱག་འཚལ་བསྟོད། །ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ། ཨོཾ་སུ་ཏྲཻ་མ་ཏི་ཀྲ་མ་ཏི་ཀྲ་མ་ཧཱུྃ། ཉེར་གཅིག་ཙམ་བཟླ། ལྷ་ལྔ་ཞུ་ནས་ཐིག་ཚོན་གྱི་རང་བཞིན་དུ་གྱུར། ཐིག་སྐུད་སྒྲིམ་ཟིན་དང་ཚོན་ཡིག་རྣམས་མཐེབ་སྲིན་གྱིས་མཉེ་ཞིང་ལས་ཐིག་གདབ་བོ། །ཇི་ལྟར་བྲི་བ་ནི་རྩ་བར། དབུས་སུ་གྲུ་གསུམ་མཐིང་ནག་འབར༔ ཟླ་གམ་དམར་པོ་གསུམ་དང་ལྡན༔ དེ་ཕྱིར་འཁོར་ལོ་རྩིབས་བརྒྱད་པ༔ གྲུ་ཆད་བར་ཁྱམས་སྒོ་བཞིར་ལྡན༔ རྡོ་རྗེ་རྭ་བ་མེ་རི་འབར༔ ཞེས་གསུངས་པ་ལྟར། དཀྱིལ་འཁོར་གྲུ་གསུམ་མཐིང་ནག་ཟླ་གམ་དམར་པོ་ཐོད་ཕྲེང་། འཁོར་ལོ་སྔོན་པོའམ་སེར་པོ་རྩིབས་བརྒྱད། གྲུ་ཆད་ལྗང་གུ། ཁྱམ་ཕྱོགས་མདོག །སྒོ་རྫོགས་སྤྱི་ལྟར་དུར་ཁྲོད་སྲུང་འཁོར་རྡོར་རྭ་མེ་རི་སོགས་ལེགས་པར་བྲི་ཞིང་། ལྷ་མཚན་ནི། གྲུ་གསུམ་གྱི་དབུས་སུ་གཙོ་བོ། དེའི་མདུན་དུ་གྲི་གུག །ཟླ་གམ་གསུམ་ལ་གཡས་སུ་སྲས། གཡོན་དུ་ཡུམ། རྒྱབ་ཏུ་འདོད་ཁམས་མ། ཕྱོགས་ཀྱི་རྩིབས་བཞིར་ཤར་དུ་སྟག་ཞོན། ལྷོོར་སེང་ཞོན། ནུབ་ཏུ་བིང་། བྱང་དུ་ཏྲཀྴད། ཤར་ལྷོའི་རྩིབས་ལ་ལྷ་མོ་རེ་ཏི། ལྷོ་ནུབ་ཏུ་གཤིན་རྗེ་རེ་ཏི། ནུབ་བྱང་དུ་རཀྴ་རེ་ཏི། བྱང་ཤར་དུ་གནོད་སྦྱིན་རེ་ཏི། གྲུ་ཆད་བཞིར་ཤར་ལྷོར་བྱ་རོག་གདོང་། ལྷོ་ནུབ་ཏུ་གཤིན་རྗེ་ཆོས་རྒྱལ། ནུབ་བྱང་དུ་སོ་ཀ་རཱ་ཛ། བྱང་ཤར་དུ་སེང་གེའི་གདོང་ཅན། ཤར་ཁྱམས་སུ་ཞལ་ནང་བསྟན་གྱི་སྤྲུལ་པ་གསུམ། ཤར་ལྷོ་དང་བྱང་ཤར་དུ་ཤན་པ་དམར་ནག་གམ་དུས་མཚན་ཡབ་ཡུམ་གཉིས། ནང་ཁྱམས་ལ་མགོན་པོ་བདུན་ཅུ་རྩ་ལྔ་དང་དྲེགས་པ་སུམ་ཅུ། སྒོ་བཞིར་རྒྱལ་ཆེན་བཞི། པད་རའི་ཕྱིར་དུར་ཁྲོད་ཀྱི་ཁོར་ཡུག་ལ་བརྟན་མ་རྣམས་ཀྱི་ལྷ་མཚན་སྐུ་མདོག་དང་མཐུན་པའི་ཚོམ་བུ་བཀོད། རྩ་བར། དེའི་དབུས་སུ་བུམ་པ་བཅའ༔ དེ་སྟེང་ཐོད་པ་བདུད་རྩིས་བཀང༔ ཤ་ལྔ་བདུད་རྩི་ལྔ་པོ་དང༔ བུ་རམ་ཆང་དང་བསྲེས་ལ་བླུག༔ དེ་སྟེང་མེ་ལོང་སིནྡྷུ་ར༔ མཐིང་ནག་དར་གྱི་གུར་ཕུབ་ལ༔ ཞེས་པའི་དོན་བུམ་པ་སུམ་གཉིས་ཆུས་བཀང་བ་ལ་བུམ་རྫས་ཉེར་ལྔ་དང་ཆོས་སྨན་བཏབ་པ་དར་ནག་གི་མགུལ་ཆིངས་ཅན་དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར་བཀོད་པའི་སྟེང་། ཐོད་པ་མཚན་ལྡན་བདུད་རྩིས་བཀང་བ་ལ་བུ་རམ་དང་ཆོས་སྨན་བཏབ་པ་དར་ནག་གིས་བཀབ་པའི་ཁར་མེ་ལོང་ལ་སིནྡྷུ་རས་བྱུགས་པ་ལ་ཆོས་འབྱུང་གི་དབུས་སུ་རྩ་སྔགས་ཚར་རེ་མགོ་ཕྱིར་བསྟན་གཡས་སྐོར་དུ་བྲིས་པས་བཀབ་ལ། དེ་རྣམས་ལ་དར་མཐིང་གི་གུར་ཕུབ། ལས་བུམ་རྫས་ལྡན་ཡང་བཤམ། རྩ་བར། གཏོར་མ་བདུད་རྩི་རཀྟ་དང༔ ཞེས་གསུངས་པའི་གཏོར་མ་ནི། སྤྱིར་མགོན་པོ་འདི་ལ་སྒྲུབ་གཏོར། མཆོད་གཏོར། སྐོང་གཏོར་གསུམ་དུ་ཡོད་པའི་སྒྲུབ་གཏོར་ཆེན་མོ་བསྙེན་སྒྲུབ་དང་། འཛིན་གཏོར་རམ་གཏའ་གཏོར་སོགས་ཀྱི་སྐབས་ལས་དབང་དུས་མི་དགོས་ཤིང། དབང་གཏོར་དཔལ་བཤོས་གྲུ་གསུམ་ལ་འཁོར་ཟུར་གསུམ་ལྔ་དང་མཚམས་རྣམས་སུ་མཐེབ་ཀྱུས་བརྒྱན་པ་འབྲི་སྨུག་གིས་བྱུགས་ཤིང་མེ་རི་སོགས་རྒྱན་སྤྲོས་དང་། སྤྲོ་ན་མགོན་པོ་ཡབ་ཡུམ་སྲས་གསུམ་མགོན་པོ་སྡེ་ལྔ་དང་བཅས་པའི་ཙཀླིའམ་བསྡུ་ན་གཙོ་བོ་མགོན་པོའི་ཙཀླི་དང་དར་ནག་གིས་བརྒྱན་ལ་རྒྱབ་མདུན་གང་རིགས་སུ་བཀོད། མཆོད་གཏོར་ནི་ཡབ་ཡུམ་སྲས་གསུམ་ལ་ཟུར་གསུམ་ལེབ་མདུན་བསྟན་སུམ་གཤིབས་ཀྱི་མདུན་དུ་མགོན་པོ་སྡེ་ལྔར་ཟུར་གསུམ་ལྔ་དང་ལྷ་མོ་སྡེ་ལྔར་མཚམས་རྣམས་སུ་མཐེབ་ཀྱུ་བསད་ཤས་བརྒྱན་པ། སྐོང་གཏོར་དངོས་བྱང་ལུགས་སུ་དམར་ནག་བཅུ་གསུམ་ལ་ངོས་འཛིན་ཡང་། ནུབ་དགོན་ལུགས་སུ་དབང་གི་དུས་མཆོད་གཏོར་འདིའི་རྒྱབ་ཏུ་མགོན་པོ་བདུན་ཅུ་རྩ་ལྔ་དང་དྲེགས་པ་སུམ་ཅུ་སོགས་ལ་མཐེབ་ཀྱུ་མང་དུ་བརྩེགས་པ་ཤ་ཁྲག་གིས་བརྒྱན་པའི་མཆོད་གཏོར་དང་སྐོང་གཏོར་གཞི་མཐུན་མཛད་པ་ཕྱག་བཞེས་ཡིན་པས་དེ་ལྟ་བུའི་གཏོར་མ་དཀྱིལ་འཁོར་གྱི་མདུན་དང་། གཡས་གཡོན་དུ་སྨན་རཀ །མཐའ་སྐོར་དུ་ཉེར་སྤྱོད་རྣམས་བཤམ། མཚན་ལྡན་བླ་མ་བྱམས་པ་བཤེས་གཉེན་གྱི་ཟིན་བྲིས་ལས། བླ་མ་དང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཆོས་སྐྱོང་བསྟན་སྲུང་ཡོངས་རྫོགས་ཀྱི་དབང་གི་ཟིན་ཐོ་བཀོད་པ་ལ་སྔགས་སྲུང་དམ་ཅན་རྣམས་ཀྱི་བཀའ་གནང་དུ་གསོལ། །དབེན་པའི་གནས་སུ་མཎྜལ་སྒོ་རྫོགས་སམ་ལྷ་གྲངས་ཚང་བའི་ཚོམ་བུ་དང་བུམ་པ་ཐོད་པ་སོགས་གཞུང་ལྟར་བཤམ། ཞེས་དང་། རྩ་བར། གྲི་སྙིང་ཐོད་རློན་སྦྲུལ་ཆུན་དང༔ བེར་ཆེན་གྲི་གུག་དར་ནག་དང༔ མདའ་མདུང་རལ་གྲི་ཐུན་རྫས་བསགས༔ དར་འཕན་དུང་ཆེན་ཆ་ལང་དང༔ གཎྜི་རྡོ་རྗེ་དྲིལ་བུ་དང༔ རྔ་ཆེན་ལ་སོགས་མཆོད་རྫས་བཤམ༔ ཚོགས་ཀྱི་འཁོར་ལོ་འབྱོར་ཚད་བཤམ༔ ཞེས་སྐོང་རྫས་དང་མཆོད་རྫས་སུ་བཤད་པ་འདྲ་ཡང་། བྱམས་པ་བཤེས་གཉེན་གྱི་ཟིན་བྲིས་དང་དེའི་རྒྱུན་གྱི་ཕྱག་བཞེས་སུ་འདི་རྣམས་དབང་རྫས་སུ་བྱས་ཏེ་སློབ་མར་གཏོད་ཚུལ་ཡོད་པས་འོག་ཏུ་འཆད་ལ། དེ་ནས་འདི་རྣམས་དངོས་སམ་ཙཀླིར་བྲིས་པ་དང་། བཀའ་བརྒྱད་ཀྱི་དཀྱིལ་འཁོར་དང་མ་འབྲེལ་ན་དཀྱིལ་འཁོར་གྱི་རྒྱབ་ཏུ་བཀའ་བརྒྱད་ཀྱི་གཏོར་མ་སྟེགས་མཐོ་བར་བཤམ༔ སྤྲོ་ན་སྒོས་མཆོད་དང་བསྡུ་ན་ཐུན་མོང་གིས་འཐུས་ཤིང་གཞན་ཡང་ཚོགས་ཀྱི་འཁོར་ལོ་སོགས་རྒྱ་ཆེར་བཤམས་པ་ནི་སྦྱོར་བའི་ཆོས་སོ། །གཉིས་པ་དངོས་གཞི་ལ་གཉིས་ཏེ། སྒྲུབ་མཆོད་དང་དབང་བསྐུར་བའོ། །དང་པོ་ནི། རྩ་བར། བཀའ་བརྒྱད་ཡོངས་རྫོགས་ལས་གཞུང་བསྲང༔ བསྟན་སྲུང་ཡོངས་རྫོགས་ཕྲིན་ལས་གཏང༔ ཞེས་གསུངས་པའི་དོན་བྱམས་པ་བཤེས་གཉེན་གྱི་ཟིན་བྲིས་ལ། རབ་བཀའ་བརྒྱད་སོགས་ལས་གཞུང་བསྲང་། ཡི་དམ་ཆོས་སྐྱོང་གི་བཟླས་པ་ཅི་རིགས་བྱ། རང་ཆེ་མཆོག་མ་ནིང་དུ་བསྒོམ་ཞེས་འབྱུང་བས། བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་གྱི་ཕྲིན་ལས་རྒྱས་པ་སྒོམ་ཁོག་སྦྱར་བ། འབྲིང་པོ་མ་སྦྱར་བ། བསྡུས་པ་སྔགས་ཀྱི་ཕྲིན་ལས་གསུམ་གང་རིགས་བདག་བསྐྱེད་ཀྱི་ཚུལ་དུ་གཞུང་བསྲང་དང་བཟླས་པ་ཅི་རིགས་བྱས་རྗེས་བདག་བསྐྱེད་ཀྱི་དཀྱིལ་འཁོར་བསྡུ་ལ། རང་གཙོ་བོ་ཡེ་ཤེས་ཀྱི་མགོན་པོའི་ང་རྒྱལ་གྱིས་མདུན་གྱི་མཆོད་པ་དང་གཏོར་མ་བསྐང་རྫས་སོགས་ལས་བྱང་དུས་བྱིན་རླབས་སྤྱི་ལྟར་བསྒྲུབས་ཀྱང་། སླར་ཡང་སྐོང་རྫས་བྱིན་རླབས་ལྟར་བྱ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་དང་དབང་གཏོར་དང་བུམ་ནང་དུ་མགོན་པོ་འཁོར་བཅས་བསྐྱེད་ཅིང་། ཨྱཻ༔ ཆོས་སྐུ་སྐྱེ་མེད་ནམ་མཁའ་ལྟ་བུ་ལ༔ ཞེས་སོགས་ནས། སྤྲུལ་འཁོར་དམ་ཅན་བསམ་གྱིས་མི་ཁྱབ་པ༔ ཡན་ཆོད་ཀྱིས་ལྷ་རྣམས་གསལ་བར་བསྐྱེད་ལ་ཚིལ་ཆེན་དང་གུ་གུལ་གྱི་དུད་པ་གཏང་ཞིང་དར་ནག་གི་གཡབ་དར་དང་རོལ་མོ་བཅས་པའམ་བསྡུ་ན་ཌཱ་དྲིལ་ཙམ་གྱིས། བསྟན་སྲུང་ཡོངས་རྫོགས་མཆོད་པའི་གནས་འདིར་གཤེགས༔ ཞེས་སོགས་ནས་སྤྱན་འདྲེན་གྱི་རིམ་པ་བྱ་ཞིང་ཡེ་ཤེས་ཀྱི་དཀྱིལ་འཁོར་ནམ་མཁའ་གང་བར་སྤྱན་དྲངས་ཏེ་བུམ་གཏོར་དཀྱིལ་འཁོར་རྣམས་ལ་སོ་སོར་བསྟིམ། བཞུགས་གསོལ་དང་ཕྱག་འཚལ་མཆོད་འབུལ་སོགས་དཀྱུས་ལྟར་བྱ། ཕྱི་མཆོད་སྦར་ཞིང་གཏོར་མར་སྨན་རག་བྲན། བུམ་པའི་གཟུངས་ཐག་བླངས་ཏེ་སྤྲོ་བསྡུའི་བཟླས་དམིགས་སྤྱི་ལྟར་དང་། དབང་གཏོར་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལ་ཡང་ལེགས་པར་གསལ་བཏབ་ཅིང་ཐུགས་རྒྱུད་བསྐུལ་བའི་དམིགས་པའི་སྤྲོ་བསྡུ་དང་བཅས་ཏེ་བཟླས་པ་སྟོང་ཕྲག་ཙམ་ནུས་ལྡན་དུ་བགྱིས་པའི་མཐར་བུམ་ལྷའི་ལྷ་མི་བཞུ་བར་གཟུངས་ཐག་བསྡུས་ལ། སྐོང་བཤགས་གཞུང་ལྟར་བཏང་བསྟོད་པ་སོགས་བྱའོ། །ལས་བུམ་དུ་རྣམ་འཇོམས་བཀའ་བརྒྱད་རང་ཤར་ལྟར་བསྐྱེད་བཟླས་བཞུ་བཏུལ་བྱ། སྤྲོ་ན་བཀའ་བརྒྱད་ལྟར་ཚོགས་ཐོག་མཐའ་བར་གསུམ་བཏང་ལ་ཚོགས་ཕུད་འབུལ་ལོ། །གཉིས་པ་དབང་བསྐུར་བ་ནི། རྩ་བར། སློབ་མ་ཁྲུས་བྱས་བགེགས་བསྐྲད་ཅིང༔ མཎྜལ་ཕུལ་ལ་གསོལ་བ་བཏབ༔ ཅེས་དང་། བྱམས་པ་བཤེས་གཉེན་གྱི་ཟིན་བྲིས་སུ། སློབ་མ་ཁྲུས་བྱས་ཞུ་བ་ལན་གསུམ་ཕུལ། བླ་མས་གནང་བ་སྦྱིན། སློབ་མ་ལ་སྐྱབས་སེམས་སྡོམ་པ་ཕོག །སྲུང་འཁོར་བསྒོམ་ཞེས་སོགས་གསུངས་པ་ལེགས་པར་བསྡེབས་ཏེ་བཤད་ན། བཀའ་བརྒྱད་དབང་གིས་སྨིན་པའི་སློབ་མ་ཧ་ཅང་མི་མང་བ། མཚོན་ཆ་དང་དར་ནག་གསེར་ལ་སོགས་པའི་ཡོན་དང་བཅས་པ་ལས་བུམ་གྱི་ཆུས་ཁྲུས་བྱ་ཞིང་། བགེགས་གཏོར་བཏང་བ་སོགས་བཀའ་བརྒྱད་རང་ཤར་ལྟར་བྱ། སྲུང་འཁོར་གསལ་བཏབ། མཎྜལ་གྱི་མེ་ཏོག་བཀྱེ་བསྡུ་དང་ཐུགས་བསྐྱེད་ཕོག་ཅིང་བཤད་པས་མཚམས་སྦྱར་ཏེ་བརྒྱུད་པའི་ལོ་རྒྱུས་དང་། མགོན་པོ་འདི་ཉིད་ཀྱི་ཆེ་བ་དང་ཆོས་སྐྱོང་བསྟེན་དགོས་པའི་རྒྱུ་མཚན་སོགས་ལེགས་པར་ཕྱེ་ལ་བཤད་པའི་མཐར། བླ་མ་དང་ཡེ་ཤེས་མགོན་པོ་ཐ་མི་དད་པ་ལ་དབང་གི་ཡོན་དུ་མཎྜལ་ཕུལ་ནས་གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཀྱེ་བླ་མ་ཧེ་རུ་ཀ༔ བསྟན་སྲུང་ཡོངས་རྫོགས་དཀྱིལ་འཁོར་དུ༔ བདག་ནི་ཡང་དག་པར་འཇུག་པས༔ དཔའ་བོ་བླ་མས་གཏང་དུ་གསོལ༔ དེ་ལྟར་ཞུ་བ་ལན་གསུམ་ཕུལ། །དེ་ནས་བླ་མས་འདི་སྐད་དོ། །གནང་བ་སྦྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ། ཧོ༔ ཆོས་སྐྱོང་བསྟན་སྲུང་ཡོངས་རྫོགས་ཀྱི༔ རབ་འཇིགས་དཀྱིལ་འཁོར་འདི་རུ་ནི༔ བུ་གཅིག་སློབ་མ་ཚུར་ཞུགས་ལེགས༔ སངས་རྒྱས་བསྟན་པ་གནས་ཀྱི་བར༔ དྲག་པོའི་ཕྲིན་ལས་སྒྲུབ་པར་མཛོད༔ རྩ་བར་འདིའི་རྗེས་སུ་ཡེ་ཤེས་དབབ་པའི་སྔགས་དང་དབང་དངོས་བཤད་ཀྱང་། བརྒྱུད་པའི་ཕྱག་བཞེས་སུ་སྔོན་ཆད་དཀྱིལ་འཁོར་མ་མཐོང་བའི་བརྡར། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མིག་དར་འཆིང་། ཨཱ་ཁཾ་བཱི་ར་ཧཱུྃ་གིས་ཅོད་པན་ནམ་མེ་ཏོག་གཏད། མདུན་གྱི་དཀྱིལ་འཁོར་མགོན་པོ་འཁོར་བཅས་སུ་གསལ་བའི་སྟེང་གི་ནམ་མཁའ་ལ་རྩ་བརྒྱུད་ཀྱི་བླ་མ་རིག་འཛིན་རྣམས་དང་ཡི་དམ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར། གཞན་ཡང་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་བསམ་གྱིས་མི་ཁྱབ་པའི་སྤྱན་སྔར་སྐྱབས་སེམས་སྡོམ་གཟུང་གི་སླད་དུ། ཐུགས་རྗེའི་དབང་གིས་འགྲོ་དོན་མཛད༔ བླ་མ་རྣམས་ལ་སྐྱབས་སུ་མཆི༔ རྩེ་གཅིག་བྱིན་གྱིས་རློབ་མཛད་པའི༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ ལེགས་ཉེས་སྟངས་འཛིན་དངོས་གྲུབ་སྟེར༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ ཅེས་སྐྱབས་འགྲོ་དང་། སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར༔ སྨོན་པ་བྱང་ཆུབ་སེམས་བསྐྱེད་དོ༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ཞེས་སེམས་བསྐྱེད་དང་། བླ་མ་ཡི་དམ་མཁའ་འགྲོ་དགོངས་སུ་གསོལ༔ བདག་གིས་འགྲོ་དྲུག་སེམས་ཅན་ཀུན་དོན་དུ༔ གསང་བ་སྔགས་ཀྱི་དམ་ཚིག་གཟུང་བར་བགྱི༔ རྡོ་རྗེའི་རིགས་དང་དེ་བཞིན་གཤེགས་པའི་རིགས༔ རིན་ཆེན་རིགས་དང་སྐྱོན་བྲལ་པདྨའི་རིགས༔ ལས་ཀྱི་རིགས་སོགས་དམ་ཚིག་མ་ལུས་དང༔ རྩ་བ་ཡན་ལག་དམ་ཚིག་བཟུང་བར་བགྱི༔ གསང་བ་སྔགས་ཀྱི་རྣལ་འབྱོར་བསྒྲུབ་པར་བགྱི༔ ཞེས་རིགས་ལྔའི་སྡོམ་གཟུང་རྣམས་སོ་སོར་ལན་གསུམ་རེས་རྒྱུད་དག་པར་བྱས་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ས་མ་ཡ་ཛཿཛ༔ ཞེས་བླ་མའི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ་དཀྱིལ་འཁོར་བསྐོར་ཞིང་ནང་དུ་ཁྲིད་པར་མོས། དམ་བཞག་ནི་རྡོ་རྗེ་སྤྱི་བོར་བཞག་སྟེ། ཧཱུྃ༔ དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི༔ ཧེ་རུ་ཀ་དཔལ་ང་ཡིན་པས༔ ང་ཡིས་བསྒོ་བ་བྱ་དགོས་སོ༔ ང་ལ་བརྙས་པར་མ་བྱེད་ཅིག༔ བྱས་ན་སེམས་ཅན་དམྱལ་བ་རུ༔ སྡུག་བསྔལ་དང་བཅས་སྐྱེ་བར་འགྱུར༔ ས་མ་ཡ་ཨི་དནྟེ་ན་ར་ཀན༔ བདུད་རྩིའི་ལས་བུམ་གྱི་ཆུ་བླུད་ལ། ཧཱུྃ༔ འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ དམ་ཚིག་འདས་ན་སྲེག་པར་བྱེད༔ དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ སརྦ་པཉྩ་ཨ་མྲྀཏ་ཨུ་ད་ཀ་ཋ་ཋ་ཋ༔ ཡེ་ཤེས་དབབ་པ་ནི། རྩ་བར་སྔགས་ཙམ་ལས་མ་བཤད་ཀྱང་། ཟིན་བྲིས་སུ་སློབ་མ་ལྷར་བསྐྱེད། ཡེ་ཤེས་དབབ། མགོན་པོ་དང་གཉིས་སུ་མེད་པར་བསམ། ཞེས་གསུངས་ཤིང་སྔ་འགྱུར་ལུགས་ལ། སློབ་མ་དཀྱིལ་འཁོར་ཡོངས་རྫོགས་སུ་བསྒོམ་པ་དང་། གཙོ་རྐྱང་དུ་བསྐྱེད་པ་དང་། ལུས་དཀྱིལ་གྱི་ཚུལ་དུ་བསྐྱེད་པ་སོགས་ལུགས་མང་བས་སློབ་མ། བསང་སྦྱང་། སྟོང་པའི་ངང་ལས་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཡོངས་རྫོགས་སུ་བསྐྱེད་པའམ། འབྲིང་དུ་འཁོར་ཐམས་ཅད་གཙོ་བོའི་ཡེ་ཤེས་ཀྱི་ཆོ་འཕྲུལ་ཁོ་ན་ཡིན་པས་གཙོ་བོ་ཡབ་ཡུམ་སྲས་གསུམ་མངོན་རྟོགས་དང་འཁོར་རྣམས་མོས་བསྐྱེད་ཙམ་མམ། བསྡུ་ན་གཙོ་རྐྱང་གི་དམིགས་པ་ཕོག །དེའི་ངང་ནས་བླ་མ་ལ་གུས་འདུད་བྱས་པའི་རྐྱེན་གྱིས་བླ་མ་དང་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ཡིག་ལས་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་ཐམས་ཅད་དཔལ་ལྡན་ཡེ་ཤེས་ཀྱི་མགོན་པོ་གཙོ་འཁོར་གྱི་རྣམ་པ་ནམ་མཁའ་གང་བ་སྤྲིན་ནག་གི་ཕུང་པོ་བཞིན་དུ་ཐིབ་ཀྱིས་བྱོན་ནས་སློབ་མའི་ལུས་ལ་ཆར་ཆེན་པོ་བབས་པ་བཞིན་དུ་སིབ་སིབ་ཐིམ་པར་མོས་ལ། གསུར་ཆེན་དང་གུ་གུལ་གྱི་སྤོས་བཏུལ། རོལ་ཆེན་ནམ་ཌཱ་དྲིལ་དང་བཅས་པས་ལས་བྱང་གི་སྤྱན་འདྲེན། ཧཱུྃ༔ འོག་མིན་གསང་ཆེན་མ་སོགས་ཀྱི་མཐར། དབང་ཆོག་རྩ་བ་ལྟར། ཨོཾ་མ་ཧཱ་ཀཱ་ལ་སརྦ་ཨཱ་བེ་ཤ་ཡ་ཨ་ཨ་ཨཱ༔ ཞེས་མང་དུ་བརྗོད། རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་ལ། ཏིཥྛ་བཛྲ་གྱིས་བརྟན་པར་བྱ། རྩ་བར། ཡེ་ཤེས་དབབ་ཅིང་གདོང་གཡོགས་བཀྲོལ༔ ཞེས་དང་བུམ་དབང་གི་ཚིག་རྐང་དང་པོར། རབ་འཇིགས་དཀྱིལ་འཁོར་འདི་ལ་ལྟོས༔ ཞེས་དང་། ཟིན་བྲིས་སུ་གདོང་གཡོགས་བཀྲོལ། ཞེས་པ་ཙམ་ལས་མ་བྱུང་ཡང་། མིག་དར་བསལ་ཏེ། ཧོ༔ སྔོན་གྱི་མིག་མཁན་རྒྱལ་པོ་ཡིས༔ ཐུར་མས་ལིང་ཏོག་བསལ་པ་ལྟར༔ མ་རིག་ལྡོངས་པའི་སེམས་ཅན་རྣམས༔ རྒྱལ་བའི་དགོངས་པས་བསལ་བར་བྱ༔ ཙཀྵུ་པྲ་བེ་ཤ་ཡ་ཧཱུྃ་ཕཊ༔ ཅེས་མིག་དར་བསལ་ཞིང་དཀྱིལ་འཁོར་ལ་བལྟས་པས། དུར་ཁྲོད་ཀྱི་ཕོ་བྲང་མེ་རི་འབར་བའི་ནང་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་ཞལ་ལམ་མེ་མངོན་སུམ་ལྟར་མཐོང་བར་མོས་པ་ལ། ཕྱག་རྟེན་དུ་མེ་ཏོག་ཐལ་སྦྱར་གྱི་བར་དུ་བཟུང་སྟེ་ཕུལ་བའི་མོས་པས། ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ རིན་ཆེན་བྱང་ཆུབ་སེམས་ཀྱི་མེ་ཏོག་འདི༔ སྐུ་གསུང་ཐུགས་ཀྱི་དབྱིངས་སུ་བདག་འབུལ་གྱིས༔ དངོས་གྲུབ་རྣམ་གཉིས་བདག་ལ་བསྩལ་དུ་གསོལ༔ བོ་དྷི་ཙིཏྟ་ཨ་པྲ་ཏི་པཱུ་ཛ་ཧོ༔ ཞེས་གཏོར་བས་གཙོ་བོ་ལ་ཕོག་ཅིང་། དེ་ཉིད་བླ་མས་བླངས་ཏེ་སྤྱི་བོར་བཅིངས་པར་མོས་ལ། ཨོཾ་མ་ཧཱ་ཀཱ་ལ་པྲ་ཏཱིཙྪ་སྭ་མི་མཻ་མ་ཧཱ་བཱ་ལ༔ ཞེས་ལྷ་དང་གཉིས་སུ་མེད་པར་མོས། དཀྱིལ་འཁོར་བསྟན་པ་ནི། ཧོ༔ བུ་ཁྱོད་རྩོལ་སེམས་མ་ཆུང་བར༔ རབ་འཇིགས་དཀྱིལ་འཁོར་འདི་ལ་ལྟོས༔ འདི་ལ་དད་པ་རབ་ཏུ་སྐྱེད༔ དངོས་གྲུབ་ཐམས་ཅད་འདིས་ཐོབ་འགྱུར༔ ཞེས་བརྗོད། འཇུག་པ་འདི་རྣམས་དགོས་ངེས་ཀྱང་གཞུང་དུ་མི་གསལ་བ་ནུབ་དགོན་གྱི་རྒྱུན་ལ་ཐུགས་སྒྲུབ་ཀྱི་དབང་ཆོག་ལྟར་མཛད་སྲོལ་འདུག་པས་འདིར་རིགས་མཐུན་ཕྱིར་བཀའ་བརྒྱད་རང་ཤར་ནས་བླངས་སོ། །ལྷ་ངོ་བསྟན་པ་ནི། དེ་ཡང་སྲུང་འཁོར་གྱི་དབུས་སུ་དྲག་པོའི་ཕོ་བྲང་གྲུ་བཞི་སྒོ་བཞི་རྟ་བབས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་དུར་ཁྲོད་ཀྱི་རྫས་ལས་གྲུབ་པ་འཇིགས་ཤིང་རྔམ་པ་ཡངས་ཤིང་རྒྱ་ཆེ་བའི་ནང་འཁོར་ལོ་རྩིབས་བརྒྱད་ཀྱི་ལྟེ་བར། ཐོད་སྐམ་གྱི་རྭ་བས་བཅད་པའི་ནང་དུ་ཆོས་འབྱུང་གྲུ་གསུམ་མཐིང་ནག་གི་ནང་དང་ཟླ་གམ་གསུམ་རྩིབས་མཆན་དང་བཅས་པ་ཁྲག་གི་རྒྱ་མཚོ་རྦ་ཀློང་འཁྲུགས་པའི་དབུས་སུ་པད་ཉི་རུ་དྲའི་གདན་ལ། བཅོམ་ལྡན་འདས་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀའི་རང་བཞིན། གསང་བའི་མ་ནིང་དྲག་པོར་ཁྲོས་པ་དཔལ་ལྡན་ཡེ་ཤེས་ཀྱི་མགོན་པོ་བསྟན་སྲུང་ཡོངས་རྫོགས་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔སོགས་ནས། ཆེ་བའི་ཡོན་ཏན་ཐམས་ཅད་སྐུ་ལ་རྫོགས༔བར་མངོན་རྟོགས་ལྟར་དང་། ཤར་ལྷོའི་ཟླ་གམ་ལ་སྲས་མཆོག་ལྷ་ཆེན་དཔལ་འབར། བྱང་ཤར་གྱི་ཟླ་གམ་ལ་ཡེ་ཤེས་དབྱིངས་ཀྱི་མ་མོ་ཡུམ་ཆེན་ལྷ་མོ། དེའི་ཕྱི་རོལ་གྱི་འཁོར་ལོའི་ཤར་རྩིབས་ལ་སྐུ་སྤྲུལ་སྟག་ཞོན། ལྷོ་རྩིབས་ལ་ཡོན་ཏན་སྤྲུལ་པ་སེང་ཞོན། ནུབ་རྩིབས་ལ་གསུང་སྤྲུལ་བིང་ཆེན། བྱང་རྩིབས་ལ་ཕྲིན་ལས་མགོན་པོ་ཏྲཀྴད། གཙོ་བོའི་མདུན་དུ་ཐུགས་སྤྲུལ་གྲི་གུག་སྟེ་མགོན་པོ་སྡེ་ལྔ། ཆོས་འབྱུང་ནུབ་ཕྱོགས་ཀྱི་ཟླ་གམ་ལ་འདོད་ཁམས་དབང་ཕྱུག་རེ་མ་ཏི་ཞལ་གཅིག་ཕྱག་བཞི་ལ་སོགས། ཤར་ལྷོའི་རྩིབས་ལ་ལྷ་མོ་རེ་ཏི། ལྷོ་ནུབ་ཀྱི་རྩིབས་ལ་གཤིན་རྗེ་རེ་ཏི། ནུབ་བྱང་གི་རྩིབས་ལ་རཀྴ་རེ་ཏི། བྱང་ཤར་གྱི་རྩིབས་ལ་གནོད་སྦྱིན་རེ་ཏི་སྟེ་ལྷ་མོ་སྡེ་ལྔ། གྲུ་ཆད་ཀྱི་ཤར་ལྷོར་ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་དང་། བྱང་ཤར་དུ་སེང་གེའི་གདོང་ཅན་ཏེ་ལས་ཀྱི་མགོན་པོ་གཉིས། ལྷོ་ནུབ་ཀྱི་གྲུ་ཆད་ལ་གཤིན་རྗེ་ཆོས་རྒྱལ། ནུབ་བྱང་གི་གྲུ་ཆད་ལ་གནོད་སྦྱིན་སོ་ཀ་རཱ་ཙ། ཤར་གྱི་ཁྱམས་ལ་མདུན་དུ་སྐུ་སྤྲུལ། གཡས་སུ་གསུང་སྤྲུལ། གཡོན་དུ་ཐུགས་སྤྲུལ་ཏེ་སྤྲུལ་པའི་མོན་པ་མཆེད་གསུམ། ཤར་ལྷོར་ཤན་པ་དམར་ནག་དང་བྱང་ཤར་དུ་སྲིན་མོ་དམར་ནག་སྟེ་སྒྲོལ་གིང་དུས་མཚན་ཡབ་ཡུམ། སྒོ་ཁྱམས་ལ་གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་དང་དྲེགས་པའི་སྡེ་དཔོན་སུམ་ཅུ། སྒོ་བཞིར་རྒྱལ་པོ་ཆེན་པོ་སྡེ་བཞི། ཕྱི་རོལ་དུར་ཁྲོད་ཀྱི་འཁོར་ཡུག་ལ་བརྟན་མ་བཅུ་གཉིས་སོགས་སྤྲུལ་འཁོར་དམ་ཅན་རྒྱ་མཚོའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་། གཞན་ཡང་གནམ་ལྷའི་ངོ་བོ་བྱ་ཁྱུང་སྔོན་པོ་འབུམ་གླད་ནས་ལྡིང་བ། གནོད་སྦྱིན་གྱི་སྤྲུལ་པ་ལྕགས་ཀྱི་བྱ་ཁྲ་འབུམ་གཡས་ནས་རྒྱུག་པ། བདུད་སྤྲུལ་བྱ་རོག་ཤ་ཟ་འབུམ་གཡོན་ནས་གཤོག་བསྐོར་བྱེད་ཅིང་རྒྱུག་པ། གཤིན་རྗེའི་སྤྲུལ་པ་སྟག་སེང་འབུམ་ནམ་མཁའ་ལ་འཕྱོ་བ། ཕྲ་མེན་གྱི་སྤྲུལ་པ་ཝ་སྤྲེ་འབུམ་དང་ལས་བྱེད་མོན་ནག་འབུམ་མདུན་ནས་རྒྱུག་པ། དྲེད་མོ་མི་ཟན་འབུམ་མི་ལྤགས་ཀྱི་གཡབ་མོ་འདོར་བ། ཤ་ཟ་སྲིན་མོ་འབུམ་མི་རོ་འདྲུད་པ། བདུད་རྟ་ནག་པོ་ཤངས་དམར་འབུམ་ནི་གནམ་དུ་འཚེར་ཞིང་འཕྱོ་བ། གཤིན་རྗེའི་སྤྲུལ་པ་གཡག་རོག་མིག་དམར་འབུམ་ནི་ཟུར་ནས་འགྱིང་བ། གནོད་སྦྱིན་གྱི་སྤྲུལ་པ་ལྕགས་སྤྱང་འུར་བ་འབུམ་ནི་ཕྱི་ནས་འབྲང་བ། བཙན་གྱི་སྤྲུལ་པ་བསེ་ཡི་འཕར་བ་འབུམ་ནི་ཁུས་འདེབས་པ། བསེན་མོ་དོམ་ནག་དང་ཁྱི་ནག་འབུམ་སྡེ་རྒྱབ་ནས་འབྲང་བ། སྲོག་གཅོད་ཀྱི་ཤན་པ་འབུམ་ཟངས་གྲི་བརྡར་བ། ལིངས་པ་འབུམ་སྡེས་མདའ་འཕེན་པ། མ་གཤིན་འབུམ་སྡེས་རྔམས་སྒྲ་སྒྲོག་པ། རྒྱལ་པོ་དང་འགོང་པོའི་སྤྲུལ་པ་འུག་པ་དང་སྲིན་བྱ་འབུམ་སྡེ་རྐན་སྒྲ་ཏོག་པ། པུ་ཏྲ་ནག་པོ་འབུམ་སྡེ་གར་བྱེད་པ། གཞན་ཡང་ལས་མཁན་བྱེ་བ་ས་ཡ་འབུམ་སྡེ་སྤྲུལ་པ་ཡང་སྤྲུལ་གྲངས་མེད་པ་ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་ལྟ་བུར་མཐོང་སྙམ་པར་མོས་མཛོད། ཅེས་བརྡ་སྤྲོད་ཅིང་རབ་ཏུ་གཙོ་འཁོར་མགོན་པོ་བདུན་ཅུ་རྩ་ལྔ་དྲེགས་པ་སུམ་ཅུ་རྒྱལ་ཆེན་བརྟན་མའི་བར་མངོན་རྟོགས་ལྟར་ངོ་སྤྲོད་ཅིང་། དེ་ལྟར་མ་ནུས་ན་ཡབ་ཡུམ་སྲས་གསུམ་མགོན་པོ་སྡེ་ལྔ་ལྷ་མོ་སྡེ་ལྔ། བྱ་སེང་། གཤིན་རྗེ། གནོད་སྦྱིན། སྤྲུལ་པ་གསུམ་སྒྲོལ་གིང་ཡབ་ཡུམ་རྣམས་ཞལ་ཕྱག་རྒྱན་ཆས་ཕྱག་མཚན་ཞོན་པ་སོགས་ནོར་འཁྲུལ་མེད་པར་མཛུབ་ཚུགས་ཀྱིས་ངོ་སྤྲོད་གལ་ཆེ་བས་རྒྱས་པར་བསྐུལ་ཆེན་མོ་དང། ཁྱེར་བདེ་གསང་བསྐུལ་ལྟར་བྱ་བ་གཅེས་སོ། །དེང་སང་ཆོས་སྐྱོང་འདི་བསྟེན་པར་ཁས་འཆེ་བ་རྣམས་ལ་ཡབ་ཡུམ་སྲས་གསུམ་ཕྲིན་ལས་སུ་གསལ་བས་དེ་ཙམ་ལས་གཞན་རྣམས་ཀྱི་མངོན་རྟོགས་མི་ཤེས་པ་གད་མོའི་གནས་སོ། །དེ་ལྟར་འཇུག་པ་རྣམས་སྔོན་དུ་སོང་ནས་དངོས་གཞི་དབང་བསྐུར་བར། རྩ་བར། དཔལ་ཆེན་ཐུགས་ལས་བུམ་ནང་དུ༔ མགོན་པོ་འཁོར་བཅས་འོད་དུ་འཁྱིལ༔ སློབ་མའི་མགོར་བཞག་གཉིས་མེད་བསྒོམ༔ ཞེས་དང་། ཟིན་བྲིས་སུ། མགོན་པོ་འཁོར་བཅས་བུམ་ནང་དུ་བསྐྱེད་པའི་དབང་བསྐུར་བ་སྤྱི་བོའི་ཕྱོགས་བཞི་དབུས་ལྔར། ཞེས་གསུངས་པས། སློབ་དཔོན་གྱིས་དཀྱིལ་འཁོར་དབུས་ནས་བུམ་པ་བླངས་ཏེ་ཁ་རྒྱན་བཙུགས། ཐོད་པ་དང་མེ་ལོང་མཉྫིའི་ཁར་བཀོད། རྡོར་དྲིལ་དང་བཅས་ཏེ་བུམ་པ་ཐོགས་ལ། བུམ་པ་འདིའི་ནང་ན་དཔལ་ལྡན་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་ལེགས་པར་བསྐྱེད་བསྟིམ་མཆོད་བསྟོད་སྒོམ་བཟླས་ཀྱིས་ཐུགས་རྒྱུད་བསྐུལ་ཟིན་པ་མངོན་སུམ་ལྟར་ཡེ་ཤེས་ཀྱི་མེ་འོད་འབར་བའི་དབུས་ན་བཞུགས་ཤིང་། འཇིགས་པའི་ཧཱུྃ་སྒྲ་སྟོང་གསུམ་གང་བ་སྒྲོག་བཞིན་པ་འདིས་ཁྱེད་རང་རྣམས་ཀྱི་མགོ་བོའི་གནས་ལྔར་དབང་བསྐུར་བས་གཙོ་འཁོར་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་སྤྱི་བོ་ནས་ཞུགས། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །ཆུ་ཞབས་གྱེན་དུ་འཁྱིལ་བ་ལས་མགོན་པོ་རིགས་ལྔས་དབུར་བརྒྱན་པར་སྒོམས་ཤིག །ཧཱུྃ༔ རབ་འཇིགས་དཀྱིལ་འཁོར་འདི་ལ་ལྟོས༔ བསྟན་སྲུང་ཡོངས་རྫོགས་འཁོར་དང་བཅས༔ འཇིགས་པའི་ཧཱུྃ་སྒྲ་སྟོང་གསུམ་སྒྲོག༔ བསྟན་སྲུང་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་བུདྡྷ་མ་ཧཱ་ཀཱ་ལ༔ བཛྲ་མ་ཧཱ་ཀཱ་ལ༔ རཏྣ་མ་ཧཱ་ཀཱ་ལ༔ པདྨ་མ་ཧཱ་ཀཱ་ལ༔ ཀརྨ་མ་ཧཱ་ཀཱ་ལ༔ ཨ་བྷི་ཥིཉྩ་ཧཱུྃ་ཨཱ༔ ཞེས་མགོ་བོའི་གནས་ལྔར་བུམ་པ་བཞག་ཅིང་བུམ་ཆུ་བླུད་ལ་བུམ་དབང་སྤྱིའི་ངོ་སྤྲད། རྩ་བར། དེ་ནས་ཐོད་པ་ལག་ཏུ་གཏད༔ ཞེས་དང་། ཟིན་བྲིས་སུ། དེ་ནས་ཐོད་པའི་དབང་ལག་ཏུ་གཏད། ཅེས་གསུངས་པས་གསང་རྫས་ཐོགས་ལ། བྷནྡྷ་བདུད་རྩིས་གང་བ་འདི་ཉིད་མགོན་པོ་ཡབ་ཡུམ་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་སེམས་དཀར་དམར་གྱི་རང་བཞིན་ཤ་ལྔ་བདུད་རྩི་ལྔ་ཁྲག་འཐུང་རིགས་ལྔའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་ལག་ཏུ་གཏད་ཅིང་ལྕེ་ཐོག་ཏུ་མྱངས་པས་གསང་དབང་ཐོབ་པར་མོས་མཛོད། ཐོད་པའི་བདུད་རྩི་ལག་ཏུ་གཏད་ཅིང་། ཧཱུྃ༔ བྷནྡྷ་ལྕང་ལོ་འཁྱིལ་བའི་སྣོད་མཆོག་ཏུ༔ བྱང་སེམས་དཀར་དམར་ཧེ་རུ་ཀ་ཡི་བཅུད༔ བདུད་རྩི་ལྔ་ནི་རིགས་ལྔ་ཁྲག་འཐུང་རྫས༔ བརྟེན་པས་དངོས་གྲུབ་མྱུར་ཐོབ་དབང་བསྐུར་རོ༔ ཨོཾ་མ་ཧཱ་ཀཱ་ལ་སརྦ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨཱ༔ བདུད་རྩི་བླུད་ཅིང་གསང་དབང་གི་རྟོགས་པ་བརྗོད། རྩ་བར། དེ་ནས་མེ་ལོང་སིནྡྷུ་ར་གཏད་ལ༔ ཞེས་དང་། ཟིན་བྲིས་སུ། དེ་ནས་མེ་ལོང་སིནྡྷུ་རས་མཚན་པས་ཤེར་དབང་བསྐུར་བ། ཞེས་གསུངས་པས་དབང་གསུམ་པའི་དོན་དུ་མེ་ལོང་ཐོགས་ཏེ། མེ་ལོང་སིནྡྷུ་རའི་ཡི་གེས་མཚན་པ་འདི་གཏད་པས་སྣང་གྲགས་ཐམས་ཅད་བདེ་སྟོང་ཟུང་དུ་འཇུག་པ་མེ་ལོང་གི་གཟུགས་བརྙན་ལྟ་བུར་གསལ་བ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་མོས་མཛོད། མེ་ལོང་སྙིང་གར་གཏུག་ཅིང་། ཧཱུྃ༔ དྲི་མེད་ཤེལ་ལྟར་དག་པ་རང་གི་སེམས༔ སྣང་གྲགས་མེ་ལོང་གཟུགས་བརྙན་ལྟ་བུ་སྟེ༔ བསྟན་སྲུང་ཡོངས་རྫོགས་ཡབ་ཡུམ་སྦྱོར་ཞིང་རོལ༔ གསུམ་པ་ཤེས་རབ་ཡེ་ཤེས་དབང་བསྐུར་རོ༔ ཨོཾ་མ་ཧཱ་ཀཱ་ལ་སརྦ་པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ སློབ་མ་མགོན་པོ་ཡབ་ཡུམ་དུ་གསལ་བ་ཡུམ་ཡེ་ཤེས་དབྱིངས་ཀྱི་མ་མོ་དང་སྙོམས་པར་ཞུགས་པས་དགའ་བཞི་ལུགས་འབྱུང་དང་ལུགས་ལྡོག་གི་ཚུལ་དུ་རྟོགས་པ་བསྐྱེད་པར་བསྒོམ་དུ་བཅུག་ལ་དབང་གསུམ་པའི་རྟོགས་པ་བསྐྱེད་ཅིང་ངོ་སྤྲོད། རྩ་བར། དེ་ནས་སློབ་མ་ལུས་གནད་བཅའ༔ ཞེས་དང་། ཟིན་བྲིས་སུ། དེ་ནས་ལུས་ལྷ་ངག་སྔགས་སེམས་ཆོས་ཉིད་དུ་ངོ་སྤྲད་པ་དབང་བཞི་པ། ཞེས་གསུངས་པ་དབང་བཞི་པའི་དོན་དུ་སློབ་མ་རྣམ་སྣང་ཆོས་བདུན་གྱི་ལུས་གནད་བྱེད་བཅུག་སྟེ་ཚིག་དབང་གི་ངོ་སྤྲད་པ་ནི། ཧོ༔ ལུས་ནི་གསལ་སྟོང་མགོན་པོའི་སྐུ༔ ངག་ནི་གྲགས་སྟོང་མགོན་པོའི་གསུང༔ སེམས་ཉིད་རིག་སྟོང་མགོན་པོའི་ཐུགས༔ དེ་ལ་གནས་པ་སྒོམ་པའི་མཆོག༔ དེ་ཡི་ངང་ནས་ཕྲིན་ལས་མཆོག༔ དེ་ནི་མགོན་པོའི་སྤྱོད་པ་འོ༔ བསྒྲལ་ཚད་སངས་རྒྱས་ཐོབ་པ་སྟེ༔ བསྟན་བསྲུང་ཡོངས་རྫོགས་འབྲས་བུ་འོ༔ དབང་བཞི་ཡོངས་སུ་རྫོགས་པ་འོ༔ ཞེས་གསུངས་པའི་དོན། ཁྱེད་རང་རྣམས་ཀྱི་ལུས་གསལ་སྟོང་མགོན་པོའི་སྐུའི་རང་བཞིན། ངག་གྲགས་སྟོང་མགོན་པོའི་གསུང་དང་། སེམས་ཉིད་རིག་སྟོང་མགོན་པོའི་ཐུགས་དང་དབྱེར་མེད་པའི་རང་བཞིན་གྱི་ལྟ་བ་ལ་གནས་པ་སྒོམ་པ་དང་། དེའི་ངང་ལས་ཕྲིན་ལས་རྣམ་པ་བཞིའི་བྱ་བ་སྒྲུབ་པ་མགོན་པོའི་སྤྱོད་པ་དང་། དྲག་པོའི་ཕྲིན་ལས་ཀྱིས་གདུལ་བྱ་ཞི་བས་མི་ཐུལ་བ་རྣམས་བསྒྲལ་ཞིང་ཚར་བཅད་པས་སངས་རྒྱས་ཀྱི་སར་འགོད་པ་ནི་བསྟན་སྲུང་ཡོངས་རྫོགས་ཀྱི་འབྲས་བུ་སྟེ་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པར་མོས་མཛོད། དབང་བཞི་པའི་རྟོགས་པ་བསྐྱེད་པ་སོགས་སྤྱི་ལྟར་རོ། །རྩ་བར། དེ་ནས་སྤོས་བསྲེག་རོལ་མོ་བསྒྲག༔ གཟི་བརྗིད་སྟོབས་ཀྱི་དབང་བསྐུར་བ༔ ཞེས་གསུངས་པ་འདི་ལ་ནུབ་དགོན་བརྒྱུད་པའི་ལུགས་སུ་དབང་གཏོར་ལྷར་གསལ་བཏབ་པ་ལ་བསྐྱེད་བསྟིམ་མཆོད་བསྟོད་དང་དམ་བཞག་སོགས་བགྱིས་ཏེ་སྐུར་ཚིག་སྤྱི་བོར་འཇོག་པའི་ལུགས་དང་། བྱམས་པ་བཤེས་གཉེན་ཟིན་བྲིས་སུ། དེ་ནས་སྒྲུབ་གཏོར་སྤྱི་བོར་བཞག་པ་ལ། སྐུར་ཚིག་བརྗོད་པ་གཙོ་བོ་ཡབ་ཡུམ་དང་། ཡང་གཏོར་མ་དཔྲལ་བར་བཞག་ལ་སྟག་ཞོན། མགྲིན་པར་བཞག་ལ་བིང་། སྙིང་གར་བཞག་ལ་གྲི་གུག །ལྟེ་བར་བཞག་ལ་སེང་ཞོན། གསང་གནས་སུ་བཞག་ལ་ཏྲཀྴད། ལག་ཏུ་གཏད་ལ་ལྷ་མོ་ལྔ་གཙང་རིས་སྒྲོལ་གིང་ཡབ་ཡུམ་སོགས་རིགས་ཀྱི་བུའི་གྲོགས་མཛོད་ཀྱི་བར། དེ་ནས་གཏོར་མ་སྤྱི་བོར་བཞག་ལ་དམ་བསྒྲགས། སྤྲོ་ན་སྟག་ཞོན་ལ་གྲི་སྙིང་ཐོད་རློན་སྦྲུལ་ཆུན། བིང་ཆེན་ལ་བིང་། གྲི་གུག་ལ་གྲི་གུག་དར་ནག །སེང་ཞོན་ལ་མདའ་མདུང་། ཏྲཀྴད་ལ་རལ་གྲི་ཐུན་རྫས་རྔ་ཆེན་དུང་སོགས་གཏད་ལ་བཀའ་བསྒོ་བའམ། ཙཀླི་མགོན་པོ་ལྡེ་ལྔ་ལ་གནང་ཡང་འགལ་བ་མེད་གསུངས། གཞན་མ་གཏོར་མ་ལ་བརྟེན་གསུངས། སྔགས་འཆང་རྡོ་རྗེའི་མཚན་ཅན་ཕྱག་ལེན་བདག་རིག་པ་འཛིན་པ་བྱམས་པ་བཤེས་གཉེན་གྱིས་ལ་སྟོད་ཤྲཱི་བྱང་རྫོང་དུ་བྲིས་པའོ། །ཞེས་འབྱུང་བས་གཉིས་ཀ་མི་འགལ་བར་གུང་བསྒྲིགས་ཏེ་འཆད་ན། དབང་གཏོར་བཟུང་སྟེ་སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ། གཏོར་སྣོད་གཞལ་ཡས་ཁང་གི་ནང་དུ་གཏོར་མ་དཔལ་ཡེ་ཤེས་མགོན་པོ་ཡབ་ཡུམ་སྲས་གསུམ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ལྷ་མགོན་སྡེ་ལྔ། ལས་མགོན་བྱ་སེང་གཉིས། གཤིན་རྗེ་ཆོས་རྒྱལ་དང་སོ་ཀ་རཱ་ཙ། སྤྲུལ་པའི་མོན་ནག་མཆེད་གསུམ། སྒྲོལ་གིང་ཤན་པ་དམར་ནག །དཔལ་མགོན་བདུན་ཅུ་རྩ་ལྔ། དྲེགས་པའི་སྡེ་དཔོན་སུམ་ཅུ་སྤྲུལ་འཁོར་དམ་ཅན་བྱེ་བ་ས་ཡའི་ཚོགས་དང་བཅས་པ་གསལ་བར་གྱུར་པ་ལ། སླར་ཡང་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་རྣམས་སྤྲིན་ནག་གཏིབས་པའམ་བྱ་ནག་གི་ཁྱུ་ཆེན་པོ་ནམ་མཁའ་ལས་བབས་པ་བཞིན་བྱོན་ཏེ་གཏོར་མ་ལྷར་གསལ་བ་ལ་སིབ་ཀྱིས་ཐིམ་པར་གྱུར། ཧཱུྃ༔ དྲི་མེད་ཡིད་འོང་མའི་མཆོད་ཕྲེང་ཚར་གཅིག་བརྗོད་ལ་སྨན་རཀ་བྲན། དེ་ལྟ་བུའི་སྟེང་གི་ཆ་ལ་སྒྲུབ་ཆེན་བཀའ་བརྒྱད་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ལྷ་ཚོགས་བསམ་གྱིས་མི་ཁྱབ་པ་དང་། རིག་འཛིན་བླ་མ་བརྒྱུད་པའི་ཚོགས་ཐམས་ཅད་ཀྱི་ཕྱག་ན་དམ་ཚིག་རྡོ་རྗེ་རྩེ་ལྔ་པ་རེ་བསྣམས་ཏེ་བཀའ་བསྒོས་པས་ཆོས་སྐྱོང་འཁོར་བཅས་ཀྱིས་ཇི་ལྟར་བསྒོས་པའི་ཕྲིན་ལས་ཐམས་ཅད་བསྒྲུབ་པར་ཞལ་གྱིས་བཞེས་ཤིང་། སྒྲུབ་པ་པོ་དང་སྲོག་རྒྱུད་གཅིག་ཏུ་འབྲེལ་བར་བྱིན་གྱིས་བརླབས་བྱུང་སྙམ་པར་མོས་མཛོད། མཚན་མོ་ཡིན་ན་གཏོར་མ་ལ་དཔལ་འབར་བཙུགས་ཏེ་རྡོ་རྗེ་དང་བཅས་པས་སློབ་མའི་སྤྱི་བོར་བཀོད་ལ་གཡོན་པས་དྲིལ་བུ་གསིལ། གུ་གུལ་དང་ཚིལ་ཆེན་བསྲེག །སྤྲོ་ན་རོལ་མོ་བྱ་ཞིང་། ཧཱུྃ༔ འོག་མིན་གནས་མཆོག་དམ་པ་ནས༔ ཞི་ཁྲོ་ཡོངས་རྫོགས་སྐུར་བཞེངས་ལ༔ གསང་བའི་དཀྱིལ་འཁོར་ཆེན་པོ་འདིར༔ སྤྱན་འདྲེན་བཞུགས་གསོལ་མཆོད་པ་འབུལ༔ བདག་དང་མོས་པའི་བུ་འདི་ལ༔ དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ བགེགས་དང་ལོག་འདྲེན་བར་ཆོད་སོལ༔ ཕྱི་ནང་གསང་བའི་དབང་རྣམས་སྐུར༔ དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ཡིས༔ རིགས་ཀྱི་བུ་ལ་དབང་སྐུར་ཅིག༔ ཡེ་ཤེས་དབྱིངས་ཀྱི་ལྷ་མོ་ཡིས༔ རིགས་ཀྱི་བུ་ལ་དབང༴ གཏོར་མ་དཔྲལ་བར་བཞག་ལ་གྲི་སྙིང་ཐོད་རློན་སྦྲུལ་ཆུན་རྣམས་ལག་ཏུ་གཏད་ལ། སྐུ་སྤྲུལ་སྟག་ཞོན་འཁོར་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང༴ གཏོར་མ་མགྲིན་པ་དང་བིང་ལག་ཏུ་གཏད་ལ། གསུང་སྤྲུལ་བིང་ཆེན་འཁོར་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང༴ གཏོར་མ་སྙིང་ག་དང་གྲི་གུག་དར་ནག་གཎྜི་རྣམས་ལག་ཏུ་གཏད་ལ། ཐུགས་སྤྲུལ་གྲི་གུག་འཁོར་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང༴ གཏོར་མ་ལྟེ་བ་དང་མདའ་མདུང་ལག་ཏུ་གཏད་ལ། ཡོན་ཏན་སེང་ཞོན་འཁོར་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང༴ གཏོར་མ་གསང་གནས་དང་རལ་གྲི་ཐུན་རྫས་རྡོར་དྲིལ་རྔ་དུང་ཆ་ལང་སོགས་ལག་ཏུ་གཏད་ལ། ཕྲིན་ལས་ཏྲཀྴད་འཁོར་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང༴ དེ་ནས་གཏོར་མ་ལག་ཏུ་གཏད་ལ། ལྷ་མོ་སྡེ་ལྔ་འཁོར་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང༴ བྱ་རོག་གདོང་དང་སེང་གེའི་གདོང༔ གཤིན་རྗེ་ཆོས་རྒྱལ་འཁོར་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང༴ གནོད་སྦྱིན་སོ་ཀ་རཱ་ཛ་དང༔ སྤྲུལ་པའི་མོན་ནག་མཆེད་གསུམ་དང༔ ལས་མགོན་དུས་མཚན་ཡབ་ཡུམ་དང༔ སྒྲོལ་གིང་ཤན་པ་དམར་ནག་གིས༔ རིགས་ཀྱི་བུ་འདིའི་གྲོགས་མཛོད་ཅིག༔ དཔལ་མགོན་བདུན་ཅུ་རྩ་ལྔ་དང༔ དྲེགས་པའི་སྡེ་དཔོན་སུམ་ཅུ་ཡིས༔ རིགས་ཀྱི་བུ་འདིའི་གྲོགས༴ སྤྲུལ་འཁོར་བྱེ་བ་ས་ཡའི་ཚོགས༔ བསྟན་སྲུང་དམ་ཅན་རྒྱ་མཚོ་ཡིས༔ རིགས་ཀྱི་བུ་འདིའི་གྲོགས༴ སླར་ཡང་གཏོར་མ་སྤྱི་བོར་བཞག་ལ། བརྒྱུད་འཛིན་རིགས་ཀྱི་བུ་འདི་ལ༔ འགྲོ་བ་འདུལ་བའི་དབང་སྐུར་ཅིག༔ ཁམས་གསུམ་དབང་དུ་འདུས་པའི་དབང་སྐུར་ཅིག༔ སྲིད་གསུམ་ཟིལ་གྱིས་གནོན་པའི་དབང༴ ནད་གདོན་སྡིག་སྒྲིབ་ཞི་བའི་དབང༴ རིགས་དང་ལོངས་སྤྱོད་རྒྱས་པའི་དབང༴ ཚེ་དང་བསོད་ནམས་འཕེལ་བའི་དབང༴ དགྲ་བགེགས་གདུག་པ་འདུལ་བའི་དབང༴ དྲེགས་པ་ལས་ལ་ཁོལ་བའི་དབང༴ ལྷ་སྲིན་བྲན་དུ་ཁོལ་བའི་དབང༴ རྫུ་འཕྲུལ་ནུས་མཐུ་ལྡན་པའི་དབང་སྐུར་ཅིག༔ ཅེས་དང་གཞན་ཡང་སྤྱི་ལྟར་བཀའ་བསྒོ་རྒྱས་པར་བྱ་ཞིང་། མཐར་གཏོར་མའི་ལྷ་ཚོགས་རྣམས་སློབ་མ་ལ་གཉིས་སུ་མེད་པར་ཐིམ་པར་མོས་གཏོར་ཟན་གྱི་དངོས་གྲུབ་སྦྱིན་པ་ནི་དམ་ཚིག་བསྲེ་བའོ། །དེ་ནས་མེ་ཏོག་འཐོར་ཞིང་། ཧོཿ རིགས་ཀྱི་བུ་ཁྱོད་ཀྱིས་ཆོས་སྐྱོང་བསྟན་སྲུང་ཡོངས་རྫོགས་ཀྱི་དབང་དང་དངོས་གྲུབ་ཐོབ་པར་གྱུར་ཅིག །འཁོར་དང་ལོངས་སྤྱོད་རྣམས་འཕེལ་ཞིང་བཀྲ་ཤིས་བྱིན་ཆེ་བར་གྱུར་ཅིག །བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །གཞན་ཡང་ཤིས་བརྗོད་ཅི་རིགས་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། རྩ་བར། དབང་རྫོགས་གཏང་རག་ཚོགས་འཁོར་བྱ༔ དབང་ཡོན་ཕུལ་ཞིང་དམ་བཅའ་བསྲུང༔ སྲུང་མ་ཇོ་བོ་གྲོགས་བྲན་བཞིན༔ འདི་ནི་མི་སྤེལ་གཅིག་བརྒྱུད་ཡིན༔ ཆོས་སྐྱོང་བསྟན་སྲུང་ཡོངས་རྫོགས་ཀྱི་དབང་ཆོག་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་པས། དེ་ལྟར་དབང་ཐོབ་པའི་དམ་ཚིག་ཏུ་མགོན་པོ་འཁོར་བཅས་བསྟེན་གསོལ་མཆོད་སྒྲུབ་དང་། འཕྲལ་རྒྱུན་དུས་ཀྱི་གཏོར་མ་སོགས་མི་བཅག་པ་དང༔ བྱ་རོག་ལ་རྡོ་མི་རྡེག་པ་སོགས་སྤྱི་སྒོས་ཀྱི་དམ་ཚིག་རྣམས་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ལན་གསུམ། གཏང་རག་མཎྜལ། དེང་ནས་བརྩམ་སྟེ་སོགས་ལན་གསུམ་གྱིས་བྲན་དུ་ཁས་བླངས། བསོད་ནམས་འདི་ཡིས་སོགས་ཀྱིས་ཆོས་བསྔོ་བྱས་ལ་སློབ་མ་རྣམས་གྱེས། ཚོགས་འཁོར་དང་འབྲེལ་ན་བཀའ་བརྒྱད་ལྟར་ལྷག་མ་གཏང་། དཀྱུས་ལ་ཆད་ཐོས་བསྐང་གཏོར་ཕུལ། བཤལ་ཆུས་བརྟན་མ་བསྐྱང་། མཆོད་པ་ཁ་གསོས་ལ་བྱིན་གྱིས་བརླབས་ཏེ། ཧཱུྃ༔ དྲི་མེད་ཡིད་འོང་མའི་མཆོད་པ་དང་། ཨེ་མ་ཧོཿངོ་མཚར་རྨད་བྱུང་མ་སོགས་ཀྱིས་བསྟོད། ལྷག་ཆད་བསྐང་ཕྱིར། ཨོཾ་མ་ཧཱ་ཀཱ་ལ་ས་མ་ཡ། ཞེས་སོགས་བཞི་སྤེལ་གྱི་ཡིག་བརྒྱ་ཚར་གསུམ་གྱི་མཐར་གཅད་ལྷུག་གི་བཟོད་གསོལ་བྱ། དཀྱིལ་འཁོར་རས་བྲིས་ཡིན་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །ཞེས་སོགས་ཀྱིས་མེ་ཏོག་འཐོར་ཞིང་བརྟན་བཞུགས་བྱ། རྡུལ་ཚོན་དང་ཚོམ་བུ་ཡིན་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་ཞེས་སོགས་ཀྱི་མཐར། བཛྲ་མུཿས་དཀྱིལ་འཁོར་དང་བུམ་ལྷའི་ཡེ་ཤེས་པ་རྣམས་རང་གནས་སུ་གཤེགས། དམ་ཚིག་པ་བདག་ལ་བསྡུ། རང་མགོན་པོར་གསལ་བ་ཆེ་མཆོག་ཧེ་རུ་ཀར་གནས་འགྱུར་བ་ལ་བདག་བསྐྱེད་ཀྱི་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་རྣམས་བཀའ་བརྒྱད་ཀྱི་དཀྱུས་ལྟར་རོ། །དེ་ལྟར་མགོན་པོ་བསྟན་སྲུང་ཡོངས་རྫོགས་ཀྱི་དབང་གི་ཆོ་ག་ཁྲིགས་སུ་བྱས་པ་ཟབ་དོན་སྣང་བ་ཞེས་བྱ་བ་འདི་ཡང་། མཚན་ལྡན་བླ་མ་བྱམས་པ་བཤེས་གཉེན་གྱི་ཟིན་བྲིས་གཙོ་བོར་བཟུང་། ཟུར་ཆེན་ངག་དབང་ཕུན་ཚོགས་དང་། ཁྱབ་བདག་སྨན་ལུང་ཞབས་ལས་བརྒྱུད་པ་༧ཀུན་མཁྱེན་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོའི་ཞབས་དྲུང་དུ་ནོས་ཤིང་། ནུབ་དགོན་པ་མཉམ་མེད་བྱམས་པ་ཆོས་ཀྱི་རྒྱལ་མཚན་གྱི་བཀའ་སྲོལ་རྡོ་རྗེ་འཛིན་པ་བྱམས་པ་རིན་ཆེན་ཆོས་འཕེལ་ལས་ནོད་པ་སྟེ། བརྒྱུད་པའི་ཆུ་བོ་གཉིས་འདྲེས་ཀྱི་ཕྱག་བཞེས་ཕྱོགས་མཐུན་པར་བསྒྲིགས་པ་རྩ་བ་དང་ཟིན་ཐོ་གཉིས་ཀྱང་མི་ཉམས་པའི་ཕྱིར་དཀྱུས་སུ་བཅུག་སྟེ་ལག་ལེན་གྱིས་གསལ་བར་བྱས་པ་འདི་ནི་ཟུར་རིགས་སྤང་སྟོན་དབོན་པོ་ཆུ་མིག་ནས་བླ་མ་རིན་པོ་ཆེ་དཔལ་མགོན་དང་། མེས་ཀྱི་སྔགས་འཆང་འགྲོ་དོན་རབ་འཕེལ་གཉིས་ཀྱི་གསུང་གིས་བསྐུལ་པ་ལྟར། ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་སྨྲ་བའི་དགེ་སློང་བྱ་བྲལ་བ་པདྨ་ཕྲིན་ལས་ཀྱིས་རང་ལོ་ང་དྲུག་པ་སྣྲོན་གྱི་ཟླ་བའི་ཉེར་དགུ་དྲག་པོའི་དུས་ཆེན་ལ་རང་གནས་སུ་བྲིས་པའི་ཡི་གེ་པ་ནི་དགེ་སློང་སྨན་མཆོག་གིས་བགྱིས་པའི་དགེ་དེས་འགྲོ་ཀུན་ཧེ་རུ་ཀའི་གོ་འཕང་ཐོབ་པར་གྱུར་ཅིག་ཛ་ཡནྟུ།། །།
རྫོགས་ཆེན་སྡེ་གསུམ་གྱི་བརྒྱུད་འདེབས་བསྡུས་པ་ (Volume 62, Text 7)
རྫོགས་ཆེན་སྡེ་གསུམ་གྱི་བརྒྱུད་འདེབས་བསྡུས་པ་བཞུགས་སོ། །ན་མོ་གུ་རུ་ས་མནྟ་བྷ་དྲ་ཡ། ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས། །ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས། །སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས། །སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་གསོལ༴ རིག་འཛིན་ཤྲཱི་སིཾ་ཧ་ལ་གསོལ༴ སློབ་དཔོན་པདྨ་འབྱུང་གནས་ལ་གསོལ༴ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ༴ དམ་འཛིན་ཆོས་ཀྱི་བློ་གྲོས་ལ་གསོལ༴ རྗེ་འབངས་ཉི་ཤུ་རྩ་ལྔ་ལ་གསོལ༴ སེམས་ཀློང་མན་ངག་བརྒྱུད་པ་ལ་གསོལ༴ མཆོག་གྱུར་བདེ་ཆེན་གླིང་པ་ལ་གསོལ༴ དྲིན་ཅན་རྩ་བའི་བླ་མ་ལ་གསོལ༴ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ལ་གསོལ༴ གནས་གསུམ་དཔའ་བོ་མཁའ་འགྲོ་ལ་གསོལ༴ བཀའ་སྲུང་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས། །སེམས་སྡེས་སྣང་བ་སེམས་སུ་རྟོགས་པ་དང་། །ཀློང་སྡེས་རིག་སྟོང་ཆོས་སྐུའི་ཀློང་དུ་གྲོལ། །མན་ངག་སྡེ་ཡིས་ཟུང་འཇུག་རྩལ་རྫོགས་ཤོག །ཆོས་ཉིད་མངོན་སུམ་མཐོང་བར་བྱིན་གྱིས་རློབས། །ཉམས་སྣང་གོང་དུ་འཕེལ་བར་བྱིན་གྱིས་རློབས། །རིག་པ་ཚད་ལ་ཕེབས་པར་བྱིན་གྱིས་རློབས། །ཆོས་ཉིད་ཟད་སར་སྐྱོལ་བར་བྱིན་གྱིས་རློབས། །མདོར་ན་སྡེ་གསུམ་ཉམས་ལེན་མཐར་ཕྱིན་ནས། །ཚེ་འདིར་མངོན་སངས་རྒྱས་པར་བྱིན་གྱིས་རློབས། །ཞེས་པ་འདི་རིགས་དབོན་རི་པ་དར་རྒྱས་རྒྱ་མཚོའི་ཞལ་འདོན་དུ་གཏེར་སློབ་འདུལ་འཛིན་རྒན་པོས་བྲིས་པའི་ཡི་གེ་པ་ནི་དགེ་སློང་ཀརྨ་སྨོན་ལམ་རྣམ་དག་གིས་བགྱིས་པ་དགེ་ལེགས་འཕེལ།། །། ༈ ཤིན་ཏུ་བསྡུ་ན། སྐུ་གསུམ་རྩ་བརྒྱུད་བླ་མ་ལ། །སྒོ་གསུམ་གུས་པས་གསོལ་བ་འདེབས། །སྡེ་གསུམ་ཉམས་ལེན་མཐར་ཕྱིན་ནས། །སྐུ་གསུམ་འབྲས་བུ་མངོན་གྱུར་ཤོག །ཅེས་པའང་རཏྣས་སོ། །ཤུ་བྷཾ།། །།
ལྷོ་བྲག་གཏམ་ཤུལ་བཙན་འགྲོའི་ལུང་ཕྲན་གྱི་བྱེ་བྲག་འཇོད་ས་གསེར་གངས་རིའི་འདབས་སྦས་ཕུག་མཁའ་འགྲོ་མཆོད་རྟེན་དཀར་ཆུང་གཏེར་འབྱུང་ (Volume 5, Text 7)
༄༅། །ལྷོ་བྲག་གཏམ་ཤུལ་བཙན་འགྲོའི་ལུང་ཕྲན་གྱི་བྱེ་བྲག་འཇོད་ས་གསེར་གངས་རིའི་འདབས་སྦས་ཕུག་མཁའ་འགྲོ་མཆོད་རྟེན་དཀར་ཆུང་གཏེར་འབྱུང་བཞུགས་སོ། ། ན་མོ་གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ ངོ་མཚར་རང་བཞིན་གྱིས་གྲུབ་མན་ཤེལ་ནང་། །གདོས་བཅས་མ་གྲུབ་ལྔ་ལྡན་འཇའ་བཀྲ་བ། །ཕལ་གྱིས་བལྟ་བྱར་མ་གྲུབ་ཉི་མའི་འོད། །བསླང་བར་མཁས་པས་ཕྱི་རོལ་གསལ་བར་བསྟན། །སྔོན་མཐུས་སྨོན་ལམ་གྱིས་གྲུབ་གསང་གཏེར་ནང་། །ཀུན་གྱི་སྤྱོད་ཡུལ་མ་ཡིན་ཟབ་མོའི་ཆོས། །སྐལ་མེད་འབྱིན་པར་མ་ནུས་ཌཱ་ཀི་ཟབ་མོའི་བརྡ། །བསྟན་པར་བྱེད་པོས་མངོན་ཕྱུངས་འདི་ན་ཀོ །བདག་ཅག་གི་སྐྱབས་གནས་བསླུ་བ་མེད་པ་ཨོ་རྒྱན་གྱི་གུ་རུ་རིན་པོ་ཆེ་པདྨའི་བཀའ་དྲིན་གྱིས། དུས་མཐར་བྱང་ཕྱོགས་ས་སྐྱོང་ཌཱ་ཀའི་རིགས་སྐྱེས་དབང་པོའི་སྡེ་བདག་རང་ལོ་ཞེ་གཅིག་པའི་སྐབས་ཡར་འབྲོག་བརྒྱུད་མངའ་བདག་རིན་པོ་ཆེ་ཉང་ཉི་མ་འོད་ཟེར་གྱི་འཁྲུངས་ཡུལ་མཇལ་བར་ཆེད་གཏད་དུ་ཕྱིན་པའི་ཡར་ལམ། གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་གདུང་དབོན་དེས་ལམ་སྣར་བགྱིས། འཁོར་བཅས་བགྲོད་བཞིན་པ་ལས་གཡོན་ཕྱོགས་གད་བྲག་གི་ངོས་ལ་མཛུབ་མོ་བཙུགས། ཕུག་པ་ཕ་གི་ན་མཆོད་རྟེན་བྱིན་རླབས་ཅན་ཞིག་ཡོད་ཟེར་བྱུང་བས་ཡིད་སྤྲོ་བ་ཞིག་བྱུང་། དེ་ནུབ་མངའ་བདག་འཁྲུངས་གནས་ཀྱི་གོང་ཙམ་དགོན་དཀར་ཞེས་པའི་རི་ཁྲོད་དེར་ཉལ་བའི་ཐོ་རངས་བུད་མེད་ཤ་མདོག་དཀར་བ་ལ་ཉམས་བག་དང་སྐྲ་སིལ་བུར་སྤུངས་པ་ཐིབས་སེ་བ་གོས་དཀར་ཕུ་དུང་མའི་སྟེང་ལྕམ་ཚེ་ཡང་དཀར་པོ་གྱོན་པ་གཅིག་གམ་དུ་སླེབ་པ་འདྲ་ཞིག་ལ་མཐོང་བ་ཙམ་གྱིས་ལུས་བདེ་བས་ཁྱབ་བཞིན་པའི་རིང་དེར། མོ་ན་རེ། དེ་ཉིད་ཕུག་པ་དེ་ན་མཁའ་འགྲོའི་གསང་གཏེར་ཟབ་མོ་ཞིག་ཡོད་པ་ལགས་ཏེ་ཟེར་བ་དང་། ལག་མཐིལ་གཡོན་པ་དེ་དེང་བསྟན་བྱུང་བས་ཤེལ་གྱི་མེ་ལོང་སྦྱོར་བ་ལྟ་བུ་ནག་ལྷང་ངེ་ཞིག་གི་ནང་དུ། དབྱིབས་ཚིག་འབྲུ་ཡི་གེར་ཀྱང་ཡོད་པ་དེ་འདྲ་བ་ཀུན་ལམ་ལམ་གསལ་བ་ཞིག་བྱུང་། དེ་ཁས་རང་ལ་སྲིན་མཐེབ་བདུད་རྩི་འཐོར་བ་ལྟར་བྱས་བྱུང་བས་མེ་ལོང་ལྟ་བུ་དེ་ཡང་ཁྲ་བུན་བུན་བདག་གི་ལུས་ལ་ཐིམ་སོང་། བདེ་བ་ཆེན་པོ་དེ་ཁོ་ནའི་རིང་ལ་ལུས་འཕར་གཡོ་བྱས་པའི་རྐྱེན་ལྟ་བུས་གཉིད་དང་པོའི་འཕྲོ་སད་པ་དང་འདྲ་བ་ལུས་བདེ་བ་ཚ་ཆི་ལི་ལི་བྱེད་འདུག །གཏེར་ལག་ཏུ་སླེབ་པ་དང་ཁྱད་མི་འདུག་སྙམ་ཡིད་དགའ་བའི་རིང་ནས། བདེ་བ་ཆེར་སྐྱེས་མི་བཟོད་པ་ལྟར་འདུག་པས། སེང་གེ་རྣམ་གྲོལ་ཞིག་བྱས་རྩ་འདབ་ཞིག་བརྒྱབ་པས་ཀྱང་། ལུས་ཅུང་ཟད་འབོལ་ཐིབ་འདྲ་བ་ལ་བདེ་བ་ལྷང་ལྷང་གནོན་མི་ཚུགས་པ་ཙམ་བྱུང་བ་རྗེས་ཅི་ཟབ་ཏུ་བསྐྱང་། གན་རྐྱལ་དུ་འགྱེལ་བསྡད་པས། གཉིད་འདྲ་བ་སིང་ངེ་བའི་རིང་ལ་གཏེར་གྱི་གནས་སྲུང་ཀླུ་དང་བཙན་དེ་ཡང་སྐྱེ་བོའི་ཆ་ལུགས་བྱས། བདག་ཅག་ལ་བཅོལ་བའི་ནོར་གོད་པ་མེད་པར་འཕྲོད་ཡོད་དོ། །ད་དུང་ཡང་འཁོར་ལ་བརྡ་སྦྱོར་རོ། །གནས་འདི་བསྲུང་བར་སྡོད་པས་གར་ཡང་འགྲོ་མ་ཁོམ་པས་བསངས་བརྔན་གཙང་མའི་འཐོར་ཕུད་རེ་སྟེར་དགོས་ཟེར་ཞིང་སོང་བའི་སྔ་མ་དེའི་སྐྱིབས་ལ་སྦལ་པ་ཁྲ་འཇི་རེ་བ་འཇིགས་སུ་རུང་བ་ཞིག་ཁུམ་ཁུམ་ཕུབ་ཁུར་བ་འདྲ་བ་ཞིག་འདུག་པ་དེ་ལ་རྟིང་མ་དེས་ངོ་ཕྱིར་ལོག་བྱས་མིག་བཙུམ་པའི་བརྡ་འདྲ་བ་ཞིག་སྦལ་རྒྱབ་དེ་ལ་མཛུབ་མོ་བཙུགས་ཕྱིར་སོང་། དེ་ནས་བྱེད་ཚུལ་ཀུན་ཁོང་དུ་ཆུད་ཀྱང་འདོན་དུས་གསང་སྟབས་སུ་འགྲོ་མ་ཐུབ་དོགས་ཅི་དྲག་གམ་སྙམ་པའི་རིང་། དབོན་པོ་སོགས་ཕལ་ཆེ་བས་རྨི་ལམ་ཅི་འདྲ་བྱུང་འདྲི་བ་དང་། དེ་རིང་ཕར་ལམ་ཕུག་པ་ནས་གཏེར་འདོན་པའི་རོགས་ལ་ང་ཡང་འགྲོ་ཟེར་བ་སོགས་རྩེད་མོར་ལབ་པ་འདྲ་བ་མང་བར་བྱུང་བ་ཀུན་ལ། མདང་འདི་ན་འབྲི་ཁུང་ཨ་ཕྱི་གནས་ཟེར་བ་བདེན་འདུག་དེ་ཁས་གྲོགས་བྱེད་པའི་ལྟས་བྱུང་། གཏེར་ད་ལམ་འདོན་རྒྱུ་མེད་ཟེར་བ་གླེང་ཞིང་། ཕྱིར་ལམ་འགྲོ་བའི་རྟ་གདོང་ལ་རང་གི་སློབ་མ་ཚེ་བསམ་འུར་པོ་ན་རེ། མདང་ངའི་རྨི་ལམ་དུ་ཞབས་དྲུང་གི་ཐུགས་ཀ་ནས་སྐྲ་དཀར་པོ་འདྲ་བ་ཞིག་འཐེན་པས་ནར་ནར་བྱུང་བ་རྨིས། དེ་རིང་གཏེར་འདོན་ཟེར་དེ་ལ་ཡང་རྟེན་འབྲེལ་ཁ་ལྟ་བཟང་བ་ལགས། དེ་རིང་གཏེར་རང་འདོན་རྒྱུ་མེད་ཟེར་ལབ། དེའི་སྐབས་འཁོར་ཀུན་ཕལ་ཆེར་ཡོད། དེ་ཀའི་འོག་ཙམ་ལམ་འཁྱོགས་མཚམས་སླེབ་ཁར་ལ་ལ་སྔོན་ལ་བསྐྱང་། ལ་ལ་རྟིང་དུ་བསྡད། ཤིན་ཏུ་དབེན་པའི་ངེད་རྟ་མི་དྲུག་ཙམ་ལས་མ་བྱུང་། རྟ་མི་གཞན་ཚོ་འོག་ལ་བཏང་། ངེད་ཚེ་བསམ་པ་གཉིས་ཀྱིས་འཕྲེད་ལ་མགྱོགས་པར་ཕྱིན་ཕུག་པའི་ནང་དུ་བསླེབས་ནས་བལྟས་པས་རྩམ་པ་ཕུང་ཕུང་སྤུངས་པ་ནས་ཅུང་ཟད་རེ་བླངས་མཆོད་ཟོས། ཁོ་ལ་ཡང་བྱིན་པས། རྩམ་པ་འདི་ངེད་རང་ཚོས་གྲ་པ་ཀུན་ལ་བརྒྱབ་པ་དེར་འདུག །སྔོན་ལ་འགྲོ་མི་སུ་མེད། འདི་ཡ་མཚན་ཟེར། དེ་ནས་ཕུག་ནང་ནས་ཚད་གཞལ་བལྟས་པས། ཕུག་པའི་ཕྱི་གད་བྲག་ངོས་ཀྱི་རྡོ་ལ་གཏེར་མཚན་གྱི་ཡི་གེ་ཨ་དེ་གསལ་འདུག་པའི་ཐད་ཀ་ནས་ཁོ་ལ་ཕ་གི་ན་ཅི་འདུག་དྲིས་པས། ཨ་དེ་ཁོས་ཀྱང་མཐོང་སོང་། དེ་ནས་ཁོ་ལ་གཏེར་ཁུངས་འབྲུར་བཅུག །ངས་བསྐོར་བ་བྱེད་བཞིན་མི་བྱུང་དོགས་བྱ་ར་བྱེད་ཀྱིན་ཡོད་དུས། ཁོ་ཡང་བློ་ཚབ་ཚུབ་འདྲ་ཞིག་འདུག །ང་རང་ཡང་དགའ་ཡལ་ལེ་བ་ལ་འཇིགས་ཞུམ་ཞུམ་བྱུང་ནས་གཏེར་ལྷོངས་ཡིན་པར་ཤེས། སྤྱིར་གཅེས་པའི་ཞལ་གདམས་ནང་གི་གནད་དེ་དྲན། གུ་རུ་ལ་གསོལ་འདེབས་བགྱིས། ཁྱད་པར་དག་སྣང་གི་གསལ་གདབ་པས་ལུས་བདེ་བས་ཁྱབ་འགྲོ་བ་དེ་རང་བོགས་ཆེ་བར་བྱུང་། ཚད་དུ་སླེབས་པ་ཙམ་ལ་ཁོ་ན་རེ། ད་རྡོ་ཞིག་གིས་འགགས་འགྲོ་ས་མི་འདུག་ཟེར། ཁོས་རེས་ལག་པས་མྱུལ། རེས་གྲིས་ཀྲོག་ཀྱིན་འདུག་ཀྱང་རྙེད་མ་སོང་བར། ད་ང་ཡིས་བྱ་ཡི་བྱས་ལག་པ་བརྐྱང་ཅུང་ཟད་ཅིག་བྲུས་པས་ལག་པ་ཕར་ཐལ། ལྟོང་དེ་ནས་ཆར་པ་འདྲ་ཞིག་ལ་ལག་པའི་མ་ཁྲིག་མགུལ་དུ་འཇམ་མུལ་གྲང་ལྷང་ལོན་པ་བྱུང་། ཨམ་ཕྲག་ཏུ་བཅུག་གྲུབ་མཚམས་ལ། སྒོར་རྟ་རྫི་སྐྱབས་པའི་ཆུ་ཁུར་སླེབ་བྱུང་། སྨན་དང་འབྲུ་སྤོས་གཏེར་ཚབ་བཅུག་གསང་སྒོ་བསྡམ་པ་ཕྱི་མ་དེ་ལམ་ཙམ་བྱས་ཕྱིར་ཡོང་བས་ངེད་གཉིས་ཀའི་ལུས་ཀུན་སྦས་སྐྱས་དཀར་པོ་འདུག་གཏེར་བཏོན་ནམ་ཟེར། དམ་རྫས་རིལ་བུ་ཉུང་ངུ་ཞིག་མིན་པ་མི་འདུག་བྱས། དེ་ནུབ་བཙན་འགྲོ་གནས་གཞིར་བསྡད། ཡང་ཐོ་རངས་ཀྱི་ཆར་གཏེར་བདག་གཉིས་སྔར་གྱི་ཆ་བྱད་དུ་བྱས། གུས་འདུད་ཚུལ་དུ་བགྱིད་བཞིན་པར་ངེད་ཀྱིས་གྲོགས་དེ་བཞིན་བྱས་མོད། མཛོད་ཀྱི་སྒོ་ཕྱི་མ་ལ་ད་དུང་གསོ་རོགས་བྱེད་དགོས། ལུང་པ་འདིའི་ལོ་ཐོག་ལ་ཁྱད་ཆེ་བར་ཡོང་། ཆོས་སྒོ་མ་བྱེ་བར་དུ་གསང་དམ་དུ་འཆང་ཟེར་བ་སོགས་བསླབ་བྱ་ལྟར་བྱས་བྱུང་བ་རྣམས་དག་སྣང་མཚོ་རྒྱལ་བྱིན་རླབས་དང་སྒོ་མཐུན་པར་འདུག །གཞན་གྱིས་ཇི་ལྟར་འདུག་ཟེར་འདྲི་མི་ཀུན་ལ་དམ་རྫས་ཙམ་ཡིན་ཟེར་བ་དང་། ཞིབ་བརྗོད་རང་བྱེད་མི་ཀུན་ལ་ཡང་ཤོག་སེར་ཕྲན་བུ་ཙམ་འདུག་བྱས་ནས། སླར་ཡང་གཏེར་སྒོ་ཕྱི་མ་དེ་བསྡམ་པར་གནས་གཞི་དཀོན་གཉེར་པ་བཏང་། ཕྱི་འབྲང་སོགས་མེད་པར་འཇམ་ལ་བྱིན་རླབས་ཆེ་བར་བྱུང་། ཞལ་འབྱེད་པར་སྤྲོ་བའི་རིང་ཁྱད་ཡོད་ཀྱང་། ཀ་པཱ་ལའི་རྟེན་འབྲེལ་ཞིག་འཛོམ་དགོས་པས་འཕྲལ་རང་དུ་སྟབས་མ་འགྲིགས། ངོ་བོ་རྟེན་འབྲེལ་རང་འགྲིགས་ཞིག་དགོས་ཀྱང་། གནས་སྐབས་དེ་གར་ཡང་ཐབས་ཀྱིས་མྱུར་བའི་བསྐུལ་མར་འགྲོའམ་སྙམ་འཕྲོས་བྱུང་། མི་འགའ་ཞིག་ལ་ཀ་པཱ་ལ་ཞིག་སྟེར་མི་བྱུང་བར་བསྟུན་ཕབ་ཆོག་རྒྱུ་ཡིན་ཟེར་བ་དེས་ཀྱང་ཅུང་ཟད་འགྱང་བའི་གཞིར་སོང་འདུག །དེ་ནས་ཡང་འཕྱོང་རྒྱས་སུ་འབེབས་པའི་རྟིང་བསྐུལ་ཆོས་སྲུང་གིས་བྱེད་པ་ཞིག་བྱུང་བ་དང་སྒོ་མཐུན་པར་མིའི་དབང་པོ་སྐུ་མཆེད་ཀྱིས་ཀ་པཱ་ལའི་རིགས་མང་པོ་ལྟད་མོ་གནང་བྱུང་ཡང་སྔར་གྱི་ཚིག་རྐྱེན་དུ་འདུག་པས་འཕྲོས་ཙམ་ཡང་ཐོད་འདོད་སོང་དོགས་མ་ཞུས། དེ་རྗེས་སྐུ་འབྲིང་པས་སྡེ་པ་ཆོས་པའི་ཐོད་སྒམ་རྣམས་བཏོན་རྒྱུ་ཡོད་གསུངས་པའི་གསུང་འཕྲོས་ཡང་ཡང་བྱུང་བས། དེ་ནས་གང་འགབ་ཅིག་རེ་ཞིག་སློང་མོ་ཞུས། གནང་བྱུང་ན་དེར་བསྟུན་གཏེར་ཆོས་ཕབ། ཆོས་སྒོ་དབྱེ་རྩིས་དམིགས་བསལ་རང་ནི་མ་ཞུས། དེ་ཀའི་རིང་ཐུགས་དལ་དུ་འགྱངས། དེ་ནས་འབྲི་གུང་བརྒྱུད་ལོང་པོ་ལྷ་ལུང་དུ་གསང་བ་ཡོངས་རྫོགས་སྒྲུབ་ཆེན་སྐབས། འཛབ་གྲོགས་དམ་ཚིག་པ་དེའི་དབུ་ཐོད་གད་ཕྱིས་ཁ་མཉམ་ཕལ་ཆེར་ལག་གཏད་ནས་བྱས། དྲི་བཟང་པོ་དེ་རྣམས་དང་དེ་ཀའི་རྟེན་འབྲེལ་གྱིས་ཁམས་ཀྱང་དྭངས། ཁྱད་པར་གཏེར་སྐོར་ཞལ་ཕྱེ་བའི་རྨི་ལམ་བྱུང་བ་བཞིན། མཚན་ལྡན་ཐོད་པའི་ནང་དུ་ཞལ་ཕྱེ་བས་རིལ་བུ་ལུད་པ་ལྟར་ཀ་པཱ་ལའི་ནང་དུ་སོང་། བགྲངས་པས་ལྔ་འདུག །དེ་དགོངས་ཆོས་དབང་རིན་པོ་ཆེའི་གཏེར་ཆོས་བཀའ་བབས་ཤིན་ཏུ་དཀོན་པ་འདྲ་བའི་དཔེ་དང་། གུ་རུ་ཞལ་གཟིགས་ཀྱི་བྲིས་ཐང་ལྷ་བཟོ་བི་ཤྭ་མའི་འཁྲུལ་མེད་དེ་ཡང་ལག་ཏུ་སོན། དང་པོ་ཀ་པཱ་ལའི་རྟེན་འབྲེལ་དུ་ངོས་བཟུང་། དེ་རྗེས་ཀ་པཱ་ལ་ཤར་ཤར་སྟེར་མི་རིམ་པས་བྱུང་བ་ཀུན་ཀྱང་ཚགས་བྱས། དེ་ནས་ཆོས་ཡོན་དུ་ཀཱ་པཱ་ལ་འབུལ་མི་ཞིག་མ་བྱུང་བར་མ་ཕབ། ཀོང་པོ་བརྒྱུད་སྤོ་བོ་ཀ་ནམ་རྫོང་དུ་དཔོན་གསང་སྔགས་བསྟན་འཛིན་སོགས་དད་འདུས་རྣམས་ཀྱིས་གཏེར་གསར་འབེབས་དགོས་པའི་ནན་ཏན་སོགས་ལ་བརྟེན། གཙོ་བོར་རང་ཉིད་ཀྱང་འབེབས་སྤྲོ་བ་དང་དུས་མཚུངས་པར་དེར་སྡད། ལྷ་བཟོ་བླ་མ་ཞིག་གིས་ཀྱང་ཐོད་པ་གསར་བཅད་གཅིག་ཡོད་འདུག་པ་དེ་སྟེར་ཟེར་ཁས་བླངས་མཚམས་ཁོ་བོས་ཀྱང་ཤོག་སེར་འབེབས་པར་རྩོམ་རེས་ཀྱིས་ཆར་ཤིན་ཏུ་ཆེ་བའི་རིང་ཞིག་ལ་ཡང་ནམ་མཁའ་དྭངས་པར་ཡོད་པ་སོགས་དག་སྣང་དང་ལྟས་ཀྱང་ལེགས་པར་བྱུང་བས་ཆ་ཚང་དུ་བྱེད་རྩིས་དབང་བསྐུར་ལ་འཇུག་ཁར་ལྷ་བཟོ་གསར་བཅད་དེ་ལ་སེར་སྣ་སྐྱེས། ཐོད་ཚལ་འདྲ་བའི་རྙིང་པ་ཞིག་བྱིན་པས་དེ་ཀའི་རྟེན་འབྲེལ་ལྟར་ཁོ་བོས་ཀྱང་ཆོས་བཀའ་ཡོངས་རྫོགས་མ་བཤད། སླར་བཟང་སྣ་བྱ་ཁྱུང་ཁར་དབང་རྒྱས་ཙམ་ཞིག་བསྐུར་དུས་ཀྱང་ཆོས་ཞུའི་ཨ་ནུ་རྣམས་འཛིང་ཞིང་འདུག་པ་ཡང་མཁའ་འགྲོ་འཁྲུགས་པའི་ལྟས་སུ་རིག་བཀའ་རྒྱས་གདམས། དེ་རྗེས་ངོམ་ས་སྒང་སོགས་སུ་ལྟས་དང་བསྟུན། ཐོད་པའི་འབུལ་བསྐུལ་ཁྲོམ་ལ་བྱས་པས་ཡ་མཚན་ཅན་སྟེར་མི་མང་དུ་བྱུང་། ཁྱད་པར་ཌཱ་ཀི་མ་རྣམས་འདུ་བའི་རྟེན་གྱི་བླ་རྡོ་ལྟ་བུ་འདི་འབུལ་མི་ནི་ཕྱུགས་སྐྱོང་གི་རྫི་བོ་ཡིན་ཟེར་བན་བཙུན་ཞིག་གི་མཆན་ཁུང་ནང་ནས་བཏོན། ནས་ཀྱིས་བཀང་བ་ཞིག་གཏད་བྱུང་བ་ལ་བཟང་ལན་གྱི་དར་མདུད་སྤྲོད་པ་རྩད་བཅད་པས་ངོ་མ་འཕྲོད་པར་ཀུན་ལ་གསལ་ཞིང་ཁོ་བོས་འཐུང་སྣོད་དུ་རྩིས་དང་བཅས་བདག་གིར་བཟུང་ཕྱིན་འཕྲོད་སྦྱོར་ཀྱང་ཆེ། ཕྱིས་ཡུལ་ཆོས་ཀྱིས་མ་ཕོག་པ་གཅིག་དང་འཕྲད་པའི་རྐྱེན་ལས་རྩ་སྒོ་གསལ་དུས་ཞིག་གི་དག་སྣང་ཤར་བར་མིང་ལ་ཡང་དཔའ་བོ་ཐོད་པ་རིན་ཆེན་འབྱུང་གནས། ཞེས་གསོལ། ཆོས་སྒོ་འབྱེད་པའི་རྟེན་འབྲེལ་དང་སྤྱི་ལུང་གི་སྐབས་ལས་བཤད་པའི་རྒྱས་པའི་དུས་ཀྱི་དངོས་གྲུབ་ཀྱི་རྟེན་གྱི་ཐོད་པ་ཡང་འདི་ཡིན་པར་སྣང་བ་བྱུང་ཡང་ད་བར་མ་སྨྲས། མདོར་ན་ཆོས་འདིའི་ཡོན་དུ་སྔོན་བྱུང་དང་སྒོ་མཐུན་པར་ཀ་པཱ་ལ་བྱེད་པ་གནད་ཀྱི་རྟེན་འབྲེལ་ཟབ་ལ་ཕན་ཡོན་ཆེ་བའོ། ༈ །རྩ་བའི་ལོ་རྒྱུས་བཞུགས་སོ༔ དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ༔ སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ༔ དཔལ་ཆེན་གུ་རུ་རྗེ་ལ་འདུད༔ སྤྲེའུ་འི་ལོ་ཟླ་དུས་རྒྱལ་པོ༔ བཀྲ་ཤིས་ཡར་ངོའི་ཚེས་བཅུ་ལ༔ མོན་ཁ་སྣ་རིང་སེང་གེ་རྫོང༔ བྲག་དཀར་དབུས་མའི་ཕུག་པ་རུ༔ བསམ་ཡས་མཆིམས་ཕུའི་ཡང་དབེན་ནས༔ རྫུ་འཕྲུལ་བྱ་བཞིན་མཁའ་ལ་བྱོན༔ དེ་ཚེ་བློ་དམན་མཚོ་རྒྱལ་བདག༔ ཕྱི་བཞིན་འབྲང་བའི་མཐུ་མེད་དགོངས༔ མཁའ་སྤྱོད་བྷནྡྷ་བདུད་རྩིས་གང༔ འདི་ཐུངས་གསོལ་བ་ཐོབ་ཅིག་གསུངས༔ བཀའ་བཞིན་བསྒྲུབས་པས་ལྷན་ཅིག་བརྟོལ༔ ཕྲིན་ལས་སྒྲུབ་པའི་སྦས་ཡུལ་དེ༔ ཁོ་མོའི་གནས་སུ་གནང་བ་ཐོབ༔ རྫོང་གསུམ་ལྗོངས་བཞི་འཇུག་པའི་སྒོ༔ ཞིབ་མོའི་ལུང་བསྟན་ཐེམས་སུ་མནན༔ དགོང་གི་ཉི་མའི་ཟེར་མདངས་ལ༔ མཁའ་འགྲོ་དཔའ་བོ་བསམ་མི་ཁྱབ༔ ཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་རྫས༔ བཟའ་བཏུང་རོལ་མོ་དང་བཅས་པ༔ སྤྲིན་བཞིན་གཏིབས་ནས་བྱ་བཞིན་བབས༔ གླུ་གར་རོལ་རྩེད་མཆོད་པ་འབུལ༔ རྒྱལ་པོར་འབངས་ཀྱིས་བཀུར་བ་བཞིན༔ མཆོད་ནས་ལྷོ་ནུབ་ཕྱོགས་སུ་དེངས༔ ངོ་མཚར་དད་པས་མཆི་མ་ཕྱུང༔ བདག་ཏུ་འཛིན་པའི་སྒྱུ་ལུས་ལ༔ ལྟོས་མེད་རྩེ་གཅིག་བྲན་དུ་འབུལ༔ མཁའ་སྤྱོད་བྷནྡྷ་མཚན་ལྡན་དུ༔ བདུད་རྩི་ལྔ་སྦྱར་ཕྱག་ཏུ་གཏད༔ བདག་གི་སྐྱབས་མགོན་གུ་རུ་ཁྱེད༔ དུས་གསུམ་སངས་རྒྱས་དགོངས་པའི་མཛོད༔ ཟབ་མོའི་ཆོས་ཀྱི་གཏེར་ལགས་ཀྱང༔ བདག་ལ་ཁྱད་པར་ཐུགས་བརྩེ་བས༔ ཚེ་གཅིག་སངས་རྒྱས་ཐོབ་པའི་ཆོས༔ ཉམས་ལེན་གནད་ཅིག་བསྟན་དུ་གསོལ༔ ཅེས་ཞུས་སྐུ་ལ་གཉིས་མེད་འཁྲིལ༔ ཡུལ་དུ་འཛིན་པའི་རྟོག་པ་རྣམས༔ མཁའ་ལ་སྤྲིན་དེངས་ཇི་བཞིན་དུ༔ ཀུན་མཁྱེན་རྒྱལ་པོ་བླ་མ་རྗེས༔ ཕྱི་ནང་དབང་རྫོགས་གཅིག་ཏུ་བསྐུར༔ རྒྱལ་བའི་དགོངས་པ་གཅིག་ཏུ་ལོན༔ ཐ་སྙད་རྟོག་པའི་དྲྭ་བ་ཆོད༔ ཐུགས་རྗེ་ཚད་མེད་གུ་རུ་རྗེ༔ ཀུན་མཁྱེན་གུ་རུས་བཀའ་བསྩལ་པ༔ ཉོན་ཅིག་དད་ལྡན་མཚོ་རྒྱལ་མ༔ དེ་རིང་དུས་མཆོག་ཚེས་བཅུ་ལ༔ ཡིད་འོང་གནས་སུ་སྐལ་པ་བཟང༔ ཡང་ཐིག་སྙིང་པོ་དོན་གསུམ་ཡང༔ ད་ལྟ་དུས་དང་སྤྱོད་པ་བཟང༔ ཁྱོད་ཀྱིས་ཉམས་ལེན་མཐར་ཐོན་ལ༔ མ་འོངས་དོན་དུ་གཏེར་དུ་ཟབ༔ སྔོན་ལས་སྨོན་ལམ་འབྲས་བུ་དང༔ ཁྱད་པར་ད་ལྟའི་ལས་འབྲེལ་གྱིས༔ རྗེ་བཙུན་མངའ་བདག་རྒྱལ་པོ་ཉིད༔ ཟབ་མོའི་གཏེར་ལ་སྤྱོད་པའི་ཚེ༔ མཚོ་རྒྱལ་བྱིན་བརླབས་མ་ཇོའི་གཟུགས༔ སངས་རྒྱས་རིགས་ཀྱི་རྟགས་འཛིན་དེས༔ གསང་གཏེར་ཁ་གསོས་གནས་དེར་བསྒྲུབ༔ འདི་སྤྱོད་སྐྱེས་བུ་ལས་ལྡན་ནི༔ མཚོ་རྒྱལ་སྨོན་ལམ་བྱིན་བརླབས་བུ༔ སྦས་པའི་རྒྱལ་པོ་སྤྲུལ་པའི་གཟུགས༔ ཕྲིན་ལས་དབང་དྲག་ལས་མཐར་ཕྱིན༔ བྱང་ཆུབ་སེམས་ལྡན་འབྲུག་ལོ་པ༔ རྟགས་དྲུག་བཟུང་ནས་འགྲོ་དོན་བྱེད༔ དེས་འདོན་རང་གཞན་སྨིན་གྲོལ་འགྱུར༔ དེ་ཕྱིར་འཇོད་རྩེ་གངས་རིའི་ཞོལ༔ སྦས་ཕུག་མཁའ་འགྲོའི་མཆོད་རྟེན་ཟབ༔ བཀའ་བཞིན་ཕྱག་རྒྱ་རུ་སྤྲོད་བཏབ༔ རྫུ་འཕྲུལ་ལམ་བཞུད་མཆིམས་ཕུར་བྱོན༔ བྱ་ཡི་ཟླ་བའི་ཚེས་བཅུ་ལ༔ མངའ་བདག་རྗེ་དང་བློ་དམན་བདག༔ མཆིམས་བཟུང་རྡོ་རྗེ་སྤྲེ་འུ་ཆུང༔ གསུམ་འཛོམ་ཚོགས་ཀྱི་འཁོར་ལོ་བསྐོར༔ སོ་སོར་གདམས་པའི་བཀའ་གཏད་བསྩལ༔ རྒྱལ་པོས་དགེ་གོང་གསང་ཕུག་བསྒྲུབས༔ སྤྲེའུ་ཆུང་གཞོ་སྟོད་ཏི་གྲོར་བསྒྲུབས༔ ཁོ་མོས་གུ་རུའི་དྲུང་དུ་བསྒྲུབས༔ གྲུབ་ནས་རང་རང་གནང་བ་ཐོབ༔ མངའ་བདག་འགྲོ་དོན་སྤྲུལ་པ་འགྱེད༔ སྤྲེའུ་ཆུང་ངག་གི་བདེན་པ་འགྲུབ༔ ཕྱི་མོ་མངའ་བདག་རྗེ་ལ་གཏད༔ གནམ་སྐས་ཐུགས་གཏེར་དྭངས་མར་སྦས༔ མཚོ་རྒྱལ་དད་ལྡན་གུ་རུ་དང༔ སྐད་ཅིག་འབྲལ་མེད་སྨོན་ལམ་ཐེབས༔ གསང་གཏེར་འདི་འདོན་ལས་ཅན་བུ༔ རྗེས་འཇུག་སྒྲུབ་པའི་སྐལ་ལྡན་རྣམས༔ ཉམས་རྟོགས་བསྐྱེད་ཅིང་བྱིན་གྱིས་རློབ༔ དངོས་ཉམས་རྨི་ལམ་བརྡ་སྟོན་འགྱུར༔ བུ་ཡིག་གླེགས་བམ་གུ་རུ་རྗེས༔ བྱིན་བརླབས་ཕུར་བུ་ཐུགས་ཕྲེང་རྣམས༔ མཁའ་སྤྱོད་བྷནྡྷའི་ནང་དུ་བཙལ༔ སྣ་རིང་དབུས་མའི་སྒྲུབ་ཕུག་ནང༔ ལྷོ་ནུབ་ མཚམས་སུ་གཏེར་དུ་བསྡམས༔ གུ་རུའི་ཕྱག་རྗེས་མི་འགྱུར་རྒྱ༔ བདུད་པོ་མེ་དབལ་ཅན་ལ་གཏད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་གཏེར་ཟབ་པ་གནད་ཀྱི་རྒྱ༔ མི་འགྱུར་རྡོ་རྗེས་གཏམས་པའི་བྲག༔ གངས་དཀར་ལྷ་ཡི་གཙུག་ཏོར་རྩེ༔ སྲིན་མོ་སྦར་རྗེས་ཅན་གྱི་བྲག༔ དབུས་ན་ཌཱ་ཀི་སྦས་པའི་ཕུག༔ མཁའ་འགྲོས་སྤྱན་དྲངས་ཤེལ་དཀར་གྱི༔ མཆོད་རྟེན་སྙིང་པོ་ཅན་ལ་ཟབ༔ གསང་སྒོ་ཨ་ཡིག་དམར་པོར་བསྟན༔ ནང་སྒོ་སྦར་རྗེས་ཅན་ལ་གཏད༔ ཕྱི་སྒོ་ཕུག་པའི་ནང་ལ་བསྟན༔ ཌཱ་ཀིས་མི་སྣང་གབ་པའི་སྒོ༔ ལས་ཅན་མིག་གི་སྤྱོད་ཡུལ་ཡིན༔ ཟབ་པའི་རྟགས་སུ་ཡིད་ཆེས་བསྐྱེད༔ ཡེངས་ལ་མ་དགའ་སྙིང་ལ་ཆོངས༔ བཀའ་ལ་རས་ཆོད་ཐོག་རྫིས་སྤོངས༔ འགྲོ་ཕན་མཐའ་སྐྱེད་སྐྱོ་སུན་སྐྱུངས༔ ཕྱི་མོ་འདོད་པས་འཆང་མི་རུང༔ བདུད་རྩི་ལ་སྦྱར་རིལ་བུ་སྒྲུབས༔ འགྲོ་དོན་ཁྲག་རླངས་ལུང་བཞིན་སྤྱད༔ སྒྱིད་ལུག་མི་བྱ་འགྲོ་དོན་འབད༔ དད་ལྡན་ཕྲ་མོ་རིགས་འདུས་ལ༔ སྣ་རེས་འབྲེལ་བཞག་དད་ལྡན་བུས༔ སྣ་གྲངས་ཆོས་སྒོ་ཕྱེ་དུས་སུ༔ ལྔ་བདུན་བཅུ་གཅིག་བཅུ་གསུམ་དང༔ བཅོ་ལྔ་དེ་བཞིན་ཉེར་ལྔའི་བར༔ ངེས་པར་ཐབས་ཤེས་འཛོམ་པར་བྱ༔ ཡོངས་རྫོགས་བྱིན་ལ་བཀའ་རྒྱས་བཏབ༔ དུས་མཐར་བསྟན་པ་ཉམས་པ་གསོ༔ ཀུན་གྱིས་བདེ་ཆེན་ལམ་སྣ་ཟིན༔ འགྲོ་བའི་དེད་དཔོན་བྱེད་པར་འགྱུར༔ ཡང་ཏིག་རྩ་བ་རྣམ་པ་གསུམ༔ སྙིང་པོའི་དྭངས་མ་སྒྲུབ་པའི་ཐབས༔ དོན་བསྡུས་ཤོག་དྲིལ་རྣམ་གསུམ་དུ༔ བཀོད་ནས་ཐབས་ཤེས་རྒྱ་ནང་བཅུག༔ རྩ་གསུམ་སྒྲུབ་པའི་དམ་རྫས་དང༔ ལྷན་ཅིག་ཁྲག་རླངས་གསང་གཏེར་རྒྱ༔ གསང་རྒྱ༔ རྐྱཿམྱཿཨཿམྱཿ ཏྲག་རཀྴ་ཡཀ་མོ་ཐུན་བྷྱོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལྷ་བཙན་ཀླུ་མོས་བྱ་ར་གྱིས༔ ལོ་རྒྱུས་སྦས་དོན་གསལ་བྱེད་འདི༔ ཐབས་ཤེས་ལྕགས་ཀྱི་ཁྲག་རླངས་རྒྱ༔ གཏེར་རྐུན་འདོད་ཅན་སྙིང་ཁྲག་རྔུབས༔ ལས་འཕྲོ་རྫུ་འཕྲུལ་སྟོབས་ལྟར་རྒྱུ༔ ཌཱ་ཀིའི་ལུང་སྟོན་ཕྱི་སྲུང་བསྐུལ༔ མཁའ་འགྲོ་ཕྲིན་ལས་ཡོངས་གྲུབ་རྩལ༔ གསང་གཏེར་འདི་འཕྲད་སྐལ་བར་ཤོག༔ ཞེས་པ་འདི་ཉིད་ལྷོ་བྲག་གངས་རིའི་འདབས། ས་གསེར་ཡུལ་གྱི་མཁའ་འགྲོ་གསང་ཕུག་དྲི་མེད་ཤེལ་གྱི་མཆོད་རྟེན་དཀར་ཆུང་གི་གསང་གཏེར་ནས། རིག་སྔགས་འཆང་བ་དཔལ་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེས་སྤྱན་དྲངས་པའོ།། ༈ ཚེ་འཛིན་དག་སྣང་མ་བཞུགས་སོ༔ ཨེ་མ་ཧོ༔ ལས་ཅན་སྐལ་པ་བཟང་པོ་སྣོད་ལྡན་བུ༔ འཁོར་བའི་རྒྱ་མཚོ་ཆེ་ལས་བསྒྲལ་འདོད་ན༔ རྩོད་དུས་སྙིགས་མ་ལྔ་བདོའི་དུས་འདི་རུ༔ འདོད་ཁྲོ་གཏི་མུག་དབང་གིས་བསགས་པའི་ལས༔ ཉོན་མོངས་རང་གར་སྤྱོད་པའི་ཕྱིར་མ་འབྲང༔ སྤངས་ནས་བདེ་ཆེན་ཐར་པ་བསྒྲུབ་པའི་གེགས༔ ཐོགས་མེད་ཉི་ཟླའི་འགྲོས་དང་ཆུ་བོའི་རྒྱུན༔ འཕྲུལ་གྱི་མེ་ལོང་བྷནྡྷའི་བདུད་རྩིས་མཆོད༔ གོ་ལ་ཨིྡྷྙ་དྷར་དྷིཀ་པ་མ་ཏ་ཡ་ཨྀཐི༔ མཁའ་སྤྱོད་དབང་ཕྱུག་ཡོན་ཏན་རྒྱ་མཚོ་ལ། །སྒྲུབ་ཆེན་བཅད་རྒྱ་མཚམས་ཀྱི་ཟླ་བའི་ཚེས། །ཕྱོགས་དུས་རྒྱལ་བས་བྱིན་བརླབས་ཐུན་དང་པོར། །མཐོང་ཐོས་བརྡར་བརྒྱུད་འདི་ནི་ཀ་ནམ་དུའོ།། ༈ རྟེན་འབྲེལ་ས་གནད་ལུང་བྱང་བཞུགས་སོ༔ ཕྱི་རུ་སྦས་པ་གནད་ཀྱི་དོན༔ ལོ་ཟླ་ཞག་དུས་སྒྲུབ་པ་ཀུན༔ རྟེན་འབྲེལ་གནད་ཀྱི་ཐེམ་ཚིག་མ༔ བྱིན་རླབས་གྲུབ་རྟགས་མང་དུ་བཞག༔ སྐུ་གསུང་ཐུགས་རྟེན་གྲངས་མེད་བཞེངས༔ འབྱུང་བ་དབང་བསྡུས་རྫུ་འཕྲུལ་བསྟན༔ དག་དང་མ་དག་གདུལ་བྱའི་ངོར༔ ངོ་མཚར་མཐོང་སྣང་སྣ་ཚོགས་ཡོད༔ ཐམས་ཅད་འབྲེལ་ཚད་དོན་དང་ལྡན༔ ང་ཉིད་མི་བརྗེད་དྲན་རྟེན་བཞག༔ དེ་དག་གང་དང་གང་དུ་བསྒྲུབ༔ བར་ཆོད་མི་འབྱུང་དགོས་པ་ཡོད༔ ཁྱད་པར་འདི་སྒྲུབ་གནས་ལ་གསུམ༔ ཐུན་མོང་ཁྱད་པར་གསང་བའི་གནས༔ ཐུན་མོང་འཛམ་གླིང་རྒྱ་བོད་ན༔ ང་ཡིས་བྱིན་བརླབས་གནས་རྣམས་ཀུན༔ དཔའ་བོ་མཁའ་འགྲོས་བདག་བཟུང་བས༔ སྙན་པའི་སྒྲ་བསྒྲགས་ཡོངས་སུ་གྲགས༔ རི་བོའི་རྩེ་ནས་ཆུ་ཀླུང་བར༔ ངེས་མེད་དད་ལྡན་རྣམས་ཀྱིས་མཆོད༔ དེ་དག་རྣམས་སུ་འདི་ཉིད་བསྒྲུབ༔ སྙིང་པོའི་ཁྲག་རླངས་གསུམ་སྒྲུབ་གནས༔ བླ་མའི་སྒྲུབ་གནས་མཆིམས་ཕུ་དང༔ ཡི་དམ་སྒྲུབ་གནས་སེང་གེ་རྫོང༔ མཁའ་འགྲོའི་སྒྲུབ་གནས་ཏི་སྒྲོ་བྲག༔ དེ་ཡང་མཆིམས་ཕུའི་སྦས་ཕུག་དང༔ མོན་ཁ་སྣ་རིང་རྫོང་དབུས་ལ༔ ཏི་སྒྲོའི་སྦས་པ་མེ་འབར་བྲག༔ བྱེ་བྲག་བསྒྲུབ་པར་བྱ་བའི་གནས༔ ཡང་གསང་གནས་སུ་བྱིན་རླབས་གནད༔ ཁྲག་རླངས་སྙན་བརྒྱུད་ས་མ་ཡ༔ མཆིམས་ཕུ་དགེ་གོང་གཡས་གཡོན་ན༔ ཐབས་ཤེས་ཚུལ་དུ་སྦས་ཕུག་གཉིས༔ ཨ་མ་ཧཱུྃ་གིས་ཟབ་རྒྱས་གདབ༔ བུ་མོ་ལུག་ལོ་གྲོགས་སུ་ཁྲིད༔ འབྲེལ་ལྡན་འཁོར་བཅས་བཙལ་བས་རྙེད༔ ཁ་ཆར་བྱུང་ན་དཀར་གསུར་ཐོངས༔ རྙེད་ཚེ་ངོ་མཚར་ལྟས་ཀྱང་འབྱུང༔ ཏི་སྒྲོའི་ཕོ་རི་ཚོགས་ཁང་གི༔ རྡུལ་གྲགས་རྩེ་ལ་ཟབ་གཏེར་ཡོད༔ མོ་རི་རྡུལ་སྟག་ཁས་སྔོན་ན༔ བྱིན་རླབས་ཆུ་མིག་རྣམ་བཞི་ཡོད༔ གསུམ་གབ་གཅིག་སྦས་ཐ་མ་དེ༔ སྐྱེར་ཕུང་བྲེ་གུ་གཅིག་འོག་ཡོད༔ དེ་འཐུང་ཚེ་རིང་དངོས་གྲུབ་ཡོད༔ སྣ་རིང་ཕུག་པ་དབང་དྲག་དབྱིབས༔ དབུས་ན་ད་ལ་ས་སྟེགས་དང༔ ཕུག་ན་གུ་རུའི་ཆོས་ཁྲི་ཡོད༔ ཁ་གསོས་ཡི་དམ་བསྒྲུབ་པར་བསྔགས༔ གསང་གནས་ཌཱ་ཀིའི་མཆོད་རྟེན་དྲུང༔ བསྙེན་སྒྲུབ་བྱ་བ་གནད་ཡིན་ཏེ༔ སྦས་ཕུག་ཤེལ་གྱི་མཆོད་རྟེན་དང༔ མཆིམས་ཕུའི་བྱིན་རླབས་རྡོའི་མཆོད་རྟེན༔ ཏི་སྒྲོའི་ཕོ་རི་མོ་རི་ལ༔ ཕྲིན་ལས་མཆོད་རྟེན་རེ་རེ་ཡོད༔ མོན་ཁ་སྣ་རིང་ཡུལ་གྱི་དབུས༔ ཤ་འུག་སྟག་སྒོའི་ཕུག་པའི་བྱང༔ མཁོན་མཐིང་བ་ཟོའི་མཆོད་རྟེན་དང༔ ལྕགས་ཕུར་ཅན་གྱི་བྲག་ལ་གཅིག༔ མང་ཡུལ་མཚམས་ཀྱི་མཆོད་རྟེན་དང༔ ཟར་བུ་མཆོད་རྟེན་ནག་ཆུང་དང༔ དགེ་རིའི་ལྷོ་ངོས་སྦྲུལ་སྣ་མནན༔ ཨེ་ཡི་ཐང་སྣར་ཕོ་འདྲེ་མནན༔ ཙ་རིའི་ཕོ་བྲང་སྒོ་བཞི་ལ༔ བྱིན་རླབས་མཆོད་རྟེན་རེ་རེ་ཡོད༔ མཚོ་དཀར་དོ་ལ་ཀླུ་འདུལ་གྱི༔ རང་བྱུང་མཆོད་རྟེན་རྩེ་གསུམ་ཡོད༔ སྤུ་རིའི་ཤར་ཕྱོགས་མཆོད་རྟེན་ཟབ༔ ཐང་ལྷའི་ཤར་མགུལ་མཆོད་རྟེན་ནི༔ བྱང་འབྲོག་ཀུན་ལ་གཅེས་པ་ཡིན༔ ཡང་རྫོང་ཕུ་ཡི་མཆོད་རྟེན་དང༔ ཤེལ་བྲག་སྦས་པ་མའི་ཁ་གནོན༔ ཁམས་ཡུལ་སྲིན་མོའི་སྤྱི་བོ་གནོན༔ ཞི་བྱེད་མཆོད་རྟེན་དཀར་པོ་ཡིན༔ ཚ་བའི་མཚོ་སྦུག་མཆོད་རྟེན་ནི༔ དབང་གི་ལས་འགྲུབ་དམར་པོ་ཡིན༔ དེ་སོགས་ཚ་བའི་སྒང་ལ་བདུན༔ སྨད་ཡུལ་ནག་གླེའི་གྲུ་གསུམ་དཀྱིལ༔ ཕྲ་མེན་འདུལ་བའི་མཆོད་རྟེན་དེ༔ དྲག་པོའི་ལས་གྲུབ་ནག་པོ་ཡིན༔ དེ་སོགས་སྨར་ཁམས་སྒང་ལ་བདུན༔ རིན་ཆེན་འོད་འཕྲོའི་མཆོད་རྟེན་དེ༔ རྒྱས་བྱེད་བསོད་ནམས་སྤེལ་བའི་རྟེན༔ སྟོང་ལོ་རིན་ཆེན་སྤུངས་འདྲའི་མདུན༔ ཐང་ཆེན་ཟ་འོག་བཏིང་འདྲའི་དཀྱིལ༔ དེ་སོགས་སྤོ་འབོར་སྒང་ལ་བདུན༔ དེ་ལྟར་སྦས་པའི་མཆོད་རྟེན་རྣམས༔ ཕྱི་རབས་བོད་དུ་ཟབ་རྒྱས་གདབ༔ དུས་མཐར་སྐལ་ལྡན་སྐྱེས་བུ་ཡིས༔ ངོས་བཟུང་བརྡ་བསྟན་འགྲོ་དོན་བྱེད༔ གཙུག་ལག་ཁང་དང་སྒྲུབ་གནས་རྣམས༔ ཕལ་ཆེར་འདོད་ལོག་མང་པོ་ཡིས༔ རྐྱེན་བྱས་གནས་ཀྱི་ནུས་པ་ཉམས༔ འདོད་པས་བདག་བཟུང་འགྲོ་དོན་འགེགས༔ རྒྱ་འདྲེ་དཀོར་བདག་དམ་སྲིས་བཟུང༔ སྦས་ཡུལ་རྣམས་སུ་བགྲོད་མ་ནུས༔ ཌཱ་ཀིའི་སྦས་གནས་བསྟན་པའི་དུས༔ སྒྲུབ་གནས་ཟབ་ཁྱད་སྙིང་གི་ཁྲག༔ དྭངས་མའི་རླངས་འདི་ཡི་གེར་ཐོབ༔ སྐལ་ལྡན་འགྲོ་ཀུན་སྤྱོད་ཕྱིར་སྤོས༔ གདམས་རྫོགས་ཉམས་ལེན་མ་གཏོགས་པ༔ ཀུན་ལ་གསང་བསྒྲགས་བཀའ་ཆད་འབྱུང༔ ཆོས་བདག་སྐྱེས་བུའི་རྟེན་འབྲེལ་དང༔ དུས་མཚུངས་གནས་ཀྱི་བརྡ་སྦྱོར་སྤེལ༔ མཁའ་འགྲོ་ལྔ་དང་ཤུགས་འགྲོ་མས༔ བྱིན་བརླབས་རྩ་བའི་བུ་དགུ་དང༔ གདམས་རྫོགས་རྫས་གཏད་བཞི་བཅུ་དགུ༔ ལེགས་པར་བརྟགས་ལ་བཀའ་རྒྱས་བཏབ༔ ཀུན་ལ་སྣ་རེའི་འབྲེལ་པ་སྦྱིན༔ ཐབས་མཁས་འགྲོ་བའི་དོན་བརྩོན་བྱ༔ འབྲེལ་ཚད་དོན་ལྡན་ཟབ་གནད་ཡིན༔ མཁའ་སྤྱོད་གྲུབ་པའི་རྫུ་འཕྲུལ་ལ༔ བརྟེན་ནས་ཁྲག་རླངས་འདི་བསྟན་ཕྱིར༔ ཀུན་ལས་ཁྱད་འཕགས་ངོ་མཚར་ཆེ༔ དཔའ་བོ་མཁའ་འགྲོའི་རྫུ་འཕྲུལ་གྱིས༔ བྱིན་བརླབས་གནད་ཀྱི་རྟེན་འབྲེལ་འཛོམ༔ གཞན་བས་འདི་ཉིད་སྒྲུབ་ཐག་ཉེ༔ པདྨ་ང་ཡི་སྙིང་ཁྲག་གི༔ དྭངས་མའི་རླངས་འཕྱང་རྩ་བ་གསུམ༔ སྙིང་པོར་བསྒྲིལ་བའི་མདོ་དོན་གྱི༔ རྨད་བྱུང་སྒྲུབ་ཐབས་ཟབ་མོ་ཡིན༔ མཁའ་འགྲོའི་སྤྲུལ་པ་མཚོ་རྒྱལ་མས༔ མཁའ་སྤྱོད་བྷནྡྷའི་ཆོས་ཡོན་ཕུལ༔ རྟེན་འབྲེལ་གནད་ཀྱི་འདི་སྒྲུབ་ཀུན༔ གྲུབ་རྟགས་སྟོན་པ་མང་དུ་འབྱུང༔ དཔའ་བོ་མཁའ་འགྲོས་ཚོགས་མཆོད་ཕུལ༔ འདི་སྒྲུབ་ཕོངས་པར་ག་ལ་སྲིད༔ དད་ལྡན་རྗེ་འབངས་གྲོགས་གསུམ་གྱིས༔ ཉམས་བླངས་བཀའ་བརྒྱུད་མཐའ་རྒྱས་འགྱུར༔ སྒྲུབ་ཐབས་དབུ་ལས་ཇི་ལྟར་བཤད་པ་ཟུར་དུ་བྲིས་པ། འཇོད་ས་གསེར་གངས་རིའི་འདབས་སྦས་ཕུག་ཤེལ་དཀར་མཆོད་རྟེན་དཀར་ཆུང་གི་གསང་གཏེར་ནས་མཁའ་འགྲོ་ཕྲིན་ལས་ཡོངས་གྲུབ་རྩལ་གྱིས་སྤྱན་དྲངས་པའོ།། ༈ མ་རྒྱུད་སྙིང་པོ་དོན་གསུམ་གྱི་བླ་མ་ཕྱི་ལྟར་གསོལ་འདེབས་ཀྱི་སྒོ་ནས་བསྙེན་པ་བཞུགས་སོ༔ གུ་རུའི་ཐུགས་ཀྱི་ཁྲག་རླངས་ཀྱི༔ ཕྱི་ལྟར་གསོལ་འདེབས་བསྙེན་པའི་ཐབས༔ བྱིན་རླབས་རིན་ཆེན་རྒྱུད་དག་ལ༔ མིག་ཕོར་གང་གི་ཞིང་ཁམས་ཚད༔ ཁྱོན་དུ་རྫོགས་པ་གུ་རུའི་སྐུ༔ དུས་བཟང་ཡར་ངོའི་ཚེས་བཅུ་ལ༔ གུས་པས་བྲིས་སམ་འབུར་དོད་བཞེངས༔ བསྙེན་སྒྲུབ་དཀྱིལ་འཁོར་གཏོར་སྟེང་བཀོད༔ བསྐྱེད་བསྟིམ་འཛབ་བཟླས་ཚོགས་འཁོར་དབུལ༔ རྟེན་འབྲེལ་སྙིང་པོས་རབ་གནས་བྱ༔ ཞི་ཁྲོ་བདེ་གཤེགས་ཀུན་འདུས་པ༔ གུ་རུ་དངོས་སུ་མོས་འདུན་བསྐྱེད༔ ཐུགས་ཀར་དམིགས་པ་རྩེ་གཅིག་གཏད༔ སྣང་ཡུལ་གསལ་བ་དེ་ཇི་བཞིན༔ རྣམ་སྨིན་བག་ཆགས་སྒྱུ་ལུས་ཀྱི༔ སྤྱི་བོའི་གཙུག་ཏུ་ཨོ་རྒྱན་རྗེ༔ མ་ཧཱ་གུ་རུ་ཐོད་ཕྲེང་རྩལ༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་ཀྱིས༔ གསེར་གྱི་རྡོ་རྗེ་རྩེ་ལྔ་དང༔ བདུད་རྩི་རིན་ཆེན་ཐོད་པ་བསྣམས༔ ན་བཟའ་དར་ནག་གསང་གོས་དང༔ བེར་སྨུག་མན་ཏྲིའི་ཆོས་གོས་དམར༔ སྙན་ཞུ་སྒྲོ་དར་མེ་ལོང་བརྒྱན༔ གྲི་ཁུག་གཡོན་པར་ཁ་ཊཱཾ་ག༔ ཉི་ཟླ་པད་སྟེང་འོད་ཁྱིམ་བཞུགས༔ སྐུ་གསུང་ཐུགས་ལ་ཨོཾ་ཨཱཿཧཱུྃ༔ དཀར་དམར་མཐིང་འོད་འབར་བར་བསྒོམ༔ གདུང་ཤུགས་བསྐྱེད་ལ་འདི་སྐད་དུ༔ ཨེ་མ་ཧོ༔ འགྲོ་བའི་དཔལ་མགོན་ཐུགས་རྗེ་ཅན༔ སྐུ་གསུམ་སངས་རྒྱས་བླ་མ་མཆོག༔ རྡོ་རྗེ་ཐོད་ཕྲེང་རྩལ་ཉིད་ལ༔ མོས་གུས་གདུང་བས་གསོལ་བ་འདེབས༔ བདག་དང་སེམས་ཅན་ཐམས་ཅད་ཀྱི༔ ལས་ཀྱི་སྡིག་སྒྲིབ་ཉེས་བྱས་ཀུན༔ བྱང་ཞིང་དག་པར་མཛད་དུ་གསོལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ ཞེས་པ་བུང་བ་ཚང་ཚོལ་ལྟར༔ སྙན་པའི་དབྱངས་ཀྱིས་གསོལ་བ་བཏབ༔ ཕྱག་གཡོན་ཐོད་པའི་བདུད་རྩི་ཁོལ༔ འོ་མའི་རྒྱུན་ལྟར་སྐྱ་ནར་གྱིས༔ སྤྱི་གཙུག་ཚངས་པའི་བུ་གར་བབས༔ ལུས་ངག་ཡིད་གསུམ་སྡིག་སྒྲིབ་ཀུན༔ སེན་བར་བ་སྤུའི་བུ་ག་དང༔ རྐང་པའི་མཐིལ་ནས་ནག་འདུར་སོང༔ ཤེལ་སྒོང་ལྟ་བུར་གསལ་བའི་ལུས༔ ཁོག་པ་བདུད་རྩིས་སྐྱ་མེར་ཁེངས༔ རང་རྒྱུད་བྱིན་གྱིས་བརླབས་པར་བསྒོམ༔ མ་བཅོས་ངང་ལ་མཉམ་པར་གཞག༔ ཐུན་མཚམས་དམ་རྫས་རིལ་བུ་མྱང༔ ཉམས་ཆག་སྐོང་ཞིང་དབང་རྫོགས་འགྱུར༔ ཞག་བདུན་བསྒྲུབས་པས་ཞལ་མཐོང་འགྲུབ༔ ཁྲག་རླངས་མེ་རི་འབར་བའི་རྒྱ༔ ཙིཏྟ་ས་མ་ཡ་རྒྱ༔ འཇོད་ས་གསེར་གངས་རིའི་འདབས་སྦས་ཕུག་ཤེལ་དཀར་མཆོད་རྟེན་དཀར་ཆུང་གི་གསང་གཏེར་ནས་མཁའ་འགྲོ་ཕྲིན་ལས་ཡོངས་གྲུབ་རྩལ་གྱིས་སྤྱན་དྲངས་པའོ།། ༈ མ་རྒྱུད་ཁྲག་རླངས་སྙིང་པོ་དོན་གསུམ་གྱི་བླ་མ་ནང་ལྟར་ཕྱག་གི་སྒོ་ནས་ཉེ་བར་བསྙེན་པ་བཞུགས༔ གུ་རུའི་ཐུགས་ཀྱི་ཁྲག་རླངས་ཀྱི༔ ཕྱི་སྒྲུབ་སྐུ་དང་ལྷན་ཅིག་ཏུ༔ བླ་དཔེ་སོར་ཚད་དགུ་པ་འམ༔ ཤོག་དྲིལ་གསུམ་ལ་རྫོགས་པར་བཞེངས༔ དེ་ཉིད་མཆོད་པའི་ཡུལ་དུ་བཀོད༔ ནང་སྒྲུབ་ཕྱག་གིས་ཉེ་བར་བསྙེན༔ དམིགས་པའི་རྟེན་གྱི་ཐོད་ཕྲེང་རྩལ༔ རྗེས་ཆགས་དམར་བའི་མདངས་ལྡན་པར༔ འདུན་པས་བསྒྱུར་ཅིང་ལྟ་སྟངས་གཏད༔ དེ་ལས་དེ་འདྲ་མང་དུ་འཕེལ༔ རང་གི་སྤྱི་གཙུག་མགྲིན་པར་བྱོན༔ མཁའ་ལ་གཟའ་སྐར་བཀྲ་བ་བཞིན༔ མིག་ཡུལ་སྣང་ཚད་གུ་རུའི་སྐུ༔ ཝལ་ཝལ་བསྒོམ་ཞིང་འགྱུ་རྟོག་བསྐྱང༔ ཐོལ་སྐྱེས་ལྷ་ཤར་གུ་རུ་རྗེ༔ མ་བཅོས་མ་ཡེངས་དེར་གསལ་བས༔ ལྟ་ཞིང་འཇོག་པ་ཐུན་དུ་བཅད༔ འཛིན་མེད་རབ་འབྱམས་ཞིང་ཁམས་ལ༔ དང་བའི་ཡིད་ཀྱིས་གུས་ཕྱག་འཚལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་ན་མོ༔ ཀུན་ཏུ་བཟང་པོ་ཐུགས་རྗེས་ཀུན་ཏུ་ཁྱབ་ལ་ཕྱག་འཚལ་ལོ༔ དཀོན་མཆོག་གསུམ་པོ་ཀུན་གྱི་སྐྱབས་གནས་ཡུལ་ལ་ཕྱག་འཚལ་ལོ༔ པདྨ་འབྱུང་གནས་སྤྲུལ་པ་ཕྱོགས་བཅུར་འགྱེད་ལ་ཕྱག་འཚལ་ལོ༔ རིགས་གསུམ་མགོན་པོ་བར་ཆད་ཀུན་ནས་སེལ་ལ༴ མཁའ་འགྲོ་མ་ཚོགས་དངོས་གྲུབ་ཆར་ལྟར་འབེབས་ལ༴ ཆོས་སྐྱོང་སྲུང་མ་གནོད་བྱེད་དགྲ་བགེགས་འདུལ་ལ༴ རང་ལུས་གྲངས་མེད་སྤྲུལ་བྱས་ལ༔ དུབ་པར་གྱུར་ཚེ་གོང་བཞིན་དུ༔ གསལ་སྟོང་ངང་ལ་མཉམ་པར་གཞག༔ ཐུན་མཚམས་སྣང་ཡུལ་རང་ལ་བསྟིམ༔ རིལ་བུ་མིད་ལ་དངོས་གྲུབ་ཞུ༔ གསུང་རྟེན་གླེགས་བམ་ལུས་ལ་བཅང༔ གསང་སྒྲུབ་ཞག་བདུན་འདི་བས་གཞན༔ ལོ་ཟླར་འབད་ལས་ཁྱད་པར་འཕགས༔ ཁྲག་རླངས་མེ་རི་འབར་བའི་རྒྱ༔ ཙིཏྟ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ འཇོད་ས་གསེར་གངས་རིའི་འདབས་སྦས་ཕུག་ཤེལ་དཀར་མཆོད་རྟེན་དཀར་ཆུང་གི་གསང་གཏེར་ནས་མཁའ་འགྲོ་ཕྲིན་ལས་ཡོངས་གྲུབ་རྩལ་གྱིས་སྤྱན་དྲངས་པའོ།། ༈ མ་རྒྱུད་ཁྲག་རླངས་སྙིང་པོ་དོན་གསུམ་གྱི་བླ་མ་གསང་བ་ལྟར་འཛབ་ཀྱི་སྒོ་ནས་སྒྲུབ་ཐབས་བཞུགས་སོ༔ གུ་རུའི་ཐུགས་ཀྱི་ཁྲག་རླངས་ཀྱི༔ གསང་བ་འཛབ་ཀྱི་སྒྲུབ་པ་ནི༔ ཕྱི་ནང་རྟེན་དང་ལྷན་ཅིག་ཏུ༔ ཐུགས་ཀྱི་ཁྲག་རླངས་འཁོར་ལོ་ལྔ༔ བླ་དཔེའི་ནང་དུ་རིམ་པར་བཀོད༔ རྣལ་འབྱོར་རང་བྱུང་གསང་བའི་ཁྲག༔ མཚན་ལྡན་གཟུངས་མའི་པདྨའི་ཁྲག༔ ཕྱི་རོལ་འབྱུང་བ་དྭངས་མའི་ཁྲག༔ སྒྲུབ་པའི་དམ་རྫས་བདུད་རྩིར་བཅས༔ རྟེན་ལ་མཆོད་ཕྱིར་བྱུག་པ་དབུལ༔ གུ་རུ་དབང་གི་མདོག་ལྡན་སྐུ༔ དངོས་སུ་མོས་ལ་གུས་ཕྱག་འཚལ༔ དཀྱིལ་འཁོར་དབུས་ནས་སྤྱི་གཙུག་གནོན༔ གསོལ་བཏབ་བདུད་རྩིའི་ཆུ་རྒྱུན་གྱིས༔ སྙིང་གི་པདྨོ་ཁ་བྱེ་བའི༔ དབུས་སུ་སྐད་ཅིག་ཉིད་ལ་བྱོན༔ སྐུ་གསུང་ཐུགས་ནས་འོད་ཟེར་གྱིས༔ ལུས་ངག་ཡིད་གསུམ་སྡིག་སྒྲིབ་སྦྱངས༔ དག་པ་གསུམ་ལྡན་ངང་ཉིད་ལས༔ ཐུགས་རླངས་སྙིང་པོ་ཞག་བདུན་བཟླ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་འདུ༔ རང་ལས་བྱུང་བའི་འདོད་ཡོན་གྱི༔ ལྷ་དང་ལྷ་མོས་མཆོད་པར་བསམ༔ རིལ་བུ་བརྟེན་ཅིང་ཟ་ཚོགས་རོལ༔ རྟེན་ལ་ཁྲུས་གསོལ་དངོས་གྲུབ་བླང༔ ནང་དུ་བཏུང་བས་སྡིག་སྒྲིབ་སྦྱོང༔ སྨིན་ཕྲག་བྱུགས་པས་ཉམས་གྲིབ་ཐུབ༔ ཙཀྲའི་འགྲོ་དོན་ཕྲིན་ལས་སྤེལ༔ སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས་གསུམ༔ ཉམས་རྟགས་ཚད་ལ་ཕེབས་པར་བསྒྲུབ༔ ངེས་ཤེས་ནང་ནས་སྐྱེ་བར་འགྱུར༔ རང་གིས་མ་བསྒྲུབས་གཞན་ལ་སྤེལ༔ བྱིན་གྱིས་མི་བརླབ་བཀའ་ཆད་འབྱུང༔ མཁའ་འགྲོའི་བྱིན་རླབས་ལུང་བསྟན་ཐོབ༔ དུས་མཐར་འགྲོ་དོན་ཕྲིན་ལས་འགྲུབ༔ ངོམ་ལ་མ་རྔམས་དམ་པར་ཆོངས༔ ཁྲག་རླངས་མེ་རི་འབར་བའི་རྒྱ༔ ཙིཏྟ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ འཇོད་ས་གསེར་གངས་རིའི་འདབས་སྦས་ཕུག་ཤེལ་དཀར་མཆོད་རྟེན་དཀར་ཆུང་གི་གསང་གཏེར་ནས་མཁའ་འགྲོ་ཕྲིན་ལས་ཡོངས་གྲུབ་རྩལ་གྱིས་སྤྱན་དྲངས་པའོ།། ༈ མ་རྒྱུད་ཁྲག་རླངས་སྙིང་པོ་དོན་གསུམ་གྱི་བླ་མ་དེ་ཁོ་ན་ཉིད་དུ་དྲིལ་ཏེ་སྒྲུབ་ཐབས་བཞུགས་སོ༔ གུ་རུའི་ཐུགས་ཀྱི་ཁྲག་རླངས་ཀྱི༔ བླ་མ་ཡོངས་རྫོགས་ཆིག་དྲིལ་དུ༔ འདི་ཉིད་ཁོ་ནར་སྒྲུབ་ཐབས་རྫས༔ ཕྱི་ནང་གསང་བར་བཤད་བཞིན་དང༔ ཁྱད་པར་མེ་ལོང་མིག་ཕོར་ཚད༔ དུང་གསེར་ཙནྡན་གཡུ་རྣམས་ལ༔ རྡོ་རྗེ་རིན་ཆེན་པདྨ་དང༔ རལ་གྲིའི་གཟུགས་རྣམས་ཁུ་བས་བྲི༔ རིན་ཆེན་འབྲུ་སྨན་སྙིང་པོ་དྲི༔ ལྔ་ལྡན་དར་སྣའི་ཐུམ་བུར་བཅས༔ མཚན་ལྡན་ཐོད་པའི་ནང་དུ་བཀོད༔ དུག་དབྱུང་ཁ་སྦྱོར་རླུང་བཟུང་ཞིང༔ དེ་རྗེས་སྐད་ཅིག་དཀྲོང་བསྐྱེད་དེ༔ མཚོ་སྟེང་པད་སྡོང་ཟླ་བ་དང༔ ཉི་མའི་གདན་ལ་བདག་ཉིད་ནི༔ གུ་རུ་པདྨ་འབྱུང་གནས་བསྒོམ༔ མདོག་དཀར་ཤ་རྒྱས་ལང་ཚོ་ཅན༔ སྐྱོན་གྱིས་མ་གོས་རང་བྱུང་སྐུ༔ ཞལ་གཅིག་སྙན་ཞུ་གཟི་བརྗིད་ལྡན༔ རྩེ་ལ་བྱ་རྒྱལ་རྒོད་སྒྲོས་བརྒྱན༔ ཐེག་ཆེན་ཨ་ཏིའི་དགོངས་པ་སྟོན༔ ཆོས་གོས་གསེར་གྱི་ཧ་ལོ་རིས༔ འགྲོ་ཀུན་དབང་སྡུད་ཐར་ལམ་འདྲེན༔ རྡོ་རྗེ་སྡིགས་མཛུབ་མཁའ་ལ་ཕྱར༔ སྐྱེ་མེད་དོན་རྟོགས་ལོག་འདྲེན་གཟིར༔ ཐོད་པ་རིན་ཆེན་བདུད་རྩིས་གཏམས༔ སྒྲུབ་ལ་དགོས་འདོད་ཆར་ལྟར་འབེབས༔ རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཞལ་འཛུམ་སྤྱན་མིག་དྲག་པོར་གཟིགས༔ གང་འདུལ་ཕྲིན་ལས་སྣ་ཚོགས་འགྱེད༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ རྒྱལ་ཚབ་སྤྲུལ་སྐུ་འགྲོ་བའི་མགོན༔ དབང་བསྐུར་རྡོ་རྗེ་ཐོད་ཕྲེང་རྩལ༔ སྐུ་གསུང་ཐུགས་སྲོག་ཧཱུྃ་ཡིག་ལས༔ འོད་འཕྲོས་ལྷོ་ནུབ་ཨོ་རྒྱན་ནས༔ རང་འདྲའི་ཡེ་ཤེས་སྤྱན་དྲངས་བསྟིམས༔ འབྱུང་འཇུག་གནས་གསུམ་བྱེད་པ་ལྟར༔ བདག་གཞན་འགྲོ་དོན་དགོངས་པ་བསྐྱང༔ ཆུ་བོའི་རྒྱུན་ལྟར་གསང་སྔགས་བཟླ༔ ཨོཾ་ཨཱཿཧཱུྃ་ཧཱུྃ་ཧཱུྃ་འདུ་ཛ་ལྷན༔ ཨ་ནྲྀ་སུ་ཏྲི་ལྷན༔ གྲངས་མེད་ཞག་བདུན་དག་ཏུ་འགྲུབ༔ ཁྲག་རླངས་མེ་རི་འབར་བའི་རྒྱ༔ ཙིཏྟ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ འཇོད་ས་གསེར་གངས་རིའི་འདབས་སྦས་ཕུག་ཤེས་དཀར་མཆོད་རྟེན་དཀར་ཆུང་གི་གསང་གཏེར་ནས་མཁའ་འགྲོ་ཕྲིན་ལས་ཡོངས་གྲུབ་རྩལ་གྱིས་སྤྱན་དྲངས་པའོ།། ༈ མཆོད་པའི་ལས་རིམ་བཞུགས༔ གུ་རུ་རྗེ་བཙུན་སྤྲུལ་པའི་སྐུ༔ བདེ་གཤེགས་ཀུན་འདུས་ཕུར་པའི་ལྷ༔ ལས་ཀྱི་དབང་ཆེན་མཁའ་འགྲོ་མ༔ སྙིང་པོ་གསུམ་ལ་སྐྱབས་སུ་མཆི༔ འགྲོ་དོན་བྱང་ཆུབ་སེམས་བསྐྱེད་ནས༔ རྩ་བ་གསུམ་གྱི་དཀྱིལ་འཁོར་བསྒྲུབ༔ སྙིང་ཁྲག་དྭངས་མ་རྣམ་གསུམ་ལ༔ སྐྱབས་སོང་མཆོད་པའི་ལས་རིམ་བཟུང༔ གསང་བའི་རྔ་ཆུང་ཅང་ཏེ་འུ༔ དྲིལ་བུ་གཡེར་ཁ་རྐང་ཆེན་དུང༔ བྱ་རྒོད་དར་མའི་དཔུང་རྐང་ལ༔ དམར་སེར་བ་མེན་རྭ་ཤམ་སྦྱར༔ མཁའ་འགྲོ་འགྱིང་གླུའི་དབྱངས་ལ་བསྐྱོན༔ དང་པོ་གནས་རྫས་བདག་བྱིན་བརླབ༔ ཨོཾ་ཆོས་དབྱིངས་འགྱུར་མེད་རྡོ་རྗེའི་སྐུ༔ ཨཱཿརང་བྱུང་སངས་རྒྱས་པདྨའི་བཀའ༔ ཧཱུྃ་རིག་པ་རྩ་གསུམ་ཀུན་ཏུ་བཟང༔ ཧོཿདབྱེར་མེད་ངང་དུ་ཕྱག་འཚལ་ལོ༔ སིདྡྷི་ཕ་ལ་བདག་སྐལ་བཟང༔ མ་ཟླ་གམ་དམར་པོ་རཀྟའི་ཀློང༔ ལས་ཀྱི་མཁའ་འགྲོ་དབང་མོ་ཆེ༔ མ་ཚོགས་འབུམ་སྡེའི་འཁོར་དང་བཅས༔ འདིར་གཤེགས་བྱིན་ཕོབ་དབང་སྐུར་ཅིག༔ ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་དབུས༔ དཔལ་ཆེན་བཛྲ་ཀུ་མཱ་ར༔ ཁྲོས་པ་ཆེན་པོ་འཁོར་དང་བཅས༔ འདིར་གཤེགས་བྱིན་ཕོབ་དབང་སྐུར་ཅིག༔ ཨཱཿརྔ་ཡབ་གླིང་ཕྲན་སྲིན་པོའི་ཡུལ༔ ཟངས་མདོག་དཔལ་རིའི་གཞལ་ཡས་ནས༔ དཔལ་ཆེན་ཐུགས་སྤྲུལ་གུ་རུ་པདྨ༔ དཔའ་བོ་མཁའ་འགྲོའི་འཁོར་དང་བཅས༔ འདིར་གཤེགས་བྱིན་ཕོབ་དབང་སྐུར་ཅིག༔ མོན་ཁ་སྣ་རིང་སེང་གེ་རྫོང༔ མཁའ་འགྲོ་རྫུ་འཕྲུལ་ཕུག་པ་ནས༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ༔ བཀའ་ཉན་མ་མོ་ཤུགས་སྒྲོལ་མ༔ འདིར་གཤེགས་བྱིན་ཕོབ་དབང་སྐུར་ཅིག༔ བླ་མའི་བྱིན་རླབས་ཡིད་བཞིན་ནོར༔ བདེ་ཆེན་ཐིག་ལེ་ཀྱི་ལི་ལི༔ ཡི་དམ་དངོས་གྲུབ་རྨད་བྱུང་ཆེ༔ སྒྲ་དང་དབྱངས་སུ་འུ་རུ་རུ༔ མཐུ་རྩལ་མཁའ་འགྲོས་བར་ཆོད་སོལ༔ འཇའ་དང་འོད་དུ་ཡ་ལ་ལ༔ དག་པ་འཕྲུལ་གྱི་གཞལ་ཡས་ཁང༔ ལྔ་ལྡན་ཚོམ་བུར་ཤིགས་སེ་ཤིག༔ འདིར་གཤེགས་བྱིན་ཕོབ་དབང་སྐུར་ཅིག༔ འཇིག་རྟེན་ཕུང་ཁམས་རྣམ་དག་དལ༔ དབང་དྲག་རྒྱ་མདུད་གཞལ་ཡས་ཁང༔ ཕོ་བྲང་དབུས་ཀྱི་ལྟེ་བ་རུ༔ པདྨ་ཉི་ཟླ་རུ་དྲའི་སྟེང༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ༔ མཐིང་ནག་རབ་ཁྲོས་ཞལ་གཅིག་པ༔ ཕྱག་གཉིས་རི་རབ་ཕུར་པ་བསྒྲིལ༔ ལྟོ་བ་རྒྱ་མདུད་ཆུ་སྲིན་ཁ༔ སྐུ་སྨད་ཟུར་གསུམ་ཕུར་པའི་དབལ༔ ཐོད་སྐམ་རིན་ཆེན་སྦྲུལ་གྱིས་བརྒྱན༔ ཆས་རྫོགས་རྡོ་རྗེ་རིན་ཆེན་གཤོག༔ ཡེ་ཤེས་མེ་རི་འབར་བའི་དབུས༔ རང་བྱུང་རིག་པའི་དབྱིངས་ལས་ཤར༔ ཐུགས་ཀར་ལས་ཀྱི་དབང་མོ་ཆེ༔ དབྱིངས་ཀྱི་མ་མོ་གསང་བའི་ཡུམ༔ ནག་མོ་གཡུ་སྨིན་དུང་གི་སོ༔ རྡོ་རྗེ་ཐོད་པ་ཡུངས་ཀར་ཐུན༔ སྐུ་ལ་དངུལ་གྱི་ལ་འུ་ཅན༔ ཁམས་གསུམ་ཟིལ་གནོན་འོད་ཟེར་འཕྲོ༔ བདེ་ཆེན་ཚངས་པའི་བུ་གའི་སྟེང༔ གུ་རུ་པདྨ་འབྱུང་གནས་ཉིད༔ སྐུ་མདོག་དཀར་དམར་ཞི་མ་ཁྲོ༔ རྡོ་རྗེ་བདུད་རྩིའི་ཐོད་པ་བསྣམས༔ སྙན་ཞུ་བེར་ཕོད་ཆོས་གོས་གསོལ༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ རྡོ་རྗེ་རིན་ཆེན་པདྨ་ལས༔ གིང་ཆེན་བཞི་དང་མཉམ་པར་སྦྱོར༔ སྒོ་བཞིར་རྟ་ཕག་སེང་སྤྱང་གདོང༔ ཕྱི་རོལ་རྒྱལ་ཆེན་བཞི་ཡིས་སྲུང༔ རིན་ཆེན་རི་བོ་དཔག་བསམ་ཤིང༔ འདོད་འཇོའི་བ་དང་མ་རྨོས་ལོ༔ གཏེར་བུམ་གསང་བའི་ལྷ་རྣམས་སྔོ༔ མཆོག་ཐུན་དངོས་གྲུབ་འབྱུང་བའི་ཞིང༔ ཕྱི་ནང་གསང་བ་དེ་ཁོ་ན༔ ཉི་ཤུ་རྩ་ལྔའི་གཙོ་དང་འཁོར༔ རང་བྱུང་ལྷུན་གྲུབ་ངོ་བོ་ཉིད༔ རྩ་བ་གསུམ་གྱི་ལྷ་རུ་ཤར༔ ཧཱུྃ༔ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ མཚོན་གང་ཐིག་ལེ་འབར་བའི་འོད༔ ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར༔ སྲོག་གི་གོ་རུ་ཤར་བ་དེ༔ སྙིང་གི་དཀྱིལ་དུ་བསྒོམ་པར་བྱ༔ ཛཿརྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲོག་ལ་དབང་བསྐུར་ཡེ་ཤེས་སེམས༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཕྲིན་ལས་མཁའ་འགྲོ་གྲུབ་པར་མཛོད༔ ཨོཾ༔ ཐབས་ཀྱིས་སྤྱོད་པའི་འགྲོ་དོན་དུ༔ མ་ཚོགས་ཡུམ་དང་གཉིས་མེད་པས༔ ཀུན་བཟང་མཆོད་སྤྲིན་བདེ་བ་ཆེ༔ ཕྱོགས་བཅུ་ནམ་མཁའི་མཐར་སྤྲོས་ནས༔ འཛད་མེད་གཏེར་གྱི་མཆོད་པར་འབུལ༔ མ་ཏྲཾ་རུ་ཏྲ་པྲ་ཝེ་ཤ་མཱ་ར་ཡ་རྦད༔ སྙིང་རྗེས་བསྒྲལ་བར་བྱ་བའི་ཞིང༔ འོད་ཟེར་སྤྲོ་བསྡུའི་སྦྱོར་བ་ནི༔ འབད་རྩོལ་མེད་པར་འགྲོ་དོན་བྱེད༔ འཛབ་བཟླས་མཆོད་པ་ཆུ་བོའི་རྒྱུན༔ དྭངས་མ་གསུམ་གྱིས་ཐུགས་དམ་བསྐང༔ འགྲོ་ཀུན་དོན་མཛད་ཨོ་རྒྱན་རྗེ༔ དཔལ་ཆེན་སྤྲུལ་པ་ཐོད་ཕྲེང་རྩལ༔ གང་འདུལ་སྐུར་སྟོན་རིན་པོ་ཆེ༔ ཡིད་བཞིན་རེ་འདོད་སྐོང་ལ་བསྟོད༔ དཱིཔྟ་ཙཀྲ་ཕུར་པའི་ལྷ༔ མཐིང་ནག་གཅེར་བུ་རལ་ག་ཅན༔ འབར་བའི་ཕྲེང་བ་འཁྲིགས་པའི་འོད༔ བཛྲ་ཀུ་མཱ་ར་ལ་བསྟོད༔ ཉག་གཅིག་ཐིག་ལེ་ཆོས་ཀྱི་སྐུ༔ སྤྲོས་བྲལ་ཀུན་ཏུ་བཟང་མོའི་མཁའ༔ མཚན་ལྔ་ཐུགས་རྗེས་འགྲོ་དོན་མཛད༔ ལས་ཀྱི་དབང་མོ་ཆེ་ལ་བསྟོད༔ སྣང་སྲིད་སྣོད་བཅུད་རྣམ་དག་ལ༔ ཚོམ་བུར་བཅས་པའི་དཀྱིལ་འཁོར་ནི༔ མ་འདྲེས་གསལ་བའི་འོད་པོ་ཆེ༔ ཀུན་བཟང་ཡངས་པའི་ཀློང་ལ་བསྟོད༔ དབང་བསྐུར་ཚོགས་མཆོད་འདོན་པ་བསྒྱུར༔ བསྐང་བསྟོད་ལས་ཀྱི་རིམ་པ་ཟབ་བོ༔ ཙིཏྟ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ བསྙེན་སྒྲུབ་རྟགས་མཐོང་དྲོད་ཚད་བཞུགས་སོ༔ བསྙེན་སྒྲུབ་རྟགས་མཐོང་དྲོད་ཚད་ཐོབ༔ རང་ངམ་དད་ལྡན་སློབ་བུ་ཉིད༔ སྨིན་བྱེད་བྱིན་རླབས་སྙིང་གི་ཁྲག༔ དབང་བསྐུར་དྭངས་མ་ཐིག་ལེའི་རྒྱ༔ དང་པོར་སྤྱི་འབྱམས་གསུམ་བསྒྲིལ་དབང༔ རྒྱས་པར་བསྐུར་བའི་ཐབས་བསྟན་པ༔ མཚན་ལྡན་ཐོད་པ་བདུད་རྩིའི་གང༔ ཕྱག་འཚལ་དབང་གི་ཡོན་དུ་འབུལ༔ གུས་པས་གསོལ་བ་འདི་སྐད་གདབ༔ དཔལ་ཆེན་སྤྲུལ་པ་གུ་རུ་རྗེ༔ མཐའ་མེད་འཁོར་བའི་རྒྱ་མཚོ་ནས༔ བདག་ཅག་ཐུགས་རྗེས་དྲང་དུ་གསོལ༔ རིག་རྩལ་དོན་གྱི་དབང་བསྐུར་ཞུ༔ ཞེས་ཞུ་གནང་བ་སྦྱིན་པ་ནི༔ སྔོན་ཆད་ལམ་ལོག་འཁོར་བར་འཁྱམས༔ ཐེག་མཆོག་ཟབ་མོ་འདིར་འཇུག་ན༔ བུ་ཁྱོད་རྩོལ་སེམས་མ་ཆུང་བར༔ རྩ་གསུམ་ལྷ་ལ་གསོལ་བ་ཐོབ༔ ཨེ་མ་ཧོ༔ འགྲོ་བའི་དཔལ་མགོན་ཐུགས་རྗེ་ཅན༔ སྐུ་གསུམ་སངས་རྒྱས་བླ་མ་མཆོག༔ གུ་རུ་པདྨ་འབྱུང་གནས་ལ༔ མོས་གུས་གདུང་བས་གསོལ་བ་འདེབས༔ དཔལ་ཆེན་ཁྲག་འཐུང་དཀྱིལ་འཁོར་གཙོ༔ དཱིཔྟ་ཙཀྲ་ཕུར་པའི་ལྷ༔ ཡི་དམ་རྡོ་རྗེ་གཞོན་ནུ་ལ༔ མོས་གུས་གདུང་བས་གསོལ་བ་འདེབས༔ དབྱིངས་ཀྱི་ཡུམ་ཆེན་བདུད་འདུལ་མ༔ ཕྲིན་ལས་དྲག་པོའི་སྐུར་སྤྲུལ་པ༔ མཁའ་འགྲོ་ལས་ཀྱི་དབང་ཆེན་ལ༔ མོས་གུས་གདུང་བས་གསོལ་བ་འདེབས༔ ལས་རིམ་བཞིན་དུ་བྱིན་དབབ་དང༔ བསྐྱེད་བསྟིམ་ཆོ་ག་རྫོགས་པར་བྱ༔ དཔལ་ལྡན་སློབ་མའི་སྣོད་བརྟགས་ལ༔ ཕྱི་ནང་གསང་བའི་དཀྱིལ་འཁོར་རྣམས༔ ཐུགས་རླངས་ཁྲག་ཡིག་བཞིན་དུ་བསྟན༔ དང་པོར་གཏོར་མ་སྤྱི་བོར་བཞག༔ ཧྲཱི༔ དུས་གསུམ་དུས་མེད་སྟོན་པའི་མཆོག༔ གུ་རུ་པདྨ་འབྱུང་གནས་ནི༔ སྤྱི་གཙུག་འབྲལ་བ་མེད་པར་སྒོམས༔ གུ་རུ་མ་ཎི་རཏྣ་ཨ་བྷི་ཥིཉྩ་ཨོཾ༔ ཕྱི་ནང་གསང་བའི་མངོན་རྟོགས་བསྟན༔ ཧྲཱི༔ དུས་གསུམ་དུས་མེད་སྟོན་པའི་མཆོག༔ གུ་རུ་པདྨ་འབྱུང་གནས་ཀྱི༔ སྙིང་པོ་སྔགས་འདི་འཛབ་ཏུ་ཟློས༔ གུ་རུ་མཎྜ་ལ་ཨ་བྷི་ཥིཉྩ་ཨཱ༔ སྙིང་པོ་སྔགས་ཀྱི་འཛབ་ལུང་འབོག༔ ཧྲཱི༔ དུས་གསུམ་དུས་མེད་སྟོན་པའི་མཆོག༔ ཐུགས་ཀྱི་གསང་ཆེན་རྟོགས་འདོད་ན༔ སྦས་པ་གསུམ་གྱི་དཀྱིལ་འཁོར་ལྟོས༔ གུ་རུ་བཛྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྩ་གསུམ་སྒྲུབ་པའི་དམ་རྫས་སྦྱིན༔ སྱ་མྱ་ཡྱ༔ གཉིས་པ་ཕུར་བུ་སྙིང་ཁར་གཏད༔ ཧཱུྃ༔ ཁྲག་འཐུང་དཀྱིལ་འཁོར་འདུས་པའི་གཙོ༔ ཡི་དམ་རྡོ་རྗེ་གཞོན་ནུའི་སྐུ༔ རང་ལུས་དབྱེར་མེད་གསལ་བར་བསྒོམ༔ གུ་གུལ་རྫས་ཀྱིས་གཟི་མདངས་བསྐྱེད༔ ཧཱུྃ། ཁྲག་འཐུང་དཀྱིལ་འཁོར་ཀུན་འདུས་པའི༔ སྙིང་པོ་སྔགས་འདི་འཛབ་ཏུ་ཟློས༔ ཨོཾ་བཛྲ་ཀུ་མཱ་ར་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ རཀྟའི་བྱུག་པས་དགྱེས་པ་བསྐྱེད༔ ཧཱུྃ༔ ཁྲག་འཐུང་དཀྱིལ་འཁོར་འདུས་པའི་གཙོ༔ ཡི་དམ་རྡོ་རྗེ་གཞོན་ནུའི་ཐུགས༔ རྩེ་གཅིག་ཕུར་པའི་དོན་འདི་སྒོམས༔ ཤ་རཱི་རཾ་གྱིས་ཐུགས་དམ་བསྐུལ༔ ཙིཏྟ་སྱ་མྱ་ཡྱ༔ བསྒྲིལ་ཏེ་དགྲ་བགེགས་གཟུགས་ལ་གདབ༔ གསུམ་པ་ཕྲེང་བ་མགུལ་དུ་གཏད༔ མཱུཾ༔ ཀུན་ཏུ་བཟང་མོ་བདུད་འདུལ་ཡུམ༔ མཁའ་འགྲོ་ལས་ཀྱི་དབང་མོ་ཆེ༔ སྣང་བ་སྐུ་ཡི་དཀྱིལ་འཁོར་ཡིན༔ རྟག་ཏུ་སྒོམས་ཤིག་རིགས་ཀྱི་བུ༔ རཀྟར་སྐུ་ཡི་དཀྱིལ་འཁོར་བསྟན༔ མཱུཾ༔ ཀུན་ཏུ་བཟང་མོ་བདུད་འདུལ་ཡུམ༔ མཁའ་འགྲོ་ལས་ཀྱི་དབང་མོ་ཆེ༔ གྲགས་པ་གསུང་གི་སྙིང་པོ་ཡིན༔ སྲོག་འདི་ཆུ་བོའི་རྒྱུན་བཞིན་ཟློས༔ མ་རུ་ལུ་པ་ཏྲ་བྷྱོ༔ མཱུཾ༔ ཀུན་ཏུ་བཟང་མོ་བདུད་འདུལ་ཡུམ༔ མཁའ་འགྲོ་ལས་ཀྱི་དབང་མོ་ཆེ༔ དྲན་རིག་ཐུགས་ཀྱི་ངོ་བོ་ཡིན༔ དག་པ་འཕྲུལ་གྱི་མེ་ལོང་ལྟོས༔ སྱ་མྱ་ཡྱ༔ ལུས་གནད་བཅས་ལ་བརྡ་སྤྲོད་བྱ༔ སྟོན་པ་གསེར་གྱི་རི་བོ་བཞིན༔ མཉམ་གཞག་བརྟན་པས་བདེ་བ་བཟུང༔ ཞེ་སྡང་ལས་གྱུར་མཚོན་བསྐལ་གྱི༔ གནོད་པ་ཐམས་ཅད་ཞི་གྱུར་ཅིག༔ དཔག་བསམ་ཤིང་གི་ལྷ་མོ་བཞིན༔ རྩ་གསུམ་མ་ཡོ་དྲང་པོར་སྲོང༔ གཏི་མུག་ལས་གྱུར་ནད་རིམས་ཀྱི༔ གདུག་པ་ཐམས་ཅད་ཞི་གྱུར་ཅིག༔ སོ་འཕྲེང་འདོད་འཇོའི་བ་མོ་བཞིན༔ ཧཾ་ཡིག་ལས་བབས་བདུད་རྩི་མྱང༔ ཆོས་གཏེར་གདུང་འཛིན་པུ་ཏྲ་ཡི༔ དངོས་གྲུབ་དམ་པ་ཐོབ་གྱུར་ཅིག༔ ནོར་རྒྱུན་མ་རྨོས་ལོ་ཏོག་བཞིན༔ སྙིང་པོ་དོན་སྤྱོད་འདོད་ཆགས་ལས༔ གྱུར་པ་མུ་གེའི་འཇིགས་པ་འཇོམས༔ འདོད་ཡོན་ལོངས་སྤྱོད་རྒྱས་གྱུར་ཅིག༔ ཀུན་འབྱུང་གཏེར་ཆེན་བུམ་པ་ལྟར༔ ཁ་སྦྱོར་རླུང་གི་ལམ་ལ་བསྒོམ༔ འཆི་མེད་ཚེ་དབང་ཐོབ་གྱུར་ཅིག༔ གཏང་རག་དགའ་སྟོན་ཚོགས་འཁོར་བྱ༔ ༈ ཕྲ་ཡིག་དབང་དང་ལས་ཁྲིགས་བཞུགས་སོ༔ ཕྲ་ཡིག་དབང་དང་ལས་ཁྲིགས་ཀྱི༔ བཀོལ་པ་འདི་དང་མི་ལྡན་ན༔ སྐལ་ལྡན་འགྲོ་དོན་མི་ནུས་ཏེ༔ ཤིང་རྟའི་འཕང་ལོ་ཆག་དང་མཚུངས༔ དེ་བས་འདི་ལ་གཅེས་པར་ཟུངས༔ གདོང་གཡོགས་མེ་ཏོག་ཕྲེང་བ་ཐོགས༔ དཀྱིལ་འཁོར་སྟེང་གི་ནམ་མཁའ་ལ༔ མིག་ལྟ་མཐོང་སྣང་ཁ་དོག་འདྲི༔ ལངས་ལ་དཀྱིལ་འཁོར་ཤར་སྒོ་ནས༔ ཐལ་མོ་སྦྱར་ལ་གསོལ་བ་གདབ༔ རྒྱ་མདུད་ཨེ་ཁྲོམ་དཀྱིལ་འཁོར་དུ༔ བདག་ཉིད་དད་པས་མེ་ཏོག་འབུལ༔ སྔོན་ནས་འབྲེལ་བའི་སྨོན་ལམ་གྱིས༔ བཞེས་ནས་བྱིན་གྱིས་བརླབ་པར་མཛོད༔ ཅེས་བརྗོད་བསྐོར་བ་བྱས་ལ་དོར༔ ཙིཏྟ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིགས་བརྟགས་ལུང་བསྟན་སྙིང་པོ་ལ༔ ལས་སྔགས་ཤམ་བུར་སིདྡྷི་སྦྱར༔ སྤྱི་བོར་བསྟིམས་བྱས་གསོལ་བ་གདབ༔ ཨེ་མ་ཧོ༔ རྡོ་རྗེ་སློབ་དཔོན་ཆེན་པོ་དགོངས༔ ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས༔ གསང་བའི་དཀྱིལ་འཁོར་མཐོང་འདོད་པས༔ དེ་ལྟར་བྱིན་གྱིས་རློབ་པར་འཚལ༔ ཞུ་ལན་མིག་དབྱེའི་ཕྱག་རྒྱ་ཡིས༔ ཧོ༔ སྐལ་བར་ལྡན་ནམ་རིགས་ཀྱི་བུ༔ མ་རིག་ལྡོངས་པའི་ཆུ་བུར་མིག༔ ཡེ་ཤེས་སྤྱན་ལྡན་ངས་ཕྱེ་ཡིས༔ སྤྲོ་བས་དཀྱིལ་འཁོར་སྙིང་པོ་ལྟོས༔ ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཧོ༔ ཕྱི་ལྟར་སྣོད་ཀྱི་འཇིག་རྟེན་ཏེ༔ ནང་ལྟར་ཕུང་ཁམས་ལྷ་ཡི་གནས༔ གསང་བ་ཀུན་བཟང་ཡུམ་གྱི་མཁའ༔ རྒྱ་མདུད་སུམ་བརྩེགས་ཨེ་ཁྲོམ་དབུས༔ ཟླ་གམ་སྒོ་གཅིག་རིན་པོ་ཆེ༔ བྷནྡྷ་འབར་བའི་གཞལ་ཡས་ཁང༔ གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ༔ དཱིཔྟ་ཙཀྲ་ཕུར་པའི་ལྷ༔ མཁའ་འགྲོ་ལས་ཀྱི་དབང་མོ་ཆེ༔ དོན་འདུས་སྙིང་པོ་རྩ་བ་གསུམ༔ སྙིགས་དུས་འགྲོ་དོན་ལྷ་ཚོགས་བདུན༔ གཙོ་འཁོར་ཚུལ་དུ་ཉི་ཤུ་ལྔ༔ དཀྱིལ་འཁོར་ལྷ་ཡི་རྣམ་པ་ཀུན༔ སྙིང་གི་ཁྲག་རླངས་ཡིན་ཕྱིར་སྦས༔ ཙིཏྟ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ དུག་ལྔ་རྣམ་དག་ཡེ་ཤེས་རྫས༔ བདེ་ཆེན་སྣོད་མཆོག་ཀ་པཱ་ལ༔ ཚེ་ལམ་གསང་བའི་མཚན་ལྡན་གྱི༔ བཅུད་བསྡུ་ཙཎྜ་ལཱི་སྒོམས་ཤིག༔ རྡོ་རྗེ་ལུས་ལྡན་སྐལ་ལྡན་སྣོད༔ གསོལ་འདེབས་ཡུམ་གྱི་གསང་ཁྲིད་བསྟན༔ ཙིཏྟ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་བྱའི་ཕྱིར༔ དབང་དང་དངོས་གྲུབ་འདིར་སྩོལ་ཅིག༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཙིཏྟ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྫས་རྒོད་གུ་གུལ་ནག་པོ་འདིས༔ དཔལ་ཆེན་སྐུ་ཡི་གཟི་མདངས་བསྐྱེད༔ དམ་ཅན་བྲན་རྣམས་ལས་ལ་འཁོལ༔ བདུག་པ་རྫས་ཀྱི་དབང་བསྐུར་རོ༔ ཙིཏྟ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ རང་བྱུང་མཚན་ལྡན་རཀྟ་འདིས༔ འགྲོ་ལ་རྗེས་ཆགས་ཐུགས་དམ་བསྐུལ༔ བཀའ་སྡོད་མ་ཚོགས་དབང་དུ་སྡུད༔ བྱུག་བྱེད་རྫས་ཀྱི་དབང་བསྐུར་རོ༔ ཙིཏྟ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཉུངས་ཀར་རྒྱལ་པོ་ཤ་རཱི་རཾ༔ མཐུ་སྟོབས་བྱིན་རླབས་དྲག་པོའི་མཚོན༔ གདོན་བགེགས་མ་ལུས་ཐལ་བར་རློག༔ བྲབ་བྱེད་རྫས་ཀྱི་དབང་བསྐུར་རོ༔ ཙིཏྟ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ བི་ཏོ་གསང་བའི་ཏནྟྲ་ལས༔ དཀྱིལ་འཁོར་ཡོངས་རྫོགས་གཅིག་དྲིལ་རྫས༔ གནམ་ལྕགས་རང་བྱུང་ཕུར་པའི་དབལ༔ སྟོད་ནི་དྲག་པོའི་ཤིང་ལ་བྱ༔ བསྒྲིལ་ཞིང་དགྲ་བགེགས་གཟུགས་ལ་བཏབ༔ རྩེ་གསུམ་རྟེན་དང་ཀ་པཱ་ལ༔ སྣོད་མཆོག་བཟང་པོ་འབྲལ་མེད་དུ༔ རྟག་པར་སྐལ་ལྡན་བུ་ཡིས་ཟུངས༔ དམ་ཚིག་སྙིང་བྱང་བཞིན་དུ་སྲུངས༔ ཡེ་ཤེས་ལྔ་ལྡན་ཧཱུྃ་སྔོན་པོ༔ འོད་ཟེར་སྔགས་ཀྱི་ཕྲེང་བས་བསྐོར༔ ཐུགས་ཀྱི་སེམས་དཔའ་ཀཱི་ལ་ཡ༔ བཀའ་རྟགས་ཕྱག་རྒྱའི་དབང་བསྐུར་རོ༔ ཙིཏྟ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ སྐུའི་འཁོར་ལོ་བཞུགས༔ གུ་རུའི་ཐུགས་ཀྱི་ཁྲག་རླངས་ཀྱི༔ སྐུ་ཡི་འཁོར་ལོ་འདི་ཁོ་ནའོ༔ ལྷག་མ་གཞི་དང་བཅས་པ་ཡི༔ བཏགས་གྲོལ་གསང་ཡིག་རྣམ་པ་ལྔ༔ ཚད་ནི་མིག་ཕོར་གང་དུ་བསྐོར༔ ཡི་གེ་འདྲ་མིན་ལྷག་ཆད་སྤང༔ མཐའ་མ་མེ་རི་འབར་བས་བསྐོར༔ བསྙེན་སྒྲུབ་མངའ་དབུལ་བྱིན་གྱིས་བརླབ༔ སྙིགས་དུས་འགྲོ་རྣམས་སྨིན་གྲོལ་བཀོད༔ ཀུན་ཏུ་བཟང་པོ་དགོངས་པའི་ཀློང༔ བདག་འདྲ་པདྨས་གཏེར་དུ་བཙལ༔ མཁའ་འགྲོ་ལས་ཅན་བུ་ལ་གཏོད༔ ཙིཏྟ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་རུའི་ཐུགས་ཀྱི་ཁྲག་རླངས་ཀྱི༔ གསུང་གི་འཁོར་ལོ་འདི་ཁོ་ནའོ༔ ལྷག་མ་གཞི་དང་བཅས་པ་རྣམས༔ གསེར་གྱིས་བྲིས་བཏགས་བསོད་ནམས་ཆེ༔ འདས་ཚེ་འཇའ་འོད་རིང་བསྲེལ་འབྱུང༔ དྲི་ཆེན་གྱིས་བྲིས་རིགས་རྒྱུད་འཕེལ༔ སིནྡྷུ་ར་ཡི་ཁུ་བས་བྲིས༔ བཏགས་པས་མཁའ་འགྲོ་དབང་བསྡུས་འགྲུབ༔ ཙིཏྟ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་རུའི་ཐུགས་ཀྱི་ཁྲག་རླངས་ཀྱི༔ ཐུགས་ཀྱི་འཁོར་ལོ་འདི་ཁོ་ནའོ༔ ལྷག་མ་གཞི་དང་བཅས་པ་རྣམས༔ དངུལ་གྱིས་བྲིས་བཏགས་སྟོང་ཉིད་རྟོགས༔ ཐིག་ལེ་དཀར་དམར་བསྲེས་པས་བྲིས༔ ཕྱིར་ཟློག་སྡེ་བརྒྱད་གནོད་པ་ཟློག༔ རིན་ཆེན་ལྔས་བྲིས་ཕུང་པོར་བཏགས༔ བསྲེགས་སྦྱང་སྡིག་སྒྲིབ་ཀུན་བྱང་འགྱུར༔ ཙིཏྟ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་རུའི་ཐུགས་ཀྱི་ཁྲག་རླངས་ཀྱི༔ ཡོན་ཏན་འཁོར་ལོ་འདི་ཁོ་ནའོ༔ ལྷག་མ་གཞི་དང་བཅས་པ་རྣམས༔ བྲིས་མཐོང་འཆང་བའི་སྐལ་ལྡན་དེ༔ ཚེ་རིང་ནད་མེད་བདེ་སྐྱིད་ལྡན༔ འཆི་ཁར་གནད་གཅོད་མི་འབྱུང་ཞིང༔ ངན་སོང་གསུམ་གྱི་སྒྲ་མི་ཐོས༔ གནས་ངན་སྐྱེ་བའི་རྒྱུན་གཅོད་འགྱུར༔ ཙིཏྟ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་རུའི་ཐུགས་ཀྱི་ཁྲག་རླངས་ཀྱི༔ ཕྲིན་ལས་འཁོར་ལོ་འདི་ཁོ་ནའོ༔ ལྷག་མ་གཞི་དང་བཅས་པ་རྣམས༔ གསེར་ཟངས་དངུལ་སྦྱངས་སིནྡྷུ་ར༔ རྒྱ་སྣག་དག་ནི་གོ་རིམ་བཞིན༔ བྲིས་བཅངས་ཡོན་ཏན་ཀུན་ཐོབ་ཕྱིར༔ བླ་དཔེ་དག་དང་ལྷན་ཅིག་འཆང༔ གཞན་དོན་སྤྱི་གཙུག་སྙིང་ཁར་བཏགས༔ གདམས་གནད་ཡོངས་རྫོགས་བུ་མིན་གསང༔ འགྲོ་དོན་ལས་འབྲེལ་ཀུན་ལ་སྤེལ༔ ཙིཏྟ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཏགས་གྲོལ་གསང་ཡིག་རྣམ་པ་ལྔ༔ བླ་མས་བྱིན་བརླབས་མཁའ་འགྲོའི་སྲས༔ སྐལ་ལྡན་དེ་དང་འཕྲད་པར་ཤོག༔ རྒྱ༔ ༈ དྲན་ཆོག་གནད་ཀྱི་གདམས་པ་བཞུགས༔ གུ་རུའི་ཐུགས་ཀྱི་ཁྲག་རླངས་ཀྱི༔ དྲན་ཆོག་གནད་ཀྱི་གདམས་པ་བསྟན༔ ཕྱི་རྟོག་དྲག་པོ་ལྷང་ཤར་ཚེ༔ ཕྱི་སྒྲུབ་བཞིན་དུ་གུ་རུ་ལ༔ གསོལ་བཏབ་སྒྲིབ་སྦྱང་འདི་ལྟར་བསྒོམ༔ བདག་མེད་བདག་བཟུང་སྒྱུ་ལུས་འདི༔ རྨི་ལམ་བདེ་སྡུག་འཛིན་ཞེན་བཞིན༔ ཨ་འཐས་བག་ཆགས་རྩ་བ་བཅད༔ སྐྱེ་རྒ་ན་དང་འཆི་ཚུལ་ཀུན༔ རང་རྒྱུད་ཐོག་བཀལ་བདར་ཤ་བཅད༔ རྣམ་པ་བསམ་ཞིང་ངོ་བོར་བལྟ༔ བར་དོའི་ཡིད་ལུས་རྣམ་རྟོག་གིས༔ འཆི་ཁར་རང་གིས་རང་ལ་བལྟ༔ བཏང་སྙོམས་དབྱིངས་སུ་གུ་རུ་རྗེ༔ མོས་འདུན་གསལ་འཚེར་ཨ་དཀར་བསྒོམ༔ འཛིན་ཅིང་ཞེན་པའི་ང་བདག་ཀྱང༔ ངོ་བོ་བདག་མེད་ཨ་དཀར་གསལ༔ ཨ་ལས་ཨ་འཕྲོས་གསལ་འཚེར་རྒྱས༔ མཁའ་ལ་འཇའ་བཞིན་དབྱིངས་སུ་ཐིམ༔ རླུང་ཐུབ་ཚད་དུ་ཨ་ཞེས་བགྲང༔ དེ་ཡི་ངང་དུ་ལྷན་གྱིས་བཞག༔ ཉིན་པར་བསྒོམས་པས་མཚན་སྣང་ཟིན༔ བར་དོར་སྐད་ཅིག་དྲན་གསལ་ཐེབས༔ སྤྲུལ་པས་འགྲོ་བའི་དོན་བྱེད་འགྱུར༔ ཞག་བདུན་ཉམས་བླངས་སྐྱེ་མེད་རྟོགས༔ མཚོ་རྒྱལ་གསང་བའི་གཏེར་དུ་སྦོས༔ གསུམ་ལས་མ་མང་གཅིག་ལ་ཆད་ཏ་རེ༔ ས་མ་ཡ་ཏིག་སྙིང་ཁྲག་རྒྱ༔ དགེའོ༔ གུ་རུའི་ཐུགས་ཀྱི་ཁྲག་རླངས་ཀྱི༔ བཅུད་ལེན་ཚེ་སྟོབས་འཕེལ་བའི་ཐབས༔ ཅོང་ཞི་ས་རྡུལ་མ་འདྲེས་པ༔ རྩ་བའི་རྫས་ཡིན་ཡོན་ཏན་ལྡན༔ དབང་ལག་གྲོགས་བསྡེབས་ཁུ་བ་འཕེལ༔ བྲག་ཞུན་སྦྱར་བས་གཟི་མདངས་རྒྱས༔ ཨ་རུ་གསེར་མདོག་འབྱུང་འཁྲུགས་སེལ༔ ཨ་ཝ་དང་སྦྱར་མིག་འགྲིབ་སེལ༔ ལུག་རུ་དང་སྦྱར་འདོད་སྤྱོད་ནུས༔ རྐྱང་དང་གྲོགས་བསྡེབས་ཁམས་དང་སྦྱར༔ སྔགས་བཏབ་བསྒྲུབས་ནས་བརྟེན་པར་བྱ༔ ཁུ་བ་འོ་མས་སྨན་ནུས་བསྐྱེད༔ དཀའ་ཐུབ་དུས་སུ་ཆུ་གཙང་ཕུལ༔ རྩ་ཁམས་བསྒྲུབས་པའི་རིལ་བུ་དང༔ ལྷན་ཅིག་ཟོས་པས་དམ་ཅན་འདུ༔ ཟབ་པ་མཁའ་འགྲོའི་གསང་ཚིག་རྫས༔ གུ་རུའི་ཐུགས་ཀྱི་ཁྲག་རླངས་ཀྱི༔ བར་དོའི་གདམས་ཁྲིད་ཐོབ་པ་འམ༔ གཞན་ཡང་དུས་མཐར་གྱུར་པ་ལ༔ འཕོ་བའི་གདམས་པས་དྲང་བའི་ཐབས༔ གང་ཡིན་མགོ་བོ་ཤར་དུ་བསྟན༔ གློ་གཡས་འོག་བཅུག་རྣ་བ་གཡོན༔ བུ་གར་ཁ་གཏད་གསོལ་བཏབ་བསྒྲགས༔ ཨ་ཞེས་ལན་གསུམ་ཀུ་སྒྲས་བཏབ༔ སྤྱི་བོའི་གཙུག་སྐྲ་ཐེངས་གསུམ་འཐེན༔ འཕོས་རྟགས་མངོན་སུམ་ཚད་ལ་ཕེབས༔ རྗེས་ནས་སྨོན་ལམ་རྣམ་དག་གདབ༔ རྩོལ་མེད་གདམས་པ་འདིའི་གྲོགས་སུ༔ ཀུན་འདུས་བཏགས་གྲོལ་བསྡེབས་པས་ཟབ༔ ཙིཏྟ་ས་མ་ཡ༔ ཏིག་སྙིང་ཁྲག་རྒྱ༔
ཚེ་བདག་ལྷ་མོ་ཙཎྜ་ལཱི་མའི་བརྒྱུད་འདེབས་ (Volume 49, Text 7)
ཚེ་བདག་ལྷ་མོ་ཙཎྜ་ལཱི་མའི་བརྒྱུད་འདེབས་བཞུགས། ཨོཾ་ཨཱཿཧཱུྃ། ལྷོ་ནུབ་རྔ་ཡབ་ཟངས་མདོག་དཔལ་རི་ནས། །གསང་བ་ཡེ་ཤེས་སྲིན་རྒྱལ་རཀྴའི་ཕྲེང་། །ཚེ་བདག་མཐིང་འོད་མནྡཱ་ར་བ་དང་། །མཁའ་འགྲོ་འབུམ་སྡེ་རྡོ་རྗེ་ཕག་མོ་ལ། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །སིནྡྷུ་རྒྱ་མཚོར་བརྫུས་སྐྱེས་སྤྲུལ་སྐུ་དང་། །འོད་འཆང་མཁའ་འགྲོ་མཱ་ར་ཏི་ཀ་རུ། །ཚེ་ཡི་གྲོགས་མོ་ལྷ་ལྕམ་མནྡཱ་ར། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །ཡང་ལེ་ཤོད་དུ་ཤཱཀྱ་དེ་མ་དང་། །བོད་ཡུལ་དབྱངས་ཅན་དཔལ་མོ་མཚོ་རྒྱལ་མ། །བཀྲ་ཤིས་ཁྱེ་འདྲེན་ཀཱ་ལ་སིདྡྷི་སོགས། །རིགས་ལྡན་མཁའ་འགྲོ་བྱེ་བ་དུང་ཕྱུར་ལ། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །འོད་གསལ་ཉམས་རྩལ་དཀྱིལ་འཁོར་ཆེན་པོ་ནས། །ཚེ་ཡི་ལྷ་མོ་ཙཎྜ་ལཱི་མ་དང་། །དབང་ཆེན་རྟ་མཆོག་ཐུགས་སྒྲུབ་ཧེ་རུ་ཀར། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །ཐུན་མོང་ཁྱད་པར་སྔོན་འགྲོས་རྒྱུད་སྦྱངས་ནས། །སྒོ་གསུམ་ཚེ་བདག་ཌཱ་ཀིར་གསལ་བཏབ་སྟེ། །འོད་ཟེར་སྤྲོ་བསྡུ་འཕྲོ་འདུས་ཚེ་བཅུད་བསྡུས། །གཞོན་ནུ་བུམ་པའི་སྐུ་རུ་རྟག་བརྟན་ཤོག །གཞན་ཡང་མི་འགྱུར་ཚེ་ཡི་གཡུང་དྲུང་བརྟན། །ཚེ་ཡི་རྩ་བ་ལྕགས་ཀྱི་སྲོག་རྩ་འགྲུབ། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་གོ་འཕང་ཐོབ། །འབྲེལ་ཚད་དོན་ལྡན་མངོན་འཚང་རྒྱ་བར་ཤོག །ཅེས་པ་འདི་མཆིམས་ཕུའི་དབེན་གནས་སུ་མགྱོགས་པར་བྲིས་པ་༼པདྨ་ཆོས་འབྱོར་རྒྱ་མཚོ།༽ཡིན་ནོ།། །།
ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་སྨིན་བྱེད་ཀྱི་ཆོ་ག་འགྲོ་བ་ཀུན་འདུལ་ (Volume 22, Text 7)
༄༅། །ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་སྨིན་བྱེད་ཀྱི་ཆོ་ག་འགྲོ་བ་ཀུན་འདུལ་ཞེས་བྱ་བ་བཞུགས་སོ། ། བླ་མ་དང་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །འགྲོ་བ་འདུལ་མཛད་ཐུགས་རྗེའི་གར་མཁན་ནི། །ཆོས་ཀྱི་དབང་ཕྱུག་ལ་སོགས་གངས་ཅན་གྱི། །འདྲེན་པ་མཐའ་དག་དཔལ་ལྡན་བླ་མ་ཡི། །ངོ་བོར་རོ་མཉམ་རྟོགས་པས་བདག་འདུད་དོ། །ཟབ་གཏེར་བྱེ་བའི་ཕྱི་མོ་སྟེ། །གྲུབ་པ་ཡོངས་ཀྱི་གཤེགས་པའི་ཤུལ། །ཡང་སྙིང་འདུས་པའི་སྨིན་བྱེད་ཚུལ། །མཐོང་ཤེས་ཁྱེར་བདེར་འགོད་པར་བྱ། །གངས་ཅན་མགོན་པོ་སྤྱན་རས་གཟིགས་དབང་གི་སྒྲུབ་ཐབས་ཡོངས་ཀྱི་སྙིང་པོ་འདུས་པ་འདིའི་དཀྱིལ་འཁོར་བདེ་བ་རབ་འབྱམས་སུ། རྡོ་རྗེ་སློབ་དཔོན་སྙིང་རྗེའི་དམ་ཚིག་ལ་གནས་པས་རིས་སུ་མ་ཆད་པའི་འགྲོ་བ་མུ་མེད་པ་གཞུག་པར་བྱ་སྟེ། གང་འབྲེལ་པ་ཐམས་ཅད་དོན་དུ་འགྱུར་བའི་ཕྱིར་རོ། །དེ་ལྟ་བུའི་བྱ་བའི་རིམ་པ་ལ་ས་བཅད་རྣམ་བདུན་གྱི་ཁོངས་སུ་བསྟན་པའི་སྒྲུབ་ཆེན་དང་འབྲེལ་པ་དབང་གི་རྫོང་བཅའ་བ་ནི། ཀུན་ཁྱབ་ཀྱི་ཕྱག་བཞེས་སུ་མི་འཁྱོངས་པ་ཤས་ཆེ་བས་འདིར་མ་སྨོས་ལ། སྨིན་བྱེད་དཀྱུས་འགྲེ་ཙམ་གྱི་ལུགས་སུ་འཆད་པ་ན་སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ་ལས། དང་པོ་སྦྱོར་བ་ཡོ་བྱད་ཀྱི་ཤོམ་ནི། སྟེགས་གཙང་མར་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། དེའང་མ་འབྱོར་ན་མཎྜལ་ལ་དྲི་བཟང་གིས་སྦགས་པའི་འབྲུའི་ཚོམ་བུ་དབུས་སུ་ཆེ་བ་གཅིག །དེ་ལས་རིམ་དམན་གྱིས་ནང་དུ་བཞི། དེ་རྒྱབ་དྲུག །དེ་རྒྱབ་བཞི་རྣམས་འགོད། དཀྱིལ་འཁོར་གྱི་སྟེང་དུ་མཉྫི་ལ་རིན་པོ་ཆེའི་བུམ་པ་ནང་བཅུད་རྫས་སོ་ལྔ་དང་དྲིའི་ཆུས་སུམ་གཉིས་གང་བ་ཁ་རྒྱན་དང་མགུལ་ཆིངས་ཅན་གཟུངས་ཐག་དང་བཅས་པ། གཡས་སུ་གཏོར་ཆེན། གཡོན་དུ་ཐོད་པ་ཨ་མྲྀཏ་དང་ཆང་གིས་གང་བ། གཞན་ཡང་ལྷ་ཚོགས་རྣམས་ཀྱི་སྐུ་ཙཀ །ཡི་གེ་འབྲུ་བདུན་གྱི་ཙཀླི། དབང་རྟེན་མར་མེ། མེ་ལོང་གཡའ་མེད། མཐའ་སྐོར་དུ་སྨན་གཏོར་རཀྟ། ཕྱི་ནང་གི་ཆུ་གཉིས་ཉེར་སྤྱོད་ལྔ། གཏེར་སྲུང་གི་གཏོར་མ་རྣམས་བཀོད་ལེགས་པར་བཤམ། གཞན་ཡང་ཚོགས་ཀྱི་ཡོ་བྱད། སྔོན་གཏོར། མིག་དར། མེ་ཏོག །དུང་ཆུ། མཎྜལ་གྱི་ཆས་སོགས་ཉེར་མཁོ་རྣམས་དང་། སློབ་དཔོན་གྱི་མདུན་དུ། ནང་མཆོད་བདུད་རྩི། རྡོར་དྲིལ། ལས་བུམ། ཌཱ་མ་རུ། ནས་བཟེད། ཐུན་སྣོད། གུ་གུལ་སོགས་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་ལས་གཞུང་བསྲང་བ་དང་། དབང་བསྐུར་བ་དངོས་གཉིས་ཀྱི་དང་པོ་ནི། བདག་དང་བསྒྲུབ་གཞིའི་དཀྱིལ་འཁོར་ཐ་མི་དད་དུ་ཤེས་པས་ལས་གཞུང་བསྲང་། བཟླས་པ་བརྒྱ་སྟོང་ཅི་རིགས་པ་སོང་མཚམས། དབང་བསྐུར་བའི་གཏོར་མའི་སྟེང་དུ་ཨཱོཾ་དཀར་པོ་ཨཱཿདམར་པོ་ཧཱུྃ་མཐིང་ནག་བསམ་ལ། ཨོཾ་ཨཱཿཧཱུྃ། གུ་རུ་དྷེ་ཝ་ཛོ་ཀི་ཌཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ། ཧྲཱིཾ་ཧྲཱིཾ། ཕེཾ་ཕེཾ། ཞེས་ཉེར་གཅིག་བརྗོད་དོ། །རྣམ་རྒྱལ་བུམ་པ་ལ་དམིགས་ཏེ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར་པར་བསམ་ལ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཞེས་གཟུངས་ཐག་ལ་འཇུས་ཏེ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་པ་བརྒྱ་སྟོང་ལ་སོགས་པ་བཟླ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས། ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་པར་གྱུར། གཟུངས་ཐག་ལས་བུམ་ལ་སྤོས་ཏེ། ལས་བུམ་ནང་དུ་པད་ཉི་ལ། །རྟ་མགྲིན་དམར་པོ་ཁྲོ་གཏུམ་ཉམས། །གཡས་གཡོན་བེ་ཅོན་ཞགས་པ་འཛིན། །དུར་ཁྲོད་རྒྱན་ལྡན་བརྐྱང་བསྐུམ་བཞུགས། །ཞེས་མོས་ལ། ཧྲཱིཿཧ་ཡ་གྲཱི་བ་པདྨཱནྟ་ཀྲྀཏ་ཧཱུྃ་ཕཊ། ཞེས་བརྒྱ་རྩ་བཟླ། ཆུའི་རྡུལ་ཇི་སྙེད་པ་ཁྲོ་བོའི་རང་བཞིན་དུ་གྱུར་པས་བར་ཆད་སྲུང་བའི་ནུས་པ་དང་ལྡན་པར་མོས། དེ་ནས་གཏེར་སྲུང་གཏོར་མ་གཏང་། སྤྲོ་ན་ཚོགས་ཀྱི་མཆོད་པ་བྱིན་རླབས་ནས་བསྒྲལ་བསྟབ་ཡན་བྱ། སློབ་མ་གཞུག་པའི་དོན་དུ་རིག་པའི་མེ་ཏོག་དོར་ཞིང་གསོལ་བ་གདབ་པ་སྤྱི་ལྟར་བྱའོ། །གཉིས་པ་དབང་བསྐུར་བ་ལ་འཇུག་པའི་ཆོས་དང་། དབང་བསྐུར་བ་དངོས་གཉིས་ཀྱི་དང་པོ་ནི། སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱས། ཕྱག་བཅས་གྲལ་དུ་འཁོད། རང་ཉིད་སྐད་ཅིག་གིས་དབང་ཆེན་རྟ་མཆོག་རོལ་པའི་སྐུར་གྱུར། བགེགས་གཏོར་བྱིན་རླབས་ནས་སྔགས་བསྔོས་བར་ལས་བྱང་ལྟར་བྱས་ལ། བདེན་སྟོབས་བརྗོད་པ་ནི། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། །ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། རྡོ་རྗེའི་སློབ་མ་འདི་རྣམས་དཀྱིལ་འཁོར་ཆེན་པོར་གཞུག་ཅིང་དབང་བསྐུར་བ་ལ་གླགས་བལྟ་ཞིང་བར་དུ་གཅོད་པར་བྱེད་པ་ཐམས་ཅད་འདིར་མ་གནས་པར་དཔག་ཚད་དང་རྒྱང་གྲགས་མང་པོ་འདས་པའི་བར་དེངས་ཤིག །གང་མི་འགྲོ་བ་དེ་དག་ཡེ་ཤེས་རྡོ་རྗེ་རབ་ཏུ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། བགེགས་གཏོར་དོར། གུ་གུལ་བདུག །ཡུངས་ཐུན་གཏོར་ལ་ལས་སྔགས་དང་ཧཱུྃ་བཞིའི་སྔགས་ཀྱིས་བགེགས་བསྐྲད། ལས་བྱང་གི་མཚམས་བཅད་སྦྱར་ལ་སྲུང་འཁོར་གྱིས་བཅིང་། མཎྜལ་བཀྱེ་བསྡུ་གྲུབ་པ་དང་། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཇིག་རྟེན་དབང་ཕྱུག་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སྨིན་བྱེད་དབང་བསྐུར་བ་སྔོན་དུ་ནོད་དེ་གྲོལ་བྱེད་ལམ་གྱི་རིམ་པ་ལ་འཇུག་པར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་རྩེ་གཅིག་ཏུ་གསན་འཚལ། དེའང་བདག་ཅག་རྣམས་ཀྱི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱི་གསུང་རབ་སྒོ་བསམ་གྱིས་མི་ཁྱབ་པ་གདུལ་བྱ་འདུལ་བའི་ཐབས་སུ་བཞུགས་པ་ཐམས་ཅད་ཀྱང་བསྡུ་ན་ཐེག་པ་རིམ་པ་དགུ་དང་། དེའང་བསྡུ་ན་གསུམ་དུ་འདུ་སྟེ། སྤྱི་མདོ་དགོངས་པ་འདུས་པ་ལས། དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་བསྟན་པ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པ་འོ། །ཞེས་གསུངས་པ་ལྟར་ལས། སྐབས་སུ་བབས་པ་འདི་ནི་དབང་སྒྱུར་ཐབས་ཀྱི་ཐེག་པར་གཏོགས་ཤིང་། དེའི་ནང་གསེས་མ་ཧཱ་ཨ་ནུ་ཨ་ཏི་གསུམ་གྱི་རྒྱུད་མ་ཧཱ་ཡོ་ག་ལ་རྒྱུད་སྡེ་དང་སྒྲུབ་སྡེའི་གཞུང་ལམ་ཆེན་པོ་གཉིས་ལས་སྒྲུབ་སྡེ་བརྒྱད་ཀྱི་ཡ་གྱལ་པདྨ་གསུང་གི་སྒྲུབ་པའི་གཙོ་བོ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན། སྤྱིར་གསང་སྔགས་སྔ་འགྱུར་བའི་ཕྱོགས་སུ་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་ཞེས་བཀའི་བབས་སོ་ཆེན་པོ་གསུམ་དུ་བཞུགས་པ་ལས། འདི་ནི་ཟབ་མོ་གཏེར་གྱི་ཆོས་ཏེ། དེའང་ཇི་སྐད་དུ། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས༔ སྤྱིར་ཡང་བོད་རྣམས་གསར་ངས་ཆེ་བ་དང༔ སྙིགས་མའི་འགྲོ་ལ་ལྷག་པར་སྙིང་རྗེ་བས༔ མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞག༔ ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབ༔ ཅེས་གསུངས་པ་ལྟར། ཨོ་རྒྱན་སངས་རྒྱས་གཉིས་པ་དེ་ཉིད་ཀྱིས་བོད་ཀྱི་ཡུལ་འདིར་ཟབ་མོའི་གཏེར་ཁ་མིང་ཅན་མིང་མེད་གྲངས་ལས་འདས་པ་སྦས་ཤིང་མི་འཇིག་པའི་ཕྱག་རྒྱས་བཏབ། ཕྱིས་དུས་ལ་བབས་པའི་ཚེ་ལས་ཅན་སྤྲུལ་པའི་གཏེར་སྟོན་རིམ་པར་བྱོན་ཏེ་ཟབ་མོའི་རྒྱ་བཀྲོལ་ནས་འགྲོ་བའི་དོན་མཐའ་ཡས་པར་མཛད་པ་ལས། འདིར་ནི་རང་གཏེར་བཀའ་རྩིས་ལས། ཐུགས་གཏེར་གཅིག་ནི་ལྷོ་བྲག་གནམ་སྐས་ཅན་དུ་སྦེད༔ ཁྱད་པར་འཕགས་པ་བླ་མའི་སྒྲུབ་སྐོར་ཡིན༔ མངའ་བདག་གསུང་གི་སྤྲུལ་པས་འདོན་པར་འགྱུར༔ ཅེས་བོད་ཀྱི་ལྷ་གཅིག་ཚངས་པ་ལྷའི་མེ་ཏོག་འབྲས་བུ་མཐར་ཕྱིན་པའི་གསུང་གི་སྤྲུལ་པ། གཏེར་སྟོན་མཆོག་གཉིས་ཀྱི་ཡ་གྱལ་གཏེར་ཁ་འོག་མར་གྲགས་པ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་གི་རང་བྱུང་དཀྱིལ་འཁོར་གྱི་འོག་བསེ་སྒྲོམ་སྨུག་པོ་ནས་སྤྱན་འདྲེན་པར་མཛད་པའི་དམ་ཆོས་འདུས་པ་སྐོར་དགུའི་ནང་ཚན་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་སྐོར་ཏེ། གངས་ཅན་གྱི་འགྲོ་བ་མཐའ་དག་ནི་ལྷ་འདི་ཉིད་ཀྱི་གདུལ་བྱའི་ཞིང་དུ་གྱུར་པ་ཡིན་ལ། དེའི་སྒྲུབ་ཐབས་ཟབ་གཏེར་ནས་བྱོན་པ་མཐའ་དག་གི་ཕྱི་མོ་ལྟ་བུར་གྱུར་ཅིང་། ཚོམ་བུ་འབུམ་ཕྲག་དུ་མ་མངོན་བྱང་དུ་བཀོད་པའི་ཕྲིན་ལས་རྒྱ་ཆེ་ལ་རྒྱུན་མ་ཆད་པ་འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་རྡོ་རྗེ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་སྔོན་དུ་ལེགས་པར་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དཀྱིལ་འཁོར་དུ་གཞུག་པ་དང་། ཞུགས་ནས་མངོན་པར་དབང་བསྐུར་བ་གཉིས་སུ་ཡོད་པའི་ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་འཚལ། ཞེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག །སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་འཐུག་པོས་མིག་ལྡོངས་ཏེ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའམ། མཇལ་ནའང་དཀྱིལ་འཁོར་སོ་མ་འདི་ཉིད་མ་མཇལ་བ་མཚོན་བྱེད་དུ་རས་དམར་པོ་རེས་གདོང་གཡོགས་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ། ཞེས་མིག་དར་འཆིང་། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་མི་རུང་བས། ཕྱག་རྟེན་དུ་ཨུ་དུམྦཱ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་རེ་བྱིན་པའི་མོས་པ་མཛོད། ཨཱ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་གཏད། དེ་ནས་གསོལ་བ་གདབ་པའི་སླད་དམིགས་པ་འདི་བཞིན་དུ་མཛོད། སའི་ཕྱོགས་འདི་ཉིད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་ནང་དུ་སློབ་དཔོན་ཉིད་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མི་ཕྱེད་པ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་འཕགས་པ་ཐུགས་རྗེ་ཆེན་པོའི་རྣམ་པར་བཞུགས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་སློབ་དཔོན་དགོངས༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ༔ བདག་ཅག་འཇུག་ཅིང་བསྙེན་སྒྲུབ་སྤྲོ༔ གུས་པས་འཇུག་འདོད་བསྟན་དུ་གསོལ༔ ཞེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་སྤྲོ་བ་བསྐྱེད་པའི་སྒོ་ནས་གནང་བ་སྦྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ། ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདི༔ ཀུན་གྱིས་མཐོང་བ་མ་ཡིན་གྱི༔ སྐལ་ལྡན་སྒྲུབ་མཆོག་འགས་མཐོང་སྲིད༔ སྐལ་ལྡན་བུ་ཁྱོད་འདིར་ཞུགས་མཛོད༔ ཨ་ལ་ལ་ཧོ༔ འོ་བུ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བར་བྱ་བའི་ཕྱིར༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་འཇུག་པར་བྱ་སྙམ་དུ་སེམས་བསྐྱེད་པ་འདི་ལྟར་དུ་གྱིས་ཤིག༔ ཧོ༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ༔ བླ་མེད་བྱང་ཆུབ་མ་བསྐྱེད་ན༔ བསྟན་པས་མཐོང་བར་མི་འགྱུར་ཕྱིར༔ བུ་ཁྱོད་འགྲོ་དོན་སེམས་སྐྱེད་ཅིག༔ ཞེས་བརྗོད། དེ་ནས་ཁྱོད་རང་རྣམས་ཀྱིས་རྒྱུད་དག་པར་བྱ་བའི་ཕྱིར། མདུན་བསྐྱེད་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྩ་གསུམ་རྒྱལ་བ་རབ་འབྱམས་དང་བཅས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་མགྲིན་གཅིག་ཏུ་འཁོད་པའི་འདུན་པས། ཚིག་རྗེས་སུ་དོན་དྲན་བཞིན་པས་སྐྱབས་སེམས་རྒྱུན་བཤགས་སྡོམ་བཟུང་འདིའི་རྗེས་ཟློས་མཛོད། ན་མོ། བླ་མ་སངས་རྒྱས་འཁོར་དང་བཅས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །བླ་མ་དཀོན་མཆོག་རྣམ་གསུམ་པོ། །བྱང་ཆུབ་མ་ཐོབ་བར་དུ་ནི། །སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི། །སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་ཐོབ་བྱ་སྙམ། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །འཇུག་པའི་བྱང་ཆུབ་སེམས་བསྐྱེད་དེ། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །ཞེས་ལན་གསུམ། དེ་ནས་རིག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་སྒོ་བཞི་མ་རིག་འཁྲུལ་པས་གདོད་ནས་བཅད་པ་མཚོན་བྱེད་རྟགས་ཀྱི་སྒོ་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ དཀྱིལ་འཁོར་ཕྱོགས་བཞིའི་སྒོ་བཞི་ནས༔ བདུད་བཞི་འཇོམས་མཛད་ཁྲོ་བོ་བཞི༔ འགྲོ་དྲུག་འཁོར་བའི་སྒོ་ཆོད་ལ༔ རྣམ་ཐར་བཞི་ཡི་སྒོ་ཕྱེས་ཤིག༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ཞེས་གསོལ་བ་གདབ་པས་དཀྱིལ་འཁོར་གྱི་སྒོ་བཞི་ཤག་གིས་བྱེ་བར་གྱུར་པ་མོས་མཛོད། ཅེས་བརྗོད་ལ་ཡོལ་བ་བཏང་ཡོད་ན་བསལ། དེ་ནས་ཁྱེད་རང་རྣམས་ལས་ཀྱི་རྡོ་རྗེའི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ་ཚད་མེད་པ་བཞིའི་འཇུག་པས་དཀྱིལ་འཁོར་གྱི་སྒོ་བཞི་ནས་ཞུགས་ཏེ་ལྷ་ཚོགས་རྣམས་ལ་ཕྱག་བྱས་ནས། སླར་ཡང་དཀྱིལ་འཁོར་གྱི་ཤར་སྒོའི་ནང་དུ་འཁོད་པའི་མོས་པ་མཛོད། དེ་དག་ནི་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པའོ། །དེ་ནས་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་འཇུག་པའི་སླད་དུ་སྦྱོར་བ་དམ་ལ་བཞག་པ་ནི། དམ་ཚིག་གི་བདུད་རྩི་དང་བཅས་པའི་མནའ་ཆུ་འདི་ཉིད་ལྕེ་ལ་བཞག་པ་ཡིན་ཏེ། ཧཱུྃ༔ དམ་ཚིག་རྡོ་རྗེའི་ཆུ་འདི་ཡིས༔ དམ་ཚིག་བསྲུང་ན་དངོས་གྲུབ་སྟེར༔ ཡེ་ཤེས་སེམས་དཔར་འདི་གྱུར་ནས༔ སྒྲིབ་གཉིས་བྱང་སྟེ་སངས་རྒྱས་ཐོབ༔ དམ་ཚིག་ཉམས་ན་ན་རཀ་གནས༔ ལྕགས་ཀྱི་སྡིག་པ་མགོ་དགུ་པས༔ སྙིང་ཁྲག་འཐུང་ཞིང་དམྱལ་བར་ལྟུང༔ མཆོག་ཏུ་དམ་ཚིག་གཙང་མ་གཅེས༔ ཨི་དཾ་ཏེ་ས་མ་ཡ་ན་ར་ཀན༔ བག་ཤ་སི༔ ཞེས་དམ་བསྒྲག་གོ །དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་ཀྱི་གནད་སྐྱིལ་ཀྲུང་དྲང་པོར་སྲོངས། ངག་གི་གནད་རླུང་ཁ་སྦྱོར་དུ་ཆིངས། སེམས་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ལ་ཕོག །རྣམ་སྨིན་ཤ་ཁྲག་གདོས་བཅས་ཀྱི་ལུས་འདིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཁྱེད་རང་རྣམས་རྒྱལ་བ་ཀུན་འདུས་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པ་ནི། སྐུ་མདོག་དམར་གསལ་ཞལ་གཅིག་ཕྱག་གཉིས་པ། མཛེས་ཤིང་ཡིད་དུ་འོང་བ་ཁྲོ་འཛུམ་ཆགས་པའི་ཉམས་རྒྱས་པ། ཕྱག་གཡས་པདྨའི་ཕྲེང་བ་དང་གཡོན་མཉམ་གཞག་གི་ཕྱག་རྒྱས་བདུད་རྩིའི་བུམ་པ་བསྣམས་པ། པད་ཉི་ཟླ་བའི་གདན་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཡུམ་གསང་བ་ཡེ་ཤེས་ཌཱ་ཀི་མ་དམར་གསལ་གཅེར་བུ་སྐྲ་གྲོལ་ཞིང་རིན་པོ་ཆེ་དང་རུས་པས་བརྒྱན་པ། ཕྱག་གཉིས་ཀྱིས་པདྨ་དང་བུམ་པ་འཛིན་པ། ཞབས་གཉིས་ཡབ་ལ་འཁྱུད་ཅིང། བདེ་བ་ཆེན་པོ་མཆོག་ཏུ་འབར་བའི་འོད་ཟེར་འཕྲོ་བ། ཡབ་ཀྱི་སྙིང་གར་ཧྲཱིཿཡིག་དམར་པོ་མར་མེ་ལྟར་འབར་བ་གསལ་བའི་འོད་ཀྱིས་བསྐུལ་བས། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྐུ་དང་ཡིག་འབྲུ་ཕྱག་མཚན་རྣམ་པ་གྲངས་མེད་པ་འོད་ཟེར་གྱི་ཕུང་པོ་འབར་ཞིང་འཕྲོ་བ་ཁ་ཆར་དང་བུ་ཡུག་འཚུབས་པ་བཞིན་དུ་བྱོན། བ་སྤུའི་ཁུང་བུ་ནས་ཞུགས། ལུས་ཐམས་ཅད་མེར་ཁྲིག་གང་བས་བདེ་བ་བཟོད་མེད་དུ་འབར་བའི་མོས་པ་མཛོད། ཁྱད་པར་གྱི་སྤོས་ཀྱིས་བདུག ཌཱ་དྲིལ་དང་རྐང་གླིང་སོགས་རོལ་མོའི་སྒྲ་དང་སྦྱར་ཏེ། ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཟླ་ཞིང་དབབ། དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་པ་རྣམས་ཁྱེད་རང་རྣམས་ལ་རོ་གཅིག་ཏུ་བརྟན་པའི་མོས་པ་མཛོད། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ། ཏིཥྛ་བཛྲ། དེ་ནས་རིགས་བརྟག་པར་བྱ་བའི་ཕྱིར་མེ་ཏོག་འདོར་བ་ནི། ཚོམ་བུའི་དཀྱིལ་འཁོར་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་བཞུགས་པ་ལ། ངོ་བོ་ཡེ་ཤེས་གཅིག་གི་རོལ་པ་ལ་བཟང་ངན་མེད་ཀྱང་རང་གི་ལས་འབྲེལ་ཡོད་པའི་ལྷ་དེ་ལ་འབབ་པར་ཤོག་སྙམ་དུ་འདིའི་རྗེས་ཟློས་དང་བཅས་ཏེ་མེ་ཏོག་ལྟོས་པ་མེད་པར་དོར་མཛོད། ཧོ༔ དབང་མཛད་ཐུགས་རྗེའི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་ལྷ་ལ་འབུལ༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱིས༔ ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ༔ པྲ་ཏི་ཛ་པཱུ་ཛཿཧོ༔ ཞེས་འདོར་དུ་བཅུག་པས་གང་ལ་བབས་པ་དེའི་རིགས་ངེས་པར་བྱས་ལ། མེ་ཏོག་གང་ལ་ཕོག་པའི་ལྷ་དེ་བྱོན་ནས་ཁྱེད་རང་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་མོས་མཛོད། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད་ཅིང་མེ་ཏོག་མགོར་བཞག་ལ། ཐུགས་རྗེའི་དབང་ཕྱུག་གམ། པདྨ་དགྱེས་པ་ལྟ་བུ་ལྷའི་མཚན་ལས་གྲས་པའི་གསང་མཚན་བཏགས། དེ་ནས་མིག་དབྱེ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ བདག་ནི་ཐོག་མ་མེད་དུས་ནས༔ མི་ཤེས་མ་རིག་མུན་པར་ཚུད༔ བླ་མའི་ཐུགས་རྗེའི་གསེར་ཐུར་གྱིས༔ ཡེ་ཤེས་མིག་ཕྱེས་ལྷ་དང་སྤྲོད༔ ཅེས་ལན་གསུམ་ཞུ། དེ་ནས་མ་རིག་པའི་ལིང་ཏོག་མིག་དར་དང་ལྷན་ཅིག་བསལ་བའི་མོས་པ་མཛོད། བུ་ནི་མི་ཤེས་རྨོངས་འཁྲུལ་པས༔ མདོངས་ཤིང་འགྲིབ་པར་གྱུར་པ་ནི༔ རྡོ་རྗེ་གསེར་གྱི་ཐུར་མ་ཡིས༔ ལིང་ཏོག་ངས་བསལ་དལ་ལ་ལྟོས༔ ཞེས་གསེར་ཐུར་གྱི་དབྱེ་ཚུལ་བྱ། དེ་ནས་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་དེ་ལ་མཐོང་བ་བསྟན་པར་བྱ་སྟེ། དེ་ཡང་འདི་ན་སློབ་དཔོན་གྱི་སྐུ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་གཞུག་པ་དང་། མཚན་མའི་རྟེན་རང་སྣང་དབྱེར་མེད་དཀྱིལ་འཁོར་དུ་མངོན་པར་གསལ་བ་གཟུགས་བརྙན་གྱི་དཀྱིལ་འཁོར་འདིས་མཚོན་པ་ཡིན་ཏེ། ཡེ་ཤེས་རང་སྣང་གི་ཕོ་བྲང་རང་བྱུང་ལྷུན་གྲུབ་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་པདྨའི་ལྟེ་བར། དབུས་སུ་བདེ་གཤེགས་ཀུན་འདུས་འཕགས་པ་ཐུགས་རྗེ་ཆེན་པོ། ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་སྙོམས་པར་འཇུག་པ་བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་བཞུགས་པ། ཡབ་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྟ་མགྲིན། སྤྱི་བོར་རིགས་ཀྱི་བདག་པོ་འོད་དཔག་མེད། སྲས་ནོར་བུ་འཛིན་པ་གཡས་ནས་འདུད་ཅིང་། གཡོན་ནས་གསང་སྔགས་འཛིན་མ་འདུད་པ། འདབ་མ་དྲུག་ལ་ལྷའི་ཐུབ་པ་ཨོཾ་དཀར་པོ། ལྷ་མིན་གྱི་ཐུབ་པ་མ་སྔོན་པོ། མིའི་ཐུབ་པ་ཎི་སེར་པོ། བྱོལ་སོང་ཐུབ་པ་པད་སེར་ནག ཡི་དྭགས་ཀྱི་ཐུབ་པ་མེ་ལྗང་དམར། དམྱལ་བའི་ཐུབ་པ་ཧཱུྃ་མཐིང་ནག དེའི་ཕྱི་རིམ་པད་འདབ་སྟོང་རྩ་མུ་ཁྱུད་རིམ་པ་བཞིར་རྫོགས་པ་ལ་སངས་རྒྱས་སྟོང་རྩ་གཉིས། སྒོ་བཞིར། བཛྲ། རཏྣ། པདྨ། ཀརྨ་ཧེ་རུ་ཀ་རྣམས་བཞུགས་པ་སྟེ། དེ་ཐམས་ཅད་ཀྱང་སེམས་ཉིད་རང་བྱུང་གི་ཡེ་ཤེས་འགག་མེད་སྒྱུ་འཕྲུལ་ཀྱི་རོལ་པར་འཆར་བའི་ཡེ་ཤེས་ཀྱི་སྣང་བརྙན་ཉིད། ད་རེས་མཚན་མའི་རྟེན་འདིས་མཚོན་ཏེ་ཡང་སྙིང་ཀུན་འདུས་འཕགས་པ་ཐུགས་རྗེ་ཆེན་པོའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་ཆོས་ཀྱི་དབྱིངས་མངོན་སུམ་པ་བཞིན་དུ་མཇལ་བར་གྱུར་སྙམ་དུ་དགའ་བ་དང་སྤྲོ་བ་ཡང་དག་པར་བསྐྱེད་པར་མཛོད། དེ་དག་གིས་ནི་ལྷ་དང་སྐལ་པ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ལེགས་པར་སོང་ནས། ཞུགས་པའི་དཀྱིལ་འཁོར་དེར་མངོན་པར་དབང་བསྐུར་བ་ཞུ་བའི་དོན་དུ་མཎྜལ་ཕུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ སངས་རྒྱས་ཀུན་གྱི་གསང་བའི་ལམ༔ ཡང་སྙིང་ཀུན་འདུས་དཀྱིལ་འཁོར་དུ༔ བདག་རྒྱུད་སྨིན་པར་མཛད་དུ་གསོལ༔ ཞེས་ལན་གསུམ། དེ་ནས་དབང་གི་དངོས་གཞི་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་འགྲོ་འདུལ་ཕྲིན་ལས་མཐའ་རྟེན་གཏོར་དབང་ཕན་ཡོན་གྱིས་ངེས་ཤེས་སྐྱེད་པ་བཅས་རྣམ་གྲངས་བདུན་དུ་མཆིས་པ་ལས། དང་པོ་ཕྱི་བུམ་པའི་དབང་ལ་བརྟེན་ནས་ལུས་བྱིན་གྱིས་རློབ་ཅིང་ལྷ་བསྒོམ་པར་རྗེས་སུ་གནང་བ་སྦྱིན་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛད་འཚལ། ཁྱེད་རང་རྣམས་དཀྱིལ་འཁོར་ཤར་ཕྱོགས་ཀྱི་ཁྱམས་ལ་ཐུགས་རྗེ་ཆེན་པོ་ཡང་སྙིང་ཀུན་འདུས་ཀྱི་སྐུར་གྱུར། སློབ་དཔོན་གྱི་སྙིང་གའི་ས་བོན་གྱི་འོད་ཀྱིས་བསྐུལ་བས་མདུན་གྱི་ནམ་མཁའི་གནས་སུ་དབང་གི་ལྷ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་དུ་སད་ནས་བཞུགས་པར་གྱུར། དེ་རྣམས་ལ་སློབ་དཔོན་གྱིས་མཆོད་ཅིང་གསོལ་བ་བཏབ་པའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་བཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། ནས། ཤབྡའི་བར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིས་ཆུས་བཀང་བ་ཐོགས་ནས་དབང་བསྐུར་བའི་མོས་པ་མཛོད། ཧྲཱི༔ བུམ་པ་སྤྲོས་བྲལ་ཆོས་སྐུ་ཟླུམ༔ བཅུད་ནི་ལོངས་སྤྱོད་ཡི་དམ་ལྷ༔ སྤྲུལ་སྐུའི་ཁྲུས་ཀྱིས་མ་རིག་འཁྲུ༔ ལྷ་དབང་ལུས་ལ་རྫོགས་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད། དེ་ལྟར་བུམ་པའི་ཆུས་དབང་བསྐུར་པས་སྐུ་གང་དྲི་མ་ཐམས་ཅད་དག ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོས་དབུ་བརྒྱན་པའི་མོས་པ་མཛོད། དེ་ནས་རྗེས་འབྲེལ་དུ་ལུས་ཐ་མལ་གྱི་ཞེན་རྟོག་སྦྱོང་བ་སྐུའི་དབང་བསྐུར་བ་ནི། ཁྱེད་རང་རྣམས་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པའི་ཕྱི་རོལ་དུ་གཞལ་ཡས་ཁང་ལྷའི་གདན་དང་བཅས་པ་གསལ་བར་གྱུར་པ་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་རྣམ་པར་སྤྲོས་ནས་རིམ་པ་བཞིན་སོ་སོའི་གནས་སུ་བཞུགས་པའི་མོས་པ་མཛོད། ཡབ་ཀྱི་སྐུ་རྟེན་སྤྱི་བོར་བཞག་ལ། ཧྲཱི༔ ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས༔ འགྲོ་འདུལ་ཐབས་ཀྱི་དོན་མཛད་པ༔ ཐུགས་རྗེ་ཀུན་འདུས་དབང་མཆོག་འདི༔ སྐལ་ལྡན་བུ་ལ་བསྐུར་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མ་ཧཱ་ཀཱ་རུ་ཎི་ཀ་ཨ་བྷི་ཥིཉྩ་ཨོཾ༔ ཡུམ་གྱི་སྐུ་རྟེན་མདུན་དུ་བཞག་ལ། ཧྲཱི༔ དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ༔ ཤེས་རབ་ཆེན་པོའི་རང་བཞིན་ཅན༔ གསང་བ་ཡེ་ཤེས་དབང་མཆོག་འདི༔ སྐལ་ལྡན་བུ་ལ་བསྐུར་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གུ་ཧྱ་ཛྙཱ་ན་ཡེ་ཨ་བྷི་ཥིཉྩ་ཨཱ༔ རྟ་མགྲིན་སྙིང་གར་བཞག་ལ། ཧྲཱི༔ གདུག་པ་ཚར་གཅོད་རྟ་མགྲིན་ནི༔ དབུ་གཙུག་རྟ་སྐད་འཚེར་བ་ཡིས༔ ལོག་འདྲེན་བདུད་ལས་རྒྱལ་བའི་དབང༔ སྐལ་ལྡན་བུ་ལ་བསྐུར་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཧ་ཡ་གྲཱི་ཝ་པདྨཱནྟ་ཀྲྀཏ་ཨ་བྷི་ཥིཉྩ་ཨཱ༔ སྲས་ནོར་བུ་འཛིན་པ་གཡས་སུ་བཞག་ལ། ཧྲཱི༔ ཡིད་བཞིན་རེ་སྐོང་གཏེར་འཆང་བ༔ དགོས་འདོད་མ་ལུས་འབྱུང་བའི་དཔལ༔ རྒྱལ་བ་ཀུན་གྱི་སྲས་མཆོག་དབང༔ སྐལ་ལྡན་བུ་ལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མ་ཎི་དྷཱ་ར་ཡེ་ཨ་བྷི་ཥིཉྩ་ཨཱ༔ གསང་སྔགས་འཛིན་མ་གཡོན་དུ་བཞག་ལ། ཧྲཱི༔ གསང་སྔགས་འཛིན་མ་ཤེས་རབ་ཉིད༔ འབྲས་བུ་གསང་སྔགས་ཡིད་བཞིན་གཏེར༔ མཚན་བཟང་སྲས་མོའི་དབང་མཆོག་འདི༔ སྐལ་ལྡན་བུ་ལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གུ་ཧྱ་དྷཱ་རི་ཡེ་ཨ་བྷི་ཥིཉྩ་མཱཾ༔ འགྲོ་འདུལ་ཐུབ་པ་དྲུག་གི་སྐུ་གནས་དྲུག་ཏུ་བཞག་ལ། ཧྲཱི༔ ལྷ་ཡི་ཐུབ་པ་སྐུ་མདོག་དཀར༔ བརྒྱ་བྱིན་ཕྱག་ན་པི་ཝཾ་འཛིན༔ ང་རྒྱལ་གནས་སུ་དག་པའི་དབང༔ སྐལ་ལྡན་བུ་ལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་མུ་ནེ་ཀྲིང་སྭཱ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ ལྷ་མིན་ཐུབ་པ་སྐུ་མདོག་སྔོ༔ ཐགས་བཟང་ཕྱག་ན་རལ་གྲི་འཛིན༔ ཕྲག་དོག་གནས་སུ་དག་པའི་དབང༔ སྐལ་ལྡན་བུ་ལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་མུ་ནེ་ཏྲུཾ་སྭཱ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ མི་ཡི་ཐུབ་པ་སྐུ་མདོག་སེར༔ ཤཱཀ་ཐུབ་གསེག་ཤང་པར་བུ་འཛིན༔ འདོད་ཆགས་གནས་སུ་དག་པའི་དབང༔ སྐལ་ལྡན་བུ་ལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་མུ་ནེ་ཧཱུྃ་སྭཱ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ བྱོལ་སོང་ཐུབ་པ་སེར་ནག་སྐུ༔ སེང་གེ་རབ་བརྟན་པུསྟི་འཛིན༔ གཏི་མུག་གནས་སུ་དག་པའི་དབང༔ སྐལ་ལྡན་བུ་ལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་མུ་ནི་བྲཾ་སྭཱ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ ཡི་དྭགས་ཐུབ་པ་དམར་ལྗང་སྐུ༔ ཁ་འབར་རིན་ཆེན་སྒྲོམ་བུ་འཛིན༔ སེར་སྣ་གནས་སུ་དག་པའི་དབང༔ སྐལ་ལྡན་བུ་ལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་མུ་ནི་ཀྵཾ་སྭཱ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ དམྱལ་བའི་ཐུབ་པ་མཐིང་ནག་སྐུ༔ ཆོས་ཀྱི་རྒྱལ་པོ་མེ་ཆུ་འཛིན༔ ཞེ་སྡང་གནས་སུ་དག་པའི་དབང༔ སྐལ་ལྡན་བུ་ལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་མུ་ནི་ཡེ་སྭཱ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ༔ སྐབས་འདིར་སྤྲོ་ཞིང་དགོས་པ་ཡོད་ན་སངས་རྒྱས་སྟོང་རྩའི་ལྷ་དབང་ཆེ་འབྲིང་གང་རུང་རཏྣའི་ཐུགས་གསང་ལས་བཤད་པ་བཞིན་བསྐུར་ལ། བསྡུ་ན་ཕྱག་སྟོང་སྤྱན་སྟོང་སྐུ་སྤྱི་བོར་བཞག་ལ། ཧྲཱི༔ སྐུ་སྟོང་སངས་རྒྱས་རྫོགས་པའི་དཔལ༔ ཕྱག་སྟོང་འཁོར་ལོས་སྒྱུར་རྒྱལ་སྟོང༔ སྤྱན་སྟོང་བསྐལ་བཟང་སངས་རྒྱས་སྟོང༔ བུདྡྷ་སྟོང་རྩའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་བུདྡྷ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧྲཱི༔ རིགས་བདག་སྤྱི་བོར་བཞག་ལ། ཧྲཱི༔ རྒྱལ་བ་ཀུན་གྱི་གཙུག་གི་རྒྱན༔ སྣང་བ་མཐའ་ཡས་འོད་དཔག་མེད༔ རིགས་ཀྱི་བདག་པོས་དབང་བསྐུར་བས༔ ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་ཨ་མི་དྷེ་བ་ཧྲཱིཿསྭཱ་ཧཱ་ཨ་བྷི་ཥིཉྩ་ཧྲཱི༔ སྒོ་བཞི་མདུན་རྒྱབ་གཡས་གཡོན་རྣམས་སུ་བཞག་སྟེ། ཛ༔ དགའ་བྱེད་བདུད་རྣམས་འཇོམས་པའི་དཔལ༔ བཅོམ་ལྡན་བཛྲ་ཧེ་རུ་ཀ༔ ཤར་གྱི་སྒོ་སྐྱོང་དབང་བསྐུར་བས༔ འཇིགས་བརྒྱད་སྐྱོབ་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཧེ་རུ་ཀ་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཉོན་མོངས་བདུད་རྣམས་འཇོམས་པའི་དཔལ༔ བཅོམ་ལྡན་རཏྣ་ཧེ་རུ་ཀ༔ ལྷོ་ཡི་སྒོ་སྐྱོང་དབང་བསྐུར་བས༔ འབྱོར་དྲུག་རྒྱས་པའི་དབང་ཐོབ་ཤོག༔ ཨོཾ་རཏྣ་མ་ཧཱ་ཀྲོ་དྷ་ཧེ་རུ་ཀ་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ༔ བཾ༔ ཕུང་པོའི་བདུད་རྣམས་འཇོམས་པའི་དཔལ༔ བཅོམ་ལྡན་པདྨ་ཧེ་རུ་ཀ༔ ནུབ་ཀྱི་སྒོ་སྐྱོང་དབང་བསྐུར་བས༔ ཁམས་གསུམ་འདུལ་བའི་དབང་ཐོབ་ཤོག༔ ཨོཾ་པདྨ་མ་ཧཱ་ཀྲོ་དྷ་ཧེ་རུ་ཀ་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ འཆི་བདག་བདུད་རྣམས་འཇོམས་པའི་དཔལ༔ བཅོམ་ལྡན་ཀརྨ་ཧེ་རུ་ཀ༔ བྱང་གི་སྒོ་སྐྱོང་དབང་བསྐུར་བས༔ དགྲ་བགེགས་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་ཀརྨ་མ་ཧཱ་ཀྲོ་དྷ་ཧེ་རུ་ཀ་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ལྷ་དབང་བསྐུར། འདི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་སྟོང་སྒྱུ་འཕྲུལ་དྲྭ་བ་ལྷའི་འཁོར་ལོར་དག་པ་ཡིན་ནོ། །གཉིས་པ་ནང་བདུད་རྩི་ལ་བརྟེན་ནས་ངག་བྱིན་གྱིས་རློབ་ཅིང་སྔགས་བཟླ་བའི་ལུང་འབོགས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བླ་མ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། ཨཱ༔ ཐུགས་རྗེ་ཆེན་པོ་ཡབ་ཡུམ་རྣམས༔ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ སྐལ་ལྡན་ངག་ལ་དབང་བསྐུར་བས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨཱ༔ ཞེས་ཐོད་པ་བདུད་རྩིས་གང་བ་མགྲིན་པར་བཞག །བདུད་རྩི་བླུད། ཁྱེད་རང་རྣམས་ཀྱི་སྙིང་གར་ཧྲཱིཿཡིག་དམར་པོ། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་རྣམས་ཐོན་མགྲིན་པའི་ལམ་དུ་ཞུགས་སྙིང་གའི་ས་བོན་གྱི་མཐར་འཁོད་པར་མོས་ལ་འདིའི་རྗེས་ཟློས་མཛོད། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ལན་བདུན། འདི་ལྟར་འཁོར་འདས་ཀྱི་སྒྲ་སྐད་ཐམས་ཅད་གྲགས་སྟོང་གཞོམ་མེད་གསུང་གི་འཁོར་ལོར་དག་པ་ཡིན་ནོ། །གསུམ་པ་གསང་བ་མར་མེ་ལ་བརྟེན་ནས་ཡིད་བྱིན་གྱིས་རློབ་ཅིང་སེམས་ཀྱི་ངོ་སྤྲོད་པ་ལ་ཐོག་མར་བྱིན་རླབས་འབེབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སྣང་བ་ཐམས་ཅད་འོད་ཀྱི་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ་ཁྱེད་རང་རྣམས་བཞེངས་ནས་ཐལ་སྦྱར་དུ་གནས་པ་ཐུགས་རྗེ་ཆེན་པོའི་སྐུར་གསལ་བའི་སྙིང་གར་ཧྲཱིཿཡིག་མར་མེ་ལྟར་འབར་བ། སྤྱི་བོར་བླ་མ་དང་དབྱེར་མེད་པའི་སྣང་བ་མཐའ་ཡས། སྣང་སྲིད་ཐམས་ཅད་ཡི་དམ་དཔའ་བོ་མཁའ་འགྲོས་ཤིག་ཤིག་ཡམ་ཡམ་གང་ཞིང་གར་སྟབས་སྒྱུར་བར་མོས་མཛོད། རོལ་མོ་བསྒྲག །གུ་གུལ་དང་སྤོས་ཆེན་བསྲེག །ཡིག་བདུན་གྱི་དབྱངས་དིར་དིར་བྱ། དེ་ནས་ལྷ་སྔགས་ཀྱི་སྣང་ཆ་ཐམས་ཅད་འཛིན་མེད་ཁྱབ་བརྡལ་སྤྲོས་པ་དང་བྲལ་བའི་ངང་ལ་མ་བཅོས་པར་བཞག །དེའི་དོན་མར་མེའི་སྣང་བ་གསལ་ལ་རང་བཞིན་མ་གྲུབ་པ་འདིས་མཚོན་པ་ཡིན་ཏེ། ཧྲཱི༔ སེམས་ཉིད་ཀ་དག་ཀུན་བཟང་ཀློང༔ སྣང་སྟོང་ཟུང་འཇུག་སྒྱུ་མའི་སྐུ༔ གཉིས་མེད་འཛིན་བྲལ་སྤྲུལ་པའི་སྐུ༔ ཡང་དག་ངེས་དོན་རྟོགས་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛྙཱ་ན་པཉྩ་དྷརྨ་ཀཱ་ཡ་ནིརྨ་ཀཱ་ཡ་སམྦྷོ་ཀཱ་ཡ་ཨ་བྷི་ཥིཉྩ་ཨ་ཨ༔ ཞེས་མར་མེ་བསྟན། འདི་ལྟར་འཁོར་འདས་ཀྱི་རྟོག་ཚོགས་ཐམས་ཅད་རིག་སྟོང་སྤྲོས་བྲལ་བདེ་བ་ཆེན་པོ་ཐུགས་ཀྱི་འཁོར་ལོར་དག་པ་ཡིན་ནོ། །དེ་ལྟར་ལུས་ངག་ཡིད་གསུམ་ཐ་མལ་གྱི་ཞེན་རྟོག་དག་ནས་རྡོ་རྗེ་གསུམ་དུ་གྲུབ་པ་དེ་ལ། རྡོ་རྗེ་ཐུགས་ཀྱི་དམ་ཚིག །དྲིལ་བུ་གསུང་གི་དམ་ཚིག །ཕྱག་རྒྱ་སྐུའི་དམ་ཚིག་གསུམ་སྦྱིན་པ་སྟེ། ཧྲཱི༔ ཡེ་ཤེས་ལྔ་ལྡན་རྡོ་རྗེ་དང༔ སངས་རྒྱས་དབྱངས་ཀྱི་རྗེས་འགྲོ་དྲིལ༔ ཐབས་དང་ཤེས་རབ་དབང་བསྐུར་བས༔ ཟུང་འཇུག་ལམ་ལ་སྤྱོད་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛྙཱ་ན་བཛྲ་གཎྚེ་ཨ་ཨཱ༔ ཞེས་རྡོ་རྗེ་དང་དྲིལ་བུ་གཏད། འཁྱུད་རྒྱ་བྱས། དེས་ནི་ཕྱི་ནང་གི་རྡོར་དྲིལ་ཁ་སྦྱོར་ལས་བྱུང་བའི་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ཀྱིས་རྒྱུད་གང་བས་དོན་གཉིས་འགྲུབ་པའི་ནུས་པ་ཁྱད་པར་ཅན་རྒྱུད་ལ་བཞག་པ་ཡིན་ནོ། །བཞི་པ་དེ་ཁོ་ན་ཉིད་མེ་ལོང་ལ་བརྟེན་ནས། འཁོར་འདས་ཐམས་ཅད་ཀྱི་གཞི་རང་སེམས་འཁྲུལ་པའི་ངོ་བོ་གསལ་སྟོང་འཛིན་མེད་དུ་རིག་པས། འཆིང་གྲོལ་མེད་པའི་གནས་ལུགས་ཡང་དག་པ་རྟོགས་ན་སྣ་ཚོགས་རང་གྲོལ་རིག་པའི་རྩལ་དབང་ཐོབ་པས་དེའི་དོན་ངོ་སྤྲད་པ་ནི། མེ་ལོང་བསྟན་ལ། ཧྲཱི༔ སེམས་ཉིད་གསལ་ལ་འཛིན་རྟོག་མེད༔ མེ་ལོང་ལྟ་བུར་རྟོགས་པ་ན༔ དྲན་རྟོག་ཆོས་ཀྱི་དབྱིངས་སུ་ནུབ༔ ཟུག་རྔུ་བྲལ་བས་བདེ་བ་ཆེ༔ དེ་ནི་གནས་མཆོག་རིག་པའི་དབང༔ སེམས་ཉིད་གསལ་ལ་འཛིན་རྟོག་མེད༔ མེ་ལོང་ལྟ་བུར་རྟོགས་པ་ན༔ སྒོ་གསུམ་ཐ་མལ་སྐུ་གསུང་ཐུགས༔ ཅིར་མི་དགོངས་པས་ཐུགས་རྗེ་ཆེ༔ དེ་ནི་ལྷ་མཆོག་རིག་པའི་དབང༔ སེམས་ཉིད་གསལ་ལ་འཛིན་རྟོག་མེད༔ མེ་ལོང་ལྟ་བུར་རྟོགས་པ་ན༔ སྒོ་ལྔ་ཡུལ་ལྔ་གཉིས་མེད་མཆོད༔ དེ་ནི་མཆོད་ཚོགས་རིག་པའི་དབང༔ སེམས་ཉིད་གསལ་ལ་འཛིན་མེད་རྟོག༔ མེ་ལོང་ལྟ་བུར་རྟོགས་པ་ན༔ འགྲོ་དོན་བྱ་བྱེད་ལྷུན་གྱིས་གྲུབ༔ དེ་ནི་གཞན་དོན་རིག་པའི་དབང༔ སེམས་ཉིད་གསལ་ལ་འཛིན་རྟོག་མེད༔ མེ་ལོང་ལྟ་བུར་རྟོགས་པ་ན༔ འདུ་ཤེས་བྲལ་བས་འཁོར་བ་དག༔ དེ་ནི་དོང་སྤྲུགས་རིག་པའི་དབང༔ རྒྱལ་པོས་དབང་མཆོག་བསྐུར་མི་ལ༔ འཁོར་རྣམས་ཀྱིས་ནི་ཅིས་མི་བསྐུར༔ བུམ་ཆུ་སྤྱི་ནས་བླུག་དུས་སུ༔ ལུས་ཀུན་ཁྱབ་པ་སྨོས་ཅི་དགོས༔ མཚོན་ཆའི་འཁོར་ལོ་འབར་བའི་ཚེ༔ གང་འཕྲད་གཅོད་པ་ཆོས་ཉིད་དོ༔ ཡེ་ཤེས་འཁོར་ལོ་མེ་འབར་བས༔ མ་རིག་ནགས་སྲེག་ཐེ་ཚོམ་མེད༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱི༔ དེས་ནི་རིག་པའི་རྩལ་གྱི་དབང་གིས་དོན་ཐམས་ཅད་རང་གི་རིག་པའི་ཐོག་ཏུ་ངོ་སྤྲད་པ་ཡིན་ནོ། །ལྔ་པ་སྤྲུལ་སྐུའི་སྐུ་ཡི་གེའི་དབང་ལ་བརྟེན་ནས་འགྲོ་བ་འདུལ་བའི་རྗེས་སུ་གནང་བ་ནི། ཡི་གེ་འབྲུ་བདུན་རེ་རེ་བཞིན་གཏད་ལ། ཨོཾ༔ ལྷ་དབང་བརྒྱ་བྱིན་སྐུ་གསུང་ཐུགས༔ ལྷ་རྣམས་འདུས་པའི་སྲོག་སྙིང་ཨོཾ༔ ཨོཾ་བཟུང་ལྷ་ཡི་འགྲོ་བ་ཐུལ༔ ཧྲཱི༔ ཨོཾ་ནི་དོན་དམ་སྐྱེ་བ་མེད༔ འདོད་ཡོན་ལྔ་ལ་མ་ཞན་པ༔ འཆི་འཕོ་ལྟུང་བྱེད་སྡུག་བསྔལ་སྦྱོང༔ གསུང་མཆོག་ཨོཾ་གྱིས་དབང་བསྐུར་རོ༔ ཨོཾ་ཨོཾ་ཨོཾ་སརྦ་ཨ་བྷི་ཥིཉྩ་ཧཱུྃ། མ༔ ཐགས་བཟང་རིས་ཀྱི་སྐུ་གསུང་ཐུགས༔ ལྷ་མིན་འདུས་པའི་སྲོག་སྙིང་མ༔ མ་བཟུང་ལྷ་མིན་འགྲོ་བ་ཐུལ༔ ཧྲཱི༔ མ་ནི་མ་བཅོས་སྤྲོས་དང་བྲལ༔ བདག་གཞན་ཕྱོགས་ཆ་མི་འཛིན་པ༔ འཐབ་རྩོད་རྡེག་བཙོག་སྡུག་བསྔལ་གཅོད༔ གསུང་མཆོག་མ་ཡིས་དབང་བསྐུར་རོ༔ མ་མ་མ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཎི༔ ཤཱཀྱ་ཐུབ་པའི་སྐུ་གསུང་ཐུགས༔ མི་རྣམས་འདུས་པའི་སྲོག་སྙིང་ཎི༔ ཎི་བཟུང་མི་ཡི་འགྲོ་བ་ཐུལ༔ ཧྲཱི༔ ཎི་ནི་མ་སྦས་ཀུན་ལ་ཁྱབ༔ ཚོགས་དྲུག་ཡུལ་ལ་མ་ཞེན་པའི༔ སྐྱེ་རྒ་ན་འཆིའི་སྡུག་བསྔལ་གཅོད༔ གསུང་མཆོག་ཎི་ཡིས་དབང་བསྐུར་རོ༔ ཎི་ཎི་ཎི་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ པད༔ སེངྒེ་རབ་བརྟན་སྐུ་གསུང་ཐུགས༔ བྱོལ་སོང་འདུས་པའི་སྲོག་སྙིང་པད༔ པད་བཟུང་བྱོལ་སོང་འགྲོ་བ་ཐུལ༔ ཧྲཱི༔ པད་ནི་གཉིས་འཛིན་རྟོག་པ་ཐུལ༔ མཉམ་ཉིད་དོན་དང་ལྡན་པ་ཡིས༔ གླེན་ལྐུགས་བཀོལ་སྤྱོད་སྡུག་བསྔལ་གཅོད༔ གསུང་མཆོག་པད་ཀྱིས་དབང་བསྐུར་རོ༔ པད་པད་པད་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ མེ༔ ནམ་མཁའ་མཛོད་ཀྱི་སྐུ་གསུང་ཐུགས༔ ཡི་དྭགས་འདུས་པའི་སྲོག་སྙིང་མེ༔ མེ་བཟུང་ཡི་དྭགས་འགྲོ་བ་ཐུལ༔ ཧྲཱི༔ མེ་ནི་མ་ཞེན་ཞེན་འཛིན་དག༔ འདོད་དང་སྤྱོད་ལ་མ་ཞེན་པའི༔ བཀྲེས་སྐོམ་ཕོངས་པའི་སྡུག་བསྔལ་གཅོད༔ གསུང་མཆོག་མེ་ཡིས་དབང་བསྐུར་རོ༔ མེ་མེ་མེ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་ཀྱི་རྒྱལ་པོའི་སྐུ་གསུང་ཐུགས༔ དམྱལ་བ་འདུལ་བའི་སྲོག་སྙིང་ཧཱུྃ༔ ཧཱུྃ་བཟུང་དམྱལ་བའི་འགྲོ་བ་ཐུལ༔ ཧྲཱི༔ ཧཱུྃ་ནི་ཀུན་གྱི་ཁོང་ནས་བྱུང༔ ཐམས་ཅད་དབང་སྡུད་སྤོང་ལེན་མེད༔ ཉམ་ཐག་ཚ་གྲང་སྡུག་བསྔལ་གཅོད༔ གསུང་མཆོག་ཧཱུྃ་གིས་དབང་བསྐུར་རོ༔ ཧཱུྃ་ཧཱུྃ་ཧཱུྃ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས༔ བདེ་གཤེགས་འདུས་པའི་སྲོག་སྙིང་ཧྲཱི༔ ཧྲཱིཿབཟུང་འཁོར་བ་དོང་ནས་སྤྲུགས༔ ཧྲཱི༔ ཧྲཱིཿནི་བདེ་གཤེགས་ཀུན་གྱི་སྲོག༔ སྙིང་པོ་བརྗོད་བྲལ་ཡེ་ཤེས་མཆོག༔ བདེ་ཆེན་ཡང་དག་དོན་ལྡན་པའི༔ གསུང་མཆོག་ཧྲཱིཿཡིས་དབང་བསྐུར་རོ༔ ཧྲཱིཿཧྲཱིཿཧྲཱིཿསརྦ་ཨ་བྷི་ཥིཉྩ་ཨཱ༔ དེང་ཕྱིན་ཆད་ཡི་གེ་འབྲུ་བདུན་གྱི་ཕྲིན་ལས་ལ་བརྟེན་ནས་འགྲོ་བ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་གྱིས་ཤིག །དྲུག་པ་མཐའ་རྟེན་གཏོར་དབང་སྦྱིན་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག །གཏོར་མ་འདི་ཉིད་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དངོས་སུ་གསལ་བ་ལ་མོས་གུས་བྱས་པས་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་བྱུང་། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་སྐུའི་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་བྱུང་སྙམ་དུ་མོས་པ་མཛོད། གཏོར་མ་སྤྱི་བོར་བཞག་ལ། ཨེ་མ༔ ངོ་མཚར་རྨད་དུ་བྱུང་བའི་གནས༔ བླ་མ་རྣམས་དང་གཅིག་པ་ལ༔ ཡི་དམ་ལྷ་དང་དབྱེར་མེད་ཅིང༔ མཁའ་འགྲོ་དབང་དུ་སྡུད་པའི་ཕྱིར༔ དམ་རྫས་གཏོར་མས་དབང་བསྐུར་བས༔ རྩ་བ་གསུམ་གྱིས་བྱིན་གྱིས་རློབས༔ སྐུ་ཡི་བྱིན་རླབས་ལུས་ལ་ཞུགས༔ ལུས་ཀྱི་སྒྲིབ་པ་བྱང་གྱུར་ནས༔ སྐུ་མི་འགྱུར་ཚེ་ཡི་དབང་ཐོབ་ཤོག༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེས་འགྲེས་ཏེ། གཏོར་མ་འདི་ཉིད་སོགས་ནས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་གསུང་གི་བྱིན་རླབས་དང་དངོས་གྲུབ་སོགས། གཏོར་མ་མགྲིན་པར་བཞག་ལ། ཨེ་མ༔ ངོ་མཚར་སོགས་གོང་ལྟར་ལ། བྱིན་གྱིས་རློབས༔ གསུང་གི་བྱིན་རླབས་ངག་ལ་ཞུགས༔ ངག་གི་སྒྲིབ་པ་བྱང་གྱུར་ནས༔ གསུང་སྙིང་པོ་ལུང་གི་དངོས་གྲུབ་སྩོལ༔ སྔགས་མཐར། ཝ་ཱཀ་ཨ་བྷི་ཥིཉྩ་ཨཱ༔ གཏོར་མ༴ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཐུགས་ཀྱི་བྱིན་རླབས་སོགས། གཏོར་མ་སྙིང་གར་བཞག་ལ། ཨེ་མ༔ ངོ་མཚར་སོགས་ནས། བྱིན་གྱིས་རློབས༔ ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས༔ ཡིད་ཀྱི་སྒྲིབ་པ་བྱང་གྱུར་ནས༔ ཐུགས་སྐྱེ་མེད་རྡོ་རྗེའི་དངོས་གྲུབ་སྩོལ༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡང་གཏོར་མ་འདི་ཉིད་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་གསལ་བ་ལ། མོས་གུས་དུང་བ་བྱས་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་ཟེར་ཁ་དོག་ལྔའི་རྣམ་པ་ཅན་དུ་བྱུང་བ་ཁྱེད་རང་གི་གནས་ལྔར་ཐིམ་པའི་མོས་པ་མཛོད། གཏོར་མ་སྤྱི་བོར་བཞག །ཨེ་མ༔ ངོ་མཚར་རྨད་དུ་བྱུང་བའི་གནས༔ བླ་མ་རྣམས་དང་གཅིག་པ་ལ༔ ཡི་དམ་ལྷ་དང་དབྱེར་མེད་ཅིང༔ མཁའ་འགྲོ་དབང་དུ་བསྡུ་བའི་ཕྱིར༔ དམ་རྫས་གཏོར་མས་དབང་བསྐུར་བས༔ ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས༔ སྐུ་གསུང་ཐུགས་ཀྱི་དབང་ཐོབ་ནས༔ མཁའ་མཉམ་འགྲོ་དོན་བྱེད་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧྲཱི༔ དེ་ནས་གཏོར་མའི་ལྷ་ཁྱེད་རང་རྣམས་ལ་ཐིམ་པས་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་དང་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་མོས་མཛོད། བདུན་པ་དབང་ཐོབ་པའི་ཕན་ཡོན་བརྗོད་ཅིང་སྣོད་ལྡན་དུ་ངེས་ཤེས་སྐྱེད་པ་ནི་རྡོ་རྗེ་ཚིག་རྐང་ཉིད་ལ་གསན་པས་ཁྱབ་པར་གདའ། ལེགས་འོང་ཁྱེད་ནི་སྐལ་པ་བཟང༔ དེ་ལྟར་དབང་རྫོགས་སྤྱན་རས་གཟིགས༔ ཁྱེད་ཡིན་སངས་རྒྱས་སྐུ་གསུང་ཐུགས༔ མཁའ་མཉམ་འགྲོ་དོན་ད་སྤྱོད་ཅིག༔ དུས་གསུམ་བདེ་གཤེགས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་མ་ལུས་ཀུན༔ ཡིག་དྲུག་དབང་ལ་ཡང་དག་རྫོགས༔ དབང་ཐོབ་ཡོན་ཏན་མཐའ་ཡས་ཏེ༔ རྣམ་ཀུན་མཁྱེན་པའི་སངས་རྒྱས་ཀྱིས༔ སྟོང་གསུམ་འཇིག་རྟེན་ཁམས་འདི་དག༔ ཏིལ་འབྲུར་བསིལ་ནས་བགྲང་ན་འཛད༔ དབང་ཐོབ་ཡོན་ཏན་ཟད་མི་ཤེས༔ འཇིག་རྟེན་སེམས་ཅན་སྲོག་བཏོན་པའི༔ བསོད་ནམས་འཕགས་པས་བགྲང་ནུས་ཀྱི༔ ཡིག་དྲུག་ལན་གཅིག་བརྗོད་པ་ཡི༔ ཡོན་ཏན་བརྗོད་པར་ག་ལ་ནུས༔ ཁམས་གསུམ་སེམས་ཅན་མ་ལུས་ཀུན༔ སངས་རྒྱས་སར་བཀོད་ཡོན་ཏན་རྣམས༔ བགྲང་བར་ནུས་ཀྱི་ཡི་གེ་དྲུག༔ གཅིག་བརྗོད་ཡོན་ཏན་བགྲང་མི་ནུས༔ རྒྱལ་བ་ནམ་མཁའ་གང་བ་ལ༔ མཆོད་པ་ཕུལ་བའི་བསོད་ནམས་ཚོགས༔ བགྲང་བར་ནུས་ཀྱི་ཡིག་དྲུག་པ༔ གཅིག་བརྗོད་ཡོན་ཏན་བགྲང་མི་ནུས༔ ཡིག་དྲུག་དབང་ཐོབ་འཛིན་ཐོས་མིས༔ ལས་དང་ལས་ཀྱི་རྣམ་སྨིན་རུང༔ མི་དགེ་བཅུ་དང་མཚམས་མེད་ལྔ༔ དུས་འདི་ཉིད་ལ་སྦྱོང་བར་བྱེད༔ ཡང་སྙིང་ཡིད་ལ་སུས་བྱེད་ཚད༔ ཐུགས་རྗེ་ཆེན་པོ་དེ་ཡིན་ཕྱིར༔ བར་གཅོད་བགེགས་ཞི་འགྲོ་བ་འདུལ༔ སྣང་སྲིད་འཁོར་འདས་དབང་དུ་འགྱུར༔ ཡང་སྙིང་མཐོང་ཐོས་དྲན་རེག་དང༔ སྒོམ་བཟླས་འབྲི་འཆང་སྟོན་པ་རྣམས༔ ཡོན་ཏན་ལྡན་ཅིང་གར་སྐྱེས་ཀྱང༔ སྤྱན་རས་གཟིགས་དང་འབྲལ་མི་སྲིད༔ ཅེས་གསུངས་སོ། །དེ་ལྟར་བདེ་གཤེགས་ཀུན་འདུས་འཕགས་པ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་བའི་བྱ་བ་བསྒྲུབས་ཟིན་པ་ཡིན་པས་གནས་སྐབས་དེ་དག་ཏུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་རྣམས་ལ་བསྲུང་སྡོམ་གྱི་འདུན་པ་དྲག་པོས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། དེ་ལྟར་ལེགས་པར་ཐོབ་པའི་གཏང་རག་གི་དོན་དུ་མཎྜལ་ཕུལ་མཛོད། ཅེས་མཎྜལ་འབུལ་དུ་བཅུག །སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ནས་འབུལ་ན་ཆ་ཤས་ནས་ལོངས་སྤྱོད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སྟེ་སོགས། དེ་ལྟར་དབང་ཐོབ་པའི་དགེ་ཚོགས་རྣམས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བར་མཛོད། བསོད་ནམས་འདི་ཡིས་སོགས་ཀྱིས་བསྔོ་སྨོན་བྱས་ལ་གྲོལ་ལོ། །གལ་ཏེ་སྐྱེ་བདུན་སྒྲུབ་ཆེན་དང་འབྲེལ་བའམ། མི་འབྲེལ་ཡང་བསྟན་པ་ལ་ཕན་པའི་སློབ་བུར་དབང་གི་རྒྱུན་མི་ཉམས་པའི་ཕྱིར་སྐྱེ་བདུན་བུམ་པའི་དབང་བྱ་བའི་ཕྱག་སྲོལ་མཛད་པ་ལྟར་ན། ཐོག་མ་ནས་དཀྱིལ་འཁོར་དབུས་སུ་སྐྱེ་བདུན་རིལ་བུ་བཞུགས་པའི་བུམ་པའང་བཤམས་ལ་དབང་སྒྲུབ་སྐབས་སུ་ཡིག་བདུན་ཤམ་བུར། ཨ་ར་པ་ཙ་མི་ཏ་ཧྲྀ་ད་ཡ་སྭཱ་ཧཱ། བཏགས་པ་ཅི་འགྲུབ་བཟླ། དབང་ནི་དངོས་གཞིའི་བུམ་དབང་རྫོགས་པའི་རྗེས་སུ། དེ་ལྟར་བུམ་དབང་གི་ཁྲུས་ཀྱིས་གདུལ་བྱ་སྐལ་ལྡན་རྣམས་ཀྱི་རྒྱུད། སྣོད་གསེར་གྱི་གཞོང་པ་ལྟ་བུ་ཡོངས་སུ་དག་པ་བྱས་པ་དེར། བཅུད་སེང་གེའི་འོ་མ་ལྟ་བུ་མྱོང་གྲོལ་བདུད་རྩིའི་དྭངས་མས་དབང་བསྐུར་བ་སྟེ། བུམ་པ་རང་བྱུང་གི་ཕོ་བྲང་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་གསལ་བ་ལ་བུམ་བཅུད་འཁོར་བ་དོང་སྤྲུགས་འཇིག་རྟེན་དབང་ཕྱུག་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་ཤར་བས་དབང་བསྐུར་བས་རྒྱུད་སྨིན་ཅིང་གྲོལ་བའི་མོས་པ་མཛོད། བུམ་རིལ་སྤྱི་བོར་བཞག་ལ། ཧྲཱི༔ ཕྱི་ནི་རང་བྱུང་བདེ་ཆེན་གཞལ་ཡས་ཁང༔ ནང་ན་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞུགས༔ སྒྲིབ་གསུམ་དག་ནས་སྐུ་གསུམ་མངོན་གྱུར་དབང༔ དེང་འདིར་སྦྱིན་ནོ་འགྲོ་ཀུན་ཡོངས་སྒྲོལ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨཱ༔ ཞེས་དབང་བསྐུར། དེ་ནས། ཁྱེད་རང་རྣམས་ཀྱིས་རིལ་བུ་ཐུགས་རྗེ་ཆེན་པོར་གསལ་བ་དེ་ལྕེ་ཐོག་ཏུ་མྱངས་པས་ལུས་གཞལ་ཡས་ཁང་དུ་གསལ་བའི་སྙིང་པདྨ་འདབ་མ་དྲུག་པའི་ལྟེ་བར་ཟླ་བའི་སྟེང་དུ། མགྲིན་པའི་ལམ་ནས་བརྒྱུད་ཧྲིལ་གྱིས་བྱོན་ནས་བྱང་ཆུབ་སྙིང་པོ་མ་ཐོབ་བར་དུ་མི་འབྲལ་བར་ཡུན་གྱི་ལྷར་བཞུགས་པའི་མོས་པ་མཛོད། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿསརྦ་སིདྡྷི་ཧཱུྃ་ཨཿ ཞེས་བཟླ་བཞིན་དུ་བཀྱེས་རིལ་བུ་གསུམ་རེ་མིད་དུ་གཞུག་གོ །དེ་ལྟར་དབང་རྫོགས་པའི་རིལ་བུ་ལྟོར་སོང་ཕན་ཆད་མི་ཞེས་བྱ་བ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་སུ་གནས་འགྱུར་བ་ཡིན་པས་རྒྱལ་པོ་རྒྱལ་སར་ཕྱུང་བ་དང་འདྲ་ཞིང་། བསླབ་པའི་དམ་ཚིག་ཀྱང་བདག་ལས་གཞན་གཅེས་འཛིན་གྱི་སེམས་བསྐྱེད་དང་ལྡན་པས་འགྲོ་བའི་དོན་ཅི་ནུས་ལ་འབད་པ་དང་། དུས་རྟག་ཏུ་ཐུགས་རྗེ་ཆེན་པོའི་བཟླས་བསྒོམ་ལ་བརྩོན་པར་གྱིས་ཤིག །དེ་ལྟར་ཐོབ་པའི་ཕན་ཡོན་ཀྱང་། རྒྱུད་ལས། རིལ་བུ་སུ་ཡི་ལྟོར་སོང་བ༔ ཚེ་རབས་གང་དང་གར་སྐྱེས་ཀྱང༔ སྤྱན་རས་གཟིགས་དང་འབྲལ་མི་སྲིད༔ རྫས་མཆོག་རེག་ཆོག་ངོ་མཚར་ཆེ༔ ཞེས་དང་། གཞན་ཡང་། བོད་ཁམས་ཀུན་ལ་ཁྱབ་པར་དགྲམ༔ དེ་ཡིས་ཐུགས་རྗེའི་བསྟན་པ་རྒྱས༔ སྙིགས་དུས་སེམས་ཅན་བདེ་ལ་བཀོད༔ ངན་སོང་འཁོར་བ་དོང་ནས་སྤྲུགས༔ ཐུགས་རྗེའི་ཕྲིན་ལས་ངོ་མཚར་ཆེ༔ ཞེས་བརྗོད། དེ་ནས་རྗེས་འབྲེལ་དུ་ལུས་ཐ་མལ་གྱི་ཞེན་རྟོག་སྦྱོང་བ་སྐུའི་དབང་བསྐུར་བ་ནི། སོགས་དཀྱུས་བཞིན་སྦྱར་བས་འགྲུབ་བོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། ཚོགས་ལ་རོལ་ཞིང་ལྷག་ཆོག་བྱ། གཏོར་འབུལ་དང་བརྟན་མ་བསྐྱང་ཞིང་། གཏང་རག་མཆོད་བསྟོད་འབུལ། ནོངས་པ་བཤགས། རྡུལ་ཚོན་ཡིན་ན་ཡེ་ཤེས་པ་གཤེགས་ནས་བསྡུ། རས་བྲིས་ཡིན་ན་བརྟན་བཞུགས་བྱ། ཉེར་བསྡུ། ལྷར་ལྡང་། བསྔོ་སྨོན། ཤིས་བརྗོད་ཀྱི་བར་ལས་བྱང་ལྟར་མཐའ་རྒྱས་སུ་བྱའོ། །ཆོས་ཀྱི་དབང་ཕྱུག་གཏེར་སྟོན་ཚད་མ་ཡིས། །ཡང་སྙིང་འདུས་པ་དམ་ཆོས་ཚད་མ་ཕྱུང་། །མ་ཎི་རིན་ཆེན་ལ་སོགས་ཚད་ཐུབ་ཀྱི། །སྐྱེས་ཆེན་མང་པོས་བོད་ཁམས་ཁྱབ་པར་སྤེལ། །འོན་ཀྱང་ད་ནི་བག་ལ་ཉལ་ཉེ་བས། །དམ་པའི་རྗེས་སུ་འབྲངས་ཏེ་གཞན་ཕན་བློས། །འདི་ཙམ་བསྒྲུབས་བྱས་དགེ་བ་གང་ཐོབ་པས། །སྤྱན་རས་གཟིགས་ཀྱི་རྣམ་ཐར་མྱུར་འགྲུབ་ཤོག །ཅེས་པ་འདིའང་འཇམ་མགོན་རྡོ་རྗེ་འཆང་གི་བཀའ་ལུང་སྤྱི་བོར་བསྩལ་པ་དང་། ཉེ་ཆར་རིག་འཛིན་བླ་མ་དམ་པ་དཀོན་མཆོག་བསྟན་འཛིན་གྱིས་རིན་ཆེན་གཉིས་པའི་མེ་ཏོག་བཅས་བཀའ་ཡིས་བསྐུལ་བ་མཛད་པས། མཁན་ཆེན་ཨོ་ཌཱི་ཡ་ནའི་ཡིག་ཆ་འཁྲུལ་མེད་ཚད་ཐུབ་ཏུ་མངོན་ཀྱང་བཀླག་ལུང་གི་རྒྱུན་མ་བཞུགས་པས་དེ་ཉིད་ཀྱི་ལུགས་སྲོལ་རྩ་བར་བཟུང་། ཀཿཐོག་ཕྱག་བཞེས་འཁྲུལ་མེད་ཟུར་རྒྱན་འོས་རིགས་ཕྲན་བུ་འང་བསབ། བུམ་དབང་གི་གསོལ་འདེབས་བདེ་གཤེགས་ཀུན་འདུས་ནས་སབ་པ་གནང་བ་སོགས་འདི་ལ་དགོས་གལ་ཅན་དུ་མ་མངོན་ཀྱང་ད་ལྟའི་ཕྱག་བཞེས་ཀྱི་རྒྱུན་མ་ཉམས་པར། འཇིག་རྟེན་དབང་ཕྱུག་ཀརྨ་པ་ཡབ་སྲས་ཀྱི་བསྟན་སྒོར་ཞུགས་ཤིང་མགོན་པོ་བདེ་བ་ཆེན་པོའི་རིང་ལུགས་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བྲིས་པ་དགེ་ལེགས་འཕེལ།། །།
ཟབ་བདུན་རྒྱུད་ཟབ་སྒྱུ་འཕྲུལ་ལས། ཟངས་བྱང་མའི་ཆོས་སྡེ་ཁྲོ་བོ་དམ་པ་རྒྱན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་རྒྱུད་ལུང་སྙིང་པོ་ (Volume 4, Text 7)
༄༅། །ཟབ་བདུན་རྒྱུད་ཟབ་སྒྱུ་འཕྲུལ་ལས། ཟངས་བྱང་མའི་ཆོས་སྡེ་ཁྲོ་བོ་དམ་པ་རྒྱན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་རྒྱུད་ལུང་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་བཛྲ་ཧེ་རུ་ཀ་ཡ། འབར་བའི་གར་གྱི་ཉམས་འགྱུར་རེ་རེས་ཀྱང་། །བདུད་སྡེ་བྱེ་བའི་ཀླད་པ་འགེམས་པ་དང་། །ལྷན་ཅིག་འགྲོ་རྒྱུད་བདེ་ཆེན་བདུད་རྩིས་བརླན། །བཛྲ་ཧེ་རུ་ཀ་ཡིས་བདག་སྐྱོངས་ཤིག །ཞི་ལས་ལྷག་མྱུར་གྲུབ་མཆོག་གསང་བའི་ལམ། །སྔོན་མེད་ཉིན་བྱེད་ཟླ་བྲལ་ཤིང་རྟ་ཆེས། །སྐལ་བཟང་ལེགས་བྱས་མཁའ་ལ་དྲངས་འདི་ཡི། །སྨིན་བྱེད་ལག་ལེན་རྒྱུ་མཚན་ལྡན་ཕྱིར་འབྲི། །ངོ་མཚར་རྨད་དུ་བྱུང་བའི་གསང་བ་ས་འོག་གི་གཏེར་གཅིག་སྒྱུ་འཕྲུལ་དྲྭ་བ་ཁྲོ་བོའི་དབང་བསྐུར་འབྲིང་པོ་བསྒྲུབ་པར་འདོད་པས་རྒྱས་པར་སྤྲོ་ན་ཞི་བའི་སྐབས་སུ་སྨོས་པ་ལྟར་ལ། དཀྱུས་སུ་སྟེགས་བུར་རས་བྲིས་ཀྱི་དཀྱིལ་འཁོར་ཚད་ལྡན་བཀྲམ་པའི་དབུས་སུ་མཉྫིའི་ཁར་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་སྔོན་པོ་ཁ་རྒྱན་གཟུངས་རྡོར་དང་བཅས་པ་བཀོད། མདུན་ཕྱོགས་སུ་རིགས་བསྡུས་ཀྱི་ལྷ་ཙཀ་དྲུག །གཡས་གཡོན་རྣམས་སུ་ཐོད་སྐམ། དབུ་རྒྱན། གྲི །ཕྱག་མཚན་སོགས་གཞུང་གསལ་གྱི་ཙཀ་ལི་རྣམས་དང་། ནུས་དབང་ཆས་ལྔ། གསང་ཐོད། རིག་ཙཀ །ལས་བུམ། ཐོད་ཆུ་སོགས་ཞི་བ་ལྟར་དབང་རྫས། མཆོད་གཏོར་མཁོ་བའི་ཡོ་བྱད་མ་ཚང་བ་མེད་པ་བཀོད་ལེགས་སུ་བཤམ་ཞིང་ཉེ་བར་བསྡོག་གོ །དེ་ནས་དབང་དོན་དཀྱིལ་འཁོར་སྒྲུབ་པ། བུམ་བཟླས། ལས་བུམ་སྒྲུབ་པ། ཐོད་ཆུ་བྱིན་རླབས། རིག་མེ་དོར་བ་སོགས་ཀྱང་ཞི་བས་རིགས་འགྲེས་ཏེ། ལས་བྱང་རང་གཞུང་བསྲང་། སྤྱི་ཛཔ྄་རུ་ལུ་བཟླ་བ་ཙམ་ཁྱད་པར་རོ། །དབང་གི་ཆོ་ག་དངོས་ལ་གཉིས། འཇུག་པ་དང་། དབང་དངོས་སོ། །དང་པོ་ལ་བཅོ་བརྒྱད་དུ་ཡོད་པའི་ཐོག་མར་ཁྲུས་བྱ་བ་ནི། སློབ་མ་རྣམས། ཇི་ལྟར་བལྟམས་པ་སོགས་དང་། ལས་བུམ་གྱི་ཆུས་ཕྱི་རོལ་དུ་ཁྲུས་བྱ། གཉིས་པ་ནི། བགེགས་གཏོར་བསང་སྦྱང་བྱིན་རླབས་འགུགས་པ་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བསྔོ་ཞིང་། བདེན་སྟོབས་བརྗོད་ལ་བསྐྲད་པ་སྤྱི་མཐུན་དང་། གུ་གུལ་དུད་པ་ཡུངས་ཐུན་རོལ་མོའི་ཚམ་རྔམ་བྱ། ལས་བྱང་ལྟར་སྲུང་འཁོར་བསྒོམ། གསུམ་པ་ཆོས་བཤད་པ་ནི། ཞི་བ་ལྟར་ལ་རྒྱས་བསྡུས་འདོར་ལེན་གང་འོས་བྱས་པའི་མཐར། ཟངས་བྱང་མའི་སྐོར་ལས། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །འདི་ལྟར་མ་དག་པའི་དངོས་པོར་འཛིན་པ་ལ་གསང་སྔགས་ཟབ་མོ་འཆད་པའི་སྣོད་དུ་རུང་བ་མ་ཡིན་པས། ས་ཕྱོགས་འདི་དག་འོག་མིན་གསང་ཆེན་རོལ་པའི་དུར་ཁྲོད་ཆེན་པོར་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོའི་སྐུར་གསལ་བ་དང་། ཁྱེད་རང་རྣམས་ཀྱང་དཔལ་བཛྲ་ཧེ་རུ་ཀའི་རྣམ་པས་འཁོད་པར་མོས་ཤིག །བཞི་པ་མིག་དགབ་པ་ནི། ཁྱེད་རང་རྣམས་སྔོན་ཆད་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་དུ་མ་ཞུགས་པའམ་བསྐྱར་ནས་འཇུག་པའི་མཚོན་བྱེད་དུ་དར་ཡུག་དམར་པོས་གདོང་དགབ་པའི་མོས་པ་མཛོད། ཨོཾ་ཙཀྵུརྦནྡྷ་བཱ་ར་མ་ཎཱ་ཡ་ཧཱུྃ། ཞེས་མིག་དར་སྦྱིན། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་ཏུ་ཨུ་དུམྦ་ར་ལ་སོགས་པ་མཆོག་གི་མེ་ཏོག་སྣ་ལྔའི་ཕྲེང་བ་ཕྱག་ཏུ་ཐོགས་པར་མོས་ཤིག །ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་མེ་ཏོག་གཏད། ལྔ་པ་གསོལ་བ་གདབ་པ་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མི་ཕྱེད་པ་ལ་མོས་གུས་དྲག་པོས་སྙིམས་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། མགོན་པོ་སངས་རྒྱས་ཀུན་བདག་ཉིད༔ བརྩེ་བས་བདག་ལ་དགོངས་སུ་གསོལ༔ ཚེ་གཅིག་སངས་རྒྱས་ཐོབ་པའི་ཕྱིར༔ གསང་སྔགས་དཀྱིལ་འཁོར་བསྟན་དུ་གསོལ༔ ལན་གསུམ། དྲུག་པ་དྲིས་ལན་ནི། སློབ་དཔོན་གྱིས། གསང་སྔགས་དོན་དུ་གཉེར་བ་ཡི༔ སྐལ་བཟང་ཁྱོད་ནི་ཅི་ལ་དགའ༔ ཞེས་དྲིས་པ་ལ་ལན་བཏབ་པ་འདིའི་རྗེས་ཟློས། སྐལ་པ་བཟང་པོ་བདག་ཉིད་ནི༔ བདེ་བ་ཆེན་པོའི་ཡེ་ཤེས་ནི༔ དཀྱིལ་འཁོར་ཆེན་པོ་དག་ལ་དགའ༔ སྙིང་པོའི་ཡེ་ཤེས་མྱུར་གནང་གསོལ༔ བདུན་པ་ལུས་དབུལ་བ་ནི། ཁྱེད་རང་རྣམས་ལངས་ལ་ཐལ་མོ་སྤྱི་བོར་སྦྱར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་མངོན་དུ་ཐོབ་པ་དང་། ཐོབ་པའི་སྣོད་དུ་རུང་བ་དང་། སེམས་ཅན་གྱི་དོན་མཐར་ཕྱིན་པའི་སླད་དུ་འདས་པའི་སངས་རྒྱས་རྟོགས་པ་མངོན་གྱུར་རྣམས་དང་། ད་ལྟའི་སངས་རྒྱས་བླ་མ་དང་། མ་འོངས་པའི་སངས་རྒྱས་སེམས་ཅན་ཏེ་དུས་གསུམ་གྱི་རྒྱལ་བ་ལ་ལུས་འབུལ་བའི་མོས་པས་འདིའི་རྗེས་ཟློས། ན་མསཏྲཻ་ཀཱ་ལ་དྷྭི་ཀཱ་ནཱཾ༔ སརྦ་ཏ་ཐཱ་ག་ཏ་མ་མ་ཀཱ་ཡ་པཱུ་ཛ་ཧོ༔ བརྒྱད་པ་བགེགས་བསྐྲད་པའི་སྔོན་འགྲོ་ཚེ་སྲུང་བ་ནི། སློབ་བུའི་དུང་ཁང་ཟླ་གམ་སྒོ་གཅིག་པའི་ནང་དུ་ཚེ་མི་འགྱུར་བར་བྷྲཱུྃ་ཧཱུྃ་ཡིག་གིས་རྒྱས་བཏབ་པར་གྱུར༔ བྷྲཱུྃ་ཧཱུྃ་ཏྲཱུཾ༔ ལག་གཉིས་ཁུ་ཚུར་མཛུབ་མོ་བརྐྱང་པ་བསྣོལ་ཏེ་སྤྱི་བོར་སྟེང་འོག་རེས་མོས་སུ་བཞག །སློབ་དཔོན་ཞེ་སྡང་རྡོ་རྗེར་གསལ་བའི་སྐུ་ལས་རྡོ་རྗེའི་རྡུལ་ཕྲ་རབ་ཏུ་འཕྲོས་པས་སློབ་བུའི་ལུས་ཟང་ཐལ་དུ་འབིགས་ཤིང་བགེགས་རྣམས་རྒྱང་རིང་དུ་བསྐྲད་པར་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧཱུྃ༔ གུ་གུལ་ཡུངས་ཐུན་སོགས་ཀྱིས་བསྐྲད། དགུ་པ་སྒྲིབ་པ་སྦྱོང་བ་ནི། སློབ་དཔོན་གྱི་ཐལ་མོ་གཡས་པ་ཉི་མ། གཡོན་པ་ཟླ་བའི་དཀྱིལ་འཁོར་དུ་གསལ་བའི་གཡས་པར་ཡབ་ལྔའི་ས་བོན། གཡོན་པར་ཡུམ་ལྔའི་ས་བོན་ཏེ་ཡིག་འབྲུ་བཅུ་པོས་མཚན་པ་རྣམས་ལས་འོད་ཟེར་འཕྲོས་པས། སློབ་བུའི་སྡིག་སྒྲིབ་དབང་གི་གེགས་རྣམས་སྦྱང་པར་གྱུར། ཐལ་མོ་སྦྱར་ཞིང་སྤྲུགས་ལ། ཨེ་ཝྃ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ སརྦ་པཱ་པཾ་པྲ་བེ་ཤ་ཡ་ཕཊ༔ ཏིལ་སྦྱོང་ནི། མེ་ལོང་ཏིལ་ནག་ལ་རླུང་འབུད། མེ་ཆུ་འདུ་བྱས་ལ། ཁྱེད་རང་རྣམས་ཀྱི་ལྟེ་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར། ལྟེ་བར་རཾ་ལས་གཏུམ་མོ་ཡེ་ཤེས་ཀྱི་མེ། སྙིང་གར་ཀཾ་ཡིག་ནག་པོ་ལ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་འདུས་པས་སྡིག་པའི་གཟུགས་སུ་གྱུར་པ་བར་རླུང་དགང་བའི་རྐྱེན་གྱིས་རླུང་གཡོས། གཏུམ་མོ་སྦར། སྡིག་པ་དེད་དེ་སྣ་སྒོ་ནས་ཐོན། མདུན་གྱི་ཏིལ་ལ་ཐིམ་པར་གྱུར། ཏིལ་ནག་མཐེབ་སྲིན་གྱིས་བླང་། གཡས་གཡོན་དུ་ལན་གསུམ་གསུམ་བསྐོར་ནས་མེ་ཆུར་སྦྱངས་ཏེ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། གཡས་སུ་ཡེ་ཤེས་ཀྱི་མེར་བསྲེགས། གཡོན་དུ་ཆོས་ཉིད་རྒྱ་མཚོར་དོར་བས་བྱང་ཞིང་དག་པར་གྱུར། བཅུ་པ་གོ་བགོ་བ་ནི། སློབ་བུ་སྒྲིབ་པ་དང་བྲལ་བའི་ལུས་འོད་ཀྱི་གོང་བུ་ལས་དཔལ་ཧེ་རུ་ཀའི་སྐུར་གྱུར་པའི་གནས་དྲུག་དང་། དཔྲལ་བ་ལ་སོགས་པའི་གནས་ལྔར་ཕྱག་མཚན་རྣམས་ཀྱི་གོ་དང་ལྡན་པར་གྱུར། སྤྱི་བོར། ཀྲིཾ་ཏྲུཾ༔ ལྟག་པར། ཧཱུྃ་ཏྲུཾ༔ སྙིང་གར། སྲུཾ་ཏྲུཾ༔ ལྟེ་བར། པྲཾ་ཏྲུཾ༔ གསང་བར། ཀྵཾ་ཏྲུཾ༔ རྐང་མཐིལ་དུ། ཡེ་ཏྲུཾ༔ དཔྲལ་མགྲིན་སོགས་སུ། ཨོཾ་ཏྲུཾ༔ ཧཱུྃ་ཏྲུཾ༔ ཏྲཱཾ་ཏྲུཾ༔ ཧྲཱིཿཏྲུཾ༔ ཨཱཿཏྲུཾ༔ ཞེས་བརྗོད་ལ་སྔར་བཤད་ཕྱག་རྒྱས་རིམ་པར་དགྲམ། བཅུ་གཅིག་པ་དཀྱིལ་འཁོར་གྱི་ལྷ་ལ་གསོལ་ཞིང་ཞུ་བ་ནི། སློབ་དཔོན་བཞེངས་ལ། ཧཱུྃ༔ སྒྱུ་འཕྲུལ་དྲྭ་བའི་ཚུལ་སྟོན་པ༔ ཧེ་རུ་ཀ་དཔལ་དགོངས་སུ་གསོལ༔ སྙིང་པོའི་དཀྱིལ་འཁོར་འཇུག་འདོད་ཅིང༔ བདེ་བ་ཆེན་པོར་མོས་པ་དང༔ གདུག་པ་ཅན་རྣམས་བསྒྲལ་འདོད་པའི༔ སྐལ་པ་ལྡན་པའི་སློབ་མ་ལ༔ སྔར་གྱི་ཁྱོད་ཀྱི་མཐུ་བཞིན་དུ༔ ཁྲག་འཐུང་འཁོར་ལོ་བསྐྱེད་ལྟར་སྩོལ༔ ཅེས་གསོལ་བ་ལ་གཙོ་བོའི་ཞལ་ནས། རྡོ་རྗེ་རྒྱལ་པོ་དགོངས་སུ་གསོལ༔ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་འདིར༔ འབར་བ་གཏུམ་ཆེན་རྔམ་པའི་ཚོགས༔ ཁྲོས་པའི་ཚུལ་དུ་སྐུར་སྟོན་པ༔ ཞེ་སྡང་ཅན་རྣམས་འདི་ལ་སྤྲོ༔ ཞེ་སྡང་རྡོ་རྗེ་འདིར་བོས་ཤིག༔ ཅེས་གནང་བ་བསྩལ་པར་གྱུར། བཅུ་གཉིས་པ་དམ་ཚིག་འབོགས་པ་ནི། གཏུམ་ཆེན་འབར་བའི་དཀྱིལ་འཁོར་འདིར༔ ཞུགས་ཀྱང་དམ་ཚིག་མ་བསྲུང་ན༔ ན་རཀ་གནས་ནས་ཐར་དུས་མེད༔ སྒྱུ་འཕྲུལ་རྒྱུད་ལས་གང་གསུངས་པའི༔ དམ་ཚིག་སྡོམ་པ་ཚུལ་བཞིན་བསྲུང༔ དེ་ཡིས་དངོས་གྲུབ་ཁྱད་པར་ཉེ༔ སྐབས་འདིར་ཤེས་ཤིང་སྤྲོ་ན་དམ་ཚིག་ཉེར་བརྒྱད་རྒྱས་པར་བཤད། རྒྱུད་ལས་ཇི་སྐད་གསུངས་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཚུལ་བཞིན་ཏུ་བསྲུང་སྙམ་པས་འདིའི་རྗེས་ཟློས། ལྷ་དང་སློབ་དཔོན་དགོངས་སུ་གསོལ༔ དེ་རིང་བུ་ཡི་དཔང་པོ་མཛོད༔ མི་སྤང་དང་ལེན་ཤེས་བྱ་དང༔ བསྒྲུབ་པར་བྱ་དང་སྤྱད་པར་བྱ༔ ཉི་ཤུ་ལྔ་དང་ཁྱད་པར་དུ༔ སྐུ་ལྔ་གསུང་གསུམ་ཐུགས་བཅུ་དང༔ མི་བསྲུང་སྲུང་བ་ཆེན་པོ་རྣམས༔ ཆོས་སྐུའི་རྒྱལ་སྲིད་མ་ཐོབ་བར༔ བདག་གིས་ཡོངས་སུ་བཟུང་བར་བགྱི༔ སློབ་དཔོན་གྱིས་བཀའ་བསྒོ་བ་ནི། དེ་ལྟར་ཡིན་ན་ཧེ་རུ་ཀའི༔ དལ་དུ་གཞུག་ཅིང་སྨིན་པར་བྱ༔ རྡོ་རྗེ་གསོར་ཞིང་སྤྱི་བོར་བཞག་ལ། ཨོཾ༔ ང་ནི་ཧེ་རུ་ཀ་དཔལ་ཡིན༔ ང་ལ་བརྙས་པར་མ་བྱེད་ཅིག༔ ཉམས་ན་དམྱལ་བར་ལྟུང་འགྱུར་བས༔ ང་ལ་གུས་པ་ཚུལ་བཞིན་གྱིས༔ ཨོཾ་བཛྲ་ས་མ་ཡ་ཏིཥྛ༔ རྡོ་རྗེ་མགྲིན་པར་བཞག་ལ། ཨཱ༔ ང་ནི་ཧེ་རུ་ཀ་དཔལ་ཡིན༔ ང་ཡིས་བསྒོ་བའི་བཀའ་ལ་ཉོན༔ བླ་མེད་ཡང་གསང་དཀྱིལ་འཁོར་འདི༔ དེ་རིང་ཕྱིན་ཆད་དམ་མེད་ལ༔ རླུང་ཕྱོགས་ཙམ་ཡང་སྨྲ་མི་རུང༔ ཉམས་ན་དམྱལ་བར་ལྟུང་བར་འགྱུར༔ ང་ལ་གུས་པ་ཚུལ་བཞིན་གྱིས༔ ཨཱཿབཛྲ་ས་མ་ཡ་ཏིཥྛ༔ རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ ང་ནི་ཧེ་རུ་ཀ་དཔལ་ཡིན༔ ང་ལ་ལོག་པར་ལྟ་བ་ནི༔ སྐད་ཅིག་ཙམ་ཡང་བྱ་མི་རུང༔ ཉམས་ན་དམྱལ་བའི་གནས་སུ་ལྟུང༔ ང་ཡི་ཡོན་ཏན་དྲན་པར་གྱིས༔ ཧཱུྃ་བཛྲ་ས་མ་ཡ་ཏིཥྛ༔ ཁེ་ཉེན་གྱི་སྒོ་ནས་དམ་ལ་བཞག་པ་ནི། ཕྲེང་བ་དང་བཅས་པའི་རྡོ་རྗེ་མགོར་བཞག་ལ། དམ་ཚིག་ཆེན་པོ་འདི་བསྲུང་གཅེས༔ མ་བསྲུང་ན་རཀ་གནས་སུ་ལྟུང༔ ཁྲི་དྲུག་སྡུག་བསྔལ་མྱོང་བར་འགྱུར༔ དེ་བས་དམ་ཚིག་ཐུབ་པར་བསྲུང༔ ཚུལ་བཞིན་བསྲུང་བར་ནུས་པ་ནི༔ བསྒོམ་དང་སྒྲུབ་པར་མ་བྱས་ཀྱང༔ འཆི་བའི་དུས་བྱེད་གྱུར་པ་ན༔ ཆོས་སྐུའི་རྒྱལ་སྲིད་ཐོབ་པར་འགྱུར༔ ཨེ་མ་སྐལ་ལྡན་དམ་ཚིག་བསྲུང༔ ས་མ་ཡ་ན་ར་ཀན༔ སྔར་བྱིན་གྱིས་བརླབས་པའི་ཐོད་ཆུ་བྱིན་ལ་ཆུ་ནན་བྱ་བ་ནི། ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ གལ་ཏེ་དམ་ཚིག་ཉམས་གྱུར་ན༔ རཀྴ་ལྕགས་སྡིག་མགོ་དགུ་པས༔ ཁྱོད་ཀྱི་སྙིང་ནི་འཇིབ་པར་འགྱུར༔ སྲོག་གཅོད་དམྱལ་བའི་གནས་སུ་ཁྲིད༔ དམ་ཚིག་མཆོག་ཏུ་བསྲུང་བ་ན༔ ཡེ་ཤེས་སེམས་དཔའ་ཚོན་གང་པ༔ སྙིང་ལ་ཡང་དག་གནས་ནས་ཀྱང༔ ཐར་པའི་གནས་སུ་ཁྲིད་པར་བྱེད༔ དེ་བས་མཆོག་ཏུ་འདི་འཐུངས་ཤིག༔ ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་བཛྲ་པཉྩ་ཨ་མྲྀ་ཏ་ཋཿཋཿཋ༔ དེ་ལྟར་དམ་ཚིག་རྡོ་རྗེའི་ཆུ་འདི་སྙིང་གི་དབུས་སུ་བབས་ནས། དམ་ཚིག་མ་བསྲུང་ན་ལྕགས་སྡིག་མགོ་དགུ་པར་གྱུར་ནས་འདི་ཕྱིར་སྡུག་བསྔལ་མྱོང་བར་བྱེད་ལ། དམ་ཚིག་བསྲུང་ན་རྡོ་རྗེ་སེམས་དཔར་གྱུར་ནས་བྱིན་གྱིས་བརླབ་ཅིང་དགེ་དགུ་དང་སྨོན་བརྒྱད་ཐམས་ཅད་འགྲུབ་པར་འགྱུར་རོ། །དམ་ཚིག་མཆོག་ཏུ་མི་བསྲུང་ན༔ ད་ལྟ་ཉིད་དུ་དྲལ་ཏེ་གཤེགས༔ དེ་བས་དམ་ཚིག་བསྲུང་བ་ལ༔ བུ་ཁྱོད་སྙིང་ནས་བྲོ་བོར་ཅིག༔ དེ་ལྟར་བསྒོས་པའི་བཀའ་ལས་མི་འདའ་བའི་བློས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། རྡོ་རྗེ་འཇུར་བཅུག་ལ། ཧེ་རུ་ཀ་དཔལ་བཤད་པ་ཡིས༔ དམ་ཚིག་སྲོག་ལ་བབ་ཀྱང་བསྲུང༔ གལ་ཏེ་བདག་གིས་ཉམས་གྱུར་ན༔ དུས་གསུམ་རྒྱལ་བའི་རྡོ་རྗེ་ཡིས༔ བདག་གི་མགོ་བོ་འགེམ་པར་ཤོག༔ བཛྲ་ས་མ་ཡ་ཨི་དན་ན་ར་ཀན༔ བཅུ་གསུམ་པ་མེ་ཏོག་དོར་བ་ནི། རིགས་ལྔའི་ཕྱག་མཚན་བྲིས་པའི་དཀྱིལ་འཁོར་འདུ་བྱས་ལ། ངས་ནི་ཧེ་རུ་ཀ་དཔལ་གྱིས༔ གསང་སྔགས་གསུངས་པ་ཚུལ་བཞིན་བཤད༔ ཁྱོད་ཀྱི་རིགས་ནི་བརྟགས་པའི་ཕྱིར༔ རིག་པའི་མེ་ཏོག་ལྷ་ལ་ཕུལ༔ དཀྱིལ་འཁོར་ལ་གཡས་སུ་བསྐོར་ཏེ་མེ་ཏོག་ཤར་སྒོ་ནས་དོར་བའི་མོས་པ་དང་། དངོས་སུ་མཎྜལ་གྱི་ར་བ་དཔལ་ཆེན་ཁྲག་འཐུང་རིགས་ལྔའི་ལྷ་ཚོགས་ཚོམ་བུ་དང་བཅས་པ་གསལ་བར་བཞུགས་པ་ལ་སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་སྔོན་ནས་འབྲེལ་བའི་རིགས་ཀྱི་ལྷ་ལ་ཕོག་པར་ཤོག་ཅིག་པའི་འདུན་པས་འདིའི་རྗེས་ཟློས་དང་བཅས་ཏེ་དོར་བར་ཞུ། བསྐལ་པ་སྔོན་ནས་གང་འབྲེལ་བའི༔ རིགས་ཀྱི་དཀྱིལ་འཁོར་དེ་ཉིད་ལ༔ རིག་པའི་མེ་ཏོག་འདི་ཕུལ་བས༔ ཡི་དམ་ལྷ་དང་འཕྲད་པར་ཤོག༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་དོར་བས་དབུས་སུ་བབས་ན་རྡོ་རྗེ་དྲག་པོ་རྩལ། ཤར་དུ་ཡེ་ཤེས་དྲག་པོ་རྩལ། ལྷོ་རུ་རཏྣ་དྲག་པོ་རྩལ། ནུབ་ཏུ་པདྨ་དྲག་པོ་རྩལ། བྱང་དུ་ཀརྨ་དྲག་པོ་རྩལ། མོ་ལ་རྡོ་རྗེ་དྲག་མོ་རྩལ་སོགས་རིག་པས་འཕྲུལ་ལ་བཏགས་ཏེ། རང་རིགས་ཀྱི་ལྷས་བཞེས་ཏེ་སླར་ཡང་དབང་རྟགས་ཀྱི་ཚུལ་དུ་ཅོད་པན་སྤྱི་བོར་བཅིངས་པར་མོས་ཤིག །ཧེ་རུ་ཀ་ཡི་དཀྱིལ་འཁོར་འདིར༔ མེ་ཏོག་ཕུལ་བའི་བྱིན་རླབས་ཀྱིས༔ རང་རིག་ལྷ་རུ་ངོ་འཕྲོད་དེ༔ རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག༔ རུ་ལུའི་མཐར། བུདྡྷ་བཛྲ་རཏྣ་པདྨ་ཀརྨ་སརྦ་སིདྡྷི་སཏྭཾ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ ཞེས་ཅོད་པན་སྤྱི་བོར་བཞག །བཅུ་བཞི་པ་ལྷ་དབབ་པ་ནི། ཁྱེད་རང་ལུས་གནད་དྲང་པོར་བསྲང་། རླུང་རང་བབས་སུ་བཞག་ལ་དམིགས་པ་འདི་ལྟར་དུ་མཛོད་ཅིག །སྙིང་གི་ནང་དུ་སྔར་དམ་ཚིག་གི་ཆུ་ནན་བྱས་པ་དེ་ཉིད་ཡེ་ཤེས་པ་ཧེ་རུ་ཀ་མཐིང་ནག་ཚོན་གང་བ་ཞིག་གི་ཕྱག་མཚན་ཡོངས་སུ་རྫོགས་པ་འབར་ཞིང་གསལ་བ་ལ་རིག་པ་གཏད་དེ་སྐད་ཅིག་ཀྱང་མ་ཡེངས་པར་གྱིས་ཤིག །སློབ་དཔོན་ལ་མོས་གུས་དུང་བྱས་པའི་རྐྱེན་གྱིས་ལྷ་དང་སློབ་དཔོན་གྱི་ཐུགས་ཀ་ནས་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་རྣམས་ཁ་ཆར་བབས་པ་ལྟར་བྱོན། སློབ་བུའི་སྙིང་ཁ་ཕྱེས་པའི་སྒོ་ནས་ཞུགས། ཡེ་ཤེས་སེམས་དཔའ་ལ་ཐིམ་ཞིང་ལུས་ཀྱི་ནང་ཐམས་ཅད་མེར་ཁྲིག་གེར་གང་བར་གྱུར། སྙིང་པོའི་མཐར། ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་ཨཱ་བེ་ཤ་ཨཱ་བེ་ཤ༔ ཞེས་བརྗོད། རོལ་མོ་དྲག་ཏུ་དཀྲོལ། ཤ་ཆེན་དང་གུ་གུལ་སྦྱར་བ་བདུག་པས་ལུས་ངག་ཡིད་གསུམ་ལ་ཡེ་ཤེས་པ་ཕེབ་པའི་རྟགས་འབྱུང་ངོ་། །བཅོ་ལྔ་པ་ལ་དབྱེ་བ་གཉིས་ལས་མིག་དབྱེ་བ་ནི། མ་རིག་པའི་མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཐབས་མཁས་རྒྱལ་པོ་དགོངས་སུ་གསོལ༔ ཧེ་རུ་ཀ་དཔལ་བལྟ་བྱའི་ཕྱིར༔ སྔོན་གྱི་རྒྱལ་བས་མཛད་པ་བཞིན༔ མ་རིག་མིག་ནི་དབྱེ་རུ་གསོལ༔ ཞེས་ཞུ། དབང་ཕྱུག་གི་ཐུགས་ཀ་ནས་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་འཕྲོས་ཏེ། བུའི་མ་རིག་པའི་ལིང་ཏོག་བསལ་བས་དྲི་མེད་ཡེ་ཤེས་ཀྱི་སྤྱན་ཐོབ་པར་མོས་ཤིག །ཐུར་མ་ཐོགས་ལ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱིས༔ མིག་འབྱེད་པར་ནི་བརྩོན་པར་མཛད༔ ཕྱེ་བས་ཐམས་ཅད་མཐོང་གྱུར་ཏེ༔ ཡེ་ཤེས་མིག་དང་ལྡན་པར་འགྱུར༔ ཛྙཱ་ན་བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ། སྒོ་དབྱེ་བ་ནི། དེ་དག་གིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པ་སོང་ནས། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དངོས་ལ་འཇུག་པའི་ཕྱིར་སྒོ་ཕྱེ་བ་ནི། དབང་ཕྱུག་གི་ཐུགས་ཀ་ནས་ལས་ཀྱི་ཧེ་རུ་ཀ་འཕྲོས་ཏེ་སྒོ་སྲུང་ལ་བསྐུལ་ནས། ཕོ་བྲང་གི་སྒོ་བཞི་ཤག་གིས་ཕྱེས་པར་མོས་ཤིག །ཧེ་རུ་ཀ་ཡི་དཀྱིལ་འཁོར་དུ༔ རྡོ་རྗེའི་སློབ་མ་གཞུག་བྱའི་ཕྱིར༔ ཡེ་ཤེས་སྐུ་མངའ་སྒོ་བ་ཡིས༔ རྣམ་ཐར་ཐུགས་རྗེའི་སྒོ་དབྱེ་འཚལ༔ བཛྲ་རཏྣ་པདྨ་ཀརྨ་བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ བཅུ་དྲུག་པ་དཀྱིལ་འཁོར་བསྟན་ནས་ངོ་སྤྲད་པ་ནི། རྡོ་རྗེའི་ཕྱག་ཤིང་གིས་མཚོན་ཏེ། འདི་ན་སྙིང་པོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་འདི་རྣམས་ཡེ་ནས་རང་བཞིན་རྣམ་པར་དག་པ་དྭངས་གསལ་སྒྲིབ་མེད་དུ་བཞུགས་ཤིང༔ དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཕོ་བྲང༔ ཡུམ་གྱི་མཁའ༔ བླ་ན་མེད་པ་བདེ་བའི་ཡེ་ཤེས་ཀྱི་རྒྱན་ཐམས་ཅད་ཀྱིས་འཐུག་པོར་བརྒྱན་པ༔ གཞི་ལྷུན་གྱིས་གྲུབ་པ༔ ལམ་རྣམ་པར་སྦྱང་བའི་གདན་ཁྲི་རྣམས་ཀྱི་སྟེང་དུ༔ གཞི་ལམ་འབྲས་བུ་སྨིན་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ༔ རབ་ཏུ་ཤེས་པ་དང༔ རྟོགས་པ་ཙམ་གྱིས་འབྲས་བུ་བླ་ན་མེད་པ་སྐྱེད་པར་བྱེད་པ་ལགས་པས་དགའ་བ་དང་སྤྲོ་བ་རྒྱ་ཆེན་པོ་དང་ལྡན་པར་གྱིས་ཤིག༔ བཅུ་བདུན་པ་བསྐྱེད་རིམ་འབོག་པ་ནི། ཁྱོད་ཀྱིས་དཔལ་ཧེ་རུ་ཀ་དཀྱིལ་འཁོར་དབུས་ནས་མཐོང་བ་འདི་ལྟ་བུ་སྣང་སྟོང་སྒྱུ་མ་ཙམ་དུ་བསྒོམ་པ་དང༔ གཞན་ཡང་འཁོར་གྱི་ལྷ་རྣམས་དང་ཕོ་བྲང་འདི་ལྟ་བུ་བསྒོམ་པས་ཁྱོད་དུས་འདི་ཉིད་དུ་སྙིང་པོའི་དཀྱིལ་འཁོར་འདི་ལྟ་བུར་ལྷུན་གྱིས་གྲུབ་པར་གདོན་མི་ཟའོ༔ ཞེས་གདམས། བཅོ་བརྒྱད་པ་ཕྱག་བྱ་བ་ནི། ཁྱེད་རང་རྣམས་ལས་ཀྱི་རྡོ་རྗེས་ཁྲིད་དེ་དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་ཕྱག་བྱས་པས་ཕྱོགས་རེ་རེ་བཞིན་ལྷ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སྒོ་གསུམ་གྱི་སྒྲིབ་པ་སྦྱངས། སྐུ་གསུམ་གྱི་དངོས་གྲུབ་ཐོབ་པར་མོས་ལ་ཐལ་མོ་གནས་གསུམ་དུ་སྦྱོར་ལ་འདིའི་རྗེས་ཟློས། ཨོཾ་ན་མ་སྟེ་ཧཱུྃ༔ ན་མཱ་མི་ཧཱུྃ༔ ན་མོ་ན་མ་ཧཱུྃ༔ ལན་བཞི་བརྗོད། དེ་རྣམས་ཀྱིས་སྔོན་འགྲོ་འཇུག་པའི་ཆོས་འཁོར་དང་བཅས་པ་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གཙོ༔ བདག་ལ་ཐུགས་རྗེས་བརྩེ་བར་དགོངས༔ ཉོན་དག་ཡེ་ཤེས་བསྐྱེད་པ་ཡི༔ དབང་བསྐུར་བ་ནི་བསྩལ་དུ་གསོལ༔ ལན་གསུམ། གཉིས་པ་དབང་དངོས་ལ་གསུམ། ཕྱི་ཕན་པ། ནང་ནུས་པ། གསང་བ་ཟབ་མོའི་དབང་བསྐུར་བའོ། །དང་པོ་ནི། དེའང་ཐོག་མར་སློབ་མ་དད་པ་ཅན་ལ་ཕྱི་ཕན་པའི་དབང་ཉེར་བརྒྱད་སྦྱིན་པར་གསུངས་པ་ལྟར་རིམ་པར་བསྒྲུབ་པ་ཡིན་པས་འདུན་པ་འདི་བཞིན་ཏུ་མཛོད་ཅིག །འདི་ལ་སྡེ་ཚན་ལྔར་ཡོད་པའི་དང་པོ་དྲེགས་པ་གདན་གྱི་དབང་ནི། སློབ་མ་དཀྱིལ་འཁོར་གྱི་ཤར་སྒོའི་ནང་རོལ་དུ་བཛྲ་ཧེ་རུ་ཀའི་རྣམ་པས་འཁོད་པའི་རྐང་འོག་ཏུ་དབང་སྟེགས་ཟིལ་གནོན་དྲེགས་པའི་གདན་བཏིང་བར་མོས་ཤིག །གདན་རྐང་འོག་ཏུ་བཞག་ཚུལ་བྱས་ལ། གདུག་པ་ཟིལ་གྱིས་གནོན་པའི་ཕྱིར༔ གཅན་གཟན་ཁྲི་ཡིས་དབང་བསྐུར་རོ༔ རཀྴ་ཡཀྴ་པདྨ་སཱུརྻ་ཙནྡྲ་ཨཱ་ས་ན་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་ཕྱག་རྒྱ་ལྷའི་དབང་ནི། དཀྱིལ་འཁོར་ལྷ་ཚོགས་སོ་སོའི་སྐུ་ལས་ཡེ་ཤེས་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་ཁྱེད་རང་ལ་ཐིམ་པས་ལྷ་སོ་སོའི་སྐུར་གྱུར་པར་མོས་ཤིག །ཁྲག་འཐུང་གཙོ་འཁོར་གྱི་ཙཀླི་རྣམས་རིམ་པར་སྤྱི་བོར་བཞག་ལ། ཨེ་མ་ང་ནི་རང་བྱུང་བ༔ དཔལ་ཆེན་ཁྲོ་རྒྱལ་ཉིད་ཀྱི་སྐུ༔ རིགས་ལྔ་ཡབ་ཡུམ་དབང་བསྐུར་བས༔ དུག་ལྔ་ཁམས་ལྔ་གནས་སུ་བསྒྲལ༔ ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་ང་ནི་རང་བྱུང་བ༔ ཁྲག་འཐུང་ཀུན་གྱི་ཡུལ་མ་ཡིས༔ རྣམ་ཤེས་ཚོགས་བརྒྱད་གནས་སུ་བསྒྲལ༔ ཧ་ཨ་བྷི་ཥིཉྩ་ཧ༔ ཨེ་མ་ང་ནི་རང་བྱུང་བ༔ ཁྲག་འཐུང་ཀུན་གྱི་གདོང་མོའི་དབང༔ ཉོན་མོངས་ཡུལ་བརྒྱད་གནས་སུ་བསྒྲལ༔ ཧེ་ཨ་བྷི་ཥིཉྩ་ཧེ༔ ཨེ་མ་ང་ནི་རང་བྱུང་བ༔ ཁྲག་འཐུང་ཀུན་གྱི་སྒོ་མའི་དབང༔ ལྟ་བ་མཐའ་བཞི་གནས་སུ་བསྒྲལ༔ ཕཊ་ཨ་བྷི་ཥིཉྩ་ཕཊ༔ ཨེ་མ་ང་ནི་རང་བྱུང་བ༔ ཁྲག་འཐུང་ཀུན་གྱི་བྲན་མོའི་དབང༔ རྟོག་ཚོགས་ཐམས་ཅད་གནས་སུ་བསྒྲལ༔ བྷྱོ་ཨ་བྷི་ཥིཉྩ་བྷྱོ༔ ཨེ་མ་ང་ནི་རང་བྱུང་བ༔ དཔལ་ཆེན་ཁྲོ་རྒྱལ་དབང་གི་སྐུ༔ ཕྱོགས་བཅུའི་སངས་རྒྱས་ཁྲོ་བོའི་དབང༔ མི་དགེ་བཅུ་རྣམས་གནས་སུ་བསྒྲལ༔ ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ གསུམ་པ་བསྣམས་པ་ཕྱག་མཚན་གྱི་དབང་ནི། རང་རྟགས་ཕྱག་མཚན་དྲུག་ཕྱག་ཏུ་གཏད་པས་ཁམས་གསུམ་གྱི་གདུག་པ་ཅན་མཐའ་དག་སྒྲོལ་བའི་མཐུ་ཐོབ་པར་མོས་ཤིག །ཕྱག་མཚན་རྡོ་རྗེ་རྩེ་དགུ་རྩེ་ལྔ་ཐོད་ཁྲག་གཡས། དྲིལ་བུ་ཞིང་དབྱུག་འཇིག་རྟེན་གཡོན་དུ་གཏད་ལ། ཧཱུྃ༔ ཐུགས་མཚན་རང་རྟགས་འབར་བ་ཡི༔ ཕྱག་མཚན་དྲུག་གི་དབང་བསྐུར་རོ༔ ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པ་རྒྱན་ཆས་རྟགས་ཀྱི་དབང་བཅུའི་དང་པོ་བུམ་པའི་དབང་ནི། རྣམ་བུམ་ཐོགས་ལ། སྙིང་པོ་ལྔ་ལྡན་བུམ་པ་ནས༔ ཁྲག་འཐུང་རིགས་ལྔའི་ཆུ་རྒྱུན་བབས༔ གནས་ལྔར་འཁྱིལ་བ་སྐུ་རུ་རྫོགས༔ ཧཱུྃ༔ ཁྲག་འཐུང་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་སྔགས་རྒྱ་རིགས་ལྔའི་དབང༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་ནུ་རཱ་ག་ཎ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ༔ སྤྱི་བོར་བཞག །བུམ་ཆུ་འཐོར་འཐུང་བྱར་གཞུག །བུམ་པ་བྱང་སེམས་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་པས་ལས་དང་ཉོན་མོངས་པའི་སྒྲིབ་པ་དག་ནས་སྐུ་ལྔ་ཡོངས་སུ་རྫོགས་པར་གྱུར་ཅིག །ཐོད་པའི་དབུ་རྒྱན་སོགས་དུར་ཁྲོད་ཀྱི་ཆས་རྣམས་གནས་སོ་སོར་བགོས་པས་ཆེ་བའི་ཡོན་ཏན་ཐམས་ཅད་རང་ལ་རྫོགས་པར་མོས་ཤིག །གནས་རྣམས་སུ་བགོ་བའི་ཚུལ་བྱས་ལ། ཧཱུྃ༔ ཐོད་སྐམ་སྲིད་གསུམ་ཟིལ་གནོན་ཆས༔ ཤུན་གྱི་ཅོད་པན་ཤེས་རབ་རྒྱན༔ རྒོལ་བས་མི་ཚུགས་གོ་ཆ་ལྡན༔ གཟུངས་སོགས་འཕེལ་བ་རུས་པའི་ཕྲེང༔ ཐེག་མཆོག་སྡུད་བྱེད་དཔའ་གཏུམ་གོས༔ མཉེན་ལྕུག་འཁྲིལ་བ་སྦྲུལ་དང་བཅས༔ འགྲོ་དོན་མཛད་པ་མགོ་ཕྲེང་འཕྱང༔ ཐམས་ཅད་དབང་སྡུད་བྱུགས་པའི་རྩི༔ ཉོན་མོངས་སྲེག་བྱེད་ཡེ་ཤེས་མེ༔ དབང་ཕྱུག་སྐུ་ཡི་རྒྱན་དུ་གསོལ༔ སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ཨ་ལངྐ་ར་ཨ་བྷི་ཥིཉྩ་ཧཱུྃ༔ ལྔ་པ་སྒྲུབ་རྫས་བཅོ་ལྔའི་དབང་ནི། སྒྲུབ་རྫས་རྣམས་ཀྱིས་དབང་བསྐུར་བས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །བདུད་རྩི་ལྔ་སོགས་དངོས་སམ་ཙཀླི་གཏད་ལ། ཧཱུྃ༔ ཡེ་ཤེས་ལྔ་ལྡན་དངོས་གྲུབ་འགུགས༔ དམ་རྫས་བདུད་རྩི་ཤ་ལྔ་དང༔ དུག་གསུམ་ཞལ་དུ་གསོལ་བའི་ཁྲག༔ བདུད་ལས་རྒྱལ་བའི་ཞིང་གི་མཚན༔ ཐུགས་རྗེས་སྐྱོབ་པ་ཞིང་གི་གདུགས༔ གདུག་པ་སྒྲོལ་བའི་ཁ་ཊྭཱཾ་ག༔ ཞིང་བཅུ་སྒྲོལ་བྱེད་ཀཱི་ལ་ཡ༔ ཐབས་ཤེས་རྡོ་རྗེ་དྲིལ་བུ་འབྲེལ༔ ཟིལ་གནོན་མཁའ་འགྲོ་དབང་སྡུད་རྔ༔ སྤྲུལ་པ་འགྱེད་པའི་ཡུངས་ཀར་ཐུན༔ ཁམས་གསུམ་རྣམ་དག་དབང་སྒྱུར་ཡུམ༔ དངོས་གྲུབ་ཐོབ་བྱེད་སྒྲུབ་པའི་ཕྲེང༔ སྐྱེ་འཆི་མེད་པ་རྡོ་རྗེའི་ཚེ༔ ཆོས་ཉིད་རྒྱན་རོལ་ལོངས་སྤྱོད་ཚོགས༔ རྡོ་རྗེ་ཞེས་བྱའི་མིང་ནི་གྲགས༔ སྒྲུབ་པའི་རིག་འཛིན་ཆེན་པོ་འོ༔ སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཕྱི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་ཕན་དབང་ཉེར་བརྒྱད་བསྐུར་བས་འདི་ཕྱིར་ཕན་པའི་ས་བོན་ཙམ་འཇོག་ཅིང་། ཕྱི་དཀྱིལ་དྲང་དོན་གྱི་བསྐྱེད་རིམ་རྣམས་མཉན་དུ་རུང་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། གཉིས་པ་ནི། དེ་ནས་བརྩོན་འགྲུས་ཅན་ལ་ནང་ནུས་པའི་དབང་ལྔ་བསྐུར་བར་གསུངས་པ་ལྟར་བསྒྲུབ་པ་སྟེ། དེའང་བདག་དོན་ནུས་པའི་ཕྱིར་ཉན་སྒོམ་གྱི་དབང་སྦྱིན་པ་ལ་དམིགས་འདུན་འདི་ལྟར་དུ་མཛོད། དང་པོ་རྒྱུད་ཀྱི་གླེགས་བམ་ཐོགས་ལ། དབང་རྫས་སློབ་མ་སྐད་ཅིག་གིས། །རཏྣ་ཧེ་རུ་ཀ་ཡབ་ཡུམ། །དབང་ལྷ་འོད་ཞུ་གླེགས་བམ་དེ༔ རྣ་བའི་ཐིག་ལེ་གཉིས་ལ་བསྟིམ༔ ཕྱི་ནང་བཀའ་རྣམས་ཉན་ལ་དབང༔ ཏྲཱཾ༔ གསང་བ་གསང་ཆེན་གསང་མཆོག་དབང༔ གསང་བ་ཀུན་ལ་ཉན་པར་བྱ༔ གསང་བའི་དོན་ཉིད་བརྟགས་པ་ལས༔ གཞན་དུ་སྨྲ་བར་བྱ་བ་མིན༔ ཏྲཱཾ་ཨ་བྷི་ཥིཉྩ་ཏྲཱཾ༔ རྣ་བར་གཏུགས་ཤིང་ལག་པར་གཏད། གཉིས་པ་ཕྲེང་བ་ཐོགས་ལ། དབང་རྫས་སློབ་མ་སྐད་ཅིག་གིས། །བཛྲ་ཧེ་རུ་ཀ་ཡབ་ཡུམ། །དབང་རྫས་འོད་ཞུ་ཕྲེང་བ་དེ༔ སྙིང་གའི་ཐིག་ལེར་ཐིམ་པ་ཡིས༔ ལྷ་རྟོག་གཉིས་མེད་བསྒོམ་ལ་དབང༔ ཨོཾ༔ དུས་གསུམ་རྒྱལ་བའི་སྲས་ཆེན་པོ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཟུངས༔ རྒྱལ་བ་ཐམས་ཅད་མཉེས་མཆོད་ལ༔ རྒྱལ་བ་ཀུན་དང་མཉམ་པར་སྦྱོར༔ ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར་གཏུགས་ལ་ལག་པར་གཏད། གཞན་དོན་ནུས་པའི་ཕྱིར་ཕྲིན་ལས་དང་འཆད་དབང་སྦྱིན་པ་ལ་དམིགས་འདུན་འདི་ལྟར་མཛོད། གསུམ་པ་རྡོ་རྗེ་རྒྱ་གྲམ་ཐོགས་ལ། དབང་རྫས་སློབ་མ་སྐད་ཅིག་གིས། །ཀརྨ་ཧེ་རུ་ཀ་ཡབ་ཡུམ། །དབང་རྫས་འོད་ཞུ་རྒྱ་གྲམ་དེ༔ ལག་པའི་ཐིག་ལེ་གཉིས་ལ་ཐིམ༔ ཕྲིན་ལས་རྣམ་བཞི་ཐོགས་མེད་འགྲུབ༔ ཨོཾ༔ ཁྱོད་ནི་རྡོ་རྗེ་ལས་ཡིན་གྱིས༔ ལས་རྣམས་མ་ལུས་ཀུན་གྱིས་ཤིག༔ ཕོ་ཉ་མང་པོའི་འདུ་འཕྲོ་ཀུན༔ ཁྱོད་ཀྱི་དགོས་པ་བྱེད་པ་ཡིན༔ ཧཾ་ཨ་བྷི་ཥིཉྩ་ཧཾ༔ ལག་གཉིས་སུ་གཏད། བཞི་པ་འཁོར་ལོ་དུང་ཕྱག་ཤིང་རྣམས་ཐོགས་ལ། དབང་རྫས་སློབ་མ་སྐད་ཅིག་གིས། །པདྨ་ཧེ་རུ་ཀ་ཡབ་ཡུམ། །དབང་རྫས་འོད་ཞུ་འཁོར་ལོ་དུང༔ ཕྱག་ཤིང་ལྕེ་ཡི་ཐིག་ལེར་བསྟིམ༔ ཐེག་པ་ཕྱི་ནང་འཆད་ལ་དབང༔ ཨོཾ༔ ཆོས་ཀྱི་བདུད་རྩི་བླ་མེད་ཀྱིས༔ དད་ལྡན་སྐྱེས་བུ་ངོམས་པར་བྱོས༔ རབ་འབྲིང་ཐ་མའི་བློ་ཅན་ལ༔ མཐུན་པར་གསང་བསྒྲག་གཞན་དུ་མིན༔ ཧྲཱིཿཨ་བྷི་ཥིཉྩ་ཧྲཱི༔ ལག་ཏུ་གཏད། དུང་འབུད་དུ་གཞུག །གཉིས་ཀའི་དོན་ནུས་པའི་ཕྱིར་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་དུ་མཛོད། ལྔ་པ་རྡོར་དྲིལ་ཐོགས་ལ། སློབ་དཔོན་རིགས་འདུས་ཧེ་རུ་ཀའི། །སྦྱོར་མཚམས་ལས་ནི་འོད་འཕྲོས་པས༔ སློབ་མ་དབང་རྫས་རིགས་ཀུན་བདག །བཛྲ་ཧེ་རུ་ཀ་ཡབ་ཡུམ། །དབང་རྫས་འོད་ཞུ་རྡོར་དྲིལ་གྱུར༔ ཡན་ལག་ལྔ་ཡི་ཐིག་ལེར་ཐིམ༔ དཀྱིལ་འཁོར་ཀུན་གྱི་བྱེད་པོར་བསྒོམ༔ ཨོཾ༔ ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ༔ དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ༔ དཀྱིལ་འཁོར་ཀུན་གྱི་ལས་སྤྱོད་ཅིག༔ ཨོཾ་ཨ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོར་དྲིལ་ལག་ཏུ་གཏད་ནས་སྙིང་གར་འཁྱུད་དུ་གཞུག །དེ་ལྟར་ནང་ལུས་ཀྱི་དཀྱིལ་འཁོར་དུ་ནུས་པའི་དབང་ལྔ་བསྐུར་པས་རང་གཞན་གྱི་དོན་དངོས་སུ་བྱེད་པ་ལ་དབང་ཞིང་། ཁྱད་པར་གྱི་བསྐྱེད་རིམ་དང་རྫོགས་རིམ་རྗེས་མཐུན་པ་རྣམས་ཉན་སྒོམ་འཆད་པར་ནུས་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད་དོ། །གསུམ་པ་ཟབ་མོའི་དབང་གསུམ་ནི། གོང་གསལ་ཞི་བ་ལྟར་མཐར་ཆགས་སུ་བསྐུར་བ་ལས། གསང་དབང་ཡབ་ཡུམ་ལྷ་བསྐྱེད་སྐབས། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་བཛྲ་ཧེ་རུ་ཀར་གསལ་བའི་གནས་ལྔར་ཁྲག་འཐུང་རིགས་ལྔ་དང་།ལག་པ་གཡས་གཡོན་ཁ་དང་གསང་བའི་ཕྱི་རྣམས་སུ་ཁྲོ་བོ་བཞི། ཕྱག་རྒྱ་ལོ་བཅུ་དྲུག་མ་ཡུམ་བཛྲ་ཀྲོ་དྷཱི་ཤྭ་རི་མར་གསལ་བའི་གནས་ལྔར་ཁྲོ་མོ་ཡུམ་ལྔ་དང་།ཡན་ལག་བཞི་ལ་ཁྲོ་མོ་བཞི་རྣམས་གསལ་བར་གྱུར། ཞེས་དང་། དཔའ་བོ་འབྲུ་ལྔ་དཔའ་མོ་འབྲུ་ལྔ་ཞེས་པའི་མལ་དུ། ཧཱུྃ་ཡིག་ལྔ་ཞེས་དང་། ཡུམ་གྱི་པདྨའི་སྣ་རྩེ་ལ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་གསལ་བ། ཞེས་དང་། སྐུར་ཚིག་ཐོག་མ། ཧཱུྃ༔ དཔལ་ཆེན་ཡབ་ཡུམ་རོལ་པ་ཞེས་དང་། ཡུངས་འབྲུ་ཙམ་གྱི་ཧེ་རུ་ཀ་ཤ་སྟག །ཅེས་བསྒྱུར། དབང་ཕྱི་མ་གཉིས་ལའང་དེས་འགྲེ་དགོས་པ་ཙམ་ཁྱད་པར་རོ། །དབུགས་དབྱུང་ཞིང་གསང་བར་གདམས་པ། སྨོན་ལམ་ཤིས་བརྗོད་ཀྱི་བར་དེ་ལྟར་བྱས་ལ། རྗེས། དེ་ལྟར་ཁྲོ་བོ་དམ་པ་རྒྱན་གྱི་དཀྱིལ་འཁོར་དུ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་དབང་བསྐུར་བ་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ནས་དམ་ཚིག་བཟུང་བ་སོགས་དང་། ཚོགས་མཆོད་ནས་ཤིས་བརྗོད་ཀྱི་བར་ཕྲིན་ལས་ཀྱི་རྗེས་རིམ་ཡང་ཞི་བར་བཤད་པས་འགྲེས་ཏེ་ཤེས་པར་བྱའོ། ཁྲག་འཐུང་འབར་བའི་ཐིག་ལེར་གཉིས་སྣང་གི །མཚན་མ་ཀུན་བཟླུམས་ཉམས་བརྒྱར་རོལ་པའི་གར། །སྲིད་པའི་མཐར་ཡང་ཟིལ་གྱིས་མི་ནོན་པའི། །སྟབས་སུ་བསྒྱུར་བས་སྲིད་པའི་དཔུང་བཅོམ་ཤོག །འདི་ཉིད་ཀྱི་དབང་གཞུང་རྩ་བ་ཙམ་ལས་ཡན་ལག་ཕྱག་བཞེས་ཀྱིས་རྟོགས་དགོས་ཤིང་། ཁ་སྐོང་དགོས་རིགས་བཀའ་འདུས་རྩ་སྒྲུབ་སོགས་ནས་བླངས་ཀྱང་ཆོག་པར་བཀས་གནང་ཞིང་དེ་ལྟར་སྟབས་བདེ་ཡང་སྒྱུ་འཕྲུལ་རང་སྐད་མ་འདྲེས་པའི་ཕྱིར་དུ་ཆོས་འདིའི་བཀའ་བབ་ཏུ་ལུང་བསྟན་ཐོབ་པ་པདྨ་གར་དབང་རྩལ་ལམ་བློ་གྲོས་མཐའ་ཡས་ཀྱིས་དཔལ་དེ་བཱི་ཀོ་ཊིའི་སྙིང་པོ་ཁྲག་འཐུང་ལྷ་དགུའི་ཕོ་བྲང་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་ལྷག་པའི་བསམ་པས་བྱང་བུ་བཞི་སྐོར་གྱི་གདམས་པ་རྣམས་ཁྲིགས་སུ་བསྡེབས་པ་དགེ་ལེགས་འཕེལ།། །།
ཕྱོགས་མེད་རིས་མེད་ཀྱི་བསྟན་པ་ལ་འདུན་ཞིང་དགེ་སྦྱོང་གི་གཟུགས་བརྙན་འཆང་བ་བློ་གྲོས་མཐའ་ཡས་པའི་སྡེའི་བྱུང་བ་བརྗོད་པ་ནོར་བུ་སྣ་ཚོགས་མདོག་ཅན་ (Volume 65, Text 7)
༄༅། །མ ཎི བི ཤྭ བ རཎྞ མཱ ནྣཱ མཱ པ ཀྵ ནི ར ནྭ ཡཱ ནཱཾ ཤཱ ས ནཾ ཙྪ ནྡ ཤྲ མ ཎ པྲ ཏི བི མྦ དྷ ར མ ཏྱ ན ནྟ སེ ནཱ བྲྀ ཏྟ ཀོ དྡི ཥྚ བི ཧ ར ཏི སྨ ། ༄༅། །ཕྱོགས་མེད་རིས་མེད་ཀྱི་བསྟན་པ་ལ་འདུན་ཞིང་དགེ་སྦྱོང་གི་གཟུགས་བརྙན་འཆང་བ་བློ་གྲོས་མཐའ་ཡས་པའི་སྡེའི་བྱུང་བ་བརྗོད་པ་ནོར་བུ་སྣ་ཚོགས་མདོག་ཅན་ཞེས་བྱ་བ་བཞུགས་སོ། ། ༈ སྡེབ་སྦྱོར་རྐང་བཞི་མཉམ་པའི་བྲྀཏྟཱ་ཡི་གེ་བཅོ་བརྒྱད་པ་བསྟན་འཛིན་ལ་རྣམ་གྲངས་སྤྱིར་༢༦༢༡༤༤ཡོད་པ་ལས་བྱེ་བྲག་ཨུདྡིཥྛ་༣༧༨༥༧ནས་ཟིན་པ་མེ་ཏོག་གཡོ་བའི་ཁྲི་ཤིང་ཞེས་བྱ་བའི་པྲསྟཱ་རས་མཛེས་པར་བྱས་པའོ།། ༄། ཨནུཔལཾབྷཀྲྀཔཱིཤྲཱིམཱཾསངྒུརུཤྩཱདྷིདེབབརཱབྷེདཱནཱཾཔཱདཽམཧཱདརཻཿནམཱམིཤརཎཾགཙྪཱམི། ། ༄། དམིགས་པ་མེད་པའི་ཐུགས་རྗེ་དང་ལྡན་པ་དཔལ་ལྡན་བླ་མ་དམ་པ་དང་ལྷག་པའི་ལྷ་མཆོག་དབྱེར་མེད་པའི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།།
༄། སརྦཛནྨེཥུམཧཱཀཱརུཎེནཱནུགྲཧཤྩ། ཏྲིམུཁཱནཱཾསརྦཱཾཤཡཔྲཡུཀྟབྷདྲཙརྻསམུདྲཔརིཔུརཎྞཱདྷིཥྛཱནམདྷྱེཥཎཱ།། ༄། ཚེ་རབས་ཀུན་ཏུ་ཐུགས་རྗེ་ཆེན་པོས་རྗེས་སུ་གཟུང་བ་དང་། སྒོ་གསུམ་གྱི་བསམ་སྦྱོར་ཐམས་ཅད་བཟང་པོ་སྤྱོད་པ་རྒྱ་མཚོ་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ།
༄། བཻམུཀྟྱཱཀཱཤཱཙྪམིཏསུཏལཾཛྙཱནསཱུརྻཔྲབྲྀདྡྷཾ། ལོཀཱཤེཥེབྲྀཏྤྲཎཡབིཥམེཀཱརུཎཾརསྨིམུཀྟཾ། ༄། རྣམ་གྲོལ་ཞི་བ་ནམ་མཁའི་དབྱིངས་ལས་ཡེ་ཤེས་ཉི་མའི་དཀྱིལ་འཁོར་རྒྱས། །འཇིག་རྟེན་ཀུན་ཏུ་ཐུགས་རྗེའི་འོད་ཟེར་མོས་པའི་ཡུལ་དང་འཚམ་པར་འཇུག།
༄། ཨཛྙཱནཱནྟདྡྷཱསམཏུབཧིཏདྭིཛྙཱདྷཱཿཔདྨཕུལླཾ། ཤྲཱིམཱཾབཛྲཾདྷྲྀགྒུརུཔདིནམཿསརྦབུདྡྷསྭབྷཱབཱཿ ༄། བདག་ལྟའི་མུན་པ་ཅིག་ཅར་བསལ་ཞིང་མཁྱེན་གཉིས་བློ་ཡི་པདྨོ་ཕྱེ། །སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང་དབང་དཔལ་ལྡན་བླ་མའི་ཞབས་ལ་འདུད།།
ཡང་སྲིད་ཀུན་ཏུ་ཐུགས་རྗེས་རབ་བཟུང་བ། །རྡོ་རྗེ་ཐོད་ཕྲེང་རྩལ་དངོས་རིགས་བརྒྱའི་བདག །པདྨ་དབང་ཆེན་གསང་གསུམ་བྱིན་རླབས་ཀྱིས། །བགྱི་བ་འདི་ཡང་དོན་ལྡན་ཉིད་བྱིན་རློབས། །གསོལ་བ་བཏབ་པའི་རེ་འབྲས་གང་འདོད་དུ། །ཐོགས་མེད་འཇོ་བ་རྫོགས་ལྡན་སྤྲིན་གྱི་གདུགས། །ལྷག་པ་ལྷ་ཡི་མཆོག་ལ་གསོལ་འདེབས་ཀྱི། །འདོད་དོན་མཐར་ཕྱིན་གཞན་ཕན་མཐུ་སྩོལ་ཅིག །བླ་མ་སངས་རྒྱས་གང་འདུལ་སྐུར་བཞེངས་པ། །རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་གྱིས། །ཐུགས་རྗེའི་ཤུགས་ཀྱིས་གེགས་བྱེད་ཚར་ཆོད་ལ། །ལྷག་བསམ་མཐའ་རུ་ཕྱིན་པའི་སྡོང་གྲོགས་མཛོད། །སོ་སྐྱེ་ཉོན་མོངས་འཁྲུལ་པའི་གཞན་དབང་གིས། །འཁོར་བའི་འཁྲུལ་སྣང་བརྒྱུད་མར་སྤྱོད་པ་ལ། །དམ་པའི་རྣམ་ཐར་བཟང་པོའི་དྲི་ཙམ་དང་། །འགྲོགས་པའི་རེ་བ་ཟད་ཕྱིར་བརྗོད་བྱས་ཕོངས། །ཐོག་མེད་དུས་ནས་བག་ཆགས་འཐུག་པོ་དང་། །འདྲིས་པའི་ཡུན་རིང་གཉེན་པོའི་སྟོབས་ཞན་པས། །སྒོ་གསུམ་འཁྲུལ་པའི་དྲྭ་བར་ཆུད་པ་ལ། །ངོ་མཚར་གཏམ་གྱི་ཟློས་གར་བསྒྱུར་ནུས་མིན། །འོན་ཀྱང་སྔོན་གྱི་ལས་དང་འཕྲལ་རྐྱེན་གྱིས། །རྩེ་གཅིག་སྒྲུབ་མ་ནུས་པའི་ལག་རྗེས་དང་། །འབྲེལ་པའི་ལོ་རྒྱུས་བཀོད་ན་ཕྱིས་འབྱོན་ལ། །དོན་དུ་འགྱུར་ཞེས་རྡོ་རྗེའི་བླ་མ་ཡིས། །རྗེས་སུ་གནང་ཞིང་མཁྱེན་བརྩེ་མོས་ལྡན་གྱི། །སློབ་མ་རྣམས་ཀྱིས་ནན་བསྐྱར་བསྐུལ་བའི་ངོར། །མཁས་རྣམས་བཞད་གད་འཇུག་པའི་སྣ་ཚོགས་མདོག །མཆིང་བུ་ནོར་བུའི་གྲངས་སུ་རློམས་འདིར་བཀོད། །དེ་ལ་སྤྱིར་རྣམ་ཐར་ཞེས་པ་ནི་བི་མོཀྵའི་སྒྲ་ལས་རྣམ་པར་ཐར་པའམ་རྣམ་པར་གྲོལ་བ་སྟེ། གང་ཟག་ཐ་མ་དད་པ་རྣམ་པར་དག་པ་དང་ལྡན་པས་ངན་འགྲོའི་སྲིད་པ་ལས་རྣམ་པར་ཐར་པ་དང་། འབྲིང་ངེས་འབྱུང་རྣམ་པར་དག་པ་དང་ལྡན་པས་འཁོར་བའི་རྒྱ་མཚོ་ལས་རྣམ་པར་ཐར་པ་དང་། རབ་ལྷག་བསམ་རྣམ་པར་དག་པ་དང་ལྡན་པས་སྲིད་ཞིའི་མཐའ་གཉིས་ལས་རྣམ་པར་གྲོལ་བའི་ལོ་རྒྱུས་བཤད་པ་སྟེ། མདོར་ན་རང་ཉིད་སྡུག་བསྔལ་དང་དེའི་རྒྱུ་ལས་རྣམ་པར་ཐར་ཞིང་གཞན་རྒྱུད་འཆིང་བ་ལས་གྲོལ་བར་བྱེད་པའི་ལོ་རྒྱུས་རྨད་དུ་བྱུང་བ་ཞིག་ལ་བརྗོད་པ་ཡིན་ལ། དེ་ལྟར་བརྗོད་པའི་དགོས་པའང་རྒྱུ་མཚན་དེ་མཐོང་བ་དང་། ཐོས་པ་པོའི་རྒྱུད་ལ་དད་པ་རྣམ་པ་གསུམ་ཀའམ་གང་རུང་སྐྱེད་པར་བྱེད་ཅིང་། དེ་སྐྱེས་པས་རིགས་ཀྱི་ནུས་པ་སད་ཅིང་ཐར་པའི་ས་བོན་འཇོག་པར་བྱེད་པས་མདོ་ལས། དད་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྣང་བའི་སྒོར་གསུངས་པ་དང་། ཀུན་དགའ་བོ་དད་པ་ལ་སྦྱོར་བར་གྱིས་ཤིག །འདི་ནི་དེ་བཞིན་གཤེགས་པས་གསོལ་བ་འདེབས་པའོ། །ཞེས་གསུངས་པ་ཡིན་ནོ། །དེའང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་འཕགས་པའི་ཚོགས་རྣམས་དང་། འཕགས་བོད་དུ་བྱོན་པའི་མཁས་པ་དང་གྲུབ་པ་ཐོབ་པ་དང་དགེ་བའི་བཤེས་གཉེན་ཚད་མར་གྱུར་པ་རྣམས་ཀྱི་རྣམ་པར་ཐར་པ་ནི་སྐལ་མེད་རྣམས་ཀྱི་རྣ་ལམ་དུ་ཐོས་པར་ཡང་དཀའ་ལ། ཐོས་ན་འཕྲལ་དང་ཡུན་གྱི་ཕན་པ་དང་བདེ་བ་བླ་ན་མེད་པ་ལ་སྦྱོར་བའི་ཕྱིར་སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་ཁྲོམ་ཆོས་ཀྱི་གཙོ་བོར་སངས་རྒྱས་ཀྱི་སྐྱེས་རབས་འཆད་པའི་ཕྱག་ལེན་མཛད་དེ། རྗེ་བཙུན་ཐམས་ཅད་མཁྱེན་པ་སྒྲོལ་བའི་མགོན་པོས་སྐྱེས་བུ་དམ་པ་ཞིག་ཡིན་ན་གང་དུ་བྱོན་པའི་ཤུལ་དེར་དད་པ་དང་སྙིང་རྗེ་ཆེ་བ། ཕྱོགས་རིས་དང་ཆགས་སྡང་ཆུང་བ། སྐྱེ་བོ་རྣམས་རྒྱུད་འཇམ་ཤིགས་སེ་འགྲོ་བ་ཞིག་དགོས་པ་ཡིན། དད་མོས་སྙིང་རྗེ་ཆུང་དུ་སོང་། ཕྱོགས་རིས་ཁ་འཛིན་ཆགས་སྡང་ཇེ་འཕེལ་དུ་སོང་། དེ་ལ་བརྟེན་ནས་ཁ་མཆུ་གླེང་བརྗོད་འཐབ་རྩོད་སོགས་རྒྱུད་རྩུབ་ཟིང་དུ་སོང་ན་མི་དགེ་བའི་བཤེས་གཉེན་ཡིན་པའི་རྟགས་ཡིན་སོགས་གསུངས་པ་ལྟར། དམ་པ་རྣམས་ཀྱི་རྣམ་པར་ཐར་པ་ཕྱོགས་རེ་ཙམ་ཡང་རང་གིས་ཡིད་ལ་བྱ་བ་དང་། སེམས་ཅན་གཞན་དག་ལ་གོ་བརྡ་འཕྲོད་པར་བཤད་ན་གནས་སྐབས་དེར་དད་གུས་ལན་གཅིག་སྐྱེས་པ་ཙམ་གྱིས་ཀྱང་དཀར་པོའི་ས་བོན་ཐེབས་པས་དོན་ཆེན་པོར་འགྱུར་བར་ངེས་ཏེ། དེ་དག་འབྲེལ་ཚད་དོན་ལྡན་གྱི་ཐུགས་བསྐྱེད་དང་སྨོན་ལམ་བཟུང་པའི་ཕྱིར་རོ། །དེ་ལྟ་བུའི་དད་པ་སྐུལ་བར་ནུས་པའི་བརྗོད་བྱ་དངོས་དེ་གང་ཟག་དེའི་ཆོས་དང་མཐུན་པའི་ཡོན་ཏན་ཡིན་ལ། ཡོན་ཏན་དེའང་། རིགས་རུས་ཀྱི་སྟོབས་འབྱོར། མངའ་ཐང་གཟི་བརྗིད། ལོངས་སྤྱོད་སྙན་གྲགས་ལ་སོགས་པ་ནི་ཐུབ་པའི་བསྟན་པ་ལས་ཕྱི་རོལ་དུ་གྱུར་པས། འཇིག་རྟེན་གྱི་ཆོས་ཞེས་སྤང་བྱར་གདམས་ཤིང་། མཁས་པའི་རྣམ་དཔྱོད། གྲུབ་པའི་ཉམས་རྟོགས། བསྟན་པ་དང་འགྲོ་བའི་དོན་མཛད་པའི་ཕྱག་རྗེས་ལ་སོགས་པ་རྒྱལ་བའི་རྗེས་འཇུག་རྣམས་ཀྱི་ཡོན་ཏན་མཆོག་ཡིན་མོད་ཀྱི་སྙིགས་དུས་འདིར་དཀོན་པར་སྣང་སྟེ། གར་དབང་ཆོས་ཀྱི་དབང་ཕྱུག་གི་ཞལ་ནས། ཁོ་བོའི་བསམ་པ་ལ་ཆོས་བྱེད་ཟེར་བ་མང་བར་འདུག་ཀྱང་། ནང་དུ་ཉམས་སུ་བླངས་པ་དང་། ཕྱི་རུ་སྤྱོད་པ་དང་། དེ་ལས་བྱུང་བའི་ཡོན་ཏན་གསུམ་སྒོ་མཚུངས་པ་ཞིག་མ་བྱུང་ན་ཅུང་ཡིད་མ་ཆེས། དེང་སང་མཁས་པ་གཏན་ཚིགས་ཁོང་ནས་རྒྱས་པ་ཡིན་ཟེར་མཁན་དང་། བཙུན་པ་འདུལ་ཁྲིམས་མཐར་ཕྱིན་པ་ཡིན་ཟེར་མཁན་དང་། བསྒོམས་ནས་ཉམ་ཆུང་རི་ལ་རྒས་པ་ཡིན་ཟེར་མཁན་ནི་སྲིད་མཐའ་མ་བཀག་ཙམ་ལས་མི་འདུག །གྲུབ་ནས་བརྟུལ་ཞུགས་སྤྱོད་པ་ཡིན་གསུངས་མཁན་ནི་མང་བར་འདུག་པས། སངས་རྒྱས་ཀྱིས་ང་དང་ང་འདྲ་བས་གང་ཟག་གི་ཚོད་གཟུང་བ་ཡིན་གསུངས་པས། དེ་ཀུན་ལ་དག་སྣང་མ་གཏོགས་སྐུར་པ་འབུལ་བར་མི་བགྱི། དེ་ཚེ་བརྟུལ་ཞུགས་སྤྱོད་པ་ཡིས། །སྦྱོར་ལམ་བགྲོད་ནས་མཐོང་བར་བརྗོད། །ཅེས་གསུངས་པས་སྔགས་ཀྱི་སྦྱོར་ལམ་པ་མཐོང་ལམ་དུ་ན་སྤོར་ཕྱིར་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་པ་ཡིན་པས་ངེད་ནི་རེ་ཞིག་དེ་ལྟ་བུ་སྐལ་བས་གྲུབ་པ་མེད་པས་རྒྱུད་ཚོད་དང་བསྟུན་པའི་ཉམས་ལེན་ཞིག་དགོས་པ་བྱུང་། ཀུན་སྤོང་དང་། གྲུབ་ཐོབ་དང་། མངོན་ཤེས་ཅན་ལ་སོགས་པར་བརྫུས་ན་རེ་ཞིག་འཇིག་རྟེན་བླུན་པོའི་ངོར་སྐུ་བསོད་ཡོང་བ་ཙམ་སྲིད་མོད། སྐུ་བསོད་དང་ཡོན་ཏན་གཉིས་ཀ་བྱུང་ན་རབ་ཡིན་ཏེ། དེ་མ་བྱུང་ཕྱིན་ཡོན་ཏན་ལ་གདམས་དགོས། ཞེས་དཔེ་ཆོས་ལས་བྱུང་བའི་དཔེ་དོན་བཅས་གསུངས་སོ། །དེ་ལྟར་ཆོས་ནས་གསུངས་པའི་ཡོན་ཏན་ཡོད་ན་གང་ཟག་ལྟར་སྣང་བཟང་ངན་གང་དུ་འདུག་ཀྱང་གུས་ཤིང་བླ་མར་འོས་པ་ཡིན་ཏེ། སྤྱན་རས་གཟིགས་ཀྱིས། མཁས་རྣམས་ཡོན་ཏན་ལ་གུས་ཀྱི། །སངས་རྒྱས་དབང་ཕྱུག་སོགས་ལ་མིན། །ཡོན་ཏན་མེད་ལ་གང་གུས་པ། །དེ་བླུན་མི་དགེའི་ལས་ལས་སྐྱེས། །ཞེས་གང་ཟག་ལ་མི་བརྟོན་ཅིང་ཆོས་སམ་ཡོན་ཏན་ལ་བརྟོན་པ་ཉིད་རྒྱལ་བ་སྲས་དང་བཅས་པས་ཆེ་ཐང་དུ་གདམས་པར་མཛད་མོད། འདིར་ནི་ཆོས་དང་འཇིག་རྟེན་གཉིས་ཀའི་ལུགས་ཀྱི་བསྔགས་པར་འོས་པའི་ཡོན་ཏན་གང་དང་ཡང་འདྲིས་ཤིང་བཤེས་པར་གྱུར་པ་མེད་པས་འབྲི་བར་འོས་ཤིང་བྲིས་རིན་ཆོག་པའི་བྱུང་བ་གང་ཡང་བརྗོད་དུ་མ་མཆིས་ཀྱང་། སྙིགས་དུས་ཀྱི་ཆོས་པའི་གཟུགས་བརྙན་འགའ་ཞིག་ཆོས་དང་སྲིད་ཀྱི་འཇུག་སྒོ་དང་སྤྱོད་བཞག་སོས་དུས་ཀྱི་གནམ་ངོ་ལྟར་ཙབ་ཙུབ་མང་པོའི་མཐར། རང་གཞན་གྱི་བྱ་བའི་གྲུབ་དོན་སྟོན་མཇུག་གི་ན་བུན་ལྟར་རང་ཡལ་དུ་འགྲོ་བ་དག་ལ་དཔག་ན་བསམ་པ་གཅིག་ཐོག་ཏུ་བཞག་ཅིང་གཡོ་མེད་པའི་ལག་རྗེས་བྱས་བྱུང་བརྗོད་གཞི་པདྨའི་ས་བོན་ཙམ་མཆིས་པ་སྟེ། རྟེན་དལ་འབྱོར་སྐྱོན་མེད་པ་ཐོབ། མཐུན་པའི་རྐྱེན་འཁོར་ལོ་རྣམ་པ་བཞི་ངང་གིས་འབྱོར། ཚུལ་གནས་ཐོས་བསམ་སྒོམ་པ་ལ་ཅི་ནུས་སུ་སྦྱར་བའི་འབྲས་བུ་སྤོང་ཀློག་ལས་གསུམ་གྱི་འཁོར་ལོ་མཚོན་བྱེད་གྲུབ་པ་ལས་བརྩམ་སྟེ་ཕྱོགས་ཙམ་བརྗོད་པ་ལ། དང་པོ་ལུས་རྟེན་འདིའི་སྲིད་པ་བཟུང་བའི་ཡུལ་ནི། བོད་ཆེན་པོའི་ལྗོངས་གླིང་ཁྲི་གོང་འོག་བར་གསུམ་དུ་དབྱེ་བ་ལས་བར་མ། ཆུ་ཆེན་པོ་བཞིས་བཅད་པའི་སྒང་དྲུག་ཏུ་གྲགས་པ་ལས་འབྲི་ཀླུང་དང་ཤར་ཟླའི་ཀླུང་གཉིས་ཀྱི་བར་དུ་ཆུད་པའི་ཟལ་མོ་སྒང་། མདོ་ཁམས་གནས་ཆེན་ཉེར་ལྔར་གྲགས་པའི་ནང་ཚན་ཕྲིན་ལས་འགྲོ་འདུལ་སྤྲུལ་པའི་གནས་བརྒྱད་ཀྱི་ཡ་གྱལ་པདྨ་རིགས་ཀྱིས་འདུལ་བའི་གནས་པདྨ་ལྷ་རྩེའི་མདུན་རོལ། སྦས་པའི་ལུང་ཆུང་ལྟ་བུ་རོང་རྒྱབ་ཅེས་བྱ་བར་ཁྱིམ་ཚང་ཕྱུག་དབུལ་སྙོམས་པ་ཞིག་ཏུ། བོན་སྔགས་པ་བསོད་ནམས་འཕེལ་བྱ་བ་བཟོ་ལ་མཁས་ཤིང་མི་གཞི་ཤིན་ཏུ་དྲང་བ། དད་པ་དང་དགེ་བློ་ཅན། སྔོན་འགྲོའི་བསགས་སྦྱོང་ཚད་ལྡན་དང་། སེམས་དོན་ཉམས་ལེན་ལེགས་པར་ཤེས་པ། ཁ་ཏོན་བཟླས་བརྗོད་ལ་ཤིན་ཏུ་བརྩོན་པ་ཞིག་ཡོད་པ་དེ་ནི་ལས་ཀྱི་ཕ་ཡིན་ལ། མ་བཀྲ་ཤིས་འཚོ་བྱ་བ་རྒྱུད་ཤིན་ཏུ་འཇམ་ཞིང་ངང་རིང་བ། དད་པ་དང་དག་སྣང་ཆེ་བ། ཅི་ཡོད་སྦྱིན་པ་ལ་དགའ་བ། ཡིག་དྲུག་དུང་ཕྱུར་ཕྱེད་དང་གཉིས་ཙམ་སོང་བ་དེ་གཉིས་ཁྱིམ་ཐབ་བྱས་ཀྱང་རིགས་རྒྱུད་ནི་གཅིག་ཀྱང་མ་བྱུང་། ངེད་ཀྱི་རུས་དངོས་ནི་ཁྱུང་པོ་ཡིན་པར་གྲགས་ཏེ། དེའི་ཁུངས་ནི་སྟེང་ཕྱོགས་ཀྱི་སྟོན་པ་ཀུན་བཟང་རིག་སྣང་འོད་ཀྱི་རྒྱལ་པོའི་ཐུགས་ཀ་ནས་འགྲོ་བ་འདྲེན་པའི་དོན་དུ་ཁྱུང་ཆེན་གཅིག་སྤྲུལ་ནས་གྱིམ་ཤོད་རི་བོ་རྩེ་དྲུག་ཏུ་བབས་པ། ཡུལ་མིས་མཐོང་བས་རི་རྩེར་ཁྱུང་ཕོ་ཞིག་བབས་འདུག་ཅེས་གླེང་། ཁྱུང་དེ་འཕུར་བའི་སྦར་མོའི་འོག་ཤུལ་དུ་སྒོ་ང་དཀར་སེར་ལྗང་ནག་བཞི་ཡོད་པ་དུས་སུ་བརྡོལ་བའི་ནང་ནས་ཁྱེའུ་བཞི་བྱུང་། དེ་དག་སྤུ་བོའི་རི་རྩེ་མཐོ་བ་ཞིག་ཏུ་ཕྱིན་ནས་རང་རང་གི་འདུལ་སྐལ་གང་ཡོད་མངོན་ཤེས་ཀྱིས་བརྟགས་ནས་གསུམ་པོ་གྱིམ་ཤོད་ཕྱོགས་སུ་ཆགས་པ་ལས་ཁྱུང་པོ་དཀར་རུ། ནག་རུ། གསེར་ཚའི་སྡེ་རྣམས་བྱུང་། ཐ་ལྟག་ཁྱུང་འཕགས་ཁྲ་མོ་གཡུ་འབྲུག་ལ་འཆིབས་ནས་རྒྱལ་རོང་དུ་ཕེབས་པ་ལས་རྒྱལ་ཁྱུང་རྩ་བའི་བརྒྱུད་པ་རྣམས་བྱུང་། ཁྱུང་སྲས་སོ་སོར་གཤེགས་པའི་རི་དེ་ལའང་ཁྱུང་འཐོར་ལ་ཞེས་གྲགས། དེ་དག་གི་བརྒྱུད་པ་ལས། ལྷ་ཁྱུང་། མུ་ཁྱུང་། ཁྱུང་རྒོད་ཐོག་ལ་འབར་སོགས་མཁའ་སྤྱོད་དུ་གཤེགས་པ་མང་པོ་རིང་ཞིག་བྱུང་། གྱེར་ནམ་ཟུ་རྩེ་སོགས་གདུང་རབས་རིན་པོ་ཆེའི་ཕྲེང་བ་ལྟ་བུ་བར་མ་ཆད་པ་དང་། ཁྱུང་འཕགས་ཁྲ་མོ། དམ་པ་ཁྱུང་སྒོམ་སོགས་སར་གནས་ཀྱི་རིག་འཛིན་དུ་མ་དང་། བྱའི་རིགས་ལ་གྲུབ་ཐོབ་བརྒྱད་ཅུ་འབྱོན་པར་ལུང་བསྟན་པ་ལྟར། མི་ལ་རས་པ། ཁྱུང་པོ་རྣལ་འབྱོར་སོགས་ཡོངས་སུ་གྲགས་པ་རྣམས་དང་། སྤྲུལ་སྐུ་བློ་ལྡན་སྙིང་པོ། རྟོགས་ལྡན་བཀྲ་ཤིས་རྒྱལ་མཚན་སོགས་ཟབ་གཏེར་གྱི་གསང་མཛོད་འཛིན་པ་རྣམས་དང་། རང་གྲོལ་བླ་མ་བློ་གྲོས་རྒྱལ་མཚན། གྲུབ་ཆེན་ཤ་བ་རང་གྲོལ་སོགས་དགོན་གནས་གྲྭ་སློབ་ཁྲི་ཁྲག་སྐྱོང་བ་པོའང་མང་དུ་བྱོན་པའི་ནང་ཚན། རྒྱལ་ཁྱུང་གི་རིགས་རྒྱུད་ནང་ཆེན་གྲགས་པ་རྒྱལ་མཚན་ཞེས་པ་ཆེན་པོ་གླིང་གི་བླ་མར་བཀུར་བའི་དབོན་རྒྱུད་རོང་རྒྱབ་ཏུ་ཆགས་པ་ལས། ཁྱུང་པོ་བླ་མ་ནམ་མཁའ་འོད་ཟེར། རིན་ཆེན་ལྷུན་གྲུབ། བསྟན་པ་རྣམ་རྒྱལ། བསྟན་པ་ལྷུན་གྲུབ། ཚུལ་ཁྲིམས་མཆོག་ལེགས། ཉི་མ་བསྟན་འཛིན་སོགས་མཁས་ཤིང་གྲུབ་པ་རིམ་པར་བྱོན་ཀྱང་ཕྱིས་དུས་དབང་གིས་གདུང་རབས་ཕལ་ཆེར་ཆད་པའི་སྐབས། ཁྱུང་པོ་བླ་མ་གཡུང་དྲུང་བསྟན་འཛིན་ཞེས་པ་དེ་བདག་གི་ལུས་ཀྱི་ཕ་ཡིན་པར་གྲགས་སོ། །བཙས་པའི་དུས་ནི། རབ་བྱུང་བཅུ་བཞི་པའི་ནང་ཚན་ཆུ་མོ་བྱའི་ལོ་ལ་མའི་རྨི་ལམ་ལེགས་པ་ཁ་ཤས་བྱུང་ཚོད་ཀྱང་ཡིད་ལ་མ་ངེས། ནུབ་བྱང་ནས་བྱ་རྒོད་ཅིག་བྱུང་ནས་རང་གི་མཆོད་ཁང་དུ་བསྡད་སོང་བ་དང་། མི་ཆེན་པོ་ཞིག་གིས་སྦ་དར་དང་དུང་ཕྲེང་བྱིན་པ་སོགས་དྲན་འདུག །སྲིད་འཁོར་བ་གཏན་ནས་མ་ཤེས་པའི་ལུས་ཡངས་ཤིང་ཟོ་མདོག་བདེ་བར་བྱུང་། ཟླ་བ་བཅུ་པའི་ཚེས་བཅུའི་ཉི་ཤར་ལ་གནོད་པ་མེད་པར་བདེ་བར་བཙས། ཞག་བདུན་ཙམ་ལ་ནུ་མ་མ་འཇིབས་པས་མར་ཞུན་གྱིས་གསོས། དེ་ལོ་ཡན་ཡུལ་དེར་སད་སེར་ལོ་ཉེས་སྟུད་མར་བྱུང་བས་འབྲུ་ཤིན་ཏུ་དཀོན་ཅིང་བཀྲེན་པར་གྱུར་པ་ལ་ལོ་འདིར་རྫ་ཁོག་ནས་འབྲུ་བཙལ་ཏེ་བཏབ་པས་ལོ་ཤིན་ཏུ་ལེགས་ཤིང་། དེ་ནས་བརྩམ་ལོ་བཅུ་གཉིས་བར་དུ་ལོ་ལེགས་སྐྱ་རྒྱལ་བྱུང་བར་འདུག །གོག་ཐུབ་ཙམ་ནས་གཙང་སྦྲ་ཤིན་ཏུ་ཆེ་བས་གཅིན་རྟུག་ཕ་ཟད་དུ་སྐྱེལ་བ་ཡིན་ཟེར། སྨྲ་ཤེས་ཙམ་ནས་ཁ་རྟགས་ལ་ཉེ་བཟང་པོ་མང་དུ་སྨྲ་བ་ཞིག་ཡོད་སྐད། འགའ་ཞིག་རང་ནས་ཀྱང་དྲན་ལམ་དུ་སྣང་། ལོ་བཞི་ཙམ་དུ་འཇམ་དཀར་སྒོམ་བཟླས་དཔེ་ལྡེབ་གཅིག་རྙེད་པ་གཞན་གྱི་རྗེས་ཟློས་ཚུལ་གྱིས་ཡིག་འབྲུ་ལ་མཛུབ་མོ་བཙུགས་ནས་འདོན་རྒྱུ་ཡོད་པ་ཞིག་བྱུང་། འགྲོ་ཐུབ་སྐབས་ནས་འབུ་གཟན་གཅིག་ཡོད་པ་ཀུན་བཟང་མཆོད་དཀྲིས་དགོས་ཟེར་རང་ལས་གཞན་གྱིས་མི་ཐོན་པའི་དཀྲིས་སྐོར་གཅིག་ཉལ་ཁ་མ་གཏོགས་འབྲལ་མེད་བྱེད། སྐབས་ཤིག་གོས་སྐྱ་ཞིག་བཟོས་པ་གཏན་ནས་གྱོན་རོགས་མ་བྱས་པས་རས་དམར་ཞིག་གིས་མུ་ཐུམ་བྱས་བྱུང་བ་དེ་ལ་བལྟས་ནས་གྱོན་པ་དང་། བྱིས་པའི་རྩེད་མོ་རྣམས་སུ་དབང་བསྐུར་བ། ལྷ་ཁང་དང་གསས་མཁར་བཞེངས་པ། ས་ལས་གཏོར་མ་བཅའ་ཞིང་གཏོར་རྒྱགས་དང་ལྷ་བསང་ཁོ་ན་བྱེད་པ། བུམ་པ་དང་རྡོར་དྲིལ་མཐོང་ན་ཆེས་དགའ་བ་སོགས་ཆོས་པའི་བག་ཆགས་ནི་ལེགས་རབ་ཡོད། ལོ་ལྔ་ལོན་པའི་དཔྱིད་སོས་གཟའ་སྐར་བཟང་པོ་ཞིག་ལ་ཕ་ཡར་དེས་ཀ་ཁ་བསླབ་བྱུང་བ་ནི་བལྟས་པ་ཙམ་གྱིས་ཤེས་ཀྱང་བྱིས་པ་བསམ་མནོ་མེད་པས་སྦྱོང་བདར་ཆེར་མ་འདོད། ལོ་དྲུག་པ་བདུན་པ་གཉིས་ལ་ཀློག་སློབ་འདུག་པས་འབྲུ་དེད་ཅུང་ཟད་དང་། སྦྱོར་ཀློག་སྦྱངས་པས་ལོ་བརྒྱད་པ་ནས་ཀློག་མཁན་རྒན་པོ་རྣམས་ཀྱང་ཟིལ་གྱིས་གནོན་ནུས་པ་བྱུང་། ལོ་གསུམ་པའི་སྐབས་གཙང་སྨན་རིའི་མཁན་པོ་བསོད་ནམས་བློ་གྲོས་ཡུལ་དེར་ཕེབས་པ་ལ་ཕ་མ་རྣམས་ཀྱིས་སྐྲ་བཅད་ཞུས་པར་མིང་བསྟན་འཛིན་གཡུང་དྲུང་དུ་བཏགས་པས་ཕྱིས་ཚོད་བར་དེ་ཉིད་བླ་དྭགས་ཀྱི་མིང་དུ་གྱུར། འདི་སྐབས་ཉི་ཤར་ཅིག་ལ་ཉེ་དུ་ཞིག་གི་པང་དུ་ཡོད་པ་ཤར་ཕྱོགས་ཀྱི་ཞིང་ཁུད་ནས་བྱ་བྲལ་ལྟ་བུ་རྒྱལ་མཚན་སྟོད་སྨད་བར་གསུམ་ལ་མེ་ཕྲེང་གིས་བསྐོར་བ་ལག་ཏུ་ཁྱེར་བ་ཞིག་བྱུང་བ་ཕ་ཀི་སུ་རེད་བྱས་ཀྱང་སུའང་མི་འདུག་ཟེར། མིང་མི་ཐོགས་པའི་སྔོན་གྱི་སྐྱེ་བ་མང་པོ་དྲན་པ་དང་། གང་ཡིན་མི་ངེས་པའི་གནས་ཚུལ་དགའ་བ་དང་སྐྱོ་བ་མང་པོ་དངོས་དང་ཉམས་ལ་དྲན་པ་མང་དུ་བྱུང་བས་གནས་ཚུལ་དེ་དག་འགའ་རེ་ནི་ཕྱིས་རང་ཉིད་ལ་དེ་ལྟར་འབྱུང་བར་སྣང་། ཕྱིས་ནས་ཟས་གོས་བཙོག་གྲིབ་ཀྱི་རིགས་ལ་འཛེམ་བྱ་རང་གཞན་གང་གིས་ཀྱང་མ་དྲན་པས་དྲན་སྣང་དེ་དག་ཀྱང་འགག །བློ་རིག་ཇེ་རྨུགས་ལ་སོང་། ཐར་བདེ་རི་ཁྲོད་ཀྱི་རྟོགས་ལྡན་གཡུང་དྲུང་ཕུན་ཚོགས་ཞེས་པ་སྐུ་ཤིན་ཏུ་བཙུན་ཅིང་རླུང་སེམས་འབྱོངས་པ། མངོན་ཤེས་མངའ་བ་དེས་འདི་བྱང་ཆུབ་སེམས་དཔའི་རིགས་ཨོ་རྒྱན་པདྨའི་འོད་ཟེར་ཕོག་པ་ཞིག་རེད། ཕྱིས་ནས་སྙན་གྲགས་ཅན་ཞིག་འབྱུང་ཡང་ལོ་སུམ་ཅུ་སྐོར་བར་ཆད་ཆེན་པོ་ཡོད་ཅེས་རང་གི་ཨ་མྱེ་སོགས་ལ་ལུང་བསྟན་གནང་། རང་ཡང་བསམ་པས་ཟིན་ནས་ཨོ་རྒྱན་པདྨ་ཁོ་ན་ལ་དད་པ་ཆེ་ཞིང་ཚིག་བདུན་གསོལ་འདེབས་ཤིག་འདོན་ཤེས་པ་དང་བཛྲ་གུ་རུ་འདོན་པ་ལ་དགའ་ཞིང་། ཨོ་རྒྱན་པདྨའི་རྣམ་འཕྲུལ་རེད་ཟེར་བའི་བླ་མ་སི་ཏུ་པདྨ་ཉིན་བྱེད། རྫོགས་ཆེན་པདྨ་རིག་འཛིན། སྨོན་རྒྱལ་པདྨ་རྒྱལ་པོ་སོགས་ནམ་ཞིག་མཇལ་ན་སྙམ་པའི་དད་པ་ཆེ་བ་ཞིག་ཡོད། རང་ཡང་ཨོ་རྒྱན་པདྨའི་རྣམ་འཕྲུལ་ཡིན་ཅེས་བྱིས་པ་རྣམས་ཀྱི་ནང་དུ་ཧམ་པས་སྒྲོག །སྐབས་རེར་ལྷོ་ནུབ་ཏུ་བལྟས་ན་ཨོ་རྒྱན་པདྨ་མཇལ་འོང་སྙམ་སྐྱོ་དུང་དུང་བའང་འོང་། དམྱལ་བ་ལ་ཤིན་ཏུ་སྐྲག་སྣང་ཆེ་བས་དེ་དག་རྣམས་ཀྱི་སེམས་རྨིས་ལྟ་བུར། ནུབ་ཅིག་ནུབ་བྱང་ནས་བྱང་ཤར་གྱི་ནམ་མཁར་བླ་མ་ཟིལ་ཅན་གཅིག་བྱོན་སོང་བ་ངེད་ཡོད་པའི་གྲོང་དེར་ས་ལ་བབས་ནས་ལུང་བསྟན་ཚིག་འགའ་རེ་གསུངས། དངོས་པོ་ཡིད་འོང་ཞིག་བྱིན་ནས་བྱོན་སོང་བ་དང་། ལན་གཅིག་མོ་མ་ཀུན་ཤེས་ཐིག་པོ་ཡིན་ཟེར་བ་ཞིག་བྱུང་ནས་ཇུ་ཐིག་ལན་གསུམ་མདུད་པའི་མོ་བཤད་ལ། མོ་ཆེ་གསུམ་བབས་པས་སེང་ཆེན་ཡིན། །སེང་དཀར་མོ་གཡུ་རལ་ཐོགས་པ་ཡིན། །ཟེར་བ་སོགས་དེ་འདྲ་འགའ་ཞིག་གི་མཐར། ཉི་མ་ཤར་གྱི་ཕྱོགས་ནས་མེ་ཏོག་དམར་པོ་ཁུར་བའི་གྲོག་ཅིག་འོང་ལེ་ཡོད་ཟེར་བ་རྨིས་པ་རང་ཡུལ་གྱི་ཤར་ཕྱོགས་ཞེ་ཆེན་དང་དཔལ་སྤུངས་སྐོར་ཡིན་པས་དེ་ལ་བལྟའམ་སྙམ། ནུབ་ཅིག་ཨ་མྱེ་ཨ་བཀྲ་ངེད་གཉིས་དམྱལ་བའི་གནས་སུ་སླེབས། སྒོ་ཞིག་ནས་བུ་ཆུང་དཀར་ནག་གིས་བསྐོར་ལམ་ལྟ་བུའི་གཡས་གཡོན་དུ་ཁྲིད་ནས་མཐར་ཁང་པ་དེར་ཆོས་རྒྱལ་ཡིན་ཟེར་བའི་བླ་མ་ཟིལ་ཅན་གཅིག་འདུག་པས་ཤགས་རལ་བྱས། ཨ་མྱེ་ཁ་ཏོན་འདོན་བརྗོད་སྨར་བས་ཐར་ལམ་དུ་འགྲོ་ཆོག་ཟེར། ཁོང་གི་ཐད་ཀའི་གསལ་མཐོངས་དེ་ནས་ཡར་སྣེ་ཤར་དུ་ཟུག་པའི་འཇའ་ལམ་དཀར་པོ་ཐིག་ཤིང་ལྟ་བུར་འདུག་པར་རྐང་པ་བཞག་མ་ཐག །འོད་གོང་དཀར་པོ་མཐེ་བོང་ཙམ་ཨས་མཚན་པ་ཞིག་ཏུ་གྱུར་ནས་ཕར་རི་ལི་ལི་ཐལ། ངེད་རང་སྐྲག་ནས་བསྡད་པ་དང་། དེ་རྗེས་ཀྱང་དམྱལ་བའི་གནས་ཚུལ་འགའ་ཞིག་རྨིས། ཡང་ལན་གཅིག་གནས་ཆེན་ཙ་རི་བསྐོར་དུ་ཕྱིན་པ་དང་པོ་བདེ་བར་བགྲོད། དེ་ནས་བཅའ་འཕྲང་མུན་པ་ཅན་དུ་ཡུན་གཅིག་མཐར་གསལ་མཐོངས་ནས་ཅི་བདེར་ཕྱིན་པ་རྨིས་པ་འབྱུང་འགྱུར་ལ་དེ་ལྟར་བྱུང་བར་སྣང་། ལོ་བཅུ་ལོན་སྐབས་ཡིག་བྲིས་བསླབས་ནས་རིམ་པར་འདོན་ཆོག་སོགས་པུསྟི་གསུམ་བཞི་ཙམ་བྲིས། འདི་སྐོར་སེམས་ངོ་ཤེས་པ་རེད་ཟེར་བ་ལ་ཤིན་ཏུ་དགའ་ཞིང་རང་ལ་སེམས་ཁྲིད་སྟོན་པའི་བླ་མ་ཞིག་མཇལ་རྒྱུ་ཨི་ཡོད་སྐོམ་པ་ཆུ་འདོད་ལྟར་གྱུར་ཀྱང་ན་ཕྲ་ནུས་ཆུང་དུ་གྱུར་པས་ཕ་མ་ལ་གཏང་རོགས་སོགས་ཟེར་མ་ཕོད་ངང་ལུས། སྤྱིར་ཕ་ཡར་དེ་ཁ་བཙན་ཆེ། རང་ནས་བྲིས་ཀློག་སྦྱོང་བ་དང་འཚོགས་སྡོད་སོགས་ཀྱི་སྐབས་བྱིས་སྤྱོད་ཅུང་ཟད་ཤོར་ནའང་བརྡུང་བཏགས་བཏང་བས་ཙུག་གེ་སྡོད་པ་མ་གཏོགས་ཅི་ཡང་མི་ཕོད། ད་སོང་ཟེར་ན་མ་གཏོགས་སྒོ་རྒྱབ་ལའང་འགྲོ་དབང་མེད། མི་གཞན་སྤྱོད་པ་འཚུབས། ཟ་ཆེ། འཐུང་མང་། རྐུན་རྫུན་སོགས་ཀྱིས་མཐར་མི་གྲལ་ནས་བུད་པའི་དཔེ་མང་པོ་བགྲང་ནས་ཁྱོད་རང་ཚོ་ནར་སོན་དུས་དེ་འདྲ་བྱེད་འོང་ཟེར་ནས་མགོ་བཅའ་ཤ་སྟག་བྱེད་པ་ཞིག་ཡོད་པ་དེ་སྐབས་ནི་སེམས་ཤིན་ཏུ་གནོད། སྡུག་ཅིང་ཡི་ཡང་ཆད། ཕྱིས་བསམ་དུས་ད་ལྟ་མི་གྲལ་ཚུད་ཙམ་འདི་ཕ་རྒན་དེའི་དྲིན་ཡིན་པར་འདུག་པས་དྲིན་ཤིན་ཏུ་ཆེ་ཞིང་། དེ་འདྲའི་མི་དྲང་པོ་དང་ཤེས་པ་ཅན་ད་ལྟ་ནི་ཡོད་དཀའ་འདུག་སྙམ། ཁྱུང་པོ་བླ་མ་དེས་ངེད་ལ་ཤིན་ཏུ་བརྩེ་ཞིང་རང་ནས་ཀྱང་དགའ་སྣང་ཆེན་པོ་བྱེད་ཅིང་ཉིན་རེ་བཞིན་ལྷ་སྐུ་སོགས་ངོ་སྤྲོད་པ་ཞིག་ཡོད་ཀྱང་ངེད་རང་ལོ་བདུན་ལོན་པའི་དབྱར་ཐོག་དེར་འདས་སོང་། ཡུལ་དེར་བོན་དགོན་ཆུང་ངུ་ཞིག་ཡོད་ཅིང་ཐམས་ཅད་བོན་པོ་ཡིན་པས་བོན་འཚོགས་དང་ཀློག་འདོན་ལོ་བརྒྱད་དགུ་སྐོར་ནས་ཚར་ཁ་ཤས་བཏོན་པ་ནས་བློ་འཛིན་ཞོར་ལ་འོང་ཞིང་། ཆོ་གའི་འགྲིགས། གཏོར་བཟོ། བཤམ་བཀོད། རྔ་བརྡུང་རོལ་མོ་སོགས་མཐོང་ཐོས་ཙམ་ནས་དེ་ཀ་ལྟར་ཐོན་པ་ཞིག་ཡོད་པས་གཞན་གྱི་ཆོག་རོགས་དང་། རང་ཁོ་ནས་བཅའ་སྒྲུབ་སོགས་ལ་མང་དུ་ཕྱིན། བོན་པོའི་འདོན་བརྗོད་རིགས་ཁ་ཁྲལ་ཙམ་ལས་མོས་པ་ཆུང་ཞིང་མི་ཤིགས་རྡོ་རྗེའི་སྙན་བརྒྱུད་གུ་རུ་ཞི་དྲག་ལ་མོས་པར་བྱུང་བས་ཕལ་ཆེར་འདོན་བཟླས་བྱས་པས་ཁྱོད་བནྡེ་ཞིག་རེད་ཟེར་བ་བྱུང་། ཐར་བདེའི་རྟོགས་ལྡན་བླ་མས་ཀུན་གྲོལ་དཔལ་ལྡན་ལྷ་མོ་བསྟེན་དགོས་པའི་ལུང་གནང་བ་ལས་བྱང་རྒྱུན་འདོན་དང་གསོལ་སྐོང་འགའ་ཞིག་བྱས་པར་གཞུང་མཐུན་གྱི་རྨིས་ལྟས་དང་། བུད་མེད་ཅིག་གིས་གྲི་ཤུབས་མེད་བཞི་ལྔ་ཙམ་བྱིན་བྱུང་བ་རྨིས་པ་ཕྱིས་ཤེས་རབ་ཕྲན་བུ་ཡོད་པའི་ལྟས་སུ་སྣང་། འདི་སྐོར་རྨི་ལམ་རྣོ་བ་ཞིག་ཡོད་པས་སང་ཉིན་འགྲུལ་བ་འོང་རྒྱུ་སོགས་སྔ་ནུབ་ཤེས་པ་དང་། སྐབས་ཤིག་ཀཾ་བླ་མ་ཉི་མ་འོད་ཟེར་ནས་མནལ་ལམ་ཟིན་པ་རེད་ཟེར་ངོ་མཚར་ཆེ་ཆེ་བྱེད་འདུག་པས། ནུབ་ཅིག་ཉལ་ཁར་རྨི་ལམ་ཟིན་པར་བྱེད་སྙམ་འདུན་པ་གཏད་པས་རྨི་ལམ་ཡིན་པར་ཤེས་བྱུང་བས་དེ་ངང་སྤྲིན་དཀར་པོ་ཞིག་གི་བརྒྱུད་ནས་ཤར་ཕྱོགས་སུ་ཐོན་པའི་ངང་ཡལ། དེ་རྗེས་ཀྱང་རྨི་ལམ་འདུན་པ་གཏད་རེས་ཟིན་པ་ཞིག་བྱུང་ཡང་སྦྱངས་པ་མ་བྱས་པར་སྟེས་དབང་གིས་བྱུང་བ་འདི་རིགས་ཀྱིས་གོ་ཅི་འང་མི་ཆོད་པར་སྣང་། བླ་མ་ཞིག་གི་མདུན་མཁའ་འགྲོ་གསང་མཛོད་ཀྱི་འཕོ་ཁྲིད་ཞུ་མཁན་འགའ་རེ་འདུག་པ་མཉམ་དུ་ཞུས་ནས་ཐུན་འགའ་རེ་སྦྱངས་པས་ཉིན་གསུམ་ཙམ་ནས་སྤྱི་བོར་ཆུ་སེར་བརྡོལ་ཅིང་འཇག་མ་ཟུག་པ་བྱུང་སོང་། སྐྱིལ་ཀྲུང་བཅས་ནས་ནམ་མཁར་ཐོགས་མེད་དུ་འགྲོ་བའི་རྨི་ལམ་ཕྱིས་ཀྱི་བར་ཡང་ཡང་འོང་བ་ཞིག་ཡོད། ཕྱིས་ནས་འདིས་མཚོན་རྨི་ལམ་ལེགས་པ་དང་གསལ་སྣང་ཐམས་ཅད་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་སོང་བ་ནི་དཀོར་ནག་གི་བྱིན་རླབས་སུ་ངེས། རོང་རྒྱབ་དཔོན་ཚང་གི་མགོན་ཁང་ཐུག་ནག་འགྱེལ་བས་མི་མང་པོ་འུར་དིར་སོང་བ་རྨིས་པས་ཕྱི་ལོ་བུ་སྤུན་ནང་མ་འཆམས་ནས་གཞིས་བགོས་ཕོག་སོང་། འདི་སྐབས་སྡེ་དགེའི་སྐུ་ཚབ་མཉམ་དུ་འདན་ཆོས་སྡེའི་དཔོན་མཆན་ཨ་མགོན་བྱུང་བ། ཕ་རྒན་དང་རྩད་འབྲེལ་ཡོད་སྟབས་ངེད་ལ་འབུ་གཟན་ཞིག་བྱིན་ནས་བླ་མ་ཡིན་ཟེར་བྱུང་བ་ལ་དགའ་བ་དཔེ་མེད་སྐྱེས། མགོ་བློན་ཚང་འདི་རུས་མཐོ། རིགས་རྒྱུད་བཟང་། བླ་དཔོན་ཆེ་གཉན་བར་མ་ཆད་དུ་བྱུང་། ཕྱིས་ཀྱི་མི་རབས་གསུམ་ཙམ་ལ་རྟེན་བཞེངས་འཚོགས་སྒོ་སོགས་གང་རྒྱས་བྱུང་བར་འདུག་ཀྱང་། དེང་སང་མི་རྒྱུད་ཆད། ཤུལ་གཞན་གྱིས་བཟུང་ནས་མིང་མ་བོར་ཙམ་རེད་སོང་བ་མ་ཚད། རྒྱལ་ཁམས་འདིར་རང་གིས་དྲན་ནས་ད་བར་དེ་དང་དེ་འདྲའི་རང་བཞིན་གྱི་དར་གུད་འགྱུར་ལྡོག་སྟོན་ཀའི་སྤྲིན་དང་མཚུངས་པ་ཤ་སྟག་སྣང་བ་འདི་དག་གིས་ཀྱང་། སྲིད་པའི་བདེ་འབྱོར་ལ་སྙིང་པོ་མེད་པ་སྒྱུ་མའི་རང་བཞིན་སྐད་ཅིག་གིས་མི་རྟག་པ་འགྱུར་བའི་ཆོས། འཁྲུལ་པའི་བྱེད་སྤྱོད་ཐམས་ཅད་འཁོར་བའི་སྡུག་བསྔལ་སྒྲུབ་པའི་རྒྱུ་འབའ་ཞིག་ཏུ་ངོ་སྤྲོད་པའི་རང་བྱུང་གི་སློབ་དཔོན་དུ་སོང་བས་སྐྱོ་ཤས་དང་ངེས་འབྱུང་གི་བློ་བཅོས་མིན་དུ་སྐྱེ་བར་སྣང་ངོ་། །རང་ལོ་བཅུ་བཞི་པའི་དཔྱིད་ཀར་ཨ་མྱེ་ཨ་བཀྲ་གྲོངས། འདི་པས་བཟླས་བརྗོད་དུང་ཕྱུར་གཉིས་ཙམ་སོང་ཞིང་སེམས་ངོ་སྐྱོང་བདེ་ཡོད། མཚམས་སྦྱོར་བཟང་བས་ཕུང་པོ་སྐྱེལ་ཉིན་ནམ་མཁའ་གཡའ་དག་པ་ལ་འཇའ་དཀར་པོ་ཤར་ནུབ་སྦྲེལ་བ་སོགས་སྔར་རང་གི་རྨི་ལམ་ལྟར་ཐར་པ་ཐོབ་ཡོད་སྙམ། འཆི་ཁར་ཁོང་ནས་ཀློང་རྒྱས་ཆོ་ག་བརྒྱ་རྩ་ཞིག་འདོན་སྙམ་པ་ལ་བརྒྱད་ཅུ་ལས་མ་ཐོན་ཅེས་སེམས་ནད་བྱེད་འདུག་པས་ཉི་ཤུ་ངེད་ནས་ཁ་སྐོང་བའི་ཁས་ལེན་བྱས་ཀྱང་མི་རིང་བར་གཞན་ཡུལ་བགྲོད་དགོས་པ་སོགས་ཀྱིས་མ་འགྲུབ། ཆུང་ནས་ལྷ་བྲིས་དང་གསོ་རིག་ཤེས་འདོད་ཆེ་ཞིང་། ལག་བདེའི་སྒོ་ནས་ཨོ་རྒྱན་རིན་པོ་ཆེ། གུ་རུ་མཚན་བརྒྱད། བཻ་རོ་ཙ་ན་རྣམས་ཀྱི་སྐུ་བྲིས། མགོན་པོ་བེར་ནག་ཅན་ཟེར་བ་ཐོས་པ་ཙམ་གྱིས་ཡིད་དགའ་བ་ཞིག་ཡོད་པས་རྣམ་གླིང་པ་འདྲ་ལ་དེའི་ཆ་ལུགས་ཅི་འདྲ་ཡོད་དྲིས་ནས་དེའང་འབྲི་བ་སོགས་བྱས། ཕྱི་མ་རྒྱུད་ཀྱི་རྩ་ཆུའི་མདོ་སོགས་རགས་རིམ་བློར་བཟུང་། ཀརྨ་ཕུན་ཚོགས་ཟེར་བའི་སྨན་པ་ཞིག་ལས་སྔོ་ལྡུམ་ངོ་སྤྲོད་ཀྱང་ཕལ་ཆེར་བསླབས། རང་ལོ་བཅོ་ལྔ་པར་ཚེས་གྲངས་གང་ཡིན་མ་ངེས་པའི་ནུབ་ཅིག་རྨི་ལམ་དུ། ནམ་མཁར་ཨོ་རྒྱན་རིན་པོ་ཆེ་ཟ་ཧོར་མའི་ཆས་ཅན་འོད་ཀྱི་དཀྱིལ་འཁོར་དམར་སེར་གྱིས་ཁྱབ་པའི་གཟི་བརྗིད་ཉི་འོད་ལྟར་འབར་བ་ལས་འོད་མེ་ལོང་ཙམ་ཞིག་བྱུང་ནས་རང་ལ་ཕོག་པས་རེ་ཞིག་ཤེས་པ་བརྒྱལ་ཐབས་སུ་སོང་། དེ་ལས་སད་ཙ་ན། བུད་མེད་འགས་ད་དུང་ནམ་མཁའ་ལ་ལྟོས་དང་སྲིད་པའི་རྒྱལ་མོ་དབུ་བརྒྱ་ཕྱག་སྟོང་བྱོན་འདུག་ཟེར། རང་ནས་ད་ཅིའི་ཟིལ་གྱིས་མི་ཕོད་ངང་ཡར་ལ་བལྟས་པས་ནམ་མཁའ་འཇའ་ཚོན་གྱིས་གང་བའི་ཁྲོད་ན་སྐུ་ཅུང་ཟད་གསལ་སྙམ་བྱེད་པ་ཙམ་ལ་སད། འདི་སྐོར་སྡེ་དགེ་ཚེ་དབང་རྡོ་རྗེ་རིག་འཛིན་ཁྲི་བཞུགས་དང་། ཆུ་མ་ཁག་གི་གཟིམས་དཔོན་རྣམས་རིམ་པར་ཚར་སྐབས་ཡིན་པས། དེ་རྣམས་ཀྱིས་མངའ་རིས་ཡུལ་འབྲོག་རྣམས་ལ་བསྙད་བརྐོ། བཙན་འཕྲོག །སྒོ་བཞག །སློང་མོ། སྤུས་བསྒྱུར། བཙན་དོམ་བཞག་ཅིང་འུ་ལག་འདེད་བསྐུལ་ཆེ་བས་རྫོང་ཁག་རྣམས་ཀྱི་སྡེ་སུམ་ཆ་ཙམ་ཡུལ་བུད་ས་འཁྱར་གྱིས་སྟོང་པའི་སྐབས་སུ་ཁེལ། ངེད་རང་གི་ཞང་པོ་དེ་རང་མགོ་ཐོན་པའི་རྒྱུ་ནོར་ཡོད་བཞིན་དུ་གཞན་ནས་རྐུ་འཕྲོག་དང་འཛིང་རྩོད་ཁོ་ན་དགོས་པ་ཞིག་ཡོད་པས། མི་གཞན་ཞིག་དང་ཐུག་སྒོའི་རྐྱེན་གྱིས་སྡེ་དགེའི་སྐུ་ཚབ་གཟིམས་དཔོན་ཚང་གི་མི་ངོ་ཞིག་རྩར་གྱོད་ཐུག །སྡེ་ཡུལ་རྣམས་ཤོར་བརླག་ཆེན་པོ་རེད། དེ་ཀའི་ཞེ་མཁོན་གྱིས་ཕྱི་ལོ་དགོན་པའི་དགུ་གཏོར་འཚོགས་སྐབས་སྐྱ་སེར་སྤྱི་གྲོས་ཀྱིས་ན་ནིང་ཧོར་འདྲ་ཕབ་མཁན་དེ་སྤྱི་བསད་བྱས། དེའི་ཤ་ཉེས་ཕྱི་ལོ་སྐུ་ཚབ་སྔ་མ་ལ་གྱོད་གཏུགས་ནས་ཧོར་འདྲ་ཕབ་པས་མི་སྟོངས་དང་ཆད་པ་ཆེ་བས་དུད་ཆེ་ཆུང་མེད་པ་ཐམས་ཅད་རྐང་བརླགས་བྱས། ཕ་རྒན་ཀྱང་བཙོན་འོག་ཆུད་པ་སོགས་སྡུག་བསྔལ་བརྒྱུད་མར་བྱུང་བ་དང་། སྤྱིར་ཁྲལ་འུ་ལག་ལྕི་བས་མ་རྒན་ནས་ཁྱོད་རང་གཞིས་ངན་འདིའི་སྟེང་ད་ཕྱིན་ཉིན་གཅིག་ཀྱང་བསྡད་དགོས་མེད། དགོན་པ་ཞིག་ཏུ་སོང་དང་མོའང་ཞར་བྱུང་མགོ་ཐོན་འགྲོ་ཟེར་ཡང་འཕྲལ་དེར་སྡོད་གནས་ཀྱི་དགོན་པ་ཡིད་ལ་འབབ་པའང་མ་བྱུང་། ལོ་བཅུ་དྲུག་པའི་དཔྱིད་སོས་ལ་ཕ་རྒན་ཆོས་སྡེ་ཕོ་བྲང་དུ་ཡོད་པའི་རྩར་བརྫངས། དེར་དཔྱིད་དབྱར་གཉིས་སུ་དཔེ་བྲིས་དང་ཀློག་འདོན་འདྲ་བྱས། ཆབ་མདོའི་དབུ་མཛད་ལྷ་མགར་ཞིག་ལས་སྐུ་བརྙན་བྲིས་འབུར་གྱི་ཐིག་རྩ་སྨན་ལུགས་དང་། རི་མོའང་རགས་བསྡུས་བསླབས། མ་རྒན་འདི་ཉིད་ལུས་སྲོག་སྐྱེད་པའི་དྲིན་ཆེ་བ་གཞིར་བཞག་འཁོར་བའི་ཁྱིམ་གྱི་བཙོན་དོང་ནས་ཕྲལ་ཏེ་ཆོས་སྒོར་ཞུགས་པའི་དགེ་བའི་བཤེས་གཉེན་དུ་སོང་བས་དྲིན་ལན་འཁོར་དཀའ་བ་ཡིན་ནོ། །རང་ཉིད་ཆུང་ངུའི་དུས་ནས་ཉམ་ཆུང་ཞིང་གཤིས་འཇམ་པ། སུ་ཞིག་གིས་ཇི་ལྟར་མངགས་ཀྱང་ཐུབ་རུང་མ་ཐུབ་རུང་ཁར་ཉན་པོ་ཞིག་ཡོད་པས་དྲག་ཞན་སུས་ཀྱང་ཡིད་ལ་འབབས་ཤིང་བྱམས་པོ་ཁོ་ན་བྱས། ཁྱད་པར་འདི་སྐབས་ཆོས་སྡེ་དཔོན་ཁང་སར་ཚེ་འཕེལ་ཡོད་པ་ཁོང་གི་ཐུགས་ལ་འཕྲོད་ནས་རེ་ཞིག་དྲུང་ཡིག་དགོས་གསུངས་པ་ལྟར་དབྱར་སྨད་ནས་འཁྲིས་སུ་ཕྱིན། འོབ་གཤིས་རུ་ཐོག་བརྒྱུད། སྡེ་དགེའི་དབྱར་སྒར་ལྷ་ལུང་ཁུད་དང་རུ་དམ་བར་ཕྱིན། དེར་ཞེ་ཆེན་ནས་བླ་མ་འཇིགས་མེད་བློ་གསལ་བྱོན་བྱུང་བ་ལ་བོན་པོའི་ལོ་རྒྱུས་བཤད་བཅོལ་བྱུང་བས་རྣ་ཐོས་བོན་གྱེར་སྣ་ཚོགས་ཡུན་རིང་ཙམ་བཤད། བླ་མ་ནས་བློ་གསལ། ཁ་མཁས་འདུག་གསུངས། དེ་སྐབས་དཔོན་རྒན་ནས་འདི་རིག་པ་རྣོ་བ་ཞིག་འདུག་པས་རིག་གནས་ཤིག་བསླབ་བཅོལ་བསམ་པས་ཅི་དྲག་དྲིས་སོང་བར་ཞེ་ཆེན་དུ་དབོན་སྤྲུལ་རྩར་བཅར་ན་ལེགས་རྒྱུའི་ཐག་ཆོད། རིག་གནས་དཔེ་སྤར་བཏབ་རྒྱུ་རྣམས་ཀྱང་ཐོ་བཀོད་པ་ལྟར་སྡེ་དགེ་དང་དཔལ་སྤུངས་སྐོར་ནས་བཏབ་སྟེ་ཕྱིས་ངེད་ལ་གནང་བྱུང་། སྡེ་དགེའི་སྒར་ཡིད་ལྷུང་ཁྱོག་སྐབས་དཔོན་འདན་ཁོག་ཏུ་བྱོན་པའི་འཁྲིས་སུ་སོང་། ཟླ་བ་དགུ་པའི་ནང་ཁང་སར་པདྨ་ཕྱིར་བྱོན་པ་དང་འགྲུལ་ནས་འོབ་གཤིས་རུ་ཐོག་ཏུ་འོང་། དཔོན་ནས་དབོན་སྤྲུལ་མདུན་ཞུ་ཡིག་རྟ་སོགས་སུམ་ཚན། ཟླ་བ་ཁ་ཤས་ཀྱི་བརྒྱགས་ཕོག །གོན་པ་སྣེ་གཉིས་ཙམ་གནང་བ་དང་རུ་ཐོག་ནས་སྐྱེལ་མ་བཅས་ཞེ་ཆེན་རི་ཁྲོད་དུ་ཕྱིན། འདི་ཉིན་ཁ་བ་ཆེ་བ་ཞིག་བབ་པ་ལམ་བཀྲ་ལེགས་པའི་མཚན་མར་འདུག །ཕྱིར་ཉིན་ནས་འཇམ་མགོན་བླ་མ་རིན་པོ་ཆེ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱི་ཞལ་མཇལ་དང་ཕྱག་དབང་ཐོབ། སྐྱེལ་མ་ཡར་བརྫང་། ངེད་རང་སྒྲུབ་གྲྭའི་བླ་རྒན་ཨོ་རྒྱན་དཔལ་འབྱོར་ཟེར་བ་ཞིག་གི་རྩར་བཞག་བཅོལ་མཛད་བྱུང་། དེ་ནས་ཐོག་མར་ཉམས་སད་དུ་ནག་རྩིས་ཀྱི་མ་བུ་དགྲ་གྲོགས་ཞིག་བསླབ་བྱུང་བ་ཚར་གཅིག་པོ་དེས་གོ་བས་བློ་རིག་ལེགས་འདུག་གསུངས་ནས་སྙན་དངགས་མེ་ལོང་མའི་གཞུང་ཁྲིད་ཚུགས། འདི་རིགས་ཐམས་ཅད་དེ་རིང་མང་ཉུང་འཚམ་པ་ཚར་རེ་གསུངས། དགོང་མོ་རྩ་བ་བློ་འཛིན་དང་། འགྲེལ་པ་སྦྱང་བདར་བྱས་པ་དེ་སང་ཞོག་བློ་རྒྱུགས་ཡར་ཕུལ་དགོས་པས་ཤིན་ཏུ་དཀའ་ཡང་བརྩོན་འགྲུས་གང་དྲག་བྱས་པས་ཐུགས་ལ་ཤིན་ཏུ་བཏགས་པ་བྱུང་། རྩོམ་རྒྱུགས་འབུལ་དགོས་པ་ལ་དེ་སྐབས་ཆོས་ཀྱི་རྒྱུས་སྣེ་གཅིག་ཀྱང་མེད་སྟབས་བརྗོད་བྱས་ཕོངས་པས་རྣམ་གྲངས་རྒྱ་མཚོའི་དཔེ་ཞིག་གནང་ནས་འདི་བློ་ལ་ཆུད་པར་གྱིས་གསུངས། མངོན་བརྗོད་ཀྱང་ཕྱོགས་མཚོན་མཛད། རྣམ་གྲངས་དེའང་མིང་ཙམ་ལས་དོན་མ་ཤེས་པས་མཁས་དབང་བླ་མ་འགྱུར་མེད་བསྟན་འཛིན་མདུན་ནས་སྐབས་རེ་གོ་ཁྲིད་ཞུས། རྩོམ་སྒོ་ཤིན་ཏུ་དོག་ཀྱང་ལེའུ་གསུམ་ཀའི་རྩོམ་རྒྱུགས་མཚོན་བྱེད་གྲུབ། དེ་རྗེས་སུམ་རྟགས་རྩ་བ་བློ་འཛིན་དང་། ཆོས་འབྱུང་འགྲེལ་པའི་སྟེང་ནས་བཤད་པ་གནང་། དཔེར་བརྗོད་རྣམས་ཀྱང་གཟིགས་འབུལ་ཞུས། ལྕགས་སྟག་ཟླ་བ་དང་པོ་གསར་ཚེས་སྐབས་མ་ཏི་ལུགས་ཀྱི་འཇམ་དབྱངས་དཀར་པོའི་རྗེས་གནང་དང་། མཚན་བརྗོད་ལུང་གནང་། དེ་རྗེས་སྒོམ་བཟླས་ཆགས་མེད་དང་མཚན་བརྗོད་ཚར་རེའང་བཏོན། འདི་ནུབ་ནམ་མཁའི་དབུས་དྲང་པོར་ཟླ་བ་ཉ་རྒྱས་པ་ཞིག་ཤར་བ་རྨིས། ཕྱིར་ཉིན་སྒྲ་ཙཱནྡྲ་པ་བསླབ་པའི་དབུ་ཚུགས། རྩ་བ་བློ་འཛིན་དང་། འགྲེལ་པ་རི་མོ་བཅས་ཞོག་རྒྱུགས་འབུལ་བ་ཆག་མེད་བྱས། དབྱར་ཐོག་ནད་ཀྱིས་གཙེས་སྐབས་ཀྱང་རྟ་ནག་བྱིན་རླབས། ཞི་ཁྲོའི་གནས་བརྒྱ་སོགས་བཀའ་དྲིན་བསྩལ། ལྕགས་ཡོས་དཔྱིད་ཀར་གླིང་རྗེ་དྲུང་ནས་རྫོང་མགོར་གདན་འདྲེན་ཞུས། ཟླ་བ་གཉིས་ལྷག་འགོར་བའི་སྐབས་སུ། དགོན་ནང་བླ་མ་འགྱུར་མེད་བསྟན་འཕེལ་ཞེས་པའི་ཚེ་མཚམས་པ་རྟོགས་པ་མཐར་ཕྱིན་པ་ཞིག་ཡོད་པ་དེ་ལས་སྨིན་གླིང་བདེ་གཤེགས་ཀུན་འདུས་དང་དཀོན་མཆོག་སྤྱི་འདུས་རྣམས་ཀྱི་དབང་དང་ཆོས་འབྲེལ་འགའ་ཞིག་ཞུས། བདེ་འདུས་དབང་བཞི་པའི་སྐབས་མེ་ལོང་ལ་བརྟེན་ངོ་སྤྲོད་ཞིབ་མོར་གསུངས་པས་གོ་བ་ལེགས་པར་སྐྱེས། བྱང་གཏེར་ཅོང་ཞིའི་བཅུད་ལེན་གྱི་ལུང་དང་ལག་ལེན་བསླབ་བྱ་གནང་བས་བཅུད་ལེན་ཞག་བདུན་བགྱིས། འདི་སྐབས་ཉིན་གུང་ཞིག་ཏུ་ཤིང་སྡོང་ཤིན་ཏུ་ཁྱོན་ཆེ་བས་རྩེ་མོ་དང་ཡལ་གའི་མཐའ་མི་མངོན་པ་ཞིག་ལ་རྒྱའི་ཚེ་རིང་བྱ་ལྟ་བུ་ཤིན་ཏུ་མཚར་པ་ཞིག་གྱེན་དུ་འཁྲིལ་ནས་འགྲོ་བ་མཐོང་། འདི་ལོ་སེང་གེ་གནམ་རྫོང་དུ་གནས་འདུས་ཡོད་པར་གྲགས་པས་འབུམ་འགྱུར་ནང་མགོན་བླ་གསང་སྔགས་ནས་ངེད་རང་གཉིས་གནས་བསྐོར་འགྲོ་གསུངས་པ་རྩེ་སྐོར་ཕྱིན་པས། བྱང་ངོས་ཁ་བས་འགགས་པ་སོགས་ཐར་དཀའ་ཞིང་ཉིན་གཅིག་ལ་ལྟོ་མ་མྱོང་བས་ཕྱི་དྲོ་ལུང་ཆུང་གྱེན་ལ་ཞིག་ལ་ཕྱིན་པ་ན་ཤིན་ཏུ་ངལ་བས་ཕ་ཝཾ་ཞིག་གི་འགྲམ་དུ་ངལ་གསོས་པ་ལ། མགོན་བླས་འདི་ལྟར་ལྟོག་སྐོམ་གྱིས་ངལ་ཆད་དུབ་པའི་སྐབས་སུ་ཤེས་པ་སྐད་ཅིག་མའི་ངོ་བོ་ལ་མཉམ་པར་བཞག་ན་སེམས་ཀྱི་ངོ་བོ་དེ་ལས་གཞན་མེད་གསུངས། ལུས་གནད་བཅས་མཉམ་གཞག་མཛད་འདུག་པ་ཁོ་བོས་ཀྱང་ལུས་གནད་བཅས། ཤེས་པ་ངོས་བཟུང་བས་གསལ་ལ་མི་རྟོག་པ། ཉམས་སུ་མྱོང་ཡང་བརྗོད་མི་ཤེས་པ། ཡིན་མིན་བཤད་མི་དགོས་པའི་ཡིད་ཆེས་པ་ཞིག་བྱུང་བ། དེ་ལྟ་ན་སེམས་ངོ་ཟེར་བ་སེམས་འཛིན་དང་རྟོག་མེད་བཞག་པ་སོགས་དོན་མེད་སྟོང་སྐོར་རང་བབས་ཀྱི་ཤེས་པ་ཐད་ཀར་སྐྱོང་བས་ཆོག་པར་འདུག་སྙམ་པ་བྱུང་། ཕྱིས་ཀྱང་ངོ་བོ་ལ་ནི་དེ་ཀ་ལས་འཕོ་འགྱུར་མི་འདུག །སྔགས་རམ་པ་ཀུན་བཟང་གསང་སྔགས་དེ་ཉིད་མདུན་ནས་ཀྱང་སྨིན་གླིང་སྡོམ་གསུམ་ཁྲིད་དང་། འགྱུར་མེད་བསྟན་འཛིན་མདུན་ནས་ཀློང་ཆེན་པའི་མཛོད་བདུན་གོ་ཁྲིད་རགས་རིམ་ཞུས། འདི་སྐོར་དཀོན་མཆོག་སྤྱི་འདུས་ལ་ཡིད་ཤིན་ཏུ་མོས་པ་བྱུང་བས་སྔ་མའི་གུ་རུ་ཞི་དྲག་བཞག་ནས་དཀོན་སྤྱི་བཏོན་པས་དེའི་བྱིན་རླབས་ཡིན་ནམ། ནུབ་ཅིག་རྨི་ལམ་དུ་རང་གུར་དྲག་དཔའ་གཅིག་གཡས་རྡོ་རྗེ་དང་གཡོན་ཕུར་པ་བསྣམས་པར་གྱུར་པའི་གསལ་སྣང་དང་ང་རྒྱལ་བརྟན་པོས། བུད་མེད་རོད་ངན་གཅིག་གི་མགོ་ལ་ཕུར་བས་བསྣུན་ནས་མེད་པར་བྱས་པ་ཞིག་རྨིས། སྔར་རྒྱལ་བསེན་གཉིས་ཀྱིས་གནོད་པའི་ལྟས་ཕལ་ཆེར་དུ་འོང་བ་ཞིག་ཡོད་པ་ལ་དེ་ཕྱིན་ཆེར་མ་བྱུང་། མཁའ་འགྲོ་ཚོགས་ཁང་དུ་དཀོན་སྤྱིའི་ཚོགས་ཤིག་བཏང་བའི་ནུབ་གནས་རི་དེ་ལ་ཨོ་རྒྱན་རིན་པོ་ཆེ་སོགས་རང་བྱོན་གསར་པ་ཁ་ཤས་དང་གཏེར་རྟགས་གཏེར་སྒོ་མང་དུ་ཡོད་པ་རྨིས། འཇམ་མགོན་བླ་མ་རིན་པོ་ཆེ་ཕྱིར་ཕེབས་འཕྲལ་ནས་ཙཱནྡྲ་པའི་བསླབ་ཁྲིད་མཐར་དབྱུང་། སྡེབ་སྦྱོར་ཁྲིད་གནང་ནས་སུམ་བིད་འགའ་ཡང་བསྒྲིགས། ཀ་ལཱ་པ་དང་དབྱངས་ཅན་སྒྲ་མདོ་གཉིས་ས་རིས་ཕྱོགས་མཚོན་དང་ཁྲིད་རྒྱུན་ཙམ་ལས་སྔར་ཙཱནྡྲ་པ་བྱང་སྟབས་དཔེ་བལྟས་པ་ཙམ་གྱིས་ཤེས་པར་འདུག་པས་དཀའ་ལས་མ་དགོས། སྡེབ་སྦྱོར་ལ་མཁོ་བས་དགུ་མཐའ་བསླབ་པའང་བྱང་བར་བྱས། གྲུབ་མཐའི་རྣམ་གཞག་ཞིག་ཀྱང་བཀའ་དྲིན་བསྩལ། ལོ་འདིའི་ཟླ་བ་བརྒྱད་པར་རུ་དམ་སྡེ་དགེའི་སྒར་ཐོག་ཏུ་དབོན་རྒན་རྩར་ཁྱུགས་ཙམ་ཕྱིན་པས་ཚེས་བཅུ་ཞིག་གི་ཐོ་རངས་རྨི་ལམ་དུ། བུད་མེད་མང་པོས་ཨོ་རྒྱན་ཕེབས་ཡོད་ཟེར་ནས་བསམ་ལྷུན་གསོལ་འདེབས་བྱེད་འདུག །ཕར་བལྟས་པས་ཟིལ་ཁྲོམ་རི་ལོགས་ཐམས་ཅད་ཁེབས་པའི་འཇའ་གུར་ཞིག་ཀྱི་ལེར་འཁོར་འདུག །སླར་བུད་མེད་རྣམས་དང་མཉམ་དུ་གསོལ་བ་དྲག་ཏུ་བཏབ་པས་ཨོ་རྒྱན་ཟ་ཧོར་མའི་ཆས་ཅན་སྤྱི་བོར་རིགས་བདག་དཀར་པོ་ཡོད་པ་ཞིག་གསལ་བར་མཇལ། དེ་མ་ཐག་སྐྱིལ་ཀྲུང་ནས་གྱེན་རྫོགས་སུ་ཡལ་སོང་། ཕྱིར་ཉིན་སྒར་ཐོག་ཏུ་ལྷ་འབྲང་བླ་མ་དཔལ་ལྡན་ཆོས་རྒྱལ་བཞུགས་འདུག་པ་ལས་ཆོས་འབྲེལ་གསོལ་འདེབས་ལེའུ་བདུན་མའི་ལུང་ཞིག་ཞུས། སླར་རི་ཁྲོད་དུ་འོང་ནས་བསླབ་སྦྱོང་གི་འཕྲོས་དང་། སྨིན་གླིང་ཚེ་སྒྲུབ་འཆི་མེད་ཡང་སྙིང་བདུན་ཕྲག་གསུམ་ཙམ་བསྙེན། ངེད་རང་སྡོད་སྐབས་འདིར་རྗེ་འཇམ་མགོན་བླ་མ་ཉིད་ཐུགས་ཆེན་བདེ་གཤེགས་ཀུན་འདུས་ཀྱི་སྙིང་པོ་དུང་ཕྱུར་གསུངས་པའི་སྐབས་ཡིན། གསོལ་ཁ་སོགས་འཚོགས་པ་རྣམས་ཀྱི་ཞབས་ཕྱི་ལའང་མང་ཙམ་ཕྱིན། སྨིན་ལུགས་ཀྱི་དབྱངས་གདངས་ཁ་ཤས་དང་། རྗེ་བླ་མས་ལ྅་ཝར་གྱི་འཐེན་ཆ་ཙམ་བསླབ་པ་གནང་། བླ་མ་པདྨ་སྐལ་བཟང་ཕྱག་བྲིས་ཤིན་ཏུ་ལེགས་པས་དེ་ནས་ཞིབ་བསླབ་གྱིས་གསུངས་པ་ལྟར་སྨིན་ལུགས་བྲིས་རྒྱུན་རྒྱ་གར་ཤར་ཕྱོགས་པའི་ཡིག་རིགས་ཡིན་གསུངས་པ་དེ་ཀ་བསླབ། བྱང་འདྲེན་པ་འགྱུར་མེད་ཆོས་དར་ནས་ཀྱང་བློས་བསླང་གི་ཐིག་དང་། གཟབ་བྲིས་རྙིང་མ་ཚུགས་ཆེན་གྱི་བྲིས་རྒྱུན་བསླབ་པ་སོགས་གང་ལའང་ཕུལ་དུ་ཕྱིན་པ་མ་བྱུང་ཡང་དོན་མེད་གཡེང་བས་མ་ཁྱེར་བར་སྦྱང་བརྩོན་ཅི་ནུས་བྱས། ནུབ་མོའང་མར་མེ་བལྟམ་རྒྱུ་རྙེད་དུས་དེ་མ་ཟད་བར་མཛོད་བདུན་སོགས་ལ་ལྟ་རྟོག་དང་བརྗེད་ཐོ་མང་དུ་བྲིས། ཆུ་འབྲུག་གནམ་ལོ་གསར་ཚེས་སྐབས་འཇམ་མགོན་རིན་པོ་ཆེ་དགོན་ཐོག་བླ་བྲང་དུ་ཕེབས། ད་རེས་ཁོང་ནས་བསྙེན་རྫོགས་ཤིག་བསྒྲུབ་དགོས་པས་ཁྱོད་ནས་ཀྱང་ཞུས་དང་ཕྱག་ལེན་སོགས་ལ་གནད་ཡོད། རྗེས་སོར་གཞན་ལས་བསྐྱར་སྒྲུབ་དགོས་ན་དེ་སྐབས་སྡོམ་རོ་ཡར་ཕུལ་བས་ཆོག་གསུངས་ནས་ངེད་གྲོགས་མཆེད་གསུམ་ལ་ཚིགས་གསུམ་རིམ་ནོད་ཀྱི་བསྙེན་རྫོགས་སྒྲུབ་པར་མཛད། དེ་དུས་བརྡ་འཕྲོད་པ་དང་ཐོབ་ཤེས་བསམ་པ་དུས་སུ་སྐྱེ་བ་སོགས་ཚུལ་ལྡན་ཅིག་བྱུང་། སྡོམ་རྒྱུན་སྔ་འགྱུར་ལུགས་ཡིན། དེ་རྗེས་གཞི་གསུམ་གྱི་ཕྱག་ལེན་རྗེ་ཉིད་ཀྱི་ཟིན་བྲིས་མཛད་པ་དང་བསྟུན་ནས་ཤིན་ཏུ་ཞིབ་མོ་བསླབ་ཁྲིད་གནང་། ཟླ་བ་དེ་ཀའི་ཚེས་བརྒྱད་ནས་རྒྱལ་ཚབ་སྤྲུལ་པའི་སྐུ། དེའི་སློབ་དཔོན་པདྨ་སྐལ་བཟང་། ངེད་རང་བཅས་གསུམ་ལ་རྒྱལ་བའི་བཀའ་གྱུར་རིན་པོ་ཆེའི་ལྗགས་ལུང་བསྩལ་བའི་ཐོག་མར་མདོ་སྡེ་བསྐལ་པ་བཟང་པོ་ནས་དབུ་བཙུགས་པའི་ཉིན་ཁ་བ་མེ་ཏོག་དབྱིབས་ཅན་ས་གཞི་སྐྱ་བ་ཙམ་བབས། ཞག་ལྔ་བཅུ་ཐམ་པས་བཀའ་འགྱུར་གྲུབ་ནས་བསྟན་འགྱུར་པོད་བཅུ་སྐོར་གྱི་ལྗགས་ལུང་ཡང་མཛད། སླར་རི་ཁྲོད་དུ་ཕེབས། སྤྲུལ་སྐུ་དཔོན་སློབ་ཀྱང་བྱོན་པ་ལ། རྙིང་མ་རྒྱུད་འབུམ། ཀློང་ཆེན་མཛོད་བདུན་དང་ངལ་གསོ་སྐོར་གསུམ། གསུང་ཐོར་བུ། དོལ་པོའི་རི་ཆོས་ངེས་དོན་རྒྱ་མཚོ། རང་བྱུང་རྡོ་རྗེའི་ཟབ་མོ་ནང་དོན་རང་འགྲེལ། བླ་མ་དགོངས་འདུས་པུསྟི་བཅུ་གསུམ། རྒྱལ་པོ་བཀའ་ཆེམས་པོད་གཉིས། པདྨ་བཀའ་ཐང་། ཐང་ཡིག་སྡེ་ལྔ། འཇིགས་མེད་གླིང་པའི་བཀའ་འབུམ་པོད་དགུ། སྡོམ་གསུམ་རྣམ་ངེས་འགྲེལ་པ་སོགས་ཀྱི་ལྗགས་ལུང་ཡུན་རིང་བསྩལ། བཀའ་བརྒྱད་བདེ་གཤེགས་འདུས་པ་དང་། ཀར་གླིང་ཞི་ཁྲོ་རྣམས་ཀྱི་རྩ་དབང་ཡང་བཀའ་དྲིན་ཐོབ། སྨིན་གླིང་འདོད་འཇོ་བུམ་བཟང་གི་སྨིན་བྱེད་ཆ་ཚང་། སྒྲུབ་ཐབས་པོད་ཀྱི་བཀླག་ལུང་། ཞལ་ཤེས་རྣམས་ཞལ་ཁྲིད་མཛད་ནས་འདི་རྣམས་ཡིད་ལ་མ་བརྗེད། བསྟན་པ་ལ་ཕན་སུས་ཐོགས་ཅི་ཤེས་སོགས་གསུངས། ལར་འདི་ཉིད་ཀྱི་གསུང་སྒྲོས་ཆེད་དུ་གནང་བ་ཐམས་ཅད་ཕྱིས་ལུང་བསྟན་ཁོ་ནར་སོང་འདུག །འདིར་སྡོད་རིང་ཉང་གི་རྟ་ནག །སྨིན་གླིང་རྡོར་སེམས་དང་བདེ་གཤེགས་ཀུན་འདུས། གར་ཚེ། འོད་དཔག་མེད་ཀྱི་སྙིང་པོ་རྣམས་དུང་ཕྱུར་རེ་རེ་སོང་ཞིང་རྟོགས་པ་དང་ལྡན་པའི་བླ་མ་ཀུན་བཟང་བསོད་ནམས་ལས་རྡོར་སེམས་དང་འཆི་མེད་ཡང་སྙིང་དབང་། རྟ་ནག་གི་སྲོག་གཏད་རྣམས་ཞུས། ཡང་སྙིང་འདུས་པའི་སྒོ་ནས་ཡིག་དྲུག་དུང་ཕྱུར་བཅོ་ལྔ་གྲུབ་པའི་ཚེ་མཚམས་པ་བསམ་གཏན་ལས་ཐུགས་ཆེན་ཡང་འདུས་ཀྱི་དབང་བསྐུར་ཡང་ཞུས། འདི་སྐབས་མཁོས་འབྱོར་མེད་པས་མཎྜལ་རྟེན་ནི་མཚོན་བྱེད་ཙམ་ལས་འབུལ་རྒྱུ་མ་རྙེད། ཆུ་སྦྲུལ་ཟླ་བ་གཉིས་པའི་ནང་དཔོན་རྒན་ནས་ཁོང་དཔལ་སྤུངས་སུ་གྲྭ་ཁང་བཟོ་བ་ལ་འབྱོན་རྒྱུ་ཡིན། ཁྱོད་རང་ཡང་དཔལ་སྤུངས་སུ་འགྲོ་དགོས་པས་ཤོག་གསུངས་པ་བྱུང་བས་བླ་མ་དང་སྡོད་གནས་སོགས་ལ་ཡིད་འཕྲེང་བཞིན་པའི་ངང་ཕྱི་ཕྱག་འཚལ་ནས་འོང་ཁར། འཇམ་མགོན་བླ་མ་རིན་པོ་ཆེས་ཉིད་ཀྱིས་གསོལ་བའི་བཟང་གོས་ཀྱི་ཆོས་གོས། བུམ་པ་ཆ། ཤིས་བརྗོད་ཀྱི་ཚིག་བཀྲ་ལ་ཡོན་ཏན་རྒྱ་མཚོ་ཡོད་པ་ཞིག་གནང་ནས་བླ་མར་མངའ་གསོལ་བའི་རྟེན་འབྲེལ་ཡིན། དུས་རྒྱུན་དུ་བློ་སྣ་སྟུངས། དྲན་ཤེས་བསྟེན། ཕྱོགས་རིས་མ་བྱེད་ཅེས་པའི་བསླབ་སྟོན་བསྩལ། ཁང་སར་རུ་ཐོག་ཏུ་དཔོན་རྒན་བཞུགས་སར་ཕྱིན། དེ་འཕྲལ་དཔལ་སྤུངས་སུ་བྱོན་འདུག་པ་དགོན་ཐོག་སླེབ་ཉིན་ལམ་བར་གློ་བུར་དུ་ཁ་བ་བབས། དེ་རྗེས་དཔྱིད་ཉི་དྲོན་པོ་ཞིག་ཤར་བ་ལམ་བཀྲ་ལེགས་པའི་མཚན་མར་སྣང་། དགོན་དུ་དབོན་རྒན་སྤྲུལ་པའི་སྐུ་བཞུགས་པ་ལ་མཇལ་ཕྱག་ཞུས། དགྱེས་ཚོར་ཆེན་པོ་མཛད། གྲྭ་ཁང་བཟོ་ལས་ཀྱི་མགོ་ཚུགས། རང་ནས་མཁས་དབང་བླ་མ་བཀྲ་ཤིས་རྒྱལ་ལས་ཉེར་བུམ་ཡོངས་རྫོགས་ཀྱི་ས་རིས་ཁྲིད་ཀ་ཞུས། དེ་རྗེས་ལོ་གཅིག་གི་རྀ་ཐུའང་བྲིས། སྔ་ལོ་སྡེ་དགེ་ལྷ་ལྡན་དུ་བྱོན་པ་འདི་ལོ་ཐར་རྩེ་མཁན་རིན་པོ་ཆེ་དང་མཆོད་ཡོན་ལྷན་རྒྱས་སླར་ཕེབ་རྒྱུའི་ཆིབས་བསུ་ལ་དབྱར་སྨད་དེར་དཔོན་རྒན་འབྱོན་དགོས་འདུག་པ་ངེད་ནས་ཀྱང་ཡིག་བྲིས་ཙམ་གྱིས་ཕན་ཐོགས་རེ་བས་ཕྱིན། འདན་ཁོག་བརྒྱུད་ཙི་ཁོག་བར་བྱོན། སྒར་པ་གཞན་དབུ་ཐོན་ཡིན་འདུག་ཀྱང་ཁང་སར་པདྨ་དཔོན་གཡོག་དྲུག་ལྷ་སར་འབྲུམ་ནད་ཀྱིས་གྲོངས། རྡེལ་ཚད་ལྔ་བཅུ་ཙམ་གྱི་རྒྱུ་རྩ་གར་སོང་མེད་པའི་སྐད་ངན་འབྱོར་ཡང་དཔོན་རྒན་འདི་ཉིད་ཐུགས་ཤིན་ཏུ་དཀྱེལ་ཆེ་བས། དེར་བྱོན་བླ་ཆེན་རྣམས་གདན་འདྲེན་དང་ལམ་བར་དགོན་ཁག་རྣམས་ལ་རྒྱབ་ཆོག་སོགས་ཕྱག་ཏུ་གང་ཡོད་ཀྱིས་དགེ་སྒྲུབ་ལས་ལྷ་ལ་ཡི་ཆད་དང་། སྡུག་བསྔལ་སོགས་གཏན་ནས་མི་མཛད། ཁྲའོ་ཐང་བར་སྒར་པ་མཉམ་དུ་བྱོན། དེ་ནས་ཆོས་སྡེ་ཕོ་བྲང་དུ་ཁྱུགས་ཙམ་དང་སྡེ་དགེ་དགོན་ཆེན་དུ་བྱོན། དེར་ལྷ་འབྲང་བླ་མ་དཔལ་ལྡན་ཆོས་རྒྱལ་བཞུགས་འདུག་པ་ཕྲན་ལ་བསྟོད་པ་ཁ་ཤས་རྩོམས་གསུངས། ཁོང་ཡང་དཔལ་སྤུངས་སུ་ཕྱིན་དགོས་རྒྱུ་ཡིན་པ་ལ་ཐོག་མར་དཔལ་ཡུལ་དུ་ཕྱིན་པས་རྗེས་སོར་མ་སླེབ། ཁྱོད་ནི་ངེས་པར་དཔལ་སྤུངས་སུ་སྡོད་དང་ཤིན་ཏུ་ལེགས་པར་འོང་ཞེས་ལུང་བསྟན་འདྲ་བ་མཛད། དེ་འཕྲལ་དཔལ་སྤུངས་དགོན་དུ་ཁྱུགས་ཙམ་བྱོན་ནས་དཔོན་རྒན་ཡར་ལོག །ངེད་རང་ལ་བསླབ་སྦྱང་བྱས་པའི་དོན་གོ་དགོན་འདིར་ཕན་ཨི་ཐོགས་བསམ་པ་ཡིན་པས་ད་ཕྱིན་རིང་སྡོད་དགོས་ཚུལ་དང་། སྐྱབས་མགོན་ཕེབས་སྐབས་དགེ་སློང་སྡོམ་པ་ཞུ་གལ་ཆེ་བའི་བསླབ་བྱ་བཅས་བན་ཆས་ཆ་ཚང་གནང་། ངོས་ནས་ཞེ་ཆེན་སྡོད་སྐབས་སྡོམ་པ་ཐོབ་ཚུལ་བཤད་ཀྱང་སྨ་འབེབ་ཚིག་ངན་བཅས་སྡོམ་པ་རྒྱལ་བ་ཡབ་སྲས་ལ་ཞུ་དགོས་རྒྱུ་རེད་གསུངས། སྔ་ལོ་སྐྱབས་མགོན་སྐུ་ཞབས་རིན་པོ་ཆེ་བོད་དུ་ཕེབས་པ་འདི་ལོ་ལྷ་ལྡན་དུ་སྐུ་འཁྲུངས་པའི་དབོན་སྤྲུལ་དང་ཆབས་ཅིག་ཕྱིར་ཕེབས་རྒྱུའི་ཆིབས་བསུར་དབོན་རྒན་ཕེབས། སྐྱོ་བྲག་ནས་ཐོག་མར་ཞལ་མཇལ་སྐབས་སྔ་སོར་ངེད་ལ་སྐུ་བསྟོད་ཀུན་བཟང་འཁོར་ལོ་ཞིག་བྲིས་ཤོག་གསུངས་པ་དོན་ཉན་མ་ཐོན་ཀྱང་གསུང་མ་ལྡོག་ཙམ་བྲིས་པ་ཞིག་ཡོད་པ་དེ་གཟིགས་འབུལ་དང་ཕྲན་གྱི་ལོ་རྒྱུས་ཞུས་པས། མདང་གི་མནལ་ལམ་དུ་ཉི་མ་ཤར་བ་ཞིག་རྨིས་པས་དེ་ལ་བལྟ་འདྲ། ཁང་སར་ཚང་སྔར་ནས་གཞན་དང་མི་འདྲ་བའི་སྦྱིན་བདག་ཡིན་ཐོག་དཔོན་ཚེ་འཕེལ་ལྷག་པར་བསམ་དཀར་དད་ཞེན་ཆེ་བས་ད་རེས་འདིའང་བསྟན་པ་ལ་ཕན་ཐོགས་པ་ཞིག་འོང་གསུངས་ནས་དགྱེས་ཚོར་མཛད་ཚུལ་ཕྱིས་ཐོས། འདི་སྐབས་ཟླ་བ་བཅུ་པའི་ཚེས་གཅིག་ལ་རིན་པོ་ཆེ་སྟོན་འཁོར་དགོན་ཐོག་ཕྱག་ཕེབས། གསེར་ཞལ་ཐོག་མར་མཇལ་བའི་སྐལ་བཟང་ཐོབ། དེ་གའི་ཚེས་དྲུག་ལ་བསྙེན་རྫོགས་ཞུ་མཁན་ཁ་ཤས་འདུག་པས། དབོན་རྒན་ཚང་ནས་ངེད་ལའང་ད་རེས་བསྙེན་རྫོགས་སྒྲུབ་དགོས་གསུངས་པ། སྔར་ཞེ་ཆེན་དབོན་སྤྲུལ་མདུན་ནས་ཞུས་ལུགས་དང་གསུང་ཚུལ་རྣམས་ཞུས་ཀྱང་། སྡོམ་པ་འདི་ནས་མ་ཞུས་ཐབས་མེད། སྡོམ་རོ་ཡར་འབུལ་རྒྱུ་ཁོང་གིས་གསན་པ་དེས་ཆོག་གསུངས། ཆོ་གས་འབུལ་ལེན་བྱེད་པ་ནི་མ་བྱུང་། ཕྱིས་འདིར་གྲོགས་མཆེད་ལ་གལ་པོ་ཆེ་བྱེད་པ་ཞིག་འདུག་པས་དེ་སྐབས་ཞུ་གྲོགས་བླ་སྤྲུལ་གནད་ཆེན་ཁ་ཤས་འདུག་པས། ངེད་ཀྱང་དེ་གྲལ་མ་ཆུད་ཐབས་མེད་མཛད་བྱུང་བ་ལྟར་སླར་སྟོད་འདུལ་པཎ་ཆེན་ལུགས་ཀྱི་སྡོམ་རྒྱུན་ཐོབ་པའི་ཚུལ་ནི། བཀྲ་ཤིས་པའི་གཙུག་ལག་ཁང་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ཚོམས་ཆེན་དུ། བྱམས་མགོན་དངོས་སྣང་དཔལ་ལྡན་བསྟན་འཛིན་ཉིན་བྱེད་ཕྲིན་ལས་རབ་རྒྱས་ཕྱོགས་ལས་རྣམ་གྲོལ་པདྨ་ཉིན་བྱེད་དབང་པོའི་སྡེས་མཁན་སློབ་སྦྲགས་མ་མཛད། གསང་སྟོན་པ་དབོན་རྒན་ཀརྨ་ཐེག་མཆོག་བསྟན་འཕེལ། དུས་གོ་བ་འཚོ་བྱེད་ཀརྨ་ཚེ་དཔལ། བརྡ་སྤྲོད་པ་དང་བྱང་འདྲེན་ཀརྨ་མཁས་བཙུན། ཁ་སྐོང་པ་རྗེ་དབོན་ཀརྨ་ཐོགས་མེད་བཅས་ལྔ་ཚོགས་ཀྱི་དབུས་སུ་ཚིགས་གསུམ་རིམ་ནོད་ཀྱིས་བསྙེན་པར་རྫོགས་པ་མཛད་ཅིང་། མིང་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་ཞེས་པ་གནང་། འདི་སྐབས་སྔ་མའི་སྡོམ་རོ་དེས་རྒྱུད་བཀག་པའི་རྟོག་པས་ཐོབ་ཤེས་ཇི་བཞིན་སྐྱེ་བ་ཞིག་ནི་མ་བྱུང་། དེ་རྗེས་ཉིན་གཅིག་སྐུ་མདུན་རང་དུ་གསོལ་ཇ་དང་གསུང་འཕྲོས་གནང་། ཕ་ཀི་ལ་ལྟོས་དང་མི་ཚེ་རིང་རེད་ཅེས་རྒྱ་ཐང་ཞིག་བཀྲམ་འདུག་པ་ནན་དུ་བསྟན་པར་མཛད་པ་ནི་རྟེན་འབྲེལ་གྱིས་བྱིན་གྱིས་བརླབས་པར་སེམས། རྡོར་དྲིལ་དང་ཤམ་ཐབས་གནང་སྦྱིན་བསྩལ། དགུན་ཐོག་དེར་ཀར་ལུགས་ཀྱི་འཕྲལ་མཁོ་རྣམས་བློ་འཛིན་བྱས། དབོན་རྒན་ཚང་ནས་ངེད་ལ་ཐུགས་བརྩེ་རེ་འདུན་ཤིན་ཏུ་ཆེ་བས་གཞན་ལ་ཤོར་དོགས་ཀྱིས། སྐྱབས་རྗེ་རིན་པོ་ཆེའི་མདུན་འདི་ལ་སྡེ་དགེའི་མདུན་ནས་དྲུང་ཡིག་འདེད་པ་སོགས་ཐོག་རྒྱག་ཅི་འོང་ཚོད་མི་འདུག་པས་རང་ཚང་སྤྲུལ་སྐུ་ཞིག་གི་མིང་བཏགས་པ་གལ་ཆེ་ཚུལ་ཞུས་སྐབས། དེ་ལྟར་འོས་བབས་འདུག་པས་རྗེ་གོང་མའི་ཞལ་སློབ་ཅིག་གི་སྤྲུལ་སྐུར་མིང་བཏགས་དགོས་འདུག་ཀྱང་། ཨ་ལོ་ཀུན་མཁྱེན། ཚེ་དབང་ཀུན་ཁྱབ། རྟ་མགྲིན་མགོན་པོ་གསུམ་ནི་མཚན་བཏགས་དང་དགོན་འདིར་བདག་གཟུང་གཏན་ནས་མི་ཉན་བར་ཆད་འོང་ཞེས་དཔའ་བོ་གཙུག་ལག་དགའ་བ་དང་ཀར་འབྲུག་རྣམས་ཀྱིས་ནན་ཏན་གསུངས་ཀྱང་། ཀུན་སྤྲུལ་ཁམས་པ་ཚང་དང་རྩོད་འཐེན་སྐབས་ཁྲིམས་རར་མགྲོན་གཉེར་གྱིས་གློ་བུར་མིང་བཏགས་དགོས་བྱུང་བ་ལ་ཕྱིས་བར་ཆད་ཆེན་པོ་རེད་སོང་བས། འདི་ལ་ཅི་འོས་ཐུགས་གྲོས་མཛད་པར། རྗེ་གོང་མའི་སྐུ་ཚེའི་སྟོད་ཀྱི་ཉེ་གནས་དང་ཞལ་སློབ་ཀོང་པོ་བམ་སྟེང་སྤྲུལ་སྐུ་དེའི་སྐྱེ་བར་མིང་བཏགས་ན། འབྲེལ་ཆགས་པ་ཐུགས་ཐག་བཅད་ནས་དེ་ལྟར་ཡིན་ཚུལ་ནང་འཁོར་རྣམས་ལ་བཀའ་ཕེབས་པས་དེ་ཕྱིན་ཀོང་སྤྲུལ་ཟེར་བའི་མིང་འདིའང་ཐོགས་སོང་། ཤིང་རྟ་ཟླ་བ་གཉིས་པའི་ནང་འདུས་པ་བདུན་ཙམ་ལ་སྒྲུབ་ཐབས་རིན་འབྱུང་གནང་བའི་གྲལ་དུ་ཆུད་ནས་རྗེས་གནང་ཡོངས་རྫོགས་བཀའ་དྲིན་ཐོབ། དབོན་རྒན་ནས་བསླབ་གཉེར་བཟང་བ་འདི་ལ་ཚེ་རིང་བ་ཞིག་གལ་ཆེ་གསུངས་ནས་རཏྣའི་གསང་འདུས་ཀྱི་དབང་དང་། ཇོ་ལུགས་སྒྲོལ་དཀར་གྱི་རྗེས་གནང་། ཚེ་ཁྲིད་བཅས་ཞིབ་པར་བསྩལ་བས་དེ་ཕྱིན་དེ་དག་རྒྱུན་ཁྱེར་ཆག་མེད་བྱས། ཟླ་བ་གསུམ་པའི་ནང་སྐྱབས་མགོན་མཆེད་ཞལ་ལྷན་རྒྱས་ཀརྨ་དགོན་དུ་ཕེབས། དེར་ཀརྨ་ཆགས་མེད་དང་། འཛི་སྒར་མཆོག་སྤྲུལ་གཙོར་གྱུར་ཀར་དགོན་སྟོད་སྨད་ཐམས་ཅད་ཀྱི་བླ་སྤྲུལ་འདུས་པ་མང་པོ་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལྗགས་ལུང་གནང་བ་ས་ག་ཟླ་བའི་ཚེས་བཅོ་ལྔར་མདོ་སྡེ་བསྐལ་པ་བཟང་པོའི་དབུ་ཚུགས། ཟླ་བ་བརྒྱད་པའི་མཇུག་རྒྱུད་འབུམ་མ་གཏོགས་པ་ཚང་བར་གྲུབ། དབྱར་ཐོག་དཔོན་རྒན་ཚང་ནད་ཀྱིས་ཡུན་རིང་བསྙུན་པ་དང་། ཐུགས་ལྕོགས་མིན་མང་དུ་བྱུང་བའི་སྐབས་མཚམས་རྣམས་སུ་ཆགས་མེད་མཆོག་སྤྲུལ་མདུན་ནས་རཏྣ་གླིང་པའི་ཐུགས་སྒྲུབ་ཞི་དྲག་གི་དབང་། དེ་གཉིས་དང་། རྟ་མགྲིན་གསང་འདུས་ཕུར་པ་ཡང་གསང་བླ་མེད་རྣམས་ཀྱི་གཞུང་པོད་ཀྱི་ལུང་། ཆགས་མེད་རི་ཆོས། ཐུགས་རྗེ་ཆེན་པོའི་དམར་ཁྲིད། རཏྣའི་ཐུགས་སྒྲུབ་དང་ཕུར་པ་སོགས་ཀྱི་འདོན་ཆ། ཀིང་ཀང་དང་ཁྲོ་ཆུའི་སྐོར། གཏོ་དཔེ་ཉེར་མཁོ་པོད་གཉིས་སོགས་ཀྱི་ལུང་གནང་། འཛི་སྒར་མཆོག་སྤྲུལ་ནས་བཀའ་འདུས་རྟག་བརྟན་སྤར་མ། གསོ་རིག་རྒྱུད་བཞི་རྣམས་ཀྱི་ལུང་དང་། པད་དཀར་སྤྲུལ་པའི་སྐུས་ཇོ་ནང་ཁྲིད་བརྒྱ་སུམ་ལུང་གི་ཚུལ་དུ་བསྩལ། བར་མཚམས་ནངས་ནུབ་ཐམས་ཅད་དུ་ལྷ་ལུང་མཁས་དབང་བསྟན་འཕེལ་མདུན་ནས་རང་བྱུང་རྡོ་རྗེའི་ཟབ་མོ་ནང་དོན། རྣམ་ཤེས་ཡེ་ཤེས་དང་སྙིང་པོ་བསྟན་པ། འབྲི་གུང་དགོངས་གཅིག་རྣམས་ཀྱི་ལྗགས་ཁྲིད་ཞིབ་མོ་ཞུས། བློ་གསལ་ཁ་ཤས་ལ་སྒྲ་ཙཱནྡྲ་པའི་རི་མོའང་བསླབས། ཟླ་བ་དགུ་པའི་ཚེས་འགོར་ཆགས་མེད་མཆོག་སྤྲུལ་གློ་བུར་དུ་སྐུ་གཤེགས་པའི་དགོངས་རྫོགས་པདྨ་བཛྲ་བདུན་གཅིག་ཀྱང་གནང་། དེའི་བདུན་ཚིགས་དང་པོ་ཡིན་སྙམ་ཞིག་གི་ནུབ། སྒོ་དམར་ཁང་གསེར་ཁྲིའི་མདུན་དེར་མཆོག་སྤྲུལ་སྐུ་ཉམས་རྒྱས་ཤིང་གཟི་བརྗིད་བཅས་ཕེབས་འདུག་པ་ཕྲན་གྱིས་ཐུགས་ཀར་མགོ་གཏུགས་ནས་གུས་པ་བྱས་པས། ཞལ་འཛུམ་པ་དང་བཅས་ཕྱག་གཉིས་ཕྲག་པར་བཞག་པས་དྲོད་ཚ་ལམ་ལམ་པ་བདེ་བ་ཅུང་ཟད་དང་བཅས་པས་ལུས་ཁྱབ་བྱུང་བ་རྨིས། དེ་རྗེས་ཀརྨ་ནས་སྒར་བཏེགས་ཏེ་དཔལ་སྤུངས་སུ་ཕྱག་ཕེབས། སྐྱབས་མགོན་ཉིད་བླ་བྲང་དུ་ཞག་ཤས་བཞུགས་ནས་སྒྲུབ་ཁང་དུ་ཕེབས་དབོན་རྒན་སོགས་ལ་རྒྱུད་འབུམ་ལྗགས་ལུང་གནང་། འདི་ནས་བཟུང་ཕྱིས་སྐུ་མ་གཤེགས་བར་ལོ་ཉི་ཤུ་སྐོར་ལ་སྐུ་མཚམས་རིང་བཞུགས་གནང་སོང་། འདི་ལོའི་དགུན་དང་ལོ་ཕྱི་མའི་དཔྱིད་དབྱར་སྦྲེལ་མར་འཚོ་མཛད་མཁས་པའི་དབང་པོ་ཀརྨ་ཚེ་དཔལ་ལས་གསོ་རིག་རྩ་བཤད་དང་མན་ངག་རྒྱུད་ཀྱི་གོ་ཁྲིད་ཞུས། རྩ་རྒྱུད་དང་གཡུ་ཐོག་བླ་སྒྲུབ་རྣམས་ཀྱང་རྒྱུན་ཁྱེར་བྱས། དགུན་སྟོད་དུ་མགོན་པོའི་ཆོ་ག་བློ་འཛིན་བྱས། དགུ་གཏོར་ཚོགས་ལའང་ཕྱིན། ཤིང་ལུག་ཟླ་བ་དང་པོའི་ནང་འཇམ་དབྱངས་དཀར་པོའི་བསྙེན་པ་བྱས། རྨིས་ལྟས་སོགས་ཧ་ཅང་གསལ་བ་མ་བྱུང་ཡང་འདི་ནས་གཟུང་རྩོམ་པ་ཇེ་བཟང་དུ་འགྲོ་བ་བྱུང་། ཟླ་བ་གཉིས་པའི་ནང་དབོན་རྒན་མདུན་ནས་གསང་སྔགས་རྒྱུད་འབུམ་ལུང་དང་། རྗེ་དགུ་པའི་ཞི་ཕྲེང་དྲག་ཕྲེང་། གཡུ་ཐོག་སྙིང་ཐིག་དབང་གནང་བ་སོགས་ཞུས། འདི་སྐོར་སྤྱི་ལུགས་ལྟར་སྐྱབས་མགོན་མདུན་ཕྲན་གྱིས་ཡི་དམ་གང་དགའ་བཀའ་བརྟགས་ཞུས་པར། ལྷག་པའི་ལྷ་སྒྲོལ་མ་དཀར་མོར་བཟུང་ནས་བསྙེན་སྒྲུབ་བྱས་ན་ལེགས་ཞེས་ཕེབས་པ་ལྟར་ཇོ་ལུགས་སྒྲོལ་དཀར་བསྙེན་པ་བཏང་སྐབས་ནམ་ལངས་པ། ལོ་ལེགས་པ། སཱཙྪ་གྲངས་མེད་པས་གང་བའི་ལྷ་ཁང་ལྔ་དྲུག་ཙམ་གྱི་སྟེང་ནས་འཕུར་ཅིང་སོང་བས་ཚེ་ཚད་ཀྱི་སྒྲ་ཞིག་གྲགས་པ་རྨིས། ཚེ་ཚད་དེ་ནི་བརྗེད། ཡང་ལན་གཅིག་བསྐྱར་སྐབས། མཆོད་རྟེན་རི་ཆེན་པོ་ཙམ་གསུམ་འདུག །དང་པོ་དེ་རི་འདྲ་བར་གྱུར་ནས་ཆུ་དཀར་པོ་ཧ་ཅང་མི་ཆེ་བ་ཞིག་བབས་འདུག་པ་ལ་གྲོགས་འགའ་དང་མཉམ་དུ་མགོ་ལུས་བཀྲུ་བ་དང་འཐུང་བ་སོགས་བྱས། ཕར་བལྟས་པས་མཆོད་རྟེན་གསུམ་པ་དེའི་ཕྱེད་བཻ་ཌཱུརྻའམ་མཐིང་ལྟར་གྱུར་པའི་ཕ་མཐའ་ནམ་མཁའ་ལྟར་སོང་བས་མིག་གིས་མི་བཟོད་པ་རྨིས། ཡང་ལན་གཅིག་ཤག་ཆུང་ཞིག་གི་སྦུག་ཏུ་སྐྱབས་མགོན་རྡོ་རྗེ་འཆང་བཞུགས་ཁུལ་ལ། ཁྱམས་སུ་ཁྲིའུའི་ཁར་རྗེ་ཉིད་ཀྱི་གསང་ཡུམ་ཡིན་རྒྱུའི་བུད་མེད་གཟི་བརྗིད་ཅན་གཅིག་བྱམས་བཞུགས་མཛད་འདུག་པ་ལ་ཤིན་ཏུ་གུས་པས་རྐང་པ་ལ་མགོས་གཏུགས་ཏེ། མ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས་པ་སོགས་མང་དུ་སྨྲས་པ་རྨིས། ཡང་རེས་གཅིག་རང་གནས་སུ་ཉིན་མོའི་སྣང་བ་ཇི་བཞིན་སྡོད་འདུག་པ་ལ། དབོན་རྒན་ཚང་ནས་ཁྱོད་ལ་སྤྲོད་རྒྱུ་བསྐུར་བ་ཡིན་ཟེར། མི་ཞིག་གིས་རྟེན་སྒམ་ཞིག་སྤྲད་བྱུང་བ་ཁ་ཕྱེས་པས་རིང་བསྲེལ་དུ་མས་གང་བའི་རྟེན་གཙོ་ལྟ་བུར་དར་དམར་གྱིས་ཐུམ་བྱས་པའི་ཐོད་པ་གསུམ་འདུག་པ། གཅིག་རྒྱ་གར་པཎ་ཆེན་ཨ་བྷ་ཡཱཀ་རའི་དབུ་ཐོད་ཡིན་ཟེར། གཅིག་དེའང་པཎ་གྲུབ་ཆེན་པོ་ཞིག་རེད་ཟེར་ཡང་ཕྱིར་ནངས་གསལ་བར་མ་དྲན། གཅིག་དེ་སོག་དབོན་རིག་རལ་གྱི་དབུ་ཐོད་རེད་ཟེར་བ་ནང་དུ་བལྟས་པས་རྗེ་བཙུན་མའི་སྐུ་རང་བྱོན་ལ་ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་ངར་ཅུང་མི་གསལ་བ་ཞིག་འདུག་པ་རང་གི་ཡིན་སྙམ་ཚགས་བྱས་པ་ཞིག་རྨིས། དབྱར་སྟོན་རྣམས་སུ་རང་ལ་འབུལ་བྱའི་དངོས་པོས་དབེན་ཀྱང་སྐྱབས་མགོན་རྗེས་བཀས་བསྐུལ་ཅིང་དབོན་རྒན་མཆོག་སྤྲུལ་རིན་པོ་ཆེས་བརྩེ་གཟིགས་ཆེན་པོས་དབོན་སྤྲུལ་གསར་ཕེབས་དང་ཕྲན་གཉིས་ལ། ཕག་མོ་དང་བདེ་མཆོག་ལྷ་ལྔ། རྒྱལ་རྒྱམ་ལྷ་དགུ། ཀུན་རིག །མི་འཁྲུགས་པ། ཚེ་དཔག་ལྷ་དགུ། པྒྴིའི་བླ་སྒྲུབ་སོགས་ཀྱི་དབང་། ཀར་ལུགས་དཀྱིལ་འཁོར་ཆེ་ཕྲ། ཆོས་སྤྱོད། མགོན་པོ་སོགས་སྤར་མ་གང་ཡོད་ཀྱི་ལུང་། ཟུར་གཅོད་ཀྱི་དབང་ཁྲིད་རྣམས་གནང་། རང་ལ་སྒེར་དུ་དེ་དག་གི་བསྙེན་ཁྲིད། ཕྱག་ཆེན་རྒྱས་འབྲིང་བསྡུས་གསུམ། ཆོས་དྲུག་རྣམས་ཀྱི་ཁྲིད་ལུང་ཞིབ་པར་བཀའ་དྲིན་དུ་བསྩལ། ཟླ་བ་དགུ་པ་ལྷ་བབས་དུས་ཆེན་ལ་དཔལ་མོ་ལུགས་ཀྱི་སྨྱུང་གནས་ཞིག་བྱས་པའི་དངོས་གཞིའི་ནུབ། ཀུན་དགའ་ར་བ་ཆེ་ལེགས་ཀྱི་ནང་སྟོན་པ་ཐུབ་པའི་དབང་པོ་གསེར་མདོག་འོད་དུ་འབར་ཅིང་དབུ་སྐྲ་ཐོན་མཐིང་ཤིན་ཏུ་སྔོ་བ། སྐུ་སྨད་ཀུན་དགའ་ར་བའི་ཕག་ནས་ཧ་ཅང་མི་མངོན་པ་ཐོག་ཚད་གཉིས་ཙམ་པ་ཞིག་ལ་བདག་སོགས་མི་མང་པོས་མཇལ་ཞིང་དད་ཕྱག་གིས་བཏུད་པ་རྨིས། དེ་རྗེས་ནུབ་ཅིག་ཁང་ཆེན་མཐའ་ཡས་པ་ཞིག་གི་གཡོན་སྐོར་དུ་ཕྱིན་པས་གསེར་ཟངས་མཆོད་རྟེན་ཤིན་ཏུ་ཆེ་བ་ཞིག་འདུག་པའི་བང་རིམ་སྟེང་ནས་གཡས་སྐོར་དུ་མཇལ་བས་བུམ་སྒོར་གསང་བའི་བདག་པོའི་སྐུ་རས་ཆུང་པས་དབུ་རྒྱན་བྱས་པ་ཞིག་སྣང་། དེའི་གཡོན་ངོས་སུ་འཁོར་དུས་མཆོད་རྟེན་དེ་ས་ལས་གྲུབ་པ་ལྟ་བུར་སོང་བའི་བུམ་ལྟོར་བུག་པ་ཞིག་འདུག་པ་ལ་ལག་པ་བཅུག་པ་ཡེ་ཤེས་གསང་བ་སོགས་ཤོག་སེར་ཤོག་དྲིལ་མང་པོ་དོན། དེ་ནས་རི་ངོས་ཤིག་ཏུ་ཕྱིན་པས་སྦྲ་ནག་ལྟ་བུ་ཆེ་ཆུང་མང་པོ་འདུག་པ་ལ། འདི་རྨི་ལམ་ཡིན་པས་བྱད་ངོ་རེད་སྨྲས། ང་རང་ཞེ་གཏིང་ནས་ཡོན་དགེ་གཏེར་སྨྱོན་ཡིན་པར་དྲན་འདུག་པས་དེ་རྣམས་ཀྱི་སྟེང་དུ་འཁྲབ་ཅིང་མཆོངས་པས་གྲོ་ལོད་དངོས་སུ་གྱུར་པ་འདྲ་ཞིག་འདུག །ཕུར་པ་གདེངས་ནས་གར་བྱས་པས་ནག་གུར་དེ་རྣམས་སར་ནུབ་སོང་། དེ་ནས་བཅའ་འཕྲང་ཞིག་ཏུ་ཕྱིན་པས་གནོད་བྱེད་ཅིག་གིས་གྲི་མཚོན་ཚད་འདུག་པས་དང་པོ་ཅུང་སྐྲག་སྣང་སྐྱེས། དེ་མ་ཐག་མི་འགྱུར་རྡོ་རྗེ་ཡིན་པའི་ང་རྒྱལ་སྐྱེས་ནས་གནོད་བྱེད་དེའི་མཚོན་ཆ་འཕྲོག་ནས་བཅག །ཁོ་རང་ལམ་འོག་ཏུ་བསྒྲིལ། རྡོ་མང་ཞིག་འཕངས་པས་རོ་ཕྱེད་ཙམ་ལས་མི་མཐོང་བ་སོང་། ཡང་ཕྱིན་པས་དབུ་ཆེ་ལྟེམས་ལྟ་བུར་སླེབས་ནས་རང་གི་གནས་ཁང་མཐོང་བ་དང་གཉིད་སད། ཕྱིར་ནངས་དམ་ལྡན་རྡོ་རྗེའི་སློབ་མ་ཧོར་ཀརྨ་ཉི་འོད་ཀྱིས་གྲོ་ལོད་པུསྟི་ཞིག་བྱིན་བྱུང་བ་དང་། རིང་མིན་དབོན་རྒན་མདུན་ནས་དབང་ལུང་ཆ་ཚང་ཐོབ་པས་རྟེན་འབྲེལ་ལེགས་ཤིང་སྐལ་པ་བཟང་སྙམ་བགྱིད། ཟླ་བ་བཅུ་པའི་ནང་ནས་སྒྲུབ་ཁང་ཆེན་མོར་ཕྱིན། ཕྱག་ཆེན་སྔོན་འགྲོ་འབུམ་བཞི་བསགས། ཁམས་དྭངས་ཤིང་རྨིས་ལྟས་ལེགས་པ་མང་དུ་བྱུང་། བླ་མའི་རྣལ་འབྱོར་གསོག་སྐབས་སྔ་དྲོ་ཞིག་ཅུང་ཟད་འཐིབས་པ་ལ་སྔར་མཐོང་མ་མྱོང་བའི་ཡུལ་ཡིད་དུ་འོང་བ་མེ་ཏོག་གིས་གང་ཞིང་། ཕལ་ཆེར་དམར་སེར་གུར་གུམ་གྱི་མདངས། ལོ་མ་ལྗང་གུ་དཔེས་མཚོན་དུ་མེད་པ་ཞིག་མཐོང་འོང་བདོ་ལ་སད། མེ་སྤྲེལ་ཟླ་བ་གསུམ་པའི་ནང་བདེ་མཆོག་ལྷ་ལྔའི་བསྙེན་པ་བཏང་། ས་ག་ཟླ་བར་སྒྲུབ་མཆོད་མཛད་སོང་བའི་ནུབ་ཅིག་དཔལ་འབྱོར་སྒང་གི་གཟིམས་ཆུང་རེད་ཟེར་བའི་ཁང་པ་སྤུས་ལེགས་ཤིག་ཏུ་ཕྱིན་པར་དབོན་སྤྲུལ་ཕྱག་དཔེ་ཡིན་རྒྱུའི་ཤོག་སེར་གོས་ཅན་དྲིལ་ཚས་ཅན་ག་པུར་ལྟ་བུའི་དྲི་ཞིམ་བྲོ་བ་འགའ་ཞིག་ཁ་ཕྱེས་པའི་ཁྲོད་ཚེམ་ཁ་ཤས་ཁུར། དེར་རྨི་ལམ་ཡིན་པ་དྲན་ཏེ་རྒྱབ་ཏུ་ཕྱིན་ནས་བལྟས་པས་ར་བ་ལྟ་བུའི་ནང་དུ་ལཱུ་ནག་དྲིལ་གསུམ་གཙོས་པའི་རྒྱ་གར་གྲུབ་ཆེན་རྣམས་ཡིན་ཟེར། དབྱིབས་བྱིས་པ་ལ་ཆེ་ཆུང་དང་ཆ་བྱད་སྣ་ཚོགས་པ་བཞུགས་འདུག །རེ་ཞིག་ནས་ཡལ་སོང་བས་ངོ་བོ་སྐྱོང་ནས་བསྡད་པར་རྨིས། སྤྲེལ་ཟླའི་ཚེས་བཅུར་གཏུགས་ནས་སྤྱི་འདུས་བསྙེན་པ་བདུན་གཅིག་དང་ཚོགས་བརྒྱ། གསོལ་འདེབས་གསར་བྲི་སོགས་བགྱིས་པའི་དང་པོ་ནུབ། གུ་རུའི་གསེར་སྐུ་མཐོ་གང་ཙམ་པ་ཞིག་ཐོགས་ནས་འགའ་ཞིག་ལ་བྱིན་རླབས་བྱས་པ་མི་གཞོན་གསུམ་བཞི་ཙམ་མ་དད། བུད་མེད་འགའ་ཞིག་ནས་དད་ཚུལ་བྱེད་པ་རྨིས། ཡང་རི་ཆེན་པོ་ཞིག་གི་རྩེར་ཕྱིན་པས་རྨི་ལམ་ཡིན་པར་ཤེས་ཏེ་རྔ་ཡབ་གླིང་དུ་འགྲོ་སྙམ་འཕུར་ནས་ཕྱིན་པས་རི་མང་པོས་ལྕགས་རི་ལྟར་བསྐོར་བའི་རྒྱབ་ཕྱོགས་ནས་ཕྱེད་ཙམ་མངོན་པའི་རི་སྨུག་པོ་མཆོང་ལྟ་བུ་ཞིག་གི་རྐེད་པ་ཅུང་མངོན། རྩེ་མོ་སྨུག་པས་བཏུམ་འདུག །གསོལ་བ་བཏབ་བཞིན་འགྲོ་སྙམ་ཙ་ན། ཚུར་ནང་དེ་ནས་ཆུ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཞིག་བབས་འདུག་པ་ད་ཅིའི་རྨི་ལམ་བཟུང་བ་དེ་བརྗེད་ནས་སྐྲག་སྔངས་སྐྱེས་པ་དང་སད། བར་སྐབས་དེར་བཀའ་བརྒྱུད་པ་ཡིན་ཁུལ་གྱིས་རྙིང་ཕྱོགས་ལ་མོས་པ་ཅུང་ཟད་ལྷོད་ཤོར་བས་དེའི་ལས་སྒྲིབ་ཡིན་པར་ངེས་པས་ཕྱིས་སུ་འགྱོད་བཤགས་ཙམ་ནི་བྱས། དབྱར་སྟོན་རྣམས་སུ་ཕྱག་ཆེན་དང་ཆོས་དྲུག་ཅུང་ཟད་རེ་སྦྱང་། རྡོ་རྗེ་འཆང་པདྨའི་ཞལ་སྔ་ནས་སྒྲུབ་མཆོད་ཞར་བྱུང་ཡོན་དགེའི་པདྨ་བཛྲ་དང་ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་དབང་བཀའ་དྲིན་བསྩལ། དབོན་རྒན་ནས་མ་འོངས་པར་སྒྲུབ་མཆོད་ཚུགས་དགོས་པས་དེའི་ཆེད་ཡིན་གསུངས་མི་ཏྲ་བརྒྱ་རྩའི་ནང་གི་དགྱེས་རྡོར་ལྷ་དགུ་མཚོ་སྐྱེས་ལུགས་ཀྱི་དབང་གསན་སོང་བའང་ཐོབ། སྔར་ཞེ་ཆེན་རབ་འབྱམས་ནས་གནང་བའི་སྨིན་གླིང་ནང་རྟེན་གཏེར་ཆེན་འདྲ་སྐུ་ཕྱག་ནས་མ་དང་། སྨན་ཚེ་ཡུག་གཅིག་ཡོད་པ་ཕུལ་ནས་རྒྱལ་རྒྱམ་ལྷ་དགུའི་དབང་ཞུས་པའང་ཆེད་དུ་བཀའ་དྲིན་བསྩལ། ཟླ་སྤྲུལ་ནས་ཞུས་ངོར་ཆོས་གླིང་རྩ་གསུམ་དྲིལ་སྒྲུབ་ཀྱི་དབང་དང་གསང་མཚན་པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་ཞེས་པ་གནང་། འདོན་ཆ་རྣམས་ལྗགས་ལུང་ཐོབ། དེའི་རྗེས་འབྲེལ་དུ་ཀཾ་བླ་མ་ཚེ་དབང་པདྨ་ནོར་བུ་བཀྲ་ཤིས་མདུན་ནས་རྩ་གསུམ་དྲིལ་སྒྲུབ་ཀྱི་ཁྲིད་ཞིབ་པར་གནང་སོང་བས་སྔོན་འགྲོ་རྣམས་ཁྱུགས་ཙམ་དང་བསྙེན་སྒྲུབ་སོགས་ལའང་འབྲེལ་འཇོག་ཙམ་བྱས། འདི་སྐོར་ནུབ་ཅིག་འཆི་སོང་བའི་རྣམ་རྟོག་དང་འབྲེལ་བར་བདེ་བ་ཅན་དུ་འགྲོ་དགོས་སྙམ་འཕུར་ཏེ་ཕྱིན་པས་ལྷ་ཁང་ཆེན་པོ་ཞིག་ཏུ་འདགས་དང་ཤིང་བརྐོས་ལྟ་བུའི་སྐུ་དང་ཞིང་ཁམས་ཀྱི་བཀོད་པ་འགའ་ཞིག་འདུག་པའི་པདྨ་ཞིག་གི་ནང་ཡིབ་པར་བརྩམ་པ་དང་། དེ་རྗེས་ཤིག་རྨི་ལམ་ཟིན་ནས་ནུབ་ཕྱོགས་སུ་འཕུར་བས་རི་རྩེ་ཁད་མཉམ་ཞིག་ཏུ་ཕྱིན། བདེ་ཅན་ཞིང་རྒྱང་མཇལ་བྱས་པས་བྱང་ཆུབ་ཤིང་ལམ་ཙམ་གསལ་བ་ལ་མུན་པས་སྒྲིབ། གསོལ་བ་འདེབས་ཤིང་དེ་ནང་ཕྱིན་པས་འོད་དཔག་མེད་པའི་བཞུགས་ཁྲི་ཡིན་རྩིས་རྡོ་བ་དཀར་པོ་ལ་མུ་ནི། ཏཱ་རེ། མ་ཎི། ཝཱཀྱེ་སོགས་རྒྱ་ཡིག་གི་རྣམ་པ་མགོ་གྱེན་བསྟན་མཐུར་བསྟན་མང་པོས་གང་བ་ཞིག་འདུག་པ་ལ་གསོལ་བ་བཏབ། སྤྱན་རས་གཟིགས་མཇལ་དགོས་སྙམ་ཕྱིན་པས་ཁང་བཟང་ཞིག་ཏུ་འགྲོ་འདུལ་ཞལ་གཅིག་ཕྱག་བཞི་པ་ཞིག་འདུག་པ་བླ་མ་ཞིག་ཏུ་གནས་འགྱུར་སོང་། དེར་ཀརྨ་པ་རེད་ཟེར་བ་ལ་བྱིན་རླབས་ཞུས་པས་རང་ཡུལ་དུ་ལོག་དགོས་གསུངས་པ་ལྟར་སླར་ཕྱིན་པའི་ལམ་དུ་བརྡ་དོན་འགའ་རེ་མཐོང་བ་རྨིས། རྩ་གསུམ་དྲིལ་སྒྲུབ་སྐབས་ཡིན་སྙམ་ནུབ་ཅིག་དྭགས་ཀོང་ཉང་གསུམ་གང་ཡིན་ཞིག་གི་ས་ཆ་ནི་རེད། དམིགས་བསལ་ངོ་མ་འཚལ། རྒྱབ་རི་ཤུགས་ནག་ཁ་ནུབ་ཏུ་གྱུས་པ་ལ་གཤམ་དེར་དར་རྒྱངས་མང་པོ་ཡོད་པ། རི་གདོང་གི་འཁྱིལ་ཞིག་ཏུ་ཁང་པ་ཞིག་འདུག །དུད་ཕྱུག་དབུལ་སྙོམས་པ་ཞིག་ལ་རང་བཅས་སྤུན་གཉིས། སྲིང་མོ་ཞིག་དང་གསུམ་ཡོད་པ་ཤིན་ཏུ་གསལ་ཞིང་། རྗེས་ནས་ཀྱང་མངོན་སུམ་ལྟ་བུ་དྲན་པ་ཞིག་བྱུང་བ་ནི་སྔར་སྐྱེས་པའམ་སྐྱེ་འགྱུར་གྱི་བག་ཆགས་གང་ཡིན་མ་ངེས། དེ་འགགས་ནས་སྨིན་གླིང་ཡིན་ཟེར་བའི་ཆོས་གྲྭ་ལེགས་པོ་ཞིག་ཏུ་ཕྱིན་འདུག །ཡར་བལྟས་པས་ལྷ་ཁང་གསེར་འཕྲུ་ཅན་ཞིག་འདུག །དེར་གཏེར་བདག་གླིང་པའི་གདུང་འབུམ་བཞུགས་ཟེར་ཕྱིན་པས་མཆོད་རྟེན་ཆེ་ལེགས་ཤིག་ཕྱོགས་མཚམས་བརྒྱད་དུ་སྲད་བུ་སྦོམ་པོས་སྦྲེལ་བའི་འོག་ནས་བསྐོར་བ་ཞིག་བྱས། དེར་སྔོན་གྱི་གནས་ཚུལ་ཕྲན་བུ་དྲན་པ་ཞིག་རྨིས། ཡང་གངས་རི་ཤིན་ཏུ་མཐོན་པོ་ཞིག་གི་རྩེར་འཕུར་ཏེ་ཕྱིན་ནས་མཐུར་དུ་བལྟས་པས་ཤར་ཕྱོགས་ནས་ཉི་མ་དང་པོ་འཆར་བའི་འོད་མདངས་ཀྱིས་ཤིན་ཏུ་མཛེས་པ་དང་། ལན་གཅིག་རྒྱལ་སྲས་ཞི་བ་ལྷ་གསལ་བར་མཇལ་བ་དང་། ལན་གཅིག་བཾ་སྟེང་སྤྲུལ་སྐུ་རེད་ཟེར་བའི་བླ་མ་ཟིལ་ཅན་མཛོད་ཐག་དངུལ་མདོག་མའི་གཟན་མནན་པ་ཞིག་གིས་ཁྱོད་ག་གེ་མོ་ཞིག་གི་སྐྱེ་སྤྲུལ་ཡིན་གསུངས་ཀྱང་ཕྱིར་ནངས་མཚན་དེ་བརྗེད། ཡང་ལན་གཅིག་འོག་མིན་ཀརྨའི་མཚན་བརྒྱད་ཁང་དེར་ཁྲི་མཐོན་པོ་ཞིག་གི་སྟེང་རྗེ་པདྨ་ཉིན་བྱེད་ཡིན་ཁུལ་ལ། དེ་མ་ཐག་ཞྭ་དམར་ཡེ་ཤེས་སྙིང་པོ་ཡིན་ཟེར་བའི་བླ་མ་ཞལ་ངོ་འབར་འབུར་མང་ཞིང་ཤངས་ཆེ་བ། སྐུ་ཆས་སྨུག་ཙ་རེ་བ། དགུང་ཚོད་ལྔ་བཅུ་ནང་འགྲོ་བ་ཞིག་གིས་བྱིན་རླབས་དང་གསུང་གསང་འགའ་རེ་བསྩལ་བ་རྨིས། འདི་སྐོར་ནས་སྒབ་འདྲེས་གནོད་པའི་ལྟས་དང་། ལྷ་མོ་ཉེ་བའི་རྟགས། གཏེར་གྱི་ལྟས་སོགས་ཀྱང་འགའ་ཞིག་བྱུང་། འདི་སྐབས་བླ་མ་ནོར་བུའི་མདུན་ནས་ཀློང་གསལ། གནམ་ཆོས། རོལ་རྡོར་ཆོས་སྐོར་འགའ་ཞིག་གི་དབང་ལུང་དང་། ཉེར་མཁོའི་ལུང་མང་དུ་མཛད་སོང་ཞིང་། སྒྲུབ་སྤྱི་ལ་སེམས་ཁྲིད་ཀྱང་གནང་། ཐམས་ཅད་ནས་རེ་རེ་བཞིན་རྟོགས་འབུལ་བྱེད་འདུག་པ་རང་ལ་རྟོགས་པ་ཕུལ་རྒྱུ་མི་འདུག་ཀྱང་གནས་ཚུལ་མདོར་བསྡུས་ཞུས་པར་སེམས་ངོ་སྐྱོང་ལུགས་ལེགས་པར་ཤེས་འདུག་གསུངས། ནུབ་ཅིག་ཁ་ནུབ་ཏུ་གཏད་ནས་ཕྱིན་པས་བལ་ཡུལ་ཡིན་ཟེར་བའི་གྲོང་ཁྱེར་ཆེན་པོ་ཞིག་གི་རྒྱ་སྲང་ནས་ལྷ་ཁང་ཆེན་པོ་པོ་ཏི་གསེར་གདོང་ཅན་དུ་མ་བརྩིགས་པར་སླེབས། དེ་ནང་པོ་ཏི་གཅིག་གདོང་ཡིག་བལྟས་པས་གསང་འདུས་རྒྱུད་སྔར་མ་གྲགས་པ་ཞིག་གི་མཚན་ཐོ་འདུག །དེ་ནས་ཕྱིན་པས་དཔྱིད་སོས་ལྟ་བུའི་ས་ཕྱོགས་ཉམས་དགའ་ཞིང་། ཁ་བ་ལྟ་བུའི་མེ་ཏོག་ཆར་ཐར་ཐོར་འབབས་པ་ཞིག་ཏུ་ན་ལེནྡྲ་ཡིན་ཟེར་བའི་གཙུག་ལག་ཁང་ཆེན་པོ་ཞིག་གི་གཡོན་ཟུར་དུ་ཁང་པ་དཀར་པོ་ཐོག་ལྔ་བརྩེགས་ཙམ་བཀོད་མཛེས་ཤིག་འདུག །སྔར་པཎ་ཆེན་ཞིག་བཞུགས་སྐད་ཀྱང་མིང་བརྗེད། ཕྱིས་ནས་ལྔ་པ་རིན་པོ་ཆེའང་བཞུགས་ཟེར་བ་རྨིས། ཆགས་མེད་རིན་པོ་ཆེའི་རྣམ་ཐར་བཀའ་འབུམ་སོགས་ཁ་ཤས་མཇལ་བས་དད་པ་ཐུན་མིན་སྐྱེས་པའི་ནུབ་ཅིག་གནས་མདོ་ཡིན་རྒྱུའི་གཙུག་ལག་ཁང་ཅུང་ཟད་རྙིང་པ་གོས་ཆེན་སེར་པོའི་ཀ་འཕེན་ཚལ་ཚལ་ཡོད་པར་ཁྲི་གོང་མ་ལ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དང་ཅིག་ཤོས་ལ་ཀརྨ་ཆགས་མེད་བཞུགས་ཡོད་སྙམ་བྱེད་ཅིང་། རང་ཡང་ཆགས་མེད་ཞལ་སློབ་ཅིག་ཡིན་པར་དྲན། ལོ་འདིར་རྒྱལ་དབང་ཀརྨ་པ་ཐེག་མཆོག་རྡོ་རྗེ་བཞུགས་སྒར་ཁམས་ཕྱོགས་སུ་བཏེགས་ནས་ཀརྨ་དགོན་དུ་ཞབས་བཀོད། སྒྲ་གསན་བཞེས་མཛད་ཆེད་ཕྲན་མངགས་བཏང་དགོས་པའི་གསུང་བྲིས་སྐྱབས་རྗེའི་མདུན་དུ་འབྱོར་བས་མ་སོང་ཐབས་མེད་ཀྱི་བཀའ་བསྩལ་ནས་སྒྲུབ་པ་གྲོལ། འགྲོ་ཁར་བཀའ་བསླབ་གནང་ཞོར་ལེའུ་བདུན་མའི་ལྗགས་ལུང་ཞིག་ཞུས་པར། འདི་ལྟར་མིག་གི་ཡུལ་དུ་སོགས་ནན་གསུང་མཛད་ནས། འདི་ཨོ་རྒྱན་རིན་པོ་ཆེའི་རྡོ་རྗེའི་གསུང་སེམས་ཁྲིད་བརྒྱ་སྟོང་གི་དོན་རྩ་འདུས་པས་སྔར་རྗེ་ཆོས་ཀྱི་འབྱུང་གནས་ཀྱིས་རྒྱལ་དབང་བདུད་འདུལ་རྡོ་རྗེ་ལ་འདི་གས་ངོ་སྤྲོད་ཕུལ་ནས་བསྟན་པ་གཏད། རྗེ་བཅུ་གསུམ་པས་ཁོང་ལའང་ངོ་སྤྲོད་འདི་ག་བསྩལ་ནས་བསྟན་པ་གཏད་པ་ཡིན་པའི་གསུང་འཕྲོས་ཕེབས་པའང་དགོས་པ་ཅན་དུ་མངོན། དེ་ནས་གྲོགས་གཉིས་དང་བཅས་ལྷོ་ཁོག་ཏུ་ཕྱིན། གཏེར་སྟོན་སྒར་དུ་རྒྱལ་དབང་རིན་པོ་ཆེའི་ཞལ་རས་ཐོག་མར་མཇལ། དེར་རྫོགས་ཆེན་རྣལ་འབྱོར་ཀརྨ་རྣམ་རྒྱལ་ལ་ཆོས་འབྲེལ་ཞུས། ཉམས་གོང་འཕེལ་མཐར་ཕྱིན་པ་ཅན་དུ་སྣང་། སྔར་རང་ཉིད་ཞེ་ཆེན་ཡོད་སྐབས་ནས་ཐོད་རྒལ་ཡུག་རེ་སྦྱངས་ཀྱང་འཆར་སྒོ་མཐོ་དམན་སྣ་ཚོགས་བྱུང་། སྐྱབས་ཆེ་སྒར་དུ་བཞུགས་སྐབས་ཆོས་ཉིད་མངོན་སུམ་བརྟན་པོ་ཞིག་བྱུང་། དེ་ནས་ཀར་དགོན་རྣམས་ཀྱིས་གདན་འདྲེན་རིམ་ཞུ་དང་ཁྱད་པར་ཟུང་མང་དགོན་ཁག་གསུམ་ནས་བདེ་མཆོག་ཚོགས་གར་ཆེན་མོ་གཟིགས་འབུལ་ཞུས་སོང་བ་ལེགས་པར་མཇལ། ཀརྨ་དགོན་དུ་ཕེབས་ལམ་དམ་ཅན་འགག་གི་བྲག་ཡར་ཟུར་དུ་རྗེ་དུས་གསུམ་མཁྱེན་པའི་སྐུ་ཞལ་རས་དཀར་ཞིག་ཞྭ་ནག་ཅོད་པན་བཅས་རྒྱང་རིང་པོ་ནས་ཤིན་ཏུ་གསལ་བར་མཇལ་བ་རང་བྱོན་ཡིན་འདྲ་སྙམ་ཡང་དྲུང་དུ་སླེབས་ཙ་ན་མི་འདུག །གདན་སར་ཕེབས་ནས་ངོས་ཀྱང་མཚན་བརྒྱད་ཁང་དེར་སྡོད་གནས་བྱས། མེ་བྱ་ཟླ་བ་དང་པོ་ནས་ཀ་ལཱ་པའི་གོ་ཁྲིད་དང་ས་རིས་ཕུལ། རྩ་བ་ལ་མཆན་བུ་དགོས་གསུངས་པའང་བྲིས། ཟླ་བ་བཞི་པར་ཟླ་ནང་ཡབ་གཞིས་སུ་ཕེབས་སྐབས་དབྱངས་ཅན་སྒྲ་གཞུང་དང་། སྡེབ་སྦྱོར་རིན་འབྱུང་ཡང་ཕུལ་ནས་སུམ་བིད་འགའ་ཞིག་ཀྱང་གནང་སོང་། ཟླ་བ་ལྔ་པར་སྒ་སྟོད་ཕྱོགས་སུ་གདུལ་བྱར་ཕེབས་ལམ་ནང་ཆེན་སྒར་ནས་ཚེས་བཅུའི་འཆམ་གཟིགས་མཛད། སྐུ་རིམ་དང་ཞྭ་མཇལ་སོགས་གྲུབ་ནས་སྐྱོ་བྲག་བརྒྱུད་རོང་པོ་འབྱོར་སྣར་ཕེབས་སྐབས་སྒར་གྱི་མགྲོན་གཉེར་ལ་དགོངས་ཚོམ་ཕོག་པས་དེ་ཕྱིན་ངེད་ནས་དབུ་ཞྭའི་བཤད་པ་གཙོས་མགྲོན་གཉེར་གྱི་ཁུར་ལེན་དགོས་པ་བྱུང་། སྒ་སྟོད་ཇོ་བོ་རིའང་བསྐོར་ནས་ཕེབས་ལམ་དབང་། དབུ་ཞྭ་ཞུ་བ་དང་མཇལ་མཁན་ཟད་པ་མེད་པའི་རེ་སྐོང་གནང་། ཁྲ་བན་སོགས་དགོན་ཁག་རྣམས་དང་། བུ་ཆེན་སོགས་སྦྱིན་བདག་ཆེ་ཕྲའི་བཞེད་སྐོང་གྲུབ་ནས་གླའོ་དགོན་དུ་ཕེབས་ལམ་བུད་མེད་ཅིག་གིས་བུ་ཆུང་ཤི་བའི་རོ་ཁུར་ནས་ཐུགས་གཏད་ཞུས། སྨྲེ་སྔགས་མང་དུ་འདོན་འདུག་པ་ལ་སྙིང་རྗེ་བ་ཞིག་བྱུང་ནས་འཕོ་དམིགས་ནན་དུ་བྱས་ནུབ་སྐྱེ་བ་གསུམ་བཞི་ཞིག་བྱུང་བ་ལ་གཏད་པ་ཅི་ཡོད་ཀྱང་ཉམས་མཚར་དུ་བྲིས། ཟུར་མང་བདུད་རྩི་ཐིལ་ནས་དྲུང་སྤྲུལ་ཁྲི་འདོན་གནང་། རང་ནས་གཏེར་སྤྲུལ་པདྨ་བསྟན་འཕེལ་ལས་རོལ་རྡོར་དབང་ལུང་ཁ་ཤས་ཞུས། རིམ་གྱིས་ཀརྨ་དགོན་དུ་ཕེབས། ས་ཁྱིའི་ལོ་གསར་སོགས་མཛད་ནས་རིན་ཆེན་རིལ་ནག་ཆེན་མོའི་བསྡུ་སྦྱོར་གྱི་བཅའ་གཞི་བསྒྲིགས། དཔལ་སྤུངས་ནས་སྨན་མགྲོན་ཀརྨ་ཚེ་དཔལ་འབྱོར་བསྟུན། ལྕགས་བརྒྱད་ཁམས་བརྒྱད་ཀྱི་ཐལ་སྨན་རྣམས་བཟོས། དངུལ་ཆུ་བཙོ་བཀྲུ་ཆེན་མོ་མཛད་པ་ཤིན་ཏུ་ལམ་ལེགས་གྱུར། སྨན་བླ་ལོངས་སྐུའི་ཚོགས་མཆོད་དང་སྨན་ཛཔ྄་ཀྱི་རྒྱུན་བཙུགས་ནས་རིན་ཆེན་རིལ་ནག་ཆེན་མོ་བསྡུ་སྦྱོར་མཛད། ཟླ་བ་བཞི་པར་དཔལ་སྤུངས་སུ་ཆིབས་བསྐྱོད་གནང་རྩིས་ཀྱང་རྗེ་དབོན་ཆེན་མོ་བསྙུན་པས་རེ་ཞིག་འགོར། ཕྲན་ལ་དབྱངས་ཅན་རྒྱ་འགྲེལ་ལ་མཆན་བུ་དགོས་ཕེབས་པ་ལྟར་ཞུས། ཟླ་བ་ལྔ་པར་སྒར་བཏེགས་ནས་དཔལ་སྤུངས་ཀྱི་གདན་སར་ཕེབས། ཡབ་སྲས་ཞལ་རྒྱས་ཤིང་ཕན་ཚུན་བརྟན་བཞུགས་བཀའ་དབང་གསན་རེས་མཛད། ཚེས་བཅུའི་འཆམ་གཟིགས་དང་སྐུ་འཆམ་ལའང་ཕེབས། ཕྲན་ནས་བརྡ་སྤྲོད་ཀྱི་མཚན་གསོལ་དང་འབྲེལ་བའི་ཞབས་བརྟན། སྐུ་གསུང་ཐུགས་རྟེན་བཅས་ཕུལ། ཚུར་ལའང་དྲིན་བཟོའི་གནང་སྦྱིན་མཛད་བྱུང་། ཟླ་བ་བདུན་པའི་ནང་རྫ་རྒྱུད་དུ་སྒར་བཏེགས་པའི་ཕེབས་སྐྱེལ་ལ་ངེད་རང་ཞེ་ཆེན་བར་ཕྱིན། རི་ཁྲོད་དུ་འཇམ་མགོན་དབོན་སྤྲུལ་རིན་པོ་ཆེ་མཇལ་དགྱེས་ཚོར་ཆེན་པོ་མཛད། གཏང་རག་གསོལ་བརྒྱ་འཚོགས། གར་ཚེའི་དབང་ཞུས། ཕྲན་ལའང་བདེ་མཆོག་ལྷ་ལྔའི་དབང་དགོས་གསུངས་པ་ལྟར་ཕུལ། ཞར་བྱུང་བླ་རྒན་འགྱུར་མེད་བསྟན་འཛིན་མཇལ་བར་ཕྱིན་པས། ཁོང་གིས་ད་ནངས་ནམ་ལངས་སྐབས་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཕྱག་རྒྱབ་མ་རྣམས་ཅུང་ཟད་ཉམས་པ་ཞིག་མཇལ་བྱུང་བ་དེ་རིང་ཁྱོད་དང་འཕྲད་པའི་ལྟས་སུ་འདུག །ཁྱོད་ལ་ཚེའི་བར་ཆད་ཅིག་ཡོད་པ་འདྲ་གསུངས། བླ་མ་འདི་རིག་པ་ཚད་ཕེབས་མཐར་ཕྱིན་པའི་སྣང་བ་ལ་དུས་རྒྱུན་སྤྱོད་པ་ཞིག་བཞུགས། དེ་ནས་རང་ཡུལ་དུ་མ་རྒན་ལ་འཕྲད་པར་ཕྱིན། དཔལ་ཆེན་མའི་གཡང་སྐྱབས་བྱས་པའི་ནུབ་ཅིག་རང་ཡུལ་རྒྱ་ཆེ་བའི་ཤར་དང་ལྷོའི་ཕྱོགས་ངོས་སུ་མེ་ཏོག་སེར་པོ་ཁང་རྩག་ཙམ་སླེབ་པའི་ཚལ་ཆེན་རྒྱས་པ་རྨིས། འདི་རང་ནས་གཡང་སྐྱབས་འདོན་པའི་ཐོག་མ་ཡིན་པས་དེ་ཕྱིན་བཅའ་སྒྲུབ་ཤིན་ཏུ་མང་པོ་རེད་སོང་བས་ཅུང་ཟད་ཕན་ཐོགས་པར་བལྟ་སྙམ། ཡང་ནུབ་ཅིག་ཁང་བཟང་ཞིག་ཏུ་ཡོད་པ་ལ། མདུན་དེར་སྲིད་པའི་རྒྱལ་མོ་ཡེ་ཤེས་དཔལ་མོ་ཕེབས་ཡོད་ཟེར། བལྟས་པས་སྐུ་སྟོད་ནམ་མཁའི་དབྱིངས་སུ་སོང་བ་ལ་སྐུ་སྨད་ཕྱོགས་ཀུན་ཏུ་རྨ་བྱའི་སྒྲོ་ཐུལ་གྱིས་ཁྲ་ཤིག་ཤིག་བྱེད་པ་རྨིས་པ། སྔ་རྗེས་འདི་རྣམས་མཆོད་བསྟོད་གང་ཡང་མ་ཐོན་ཀྱང་ཁྱུང་པོའི་བརྒྱུད་ལྷ་ཡིན་པའི་རྟགས་ཡིན་འདྲ། ཐར་བདེའི་རྟོགས་ལྡན་བླ་མས་འབོད་མི་བཏང་བ་ལྟར་ཕྱིན། ཞི་ཁྲོའི་དབང་ཞིག་གསན་སོང་། སྐྱབས་རྗེའི་བཀའ་ལྟར་དྲན་ཐང་དང་ཚེ་བྷྲཱུྃ་གཉིས་སུ་ཁྱུགས་ཙམ་བྱིན། འདི་སྐོར་ཡོད་པའི་ནུབ་ཅིག །ཕུགས་ལོགས་སུ་ཁང་བཟང་ཞིག་གི་ནང་དོ་ར་ཡངས་པ་ཞིག་འདུག་པར་ཁང་པ་ནས་ཨ་ཕྱི་མཆེད་ལྔ་རིམ་གྱིས་དོན་ཏེ་གར་འཆམ་འཁྲབ་པའི་ཆོས་དང་ཡེ་ཤེས་དམ་ཚིག་ལྷ་མོ་གསུམ་མོ་བཙུན་བཟང་མོའི་ཆས། དབང་གི་ལྷ་མོ་སུ་དང་ཡང་མི་འདྲ་བའི་ཆས། ཤ་ཟ་མཁའ་འགྲོ་རྒན་མོ་མི་སྡུག་པའི་གཟུགས་ཅན་བཅས་རྐང་ཐང་འཁྲབ་ནས་རིམ་གྱིས་ཁང་པ་གཞན་ཞིག་ཏུ་བསྡུས་སོང་། ཤ་ཟ་ཌཱ་ཀི་འཇིགས་ཟིལ་ཆེན་པོ་བཅས་རྗེས་ནས་འཁྲབས་པས་རང་ཡང་ཡིད་ཚོམས་ཏེ་མཐོ་ས་ཞིག་ནས་དྲག་པོའི་ཏིང་འཛིན་བྱས་པ་རྨིས། སྔོན་སྒ་སྟོད་ཡོད་སྐོར་ཞིག་ཏུའང་། ཨ་ཕྱི་མཆེད་ལྔ་སོ་སོའི་ཞོན་པ་དང་གར་འཆམ་དང་ཆ་ལུགས་ཡ་མཚན་ཅན་རྨིས། འཆམ་སྣ་ལྔ་ལའང་མིང་རེ་རེ་སྣང་། འདི་སྐབས་རང་ནས་སྐོང་གསོ་བཏང་བ་ནི་མེད་ཀྱང་གདན་ས་དེ་དག་ཏུ་འཁོར་བའི་ལྟས་ཡིན་ནམ་སྙམ། སླར་འཁོར་ནས་དགུན་ཀ་དགོན་ཐོག་ཏུ་དགེ་སྦྱོར་འཕེལ་བས་རྨི་ལམ་ཡང་འབད་མེད་དུ་ཟིན་ཅིང་། ལྟས་ལེགས་པ་མང་དུ་བྱུང་། ས་ཕག་ཆོ་འཕྲུལ་ཟླ་བར་དགེ་སྦྱོར་གང་དྲག་བྱས། རྒྱལ་དབང་ཞབས་ཕྱིར་བགྲོད་སྐབས་གསེར་སྲང་གང་རྙེད་པ་སོགས་རྗེ་པདྨའི་སྤྱན་སྔར་ཕུལ་ཏེ་བྱང་ཆུབ་སེམས་བསྐྱེད་ཞུས་པས་བྱང་སྡོམ་རྒྱས་པར་གནང་། མིང་བྱང་ཆུབ་སེམས་དཔའ་བློ་གྲོས་མཐའ་ཡས་ཞེས་པ་བསྩལ། འདི་སྐབས་ནུབ་ཅིག་རང་ཉིད་འཆི་ནས་ཕུང་པོ་མེར་བསྲེགས་སོང་བ་ཡུད་ཀྱིས་འཚིག་སྟེ་རུས་པ་ཐུམ་བུ་བྱས་པའི་ནང་དུ་རང་བྱོན་འགའ་ཞིག་དང་ཕྱི་རོལ་ཤ་རཱི་རཾ་གཉིས་དོན་པ་སོགས་རྨིས། ཡེ་འབར་རྩ་རྒྱུད་རྒྱུན་འདོན་བྱས་པར་རྒྱུད་ནས་གསུངས་པའི་རྨི་ལམ་དེ་རིགས་བྱུང་། ཆགས་མེད་ཕྱག་བཞི་པའི་སྤར་གཞི་ཞུ་དག་བྱས་སྐབས་མགོན་པོའི་བླ་རྟགས་ཁྱད་པར་ཅན་རྨིས་པ་བྱིན་རླབས་ཡོད་པའི་ལྟས་སུ་ངེས། ས་ག་ཟླ་བར་སྨྱུང་གནས་དཀར་པོ་ཆ་བརྒྱད་སྡོད་པར་རྩོམ་པའི་ནུབ་ཅིག་སྒྲིབ་པ་རྣམ་སེལ་ཡིན་ཟེར་བའི་དགེ་སློང་གཟི་བརྗིད་ཅན། སྨ་ར་ཅུང་ཟད་ཡོད་པ་སྤྱན་རྩ་ཤ་མདངས་དམར་བ་ཞིག་མཇལ་བ། ཞལ་ནས་ཅིའང་མ་གསུངས་ཀྱང་། ཕྱག་གཉིས་ཀྱིས་ས་ལ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཁྲི་གདན་གྱི་རི་མོར་སྦྲེལ་མར་སོང་བ་ཞིག་བྲིས་སོང་བ་རྨིས། འདི་སྐབས་ཤིག་ཏུ་ཁང་པ་ཞིག་གི་ནང་ཞྭ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་བཞུགས་འདུག་པ་མཇལ་བ་རྒྱུད་གསུམ་ཙམ་གྱི་རྒྱ་དཔེ་གཏད་ནས་རྗེས་སུ་གནང་བ་སོགས་ཟ་ཟི་མང་དུ་བྱུང་། དབོན་རྒན་མདུན་ནས་འཇའ་ཚོན་ཆོས་སྐོར་ཚང་མའི་དབང་ལུང་ཞུས་སྐབས་རྨི་ལམ་བཟང་པོ་མང་། ཁྱད་པར་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་གནང་ནུབ་ཉི་ཟླ་གཉིས་དུས་གཅིག་ལ་ཤར་བྱུང་བའི་ཟེར་ལ་ལྟ་སྟངས་གཏད་པས་ཐོད་རྒལ་གྱི་སྣང་བ་རྒྱ་ཆེར་འཆར་བ་རྨིས། འདི་ཕན་ཕྱག་ཆེན་སྔོན་འགྲོ། བདེ་ཕག །མགོན་གསོལ། ཆབ་གཏོར་ཙམ་ལས་འདོན་བྱ་མང་པོ་མེད་པ་འདི་ནས་བརྩམ། འཇའ་ཚོན་པོད་དྲུག་དལ་དུས་ལས་བྱང་ཚང་མ་བྲེལ་དུས་ཞི་དྲག་སེང་གསུམ་དང་རྒྱུན་ཁྱེར་ཆགས་མེད་ཀྱི་བསྒྲིགས་མའི་དབུ་ཚུགས། ཕྱིས་ནས་དབང་ལུང་དང་བསྙེན་སྒྲུབ་ཇེ་མང་སོང་བའི་སྐབས་འདོན་བྱའང་གསར་རྙིང་གཉིས་ཀ་རིམ་མང་དུ་སོང་བས་དེང་སང་བགྲང་བྱ་མཐོ་བའི་སྐབས་སུ་ཕལ་ཆེར་མོས་པ་ཡིད་བྱེད་ཙམ་ལས་མི་ལྕོགས་པར་སྣང་། འདི་སྐབས་རྣམས་སུ་བསྐྱེད་བཟླས་གསལ་སྣང་བརྟན་པོར་བྱུང་བའི་རྐྱེན་གྱིས་རྨི་ལམ་དུ་འང་། རང་ཉིད་གྲོ་ལོད་སྟག་ལ་ཞོན་པར་གྱུར་ནས་ཐམས་ཅད་ཟིལ་གྱིས་གནོན་པ་དང་། གུ་རུ་དྲག་པོར་གྱུར་ནས་སྡིག་པས་རྒྱལ་གདོན་འབྱངས་པ་དང་། སེང་གེ་སྒྲ་སྒྲོག་ཏུ་བྱས་ནས་གཡོན་པའི་སྡིགས་མཛུབ་རྩེ་ལས་མེ་འབར་བས་གདོན་ཕྲན་འདེད་པ་དང་། རྟ་མགྲིན་ནག་པོར་གྱུར་ནས་ཀླུ་གདོན་བཏུལ་བ་དང་། མཚོ་ཆེན་པོ་ཞིག་གི་སྟོད་ཀྱི་ཐང་དུ་མར་པ་ལོ་ཙཱ་སོགས་གྲུབ་ཐོབ་གསུམ་བཞུགས་འདུག་པ་ལ་བྱིན་རླབས་ཞུས་ནས་སྨད་དེར་གདོན་མ་རུངས་པ་ཞིག་འདུག་པ་ལ་གུ་རུ་དྲག་པོའི་ཏིང་ངེ་འཛིན་གྱིས་ཕྱག་གཡས་རྡོ་རྗེའི་རྩེ་ལས་མེ་འབར་བས་གནོད་བྱེད་རྒྱང་རིང་དུ་བསྐྲད་པ་དང་། གཞན་ཡང་དགེ་བའི་རྨི་ལྟས་མང་པོ་བརྒྱུད་མར་བྱུང་། ལར་འདི་སྐོར་ནས་དབང་ལུང་གསར་ཐོབ་དང་འདོན་བྱ་ཆེ་ཆུང་གང་བྱས་ཀྱང་དེའི་ལྟས་མཚན་རེ་རྒྱུན་དུ་འོང་བ་ཞིག་ཡོད། ལོ་འདིའི་དབྱར་སོས་སྐོར་སྨན་མགྲོན་ཚེ་དཔལ་དང་། འཚོ་བྱེད་ཀརྨ་ཚེ་དབང་རབ་བརྟན་གཉིས་ཀ་ལས་གསོ་རིག་ཕྱི་རྒྱུད་ཞིབ་ཁྲིད་དང་། སྡུད་ཀ་དང་སྨན་གཏང་ལུགས་སོགས་ཉམས་ཁྲིད། སྔོ་ལྡུམ་ཕལ་མོ་ཆེའི་ངོ་སྤྲད་སོགས་བསླབ། འདི་ལོ་ནས་བརྩམ་ལོ་གསུམ་ཙམ་གྱི་ཁོངས་སུ་སྐྱབས་རྗེ་རིན་པོ་ཆེའི་བཀའ་ལྟར་དབོན་རྒན་སྤྲུལ་པའི་སྐུ། འགུ་ལོག་ཀརྨ་ཆོས་དབང་། འཚོ་བྱེད་རབ་བརྟན། མགྲོན་བཀྲ་ཆོས། དགོན་པའི་གྲྭ་རིགས་ཁ་ཤས་སོགས་ལ་ཀུན་མཁྱེན་དྷརྨཱ་ཀ་རའི་སྒྲ་ཊཱིཀ་སྟེང་ནས་ཙཱནྡྲ་པ་ཡོངས་རྫོགས། ས་བཟང་སྒྲ་ཊཱིཀ་ལས་ཀ་ལཱ་པ་ཚང་བ། སྡེབ་སྦྱོར་རིན་འབྱུང་བཅས་དང་། དབོན་འཆི་མེད་སྤྲུལ་སྐུ་སོགས་ལ་ཉེར་བུམ་གྱི་རྩིས་རིག །འགའ་ཞིག་ལ་སུམ་རྟགས་དང་སྙན་དངགས། མང་པོ་ལ་ཡིག་བྲིས་སོགས་བསླབ་སྦྱང་རྒྱུན་མི་ཆད་དུ་བྱས་ཀྱང་གྲུབ་དོན་ནི་ཆེར་མ་བྱུང་། དབོན་རྒན་ཚང་གོ་བའི་རླབས་ཆེ་ཞིང་གསུང་རྩོམ་སོགས་རྣམ་དཔྱོད་བཟང་ཡང་དེ་རྗེས་ཞལ་བཞུགས་མ་ཐུབ། ཧོར་ཀརྨ་ཉི་འོད། ཉག་རོང་ཤེར་རྒྱན་གཉིས་ལ་ཟབ་མོ་ནང་དོན་དང་། གཞུང་ཆུང་གཉིས་བསླབ་པའི་ཐོག་མ་ཡིན་ཅིང་། དེ་ནས་བརྩམ་ཕྱིས་ཀྱི་བར་འདི་དག་ནི་རྒྱུན་མི་ཆད་པར་བསླབ་པ་ལས་ལི་ཐང་སྤང་ཕུག་བླ་མ་ཀརྨ་ངེས་དོན་དེ་གོ་ཆོད་ངེས་པ་ཅན་དུ་བྱུང་། འདི་སྐོར་ནུབ་ཅིག་རང་འཆི་འདུག་པས། ད་ནི་བདེ་བ་ཅན་དུ་འགྲོ་དགོས་སྙམ་ཕྱིན་པས་ལྷ་ཁང་ཞིག་ཏུ་སླེབ། དེར་འོད་དཔག་མེད་ཤིན་ཏུ་གསལ། འཁོར་གཞན་ཡོད་སྙམ་བྱེད་པའི་མདུན་དེར་པདྨ་ཞིག་གི་ཕག་ཏུ་ཡིབས་པས་དབོན་རྒན་ཉིད་གློ་བུར་དུ་བྱོན་ནས། ད་རུང་ཁྱོད་འདིར་འཚང་མ་རན། སྐྱེ་བ་འདིའི་འོག་བླ་མ་གསུམ། དེ་རྗེས་ངོམ་དུ་རད་གླིང་གིས་ལུང་བསྟན་པའི་རྡོ་རྗེའི་མིང་ཅན་དུ་གྱུར་ནས་གཏེར་སྒོ་འབྱེད་དགོས་གསུངས། བླ་མ་རྣམས་ཀྱི་མིང་བརྗེད། ཡང་གཏེར་སྟོན་རོལ་པའི་རྡོ་རྗེ་སྐུ་ཧ་ཅང་མི་གསལ་ཙམ་ཞིག་གིས། ཁྱོད་འཇའ་ཚོན་སྙིང་པོའི་བསྟན་པ་རྒྱ་ཆེར་སྤེལ་བར་ལུང་བསྟན་པའི་ཆོས་བདག་ཨའི་མིང་ཅན་དེ་ཡིན་གསུངས་པ་དང་། བུད་མེད་ལྗང་གུ་འོད་འབར་བ་ན་བཟའ་ཡང་ལྗང་གུ་ཅན་ཞིག་གིས་བརྡ་སྟོན་པ་དང་། སྔ་རྗེས་གཏེར་སྒོ་དང་གཏེར་རྟགས་མཐོང་བ། གཏེར་རྙེད་པ་སོགས་གྲངས་མང་དུ་བྱུང་། ཟླ་བ་དགུ་པའི་ཚེས་བརྒྱད་ནུབ་དངོས་སུ་འཆི་བ་འདྲ་ཞིག་བྱུང་། དེར་ཡིད་ཤིན་ཏུ་སྐྱོ་སྟེ། དུས་བདེ་དུས་འདོན་སྒོམ་བྱས་ཁུལ་རྣམས་རྡོ་རུས་མ་འཕྲོད་པས་ད་རེས་ཤི་བ་ལ་བསླེབས། བར་དོ་དང་པོར་མ་གྲོལ་ཀྱང་གཉིས་པ་ལའང་གྲོལ་མ་ཐུབ། ད་ནི་སྲིད་པ་བར་དོའི་སྣང་བ་ཡིན་པས་ཡེངས་མི་ཉན་སྙམ། ས་ལ་རྐང་རྗེས་བཏབ་པས་ཀྱང་དོད་རྒྱུ་མི་འདུག་པས་བར་དོར་ཐག་ཆོད་མཚམས་རྔ་ཡབ་གླིང་ཡིན་ཟེར་བ་ཞིག་ཏུ་སླེབ་འདུག །དེར་ཡང་ཡེངས་མི་ཉན་སྙམ་པདྨ་ཉིན་བྱེད་ལ་གསོལ་བ་རྩེ་གཅིག་བཏབ་པས་སྐུའི་རྣམ་པ་གསལ་ཙམ་ནས་ཡལ་བ་ལན་གསུམ་མཐར། ཞལ་འཛུམ་པ་དང་བཅས་གདན་ལ་སྐྱིལ་ཀྲུང་གིས་བཞུགས་འདུག་པའི་ཐུགས་ཀར་རིག་པ་གཏད་དེ་ལན་གཉིས་འཕོས་ཀྱང་ལུས་སེམས་ཡལ་རྒྱུ་མི་འདུག །བསྐྱེད་རིམ་མ་བྱས་པས་ཡིན་སྙམ་གནམ་ཆོས་འཕོ་བའི་དམིགས་པ་དེ་བྱས་ནས་ཐུགས་ཀར་སྤར་བས་འཕོ་ཐུབ་མིན་མ་ངེས་པ་ཞིག་ལ་ཕྱག་སྤྱི་བོར་བཞག་ནས་དེས་ཆོག་ཐལ་གསུངས་རྗེ་ཉིད་ཡལ་སོང་། དེར་ལོ་བཅོ་ལྔ་སྐོར་འགྲོ་བའི་མི་ཤ་རྩ་སྔོ་བ་ཞིག་བྱུང་བ་ལ་ངོ་ཤེས་ལྟ་བུའི་ལག་པ་ལ་འཇུས། ཁྱོད་ཅི་ཡིན་བྱས་པས། ཁོའང་ཨོ་རྒྱན་ཆེན་པོའི་བཀའ་བཞིན་མ་འགྲུབ་པས་འདིར་ཕྱིན། ད་རུང་སྐྱེ་བ་གཅིག་སོག་ཟམ་ཁར་ལེན་དགོས། རང་རེ་གཉིས་ལོ་དྲུག་བདུན་རེ་ལོན་རྒྱབ་མཉམ་དུ་འཕྲད་འོང་། དེ་བར་ཕལ་པའི་ཚུལ་གྱིས་བླ་སྤྲུལ་གྱི་མིང་མི་ཐོགས་པ་ཞིག །ཕན་ཚུན་འཕྲད་མ་ཐག་སྐྱེ་བ་དྲན་ཅིང་འགྲོ་དོན་ནུས་པའི་སྨོན་ལམ་འདེབས་པ་ཡིན་ཟེར་བ་ལ་རང་ནས་ཀྱང་མཐུན་འགྱུར་བྱས། དེར་མཚོ་རྒྱལ་ཡིན་རྒྱུའི་བུད་མེད་ཅིག་གིས་ཁྱོད་རང་ད་ལྟ་ནས་ལྷོ་ཁོག་ཏུ་སྐྱེ་བ་ལེན་དགོས་རྒྱུ་ཨོ་རྒྱན་ཆེན་པོས་བཀས་བཅད་ཟིན་ཚུལ་སོགས་བཤད་བྱུང་བས་སེམས་ཤིན་ཏུ་ཕམ་སྟེ། དེ་སྔ་བསླབས་སྦྱངས་བྱས་པ་དང་ལོ་ཉི་ཤུ་ནང་ཡོད་པ་སོགས་དྲན། དེར་ད་ཅིའི་གྲོགས་པོ་དེ་སྐྱེལ་མཁན་ཡིན་ཟེར་བ་འགའ་བྱུང་བས་མཉམ་དུ་འགྲོ་བ་ལེགས་སྙམ། ཅུང་ཟད་སྒུགས་དང་བདག་གིས་ཨོ་རྒྱན་རིན་པོ་ཆེ་ལ་ཞུ་བ་ཞིག་ཡོད། དེ་མཚམས་འགྲུལ་ནས་འགྲོ་བྱས་ཕྱིན་པས་པདྨ་འོད་ཡིན་རྒྱུའི་ཕོ་བྲང་ཞིག་ཏུ་སླེབས། སྦུག་ཏུ་སྔགས་པའི་ཆས་ཅན་ཟིལ་ཅན་གཅིག་བཞུགས། བུད་མེད་དེའང་དེར་འདུག །དེར་ཕྱག་གསུམ་འཚལ་ནས་ཡིད་ཤིན་ཏུ་ཡུས་པའི་ཚུལ་གྱིས། དང་པོར་རོང་རྒྱབ་ཏུ་སྐྱེས་པ་ནས་བརྩམ། ད་ལྟའི་བར་བྱས་ལུགས་དེང་སང་ལོ་ཚོད་དར་ལ་བབས། གཞན་ཕན་ཅུང་ཟད་ཨི་འོང་སྙམ་དུས་ཚེའི་བར་ཆད་བཏང་བ་མ་གཏོགས། དེ་བར་ཐུགས་རྗེས་གཟིགས་པའི་ལུང་བསྟན་མ་མཛད་ཚུལ་སོགས་པུས་མོ་བཙུགས་ཏེ་ཞུས་མཚམས་དེ་འགགས་ནས། བུད་མེད་ཆས་ཅན་བཟང་མོ་ཅན་གཅིག་གིས། ཁྱོད་རང་སྐྱེ་བ་ལོངས་དང་ད་རེས་སྐྱེ་བ་འདིས་ནི་དོན་ཆེན་འགྲུབ། ལོ་བདུན་བརྒྱད་ལ་ལུང་བསྟན་འོང་། བཅུ་གསུམ་ལ་ཁ་བྱང་བབས། ཉི་ཤུ་ནས་གཏེར་ཐོན། རིམ་གྱིས་གཏེར་ཁ་ཉེར་ལྔ་འདོན་ཚུལ་སོགས་ལུང་བསྟན་འདྲ་བ་མང་ཞིག་བཤད་མཚམས་ཚུར་འོང་བའི་རྟོག་པ་ཤར་བ་དང་སད་འདུག་པ་ཐོ་རངས་རེད་སྣང་། དེར་ཁ་ཏོན་བྱས་ཀྱང་འཆི་ཡོད་པ་ཡིན་སྙམ་པའི་རྟོག་པ་རྒྱུན་ཆགས་སུ་བྱུང་། ཉིན་མོའང་ཅུང་ཟད་ཡེངས་ན་བར་དོ་ཡིན་སྙམ་པའི་རྟོག་པ་ཁོ་ན་བྱུང་། ལོ་མཇུག་དགུ་གཏོར་འཚོགས་ལ་ཕྱིན་སྐབས་རེས་ཤིག་བན་གཞོན་ཧོར་ཆས་ཅན་རྒྱབ་ཏུ་མདའ་གཞུ་ཁུར་བ་ཞིག་བྱུང་ནས་ཡལ་སོང་བ་དང་། ཚེ་རིང་མ་བཏོན་སྐབས་གཞི་མདུན་དེར་བུད་མེད་གཡུ་རྒྱན་ཁོ་ནས་རྒྱབ་གང་བ་ཞིག་ཁ་ཕར་གྱུས་ནས་སྡོད་པ་མཐོང་བ་ནི་སྲུང་མའི་ལྟས་ཡིན་ནམ་སྙམ། ལྕགས་བྱི་གསར་ཚེས་ཆོ་འཕྲུལ་ཟླ་བར་དགེ་སྦྱོར་ལ་བརྩོན་འགྲུས་བྱས་པར་རྨིས་ལྟས་བཟང་པོ་དང་རྟགས་ཡོད་མང་དུ་བྱུང་། དབོན་རྒན་ཚང་ཅུང་ཟད་བསྙུན་པར་ཞབས་བརྟན་ཚེ་སྒྲུབ་སྐབས། ཤར་ཕྱོགས་སུ་ཟླ་བ་འཛིན་འདུག་པ་ཕྱེད་ཙམ་གྲོལ་སོང་བའི་འོད་ཟེར་ཤིན་ཏུ་གསལ་བ་འདུག །ཕྱེད་ཀ་གྲོལ་བའི་འོད་སུས་ཀྱང་མི་མཚོན་པ་འདི་ལྟ་བུ་ལ་ཐམས་ཅད་གྲོལ་ན་ཅི་འདྲ་བྱས་པར། བུད་མེད་འགས་ཐམས་ཅད་གྲོལ་ན་རིག་རྒྱུ་ཡོད་པ་འདི་རེད་དེ་ད་ནི་གྲོལ་ཐུབ་དཀའ་ཟེར་བ་ཞིག་རྨིས་པ་ཕྱིས་ཡུན་རིང་མི་བཞུགས་པ་ལ་བལྟས། ཡང་ལན་གཅིག་མགོ་བོར་གསེར་ལས་བྱས་པའི་རིགས་ལྔ་ཤིན་ཏུ་མཛེས་པ་ཞིག་གྱོན། ལག་ཏུའང་གསེར་གྱི་རྡོ་རྗེ་འདྲ་ཞིག་ཐོགས། སྒྲོམ་སྐས་གཟར་པོ་ཞིག་ལ་གར་སྟབས་རྣམ་འགྱུར་མང་པོ་བཅས་བབ་པས་གཤམ་དེར་ཀཾ་ནོར་བུ་སྔར་ལས་སྐུ་མདངས་སོགས་ལེགས་ཙམ་མཛད་ནས། སེམས་ཀྱི་ངོ་བོ་མཐོང་ཡང་དེ་ཙམ་གྱིས་འཁྲུལ་པ་མི་ལྡོག་པས། འགྲོ་དུས་དྲན་ཤེས་བསྟེན། འདུག་དུས་དྲན་ཤེས་བསྟེན། ཟ་འཐུང་སོགས་སྤྱོད་ལམ་རྣམ་བཞི་ལ་དྲན་པ་ཡང་ཡང་གསལ་འདེབས་བྱས་ན་གཉིད་དང་འཆི་བ་གཉིས་ལའང་སླེབས་འོང་བ་ཡིན་སོགས་གསུངས་པ་རྨིས། བླ་རྒན་ནོར་བུ་ཞི་བར་གཤེགས་པའི་ནངས་གཉིས་ཀྱི་ཐོ་རངས་སུ། ལྷ་ཁང་ཞིག་གི་ནང་མེ་ཏོག་དམར་ལྗང་སྤེལ་བའི་གདན་ཞིག་བཏིང་། མདུན་ཅོག་ཁར་རྡོ་རྗེ་སེར་པོ་ཁྲུ་གང་ཙམ་གོས་ཆེན་དམར་པོས་དྲིལ་བའི་ཡིག་པོད་ཅིག་བཞག་འདུག །དབོན་རྒན་ཕེབས་བྱུང་བ་ལ་འདི་སུའི་རེད་ཞུས་པ། གྲུབ་ཐོབ་ཀླུའི་བྱང་ཆུབ་རེད་གསུངས། དད་པ་མགོས་གཏུགས་ཏེ་བྱིན་རླབས་ཞུས་པ་རྨིས། སྐུ་གདུང་བསྲེག་རྒྱུའི་ཐོ་རངས་སུ། སྐུ་གདུང་གི་དབུ་ལ་རིགས་ལྔ་དཀར་པོ་དང་སྐུ་ལ་རུས་རྒྱན་དཀར་པོ་གསོལ་ནས་དྲེའུ་དཀར་པོའི་སྟེང་དུ་སྐྱིལ་ཀྲུང་བཞུགས། བུད་མེད་སྟོད་གཡོགས་སྨད་ཤམ་གོས་ཆེན་དཀར་པོ་ལས་བྱས་པ་མང་པོས་རྒྱ་གླིང་གི་བསུས་ནས་ཡར་དྲང་སོང་བ་རྨིས། ཡང་ནུབ་ཅིག །གཅན་གཟན་མི་ཟན་ཞིག་གིས་དེད་བྱུང་བར་རྒྱལ་དབང་ཀརྨ་པ་བཞུགས་པའི་ལྷ་ཁང་ཞིག་ཏུ་བྲོས་པས་དེར་ཡང་སླེབས་བྱུང་བ། ཧ་ཅང་སྐྲག་ནས་གསེང་ཞིག་ཏུ་གབ་པར། རྒྱལ་དབང་རིན་པོ་ཆེའི་ཞལ་ནས། ཁྱོད་རིག་པའི་གནས་ལྔ་ལ་མཁས་གྲུབ་ཀྱི་དབང་ཕྱུག་ཏུ་རེ་བ་ལ་འདི་ག་ཙམ་ལ་སྐྲག་པས་ཅི་ཡོང་། ངོས་སྔར་གདན་ས་མཐིལ་དུ་ཡོད་སྐབས་ཆོ་འཕྲུལ་འདི་ལན་གཅིག་བྱུང་བར་སྐུ་ཞབས་རིན་པོ་ཆེ་ཉིད་དུ་བསྒོམས་པས་ཞི་སོང་གསུངས། དེར་ཐུགས་ཤིན་ཏུ་མད་སྙམ་པ་དང་རང་སྔོན་དུ་ཕྱིན་འདུག་པས་པདྨ་ཉིན་བྱེད་དུ་བསྒོམས་ཤིང་གསོལ་བ་འདེབས་པའི་འཕྲོར་སད། ནག་ཟླའི་ཉེར་དགུར་དབོན་རྒན་རིན་པོ་ཆེའི་མདུན་ནས་ཁྲོ་ཆུ་དུག་གདོང་གི་སྲོག་དབང་གནང་། གཤིན་རྗེ་བཏོན་ན་མཐུ་ཁ་ཕོག །འགྲོ་དོན་ཕྲིན་ལས་འགྲིབ་འགྲོ་ཟེར་བའི་མནལ་ལྟས་བྱུང་གསུང་། དེ་སྐོར་མིག་ནད་ཅིག་བྱུང་བ་དེ་དྭངས་སོང་། འདི་སྐབས་ཤིག་ཏུ། དཔལ་ལྡན་རྨོག་ལྕོག་པའི་རྣམ་འཕྲུལ་སྦས་པའི་རྣལ་འབྱོར་ཀརྨ་ནོར་བུ་ཐོག་མར་མཇལ། ནི་གུ་ཆོས་དྲུག་ཁྲིད་གནང་བར་ཞུས་པས་མདོར་བསྡུས་ཤིག་གནང་ནས། ཉམས་ལེན་གལ་ཆེ། བཤད་པ་དང་ཁྲིད་ཡིག་མང་པོས་དགོས་པ་མེད། ཉམས་ལེན་བྱས་ན་རིམ་གྱིས་རྒྱས་པར་བྱེད་ཆོག་གསུངས། དེ་རྗེས་ལན་གཅིག་མཇལ་བར་སྔར་ལས་ཅུང་རྒྱས་པ་ཞིག་གནང་། ས་ག་ཟླ་བར་ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་བདུན་སྒྲུབ་བྱས་པར་ཚེ་ཀེག་ཡོད་པའི་འཚུབ་སློང་དང་། གྲུབ་ཐོབ་འགའ་ཞིག་མཇལ་བ་སོགས་བྱིན་རླབས་ཀྱི་ལྟས་མཚན་ཆེ་ཞིང་། དངོས་གྲུབ་ལེན་ཆོག་ནུབ། གྲུབ་ཆེན་ལཱུ་ཧི་པ་ཡིན་ཟེར་བའི་ཨཱ་ཙ་ར་སྐྲའི་ལྭ་བ་ཅན་གཅིག་གིས་མཆོད་རྟེན་བཤིགས་གསོ་སོགས་བརྟུལ་ཞུགས་ཆོ་རོལ་གྱི་སྤྱོད་པ་མང་པོའི་མཐར། ཁོང་གིས་སྤྱན་དྲངས་པའི་སྒྲོལ་མ་རྣལ་འབྱོར་མའི་རྒྱུད་ཡིན་གསུངས་པོ་ཏི་སྒྲིལ་ཚས་ཅན་ཞིག་གི་བྱིན་རླབས་ཐོབ་པར་རྨིས། འདི་སྐབས་དྲན་ཐང་དགོན་པའི་ཆོས་ཁྲིམས་ཤིག་བྱུང་བ་དང་བགྲོས་ནས་དྲན་ཐང་དུ་ཚེ་སྒྲུབ་ཉིན་འཚོགས་གཅིག་གཞག་རྒྱུ་བྱས་པ། རྗེ་པདྨའི་ཞབས་ཀྱང་ཐུགས་དགྱེས་པས་ཉིན་འཚོགས་གཅིག་དང་དཀྱིལ་ཐང་། ཙཀ་གདུགས་སོགས་གནང་། དཔོན་རྒན་ཚེ་འཕེལ་ནས་ཉིན་འཚོགས་གཅིག་དང་བརྒྱ་མཆོད་སོགས་བཞག །དེ་རྗེས་རྟེན་གཞག་མཁན་འགའ་རེ་བྱུང་བས་དེང་སང་ཉིན་འཚོགས་བདུན་ཙམ་ལོ་བསྟར་ཆག་མེད་རེད་འདུག །ཡང་ནུབ་ཅིག་བྲག་ཕུག་བསམ་ལས་འདས་པ་སྤྱོད་ཡུལ་ལྷ་ཁང་ལྟར་བཅོས་པ་གཉིས་ཀྱི་ནང་དུ་བཻ་རོ་ཙ་ནའི་སྐྱེ་བ་རྡོ་རྗེའི་མིང་ཅན་གཅིག་གི་སྐྱེ་བ་ལྔ་དྲུག་ཙམ་བརྒྱུད་པ་ཡིན་སྙམ་པའི་བླ་མ་ཞིག་ལན་རེ་རང་དང་དབྱེར་མེད་ཡིན་པ་ལྟ་བུ། ལན་རེ་ལོགས་སུ་ཡོད་པ་ལྟ་བུ་བྱུང་། ལོ་འདིར་དཔའ་བོ་བརྒྱད་པ་གཙུག་ལག་ཆོས་རྒྱལ་དགོན་དུ་ཞབས་བཀོད་པའི་མདུན་ནས་ཕྱག་ཆེན་རྒྱ་གཞུང་པོད་གཉིས་ཀྱི་ལུང་། སྨིན་གླིང་། ཆོས་གླིང་། ར་སྟོན། འཛི་སྒར་དགོངས་གཏེར་རྣམས་སྣེ་རེ་ཟུང་སོགས་དབང་ལུང་ཐོར་བུ་མང་དུ་ནོས། རེ་རེ་བཞིན་རྨིས་ལྟས་རེའང་བྱུང་། ཁྱད་པར་ཕྱག་ཆེན་རྒྱ་གཞུང་སྐབས་དཔའ་བོ་རིན་པོ་ཆེ་ཉིད་ཁྲི་མཐོན་པོ་ཞིག་ཏུ་བཞུགས་པའི་མདུན་དུ་ཚེ་རིལ་དང་ཤིང་ཏོག་སོགས་བསྲེས་པ་མང་དུ་བཞག་འདུག་པ་རྗེ་ཉིད་ཀྱི་སྙིམ་པས་གཅུས་ཏེ། རང་སོགས་བླ་མ་གསུམ་ལ་གནང་། རང་ལ་ལྷག་པར་མང་དུ་གནང་ཞིང་དར་དཀར་ཞིག་ཀྱང་བསྩལ་བ་རྨིས། ཞབས་ཕྱིར་བཞུགས་པའི་ཆོས་བདག་བསྟན་པ་དར་རྒྱས་ཀྱི་དབོན་བརྒྱུད་བླ་མ་ངག་དབང་བློ་གྲོས་ལས་འཇའ་ཚོན་ཆོས་སྐོར་དང་རྣམ་ཐར་སོགས་གང་ཡོད་ཀྱི་ལུང་ཚར་གཅིག་ཞུས། ཟླ་བ་དྲུག་པའི་ཚེས་ནང་ནུབ་ཅིག །ཁང་བཟང་བཀོད་ལེགས་རིམ་པ་མང་པོ་ཡོད་པ་ཞིག་གི་ནང་གནས་བརྟན་བཅུ་དྲུག་བཞུགས་འདུག་པ་ལ་གུང་ཚིགས་རེས་མོས་ཕུལ་དགོས་པར་འདུག །དེའང་ཉིན་རེ་བཞིན་འདྲ་མིན་རེ་འབུལ་དགོས་རྒྱུའི་རེས་པ་གསུམ་བཞིས་འབྲས་ཆན་སོགས་ཕུལ་སོང་། བདག་གི་རེས་མོས་ཉིན་འབྲས་ཆང་ཕུལ་དགོས་འདུག་པས། དངུལ་རྟིབ་ཤིན་ཏུ་ཆེ་བ་ཞིག་དྲི་བཟང་གིས་སྦགས་པའི་འབྲས་ཆང་གིས་བཀང་སྟེ་གྲལ་མགོར་གནས་བརྟན་ཡན་ལག་འབྱུང་བཞུགས་པ་ནས་རིམ་པར་དྲངས། ཕྱིར་ཉིན་རེས་པ་དེས་མེ་ཏོག་ཁུ་བ་དྲང་དགོས་ཟེར། ཞག་ཀྱང་གསུམ་བཞི་ཞིག་སོང་བའི་སྣང་བ་བྱུང་། ཡང་ནུབ་ཅིག་རྨི་ལམ་ཞིག་གི་རྐྱེན་བྱས་བར་སྣང་ལ་འགྲོ་བཞིན་པར། ཐོག་མེད་དུས་ནས་ད་ལྟའི་བར། །རང་སེམས་རང་ངོ་མ་ཤེས་པས། །སོགས་ནས། གཉིས་འཛིན་རྩད་ནས་ཆོད་པར་ཤོག །ཅེས་བྱ་བའི་བར་ཤྭ་ལོ་ཀ་ཕྱེད་ཉེར་བཞི་ཙམ་ཡོད་པའི་གཅོད་ཅིག་ཡིད་ལ་ཐོགས་མེད་དུ་ཤར་བ་འདོན་ཅིང་ས་ལ་བབ་པ་ན་གཞན་ཞིག་གིས་ཡི་གེར་ཡང་བཏབ་ནས་སྐྱབས་རྗེར་གཟིགས་འབུལ་ཞུས་སོང་བ། ལེགས་སོ་དང་གཞན་ལ་སྤེལ་འོས་པའི་བཀའ་གནང་བ་རྨིས། ཟླ་བ་བདུན་པར་དབོན་རྒན་རིན་པོ་ཆེ་སྒྲུབ་ཁང་དུ་ཕེབས། ཟླ་སྤྲུལ་གཙོས་པའི་བདག་ཅག་དད་འདུས་བདུན་ཙམ་ལ་མི་ཏྲ་བརྒྱ་རྩའི་དབང་རྣམས་བཀའ་དྲིན་དུ་བསྩལ་བ་ནོས། ཟླ་བ་དགུ་པའི་ནང་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་དུས་མིན་འཆི་ཟློག་གསོལ་འདེབས་དེ་ལ་ཕྱིས་ཀྱི་ཁ་སྐོང་འབྲེལ་ཆགས་མིན་མང་དུ་འདུག་པ་རྣམས་བསལ། བླ་མ་གྲུབ་ཐོབ་གནད་ཆེན་འགའ་རེ་གསར་འཛུད་བགྱིས་ནུབ། རྡོ་རྗེ་འཆང་པདྨ་ཉིན་བྱེད་ཐུགས་ཤིན་ཏུ་དགྱེས་པས་འཇམ་དཔལ་གཤིན་རྗེ་སྔར་མ་གྲགས་པ་ཞིག་གི་དབང་བསྐུར་རྫོགས་པར་མཛད། ཉིད་ཀྱི་ཐུགས་དམ་རྟེན་དང་པོ་སྐུ་བརྙན་ལ་སླར་སྐུ་དངོས་སུ་གྱུར་པའི་གཤིན་རྗེ་གཤེད་སྐུ་མདོག་མཐིང་ག །ཞལ་ལྔའི་གཡས་གཡོན་ལྗང་། སྟེང་ཞལ་དམར། དེ་སྟེང་ཞལ་དཀར། ཕྱག་བརྒྱད་མཚོན་ཆ་བསྣམས་ཤིང་སྐུ་ལ་སོའི་ཕྲེང་བས་བརྒྱན་པ་ཞིག་མཇལ། བྱད་མ་འགའ་ཞིག་འདུག་པ་རང་ཉིད་ཁྲོ་ཆུ་དུག་གདོང་དུ་གྱུར་ནས་ཕྱག་གི་སྟྭ་རེས་དེ་དག་བཅོམ། རིག་འཛིན་རྟ་མགྲིན་མགོན་པོ་འཛུམ་ཞིང་བརྗིད་ཆགས་པ་ཞིག་བྱོན་འདུག་པ་དང་ལྷན་ཅིག་སྣང་སྲིད་ལྷ་འདྲེ་བྲན་དུ་ཁོལ་བ་ཡིན་སྙམ་པ་དང་། ཁྱད་པར་མདོ་རྒྱལ་དངོས་སུ་ཡོད་པས་ཅི་བཅོལ་བཀའ་ལ་ཉན་ཅིང་། ཉི་མ་ཤར་ཅིང་སྤྲིན་དཀར་ལང་ལིང་དུ་འཁྲིགས་པ་ལས་ཁ་ཆར་སྣུམ་པར་འབབ་པ་སོགས་གསོལ་འདེབས་མཁན་བར་ཆད་ལས་རྒྱལ་བའི་རྟགས་ཡིན་ནམ་སྙམ་པ་བྱུང་། མཐོང་གྲོལ་ལྷ་ཁང་དུ་བཞུགས་པའི་ཕྱག་དཔེ་རྣམས་གསར་རྙིང་གི་དབྱེ་བ་དང་གོ་རིམ་ཆེར་མེད་འདུག་པས། དབོན་རྒན་རིན་པོ་ཆེ་ནས་འཁྲུགས་པ་བསལ་ནས་གསར་རྙིང་སྡེ་ཚན་དབྱེ་ཞིང་གོ་རིམ་བསྡེབས་པ་སོགས་དགོས་གསུངས་པ་ལྟར་ཉིན་གྲངས་མང་དུ་བགྱིས་པའི་སྐབས་ཁང་བཟང་བཀོད་ལེགས་ཀྱི་ཁྱམས་སུ་གདན་གྱི་ཁར་མཚུར་ཕུ་འཇམ་དབྱངས་ཆེན་པོ་བགྲེས་ཚུལ་ཅན་བཞུགས། དེ་མདུན་གདིང་བ་གྲུ་བཞིའི་སྟེང་ལོ་ཆེན་བསོད་ནམས་རྒྱ་མཚོ་བཞུགས་ནས་ཆོས་ཀྱི་འབེལ་གཏམ་མང་པོ་དང་། གསུང་རབ་འཁྲུགས་པ་བསལ་ལུགས་ཀྱི་རྒྱུ་མཚན་མང་ཞིག་གསུངས་པ་རྨིས། འདི་སྐོར་དབོན་རྒན་མདུན་ནས་ཀར་གླིང་ཞི་ཁྲོའི་དབང་ལུང་ཡོངས་རྫོགས། གནམ་ཆོས་དང་ཆགས་མེད་གསུང་སྐོར་ཉེར་མཁོ་འགའ་ཞིག །གཡུ་ཐོག་སྙིང་ཐིག་སོགས་དབང་ལུང་མང་དུ་ཞུས། ནུབ་ཅིག་རྗེ་ཀརྨ་ཆགས་མེད་དགེ་སློང་བག་དྲོ་བ་བགྲེས་ཚུལ་ཅན་གཅིག་མཇལ་བས་སྐྱེས་རབས་ཀྱི་ལུང་བསྟན་མང་ཙམ་གནང་བའང་རྨིས། ལོ་སྔ་རྗེས་འདི་སྐོར་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལན་གཉིས་ཙམ་ཕྲན་ལ་འཕྲད་པར་ཕེབས། སྒྲ་ཙཱནྡྲ་པའི་རི་མོ་ཐོར་བུ་སོགས་གསན། གུས་འདུད་ཆེན་པོ་གནང་འདུག །ཞལ་རས་མཇལ་བའི་ཐོག་མ་ཡིན། སྐབས་ཤིག་གནམ་ས་འབྲེལ་བའི་ཀུན་དགའ་ར་བ་བྲག་རིའི་རྣམ་པར་སོང་བ་ལྟ་བུའི་ནང་དུ་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་དངོས་འདྲ་བ་སྐར་མ་ཙམ་བཞུགས་འདུག་པའི་གཙོ་བོ་ཐུབ་པའི་དབང་པོས་ཕྱག་བརྐྱང་བ་ལ་དད་པས་སྤྱི་བོས་རེག་པ་རྨིས། ཡང་ནུབ་ཅིག །གཙུག་ཏོར་གདུགས་དཀར་གཙོ་མོ་དང་འཁོར་གྱི་ཁྲོ་མོ་འགའ་ཞིག་ཆེས་གསལ་ཞིང་། གཞན་རྣམས་ལམ་ཙམ་སྣང་བའི་ཞབས་མནན་ཕལ་ཆེར་གླང་པོ་ཆེ་མང་བ་ཞིག་མཇལ་བར་རྨིས་པའི་ཕྱིར་ནངས་བསྟོད་གསོལ་ཞིག་ཀྱང་བྲིས། ཟླ་བ་དགུ་པར་ཟླ་སྤྲུལ་མདུན་ནས་བླ་མ་དགོངས་འདུས་མཐོང་གྲོལ་སྒྲུབ་བཞེད་ཀྱིས་ཕྲན་ལ་གསུང་ནན་བསྩལ་པ་ལྟར། སྒ་རྗེ་བླ་མ་གསང་སྔགས་བསྟན་འཛིན་མདུན་ནས་དགོངས་འདུས་སྒྲུབ་ཆེན་དང་སྐོང་ཆོག་སོགས་ཀྱི་ཕྱག་ལེན་ཞིབ་ཁྲིད་ཞུས། སྒྲུབ་ཟིན་ཞིག་བྲི་དགོས་འདུག་པ་ཚེས་བཅུའི་ཉིན་ཚོགས་གཏོར་ཕུལ་ནས་གསོལ་བ་བཏབ་པའི་ནུབ། གནས་ཁང་ཡིད་དུ་འོང་བ་ཞིག་གི་གཡས་གཡོན་གྲལ་མགོར་རིག་འཛིན་རྒོད་ལྡེམ་དང་གནམ་ཆོས་མི་འགྱུར་རྡོ་རྗེ་གཉིས་དཀར་ཆས། དེ་འོག་ཡོན་དགེ་དང་རོལ་རྡོར་སྤྲུལ་སྐུ་ཡིན་ཟེར་བ་དགེ་སློང་ཆས་ཅན་གཉིས་བཞུགས་ནས་ཆོས་ཀྱི་བགྲོ་བ་མཛད་འདུག་པས་ངེས་ཤེས་ཆེན་པོ་སྐྱེས་པ་དང་། གསེར་གདུང་ལྷ་ཁང་སྟེང་དར་དཀར་པོ་གསུམ་ཕྱར། ལྷ་བསང་བཏང་བ་རྨིས། ལྷ་བབས་དུས་ཆེན་ལ་དགོངས་འདུས་སྒྲུབ་ཕྲན་དང་འབྲེལ་བའི་མཐོང་གྲོལ་སྒྲུབ་པ་ངེད་རང་དཔོན་སློབ་ལྔ་ཙམ་གྱིས་སྒྲུབ་པའི་ནུབ་ཅིག །མཁས་གྲུབ་ཀརྨ་ཆགས་མེད་བགྲེས་ཉམས་དགེ་སློང་གི་ཆ་ལུགས་ཅན་ཞིག་མཇལ་ནས་དགོངས་པ་འདུས་པའི་གནད་དོན་མང་དུ་བཀྲོལ་བ་རྨིས། དེ་རྗེས་ཉི་ཟླ་དང་དབེན་གནས་མཐོང་གྲོལ་བགྱིས་པའི་སྐབས་རྣམས་སུ་འགྲོ་ཕན་འབྱུང་བའི་ལྟས་མང་དུ་བྱུང་། དགུན་ཀ་མ་མགོན་ཞལ་སྦྱོར་གྱི་བསྙེན་མཚམས་བྱས་པར་ཐོག་མར་འཚུབས་ཆེ་ཙམ་ལ་ཕྱིས་སུ་གཞུང་མཐུན་གྱི་རྟགས་ཀྱང་ཁ་ཤས་བྱུང་། ལོ་མཇུག་དགུ་གཏོར་ལ་ཕྱིན། གསང་སྔགས་ནང་གཏོར་ཞིག་གི་སྐབས་སྣང་བ་འགྱུར་ནས་བསམ་ཡས་བར་ཁང་དུ་སླེབས་འདུག །དེར་མཁན་སློབ་ཆོས་གསུམ་དང་ལོ་པཎ་འགའ་ཞིག་བཅས་ཆོས་ཀྱི་བགྲོ་བ་མཛད་པའི་གྲལ་དུ་བདག་ཀྱང་འདུག་སྟེ་པཎ་གྲུབ་ཞིག་ཡིན་སྙམ་བགྱིད་པའི་ངང་ཡལ། བསྟོད་པའི་སྐབས་ཤིག་སྲས་མཆོག་ནག་པོ་མངོན་སུམ་ལྟ་བུ་ལམ་ཙམ་ཤར་བ་དང་། ལྷ་མོའི་བསྟོད་དབྱངས་སྐབས་ཅུང་ཟད་ཡེངས་པའི་མིག་ལམ་དུ། བུད་མེད་ཤིན་ཏུ་འཕྱོར་ཆས་ཅན་ཞིག་གིས་བདག་སོགས་ལ་འཛུམ་གྱིས་བལྟ་བའང་མཐོང་། ལྕགས་གླང་གསར་ཚེས་ནང་དགེ་སྦྱོར་གྱི་རྒྱུན་བསྐྱང་། ནུབ་ཅིག་བག་ཆགས་ཆེར་མེད་པ་ལ། རང་ཁྲོས་མ་ནག་མོ་སྐུ་རི་ཕྲན་ཙམ་གཡས་ཞིང་ལྤགས། གཡོན་ཐོད་པ་བསྣམས་པ་ཞིག་ཏུ་གྱུར་འདུག་པས་ཁམས་གསུམ་ཐམས་ཅད་ཞིང་ལྤགས་ཀྱིས་བརྡབས་ནས་ཟིལ་གྱིས་མནན་པ་དང་། གཞན་ཡང་འདི་སྐོར་ལྟས་བཟང་ཡ་མཚན་པ་མང་དུ་བྱུང་། ཚེས་བཅུའི་དུས་མཆོད་ནུབ། ཞིང་ཆེན་ལོ་ཏོག་ཤིན་ཏུ་ལེགས་པའི་ཕྱོགས་མཚམས་ཀུན་ནས་ཆུ་བཀྲམ་འདུག་པ་ཞིག་ནས་ཡར་བལྟས་པས་ལྷོ་ནུབ་ཀྱི་ནམ་མཁར་སྤྲིན་དཀར་གྲུ་བཞི་འཁྲིགས་པའི་དབུས་སུ་གུ་རུ་རིན་པོ་ཆེ་པདྨ་སཾ་བྷའི་ཆ་ལུགས་ཅན་བཞུགས་པ་གསལ་བར་མཇལ་བ་རྨིས། ཚེས་བཅོ་ལྔར་མོས་ལྡན་བཅུ་བདུན་ཙམ་ལ་བྱང་སྡོམ་ཞིག་ཕོག་པའི་ནུབ། ངེད་ཅག་རྣམས་ཀྱིས་དར་པོ་ཆེ་རྒྱལ་མཚན་གྱི་ཏོག་ཡོད་པ་ཞིག་བཙུགས་པར་རྨིས་པ། ཕྱིས་ནས་བྱང་སྡོམ་ལུགས་གཉིས་ལན་གྲངས་མང་པོ་རེད་སོང་བ་དགེ་བའི་ལྟས་སུ་མངོན། དཔྱིད་ཀ་སྦྱིན་བདག་ཇ་སྦྲ་ཚང་ནས་འབོད་པར་ཕྱིན། རིམ་གྲོ་འགའ་ཞིག་བསྒྲུབ། བྱད་ལྟས་དང་རྒྱལ་ལྟས་སོགས་འཚུབས་སེ་བ་ཞིག་འདུག །གཡང་སྐྱབས་བཅའ་སྐབས་ལྟས་བཟང་ཞིང་ཁྱད་པར་གཡང་སྒོ་བསྡམ་སྐབས་རྟེན་སྒམ་བཞག་པའི་སྒམ་ནང་དེར་ནས་བྲེ་ཆེན་གང་ཙམ་གློ་བུར་དུ་བབས། ཕྱིས་ནས་ལོངས་སྤྱོད་ཀྱང་ཇེ་འཕེལ་དུ་སོང་། ས་ག་ཟླ་བར་དབོན་རྒན་རིན་པོ་ཆེའི་བཀའ་བཞིན་བདག་ཅག་འདུས་པ་བཞི་ཙམ་གྱིས་གནམ་ཆོས་དགེ་འདུན་འདུ་བའི་ཙཀྲ་སྒྲུབ་པའི་ནུབ་ཅིག །ལྷ་ལྡན་ཡིན་ཅེས་པའི་གཙུག་ལག་ཁང་ཆེན་པོ་བསམ་ལས་འདས་པ་ཞིག་གི་ནང་དུ་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་གྱིས་གང་བའི་མདུན་དང་སྤྲོ་བའི་དགེ་འདུན་གྲངས་མེད་པས་སོ་ཐར་གྱི་ལས་ཆོག་མཛད་པ་ལ་བདག་སོགས་མང་པོས་ཕྱག་འགྱེད་ཞུ་བའི་གྲབ་ཤོམ་བྱེད་པ་རྨིས། དབོན་རྒན་མདུན་ནས་སྟག་ཤམ་བདུད་འདུལ་དྲག་མོའི་དབང་བསྐུར་ཞུས་ནུབ་ཀྱང་རྨིས་ལྟས་ཤིན་ཏུ་ལེགས་པ་བྱུང་། ཁོང་ལ་དབང་སྡུད་ཤོག་དྲིལ་གྱིས་བཀང་བའི་ཟངས་གྭ་ཞིག་འདུག་པ་ཕྲན་ལ་བྱིན་པ་རྨིས་གསུངས། ཕྱིས་སུ་བསྙེན་པ་བྱེད་པ་ནི་མ་བྱུང་། ངེད་ནས་གསོལ་བ་ཆེད་དུ་བཏབ་པ་ལྟར་ཟླ་བ་དྲུག་པའི་ནང་སྒྲུབ་ཁང་དུ་ཕེབས་ནས་བདག་སོགས་འདུས་པ་བདུན་ལ་བླ་མ་དགོངས་པ་འདུས་པའི་སྨིན་གྲོལ་ཡོངས་རྫོགས་བཀའ་དྲིན་བསྩལ། འདི་སྐབས་ཁྲི་མཐོན་པོར་རྡོ་རྗེ་འཆང་པདྨ་ཉིན་བྱེད་སྣམ་སྦྱར་གསར་པ་ཞིག་མནབས་ནས་བཞུགས། བདག་ལ་ཆོས་གོས་གསེར་གྱི་ཧ་རིས་ཅན་ཅུང་ཟད་རྙིང་པ་ཞིག་བཀོན་ནས་མངའ་གསོལ་གནང་བ་རྨིས། ཟླ་སྤྲུལ་ནས་དབང་ལུང་དེ་ལྟར་ཐོབ་ཕྱིན་སྨན་སྒྲུབ་ཅིག་མ་ཐོན་ཐབས་མེད་གསུངས་ནས་ཁོང་ལ་དེ་སྐབས་ཕྱག་རྫས་ཆེ་བ་མེད་ཀྱང་མ་གཞི་མཛད། ཕྲན་ཅག་ཁ་ཤས་ཀྱིས་གང་འབྱོར་བསྡུས། སྨན་མགྲོན་ནས་སྨན་ཆས་བཏང་། སྐྱབས་མགོན་རིན་པོ་ཆེའི་མདུན་ནས་གནང་སྦྱིན་བསྩལ་བ་བཅས་གྲ་ལམ་ཙམ་འགྲིགས་ནས་ཐ་སྐར་ཟླ་བར་དབོན་རྒན་རིན་པོ་ཆེས་རྡོར་སློབ་མཛད། བླ་མ་བཟང་བཏུས་གཙོར་བཞུགས། དཔོན་སློབ་ཉེར་ལྔ་ཙམ་གྱིས་བླ་མ་དགོངས་འདུས་ཀྱི་སྨན་སྒྲུབ་ཚུགས་པའི་ཕྱི་མཚམས་རྒྱན་བཀོད་སོགས་ཀྱི་ནུབ་འཚུབས་སློང་ཁ་ཤས་དང་། དབོན་རྒན་ནས་རལ་གྲི་ཞིག་གིས་བདག་གི་མགོ་བོ་རྒྱ་གྲམ་དུ་གཤགས་ཏེ་ཁྲག་དང་ཆུ་སེར་མང་པོ་བཏོན་སོང་བ་རྨིས། དངོས་གཞིའི་ནུབ་ཅིག་རིན་པོ་ཆེའི་རྒྱན་ལྡན་གྱི་ཕྲེང་བ་གཉིས་རྙེད། དེའི་རྐྱེན་གྱིས་རྨི་ལམ་ཡིན་པར་དྲན་ཏེ་པདྨ་བཛྲ་མཇལ་དུ་འགྲོ་ཞེས་འཕུར་ནས་ཕྱིན་པས། བར་སྣང་ནས་སྒྲ་སྙན་པོ་ཞིག་གིས་ཁྱོད་འགྲོ་མི་དགོས། པདྨ་བཛྲ་པཎ་ཞུ་མནབས་ཤིང་ཀ་པཱ་ལ་བསྣམས་པ་དེ་འདིར་མངོན་སུམ་དུ་བཞུགས་ཡོད་དོ་ཞེས་གྲགས་པ་དང་སད། ཡང་ལན་གཅིག །རྗེ་དགུ་པ་དབང་ཕྱུག་རྡོ་རྗེ་ཤིན་ཏུ་གསལ་བ་མཇལ་བ་ལ་གུས་པས་བཏུད་པ་ན་ཕྱག་རྒྱ་ཆེན་པོའི་རྡོ་རྗེའི་ཚིག་རྐང་མང་དུ་གསུང་བྱུང་བས་ཡིད་ལ་དགའ་བ་ཚད་མེད་པ་སྐྱེས་པ་དང་། ལན་གཅིག་སྨན་གྱི་ལྗང་བུ་མང་དུ་འཁྲུངས་པའི་ས་ཕྱོགས་ཞིག་ཏུ་རྗེ་དབོན་འཚོ་བྱེད་བསམ་གཏན་ཡིན་ཅེས་པའི་བགྲེས་ཉམས་སྐུ་ཟིལ་ཅན་ཞིག་གིས་སྨན་གྱི་བགྲོ་གླེང་ཡ་མཚན་ཅན་མང་དུ་མཛད་པ་དང་། དངོས་གྲུབ་ལེན་ཆོག་ནུབ་མོར་བུད་མེད་གཞོན་ནུ་མ་གཅེར་བུ་གསུམ་བྷ་ག་ལ་མཛུབ་མོས་བཀབ་ནས་མདུན་དུ་འདུག་པ་དང་། གཏེར་ཆེན་ཆོས་རྗེ་གླིང་པ་བྱིན་རླབས་ཀྱི་ཟིལ་དང་འཛུམ་བག་ཅན་གྱིས་སྨན་སྒྲུབ་ཀྱི་བགྲོ་གླེང་མང་དུ་གནང་བ་དང་། བཟའ་བཏུང་གྱ་ནོམ་པ་བཤམ་པ་སོགས་བྱིན་རླབས་ཀྱི་མཚན་ལྟས་ཡིད་ཆེས་པ་བྱུང་། ལར་སྔོན་གྱི་ལས་འབྲེལ་ཅུང་ཟད་ཡོད་པའམ་གང་ལྟར་གཏེར་ཆོས་གང་དང་ཡང་མི་མཉམ་པ་བླ་མ་དགོངས་འདུས་འདི་ལ་སྔ་རྗེས་ནམ་དུའང་བྱིན་རླབས་ཀྱི་མཚན་མ་རེ་ངེས་པར་འབྱུང་བ་ཞིག་བཞུགས་པར་སྣང་། དེ་རྗེས་ཤིག་སློབ་མ་འགའ་ཞིག་ལ་དམ་པའི་འཇམ་དབྱངས་ཀྱི་རྗེས་གནང་ཞིག་བྱས་པའི་ནུབ་རྗེ་བཙུན་ཀརྨ་ཆགས་མེད་དགེ་སློང་བགྲེས་ཉམས་ཅན་ཞིག་གི་ཞལ་ནས། ཡི་དམ་རེ་ལྟོས་ཐུགས་རྗེ་ཆེན་པོ་ལ་བྱེད་པ་ལེགས། འཆི་ཀར་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སྙིང་རྗེས་ལེན། འཇིག་རྟེན་ལ་བློ་ཚུར་མི་ལྡོག་པའི་ནུས་པ་ཡོད། འཇམ་དབྱངས་སྒྲུབ་ན་དེ་འདྲའི་ནུས་པ་འོང་ཟིན་མེད། འོན་ཀྱང་ས་འོག་ཏུ་སྤྱོད་པ་གསུམ་ཡོད་གསུང་མ་ཐག་ས་སྤྱོད་དེ་རྣམས་མཐོང་བ་འདྲ་ཞིག་ལ། ཕ་དམ་པ། ཛམ་ལྷ། ནོར་རྒྱུན་མ་གསུམ་ཀའི་སྐུ་མདོག་དམར་སེར། རྒྱན་ཆ་ལུགས་རྫོགས་པ་ཅན་མཇལ་བས་དད་པ་སྐྱེས་པ་ཞིག་རྨིས། ཟླ་བ་བཅུ་པའི་ཚེས་བཅུ་དགུ་རྒྱལ་ཕུར་འགྲུབ་སྦྱོར་ཉིན་རྡོ་རྗེ་ཕུར་པའི་གཞི་བསྙེན་ཚུགས་པའི་སྐབས་ཤིག །རི་ངོགས་ཉམས་དགའ་བ་ཞིག་ཏུ་མེ་ཏོག་སྔོན་པོས་གང་འདུག་པ་ཡུན་ཞིག་ནས་དཀར་པོ་དྲིལ་ཆུང་ལྟ་བུར་གྱུར་སོང་བའི་དབུས་སུ་རྗེ་པདྨ་ཉིན་བྱེད་བཞུགས་འདུག་པ་ལ། རང་གི་ཐུ་བར་མེ་ཏོག་མང་དུ་བཏུས་ནས་མཆོད་པ་རྨིས། ལན་གཅིག་རྒྱལ་དབང་ཐེག་མཆོག་རྡོ་རྗེས་ཁོང་གིས་ཆུ་བོ་ཞིག་གིས་གཏེར་བཏོན་པའི་ཡིད་བཞིན་ནོར་བུའི་རིགས་ཡིན་ཅེས་སྨུག་རིལ་མཐེ་བོང་ཙམ་ཞིག་བསྩལ་བ་དང་། ཐོ་རངས་སྐབས་ཤིག་ཉི་མ་སྐྱིད་པོ་ཞིག་འཆར་འདུག་པ་ལ་རྨི་ལམ་བཟུང་ནས་སྐྱབས་རྗེ་པདྨའི་ཞབས་ཀྱི་བཞུགས་གནས་ལ་བསྐོར་བ་ཞིག་བྱས་ནས་འོངས་པའི་ལམ་དུ། ཌཱ་ཀི་མི་མོའི་གཟུགས་ཅན་ཞིག་གིས་དགའ་བའི་རོལ་རྩེད་སྟོན་དུ་བྱུང་བ་ལ་ཡི་དམ་ཡབ་ཡུམ་གྱི་གསལ་སྣང་གིས་དགའ་བཞི་བརྟན་པོར་འཆར་བ་བྱུང་། མགོ་ཟླའི་ཚེས་བརྒྱད་ལ་བདག་ཁང་བཟང་ཞིག་གི་སྟེང་དུ་འདུག་པ་ནས་ཕར་བལྟས་པས་བྱང་ཤར་མཚམས་ཀྱི་རི་ལྟོང་སྤྲིན་དུད་འཁྲིགས་པའི་དབུས་སུ་སྲིན་མགོན་ཐོད་ཕྲེང་ཅན། དེ་འོག་ཞིང་སྐྱོང་དབང་པོ་གཉིས་ཀ་ཡབ་རྐྱང་མཐིང་ག །དེ་འོག་རྡོ་རྗེ་བྲག་བཙན་གཅེར་བུ་ཁྲོ་ཆས་ཅན་སྙིང་ཞགས་ཐོགས་པ་ཞིག་མཐོང་། མཐར་དུ་མུན་ལྟ་བུས་བསྒྲིབས་ནས་མི་མངོན་པར་ཡལ་བ་རྨིས། ཕུར་བསྙེན་གྲོལ་ཉེར་འཆི་ལྟས་ཁ་ཅིག་ཀྱང་བྱུང་། རྒྱལ་ཟླའི་ཉེར་ལྔ་སྐོར་ནས་དཔོན་རྒན་བསྙུན་གྱིས་ཟིན། ཆུ་སྟག་ཟླ་བ་དང་པོའི་ཚེས་ཉེར་ལྔ་ལ་གཤེགས་སོང་བ་སྔ་སོར་ནས་བར་དོའི་ངོ་སྤྲོད་དང་། འདས་སྐབས་བཏགས་གྲོལ་སོགས་ནུས་པ་གང་ཡོད་ཐབས་དྲགས་བགྱིས། ཤུལ་ཡོད་ནས་ཀྱང་སྐུ་ཆས་བྱ་སྐྱེས་སྨྱུག་སྒྲོན་གྱིས་དགོངས་རྫོགས་ལེགས་པར་གྲུབ་སོང་། དཔོན་རྒན་འདི་ཉིད་འབྲུག་ཐམས་ཅད་མཁྱེན་པའི་དགེ་སློང་སྡོམ་པ་གཙང་། རྗེ་པདྨ་ཉིན་བྱེད་སོགས་ལ་དད་གུས་བློས་ཁེལ་ཞིང་། ཁ་ཏོན་བཟླས་བརྗོད་ལ་ནམ་ཡང་ཆག་འཕྲི་མེད་པ་བསྙེན་སྒྲུབ་འགའ་ཞིག་ཀྱང་གྲུབ། རྟེན་བཞེངས་ཚོགས་གསོག་ཤིན་ཏུ་རྒྱ་ཆེ་ཞིང་ཅི་ཡོད་ཆོས་ཕྱོགས་སུ་བཏང་། སྲོག་གཅོད་སོགས་སྡིག་པ་ཆེན་པོ་དང་ནམ་ཡང་མ་འདྲེས། འཆི་ཁར་མཚམས་སྦྱོར་བཟང་བས་སྐྱེ་གནས་བཟང་པོ་མི་འགྱུར་ཐབས་མེད་སྙམ། རང་ལ་ནི་ཕ་མ་ལས་ཀྱང་དྲིན་ཆེ་བ་ཡིན། ཞག་བརྒྱ་ཚང་དུས་ཕུར་བསྙེན་གྲུབ་ནས་གྲོལ། བདུན་ཚིགས་བཞི་པར་བླ་མ་དགོངས་འདུས་ཀྱི་སྐོང་ཆོག་དང་སྒྲིབ་སྦྱོང་ཡེ་ཤེས་འོད་འཕྲོ་བགྱིས་པའི་སྐབས་གཤིན་པོའང་བདེར་གནས་འཁོད་པའི་ལྟས་དང་། ནུབ་ཅིག་བུད་མེད་དཔྲལ་བ་ན་མིག་གཅིག་ཡོད་པ། དེ་ནང་གཟུགས་བརྙན་སྣ་ཚོགས་མེ་ལོང་ལྟར་འཆར་བ་ཞིག་བྱུང་། ཕན་ཚུན་བརྡ་ཚིག་མང་དུ་བརྗོད་པའི་རྗེས་སུ་བུད་མེད་བཟང་མོར་གནས་འགྱུར། ཁང་བཟང་སྒོ་བཞི་ཡོད་པའི་དབུས་སུ་སྙོམས་པར་ཞུགས་ནས་སྒོ་བཞིར་སྐུ་བཞིར་སྤྲུལ་ནས་ལས་བཞི་སྒྲུབ་རྩིས་ལ་ཞི་རྒྱས་ཀྱི་སྐུ་གཉིས་སྤྲུལ་ཟིན་ནས་འཁྲུལ་སྣང་དེངས་ལ། ཟླ་བ་གསུམ་པའི་ཚེས་གཅིག་ནས་སྟོད་འཚང་ལྟ་བུའི་ནད་ངོས་གཟུང་དཀའ་བ་ཞིག་གིས་ཐེབས་ནས་ཉིན་རེ་ད་རེས་འཆི་ངེས་རེད་སྙམ་པ་རེའང་བྱུང་། ཟླ་བ་བཞི་པ་ནས་ཅུང་དྭངས་པས་གནམ་ཆོས་ལོ་མ་ཅན་གཏོར་སྒྲུབ་དང་། ཚེ་གསང་ཕྱི་སྒྲུབ་ཀྱི་བསྙེན་པ་རེ་བགྱིས་པར་ལྟས་ལེགས་པ་མང་དུ་བྱུང་། ནུབ་ཅིག་བླ་མ་ཞིག་གི་གསུང་བརྟགས་ཡིན་ཟེར་བའི་ཤོག་དྲིལ་གཅིག་གི་ནང་དུ་བར་ཆད་འཕྲང་གསུམ་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་བཏབ་པའི་ཐུགས་རྗེས་སྒྲོལ་ན་ཚེ་ལོ་བདུན་ཅུ་ཡར་བརྒལ་ཐུབ་ངེས་ཟེར་བ་འདུག །དགོང་རེ་བཞིན་བར་ཆད་ལམ་སེལ་གྱི་གསོལ་འདེབས་དང་མོས་གུས་བྱས་པས་རེས་ཤིག་ཨོ་རྒྱན་བར་ཆད་ལམ་སེལ་གྱི་ལྷ་ཚོགས་རྣམས་ཡིན་སྙམ་པ་དང་རིག་འཛིན་མཁའ་འགྲོ་ནམ་མཁའ་གང་བ་བཞུགས་སྙམ་བྱེད་པས། ཁོ་བོ་ལ་གསོལ་བ་འདེབས་ནུས་ན་ཐབས་གཞན་མི་དགོས། རྣམ་པ་ཀུན་ཏུ་ཐུགས་རྗེས་འཛིན་པ་ཡིན་སོགས་གསུངས་པ་རྨིས། ལན་གཅིག་རྡོ་རྗེ་རྩེ་དགུ་དང་ཕུར་པ་ཁྲུ་གང་ཙམ་རྙེད་པ་རྐེད་དུ་བཙུགས་ནས་ཁང་པ་ཞིག་ཏུ་ཕྱིན་པ་ན། མཁན་ཆེན་བོ་དྷི་སཏྭ་དང་། ཁ་ཆེ་པཎ་ཆེན་གཉིས་དར་དཀར་རེའི་སྟེང་དུ་བཞུགས་པ་གྲོགས་ཞིག་དང་ངེད་གཉིས་ལ་གདམས་ཀ་བཅོལ་འདུག་པ། རང་ནས་མཁན་ཆེན་གདམས་ཏེ་ཕྲག་པར་ཁུར། ཕྱི་རོལ་ཏུ་མི་མང་པོ་ལ་སྟོན་ཅིང་། སངས་རྒྱས་ཀྱིས་བྱང་ཆུབ་ཕྲག་པ་ལ་ཐོགས་པར་འགྱུར་རོ་ཞེས་པ་འདི་ཡིན་ནོ་སྨྲ་བ་རྨིས། བླ་མ་གསང་སྔགས་མདུན་ནས་རད་གླིང་གི་རྟ་ནག་སྲོག་གཏད་ནོད། གླིང་སྟོད་གྲྭ་ཁང་ཞིག་ཏུ་སྤོས་ནས་རྟ་ནག་བསྙེན་སྐབས་རྨི་ལམ་དུ་བསྐྱེད་པའི་གསལ་སྣང་བརྟན་པོས་གདོན་ཐུལ་རྟགས་ཀྱང་བྱུང་། ཟླ་བ་ལྔ་པའི་ཚེས་བཅོ་ལྔའི་ཐོ་རངས་སུ། ལྗོངས་ཤིག་ཏུ་སྟོན་པ་ཤཱཀྱ་ཐུབ་པ་བཞུགས་པའི་འཁོར་དུ་ཆུ་ཀླུང་འོད་སྲུང་སོགས་དགྲ་བཅོམ་པ་མང་པོས་བསྐོར་བའི་གྲལ་དུ་བསྡད། སྟོན་པས་ཆོས་ཤིག་གསུང་རྒྱུ་ཡོད་ཤོམས་ཀྱིས་མཆོག་ཟུང་གཉིས་ཀྱང་ཉེ་བར་ཕེབས་མཚམས། བདག་ཡིད་ཤིན་ཏུ་གུས་པས་སྟོན་པའི་མདུན་དུ་པུས་བཙུགས་ཐལ་སྦྱར་གྱིས་དཀོན་མཆོག་རྗེས་དྲན་ཚར་གཅིག་བཏོན་པ་རྨིས། ཨ་ལོ་དིལ་མགོ་ཚང་གིས་འབོད་པར་ཕྱིན། ཞི་ཁྲོའི་ཆོ་ག་ཚུགས་སྐབས་ཕྱིས་འབྱུང་གི་ལྟས་ནུབ་རེ་བཞིན་རྨིས་བྱུང་། ནུབ་ཅིག་ཆུ་ཆེན་སྔོ་དྭངས་ཤིག་བརྒལ་ནས་བྲག་དཀར་ཞིག་གི་གནས་སྒོ་ཕྱེས་པར་ཞིང་སྐྱོང་ཡབ་ཡུམ་མི་ནག་སེང་གེའི་དབྱིབས་ཅན་གཉིས་ཀྱིས་གཡས་སྐོར་བྱས་ནས་བྲག་ལ་ཐིམ། གནས་དེའི་ནུབ་ནས་ལྷ་ཆེན་ལྕམ་དྲལ་མི་དམར་ལྕགས་ཀྱུ་ཐོགས་པ་རེ་བྱུང་བ་ལ་བཀའ་བསྒོ་བྱས་པ་དང་། ཡང་ནུབ་ཅིག་རྒྱ་གར་ཡུལ་དུ་ཕྱིན་འདུག་པ་ཚེ་ལམ་དཔལ་རི་ཡིན་ཟེར་བ་ཞིག་ནས་གྲོགས་འགའ་དང་བཅས་རྡོ་རྗེ་ཕག་མོའི་ཚོགས་འཁོར་ཞིག་བྱས། སཾསྐྲྀཏའི་སྐད་སྨྲ་བའི་ངོ་ཤེས་གཉིས་འདུག་པ་ལ་རྡོ་རྗེ་གདན་དང་བྱ་རྒོད་སྤུངས་རིར་འགྲོ་ས་ཨི་ཡོད་བྱས་པས་བྱ་རྒོད་སྤུངས་རིར་ནད་ཡམས་ཡོད། རྡོ་རྗེ་གདན་དུ་ཡུལ་གྱི་རྒྱལ་པོས་ཁྲིམས་སྡོམ་པས་འགྲོ་ས་མེད། པདྨ་བཀོད་སོགས་འགྲོ་ས་འདི་ཡིན་ཅེས་མང་དུ་སྨྲ་ཞིང་མཛུབ་མོའི་བརྡས་མཚོན་པའང་རྨིས། ཟླ་བ་དྲུག་པའི་ཚེས་བཞིའི་ཐོ་རངས་སུ། ལྷ་ཁང་ཞིག་གི་ནང་ཁྲི་ལྔའི་དབུས་མར་རྒྱལ་དབང་བཅུ་པ་ཆོས་དབྱིངས་རྡོ་རྗེ་ཁྲི་སྙན་ས་ལེའི་པགས་པ་གསོལ་བ། ཆས་གཞན་སྤྱི་མཚུངས། དེ་གཡས་རྒྱལ་ཚབ་གྲགས་པ་མཆོག་དབྱངས་གཞོན་ཚུལ་སྐུ་ཤ་དཀར་ཞིང་སྤྱན་རྩ་དམར་བ་དབུ་ཞྭ་དམར་སེར། དེ་གཡས་ཞྭ་དམར་ཆོས་ཀྱི་དབང་ཕྱུག་སྐུ་ལྷུན་ཆགས་ཤིང་མཐོང་གྲོལ་དབུར་བཞེས་པ། རྒྱལ་བའི་དབང་པོའི་གཡོན་དུ་རྡོ་རྗེ་འཆང་པདྨ་ཉིན་བྱེད་སྐུ་དབྱིབས་སོགས་དཀྱུས་དང་མི་འདྲ་བ། དབུ་ཞྭའང་དམར་ནག་ཁ་དོག་འགྱུར་འགྲོ་བ། དེ་འོག་དཔའ་བོ་བཞུགས་རྩིས་ལས་སྐུ་དངོས་མ་གསལ། དེ་ཐམས་ཅད་བག་དྲོ་ལྷུན་ཆགས་དང་བ་འདྲེན་པ་མཇལ་བ་རྨིས། འདི་སྐོར་སྐྱབས་མགོན་རྗེ་ནས་ཅུང་ཟད་འཚུབས་གསུང་རྗེ་ཉིད་དབུར་བཞུགས་ཀྱིས་བླ་བླུ་ཞིག་ཀྱང་བཀའ་དྲིན་བསྩལ་འདུག །ཚེས་བརྒྱད་ནས་ཆམས་རིམ་ཞིག་གིས་གསར་དུ་ཐེབས་ཏེ་ཐུ་ཚབས་ཆེ་བ་བྱུང་ཡང་ཕུགས་སྐྱོན་མ་བྱས། སྐྱབས་རྗེའི་མདུན་རི་ཁྲོད་གོང་མར་སྡོད་ནས་རེ་ཞིག་མཚམས་སྒྲུབ་བྱེད་ཆོག་པའི་དགོངས་ཁྲོལ་ཞུས་པ་ཐོག་མར་དཀའ་ཙམ་ལ་མཐར་ལོ་གསུམ་སྡོད་ཆོག་པའི་ཞལ་བཞེས་ཐོབ། བཅའ་ལག་ཆེ་ཕྲ་གང་ཡོད་སྤང་དག་བྱས་ནས། སྐུ་རྟེན་བླ་མ་དགོངས་འདུས་བཀའ་སྲུང་དང་བཅས་པའི་ཞལ་ཐང་གྲ་ཚར་ཆེ་ལེགས་བཅུ་གཅིག །གསུང་རྟེན་བརྒྱད་སྟོང་གསེར་བྲིས་པོད་གཅིག །ཐུགས་རྟེན་སཱཙྪ་འབུམ་ཐེར་བཅས་བཞེངས་རྒྱུའི་གྲབ་ཤོམ་བྱས། ཡང་ཁྲོད་དུ་རྗེ་ཆོས་ཀྱི་འབྱུང་གནས་སྐབས་སྒྲུབ་ཁང་དང་སྒྲུབ་གྲ་ཡོད་པར་སྣང་ཡང་ཕྱིས་དབོན་སྤྲུལ་དབང་གི་རྡོ་རྗེས་སྒྲུབ་ཁང་འོག་མ་ཚུགས་ཕྱིན་གོང་མ་བདག་མེད་ལྟ་བུས་འཐོར་ཞིག་སོང་ནས་ཁང་པའང་ཧྲལ་ཧྲུལ་ཙམ་ལས་མི་འདུག་པས་སྟོན་རྒྱབ་ཉིན་གཅིག་ལྟ་རྟོག་དང་ལྷ་བསང་གཏང་བར་ཕྱིན། དེ་སྐབས་བགྲོད་ལམ་གསལ་བ་མེད་ཀྱང་སྒྲུབ་ཁང་ལྟག་ཏུ་ཕྱིན་དུས་བྱ་རྒོད་ཅིག་འདུག་པ་གྱེན་དུ་སོང་བའི་རྗེས་སྙེགས་ནས་ཕྱིན་པས་ལྟོང་ཁ་ཞིག་ནས་ཤར་དུ་ཁ་གཏད་འཕུར་སོང་བ་དེ་ནས་ཕྱིར་བལྟས་པས་རི་ཁྲོད་ཡོད་ས་མཐོང་། དེར་ཕྱིན་ནས་བསང་བརྔན་བཏང་བས་རྟགས་དང་རྟེན་འབྲེལ་བཟང་པོ་བྱུང་། དེ་རྗེས་བྱེས་གྲྭ་ཡིད་མཐུན་རེ་ཟུང་གིས་གྲོགས་བྱས་ནས་སྔོན་གྱི་བླ་བྲང་ཁང་ཤུལ་དེར་ཁང་ཆུང་མཚོན་བྱེད་ཙམ་བཟོ་ལས་བགྱིས་པའི་ནུབ་ཅིག །གཟན་ཤམ་གཟབ་སྤྲོད་བཅས་ཁྲོམ་ཚོགས་ཤིན་ཏུ་མང་པོ་ལ་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་ཆེན་བགྱིས། གཏོར་དབང་རྫས་རྟགས་རྣམས་ཉི་མ་ཕྱི་བས་སང་ཉིན་བསྐུར་བྱས་དེ་མཚམས་ལུས་པ་རྨིས་པ་ཕྱིས་འབྱུང་བྱེད་ལས་ལ་བལྟའམ་སྙམ། ནུབ་ཅིག་ལྷ་ཁང་བག་དྲོ་ཞིག་ཏུ་རྒྱལ་དབང་བཅུ་བཞི་པ་བཞུགས་པའི་སྐུའི་གཡས་ཕྱོགས་སུ་སྐྱེས་རབས་ལྟ་བུའི་ཐང་སྐུ་འགའ་ཞིག་བཀྲམ་འདུག །སྐུའམ་རྗེ་ཉིད་ཀྱི་གསུང་གང་ཡིན་མ་འབྱེད་པར། སེམས་ནི་དམ་པའི་སྐྱེས་བུས་ལུང་བསྟན་པ། །ཞེས་པའི་སྒྲ་ཤིན་ཏུ་གསལ་བ་ཞིག་གྲགས་པ་འདི་ལའང་གོ་རྒྱུ་ཞིག་ཡོད་པར་སྣང་། དེ་རྗེས་བླ་བྲང་མཐར་བྲིས་པ་རེ་ཟུང་དང་བཅས་དཔེ་དེབ་སྒྲིག་སྐབས་ཧོར་ཁོག་ནས་རུ་དམ་དང་གླིང་ཚང་གི་བར་ས་གཡོས་མི་བཟད་པ་བྱུང་བས་ཆག་སྒོ་ཆེན་པོ་བྱུང་སོང་ཡང་འདི་སྐོར་ཉེས་སྐྱོན་མ་བྱུང་། འདི་སྐབས་ཚིགས་བཅད་དུ་བྲིས་པ་ཞིག་རྣམ་ཐར་དོན་བསྡུས་ལྟ་བུར་སྣང་བས་འདིར་ཡང་བར་སྐབས་ཀྱི་ཚིགས་སུ་བཅད་པར་བཀོད་པ་ནི། བླ་མ་པད་འབྱུང་ཛམ་གླིང་གྲགས། །ཡི་དམ་རྗེ་བཙུན་སྒྲོལ་མའི་ཞབས། །མཁའ་འགྲོ་ཆོས་སྐྱོང་མ་ལུས་པ། །གཅིག་བསྡུས་པདྨ་ཉིན་བྱེད་ཞབས། །སྙིང་དབུས་བྱང་ཆུབ་བར་དུ་བཞུགས། །རྟོགས་གྲོལ་དུས་མཉམ་དངོས་གྲུབ་སྩོལ། །མཁའ་མཉམ་འགྲོ་བ་འདྲེན་བྱིན་རློབས། །ལས་དཀར་རྣམ་སྨིན་དཀར་བ་ཡིས། །མི་ལུས་ཐོབ་ཅིང་ཆོས་དང་མཇལ། །འོན་ཀྱང་སྨོན་ལམ་ཁྱད་པར་གྱིས། །མཐའ་འཁོབ་བོན་གྱི་ཡུལ་དུ་སྐྱེས། །རིག་གནས་བསླབ་སྦྱང་མང་བྱས་ཀྱང་། །མཁས་པའི་རྩེར་སོན་བློ་མཐུ་མེད། །འཆད་རྩོད་མོས་ཀྱང་རྣམ་དཔྱོད་ཆུང་། །སྡོམ་གསུམ་ཡོངས་རྫོགས་ཞུས་ན་ཡང་། །ཕྲ་རགས་ཉེས་ལྟུང་ཆར་ལྟར་བབ། །བཤགས་སྡོམ་དག་ཀྱང་ཚད་མ་ཕྱིན། །སྒྲུབ་ལོ་སྒོམ་ལོ་མང་ན་ཡང་། །རྟགས་ཚད་མཐའ་རུ་མ་ཕྱིན་པས། །གདིང་ཁེལ་མྱོང་བ་མོ་གཤམ་བུ། །ཐོག་མེད་དུས་ནས་གོམས་གོམས་པའི། །ངན་རྟོག་དབྱར་ཁའི་ཆར་ལྟར་བརྡོལ། །ལག་ལེན་འབད་མེད་ངང་གིས་ཐེབས། །མི་དགེ་བཅུ་པོ་ཞར་ལ་འགྲུབ། །ཡོན་ཏན་རི་བོང་རྭ་ལས་དཀོན། །དམ་པ་མིན་པའི་སྤྱོད་ཡུལ་ཅན། །ཆོས་མིན་ཆོས་ལྟར་བཅོས་པའི་གསོབ། །སོ་སྐྱེ་བདག་འདྲའི་རྣམ་ཐར་ཡིན། །དེ་ལྟ་ན་ཡང་རྩ་གསུམ་མཐུས། །ཆུང་ནས་བློ་ཁ་དགེ་ལ་ཕྱོགས། །བོན་པོ་བསྐྱུར་ནས་ཆོས་སྒོར་ཞུགས། །དེང་སང་དགེ་སྦྱོང་ལྟ་སྤྱོད་ཀྱིས། །མ་ཚིམས་གནའ་བོའི་རྗེས་སུ་སྨོན། །རིས་མེད་བསྟན་བཅོས་དུ་མ་བལྟས། །མཁས་གྲུབ་རྣམ་ཐར་མང་པོ་མཇལ། །གྲགས་རྗེས་རྒྱུག་པའི་ཕྱོགས་ཞེན་གྱིས། །དཔེ་ཆ་མཐོང་ཡང་མི་བཟོད་པར། །བཟང་ངན་སྨྲ་བ་བླུན་པོའི་ལུགས། །ཤེས་ནས་གསར་རྙིང་ཕྱོགས་མེད་ཀྱི། །དགོངས་པའི་ཕུགས་ལ་བྲོ་བ་མྱོང་། །རྒྱལ་བསྟན་ཀུན་ལ་དག་སྣང་སྦྱངས། །ཆོས་སྤངས་ཁུར་དུ་ལྕི་སྙམ་མེད། །གྲོང་ཆོག་དབང་བསྐུར་སྒྲིག་འདོན་སོགས། །ཆོས་བརྒྱད་ཅན་གྱི་ཆོས་ལུགས་ལས། །སྤོང་ཀློག་ཁོ་ན་གཅེས་པར་གོ །རིག་གནས་བསླབ་བྱ་ཐམས་ཅད་ལས། །ནང་དོན་མདོ་རྒྱུད་ཁོ་ནར་དད། །བསྟན་བཅོས་ལས་ཀྱང་བཀའ་ལ་མོས། །ཟབ་མོའི་གདམས་ངག་དུ་མ་ཡང་། །བཀའ་ལ་མ་ཚང་མེད་པར་གོ །དྲང་དོན་ལས་ཀྱང་ངེས་དོན་དང་། །དེ་ལས་མཐར་ཐུག་དབུ་མར་མོས། །སྤྱོད་པ་ལས་ཀྱང་ལྟ་བར་དད། །རང་ལས་གཞན་དོན་གཅེས་པར་གོ །ཀློག་པ་ལས་ཀྱང་སྤོང་བར་དད། །ལུང་རིགས་ཤིན་ཏུ་མཁས་ལས་ཀྱང་། །སེམས་རྒྱུད་ཅུང་ཟད་ཐུལ་ན་དགའ། །མདོ་ལས་གསང་སྔགས་ཚུལ་ལ་དད། །དེ་ཡང་བླ་མེད་ལྟ་སྤྱོད་ནི། །ཐོས་མཐོང་ཙམ་གྱིས་བ་སྤུ་གཟིང་། །ཆོས་འགལ་གོ་འཕང་མཐོན་པོ་ལས། །ཉམ་ཆུང་ཁྱི་ལྟར་ཤི་ལ་སྨོན། །རྟག་ཏུ་ཕུག་སྟོང་གྲོག་སྟོང་དུ། །མཉམ་པར་བཞག་བཞིན་འཆི་ན་བསམ། །མདོ་སྔགས་ལྟ་སྤྱོད་ཟབ་མོ་རྣམས། །ཉམས་སུ་ལོན་པའི་སྐལ་མེད་ཀྱང་། །ཐེ་ཚོམ་འཁུ་འཕྲིག་སྤུ་ཙམ་མེད། །ཟབ་རྒྱས་ཆོས་ཚུལ་སྣ་ཚོགས་པ། །རང་གིས་ལག་ཏུ་མ་ཐེབས་ཀྱང་། །མི་དགོས་སྙམ་པའི་བློ་ངན་མེད། །རྒྱུད་ལུང་མན་ངག་རྒྱ་ཆེའི་དོན། །ཅིག་ཅར་སྒྲུབ་པར་ནུས་མིན་ཀྱང་། །མི་ནུས་བསྐྱུར་སྙམ་ཞུམ་པ་མེད། །དོན་རྣམས་ཅིག་ཅར་མ་གོ་ཡང་། །རིམ་གྱིས་གོ་རྟོགས་སྐྱེ་རུང་བའི། །བློ་གྲོས་ཡོད་ཕྱིར་སྤོང་བློ་མེད། །རྒྱལ་བའི་ཐབས་མཁས་གནད་རིག་པས། །འདི་བདེན་གཞན་ནི་གཏི་མུག་ཅེས། །རང་འདོད་སྤྱི་བརྟོལ་སྤོབས་པ་མེད། །རང་བློ་ལྐོག་ཏུ་མ་གྱུར་པས། །འཕགས་པ་མིན་པར་རང་ཡིད་ཆེས། །དེས་ན་སོ་སྐྱེའི་དབང་བྱས་ཚེ། །དེ་ཙམ་ཆོས་དང་མཐུན་པར་རློམས། །ཆོས་མཐུན་བྱ་བཏང་རི་ཁྲོད་དུ། །འགྲིམས་ནས་འཆི་ཁར་མི་འགྱོད་ཅིག །གཞན་གྱིས་མ་བསྐུལ་ཟློག་མེད་བློ། །ཆུང་ངུའི་དུས་ནས་ལྷན་སྐྱེས་ཡོད། །ཆོས་མིན་རྣམ་གཡེང་ཁོ་ནའི་ངང་། །ཉིན་མཚན་ཚེ་ཡི་གསེག་བདར་གྱིས། །ཚེ་སྲོག་མྱུར་དུ་བསྟུངས་པ་དང་། །མཐུན་གྲོགས་འཁོར་སློབ་སྐྱ་སེར་ཀུན། །ང་སྐྱོན་ཁྱོད་ལ་ཁྱོད་སྐྱོན་ང་། །སྙིགས་མའི་ཚུལ་གྱིས་ཞེ་ལྡོག་ཅིང་། །རང་ལ་ཆོས་ཀྱི་གོ་རྟོགས་སམ། །ཆོས་མཐུན་སྤྱོད་པ་ཟོལ་མེད་ནི། །སྣེ་གཅིག་ཙམ་མམ་ཉམས་རྟོགས་གདིང་། །ཅུང་ཟད་མེད་ཀྱང་གཤིན་གསོན་གྱི། །དཀོར་ནག་ཁོ་ན་ཟ་གྱོན་བྱེད། །ད་དུང་དབང་ལུང་ཁྲིད་ཀ་སོགས། །དམ་ཆོས་བཙོང་ནས་ཟང་ཟིང་སྒྲུབ། །གཞན་ཡང་རྒྱལ་བས་བདུད་ཀྱི་ལས། །རྣམ་པ་དུ་མར་གསུངས་པ་རྣམས། །ལག་ཏུ་འབད་མེད་ཐེབས་འདུག་པས། །རི་དྭགས་གལ་ལ་ཚུད་པ་ལྟར། །སྔངས་སྐྲག་འགྱོད་པས་གདུང་བའི་ཡིད། ཁྱོ་བོ་ཤི་བའི་ཡུགས་ས་ལྟར། །ཅི་བྱ་གང་དྲགས་སྙམ་པའི་ཚེ། །སྔོན་ལས་འཕྲལ་རྐྱེན་གྱིས་བསླངས་པའི། །བརྟག་དཀའི་བྲོ་ནད་ཚབ་པོ་ཆེས། །དོ་ནུབ་འཆི་འམ་ནངས་སྔ་ཞེས། །དབང་མེད་དང་ནི་མི་རྟག་དང་། །བག་ཡོད་སྐུལ་བའི་སློབ་དཔོན་བྱུང་། །གང་ཞིག་འཕུར་ལ་ཉེ་བའི་བྱ། །རླུང་གིས་མྱུར་དུ་བསྐྱོད་པ་ལྟར། །དབེན་ལ་འཕྲལ་དུ་སྦྱོར་བའི་ནད། །ཡི་དམ་བསྒྲུབས་པའི་མཆོག་མིན་ནམ། །ཞེས་སོ། །རང་གི་བསམ་པའི་ཞེ་ཕུགས་འདི་ལྟར་ཡིན་ཀྱང་ཕྱིས་ནས་གཞན་གྱི་རྐྱེན་དབང་ཁོ་ནར་ཤོར་ནས་རྣམ་གཡེང་ཇེ་འཕེལ་དུ་སོང་བས་བགྲང་བྱ་མཐོ་བཞིན་བློ་མི་བདེ་བར་གྱུར་པས་ད་ནི་མི་ཚེ་ཕྱི་མར་དེ་ལྟར་འགྱུར་བའི་སྨོན་ལམ་ཙམ་དུ་ཟད་དོ། །དཀོན་སྤྱིའི་དབང་སྔར་ནས་ལན་གྲངས་མང་དུ་ནོས་ཀྱང་བརྒྱུད་པའི་ཁྱད་པར་ལ་བསམ་ནས་སྐྱབས་རྗེ་རིན་པོ་ཆེའི་མདུན་ནས་དཀོན་སྤྱིའི་དབང་བསྐུར་ཞུས། ཡང་ཁྲོད་ཀྱི་མིང་ཡང་ཀུན་བཟང་བདེ་ཆེན་འོད་གསལ་གླིང་ཞེས་པ་གནང་། ཡང་ཁྲོད་དུ་ཕྱིན་སྐབས་གོས་ཧྲུལ་ཆ་ཚང་། ཇ་རྡུམ། ནས་ཞོ་ལྔ་ཙམ་ལས་ཅིའང་མེད་ཀྱང་གྲོགས་དན་ཞིག་དང་བཅས་ལྷ་བབས་དུས་ཆེན་གྱི་ཚེས་བཅོ་ལྔར་སྒྲུབ་པའི་དབུ་བརྩམ། ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་སྔོན་འགྲོ་རིག་འཛིན་ཆེན་པོའི་ཁྲིད་ཡིག་ལྟར་རིམ་པར་བསགས། ཕྱག་དང་སྐྱབས་འགྲོ་སྦྲེལ་མར་འབུམ་ཐེར་གསོག་སྐབས་ནུབ་ཅིག་ཁ་བའི་གཡང་ས་ཤིན་ཏུ་གཟར་པོ་ཞིག་ནས་བྲུལ་ལ་ཉེ་བར་འདུག་པས་ཡ་ང་བའི་སྐབས་སྟེང་ཐོག་དེར་རིག་འཛིན་ཚེ་དབང་ནོར་བུ་བག་དྲོ་ཞིང་འཛུམ་མདངས་ལྡན་པ་ཞིག་བཞུགས་འདུག་པས་ཕྱག་གིས་འཐེན་ནས་ཤིན་ཏུ་བདེ་བའི་ཐང་དུ་ཕྱིན་པ་དང་། ནུབ་ཅིག་དམྱལ་བ་མནར་མེད་དུ་ཕྱིན་ནས་ཤིན་ཏུ་ཡ་ང་བ། གཞན་ལ་སྙིང་ནས་བརྩེ་བས་བཏང་ལེན་དམིགས་པ་བྱེད་བཞིན་རྨི་ལམ་ཡིན་པར་ཤེས་མ་ཐག་ཁང་བཟང་ཞིག་ཏུ་སླེབས་པ་དང་། ཡང་ཅིག་དབོན་རྒན་ཚང་ནས་ཕྱིན་དྲུག་གི་ཁྲུས་མཛད་པའི་ཚིག་མཇུག །ཚེ་འདས་བདག་གིས་ཁྲུས་གསོལ་ལོ་གསུངས་པས་ཚིག་དེ་མ་དག །སྐལ་ལྡན་བུ་ལ་ཁྲུས་བགྱི་འོ། །གསུང་དགོས་ཞུས་པས་ངོ་གནོང་བ་འདྲ་མོས་གཞན་ཞིག་ཏུ་ཕེབས་སོང་བ་རྗེས་བསྙེགས་པས་སླར་ཡང་ཟངས་གཞོང་ཞིག་ཏུ་ཁྲུས་ལེགས་པར་གནང་བ་རྨིས། དེ་ནས་མི་རིང་བར་རྗེ་ཉིད་ཞིང་ཁམས་ཕེབས་སོང་བས་ཁྲུས་ཚིག་དེའི་ལྟས་སུ་སྣང་། ནུབ་ཅིག་ཆུ་ཆེན་ཟམ་པ་ཅན་གྱི་ཕ་རི་ནས་མི་མང་པོ་ངན་འགྲོར་འགྲོ་བ་རེད་ཟེར་མཐུར་དུ་འགྲོ་འདུག །དེ་རྣམས་རང་གིས་འདྲེན་དགོས་པ་རེད་ཟེར་བས་ཚུ་རིའི་རི་རྩེ་ནས་རྡིལ་བུ་མང་པོ་ལ་མ་ཎི་དང་སིདྡྷི་སོགས་བཏབ་ནས་གཏོར་བས། མང་པོ་ཞིག་རང་གི་རྗེས་སུ་སླེབས་བྱུང་བ་ཁྲིད་ནས་ལུང་པ་ཕུའི་གནས་རི་ཞིག་ལ་འཛེགས་པས་བྲག་ཕུག་གོང་འོག་གཉིས་འདུག་པར་ཨོ་རྒྱན་ཡབ་ཡུམ་བཞུགས་སྐད། འོག་མའི་བུག་སྒོ་ནས་མཚོ་རྒྱལ་གྱི་ཞལ་རས་མཇལ་འདུག་པ་ལ་གུས་པས་བཏུད་ནས་དབང་ཞུས་པས་བྱིན་རླབས་ཁྱད་པར་ཅན་བསྩལ་བ་སོགས་རྨིས། ཉི་ལྡོག་སྐབས་ལོ་བསྟར་ཕུར་བསྙེན་ཞག་བདུན་དང་གཏོར་ཟློག་བྱས་པའི་ནུབ་མོ་གཅིག་ལྷ་ཁང་ཆེ་ལེགས་དབུས་སུ་དཔལ་ཆེན་རྡོ་རྗེ་གཞོན་ནུ་དུ་མུན་ལྟ་བུས་ཅུང་ཟད་སྒྲིབ་པ། གཡས་གཡོན་རྣམས་སུ་ཁྲོ་བཅུ་ཤེལ་ལ་ཉི་ཟེར་ཕོག་པ་ལྟ་བུ་ཐོག་ཚད་གཉིས་གསུམ་ཙམ་པ་མཇལ་བའི་སྐབས་དེར། རྗེ་བཙུན་ཏཱ་ར་ནཱ་ཐ་སྐུ་ཤ་ཅུང་ཟད་རིད་པའི་ཉམས་ཅན་ཞིག་ཕེབས། ཕུར་པ་ཞིག་བདག་གི་མགོར་བཞག་ནས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ས་མ་ཡ་ཨཱ་ཝེ་ཤ་ཡ་སྟྭཾ། ཞེས་གསུངས། ཁྱོད་ནས་ཀྱང་སྔགས་ཤམ་འདི་བཏགས་ན་བྱིན་རླབས་མྱུར་བ་ཡིན་གསུངས་པ་རྨིས། རྗེ་བཙུན་མའི་བསྙེན་པ་ཞག་བདུན་ཁ་གསོ་བགྱིས་སྐབས། ཀློང་ཐང་སྒྲོལ་མར་སྲོང་བཙན་སྒམ་པོས་བཞེངས་པ་ཡིན་ཟེར་སྒྲོལ་དཀར་གསེར་སྐུ་མི་ཚད་ཙམ་མཇལ་བ་ལ་ཤིན་ཏུ་དད་པས་བཏུད་པར། དེ་ཉིད་རྗེ་བཙུན་མ་གཟི་མདངས་འབར་བ་མངོན་སུམ་དུ་གྱུར། མུན་ནང་ཞིག་ཏུ་ཁྲི་གདན་ཅུང་ཡོ་བ་ལ་བཞུགས་པ་རྨིས། སྔར་ནས་འཆི་ལྟས་མང་ཞིང་འདི་སྐོར་འཆི་ལྟས་མང་། བུད་མེད་མང་པོ་དང་ཚོགས་ཀྱི་འདུ་བ་ལ་སྤྱོད་པ་ཡང་ཡང་རྨིས་པ་ཕལ་ཆེར་སུན་མའི་ལྟས་སུའང་མངོན་པས་འཆི་བླུ་ཞིག་ཀྱང་བྱས། རྒྱལ་ཟླའི་ཉེར་དགུར་དབོན་རྒན་གློ་བུར་དུ་ཞི་བར་གཤེགས་འདུག་པས། ཆུ་ཡོས་ཟླ་བ་དང་པོའི་ནང་དགོངས་རྫོགས་སུ་བླ་མ་དགོངས་འདུས་ཀྱི་སྐོང་ཆོག་ཞག་བདུན་བཏང་། འདི་སྐབས་མཆོད་འབུལ་སོགས་ནི་བརྡ་མཚོན་ལས་འབྱོར་པས་དབེན། སླར་སྐྱབས་རྗེའི་མདུན་ནས་བདུན་གཅིག་འདོན་རྟེན་གནང་བའང་བསྒྲུབས། སེམས་བསྐྱེད། རྡོར་སེམས། མཎྜལ་སོགས་ཀྱི་སྐབས་སུའང་གཞུང་མཐུན་གྱི་རྨི་ལམ་ཡང་ནས་ཡང་དུ་བྱུང་། བླ་མའི་རྣལ་འབྱོར་དང་ཚིག་བདུན་གསོལ་འདེབས་སྐབས་སུ་སེམས་དོན་བོགས་སྐྱེད་ཅུང་ཟད་ཐོན། འདི་སྐོར་སྔར་དབྱར་ངོ་གཉིས་ཙམ་དུ་ཐབས་ཤེས་ཁ་སྦྱོར་དང་གྲོ་ལོད་ཀྱི་སྤར་གྱི་མ་དཔེ་སོགས་ཞུ་དག་མང་པོ་ཞབས་ཕྱི་ཞུས་པའི་གཏང་རག་ཡིན་གསུང་སྐྱབས་རྗེའི་མདུན་ནས་མར་ཁལ་ལྔ་ཙམ་གནང་བ་དང་། འདི་སྐོར་ནས་ལོ་ཤས་བར་ཇ་སྦྲ་ཚང་ནས་ཆས་སྣའི་མཐུན་སྦྱོར་བགྱིས་པ་ལ་བརྟེན་འཚོ་བས་མ་ཕོངས་ཙམ་བྱུང་། བླ་བྲང་ཕོག་དང་གྲྭ་མང་དཀོར་སྐལ་སོགས་གནང་བར་འདུག་མོད་གཅིག་ཀྱང་མ་ཞུས་པས་འདི་ཕན་དཀོར་སྒྲིབ་ཆུང་བ་ཡོད། རང་ཡུལ་དུ་ས་གཡོས་སྐྱོན་གྱིས་ཁང་ནོར་ཐམས་ཅད་ཤུལ་མེད་བཏང་འདུག་པས་མ་རྒན་ཀྱང་ཕྱིར་སླེབས་བྱུང་བས་ཡིག་དྲུག་བཏོན་ནས་མཉམ་དུ་བསྡད། བླ་མའི་རྣལ་འབྱོར་སྐབས་ཡིན་སྙམ་ནུབ་ཅིག་ཆགས་མེད་མཆོག་སྤྲུལ་བསྟན་འཛིན་ཕྲིན་ལས་དེས་བཀའ་བརྒྱད་ཀྱི་དབང་ལུང་ཚང་བ་ཞིག་ཡུད་ཀྱིས་གནང་བའི་རྗེས། སྒྲུབ་ཁང་ལིང་རྩེ་དགུ་པ་ཞིག་ཏུ་ཕྱིན་པར་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་གཙོ་འཁོར་རྣམས་མངོན་སུམ་ལྟ་བུར་བཞུགས་པ་དང་། ཁྱད་པར་པདྨ་གསུང་གི་ལྷ་ཚོགས་བཀའ་སྲུང་དང་བཅས་པ་ཤིན་ཏུ་གསལ་བ་མཇལ་བར་རྨིས། ལོ་འདིའི་དབྱར་ཐོག་བླ་མ་ཀརྨ་ནོར་བུ་ཕེབས། ཤངས་ལུགས་བདེ་མཆོག་ལྷ་ལྔའི་དབང་། ཉིད་ཀྱི་ཡིག་སྟེང་ནས་ཆོས་དྲུག་གི་བྱིན་རླབས་སོ་སོ། མགོན་པོ་བར་ཆད་ཀུན་སེལ་གྱི་བཀའ་རྣམས་དང་། ཆོས་དྲུག་ཁྲིད་རྒྱས་འབྲིང་བསྡུས་པ་ཁ་སྐོང་བཅས། ཕྱག་ཆེན་གྭའུ་མ་དང་། སྐྱེས་བུ་གསུམ་གྱི་ལམ་རིམ། བློ་སྦྱོང་དོན་བདུན་མའི་ཁྲིད་རྣམས་རྗེ་བཙུན་རིན་པོ་ཆེའི་ཡིག་སྟེང་ནས་ཞིབ་ཁྲིད་དུ་བསྩལ་བ་ཐོབ། ཉིད་ཀྱི་ཉམས་མྱོང་ཡང་ཐར་ཐོར་གསུངས། ཕྱིས་སུ་བླ་བྲང་དུ་ཞལ་མཇལ་བྱུང་བས་ཐུགས་དགྱེས་ཚོར་ཆེན་པོ་མཛད། ཉིད་ཀྱི་ཉམས་རྟོགས་འཁྲུངས་ཚུལ་རྒྱས་པར་གསུངས། ཉམས་ལེན་མ་འཆུགས་དང་ངེད་རང་རྣམས་མཁའ་སྤྱོད་ཞིང་དུ་ལྷན་ཅིག་འཚོགས་འོང་གསུངས། དེ་རྒྱབ་སྐུ་གཤེགས་པས་མཇལ་མ་ཐུབ་པ་ལ་དགོངས་འདུག །ཟླ་བ་བརྒྱད་པའི་ནང་རྗེ་བཙུན་བླ་མ་དམ་པ་ཀརྨ་འོད་གསལ་འགྱུར་མེད་ཞལ་སྔ་ནས་ཇོ་ནང་རྗེ་བཙུན་རིན་པོ་ཆེའི་གསུང་སྐོར་གྱི་དབང་ལུང་གནང་རྒྱུ་མཛད་འདུག་པར་གླིང་སྟོད་དུ་ཕྱིན། ཟླ་སྤྲུལ་རིན་པོ་ཆེ་སོགས་འདུས་པ་བཅུ་སྐོར་ལ་དཔལ་དུས་ཀྱི་འཁོར་ལོ་གཙོ་བོར་གྱུར་པའི་རྒྱུད་སྡེ་བཀའ་འབུམ་དུ་གང་བཞུགས་ཕལ་མོ་ཆེའི་དབང་དང་ལུང་པོ་ཏི་ལྔ་དྲུག་བཅས་ཟླ་བ་གསུམ་ཙམ་ལ་གནང་། འདི་སྐབས་རྨི་ལམ་ཡ་མཚན་འགའ་ཞིག་དང་བྱིན་རླབས་ཀྱི་བབ་ཆེན་པོ་བྱུང་། དེ་མཚམས་ཡང་ཁྲོད་དུ་སླར་ཕྱིན་ནས་ཉི་ལྡོག་སྐབས་ཕུར་བསྙེན་བགྱིས་པའི་ནུབ་ཅིག་ལྷ་ཁང་རྒྱ་གར་ལུགས་ཁྱམས་ལ་སོ་ཕག་གི་གཅལ་བཀྲམ་པའི་ལོགས་སུ་ཁ་ཆེ་པཎ་ཆེན་གྱི་ཤངས་མཚལ་ལས་པཎ་ཆེན་ཉིད་ཀྱིས་ཕྱག་བྲིས་མཛད་པ་རེད་ཟེར་བའི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ་བརྙན་བལ་བྲིས་ལྟ་བུ། གཡས་གཡོན་སྙིང་པོས་བཀང་བ་ལ་མཇལ་བས་གཟི་བརྗིད་ཇེ་ཆེར་སོང་ནས་མཐར་བལྟ་བར་མི་བཟོད་པ་ཞིག་རྨིས། གཏོར་ཟློག་སོགས་གྲུབ་པའི་ཕྱིར་ནངས་ཐོ་རངས་ཉམས་ཀྱི་སྣང་བར། བྲག་ཕུག་ཡངས་པ་ཞིག་གི་སྒོ་ནས་ནམ་མཁར་བལྟས་པས་སྤྲིན་ལས་གྲུབ་པ་ལྟ་བུའི་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་མདུན་དུ་ཕུར་སྲུང་རེ་ཏི་དྲེལ་ཞོན་མ་ཆེས་གསལ་བ་ཞིག་མཇལ་ནས་སད། དེའི་ཕྱིར་ཉིན་རྗེ་པདྨའི་ཞབས་ཀྱི་ཕྱག་བྲིས་བསྩལ་བར། ཀུན་བདེ་གླིང་གི་ནགས་ཁྲོད་ན། །ཀུན་མཁྱེན་གྲུབ་དབང་དབེན་གསུམ་ལ། །མངའ་བརྙེས་གང་ཁྱོད་བདུད་བཞི་ཡི། །གཡུལ་ལས་རྣམ་པར་རྒྱལ་གྱུར་ཅིག །ཅེས་སོགས་ཟོལ་བསྟོད་འགའ་ཞིག་ཀྱང་ཕེབས་པས་བྱིན་རླབས་ཀྱི་བབ་ཆེན་པོ་དང་ལྡན་པར་སྣང་། དེ་མཚམས་དཀོན་མཆོག་སྤྱི་འདུས་ཀྱི་ཕྱི་སྒྲུབ་ཚུགས་སྐབས་ནུབ་ཅིག་ཀུན་མཁྱེན་དོལ་པོ་སངས་རྒྱས་མཇལ་བ་ལ་དད་པས་བཏུད་དེ་བྱིན་རླབས་བསྩལ་བ་དང་། སྡིག་པ་དག་ལྟས་སོགས་མང་དུ་བྱུང་། ཤིང་འབྲུག་གསར་ཚེས་ནས་ཟླ་བ་དྲུག་པའི་བར་ནང་སྒྲུབ་ལ་རྩེ་གཅིག་ཏུ་བརྩོན་སྐབས་སྔ་རྗེས་རྨིས་ལྟས་བྱུང་བ་ནི། ཐོ་རངས་ཉི་ཟླ་གཉིས་དུས་གཅིག་ཏུ་ཤར་བྱུང་བས་པད་ཞྭ་དང་གོས་བཟང་ཞིག་གྱོན། ཁང་སྟེང་ནས་གྱེན་དུ་ཕྱིན་པ་རྡོ་རྗེ་འཆང་པདྨ་ཉིན་བྱེད་འཚོགས་དབུས་ཤིག་ཏུ་བཞུགས་འདུག་པ་ལ་ཕྱག་བྱས་ནས་སྐུའི་གཡོན་དུ་བསྡད་པས་ཉིད་ཀྱི་ཕྱག་ཕྲེང་རཀྴའི་ཕྲེང་བ་བསྩལ། བརྡའི་ལུང་བསྟན་འགའ་དང་ལེགས་སོའི་དབུགས་དབྱུང་བསྩལ་བ་རྨིས། ནུབ་ཅིག་རྗེ་བཙུན་ཏཱ་ར་ནཱ་ཐ་སྐུ་ཤ་རྒྱས་ཤིང་སྐུ་མདངས་དམར་བ་བོངས་ཐུང་ལ་གཟི་བརྗིད་ཆེ་བ་ཞིག་ཕེབ་བྱུང་བར། འདི་ནི་གྲུབ་པ་བརྙེས་པ་ཡིན་པས་ཡེ་ཤེས་འཕོ་བའི་དབང་བསྐུར་ཞུ་དགོས་སྙམ་ནས་ཞུས་པས་ཕྱག་གཉིས་མགོ་ལ་བཞག་ནས་བྱིན་རླབས་ཤིག་གནང་། ད་དུང་ཁོང་གཙང་ལ་བཞུགས་ཡོད་པས་རིམ་པར་འགྲུལ་བྱེད་ཆོག་གསུངས་ནས་ཕེབས་སོང་བ་དང་། ལན་གཅིག་ཀཿཐོག་པ་བྱམས་པ་འབུམ་པ་སྐུ་བོངས་ཐུང་ལ་སྐུ་ཤ་རྒྱས་པ་ཞིག་ཕེབས་བྱུང་བ་རང་ལ་ཐུབ་སྐུ་ལོངས་སྤྱོད་རྫོགས་པ་ཞིག་འདུག་པ་དང་སྲུང་བ་སོགས་ལ་རབ་གནས་ཞུས་པ་དང་། ནུབ་ཅིག་སྡོད་གནས་ཀྱི་ཁང་སྟེང་དེ་ནས་བལྟས་པས་ཤར་གྱི་རི་ལྟོང་གི་དབུས་སུ་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོ་ཕྱག་ས་གནོན། གཡས་སུ་སྤྱན་སྔ་ཆོས་གྲགས་ཕྱག་མཉམ་གཞག །གཡོན་དུ་བསྟན་པའི་ཉིན་བྱེད་ཕྱག་ཆོས་འཆད་ཅན། སྐུ་ཆས་དབུ་ཞྭ་སོགས་དཀྱུས་ལྟར་ལ་སྐུ་ཚད་རི་བོ་ཆུང་ངུ་ཙམ་རེ་ཡོད་པ་མཇལ་བ་དང་། ལན་གཅིག་བཱ་སུ་མི་ཏྲ་དང་ཙཱནྡྲ་གོ་མཱི་སོགས་ཡིན་ཟེར་རྒྱ་གར་གྱི་པཎ་ཆེན་མང་པོ་ཚོགས་པ་ཞིག་མཇལ་བ་དང་། ལན་གཅིག་ཁང་ཆུང་ཞིག་གི་ནང་དམ་པ་རྒྱ་གར་བལ་ཐུལ་གསོལ་ནས་བཞུགས་འདུག་པ་ལ་གུས་པས་བཏུད་དེ་མཎྜལ་གྲངས་མང་བ་ཞིག་ཕུལ་བ་དང་། ལན་གཅིག་ཏཱ་ར་ནཱ་ཐའི་རྟེན་གཏོར་རྙིང་པ་བརྗེ་བ་རེད་ཟེར་འབྲུག་སྐད་ཤིན་ཏུ་ཆེན་པོ་ལྡིར་འདུག་པས་ཕྱི་རོལ་གྱི་ནམ་མཁར་བལྟས་པ་ན། སྤྲིན་དཀར་གྱི་དབུས་ན་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་གསལ་བར་བཞུགས་འདུག་པ་དང་། ལན་གཅིག་ལྷ་ཁང་ཞིག་ཏུ་གྲུབ་ཆེན་ཀརྨ་པཀྴི་བཞུགས་འདུག་པ་ལ་བྱིན་རླབས་ཞུས་པ་དང་། རེས་ཤིག་ལུང་རོང་དོག་པོ་ཞིག་ཏུ་མ་མགོན་གཉིས་བྱ་རོག་གདོང་དང་གསུམ་པོ་མི་ནག་བེར་ནག་གྱོན་ཅིང་རྟ་ནག་འཆིབས་པ་གསུམ་དང་པོ་གཟུགས་བརྙན་ལ་ཕྱིས་ནས་མངོན་སུམ་གྱུར་ཏེ་རྒྱུག་ཅིང་རྣམ་འགྱུར་སྟོན་པ་དང་། ལན་གཅིག་འཕུར་ཏེ་ཕྱིན་པས་བྲག་རི་ཤིན་ཏུ་ཆེ་བ་ཞིག་གི་ངོས་སུ་སྐུ་བརྙན་མང་པོ་རང་བྱོན་ལྟར་འདུག་པའི་དབུས་སུ་འཇའ་ཚོན་སྙིང་པོའི་སྐུ་བརྙན་དངོས་ལྟ་བུ་ཞིག་འདུག་པ་ལ་ཡན་ལག་བདུན་པ་ཞིག་ཕུལ་བ་དང་། ཐོ་རངས་ཤིག་གི་གསལ་སྣང་དུ་རང་སྡོད་པའི་གྲ་མལ་དེ་ནས་ཡར་བལྟས་པས་རྒྱབ་རི་དེ་རྩེ་མོ་གསུམ་དུ་གྱུར་པའི་དབུས་མ་དེར་བླ་མ་མཚོ་སྐྱེས་རྡོ་རྗེ་ཡུམ་དཀར་མོ་ལ་འཁྱུད་པ། གཡས་ཀྱི་རི་རྩེར་རྟ་ཕག་ཡབ་ཡུམ། གཡོན་གྱི་རི་རྩེར་ཛཾ་བྷ་ལ་སེར་པོ་འདྲ་བ་ཞིག །མདུན་ངོས་དེར་ལྷའི་ནོར་བུ་ཆ་བརྒྱད་བཅས་ཤིན་ཏུ་གསལ་བ་ཡུན་ཞིག་མཐོང་ནས་སད། ལན་གཅིག་ལྷ་ཁང་ཞིག་གི་ཁྲི་དབུས་མར་རྒྱལ་དབང་ཡེ་ཤེས་རྡོ་རྗེ་ཞལ་རས་ཟླུམ་ལ་སྤྱན་རྩ་དམར་ཞིང་སྐུ་བོངས་ཆུང་པ་ཞྭ་ནག་བཞེས་པ་དང་། གཡོན་དུ་རྒྱལ་ཚབ་གྲགས་པ་མཆོག་དབྱངས་དམར་སེར་མཐོང་གྲོལ་གསོལ་བ་དང་། གཡས་སུ་སི་ཏུ་མི་འཁྲུགས་ཆོས་ཀྱི་གོ་ཆ་ཁྲིའུ་ཞིག་ལ་བྱམས་བཞུགས་མཛད་པའི་ཉེ་སྐོར་དུ་ཤོག་སེར་གྱི་གླེགས་བམ་མང་པོ་འདུག་པ་ནས་བདག་ལའང་རྒྱུད་ཀྱི་རྒྱ་དཔེ་ཞིག་བསྩལ་བ་དང་། ལན་གཅིག་ལྗོངས་ཀྱི་ངོས་ལྟ་བུ་ཞིག་གི་གཡས་ངོས་སུ་སངས་རྒྱས་མཉན་པ་གྲུབ་ཆེན་དེས་བམ་རོ་ཞིག་གི་ཁོག་པ་ཁ་ཕྱེས་ནས་ཙིཏྟ་ཕྱུངས་ཏེ་ཕྱག་ཏུ་བསྣམས། གཡོན་དུ་རྒྱལ་ཚབ་གྲགས་པ་དོན་གྲུབ་མཉམ་གཞག་གིས་བཞུགས། དབུས་སུ་རྒྱལ་དབང་ཆོས་དབྱིངས་རྡོ་རྗེས་ལྟ་སྟངས་ནམ་མཁར་གཏད་ནས་ཕྱག་གི་སྡིགས་མཛུབ་ཀུན་ཏུ་གཏད་དེ་ཕོ་ཉའི་འདུ་བ་ཞིག་ཡོད་ཤོམས། བྱིན་རླབས་ཀྱི་ཟིལ་དང་བཅས་པ་ཞིག་རྨིས། འདི་སྐོར་བླ་མ་དགོངས་འདུས་ཁྲིད་ཆེན་བཞི་པོ་དེའི་ཁྲིད་རྒྱུན་ཚད་མ་ཞིག་རེ་བ་ཆེ་བའི་སེམས་རྨིས་ལྟ་བུར། རྗེ་པདྨ་ཉིན་བྱེད་ཤིན་ཏུ་དགྱེས་པས་ཁྲིད་རྒྱུན་ཡོད་ཚུལ་གྱི་དབུགས་དབྱུང་བསྩལ། ཁྲིར་བཞུགས་པའི་རྡོ་རྗེ་མཁའ་འགྲོ་དང་། སིཾ་ཧ་མུ་ཁ་ཞལ་གསུམ་ཕྱག་དྲུག་པས་བདེ་སྟོང་ཡེ་ཤེས་ཆེན་པོའི་བྱིན་རླབས་རྩོལ་མེད་དུ་བསྩལ་བ་དང་། ལན་གཅིག་ནམ་མཁའི་སྐས་ལ་འཛེགས་ནས་འདི་ས་ཐོབ་པའི་རྟགས་ཡིན་སྨྲས་པ་སོགས་རྨིས། ཟླ་བ་བདུན་པའི་ཚེས་བཅུའི་ཚོགས་མཆོད་སྐབས་སུ་གུ་རུ་རིན་པོ་ཆེའི་ཞལ་རབ་རིབ་མཇལ་བར་བྱེད་པ་སྙམ། ཁྱད་པར་ནང་སྒྲུབ་ཕྱེད་ཙམ་གྲུབ་སྐབས་ཤིག་རྩེ་ལེ་རིན་པོ་ཆེའི་གསུང་ཞིག་གིས་རྐྱེན་བྱས་ནས། ཐ་མལ་གྱི་ཤེས་པ་བློ་འདས་ལ་བློ་ཡིས་བཟོ་བཅོས་དགག་སྒྲུབ་གང་ཡང་མ་དགོས་པར་མ་བཅོས་རང་གར་བཞག་པ་ཉིད་གནས་ལུགས་སུ་ངོ་འཕྲོད་པ། གོ་བ་ཙམ་མིན་པའི་གཏིང་ནས་ངེས་པ་རྙེད་པ་དང་། སྔར་སྒོམ་ལོ་བྱས་པ་དང་མི་རྟོག་པའི་ངང་དུ་བཞག་པ་ཐམས་ཅད་བློས་བྱས་ལས་མ་འདས་པས་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ལྟ་བ་ལ་ཕྱོགས་ཙམ་ཡིད་ཆེས་པ་དང་། སེམས་ངོ་བསྐྱང་དུས་བསྐྱེད་རིམ་མི་གསལ། བསྐྱེད་རིམ་གསལ་དུས་སེམས་ངོ་མེད་འགྲོ་བ་ཞིག་ཡོད་པ་དེའང་ལྷར་སྣང་སེམས། སེམས་སྟོང་པ། སྣང་སྟོང་ཟུང་འཇུག་ཏུ་ཡིད་ཆེས་ནས་གསལ་སྣང་གི་དྲན་འཛིན་དེ་ཀ་ཆོས་ཉིད་དུ་ཤར་བས་ལོགས་སུ་ཚོལ་མི་དགོས་པ་བྱུང་ཡང་། ད་རུང་འདུ་བྱེད་ཀྱི་དྲན་པ་ཆོས་ཉིད་ཀྱི་དྲན་པར་གནས་འགྱུར་མ་ཐུབ་པས་རིམ་པར་གཡེང་བ་ཆེ་སྐབས་ཡེངས་འཁྲུལ་གྱི་དབང་དུ་ཤོར་ནས་ཞེ་བློ་མི་བདེ་བ་བྱུང་། ནང་སྒྲུབ་ཁ་སྐོང་བཅས་གྲུབ་སྐབས་སྐྱབས་རྗེའི་མདུན་ནས་བསྟན་པ་སྤྱིའི་རིམ་གྲོར་ཕུར་ཁང་དུ་དབལ་མདོས་བཅའ་སྒྲུབ་ཀྱི་ཆེད་དུ་ཕྱིན་ནས་ཟླ་བ་བརྒྱད་པའི་སྟོད་ལ་བཅའ་གཞི་བསྒྲིགས། སྨད་ལ་ཟླ་བཟང་སྤྲུལ་པའི་སྐུ་སོགས་བསྙེན་སོང་རྣམས་ཀྱིས་གཙོར་བྱས། འདུས་པ་བཅོ་ལྔ་སྐོར་གྱིས་བསྙེན་སྒྲུབ་ཞག་བདུན། དབལ་མདོས་ཞག་བདུན་བཅས་ལེགས་པར་གྲུབ་ནས་ཡར་ཕྱིན། སྔ་འཕྲོས་དཀོན་སྤྱི་གསང་སྒྲུབ་དྲག་པོ། ཡང་གསང་མཁའ་འགྲོ། ཚེ་སྒྲུབ་རྣམས་རིམ་པར་བྱས། མཐར་ལས་བཞིའི་སྦྱིན་སྲེག་ཉིན་བཞི་བཅས་ལོ་བསྟར་ཕུར་ཟློག་སོགས་བགྱིས། ཤིང་སྦྲུལ་གསར་ཚེས་ནང་དགོངས་འདུས་སྐོང་ཆོག་སྐབས་རྒྱལ་བའི་རིང་བསྲེལ་འོད་འབར་དུ་མ་རྙེད་པ་སོགས་ལྟས་རབ་ཏུ་དགེ། ཟླ་བ་གཉིས་པའི་ནང་ཟུར་མང་གར་དབང་སྤྲུལ་པའི་སྐུ་ལས་ཟླ་བཟང་སྤྲུལ་པའི་སྐུས་བཀའ་བརྒྱད་བདེ་འདུས་དབང་ལུང་གསན་པ་ལ་ཕྲན་ཡང་ཤོག་གསུངས་པ་ལྟར་ཕྱིན་ནས་དབང་ལུང་ཡོངས་རྫོགས་ནོས། མགྲོན་གཉེར་བཀྲ་ཤིས་ཆོས་འཕེལ་དང་དགོན་གྲྭ་རིག་འཛིན་གཉིས་ནས་དངུལ་རྡིལ་ཚད་རེ་རེའི་རྒྱུ་རྩ་ཕྱུང་ནས་སྒྲུབ་ཆེན་སྨན་སྒྲུབ་བཅས་འཛུགས་རྒྱུའི་ཀླད་གཟིགས་ཟླ་སྤྲུལ་ནས་མཛད། ངེད་རང་དབང་ལུང་གྲུབ་འཕྲལ་ཡར་ཕྱིན་ནས་བདེར་འདུས་ཞི་དྲག་གཉིས་ཀྱི་བསྙེན་པ་ཟླ་གཅིག་ལྷག་ཙམ་བཏང་། ཟླ་བ་གསུམ་པའི་ནང་སྒྲུབ་ཁང་དུ་རྡོར་སློབ་ཟླ་བཟང་རིན་པོ་ཆེ་སོགས་དབོན་སློབ་སུམ་ཅུ་སོ་བགྲང་གིས་སྒྲུབ་ཆེན་སྨན་སྒྲུབ་བཅས་ཞག་བཅུ་དྲུག་གི་ཁོངས་སུ་གྲུབ་པར་བགྱིས། དེ་གྲུབ་ནས་རང་གནས་སུ་འཁོད་ནས་རྒྱལ་རྒྱམ་ལྷ་དགུའི་ཕྱི་སྒྲུབ་ཀྱི་དབུ་བཟུང་། ས་ག་ཟླ་བའི་ཚེས་བརྒྱད་ལ་སྨྱུང་གནས་ཆ་གཅིག་བྱས་པའི་སྔ་ནུབ་སྤྱན་རས་གཟིགས་ཁ་སཱརྤཱ་ཎི་ཆེ་ཆུང་གསུམ་ཡད་ཡུད་དུ་མཇལ་བ་དང་། དངོས་གཞིའི་ནུབ་ཁ་སཱརྤཱ་ཎིའི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་བར་སྣང་ཁམས་སུ་སླེབས་པ་ཞིག་མཇལ་བ་རྨིས། ཟླ་བ་ལྔ་པའི་ནང་དབོན་སྤྲུལ་ཐུགས་བཞེད་ལྟར་བླ་བྲང་དུ་ཕྱིན་ནས་གསོ་རིག་བཤད་རྒྱུད་ཞིབ་ཁྲིད་དང་། གནད་ཆེན་འགའ་ཞིག་འཐོར་ཁྲིད་ཞུས། ཞར་བྱུང་ཟླ་བ་དྲུག་པའི་ནང་ཚེས་བཅུའི་འཚོགས་ལ་ཕྱིན་པའི་ཉིན་ཅིག་ཉམས་ཀྱི་སྣང་བར་དང་པོ་ཐང་ཀའི་རི་མོ་ལྟ་བུ་སླར་མངོན་སུམ་དུ་གྱུར་པའི་ཨོ་རྒྱན་རིན་པོ་ཆེ་སྐུ་ཆས་བེར་ཕོད་སོགས་ལྗང་གུ། ཕྱག་གཡས་ཕུར་པ་དང་རྡོ་རྗེ་གདེངས་པ། གཡོན་པ་སོགས་སྤྱི་འགྲེ་ཅན་ཞིག་ཆེས་གསལ་བར་མཇལ། འཚོགས་འདོན་འདི་རིགས་ལ་བྱིན་རླབས་ཀྱི་བབས་ཆེ་བ་རེ་སྣང་ཡང་ཕྱིས་ནས་རྙིང་མའི་སྒྲུབ་ཆེན་མང་པོ་ཚུགས་ནས་བཟུང་དམ་སེལ་གྱི་གྲིབ་ཀྱང་ཇེ་ཆེར་སོང་འདུག །དེ་མཚམས་ཡང་ཁྲོད་དུ་ཕྱིན་ནས་སྔ་འཕྲོས་རྒྱལ་རྒྱམ་ཕྱི་སྒྲུབ་བྱས། ཟླ་བ་བདུན་པའི་གནམ་སྟོང་ནུབ་ཁང་བཟང་རྒྱ་ཁྱོན་བསམ་ལས་འདས་པའི་ནང་དུ་མཎྜལ་ལྟ་བུའི་ཐེམ་མཐོ་བ་མང་པོ་བསྒྲིགས་པའི་ཁོར་ཡུག་རྣམས་སུ་ངན་སོང་གི་མཚོ་ཡིན་ཟེར་བའི་ཁྲག་མཚོ་འཁྲུགས་པའི་འགྲམ་ན་དམྱལ་སྲུང་སྟག་མགོ་ཅན་ལ་སོགས་པས་སྲུང་འདུག །ཕུག་ལོགས་སུ་འོད་དཔག་མེད་དམ་བྱམས་མགོན་གང་ཡིན་མི་འབྱེད་པའི་དེ་བཞིན་གཤེགས་པ་འཁོར་དུ་མ་དང་བཅས་ཏེ་བཞུགས་འདུག །སྒོ་མདུན་ནས་མི་མང་པོ་ཐེམ་པ་དེ་རྣམས་བགྲོད་ནས་སངས་རྒྱས་ཀྱི་མདུན་དུ་འགྲོ་དགོས་འདུག་ཀྱང་མི་ཐར་བ་ལ། བླ་མ་ཞིག་གིས་བརྡ་སྤྲད་ནས་དེ་བཞིན་གཤེགས་པ་སྨན་གྱི་བླ་ལ་ཕྱག་འཚལ་བཞིན་ཕྱིན་ན་སངས་རྒྱས་ཀྱི་མདུན་དུ་ཕྱིན་པར་འགྱུར་ཅེས་གསུང་འདུག་ཀྱང་། མི་དེ་རྣམས་ལ་ལས་ནི་མཚན་བརྗོད་མི་ཤེས། ལ་ལས་ཤེས་ཀྱང་གུས་པ་གཏིང་ནས་མ་སྐྱེས་པས་རེད་ཟེར། ཕལ་ཆེ་བ་ཐེམ་གཅིག་ནས་གཅིག་ཏུ་བགྲོད་མ་ཐུབ་བར་བར་ལམ་དེར་མགོ་བརྙན་ཅན་རྣམས་ཀྱིས་མཚོ་ནང་དེར་དྲངས་སོང་། བདག་ནི་ཅི་བྱས་རང་དབང་ཆེ་བ་འདྲ་ཞིག་འདུག་པས་འཕུར་ནས་ཕྱིན་ནའང་ཆོག་འདུག་ཀྱང་སངས་རྒྱས་ཀྱི་ཆེ་བ་ཡིན་སྙམ་སྨན་བླ་མཆེད་བརྒྱད་ཀྱི་མཚན་དང་ཕྱག་རེ་རེ་བྱས་ནས་རྡོ་ཐེམ་བརྒྱད་བགྲོད་པ་དང་། དེ་བཞིན་གཤེགས་པ་དེའི་ཕྱག་གཡས་པ་མགོ་ལ་བཞག་ནས། ཁྱོད་མ་འོངས་པའི་བསྐལ་པ་སྐར་མ་ལྟ་བུ་ལ་དེ་བཞིན་གཤེགས་པ་རྫོགས་པར་འཁོར་ལོས་སྒྱུར་བ་ཞེས་བྱ་བའི་སངས་རྒྱས་སུ་འགྱུར་རོ་ཞེས་གསུངས་པའི་མཐར་གཉིད་ལས་སད། དེ་རྗེས་ནུབ་ཅིག་སྤང་ལྗོངས་མེ་ཏོག་བཀྲ་བའི་རིའི་སྒང་ཞིག་ལ་ས་ལམ་གྱི་རྣམ་གཞག་ཐམས་ཅད་གྱེན་དུ་བརྩི་ཆོག་པ་ཞིག་འདུག་པ། མི་ཞིག་གིས་བརྡ་སྤྲད་དེ་འཇིག་རྟེན་ཕལ་པ་ལས་ལྷ་རྣམས་ཀྱི་དབང་པོ་རྣམས་དང་། དེ་ལས་རབ་བྱུང་། དེ་ལས་ཀྱང་རྒྱུན་ཞུགས་ནས་དགྲ་བཅོམ་པའི་བར་གྱི་འཕགས་པ་རྣམས་ཇེ་དྲག །ཐམས་ཅད་ལས་མཽའུ་འགལ་བུ། དེ་ལས་ཤཱ་རིའི་བུ་རྣམ་པ་དུ་མས་འཕགས་ཚུལ་དེའང་བདེན་བཞིའི་དོན་རྟོགས་ལུགས་རགས་པ་དང་ཕྲ་ཞིབ་ཀྱི་ཁྱད་པར་ལས་བྱུང་ཚུལ་སོགས་མང་དུ་བཤད་པར་རྨིས། ནུབ་ཅིག་འཆི་རན་པའི་རྣམ་རྟོག་འདུག་པས་ལྷོ་ནུབ་ལ་ཁ་གཏད་ཟངས་མདོག་དཔལ་རིར་འགྲོ་སྙམ་འཕུར་ནས་ཕྱིན་པའི་ལམ་ཕྱེད་ཙམ་བརྒལ་ཡོད་སྙམ་པ་ན། རི་ཤིན་ཏུ་མཐོ་བའི་སྤང་ལྗོངས་ཤིག་གི་ངོས་སུ་ཨོ་རྒྱན་ཡབ་ཡུམ་གཉིས། བི་མ་ལ་བཅས་གསུམ་གཟི་བརྗིད་དང་ལྡན་པར་བཞུགས་འདུག་པ་མཐོང་ནས་ས་ལ་བབས་ཏེ་བསྐོར་བ་དང་། ཕྱག་བྱས། མགོ་བོས་བཏུད་ནས་ད་རུང་དོན་འགའ་ཞིག་བསྒྲུབ་རྒྱུ་ཡོད་པས་རེ་ཞིག་རྔ་ཡབ་གླིང་དུ་འོང་མི་དགོས་པའི་དགོངས་ཁྲོལ་འདྲ་ཞིག་ཞུ་འདུག་པ། བསླབ་བྱ་འདྲ་བ་མང་དུ་གསུངས་ཀྱང་ཡིད་ལ་མ་ཟིན། རེ་ཞིག་རང་མལ་དུ་སོང་། འཕྲལ་མགྱོགས་མ་འོང་ན་མི་འཐུས་ཚུལ་གྱི་བཀའ་གནང་མཚམས་སླར་ལྡོག་སྟེ་འཕུར་ནས་འོངས་པས་བླ་མའི་གདན་ས་ཁྲ་ལམ་གྱི་མཇལ་སྙམ་བྱེད་པ་ན་གཉིད་སད། ལན་གཅིག་ཁང་བཟང་བཀོད་ལེགས་པའི་ཁྱམས་ཀྱི་དབུས་སུ་གཏེར་བདག་གླིང་པ་ཞལ་དང་སྐུ་ཆས་སོགས་འདྲ་ཞལ་ཇི་ལྟ་བ། སྐུ་བོངས་ཆེ་ཞིང་བརྗིད་ཆགས་པར་བཞུགས་འདུག་པ་ལ་ཤིན་ཏུ་དད་པས་སྐུ་ལས་ཏིང་ངེ་འཛིན་གྱི་དབང་བཞི་བླང་། དབང་ལུང་འགའ་ཞིག་གནང་ཐུབ་ཞུས་པར། ཁྱོད་རང་སྨིན་གྲོལ་གླིང་དུ་ཤོག་དང་ང་རང་ཡང་དེར་སྡོད་ཡོད་པས་དབང་ལུང་སོགས་གང་དགོས་ཐམས་ཅད་ཞིབ་ཆ་བྱེད་དོ་གསུངས། རང་ཡང་ཁོང་གི་གདུང་རྒྱུད་ཡིན་སྙམ་བྱེད་པའི་ངང་དུ་སད། ཡང་ལན་གཅིག་ཁང་པ་ཞིག་གི་ནང་། གྲལ་མགོར་རྗེ་བླ་མ་ཀརྨ་འོད་གསལ་འགྱུར་མེད་ཆོས་གོས་རྣམ་གསུམ་གསོལ་ནས་བཞུགས། དེ་འོག་མི་མང་པོ་གྲལ་དུ་འཁོད་པ་ལ། བདག་གིས་ཤིན་ཏུ་གུས་པས་ཞལ་ལ་བལྟ་ཞིང་ཏིང་ངེ་འཛིན་གྱི་དབང་བཞི་བླངས། མི་ཆེན་ཞིག་གིས་ལྷ་བླ་མས་དཔལ་ལྡན་ཨ་ཏི་ཤ་སྤྱན་དྲངས་པའི་ལོ་རྒྱུས་གནད་དོན་ངོ་མཚར་ཞིང་ཚིག་སྦྱོར་ཕུན་སུམ་ཚོགས་པ་ཞིག་བཤད་ནས་མཆོད་པ་མང་དུ་ཕུལ་སོང་བས། བླ་མ་ཉིད་དཔལ་ལྡན་ཨ་ཏི་ཤར་མངོན་སུམ་དུ་གྱུར་པ་རྨིས། ཚེས་བཅོ་ལྔ་ཞིག་ལ་ངོ་བོ་ཡེ་ཤེས་ཀྱི་ཌཱ་ཀི །རྣམ་པ་ཤ་ཟ་མཁའ་འགྲོ་མི་མོའི་གཟུགས་ཅན་ཞིག་གིས་འཕོ་མེད་ཀྱི་བདེ་ཆེན་སྟེར་བའང་བྱུང་། ཟླ་བ་དགུ་པའི་ནང་ཟླ་སྤྲུལ་ནས་དགོངས་འདུས་རྒྱུད་དགུ་སྒྲུབ་པར་མཛད་པའི་ཆོག་གྲོགས་སུ་ཕྱིན་ནས་ཞག་མང་དུ་སྒྲུབ་པའི་ནུབ་ཅིག །ཟླ་བ་འོད་ཟེར་ཆུང་ངུ་ཞིག་ལྷོ་རུ་ཐལ་བ་རྨིས་པ་དང་རྨི་ལམ་ཡིན་པར་ཤེས་ནས་ཁྱུང་དུ་སྤྲུལ་ཏེ་ཤར་ཕྱོགས་སུ་འཕུར་བ་ན། ནམ་མཁའ་ནས་མངོན་དགའི་ཞིང་དུ་སོང་དང་ནད་སེལ་འཆི་མེད་ཀྱི་སྨན་ཆུ་བཏུང་རྒྱུ་ཡོད། ཅེས་པའི་སྒྲ་ཞིག་གྲགས་པས་འཕུར་ནས་ཕྱིན། ལ་མཐོན་པོ་ཞིག་གི་བརྒལ་མཚམས་མངོན་དགའི་ཞིང་ཡིན་ཟེར་བའི་ཡུལ་ཡིད་དུ་འོང་བ་ཁང་བཟང་ཁྲ་ཆོབ་བེ་བ་ཞིག་མཐོང་། སྨད་ཆ་དེར་བདག་བབས་ནས་རྫིང་བུ་ཞིག་འདུག་པ་སྔར་གྱི་སྨན་ཆུ་ཡིན་རྩིས་ཀྱིས་ཧུབ་ཅིག་འཐུང་། ཁང་བཟང་ཞིག་གི་ནང་དུ་ཕྱིན་པས་སངས་རྒྱས་སྔོན་པོ་ལོངས་སྤྱོད་རྫོགས་པའི་ཆས་ཅན་ཞིག་བཞུགས་འདུག་པ་མི་འཁྲུགས་པ་ཡིན་སྙམ་ནས་གུས་པས་བཏུད་དེ་བདག་དང་སེམས་ཅན་ཐམས་ཅད་ངན་སོང་དུ་མི་འགྲོ་ཞིང་ལས་ཀྱི་སྒྲིབ་པ་སྦྱོང་བའི་ཐབས་ཤིག་བསྩལ་དུ་གསོལ་ཅེས་ཞུས་པས། ཞལ་རས་འཛུམ་པ་མཛད་ནས། སྨན་གཟུངས་ཤིག་དང་དེའི་གཤམ། ཨོཾ་པུཎྱེ་པུཎྱེ་སོགས་ཚེ་གཟུངས་འདྲ་བའི་སྔགས་སཾསྐྲྀཏའི་སྐད་མང་དུ་གསུངས། ད་ནི་འཕགས་པ་མཇལ་དུ་འགྲོ་སྙམ་ངང་སད། རྡོར་སློབ་བསྟན་འཛིན་མདུན་ནས་ཐུགས་རྗེ་གསང་འདུས་དབང་བསྐུར་སོགས་ནོས་ནས་རང་གནས་སུ་སྔར་བཞིན་དགེ་སྦྱོར་དང་། བསྟན་དགོན་དོན་རྒྱལ་རོང་དུ་མ་སོང་ཐབས་མེད་བཀའ་ཕེབས་པས་ཕན་དུ་རེ་བས། ཆགས་མེད་ལུགས་ཀྱི་རིགས་བྱེད་མ་ཟླ་གཅིག་ཙམ་བསྙེན་པས་ལྟས་ལེགས་པ་འགའ་ཞིག་བྱུང་། ཉམས་ལེན་སྐྱོང་ཞིང་མཉམ་མེད་དྭགས་པོ་རིན་པོ་ཆེར་གསོལ་བ་རྩེ་གཅིག་བཏབ་པས་སྒམ་པོ་པ་དང་ཀློང་ཆེན་པའི་སྐུ་ཤ་རེ་རྙེད་པ་ཅུང་ཟད་ཟོས་ནས་འཕྲོས་ཚགས་བྱས་པ་རྨིས། མེ་རྟ་གསར་ཚེས་སྐབས་རྒྱལ་རྒྱམ་ནང་སྒྲུབ་བྱས། འདིའི་མཇུག་ཏུ་བེ་གེའི་རིམས་ནད་ཀྱིས་ཐེབས། ཅུང་ཟད་དྭངས་པ་ན་གསང་སྒྲུབ་བགྱིས་པ་གྲུབ་པར་ཉེ་བ་ན་སྐྱ་བཤལ་གྱིས་ཐེབས་ནས་འཆི་ལ་ཉེ་བ་བྱུང་། དེའང་དྭངས་ནས་ཡང་གསང་དྲིལ་སྒྲུབ་རྣམས་མཆོད་ཚོགས་འབྱོར་འཁོས་དང་བསྟུན་པའི་རྒྱས་པར་བྱས། གཞན་གྱི་རིམ་གྲོ་ཕྲན་བུ་སྒྲུབ་དགོས་བྱུང་བ་ལ་བརྟེན་སྐེ་ནད་ཅིག་ཀྱང་བྱུང་། རྒྱལ་རྒྱམ་འདི་མཁའ་འགྲོའི་སྲོག་སྙིང་ཡིན་པས་ཤིན་ཏུ་གཉན་གསུངས་པ་ལྟར་གཞན་ལའང་གཉན་ཆ་བྱུང་བའི་ལོ་རྒྱུས་མང་དུ་འདུག །རང་ལའང་བསྙེན་སྒྲུབ་ཅིག་ལ་དེ་ལས་འཚུབས་ཆེ་འོང་མ་མྱོང་བ་ཙམ་ཡིན། འདི་སྐབས་ནུབ་ཅིག་ལྷ་ཁང་མཛེས་ལེགས་ཤིག་གི་དབུས་སུ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་སྐུ་མདོག་དུང་ལྟར་དཀར་བ། མདུན་དུ་འགྲོ་འདུལ་ཡི་གེ་དྲུག་མ། གཡས་གཡོན་དུ་ནོར་འཛིན་གསང་འཛིན་རྣམས་ཀྱང་དཀར་པོ་འོད་ཟེར་འཕྲོ་བ། ཐོག་མར་སྐུ་བརྙན་གྱི་རྣམ་པ་ལ་ཕྱིས་མངོན་སུམ་དུ་གྱུར་པར་སྒོ་གསུམ་གུས་པ་ཆེན་པོས་བཏུད་པ་དང་། ལན་གཅིག་ནམ་མཁར་གཡས་སྐོར་དུ་འཕུར་ནས་སངས་རྒྱས་ཞིང་ཁམས་ཀྱི་ཆེ་བ་མང་དུ་བརྗོད་མཐར་བདེ་བ་ཅན་དུ་ཕྱིན་ནས་འོད་དཔག་མེད་གཙོ་འཁོར་གསུམ་རིབ་ཙམ་མཇལ་བ་དང་སད། ལན་གཅིག་འབྲོམ་སྟོན་དངོས་བྱོན་རྫོགས་ཆེན་པ་བསོད་ནམས་བཟང་པོ་སྐྱོ་བྲག་ཏུ་ཕེབས་ཡོད། ཉམས་ལེན་རྫོགས་ཆེན། ཡི་དམ་ཐུགས་རྗེ་ཆེན་པོ་རེད། གཞན་ལའང་དེ་གཉིས་འཆད་འདུག་ཟེར་བ་ལ་དགའ་བ་ཚད་མེད་པ་སྐྱེས་མ་ཐག་བླ་མ་བགྲེས་པོ་སྐུ་ཤ་ཆེ་ཞིང་ཤ་མདངས་སྨུག་པ་ཞིག་གིས་ཆོས་ཀྱི་འཁོར་ལོ་དང་སྤྲོ་བ་བསྐོར་ཞིང་འདུག་པ་རྨིས། ཟླ་བ་གསུམ་པའི་ནང་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་ཕྱི་ནང་གསང་སྒྲུབ་བདུན་ཕྲག་གསུམ། འཇའ་ཚོན་ངན་སོང་རང་གྲོལ་རིལ་བུ། གནམ་ལྕགས་རྡོ་རྗེའི་ཚེ་འཁོར། ངེས་དོན་སྙིང་པོའི་བཏགས་གྲོལ་སྒྲུབ་པ་རྣམས་ཀྱང་དཔོན་སློབ་ཁ་ཤས་ཀྱིས་བགྱིས། དགོན་པ་སྤྱི་རིམ་དང་ལྷ་གསར་ཁང་བཟོའི་ཆེད་སྐྱབས་རྗེའི་བཀའ་ལྟར་བླ་བྲང་དུ་ས་བདག་ཉེས་པ་ཀུན་སེལ་དཔོན་སློབ་བདུན་གྱིས་བསྒྲུབས། རྒྱལ་རོང་དུ་འགྲོ་བའི་ཆས་རང་ལ་ནི་ཅིའང་མེད་པས་སྒར་བ་སྤྱི་ཁོག་བླ་བྲང་ནས་གྲ་བསྒྲིགས་དང་། མཆོད་ཆ་སོགས་ཉེར་མཁོའི་རིགས་གཡར་པོ་མཛད། སྐྱབས་རྗེའི་མདུན་ནས་གྱོན་པ་སྣེ་རེ་ཟུང་གནང་སྦྱིན་བསྩལ། ཇ་སྦྲ་ནས་ཀྱང་གོས་སྣེ་རེ་ཟུང་བྱུང་། སྐྱབས་མགོན་མདུན་ནས་བེར་ཅན་གྱི་དབང་བཀའ་གཏད། ཞལ་ཏ་རྒྱས་པར་གནང་། ཧོར་ཟླ་ལྔ་པའི་ཉེར་བདུན་ལ་སྒར་བཏེགས། སྒར་ཐོན་སྐབས་གནས་སྒོ་སྐྱ་བཀྲ་སྤྲུལ་སྐུ་འབྱོན་གདོང་སྤང་ཕུག་ནས་དམ་ལྡན་སློབ་མ་ཀརྨ་ངེས་དོན་གྱིས་ཡི་གེ་དང་། རྟེན་རྗེ་བཙུན་སྒྲོལ་མ་དཀར་མོའི་སྣང་བརྙན་བཀའ་གདམས་རྙིང་མ་ཤིན་ཏུ་སྒྲོས་ལེགས་ཅན་བསྐུར་འདུག་པ་ལག་ཏུ་འབྱོར་བས་རྟེན་འབྱུང་དགེ་བའི་མཚན་མར་ཐག་ཆོད། ལམ་ཞོར་ཞེ་ཆེན་དུ་དབོན་སྤྲུལ་རིན་པོ་ཆེ་ཡང་མཇལ་ཕྱག་དང་བྱིན་རླབས་ཞུས། རྫ་ཆུའི་གྲུ་བརྒལ་ནས་ཕར་ཀར་སླེབས་པ་ན་ཆུ་མདོག་གློ་བུར་དུ་འགྱུར་ནས་མཚལ་ཁུ་ལྟ་བུ། ཡུལ་མི་རྣམས་ཀྱིས་ཀྱང་དེ་འདྲ་མཐོང་མ་མྱོང་ཟེར་བ་ཞིག་བྱུང་སོང་བ། ལྟས་གང་ཡིན་མ་ངེས། ཟླ་ཐལ་ནང་འགུ་ལོག་ནས་གྱི་ལིང་དཔོན་ཚང་བསུ་བ་འབྱོར་བ་དང་ལྷན་ཅིག་སྙི་ཁོག་བརྒྱུད་འགུ་ལོག་རུ་བའི་ནང་དུ་སླེབས། གྱི་ལིང་དཔོན་ཚང་གཙོས་པའི་འབོད་མི་རྣམས་ལ་ཕྱིན་ནས་སོ་སོའི་རེ་སྐོང་བྱས། འདི་ནས་གཟུང་སྟེ་དཀོར་ངོ་གྲིབ་ངོ་སོགས་རྨི་ལམ་ངན་པ་མང་པོའི་མགོ་ཚུགས། དེ་ནས་ཕྱིན་པས་རྡོའི་རུ་ལག་ཅེས་པར་སྡོད་པའི་ཐོ་རངས་ཉམས་རྨིས་འདྲེས་པར་མི་གཞོན་རྒྱ་བོ་མགར་ཆས་ཐོགས་པ་ཞིག་ཁྱོད་ལ་བསུ་བ་འོང་བ་ཡིན། ཁྱེད་རང་རྗེས་ལ་བྱོན་དང་། ཁོ་སྔོན་ལ་འགྲོ་ཟེར། ཞེས་བྱས་ནས་ཐལ་བ་རྨིས། ཕྱིར་ཉིན་རྡོ་སྟོད་ཀྱི་ཡུལ་མགོར་སླེབས་པ་དང་ཐང་ཡག་མགར་བ་ཟེར་བའི་དམ་ཅན་གྱི་བླ་རི་དེ་མཐོང་འདུག །རྡོ་སྟོད་རྣམ་རྒྱལ་དགོན་པས་བསུ་བ་སེར་སྦྲེང་བཅས། ཆོས་རྗེ་བླ་མ་བསྟན་འཕེལ་འདོད་ངོར་བླ་གྲྭ་རྣམས་ལ་འཇའ་ཚོན་པོད་དྲུག་གི་དབང་ལུང་ཚང་མ་དང་སྦྱིན་བདག་སོ་སོའི་རེ་སྐོང་བྱས། ནུབ་ཅིག་གནས་དེ་གར་སྒྲོམ་ཞིག་གི་ནང་དུ་རྡོ་རྗེ་བེར་ཅན་གསེར་མདོག་འཛུམ་ཞིང་བརྗིད་ཆགས་པ། ཞལ་གཡོན་དྲི་མས་ཅུང་གོས་ཤིང་གཡས་སུ་ཡོ་བ་ཞིག་མཇལ་བ་རྨིས། དེ་ནས་འཛིར་ཁ་བརྒྱུད་ཛཾ་ཐང་དུ་ཕྱིན། བླ་བྲང་གྲྭ་ཚང་ཁག་སོ་སོའི་བསུ་བ་སེར་སྦྲེང་སྣེ་ལེན་གཟབ་རྒྱས་མཛད། ཆོས་རྗེ་གྲྭ་ཚང་དང་གཙང་ཆུང་ལ་ཇོ་ལུགས་ཐམས་ཅད་རིག་པ་དང་། གཙང་ཆེན་བླ་གྲྭ་སྒྲུབ་སྡེ་བཅས་ལ་གསང་འདུས་འཇམ་པའི་རྡོ་རྗེའི་དབང་བསྐུར་བྱས། སྦྱིན་བདག་མང་པོའི་རེ་སྐོང་གྲུབ་ནས་རྒྱལ་རོང་གི་ས་སྣེར་སླེབས། རྫོང་འགག་རྒྱལ་པོས་ཆིབས་བསུ་དང་ལམ་བར་གྲ་སྒྲིག་སོགས་ལེགས་པར་མཛད་ནས་རྣམ་རྒྱལ་གླིང་གི་དགོན་པར་ཕྱིན། རྒྱལ་སར་ཞི་ཁྲོའི་ཆོ་ག །ཚེ་སྒྲུབ་ཚེ་དབང་། བྱད་བཀྲོལ་སོགས་བཞེད་སྐོང་བསྒྲུབས། ལམ་བར་ལྕོགས་རྩེ་རྒྱལ་ས་ནས་ཀྱང་སྣེ་ལེན་ལེགས་པར་བྱུང་། སོག་མོ་རྒྱལ་པོའི་བསུ་བ་རིང་ཐུང་བཅས་མཁར་ཤོད་ཕོ་བྲང་དུ་སྡོད་མལ་བྱས། དེར་ཁྲོ་སྐྱབས་རྒྱལ་པོའི་སྤར་མ་བོན་དཔེ་གླེགས་བམ་བརྒྱ་སྐོར་འདུག་པ་འགའ་ཞིག་ཉམས་མཚར་བལྟས་པས་སྲུང་མ་འཁོར་བའི་རྟགས་གསལ་བར་བྱུང་། དེ་ནས་ཁྲོ་ཆུར་བགྲོད་ལམ་པོ་ཚོ་ལོ་ཟེར་བ་བརྒལ་ཉིན་ཁ་བ་ཆེ། རླུང་ལྷགས་ལྡངས་པས་བླ་གྲྭ་ཐམས་ཅད་དཀའ་ལས་ཆེན་པོ་བྱུང་། འོ་ཏོ་དཱ་རོ་ཁག་རྣམས་ཀྱི་བསུ་བ་དང་གཞི་ལེན་གཟབ། ཁྲོ་ཆུ་ཤུ་བྷ་དགོན་གྱི་བསུ་བ་དང་སེར་སྦྲེང་ཤིན་ཏུ་རྒྱས་པ་བཅས་ཕྱིན་ནས་བླ་བྲང་དུ་ཆོས་རྗེ་བསྟན་འཛིན་དོན་གྲུབ་ཀྱི་གཤགས་ལ་བསྡད། བླ་གྲྭ་རྣམས་ཀྱི་ལེགས་ཉེས་བདེ་སྡུག་དྲིས། ཞུ་དོན་རྣམས་ཀྱི་ཐད་མགྲོན་གཉེར་སོག་མོའི་རྒྱལ་སར་བརྫང་། ཁྲོམ་དབང་བྱས་པར་ནས་འབུལ་མང་ཙམ་བྱུང་ཡང་སྒར་པའི་ཆེད་བླ་མཆན་ལྡོམ་བུ་གཏང་། གྲྭ་པ་ཁ་ཤས་གླང་ཆེན་འགྱིང་རི་དང་། ཨ་མདོ་དུང་རི་བསྐོར་བར་སོང་། ངེད་རང་ཕྱི་ནང་གི་ལྟས་རྩུབས་པས་ལོ་བསྟར་གྱི་ཕུར་བསྙེན་དང་ཕུར་ཟློག་གྲུབ་འཕྲལ་རྗེ་བཙུན་འཕགས་མའི་བསྙེན་མཚམས་ཟླ་བ་གཅིག་ཏུ་བྱས་པས་རྨིས་ལྟས་ངན་པ་རྣམས་ཅུང་ཟད་འགྱུར། ཁྱད་པར་ནུབ་ཅིག་མཆོད་རྟེན་ཞིག་ལ་བསྐོར་བ་བརྒྱབས་ནས་ཁང་པ་ཞིག་ཏུ་ཕྱིན་པས་མུན་པ་འཁྲིགས་པ་ལ་བུད་མེད་བགྲེས་མོ་ཞིག་གིས་ལམ་སྣ་བྱས། ལོ་གསར་རྙིང་མཚམས་སུ་ཕྱི་ནང་བར་ནས་ཤི་བའི་འདྲེས་གནོད་པས་གཟབ་པར་གྱིས་དང་དེ་ནས་ལེགས་པར་འོང་ཞེས་ཟེར། ཐེམ་སྐས་ཤིག་བསྟན་བྱུང་བ་དེ་ལ་འཛེགས་ཏེ་རྩེ་ནས་ཕར་བལྟས་པས་གསེར་གྱི་མཆོད་རྟེན་མི་ཚད་ཙམ་ཞིག་མཇལ་བ་དང་། ཡང་ལན་གཅིག་མུན་ཁང་ཞིག་གི་ནང་དུ་ཉི་ཟེར་གྱིས་གསལ་བའི་རྗེ་བཙུན་མའི་སྐུ་གསེར་གྱི་མདོག་ཅན་ཐོག་ཚད་ཙམ་ཕྱག་གཡས་ན་ཤིང་ཏོག་ཆེན་པོ་ཞིག་བསྣམས་པ་མཇལ་བ་དང་། གྲོལ་ནུབ་ཀྱང་ཟངས་གསེར་གྱི་མཆོད་རྟེན་ཆེ་ལེགས་མཇལ་བ་རྨིས་པ་སོགས་ལྟས་བཟང་མང་དུ་བྱུང་། བསྟན་པ་ལ་ཕན་རེས་རིགས་བྱེད་མའི་བསྙེན་པ་བདུན་གཅིག་བཏང་བ་ལ་འཚུབས་ལྟས་ཆེ། མེ་ལུག་གསར་ཚེས་ནས་བཟུང་ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་སྒྲུབ་པ་ལ་ཞུགས། གཟུངས་རིང་འབུམ་ཕྲག་གཅིག་འགྲུབ་པར་བྱས། འདི་རྣམས་ཀྱི་ཐུན་བར་ཕྱག་དང་མཎྜལ་སོགས་ཚོགས་གསོག་རིགས་ཤིན་ཏུ་འགྲུས་པར་བྱས་པས་ནུབ་ཀྱི་བག་ཆགས་ཕལ་ཆེར་ཡང་སྙིང་རྗེ་དང་སྟོང་པའི་ངང་དུ་གནས་པ། གསུང་རབ་ལ་གོ་རྟོགས་སྐྱེས་པ། རྨི་ལམ་དུ་སྡིག་སྒྲིབ་དག་པའི་རྟགས་མང་པོ་སོགས་བྱིན་རླབས་ཀྱི་བབས་ཆེན་པོ་བྱུང་། ཉེ་སྲས་བརྒྱད་ཀྱི་བསྟོད་པ་སྤྲིན་ཆེན་རྣམ་བརྒྱད་ཀྱང་འདི་སྐབས་ནས་བྲི་རྒྱུ་རེད་སོང་བ་རང་རྩོམ་མིང་ཡོད་རྣམས་ཀྱི་ཐོག་མ་ལྟ་བུ་ཡིན། འདི་སྐབས་དམྱལ་བར་ཕྱིན་ནས་གྲོགས་བཅས་བདེ་བླག་ཏུ་ཐར་བ་ལན་གཉིས་དང་། རི་གཟར་པོ་ཞིག་གི་ངོས་སུ་སྐྱེ་བ་སྔ་མའི་གནས་ཁང་མཐོང་ཞིང་དེའི་ཚུལ་རྣམས་ཡིད་ལ་གསལ་བ་དང་། རྒྱལ་དབང་བྱང་ཆུབ་རྡོ་རྗེ་དང་རིག་འཛིན་ཚེ་དབང་ནོར་བུ་མཇལ་བ་དང་། སྤྱན་རས་གཟིགས་དང་། བྱང་ཆུབ་ཤིང་གི་དྲུང་དུ་ཐུབ་པའི་དབང་པོ་བཞུགས། གཡས་གཡོན་སྐྱེད་ཚལ་མང་པོའི་ཁྲོད་ན་ཨཱ་ཙ་རའི་རྣམ་པ་ཅན་གཟི་བརྗིད་ལྡན་པ་ཞིག་འཆགས་འདུག་པ་འཕགས་པ་བྱམས་པ་རེད་ཟེར། དེ་དག་ལ་དད་པ་དཔག་མེད་སྐྱེས་ཏེ་གུས་པས་བཏུད། མ་འོངས་རྒྱལ་བ་ཉིད་འཚང་རྒྱ་བའི་སྐབས་བྱང་ཆུབ་པའི་ཀླུ་ཤིང་འདི་ཡིན་ནམ་ཞུས་ལྗོན་ཤིང་ཞིག་ལ་མཛུབ་མོ་བཙུགས་པས། འདི་མ་ཡིན་དེང་སང་འོམ་བུ་འདི་དེ་སྐབས་དཔག་བསམ་ཤིང་དུ་གྱུར་ནས་དེ་ལ་སྐུ་རྒྱབ་བརྟེན་པ་ཡིན་ནོ་གསུངས་པ་དང་། ཡང་ལན་གཅིག་འཕགས་མཆོག་ཉིད་བགྲེས་པོ་ཡབ་ཡུམ་གྱི་རྣམ་པར་བཞེངས་ནས་གསང་བའི་དབང་བསྐུར་ཞིག་མཛད་པར་རྩོམ་པའི་མོད་ལ་སྤྱན་རས་གཟིགས་ཕྱུགས་ཀྱི་བདག་པོ་ཡིན་ཅེས་ལོ་བརྒྱད་བྱིས་པའི་རྣམ་པ་ཅན་ཞིག་ཏུ་གནས་འགྱུར་ནས་ལུང་བསྟན་མང་དུ་གསུངས། སྔོན་གྱི་ཚེ་ཀེག་སྐབས་དཀོན་སྤྱི་སྒྲུབ་པས་གྲོལ་བ་རེད། ད་རེས་ཀྱང་བཟླས་བརྗོད་སོགས་གཟབ་དགོས་གསུངས་པ་རྨིས། བསྙེན་པ་གྲུབ་སྐབས་བྱད་ལྟས་སྟུད་མར་བྱུང་བས་ཟློག་པའི་སྔགས་དམིགས་བྱས། དགྲ་ངོ་རྨིས་ཤིང་ཇུ་ཐིག་མཁན་པོ་རྣམས་ནས་ཀྱང་རང་དང་མཉམ་པ་ཞིག་གི་དགྲ་ངོ་འདུག་ཟེར་བས་མགོན་ཁང་དུ་གསོལ་ཁ་དང་དགྲ་ཆོས་བགྱིས་པས་གཏོར་རྒྱག་སྐབས་མེ་ལྕེ་ཆེན་པོ་འུར་སྒྲ་བཅས་ནུབ་ཏུ་ཆད་པ་སོགས་ལྟས་ལེགས། སྦྱིན་བདག་འགའ་ཞིག་གི་རེ་སྐོང་དང་འདུ་ཁང་དུ་རབ་གནས་བླ་གྲྭ་སྤྱིར་རྗེས་གནང་བྱས། འབུལ་བ་དང་བསྙེན་བཀུར་བསྟབས་པ་དང་དུ་བླངས། ལྷ་བསང་བཏང་ནས་ཟླ་བ་བཞི་པའི་ནང་རང་ཡུལ་ལོག་པའི་སྒར་བཏེགས། ཚ་ཁོ་ཞེས་པའི་དགོན་ཆུང་དུ་བསྡད་པའི་ནུབ་མོ་དཔལ་སྤུངས་སྒྲུབ་ཁང་དུ་འདུས་པ་བག་དྲོ་ཞིག་འཚོགས་འདུག་པ་ལ་ཕྱག་བྱས་པས་ལྷ་ཁང་ཕུག་ལོགས་སུ་འཁོར་ལོ་བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་ནམ་མཁའི་མདངས་ཅན་ཐོག་ཚད་ཙམ། གཡོན་དུ་སྒྲོལ་དཀར་གསེར་མདོག་ཅན། དེ་མདུན་རྡོ་རྗེ་བེར་ཅན་བརྗིད་ཆགས་པ། གསུམ་ཀ་བྲིས་འབུར་སོགས་མིན་པའི་འཇའ་ཚོན་ལྟ་བུ་འོད་ཟེར་འབར་བ་ཞིག་མཇལ་བ་རྨིས། རྡོ་ཁར་སྡོད་སྐབས་རང་ལ་མནན་གཏད་ཡོད་པ་དེ་བཀྲོལ་ཐུབ་པའི་ལྟས་བྱུང་། རྒྱ་ཐུབ་ཐང་ཞེས་པར་སྒར་ནུབ་སྐྱབས་མགོན་རིན་པོ་ཆེས་བཀོད་པ་ཡིན་ཅེས་ཕྱག་བཞི་པས་དབུ་བརྩམ། འཁོར་ལྔ་སོགས་གྲལ་བྱས་ནས་བཞུགས་པ་ཞིག་རྨིས། ཤིང་མགོར་སྡོད་ནུབ། ནམ་མཁའི་སྙིང་པོ་དང་སྒྲིབ་པ་རྣམ་སེལ་གཉིས་མངོན་རྟོགས་ལྟར་མཇལ་བ་ལ་དད་པས་བཏུད་པའི་ཚེ་གཞན་འགའ་ལ་གསུངས་པའི་ཚུལ་གྱིས། བུ་འདི་དོན་ཆུང་ངུ་ཞིག་གི་ཆེད་རྩ་བའི་ལྟུང་བ་བྱུང་སོང་ཡང་ཁོང་རྣམ་པ་གཉིས་དང་སའི་སྙིང་པོས་ལེགས་པར་ལྡང་བར་མཛད་པ་ཡིན་ནོ་གསུངས་པས་རང་ཡང་དེ་བཞིན་ཡིན་ནོ་སྙམ་དུ་ཤིན་ཏུ་དགའ་སྤྲོ་ཆེན་པོས་གཞན་ལ་ངོམ་པ་དང་། ས་སྙིང་ཅིས་ཀྱང་མཇལ་བ་ཞིག་དགོས་སྙམ་ལོགས་སུ་ལྷ་ཁང་ཞིག་ཏུ་ཕྱིན་པས་དེར་དགེ་སློང་བག་དྲོ་བ་ཞིག་ཕེབས། ཁོང་དཔལ་སྤུངས་སྒྲུབ་ཁང་དུ་ཚོགས་འཁོར་བཏང་བ་ལ་ཕེབས་པ་ཡིན་གསུངས། འདི་ཕྱི་བར་དོ་ཀུན་ཏུ་ཐུགས་རྗེས་མ་གཏང་ཞུས་ནས་བཏུད་པས་ཕྱག་གཉིས་ཀྱིས་ཆང་བེམ་འདྲ་བ་ཞིག་སྤྱི་བོར་བཞག་ནས་བྱིན་རླབས་གནང་། བཅུད་རོ་ལྡན་ཞིག་ལག་ཏུ་བསྩལ་བ་འཐུང་བ་ཞིག་རྨིས། དེ་སྐབས་ནམ་ཟླ་དབྱར་ཀར་པོ་ཚོ་ལོར་བགྲོད་བདེ་བར་སྣང་བས་ཞག་གཅིག་སྒར་ནུབ་ཁང་པ་ཞིག་ཏུ་ཕྱིན་པར་བན་ཧོར་ན་ཁྲེབ་སྤུན་གཉིས་བསྡད་འདུག །དེར་རཏྣའི་རྟ་མགྲིན་ནག་པོར་བསྐྱེད་ནས་ཕྱག་གཡས་རལ་གྲི་མགོ་ལ་བཞག་པས་གུས་པ་ཆེན་པོས་བཏུད་འདུག །ཁྱོད་གཉིས་སྔོན་ཨོ་རྒྱན་ཆེན་པོ་དང་ཀརྨ་པཀྴིའི་སྤྱན་སྔར་དགེ་བསྙེན་གྱི་སྡོམ་པ་ཐོབ་ན་དེ་བཞིན་དུ་བསྲུང་བ་གལ་ཆེ་སྨྲས་པས། སྡོམ་པ་ཐོབ་ཅིང་དེ་བཞིན་དུ་བསྲུང་ལགས་ཟེར། སྤྲུལ་པ་ཅི་འདྲ་ཡོད་དྲིས་པས། མི་དཀར་རྟ་དཀར། མི་སེར་རྟ་སེར། མི་དམར་རྟ་དམར། མི་ནག་རྟ་ནག་སོགས་མང་དུ་ཡོད་ཟེར། འདིའང་ཁང་སར་བའི་ཕ་ལྷ་ཞིག་རེད་སྙམ་ངང་དུ་སད། སོག་མོའི་རྒྱལ་སར་ཕྱིན། དགོན་པའི་གྱོད་དོན་ཐད་འཁྲུན་ཆོད་རྣམ་པ་དང་གཏན་ཚིགས་ཡི་གེའང་གོ་ཆོད་ངེས་བྱིན་བྱུང་ཡང་། ཤུ་བྷའི་ཆོས་རྗེ་ཅུང་ཟད་རང་འདོད་ཆེ་བ་དང་རྒྱུ་རྩ་ནི་མི་གཏོང་འདུག་པས་ཆོས་རྗེའི་གྱོད་ཡ་དང་། འདི་གའི་ནང་བློན་ཤུགས་ཆེ་ཤོས་དཱ་རོ་སྟག་སྐྱབས་ཟེར་བ་ཉེ་འབྲེལ་སྟབས་ཆོས་རྗེའི་བསམ་པ་རྫོགས་པའི་དགྲ་ཕམ་བདག་རྒྱལ་ནི་ཐོན་ཐབས་མ་བྱུང་། ལྷ་ཁང་ལ་རབ་གནས་ཞིག་དང་རྒྱལ་པོ་ཡབ་ཡུམ་ལ་དབང་ཀ་ཟེར་བ་ལྟར་བགྱིས། འབུལ་བསྙེན་བླངས་ནས་རྫོང་འགག་རྣམ་རྒྱལ་སྟེང་དུ་ཕྱིན། འདོན་བྱ་མང་དུ་བྱས་ནས་རིང་ཞིག་སྡོད་སྐབས་ནུབ་ཅིག་དཱ་རོ་ལྷ་རྒྱལ་ཟེར་བ་དེས་ཡར་ལམ་བྷཱུའི་རྒྱལ་སའི་ཉེ་སྐོར་ཞིག་ཏུ་ཀུན་སྤྲུལ་གྱི་ཆོ་འཕྲུལ་སྐྲག་སྔངས་འབྱུང་ཟེར་རི་ལའང་མཛུབ་མོ་བཙུགས་པ་རྨིས། ཉེར་ལྔའི་དུས་མཆོད་དགོངས་འདུས་ཚོགས་སྐོང་བཏང་བའི་ཞར་བྱུང་དགོངས་འདུས་སྒྲུབ་པ་དང་གསུང་རྟེན་བརྟགས་པ་བྱས་པས། ནམ་མཁར་སྤྲིན་དཀར་པོ་གྲུ་བཞིའི་ནང་དུ་གུ་རུ་རིན་པོ་ཆེ་བཞུགས་པ་དེ་ཉིད་ཐུབ་པའི་དབང་པོར་གནས་གྱུར་པ་ཞིག་མཇལ་བ་དང་། གསལ་བྱེད་ཐུགས་ཀྱི་ནོར་བུའི་སྒྲུབ་ཁང་ཡིན་ཅེས་ཁང་ཆུང་དཀར་རྩི་གསོལ་བའི་མཐའ་སྐོར་དུ་འཁོར་ལོ་མང་ཞིག་བཙུགས་པ་རྨིས། དེ་ནས་སྒར་བཏེགས་ཏེ་བྷུའི་རྒྱལ་ས་དང་ཉེ་བར་ཤུ་མི་དྷུར་ཟེར་བར་སླེབས་སྐབས་ཀུན་སྤྲུལ་ནས་ཡིག་ངན་སླེབས། ངེད་རང་དང་ཁོང་གཉིས་འཕྲད་ཀྱང་མ་མྱོང་བས་བཟང་ངན་གཉིས་ཀའི་འབྲེལ་གང་ཡང་མེད་ཀྱང་། ཁོང་སྐྱབས་མགོན་རིན་པོ་ཆེའི་བཀའ་དང་འགལ་བས་ཐུགས་ཚོམ་བཀའ་བཀྱོན་ཆེན་པོས་ས་ཡུལ་བུད་ནས་གསེར་ཐར་ཁོག་ཏུ་སོང་ནས་དཔོན་ཁག་རྣམས་ལ་མགོ་བཏགས་བྱས། རིམ་གྱིས་ཡོན་མཆོད་འབྲེལ་སྟབས་སྐབས་འདིར་ངེད་རང་དཔལ་སྤུངས་པའི་སྒར་པ་ཡིན་སྟབས་སྔ་མའི་ངན་ལན་སྤྲད་པར་འདོད་ནས་དཔོན་ཁག་རྣམས་ལ་དམག་སློང་དང་། ཁྲམ་པ་འགའ་ལ་རྒྱུ་བརྔན་ཆེན་པོ་བྱས་ནས་ངེད་རང་བསད། སྒར་པ་ལེན་རྩིས་ཀྱི་གྲ་བསྒྲིགས་ཡོད་པར་འདུག་པས་བགྲོད་ལམ་མ་བདེ་བར་རིང་ཞིག་དེར་ལུས། གསོལ་ཁ་བཏང་སྐབས་གུ་གུལ་དྲི་ཡིས་ཕྱི་ནང་ཀུན་ཏུ་ཁྱབ་པ་དང་ལུས་དངོས་ལ་མེ་སྟགས་འཕྲོ་བ་ཡང་ཡང་བྱུང་། མགོན་པོའི་གིང་སྒྲུབ་ཅིག་བགྱིས་པར་མངོན་རྟགས་ཀུན་ལ་གསལ་བ་དང་། རྗེ་བཙུན་སྒྲོལ་མའི་སྲུང་འཁོར་བསྒོམས་ནས་རིང་ཞིག་གསོལ་བ་བཏབ་སྐབས། གསེར་ཟངས་ལས་གྲུབ་པའི་སྒྲོལ་མ་དཀར་མོའི་སྐུ་བརྙན་ཁྲི་གདན་རྒྱབ་ཡོལ་དང་བཅས་པ་གྲངས་མང་མངོན་སུམ་བཞུགས་པ་རྣམས་ཀྱི་ཕྱག་གཡས་སྐྱབས་སྦྱིན་མཛད་པ་ལ་མགོས་བཏུད་པར་རྨིས་པས་བློ་བདེ་བར་བྱུང་། དེ་ཕྱོགས་དགོན་པ་ཆུང་ངུ་མང་ཙམ་འདུག་པ་ཇོ་ནང་པའི་རིང་ལུགས་ཡིན་འདུག་པས་བླ་གྲྭ་མང་པོ་འདུས་བྱུང་བ་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་བསྐུར་ཡོངས་རྫོགས། སྦྱོར་དྲུག་གི་སྔོན་འགྲོའི་ཁྲིད། འཇིགས་བྱེད་དབང་སོགས་བགྱིས། དེ་ཕྱོགས་གཞི་བདག་དྲག་རྩལ་ཅན་འགའ་ཞིག་ཡོད་འདུག་པས་ཡིན་ནམ་ལན་གཅིག་ཉིན་རིལ་པོར་ཕྱོགས་ཀུན་ནས་སེར་བ་བབས། ཐོག་མང་དུ་ལྷུང་། འབྲུག་སྒྲ་དང་གློག་དམར་མི་བཟད་པ་རྒྱུན་མ་ཆད་ཀྱང་སྲུང་དམིགས་གང་ཤེས་བྱས་པས་སྒར་པའི་སྟེང་ལ་ཉེར་འཚེ་གང་ཡང་མ་བྱུང་། ངེད་རང་གསོད་པ་ཁས་ལེན་གྱི་མི་སྡིག་ཅན་གཅིག་དང་རྒྱབ་རྟེན་དཔོན་རིགས་དྲག་པ་གཅིག་བཅས་ཀུན་སྤྲུལ་མཚོན་སྲུང་གིས་ཀྱང་མ་ཐུབ་པར་ཡིད་ལ་མེད་པར་བློ་བུར་དུ་རྐྱེན་ལམ་སོང་། ལྟས་ངན་ཆེན་པོ་རེའང་བྱུང་། དཔལ་སྤུངས་སྒར་པ་འཕྲོག་པའི་ལྐོག་གྲོས་དཔོན་རིགས་བསམ་གནས་རྣམས་ཀྱི་དམག་ཕལ་ཆེར་ཤོལ་འདུག །ཛཾ་ཐང་སྐོར་ལ་ཡིག་འགྲུལ་བྱས་པས་ཆོས་རྗེའི་སྐུ་རྒྱབ་སོགས་རྒྱུས་ཡོད་ཀྱི་བསུ་མ་ཁ་ཤས་འབྱོར་བས་སྒར་མང་ཤུལ་དུ་བསྡད། ངེད་རང་དཔོན་སློབ་ལྔ་དྲུག་སྔོན་དུ་ཐབས་མཁས་ཀྱིས་ཕྱིན་པས་ཛཾ་ཐང་དགོན་ཆོས་རྗེའི་བླ་བྲང་དུ་འབྱོར། དེར་ཀུན་སྤྲུལ་རང་གཙོས་སྒུག་མི་ཁ་ཤས་ཡོད་འདུག་པ་རྣམས་ནས་ཀྱང་ཅི་བྱེད་མ་བྱུང་ནས་ལོག །སླར་བླ་བྲང་ཁག་རྣམས་ཀྱི་བསུ་མ་བཅས་སྒར་པའང་མགོ་ཐོན་གྱིས་སླེབས། གཙང་པ་ཚང་སྒྲུབ་ཆེན་རྡོ་རྗེའི་རྣལ་འབྱོར་སོར་བསམ་མཐར་ཕྱིན་པར་གྲུབ་པའི་བླ་མ་ངག་དབང་ཆོས་འཕེལ་ལས་སྦྱོར་དྲུག་ཕྱག་ལེན་བཅས་ཞིབ་ཁྲིད་ཞུས། འཇིགས་བྱེད་སྙན་བརྒྱུད་འབྲུ་འགྲེལ་ལུགས་ཀྱི་བསྙེན་ལུགས་སོགས་ཀྱང་བླ་མ་གཞན་ལས་ཞུས། དེར་ཆོས་རྗེ་དཔལ་འབྱོར་བཟང་པོས་བཏབ་པའི་མགོན་ཁང་ཤིན་ཏུ་གཉན་པ་ཞིག་བཞུགས་འདུག་པས་གསོལ་ཁ་ཉིན་གསུམ་ཙམ་བཏང་བའི་སྐབས་ནུབ་ཅིག་ཐོག་མར་སྐུ་བརྙན་ལ་ཕྱིས་ནས་མངོན་སུམ་གྱུར་པའི་རྡོ་རྗེ་གུར་གྱི་མགོན་པོ་ཐོག་ཚད་ཙམ་དང་། ལྷ་མོ་རང་བྱུང་རྒྱལ་མོ་ཕྱག་བཞི་པ་དྲེའུ་དམར་མོ་ལ་ཞོན་ཅིང་མི་རོའི་ཕྱི་ཤད་བྱས་པ། འོད་དམར་པོ་འཕྲོ་བ་ཐོག་ཚད་གསུམ་ཙམ་ཞིག་མཇལ་བ་རྨིས་པ་བྱིན་རླབས་མ་ཉམས་པའི་ལྟས་སུ་གོ །དེ་དག་གི་སྐྱེལ་མ་དང་རྡོ་སྟོད་སྨད་ཀྱི་བསུ་མ་དམག་མི་ཤིན་ཏུ་མང་པོ་བཅས་གཡུ་ཐོག་རྣམ་རྒྱལ་དགོན་དུ་སླེབས། དེར་སྡོད་རིང་བླ་གྲྭ་ཁ་ཤས་ལ་ཟབ་མོ་ནང་དོན། གཞུང་ཆུང་གཉིས་སོགས་ཀྱི་བཤད་པ་དང་། ཕྱག་ཆེན་སྔོན་འགྲོའི་ཁྲིད་སོགས་བྱས། གྱི་ལིང་བཀྲ་ཤིས་རྒྱ་མཚོ་མིག་མཐོང་མཁན་ཡིན་པས་འབྲི་གཉན་ལྡོང་ཤར་གྱི་སྒོ་སྲུང་དཔོན་གཡོག་མང་པོ་ངེད་ལ་བསུ་མར་འགྲོ་འདུག་པ་ལ་རིམ་གྲོ་ཅི་དགའ་དྲིས་པར། ངེད་ཀྱིས་མགོ་བྱས་ནས་གཡུ་ཐོག་དགོན་དུ་མགོན་པོའི་དགྲ་ཆོས་ཤིག་བྱས་ན་ལེགས་ཚུལ་ཟེར་འདུག་ཟེར་བའི་ཡི་གེ་འབྱོར་བས་རང་དང་བསྙེན་སོང་བཞིས་བསྙེན་པ་ཁ་གསོས་ཞག་བདུན་བྱས། ལོ་མཇུག་དགོན་པའི་དུས་རིམ་དགུ་གཏོར་འཚོགས་འདུག་པ་ལ་ཕྱིན། གཏོར་རྒྱག་སྦྱིན་སྲེག་གཏང་རག་སོགས་མཐའ་རྒྱས་གྲུབ། ས་སྤྲེལ་གསར་ཚེས་ཀྱི་ཟླ་བ་དང་པོའི་ནང་སྔར་གྱི་བཤད་ཁྲིད་འཕྲོས་སོགས་བགྱིས། འདི་སྐབས་ཐུན་བཞིའི་གསོལ་འདེབས་དང་ལུས་སྦྱིན་ཆག་མེད་བགྱིས་པའི་ལྟས་ཡིན་ནམ། ནུབ་ཅིག་ལྷ་ཁང་ཞིག་གི་ཁྱམས་སུ་རྒྱལ་དབང་མི་བསྐྱོད་རྡོ་རྗེ་དང་འབྲུག་པ་པདྨ་དཀར་པོ་བཞུགས་འདུག །རྒྱལ་བའི་དབང་པོར་ཆེས་གུས་པས་བཏུད་ནས་ལུས་ངག་ཡིད་གསུམ་ལ་བྱིན་གྱིས་རློབས་ཤིག་ཅེས་ཞུས་པར། ན་མོ་གུ་རུ་སོགས་ཐུན་བཞི་གསུངས་པའི། གུ་རུ་རཏྣ་བྱོན་པའི་ཚེ། ཞེས་པའི་སྐབས་ཉེ་གནས་འདྲ་བ་གཉིས་ཀྱིས་དབྱུག་པའི་རྩེར་ཐུབ་སྐུ་དང་མཆོད་རྟེན་ཆེན་པོས་མཚན་པ་ཐོགས། གཡས་སྐོར་གཡོན་སྐོར་མང་པོས་ཡིད་གཡོ་བ་ཞིག་བྱས། འབྲུག་པ་རྒྱལ་བའི་དབང་པོར་ཐིམ། ཡེ་ཤེས་མཁའ་འགྲོ་རྫོགས་པའི་མཐར་ཐམས་ཅད་ལྷ་ཁང་ཞིག་ཏུ་སླེབས། དེ་ཉིད་རྗེ་པདྨ་ཉིན་བྱེད་དབང་པོར་གནས་འགྱུར་ནས་ཕྱག་གཉིས་སྤྱི་བོར་བཞག་སྟེ། ནམ་མཁའ་གང་བའི་མི་བསྐྱོད་རྡོ་རྗེ་སོགས་རྫོགས་པར་ཚངས་པའི་དབྱངས་ཀྱིས་ལྷང་ལྷང་གསུངས་པ་དང་། དམ་པ་རྒྱ་གར་དང་མ་གཅིག་ལབ་སྒྲོན་སྤྲུལ་པའི་ཚོགས་ནམ་མཁའ་གང་བར་བཞུགས་པའི་དམ་པའི་སྐུ་ལས་བདུད་རྩི་འོ་རྒྱུན་ལྟ་བུ་བབས་པ་འཐུང་བས་རོ་མངར་པོས་ཡིད་ལ་དགའ་བདེ་སྐྱེས་པ་རྨིས། ཀུན་སྤྲུལ་ནས་གྱོད་གཏམ་དགོས་པའི་ཆ་ཕྲིན་ནན་ཏན་སླེབས་པས་རྡོ་གསེར་གྱི་དཔོན་ཁག་རྣམས་བཅས་རྡོའི་ལུང་ལག་ཅིག་ཏུ་འཛོམ། ཉིན་རེ་ཟུང་བཤད་གཏམ་མཐར་རྒན་པོ་རྣམས་ཀྱི་བར་ཁྲ་བྱས་ནས་ཀུན་སྤྲུལ་ཡིད་བདེ་བའི་རྟ་བོག་སོགས་སྦྱིན་སྒོ་ཕྲན་བུས་སོར་ཆོད་བྱས་ནས་གྱེས། རྡོ་སྟོད་སྐྱེལ་མ་བཅས་འགུ་ལོག་གྱི་ལིང་རུ་སྐོར་དུ་ཕྱིན། ཞག་ཤས་བསྡད་ནས་སོ་སོར་རེ་སྐོང་བྱས། དེ་གའི་སྐྱེལ་མས་སྙི་སྟོད་ནས་ཚབ་ཚ་བར་བསྐྱལ། དེ་ནས་ཞེ་ཆེན་དབོན་སྤྲུལ་འཇམ་པའི་རྡོ་རྗེ་ཞལ་མཇལ་ནས་འབུལ་ཚན་ཕུལ། ཆོས་དབང་གསང་འདུས་དང་ཕུར་པ་སོགས་ལུང་ཚན་ཁ་ཤས་ཞུས་ནས་རིམ་པར་བཏེགས་ཏེ་ཟླ་བ་གཉིས་པའི་ནང་དུ་དཔལ་སྤུངས་དགོན་ཐོག་ཏུ་སླེབས། སྐྱབས་མགོན་རྡོ་རྗེ་འཆང་གི་གསེར་ཞལ་མཇལ་བས་མགོ་ཐོན་བྱུང་བ་ལ་དགྱེས་ཚོར་ཆེན་པོ་གནང་། ཟང་ཟིང་དངོས་པོ་བྱུང་ཚད་བླ་བྲང་གཞུང་ལ་ཕུལ། སྔར་རྒྱལ་རོང་དུ་བླ་མ་སྔ་རྗེས་བྱོན་པ་རྣམས་གྲྭ་པ་མང་པོ་ཤི་ཁ་སྨྲ་ཅི་རིགས་བྱུང་ཡོད་འདུག་ཀྱང་འདི་རེས་བླ་གྲྭ་ཚང་མ་ལ་ན་ཚ་ཤི་ཆད་མ་བྱུང་། རྟ་དྲེལ་རྣམས་རྔོ་ནད་ཀྱིས་འཆི་བ་སོགས་གྱོང་སྒོ་ཆེ། འདི་སྐོར་ཤར་ཕྱོགས་སྤུངས་རིའི་དགོན་ནང་དུ་འབའ་ཆོས་སྡེ་དགོན་པས་དགྲ་བརྒྱབས། ལྕགས་མདུད་སྤྲུལ་སྐུ་བཀྲོང་སྐབས་ཡིན་འདུག་པས་བླ་གྲྭ་ཕལ་མོ་ཆེ་སུས་ཀྱང་མ་ཐུབ་པ་དེ་རང་དགོན་ནས་དེ་ལྟར་བྱུང་དུས་ཁྱེད་རང་དཔོན་སློབ་རྣམས་དགྲ་ལག་ནས་ཐར་པ་ངོ་མཚར་ཆེ་ཞེས་ཚིག་གི་གཏང་རག་གཏོང་མཁན་མང་པོ་འདུག །རང་ལ་ཏེསྩ་བླ་མས་ཟུར་དུ་བྱིན་པའི་གསེར་སྲང་གང་ཡོད་པ་ཕུལ་ནས་སྐྱབས་རྗེ་རིན་པོ་ཆེའི་མདུན་ནས་དུས་འཁོར་མཆོག་དབང་དང་སྦྱོར་དྲུག་གི་ཁྲིད་ཆ་ཚང་ཞུས། ཡང་ཁྲོད་དུ་མ་རྒན་ཀྱང་བདེ་བར་འཚོ་བ་དང་འཕྲད། རེ་ཞིག་ངལ་གསོ་དང་རྗེ་བཙུན་མའི་བསྙེན་པ་ཞིག་གཏོང་། སྔར་ཆུང་དུས་རྨི་ལམ་བཟང་ངན་ཙམ་ལའང་བདེན་འཛིན་ཆེ་བ་དང་ལག་དལ་བས་རྡོ་སྟོད་ཡོད་སྐབས་ཡན་ཆད་ཐོ་ཡིག་ཤིན་ཏུ་མང་པོ་བྲིས་འདུག་པ་ལས་བསྙེན་སྒྲུབ་ཀྱི་རྟགས་སོགས་དགོས་པ་ཡོད་པ་འགའ་རེ་འདིར་ཡང་བཀོད། འདི་མན་ཆད་ལ་ནི་རྨི་ལམ་སོགས་ཐོ་ཡིག་གཏན་ནས་མ་བཀོད་པས་བསྙེན་སྒྲུབ་རིགས་ལ་གྲུབ་པའི་རྟགས་འོང་བའི་ནུས་པ་ག་ལ་ཡོད་ཀྱང་བྱིན་རླབས་ཀྱི་ལྟས་རེ་བྱུང་ཡོད་ནའང་དེང་སང་ཡིད་ལ་གང་ཡང་མ་གསལ་བས་འབྲི་རྒྱུས་ཕོངས། ལར་གཡེང་བ་ཇི་ཙམ་ཆེ་བཞིན་དེ་ཙམ་དུ་བཟང་པོའི་བག་ཆགས་འགྲིབས། འཁྲུལ་སྣང་གི་བག་ཆགས་ཇེ་འཕེལ་དུ་འགྲོ་བ་དང་། དད་རྫས་དཀོར་གྱི་རིགས་དང་ཁྱད་པར་གཤིན་དཀོར་ལ་སྤྱོད་དགོས་པ་དེ་ཕྱིན་ཆད་ནས་སྔར་གསལ་སྣང་ཡོད་པ་རྣམས་འགྲིབས། རྨིས་ལྟས་བཟང་པོ་འགགས། ངན་ལྟས་སྣ་ཚོགས་རྨིས། ཉམས་རྟོགས་ཀྱི་རྩལ་ལའང་དེ་ཙམ་གནོད་པ་ཞིག་འདུག་པས་དཀོར་ནག་ལ་བག་མེད་དུ་སྤྱོད་དགོས་པ་འདི་ཡ་ང་ལ་ཡི་མུག་པ་ཞིག་སྣང་ངོ་། །བླ་མ་དགོངས་འདུས་ཀྱི་གླེགས་བམ་འབྲི་གཞི་རྒྱལ་རོང་འགྲོ་སྐབས་ཚག་རྩ་ཐོན་པས་ཤོག་ལས་བགྱིས་ཏེ། ས་ག་ཟླ་བའི་ཚེས་ཉེར་ལྔ་ནས་བྲིས་པ་གཉིས་ཀྱིས་འབྲི་དབུ་ཚུགས། སློབ་གཉེར་མཁན་འགའ་རེ་འདི་ནས་བཟུང་རིམ་གྱིས་འདུས་པ་ལ་སོ་སོའི་མོས་པ་དང་མཐུན་པར་སྒྲ། སྙན་དངགས། དག་ཡིག །རྩིས་རིག །གསོ་དཔྱད་སོགས་བསླབས་པ་ཡིན་ཀྱང་གཞུང་ཡན་ལག་མཐའ་བུད་མཁན་ཡང་དཀོན། མཐའ་འཁྱོལ་ཀྱང་གོ་ཆོད་པ་ནི་རེ་རེ་ཙམ་ལས་འབྱུང་དཀའ་བར་སྣང་། འདི་སྐབས་རྫོང་སར་དུ་སྤྲུལ་སྐུ་འཇམ་དབྱངས་མཁྱེན་བརྩེ་བཞུགས་ཡོད་པས་ཕྱག་བྲིས་སུ། ཁོང་གི་ཕུ་བོ་འགྱུར་མེད་དོན་གྲུབ་དེ་བསྟན་པ་ལ་ཕན་ངེས་པ་ཞིག་ཡོད་ཀྱང་བོད་ནས་གཤེགས་སོང་བ་ལ་ཐུགས་ངལ་བློས་མི་འཁྱུད་པ་ཡོད་ཀྱང་། ད་རེས་ཁྱེད་རང་དབུ་ཐོན་གྱིས་ཡར་སླེབས་པས་སྔར་གྱི་ཐུགས་ངལ་དེ་བརྗེད་སོང་བ་ལྟ་བུའི་ཐུགས་སྤྲོ་བྱུང་། ད་རེས་ཇོ་ལུགས་རྒྱུད་སྡེ་དེ་རྣམས་ཀྱི་དབང་ཚང་མ་ཞིག་གསན་མ་གྲུབ་ཀ་མེད་ཡིན་གསུངས་བྱུང་བ་ལྟར་ལེགས་སོ་ཞུས་པས་དགོན་དུ་ཕེབས། རང་ཡང་དགོན་ཐོག་ཁང་སར་གྲྭ་ཁང་དུ་ཕྱིན། རྗེ་ཉིད་གཙོས་བླ་སྤྲུལ་གྲྭ་རིགས་མང་ཙམ་ལ་རྗེ་བཙུན་རིན་པོ་ཆེའི་གསུང་རབ་ལས་དཔལ་དུས་ཀྱི་འཁོར་ལོ་གཙོ་བོར་གྱུར་པའི་རྒྱུད་སྡེ་རྣམས་ཀྱི་དབང་ཀ་དེ་སྔ་རང་ལ་གང་ཐོབ་རྣམས་དང་། སྒྲུབ་དཀྱིལ་རྣམས་ཀྱི་ལུང་། སྦྱོར་དྲུག་ཁྲིད། རྔོག་དཀྱིལ་བདུན་པོ་ཆགས་མེད་ཡིག་ཆ་ལྟར། ནི་གུ་ཆོས་དྲུག་ཇོ་ནང་ལུགས་ཀྱི་བྱིན་རླབས་དང་ཁྲིད་སོགས་བགྱིས། རྗེ་ཉིད་བོད་དུ་ཕེབས། དེ་སྐབས་བཀའ་ལས་རྔོག་པའི་རྒྱུད་སྡེ་འདི་རྣམས་བྱིན་རླབས་ཀྱི་རྒྱུན་མ་ཉམས་པར་འདུག་ཀྱང་། ཆགས་མེད་ཡིག་ཆ་འདིས་སྒྲུབ་མཆོད་སོགས་ལ་ཅིའང་གོ་མི་ཆོད་པས། ཁྱོད་ནས་འདི་དག་ལ་ཡིག་ཆ་གོ་ཆོད་ངེས་རེའི་ཆོག་སྒྲིག་མཛད་དགོས་ཞེས་གསུངས། རང་ཡང་ཁྲོད་དུ་ཕྱིན་ཏེ་བླ་མ་དགོངས་འདུས་ཀྱི་ཚོགས་བརྒྱ་ཁ་ཤས་བཏང་། གསལ་བྱེད་ཐུགས་ཀྱི་ནོར་བུའི་བསྙེན་པ་ཟླ་བ་གསུམ་ཙམ་བགྱིས། སྒྲུབ་ཁང་དུ་ཟླ་སྤྲུལ་དང་ལྷན་ཅིག་བླ་མ་གསང་སྔགས་མདུན་ནས་དགོངས་འདུས་དབང་ཡོངས་རྫོགས་ཚར་གཅིག་ཞུས། འདི་སྐོར་ཆས་ཀ་དཀོན་པས་སློབ་མ་འགས་འདི་ལྟར་བྱས་པས་དགོངས་འདུས་པོད་བཅུ་གསུམ་བྲི་རྒྱུ་ཕར་ཞོག །ཁྱེད་རང་མ་བུ་རྣམས་ཀྱང་སྡོད་ལོ་བ་མི་འདུག་པས་ཤར་ཁ་ཕྱོགས་ལ་བསོད་སྙོམས་ཕྱིན་པས་དྲགས་ཟེར་བ་ལྟར་རྟ་ཁལ་སོགས་ཇ་སྦྲ་ནས་གཡར། ཟླ་བ་བཅུ་གཅིག་པར་འབྲུ་ལྡོམ་ལ་ཕྱིན། དེ་སྐབས་རྨེ་ཤོད་དཔོན་སྡེ་ཚང་མ་དར་རྒྱས་ཆེ་སྐབས་ཡིན་པས་ཐམས་ཅད་ནས་བསྙེན་བཀུར་དང་། རྫོང་སར་དགོན་པ་དང་རྫོང་དཔོན་སོགས་ནས་དབང་རྗེས་གནང་གི་ཡོན་བསྟབ། གཏེར་ལྷུང་དང་། སྦྲ་མཐོ་དགོན་དུའང་ཁྱུགས་ཙམ་ཕྱིན། འབྲུ་བསོད་རྙེད་པ་ལེགས་རབ་བྱུང་། ཟླ་བ་བཅུ་གཉིས་པའི་མཇུག་ཏུ་ཚུར་འཁོར་འཕྲལ་ཕུར་ཟློག་བཅས། ས་བྱ་ལོ་གསར་འཕྲལ་སྔ་མའི་བསྙེན་པ་ཁ་གསོ་ཞག་བདུན་བྱས་ནས་གསལ་བྱེད་ཐུགས་ནོར་གྱི་སྒྲུབ་པ་ཚུགས། དེ་གྲུབ་ནས་སྐོང་ཆོག་ཆེན་མོ་ཉིན་བདུན། ལས་བཞིའི་སྦྱིན་སྲེག་ཉིན་བཞི་སོགས་རིང་སྦྲེལ་བྱས། འདི་ལོ་རང་ལོ་སོ་བདུན་ཚེ་ཀེག་ཤིན་ཏུ་ཆེ་བས་དེ་འཕྲོས་ཚེ་སྒྲུབ་གསང་འདུས་ཕྱི་སྒྲུབ་ཟབ་པ་ཕུལ་ཕྱིན་སྒྲོལ་དཀར་རྣམས་ཀྱི་སྒྲུབ་པ་ཟླ་བ་རེ་རེ་བགྱིས། འདི་སྐབས་སྔ་ཕྱི་ནམ་ཡིན་མ་ངེས་པར་ནུབ་ཅིག་སྤང་ལྗོངས་ལེགས་པ་ཞིག་ཏུ་བཞུགས་ཁྲི་རྡོ་དཀར་གྱི་ཕ་བོང་ལྟ་བུ་རྒྱ་ཡིག་བོད་ཡིག་མང་པོའི་རང་བྱོན་ཡོད་པའི་སྟེང་དུ་གུ་རུ་པདྨ་སཾ་བྷ་ཝ་བཞུགས་པ་ལ་གུས་པས་བཏུད་དེ་བདག་གི་ཚེའི་བར་ཆད་བསལ་བར་གསོལ་བ་བཏབ་པས་བྱིན་རླབས་ཤིག་མཛད་ནས། ད་ནས་ལོ་བཞི་བཅུ་ཞེ་བཞིའི་བར་ད་རེས་བྱིན་གྱིས་བརླབས་པ་ཡིན་པས་སྐྱོན་མེད། དེ་ནས་ང་རང་དངོས་དང་འཕྲད་འོང་གསུངས་པ་རྨིས། འདི་ནི་ཕྱིས་སུ་མཆོག་གྱུར་གླིང་པས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གནང་བ་ལ་བལྟས་འདུག །དབྱར་ཐོག་ཏུ་བྲིས་པ་ཁ་ཤས་འཚོགས་ནས་དགོངས་འདུས་བྲིས། སྦྲ་མཐོ་བླ་མ་བྱོན་པ་ལ་སྒྲ་བསླབ། སྟོན་མཇུག་ཏུ་རྗེ་རིན་པོ་ཆེས་བཞེངས་པའི་ལྷ་གསར་དུ་མཆོད་སྡོང་རིན་པོ་ཆེར་གཟུངས་གཞུག་འབུལ་བ་ལ་ཕྱིན། དེའི་གྲབ་ཡུལ་ཉིན་ཁ་ཤས་བགྱིས། ཟླ་སྤྲུལ། ཞེ་སྤྲུལ་རྣམས་བཅས་ནས་གཟུངས་གཞུག་ལེགས་པར་གྲུབ་མཚམས་སྐྱབས་མགོན་ཉིད་ཀྱང་ཕེབས་ནས་དཔོན་སློབ་བཅོ་ལྔ་སྐོར་གྱིས་འཁོར་ལོ་བདེ་མཆོག་སྒོ་ནས་རབ་གནས་ཉིན་གཉིས་མཛད། སླར་གླིང་སྟོད་ཟླ་སྤྲུལ་བཞུགས་གནས་སུ་ཞབས་བཀོད། བདག་ཅག་རྣམས་ནས་གསོལ་བ་བཏབ་པ་ལྟར་ཇོ་ལུགས་གྲུབ་བརྒྱའི་བྱིན་རླབས་ཞྭ་དམར་ནག་གི་གསུང་སྐོར་ཉེར་མཁོ་མང་དུ་བསྩལ། ཕྲན་ཅག་རྣམས་ཀྱིས་དངོས་པོ་གང་འབྱོར་གྱི་མཎྜལ་དང་། ཞབས་བརྟན་ཕུལ་ནས་སྒྲུབ་ཁང་དུ་ཕེབས། ངོས་ལ་བླ་བྲང་གཉེར་པས་འབྲུ་ལྡོམ་ཞིག་འགྲོ་རོགས་མ་བྱས་ཐབས་མེད་བྱས་བྱུང་བས་དགུན་དེར་དམེ་རྟིང་འཛིང་ཁོག་ཚུན་ལ་སྒར་པ་བརྒྱབས་ནས་འབྲུ་བསོད་ཕྱིན། ཟླ་བ་བཅུ་གཉིས་པའི་ནང་ཚུར་འཁོར་འཕྲལ་སྔར་རྒྱུན་ཕུར་ཟློག་དང་རྗེ་བཙུན་མའི་བསྙེན་སྒྲུབ་བགྱིས། ལྕགས་ཁྱི་གསར་ཚེས་ནང་དགོངས་འདུས་སྐོང་ཆོག་ཆེན་མོ་དང་། སྦྱིན་བདག་གལ་ཆེན་འགའ་ཡིས་བསྐུལ་མ་ལྟར་རང་གཞན་གཉིས་དོན་དུ་ཚེ་སྒྲུབ་གསང་འདུས་བསྙེན་པ་བདུན་གསུམ་ཙམ་བགྱིས། ཟླ་བ་གཉིས་པ་ཚེས་འཕྲལ་བླ་བྲང་དུ་ཕྱིན། ཟུར་མང་བསྟན་འཛིན་སྤྲུལ་སྐུའི་མདུན་ནས་དབོན་སྤྲུལ་ཚང་གིས་ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་གྱི་དབང་བརྒྱ་གསན་འདུག་པ་ལྟར་མཉམ་དུ་ཞུས། དེ་ནས་རིམ་པར་བདེ་མཆོག་སྙན་བརྒྱུད་འཁོར་ལོ་ལྔ་པའི་དབང་བཀའ་ཆེ་ཆུང་། མ་མགོན་སོགས་ཚང་བར། པུསྟི་ལྔ་དང་ཟིན་པོད་རྣམས་ཀྱི་ལུང་། ངག་འཛིན་བཅས། རོལ་རྡོར་གཏེར་ཆོས་མཚོ་བྲག་དབང་ལུང་ཆ་ཚང་ཞུས། ཕར་ལའང་བྱམས་ཆོས་སོགས་ཀྱི་ལུང་ཕུལ། ཟླ་བ་གསུམ་པ་ནས་ལྔ་པའི་བར་སྐྱབས་ཆེ་བསོད་སྤྲུལ་གཙོར་བྱས་མང་ཙམ་ལ་སྒྲ་ཙཱནྡྲ་པ། ཟབ་མོ་ནང་དོན། གཞུང་ཆུང་གཉིས། སྡོམ་གསུམ་སོགས་ཀྱི་བཤད་པ་སྣེ་གྲངས་མང་བཞིན་བྱས་ནས་རང་གནས་སུ་ཐེག །དགོངས་འདུས་པོད་བཅུ་གསུམ་ཞུས་དག་བཅས་གྲུབ་ནས་གླེགས་ཤིང་གླེགས་ཐག་གདོང་དར་དྲིལ་ཚས་བཅས་ཤིན་ཏུ་སྤུས་ལེགས་གྲུབ། དཔལ་ཡུལ་ནས་རྒྱ་སྤྲུལ་བྱོན་པ་ལ་སྒྲ་ཙཱནྡྲ་པ་བསླབ་པའི་དབུ་ཚུགས། པདྨ་ལེགས་གྲུབ་ཀྱང་འབྱོར་པར་སྙན་ངག་སྨན་རྩིས་སོགས་རིམ་པར་བསླབས། ལོ་སྔ་རྗེས་འདི་དག་ཏུ་དགོངས་འདུས་དབང་ཟིན་གྱིས་མཚོན། ཉེར་མཁོའི་རྩོམ་པ་ཐར་ཐོར་མང་པོ་དང་། ཁྱད་པར་སྟོན་མཇུག་ཏུ་སྐྱབས་རྗེའི་བཀའ་ལྟར་གུ་རུ་རིན་པོ་ཆེའི་བསྟོད་པ་ཀུན་འཁོར་རྟགས་བརྒྱད་མའང་བྲིས། ཉི་རྫོང་ཁྲི་པ་བྱོན་པ་ལ་འབྲི་གུང་དགོངས་གཅིག་ཁྲིད། ཉི་ཟློག་སྐབས་ཕུར་བསྙེན་ཕུར་ཟློག་དང་། དེ་རྗེས་ཧཱུྃ་ནག་སྙིང་ཐིག་བླ་སྒྲུབ། མྱུར་མཛད་མགོན་པོ་མཐིང་དཀར་རྣམས་ཀྱི་བསྙེན་པ་རིམ་བཞིན་བཏང་། མགོན་དཀར་བསྙེན་པའི་ཐོ་རངས་ཤིག་ཏུ་བླ་མ་ཀརྨ་ནོར་བུ་སྐུ་ཤ་དཀར་ལ་འོད་ཟེར་འཕྲོ་བ་ཞིག་མདུན་མཁར་བཞུགས་པ་དངོས་སུ་མཇལ་བ་མགོན་པོའི་ལྟས་སུ་མངོན། ཟླ་བ་བཅུ་གཉིས་པའི་ནང་རྒྱ་སྤྲུལ་ནས་ཙཱནྡྲ་པ་པོད་གསུམ་རྫོགས་སོང་བས་སུམ་རྟགས་བསླབ་དབུ་ཚུགས། ལྕགས་ཕག་ཟླ་བ་དང་པོའི་ནང་ནམ་མཁའི་སྙིང་པོའི་བསྙེན་པ་བཏང་། བཤགས་ཆོག་དང་རྨི་ལམ་བཤགས་པ་རྣམས་བགྱིས། སྔོན་རེས་ཤིག་ཏུ་བཤགས་ཆོག་སྐབས། སྐུ་མི་གསལ་ཙམ་ཞིག་གིས་འཇམ་དཔལ། སྤྱན་རས་གཟིགས། ནམ་སྙིང་གསུམ་གྱི་མདོ་ཐོན་དང་སྡིག་ལྟུང་རྩད་ནས་དག་པར་འགྱུར་རོ། །ཞེས་དང་། འདི་རེས་ནམ་མཁའི་སྙིང་པོ་ཡིན་སྙམ་བྱེད་པའི་གཟུགས་མེད་པ་ནམ་མཁའ་ལྟ་བུ་མཐིང་སྔོན་མཚོན་དུ་མེད་པ་ཞིག་མཐོང་བ་རྨིས། སྡེ་དགེ་སྲས་གཅུང་ནས་བཅའ་སྒྲུབ་རྒྱུ་མང་ཙམ་བསྐུར་བ་རིམ་བསྒྲུབ་དང་། ལོ་སྔ་རྗེས་འདི་རྣམས་སུ་ཇ་སྦྲ་གཙོས་སྦྱིན་བདག་གལ་ཆེན་མང་པོས་འབོད་ནན་ལྟར་གཡང་སྐྱབས་གཙོར་གྱུར་པའི་འདོན་བྱ་འགའ་ཞིག་དང་། ཞི་ཁྲོ་སོགས་གཤིན་ཆོས་མང་དུ་དགོས་པ་བྱུང་། སོས་ཀ་རྒྱ་སྤྲུལ་བསླབ་སྦྱོང་གྲུབ། བརྡ་སྤྲོད་མཚན་བཏགས་ཕུལ། སྐྱབས་རྗེའི་མདུན་ནས་བསྙེན་རྫོགས་བསྒྲུབས་ཏེ་ཕྱིར་ཕེབས་སོང་། འདི་སྐོར་ཕལ་ཆེར་རྒྱལ་རྒྱམ་དང་རྒྱུན་གྱི་ཉམས་ལེན་གྱི་ཐུན་བཟུང་། ཟླ་བ་ལྔ་པའི་ནང་ལི་ཐང་ནས་བླ་མ་ངེས་དོན་སླེབས། སྡེ་སྲས་གསར་འཁྲུངས་ཀྱི་ཚེ་རྩིས་ཞིབ་མོ་དགོས་གསུངས་པ་ལྟར། བཻ་དཀར་དབྱངས་འཆར། རྒྱ་རྩིས་གསར་འགྱུར་ལུགས་བཅས་རྩིས་ནས་ཐོ་ཡིག་ཕུལ། དེ་རྗེས་སྐུ་རིམ་བཅའ་སྒྲུབ་ལ་འོང་དགོས་གསུངས་པ་ལྟར་ལྷུན་གྲུབ་སྟེང་དུ་ཕྱིན་ནས། ས་བདག་ཉེས་སེལ། དབང་ཆེན་སོགས་དང་། སྲས་གཅུང་རྩར་གཡང་སྐྱབས་བཅས་གྲུབ་ནས་ཚུར་འཁོར། སྟོན་ཀའི་སྐོར་དུ་བླ་མ་གསང་སྔགས་མདུན་ནས་སངས་གླིང་ཐུགས་ཆེན་ནོར་བུ་སྐོར་གསུམ། འཇམ་དཔལ་དཀར་དམར་ནག་གསུམ་གྱི་དབང་ལུང་། བཀའ་བརྒྱད་ཐེམ་མེད་པོད་གཉིས་ཀྱི་ལུང་སོགས་ཞུས། གླིང་སྟོད་དུ་ཕྱིན་ནས་ཟླ་སྤྲུལ་དཔོན་སློབ་རྣམས་ལ་ཀློང་ཆེན་མཛོད་བདུན་ལུང་བཀླགས། ཟླ་སྤྲུལ་མདུན་ནས་སྨིན་གླིང་འདོད་བུམ་གནང་། མགོན་པོ་སྤྲུལ་སྐུའི་མདུན་ནས་སྙིང་ཐིག་ཡ་བཞིའི་དབང་ལུང་ཚང་བ་ཟླ་བཟང་དང་ལྷན་ཅིག་ཞུས། སྟག་ཤམ་རྡོར་སེམས་ཀྱི་དབང་། ཕྱག་དྲུག་པའི་བེ་བུམ་རྙིང་མའི་ལུང་རྣམས་ཀྱང་ཐོབ། ཁོང་ལ་ནི་གུ་ཆོས་དྲུག་དང་སྦྱོར་དྲུག་རྣམས་ཀྱི་ཁྲིད་དགོས་གསུངས་པ་ལྟར་བྱས། སྒྲུབ་ཁང་དུ་ཟླ་བཟང་མདུན་ནས་ཆོས་གླིང་ཕུར་པ་དང་། གནམ་ཆོས་དབང་བསྒྲིགས་ཚང་མའི་དབང་ལུང་ཞུས། ལོ་བསྟར་ཕུར་བསྙེན་ཕུར་ཟློག །ཨཱརྱ་ཏཱ་རེའི་བསྙེན་པ་རྣམས་རྒྱས་པར་གྲུབ་ནས། ཆགས་མེད་ཀྱི་ཟིན་བྲིས་དཀྱིལ་འཁོར་ཞེ་གཉིས་སུ་འགྱུར་ཚུལ་ལྟར་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་པ་བཏང་། ཆུ་བྱི་གསར་ཚེས་ཟླ་བ་གཉིས་པའི་ནང་ཞི་ཁྲོའི་བསྙེན་པ་གྲུབ་ནས་མཚམས་གྲོལ། འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་བོད་ནས་ཕྱིར་ཕེབས་པ་ལ་མཇལ་དར་དང་གྲུབ་བརྒྱའི་ཞལ་ཐང་སོགས་འབུལ་མཁན་བཏང་། ཀུན་སྐྱོང་གླིང་པའི་གཏེར་བྱོན་ལི་སེར་ལས་གྲུབ་པའི་རྡོ་རྗེ་གཞོན་ནུའི་སྐུ་ཁྱད་པར་ཅན་གཅིག་གནང་ནས། འདི་རང་ཅག་རྣམས་ཀྱིས་དམ་པའི་ཆོས་ཀྱི་བྱ་བ་སྒྲུབ་པ་ལ་བར་ཆད་སེལ་བའི་རྟེན་འབྲེལ་ཡིན་གསུང་བ་འདུག །རྨེ་ཤོད་སོག་མོ་ཚང་གིས་བསུ་བ་ཆེད་བཏང་ལྟར་ཕྱིན་ནས་གཤིན་པོ་སྔ་རྗེས་དགེ་རྩར་ཞི་ཁྲོའི་ཆོ་ག་བདུན་ཕྲག་གཉིས་བགྱིད་དགོས་པ་བྱུང་། མཁྱེན་བརྩེ་རིན་པོ་ཆེ་ཆེད་གཏད་ཕེབས་བྱུང་བ་དང་། མདོ་སྨྱོན་སྤྲུལ་སྐུ་སོགས་བླ་སྤྲུལ་ཉི་ཤུ་སྐོར་ལ་ཇོ་ནང་སྒྲུབ་ཐབས་རིན་འབྱུང་གི་དབང་ལུང་ཚང་བར་བགྱིས། རྡོར་གླིང་གཏེར་བྱོན་སྐུ་ཚབ་རིན་པོ་ཆེ་དང་། ཇོ་ནང་རྗེ་བཙུན་བཀའ་འབུམ་སྤར་མ་ཡོངས་རྫོགས་སོགས་གནང་སྦྱིན་ནོམ་ཆེན་མཛད། ཚུར་ལའང་ཆོས་དབང་འཁོར་བ་དོང་སྤྲུགས་དབང་ལུང་དང་། མཁྱེན་བརྩེའི་ཛཱ་བིར་གྱི་ཁྲིད་ཞུས། སྡེ་དགེ་སྲས་གཅུང་ནས་སྒྲུབ་ཁང་བཞེངས་པའི་རིམ་གྲོ་ལ་མ་འོང་ཐབས་མེད་ནན་ཏན་གསུངས་པ་ལྟར་དགོན་ཆེན་དུ་ཕྱིན་ནས་ཉེས་སེལ། ཚེ་གཡང་སྒྲུབ་པ། སླར་ནང་གཞུག་ཆས་དགོངས་འདུས་བཏགས་གྲོལ་མཐོང་གྲོལ་བསྒྲུབ་པ་སོགས་བགྱིས་ནས་སླར་འཁོར། ཟླ་སྤྲུལ་གྱིས་གླིང་སྟོད་གྲྭ་ཁང་གསར་བཟོས་ལ་ས་བདག་དབང་ཆེན་ཞིག་དགོས་གསུངས་པ་ལྟར་བསྒྲུབས། སྟག་ཤམ་འོད་དཔག་མེད་ཀྱི་ཚེ་དབང་སོགས་ཞུས། ཚེས་བཅུའི་འཆམ་གཟིགས་ལ་སྡེ་དགེ་མཆེད་ཞལ་རྣམས་བྱོན་པར་ལྷ་གསར་དུ་ཉིན་གསུམ་ལ་ཞི་ཁྲོའི་དབང་བརྒྱ། སྲས་བླ་མར་ཀུན་རིག་དང་ཚེ་དཔག་ལྷ་དགུའི་འཚོགས་དབང་། སྲས་གཅུང་ལ་རྗེས་གནང་ཁ་ཤས་བགྱིས་ནས་ཕེབས་སོང་། སྒྲུབ་ཁང་དུ་སྐྱབས་རྗེའི་ཞལ་མཇལ། སྒྲུབ་པ་རྣམས་ལ་ནི་གུ་ཆོས་དྲུག་གི་བྱིན་རླབས་རྣམས་དང་ཁྲིད་ཉིན་ཁ་ཤས་བྱས། རྒྱལ་རོང་ཁྲོ་སྐྱབས་བླ་མ་ཁ་ཤས་དང་བླ་མ་བསོད་ཁོ་སོགས་ལ་རྗེའི་བཀའ་བཞིན་བླ་བྲང་དུ་ཕྱིན་ནས་གྲུབ་བརྒྱའི་བྱིན་རླབས་ཉིན་ཁ་ཤས་བྱས། ཟླ་བ་བདུན་པའི་ནང་ཟླ་སྤྲུལ་དང་ཕྲན་དཔོན་སློབ་རྣམས་ནས་སྙན་འབུལ་ཞུས་པ་ལྟར་མཁྱེན་བརྩེ་རིན་པོ་ཆེ་གླིང་སྟོད་དུ་ཕེབས་ནས། ཉིད་ཀྱིས་གསར་བསྒྲིགས་གནང་བའི་སྒྲུབ་ཐབས་ཀུན་བཏུས་ཀྱི་ཚར་ལུགས་དཀར་པོ་རྣམ་གསུམ་གྱིས་དབུ་བརྩམས། ཚེ་རིང་མའི་བཀའ་གཏད་ཀྱིས་མཐའ་རྒྱས་བར་དབང་ལུང་ཁྲིད་གསུམ་ཚང་མ། བླ་མ་ཡང་ཏིག་གི་དབང་ལུང་ཁྲིད་བཅས། སྨིན་གླིང་གཏེར་ཆོས་ཚང་མའི་དབང་ལུང་ཁྲིད། ཕུར་པ་སྤུ་གྲི། བླ་མ་གསང་འདུས། ཉང་གཏེར་ཁྲོས་ནག་དབང་ལུང་ཁྲིད། ཨོ་རྒྱན་ཀཻ་རི་བརྒྱད་བསྐོར། བདུད་རྩི་བུམ་ཆེན་དབང་ལུང་། གཏེར་རྙིང་ཕྲན་ཚེགས་མང་པོའི་ལུང་། རིགས་གསུམ་སྤྱི་དབང་། རྣམ་སྣང་མངོན་བྱང་། རྡོར་དབྱིངས་རྣམས་ཀྱི་དབང་ལུང་། ལམ་སྤྱིའི་བཤད་ཁྲིད། བཀའ་གདམས་ཐིག་ལེ་བཅུ་དྲུག་དབང་དང་ཁྲིད། བཀའ་གདམས་གླེགས་བམ་གཉིས་ཀྱི་ལུང་། ལྷ་བཞིའི་རྗེས་གནང་དང་ཁྲིད། ནི་གུའི་གཞུང་བཀའ་ཉེར་ལྔ། མགོན་པོ་དཀར་མཐིང་བྱིན་རླབས། སུ་ཁ་དང་ལྷ་བཞི་དྲིལ་སྒྲུབ་བྱིན་རླབས་དང་ཁྲིད། ཤངས་ཆོས་རྒྱུན་གང་བཞུགས་ཀྱི་ལུང་། དྭགས་པོ་བཀྲས་རྣམ་ཕྱག་ཆེན་དང་ཆོས་དྲུག །ལོ་ཆེན་ཡིག་ཆ་ལྟར་ཞི་བྱེད་དབང་ལུང་ཁྲིད་གསུམ། རྒྱལ་ཐང་དང་སྨིན་ལུགས་ཀྱི་གཅོད་དབང་ལུང་དང་ཁྲིད། གྲུབ་རྒྱལ་ཚེ་ཁྲིད། ཚར་ལུགས་རིག་བྱེད་མའི་དབང་རྩ་དབུ་མའི་ཁྲིད། འཕོ་ཁྲིད་དང་བསམ་མི་ཁྱབ་ཐུན་མིན་ཁྲིད། རྒྱལ་སྲས་ཐོགས་མེད་ཀྱི་བློ་སྦྱོང་དོན་བདུན་མའི་ཁྲིད། གསང་བདེ་འཇིགས་གསུམ་གྱི་སྔགས་བཏུའི་བྱིན་རླབས་བཅས་བཀའ་དྲིན་བསམ་ལས་འདས་པ་བསྩལ། འདི་དག་རྣམས་ཀྱི་སྐབས་བསྟན་སྤྲུལ་ནས་ཛེ་ཏཱ་རིའི་རིང་བསྲེལ་ཡིན་གསུངས་པ་མང་དུ་གནང་བ་དང་། རྩེ་ལེའི་རིང་བསྲེལ་མང་དུ་རྙེད་པ་དང་། ཟངས་མདོག་དཔལ་རིའི་ཕོ་བྲང་ཡིན་ཟེར་བའི་སྒོ་ནང་ནས་མགྲོན་གཉེར་ཞིག་བརྒྱུད་ནང་དུ་ཕྱིན་པས་གུང་དུ་གུ་རུ་རིན་པོ་ཆེ། གཡས་གཡོན་དུ་སྔགས་པ་རྔ་གྲལ་མཇལ་བ་ལ་བྱིན་རླབས་ཞུས་པ་དང་། རང་ཕག་མོ་ཕྱག་བཞི་པར་གྱུར་ནས་གྲི་གུག་གིས་གཞན་འགའ་ཞིག་ལ་དབང་བསྐུར་བ་སོགས་རྨིས་ལྟས་བཟང་པོ་འགའ་ཡང་མཐོང་། བྱང་ལུགས་བརྡ་དོན་ལམ་ཟབ་ཀྱིས་ཆོས་མཚམས་མཛད། མཎྜལ་རྟེན་གང་འབྱོར་ཕུལ་ནས་སླར་ཕེབས། ངེད་རང་སོག་མོ་དང་གནས་ར་སོགས་འབོད་མཁན་རྣམས་ལ་ཕྱིན། ཞི་ཁྲོའི་ཆོ་ག་དང་། གཡང་སྐྱབས་སོགས་རེ་སྐོང་བྱས། ཟླ་བ་བཅུ་པའི་ནང་རྫོང་སར་དགོན་དུ་ཕྱིན། གནས་རའི་གྲྭ་ཁང་དུ་བསྡད། མཁའ་འགྲོ་ཡང་ཏིག་སོགས་གསར་རྙིང་དབང་ལུང་ཐོར་བུ་འགའ་ཞིག་བཞེད་པ་ལྟར་ཕུལ། རྫོགས་ཆེན་སེམས་སྡེ། ཀློང་སྡེ་རྡོ་རྗེ་ཟམ་པ་རྣམས་ཀྱི་དབང་ལུང་ཁྲིད་བཅས། སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་། གསང་བ་སྙིང་པོའི་རྒྱུད་བཤད། རོང་ཊཱིཀ་གཡུང་ཊཱིཀ་སོགས་ཀྱི་ལུང་། ཞལ་ལུང་ཁྲིད། རྒྱུད་བཤད་གྲུབ་མཐར་བསྟན་པ་གཏོད་པའི་མངའ་གསོལ་ཡང་གནང་། སོ་ལུགས་ཡང་དག་ལྷ་དགུ། སངས་རྒྱས་མཉམ་སྦྱོར། ཨ་ར་པ་ཙ་ལྷ་ལྔ། སྙིང་ཐིག་ཆོས་དབྱིངས་རང་གསལ་རྣམས་ཀྱི་དབང་ལུང་ཚང་བ། རྔོག་ལུགས་དུད་སོལ་མའི་རྗེས་གནང་ནན་ཆགས་མ་བཅས་བཀའ་དྲིན་དུ་ཐོབ། དེང་སང་བླ་མ་དགེ་བཤེས་གྲགས་ཆེ་གྲས་རྣམས་ཀྱང་རང་རང་གི་ལུགས་སྲོལ་དེ་དང་གཞུང་ལུགས་འགའ་ཙམ་མ་གཏོགས་ཐུབ་བསྟན་ཕྱོགས་མེད་ལ་དག་སྣང་དང་གཟིགས་པ་ཤིན་ཏུ་ཕྲ། མཆོག་དམན་ཕལ་མོ་ཆེ་ཐོས་པ་ཉུང་ཞིང་ཆོས་རྒྱུས་ཆུང་། ཁྱད་པར་ཕྱིས་འདིར་གཟུ་བོར་མི་གནས་ཤིང་ཆོས་སྤྱན་དང་མི་ལྡན་ཀྱང་དབང་ཡོད་ཁ་དྲག་ལྟ་བུས་ཆོས་ལུགས་བཟང་ངན་དང་བརྒྱུད་པ་གཙང་མི་གཙང་གི་ཟེར་བརྗོད་ཤིན་ཏུ་མང་ཞིང་གཞན་ལུགས་ལྟ་ཞོག །རང་ལུགས་ལའང་གཡག་ཞར་རང་འདྲོག་གི་དཔེས་རྒྱུ་མཚན་མེད་པའི་དོགས་འཛེམ་ཤིན་ཏུ་ཆེ་བས། རང་ཡང་ཆོས་སྙིང་ནས་འདོད་པ་ཞིག་ཡོད་ཀྱང་རང་ཐག་ཆོད་པའི་བློ་སྟོབས་ཅན་དུ་མ་གྱུར་ཅིང་ནུས་ཆུང་དུ་སོང་བས་འདོད་པ་བཞིན་མ་གྲུབ། འདི་ནས་བརྩམ་སྟེ་རིམ་པར་ཐུབ་བསྟན་རིས་སུ་མ་ཆད་པའི་བསྟན་དང་བསྟན་འཛིན་ཐམས་ཅད་ལ་དད་པའི་པདྨོ་ཕྱོགས་མེད་དུ་གྲོལ། ཆོས་རྒྱུས་ཀྱང་ཇེ་དྲག་ཏུ་སོང་། ཆོས་སྤོང་ལས་ཚབ་པོ་ཆེ་མ་བསགས་པ་འདི་རྗེ་བླ་མ་རིན་པོ་ཆེ་འདི་ཉིད་ཀྱི་བཀའ་དྲིན་ལས་བྱུང་བ་ཡིན་ནོ། །སླར་ཡང་རང་གནས་སུ་འཁོར་ནས་མགོ་ཟླ་བར་བླ་བྲང་ནས་ཕུར་ཁང་དུ་བསྟན་རིམ་དོན་ཟླ་སྤྲུལ་དང་ངེད་རང་དཔོན་སློབ་རྣམས་ཀྱིས་ཕུར་པའི་དབལ་མདོས་བཅའ་བསྒྲུབ་བགྱིས། རྒྱལ་ཟླ་བར་སྡེ་དགེ་སྲས་གཅུང་གིས་སྒྲུབ་ཁང་རབ་གནས་ཀྱི་གེགས་སེལ་བཅའ་སྒྲུབ་འོང་དགོས་གསུངས་པར་དགོན་ཆེན་དུ་ཕྱིན་ནས་ཕུར་པ་བདུན་གཅིག་ཙམ་དང་རྟེན་རྣམས་ལ་དགོངས་འདུས་མཐོང་གྲོལ་སོགས་བྱས། རབ་གནས་འཛི་ཕུ་མཁན་པོས་མཛད་སྐབས་ཕྱི་ནང་གི་ལྟས་ཤིན་ཏུ་འཚུབས་པ་ཞིག་བྱུང་སོང་། ཚུར་འཁོར་ནས་བླ་བྲང་དུ་ཕྱིན། དབོན་སྤྲུལ་རིན་པོ་ཆེས་ཐུགས་རྗེ་གསང་འདུས་ཀྱི་བུམ་སྒྲུབ་གསར་འཛུགས་མཛད་རྒྱུའི་ལག་ལེན་སོགས་བསླབ་སྟོན་བྱས། ཆུ་གླང་གནམ་ལོ་གསར་ཚེས་ནང་ཟླ་སྤྲུལ་རྡོ་རྗེ་རྒྱལ་པོ། ངེད་ཀྱིས་རྒྱལ་ཚབ་བྱས། འདུས་པ་མང་ཚོགས་བཅས་བུམ་སྒྲུབ་ལེགས་པར་བྱས། ཕྱི་ནང་གི་ལྟས་ཀྱང་ལེགས་པར་བྱུང་། བར་དེར་སྦྱིན་བདག་འགའི་རེ་སྐོང་ཡང་གྲུབ་ནས་ཡང་ཁྲོད་དུ་གྲུབ་རྒྱལ་ཚེ་ཁྲིད་སྔོན་འགྲོ་ནས་བརྩམ་བསྐྱེད་བཟླས་སོགས་ཀྱི་མཚམས་ལ་ཞུགས། མཁྱེན་བརྩེ་རིན་པོ་ཆེས་རྔོག་དཀྱིལ་ཆོག་བསྒྲིག་ཐད་བོད་ནས་གསུང་བྲིས་ལན་གཉིས་ཙམ་གནང་། ལོ་སྔ་མར་ཟླ་སྤྲུལ་ཞེ་སྤྲུལ་གཉིས་ལ་ནན་གསུང་སྟབས་ཁོང་རྣམ་གཉིས་ནས་དེ་ལྟར་མ་བསྒྲུབ་ཀ་མེད་ཀྱི་གསུང་ནན་ཡང་ནས་ཡང་དུ་མཛད་པར། རང་ཉིད་སྐྱེ་བརྒྱུད་བཟང་ངན་དང་སྨོན་ལམ་གྱི་མཐའ་ཅི་ཡོད་མི་ཤེས། ངན་པ་ཞིག་ཡིན་ཚེ་རང་གི་ཐར་པའི་ལམ་གྱི་སྒོ་འགེགས། བསྟན་པ་ལའང་གནོད་པར་འགྱུར་བར་སྲིད་པས་དེ་སྔ་བྱ་བ་འདི་བརྩམ་མ་ཕོད་ནས་ལུས། ད་སྟེ་དགོས་ངེས་ཡིན་ཚེ་དང་པོ་སེམས་ཐག་ཆོད་པ་ཞིག་དགོས་པས། ཆགས་མེད་རིན་པོ་ཆེའི་ཞལ་ནས། ལྷ་ཚོགས་བརྒྱ་ཕྲག་ཙམ་གྱི་བསྙེན་སྒྲུབ་ཐེམས། །ངན་སྔགས་དབང་སྡུད་གཅིག་ཀྱང་བསྒྲུབས་མ་མྱོང་། །ལས་ཚོགས་འདི་ཙམ་བསྒྲུབ་ན་འགྲུབ་འོས་ཡིན། །ཞེས་གལ་ཆེ་དུས་སྐྱེ་བ་དང་ཚེ་ཚད་བརྟག་པ་རེ་མཛད་ཚུལ་གསུངས་པ་ལྟར་ཟླ་སྤྲུལ་ཉིད་ཀྱང་དེ་དང་མཚུངས་པས་ཐོག་མར་སྐྱེ་བརྟགས་ཤིག་མཛད་གྲུབ་ཞུས་པར། ཁོང་གི་ཐུགས་དམ་རྒྱལ་བ་རྒྱ་མཚོ་ཡིན་ཡང་དེ་སྐབས་ཐུགས་རྗེ་གསང་འདུས་ཀྱི་བསྙེན་པ་བདུན་ཕྲག་གསུམ་བཞུགས། དེ་ཚེ་སྐྱེ་བརྟག་གི་རྫས་སྒྲུབ་གྲུབ་མཐར་ལས་སྦྱོར་མཛད་པའི་མནལ་ལྟས་ནམ་སྟོད་དུ་བླ་མ་ཞིག་གི་རྣམ་ཐར་དཔེ་ཞིག་གཟིགས་པར་གསར་རྙིང་བོན་སོགས་མང་པོ་ཞིག་གི་རྣམ་ཐར་དང་འགྲོ་དོན་བྱས་ཚུལ་བཀོད་པའི་མཐར། དེ་དང་དེ་དག་བཅུ་བཞི་ཡི། །རྒྱན་གྱི་མཆོག་ཏུ་ངེས་པར་འགྱུར། །ཞེས་པའི་མཆན་བུར། འདི་ལ་གནད་ཡོད་ཟེར་བ་བྲིས་པ་ཞིག་སྣང་། ནམ་གྱི་ཆ་སྨད་དུ། ཐང་གྲུ་བཞི་ཞིག་གི་ཕྱོགས་བཞིར་ཨོ་རྒྱན་རིན་པོ་ཆེ་ཕྱག་ན་ཐོང་གཤོལ་བསྣམས་པ་བཞི། མཚམས་བཞིར་བུད་མེད་འབྲུའི་སྣོད་བཟུང་བ་བཞི། ཁྲོམ་ཚོགས་ཤིན་ཏུ་མང་བ་བཅས་འདུག །བུད་མེད་ཞིག་ལ་འདི་ཅི་རེད་དྲིས་པར། འདི་རིག་འཛིན་གཏེར་བདག་གླིང་པས་སྨིན་གྲོལ་གླིང་འདེབས་སྐབས་ཨོ་རྒྱན་རིན་པོ་ཆེ་ཞག་བདུན་བསྒྲུབས་པས་གྲུབ་ནས་ས་གཞི་བྱིན་རླབས་མཛད་པ་རེད་ཟེར་བས་ཁོང་གི་ཐུགས་ལ་ཀོང་སྤྲུལ་སྨིན་གླིང་གཏེར་ཆེན་གྱི་རྣམ་འཕྲུལ་འཁྲུལ་མེད་ཡིན་འདུག་དགོངས་པ་ཞིག་བྱུང་འདུག །དེ་རྗེས་ཤིག་གི་མནལ་ལམ་དུ་རི་མགོར་མཁར་མཐོན་པོ་རྩག་མང་ཙམ་ཞིག་གི་སྟེང་མར་ངེད་བསྡད་འདུག །ཉིད་ནས་བསྐུལ་མ་མཛད་སྣང་ལྟ་བུའི་ཤོག་དྲིལ་ཆེན་པོ་ཞིག་ནམ་མཁར་ཡང་ཡང་བལྟ་ཞིང་བྲི་འདུག་པ། ནམ་མཁར་གཟིགས་པ་ཅི་རེད་དྲིས་པར། ཕྲན་གྱིས་རྩོམ་རིགས་ཐམས་ཅད་ལྷ་ལ་ཞུས་ནས་འབྲི་བ་ཡིན་ཟེར་བས་ཐུགས་ཤིན་ཏུ་དགྱེས་ཤིང་ཚིག་དོན་བཟང་བ་དང་བྱིན་རླབས་ཀྱང་ཤིན་ཏུ་ཆེ་འདུག་སྙམ་ནས་དད་སྤྲོ་དཔག་མེད་སྐྱེས་པ་བྱུང་གསུངས། རང་ནས་ཀྱང་སྐྱེ་བརྟག་བྱས་པར། སྨིན་གླིང་ཡིན་ཟེར་བའི་ཆོས་གྲྭ་ཞིག་ཏུ་སླེབས། དེར་ལྷ་ཁང་ཞིག་ཏུ་ཕྱིན་པར་གཡས་གྲལ་རྣམས་གཏེར་ཆེན་དང་། གཡོན་གྲལ་རྣམས་ལོ་ཆེན་གྱི་སྐྱེས་རབས་རེད་ཟེར་བའི་འདགས་སྐུ་འདྲ་བ་མང་པོ་བསྒྲིགས་འདུག་པ་རིབ་ཙམ་བལྟས་པ་རྨིས། རེ་རེ་བཞིན་ཡིད་ངེས་མ་བྱུང་། དེ་དང་དེ་དག་སོགས་ཀྱང་གཏེར་ཆེན་གྱི་སྐྱེས་རབས་བཅུ་བཞི་པའི་འཕྲོས་སུ་སྦྱོར་བ་ཞིག་གི་དོན་ཙམ་ཡིན་ནམ་སྙམ་པའི་རྟོག་པ་ཤར། འོན་ཀྱང་དེ་ལྟར་ཡིན་སྙམ་པ་ནི་རྨི་ལམ་དུ་འང་མེད་ཅིང་བཟང་འབྲེལ་ཐོགས་པ་ཙམ་གྱི་ལས་འཕྲོ་ཡིན་རྒྱུ་བྱས་ན་ལོས་ཆོག །མཁྱེན་བརྩེ་རིན་པོ་ཆེར་ཡང་འབྲི་རྒྱུའི་ཐད་བཀའ་བརྟགས་ཞུས་པར་ཡི་གེ་གཟིགས་མ་ཐག་སྤྱན་སྔར་ཨུ་ད་ཡ་ཞེས་པའི་རྒྱ་ཡིག་ཅིག་གསལ་བར་ཤར་བྱུང་བས་ཨུ་ད་ཡ་ནི་འཆར་བ་དང་དར་བ་ལ་འཇུག་པས་བསྟན་པ་གསལ་བ་དང་བསྟན་བཅོས་དར་བའི་བརྡར་འདུག་གསུངས། སྔར་བོད་ནས་རྔོག་གི་གདན་ས་གཞུང་སྤེ་ཤིང་དུ་ཕེབས་སྐབས་ཕྲན་གྱིས་རྔོག་དཀྱིལ་འབྲི་དགོས་པའི་ལུང་བསྟན་བྱུང་ཚུལ་འཆི་མེད་སྤྲུལ་སྐུ་ལ་བཀའ་འཕྲོས་ཕེབས་འདུག་པ་དང་། གཙང་ཞྭ་ལུ་མཆོག་སྤྲུལ་གྱི་བླ་མ་མར་པའི་རྣམ་འཕྲུལ་རྩོད་མེད་དུ་གྲགས་པའི་སྦས་པའི་རྣལ་འབྱོར་ཅིག་བཞུགས་པ་དེས། མར་པའི་རྒྱུད་སྡེ་འདི་རྣམས་ལ་ཁྱེད་ཀྱི་སློབ་བརྒྱུད་ཅིག་གིས་ཡིག་ཆ་བྲིས་ནས་སྤེལ་ན་བསྟན་པ་ལ་ཕན་པར་འགྱུར་ཅེས་པའི་ལུང་བསྟན་གནང་ཡོད་འདུག་པར། མཆོག་སྤྲུལ་ནས་མཁྱེན་བརྩེ་རིན་པོ་ཆེ་ལ་ངེད་ཀྱི་སློབ་མ་ཡིག་ཆ་འབྲི་སྤེལ་ནུས་པ་ཉིད་ལས་སུའང་མི་འབྱུང་བས་ཐུགས་རྩོལ་དགོས་ཚུལ་གསུངས་པ་རྣམས་ཀྱིས་ཀྱང་ཕྲན་ལ་བསྐུལ་མ་སྔ་རྗེས་ནན་དུ་མཛད་པར་འདུག །འདི་སྐབས་སྐྱེ་བརྟགས་ཤིག་ཀྱང་གནང་རོགས་ཞུས་པར། མནལ་ལྟས་དང་པོར། ལྷ་ཁང་བརྒྱུད་གཟིམས་ཁང་དུ་ཕེབས། མཆོད་ཁྲིར་གླེགས་བམ་དམར་པོ་འདུག་པ། གཞན་ཞིག་གིས་འདི་ཡོན་ཏན་རྒྱ་མཚོའི་སྐྱེས་རབས་རེད་ཟེར། དེར་བརྟག་པ་མཛད་ཡོད་པ་དྲན་ཏེ་ཞིབ་བལྟས་དགོས་སྙམ་ཁ་ཕྱེས་གཟིགས་པས། རྒྱབ་ཡིག་ལ། དགེ་བའི་བཤེས་གཉེན་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱི་རྣམ་ཐར་བཞུགས་སོ་ཟེར་བ་འདུག་པས། འདི་ཡོན་རྒྱམ་མ་རེད། ཀླུ་མེས་རེད་བྱས་པ། དེ་གཉིས་གཅིག་རེད་ཟེར། སླར་གཟིགས་པས་སྐྱེས་རབས་དང་རྣམ་ཐར་ཤིན་ཏུ་ཞིབ་རྒྱས་འདུག་པའི་དང་པོའི་ཚིགས་བཅད་དུ། འཁོར་སྤངས་དགོན་པ་བདུད་རྩི་བཞིན་དུ་བསྟེན། །སྔགས་ཀྱི་ལྷག་ཆད་ནོར་བ་དུག་བཞིན་སྤངས། །རིམ་པ་ཆུ་བོའི་རྒྱུན་ལྟར་བརྩོན་པ་ཡིས། །ཡི་དམ་ཞལ་གཟིགས་མཆོག་གི་དངོས་གྲུབ་ཐོབ། །ལས་ཀྱི་ལྷག་མའི་ཀླུ་གདོན་བསྙུན་ལས་གྲོལ། །ཞེས་པའི་འཕྲོས་སུ། གསང་བདག །ཀུན་དགའ་བོ། བཻ་རོ། དེ་ནས་ཀླུ་མེས། དེའི་སྐྱེ་བ་དེ་མ་ཐག་པ་ནི་ལྷ་རྗེ་ཟུར་པོ་ཆེའོ། །དེ་ནས་སྐྱེ་བ་བཅུ་གསུམ་བརྒྱུད་མཐར་ད་ལྟའི་བླ་མ་འདི་ཡིན་པའི་ཚུལ་དང་། ཀླུ་མེས་རྣམ་ཐར་ཤིན་ཏུ་རྒྱས་པའི་བསྡུ་ཚིག་ལྟ་བུར་ཡི་དམ་ཕྱག་རྡོར་དཀར་པོ། ཆོས་སྐྱོང་བཙན་དཀར་པོ་ཚངས་པ་དུང་ཐོད་ཅན་བཅས་སྐབས་དེར་བསྟེན་ཚུལ་དང་། ཀླུ་གདོན་རྒྱུ་རྐྱེན་བཻ་རོས་དམར་རྒྱན་མ་ལ་མཛེ་བཏང་བའི་ལས་ལྷག་སོགས་དང་། གོང་གི་ཚིགས་བཅད་འདུག་པ་ཕྱིར་ནང་གསལ་བར་དྲན་གསུངས། མནལ་ལྟས་གཉིས་པ། རིན་པོ་ཆེ་ཉིད་ཀྱིས་རྟ་ཞིག་ཆིབས། གྲྭ་པ་རྐང་ཐང་བཞི་ཙམ་བཅས་ཟབ་བུ་ལུང་མཇལ་དུ་ཕེབས་ཀྱིན་འདུག་པ་གནས་མདར་སྔགས་པ་ཞིག་གི་ཁྱིམ་དུ་གདན་དྲངས། དབང་དང་བྱིན་རླབས་ཞུས། བསྙེན་བཀུར་བསྟབས། དེས་མཚོན་ལམ་དུ་གར་ཕེབས་པ་ཡིན་ཞུ་མཁན་ཐམས་ཅད་ལ། ཟབ་བུ་ལུང་གཏེར་ལུང་མཇལ་དུ་འགྲོ་བ་ཡིན་ཁོ་ན་ལབ་ཀྱིན་འདུག །ལམ་དུ་ཆར་པ་འགའ་ཞིག་བབ་པ། གྲྭ་པ་རྣམས་ནས་དེ་རིང་སྡུག་གནམ་འདིས་ག་འདྲ་བྱེད་པ་ཡིན་ན་ཟེར་བ་ལ། དགའ་མོ་ཡོང་འགྲོ་གསུངས་ཤིང་ཕེབས། ཕྱི་དྲོ་ལུང་པའི་རྐེད་ཙམ་སླེབ་པ་ཆུ་ཕར་ཀ་དེར་འབྲོག་དུད་ཕྱུག་པོ་ཞིག་འདུག་པ། ཆེ་ཆུང་མེད་པ་ཐམས་ཅད་ཆུ་ཚུར་ཀར་རྒྱུག་ནས་བྱིན་རླབས་ཞུས། ད་ཇི་ཙམ་འགྲོ་དགོས་དྲིས་པར་ད་དུང་ལམ་ཕྱེད་ལས་མ་སླེབས་ཚུལ་བཤད། དོ་དགོང་བཞུགས་གནས་གར་འབེན་དྲིས་པར་འདི་ཡན་ཆར་སྐྱིབས་སོགས་སྟབས་བདེ་མེད་ཚུལ་ལབ་པར་གྲྭ་པ་རྣམས་ནས། འོ་ན་དོ་དགོང་ཁྱེད་རང་ཚང་ལ་གནས་ཚང་ཨི་གཡར་བྱས་སོང་བ། ནངས་སྔ་བར་ཕེབ་རྒྱུ་ཡིན་ཚེ་གཡར་རྒྱུ་ཡོད་ཟེར། དེ་ཀ་ཡིན་ཚུལ་གྱིས་ཆུ་ཕར་ཀར་ཕྱིན་པས་དུད་ཚང་དེ་ལྟག་སྦྲ་ཆུང་ལོགས་དང་ས་ཐམས་ཅད་སྟན་དཀར་གྱིས་གཡོགས་པ་ཞིག་ནང་བཞག །གསོལ་ཐུག་སོགས་བསྐྱལ། སང་ཉི་ཤར་ལ་བླ་མ་མངའ་བདག་པ་ཕེབ་རྒྱུ་ཡིན། དེ་བ་གཙང་སྦྲ་ཤིན་ཏུ་ཆེ་བ་ཡིན་པས་ཉིད་དཔོན་སློབ་ནས་ཕོ་གཏོར་སོགས་འབག་འབོག་མི་མཛད་པར་ཞུ་འདུག །དེ་ནུབ་ཐུགས་དམ་འདྲ་མཛད་ཀྱིན་བཞུགས། ནངས་ནམ་ལངས་པ་དང་ཚ་བ་བཞེས་ནས་ཆིབས་བཏེགས་ཏེ་ལུང་པའི་ཕུ་ལ་ཕེབས་ནས་འགྲུལ་པ་འདྲས་ལམ་ངོ་སྤྲད་ཅིང་། ཟབ་ལུང་བདེ་གཤེགས་འདུས་པའི་ཕོ་བྲང་དུ་ཕེབས་པ་དང་། ཕ་བོང་ཞིག་གི་སྐྱིབས་སུ་རྣལ་འབྱོར་པ་ཐོར་ཚུགས་ཆུང་ངུ་ཡོད་པ། རབ་བྱུང་ཆས་སྐུ་བོང་མི་ཆེ་མི་ཆུང་། སྐུ་ཤ་རན་པ་ཞལ་རྒྱན་ཅུང་ཟད་ཡོད་པ་ཞིག་ཆར་ཡིབས་ལྟ་བུས་བཞུགས་འདུག་པ་བཞེངས་ནས་ཁོང་འཕྲེང་མགོ་གཏེར་སྟོན་ཤེས་རབ་འོད་ཟེར་ཡིན། ཁྱེད་ཕེབས་པས་རྟེན་འབྲེལ་ཤིན་ཏུ་བཟང་བས་ད་ལྟ་གཏེར་འདོན་པར་འགྲོ་གསུངས། དགྱེས་བཞིན་ཕེབས་པས་ཕ་བོང་ཞིག་ནས་ཤོག་དྲིལ་ཞིག་ཕྱུང་། དེ་མ་ཐག་གུ་རུ་གུ་ཎ་ས་མུ་དྲ་ད་ལྟའི་བྱི་བྱད་ཇི་ལྟ་བར་གནས་འགྱུར་ནས། ཤོག་སེར་འདིའི་ཆོས་བདག་ཁྱེད་རང་ཡིན་པས་ད་ལྟ་རང་དུ་ལུང་བྱ་ཞེས་ཤོག་སེར་ཚར་གཅིག་དག་པར་ཀློག་སོང་བ་གྲོལ་ཐིག་ཆོས་སྡེ་ཤེས་རབ་བློ་འཕེལ་མི་བརྗེད་གཟུངས་ཐོབ་དེར་སྣང་གསུངས་ཤིང་། རྗེ་ཉིད་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ཡིན་པའི་ཐུགས་ཤེས་གསལ་ཡོད་པ་འདྲ། ཟླ་བ་བཞི་པའི་མཇུག་དེར་སྐྱབས་རྗེ་རིན་པོ་ཆེ་ཞལ་ལན་གཅིག་མཇལ་བ་ནི་ཐ་མ་ཡིན་ཅིང་ཉིད་ཀྱི་བཞེས་སྣོད་གཡང་ཊེའུའི་མཆོད་ཞལ་ཞིག་ཀྱང་བཅུད་ཀྱིས་བཀང་ནས་གནང་། འདི་ཡན་ཆད་ཞལ་ནམ་མཇལ་སྐབས་སྐུའི་དཀྱིལ་འཁོར་ལས་དབང་བཞི་ལེན་པའི་དམིགས་པ་རེའང་བྱས་པས་སྔར་བླ་བྲང་དུ་བཞུགས་སྐབས་ཤིག་དབང་ལེན་གྱི་རྗེས་ཐོག་དེར་བདེ་སྟོང་གི་ཉམས་ཚད་མེད་པ་ཞིག་སྐྱེས་པ་བྱུང་བས་བྱིན་རླབས་ཅུང་ཟད་ཐོབ་པར་སེམས། འདི་སྐོར་ནས་སྐུ་ལུས་ཅུང་ཟད་ལྗི་བའི་རྣམ་པ་ལས་བསྙུན་ཁམས་དམིགས་བསལ་གང་ཡང་མི་བཞུགས་ཀྱང་དབོན་སྤྲུལ་དང་ཟླ་སྤྲུལ་གཉིས་ལ་ཞལ་ཆེམས་བསྩལ། ཟླ་བ་ལྔ་པའི་ཚེས་བདུན་གྱི་དགོང་མོར་ས་གཡོ་བ་སོགས་ལྟས་དང་བཅས་གཞན་དོན་དུ་དགོངས་འདུག །ཁོང་རྣམ་གཉིས་ཀྱིས་ཕྱིར་ནངས་གསུང་བྲིས་དང་། འོང་དགོས་གསུངས་པ་ལྟར་བླ་བྲང་དུ་ཕྱིན། ཐམས་ཅད་ཞལ་རྒྱས་ཐོག་དགོངས་རྫོགས་བསྒྲུབ་པའི་ཆས་བསྒྲིགས། ཡིག་བསྐུར་གནད་ཆེན་ཕལ་ཆེར་བྲིས། སྒྲུབ་ཁང་དུ་སྐུ་གདུང་རིན་པོ་ཆེར་མཆོད་འབུལ་གང་འབྱོར་དང་འདུས་པར་རྡོར་སེམས་སྙིང་པོ་གསུངས་པའི་ཡོན་རྒྱབ་ཀྱང་བྱས། གསོལ་དགུང་གསུམ་པར་ངེད་དང་བླ་མ་གསང་སྔགས་དཔོན་སློབ་མང་ཙམ་གྱིས་ལྷ་གསར་གསེར་གདུང་མདུན་བླ་མ་དགོངས་འདུས་སྐོང་ཆོག་ཆེན་མོ་བཏང་། འདི་སྐབས་ཐང་ཡངས་པ་ཞིག་ཏུ་བྱམས་མགོན་བླ་མ་དེ་ཉིད་སྐུ་གཟི་མདངས་རྒྱས་པའི་ཚུལ་གྱིས་ཁྲིའུའི་ཁར་བྱམས་བཞུགས་མཛད་པ་མཇལ་བས། ཞིང་ཁམས་བརྗེས་པའི་ཚུལ་ཡང་ཡིད་ལ་ཡོད་པ་ལྟ་བུའི་ངང་། གུས་པ་ཆེན་པོས་བཏུད་པས། ཞལ་ནས་གནས་ཁང་མཚོ་ཁར་གཙང་། རྒྱལ་བའི་དབང་པོར་ལྗགས་སྔགས་ཞུ་དགོས་གལ་ཆེ་ཞེས་གསུངས་པ་དང་། རྒྱལ་བའི་དབང་པོའི་ཆིབས་རག་ཀྱང་ཉེ་སྐོར་མ་གི་ནས་བྱོན་འོང་བ་འདྲ་མོ་དང་། ཡང་མཚོ་མཐའ་གངས་རིའི་ཕྲེང་བས་བསྐོར་ཞིང་སྤྲིན་དཀར་པོས་ཁྱབ་པ་ཡིད་དུ་འོང་བར། ལྷ་དང་ལྷ་མོའི་ཚོགས་ཀྱིས་བསྟོད་དབྱངས་རོལ་མོའི་སྙན་འཇེབས་མང་དུ་སྤྲོ་བ་ན། འདི་རྗེ་དེ་ཉིད་ལྷུམས་སུ་ཞུགས་པའི་ལྟས་ཡིན་སྙམ་པ་རྨིས་པས། སྤྲུལ་པའི་སྐུ་བྱང་གནམ་མཚོ་ཐང་ལྷའི་ཉེ་ཞོལ་དུ་སྐུ་འཁྲུངས་པ་ལ་ལྟ་བ་ཡིན་ནམ་སྙམ། སྐུ་མཆོད་གང་འཛུག་གྲོས་མོལ་སྐབས། སྔར་དབོན་རྒན་དེ་ཉིད་ནས་སྐྱབས་རྗེ་ཉིད་མངའ་བདག་མར་པའི་རྣམ་འཕྲུལ་དུ་ཡོངས་སུ་གྲགས་པས་མ་འོངས་པར་སྐུ་མཆོད་ལ་མར་པའི་ཐུགས་དམ་གཙོ་བོ་དགྱེས་གསང་གཉིས་མ་ཚུགས་ཐབས་མེད་པས། ཁྱོད་ནས་སྒྲུབ་དཀྱིལ་གྱི་ཆོག་སྒྲིག་དང་ལག་ལེན་ཞིབ་ཆ་དགོས་གསུངས་པ་ལྟར། དཔལ་སྤུངས་བཀའ་བརྒྱུད་གདན་ས་དག་ཤོས་ཡིན་དུས་མར་པའི་རྒྱུད་སྡེ་ཞིག་གལ་ཆེ་ཚུལ་ཞུས་པ་ལྟར་ཟླ་དབོན་ཟུང་གི་ཐུགས་ལ་བབས་པས་ངེད་རང་ཡར་ཕྱིན་ཏེ་དགོངས་རྫོགས་ཀྱི་ཐབས་ལ་གཙོ་བོར་དམིགས་ཏེ། རྒྱུད་སྡེ་དགྱེས་རྡོར་གྱི་སྒྲུབ་དཀྱིལ་ནས་རིམ་པར་སྒྲིག་པའི་དབུ་བརྩམས། བླ་བྲང་ཕྱག་དཔེར་བཞུགས་པའི་ཁྲུས་ཁང་ལོ་ཙཱ་བ། རྔོག་རིན་ཆེན་བཟང་པོ་སོགས་ཀྱི་སྒྲུབ་དཀྱིལ་སྣང་ཡང་ལུང་མ་བཞུགས། ཕྱིས་བྱོན་ནང་སྤྱན་སྔ་ཆོས་གྲགས་ཀྱི་ཡིག་ཆ་མང་ཉུང་འཚམས་ཤིང་རྔོག་ལུགས་བསླད་མེད་དང་། ཇོ་ནང་རྗེ་བཙུན་རིན་པོ་ཆེའི་བཀའ་འབུམ་དུ་མར་པའི་རྒྱུད་སྡེ་ཁ་ཤས་བཞུགས་པ་རྣམས་གསེར་ཞུན་ལྟ་བུར་སྣང་བས་དེ་གཉིས་ལ་གཞི་བྱས་ནས་སྒྲིག་སྐབས་གསོལ་དགུང་རྫོགས་པའི་སྐབས་ཁྲ་ལེབ་ཡེ་ཤེས་ཉི་མ་ཕེབས། ཁོང་ལ་ཀུན་ཁྱབ་སློབ་མ་དབོན་སྤྲུལ་ཀརྨ་རིན་ཆེན་ནས་གནང་བའི་སྤྱན་སྔའི་རྒྱུད་སྡེ་རྣམས་ཀྱི་དབང་ལུང་བཞུགས་འདུག་པས་ཚང་མ་ཞུས་པས་དབང་རྒྱུན་རྣམ་དག་དང་ལུང་རྒྱུན་ཀྱང་གཞན་ལ་ལྟོས་མི་དགོས་པ་བྱུང་། དེ་སྐབས་ཟླ་བཟང་རིན་པོ་ཆེ་ཀརྨ་དགོན་ལ་ཕེབས་སོང་། ཟླ་བ་བརྒྱད་པའི་ཚེས་གསལ་ནང་གདུང་ཚ་རྣམས་དང་དབུ་ཐོད་བུམ་རིལ་རང་བྱོན་ཅན་སོགས་ལྷ་གསར་གསེར་གདུང་དུ་བཞུགས་སུ་གསོལ་ནས་དྲི་མེད་རྣམ་གཉིས་ཆོ་ག་དང་། རྒྱལ་རྒྱམ་སྒོ་ནས་རབ་གནས་ཉིན་གཉིས་ཞུས། འདི་སྐབས་ཀླུ་གདོན་གྱི་རྨི་ལྟས་བྱུང་། གྲིབ་རྐྱེན་ཞིག་ལ་བརྟེན་ནས་མིག་ནད་ཐོག་མར་བྱུང་ཡང་ནད་ངོ་སུས་ཀྱང་མ་འབྱེད། སྨྲ་ལྕེ་མི་བདེ་ཞིང་དབང་པོ་རྨུགས། སྨྲ་བརྗོད་དཀའ་བ་རྣམས་མཉམ་དུ་བྱུང་། ཡང་ཁྲོད་སྒྲུབ་གནས་སུ་ཉང་གཏེར་མིག་འབྱེད་མ་ཞག་བདུན་ཞིག་ཀྱང་བྱས་པས་ཉི་ཟླ་ཤར་བ་སོགས་ལྟས་བཟང་དུ་བྱུང་། འོན་ཀྱང་སྐབས་རེར་གྲིབ་རྐྱེན་སོགས་ལ་བརྟེན་མིག་མི་བཟོད་པར་ཚ་ནས་གསལ་ས་ལ་གཏན་ནས་བལྟ་མི་ཕོད། མགོ་རས་ནག་སོགས་ཀྱིས་བཏུམ་དགོས་པ་ཞག་ཤས་རེ་འོང་བའི་འཕར་ལྡང་རྒྱུན་དུ་བྱུང་། འདི་ནས་ཟླ་བ་གཅིག་ཙམ་སྐྱ་གཏེར་ངེད་ཀྱི་ཚེ་སྒྲུབ་ལ་བཞུགས། རྨིས་ལྟས་ལེགས་གསུངས། སྒྲུབ་པ་གྲོལ་ནས་ཚེ་རྫས་བྱུང་བའི་ནུབ་མོ་ཟླ་བ་ཤར། གོས་གསར་གྱོན་པ། གཏེར་སྒྲོམ་རྙེད་པ་སོགས་རྨི་ལམ་བཟང་པོ་བྱུང་ཡང་སྔར་ཟླ་སྤྲུལ་མདུན་དུའང་ནན་ཏན་ཞུས་ཏེ་སྐྱབས་རྗེ་བཞུགས་རིང་འདི་ཐད་མཐོང་གང་ཡང་མ་ཆོད། ད་སྟེ་སྙོམས་བསྐྱུར་ནི་མི་ཉན་ངེས་པ་རེད་པས་བརྟགས་པ་མཛད་རོགས་ཞུས་པ་ལྟར་བརྟག་པ་མཛད་ཀྱང་ཐག་ཆོད་པ་ཞིག་མ་བྱུང་། ད་གང་ལྟར་ཡང་སྐྱ་སུ་བླ་མ་ཟེར་བ་མ་གཏོགས་གཏེར་སྟོན་གྱི་མིང་བཏགས་པ་དང་དབང་ཆོས་འབྲེལ་བ་ཞུ་བ་འདི་ཁེ་ཉེན་ཆེ་བས་གཏན་ནས་མི་དགའ་གསུང་བྱུང་བས་འདི་རེས་ཚེ་དབང་ཞུ་བ་སོགས་ནི་མ་བྱུང་། དེ་རྗེས་ཁོང་གཏེར་ལྷུང་ཕྱོགས་སུ་གསོལ་ལྡོམ་བྱོན་འདུག་ཀྱང་ཕྱག་རྫས་ཅིའང་མེད་སྐབས་ཡིན་པས་རང་ནས་གོས་སྣེ་གཉིས་ཙམ་དང་། དར་ཁ། སྣག་ཤོག་ཡན་ཆད་འབྱོར་འཁོས་གང་ཡོད་ཀྱི་མཁོ་ཆས་རྣམས་ཕུལ། དེ་སྐབས་རི་བོ་དབང་ཞུར་སྒྲུབ་པ་དང་གནས་ཡིག་བཀོད་པ་སོགས་ཐོག་མའི་རྟེན་འབྲེལ་ལེགས་པ་བྱུང་འདུག །ཟླ་བ་དགུ་པ་ནས་བརྩམ་ཡི་དམ་འགའ་ཞིག་བསྙེན་སྒྲུབ་མཚམས་རིང་སྡོད་དང་ཕུར་ཟློག་བཏང་བའང་བགྱིས། ལོ་མཇུག་ཏུ་མགོན་པོ་ཕྱག་དྲུག་པའི་གཏོར་སྒྲུབ་དཔོན་སློབ་ཉུང་ཙམ་གྱིས་བགྱིས་པས་བེ་བུམ་ནས་བཤད་པའི་རྨིས་ལྟས་ལེགས་པ་དེ་གྲས་ཁ་ཤས་བྱུང་། ཤིང་སྟག་གསར་ཚེས་ཀྱི་ཟླ་བ་གཉིས་པའི་ནང་མཚམས་གྲོལ་ནས་དགོངས་འདུས་སྐོང་ཆོག་ཆེན་མོའང་བཏང་། བླ་བྲང་དུ་ཕྱིན་ནས་བུམ་སྒྲུབ་དབུ་མཆོད་རྣམས་ལ་བསླབ་ཁྲིད་བྱས། ནག་པ་ཟླ་བར་དབོན་སྤྲུལ་དང་ངེད་རང་གཉིས་གཙོས་འདུས་པ་རྣམས་ཀྱིས་བུམ་སྒྲུབ་ཚུགས། གྲུབ་ཉེ་བ་དང་གྲྭ་པ་ཞིག་གློ་བུར་དུ་འབྲུམ་པ་ནའང་རྐྱེན་དབང་དུ་མ་བཏང་བར་མཐའ་རྒྱས་ལེགས་པར་གྲུབ། དེ་ལོ་དེ་ལས་འཕྲོས་པའི་ན་མཁན་ནི་རྡོག་གཅིག་བྱུང་མ་སོང་བས་སྒྲུབ་ཆེན་གྱི་འཚུབ་ཏུ་མངོན། སྒྲུབ་པ་གྲོལ་མ་ཐག་དབོན་སྤྲུལ་སོགས་དཔལ་འབྱོར་སྒང་དུ་བྱོན་སོང་། ངེད་རང་སྒྲུབ་ཁང་དུ་འོང་ནས་རྗེ་བླ་མ་ཀརྨ་འོད་གསལ་འགྱུར་མེད་མདུན་ནས། ཇོ་ནང་རྗེ་བཙུན་རིན་པོ་ཆེའི་གསུང་རབ་ལས་དུས་འཁོར་སྡོམ་ཆེན། ཞི་བ་སྦས་པའི་དགྱེས་རྡོར། སངས་རྒྱས་ཐོད་པ་ལྷ་ཉེར་ལྔ་པ། འཇམ་དཔལ་གསང་ལྡན་བླ་མེད་ལུགས། བདེ་མཆོག་རབ་འབྱམས། གཤིན་རྗེ་རབ་འབྱམས་སོགས་སྔར་མ་ཐོབ་པའི་རིགས་ཀྱི་དབང་དང་ལུང་མང་དུ་བཀའ་དྲིན་ཞུས། འབྱོར་མཁོས་དང་བསྟུན་པའི་གཏང་རག་མཎྜལ་ཡང་ཕུལ། ཟླ་བ་བཞི་པའི་ཚེས་བཞིར་གསར་བསྒྲིགས་སྒྲོལ་དཀར་གྱི་ཆོ་ག་མང་འཚོགས་ཉིན་བཞིར་ཚུགས་པའི་སློབ་དཔོན་དུ་ཕྱིན། དབོན་སྤྲུལ་ཡང་མི་རིང་བར་ཚུར་ཕེབས། མིག་དང་མིད་པའི་ནད་གཞིའང་སྐབས་རེར་འཕར་ལྡང་ཆེར་བྱུང་། འདི་སྐོར་ཞིག་ཏུ་རྗེ་བཙུན་སྒྲོལ་བའི་མགོན་པོས་དབང་གཞི་ཞིག་བཤམས་ནས་དབང་ཆེན་ཞིག་གནང་རྩིས་མཛད། ངེད་རང་ཚེ་དབང་ནོར་བུ་ཡིན་པ་གསལ་བར་དྲན་བཞིན་པས་ཞབས་ཕྱི་ཞུ་བ་ཞིག་རྨིས་པ་རིག་འཛིན་ཚེ་དབང་ནོར་བུ་རྒྱལ་ཚབ་ཡེ་ཤེས་རྒྱ་མཚོའི་སྐྱེ་བར་ཞལ་གྱིས་བཞེས་པར་སྣང་ཞིང་། ཡེ་རྒྱམ་དང་རྗེ་བཙུན་གཉིས་ཐུགས་རྒྱུད་གཅིག་པ་རྗེ་བཙུན་ཉིད་ནས་གསུངས་པ་རྨི་ལམ་དེ་ལའང་གནད་དོན་ཕྲན་བུ་ཡོད་དམ་སྙམ། ཟླ་བ་ལྔ་པའི་ཚེས་འགོར་དགྱེས་རྡོར་གྱི་འདོན་འགྲིགས་ཕྱག་ལེན་བསླབ། འདུས་པར་དགྱེས་གསང་མཱ་ཡཱ་རྣམས་ཀྱི་དབང་བསྐུར་བགྱིས་པས་འཚུབ་ཀྱང་ཆེ་ཙམ་བྱུང་། སྐུ་མཆོད་ཚུགས་པའི་དགྱེས་རྡོར་གྱི་སྒྲུབ་མཆོད་རྡོར་སློབ་ཏུ་ཕྱིན། གསང་འདུས་དང་མ་ཧཱ་མཱ་ཡའི་སྒྲུབ་མཆོད་ཟུར་འཚོགས་རྣམས་ལའང་ཉིན་རེ་ཕྱིན། ལྷ་གསར་དུ་དགོངས་འདུས་སྐོང་ཆོག་ཆེན་མོ་གཞུང་འཚོགས་བརྒྱད། རང་ནས་བཞི་བཞག་པས་དཔོན་སློབ་བཅུ་གསུམ་གྱིས་ཞག་བདུན། འཇའ་ཚོན་ཞི་ཁྲོ་སོགས་ཀྱི་ཆོ་ག་ཡང་འཚོགས། སྒྲུབ་ཁང་དུའང་ཟླ་སྤྲུལ་ཀརྨར་ཕེབ་ཕྱིན་ངེད་རང་ནས་སྒྲུབ་ཐེབས་བརྒྱད་ཀྱི་རིང་ཙམ་ཁྲིད་བྱེད་དགོས་པ་བྱུང་བས་ཡར་ལམ་ཁྲིད་ཀ་ཁ་ཤས་བྱས་ནས་ཡང་ཁྲོད་དུ་ཕྱིན། སྔར་གྲགས་རྒྱུད་སྡེ་རྣམས་ཀྱི་ཁར་མར་ལུགས་ཀྱི་རྒྱུད་སྡེ་གཞན་ཁ་ཤས་ཀྱང་རྙེད་པ་བཅས་རྒྱུད་སྡེ་བཅུ་གསུམ་ལྷག་ཙམ་གྱི་སྒྲུབ་དཀྱིལ། དེ་དག་གི་ཉེར་མཁོ། རྫོགས་རིམ་རྣམས་ཀྱི་ཁྲིད། རྗེས་གནང་རིགས་བཀའ་སྲུང་སྐོར་བཅས་ལ་བཀའ་བརྒྱུད་སྔགས་མཛོད་དུ་མཚན་གསོལ་ནས་ན་ནིང་གི་འཕྲོས་རྣམས་རིམ་པར་བསྒྲིགས། སྐབས་སྔ་ཕྱི་མ་ངེས་པ་ཞིག་ཏུ། མར་པའི་རྒྱུད་སྡེ་རྣམས་ཀྱི་ལུང་བསྟན་ངོ་མཚར་བ་ཐོབ་པ་དང་། ལྷ་ཁང་མང་པོའི་ངོས་སུ་ནཱ་རོ་པའི་ལུང་བསྟན་རིམ་པར་བྲིས་འདུག་པ་དང་། རྒྱུད་སྡེ་ཚང་མ་བཞུགས་པའི་ལྷ་ཁང་ཉམས་དགའ་བའི་དབུས་སུ་རྡོ་རྗེ་གདན་བཞི་རྣལ་འབྱོར་ནམ་མཁའ་མཐིང་སྔོན་གྱི་མདངས་ལྟ་བུ་མངོན་སུམ་པ་ཞིག་མཇལ་བ་དང་། སྲིན་པོ་རིའི་བདེ་མཆོག་ལ་རས་ཆུང་པ་དང་ཀརྨ་པཀྴིས་བཤུས་པའི་བྱིན་ཅན་ཡིན་སྐད་རས་དྲིལ་ཁ་ཕྱེས་པའི་ནང་རྒྱ་ཡིག་གི་ཨོཾ་ཨཱཿཧཱུྃ་ཧྲཱིཿཞེས་ཤིན་ཏུ་ཆེ་བར་སྣང་བ་ལས་དད་པས་དབང་བཞི་བླངས་པ་སོགས་བྱིན་རླབས་ཀྱི་ལྟས་ལེགས་པར་བྱུང་ཡང་ཟིན་ཐོར་མ་འཁོད་པས་ད་ལྟ་ཆེར་མ་དྲན། གྲུབ་རྒྱལ་ཚེ་ཁྲིད་བྲིས་པའི་ཐོག་མའི་ནུབ་སྐུ་གདུང་ཆ་བརྒྱད་འོད་འབར་བ་ཞིག་རྨིས་པའང་ལེགས་སྙམ། འདི་སྐོར་དབང་ལུང་ཐོར་བུ་དང་བསླབ་སྦྱོང་མཁན་མང་དུ་བྱུང་བ་རྣམས་ལའང་སོ་སོའི་འདོད་སྦྱར་བྱས། ཟླ་བ་བདུན་པ་ནས་བརྒྱད་པའི་བར་བསྙེན་མཚམས་བྱས། སྐུལ་བ་པོ་མང་ཞིག་གི་ངོར་བློ་སྦྱོང་ཁྲིད་ཡིག་ཐོག་མར་བྲི་ནུབ་བདུད་འདུལ་གཏེར་མ་རྣམ་སྣང་གི་ཐུགས་ཡིན་ཟེར་ཙིཏྟ་ཤཱ་རཱི་རཾ་མང་དུ་འཕེལ་བ་ཞིག་ལས་རང་གིས་ཟོས། གཞན་ལའང་བྱིན་པར་རྨིས། ཟླ་བ་དགུ་པའི་ནང་མཚམས་གྲོལ་ནས་རྫོང་སར་དགོན་དུ་ཀུན་མཁྱེན་བླ་མ་རིན་པོ་ཆེ་མཇལ་ནས་བ་རིའི་ལུགས་ཀྱི་རྣམ་འཇོམས་དཀར་པོའི་དབང་ཁྲུས་ཉིན་འཁྱོལ་གནང་བས་མིག་ནད་ལ་ཅུང་ཟད་ཕན། ས་ཕུར་སྟོད་ལས་སྨད་ལས་དྲག་པོ་སྒྲོལ་དབང་། ཡང་ཕུར་སྦྲགས་མའི་ཁྲིད་བཅས་གནང་བའི་སྟ་གོན་ནུབ། རྡོ་རྗེ་འཆང་པདྨ་ཉིན་བྱེད་མཇལ། ཉིད་ཀྱི་གསུང་འབུམ་པོད་བཞིའི་ལུང་ཡུད་ཙམ་གྱིས་གནང་མཐར་སྡོམ་གཏད་རྒྱས་པར་མཛད་པ་རྨིས། གསང་འདུས་དང་དྲིལ་བུ་རིམ་ལྔ་མཱ་ཡ་གདན་བཞི་སཾ་ཊ་གཤེད་དམར་སྤྲོས་མེད་རྣམས་ཀྱི་ཁྲིད། དྲི་མེད་རྣམ་གཉིས་དབང་། དེ་དག་རྣམས་ཀྱི་ཡིག་ཆའི་ལུང་། སྐུ་གསུམ་རིགས་འདུས་དང་གཏེར་ཕྲན་མང་པོ་ཞིག་གི་ལུང་ལག་ལེན་བཅས་བསྩལ། འདི་སྐབས་ཤིག་རྗེ་མི་བསྐྱོད་རྡོ་རྗེ་དགེ་སློང་ཆས་ཅན་མཇལ་བ་ལ་དད་པས་གསོལ་འདེབས་མང་དུ་བགྱིས་པ་ལས་གོང་མའི་སྐུ་ཞིག་བཞེངས་ན་ལེགས་གསུངས། ཆོས་གྲགས་རྒྱ་མཚོ་ཨི་ཡིན་ཞུས་པས་སི་ཏུ་གོང་མ་ཆོས་ཀྱི་འབྱུང་གནས་ཡིན། བླ་མའི་སྐུ་བྱིན་རླབས་ཆེ་གསུངས་ནས་ལྷ་ཁང་ཞིག་ཏུ་ཕེབས་སོང་བས་རྗེས་བསྙགས་ནས་གསོལ་བ་མང་དུ་བཏབ་པས་ཕྱག་ཏུ་འདོད་འཇོའི་བ་མོ་ཡིན་ཟེར་བ་ཞིག་བསྣམས། བརྡ་སྐད་མི་གོ་བ་མང་པོ་ཞིག་གསུངས་ནས་བྱིན་རླབས་ཡང་ཡང་བསྩལ་བ་རྨིས། ངོར་པ་དཔོན་སློབ་ངག་དབང་ལེགས་གྲུབ་ཕེབ་བྱུང་བ་ལ་ངེད་རང་དཔོན་སློབ་ལྷན་ཅིག་པས་ལས་འབྲེལ་ཕྱག་རྡོར་དབང་ལུང་། དམ་ཚིག་རྡོ་རྗེའི་བྱིན་རླབས་སོགས་ཞུས། ཀུན་གཟིགས་རིན་པོ་ཆེར་དབང་ལུང་མང་ཚན་ཞིག་དང་ཁོང་རྣམ་གཉིས་ལྷན་རྒྱས་ལ་བླ་མ་གསང་འདུས་དང་སངས་རྒྱས་ཐོད་པའི་དབང་འབུལ་བ་སོགས་གྲུབ་ནས། སོག་མོ་དང་ཕུ་མ་ཚང་གཙོར་བྱས་སྦྱིན་བདག་འགའ་ཞིག་གི་རེ་སྐོང་གང་འདོད་དང་། རྨེ་ཤོད་དང་གཏེར་ལྷུང་རྣམས་ལ་ལྡོམ་སྐོར་ཁྱུགས་ཙམ་ཕྱིན། འདི་སྐོར་ཞིག་ཏུ། གནམ་དཀྱིལ་ཉི་མ་ཕྱེད་ཙམ་འཛིན་པ་ཞིག་རིམ་པར་ལ་རྒྱབ་འགྲོ་བ་འདུག །དེར་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་སྐུ་བོངས་གཟི་བརྗིད་ཆེ་ཞིང་གཞོན་ཚུལ་ཅན་ཞིག་དང་། གྲུབ་ཐོབ་གཞན་གཅིག་ཀྱང་བཞུགས་འདུག་པར་ཉི་འཛིན་ཐད་གླེང་མོ་འགའ་རེ་ཞུས་མཚམས། ནམ་མ་ལངས་བར་ཕྱག་འཚལ་གསོལ་བ་བཏབ་ན་ངེས་པར་བྱིན་གྱིས་རློབ་སྙམ་མོས་གུས་ཆེན་པོས་ཕྱག་འཚལ་ཞིང་གསོལ་འདེབས་ཁ་ཤས་སོང་མཚམས། ཐང་རྒྱལ་ཞལ་ནས་ལུང་བསྟན་ཚིགས་བཅད་མང་པོ་ཞིག་གསུང་བྱུང་བ་ཕལ་ཆེར་ཡིད་ལ་མ་ཟིན། མཚམས་ཤིག་ཏུ། སྔོན་ཚེ་སློབ་དཔོན་པདྨ་ཡིས། །བསམ་ཡས་མཆིམས་ཕུའི་སྒྲུབ་གནས་སུ། །བླ་མ་དགོངས་འདུས་གནང་བའི་ཚེ། །ངན་ལམ་རྒྱལ་བ་མཆོག་དབྱངས་ཡིན། །གསང་མཚན་དཔལ་གྱི་སྙིང་པོ་བློ་གྲོས་དྲི་མེད་རྩལ། །མཆན་བུ་ལྷ་བུ་དོན་ཡོད་སྡེ། །ཞེས་སོགས་སྐབས་དེར་ངེད་རང་ལོ་ཙཱ་བ་དང་ཁོང་མཆན་བུ་ཡིན་པ་འདྲ་བ་ཞིག་འདུག །དེ་ནས་བཟུང་སྐྱེ་བ་ཀུན་ཏུ་འབྲེལ་ཚུལ་དང་། དཔལ་དང་བློ་གྲོས་ཀྱི་མིང་སྐྱེ་སྲིད་ཐམས་ཅད་ལ་ཐོགས་ཚུལ་སོགས་མང་ཞིག་གསུངས་པར་རྨིས་པ་ནི་ཀུན་གཟིགས་རིན་པོ་ཆེ་ཐང་རྒྱལ་དང་རྣམ་དབྱེར་མེད་པ་ཡིན་འདུག་པས་དེའི་རྟེན་འབྲེལ་ཡིན་ནམ་སྙམ། འདུལ་བ་ལུང་ལས། སཱ་ལའི་ཤིང་ལ་འཁྲིལ་ཤིང་བཞིན། །དམ་པ་རྣམས་ལ་བསྟེན་གྱུར་པ། །བཟང་པོའི་དཔལ་གྱིས་འཁྱུད་པར་བྱེད། །ཅེས་གསུངས་པ་ལྟར་འདི་སྐོར་ནས་ཕྱོགས་ཞེན་སོགས་ཇེ་ཆུང་དང་། ཐོས་པ་དང་གོ་བ་ཇེ་དྲག་ཏུ་སོང་། ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་མདོ་ལས། ཀླུའི་རྒྱལ་པོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་བདུད་ཀྱི་ལས་ནི་གཉིས་པོ་འདི་དག་སྟེ། གཉིས་གང་ཞེན། བླ་མ་རྣམས་ལ་མི་གུས་པ་དང་། བདག་བརྗོད་པས་མངོན་པའི་ང་རྒྱལ་བྱེད་པའོ། །གཉིས་པོ་དེ་དག་ནི་བདུད་ཀྱི་ལས་ཏེ་བྱང་ཆུབ་སེམས་དཔས་ཡོངས་སུ་སྤང་བར་བྱའོ། །ཞེས་གསུངས་པའི་དོན་བླ་མ་རྣམས་ལ་སྔར་ནས་གུས་པ་ཡོད་ཅིང་རང་ལ་ཡོན་ཏན་མེད་པ་རང་ཉིད་ཀྱིས་ཤེས་པས་མངོན་པའི་ང་རྒྱལ་ཆེར་མེད་ཀྱང་། རྗེ་འདིའི་མཛད་ཚུལ་མཐོང་ཕྱིན་ཆད་ལྷག་པར་བླ་མ་ལ་གུས་ཤིང་ང་རྒྱལ་མེད་པ་ལྟར་སོང་ངོ་། །སླར་རི་ཁྲོད་དུ་འབྱོར་འཕྲལ་རྗེའི་དགོངས་བབས་ལྟར་འཇིགས་བྱེད་དྲུག་ཅུ་ཞིག་དང་། ལོ་བསྟར་ཕུར་པའི་གཏོར་ཟློག་བྱས། འདི་སྐབས་ནུབ་ཅིག་རྒྱལ་གདོན་མང་པོས་འཚེ་བ་ལ་རྟ་མགྲིན་ནག་པོའི་ཏིང་ངེ་འཛིན་གྱིས་རལ་གྲིས་དེ་དག་རྨེངས་མེད་དུ་ཚར་བཅད། བསེན་མོ་ཡིན་སྙམ་བུད་མེད་གསུམ་ལ་དམ་གཞག་བྱས་པ། ནི་ན་ར་ར་ཧཱུྃ་ར། ཞེས་པའི་སྲོག་སྙིང་ཕུལ་བར་བྱུང་བས་ཁོང་གསུམ་ལ་མིང་། རྡོ་རྗེ་དཔལ་མོ་རྩལ། རྡོ་རྗེ་དབང་གྲུབ་རྩལ། རྡོ་རྗེ་ཡེ་ཤེས་རྩལ་ཞེས་བཏགས་པ་ཞིག་རྨིས། ཤིང་ཡོས་གསར་ཚེས་སུ་མར་ལུགས་དགྱེས་རྡོར་གྱི་བསྙེན་པ་ཚུགས། ཐོག་མའི་ཉིན་རྟེན་འབྲེལ་ཤིན་ཏུ་ལེགས་པ་བྱུང་། ཟླ་བ་གསུམ་གྱིས་བསྙེན་པ་དང་ཁ་སྐོང་སྦྱིན་སྲེག་བཅས་གྲུབ། ཟླ་བ་བཞི་པར་དགོན་དུ་ཕྱིན། བུམ་སྒྲུབ་དང་སྒྲུབ་མཆོད་རྣམས་ལ་ཕྱིན། སྐུ་མཆོད་སྐབས་དགྱེས་རྡོར་གྱི་རྡོར་སློབ་ཀྱང་བྱས། བླ་མ་གསང་སྔགས་མདུན་ནས་རད་གླིང་སྐོར་ཕལ་ཆེར་སོགས་དབང་ལུང་མང་ཙམ་དང་། ཟླ་སྤྲུལ་རིན་པོ་ཆེ་ཕེབས་པ་ལས་རིག་འཛིན་ཡོངས་འདུས་དབང་ཚང་བ་ཞུས། མར་ལུགས་དཀྱིལ་འཁོར་གསར་བསྒྲིགས་རྣམས་ཀྱི་དབང་ལུང་དགོངས་བཞེད་ལྟར་ཕུལ། སྐྱ་གཏེར་ལ་ས་ཕུར་དབང་བཞེད་དོན་ལྟར་བགྱིས། སྔ་ལོ་རི་ཁྲོད་དུ་མཚམས་རྒྱར་ཡོད་སྐབས་ཤིག་ཉིན་གཅིག་གློ་བུར་དུ་བྱོན་ནས་ཁོང་ལ་སྨིན་གླིང་བདེ་གཤེགས་ཀུན་འདུས་དབང་ཞིག་དེ་རིང་མ་བྱས་ཐབས་མེད་གསུངས། དེ་སྐབས་ཙཀླི་སོགས་མེད་ཚུལ་བྱས་པར་ལྷ་དབང་ཕྱག་རྒྱ་ལ་བརྟེན་ཆོག་གསུངས་ནས་དགོངས་འདུས་མེ་ལོང་ཁྱད་ཅན་ཞིག་དང་རྡོར་དྲིལ་བཅས་བྱུང་བར་དེ་ཉིན་རང་དུ་བདེ་འདུས་རྩ་དབང་ཞིག་བྱས་པ་ཕྱིས་སུ་དགོས་པ་ཆེ་བ་ཞིག་ཡོད་ཚུལ་གསུངས་འདུག་ཅིང་། མེ་ལོང་དེའང་ལྷ་སྲས་ཐུགས་དམ་གཏེར་བྱོན་ཡིན་པར་སྣང་། གཞན་ཡང་རྗེས་གནང་གི་རིགས་སོགས་མང་དུ་བྱས། བླ་མ་ཀར་བསོད་མདུན་ནས་ཀྱང་འབྲི་གུང་ཁྲོ་ཆུ། བྱ་བཏང་ཕྱག་རྡོར། གཤིན་རྗེ་ལྷག་བདུད་སོགས་ལུང་ཚན་མང་དུ་ཞུས། ཡང་ཁྲོད་དུ་སླེབས་འཕྲལ་སྔགས་མཛོད་ཡིག་ཆ་མཐའ་བསྡུ་བ་དང་། ཛཾ་ཐང་བླ་གྲྭ་འགའ་ཞིག་གིས་ནན་ཏན་བསྐུལ་ལྟར་ཕུར་པ་བདུད་འཇོམས་རོལ་པའི་ཡིག་ཆ་རྣམས་བྲིས། གནས་ར་ཚང་ནས་བཀའ་བརྒྱད་ཁྲོ་རོལ་བཅའ་སྒྲུབ་དགོས་པས་འོང་རོགས་བྱས་འདུག་ཀྱང་ཁོམས་ལྕོགས་མེད་པས་ཚབ་ཏུ་སྐྱ་གཏེར་བཏང་། ཁོང་རྫོང་སར་སྤྲུལ་སྐུ་རིན་པོ་ཆེ་མཇལ་འདོད་འདུག་པས་ཕྲན་ལ་མཚམས་སྦྱོར་གྱི་ཡི་གེ་བསྐུར་རོགས་གསུངས་པས། འདི་པ་ཀུན་གཞི་བཟང་བ་སོགས་གང་ལ་བརྟགས་ཀྱང་གཞན་དང་མི་འདྲ་ཙམ་ཞིག་འདུག་པས་ཁོང་རང་གསུང་ལྟར་གཏེར་སྟོན་ཞིག་ཡིན་ནམ་སྙམ། གཏེར་ཆོས་པདྨ་གཙུག་ཏོར་ཟེར་བ་འདུག་པའང་ཁོང་ནས་ཡིག་བསྐུར་ལེགས་པའང་མི་ཐོན་འདུག་པ་དང་རྩོམ་པའི་རིགས་སུ་ནི་མི་འདུག་པས་གཟིགས་པ་གནང་གྲུབ་ཞུ་ཤོག་ཕུལ་བས་གནས་རའི་འདོན་བྱ་གྲུབ་མཚམས་སྐུ་མདུན་ཞལ་མཇལ་གྱི་ཐོག་མར་ཕུར་པ་སྤུ་གྲིའི་དབང་གནང་། གསུང་འཕྲོས་ཤིན་ཏུ་ཞིབ་པར་མཛད། ངེད་རྩར་ནས་སྒྱུ་འཕྲུལ་དབང་དང་རྒྱུད་བཤད་ཅིག་ཅིས་ཀྱང་ཐོབ་པར་བྱེད་དགོས་ཚུལ་ཞལ་ཏ་གནང་ནས་ཁོང་ཚུར་ཕེབས་འཕྲལ་དེ་རྣམས་དགོས་ཚུལ་གསུངས་པས། ཁོང་དང་འདུས་པ་ཁ་ཤས་ལ་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་རྒྱུད་བཤད་ཚང་བར་བྱས། རྒྱུད་ཆོག་དང་གཏང་རག་ཚོགས་བཏང་། ཁོང་ལས་འབྲུག་ལུགས་ཁྲུས་ལྷ་ལྔའི་ཁྲུས་དང་རྗེས་གནང་ཞུས། བླ་མ་རིན་པོ་ཆེ་པདྨ་གསང་སྔགས་བསྟན་འཛིན་རི་ཁྲོད་དུ་གདན་འདྲེན་ཞུས། གཉལ་པ་བདེ་ལེགས་པའི་ཡིག་ཆ་ལས་འདུས་མདོའི་དབང་རྩ་བ་ཡན་ལག་ཚང་བ། སེམས་སྡེ་ཨ་དོན་བཅོ་བརྒྱད། དོང་སྤྲུགས། པད་གླིང་ཀུན་བཟང་དགོངས་འདུས། ཕྱག་རྡོར། གུར་དྲག །ཚེ་སྒྲུབ་རྡོར་ཕྲེང་རྣམས་དང་། ཞིག་གླིང་གཏེར་ཆོས་ཡོངས་སུ་རྫོགས་པའི་དབང་། གཞན་ཡང་དབང་ལུང་ཐོར་བུ་འགའ་ཞིག་ཞུས། གཏང་རག་མཎྜལ་འབྱོར་ཚོད་ཕུལ། འདི་སྐོར་ཕལ་ཆེར་མིག་ནད་ཆེར་ཐུ་བས་དལ་བསྡད་དགོས་པ་མང་དུ་བྱུང་། དགོངས་འདུས་དང་ཞི་ཁྲོའི་སྐོང་ཆོག་སོགས་འདོན་བྱ་མང་ཙམ་དང་། སྔགས་མཛོད་གྲུབ་པའི་གཏང་རག་དང་གཉེར་གཏད་ལ་དུད་སོལ་མའི་གསོལ་བརྒྱ་བཏང་བ་ལྟས་དང་རྟེན་འབྲེལ་ལེགས། འདི་སྐབས་ཤིག་ཆུ་ཆེན་དཀར་པོ་འབྲུབ་པ་དང་། ཡུལ་ཉེར་བཞིའི་དཔའ་བོ་དཔའ་མོ་རྣམས་ཀྱིས་གསང་སྤྱོད་ཡ་མཚན་རྩོམ་པའང་རྨིས། ཆོས་དབང་ཕུར་པ་སྤུ་གྲིའི་བསྙེན་པ་བཏང་། ལོ་བསྟར་གཏོར་ཟློག་ཀྱང་བྱས། གཏེར་སྟོན་རྫོང་སར་དུ་བྱོན་པས་སྤྲུལ་སྐུ་རིན་པོ་ཆེ་དང་ལྷན་རྒྱས་ཐོག །ཐུགས་སྒྲུབ་བར་ཆད་ཀུན་སེལ་ཕབ་གྲུབ་ནས་ཚུར་བྱོན། དེ་སྐབས་དཔེ་བཀའ་རྒྱའི་སྐབས་ཡིན་འདུག །གནས་ཚུལ་གསུང་འཕྲོས་མཛད་པས་ཕྲན་ལ་བྱིན་རླབས་ཙམ་གནང་ལོའམ་མི་ལོ་ཞུས་པར། ཁྱེད་ལ་དེ་ལས་སྔར་འཕྲོད་དགོས་པ་ཡོད་ཀྱང་ཚུར་ལ་ནི་ཅིའང་མ་གསུངས། ཕར་ལ་རང་གི་བླ་མ་ཡིན་སྟབས་ཞུ་འབུལ་མ་ཤེས་ལུས་སོང་བ་ལས་ད་རེས་ངེས་པར་གལ་ཆེ་གསུངས་པས། ཐོག་མར་རྟེན་འབྲེལ་དུ་དཀོན་མཆོག་སྤྱི་འདུས་ཚེ་དབང་ཞིག་ཞུས། དེ་ནས་ཁོང་གི་དགོངས་གཏེར་བི་མའི་བླ་སྒྲུབ་དབང་ལུང་ཚང་བ། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཟླུམ་པོ་བཞི་དབང་། སྐུ་གསུང་ཐུགས་དབང་བཅས་སྐུ་ཚབ་ལ་བརྟེན་ཐུགས་ཐོག་ནས་མཛད། དེ་སྐབས་གཏེར་བཞེས་ཚུལ་གྱི་ལོ་རྒྱུས་རྒྱས་པ་དང་། ཁོང་གི་གཏེར་ལུང་དུ་ཁྱེད་རང་ལོ་ཆེན་བཻ་རོ་ཙ་ནའི་སྐྱེ་བརྒྱུད་ཡིན་གསུངས་པ་ཡོད་པས་བཻ་རོས་དམར་རྒྱན་མ་ལ་མཛེ་བཏང་བའི་ལས་སྒྲིབ་ཀྱིས་སྐྱེ་བརྒྱུད་གར་བྱུང་དུ་ཀླུ་དེ་ཚུར་ལ་ཞུགས་ནས་མཛེ་ནད་སོགས་ཀྱིས་འཚེ་བ་ཡིན་འདུག་པས། ཁྱེད་ཀྱི་མིག་ནད་དེ་གཞན་གང་ཡང་མ་རེད། མིག་ལ་མཛེ་བྱུང་བ་རེད། ད་ཕྱིན་བར་ཆད་ཀུན་སེལ་ཆ་ལག་རྡོ་རྗེ་བེ་ཅོན་དེའི་བཟླས་སྒོམ་གྱིས་དང་ངེས་པར་དྲག་འགྲོ་སོགས་གསུང་འཕྲོས་མང་དུ་གནང་ནས་རང་ཡུལ་དུ་ཕེབས་སོང་། འདི་སྐབས་རྨིས་ལྟས་ལེགས་པ་འགའ་ཞིག་དང་། སྐྱབས་མགོན་རྡོ་རྗེ་འཆང་ཤིན་ཏུ་དགྱེས་པས་རྣམ་འཇོམས་ཀྱི་ཁྲུས་གནང་བ་དང་། དབྱར་ཁ་ལོ་ཏོག་ལེགས་ཤིང་མེ་ཏོག་སེར་པོའི་ཚལ་ཆེན་རྒྱས། ཁུ་བྱུག་མང་དུ་གྲགས་པས་ཤིན་ཏུ་ཉམས་དགའ་བ་དང་། གཏེར་སྟོན་ནས་ཁྱོད་དབང་གསུམ་པའི་ཆོས་བདག་ཡིན་གསུངས་པ་དང་། ཐོད་པ་གཡུ་དང་འཆུར་བ་མང་པོས་བཀང་བ་རྙེད་པ་སོགས་རྨིས་ལྟས་ལེགས་པ་བྱུང་། ས་འདམ་ལྕི་བ་འདྲེས་པ་ཞིག་ཟོས་པས་སྐྱུགས་པའང་རྨིས་ཤིང་། ཉིན་མོ་སྐྱུགས་མེར་བྱེད་པའང་བྱུང་བ་དེ་ཕྱིན་དཀོར་ནག་ཇེ་ཆེར་སོང་བ་ལ་བལྟ་འདྲ། ཐུགས་སྒྲུབ་འདིའི་བྱིན་རླབས་ཐོབ་ཕྱིན་མིག་ནད་འཕར་ལྡང་གཏན་ནས་མ་བྱུང་། རྗེས་སུ་རྗེ་རིན་པོ་ཆེའི་མདུན་ནས་རྡོ་རྗེ་བེ་ཅོན་གྱི་དཔེ་གནང་བྱུང་བས་དེ་ཕྱིན་རྒྱུན་ཁྱེར་དང་ཕྱིས་བསྙེན་སྒྲུབ་ཀྱང་བྱས་པས་མིག་ནད་དེ་ནི་གཏན་དྭངས་རེད་སོང་བས་གཏེར་སྟོན་གྱི་གསུང་དང་། གཏེར་ཆོས་ལའང་ཕྱིས་ཀྱི་ས་ལངས་རྡོ་ལངས་རྣམས་དང་མི་འདྲ་བར་ཡིད་ཆེས་པ་བྱུང་། ཉི་མ་བྱང་བགྲོད་སྐབས་བདུད་འདུལ་སྒྲོལ་དཀར་བདུན་གཅིག་བསྙེན། སྔར་རང་གི་བསམ་ཡུལ་དུ་གཏེར་ཕྲན་རྙིང་མ་གལ་ཆེན་མང་པོ་སྔ་ཕྱིར་ཐོབ་པ་འདི་རྣམས་ཕྱོགས་བསྡུས་ཀྱི་དཔེ་ཞིག་ཡོད་ན་རྒྱུན་ལ་ཕན་འགྲོ་བར་འདུག་སྙམ་དེའི་རྩོལ་བ་ཞིག་དྲན། ཡང་དེ་དག་ཀྱང་ཕན་གནོད་ཀྱི་ལས་ཕྲན་ཚེགས་ཙམ་རེད་འདུག་པས་གཏེར་སྟོན་ཡོངས་གྲགས་གཙོ་བོ་རྣམས་ཀྱི་གཏེར་ཆོས་རྒྱུན་དཀོན་ཅིང་ཉུང་ལ་འདུས་པ་རྣམས་ཀྱི་དབང་རྒྱུན་ཕྱོགས་བསྡུས་ཤིག་གི་མཉམ་དུ་གཏེར་ཕྲན་རྣམས་ཡོད་པ་ཞིག་བྱུང་ན་ལེགས་སྙམ་ཀུན་གཟིགས་རིན་པོ་ཆེར་བཀའ་འདྲི་ཞུས་པར། ཁོང་ནས་ཀྱང་གཏེར་ཕྲན་རྣམས་བསྡུས་པའི་པོད་བཞི་ཙམ་བྲིས། ད་སྟེ་དེ་རྣམས་ལ་གཞི་བྱས་ནས་ཁྱོད་ཀྱི་འདོད་པ་དེ་ལྟར་གཏེར་ཆེན་རྣམས་ཀྱི་བླ་རྫོགས་ཐུགས་གསུམ་ཚང་བ་ཞིག་གིས་གཞུང་བྱས་ནས་བྲི་རྒྱུ་བྱུང་ན་ཤིན་ཏུ་ལེགས་འདུག་གསུངས་པ་ཕེབས་པས། དེ་ལྟར་ན་གཏེར་ཆོས་གང་གཞག་དང་གོ་རིམ་བསྒྲིག་ལུགས་ཀྱི་དཀར་ཆག་ཅིག་མཛད་གྲུབ་པར་ཞུས། འདི་སྐབས་དེ་ལྟར་འགྲུབ་པ་དང་གནང་བ་ཞུ་བའི་ཆེད་དུ་བསམ་ལྷུན་ཡོན་ཏན་གཏེར་མཛོད་ཀྱི་བསྙེན་པ་དང་གསོལ་འདེབས་རེ་ཞིག་བགྱིས་པས་ལྟས་ཀྱང་ལེགས། དེ་རྗེས་འཇའ་ཚོན་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་ཕྱི་ནང་གསང་བ་རིལ་སྒྲུབ་བཅས་བྱས། ནུབ་ཅིག་ཚེམས་གཅིག་ལ་བི་མ། མཚོ་རྒྱལ། ཤེལ་དཀར་བཟའ་རྣམས་ཀྱི་རེད་ཟེར་རིང་བསྲེལ་གསུམ། དེ་སྟེང་ཨོ་རྒྱན་རིན་པོ་ཆེས་མགུལ་དུ་བསྣམས་ནས་རྫུ་འཕྲུལ་གྱིས་བཞག་པ་རེད་ཟེར་བ་གཅིག་དང་བཞི་ཡོད་པ་ཞིག་རྙེད་པ་སོགས་རྨིས་ལྟས་ཀྱང་ལེགས། མེ་འབྲུག་གསར་ཚེས་ཀྱི་བརྒྱད་ལ་གྲོལ་ནས་སྨྲ་སེང་བདུན་སྒྲུབ་དང་རིལ་སྒྲུབ་བདུན་གཅིག་བྱས། འདི་སྐབས་ཀྱང་ཁྲི་སྟེང་ཆོས་གོས་གྱོན་ནས་བསྡད་ཅིང་དངུལ་བྲིས་གླེགས་བམ་ཚིག་དོན་ཕུན་སུམ་ཚོགས་པ་ཀློག་པ་དང་། ཉི་ཟླ་ཤར་བ་བཅས་རྨིས་ལྟས་ལེགས། མཚམས་གྲོལ་ནས་སྒྲུབ་ཁང་དུ་ཕྱིན། སྒྲུབ་པ་རྣམས་ལ་དགྱེས་རྡོར་དབང་། ཞི་ཕྲེང་དྲག་ཕྲེང་ཆོས་སྐྱོང་གློག་ཕྲེང་རྣམས་དང་། སྐྱབས་རྗེའི་བཀའ་འབུམ་ཚང་མའི་ལུང་བཀླགས། བླ་མ་དམ་པ་ལས་གཡུ་ཐོག་སྙིང་ཐིག་དང་བྱ་བཏང་ཕྱག་རྡོར་དབང་། ཆགས་མེད་ཛཾ་དཀར་དམར་རྗེས་གནང་ཞུས། ལྗི་རྟོགས་ལྡན་བསམ་གཏན་བསྟན་འཛིན་གདན་འདྲེན་ཞུས་པ་ལྟར་ཕེབས་གྲུབ་བྱུང་བས་ཆོས་དབང་བཀའ་བརྒྱད་གསང་རྫོགས་ཀྱི་དབང་ལུང་། སྟག་ཤམ་ཡི་དམ་དགོངས་འདུས་བླ་མ་ནོར་བུ་སོགས་ཆ་ཚང་བ། མ་ཏིའི་སེང་གདོང་མའི་དབང་ལུང་སོགས་གྲུབ་ནས་གཏང་རག་མཎྜལ་ཕུལ་ཏེ་བླ་མ་སླར་ཕེབས། རྨེ་ཤོད་བྱེ་བློར་གཡང་སྐྱབས་གྲུབ་ནས་རྫོང་སར་དུ་ཀུན་གཟིགས་རིན་པོ་ཆེ་མཇལ། ཕྱག་རྡོར་འཆི་འཇོམས་དང་ས་ལུགས་སེང་གེ་སྒྲའི་དབང་ལུང་ཞུས། ལུང་ཚན་འགའ་རེ་ཕུལ། དེ་ནུབ་གཏེར་སྟོན་མཆོག་གླིང་ནས་བསམ་པ་ལྷུན་གྲུབ་བུམ་པ་ཡིན་ཟེར་བ་ཞིག་བཏོན་པ་ལ་བྱིན་རླབས་ཞུས། ནང་ནས་རིལ་བུ་མང་པོ་གནང་རྒྱུ་ཡོད་ཤོམ་རྨིས་པའི་ཕྱིར་ཉིན་ཐུགས་སྒྲུབ་བར་ཆད་ཀུན་སེལ་དཔེ་མཇལ་ཁ་གནང་བྱུང་། སླར་འཁོར་ནས་བྲིས་པ་གསུམ་གྱིས་གཏེར་ཆོས་སྔ་མ་རྣམས་འབྲི་དབུ་ཚུགས། འདི་སྐབས་ཚེས་ཉེར་གཅིག་ཉིན་ཕྲན་རྗེའི་སྤྱན་སྔར་ཕྱིན་པའི་སྔ་ནུབ་ཚེས་ཉི་ཤུ་ཐོ་རངས་འོད་གསལ་དུ། བུད་མེད་གོས་སྔོན་གྱོན་པ་ཞིག་གིས་ད་འགྲོ་གསུངས་པའི་རྗེས་ལ་ཕེབས་པའི་ལམ་དུ་གྲོག་རོང་ཞིག་འདུག་པ་ལ་བུད་མེད་དེ་འཕུར་སོང་བའི་རྗེས་ལ། རྗེ་ཉིད་ཀྱང་འཕུར་ནས་ཕེབས་པའི་ཆོས་དབང་དག་སྣང་སོགས་དང་ཕྱོགས་མཚུངས་ཀྱི་ལམ་ཞོར་རྒྱ་བོད་བལ་པོའི་ཡུལ་ཁམས་ར་རི་ཙམ་ཤར་བའི་མཐར་རི་བོ་སྨུག་པས་རྩེ་བཏུམས་པ་ཞིག་མཐོང་བ་ཇེ་ཉེར་སོང་བ་དང་རི་ངོས་དེ་མཆོད་རྟེན་རྣམ་པ་ཇེ་གསལ་སོང་། ཁད་ཉེར་ཕེབས་པས་རི་སྔུན་རྒྱབ་གཉིས་སུ་ཡོད་པའི་མདུན་མ་དེ་ཕྱི་མཆོད་རྟེན་དབྱིབས་ཤིན་ཏུ་གསལ་བའི་རི་བོ། སེང་ཁྲིའི་ཕྱོགས་བཞིར་སྒོ་འདུག་པས་ཕྱོགས་བཞི་གར་ཕེབས་ཀྱང་སྒོ་རྣམས་བཅད་པས་ནང་དུ་མ་བརྟོལ། རི་དེའི་རྒྱུ་མཚན་སོགས་བུད་མེད་དེ་ལ་དྲིས་པས། འདི་ཤཱནྟ་པུ་རིའི་གྲོང་ཁྱེར་ཡིན་ཟེར། དེར་འཕྲེང་མགོ་གཏེར་ཆེན་ཤེས་རབ་འོད་ཟེར་གར་བཞུགས། ཁོ་བོ་མཇལ་དུ་འགྲོ་དགོས་གསུངས་པས། འདིར་དཔའ་བོ་ཐོད་པའི་དུམ་བུ་རྩལ་ཟེར། ཁོང་དེང་སང་བོད་དུ་བཞུགས་ཡོད། འདིར་སྐུ་གདུང་ལ་མཆོད་པ་རྟག་ཏུ་འབུལ་བའི་ལྷ་དང་མཁའ་འགྲོ་སོགས་འདུས་པ་ཡིན་ཟེར། སྒོའི་བུག་སྒོ་ཞིག་ནས་གསན་པས་ཕེ་ཧྲང་གི་འཕྲུལ་འཁོར་ལྟ་བུའི་རོལ་མོའི་སྒྲ་སྙན་ལ་ཡིད་འཕྲོག་བསམ་གྱིས་མི་ཁྱབ་པའི་གདངས། རྒྱུད་ཀྱི་ཚིགས་སུ་བཅད་པ་ངོ་མཚར་སྒྲོག་པ་ཞིག་གསན་པ་མཆོད་འབུལ་གྱི་རོལ་མོའི་སྒྲ་ཡིན་ཟེར། བོད་དུ་ཕེབས་དུས་དཔའ་བོ་ཐོད་པའི་དུམ་བུ་དངོས་ཇི་ལྟར་འགྱུར་དྲིས་པས། ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ལྟ་བུའི་གསུང་མི་སྨྲ་བ་ཞིག་ཏུ་འགྱུར། བོད་ནས་སླར་ཕེབས་པ་དང་གསུང་གིས་ཆོས་སྟོན་པ་ཞིག་ཏུ་འགྱུར་བའི་ཁྱད་པར་ཡོད་ཟེར། དེ་ནས་རྒྱབ་ངོས་རི་གཉིས་པ་དེ་སྨུག་པོ་ཞིག་ལ་དེ་ནས་ཐག་རིང་དུ་སོང་འདུག་པ་ཟངས་མདོག་དཔལ་རི་ཡིན་ཟེར་བས་དེའི་རྩེ་མོར་འཕུར་ནས་ཕེབས་པས། པདྨ་འོད་ཀྱི་གཞལ་ཡས་ཡིན་སྙམ་པ་ཧ་ཅང་བཀོད་པའི་ཁྱད་པར་མཚར་དུ་མེད་པའི་ཕོ་བྲང་སུམ་ཐོག་ཞིག་གི་འོག་ཁང་དུ་ཕྱིན་པས་གུ་རུ་ཟ་ཧོར་མ་ལ་མཚན་བརྒྱད་ཀྱིས་བསྐོར་བ། དེའི་བར་ཁང་ཕེབས་པས་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་ལ་ཉེ་སྲས་བརྒྱད་ཀྱིས་བསྐོར་བ། དེ་གཉིས་ཀ་སྐུ་བརྙན་གྱི་རྣམ་པར་མཇལ། སྟེང་ཁང་དུ་ཕེབས་པས་འོད་སྔོན་པོའི་རང་བཞིན་དུ་གཟིགས་ནས་དག་སྣང་ལ་སད་གསུངས། ས་ག་ཟླ་བར་དགོན་ཐོག་བུམ་སྒྲུབ་རྡོར་སློབ་ལ་ཕྱིན་ནས་ལེགས་པར་གྲུབ། རྫོང་སར་མངའ་རི་བླ་མ་གཤེགས་པའི་འབོད་ནན་ལྟར་རྒྱལ་རྒྱམ་གྱིས་སྐུ་མཆོད་བཏང་། རྗེ་བླ་མ་རིན་པོ་ཆེའི་མདུན་ནས་རྟ་མགྲིན་ཡང་ཁྲོས། གྲྭ་ལྔའི་གདོན་ཁྲོལ་རིག་གཏད་བཅས། ཆོས་དབང་གསང་འདུས་རྣམས་ཀྱི་དབང་ལུང་ཞུས། རཏྣའི་ཕུར་པ། ཚེ་སྒྲུབ་རྡོར་ཕྲེང་དང་གསང་འདུས་དབང་ལུང་སོགས་འགའ་ཞིག་ཕུལ་ནས་སླར་ཕྱིན། དགོན་དུ་སྐུ་མཆོད་དགྱེས་རྡོར་སྒྲུབ་མཆོད་སློབ་དཔོན་བྱས། གསང་འདུས་དང་མཱ་ཡ་ལའང་ཉིན་རེ་ཕྱིན། བླ་མ་པད་དབང་བཞུགས་འདུག་པ་ལས་ཆོས་གླིང་ཛཾ་དམར་དང་ཁྲོས་ནག །མཁའ་འགྲོ་གསང་མཛོད་རྣམས་ཀྱི་དབང་ལུང་ཞུས། སྐྱབས་རྗེའི་མཆོག་སྤྲུལ་གནམ་མཚོ་ཁར་སྐུ་འཁྲུངས། རྒྱལ་དབང་རིན་པོ་ཆེས་ངོས་འཛིན་དང་མཚུར་ཕུར་གདན་འདྲེན་གནང་བ་སོགས་ཀྱི་གཏམ་སྙན་འབྱོར། གསང་སྔགས་མདུན་ནས་གནམ་ཆོས་ཁྲོ་དཀར་ནག་དབང་ཞུས། ཀུན་གཟིགས་རིན་པོ་ཆེས་བླ་མ་དགོངས་འདུས་དབང་གསན་བཞེད་མཛད་པར་ཡང་ཁྲོད་དུ་ཕྱིན་ནས་དབང་བསྙེན་བཏང་། རི་སྤྲུལ་དར་རྒྱས་རྒྱ་མཚོ་བྱོན་པར་དབང་ཚན་ཁ་ཤས་ཞུས། དགོན་ཐོག་ལྷ་གསར་དུ་ཕྱིན་ནུབ་སྒོ་འབྱེད་གཅོད་སོགས་ཆོ་འཕྲུལ་ཡང་བྱུང་། སྒྲུབ་དབང་སྨན་སྒྲུབ་སྦྲེལ་མའི་བཅའ་གཞི་ཉིན་ཁ་ཤས་བསྒྲིགས། ཟླ་བ་ལྔ་པའི་ཉེར་ལྔར་རྗེ་རིན་པོ་ཆེ་ཡང་ཕེབས། སློབ་མ་རྗེས་འཛིན་སྟ་གོན་སྔོན་དུ་འགྲོ་བས་སྒྲུབ་ཆེན་སྨན་སྒྲུབ་སྦྲེལ་མ་ལ་རྗེ་ཉིད་ཀྱང་འཚོགས་ལ་ཕེབས། དངོས་གྲུབ་ལེན་ཆོག་གྲུབ་ནས་དབང་ཆེ་ཕྲ་ཚང་མ་བཅས་ཞག་བཅུ་དྲུག་གིས་གྲུབ་པར་བྱས། བཀའ་བརྒྱད་གསང་རྫོགས། ཀར་གླིང་ཞི་ཁྲོ། ཞིག་གླིང་གཏེར་ཆོས་ཚང་མའི་དབང་རྣམས་ཀྱང་གསན། སངས་གླིང་ཉི་ཟླ་ཁ་སྦྱོར་དབང་ཕུལ་ཅིང་། ཚུར་ལ་ཆོས་གླིང་དགོངས་གཏེར་ཐང་རྒྱལ་ཚེ་དབང་ཚར་བདུན་གནང་ནས་འཇོག་མཚམས་མཛད། འདི་སྐབས་དཔོན་སློབ་ཁ་ཤས་ཀྱིས་ཚེ་སྒྲུབ་ཆེད་དུ་མཛད་ནས་ཞབས་བརྟན་དང་ཡོན་འབུལ་ཆབས་ཅིག་གནང་སྐབས། རྗེ་ཉིད་ནས་ཚིག་དོན་ཕུན་སུམ་ཚོགས་པའི་སྒོ་ནས་ཕུན་ཚོགས་ལྔ་ལྡན་གྱི་བཤད་པ་མཛད་པའི་ནང་། གནས་ཕུན་སུམ་ཚོགས་པ་དཔལ་དེ་ཝཱི་ཀོ་ཊི་གསུམ་པ་རྩ་དབུ་མའི་ཡར་སྣེ་ཡེ་ཤེས་ཀྱི་སྤྱན་དུ་མཚོན་པ་གསུང་བ་བྱུང་བས་སྔར་དེ་འདྲའི་མིང་གྲགས་པ་མེད་པས་རྟོག་དཔྱོད་བྱུང་། ཕྱིས་ཤིག་རྒྱུ་མཚན་ཞུས་པར་དེ་སྐབས་ཡེ་ཤེས་མཁའ་འགྲོའི་གསང་བའི་གླུ་ལས་ཐོས་པ་ལྟར་གསལ་སྣང་དུ་ཤར་བ་ཡིན་གསུངས། རེ་ཞིག་སླར་ཕེབས། གསང་སྔགས་མདུན་ནས་རྫོགས་ཆེན་རྒྱུད་བཅུ་བདུན་དབང་ཁྲོས་མའི་སྲོག་གཏད་བཅས། སངས་གླིང་གནས་བཅུའི་རྗེས་གནང་། ཨ་པ་རཱ་ཛི་ཏའི་རྩོད་རྒྱལ་སོགས་ལུང་ཚན་འགའ་ཞིག་དང་། གུ་རུ་ནཱ་ཐ་ལས་ཀྱང་དཀོན་སྤྱིའི་རྫོགས་ཁྲིད་སོགས་ཞུས་ནས་ཡང་ཁྲོད་དུ་ཕྱིན། ལོ་བསྟར་གྱི་ཞི་བསང་སོགས་དང་གསར་རྩོམ་ཁ་ཤས་བགྱིས། འདི་སྐོར་གཏེར་ཆོས་གསར་བྲིས་རྣམས་ལ་མཛོད་ཀྱི་མིང་ཐོགས་རིན་ཆོག་པ་མེད་པས་གཏེར་ཕྲེང་དུ་བཏགས་པ་པོད་བཅུ་སྐོར་གྲུབ་འདུག་པའི་བྲིས་པ་རྣམས་ནས་ཞུ་དག་བརྡ་མཚོན་དང་ཡོན་སྤྲད། ཟླ་བ་བདུན་པའི་ཚེས་ཉེར་བདུན་ལ་ཀུན་གཟིགས་རིན་པོ་ཆེ་དགོན་ཐོག་ཏུ་ཕེབས་པར་ངོས་ཀྱང་བླ་བྲང་འོག་མར་སྡོད་གནས་བྱས། ཐོག་མར་བླ་མ་དགོངས་འདུས་པོད་བཅུ་གསུམ། ཞི་ཁྲོའི་གཞུང་པོད་སོགས་ཀྱི་ལུང་བཀླགས། དེ་ནས་དགོན་ཆེན་ཤར་བླ་མ། རྫོགས་ཆེན་པདྨ་སོགས་ཕྱོགས་འདུས་དང་། དགོན་ཐོག་ཏུ་བཞུགས་པའི་དབོན་རྒན་སྤྲུལ་སྐུ་སོགས་བླ་སྤྲུལ་ཉི་ཤུ་རྩ་བགྲང་སྐོར་ལ་རྗེ་བཙུན་རིན་པོ་ཆེའི་ཡིག་ཆའི་སྟེང་ནས་དུས་འཁོར་སྡོམ་ཆེན། བདེ་མཆོག་རབ་འབྱམས། གཤིན་རྗེ་རབ་འབྱམས། གསར་འགྱུར་ཞི་བ་སྦས་པའི་བཀའ་བབས་དྲུག་ལྡན་གྱི་ཁྲིད་སོགས་དང་། རང་གིས་གསར་བསྒྲིགས་བཀའ་བརྒྱུད་སྔགས་མཛོད་ཀྱི་དབང་ལུང་ཁྲིད་བཅས་ཚང་མ་བྱས། རྗེའི་མདུན་ནས་ཚུར་ལ་དབུ་མ་ལུགས་ཀྱི་སེམས་བསྐྱེད་སྨིན་གླིང་ཡིག་ཆ་དང་། སེམས་ཙམ་ལུགས་ཉིད་མཛད་ལྟར་སྔོན་དུ་འགྲོ་བས་གྲོལ་མཆོག་ཁྲིད་བརྒྱ་ས་བཅད་ཀྱིས་མདོར་བསྟན། སོ་སོའི་ཁྲིད་ཡིག་ལུང་ཡོད་རིགས་ཀྱིས་རྒྱས་པར་བཤད། ཁྲིད་བརྒྱའི་ཚིག་དངོས་ཀྱིས་དོན་བསྡུ་མཛད་ནས་མཐར་པོད་དབང་བཅས་རྒྱས་པར་བསྩལ། དུས་འཁོར་རྒྱུད་དང་འགྲེལ་ཆེན་དྲི་མེད་འོད་ལ་བུ་སྟོན་རིན་པོ་ཆེས་ཕྱག་མཆན་བཏབ་པའི་བཤད་སྲོལ་ལྟར་རྒྱུད་བཤད། ཞྭ་ལུའི་ཡིག་ཆ་ཚང་བ་བཅས་གནང་མཐར་སྟག་ལོའི་སྤྱི་དོན་དཔེ་གནང་། ཚོགས་འཁོར་བཅས་བསྟན་པ་གཏད་པའི་རྟེན་འབྲེལ་བསྩལ། མཚན་ཡང་དག་པར་བརྗོད་པའི་བཤད་ལུང་། དོན་ཞགས་དབང་ཆེན། འབྲུག་ལུགས་རྣམ་འཇོམས་ཁྲོ་ནག་ལྷ་བཅོ་ལྔ་མ། མཁོན་ལུགས་ཡང་དག །ཛྙཱ་ན་ལུགས་ཀྱི་དགྱེས་རྡོར་དང་། སྟག་ལུང་དགྱེས་རྡོར་བྱིན་རླབས། བདེ་མཆོག་ལྷན་སྐྱེས། ཕྱག་བཞི་པ་སྐུ་ལྔའི་རྗེས་གནང་། ཆོས་དབྱིངས་གསུང་དབང་། གཙུག་ཏོར་དགུ་པ། མི་འཁྲུགས་པ་ལྷ་བཅུ་གསུམ་པ། ཀླུ་སྒྲུབ་ལུགས་བཅུ་གཅིག་ཞལ་རྣམས་ཀྱི་དབང་། གདུགས་དཀར་རིག་གཏད། གཟའ་ཡུམ་དབང་། འདོད་རྒྱལ་ཐུན་མིན་བྱིན་རླབས། གཏུམ་མོ་ཞག་བདུན་མ། ཞག་གསུམ་མ། མེ་དབང་འཇིགས་བྱེད་མཁའ་འགྲོ་སྙན་རྒྱུད་སོགས་ཀྱི་ཁྲིད། མི་ཏྲ་ཁྲིད་དྲུག་གི་དབང་ཁྲིད་ལུང་། བོ་དོང་ལུགས་ཀྱི་དུས་འཁོར་སྙན་བརྒྱུད་ཁྲིད། ལྷན་སྐྱེས་དང་ཤ་བ་རིའི་བྱིན་རླབས། ཟབ་གསལ་དབྱེར་མེད། ཐུབ་པ་མདོ་གཅོད། འཕོ་ཁྲིད་ཞག་བདུན་མ། ཚེ་དབང་མདའ་འཕེལ་མ། ཆོས་གླིང་ཡང་དག་གི་དབང་ཁྲིད་ལུང་། གྲོལ་ཏིག་ཚེ་དབང་སོགས་བསྩལ། འདིའི་དབང་ཐོབ་ནས་ཚུར་ཕྱིན་ལམ་གུ་རུ་རིན་པོ་ཆེའི་བརྒྱ་སྐུ་ཞིག་བྱིན་བྱུང་བ་དང་། རྨི་ཉམས་མེ་ཏོག་ཚལ་རྒྱས་པ་སོགས་ལེགས། སྦས་དོན་ཀུན་གསལ་ལས་ལམ་འབྲས་ཀྱི་ཁྲིད་ཉིན་གསུམ་པ་ཞིག་གནང་བའི་ནུབ་དང་པོར། ངོར་ཨེ་ཝཾ་ཡིན་ཟེར་བ་ཞིག་ཏུ་སླེབས། འདུ་ཁང་ཞིག་ཏུ་ཕྱིན་པར་གཡས་གཡོན་དུ་གསེར་ཁྲི་ཤིན་ཏུ་མང་བ་བསྒྲིགས་འདུག་པ་ལ་བླ་མ་རེ་རེ་བཞུགས་སྙམ་བྱེད། གསལ་བར་མ་མཇལ། གཡོན་གྲལ་སྟོད་དུ་ཁྲི་སྟོང་པ་ཞིག་ཏུ་བདག་སྡད་ས་ཡིན་སྙམ་བྱེད། སྦུག་གི་གཙང་ཁང་དུ་ངོར་ཆེན་རྡོ་རྗེ་འཆང་བཞུགས་ཡོད་ཟེར། མཇལ་བར་ཕྱིན་པས་ཁྲི་སྟེང་དུ་སྐུ་སྟོད་དགྱེས་རྡོར་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ལ་སྐུ་སྨད་བླ་མའི་རྣམ་པ་སྐྱིལ་ཀྲུང་མཛད་པ་ཞིག་མཇལ་བ་ལ་དད་པས་བཏུད་པ་རྨིས། ཞར་བྱུང་དུ་བཙན་རི་རྒྱལ་སྲས་མི་འགྱུར་གདན་ཞུས་ལྟར་བྱོན་བྱུང་བ་ལས་བདེ་ཆེན་གླིང་པའི་མཁའ་འགྲོ་སྙིང་ཐིག་དང་བཀའ་འདུས་ཞི་ཁྲོའི་དབང་ལུང་ཚང་མ། གསང་ཡེའི་ལུང་། ཞིག་གླིང་གཏེར་ཆོས་རྣམས་ཀྱི་ལུང་ཚང་བ། ཀློང་གསལ་མཁོ་བཏུས་ཐོར་བུའི་དབང་ལུང་ཞུས། བླ་མ་པདྨ་ལས་རོང་ཕུར་གཞུང་པོད། ཕུར་འགྲེལ་འབུམ་ནག །འཕྲང་མགོའི་བཀའ་འབུམ་རྣམས་དང་། ལི་ཐང་བླ་མ་ངེས་དོན་ལས་ཁྲོ་ཕུ་བརྒྱ་རྩ། མལ་ལུགས་འཇིགས་བྱེད་སྒྲུབ་དཀྱིལ་བསོད་སེང་མཛད་པ་སོགས་ངེད་ནས་རྗེའི་མདུན་ཞུ་ལོང་མ་བྱུང་བའི་རིགས་ཞུས། མཐར་ཡོན་དགེའི་ནམ་སྙིང་ཚེ་སྒྲུབ་ཀྱི་དབང་ཕུལ། ཚུར་ལ་བདེ་མཆོག་དཀར་པོའི་ཚེ་ཁྲིད་བཅས་ཀྱིས་འཇོག་མཚམས་བྱས་ནས་རྗེ་ཉིད་ཕར་ཕེབས། རང་གནས་རི་ཁྲོད་དུ་ཕྱིན་ནས་ལོ་བསྟར་གསོལ་བརྒྱ་བཏང་བ་སོགས་བྱས། བླ་བྲང་གཉེར་པས་དགུན་ལྡོམ་འགྲོ་རོགས་ཟེར་བས་དཔལ་སྤུངས་ནས་སྒར་བཏེགས། ཨ་ལོ་ཚེ་ཚ་སོགས་བརྒྱུད་ནས་དངུལ་མཁར་དུ་སྒར་ཡོད་ནུབ། མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་དང་། རིག་འཛིན་བདུད་འདུལ་རྡོ་རྗེ་གཉིས་མཇལ་ནས་བྱིན་རླབས་བསྩལ་བ་ཞིག་རྨིས། དེ་སྐབས་ཅི་ཡིན་མ་ངེས། ཕྱིས་སུ་དེའི་ལུང་པའི་ཕུར་ཙ་འདྲའི་གནས་ཕྲན་ལམྤ་ཀ་བཞུགས་ཡོད་འདུག་པས་བྱིན་རླབས་ཀྱི་མཚན་མ་ཡིན་ནམ་སྙམ། རག་ཆབ་སྟོད་སྔོ་ཤོད་ལྷག་ཏུ་ཡོད་པའི་ནུབ། ཀློང་གསལ་སྙིང་པོས་ཐུགས་དམ་གྱི་རྟེན་ཡིན་གསུངས་བཀའ་བརྒྱད་ཀྱི་རྟེན་འགའ་ཞིག་ངོ་སྤྲོད་མཛད་པ་དང་། རིང་བསྲེལ་འགའ་ཞིག་གཏེར་ནས་བཏོན། སླར་ཕར་ལ་སྦ་དགོས་པ་རྨིས་པས་ཕྱིར་ཉིན་ལམ་ཀར་གནས་རི་ཞིག་དང་འཕྲད་པ་ཡིན་ནམ་སྙམ་པ་བྱུང་། ལམ་དུ་གནས་རི་ཡོད་མེད་དྲིས་པས་མེད་ཟེར། ལམ་ཁར་རྫོང་ཤོད་དུ་སླེབས། སྒར་པ་དེར་བསྡད་ནུབ་རི་བོ་ཕྱི་དབྱིབས་མཚོ་རྒྱལ་རྨ་བྱ་ལ་འཆིབས་པའི་ནང་ཁོངས་སུ་ལྷ་རྟེན་ཤིན་ཏུ་མང་པོ་ཞིག་རྗེ་པདྨ་ཉིན་བྱེད་ཀྱིས་ངོ་སྤྲོད་བསྩལ་བ་རྨིས། བྲག་ངོར་བརྡ་ཡིག་འགའ་ཞིག་ཀྱང་གསལ་བས་དེ་ཉིད་གནས་ཡིན་ཐག་ཆོད། འཛིང་སྟོད་དུ་ལྡོམ་སྐོར་ཕྱིན་ནས་ཤོག་གསུམ་དུ་སླེབས་པ་དང་ཟླ་བ་བཅུ་གཅིག་པའི་ཚེས་བཅུར་དཔོན་སློབ་ཉུང་བསྡུས་རྫོང་ཤོད་དུ་ཕྱིན། དཀོན་སྤྱིའི་ཚོགས། མེ་མཆོད། ལུས་སྦྱིན་སོགས་བརྒྱ་རྩ་རེ་བགྱིས་ནུབ། ལྷ་ཁང་ཆེན་པོ་ལྕགས་རི་དང་སྲུང་མས་བསྐོར་བ་ཞིག་ཏུ་རིག་འཛིན་འཇའ་ཚོན་སྙིང་པོ་བཞུགས་འདུག་པ་མཇལ། མྱང་གྲོལ་དམ་རྫས་ཞུན་དཀར་རྣམ་པ་ཅན་དང་རིལ་བུ་དཀར་པོ་འགའ་རེ་བསྩལ། ཤར་ཕྱོགས་ནས་དམག་གི་དགྲ་ཞིག་ཡོད་པས་དེ་ཟློག་དགོས་གསུངས། རྟ་ནག་ལ་འཆིབས་ནས་ཤར་ངོས་སུ་ཕེབས་སོང་བ་རྨིས། ཕྱིར་ཉིན་གནས་རྩེ་ནས་སེང་གདོང་མའི་ཟློག་པ་མཚོན་ཙམ་ཡང་བགྱིས། གནས་ཕུག་ཕལ་ཆེར་ཉུལ། ཅུ་གང་། སིནྡྷུ་ར། གུ་རུ་རིན་པོ་ཆེས་བམ་སྒྲུབ་མཛད་པའི་བདུད་རྩི་ཆོས་སྨན་ལས་རང་བྱུང་གི་ས་རིལ་བཅུད་ལྡན་མང་ཙམ་རྙེད། སུར་དཀར་མེ་ཏོག་བཀྲ་བ་གཅིག་སྣང་ཞིང་འཇའ་སྤྲིན་ཀྱང་ཤར། ཕྱིར་ནང་གཏེར་ལྷུང་དུ་ཕྱིན་སྐབས་ཉི་མ་ཤར་བ་ལས་འཇའ་དཀར་པོ་ལྟར་མི་བཟོད་པ་མཐུར་དུ་ཟུག་པ་ལས་ཁ་བ་མེ་ཏོག་གི་དབྱིབས་བུ་ཡུག་ལྟར་འཚུབས། གཡས་གཡོན་གཉིས་སུ་འཇའ་ཁ་དོག་ལྔ་ལྡན་སྒོར་མོར་འཁྱིལ་བ་ཞིག་སྔ་དྲོའི་རིང་ལ་བསྡད་སོང་། རྨེ་རྟིང་རྣམས་འཁོར་ནས་དགོན་དུ་སླེབས། དབོན་སྤྲུལ་མདུན་ནས་ཕྱིར་ལོ་མཆོག་སྤྲུལ་གདན་ཞུ་ལ་བོད་དུ་མ་སོང་ཀ་མེད་གསུང་འདུག་པས་དེའི་སྣ་སེལ་མགོན་ཁང་ཁག་རྣམས་སུ་གསོལ་ཀ་ཉིན་འཚོགས་རེ་ཕྱིན་ནས་ཡང་ཁྲོད་དུ་སླེབས། འཆི་མེད་སྐུ་གསུམ་རིགས་འདུས་ཀྱི་བསྙེན་པ་བཏང་། ཟླ་བ་བཅུ་གཉིས་པའི་ཚེས་གསུམ་ལ་མཆོག་གྱུར་གླིང་པས་ཛཾ་ནང་པདྨ་ཤེལ་ཕུག་ནས་རྫོགས་ཆེན་སྡེ་གསུམ་གཏེར་བཞེས་ཡོད་པར་འདུག་པས། དེའི་གནས་ཚུལ་གཏེར་སྟོན་དང་སྤྲུལ་སྐུ་རིན་པོ་ཆེ་ལྷན་རྒྱས་ནས་འཕྲལ་དུ་གནང་བྱུང་བ་ཚོགས་གཏོར་སོགས་དགོས་བྱ་འགའ་ཞིག་འདུག་པ་རྣམས་ཀྱང་འཕྲལ་སྒྲུབ་བྱས། འདི་སྐོར་ཉིན་ཁ་ཤས་རླུང་ཆེན་མི་བཟད་པ་བྱུང་བ་གཞི་བདག་རྣམས་ཀྱི་ཆོ་འཕྲུལ་ཡིན་ཚུལ་རྗེའི་རྣམ་ཐར་དུ་གསལ་བར་ཡོད། ལོ་བསྟར་ཕུར་ཟློག་ཀྱང་བགྱིས། དེའི་ཚེས་ཉེར་གསུམ་ལ་གཏེར་སྟོན་ཕེབས། དར་ཕྱར་དུང་འབུད་ལྷ་བསང་གཏང་བ་སོགས་བྱས། ཁ་བ་མེ་ཏོག་བཅས་བབས་པ་རྟེན་འབྲེལ་ལེགས་གསུངས། ཚེ་དཀར་དབང་ཆོག་སོགས་ཤོག་སེར་ལས་ཕབ་པའི་ཡི་གེ་པ་བགྱིས་པས་རྟེན་འབྲེལ་དགེ་མཚན་ཀྱང་ལེགས་ཤིང་། རྨི་ལམ་དུ་ལོ་བརྒྱད་ཅུ་ལོན་ཉེར་འདུག་པ་དང་། གཤེད་སྐོར་ཁྱད་པར་ཅན་མང་པོ་ཞིག་རྙེད་པར་རྨིས། ཉིད་ཀྱི་གཏེར་ཆོས་པདྨ་གཙུག་ཏོར་དྲི་མེད་དང་། སྔ་ལོ་ཀརྨ་ནས་བཞེས་པའི་ཟབ་བདུན་སྐོར་ལས་དོང་སྤྲུགས། རང་སྐལ་གཤིན་རྗེ་ཚེ་བདག་གི་དབང་ལུང་ཁྲིད་བཅས་གནང་། སྔར་ཕན་སྐབས་སུ་མ་བབས། ད་རེས་སྐབས་སུ་བབས་པས་སྡོད་གནས་འདི་ལ་གནས་ཡིག་ཅིག་མཛད་གྲུབ་ཞུས་པས། འདི་མདོ་ཁམས་གནས་ཆེན་ཉེར་ལྔའི་གྲལ་ཞིག་རེད་པས་གནས་ཡིག་གཏེར་དུ་སྦས་པ་ཡོད་འདུག་པས་རྩོམ་མི་དགོས་གསུངས། རང་གཏེར་སྐལ་བ་ཡེལ་ཕུག་ནས་སྤྱན་དྲངས་པའི་བསིལ་ཚལ་རྡོ་ནག་ལ་འཕགས་པ་ཀླུ་སྒྲུབ་ཕྱག་རྐོས་མགོན་སྐུ་མེ་འབར་མའང་གནང་། དེ་ཚབ་རྟེན་ཞིག་ཅིས་ཀྱང་དགོས་གསུངས་པས་གུ་རུའི་སྐུ་ཚབ་རྙིང་མ་ཁྱད་ཅན་ཞིག་ཡོད་པ་ཕུལ། ངེད་ཀྱིས་གཏེར་ཆོས་གནད་ཆེན་རིགས་སྡུད་རྩོལ་བགྱིད་སྐབས་ཀྱང་ད་རུང་འདི་ཐད་རུང་མིན་སོགས་བརྟག་པ་ཞིབ་ནན་མཛད་གྲུབ་ཞུས་པར། ཁོང་ལ་རིང་མིན་ཁ་བྱང་དང་གཏེར་ཁ་འགའ་རེ་འབྱུང་བ་ཡོད་པས་འདི་འདྲའི་སྐབས་གུ་རུ་རིན་པོ་ཆེ་སྐུ་དངོས་མཇལ་ནས་ཞུ་གནང་སྐབས་ཕྱེད་པ་ཞིག་ཡོད་པས་མི་བསྙེལ་བ་བྱེད་བཞག་གསུངས། ཇ་སྦྲ་ལ་ཕེབས་ཞོར་དཔའ་བྲག་ཏུ་ཚོགས་སྐོང་མཛད། སེང་བྲག་ཡང་བྱང་བཞེས། མེ་སྦྲུལ་གནམ་ལོ་གསར་ཚེས་ཀྱི་ཚེས་གཅིག་ལ་གནས་ཆེན་ཉེར་ལྔའི་མདོ་བྱང་ཕྱག་ཏུ་འབྱོར་ནས་འདིར་ཕེབས། གཏེར་གྱི་མངའ་དབུལ་ཕུལ། བརྟག་པ་ཞུས་དོན་དེ་སྐབས་གུ་རུ་རིན་པོ་ཆེ་ལ་ཞུས་ནས་ལན་བསྩལ་བའི་ཚིགས་བཅད་ཤིན་ཏུ་མང་བ་ཞིག་འདུག་ཀྱང་དེ་དུས་ཐོར་མ་འཁོད། དོན་རྩ་ལས་འཕྲོ་དང་སྨོན་ལམ་གྱི་ཤུགས་ཡིན་པས་གང་འདོད་བསྡུ་སྒྲིག་ཆོག་པའི་བཀའ་ལུང་ཐོབ་པར་སྣང་། ཚེས་གསུམ་ཉིན་འཆི་མེད་ཡང་སྙིང་སྒོ་ནས་བརྟན་བཞུགས་དང་འབུལ་བ་ཕུལ། བསང་བརྔན་དང་བཀའ་ནན་རབ་བརྗིད་རྒྱས་པར་མཛད་ནས་ཙ་འདྲ་རིན་ཆེན་བྲག་ཏུ་གནས་ངོ་སྤྲོད་པར་ཕེབས་སྐབས་སྔགས་སྲུང་མ་གཟིགས་པའི་རྐྱེན་གྱིས་དབང་པོ་ཡང་ཡང་ཤོར། མཐར་ཨོ་རྒྱན་ཕྱག་རྟགས་བརྡ་ཡིག་དཔྲལ་བར་བླན་པས་ཁམས་དྭངས་ནས་སྒྲུབ་ཕུག་རང་བྱོན་གཙོ་ཆེ་བ་རྣམས་ངོ་སྤྲོད་མཛད། ཕྱིར་ཉིན་གནས་ནང་ཕེབས་སྐབས་རླུང་ཆེན་དྲག་པོ་ལྡང་བ་སོགས་འཚུབས་ཆ་ཆེ་ཙམ་བྱུང་། བླ་བྲང་དུ་ཕེབས་ནས་གནས་ཆེན་ཉེར་ལྔའི་མདོ་བྱང་ཕབ། ལྷ་གསར་དུ་རྡུལ་ཚོན་དཀྱིལ་འཁོར་དུ་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རྩ་དབང་རྣམས་གནང་། རྗེ་རིན་པོ་ཆེ་ཡང་ཕེབས་པས་རྟ་མགྲིན་ཕབ། དེ་དང་ཚེ་དཀར་དབང་སོགས་མང་ཞིག་གནང་། ཁྱོད་རྣམ་གཉིས་དགོན་ཆེན་དུ་ཕེབས་སོང་། སེང་བྲག་གཏེར་འདོན་པ་ལ་དབོན་སྤྲུལ་ངེད་གཉིས་ཡོད་དགོས་གསུངས་པས་གྲྭ་ཚང་བཅས་ཚེས་བཅུ་བཞི་ལ་གནམ་བྲག་ཏུ་ཕྱིན། ཚེས་བཅོ་ལྔར་དབུ་རྩེ་པདྨ་ཤེལ་ཕུག་ཏུ་གྲྭ་ཚང་རྣམས་དང་བཅས་ཕག་མོའི་ཚོགས་བརྒྱ། རྡོར་སེམས་ཚོགས་སྟོང་། བསང་གསོལ་སོགས་བྱས། ཚེས་བཅུ་དྲུག་རིན་པོ་ཆེ་ལྷན་རྒྱས་ཕེབས་གྲུབ་པས་དབུ་རྩེར་གུ་རུའི་གསང་ཕུག་ཏུ་ཚོགས་མཛད། མཁའ་ལ་འཇའ་ཚོན་འཁྲིགས་ཤིང་། བྱ་རྒོད་མང་དུ་འདུས་བྱུང་བ་གཏེར་སྟོན་གྱིས་རིག་འཛིན་མཁའ་འགྲོའི་འདུ་བར་གཟིགས་གསུངས། བྲག་དཀར་ཞིག་ནས་ཨོ་རྒྱན་སྐུ་ཆིངས་ཚལ་པ་བཞེས། ཐུགས་ཉམས་ཆེར་འུར། ས་དམིགས་བཙལ་བར་ཕེབས་པས་སེང་ཕུ་ནས་རྙེད་འདུག །སྒར་པ་དེར་སྤོས། ཉིན་གསུམ་ལ་བྱང་གཏེར་ཐུགས་སྒྲུབ་ཀྱི་ཚོགས་འབུམ་ཐེར་བསགས། ཚེས་ཉེར་གཅིག་ཕྱི་དྲོར་གཏེར་ཐོན་པ་དང་རྡོར་སེམས་སྒོ་ནས་མངའ་དབུལ་མཛད། ཕྱིར་ཉིན་གཏེར་ཞལ་ཕྱེས། ཀུན་མཁྱེན་བླ་མས་འབེལ་གཏམ་མཛད། གཏེར་རྫས་སོ་སོའི་ཐོབ་སྐལ་རྣམས་བགོས། མཁའ་འགྲོའི་བྲོ་ར་ནས་ཆོས་སྨན་གྭའུ། སེང་ཕུ་ནས་སྨན་གཏེར་བཞེས། ཚེ་ཆུ་རྩར་གུ་རུ་བདེ་བ་ཆེན་པོའི་དབང་གནང་ནས་ཕེབས། ངེད་རང་དཔོན་སློབ་རྣམས་རང་གནས་སུ་ལྡོག །བླ་བྲང་དུ་ཕྱིན་ནས་བདེ་འགྲོས་ཀྱི་གྲྭ་རྡེལ་བཀོད། དོན་གཉེར་འགའ་ཞིག་ལ་དུས་འཁོར་སོགས་ཀྱི་དབང་ལུང་དང་། སྒྲུབ་ཁང་ལའང་ཁྲིད་ཀ་སྔར་རྒྱུན་ལྟར་བྱས། མཁར་མདོ་ནས་གཏེར་སྟོན་ཚེ་དབང་གྲགས་པས་གསུང་བྲིས། ཆོས་ཚན། དམ་རྫས་འབྱོར། རྨི་ལམ་འཚུབས་ལྟས་ཆེ་བ་བྱུང་། ཆོག་སྒྲིག་ཁ་ཤས་དང་བོད་ལ་འགྲོ་ཆས་བཟོ་དྲུབ་སོགས་ཀྱིས་གཡེང་། གཏེར་གསར་ཚེ་བདག་ཞི་དྲག་གི་བསྙེན་པ་བཏང་། ས་ག་ཟླ་བར་དགོན་དུ་བུམ་སྒྲུབ་ཁྲོམ་དབང་བཅས་པ་དང་། སྒྲུབ་ཁང་དུ་བྱང་སྡོམ་སོགས་བྱས། ལྔ་པའི་ཚེས་བཅུ་གཅིག་ལ་བོད་འགྲོས་སྐར་འཛིན་དབུ་ཆེ་སོགས་སུ་རི་བསྟོད་ཕྱིན། བླ་བྲང་དུ་དབོན་སྤྲུལ་སྒྲོལ་སྐུ་རྣམས་ལ་བདེ་མཆོག་སྒོ་ནས་རབ་གནས་ཉིན་གཉིས། སྒྲོལ་དཀར་ཆོ་ག་ཉིན་གསུམ་བྱས། རྫོང་སར་དུ་ཀུན་མཁྱེན་བླ་མ་རིན་པོ་ཆེའི་ཞལ་མཇལ་ལ་སོང་། ཉིད་ཀྱི་གཏེར་ཁ་ནས་རྗེས་དྲན་ལྕེ་བཙུན་སྙིང་ཐིག་གི་དབང་ལུང་ཁྲིད་ཚང་བ། སེང་གདོང་སྙིང་ཏིག །བཻ་རོའི་ཐུགས་ཏིག་རྣམས་དང་། ཟབ་བདུན་ཡང་དག་དབང་ལུང་ཚང་བ་བསྩལ། བོད་དབུས་གཙང་གི་གནས་དང་ལྷ་རྟེན་གྱི་བཞུགས་ཚུལ། དེ་དང་དེ་དག་ཏུ་ཚོགས་གསོག་མཇལ་ཁ་སོགས་གལ་ཆེ་ཆུང་གིས་མཚོན། སྤྱི་དང་བྱེ་བྲག་གི་བསླབ་བྱ་ཞིབ་རྒྱས་དང་། དངོས་པོའི་གནང་སྦྱིན་རྫོང་བ་བཅས་མཛད་ནས་སླར་འོང་། ཟླ་བ་དྲུག་པའི་ཚེས་ཉེར་གཉིས་ལ་དཔལ་སྤུངས་ནས་སྒར་བཏེགས། རིམ་པར་བགྲོད་པའི་མདོ་རྒྱུད་དུ་སླེབས་སྐབས། གཏེར་སྟོན་རིན་པོ་ཆེ་ཀརྨར་སྐུ་མཚམས་བཞུགས་པ་ནས་བང་མི་བཏང་། ཀརྨར་འོང་དགོས་གསུང་འདུག་ཀྱང་ལམ་ཀྱོག་ཆེ། སྒར་པའི་མགོར་སྡོད་དགོས་པས་ཐབས་མ་བྱུང་། གཏེར་སྒར་སོགས་ལམ་འཁོད་བླ་སྤྲུལ་རྣམས་ཀྱི་བཞེད་སྐོང་སོ་སོར་བྱས་ཤིང་རྫོང་བ་དང་སྐྱེལ་མ་སོགས་མཛད་བྱུང་། རྒྱ་མ་མཚལ་མདོར་སླེབས་པ་དང་གཏེར་ཆེན་རིན་པོ་ཆེ་ཉིད་ཕེབས། ད་རེས་རྟེན་འབྲེལ་འདི་འཆུག་ཤོར་ན་རྗེས་ནས་ཅིའང་མི་འབྱུང་ངོ་མ་རེད་འདུག་པས་སྐུ་མཚམས་གྲོལ་ནས་ཕེབས་པ་ཡིན་གསུངས། སྒར་ཚུགས་ལྔ་ཙམ་ལ་ཕེབས། བཅག་མལ་བཅས་པ་རྣམས་ཀྱི་སྐབས་ཐུགས་སྒྲུབ་དབང་སྣ་ཡོངས་རྫོགས། སྒྱུ་འཕྲུལ་ཞི་ཁྲོ། ཚེ་བདག་འཁོར་ལོ་གསུམ། ཐུགས་ཀྱི་ཕུར་གཅིག །པདྨ་མཁའ་འགྲོ། གསང་མགོན་སོགས་ཀྱང་བཀའ་དྲིན་དུ་བསྩལ། བོད་ཁམས་སྤྱི་དང་བཀའ་བརྒྱུད་བསྟན་པ་ལ་ཕན་པའི་རིམ་གྲོ་བསྒྲུབ་འོས་རྣམས་ཀྱི་བསླབ་སྟོན་རྒྱས་པར་གནང་ནས་ཟུར་མང་ཕྱོགས་སུ་ཕེབས་སོང་། རྡོ་ར་དམར་ཁོར་སྡེ་དགེའི་སྐུ་ཚབ་དང་བོད་འགྲོས་མང་པོའི་སྒར་པ་ཕྱོགས་གཅིག་བསྡོངས། བསང་བརྔན་དང་། བཀོད་འདོམས་གང་ཤེས་བྱས། བྱང་ལམ་བར་མ་བརྒྱུད། ཤགས་ཀརྨ་སྐུ་འབུམ་དུ་གསོལ་འདེབས་སྨོན་ལམ་ཞུས་པར་བྱིན་རླབས་ལྟས་ལེགས་པ་བྱུང་། སྔར་སྲོལ་ལྟར་གཞུང་ས་དང་མཚུར་ཕུར་བང་མི་བཏང་བས་གསང་གཞུང་སྐོར་དུ་བསུ་མའང་འབྱོར། ལམ་བར་ཉེར་འཚེ་ཅིའང་མེད་པར་ཟླ་བ་བཅུ་པའི་ཚེས་གཉིས་ལ་འོག་མིན་མཚུར་ཕུར་འབྱོར། རྟ་ཐབ་རོལ་བསུ་སོགས་བདག་རྒྱན་ཆེན་པོ་གནང་། ཚེས་བདུན་གཟའ་སྐར་ཤིན་ཏུ་ལེགས་པར་ཞལ་རས་ལྷ་ཁང་དུ་ཡབ་སྲས་ལྷན་རྒྱས་ཀྱི་གསེར་ཞལ་ཐོག་མར་མཇལ། སླར་གཟིམས་ཆུང་དུ་གསུང་འཕྲོས་སྐབས་གཏེར་སྟོན་གྱི་གནས་ཚུལ་སྙན་འབུལ་ཞུས་པར་ཤིན་ཏུ་ཐུགས་ཡིད་ཆེས་པ་མཛད། ཚེས་བཅུ་གཅིག་ཉིན་མཐོང་གྲོལ་ཅོད་པན་ཞལ་མཇལ་དང་འབུལ་བ་ཕུལ། སྒར་ནས་མཆོག་སྤྲུལ་གྱི་དབུ་ཞྭ་གསོལ་བ་དང་འབུལ་བ་མཛད། མཆོག་སྤྲུལ་ཉིད་བདེ་ཆེན་ཕོ་བྲང་དུ་ཕེབས། ཚེས་བཅུ་བཞི་ཉིན་རྒྱལ་དབང་རིན་པོ་ཆེའི་མདུན་ནས་གཏེར་གསར་ཐུགས་སྒྲུབ་ཀྱི་དབང་ལུང་གསན་བཞེད་ལྟར་ཕུལ། བཅོ་ལྔ་ཉིན་ཚོགས་འཁོར་མཛད། གསང་བའི་ལུང་བསྟན་གྱི་ཤོག་སེར་བུ་དཔེར་འབེབ་པ་གནང་བའི་ཡིག་བྲིས་ཀྱི་ཞབས་འདེགས་ཞུས། སྒར་པ་བྱིངས་དེར་བསྡད། ངེད་རང་དཔོན་སློབ་ལྔ་ཙམ་བྱས་ནས་སྨིན་གྲོལ་གླིང་དུ་དབང་ལུང་ཞུ་བར་བཏགས་པའི་ལམ་ཞོར་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་ཇོ་ཤཱཀ་རྣམས་ཐོག་མར་མཇལ་པའི་སྐལ་བཟང་ཐོབ། པོ་ཏ་ལ་དང་ལྕགས་པོ་རིའི་རྟེན་མཇལ་བྱས། ཚལ་གུང་ཐང་མཆོད་མཇལ་དང་བརྒྱ་མཆོད་ཕུལ། སྦྲགས་ཡང་རྫོང་དུ་གཏེར་གསར་གཤིན་རྗེའི་སྒྲུབ་པ་ཞག་ལྔ་མ་ཞིག་དང་ཚོགས་སྐོང་ཁ་ཤས། མཁར་ཆེན་ཕུག་ཏུ་ཚོགས་བརྒྱ། མཚོ་རྒྱལ་བླ་མཚོ་དང་ཟུར་མཁར་རྡོའི་མཆོད་རྟེན་རྣམས་སུའང་ཚོགས་མཆོད་ཕུལ་ནས་དཔལ་གྱི་བསམ་ཡས་སུ་སླེབས། ལྷ་ཁང་ཚང་མར་མཇལ་ཕྱག་ཞུས། དགུན་ཉི་ལྡོག་པ་དང་འགྲིགས་པས་བདུད་འདུལ་སྔགས་པ་གླིང་དུ་གཏེར་གསར་ཕུར་པའི་གཏོར་ཟློག་བྱས། གཡའ་མ་ལུང་མཇལ་བར་ཕྱིན། གཏེར་གསར་ཚེ་དཀར་སྒྲུབ་པ་ཞག་གསུམ་གྱི་འབྲེལ་འཇོག་བྱས། སྨིན་གླིང་བླ་གྲྭ་རྣམས་ནས་འཆི་མེད་ཡང་སྙིང་གི་ཞབས་བརྟན་གནང་འདུག །མགོ་ཟླའི་ཚེས་བཅུར་བར་ཁང་གཡུ་ཞལ་ཅན་དུ་ཐུགས་སྒྲུབ་བར་ཆད་ཀུན་སེལ་ཚོགས་བརྒྱ་བགྱིས་ནས་ཕྱིར་འོང་སྐབས་དབུ་རྩེའི་སྒོ་གཡས་པ་ཕྱེས་འདུག་པ་ནས་ནང་དུ་མཇལ་བས་གུ་རུ་རིན་པོ་ཆེའི་སྐུ་བརྙན་ང་འདྲ་མ་དེ་ཞལ་རས་ཤིན་ཏུ་དཀར་བ། འོད་ཟེར་དཀར་ལྷག་ལྷག་འཕྲོ་བ་ཞིག་མཇལ། དེ་རྗེས་ལན་གཅིག་གཉིས་མཇལ་བའང་ཞལ་རས་དཀར་པོར་སྣང་། རྗེས་སུ་ནི་ཞལ་རས་ལ་གསེར་གསོལ་བས་དེའི་མདོག་ཏུ་སྣང་། མཆིམས་ཕུ་དབེན་རྩར་ཟབ་བདུན་རྟ་མགྲིན་བསྙེན་སྒྲུབ་འབྲེལ་འཇོག་ཞག་གསུམ། བྲག་དམར་ཀེའུ་ཚང་དུ་བཀའ་བརྒྱད་བདེ་འདུས། བླ་མ་དགོངས་འདུས་རྣམས་ཀྱི་ཚོགས་བརྒྱ། མེ་ཏོག་ཕུག་འོག་མར་ལྕེ་བཙུན་སྒྲུབ་པ་ཚོགས་མཆོད་འབྲེལ་འཇོག་ཙམ་བྱས། ཤན་བརྒལ་ནས་རྩེ་ཐང་དུ་ཕྱིན། ཁྲ་འབྲུག་ཞལ་མཇལ་ཁྱུགས་ཙམ་བས། གྲ་མདའ་ཚོང་འདུས་ཚོགས་པའི་པཎ་ཆེན་རྫ་སྐུ་སོགས་རྟེན་མཇལ་ཞུས་ནས་ཨོ་རྒྱན་སྨིན་གྲོལ་གླིང་དུ་འབྱོར། བླ་བྲང་ཟུར་གྱི་ཕོ་བྲང་དུ་སྡོད་གནས་སོགས་བཀའ་དྲིན་ལེགས་པར་གནང་། ཁྲི་ཆེན་རིན་པོ་ཆེའི་མདུན་ནས་རྙིང་མ་བཀའ་མ་སྔར་མ་ཐོབ་པ་ཐམས་ཅད་དང་། ཚེ་བདག་ལྕགས་འདྲ་ལྕགས་སྡིག །འཆི་མེད་ཡང་སྙིང་རྣམས་ཀྱི་དབང་། དུར་ཁྲོད་མ་མོའི་བཀའ་གཏད། ཞལ་བཞི་པ་དང་སྔགས་སྲུང་མའི་སྲོག་དབང་སོགས་ཞུས། རྗེ་བཙུན་མའི་མདུན་ནས་བཀའ་མ་རྣམས་ཀྱི་གཞུང་པོད། ཆོས་དབང་ཡང་ཏི། རྡོར་སེམས་སྙིང་ཐིག །བྱང་གཏེར་རིག་འཛིན་གདུང་སྒྲུབ། ཐུགས་སྒྲུབ། འགྲོ་འདུལ། ལས་འབྲེལ་གཉེན་པོ་ལྷ་གསུམ། ཕག་མོ་ཟབ་རྒྱ། ཚེ་བདག་གཞུང་པོད། ཆོས་དབང་ནཱ་ག་རཀྴ། ཉང་གཏེར་ཕྱག་བཞི་པ་སོགས་ལྗགས་ལུང་མང་པོ་ཞུས། རྡོར་འཛིན་འགྱུར་མེད་དོན་གྲུབ་མདུན་ནས་བྱང་གཏེར་ཐུགས་སྒྲུབ་དབང་། འཇོམས་བྱེད་རྩལ་ཆེན་བཀའ་གཏད། པད་གླིང་བཀའ་བརྒྱད་དབང་སོགས་དང་། ཆོས་དབང་སྔགས་སྡེབ་སྙིང་གཟེར་ནག་པོ། ཡང་ཟློག་ཞལ་ཤེས་མ་བུ། སྟོབས་ཆེན་མཆོད་རྟེན་སྒྲོལ་མ་བདུན་པ་རྣམས་ཀྱི་ཞལ་ཁྲིད། པཎ་ཆེན་བཀའ་བརྒྱད་ཡོངས་འདུས། ར་ཤག་མ་མོ་སྒང་ཤར། ཉང་གཏེར་མགོན་པོ་གཡུལ་མདོས་སོགས་ལུང་མང་དུ་ནོས། དགེ་སློང་བསྟན་འཕེལ་མདུན་ནས་འཇམ་དཔལ་རྫོགས་ཆེན་དང་གཉེན་པོ་ལྷ་གསུམ། ཆོས་དབང་ལོཀྟྲི་དང་དུར་ཁྲོད་མ་མོའི་བེ་བུམ། བཀའ་བརྒྱད་རྫོང་འཕྲང་གི་ལུང་སོགས་ནོས། ཁྲི་ཆེན་ལྕམ་དྲལ་རྣམས་ལ་རྫོགས་ཆེན་རྒྱུད་བཅུ་བདུན། བཀའ་བརྒྱད་གསང་རྫོགས། རཏྣའི་ཀློང་གསལ་རྣམས་ཀྱི་དབང་དང་། ཚེ་རིང་རྡོ་རྗེའི་སྤྱི་ཏིའི་དབང་ལུང་། གཏེར་གསར་ཡང་དག་གི་ཆོས་བདག་དམིགས་བསལ་ཡིན་འདུག་པས་དེའི་དབང་ལུང་ཚང་མ། ཚེ་དཀར་སོགས་ཕུལ། འགྲོ་རོགས་རྣམས་སྡོད་ཁོམས་མི་འདུག་པས་རྒྱལ་ཟླའི་ཉེར་གསུམ་ལ་ཁྱོགས། གྲ་ནང་བྱམས་པ་གླིང་དང་གྲྭ་མངོན་གཙུག་ལག་ཁང་མཇལ། ཆུ་བོ་རི་བརྒྱུད་ཉེར་དགུ་ནངས་མོར་མཚུར་ཕུར་སླེབས། དགུ་གཏོར་འཆམ་མཇལ་བྱས། ས་རྟ་གནམ་ལོ་གསར་ཚེས་ནང་སྐྱབས་མགོན་རྒྱལ་དབང་རིན་པོ་ཆེའི་ཞལ་དཀྱིལ་མཇལ། ལོ་གསར་བཞུགས་གྲལ་གནང་། གཏེར་གསར་ཚེ་བདག་གི་པུ་རི་སོགས་ཞབས་བརྟན་མང་ཞིག་བསྒྲུབ་དགོས་འདུག་པ་རྣམས་ཞུས་གྲུབ་ནས་དབུས་རི་བར་བསྐོར་ཁྱོག་རྩིས་ཀྱིས་ལྷ་ལྡན་དུ་ཕྱིན། སྨོན་ལམ་གཏོར་རྒྱག་གི་ལྟད་མོ་རྣམས་མཐོང་། པོ་ཏ་ལར་སྲིད་སྐྱོང་ཧོ་ཐོག་ཐུ་རིན་པོ་ཆེའི་མདུན་མཇལ་ཕྱག་དང་འབུལ་མཚོན་ཕུལ། མཆོག་སྤྲུལ་ཉིད་བཀྲ་ཤིས་ལྷུན་པོའི་མི་སེར་ཡིན་འདུག་པས་ཞབས་པད་བཤད་གྲྭ་བརྒྱུད། བཀྲས་ལྷུན་དུ་ཡབ་ཡུམ་བཅས་ཁམས་ལ་ཐེག་ཆོག་པའི་དགོངས་ཁྲོལ་ཞུས་པའང་དཀའ་བ་མེད་པར་གནང་བ་ཐོབ། བར་ཁང་གུ་རུའི་གཟིམས་སྤྱིལ་མདུན་སྨྱུང་གནས་བླ་མ་རིན་པོ་ཆེས་སྦྱིན་བདག་མཛད་དེ་མཆོད་པའི་བཀོད་པ་རྒྱ་ཆེ་བ་དང་བཅས་ཐུགས་སྒྲུབ་བར་ཆད་ཀུན་སེལ་ཚོགས་མཆོད་སྟོང་རྩ་བཏང་། སྨྱུང་གནས་བླ་མ་དང་ཞབས་པད་རིགས། དགེ་བཤེས་ཁ་ཤས་རྣམས་ལ་དབང་བཀའ་སོགས་བཞེད་སྐོང་བྱས། ཇོ་ཤཱཀ་མདུན་སྟོང་མཆོད། པོ་ཏ་ལ་ཕྱིན་གྱི་ལྷ་ཁང་རྣམས་ལ་སྙན་ཤལ། གསེར་གསོལ། མཆོད་འབུལ་སོགས་མཁོས་ལྕོགས་ལེགས་པར་གྲུབ་ནས་ཟླ་བ་གཉིས་པའི་ནང་བདེ་ཆེན་བརྒྱུད་བསམ་ཡས་སུ་ཐེག་པའི་རྒོད་དཀར་ལ་ཚུར་ནང་དུ་འབྲུག་ཆེན་རིན་པོ་ཆེ་མཚུར་ཕུར་ཕེབས་པའི་ཞལ་མཇལ། ཐུགས་དགྱེས་ཚོར་ཆེན་པོ་གནང་། འདི་སྐབས་གཞུང་སའི་སྐུ་ཚབ་གྲྭ་བསྒྲིགས་ཡོད་པས་ཐམས་ཅད་དཀའ་བ་མེད་པར་སླེབས། སྒར་པ་བྱིངས་བསམ་ཡས་སུ་སོང་། ངེད་རང་ཉུང་བསྡུས་གཡའ་མ་ལུང་དུ་སོང་ནས་གཏེར་གསར་ཚེ་དཀར་སྒྲུབ་པ་བྱས། གཞུང་སའི་ཞབས་བརྟན་རྒྱུན་སྒྲུབ་འཇོག་རྒྱུ་མཛད་སོང་བས་དེར་བཞུགས་རྣམས་ལ་དབང་ལུང་བྱས། ཞར་བྱུང་བྲག་དམར་མགྲིན་བཟང་མཇལ་ནས་བསམ་ཡས་སུ་སླེབས། བར་ཁང་དུ་གཏེར་གསར་ཐུགས་སྒྲུབ་ཀྱི་ཚོགས་སྟོང་རྩ། ལྷ་ཁང་རྣམས་ལ་སྙན་ཤལ་དང་མཆོད་འབུལ། དབུ་རྩེར་གསེར་གསོལ་དང་སྟོང་མཆོད་ཕུལ། ཨཱརྻ་པ་ལོའི་གླིང་དུ་ཚོགས་མཆོད་དང་འབྲེལ་བར་བོད་ཁམས་བདེ་བའི་སྨོན་ལམ་ནན་དུ་བགྱིས། ཧས་པོ་རི་རྩེར་ལྷ་སྲིན་དམ་བསྒྲགས་བཏང་། མཆིམས་ཕུར་ཕྱིན་ནས་ཚོགས་མཆོད་རྒྱས་པར་བྱས་ནས་བགྲོད་ལམ་དུ་མཆོད་རྟེན་བཀྲ་ཤིས་འོད་འབར་མཇལ་ཏེ་གདན་ས་མཐིལ་དང་ཟངས་རི་མཁར་དམར་རྣམས་སུའང་རྟེན་མཇལ་དང་ཚོགས་གསོག་གང་ལྕོགས་བྱས། ཡར་ཀླུང་ཁྲ་འབྲུག་ཏུ་སྙན་ཤལ། གསེར་གསོལ། སྟོང་མཆོད། ཨོ་རྒྱན་སྐུ་ཚབ་མདུན་བཀའ་བརྒྱད་ཚོགས་བརྒྱ་ཕུལ། རྩེས་ཐང་གང་པོ་རིའི་ལྷ་ཁང་དུ་ཚོགས་འཁོར་དང་ལྷ་སྲིན་དམ་བསྒྲགས། ཡུམ་བུ་བླ་མཁར་དང་འབུམ་པ་རྣམ་གསུམ་རིམ་པར་མཇལ་ནས་འབྲེལ་འཇོག་མཆོད་འབུལ་སོ་སོར་ཞུས། ཤམ་པོ་གང་འདབས་སུ་གཏེར་གསར་མངོན་རྫོགས་རྒྱལ་པོའི་མདོས་ཤིག་བཏང་། ལམ་ཞོར་སྲོང་བཙན་བང་སོ་མཇལ། ཤེལ་བྲག་ཏུ་དཔོན་སློབ་སུམ་ཅུ་སོ་བགྲང་གིས་གཏེར་གསར་སྒྱུ་འཕྲུལ་ཞི་ཁྲོ་སྦྲེལ་མའི་སྒྲུབ་ཆེན་སྨན་སྒྲུབ་དང་བཅས་པ་ཞག་བདུན་པ་ཞིག་བྱས་པས་ཐོག་མཐའ་རྣམས་སུ་རྟེན་འབྲེལ་ལེགས། མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་གཏད་རྒྱའི་བརྒྱུད་པའང་འདི་དུས་རྙེད། ལ་བརྒལ་ནས་གྲི་གུ་བརྒྱུད་ལྷོ་བྲག་སྨྲ་བོ་ལྕོག་ཏུ་ཕྱིན། མངའ་བདག་ཡབ་སྲས་ཀྱི་སྐུ་བརྙན་རྣམས་ལ་མཆོད་འབུལ་གསོལ་འདེབས་དང་རྟེན་མཇལ་ཞུས། ལམ་བར་ཆོས་དབང་བཀའ་བརྒྱད། བན་པ་ཕྱག་རྡོར། གུ་རུ་ལྷ་ཁང་རྣམས་ལའང་ཚོགས་མཆོད་འབུལ་བ་སོགས་བྱས་ནས་མཁོ་མཐིང་རྣམ་སྣང་མཇལ། མཁར་ཆུ་ལྕགས་ཕུར་ཅན་དུ་གཏེར་གསར་ཡང་དག་སྒྲུབ་པ་ཞག་ལྔ། ལྷ་མོ་མཁར། དཔལ་གྱི་ཕུག་རིང་རྣམས་སུའང་ཚོགས་མཆོད་བྱས་ནས་རིམ་པར་བཏེགས་ཏེ་གསས་མཁར་སྤྲུལ་པའི་ཕོ་བྲང་དུ་ཕྱིན། རྟེན་མཇལ་དང་མར་པའི་སྐུ་བརྙན་མདུན་དང་གཉའ་གཉའ་ལུང་བསྟན་ཕུག་རྣམས་སུ་ཚོགས་མཆོད་གསོལ་འདེབས་རྒྱས་པར་བྱས། སྒྲུབ་མཚོ་པདྨ་གླིང་མཇལ། ལྷ་ལུང་དང་གུ་རུ་ལྷ་ཁང་རྣམས་ཀྱི་རྟེན་མཇལ་བགྱིས། ཡར་འབྲོག་བརྒྱུད་ལྕགས་ཟམ་ཆུ་བོ་རིར་ཕྱིན། སྒྲུབ་པ་དང་ཚོགས་འབྲེལ་ལྷ་སྲིན་དམ་བསྒྲགས་ཞིག་ཀྱང་བགྱིས། སྲིན་པོ་རིའི་བདེ་མཆོག་མདུན་ཚོགས་མཆོད་གསོལ་འདེབས་ལ་ཆེད་དུ་སོང་། ལམ་ཞོར་གཞུང་སྤེ་ཤིང་དུ་ཕྱིན། མར་རྔོག་གི་གདུང་རྟེན་རྣམས་ལ་མཆོད་འབུལ་གསོལ་འདེབས་བྱས། བྱེ་ལ་བརྒལ་བའི་ལམ་ཞོར་རྟེན་མཆོད་རྣམས་མཇལ་ནས་ལྷ་ལྡན་དུ་སླེབས། སྐུ་རིམ་གྲུབ་པའི་སྙན་ཞུས་ཕུལ། ཟླ་བ་བཞི་པར་མཚུར་ཕུར་སླེབས། ཚེས་བཅུའི་སྐབས་ཁེལ་བས་འཆམ་མཇལ་བྱས། པདྨ་ཁྱུང་རྫོང་དུ་རྡོ་རྗེ་བེ་ཅོན་བསྙེན་སྒྲུབ་དང་། རྒྱལ་བའི་དབང་པོའི་ཞབས་བརྟན་གཏེར་གསར་ཚེ་དཀར་བསྙེན་སྒྲུབ་བགྱིས། ཟླ་བ་ལྔ་པའི་ཚེས་བརྒྱད་ལ་བཀའ་ཕེབས་ལྟར་གྲོལ་ནས་སྟོན་འཁོར་རྣམས་གླིང་ཁར་དབྱར་གཟིགས་བཞུགས་པའི་མདུན་དུ་གཅར་ནས་རྒྱལ་བའི་དབང་པོར་ཚེ་དཀར་གྱི་དབང་རྒྱས་པར་ཕུལ། ཚེས་བཅུར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དབང་གསན་བཞེད་མཛད་པར། འབྲུག་པ་རིན་པོ་ཆེ་དེར་བཞུགས་པས་ཁོང་ནས་སྐྱབས་མགོན་ཉིད་ཁམས་སུ་ཕེབས་ནས་མཐོང་གསལ་མ་བྱུང་བར་གཏེར་གསར་མི་གསན་གསུངས། ཚེས་དགུ་ནུབ་མནལ་ལྟས་ཁྱད་པར་ཅན་འགའ་ཞིག་གཟིགས་པས་ཐུགས་ཐེ་ཚོམ་ཆོད་ནས་ཚེས་བཅུ་ཉིན་ཀར་འབྲུག་སི་ཏུ་དཔའ་བོ་གཙོས་པའི་བླ་སྤྲུལ་ཉི་ཤུ་སྐོར་གྱིས་ཐུགས་སྒྲུབ་དབང་གསན། དེ་རྗེས་འབྲུག་པ་ཉིད་གཤིན་རྗེ་ཚེ་བདག་ཆོས་བདག་ཡིན་འདུག་པ་དང་། རྒྱལ་དབང་རིན་པོ་ཆེ་ནས་ཀྱང་གསན་བཞེད་ལྟར། ཀར་འབྲུག་གཉིས་ཆོས་དབང་སྤྲུལ་སྐུ་བཅས་རྣམ་པ་གསུམ་ལ་ཟབ་བདུན་ཚེ་བདག་སྐོར་གྱི་དབང་ལུང་རྒྱུད་བཤད་ཕྱག་ཁྲིད་ཞལ་ཤེས་ཡོངས་སུ་རྫོགས་པར་ཕུལ། བདེ་ཆེན་ཕོ་བྲང་དུ་དཔའ་བོ་རིན་པོ་ཆེ་ནས་བདེ་གླིང་ཆོས་སྐོར་གྱི་དབང་ལུང་ཡོངས་རྫོགས་གསན། སླར་མཚུར་ཕུ་གདན་སར་ཕེབས། རྒྱལ་དབང་རིན་པོ་ཆེ་དབོན་སྤྲུལ་རྣམ་གཉིས་བཅས་ལ་སྒྱུ་འཕྲུལ་ཞི་ཁྲོ། དོང་སྤྲུགས་ཆ་ལག་བཀའ་སྲུང་བཅས་པ། ཕུར་པ་ཐུགས་ཀྱི་ཐིག་ལེ་རྣམས་ཀྱི་དབང་ལུང་རྫོགས་པར་ཕུལ་བས་མཆོག་གྱུར་གླིང་པའི་ཞལ་བཀོད་ལྟར་སྤྱི་བྱེ་བྲག་གི་སྐུ་རིམ་རྩ་བའི་རྟེན་འབྲེལ་ཤིན་ཏུ་ལེགས་པར་འགྲིགས་སོང་། གནས་ནང་དུ་མཆོག་གི་སྤྲུལ་པའི་སྐུ་གདན་འདྲེན་མཛད་པ་ལྟར་ཕེབས། རྟེན་མཆོད་རྣམས་མཇལ་ཁ་ཞུས། དཔའ་བོ་རིན་པོ་ཆེ་ལའང་གཏེར་གསར་ཕུར་པའི་དབང་ལུང་ཕུལ། དེ་དག་གི་སྐབས་མཚམས་རྣམས་སུ་རིག་འཛིན་སྤྲུལ་པའི་སྐུས་དཔའ་བོ་གོང་མའི་མདུན་ནས་གསན་པའི་ཀར་རྙིང་གི་དབང་ལུང་རྒྱུན་དཀོན་པ་མང་དུ་ཞུས། ཡར་འཁོར་ནས་མཚུར་ཕུའི་ལྷ་ཆེན་ཛཾ་གླིང་རྒྱན་དང་། དུས་མཁྱེན་སྦུག་སོགས་རྟེན་ཁྱད་པར་ཅན་རྣམས་ཞིབ་མཇལ་དང་། མཆོད་པ་གསོལ་འདེབས་གང་ནུས་ཞུས། མཚུར་ཕུ་རྒྱལ་ཚབ་པ་ལའང་སྔ་རྗེས་རྣམས་སུ་ཐུགས་སྒྲུབ་ཚེ་དཀར་སོགས་བཞེད་པ་བསྐངས། མདོ་ཁམས་སུ་ཕེབས་པའི་བཅའ་གཞི་དང་སྐར་འཛིན་ལྷ་བསང་སོགས་མཛད། ངེད་རང་ཉུང་བསྡུས་ལྷ་ལྡན་མི་དབང་མདུན་ཐོན་ཕྱག་སོགས་ལ་ཕྱིན། འདི་སྐབས་སྲིད་སྐྱོང་རྭ་སྒྲེང་ཡིན་པས་ཐུགས་ཤིན་ཏུ་ཉེ་བར་མཛད་ཅིང་གཏེར་སྟོན་ལའང་མཛོད་དར་གནང་རྒྱུ་བསྐུར། བོད་ཁམས་སྤྱི་ལུང་ཕབ་ནས་བསྐུར་འོང་དགོས་ཚུལ་གསུངས། ཇོ་ཤཱཀ་རྣམས་ལའང་མཇལ་ཕྱག་སྨོན་ལམ་རྩེ་གཅིག་ཞུས། ཕྱིར་ལམ་ཡེར་པའི་གནས་རྟེན། འཕན་ཡུལ་བཀའ་གདམས་གདན་ས། སྟག་ལུང་། རྭ་སྒྲེང་སོགས་མཇལ་ནས་གསང་གཞུང་དུ་མཆོག་སྤྲུལ་རིན་པོ་ཆེ་སོགས་དཔལ་སྤུངས་སྒར་པ་སླེབས་པ་དང་འཛོམ། ནག་ཆུ་ཁར་མཚུར་ཕུའི་སྒར་ཆེན་ཡང་ཕེབས་ཤིང་དབང་དབུ་ཞྭ་ཞུ་མཁན་མང་། འགའ་ཞིག་ནས་ཆུ་ཆེན་གྱིས་བཀག་པ་སོགས་གཅག་མལ་ཤིན་ཏུ་མང་བས་རྒྱུན་རིང་དུ་འགོར། བེར་ཤ་གསུམ་མདོ་སོགས་བརྒྱུད་སྒིས་སྣར་ཟླ་བ་དགུ་པའི་ནང་ཕེབས། སྒར་ཆེན་ཡང་ཕེབས་ཐུབ་པར་ལྷན་རྒྱས་ཞལ་འཛོམ་ཞུས་ནས་དཔལ་སྤུངས་སྒར་པ་སྔོན་དུ་བཀྱགས། རྒྱལ་དབང་རིན་པོ་ཆེ་འདི་ལོ་ཀརྨ་དགོན་དུ་ཕེབ་རྒྱུའི་རྗེས་སུ་བཞུགས། འདི་ཕྱིན་དགོན་ཁག་སོ་སོའི་བླ་སྤྲུལ་ཆེ་ཕྲ་ཐམས་ཅད་ཕེབས་བསུ་བྱོན་ནས་དབུ་ཐོན་བཞག་པ་དང་། ལམ་འཁོད་དགོན་པ་རྣམས་ནས་གདན་འདྲེན་ཀྱང་ཞུ་འདུག་པས་བྲེལ་གཡེང་ཆེ། སོ་སོར་དབུ་ཞྭའི་མཇལ་ཁ་ཙམ་དང་། བླ་གྲྭ་སོ་སོའི་འདོད་བཞེད་ལྟར་ངོས་ནས་དབང་དང་རྗེས་གནང་ཅི་རིགས་བྱས། བཀྲ་ཤིས་དབུ་མི་ཐང་དུ་དབོན་སྤྲུལ་དང་སྡེ་དགེའི་ཆིབས་བསུ་མདུན་འཁོར་ཞིག་ཀྱང་འབྱོར། གཏེར་སྟོན་ཆོས་རྒྱལ་རྡོ་རྗེ་བྱོན་པ་ལ་ཁོང་གི་ཆོས་སྐོར་ཁ་ཤས་འདུག་པ་ཞུས། སྤྱི་འབྱམས་སུ་རྟེན་འབྲེལ་ཁྱད་པར་ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་ཉིན་གསུམ་འཚོགས། མཆོག་སྤྲུལ་རིན་པོ་ཆེར་ཚེ་དབང་ཡང་ཕུལ། ཟུར་མང་དགོན་ཁག་སོགས་རིམ་པར་བརྒྱུད་ཅི་མགྱོགས་སུ་བྱོན་ནས་འབྲི་ཆུའི་གྲུ་བརྒལ། རྩ་བརྒྱད་ཐང་དུ་སླེབས་པའི་སྐབས་སྡེ་དགེའི་མདུན་ནས་གཉེར་པ་ཞིག་དར་བཏང་མངགས་བྱུང་བ། ཁོ་བ་ཧོར་འདྲ་དབུལ་པོ་ཞིག་གི་ཆས་འདྲ་བ་བྱས་འདུག་པ་མཆོད་ཡོན་ཐོག་མའི་རྟེན་འབྲེལ་འདི་འདྲ་བ་སྙམ་ནས་སེམས་ལ་ཤིན་ཏུ་གནོད་པ་ཞིག་བྱུང་བ་དབང་ཐང་རྫོགས་ཉེ་བའི་སྔ་ལྟས་ཡིན་པར་འདུག །ཨ་ལོ་ཞེ་དགའ་ནས་གདན་སར་ཕེབས་པའི་ནངས་མོ་མཆོག་སྤྲུལ་ཉིད་ལ་ཐུགས་དགའ་སྡུག་མཐོ་དམན་འདྲ་ཞིག་བཞུགས་འདུག་པས། ལམ་བར་ལྷགས་པ་ལ་ཁག་བསྙད་ནས་ཤིན་ཏུ་བཤུམ་པ་སོགས་ལམ་བཀྲ་མི་ལེགས་ཙམ་བྱུང་། དགོན་ཡུལ་རྣམས་ནས་རྐྱ་ཐབ་བསུ་བ་བཅས་རྒྱས་པའི་ཐང་དུ་བཞུགས། ཟླ་བ་བཅུ་པའི་ཚེས་བཅུའི་སྔ་དྲོར་དགོན་ཐོག་ཏུ་སེར་སྦྲེང་རོལ་བསུ་རྒྱས་པ་བཅས་ཕེབས་ནས་འདུ་ཁང་དུ་མཎྜལ་ཕུལ་ནས་ཕྱག་དབང་གནང་། ཚོམ་ཆེན་དུ་དགའ་སྟོན་དང་མགུལ་དར་དབོན་སྤྲུལ་ཉིད་ཀྱིས་གནང་བར་མཛད། ངེད་རང་ཡང་ཁྲོད་དུ་ཕྱིན། མ་རྒན་ཁམས་བདེར་ཡོད་པ་དང་འཕྲད་ནས་རེ་ཞིག་ངལ་གསོ་ཞོར་གསོལ་བརྒྱ་སོགས་བགྱིས། ཉི་ལྡོག་སྐབས་ཕུར་བསྙེན་ཕུར་ཟློག །རྗེ་བཙུན་མའི་བསྙེན་པ་སོགས་རྒྱུན་ལྟར་བགྱིས། འདི་སྐབས་མཆོག་གྱུར་གླིང་པ་སྡེ་དགེར་གདན་འདྲེན་ཞུས་པ་བྱོན་ཞོར་གཏེར་ཁ་འགའ་རེ་བཞེས། ཁྲའོ་ཐང་དུ་ཁྲག་གྲིབ་འདྲ་བའི་བསྙུན་གཞི་ཚབ་ཆེན་པོ་བྱུང་བས་སྤྲུལ་སྐུ་རིན་པོ་ཆེ་ཡང་ཕེབས་ནས་གྲིབ་སེལ་སོགས་མཛད་པས་སྐུ་ཁམས་དྭངས་ནས་རྒྱལ་སར་ཕེབས། རྡོ་ཁོ་མར་བཀའ་བརྒྱད་སྒྲུབ་ཆེན་དང་ཁྲོ་རོལ་ཟློག་པ་མཛད། ངེད་ལ་སྐུ་རིམ་དོན་འོང་དགོས་པའི་གསུང་ནན་བྱུང་བ་ལྟར་སོང་། རྣམ་པ་གཉིས་དང་མ་ཡུམ་སྲས་སོགས་མཇལ། ཁྲོ་རོལ་སོགས་ལ་ཕྱིན། སྤྲུལ་སྐུ་རིན་པོ་ཆེས་ལྗགས་བཤད་ངོ་མཚར་ཅན་གནང་། གཏོར་ཟློག་བོར་བ་རླུང་ལྟས་སོགས་ཤིན་ཏུ་ཞེལ་བས་གཏེར་སྟོན་ཚང་གིས་ཡང་ཟློག་ཞག་གཉིས་གསུམ་བཅས་སོང་། ཕྲན་ནས་སྐུ་རིམ་དུ་དཀོན་སྤྱིའི་ཟོར་ཟློག །ཇོ་ལུགས་འཇིགས་བྱེད་དྲུག་ཅུ་ཞིག་བཏང་། སྤྲུལ་གཏེར་སྡེ་དགེ་མ་སྲས་བཅས་ལ་རྙིང་མ་བཀའ་མའི་དབང་ཚང་བ་བསྐུར། ས་ལུག་གསར་ཚེས་ནང་ཁྲོ་མཎྜལ་ཐང་དུ་བསྟན་སྲིད་རིམ་གྲོར་དགོན་པ་གསར་འདེབས་དགོས་པའི་ལུང་བྱང་ལྟར་དཔོན་སློབ་ཚང་མ་ས་གཟིགས་བྱོན། འདི་སྐབས་ཁ་བ་དཀར་དམར་ནག་པའི་རིམ་གསུམ་ཡོད་པ་ཞིག་བབས་པ་ཕྱིས་སུ་མི་དགེ་བའི་ལྟས་སུ་སྣང་། མཎྜལ་ཐང་དུ་ཚོགས་འཁོར་དང་། རྗེ་ཀུན་གཟིགས་རིན་པོ་ཆེས་གསང་སྙིང་རྒྱུད་བཤད་རྟེན་འབྲེལ་མཛད། གཞི་བདག་རྟེན་བཀོལ། བུམ་གཏེར་སྦ་བ་སོགས་གྲུབ་ནས་སླར་འཁོར། འདི་ཐད་གཏེར་བྱོན་སྐུ་ཚབ་གཙོས་ཚན་གྲངས་སྲས་ཡུམ་མདུན་ཕུལ་ནས་དགོས་གནད་བཅས་ཞིབ་ཞུས་མཛད་སོང་བ་དེ་ལྟར་སྒྲུབ་རྩིས་མཛད་ཀྱང་། དགོན་ཆེན་གྲྭ་རིགས་གྲུབ་མཐའི་ཀུན་སློང་ཆགས་སྡང་ཆེ་བས་ཕྱག་མཛོད་བཀྲ་ཤིས་རྒྱ་མཚོས་ས་དགོན་རྣམས་ལ་གནོད་འོང་བའི་དོགས་པ་ཁོག་འཆང་གིས་བཤོལ་བཏབ་སོང་། འདི་དུས་ལྷ་ཁང་ཀ་བཞི་དང་བྱམས་སྐུ་ཙམ་བཞེངས་གྲུབ་ན་ཉག་རྐེད་ཀྱི་དུས་ཟིང་དེ་མི་འོང་ངེས་པ་ཡིན་ཅེས་སྤྲུལ་སྐུ་རིན་པོ་ཆེས་གསུངས། རྗེ་བླ་མས་འཕགས་མའི་ཐུགས་ཐིག་གི་དབང་བསྩལ། གཏེར་མདུན་ནས་ཀྱང་ཐུགས་ཆེན་འཁོར་བ་དོང་སྤྲུགས་སོགས་དབང་སྣེ་ཁ་ཤས་ཐོབ། རྩ་བའི་ཐུགས་སྒྲུབ་ལས་བྱང་ཕབ་པའི་ཡི་གེ་པ་ཞུས། བསམ་ལྷུན་སྐོར། རྣམ་སྲས། ཡན་ལག་ཐུགས་སྒྲུབ་གཉིས་ཀྱི་སྒྲུབ་ཁོག་ལུང་བྱང་སྐོར་སོགས་སྤྲུལ་སྐུ་རིན་པོ་ཆེས་ཡི་གེ་པ་མཛད་ནས་གཏན་ལ་ཕབ་གྲུབ་འདུག །རྒྱལ་ཁབ་ཏུ་མཁྱེན་བརྩེ་རིན་པོ་ཆེས་འདུས་མདོའི་དབང་དང་རྩ་བའི་སྒྲུབ་ཆེན་སྨན་སྒྲུབ་སྦྲེལ་མ་བདུན་ཕྲག་གཉིས་མཛད་པའི་དབང་བསྐུར་ཡོངས་རྫོགས་གཏད་རྒྱའི་བར་བཀའ་དྲིན་ཐོབ། གཏེར་སྟོན་ནས་ཕོ་བྲང་དུ་རྣམ་སྲས་རྟེན་འཛུག་གནང་། ངེད་ནས་སྲས་ཀྱི་སྐུ་རིམ་བླ་བླུ་གྲུབ་འཕྲལ་དཔལ་སྤུངས་སུ་ཕྱིན། ཟླ་སྤྲུལ་ཀརྨ་ནས་ཕེབས། འཇའ་ཚོན་པོད་དྲུག་སྒྲུབ་པ་དང་འབྲེལ་བའི་དབང་ལུང་ཡོངས་རྫོགས་དགོས་གསུངས་པ་ལྟར་བགྱིས། སྙན་ངག་དང་། ཕྱག་ཆེན་སོགས་ཁྲིད་ཞུ་འགའ་ཞིག་བྱུང་བར་སོ་སོའི་རེ་སྐོང་བྱས། གཏེར་ཆེན་རི་ཁྲོད་དུ་ཕེབས། ད་རུང་གཏེར་ཆོས་ཐད་གནང་བ་དང་ཉེ་བརྒྱུད་བྱིན་རླབས་ཞུ་མཛད་རོགས་ཞུས་པར་ཚོགས་མཆོད་ཤིན་ཏུ་རྒྱས་པ་དང་གསོལ་འདེབས་མཛད་ནུབ། གུ་རུ་རིན་པོ་ཆེ་གཏེར་སྟོན་རྡོ་རྗེ་གླིང་པའི་རྣམ་པར་བཞུགས་པས་གཏེར་སྟོན་བརྒྱ་རྩའི་གཏེར་ཆོས་རྣམས་ཀྱི་བྱིན་རླབས་བསྩལ། ཉིད་ཀྱང་རྡོ་རྗེ་གླིང་པའི་ཞལ་སློབ་ཀྱི་སྐྱེ་བ་དང་དེ་སྐབས་གཏེར་ཆོས་ཡོངས་རྫོགས་ཞུས་ནས་ཉམས་བཞེས་མཛད་ཚུལ་དང་། མཁའ་འགྲོ་ཀུན་དགའ་འབུམ་པའི་སྐབས་དུང་མཚོ་རས་པར་གྱུར་པ་སོགས་གསལ་བར་དྲན་ཅིང་། དེ་གཉིས་ཀྱི་གཏེར་ཆོས་ཉེ་བརྒྱུད་བྱུང་འདུག་པ་བཅས་རྡོར་གླིང་གཏེར་ཆོས་ལྟ་བ་ཀློང་ཡངས་ལས་མ་འབྱོར་བས་དེའི་འཐོར་ལུང་། མཁའ་འགྲོ་གསང་བ་ཀུན་འདུས་དབང་ལུང་ཡོངས་རྫོགས། གཏེར་ཆོས་གཞན་དཔེ་རྙེད་ཚད་ཀྱི་གདམས་གཏད་བྱིན་རླབས་ཞུས། རྩ་བའི་ཐུགས་སྒྲུབ་སྒྲུབ་ཁོག །རང་སྐལ་མྱུར་མཛད་མགོན་པོའི་ཆོས་སྐོར་ཐུན་མིན་རྣམས་ཕབ། ས་གནད་འདིར་བསྟན་པ་སྤྱི་བྱེ་བྲག་གི་དོན་དུ་དཔལ་ཆེན་པོའི་ལྷ་ཁང་བཞེངས་དགོས་པའི་རྒྱུ་མཚན་ལུང་བྱང་བཅས་བླ་བྲང་ལ་བཀའ་གནང་སོང་། ཙ་འདྲ་རིན་ཆེན་བྲག་གི་གནས་སྒོ་འབྱེད་པ་ལའང་ཐོག་མར་ཤར་ཕྱོགས་ཡེ་ཤེས་འཁོར་ལོ་འདིར་སྲུང་མའི་རྟེན་འཛུག་དགོས་ཚུལ་གསུངས། དབང་བྱིན་རླབས་མང་པོ་དང་ཁྱད་པར་ཉིད་ཀྱི་གཏེར་གསར་ཡོངས་སུ་རྫོགས་པའི་གདམས་གཏད་མངའ་གསོལ་གནང་། ལྷ་ཁང་བཞེངས་པའི་ས་སློང་དང་བྱིན་རླབས་མཛད། རྡོར་སློབ་ངེས་དོན་གྱིས་བདེ་མཆོག་སྒོ་ནས་ས་ཆོག་དང་། ངེད་རང་གིས་དུས་ཀྱི་འཁོར་ལོའི་སྒོ་ནས་ས་ཆོག་བྱས། འདི་ཉིན་རྒྱང་བལྟས་མཁན་རྣམས་ཀྱིས་ངེད་རང་རྣམས་ཀྱི་མཐའ་སྐོར་དུ་འཇའ་དཀར་པོ་ཨ་ལོང་ལྟ་བུས་བསྐོར་བ་མཐོང་འདུག །ཟླ་བ་བཞི་པའི་ནང་བླ་བྲང་དབོན་སྤྲུལ་མདུན་ནས་ཀླད་གཟིགས་ཀྱི་ལྷ་ཁང་བཟོ་ལས་ཚུགས། ངོས་དགོན་དུ་ཕྱིན། གཏེར་སྟོན་དབུར་བཞུགས་ཀྱིས་ལོ་བསྟར་བུམ་སྒྲུབ་ལ་འདི་ལོ་གཏེར་གསར་རྟ་མགྲིན་སྒྲུབ་པ་དང་འབྲེལ། གར་འཆམ་གཏོར་ཟློག་བཅས་མཛད་སོང་། དེ་གྲུབ་ནས་རི་ཁྲོད་དུ་ཕྱིན། དགོངས་འདུས་སྐོང་ཆོག་བཏང་། འཕགས་མའི་སྙིང་ཐིག་བསྙེན་སྒྲུབ་བྱས། ཚུགས་གྲོལ་གཉིས་ཀར་རྟེན་འབྲེལ་ཤིན་ཏུ་ལེགས་པ་བྱུང་། གཏེར་ཆེན་ཡང་ཕེབས་ནས་མ་མགོན་འཁོར་ལོ་སོགས་བཅའ་གཞི་བསྒྲིགས། སྲུང་མའི་རྟེན་དང་། ཀླུ་རྟེན་བཙུགས། དབུ་ཆེ་རྩེར་ཚོགས་སྐོང་བསང་བརྔན་རྒྱས་པར་མཛད། གཡས་སྐོར་གྱིས་རང་བྱོན་རིམ་པར་ངོ་སྤྲད་མཛད། ཟླ་བ་དྲུག་པའི་ཚེས་བཅུའི་ཉིན་ཙ་འདྲ་རིན་ཆེན་བྲག་གི་གཡས་ཕྱོགས་བཻ་རོའི་གསང་ཕུག་ནས་གསང་ཐིག་སྐོར་གསུམ། ཙ་འདྲའི་གནས་ཡིག་རྣམས་ཀྱི་ཤོག་སེར། དཔལ་ཆེན་པོའི་སྐུ་བཞེངས་པའི་སྐུ་རྒྱུ་དང་ནང་གཞུག་སོགས་གཏེར་ནས་སྤྱན་དྲངས། ཡང་ཁྲོད་དུ་ཕེབས་ནས་ཤོག་སེར་གཏན་ལ་ཕབ། གནས་ཀྱི་བཞུགས་ཚུལ་བསྐོར་ལམ་ཕྱི་ནང་གི་ཚད་དང་། སྒོ་འབྱེད་ལམ་གཏོད་ཀྱི་རྟེན་འབྲེལ་དགོས་རིགས་ཐོ་བཀོད་དང་བསླབ་སྟོན་ཞིབ་ཏུ་བསྩལ། རྒྱལ་དབང་རིན་པོ་ཆེ་ཕེབས་པ་ལ་ཕེབ་བསུ་སོགས་སྔར་ལུགས་ལྟར་ཞུས་ནས་ཚེས་བཅུ་ཚུགས་སོང་། ངེད་རང་གིས་དགོས་ཆས་རྣམས་བསྒྲིགས་ནས་གནས་ཀྱི་མཐའ་བསྐོར་ཕྱིན། རྟེན་འབྲེལ་ཤིན་ཏུ་དགེ་བར་བྱུང་། གཏེར་ཆེན་ལ་དབང་ལུང་བཞེད་སྐོང་གྲུབ་ནས་དགྱེས་བཞིན་ཕར་ཕེབས། མདོ་སྨྱོན་སྤྲུལ་སྐུ་སོགས་ལ་ཤངས་ལུགས་ཀྱི་དབང་བྱིན་རླབས་རྫོགས་པར་བགྱིས། ཟླ་བཟང་མདུན་ནས་སྟག་ཤམ་མི་ཏྲ་སྙིང་ཐིག་སོགས་ཞུས། ཞབས་ཏོག་ཕུལ་ནས་ཀརྨར་ཕེབས། སླར་འཕགས་མའི་སྙིང་ཐིག་བསྙེན་སྐབས་ཚེ་ཚད་བརྒྱད་ཅུའམ་དགུ་བཅུ་མ་ངེས་པ་ཞིག་གི་ལྟས་གསལ་བྱུང་། ཁྲི་འདུ་བེ་ཧུ་སྔགས་པ་དཔོན་གཡོག་ཆེད་གཏད་འབྱོར་བ་ལ་འཇའ་ཚོན་པོད་དྲུག་དབང་ལུང་ཡོངས་རྫོགས་བྱས། ཁོང་ཚོས་སྒྲུབ་ཁང་བཞེངས་ནས་རྒྱུན་འཚོགས་བཙུགས་རྒྱུའི་ཁས་ལེན་བྱས། སྦྱིན་བདག་འགའི་རེ་སྐོང་དང་ལྷ་ཁང་སྒྲུབ་སྡེའི་དོན་རྨེ་རྟིང་དུ་འབྲུ་བསོད་ཕྱིན། ཀུན་གཟིགས་རིན་པོ་ཆེ་ཡང་མཇལ་ཞིང་ཚེ་དཔག་ལྷ་དགུའི་དབང་བསྩལ། སླར་འཁོར་ནས་རྒྱལ་དབང་རིན་པོ་ཆེ་མཇལ། བཀའ་བརྒྱད་ལུང་ལག་ལེན་བཞེད་པ་ལྟར་ཕུལ། ཡང་ཁྲོད་བོང་གསར་དུ་སྡོད་གནས་བགྱིས་པར་རྟེན་འབྲེལ་ཤིན་ཏུ་ལེགས་པ་བྱུང་། མགོན་ཁང་དུ་རྒྱུན་གསོལ་དབུ་ཚུགས། གཏེར་གསར་ཕུར་པ་ཐུགས་ཀྱི་ཐིག་ལེའི་བསྙེན་པ་དང་ལོ་མཇུག་གཏོར་ཟློག་སོགས་བྱས། ལྕགས་སྤྲེལ་གནམ་ལོ་གསར་ཚེས་སྐབས་དགོན་ཐོག་ཏུ་ཕྱིན། ཆོ་འཕྲུལ་ཟླ་བའི་ཚེས་ལྔར་མཆོག་སྤྲུལ་རིན་པོ་ཆེ་ཁྲི་སྟོན་མཛད་པར་གཞུང་ལུགས་སྨྲ་བའི་བླ་མ་དགེ་བཤེས་རྣམས་ཀྱིས་མདོ་སྔགས་གཞུང་། ངེད་ནས་མཎྜལ་རྒྱས་བཤད་ཞུས། མཚུར་སྒར། དཔལ་སྤུངས། སྡེ་དགེ་སོགས་ཀྱི་ཁྲི་འབུལ་ཕུལ། ཕྱིར་ཉིན་གསོལ་སྟོན་སྐབས་གསང་སྙིང་སྤྱི་དོན་ས་བཅད་ཙམ་གྱི་བཤད་པ་ཞུས། ཕྱོགས་ཀྱི་བླ་སྤྲུལ་འདུས་པ་མང་པོ་ལ་རྒྱལ་དབང་རིན་པོ་ཆེས་དུས་མཁྱེན་བཀའ་འབུམ། མཁའ་སྤྱོད་དབང་པོའི་བཀའ་འབུམ་རྣམས་ཀྱི་ལྗགས་ལུང་བསྩལ། ངེད་ནས་ཀྱང་བཀའ་འདུས། མི་བསྐྱོད་ཞབས་ཀྱི་འདུལ་ཊཱིཀ་ཆེན་མོ་སོགས་ཀྱི་ལུང་བཀླགས། ངེད་རང་སྒྲུབ་ཁང་རྡོར་སློབ་ངེས་དོན་སོགས་ཀྱིས་ནན་བསྐུལ་ལྟར་ཕྱིན་ནས་ཇོ་ནང་རིན་འབྱུང་། ཞི་ཕྲེང་དྲག་ཕྲེང་ཆོས་སྐྱོང་བཅས། གཏེར་གསར་ཐུགས་སྒྲུབ་རྣམས་ཀྱི་དབང་ལུང་གྲུབ་ནས་རྨིས་ལྟས་རྩུབ་པས་ཡང་ཁྲོད་དུ་ཚེ་གསང་ནན་སྒྲུབ་བགྱིས། ཟླ་བ་གསུམ་པར་རྒྱལ་དབང་རིན་པོ་ཆེའི་ཐུགས་བཞེད་ལྟར་གསར་བསྒྲིགས་བཀའ་བརྒྱུད་སྔགས་མཛོད་ཆེན་མོའི་དབང་ལུང་ཕུལ་བའི་ཞར་བྱུང་དེར་འདུས་ཐམས་ཅད་ལ་བགྱིས། ས་ག་ཟླ་བར་སྐྱབས་མགོན་ཉིད་རྡོར་སློབ་ཏུ་ཕེབས་ནས་བུམ་སྒྲུབ་ཚུགས། དབང་བསྐུར་ཉིན་བསླབ་སྟོན་སྤྱི་དང་། ཁྱད་པར་དབོན་སྤྲུལ་ལ་སྐུ་ཞབས་གོང་མའི་ཐུགས་བཞེད་ལྷག་མ་དབྱར་གནས་མ་ཚུགས་ཐབས་མེད་སོགས་རྒྱས་པར་གནང་སོང་། ཟླ་བ་ལྔ་པར་ཡང་ཁྲོད་དུ་ཕེབས་ནས་བླ་མ་དགོངས་འདུས་སྒྲུབ་ཆེན་སྨན་སྒྲུབ་དང་འབྲེལ་བ་རྒྱས་པར་གནང་། རྗེ་མཁྱེན་བརྩེ་རིན་པོ་ཆེ་ཡང་ཕེབས་པར་ཐུགས་དགྱེས་ཚོར་ཆེན་པོས་འཕགས་མའི་སྙིང་ཐིག་གསན་པར་མཛད། ཉག་རྐེད་དཔོན་གྱིས་གདན་ཞུས་ནན་ཏན་འབྱོར་པས་རྒྱལ་དབང་། སྐུ་ཞབས་མཆོག་སྤྲུལ་སོགས་ངེད་རང་དཔོན་སློབ་རྣམས་སྒར་བཏེགས་ནས་འབྲང་དིལ་དུ་ཕེབས། ཉག་དཔོན་བུ་ཤི་བའི་བྱང་བཞུ། རྗེས་གནང་། དབུ་ཞྭའི་མཇལ་ཁ་སོགས་རེ་སྐོང་མཛད་ནས་ཡར་ཕེབས་པའི་ལམ་ཞོར་རྟིང་ལྷུང་དུ་ཕེབས། ཀུན་གཟིགས་བླ་མ་ཟླ་གམ་དབང་ཕུག་ཏུ་བཞུགས་པ་དང་མཇལ་འཛོམ་ཐོག་ཚོགས་འཁོར་རྒྱས་པ་མཛད། ཐུགས་ཆེན་སེམས་ཉིད་ངལ་གསོའི་དོན་དབང་། མཚོ་སྐྱེས་སྙིང་ཐིག །ལྕེ་བཙུན་སྙིང་ཐིག་རྣམས་གསན་ནས་དེ་སྐབས་ལུང་དོན་ལྟར་རྟེན་འབྲེལ་ཕུན་སུམ་ཚོགས་པ་འགྲིགས་ནས་དཔལ་སྤུངས་གདན་སར་ཕེབས། ངོས་རི་ཁྲོད་དུ་ཕྱིན་ནས་ཟླ་བ་དྲུག་པའི་ཚེས་བཅུ་བདུན་ཉིན་ལྷ་བཟོ་དཔོན་གཡོག་བཞིས་དཔལ་ཆེན་ལྷ་ཁང་གི་སྐུ་བརྙན་རྣམས་བཞེངས་པའི་དབུ་ཚུགས། གཟུངས་གཞུག་སོགས་གྲབ་ཡུལ་རྒྱས་པར་བསྒྲིགས། དགེ་སློང་བཞི་སྡེས་བཀྲ་ཤིས་པའི་གསོ་སྦྱོང་དང་གནས་ཆོག་བཏང་། ཧེ་རུ་ཀཿགསུམ་གྱི་རུ་ཤིང་དང་སྲོག་ཤིང་ཚུགས། གནས་ལྔར་ཁྱད་པར་འཕགས་པའི་རྟེན་རེ་རེ། རིང་བསྲེལ་རྣམ་བཞི། སོ་སོའི་སྙིང་པོ་འབུམ་ཐེར་སོགས་བཞུགས་སུ་གསོལ། བདུན་པའི་ཚེས་བརྒྱད་ལ་རྒྱལ་དབང་རིན་པོ་ཆེ་སླར་ཕེབས་པ་ལ་ཁམས་བདེ་ཕུལ། བྱིན་རླབས་ཞུས་ནས་མཚོ་སྐྱེས་སྙིང་ཐིག་དང་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་རྣམས་རིམ་པར་བསྙེན། ཟླ་བ་བརྒྱད་པའི་ཉེར་དགུ་ལ་མགོན་པོའི་ཕྲིན་ལས་བཏང་བ་སོགས་གཞུང་མཐུན་ཚད་ལྡན་གྱིས་མྱུར་མཛད་ཡེ་ཤེས་མགོན་པོའི་སྐུ་བཞེངས་དབུ་ཚུགས། ཐུགས་ཀར་མགོན་སྐུ་གཏེར་བྱོན་དང་། མགོན་པོའི་རྟེན་ཐུན་མོང་མ་ཡིན་པ་ཐམས་ཅད་ཚང་བ་དང་རིང་བསྲེལ་རྣམ་བཞི་སྤྱི་ལྟར་ཕུལ་བས་བྱོན་ལེགས་བྱིན་ཅན་བྱུང་། དགོངས་འདུས་གཙོ་བོ། དུས་འཁོར། རྡོ་རྗེ་གཞོན་ནུ། མགོན་ཁང་གི་ཆོས་སྐྱོང་སྐུ་བརྙན་རྣམས་ཚོན་དང་སྤྱན་འབྱེད་བཅས་ཟླ་བ་བཅུ་པའི་ཚེས་བདུན་འགྲུབ་སྦྱོར་ལ་གྲུབ་ནས་ལྷ་བཟོ་རྣམས་ལ་སྦ་དར། སྟོན་མོ། ཡོན་འབུལ་བསྟབས། སྐུ་ཞབས་རིན་པོ་ཆེ། དབོན་སྤྲུལ་རྣམ་གཉིས་བསྙེན་སོང་བླ་མ་དཔོན་སློབ་བཅོ་ལྔ་སྐོར་གྱིས་བདེ་མཆོག་སྒོ་ནས་རབ་གནས་ཉིན་གཉིས་པ་བྱས། འབུལ་བ་གསོལ་སྟོན་ཞུས། ལྷ་ཁང་འདིར་སྒྲུབ་སྡེ་ཞིག་བྱུང་ན་ལེགས་ཀྱང་དུས་དབང་གིས་ཅི་འགྱུར་ཤེས་དཀའ་འདུག་པས་སྒྲུབ་གྲྭའི་རྩོལ་བ་བྱས་ན་ཅི་འགྱུར་རྫོང་སར་དུ་རྗེ་རིན་པོ་ཆེར་བརྟག་པ་ཞུས་པའི་གཟིགས་སྣང་དུ། རྗེ་ཉིད་བྲག་རི་མཐོན་པོ་ཞིག་གི་མགུལ་དུ་སྣང་བར་ཉི་མ་འཆར་ཁ་དང་ལྷན་ཅིག་འཇའ་ཤེལ་ཆེ་ཆུང་མང་པོའི་ཆར་བབས། དེ་མཚམས་འབྲི་གཉན་ལྡང་ཡིན་རྒྱུའི་གཞི་བདག་ཆེན་པོ་ཞིག་གི་ནང་དུ་སླེབས་པ། སྐུ་གསུང་ཐུགས་རྟེན་དང་། ཡོ་བྱད་སྣ་ཚོགས་ཡོད་པའི་མཛོད་མང་པོ་ཞིག་སྒོ་ཕྱེ་ནས་གང་འདོད་པ་ཞིག་ཁྱེར་ཟེར་བར། འཇའ་ཤེལ་ཟུར་བརྒྱད་ཤིན་ཏུ་ལེགས་པ་ཕྲུ་གང་ཙམ་གྱི་ནང་དུ་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་འཇའ་ཚོན་ལས་གྲུབ་པ་ཁྲ་ཤིགས་སེ་བཞུགས་པ་ཞིག་གདའ་བ་སྐུ་ཕྲག་ཏུ་བཅུག་ནས་དགྱེས་ཚོར་ཆེན་པོ་བྱེད་པའི་མུར་ཅུང་ཟད་ནས་གཞན་ལ་སྟོན་དགོས་སྙམ་པ་ན་མ་རྙེད་པ་ན་ཐུགས་ངལ་འདྲ་བའི་ངང་། སླར་དེ་ལས་ཆུང་བ་ཞིག་ཕྱག་ཏུ་འབྱོར་བ་དང་། དེའི་སྔ་ནུབ་མདུན་དུ་པཎ་ཆེན་བི་མ་ལ་འོད་ཕུང་བསམ་གྱིས་མི་ཁྱབ་པའི་དབུས་སུ་བཞུགས་ནས། འཕོ་བ་ཆེན་པོའི་ཚུལ་ལས་བརྩམས་པའི་ངོ་སྤྲོད་ཤིན་ཏུ་རྒྱས་པ་མཛད་པས་སྔར་མ་གོ་བའི་གོ་རྒྱུ་ཞིག་བྱུང་བ་སོགས་ལེགས་པའི་མཚན་མར་འཁུམས་ཞེས་ཕེབས་པས་སྒྲུབ་སྡེ་གཞག་རྒྱུའི་བློ་ཐག་ཆོད། འདི་ལོ་ནས་སྒྲུབ་པ་གསར་དུ་འཇོག་པའི་ཕོགས་ཡོན་བླ་བྲང་དུ་ཞུ་རྒྱུའི་ཞུ་རྟེན་གསེར་དངུལ་རྡིལ་ཚད་བཞི་དབོན་སྤྲུལ་མདུན་ཕུལ། སྒྲུབ་པ་དཔོན་གཡོག་དྲུག །མགོན་བླ་བཅས་བདུན་ཡོད་པ་རྣམས་ཁང་པ་བདག་བཟུང་དང་སྐར་འཛིན་བྱས། རིམ་པར་འདུས་ནས་སྣེ་སེལ་མཎྜལ་བཞི་ཆོག །གསར་རྙིང་གསོལ་བརྒྱ། གསང་ཐིག་ཕུར་པའི་བསྙེན་པ་བཏང་། གཏོར་ཟློག་བགྱིས་ནས་ལོ་གསུམ་མཚམས་རྒྱའི་དབུ་ཚུགས། དུས་མཆོད་རྣམས་དང་མགོན་ཁང་འདོན་བྱ་རྣམས་ཀྱང་དཀྲིགས་ཆ་གྲུབ། དབང་ལུང་ཁྲིད་ཀ་དགོས་རིགས་ཐམས་ཅད་རིམ་པར་བྱས། འདི་གར་སྔ་རྗེས་ལྷ་ཁང་ཆེ་ཆུང་བརྒྱད། དེ་དག་གི་སྐུ་གསུང་ཐུགས་རྟེན། མཆོད་ཆས་སྐོར། གཉེར་ཁང་ཐབ་ཆས་སྐོར་བཅས་ཀྱི་དཀར་ཆག་ཞིབ་པ་ཟུར་དུ་འཁོད་པ་ལྟར་རོ། །སྒྲུབ་པ་རྣམས་དང་པོར་སྣ་སེལ་ནས་བཟུང་ལོ་གསུམ་གྱི་བསྙེན་སྒྲུབ་ཉམས་ལེན། ཟླ་རེ་བཞིན་གྱི་དུས་མཆོད། ཉིན་རེའི་ཐུན་བཞིའི་བཅད་ཁྲིགས་སོགས་ཀྱང་བཅའ་ཡིག་ཞིབ་པར་བཀོད། ངེད་རང་སྡེ་དགེ་ནས་སྐུ་རིམ་བཅའ་སྒྲུབ་འོང་དགོས་གསུངས་པ་ལྟར་ཕྱིན་ནས་ཕུར་པ་སྲི་ཟློག །རྣམ་སྲས་ཁང་དུ་གསོལ་ཁ་དང་བསང་བརྔན། སྲས་ཡུམ་རྣམས་ལ་དབང་བྱད་བཀྲོལ་སོགས་བཞེད་བསྐངས་གྲུབ་ནས་སླར་འཁོར། བཅུ་གཅིག་པའི་ཉེར་ལྔར་ཡེ་ཤེས་མགོན་པོའི་གཏོར་སྒྲུབ་བསྙེན་རྒྱུན་བཅས་ཚུགས། ལྕགས་བྱ་གསར་ཚེས་ཀྱི་གསུམ་ལ་གྲོལ། ངེད་རང་སྒྲོལ་དཀར་དང་འཕགས་མའི་སྙིང་ཐིག་སོགས་བསྙེན་མཚམས་རིང་སྦྲེལ་བྱས། ཟླ་བ་གསུམ་པར་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེ་ཕེབས། ཚེས་བརྒྱད་རྒྱལ་ཕུར་འགྲུབ་སྦྱོར་ལ་རྡོར་སེམས་དང་། རིམ་པར་བླ་མ་དགོངས་འདུས། སོ་ལུགས་ཡང་དག་རྣམས་ཀྱི་རབ་གནས་སྨིན་ལུགས། དུས་འཁོར། ཀྱེ་རྡོར། བདེ་མཆོག་མཁའ་སྤྱོད་མ་རྣམས་ཀྱི་རབ་གནས་ས་ལུགས་ལྟར་སོ་སོར་མཛད། རབ་གནས་སྔ་རྗེས་ཀུན་ཏུ་དགེ་མཚན་རྟེན་འབྲེལ་ཤིན་ཏུ་ལེགས་པ་བྱུང་། ཀྱེ་རྡོར་བཀའ་སྲོལ་བཞི། སྙིང་པོ་དགྱེས་རྡོར་རྣམས་ཀྱི་དབང་། སྔགས་ལུགས་སེམས་བསྐྱེད། བྱིན་རླབས་རིགས་རྣམས་དང་། ལམ་འབྲས་ཚོགས་བཤད་ཀྱི་ཁྲིད་ཡན་ལག་བཅས་རྒྱས་པར་གནང་། རྒྱུད་ཆོག །ཚོགས་འཁོར། ལམ་འབྲས་བླ་མཆོད་བཏང་། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ། མགོན་པོ་སྨད་ལུགས་ཀྱི་བེ་བུམ་སོགས་ལྗགས་ལུང་མང་དུ་ཞུས། གཏང་རག་མཎྜལ་ཕུལ་ནས་སླར་ཕེབས། འདི་སྐབས་དག་པའི་གཟིགས་སྣང་དུ། མཆོད་རྟེན་ཤིན་ཏུ་ཆེན་པོ་ཞིག་ལ་སྒོ་བཞི། བུམ་སྒོ་དང་ལྔ་འདུག་པ་ལ་ཕེབས་པས་ནང་དུ་རྟེན་དང་བཀོད་པ་གླེགས་བམ་ཤིན་ཏུ་མང་པོ་འདུག་པ་འདི་ཅི་རེད་ཅེས་དྲིས་པས། མི་ཞིག་གིས་ངོ་སྤྲད་ནས་འདི་མཛོད་ལྔ་ཞེས་པ་ཡིན་ཚུལ་རྒྱུ་མཚན་ཤིན་ཏུ་མང་པོ་བཤད་པ་ཞིག་བྱུང་བས་ཁྱོད་ལ་མཛོད་ལྔ་ཞེས་པའི་བཀའ་བབས་ཤིག་ཡོད་པ་ཡིན་འདུག་པས་གཏེར་ཆོས་བསྒྲིགས་མ་འདི་རྣམས་ལའང་གཏེར་མཛོད་ཀྱི་མིང་བཏགས་དགོས་འདུག་གསུངས། ཡང་རྒྱལ་པོ་པེ་ཧར་ནས་ངེད་ལ་གུ་རུ་པདྨས་བོད་ཡུལ་ལྷ་ཁང་བྲེ་ཞབས་ཙམ་ཡན་གྱི་གཉེར་དུ་བརྐོས་པ་ཡིན་ཀྱང་ཁྱེད་རང་རྣམས་ཀྱིས་གསོལ་མཆོད་སྣེ་གཅིག་ཙམ་ཡང་མི་བྱེད། གནོད་པ་སྐྱེལ་ན་ཆེན་པོ་ཐུབ་སྟེ་ཨོ་རྒྱན་པདྨའི་བཀའ་ཐ་ཚིག་ལ་བརྩིས་པ་ཡིན། ད་ཞག་མི་དགེ་བའི་ལྟས་ཐར་ཐོར་བྱུང་བ་ཆོ་འཕྲུལ་ཕྱོགས་ཙམ་ཡིན་ཅེས་རེ་འཁང་ཆེན་པོ་བྱེད་འདུག་པས་ད་ཕྱིན་མགོན་ཁང་དུ་རྒྱུན་གསོལ་བསྡུས་པ་རེ་གལ་ཆེ་འདུག་གསུངས། དེ་ནས་དགོན་དུ་ཕྱིན་ཏེ་ལོ་བསྟར་བུམ་སྒྲུབ་ཁྲོམ་དབང་བཅས་ལེགས་པར་གྲུབ། དབོན་སྤྲུལ་སྐུ་རིམ་ཚེ་བདག་པུ་རི་བཅའ་སྒྲུབ་བྱས། བླ་སྤྲུལ་མང་པོ་ལ་སོ་སོའི་བཞེད་ངོར་དབང་ལུང་མང་པོ་དང་། སྒྲུབ་ཁང་ཁྲིད་ཀ་སོགས་སྔར་རྒྱུན་ལྟར་དང་ཞི་བྱེད་དབང་ཁྲིད་རྒྱུན་ཡང་ཚུགས། རྗེ་བླ་མས་འདི་གའི་སྒྲུབ་སྡེའི་བྱང་ཕྱོགས་སུ་མཆོད་རྟེན་ཞིག་གལ་ཆེ་གསུངས་པ་ལྟར་དྲི་མེད་རྣམ་གཉིས་སྒོ་ནས་ས་སློང་དང་སྲོག་ཤིང་འཛུག་ཆོག་སཱཙྪ་སྒྲུབ་པ་སོགས་བྱས་ནས་རྣམ་རྒྱལ་མཆོད་རྟེན་བཞེངས་གྲུབ། ལྷ་ཁང་སྟེང་གི་གསེར་འཕྲུའང་གྲུབ་ནས་གདན་གྱི་བོང་ཆུང་དུ་གནས་ཆེན་བྱིན་འབེབ་ཆས་བསྒྲིགས། གསེར་འཕྲུ་ལ་གཟུངས་གཞུག་རབ་གནས། རྒྱལ་མཚན་འཛུག་ཆོག་བྱས། སྦྱིན་བདག་རྣམས་ཀྱི་རེ་སྐོང་འགའ་ཞིག་དང་བསྙེན་མཚམས་ཅི་རིགས་འཕྲོས་ཟླ་བ་བཅུ་པ་ནས་བླ་མ་གསང་འདུས་བསྙེན་པ་བཏང་། ལོ་མཇུག་མགོན་པོའི་གཏོར་སྒྲུབ་དང་། ཆུ་ཁྱི་གསར་ཚེས་ཀྱི་བཅུ་བཞིར་སྒྲུབ་པོ་རྣམས་རས་འབུད་ཐོག་མར་ཚུགས། མེ་དྲོད་སོགས་བྱིན་ཆེ་ཞིང་ཡིད་སྤྲོ་བ་བྱུང་། ཟླ་བ་གཉིས་པའི་ཚེས་འགོར་སྙན་བརྒྱུད་ཞག་བདུན་མ་བཅས་གྲུབ་ནས་གྲོལ། འདི་སྐབས་སྔར་བླ་མ་ངེས་དོན་ནས་སྡོམ་གསུམ་བསྟན་བཅོས་ཤིག་ཅིས་ཀྱང་འབྲི་དགོས། དེ་བྱུང་ན་ཁོང་གིས་འགྲེལ་པ་བྲི་བ་ཡིན་ཅེས་གསུངས་འདུག་ཀྱང་སྡོམ་གསུམ་བསྟན་བཅོས་སུ་ལའང་འདུག་པ་དང་། བསྟན་བཅོས་བྲིས་ཕྱིན་རྣམ་གཞག་ཚང་བ་ཞིག་ཡོད་ན་ཐོས་པ་ཆུང་བ་ལ་ཕན་སྙམ་ནས་ཐུན་བར་རྣམས་སུ་བསླབ་པ་གསུམ་གྱི་བསྟན་བཅོས་ཤེས་བྱ་ཀུན་ཁྱབ་རྩ་བ་བྲིས། ཕྱིས་སུ་རྗེ་བླ་མར་གཟིགས་ཕུལ་བས་དེ་སྐབས་ངེས་པར་བླ་མའི་བྱིན་རླབས་དང་། མཁའ་འགྲོས་རྩ་སྒོ་ཕྱེས་པའི་སྟོབས་ལས་བྱུང་བ་ཡིན་འདུག་པས་འདི་ཉིད་མཛོད་ཆེན་ལྔའི་ཐོག་མ་ཤེས་བྱ་མཛོད་དུ་གཞག །རང་འགྲེལ་ཞིག་ཅིས་ཀྱང་དགོས་ཞེས་ལེགས་སོའི་གནང་སྐྱེས་བསྩལ། རྫོང་སར་དུ་ཀུན་མཁྱེན་བླ་མ་རིན་པོ་ཆེ་བསྙུན་ཚུལ་འབྱོར་པས་ཞབས་བརྟན་སུན་ཟློག །ཚེ་སྒྲུབ། བརྟན་མའི་མདོས་ཆེན་སོགས་ཉིན་ཁ་ཤས་བཏོན། རྫོང་སར་དུ་ཕྱིན་ནས་ཞབས་བརྟན་ཕུལ། སྔར་མ་གསན་པའི་དབང་ལུང་འགའ་ཞིག་ཕུལ་ནས་ཚུར་ལའང་སྒེག་རྡོར་སྤར་ཁབ་སོགས་ཀྱི་ལུང་བསྩལ། ལོ་སྔ་རྗེས་འདི་སྐོར་བསྟན་དགྲ་ཉག་རྐེད་ཀྱི་ཟིང་ལངས། འདི་སྐབས་སྡེ་དགེ་ནས་མ་ཡུམ་བྱོན་དགོས་བྱུང་འདུག་པས་སྐུ་རིམ་ལ་སྤྲུལ་སྐུ་རིན་པོ་ཆེ་གདན་འདྲེན་ཞུས་སོང་ཡང་ཕེབས་མ་གྲུབ། ཕྲན་མ་སོང་ཀ་མེད་རེད་འདུག་པས་དགོན་ཆེན་དུ་ཕྱིན། ལམ་བཀྲ་ཤིན་ཏུ་མ་ལེགས། རྣམ་སྲས་ཁང་དུ་སྐོང་གསོ་ཉིན་གྲངས་མང་དུ་བཏང་། སླར་སྲས་གཉིས་ཀྱང་ཧོར་ཁོག་ཏུ་ཕེབ་དགོས་བྱུང་སོང་བར་ལམ་སེལ་དུ་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དབང་ཞིག་བྱས། སླར་སྐོང་གསོ་ཉིན་ཁ་ཤས་བཏང་། སྔོན་དུས་སྲས་གསར་འཁྲུངས་ཀྱི་སྐུ་རིམ་སྒྲུབ་སྐབས་ཞིང་ཤིན་ཏུ་ཆེན་པོ་ཞིག་ཐ་བར་ལུས་པའི་ལྟག་ཟུར་ཞིག་ཏུ་མེ་ཏོག་ཕྲ་མོ་འགའ་ཞིག་འདུག་པ་དང་། ཡང་རེས་ཤིག་དགོན་ཆེན་ཕོ་བྲང་དུ་འགྲོ་དགོས་འདུག་པ་ན་ནང་དུ་མི་ངོ་ཤེས་སུའང་མེད། བུད་མེད་ཅིག་དང་དམག་མང་དུ་ཡོད་ཟེར། ཕོ་བྲང་ཕལ་ཆེར་མེས་འཚིག་པའི་བང་ར་ནང་གི་སྒོ་དང་རབ་གསལ་རྣམས་ཚིག་ཤུལ་ཧ་རེ་འདུག་པས་སེམས་མི་བདེ་བ་ཆེན་པོ་སྐྱེས་པ་རྨིས་པས་ཕྱིས་འབྱུང་འདི་ལ་བལྟ་བར་སྣང་། འདི་རེས་ལྷ་ཁང་ཞིག་གི་སྟེང་ན་སྡེ་པ་གཞུང་གིས་བསྐུར་བ་རེད་ཟེར་ལས་བཞིའི་རྒྱལ་མཚན་ཕྱོགས་བཞིར་བཙུགས་སོང་བ་དང་། ཐམ་ཀ་དམར་པོ་ཆེན་པོ་ཞིག་བྱུང་བ་སོགས་རྨིས་པ་ནི་རྗེས་སུ་བོད་དམག་སླེབས་པའི་ལྟས་སུ་འདུག །དེར་ཟླ་བ་གཅིག་ཙམ་སོང་། ཕྱག་མཛོད་ནས་ད་རེས་ཕྱག་སྣེ་མི་འདུག་པས། བླ་གྲྭ་བཞི་ཡོད་པ་ལ་ཡོན་འབུལ་རྗེས་སོར་ཡོད་གསུངས། ངེད་རང་རྣམས་སླར་དཔལ་སྤུངས་སུ་ལོག །ས་ག་ཟླ་བར་བུམ་སྒྲུབ་སློབ་དཔོན་དུ་ཕྱིན། སྡོང་པོ་སྨད་དུ་གཏེར་སྟོན་དགོངས་བབས་མཆོད་རྟེན་བཞེངས་རྒྱུའི་དྲི་མེད་རྣམ་གཉིས་ས་སློང་དང་བསང་བརྔན་བགྱིས་ནས་རྨིངས་བཏིང་། ལྷ་གསར་དུ་དྲི་མེད་རྣམ་གཉིས་ཀྱི་སཱཙྪ་བསྒྲུབས། སྲོག་ཤིང་འཛུག་ཆོག་དང་གྲུབ་ནས་རབ་གནས། སེམས་ཉིད་ངལ་གསོའི་མཐོང་གྲོལ་སོགས་མཐའ་རྒྱས་གྲུབ་པར་བྱས། རི་ཁྲོད་དུ་ཕྱིན་ནས་ལས་བཞིའི་སྦྱིན་སྲེག །དབང་ཆེན་སྡེ་དགུ་དང་འཁྲུགས་བཅོས་སོགས་རིམ་གྲོ་འགའ་ཞིག་དང་། སྔར་གཏེར་ཕྲེང་དུ་བཏགས་པ་དེ་འདི་སྐོར་ནས་རིན་ཆེན་གཏེར་མཛོད་ཀྱི་མཚན་དུ་བཞག །ལས་བྱང་དབང་ཆོག །ཁྲིད་ཡིག །ཡན་ལག་ཉེར་མཁོ་སོགས་ཆོག་སྒྲིག་གི་དབུ་ཚུགས། འདི་ལོ་དབོན་སྤྲུལ་མདུན་ནས་དབྱར་གནས་ཚུགས་རྒྱུ་རེད་འདུག་པས་དབྱར་དགག་གཉིས་ཀྱི་ལག་ལེན་ཡིག་ཆ་བྲིས། དབུ་མཛད་རིན་ཆེན་སོགས་ལ་དབྱར་དགག་གཉིས་ཀྱི་ཕྱག་ལེན་ཞིབ་བསླབ་བྱས། ལྷ་གསར་དུ་དབྱར་གནས་ལེགས་པར་ཚུགས་སོང་། ཟླ་བ་དྲུག་པའི་མཇུག་ཏུ་བླ་བྲང་སྐུ་རིམ་ཁྲོ་རོལ་ཟློག་པ་ཞག་བདུན་བཏང་། སྔོན་རིག་འཛིན་ཚེ་དབང་ནོར་བུས། དཔལ་སྤུངས་ས་འབྲིའི་དགོན་པ་གཉིས་བརླགས་ཤུལ་གྱི་སྲི་རྐྱེན་ཟློག་པ་དང་། དེ་དག་སྐབས་ཀྱི་མི་དྲག་མང་པོ་རྐྱེན་ལམ་སོང་བའི་ཤི་འདྲེའི་གནོད་པའི་ཁ་གནོན་དུ་ཕུར་ཁང་དང་། ཕུར་སྒྲུབ་ཅིས་ཀྱང་གལ་ཆེ་གསུངས་པའི་ལུང་བསྟན་ལྟར། རྗེ་ཆོས་ཀྱི་འབྱུང་གནས་ཀྱིས་ཕུར་ཁང་བཙུགས། ཕུར་པ་འདོན་པའི་བླ་མ་རྒྱུན་བཞག་དང་། ཕུར་པའི་སྒྲུབ་ཆེན་ལན་གཅིག་ཙམ་མཛད་འདུག །ཕྱིས་སུ་མཆོག་གྱུར་གླིང་པའི་ལུང་བྱང་དང་གཟིགས་སྣང་རྣམས་སུ་ཀར་བསྟན་ལ་གེགས་ཆེ་བས་ཕུར་སྒྲུབ་ལོ་བསྟར་མ་ཚུགས་ཐབས་མེད་དབོན་སྤྲུལ་ལ་གསུང་བསྐུལ་མཛད་པ་ལྟར་འདི་ལོ་དབུ་གཟུང་བཞེད་དང་། དེའང་སྔར་ལུགས་རྒྱུན་སྲོལ་ལྟར་ཟླ་བ་བརྒྱད་པའི་མཇུག་ཏུ་མཛད་པའི་ལུགས་བསྐྱང་རྩིས་ཀྱིས། དབུ་མཆོད་སོགས་ལ་ཕུར་སྒྲུབ་སྟོད་ལས་སྨད་ལས་བཅས་པའི་འདོན་འགྲིགས་ལག་ལེན་ཞིབ་པར་བསླབས། ཚེས་བཅོ་ལྔ་ནས་དབུ་བཙུགས། ངེད་རང་རྡོར་སློབ་ཁུར་འཛིན་བྱས། བསྙེན་རྒྱུན་བཅས་དཔོན་སློབ་བཞི་བཅུ་སྐོར་གྱིས་ཡེ་ཤེས་ལྷ་བསྙེན། དམ་ཅན་དང་ངན་སྔགས་ཉེར་བསྙེན་རྣམས་རིམ་པར་བཏང་། དབལ་མདོས་བཅའ་མཁན་དཔོན་སློབ་ལྔ་ཟུར་བཞུགས་བྱས། ཉེར་དགུར་ཕུར་གདབ་དང་ཟློག་པ་བོར། གནམ་སྟོང་དངོས་གྲུབ་ལེན་ཆོག །དོན་དབང་། ཚོགས་བརྒྱ་རྣམས་དང་། ཚེས་གཅིག་ལ་མཐའ་རྒྱས་རྣམས་གེགས་མེད་གྲུབ་ནས་ཡང་ཁྲོད་དུ་ཕྱིན། བླ་མ་གསང་སྔགས་ཕེབས། མ་ཏིའི་བླ་མ། ཡང་ཏིའི་ཁྲིད། མན་ངག་རྒྱ་མཚོ་སོགས་དབང་ལུང་མང་དུ་ཞུས། ཨཱརྱ་ཏཱ་རེ་དང་འཕགས་མའི་སྙིང་ཐིག་གི་བསྙེན་པ་རེ་བྱས། ཟླ་བ་དགུ་པ་ནས་རྗེ་བླ་མའི་སེམས་ཉིད་ངལ་གསོའི་བསྙེན་སྒྲུབ་ཚུགས། འདི་སྐབས་མེ་ཏོག་ཚལ་ཆེན་རྒྱས་པ་ཉམས་དགའ་བ་སོགས་རྨིས་ལྟས་བཟང་ཞིང་། ཁྱད་པར་མངའ་བདག་ཉང་རིན་པོ་ཆེའི་གདུང་གི་སྐུ་སྟོད་ལག་ཏུ་འབྱོར་བ་ཅུང་ཟད་ཟོས་ཤིང་གཞན་ལའང་བྱིན་པ་རྨིས། བཅུ་གཉིས་པའི་ཡར་ཚེས་ལ་བསྙེན་སྒྲུབ་ལས་སྦྱོར་བཅས་རྒྱས་པར་གྲུབ་ནས་གྲོལ། སྒྲུབ་པོ་རྣམས་ནས་མགོན་ཁང་རྟག་གཏོར་བརྗེ་བའི་གསར་རྙིང་གསོལ་ཁ་འཕར་མའང་ཚུགས། སྒྲུབ་ཁང་འོག་མར་མགོན་པོ་བེར་ཅན་གྱི་སྐོང་མདོས་གསར་འཛུག་གི་འདོན་འགྲིགས་ལག་ལེན་བསླབས། འཚོགས་ལའང་ཉིན་གཅིག་ཕྱིན། ཡང་དུ་ལོ་མཇུག་མགོན་པོའི་གཏོར་སྒྲུབ་བགྱིས། ལྕགས་ཕག་གནམ་ལོ་གསར་ཚེས་ནས་བསྟན་རིམ་སྒྲུབ་མཆོད་སོགས་འདོན་བྱ་མང་ཙམ་བྱས། བླ་བྲང་དུ་སྐུ་ཞབས་རིན་པོ་ཆེ་ལ་གོང་མའི་ཐུགས་དམ་དཀོན་མཆོག་སྤྱི་འདུས། ཆོས་གླིང་ཕུར་པ་སོགས་ཀྱི་དབང་། རྣམ་འཇོམས་སྐུ་ཁྲུས་སོགས་བགྱིས་ནས་ཡར་འོང་། འདི་སྐོར་ཉག་དམག་གིས་དགོན་ཆེན་སོགས་བཟུང་། སྡེ་དགེའི་རྫོང་ཁག་ཡོངས་རྫོགས་ལ་དབང་བསྒྱུར། བོད་གཞུང་ས་ཆེན་པོས་ཞབས་པད་ཕུ་ལུང་པ་སོགས་དཔུང་དམག་མང་པོས་གནམ་ས་འགུལ་བ་ལྟར་ཕྱིར་འོང་བའི་ཟིང་ཆ་ཆེ་སྐབས་སུ་སོང་། ཀམ་ཐོག་ནས་སྒ་རྗེ་དཔོན་ཤི་སར་མ་འོང་ཐབས་མེད་ཟེར་བཞིན་དཀའ་ལས་ཆེན་པོས་ཁྱུགས་ཙམ་ཕྱིན་ནས་ཆོ་ག་བཏང་། སྦྲ་ཆེན་བཙུན་མ་ཚུལ་ཁྲིམས་དཔལ་མོ་ཞེས་བདག་ལ་དད་ཅིང་བྲི་འདོན་སོགས་བློ་གསལ་བ། ཆུང་ངུའི་དུས་འོད་དཔག་མེད་གཙོ་འཁོར་གསུམ་ཞལ་གཟིགས་ཤིང་། ཕྱིས་དཀོན་མཆོག་སྤྱི་འདུས་ཀྱི་སྔོན་འགྲོ་གསོག་སྐབས་སོགས་སུ་ལྷག་པའི་ལྷ་མང་པོ་རྩོལ་མེད་དུ་མཇལ་བ། དད་དམ་ཅན་ཞིག་ཡོད་པ་མཆོག་གླིང་བཀའ་བསླབ་ལྟར་སྔར་གནས་སྒོ་འབྱེད་སྐབས་ལམ་འདྲེན་དང་ཚོགས་ཀྱི་འཁོར་ལོའི་གྲོགས་སུ་བཅོལ་བ་ཞིག་ཡོད་པ། འདི་སྐོར་དམ་གྲིབ་ཅིག་ལ་བརྟེན་ནས་ནད་ཕོག་པ་ལ་དབང་དང་རིམ་གྲོ་གང་དྲགས་བྱས་ཀྱང་མ་འཚོ་སོང་བར་བདུན་ཚིགས་སོགས་དགེ་སྒྲུབ་དང་། ལོ་བསྟར་ཞར་བྱུང་དགོངས་འདུས་སྐོང་ཆོག་ཆེན་མོ་སྒྲིབ་སྦྱོང་མེ་འོད་སྦྲེལ་བ་དང་། ཞི་ཁྲོ་དོང་སྤྲུགས་ཚོགས་སོགས་རྒྱས་པར་བྱས། བདུན་ཚིགས་དང་པོར་རྨི་ལམ་དུ་བར་དོའི་ངོ་སྤྲད་ལེགས་པར་བྱས་པ་དང་། བཞི་པར་རྔ་ཡབ་པདྨ་འོད་དུ་ལམ་བསྟན་པས་དེའི་བཀོད་པའང་གསལ་བ་ཞིག་རྨིས། ཕྱིས་སུ་ཀུན་མཁྱེན་བླ་མ་རིན་པོ་ཆེའི་གཟིགས་སྣང་དུ། ཐོག་མར་དམ་སེལ་ཅུང་ཟད་ཀྱི་རྐྱེན་གྱིས་དུར་ཁྲོད་ཀྱི་དམན་མོ་ཞིག་ཏུ་སྐྱེ་ཤོམ་ལ་ཕྱིས་དགེ་རྩའི་སྟོབས་དང་། འདས་མ་དེ་ཉིད་སྒྲིབ་པ་གསུམ་ཤས་ཆུང་། སྨིན་པ་གསུམ་ཤས་ཆེ་བས་དག་པའི་ཞིང་ཁམས་སུ་བགྲོད་སོང་ཞེས་མཁའ་འགྲོ་ཞིག་གི་ངག་ལས་གསལ་བར་ཐོས་གསུངས། དེ་དང་ཇ་སྦྲའི་བུ་མོ་དུས་ལས་ཡོལ་བའི་དགེ་རྩར་སོ་སོས་མི་འཁྲུགས་པའི་སཱཙྪ་འབུམ་ཐེར་དང་ཁང་བརྩེགས་མཆོད་རྟེན་བཞེངས་པ་ལ། དྲི་མེད་ཆོ་ག །རབ་གནས་སོགས་བྱེད་དུ་ཕྱིན། གཏེར་ཆེན་ནས་སེང་བྲག་གཏེར་བྱོན་དམ་ཆོས་ཤོག་སྡེ་དྲུག་པ་དང་པདྨའི་རྣམ་ཐར་ནོར་བུའི་ཕྲེང་བ་སོགས་རྟེན་འབྲེལ་གནད་འགའ་ཞིག་གིས་གཏན་ལ་ཕེབས་པ་མ་བྱུང་ཡང་། ཞུ་ནན་ཕུལ་བ་ལྟར་རྡོར་སེམས་ཐུགས་ཀྱི་སྙིང་པོའི་ཆོས་ཚན་ཕབ་ནས། འདིའི་དབང་ལུང་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་ཐོབས་དང་གནང་བའི་ལྟས་བྱུང་གསུང་ནས་བསྐུར་བྱུང་བ། དེའི་ཚོགས་སྐོང་གསོལ་འདེབས་བྱས་ནུབ། ལྷ་ཁང་ཞིག་གི་ནང་དུ་རྗེ་པདྨ་ཉིན་བྱེད་ཡིན་སྙམ་ཞིག་བཞུགས་པ་ལ་གུས་འདུད་བྱས་པས་ཕྱག་ནས་མང་པོ་གཏོར་བྱུང་བ་ཐམས་ཅད་ཤེལ་རྡོ་ཁོ་ནར་སྣང་། ཕྱིའི་བསྐོར་ལམ་ཞིག་འདུག་པ་ནས་བསྐོར་བ་བྱས་ཏེ་ཤེལ་རྡོ་མང་པོ་བཏུས་ནས་རུམ་དུ་བཙུད་པ་ཞིག་རྨིས། འདི་སྐོར་སྡེ་དགེ་མ་སྲས་ཉག་དཔོན་ལག་ཏུ་ཤོར་བས་སེམས་བདེ་བ་གཏན་ནས་མ་བྱུང་ཞིང་། རྫོང་སར་དུ་སྤྲུལ་སྐུ་རིན་པོ་ཆེའི་མདུན་སྐུ་རིམ་ཅི་དྲགས་ཞུ་བ་དང་། ཚུར་ལའང་མོ་རྨི་ལམ་བརྟག་པ་གལ་ཆེ་བ་སོགས་ཀྱི་ཡིག་བརྒྱུད་ཟླ་རེ་བཞིན་བགྱིས་ནས་སྐུ་རིམ་ཁོ་ནར་འབད་རྩོལ་བཏོན། ཟླ་བ་གཉིས་པའི་སྐོར་ཉག་དམག་རྨེ་རྟིང་དུ་སླེབས་ནས་བརླག་ཚབས་ཆེན་པོ་བྱས། རང་གི་སྦྱིན་བདག་གལ་ཆེན་འགའ་ཡང་རྐྱེན་ལམ་སོང་འདུག་པ་ལ་ཞི་ཁྲོའི་ཆོ་ག་བཏང་བས་དད་དམ་ཅན་ལ་ཅུང་ཟད་ཕན་ལྟས་ཀྱང་བྱུང་། ཟླ་བ་གསུམ་པའི་ནང་རྡོར་སེམས་སྒྲུབ་ཆེན་ཚུགས། འདི་གའི་བླ་གྲྭར་ཉེར་མཁོ་ཆེ་བ་སོགས་གང་ཅིར་རྗེ་བླ་མ་རིན་པོ་ཆེར་བླ་མ་ཡང་ཏིག་གི་ཁྲིད་ཡིག་ཅིག་བཀའ་དྲིན་བསྩལ་ཐུབ་པ་ལོ་སྔ་མ་རྣམས་སུ་གསོལ་བ་བཏབ་པར་ཁོང་ནས་དེ་འདྲ་བྲི་བློ་གཏན་ནས་མེད། དེ་ནི་ངེས་པར་ཁྱེད་རང་ནས་འབྲི་བར་འོས་པས་སྨིན་གླིང་ཁྲིད་ཡིག་འདི་ལ་མ་གཞི་ལོས་དགོས་ཀྱང་འདི་ཉིད་སྟབས་བདེ་ཟོར་ཡངས་ལ་དམིགས་པ་སྤྱི་འགྲེར་སོང་བས་ཡང་ཏིག་ཀློང་ཆེན་གསུང་དངོས་རྣམས་ཆེར་མི་འདུག་པས་དེ་ལ་གཞི་བྱས་པ་ལེགས་ཚུལ་ནན་དུ་གསུངས་པས། རང་ལ་དེ་འདྲའི་སྤོབས་པ་མེད་ཀྱང་བྲིས་ན་ཅི་འགྱུར་བརྟགས་པ་ཞིག་གནང་གྲུབ་ཞུས་པར། ཚེས་བཅུ་ཞིག་ལ་ཚོགས་མཆོད་རྒྱས་པར་ཕུལ་ནས་གསོལ་འདེབས་མཛད་པའི་ཐོ་རངས་སུ། རྗེ་ཉིད་ས་ཁད་ཆེས་མཐོ་བའི་བྲག་དཀར་པོའི་ཐེམ་བར་སྤང་ལྗང་མེ་ཏོག་བཀྲ་བ་ཞིག་ཏུ་བཞུགས་ཡོད་པ་ལ་ཤར་ཕྱོགས་ནས་ཉི་མ་ཤིན་ཏུ་གསལ་བ་ཞིག་འཆར་བས་སྤྲོ་ཉམས་དང་བཅས་མནལ་སད་པའི་དེ་མ་ཐག །གསང་བ་ཆེན་པོའི་སྙིང་གི་ཏིག །ཏིལ་མར་སྒྲོན་བཞིན་ཆེས་ཆེར་གསལ། །ཞེས་པའི་སྒྲ་ཞིག་གྲགས་པ་དེ་མཁའ་འགྲོ་དཔལ་འཛིན་མའི་གསུང་ཡིན་སྙམ་པ་ཞིག་བྱུང་བས་འབྲི་བར་ལེགས་ཞེས་ཕེབས་པ་ལྟར་སྙིང་ཐིག་མ་བུའི་ཁྲིད་ཡིག་དེ་དབུ་རྩོམ་པའི་ནུབ་ཉི་མ་ཤར་བ་དང་བྱ་རྒོད་མང་པོ་འདུ་བ་སོགས་ལྟས་ལེགས་པའང་བྱུང་བས་མཐའ་གྲུབ་པར་བྱས། ས་ག་ཟླ་བར་ལོ་བསྟར་བུམ་སྒྲུབ་ལ་ཕྱིན། མཁན་བླ་མ་བཀྲ་ཤིས་འོད་ཟེར་ནས་ཡིག་བྲིས་ཀྱི་མཐུན་རྐྱེན་མཛད་འདུག་པས་འདི་ནས་ཟླ་བ་བདུན་པའི་མཇུག་བར་ཤེས་བྱ་ཀུན་ཁྱབ་ཀྱི་འགྲེལ་པ་བྲིས། དབོན་སྤྲུལ་ཉག་ཁོག་ཕེབས་དགོས་བྱུང་སྟབས་འདི་ལོ་དབྱར་གནས་འཛུག་མཁན་མི་འདུག་པས་དགེ་སློང་བཅུ་གསུམ་སྐོར་སྒྲུབ་ཁང་འདིར་དབྱར་གནས་མཛད་རྒྱུའི་མཐུན་རྐྱེན་སྦྱར། ཟླ་བ་བརྒྱད་པའི་ཕུར་སྒྲུབ་སྐུ་ཞབས་རིན་པོ་ཆེ་ནས་ཡོན་བདག་གནང་རྒྱུའི་ངེད་རང་རི་ཁྲོད་ནས་མར་འོང་སྐབས་རྐང་པ་ལ་གཉན་གཟེར་ཕོག །སྒྲུབ་ཆེན་དངོས་གཞིའི་ཉིན་ནས་བརླ་གཡོན་གཉན་འབྲུམ་གྱིས་གང་བའི་ན་ཚ་ཆེ་བས་ལངས་འདུག་ཆེར་མ་ལོ་ཡང་ཚོགས་ལ་སྙིང་རུས་བསྐྱེད་ནས་ཕྱིན། ཉེར་དགུ་ནས་ན་ཚ་ཞི། ཚེས་གཅིག་ལ་ཡར་ཕྱིན་པ་དང་འབྲུམ་པ་ཤུལ་ཡང་མེད་པར་དྲགས་འདུག་པས་ཡོན་བདག་ལ་རྐྱེན་ཆེ་བའི་ལྟས་ཡིན་པར་འདུག །རིམ་པར་ཕུར་པའི་སྒོ་ནས་པུ་རི་ཞིག་བཅའ་སྒྲུབ་དང་བསྙེན་པ་བཏང་འོས་རིགས་སྒྲུབ་ཁང་ཡར་མར་གྱི་དབང་ཁྲིད་རྣམས་ཀྱང་བྲེལ་བ་རིམ་སེལ་བྱས། ལོ་མཇུག་ཏུ་གསང་མགོན་སྨུག་པོའི་བསྙེན་པ་ཞིག་བཏང་། མགོན་པོའི་གཏོར་སྒྲུབ་འཚོགས། ས་བྱི་གསར་ཚེས་ནང་དགོངས་འདུས་སྐོང་ཆོག་བཏང་། སྐུ་ཞབས་རིན་པོ་ཆེར་རྐྱེན་སེལ་གྱི་དབང་ཁྲུས་མང་ཙམ་ཕུལ། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྔོན་འགྲོའི་རིགས་དང་གསོལ་འདེབས་ཕྱི་སྒྲུབ་རྣམས་རིམ་པར་བསགས། དྲོད་བབས་པ་སྔ་འཕྲོས་ཤེས་བྱ་ཀུན་ཁྱབ་འགྲེལ་བའི་འཕྲོས་དང་། གཏེར་མཛོད་ཀྱི་ཆོག་ཁྲིགས་རྣམས་རིམ་པར་བྲིས། བར་བར་འདུས་པ་མང་ཉུང་ཅི་རིགས་པ་ལ་དབང་ལུང་ཁྲིད་ཀྱི་རིགས་སོ་སོའི་འདོད་སྦྱར་དལ་མེད་སྔ་རྒྱུན་ལྟར་བྱས། སྒྲུབ་ཐེབས་དང་པོ་རྣམས་ལོ་གསུམ་ཕྱོགས་གསུམ་གྲུབ་ནས་གྲོལ། འདི་ལོ་ཟླ་བ་བཞི་པར་བུམ་སྒྲུབ་འཛུག་མཁན་མ་བྱུང་། བདུན་པའི་ནང་ཚུགས་སོང་བ་ལ་སྔར་རྒྱུན་ལྟར་ཕྱིན། དེ་གྲུབ་ནས་སྐུ་ཞབས་རིན་པོ་ཆེ་ལ་བྱད་བཀྲོལ་ཞིག་བགྱིས་ནས་ཡར་ཕྱིན་པར་འགྲམ་པ་ལ་གྲིབ་སྲིན་ཤིན་ཏུ་ཐུ་བ་ཞིག་གིས་ཞག་བདུན་ཙམ་མནར། འདི་ནས་གཟུང་བྱད་བཀྲོལ་སྐུ་ཁྲུས་སོགས་ནམ་བྱས་ལ་གྲིབ་སྲིན་འཕར་ལྡང་ཚབས་ཆེ་བ་རེ་བྱུང་། འདི་སྐོར་ཉག་དཔོན་ངོ་ཚབ་ཀྱིས་སྡེ་དགེ་དགོན་ཆེན་དུ་མངའ་འོག་གི་དགོན་སྡེའི་བླ་མ། མི་སེར་མིང་ཡོད་ཐམས་ཅད་བུ་གཏེལ་བསྡུ་སྐབས་རང་ལའང་སྐད་ཟུར་ཙམ་བྱུང་ཡང་དཀོན་མཆོག་ཐུགས་རྗེས་རང་ཡལ་སོང་། ཟླ་བ་དགུ་པའི་ནང་མི་རྗེ་ས་དབང་ཕུ་ལུང་པ་སྐུ་མཆེད་གཙོར་བྱས་བཀའ་མདའ་རྩིས་གསུམ་བོད་ཀྱི་ཆེན་པོ་དུ་མས་མགོ་བྱས་བོད་དམག །བྲག་གཡབ། གོ་འཇོ། རི་ཆབ་སོགས་དཔུང་ཆེན་གྱིས་དགོན་ཆེན་ས་གནས་བཟུང་། ཉེ་སྐོར་མགོ་བཏགས་མ་ཞུས་པ་རྣམས་ལ་དམག་བརྒྱབས། འདི་གའི་དགོན་པ་ལའང་ཁག་ངན་ཆེ་བས་དམག་གིས་བཟུང་ཉེ་བའི་སྐབས། བྲག་གཡབ་མགོ་འཛིན་གདོང་ཀཾ་ཁྲི་པ་གློ་བུར་བསྙུན། ས་དབང་མདུན་སྡེ་དགེའི་རྒྱུས་ཡོད་རྣམས་ནས་ངེད་རང་དྲགས་ཚུལ་ཞུས་པ་ལྟར་འབོད་མི་འབྱོར། ཉག་དཔོན་དང་ཉག་དམག་ལ་དོགས་འཚེར་ཤིན་ཏུ་ཆེ་རུང་མོ་ལེགས་པ་ལ་ཆགས་བཞག་ནས་ལ་ཁའི་ས་སྟོང་ནས་རྔུལ་སྲིབ་དམག་སྒར་སྟེང་དུ་ཕྱིན། ཁྲི་པ་ལ་དབང་ཁྲུས་སོགས་བགྱིས་ཀྱང་གཞི་ཤིན་ཏུ་ལྗི་བས་བྱོན་བཞུགས་གང་ལེགས་མོ་བཏབ་པར་བྱོན་ན་ལེགས་པར་བབས་པ་ལྟར་ཕར་ཁྱོགས། ས་དབང་ཆེན་པོའི་མདུན་མཇལ་དར་ཕུལ། ཞག་ཤས་གསོལ་ཁ་སོགས་རིམ་གྲོ་དགོས་ཕེབས་ལྟར་བསྒྲུབས། ཉག་དམག་ཕྱི་དཔུང་སླེབས་པས་འུར་ཟིང་སེམས་གཟན་བར་དོའི་གནས་སྐབས་འདྲ་བ་བྱུང་། དེ་སྐབས་ཉག་དགྲས་ནམ་རྒྱབ་དང་སྟོད་སྨད་གར་འོང་སོགས་སེམས་ལ་དྲན་ཚད་མོ་འདེབས་དགོས་བྱུང་བས་མོ་ལ་དེ་འདྲའི་བཤད་པ་ག་ལ་ཡོད་ཀྱང་སེམས་ལ་གང་དྲན་སྨྲས་པས་དཀོན་མཆོག་གི་བྱིན་རླབས་ཀྱིས་སྨྲས་ཚད་ཐོག་ཏུ་ཁེལ་བས་ས་དབང་ཆེན་པོའང་ཐུགས་ཆེས། དམག་འཐབ་ཉིན་ཀྱང་བོད་དམག་རྒྱལ་སོང་བས་ངེད་ལ་ཞལ་དྲོ་བའི་གཟེངས་བསྟོད་མཛད། དཔལ་སྤུངས་ཐད་རྒྱུ་མཚན་གང་ཤེས་བཅས་མགོ་བཏགས་ཞུས་པའང་སྙན་ལ་འཕྲོད་ནས་དཔལ་སྤུངས་པར་གཏོགས་ཚད་ཀྱི་དགོན་ཡུལ་གཉིས་ལ་དགྲ་འཚེ་མེད་པའི་ཞལ་བཞེས་གནང་། སླར་ཉག་དམག་ལ་བྱོལ་བཞིན་རང་གནས་སུ་སླེབས། འདི་ལོ་སྒྲུབ་པ་རྗེས་མ་གསར་སྡོད་ཁེལ་བས་དེ་དག་ལ་དབང་ལུང་ཁྲིད་རྣམས་རིམ་པར་ཚུགས། ཉི་ལྡོག །གསོལ་ཁ་འཕར་མ། མགོན་སྒྲུབ་བཅས་སྔར་རྒྱུན་ལྟར་དང་། ངེད་རང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ནང་སྒྲུབ་སོགས་རིམ་པར་བགྱི་བ་ལ་ཞུགས། འདིའི་སྐབས་རྨི་ལམ་ཡ་མཚན་པ་དུ་མ་བྱུང་ཡང་ཐམས་ཅད་མ་དྲན། ནུབ་ཅིག་འཇའ་སྤྲིན་དཀར་པོ་ཤིན་ཏུ་མཚར་ཞིང་དང་སྤྲོ་བ་ལ་དབུ་ཅན་ཡིག་འབྲུ་མང་པོས་གང་བ་ལ་དོན་གནད་ཁྱད་པར་ཅན་མང་དུ་འདུག །དེ་རྣམས་མཐར་ཧཱུྃ་ཡིག་གསུམ་དུ་གྱུར་པ་དང་། ལན་གཅིག་ནམ་མཁའ་དྭངས་པ་ལ་པདྨ་འབྱུང་གནས་ཡབ་ཡུམ་གྱི་སྐུ་ཤིན་ཏུ་གསལ་བ་ཞིག་ཡུད་ཙམ་ལ་མཇལ་བ་དང་། ལན་གཅིག་མཆོག་གླིང་གི་ཤོག་སེར་ཡིན་ཅེས་བརྡ་ཡིག་ཤིན་ཏུ་ཆེ་བ་བྲིས་པ་གཉིས་བཞུགས་ཁང་བཅས་འདུག་པས་གཅིག་ལ་བལྟས་པ་དེའི་དོན་ཁྲོལ་བ་དང་། ཡང་དགོང་མོར་བར་གཅོད་ཤིན་ཏུ་ཆེ་བ་ཞིག་བྱུང་བ་ལ་རྡོ་རྗེ་བེར་ཅན་དང་ཕྱག་དྲུག་པ་དངོས་སུ་སྣང་བས་བཏུལ། ཐོ་རངས་དཔལ་ལྡན་དུས་གསུམ་མཁྱེན་པ་མཇལ། སྐུ་ལས་ཏིང་ངེ་འཛིན་གྱི་དབང་བཞི་བླང་བས་ཞལ་གདམས་ཁྱད་པར་ཅན་བསྩལ་བ་རྨིས། ཡང་རྒྱལ་དབང་བཅུ་བཞི་པས་ཟབ་གཏེར་ཞིག་བཞེས་ཤིང་ཐུགས་བརྩེ་བས་ལུང་བསྟན་ལྟ་བུའི་བསླབ་བྱ་མང་དུ་གནང་བ་དང་། རྗེ་པདྨ་ཉིན་བྱེད་ཀྱིས་བླང་དོར་གྱི་བཀའ་བཀོད་འགའ་ཞིག་བསྩལ་བའི་མཐར་ཐུགས་ངལ་ཆེན་པོའི་རྣམ་པ་སྟོན་པ་རྨིས་པ་ནི་ཕྱིས་མཆོག་གི་སྤྲུལ་སྐུའི་ཐུགས་རྒྱུད་བར་ཆད་ཀྱིས་བསྒྱུར་བ་ལ་བལྟས་སམ་སྙམ། དེ་སྐབས་དབོན་སྤྲུལ་ཡང་ཧོར་ནས་ཉག་ཁོག་ཏུ་དེད་སོང་ཡོད་འདུག །ལན་གཅིག་ཀུན་མཁྱེན་ཀློང་ཆེན་པ་དང་སྨིན་གླིང་གཏེར་ཆེན་ཐུགས་དགྱེས་པས། གཏེར་ཆེན་ནས་ཐུགས་རྗེ་ཆེན་པོ་དང་གུ་རུའི་སྐུ་ཚབ་ཞལ་མཇལ་གནང་བ་ལ་གུ་རུའི་མགྲིན་པ་ཅུང་ཉམས་པ་རྨིས། ལན་གཅིག་ཟླ་བཟང་རིན་པོ་ཆེ་ཐུགས་ཤིན་ཏུ་དགྱེས་པས་བརྡའི་རྣམ་པ་འགའ་ཞིག་སྟོན་པ་དང་། གཤིན་རྗེ་གཤེད་པོའི་ཞལ་འབག་ཟིལ་ཅན་ཤིན་ཏུ་གཉན་པ་ཞིག་འདུག་པ་གྱོན་ནས་ཚམ་རྔམ་བྱས་པ་དང་། གཏེར་ཆེན་དང་ཀུན་མཁྱེན་བླ་མ་ཕེབས་ནས་ཐུགས་དགྱེས་མཛད་པ་ཡང་ཡང་བྱུང་ཞིང་། ལན་གཅིག་ཐོད་པ་མཚན་ལྡན་བཅུད་ཀྱིས་བཀང་བ་རྙེད་པ་སྒྲུབ་ཆེན་གྱི་རྟེན་དུ་བཅངས་པ་དང་། གནམ་སྟོང་ཞིག་གི་ཐོ་རངས་སུ་སྟོན་པ་འཁོར་བཅས་དགེ་སློང་གི་ཆས་སུ་བཞུགས་འདུག་པའི་ཁྲི་རྒྱབ་ཏུ་ཤཱ་རིའི་བུ་བཞུགས་འདུག་པས་བདག་ལ་ཚུར་ཤོག་གི་རབ་བྱུང་བསྩལ། དེ་འཕྲལ་གསོ་སྦྱོང་འཚོགས་པའི་གྲལ་དུ་ཞུགས་པ་སོགས་མང་དུ་བྱུང་། ཤིང་གླང་གནམ་ལོ་གསར་ཚེས་ཀྱི་ཟླ་བ་གསུམ་པའི་ཚེས་ནང་མཚམས་གྲོལ། ཉག་དམག་སྔ་ལོའི་མཇུག་ཏུ་ས་བཏང་། འདི་སྐབས་ས་དབང་བཞུགས་པ་ལ་འབོད་མི་འབྱོར་པ་ལྟར་ཕྱིན། ཟླ་བ་གཅིག་ཙམ་དུ་རྐྱེན་སེལ་དབང་ཁྲུས་སོགས་བགྱིས། ལྷ་གསར་དང་སྤར་ཁང་ཆེན་མོ་སོགས་དུས་ཟིང་གི་སྐབས་དམག་སྒར་དང་མཚོན་ཁ་གཏད་པས་ཉམས་གྲིབ་ཆེ་སྟབས་རབ་གནས་དགོས་གསུངས་པ་ལྟར་སྦྱོང་ཁྲུས་རབ་གནས། ཚོགས་སྐོང་། གསོལ་ཁ་སོགས་གང་ལ་གང་དགོས་བགྱིས་ཏེ་སླར་འཁོར་ནས་དགོན་དུ་ལོ་བསྟར་བུམ་སྒྲུབ་འཚོགས་ལ་ཕྱིན། ཡར་སླེབས་ནས་དམག་དོན་སྐུ་རིམ་མང་པོ་རྣམས་བསྟར་ཆགས་སུ་བསྒྲུབས། ཟླ་བ་ལྔ་པའི་ཚེས་ནང་དབུ་ཆེ་རྩེར་སྐུ་ཞབས་རིན་པོ་ཆེ་དང་ལྷན་ཅིག་རི་བསྟོད་དང་བཀའ་ནན་རབ་བརྗིད་བགྱིས་པར་ཐོག་མར་རླུང་ཆེན་དང་ཕྱོགས་བཞི་ནས་སེར་བ་དང་ཐོག་འབེབ་པ་སོགས་འཚུབས་དང་མཐར་ཤིན་ཏུ་འཇམ་པ་བྱུང་། མར་ངོ་ནང་ལྷ་གསར་ནས་བཀའ་བརྒྱད་ཁྲོ་རོལ་ཟློག་པ་བགྱིས་པའི་ཟློག་པ་བོར་སྐབས་ལྟས་ཤིན་ཏུ་ཆེན་པོ་མིག་མཐོང་བྱུང་སོང་། ཀིང་ནག་བཅས་སྐབས་ཀྱང་གཞན་གྱི་རྨི་ལམ་དུ་དགྲ་དཔུང་ཆོམ་ངེས་པའི་རྟགས་བྱུང་འདུག །ཟླ་བ་དྲུག་པར་སླར་ཡང་བསུ་མ་སླེབས་པས་དགོན་ཆེན་དུ་ཕྱིན་ནས་ས་དབང་ལ་བྱད་ཁྲོལ་ཚེ་སྒྲུབ་རྣམས་ཞག་བདུན་རེ་སྒྲུབ་པ་བཅས་ཁྲུས་དང་ཚེ་དབང་བརྒྱ་རྩ་བགྱིས། ཞར་བྱུང་མི་དྲག་མང་པོའི་རེ་སྐོང་གྲུབ་ནས་རང་གནས་སུ་སླེབས། འདི་ལོའང་དགེ་སློང་བཅུ་སྐོར་གྱིས་དབྱར་གནས་ཡང་ཁྲོད་དུ་ཚུགས། ཟླ་བ་བརྒྱད་པར་མདའ་དཔོན་ཁྲི་སྨོན་དཔུང་བཅས་ཀྱིས་ཉག་རྐེད་དཔོན་མཁར་རྫོང་བཅས་རྨེངས་མེད་དུ་བརླགས། ས་དབང་ཆེན་པོའང་ཧོར་ཁོག་ཏུ་ཕེབས། སྡེ་དགེ་སྲས་ཡུམ་རྣམས་དང་དབོན་སྤྲུལ་བཅས་དབུ་ཐོན་གྱིས་ཡར་ཕེབས། སོ་སོའི་བཞེད་སྐོང་དབང་དང་དབུ་ཐོན་ཕུལ། ས་དབང་ནས་གཞུང་སའི་བསྟན་རིམ་མགོན་པོ་གཡུལ་མདོས་བཅའ་དགོས་གསུངས་པས་ཕྱག་བཞི་པའི་བསྙེན་པ་ཞིག་བཏང་། ཟླ་བ་དགུ་པའི་ནང་ཆས་འཁོར་ཡོངས་རྫོགས་འགྲིགས་པ་དང་། ཞེ་ཆེན་བླ་མ་དོན་དཔལ་ཡང་བྱོན་པས་དཔོན་སློབ་མང་ཙམ་གྱིས་མགོན་པོ་གཡུལ་མདོས་བཏང་བ་ལམ་འགྲོ་ལེགས་པར་བྱུང་། དོན་དཔལ་གྱིས་དབོན་སྤྲུལ་རིན་པོ་ཆེའི་མདུན་ནས་གསན་པའི་དབང་ལུང་རང་ནས་དེ་སྔ་མ་ཐོབ་པ་མང་ཙམ་འདུག་པ་རྣམས་ཞུས། སྒྲུབ་ཁང་ཁྲིད་ཀ་སོགས་གྲུབ་ནས་ཡར་འཁོར། ལྷག་བསམ་སོགས་ལ་སྒྲ་ཀ་ལཱ་པ་བསླབ་དབུ་ཚུགས། མྱུར་མཛད་མགོན་པོའི་བསྙེན་པའང་ཚུགས། སྒྲུབ་པ་སོགས་ཀྱིས་ལོ་བསྟར་འདོན་བྱ་རྣམས་དང་། རང་ནས་ཉི་ལྡོག་སྐབས་བཀའ་བརྒྱད་ཟློག་ཆུང་ཞིག་བཏང་། ལོ་མཇུག་ཏུ་གྲོལ་ནས་མགོན་པོའི་གཏོར་སྒྲུབ་བྱས། མེ་སྟག་གནམ་ལོ་གསར་ཚེས་ནང་མདོ་སྨད་སྲིད་པ་བདེར་བཀོད་ཀྱི་བཀའ་དྲིན་སྐྱོང་གྲུབ་ནས་ས་དབང་ཆེན་པོ་སྟོན་འཁོར་བོད་དུ་ཕེབས་བསྐྱོད་ཀྱི་ཁམས་བདེ་ཞུ་བར་ཕྱིན། བྱད་ཁྲོལ་དང་ཚེ་དབང་ཕུལ། སྡེ་སྲས་བསྙུན་པར་ཚེ་དབང་བརྒྱ་རྩ་གྲུབ་ནས་སླར་འཁོར། ས་དབང་ཕུ་ལུང་པ་ནས་དཔུང་ཆེན་དོན་མོ་བརྟག་པ་ཐོག་ཏུ་ཁེལ་བ་དང་། སྐུ་རིམ་སྔ་རྗེས་མང་དུ་བསྒྲུབས་པ་གནད་དུ་ཁེལ་བས་གཞུང་ས་ལ་ཞབས་འདེགས་ཆེན་པོར་བྱུང་བའི་གཏང་རག་ཏུ་ཕྱྭ་གཡང་གུར་བུ་སྟོང་ཤུལ་གྱི་ས་ཞིང་བར་ལམ་བཙན་པོ་སུ་འདོད་ཀྱིས་བླངས། དེ་སྐབས་བདག་མེད་གྱུར་པ་རྩ་བ་ཡན་ལག་དང་བཅས་པ། དཔའ་འོག་ཚེ་ཕྲུའི་སྐོར་གྱི་འབྲོག་ས་རྣམས་གནང་། སྡེ་དགེའི་མདུན་ནས་ཀྱང་མ་སྲས་རྣམས་ཉག་ཞབས་ཆུད་སྐབས་ལོ་གཉིས་གསུམ་ཙམ་སྐུ་རིམ་རྒྱུན་མཐུད་བྱས་པའི་ཡོན་འབུལ་གྱི་ཚུལ་དུ་དགྱེས་བཞིན་གནང་བར་མཛད་པ་དང་། དབོན་སྤྲུལ་ཡར་བྱོན་སྐབས་དཔལ་སྤུངས་བསྟན་དགོན་འཁོར་དུད་དང་བཅས་པ་མགོ་ཐོན་བདེ་བར་སྡོད་ཆོག་པ་ཁྱོད་ཀྱི་བཀའ་དྲིན་ལས་བྱུང་འདུག །དེ་སྔ་བླ་བྲང་ནས་ཅིའང་མ་ཐེངས། ད་ཕན་གསོལ་ཕོགས་རྟེན་རྣ་རུ་ནང་དབྲ་མའི་ཁང་ཞིང་རི་ཁྲོད་དུ་ཇི་སྲིད་བར་སྦྱོར་འཇག་ཡིན་གསུངས། སྐུ་ཞབས་རིན་པོ་ཆེ་ནས་དེ་མཚུངས་བཀའ་ཐམ་བཅས་གནང་འདུག །ཆོ་འཕྲུལ་ཟླ་བའི་ཚེས་བཅོ་བརྒྱད་ཉི་མ་མེ་བཞིའི་འགྲུབ་སྦྱོར་ལ་ལྷ་གསར་དུ་སྐུ་ཞབས་རིན་པོ་ཆེ་སོགས་བླ་སྤྲུལ་རྣམས་དང་དད་འདུས་མང་པོར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལུང་བཀླགས་པའི་མདོ་སྡེ་བསྐལ་པ་བཟང་པོའི་དབུ་བཙུགས། ཟླ་བ་གཉིས་པའི་ནང་འགྲིམ་རྐྱེན་ལ་བརྟེན་གྲིབ་སྲིན་ཤིན་ཏུ་འཕར་ལྡང་ཆེ་བས་ཞག་མང་དུ་ལུས། ཆོས་རྒྱེབ་སོགས་རིམ་གྲོ་བྱས། དེ་ཚེ་བྱེ་རིང་དང་དར་མོ་བཀའ་བརྒྱ་མའི་ལུང་སོགས་ཞུས། ནག་ཟླའི་ཉེར་ལྔར་མདོ་མང་དང་འདུལ་བ་རྫོགས་ནས་བར་མཚམས་བྱས། ཟླ་བཟང་རིན་པོ་ཆེ་ཕེབས་པ་རི་ཁྲོད་དུ་ཟུར་ལུགས་མཁའ་འགྲོ་སྙིང་ཐིག་དབང་སོགས་ཞུས། སྒྲུབ་ཁང་ཡར་མར་ཁྲིད་སྐབས་བབ་བྱས། ཚེས་བཅུ་གསུམ་ཉིན་གཙུག་ལག་ཁང་དུ་བླ་གྲྭ་མང་མར་ཤེར་ཕྱིན་རྒྱས་འབྲིང་བསྡུས་པ། གྲྭ་ཏོག་གསེར་གསུམ་རྣམས་ཀྱི་ལུང་བྱས། སླར་ཡང་ཁྲོད་དུ་རྡོར་སེམས་འཚོགས། ཟླ་བ་བཞི་པར་སྒྲུབ་ཁང་མདུན་གྱི་སྤང་ཐང་དུ་སྒར་པ་མཛད་འདུག་པར་ཕྱིན་ནས་ཚེས་བཅུ་བཞི་ལ་དཀོན་བརྩེགས། ཕལ་ཆེན་རྣམས་ཀྱི་ལུང་བཀླགས། མཁའ་འགྲོ་གཏོར་ཆེན་བཏང་ནས་རྒྱུད་འབུམ་གྱི་དབུ་ཚུགས། པོད་ཕྱེད་བཞི་ཙམ་སོང་བ་དང་གཉན་རིམས་ལྟ་བུའི་ཕོ་ནད་ཀྱིས་ཐེབས་ནས་ཤིན་ཏུ་ཐུ་བར་བྱུང་། ཞག་བདུན་ཙམ་གྱི་མཚམས་རྟ་ལ་ཐེག་ཙམ་བྱུང་བས་ཡང་ཁྲོད་དུ་ཕྱིན། ཟླ་བཟང་ཡང་ཕེབས་ནས་གྲིབ་སེལ་དང་ཚེ་དབང་གནང་། གཏེར་གསར་སྐོར་སོགས་ལུང་མང་དུ་ཞུས། དེ་སྐབས་གྲང་མཁྲིས་རེད་ཡོད་འདུག་པ་ལྷ་རྗེས་ནད་ངོས་ཟིན་ནས་སྨན་བཏང་བས་ཇེ་བདེར་སོང་། ཟླ་བ་ལྔ་པར་དགོན་དུ་ཕྱིན། ཚེས་བཅུའི་འཆམ་མཇལ་བྱས། ཟླ་བཟང་དང་སྡེ་དགེ་སྐོར། འཇང་འགྲུལ་སོགས་ལ་དབང་ལུང་མང་དུ་བྱས། གཏེར་ཆེན་མཆོག་གླིང་ཕེབས། ལུང་ལུགས་ཕུར་པ་དང་མ་མོ་སྤྱི་བསྡུས་སོགས་ཉིད་ཀྱི་གཏེར་ཆོས་སྔར་མ་ཐོབ་པ་ཐམས་ཅད་ཀྱི་དབང་ལུང་རིམ་པར་གནང་། ཉེར་ལྔ་ནས་གཏེར་སྟོན་དབུ་བཞུགས་ཀྱིས་གཙུག་ལག་ཁང་དུ་བླ་མ་དགོངས་འདུས་སྨན་སྒྲུབ་བཙུགས། འདི་སྐབས་ལྟས་མནལ་ལམ་ཁྱད་པར་ཅན་གཟིགས་པས་ངེད་ལ་སྒྲུབ་ཆེན་དང་སྨན་སྒྲུབ་འབྲི་དགོས་པའི་གསུང་བསྐུལ་ནན་དུ་མཛད། ཁྱེད་རང་འདི་ལོ་ན་རྒྱུ་མང་པོ་འདི་ལ་རིམ་གྲོ་སོགས་ཅི་བྱས་ཀྱང་མི་ཕན། དཔའ་བོ་དཔའ་མོའི་སྟོན་མོ་ཞིག་དགོས་གསུངས། རི་ཁྲོད་དུའང་ཕེབས། རྟེན་ལ་རབ་གནས། མགོན་ཁང་དུའང་གསོལ་ཁ་ཕྲིན་བཅོལ་སོགས་རྒྱས་པར་གནང་ནས་དགོན་ཆེན་དུ་ཕེབས། རྡོར་སློབ་ངག་དབང་རིན་ཆེན་སོགས་ལ་ཤེས་བྱ་ཀུན་ཁྱབ་ཀྱི་ཁྲིད་ལུང་སྦྲགས་མ་རྒྱང་ཙམ་བྱས། ཁོང་ནས་གཏེར་གསར་ཆོག་བསྒྲིགས་རྣམས་ཀྱི་ལུང་ཞུས། སྟོན་མོ་ལྷ་མདོ་འབུར་མོར་འོས་གསུངས་ནས། དེར་གྲ་བསྒྲིག་རྩིས་ལ། ཟླ་བ་བརྒྱད་པའི་ཚེས་གཅིག་ལ་གློ་བུར་དུ་ཡང་ཁྲོད་ལ་ཕེབས། འབུར་མོར་ད་ཐེབས་མི་དགའ། འདིར་ལེགས་འདུག་པས་དེ་རིང་རང་གྲ་བསྒྲིག་དགོས་གསུངས། དཔའ་བོ་ལྔ་དང་། དཔའ་མོ་ལྔ་འཛོམ་དགོས་འདུག་པ་ཁོང་རྣམ་ཚང་མ་རྩ་བྱེད་དུས་ཧ་ལམ་འཛོམ་འདུག་ཀྱང་དཔའ་མོ་གཅིག་མ་འཛོམ། དེར་ངེད་རང་ཕ་སྤུན་གྱི་བུ་མོ་མ་རྒན་གྱིས་རང་ཚང་ཚ་མོ་ཡིན་ཅེས་ལོ་ལྔ་བདུན་ནས་ཚགས་བྱས་པ་ཞིག་ཡོད་པ། དེ་ཀས་ཆོག་འདུག་གསུངས་ནས་གྲལ་ལ་བཞག །ཐུགས་སྒྲུབ་ཚོགས་སྐོང་ཞིག་མཛད་སོང་། དེ་ནུབ་གཟིགས་སྣང་ལ་སྔོན་མཁའ་འགྲོ་མ་ཀུན་དགའ་འབུམ་པའི་སློབ་མ་སྒྲུབ་པ་མོ་ཉི་ཤུ་རྩ་ལྔ་ཡོད་པའི་ནང་རིགས་ལྔ་མཁའ་འགྲོས་བྱིན་གྱིས་བརླབས་པ་ལྔ་ཡོད་པ་ལས་སངས་རྒྱས་མཁའ་འགྲོས་བྱིན་གྱིས་བརླབས་པ་སངས་རྒྱས་འཚོ་ཞེས་པ་དེ་དང་། དེ་སྐབས་ཁོང་དུང་མཚོ་རས་པར་གྱུར་པས་གྲོགས་སུའང་འབྲེལ་པ་དེའི་སྐྱེ་བ་བུ་མོ་འདི་རེད་འདུག་པས་འདི་ག་རང་དུ་བཞག་པ་ལས་གཞན་དུ་བཏང་ན་བཏང་ས་དེ་ལ་འང་ཕན་མི་བཏགས། འདིར་མཁའ་འགྲོ་འཁྲུགས་པས་གནོད་པར་འགྱུར་བ་ཡིན་འདུག་ཅེས་ཕྱིར་ནངས་གསུང་འཕྲོས་དང་། བཞག་ན་ལེགས་པའི་ཕྱག་བྲིས་དམ་འབྱར། མིང་འཆི་མེད་བདེ་སྟེར་རིག་འཛིན་སྒྲོན་མར་འདོགས་པར་མཛད། དེ་ལྟར་ན་འདིར་དགོན་པའི་ཉེ་སྐོར་སོང་བས་འབྲེལ་མི་ཆགས་སྟབས་བཙུན་མ་ཞིག་བྱས་ན་ལེགས་སམ་ཞུས་པས། བྱེད་རྒྱུ་མང་མི་ཉན། སྒྲུབ་པ་མོ་ལྟར་བཞག་པ་ལེགས་གསུངས། ཁོང་ལ་ལུང་ཟིན་གྱི་རིག་མ་ཉེར་ལྔ་ཡོད་པ་ལས་སྡེ་དགེའི་ཕྱོགས་སུ་ལྔ་ཡོད་པ་ཡིན་འདུག་ཀྱང་འགའ་རེ་གཞན་རྐྱེན་དབང་གིས་མ་འཕྲད། འཕྲད་པ་འགའ་ཡང་དངོས་དང་འདྲ་མིན་ནོར་བས་དམ་སེལ་དུ་སོང་། འདི་ངེས་པར་ལུང་ཟིན་གཅིག་ཡིན་གསུངས་ནས་རྗེས་སུ་དབོན་སྤྲུལ་ལའང་རྒྱུ་མཚན་ཕྱོགས་ཙམ་དང་། འདིའི་མགོ་ལྟས་མཛད་དགོས་པའི་གསུང་འཕྲོས་གནང་སོང་། ཕྱིར་ནུབ་ཚོགས་འཁོར་ཡང་མཛད་སོང་བས་མཚོ་རྒྱལ་གྱིས་མཁའ་འགྲོ་དགོངས་འདུས་ཀྱི་ཁ་བྱང་ཐོག་མ་གནང་བའི་གསལ་ཆ་བྱུང་འདུག །འདི་སྐབས་རྟེན་འབྲེལ་སྒོ་གང་ཅིར་ཤིན་ཏུ་ལེགས་པ་ཞིག་རེད་སོང་ཡང་། ཇོ་ནང་རྗེ་བཙུན་རིན་པོ་ཆེའི་ཞལ་ནས། ལར་རྟེན་འབྲེལ་ལེགས་བྱ་བ་བྱ་བྱེད་རྩོམ་པ་གཅིག་པོ་དེ་ལེགས་པར་ཡོང་། རྟེན་འབྲེལ་ཡང་འདུས་བྱས་ཡིན་པས་རྟག་པ་ག་ནས་ཡིན། ལེགས་པའི་རྒྱུན་དེ་མ་འཆུགས་པའི་རིང་ལ་དགའ་བར་ཡོད། ཕྱིས་འགལ་རྐྱེན་གྱིས་རྟེན་འབྲེལ་ལོག་འཆུགས་བྱུང་ན་ཐོག་མ་ལན་གཅིག་འགྲིགས་པ་གཅིག་པོས་མི་ཆོག་པ་འདི་ཀུན་གྱིས་གོ་དགོས་པའི་གལ་པོ་ཆེ་རང་ཡིན་ནོ། །ཞེས་གསུངས་པ་ཉིད་ངེས་པ་ཅན་དུ་སྣང་ངོ་། །མཁའ་འགྲོ་ཡང་ཏིག་གི་དབང་ཞིག་དགོས་གསུངས་པ་ལྟར་བགྱིས་ནས་སླར་ཕེབས། ངོས་ཀྱང་བླ་བྲང་དུ་ཕྱིན། རྒྱུད་འབུམ་ལུང་འཕྲོས་ཚང་བ་བཀླགས། ཞི་ཕྲེང་དྲག་ཕྲེང་། ཀར་གླིང་ཞི་ཁྲོའི་དབང་རྒྱས་འབྲིང་བསྡུས་གསུམ། པདྨ་བཛྲ། ཐབས་ཤེས་ཁ་སྦྱོར་སོགས་ཀྱི་དབང་བགྱིས་ནས་བླ་སྤྲུལ་རྣམས་ཀྱང་སོ་སོར་གྱེས། གཏེར་མདུན་མཁའ་འགྲོ་སྙིང་ཐིག་ཁྲིད་དང་། ཤེས་བྱ་ཀུན་ཁྱབ་རྩ་བའི་སྟེང་ནས་བཤད་པ་མདོར་བསྡུས་ཐུགས་བཞེད་ལྟར་ཕུལ། གནམ་ལྕགས་ཞུན་འདྲིལ་ཁྲིད་སོགས་མང་ཙམ་ཞུས་ནས་ཡར་སླེབས། དགུ་པའི་བཅུ་བཞི་ནས་བཅུ་གཅིག་པའི་ཚེས་བཅུའི་བར་རྩ་གསུམ་ཚེ་ཟབ་ཆ་ལག་རྡོ་རྗེ་གདུགས་དཀར་བསྙེན། འདི་སྐབས་ནུབ་ཅིག་ཕ་དམ་པ་གཟི་བརྗིད་ཅན་ཞིག་མཇལ་བ་ལ་གུས་པ་ཆེན་པོས་རང་གི་རྟོགས་ཚོད་ཞུས་པ་དང་། ཨོ་རྒྱན་རིན་པོ་ཆེ་ཉིད་དངོས་སུ་བོད་དུ་བཞུགས་སྙམ་ཡིད་ཆེས་པའི་ངང་ལྷ་ཁང་ཞིག་ཏུ་ཕྱིན་པས་ཨོ་རྒྱན་ཡིན་ཁུལ་ལ་མཆོག་གྱུར་གླིང་པ་ཉིད་བཞུགས་འདུག་པ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་ཏིང་ངེ་འཛིན་གྱི་དབང་བཞི་བླངས་པ་རྨིས་པ་སྔར་དགོངས་འདུས་སྐབས་ཀྱི་རྨི་ལམ་དེ་དང་རྭ་འཕྲོད་པར་སྣང་། དེ་སྐབས་ཟབ་བདུན་གཤིན་རྗེ་ཚེ་བདག་གི་བསྙེན་པ་བཏང་། གཏེར་ཆེན་ཞལ་རྒྱས་ཀྱིས་རོང་མེ་དཀར་མོ་སྟག་ཚང་མཚོ་བྲག་གི་གཏེར་ཁ་སྤྱན་དྲངས། མཆོག་གླིང་ཟླ་གམ་དབང་ཕུག་ཏུ་བཞུགས་ཡོད་འདུག་པས་ཕྲན་འཕྲལ་དུ་འོང་དགོས་པའི་གསུང་བྲིས་འབྱོར་བས་བཅུ་གཅིག་པའི་ཚེས་བཅུ་ལ་གྲོལ་ནས་ཕྱིན་པས་དགྱེས་ཚོར་མཛད། བསྟན་སྲུང་ཆོས་བཞི། སྙིང་པོ་སྐོར་ལྔ། རྩ་སྒྲུབ་ཚན་དྲུག །ཤྭ་ནའི་སྐོར་སོགས་ཕབ། བསྟན་སྲུང་ཆོས་བཞིའི་གཏོར་རྒྱེབ་ཕྱོགས་བཞིར་མཛད།གཏེར་གསར་མང་དུ་ཞུས། རྗེ་རིན་པོ་ཆེ་ཡང་ཕེབས་ནས་གྲུབ་ཐོབ་ཐུག་ཏིག་གི་རྩ་དབང་སོགས་གནང་། ཁང་དམར་དགོན་དུ་ཕེབས་ནས་ཐུགས་སྒྲུབ་ཀྱི་སྒྲུབ་ཆེན་ཚུགས། ཚོགས་གར་བྱིན་རླབས་ཀྱི་ཟིལ་ཅན་ངོ་མཚར་བ་མཛད། རྗེ་བླ་མས་ཐུགས་སྒྲུབ་དྲག་པོ་རྩལ་གྱི་དོན་དབང་ཤོག་སེར་སྟེང་ནས་གནང་། ལམ་རིམ་ཡེ་ཤེས་སྙིང་པོའི་ལྗགས་བཤད་རྒྱས་པ་དང་། གསང་སྔགས་ལམ་རིམ་གྱི་བཤད་པའང་གནང་། གཏེར་མདུན་ནས་རྩ་སྒྲུབ་ཀྱི་དབང་དང་གདམས་གཏད་ཟབ་ཅིང་རྒྱས་པར་གནང་། སྡེ་དགེ་ས་དབང་པ་ཁྲི་བཀོད་རྟེན་འབྲེལ་མངའ་གསོལ་ཤིན་ཏུ་རྒྱས་པ་དང་མངའ་དབང་རིན་ཆེན་འབར་བའང་མཛད། རྟེན་འབྲེལ་ཆོས་སྐོར་ཕབ། གཏེར་ཆེན་ཀཿཐོག་ནས་གདན་འདྲེན་ཞུས་ལྟར་ཕེབས། ངེད་རང་སླར་འོང་ནས་སྒྲུབ་ཁང་གོང་འོག་རྣམས་ལ་དབང་ཁྲིད་སོགས་བགྱིས། རབ་བྱུང་བཅོ་ལྔ་པའི་ཐོག་མ་མེ་ཡོས་གནམ་ལོ་གསར་ཚེས་ཀྱི་མཇུག་ཏུ་ཕུར་བསྙེན་ཕུར་ཟློག་ལོ་བསྟར་བསྒྲུབས། ཟླ་བ་གཉིས་པའི་ཚེས་ནང་སྔར་འཛོམ་དུས་ཞུས་པ་ལྟར་གཏེར་ཆེན་རྫོང་ཤོད་དུ་ཕེབས་པས་དེར་ཕྱིན། ཤྭ་ནའི་འཕྲོས་དང་གསང་བའི་ལུང་བྱང་སོགས་ཤོག་སེར་འགའ་ཞིག་ཕབ། རྗེ་བླ་མའང་ཕེབས། གསར་ཕབ་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཆེན་མཛད། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གནས་ལྔ་སོ་སོར་ངོ་སྤྲོད་གནང་། རྡོའི་ཁྲི་བརྩེགས་པའི་སྟེང་དུ་ངེད་རང་བཞག་ནས་རྣམ་པ་གཉིས་ཀས་གཏེར་མིང་གི་མངའ་གསོལ་དང་ཞབས་བརྟན་གནང་། རྣམ་པ་གཉིས་ཀས་ཟབ་གཏེར་རེ་བཞེས་ནས། དིལ་མགོའི་ཡབ་གཞིས་སུ་ཕེབས། བཀའ་བརྒྱད་སྨན་སྒྲུབ་བཙུགས། ལྷན་རྒྱས་པདྨ་ཤེལ་རིར་ཕེབས། བཻ་རོའི་འོད་གསལ་ཤེལ་ཕུག་སོགས་སུ་ཚོགས་དང་། ཨོ་རྒྱན་གསང་ཕུག་ཞལ་འབྱེད་མཛད། གཏེར་ཁ་རེ་རེའང་བཞེས། གཏེར་ཆེན་ནས་ངེད་ལའང་བཀའ་ནན་ཕེབས་པས་གསང་ཕུག་ནས་གཏེར་སྒྲོམ་ཞིག་ལག་པར་ཆུད་པ་ཁོང་ཉིད་ལ་ཕུལ། གཏེར་སྟོན་རྫོགས་ཆེན་གདན་ཞུས་རྩར་ཕེབས། ངེད་རང་ཕྱིར་འོང་ནས་ཟླ་བ་བཞི་པར་བུམ་སྒྲུབ་འཚོགས་ལ་ཕྱིན། སྐུ་ཞབས་རིན་པོ་ཆེ་འདི་སྔོན་ལོ་རེ་ཟུང་ལ་ལྗགས་གས་པའི་གཟེར་ཅན་གྱིས་དབང་པོ་ཤོར་བ་ཡང་ནས་ཡང་དུ་བྱུང་། བྱད་བཀྲོལ་ཚར་གྲངས་མང་པོ་དང་། ཟླ་སྤྲུལ་གཏེར་སྟོན་རྣམས་ནས་སྐུ་ཁྲུས་གྲིབ་སེལ་ཅི་དྲགས་མཛད་སོང་ཡང་ཇེ་ཐུ་བྱུང་སོང་བ་འདི་རེས་གསང་ལུང་ལྟར་ཞབས་བརྟན་ཚོགས་འཁོར་དང་སུན་ཟློག་སོགས་དམིགས་བསལ་གང་འགྲིགས་བགྱིས་པས་ཕྱིས་ཀྱི་བར་སྐུ་ཁམས་བདེ་བར་བྱུང་སོང་། བསྟན་རིམ་མ་མོའི་མདོས་ཆེན་བཏང་། ཡང་ཁྲོད་དུ་དགོངས་འདུས་སྐོང་ཆོག་བགྱིས། གཏེར་སྟོན་རྫོགས་ཆེན་ནས་ཕྱིར་ཕེབས་ལམ་དབོན་བླ་མ་གཤེགས་པའི་དགོངས་རྫོགས་དང་། ཟླ་བཟང་ཞི་བར་གཤེགས་པའི་གཏམ་ངན་འབྱོར་བས་དགོངས་རྫོགས་རིམ་པར་བསྒྲུབས། དགོན་དུ་སྒྲུབ་ཆེན་མཛད་རྒྱུའི་སྣེ་སེལ་ཐོག་མར་ཡང་ཁྲོད་དཔལ་ཆེན་ལྷ་ཁང་དུ་ཚོགས་འཁོར་དང་ཚོགས་གར་བསྡུས་པ་མཛད། དེ་ནས་གཙུག་ལག་ཁང་དུ་རྩ་བའི་ཐུགས་སྒྲུབ་གཞི་བྱས། ཡན་ལག་ཐུགས་སྒྲུབ་གཉིས་ཞར་བྱུང་དུ་བཏང་བའི་སྒྲུབ་ཆེན་དང་ཚོགས་གར། མཁན་སློབ་ཆོས་གསུམ་དུས་མཆོད་རྟེན་འབྲེལ་ཆོ་ག་བཅས་ཤིན་ཏུ་རྒྱས་པར་མཛད། ཡང་ཁྲོད་ནས་མ་རྒན་ནད་ཕོག་པར་སྐུ་ཞབས་སྐུ་མཆེད། གཏེར་སྟོན་རིན་པོ་ཆེ་གཙོར་བྱས་བླ་མ་གང་དྲགས་རྣམས་ཀྱིས་ཞི་ཁྲོ་དང་ཀུན་རིག་སོགས་དབང་སྟོང་དང་སུམ་བརྒྱ་ལྷག་ཙམ་བགྱིས། མ་འཚོ་སོང་སྐབས་རྫོང་སར་ནས་རྗེ་ཐམས་ཅད་མཁྱེན་པ་ཕེབས་པ་དང་གཏེར་སྟོན་བཅས་རྣམ་པ་གཉིས། སྒྲུབ་བླ་གང་དྲགས་དང་བཅས་པས་ངོ་སྤྲོད་འཕོ་འདེབས་མཛད། རང་ལ་དངོས་རྫས་གང་ཡོད་ཕྱེད་བགོས་ཀྱིས་དགེ་རྩ་ལེགས་པར་བསྒྲུབས། གཏེར་ཆེན་སླར་ཕེབས་སྐྱེལ་ཞུས་པའི་སྒར་ཚུགས་ཐོག་ཆོས་སྐྱོང་དགོངས་འདུས་ཀྱི་དཔེ་དང་བཀའ་གཏད་གནང་བ་ལ་གློ་བུར་དུ་སེར་བ་ཐར་ཐོར་དང་ཤར་ནས་འབྲུག་ལྡིར་བ་ལེགས་པའི་མཚན་མར་སྣང་། རྗེ་བླ་མའང་སྐྱབས་ཆེ་གོ་སྟོད་བར་ཆིབས་སྐྱེལ་ཕེབས། འདི་སྐབས་གཏེར་ཆེན་བོད་དུ་ཕེབས་པ་ལ་བསླབ་སྟོན་གལ་ཆེན་བཀའ་ཐམ་བཅས་མཛད་ཡོད་འདུག་ཀྱང་དེ་རིགས་གཅིག་ཀྱང་དང་ལེན་མ་རེད་འདུག །ཕྱིར་ཕེབས་ནས་ཨ་ལོ་དཔལ་འབྱོར་སྒང་དུ་བཞུགས་སྐབས་ངེད་ཀྱང་སྦྱིན་བདག་ཅིག་རྩར་ཡོད་པ་འབོད་མི་གནང་བྱུང་བ་ལྟར་ཕྱིན། དེ་སྐབས་གནས་ཆེན་མཐའ་ཡས་པའི་གཟིགས་སྣང་དང་མཁའ་འགྲོ་དགོངས་འདུས་ཁ་བྱང་སོགས་བཞི་གཅིག་དྲིལ་ཡོད་སོང་བ་ད་རེས་གཏེར་སྟོན་རྩར་འདི་ཐེངས་དགོས་དགྱེས་ཚོར་མཛད། ཞི་ཁྲོ་ཤེལ་ཕུག་ནས་ཟབ་གཏེར་བཞེས། ཕྱྭ་གཡང་གཞིས་ཀར་ཕེབས་ནས་རབ་གནས་དང་གཡང་སྐྱབས་མཛད་སྐབས་ཀཿཐོག་སི་ཏུ་སྤྲུལ་སྐུའང་བྱོན་ནས་འབུལ་བ་མཛད་པ་ལ་རྟེན་འབྲེལ་ལེགས་པའི་དགྱེས་ཚོར་དང་མ་འོངས་སི་སྤྲུལ་འབྱོན་པ་འདྲ་བའི་གསུང་འཕྲོས་གནང་། ཤོག་སེར་འགའ་ཞིག་ཕབ་ནས་གཡུ་ཐོག་བརྒྱུད་དཔལ་སྤུངས་སུ་ཕེབས། ངོས་རྫོང་ཆེན་ཁམས་ཕུག་གི་གནས་ངོ་སྤྲོད་པ་ལ་འགྲོ་དགོས་པའི་བསླབ་སྟོན་གནང་བ་ལྟར་ཕྱིན་པས་དེར་ཡང་ཐོག་མར་རྟེན་འབྱུང་དགེ་བས་གནས་ཕུག་རང་བྱོན་སོགས་གསལ་བར་ངོ་འཕྲོད། ཁམས་ཕུག་ཏུ་ཚོགས་འཁོར་སྐབས་བྱ་རྒོད་ཤིན་ཏུ་མང་པོ་འདུས་ནས་ཚོགས་ལ་རོལ་པ་དང་འཇའ་སྤྲིན་ཡ་མཚན་ཅན་ཤར་བ་སོགས་མངོན་ལྟས་ཀྱང་ལེགས། སླར་ཡང་ཁྲོད་དུ་ཕྱིན་པར་རྗེ་བླ་མའང་ཕེབས། སོ་ལུགས་ཡང་དག་སྒྲུབ་ཆེན་བཙུགས། མངོན་རྟོགས་རྒྱན་གྱི་བཤད་པ་རོང་སྟོན་ལུགས་དང་། བསྟན་འགྱུར་ཁ་སྐོང་། བཀའ་གདམས་རྙིང་མའི་སྐོར། གཏེར་ཆོས་མ་ཐོབ་པ་འགའ་ཞིག་སོགས་དབང་ལུང་ཤིན་ཏུ་མང་པོ་གནང་། རྡོར་གླིང་ལྟ་བ་ཀློང་ཡངས་ཀྱི་དབང་ལུང་གནང་བའི་དབང་དངོས་གཞིའི་ནུབ་མོའི་མནལ་ལྟས་སུ། རྗེ་ཉིད་ལྷོ་བྲག་ལ་ཡག་ཏུ་ཁྱིམ་བདག་ཞིག་གི་ཆུང་མ་རྡོ་རྗེ་འཚོ་ཞེས་པར་གྱུར་ནས་འཇིག་རྟེན་པའི་ལས་ཐབས་ལ་སྤྱོད་ཀྱིན་འདུག་པའི་སྐབས་ཤིག །ཁྱིམ་བདག་དེས་བླ་མ་ཚང་ཕེབས་ཡོང་བ་རེད། གདན་བཤམ་དགོས་ཟེར་ནས་ཁང་པ་ཞིག་ཏུ་བྱི་དོར་དང་གདན་བཤམས་པ་ལ། དར་ཅིག་ནས་རྡོ་རྗེ་གླིང་པ་ཡིན་ཟེར་བའི་བླ་མ་བོངས་ཐུང་སྐུ་ཤ་རྒྱས་པ། ཐོར་ཚུགས་ཆུང་ངུ་དང་དབུ་རལ་ཡོད་པ། སྟོད་འབོག་སེར་པོ་མནབས་པ་ཞིག་ཕེབས་པ་ལ་ཕྱག་དབང་དང་བསྙེན་བཀུར་སོགས་ཞུས། དེ་ནུབ་དེར་བཞུགས་པའི་མདུན་དུ་ཕྱིན་ནས་དེ་ཉིད་ཀྱིས་ལག་བཅངས་དང་འོ་བྱེད་པ་དང་འཁྱུད་པ་སོགས་རོལ་རྩེད་སྣ་ཚོགས་ཀྱིས་དུས་འདས། དེའང་ལན་རེ་རྡོར་གླིང་དང་། ལན་རེ་ཇོ་ནང་རྗེ་བཙུན་ཡིན་པ་འདྲ་བ་ལ་དེ་གཉིས་དབྱེ་བ་མི་འབྱེད་པའི་ཟ་ཟི་ཞིག་གི་ངང་། ནམ་ལངས་རྗེས་བསྙེན་བཀུར་འདྲ་ཞུས་ནས། བླ་མ་རྟ་ལ་འཆིབས། གྲྭ་པ་རྐང་ཐང་འགའ་རེ་དང་བཅས་ཕེབས་སོང་། བཞུགས་ཁྲིའི་ཐོག་ཏུ་སྒམ་འདྲ་བ་ལྡིར་ལྡིར་དར་གྱིས་བཀབ་པ་ཞིག་འདུག་པ། བླ་མ་ཚང་སྐུ་ཆས་ལུས་འདུག་བྱས་དེ་ཁུར་ནས་རྗེས་ལ་རྒྱུག་འབོད་པ་བཅས་རྗེས་ཟིན་པ་ན་ཕྱག་ཏུ་ཕུལ་བས་འདི་ཁོང་གི་གཏེར་རྫས་སྒམ་ཡིན། དེར་ལུས་པ་རྟེན་འབྲེལ་བཟང་བས་ཁྱོད་རང་ནས་ཚགས་བྱེད་དགོས་གསུངས། དེར་སྐྱེས་དམན་དུ་སོང་བ་དང་ཡུལ་འཕོ་དགོས་པ་འདྲ་ཞིག་དྲན་ཡུལ་དུ་འདུག་པ་སོགས་ཀྱིས། ཁོ་མོས་ཚགས་རྩ་གཏན་ནས་མི་ཐུབ། ཉ་ར་བྱེད་མི་ཕོད། ཅི་དགོས་ཀྱང་མི་ཤེས་སོགས་ཞུས་པས། སྐྱོན་མེད་རེ་ཞིག་ཚགས་རྩ་གྱིས་དང་ང་རང་སླེབ་འོང་གསུངས། ཉིད་ནམ་བྱོན་དང་གར་བྱོན་མི་ཤེས། ཚགས་རྩ་མི་ཕོད་པས་བྱིན་རླབས་ཤིག་ཞུ་ཞུས་པས། སྒམ་ཁ་ཕྱེས་པའི་ནང་ནས་ཤོག་སེར་ཤོག་དྲིལ་ཆེན་པོ་བླངས་ནས། གསང་སྔགས་ལུང་གི་བཀའ་ཐོ་ཆེན་མོ་བཞུགས་སོ། །ཞེས་པའི་འཕྲོས་སུ་རྡོར་གླིང་གཏེར་ཆོས་ད་ལྟ་གྲགས་པ་དང་། མ་གྲགས་པ་མང་པོ་ཞིག་གི་དཀར་ཆག་འདྲ་བ་ཞིག་ཚང་བར་བཀླགས་ཏེ་སྒམ་དུ་བཅུག །དེ་མགོ་ལ་བཞག་ནས་འདི་ཚགས་རྩ་གྱིས་དང་ངེད་ཀྱི་སྤྲུལ་སྐུ་ཁྱོད་རྩར་སླེབ་འོང་གསུངས། ང་ནི་ན་སོ་ཅུང་རྒན། བླ་མ་འདི་ནི་གཞོན་པས་སྤྲུལ་སྐུ་ངེད་ལ་འཁྲུངས་པ་སྲིད་དོགས་མེད་སྙམ་སྤྲུལ་སྐུ་ནམ་འབྱོན་ཞུས་པས་ད་ཕན་ལོ་ལྔ་བརྒྱ་ཙམ་ན་ཨི་མི་འབྱོན་གསུངས། སྒམ་བུ་ཁྱེར་ནས་ལོག་ཁར་བླ་མ་འདི་ཨོ་རྒྱན་དངོས་ཡིན་འདུག་པས་ཀོང་སྤྲུལ་མ་ཡུམ་དེ་སྐྱེ་བ་ཅི་རེད་དྲི་དགོས་སྙམ་ནས་དེ་དོན་ཞུས་པས། ཆུ་གནས་ཞིག་ཏུ་སྐྱེས་གསུངས། དེར་ཤིན་ཏུ་འགྱོད་པས་ངུས་ནས་ཆུ་གནས་ཅི་འདྲ་དང་ད་ཅི་དྲགས་ཞུས་པས། འོན་ཀྱང་ད་ནི་དྲགས་ལེ་ཡོད། མི་འཁྲུགས་པ་ཞིག་བྱས་ན་གསུངས་སྐབས་ཉིད་ཀྱི་དགོངས་པ་ལའང་ཆུ་གནས་དེ། ནོར་བུའི་ཁང་པ་དང་རྒྱན་སོགས་ལ་ལོངས་སྤྱོད་པའི་ཡ་མཚན་ཅན་ཞིག་འདུག་སྙམ་བྱེད་པའི་ངང་དེ་ལས་སད། རྡོ་རྗེ་འཚོ་འདི་དུས་རྒྱུན་དྲན་ལམ་གསལ་བར་འདུག་གསུངས་པས་སར་གནས་རྣམས་ཀྱི་སྤྲུལ་པ་ལ་ཚད་གཟུང་མེད་པས་འདི་འང་སྐུའི་བཀོད་པ་གཅིག་ཡིན་པར་མངོན། རང་ནས་ཀྱང་འདི་སྐབས་དུང་དཀར་རྙེད་པ་དང་། ཕྲེང་བ་རྒྱན་ལྡན་གསེར་གྱི་བཅུ་ཚར་བཞི་ཡོད་པ་རྙེད་པ་རྨིས། རྡོར་གླིང་རབ་བྱུང་བདུན་པའི་རྐེད་པ་ཙམ་ལ་བྱོན་པར་སྣང་བས་དེ་ནས་ད་ལྟའི་བར་ལོ་ལྔ་བརྒྱ་ཅུང་མ་ཟིན་ཙམ་སོང་ཡོད་པར་སྣང་། བཞུགས་སྐབས་གཟིགས་སྣང་ཁྱད་པར་ཅན་མང་ཞིང་། ཁྱད་པར་ནུབ་ཅིག་མཚོ་རྒྱལ་གྱིས་སྤྱི་བྱེ་བྲག་གི་ལུང་བསྟན་བསླབ་བྱ་གསལ་ཞིང་རྒྱས་པ་གནང་ཡོད་འདུག་པས་སྔར་གཏེར་སྟོན་ད་ཙམ་གར་ཕེབས་ཀྱི་ཚུགས་རྩིས་དང་། མཁའ་འགྲོ་དགོངས་འདུས་ཁ་བྱང་དེ་ཐེངས་དགོས་གསུང་བ་ཞིག་ཡོད་པ་དེ་ཕྱིན་དེ་ཐད་གསུང་འཕྲོས་ཅིའང་མི་མཛད། ཁ་བྱང་བསྐུར་རྒྱུའི་གསལ་འདེབས་ལན་རེ་ཟུང་ཞུས་ཀྱང་ཐུགས་རྩོལ་མཛད་མ་སོང་བ་དེ་སྐོར་ནས་གཏེར་སྒར་བྱོན་བཞུགས་མ་ལེགས་པས་རྟེན་འབྲེལ་འཆུག་ཅིང་གཏེར་ཁ་མི་ཐོན་པའི་མཚན་མ་གཟིགས་པར་སྣང་། སྙན་བརྒྱུད་ཐོག་མ་ཡང་ཕུར་སྦྲགས་མ་དེ་ཕབ་ཅིང་གཏོར་ཟློག་ཀྱང་མཛད། ཟླ་བ་བཅུ་གཅིག་པར་དགོན་ཐོག་ཏུ་ཕུར་སྒྲུབ་ཀྱི་དབུ་བཞུགས་ཕེབས། རྩ་དུམ་གྱི་རྒྱུད་བཤད་དང་སྙན་བརྒྱུད་ཕུར་པའི་དབང་ལུང་བཤད་པ་རྣམས་རྒྱས་པར་གནང་། བཅུ་གཉིས་པར་ཡང་ཁྲོད་དུ་ཕེབས་ནས་བདེ་མཆོག་རྩ་རྒྱུད་ཀྱི་བཤད་པ་དང་། རྙིང་མ་བཀའ་མའི་སྐོར། གཏེར་ཆེན་བཀའ་འབུམ་སྔར་མ་ཐོབ་པ་རྣམས་སོགས་ལྗགས་ལུང་མང་དུ་གནང་། ཞབས་བརྟན་དང་ཚོགས་འཁོར་ཕུལ་སྐབས་གཟིགས་སྣང་ཁྱད་པར་ཅན་ཡང་བྱུང་། འབྱོར་ཚོགས་མཎྜལ་མཆོད་འབུལ་ཞུས་ནས་བླ་བྲང་དུ་ཕེབས། ལོ་བསྟར་མགོན་པོའི་གཏོར་སྒྲུབ་བྱས། ས་འབྲུག་གནམ་ལོ་གསར་ཚེས་ལ་བླ་བྲང་དུ་སྣར་ཐང་བརྒྱ་རྩ་གནང་བ་ཞུས་ནས་ཡར་ཕྱིན་ཏེ་རྒྱུན་གྱི་བསྙེན་སྒྲུབ་རྣམས་རིམ་པར་བྱས། ཟླ་བ་དང་པོའི་མཇུག་ཏུ་བུམ་སྒྲུབ་འཚོགས་ལ་ཕྱིན། འདི་ལོ་གཏེར་མཛོད་དབང་ལུང་བགྱིད་རྩིས་ཀྱི་རྫོགས་ཆེན་གླིང་སྤྲུལ་སོགས་བླ་སྤྲུལ་རྣམས་ཟླ་བ་གཉིས་པའི་ནང་ཕེབས་འདུག་པས། གླིང་སྤྲུལ་མདུན་ནས་བསྟན་འགྱུར་ལུང་མ་ཐོབ་རིགས་གང་བཞུགས་ཞུས། འདི་ཟླའི་ཚེས་ཉེར་ལྔ་ལ་སྒྲུབ་ཁང་དུ་ཕྱིན་ནས་སྐུ་ཞབས་རིན་པོ་ཆེ་གཙོ་བོར་བཞུགས་པའི་འདུས་པ་རྣམས་ལ་ཕྱག་ཆེན་རྒྱ་གཞུང་གི་ལུང་ཚུགས། གླིང་སྤྲུལ་མདུན་ནས་བྱང་གཏེར་རིག་འཛིན་གདུང་སྒྲུབ་དབང་རྒྱས། དགོངས་པ་ཟང་ཐལ་སོགས་དང་པད་གླིང་བླ་མ་ནོར་རྒྱམ་སོགས་དབང་ལུང་མང་དུ་ཞུས། སྔར་སྤྲུལ་སྐུ་རིན་པོ་ཆེ་འདིར་ཕེབས་སྐབས་ལོ་རྗེས་མར་གཏེར་མཛོད་དབང་ལུང་ཚུགས་དགོས། དེ་སྐབས་ཁོང་གསན་མཁན་གྱི་གཙོ་བོ་དང་། གཞན་ཞུ་མཁན་འདི་དགོས། སྒྲུབ་ཆེན་དང་མཆོད་ཆས་དགོས་ལུགས་གསུང་བསྒོས་ཞིབ་མོ་མཛད་སོང་བས་དེ་སྐོར་ཕེབ་ཏུ་རེ་ནས་སྒུག་ཞོར་དབང་ལུང་གནད་ཆེན་ཞུ་གནང་གིས་ཟླ་བ་བཞི་པའི་ནང་བར་སོང་ཡང་། རྫོང་སར་ནས་ཕེབ་རྩིས་སྐབས་ཕྱག་ཞབས་རྣམས་ལ་རེས་མོས་ཀྱི་བསྙུན་གཞི་ཕོག །སྐུ་ཁམས་གཏན་ནས་མ་དྭངས་ཚུལ་གསུང་བྲིས་འབྱོར་པས་ཚེས་བཅུ་ནས་གཟུང་ཐོག་མར་ལུང་རྣམས་བཀླགས། གྲུབ་རྗེས་ཀྱང་ཕེབ་རྒྱུ་མ་བྱུང་བས་རྡོར་སེམས་སྒྲུབ་ཆེན་ཞག་བདུན་བགྱིས། ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་བསྐུར་སྔོན་དུ་འགྲོ་བས་འདོད་འཇོ་བུམ་བཟང་དང་གཏེར་མཛོད་མ་བུ་སྦྲགས་མའི་དབང་། བྱིན་རླབས། རིག་གཏད། སྲོག་གཏད་རིགས། ཁྲིད་རྣམས་དང་། བཀའ་རྒྱ་པོད་བཞི་བཅས་ཟླ་བ་བདུན་པའི་ཚེས་བཅོ་ལྔ་ལ་གྲུབ། བླ་བྲང་ནས་ཡོན་འབུལ་རྒྱས་སྤྲོས་དང་སོ་སོས་གཏང་རག་བྱུང་བ་རྣམས་དང་དུ་བླངས། ཕྱོགས་འདུས་རྣམས་གྱེས། རི་ཁྲོད་ནས་མ་རྒན་དུས་དྲན་དང་དགོངས་འདུས་སྐོང་ཆོག་གྲུབ་ནས་རེ་ཞིག་ངལ་གསོའི་ཆེད་ཕྱྭ་གཡང་དུ་སོང་། གཉེར་པད་ལེགས་བྱོན་པར་ཕྱག་ཆེན་ཁྲིད་བྱས། རི་ཁྲོད་མཆོད་ཐེབས་རྡིལ་ཚད་བྱུང་། སྦྱིན་བདག་འགའ་ཞིག་གི་འདོད་སྐོང་བྱས་ནས་ཟླ་བ་དགུ་པར་སླར་འཁོར། འདི་ལོ་དབོན་སྤྲུལ་མདུན་ནས་བུམ་སྒྲུབ་དབྱར་གནས་ཕུར་སྒྲུབ་རྣམས་ཀྱི་སྤྱི་པ་གསར་བརྐོས་མཛད་འདུག་པའི་མཉམ་དུ་ཡང་ཁྲོད་སྒྲུབ་སྡེའི་མཆོད་པ་དང་གཏོང་ཐེབས་རྡིལ་ཚད་བརྒྱད་བཞག །སྒྲུབ་པ་སྔ་མ་རྣམས་གྲོལ་ནས་སྒྲུབ་ཐེབས་གསུམ་པ་གསར་འདུག་རྣམས་འདུས་ནས་དབང་ལུང་ཁྲིད་གསུམ་གྱི་དབུ་ཚུགས། སྙན་བརྒྱུད་ཕུར་པའི་བསྙེན་ཐུན་བཟུང་། ཉི་ལྡོག་ལ་ཕུར་པའི་ཟློག་པ་བཅས། ནད་ཁམས་འཕར་ལྡང་མང་བ་དང་དབོན་སྤྲུལ་གཙོར་བྱས་དབང་ལུང་ཁྲིད་ཀ་དགོས་པ་ཤིན་ཏུ་མང་པོས་ཟིང་ཆ་བྱས། རྒྱུན་བསྙེན་རྟག་གཏོར་གསོལ་ཁ་མགོན་པོའི་གཏོར་སྒྲུབ་རྣམས་རྒྱས་པར་གྲུབ། མེ་སྦྲུལ་གསར་ཚེས་ཀྱི་ཟླ་བ་དང་པོར་སྔ་ནས་རྨིས་ལྟས་ཕལ་ཆེར་རྩུབ་པ་ཞིག་བྱུང་བས་ཚེ་གསང་ཕྱི་སྒྲུབ་གུད་སྦས་སྦྲེལ་མ་དང་། ཟབ་པ་ཕུལ་ཕྱིན་སོགས་རེ་ཞིག་བསྙེན། ཟླ་བ་གཉིས་པར་དབོན་སྤྲུལ་གདན་འདྲེན་ཞུས། དཔོན་སློབ་བཅོ་ལྔས་ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་གྱི་ཆོག་བརྒྱ་དང་དབང་བརྒྱ་ཞུས་སྐབས་རྨིས་ལྟས་ཀྱང་ལེགས་པ་ཁ་ཤས་བྱུང་། བསྙེན་མཚམས་གྲོལ་ནས་གཏེར་མཛོད་ཆོག་སྒྲིག་རིགས་མུ་མཐུད་བྲིས། ཟླ་བ་བཞི་པར་བུམ་སྒྲུབ་ལ་ཕྱིན། སྐུ་ཞབས་རིན་པོ་ཆེ་རྡོར་སློབ་ཏུ་བཞུགས་ཀྱང་འདི་རེས་ཤིན་ཏུ་འཚུབས་པ་ཞིག་བྱུང་། སྒྲུབ་ཁང་དུ་སྐུ་ཞབས་རིན་པོ་ཆེ་དང་སྒྲུབ་རྣམས་ལ་བྱང་སྡོམ་ལུགས་གཉིས་བགྱིས། ཡང་ཁྲོད་ནས་དགོངས་འདུས་སྐོང་ཆོག་བཏང་། དགྱེས་རྡོར་རྒྱུད་འགྲེལ་བྲི་རྒྱུའི་གནང་བ་ཞུ་བའི་ཆེད་མར་པའི་བླ་སྒྲུབ་དང་འབྲེལ་བར་སྒྲིབ་སྦྱོང་ཚོགས་གསག་གསོལ་འདེབས་ཚོགས་སྐོང་རྣམས་བརྒྱ་རྩ་ལྷག་རེ་བྱས། བརྟག་པ་དང་པོའི་རྡོ་རྗེ་རིགས་ཀྱི་ལེའུ་ནས་དབུ་བཟུང་སྟེ་རིམ་པར་བྲིས། མར་རྔོག་གི་བཤད་སྲོལ་འདི་ལ་ས་ལུགས་ལྟ་བུའི་རྒྱུད་འགྲེལ་བཤད་ཚུལ་གཅིག་ཏུ་ངེས་པ་མི་འདུག་ཅིང་། དེང་སང་རྒྱུན་ཡོད་པ་རྔོག་པའི་རིན་ཆེན་རྒྱན་འདྲ་དང་རང་བྱུང་ཞབས་ཀྱི་འགྲེལ་པ་གཉིས་ཡིན་ཀྱང་སྔ་མ་ནི་སྦས་དོན་གྱི་བཤད་པ་ཁོ་ནར་སོང་། ཕྱི་མ་ཡིག་དོན་གཙོར་མཛད་ཀྱང་མངོན་རྟོགས་འཁྲུགས་བསྡེབས་སུ་མཛད་པས་རྩ་བ་དང་སྦྲེལ་དུས་འཆད་ཉན་དཀའ། སྤྱན་སྔ་ཆོས་གྲགས་ཀྱིས་རྒྱ་འགྲེལ་མང་པོ་གཞིར་བཞག་པས་གོ་མི་བདེ། རམ་ཊཱིཀ་དང་རྩག་ཊཱིཀ་སོགས་སྔ་རབས་ཀྱི་བཤད་པ་ཤིན་ཏུ་ཉོག །ཕྲིན་ལས་པའི་འགྲེལ་བཤད་ཅུང་གསལ་བ་དང་། དྭགས་པོ་བཀྲ་ཤིས་རྣམ་རྒྱལ་གྱི་འགྲེལ་པ་ལེགས་བཤད་ཕུལ་དུ་བྱུང་བས་འདིར་སྤྱི་དོན་ཟུར་དུ་བཀོད། ཡིག་དོན་གཙོ་བོར་གཟུང་། སྦས་དོན་དང་། མཐར་ཐུག་གི་དོན་རྣམས་སོ་སོའི་ཐད་དུ་གསལ་བར་བྱས་པ་ཡིན་ནོ།། དབྱར་གནས་སྐབས་སུ་ཕྱིན་ནས་རྒྱུད་བླ་མ། ཟབ་མོ་ནང་དོན་གཞུང་ཆུང་གཉིས་བཅས། བརྟག་གཉིས་རྒྱུད་བཤད་རྒྱུད་མཆོད་བཅས་ལེགས་པར་གྲུབ། ཡར་ཕྱིན་རྒྱུད་བླ་མའི་འགྲེལ་པ་བྲིས། བརྒྱད་པའི་མཇུག་ཏུ་ཕུར་པའི་སྒྲུབ་ཆེན་གྱི་སློབ་དཔོན་ལ་ཕྱིན། དགུ་པའི་ནང་རྒྱུད་བླའི་འགྲེལ་པ་གྲུབ་པ་དང་རྫོང་སར་ནས་རྗེ་རིན་པོ་ཆེས་བཀའ་རྒྱ། བཀྲ་ཤིས་རྫས་བརྒྱད་སྒྲོས་ལེགས་རྣམས་འབྱོར་བས་རྟེན་འབྲེལ་དགེ་བར་བྱུང་། གསེར་ཐལ་ལྷ་རྩེ་སྤྲུལ་སྐུ་དཔོན་སློབ་རྣམས་ཀྱིས་ནན་བསྐུལ་ངོར་བླ་བྲང་དུ་ཕྱིན་ནས་སྒྱུ་འཕྲུལ་ཞི་ཁྲོ། འདུས་མདོ། སེམས་སྡེ་རྣམས་ཀྱི་དབང་ལུང་ཚང་བ་བྱས། སྡེ་མདུན་ནས་བཀའ་ཕེབས་ལྟར་དགོན་ཆེན་དུ་ཕྱིན། ཁྲོ་རོལ་ཟློག་པ། གཡང་སྐྱབས། དབང་གསན་དགོས་རིགས་བཞེད་སྐོང་གྲུབ། ཁང་སར་མཁན་པོ་ནས་ཀྱང་དབང་ཀ་འགའ་ཞིག་གསན་འདུག་པ་རྣམས་གྲུབ་ནས་འདི་ལོ་རྟེན་བཞེངས་འགའ་ཞིག་གི་དོན་ཞར་བྱུང་འབྲུ་བསོད་ལ་ཕྱིན། ཨ་ལོ། རྔད། འཛོམ་ཐོག །ཚེ་ཚ་ནས་དཔེ་ཝར་བར་དུ་ཕྱིན། སྦྱིན་བདག་མང་པོའི་རེ་སྐོང་བྱས། ལྕགས་རྟ་གནམ་ལོ་གསར་ཚེས་ལ་ཨ་རབ་གནས་གོ་དཱ་བ་རིར་གནས་ཆེན་བྱིན་འབེབ་བྱས། དཔེ་ཝར་དགོན་དང་དཔལ་སྤུངས་རྣམས་སུའང་དབང་ཁྲིད་གང་དགོས་གྲུབ་ནས་ཡང་ཁྲོད་དུ་འཁོར། ཟླ་བ་དང་པོའི་མཇུག་ཏུ་བླ་བྲང་སྐུ་རིམ་ལྷ་གསར་དུ་ཁྲོ་རོལ་བཅས། གཉིས་པར་ཡང་ཁྲོད་དུ་དབོན་སྤྲུལ་སྐུ་རིམ་ཚེ་སྒྲུབ་བླ་བླུ་བདུན་གཅིག་དང་ཚེ་དབང་ཡང་ཉིན་རེ་བཞིན་བགྱིས། སྡེ་དགེར་ལུང་བརྟགས་མང་པོར་འགོང་པོ་ཨར་གཏད་བབས་པས་ངོས་ལ་དགོས་ཚུལ་སྔོན་རྗེས་ལན་གྲངས་བཞི་ཙམ་གསུང་བྱུང་བ། དེ་སྔ་ནུས་ལྡན་མང་པོས་ཨར་གཏད་མ་ཕོད་ལུས་ཚུལ་གྱི་རྒྱུ་མཚན་དང་། ཕྲན་ལ་དེ་བྱེད་པའི་ནུས་པ་ཕྲ་མོའང་མེད་པས་དགོངས་ཁྲོལ་ནན་དུ་ཞུས་ཀྱང་མ་བྱུང་བའི་རྗེས་མ་ཞིག་ལ་བར་ཆད་ཀྱི་གཡུལ་ལས་རྒྱལ་བའི་རྟགས་མཚན་བཟང་པོ་ཞིག་མཐོང་ནས་ཁས་ལེན་ཞུས། འགྲོ་ཆས་བྱེད་སྐབས་རིག་འཛིན་སྒྲོན་མ་ལ་ཆམ་རིམས་ལྟ་བུའི་མཐར་གློ་བུར་དུ་ཤེས་པ་འཁྲུལ་ནས་ཐུན་ཤི་ཕོག །སྨན་རིམ་གང་དྲགས་བྱས་པས་དེ་སྐབས་དྭངས་སོང་ཡང་ཕྱིས་འགྲུལ་སྣ་སོགས་ཀྱིས་དུས་རྒྱུན་དུ་ནད་ཁམས་ཐུ་བ་ཞིག་བྱུང་། རང་ཉིད་ཁ་མཁོས་དམན་སྟབས་སྔར་མཚམས་དམ་པོར་སྡོད་སྐབས་ནས་ལག་གཡོག་ཐབས་མ་ཆག་ཙམ་རེ་ལས་གྲྭ་པ་གྲུལ་བཏུབ་སུའང་མེད། ཕྱིས་རྟེན་བཞེངས་བཟོ་ལས་ཇེ་མང་སོང་སྐབས་ཀྱང་བཅའ་ཁ་ཕྲན་བུ་རྣམས་མ་རྒན་ནས་མགོ་ལྟས་མ་གཏོགས་གཉེར་ཕྱག་ཟེར་བ་སོགས་བླ་ཆེན་དང་བླ་བྲང་གི་ལུགས་གང་ཡང་མེད། གྲྭ་པའང་རང་ལས་དྲགས་པ་ཞིག་ཡོད་ན་མགོ་བཅའ་ཚུར་ལ་བྱེད། རང་ལས་ཞན་པས་ནི་རྐུན་རྫུན་སོགས་མགོ་མི་ཐོན། རང་མཉམ་རྣམས་ཀྱང་དུས་དབང་གིས་ངོ་ལྐོག་མི་ཐུབ་པ་དང་ཡུན་རིང་འགྲོགས་ཐུབ་ཀྱི་བརྟན་པོ་མི་རྙེད་འདུག་པས། གྲྭ་པའི་རྩོལ་བ་མ་བྱས་པར་མ་རྒན་མེད་ཕྱིན་ཚ་མོ་འདི་ལ་དེ་ཚབ་བཅོལ་བ་ཡིན། དགོན་ཆེན་ལ་ཚེས་བཅུ་དགུར་ཕྱིན་པའི་སྔ་ཉིན་ཐང་རྒྱལ་ལྷ་ཁང་ནས་ཚེ་འབར་བལྟམས་མ་ཐག་ཕྱུར་པའི་ཆོ་འཕྲུལ་ཡང་བྱུང་འདུག །ཉི་ཤུ་ནང་དེར་སྲིབ་དགོན་དུ་དཔོན་སློབ་ཁ་ཤས་འཚོགས་ནས་ཨར་གཏད་བདུན་གཅིག་བསྒྲུབས། ཉེར་དགུ་ལ་མནན་པ་དང་འགོང་པོ་བརྫང་འདེབས་ཀྱང་བྱས། ཕྱིར་ཉིན་དྲག་སྲེག་དང་ཡར་ངོར་ཞི་བསང་སོགས་མཐའ་རྒྱས་གྲུབ། འདི་སྐབས་ཁང་སར་མཁན་པོའི་མནལ་ལྟས་སུའང་རྒྱལ་གདོན་ལྟ་བུ་གྲངས་མེད་པ་དགོན་ནས་གཞན་དུ་སྐྱས་ཐེག་སོང་བ་བྱུང་གསུངས། ལམ་འགྲོ་ལེགས་པ་བྱུང་ཡང་འདི་རིགས་རེ་ཞིག་ཞི་བ་ལས་རྗེས་སུ་འཕར་ལྡང་བྱུང་དུས་སླར་ཡང་མནན་པ་སོགས་གསོ་མ་ཐུབ་ན་གཏན་དུ་ཕན་ཐོགས་པ་ཞིག་མི་འོང་བ་ཡིན་འདུག །དེ་སྐབས་གཙུག་ལག་ཏུ་ཞབས་བརྟན་ཀྱང་གནང་། སླར་ཡང་གཏེར་གསར་མ་མོ་སྤྱི་བསྡུས་ཀྱི་མདོས་ཆེན་གཏང་དགོས་གསུངས་པ་ལྟར་བཅའ་གཞི་བསྒྲིགས་ནས་མདོས་ཆེན་རྩ་བ་ཡན་ལག་རྒྱས་པར་བཏང་། དེང་སང་སྤྱི་རིམ་ལ་འདི་ཤིན་ཏུ་ལེགས་པ་ཡོད། གཡང་སྐྱབས་དང་དབང་སོགས་བཞེད་སྐོང་གྲུབ་ནས་སླར་ཕྱིན། ཟབ་མོ་ནང་དོན་གྱི་འགྲེལ་པ་འབྲི་བ་དང་། ལྷག་བསམ་ལའང་སྒྲ་ཙཱནྡྲ་པ་བསླབ་པ་སོགས་ཀྱི་དབུ་ཚུགས། ཟླ་བ་ལྔ་པར་ལྕང་རའི་བུམ་སྒྲུབ་ལ་འོང་དགོས་གསུངས་པ་ལྟར་ཕྱིན། དྲུག་པར་དགོན་ཐོག་བུམ་སྒྲུབ་ལའང་ཕྱིན་ཀྱང་གྲིབ་སྲིན་འཕར་བས་ཉིན་ཁ་ཤས་འཚོགས་ལ་མ་ཕེར། འདི་སྐབས་གནས་བརྟན་སྒང་ནས་གཏེར་ཆེན་ཞིང་ཁམས་སུ་གཤེགས་པའི་སྐད་ངན་སླེབས། སྒྲུབ་པ་གྲོལ་རྗེས་འཚོགས་པར་གཙུག་ཏོར་དྲི་མེད་ཀྱི་དབང་ལུང་ཡང་བྱས། བླ་མ་ཀརྨ་གསལ་བྱེད་ལས་དོལ་པོའི་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང་ཞུས། ལོ་སྔ་རྗེས་འདི་རྣམས་སུ་རྒྱུན་དཀོན་ཅིང་སྔར་མ་ཐོབ་པའི་དབང་ལུང་མང་པོ་བླ་མ་རྣམས་ལས་ཞུས། ཟབ་མོ་ནང་དོན་དང་རྣམ་ཡེ་འབྱེད་པ་སྙིང་པོ་བསྟན་པའི་གཞུང་རྣམས་ཀྱི་འགྲེལ་པ་བརྩམ་གྲུབ་པར་བགྱིས། ནང་དོན་ལ་རང་འགྲེལ་ནི་དཀའ་འགྲེལ་དུ་སོང་བ་དང་བརླིང་ཆེ་བས་གོ་དཀའ། ཞྭ་དམར་ལྔ་པའི་སྟོང་ཐུན་ལའང་ཚིག་འགྲེལ་རྫོགས་པར་མི་བཞུགས། འགྲེལ་པ་གཞན་མང་ཡང་ལུང་རྒྱུན་ཙམ་ཡང་མི་བཞུགས་པ་དང་རྒྱས་བསྡུས་འཚམ་པ་མི་སྣང་། ཕྲིན་ལས་པ་དང་པོའི་ཉིན་བྱེད་འོད་ཕྲེང་འདུས་ཤིང་གསལ་བས་དེ་ཉིད་གཞིར་བཞག་པ་ལ་མཚུར་ཕུ་འཇམ་དབྱངས་ཆེན་པོའི་གསུང་སྒྲོས་ལོ་ཆེན་བསོད་ནམས་རྒྱ་མཚོས་ཟིན་བྲིས་བཏབ་པའི་ལེགས་བཤད་ཁྱད་པར་ཅན་དང་། རྗེ་ཆོས་ཀྱི་འབྱུང་གནས་ཀྱིས་གསུང་བཤད་གནང་སྐབས་ཚེ་དབང་ཀུན་ཁྱབ་ཀྱིས་ཟིན་བྲིས་བཀོད་པའི་ཟབ་གནད་སོགས་ཀྱང་འཐུས་པར་བྱས། དབྱར་གནས་སྐབས་སྡོམ་གསུམ་དང་ནང་བརྟག་རྒྱུད་གསུམ་གྱི་བཤད་པ་ཚང་བ་རྒྱུད་མཆོད་བཅས་བྱས། རྒྱུད་བརྟག་གཉིས་ཀྱི་སྤྱི་དོན་ཡང་རིམ་པར་བྲིས། འདི་སྐོར་རྡོ་རྗེ་འཆང་པདྨ་ཉིན་བྱེད་ཤིན་ཏུ་དགྱེས་པས་ཤེལ་ཕྲེང་སྐེ་ལ་བཀོན་ནས་དབུགས་དབྱུང་བསྩལ་བ་སོགས་རྨིས་ལྟས་ལེགས་པ་བྱུང་། ཟླ་བ་དགུ་པར་སྡེ་དགེའི་རྒྱལ་ཁབ་ཏུ་བོད་ནས་བཀའ་བློན་མདོ་མཁར་བའི་སྲས་མོ་བཙུན་མོར་བྱོན་རྒྱུའི་ཉེན་སེལ་རིམ་གྲོར་འོང་དགོས་བཀའ་ཕེབས་ལྟར་ཕྱིན་ནས་ཐུགས་བཞེད་ཐམས་ཅད་བསྐངས། བཅུ་པར་སྐུ་ཞབས་མཆོག་སྤྲུལ་དབུས་ཕེབས་མཛད་པར་ཚེ་དབང་སོགས་རྐྱེན་སེལ་ཕུལ། འབྲི་ཆུ་ཁ་བར་ཆིབས་སྐྱེལ་ཞུས་ནས་ཕྱྭ་གཡང་གཞིས་ཀར་སོང་། ཞེ་ཆེན་རབ་འབྱམས་གཉིས་པའི་བཀའ་འབུམ་པོད་དགུ་ལུང་རྒྱུན་ཆད། ངོས་ནས་སྔར་དབོན་སྤྲུལ་རིན་པོ་ཆེའི་མདུན་ནས་ཐོས་པ་རྫོགས་ཆེན་རྡོ་རྗེ་རབ་བརྟན་ནས་ཤེས་ཡོད་འདུག་པས་དཔེ་རྣམས་བཀལ་ནས་སླེབ་བྱུང་བས་ལུང་ཚང་མ་བཀླགས། འདི་སྐབས་སྐུ་ཞབས་རིན་པོ་ཆེར་རྒྱལ་གནོད་གཙོར་གྱུར་གྱི་བར་ཆད་ཆེན་པོ་འབྱུང་བའི་ལྟས་དང་། རང་གི་མ་རྒན་འདྲ་བ་ཞིག་གིས་འདི་ལོ་བོད་ཕེབས་མ་ལེགས་ཚུལ་སོགས་ལུང་བསྟན་འདྲ་བ་མང་པོ་ཤིན་ཏུ་ཁྲོས་ནས་བརྗོད་པའི་རྨི་ལམ་བློ་ཚབ་ཚུབ་ལྡང་བ་བྱུང་། སླར་འཁོར་ནས་སྐུ་ཞབས་རིན་པོ་ཆེས་བཀའ་བརྟགས་གནང་བ་ལྟར་གྲོ་ལོད་ཡས་ཟོར་དང་གསོལ་ཁ་འཕར་མ་སོགས་གྲུབ་ནས། རྗེ་བླ་མའི་བཀའ་ལྟར་དིལ་མགོར་ལྕམ་སྲིང་མ་འཚོ་བའི་དགེ་སྒྲུབ་དང་། སྦྱིན་བདག་གཞན་འགའི་རེ་སྐོང་ཆེད་རྨེ་རྟིང་སྐོར་དུ་ཁྱུགས་ཙམ་ཕྱིན་ནས་རྫོང་སར་དུ་ཀུན་མཁྱེན་བླ་མ་རིན་པོ་ཆེའི་ཞབས་པད་དུ་གཅར། དབང་ལུང་གསན་དགོས་མང་དུ་ཕུལ། ཚུར་ལའང་དབང་ལུང་མང་དུ་བསྩལ། ཁྱད་པར་ལུང་དོན་ལྟར་སྒྲོལ་མའི་ཟབ་ཏིག་གི་དབང་ལུང་ཁྲིད་བཅས། དག་སྣང་གསར་བྱུང་རྩ་གསུམ་རིགས་འདུས་ཟབ་ཏིག་གསར་བབས་དང་དེའི་དབང་ལུང་གནང་། སྔགས་སྲུང་དངོས་ཐིམ་གྱི་ཞལ་ཐང་གནང་བ་དང་ཆབས་ཅིག་སྔགས་སྲུང་མའི་སྲོག་གཏད་གནང་སྐབས་དངོས་སུ་བྱོན་པ་ལྟ་བུའི་འཇིགས་ཟིལ་དང་། དབུགས་འཚང་ཞིང་འགུལ་མི་ཤེས་པ་བྱུང་། དཔལ་སྤུངས་བསྟན་དོན་བརྟག་པ་ཞུས་པར་རི་བོ་སྲིན་ཟོས་སོགས་མནལ་ལྟས་ཅུང་ཞན། ལྕགས་ལུག་གནམ་ལོ་གསར་ཚེས་ཀྱི་ཟླ་བ་དང་པོའི་ཚེས་གཅིག་ལ་པདྨ་འོད་གསལ་མདོ་སྔགས་གླིང་པས་ཀུན་བཟང་ཞི་ཁྲོ་དགོངས་པ་ཀུན་འདུས་ཀྱི་རྩ་བའི་དབང་ཡིན་གསུང་བའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བའི་བར་དུ་དབང་ཕྲིན་ཁྲིད་སོགས་ཚང་བ། ཆོས་ཚན་བཅོ་ལྔ་ཡོངས་རྫོགས་ཀྱི་དབང་ཡིན་སྙམ་པ་ཞིག་ཐོབ་པ་རྨིས་པའི་ཕྱིར་ནངས། དགོངས་གཏེར་རྩ་གསུམ་དགོངས་པ་ཀུན་འདུས་ཀྱི་ཆོས་སྐོར་འགའ་ཞིག་གི་དཔེ་མཇལ་ཁ་གནང་ནས་ཆོས་བདག་ཡིན་པའི་དབུགས་དབྱུང་བསྩལ། མཆོག་གླིང་ཟབ་གཏེར་ཡང་ཟབ་སྐོར་བདུན་གྱི་ཐོག་མ་བླ་མའི་བྱིན་རླབས་དང་། མར་ལུགས་རྡོར་སེམས་ཧེ་རུ་ཀའི་བྱིན་རླབས་སོགས་ཀྱང་གནང་། རང་ནས་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་བཀའ་སྲོལ་ཞུས་ཐོབ་བྱས་པ་རྣམས་ཆུད་ཟོས་མ་སོང་བར་དབང་ཁྲིད་གདམས་ངག་གཙོ་ཆེ་བ་རྣམས་ཕྱོགས་བསྒྲིག་ཅིག་གྲུབ་ན་ཅི་འདྲ་སྙམ་པའི་གནས་ཚུལ་ཞུས་པས། ཁོང་ནས་ཁྲིད་ཡིག་པུསྟི་ཉི་ཤུ་ལོངས་པ་བྲིས་ཡོད་ཀྱང་དབང་སོགས་ཁ་ཚང་བ་མེད་ཅིང་ཉོབ་ཆེ། ཁྱོད་ཀྱིས་དེ་ལྟར་ཤིན་ཏུ་ལེགས་པས་དེ་ལྟར་བསྒྲིགས་ནས་གདམས་ངག་མཛོད་དུ་གདགས་དགོས་གསུངས། ལམ་འབྲས་པོད་དམར་ནག་སོགས་ཀྱི་ལུང་དང་གདམས་ངག་མཛོད་པོད་བཅུའི་ཐོ་བཀོད། གཏེར་མཛོད་གདམས་མཛོད་རྣམས་ཀྱི་བརྒྱུད་ཡིག་ཀྱང་ཞིབ་ཆ་མཛད། ལམ་སྐོར་བརྒྱད་ལ་ཁྲིད་ཡིག་ཅིག་བྲི་དགོས་ཞེས་ཕེབ་ཅིང་ཁས་བླངས་ཞུས་པའི་ཚེས་དགུའི་ནུབ་རྗེ་བླ་མའི་མནལ་ལྟས་སུ། རྒྱ་གར་གྱི་སྨན་ལྗོངས་ཙནྡན་དང་ཨ་ག་རུའི་ནགས་ཚལ་ཡིད་དུ་འོང་བ་འཁྲིགས་པ་ཞིག་ན། ཨ་ག་རུའི་ཁྲིའུ་ཞིག་གི་ཁར་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ཉིད་ཆོས་གོས་གསོལ་ཞིང་བག་དྲོ་གཟི་བརྗིད་འཛུམ་མདངས་བཅས་བཞུགས་པ་ལ་གུས་པས་བཏུད་པ་ན། ཞལ་ནས། ཀོང་སྤྲུལ་རིན་པོ་ཆེ་དང་ཁྱེད་རང་གཉིས་ནས་ལམ་འབྲས་རྩོམ་པ་ཤིན་ཏུ་ལེགས་གསུངས། ངེད་དཔོན་སློབ་ཀྱིས་ལམ་འབྲས་རྩོམ་པ་མིན། དེ་ལོ་ནས་བཟུང་ལམ་འབྲས་ཀྱི་དབང་ལུང་ཁྲིད་གསུམ་མདོ་ཚང་ཙམ་བྱས་པ་ལགས་ཞུས་པས། མ་གསན་པ་ལྟར་མཛད་ནས། ལམ་འབྲས་རྩོམ་པ་དེ་ཤིན་ཏུ་ལེགས། སྔོན་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་ལམ་སྐོར་དགུ་ཀ་ལ་ཁྲིད་ཡིག་མཛད་པར་བཞེད་ཀྱང་རྩ་བའི་ཁྲིད་ཆེན་བཞི་པོ་མ་གཏོགས། ལམ་སྐོར་ཕྱི་མ་བརྒྱད་ལ་ཁྲིད་ཡིག་མཛད་རྒྱུ་མ་བྱུང་བས་ད་རེས་དེ་ཐོན་ན་བླ་མ་དམ་པའི་ཡང་དགོངས་པ་སྐོང་བར་འགྲོ་རྒྱུ་རེད། འདི་ལམ་འབྲས་སྙན་བརྒྱུད་ཀྱི་གླེགས་བམ་ཡིན་པས་འདིའང་ཀོང་སྤྲུལ་ལ་ཕུལ་དགོས་གསུངས་ནས་གླེགས་བམ་འབྲིང་ཚད་དམར་པོ་ཞིག་སྐུ་མཆན་ནས་བཏོན་ཏེ་ཕྱག་ཏུ་གནང་། དེར་སྔོན་ཆད་ལམ་འབྲས་སྙན་བརྒྱུད་ཟེར་བ་ཡོད་པ་མ་ཚོར་བས་ཐུགས་ཉམས་མཚར་བ་ཞིག་བྱུང་བ་དང་། འདི་ཀོང་སྤྲུལ་ལ་གཏད་དགོས་པའི་རྒྱུ་མཚན་ཅི་ཡིན་དགོངས་པར། ཞལ་འཛུམ་སྟེ། ཀོང་སྤྲུལ་ངེད་རང་ཚང་ཡིན་མོད་གསུངས། ངེད་རང་ཚང་སུ་ཡིན་ཅེས་གསུང་མཐོ་བ་ཞིག་ཞུས་པས། མུས་ཆེན་སངས་རྒྱས་རིན་ཆེན་ཡིན་གསུངས། དེར་ཐུགས་དགོངས་ལ་སངས་རྒྱས་རིན་ཆེན་འཇམ་མགོན་ཀུན་དགའ་གྲོལ་མཆོག་དགུང་ལོ་བཅུ་གཅིག་བཅུ་གཉིས་སྐབས་བདེ་མཆོག་སོགས་ཞུས་པའི་བླ་མ་ཡིན། གྲོལ་མཆོག་སྤྲུལ་སྐུ་ཏཱ་ར་ནཱ་ཐ། དེའི་སྐྱེ་བ་ཀོང་སྤྲུལ་ཡིན་པས། གྲོལ་མཆོག་དང་སངས་རྒྱས་རིན་ཆེན་ཐུགས་རྒྱུད་གཅིག་པ་འདྲ་ཡིན་ན་མ་གཏོགས་སྐྱེ་བ་ཡིན་མི་ཤེས་པ་འདྲ་དགོངས་མ་ཐག་ཏུ། འོ་དེ་ལགས་སོ། །མུས་ཆེན་སངས་རྒྱས་རིན་ཆེན་དང་ཀུན་དགའ་གྲོལ་མཆོག་གཉིས་ཐུགས་རྒྱུད་གཅིག་པ་ཡིན་གསུངས་པ་ཞིག་རྨིས་གསུངས། ཉིད་ཀྱིས་ཤངས་ཟབ་བུ་ལུང་ནས་སྤྱན་དྲངས་པའི་འཕགས་པ་ཀླུ་སྒྲུབ་ཀྱི་ཐུགས་དམ་རྟེན་སྒྲོལ་མ་གསུང་འབྱོན་མ་སོགས་སྐུ་རྟེན་ཁྱད་འཕགས་ལྔ། གདམས་ཁྲིད་པུསྟི་བཅུ་གཉིས། ཐུགས་རྟེན་ཟུང་སོགས་གནང་ནས་ཤིས་བརྗོད་རྒྱས་པར་མཛད། དེ་རྣམས་སྤྱན་དྲངས་ཏེ་ཡང་ཁྲོད་དུ་ཕྱིན། འདོན་བྱ་དང་ཁྲིད་སོགས་སྔར་རྒྱུན་ལྟར་བགྱིས། མཁན་བླ་མ་བཀྲ་ཤིས་འོད་ཟེར་ཀུན་སྤངས་པར་བཞུགས་ཀྱང་གཞན་ལ་དགེ་བསྐུལ་གྱིས་གཡུ་ཐོག་བཀྲ་ཤིས་གནས་ནང་དུ་སྒྲུབ་ཆེན་མཛད་བཞེད་ལ་ཕྱིན། གནས་རྒྱབ་སྔ་དྲོ་བགྲོད་སྐབས་ཤར་ནུབ་སྦྲེལ་བའི་འཇའ་ཚོན་སྣ་ལྔ་སྣེ་གཉིས་ཁ་དབྲག་ཏུ་སོང་བ་ཉི་ཤར་ནས་ཉིན་གུང་བར་སྡོད་སོང་། ཐོག་མར་གནས་རྩེར་བསང་བརྔན་དང་ལྷ་སྲིན་དམ་བསྒྲགས་བགྱིས། གནས་མཐིལ་དུ་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྒྲུབ་ཆེན་ཟླ་བ་གཉིས་པའི་ཚེས་བརྒྱད་ལ་གྲུབ་ནས་གནས་ཆེན་བྱིན་འབེབ་ཀྱང་གཟབ་གཏད་བགྱིས། དཔལ་འབྱོར་སྒང་དུ་བླ་མ་བཀྲ་ཤིས་གཙོར་བཞུགས་འདུས་པ་རྣམས་ལ་ཀར་ལུགས་དཀྱིལ་འཁོར་ཡོངས་རྫོགས། གཏེར་གསར་ཐུགས་སྒྲུབ་རྩ་བ་ཡན་ལག་བཅས་པའི་དབང་ཚང་བར་བགྱིས་ནས་རང་གནས་སུ་སླེབས། སྔ་ལོ་རིག་འཛིན་སྒྲོན་མ་ལ་ཁྱེའུ་རྟགས་ཅན་ཞིག་ཡོད་འདུག་པ་འདི་རེས་རྗེ་བླ་མ་རིན་པོ་ཆེར་མིང་ཞིག་གནང་བར་ཞུས་སྐབས། ན་ནིང་ཐོ་རངས་བུད་མེད་ཅིག་གིས་རིག་འཛིན་སྒྲོན་མའི་བུ་དེ་རོང་པ་རྒྭ་ལོའི་སྐྱེ་བ་ཡིན་ཟེར་བ་ཞིག་བྱུང་བས་དེའི་མཚན་རྣམ་རྒྱལ་རྡོ་རྗེ་ཡིན་པས་དེ་ལྟར་བཏགས་པ་ལེགས་གསུངས་འཇམ་དབྱངས་རྣམ་རྒྱལ་རྡོ་རྗེ་ཞེས་མིང་བཀྲ་ཡོད་པའི་ཤིས་བརྗོད་ཕྱག་རྟགས་ཅན་བསྩལ། རྗེས་སུ་དུས་འཁོར་མཁན་པོ་ཞིག་འོང་དགོས་གསུངས། ཟླ་བ་གཉིས་པར་རྡོར་སེམས་སྒྲུབ་ཆེན་རིལ་སྒྲུབ་བཅས་བགྱིས། ཉག་ཁོག་སྤྱི་ཁྱབ་ཕུན་རབ་པ་རྗེ་བླ་མ་མཇལ་བར་བྱོན་ཡོད་འདུག་པས་འོང་དགོས་གསུངས་པ་ལྟར་ཕྱིན། རྗེ་རིན་པོ་ཆེའི་མདུན་ནས་བུ་ལུགས་དུས་འཁོར་དབང་དང་། ཀློང་ཆེན་སྙིང་ཐིག་གི་དབང་ལུང་ཁྲིད་བཅས་ཚང་བ་གནང་འདུག་པ་ཞར་བྱུང་ཐོབ། སྤྱི་ཁྱབ་ནས་ཚེ་སྒྲུབ་ཅིག་དགོས་གསུངས་པ་ཞག་བཅུ་ཙམ་དང་ཚེ་དབང་མང་དུ་བགྱིས། རྗེ་བླ་མར་ཕུར་པ་རྒྱུད་ལུགས་དེའི་དབང་ཞིག་ཞུས་པར། མནལ་ལྟས་སུ་རྩ་བརྒྱད་པ་རྡོ་རྗེ་སེངྒེས་ཕུར་པའི་སྒོ་ནས་བླ་མའི་སྐུ་ཚེ་བསྲིང་བའི་ལོ་རྒྱུས་དེ་བཤད་པར་བྱུང་བས། དབང་སྒྲུབ་ཞར་བྱུང་ཞིག་ཀྱང་མཛད་སྐབས་དག་སྣང་དུ་སྣ་ནམ་རྡོ་རྗེ་བདུད་འཇོམས་ལས་ཉེ་བརྒྱུད་གསན་པར་བྱུང་འདུག་ཅིང་དབང་བསྐུར་རྒྱས་པར་བསྩལ། སླར་ཕྱིན་ནས་དགོན་ནང་ས་ག་ཟླ་བར་བུམ་སྒྲུབ་ཁྲོམ་དབང་བཅས་བགྱིས། ཕུན་རབ་པའི་བསུ་མ་འབྱོར་བས་རྫོང་སར་དུ་ཁོང་པས་ཀུན་མཁྱེན་བླ་མ་རིན་པོ་ཆེར་ཞབས་བརྟན་ཕུལ་བའི་ཆོ་ག་པ་བྱས། ཁོང་གིས་དངུལ་ཆུ་བཙོ་བཀྲུ་ཆེན་མོ་བྱ་རྩིས་ཀྱིས་བྱེད་ལུགས་བསླབ་སྟོན་ཞུས་འདུག་པ། ཁོང་ནི་ད་ཕྱིན་སྒོ་ཐེམས་འདི་བརྒལ་ནས་བྱོན་རྩིས་མིན། གཞན་ངེད་རང་མ་གཏོགས་ལག་ལེན་ཤེས་མཁན་སུའང་མེད་ཚུལ་གསུངས་པ་ལ་བརྟེན་ངེད་རང་ཉག་ཁོག་མ་འོང་ཐབས་མེད་སྨྲས་སོང་། འདི་སྐབས་རྨེ་ཤོད་ཧག་མདའི་ཁང་ལེབ་ཞིང་བདག་ཕུན་རབ་པའི་བཀའ་བཀྱོན་ཕོག །ཞིང་ཚང་མ་ཡང་ཁྲོད་དུ་ཀླ་ཀློའི་ཁ་གནོན་ལོ་བསྟར་དུས་འཁོར་སྒྲུབ་མཆོད་ཚུགས་དགོས་པའི་ཐེབས་སུ་སྦྱར་སོང་། ངེད་རང་དཔོན་སློབ་བགྲོས་ནས་དགོས་ཆའི་རྫས་ཐོ་ཞིབ་པར་བཀོད་ནས་སྤྲད། དེ་སྐབས་ཆར་དཀོན་པས་ཆར་སློང་སོགས་འདོན་བྱ་མང་། འདི་ལོར་ཙ་འདྲའི་གནས་འདུས་ཡིན་པས་བསྐོར་བའི་ཕན་ཡོན་སོགས་ལོ་རྒྱུས་ཡི་གེ་མཛད་སོང་བའང་སྒོ་ཡིག་བྱས། ཚུར་སླེབས་ནས་ཟླ་བ་དྲུག་པའི་ནང་དབོན་སྤྲུལ་སོགས་ངེད་རང་དཔོན་སློབ་ཆ་ཤས་བསྐོར་ལམ་གཏོད་པར་ཕྱིན། དགོས་ཆས་རྣམས་དང་བསང་གསེར་སྐྱེམས། ཚོགས་སྨོན་ལམ་སོགས་བཤད་ཚོད་ལྟར་བྱས། བྱང་སྒོའི་ལྗོན་པའི་དྲུང་བསང་གསེར་སྐྱེམས་བགྱིས་སྐབས་ཤར་ཕྱོགས་ནམ་མཁའ་ཕྱེད་ཁེབས་པའི་འཇའ་སྤྲིན་སྔོ་ལྗང་འདྲེས་མས་གཞི་བྱས་པ་ལ་ཁ་དོག་སྣ་ཚོགས་འདྲེས་པས་ལྷོ་བྱང་གཉིས་སྦྲེལ་བ་སྔ་དྲོའི་ཡུན་ལ་བསྡད། སྔར་མཆོག་གླིང་གཏེར་བྱོན་གྱི་གནས་ཡིག་ཏུ་མེད་ཀྱང་ཕྱིས་རྗེ་བླ་མའི་གཏེར་བྱོན་དཔལ་དེའུ་དང་སྐུ་རྗེས་རྣམས་ཀྱི་དཀར་ཆག་ཡོད་པ་ལྟར་སྐུ་རྗེས་བཙལ་བས་རྙེད། གཞན་ཡང་བཀྲ་ཤིས་དཔལ་ཕུག་དང་། ཨ་དཀར་ཐོག་ཚད་ཙམ་པ་སོགས་སྔར་མེད་པའི་རང་བྱོན་འགའ་ཞིག་ཀྱང་རྙེད། ཟླ་བ་དྲུག་པ་ནས་ཉིན་རེ་བཞིན་ཕྱི་དྲོ་འཇའ་དཀར་སྐུ་ཤ་ལྟ་བུ་ནུབ་ནས་ཤར་དུ་ཇེ་རྒྱས་སུ་སོང་བས་ནམ་མཁའ་ཕྱེད་ཁེབས་པ་སྟུད་མར་བྱུང་། གནས་བསྐོར་བ་ཤིན་ཏུ་མང་པོ་བསྐོར་ལམ་བར་མེད་དུ་འཁོར་བ་འདུས། ཐམས་ཅད་རྩོད་འཛིང་སོགས་མེད་པ་དང་ཞྭ་ལོང་ཁུར་ཁྲིད་དགོས་པ་རྣམས་ཀྱང་རོང་བཞི་འཕྲང་བརྒྱད་སོགས་ནས་བསྣད་ཡར་ཅུང་ཟད་ཀྱང་མ་བྱུང་བས་གྲུབ་རྟགས་ཡིན་བྱས་ཀྱང་ཆོག་པ་ཞིག་བྱུང་། འདི་སྐབས་ཡང་ཁྲོད་དུ་སྒྲོལ་སྐུ་ཞལ་མཇལ་དང་འགྲིམ་མང་གཏུགས་འགྲུལ་ཟིང་ཆ་ཆེ་བས་ཉིན་འཕུལ་བ་ཤ་སྟག་བྱུང་། རེ་ཏཱིའི་མཚོ་ལ་ཆར་སློང་ཕྱིན་སྐབས་མཚོ་ཐད་དུ་སྤྲིན་ཆོས་འབྱུང་དབྱིབས་ཅན་ཡུན་རིང་བསྡད་པ་གནས་བསྐོར་མཁན་རྣམས་ནས་མཐོང་སྐད། ཆར་ཡང་བབས། དྲུག་པའི་ཚེས་བཅུར་དཔལ་དེའུའི་གནས་ངོ་སྤྲོད་པ་དང་བསྐོར་ལམ་ཡང་གཏོད། དབོན་སྤྲུལ་ཞབས་ཕྱི་གཉིས་ནས་སྦྱིན་བདག་བྱས་ཏེ་ཡང་ཁྲོད་དཔལ་ཆེན་ལྷ་ཁང་དུ་བླ་མ་དགོངས་འདུས་ཀྱི་སྨན་སྒྲུབ་ཚུགས། ཉིན་གཉིས་པའི་ནངས་མོར་སྐྱོན་མེད་པར་སིལ་སྙན་ཆག་འདུག་པ་ཕྱིས་ཁོང་དཔོན་སློབ་ལ་རྐྱེན་ཆག་ཡོད་པའི་ལྟས་སུ་སྣང་། ཟླ་བ་བདུན་པར་ལྷ་རུའི་སྡེ་སྤྱིའི་རིམ་གྲོ་དང་འབྲེལ་བར་དབུ་ཆེ་རྩེར་བཀའ་ནན་རབ་བརྗིད། བསང་བརྔན་ཁེངས་མདོས་སོགས་བཏང་ནས་གཏེར་གསར་ཐུགས་སྒྲུབ་ལྟར་གནས་ཆེན་བྱིན་འབེབ་རྒྱས་པར་བྱས། རྒྱལ་ཁབ་བདེ་ཐབས་སུ་དམིགས་ནས་མ་མོ་སྤྱི་བསྡུས་ཀྱི་སྨན་རཀ་གཏོར་གསུམ་གྱི་མདོས་ཀྱང་བཏང་། སྔར་རྗེ་བླ་མ་རིན་པོ་ཆེས་ཙ་འདྲའི་ཡན་ལག་གི་གནས་གསུམ་གྱི་མདོ་བྱང་གཏན་འབེབ་གནང་བ་ཡོད་པ་འདི་རེས་སྐུལ་བ་པོ་བྱུང་བ་ལྟར་གླིང་ཚ་བརྟེན་སྐྱོབ་གནས་པདྨ་དྲྭ་བར་ཕྱིན། འདི་སྐབས་ཀྱང་འཇའ་ཚོན་ཤར་བ་སོགས་ལྟས་དང་རྟེན་འབྲེལ་ལེགས། ཞི་བསང་། ལྷ་སྲིན་དམ་བསྒྲག་གནས་ཆེན་བྱིན་འབེབ། བསྐོར་ལམ་གཏོད་ཅིང་གནས་ཀྱི་ངོ་སྤྲོད་བྱས་ནས་སླར་ཕྱིན། དབྱར་གནས་ཁང་དུ་དབྱར་ཞུགས་མཁན་རྣམས་ལ་སྡོམ་གསུམ། རྒྱུད་བླ་མ། ཟབ་མོ་ནང་དོན། དགྱེས་རྡོར་དབང་སྔོན་དུ་འགྲོ་བའི་རྒྱུད་བཤད། ཤེས་བྱ་ཀུན་ཁྱབ་མདོར་བསྟན་རྣམས་རིམ་པར་བཤད་གྲུབ་ནས་ཡང་ཁྲོད་དུ་ཕུར་པའི་གནད་ཏིག་གི་བསྙེན་པ་ཁ་གསོ་བགྱིས། ཟླ་བ་བརྒྱད་པར་ཕུར་ཁང་དུ་ལོ་བསྟར་ཕུར་སྒྲུབ་ལ་ཕྱིན། དེ་གྲུབ་མཚམས་བླ་བྲང་སྐུ་རིམ་གུར་དྲག་མེ་འཁྱིལ་ཟློག་པ་དང་སྦྲེལ་མར་རྒྱལ་བསེན་དགུ་སྦྲགས་ཀྱི་མདོས་ཆེན་བཏང་། འཚུབས་ཆེ་ཙམ་བྱུང་། ཕྱོགས་འདུས་ཀྱི་བླ་གྲྭ་ཆེ་ཕྲ་མང་པོར་དབང་ལུང་ཁྲིད་སོགས་འདོད་སྐོང་བྱས། ཡང་ཁྲོད་དུ་བསྙེན་མཚམས་མུ་མཐུད་དང་། ཐུན་བར་ལ་སྔོན་རྩོམ་འགྲེལ་པའི་རིགས་ཞུ་དག་གྲུབ། ཟླ་བ་བཅུ་གཅིག་པའི་གནམ་སྟོང་ལ་བླ་རྒན་གསང་སྔགས་ཞི་བར་གཤེགས་པ་ལ་འབོད་ནན་བྱུང་ཡང་མཚམས་རྒྱ་མ་གྲོལ་བས་མ་སླེབས། ཆོས་དབང་ཡང་དག་བསྙེན་པ་གཏང་བའི་སྐབས་ཨ་རུ་ར་རྣམ་རྒྱལ་རློན་པ་སྙིམ་པ་ཁ་སྦྱོར་ཙམ་རྙེད་པ་དང་། དངོས་གྲུབ་ལེན་ཆོག་གི་ཐོ་རངས་དངོས་གྲུབ་ལེན་ཚུལ་གྱི་བརྡ་དོན་ཤིན་ཏུ་མང་པོ་ཞིག་བཤད་བྱུང་བའི་མཐར་ཡི་དམ་འདི་བསྒྲུབས་ཀྱང་དངོས་གྲུབ་བླ་མ་དགོངས་འདུས་ལས་ལེན་རྒྱུ་ཡིན་ཟེར་མ་ཐག །པདྨ་བཛྲའི་སྐུ་ཆེན་པོ་ཞིག་མཇལ་བ་ལས་འོད་ཟེར་ལྗང་གུའི་སྤྲོ་བསྡུ་བྱས་པ་སོགས་རྨི་ལམ་ཉམས་མཚར་བ་བྱུང་བས་བཀོད། མཆོག་གླིང་ཟངས་བྱང་མ་དང་སྙན་བརྒྱུད་ཡང་དག་སོགས་རིམ་པར་བསྙེན། ནུབ་ཅིག་ལྷ་ཁང་དུ་འཕགས་ཡུལ་གྲུབ་ཆེན་དགུ་པོ་ལྷན་ཅིག་ཏུ་བཞུགས་པ་གཞན་རྣམས་འོལ་ཙམ་ལ། རྡོ་རྗེ་དྲིལ་བུ་པ་ཡུམ་བཅས་དང་། ཀུ་ཀུ་རི་པ་ཡུམ་མེད་པ་ཆེས་གསལ་ཞིང་། ཐམས་ཅད་ཡུམ་གཅིག་ལ་བརྟེན་ནས་ཚོགས་ཀྱི་འདུ་བ་ལ་སྤྱོད་པས་ཡེ་ཤེས་རོལ་པའི་བརྡ་དོན་ངོ་མཚར་བས་སྔར་མེད་ཀྱི་གོ་བ་སྐྱེས་པ་རྨིས། ལོ་བསྟར་གྱི་འདོན་བྱ་རྣམས་ཆག་མེད་དང་ལོ་མཇུག་གཏོར་སྒྲུབ་སྐབས་རྟེན་ཐོད་ཀྱི་བདུད་རྩི་འཕེལ་ཞིང་ཁོལ་ཏེ་ཕྱུར་ལ་ཁད་པར་བྱུང་འདུག །སྐུ་ཞབས་རིན་པོ་ཆེ་ཡང་བོད་ནས་ཕྱིར་ཕེབས་གྲུབ། ཆུ་སྤྲེལ་གནམ་ལོ་གསར་ཚེས་བཅུའི་ཉིན་སྐུ་ཞབས་རིན་པོ་ཆེ་ཕེབས་ནས་སྐུ་སྐྱེས་གནང་། གཏང་རག་དཀོན་སྤྱིའི་ཚོགས་བརྒྱ་ལྷག་ཅིག་མཛད། དབུ་ཐོན་ཕུལ་ནས་ཕྱིར་ཕེབས། འདི་སྐོར་བྱད་ལྟས་འགའ་ཞིག་བྱུང་བར་ཚེ་བདག་གི་དབྱུག་ཏོས་བཅོམ་པ་དང་དྲག་པོ་ཀཱི་ལ་ཡའི་ཏིང་འཛིན་དང་སྔགས་ཀྱིས་བཏུལ་བ་སོགས་རྨིས། ཉེར་གསུམ་ལ་བསྙེན་པ་གྲོལ། ཉེར་བཞི་ནས་དཔོན་སློབ་སུམ་ཅུ་སྐོར་གྱིས་ཡང་དག་བཀའ་མ་སོ་ལུགས་ཀྱི་སྒྲུབ་ཆེན་སྒྲུབ་ཁོག་གསར་བསྒྲིགས་ལྟར་ཚུགས། འདི་སྐབས་རང་བྱུང་མཆོད་རྟེན་བཀོད་པ་ངོ་མཚར་བའི་སྟེགས་བུའི་ཆབ་དྭངས་པ་འཐུང་ཞིང་ཚད་མེད་ཡན་བཏེགས་ནས་མི་མང་པོ་ལ་དབང་སྦྱིན་པ་དང་། དབྱར་ཁ་མེ་ཏོག་སེར་པོའི་ཚལ་ཆེན་རྒྱས་པ་དང་། ཤེལ་རྡོ་མང་པོ་ས་ནས་དོན་ཏེ་རྙེད་པ་དང་། ཞིང་མང་པོ་ལོ་ཏོག་ལེགས་པ་དང་། སྐྱེ་བ་ཕྱི་མའི་བརྡ་དོན་ཉམས་མཚར་བ་སོགས་རྨིས་ལྟས་བཟང་པོའང་མཐོང་། སྒྲུབ་པ་རྣམས་ཀྱང་གྲོལ། ཉག་ཁོག་སྤྱི་ཁྱབ་ནས་གཉེར་པ་བསུ་མི་བཏང་བྱུང་བས་འགྲོ་ཆས་བསྒྲིགས། ཟླ་བ་གཉིས་པའི་ཚེས་བཅུ་གཉིས་ལ་རི་ཁྲོད་ནས་བཏེགས། རྫོང་སར་དུ་རྗེ་བླ་མ་རིན་པོ་ཆེ་མཇལ་བས་མི་ཟད་རྒྱན་འཁོར་ལྔའི་རྟེན་དང་ཞབས་བརྟན་གནང་། དངུལ་ཆུ་བཙོ་བཀྲུ་དང་ཐལ་སྨན་རྣམས་ཀྱི་ལག་ལེན་ད་རེས་ཞར་བྱུང་གསལ་རྒྱས་སུ་བཀོད་དགོས་པ་དང་། རིམ་པར་སྡེབ་སྦྱོར་རིན་འབྱུང་འགྲེལ་པ་སོགས་རིག་གནས་ཀྱི་ཡིག་ཆ་འགའ་ཞིག་ཤེས་བྱ་ཀུན་ཁྱབ་ཡན་ལག་ཏུ་འབྲི་དགོས་པའི་བཀའ་ཕེབས་ཀྱང་བསྩལ། འདི་སྐབས་རྨི་ལམ་དུ། ངོར་དགོན་དུ་སླེབས། ཁང་སར་མཁན་པོའི་ལྷ་ཁང་ཁྱད་པར་ཅན་དུ་གསེར་ལས་གྲུབ་པའི་མཆོད་རྟེན་ཆ་བརྒྱད་དང་མཁའ་སྤྱོད་མའི་སྐུ་དངོས་ལྟ་བུ་མཇལ་བ་དང་། ནུབ་ཅིག་རྒྱལ་དབང་ཆོས་དབྱིངས་རྡོ་རྗེ་བགྲེས་སོང་ཐོར་ཚུགས་ཅན། སླས་ཀྱི་འཁོར་དང་བཅས་པ་མཇལ་བའི་ཞབས་ལ་བཏུད་དེ། བདག་ནི་སྐྱེ་བ་ཐམས་ཅད་དུ། །སོགས་ལན་གསུམ་ཡིད་ཀྱིས་བརྗོད། འདི་ཕྱི་བར་དོ་ཀུན་ཏུ་རྒྱལ་བ་ཀརྨ་པས་ཐུགས་རྗེས་ཟུངས་ཞེས་ངག་གིས་ཞུས་པས་རྗེས་སུ་གདམས་པའང་བསྩལ། གནང་རྒྱུ་ཞིག་ཡོད་པས་ལེན་མི་གཏང་ཤོག་གསུངས་པ་ཞིག་རྨིས། རྫོང་སར་ནས་ཐེག །ལམ་སྐབས་རྟ་ཁོག་ཕ་བོང་བོན་མོར་བསང་དང་ཚོགས་མཆོད་ཕུལ། རི་རྒྱལ་རྫོང་དུ་སླེབས་ནས་བཙོ་བཀྲུའི་ཆས་འཁོར་ཉིན་ཁ་ཤས་བསྒྲིགས། ཟླ་བ་གསུམ་པའི་ཚེས་གཅིག་ཉིན་བསང་གསེར་སྐྱེམས་དང་། གཡུ་ཐོག་སྙིང་ཐིག་ཚོགས་མཆོད་དང་བཀའ་སྲུང་གསོལ་ཁ་བགྱིས་ནས་ལས་འགོ་བཙུགས་པས་འཇའ་ཚོན་ཤར་བ་དང་ཆར་ཐོག་མར་འབབ་པ་སོགས་ལྟས་ལེགས། ལག་ལེན་ཡང་རིམ་པར་བྲིས། བཙོ་བཀྲུ་དང་ཐལ་སྨན་སོགས་ཁ་སྨྲ་མེད་པའི་ལམ་འགྲོ་བྱུང་། ཉེར་མཁོར་དམིགས་ནས་སྨན་གཏང་ལུགས་ཉམས་ཡིག །ཟླ་ཤེལ་ལག་ལེན་ཞིག་ཀྱང་བྲིས། འདི་སྐབས་དཔྱད་དཀའ་བའི་རྨི་ལམ་མཚར་པོ་འགའ་དང་། ནུབ་ཅིག་གཏེར་ཆེན་མཆོག་གྱུར་གླིང་པས་རང་ལ་གནང་བ་སྙམ་པའི་མཁའ་འགྲོའི་སྐོར་གྱི་ཤོག་སེར་ཁྱད་པར་ཅན་གཅིག་ལ་གཟིགས་ནས་བརྡ་འགྲོལ་འགའ་ཞིག་མཛད། འགྲོ་དུས་སྲུང་བ་ཡིན་ཅེས་རིམས་ངན་ཀུན་ཐུབ་སྔགས་རྒོད་ཡིག་ཕྲེང་བཞི་ཡོད་པའི་ཤོག་དྲིལ་ཞིག་གནང་བ་དང་། གནས་གཏེར་གྱི་བཀོད་པ་འགའ་ཞིག་གསལ་སྣང་དང་ཁ་བྱང་ཡང་མཐོང་། བཙོ་བཀྲུའི་བྱ་བ་གྲུབ་ནས་སྨན་བླ་ལོངས་སྐུའི་ཆོ་གས་རབ་གནས་བྱས། སྤྱི་ཁྱབ་པས་གསུང་ནན་ཆེ་བས་ཉག་རོང་བླ་གྲྭ་སྟོང་ཕྲག་སྐོར་ལ་སེམས་བསྐྱེད་ལུགས་གཉིས། བཀའ་བརྒྱད་བདེར་འདུས་དང་དུས་འཁོར་བྱིས་འཇུག་དབང་ཆེན། ཀློང་སྙིང་ཡུམ་བཀའི་བྱིན་རླབས་སོགས་དགོས་ཟེར་ཚད་བྱས། ལས་ཆ་སོ་སོའི་འདོད་སྐོང་ཡང་གྲུབ་ནས་ཡར་ཐེག་ལམ་འཕེལ་ཚ་འོད་ཕུང་དགོན་དུ་ཕྱིན། བླ་གྲྭ་རྣམས་ལ་དབང་ལུང་ཅི་རིགས་བྱས་ནས་རིམ་པར་རྨེ་ཤོད་དུ་འབྱོར། རྫོང་དགོན་དུ་རིན་པོ་ཆེར་མཇལ་ཕྱག་ཞུས་ནས་རང་གནས་སུ་སླེབས། ཟླ་བ་ལྔ་པའི་ཚེས་བཅུའི་མཆོད་པ་ཞི་བསང་སོགས་ལོ་བསྟར་བགྱིད་འོས་རྣམས་གྲུབ་ནས་བསྟན་རིམ་དུ་རྨེ་ཤོད་སོག་མོ་ཕོ་བྲང་ལ་གཏེར་གསར་མ་མོའི་མདོས་ཆེན་བཅའ་སྒྲུབ་དགོས་ཚུལ་སྡེ་དགེའི་བཀས་བསྐུལ་ལྟར་ཕྱིན། མདོས་ཟློག་བཏང་ཉིན་འཚུབས་ཆ་ཆེན་པོ་བྱུང་། དེ་གྲུབ་མཚམས་རྗེ་བླ་མ་རིན་པོ་ཆེའི་བཀའ་བཞིན་ཤར་ཁ་ཕྱོགས་ཀྱི་གནས་རྣམས་སུ་དམ་བསྒྲག་དང་གནས་ཆེན་བྱིན་འབེབ་སོགས་དགོས་འདུག་པས་ཐོག་མར་པདྨ་ཤེལ་ཕུག་ཏུ་དེ་རིགས་བྱས་པར་འཚུབས་སློང་སྔར་དང་འདྲ་བ་བྱུང་། ཕྱིར་ལམ་རྫོང་སར་དགོན་པའི་བླ་གྲྭ་རྣམས་དང་རྫོགས་ཆེན་མཁན་པོ་པད་རྡོར་སོགས་ཀྱི་བཞེད་ངོར་བྱང་སྡོམ་ཆེན་མོ་དང་། ཐུབ་དབང་ཉེ་སྲས་རྣམས་ཀྱི་སྒོམ་ལུང་། ཉེ་སྲས་བརྒྱད་ཆོག་གི་ལུང་བཅས་བྱས། ཡུལ་སྐད་བུ་ལའི་མཆོད་རྟེན་ཟེར་བ་གསས་ཁང་དཀར་ནག་བཀྲ་གསལ་གྱི་གནས་ཡིག་སྔར་རྗེ་བླ་མས་གཏན་ལ་ཕབ་པ་ཡོད་ཀྱང་། འདི་རེས་ངེད་ཆེད་བཏང་གིས་གནས་སྒོ་འབྱེད་དགོས་པར་གསུངས་པས་གནས་ཀྱི་ཚུལ་རྣམས་བཀའ་འདྲི་ཞིབ་མོར་ཞུས་ཏེ་ལྕང་ལུང་བོན་དགོན་བརྒྱུད། ལྕང་སྤྲུལ་དང་ལྷན་ཅིག་མཆོད་རྟེན་སུམ་མདོར། བསང་བརྔན་བཀའ་ནན་རབ་བརྗིད་སྔོན་དུ་འགྲོ་བའི་ཚེ་གཡང་ཆོས་གསུམ་གྱི་སྒྲུབ་པ་མདོར་བསྡུས་བྱས། ལྕང་སྤྲུལ་སོགས་བོན་འཚོགས་རྣམས་ནས་སྒྲུབ་ཁག་སོ་སོར་མཛད་སོང་། གནས་ཀྱི་གཙོ་བོ། གཡས་རི་གཡོན་རི། སྒྲུབ་ཕུག་བཀའ་རྟགས་རང་བྱོན་སོགས་གནས་ཀྱི་བཞུགས་ཚུལ་རྣམས་ངོ་ཞིབ་པར་སྤྲད། ཕྱི་ནང་གི་བསྐོར་ལམ་ཡང་མཚོན་པར་བྱས་ནས། འཛིང་ཁྲོ་བོ་གནས། གཡུ་ལུང་ཤེལ་བྲག་རྣམས་སུའང་དགོས་བྱ་རྣམས་བསྒྲུབས། པདྨ་ཤེལ་རི་དང་ཟླ་གམ་དབང་ཕུག་རྣམས་སུ་ཚོགས་བརྒྱ་བཏང་བ་སོགས་བྱས་ནས་རྫོང་སར་བརྒྱུད་རང་གནས་སུ་སླེབས། ཁྲོམ་དགེ་དང་ཨ་འཛོམ་སྤྲུལ་སྐུ། གཏེར་སྲས་སོགས་ལ་འདུས་མདོ། སྒྱུ་འཕྲུལ་ཞི་ཁྲོ། སེམས་སྡེ་རྣམས་ཀྱི་དབང་ཚང་བར་བགྱིས། དབོན་སྤྲུལ་དང་ཀཿཐོག་དགེ་སྤྲུལ། གཏེར་སྲས། བླ་མ་པདྨ་ནོར་བུ་རྣམས་ཀྱི་བཞེད་ངོར་ཡང་ཁྲོད་དུ་གཏེར་མཛོད་བཅའ་གཞི་བསྒྲིགས་ནས་དབང་ལུང་གཉིས་པ་ཚུགས། ལུང་ཐམས་ཅད་རྡོར་སློབ་བླ་མ་རཏྣས་མཛད་པས། ཟླ་བ་བདུན་པའི་ཚེས་བཅུ་ནས་དབུ་བཟུང་། དགུ་པའི་ཚེས་བཅོ་ལྔར་དབང་ལུང་རྫོགས་པར་གྲུབ། དང་པོ་དབུ་ཚུགས་མ་ཐག་རྗེ་བཅུ་པའི་ཕྱག་རྡོར་ཞལ་ཐང་འབྱོར། གྲོལ་ནས་འབུལ་བ་དང་ཞབས་བརྟན་གནང་སྐབས་གསེར་གཡུ། ཤེལ་སྡེར། རྡོ་རྗེ་འབྱོར་པ་སོགས་རྟེན་འབྲེལ་ལེགས་པར་བྱུང་། དེ་ནས་དབོན་སྦྲུལ་གསུངས་ལས། ཁོང་གིས་འཆད་སྤེལ་མི་འོང་། ཉམས་ལེན་ཐོན་པའང་དཀའ་བས་དཔེ་འདི་རྣམས་སྤར་ཞིག་ཨི་འགྲུབ་བལྟ་གསུངས་ནས་ཞལ་བཞེས་གནང་སོང་། གླིང་རྒྱལ་པོས་དབང་ལུང་དོན་ལ་འོང་དགོས་ཚུལ་སྔ་རྗེས་འགའ་ཞིག་གསུངས་ཀྱང་མ་སླེབས། རྫོང་སར་ནས་རྗེ་བླ་མས་གླིང་དཔོན་དེའང་ཆོས་ཁོ་ན་འདོད་པའི་ཆོས་རྒྱལ་ཡིན་པར་འདུག་པས་ཅིས་ཀྱང་འགྲོ་དགོས་པའི་བཀའ་གནང་བ་ལྟར་ཡང་ཁྲོད་ནས་བཏེགས། ཐོག་མར་གཏེར་སྟོན་ཚེ་དབང་གྲགས་པ་རོང་རྒྱབ་ཏུ་ཕེབས་ནས་དེར་འོང་དགོས་བང་མི་སླེབས་པས་ཕ་ཡུལ་དུ་ཟླ་བ་བཅུ་པའི་ཚེས་གསུམ་ལ་ཕྱིན། གཏེར་སྟོན་ཀྱང་ལ་ཐོག་བར་བསུ་མར་ཕེབས་འདུག །དགོན་དུ་བསྡད་ནས་ཁོང་གི་གཏེར་གསར་པོད་བཅུ་གསུམ་མཇལ་ཁ་བགྱིས། གནས་མདུན་བུར་དཀར་མར་བསང་བརྔན་དང་ལྷ་སྲིན་དམ་བསྒྲག་བྱས། གནས་རི་དངོས་མཐོ་ཆེས་པས་དེ་སྐབས་ཁ་བས་བཟུང་ནས་མ་ཐར། དགོན་ཡུལ་རྣམས་ཀྱི་རེ་སྐོང་གྲུབ། གཏེར་སྟོན་སྲས་ཡུམ་བཞི་ལའང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དབང་ལུང་རྫོགས་པར་བགྱིས། སྔར་རྗེ་བླ་མས་ཚེ་དབང་ཙམ་ཞུས་ན་ལེགས་ཚུལ་ཕེབས་པས་ཚེ་དབང་ཞིག་ཞུས། དེ་ནས་གླིང་རྫོང་མགོར་ཕྱིན། ཞེ་ཆེན་རབ་འབྱམས། རྗེ་དྲུང་སོགས་བླ་སྤྲུལ་མང་པོ་དང་། གླིང་རྗེ་སོགས་འདུས་པ་མང་པོར་དབང་ལུང་གི་དབུ་ཚུགས་པ། སྨིན་གླིང་འདོད་འཇོ་བུམ་བཟང་། སྒྱུ་འཕྲུལ་ཞི་ཁྲོ། འདུས་པ་མདོ། སེམས་སྡེ་ཨ་དོན་བཅོ་བརྒྱད། བླ་མ་ཡང་ཏིག །མཁའ་འགྲོ་ཡང་ཏིག །རྙིང་མ་བཀའ་མ་པོད་དགུ། བཀའ་བརྒྱད་རྣམ་གསུམ་གྱི་དབང་། ཀློང་སྡེ་རྡོ་རྗེ་ཟམ་པ། སྨིན་གླིང་ཨ་ཏི་ཟབ་དོན་རྣམས་ཀྱི་དབང་དང་། སྙིང་ཐིག་ཡ་བཞི་སོགས་དེ་དག་ཐམས་ཅད་ཀྱི་ལུང་། ཁྲིད་ཡོངས་རྫོགས་བྱས། འདན་ཆོས་སྡེ་དཔོན་གྱིས་འབོད་ནན་ལྟར་ཕྱིན་ལམ་ནས་རྣམ་གླིང་བརྒྱུད་ཆོས་སྡེ་ཕོ་བྲང་དུ་ཕྱིན། བུམ་གཏེར་སུམ་བརྒྱ་སྐོར་དང་། གནས་ཆེན་བྱིན་འབེབ་ཆ་གསུམ་གྱི་ཆས་རྣམས་བསྒྲིགས། ཐུགས་སྒྲུབ་ཞག་ལྔ་བསྙེན་རྒྱུན་བཅས་པས་བསྒྲུབས། དྲན་ཐང་དུ་ཕྱིན། ལྷ་སྲིན་དམ་བསྒྲག །གནས་ཆེན་བྱིན་འབེབ་བཅས་བགྱིས། འཚོགས་དབང་དང་ཁྲོམ་དབང་སོགས་གང་དགོས་བྱས། རང་ལོ་རེ་གཅིག་ཆུ་བྱ་གསར་ཚེས་ནང་ཆོས་སྡེར་སླར་ཕྱིན། ཞང་འགུ་དང་ཚེ་བྷྲཱུྃ་སོགས་ཀྱི་བླ་གྲྭ་རྣམས་བྱོན་པར་ཕྱག་ཆེན་ཆོས་འབྲེལ་བགྱིས། ཕོ་བྲང་ལ་རབ་གནས། ཚེ་དབང་གཞན་དག་གི་རེ་སྐོང་གྲུབ་ནས་ཕྱིན་ལམ་སེང་གེ་རྣམ་རྫོང་དུ་བསང་བརྔན་རི་ཁྲུས་ལྷ་སྲིན་དམ་བསྒྲག །གནས་ཆེན་བྱིན་འབེབ་བགྱིས་པས་དབྱར་ཁ་ལྟ་བུའི་གནམ་གཤིས་འཇམ་ཞིང་དྲོད་དང་ལྡན་པ་བྱུང་། སྒྲོལ་མ་ལྷ་ཁང་དུའང་གནས་ཆེན་བྱིན་འབེབ་བགྱིས། གནམ་གླིང་བླ་བྲང་དུ་གཡང་སྐྱབས་དང་། ལྷ་ཁང་མགོན་ཁང་དུ་ཁྲུས་གསོལ་རབ་གནས། སྦྱིན་བདག་རྣམས་ཀྱི་རེ་སྐོང་གྲུབ་ནས་གླིང་རྫོང་མགོར་སླེབས། རི་མགུལ་བྱང་སྤྲུལ་དཔོན་སློབ་གླིང་རྗེ་སོགས་ལ་ཀར་ལུགས་ཕག་མོ་བདེ་མཆོག་རྒྱལ་རྒྱམ་རྣམས་ཀྱི་དབང་ལུང་། ཕྱག་ཆེན་དང་ཆོས་དྲུག་གི་ཁྲིད་བྱས། བཅའ་གཞི་དང་སྒྲུབ་པ་སྔོན་དུ་འགྲོ་བས་ཕོ་བྲང་རྩེར་ལྷ་སྲིན་དམ་བསྒྲག །གནས་ཆེན་བྱིན་འབེབ་བཅས་གྲུབ་པ་དང་རྫོང་མགོ་ནས་བཏེགས། ལམ་བར་དུ་སྡེ་དགེའི་མདུན་ནས་དགོན་ཆེན་དུ་འོང་དགོས་པའི་གསུང་ཤོག་འབྱོར། ཟླ་བ་གཉིས་པའི་ཚེས་ལྔར་ཕོ་བྲང་གསར་བཞེངས་སུ་སླེབས། ཚོམས་ཆེན་དུ་ཁང་སྟོན་ཁྲིར་ཕེབས་ཀྱི་དགའ་སྟོན་མཆོད་ཡོན་ལྷན་རྒྱས་སུ་ཕྱིན། ཕུར་པ་ཀིང་ཀང་ས་བདག་སོགས་བཅའ་སྒྲུབ་དང་དབང་ཀ་ཁ་ཤས་བཞེད་སྐོང་གྲུབ་ནས་ཕྱྭ་གཡང་གཞིས་ཀར་ཕྱིན། འདོན་བྱ་ཕྲན་ཚེགས་བྱས། ཡང་ཁྲོད་དུ་སླེབས་སྐབས་སྒ་སྟོད་ནས་རོང་མཐའ་སྤྲུལ་སྐུ་དང་ཛི་ཐང་ཆོས་རྗེ། དཔལ་ཁྱིམ་ཨ་མྱེ་རྣམས་སོགས་མང་དུ་འདུས་པར་སོ་སོའི་རེ་སྐོང་རིམ་པར་བྱས། ཟླ་བ་བཞི་པར་སྡེ་དགེའི་མདུན་ནས་ལྕང་རར་འོང་དགོས་གསུངས་པ་ལྟར་ཕྱིན་ནས་ལོ་བསྟར་བུམ་སྒྲུབ་བཙུགས། བཀའ་བརྒྱད་ཁྲོ་རོལ་དང་རྒྱལ་མདོས་གཏང་བ་སོགས་ཀྱང་བགྱིས། སླར་འཁོར་ནས་ལོ་བསྟར་གྱི་འདོན་བྱ་རྣམས་དང་། དབྱར་གནས་ཁང་ལ་རབ་གནས་རྒྱས་པ་བྱས། འདི་ལོ་ཡང་ཁྲོད་སྒྲུབ་ཐེབས་གསུམ་པ་གསར་བཞུགས་རྣམས་དང་སྒྲུབ་ཁང་འོག་མར་དབང་ལུང་ཁྲིད་རྣམས་སྔར་རྒྱུན་ལྟར། གསར་རྩོམ་དགོས་རིགས་རྣམས་ཀྱང་མུ་མཐུད་ཁོ་ནར་བྱས། སྐུ་ཞབས་རིན་པོ་ཆེ་རེ་ཞིག་སྐུ་མཚམས་བཞུགས་པ་ལེགས་ཚུལ་རྫོང་སར་སྤྲུལ་སྐུ་རིན་པོ་ཆེའི་བཀའ་བརྟགས་བབས་པ་ལྟར་སྡེ་དགེའི་མདུན་ནས་གསུང་བྲིས་མཛད་ཀྱང་གསན་དགོངས་མ་གྲུབ་པས། དབོན་སྤྲུལ་ངེད་གཉིས་ལ་གུས་བཀལ་མཛད་བྱུང་བས་ཕྱི་མཐར་ཕན་པ་ཨི་འོང་རེ་བས་རྒྱུ་མཚན་གནད་བཀྲོལ་ཐབས་སྐོར་གང་དྲགས་ཞུས་པར་ཞལ་བཞེས་ཐོབ་རྩིས་བྱས་ནས་གྲོ་ལོད་ཀྱི་དབང་ལུང་ཕུལ་ནས་མཚམས་དབུ་ཚུགས། དབྱར་གནས་བཞུགས་མཁན་རྣམས་ལ་དབང་ཁྲིད་སྔར་ལོ་ལྟར་བགྱིས། ཡང་ཁྲོད་མགོན་ཁང་དུ་གསར་རྙིང་རྟེན་གཏོར་རྣམས་དང་སྲོག་འཁོར་བླ་རྡོ་བཅའ་བསྒྲིག་རྟེན་འཛུག་རྣམས་ཚད་ལྡན་དུ་བསྒྲུབས། ཕུར་ཁང་དུ་ཕུར་སྒྲུབ་འཚོགས་ལ་ཕྱིན། ཟླ་བ་དགུ་པར་དབྱར་གནས་ཁང་དུ་དབོན་སྤྲུལ་ནས་བླ་མ་དགོངས་འདུས་སྒྲུབ་ཆེན་སྨན་སྒྲུབ་སྦྲེལ་མ་མཛད་པའི་རྡོར་སློབ་བགྱིས། འདི་སྐབས་བྱིན་རླབས་ཀྱི་རྨིས་ལྟས་བཟང་པོ་འགའ་ཞིག་དང་། ཁྱད་པར་ངོ་བོ་ཨོ་རྒྱན་ཡིན་པ་ལ་རྣམ་པ་གྲུབ་ཆེན་ངོས་མ་ཟིན་པ་ཞིག་ལ་དབང་བསྐུར་ཞུས་པས་བུམ་དབང་གསང་དབང་དངོས་སུ་གནང་། དེ་དག་མི་སྣང་ཤེར་དབང་ནུས་འབྱིན་དངོས་དབང་གི་རེག་བདེའི་ངོ་སྤྲད། རྨི་ལམ་ཡལ་ནས་མ་སད་པའི་ཉམས་ལ། ཀུན་བཟང་དགོངས་པ་ཀ་ནས་དག །ཤེལ་གོང་བཞིན་དུ་དྲི་མ་མེད། །རིག་པ་རྩལ་གྱི་དབང་བསྐུར་བས། །གདོད་མའི་མགོན་དང་དབྱེར་མེད་ཤོག །ཅེས་པ་ལྷང་གིས་ཐོས་ནས་ཉམས་དེ་སད། སྨན་བཏགས་བཙག་གྲུབ་པའི་ཕྱི་དྲོ་མགོ་ནད་ལྡངས་པས་འཚོགས་ལ་མ་ཕེར། དུར་ངོ་ཞིག་ཀྱང་རྨིས་པ་ཕྱིས་འབྱུང་འཚུབས་ལྟས་ཡིན་ཡོད་པར་འདུག །བྲག་ཡབ་དང་ལྷ་རྩེ་སོགས་འདུས་པ་མང་པོར་སྙིང་ཐིག་ཡ་བཞི། ཀློང་སྡེ། རྒྱུད་བླ། ཤེས་བྱ་ཀུན་ཁྱབ་བཤད་པ་ཁྲིད་ཀ་སོགས་དབང་ལུང་ཁྲིད་མང་བར་མེད་དུ་བྱེད་དགོས་པ་བྱུང་། བཅུ་གཅིག་པ་ནས་སྙན་བརྒྱུད་ཕུར་པ་དང་ཨ་ཏི་ཟབ་དོན་སྙིང་ཐིག །ལོ་བསྟར་བསྙེན་མཚམས་རིམ་པར་ཚུགས། ཟབ་དོན་སྙིང་ཐིག་སྐབས། ནུབ་ཅིག་ཟུར་ཆུང་ཤེས་རབ་གྲགས་པ་སྐུ་གཟི་བརྗིད་ཤིན་ཏུ་ཆེ་བ་ཞིག་གིས་ནས་ཡ་གང་འབུལ་བའི་ཚུལ་དུ་བཞག །གཞན་ཅི་མེད་གསུངས། འདི་ཧེ་རུ་ཀཿདངོས་ཡིན་སྙམ་དད་པ་སྐྱེད་པ་ཞིག་རྨིས། ལན་གཅིག་ལྷ་ཁང་རྙིང་པ་ཞིག་ཏུ་སྲོང་བཙན་སྒམ་པོའི་ཐུགས་དམ་རྟེན་ཡིན་ཟེར་སྒྲོལ་སྐུ་ཆེན་པོ་དུད་པའི་དྲེགས་པས་གོས་པ་ལྟ་བུ་ཞིག་མཇལ་བ་རྨིས་པའི་ཕྱིར་ནངས། ད་ནི་དཀོར་སྒྲིབ་སོགས་ཀྱིས་ལས་སྒྲིབ་ཇེ་ཆེ་ལ་སོང་བའི་བརྡར་འདུག་སྙམ་བློ་མི་བདེ་བ་ཞིག་བྱུང་ཡང་། སྐུ་ཞབས་སྔར་ནས་སྐུ་མཚམས་སོགས་ཐུགས་ལ་མི་འཕྲོད་ཅིང་དབྱེན་ཞུས་མང་བས་ཐུགས་ཚོམས་ཆེ། དགོན་ཐོག་ཏུ་སྡེ་དགེ་རྫོང་སར་དུ་བྱོན་པའི་ཞག་བཞུགས་སྐབས་མི་འགའ་རས་ཕུགས་སྡོད་བྱས། གྲྭ་ངན་མང་ཞིག་གིས་དབོན་སྤྲུལ་དང་ངེད་རང་གཉིས་ལ་གྱོད་རྩ་མང་པོ་ཡོད་ཚུལ་ཡི་གེ་བྲིས་ནས་ཕུལ་བ་དང་། སྒོ་ཡིག་སྦྱར་བ་བཅས་དམ་སེལ་ཆེན་པོའི་ཐོག་མ་ཚུགས་པས་དེའི་ལྟས་ཡིན་པར་འདུག །རྫོང་སར་རྗེ་བླ་མ་རིན་པོ་ཆེས་འདི་འདྲ་བསྟན་པའི་སེལ་ཆེན། ཕུང་བརླག་ཆེན་པོའི་གཞི་རེད་པས་རང་བཞིན་བཞག་ན་ལེགས་ཚུལ་གསུངས་པ་ལྟར་སྡེ་དགེའི་མདུན་ནས་རྩ་བདག་གང་ཡང་མ་མཛད་ཀྱང་། སྐུ་ཞབས་རིན་པོ་ཆེས་གྱོད་རྩ་མཐའ་མ་བུད་པར་གཞག་ཐབས་མེད་པའི་བཀའ་ལྗི་བས་བསྐོར་བརྒྱུད་མང་པོའི་མཐར་སྡེ་དགེའི་གཉེར་ཆེན་ཚེ་རིང་དོན་གྲུབ་ནས་ཞིབ་གཅོད་མཛད། གྱོད་རྩ་ཕལ་ཆེར་ཡང་དོན་མེད་སྟོང་བཤད་དུ་སོང་བས་དེ་འདྲའི་ལས་བྱེད་མཁན་གྲྭ་ངན་ཁ་ཤས་བཙོན་འཇུག་དང་། དབོན་སྤྲུལ་དྲན་ཐང་དུ་བཞུགས་རྒྱུ། ངེད་རང་རང་གནས་སུ་སྡོད་དགོས་པ་སོགས་སོར་ཆོད་རེད་སོང་། སྐུ་ཞབས་རིན་པོ་ཆེས་ངེད་ལ་ནི་ཐུགས་ལོག་གཏན་ནས་མེད་ཅིང་གྱོད་ཀྱི་མགོ་རྐང་བར་གསུམ་ལའང་ཁོང་མི་གཏོགས་ཚུལ་གྱི་གསུང་དང་གནང་སྦྱིན་མཛད། ལོ་མཇུག་གསོལ་ཁ་མགོན་སྒྲུབ། ཤིང་ཁྱི་གནམ་ལོ་གསར་ཚེས་ཆོ་འཕྲུལ་ཟླ་བའི་འདོན་བྱའི་རིགས་སྔ་རྒྱུན་ལྟར་མ་ཆག་པ་དང་། ལམ་རིམ་ཡེ་ཤེས་སྙིང་པོའི་འགྲེལ་པ་རྫོགས་པར་བྲིས། ཟླ་བ་གསུམ་པར་ཀཿཐོག་དགེ་སྤྲུལ་ནས་སྔར་གཏེར་མཛོད་ཀྱི་ཁྲིད་མ་གསན་པ་ཐམས་ཅད་གསན་ཆེད་བསུ་མི་བཏང་བྱུང་བ་ལྟར་ཀཿཐོག་ཏུ་ཕྱིན། བླ་སྤྲུལ་མང་པོར་དབང་ཆོས་བཞེད་སྐོང་དང་། ལྷ་རྟེན་རྣམས་མཇལ་ཁ་ཞུས། སྐུ་འབུམ་སོགས་འདི་གའི་རྟེན་ཁྱད་པར་ཅན་སྔར་ནས་མཇལ་འདོད་ཕྱག་བསྐོར་ཕྲན་བུ་འགྲུབ་རེ་ཆེ་བས་འདི་རེས་དལ་སྡོད་ཅིག་བསམས་ཀྱང་། དཔལ་སྤུངས་ནས་དབོན་སྤྲུལ་དམ་གྲིབ་རྐྱེན་གྱིས་གློ་བུར་དུ་ཞི་བར་གཤེགས། དགོངས་རྫོགས་སོགས་མགོ་ལྟས་བྱེད་མཁན་མེད་པའི་བདག་མེད་དུ་གྱུར་པས་གྲྭ་རྒན་གཉིས་ནས་ངེད་རང་མ་འོང་ཐབས་མེད་ཀྱི་བང་མི་སྔ་རྗེས་འབྱོར་བས་མགྱོགས་པ་ཡར་ཕྱིན། སྡེ་མདུན་ནས་བརྐོས་མི་གཉིས་ཀྱིས་ལག་ལེན་དང་ངོས་ནས་དགོངས་རྫོགས་བཀྲམ་ལུགས་རྒྱུས་ཡོད་བྱས་ནས་ཕྱག་རྫས་བླ་དགོན་རྣམས་ལ་བཀྲམ། གསོལ་དགུང་ལ་བླ་ཁག་ཁ་ཤས་གདན་འདྲེན་དང་། གསོལ་དགུང་རྫོགས་སྐབས་རང་ནས་ཀྱང་བླ་མ་དགོངས་འདུས་སྐོང་ཆོག་བདུན་གཅིག་བཏང་། སྔ་མ་ཞལ་བཞུགས་སྐབས་གཏེར་མཛོད་སྤར་ཡོན་དངོས་ཇ་སྟོང་ཕྲག་གཅིག་དང་སུམ་བརྒྱ་ནོན་ངེས་གཉེར་པད་ལེགས་རྩར་སོང་ཐོག །འདི་སྐབས་དགོངས་རྫོགས་བསྒྲུབ་འཕྲོས་དངོས་ཇ་སྟོང་རྩ་ཕྱེད་གསུམ་ཙམ་གྱི་བབ་འདུག་པ་སྤར་ཡོན་པད་ལེགས་རྩར་ཕུལ་རྒྱུ་བྱས། དགོན་ཐོག་གཟིམས་ཆུང་དུ་སྐུ་ཞབས་རིན་པོ་ཆེ་དང་ངེད་ལའང་ལྷན་ཅིག་གྲྭ་མང་ནས་ཞབས་བརྟན་ཞིག་མཛད་བྱུང་། དཔལ་སྤུངས་གྲྭ་མང་སྤྱིས་ནི་རང་ལ་ཆོས་དམ་གྱི་སེལ་གཏན་ནས་མེད། མི་རེ་ཟུང་ནི་སྔོན་ལས་ལྟ་བུས་སེམས་འཐད་མིན་ཅི་རིགས་ཡོད་པ་ནི་སྤྱི་ལུགས་ཡིན་པར་སྣང་། འདི་སྐབས་རྗེ་བླ་མ་རིན་པོ་ཆེས་ཕྱག་བྲིས་གནང་བར། དེ་སྔ་ཁྱེད་རང་ནས་དགོན་དེར་དབང་ལུང་ཁྲིད་གསུམ་གྱི་འཆད་སྤེལ། གསར་རྙིང་སྒྲུབ་མཆོད་སྒྲུབ་ཆེན་མང་པོའི་ལག་ལེན་བསླབ་པ་དང་རྡོར་སློབ། རིག་གནས་བཤད་པ་བཅས་ད་བར་དུ་བྱས་པ་དང་། རི་ཁྲོད་དེར་ཡང་ཡུན་རིང་སོང་བའི་མཐར་གྱོད་དེ་ལས་ཚབས་ཆེ་བ་ནི་བླ་མ་དེ་གསད་བཞག་ན་མ་གཏོགས་འབྱུང་རྒྱུ་མེད་པས། ཇོ་བོ་རྗེས། གང་དུ་རྩོད་པ་འབྱུང་བའི་ས་ཕྱོགས་ནས། །དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ་བར་བྱ། །ཞེས་གསུངས་པ་ལྟར་འདི་སྐོར་སོགས་གར་བདེར་བྱོན། ཚེ་སོགས་ལ་གནོད་ངེས་པས་དགོན་ནང་དུ་རྡོག་པ་བཞག་མི་ཉན་ཚུལ་ཕེབས། འོན་ཀྱང་ཁོང་ཚོའང་དམ་སྲིས་རྒྱུད་དཀྲུགས་པའི་དབང་མེད་བྱ་བ་ཨི་ཡིན་སྙམ་སྙིང་རྗེ་བ་ལས་མཁོན་འཛིན་ནི་གཏན་ནས་མེད། དབོན་སྤྲུལ་ལ་དྲིན་ལན་ལོག་འཇལ་བྱས་པ་དེ་ཐད་བླ་གྲ་ཚང་མར་ཡི་ག་ནི་ལྡོག་པས་དེ་ཕྱིན་ལོ་བཅུ་བཞི་སྐོར་དགོན་དུ་གཏན་ནས་མ་ཕྱིན་ཅིང་སྒྲུབ་ཁང་དུའང་ཁྲིད་ཀ་སོགས་ཀྱི་བྱ་བ་ཤུགས་འབྱུང་དུ་འགག །རང་གསར་རྙིང་དགོན་པ་ཆེ་ཕྲ་གང་དུ་ཕྱིན་ཀྱང་ཆོག་པ་གཞིར་བཅས་ཀྱང་། རྗེ་པདྨ་ཉིན་བྱེད་མཆེད་ཞལ་གྱི་དམ་ཚིག་ལ་བསམ་ནས་རེ་ཞིག་སྡོད་ཚུགས་པར་བྱས་སོ། །ཟླ་བ་དྲུག་པར་རྫོང་སར་དགོན་དུ་ཕྱིན། རྗེ་བླ་མར་ཞབས་བརྟན་གྱི་ཚེ་སྒྲུབ་གསང་འདུས་བདུན་གཅིག་བསྒྲུབས། བོན་གཏེར་ཚེ་དབང་གྲགས་པའང་ཕེབས་པ་སོགས་རིས་མེད་ཀྱི་བླ་སྤྲུལ་སྦྱིན་བདག་དད་འདུས་མང་པོ་དང་བཅས་ཞབས་བརྟན་ཕུལ། གཏེར་སྟོན་ནས་སྐུ་རིམ་སྒྲུབ་འོས་མང་ཙམ་དང་གནས་ཆེན་རྣམས་སུ་འཕགས་མའི་སྙིང་ཐིག་གི་ཚོགས་འབུམ་ཐེར་ཐོན་དགོས་ཚུལ་གསུངས་པས་ངེད་རང་དང་ཞབས་ཕྱི་རྣམས་ཀྱིས་མི་རེས་ཁྲི་རེ་གནས་སོ་སོར་བསྒྲུབས་པར་བྱས་ཏེ་ཚུར་འོང་། ཙ་འདྲའི་སྒྲུབ་ཕུག་རྣམས་དང་། བཀྲ་ཤིས་ཉི་ཟླ་དཔལ་ཕུག །ཞི་ཁྲོ་ཤེལ་ཕུག །དཔལ་དེའུ་སོགས་སུ་ཚོགས་མཆོད་ཁྲི་གྲུབ་པར་བྱས། ཟླ་བ་བརྒྱད་པར་རྨེ་ཤོད་ནས་མ་ཡུམ་གྱིས་བཀའ་བརྒྱད་སྒྲུབ་ཆེན་སྨན་སྒྲུབ་སྦྲེལ་མ་འཛུག་དགོས་ཀྱིས་འབོད་མི་བཏང་བ་ལྟར་བཀྲ་ཤིས་ཕོ་བྲང་དུ་ཕྱིན། སྡེ་དགེ་སྐུ་མཆེད་ཀྱང་ཕེབས། སྒྲུབ་ཆེན་དབུ་ཚུགས་ནས་གནམ་གཤིས་དབྱར་ཁ་ལྟར་སོང་བ་སོགས་ལེགས་ལམ་གྱུར། རྗེ་བླ་མའི་བཀའ་ལྟར་ཉིན་རེ་བཞིན་ལམ་རིམ་ཡེ་ཤེས་སྙིང་པོའི་བཤད་པ་རེའང་བྱས། མཐར་སྐུ་ངོ་སོགས་ནང་མ་ལ་མདོ་བྱང་ལྟར་དབང་ཆེན་དང་ཕྱི་རོལ་ཁྲོམ་དབང་བཅས་མཐའ་རྒྱས་གྲུབ། སྡེ་དགེའི་མདུན་གཏེར་མཛོད་སྤར་གྱི་འཕྲོས་འབུལ་ཞུས་པ་ཀླད་གཟིགས་མཛད་པའི་ཞལ་བཞེས་གནང་། མ་ཡུམ་རྟེན་བཞེངས་རྣམས་འདི་ལོར་གཟུངས་གཞུག་འབུལ་རྒྱུ་དང་ངེད་ལ་གྲོགས་དན་དགོས་ཚུལ་གསུངས་པས་འདི་སྐབས་གནོད་སྦྱིན་འཁོར་ལོ་དང་མགོན་དཀར་བུམ་གཏེར་རྣམས་བདུན་གཅིག་བསྒྲུབས། རྨི་ལམ་དུ་མེ་ཏོག་དཀར་པོའི་ཆར་བབས་པ་དང་། གྲུབ་ནས་བཀྲ་ཤིས་བརྗོད་སྐབས་འབྲུག་ལྡིར་ཅིང་ཆར་ཆེན་བབས་པ་བཅས་ལྟས་ལེགས། རྫོང་དགོན་དུ་རྗེ་རིན་པོ་ཆེ་མཇལ། དབང་ལུང་གནད་ཆེན་ཁ་ཤས་ཞུས་ནས་རང་གནས་སུ་འཁོར། འདོན་བྱ་འོས་རིགས་གྲུབ་ནས་ཟླ་བ་དགུ་པའི་ཉེར་གཉིས་ལ་དགོན་ཆེན་དུ་ཕྱིན། ཕྱིར་ཉིན་ནས་བུམ་གཏེར་འཁོར་ལོ་མཐོང་གྲོལ་སོགས་བཅའ་གཞི་བསྒྲིགས། མཁན་བཀྲ་ཤིས་འོད་ཟེར་སོགས་བླ་ཁག་རྣམས་ཀྱིས་རིམ་པར་བསྒྲུབས། ཐར་རྩེ་ཞབས་དྲུང་དང་རང་བཅས་ཀྱིས་གཟུངས་སྒྲུབ་དང་། ནང་གཞུག་རྣམས་ལ་སྦྱོང་ཁྲུས་རབ་གནས་སོགས་གྲུབ་ནས། ཐུབ་ཆེན། ཨོ་རྒྱན་རིན་པོ་ཆེ། མཆོད་རྟེན། ཁང་སྟེང་གསེར་འཕྲུ་བཅས་ལ་གཟུངས་གཞུག་སྐབས་སུ་བབས་ཤིང་སོ་སོར་འབྲེལ་བའི་ཆོ་ག་རྣམས་གཅིག་ཀྱང་མ་ལུས་པ་བྱས། ཐར་རྩེ་ནས་རབ་གནས་ཉིན་གསུམ་མ་དང་། ཁོ་བོས་ཀྱང་བདེ་མཆོག་རབ་གནས་ཉིན་གཉིས་མ་སོགས་དེ་གའི་བགྱི་འོས་རྣམས་གྲུབ། ཕྱྭ་གཡང་དུ་ཕྱིན། ཨ་ཁྲི་གསོལ་དཔོན་ཚང་བཀྲ་ཤིས་བསམ་འགྲུབ་ནས་ར་མེ་ཤྭ་རའི་གནས་ཡུལ་སྐད་ར་ཝེ་གནས་སུ་གྲགས་པ་དེར་སྒྲུབ་ཆེན་འཛུག་རྒྱུའི་ལམ་དུ་ཕྱིན་པའི་སྔ་དྲོ་འཇའ་ཚོན་ཤིན་ཏུ་བཀྲ་བ་ཤར་བ་སོགས་ལྟས་ལེགས། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྒྲུབ་ཆེན་ཚུགས། རྨི་ལམ་དུ་ཡུལ་ཉེར་བཞིའི་དཔའ་བོ་དཔའ་མོས་གར་བྱེད་པ་སོགས་ལེགས་པ་དང་། རྟེན་འབྲེལ་བཟང་པོ་ཞིག་ཤེས་བཞིན་ཕྱིར་ལྡོག་པའི་ལྟས་ཀྱང་བྱུང་། སྒྲུབ་པ་གྲུབ་ནས་ནང་དབང་དང་ཁྲོམ་དབང་བྱས། སྒྲུབ་པའི་སྐབས་གནས་ཆེན་བྱིན་འབེབ་བཅའ་གཞི་བསྒྲིགས་ཡོད་པས། གནས་རྩེར་བཀའ་ནན་རབ་བརྗིད་སོགས་དང་གནས་ཆེན་བྱིན་འབེབ་བཞག །གནམ་གཤིས་དབྱར་ཁ་ལྟ་བུ་དང་། རྨིས་ལྟས་གནད་ཡོད་མཐོང་། ལམ་ཞོར་ཨ་རབ་སྒ་རྗེ་ཁག་རྩར་ཕྱིན། གནས་རྩེར་ལྷ་སྲིན་དམ་བསྒྲག་དང་གནས་ཆེན་བྱིན་འབེབ་ཚོགས་བརྒྱ་སོགས་ཉིན་གཉིས་བགྱིས་པར་རླུང་ཆེན་ལྡངས། གནམ་གཤིས་ཤིན་ཏུ་འཚུབས་པས་ཕྱིས་སྦྱིན་བདག་ལ་མི་དགེ་བའི་ལྟས་སུ་སྣང་། རིམ་པར་ཡང་ཁྲོད་དུ་སླེབས། ཉི་ལྡོག་ལ་ཕུར་ཟློག །རྟག་གཏོར་བརྗེ་བའི་གསོལ་ཁ། མགོན་སྒྲུབ་རྣམས་བགྱིས། འཕགས་མའི་སྙིང་ཐིག་ཆ་ལག་རྣམ་རྒྱལ་མའང་རིང་ཞིག་བསྙེན། འདི་ལོ་ནས་གཉེར་པད་ལེགས་ཀྱིས་འགན་ཁུར་བླངས་ནས་ཤེས་བྱ་ཀུན་ཁྱབ་འགྲེལ་པ་པོད་གསུམ་དང་། གཏེར་མཛོད་སྤར་རིམ་པར་བརྐོ་བའི་དབུ་ཚུགས་རྩིས་ཤིང་ཕག་གནམ་ལོ་གསར་ཚེས་སྐབས་སྒྲུབ་སྡེའི་དུས་མཆོད་རྣམས་ཙམ་ལས་འདོན་བྱ་གཞན་མ་ཁོམས། གཏེར་མཛོད་ཀྱི་ཆོག་བསྒྲིག་ཁོ་ནར་བརྩོན། ཟླ་བ་གཉིས་པར་རིག་འཛིན་ནས་སྦྱིན་བདག་ཞུས་ཏེ་རྫོགས་ཆེན་མཁན་པོ་དཀོན་མཆོག་འོད་ཟེར་སོགས་དང་ལྷན་ཅིག་བླ་མ་དགོངས་འདུས་སྒྲུབ་ཆེན་དང་སྨན་སྒྲུབ་འབྲེལ་མ་ཞག་བཅུ་དྲུག་སྐོར་བྱས། འདི་སྐབས་ཌཱ་ཀིའི་འདུ་བ་སོགས་རྨིས་ལྟས་ལེགས་ཤིང་། ཨོ་རྒྱན་ཟ་ཧོར་མ་ཚེ་མདའ་ཆེ་ལེགས་བསྣམས་པ་ཞིག་མཇལ་བར་རྨིས། ཉི་ཤུ་ནང་དུ་མཁན་པོ་དང་བླ་མ་པད་ནོར་སོགས་དབྱར་གནས་ཁང་དུ་བྱོན། དབོན་སྤྲུལ་གཤེགས་པའི་སྐུ་གདུང་སྔ་ལོ་བསྲེག་ཆོག་མ་ཕོད་ལུས་ཡོད་པ་འདི་རེས་ཆོ་ག་ཁག་བཞིས་བསྲེག་བཞུ་ཕུལ་ཉིན་ནམ་མཁའ་གཡའ་དག་པ་ལ་འཇའ་ཚོན་ཤར་བ་སོགས་ལྟས་ལེགས། སྔ་ལོ་སྐུ་གཤེགས་སྐབས་ཀྱང་འཇའ་ཚོན་སྔ་ཕྱི་མང་དུ་ཤར་བ་ཐམས་ཅད་ཀྱིས་མཐོང་བ་བྱུང་འདུག །ཀཿཐོག་དགེ་སྤྲུལ་དང་མདོ་སྤྲུལ་རིན་གཏེར་གསར་ཐོན་གྱི་དབང་ལུང་གསན་པར་བྱོན་པ་དང་། གཏེར་སྲས་ཚེ་དབང་ལ་གཏེར་གསར་བཀའ་རྒྱ་ཅན་རྣམས་ཀྱི་དབང་ལུང་། དིལ་ཆུང་འཇམ་དབྱངས་དགེ་ལེགས་ཁྱིམ་སྤངས་རབ་ཏུ་བྱུང་ནས་སྒྲུབ་པ་རྩེ་གཅིག་བྱེད་པ་ལ་དཀོན་མཆོག་སྤྱི་འདུས་ཀྱི་དབང་ལུང་ཁྲིད་སོགས་འདོད་སྐོང་མང་པོའང་རྒྱུན་དུ་བྱས། གཏེར་སྟོན་ཚེ་དབང་གྲགས་པ་རྫོང་སར་དུ་བྱོན། འདི་རེས་རྗེ་རིན་པོ་ཆེས་བཀའ་བསྒོས་ལྟར་པདྨ་ཤེལ་རིའི་གཏེར་ཁ་མཁའ་འགྲོ་བྱ་རྒོད་ཀྱི་རྣམ་པ་ཅན་གྱིས་དངོས་སུ་ཕུལ་བ་གྲོགས་རྣམས་ཀྱིས་མཐོང་བ་སོགས་མཛད་པ་ཡ་མཚན་ཅན་བྱུང་འདུག །རང་གིས་དབང་ཆོས་ཐོབ་ཡིག་ཐོ་ཛར་ཙམ་ལས་རྐང་ཐུབ་མེད་པས་བལྟ་ལོ་བ་ཞིག་ཐོན་རེས་མགོ་རྒྱན་སོགས་བྲི་བཀོད་བྱས། དངོས་གཞི་ལྷག་བསམ་ལ་གོ་རིམ་སོགས་བརྡ་སྤྲོད་ཞིབ་པར་བྱས་ནས་བྲི་བཅོལ་བས་ཕྱེད་ཀ་ཙམ་ཐོན། འཕེལ་ཚ་བླ་མ་མགོན་པོ་རྡོ་རྗེའི་མདུན་ནས། སྟག་ཤམ་གཏེར་མ་ཐུགས་སྒྲུབ་རྣམ་གསུམ་གཙོས་སྔར་མ་ཐོབ་པ་ཐམས་ཅད་ཀྱི་དབང་ལུང་གཉིས་ཀ་ཆད་ལུས་མེད་པར་ཞུས། ལྷ་བབས་དུས་ཆེན་དུ་ལྷ་མདོ་འབུར་མོར་ཕྱིན། བསང་བརྔན་ཚོགས་འཁོར་སོགས་བྱས། ལྟས་དང་རྟེན་འབྲེལ་ལེགས། ཡང་ཁྲོད་འདོན་བྱ་འོས་རིགས་བགྱིས་ནས་རྫོང་དགོན་དུ་ཕྱིན། རྗེ་བླ་མ་རིན་པོ་ཆེས་ཐུགས་དགྱེས་ཚོར་ཆེན་པོ་མཛད། དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་ཕབ་འཕྲོས་འགའ་ཞིག་གི་ཡི་གེ་པ་ཞུས། རྩ་དབང་། ཚེ་དབང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དབང་རྣམས་གནང་། འདིའི་ཆོས་སྡེ་རྣམས་ཀྱང་ཕྱིས་སུ་ཞལ་མཇལ་མང་བའི་རྐྱེན་གྱིས་འཕྲོ་ལུས་སུ་གྱུར། ཡང་གཏེར་མཁའ་འགྲོ་གསང་བ་ཀུན་འདུས་འབེབ་རིམ་དབང་ལུང་གནང་། འདི་སྐོར་འགྲིམ་རྐྱེན་གྱིས་བསྙུན་གཞི་འཕར་ལྡང་ངན་པ་ལན་མང་དུ་བྱུང་། ངོས་ནས་བཀའ་མའི་གཤིན་རྗེ་གདོང་དྲུག །མ་མོ་སྒང་ཤར་གཞུང་པོད་སོགས་ཀྱི་ལུང་དང་། སངས་གླིང་ཕུར་པ་ཐུགས་ཀྱི་ཉིང་ཁུའི་དབང་ལུང་ཕུལ། ཕུར་པའི་དབང་གི་ནུབ་སྦྲ་ནག་ཅིག་ཏུ་ཉིད་ཀྱི་མ་ཡུམ་དེས་ལྕི་མེ་འདྲ་བ་ཉབ་ཉོབ་ཅིག་སྤར། ཉིད་ཀོ་རྡི་སེར་ཁུག་ཅིག་ལ་དབུ་གཏད་ནས་གཟིམས་འདུག་པར། མ་རྒན་ནས་ཁྱོད་ཁ་སྟབས་ཞན་ཆེས་པས་རང་རེ་མ་བུ་འདི་འདྲ་འོང་བ་རེད་ཟེར་མྱ་ངན་བྱེད། ཕྱི་རོལ་ཏུ་སྤུ་མི་འདྲ་བ་གྲི་ཐོགས་པ་མང་པོ་ཞིག་གིས་བསྐོར་འདུག་པས་དེ་རྣམས་ཀྱིས་སྐད་ཆེར་དྲག་མི་ཕོད་པའི་སྐྲག་སྔངས་ཆེན་པོ་ཡོད་ངང་། ལྟག་དེར་ཁྲི་མཐོན་པོ་ཞིག་གི་སྟེང་ངེད་རང་སླེབས་བྱུང་བས་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་སོགས་ཕུར་པའི་སྙིང་པོ་སྐད་ཆེན་པོས་བཏོན་བྱུང་བས་ཕྱི་རོལ་ཡོད་པ་དེ་རྣམས་ཀྱིས། ད་འདྲེ་གྲགས་བྱུང་། འགྲོ་འགྲོ་ཟེར་ནས་གྱེས་སོང་བས་ཐུགས་ཤིན་ཏུ་བདེ་བ་ཞིག་རྨིས་པས་ད་རེས་བར་ཆད་ཆེན་པོ་ཞིག་ཡོད་པར་སྣང་ཡང་ཕུར་དབང་དེས་བཟློག་འགྲོ་བར་འདུག་གསུངས། རྗེ་ཉིད་དང་ཁང་སར་མཁན་རིན་པོ་ཆེ་སོགས་བླ་སྤྲུལ་དགེ་བའི་བཤེས་གཉེན་ཉི་ཤུ་ཙམ་ནས་ཤེས་བྱ་ཀུན་ཁྱབ་གསན་པར་མཛད་པས། རྩ་བ་དང་འགྲེལ་པ་སྦྱར་བའི་བཤད་ལུང་སྦྲགས་མ་ཉིན་བཅུ་ཙམ་བགྱིས། གྲུབ་མཐར་བསྔོ་སྨོན་ཤིས་བརྗོད་དང་། དུས་གསུམ་ཁེགས་པའི་བསྟན་བཅོས་ཡིན་ཚུལ་གྱི་ལྗགས་བཤད་སྙན་འཇེབས་རྒྱ་ཆེར་གནང་། སོ་སོའི་དགོན་ཁག་རྣམས་སུ་འཆད་སྤེལ་དགོས་པའི་བཀའ་བསླབ་གནང་བས། མཁན་རིན་པོ་ཆེས་ངོར་ལ་འཆད་སྤེལ་སོགས་སོ་སོས་ཞལ་བཞེས་ནི་ཞུས་སོང་། རྗེས་སུ་ཐུགས་ལ་ཡོད་མེད་མ་ངེས། མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་དབང་གི་མཁའ་འགྲོའི་སྦྱིན་སྲེག་ནུབ་རྗེ་བླ་མར་གཟིགས་སྣང་ཁྱད་པར་ཅན་དང་རང་ལའང་རྨིས་ལྟས་མཚར་བ་བྱུང་། ར་ཤག་མ་མོ་སྒང་ཤར་དེའི་དབང་རྒྱུན་ཉེ་བརྒྱུད་ཅིས་ཀྱང་ཐུགས་ལ་འདོགས་པར་གསོལ་བ་བཏབ་པས་དག་པའི་སྣང་བར་ཨོ་རྒྱན་གླིང་པ་ལས་ཉེ་བརྒྱུད་གསན་པ་ལྟར་བཀའ་དྲིན་བསྩལ་ནས། ལས་བྱང་དང་དབང་ཆོག་རྣམས་གསར་བསྒྲིག་གལ་ཆེ་བའི་བཀའ་ཕེབས་སྐབས་ཤིག་ས་སྐྱའི་རྗེ་བཙུན་མ་རྟ་མགྲིན་དབང་མོ་བྱོན་པ་ལ་དཀོན་སྤྱིའི་དབང་དང་འཕོ་ཁྲིད་མཛད། ཕྲན་ལའང་སྒྲོལ་དཀར་རྗེས་གནང་དགོས་གསུངས་པ་ལྟར་ཕུལ། དེའི་ཕྱིར་ཉིན་ནས་སྐུ་ཁམས་ཤིན་ཏུ་བལྟེམས། རང་གི་བྱ་བ་གལ་ཆེན་སྒྲུབ་འཕྲོ་ཡོད་པའང་ལུས། རང་གར་སྡོད་སྐབས་མཁས་མཆོག་མི་ཕམ་རྒྱ་མཚོ་སོགས་ལ་ཙཱནྡྲ་པའི་རི་མོ་སོགས་མདོར་བསྡུས་ཙམ་བཤད། འདི་སྐོར་རྨི་ལམ་ལ་རྟག་ཏུ་བུད་མེད་ཀྱི་འདུ་བ་མང་པོ་དང་བརྡ་སྟོན་མ་ངེས་པ་སྣ་ཚོགས་དོན་ལྡན་དང་གསལ་པོ་ཅན་མང་དུ་བྱུང་ཡང་ཡི་གེ་མང་དུ་དོགས་པས་བཞག་གོ །འདི་སྐོར་བོད་ནས་རྒྱལ་བ་རིན་པོ་ཆེས་དངུལ་ཆུ་བཙོ་བཀྲུ་རིན་ཆེན་རིལ་བུའི་བསྡུས་སྦྱོར་ལག་ལེན་བྱེད་པར་རྗེ་བླ་མ་དང་ངོས་གཉིས་གང་རེད་འོང་དགོས་པའི་བཀའ་ཉག་སྤྱི་ཕུན་རབ་པ་ལ་ཕེབས། དེས་ངོས་མ་སོང་ཀ་མེད་ཀྱི་བཀའ་ནན་བཅས་ཤིན་ཏུ་ཟོས་མི་བདེ་བ་བྱུང་ནས། ལུས་ཁམས་ཀྱང་འཁྲུགས་པ་བཅས་དགོངས་ཁྲོལ་ནན་དུ་ཞུས་ཀྱང་གནང་སྐབས་མེད་པ་ལྟ་བུར་ཕྱོགས་པ་ན། བོད་ནས་རྒྱལ་བ་སྐུ་གཤེགས་སོང་བ་ཐོས་པ། དེས་ན་འདི་དོན་སྒྲ་རང་ཡལ་དུ་སོང་། ཟླ་བ་བཅུ་གཉིས་པའི་ཉི་ཤུ་སྐོར་སྐུ་ཁམས་ཅུང་ཟད་དྭངས་ནས་མཇལ་ཕྱག་ཞུས་པར། མནལ་ལྟས་གནད་དོན་ཆེ་བ་གསུམ་ཙམ་བྱུང་འདུག་པའི་ནང་ཚན། ནུབ་བྱང་རྒྱང་རིང་ཞིག་ཏུ་རེ་མ་ཏཱིའི་བླ་མཚོ་བླ་རི་བཅས་ཡོད་པ་དེས་ཕྱི་ནང་གཉིས་ཀ་ལ་སྐྱོབ་པས་ཀླ་ཀློ་རྣམས་ཀྱིས་དེར་མཆོད་པ་དང་མདོས་ཡས་མཚོ་ནང་འཕང་ན་སྤྱིར་ནང་པ་ལ་གནོད། སྒོས་ཁྱེད་རང་གཉིས་ལ་གནོད་པའི་རྒྱུ་མཚན་ཡི་གེ་ཐེལ་དམར་ཡོད་པ་ཞིག་སྔར་འབྲེལ་ཡོད་པའི་མི་ཞིག་གིས་སྤྲད། ཁོའང་ཡུན་རིང་འཁྱམས་པས་ལམ་སྟོན་དགོས་ཟེར་བ་ལྟར་མཛད་པ་རྨིས། ཡི་གེ་དེ་ནང་། མདོས་ཀྱི་གནོད་པ་ཚོགས་ཀྱིས་སེལ། །ཡས་ཀྱི་གནོད་པ་ཐགས་ཀྱིས་ཟློག །ཟེར་བ་འདུག་པས་ཐགས་བྲན་པའི་མདོས་དགོས་འདུག་པས་ཁྱོད་ནས་ཀྱང་ཕར་སླེབས་འཕྲལ་ཕུར་པའི་དབལ་མདོས་ཤིག་གལ་ཆེ་འདུག་གསུངས། ཡང་གཏེར་རྡོ་རྗེ་བདུད་རྩི་སྐོར་ཕབ་གྲུབ་འདུག་པས་དཔེ་གནང་ནས་སྡོམ་གཏད་བསྩལ། རིམ་པར་སྦྱིན་བདག་འགའ་ཞིག་གི་རེ་བསྐངས་བྱས་ནས་ཡང་ཁྲོད་དུ་སླེབས། མགོན་སྒྲུབ་སྔོན་རྒྱུན་ལྟར་བཏང་། མེ་བྱི་གནམ་ལོ་གསར་ཚེས་ནང་སྒྲུབ་པ་རྣམས་ལ་བླ་མ་ཡང་ཏིག་སྔ་རྒྱུན་ལྟར་གྲུབ་ཟིན་ཀྱང་། སྒྲུབ་བླ་འགའ་རེ་དང་ལྷ་སྤྲུལ་གཉིས་རྣམས་ཀྱི་ངོར་སེམས་སྡེ་དང་ཀློང་སྡེ་རྡོ་རྗེ་ཟམ་པའི་དབང་ལུང་ཁྲིད་བཅས། མཉན་པ་སྤྲུལ་སྐུར་མ་མགོན་དབང་ཆེན། མཆེད་ཟླ་སོགས་མང་ཚན་སོ་སོའི་འདོད་སྐོང་བྱས། དམར་ཕྱོགས་སུ་བསྙེན་སོང་བཅུ་གསུམ་ཙམ་གྱིས་དབལ་མདོས་བཏང་། འཚུབས་ཤིན་ཏུ་ཆེ་བ་བྱུང་། ཟླ་བ་གཉིས་པའི་ཚེས་མགོར་རྡོར་སེམས་སྒྲུབ་ཆེན་ཚུགས། སྐུ་ཞབས་རིན་པོ་ཆེ། དབོན་རྒན། ཛཾ་ཐང་ཆོས་རྗེ་སྤྲུལ་སྐུ་སོགས་ལ་སྒྲུབ་ཐབས་རིན་འབྱུང་དབང་ལུང་གི་དབུ་ཚེས་ཉེར་གསུམ་ལ་བཟུང་། གསུམ་པའི་ཉེར་གསུམ་ལ་གྲུབ་ནས་གྲུབ་ཆེན་བརྒྱད་ཅུའི་བྱིན་རླབས་དང་གནམ་ཆོས་དབང་བསྒྲིགས་ཚང་མའང་བགྱིས། ཟླ་བ་བཞི་པར་སྒ་རྗེ་གྲོ་རྡོག་ནས་སྦྱིན་བདག་བྱས་ཏེ་བཀྲ་ཤིས་གནས་ནང་དུ་བཀའ་བརྒྱད་སྒྲུབ་ཆེན་སྨན་སྒྲུབ་སྦྲེལ་མ་བཙུགས་པར་ཕྱིན། སྒྲུབ་ཆེན་ཕྱི་ནང་དབང་བཅས་ལམ་ལེགས་གྲུབ་ནས་ཚོགས་བརྒྱ་ཁ་ཤས་བཏང་། ལམ་ཞོར་ཕྱྭ་གཡང་དང་སྦྱིན་བདག་ཁ་ཤས་ཀྱི་རེ་སྐོང་གྲུབ་ནས་ཟླ་བ་ལྔ་པར་མེ་ལིང་རྡོར་བྲག་དགོན་དུ་ཚེས་བཅུ་གསར་འཛུག་གི་དབུ་བཞུགས་ལ་སྤྲུལ་སྐུ་ཉིད་ནས་འབོད་ནན་ལྟར་ཕྱིན། འཆམ་ཆས་སོགས་ལ་བགེགས་བསྐྲད་རབ་གནས། སྒྲུབ་མཆོད་དངོས་གཞི་མཐའ་རྒྱས་སྦྱིན་སྲེག །ཕྱི་ནང་དབང་སོགས་གྲུབ་ནས་ཡང་ཁྲོད་དུ་ཕྱིན། སྐུ་ཞབས་རིན་པོ་ཆེར་ཞབས་བརྟན་དངོས་འབུལ་ཕུལ་ནས་དབྱར་སྒར་ཐེག་སོང་། སོ་ལུགས་ཡང་དག་གི་སྒྲུབ་ཆེན་ཚུགས། ཕྱོགས་འདུས་མང་པོར་སོ་སོའི་འདོད་དོན་དབང་ལུང་བར་མ་ཆད་པ་བགྱིས། ཟླ་བ་དྲུག་པའི་མར་ངོར་སྡེ་དགེ་ནས་གསུང་བསྐུལ་ལྟར་རྫོང་དགོན་དུ་ཕྱིན་ནས་བསྟན་སྲིད་སྤྱི་རིམ་མ་མོའི་མདོས་ཆེན་དང་བརྟན་མའི་མདོས་ཆེན་བཏང་དགོས་ཆས་ཐམས་ཅད་སྡེ་ཡུལ་ནས་གྲྭ་བསྒྲིག་དགོས་རྩིས་ཡིན་འདུག་ཀྱང་། ཅིའང་མ་འཛོམ་པས་སྤྲུལ་སྐུ་རིན་པོ་ཆེའི་མདུན་ནས་གང་དགོས་ཚང་མ་བཏང་སོང་། རྨི་ལམ་སོགས་འཚུབས་ཤིན་ཏུ་ཆེ། སྡེ་དགེའི་མདུན་ནས་སྟོབས་ཆེན་མཆོད་རྟེན་བཅའ་སྒྲུབ་དགོས་པའི་གསུང་བསྐུལ་ཐོག་མར་སླེབས། རྗེ་རིན་པོ་ཆེ་ལས་ཉང་གི་བླ་མ་དམར་ཁྲིད་ལྗགས་ལུང་སོགས་ཞུས། རྣམ་རྡོར་ཡང་ཞལ་མཇལ་བྱུང་བར་འཇམ་དབྱངས་རྗེས་གནང་དང་བླ་མར་མངའ་གསོལ་མཛད། འདི་སྐབས་རྗེ་བླ་མའི་དག་པའི་གཟིགས་ངོར། གངས་ཏི་སེ་ཡིན་ཟེར་ཤེལ་དཀར་མཆོད་རྟེན་དབྱིབས་ཅན་བང་རིམ་བརྒྱད་པའི་སྟེང་དུ་ཕེབས། དེར་གཏེར་རྟགས་ཁ་ཡིག་ཡོད་པའི་བྲག་ཕུག་ཅིག་ཏུ་ཆོས་གོས་ལྷུང་བཟེད་ཕྱག་འཁར་བཅས་ཕེབས་ནས་བཞུགས། བུད་མེད་འགའ་ཤས་དང་མཉམ་ཚོགས་འཁོར་ཞིག་མཛད་པར། ཤར་ཕྱོགས་ནས་ཉི་མ་ཞིག་ཤར། དེའི་ཟེར་ལ་འཇའ་འོད་མེ་ཏོག་གི་ཆར་བབས་པ་དང་ལྷན་ཅིག་ཨོ་རྒྱན་རིན་པོ་ཆེ་ཕེབས་ནས་མདུན་དུ་སྟེགས་ཞིག་ལ་བྱམས་བཞུགས་མཛད། ཟ་མ་ཏོག་ལྟ་བུའི་དམར་སེར་ཞིག་བསྣམས་ནས། འདི་རྒྱུད་ལུང་མན་ངག་ཆུ་བོ་བཞི་འདུས་པའི་དབང་ཡིན་གསུངས་ཏེ་གནས་གསུམ་དུ་བཞག །ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་སོགས་སྔགས་རྣམས་གསུངས་མཐར་ཕྱག་ཏུ་གནང་བ་ཞུ་ལ་ཁད་པ་ལྟ་བུའི་སྙི་ཉོར་ཉོར་ཞིག་འདུག་པ་ཞལ་དུ་བཞེས་པས་རོ་མངར་བ་ཞིག་གི་ཁུ་བས་སྐུ་ལུས་ཐམས་ཅད་གང་བའི་སྣང་བ་བྱུང་། ད་ཚིག་བདུན་གསོལ་འདེབས་འབུམ་ཐེར་ཞིག་གྲུབ་པ་གྱིས་དང་ཨོ་རྒྱན་པདྨ་བབས་འོང་གསུངས་པའི་འཕྲོ་ལ་ཉམས་སད་འདུག་པས་ད་བབ་ཚིག་བདུན་གསོལ་འདེབས་འབུམ་ཐེར་གྲུབ་པ་གལ་ཆེ་གསུངས། རྗེ་ཉིད་ནི་ཨོ་རྒྱན་པདྨ་དུས་རྒྱུན་བབས་བཞིན་བཞུགས། ཁོ་བོ་ལ་ནི་དེ་འདྲའི་རེ་བ་ཟད་ཀྱང་ཚིག་བདུན་གྲུབ་པར་བྱེད་དང་མ་འོངས་པར་རྗེས་སུ་གཟུང་བའི་རྒྱུར་འདུག་ཞུས་ནས་དེ་འཕྲལ་ཡང་ཁྲོད་སྒྲུབ་སྡེ་གཙོས་གནས་ཁག་རྣམས་སུ་བཞུགས་པའི་སྒྲུབ་པ་སོ་སོར་ཡོན་ཕུལ་ནས་གྲུབ་པར་བྱས། འདི་ལོ་རྫོང་སར་དུ་གཏེར་མཛོད་དབང་ལུང་ཚུགས་དགོས་པར་བཀའ་གནང་བས་སླར་ཕྱིན་ནས་དཔེ་དང་དཀྱིལ་ཙག་དབང་ཆས་རིགས་བསྡུས་ནས་རྫོང་དགོན་དུ་ཕྱིན་ནས་སླེབས་ཉེའི་སྐབས་སྔར་མཐོང་མ་མྱོང་བའི་འཇའ་ཚོན་ཁ་དོག་སྣ་ལྔའི་རི་མོ་དུ་མ་ཐིག་ལེ་ཐིག་ཕྲན་ཡུད་ཙམ་ནས་འདྲ་མིན་མང་དུ་འགྱུར་འགྲོ་བ་ནམ་མཁའི་ཕྱེད་ཁེབས་པ་བྱུང་། དཔལ་ཡུལ་རྒྱ་སྤྲུལ། ཀཿཐོག་རྨོག་ཚ། ཞེ་ཆེན་རབ་འབྱམས་དང་རྒྱལ་ཚབ། གླིང་རྗེ་དྲུང་། ལྷ་སྤྲུལ་གཉིས། རྫོགས་ཆེན་མཁན་པོ་ཨ་དཀོན་སོགས་བྱོན་འདུག་པ་རྣམས་དང་མཇལ་འཕྲད་ཞུས། ཟླ་བ་བདུན་པའི་ཉེར་ལྔར་ལྷ་གསར་དུ་བཀའ་བརྒྱད་བདེར་གཤེགས་འདུས་པའི་སྒྲུབ་ཆེན་གྱི་དབུ་གཟུང་། མདོ་བྱང་ཆེན་མོའི་འཇུག་པ་སྔོན་འགྲོས་སྒྲུབ་ཆེན་གྲུབ་ནས་ཕན་ནུས་ཟབ་དབང་རྣམས་རིམ་པར་བསྐུར། ཟླ་བ་བརྒྱད་པར་རྗེ་བླ་མས་གསན་མི་དགོས་པའི་རིགས་ཀྱི་དབང་ལུང་རྣམས་གོང་སྨྲོས་བླ་སྤྲུལ་རྣམས། རབ་འབྱམས་པ་ཀུན་བཟང་བསོད་ནམས་སོགས་ལ་རིམ་པར་བགྱིས། བླ་མ་གསང་འདུས་སོགས་ཀྱི་གཞུང་པོད་འགའ་ཞིག་གི་ལུང་ཡང་བཀླགས། བར་མཚམས་ཤིག་ཏུ་དཔའ་བོ་རིན་པོ་ཆེ་དཔལ་སྤུངས་སུ་ཕེབས་པས་སླར་ཕྱིན། ཡང་ཁྲོད་དུ་རབ་གནས་དང་ཚེ་དབང་ཞུས། གསོལ་སྟོན་དང་འབུལ་བ་ཕུལ། རྟེན་མཇལ་ཞུ་བ་སོགས་མགྱོགས་པར་བགྱིས་ཏེ་རྫོང་སར་དུ་ཕྱིན་ནས་སྔ་འཕྲོས་དབང་ལུང་ཚུགས། དཔའ་བོ་རྫོང་སར་དུ་ཕེབས། ཐུགས་བཞེད་ལྟར་མར་ལུགས་དགྱེས་རྡོར་གྱི་དབང་སྔོན་དུ་འགྲོ་བས་བརྟག་གཉིས་སྤྱི་དོན། ཚིག་འགྲེལ། ཟབ་མོ་ནང་དོན་རྣམས་ཀྱི་བཤད་ལུང་། ཆོས་སྐྱོང་གློག་ཕྲེང་ཚང་བ་སོགས་དབང་ལུང་མང་དུ་གསན་སོང་། ལོ་འདིར་ཡང་ཁྲོད་སྒྲུབ་པ་སྔ་མ་རྣམས་གྲོལ། སྒྲུབ་ཐེབས་བཞི་པ་སླར་སྡོད་སྐབས་ཁེལ་བས་ཟླ་བ་བཅུ་གཅིག་པར་གཏེར་མཛོད་དབང་རྣམས་གྲུབ་སོང་བ་དང་། ཡང་ཁྲོད་དུ་ཕྱིན་ནས་སྒྲུབ་པ་གསར་སྡོད་རྣམས་ལ་ཐོག་མར་མཁོ་བའི་དབང་ལུང་ཁྲིད་དང་། བཅའ་ཡིག་བསླབ་བྱ་སོགས་བྱས། ཟླ་བ་ཕྱེད་ཙམ་འགོར་ནས་སླར་སོང་སྟེ་སྔ་འཕྲོས་ལུང་རྣམས་བཀླགས། བཅུ་གཉིས་པའི་ཚེས་དྲུག་ལ་བཀའ་རྒྱ་པོད་བཞི་བཅས། ལུང་གཞན་གང་དགོས་ཀྱང་གྲུབ་ནས་ཚེས་བདུན་ནས་གཟིམས་ཆུང་དུ་འཚོགས། རྗེ་བླ་མ་རིན་པོ་ཆེས་གསན་དགོས་རིགས་ཀྱི་ལུང་རྣམས་ཐོག་མར་བཀླགས། མེ་གླང་གསར་ཚེས་ནང་། ཚེ་བདག་ལྕགས་འདྲ་སྡིག་གཞུང་པོད་ཀྱི་ལུང་བཀླགས་མཚམས། བོད་ནས་ལྕགས་ལ་མཁན་སྤྲུལ་ཡང་བྱོན་པ་ལ་བྱང་གཏེར་དགོངས་པ་ཟང་ཐལ་གྱི་དབང་ལུང་ཡོངས་རྫོགས་སོགས་དཔོན་སློབ་ལྷན་ཅིག་ཏུ་གསན་དགོས་པ་རྣམས་དང་། མཁན་སྤྲུལ་ལ་བླ་མ་ཡང་ཏིག་དབང་ལུང་ཁྲིད། སྔར་མ་གསན་པའི་བྱང་གཏེར་སྐོར་འགའ་ཞིག་གྲུབ་ནས་ངེད་རང་དཔོན་སློབ་ལྷན་ཅིག་ཏུ་ཞབས་བརྟན་དང་འབུལ་བ་གནང་ནས་ཕེབས་སོང་། ཟླ་བ་གཉིས་པའི་ཚེས་གསུམ་ལ་ལུང་ཚང་བར་གྲུབ་ནས་དབང་གི་དབུ་ཚུགས། ཟླ་བ་གསུམ་པའི་ཚེས་བཅུ་གསུམ་ལ་དབང་རྣམས་གྲུབ། སྐུ་ཞབས་ཁམས་པ་ཆེད་འབྱོན་དོན་གཉེར་དང་ཐར་རྩེ་དཔོན་སློབ་རྫོགས་ཆེན་སྤྲུལ་སྐུ་སོགས་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཡོངས་རྫོགས་ཉིན་ལྔ། རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་པའི་ཁྲིད་ཕོག །སླར་ཡང་རྗེ་བླ་མའི་གཟིམས་སྤྱིལ་དུ་འདོད་འཇོ་བུམ་བཟང་གི་དབང་ལུང་ཚང་བ་ཉིན་བདུན་ལ་བགྱིས། གཏེར་མཛོད་ཁྲིད་རྣམས་ཀྱང་མཐར་ཆགས་སུ་བཏང་། གཏང་རག་སྲུང་མའི་གསོལ་སྐོང་བརྒྱ་རྩ་སོགས་གྲུབ་སྟེ་རྗེ་བླ་མ་རིན་པོ་ཆེའི་མདུན་ནས་ཚེ་དཔག་ལྷ་དགུའི་ཆོ་ག་དང་འབྲེལ་བའི་ཞབས་བརྟན་དང་འབུལ་ཆེན་གནང་། བླ་སྤྲུལ་ཁག་སོགས་ནས་ཀྱང་ཡོན་འབུལ་བསྟབས། འདི་སྐབས་རྨི་ལམ་ཞིག་ཏུ་དཔལ་ཡུལ་རྒྱ་སྤྲུལ་ནས་གསེར་གྱི་ཉག་ཐག་འདྲ་བ་ཞིག་ཕུལ་ནས་གུས་པ་ཆེན་པོ་མཛད་འདུག་པ་ལ་ཉག་ཐག་སླར་མགུལ་དུ་བསྐོན། ཁོང་དང་རྨོག་སྤྲུལ་གཉིས་ལ་བསྟན་པའི་གཉེར་གཏད་ནས་ཤིས་བརྗོད་རྒྱས་པར་སྤེལ་བ་རྨིས་པ་ལྟར་རྒྱ་སྤྲུལ་ནས་ཕྱིས་གཏེར་མཛོད་ཚར་གསུམ་ཙམ་གནང་རྒྱུ་བྱུང་ཡོད་འདུག །རྨོག་སྤྲུལ་བསྟན་འཛིན་སྐྱེས་བུ་ཁྱད་པར་འཕགས་པ་ཞིག་འབྱུང་བར་ཡོད་ཀྱང་སྐུ་ཚེའི་བར་ཆད་དབང་དུ་སོང་། རྩེ་ཟུལ་མདོར་སྟོབས་ཆེན་མཆོད་རྟེན་བཞེངས་དགོས་པ་མཆོག་གླིང་སོགས་ལུང་བསྟན་མང་། ཕྱིས་ཚོད་དེར་འབྱུང་པོ་གདུག་པ་ཅན་གྱིས་འདུ་འཚོགས་ཇེ་མང་སོང་བས་ལམ་འགྲིམ་མགོ་མི་ཐོན་པའི་འཚུབས་ཆེ་སྟབས་སྡེ་དགེ་ཚང་ནས་ངེད་ལ་བཅའ་སྒྲུབ་དགོས་པའི་བཀའ་ནན་སྔ་རྗེས་དང་། འདི་རེས་བསུ་མ་འབྱོར་བ་བཅས་ཀྱིས་རྗེ་བླ་མའི་མདུན་ནས་ཐོག་མཐའ་བར་གསུམ་གྱི་བསྒྲུབ་བྱ་རྣམས་བསླབ་སྟོན་ཞིབ་པར་ཞུས་ནས་ཐེག །ཡང་ཁྲོད་དུ་འོང་ནས་དཔེ་སོགས་དགོས་ཆས་བསྒྲིགས་ནས་ཨ་ལོ་རྩེ་ཟུལ་མདོར་ཕྱིན། སྐུ་ཚབ་བཀྲ་ཤིས་དགེ་ལེགས་ནས་གྲ་བསྒྲིགས། གཏེར་སྟོན་ཚེ་དབང་གྲགས་པ་དང་རྡོར་བྲག་བླ་སྤྲུལ་སོགས་བསྙེན་སོང་ནུས་ལྡན་རྣམས་ཀྱང་བྱོན། ཕུར་པ་བླ་མ་དཔོན་སློབ་ནས་ས་བཅག་འདུར་རྩ་འཆམ་བྱས། བསང་བརྔན་གསེར་སྐྱེམས་ལྷ་སྲིན་དམ་བསྒྲག །ས་དམིགས་བཙལ་ཞིང་ལྟོ་འཕྱེ་བརྟགས་ནས་བུམ་གཏེར་སྦ་བ་སོགས་བགྱིས། འཁོར་ལོ་སོགས་བཅའ་གཞི་བསྒྲིགས། དགྲ་དུར་ཕུང་འཁྲུགས་དམ་སྲི་རྣམས་ཀྱི་བླ་རྡོ་ཕྱོགས་བཞི་དབུས་ལྔར་བཙལ་འོས་རྣམས་སེམས་ཀྱི་གསལ་སྣང་ལ་གང་ཤར་ཐམས་ཅད་འཁྲུལ་མེད་དུ་རྙེད་པ་སོགས་ཡིད་ཆེས་བྱུང་། ཟླ་བ་ལྔ་པའི་ཚེས་གསུམ་ལ་མཁན་བླ་མ་བཀྲ་ཤིས་འོད་ཟེར་སོགས་ནས་བཀྲ་ཤིས་པའི་གསོ་སྦྱོང་སྔོན་དུ་འགྲོ་བས་མཆོད་རྟེན་རྨིང་གཞི་བཏིང་། གཙུག་ལག་ནས་བཤད་པའི་རྟེན་འབྲེལ་རྣམས་ཀྱང་མ་ལུས་པ་བྱས། ཉི་ཤར་འཇའ་ཚོན་སོགས་དག་པའི་ལྟས་སུ་ཀུན་གྱིས་གླེང་། ཚེས་དགུར་སྒྲུབ་ཁག་སོ་སོས་གཏོར་འཕེན་དང་མནན་པའི་རིགས་ལེགས་པར་གྲུབ། གཏེར་སྟོན་གྱིས་སྤོམ་བྲག་ནས་མཆོད་རྟེན་ནང་གཞུག་གཙོ་བོ་ཆོས་རྒྱལ་སྲོང་བཙན་ཕྱག་ཚ་སྤྱན་དྲངས་འདུག་པ་ཚེས་བཅུའི་ཉིན་དཔའ་བོ་དཔའ་མོའི་སྟོན་མོ་བཅས་གཏེར་ཞལ་ཕྱེས། ཚེས་བཅུ་གཅིག་ནས་འོག་བཅས་རྣམས་རིམ་པར་བསྒྲུབས། བཅུ་དགུ་ཉིན་སྟེང་འོག་བཅའ་གཞི་མངའ་གསོལ་བཅས་བགྱིས། དེ་ནས་སྒྲུབ་པ་ལས་སྦྱོར་བཅས་བགྱིས་ཏེ་གནམ་སྟོང་ཉིན་བཞུགས་གནས་མཆོད་རྟེན་ཆེན་མོའི་ནང་བརྟན་པར་བཞུགས་སུ་གསོལ། ཚོགས་སྐོང་སྲེག་བླུག་སོགས་མཐའ་རྒྱས་བྱས། ཕྱིའི་མཆོད་རྟེན་འཕྲོས་བརྩིགས་པའི་སྐབས་གྱང་ཁང་ཡར་མགོ་རྣམས་ཀྱི་འབོད་ནན་ལྟར་འབྲི་ཆུ་ཕར་ཁར་ཕྱིན། ལོ་སྔ་མར་སྐུ་ཞབས་རིན་པོ་ཆེ་གློ་བུར་བོད་དུ་ཕེབས་སོང་ཡོད་འདུག །འདི་ལོ་བསྟན་དོན་ལྟས་ཤིན་ཏུ་འཚུབས་པས་རྔད་ལ་སྒྲོལ་མ་བྲག་དཀར་དུ་ཕྱིན། ཚོགས་བརྒྱ་དང་རི་རྩེ་ནས་ཟོར་ཟློག་རྟེན་འབྲེལ་ཆེད་ཙམ་བྱས་པར་འཇའ་ཚོན་ཤར་བ་སོགས་ལེགས་ལམ་བྱུང་། སྦྱིན་བདག་རྣམས་ཀྱི་རེ་བསྐངས་ཟིན་ནས་ཚུར་སླེབས་ཏེ་མཆོད་རྟེན་སྤྱིར་རབ་གནས་དང་དགེ་བསྙེན་རྟེན་འཛུག་བཅས་དེ་གའི་བྱ་བ་རྒྱས་པར་གྲུབ་ནས་ཟླ་བ་དྲུག་པར་སླར་འཁོར། དགོན་གྱི་མགོན་ཁང་དུ་བསྟན་དོན་ཆེད་དམིགས་དགྲ་ཆོས་དགོས་ཚུལ་བསྐུལ་བ་ལྟར་དེར་ཡང་འཚོགས་ལ་ཕྱིན། ཡང་ཁྲོད་ཀྱི་སྒྲུབ་པ་རྣམས་སོགས་ཕྱི་ནང་ལ་དབང་ཁྲིད་དགོས་བྱ་སྣེ་མང་བགྱིས། ཟླ་བ་བདུན་པར་སྔ་མའི་བཀའ་ལུང་ལྟར་གནས་ཆེན་རྣམས་སུ་ཚིག་བདུན་སྒྲུབ་ཆེད་རྫོང་སར་དུ་ཕྱིན། གཏེར་སྟོན་མཆོག་གླིང་སྤྲུལ་སྐུ་ལ་རྗེ་བླ་མ་དང་ལྷན་ཅིག་སྦྱོང་ཁྲུས། བྱིན་འབེབ་མངའ་གསོལ་ཤིས་བརྗོད་བགྱིས་སྐབས་ཉམས་ལྟས་ལེགས། ཕྱི་རོལ་ཏུའང་འཇའ་ཚོན་དང་མེ་ཏོག་ཆར་པ་འདུག་ཟེར། རྩ་འདུས་ཀྱི་གཏེར་སྒྲུབ་ཞར་བྱུང་ཚིག་བདུན་གསག་ལུགས་འདི་ལྟར་འོས་ཞེས་རྗེ་རིན་པོ་ཆེས་བཀའ་སློབ་བསྩལ་བ་ལྟར་པདྨ་ཤེལ་ཕུག་ཏུ་ཞག་བདུན་ཉིན་བརྒྱད་བཟླས་སྒོམ་བགྱིས། འདི་སྐབས་སྔ་དྲོ་ཞིག་གི་གསལ་སྣང་དུ་ལུང་པའི་ནང་གི་བྲག་ལ་ཛཾ་ལྷའི་སྐུ་གསུང་ཐུགས་རང་བྱོན་ཡོད་པས་ཛཾ་ནང་དུ་མིང་ཐོགས། ཁྱད་པར་ཛཾ་ལྗང་གནས་པ་གསལ་བ་དང་། རྗེས་ཤེས་སུ་འདིར་ཕུ་པ་རྣམས་ཀྱིས་སྤྱི་རིམ་གཡང་སྐྱབས་བྱས་ན་ལེགས་སྙམ་པ་ཤར། ཚོགས་བརྒྱ་གསོལ་སྐོང་གྲུབ་པ་དང་ལ་བརྒལ་ནས་རོང་མེ་དཀར་མོ་སྟག་ཚང་དུ་འདོན་སྒྲུབ་ཞག་བདུན་བགྱིས། རྨི་ལམ་འཚུབས་ལྟས་དང་ལེགས་པའི་ལྟས་གཉིས་ཀ་བྱུང་། གྲོལ་ནངས་རཀྟ་ཕྱུར་ནས་ས་ལ་འཁྱིལ་བ་བྱུང་འདུག །འདིར་སྡེ་དགེ་མ་ཡུམ་ནས་བཀའ་བརྒྱད་སྒྲུབ་ཆེན་སྨན་སྒྲུབ་བཅས་མཛད་རྩིས་ཀྱིས་འབོད་མི་སྔ་ནས་བྱུང་བ་ལྟར་ཕྱིར་འོང་བའི་ལམ་ཁར་སྦྱིན་བདག་ཅིག་འཆི་བའི་སྒྲིབ་སྦྱོང་ཆོ་ག་བཏང་། ཞག་གཅིག་བསྡད་པའི་ནངས་སྔ་མོར་བུ་མོ་དེས་དར་ལྗང་གུ་དང་སྒྲོལ་སྐུ་ཞིག་བྱིན་བྱུང་། སླར་ཅུང་ཟད་འཐུམ་པའི་རྨི་ལམ་དུ་སྔར་དང་འདྲ་བའི་རྒྱལ་གདོན་གྱིས་འཚེ་བ་ལ་ཕུར་པའི་ཏིང་ངེ་འཛིན་གྱིས་གཟིར། མཁའ་འགྲོ་བྱེ་རུའི་མགོ་རྒྱན་ཅན་ཆེ་ཆུང་གཉིས་ཀྱིས་བརྡའི་ལུང་བསྟན་མང་དུ་བྱེད་པ་ཞིག་བྱུང་། བཀྲ་ཤིས་ཕོ་བྲང་དུ་ཕྱིན། སྡེ་དགེ་སྐུ་མཆེད་དང་བླ་གྲྭ་རྣམས་ཀྱང་བྱོན། ཟླ་བ་བརྒྱད་པའི་ཚེས་བདུན་ལ་དབུ་ཚུགས། སྒྲུབ་ཆེན་སྨན་སྒྲུབ་གཉིས་ཀ་ཞག་བདུན་རེ་མཛད་སོང་། འདི་སྐབས་རྨིས་ལྟས་གསལ་ཞིང་ལེགས་པ་མང་ཞིང་། བསམ་ཡས་མཆིམས་ཕུའི་བྲག་ཕུག་ཏུ་སྨིན་གླིང་གཏེར་ཆེན་སྒྲུབ་པར་བཞུགས་པ་མཇལ་ཞིང་ཉི་དྲོས་འཇའ་ཚོན་ཤར་བས་ཉམས་དགའ་བ་དང་ཌཱ་ཀི་ཆེ་ཆུང་གཉིས་ཀྱིས་ཤར་ཕྱོགས་སུ་ནོར་གཏེར་གནད་ཆེན་ཡོད་ཟེར་བས་སྔགས་པ་ཟིལ་ཅན་གཏེར་སྟོན་ཡིན་སྙམ་ཞིག་འདུག་པ་ལ་བཏོན་རོགས་མཛོད་བྱས་པས་ཞལ་བཞེས་ཐོབ་པས་དགའ་བ་སྐྱེས། གཏེར་གྱི་གནས་ཚུལ་ཡང་ཡིད་ལ་གསལ་སྙམ་བྱེད་པ་དང་། རྗེ་བླ་མ་རིན་པོ་ཆེས་ལུང་བསྟན་འགའ་ཞིག་དང་ཤོག་སེར་མང་པོའི་བརྡ་འགྲོལ་མཛད་པ་དང་། གནས་གཏེར་གྱི་བཀོད་པ་མང་དུ་གསལ་བ་སོགས་བྱུང་། དངོས་གྲུབ་ལེན་ཆོག་སྐབས་མ་ཡུམ་ནས་པད་ཞྭ་དང་དཀར་ཆས་འཚོགས་པས་ཞབས་བརྟན་གནང་། སྐུ་ངོ་རྣམས་དང་། རྫོགས་ཆེན་རིན་པོ་ཆེ། གླིང་སྤྲུལ། གཏེར་སྤྲུལ། གདོང་ཀཾ་སྤྲུལ་སྐུ་སོགས་ལ་དབང་ཆེན་དང་། བར་དབང་ཁྲོམ་དབང་སོགས་མཐའ་རྒྱས་བསྒྲུབས། ཞི་ཁྲོའི་གནས་བརྒྱ་འཚོགས། གནམ་གང་ཉིན་སྟོང་མཆོད་རྒྱས་པ་བཅས་རབས་བདུན་རིང་བསྲེལ་མཆོད་པ་མཛད་སོང་བས་རྨེ་ཤོད་ཕུ་མདའ་ཁེངས་པའི་འཇའ་ཚོན་ཀུན་གྱིས་མཐོང་བར་བྱུང་། དེ་ནས་བཏེགས། ཟླ་གམ་དབང་ཕུག་ཏུ་དགུ་པའི་ཚེས་བཞི་ལ་སྒྲུབ་པའི་དབུ་ཚུགས་པའི་ཐོག་མའི་ནུབ་ཨོ་རྒྱན་རིན་པོ་ཆེ་ཉིད། རྗེ་བླ་མ་མཁྱེན་བརྩེའི་རྣམ་པར་བཞུགས་པས་ཤོག་སེར་ལ་བརྡ་ཡིག་གྲུ་ཆོད་མང་པོ་ཡོད་པའི་གླེགས་བམ་ཞིག་ཁ་ཕྱེ་ནས་ཚིག་བདུན་འདོན་ཐབས་ནས་བརྩམ་ཚང་བ་བརྡ་སྤྲད་པ་ཞིག་རྨིས། གཞན་རྨི་ལམ་ལྟས་ཡོད་མང་ཡང་མ་བཀོད། འདི་སྐོར་སྤྲིན་འཇའ་དཀར་པོ་མང་དུ་ཤར་བ་དང་། ཁྱད་པར་ནུབ་ནས་ཤར་དུ་རྒྱས་པའི་སྤྲིན་འཇའ་སྐུ་ཤ་ལྟ་བུས་ནམ་མཁའ་ཕྱེད་ཁེབས་པའི་ཡ་མཚན་ཆེ་བ་རྒྱུན་རིང་དུ་བྱུང་སོང་། ལན་གཅིག་མཆོད་རྟེན་ཆེན་པོ་ཞིག་གི་ནང་དུ་ཕྱིན་པས་ས་དགྲའི་སྐྱོན་གྱིས་བང་རིམ་འོག་མའི་ལྷོ་ནུབ་ཏུ་སྐྱོན་ཡོད་སྐད། ཇོ་ནང་ལྟ་གྲུབ་སྔར་ཡོད་ལ་བཅོས་མ་ཕོག་ན་མཆོད་རྟེན་ལ་སྐྱོན་མི་འབྱུང་། དེ་མཚུངས་གྲུབ་མཐའ་གཞན་རྣམས་ཀྱང་ཐོག་མའི་སྲོལ་འབྱེད་དེའི་ལུགས་རང་སོར་བཞག་དགོས་ཚུལ་གྱི་རྒྱུ་མཚན་ཡི་གེ་མང་པོ་དགེ་བཤེས་འདྲ་བ་ཞིག་གིས་ཀློག་ནས་བཤད་པ་སོགས་ཉམས་མཚར་ཡང་བྱུང་། ཚེས་ཉེར་ལྔ་ལ་ཚོགས་བརྒྱ་གསོལ་ཁ་རྣམས་གྲུབ་ནས་པདྨ་ཤེལ་རིར་ཕྱིན། སྒྲུབ་པ་ཚུགས། སྔ་དྲོ་ཞིག་གི་ཉམས་སྣང་དུ་མཁའ་འགྲོ་དཀར་མོ་དར་དང་རུས་རྒྱན་ཅན་རྡོར་དྲིལ་ཐོགས་པ་ཞིག་གནས་འགྱུར་ཏེ། གཡས་ཚེ་བུམ་དང་གཡོན་པད་སྟེང་ནོར་བུ་ཡོད་པ། སྟག་ཤམ་ཅན་ཞིག་གསལ་བ་དང་། རེས་ཤིག་རྨི་ལམ་དུ་རྗེ་བཙུན་མི་ལ་རས་པ་སྐུ་ཤ་དང་ན་བཟའ་དཀར་པོ། དབུ་སྐྲ་ལྕང་ལོས་སྐུ་རྒྱབ་ཁེབས་པ། ཕྱག་གཉིས་སྐུ་རྒྱབ་ཏུ་བསྣོལ་ནས་ཌཱ་རུ་དང་རྐང་གླིང་བསྣམས་པ་མི་ཚད་ཙམ་གྱི་སྐུ་ཞིག་མཇལ་བ་ལ་གུས་འདུད་བྱས་པས། དེ་ཉིད་སྐུ་དངོས་སུ་གྱུར། ཕྱག་གཉིས་མདུན་དུ་བསྣོལ་ནས་བྱིན་རླབས་བསྩལ་བ་རྨིས། འདི་ཡན་ཚིག་བདུན་འབུམ་ཐེར་གཅིག །ལྔ་སྟོང་སུམ་བརྒྱ་ལྷག་སོང་། གནས་ཕུག་ཐམས་ཅད་དུ་ཚོགས་སྐོང་གསོལ་ཁ་བྱས། ཐེག་ལམ་གྱང་གནས་པོ་རྩར་ཞག་གཅིག་བསྡད་ནུབ་རྫོང་ཤོད་གཏེར་གྱི་ལྟས་མང་དུ་རྨིས། བཅུ་པའི་ཚེས་བདུན་ལ་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་ཕྱིན། གནས་ལྔར་སོ་སོར་ཚོགས་མཆོད་དང་། ཚེས་བཅུ་ཉིན་ཐུགས་གནས་ཚོགས་ཁང་ཆེན་མོར་བརྒྱ་མཆོད་སོགས་འབྱོར་ཚོགས་རྒྱས་པ་བཤམ་ནས་ཚོགས་འཁོར་བརྒྱ་རྩ་བགྱིས། འདི་གར་སྤྲུལ་སྐུ་རིན་པོ་ཆེ་དང་མཆོག་གླིང་གཉིས་ཀྱིས་ས་གནད་ལྷ་ཁང་དགོས་ཚུལ་གསུངས་ཀྱང་དབོན་སྤྲུལ་སྐུ་གཤེགས་པ་སོགས་ཀྱིས་ཐོན་མ་སོང་། ད་སྟེ་རང་ནས་ཁང་བརྩེགས་མཆོད་རྟེན་ཙམ་ཨི་འགྲུབ་རེ་བ་ཡོད་ཚུལ་འཕྲོས་མོལ་བྱས་པར། དཔལ་སྤུངས་སྐུ་ཚབ་མ་ད་ནས་ཐུགས་ཉམས་འུར། ཁོས་ལྷ་ཁང་རྨིང་བཏིང་ཟེར། རག་ཆབ་ཤོག་དཔོན་ནས་ཁོས་གྲོགས་བྱེད་ཟེར་བའི་རྟེན་འབྲེལ་ལེགས་པ་འདྲ་ཞིག་བྱུང་བས་ཕྱིར་ལོ་སྒྲུབ་ཁང་བཟོ་རྒྱུའི་གྲོས་འགྲིགས་ནས་དེར་བྱུང་བའི་དཀོར་རྫས་རྣམས་ཀྱང་ངོས་སྤྲད། ཕྱིར་འོང་ལམ་སྦྱིན་བདག་རྣམས་ཀྱི་འདོད་སྐོང་དང་། མཛེས་བུམ་ཕོ་བྲང་དུ་བསྟན་རིམ་ཡང་བསྒྲུབས། འདི་སྐོར་རྣམས་སུའང་རྨི་ལམ་གྱི་བརྡ་དཔྱད་དཀའ་བ་དང་། གནས་གཏེར་གྱི་ལྟས་དང་བུད་མེད་འདུ་བ་མང་ཞིང་། གནས་རི་ལྷ་ཁང་ལྟ་བུར་མཉམ་མེད་དྭགས་པོ་རིན་པོ་ཆེ་དང་འཇའ་ཚོན་སྙིང་པོ་དབྱེར་མེད་པ་ཞིག་མཇལ། མོས་གུས་ཆེན་པོས་གསོལ་བ་བཏབ་པས་ལམ་མཆོག་རིན་ཆེན་ཕྲེང་བ་ཞིག་གནང་བ་དང་། པདྨ་ཉིན་བྱེད་དབང་པོ་དང་རྒྱལ་དབང་ཐེག་མཆོག་རྡོ་རྗེ་མཇལ། ཤིན་ཏུ་དགྱེས་པ་ཆེན་པོས་ཁྱོད་ཀྱི་གཏེར་ཆོས་སོགས་བཀའ་ཆོས་མང་ཙམ་གསན་དགོས་གསུངས་པ་དང་། བན་བོན་འདྲེས་པའི་ལྷ་འདྲེས་ཧོན་ནད་དཀར་པོར་སྒྱུར་བའི་ཁས་ལེན་ལན་མང་དུ་བྱེད་པ་དང་། སྔར་ཡོད་སྐུ་ཚབ་ལ་སྤྲུལ་སྐུ་རིན་པོ་ཆེས་དབུ་པཎ་ཆེས་མཐོ་བ་གསོལ། མཐའ་སྐོར་ནོར་བུ་སྤུངས་པ་མཐོ་གང་ལྷག་ཙམ་ཞིག་མཛད་ནས་གནང་བས་ཆེས་དགའ་སྤྲོ་སྐྱེས་པ་སོགས་རྨིས་ཤིང་། ཐོ་རངས་གསལ་སྣང་ཞིག་ཏུ་ནམ་མཁར་ཐིག་ལེ་ཤིན་ཏུ་རྒྱ་ཆེ་བ་མཐའ་སྐོར་འཇའ་ཚོན་གྱིས་བསྐོར་བའི་ནང་དུ་དཔལ་རྡོ་རྗེ་སེམས་དཔའ་ལ་ཞི་ཁྲོ་རིགས་བརྒྱའི་ལྷ་དུ་མས་བསྐོར་བ་མཐོང་བ་དང་ཉམས་སད། བཅུ་གཉིས་པའི་ཚེས་གཅིག་ལ་རྫོང་དགོན་དུ་སླེབས། ཀུན་མཁྱེན་བླ་མ་རིན་པོ་ཆེ་མཇལ། གསུང་གླེང་སྣ་ཚོགས་དགྱེས་པས་གནང་། ཚིག་བདུན་སྐོར་ཞུ་འཕྲོས་བྱུང་བས་རྟེན་འབྲེལ་ཆེ་བའི་ལྔ་ཚན་དང་འབྲི་གཞི་གནང་ནས་འབྲི་དགོས་ཚུལ་ནན་དུ་གསུངས། དེ་ནུབ་རྨི་ལམ་དུ་ཆོས་གོས་དམར་སེར་གསར་པ་ཞིག་གྱོན་ནས་བསྡད་པས་སྨྱུ་གུ་མང་དུ་རྙེད། མཚུར་ཕུ་རྗེ་བཙུན་རྣམ་རྒྱལ་འདྲ་བའི་མཁའ་འགྲོ་མ་སྐྲ་གྲོལ་བ་ཞིག་གིས། རས་ལ་བརྡ་ཡིག་བྲིས་པའི་གཏེར་གྱི་ཁ་བྱང་ལྕགས་ཕུར་ཆུང་ངུ་ལ་བཏགས་པ་ཞིག་བྱིན། ངེད་རང་གཉིས་ནས་འདོན་དགོས་རྒྱུ་ཡིན་ཟེར་བ་སོགས་རྨིས། རྗེ་བླ་མས་ཐོ་རངས་མནལ་ལམ་ཞིག་ལ། རིགས་ལྔ་ལྟ་བུའི་སྐུ་བཞི། སྐུ་སྨད་མེད་པ་གཅིག་རྣམས་ངེད་ལ་གནང་ནས་གཅིག་འདི་གསོ་དགོས་གསུངས་པས་འདི་ངོས་ནས་ཐོན་དཀའ་ཞེས་འཚེར་བག་བྱེད་པའི་མནལ་ལམ་བྱུང་གསུངས་པ་འདི་ཕྱིས་འབྱུང་ལྟས་སུ་འདུག །འདི་སྐབས་རྩ་གསུམ་བཀའ་འདུས་རྟེན་གུ་རུའི་དམ་ཚིག་རྡོ་རྗེ་ཛྷཻ་ཀྵིཾ་ལས་གྲུབ་པ་མུན་ནང་འོད་འབར་བ་དང་། ཟབ་བུ་ལུང་མཚོ་རྒྱལ་སྐུ་ཚབ་རྣམས་གཏེར་སྲུང་གིས་དངོས་སུ་ཕུལ་འདུག་པ་སོགས་མཇལ་ཁ་དང་བྱིན་རླབས་གནང་། འདི་དག་རྩོལ་མེད་བྱུང་བ་ལས་ཆོས་སྡེ་དངོས་ཀྱང་རྙེད་རྒྱུ་ཡིན་ནམ་གསུང་བ་ཞིག་ཡོད་ཀྱང་ཕྱིས་སུ་མ་འབྱོར་བས་རྡོ་རྗེ་དེ་སོགས་ཤོག་སེར་དང་གཏེར་རྫས་གཏེར་ཆོས་མང་ཞིག་གཏེར་སྲུང་ལ་ཕར་གཉེར་དུ་གཏད་པ་ཡིན་འདྲ། སྐུ་གཤེགས་རྗེས་གཅིག་ཀྱང་མི་འདུག །ལན་གཅིག་བན་རྒོད་སྨྱོན་པ་ཞིག་བྱིན་རླབས་ཞུ་བར་འོང་བས་རྐྱེན་བྱས་སྐུ་ཁམས་ཆེར་འཁྲུགས་པས་ངེད་རང་ནས་ཚིག་བདུན་འདོན་ཐབས་སོགས་རིམ་པར་བྲིས། མི་ཕམ་སོགས་སྒྲ་ཙཱནྡྲ་པའི་འགྲེལ་ཆེན་སྔ་འཕྲོས་གྲུབ་པར་བགྱིས། ནུབ་ཅིག་ཞྭ་དམར་དཔལ་ཆེན་ཆོས་ཀྱི་དོན་གྲུབ་གཞོན་ནུ་ཟིལ་ཅན་གྱི་རྣམ་པ་མཇལ་བ་དང་། ལྷ་ཁང་ཤིན་ཏུ་བཀོད་ལེགས་པའི་ནང་ཚེ་དཔག་མེད་ལ་སངས་རྒྱས་སྟོང་རྩས་བསྐོར་བ་ཐམས་ཅད་གསེར་མདོག་འོད་འབར་བ་མཇལ་བ་སོགས་ཀྱང་རྨིས། རིང་བསྲེལ་མང་པོ་དང་ཤོག་སེར། སངས་རྒྱས་མཉན་པའི་དབུ་ཐོད་རྣམས་རྙེད་ཚུལ་དགོད་བྲོ་བའི་རྨི་ལམ་ཡང་བྱུང་། ཕྱོགས་འདུས་མང་པོར་དབང་ཆོས་ཀྱི་རེ་སྐོང་ཡང་གྲུབ་ནས་ཡང་ཁྲོད་དུ་ཕྱིན། རྟག་གཏོར་བརྗེ་བའི་གསོལ་ཁ། མགོན་པོའི་གཏོར་སྒྲུབ། མི་མང་འདུས་པའི་ངོ་ལེན་བྱས། ས་སྟག་གསར་ཚེས་ནང་སྔ་རྒྱུན་འདོན་བྱ་དང་། སྒྲུབ་པ་རྣམས་ལ་དབང་ཁྲིད། གཏེར་མཛོད་ཞུ་དག་སོགས་དལ་མེད་བྱས། ཟླ་བ་གཉིས་པར་རིག་འཛིན་ནས་སྦྱིན་བདག་བྱས་ཏེ་བླ་མ་དགོངས་འདུས་སྒྲུབ་ཆེན་སྨན་སྒྲུབ་སྦྲེལ་མ་ཚུགས། སྒྲུབ་ཆེན་འདི་དག་གི་སྐབས་སུ་སྐོང་ཆོག་མཁན། ཕུར་སྒྲུབ། ཚེ་སྒྲུབ་རྣམས་ཀྱི་ཟུར་འཚོགས་རྒྱས་པ་རེའང་ཡོད། འདི་སྐབས་བྱིན་རླབས་ཀྱི་ལྟས་དང་། ཁྱད་པར་ནུབ་ཅིག་ཀུན་མཁྱེན་བླ་མ་རིན་པོ་ཆེས་ལྷ་མདོ་ནས་བཞེས་པ་ཡིན་གསུངས་པའི་རྡོ་རྗེ་བསྐུམ་ཁྲུ་གང་ཙམ་དང་། དུང་དཀར་བང་གང་ཙམ་པ་ལག་ཏུ་སྤྲད། རྡོར་དྲིལ་ཞིག་ཕྱག་ཏུ་བསྣམས་ནས་བསྟན། གེ་སར་སྒྲུབ་ཐབས་མང་ཉུང་འཚམས་པ་ཞིག་ཕབ། དེ་མ་ཐག་གཏོར་མཆོད་བཀོད་པ་ཁྱད་མཚར་ཅན་བཤམས་ནས་དཔོན་སློབ་ཁ་ཤས་ཀྱིས་དེའི་ཆོ་ག་བཏང་བ་དང་། སྨན་སྒྲུབ་སྐབས་ཕྱོགས་མེད་ཉུལ་བའི་བནྡེ་ཞིག་གིས་རྭ་ཅོ་ནང་ནས་སྲོལ་གང་བ་འདྲ་བའི་སྨན་ཞིག་བཏོན་ནས་བྱིན། འདི་སྨད་ཕྱོགས་ལ་སྨན་གྱི་རྒྱལ་པོར་བྱེད། ནད་རིགས་ཐམས་ཅད་འཇོམས་པ་ཡིན་སོགས་ཟེར་བ་རྨིས། ཟླ་བ་གསུམ་པར་སྦྱིན་བདག་རེ་སྐོང་དང་རྫོང་དགོན་དུ་ཆེད་གཏད་ཕྱིན་ཀྱང་རྗེ་བླ་མ་སྐུ་ཁམས་མ་དྭངས། བླ་སྤྲུལ་མང་པོར་ཇོ་ནང་ཁྲིད་བརྒྱ་སོགས་འདོད་ཆོས་མང་པོ་དང་ཞུ་དག་ལྟ་བ་སོགས་ཀྱིས་གཡེངས། ཚིག་བདུན་སྒྲུབ་ཐབས་ཀྱང་བྲིས། འདི་སྐབས་ནུབ་ཅིག་སྨིན་གླིང་ནས་ལོ་ཆེན་གྱིས་བསྐུར་བའི་ཡི་གེ་དང་། དེའི་རྟེན་སྒྲིལ་ཁ་རློག་པས་དེ་ནང་དུས་མཚན་མ་ཡིན་ཟེར་བའི་བུད་མེད་སྔོན་མོ་ཆེན་མོ་རྐང་གཡོན་གནམ་དུ་བསྐུམ་པ་ཞིག་བྱུང་བས་འདོམ་བར་དུ་བཅུག །འགྲམ་དེར་བུད་མེད་དམར་མོ་གཅེར་བུ་རིན་ཆེན་རྒྱན་ལྡན་ཞིག་གིས་འཛུམ་ཞིང་བལྟ། གཞན་བུད་མེད་བཞི་ཙམ་འཚོགས་བྱུང་བའི་ནང་རིག་འཛིན་སྒྲོན་མས་ཕུར་པ་ཟངས་ས་ལེ་སྦྲམ་ལས་བྱས་པ་ལྟ་བུ་ཁྲུ་གང་ཙམ་པ་དར་ངུར་སེར་ཅུང་ཟད་རྙིང་པ་བརྡ་ཡིག་མང་དུ་བྲིས་པ་ཞིག་བྱིན་བྱུང་བ་དགའ་སྤྲོ་དང་བཅས་ཏེ་བཅངས་པའི་སྐབས། རྗེ་བླ་མའི་མདུན་ནས་ཕྱག་བྲིས་གནང་བ་ལ་བལྟས་པས་དེའི་དོན་འགྲོལ་དང་གཏེར་ཁའི་རྣམ་དབྱེ་ངོ་མཚར་ཆེ་བ་མང་དུ་འདུག་པའང་རྨིས། ཟླ་བ་ལྔ་པར་སླར་ཕྱིན། དུས་འཁོར་དབང་ཆེན་སོགས་རྒྱུན་གྱི་དགོས་རིགས་བགྱིས། སྡེ་དགེ་ནས་བཀའ་རྒྱ་བྱུང་བས་ལྕང་རར་ཕྱིན། བསྟན་སྲིད་རིམ་གྲོར་འགོང་པོ་སྐྱས་འདེགས་དང་བུམ་གཏེར་མང་དུ་བསྒྲུབས། གཉན་ལྡང་དུ་འདུ་བའི་ལྟས་འདུག་པས་གནས་འབྲེལ་ཕྱིན། ཚུར་ལམ་རྩེ་མདོའི་མཆོད་རྟེན་ལ་རབ་གནས་བསྐྱར། ཐང་ལྷའི་རྟེན་འཛུག་བྱས། གནས་རྣམས་ལ་ཚོགས་མཆོད་དང་སྦྱིན་བདག་རྣམས་ཀྱི་རེ་སྐོང་གྲུབ་ནས་ཡང་ཁྲོད་དུ་ཕྱིན། ཟླ་བཟང་ཡང་སྲིད་སོགས་དགེ་རྒྱལ་ཕྱོགས་ཀྱི་བླ་སྤྲུལ་དང་དཔོན་སོགས་བྱོན་པར་ཀར་ལུགས་དཀྱིལ་འཁོར་རྣམས་ཀྱི་དབང་ལུང་སོགས་དགོས་བྱ་ཕལ་ཆེར་གྲུབ། རང་ཡུལ་ནས་གཏེར་སྟོན་ཚེ་དབང་གྲགས་པས་འདི་ལོ་ཡར་མ་སླེབས་ཐབས་མེད་ཀྱི་གསུང་བྲིས་སྔ་རྗེས་འབྱོར་བ་སོགས་ཀྱིས་རྫོང་དགོན་དུ་ཕྱིན། རྗེ་བླ་མ་མཇལ། གསུང་འཕྲོས་ཡིད་ལ་གཞག་དགོས་པ་མང་དུ་གནང་། ཁྱད་པར་དག་སྣང་དུ་ཨིནྡྲ་བོ་དྷི་དང་ས་ར་ཧ་དབྱེར་མི་ཕྱེད་པ་ལས་ཟབ་དབང་དངོས་སུ་གསན་པ་སོགས་ཐུན་མོང་མ་ཡིན་པའི་གཟིགས་སྣང་འགའ་རེའང་བཀའ་བསྩལ། ཁོང་ལ་ཁམས་བོད་གཉིས་སུ་བཀའ་ཆོས་གསན་ཡུལ་བླ་མ་ཉིས་བརྒྱར་ལོངས་པ་ཡོད་པ་ལས་རྩ་བའི་བླ་མ་བཞི་ཡིན། དེ་དག་ཞལ་བཞུགས་ན་རྟོགས་པ་རེ་འབུལ་འདོད་ཀྱང་གཞན་གསུམ་མ་བཞུགས། ད་སྟེ་ཁྱེད་རང་ཁོ་ནར་འདུག་པས་ད་ལན་རྟོགས་པ་ཞིག་ཀྱང་འབུལ་དགོས་གསུངས་ནས་རྫོགས་རིམ་མཚན་བཅས་མཚན་མེད་ཀྱི་འཆར་ཚུལ་མདོར་བསྡུས་ཙམ་བཀའ་ཕེབས་པས་རང་ལ་དེ་ལྟ་བུའི་མྱོང་རྟོགས་ཀྱི་ཆ་ཤས་ཙམ་ཡང་མེད་མོད། གསར་རྙིང་ཁྲིད་དཔེ་མང་པོ་ལས་གོ་ཚོད་ཀྱིས་དཔག་ན་རྩ་ཐིག་རླུང་གསུམ་ལ་རང་དབང་འབྱོར། སྲོག་རྩོལ་ཕལ་ཆེར་དབུ་མར་དག །ཕྱག་ཆེན་ལྟར་ན་རོ་གཅིག་རྟོགས། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པའི་རྩལ་རྫོགས་པ་ཡིན་འདུག་པས་ཨོ་རྒྱན་ཆེན་པོ་དང་བི་མ་ལ་ཉིད་ལས་གཞན་དུ་མ་མཆིས་པའི་ངེས་ཤེས་སྐྱེས། རང་ནས་ཀྱང་རྟོགས་ཚོད་ཕྲན་བུ་ཞུས་པས་ཁྲེགས་ཆོད་ཀྱི་རིག་པ་ཚད་ཕེབས་ཡིན་གསུངས། བར་མཚམས་རྣམས་སུ་ཐར་རྩེ་དཔོན་སློབ་ལ་སྒྲ་ཙཱནྡྲ་པ་མདོར་བསྡུས་བསླབས། དཔལ་ཡུལ་སྤྲུལ་སྐུ་དང་རྒྱལ་རོང་གཏེར་སྟོན་རྣམས་ལ་དགོངས་པ་ཟང་ཐལ་གྱི་དབང་ལུང་སོགས་བླ་སྦྲུལ་མང་པོར་འདོད་ཆོས་མང་དུ་བྱས། ཟླ་བ་དགུ་པར་དྲི་མེད་ཡང་གཏེར་རྒྱལ་རྒྱམ་གྱི་སྒྲུབ་ཆེན་མདོར་བསྡུས་མཛད། དབང་ལུང་ཁྲིད་གསུམ་ཆིག་རྫོགས་སུ་བསྩལ། ཟབ་དབང་དེའི་རྒྱུན་སྩོལ་བར་གསོལ་བ་བཏབ་པས་དེའི་དབང་གི་སྐབས་སུ་དགོངས་གཏད་ནན་དུ་གནང་བས་དངོས་མཚུངས་ཀྱི་མི་འགྱུར་བའི་བདེ་བ་བརྟན་ཅིང་རྗེས་གནང་དགྱེས་བཞིན་བསྩལ་བས་རྡོ་རྗེ་ཐེག་པ་མཇལ་བ་དོན་ལྡན་དུ་གྱུར་སྙམ་པ་བྱུང་། འདི་སྐབས་ད་རེས་ཉིད་ལ་ཞབས་ཕྱི་ཆེན་པོ་རང་གྲུབ་སོང་། ད་ཕན་དགུང་ལོ་བདུན་ཅུ་དོན་གསུམ་བར་ཉེར་འཚེ་བར་ཆད་གང་ཡང་མེད་ངེས་ཡིན། དེ་ཕན་བསྟན་འགྲོའི་བསོད་ནམས་ལ་རག་ལས་པ་ཡིན་མོད་ཅེས་གསུངས། ཚིག་བདུན་ལས་མཚོ་སྐྱེས་རྡོ་རྗེ་དང་གྲོ་ལོད་ཀྱི་ཚོགས་ཉིན་གཅིག་མཛད་སོང་བས། སྣང་སྲིད་མཚོ་སྐྱེས་རྡོ་རྗེའི་དཀྱིལ་འཁོར་དུ་ཤར་བ་སོགས་བྱིན་རླབས་ཀྱི་བབ་ཆེ་འདུག་གསུངས། རོང་རྒྱབ་ཕྱོགས་སུ་འགྲོ་དགོས་ཐད་ཅི་དགའ་བརྟག་བསྒྲིལ་མཛད་སོང་བར་སོང་ན་ལེགས་པར་བབས་པས་འགྲོ་ཐག་ཆོད་པའི་ནུབ་ཅིག་རྗེའི་མདུན་ལྷ་བཙན་ཚངས་པ་དངོས་སུ་འོང་ནས་ཤོག་དྲིལ་ཞིག་སྤྲད་པ་ལ་གཟིགས་པས། ཁྱེད་རང་རྣམས་ཀྱིས་ལས་དོན་འགའ་རྩོམ་པ་དེ་ལ་བླ་མ་བསྟན་གཉིས་སྐོར་གསུམ་གྱི་ཚོགས་བརྒྱ་ཞིག་མ་བྱས་ན་འགྲིགས་མི་འོང་། ཞེས་སོགས་ཉམས་མཚར་ལྟ་བུའི་བསླབ་བྱའང་འགའ་ཞིག་འདུག་པས་ད་ལྟར་དགོས་འདུག་གསུངས། ཕྱིར་ཉིན་རྒྱ་ལོ་ཙཱའི་ཡང་གཏེར་བླ་མ་བསྟན་གཉིས་སྐོར་གསུམ་གྱི་ཚོགས་བརྒྱ་དང་། དེའི་དོན་དབང་ཡང་བཀའ་དྲིན་དུ་བསྩལ། སྐུ་ཚབ་རྣམས་ལ་གསོལ་འདེབས་སྨོན་ལམ་དེ་དག་དང་གཏེར་ཕུར་གྱི་བྱིན་རླབས་ནན་དུ་བསྩལ། སླར་རང་གནས་སུ་ཕྱིན། འགྲོ་ཆས་སོགས་བྲེལ་གཡེང་རིམ་སེལ་མཐར་དཔོན་སློབ་ཁ་ཤས་ཁྱོགས། རོང་རྒྱབ་བོན་དགོན་དུ་སླེབས། གཏེར་གསར་ཐུགས་སྒྲུབ་རྣམ་གཉིས་འཚོགས། སྒྲོལ་མའི་མཎྜལ་ཚར་གྲངས་དང་། ཚེས་བཅུར་རྩ་གསུམ་དགོངས་འདུས་ཚོགས་སྐོང་བཏང་ནུབ་མཁའ་འགྲོ་མ་དར་ཡོལ་རྣམ་པ་སྐྲ་ཕྱུག་པ་ཞིག་གིས་ཟ་འོག་འཕན་སོགས་ཡིད་འཕྲོག་པའི་ཆས་དང་། པད་ཞྭ་ཆེ་ལེགས། པུསྟི་དར་དྲིལ་བདུན་ཙམ་བྱིན་བྱུང་བར་གཅིག་གཉིས་ཀྱི་དོན་ཤེས་སྙམ་བྱེད། མི་ཞིག་གིས་ཁྱེད་རང་དེ་དང་འབྲེལ་བས་ལོ་ཤས་ཞིག་གི་དོན་འགྲུབ་སོང་ཟེར། སེམས་ལ་དགའ་བདེ་སྐྱེས་པ་རྨིས། དེ་སྐབས་གཏེར་སྟོན་ལྷོ་ཁོག་ཏུ་གདུལ་བྱར་ཕེབས་ནས་བྱོན་མི་འདུག་པས་ངེད་རང་དཔོན་སློབ་ཁ་ཤས་ནས་ཚིག་བདུན་གྱི་སྒྲུབ་པ་བྱས་པའི་ཐོག་མར་བླ་མ་ཆོས་སྐུ་ཚུགས་པ་དང་སྤུ་བོ་ནས་སྐུ་ཞབས་རིན་པོ་ཆེའི་གསུང་བྲིས། སྤུངས་རི་སྤྲུལ་སྐུའི་ཡིག་རྟེན་རྩ་རིའི་ཤེལ་རྡོ། ཕག་མོའི་གསང་མཚལ་བཅས་འབྱོར་བས་རྟེན་འབྱུང་ཤིན་ཏུ་དགེ །རིམ་པར་རྨིས་ལྟས་ལེགས་པ་མང་པོ་དང་། གྲུབ་ཆེན་ཀརྨ་པཀྴིའི་ཞལ་འགྲམ་ཁྲུ་ཚད་ལ་ཨ་དཀར་རང་བྱོན་ཅན་སྐུ་ཤ་འབྱར་བ་ཞིག་གཞན་ཞིག་གིས་བྱིན་བྱུང་བ་ཤིན་ཏུ་དད་སྤྲོ་བས་གཏའ་སྤེལ་བྱེད་ནས་གཞན་ལ་སྦྱིན་དགོས་སྙམ་པ་དང་། གནས་དེའི་ལྟས་ཀྱང་རགས་པར་གསལ་བ་བྱུང་། གནས་མདུན་གྱི་ཕ་བོང་གུར་དཀར་མ་ཟེར་བར་ཕྱིན་ནས་ཚོགས་འཁོར་བྱས་པས་སྤྲིན་འཇའ་དང་། བྱ་རྒོད་དཀར་སྨུག་མང་པོ་བབས་པ་སོགས་ལྟས་ལེགས། གླིང་ནས་དབུ་མཛད་བོས། བོན་འཚོགས་རྣམས་ལ་དབང་ལུང་བྱས། གཏེར་སྟོན་ཡང་ཕེབས་པས་གཏེར་གསར་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་སྒྲུབ་ཆེན་རིལ་སྒྲུབ་ཁྲོམ་དབང་རིལ་འགྱེད་སོགས་བྱས། གཏེར་སྟོན་དང་ལྷན་ཅིག་གནས་མདུན་བསང་གསེར་སྐྱེམས་ལྷ་སྲིན་དམ་བསྒྲག་བྱས། ཕྲིན་ལས་འགྲོ་འདུལ་སྤྲུལ་པའི་གནས་བརྒྱད་ཀྱི་ནང་ཚན་པདྨ་རིགས་ཀྱིས་འདུལ་བའི་གནས་པདྨ་ལྷ་རྩེ་ཡིན་ཚུལ་དང་། བསྐོར་ལམ་མཛུབ་སྟོན་གྱིས་བསྐོར་བ་བཏང་། སྤྲིན་འཇའ་བྱ་རྒོད་སོགས་སྔར་ལྟར་དང་ཉིན་གཉིས་ལ་དྲོད་སོགས་གནམ་གཤིས་དབྱར་ཁ་ལྟར་འཇམ། འདི་སྐོར་ཉིན་རེ་བཞིན་གྱི་དགོང་མོར་ནུབ་ནས་གནས་རྩེའི་ཐད་ཀར་སྦྲེལ་བའི་འཇའ་ལྗང་སྔོན་སྣམ་བུ་བརྐྱངས་པ་ལྟ་བུ་རེ་ཤར་འདུག །འདི་སྐབས་ནུབ་ཅིག་མི་དྲག་པ་ཞིག་ལ་ཚེ་དབང་བསྐུར་བའི་ཡོན་དུ་རིན་པོ་ཆེ་སྣ་ཚོགས་པའི་ཕྲེང་བ་གཡུ་དྲུས་དཀར་ཆེ་ལེགས་དངུལ་རྡིལ་ཚད་གསུམ་འགྲོ་བ་ཡིན་ཟེར་བ་ཞིག་བཞག་བྱུང་བ་རྨིས་པ་ཚེ་སོགས་ཀྱི་ལྟས་སུ་མངོན། བོན་དགོན་ལ་མཆོད་ཐབས་ས་ཞིང་། སྐུ་གསུང་ཐུགས་རྟེན་དང་། མཆོད་རྫས་ཡོ་བྱད་རོལ་མོའི་རིགས། འཆམ་ཆས་གདན་ཆ་ཡན་རྟེན་བཞག་མང་དུ་བགྱིས་པ་དང་། གྲྭ་པ་གྲྭ་ཁང་དོན་སོགས་མཁར་མདོ་ཆོས་རྣམ་ནས་ཞིབ་དཔྱོད་བསླབ་སྟོན་མ་དེབ་བཀོད་པ་སོགས་མཛད་དུ་བཅུག །འདན་ནས་དབེན་ཐོག་ཚང་བུ་འཆི་བའི་སྟབས་མ་འོང་ཐབས་མེད་འབོད་ནན་ལྟར་ཕྱིན་ནས་སྒྲིབ་སྦྱོང་ཆོ་ག་བཏང་། མཉན་དང་ས་དཀར་སོགས་ལམ་ཞོར་སྦྱིན་བདག་སོ་སོའི་རེ་སྐོང་བྱས་ནས་རྨ་རོང་གྲུ་གུ་དིལ་མཁར་དུ་གཏེར་སྟོན་དང་ལྷན་ཅིག་འཛོམ། བསང་གསེར་སྐྱེམས་དང་ཚོགས་མཆོད་མང་དུ་བྱས། འདི་ཟངས་མདོག་དཔལ་རི་ནས་རྡོ་དུམ་བུ་ཞིག་གུ་རུའི་རྫུ་འཕྲུལ་གྱིས་འཕངས་ནས་བྱིན་གྱིས་བརླབས་པའི་ལོ་རྒྱུས་ངོ་མཚར་ཅན་འདུག །མགོ་ཟླ་བའི་ཚེས་བཅུ་ནུབ་ཐོག་མར་ཁང་པ་དཀྱུས་མ་ཞིག་གི་སྒོ་ཕྱེས་པས་ལྷ་ཁང་བཀོད་ལེགས་ཁྱད་འཕགས་དང་སྤྲོ་བ་ཞིག་གི་དབུས་སུ་མཚོ་སྐྱེས་རྡོ་རྗེ། དབུ་ཀླད་དུ་བདེ་ཆེན་རྒྱལ་མོ་ཀློང་སྙིང་ཡུམ་བཀའི་མངོན་རྟོགས་ལྟར་བར་སྣང་ལ་གར་མཛད་པ། གུ་རུའི་སྐུ་གཡས་པད་འབྱུང་དང་པདྨ་སཾ་བྷ་ཝ། དེ་གཡས་པད་རྒྱལ་དང་བློ་མཆོག་རབ་རིབ་ཙམ། གཡོན་དུ་གྲོ་ལོད་དང་སེང་སྒྲོག །ལྷག་པར་ཤཱཀ་སེང་དང་ཉི་མ་འོད་ཟེར་གཟི་མདངས་ཆེས་གསལ་བ། ཉི་ཟེར་གྱི་མདུན་དུ་བཻ་རོ་ཙ་ན་བཞུགས་འདུག་པ་ལ་གཟིགས། ཕྱག་གཡོན་བཻ་རོའི་དབུར་བཞག །བཀའ་ལུང་མང་དུ་སྩོལ་འདུག་པ་ཡུན་ཅིག་མཇལ་བ་རྨིས། དེ་གའི་བྱ་བ་གྲུབ་ནས་སླར་རོང་རྒྱབ་ཏུ་འོང་། ཚོགས་སྐོང་གསོལ་ཁ་སོགས་བགྱིས་ནས་དཀར་ཡག་ཅེས་པ་པདྨ་ལྷ་རྩེར་ཕྱིན། གནས་ཆེན་ཉེར་ལྔའི་མདོ་བྱང་དུ། བྲག་རི་པདྨའི་ཞྭ་འདྲ་དཀར་ལུང་ཞེས༔ ཞྭ་རྩེ་འདྲ་བར་ཨོ་རྒྱན་སྒྲུབ་ཕུག་ཡོད༔ ཅེས་གསུངས་པ་ལྟར་བྲག་དཀར་ཤོག་གསུམ་པ་ཞིག་བཞུགས་པའི་དབུས་མར་སུའང་བགྲོད་དཀའ་བས་སྒྲུབ་ཕུག་ཡོད་འདུག་པའི་ཐོས་མཐོང་གཏན་ནས་མེད་འདུག་ཀྱང་ཤིང་དང་ཐག་སྐས་སོགས་ལ་བརྟེན་ནས་བཙལ་བཅོལ་བ། རྐེད་པར་བྲག་ལྟེམས་འདྲ་བ་ཞིག་གི་ཁུད་དུ་སྒྲུབ་ཕུག་ཆེ་ཞིང་ཡངས་པའི་སྦུག་ཏུ་པདྨ་སཾ་བྷ་ཝའི་སྐུ་རང་བྱོན་མི་ཚད་ཙམ་བཞུགས་པ་རྙེད། གཡས་ཕྱོགས་བཤེས་གཉེན་ཕུག་དང་། གཡོན་ཕྱོགས་འཆི་མེད་ཚེའི་ཕུག་པ། གུ་རུ་རིན་པོ་ཆེ་སོགས་བན་བོན་གྲུབ་ཐོབ་རྣམས་ཀྱི་ཞབས་རྗེས་བཀའ་རྟགས་མཐོང་ཚད་ངོ་སྤྲད། སྐུ་དང་དམ་རྫས་སོགས་དངོས་གྲུབ་ཕྲན་བུའང་ཐོབ་ནས་ཕྱིར་འོང་སྐབས་འཐོར་རླུང་དྲག་པོར་ལྡངས་པས་བགྲོད་དཀའ་བ་ཙམ་བྱུང་། གླིང་ནས་འོང་དགོས་གསུངས་པ་ལྟར་ཕྱིན་ནས་རད་གླིང་ཕུར་པའི་སྒྲུབ་ཆེན་སོགས་བཞེད་སྐོང་རིགས་གྲུབ་ནས་སྙན་ལ་བརྒལ། མཁར་མདོ་རོང་ཁ་ནང་ཕྱིན། ལུང་པའི་ཕུ་གནས་ཆེན་ཤེལ་བྲག་འོད་རྫོང་དུ་ཚོགས་འཁོར་སོགས་བགྱིས། འདི་ནུབ་སྤྱན་རས་གཟིགས་འགྲོ་འདུལ་ཕྱག་བཞི་པ་མཇལ་བ་དང་། བདེ་མཆོག་ཕོ་བྲང་དུ་དཔའ་བོ་དཔའ་མོའི་ཚོགས་ཀྱི་འདུ་བ་ལ་སྤྱོད་པའང་རྨིས། བདུད་འདུལ་ཚེའི་ཕུག་པར་བགྲོད་ནས་མཁར་མདོ་དགོན་དུ་ཕྱིར་ཉིན་ནམ་མཁའ་འཇའ་ཚོན་གྱིས་གང་བར་བྱུང་འདུག །དེར་དགོན་ཡུལ་རེ་བསྐང་ཅི་རིགས་བྱས། ས་ཡོས་གནམ་ལོ་གསར་ཚེས་ལ་གཏེར་སྟོན་བཀའ་བཞིན་མཛོད་གདོང་ལྷ་ཁང་དུ་ཕྱིན་ནས་རབ་གནས། གནས་ཆོག་སྤྲུལ་སྐུ་རིན་པོ་ཆེའི་ཞབས་བརྟན་ལུང་བབ་ཁ་ཤས་བསྒྲུབས། གཙང་རོང་བཀྲ་ཤིས་བརྩེགས་རྫོང་དུ་ཕྱིན། འདི་ཉིན་ཀྱང་འཇའ་འོད་དང་བྱ་རྒོད་བྱ་རོག་འདུ་བ་སོགས་ལྟས་མཚར། བི་མ་མི་ཏྲའི་འཆི་མེད་ཀེའུ་ཚང་དུ་རྡོ་རྗེ་ཕུར་པའི་ཚོགས་མཆོད། སྤྱི་རིམ་དང་འབྲེལ་བར་བསང་བརྔན་གསེར་སྐྱེམས་བཏང་། དེ་དོན་གྲུབ་ནས་སླར་ལྡོག །སྡེ་དགེའི་མདུན་ནས་འོང་དགོས་པའི་བཀའ་རྒྱ་འབྱོར་བས་ལམ་ཞོར་དབོན་སྟོད་ལྷ་འབྲང་དགོན་དུ་ཕྱིན་ནས་བླ་གྲྭ་རྣམས་ཀྱི་བཞེད་སྐོང་བྱས། དགོན་ཆེན་དུ་ཕྱིན་ནས་བླ་མ་ནོར་ལྷའི་སྐུ་བརྙན་རྣམས་ཀྱི་གཟུངས་གཞུག་དང་རྩ་བ་ཡན་ལག་གི་སྒྲུབ་པའི་ཆས་ལེགས་པར་བསྒྲིགས། སྡེ་དགེ་མཆེད་སོགས་དཔོན་སློབ་མང་ཙམ་གྱིས་བླ་མ་ནོར་ལྷའི་སྒྲུབ་པ་བསྙེན་རྒྱུན་བཅས་ཚད་ལྡན་བགྱིས། བཞེད་སྐོང་ཅི་ལྟར་འོས་པ་རྣམས་གྲུབ་ནས་ཚུར་ལམ་ཕྱྭ་གཡང་སོགས་བརྒྱུད། ཟླ་བ་གཉིས་པར་ཡང་ཁྲོད་དུ་སླེབས། རྨ་ཉེས་ཀྱིས་ཐུ་ཙམ་བྱས་པར་རིམ་གྲོ་མང་དུ་བསྒྲུབས་སོང་། དབང་ལུང་འདོད་སྐོང་དང་གཏེར་མཛོད་ཆོག་བསྒྲིག་ཁོ་ན་བྱས། དབོན་རྒན་མདུན་སོགས་ནས་འདི་ལོ་དགོན་དུ་བུམ་སྒྲུབ་ལ་འོང་དགོས་ནན་གསུངས་ལྟར་ཕྱིན། ཞར་བྱུང་ལྷ་གསར་གསར་བཅོས་ལ་རབ་གནས་བསྐྱར། རྫོང་དགོན་ནས་ཉེ་གནས་བགྲེས་པོ་ཚུལ་རྒྱམ་འདས་པའི་དགེ་སྒྲུབ་བྱས། ཟླ་བ་ལྔ་པར་རྡོར་དྲག་སྤྲུལ་སྐུས་བཀའ་བརྒྱད་སྨན་སྒྲུབ་ལ་འོང་དགོས་གསུངས་པ་ལྟར་དེར་སོང་ནས་མཐར་ཕྱིན་བསྒྲུབས་ནས་སླར་འཁོར། སྔར་བཞེངས་པའི་རྡོར་སེམས་ཧེ་རུ་ཀཿསོགས་སྐུ་བརྙན་ཆེ་ཆུང་མང་པོར་གཟུངས་འབུལ་རབ་གནས་བགྱིས། རིག་འཛིན་སྒྲོན་མ་བོད་ཕྱོགས་གནས་མཇལ་འགྲོ་རྒྱུའི་ལམ་སེལ་དབང་དང་བསང་བརྔན་སོགས་བགྱིས་ནས་ཐེག །བླ་མ་པད་ནོར་ལས་སྨན་བསྡུས་ཨེ་ཝཾ་ལུང་ཞུ་བ་སོགས་བྲེལ་གཡེང་དང་། རྫོང་སར་དུ་ཕྱིན་ནས་ཕྱོགས་འདུས་མང་པོ་ལ་དབང་ལུང་ཁྲིད་སོགས་རེ་སྐོང་ཡུན་རིང་འགོར། རྗེ་བླ་མ་སྐུ་ཁམས་བལྟེམས་པས་ཞལ་མཇལ་ཙམ་ཞུས་ནས་རྫོང་ཤོད་དུ་འདི་ལོ་སྒྲུབ་ཁང་གསར་བཟོས་ལ་ཕྱིན་ལམ་སྦྱིན་བདག་རྣམས་ཀྱི་རེ་སྐོང་བྱས། སང་ཉིན་གནས་ནང་སླེབས་རྒྱུའི་ནུབ་མོར་འཁྱག་ཐོག་ཅིག་ནས་ཆུས་ཁྱེར་ཤོམ་ལ་ཏཱ་རེས་ལག་ནས་འཐེན་ཏེ་བདེ་སར་ཕྱིན་པ་དང་། རྨ་བྱ་ལས་ཀྱང་ལྷག་པའི་ཕོད་ལྡེམ་ཅན་གྱི་སེར་སྦྲེང་མང་པོས་བསུས། སྤྲུལ་སྐུ་རིན་པོ་ཆེས་གཏེར་ཁ་འགའ་ཞིག་ཡོད་པའི་ལུང་བསྟན་གསལ་བར་གནང་བ་ལྟར་རྙེད་ནས་རྒྱ་བཀྲོལ་བས་གླེགས་བམ་གཉིས་བྱུང་བའི་གཅིག་གི་སྟོད་ཆར་ཀློང་ཆེན་སྙིང་ཐིག་འདྲ་ལ་ཁད་པ་དང་། གཅིག་ལ་ལོ་རྒྱུས་ལུང་བསྟན་ལེ་ཚན་གནད་ཆེན་འགའ་ཞིག་འདུག་པ་རྨིས། རྫོང་ཤོད་སྒྲུབ་ཁང་གསར་བཟོ་སྡོད་ལོ་ཙམ་ཐོན་འདུག་པའི་ནང་དུ་སླེབས། རྩ་གསུམ་དགོངས་འདུས་ཀྱི་ཚོགས་འཁོར་ཁ་ཤས་བཏང་། ཡང་གཏེར་དྲི་མེད་རྒྱལ་རྒྱམ་གྱི་སྒྲུབ་མཆོད་དཔོན་སློབ་གསུམ་གྱིས་ཉིན་ཁ་ཤས་བྱས། གྲོལ་ཉིན་དངོས་གྲུབ་ལེན་ཆོག་དང་འབྲེལ་བར་ཁྲོམ་དབང་མདོར་བསྡུས་བྱེད་སྐབས་ཟླ་སྤྲུལ་གསུང་བྲིས་གཡུ་བཟང་གི་རྟེན་དང་། བོད་ནས་ལྷོ་བྲག་གསུང་སྤྲུལ་གྱིས་ཐོར་སྣམ་དམར་སེར་གྱི་གཟན་གནང་བ་འབྱོར་བས་རྟེན་འབྲེལ་ལེགས་ཤིང་འདི་སྐོར་གནམ་གཤིས་ཤིན་ཏུ་འཇམ། སྤྲིན་འཇའ་རྒྱུན་དུ་ཤར་བ་སོགས་ལྟས་ལེགས། མཐའ་དམག་ཁ་གནོན་ཆེད་འཛིང་གསས་མཁར་མདོ་ལ་མཆོད་རྟེན་ཞིག་བཞེངས་དགོས་པའི་ལུང་བྱང་སྔ་རྗེས་ཡོད་འདུག་པའི་དོན་བཞིན། སྡེ་དགེའི་མདུན་ནས་དེར་འགྲོ་དགོས་ཚུལ་གསུང་བསྐུལ་དང་། གཏེར་སྟོན་ཚེ་གྲགས་ཀྱང་ཕེབས་པས་ལྷན་རྒྱས་ཕོ་བྲང་དུ་ཕྱིན་ནས་བཅའ་གཞི་བསྒྲིགས། ཕུར་སྒྲུབ་ཞར་བྱུང་མནན་པ་བསྒྲུབས། གསས་མཁར་མདོར་བསང་བརྔན་གསེར་སྐྱེམས་ལྷ་སྲིན་དམ་བསྒྲག་བྱས། ས་དམིགས་བཙལ་ནས་མནན་པའི་སྐབས་བྱ་ཁྲ་ཞིག་གློ་བུར་དུ་དེར་ལྷུང་ནས་ཤི་སོང་བས་ཀུན་གྱིས་ལྟས་ལེགས་པར་སྒྲོག །མཆོད་རྟེན་རིམ་པར་བརྩེགས་ཏེ་གཟུངས་གཞུག་རབ་གནས་བྱས། དེ་ཀ་ཡས་མར་དང་ལམ་ཞོར་སྦྱིན་བདག་མང་པོའི་རེ་སྐོང་གྲུབ་ནས་རྫོང་སར་དུ་ཕྱིན། རྗེ་བླ་མ་རིན་པོ་ཆེ་མཇལ་བར། ད་སྐབས་ཁོང་གི་མནལ་ལམ་དུ་མདུན་དེར་ང་པདྨ་སཾ་བྷ་བ་ལྟ་བུའི་སྐུ་ཚབ་ཁྱད་ཅན་བཞུགས་ཁྲི་པད་སྡོང་རྒྱབ་ཡོལ་བཞུགས་ཁང་སོགས་ངོ་མཚར་བའི་བཀོད་པ་ཅན་གཅིག་འདུག་པ་བུད་མེད་ཅིག་ལ་འདི་ཅི་རེད་དྲིས་པར། འདི་བཻ་རོ་ཙ་ནའི་སྐུ་ཚབ་རེད་ཟེར། བཻ་རོ་མ་རེད་པདྨ་སཾ་བྷ་འདྲ་འདུག་གསུངས་པས་དེ་གཉིས་གཅིག་རེད་ཁྱད་པར་ཡོད་པ་མ་རེད་ཟེར་མ་ཐག །ཕག་ཅེས་པ་ལྟ་བུའི་སྒྲ་ཞིག་གྲགས་ནས་བཞུགས་ཁང་དེ་སིལ་གྱིས་འཐོར། སྐུ་ཚབ་དེ་ཡོ་བྱུང་བས་འདི་ཆག་ལེ་ཡོད་དགོངས་ཐུགས་ངལ་ཆེ་བས་མནལ་སད་པས་ཐུགས་མི་བདེ་ལྷང་བྱུང་། ཡང་དེ་རྗེས་མནལ་དུ་སོང་བས་ཞེ་ཆེན་དབོན་སྤྲུལ་རིན་པོ་ཆེ་དེ་མཇལ་འདུག་པར་སྔར་གྱི་མནལ་ལྟས་དེ་ཅི་རེད་ཞུས་པས། ལོ་རྗེས་མར་ཀོང་སྤྲུལ་ལ་སྲི་ཀེག་གི་རྐྱེན་ཆག་ཡོད་པའི་ལྟས་རེད་གསུངས། སྲི་ཅི་འདྲ་རེད་ཞུས་པས། བླ་མའི་དུས་སྲི་ཟེར་བ་དེ་རེད། ཁོང་ཡང་དགུང་ལོ་རེ་བརྒྱད་ཐོག་གྲོངས་པ་ཡིན། ཀོང་སྤྲུལ་ཡང་ད་ཕྱིས་རེ་བརྒྱད་རེད་གསུངས། དེ་ལ་ཅིས་ཕན་ཞུས་པས་ལོ་གཅིག་ཏུ་སུ་དང་མི་འཕྲད་པའི་མཚམས་དམ་པོ་བསྡམས་ནས་བསྙེན་སྒྲུབ་དང་ཁྱད་པར་པདྨ་བཅུད་སྡུད་ཀྱི་ཉམས་ལེན་གནད་དུ་འགྲོ་བ་ཞིག་བྱས་ན་སྐྱོན་མེད་གསུངས་པའི་མནལ་ལམ་བྱུང་བ་མ་ཟད། སྐུ་ཞབས་མཆོག་སྤྲུལ་ཐོག་མར་བོད་ནས་གདན་སར་ཕེབས་སྐབས་བླ་མ་མགོན་དབང་གཙོར་བྱས་བླ་དགེ་དྲག་ཤོས་བདུན་འདས། བར་ལམ་ཕེབ་སྐབས་བླ་མ་གསང་སྔགས་གཙོར་བྱས་བླ་མ་མང་པོ་འདས་པའི་སྲི་ངན་ཀྱང་འདུག་པས་ལོ་རྗེས་མར་སྐུ་ཞབས་ཀྱང་ཕྱིར་ཕེབས་སྐད་བཅས། ད་ནི་ཁྱོད་རང་དཔལ་སྤུངས་རི་ཁྲོད་དུ་སྡོད་མི་ཉན་ངོ་མ་རེད་པས་འདི་ཕྱོགས་གནས་རྣམས་སུ་མཚམས་སྡོད་པ་གལ་ཆེ་འདུག །སྡོད་ས་གར་འབེན་ད་རེས་གཏེར་སྟོན་ཡོད་པས་མོ་འདེབས་བཅོལ་གཞག་གསུངས། ངེད་རང་རང་གནས་སུ་འཁོར། ལོ་མཇུག་མགོན་པོའི་གཏོར་སྒྲུབ་བྱས་སྐབས་གཏོར་ཆེན་མདུན་ངོས་ཉིལ་འདུག །ལྕགས་འབྲུག་གནམ་ལོ་གསར་ཚེས་ནང་སྔ་རྒྱུན་ལྟར་གྱི་རྡོར་སེམས་དང་། ཡང་དག་བཀའ་མའི་སྒྲུབ་ཆེན་རིམ་པར་གྲུབ་ནས་སྒྲུབ་རྣམས་ལ་བསླབ་སྟོན་གང་ཤེས་བྱས་ཏེ་གྲོལ། གཏེར་སྟོན་ཕེབས་པས་ཁོང་གིས་སྤྲུལ་སྐུ་ཚང་བཀའ་བཞིན་ཕྱག་མོ་བཏབ་པར། པདྨ་ཤེལ་ཕུག །དཀར་མོ་སྟག་ཚང་། ཟླ་གམ་དབང་ཕུག་རྣམས་སུ་གཏན་ནས་མི་ལེགས། རྫོང་ཤོད་དུ་ལེགས་ངོ་དང་ཉ་ལྷུང་ཞག་མལ་སྐབས་ཀྱང་དེར་ལེགས་པའི་ལྟས་བྱུང་བས་རྫོང་སར་དུའང་ཞུས་ཡོད་གསུངས། རི་ཆེན་དང་གནས་ཆེན་བཞིར་ཚོགས་འཁོར་ཟློག་པ་བབས་འདུག་པས་ཉེ་ཕྱོགས་རྣམས་སུ་གཏེར་སྟོན་དང་ཆབས་ཅིག་བགྲོད་ནས་དེ་དག་ཚང་བ་བསྒྲུབས། ཐུགས་རྗེ་དཀོན་ཕུག་དང་ཟླ་གམ་དབང་ཕུག་གཉིས་འཆི་མེད་ཚེའི་གནས་ཡིན་པས་ལོ་མཚམས་རེ་གཞག་དགོས་གསུངས་པ་ལྟར་བསྒྲིགས། སྐུ་མཆོད་བདེ་མཆོག་སྟོད་འགྲེལ་མཁན་རྣམས་ལ་དབང་དངོས་སྟ་རྒྱས་པ་སོགས་དང་། འདི་ཡན་གཏེར་མཛོད་སྤར་པོད་བཞི་བཅུ་ཙམ་བརྐོ་གྲུབ་འདུག་པས་ཞུ་དག་པ་ལྷག་བསམ་དང་ལྷན་ཅིག་གོ་རིམ་བསྒྲིགས། འགྲོ་ཆས་རགས་པ་གྲུབ་ནས་ཟླ་བ་གཉིས་པར་ཡང་ཁྲོད་ནས་བཏེགས་པས་ཁ་རླུང་གིས་རྒྱབ་ནས་དེད་པ་སོགས་ཡུལ་བདག་མ་དགའ་བའི་ལྟས་བྱུང་། རྫོང་སར་དུ་རྗེ་རིན་པོ་ཆེ་མཇལ། ཚེས་བཅུར་རྩ་གསུམ་སྤྱི་འདུས་གསར་ཕབ་མཛད་འདུག་པའི་ཚོགས་བཏང་། དབང་ལུང་ཞལ་ཁྲིད་ཞིབ་པར་གནང་། དང་པོ་འཚུབས། མཐར་ཞི་སོང་གསུངས། ཡང་གཏེར་གཉེན་པོ་ལྷ་ལྔ། ཕྱག་རྡོར་རྡོ་རྗེ་མེ་འབར། མངའ་རིས་གྲུབ་ཆེན་ཡིག་དྲུག་གསོལ་འདེབས་རྣམས་ཀྱང་བསྩལ། ཐེག་པའི་ནངས་མོར་ད་ནང་སྐུ་ཁམས་དྭངས་པ་ཞིག་རེད་འདུག་པས་ཕབ་པ་ཡིན་གསུངས། སྔར་མི་ཏྲ་སྙིང་ཐིག་གི་ཚེའི་ཕྱི་སྒྲུབ་ཙམ་ཕབ་པ་དེའི་འཕྲོས་ནང་སྒྲུབ་གསང་སྒྲུབ་བཅས་ཕབ་པའི་དབང་ལུང་ཁྲིད་བཅས་དགྱེས་བཞིན་གནང་། སྨིན་གླིང་ལོ་ཆེན་གསུང་ཤོག་ཡིན་ཟེར་བ་ཞིག་བཀླགས་པས་ཁ་བྱང་གསལ་བ་ཞིག་སྣང་བ་རྨིས། སྣང་བ་དེ་དང་གསར་འབེབ་འོས་རིགས་སོགས་ཅི་སྔ་བསྐུར་འོང་། རྫོང་ཤོད་ནས་རྡོ་ཞིག་རྙེད་ཀྱང་རས་སུ་བོར་མི་ཉན་ཚུལ་སོགས་ཞལ་བཀོད་ཞིབ་རྒྱས་གནང་ནས་ཐེག །ཚེས་བཅུ་བཞིར་སླེབས། བཅོ་ལྔར་བསང་བརྔན་གསེར་སྐྱེམས་རྒྱས་པར་བཏང་། ཕྱི་མཚམས་བཅད། བཅུ་བདུན་ནས་བསྙེན་སྒྲུབ་ཀྱི་དབུ་བཟུང་། བླ་མ་ཡི་དམ་མཁའ་འགྲོའི་གོ་རིམ་དང་མཐུན་པར་རྣམ་གྲངས་མང་དུ་བསྙེན། ཐུན་བར་རྣམས་སུ་གཏེར་མཛོད་ཆོག་ཁྲིགས་ཅི་ནུས་བྲིས། འཚུབས་སློང་གི་རྨི་ལམ་ཐར་ཐོར་དང་། ནུབ་ཅིག་རང་གིས་བཞེངས་སྙམ་ལྷ་ཁང་ཞིག་གི་གཡས་ལོགས་སུ་རྟ་མགྲིན་དམར་པོ་ཞལ་གསུམ་ཕྱག་དྲུག་པའི་གདན་ལ་འཁོར་རྣམས་རྫོགས་པ་ཐོག་ཚད་ཙམ་གཟི་བརྗིད་བཟོད་དཀའ་བ་ཞིག་མཇལ་བ་དང་། ཡང་ལན་གཅིག་ལྷ་ཁང་ཤིན་ཏུ་བཀོད་ལེགས་དང་གྲུབ་ཐོབ་མང་པོ་གྲལ་དུ་བཞུགས་པའི་གཡོན་ཕྱོགས་སུ་ཤཱནྟིཾ་གརྦྷ་གཡས་གྲི་གུག་བསྣམས་པ་ཆེས་གསལ་བ་དང་། ཌཱ་ཀི་ཞིག་གིས་བདེ་བའི་རོལ་རྩེད་ཀྱིས་དགའ་བ་སྤེལ་བ་སོགས་རྨིས། སྔར་བཟོས་སྒྲུབ་ཁང་དེ་བྲག་ངོས་སུ་གཅར་ཆེ་བས་བྲག་ཆུ་སོགས་གནོད་པ་མང་། ལྷ་ཁང་ཡང་མེད་པའི་འབྲོག་ཁང་ལྟ་བུའི་ཐབས་རྡུགས་ཆེས་པས་གསར་བཟོ་ཞིག་མ་ཐོན་ཀ་མེད་རེད་འདུག་པས་མ་ཡུམ་བརྒྱུད་སྡེ་དགེ་ས་དབང་མདུན་གནད་བཀྲོལ་ཞུས་པས་སྡེ་ཤོག་གཉིས་ནས་ལས་མི་བཀའ་དྲིན་གནང་བ་ལྟར། བླ་མ་བསྙེན་སོང་གིས་ཀྱེ་རྡོར་སྒོ་ནས་ས་སློང་དང་རྨིང་བཏིང་ནས་ཁང་བཟོ་ཚུགས། འཇམ་དབྱངས་དགེ་ལེགས་ཀྱང་དཔལ་སྤུངས་ནས་མཚམས་གྲོལ། རྫོང་སར་བརྒྱུད་འདིར་འོང་ནས་འགན་ཁུར་དོ་ཚགས་བྱས་སོང་བས་དེ་ནས་ད་ལྟའི་བར་སྒྲུབ་སྡེ་འདིའི་རྟེན་བཞེངས་གཙོས་ཕྱི་ནང་གི་བྱ་བ་ཐམས་ཅད་འགྲུབ་པའི་རྩ་བར་གྱུར། འདིའང་སྔར་རྗེ་བླ་མ་དཔལ་འབྱོར་དུ་ངེད་དཔོན་སློབ་ལྷན་ཅིག་བཞུགས་སྐབས་དགེ་ལེགས་མདུན་དུ་བྱུང་བར། ཁྱོད་ཉང་པོ་སྔགས་འཆང་དོན་གྲུབ་རྒྱལ་པོའི་སྐྱེ་བ་རེད། ཁོང་རྩེ་ལེ་རིན་པོ་ཆེ་ཡིན་སྐབས་བླ་སློབ་འབྲེལ། ཁྱོད་ནས་དཀོན་མཆོག་སྤྱི་འདུས་ལ་ཡི་དམ་བྱས་པ་ནི་དེ་སྐབས་ཀྱི་ལས་འཕྲོ་རེད་པས་ཤིན་ཏུ་ལེགས་ཞེས་གསུང་སོང་བས་སྨོན་ལམ་གྱི་འབྲེལ་བ་ཡོད་པ་ནི་ངེས་པར་ཡིན་འདྲ། ཁང་རྙིང་བཤིག་བཀྲལ་དགོས་པ་དང་གསར་བཟོ་མཐའ་འགྲུབ་མ་བྱུང་བའི་བར་རྣམས་སུ་གསུང་གནས་དབང་ཆེན་ཕུག་དང་ཐུགས་གནས་ཙིཏྟ་གསང་ཕུག་རྣམས་སུའང་ཐོག་རེ་བསྡད་ནས་མཚམས་སྒྲུབ་བགྱིས། ཟླ་བ་བརྒྱད་པར་སྒྲུབ་ཁང་གསར་བཟོས་ཀྱང་ལེགས་པར་གྲུབ་ནས་ལྷ་ཁྲི་དང་ཚོན་རྩི་སོགས་ཀྱི་ལས་འགོ་ལྷ་བཟོ་གསུམ་ནས་ཚུགས་ཏེ་གཙོ་བོ་ཨོ་རྒྱན་ཟ་ཧོར་མ་དང་། འཁོར་ལྷ་བླ་མ་ཡི་དམ་གྱི་སྐུ་བརྙན་མང་དུ་བཞེངས། གཟུངས་གཞུག་རབ་གནས་རྣམས་རིམ་པར་བསྒྲུབས། ཟླ་བ་དགུ་པར་རིག་འཛིན་དཔོན་གཡོག་རྣམས་ཀྱང་གནས་བསྐོར་མགོ་ཐོན་གྱིས་སླེབས་པར་རིབ་ཙམ་འཕྲད། འདི་སྐབས་རྨི་ལམ་དུ་གདོན་གྱི་ལྟས་སོགས་འཚུབས་པའང་འགའ་རེ་བྱུང་། ཕལ་ཆེར་མཆོད་རྟེན་ཁྱད་འཕགས་དང་སཱཙྪ་སོགས་ཚེ་ལ་ཕན་ངེས་ལྟས་མང་། བརྡ་དོན་འཕྲོད་དཀའ་བའི་ཡ་མཚན་ཅན་འགའ་ཞིག་ཀྱང་རྨིས། ལན་གཅིག་བསམ་ཡས་དབུ་རྩེར་སླེབས། གཙོ་བོའི་མདུན་དུ་ཡན་ལག་བདུན་པ་ཕུལ་ཞིང་བཤགས་པ་མང་དུ་བྱས་པའི་སྐབས་གཡས་ངོས་སུ་བདེ་མཆོག་ལཱུ་ཡི་ལུགས་སྐུ་མདོག་དམར་པོ་ཞིག་དངོས་སུ་མཇལ་བ་དང་། རྒྱ་ཞང་ཁྲོམ་རྣལ་འབྱོར་དར་ཡོལ་ཅན་མཇལ་བ་དང་། གཏེར་སྟོན་མཆོག་གླིང་བར་སྣང་ལྟ་བུ་ནས་པང་དུ་ཕེབས། ངའི་སྲིང་མོ་འདི་ལ་ཞུ་བདེའི་བདེ་བ་ཆེ་བས་ཤིན་ཏུ་ཆགས་པ་ཡིན་གསུངས་ནམ་མཁར་གཟིགས་པ་ལ་བལྟས་པས་ལྷོ་ནུབ་ཕྱོགས་ཀྱི་ནམ་མཁར་འོད་དཀར་པད་སྡོང་གི་དབྱིབས་ཅན་ཞིག་མཐོང་བ་དང་། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱིས་འཇམ་དབྱངས་དཀར་པོའི་རྗེས་གནང་བསྩལ་བ་དང་། ཀརྨ་ཆགས་མེད་མཇལ་བས་འགྲོ་བ་གྲོལ་བའི་གསུང་འཕྲོས་མང་དུ་གནང་། ཐུགས་ཀར་མགོས་གཏུགས་ནས་མོས་གུས་ཆེན་པོས་གསོལ་འདེབས་སྨོན་ལམ་མང་དུ་བྱས་པ་དང་། སྤྱན་རས་གཟིགས་ཕྱག་བཞི་པ་བཞེངས་སྟབས་ཅན་ཆེ་ཆུང་མི་ཚད་ཙམ་ཞིག་མཇལ་བ་དང་། ཤེལ་རྡོ་ཆེན་པོ་ཞིག་རྙེད་པ་སྨད་ཀོག་བསལ་བས་ཀུན་མཁྱེན་དོལ་པོའི་སྐུ་དཀར་པོ་གཟི་བརྗིད་ཅན་དུ་གྱུར་པ་དང་། ཉི་མ་ཤར་དྲོས་ལྟ་བུའི་ངང་རྗེ་བླ་མས་དཔལ་སྤུངས་རི་ཁྲོད་གཏེར་བྱོན་རེད་གསུངས་བྱམས་སྐུ་ཡིན་སྙམ་དཀར་པོ་བཞེངས་སྟབས་མཆོག་སྦྱིན་ཅན་དར་ཆེན་དཀར་པོའི་ན་བཟའ་ཅན་ཕྱག་གཉིས་ཀྱིས་མགོ་ལ་བཞག་སྟེ་ཚིགས་བཅད་མང་དུ་གསུངས་ཤིང་བྱིན་རླབས་བསྩལ་བས་སེམས་ལ་དགའ་སྤྲོ་ཚད་མེད་སྐྱེས་པ་དང་། བུད་མེད་ཆས་བཟང་ཞིག་ན་ནས་ལུས་ཞིག་ཤོམ་བྱེད། སླར་སོས་ཏེ་ཁ་དོག་བཟང་པོར་གྱུར་ཏེ་བརྡ་ལུང་འགའ་ཞིག་བསྟན་པ་དང་། མཆོག་གྱུར་གླིང་པ་རུས་རྒྱན་མཐུག་པོ་མནབས་པ་ཞིག་གིས་སྔར་གཏེར་གསར་ཕབ་འཕྲོས་གཉེར་གཏད་འགའ་རེ་ཡོད་པ་ཐོན་ན་ལེགས་པའི་བརྡ་བསྟན་པ་དང་། བླ་མ་ཞིག་གིས་འདི་བླ་མ་བཟང་པོ་གཅིག་གི་དབུ་ཐོད་ཡིན་པས་འཐུང་སྣོད་བྱས་ན་ལེགས་ཟེར་ཐོད་པ་གསེར་མདོག་ནང་འཁོར་ལོ་རྩིབས་བརྒྱད་ཡོད་པ་ཞིག་བྱིན་བྱུང་བ་རྨིས། དེ་རྗེས་མི་རིང་བར་རྫོགས་ཆེན་རིན་པོ་ཆེས་སྟག་ཤམ་གཏེར་བྱོན་བཻ་རོའི་ཕྱག་ཐོད་གནང་བྱུང་བས་རྟེན་འབྲེལ་ཤིན་ཏུ་ལེགས་པ་ཞིག་བྱུང་། ཉི་ལྡོག་སྐབས་རཏྣའི་ཕུར་པའི་གཏོར་ཟློག །མཁའ་འགྲོ་གསང་འདུས་ལས་ཀྱི་མཁའ་འགྲོའི་ཟོར་ཟློག །གཏེར་གསར་རཀྴ་ཐོད་ཕྲེང་ཟློག་པ་རྣམས་ཉིན་གསུམ་རེ་བཏང་། དེ་གྲུབ་ནས་རྩ་གསུམ་དགོངས་འདུས་ཕྲིན་ལས་སྙིང་པོ་ལ་བརྟེན་པའི་བསྙེན་སྒྲུབ་རྒྱས་པར་བྱས། རྫོང་སར་རྗེ་རིན་པོ་ཆེའི་མདུན་ནས་འགག་རིང་དང་མཆོད་ཆ་སོགས་གནང་སྦྱིན་མང་དུ་བསྩལ། འདི་ལོ་སྒྲུབ་ཁང་རྟེན་བཞེངས་རྣམས་གྲུབ་སྐབས་ཉི་ཤར་གྱི་མདངས་ལས་འཇའ་དཀར་པོ་ལྟར་མི་བཟོད་པ་རེ་གཡས་གཡོན་དུ་ཟུག །ཁ་བའི་མེ་ཏོག་སིལ་མའི་ཆར་འབེབ་པ་ལན་གསུམ་ཙམ་བྱུང་སོང་། རྗེས་ནས་ནི་དེ་འདྲ་གཏན་ནས་མ་བྱུང་། ཆགས་མེད་མཆོག་སྤྲུལ་ཕེབས་པས་བཞེད་སྐོང་འགའ་ཞིག་བསྒྲུབས། ལོ་འདིར་གཏུགས་འགྲུལ་འདི་ཙམ་ལས་ཆེར་མ་དགོས་པས་དགེ་སྦྱོར་ལེགས་ཤིང་ཐུན་བར་རྣམས་སུ་གཏེར་མཛོད་རིགས་ཀྱང་མང་དུ་གྲུབ། ལྕགས་སྦྲུལ་གནམ་ལོ་གསར་ཚེས་སྐབས་རྫོགས་ཆེན་རིན་པོ་ཆེ་ཚིག་བདུན་ཆོས་སྐོར་གསན་པར་ཆེད་དུ་ཕེབས་པ་དབང་ལུང་ཡོངས་རྫོགས་བགྱིས། དེ་རྗེས་ནུབ་གསུམ་ཙམ་དུ་འཁྲུལ་སྣང་ཟར་ཟིར་ཤིན་ཏུ་མང་བས་ཡུམ་བཀའི་སྐོར་དེའང་བྲིས། བསྙེན་མཚམས་སྔ་རྒྱུན་དམ་པར་བསྡད། ཟླ་བ་བཞི་པར་རྒྱལ་ལྟས་སོགས་འཚུབས། སྔར་གྱི་གྲིབ་སྲིན་དེའང་འཕར་ལྡང་མགོ་ཚུགས། དན་ཀ་སྲ་བ་ཞིག་གློ་བུར་དུ་ཆག་པའི་ཕྱིར་ཉིན་སྐུ་ཞབས་རིན་པོ་ཆེས་གསུང་བྲིས་དང་སྔར་གྱི་གྱོད་སྦྱར་མཁན་རྣམས་ཀྱི་བཤགས་པ་ལེན་དགོས་གསུངས་པ་ཞིག་བྱུང་། གྱོད་བྱེད་མཁན་རྣམས་ལ་ནི་འགྱོད་པ་དང་བཤགས་པ་བྱེད་འདོད་གཏན་ནས་མེད་པས་འདི་ལོ་བར་ལོ་གསུམ་བཞི་སོང་ཡང་ཚིག་གཅིག་ཟེར་མཁན་མ་བྱུང་། སྐུ་ཞབས་རིན་པོ་ཆེས་དེ་དག་གི་གོ་ཆོད་མཛད་ཀྱང་ཆོས་ནས་གསུངས་པ་བཞིན་མི་འབྱུང་སྟབས། རང་ནས་ནི་ཁོང་རྣམས་ལ་གནོད་སེམས་སྤུ་རྩེ་ཙམ་མེད་ངེས་ཡིན། དམ་ཚིག་ཡོད་སྲིད་ན་འགལ་ཉམས་འདས་རལ་བཅས་པའི་ལོ་གྲངས་ཐལ་ཟིན་པས་སྐུ་ངོ་ཙམ་ལ་བརྟེན་ནས་བྱང་དག་ཡིན་ཞུ་མི་ཤེས་པའི་ཐག་གཅོད་ཞུས། ཟླ་བ་ལྔ་པར་སྐུ་ཞབས་རིན་པོ་ཆེ་ཕེབས་རྒྱུ་མཛད་བྱུང་། གྲིབ་སྲིན་ཤིན་ཏུ་ཐུ། ཐུན་ཁ་ཤས་ཆག །ཕེབས་ཚར་འཕྲལ་རྣག་བརྡོལ་བས་ཅུང་དྭངས། མཇལ་འཕྲད་ཞུས་ནས་དབང་སྣ་ཁ་ཤས་ཀྱིས་ཐུགས་བཞེད་བསྐངས། ཟླ་བ་དྲུག་པ་སྔ་མའི་ནང་བསྙེན་ཚད་གཞུང་མཐུན་གྲུབ་ནས་ཚོགས་བརྒྱ་བསང་བརྔན་སོགས་བཏང་ནས་མཚམས་གྲོལ། འདི་སྐབས་ཀྱང་རྨི་ལམ་ཟ་ཟི་མང་པོ་བྲིར་མ་ལོངས། བནྡེ་གྲིར་ཤི་བ་ཞིག་གིས་རི་ཁྲོད་མི་ཞིག་གི་བླ་རྐུ་བར་མཐོང་བས་ཁྲོ་རོལ་ཕུར་བུའི་ཏིང་ངེ་འཛིན་གྱིས་གཟིར་བས་བྲོས་སོང་བ་ལན་གཉིས་རྨིས། སྐྲག་སད་ཀྱང་བྱུང་། ནུབ་ཅིག་ཉི་མ་ལྷོ་ནུབ་མའི་གསོལ་འདེབས་འདོན་བཞིན་པར་ཨོ་རྒྱན་རིན་པོ་ཆེ་མི་རྣམས་ལ་ཚེ་འདི་དང་། སྲིན་པོ་རྣམས་ལ་ཕྱི་མར་བཀའ་དྲིན་ཆེ་སྙམ་པའི་གདུང་ཤུགས་སྐྱེས་མ་ཐག་གུ་རུ་རིན་པོ་ཆེ་ཉིད་བླ་མ་སྐུ་ཤ་དང་སྐུ་བོངས་ཆེ་ལ་སྐུ་མདོག་དམར་སྨུག་ཅན་ཞིག་མཇལ། རང་གི་སྔ་སོར་སྤོས་ཤེལ་གྲུ་བཞི་ཆེ་ཆུང་གཉིས་བཞག་བྱུང་བ་རྒྱས་པའི་རྟེན་འབྲེལ་ཡིན་སྙམ་པ་ཤར། མཐར་མོས་གུས་ཆེན་པོ་བྱས་པས་ཞབས་གཉིས་བརྐྱངས་པ་ལ་མགོས་བཏུད་ནས་དབང་བཞི་བླངས་པ་དང་། ཡང་ལྷ་ཁང་སྒྲོས་ལེགས་ཤིག་གི་གཙོ་བོ་སྤྱན་རས་གཟིགས་ཁ་སཱརྤཱ་ཎི་དང་སྒྲོལ་དཀར། གཞན་སྐུ་བརྙན་གསེར་མདོག་ཅན་མང་པོ་དང་པོ་བྲིས་སྐུ་ལྟ་བུ་ལ་མཐར་སྐུ་གཟི་བརྗིད་འོད་དུ་འབར་བ་དངོས་སུ་བྱུང་བ་དང་སྤྲོ་བ་མཇལ། སྒོ་གཡས་སཱཙྪའི་ཕུང་པོ་ཆེན་པོ་འདུག །མི་ཞིག་གིས་ཡུལ་འདིའི་ཕྱག་བསྐོར་བྱེད་པའི་རྟེན་ཡིན་པས་རབ་གནས་ཤིག་དགོས་ཟེར་བ་ལ་རབ་གནས་བྱས་པ་དང་། ཡོངས་དགེ་མི་འགྱུར་རྡོ་རྗེ་དང་ཁྱུང་གྲགས་རྡོ་རྗེ་གཉིས་ཀྱི་བག་ཆགས་མང་ཞིག་ཡིད་ལ་གསལ་བ་དང་། གསེར་མདོག་ཅན་གྱི་སྐུ་ཞིག་མཇལ་བར་རང་གི་ཡིད་ལ་སངས་རྒྱས་རིན་ཆེན་སྙིང་པོ་ཡིན་སྙམ་མོས་གུས་ཆེན་པོ་སྐྱེས་པས་ཞལ་གྱི་བཀྲག་མདངས་བསྟན་པ་དང་། ལྷ་ཁང་ཞིག་ཏུ་བདེ་མཆོག་ལཱུ་ཡི་པ་དགྱེས་རྡོར་མཱ་ཡཱ་སོགས་ལྷ་མོ་ཕྱག་བཞི་མ་སོགས་བྱིན་ལྡན་བཀྲག་མདངས་ཅན་བཞུགས་པའི་མདུན་ངོས་ཡར་ལྟ་ཁྲིའུ་ཆུང་གི་སྟེང་དུ་གོས་བཟང་བཅས་བསྡད། རྒྱབ་ངོས་འཚོགས་པ་མང་པོས་ཚེ་གཟུངས་འུར་དིར་གྱིས་འདོན་བྱུང་བས་མཉམ་དུ་འདོན་པ་དང་། ཞིང་སྐྱོང་དམར་པོ་རྐང་ཐང་ཅན་གྱིས་རྣམ་འགྱུར་སྟོན་པ་དང་། ཡ་མ་རཱ་ཛ་དང་ཞལ་བྲམ་གཟུགས་ཅན་རྣམས་མཐོང་བར་རྨིས་པ་སོགས་བྱུང་། རྩ་གསུམ་དགོངས་འདུས་དང་འབྲེལ་བར་སྨིན་ལུགས་དགེ་ལེགས་འདོད་འཇོ་ལྟར་རྟེན་རྣམས་ལ་རབ་གནས་རྒྱས་པར་བསྒྲུབས། དྲུག་པ་ཕྱི་མར་དཔོན་སློབ་མང་ཙམ་གྱིས་རྩ་གསུམ་དགོངས་འདུས་སྒྲུབ་ཆེན་རྒྱས་པ། གསར་རྙིང་གསོལ་ཁ་གཏང་རག་བཅས་བགྱིས། གསེར་པ་གཏེར་སྲས་སོགས་ཕྱོགས་འདུས་མང་པོར་ཚིག་བདུན་སྐོར་སོགས་དབང་ལུང་མང་ཞིག་དང་། གནས་ཕུག་རྣམས་སུ་ཚོགས་མཆོད་ཕུལ་ནས་རྫོང་དགོན་དུ་ཕྱིན། རྗེ་བླ་མ་རིན་པོ་ཆེ་མཇལ། སྟག་ཤམ་བླ་མ་ཡིད་བཞིན་ནོར་བུ། མ་ཏིའི་ཀུན་འདུས་ཡིད་ནོར། བདེ་གླིང་མཁའ་འགྲོ་སྙིང་ཐིག་གི་དབང་ལུང་ཚང་མ་བཅས་བཞེད་པ་ལྟར་ཕུལ། ཕྱོགས་འདུས་ཤིན་ཏུ་མང་པོ་དང་འཛི་སྒར་མཆོག་སྤྲུལ་སོགས་ལ་དབང་ལུང་ཁྲིད་ཀྱི་རིགས་སོ་སོའི་བཞེད་པ་ལྟར་བསྐངས། ཤེས་བྱ་ཀུན་ཁྱབ། ཟབ་མོ་ནང་དོན། གཞུང་ཆུང་གཉིས་སོགས་ཀྱི་བཤད་ལུང་རེའང་བགྱིས། ཡང་ཁྲོད་དུ་ཕྱིན་ནས་སྒྲུབ་ཐེབས་ལྔ་པ་གསར་སྡོད་རྣམས་ཀྱི་མཁོ་ཚོགས་དབང་ལུང་ཁྲིད་གསུམ་ཐོག་མར་འོས་པ་རྣམས་བགྱིས། ལོ་བསྟར་གྱི་ཕུར་ཟློག །རྟག་གཏོར་གསོལ་ཁ་སོགས་འཚོགས། ལྷ་ཁང་ཕན་ཚུན་རྣམས་ཀྱི་དཔེ་ཐོ་གསར་དུ་བཀོད་ནས་ཚོལ་བདེ་དགོས་པ་སོགས་གྲུབ་ནས་ཤར་རྒྱག་གིས་རྫོང་ཤོད་དུ་ཕྱིན། རེ་ཞིག་གདམས་མཛོད་གསར་བསྒྲིགས་ཐོན་རིགས་རྣམས་ཞུ་དག་ཞིབ་ཆ་བལྟས། ཆུ་ཕོ་རྟ་ལོ་གསར་ཚེས་ལ་ཚོགས་གསོག་འདོན་བྱ་རིགས་གྲུབ་ནས། ཐར་རྩེ་དཔོན་སློབ་ཆེད་དུ་ཕེབས་པ་ལ་ཆོ་འཕྲུལ་ཟླ་བའི་བཅུ་བཞིར་རྒྱལ་རྒྱམ་ལྷ་དགུའི་སྟ་གོན། བཅོ་ལྔར་དངོས་གཞིར་བྱས་ནས་དབུ་བཟུང་། བདེ་མཆོག་ལྷ་ལྔ། ཡོ་ག་རྡོ་རྗེ་དབྱིངས། ཤངས་ལུགས་རྒྱུད་སྡེ་ལྔ། ཇོ་ནང་སྟོད་འགྲེལ་སོགས་བདེ་མཆོག་རབ་འབྱམས། གཤིན་རྗེ་རབ་འབྱམས། གསར་བསྒྲིགས་བཀའ་བརྒྱུད་སྔགས་མཛོད་ཆེན་མོ་བཅས་ཀྱི་དབང་ལུང་ཚང་བ་ཟླ་བ་གསུམ་པའི་ཉེར་གཅིག་ལ་གྲུབ། འདི་དག་དང་པོར་ཚུགས་པའི་སྐབས་ཤིག་ལྷ་ཁང་བཀོད་ལེགས་ཞིག་ཏུ་མདོ་སྔགས་སྟོན་པ་རྣམ་གཉིས་འོལ་ཙམ་དང་། ས་ཆེན་ཞལ་རས་དཀར་དམར་མདངས་ཅན་དངོས་སུ་བཞུགས་པ་ལ་མོས་གུས་ཀྱིས་གསོལ་བ་བཏབ་པ་དང་། རྒྱལ་དབང་བཅུ་བཞི་པ་སྡོད་གནས་སུ་ཕེབས་ཏེ་མེ་ཏོག་དཀར་དམར་གྱི་གདན་ལ་བཞུགས་པར་གསོལ་འདྲེན་བྱས་པ་དང་། དེ་ཉིད་ཀྱི་ཚེམས་ཀྱི་རིང་བསྲེལ་དུང་དཀར་གཉིས་སྦྲེལ་ཅན་སོགས་རིང་བསྲེལ་མང་པོ་ཐོབ་པ་དང་། རྗེ་བླ་མས་བདུད་འདུལ་གཏེར་མ་རེད་གསུངས་ཤོག་སེར་མཁྱུད་གང་བའི་ལྡེབ་མ་མང་ཙམ་གྱི་བརྡ་ཡིག་ལཉྩ་སྟོན་པ་ལ་བྱིན་རླབས་ཞུས་པས་རྩ་བ་ཁྲིད་ཡིག་མ་བུ་སོ་སོའི་བཞུགས་ཚུལ་བརྡ་སྤྲོད་པ་སོགས་རྨིས། གཏེར་གསར་ལེགས་ལྡན་དབང་གི་ཆོག་སྒྲིག་འགོ་བཞག་བྱས་ནུབ་ནམ་མཁའི་སྤྲིན་གསེབ་ལེགས་ལྡན་དངོས་སུ་སྣང་བ་ལ་གདུང་བས་འབོད་པ་ལན་གསུམ་བྱས་པ་ཞིག་ཀྱང་རྨིས། འདི་སྐབས་སྐུ་ཞབས་རིན་པོ་ཆེ། རྫོགས་ཆེན་མཆོག་སྤྲུལ། དགེ་མང་། གླིང་སྤྲུལ། དཔལ་ཡུལ་སྐུ་ཆེན། རྒྱ་རོང་གཡའ་སྤྲུལ། གཏེར་སྟོན་མི་འགྱུར་སྤྲུལ་སྐུ། འབྲུག་པ་ཨ་འཛོམ་སོགས་བླ་སྤྲུལ་མང་པོ་གཏེར་མཛོད་དབང་ལུང་དོན་གཉེར་ལ་ཕེབས་པས། སྣ་སེལ་བཀའ་འགྱུར་གསུང་སྒྲོག །ཚོགས་སྐོང་བཤགས་སོགས་བཏང་། ཐོག་མར་བླ་མ་དགོངས་འདུས་སྒྲུབ་ཆེན་གྱི་ཁོངས་སུ་དབང་ཆེ་ཕྲ་ཡོངས་རྫོགས་བྱས། སྐུ་ཞབས་རིན་པོ་ཆེ་སླར་ཕེབས། ཕྱོགས་འདུས་ཀྱི་བླ་སྤྲུལ་རྣམས་ལ་གཏེར་མཛོད་དབང་ལུང་ལན་བཞི་པ་ས་ག་ཟླ་བའི་ཚེས་བཅུ་དགུ་ལ་དབུ་ཚུགས། བརྒྱད་པའི་ཚེས་གཅིག་ལ་ལེགས་པར་གྲུབ་ནས་བླ་སྤྲུལ་ཕལ་ཆེར་རང་གནས་སུ་ཐེག །ཟླ་བ་དེ་གའི་ཚེས་བཅུར་མཁའ་འགྲོའི་བྲོ་རར་ཚོགས་འཁོར་བྱས་པའི་ཐོ་རངས་ཉམས་ཀྱི་སྣང་བ་ལྟ་བུར་ཨོ་རྒྱན་སྣང་སྲིད་ཟིལ་གནོན་གྱི་སྐུ་ཞིག་བར་སྣང་དུ་གསལ་བའི་གདན་འོག་ཏུ་ཚིགས་བཅད་ཡིག་ཕྲེང་གཉིས་འདུག་པ་བཀླགས་པས་ཡིད་ལ་ཟིན་པར་རྨིས། དེ་དོན་བསྟན་འགྲོ་སྤྱི་དང་རྣལ་འབྱོར་རང་གི་དོན་བཅས་ལ་གནས་ཆོས་གྲོགས་བཅས་མ་ཉམས་པའི་སྒྲུབ་ཆེན་ཚོགས་འཁོར་བཅུ་གསུམ་གྲུབ་པ་དགོས་ཚུལ་ཞིག་འདུག །ངོར་པ་དཔོན་སློབ་དང་རྫོགས་ཆེན་རིན་པོ་ཆེ་གཏེར་སྤྲུལ་སོགས་དཔེ་དང་འཆད་སྤེལ་ཉམས་ལེན་སོགས་སྣ་རེ་མཛད་པའི་ཞལ་བཞེས་མཁན་སུམ་ཅུ་ཙམ་ལ་མཁའ་འགྲོ་གཏོར་ཆེན་བཏང་བ་སྔོན་དུ་འགྲོ་བས་ཚེས་བཅོ་ལྔ་ནས་གདམས་ངག་མཛོད་ཀྱི་དབང་ལུང་ཁྲིད་གསུམ་ཚུགས། ཟླ་བ་བཅུ་པའི་ཚེས་བཅུ་བཞི་ལ་གྲུབ། བཅོ་ལྔར་མཐའ་རྒྱས་ཚོགས་འཁོར་དང་མཁའ་འགྲོ་མའི་བྲོ་རར་རྣལ་འབྱོར་མ་རིགས་བརྒྱའི་མཆོད་ཆོག་གཟབ་རྒྱས་བཏང་། མཁོན་ལུགས་ཡང་དག །རྣམ་འཇོམས་ཁྲོ་དཀར་ནག་གི་དབང་ལུང་། སྡེ་གཞུང་མའི་སྤྲུལ་སྐུ་བྱོན་ནས་དོན་གཉེར་སྟབས་སོགས་ཀྱིས་རྔོག་ལུགས་དགྱེས་རྡོར་རྒྱུད་ཀྱི་སྤྱི་དོན་དང་། རྒྱུད་བཤད་དངོས་གཞི་བཅས་པའང་བགྱིས་ནས་བླ་སྤྲུལ་རྣམས་རང་གནས་སུ་ཕེབས། ཉི་ལྡོག་སྐབས་ཕུར་ཟློག་ལོ་བསྟར་བགྱིས་སྐབས་ནུབ་གཉིས་སུ་རབ་གསལ་ཐད་དུ་སྲིན་བྱ་དགོད་པ་བྱུང་། རང་ནི་རྒྱུས་ཡོད་རྒན་པོར་སོང་སྟབས་དེ་ལ་ཆག་སྒོ་ཆེ་བ་ཤེས་ཀྱང་དགེ་ལེགས་ནས་རི་སྟོང་དུ་བྱ་གྲགས་པ་ལ་རྣམ་རྟོག་བྱེད་པ་ཟེར་ནས་ཁྲེལ་བཞག་འདུག །ཉི་མ་བྱང་བགྲོད་སྐབས་རྗེ་བཙུན་མའི་བསྙེན་པ་ཁ་གསོས་ཀྱང་གྲུབ་ནས་རྫོང་དགོན་དུ་ཕྱིན། རྗེ་རིན་པོ་ཆེར་མཇལ་ཕྱག་ཞུས། ཚེས་ཉེར་ལྔར་རྒྱ་སྟོན་པདྨ་དབང་ཕྱུག་ཡང་གཏེར་བླ་མ་བདེ་མཆོག་གི་དབང་ལུང་ཁྲིད་བཅས་གནང་། དགོན་པར་ཐན་ཟློག་བཀའ་འགྱུར་གསུང་ཡོན་རྒྱབ་ཆོག་བྱས། རྗེ་བླ་མར་ཡང་ཞུས་པས་ཉེར་དགུར་གྲུ་གུ་ཡང་དབང་གི་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་དབང་གནང་བའི་ཞར་བྱུང་ཆོ་ག་ཉིན་འཚོགས་དང་ཟློག་པ་ཚར་གྲངས་བཅས་མཚན་ཕྱེད་བར་དུ་མཛད་སོང་། ཕྱིར་ཉིན་དང་པོ་ཤིན་ཏུ་འཚུབས་ཆེའང་རྗེས་སུ་ཞི་ནས་འཇམ་པོ་ཞིག་བྱུང་བས་སྐྱོན་ཆེན་བྱེད་མ་འདྲ་གསུངས། རིམ་བཞིན་གཡག་ཕྱར་སྔོན་མོའི་སྒྲོལ་མ་འཇིགས་པ་ཀུན་སྐྱོབ། མངའ་བདག་མོལ་མི་འཁྱིལ་གྱི་རྟ་མགྲིན། ཉི་མ་སེང་གེའི་པདྨ་ཞི་ཁྲོ། བལ་པོ་ཨ་ཧཱུྃ་གི་ཛཾ་ནག །ལྷ་བཙུན་སྔོན་མོའི་ཞི་བྱེད་སྐོར་བདུན། རོང་ཟོམ་ཆོས་ཀྱི་བཟང་པོའི་མཁའ་འགྲོ་མ་རིགས་བྱེད་རྩལ། མང་སོ་བྱང་ཆུབ་གླིང་པའི་ཀུན་བཟང་ཐུགས་གཏེར། ར་མོ་ཤེལ་སྨན་གྱི་རྡོ་རྗེ་བདུད་རྩི། འགྲོ་འདུལ་ལས་འཕྲོ་གླིང་པའི་ཐུགས་ཆེན་དོན་གསལ་སྒྲོན་མེ། དྲི་མེད་ཀུན་དགའི་བླ་སྒྲུབ་འོད་ཀྱི་སྙིང་པོ་བཅས་ཀྱི་དབང་ལུང་ཁྲིད་བཅས་རྒྱས་པར་བཀའ་དྲིན་ཆེ་བ་བསྩལ་བྱུང་། སྔར་མ་ཐོབ་པའི་གཏེར་ཆོས་འགའ་ཞིག་ཀྱང་ནོས། རང་ནས་སྔ་རྗེས་མང་པོར་གཏེར་གསར་རིགས་རྣམས་ཀྱང་དུས་ལ་དགོངས་པའི་ཟབ་ཆོས་གང་ལ་གང་འདུལ་ཡིན་བཞིན་གནད་དོན་ཆེ་མོད། དེ་ལས་ཀྱང་སྔོན་བྱོན་གཏེར་རྙིང་རྩོད་མེད་དེང་སང་མཚན་ཙམ་ལས་མི་བཞུགས་པ་འདི་རིགས་གང་ཟག་གཞན་བཟང་པོ་དང་གྲགས་ཆེན་སྔར་བྱོན་ད་བཞུགས་སུས་ཀྱང་རྙེད་ཐུབ་པའི་སྐལ་པ་མ་བྱུང་། དེང་སྐབས་རྗེ་རིན་པོ་ཆེ་བཀའ་བབས་བདུན་གྱི་བདག་པོར་རྡོ་རྗེའི་ལུང་དང་མངོན་སུམ་ཚད་མས་གྲུབ་པས་གཞན་གང་ལས་ཀྱང་སྔོན་བྱོན་གཏེར་སྟོན་ཚད་མ་རྣམས་ཀྱི་གཏེར་ཆོས་སྣ་རེ་ཡིན་ཡང་འབེབ་ཐུབ་པ་གསོལ་བ་ཡང་ནས་ཡང་དུ་བཏབ་པའི་དོན་འབྲས་ཕྱོགས་ཙམ་འགྲུབ་པས། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། གསེར་ལ་མཐོ་སེམས་མི་བདོག་སྟེ། །ཟོང་མེད་ལག་ཏུ་གསེར་མི་འཁོར། །ཆོས་ལ་མཐོ་སེམས་མི་བདོག་སྟེ། །སྐལ་མེད་ལག་ཏུ་ཆོས་མི་འཁོར། །ཞེས་གསུངས་པ་ལྟར་ཡིད་ལ་གང་འདོད་ཀྱི་ཆོས་རྙེད་པར་དཀའ་བ་རྩོལ་མེད་དུ་རྙེད་པ་འདི་ལྟར་ན་སྐལ་པ་ཤིན་ཏུ་བཟང་བར་སེམས། གཏེར་རྙིང་དཔེ་རྒྱུན་ཡོད་ཀྱང་དབང་ལུང་ཆད་པ་རྣམས་ནི་གསོལ་བཏབ་མཛད་པ་ཙམ་གྱིས་གུ་རུ་རིན་པོ་ཆེ་ཉིད་གཏེར་སྟོན་སོ་སོའི་རྣམ་པར་བསྟན་ནས་ཉེ་བརྒྱུད་དུ་བསྩལ་བ་དང་། གསར་ཕབ་རྣམས་ནི་མཁའ་འགྲོ་གཏེར་སྲུང་གིས་ཤོག་སེར་དངོས་སུ་ཕུལ་བ་ལས་གཏན་ལ་ཕབ་པའི་གཞུང་བསྐྱེད་རྫོགས་ལས་ཚོགས་དང་བཅས་ཉུང་ལ་དོན་འདུས་ཤིང་ཟབ་ལ་གནད་དུ་འདྲིལ་བ་གསེར་ཞུན་མ་ལྟ་བུ། གཏེར་ཆོས་སུ་བཏགས་པའི་གླེགས་བམ་ཁུར་པོ་རེ་ལས་ཚན་པ་རེ་རེས་དགའ་བར་སྣང་ངོ་། །ཆུ་ལུག་གནམ་ལོ་གསར་ཚེས་སྐབས་རྗེ་བླ་མའི་གཟིགས་སྣང་དུ་གཏེར་ཆེན་སངས་རྒྱས་གླིང་པ་མཇལ་བའི་ཞལ་ནས། ཁྱེད་རང་དང་། ངེད་ཀྱི་བླ་མ་དང་སློབ་མ་གཉིས་ཀ་ཡིན་པ་བ་ཡོ་ཆོས་བཟང་ཁྱེད་གཉིས་ཀྱིས་དེ་སྔ་གཏེར་རྙིང་མང་པོ་གསར་སྤེལ་གྲུབ་པ་ཤིན་ཏུ་ལེགས། ད་རུང་ཡང་གཏེར་རྙིང་ཉེར་ལྔར་ལོངས་པ་ཞིག་གྲུབ་སོང་ན་ཨོ་རྒྱན་རིན་པོ་ཆེའི་ཐུགས་དགོངས་རྫོགས། ཁྱེད་རང་གཉིས་ཀྱང་ཚེ་དང་བྱ་བ་ཐམས་ཅད་མཐར་ཕྱིན་པ་ཞིག་འོང་རྒྱུ་རེད། དེའི་གེགས་སེལ་དུ་གནས་ཆེན་རྣམས་སུ་སྒྲུབ་པ་དང་ཚོགས་འཁོར་ཡང་གལ་ཆེ་གསུངས་པ་ཞིག་བྱུང་ཚུལ་བཀའ་གནང་། དེ་རྗེས་ཁར་དུས་ཕྲན་ལའང་འདི་ལྟར་བྱུང་ཚུལ་ཡི་གེར་བྲིས་ནས་ཕུལ་བ་ཅིའང་མ་གསུངས་པས་ཐུགས་ལ་མ་བབས་པ་ཡིན་ནམ་སྙམ་པ་བྱུང་། འབྲི་གུང་དགོངས་གཅིག་འགྲེལ་པ་རྡོར་ཤེ་མ་དང་སྟག་ལུང་སྡོམ་གསུམ་སོགས་ཀྱི་ལུང་ཡང་བསྩལ། བར་ཞིག་སྐུ་ཁམས་རྙོགས་པས་ངེད་རང་ནས་བཀའ་བརྒྱད་ཡོངས་འདུས་དབང་སོགས་འདུ་ཚོགས་མང་པོའི་རེ་སྐོང་དང་། གསར་བསྒྲིགས་འགའ་ཞིག་གྲུབ། འདི་སྐབས་ཐོ་རངས་ཞིག་གི་རྨི་ལམ་དུ་རིགས་ལྔ་ཐོར་ཚུགས་སྟོད་གཡོགས་སྨད་གཡོགས་གྱོན་ནས་ལྷ་ཁང་ཆེན་པོ་ཞིག་ཏུ་ཕྱིན་པར་དེར་སྔགས་ཆས་ཅན་ཤ་སྟག་འཚོགས་པས་དབྱངས་རོལ་བཅས་ཕྲིན་ལས་ཤིག་བཏང་བའི་ཕུགས་ལོགས་གཡས་གཡོན་གུ་རུ་རྩ་གསུམ། མ་མགོན་ཞལ་སྦྱོར་སོགས་དངོས་འདྲ་བ་བཞུགས། ལོགས་ཤིག་ཏུ་སྒྲུབ་པ་མང་པོས་ཡིག་དྲུག་འདོན་པའི་སྒྲ་ཡིད་དུ་འོང་བ་ལྡིར། ཉེ་སྐོར་བྲག་ཁྲོད་དུ་ཕྱིན་པས་ཤེལ་རྡོ་འགའ་ཞིག་རྙེད། རྡོ་ཤེལ་གྱི་མཆོད་རྟེན་བུམ་པ་ཅུང་ཉམས་པ་ཞིག་འདུག་པ་ལག་ཏུ་བླངས་མ་ཐག་ཤེལ་གྱི་མཆོད་རྟེན་ཁྲུ་ཕྱེད་ཙམ་འོད་འབར་བ་ཞིག་ཏུ་གྱུར་པས་ལྷུ་ཕྱེས་ཏེ་ཆོས་འཁོར་ཡན་རུམ་དུ་བཅུག །མན་ཆད་ཉེ་གནས་ལ་ཁྱེར་བཅོལ་ནས་གྱེན་དུ་ལ་ཞིག་བརྒལ་བ་རྨིས། འདི་སྐོར་དགོན་གླིང་དུ་འབྲུམ་དཀར་མཆེད་ནས་ཐམས་ཅད་ན་བའི་སྐབས་སུ་ཁེལ། ཟླ་བ་གཉིས་པའི་ཚེས་བཅུ་གཅིག་ནས་སྐུ་ཁམས་ཅུང་ཟད་དྭངས་པས་ཡང་གཏེར་རྣམས་ཀྱི་ལོ་རྒྱུས་ཞིབ་ཏུ་བསྩལ་བས་བརྗེད་ཐོར་ཡང་བཀོད། བཅུ་གསུམ་ཉིན་མདུན་དུ་ཕྱིན་པར་ལུང་བསྟན་ལ་མི་འོང་བ་ཅི་ཡོད་ཀྱང་བྱུང་ཚད་ཡི་གེར་འབྲི་བ་སོགས་གཏན་ནས་བྱེད་ཉན་པ་མིན། དེ་རིགས་ལག་ཏུ་ནི་མི་ལོན་པས་བཏང་སྙོམས་འཇོག་པ་ཁོ་ན་ལེགས། ད་ཁྱོད་ཀྱིས་ཡི་གེ་བྲི་ཚར་འདུག་པས་བྲིས་ནས་ལག་ཏུ་ལོན་པ་ཞིག་དགོས་པས་སྒྲུབ་པའི་ཐོ་ཡིག་བཀོད་དགོས་པ་རེད་གསུངས་ནས་ཉེ་སྐོར་བགྲོད་བདེ་བའི་གནས་མ་ཉམས་པ་བཅུ་གསུམ། བརྒྱུད་པ་མ་ཉམས་པའི་གཏེར་ཆོས་བླ་མ་ཡི་དམ་མཁའ་འགྲོ། ཐོག་མཐའི་ཚེ་སྒྲུབ་བགྱིད་ཚུལ་སོགས་ཞིབ་པར་ཐོ་བཀོད་དང་། སྒྲུབ་ཆེན་ཞལ་འདེབས་དངུལ་རྡེལ་ཚད་གནང་སྦྱིན་བསྩལ། རྫོང་ཤོད་དུ་སླར་ཕྱིན་ནས་ཞག་ཤས་ཡུམ་བཀའི་བསྙེན་པ་ཞིག་བཏང་། ཉི་ཤུ་ནང་སྐོར་འབྲུམ་ནད་ཀྱིས་ཐེབས། ཧ་ཅང་ཐུ་བ་མ་བྱུང་ཞག་བཅུ་སྐོར་ནས་དྭངས་སོང་ཡང་དེ་མ་ཐག་ཁྲག་རླུང་གིས་དེའུ་ཤི་ཙམ་བྱས། དེའང་ཞག་བདུན་བརྒྱད་ཀྱིས་དྭངས་རྗེས་ཆུ་སེར་ནད་གཞི་ཤིན་ཏུ་ལྗི་བ་ཞིག་གིས་ཟིན། ལྷ་རྗེ་འགའ་རེས་ཆུ་གཞི་རེད་ཅེས་འུར་ཆེན་བརྒྱབས། ཆོས་རྒྱེབ་འགའ་རེའང་བྱས་སྐད་འདུག །ལྔ་པའི་ནང་ལ་ཁམས་ཅུང་ཟད་དྭངས་པས་མཁན་པོ་རིན་ཆེན་དར་རྒྱས་བྱོན་པ་ལ་མཆོག་གླིང་གཏེར་གསར་སོགས་དབང་ལུང་ཁ་ཤས་དང་། དཔལ་ཡུལ་རྒྱ་སྤྲུལ་ཆེད་དུ་ཕེབས་པར་ཡང་གཏེར་རིགས་སོགས་གཏེར་མཛོད་དུ་སྔར་མ་བཞུགས་པའི་རིགས་ཀྱི་དབང་ལུང་ཁྲིད་བཅས་བྱས། གླིང་སྲས་མཆོད་ཡོན་རྣམས་བྱོན་པར་ཡང་སོ་སོའི་བཞེད་སྐོང་གྲུབ་ནས་ནད་ཁམས་སྟབས་འཛུམ་ཚ་དང་རྟིང་ཚ་རྣམས་སུ་ཕྱིན་ནས་འཕྲོད་བསྟེན་བགྱིས་པས་ཟ་འཕྲུག་གི་ཚ་དབལ། འབྲུམ་ཐོར། སྐྲངས་པ་རྣམས་ཞི། སྔ་མ་ལས་བདེ་དྭངས་སོང་བས་སྒྲུབ་ཆེན་རྣམས་ཀྱི་ཐོག་མ་ཟླ་གམ་དབང་ཕུག་ཏུ་འཆི་མེད་འཕགས་མའི་ཐུགས་ཐིག་གི་སྒྲུབ་ཆེན་རྣམ་པ་ཙམ་བྱས་ཀྱང་འདི་སྐབས་མཆོད་ཆས་སོགས་མཚོན་བྱེད་ཙམ་ལས་མ་འགྲིགས་པ་དང་། དཔོན་སློབ་བཅུ་གཅིག་ལས་མེད་པས་སྔགས་རྒྱུན་ཀྱང་ཇི་བཞིན་པ་མ་བྱུང་། གྲོལ་ཉེ་བར་བནྡེ་སྨྱོན་པ་ཞིག་གིས་ནམ་ཕྱེད་བྲག་སྟེང་ནས་ཁང་ཐོག་རྡོ་སྒྲིལ་བས་ཐམས་ཅད་བྲག་ཕུག་ཏུ་བྲོས་དགོས་པ་སོགས་འཚུབས་ཆེ་ཞིང་ཆུ་སེར་ནད་དེའང་སླར་འཕར་བས་མེ་ནང་སྡོད་པ་ཙམ་བྱུང་། འདི་ནས་བརྩམ་ཚོགས་འཁོར་རེའང་བགྱིས་པ་གྲོགས་རིགས་ལྡན་མ་ཉམས་པ་ནི་མངོན་ཤེས་མེད་པས་ཅི་བྱ་མི་འདུག་ཀྱང་བུ་མོ་ཆུང་ངུ་མགོ་གཙང་རེ་ཚོགས་འཁོར་གྲལ་དུ་སྡོད་བཅོལ་ནས་ལུང་དོན་རས་སུ་མ་བོར་ཙམ་དང་། སྒྲུབ་པ་ཐམས་ཅད་ལ་གྲོལ་སྐབས་དབང་ཞུའི་འདུ་ཚོགས་མང་བས་ཁྲོམ་དབང་རེའང་བགྱིས། སླར་ཆུ་ཚན་བསྟེན་པའང་ཕྱིན་པས་རིམ་དྭངས་གྱུར། སྒྲུབ་ཆེན་གཉིས་པ་པདྨ་ཤེལ་རིར་བྱང་གཏེར་རིག་འཛིན་གདུང་སྒྲུབ་ཚུགས། འདི་སྐབས་ཡིད་ལྷུང་གཡག་ཟེའི་སྒྲུབ་བླ་མ་དཔལ་སྦྱིན་དཔོན་སློབ་སོགས་སྔར་ལས་འཚོགས་པ་མང་ཞིང་། རི་ཁྲོད་ནས་བླ་མ་པད་ནོར་དང་ཚེ་རིང་དོན་གྲུབ་རྣམས་ཀྱང་སླེབས། བཅའ་ཁ་རིམ་སྒྲུབ་བགྱིས་པས་རྒྱུན་མཆོད་སོགས་རིམ་པར་ཇེ་རྒྱས་སུ་སོང་། སྒྲུབ་པ་གྲོལ་སྐབས་འཇའ་ཚོན་ཤར་བ་སོགས་ལྟས་ལེགས། སྒྲུབ་ཆེན་གསུམ་པ་འཛུམ་རྩང་དཀར་དུ་རྒྱ་སྟོན་བླ་མ་བདེ་མཆོག་འཁོར་ལོ་ཚུགས། འདི་སྐབས་དཔལ་སྤུངས་ནས་གཅོད་བླ་ཡོན་ཏན་དཔོན་སློབ་བྱུང་བ་སོགས་འཚོགས་པ་ཉི་ཤུ་རྩ་གྲངས་འཛོམ། དེར་སྒྲུབ་ཁང་སྟོང་པ་ཞིག་ཏུ་ཐོག་མར་ཞག་གཅིག་སྡོད་ནུབ་གནས་གདོན་རྐྱེན་གྱིས་ངེད་རང་འདུ་ཁམས་འཁྲུགས་པས་བདེ་བ་ཆེར་མ་བྱུང་། སྒྲུབ་ཆེན་བཞི་པ་འཛིང་ཁྲ་བོ་གནས་ནང་དུ་དྲི་མེད་བླ་སྒྲུབ་འོད་ཀྱི་སྙིང་པོ་ཚུགས། ཁམས་རིམ་དྭངས་སོང་། དེ་ཡན་ཆད་ཀྱི་བླ་སྒྲུབ་གསུམ་གྲུབ། སྒྲུབ་ཆེན་ལྔ་པ་རྫོང་ཤོད་བདེར་གཤེགས་འདུས་པའི་ཕོ་བྲང་དུ་ཨོ་རྒྱན་གླིང་པའི་བཀའ་འདུས་ཆེན་མོ་ཚུགས། འདི་སྐབས་ཚེས་བཅུའི་ཐོ་རངས་ལྷ་ལྡན་ཕྱོགས་ཡིན་སྙམ་ཞིག་ལ་དྲན་པ་ནམ་མཁའ་དང་དེའི་སྲིང་མོ་ཡེ་ཤེས་མཚོ་རྒྱལ་གྱིས་བྱང་ནས་བསྐུར་བའི་ཡིག་རྒྱ་ཞིག་སྤྲད་བྱུང་བ། ནང་དུ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཡུམ་ཅན་གྱི་སྐུ། ལུང་བསྟན་བསླབ་བྱ་ཤོག་དྲིལ་གཅིག །ཤེལ་རྡོ་ལེགས་པ་སོར་ལྔ་ཙམ་འདུག་པ་སོགས་རྨིས། དེ་སྐབས་ཀཿཐོག་རྨོག་སྤྲུལ་ཡང་འབུལ་སྐྱེས་བྱོན་པར་ཁྲུས་དང་ཚེ་དབང་བརྒྱ་རྩ། སྦྱིན་བདག་གནད་ཆེན་འགའི་རེ་སྐོང་གྲུབ་ནས་རག་ཆབ་བརྒྱུད་དཔེ་ཝར་ཕྱོགས་སུ་ཕྱིན། ཨ་རབ་གནས་ནང་སླེབས་པར་ཉེ་བའི་སྐབས་ནུབ་ཕྱོགས་ནས་གནམ་ཕྱེད་ཁེབས་པའི་འཇའ་ཚོན་གཞི་མཐིང་ལྗང་ཤས་ཆེ་བའི་ཁ་དོག་སྣ་ཚོགས་པ། ཐིག་ལེ་ཆེ་ཆུང་མང་པོའི་མཐར་འཇའ་རིས་ཀྱིས་བསྐོར་བ་ཡུན་རིང་བསྡད་སོང་བས་དེར་ཡོད་བསམ་ཤེས་ཅན་རྣམས་ནི་སྔར་མཐོང་མ་མྱོང་བས་ངོ་མཚར་དུ་འཛིན། གོ་དཱ་བ་རིའི་གནས་མདུན་བྲག་རིའི་ཕུག་པར་སྒ་རྗེ་གྲོ་རྡོག་གིས་སྒྲུབ་ཁང་གསར་བཞེངས་ནང་དུ་བསྡད། ཁོང་པས་གཞི་ལེན་བྱས་ནས་ཐོག་མར་དཔོན་སློབ་བརྒྱད་ཀྱིས་རྡོ་རྗེ་བདུད་རྩིའི་བསྙེན་པ་བཏང་། བདུད་རྩི་འཁྱིལ་བའི་ཁྲུས་རྫས། ཧཱུྃ་ཀ་རའི་བདུག་པ་རྣམས་ཀྱང་བསྒྲུབས་ནས་མ་ད་ནའི་སྒྲུབ་པ་ཚུགས་པའི་ཐོག་མ་ནས་སྨན་དྲིས་ཕྱི་ནང་ཐམས་ཅད་ཁྱབ། ལང་ལུགས་སོགས་བྱིན་རླབས་རེད་སྙམ་པ་བྱུང་སོང་། འདི་སྐབས་ར་མོ་ཤེལ་སྨན་ཡིན་སྙམ་པའི་སྔགས་པ་ཆས་གོས་སྔོན་པོར་ཡོད་པ་ཞིག་གིས་སྨན་མང་ཞིག་བྱིན་བྱུང་བའང་རྨིས། དེ་ནས་སྒྲུབ་ཆེན་དྲུག་པ་རྡོ་རྗེ་བདུད་རྩིའི་ཁྲོལ་སྒྲུབ། ཕྱི་སྒྲུབ། ལྡེ་གུ་དང་རིལ་བུའི་སྒྲུབ་པ་རྣམས་དང་ལས་བཞི་མཆོག་ལྔའི་སྦྱིན་སྲེག །དཔའ་བོ་དཔའ་མོའི་སྟོན་མོ་སོགས་མཐའ་རྒྱས་གྲུབ་ནས་གྲོལ་བ་དྲུག་གི་ལས་སྦྱོར་རྣམས་ཀྱང་བགྱིས། ཨ་ཁྲི་གནས་ར་མེ་ཤྭ་རིའི་མདུན་གྱི་སྒྲུབ་ཁང་གསོལ་དཔོན་ཚང་བཀྲ་ཤིས་བསམ་འགྲུབ་ནས་གསར་འདེབས་བྱས་སར་ཕྱིན། ཐོག་མར་དཔོན་སློབ་བཅོ་ལྔས་དྲི་མེད་རྒྱལ་བ་རྒྱ་མཚོའི་བསྙེན་པ་བཏང་། གསོལ་དཔོན་ཚང་གིས་སྦྱིན་བདག་བྱས་ནས་སྒྲུབ་ཆེན་བདུན་པ་རྒྱལ་རྒྱམ་ཚུགས། འདི་སྐབས་ནངས་ནུབ་འོད་དམར་པོས་རི་བོ་རྣམས་ཁྱབ་པ་དང་ཉིན་གུང་ཡང་སྤྲིན་སོགས་དམར་འོད་ཤ་སྟག་ཅན་བྱུང་། ནུབ་མོ་སྟེང་འོག་ཕྱི་ནང་གར་ཡིན་མི་འབྱེད་པའི་ཡིག་དྲུག་དིར་དིར་སྒྲོག་པ་ཐོས་མཁན་རེ་ཟུང་སྣང་། བུད་མེད་ལྔས་བརྡ་སྟོན་པ་དང་ཤེལ་རྡོ་རྙེད་པ་སོགས་རྨིས་ལྟས་ལེགས་ཤིང་ཁྱད་པར་དཔལ་ལྡན་དུས་གསུམ་མཁྱེན་པ་མཇལ་བ་ལ་ཐུགས་ཀར་མགོས་གཏུགས་ནས་ཐུགས་ཡིད་བསྲེས་པ་སོགས་རྨིས། འདི་ནས་ཡི་དམ་སྒྲུབ་པ་གསུམ་གྲུབ་ནས་ཐེག་པའི་ལམ་ཞོར་ཨེ་ཝཾ་དགོན་དུ་རབ་གནས་དང་དབང་བཀའ་བགྱིས། དེར་དམ་སེལ་ཅན་ཞིག་འཕྲད་ལ་ཁད་པ་བྱུང་བའི་རྐྱེན་གྱིས་ལམ་ནས་ཁྲག་རླུང་ཆེར་འཕར། ཕྱྭ་གཡང་གཞིས་ཀར་ཞག་ཤས་བསྡད། ཁམས་དྭངས་འཕྲལ་བཀྲ་ཤིས་གནས་ནང་དུ་ཕྱིན། སྒྲུབ་ཁང་གསར་བཞེངས་ནང་དུ་བསྡད། ཨ་ལོའི་ཚོང་དཔོན་ཧོ་ཆོ་ཚང་ནས་སྦྱིན་བདག་གཞི་ལེན་བྱས། ཐོག་མར་ཉང་གཏེར་ཁྲོས་ནག་གི་བསྙེན་པ་བཏང་། སྒྲུབ་ཆེན་བརྒྱད་པ་ཁྲོས་མ་ནག་མོའི་སྒྲུབ་པ་ཚོགས་འཁོར་སོགས་མཐའ་རྒྱས་སུ་གྲུབ། གཞན་དྲག་ཞན་མང་པོའི་འདོད་སྐོང་ཅི་རིགས་བྱས། ཚུར་འོང་ལ་ཉེ་བར་སྐུ་ཞབས་རིན་པོ་ཆེར་སྐུ་རྐྱེན་ཆེ་བ་དང་རི་ཁྲོད་ལའང་དུར་ངོ་སོགས་འཚུབས་ཙམ་རྨིས། མགོ་ཟླའི་ཉེར་ལྔར་གང་ལ་བརྒལ་ནས་ཡང་ཁྲོད་དུ་སླེབས། རྟག་གཏོར་གསོལ་ཁར་ཕྱིན། རྒྱལ་ཟླའི་ཚེས་གསར་ནས་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་བསྙེན་པ་ལ་ཞུགས། གནམ་སྟོང་སྔ་དྲོ་ལ་གྲོལ། ཤིང་སྤྲེལ་གནམ་ལོ་གསར་ཚེས་ཀྱི་ཐོག་མ་ནས་མཁའ་འགྲོ་གསང་བ་ཀུན་འདུས་བསྙེན་མཚམས་བགྱིས། སྒྲུབ་པ་སྔ་མ་རྣམས་ལོ་གསུམ་ཕྱོགས་གསུམ་གྲུབ་ནས་གྲོལ་སོང་། འདི་ལོ་ཟླ་བ་གཉིས་པ་བཤོལ་པའི་ཕྱི་མའི་ཚེས་བཅུ་གཉིས་ལ་རེ་ཞིག་གྲུབ་རྩིས་བྱས། རིག་འཛིན་སྒྲོན་མས་བླ་མ་དགོངས་འདུས་ཀྱི་སྒྲུབ་ཆེན་སྨན་སྒྲུབ་སྦྲེལ་མ་བཙུགས་པའི་རྡོར་སློབ་ལ་ཕྱིན། ཟླ་བ་གསུམ་པའི་ཡར་ཚེས་ལ་མཐའ་རྒྱས་སུ་གྲུབ། ཚེ་བྷྲཱུྃ་སྤྲུལ་སྐུ་གཉིས་ལ་རཏྣའི་ཕུར་དབང་། ཚ་བ་རིན་ཆེན་རྣམ་རྒྱལ་ལ་འདོད་ཆོས། ཞེ་སྤྲུལ་དང་བླ་མ་བཀྲ་འཕེལ་གཙོས་པར་ཀར་ལུགས་དཀྱིལ་འཁོར་རྣམས་ཀྱི་དབང་ལུང་སོགས་དང་། བར་མཚམས་ཆོག་སྒྲིག་རིགས་དལ་མེད་བྱས། ཟླ་བ་བཞི་པར་སྐུ་ཞབས་རིན་པོ་ཆེའི་མདུན་ནས་གཞི་ལེན་མཛད་པའི་དཔའ་བོ་དབང་ཆེན་བྲག་གི་མདུན་དུ་དཔོན་སློབ་བཞི་བཅུ་རྩ་ལྔ་ཙམ་གྱིས་སྒྲུབ་ཆེན་དགུ་པ་ཟབ་བདུན་མ་མོ་མངོན་རྫོགས་རྒྱལ་པོ་བགྱིས། མདོས་ཆེན་བཏང་མཁན་ཡང་ཟུར་དུ་བཞག །ནམ་ཕྱེད་ཐོག་སེར་འབབ་པ་སོགས་འཚུབས་ཆར་མངོན་པའང་བྱུང་། དམར་ཕྱོགས་སུ་ལྷ་མདོ་འབུར་མོ་པདྨ་བཀོད་ཀྱི་མདུན་དུ་ཕྱིན། སྡེ་དགེ་གཞུང་ནས་གཞི་ལེན་གྲ་སྒྲིག་མཛད། དཔོན་སློབ་ལྔ་བཅུ་ང་ལྔས་སྒྲུབ་ཆེན་བཅུ་པ་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་སྒྲུབ་པ་སྐོང་བ་ལྔ་པོ་དང་སྦྲེལ་མར་བགྱིས། ཉེར་ལྔའི་ཚོགས་འཁོར་སྐབས་གནས་རྩེར་འཇའ་ཚོན་ཟུག་པ་དང་། དབྱར་གཞུང་མེ་ཏོག་གི་ཚལ་མང་དཀྱུས་དང་མི་འདྲ་བ་རྒྱས་པ་སོགས་ཉམས་སྤྲོ་བ་བྱུང་། འདི་ཡན་མཁའ་འགྲོའི་སྒྲུབ་པ་གསུམ་གྲུབ། ལྔ་པའི་ཡར་ངོར་གྲུབ་ནས་རིམ་པར་བཏེགས་ཏེ་ཡང་ཁྲོད་དུ་ཕྱིན། སྒྲུབ་གསར་རྙིང་མང་པོར་གནམ་ཆོས་དབང་བསྒྲིགས་ཚང་མ་དང་། ཚབ་ཚ་སྒྲུབ་སྤྲུལ་ཆེད་གཏད་འབྱོན་པ་ལ་ཤངས་ཆོས་ཡོད་དོ་ཅོག་གི་དབང་ལུང་ཁྲིད་ཚང་བར་བྱས། ཟླ་བ་དྲུག་པར་རྨེ་ཤོད་རོང་མེ་ནང་རྡོ་རྗེ་ཨ་ཕུག་ཏུ་བསྙེན་མཚམས་ཞག་བདུན་མ་ཞིག་བགྱིས་གྲུབ་ནས་མུ་ནང་རྡོ་རྗེ་བྲག་དམར་དུ་ཕྱིན། དེར་སྡེ་དགེ་མ་ཡུམ་ནས་གཞི་ལེན་གྲ་བསྒྲིག་མཛད། གྲུ་གུ་ཡང་དབང་རྩལ་གྱི་གཏེར་གནས་ཡིན་འདུག་སྟབས་དཔོན་སློབ་སུམ་ཅུ་རྩ་ལྔས་སྒྲུབ་ཆེན་བཅུ་གཅིག་པ་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་ཚུགས། ཚོགས་འཁོར་སོགས་མདོར་བསྡུས་མཛད་སོང་། དེ་གྲུབ་ནས་རོང་མེ་དཀར་མོ་སྟག་ཚང་དུ་ཕྱིན། འཚོགས་གྲངས་སྔར་དང་འདྲ་བས་སྒྲུབ་ཆེན་བཅུ་གཉིས་པ་སྨིན་ལུགས་རྡོ་རྗེ་སེམས་དཔའ་ཚུགས། ཚོགས་འཁོར་སོགས་གཟབ་རྒྱས་གྲུབ། སི་ངུ་ལ་བརྒྱུད་པདྨ་ཤེལ་ཕུག་ཏུ་ཕྱིན། སྒྲུབ་ཆེན་བཅུ་གསུམ་པ་ཟབ་བདུན་རྩ་གསུམ་ཚེ་ཟབ་ཀྱི་ཆོས་སྡེ་ཚེ་དཔག་མེད་རིགས་ལྔ་སྤྱི་སྒྲུབ་ཚུགས། འདིའི་ཉིན་དང་པོར་མཁན་བླ་མ་བཀྲ་ཤིས་འོད་ཟེར་བོད་ནས་དབུ་ཐོན་གྱིས་བྱོན། ཚེ་ལྷ་རྣམ་གསུམ་སྐུ་བརྙན་སོགས་གནང་འབྱོར་བྱུང་བས་རྟེན་འབྱུང་ཤིན་ཏུ་དགེ་བར་གྱུར། ཚོགས་འཁོར་རྒྱས་ཤིང་། གྲོལ་སྐབས་དངོས་གྲུབ་ལེན་ཆོག་དང་འབྲེལ་བར་རྒྱས་པའི་སྦྱིན་སྲེག་བཅས་མཐའ་རྒྱས་གྲུབ། མཁན་བླ་མ་སོགས་ནས་སུན་ཟློག་དང་ཞབས་བརྟན་ཀྱང་མཛད། དེ་དག་གྲུབ་ནས་རྫོང་དགོན་དུ་ཕྱིན། ཀུན་མཁྱེན་བླ་མ་རིན་པོ་ཆེ་མཇལ། ཉང་རིན་པོ་ཆེའི་ཐུགས་ཆེན་འགྲོ་འདུལ་གྱི་དབང་ལུང་། རྡོར་གླིང་མ་རྒྱུད་ཀློང་གསལ་ཉི་མའི་དབང་ཆ་ཚང་། རྒྱུད་ཡོངས་རྫོགས་ཁྲིད་ལུང་། ཧཱུྃ་སྐོར་སྙིང་ཐིག་གི་དབང་ལུང་ཁྲིད་བཅས་གནང་། རྡོར་གླིང་ཆོས་སྐོར་འདི་ནམ་གསུང་བའི་སྐབས་མདུན་མཁར་རྡོར་གླིང་དངོས་སུ་བཞུགས་ཡོད་པའི་ཉམས་དང་སྣང་སེམས་རོ་གཅིག་ཏུ་འདྲེས་པ་ཞིག་བྱུང་འདུག་གསུངས། འདི་པའི་འདུས་པ་སྐོར་བཞིའི་ནང་ཚན་མཁའ་འགྲོ་བཀའ་འདུས་ཀྱི་བརྡ་ཡིག་ཕྱག་ཏུ་སོན་ཅིང་གཏན་ལ་འབེབ་པར་བཞེད་ཀྱང་ཕྱིས་སུ་གཡེང་བས་བར་དུ་བཅད། ལྔ་པ་རིན་པོ་ཆེའི་དག་སྣང་རྒྱ་ཅན་གྱི་དབང་ཡོངས་རྫོགས། དྭངས་མ་བཅུད་འདྲེན་ཁྲིད། རྩ་བ་དང་རྡོར་སྨིན་གཉིས་ཀྱི་ཆོག་ཁྲིགས་རྣམས་ཀྱི་ལུང་ཡང་བསྩལ། འདི་སྐབས་རི་བོ་ཆེའི་ཞབས་དྲུང་བྱོན་པར་བཀའ་དགོངས་ཕུར་གསུམ། ཐུབ་དབང་ཉེ་སྲས་བརྒྱད་ཀྱི་སྒོམ་ལུང་། རྩ་གསུམ་དགོངས་འདུས་དོན་དབང་། ཚེ་དབང་བཅས་ཐུགས་བཞེད་བསྐངས་གྲུབ་ནས་རྫོང་ཤོད་དུ་ཕྱིན། ཁྲ་འགུ་བློ་གྲོས་ཉི་མའི་སྤྲུལ་སྐུ་དཔོན་སློབ་ལ་བཀའ་བརྒྱུད་སྔགས་མཛོད་ནས་རྒྱུད་སྡེ་ཁ་ཤས། ཀུན་བཟང་བསོད་ནམས་དང་ཛཾ་ཐང་པ་ཁ་ཤས་སོགས་ལ་སྒྲོལ་མ་རྣལ་འབྱོར་མའི་དབང་ལུང་ཁྲིད་བཅས། ནོར་བུ་བསྟན་འཛིན་དང་ཉག་རོང་གཏེར་སྟོན་བསོད་རྒྱལ་བྱོན་པ་ལ་ཞིག་གླིང་ནམ་རྒྱལ་དང་། ཚིག་བདུན་སྒྲུབ་ཐབས། གྲོ་ལོད་ཧཱུྃ་སྒྲུབ་རྣམས་ཀྱི་དབང་ལུང་བྱས། ནང་ཆེན་ནས་གྲུབ་དབང་ཚོགས་གཉིས་དང་སྐྱོ་བྲག་དུང་སྤྲུལ་གསལ་བྱེད་དཔོན་སློབ་རྣམས་བྱོན་པར་སོ་སོའི་བཞེད་སྐོང་བྱས། ཚོགས་གཉིས་མདུན་ནས་ཐབས་ལམ་སྙན་བརྒྱུད་སྐོར་དང་རཏྣའི་ཐུགས་སྒྲུབ་ཡང་འདུས་ཀྱི་རིམ་ལྔའི་ཁྲིད་རྫོགས་པར་ཞུས། དུང་སྤྲུལ་ལས་འབའ་རོམ་ལུགས་ཀྱི་བདེ་མཆོག་གི་དབང་ནོས། སྒྲུབ་ཕུག་ཕན་ཚུན་དུ་ཚོགས་མཆོད་ཕུལ་བ་སོགས་གྲུབ་ནས་སྔར་རྗེ་རིན་པོ་ཆེའི་བཀའ་གནང་བཞིན་ཟླ་བ་བཅུ་པའི་མཇུག་རྫོང་དགོན་དུ་ཕྱིན། རྗེ་བླ་མ་གཙོས་འདུས་པ་བཟང་ལ་མང་བར་ཚེས་ཉེར་ལྔ་ནས་རྙིང་མ་རྒྱུད་འབུམ་གྱི་ལུང་ཚུགས། མགོ་ཟླའི་ཉེར་ལྔར་གར་དབང་ལས་གླིང་ཡང་གཏེར་ཕག་མོ་དཀར་མོའི་དབང་ལུང་ཁྲིད་བཅས་གནང་། རྙིང་རྒྱུད་ལུང་གྲུབ་ནས་རིམ་པར་ཉང་གཏེར་བཀའ་བརྒྱད་བདེ་འདུས་པོད་དགུ། ཀློང་ཆེན་མཛོད་བདུན། ངལ་གསོ་སྐོར་གསུམ་སོགས་སྡེ་སྤར་ལྟར་གྱི་ལུང་ཚང་བ་བཀླགས། ཤིང་མོ་བྱ་ལོ་གསར་ཚེས་ཀྱི་རྒྱལ་བ་དང་པོར་དེ་དག་གྲུབ་ནས་ཇོ་ནང་རྗེ་བཙུན་རིན་པོ་ཆེ་ཏཱ་ར་ནཱ་ཐའི་བཀའ་འབུམ་གྱི་ལུང་ཚུགས། ཟླ་བ་གཉིས་པའི་ཚེས་བརྒྱད་ལ་བཀའ་འབུམ་པོད་བཅོ་བརྒྱད་ཀྱི་བཀླག་ལུང་ལེགས་པར་ཕུལ་གྲུབ། གཏེར་སྲས་ཚེ་དབང་གྲགས་པ་སོགས་ལ་བདེ་གླིང་མཁའ་འགྲོ་སྙིང་ཐིག་གི་དབང་ལུང་གིས་མཚོན་བཞེད་སྐོང་སོ་སོར་བགྱིས། གསུམ་པའི་ཚེས་ལྔར་ཡང་ཁྲོད་དུ་འབྱོར་ཡང་ཤིན་ཏུ་ངལ་བ་དང་ཁྲག་རླུང་ཡང་འཕར་ལྡང་བྱས། གཏེར་སྲས། མཁར་མགོ་འཇམ་དབྱངས་གྲགས་པ། དགོན་གྱི་དུས་འཁོར་བ་རྣམས་ཀྱི་ངོར་དུས་འཁོར་དབང་ཆེན་བྱས། རིག་འཛིན་སྒྲོན་མ་སྔ་ལོ་ནས་ནད་ཕོག་པ་སྨན་རིམ་གང་དྲགས་བྱས་འདུག་ཀྱང་ཕན་སྐྱེད་མ་བྱུང་བར་ཞི་ཁྲོའི་གནས་དབང་བརྒྱ་རྩ་ཉིན་གཉིས་གྲུབ་ནས་མ་འཚོ་སོང་བར། སྒྲུབ་ཁང་རྡོར་སློབ་བླ་མ་དོན་གྲུབ་སོགས་སྒྲུབ་བླ་བཅུ་སྐོར་གྱིས་འཕོ་འདེབས་དང་བསྙེན་སོང་མང་པོས་གསར་རྙིང་སྒྲིབ་སྦྱོང་གི་ཆོ་ག་རྣམས་ཚུགས་པར་ངོས་ཀྱང་སྐབས་རེར་ཕྱིན། ཀར་འབྲུག་ཡབ་སྲས། རྗེ་བླ་མ་གཙོས་འདྲེན་མཆོག་རྣམས་ལ་བསྔོ་བ་དང་བྱང་ཞུས། བོད་ཀྱི་ཆོས་འཁོར་རྣམས་ལ་མཆོད་འབུལ། ཆོས་སྡེ་རྣམས་ལ་ཡོན་རྒྱབ། སྦྱིན་སྲེག་ཁག་བཞིས་ཕུང་པོ་སྲེག་སྦྱོང་སོགས་དགེ་སྒྲུབ་ལེགས་པར་གྲུབ། འདི་སྐབས་ནས་འདས་མ་དེའི་མིང་པོ་ཚེ་རིང་དོན་གྲུབ་ནས་གཞིས་སྡོད་ཁུར་ལན་བྱས། དཀོན་མཆོག་མཆོད་པ་དང་རྟེན་བཞེངས་སོགས་ལ་གཏོང་ཕོད་ཆེ། བྱ་བ་ཆེ་ཕྲ་གང་ལའང་གཅིག་ཁག་གཉིས་འཇོག་མེད་པའི་ཤ་ཐུབ་རུས་ཆོད་དང་ཁྱད་པར་ངེད་རང་ནས་ཡི་གེ་འབྲི་བརྐོས། ལྷ་ཁང་བཟོ་ལས་སོགས་བྱ་དཀའ་བ་གང་སྨྲས་ཐམས་ཅད་ཅི་ནུས་སུ་སྒྲུབ་པ་སོགས་ཉམས་ཕན་ཤིན་ཏུ་ཆེན་པོ་བྱུང་། ཐོན་པ་རྗེ་བཙུན་མ་ཆེད་དུ་བྱོན་པ་ལ་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་དབང་ལུང་ཁྲིད་གསུམ་རྒྱས་པར་བྱས། འདི་སྐབས་རྗེ་བཙུན་མས་ཤེལ་དང་གཡུ་བསྲེས་པ་སྙིམ་པ་གང་། གཡོག་མོས་གཡུ་སྙིམ་པ་གང་བྱིན་བྱུང་བའང་རྨིས། དགོངས་གཏེར་རྣམ་རྒྱལ་མའི་བསྙེན་པ་ཞིག་བཏང་། མཐར་རྣམ་རྒྱལ་སྟོང་མཆོད་རྒྱས་པར་བགྱིས། འདིའི་ཚུགས་གྲོལ་གཉིས་ཀར་རྟེན་འབྲེལ་ཤིན་ཏུ་ལེགས་པ་རང་བབས་ཀྱིས་བྱུང་། དེ་རྗེས་ཚེ་རིང་དོན་གྲུབ་ནས་མི་འཁྲུགས་པའི་སཱཙྪ་འབུམ་ཐེར་ཁང་བརྩེགས་མཆོད་རྟེན་དྲི་མེད་རྣམ་གཉིས་སྲོག་ཤིང་འཛུག་ཆོག །སྨོན་ལམ་དགེ་སྒྲུབ་ཀྱི་མཇུག་ཀྱང་རྒྱས་པར་གྲུབ་འདུག །ཀཿཐོག་ནས་མདོ་སྙན་དང་རྨོག་སྤྲུལ་རྣམས་རིམ་པར་གཤེགས་འདུག་པ་ལ་འབོད་ནན་སླེབས་ཀྱང་འགྲོ་ཁོམས་མ་བྱུང་བས་དགོངས་རྫོགས་ཡར་བསྐུར་བ་ལ་མཆོད་འབུལ་ཆོ་ག་མཆོད་བསྔོ་རྒྱས་པར་བགྱིས། ཟླ་བ་དྲུག་པར་རྫོང་ཤོད་དུ་ཕྱིན། རྫོགས་ཆེན་མཆོག་སྤྲུལ་ཆེད་དུ་ཕེབས་པར། བཀའ་མའི་གཤིན་རྗེ་གདོང་དྲུག་དང་། རྡོར་གླིང་རྫོགས་ཆེན་ལྟ་བ་ཀློང་ཡངས་དང་ཧཱུྃ་སྐོར་སྙིང་ཐིག་གི་དབང་ལུང་ཁྲིད་བཅས་ཆ་ཚང་། ཡང་གཏེར་གཙོར་བྱས་གཏེར་མཛོད་ལ་གསར་བཞག་རིགས་ཀྱི་དབང་ལུང་ཁྲིད་བཅས་ཡོངས་རྫོགས་བགྱིས། གཏེར་སྟོན་བསོད་རྒྱལ་དང་ལྷག་བསམ་སོགས་ལ་སྒྱུ་འཕྲུལ་ཞི་ཁྲོའི་དབང་། སྡེ་གཞུང་མའི་སྤྲུལ་སྐུ་སོགས་ལ་ཟབ་མོ་ནང་དོན་བཤད་ཁྲིད། ཛཾ་ཐང་བླ་གྲྭ་ཁ་ཤས་ལ་སྒྲོལ་མ་རྣལ་འབྱོར་མའི་དབང་སོགས་འདུ་འཚོགས་མང་པོའི་རེ་སྐོང་དང་། འདུས་པ་བཞི་བཅུ་སྐོར་གྱིས་རྩ་གསུམ་དགོངས་འདུས་སྒྲུབ་ཆེན་སྨན་སྒྲུབ་སྦྲེལ་མ་བདུན་གཉིས་ལྷག་ཙམ་རྒྱས་པར་གྲུབ། སྐུ་ཞབས་དཔའ་བོ་རིན་པོ་ཆེ་དང་། དཔལ་ཡུལ་ཡང་སྤྲུལ་སོགས་བྱོན་པར་སོ་སོའི་བཞེད་སྐོང་ཞུས། འདི་ལ་ཐུགས་རྟེན་བྱང་ཆུབ་མཆོད་རྟེན་ཐོག་ཚད་མའི་བཟོ་གྲྭ་ཚུགས་པའང་གསེར་སོགས་ལམ་འགྲོ་དང་རྟེན་བཞེངས་གཞན་ཡང་ལེགས་པར་གྲུབ་སོང་། ཟླ་བ་བཅུ་གཅིག་པར་རྫོང་དགོན་དུ་ཕྱིན། རྗེ་བླ་མ་རིན་པོ་ཆེ་མཇལ་བས་ད་ཞག་གཟིགས་སྣང་ཞིག་ཏུ་ཨིནྡྲ་བྷཱུ་ཏི་བར་བ་ལ་རྒྱལ་པོ་ཛཿཞེས་གྲགས་པ་དེ་དང་ས་ར་ཧ་དབྱེར་མེད་པ་དེ་མཇལ་ནས་ཐབས་ལམ་བཞི་ཚན་བཞི་བཅུ་པའི་སྐོར་གསན་པ་དང་། སི་ཏུ་སྤྲུལ་སྐུ་རྒྱ་བོད་མཚམས་ལྟ་བུར་ཕེབས། དེའི་ཡང་སྲིད་བྱོན་རྒྱུའི་མནལ་ལྟས་བྱུང་ཚུལ་སོགས་གསུང་འཕྲོས་ཁྱད་པར་ཅན་བསྩལ། རྡོར་གླིང་བླ་མ་བཀའ་འདུས་ཀྱི་དབང་ལུང་ཡོངས་རྫོགས་གནང་སྐབས་ཐོ་རངས་ཞིག་གི་གཟིགས་སྣང་དུ། གླིང་བཙུན་འཇམ་དབྱངས་ཚུལ་ཁྲིམས་དབང་མོ་དེས་བཟང་གོས་ཀྱི་ན་བཟའ་གསར་པའི་སྟོད་གཡོགས་སྟེང་དར་ཆེན་དམར་སྨུག་གི་གཟན་སོགས་ཆས་བཟང་གྱོན། བུམ་པའི་ནང་སྔར་གཟིགས་མ་མྱོང་བའི་མེ་ཏོག་སྡོང་པོ་ཡ་མཚན་ཅན་ཁུར་ནས། འདི་ལྷོ་ཕྱོགས་དཔལ་གྱི་རི་ལ་འཕགས་མཆོག་ཀླུ་སྒྲུབ་ཀྱིས་རྩ་བ་བཙུགས་པ་འཁྲུལ་མེད་དེ་ཡིན་ཀྱང་བར་ལམ་ནས་ཅུང་ཟད་རྙིང་སོང་བས་ཉིད་ཀྱིས་བཀའ་འདུས་བུམ་ཆུ་དེས་བྲན་ན་སོས་འོང་ཟེར་ཕུལ་བྱུང་བ་ལ་གཞི་སྟེང་ཡོད་པའི་བཀའ་འདུས་བུམ་ཆུས་བྲན་མ་ཐག་པར་མེ་ཏོག་སྔར་ལས་ཆེར་རྒྱས། ཕྱི་ནང་རིམ་པ་མང་པོ་དང་ཁ་དོག་སྣ་ཚོགས་པ་ལྟ་བས་ཆོག་མི་ཤེས་པ་ཞིག་ཏུ་སོང་བ་ན། གླིང་བཙུན་མས། ད་ནི་ཨཱརྻ་དེ་བ་ལོ་བརྒྱད་ལ་བཞུགས་ངེས་པ་རེད་སོང་ཟེར་ནས་ཕྱིར་སོང་། ཉིད་ཀྱི་དགོངས་པར་ངེད་རང་ཨཱརྻ་དེ་བ་་་འཕགས་པ་ལྷ།ཡིན་པའི་གནས་ཚུལ་གསལ་བར་བྱུང་བས་སྐྱེས་རབས་གསོལ་འདེབས་ཀརྨ་པས་མཛད་པ་དེ་ནང་ཨཱརྻ་དེ་བ་ངེས་པར་བཙུད་དགོས། དབུ་མ་བཞི་བརྒྱ་པ་ལའང་ཁྱེད་རང་བག་ཆགས་གསལ་བ་ཡིན་འདུག་གསུངས། འདི་སྐབས་ཀྱང་དོན་གཉེར་གཞན་མང་པོར་དབང་ལུང་ཁྲིད་ཀྱི་བཞེད་སྐོང་དང་གཏེར་མཛོད་ཆོག་ཁྲིགས་རིམ་པར་བྱས། ཟླ་བ་བཅུ་གཉིས་པའི་ཚེས་དྲུག་ལ་དཔལ་སྤུངས་ནས་སྐུ་ཞབས་མཆོག་གི་སྤྲུལ་སྐུ་ཞི་བར་གཤེགས། དགོངས་རྫོགས་སྒྲུབ་ལུགས་རྒྱུས་ཡོད་སོགས་ལ་ངེད་རང་འཕྲལ་དུ་འོང་དགོས་པའི་གསུང་བྲིས་བང་མི་བཅས་དབོན་རྒན་སྤྲུལ་མདུན་ནས་མཛད་འདུག་པ་ལྟར་ཕྱིན། སྐུ་གདུང་མདུན་བླ་མ་མཆོད་པ་ཉིན་གསུམ་ཙམ་བཏང་། དགོངས་རྫོགས་སྔོན་གྱི་རྗེ་གོང་མ་རྣམ་གཉིས་སྐབས་ཀྱི་མ་དེབ་ཡོད་ཀྱང་དུས་དབང་གིས་བླ་བྲང་གཞུང་དང་སྐུ་མདུན་གང་ལའང་ཕྱག་རྫས་ཆེ་རིགས་མི་འདུག་པས་སྔར་ཤུལ་སོ་སོ་མ་བཏང་ཙམ་གྱི་མཆོད་བསྔོ་དགོངས་རྫོགས་རྣམས་ཐོ་བཀོད་བགྱིས། སྐུ་པུར་བསྲེག་བཞུ་འབུལ་ལུགས་དང་། གཟིམ་ཆུང་གོང་འོག་གི་རྟེན་དང་ན་བཟའ་སྐུ་ཆས་སོགས་རྗེས་བཞག་རྣམས་དབོན་རྒན་དབུར་བཞུགས་ལས་བྱེད་ཐུན་མོང་བཅས་པས་ཞིབ་བལྟས་ཀྱིས་མ་དེབ་བཀོད། གསེར་གདུང་བཞེངས་པའི་རྒྱུ་རྩ་བཞག་ནས་དེའི་འགན་ཁུར་སྒ་རྗེ་གྲོ་རྡོག་ལ་མ་བྱས་ཐབས་མེད་ཀྱི་བསྐུལ་མ་བྱས། གསོལ་དགུང་གསུམ་པའི་བར་འདོན་བྱའང་ཕྲན་ཚེགས་གྲུབ་ནས་ཡང་ཁྲོད་དུ་ཁྱུགས་ཙམ་ཕྱིན། འདི་སྐབས་མངའ་བདག་ཉང་རིན་པོ་ཆེ་བག་དྲོ་ཞིང་དགྱེས་ཞལ་ཅན་མཇལ་བ་ལ་ཕྱག་རྟེན་ཞིག་ཕུལ་ནས་བྱིན་རླབས་ཞུས་པས། འདིར་བུམ་སྒྲུབ་སོགས་ཚོགས་སྒྲུབ་མང་པོའི་བྱིན་རླབས་ཀྱི་ཕྱོགས་འདིའི་རི་རྣམས་ལའང་སྣུམ་ཞག་ཆགས་འདུག་སོགས་ཤིན་ཏུ་དགྱེས་པའི་གསུང་འགའ་ཞིག་གནང་བ་རྨིས། མེ་ཁྱི་གནམ་ལོ་གསར་ཚེས་ནང་བླ་བྲང་དུ་ཕྱིན་ནས་དབོན་སྤྲུལ་ཡང་སྲིད་དཔའ་བོ་རིན་པོ་ཆེའི་སྲས་སུ་འཁྲུངས་པའི་བླུ་ཡོན་དང་། ཁོང་དཔོན་སློབ་ནང་ཆེན་དུ་བཞུགས་པ་ལ་དབོན་སྤྲུལ་གདན་འདྲེན་ཞུ་མཁན་གསེར་གདུང་བཞེངས་པའི་འབུལ་སྡུད་སློང་མོ་མཁན་ཁག་གསུམ་འགྲོ་ཆས་སོགས་ཀྱི་བསླབ་འདོམས་ལེགས་པར་གྲུབ་ནས་རྫོང་དགོན་དུ་ཕྱིན། རྗེ་རིན་པོ་ཆེ་དང་ངོར་པ་དཔོན་སློབ། ཟུར་མང་རོལ་རྡོར་སྤྲུལ་སྐུ་སོགས་ལ་ཀརྨ་སྙན་བརྒྱུད་འཁོར་ལོ་ལྔ་པའི་དབང་ལུང་ཁྲིད་བཅས། རྩ་བ་ངག་འཛིན་སོགས་ཡོངས་རྫོགས་བགྱིས། མཛོད་དགོན་སྤྲུལ་སྐུ་དཔོན་སློབ་ལ་ཀར་ལུགས་རྒྱལ་རྒྱམ་ལྷ་དགུ། ཞི་ཕྲེང་དྲག་ཕྲེང་དབང་ལུང་ལག་ལེན་བཅས། བཙན་རི་གནས་སྤྲུལ་ལ་བདེ་གླིང་བཀའ་འདུས་ཞི་ཁྲོ། ལྷག་བསམ་རྒྱལ་མཚན་ལ་དགྱེས་རྡོར་རྒྱུད་བཤད་སྤྱི་དོན་བཅས། ཟབ་མོ་ནང་དོན་དང་གཞུང་ཆུང་གཉིས། རྒྱུད་བླ་མ་བཅས་ཀྱི་བཤད་ཁྲིད་བགྱིས། མཁས་དབང་བླ་མ་མི་ཕམ་རྒྱ་མཚོ་ལས་ཉིད་མཛད་འགྲེལ་ཆེན་སྟེང་ནས་དབུ་མ་རྒྱན་དང་། སྤྱོད་འཇུག་ཤེར་ཊཱིཀ །གསང་སྙིང་འགྲེལ་ཕྱོགས་བཅུ་མུན་སེལ་གྱི་སྤྱི་དོན། དཀོན་མཆོག་རྗེས་དྲན་འགྲེལ་པ་རྣམས་ཀྱི་ཁྲིད་ལུང་སྦྲགས་མར་ཞུས་ནས་ཟླ་བ་གསུམ་པར་ཡང་ཁྲོད་དུ་ཕྱིན། དཔོན་སློབ་ལྔ་བཅུ་ང་གྲངས་སྐོར་གྱིས་དྲི་མེད་རྒྱལ་བ་རྒྱ་མཚོའི་བུམ་སྒྲུབ་ཚུགས། ཚེ་སྒྲུབ། སྐོང་ཆོག །ཕུར་སྒྲུབ་བཅས་ཉིན་ཞག་བཅུའི་ཁོངས་སུ་རྒྱས་པར་བསྒྲུབས། དབོན་རྒན་དང་ཟུར་མང་བསྟན་སྤྲུལ་དཔོན་སློབ་ལ་ཕྱག་ཆེན་རྒྱ་གཞུང་གི་ལུང་དང་། བསྟན་སྤྲུལ་ལ་དབང་ལུང་བཞེད་སྐོང་ཅི་རིགས་གྲུབ་ནས། ས་ག་ཟླ་བར་དགོན་དུ་བུམ་སྒྲུབ་འཚོགས་ལ་ཕྱིན། བླ་བྲང་དུ་གཡང་སྐྱབས་ཉིན་ཁ་ཤས། ཡང་ཁྲོད་དུ་རྣམ་རྒྱལ་སྟོང་མཆོད་སོགས་བགྱིས། ཟླ་བ་ལྔ་པར་དཔའ་བོ་ཡབ་སྲས་རྣམས་ཕེབས། དབོན་སྤྲུལ་ཁྲི་སྟོན་གཟབ་རྒྱས་གྲུབ། རེ་ཞིག་ལྷན་རྒྱས་བོད་དུ་གདན་སར་ཕེབས། སླར་དགུང་ལོ་ནར་ལེགས་པར་སོན་དུས་ཕྱིར་ཕེབ་རྒྱུའི་ཞལ་བཞེས་གནང་། བསྙེན་བཀུར་ཅི་འབྱོར་ཞུས་ནས་སླར་ཕེབས་སོང་། ངེད་ལ་སྡེ་དགེའི་བཀའ་ཕེབས་ལྟར་ལྕང་རར་ཕྱིན་ནས་བུམ་སྒྲུབ་མཐའ་རྒྱས་དང་། སྙན་བརྒྱུད་ཕུར་པ་སོགས་དབང་ལུང་གསན་དགོས་རིགས། ཕོ་བྲང་རབ་གནས་སོགས་བཞེད་སྐོང་བགྱིས། འཛི་ཕུ་མཁན་རིན་པོ་ཆེ་ལའང་གྲུབ་རྒྱལ་ཚེ་དབང་ཉེར་ལྔ་ཕུལ། བ་རི་སྒྲོལ་དཀར་རྗེས་གནང་ཞུས་ནས་དཔལ་འབྱོར་སྒང་དུ་ཕྱིན། མཁན་བླ་མ་བཀྲ་ཤིས་འོད་ཟེར་ཐུགས་བཞེད་ལྟར་འདུས་པ་བརྒྱད་ཅུ་སྐོར་གྱིས་རྡོ་རྗེ་བདུད་རྩིའི་སྨན་གྱི་སྒྲུབ་ཆེན་སྦྱོར་དངོས་རྗེས་ཚང་གྲུབ། རིམ་པར་ཡང་ཁྲོད་དུ་ཕྱིན་ནས་དགེ་རྒྱལ་བླ་མ་ཆོས་དབྱིངས། ཟླ་དབོན་བསྟན་རྣམ་སོགས་ཚིག་བདུན་བླ་སྒྲུབ་དང་བཅས་པའི་དབང་ལུང་ཁྲིད་གསུམ་ཚང་བ་བྱས། འབུར་མོར་ཚོགས་མཆོད་ལ་ཆེད་དུ་ཕྱིན་པ་སོགས་བྲེལ་བ་ཅུང་ཟད་ཆོད་ནས། ཟླ་བ་བརྒྱད་པར་རྫོང་ཤོད་དུ་ཕྱིན། འདི་ལོ་སྟོད་སྨད་ཀྱི་བླ་ཆེན་སོགས་འདུ་འཚོགས་མང་པོ་མ་བྱུང་། ཛཾ་ཐང་པ་དང་མཆོག་གླིང་སྤྲུལ་སྐུ་སོགས་ཁ་ཤས་ལ་འདོད་ཆོས་ཅུང་ཟད་རེ་ལས་མ་དགོས་པས་སོ་བསོད་པར་བྱུང་བས། བཀའ་བརྒྱུད་སྔགས་མཛོད། གཏེར་མཛོད། གདམས་མཛོད་རྣམས་ཀྱི་ཆོག་སྒྲིག་སྔར་མ་ཐོན་པ་མང་དུ་གྲུབ། བཅུ་གཅིག་པར་རྫོང་དགོན་དུ་ཕྱིན་ནས། རྡོ་གྲུབ་སྤྲུལ་སྐུར་དཀོན་སྤྱིའི་དབང་ལུང་ཁྲིད་བཅས། ཁམས་སྤྲུལ་ལ་ལམ་རིམ་ཡེ་ཤེས་སྙིང་པོའི་བཤད་ལུང་། གཞན་མང་པོར་འདོད་ཆོས་ཅི་རིགས་གྲུབ་ནས། རྗེ་བླ་མ་རིན་པོ་ཆེའི་མདུན་བཀའ་བསླབ་རིམ་པར་ཞུས་ནས་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་བྲིས། ཡོངས་གྲགས་རྣམས་ལའང་དོན་རྩ་མདོར་བསྡུས་ཙམ་ལས་ཧ་ཅང་རྒྱས་པར་བཀོད་དགོས་པ་མི་འདུག་ཅིང་ཡིག་ཚོགས་ཆེ་བར་འགྱུར་དོགས་ནས་རྩ་ཐོ་ཙམ་རེ་བཀོད་པ་ཡིན་ཀྱང་། སྔོན་ཡོད་གཏེར་བརྒྱའི་རྣམ་ཐར་ལྔ་དྲུག་ཙམ་མཇལ་བ་ལས་ནི་ཁྱད་པར་འཕགས་ངེས་སུ་ཡོད་དོ། །རྡོར་གླིང་ཐུགས་ཆེན་ངན་སོང་ཀུན་སྐྱོབ། མངའ་རི་པཎ་ཆེན་གྱི་ཚེ་སྒྲུབ་ཡེ་ཤེས་འོད་མཆོག །སྔར་མ་ཐོས་པའི་གཏེར་ཕྲན་ཚད་ལྡན་མང་ཞིག་གི་དབང་ལུང་ཡང་བཀའ་དྲིན་བསྩལ་བ་ཐོབ་ནས། རྒྱལ་ཟླ་བར་དཔལ་སྤུངས་དགོན་དུ་ཕྱིན། རྒྱལ་དབང་བཅོ་ལྔ་པ་ཕེབས་ཉེ་བར་ཕེབས་བསུ་སོགས་ཀྱི་གྲབ་ཡུལ་ཅི་འགྲིགས་བྱས། ཚེས་བཅུ་ཉིན་ཉེ་སྐོར་གྲུ་བཞི་རྒྱས་པའི་ཐང་དུ་ཕེབས་བསུ་ཕྱིན། རྒྱལ་དབང་རིན་པོ་ཆེའི་ཞལ་རས་ཐོག་མར་མཇལ་བའི་སྐལ་བཟང་ཐོབ། འདི་སྐོར་ནམ་མཁར་གཡའ་དག །ས་གཞི་བག་ཀློད། དྲོད་དབྱར་ཁ་དང་མཚུངས་པའི་ཤིན་ཏུ་ཉམས་སྤྲོ་བ་བྱུང་། ཚེས་བཅུ་གཅིག་ཉིན་དགོན་ཐོག་ཏུ་ཞབས་བཀོད། བཅུ་གཉིས་ལ་གཟིམ་ཆུང་ཀ་གཉིས་མར་ཐོག་མའི་ཆོས་འབྲེལ་བྱབས་ཁྲུས་དང་། སྒྲོལ་དཀར་རྗེས་གནང་ཕུལ་ནས་ཡང་ཁྲོད་དུ་ཕྱིན། སྙན་བརྒྱུད་ཕུར་པའི་བསྙེན་པ་ཚེ་སྒྲུབ་སྦྲེལ་མ་ཞིག་གི་མཚམས་བྱས། རྗེ་རིན་པོ་ཆེའི་དགོངས་བརྟགས་ལྟར་རྒྱལ་དབང་རིན་པོ་ཆེར་དབང་ལུང་ཕུལ་བ་སོགས་ཀྱི་སྣ་སེལ་རིམ་གྲོར། ཛཾ་ཐང་བླ་མ་བསྙེན་སོང་དྲུག་ཙམ་བྱོན་པ་དང་སྟབས་འགྲིགས་པས་འཇིགས་བྱེད་དྲུག་ཅུ་ཉིན་བདུན། བ་རི་སེང་གདོང་གི་ཟློག་པ། ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་ཀྱི་ཚོགས་སྐོང་འདི་ནས་ཁྲི་བདུན། རྫོང་ཤོད་ནས་ཁྲི་གསུམ་བཅས་འབུམ་ཐེར་རྣམས་ལེགས་པར་བསྒྲུབས། མེ་ཕག་གནམ་ལོ་གསར་ཚེས་ཀྱི་རྒྱལ་བ་གསུམ་པར་རྒྱལ་དབང་རིན་པོ་ཆེ། རྗེ་དབོན་ཆོས་དབང་སྤྲུལ་པའི་སྐུ་དཔོན་སློབ་རྣམས་ཆེད་དུ་ཕེབས་ནས་ཞབས་བརྟན་དང་འབུལ་ཚན་རྒྱས་པར་གནང་། དགོན་ནས་ཀྱང་སྐུ་གསུང་ཐུགས་རྟེན་དང་སྒྲོལ་དཀར་ཉིན་འཚོགས་མཛད་བྱུང་། ཚེས་བཅུ་ལ་རྒྱལ་དབང་སྟོན་འཁོར་ཉུང་བསྡུས་ཡང་ཁྲོད་དུ་ཞབས་བཀོད། གསང་ཐིག་ཚེས་བཅུའི་ཚོགས་འཁོར་མཛད། དེའི་དབང་ཕུལ། བཅུ་གཅིག་ལ་རྒྱལ་རྒྱམ་ལྷ་དགུའི་སྟ་གོན་དང་། ཕྱག་ཆེན་ཁྲིད་ཀྱི་སྔོན་འགྲོ་དང་ཐར་པ་རིན་པོ་ཆེའི་རྒྱན་སྦྲེལ་མ་ཆོས་ཐུན་གཅིག་གིས་དབུ་ཚུགས། རིམ་པར་དབང་རེ་དང་ཆོས་ཐུན་སྦྲེལ་བས་ཀར་ལུགས་དཀྱིལ་འཁོར་ཡོངས་རྫོགས། བཀའ་བརྒྱུད་སྔགས་མཛོད་ཆེན་མོའི་དབང་ལུང་ཁྲིད་བཅས། མ་མགོན་ཞལ་སྦྱོར་གྱི་དབང་ཆེན་མགོན་ཁང་དུ་རྒྱལ་དབང་སྐུ་རྐྱང་ལ་ཕུལ། སྒར་པའི་བླ་གྲྭ་ཚང་མར་མགོན་གཏོར་དབང་དང་འཁོར་ལྔའི་རྗེས་གནང་རྣམས་བྱས། ཕྱག་ཆེན་དངོས་གཞིའི་ཁྲིད་དང་ཆོས་དྲུག་གི་ཁྲིད། དཀྱིལ་འཁོར་ཆ་ལག་དང་བཅས་པའི་ལུང་བཅས་ནག་པ་ཟླ་བའི་ཡར་ཚེས་ལ་གྲུབ། སྔགས་མཛོད་སྐབས་སྐུ་ཞབས་ཁམས་སྤྲུལ་དང་། རིམ་པར་མཛོད་དགོན་རྗེ་དྲུང་སྤྲུལ་སྐུ། ཟླ་བཟང་སྤྲུལ་སྐུ་སོགས་ལྷོ་ཁོག་གི་བླ་སྤྲུལ་རྣམས་ཇེ་མང་འདུས་པས་ཡང་ཁྲོད་ཁང་པར་མི་ཤོང་སྟབས་ཆོས་མཚམས་བཞག །རྒྱལ་དབང་སྟོན་འཁོར་སོགས་དང་ཆབས་ཅིག་དགོན་དུ་ཕྱིན། དེའི་ཚེས་བདུན་ལ་གསེར་གདུང་གོང་མའི་མདུན་སྟོང་མཆོད་རྒྱས་པ་བཤམས། ཉེ་སྲས་བརྒྱད་ཆོག་བཏང་། རྒྱལ་དབང་རིན་པོ་ཆེ་གཙོར་བཞུགས་དཔོན་སློབ་བརྒྱ་སྐོར་ལ་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཕུལ། ཚེས་བརྒྱད་ཉིན་གསེར་གདུང་ཆེན་མོར་སྟོང་མཆོད་ཆོ་ག་སྔར་མཚུངས་དང་ཐེག་ཆེན་ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་བསྐྱེད་ཕུལ། ཚེས་དགུར་དབྱར་གནས་ལྷ་ཁང་དུ་ཞབས་བཀོད། གདམས་ངག་མཛོད་ཀྱི་དབུ་ཚུགས། གྲོལ་མཆོག་ཁྲིད་བརྒྱ་ལས་ཞེན་པ་བཞི་བྲལ་ནས་བརྩམས་ཁྲིད་བརྒྱ་དང་གདམས་མཛོད་གཞུང་སྦྲེལ་བའི་བཀའ་གདམས་སྐོར་ཉིན་བཞི་ཙམ་སོང་ནས་དཔལ་དུས་ཀྱི་འཁོར་ལོའི་སློབ་མ་རྗེས་འཛིན། སྟ་གོན། ནག་ཟླའི་ཚེས་བཅོ་ལྔའི་དུས་ཆེན་ལ་དངོས་གཞི་བྱིས་འཇུག་དང་མཆོག་དབང་དཀྱུས་མ། བཅུ་དྲུག་ལ་མཆོག་དབང་ཁྱད་པར་ཅན། བཅུ་བདུན་ཉིན་རྒྱལ་དབང་རིན་པོ་ཆེ་སྐུ་རྐྱང་ལ་རྡོ་རྗེ་སློབ་དཔོན་བདག་པོ་དང་བདག་པོ་ཆེན་པོའི་དབང་ཕུལ། ཕྱག་མཛོད་སྒ་རྗེ་གྲོ་རྡོག་ནས་བཀའ་བརྒྱད་སྒྲུབ་ཆེན་གྱི་སྦྱིན་བདག་ཞུས་པ་ལྟར་བཅའ་གཞི་ཉིན་ཁ་ཤས་བསྒྲིགས། དགོན་ཐོག་ལྷ་གསར་དུ་ཕེབས། ཉེར་བཞི་ནས་ཕྱི་མཚམས་སོགས་ཀྱི་དབུ་བརྩམས། བདེ་གཤེགས་འདུས་པ་ཆེན་པོའི་སྒྲུབ་ཆེན་དངོས་གཞི་དང་སྨན་སྒྲུབ་བཅས་ཟླ་བ་བཞི་པའི་ཚེས་ལྔ་ལ་གྲུབ། རྒྱལ་དབང་གཙོར་བཞུགས་བླ་སྤྲུལ་ཁ་ཤས་ལ་མདོ་བྱང་ཆེན་མོའི་དབང་དང་། བརྒྱ་སྐོར་ལ་རྣལ་འབྱོར་རྒྱུན་དབང་བསྐུར། ཚེས་བདུན་ལ་མཐའ་རྒྱས་བཅས་གྲུབ་ནས་རེ་ཞིག་ཡང་ཁྲོད་དུ་ངལ་གསོར་ཕྱིན། ཚེས་བཅོ་ལྔར་དབྱར་ཁང་དུ་བཀའ་གདམས་ཐིག་ལེ་བཅུ་དྲུག་ནས་བརྩམ་སྔ་འཕྲོས་དང་། རིམ་པར་ལམ་འབྲས། དྭགས་པོ་བཀའ་བརྒྱུད། ཤངས་པ་བཀའ་བརྒྱུད། དམ་པའི་ཞི་བྱེད་དང་གཅོད་ཡུལ། རྡོ་རྗེའི་རྣལ་འབྱོར། ཨོ་རྒྱན་པའི་བསྙེན་སྒྲུབ། སེམས་ཉིད་ངལ་གསོ་སོགས་ཁྲོ་ཕུ་དང་བོ་དོང་ལུགས་གཙོ་བོར་གྱུར་པའི་ཁྲིད་ཕྲན་རྣམས་དང་ཁྲིད་བརྒྱ་ཡོངས་རྫོགས་གྲུབ་ནས་སྔ་འགྱུར་སེམས་ཀློང་མན་ངག་སྡེ་གསུམ། ཀློང་ཆེན་པའི་གསུང་རབ་ཀྱི་ཁྲིད་ཕྲན་རྣམས་སོགས་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་བཀའ་སྲོལ་རྩ་བ་དང་སྙིང་པོར་གྱུར་པ་རྣམས་ཀྱི་སྨིན་བྱེད་དབང་དང་བྱིན་རླབས། གྲོལ་བྱེད་གདམས་པའི་ཁྲིད། རྒྱབ་རྟེན་ལུང་དང་བཅས་པ་ཆུ་སྟོད་ཟླ་བའི་ཚེས་བཅུ་ལ་ཕུལ་གྲུབ་ནས་སྒྲོལ་དཀར་ཚེ་ཁྲིད་ཀྱིས་མཐའ་དགེ་བྱས་ནས་རང་གནས་སུ་ཕྱིན། འབུར་མོ་སོགས་གནས་རྣམས་སུ་ཚོགས་མཆོད་འབུལ་བ་ཁྱུགས་ཙམ་བགྲོད་གྲུབ་ནས་རྫོང་ཤོད་དུ་སོང་། རྒྱལ་དབང་རིན་པོ་ཆེ་ལི་ཐང་ཕྱོགས་ནས་གདན་འདྲེན་ཞུས་ལྟར་སྒར་ཆེན་བཏེགས་པའི་ལམ་ཞོར་འདིར་ཞབས་བཀོད། ལྷ་ཁང་ལ་རབ་གནས། ཕན་ཚུན་གནས་གཟིགས་མཛད། བསྙེན་བཀུར་ཞབས་ཏོག་ཞུས་ནས་ཕེབས། རྒྱལ་རོང་སོག་མོ་སྤྲུལ་སྐུ། མཁར་མགོ་སྤྲུལ་སྐུ། ལྷོ་བྲག་ནས་རྦ་ཁ་སྤྲུལ་སྐུ་མཆེད་གཉིས་དང་། སྨར་ཁམས་ཐའི་ཇི། ལི་ཐང་དཔོན་རིགས་ཕོ་མོ། གོ་འཇོའི་བླ་གྲྭ་སོགས་འདུ་འཚོགས་མང་པོ་སྔ་རྗེས་བྱུང་བ་རྣམས་ལ་སོ་སོའི་འདོད་ཆོས་ཅི་རིགས་བྱས། མཛོད་རྣམས་ཀྱི་སྒྲིག་ཆོག་དགོས་རིགས་ཅི་འགྲུབ་བྲིས། ཆོས་སྐྱོང་སྐུ་བརྙན་རྣམས་ལ་གཟུངས་གཞུག་རབ་གནས་སོགས་བྱས་ནས་ཟླ་བ་བཅུ་པའི་དམར་ཕྱོགས་སུ་རྫོང་དགོན་དུ་སླེབས། རྗེ་བླ་མ་སྐུ་ཁམས་ཅུང་ཟད་བལྟེམས་པར་སྐུ་ཁྲུས་ཕུལ། རང་གྲོལ་སྐོར་གསུམ་སོགས་ཀློང་ཆེན་པའི་གསུང་རྣམས་ཀྱི་ཁྲིད་རྒྱུན་གང་བཞུགས། རིན་ཆེན་གླིང་པའི་རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་དབང་ལུང་ཁྲིད་གསུམ་ཉེ་བརྒྱུད། གྲུབ་ཐོབ་ཐུགས་ཏིག་གི་སྒྲུབ་ཐབས་སྐོར་ལྔའི་དབང་ལུང་། ལམ་བྱེད་ཕྲེང་བ་སྐོར་བཞི་ཞིབ་ཁྲིད། གྲུབ་ཐོབ་བཀའ་བརྒྱད་ཀྱི་དབང་ལུང་། ཁྲིད་དང་རྒྱུད་ལུང་གི་བཤད་པ། བཀའ་བརྒྱད་བདེ་འདུས་རྫོགས་རིམ་ལྔ། གསང་རྫོགས་རིམ་ལྔ། རང་ཤར་ཁྲིད་ཚན་བཞི། ཀློང་གསལ་བདེ་གཤེགས་ཡོངས་འདུས་ཁྲིད། རྡོར་གླིང་ཡི་དམ་བཀའ་འདུས་གསང་བ་ཡོངས་རྫོགས་ཀྱི་དབང་ལུང་ཚང་བ་ཁྲིད་དང་བཅས། མཆོག་གླིང་རིགས་གསུམ་སྙིང་ཐིག་གི་དབང་ལུང་ཁྲིད་བཅས་བཀའ་དྲིན་རྒྱ་ཆེར་ཐོབ། རིན་གཏེར་དབང་ལུང་གི་སྣ་སེལ་ཚོགས་མཆོད་ཀྱིས་ཐུགས་གཏད་ཟབ་མོ་དང་། བླ་གྲྭ་བརྒྱ་དང་དྲུག་ཅུ་སྐོར་ལ་དངུལ་ཕྱག་འགྱེད་ཀྱིས་ཤེར་སྙིང་དང་སྒྲོལ་མ་སོགས་ཆེད་འཚོགས་གནང་སོང་། རྒྱལ་ཟླ་བའི་ཚེས་བཅུ་བདུན་ལ་ཡང་ཁྲོད་དུ་སླེབས། མགོན་པོའི་གཏོར་སྒྲུབ་ཀྱི་འཚོགས་ལའང་ཕྱིན། ས་བྱི་གནམ་ལོ་གསར་ཚེས་ལ་སྒྲུབ་པ་སྔ་མ་རྣམས་གྲོལ་རན་པས་ཞི་ཕྲེང་དྲག་ཕྲེང་སོགས་ཉེར་མཁོའི་དབང་ལུང་། སྒྲུབ་ཁང་ཡར་མར་གཉིས་ཀའི་སྒྲུབ་པ་རྣམས་ལ་དབུ་མ་ལུགས་ཀྱི་བྱང་སྡོམ་ཕོག །ཚེ་ཡུམ་པདྨ་ཙཎྜ་ལཱིའི་བསྙེན་པ་ཞིག་ཀྱང་བཏང་། རྡོར་སེམས་སྔར་ལོ་སོང་འདུག་པས་འདི་རེས་ཡང་དག་སྒྲུབ་ཆེན་ཚུགས། རྒྱལ་དབང་རིན་པོ་ཆེའང་ཕེབས་གྲུབ། སྔ་ལོ་ནས་བཀའ་ནན་ཡང་ཡང་བསྩལ་བ་ལྟར་འདི་ལོ་གཏེར་མཛོད་དབང་ལུང་གསན་བཞེད་ལ། བཀའ་བརྒྱད་སྒྲུབ་ཆེན་དང་དབང་ཆེན་སྦྲེལ་མ་རེ་སྔོན་དུ་འགྲོ་དགོས་པ་ལ་བདེ་འདུས་དབང་གསན་ཟིན་སྟབས་འདི་རེས་ཆོས་དབང་གསང་རྫོགས་ཀྱིས་གཞི་བཟུང་བའི་ཆེད་ཡང་ཁྲོད་ནས་སྒྲུབ་ཁང་དུ་ཕྱིན། རྒྱལ་དབང་རིན་པོ་ཆེ་དབྱར་ཁང་དུ་ཞབས་བཀོད། གནམ་སྟོང་ལ་མཚམས་གཅོད་དང་སྟ་གོན་རིགས། ཚེས་གཅིག་མངའ་གསོལ་རྒྱན་བཀོད་སྔོན་དུ་འགྲོ་བས་སྒྲུབ་ཆེན་དངོས་གཞི་ཞག་བདུན་གྱི་མཐར་དངོས་གྲུབ་ལེན་ཆོག་དང་དབང་ཆེན་ཡོངས་རྫོགས་རྣལ་འབྱོར་རྒྱུན་དབང་བཅས་ཕུལ། ཐོ་འགྲོལ་སོགས་མཐའ་རྒྱས་གྲུབ་ནས། རིན་པོ་ཆེ་གཏེར་གྱི་མཛོད་ཆེན་མོའི་ཐོག་མར་རིགས་བརྒྱའི་ཁྱབ་བདག་དཔལ་རྡོ་རྗེ་སེམས་དཔའི་དབང་དང་ཁྲིད་རྣམས་ཀྱིས་དབུ་བཟུང་། དབང་རྣམས་དང་ཁྲིད་ཀྱི་རིགས་རྣམས་ཀྱང་རིམ་པར་རྫོགས་པར་བྱས་ནས། ཨ་ཏི་དང་མ་ཧཱའི་ཞི་ཁྲོའི་སྐོར། རྩ་གསུམ་སྤྱི། བླ་མའི་ཕྱི་སྒྲུབ། ནང་སྒྲུབ། ཆོས་ལོངས་སྤྲུལ་གསུམ། བླ་མ་དྲག་པོ། ཡི་དམ་སྒྲུབ་ཆེན་བཀའ་བརྒྱད་སྤྱིའི་སྐོར། བྱེ་བྲག་འཇམ་དཔལ་སྐུ་སྒྲུབ་ཞི་དྲག །པདྨ་གསུང་གི་ཞི་བ་འོད་དཔག་མེད། ཚེ་དཔག་མེད། ཐུགས་རྗེ་ཆེན་པོའི་སྐོར་ལས་རཏྣའི་གསང་འདུས་སངས་རྒྱས་སྟོང་དབང་བཅས་གྲུབ་ནས་རེ་ཞིག་འཇོག་མཚམས་བྱས། འདི་སྐབས་ནག་ཟླའི་ཚེས་བཅུར་རྒྱལ་ཕུར་འགྲུབ་སྦྱོར་ལ་རྒྱལ་དབང་རིན་པོ་ཆེས་དགོན་གྱི་གཙུག་ལག་ཁང་སོགས་དང་། སྒྲུབ་ཁང་ཡང་ཁྲོད་ཕྱིན་ཕེབས་ནས་རབ་ཏུ་གནས་པར་མཛད། ཚེས་བཅོ་ལྔར་ཤེས་བྱ་ཀུན་ཁྱབ་གནས་བཞིའི་རྩ་བ་དང་མདོ་སྔགས་རིག་གནས་དང་བཅས་པའི་བཤད་པ་དབུ་བཞག་ཙམ་རེ་རྟེན་འབྲེལ་ཆེད་དུ་ཕུལ། ས་ག་ཟླ་བའི་ཚེས་དྲུག་རྒྱལ་ཕུར་འགྲུབ་སྦྱོར་ལ་མང་འཚོགས་བྱས་ནས་འཇམ་དབྱངས་རིལ་བུ་དང་དབྱངས་ཅན་རིལ་བུ་བསྒྲུབས། རྒྱལ་དབང་རིན་པོ་ཆེ་དགོན་དུ་བུམ་སྒྲུབ་དབུ་བཞུགས་ལ་ཕེབས། འདི་ལོ་སྡེ་དགེ་སྐུ་ངོ་འཁོར་ཚོགས་དབུས་ཕྱོགས་གནས་རྟེན་མཇལ་བར་འབྱོན་རྒྱུ་ཡིན་འདུག་པར་དགོན་ཆེན་དུ་ཕྱིན་ནས་སྐུ་བརྫང་ཕུལ། ཚེ་དབང་བརྒྱ་རྩ་བགྱིས། ཁམས་བདེ་ཞུས་ནས་ལམ་ཞོར་སྦྱིན་བདག་ཁ་ཤས་ཀྱི་རེ་སྐོང་། དབུས་འགྲོས་འགའ་ཞིག་ལ་དབང་སོགས་བགྱིས་ནས་ཚུར་སླེབས། ལྷ་གསར་ཁང་དུ་བཞུགས་གནས་ལེགས་ཤིང་ཤོང་ཡངས་ཆེ་བས་དེར་སྤོས་ནས་སྣྲོན་ཟླའི་ཚེས་གསུམ་ལ་སྔར་གྱི་འཕྲོས། ཐུགས་ཆེན་པད་རྒྱལ་དོན་ཟབ་དགོངས་སྒྲིལ་ནས་བརྩམ་ཐུགས་རྗེ་ཆེན་པོའི་རིགས། དྲག་པོ་རྟ་མགྲིན་དམར་ནག །ཐུགས་ཡང་དག་ཞི་ཁྲོ། ཕྱག་རྡོར་རིགས། ཡོན་ཏན་བདུད་རྩི་སྨན་སྐོར། ཕྲིན་ལས་ཕུར་པའི་རིགས། མ་མོ་རྦོད་གཏོང་། དྲག་སྔགས། དྲེགས་འདུལ་སྤྱི་བྱེ་བྲག་རྣམས་དང་། ཕག་མོ་ཁྲོས་མ་སྒྲོལ་མའི་རིགས་སོགས་མཁའ་འགྲོའི་རིགས། ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་རིགས་བཅས་རྩ་གསུམ་ཆོས་སྲུང་དང་བཅས་པ། ཞར་བྱུང་དགོས་དབང་གིས་བཞག་པ་རྙིང་མའི་གཏེར་སྟོན་ཚད་ལྡན་རྣམས་ཀྱིས་བཏོན་པའི་བོན་སྐོར་ཁ་ཤས། ལས་སྤྱི་དང་བྱེ་བྲག་ཞི་རྒྱས་དབང་དྲག་ནང་གསེས་དང་བཅས་པ། ཨ་ནུ་ཡོ་གའི་ཕྱོགས་སུ་གཏོགས་པ་དང་གཏེར་གསར་རྡོ་རྗེ་བཀོད་པ་སོགས་དང་། ཨ་ཏི་ཡོ་ག་ལ། བི་མ་ལ། པདྨ། བཻ་རོའི་ལུགས། རྣམ་གསུམ་དགོངས་པ་གཅིག་དྲིལ། སྤྱི་ཏི། ཡང་ཏི། སྤྱིའི་ཞལ་གདམས་སོགས། ཚེ་སྒྲུབ་གསང་བ་འདུས་པའི་དབང་གིས་མཐར་དགེ་བཅས་ཟླ་བ་བདུན་པའི་ཚེས་བཅུ་གསུམ་ལ་གྲུབ། གཏང་རག་བླ་མ་དགོངས་འདུས་དང་བསམ་པ་ལྷུན་གྲུབ་ཀྱི་ཚོགས་བརྒྱ་དང་འབྲེལ་བར་ཚོགས་ཀྱི་ལོངས་སྤྱོད་རྒྱ་ཆེར་མཛད། ཞབས་བརྟན་དང་འབུལ་ཆེན་གནང་། འདི་སྐབས་ལུང་ཚང་མ་མཁན་བླ་མ་བཀྲ་ཤིས་འོད་ཟེར་ནས་བཀླགས། ཁོང་ནས་མ་གསན་རིགས་ངོས་ཀྱིས་ཉིན་རེ་ཟུང་བཀླགས་ནས་ཆད་ལྷག་མེད་པ་གྲུབ་ནས་ཡང་ཁྲོད་དུ་ཕྱིན། སྒར་ཆེན་སྒ་སྟོད་ཕྱོགས་སུ་ཕེབས་སོང་། རྦ་ཁ་སྤྲུལ་སྐུའི་མདུན་ནས་པད་གླིང་ཆོས་སྐོར་ཁ་ཤས་ཀྱི་དབང་ལུང་ཞུས། ཁྲུམས་ཟླའི་ཚེས་བཅོ་ལྔར་རྫོང་དགོན་དུ་རྗེ་བླ་མར་ཞབས་བརྟན་ཕུལ་བས་རྟེན་འབྲེལ་ཤིན་ཏུ་ལེགས་པར་སོང་བས་ཐུགས་དགྱེས་པས་དབུགས་དབྱུང་བསྩལ། རྫོང་ཤོད་དུ་ཕྱིན་ནས་བླ་སྤྲུལ་ཆོས་དོན་གཉེར་བ་རྣམས་ལ་སོ་སོའི་བཞེད་སྐོང་དང་། གཙོ་བོ་བསྙེན་ཡིག་ཁྲིད་ཡིག་གི་རིགས་དང་དབང་སྒྲིག་སྔར་མ་ཐོན་པ་རྣམས་ཅི་འགྲུབ་བྲིས། སྨིན་ཟླའི་ཚེས་བཅུ་བཞིར་རྫོང་དགོན་དུ་ཕྱིན། རྒྱ་སྤྲུལ་འགུ་ལོག་ནས་ཡར་ཕེབས་པ་དང་ཡང་མཇལ། རྗེ་བླ་མ་དང་རྒྱ་སྤྲུལ་སོགས་འདུས་པ་འགའ་ཞིག་ལ་ཀར་ལུགས་ཞི་དྲག་ཕྲེང་བ་ཆོས་སྐྱོང་གློག་ཕྲེང་། མ་མགོན་འཁོར་ལྔ་དང་བཅས་པའི་རྗེས་གནང་། སྟག་ཤམ་ཡི་དམ་དགོངས་འདུས་ཀྱི་དབང་ཆེན་རྒྱབ་ཆོས་སྤྱི་སྡོམ་ཆེན་མོ་ལྟར་ཡོངས་རྫོགས་བགྱིས། རྒྱ་སྤྲུལ་མདུན་ནས་གནམ་ཆོས་དབང་ལུང་གསན་པར་མཛད་པས་ངེད་རང་སོགས་འདུས་པ་ཁ་ཤས་ལ་མགོ་ཟླའི་ཚེས་བཅུར་ཚེ་དཔག་མེད་པའི་སྐོར་ནས་དབུ་བརྩམས། ཉེར་བཞི་ལ་དགོངས་གཏེར་ཚེ་དཀར་དབང་གིས་མཐར་དགེ་བཅས་གནམ་ཆོས་ཐེམས་ཡོད་ཐེམས་མེད་དགོངས་གཏེར་བཅས་ཀྱི་དབང་ལུང་ཡོངས་རྫོགས། གནམ་ཆོས་དང་ཆགས་མེད་རྣམ་ཐར་རྣམས་དང་དེས་མཛད་པའི་གནམ་ཆོས་དབང་བསྒྲིགས་བཅས་ཀྱི་ལུང་ཡོངས་རྫོགས་བཅས་གྲུབ་ནས། བདུད་འདུལ་རྡོ་རྗེའི་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་ཆ་ཚང་བ་རྒྱལ་ཟླའི་དམར་ཕྱོགས་སུ་གྲུབ། ངོས་ལ་རྣམ་པ་གཉིས་ཀས་བཀས་བསྐུལ་ལྟར་ཚིག་བདུན་སྐོར་ཚང་མའི་དབང་ལུང་ཁྲིད། ཡུམ་བཀའ་བཅས་གྲུབ་ནས། ས་མོ་གླང་ལོ་གསར་ཚེས་གཅིག་གི་ཉིན་དྲིལ་སྒྲུབ་དབང་དང་། དཀོན་སྤྱིའི་ཚེ་དབང་གིས་མཐར་དགེ་བྱས། སླར་གྲུབ་ཆེན་བརྒྱད་ཅུའི་བྱིན་རླབས་ཇོ་ནང་ལུགས། མར་མི་དྭགས་གསུམ་གྱི་བླ་སྒྲུབ་དབང་ལུང་། བསྲེ་འཕོ། ཆོས་དྲུག །ཕྱག་ཆེན་བཅས་ཀྱི་ཁྲིད་མདོར་བསྡུས་ཕུལ། ཐར་རྩེ་མཁན་རིན་པོ་ཆེར་སྒྲོལ་དཀར་རྗེས་གནང་། འཚོགས་པར་རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང་བྱས། མདུན་ནས་ཞབས་བརྟན་དང་འབུལ་ཆེན་གནང་། སླར་དཔལ་སྤུངས་དགོན་ཐོག་ཏུ་ཕྱིན། རྒྱལ་དབང་རིན་པོ་ཆེ་མཇལ། སྐུ་ཞབས་ཡང་སྲིད་དོན་བཀའ་བརྟགས་དཀྲིག་ཆོད་གནང་། སྒྲུབ་ཐེབས་དྲུག་པ་གསར་སྡོད་རྣམས་ལ་དབང་ལུང་ཁྲིད་གསུམ་རིམ་པར་བགྱི་བའི་དབུ་ཚུགས། དོན་གཉེར་འགའ་ལ་ཆ་ལག་བཅོ་བརྒྱད་ལུང་གིས་མཚོན་ཕྱོགས་ནས་འོང་བ་རྒྱུན་མི་འཆད་རྣམས་ལ་འདོད་ཆོས་དེ་མཚུངས་བགྱིས། གཏེར་མཛོད་ཆོག་སྒྲིག་རིགས་བྲི་མུས་དང་། བླ་མ་བཀྲ་ཤིས་ཆོས་འཕེལ་ལ་རྒྱུད་བླ་མ་དང་ཟབ་མོ་ནང་དོན་བསླབ་ཁྲིད་བྱས། ནག་པ་ཟླ་བར་ལྷ་གསར་དུ་ཕྱིན་ནས་སྐུ་ཞབས་རིན་པོ་ཆེའི་གདུང་རྟེན་དང་། ཡང་སྲིད་སྐུ་རིམ་བྱམས་སྐུ་གསར་བཟོས་རྣམས་ཀྱི་གཟུངས་གཞུག་གི་དབུ་བརྩམས། གནོད་སྦྱིན་འཁོར་ལོ། གཏེར་བུམ་རིགས། གཟུངས་སྒྲུབ་སོགས་རྒྱས་པར་སྔོན་དུ་བཏང་། གཟུངས་གཞུག་རིམ་པར་ཕུལ་བ་ལ་བསྐྱེད་བསྟིམ་དང་། དྲི་མེད་རྣམ་གཉིས་ཀྱི་སྲོག་ཤིང་འཛུག་ཆོག་ཚུལ་བཞིན་བགྱིས། ནང་གཞུག་འབུལ་བ་དང་རབ་གནས་བཅས་ཟླ་བ་བཞི་པའི་ཚེས་གསུམ་ལ་གྲུབ་ནས་ཡང་ཁྲོད་དུ་ཕྱིན། དཔལ་སྤུངས་ཕྱག་མཛོད་དང་བླ་མཆན་སོགས་ལི་ཐང་དུ་སྤྲུལ་པའི་སྐུ་བཙལ་བ་དང་གདན་འདྲེན་ལ་སོང་། དོན་གཉེར་མང་པོར་ལྕེ་བཙུན་སྙིང་ཐིག་གི་དབང་སོགས་དང་སྒྲུབ་ཆེན་ཆས་བསྒྲིག་སོགས་ཟིང་ཟིང་བྱས། རྒྱལ་དབང་རིན་པོ་ཆེས་རྫོང་དགོན་དུ་མཁྱེན་བརྩེ་རིན་པོ་ཆེའི་མདུན་ནས་སྒྲུབ་ཐབས་ཀུན་བཏུས་ཀྱི་དབང་ལུང་སོགས་དང་བཀའ་ཆོས་རིགས་གསན་གྲུབ་ནས་སླར་ཕེབས་པ་ལྷ་གསར་དུ་གདན་འདྲེན་ཞུས། དེར་ཐབ་འཛིན་གདན་བཀོད་ཞིབ་ཆ་གྲུབ་ནས་དཔོན་སློབ་བརྒྱ་དང་བརྒྱད་ཡར་བརྒལ་གྱིས་ཚེས་ཉེར་གསུམ་ལ་དབུ་བཟུང་། བླ་མ་དགོངས་པ་འདུས་པའི་སྒྲུབ་ཆེན། སྨན་སྒྲུབ། ཟུར་འཚོགས་སྐོང་ཆོག །ཚེ་སྒྲུབ། ཕུར་སྒྲུབ་བཅས་སྣྲོན་ཟླའི་ཡར་ཚེས་ལྔ་ལ་ལེགས་པར་གྲུབ། རྒྱལ་དབང་རིན་པོ་ཆེར་རང་བྱོན་སྒྲོལ་མས་ཐོག་དྲངས་སྐུ་གསུང་ཐུགས་རྟེན་ཁྱད་འཕགས། དངུལ་རྡེལ་ཚད་དགུ། བཟང་ཇ་འཁོར་དྲུག་བརྒྱ་དང་བརྒྱད། དངོས་པོ་རྐང་འགྲོས་སོགས་སུམ་བརྒྱ་ཡར་བརྒལ་གྱི་འབུལ་བ་དང་། ཆོས་དབང་སྤྲུལ་མདུན་རྒྱ་དངུལ་རྡེལ་ཚད་ཀྱིས་མཚོན། སྐུ་ངོ་ལས་བྱེད་རྣམས་ལ་བབ་ཐོབ་ཆེ་ཆུང་གི་འབུལ་ཚན། གྲྭ་མང་ཕྱག་འགྱེད་སོགས་བཟང་ཇ་འཁོར་དྲུག་བརྒྱ་ལྷག་གི་འབུལ་བྱ་ཡོད་རྒུ་རྩལ་སྤྲུགས་སུ་ཞུས། རྒྱལ་དབང་རིན་པོ་ཆེར་ཤངས་ལུགས་རྒྱུད་སྡེ་ལྔ། སྒྲོལ་མ་རྣལ་འབྱོར་མའི་དབང་ལུང་། གཏེར་གསར་ཤྭ་ནའི་སྲོག་ཕུར་གཏད་པ་རྣམས་ཕུལ། ཉིད་མཛད་བླ་སྒྲུབ་དབང་། སྐྱེས་རབས་སརྒ་བཅུ་པ་དང་མགོན་པོའི་གཡང་སྐྱབས་ཀྱི་ལྗགས་ལུང་ཞུས། སྐུ་ཞབས་ཡང་སྲིད་ལི་ཐང་ནས་གདན་འདྲེན་ཡང་གྲུབ་སྟེ་རྒྱལ་དབང་རིན་པོ་ཆེས་གཙུག་ཕུད་བཞེས། མཚན་བཏགས། ཁྲི་འདོན་རྣམས་གེགས་མེད་ལེགས་པར་མཛད་གྲུབ་སོང་། འབྲུག་པ་དང་སི་ཏུའི་ཡང་སྲིད་རྣམ་གཉིས་ལ་ངོས་ནས་ཀྱང་བྱབས་ཁྲུས་ཕུལ། དེ་གཉིས་དང་མཚུར་ཕུའི་སྐུ་ངོ་རྣམས་བཅས་ལ་ཚེ་དབང་བགྱིས། སྒར་ཆེན་ལྷོ་ཁོག་ཏུ་བཏེགས་པའི་ཆིབས་སྐྱེལ་དང་ཁམས་བདེ་ཞུས་ནས་འབུར་མོ་སོགས་ལ་ཚོགས་འབུལ་ཕྱིན། ཡང་ཁྲོད་སྒྲུབ་རྣམས་ལ་སྔ་རྒྱུན་དབང་ལུང་ཁྲིད་ཀྱི་རིགས་དང་། གཏེར་མཛོད་དཀར་ཆག་དང་བརྒྱུད་ཡིག་ཞིབ་འབྲིའི་དབུ་བཞག །ཟླ་བ་བདུན་པར་རྫོང་ཤོད་དུ་ཕྱིན། དཀར་ཆག་བརྒྱུད་ཡིག་སྔ་འཕྲོས་དང་ཆོག་སྒྲིག་རིགས་ཟླ་གཅིག་ཙམ་བྲིས། འདི་སྐོར་ནུབ་ཅིག་སྨིན་གླིང་གཏེར་ཆེན་ཕེབས་ནས་རྟེན་རྣམས་ལ་རབ་གནས་མཛད། ངེད་ལ་ད་དུང་སྨིན་ལུགས་ཁྲིད་རྒྱུན་འཕྲོས་དང་མཁའ་འགྲོ་སྙིང་ཐིག་གལ་ཆེ་ཞེས་ནན་དུ་གདམས་པ་དང་། ཡང་ལན་གཅིག་ལོ་ཆེན་དྷརྨ་ཤྲཱིས་སྔར་མ་ཐོས་པའི་ཚིག་དོན་ཁྱད་པར་ཅན་མང་པོ་ཞིག་གསུངས་པ་རྨིས། དཔལ་ཡུལ་རྒྱ་སྤྲུལ་ཕེབས་པ་ལ་གཏེར་མཛོད་དབང་ལུང་སྔར་མ་གསན་རིགས་ཚང་མ་བགྱིས། ཁྱུང་པོ་ནག་རུ་ལྕམ་སོགས་འདུས་པ་གཞན་མང་ཞིག་དང་བཅས་པ་ལ་གདམས་ངག་མཛོད་ཀྱི་དབང་ཁྲིད་ལུང་གསུམ་བཅས་ཁྱོན་ཟླ་བ་གཉིས་ལྷག་གིས་གྲུབ་ནས་དབང་ཆོས་གསན་པ་པོ་རྣམས་རང་གནས་སུ་བྱོན། ཟླ་བ་བཅུ་པར་རྫོང་ཆེན་ཕུག་པར་ཕུར་པའི་བསྙེན་མཚམས་བགྱིས། དམར་ཕྱོགས་སུ་དབལ་མདོས་བཏང་། སྨིན་ཟླར་ཚབ་ཚ་སྤྲུལ་སྐུ་བྱོན་པ་ལ་མགོན་པོ་ཕྱག་དྲུག་པའི་བཀའ་ཆེན་བཅུ་གསུམ། དེ་དང་རྫོང་ཤོད་སྒྲུབ་པ་རྣམས་ལ་ཕྱག་ཆེན་ཁྲིད་ཆ་ཚང་བྱ་དགོས་གྲུབ་ནས་སླར་བཏེགས། རྫོང་དགོན་དུ་རྗེ་བླ་མར་མཇལ་ཕྱག་དང་ཉིན་ཁ་ཤས་ལ་ལྗགས་ལུང་མང་དུ་ཞུས། འཕགས་མའི་སྙིང་ཐིག་གཙོ་འཁོར་བཅུ་གསུམ་གྱི་སྣང་བརྙན་ཡང་ཁྲོད་དུ་རྟེན་བཞག་དང་། ཕྱག་དྲིལ། མནབས་གཟན་སོགས་གནང་སྦྱིན་བསྩལ། རྒྱལ་ཟླ་བའི་ཡར་ཚེས་ལ་ཡང་ཁྲོད་དུ་སླེབས། ཚེས་བཅུ་ནས་བརྩམ་མི་ཏྲའི་ཐུགས་དམ་རྩ་བ་མི་འགྱུར་བའི་ལྷ་དགུའི་བསྙེན་པ་རྣམས་རིམ་བཞིན་བཏང་། ལོ་མཇུག་གཏོར་སྒྲུབ་སྐབས་གཏོར་ཆེན་ལ་སྐྱོན་བྱུང་ཡོད་འདུག །ལྕགས་ཡོས་གསར་ཚེས་ནང་གཏོར་ཆེན་བར་ཆད་སེལ་བའི་གཏོར་སྒྲུབ་སླར་ཡང་ཚུགས་པ་ལེགས་ལམ་སོང་ཟེར། སྡེ་དགེ་རྒྱལ་བློན་སྔ་ལོ་ལྷ་ལྡན་ནས་ཕྱིར་ཕེབས་གྲུབ་པ་ལ་དབུ་ཐོན་བཞག་མཁན་ཚེ་རིང་དོན་གྲུབ་སོང་། ཟླ་བ་གཉིས་པའི་མཇུག་ཏུ་བསྙེན་ཐུན་གྲོལ། དཔོན་སློབ་བཞི་བཅུ་སྐོར་གྱིས་ཕུར་པ་ཡང་གསང་བླ་མེད་ཀྱི་སྟོད་ལས་སྒྲུབ་ཆེན་རྒྱས་པར་བགྱིས། ནག་ཟླའི་ཡར་ཚེས་ལ་གྲུབ་ནས་སྐུ་ཞབས་མཆོག་སྤྲུལ་གཙོས་གནད་ཆེན་གཉིས་གསུམ་ལ་དབང་ཆེན། གཞན་རྣམས་ལ་དོན་དབང་བགྱིས། ལྷོ་ཁམས་པ་སྤྲུལ་སྐུ་ཡབ་སྲས་དང་གེ་ལྕགས་རྟོགས་ལྡན་མང་པོར་ལྕེ་བཙུན་སྙིང་ཐིག་གི་དབང་ལུང་ཁྲིད་སོགས་ཕྱོགས་འདུས་རྣམས་ལ་འདོད་ཆོས་མང་དུ་བྱས། ནག་ཟླའི་ཚེས་བཅོ་ལྔར་སྐུ་ཞབས་མཆོག་སྤྲུལ་དང་སྒྲུབ་རྣམས་ལ་དུས་འཁོར་དབང་ཆེན་ཉིན་གསུམ་མ་བསྐུར། ནང་ཆེན་ནས་ལྷོ་རྗེ་དྲུང་སྤྲུལ་སྐུ་ཕེབས་པ་ཚེ་བདག་ལྕགས་འདྲ་གཙོར་གྱུར་དབང་ལུང་མང་པོ་ཐུགས་བཞེད་ལྟར་གྲུབ་ནས། ས་ག་ཟླ་བར་རྡོར་སེམས་སྒྲུབ་ཆེན་ཚུགས། རྡོར་བྲག་སྤྲུལ་སྐུས་གསུང་ནན་ལྟར་དེར་ཕྱིན། བཀའ་བརྒྱད་རང་ཤར་གྱི་སྒྲུབ་ཆེན་དང་འབྲེལ་བའི་སྨན་སྒྲུབ་ཚུགས། སྣྲོན་ཟླའི་ཡར་ཚེས་ལ་གྲོལ་ནས་བླ་སྤྲུལ་རྣམས་གཙོས་འཚོགས་པར་རང་ཤར་དབང་ཆེན་བསྐུར། ཁྲོམ་དབང་བཅས་གྲུབ་ནས། དཔལ་དེའུ་འབུར་མོ་སོགས་ལ་ཚོགས་མཆོད་བྱས་ནས་ཡང་ཁྲོད་དུ་ཕྱིན། ལྷ་ཁང་རྟེན་མཆོད་གསར་བཀོད་རྣམས་ལ་རབ་གནས་དང་། གཏེར་མཛོད་སྔར་ཐོན་རྣམས་ཞིབ་ཆ་སོགས་བྱས། དགོན་ནས་ཟླ་བ་དྲུག་པའི་ཚེས་བཅུའི་གར་འཆམ་སྐབས་ལས་བྱེད་རྣམས་ནས་ཁོ་བོའང་འོང་དགོས་ཚུལ་ནན་དུ་གསུངས་པ་ལྟར་ཕྱིན། སྡེ་དགེ་མཆོད་ཡོན་དཔོན་བློན་རྣམས་ཕེབས་པ་ལ་ཚེ་དབང་དང་གསུང་འཕྲོས་ཞུས། དམར་ཕྱོགས་སུ་རྫོང་སར་དགོན་དུ་ཕྱིན། རྗེ་བླ་མ་མཇལ་བས་རྭ་ཕུར་བསྙེན་སྒྲུབ་མཛད་གྲུབ་པ་དང་ཁེལ་བས་དངོས་གྲུབ་རྫས་དང་ཚེ་འགུགས་བཀའ་དྲིན་བསྩལ། འཛར་ཀ་སྤྲུལ་སྐུ་ཀུན་བཟང་རྣམ་རྒྱལ་ཕེབས་འདུག་པ་ལས་དབང་ལུང་འགའ་ཞིག་གསན་བཞེད་མཛད་པར་ཐོག་མར་རྩེ་ལེའི་བཀའ་འབུམ་ཚང་མའི་ལུང་གནང་། ཀློང་གསལ་གཏེར་བྱོན་སྐུ་གསུམ་རྡོ་རྗེ་སྙིང་པོས་དབུ་བཟུང་། ཀློང་གསལ་རྡོར་སྙིང་། བི་མ་དང་སྲོང་བཙན་སྙན་བརྒྱུད། ཡེ་ཤེས་རབ་འབར། བཀའ་བརྒྱད་ཡང་འདུས། ཡང་གསང་བླ་མེད་རིགས། དམ་པ་བདེ་གཤེགས་ཡང་གཏེར་སྒྱུ་འཕྲུལ་སོགས་དབང་ལུང་ཡོངས་རྫོགས། རྡོར་སྙིང་ཡེ་འབར་རྣམས་ཀྱི་ཁྲིད་ཡན་ལག་བཅས། བཀའ་འབུམ་དང་རྣམ་ཐར་དག་སྣང་སྐོར། ཉིད་མཛད་བདུད་འདུལ་ཀློང་གསལ་གཉིས་ཀྱི་དབང་བསྒྲིགས་པོད་གསུམ་གྱི་ལུང་བཅས་རྫོགས་པར་ནོས། རྗེ་བླ་མའི་མདུན་ནས་བཀའ་བརྒྱད་བདེ་འདུས་ཞི་བ་དང་། ཚེ་དབང་ཞི་ཁྲོ་གཉིས་ཀྱི་དབང་། གསང་སྔགས་ལམ་རིམ་རྩ་འགྲེལ་སོགས་ཆོས་ཚན་བཅུ་གཉིས། བདུད་འདུལ་རྫོགས་ཆེན་དང་བར་དོའི་ཁྲིད། ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད། སྡེ་སྲིད་ལྷན་ཐབས་མ་བུ་ཚང་མའི་ལུང་རྣམས་ཞུས། ཁྱུང་པོའི་སྐོར་སོགས་བླ་སྤྲུལ་གྲྭ་རིགས་མང་པོ་ལ་རང་ནས་ཀྱང་འདོད་ཆོས་མང་པོ་དང་། གྲུབ་བརྒྱའི་སྐོར་སོགས་ཆོག་ཁྲིགས་མང་པོའང་གྲུབ་ནས་ཁྲུམ་ཟླའི་དམར་ཕྱོགས་ལ་རྫོང་ཤོད་དུ་ཕྱིན། གཏེར་མཛོད་ཁྲིད་ཡིག་རིགས་རིམ་པར་བྲིས། ཕན་ཚུན་གནས་ཕུག་མང་པོར་ཚོགས་མཆོད་དང་། རྡོར་ཤུལ་མཁའ་འགྲོ་དང་སྒྲུབ་པ་རྣམས་ལ་ཁྲིད་ཀ་དང་དོན་གཉེར་མང་པོར་དབང་ཆོས་འདོད་བསྐངས། ཟླ་བ་བཅུ་པའི་མཇུག་ཏུ་ཕུར་ཟློག་ཀྱང་བཏང་། མགོ་ཟླ་བར་རྫོང་དགོན་དུ་ཐེག །རྗེ་བླ་མར་མཇལ་ཕྱག་དང་གསུང་འཕྲོས་ཞུས། ཞུ་མཇལ་མཁན་གྱི་འགྲུལ་ཇེ་མང་ལ་སོང་བས་ཕྱིས་འདིར་ཆོས་གཏེར་འབེབ་རྒྱུ་ནི་ཤོལ། དབང་ལུང་སོགས་ཀྱང་སྐབས་རེ་ཙམ་ལས་ཐུགས་ལྕོགས་གཏན་ནས་མེད་པར་སོང་། ཞག་ཤས་འགྲུལ་མང་ངོ་ལེན་དང་ཡིག་ལན་མང་པོས་གཡེངས། བཏེགས་ནས་ཡང་ཁྲོད་དུ་སླེབས། རྟག་གཏོར་གསོལ་ཁའི་འཚོགས་ལ་ཕྱིན། རྒྱལ་ཟླ་བར་གྲུབ་ཐོབ་བཀའ་བརྒྱད་བསྙེན་པ་ཚང་བར་བཏང་། ལྕགས་ཡོས་གནམ་ལོ་གསར་ཚེས་ལ་འཇའ་ཚོན་བཀའ་བརྒྱད་དངོས་གྲུབ་སྙིང་པོའི་བསྙེན་པ་བཏང་། ཉི་ཤུ་ནང་དུ་ཁྲོ་རོལ་ཟློག་པ་བགྱིས། དབོ་ཟླ་བར་སྒྲོལ་དཀར་སྐུ་བརྙན་ཐོག་ཚད་གཙོས་གསེར་སྐུ་རྣམས་ལ་གཟུངས་གཞུག་ཕུལ། རབ་གནས་སྐབས་ཚེ་ལྷ་རྣམ་གསུམ་བྲིས་སྐུ་འབྱོར་བ་སོགས་རྟེན་འབྲེལ་ལེགས། འདི་སྐབས་རྨི་ལམ་ཞིག་ཏུ་འོ་མའི་རྒྱ་མཚོ་ཆེན་པོ་ཤིན་ཏུ་དཀར་ཞིང་རྒྱ་ཆེ་བ་བརྒལ་ཏེ་ཚུར་འོང་བའི་ལམ་དུ་ཉི་ཟེར་ཕོག་པའི་མདངས་འཚེར་བས་རེ་ཞིག་འཐེན་པ་དང་། སྡེ་དགེའི་མདུན་ནས་བསྐུར་བ་རེད་ཟེར་ལུང་བསྟན་ཡི་གེ་མ་བུ་གཉིས་འབྱོར་བ་སོགས་རྨིས། རྗེ་བླ་མ་རིན་པོ་ཆེའི་ཞབས་བརྟན་གཙོར་དམིགས། དཔོན་སློབ་ཉི་ཤུ་སྐོར་གྱིས་སྒྲོལ་དཀར་སྒྲུབ་མཆོད་ཉིན་ཁ་ཤས་དང་། ཚེ་ལྷ་རྣམ་གསུམ་སྟོང་མཆོད་བསྒྲུབས། ནག་པ་ཟླ་བར་དཔོན་སློབ་སུམ་ཅུ་སྐོར་གྱིས་འཕགས་མའི་སྙིང་ཐིག་གི་སྒྲུབ་ཆེན་ཚོགས་དང་མཆོད་པ་སོགས་ཤིན་ཏུ་རྒྱས་པར་བཏང་། རྨིས་ལྟས་ལེགས་པར་བྱུང་། སྐུ་ཞབས་མཆོག་སྤྲུལ་སོགས་ལ་དབང་རྒྱས་པར་བསྐུར། རྣམ་རྒྱལ་རྡོ་རྗེ་དཔོན་སློབ་ཁ་ཤས་རྫོང་སར་དུ་ཀུན་མཁྱེན་བླ་མར་ཞབས་བརྟན་འབུལ་བར་བཏང་། སྐུ་གསུང་ཐུགས་རྟེན་ཁྱད་འཕགས། ན་བཟའི་རིགས་དངོས་པོ་ཡོད་རིགས་ལས་གང་དྲགས་བསལ་འཐུས། རྒྱ་དངུལ་རྡེལ་ཚད་གསུམ་སོགས་དངོས་འབུལ་ཡང་ཡིད་ཚིམས་ཞུ་ཐུབ་པ་བྱུང་། སྟག་ལུང་མ་ཆེན་སྤྲུལ་སྐུ་ཕེབས་པ་ལ་བཀའ་བརྒྱུད་སྔགས་མཛོད་ཀྱི་དབང་ལུང་ཁྲིད་གསུམ་ཡོངས་རྫོགས། དུས་འཁོར་དབང་ཆེན་ཉིན་ལྔ་པ། རཏྣའི་ཐུགས་སྒྲུབ་དང་ཕུར་པའི་དབང་ཆེན། གཡུ་ཐོག་སྙིང་ཐིག་རྩ་བ་ཡན་ལག་བཅས་པའི་དབང་བསྐུར་ཚང་བ་བཅས་ཟླ་བ་ཕྱེད་གཉིས་ཙམ་བགྱིས། ཐུགས་ཕྲེང་མཛད་ནས་ཕེབས་སོང་། རྫོང་དགོན་དུ་ཆེད་ཀྱིས་ཕྱིན་ནས་རྗེ་རིན་པོ་ཆེ་ལས་ཞི་བྱེད་དང་པོ་དང་བར་པའི་དབང་རྒྱུན་ཆད་པ་དེ་གནང་གྲུབ་པ་གསོལ་བ་ནན་གྱིས་བཏབ་པས་བཀའ་དྲིན་ཆེ་བསྩལ་བྱུང་། རོང་སྟོན་ཤེར་ཕྱིན་བཀའ་བབས་དྲུག་གི་ཁྲིད་ཀྱང་ནོས། སྡེ་དགེའི་མདུན་ནས་བུམ་སྒྲུབ་ལ་མ་འོང་ཀ་མེད་ནན་གསུང་མཛད་པས་ངལ་བ་ཆེན་པོས་ལྕང་རར་ཕྱིན། བུམ་སྒྲུབ་ཚུགས། མཁན་རིན་པོ་ཆེ་དང་ཡབ་སྲས་སྐུ་ངོ་རྣམས་ལ་བྱད་འགྲོལ། ཐུགས་བཞེད་ལྟར་གྱི་དབང་སྣ་འགའ་ཞིག་དང་། ཕོ་བྲང་སྟེང་དུ་ལྷ་སྲིན་དམ་བསྒྲགས་དང་གནས་ཆེན་བྱིན་འབེབ་སོགས་ཐུགས་བཞེད་ལྟར་བྱས། དགོན་ཆེན་བླ་གྲྭའི་གསུང་ནན་ངོར། ཕུར་ཟློག་དང་སྤྱིན་སྲེག །དགོན་པར་སྦྱོང་ཁྲུས་འཐོར་ནས་སོགས་ཉིན་ཁ་ཤས་གྲུབ་ནས་ལམ་ཞོར་འབུར་མོ་གནས་སུ་ཚོགས་མཆོད་བགྱིས་ཏེ་ཡང་ཁྲོད་དུ་སླེབས། བཤལ་ནད་ཅིག་ཐེབས་པས་ཉིན་ཁ་ཤས་དལ་སྡོད་བྱས། ཟླ་བ་བདུན་པར་རྫོང་ཤོད་དུ་ཕྱིན། འཛར་ཀ་མཆོག་སྤྲུལ་ཡང་ཕེབས་པ་སོགས་དཔོན་སློབ་ལྔ་བཅུ་སྐོར་གྱིས་ཚེས་བདུན་ལ་དབུ་བཟུང་། བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཆེན་དང་སྨན་སྒྲུབ་སྦྲེལ་མ་ཚུགས། འཛར་སྤྲུལ། བླ་མ་དཔལ་སྦྱིན། ས་མཁའ་འགྲོ་སོགས་མང་པོས་གསུང་ངོར་མདོ་བྱང་ཆེན་མོ་སོགས་དབང་བསྐུར་རྒྱས་བསྡུས་རྣམས་ཀྱང་བྱས། བླ་གྲྭ་རྣམས་ལ་ཡོན་འབུལ་དང་མཐའ་རྒྱས་ལེགས་པར་གྲུབ་ནས་ཛཾ་ཐང་སྒྲུབ་པ་ལྔ་ཆེད་དུ་འབྱོར་བར་དུས་འཁོར་མཆོག་དབང་དང་། སྒྲོལ་མ་རྣལ་འབྱོར་མའི་དབང་། གཞན་ཡང་དོན་གཉེར་མཁན་རྣམས་ལ་འདོད་ཆོས་མང་དུ་བགྱིས། དབང་ལུང་དོན་གཉེར་བླ་སྤྲུལ་རྣམས་རིམ་པར་བྱོན་སྟབས། འཛར་ཀ་མཆོག་སྤྲུལ། གླིང་རྗེ་དྲུང་དང་ཀཿཐོག་སི་ཏུ་སྤྲུལ་སྐུ། རྒྱལ་སྲས་སྤྲུལ་སྐུ། འབར་ཕུག་སྤྲུལ་སྐུ་ཆུང་བ་སོགས་འདུས་པ་མང་ཞིག་ལ་ཁྲུམས་ཟླའི་ཚེས་གསར་ནས་བརྩམས། བླ་མ་དགོངས་པ་འདུས་པའི་དབང་ཆེ་ཕྲ་ཡོངས་རྫོགས། པུསྟ་ཀ་བཅུ་གསུམ་གྱི་ལུང་བཅས་ཟླ་བ་བཅུ་པའི་ཚེས་གསལ་ལ་གྲུབ། བླ་སྤྲུལ་རྣམས་རང་གནས་སུ་བྱོན། འཛར་སྤྲུལ་མདུན་ནས་ཀར་གླིང་ཞི་ཁྲོའི་བར་དོ་དྲུག་ཁྲིད། ཀློང་གསལ་གསུང་འབུམ་བཀའ་འདུས་པོད་ལུང་ཞུས་ནས་སླར་ཕེབས། གསེར་ཐལ་བླ་མ་ཨོ་རྒྱན་ལྷུན་གྲུབ་སོགས་ལ་ཆགས་མེད་ཐུགས་རྗེ་ཆེན་པོའི་དམར་ཁྲིད་དང་། སླར་ཡང་ཕྱོགས་འདུས་མང་པོར་དབང་ལུང་གང་འདོད་བྱས། ཚེ་དཔག་ལ་རྒྱུད་བླ་མ། ཟབ་མོ་ནང་དོན། གཞུང་ཕྲན་གཉིས། ལམ་རིམ་ཡེ་ཤེས་སྙིང་པོ་རྣམས་ཀྱི་བཤད་ཁྲིད་དང་། ཚོགས་སྐོང་། གཤིན་ཆོག་རིགས་སོགས་དགོས་བྱ་ཕལ་ཆེར་གྲུབ་ནས་རྫོང་དགོན་དུ་ཁྱུགས་ཙམ་ཕྱིན། རྗེ་བླ་མ་རིན་པོ་ཆེ་མཇལ། སྐུ་ཁམས་ཅུང་ཟད་བལྟེམས་པར་དམ་གྲིབ་ཉེས་པ་ཀུན་སེལ་གྱི་བྱབས་ཁྲུས་ཕུལ། ཞག་ཤས་ཕྱོགས་འདུས་རྣམས་ལ་རེ་སྐོང་སོགས་བགྱིས། མདུན་ནས་གསེར་གདུང་མཆོད་རྟེན་ནང་གཞུག་རྒྱུར་སྐུ་གསུང་ཐུགས་རྟེན་ཁྱད་འཕགས་དགུ་དང་། དཔལ་སྤུངས་སྤྲུལ་སྐུ་རྣམས་ལ་བསླབ་སྟོན་ཞུ་འོས་སོགས་ཀྱི་བཀའ་བསྩལ་གནང་། མགོ་ཟླའི་ཚེས་གསལ་ལ་ཡང་ཁྲོད་དུ་སླེབས། ཉི་ལྡོག་ལ་ཟབ་བདུན་ཕུར་པའི་གཏོར་ཟློག་བགྱིས། ཁྲོ་ཆུའི་བསྙེན་མཚམས་ཚུགས། གནམ་སྟོང་ལ་གྲོལ། དབོན་སྤྲུལ་བོད་ནས་ལོ་འདིར་དགོན་ཐོག་ཏུ་ཕེབས་པ་སྐབས་འདིར་བྱོན་པ་ལ་མཇལ་འཕྲད་དང་གསོལ་སྟོན་ཞུས། དཀོན་སྤྱིའི་ཚེ་དབང་། མ་མགོན་གཏོར་དབང་དང་དགུ་གཏོར་འདོན་ཆའི་ལུང་བགྱིས། རྒྱལ་ཟླའི་ཚེས་གསུམ་ནས་གསང་ཐིག་བླ་སྒྲུབ་ཡབ་བཀའ་ཡུམ་བཀའ་རྣམས་རིམ་པར་བསྙེན། ཆུ་འབྲུག་གནམ་ལོ་གསར་ཚེས་ལ་དཔོན་སློབ་བཅོ་ལྔས་འཕགས་མའི་སྙིང་ཐིག་སྒྲུབ་མཆོད་ཉིན་གསུམ། ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་བདུན་གཅིག་འཚོགས། སྐུ་ཞབས་མཆོག་སྤྲུལ་སོགས་ལ་དབང་བྱས། སྐུ་ཞབས། དབོན་སྤྲུལ། རི་བོ་ཆེའི་རྗེ་དྲུང་དང་འཕགས་མཆོག །སྒྲུབ་ཁང་ཡར་མར་འདི་ལོ་གྲོལ་སྐབས་ཁེལ་བས་སྒྲུབ་བླ་རྣམས་སོགས་འདུས་པ་ལྔ་བཅུ་སྐོར་ལ་ཤིང་རྟ་གཉིས་ཀྱི་བཀའ་སྲོལ་གྱི་བྱང་སྡོམ་བགྱིས། ཡི་དམ་དགོངས་འདུས་རྟ་མགྲིན་ཡི་གེ་དྲུག་པའི་བསྙེན་པ་བདུན་གཉིས་ཙམ་བཏང་། རི་ཆེའི་སྤྲུལ་སྐུ་རྣམ་གཉིས་ཀྱི་ཐུགས་བཞེད་ལྟར། ཁོང་རྣམ་གཉིས་དང་། སྐུ་ཞབས་རིན་པོ་ཆེ། དབོན་སྤྲུལ་སོགས་ལ་ཚེས་ཉེར་ལྔར་ཤངས་ལུགས་བདེ་མཆོག་ལྷ་ལྔའི་དབང་གིས་དབུ་བཟུང་། རྩ་བ་བཀའ་བཅུ། གཞུང་བཀའ་ཕྱི་མ་རྣམས། མགོན་མཐིང་བཀའ། རྩ་བ་སྡོང་པོ་ཡལ་ག་མེ་ཏོག་འབྲས་བུ་ལྔ། ལྷ་བཞི་དྲིལ་སྒྲུབ། བླ་མགོན་དབྱེར་མེད་བཅས་ཁྲིད་ཡོངས་རྫོགས། ཞང་ཁྲོམ་ཚེ་བདག །རཏྣའི་ཕུར་པ་བཅས། ཚེ་གསང་དབང་ཆེན། ཕྱག་ཆེན་ཆོས་དྲུག་ཀཾ་ཚང་ལུགས་དང་། གསང་ཐིག་བླ་སྒྲུབ་ཀྱི་དབང་ལུང་བཅས་གྲུབ་ནས་སླར་ཕེབས། རྫོང་དགོན་ནས་ཀུན་གཟིགས་བླ་མ་རིན་པོ་ཆེ་སྐུ་ཁམས་སྔར་ནས་ཅུང་བལྟེམས་ཀྱང་ཧ་ཅང་རྙོགས་པ་དང་ལྕི་བའི་རིགས་མངོན་པ་ནི་མེད། ཞབས་བརྟན་རྒྱབ་ཆོག་སྐོར་མང་ཙམ་བསྒྲུབས་འདུག་ཀྱང་། ད་རེས་གང་ཡང་སྐྱོན་མེད། ཟླ་བ་གཉིས་པའི་ཉི་ཤུ་ནང་དྭངས་འགྲོ་གསུངས་པ་ངེས་དོན་དུ་བཟུང་། ཞབས་གྲས་རྣམས་ཀྱང་ཅི་བྱ་མེད་པར་ཡོད་ངང་ཉེར་གཅིག་སྔ་དྲོ་ལ་རང་གར་བཞུགས་བཞིན་དུ་ཞི་བར་གཤེགས་སོང་འདུག་པས་གནས་ཚུལ་ཡི་གེ་སླེབས་མ་ཐག་མགྱོགས་པར་ཕྱིན་ནས་ཁྲུས་ཆབ་སྒྲུབ་པ་སོགས་བགྱིས། ཉེར་བཞིའི་སྔ་དྲོར་སྐུ་གདུང་རིན་པོ་ཆེའི་མདུན་དུ་འོད་གསལ་ནམ་མཁའ་ལྟ་བུ་ལས་བཞེངས་སུ་གསོལ་ནས་མཆོད་འབུལ་གསོལ་འདེབས་སྨོན་ལམ་ཡིད་ཚིམས་པར་ཞུས། གདུང་ཁྲུས་གནས་ཡིག་བཏགས་གྲོལ་རིགས་གསར་རྙིང་སོ་སོའི་ལུགས་བཞིན་དང་ཆས་ཞུགས་ཕུལ། གདུང་མདུན་དུ་རྡོར་སེམས་དང་བླ་མཆོད་སྦྲེལ་མ་ཉིན་ལྔ་བཏང་། ཉེར་བདུན་ཉིན་ཐར་རྩེ་མཁན་རིན་པོ་ཆེས་བླ་མཆོད་མཛད་སོང་། འདི་སྐབས་དབང་ཞུ་འབུལ་དང་། ཐུགས་རྗེ་བསྐུལ་བའི་གསོལ་འདེབས་སྨོན་ལམ་སོགས་ཕྱག་ལེན་མ་འཁྲུལ་པ་བགྱིས། ཉེར་དགུའི་བླ་མཆོད་རྗེས་སུ་ཡེ་ཤེས་སེམས་དཔའ་གཤེགས་གསོལ་ཞུས། གནམ་སྟོང་ཉིན་མཁན་རིན་པོ་ཆེ། དཔོན་སློབ། དགོན་པའི་བྱང་འདྲེན་བླ་མ། ངེད་རང་བཅས་ཆོ་ག་ཁག་བཞིས་སྐུ་པུར་ཞུགས་འབུལ་གྲུབ་ནས། རྗེས་ཞག་གསུམ་ལ་གདུང་ཁང་མཆོད་པ་སོགས་ཀྱང་ཚུལ་བཞིན་བགྱིས། རིམ་པར་བླ་མ་དགོངས་འདུས་སྐོང་ཆོག །རྒྱལ་བ་རྒྱ་མཚོའི་སྒྲུབ་མཆོད། བླ་མ་བསྟན་གཉིས་བཅས་གསོལ་དགུང་གསུམ་པའི་བར་དུ་ཞུས། དབོན་མཛོད་སྐལ་བཟང་རྡོ་རྗེས་ངོས་ཀྱི་མཆོད་རྟེན་ནང་གཞུག་གནད་ཆེན་སྣེ་གྲངས་བཅུ་སོགས་དགོངས་རྫོགས་ཡོན་འབུལ་རྒྱ་ཆེན་གནང་འདུག །རྡེལ་ཚད་གཉིས་དགོངས་རྫོགས་མཆོད་འབུལ་རྟེན་དུ་ཕུལ། ཞབས་གྲས་རྣམས་ལའང་དངུལ་སྲང་ལྔ་བྱིན་ནས་བསླབ་བྱ་གང་ཤེས་བྱས། ཐར་རྩེ་མཁན་རིན་པོ་ཆེ། དཔོན་སློབ་ཞབས་དྲུང་གཉིས་བཅས་ལ་སངས་རྒྱས་མཉམ་སྦྱོར། འཕགས་མའི་སྙིང་ཐིག་གི་དབང་རྒྱས་འབྲིང་བསྡུས་གསུམ་བསྐུར། རྫོང་དགོན་ནས་བཏེགས། ཡང་ཁྲོད་དུ་འབྱོར། འདི་ནས་ཀྱང་གསོལ་ཚིགས་ནམ་ཁེལ་དུ་ཆོ་ག་སྐབས་བབ་དང་བླ་མཆོད་གསོལ་སྨོན། དགུང་ཞག་རྫོགས་སྐབས་དཔོན་སློབ་བཅུ་གསུམ་གྱིས་པདྨ་བཛྲ་གྲུབ་ཆེན་བརྒྱ་རྩའི་དཀྱིལ་འཁོར་སྒྲུབ་མཆོད་ཅི་ནུས་དང་མཆོད་བསྔོ་རྒྱས་པར་ཞུས། མཆོད་རྟེན་གཟུངས་གཞུག་སྐོར་མི་བཅུ་སྐོར་གྱིས་ཟླ་བ་ཕྱེད་གཉིས་ཙམ་ལ་སྤར་བཏབ་པ་དང་དྲིལ་བ་སོགས་བཅོལ། དཔལ་ཡུལ་སྐུ་ཆེན་ཕེབས་པར་ཚིག་བདུན་བླ་སྒྲུབ་ཀྱི་དབང་ལུང་ཁྲིད་བཅས་ཡོངས་རྫོགས་དང་། ཀརྨའི་མཁན་པོ་རིན་ཆེན་དར་རྒྱས་ལ་མཆོག་གླིང་གཏེར་གསར་རྣམས་ཀྱི་དབང་ལུང་ཁ་སྐོང་མང་དུ་བགྱིས། སྔར་རྫོང་ཤོད་ནས་བཞེངས་པའི་མཆོད་རྟེན་དེ་ལ་གཟུངས་གཞུག་འབུལ་ཆེད་ས་ག་ཟླ་བ་བཤོལ་བའི་སྔ་མར་དགོན་ཐོག་ལྷ་གསར་དུ་ཕྱིན། མཁན་བླ་མ་བཀྲ་ཤིས་འོད་ཟེར་དང་རྫོང་སར་ནས་རྗེའི་ཞབས་གྲས་བླ་མ་བློ་གྲོས་བཟང་པོ་སོགས་བླ་སྤྲུལ་མང་དུ་འདུག་པ་དགེ་ལེགས་ནས་གཞི་འཛིན་དོ་ཁུར་བྱས་ཏེ། གནོད་སྦྱིན་འཁོར་ལོ་དང་གཏེར་བུམ་ཙཀྲའི་རིགས་བཅའ་སྒྲུབ། གཟུངས་སྒྲུབ། སྲོག་ཤིང་སོགས་ཆས་བསྒྲིགས། སྦྱོང་ཁྲུས་རབ་གནས་སོགས་ཞག་མང་དུ་བགྱིས་ནས་ལྷ་གསར་ནང་རྡོ་རྗེ་འཆང་པདྨ་ཉིན་བྱེད་ཀྱི་གདུང་རྟེན་གཡས་ཕྱོགས་སུ་བཞུགས་པར་བདེ་བས། ས་འཛིན་ནས་བརྩམས་གཟུངས་གཞུག་ཕུལ་རིམ་བཞིན་སོ་སོའི་བསྐྱེད་བསྟིམ་རྣམས་ཀྱང་རྒྱས་པར་བགྱིས། གནམ་སྟོང་ལ་བཀྲ་ཤིས་པའི་གསོ་སྦྱོང་སྔོན་དུ་འགྲོ་བས་དྲི་མེད་རྣམ་གཉིས་ཀྱི་སྲོག་ཤིང་འཛུག་ཆོག་དང་། གཟུངས་གཞུག་རྣམས་ཀྱང་ཉིན་ཁ་ཤས་ཀྱིས་ཕུལ་གྲུབ་ནས་དབོན་རྒན་དང་དབོན་སྤྲུལ་རྣམ་གཉིས་གཙོས་དཔོན་སློབ་བཅུ་བདུན་ཙམ་གྱིས་རྒྱལ་རྒྱམ་ལྷ་དགུའི་སྒོ་ནས་རབ་གནས་ཉིན་གཉིས་བཅས་ཚེས་བརྒྱད་ལ་གྲུབ་པར་བྱས། བླ་མ་དགོངས་འདུས་དང་ཡེ་འབར་གྱི་མཐོང་གྲོལ་སོགས་ཀྱང་བགྱིས། མཆོད་སྡོང་འདི་སྔར་རང་གི་ཐུགས་རྟེན་བཞེངས་པ་རྣམས་ཀྱི་གཙོ་བོར་དམིགས་པ་ཡིན་ཀྱང་འདི་རེས་རྗེ་བླ་མ་རིན་པོ་ཆེ་དེ་ཉིད་ཀྱི་དགོངས་རྫོགས་དང་གདུང་རྟེན་དུ་བྱས་ནས་གདུང་རུས་ཀྱི་སཱཙྪ་སོགས་གཙོར་བཞུགས་པ་ཡིན་ནོ། །ཡང་ཁྲོད་དུ་ཕྱིན་ནས་ཕྱོགས་འདུས་ལ་དབང་ཆོས་རེ་བསྐང་ཞག་ཁ་ཤས་མཚམས། སྡེ་དགེའི་བཙུན་མོ་ཚང་ནས་སྔ་ཚེའི་རིང་གསུང་བསྐུལ་ལྟར་སྒྲུབ་ཆེན་འཛུག་བཞེད་ཀྱིས་དགོན་ཐོག་བྱོན་པས་སླར་ཡང་ལྷ་གསར་དུ་ཕྱིན། བཞི་པ་ཕྱི་མའི་ཚེས་ཉི་ཤུ་ནས་དབུ་བརྩམ། གཞུང་ཟུར་སྒྲུབ་ཁག་བཞི་བཅས་དཔོན་སློབ་བརྒྱད་ཅུ་རྩ་བགྲང་འཚོགས་ནས་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཆེན་དང་བདུད་རྩི་སྨན་སྒྲུབ་སྦྲེལ་མ་སྣྲོན་ཟླའི་ཡར་ཚེས་ལ་མཐའ་རྒྱས་གྲུབ། ཡང་ཁྲོད་དུ་ཞེ་ཆེན་རྒྱལ་ཚབ་བློ་གྲོས་སྤྲུལ་སྐུ་སོགས་བྱོན་མཁན་མང་པོར་སོ་སོའི་བཞེད་སྐོང་དང་། ཉག་རོང་སྤྱི་ཁྱབ་ཛ་སག་ནས་གསེར་སྐུ་མང་པོ་ཆེད་བསྐུར་བྱུང་བ་ལ་གཟུངས་གཞུག་རབ་གནས་དང་བཅས་པ་བགྱིས། སྐུ་ཞབས་མཆོག་སྤྲུལ། དབོན་སྤྲུལ། སྒྲུབ་བླ་རྣམས་སོགས་འདུས་པ་མང་པོར་ཞི་ཕྲེང་དྲག་ཕྲེང་། གནམ་ཆོས་དབང་བསྒྲིགས་སོགས་ཉེར་མཁོའི་དབང་ལུང་ཉིན་མང་དུ་བགྱིས། ཟླ་བ་ལྔ་པའི་ཉི་ཤུ་ནང་དཔལ་ཡུལ་ནས་རྒྱ་སྤྲུལ། ཟླ་ཀླུང་ནས་གཏེར་སྟོན་ཚེ་དབང་གྲགས་པ། ལྕང་ར་ནས་སྡེ་དགེ་མ་ཡུམ་རྣམས་འདས་སོང་འདུག་པ་སོ་སོ་ནས་འོང་དགོས་པའི་གསུང་ནན་ཆེ་རུང་བགྲང་བྱའི་ཁུར་ལྕི་བ་དང་ནད་ཁམས་འཕར་ལྡང་སོགས་ཀྱིས་སླེབ་རེ་བྲལ་བས་དགོངས་ཁྲོལ་ཞུས། དགོངས་རྫོགས་དང་དགེ་སྒྲུབ་རྟེན་ཚུར་གནང་བ་ལ་མཆོད་པ་རྒྱས་ཤིང་འདུས་པ་མང་པོ་བཅས་སོ་སོར་འོས་པའི་ཆོ་ག་དང་བསྔོ་སྨོན་གང་ཤེས་བགྱིས། དྲུག་པའི་ཚེས་གསལ་ལ་རྫོང་ཤོད་དུ་ཕྱིན། བླ་མ་ནོར་བུ་བསྟན་འཛིན་ཆེད་དུ་བྱོན་པར་ཕྱག་རྡོར་འཁོར་ལོ་ཆེན་པོའི་དབང་སོགས་བཞེད་སྐོང་འོས་རིགས་བྱས། འཛར་ཀ་མཆོག་སྤྲུལ། ཞེ་ཆེན་རྒྱལ་ཚབ། ཀཿཐོག་འཇམ་དབྱངས་སྤྲུལ་སྐུ། གླིང་ཚང་སྲས་མོ་གཉིས་སོགས་འདུས་པ་འགའ་ཞིག་ལ་རྙིང་མ་རྒྱུད་འབུམ་གྱི་ལུང་ཚུགས། དཔལ་ཡུལ་ནས་སླར་ཡང་དགོངས་རྫོགས་རྟེན་དངོས་པོ་རྒྱ་ཆེར་གནང་བྱུང་བར་མང་འཚོགས་ཀྱིས་ཆོ་ག་དང་མཆོད་བསྔོ་གང་རྒྱས་ཞུས། ཉག་ཁོག་ནས་སྤྱི་ཁྱབ་ཛ་སག་བོད་དུ་བྱོན་ཞོར་ཆེད་འབྱོན་མཛད་པར་བླ་རྫོགས་ཐུགས་གསུམ་གྱི་དབང་ལུང་ཁྲིད་བཅས། ཡོངས་འདུས་ལེའུ་བདུན་མའི་དབང་སོགས་ཉིན་ཁ་ཤས་བྱས། ཟླ་བ་བརྒྱད་པར་ལུང་གྲུབ་ནས་དགུ་པ་གསར་ཚེས་ལ་མཁའ་འགྲོའི་བྲོ་རར་ཚོགས་འཁོར་སོགས་དགའ་སྟོན་མཛད། སྡེ་གཞུང་མའི་སྤྲུལ་སྐུ་ཕེབས་པར་གཤེད་དམར་ལྷ་ལྔའི་དབང་ལུང་ཁྲིད་གསུམ་དང་ཕྱག་ཆེན་ངེས་དོན་རྒྱ་མཚོའི་ཁྲིད་སོགས་བཞེད་པ་བསྐངས། རི་པ་སྤྲུལ་སྐུ་དང་རྡོར་ཤུལ་བ་སོགས་ལ་སྟག་ཤམ་ཐུགས་སྒྲུབ་གསེར་ཞུན་མའི་དབང་ཡོངས་རྫོགས་དང་བཙན་རི་བླ་མ་སོགས་ལ་འདོད་ཆོས་མང་དུ་གྲུབ་ནས་སླར་བཏེགས་ལམ་རྫོང་དགོན་དུ་ཕྱིན། རྗེ་བླ་མའི་བཞུགས་གནས་སུ་ཚོགས་མཆོད་གསོལ་འདེབས་ཞུས། ངོར་པ་དཔོན་སློབ་གསུང་བསྐུལ་ངོར་ཉིད་དང་། མི་ཕམ་རྒྱ་མཚོ། ནོར་བུ་བསྟན་འཛིན་སོགས་ལ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པའི་བཤད་ལུང་། བུ་སྟོན་རིན་པོ་ཆེ། ཐུགས་སྲས་རིན་རྣམ་གྱི་ཡིག་ཆ་ཚང་བ་བགྱིས། རྫོང་སར་འདུ་ཁང་གསར་བཞེངས་དང་རྩེ་ལྷ་ཁང་སོགས་ལ་རབ་གནས་ཀྱིས་མཚོན་དེར་དགོས་རིགས་གྲུབ་རྩིས་ཀྱིས་ཡང་ཁྲོད་དུ་ཕྱིན། འདི་ལོ་སྒྲུབ་ཐེབས་དགུ་པ་གསར་སྡོད་སྐབས་སུ་ཁེལ་བས་ཐོག་མར་དགོས་པའི་བཅའ་ཡིག་བསླབ་སྟོན་དབང་ལུང་ཁྲིད་རྣམས་རིམ་པར་དབུ་ཚུགས། རྫོགས་ཆེན་སྤྲུལ་སྐུ་ལྷ་ལྡན་ནས་ཕྱིར་འཁོར་བའི་སྐུ་སྐྱོས་གནང་བར་ཆེད་ཕེབས་ལ་ཚེ་དབང་དང་ཞབས་ཏོག་ཞུས། སྙན་བརྒྱུད་ཡང་ཕུར་སྦྲགས་མའི་བསྙེན་པ་བཏང་། ལོ་བསྟར་ཕུར་ཟློག་བགྱིས། རྣམ་རྒྱལ་རྡོ་རྗེ་ལ་རིམས་ནད་གློ་འཁྲུགས་ལྟ་བུ་ཧ་ཅང་ཐུ་བ་མིན་པ་ཞིག་བྱུང་འདུག་པ་ཞག་ཤས་ནང་རྩ་ཆུ་ཇེ་ངན་སོང་བར་དབང་སྣ་ཁ་ཤས་བགྱིས། རིམ་གྲོ་རྒྱབ་ཆོག་གྲབ་ཡུལ་སྐབས། ཟླ་བ་བཅུ་པའི་ཚེས་ཉེར་བརྒྱད་གུང་ཡོལ་ལ་གློ་བུར་དུ་མ་འཚོ་སོང་བར་གསོལ་འདེབས་ངོ་སྤྲོད་བཏགས་གྲོལ་སོགས་ཤེས་ཚད་བགྱིས་པས་ལུས་ཚུགས་ཟིན་པ་དང་མདངས་མ་ཉམས་པ་སོགས་ངོ་འཕྲོད་པའི་ལྟས་བྱུང་། ཞག་གསུམ་ཉིན་རྡོར་སློབ་བླ་མ་དོན་གྲུབ་སོགས་ནས་འཕོ་ལུང་བྱས་པའི་སྐབས་ཨིག་ཅེས་པའི་སྒྲ་དང་མདངས་ཡལ་ཞིང་སྒུ་བ་དང་སྣ་ཁྲག་ཟག་པ་བཅས་གྲོལ་རྟགས་ཀྱང་བྱུང་འདུག །རང་དང་སྒྲུབ་བླ་བསྙེན་སོང་རྣམས་ཀྱིས་བདུན་ཚིགས་ཆོ་ག་མཆོད་པ་སོགས་གཟབ་རྒྱས་དང་། རྫོགས་ཆེན་རིན་པོ་ཆེ། ངོར་པ་དཔོན་སློབ། འདི་གའི་གདན་སའི་དབོན་སྤྲུལ་རྣམ་གཉིས་སོགས་གདན་འདྲེན་ཞུས། ཀར་འབྲུག་སི་ཏུ་དཔའ་བོ་གཙོས་རིས་མེད་སྐྱེས་ཆེན་རྣམས་ལ་བསྔོ་རྟེན། ལྷ་ལྡན་ཆོས་འཁོར་རྣམ་གསུམ་ལ་སྟོང་མཆོད། དགོན་ཁག་སོ་སོར་ཆོས་རྒྱབ་སོགས་དགེ་རྩ་རྒྱས་པར་བསྒྲུབས། ཆོ་ག་ཁག་བཞིས་པུར་བསྲེག་སྦྱང་བྱས་སྐབས་ནམ་མཁའ་གཡའ་དག །ཕྱིར་ནང་འཇའ་དཀར་ཤར་ནུབ་སྦྲེལ་བ་དང་། ཉིན་མོ་སྤྲིན་འཇའ་ཡ་མཚན་ཤར་བ་བཅས་ལྟས་ལེགས། ཞེ་དགུ་རྫོགས་སྐབས་རང་གི་རྨི་ལམ་དུ་སྔར་ལས་ཆས་དང་བཀྲག་མདངས་ལེགས་པ་ཞིག་བྱས། བྱང་ཕྱོགས་སུ་འབོད་མཁན་བྱུང་བས་འགྲོ་དགོས་ཟེར་བ་དང་འབོད་པའི་ཁྱིམ་དེའང་ཡིད་ལ་གསལ་སྙམ་བྱེད་པ་ཞིག་བྱུང་། དེ་རྗེས་ཉམས་སྣང་ཞིག་ཏུ་གཟུགས་འདི་ཡིན་མི་གསལ་བ་ཞིག་གིས་ཡི་གེ་ཞིག་བྱིན་པར་མཁའ་སྤྱོད་མའི་ཕྱི་ནང་གསང་གསུམ་གྱི་སྒྲུབ་སྐོར་ཁྱད་པར་ཅན་མང་པོ་འདུག་པ་ལ་བལྟས་སྐབས། རྣམ་རྒྱལ་རྡོ་རྗེ་ལ་མཁའ་སྤྱོད་མས་བདུད་རྩི་རིལ་བུ་བྱིན་སོང་བས་འཕོས་མ་ཐག་དབྱིངས་ཐོག་ཏུ་གྲོལ་སོང་ཟེར་བ་ཞིག་བྱུང་བ་དང་སད་པ་ན་ཉམས་དགའ་བ་ཞིག་བྱུང་། འདི་ཉིད་བྱིས་པ་སྨྲ་ཤེས་སྐབས་ཀྱི་ཐོག་མར་ངེད་རྩར་འོང་ནས་ཚིག་བདུན་གསོལ་འདེབས་དག་པ་ཞིག་འདོན་སོང་བ་དང་། ཕྱིས་ནས་བློ་གྲོས་གསལ་ཞིང་དགེ་བའི་ལས་འཕྲོར་སྤྱོད། ཕྱག་ཆེན་སྔོན་འགྲོ་འབུམ་བཞི་བསགས། དངོས་གཞི་ལའང་ཕྱོགས་ཙམ་སྦྱང་། རཏྣའི་ཕུར་པ་དང་ཐུགས་རྗེ་གསང་འདུས་སོགས་ཀྱི་བསྙེན་པའང་ལེགས་པར་གྲུབ། རིམ་པར་སྒྲུབ་པ་ཉམས་ལེན་བྱ་རྩིས་བཅས་བླ་ཚུགས་ཟིན་ཅིང་རང་གཞན་ལ་ཕན་ཐོགས་པ་ཞིག་འོང་བའི་རེ་བ་ཡོད་ཀྱང་། དགོན་འདིར་སྔར་ནས་སྲི་ངན་ཞུགས་པ་དང་ཕྱིས་འདིར་དུས་དབང་གིས་རང་གཞན་གང་དུའང་བཟང་པོ་གོ་ཆོད་ཐམས་ཅད་བར་ཆད་ཀྱི་དབང་དུ་གྱུར་པར་འདུག་པས་འདིའང་ལོ་ཉེར་གསུམ་ལས་འཚོ་ཐུབ་པ་མ་བྱུང་། སྐབས་འདིར་སྡེ་དགེ་ཡབ་སྲས་འབྱོན་པ་ལའང་བྱད་བཀྲོལ། ཚེ་དབང་སོགས་དང་། ཛཾ་ཐང་བླ་མ་ལྔ་ལ་དུས་འཁོར་མཆོག་དབང་། སྦྱོར་དྲུག་ལུང་སོགས་ཕྱོགས་འདུས་མང་ཞིག་གི་བཞེད་སྐོང་བྱས། འཛར་སྤྲུལ་དགོངས་བརྟགས་ལྟར་བཀའ་བརྒྱད་ཁྲོ་རོལ་ཞིག་ཀྱང་བཅའ་སྒྲུབ་བགྱིས། རྟག་གཏོར་གསོལ་ཁ་མགོན་སྒྲུབ་རྣམས་ཀྱང་སྒྲུབ་རྣམས་ནས་སྔ་རྒྱུན་ལྟར་གྲུབ་སོང་། ཆུ་སྦྲུལ་གནམ་ལོ་གསར་ཚེས་ཀྱི་ཡར་ངོ་ནང་ཚོགས་གསོག་འདོན་བྱ་སྔ་རྒྱུན་ལྟར་དང་། དཔོན་སློབ་ཉེར་གཅིག་གིས་མཐོང་གྲོལ་ལྷ་ཁང་དུ་འཕགས་མའི་སྙིང་ཐིག་སྒྲུབ་མཆོད་ཉིན་གསུམ་བྱས། སྐྱོ་བྲག་འབའ་རོམ་དགོན་ཆུང་སྤྲུལ་སྐུ་དཔོན་སློབ་རྣམས་ལ་མི་ལའི་བླ་སྒྲུབ་ཀྱི་དབང་ལུང་སོགས་བགྱིས། དམར་ཕྱོགས་སུ་བྲག་གཡབ་རིམ་གྲོ་སྔ་ལོ་ནས་བསྐུལ་མ་བྱུང་བ་ལྟར་དཔོན་སློབ་བཞི་བཅུ་སྐོར་གྱིས་བླ་མ་དགོངས་འདུས་སྒྲུབ་ཆེན་ཚུགས། དབོ་ཟླའི་ཚེས་དྲུག་ལ་དགའ་སྟོན་ཚོགས་བརྒྱ་བཅས་རྒྱས་པར་གྲུབ། དེ་ནས་རིམ་པར་སྒྲོལ་མ་ལྷ་ཁང་དུ་སྒྲུབ་མཆོད་དང་། ཚེ་ལྷ་རྣམ་གསུམ་སྒྲུབ་མཆོད་རྣམས་ཉིན་གསུམ་རེ་བསྒྲུབས། ཟླ་བ་སྔ་ཕྱི་འདི་རྣམས་ཀྱི་བར་མཚམས་སུ་གདམས་མཛོད་ལ་དགོས་པའི་ཡིག་ཆ་ཅི་འགྲུབ་ཏུ་བྲིས། ཞེ་རྫོགས་གཉིས་ནས་འོང་དགོས་པའི་གསུང་ནན་ཆེན་པོ་དང་བོད་མི་སྐུ་ཚབ་ཆེད་དུ་འབྱོར་ཡང་བགྲང་བྱའི་བབ་ལྕི་བ་དང་ལྟས་ཀྱང་ཅུང་ཟད་འཚུབས་པར་བྱུང་བས་ཞུ་རྟེན་བཅས་དགོངས་ཁྲོལ་ནན་དུ་ཞུས། ཉེར་གཅིག་ལ་རྗེ་བླ་མ་རིན་པོ་ཆེའི་སྐུ་མཆོད་པདྨ་བཛྲ་མང་འཚོགས་བགྱིས། ནག་པ་ཟླ་བར་སྐུ་ཞབས་མཆོག་སྤྲུལ། དབོན་སྤྲུལ། ཟུར་མང་དྲུང་སྤྲུལ། མཆོག་གླིང་གཏེར་སྤྲུལ་སོགས་འདུས་པ་མང་པོར་ཀར་ལུགས་དཀྱིལ་འཁོར་ཡོངས་རྫོགས། བླ་མ་གསང་འདུས་ཀྱི་དབང་སོགས་དང་། གཏེར་སྤྲུལ་ལ་དམིགས་བསལ་མཆོག་གླིང་གཏེར་ཆོས་སྔར་མ་གསན་རིགས་ཀྱི་དབང་ལུང་ཚང་བ་བྱས། སྒྲུབ་པ་རྣམས་ནས་རྡོར་སེམས་སྒྲུབ་ཆེན་ཚུགས་པ་ལའང་ཉིན་གསུམ་ཙམ་འཚོགས་བགྲོད་དང་མཐར་སྒྲུབ་དབང་རྒྱས་པར་བསྐུར། ས་ག་ཟླ་བར་སྤྲུལ་སྐུ་རྣམས་དང་བླ་མ་བཀྲ་ཤིས་བཀྲ་འཕེལ་སོགས་ལ་རང་རྩོམ་འཐོར་བུའི་རིགས་པུསྟི་བདུན་གྱི་ལུང་བཀླགས། རྫོང་སར་ནས་རྗེ་དབོན་སྐལ་བཟང་རྡོ་རྗེས་རྟེན་དང་བཅས་ནན་བསྐུལ་བྱུང་བ་ལྟར་ཟླ་བ་སྔ་རྗེས་འདི་དག་གི་བར་མཚམས་རྣམས་སུ་ཀུན་མཁྱེན་བླ་མ་རིན་པོ་ཆེ་དེ་ཉིད་ཀྱི་རྣམ་ཐར་བྲིས། དེའང་བར་སྐབས་ཀྱི་ཚིགས་སུ་བཅད་པ་སོགས་ནི་སྙན་ངག་མཁན་གྱི་ཟློས་གར་ཙམ་ཡིན་པས་ཡོད་མེད་ཇི་ལྟར་བྱས་ཀྱང་ཁྱད་པར་མེད་མོད། དངོས་གཞིའི་རྣམ་ཐར་མཐའ་ཡས་ཤིང་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་དུ་སྣང་བས་ཇི་བཞིན་པ་ནི་བདག་ལྟ་བུས་བརྗོད་པར་རྔོ་མི་ཐོགས་མོད། ཕྱོགས་མཐོང་ཙམ་གྱི་དབང་དུ་བྱས་ནས་ཅུང་ཟད་རྒྱས་པ་ཞིག་བྱུང་ན་ཤིན་ཏུ་གལ་ཆེ་བར་སྣང་མོད། དགུང་གྲངས་སོ་སོར་འདི་མཛད་ཀྱི་ཕྱག་ཐོ་སོགས་མི་བཞུགས་ཤིང་ཞབས་གྲས་རྣམས་ནས་གསལ་བར་ཤེས་མཁན་སུའང་མི་འདུག་པས་རྣམ་ཐར་རྩ་བ་ཞལ་གསུང་ཚིགས་བཅད་མར་གཞི་བྱས། གཞན་རང་ནས་ཐོས་ཚོད་རྣམས་སྒྲོ་སྐུར་མེད་པར་བཀོད། སྔར་གྱི་དབང་ལུང་གསན་པ་པོ་རྣམས་ཀྱིས་ཡོན་དང་ཞབས་བརྟན་གནང་སྐབས་གྲྭ་སྒང་དབོན་བླ་མ་བྱོན་ནས་རྡོ་རྗེ་རྒྱ་གྲམ་གྱི་བཞུགས་གདན་སྤུས་ལེགས་གནང་བྱུང་བས་རྟེན་འབྲེལ་ཤིན་ཏུ་དགེ །སྒྲུབ་ཁང་རྡོར་སློབ་སོགས་དཔོན་སློབ་ཚང་མར་ཞི་བྱེད་བཀའ་བབས་དང་པོ་དང་བར་པའི་དབང་རྣམས་དང་། གྲྭ་དབོན་ལ་བདེ་མཆོག་དྲིལ་བུ་ལུགས་ཀྱི་དབང་དང་རིམ་ལྔའི་ཁྲིད། ཡང་གཏེར་བླ་མ་བདེ་མཆོག་འཁོར་ལོའི་དབང་ལུང་ཁྲིད་གསུམ། ཚེ་བྷྲཱུྃ་དང་མཁར་མགོ་སྤྲུལ་སྐུ་སོགས་ལ་ནཱ་རོ་ཆོས་དྲུག་གི་ཁྲིད་ཀྱིས་རེ་ཞིག་གྲུབ་པར་བྱས་ནས་རྫོང་ཤོད་དུ་དལ་འགྲོས་ཀྱིས་ཕྱིན། ཟླ་བ་ལྔ་པའི་ཚེས་གསལ་དུ་དཔལ་ཡུལ་ལྷ་སྤྲུལ་དང་རྫོང་འགག་སྤྲུལ་སྐུ་རྣམ་གཉིས་འགུ་ལོག་དགོན་གསར་དུ་ཕེབས་ཞོར་ཆེད་འབྱོན་མཛད་ནས་འབུལ་ཆེན་གནང་བར་གསང་ཐིག་བླ་སྒྲུབ་ཀྱི་དབང་ལུང་ཁྲིད་བཅས། ལམ་ཟབ་ལེའུ་བདུན་ལུང་བྱས། རྫོང་སྤྲུལ་བསྙུན་གཞི་ལྕི་འདུག་པས་རེ་ཞིག་བརྟགས་དཔྱད་ཆེད་བཞུགས། གསོལ་སྨན་སྐུ་རིམ་རྐྱེན་སེལ་དབང་ཀ་སོགས་གང་དྲགས་མཛད་སོང་ཡང་བསྙུན་གཞི་བད་ཀན་ཚ་བ་རིམ་ལྗིས་ཞི་བར་གཤེགས། དགོངས་རྫོགས་རྟེན་རྒྱ་ཆེར་གནང་བས་གསོལ་དགུང་མ་རྫོགས་བར་འདོན་བྱ་ཅི་ནུས་བསྒྲུབས། ཟུར་མང་དྲུང་པ་སྤྲུལ་སྐུ་ཆེད་གཏད་ཕེབས་པ་ལ་རོལ་རྡོར་གཏེར་བྱོན་མཚོ་བྲག་གཉིས་ཀྱི་དབང་ལུང་ཁྲིད་བཅས་ཡོངས་སུ་རྫོགས་པར་བགྱིས། འདིའི་བཀའ་སྲུང་སྐོར་གྱི་རྗེས་གནང་ནི་ཞོར་ལ་འགྲོ། སྲོག་གཏད་རིགས་ཟུར་མང་དགོན་ཕན་ཚུན་བླ་སྤྲུལ་ཆེ་གྲས་རྣམས་ཀྱིས་བཀའ་རྒྱ་དམ་ཆེས་པས་བརྒྱུད་པ་ཆད། སྒྲུབ་བླ་འགའ་རེ་ནས་བརྒྱུད་པ་མ་ཆད་ཙམ་ཡོད་འདུག་ཀྱང་ཕྱག་ལེན་འདྲ་མིན་གཉིས་སུ་སོང་བས་རང་ནས་ཀྱང་ཐོས་པ་མ་བྱུང་། དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པ་ནས་དཔོན་སློབ་སུམ་ཅུ་རྩ་གྲངས་ཀྱིས་རཏྣའི་ཚེ་སྒྲུབ་གསང་འདུས་ཀྱི་སྒྲུབ་ཆེན་ཚུགས། ཕྱི་སྒྲུབ་ནང་སྒྲུབ་བསྙེན་སྒྲུབ་ལས་གསུམ་བཅས་ཞག་ཉེར་གཅིག་གི་ཁོངས་སུ་འགྲོ་བར་བྱས་ནས་ཟླ་བ་བདུན་པའི་ཚེས་བཅུ་གསུམ་ལ་མཐའ་རྒྱས་སུ་གྲུབ། རང་གཞན་དགེ་རྩའི་ཆེད་དམིགས་དེ་ཀའི་འཕྲོས་སྨོན་ལམ་ཞིག་ཀྱང་འཚོགས། འདི་ལོ་སྡེ་དགེ་རྒྱལ་བློན་གྱོད་དོན་ཞིབ་དཔྱོད་ཉག་ཁོག་སྤྱི་ཁྱབ་མདའ་དཔོན་བདེ་སྨོན་པ་རྨེ་ཤོད་དུ་ཕེབས། སྔ་རྗེས་སྐྱབས་རྟེན་མང་དུ་འབྱོར་བ་སོགས་སྤྱི་བྱེ་བྲག་ལ་དམིགས་པའི་སྒྲོལ་མའི་མཎྜལ་དང་གསོལ་ཁ་ཡང་ནས་ཡང་དུ་འཚོགས་དགོས་པ་ཞིག་བྱུང་། ཟླ་བ་བདུན་པར་གོ་འཇོའི་སྒྲུབ་པ་བདུན། གླིང་བཙུན་མ་གཉིས་སོགས་ལ་བླ་མ་ཡང་ཏིག་གི་དབང་ལུང་ཁྲིད་གསུམ་ཚང་བར་བགྱིས། སྒྲུབ་པ་རྣམས་ཀྱི་འདོད་དོན་ལྟར་དབུ་མ་ལུགས་ཀྱི་སེམས་བསྐྱེད་དང་འགའ་ཞིག་ལ་ཕྱག་ཆེན་ཁྲིད་ཚང་བར་བྱས། ཟླ་བ་སྔ་ཕྱི་འདི་རྣམས་སུ་དུས་འཁོར་ལྷ་དགུའི་བསྙེན་ཡིག །གསང་ཐིག་ཡུམ་བཀའི་དབང་བསྒྲིག་དང་རྫོགས་རིམ་གྱི་ཁྲིད་ཡིག་སོགས་ཉིན་མང་དུ་བྲིས། ཐ་སྐར་ཟླ་བའི་ཚེས་བཅུར་སྒྲུབ་པ་རྣམས་ནས་སྒྲུབ་ཁང་གསར་བཞེངས་ནང་ཞབས་བརྟན་འབུལ་སར་ཕྱིན། རྗེ་བླ་མ་རིན་པོ་ཆེ་དེ་ཉིད་ཀྱི་བཀའ་དྲིན་ལས་རང་གི་ཚེ་རིམ་པར་བསྲིང་ཞིང་ཚད་ལུང་བསྟན་པ་རྗེས་མར་ཁེལ་བ་དང་རང་ལའང་སྔ་རྗེས་རྨི་ལམ་བྱུང་བ་སོགས་གུང་འགྲིགས་ཤིང་། འདི་སྐོར་ནས་རྨི་ལམ་ཡང་ཅུང་ཟད་འཚུབས་པས། རང་གི་ཚེ་འདིའི་བྱ་བའི་གཙོ་བོ་མཛོད་ལྔའི་སྐོར་དཀར་ཆག་བརྒྱུད་ཡིག་བཅས་གྲུབ། ཡིག་སྣ་ཕྲན་ཚེགས་འགའ་རེ་ལས་མཐའ་མ་བུད་པ་མེད། དེ་དག་གི་སྤར་ཡང་མཐའ་འདུས་ལ་ཉེ་བས་སེམས་ཀྱི་ལྷག་མ་ལུས་པ་གང་ཡང་མེད། དེང་སང་གི་དུས་ལ་དཔག་པའི་ཚེ་ཚད་ཀྱང་མཐར་ཕྱིན། དུས་སུ་བབས་པ་ལ་སངས་རྒྱས་བྱོན་ཀྱང་ཟློག་ཐབས་མེད་པ་ཤེས་ཀྱང་གཞན་དག་གི་རེ་ལྟོས་ནན་ཆེ་བ་སོགས་དགོས་པ་ཕྲན་ཚེགས་ཆེད་དུ་འཛར་ཀ་གཏེར་སྟོན་ལས་རབ་གླིང་པ་ལ་ཅིར་འགྱུར་བརྟག་པ་ཞུས་པས། ཁོང་ནས་འཛར་སྤྲུལ་ལའང་བཀའ་བརྟག་ཞུས་པ་གཉིས་ཀ་ཕྱོགས་མཐུན་གྱིས་རིམ་གྲོ་མང་ཞིག་བབས་པ་དེ་ལྟར་བསྒྲུབ་ན་ལོ་རྗེས་མར་ན་ངོ་ཙམ་ལས་གེགས་འཚེ་ཆེ་བ་མི་འབྱུང་བ་ཐུགས་ཐག་བཅད་འདུག་པ། བརྟགས་བབས་ཀྱི་མཁའ་འགྲོའི་མེ་མཆོད་འབུམ་ཐེར་གསུམ་བསྒྲུབས། དགུ་པའི་དམར་ཕྱོགས་སུ་ཀཿཐོག་བླ་མ་ནུས་ལྡན་གཉིས་དང་གྲྭ་ཚང་བཅས་པས་བཀའ་བརྒྱད་ཁྲོམ་ཕྱི་བདར་བཅའ་སྒྲུབ་མཛད། ཚེ་སྒྲུབ་མཚམས་པ་གསུམ་གཞག་དགོས་པ་དང་། ཡེ་འབར་སྒྲུབ་པའི་མཐར། རྒྱལ་པོའི་མདོས་ཆེན། དྲི་མེད་བཤགས་རྒྱུད་ཁྲི། ཚོགས་འབུམ་ཐེར་སོགས་འདི་ག་དང་། ཡང་ཁྲོད་ཕན་ཚུན་གཉིས་ཀ་ནས་དགེ་ལེགས་དང་ཚེ་རིང་དོན་གྲུབ་གཉིས་ཀྱིས་གྲུབ་ངེས་བྱས་སོང་། ཚོགས་མེ་མཆོད་བཤགས་རྒྱུད་སྐོར་ནི་རང་ཉིད་ཤི་མ་ཤི་ཇི་ལྟར་ཡང་འགྲུབ་པ་ཞིག་བྱེད་དགོས་སྙམ་པ་ཡིད་ལ་རྒྱུན་དུ་ཡོད་ཀྱང་རིམ་ལུས་ཤོར་བ་འདི་རེས་རྐྱེན་ངན་དགེ་སྐུལ་གྱི་དཔེར་སོང་། སྡེ་གཞུང་མའི་སྤྲུལ་སྐུ་ཕེབས་པར་རྒྱུད་བླ་མའི་བཤད་ལུང་། བློ་སྦྱོང་དོན་བདུན་མའི་ཁྲིད་སོགས་བཞེད་སྐོང་གང་དགོས་བྱས། སྨིན་ཟླའི་ཚེས་གསལ་སྤྱི་ཁྱབ་དཔོན་འཁོར་རྣམས་བྱོན་པར་དབང་ལུང་གང་དགོས་བགྱིས་ནས་ཐུགས་འདོད་བསྐང་། སྒྲུབ་ཕུག་ཕན་ཚུན་དུ་ཚོགས་འཁོར་དང་བཀྲ་ཤིས་རིང་མོའང་བརྗོད། དཀོན་མཆོག་སྤྱི་འདུས་དང་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ཚོགས་སྟོང་ཕྲག །གཞན་སོ་སོའི་འདོད་སྐོང་སྐབས་སུ་བབས་པ་རྣམས་གྲུབ་ནས་ཚུར་བཏེགས་ཞོར་རྫོང་དགོན་དུ་ཀུན་གཟིགས་བླ་མ་རིན་པོ་ཆེའི་གཟིམ་སྤྱིལ་དུ་རྩ་གསུམ་དྲིལ་སྒྲུབ་ཚོགས་མཆོད་ཕུལ་ནས་ཡང་ཁྲོད་དུ་སླེབས། སྡེ་དགེ་སྲས་བླ་ཆེ་ཆུང་དང་གོ་འཇོ་བྲག་ནག་དགོན་པ་སོགས་སོ་སོར་དགོས་པའི་དབང་ལུང་རྣམས་བགྱིས་ནས་ཆོས་གླིང་ཕུར་པའི་བསྙེན་པ་བཏང་། ལོ་བསྟར་ཕུར་ཟློག །སྒྲོལ་དཀར་གསེར་སྐུ་སྒྲོས་ལེགས་ཅན་གསར་བཞེངས་གྲུབ་པར་གཟུངས་གཞུག་རབ་གནས་བྱས་ཤིང་བསྙེན་སྒྲུབ་སྦྲེལ་མར་བགྱིས། བཅུ་གཉིས་པར་རྟ་མགྲིན། མ་མོ། བདུད་རྩི་བཅས་སྙན་བརྒྱུད་རྣམ་པ་གསུམ་གྱི་བསྙེན་སྒྲུབ་དང་། ལོ་མཇུག་མགོན་པོའི་གཏོར་སྒྲུབ་ལའང་ཁྱུགས་ཙམ་ཕྱིན། ཤིང་རྟ་གནམ་ལོ་གསར་ཚེས་རང་ལོ་གྱ་གཉིས་པར་སོན་པའི་ཚེས་གཉིས་ནས་ཡམས་ཐབས་ལྟ་བུས་ནད་གཞི་ལྕི་བས་ཟིན། ཁྱད་པར་གློ་འཁྲུགས་ཀྱི་རྒྱུན་སྔར་ནས་ཡོད་པ་དེས་ལུས་ཁམས་དཀྲུགས། གཉིད་གཏན་ནས་སངས་པ་བཅས་ལ་སྐྲག་ནས་ཚེ་རིང་དོན་གྲུབ་ཀྱིས་ཀཿཐོག་འཛར་ཀ་རྣམས་ལ་བརྟགས་ཞུས། ཡར་མར་རྒྱེབ་ཆོག་སོགས་འུར་ཆེ་བར་བྱས་སོང་། རང་ནས་སྒྲིབ་སྦྱོང་ཆེད་དམིགས་ཆོ་འཕྲུལ་ཟླ་བ་དེ་ཁོངས་དཔལ་སྤུངས་འདུས་སྡེར་ཡིག་དྲུག་དུང་ཕྱུར་ལག་འཛུག་དང་། འདུས་པ་སུམ་བརྒྱ་ཡར་བརྒལ་ལ་དར། དངུལ་ཞོ་གསུམ་རེའི་ཕྱག་འགྱེད་ཞུས། སྡེ་དགེ་སྐུ་ངོ་རྣམས་དང་། དཔལ་སྤུངས་སྐུ་མཆེད་བླ་གྲྭ་སོགས་ནས་ཞབས་བརྟན་སོ་སོར་གནང་། སྒྲུབ་པ་རྣམས་ནས་སྒྲོལ་དཀར་སྒྲུབ་མཆོད་མང་དུ་བཏང་བ་སོགས་ཀྱིས་ནད་དངོས་གཞི་དྭངས་རུང་བགྲང་བྱའི་བབ་ལྗི་བས་ལུས་ཁམས་སོར་ཆུད་པའི་རེ་བ་དཀའ་འདུག །མཁན་བླ་མ་བཀྲ་ཤིས་འོད་ཟེར་དང་། གསེར་ཐལ་བླ་མ་ཨོ་རྒྱན་ལྷུན་གྲུབ་གཉིས་ཀྱིས་སྔར་ནས་རྣམ་ཐར་ཞིག་བྲི་དགོས་ཚུལ་ལན་གྲངས་མང་པོར་བསྐུལ་བ་དང་། མཁས་དབང་བླ་མ་བཀྲ་ཤིས་ཆོས་འཕེལ་ནས་དེ་མཚུངས་བསྐུལ་མ་དང་ཡི་གེའི་མཐུན་རྐྱེན་སྦྱར་བ་ལ་བརྟེན་ནས་དབང་ལུང་འཆད་ཉན་སོགས་རེ་བ་མེད་ཅིང་དལ་སྡོད་སྐབས་སུ་གཉིད་བསང་བྱེད་དུ་འདི་ཙམ་མ་བྲིས་ཀ་མེད་གྱུར་པ་ལགས། སྤྱིར་ཁྱད་གཞི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ། ཁྱད་ཆོས་མཐོ་རིས་ཡོན་ཏན་བདུན། འཁོར་ལོ་ཆེན་པོ་བཞི་དང་ཡང་ལྡན། དོན་གྱི་འབྲས་བུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་པ་ཙམ་དུ་མ་ཟད་དུས་གསུམ་དུ་མ་བྱོན་མི་འབྱོན་འབྱོན་པར་མི་འགྱུར་བ་གསང་སྔགས་རྡོ་རྗེ་ཐེག་པ་དང་མཇལ་ནས། རིན་པོ་ཆེ་གསེར་གྱི་གླིང་དུ་ཕྱིན་པ་ལྟར་ཇི་འདོད་རང་དབང་དུ་སྤྱོད་དུ་ཡོད་པ་འདི་ལྟ་བུ་ནི་འཁོར་བའི་གནས་སྐབས་ནམ་དུའང་རྙེད་མི་སྲིད་པར་འདུག་ཀྱང་། ལས་སྨོན་དབང་བཙན་པ་དང་རང་དབང་གཞན་ལ་ཤོར་བ་ལྟ་བུས་ཆེད་དུ་ཡིད་ལ་བརྣག་པའི་སྒྲུབ་པ་སྙིང་པོར་བྱེད་པ་ནི་ལག་ཏུ་མ་ཐེབས། ཡིད་ལ་མེད་པའི་བྱ་བ་ལས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པ་ཞིག་གིས་གཡེང་། འོན་ཀྱང་ཆུང་ངུའི་དུས་ནས་འཇིག་རྟེན་གྱི་བྱ་བཞག་ཤུགས་ཀྱིས་བོར། སྐུ་སྐྱེ་སོགས་ཀྱི་མིང་མ་ཐོགས། དགོན་པའི་ཁ་འཛིན་གྱི་དཀོར་སྡུད་པ་སོགས་ཀྱི་བྱ་བ་གང་ཡང་མ་དགོས་པས་ད་ལྟའི་བར་དུ་དགེ་བ་དང་ཆོས་ཀྱི་བྱ་བ་འབའ་ཞིག་ལ་བརྩོན་པ་འདི་དག་རྣམ་ཐར་གྱི་སྙིང་པོ་ཡིན་ཅིང་རང་ལོ་སུམ་ཅུ་སོ་བགྲང་ཕན་ལ་དད་ཟས་དང་གཤིན་སྐོར་ཡང་ཟོས་པ་མེད་ཀྱང་དེ་ཕྱིན་ནས་དཀོར་ནག་གི་ཁུར་པོ་ཇེ་ལྕི་སོང་། གསལ་སྣང་དང་ཡོན་ཏན་གྱི་རིགས་ཕྱིར་ལ་འགྲིབས། སྡིག་ལྟུང་དང་བག་ཆགས་ངན་པ་ཇེ་འཕེལ་དུ་སོང་བས། མདོ་སྡེ་ལས། སྡིག་ཅན་ཞིག་གིས་ཉིན་རེ་བཞིན་མི་སྟོང་ཕྲག་བསད་པ་ལས་ཚུལ་ཁྲིམས་འཆལ་པས་དཀོར་ལ་སྤྱོད་པ་ཉེས་པ་ཆེ་བར་གསུངས་པས། ཚུལ་ཁྲིམས་རྣམ་པ་གསུམ་ཁས་མ་བླངས་པ་རང་གཞན་སུའང་མེད་ཀྱང་། སོ་ཐར་ལ་བུད་མེད་མངོན་མཚན་དུ་མེད་ན་སྡོམ་པ་གཙང་བར་བརྩི་བ་ལས་དགོན་དཔོན་བླ་མ་རྣམས་ནས་ཀྱང་རྩ་ལྟུང་གཞན་ལ་བརྩི་འཇོག་མེད། བྱང་སྡོམ་རྩ་བ་སེམས་ཅན་བློས་སྤངས་དང་ནག་པོའི་ཆོས་བཞི་རྣམས་ཀྱང་ཉམས་ལེན་དུ་བསྟར། སྔགས་ཀྱི་དམ་ཚིག་རྩ་བ་ཡན་ལག་ཕལ་ཆེར་ཇི་མི་སྙམ་པར་སྤྱོད་ན་བླ་མེད་དབང་བཞིའི་དམ་ཚིག་འཇའ་ལྟར་ཡལ་བ་ལྟ་ཅི་སྨྲོས། དེ་དག་གི་རྒྱུ་ལྟུང་བ་འབྱུང་བའི་སྒོ་བཞིར་གསུངས་པ་མི་ཤེས་པ། མ་གུས་པ། བག་མེད་པ། ཉོན་མོངས་པ་མང་བ་རྣམས་ཏེ། མི་ཤེས་པ་ནི་དེང་སང་གི་བླ་སྤྲུལ་དུ་མཚན་གསོལ་བ་ཕལ་མོ་ཆེས་ཀྱང་སྡོམ་པ་གསུམ་གྱི་བཅས་པ་སྲུང་མཚམས་འདས་ཉམས་ཀྱི་རྣམ་གཞག་ཕྱོགས་ཙམ་ཤེས་པ་མེད་ན་གྲྭ་རིགས་རྣམས་ཀྱིས་ལྟ་ཅི་སྨྲོས། བསླབ་པ་ལ་སྙིང་ནས་མི་གུས་པ་མེད་ཀྱང་རྒྱུ་མཚན་མི་ཤེས་པས་གུས་པའང་མེད་ཅིང་དེ་ལས་འགའ་ཞིག་ཤེས་བཞིན་ཁྱད་དུ་གསོད་པ་ནི་ཤིན་ཏུ་ནོངས་པ་ཆེ་བ་དང་། བག་ཡོད་པ་དྲན་པ་དང་ཤེས་བཞིན་བསྟེན་དགོས་ཀྱང་དེ་བསྟེན་མ་ནུས་པས་སྒོ་གསུམ་བག་མེད་དབང་དུ་ཤོར་བ་དང་། སྙིགས་དུས་སུ་སྐྱེས་པའི་མི་རྣམས་ཉོན་མོངས་པ་རིམ་བཞིན་ཇེ་ཧྲག་ཏུ་སོང་བས་དུག་གསུམ་གང་རུང་གི་དབང་དུ་ཤོར་བ་ཤས་ཆེ་བས། རང་ཉིད་ཀྱང་དེ་ལྟ་བུའི་ནོངས་པས་འགྲོ་ས་ངན་སོང་ལས་མེད་པར་དོགས་པའི་ཁོང་འཚང་ནི་རྒྱུན་དུ་འབྱུང་བར་སྣང་བ་ནི་འཕྲོས་སུ་ཐལ་ལོ། །སྐྱེས་བུ་དམ་པ་རྣམས་ཀྱི་མཛད་པ་རྨད་དུ་བྱུང་བ་དམ་པའི་ཚུལ་དགུ་དང་འཁོར་ལོ་གསུམ་དུ་གྲགས་པའི་དབང་དུ་བྱས་ན་དེ་དག་ཇི་བཞིན་གར་ཡོད་ཀྱང་ཕྱོགས་དང་ཆ་ཤས་ཙམ་རེ་ནི་བརྗོད་དུ་ཡོད་ཅིང་དེ་ལས། ཀློག་པ་ཐོས་བསམ། སྤོང་བ་བསམ་གཏན། བྱ་བ་ལས་ཀྱི་འཁོར་ལོ་གསུམ་དུ་བསྡུས་ཏེ་བརྗོད་ན། ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཚུལ་ཁྲིམས་རིན་པོ་ཆེ་རྣམ་པ་གསུམ་ལེགས་པར་ནོས་ཏེ་སོ་སོའི་བསླབ་བྱ་ཅི་ནུས་སུ་བསྲུངས། ཕྱི་རིག་པ་སྒྲ་ཀ་ཙཱན་དབྱངས་གསུམ་གཞུང་ཡན་ལག་དང་བཅས་པ། ཚད་མ་ལས་བསྡུས་པའི་འགྲོ་ཕྱོགས། བཟོ་རིག་བྲིས་འབུར་དང་གཞལ་ཡས་ཁང་གི་ཐིག་རྩ། གསོ་བ་རིག་པ་རྒྱུད་བཞི་ལག་ལེན་བཅས། སྐར་ནག་རྩིས་ཀྱི་རིག་པ། སྡེབ་སྦྱོར་སྙན་ངག་མངོན་བརྗོད་འཆི་མེད་མཛོད་རྩ་འགྲེལ་དང་བཅས་པ་རྣམས་གཞན་ལ་ལྟོས་མི་དགོས་པ་སྦྱངས། ནང་རིག་པ་ཐུན་མོང་བ་མངོན་རྟོགས་རྒྱན། དབུ་མ་འཇུག་པ། མངོན་པ་མཛོད། རྒྱུད་བླ་མ་རྣམས་ཀྱི་བཤད་པ་ཞིབ་མོར་ཉན། ཐུན་མོང་མ་ཡིན་པ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་དང་བཅས་པ་ཞ་ལུ་ནས་བརྒྱུད་པའི་བཤད་པ་དང་བུ་སྟོན་ཡབ་སྲས་ཀྱི་ཡིག་ཆའི་ལུང་། བདེ་མཆོག་རྩ་རྒྱུད་འགྲེལ་པ་རྗེ་ཙོང་ཁ་པའི་སྦས་དོན་ཀུན་གསལ་གྱི་བཤད་པ། དགྱེས་རྡོར་བརྟག་གཉིས་ས་རྔོག་གཉིས་ཀའི་བཤད་སྲོལ་དང་སོ་སོའི་ཡིག་ཆའི་ལུང་། ཕུར་པ་རྩ་དུམ་དང་འཇམ་དཔལ་མཚན་བརྗོད་རྣམས་ཀྱི་བཤད་པ། རང་བྱུང་ཞབས་ཀྱི་ཟབ་མོ་ནང་དོན། རྣམ་ཤེས་ཡེ་ཤེས་འབྱེད་པ། སྙིང་པོ་བསྟན་པ་རྣམས་ཀྱི་ཞིབ་བཤད་ཞུས། རྙིང་མ་ལ་རྩ་རྒྱུད་གསང་བ་སྙིང་པོ་སྨིན་གླིང་ལོ་ཆེན་གྱི་འགྲེལ་པ་ལྟར་གྱི་བཤད་ཆེན། སྤར་ཁབ་སོགས་སྔ་འགྲེལ་རྣམས་ཀྱི་ལུང་། མན་ངག་ལྟ་ཕྲེང་དང་གསང་སྔགས་ལམ་རིམ་གྱི་བཤད་ཁྲིད་བཅས་ཕྱག་ལེན་ལྟར་ཞིབ་པར་ནོས་ཤིང་དེ་དག་གི་རྩ་བ་ཕལ་མོ་ཆེ་བློ་འཛིན་དང་འགྲེལ་པ་ལ་ལྟ་རྟོག་བསམ་མནོའང་བགྱིས། བསྟན་པ་འདིའི་དམ་ཆོས་ཀྱི་གཙོ་བོ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཚར་གཉིས། གསང་སྔགས་རྙིང་མ་རྒྱུད་འབུམ་པོད་ཉེར་ལྔ། བསྟན་འགྱུར་ལས་དེང་སང་རྒྱུན་བཞུགས་སོ་འཚལ་པོད་ཉི་ཤུ་རྩ་བགྲང་སྐོར་གྱི་ལུང་ནོས། རྡོ་རྗེ་ཐེག་པའི་རྩ་བ་བྱ་རྒྱུད་ལས་རིགས་གསུམ་སྤྱི་དམ་ཚིག་གསུམ་བཀོད། སྨན་བླ་ཞེ་བདུན་མ། གཤེགས་རིགས་དྲི་མེད་རྣམ་གཉིས། གདུགས་དཀར། མི་འཁྲུགས་ལུགས་གཉིས། གྲྭ་ལྔ། པདྨའི་རིགས་དོན་ཡོད་ཞགས་པ། ཕྱག་སྟོང་སྤྱན་སྟོང་། ཚེ་དཔག་མེད་ལྷ་དགུ་འཆི་མེད་རྔ་སྒྲ། ཕྱག་རྡོར་དཀར་མཐིང་། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་། ཨ་ར་པ་ཙ་ལྷ་ལྔ། རྣལ་འབྱོར་རྒྱུད་རྡོ་རྗེ་དབྱིངས། འཇམ་དཔལ། ཆོས་དབྱིངས་གསུང་དབང་དང་གསང་ལྡན། སྦྱོང་རྒྱུད་གཙུག་ཏོར་དགུ་པ། རྩ་བ་ཀུན་རིག་ལུགས་གཉིས། ཡན་ལག་དཀྱིལ་འཁོར་བཅུ་གཉིས་རྣམས་ཀྱི་དབང་ལུང་ཚང་བ་ནོས། བླ་མེད་ལ་དཔལ་དུས་ཀྱི་འཁོར་ལོ་རྭ་འབྲོ་ཙ་མི་གསུམ་གྱི་བཀའ་སྲོལ་ཇོ་ཞལ་ཀཾ་ཚང་ལས་བརྒྱུད་པའི་དབང་ཐུན་མོང་ཁྱད་པར་བཅས། སྡོམ་པ་ཆེན་པོ། དགྱེས་རྡོར་ས་ལུགས་བཞི་ནང་གསེས་དང་བཅས་པ། རྔོག་ལུགས་ལྷ་དགུ། བདག་མེད་མ། གུར་རིགས་བསྡུས། སཾ་བུ་ཊི་རྣམས་ཀྱི་དབང་། བདེ་མཆོག་སྟོད་འགྲེལ། ལཱུ་ཡི་ལུགས། དྲིལ་བུ་ལུས་དཀྱིལ་དང་དྲིལ་ཆུང་ལྷ་ལྔ། ནག་པོ་ལུགས། འཁྲུལ་སྤངས། མཻ་ཏྲི་བཅུ་གསུམ། ཡུམ་བཀའ་ཕག་མོ་སོ་བདུན་མ། ནཱ་རོ་མཁའ་སྤྱོད། དམྱལ་ལུགས་བདེན་གཉིས་ཞལ་ཅན། དོན་གྲུབ་མ། ཞི་སྦས་ཕག་མོ་རྣམས་རྩ་རྒྱུད་ལས་འབྱུང་བ་དང་། སྡོམ་འབྱུང་། སྦྱང་བའི་ཡོན་ཏན། འཁོར་ལོས་སྒྱུར་དྲུག །གསར་འགྱུར་བདེ་མཆོག་འཇམ་རྡོར་དང་དྲག་པོ་ཕྱག་འབུམ་པ། བོང་ཞལ་ཅན། ཕག་མོ་ལྷ་བཅུ་བདུན་མ། རྡོ་རྗེ་མཁའ་འགྲོ། མཁའ་འགྲོ་རྒྱ་མཚོ་བརྒྱུད་སྲོལ་གསུམ་འདུས། གསར་འགྱུར་ཕག་གདོང་ཆེན་མོ་ཕག་མོ་འབྱུང་བ། ཁྲོ་བོ་རྡོར་སེམས་བཅས་བཤད་རྒྱུད་ལས་འབྱུང་བ་རྣམས་དང་། བདེ་མཆོག་སྤྱན་རས་གཟིགས་པདྨ་དྲྭ་བ། ཀུ་རུ་ཀུལླེ་ལྷ་ལྔ། སྒྲོལ་མ་རྣལ་འབྱོར་མ་བཅས། མ་རྒྱུད་གཞན་རྣམས་སླད་ནས་འབྱུང་ཞིང་། ཕ་རྒྱུད་འདུས་པ་ཕག་ལུགས། གསང་འདུས་འཇམ་རྡོར་དང་ཇོ་ལུགས་སྤྱན་རས་གཟིགས། གཤེད་དམར་ལྷ་ལྔ་དང་བཅུ་གསུམ་མ། ཞང་ལུགས་གཤེད་ནག །གདོང་དྲུག །འཇིགས་བྱེད་རོ་ལངས་བརྒྱད་བསྐོར་དང་བཅུ་གསུམ་མ། སྐྱོ་ལུགས་ཞེ་དགུ་མ་དང་ཁྲོ་མོ་བརྒྱད་སྐོར། མལ་ལུགས་ལྷ་དགུ། ཕྱག་རྡོར་འཁོར་ཆེན། འཇམ་དཔལ་གསང་ལྡན་བླ་མེད་ལུགས་བཅས་ཀྱི་དབང་། ཡིག་ཆ་རྣམས་ཀྱི་ལུང་། སོ་སོའི་ཁྲིད་ཀྱི་རིམ་པ་དང་བཅས་ཞིབ་པར་ནོས། བོད་ཡུལ་དུ་ཡོངས་སུ་གྲགས་པའི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་དང་པོ་སྔ་འགྱུར་རྙིང་མ་ལ་བཀའ་གཏེར་དག་སྣང་གསུམ་ལས། བཀའ་མ་མདོ་སྒྱུ་སེམས་གསུམ། མཉམ་སྦྱོར། གཤེད་དམར་ནག་གསུམ། ཡང་དག་ལུགས་གཉིས། ཕུར་པ་ལུགས་གསུམ། དོང་སྤྲུགས་གཉིས། བཀའ་བརྒྱད་རྫོང་འཕྲང་། རྣམ་འཇོམས་ཁྲོ་དཀར་ནག་སོགས་དེང་སང་རྒྱུན་བཞུགས་སོ་ཅོག་གི་དབང་ལུང་། ཀུན་མཁྱེན་ཀློང་ཆེན་པའི་མཛོད་ཆེན་བདུན། ངལ་གསོ་སྐོར་གསུམ། གསུང་ཐོར་བུའི་རིགས། ཁྱད་པར་སྙིང་ཐིག་ཡ་བཞིའི་དབང་ལུང་ཁྲིད་བཅས། གཏེར་མ་སངས་རྒྱས་བླ་མ་དང་རྡོར་འབུམ་ཆོས་ཀྱི་གྲགས་པ་སོགས་ནས་བཟུང་། མངའ་བདག་ཉང་། གུ་རུ་ཆོས་དབང་། རིག་འཛིན་རྒོད་ལྡེམ་སྟེ་མཆོག་གི་སྤྲུལ་སྐུ་རྣམ་གསུམ། གླིང་ཆེན་སྡེ་ལྔ་གཙོར་གྱུར་གླིང་པ་ཡོངས་གྲགས་རྣམས། ལས་འབྲེལ་རྩལ། དྲི་མེད་རྣམ་གསུམ། འཇའ་ཚོན་སྙིང་པོ། བདུད་འདུལ་རྡོ་རྗེ། ཀློང་གསལ་སྙིང་པོ། སྟག་ཤམ་རྡོ་རྗེ། ཡོངས་དགེ་མི་འགྱུར་རྡོ་རྗེ། རོལ་པའི་རྡོ་རྗེ། པདྨ་འོད་གསལ་མདོ་སྔགས་གླིང་པ། མཆོག་གྱུར་བདེ་ཆེན་གླིང་པའི་བར་དུ་བྱོན་པའི་གཏེར་ཆེན་རྣམས་ཀྱི་གཏེར་ཆོས་དེང་སང་རྒྱུན་བཞུགས་སོ་ཅོག་གི་དབང་ལུང་ཁྲིད་དང་བཅས་པ། འཕྲང་འགོ་གཏེར་སྟོན་ཤེས་རབ་འོད་ཟེར་གྱི་བཀའ་འབུམ་པོད་གཅིག །སྨིན་གླིང་གཏེར་ཆེན་བཀའ་འབུམ་པོད་བཅུ་བཞི་གཙོར་གྱུར། བཀའ་འབུམ་རྣམ་ཐར་ཞལ་གདམས་གསུང་མགུར་རིགས། གཏེར་ཕྲན་རྒྱུན་ཡོད་དོ་ཅོག །དག་སྣང་སྙན་བརྒྱུད་སྐོར་ལ། ནམ་མཁའ་འཇིགས་མེད། ཉི་ཟླ་ཀློང་གསལ། གནམ་ཆོས་མི་འགྱུར་རྡོ་རྗེ། རྒྱལ་དབང་ལྔ་པ་ཆེན་པོ། འཇིགས་མེད་གླིང་པ། ཐུགས་ཀྱི་རྡོ་རྗེ་གཙོ་བོར་གྱུར་པའི་གཏེར་ཆོས་ཆེ་ཕྲ་དུ་མའི་དབང་ལུང་རྣམས་དང་། གནམ་ཆོས། འཇིགས་མེད་གླིང་པ་སོགས་ཀྱི་གསུང་འབུམ། རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ་པོད་དྲུག །ཞེ་ཆེན་རབ་འབྱམས་གཉིས་པའི་བཀའ་འབུམ་པོད་དགུ། རྒྱལ་ཚབ་གསུང་པོད་གཉིས། དབོན་སྤྲུལ་རིན་པོ་ཆེའི་གསུང་འབུམ་པོད་གཅིག་བཅས་ཀྱི་ལུང་རྣམས་ནོས། གཉིས་པ་བཀའ་གདམས་རིན་པོ་ཆེའི་སྐོར་ལ། ཐིག་ལེ་བཅུ་དྲུག་དང་ལྷ་བཞི་རྣམས་ཀྱི་དབང་རྗེས་གནང་ཁྲིད་བཅས། བཀའ་གདམས་གླེགས་བམ་རིན་པོ་ཆེ་ཕ་ཆོས་བུ་ཆོས་སུ་གྲགས་པ། བྱང་ཆུབ་ལམ་རིམ་རྩ་བ་དང་ཤ་ར་བས་མཛད་པའི་ཁྲིད་ཡིག་འབྲིང་པོ། གསེར་ཞུན་བདེ་ལམ། འཇམ་དཔལ་ཞལ་ལུང་རྣམས་ཀྱི་ཞིབ་ཁྲིད། པུ་ཏོ་བའི་དཔེ་ཆོས་རྒྱས་འགྲེལ་གཏམ་རྒྱུད་བཅས། ལྕེ་སྒོམ་པའི་མན་ངག་རིན་སྤུངས་དང་བཀའ་གདམས་ཐོར་བུ། དོལ་པོ་པའི་བེ་བུམ་སྔོན་པོ། ནག་ཚོ་ལོ་ཙཱ། འབྲོམ་སྟོན། ཁ་རག་པ་སོགས་ཀྱི་གསུང་ཐོར་བུ། གྱེར་སྒོམ་པའི་རི་ཆོས། བློ་སྦྱོང་དོན་བདུན་མ་དང་། དེའི་ཞིབ་ཁྲིད་སྙན་བརྒྱུད་ཆེན་མོ། ལེགས་བཤད་ཀུན་འདུས། གླང་རི་ཐང་པའི་ཚིག་རྐང་བརྒྱད་མ། ཁམས་པ་ལུང་པའི་ཐུན་བརྒྱད་མ་གཉིས་ཀྱི་ཁྲིད། བློ་སྦྱོང་བརྒྱ་རྩའི་བེ་བུམ། རྒྱལ་སྲས་ཐོགས་མེད་ཀྱི་བཀའ་འབུམ། རྗེ་རིན་པོ་ཆེའི་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཁྲིད་སོགས་བཀའ་གདམས་གསར་མའི་སྐོར་ཐོར་བུ། བཀའ་གདམས་ཆོས་འབྱུང་ཆེན་མོའི་ལུང་སོགས་ནོས། གསུམ་པ་ས་སྐྱ་པའི་གདམས་ངག་རྩ་བ་ལམ་འབྲས་བུ་དང་བཅས་པ་ལས་སྔགས་ལུགས་ཀྱི་སེམས་བསྐྱེད། ཀྱེ་རྡོར་རིགས་བཞིའི་དབང་སྔོན་དུ་འགྲོ་བས་ལམ་འབྲས་ཚོགས་བཤད་རྩ་བ་ཡན་ལག་དང་བཅས་པ། སྐབས་སུ་བབས་པའི་བྱིན་རླབས་ཀྱི་རིགས། ལམ་འབྲས་པོད་སེར། པོད་དམར། པོད་སྔོན་རྣམས་ཀྱི་ལུང་། བརྟག་གཉིས་རྒྱུད་བཤད་ཀུན་ཏུ་དགོས་པའི་གཞུང་བདུན་དང་བཅས་པ། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་ཁྲིད་དང་གཞུང་པོད་ཀྱི་ལུང་། བླ་མེད་རྒྱུད་སྡེ་རྣམས་ཀྱི་དབང་དང་གསེར་ཆོས་བཅུ་གསུམ་དུ་གྲགས་པ་གཙོར་གྱུར་བྱིན་རླབས་དང་རྗེས་གནང་གི་རིམ་པ་མང་དུ་ནོས། སྒྲུབ་བརྒྱུད་ཤིང་རྟ་བཞི་པ་མངའ་བདག་མར་པའི་བཀའ་བརྒྱུད་ཀྱི་སྐོར་ལ། ཕྱག་ཆེན་རྒྱ་གཞུང་པོད་གཉིས། བཀའ་ཡང་དག་པའི་ཚད་མ་དང་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ཀ་དཔེ་ཆེ་ཆུང་སོགས་ཆོས་དྲུག་གི་རྒྱ་གཞུང་རྣམས་དང་། མར་མི་གཉིས་ཀྱི་རྣམ་མགུར་སྦྲགས་མ། དྭགས་པོ་རིན་པོ་ཆེའི་བཀའ་འབུམ་པོད་གཅིག་རྩ་བ་སྙན་བརྒྱུད་སྐོར་ལ་རྒྱས་པ་རས་ཆུང་ལུགས། འབྲིང་པོ་ཀཾ་ཚང་ལུགས། བསྡུས་པ་ངམ་རྫོང་ལུགས་རྣམས་ཀྱི་དབང་ལུང་ཁྲིད་བཅས། ལུས་མེད་མཁའ་འགྲོའི་ཆོས་སྐོར། སྙན་གྱི་ཤོག་དྲིལ་བཞི། བཀའ་བརྒྱུད་སོ་སོའི་བཀའ་སྲོལ་དྭགས་པོ་གདན་སའི་ལུགས། ཚལ་པ་བཀའ་བརྒྱུད། ཕག་གྲུ། ཁྲོ་ཕུ། གླིང་རས་བཀའ་བརྒྱུད་འབྲུག་པ་སྟོད་སྨད་བར་གསུམ། ཡང་དགོན་པ་དང་འབའ་ར་བ། སྟག་ལུང་འབྲི་གུང་པ་རྣམས་སོ་སོའི་ལུགས་ཀྱི་ཕྱག་ཆེན་ཆོས་དྲུག །དགོངས་གཅིག་གི་བཤད་པ་སོགས་དང་། སྨར་ཚང་ཡེ་ཤེས་རྒྱ་མཚོའི་ཕྱག་ཆེན་གྱི་ཁྲིད་ཆེན། ཁྱད་པར་ཀཾ་ཚང་ལུགས་སུ། དཔལ་ལྡན་དུས་གསུམ་མཁྱེན་པའི་ཐུགས་དམ་ལྔ་ཚན་ལྔ་དང་རྒྱལ་བ་རྒྱ་མཚོ་ལྷ་དགུ་ལྷ་ལྔ་རྣམས་ཀྱི་དབང་། ཞི་ཕྲེང་དྲག་ཕྲེང་ཆོས་སྐྱོང་གློག་ཕྲེང་སོགས་ཀྱི་རྗེས་གནང་། དུས་མཁྱེན་བཀའ་འབུམ་པོད་གཅིག །རང་བྱུང་ཞབས་དང་མཁའ་སྤྱོད་དབང་པོ་དབང་ཕྱུག་རྡོ་རྗེ་སོགས་ཀྱི་གསུང་ཐོར་བུ། རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་འདུལ་ཊཱིཀ་དང་ཁྲིད་ཐུང་པུསྟི། ཀུན་གཟིགས་ཆོས་ཀྱི་འབྱུང་གནས་དང་རྗེ་པདྨ་ཉིན་བྱེད་དབང་པོའི་གསུང་འབུམ། ཟུར་མང་བཀའ་བརྒྱུད་ཀྱི་གསུང་ཚོགས་ཅི་རིགས། གནས་མདོ་ཀརྨ་ཆགས་མེད་ཀྱི་གསུང་རི་ཆོས། རྒྱབ་ཆོས། ཐུགས་རྗེ་ཆེན་པོའི་དམར་ཁྲིད་ནས་བརྩམ། གཏོ་མདོས་སྐོར་ཡན་བཀའ་འབུམ་པུསྟི་ཉི་ཤུ་སྐོར་གྱི་ལུང་ནོས། ལྔ་པ་ཤངས་པ་བཀའ་བརྒྱུད་ལ། རྡོ་རྗེ་གདན་པ་ལས་མཁས་གྲུབ་ཁྱུང་པོས་གསན་པའི་རྒྱུད་སྡེ་ལྔའི་དབང་ཆེན། ཆོས་དྲུག་བཀའ་བཅུ། གཞུང་བཀའ་ཕྱི་མ་རྣམས་དང་། མགོན་པོའི་བཀའ་ཆེན་བཅུ་གསུམ་བཅས། ནི་གུ་ལུགས་ཀྱི་གསེར་ཆོས་རྣམ་ལྔ། སུ་ཁ་སིདྡྷིའི་ཆོས་དྲུག་ཕྱག་ལེན། རཱ་ཧུ་ལའི་ལྷ་བཞི་དྲིལ་སྒྲུབ་རྣམས་ཀྱི་ཁྲིད། རྒྱ་བོད་ཀྱི་གཞུང་དང་ཡིག་ཆ་པུསྟི་ལྔར་ལོངས་པ་རྣམས་ཀྱི་ལུང་བཅས་ནོས། དྲུག་པ་ཞི་གཅོད་ཀྱི་སྐོར་ལ། བཀའ་བབས་དང་པོ། བར་པ། ཕྱི་མ་བཅས་ཀྱི་དབང་དང་བྱིན་རླབས་ཡོངས་རྫོགས། སོ་སོའི་ཁྲིད། དམ་པའི་གསུང་ཐོར་བུ་ལོ་ཆེན་དྷརྨ་ཤྲཱིའི་ཡིག་ཆ་པོད་གཅིག་གི་ལུང་བཅས། གཅོད་ཡུལ་བཀའ་བབས་དང་པོ་རང་བྱུང་རྡོ་རྗེ། བར་པ་འཇམ་དབྱངས་མགོན་པོ། ཕྱི་མ་རྒྱལ་ཐང་ལུགས་རྣམས་ཀྱི་དབང་དང་ཁྲིད། བྲམ་ཟེ་ཨཱརྻ་དེ་བ་དང་མ་གཅིག་གི་གཅོད་གཞུང་པོད་གཅིག །ཟུར་མང་དང་རྒྱལ་ཐང་ལུགས་ཀྱི་གཅོད་གཞུང་པོད་གསུམ་ཙམ་གྱི་ལུང་རྣམས་ནོས། བདུན་པ་རྡོ་རྗེའི་རྣལ་འབྱོར་ལ་དུས་འཁོར་ཇོ་ཞལ་ལུགས་གཉིས་ཀྱི་དབང་། སྦྱོར་བ་ཡན་ལག་དྲུག་གི་ཁྲིད། རྒྱ་གཞུང་ཁ་ཤས། བསྐྱེད་རྫོགས་སྒྲུབ་དཀྱིལ་དང་བཅས་པའི་ཡིག་ཆའི་ལུང་ཚང་བར་ནོས། བརྒྱད་པ་བསྙེན་སྒྲུབ་ལ། གྲུབ་ཆེན་ཨོ་རྒྱན་པའི་གདམས་ངག་རྩ་བ་འགྲེལ་པ་རྣམས་སོགས་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་ཁྲིད་དང་པུསྟི་ཀ་གཅིག་གི་ལུང་ནོས། སྤྱིར་བསྡུས་པ་མི་ཏྲ་ཛོ་ཀིའི་རྡོ་རྗེ་ཕྲེང་བ། སྣར་ཐང་བརྒྱ་རྩ་བ། གྲུབ་ཆེན་བརྒྱད་ཅུའི་བྱིན་རླབས་དང་ཆོས་དྲུག་ཁྲིད། ཡིག་ཆའི་ལུང་། ཇོ་ནང་སྒྲུབ་ཐབས་རིན་འབྱུང་། རྗེ་བླ་མ་རིན་པོ་ཆེས་གསར་བསྒྲིགས་མཛད་པའི་སྒྲུབ་ཐབས་ཀུན་བཏུས་པོད་བཅུ་རྣམས་དང་། གཞན་ཡང་མི་ཏྲ་ཁྲིད་དྲུག་གི་དབང་ཁྲིད་ལུང་། ཁྲོ་ཕུ་བོ་དོང་སོགས་ཀྱི་ཁྲིད་ཕྲན་རིགས། རྗེ་བཙུན་ཀུན་དགའ་གྲོལ་མཆོག་གིས་བསྡུས་པའི་ཁྲིད་བརྒྱ་ཚར་གཉིས་སོགས་རྒྱལ་བསྟན་རིས་མེད་ལ་ཐོས་པ་མང་དུ་བྱས་པའོ། །ཐོས་པའི་ལག་རྗེས་རྩོམ་པ་ནི། གཙོ་བོར་མཛོད་ཆེན་རྣམས་ཏེ་དེའང་ཐོག་མ་ནས་བསམ་མནོ་བགྱིས་ཏེ་མཛོད་ལྔའི་མིང་བཏགས་དགོས་སྙམ་པ་ནི་ཡིད་ཀྱི་ཟུར་ལའང་མེད། བླ་མ་དང་དགེ་བའི་བཤེས་གཉེན་རྣམས་ཀྱི་གསུང་བསྐུལ་ནན་བསྐྱར་ལ་བརྟེན་ཏེ་རྩོམ་བསྒྲིགས་མང་ཞིག་གྲུབ་པའི་སྐབས་སུ། ཀུན་གཟིགས་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དག་པའི་གཟིགས་ངོར་མཛོད་ལྔའི་བཀའ་བབས་སུ་ལུང་བསྟན་ཅིང་ཆོས་སྡེ་སོ་སོའི་དཀར་ཆག་གནང་བ་ལྟར་བགྱིས་པ་སྟེ། མཛོད་ལྔའི་ཐོག་མ་ཤེས་བྱ་ཀུན་ལ་ཁྱབ་པའི་མཛོད་ནི། ཐོག་མར་དགེ་བ་ཀླད་ཀྱི་དོན་བསྟན་བཅོས་ཀྱི་མིང་དང་མཆོད་བརྗོད་དམ་བཅའ་སྔོན་དུ་འགྲོ་བས། བར་དུ་དགེ་བ་གཞུང་གི་དོན་ལ་གདུལ་ཞིང་འཇིག་རྟེན་ཁམས། འདུལ་བྱེད་སྟོན་པ་སངས་རྒྱས། འདུལ་ཐབས་ཆོས་ཀྱི་འཁོར་ལོ། དེ་ཉིད་འཕགས་བོད་རྣམས་སུ་དར་ཚུལ། གཞི་རྟེན་ཚུལ་ཁྲིམས་རྣམ་གསུམ། དང་པོར་ཐོས་པ། བར་དུ་བསམ་པ། ཐ་མར་སྒོམ་པའི་རྣམ་གཞག །དེ་ལ་བརྟེན་ནས་ས་ལམ་བགྲོད་པ། མཐར་འབྲས་བུ་ལ་སྦྱོར་ཚུལ་བཅས་གནས་ཆེན་པོ་བཅུ། དེ་རེ་རེ་ལ་ནང་གསེས་ཀྱི་དབྱེ་བས་རྐང་པ་བཞི་བཞིར་ཡོད་པས་ཐེག་པ་ཆེ་ཆུང་། སྔ་འགྱུར་འོད་གསལ་རྡོ་རྗེ་རྩེ་མོའི་དགོངས་པ་ཁྱད་པར་བ་རྣམས་ཀྱང་ཞར་ལ་རྟོགས་པར་བྱས་ཤིང་། དེ་དག་བསྡུ་ན་གནས་ལྔ་པས་ལྷག་པ་ཚུལ་ཁྲིམས། དྲུག་པ་དང་བདུན་པས་ཤེས་རབ། བརྒྱད་པས་ཏིང་ངེ་འཛིན་གྱི་བསླབ་པ་གཙོར་བཏོན་ཞིང་གཞན་རྣམས་ནི་དེ་དག་གི་རྒྱུ་དང་འབྲས་བུའི་ཡན་ལག་ཏུ་འགྱུར། ཐ་མར་དགེ་བ་མཇུག་གི་དོན་ལ་བསྟན་བཅོས་ཀྱི་རང་བཞིན་དགོས་པ་རྩོམ་ཚུལ་སྨོན་ལམ་ཤིས་བརྗོད་ཀྱིས་རྩོམ་པ་མཐར་ཕྱིན་པ་རྩ་བའི་སྐོར། མདོར་བསྟན་དོན་བསྡུ། ཚིག་འགྲེལ་བཅས་པོད་གསུམ་མོ། །གཉིས་པ་བཀའ་བརྒྱུད་སྔགས་མཛོད་ནི། མངའ་བདག་མར་པ་ལས་བརྒྱུད་པའི་བཀའ་སྲོལ་རྩ་བ་རྔོག་དཀྱིལ་བདུན་ལ་བྱས། དེ་སྟེང་གཞན་ལས་གང་རྙེད་འཐོར་བ་བསྡུས་པ་སྟེ། དགྱེས་རྡོར་ལྷ་དགུ། འདི་མཚོ་སྐྱེས་ལུགས་དང་རྣམ་པ་འདྲའང་བརྒྱུད་ཁུངས་ཀླུ་སྒྲུབ་ལ་མཛད་པར་སྣང་། བསྲེ་འཕོའི་ཁྲིད་ནཱ་རོ་མཻ་ཏྲིའི་ལུགས་སོ་སོ། བདག་མེད་ལྷ་མོ་བཅོ་ལྔ། གུར་རིགས་བསྡུས། བདེ་མཆོག་དང་ཕག་མོ་ཀཾ་ཚང་ལུགས་ཀྱི་ལྷ་ལྔ། ཆོས་དྲུག་གི་ཁྲིད། འཁོར་ལོས་སྒྱུར་དྲུག །སམྦུ་ཊི་རང་བྱིན་རླབས་ཀྱི་དམིགས་པ་ཉེར་དགུ། མ་ཧཱ་མཱ་ཡ་ལྷ་ལྔ། དབྱིབས་སྔགས་ཆོས་གསུམ་གྱི་ཁྲིད། རྡོ་རྗེ་གདན་བཞི་རྣལ་འབྱོར་ནམ་མཁའ་ལྷ་དྲུག་ཅུ་རྩ་གཉིས། ཡུམ་བཀའ་ཡེ་ཤེས་དབང་ཕྱུག་ལྷ་བཅུ་གསུམ་མ། གདན་བཞིའི་ཁྲིད། སངས་རྒྱས་ཐོད་པ་ལྷ་ཉེར་ལྔ་པ། ཁྲིད་ཞི་སྦས་བཀའ་སྲོལ་བཅས་མ་རྒྱུད་སྐོར། ཕ་རྒྱུད་གསང་འདུས་འཕགས་ལུགས། རིམ་ལྔའི་ཁྲིད། འཇམ་དཔལ་གསང་ལྡན། གཤེད་དམར་ལྷ་ལྔ་དང་མལ་ལུགས་འཇིགས་བྱེད་རོ་ལངས་བརྒྱད་བསྐོར་འདི་གཉིས་མར་པ་ལས་བརྒྱུད་པ་མིན་ཀྱང་རྗེ་བརྒྱད་པ་དང་ཞྭ་དམར་བཞི་པ་རྣམས་ཀྱི་ཡིག་ཆ་དང་དབང་ལུང་གི་རྒྱུན་བཞུགས་ཤིང་། ཕ་རྒྱུད་རིགས་གསུམ་ཚང་བའི་ཕྱིར་དུ་བཀོད། རས་ཆུང་པའི་གཏུམ་པོ་ལྷ་ལྔ་བཅས། དེ་དག་རྣམས་ཀྱི་སྒྲུབ་ཐབས། དཀྱིལ་ཆོག །ཟུར་འདེབས། སྦྱིན་སྲེག་སོགས་གསར་བསྒྲིགས་བགྱིས། ཐོར་བུའི་རིགས་ལམ་ཟབ་བླ་སྒྲུབ། སྒྲོལ་དཀར་ཡིད་བཞིན་འཁོར་ལོ། རྒྱལ་པོ་ཛཿལས་བརྒྱུད་པའི་རྡོར་སེམས། རྣམ་རྒྱལ་མ། སྒྲོལ་ལྗང་། ཕྱག་རྡོར་རྣམས་ཀྱི་དབང་དང་རྗེས་གནང་། བཀའ་སྲུང་རྒྱུད་མགོན། དུད་སོལ་མ། ཚེ་རིང་མ་བཅས་ཀྱི་ཡིག་ཆ་རྙིང་པ་རྩ་བ་གལ་ཆེན་རིགས་དང་། གསལ་བྱེད་གང་འོས་གསར་སྤེལ་བགྱིས། དེ་དག་གི་རྒྱབ་ཆོས་ལྟ་བུར་ཐེག་པ་ཆེན་པོ་རྒྱུད་བླ་མའི་འགྲེལ་པ། དཔལ་དགྱེས་པ་རྡོ་རྗེའི་རྩ་རྒྱུད་བརྟག་པ་གཉིས་པའི་སྤྱི་དོན་དང་འབྲུ་འགྲེལ། རྗེ་རང་བྱུང་བའི་ཟབ་མོ་ནང་དོན་འགྲེལ་པ། རྣམ་ཡེ་འབྱེད་པ་དང་སྙིང་པོ་བསྟན་པ་བཅས་ཀྱི་འགྲེལ་པ་དེ་དག་གོ་སླ་གཙོར་སྟོན་དུ་དམིགས་ནས་གསར་སྤེལ་བགྱིས། རྙིང་མ་བཀའ་མ་ལས་མཁོན་ལུགས་ཕུར་པ་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་ཕྲིན་ལས་དང་སྟོད་ལས་དབང་ཆོག་ལ་ཁ་སྐོང་ཅི་ནས་དགོས་ཞེས་དཔལ་ལྡན་ཛཾ་ཐང་གི་བླ་གྲ་རྣམས་ཀྱིས་ནན་བསྐུལ་ལྟར། དྲག་པོ་སྒྲོལ་དབང་དང་གཏོར་ཟློག་གཙོ་བོར་གྱུར་པའི་ཡིག་ཆ་པོད་གཅིག །མཁོན་ལུགས་ཡང་དག་གི་སྒྲུབ་དཀྱིལ་རྒྱུན་ཁྱེར་བཅས་ཚན་གསུམ། སོ་ལུགས་ཡང་དག་སྒྲུབ་ཁོག་དང་བསྙེན་ཡིག །གཤིན་རྗེ་གདོང་དྲུག་གི་སྒྲུབ་དཀྱིལ་དང་དབང་ཆོག །རྣམ་འཇོམས་ཁྲོ་དཀར་ནག་གི་ལས་བྱང་དབང་ཆོག་རྣམས་ཀྱང་བཀའ་མཛོད་དུ་གཏོགས་པའོ། །གསུམ་པ་རིན་ཆེན་གཏེར་མཛོད་ལ། སྡོམ་ནི། ས་གཏེར་དབུ་བརྙེས་སངས་རྒྱས་བླ་མ་དང་། །རྒྱ་བན་རྡོར་འོད་གུ་རུ་ཧཱུྃ་འབར་བ། །རྒྱ་ལོ་རྡོར་བཟང་ལྷ་བཙུན་བྱང་ཆུབ་འོད། །ཞང་བཙུན་དར་རིན་རོང་ཟོམ་ཆོས་ཀྱི་བཟང་། །གྲྭ་པ་མངོན་ཤེས་རྡོར་འབུམ་ཆོས་གྲགས་པ། །སྣ་ནམ་ཐུབ་རྒྱལ་ཞང་ཁྲོམ་རྡོ་རྗེ་འབར། ཁྱུང་པོ་དཔལ་གྱི་དགེ་བ་རྒྱ་ཕུར་བུ། །ལྷ་རྗེ་གནུབས་ཆུང་ལྷ་བཙུན་སྔོན་མོ་དང་། །ར་ཤག་ཆོས་འབར་དབུ་རུ་ཤཱཀྱ་འོད། །གྲུབ་ཐོབ་དངོས་གྲུབ་ཉང་རལ་ཉི་མ་འོད། །ར་མོ་ཤེལ་སྨན་གྲུ་གུ་ཡང་དབང་གཏེར། །ཆུ་ཕོ་དགེ་འདུན་བ་མཁལ་སྨུག་པོ་གདོང་། །ཀུན་སྤང་ཟླ་འོད་མངའ་བདག་མོལ་མི་འཁྱིལ། །སུམ་པ་རྐྱང་པོ་འབྲི་བན་སུམ་ཚོགས་དང་། །སངས་རྒྱས་དབོན་པོ་གཉལ་པ་ཉི་ཤེའི་མཚན། །གཡག་ཕྱར་སྔོན་མོ་སྦུར་བུ་བྱའུ་མགོན། །བལ་པོ་ཨ་ཧཱུྃ་ཨ་ཇོ་དཔལ་པོ་བ། །ལྕང་སྨན་དོན་གྲུབ་རོང་སྨན་ཉི་མའི་འོད། །དམ་པ་དམར་པོ་སྐལ་ལྡན་བྱིས་པ་དང་། ཁམས་པ་མེ་ཟོར་ཁ་ལ་མེ་འབར་བ། ཁམས་པ་ཕྲ་མོ་བྲང་ཏི་མཁར་བུ་པ། །དུ་གུ་རིན་སེང་གཙང་རིང་ཤེས་རབ་མཚན། །བླ་མ་གྲུམ་དང་ཡོན་བདག་མཁར་ནག་པ། །གུ་རུ་ཆོས་དབང་གཏེར་སློབ་རྣལ་འབྱོར་བཞི། །ཇོ་མོ་སྨན་མོ་དུང་མཚོ་རས་པ་ཆེ། །རྒྱ་སྟོན་པད་དབང་ཁམས་པ་ཉི་མ་གྲགས། །གུ་རུ་ཇོ་རྩེ་མཁའ་འགྲོ་ཀུན་དགའ་འབུམ། །ཚེ་བརྟན་རྒྱལ་མཚན་བཛྲ་མ་ཏི་དང་། །ཕྱག་རྡོར་པ་དང་སྔགས་པ་དབང་ཆེན་གསུམ། །ཟངས་གླིང་དབང་ཕྱུག་གཡས་བན་ཡ་བོན་བ། །པདྨ་ལས་འབྲེལ་རྒྱལ་སྲས་ལེགས་པའི་མཚན། །དྲི་མེད་འོད་ཟེར་མེ་བན་རིན་ཆེན་གླིང་། །བོན་པོ་ལྷ་འབུམ་ཡང་བོན་རི་ཁྲོད་པ། །གྲ་སྒོམ་ཆོས་རྡོར་ཡར་རྗེ་ཨོ་རྒྱན་གླིང་། །ཉི་ཟླ་སངས་རྒྱས་ཤེས་རབ་མེ་འབར་བ། །བྲམ་པ་ཀུན་བཟང་རྒྱལ་སྲས་རྡོ་རྗེ་གླིང་། །བཟང་པོ་གྲགས་པ་ཨོ་རྒྱན་སངས་རྒྱས་གླིང་། །དྲི་མེད་ལྷུན་པོ་དྲི་མེད་ཀུན་དགའི་ཞབས། །དཔལ་གྱི་རྒྱལ་མཚན་རྒོད་ཀྱི་ལྡེམ་འཕྲུ་ཅན། །ཐང་སྟོང་རྒྱལ་པོ་གྲུབ་ཐོབ་ཀརྨ་གླིང་། །འཇམ་དབྱངས་བླ་མ་བསམ་གཏན་བདེ་ཆེན་གླིང་། །འགྲོ་འདུལ་རཏྣ་གླིང་དང་པདྨ་གླིང་། །མཆོག་ལྡན་རྡོ་རྗེ་འགྲོ་འདུལ་ལས་འཕྲོ་གླིང་། །ཀུན་སྐྱོང་གླིང་པ་མཆོག་ལྡན་མགོན་པོ་དང་། །ཚེ་དབང་རྒྱལ་པོ་པཎ་ཆེན་པདྨ་དབང་། །ཚེ་རིང་རྡོ་རྗེ་མི་འགྱུར་ལས་འཕྲོ་གླིང་། །རིན་ཆེན་ཕུན་ཚོགས་མ་ཏི་རཏྣ་བ། །གར་དབང་ཞིག་པོ་གླིང་དང་ལེགས་ལྡན་རྗེ། །ཤེས་རབ་འོད་ཟེར་མཁྱེན་བརྩེའི་དབང་ཕྱུག་དང་། །བཀྲ་ཤིས་སྟོབས་རྒྱལ་གར་དབང་ལས་འཕྲོ་གླིང་། །པདྨ་རིག་འཛིན་བཀྲ་ཤིས་ཚེ་བརྟན་དང་། །འཇའ་ཚོན་སྙིང་པོ་བདུད་འདུལ་ནུས་ལྡན་པ། །ཟླ་བ་རྒྱལ་མཚན་ཨོ་རྒྱན་གཏེར་བདག་གླིང་། །ཀློང་གསལ་སྙིང་པོ་སྟག་ཤམ་བསམ་གཏན་གླིང་། །མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ། །ངག་གི་རྡོ་རྗེ་དབོན་གསས་ཁྱུང་ཐོག་དང་། །ཆོས་རྗེ་གླིང་པ་ཀུན་གྲོལ་གཡུང་དྲུང་གླིང་། །སྟོབས་ལྡན་རྡོ་རྗེ་ཀུན་དགའ་བསྟན་འཛིན་དང་། །ཐུགས་མཆོག་རྡོ་རྗེ་ཀུན་བཟང་བདེ་ཆེན་རྒྱལ། །རོལ་པའི་རྡོ་རྗེ་པདྨ་བདེ་ཆེན་གླིང་། །ཚེ་དབང་ནོར་བུ་རྩ་གསུམ་གཏེར་བདག་མཚན། །དྲི་མེད་གླིང་དང་ཏའུ་རོག་རྗེ་གླིང་། །འཆི་མེད་རྡོ་རྗེ་བསྟན་འཛིན་ཟླ་བའི་འོད། །ཏིང་འཛིན་རྒྱལ་པོ་ཆོས་རྒྱལ་རྡོ་རྗེ་དང་། །པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞབས། །མཆོག་གྱུར་བདེ་ཆེན་གླིང་པ་ཡན་ཆད་དོ། །དགོངས་གཏེར་སྙན་བརྒྱུད་དག་སྣང་ཆོས་སྐོར་ནི། །བྱང་སེམས་ཟླ་རྒྱལ་དབོན་སྟོན་སྐྱེར་སྒང་པ། །དམ་པ་བདེ་གཤེགས་གཡུ་ཐོག་ཡོན་ཏན་མགོན། །དགེ་བཤེས་བརྩོན་གྲགས་ཀུན་མཁྱེན་རང་བྱུང་ཞབས། །དཔལ་ལྡན་རྡོ་རྗེ་གྲུབ་དབང་ཟླ་བ་པ། །རས་ཆེན་དཔལ་འབྱོར་བཟང་པོ་སངས་རྒྱས་མགོན། །གྲུབ་ཐོབ་ཚུལ་ཁྲིམས་བཟང་པོ་པདྨ་དཀར། །དབུར་སྨྱོན་ཆོས་གྲགས་ནམ་མཁའ་འཇིགས་མེད་རྩལ། །རྒྱལ་མཆོག་ལྔ་པ་ཉི་ཟླ་ཀློང་གསལ་བ། །མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ། །ཀརྨ་ཆགས་མེད་ཀུན་བཟང་ཆོས་རྡོ་རྗེ། །ངག་དབང་མཚན་ཅན་རྡོ་རྗེ་དྲག་པོ་རྩལ། །འཇིགས་མེད་གླིང་པ་ཆོས་འབྱོར་རྒྱ་མཚོ་དང་། །པདྨ་དགྱེས་པ་པདྨ་ཉིན་བྱེད་དབང་། །བསྟན་འཛིན་ཕྲིན་ལས་གཙུག་ལག་ཆོས་རྒྱལ་ལོ། །དེ་ལྟར་ས་གཏེར་དགོངས་གཏེར་དག་སྣང་སྙན་བརྒྱུད་ཀྱི་ཆོས་སྐོར་རྒྱ་ཆེ་བ་རྣམས་ཀྱི་དབང་གི་སྙིང་པོ་དང་། ཁྲིད་རྒྱུན་ཡོད་རིགས་རྩ་བར་གཟུང་། སྒྲུབ་ཐབས་ཕྲིན་ལས་དབང་ཆོག་བསྙེན་ཡིག་དང་ཁྲིད་ཡིག་སོགས་གང་དགོས་གསར་དུ་སྦྱར། ཆོས་ཚན་ཉུང་ངུ་དང་རྒྱུན་དཀོན་པའི་རིགས། གཏེར་ཕྲན་རྣམས་ཀྱི་གཞུང་དང་ཡིག་རྙིང་རྣམས་ཕྱོགས་གཅིག་ཏུ་བསྡུས། དེ་དག་ལའང་གསལ་བྱེད་དགོས་པ་ལ་ཟུར་འདེབས་སོགས་ཞིབ་པར་བཀོད་པའི་པུསྟི་འབྲིང་ཚད་དྲུག་ཅུར་ལོངས་པ་བཞུགས། གཏེར་གསར་ལམ་རིམ་ཡེ་ཤེས་སྙིང་པོའི་འགྲེལ་པ་སོགས་ཀྱང་འདིའི་ཁོངས་སུ་སྡུད་དགོས་པ་ཡིན་ནོ། །བཞི་པ་གདམས་ངག་མཛོད་ནི། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ལ་རབ་ཏུ་དང་བའི་ཡིད་ཀྱིས་སོ་སོའི་རིང་ལུགས་ལས་བྱུང་བའི་སྨིན་གྲོལ་གྱི་རྒྱུན་འབད་པ་ཆེན་པོས་བཙལ། དེ་དག་ཉམས་སུ་ལོན་པའི་སྐལ་པ་མེད་ཀྱང་བླ་མའི་གདམས་ངག་ཆུད་མི་ཟ་བའི་ཕྱིར་དང་། ལུགས་སྲོལ་ཡོངས་གྲགས་རྣམས་ནི་སོ་སོ་ལ་དར་རྒྱས་ཆེ་རུང་ཤིན་ཏུ་དཀོན་པ་ཁ་ཅིག་རྒྱུན་ཆད་ལ་ཉེ་བས་ཚིག་བརྒྱུད་མ་ཆད་ཙམ་བྱུང་ན་སྙམ་པ་དང་། མདོ་སྔགས་བསྟན་པའི་སྙིང་པོ་འདི་དག་ཚར་རེ་ཐོས་ཀྱང་མི་ལུས་ཐོབ་པ་དོན་ལྡན་འགྱུར་རོ་སྙམ་དུ་ལྷག་པའི་བསམ་པས། ཤིང་རྟ་བརྒྱད་ཀྱི་རྩ་བའི་སྙིང་པོ་རྣམས་དང་། སྨིན་གྲོལ་བཅུད་ཀྱི་ཡང་ཟབ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་ཐོག་མ་སྔ་འགྱུར་རྙིང་མ་ལ་ཡོ་ག་གསུམ་གྱི་དང་པོ་མ་ཧཱ་ཡོ་ག་ལ། སངས་རྒྱས་གསང་བའི་ལམ་ཆུང་། སློབ་དཔོན་རིན་པོ་ཆེའི་མན་ངག་ལྟ་བའི་ཕྲེང་བ་འགྲེལ་པ་བཅས་མ་མོ་ལས་ཀྱི་ཐིག་ལེ། ཀུན་མཁྱེན་ཆོས་རྗེའི་སྒྱུ་འཕྲུལ་དོན་ཁྲིད་བཅས། ཨ་ནུ་ཡོ་ག་ལ་བདེ་བ་གསལ་མཛད་ཀྱི་རྣལ་འབྱོར་བཞི་རིམ། འདུས་མདོའི་ངང་སྒོམ་ཟུར་བཀོལ། ཨ་ཏི་ཡོ་ག་ཕྱི་ནང་གསང་སྐོར་གསུམ་གྱི་སེམས་སྡེའི་རྩ་བའི་རྒྱུད་དང་ལུང་། ཨ་དོན་བཅོ་བརྒྱད་ཀྱི་དབང་། ཁམས་ལུགས་ཉང་ལུགས་ཨ་རོ་ལུགས་རྣམས་ཀྱི་ཁྲིད། ནང་ཀློང་སྡེའི་རྩ་བ་རྒྱུད་དང་ལུང་། སྒོམ་ཚུལ་བླ་མའི་བྱིན་རླབས་དང་ཁྲིད། གསང་བ་མན་ངག་སྡེའི་རྩ་བ་རྒྱུད་དང་ལུང་། བླ་མ་ཡང་ཏིག་གི་དབང་དང་ཁྲིད། ཀུན་མཁྱེན་ཆོས་རྗེའི་གསང་སྐོར། སེམས་ཉིད་ངལ་གསོ་དང་རང་གྲོལ་སྐོར་གསུམ་གྱི་ཁྲིད། དོང་སྤྲུགས་ཁྲིད། སྙིང་ཐིག་བླ་མ་མཆོད་ཆོག །བཀའ་སྲུང་སྡེ་བདུན་བཅས། གཉིས་པ་བཀའ་གདམས་སྐོར་ལ་གཞུང་གདམས་མན་ངག་གསུམ་ལས། གཞུང་རྩ་བ་བྱང་ཆུབ་ལམ་སྒྲོན་འགྲེལ་པ་དང་བཅས་པ་ལམ་རིམ་ཁྲིད་སོགས། གདམས་ངག་བློ་སྦྱོང་དོན་བདུན་མའི་རྩ་བ། ཁྲིད་ཡིག །བློ་སྦྱོང་བརྒྱ་རྩའི་བེ་བུམ་སོགས་མན་ངག་རྩ་བ་བྱང་སེམས་ནོར་ཕྲེང་། ཐིག་ལེ་བཅུ་དྲུག་གི་དབང་། ཁྲིད་ཡིག །ཞར་བྱུང་ལྷ་བཞིའི་རྗེས་གནང་དང་ཁྲིད། བཀའ་གདམས་གསར་མའི་མཚན་གཞི་རྗེ་རིན་པོ་ཆེའི་ལམ་གྱི་གཙོ་བོ་རྣམ་གསུམ། ཕྱག་ཆེན་རྒྱལ་བའི་གཞུང་ལམ། དམར་ཁྲིད། དེའི་ཆ་ལག་སེམས་བསྐྱེད་ལུགས་གཉིས་ཀྱི་ཆོ་ག །རྗེས་འབྲེལ་དབུ་མའི་ལྟ་ཁྲིད། བཀའ་གདམས་བླ་མ་མཆོད་ཆོག །བཀའ་སྲུང་མགོན་པོ་གྲི་གུག །ཇོ་བོ་རྗེའི་ཛཾ་དཀར་བཅས། གསུམ་པ་གདམས་ངག་ལམ་འབྲས་བུ་དང་བཅས་པའི་སྐོར་ལ། གཞུང་རྩ་བ་རྡོ་རྗེའི་ཚིག་རྐང་དང་རྣམ་འགྲེལ། འཁོར་འདས་དབྱེར་མེད་རྩ་བ། ཁྲིད་ཡིག་གཞུང་བཤད། ཀྱེ་རྡོར་མན་ངག་ལུགས་ཀྱི་དབང་། ལམ་འབྲས་རིང་བརྒྱུད་ཉེ་བརྒྱུད་ཤིན་ཏུ་ཉེ་བརྒྱུད་རྣམས་དང་གུར་གྱི་དག་པ་གསུམ་གྱི་ཁྲིད། ལམ་སྐོར་ཕྱི་མ་བརྒྱད། སྒོ་དྲུག་ཆོས་འབྲེལ། ཞར་བྱུང་ཞེན་པ་བཞི་བྲལ་གྱི་ཁྲིད། ལམ་འབྲས་བླ་མཆོད། བསྟན་སྲུང་གུར་མགོན་ལྷ་བརྒྱད་ཀྱི་རྗེས་གནང་བཅས། བཞི་པ་མངའ་བདག་མར་པ་བཀའ་བརྒྱུད་ཀྱི་སྐོར་ལ། ཐུན་མོང་ཕྱག་ཆེན་གྱི་གཞུང་རྩ་བ་དཔལ་རྙོགས་པ་མེད་པའི་རྒྱུད། ས་ར་ཧ། ཤྭ་བ་རི། ཏེ་ལོ། ནཱ་རོ། མཻ་ཏྲི་པ། མར་མི་དྭགས་གསུམ་གྱི་གསུང་འགྲེལ་པ་དང་བཅས་པ། ཐུན་མིན་ཆོས་དྲུག་གི་རྩ་བ་བཀའ་ཡང་དག་པའི་ཚད་མ། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་། ཀ་དཔེ་ཆེ་ཆུང་། ཏེ་ལོ། ནཱ་རོ། མི་ལའི་སྙན་བརྒྱུད་གསལ་བ་སྐོར་གསུམ་བཅས། དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་སྙན་བརྒྱུད་ལུགས་ཀྱི་དབང་། གདམས་ཁྲིད་ཀྱི་རྩ་བ་སྙན་བརྒྱུད་རྒྱས་འབྲིང་བསྡུས་གསུམ། རས་ཆུང་བའི་ལུས་མེད་མཁའ་འགྲོའི་ཆོས་དགུ། མཚུར་སྟོན་སྙན་གྱི་ཤོག་དྲིལ་བཞི། དྭགས་པོ་བཀའ་བརྒྱུད་སོ་སོའི་བཀའ་སྲོལ་ལས་བྱུང་བ་རྩ་བ་དྭགས་པོ་གདན་སའི་ལུགས། ཞང་ཚལ་པ། ཀརྨ་ཀཾ་ཚང་། དེའི་ནང་ཚན་ཟུར་མང་དང་གནས་མདོ། ཕག་གྲུ་བཀའ་བརྒྱུད་རྩ་བ་དང་། ཟུང་བཞི་ཡ་བརྒྱད་ལས། འབྲི་གུང་། སྟག་ལུང་། ཁྲོ་ཕུ། གླིང་རས་བཀའ་བརྒྱུད་དཔལ་ལྡན་འབྲུག་པ་སྟོད་སྨད་བར་གསུམ། ཡང་དགོན་པ། འབའ་ར་བ་བཅས་ཀྱི་ཕྱག་ཆེན་ཆོས་དྲུག་གཙོ་བོར་གྱུར་པའི་ཁྲིད་ཀྱི་རིགས། བཀའ་བརྒྱུད་སྤྱིའི་བླ་མཆོད། བཀའ་སྲུང་ཕྱག་བཞི་པ་དང་དུད་སོལ་མ་བཅས། ལྔ་པ་ཤངས་པ་བཀའ་བརྒྱུད་ཀྱི་སྐོར་ལ། རྩ་བ་ཆོས་དྲུག །སྡོང་པོ་ཕྱག་ཆེན། ཡལ་ག་ལམ་ཁྱེར་གསུམ། འབྲས་བུ་འཆི་མེད་རྣམས་ཀྱི་རྡོ་རྗེའི་ཚིག་རྐང་འགྲེལ་པ་དང་བཅས་པ། མེ་ཏོག་མཁའ་སྤྱོད་རྩ་བ་རྣམས་གཞུང་རྩ་བར་བྱས། བྱིན་རླབས་སྒོ་འབྱེད་ཀྱི་བཀའ་གཉིས་བྱིན་རླབས་ཁོག་ཕུབ་ཀྱི་བཀའ་གཉིས། བྱིན་རླབས་གཞུང་ཤིང་གི་བཀའ་དྲུག །གཞུང་བཀའ་ཕྱི་མ་རྣམས་ཀྱི་བྱིན་རླབས། ཉེ་བརྒྱུད་ཐང་རྒྱལ་ལུགས་ཀྱི་ཁྲིད་ཆ་ཚང་། རིང་བརྒྱུད་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་ཁྲིད། སུ་ཁ་སིདྡྷི་དང་ལྷ་བཞི་དྲིལ་སྒྲུབ་སྐོར། ཤངས་ལུགས་བླ་མ་མཆོད་ཆོག །མཁའ་འགྲོ་སྡེ་ལྔ་དང་མྱུར་མཛད་ཡེ་ཤེས་མགོན་པོའི་རྗེས་གནང་། མགོན་པོའི་བཀའ་ཆེན་བཅུ་གསུམ། སྙིང་ཞུགས་དང་ཀྵེ་ཏྲ་པཱ་ལ་བཅས། དྲུག་པ་དམ་ཆོས་སྡུག་བསྔལ་ཞི་བྱེད་སྐོར་ལ། རྩ་བ་རྒྱུད་སྡེའི་དུམ་བུ། དམ་པའི་གསུང་ཐོར་བུ། བཀའ་བབས་སྔ་ཕྱི་བར་གསུམ་བཀའ་སྲུང་དང་བཅས་པའི་དབང་དང་བྱིན་རླབས་ཡོངས་རྫོགས། དེ་དག་གི་ཁྲིད་ཡིག་ལོ་ཆེན་དྷརྨ་ཤྲཱིས་མཛད་པ། སྙེ་མདོ་བསོད་ནམས་དཔལ་བའི་ཞི་བྱེད་ཁྲིད་བཅས། དེའི་ཡན་ལག་དམ་ཆོས་བདུད་ཀྱི་གཅོད་ཡུལ་གྱི་སྐོར་ལ། གཞུང་རྩ་བ་བྲམ་ཟེ་ཨཱརྻ་དེ་བ་དང་མ་གཅིག་གི་གསུང་བཀའ་ཚོམས་ཡང་ཚོམས་ཉིང་ཚོམས་ལེ་ལག །ཤེས་རབ་སྐྲ་རྩེ། ཟབ་དོན་ཐུགས་སྙིང་རྣམས། སྨིན་བྱེད་དབང་ཟུར་མང་། འཇམ་དབྱངས་མགོན་པོ། རྒྱལ་ཐང་པའི་ལུགས་གསུམ། གདམས་ངག་ཁྲིད་ཡིག་བཀའ་བབས་སྔ་ཕྱི་བར་གསུམ། ཚོགས་ལས། ཞི་བྱེད་བླ་མ་མཆོད་པ་བཅས། བདུན་པ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ལ། གཞུང་རྩ་བ་དུས་འཁོར་རྒྱུད་སྙིང་། དུས་ཞབས་སྙན་བརྒྱུད། ཤ་བ་རི་པའི་གཞུང་ཆུང་རྣམས། ལྷ་དགུའི་སྒྲུབ་ཐབས་མཆོད་ཆོག །མཆོག་དབང་ཐུན་མོང་མ་ཡིན་པ་ཁྲིད་ཡིག་ཆ་ལག་དང་བཅས་པ་ཇོ་ནང་རྗེ་བཙུན་རིན་པོ་ཆེའི་གསུང་། ལམ་ཟབ་བདུད་རྩིའི་ཐིག་ལེ། སྦྱོར་དྲུག་འབྲིང་པོ་དཔེ་མེད་འཚོའི་ལུགས། བསྡུས་པ་ལྕེ་རྩེ་རྐན་སྦྱར། སྦྱོར་དྲུག་བླ་མཆོད། ལྷན་སྐྱེས་དང་རྡོ་རྗེ་ཤུགས་ཀྱི་རྗེས་གནང་བཅས། བརྒྱད་པ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ལ། གྲུབ་ཆེན་ཨོ་རྒྱན་པ་ལ་རྡོ་རྗེ་ཕག་མོ་དང་རིགས་བཞི་མཁའ་འགྲོས་གནང་བའི་གཞུང་རྩ་བ། འགྲེལ་བཤད། ཁྲིད་ཡིག །བསྙེན་སྒྲུབ་གདན་རྫོགས་སུ་སྒོམ་པ་རྣམས་སོ། །དགུ་པ་བརྒྱུད་སྲོལ་སྣ་ཚོགས་ལས་བྱོན་པའི་གདམས་ངག་ཁྲིད་ཐོར་བུ་བའི་སྐོར་ལ། གྲུབ་ཆེན་བརྒྱད་ཅུའི་བྱིན་རླབས་དང་ཁྲིད། མི་ཏྲ་ཁྲིད་དྲུག་དབང་དང་ཁྲིད་སོ་སོ། སེམས་ཉིད་ངལ་གསོ་དང་སྙིང་པོ་དོན་གསུམ་སྐོར་ཞྭ་ལུ་ནས་བརྒྱུད་པ། སྤྱན་རས་གཟིགས་ཀྱི་དམར་ཁྲིད་རིགས་ལྔ། ཐང་རྒྱལ་ཡིག་དྲུག་ཉམས་ལེན། བོ་དོང་ལུགས་ཀྱི་ཕྱག་ཆེན་དང་ཐུབ་པ་མདོ་གཅོད། རས་ཆེན་དཔལ་འབྱོར་བཟང་པོའི་གཏུམ་མོ་དང་འཕོ་ཁྲིད། རོང་སྟོན་མ་འཕོ། ཇོ་ནང་གསར་འགྱུར་བཀའ་བབས་བདུན་གྱི་ཁྲིད། བཅུད་ལེན་གྱི་རིགས། མཐར་དགེ་ཚེ་ལྷ་རྣམ་གསུམ་གྱི་རྗེས་གནང་། ཉེ་བརྒྱུད་ཚེ་སྒྲུབ་ཞག་བདུན་མ་དང་སྒྲོལ་དཀར་བ་རི་ལུགས་ཀྱི་ཚེ་ཁྲིད། ཚེ་ལྷ་རྣམ་གསུམ་མཆོད་ཆོག་བཅས་བཞུགས་སོ། །ལྔ་པ་ཐུན་མོང་མ་ཡིན་པའི་མཛོད་ཅེས་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས་རྟེན་འབྲེལ་ཙམ་གྱི་ས་བཅད་མཛད་ཅིང་ཤོག་སེར་དང་དམ་རྫས་མང་ཞིག་ལག་ཁར་སོན་ཀྱང་ཕལ་ཆེར་གནས་དུས་ཀྱི་རྟེན་འབྲེལ་ཡོལ་ཟིན་པ་དང་། འགའ་ཞིག་སྤྱི་མཐུན་བསོད་ནམས་དམན་པའི་ལས་དབང་ལྟ་བུས་གྲོགས་ཁ་ལ་འོང་བ་ལྕེས་ཕུལ་བའི་དཔེར་སོང་བས་འདིར་སྨྲོས་རིན་ཆོག་པ་ནི་མ་མཆིས་ཤིང་། མཛོད་ལྔ་དེ་དག་གི་ཕྱོགས་སུ་ཅི་རིགས་པར་གཏོགས་པའི་རང་རྩོམ་ཐོར་བུའི་རིགས་ཕྱོགས་བསྡུས་ལ་ཀུན་མཁྱེན་བླ་མ་རིན་པོ་ཆེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ས་བཅད་བཅོ་ལྔ་ཟླ་བ་ཉ་བའི་གྲངས་ལྡན་གྱི་དཀར་ཆག་མཛད་པ་ལྟར་པུསྟི་བདུན་བཅས་སོ། །འཆད་པའི་དབང་དུ་བྱས་ན། སུམ་རྟགས། སྒྲ་ཀ་ཙཱན་དབྱངས་གསུམ། སྡེབ་སྦྱོར། སྙན་ངག །གསོ་རིག་རྒྱུད་བཞི། རྩིས་དཀར་ནག་སོགས་མཆོག་དམན་དུ་མ་ལ་ལན་གྲངས་མང་དུ་བཤད་ཀྱང་གཞན་ལ་བཤད་པའི་གོ་ཆོད་པ་ནི་སྤང་ཕུག་བླ་མ་ངེས་དོན་དང་། ཡོངས་འཛིན་ལྷག་བསམ་རྒྱལ་མཚན་གཉིས་ལས་ཆེར་མ་བྱུང་། ནང་བརྟག་རྒྱུད་གསུམ་སོགས་ཀྱི་བཤད་པ་ལན་གྲངས་མང་ཞིང་། གསང་སྙིང་རྒྱུད་བཤད་གཏེར་ཆེན་མཆོག་གླིང་ནས་གསན་ཏེ་གྲྭ་ཚང་མཁན་པོ་སོགས་ལ་འཆད་སྤེལ་མཛད་འདུག །རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལུང་ཚར་གཅིག །རྙིང་མ་རྒྱུད་འབུམ་ཚར་གཉིས། བསྟན་འགྱུར་ལས་མཁོ་བཏུས་ཚར་ཁ་ཤས་སོང་། ཤེས་བྱ་ཀུན་ཁྱབ་བཤད་ལུང་ལན་བཞི། བཀའ་བརྒྱུད་སྔགས་མཛོད་ཚར་བདུན། རིན་ཆེན་གཏེར་མཛོད་ཚར་ལྔ། གདམས་ངག་མཛོད་ཚར་གསུམ། སྨིན་གླིང་འདོད་བུམ་ཚར་བརྒྱད། ཇོ་ནང་རིན་འབྱུང་ཚར་གསུམ། གཞན་བཀའ་བརྒྱུད་དང་། རྙིང་མ་གཙོར་བྱས་རང་གིས་ཐོབ་ཚད་ལན་རེ་མ་འཆད་པ་ཆེར་མེད་ཅིང་། ཕྱིས་ནས་དབང་ལུང་ཁྲིད་གསུམ་ཞུ་མཁན་ཕྱོགས་འདུས་ཤིན་ཏུ་མང་བས་ཁོར་ཡུག་ཏུ་དགོས་པ་བྱུང་བས་རེ་རེའང་ཚར་གྲངས་མང་དུ་སོང་། དེ་དག་ཀྱང་བསྟན་པའི་རྒྱུན་དང་ཉན་པ་པོ་དེའི་རྒྱུད་ལ་ཕན་ཅུང་ཟད་ཨེ་ཐོགས་ཀྱི་རེ་བ་ཁོ་ན་བྱས། མཎྜལ་རྟེན་གང་ཡང་མི་འབྱོར་བའི་ཉམ་ཆུང་རིགས་ལ་བརྙས་ཆོས་མ་བྱས་པར་ཇི་ལྟར་འདོད་པའི་རེ་བ་བསྐངས། དེ་ཙམ་དུ་མ་ཟད་ལུས་ཁམས་ཀྱིས་ལྕོགས་པའི་སྐབས་དེར་ནི་ཐ་ན་མོ་རྩིས་གཏོ་ཚན་ཡན་ཆད་རང་ལ་རེ་བ་བྱས་ཚད་ལ་གང་ཤེས་ཅི་ནུས་སུ་བསྒྲུབས་པ་ལས་ངག་གཅོག་པ་དང་ཡིད་བསད་པ་གང་ཡང་མེད། འབྱོར་ལྡན་རྣམས་ཀྱིས་ཟང་ཟིང་དངོས་པོ་ཆེར་སྟེར་བ་ལའང་ཆོས་ཀྱི་ཆེ་བ་ཡིན་སྙམ་ལེན་པ་མ་གཏོགས་ངེད་དངོས་པོ་ལེན་མཁན་མིན་ཟེར་བ་སོགས་ཀྱི་ཨོ་ཟོབ་ནི་མ་མྱོང་། དངོས་རྫས་ཆེ་ཕྲ་གང་བྱུང་ཐམས་ཅད་ཀྱང་རང་དང་གྲ་འཁོར་གྱི་བཟའ་བ་ཙམ་ལས་གནས་མིན་དུ་ཆུད་ཟོས་མ་བཏང་བར་རྟེན་གསུམ་བཞེངས་ཤིང་དེའི་མཆོད་པ་དང་སྒྲུབ་པ་སྒྲུབ་ཆེན་རྣམས་ཀྱི་ཐེབས་སུ་བཏང་བ་ཁོ་ན་ལགས་སོ།། །།གཉིས་པ་སྤོང་བ་བསམ་གཏན་གྱི་འཁོར་ལོ་ལ། ལོ་གྲངས་ཉི་ཤུ་སྐོར་དཔལ་སྤུངས་དགོན་ནང་དུ་སྡོད་སྐབས་ནས་བསྙེན་སྒྲུབ་དང་ཉམས་ལེན་ཡུན་རེ་བགྱིས། བགྲང་བྱ་སུམ་ཅུའི་ཐོག་ཡང་ཁྲོད་འདིར་སྡོད་པ་ནས་ད་ལྟའི་བར་སྔགས་གསར་རྙིང་རྣམས་ཀྱི་བསྙེན་སྒྲུབ་ནི་རྒྱུན་མ་ཆད་པར་བྱས། དབེན་པ་གསུམ་ལ་བརྟེན་ནས་མཚན་བཅས་དང་མཚན་མེད་ཀྱི་རྫོགས་རིམ་ལ་རྩེ་གཅིག་ཏུ་དྲིལ་བ་ཁོ་ན་ཞིག་ཡིད་ལ་བརྣག་ཀྱང་དབང་ལུང་ཁྲིད་ཀྱི་རིགས་ཚུར་ལ་ཞུ་བ་དང་ཕར་ལ་འཆད་པ། ཁྱད་པར་མཛོད་ལྔའི་བྱ་བ་སོགས་ཆོས་ལྡན་ཡིན་རློམས་ཀྱི་གཡེང་བ་ཇེ་འཕེལ་དུ་སོང་བའི་དབང་ལ་ཤོར་བས་བསམ་ཐོག་མ་ཁེལ་མོད། དཔལ་སྤུངས་སྒྲུབ་ཁང་དུ་སྡོད་སྐབས་ཕྱག་ཆེན་སྔོན་འགྲོ་འབུམ་བཞི་ནས་བརྩམ་བསྙེན་སྒྲུབ་ཉམས་ལེན་རྣམས་ལུགས་སྲོལ་སྤྱི་ལྟར་བགྱིས། འདིར་ཐོག་མར་བླ་མ་དཀོན་མཆོག་སྤྱི་འདུས་ཀྱི་སྔོན་འགྲོ་ཕྱག་དང་སྦྲེལ་བའི་སྐྱབས་འགྲོ། གཏོང་ལེན་དང་སྦྲེལ་བའི་སེམས་བསྐྱེད་སོགས་རྣམ་གྲངས་བདུན་པོ་བཤད་ཚོད་ལྟར་རྟགས་ཐོན་དུ་སྦྱངས། ཕྱི་ནང་གསང་བ་ཡང་གསང་ཚེ་སྒྲུབ་ལས་བཞི་བཅས་གྲངས་བསྙེན་ཚད་འཁྱོལ་བཏང་། དེ་ནས་སྔ་ཕྱི་མ་ངེས་པར་བསྙེན་སྒྲུབ་བྱས་པ་ནི། གསར་མའི་ཕྱོགས་ལ་ཀར་ལུགས་རྒྱལ་བ་རྒྱ་མཚོ་ལྷ་དགུ་ལྷ་ལྔ་གཉིས་བསྙེན་སྒྲུབ་དང་རྒྱུན་བཟླས་ཀྱི་མཐིལ་དུ་བྱས། དཔལ་དུས་ཀྱི་འཁོར་ལོ། བདེ་མཆོག་ལཱུ་ཡི་ལུགས་དང་ཀཾ་ཚང་ལྷ་ལྔ། དགྱེས་རྡོར་མར་རྔོག་དང་མཚོ་སྐྱེས་ལུགས། མ་ཧཱ་མཱ་ཡ་ལྷ་ལྔ། གསང་འདུས་མི་བསྐྱོད་པ། གཤིན་རྗེ་དགྲ་ནག །རྡོ་རྗེ་འཇིགས་བྱེད་ལྷ་དགུ། ཕྱག་རྡོར་འཁོར་ལོ་ཆེན་པོ། ཤངས་ལུགས་ལུས་དཀྱིལ་གྱི་རྒྱུད་སྡེ་ལྔ། ཚེ་དཔག་གྲུབ་རྒྱལ་ལུགས། འཇམ་དཀར་མ་ཏི་ལུགས། ཇོ་ལུགས་སྒྲོལ་དཀར་བསྙེན་སྒྲུབ་ཤིན་ཏུ་གྲངས་མང་། མགོན་པོ་ཕྱག་དྲུག་པ་དཀར་མཐིང་དང་ཀར་ལུགས་མ་མགོན་ཞལ་སྦྱོར་རྣམས་དང་། རྙིང་མའི་ཕྱོགས་ལ་ཆོས་དབང་བླ་མ་གསང་འདུས། བྱང་གཏེར་རིག་འཛིན་གདུང་སྒྲུབ། རྒྱ་སྟོན་བླ་མ་བདེ་མཆོག །སངས་གླིང་བླ་མ་དགོངས་འདུས། དྲི་མེད་བླ་སྒྲུབ་ཡིད་བཞིན་ནོར་བུ། དགོངས་གཏེར་མཚོ་སྐྱེས་སྙིང་ཐིག །གཏེར་གསར་ཐུགས་སྒྲུབ་བར་ཆད་ཀུན་སེལ་དང་ཡིད་བཞིན་ནོར་བུ་གཉིས། ཆོས་གླིང་རྩ་གསུམ་དྲིལ་སྒྲུབ། དྭགས་པོ་གསང་ལམ་བླ་སྒྲུབ། ཧཱུྃ་ནག་སྙིང་ཐིག་རྣམས། ཡི་དམ་བཀའ་བརྒྱད་བདེ་གཤེགས་འདུས་པ། གསང་རྫོགས། རང་ཤར། བཀའ་འདུས་ཆེན་མོ་རྣམས་ལའང་བསྙེན་འབྲེལ་ཙམ། འཇའ་ཚོན་བཀའ་བརྒྱད་དངོས་གྲུབ་སྙིང་པོ། ཞི་ཁྲོ་དགོངས་པ་རང་གྲོལ། དགོངས་གཏེར་རྣམ་རྒྱལ་མ། དགོངས་འདུས་འཇམ་དབྱངས་སྨྲ་སེང་། འཇམ་དཔལ་ཚེ་བདག །ཀིང་ནག་དང་ཁྲོ་ཆུ་དུག་གདོང་། འོད་དཔག་མེད། ཚེ་སྒྲུབ་གསང་འདུས། གནམ་ལྕགས་རྡོ་རྗེ། འཆི་མེད་ཡང་སྙིང་། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས། ཉང་གཏེར་འགྲོ་འདུལ། འཁོར་བ་དོང་སྤྲུགས། རྗེ་བླ་མའི་སེམས་ཉིད་ངལ་གསོ། དྲི་མེད་རྒྱལ་བ་རྒྱ་མཚོ། རྟ་མགྲིན་དྲེགས་པ་ཀུན་སྒྲོལ། ཡི་དམ་དགོངས་འདུས་ཡི་གེ་དྲུག་པ། ཉང་དང་རཏྣའི་རྟ་ནག །སྨིན་གླིང་རྡོར་སེམས། ཆོས་དབང་ཡང་དག་ལྷ་དགུ། གཏེར་གསར་བི་མ། རྡོ་རྗེ་བདུད་རྩི། ཆོས་དབང་ཕུར་པ་སྤུ་གྲི། རཏྣའི་ཡང་གསང་བླ་མེད། ཆོས་གླིང་ཐུགས་ཀྱི་ཐིག་ལེ་རྣམས་དང་། རྗེ་བླ་མའི་སྙན་བརྒྱུད་གཤིན་རྗེའི་ཐུགས་ཏིག །རྟ་མགྲིན་སྙིང་ཐིག །ཡང་དག་ཟབ་ཏིག །བདུད་རྩིའི་མཆོག་ཏིག །ཕུར་པའི་གནད་ཏིག །མ་མོའི་གནད་ཏིག་རྣམས་དང་། མཆོག་གླིང་གི་ཟབ་བདུན་སྒྱུ་འཕྲུལ་ཞི་ཁྲོ། གཤིན་རྗེ། རྟ་མགྲིན། ཡང་དག །ཕུར་པ། མ་མོ་རྣམས་དང་། མཁའ་འགྲོ་ཉང་གཏེར་ཁྲོས་ནག །མཁའ་འགྲོ་གསང་བ་ཀུན་འདུས། བདུད་འདུལ་སྒྲོལ་དཀར། འཕགས་མའི་སྙིང་ཐིག །རྡོ་རྗེ་མཁའ་འགྲོ་གདུགས་དཀར། པདྨ་མཁའ་འགྲོ་རིགས་བྱེད་མ་རྣམས་ལས་བཀའ་བརྒྱད། ཕུར་པ། སྒྲོལ་མ་སོགས་ཡང་ནས་ཡང་དུ་བསྙེན་ཅིང་སྒྲུབ་ཆེན་ལན་མང་དུ་བགྱིས་པའང་ཡོད། རང་གཏེར་རྩ་གསུམ་དགོངས་འདུས། གསང་ཐིག་ཡབ་བཀའ་ཡུམ་བཀའ་བཅས་ཀྱི་བསྙེན་སྒྲུབ། ནཱ་རོ་དང་ནི་གུའི་ཆོས་དྲུག །རྡོ་རྗེའི་རྣལ་འབྱོར། རྫོགས་ཆེན་སྙིང་ཐིག་སྐོར་ལའང་འབྲེལ་འཇོག་ཙམ་དང་། རྒྱུན་དུ་ཕྱག་ཆེན་དང་བློ་སྦྱོང་རྣམས་སྟབས་བདེ་བས་བློ་གཏོད་བགྱིད་པའི་ཁུལ་དུ་མཆིས་སོ།། །།གསུམ་པ་བྱ་བ་ལས་ཀྱི་འཁོར་ལོ་ནི། ཡང་ཁྲོད་འདིར་ལྷ་ཁང་དང་སྒྲུབ་པ་བཞི་སྡེ་ཙམ་བྱུང་ན་ལེགས་སྙམ་པའི་སྐབས། མཆོག་གྱུར་གླིང་པས་འདིར་ལྷ་ཁང་དགོས་ཚུལ་ལུང་བསྟན་ལྟར་ཐོག་མར་བླ་བྲང་ནས་གཞི་བཏིང་། དེ་རྗེས་རང་ལ་གང་བྱུང་གི་དངོས་པོ་ཐམས་ཅད་ལྷ་ཁང་དང་སྒྲུབ་སྡེའི་གྲྭ་འདི་ཉིད་ཀྱི་ཐེབས་སུ་བཏང་ནས་རིམ་པར་འདུ་བགྱིས་པ་ལ། གཙོ་བོ་དཔལ་ཆེན་ལྷ་ཁང་། ཡན་ལག་བླ་མ་ལྷ་ཁང་། གསུང་རབ་ཁང་། མཐོང་གྲོལ་ཁང་། སྒྲོལ་མ་ཁང་། གནས་བརྟན་ཁང་། ཐུགས་དམ་ཁང་། མགོན་ཁང་བཅས་བརྒྱད་ལ། དཔལ་ཆེན་ལྷ་ཁང་གི་རྟེན་གཙོ། རྡོར་སེམས། ཡང་དག །བདེ་མཆོག་བཅས་ཧེ་རུ་ཀཿགསུམ་གྱི་སྐུ་བརྙན་ཐོག་ཚད། དུས་འཁོར་ལྷན་སྐྱེས། བླ་མ་དགོངས་འདུས། རྡོ་རྗེ་གཞོན་ནུ་བཅས། བླ་མ་ལྷ་ཁང་དུ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་སྐུ་བརྙན་སོགས། མགོན་ཁང་གཙོ་བོ་མྱུར་མཛད་ཡེ་ཤེས་མགོན་པོ། གསར་རྙིང་གི་ཆོས་སྐྱོང་གཙོ་ཆེ་བ་རྣམས་ལྡེར་སྐུར་བཞེངས། གཞན་གསེར་ཟངས་ཤ་སྟག་གིས་དཔལ་ཆེན་ལྷ་ཁང་དུ་ཐུབ་དབང་གཉིས། ཨོ་རྒྱན་ཟ་ཧོར་མ། ཚེ་དཔག་མེད། སྒྲོལ་ལྗང་རྣམས་ཆེ་གྲས་དང་། ལྟུང་བཤགས་ལྷ་སོ་ལྔ། སྨན་བླ་མཆེད་བརྒྱད། སྒྲོལ་མ་ཉེར་གཅིག །གུ་རུ་མཚན་བརྒྱད་སོགས་འབྲིང་གྲས་བརྒྱ་དང་བདུན། ཚེ་དཔག་མེད་པའི་སྐུ་བརྒྱ་དང་གསུམ་སོགས་ཆུང་གྲས་བརྒྱ་དང་ང་ལྔ། གསུང་རབ་ཁང་དུ་ཐུབ་དབང་དང་སློབ་དཔོན་ནག་པོ་སྤྱོད་པ་དང་གུ་རུ་གཙོ་འཁོར་གསུམ་བཅས་ཆེ་ཚད། དུས་གསུམ་སངས་རྒྱས། ལྟུང་བཤགས་སོ་ལྔ། སྐུ་བརྙན་སྣ་ཚོགས་འབྲིང་ཚད་བཅུ། མཐོང་གྲོལ་ལྷ་ཁང་དུ་རྟེན་གཙོ་སྒྲོལ་མ་གསུང་འབྱོན་མ། རྡོར་སེམས་ཧེ་རུ་ཀཿདང་འཕགས་མའི་སྙིང་ཐིག་གཙོ་མོ་གཉིས་ཆེ་གྲས། འཁོར་ལྷ་བཅུ་བཞི། འཇིགས་པ་བརྒྱད་སྐྱོབ་རྣམས་འབྲིང་གྲས། ཆུང་གྲས་བརྒྱད། ཙནྡན་དཀར་པོའི་སངས་རྒྱས་རབས་བདུན། ཙན་དམར་གྱི་ཉེ་སྲས་བརྒྱད་རྣམས་ཁྲི་རྒྱབ་བཞུགས་ཁང་དང་བཅས་པ། སྒྲོལ་མ་ལྷ་ཁང་དུ། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཐོག་ཚད། གུ་རུ་སྣང་སྲིད་ཟིལ་གནོན། བདེ་བ་ཆེན་པོ། རྡོར་སེམས། སྤྱན་རས་གཟིགས་བཅུ་གཅིག་ཞལ། བི་མ་མི་ཏྲ་བཅས་ཆེ་གྲས། གནས་བརྟན་གཙོ་འཁོར་ཉེར་གཉིས་སོགས་འབྲིང་ཚད་ཉེར་ལྔ། གནས་བཅུ་ཁང་དུ་ཐུབ་དབང་འབྲིང་ཚད་གཉིས། ཙནྡན་དཀར་པོའི་ཐུབ་དབང་གནས་བརྟན་གཙོ་འཁོར་ཁང་བཟང་དང་བཅས་པ། གསེར་ཟངས་གནས་བརྟན་གཙོ་འཁོར། སྐུ་འཐོར་སྣ་ཚོགས་བཅུ་དགུ། ཐུགས་དམ་ལྷ་ཁང་དུ་རྟེན་གཙོ་གཏེར་བྱོན་སྐུ་ཚབ་རྣམ་གསུམ་བཞུགས་ཁྲི་བཞུགས་ཁང་དང་བཅས་པ། འགྲོ་འདུལ་ཕྱག་བཞི་པ་ཁ་ཆེ་ལི་མ་ཆེ་གཅིག །རིས་མེད་ཀྱི་བླ་མ། ཡི་དམ་སྐོར་གསེར་ཟངས་ཆེ་གྲས་ཉེར་བདུན། ལི་མ་སོགས་འབྲིང་ཚད་བརྒྱད་ཅུ་གྱ་དྲུག །ཆུང་གྲས་བརྒྱད་ཅུ། ཕྱི་ཁྱམས་སུ་སྒྲོལ་དཀར་གཙོར་གྱུར་སྒྲོལ་མ་ཉེར་གཅིག་སོགས་སྐུ་བརྙན་འབྲིང་ཚད་ཉེར་ལྔ། མགོན་ཁང་དུ་ལི་མ་དང་གསེར་སྐུ་བཅུ་གཅིག་བཅས་ཁྱོན་བསྡོམས་ལྔ་བརྒྱ་དང་བདུན་ཅུ་རྩ་ལྔ་བཞུགས། ཞལ་ཐང་གྲས། རྒྱུད་སྡེ་གྲྭ་ཚར་ཉེར་ལྔ། རབ་བདུན་གཙོ་བོ་ཅན་གྱི་སངས་རྒྱས་སྟོང་སྐུ་གྲ་ཚར་བདུན་དང་། རིན་པོ་ཆེ་དང་མཚན་བརྒྱད་གཙོར་བཞུགས་པའི་ཨོ་རྒྱན་སྟོང་སྐུ་གྲ་ཚར་དགུ་བཅས་གཉིས་ཀ་གསེར་ཐང་། བླ་མ་དགོངས་འདུས་ཞལ་ཐང་བཅོ་ལྔ་པ་དང་བཅུ་གཅིག་པ་ཆ་གཉིས། རྒྱ་ཆེ་རོལ་པའི་བཀོད་པ་ལྔ། མར་མི་དྭགས་གསུམ་གཙོར་བཞུགས་བཀའ་བརྒྱུད་གསེར་ཕྲེང་ཞལ་ཐང་གསུམ། གནས་བཅུ་གྲྭ་ཚར་གསུམ། དཔལ་ཆེན་ལྷ་ཁང་དུ་ཚེ་དཔག་མེད་ལུས་ཚད། ཐུབ་དབང་། ཕྱག་སྟོང་སྤྱན་སྟོང་། ཆོས་འབྱུང་གཙོར་བཞུགས་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་ཐང་ཐོག་ཚད་རེ་དང་། གནས་བཅུ་ཁང་དུ་གནས་བཅུ་གྲ་ཚར་ལྔ། ཁྱམས་ཆེན་དུ་གཏེར་སྟོན་བརྒྱ་རྩའི་ཞལ་ཐང་གསུམ། ལྷ་ཁང་རྣམས་སུ་ཞལ་ཐང་འཐོར་བུ་ཆེ་འབྲིང་ཆུང་གསུམ་ཁྱོན་བསྡོམས་སུམ་བརྒྱ་གོ་ལྔ་ཙམ་བཞུགས། ཀར་གླིང་ཞི་ཁྲོ། པདྨ་བཛྲ། ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར། གཏེར་གསར་སྒྱུ་འཕྲུལ་ཚེ་དཀར་རྣམས་ཀྱི་ཙཀ་གདུགས། གསར་རྙིང་དཀྱིལ་ཐང་ཆེ་གྲས་བཞི་བཅུ་རྩ་བརྒྱད། བཀའ་བརྒྱུད་སྔགས་མཛོད། གཏེར་མཛོད། གདམས་མཛོད་གཙོ་བོར་གྱུར་པའི་དཀྱིལ་འཁོར་དང་ཙཀ་ལི་པོད་གྲངས་མང་རྣམས་ཀྱང་འབད་པ་ཆེན་པོས་འདུ་བགྱིས་པའོ། །གསུང་རབ་སྐོར་ལ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཡན་ལག་བཅས་པོད་བརྒྱ་དང་བདུན། རྙིང་མ་རྒྱུད་འབུམ་པོད་ཉེར་དྲུག །མདོ་སྡེ་ངེས་དོན་པོད་དྲུག །འབུམ་པོད་བཅུ་གཉིས། བསྟན་འགྱུར་པོད་ཉིས་བརྒྱ་དང་བཅུ། སྙིང་ཐིག་ཡ་བཞི། ཀློང་ཆེན་མཛོད་བདུན། ངལ་གསོ་སྐོར་གསུམ་སོགས་གཙོར་གྱུར་སྐྱ་པོད་ཁྱོན་བསྡོམས་སྟོང་ཕྲག་གཅིག་དང་བཞི་བརྒྱ་ལྷག་པ། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཡིག་ཆ། ཤངས་ཆོས་སྐོར་པོད་བརྒྱད། བཀའ་བརྒྱད་བདེ་འདུས་པོད་དགུ། གསང་རྫོགས་པོད་བཞི། རང་ཤར་པོད་གཉིས། ཚེ་བདག་ལྕགས་འདྲ་སྡིག་པོད་གཉིས། བླ་མ་དགོངས་འདུས་པོད་བཅུ་གསུམ། འཇའ་ཚོན། སྨིན་གླིང་། ཆོས་གླིང་རྣམས་གཙོར་གྱུར་མང་པོའི་གཞུང་པོད། ཤེས་བྱ་ཀུན་ཁྱབ་པོད་གསུམ། བཀའ་མཛོད་ནང་བརྟག་རྒྱུད་གསུམ་འགྲེལ་པ་བཅས་པོད་དྲུག །རིན་ཆེན་གཏེར་མཛོད་བཀའ་རྒྱའི་སྐོར་བཅས་པོད་དྲུག་ཅུ་ཡར་བརྒལ། གདམས་མཛོད་པོད་བཅུ། རྩོམ་པོད་ཐོར་བུ་བདུན་སོགས་བྲིས་པོད་ཆེ་ཆུང་ཁྱོན་བསྡོམས་དྲུག་བརྒྱ་དང་གོ་གསུམ་ཙམ་བཞུགས། ཐུགས་རྟེན་དགོན་གྱི་ལྷ་གསར་དུ་གསེར་གདུང་ཆེན་མོ། ཡང་ཁྲོད་དཔལ་ཆེན་ལྷ་ཁང་དུ་དཔལ་རེག་པ་མེད་པའི་མཆོད་རྟེན། དུས་འཁོར་ཡེ་ཤེས་མཆོད་རྟེན། སྐུ་གདུང་ཆ་བརྒྱད་ཆ་གཉིས། བཀའ་གདམས་མཆོད་རྟེན་ཁ་ཤས་སོགས་ཐུགས་རྟེན་ཆེ་ཆུང་དྲུག་ཅུ་རྩ་བཞི་ཙམ་བཞུགས། འདི་རྣམས་ལ་ནང་གཞུག་ཁྱད་པར་འཕགས་པའི་བཞུགས་ཚུལ་སོགས་ཞིབ་པར་དཀར་ཆག་ཏུ་གསལ་ཞིང་། ཙ་འདྲ་རིན་ཆེན་བྲག་གི་དཀར་ཆག་གཏེར་བྱོན་ལས། དཀར་ཆག་ས་སྟེང་བྱུང་བའི་ཚེ༔ ཧེ་རུ་ཀཿཡི་སྐུ་གསུང་ཐུགས༔ འོག་མིན་གནས་ནས་འདི་རུ་འཕོ༔ ཞེས་གསུངས་པ་དང་། གཏེར་ཆེན་མཆོག་གྱུར་གླིང་པས་ཟུར་འུག་བྱ་ལུང་གི་ཧེ་རུ་ཀའི་སྐུ་བརྙན་གྱི་འགྲོ་དོན་རྫོགས་ལ་ཉེ་བས་འདི་ཉིད་ཀྱིས་གསང་སྔགས་བསྟན་པའི་བཙས་སུ་འགྱུར་བར་ལུང་བསྟན་པས་གལ་གནད་དགོས་པ་ཆེ་བར་སེམས་སོ། །ལྷ་ཁང་རྣམས་སུ་གནམ་རྒྱན། འཕན་དར་རྒྱལ་མཚན། ཡོན་ཆབ་མར་མེ་གཙོས་མཆོད་པའི་ཡོ་བྱད། གསར་མའི་སྒྲུབ་མཆོད་དང་། རྙིང་མའི་སྒྲུབ་ཆེན་རྣམས་ཀྱི་རྟེན། རྔ་སིལ་སྙན། སྦུབ་ཆོལ། དུང་དཀར་དམར། རྒྱ་གླིང་། རྐང་དུང་བཅས་རོལ་མོའི་རིགས། འཚོགས་པའི་གྲལ་གདན། གཉེར་ཁང་དང་ཐབ་ཚང་རྣམས་སུ་ཁྲོ་ཟངས་རྟིབ་དཀར་སྐྱོགས་དང་སྒྲོ་སྣོད་ཀྱིས་མཚོན་པའི་ཉེར་མཁོ་རྣམས་ཀྱང་ཐེབས་ཁྲོལ་དང་བཅས་འདུ་བགྱིས། འདིར་སྒྲུབ་བཞུགས་རྣམས་ནས་ཐོག་མར་ཐར་པ་རིན་པོ་ཆེའི་རྒྱན་དང་ལམ་རིམ་སྦྲགས་པའི་ཐུན་མོང་གི་སྔོན་འགྲོས་བློ་སྦྱོང་། ཐུན་མིན་སྔོན་འགྲོ་གསག་སྦྱོང་བླ་མའི་རྣལ་འབྱོར་རྣམས་གྲུབ་མཚམས་ཤངས་ལུགས་བདེ་མཆོག་ལྷ་ལྔ་དང་། རྒྱུད་སྡེ་ལྔའི་བསྙེན་པ་གཏང་། ལོ་ཕྱེད་གཉིས་ཤངས་ཆོས་རྩ་བ་དང་ཡན་ལག་ཚང་མ་ཉམས་སུ་ལེན། ལོ་གཉིས་པའི་ཕྱེད་ལ་དུས་འཁོར་ལྷ་དགུའི་བསྙེན་པ་དང་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་པར་འབྲེལ་འཇོག་ཙམ་བྱས། ལོ་ཕྱི་མར་རྡོར་སེམས་དང་ཡང་དག་གི་བསྙེན་པ་དང་བླ་མ་ཡང་ཏིག་ཅི་འགྲུབ་བྱ་བ་དང་། ལོ་རེ་བཞིན་དུས་འཁོར། བརྟག་གཉིས། བདེ་མཆོག་གསུམ་གྱི་རྒྱུད་ཚར་རེ། ཟླ་བ་དང་པོར་མར་མིའི་སྐུ་མཆོད་རས་འབུད་དང་མགུར་མཚོ། གཉིས་པར་སྨིན་གླིང་གཏེར་ཆེན་སྐུ་མཆོད་རིག་འཛིན་ཐུགས་ཐིག་ཚོགས་སྐོང་། རྗེ་བཙུན་ཏཱ་ར་ནཱ་ཐའི་སྐུ་མཆོད་ཤངས་ལུགས་རྒྱུད་སྡེ་ལྔའི་སྒྲུབ་མཆོད་ཉིན་གསུམ། ནག་པ་ཟླ་བར་དུས་འཁོར་སྒྲུབ་མཆོད་རྣལ་འབྱོར་མ་རིགས་བརྒྱའི་མཆོད་ཆོག་བཅས་ཉིན་བདུན། ལྔ་པར་བླ་མ་དགོངས་འདུས་སྐོང་ཆོག །དགུ་པར་ཁྱུང་པོའི་དུས་ཆེན་ལ་ཤངས་ལུགས་བླ་མཆོད། བཅུ་གཉིས་པར་ཀུན་མཁྱེན་ཀློང་ཆེན་པའི་དུས་ཆེན་ལ་སྙིང་ཐིག་བླ་མཆོད། བཅུ་གཅིག་པར་རྟག་གཏོར་བརྗེ་བའི་གསོལ་ཁ་འཕར་མ། ལོ་མཇུག་ཏུ་མྱུར་མཛད་ཡེ་ཤེས་མགོན་པོའི་གཏོར་སྒྲུབ། ཟླ་བཞིའི་དུས་ཆེན་ལ་ཚོགས་གསག་གསོ་སྦྱོང་རྒྱས་པ་བྱ་བ་དང་། ཟླ་རེ་བཞིན་ཚེས་བདུན་རྗེ་པདྨ་ཉིན་བྱེད་སྐུ་མཆོད་རྡོར་སེམས་སྒྲུབ་མཆོད། བརྒྱད་ལ་ཚེ་སྒྲུབ་གསང་འདུས་དང་སྒྲོལ་དཀར་སྒྲུབ་མཆོད། ཚེས་བཅུར་བླ་མ་དགོངས་འདུས་དང་བླ་སྒྲུབ་སྐབས་བབ་དང་བི་མའི་ཚོགས་མཆོད། བཅོ་ལྔར་དུས་འཁོར་མཆོད་ཆོག །ཉེར་ལྔར་བདེ་མཆོག་སྒྲུབ་མཆོད་དང་མཁའ་སྤྱོད་དཀར་དམར་གཉིས་རེས་མོ། ཉེར་དགུར་སྐོང་གསོལ་འཕར་མ། གནམ་སྟོང་སོ་ལུགས་ཡང་དག་དང་ཉི་མ་རིང་སྐབས་ཟླ་བ་དྲུག་ལ་གསང་སྙིང་རྒྱུད། ཐུང་སྐབས་དྲུག་ལ་འཇམ་དཔལ་མཚན་བརྗོད་བཅས་རྒྱུད་ཐམས་ཅད་ཀྱང་སོ་སོའི་བཀླག་ཆོག་དང་ལྡན་པས་ཚུལ་བཞིན་བགྱིས་པ་དང་། ཉིན་རེ་བཞིན་གྱི་ཞོག་པར་དཔལ་ཆེན་ལྷ་ཁང་དུ་ཚོགས་གསོག་དང་འབྲེལ་བའི་སྡོམ་གསུམ་གསོ་སྦྱོང་། དགོང་མོར་མགོན་ཁང་དུ་གསར་རྙིང་ཆོས་སྐྱོང་རྣམས་ཀྱི་སྐོང་གསོལ་བསྟར་ཆགས། ཐུན་བཞིའི་རྣལ་འབྱོར་གྱི་རིམ་པའང་ཁྲིགས་སུ་བཀོད། ཟླ་རེ་བཞིན་དགེ་སློང་ཚུལ་སོ་སོས་ཉ་སྟོང་གི་གསོ་སྦྱོང་བཅས། མགོན་ཁང་བླ་མའི་ཉམས་ལེན་འདོན་བྱ་རྣམས་ཁྲིགས་བཀོད་ཟུར་དུ་བྱས། གནས་བརྟན་ཁང་དུ་སྡོད་མཁན་ནས་ཚེས་བརྒྱད་བྱུང་ངོ་ཅོག་ལ་ཆོས་འཁོར་རྣམ་གསུམ་གཙོར་གྱུར་བསྟན་པ་ཡུན་གནས་ཆེད་དུ་སངས་གླིང་གནས་ཆོག་ཚར་རེ་གཏོང་བ་སོགས་རགས་བསྡུས་སུ་བཀོད་པ་ཡིན་ལ། རྫོང་ཤོད་དུའང་གུ་རུ་ལྷ་ཁང་དུ་གཙོ་བོ་ཨོ་རྒྱན་ཟ་ཧོར་མ། འོད་དཔག་མེད། ཚེ་དཔག་མེད། རྒྱལ་བ་རྒྱ་མཚོ། རྡོར་སེམས། ཡང་དག །སྒྲོལ་དཀར། གནས་བཅུ། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་གཙོ་ཆེ་བའི་བླ་མ་རྣམས་ཀྱི་སྐུ་བརྙན་དང་། ཕུགས་གནས་ལྷ་ཁང་དུ་ཐུབ་དབང་ཐོག་ཚད། ཉེ་སྲས་བརྒྱད། པདྨ་སཾ་བྷ། སྒྲོལ་ལྗང་། མགོན་ཁང་དུ་མྱུར་མཛད་ཡེ་ཤེས་མགོན་པོ་གཙོ་བོར་གྱུར་པའི་གསར་རྙིང་གི་ཆོས་སྐྱོང་རྣམས་ལྡེར་སྐུར་བཞེངས། ནང་གཞུག་སོགས་ཚད་ལྡན་བྱས། རང་གི་སྡོད་གནས་སུ་སློབ་དཔོན་ཟ་ཧོར་མ་ཁྲུ་གང་བས་གཙོར་བྱས་ཟངས་གསེར་ལས་གྲུབ་པའི་སྐུ་བརྙན་ཆེ་ཆུང་ ཞལ་ཐང་ཉི་ཤུ་རྩ་གྲངས། གསུང་རྟེན་བཀའ་འགྱུར། བསྟན་འགྱུར། རྙིང་མ་རྒྱུད་འབུམ་གཙོར་བྱས་བཀའ་གཏེར་གསུང་འབུམ་འགྲེལ་པ་དང་འདོན་ཆོག་གི་རིགས་སོགས་སྐྱ་པོད་ལྔ་བརྒྱ་ལྷག་ཙམ་བཞུགས། དེ་དག་ལའང་མཆོད་པའི་ཡོ་བྱད། མར་མེ་རྒྱུན་འབར། རོལ་མོའི་རིགས། འཚོགས་པའི་གདན་ཆས་རིགས་ཚང་བ་དང་། སྒྲུབ་པ་བདུན་གྱི་ཕོག་ཆས། ལོ་རེ་བཞིན་གཡས་གཡོན་དགོན་པ་རྣམས་ཀྱང་འཚོགས་པའི་བཀའ་འགྱུར་དག་ཚར། ཆོ་འཕྲུལ་ཟླ་བར་ཉེ་སྲས་བརྒྱད་ཆོག །ས་ག་ཟླ་བར་སྨྱུང་གནས། ཟླ་བ་དགུ་པར་ཐར་མདོའི་ཆོ་ག །ཡར་མར་གྱི་ཚེས་བཅུའི་ཚོགས་མཆོད་དགུ་གསོལ་རྣམས་ཀྱང་བསྟར་ཆགས་སུ་བགྱིད་པའི་རྒྱུན་བཙུགས། བཀྲ་ཤིས་གནས་ཀྱི་མཆོད་ཁང་དུ། ཐུབ་དབང་དང་གུ་རུ་རིན་པོ་ཆེ་ཁྲུ་ཚད་ཀྱིས་གཙོས་ཟངས་གསེར་སྐུ་བརྙན་ སྐོར་དང་ཞལ་ཐང་སོགས་རྟེན་བཞག་དང་། རོང་རྒྱབ་བོན་དགོན་གྱི་གཙུག་ལག་ཁང་གི་ལོགས་བྲིས་གཙོས། མདོ་སྔགས་སྟོན་པ་གཉིས། སྲུང་མའི་སྐུ་བརྙན། འཕན་དང་རྒྱལ་མཚན། རོལ་མོའི་རིགས། གྲལ་གདན། འཆམ་ཆས་ཁ་སབ་སོགས་དང་། ལོ་བསྟར་དབྱར་མཆོད་དང་མགོན་བླ་རྒྱུན་བཞག་གི་ཐེབས་ཁྲལ་སྟོང་གི་ས་ཞིང་བདག་པོ་སྡེ་དགེའི་མདུན་ཞུས་ནས་ཇི་སྲིད་བར་སོར་འཇག་བྱས་པའོ། །དམ་པའི་རྣམ་ཐར་མཚན་ཉིད་པ་ནི་བརྗོད་གཞིའི་ཕོངས། །དམན་པའི་སྤྱོད་པ་དཀྱུས་ལས་ལྷག་ཙམ་བརྗོད་བྱར་བྱས། །རྗོད་བྱེད་ཚིག་ཕྲེང་ར་ཐོན་ལུག་ཐོན་སྤེལ་བ་འདིས། །མཁས་རྣམས་ཁྲེལ་ལ་བླུན་པོ་མགུ་བ་སྐྱེད་སྲིད་དམ། །འདི་བྲིས་རང་གཞན་སྡིག་པའི་ས་བོན་དུ། །ནམ་ཡང་མི་འགྱུར་དཀར་པོའི་སྟོབས་འཕེལ་བས། །འབྲེལ་ཚད་དོན་ལྡན་སྤྱོད་པ་རླབས་པོ་ཆེར། །འགྱུར་བ་དཀོན་མཆོག་བདེན་པས་བྱིན་གྱིས་རློབས། །སརྦ་ཐཱ་ཀ་ལྱཱ་ཎཾ་མངྒ་ལ་བྷ་བནྟུ།། །། ༈ གུ་རུ་བཛྲ་དྷཱ་ར་ཨུཏྟ་ར་བྷྱཿ རང་བྱུང་འོད་གསལ་བདེ་ཆེན་ཆོས་ཀྱི་སྐུ། །ལྷུན་གྲུབ་འགྱུར་མེད་ཀུན་ཁྱབ་བརྡལ་བ་ཆེ། །སྐུ་དང་ཞིང་ཁམས་སྒྱུ་འཕྲུལ་དྲྭ་བའི་གར། །སྟོན་མཛད་རྡོ་རྗེ་འཆང་མགོན་ཞབས་ལ་འདུད། །རྒྱལ་དབང་པདྨའི་ཞལ་སྐྱིན་གར་གྱི་དབང་། །རྒྱལ་བས་ཡོངས་བསྔགས་བློ་གྲོས་མཐའ་ཡས་སྡེ། །རྒྱལ་བསྟན་མདོ་སྔགས་གཉིས་ཀྱི་སྲོག་འཛིན་མགོན། །རྒྱལ་མཆོག་མཚུངས་མེད་གཡུང་དྲུང་གླིང་པ་གང་། །བསིལ་ལྡན་ལྗོངས་འདིར་རྒྱལ་བསྟན་མཆིས་སོ་ཅོག །འཛིན་དང་སྤེལ་བའི་ཕྲིན་ལས་རྨད་བྱུང་གཟུགས། །རྒྱུ་སྐར་ཁྲོད་དུ་ནམ་མཁའི་ནོར་བུ་བཞིན། །རྣམ་འདྲེན་ཡོངས་ཀྱི་དབུས་ན་མངོན་པར་འཕགས། །མཁྱེན་པའི་དཔལ་ནི་ནམ་མཁའི་རྗེས་སུ་སོང་། །བརྩེ་བའི་ཐུགས་རྗེ་ཉི་ཟླའི་སྣང་བ་འབར། །ནུས་པའི་ཕྲིན་ལས་སྲིད་པ་ཇི་སྲིད་བར། །སྟོན་མཛད་རྗེ་བཙུན་བླ་མའི་རྣམ་པར་ཐར། །བསམ་ཡས་རྒྱལ་བ་ཀུན་དང་མཉམ་འཇུག་ཅིང་། །གྲངས་མེད་འགྲོ་ཁམས་རྒྱ་མཚོ་ཇི་སྙེད་ཀྱི། །མོས་པའི་རྗེས་སུ་སོང་བའི་ཚུལ་མཐའ་དག །གཟིགས་པ་འཕགས་མཆོག་ཁོ་ནའི་སྤྱོད་ཡུལ་ཉིད། །བརྩེ་ཆེན་རྒྱལ་བའི་མཛད་པ་མཁའ་ལྟར་ཡངས། །བྱིས་བློའི་ཁབ་ཀྱི་བུ་གར་འདྲེན་བཟོད་མིན། །དེ་ལྟ་ན་ཡང་གང་གི་ཕྲིན་ལས་ནི། །སྐལ་པ་ཅན་ངོར་ཕྱོགས་སུ་ལྷུང་བ་བཞིན། །མདོ་སྔགས་སྟོན་པས་ལུང་གིས་བསྔགས་པ་དང་། །ལྷན་ཅིག་བསྟན་པའི་བདག་པོར་དབང་བསྐུར་པ། །བདག་ཅག་རྣམས་ངོར་རྡོ་རྗེ་སློབ་དཔོན་གྱི། །ཚུལ་བསྟན་མཛད་པའི་རྣམ་ཐར་རྒྱ་མཚོ་ལས། །སྐྲ་རྩེས་བླངས་པའི་ཟེགས་མ་ཕྲ་མོ་ཙམ། །དེ་ཡང་རྒྱལ་བ་མཆོག་གི་སྤྱོད་ཚུལ་བཞིན། །ཀུན་དང་མཐུན་ཞིང་ཀུན་ལས་ཁྱད་འཕགས་གང་། །གྲགས་པའི་ཕྱིར་མིན་ང་རྒྱལ་གཅོམ་བསྐྱུངས་ཏེ། །མོས་ལྡན་རྣམས་ཀྱི་རེ་བ་སྐོང་བ་དང་། །རྗེས་སུ་འཇུག་ལ་གདམས་ངག་རྣམ་ཐར་གྱི། །སྒོ་ནས་འདོམ་སླད་ཀུན་གྱི་མཐུན་སྣང་དུ། །གྱུར་པའི་གཏམ་ཉིད་མདོ་ཙམ་གླེང་བར་མཛད། །འདི་ཡང་འགྲོ་རྒྱུད་དགེ་བ་རྨ་མེད་པའི། །ཆོ་གས་གཙང་བྱས་བློ་ཡི་མེ་ལོང་ངོགས། །བཻ་ཌཱུར་ས་གཞིར་ལྷ་དབང་གཟུགས་བརྙན་ལྟར། །སྣང་བ་སྐལ་བཟང་སྐྱེ་བོའི་དགའ་སྟོན་མཆོག །གཏན་པ་མེད་པ་ཕྱོགས་བརྒྱར་སྦྱིན་པའི་སླད། །བདེ་མཆོག་ཐུགས་ཀྱི་འཁོར་ལོའི་གྷནྡྷོ་ལ། །འོག་མིན་མཚུར་མདོར་པར་དུ་བསྒྲུབ་པའི་མཐུས། །མཁའ་མཐས་གཏུགས་པའི་འགྲོ་རྣམས་དད་གསུམ་གྱི། །སྣང་བས་བློ་ཡི་པདྨོ་ཁ་ཕྱེས་ཏེ། །མ་དག་བློ་ངན་འདམ་བུས་མ་གོས་པའི། །རྣམ་གྲོལ་ཡོན་ཏན་གེ་སར་དཔལ་རྫོགས་ནས། །འཇམ་མགོན་བླ་མའི་རྣམ་ཐར་ལ་འཇུག་ཤོག །དེ་ཀུན་བཟང་པོ་སྤྱོད་པའི་ཕྲིན་ལས་ཀྱི། །ངོ་མཚར་རྒྱ་མཚོས་རྫོགས་སྨིན་སྦྱངས་མཐར་ཕྱིན། །རྡུལ་བྲལ་ཡེ་ཤེས་མཆོག་ལ་དབང་ཐོབ་སྟེ། །ཟུང་འཇུག་རྒྱལ་བའི་གོ་འཕང་མངོན་བྱེད་ཤོག །ཅེས་པའང་རྗེ་བཙུན་བླ་མ་རྡོ་རྗེ་འཆང་ཆེན་པོའི་འབངས་རིགས་སུ་གཏོགས་པ་མཁའ་ཁྱབ་རྡོ་རྗེར་འབོད་པའི་སྙོམས་ལས་པས་རིན་ཆེན་གཏེར་གྱི་མཛོད་ཁང་ཡོངས་སུ་འགེངས་པའི་སླད་མཚུར་མདོ་བོ་ལུང་གི་ཆོས་གྲྭར་བཞེངས་པའི་པར་བྱང་དུ། རྡོ་རྗེ་ཅན་ཞབས་གང་གི་བཀའ་དྲིན་དྲན་པའི་སྒོ་ནས་ཆེད་དུ་བརྗོད་པ་སིདྡྷིརསྟུ།། །།
བཀའ་བརྒྱད་རང་ཤར་གྱི་བརྒྱུད་འདེབས་དང་སྔོན་འགྲོ་མདོར་བསྡུས་ (Volume 15, Text 7)
བཀའ་བརྒྱད་རང་ཤར་གྱི་བརྒྱུད་འདེབས་དང་སྔོན་འགྲོ་མདོར་བསྡུས་བཞུགས་སོ། །མ་ཧཱ་གུ་རུ་པདྨ་སིདྡྷི་ཧཱུྃ། ཁྱབ་བདག་ཆེན་པོ་ཀུན་བཟང་ཧེ་རུ་ཀ །ཡེ་ཤེས་ལྔ་རྫོགས་དྲུག་པ་རྡོ་རྗེ་འཆང་། །གསང་བའི་བདག་པོ་དཔལ་ལྡན་རྡོ་རྗེ་ཆོས། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཡུམ་ཆེན་སྨུག་ནག་དབང་གི་མཁའ་འགྲོ་མ། །རྒྱལ་སྲས་རིག་འཛིན་ཨིནྡྲ་བྷཱུ་ཏི་དཔལ། །སྐུ་ཡི་རིག་འཛིན་འཇམ་དཔལ་བཤེས་གཉེན་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །གསུང་གི་རིག་འཛིན་ནཱ་གཱརྫུ་ན་དང་། །ཐུགས་ཀྱི་རིག་འཛིན་ཆེན་པོ་ཧཱུྃ་ཀ་ར། །ཡོན་ཏན་རིག་འཛིན་ཆེན་པོ་བི་མ་ལར། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཕྲིན་ལས་རིག་འཛིན་པྲ་བྷ་ཧསྟི་དང་། །རྦོད་གཏོང་རིག་འཛིན་དྷ་ན་སཾསྐྲྀ་ཏ། །ཚེ་དབང་རིག་འཛིན་པདྨ་སཾ་བྷ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །མཆོད་བསྟོད་རིག་འཛིན་གུ་ཡ་ཙནྡྲ་དང་། །དྲག་སྔགས་རིག་འཛིན་ཤཱནྟིཾ་གརྦྷའི་མཚན། །ཡོངས་རྫོགས་རིག་འཛིན་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །དཔལ་གྱི་གཟུང་མ་ཡེ་ཤེས་མཚོ་རྒྱལ་དང་། །མངའ་བདག་ཆེན་པོ་ཁྲི་སྲོང་ལྡེ་འུ་བཙན། །གནུབས་ཆེན་དགེ་སློང་ནམ་མཁའི་སྙིང་པོ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །སྔགས་འཆང་གཙུག་རྒྱན་རྡོ་རྗེ་བདུད་འཇོམས་དང། །ལྷ་སྲས་བྱང་སེམས་མུ་ཁྲི་བཙན་པོ་དང་། །རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །རྒྱལ་བའི་སྲས་མཆོག་རྣམ་རྒྱལ་མགོན་པོ་དང་། །མཁས་གྲུབ་མཚུངས་མེད་རྒྱལ་སྲས་བསོད་ནམས་བཟང་། །གྲུབ་ཆེན་བརྙེས་པ་དཔལ་ལྡན་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །རིག་འཛིན་ཆེན་པོ་རྡོ་རྗེ་བྲག་པའི་དཔལ། །རྡོ་རྗེ་འཛིན་དངོས་གསང་བདག་སངས་རྒྱས་སྐྱབས། །གྲུབ་པའི་དབང་ཕྱུག་བྱམས་པ་བསྟན་པའི་བདག །བདེ་གཤེགས་ཀུན་དངོས་ཁྱབ་བདག་བླ་མ་དང་། །དངོས་གྲུབ་ཡེ་ཤེས་རྒྱ་མཚོའི་དཀྱིལ་འཁོར་ལྷ། །བྱིན་རླབས་རྨད་བྱུང་མཁའ་འགྲོ་མཆེད་ལྕམ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །རྣམ་དག་དབང་བཞིའི་ལམ་གྱིས་རྒྱུད་སྦྱངས་པས། །རྣམ་མང་རྟོག་ཚོགས་བདུན་བརྒྱ་ཉི་ཤུ་ལྔའི། །སྐུ་གསུང་ཐུགས་མཆོག་ཡོན་ཏན་ཕྲིན་ལས་ཀྱི། །བྱིན་རླབས་རྨད་བྱུང་དཔལ་གྱིས་འཚོ་བར་ཤོག །ཅེས་པ་འདི་ནི་རང་བྱུང་རང་ཤར་གྱི། །རྒྱུད་ཀྱི་དོན་ལ་འཇུག་ཕྱིར་པདྨ་ཡིས། །དཔལ་གྱི་བསམ་ཡས་དབུ་རྩེ་རིགས་གསུམ་གྱི། །བར་ཁང་ཉིད་དུ་བཀོད་པའི་དགེ་བ་ཡིས། །རྒྱུད་དོན་དངོས་པོ་བཅུ་ཡི་དོན་རྟོགས་ཤོག །དེ་ནས་གནས་ཡོ་བྱིན་རླབས་ནས་བརྩམ་སྔོན་འགྲོ་རྒྱས་པ་ལྟར་གཏང་གྲུབ་ན་ལེགས་ཀྱང་། མི་ལྕོགས་ན། རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། དུས་གསུམ་བདེ་གཤེགས་མ་ལུས་མཆོད་པའི་གནས་འདིར་བཛྲ་ས་མ་ཡ་ཛཿཛཿ སྐྱབས་སེམས་ནི། བླ་མ་སངས་རྒྱས་འཁོར་དང་བཅས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །བླ་མ་དཀོན་མཆོག་རྣམ་གསུམ་པོ། །བྱང་ཆུབ་མ་ཐོབ་བར་དུ་ནི། །སྐྱབས་ཀྱི་མཆོག་ཏུ་གཟུང་བར་བྱའོ། །སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར། །སྨོན་པ་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །ཡན་ལག་བདུན་པ་ནི། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་གཤེགས་སུ་གསོལ། །སྤྱི་གཙུག་ཉི་ཟླ་པདྨའི་གདན་ལ་བཞུགས། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་པ་མ་ལུས་འབུལ། །སྡིག་པ་མི་དགེ་ཐམས་ཅད་སོ་སོར་བཤགས། །དུས་གསུམ་དགེ་བའི་ཚོགས་ལ་རྗེས་ཡི་རང་། །ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར་དུ་གསོལ། །མྱ་ངན་མི་འདའ་འགྲོ་བའི་དོན་ལ་བཞུགས། །དེ་སོགས་དགེ་བ་བྱང་ཆུབ་འཐོབ་ཕྱིར་བསྔོ། །སྐུ་གསུམ་ཕྲིན་ལས་བདག་གིས་བྱེད་པར་ཤོག །དེ་ནས་བགེགས་གཏོར་བསྔོ་བ་ནི། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭཱ་བྷཱ་ཝ་ཤུདྡྷོ྅་ཧཾ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཅེས་ལན་བདུན་བརྗོད་པས། གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་དཔག་ཏུ་མེད་པས་གནོད་བྱེད་གདོན་བགེགས་ཐམས་ཅད་ཚིམ་པར་བསམས་ལ། ཧོཿ བཀའ་གསང་བ་བས་ཀྱང་ཆེས་གསང་བ། ཡང་གསང་བླ་ན་མེད་པ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་དུས་གསུམ་བདེར་གཤེགས་རྒྱལ་བ་ཡོངས་རྫོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར། ཁྱོད་མི་མིན་མི་རུ་རྫུ་བ། ལྷ་མིན་ལྷ་རུ་རྫུ་བ། དཀྱིལ་འཁོར་གྱི་བཀྲག་ལ་བལྟ་བ། མར་མེའི་འོད་ལ་བལྟ་བ། སྤོས་ཀྱི་དྲི་ལ་སྣོམ་པ། སྒྲུབ་མཆོག་རྣལ་འབྱོར་པ་བདག་གི་ཏིང་འཛིན་གྱི་དྲོད་ཉུལ་བར་བྱེད་པའི་གནོད་བྱེད་གདོན་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ལ་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཁྱོད་གདོན་བགེགས་རྣམས་ལ་སྟེར་བ་ཡིན་པས། གནས་སྐབས་སུ་འདོད་ཡོན་ལྔས་ཚིམས་ཤིང་། མཐར་ཐུག་སངས་རྒྱས་འཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །ཅེས་དང་དྲག་སྔགས་སོ་ལྔ། ཧཱུྃ་བཞིའི་སྔགས་ཀྱིས་བགེགས་བསྐྲད་ལ་ལས་བྱང་གི་ཕྱི་མཚམས་ལ་འཇུག་གོ། །།
ཐུགས་དམ་རྒྱུད་ནས་བསྐུལ་ཞིང་འཕྲིན་ལས་བཅོལ་བ (Volume 61, Text 7)
དེ་ནས་ཐུགས་དམ་རྒྱུད་ནས་བསྐུལ་ཞིང་འཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ དུར་ཁྲོད་འཇིགས་སུ་རུང་བའི་ཕོ་བྲང་ནས༔ རྔམ་བརྗིད་སྟོབས་ལྡན་པདྨ་ཐོད་ཕྲེང་རྩལ༔ ཐམས་ཅད་ཟིལ་གནོན་སྲིན་པོའི་གདན་ལ་བཞུགས༔ ཆགས་པའི་སྐྱོན་བྲལ་པདྨའི་ལྟེ་བ་ལ༔ ཐུགས་རྗེ་རྨད་བྱུང་ཟླ་བའི་དཀྱིལ་འཁོར་སྟེང༔ ཉོན་མོངས་འདམ་སྐེམ་ཉི་མའི་དཀྱིལ་འཁོར་འབར༔ མ་བཅོས་རང་བྱུང་ཧཱུྃ་གི་འཕྲོ་འདུ་ལས༔ བདེན་པའི་སྟོབས་ཀྱི་བྱིན་རླབས་ཚྭ་ཚྭ་འཕྲོ༔ འཇིག་རྟེན་དྲེགས་པའི་ཚོགས་རྣམས་ཚར་བཅད་ནས༔ གསུང་གི་དབང་ཕྱུག་པདྨ་ཧེ་རུ་ཀའི་སྐུ༔ དཔའ་ལ་སྒེག་པའི་ཆ་ལུགས་གསལ་བར་ལྡན༔ བརྗིད་ཅིང་རྔམ་པའི་ཁྲོ་བོ་གཡུལ་ལས་རྒྱལ༔ གཏུམ་ལ་འཇིགས་པའི་ཁྲག་འཐུང་ཧེ་རུ་ཀ༔ བདུད་ཀྱི་ཚོགས་རྣམས་འཇོམས་པའི་མཐུ་སྟོབས་ལྡན༔ ཐམས་ཅད་བགེགས་འདུལ་པདྨ་ཐོད་ཕྲེང་རྩལ༔ ཐུགས་ཉིད་ཀློང་ཡངས་འཇིག་རྟེན་ལྟོ་བར་བཅུག༔ དམ་ལས་འདས་པའི་དགྲ་བགེགས་འབྱུང་པོ་རྣམས༔ རང་དབང་མེད་པར་དབང་དུ་བསྡུས་ནས་ཀྱང༔ བསད་བཅད་གཏུབས་ཏེ་ཤ་ཁྲག་རུས་པ་འཆའ༔ ཁྱོད་ནི་དུས་ངན་སྟོན་པའི་རྒྱལ་ཚབ་སྟེ༔ བསྟན་ལ་སྡང་བ་ཐམས་ཅད་ཕུང་བར་མཛོད༔ བགེགས་འདུལ་པདྨའི་ཐུགས་དམ་དབྱིངས་ནས་བསྐུལ༔ དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ༔ སྐུ་མཆོག་ནམ་མཁའི་ཁམས་གང་འཇིགས་པ་ལ༔ ལྟ་བས་ཆོག་མི་ཤེས་པའི་མཚན་དཔེ་ལྡན༔ སྐུ་མདོག་དམར་པོ་བསྐལ་པའི་མེ་ལྟར་འབར༔ དབུ་སྐྲ་ཁམས་ནག་རལ་པ་གྱེན་དུ་འཁྱིལ༔ སྤྱན་རྩ་དམར་པོ་སྡང་མིག་གྱེན་དུ་བགྲད༔ བར་སྣང་ཁམས་ཀྱི་གདོན་ཚོགས་བརླག་པར་བྱེད༔ ཞལ་བགྲད་མཆེ་གཙིགས་ཨག་ཚོམ་མེ་ལྟར་འབར༔ གཟི་བརྗིད་འོད་ཀྱིས་སྟོང་ཁམས་མ་ལུས་སྲེག༔ ཁྲོས་པའི་རྐན་སྒྲས་རི་རབ་ཐང་ལ་སྙིལ༔ རྔམས་པའི་སྟབས་ཀྱིས་རྒྱ་མཚོ་ཧུབ་ཀྱིས་འདེབས༔ ཐུགས་རྗེའི་སྟོབས་ཀྱིས་འགྲོ་དྲུག་ཞལ་དུ་གསོལ༔ རྔམ་བརྗིད་པདྨའི་ཐུགས་དམ་དབྱིངས་ནས་བསྐུལ༔ དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ༔ ཆོས་ཉིད་མི་འགྱུར་ཕྱག་གཡས་རྡོ་རྗེ་བསྣམས༔ འདྲེ་གདོན་འདུལ་ཕྱིར་ཕྱག་གཡོན་སྡིག་པ་འགྱེད༔ གླང་ཆེན་མི་ལྤགས་སྟག་ཤམ་སྦྲུལ་གྱི་རྒྱན༔ ཐོད་ཕྲེང་སྦྲུལ་ཆུན་རིན་ཆེན་རུས་པས་བརྒྱན༔ དུར་ཁྲོད་ཆས་ལྡན་གནས་གསུམ་བྱུག་པས་མཚན༔ ཉོན་མོངས་སྲེག་བྱེད་མེ་ཕུང་ཀློང་ན་འགྱིང༔ ཆས་ལྡན་པདྨའི་ཐུགས་དམ་དབྱིངས་ནས་བསྐུལ༔ དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ༔ སྐུ་དབང་རྫོགས་ཕྱིར་འཇམ་དཔལ་དབུ་ལ་བཞུགས༔ གསུང་དབང་རྫོགས་ཕྱིར་མགྲིན་པར་རྟ་མགྲིན་བཞུགས༔ ཐུགས་དབང་རྫོགས་ཕྱིར་ཐུགས་ཀར་ཕྱག་རྡོར་བཞུགས༔ ཡོན་ཏན་འདོད་པའི་དོན་རྣམས་ལྷུན་གྲུབ་ཕྱིར༔ མཁའ་འགྲོ་སྡེ་ལྔའི་དཀྱིལ་འཁོར་ལྟེ་བར་བཞུགས༔ ཕྲིན་ལས་རྫུ་འཕྲུལ་ཐོག་པ་མེད་པའི་ཕྱིར༔ སྤྱི་བོའི་གཙུག་ན་ལྕགས་ཀྱི་བྱ་ཁྱུང་ལྡིང༔ ལོགས་འདྲེན་བགེགས་ཀྱི་ཚོགས་རྣམས་འདུལ་བའི་ཕྱིར༔ ཡཀྴ་མེ་དབལ་ལྕགས་ཀྱི་སྡིག་པ་འགྱེད༔ རྣམ་དག་པདྨའི་ཐུགས་དམ་དབྱིངས་ནས་བསྐུལ༔ དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ༔ སྐུ་ཡི་གཟི་བརྗིད་འོད་ཟེར་འབར་བ་ཡིས༔ སྲིད་པ་གསུམ་ཡང་ཟིལ་གྱིས་གནོན་པར་བྱེད༔ གསུང་གི་གདངས་སྐད་རྔམ་པའི་ང་རོ་ཡིས༔ ཁམས་གསུམ་མ་ལུས་དབང་དུ་སྡུད་པར་བྱེད༔ ཐུགས་ཉིད་བྱམས་པའི་ཐུགས་རྗེ་ཚད་མེད་ཀྱིས༔ འགྲོ་དྲུག་མ་ལུས་འཁོར་བའི་གཏིང་ནས་འདྲེན༔ ཨཱ་རལླི་ཡི་སྒྲ་ཆེན་སྒྲོག་པ་ཡིས༔ མ་མོ་མཁའ་འགྲོ་དབང་དུ་སྡུད་པར་བྱེད༔ ཧཱུྃ་དང་ཕཊ་ཀྱི་སྒྲ་ཆེན་སྒྲོག་པ་ཡིས༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་དམ་ལ་འདུ༔ སྟོབས་ལྡན་པདྨའི་ཐུགས་དམ་དབྱིངས་ནས་བསྐུལ༔ དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ༔ སྤྱི་བོའི་གཙུག་ནས་ཁྱུང་ཆེན་སྤྲུལ་པ་འགྱེད༔ ཡང་སྤྲུལ་ཁྱུང་གི་ཚོགས་ཀྱིས་ནམ་མཁའ་གང༔ ག་རུ་ཌཿཡི་ཐུགས་དམ་དབྱིངས་ནས་བསྐུལ༔ དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ༔ དུང་ཁང་ནང་ནས་འཇམ་དཔལ་སྤྲུལ་པ་འགྱེད༔ ཡང་སྤྲུལ་ཁྲོ་བོའི་ཚོགས་ཀྱིས་ནམ་མཁའ་གང༔ ཡ་མཱནྟ་ཀའི་ཐུགས་དམ་དབྱིངས་ནས་བསྐུལ༔ དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ༔ མགྲིན་པའི་གནས་ནས་རྟ་མགྲིན་སྤྲུལ་པ་འགྱེད༔ ཡང་སྤྲུལ་ཁྲོ་བོའི་ཚོགས་ཀྱིས་ནམ་མཁའ་གང༔ ཧ་ཡ་གྲཱི་ཝའི་ཐུགས་དམ་དབྱིངས་ནས་བསྐུལ༔ དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ༔ ཐུགས་ཀྱི་དཀྱིལ་ནས་ཕྱག་རྡོར་སྤྲུལ་པ་འགྱེད༔ ཡང་སྤྲུལ་ཁྲོ་བོའི་ཚོགས་ཀྱིས་ནམ་མཁའ་གང༔ བཛྲ་པཱ་ཎིའི་ཐུགས་དམ་དབྱིངས་ནས་བསྐུལ༔ དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ༔ ལྟེ་བའི་གནས་ནས་མཁའ་འགྲོའི་སྤྲུལ་པ་འགྱེད༔ ཡང་སྤྲུལ་མཁའ་འགྲོའི་ཚོགས་ཀྱིས་ནམ་མཁའ་གང༔ མཁའ་འགྲོ་སྡེ་ལྔའི་ཐུགས་དམ་དབྱིངས་ནས་བསྐུལ༔ དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ༔ ཕྲིན་ལས་རྩལ་ལས་མེ་དབལ་སྤྲུལ་པ་འགྱེད༔ ཡང་སྤྲུལ་ཁྲོ་བོའི་ཚོགས་ཀྱིས་ནམ་མཁའ་གང༔ ཡཀྴ་མེ་དབལ་ཐུགས་དམ་དབྱིངས་ནས་བསྐུལ༔ དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ༔ སྡིགས་མཛུབ་རྩེ་ལས་ལྕགས་སྡིག་སྤྲུལ་པ་འགྱེད༔ ཡང་སྤྲུལ་སྡིག་པའི་ཚོགས་ཀྱིས་ནམ་མཁའ་གང༔ ཁྲོ་རྒྱལ་སྤྲུལ་པའི་ཐུགས་དམ་དབྱིངས་ནས་བསྐུལ༔ དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ༔ ཐུགས་རྗེའི་རྩལ་ལས་ཕོ་ཉའི་སྤྲུལ་པ་འགྱེད༔ ཡང་སྤྲུལ་ཕོ་ཉའི་ཚོགས་ཀྱིས་ནམ་མཁའ་གང༔ བཀའ་སྡོད་ཕོ་ཉའི་ཐུགས་དམ་དབྱིངས་ནས་བསྐུལ༔ དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ༔ ཁྱོད་ནི་འགྲོ་མགོན་སྐྱབས་ཀྱི་གནས་གྱུར་པ༔ བདག་ནི་སྙིང་ནས་དད་པས་ཁྱོད་སྒྲུབ་ནས༔ དཀའ་བ་དང་དུ་བླང་ནས་ཐེག་པ་རྒྱབ་ཏུ་འཁུར༔ ལུས་སྲོག་འབེན་བཙུགས་ཤ་ཁྲག་ཟན་དུ་བོར༔ མོ་གུས་དད་པས་གཏིང་ནས་ཁྱོད་སྒྲུབ་ན༔ ཐུགས་རྗེ་མ་ཆུང་སྔོན་གྱི་ཐུགས་དམ་དགོངས༔ དུས་ངན་སྙིགས་མའི་དུས་སུ་བདག་སྐྱེས་པས༔ ཁྱེད་ཀྱི་ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བདག་ནི་བླ་མེད་བྱང་ཆུབ་སྒྲུབ་པ་ལ༔ ལམ་ལ་བར་དུ་གཅོད་པའི་དགྲ་བགེགས་རྣམས༔ དབང་དྲག་པདྨ་འཁོར་དང་བཅས་པ་ཡི༔ ཐུགས་རྗེ་དྲག་པོའི་ཤུགས་ཀྱིས་བསྒྲལ་ནས་ཀྱང༔ གྲུ་གསུམ་མཐིང་ནག་འབར་བའི་ཞལ་དུ་སྦྱོངས༔ གསུང་དབྱངས་དྲུག་ཅུར་ལྡན་པའི་མགུལ་དུ་སྟིམས༔ དོན་དམ་སྐྱེད་མེད་ཐུགས་ཀྱི་དཀྱིལ་དུ་ཆོངས༔ རྣལ་འབྱོར་བདག་གིས་སྨོད་པའི་དོན་རྣམས་ནི༔ དབང་དྲག་པདྨ་ཁྱེད་ཀྱིས་གྲུབ་པར་མཛོད༔ ཅེས་ཐུགས་དམ་བསྐུལ་ལོ༔ བདུད་རྩི་དང་རཀྟ་སྦྲེང་ངོ༔
བོན་རྩིས་ཕྲ་མེན་སྐོར་རྣམས་ལས༔ དབང་དྲག་འབར་བའི་སྒྲུབ་ཐབས་ (Volume 40, Text 7)
<!TCC Tibetan character 4,47 undefined in unicode!>ཾྯ༔ བོན་རྩིས་ཕྲ་མེན་སྐོར་རྣམས་ལས༔ དབང་དྲག་འབར་བའི་སྒྲུབ་ཐབས་བཞུགས༔ བོན་སྲས་དབང་དྲག་འབར་ལ་འདུད༔ དེ་ཉིད་སྒྲུབ་པའི་གང་ཟག་གིས༔ སྦྱོར་དངོས་རྗེས་ཀྱིས་ཉམས་སུ་བླང༔ དང་པོ་སྐྱབས་ཡུལ་མདུན་དུ་བསྒོམ༔ ངེས་འབྱུང་བསམ་པ་བརྟན་པོ་ཡིས༔ ཧོ༔ བླ་ན་མེད་པའི་སྐྱབས་རྣམས་ལ༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ མི་འགྱུར་གཡུང་དྲུང་ས་ཐོབ་ནས༔ འགྲོ་ཀུན་སྒྲོལ་བར་སེམས་བསྐྱེད་དོ༔ གཉིས་པ་བསྐྱེད་རྫོགས་དོན་ལ་འཇུག༔ བོན་ཉིད་མཐའ་བྲལ་སྙིང་རྗེའི་ཚུལ༔ ཧཱུྃ་ཡིག་མཐིང་གའི་འཕྲོ་འདུ་ལས༔ སྣང་སྲིད་ཁྲོ་བོ་འབར་བའི་ཞིང༔ གནམ་ལྕགས་འཁོར་ལོ་རྩིབས་བཅུའི་དབུས༔ པདྨ་ཉི་སྟེང་མེ་ཡི་ཀློང༔ བོན་སྲས་དབང་དྲག་འབར་བའི་སྐུ༔ མཐིང་ནག་རབ་འཇིགས་ཁྲོ་གཏུམ་ཚུལ༔ བེར་ཆེན་ཕྱི་ནང་དུར་ཁྲོད་ཆས༔ རྡོ་རྗེ་དང་ནི་ཕུར་པ་འཛིན༔ སྟག་མོ་གྲུས་མའི་སྟེང་ན་འགྱིང༔ ཁྲོ་བོ་ཁྲོ་མོ་འབུམ་གྱིས་བསྐོར༔ རྡོ་རྗེ་གསུམ་གྱི་ཡི་གེ་ལས༔ འོད་འཕྲོས་རྔ་ཡབ་གླིང་མཆོག་ནས༔ རིག་འཛིན་ཚོགས་རྣམས་སྤྱན་དྲངས་བསམ༔ ཧཱུྃ༔ མ་རུངས་གདུག་པ་འདུལ་བའི་ཕྱིར༔ དབྱིངས་ཀྱི་ཁྲོ་རྒྱལ་འཁོར་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ ཧྲིཾ་ཧྲིཾ་ཕེཾ་ཕེཾ་ཛ་ཛ༔ ཧྲཱི༔ པདྨ་ཉི་མའི་གདན་སྟེངས་སུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ བོན་སྲས་དབང་དྲག་འབར་བ་ལ༔ རང་བཞིན་རྣམ་དག་མཇལ་ཕྱག་འཚལ༔ ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ༔ འདོད་པའི་ཡོན་ཏན་ལྔ་ཡི་སྤྲིན༔ སྨན་རག་གཏོར་མའི་མཆོད་པ་དང༔ སྦྱོར་སྒྲོལ་གསང་བའི་མཆོད་པ་རྣམས༔ རིག་འཛིན་བླ་མའི་ཚོགས་ལ་འབུལ༔ ཨོཾ་མ་ཧཱ་པཱུ་ཛ་པྲ་ཏི་ཛ་ཧོ༔ བསྭོ༔ ཡེ་ནས་རྣམ་དག་ངང་ཉིད་ལས༔ བདེ་ཆེན་གཡུང་དྲུང་འདུ་འབྲལ་མེད༔ བོན་སྲས་འབར་བའི་སྐུར་སྟོན་པ༔ ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད༔ དེ་ནས་བཟླས་པའི་རིམ་པ་ནི༔ ཐུགས་ཀར་ཉི་མ་འབར་བའི་དབུས༔ འགྱུར་མེད་གཡུང་དྲུང་ཡིག་འབྲུ་ལ༔ མེ་ཡི་ཚྭ་ཚྭ་འཕྲོ་བ་ཡིས༔ ནད་གདོན་སྡིག་སྒྲིབ་དམིགས་མེད་སྦྱངས༔ རིག་འཛིན་བླ་མའི་བྱིན་རླབས་རྣམས༔ ཚུར་འདུས་བདག་ཐིམ་གཟི་བྱིན་འབར༔ སྣང་སྲིད་སྐུ་གསུང་ཐུགས་ཀྱི་ངང༔ གཡུང་དྲུང་ཐིག་ལེའི་ངང་དུ་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ འབྲུ་གཅིག་ལྔ་སྦྲེལ་རླུང་དང་སྦྱར༔ མཐར་ནི་སྣང་སྲིད་རང་ལ་འདུས༔ དེ་ཉིད་ཐུགས་ཀྱི་གཡུང་དྲུང་ལ༔ ཐིམ་ནས་སྐྱེ་མེད་ངང་ལ་བཞག༔ རྗེས་སུ་སྨོན་ལམ་གདབ་པ་ནི༔ ཧོ༔ བླ་མེད་བོན་འདི་བསྒྲུབས་པའི་མཐུས༔ འགྲོ་བ་ཆོས་སྐུའི་སར་འགོད་ཤོག༔ འགྱུར་མེད་གཡུང་དྲུང་སྐུ་གསུང་ཐུགས༔ མྱུར་དུ་འགྲུབ་པའི་བཀྲ་ཤིས་ཤོག༔ དེ་ལྟར་གུ་རུ་པདྨ་ཡིས༔ བཻ་རོ་ཙ་ན་བདག་ལ་བསྩལ༔ རིན་ཆེན་གཏེར་དུ་སྦས་པ་འདི༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ༔ འབུར་མོ་བྲག་ནས་མཆོག་གྱུར་གླིང་པས་བཏོན་པའོ།། <!TCC Tibetan character 4,47 undefined in unicode!>ཾྯ༔ བོན་སྲས་དབང་དྲག་འབར་ལ་འདུད༔ དེ་ཉིད་སྒྲུབ་པའི་གང་ཟག་དེས༔ དང་པོ་དབང་གིས་སྨིན་པར་བྱ༔ གཏོར་མ་བྲིས་སྐུ་ལྷ་རུ་བསྒོམ༔ སློབ་མ་སྡིག་དང་སྒྲིབ་སྦྱངས་ནས༔ ལྷ་རུ་བསྒོམས་ནས་བྱིན་ཆེན་འབེབ༔ གཏོར་མའི་ལྷ་ནི་སློབ་མར་བསྟིམ༔ ཧཱུྃ༔ བོན་སྲས་དབང་དྲག་འབར་བའི་ཚོགས༔ བོན་ཉིད་དབྱིངས་ནས་སྐུར་བཞེངས་ལ༔ སྐལ་ལྡན་སློབ་མའི་ཚོགས་རྣམས་ལ༔ བདེ་ཆེན་འགྱུར་མེད་གཡུང་དྲུང་ནས༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་སྩོལ༔ སྒོ་གསུམ་སྨིན་ཅིང་གྲོལ་བར་མཛོད༔ ཁྱེད་དང་དབྱེར་མེད་བྱིན་གྱིས་རློབས༔ ཧཱུྃ་གི་གླུ་བླངས་དབྱེར་མེད་བསྲེས༔ རྗེས་ཀྱི་བྱ་བ་སྤྱི་ལྟར་སྤྱད༔ ས་མ་ཡ་རྒྱ༔ འབུར་མོ་བྲག་ནས་མཆོག་གྱུར་གླིང་པས་སྤྱན་དྲངས་པའོ།། །།
ལོཀྟྲིའི་བརྒྱུད་འདེབས་ (Volume 34, Text 7)
ལོཀྟྲིའི་བརྒྱུད་འདེབས་ནི། དྲང་སྲོང་དྲི་མེད་དྷརྨ་ཨ་ཤྭ་ཀ །བྲམ་ཟེ་ལེགས་གྲུབ་པྲ་བྷ་ཧསྟི་དང་། །ཤཱནྟིཾ་གརྦྷ་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་སྡེ་བརྒྱད་ཟིལ་ནོན་ཤོག །ཁྲི་སྲོང་ཡབ་སྲས་ཉང་རལ་འགྲོ་བའི་མགོན། །ཆོས་ཀྱི་དབང་ཕྱུག་པདྨ་དབང་ཆེན་དང་། །མར་སྟོན་སངས་རྒྱས་གཉན་སྟོན་བཀྲས་སེང་ལ། །གསོལ་བ་འདེབས་སོ་སྡེ་བརྒྱད་ཟིལ་ནོན་ཤོག །ཆོས་ཉིད་རང་གྲོལ་སངས་རྒྱས་ལྷུན་དབང་དང་། །ཀུན་དགའ་བཀྲ་ཤིས་རྒྱལ་སྲས་ཆོས་ཀྱི་རྗེ། །ཆོས་འཕགས་བཟང་པོ་ཤཱཀྱ་དཔལ་བཟང་ལ། །གསོལ་བ་འདེབས་སོ་སྡེ་བརྒྱད་ཟིལ་ནོན་ཤོག །འཇམ་དབྱངས་རྒྱལ་མཚན་མཁའ་དབྱིངས་རྡོ་རྗེ་དང། །རིན་ཆེན་ཕུན་ཚོགས་མངའ་རིས་ལེགས་ལྡན་ཞབས། །ཆོས་རྒྱལ་ཕུན་ཚོགས་དབུར་སྨྱོན་ཆོས་གྲགས་ལ། །གསོལ་བ་འདེབས་སོ་སྡེ་བརྒྱད་ཟིལ་ནོན་ཤོག །དཀོན་མཆོག་ལྷུན་གྲུབ་ཆོས་རྒྱལ་གཏེར་བདག་གླིང། །རིན་ཆེན་རྣམ་རྒྱལ་ཨོ་རྒྱན་བསྟན་རྡོར་དཔལ། །ཕྲིན་ལས་རྣམ་རྒྱལ་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་སྡེ་བརྒྱད་ཟིལ་ནོན་ཤོག །རིག་གཏད་ལུང་དང་མན་ངག་དམར་ཁྲིད་ལ། །བརྟེན་ནས་བསྐྱེད་རིམ་བསྙེན་སྲུང་ཟློག་གསད་ཀྱི། །ཕྲིན་ལས་ཀུན་འགྲུབ་ཀ་དག་མཁའ་དབྱིངས་སུ། །ལྷུན་གྲུབ་འོད་ལྔའི་ཡེ་ཤེས་རྫོགས་པར་ཤོག །ཅེས་པའང་འགྱུར་མེད་རྡོ་རྗེས་སོ།།
པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་ལས། སྐུ་གསུམ་རིགས་འདུས་པདྨ་གུ་རུའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་བདེ་ཆེན་སྙིང་པོ་ (Volume 8, Text 7)
༄༅། །པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་ལས། སྐུ་གསུམ་རིགས་འདུས་པདྨ་གུ་རུའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་བདེ་ཆེན་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། སྐུ་གསུམ་རིགས་འདུས་པདྨ་གུ་རུའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་བདེ་ཆེན་སྙིང་པོ་ཞེས་བྱ་བ། བླ་མ་དང་དབྱེར་མེད་སྐུ་གསུམ་རིགས་འདུས་མ་ཧཱ་གུ་རུ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །གདོད་ནས་རྣམ་དག་འོད་གསལ་འདུས་མ་བྱས། །སྐུ་གསུམ་དབྱེར་མེད་བདེ་ཆེན་བླ་མ་ལ། །བཏུད་ནས་མྱུར་ལམ་བྱེ་བའི་སྙིང་པོའི་ཕུལ། །རིག་པ་འཛིན་རྣམས་དགའ་བའི་རྒྱན་དུ་སྦྱིན། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་དབེན་ཞིང་ཉམས་དགའ་བར་ཡར་མར་གྱི་ཚེས་བཅུ་སོགས་དུས་བཟང་པོར། རིགས་འདུས་བླ་མའི་དམ་ཚིག་གི་སྣང་བརྙན་དགྲམ་པའི་སྤྱན་སྔར། བླ་གཏོར་དམར་ཟླུམ་སྤྱིར་བཏང་ལ་པད་འདབ་བརྒྱད་ཀྱིས་བསྐོར་བའི་རྩེར་ཀ་པཱ་ལ་བདུད་རྩིས་གང་བས་མཚན་པ་སོགས་རྒྱན་སྤྲོས་གང་མཛེས་ཅན་གྱི་གཡས་སུ་སྨན་ཕུད། གཡོན་དུ་རཀྟ། མདུན་དུ་ཉེར་སྤྱོད། གཞན་ཡང་སྲུང་མའི་གཏོར་བསྔོ་ཚོགས་མཆོད་སོགས་འོག་ཏུ་མཁོ་བའི་ཡོ་བྱད་ཐམས་ཅད་འདུ་བྱའོ། །དེ་ནས་ཆོ་གའི་སྦྱོར་བ་དངོས་ལ། ཚོགས་གསག་བགེགས་བསྐྲད་སྲུང་འཁོར་བསྒོམ། །བྱིན་དབབ་མཆོད་པ་བྱིན་བརླབ་བོ། །ཞེས་པ་ལྟར་ལྔ་ལས། དང་པོ་སྐྱབས་སེམས་སྔོན་དུ་འགྲོ་བའི་ཚོགས་གསག་པ་ནི། རང་གི་མདུན་གྱི་ནམ་མཁར་རིག་འཛིན་བླ་མ་བདེ་གཤེགས་ཀུན་འདུས་པདྨ་འབྱུང་གནས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཚོགས་དང་བཅས་པ་མངོན་སུམ་དུ་གསལ་བར་གྱུར་པའི་སྤྱན་སྔར། བདག་དང་ཁམས་གསུམ་མ་ལུས་པ༔ རེ་ལྟོས་སྐྱབས་གྱུར་གཞན་ན་མེད༔ སྐུ་གསུམ་དབྱེར་མེད་གུ་རུ་རྗེར༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ སེམས་ཅན་སངས་རྒྱས་ཐོབ་བྱའི་ཕྱིར༔ སྨོན་འཇུག་སེམས་ནི་བསྐྱེད་པར་བགྱི༔ ལས་དང་ཉོན་མོངས་ལས་གྲོལ་ཞིང༔ རིག་འཛིན་བླ་མའི་ས་ཐོབ་ཤོག༔ ཧོ༔ རྣམ་དག་མཉམ་པའི་ངང་ཉིད་ལས༔ བླ་མ་ཡི་དམ་ལྷ་ཚོགས་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐུལ༔ བཞུགས་གསོལ་འདེབས་སོ་དགེ་རྩ་བསྔོ༔ ཡང་དག་སྐུ་གསུམ་མཆོག་ཐོབ་ཤོག༔ ཅེས་སྐྱབས་སེམས་ཡན་ལག་བདུན་པ་རྣམས་ལན་གསུམ་རེའི་རྗེས་སུ། ཚོགས་ཞིང་གི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་ཀའི་ཚོགས་འཕྲོས་པས། རང་གི་ལུས་ངག་ཡིད་གསུམ་གྱི་དྲི་མ་མཐའ་དག་སྦྱངས་པར་གྱུར་པའི་མོས་པས། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་ཅི་ནུས་བཟླས་མཐར། མདུན་གྱི་སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབ་པར་བསམ། གཉིས་པ་བགེགས་བསྐྲད་པ་ནི། རང་ཉིད་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་དུ་གསལ་བར་གྱུར། གཏོར་མ་རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ་གིས་བརླབ། ཧཱུྃ༔ ཡུལ་ཕྱོགས་འདི་དག་ཀུན་ལ་གནས་པ་ཡི༔ ལྷ་ཀླུ་གནོད་སྦྱིན་སྲིན་པོ་འབྱུང་པོ་དང༔ ཡི་དྭགས་ཤ་ཟ་བརྗེད་བྱེད་སྨྱོ་བྱེད་དང༔ མཁའ་འགྲོ་མ་མོ་འཁོར་དང་བཅས་པ་རྣམས༔ མཆོད་སྦྱིན་གཏོར་མ་བཟང་པོ་འདི་ཉིད་བཞེས༔ བར་དུ་གཅོད་པའི་བསམ་སྦྱོར་ཀུན་སྤོངས་ལ༔ ཞི་དང་ཕན་པའི་སེམས་ཀྱིས་གནས་པར་གྱིས༔ མ་ཧཱ་པཉྩ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཞེས་བསྔོ། ཧཱུྃ༔ ཡེ་ཤེས་རོལ་པ་དཔལ་གྱི་སྐུར་གསལ་བའི༔ སྐུ་གསུང་ཐུགས་ལས་སྤྲུལ་པའི་ཁྲོ་ཚོགས་ཀྱིས༔ བགེགས་རིགས་མ་ལུས་རྒྱ་མཚོའི་མཐར་བསྐྲད་བགྱི༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་ཝཱན་བཛྲ་བིདྱཱ་རཱ་ཛཱ་ཡ་ཧཱུྃ་ཕཊ༔ ཅེས་ནག་ཕྱོགས་རྣམས་བསྐྲད། གསུམ་པ་སྲུང་འཁོར་བསྒོམ་པ་ནི། ཧཱུྃ༔ ཡེ་ཤེས་རོལ་པ་དཔལ་གྱི་ཐུགས་ལས་བྱུང༔ རྡོ་རྗེ་འཁོར་ལོ་རལ་གྲི་རྒྱ་གྲམ་དང༔ མདའ་མཚོན་ཕུར་བུ་མེ་ཕུང་ཕྱོགས་མཚམས་གཏམས༔ བསྐལ་པའི་རླུང་ཡང་གནས་འདིར་ལྡང་མི་འགྱུར༔ ཨོཾ་བཛྲ་ཙཀྲ་ཏཱིཀྵྞ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་ཧཱུྃ་ཕཊ༔ བཞི་པ་བྱིན་དབབ་པ་ནི། ཧཱུྃ༔ བླ་མ་ཡི་དམ་ཌཱ་ཀིའི་སྐུ་གསུང་ཐུགས༔ རང་རྩལ་འགག་མེད་ནམ་མཁའི་མཐའ་དང་མཉམ༔ ཛཿཧཱུྃ་བཾ་ཧོཿས་ཆོས་དབྱིངས་གནས་ནས་གཤེགས༔ གཉིས་མེད་བརྟན་བཞུགས་བྱིན་དབང་བསྐུར་དུ་གསོལ༔ ཨོཾ་ཨཱཿཧཱུྃ་པདྨ་གུ་རུ་བཛྲ་ས་མ་ཡ༔ དྷརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ ལྔ་པ་མཆོད་པ་བྱིན་བརླབ་ནི། ཧཱུྃ༔ བླ་མ་རྩ་གསུམ་སྣང་སྲིད་དག་པ་ལ༔ རང་རྩལ་མ་འགག་མཆོད་པའི་ཆོ་འཕྲུལ་གྱིས༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་བྱིན་བརླབས་ནས༔ ཡེ་ཤེས་ལྔ་རྫོགས་སྐུ་གསུང་ཐུགས་སུ་བརླབ༔ ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་བ་ལིཾ་ཏ་རཀྟ་ཧཱུྃ་ཧྲཱིཿཋཱ༔ ཞེས་ལན་གསུམ་བརྗོད་པས་ཉེར་སྤྱོད་དང་སྨན་རཀ་གཏོར་མ། མ་ཧཱ་བཛྲ་ཧཱུྃ༔ བཛྲ་གཎྜེ་ཨ༔ ཞེས་པས་དམ་ཚིག་གི་རྡོ་རྗེ་དང་དྲིལ་བུ་བྱིན་གྱིས་བརླབ་བོ། །གཉིས་པ་དངོས་གཞི་ལ། ལྷ་བསྐྱེད་སྤྱན་དྲངས་དབྱེར་མེད་བསྟིམ། །མཆོད་ཅིང་བཟླས་པས་དངོས་གྲུབ་སྒྲུབ། །ཞེས་པ་ལྟར་ལྔ་ལས། དང་པོ་ལྷ་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཞེས་པའི་སྔགས་བརྗོད་ཅིང་གདོད་མའི་སྟོང་ཆེན་གྱི་དོན་དྲན་པར་བྱས་ལ་གནས་ལུགས་མ་བཅོས་པའི་དབྱིངས་སུ་མཉམ་པར་བཞག་སྟེ། ཐམས་ཅད་རོ་མཉམ་ཆོས་དབྱིངས་སྟོང་གསལ་ཆེན་པོའི་ངང་ནས༔ ལྷུན་གྲུབ་ཕོ་བྲང་ཆེན་པོ་ཡངས་པའི་དབུས་སུ༔ སྣ་ཚོགས་པདྨ་ཉི་ཟླའི་གདན་གྱི་སྟེང་དུ༔ རྒྱུའི་ངོ་བོ་ཧྲཱིཿདཀར་པོ་ལས་འོད་ཀྱི་ཚོགས་འཕྲོས་པས༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་མ་ལུས་པ་མཆོད༔ སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་མ་ལུས་པ་སྦྱངས༔ ཚུར་འདུས་པས་བདག་ཉིད་སྐུ་གསུམ་རིགས་འདུས་པདྨ་འབྱུང་གནས༔ སྐུ་མདོག་དཀར་དམར་བཞད་པའི་མདངས་ལྡན༔ ཕྱག་གཉིས་མཉམ་པར་གཞག་པའི་སྟེང་ན༔ མཚན་ཉིད་དང་ལྡན་པའི་ཀ་པཱ་ལ་བདུད་རྩིས་གང་བ་བསྣམས་པ༔ ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ༔ སྐུ་ལ་ཕོད་ཆེན་མཐིང་ག་དང༔ དར་དམར་སེར་གྱི་ཆོས་གོས་ཀྱི་སྟེང་ན་བེར་གསོལ་ཞིང༔ དབུ་ལ་པད་ཞྭ་ལྷུབས་ཆེན་གྱིས་མཛེས་པ༔ སྙན་རྒྱན་མགུར་ཆུ་ཕྱག་གི་གདུ་བུ་སོགས་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ༔ འཇའ་འོད་འཁྱིལ་བའི་གུར་ཁང་གི་དབུས་ན་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གསུམ་གྱིས་མཚན་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ ཀུན་བཟང་རྒྱལ་བ་རིགས་ལྔ༔ དགའ་རབ༔ འཇམ་དཔལ༔ ཤྲཱི་སིཾ་ཧ༔ ཛྙཱ་ན་སཱུ་ཏྲ༔ བི་མ་ལ་མི་ཏྲ༔ ཡི་དམ་བདེ་གཤེགས་ཀུན་འདུས༔ མཁའ་འགྲོ་ཆོས་སྐྱོང་སྐྱབས་གྱུར་རེ་ལྟོས་ཀྱི་ཚོགས་དང་བཅས་པ་རྣམས༔ དྭངས་མ་འོད་ཀྱི་ཕུང་པོའི་རྣམ་པས་སྤྱན་དྲངས་པར་གྱུར་པའི་མོས་པ་དང་བཅས། གཉིས་པ་སྤྱན་འདྲེན་པ་ནི། ཧྲཱི༔ གསལ་བརྟན་ཏིང་འཛིན་ཡེ་ཤེས་རོལ་པ་ལས༔ སྒྱུ་འཕྲུལ་གར་ལྡན་རིགས་འདུས་བླ་མའི་ཚོགས༔ དམིགས་མེད་མཁའ་ལྟར་དག་པའི་ཕོ་བྲང་ནས༔ ཐུགས་རྗེ་སྨོན་ལམ་དབང་གིས་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་པདྨ་གུ་རུ་བཛྲ་ས་མ་ཡ༔ དྷརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ ཨེ་ཧྱེ་ཧི་བྷ་ག་བཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛཿཛ༔ ཞེས་སྤྱན་དྲངས་པ་ལ། རང་གི་སྙིང་ག་ནས་སྤྲོས་པའི་རྡོ་རྗེའི་ལྷ་མོ་ནམ་མཁའ་གང་བས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་རྒྱ་མཚོས་མཆོད་པར་གྱུར་པའི་མོས་པས། ཨོཾ་བཛྲ་པུཥྤེ་ནས། ཤབྡ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་ཨ་མྲྀཏ་བ་ལིཾ་ཏ་རཀྟ་བོདྡྷི་ཙིཏྟ་ཛྙཱ་ན་དྷཱ་ཏུ་པཱུ་ཛ་ཧོ༔ ཞེས་མཆོད། གསུམ་པ་དབྱེར་མེད་དུ་བསྟིམ་པ་ནི། ཧཱུྃ༔ གདོད་ནས་གཉིས་མེད་མཉམ་པའི་ངང་ཉིད་ལས༔ བློ་སྦྱོང་ཕྱིར་དུ་དམ་ཚིག་ཡེ་ཤེས་སེམས༔ ཆུ་ལ་ཆུ་བཞག་སྒྱུ་མ་ཇི་བཞིན་དུ༔ དུ་མར་སྣང་ཡང་རོ་གཅིག་བརྟན་པར་བྱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ་ལྷན༔ བཞི་པ་མཆོད་པ་ལ། ཐོག་མར་ཕྱག་གིས་བསྙེན་བཀུར་བ་ནི། ཧཱུྃ༔ བླ་མ་སྐུ་གསུམ་རིགས་འདུས་ལྷ་ཡི་ཚོགས༔ རང་ཤེས་འཁྲུལ་བྲལ་བརྡ་དང་གར་གྱི་ཕྱག༔ རྣམ་དག་ཡེ་ཤེས་ཆེན་པོ་རྟོགས་བྱའི་ཕྱིར༔ སྲི་ཞུ་གུས་པས་འཕྲུལ་དགའི་ཚུལ་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པའི་སྤྲིན་རབ་འབྱམས་སུ་སྤྲོས་ཏེ། ཨོཾ་ཨཱཿཧཱུྃ༔ ཕྱི་ཡི་མཆོད་པ་ས་དང་བར་སྣང་གང༔ ནང་གི་མཆོད་པ་ཟག་མེད་བདུད་རྩིའི་ཚོགས༔ གསང་བ་བདེ་ཆེན་སྨྲ་བསམ་བརྗོད་ལས་འདས༔ འགྲོ་བའི་དོན་དུ་དགྱེས་བཞིན་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་པདྨ་གུ་རུ་ས་པ་རི་བཱ་ར་པུཥྤེ་ནས། ཤབྡ་པཉྩ་ཀཱ་མ་གུ་ཎ་པཱུ་ཛ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ རྡོ་རྗེའི་གླུས་བསྟོད་པ་ནི། ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ ལྔ་པ་བཟླས་པས་ཉེ་བར་བསྙེན་ཅིང་སྒྲུབ་པ་ནི། རང་ཉིད་སྐུ་གསུམ་རིགས་འདུས་པདྨ་གུ་རུར་གསལ་བའི་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་འཇིག་རྟེན་དབང་ཕྱུག་འཕགས་པ་ཐུགས་རྗེ་ཆེན་པོ། དེའི་ཐུགས་ཀར་ཆོས་སྐུ་སྣང་བ་མཐའ་ཡས། དེའི་ཐུགས་མཆོང་གུར་ཕུབ་པ་ལྟ་བུའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པ་གེ་སར་ཟིལ་ཕོད་དང་བཅས་པའི་ཟེའུ་འབྲུར་ཧྲཱིཿཡིག་དཀར་ལ་དམར་བའི་མདངས་ཆགས་པའི་མཐར་སྔགས་ཀྱི་ཕྲེང་བ་འགལ་མེ་འཁོར་ཞིང་འཁྱིལ་བ་ལྟར་གནས་པར་གྱུར་པའི་མོས་་པས། ཨོཾ་ཨཱཿཧཱུྃ་པདྨ་གུ་རུ་བཛྲ་ས་མ་ཡ༔ དྷརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཟླ་ཞིང་སྔགས་ཕྲེང་ལ་སེམས་འཛིན། གསལ་སྣང་ཐོན་པ་ན། སྐུ་དང་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་དུས་གསུམ་གྱི་རྒྱལ་བ་མ་ལུས་པ་རྣམས་དྭངས་མ་འོད་ཀྱི་ཕུང་པོའི་རྣམ་པར་སྤྱན་དྲངས་ནས་རང་ཉིད་ལ་ཐིམ༔ སླར་ཡང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས༔ སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག་ཅིང་བྱང་ཆུབ་ལ་བཀོད༔ རིགས་འདུས་རྒྱལ་བའི་སྐུར་གྱུར༔ གཞན་ཡང་གནོད་བྱེད་གདོན་བགེགས་ལ་སོགས་པའི་གདུག་སེམས་ཞི་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་པའི་མོས་པ་དང་བཅས་བཟླས་པ་ཆུ་བོའི་རྒྱུན་བཞིན་དུ་བརྩོན། སྤྲོས་བཅས་ཀྱི་བསྒོམ་པ་དང་བཟླས་པས་སྐྱོ་ན་གཏེར་ཆེན་རིན་པོ་ཆེའི་རྡོ་རྗེའི་གསུང་ལས། ཕྱི་ནང་གཟུང་འཛིན་གྱིས་བསྡུས་པའི་ཆོས་གང་ལའང་ཡོད་མེད་བཟང་ངན་དགག་སྒྲུབ་རེ་དོགས་ཀྱི་བློ་དང་བྲལ་བའི་རང་གནས་ལ་ཆེད་གཉེར་གྱི་གཉེན་པོའི་རྩོལ་བས་མ་བསླད་ཅིང༔ ཐ་མལ་ཡེངས་མ་ལམ་དུ་མ་སོང་བའི་ངང་ནས་དབྱིངས་རིག་གཉིས་མེད་ཀྱི་དོན་ལས་མི་འདའ་བཞིན་དུ། ནམ་མཁའ་མཐའ་དབུས་དང་བྲལ་བའི་དབྱིངས་སུ་མིག་ལྟ་སྟངས་དང་རྟོག་བྲལ་གྱི་རིག་པ་གཉིས་ལྷན་ཅིག་ཏུ་ཁྱབ་པར་བཀོད་ནས་རྒྱུན་བསྲིངས་ཏེ་ཉམས་སུ་བླངས་པས༔ སྐྱེ་འཆི་མེད་པའི་པདྨ་ཐོད་ཕྲེང་རྩལ་དུ་འགྱུར་རོ༔ ཞེས་གསུངས་པ་ལྟར་ཉམས་སུ་བླང་། ཐུན་ལས་ལྡང་བ་ན་མཆོད་ཅིང་བསྟོད་ལ། ཧཱུྃ༔ ཆོས་དབྱིངས་མ་བཅོས་སྐྱེ་བ་མེད་པའི་ངང༔ འགག་མེད་རང་རྩལ་ལོངས་སྤྱོད་རྫོགས་སྐུར་གསལ༔ ཐུགས་རྗེ་སྨོན་ལམ་བསམ་འདས་སྤྲུལ་པའི་སྐུ༔ སྐུ་གསུམ་དབྱེར་མེད་རྗེ་བཙུན་པདྨ་འབྱུང༔ འཁོར་དུ་རང་རྩལ་རིག་འཛིན་མཁའ་འགྲོས་བསྐོར༔ གསོལ་བ་འདེབས་སོ་དྲི་མེད་སྤྱན་གྱིས་གཟིགས༔ བདག་དང་རྗེས་འཇུག་རྣམས་ལ་ཐུགས་རྗེས་ཟུངས༔ འཁོར་བའི་སྡུག་བསྔལ་བདེ་བ་ཆེན་པོར་སྒྱུར༔ དབང་སྐུར་བྱིན་རློབས་རང་གྲོལ་དངོས་གྲུབ་སྩོལ༔ ཅེས་གསོལ་བ་གདབ་བོ། །གསུམ་པ་རྗེས་ལ། ཚོགས་མཆོད་བྱ་ཞིང་དངོས་གྲུབ་བསྐུལ། །ཉེར་བསྡུ་བསྔོ་སྨོན་བཀྲ་ཤིས་བརྗོད། །ཅེས་པ་ལྟར་ལྔ་ལས། དང་པོ་ཚོགས་ཀྱི་མཆོད་པ་རྗེས་འབྲེལ་དང་བཅས་པ་ལའང་བཅུ་གཅིག་གི །དང་པོ་བྱིན་གྱིས་བརླབ་པ་ནི། ནང་མཆོད་འཐོར་ཞིང་། ཧཱུྃ༔ རུ་སྦལ་ཁོག་པའི་སྣོད་ཡངས་སུ། །ཤ་ལྔ་བདུད་རྩི་རྣམ་ལྔ་དང༔ དབང་པོ་ལྔ་དང་གོ་རོ་ཙ༔ བ་སུ་ཏ་དང་ནང་ཁྲོལ་ལྔ༔ བཟའ་དང་བཏུང་བ་འབྲས་བུར་བཅས༔ ཚོགས་རྫས་ཡུལ་གྱི་འདོད་ཡོན་རྣམས༔ འབྲུ་གསུམ་འོད་ཀྱིས་བྱིན་བརླབས་ཤིང༔ མི་གཙང་རྟོག་སྒྲིབ་སྦྱངས་སྤེལ་ནས༔ ཨོཾ་ཨཱཿཧཱུྃ་དང་ཧ་ཧོ་ཧྲཱིཿས༔ བྱིན་བརླབས་བདུད་རྩིའི་རྒྱ་མཚོར་གྱུར༔ གཉིས་པ་ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དང༔ དམ་ཅན་རྒྱ་མཚོའི་ཚོགས་བཅས་རྣམས༔ ཚོགས་གཏོར་མགྲོན་དུ་སྤྱན་འདྲེན་ནོ༔ གནས་མཆོག་དམ་པ་ཉམས་རེ་དགའ༔ བདེ་ལྡན་པདྨ་འོད་ཀྱི་ཞིང༔ ཚོགས་དང་གཏོར་མ་མདངས་དང་ལྡན༔ དཔལ་ལྡན་མཛེས་པའི་ཕོ་བྲང་ཡིན༔ འདིར་ཚོགས་རྣལ་འབྱོར་དམ་རེ་གཙང༔ འདོད་ཡོན་རེ་སྐོང་ལྷུན་གྱིས་གྲུབ༔ འོག་མིན་གནས་དང་པདྨ་བརྩེགས༔ དུར་ཁྲོད་བརྒྱད་དང་གནས་ཡུལ་དང༔ ཨོ་རྒྱན་གནས་ནས་གཤེགས་སུ་གསོལ༔ གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་བཛྲ་ས་མ་ཡ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ ཕོ་བྲང་ཡིད་འོང་མཛེས་པ་འདིར༔ བླ་མ་ཡི་དམ་མཁའ་འགྲོ་རྣམས༔ བདག་དང་འགྲོ་ལ་ཞལ་བསྟན་ཕྱིར༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ པདྨ་ཙནྡྲ་སཱུརྻ་སཏྭཾ༔ བཞི་པ་ཚོགས་སུ་འབུལ་བ་ནི༔ ཧཱུྃ༔ སྣོད་ཀྱི་འཇིག་རྟེན་ཡངས་པ་རུ༔ བཅུད་སོགས་འདོད་ཡོན་དྲུག་ལྡན་འདི༔ ཏིང་འཛིན་སྔགས་ཀྱིས་བྱིན་བརླབས་པའི༔ ཚོགས་མཆོད་གཏོར་མས་ཐུགས་དམ་བསྐང༔ དཔག་བསམ་ཤིང་ཆེན་རེ་སྐོང་ཞིང༔ ཡིད་བཞིན་ནོར་བུ་དགོས་འདོད་ཆར༔ ཀུན་བཟང་མཆོད་སྤྲིན་མཁའ་ཁྱབ་ཀྱིས༔ རིགས་ཀྱི་བླ་མ་འགྲོ་བའི་མགོན༔ ཁྱབ་བདག་ཡི་དམ་མཁའ་འགྲོའི་ཚོགས༔ བཀའ་སྲུང་གཉེར་གཏད་དམ་ཅན་རྣམས༔ ཐུགས་དམ་གཉན་པོ་དེས་བསྐངས་ལ༔ ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་པ་བཤགས་པ་ནི། ཧོ༔ ཡེ་ཤེས་སྤྱན་ལྡན་ཐུགས་རྗེའི་ཚོགས༔ ཡུད་ཙམ་བདག་ལ་ཉེར་དགོངས་ལ༔ མཚམས་མེད་ལྔ་དང་ཉེ་བ་ལྔ༔ ལྕི་བ་བཞི་དང་ལོག་པ་བརྒྱད༔ ཁ་ན་མ་ཐོ་སྡིག་པའི་ལས༔ གནོང་འགྱོད་དབང་གིས་མཐོལ་ལོ་བཤགས༔ ཡི་གེ་བརྒྱ་པ་བརྗོད། དྲུག་པ་ཚོགས་ཐ་མ་ལ། སྣང་སྲིད་ཡེ་སྒྲོལ་གྱི་དགོངས་པས་བསྒྲལ་བ་ནི༔ ཧཱུྃ༔ སྣང་སྲིད་ཡེ་ནས་དག་པ་ལ༔ ཡེ་ཤེས་རྩལ་ལ་དགྲར་འཛིན་མཁན༔ རང་རང་ལས་ལ་གཞན་དུ་སྣང༔ ཐམས་ཅད་རོ་མཉམ་མཚོན་ཆས་སྒྲོལ༔ མཱ་ར་ཡ་རྦད༔ བསྒྲལ་མཐར་ཡེ་སྦྱོར་གྱི་དགོངས་པས་བསྟབ་པ་ནི། བདག་ཏུ་འཛིན་པ་རང་གི་སེམས༔ སྣང་བ་ཡེ་ཤེས་ཀློང་དུ་བསྟབ༔ འཁྲུལ་རྟོག་ལས་ཀྱི་ཚོགས་བརྒྱད་རྣམས༔ སྐྱེ་མེད་རྟོགས་པའི་མཚོན་གྱིས་གཏུབས༔ བསྟབ་བོ་ཀུན་བཟང་ཀློང་དུ་བསྟབ༔ མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ག་ཎ་ཙཀྲ་ཁཱ་ཧི༔ བདུན་པ་ཚོགས་ལ་རོལ་པ་ནི། བརྡ་དང་བརྡའི་འབུལ་ལེན་སྤྱི་ལྟར་བྱས་ལ་ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་ཤེས་པས་བཟའ་བའི་དམ་ཚིག་ནང་གི་སྲེག་བླུགས་ཀྱི་ཆོ་གར་བསྟར་ནས་ཚིམ་པ་དྲུག་ལྡན་དུ་རོལ། བརྒྱད་པ་ལྷག་མའི་ཆོ་ག་ནི། ཚོགས་ལྷག་རྣམས་གསོག་འཇོག་མེད་པར་བསྡུ། ཤིས་པར་བྱ་བའི་ཕྱིར་གཙང་ལྷག་སྟེང་དུ་བསྣན། རྟོག་པ་དག་པའི་རྣལ་འབྱོར་པ་ཡིན་ན་ལྕེ་རྟ་མགྲིན་ཡབ་ཡུམ་རོལ་པ་མཛད་པའི་བྱང་སེམས། བདུད་རྩིའི་ཁ་ཕྲུ་དང་རོ་གཅིག་པ་ཧེ་རུ་ཀའི་དམ་རྒྱས་དབབ་པའམ། གོ་འཕང་དམན་ན་གཡོན་པའི་མཐེབ་སྲིན་སྦྱར་བ་རེག་ཅིང་ནང་མཆོད་བྲན་ནས། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོ་ཧྲཱི༔ ཧཱུྃ༔ ཡེ་ཤེས་རོལ་པ་ལྷ་ཡི་ཚོགས་རྣམས་དང༔ ལས་ལས་གྲུབ་པའི་མཁའ་འགྲོ་དབང་ཕྱུག་གིང༔ མ་བདུན་སྲིང་བཞི་འདིར་གཤེགས་མཆོད་པ་བཞེས༔ འབར་མ་དང་ནི་སྤོར་མ་ཕོ་ཉའི་ཚོགས༔ ལྷ་སྲིན་སྡེ་བརྒྱད་བཀའ་ཡི་སྲུང་མར་བཅས༔ མ་ལུས་འདིར་སྤྱོན་ཟག་མེད་བདུད་རྩི་ལ༔ རྔམས་ཤིང་དགྱེས་པའི་ཚུལ་གྱིས་རོལ་དུ་གསོལ༔ མ་མ་ཤཱ་ཏྲཱུཾ་ཨ་མུ་ཀཾ༔ ཁྲོཾ་ཡཀྴ་བཛྲ་བི་ཛ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཕྱི་རོལ་དུ་གོམ་པ་བདུན་ཅུའི་སར་སྲིན་མོའི་ཟ་ལམ་དུ་དོར། དགུ་པ་ཆད་ཐོ་བྱ་བ་ནི། གཏོར་གཞོང་བསྒུལ་ཏེ་སྨན་རཀ་བྲན་ལ། ཧཱུྃ༔ སྲིད་གསུམ་ཞིང་འཁོད་དམ་ཅན་དྲེགས་པའི་ཚོགས༔ འདོད་ཡོན་ཟག་མེད་བདུད་རྩིའི་གཏོར་མ་ལོངས༔ བདེ་གཤེགས་རྩ་གསུམ་རྒྱལ་བའི་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་དྲན་མཛོད་ལ༔ མདོ་སྔགས་བཤད་སྒྲུབ་བསྟན་པ་བསྲུང་བ་དང༔ དེ་འཛིན་སྐྱོང་ཞིང་ལོག་འདྲེན་དབྱིངས་སུ་སྒྲོལ༔ ཁམས་གསུམ་འགྲོ་ཀུན་བདེ་སྐྱིད་སྤེལ་བ་དང༔ གང་གསོལ་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ བཅུ་པ་བརྟན་མ་སྐྱོང་བ་ནི། བཤལ་ཆུས་བྲན་ལ། ཧྲཱི༔ དགུང་སྔོན་སྟེང་དང་གངས་རི་གཡའ་རྩེ་དང༔ སྨན་ལྗོངས་སྐྱེད་མོས་ཚལ་དང་ནགས་འདབས་དང༔ ཕྱོགས་མཚམས་སྟེང་འོག་གང་ན་གནས་པ་ཡི༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཚོགས༔ སློབ་དཔོན་པདྨའི་སྤྱན་སྔར་ཁས་བླངས་བཞིན༔ རང་རང་ཕོ་བྲང་གནས་ནས་འདིར་བྱོན་ལ༔ ཕུད་ལྷག་བཤལ་བའི་གཏོར་མ་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་མ་ལུས་སྒྲུབ་པར་མཛོད༔ ཅེས་གཏོར་མ་གཉིས་མཁར་གྱི་ཡང་སྟེང་དུ་ཞལ་ནང་བསྟན་གྱིས་འབུལ། བཅུ་གཅིག་པ་རྟ་བྲོ་ནི། སྒོ་དྲུང་དུ་གཏོར་གཞོང་ཁ་སྦུབ་པའི་འོག་ཏུ་བགེགས་རྣམས་ཚུད་པ་རི་རབ་ཀྱིས་མནན་པར་དམིགས་ལ། ཧཱུྃ༔ རྣམ་པ་རི་རབ་སུམ་བརྩེགས་ལ༔ དོན་དུ་སྐུ་གསུང་ཐུགས་སུ་གསལ༔ དོང་གཏིང་ལོག་ལྟའི་དཔུང་རྣམས་ནི༔ མ་ལུས་ལུས་པ་མེད་པར་བསྐྱུར༔ སྟེང་དུ་དཔལ་ཆེན་ལྷ་ཚོགས་ཀྱིས༔ བྲོ་བརྡུང་ཞི་རྒྱས་དབང་དྲག་རྫོགས༔ ཨོཾ་ཨཱཿཧཱུྃ་སཏྭཾ་བྷ་ཡ་ནན༔ དྲག་ཤུལ་གྱི་ལས་མཐའ་ཤིས་པས་བསྡུ་བའི་ཕྱིར་གཏོར་གཞོང་བསྒྱེལ་བ་སྨན་འབྲུས་བཀང་ལ། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ་ཞེས་བརྗོད། དེ་རྣམས་ནི་ཐུན་མཚམས་སུ་བྱ་བ་ཚོགས་ཀྱི་མཆོད་པ་རྗེས་འབྲེལ་དང་བཅས་པ་སྟེ། ཚོགས་མཆོད་རྐྱང་པ་ལ་ལྷག་མ་ཡན་ཆད་བགྱིས་པས་ཀྱང་དོན་འགྲུབ་པ་ཡིན་ནོ། །གཉིས་པ་དངོས་གྲུབ་བླང་བ་ནི། གཏང་རག་གི་སླད་དུ་སྔར་བཞིན་མཆོད་ཅིང་བསྟོད་ལ། སྒྲུབ་གཏོར་ལྷར་གསལ་བ་སྤྱི་བོར་བཏེག་སྟེ། ཧཱུྃ༔ བདག་གཞན་གཉིས་དག་དཀྱིལ་འཁོར་ཀུན་སྣང་དུ༔ རྨད་བྱུང་བླ་མ་བདེ་གཤེགས་རིགས་འདུས་ཚོགས༔ དངོས་གྲུབ་བསྩལ་དང་སྩོལ་བར་མི་དམིགས་ཀྱང༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྣམས༔ ད་ལྟ་ཉིད་དུ་གསལ་ཞིང་བརྟན་པར་མཛོད༔ ཕྲིན་ལས་རྣམ་བཞི་མྱུར་དུ་འགྲུབ་པ་དང༔ དགོས་འདོད་རེ་སྐོང་ཡིད་བཞིན་གཏེར་གྱི་མཛོད༔ མཐོང་ཆོས་དབང་དང་ཐུན་མོང་ཡོན་ཏན་བརྒྱད༔ མངོན་ཤེས་དྲུག་ལྡན་དངོས་གྲུབ་བདག་ལ་སྩོལ༔ སྔགས་མཐར། ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ཞེས་བརྗོད་ཅིང་གནས་བཞིར་རེག་ལ་གཏོར་རྫས་ཅུང་ཟད་དངོས་གྲུབ་ཀྱི་ཚུལ་དུ་རོལ། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་པས་ནོངས་པ་བཤགས། གསུམ་པ་ཉེར་བསྡུ་ནི། རྟེན་ཡོད་ན་བརྟན་བཞུགས་དང་། སྣང་ཆ་གཟུགས་བརྙན་གྱི་འཁོར་ལོ་རྟག་མཐའ་བསལ་ཕྱིར། ཧཱུྃ༔ རང་རིག་ཐིག་ལེ་གཅིག་ཏུ་གསལ་བ་ལ༔ སྤྲོ་དང་བསྡུ་བར་བྱ་བ་མི་དམིགས་ཀྱང༔ མ་རྟོགས་འཁྲུལ་པའི་རྟག་ལྟ་སྦྱང་བྱའི་ཕྱིར༔ ཐམས་ཅད་ཐིག་ལེ་ཆེན་པོར་བསྡུ་བར་བྱ༔ བཛྲ་མུ༔ ཨཱ་ལི་ཀཱ་ལི་དང་ཡི་གེ་བརྒྱ་པ་བཟླ །ཆད་མཐའ་བསལ་ཕྱིར། ཧཱུྃ༔ རྟག་ཏུ་མི་འགྱུར་ཐིག་ལེ་ཆེན་པོའི་ངང༔ བསྐྱེད་དང་རྫོགས་པའི་མཐའ་གཉིས་བྲལ་བ་ལ༔ ཆད་པའི་སྟོང་ཉིད་མེད་པ་ལས་གྲོལ་ཕྱིར༔ རྫོགས་རིམ་ལྷ་སྐུ་བླ་མ་རྩ་གསུམ་ལྷ༔ སྣང་ལ་མ་གྲུབ་འཇའ་ཚོན་ལྟ་བུར་ཤར༔ བཞི་པ་དགེ་བ་བསྔོ་ཞིང་སྨོན་ལམ་གདབ་པ་ནི། ཧཱུྃ༔ དུས་གསུམ་མི་དམིགས་སྒྱུ་མར་སྣང་བའི་ཆོས༔ མིག་འཕྲུལ་ཇི་བཞིན་དགེ་ཚོགས་བྱང་ཆུབ་ཏུ༔ ཡོངས་སུ་བསྔོས་པས་རྩ་གསུམ་དཀྱིལ་འཁོར་གྱི༔ གོ་འཕང་མཆོག་ལ་འགྲོ་ཀུན་སྦྱོར་གྱུར་ཅིག༔ ལྔ་པ་ཤིས་བརྗོད་བྱ་བ་ནི། རང་བཞིན་ཆོས་དབྱིངས་ངང་ཉིད་ལས༔ གཟུགས་སྐུའི་རྣམ་རོལ་དཔག་ཡས་ཀྱིས༔ རླབས་ཆེན་ཕྲིན་ལས་སྐྱོང་མཛད་པའི༔ བརྒྱུད་གསུམ་བླ་མའི་བཀྲ་ཤིས་ཤོག༔ མ་འགག་རང་གསལ་འོད་ལྔའི་ཀློང༔ རབ་འབྱམས་དཀྱིལ་འཁོར་རྣམ་པར་མཛེས༔ མཆོག་ཐུན་དངོས་གྲུབ་སྩོལ་མཛད་པའི༔ ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག༔ ཕྱོགས་བཅུ་གནས་ཡུལ་སྤྲུལ་པའི་ཞིང༔ ཕྲིན་ལས་རྣམ་བཞིའི་རོལ་གར་མཁན༔ མཁའ་འགྲོ་སྲུང་མའི་ཚོགས་རྣམས་ཀྱིས༔ བཀྲ་ཤིས་བདེ་ལེགས་བསྩལ་དུ་གསོལ༔ ཞེས་བརྗོད་ཅིང་དགེ་ལེགས་ཀྱི་མེ་ཏོག་ཆར་དུ་བསྙིལ་བར་བྱའོ། །བསྙེན་སྒྲུབ་བྱེད་ན། མཚམས་དམ་པར་བཅད་ལ་ཐུན་བཞིའི་རིམ་པས། ཚོགས་གསག་སྐབས་ཀྱི་བསྙེན་སྔགས་མ་ཧཱ་གུ་རུ་འབུམ་ཕྲག་གཅིག་དང་། དངོས་གཞིའི་སྒྲུབ་སྔགས་འབུམ་ཕྲག་བཅུ་བཟླ་བ་ནི་གྲངས་བསྙེན་ལས་རུང་ཙམ་ཡིན་ལ། དུས་བསྙེན་ཟླ་བ་དྲུག་དང་། མཚན་མའི་བསྙེན་པ་རྟགས་མཐོང་བའི་བར་དུ་བརྩོན་པར་བྱའོ། །དེ་ལྟ་བུའི་ལམ་ཟབ་མོ་འདི་ཉིད་ཀྱང་གུ་རུ་རིན་པོ་ཆེའི་རྡོ་རྗེའི་གསུང་ལས། ཐུགས་ཀྱི་སྒྲུབ་པ་འདི་ཉིད་སྐྱེས་བུ་གང་གིས་ཉམས་སུ་བླངས་ཀྱང༔ བདག་དང་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་གཟིགས་ཤིང༔ དེའི་རྒྱུད་བྱིན་གྱིས་བརླབས་ཏེ༔ ཚེ་གཅིག་རིག་འཛིན་གྱི་གནས་སུ་བགྲོད་པར་ཐེ་ཚོམ་མེད་དོ༔ ཞེས་བཀའ་བསྩལ་པ་ལ་དྲན་པ་ཉེ་བར་བཞག་སྟེ་བསྐྱེད་རྫོགས་ཟུང་འཇུག་གི་སྙིང་པོའི་སྒྲུབ་པ་ལ་གཞོལ་བས་སྐུ་གསུམ་དབྱེར་མེད་བདེ་བ་ཆེན་པོ་ཡེ་ཤེས་བླ་མའི་ས་ལ་རེག་པར་བྱའོ། །ཟབ་ཅིང་རྒྱ་ཆེ་མཁའ་དང་སྙོམས་འཇུག་པའི། །བླ་མའི་ཐུགས་སྒྲུབ་ཀུན་གྱི་ཡང་སྙིང་ཕུལ། །སྐུ་གསུམ་རིགས་འདུས་བདེ་ཆེན་ལམ་བཟང་ལ། །བརྟེན་ནས་འགྲོ་ཀུན་དོན་གཉིས་མཐར་ཕྱིན་ཤོག །དེ་ལྟར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་ཤེས་རབ་འོད་ཟེར་གྱི་ཟབ་གཏེར། པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་གྱི་ཆོས་སྡེའི། ལམ་བསྡུས་པ་སྐུ་གསུམ་རིགས་འདུས་པདྨ་གུ་རུའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་འདིའང། རང་གཞན་མང་པོས་བདེ་ཆེན་ཡེ་ཤེས་ཀྱི་སྐུ་སྒྲུབ་པའི་ཆ་རྐྱེན་དུ། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོ་རྡོ་རྗེ་གཟི་བརྗིད་རྩལ་གྱིས། གཏེར་གཞུང་རྡོ་རྗེའི་གསུང་ཁོ་ན་དང་། བསྙེན་པའི་སྐབས་སུ་སྦས་དོན་གྱི་ཞལ་ཤེས་བཅས་ལེགས་པར་སྤེལ་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།
གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་བདེ་ཆེན་ཞིང་གི་སྒྲུབ་ཐབས་འདོན་ཆའོ༔ (Volume 21, Text 7)
༁ྃ༔ གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་བདེ་ཆེན་ཞིང་གི་སྒྲུབ་ཐབས་འདོན་ཆའོ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ འོད་དཔག་མེད་པ་སྒྲུབ་པ་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཀ་དག་ཀློང་ནས་སྤྲུལ་པ་ཡི༔ གནམ་ས་གང་བའི་མཆོད་པའི་སྤྲིན༔ སྨན་གཏོར་རཀྟ་ལྷ་མོར་བཅས༔ ཟད་མེད་གྱུར་ཅིག་པཱུ་ཛ་ཧོ༔ མེ་ཏོག་ཆུ་སྐྱེས་པདྨའི་སྟེང༔ དེ་ནང་རང་ཉིད་སེམས་དཔའ་དཀར༔ མདུན་དུ་པདྨ་ཟླ་གདན་ལ༔ འོད་དཔག་མེད་མགོན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་མཉམ་གཞག་སྟེང༔ ལྷུང་བཟེད་འཛིན་ཅིང་ཆོས་གོས་གསོལ༔ སྐྱིལ་མོ་ཀྲུང་གིས་བཞུགས་པ་ལ༔ གཡས་སུ་འཇིག་རྟེན་དབང་ཕྱུག་དཀར༔ ཞལ་གཅིག་ཕྱག་བཞི་ཐལ་སྦྱར་དང༔ གཡས་གཡོན་ཕྲེང་བ་པདྨ་འཛིན༔ བཞེངས་པའི་སྟབས་ཀྱིས་པད་ཟླར་བཞུགས༔ གཡོན་དུ་ཕྱག་རྡོར་མཐུ་ཆེན་ཐོབ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ༔ གཡས་གཡོན་རྡོ་རྗེ་དྲིལ་བུ་འཛིན༔ བཞེངས་པའི་སྟབས་ཀྱིས་པད་ཟླར་བཞུགས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ ཉན་ཐོས་དགྲ་བཅོམ་དཔག་མེད་བསྐོར༔ གཙོ་བོ་གསུམ་གྱི་གནས་གསུམ་གྱི༔ འབྲུ་གསུམ་ལས་ནི་འོད་འཕྲོས་པས༔ བདེ་བ་ཅན་ནས་སྤྱན་དྲངས་གྱུར༔ ཧཱུྃ༔ འོད་དཔག་མེད་ཀྱི་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་བདག་ལ་དབང་མཆོག་སྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ སྣ་ཚོགས་པདྨ་ཟླ་བའི་གདན་སྟེང་དུ༔ འོད་དཔག་མེད་ཀྱི་ལྷ་ཚོགས་བཞུགས་སུ་གསོལ༔ ཧཱུྃ༔ བདེ་ཆེན་ཞིང་དུ་ཆོས་ཀྱི་འཁོར་ལོ་བསྐོར༔ སེམས་ཅན་རྣམས་ལ་རྟག་ཏུ་ཐུགས་རྗེས་གཟིགས༔ དམ་བཅའ་ཞལ་བཞེས་འགྲོ་བའི་སྐྱབས་མཛད་པ༔ སྣང་མཐའ་མཉམ་གཞག་མཛད་ལ་ཕྱག་འཚལ་ལོ༔ ཨོཾ་ཨ་མི་དྷེ་ཝ་ཧྲཱི༔ བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ རྒྱལ་བ་རིགས་ལྔ་སྤྱན་དྲངས་ནས༔ དབང་བསྐུར་ཚེ་དཔག་དབུ་བརྒྱན་གྱུར༔ ཧཱུྃ༔ བདག་གིས་དྲི་ལྡན་དྲི་ཆབ་ཀྱིས༔ འོད་དཔག་སྐུ་ལ་ཁྲུས་གསོལ་ལོ༔ ལྷ་ལ་དྲི་མ་མི་མངའ་ཡང༔ སྡིག་སྒྲིབ་དག་པའི་རྟེན་འབྲེལ་བགྱི༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཧཱུྃ༔ རས་དཀར་འཇམ་དྲི་ལྡན་པ་ཡིས༔ འོད་དཔག་སྐུ་ཉིད་ཕྱི་བར་བགྱི༔ སྐུ་ལ་དྲི་མ་མི་མངའ་ཡང༔ སྡུག་བསྔལ་བྲལ་བའི་རྟེན་འབྲེལ་བགྱི༔ ཧཱུྃ༔ ན་བཟའ་མཛེས་ལྡན་ངུར་སྨྲིག་འདི༔ རྒྱལ་བའི་སྐུ་ལ་གསོལ་བར་བགྱི༔ སྐུ་ལ་བསེར་བ་མི་མངའ་ཡང༔ བཀྲག་མདངས་འཕེལ་བའི་རྟེན་འབྲེལ་བགྱི༔ ཧཱུྃ༔ རིན་ཆེན་རྒྱན་ཆ་མཛེས་པ་འདི༔ རྒྱལ་སྲས་གཉིས་ཀྱི་སྐུ་ལ་གསོལ༔ སྐུ་ལ་རྒྱན་གསོལ་མི་མངའ་ཡང༔ གཟི་བརྗིད་ཆེ་བའི་རྟེན་འབྲེལ་བགྱི༔ ཧཱུྃ༔ ཡན་ལག་བརྒྱད་ལྡན་ཞལ་བསིལ་འདི༔ རྒྱལ་བ་སྲས་བཅས་ཞལ་དུ་འབུལ༔ ཞལ་ལ་སྐྱེམས་པ་མི་མངའ་ཡང༔ སྡུག་བསྔལ་བྲལ་བའི་རྟེན་འབྲེལ་བགྱི༔ ཧཱུྃ༔ འོད་དཔག་སྤྱན་གཟིགས་རྒྱས་པའི་ཕྱིར༔ མེ་ཏོག་མཛེས་པ་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང༔ སེམས་ཀྱིས་པུཥྤེ་དཀར་མོར་བསྐྱེད༔ སྤྱན་ལ་མཆོད་པ་འབུལ་བར་བགྱི༔ ཧཱུྃ༔ འོད་དཔག་ཤངས་མཆོག་རྒྱས་པའི་ཕྱིར༔ དྲི་ཞིམ་བདུག་སྤོས་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང༔ སེམས་ཀྱིས་དྷཱུ་པེ་སྔོན་མོར་བསྐྱེད༔ ཤངས་ལ་མཆོད་པ་འབུལ་བར་བགྱི༔ ཧཱུྃ༔ འོད་དཔག་ཕྱག་མཆོག་རྒྱས་པའི་ཕྱིར༔ མར་མེ་གསལ་བ་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང༔ སེམས་ཀྱིས་དྷཱི་པཾ་དམར་མོར་བསྐྱེད༔ ཕྱག་ལ་མཆོད་པ་འབུལ་བར་བགྱི༔ ཧཱུྃ༔ འོད་དཔག་སྐུ་ལུས་བཀྲག་རྒྱས་ཕྱིར༔ དྲི་ཆབ་དྲི་ལྡན་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང༔ སེམས་ཀྱིས་གྷནྡྷེ་ལྗང་མོར་བསྐྱེད༔ སྐུ་ལ་མཆོད་པ་འབུལ་བར་བགྱི༔ ཧཱུྃ༔ འོད་དཔག་སྐུ་བཀྲག་འདོན་པའི་ཕྱིར༔ ཞལ་ཟས་རོ་མཆོག་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང༔ སེམས་ཀྱིས་ནཻ་ཝིདྱ་སེར་མོར་བསྐྱེད༔ ལྗགས་ལ་མཆོད་པ་འབུལ་བར་བགྱི༔ ཧཱུྃ༔ འོད་དཔག་སྙན་མཆོག་རྒྱས་པའི་ཕྱིར༔ རོལ་མོ་སྙན་པ་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང༔ སེམས་ཀྱིས་ཤཔྡ་སེར་མོར་བསྐྱེད༔ སྙན་ལ་མཆོད་པ་འབུལ་བར་བགྱི༔ ཧཱུྃ༔ ཚེ་དཔག་སྐུ་ཉིད་རྒྱས་པའི་ཕྱིར༔ རིག་མ་རྒྱན་ལྡན་འདི་འབུལ་ན༔ བདག་ནི་ཐ་མལ་ལུས་པོ་ཡང༔ སེམས་ཀྱིས་རིག་མ་མཛེས་པར་བསྐྱེད༔ སྐུ་ལ་མཆོད་པ་འབུལ་བར་བགྱི༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་མུ་དྲ་ཨཱཿཧཱུྃ༔ ཧཱུྃ༔ བཀྲ་ཤིས་གཙོ་བོ་རྫས་བརྒྱད་དེ༔ གཙོ་མཆོག་རྒྱལ་པོ་ཡུངས་དཀར་སོགས༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ ཚོགས་གཉིས་ཡོངས་སུ་རྫོགས་པར་ཤོག༔ མངྒ་ལཾ་ཨརྠ་སིདྡྷི་ཧཱུྃ༔ ཧཱུྃ༔ བཀྲ་ཤིས་གཙོ་བོ་རྟགས་བརྒྱད་དེ༔ གཙོ་མཆོག་རྒྱལ་པོ་བུམ་པ་སོགས༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ སེམས་ཅན་ཚོགས་གཉིས་རྫོགས་པར་ཤོག༔ མངྒ་ལཾ་ཀུམྦྷ་ཧཱུྃ༔ ཧཱུྃ༔ འདོད་ཡོན་གཙོ་བོ་རིན་ཆེན་བདུན༔ གཙོ་མཆོག་རྒྱལ་པོ་ནོར་བུ་སོགས༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ བདག་ནི་ཚོགས་གཉིས་རྫོགས་པར་ཤོག༔ ཨོཾ་མ་ཎི་རཏྣ་ཧཱུྃ༔ ཧཱུྃ༔ ཀུན་གྱི་གཙོ་བོ་རི་རབ་གླིང༔ རི་རབ་གླིང་བཞི་གླིང་ཕྲན་བཅས༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ ཚོགས་གཉིས་ཡོངས་སུ་རྫོགས་པར་ཤོག༔ ཨོཾ་རཏྣ་མཎྜ་ལ་ཧཱུྃ༔ ཧཱུྃ༔ བདག་གིས་སྐྱབས་གནས་ཚེ་དཔག་ལ༔ བདུད་རྩིའི་མཆོད་པ་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང༔ སེམས་ཀྱིས་བདུད་རྩིའི་ལྷ་མོར་བསྐྱེད༔ ཚེ་དཔག་ཁྱེད་ལ་འབུལ་བ་ན༔ ཐུགས་རྗེས་བདག་གཞན་ཐམས་ཅད་ལ༔ མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ བདག་གིས་སྐྱབས་གནས་འོད་དཔག་ལ༔ གཏོར་མའི་མཆོད་པ་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང༔ སེམས་ཀྱིས་འདོད་ཡོན་ལྷ་མོར་བསྐྱེད༔ འོད་དཔག་ཁྱེད་ལ་འབུལ་བ་ན༔ ཐུགས་རྗེས་བདག་གཞན་ཐམས་ཅད་ལ༔ མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ བདག་གིས་སྐྱབས་གནས་འོད་དཔག་ལ༔ རཀྟའི་མཆོད་པ་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང༔ སེམས་ཀྱིས་མཆོད་པའི་ལྷ་མོར་བསྐྱེད༔ འོད་དཔག་ཁྱེད་ལ་འབུལ་བ་ན༔ ཐུགས་རྗེས་བདག་གཞན་ཐམས་ཅད་ལ༔ མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བཛྲ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཨོཾ༔ རྡོ་རྗེའི་སྐུ་ནི་སྐུ་ཡི་མཆོག༔ ཚངས་དང་བརྒྱ་བྱིན་འགྲན་དུ་མེད༔ ནམ་མཁའ་ལྟ་བུའི་སྐུ་མངའ་བའི༔ ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད༔ ཨཱ༔ རྡོ་རྗེའི་གསུང་ནི་གསུང་གི་མཆོག༔ ཆེ་བ་འབྲུག་གིས་དོ་ཟླ་མེད༔ སྙན་པ་གླུ་མས་དོ་ཟླ་མེད༔ ཐུགས་རྗེའི་སྤྱན་གྱིས་གཟིགས་པ་ཡི༔ ལོངས་སྤྱོད་རྫོགས་སྐུར་ཕྱག་འཚལ་བསྟོད༔ ཧཱུྃ༔ རྡོ་རྗེའི་ཐུགས་ནི་ཐུགས་ཀྱི་མཆོག༔ འགྲོ་བའི་དོན་ལ་ངེས་པར་གཟིགས༔ ཚངས་པ་བརྒྱ་བྱིན་ཐུགས་ཀྱིས་ཀྱང༔ དོ་ཟླ་མེད་པའི་བཀའ་དྲིན་ཅན༔ སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ཨོཾ༔ བདག་ནི་མ་རིག་དབང་གྱུར་པས༔ འོད་དཔག་ཐུགས་དང་གང་འགལ་བ༔ བཤགས་བགྱི་བཛྲ་སཏྭ་ཧཱུྃ༔ ཨོཾ༔ སྐུ་ཡི་དམ་ཚིག་ཉམས་པ་བཤགས༔ ཁྱེད་ཀྱི་སྐུ་ལ་ཕྱག་འཚལ་བསྟོད༔ ཨཱ༔ གསུང་གི་དམ་ཚིག་ཉམས་པ་བཤགས༔ ཁྱེད་ཀྱི་གསུང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས༔ ཁྱེད་ཀྱི་ཐུགས་ལ་ཕྱག་འཚལ་བསྟོད༔ ཨོཾ་ཧྲཱིཿསྭཱ་ཧཱ༔ བཛྲ་སཏྭ་ཨོཾ༔ བཛྲ་སཏྭ་ཨཱ༔ བཛྲ་སཏྭ་ཧཱུྃ༔ ཨེ་མ་ཧོ༔ ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང༔ ཐུགས་རྗེ་ཆེན་པོ་མཐུ་ཆེན་ཐོབ་ལ་སོགས༔ སངས་རྒྱས་བྱང་སེམས་དཔག་མེད་ཐམས་ཅད་ལ༔ རྩེ་གཅིག་གུས་པའི་སེམས་ཀྱིས་གསོལ་བ་འདེབས༔ བདག་ལ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ སྣང་བ་མཐའ་ཡས་འགྲུབ་པར་བྱིན་གྱིས་རློབས༔ དེ་ནས་རྩ་སྔགས་འབྲིང་པོ་ནི༔ ཨོཾ་ཨ་མི་དྷེ་ཝ་ཧྲཱི༔ ཡང་བསྡུས་ཧྲཱི༔བསྒྲང་ཆོག་པ་ཡིན༔ དེ་ནས་ཚེ་འགུགས་ཚེ་སྒྲུབ་ནི༔ ཧཱུྃ༔ བཅོམ་ལྡན་འོད་དཔག་མེད་མགོན་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ ཕྱག་གཉིས་མཉམ་གཞག་ལྷུང་བཟེད་བསྣམས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ སྤྲུལ་པའི་ལྷ་མོ་མགྱོགས་མ་ལྔས༔ ཚེ་བུམ་འཛིན་ཅིང་མདའ་དར་གཡབ༔ འབྱུང་བའི་བཅུད་བསྡུས་ལྷུང་བཟེད་ཐིམ༔ ལྷུང་བཟེད་ཚེ་ཡི་བདུད་རྩིས་གང༔ དེ་ནས་རང་ལ་ཐིམ་པར་གྱུར༔ ཧཱུྃ༔ མདའ་དར་ཤར་དུ་གཡུག་པའི་ཚེ༔ རླུང་གི་བཅུད་རྣམས་འདུས་པ་ལས༔ འཇའ་ཚོན་ལྗང་གུ་འོད་དུ་འབར༔ དེ་དབུས་རླུང་གི་ལྷ་མོ་ནི༔ ཞལ་གཅིག་ཕྱག་གཉིས་མདའ་དར་ལྗང༔ བུམ་པ་འཛིན་ཏེ་གར་ཁྱུག་ཁྱུག༔ ལྗང་འོད་འབར་བའི་བྲོ་ཁྲིག་ཁྲིག༔ མདའ་དར་ལྷོ་རུ་གཡུག་པའི་ཚེ༔ མེ་ཡི་བཅུད་རྣམས་འདུས་པ་ལས༔ འཇའ་ཚོན་དམར་པོ་འོད་དུ་འབར༔ དེ་དབུས་མེ་ཡི་ལྷ་མོ་ནི༔ ཞལ་གཅིག་ཕྱག་གཉིས་མདའ་དར་དམར༔ བུམ་པ་འཛིན་ཏེ་གར་ཁྱུག་ཁྱུག༔ དམར་འོད་འབར་བའི་བྲོ་ཁྲིག་ཁྲིག༔ མདའ་དར་ནུབ་ཏུ་གཡུག་པའི་ཚེ༔ ལྕགས་ཀྱི་བཅུད་རྣམས་འདུས་པ་ལས༔ འཇའ་ཚོན་དཀར་པོ་འོད་དུ་འབར༔ དེ་དབུས་ལྕགས་ཀྱི་ལྷ་མོ་ནི༔ ཞལ་གཅིག་ཕྱག་གཉིས་མདའ་དར་དཀར༔ བུམ་པ་འཛིན་ཏེ་གར་ཁྱུག་ཁྱུག༔ དཀར་འོད་འབར་བའི་བྲོ་ཁྲིག་ཁྲིག༔ མདའ་དར་བྱང་དུ་གཡུག་པའི་ཚེ༔ ཆུ་ཡི་བཅུད་རྣམས་འདུས་པ་ལས༔ འཇའ་ཚོན་སྔོན་པོ་འོད་དུ་འབར༔ དེ་དབུས་ཆུ་ཡི་ལྷ་མོ་ནི༔ ཞལ་གཅིག་ཕྱག་གཉིས་མདའ་དར་སྔོ༔ བུམ་པ་འཛིན་ཏེ་གར་ཁྱུག་ཁྱུག༔ སྔོ་འོད་འབར་བའི་བྲོ་ཁྲིག་ཁྲིག༔ མདའ་དར་སྟེང་དུ་གཡུག་པའི་ཚེ༔ ས་ཡི་བཅུད་རྣམས་འདུས་པ་ལས༔ འཇའ་ཚོན་སེར་པོ་འོད་དུ་འབར༔ དེ་དབུས་ས་ཡི་ལྷ་མོ་ནི༔ ཞལ་གཅིག་ཕྱག་གཉིས་མདའ་དར་སེར༔ བུམ་པ་འཛིན་ཏེ་གར་ཁྱུག་ཁྱུག༔ སེར་འོད་འབར་བའི་བྲོ་ཁྲིག་ཁྲིག༔ ཕྱོགས་བཞི་སྟེང་གི་ལྷ་མོ་ལྔས༔ འབྱུང་བ་ལྔ་ཡི་བཀྲག་སྡུས་ལ༔ བདག་གི་བཀྲག་མདངས་རྒྱས་པར་མཛོད༔ ཕྱོགས་བཞི་སྟེང་གི་ལྷ་མོ་ལྔས༔ འབྱུང་བ་ལྔ་ཡི་ཚེ་སྡུས་ལ༔ བདག་གི་ཚེ་འདི་བརྟན་པར་མཛོད༔ ཕྱོགས་བཞི་སྟེང་གི་ལྷ་མོ་ལྔས༔ འབྱུང་བ་ལྔ་ཡི་བཅུད་སྡུས་ལ༔ བདག་གི་ཚེ་བཅུད་རྒྱས་པར་མཛོད༔ ཕྱོགས་བཞི་སྟེང་གི་ལྷ་མོ་ལྔས༔ འབྱུང་བ་ལྔ་ཡི་འོད་སྡུས་ལ༔ བདག་གི་འོད་ནི་རྒྱས་པར་མཛོད༔ ཏདྱ་ཐཱ༔ ཌཱ་ཀི་ནཱི༔ ཧ་རི་ནི་ས༔ མ་མ་ཨཱ་ཡུཿསིདྡྷི་ཕ་ལ་པུཥྚིཾ་ཀུ་རུ་ཡེ་སཱ་ཧཱ༔ ཨེ་མ་ཧོ༔ རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་དང༔ ཐུགས་རྗེ་ཆེན་པོ་མཐུ་ཆེན་ཐོབ་དང་ནི༔ སངས་རྒྱས་བྱང་སེམས་དཔག་ཏུ་མེད་རྣམས་ལ༔ བདག་གིས་གུས་པའི་སེམས་ཀྱིས་ཕྱག་འཚལ་བསྟོད༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ དེ་ནས་རྩ་སྔགས་རྒྱས་པ་ནི༔ ཨོཾ་ཨཱཿཧཱུྃ་ཨ་མི་དྷེ་ཝ་ཨཱ་ཡུཿསིདྡྷི་ཧཱུྃ༔ ཨོཾ་བྷྲཱུྃ་སྭཱ་ཧཱ༔ བྷྲཱུྃ་གཉིས་ནི༔ གང་འདོད་གཅིག་ནི་བཟླས་པས་ཆོག༔ དེ་ནས་མདུན་གྱི་བཅོམ་ལྡན་འདས༔ འོད་དུ་ཞུ་ནས་རང་ལ་ཐིམ༔ རང་ལུས་ནམ་མཁའི་འཇའ་ཚོན་ལྟར༔ བཅོམ་ལྡན་འདས་ཀྱི་སྐུར་སྣང་བ༔ གསལ་སྟོང་ཟུང་དུ་འཇུག་པར་གྱུར༔ ཨེ་མ་ཧོ༔ ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང༔ གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང༔ གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ༔ སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔ བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི༔ བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར༔ བདག་ནི་འདི་ནས་ཚེ་འཕོས་གྱུར་མ་ཐག༔ སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ༔ དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག༔ དེ་སྐད་བདག་གིས་སྨོན་ལམ་བཏབ་པ་འདི༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས༔ གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཏདྱ་ཐཱ༔ པཉྩནྡྲི་ཡ་ཨ་ཝ་བོ་དྷ་ནཱ་ཡ་སྭཱ་ཧཱ༔ བདེ་ཆེན་ཞིང་སྒྲུབ་འདོན་ཆ་འདི། །གཏེར་བློན་རཱ་ག་ཨ་སྱ་ཡིས། །གཏེར་སྟོན་ཐུགས་དགོངས་རྫོགས་པའི་ཕྱིར། །གནམ་ཆོས་གཞུང་ནས་བསྡུས་ཏེ་བསྒྲིགས། །ཉེ་གནས་ཀུན་དགས་ཡི་གེར་བཀོད། །ཉེས་འགལ་མཆིས་ན་ལྷ་ལ་བཤགས། །དགེ་བ་འབྲེལ་ཐོགས་འགྲོ་བ་ཀུན། །བདེ་ཆེན་ཞིང་དུ་སྐྱེ་ཕྱིར་བསྔོ། ༈ །སྨོན་ལམ་སོགས་ཅི་ཙམ་བཏོན་ནས་རྗེས་སུ། ཐལ་མོ་སྦྱར་ལ། ཨོཾ༔ འགྲུབ་པར་གྱུར་ཅིག་རྡོ་རྗེའི་སྐུ་ནི་སྐྱེ་འཆི་བྲལ༔ ཚངས་པའི་གསུང་ནི་སྐྱེ་མེད་རྟག་པ་རྡོ་རྗེའི་གསུང༔ སྤྲོས་བྲལ་ཐུགས་ནི་དུས་གསུམ་འགྱུར་མེད་རྡོ་རྗེའི་ཐུགས༔ འཆི་མེད་སྐུ་གསུང་ཐུགས་དང་ཡང་དག་ལྡན་པ་ཡི༔ རྔ་སྒྲའི་རྒྱལ་པོ་འདྲེན་པ་འོད་དཔག་མེད༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་འགྲུབ་གྱུར་ཏེ༔ བདག་ཅག་ཚེ་དང་སྒྲུབ་པ་མཐར་ཕྱིན་ནས༔ རླབས་ཆེན་འགྲོ་བའི་དོན་ལ་སྤྱོད་པར་ཤོག༔ ཅེས་ལན་གསུམ་བརྗོད་པར་བྱ་སྟེ་རྡོ་རྗེའི་ཚིག་གོ །དེ་ནས་བཟོད་གསོལ། མ་འབྱོར་པ་དང་སོགས་ཡིག་བརྒྱ་བརྗོད་ནས་གཞུང་གི །དེ་ནས་མདུན་གྱི་སོགས་བསྡུ་རིམ་དང་། ཤིས་བརྗོད་དགེ་བསྔོ་སོགས་བྱའོ།། ༈ ཕྱོགས་དུས་རྒྱལ་བ་སྲས་བཅས་དགོངས༔ ཚོགས་གཉིས་རྫོགས་ལ་རྗེས་ཡི་རང༔ བདག་གིས་དུས་གསུམ་དགེ་བསགས་པ༔ དཀོན་མཆོག་གསུམ་ལ་མཆོད་པ་འབུལ༔ རྒྱལ་བའི་བསྟན་པ་འཕེལ་གྱུར་ཅིག༔ དགེ་རྩ་ཐམས་ཅད་གཅིག་བསྡུས་ཏེ༔ བདག་གི་རྒྱུད་ལ་སྨིན་གྱུར་ཅིག༔ སྒྲིབ་གཉིས་དག་ནས་ཚོགས་རྫོགས་ཏེ༔ ཚེ་རིང་ནད་མེད་ཉམས་རྟོགས་འཕེལ༔ ཚེ་འདིར་ས་བཅུ་ནོན་གྱུར་ཅིག༔ ནམ་ཞིག་ཚེ་འཕོས་གྱུར་མ་ཐག༔ བདེ་བ་ཅན་དུ་སྐྱེ་གྱུར་ཅིག༔ སྐྱེས་ནས་པདྨའི་ཁ་ཕྱེ་སྟེ༔ ལུས་རྟེན་དེ་ལ་སངས་རྒྱས་ཤོག༔ བྱང་ཆུབ་ཐོབ་ནས་ཇི་སྲིད་དུ༔ སྤྲུལ་པས་འགྲོ་བ་འདྲེན་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཅེས་པ་འདི་ནི་སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་གཏེར་མོ། །མངྒ་ལཾ།། །།
སྲས་མཆོག་བཛྲ་ཀཱི་ལ་ཡའི་སྒོས་སྒྲུབ་ཧ་ལ་ནག་པོ་གནོད་བྱེད་ཕོག་འགྱེལ་ (Volume 32, Text 7)
སྲས་མཆོག་བཛྲ་ཀཱི་ལ་ཡའི་སྒོས་སྒྲུབ་ཧ་ལ་ནག་པོ་གནོད་བྱེད་ཕོག་འགྱེལ་བཞུགས་སོ། །ན་མོ་གུ་རུ་ཀརྨ་ཀྲོ་དྷཱ་ཡ། འདིར་ཁྲོ་རྒྱལ་འདུས་པའི་སྲས་མཆོག་བཛྲ་ཀཱི་ལ་ཡའི་རྒྱུན་ཁྱེར་ཉམས་སུ་ལེན་པར་འདོད་པས། གཏོར་མཆོད་སོགས་བཤམ། སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །མཆོག་གི་བྱང་ཆུབ་སེམས་བསྐྱེད་དོ། །ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐུལ། །དགེ་ཚོགས་བླ་མེད་རྒྱུར་བསྔོ་འོ། །མཚམས་གཅད་ནི། ཧཱུྃ། ཁྲོ་བོ་རོལ་པའི་དཀྱིལ་འཁོར་འདིར། །ཡེ་ཤེས་ལྷ་ཉིད་མ་གཏོགས་པ། །འཇིག་རྟེན་རིགས་གྱུར་ལོག་འདྲེན་རྣམས། །བཀའ་ལས་མ་འདའ་མཚམས་ཆོད་ཅིག །མཆོད་རྫས་རྣམས། རང་བཞིན་སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་བྷཉྫའི་ནང་དུ་མཆོད་ཡོན་མེ་ཏོག་བདུག་སྤོས། སྨན་རཀ་གཏོར་མ་མཆོད་པའི་སྤྲིན་ཕུང་བཟང་ཞིང་རྒྱ་ཆེ་བ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་མ་ཧཱ་ཨརྒྷཾ་ནས། ཤབྡ་པཉྩ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཨཱཿཧཱུྃ། བསྐྱེད་རིམ་ནི། ངང་ཉིད་ཆོས་ཀྱི་དབྱིངས་ཉིད་ལས། །འགྲོ་ལ་བརྩེ་བའི་སྙིང་རྗེ་བསྒོམ། །སྟོང་དང་སྙིང་རྗེ་ཟུང་འཇུག་ལས། །ཨེ་ལས་བྱུང་བའི་ཆོས་འབྱུང་ཀློང་། །རཀྟའི་རྦ་ཀློང་འཕྱོ་ཞིང་འཁྲུགས། །རུ་ཏྲ་ཞིང་གི་ལྷུ་དུམ་འཕྱོ། །བདུད་བཞི་བསྣོལ་བའི་ལྟེ་བ་ལ། །ཧཱུྃ་ལས་སྲས་མཆོག་ཀཱི་ལ་ཡ། །དུག་ཆེན་ཧ་ལ་ཧ་ལའི་མདོག །གཡས་དཀར་གཡོན་དམར་དབུས་སྲིན་ཞལ། །དུར་ཁྲོད་འབར་བའི་ཆ་ལུགས་རྫོགས། །གཡས་གཉིས་རྩེ་དགུ་རྩེ་ལྔ་འཕྱར། །གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་གསོར། །མཐའ་གཉིས་སེང་ལྡེང་ཕུར་བུ་སྒྲིལ། །སྤུ་གྲིའི་སྒྲོ་གཤོག་ནམ་མཁར་གདེངས། །སྐུ་སྨད་ཕུར་གཟུགས་ལྕགས་སྲེག་བཞིན། །དམར་པོ་བདུད་བཞིའི་སྙིང་ལ་བཙུགས། །ཡེ་ཤེས་མེ་ཕུང་དབུས་ཉིད་ནས། །དྲག་སྔགས་སྒྲོག་ཅིང་མཚོན་ཆར་འབེབ། །དཔྲལ་མགྲིན་སྙིང་ཁར་ཨོཾ་ཨཱཿཧཱུྃ། །དེ་ལས་འོད་འཕྲོས་ཁྲོ་བོའི་ཚོགས། །ནམ་མཁའ་གང་བ་སྤྱན་དྲངས་ཏེ། །བདག་ལ་ཐིམ་པས་གཟི་བྱིན་བསྐྱེད། །སྤྱན་འདྲེན་མཆོད་བསྟོད་སོགས་ནི། ཧཱུྃ། དམ་ཚིག་ཆེན་པོའི་དུས་ལ་བབ། །སྲས་མཆོག་བཛྲ་ཀཱི་ལ་ཡ། །མཐུ་རྩལ་འབྱིན་པའི་དུས་ལ་བབ། །སྤྲུལ་པ་འགྱེད་པའི་དུས་ལ་བབ། །བདག་དང་དབྱེར་མེད་བརྟན་བཞུགས་ནས། །རྟགས་དང་མཚན་མ་སྟོན་པ་དང་། །ཕྲིན་ལས་དྲག་པོའི་དངོས་གྲུབ་སྩོལ། །བགེགས་དང་ལོག་འདྲེན་བར་ཆད་སོལ། །ཧཱུྃ། སྲས་མཆོག་ཁྲོ་བོའི་ལྷ་ཚོགས་ལ། །མེ་ཏོག་ལ་སོགས་ཕྱི་མཆོད་འབུལ། །དབང་ལྔ་ལ་སོགས་ནང་མཆོད་འབུལ། །སྨན་རཀ་གཏོར་གསུམ་སྦྱོར་སྒྲོལ་མཆོད། །བློ་འདས་དེ་བཞིན་ཉིད་ཀྱི་ངང་། །མཆོད་པ་མཆོད་བྱེད་སྤྲོས་བྲལ་རོལ། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་ཨཱཿཧཱུྃ་གིས་མཆོད། ཧཱུྃ། ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །སྲིད་པར་འཁྱམས་པའི་སེམས་ཅན་ཐམས་ཅད་ཀུན། །དབྱེར་མེད་སྐུ་གསུང་ཐུགས་སུ་སྒྲོལ་མཛད་པའི། །སྲས་མཆོག་ཀཱི་ལ་ཡ་ལ་ཕྱག་འཚལ་བསྟོད། །ཐུགས་ཀར་ཉི་སྟེང་མཐིང་ནག་ཧཱུྃ། །མཐར་བསྐོར་དྲག་སྔགས་ཕྲེང་བ་ནི། །གནམ་ལྕགས་འབར་བ་ལྟ་བུས་བསྐོར། །བཟླས་པ་སྔགས་ཀྱི་ཕྲེང་བ་ལས། །མཚོན་ཆ་འཁོར་ལོ་མེ་དཔུང་འཕྲོས། །བདུད་བཞི་འགོང་པོ་སྤུན་དགུ་དང་། །དྲེགས་པ་རྒྱལ་འགོང་ལོག་འདྲེན་རྣམས། །ཤ་དུམ་ཉི་ལེ་གཞོབ་ཐུལ་ལེ། །གཟུགས་ཕུང་རྡུལ་བཞིན་བརླགས་ནས་ཀྱང་། །རྣམ་ཤེས་དྭངས་མའི་ཚེ་བཅུད་ཀུན། །སྲོག་ལ་བསྟིམས་པས་དཔའ་བརྗིད་རྒྱས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་གནོད་བྱེད་འབྱུང་པོའི་སྙིང་ལ་མཱ་ར་ཡ་ཧཱུྃ་ཕཊཿ བརྒྱ་ཕྲག་སྟོང་ཅི་རིགས་བཟླའོ། །མཐར་རྫོགས་རིམ་ནི་ཁྲོ་བོའི་སྣང་ཆ་དེ་ཉིད་གཟོད་མའི་ཀློང་ཆེན་རང་རིག་གཉིས་སུ་མེད་པའི་ངང་དུ་མ་བཅོས་སོ་མ་ལྷུག་པར་བཞག་པའོ། །དེའི་ངང་ལས་འགགས་མེད་ཀྱི་འཆར་སྒོ་ཁྲོ་བོའི་རྒྱལ་པོ་སྲས་མཆོག་བཛྲ་ཀཱི་ལ་ཡའི་སྐུར་སྔར་བཞིན་ལྡང་ངོ་།། ༈ །།ཕུར་སྲུང་རྣམས་ལ་གཏོར་མ་འབུལ་བར་འདོད་ན། ཨ་ལས་བྱུང་བའི་བྷཉྫའི་སྣོད་དུ་ཧཱུྃ་ཡིག་ཞུ་བ་ལས་བྱུང་བའི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཧ་ཧོ་ཧྲཱིཿ དཔལ་ཆེན་པོའི་དཀྱིལ་འཁོར་གྱི་མུ་རན་སྐྱོང་བའི་དམ་ཅན་འཁོར་དང་བཅས་པ་སྤྱན་དྲངས་བཛྲ་ས་མཱ་ཛཿ ཨརྒྷཾ་སོགས་། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་སོགས་ལན་གསུམ་གྱིས་གཏོར་མ་ཕུལ། རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ན། །བསྟན་པ་སྲུང་མཛད་གཡར་དམ་ཅན། །ཤྭ་ན་ས་བདག་བདག་ཉིད་མ། །སྐྱེས་བུ་གིང་དང་བཀའ་སྡོད་རྣམས། །འདིར་གཤེགས་དམ་རྫས་གཏོར་མ་དང་། །མཆོད་པའི་ཡོ་བྱད་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །འགལ་རྐྱེན་ཐམས་ཅད་ཞི་བ་དང་། །མཐུན་རྐྱེན་བསམ་པ་ལྷུན་གྲུབ་སྟེ། །བཀྲ་ཤིས་བདེ་ལེགས་ལྡན་པར་མཛོད། །ཅེས་པས་ཕྲིན་ལས་བཅོལ། སྲས་མཆོག་ཀཱི་ལ་ཡའི་སྒོས་སྒྲུབ་ཕུར་སྲུང་གཏོར་འབུལ་དང་བཅས་པ་འདི་ཨོ་རྒྱན་བསམ་གཏན་དཔལ་འབྱོར་གྱིས། རིན་པོ་ཆེའི་རྡོ་རྗེས་མཚན་པའི་གཟུངས་ཐག་མེ་ཤེལ་ཁ་བཏགས་མཐིང་མདོག །ཨཏིཉྩ་འབྲེལ་བ་སོགས་དངོས་བཤམས་ཀྱི་བདོག་པ་དང་བཅས་བསྐུལ་བའི་དོན་དུ་འཛམ་གླིང་རྡོ་རྗེས་བྲིས་པའོ།། །།
རྡོ་རྗེ་བདུད་རྩིའི་སྒྲུབ་ཁོག་སྐབས་ཡང་ཡང་ཉེར་མཁོའི་བསྐྲད་འབེབ་ཟུར་བྱང་ (Volume 30, Text 7)
རྡོ་རྗེ་བདུད་རྩིའི་སྒྲུབ་ཁོག་སྐབས་ཡང་ཡང་ཉེར་མཁོའི་བསྐྲད་འབེབ་ཟུར་བྱང་། བར་ཆད་བསལ་བ་ནི། སློབ་དཔོན་དང་རྒྱལ་ཐེབས་སོགས་དཀྱིལ་འཁོར་ཤར་ཕྱོགས་སུ་འཁོད། སྒྲུབ་མཆེད་གཞན་རྣམས་རང་གྲལ་དུ་བཞེངས། ཞྭ་ཆོས་རོལ་མོ་སོགས་གཟི་བྱིན་བསྐྱེད། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧཱུྃ་མཛད་ཁྲོ་བོའི་རྒྱལ་པོ་འཇིགས་སུ་རུང་བའི་སྐུར་གྱུར། རྡོར་སློབ་ཀྱིས་ཕུར་བུ་ཕྱོགས་མཚམས་ཀུན་ཏུ་འདྲིལ་ལ། ཧཱུྃ༔ ང་ནི་རྡོ་རྗེ་ཧཱུྃ་ཀཱ་ར༔ འཇིག་རྟེན་འདི་ན་སུ་ཡང་རུང༔ སྒྲུབ་ལ་བར་དུ་གཅོད་པ་ཡི༔ སྡིག་སྒྲིབ་ནད་གདོན་བགེགས་རིགས་ཀུན༔ ང་ཡི་བཀའ་ལས་འདའ་མ་བྱེད༔ བྱེར་ཅིག་དེངས་ཤིག་གཞན་དུ་སོང༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ སྔགས་མཐར་མཚོན་ཆའི་ཤམ་བུ་གདགས༔ སརྦ་པཱ་པཾ་ཨུ་ཙཊྚཱ་ཡ་ཧཱུྃ་ཕཊ༔ སརྦ་ཨཱ་བ་ར་ཎ་ཨུ་ཙཊྚཱ་ཡ་ཧཱུྃ་ཕཊ༔ སརྦ་གྲ་ཧ་ཨུ་ཙཊྚཱ་ཡ་ཧཱུྃ་ཕཊ༔ སརྦ་བིགྷྣཱན་ཨུ་ཙཊྚཱ་ཡ་ཧཱུྃ་ཕཊ༔ སརྦ་ཛྭ་ར་ཨུ་ཙཊྚཱ་ཡ་ཧཱུྃ་ཕཊ༔ སརྦ་མ་ལ་ཨུ་ཙཊྚཱ་ཡ་ཧཱུྃ་ཕཊ༔ ཅེས་སྔགས་བཅས་བརྗོད། ཧཱུྃ་སྒྲ་དྲག་ཏུ་སྒྲོག་ཅིང་འབར་བའི་ལྟ་སྟངས། རྡོ་རྗེའི་བདུག་པ། ཡུངས་ཐུན་བྲབ་ལ་དཀྱིལ་འཁོར་བསྐོར། བདུག་པའི་སྤྲིན་ལས་ཁྲོ་ཚོགས་འཕྲོས༔ མི་མཐུན་ཐམས་ཅད་ཚར་བཅད་ནས༔ རྡོ་རྗེའི་ཕྱག་རྒྱས་བསྲུངས་བར་བསམ༔ ༈ ཡེ་ཤེས་གཟི་བྱིན་དབབ་པ་ནི། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་འཁོད། དར་སྣའི་གཡབ་མོ་ཐོགས། དྲི་ཞིམ་པའི་སྤོས་བསྲེག །ལས་རྡོར་གྱིས་བསྒྲུབས་པའི་མ་ད་ན་ཆང་དང་སྦྱར་བ་འཐོར་ལ། རང་ཉིད་སྐད་ཅིག་གིས་རིན་ཆེན་བདུད་རྩི་མཱ་མ་ཀཱིའི་སྐུར་གསལ་བའི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་གྱིས། རྩ་གསུམ་ཆོས་སྲུང་སྨན་གྱི་ལྷ་དང་དྲང་སྲོང་རིག་འཛིན་ཐམས་ཅད་ཀྱི་ཐུགས་དམ་བསྐུལ་ཏེ་མདུན་གྱི་ནམ་མཁར་སྤྲིན་གཏིབས་པ་ལྟར་བྱོན་ནས་བཞུགས་ཤིང་བྱིན་གྱིས་རློབ་པར་གྱུར། ཅེས་བསྒོམས་ལ་དབྱངས་རོལ་བཅས། ཧཱུྃ༔ མཁའ་ལྟར་ཁྱབ་པའི་ཞིང་ཁམས་ནས༔ རིག་འཛིན་ས་ལ་གཤེགས་པ་ཡི༔ དུས་གསུམ་རྩ་བརྒྱུད་བླ་མ་རྣམས༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ གློག་ལྟར་མྱུར་བའི་ཐུགས་རྗེ་ཡིས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྒྲུབ་གནས་འདི་ལ་བྱིན་ཆེན་ཕོབ༔ རྣལ་འབྱོར་རྣམས་ལ་དབང་མཆོག་སྐུར༔ སྒྲུབ་རྫས་ཡེ་ཤེས་བཅུད་དུ་སྐྱིལ༔ བདེ་ཆེན་བདུད་རྩིའི་དངོས་གྲུབ་སྩོལ༔ ཨོཾ་སརྦ་མ་ཧཱ་གུ་རུ་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཧཱུྃ༔ འོག་མིན་རྡོ་རྗེ་བཙུན་མོའི་མཁའ༔ གསང་བ་མཆོག་གི་དགྱེས་པ་ན༔ ཐམས་ཅད་བདག་ཉིད་རྟག་བཞུགས་པའི༔ སྐུ་མཆོག་རྡོ་རྗེ་ཧེ་རུ་ཀ༔ གསུང་མཆོག་བཛྲ་ཧཱུྃ་ཀཱ་ར༔ ཐུགས་མཆོག་རྡོ་རྗེ་བདུད་རྩི་ཆེ༔ ཡོན་ཏན་རིན་ཆེན་མཱ་མ་ཀཱི༔ ཕྲིན་ལས་བདེ་ཆེན་འཁྱིལ་བ་ཡི༔ ཐམས་ཅད་བདུད་རྩིའི་དཀྱིལ་འཁོར་ལྷ༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ གློག་ལྟར་མྱུར་བའི་ཐུགས་རྗེ་ཡིས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྒྲུབ་གནས་འདི་ལ་བྱིན་ཆེན་ཕོབ༔ རྣལ་འབྱོར་རྣམས་ལ་དབང་མཆོག་སྐུར༔ སྒྲུབ་རྫས་ཡེ་ཤེས་བཅུད་དུ་སྐྱིལ༔ བདེ་ཆེན་བདུད་རྩིའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨ་མྲྀཏ་སརྦ་མཎྜལ་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧཱུྃ༔ འཇིག་རྟེན་ཞིང་ཁམས་རབ་འབྱམས་ནས༔ ཡེ་ཤེས་དཔའ་བོ་རྣལ་འབྱོར་མ༔ ལས་ཀྱི་ཚུལ་སྣང་ཕོ་ཉའི་ཚོགས༔ ཁྱད་པར་བཛྲ་ཨ་མྲྀ་ཏའི༔ དམ་ཚིག་མཆོག་ལ་གནས་པ་ཡི༔ བདུད་རྩིའི་ལྷ་མོ་འོད་འཆང་མ༔ སྨན་གྱི་ལྷ་མོ་ཡིད་འཕྲོག་མ༔ རྩི་ཡི་ལྷ་མོ་གྲུབ་པ་མོ༔ བཅུད་ཀྱི་ལྷ་མོ་མྱོས་བྱེད་མ༔ མེ་ཏོག་ལྷ་མོ་མདངས་ལྡན་མ༔ འབྲས་བུའི་ལྷ་མོ་ནོར་རྒྱུན་མ༔ ནགས་ཀྱི་ལྷ་མོ་རྨ་བྱའི་མགྲིན༔ རང་རང་འཁོར་ཚོགས་བསམ་མི་ཁྱབ༔ ལྷ་དང་དྲང་སྲོང་གྲུབ་པའི་ཚོགས༔ ཀུན་ཀྱང་བླང་དོར་མེད་པ་ཡི༔ བརྟུལ་ཞུགས་མཆོག་གི་གཟི་བྱིན་སྐྱེད༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ གློག་ལྟར་མྱུར་བའི་ཐུགས་རྗེ་ཡིས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྒྲུབ་གནས་འདི་ལ་བྱིན་ཆེན་ཕོབ༔ རྣལ་འབྱོར་རྣམས་ལ་དབང་མཆོག་སྐུར༔ སྒྲུབ་རྫས་ཡེ་ཤེས་བཅུད་དུ་སྐྱིལ༔ བདེ་ཆེན་བདུད་རྩིའི་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཝཱི་ར་ཡོ་གི་ནཱི་བྷཻ་ཥ་ཛྱཱ་དེ་ཝཱི་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་བརྗོད། ཧཱུྃ་སྒྲ་བཅས་དཀྱིལ་འཁོར་བསྐོར་ཅིང་། ཞེས་བསྐུལ་ནམ་མཁའ་གང་བ་ཡི༔ བླ་མ་ཡི་དམ་ཕོ་ཉའི་ཚོགས༔ བདུད་རྩི་སྨན་གྱི་ཆར་འབེབ་བཞིན༔ སྒྲུབ་པའི་རྫས་ལ་ཐིམ་པར་བསམ༔ ཞེས་ནམ་མཁའི་ལྷ་ཚོགས་དཀྱིལ་འཁོར་ལ་བསྟིམ། ཞི་དྲག་གི་ཛཔ྄་དབྱངས་ལན་གསུམ་དང་། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་བཅས་བྱའོ།། །།
རྡོ་རྗེ་སེམས་དཔའི་སྙིང་ཐིག་བཅུ་བཞི་མ་ལས༔ དབང་གོང་མ་ཐོད་རྒལ་རྣལ་འབྱོར་འཁོར་བ་དོང་སྤྲུག་ (Volume 58, Text 7)
༁ྃ༔ རྡོ་རྗེ་སེམས་དཔའི་སྙིང་ཐིག་བཅུ་བཞི་མ་ལས༔ དབང་གོང་མ་ཐོད་རྒལ་རྣལ་འབྱོར་འཁོར་བ་དོང་སྤྲུག་བཞུགས༔ ཐེམ་མེད་སྐོར་བརྡ་ཐིམ༔ ྈྈྈྈྈ རྒྱ་གར་སྐད་དུ༔ ཨ་བྷི་ཥིཉྩ་སརྦ་ཡ་ན༔ བོད་སྐད་དུ༔ དབང་ཐམས་ཅད་ཀྱི་དོན༔ ཐེག་པའི་རྩེ་མོ་བསྟན་པ༔ རིག་པ་རང་ཚུགས་ཐུབ་པ་དབང་གི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ༔ ཐེག་པ་ཀུན་གྱི་སྤྱི་རྒྱལ༔ དབང་གི་རྒྱལ་པོ་འདི་ལ་དོན་གསུམ་སྟེ༔ སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ དང་པོ་ཕྱི་ནང་གི་མཚམས་གཅད༔ དབེན་པར་དབང་གི་དཀྱིལ་འཁོར་བཞེངས་ཏེ༔ ནང་དུ་ལྔ་ལྡན་ཕྱི་ལ་འདབ་བརྒྱད༔ དེའི་ཕྱི་རོལ་དྲུག་ལྡན་ནོ༔ དེའི་ལྟེ་བ་ལ་ཨ་བྲི༔ མུ་ཁྱུད་ལྔ་ནི་དཀར་སེར་དམར་ལྗང་མཐིང་གའོ༔ པདྨ་འདབ་བརྒྱད་མཛེས་ཚོན་བྱ༔ ཕྱི་རིམ་དྲུག་ནི་སྣམ་བུ་དྲུག་ལྡན་ལ་འདོད་ཡོན་ནོ༔ དེའི་ཕྱིར་རྡོར་ར་མེ་རིས་མཚན༔ དེ་ལྟར་བུམ་པའི་བཅའ་བ་སྤྱི་དང་མཐུན་ཞིང་མཉྫིའི་ཁར་བཞག༔ ཕྱི་ནང་གི་མཆོད་གཏོར་བཤམས་ནས་ལས་བྱང་ལྟར་གཞུང་བསྲང༔ སློབ་མའི་སྟ་གོན་སྤྱི་མཐུན་ལྟར་བྱ་ཞིང་ཚོགས་ལ་ལོངས་སྤྱོད༔ དཀྱིལ་འཁོར་ལ་མེ་ཏོག་གཏོར་ཞིང་དབང་སྣོད་བརྟག་པ་སོགས་སྤྱི་མཐུན་ལྟར་བྱའོ༔ ྀཨཚ༔ རྒྱ་རྒྱ་རྒྱ༔ དངོས་གཞི་ལ་གཉིས༔ ཨ་ཏིའི་དབང་བསྐུར་རུང་མི་རུང་བརྟག་པའི་ཕྱིར་ཐེག་པ་འོག་མ་བརྒྱད་ཀྱི་དབང་བསྐུར་བ་དང༔ རུང་ན་ཨ་ཏིའི་དབང་བསྐུར་བ་དང་གཉིས་སོ༔ རུང་ན་ཨ་ཏིའི་དབང་བསྐུར་བ་ལ༔ དང་པོ་མཎྜལ་ཕུལ༔ གསོལ་བ་འདི་སྐད་གདབ་པར་བྱའོ༔ ཀྱེ་ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ ཐོག་མ་མེད་པའི་དུས་དག་ནས༔ ཁམས་གསུམ་འཁོར་བའི་བཙོན་ར་ན༔ སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས༔ ཡུན་རིང་དུས་ནས་ཉོན་མོངས་ན༔ དེ་ལས་ཐར་བར་བྱ་བའི་ཕྱིར༔ བྱང་ཆུབ་གཞན་ནས་མི་འཚོལ་བའི༔ བདག་ནི་གཉིས་མེད་ནོད་པར་འཚལ༔ ཞེས་ལན་གསུམ་གསོལ་བ་གདབ་པར་བྱ༔ དེ་ནས་བླ་མས༔ ཧོ༔ རིགས་ཀྱི་བུ་ཁྱོད་ཚུར་ཉོན་ཅིག༔ ཨ་ཏི་བླ་མེད་དགོངས་པ་འདི༔ རྟོགས་པའི་སྣོད་ལྡན་རེ་རེ་ཙམ༔ འཇུག་ས་ཆུང་ལ་གཡང་ས་ཆེ༔ གང་ཟག་ཕལ་གྱི་སྤྱོད་ཡུལ་མིན༔ དེ་བས་ཉན་རང་ཆོས་ལ་སྤྱོད༔ རིགས་ཀྱི་བུ་ཁྱོད་བདེན་པ་བཞིའི་སྒོར་ཞུགས་ནས༔ གང་ཟག་གི་བདག་མེད་པར་ལྟ༔ མི་རྟག་པ་ལ་སོགས་པ་སྒོམ༔ ཁྲུས་དང་གཙང་སྦྲའི་སྤྱོད་པ་བྱེད༔ འབྲས་བུ་ལྷག་བཅས་དང་ལྷག་མེད་ཀྱི་མྱ་ངན་འདའ༔ མྱུར་བ་སྲིད་པ་གསུམ་ཙམ་ན༔ སངས་རྒྱས་ཀྱི་ཆོས་དང༔ ཉན་ཐོས་ཀྱི་ཆོས་དང༔ རྟེན་འབྲེལ་བཅུ་གཉིས་ཀྱི་སྒོར་ཞུགས༔ གང་ཟག་གཅིག་གིས་བདག་ཏུ་བཟུང་བ་ལ་རང་བཞིན་མེད་པར་ལྟ༔ རྟེན་འབྲེལ་བཅུ་གཉིས་འདུག་པར་ལུགས་འབྱུང་ལུགས་ལྡོག་སྒོམ༔ ཚོགས་གཉིས་རང་དོན་དུ་སྤྱོད༔ འབྲས་བུ་བསྐལ་པ་བརྒྱ་ནས་ཐོབ་པ་རང་རྒྱལ་ཆོས་ཡོད་པས༔ དེ་ཁྱོད་ཀྱིས་རྒྱུད་ལ་ལོངས་ཤིག༔ ཅེས་བསྒོས་པས༔ སློབ་བུས༔ ཀྱེ་ཧོ༔ རྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ ཉན་རང་དག་གི་སྡེ་སྣོད་དེ༔ ཐབས་དང་ཤེས་རབ་འབྲེལ་གྱུར་ཏེ༔ གཞན་དག་དོན་ནི་ནུས་མ་ཡིན༔ དེ་ལ་བདག་ནི་མི་སྤྲོ་ཡིས༔ དེང་འདིར་གོང་མ་བསྟན་དུ་གསོལ༔ ཞེས་གསོལ་བ་བཏབ་བོ༔ ཡང་བླ་མས༔ ཀྱེ་ཧོ་རིགས་ཀྱི་བུ༔ འོ་ན་བདེན་པ་གཉིས་ཀྱི་སྒོར་ཞུགས་ནས༔ བདག་གཞན་གཉིས་ཀ་མེད་པར་ལྟ༔ ཆོས་རྣམས་ཐམས་ཅད་རང་བཞིན་མེད་པར་སྒོམ༔ ཕ་རོལ་ཏུ་ཕྱིན་པ་དྲུག་གཞན་དོན་དུ་སྤྱོད༔ འབྲས་བུ་ཀུན་ཏུ་འོད་ཀྱི་ས་བསྐལ་པ་གྲངས་མེད་གསུམ་གྱིས་འཐོབ་པ་བྱང་ཆུབ་སེམས་དཔའི་ཆོས་ཡོད་པས་དེ་རྒྱུད་ལ་ལོངས་ཤིག༔ ཅེས་བརྗོད་དོ༔ ཡང་ཕྱག་འཚལ་མེ་ཏོག་དོར་ནས༔ ཀྱེ་ཧོ༔ རྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ སངས་རྒྱས་ནམ་ཞིག་འབྱུང་བ་ལ༔ ཕ་རོལ་ཕྱིན་པའི་སྒོར་ཞུགས་ནས༔ ཡུན་དུ་བྱང་ཆུབ་བསྒྲུབ་དགོས་ན༔ ད་ལྟ་ཚེ་ཐུང་ནད་མང་བས༔ རྩོལ་སྒྲུབ་དཀའ་ཐུབ་བྱེད་པ་ཡིས༔ ནད་མང་མྱུར་དུ་འཆི་བ་སླ༔ བྱང་ཆུབ་ཐོབ་པར་མི་འགྱུར་ན༔ བདག་གིས་བླ་མ་ཁྱེད་ལས་ནི༔ དེ་རིང་གཉིས་མེད་ནོད་པར་འཚལ༔ ཞེས་ལན་གསུམ་སོང་བ་དང༔ བླ་མས་འདི་སྐད་བསྒོ༔ ཀྱེ་རིགས་ཀྱི་བུ༔ འོ་ན་རྒྱུ་སྐར་དང་དུས་ཚོད་བཟང་པོ་ལ༔ དག་པ་གསུམ་གྱི་སྒོར་ཞུགས་ནས༔ ལྷ་དང་བདག་རྗེ་དཔོན་དང་ཁོལ་པོའི་ཚུལ་དུ་ལྟ༔ ལྷ་ཆུ་ནང་གི་ཟླ་བ་ལྟར་སྒོམ༔ ཁྲུས་དང་གཙང་སྦྲའི་སྤྱོད་པ་བྱེད༔ འབྲས་བུ་རིགས་གསུམ་མགོན་པོའི་ས་ཐོབ་པར་བྱེད་པ༔ ཀྲི་ཡའི་ཆོས་དང་ཀྲི་ཡའི་སྤྱོད་པ་ལྟར་སྤྱོད་ཅིག༔ ཨུ་པ་ཡ་དང་ཡོ་ག་ནི༔ མངོན་བྱང་ལྔའམ་ཚུལ་ཁྲིམས་བཞིའི་སྒོ་ནས་འཇུག་ཅིང་ལྷ་དང་བདག་དཔོན་གཡོག་ལ་སོགས་པའི་ཚུལ་དུ་ལྟ༔ ཕྱག་རྒྱ་བཞི་གཙོར་སྒོམ༔ ལྷ་མཚན་བཅས་དང༔ མི་རྟོག་པ་མཚན་མེད་ལ་སྤྱོད༔ འབྲས་བུ་སྟུག་པོ་བཀོད་པའི་ས་མི་ཚེ་བདུན་ནས་འཐོབ་པ་ཡོ་གའི་ཆོས་ལ་ཡོད༔ དེ་རྒྱུད་ལ་ལོངས་མཛོད༔ ཅེས་བརྗོད༔ ཡང་སློབ་བུས་མེ་ཏོག་ཕུལ་ནས་ཕྱག་འཚལ་ཏེ༔ ཀྱེ་ཧོ༔ རྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ ཀྲི་ཡ་ཡོ་གའི་ཐེག་པ་སོགས༔ མཚན་མའི་རྟོག་པ་ཤས་ཆེ་བས༔ རྟོག་པའི་ལྟ་བ་དམིགས་མི་བདེ༔ འཇུག་པའི་སྒོམ་པ་ཐབས་མི་མང༔ ལྟ་བའི་དམིགས་བདེ་འཇུག་པའི་སྒོ་ཡངས་པ༔ འབྲས་བུ་གཞན་ནས་མི་འཚོལ་བའི༔ གཉིས་མེད་ཐེག་པ་ཆེན་པོ་དེ༔ བླ་མ་ཁྱེད་ཀྱིས་བསྟན་དུ་གསོལ༔ ཞེས་གསོལ་བ་གདབ༔ ཡང་བླ་མས་འདི་སྐད་དོ༔ འོ་ན་བུ་ཁྱོད་ཐབས་དང་ཤེས་རབ་ཀྱི་སྒོར་ཞུགས་ནས༔ ཏིང་ངེ་འཛིན་རྣམ་གསུམ་མམ་ཆོ་ག་གསུམ་གྱི་སྒོ་ནས་རང་རྒྱུད་ལྷའི་དཀྱིལ་འཁོར་དུ་ལྟ༔ བསྙེན་སྒྲུབ་བཞི་སྒོམ་པར་བྱེད༔ དམ་རྫས་ལྔ་ལ་གཙང་བཙོག་མེད་པར་སྤྱོད༔ འབྲས་བུ་ཀུན་ཏུ་བཟང་པོ་དང་དབྱེ་བ་མེད་པའི་ས༔ ཟླ་བ་དྲུག་གམ༔ བཅུ་གཉིས་སམ༔ བཅུ་བཞིས་འཐོབ་པར་བྱེད་པ༔ མ་ཧཱ་ཡོ་ག་དང༔ དབྱིངས་དང་ཡེ་ཤེས་ཀྱི་སྒོར་ཞུགས་ནས༔ དབྱིངས་རྒྱུ་དང་འབྲས་བུ་ཡེ་ཤེས་ལྟ༔ སྙིང་པོ་བརྗོད་པ་ཙམ་གྱིས་བདག་ཉིད་ལྷའི་སྐུར་སྒོམ༔ སྤྱོད་པ་དང་འབྲས་བུ་མ་ཧཱ་ཡོ་ག་དང་འདྲ་བ་ལ༔ ཨ་ནུ་ཡོ་གའི་ཆོས་ཡོད་པས་དེ་ཉམས་སུ་ལོངས་ཤིག༔ ཅེས་བརྗོད་དོ༔ ཡང་སློབ་མས་མཎྜལ་ཕུལ་ཕྱག་འཚལ་ནས་ཞུ་བ༔ ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་པ་དགོངས༔ ཕྱི་ནང་དཀྱིལ་འཁོར་ལྷ་ཚོགས་སྔགས༔ རིམ་པ་བཞིན་དུ་བྱུང་ན་ཡང༔ སངས་རྒྱས་ལྟ་དགོངས་མི་མཐུན་པས༔ བདག་བློ་ཁེངས་པས་མཐོང་བ་མེད༔ ཅེས་ལན་གསུམ་ཞུ༔ དེ་ནས་དབང་བསྐུར་རུང་བར་འདུག་ན༔ གསེར་གཡུའི་མཎྜལ་ཐོགས་ཏེ་གསོལ་བ་གདབ་པ་ནི༔ ཨེ་མ་ཧོ༔ བདག་དང་སངས་རྒྱས་ཡེ་ནས་དབྱེར་མེད་ཀྱང༔ བདག་འཛིན་འཁྲུལ་རྟོག་གཟུང་འཛིན་ཉེས་པ་ཡིས༔ ཐོག་མ་མེད་ནས་མ་རིག་མུན་པར་ཚུད༔ གཉིས་མེད་ཆོས་སྐུ་ཐེ་ཚོམ་ངང་དུ་སྟོར༔ ཉོན་མོངས་དབང་གིས་འཁོར་བའི་སྡུག་བསྔལ་དུ༔ ཉམ་ཐག་རྒྱ་མཚོར་རོགས་མེད་གཅིག་པུར་འཁྱམས༔ མགོན་དང་དཔུང་གཉེན་བྱེད་པ་སུ་མ་མཆིས༔ ནམ་མཁའ་བཞིན་དུ་ཀུན་ཁྱབ་བླ་མ་ཡིས༔ ཨ་ཏི་བླ་མེད་དབང་མཆོག་བསྐུར་དུ་གསོལ༔ རིག་པ་རང་གསལ་དོན་མཆོག་བསྟན་དུ་གསོལ༔ ཞེས་ལན་གསུམ་གསོལ་བ་གདབ༔ དེ་ནས་སློབ་བུ་ལ་དམ་ཚིག་སྲུང་ནུས་མི་ནུས་དྲི་བ་ནི༔ བླ་མས་འདི་སྐད་དོ༔ ཧོ༔ ཐམས་ཅད་ཡེ་ནས་མ་ལུས་སངས་རྒྱས་ལ༔ བསྒྲུབ་ཅིང་བསྲུང་བར་བྱ་བ་ཡེ་ནས་མེད༔ བདེ་དང་མི་བདེ་འཁོར་འདས་གཉིས་མེད་དེ༔ ཉོན་མོངས་སྡུག་བསྔལ་བྱང་ཆུབ་མཉམ་པ་ཉིད༔ ང་མེད་བདག་མེད་མཉམ་པར་སྲུང་ནུས་སམ༔ ཞེས་པས་ལག་པ་ནས་འཐེན་ལ༔ འོ་རིགས་ཀྱི་བུ་འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་ཡེ་ནས་སངས་རྒྱས་པ་གཅིག་ཡིན་པས༔ དེ་བསྒྲུབ་བྱ་དང་སྒྲུབ་བྱེད་བསྲུང་བྱ་དང་སྲུང་བྱེད་ལ་སོགས་པའི་བདག་འཛིན་མེད་པ་ཞིག་ཡིན༔ འཁོར་འདས་གཉིས་མེད་རིག་པ་སྤྲོས་བྲལ་ཟང་ཐལ་ཀ་དག་མ་གཅིག་ཡིན༔ དེའི་དོན་བསྲུང་བར་ནུས་སམ༔ ཞེས་པས་སློབ་བུས་བསྲུང་ནུས་པར་ཁས་བླང་བ་ནི་འདི་སྐད་དོ༔ ཀྱེ་ཧོ༔ ཐོག་མ་མེད་ནས་ཡུན་རིང་འཁོར་བ་འདིར༔ ཉོན་མོངས་ཕྱིན་ཅི་ལོག་གི་དབང་དུ་ལུས༔ བདག་ཏུ་འཛིན་པའི་ཞགས་པས་རབ་ཏུ་བཅིངས༔ ན་རྒ་འཆི་སོགས་སྡུག་བསྔལ་རི་བོས་ནོན༔ འཆི་བདག་བཙོན་ནི་རང་དབང་མེད་པར་ཁྲིད༔ བཟོད་དཀས་མནར་པའི་སྡུག་བསྔལ་ཆེས་བཟོད་ན༔ གཉིས་མེད་དམ་ཚིག་སྲུང་བར་ཅིས་མི་ནུས༔ བླ་མས་གསུང་བཞིན་དམ་བཅའ་གཉན་པོ་བསྲུང༔ ཞེས་ཁས་བླང༔ དེ་ལ་དང་པོ་སྔོན་འགྲོ་ལ་སྤྲོས་བཅས་བུམ་པའི་དབང་བསྐུར་བ་ནི༔ སྡོམ་གཟུང་སྐྱབས་སེམས་སོགས་སྔོན་འགྲོ་ཕོག་ལ༔ དེ་ནས་སློབ་བུས་རྣམ་སྣང་ཆོས་བདུན་བཅའ༔ སེམས་མ་བཅོས་པར་གཞག་ལུགས་གཅིག་ལ་བསླབ༔ བླ་མས༔ བུམ་པ་དེ་ཉིད་སྟོང་པའི་ངང་ལས་བྷྲཱུྃ་ཞུ་བ་ལས་རིན་པོ་ཆེའི་བུམ་པའི་ནང་དུ་པདྨ་འདབ་བརྒྱད་བསྐོར་བ་ལ་ཨ་དཀར་པོས་མཚན་པ་ཞིག་བསམ༔ ཨ་ཞུ་བ་ལས་སྐྱེ་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བར་བསམ༔ བུམ་པའི་དབུས་སུ་བླ་མ་ཀུན་བཟང་ཡབ་ཡུམ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་འཁྲིལ་སྦྱོར་དུ་བསམ༔ བླ་མ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས་པར་བསྒོམ་ལ༔ བུམ་པ་སློབ་བུའི་མགོ་ཐོག་ཏུ་བཞག་ལ༔ བུམ་ཆུ་གཏོར་ལ་རང་རིག་ཡེ་ཤེས་རྟོགས་པར་བསམ་ཞིང་འདི་བརྗོད་དོ༔ ཨོཾ༔ འཁོར་འདས་གཉིས་མེད་ཡངས་པའི་བུམ་པ་རུ༔ རྟོག་མེད་ཡེངས་མེད་དྲི་མ་མེད་པའི་ཆུས༔ གཉིས་འཛིན་ཕྱོགས་ཆའི་དྲི་མ་ཐམས་ཅད་འཁྲུད༔ རེ་དང་དོགས་དང་བདག་འཛིན་རྩད་ཆོད་ཤོག༔ རྒྱ་འབྱམས་རྒྱལ་པོའི་ཕམ་ལྟུང་མེད་པའི་དབང་ཐོབ་ཤོག༔ ཅེས་པ་བརྗོད་ལ༔ བུ་ཁྱོད་བདེ་སྡུག་རོ་སྙོམས་པའི་ངང་དུ་ཕྱམ་བརྡལ་དུ་ཞོག་ཅིག༔ གདོད་ནས་མ་སྐྱེས་སྤྲོས་དང་བྲལ་བའི་ངང་དུ་ཕྱམ་མེར་རྡོལ་ལ་ཞོག་ཅིག༔ ལུས་ཕྱག་རྒྱ་ངག་བརྗོད་མེད་སེམས་རྟོག་མེད་དུ་ཁྲེས་སེ་བ་འདི་དུས་གསུམ་གྱི་སངས་རྒྱས་ཀྱི་དགོངས་པ༔ ཀུན་ཏུ་བཟང་པོ་མ་འཁྲུལ་པའི་དགོངས་པ་ཡིན༔ ཕཊ༔ ཅེས་བརྗོད་ལ་དར་ཅིག་གཞག་གོ༔ དེ་ནས་བརྡ་དོན་སྤྲད་པ་ནི༔ སློབ་བུས་མོས་གུས་གདུང་བ་བསྐྱེད་ཅིང༔ བླ་མ་ཀུན་ཏུ་བཟང་པོ་ཡབ་ཡུམ་དངོས་སུ་གསལ་ལ༔ བླ་མས་ཕྱག་རྒྱ་མཉམ་གཞག་གཅིག་བྱས་ལ༔ ཧོ༔ རིག་པའི་དོན་སྟོན་ལྷ་ཡི་ལྷ༔ རང་བྱུང་སྐྱེ་མེད་ངོ་སྤྲད་པས༔ རང་བྱུང་མཁའ་འདྲ་བརྡལ་བའི་ཀློང༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡབ༔ ཁྱེད་ལ་དེང་ནས་བདག་སྐྱབས་མཆི༔ རང་བྱུང་ཡེ་ཤེས་བསྟན་དུ་གསོལ༔ ཞེས་ལན་གསུམ་བརྗོད་དོ༔ དེ་ནས་བླ་མས༔ སརྦ་ཏ་ཐཱ་ག་ཏཱ་ཨཱ་ཀརྵཱ་ཡ་ས་མནྟ༔ ཞེས་གླུ་རུ་བླང་ཞིང༔ ནམ་མཁའི་དབྱིངས་སུ་རི་མོ་བྲི་ཚུལ་གྱིས༔ ཧོ༔ གདོད་ནས་མ་སྐྱེས་ནམ་མཁའ་ཡངས་པའི་ཀློང༔ བལྟ་བྱ་མེད་ཅིང་ལྟ་བྱེད་ངོ་བོ་སྟོང༔ མ་མཐོང་མཐོང་བ་ཆེན་པོ་ཨ་ལ་ལ༔ ཞེས་རིག་པ་རང་གསལ་ཡེ་གྲོལ་དུ་གནས་ཚུལ་དེ་ངོ་སྤྲད༔ ཡང༔ སརྦ་དྷརྨ་ཨཱཏྨ་ས་མནྟ་ཧོ༔ ཧོ༔ མཉམ་ཉིད་ཡེ་གྲོལ་མ་བཅོས་རྒྱ་མཚོའི་ཀློང༔ བློ་སྒོ་གཉིས་འཛིན་རང་དག་པ༔ མ་འཛིན་རང་གསལ་སྒོམ་པ་སྤྱོད༔ རིག་པ་རང་གསལ་ངང་ལ་ངོ་སྤྲད་དོ༔ ཡང༔ སརྦ་དྷརྨ་སཱུརྱ་ཙནྡྲ་ས་མནྟ༔ ཞེས་བརྗོད་ལ་བསྒོམ་པ་རང་གསལ་སྙིང་ནས་འཆར་བའི་དོན་བཤད་ལ་ངོ་སྤྲད་པ་ནི༔ མིག་ཉི་ཟླ་ལ་བལྟས་ནས༔ ཧོ༔ ནམ་མཁའ་ཉི་ཟླ་གསལ་བ་ལྟར༔ ཐབས་ཤེས་གཉིས་ལ་བརྡ་བསྟན་ནས༔ དབྱིངས་རིག་གཉིས་མེད་ཉམས་ལོངས་ཤིག༔ ཅེས་མངོན་སུམ་གོང་འཕེལ་སོགས་ངོ་སྤྲད༔ ཡང༔ སརྦ་དྷརྨ་ཨེ་ཀ་རཏྣ་ས་མནྟ༔ ཞེས་བརྗོད་མེད་ཐུགས་རཏྣའི་ཕྱག་རྒྱ་བྱས་ལ༔ ཧོ༔ སྐྱེ་མེད་རཏྣ་རང་གི་སེམས༔ ཡེ་ནས་ལྷུན་གྲུབ་འདུས་མ་བྱས༔ སངས་རྒྱས་གཞན་ནས་མ་ཚོལ་ཅིག༔ འཁོར་འདས་བདག་ཉིད་ངོ་མཚར་ཆེ༔ ཞེས་འབྲས་བུ་ལྷུན་གྱིས་གྲུབ་པའི་ངོ་སྤྲད་དོ༔ ཡང༔ བྷོ་དྷ་བཛྲ་གྷི་ཏ་ཀྱེ་ཏ་ཨ་ཧི༔ ཞེས་པའི་རྡོ་རྗེའི་གླུ་བླང༔ སློབ་བུ་དེ་ལ་ཆོས་ཐམས་ཅད་བརྗོད་དུ་མེད་པའི་གོ་བ་སྐྱེར་གཞུག་གོ༔ བརྡ་དོན་རྒྱས་པར་བཤད་པ་ནི༔ བུ་རྣམ་སྣང་གི་ཆོས་བདུན་གྱི་བཞུགས་སྟངས་དང༔ དང་པོ་དངོས་གཞི་ལྷུན་གྲུབ་རྫོགས་པ་ཆེན་པོ་ལ་ངོ་སྤྲད་པ་ནི༔ ཧོ༔ རང་གི་སེམས་གདོད་ནས་སྐྱེ་མེད་ལྷུན་གྱིས་གྲུབ་པ་རང་བཞིན་གྱིས་འོད་གསལ་བ་ཆེན་པོ་དེ་ཀ་སངས་རྒྱས་ཀྱི་དགོངས་པ་མ་ནོར་བ༔ གཞི་ལྷུན་གྱིས་གྲུབ་པའི་རྫོགས་པ་ཆེན་པོ་འདི་ཡིན༔ དེ་ངོ་ཤེས་སམ༔ གཉིས་པ་བྱ་བ་དང་བྲལ་བའི་རྫོགས་པ་ཆེན་པོ་ངོ་སྤྲད་པ་ནི༔ རང་སེམས་སྐྱེ་མེད་བལྟ་བྱ་ལྟ་བྱེད་དང་བྲལ་བ༔ ཡོད་མེད་ཅིར་ཡང་མ་གྲུབ་པར་ཤེས་པ་དེ་ཀ་ལྟ་བ་གཏད་མེད་ཆེན་པོ་ཡིན་ནོ༔ སེམས་སྐྱེ་མེད་ཆེན་པོའི་ངང་ནས༔ མ་ཡེངས་པར་བསྒོམ་བྱ་སྒོམ་བྱེད་བྲལ་བ་སྣང་སྟོང་གསལ་རིག་བྲལ་བ་འདི་ཀ་སྒོམ་པ་སྒོམ་མེད་ཆེན་པོ་ཡིན་ནོ༔ ཅི་སྣང་ཅི་ཤར་ཐམས་ཅད་འགག་མེད་ཀྱི་ངང་དུ་སྤྱད་བྱ་སྤྱོད་བྱེད་དང་བྲལ་བ་འདི་ཀ་སྤྱོད་པ་ཆེན་པོ་ཡིན་ནོ༔ སེམས་སྐྱེ་མེད་ཆེན་པོའི་ངང་ནས༔ རེ་དོགས་མེད་པར་རང་བཞིན་ལྷུན་གྱིས་གྲུབ་པ་དེ་ཉིད་འབྲས་བུ་ལྷུན་གྲུབ་ཆེན་པོ་ཡིན་ནོ༔ གསུམ་པ་འབྲས་བུ་རང་གྲོལ་གྱི་རྫོགས་པ་ཆེན་པོ་རང་རིག་འདི་ལ་སྐུ་བཞི་ཀ་ཚང་བར་ངོ་སྤྲད་པ་ནི༔ བརྡ་བཞི་དང་འགྱུར་གཞི་ངོ་སྤྲད་ལ༔ ཧོ༔ རིགས་ཀྱི་བུ་ནམ་མཁའི་བརྡས་མཚོན་པ་དེ་ནི༔ རང་སེམས་ནམ་མཁའི་ཀློང་ཆེན་ལྟར༔ རང་བཞིན་མ་སྐྱེས་ཀུན་ལ་ཁྱབ༔ སྟོང་གསལ་མཐའ་དབུས་མེད་པ་དེ༔ ལྟ་བ་ཆོས་སྐུར་ཤེས་པར་གྱིས༔ ཞེས་ངོ་སྤྲད༔ སྒོམ་པའི་བརྡ་ནི༔ ཧོ༔ སྐྱེ་མེད་རྒྱ་མཚོ་ལྟ་བུའི་ཀློང༔ རང་བཞིན་གསལ་ལ་རྙོགས་པ་མེད༔ རྣམ་རྟོག་མི་གཡོ་ཆོས་ཉིད་ངང༔ སྒོམ་པ་ལོངས་སྐུར་ཤེས་པར་གྱིས༔ སྤྱོད་པའི་བརྡ་ནི༔ ཧོ༔ ཅིར་སྣང་ཉི་ཟླའི་འོད་བཞིན་དུ༔ གསལ་འགྲིབ་མེད་ཅིང་ཆགས་ཐོགས་མེད༔ འགག་མེད་སྟོང་གཟུགས་འོད་དུ་གསལ༔ སྤྱོད་པ་སྣང་བཞིར་ཤེས་པར་གྱིས༔ འབྲས་བུ་ཡིད་བཞིན་ནོར་བུར་མཚོན་པ་ནི༔ ཧོ༔ སྐྱེ་མེད་ངང་ནས་རྟོག་མེད་པར༔ དགོས་འདོད་ཐམས་ཅད་མ་ལུས་འབྱུང༔ གཉིས་མེད་བདེ་ཆེན་ལྷུན་གྱིས་གྲུབ༔ འབྲས་བུ་བློ་ཟད་འདིར་ཤེས་གྱིས༔ ཞེས་རྡོ་རྗེའི་གླུ་བླང་ཞིང༔ སེམས་གསལ་སྟོང་ལ་སྐུ་བཞི་ལྷུན་གྱིས་གྲུབ་པར་ངོ་སྤྲད་དོ༔ དེ་ནས་རིགས་ཀྱི་བུ་ཁྱོད་དུས་དེ་རིང་ནས་རང་རིག་རང་གྲོལ་ཡེ་སངས་རྒྱས་པའི་ངོ་བོ་ནི༔ སྤྱིར་འཁོར་འདས་ཀུན་ལ་ཁྱབ་ཀྱང༔ ཁྱད་པར་ད་ལྟ་སྙིང་གི་དཀྱིལ་ན་ངོ་བོ་སྟོང་པ་རང་བཞིན་གསལ་བ་ཐུགས་རྗེ་མ་འགགས་པར་རིག་པ་འཇའ་འོད་ཀྱི་སྐུ་ཤིགས་སེ་བཞུགས་སོ༔ དེ་ཡང་སྤྱིར་ལུས་ལ་ཁྱབ་ཅིང་རྒྱུ་ཡང༔ ཁྱད་པར་སྙིང་ནང་ནས་མིག་དང་འབྲེལ་བའི་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཞེས་བྱ་བ་ཁྲག་དང་ཆུ་སེར་མེད་པ་འཇམ་ལྷང་ངེ་བ་གཅིག་ཡར་རྒྱང་ཞགས་ཀྱི་ཀློང་དཀྱིལ་ནས་མིག་གི་ཨ་འབྲས་ལ་ཟུག་སྟེ༔ ཨ་འབྲས་ཆུ་ཤེལ་དྭངས་མའི་སྒོ་ལྟ་བུ་ལ༔ ཕྱིའི་ནམ་མཁའ་སྐྱོན་མེད་པ་ལས་གཞི་སྐྱེ་བ་མེད་པའི་ལྟ་བ་ཕྱོགས་ལྷུང་མེད་པར་ཕྱམ་མེ༔ ལམ་འགག་པ་མེད་པའི་སྒོམ་པ་དེ༔ རང་གསལ་ཆེན་པོར་ཁྲ་ལམ་མེ༔ སྤྱོད་པ་འཛིན་བྲལ་མེད་པའི་གཟུགས་སྣང་རྣམས་རང་བཞིན་རིམ་གྱིས་ཤར་ནས་འབྲས་བུ་རྩོལ་བ་མེད་པའི་སྐུ་ལྔ་མངོན་དུ་གྱུར་ནས་ཡེ་ཤེས་ལྔའི་རང་མདངས་གཟུགས་སྐུ་གཉིས་སེམས་ཅན་གྱི་དོན་འབད་རྩོལ་མེད་པར་བྱེད་པ་ཡིན་ཏེ༔ དེ་ལྟ་བུའི་དོན་གོ་བར་གྱིས༔ དུས་དེ་རིང་ནས་དབེན་པར་ཉམས་སུ་ལོངས་ཤིག༔ བུ་དང་ཆུང་མ་ལ་སོགས་གཉེན་འདུན་གྱི་འཁྲི་བ་བཙན་ཐབས་སུ་ཆོད་ཅིག༔ འཇིག་རྟེན་གྱི་བྱ་བ་ནི་མི་གཙང་བའི་རྫས་བཞིན་དུ་རྒྱབ་ཏུ་བོར་བར་གྱིས་ཤིག༔ དེ་ལྟར་གྱིས་དང་འཁོར་བ་གཏན་སྤྲུག་ཏུ་འགྲོ་བ་ལ་ཐེ་ཚོམ་ཡོད་རེ་ཀན༔ ཞེས་གསུང་ངོ༔ དེར་སློབ་དཔོན་བཀའ་དྲིན་ཆེ་བའི་ཕྱིར༔ ཀྱེ་ཧོ༔ འགྲོ་ལ་ཕན་མཛད་བླ་མ་ཡི༔ ཐུགས་རྗེས་འཁོར་བའི་འདམ་ནས་དྲངས༔ གཉིས་མེད་བསྟན་པས་བླ་མ་སྐུ་དྲིན་ཆེ༔ ཞེས་བརྗོད་ལ་ཡོན་འབུལ་ལོ༔ དེ་ནས་དབུགས་དབྱུང་བ་ནི༔ ཧོ༔ བུ་ཁྱོད་དེང་ནས་རྒྱལ་བའི་སྲས༔ བླང་དོར་རེ་དོགས་སྤྱོད་པ་གྲོལ༔ ཡེ་ཀློང་ཆེན་པོར་བདེ་གནས་སོ༔ ཞེས་བརྗོད་དོ༔ དེ་ནས་རྗེས་ཀྱི་བྱ་བ་ནི༔ དགའ་སྟོན་བྱ་ཞིང་ཚོགས་འཁོར་འབུལ༔ མ་མོ་གཟའ་སོགས་བཀའ་སྲུང་བསྐང༔ སངས་རྒྱས་ཀུན་གྱི་ཐུགས་ཐིག་འདི༔ ཉུང་ལ་ཟབ་ཅིང་བཀའ་གཉན་པས༔ བདུན་ལས་མང་བར་བསྐུར་མི་བཏུབ༔ གསེར་གྱི་མཎྜལ་ཕུལ་ཞིང་དམ་བཅའ་ཕུལ༔ དེ་ནི་ཕྱག་ལེན་ཡིན་ནོ་སྐལ་ལྡན་རྣམས༔ ཤིན་ཏུ་དམ་པར་བྱའོ་རྒྱ་ཡིས་ཐོབས༔ ྈྈྈྈྈ རྒྱ་རྒྱ་རྒྱ༔ ཨེ་མ་ཕྱི་རབས་སྐལ་ལྡན་བུ་ཡི་དོན༔ ཟབ་ཆོས་ཁྱད་འཕགས་བདེན་པའི་བཀའ༔ དོན་དབང་ཐེག་དགུ་རྫོགས་པ་འདི༔ བདག་འདྲ་བཻ་རོ་ཙ་ན་ཡིས༔ པདྨའི་གསུང་བཞིན་ཟིན་བྲིས་སུ༔ བླ་དཔེ་སེར་ལ་བཏབ་ཏེ་སྦས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ ཤོག་སེར་དཀྱུས་མཐོ་གཉིས་པའི་ཕྱི་ནང་ནས་བཤུས་སོ། །སརྦ་མངྒ་ལཾ།། །།
ངོ་མཚར་སྤྲུལ་པའི་སྐུ་མཆོག་རིས་མེད་གཏེར་སྟོན་རིམ་པར་བྱོན་པ་རྣམས་ཀྱི་གསོལ་འདེབས་རྒྱས་པར་བཀོད་པ་མོས་གུས་རྒྱ་མཚོའི་རླབས་ཕྲེང་ (Volume 1, Text 7)
༄༅། །ངོ་མཚར་སྤྲུལ་པའི་སྐུ་མཆོག་རིས་མེད་གཏེར་སྟོན་རིམ་པར་བྱོན་པ་རྣམས་ཀྱི་གསོལ་འདེབས་རྒྱས་པར་བཀོད་པ་མོས་གུས་རྒྱ་མཚོའི་རླབས་ཕྲེང་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཡེ། །སྤངས་རྟོགས་མཐར་ཕྱིན་གདོད་ནས་རྫོགས་སངས་རྒྱས། །སྐུ་དང་ཡེ་ཤེས་ཆོས་རྣམས་འབྱུང་བའི་གནས། །འཁོར་འདས་ཀུན་གྱི་ཁྱབ་བདག་བདེ་བ་ཆེ། །ཀུན་བཟང་འོད་དཔག་མེད་ལ་གསོལ་བ་འདེབས། །རིགས་ལྔ་གངས་ཅན་མཚོ་ཡི་སྤྲིན་སྟུག་པོ། །མཁའ་ལྟར་བཀོད་ནས་རྣམ་ཐར་བསམ་ཡས་ཀྱིས། །དུས་གསུམ་རྟག་པར་འཁོར་བ་དོང་ནས་སྤྲུགས། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས། །ཕྱོགས་བཅུའི་འཇིག་རྟེན་ཀུན་ཏུ་སྒྱུ་འཕྲུལ་གར། །རབ་འབྱམས་སྟོན་ཅིང་ཁྱད་པར་མི་མཇེད་དུ། །གསང་སྔགས་སྟོན་པ་རྡོ་རྗེ་སློབ་དཔོན་ཚུལ། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །དབྱིངས་ཕྱུག་ཤེས་རབ་ཕར་ཕྱིན་མི་མོའི་གཟུགས། །མི་བརྗེད་གཟུངས་ཐོབ་གསང་བ་ཀུན་གྱི་གཉེར། །བོད་ཁམས་སྐྱོབ་པའི་ཡུམ་གཅིག་བཀའ་དྲིན་ཅན། །མཁར་ཆེན་ཡེ་ཤེས་མཚོ་རྒྱལ་ལ༴ དཀོན་མཆོག་རྩ་གསུམ་ཀུན་འདུས་མཚོ་སྐྱེས་རྗེའི། །མི་ཟད་རྒྱན་འཁོར་ལྔ་ལྔའི་ཡེ་ཤེས་འཕྲུལ། །གྲུབ་པའི་དབང་ཕྱུག་རྗེ་འབངས་ཉེར་ལྔ་སོགས། །རིག་འཛིན་མཁའ་འགྲོ་རྣམས་ལ༴ གུ་རུས་རྗེས་བཟུང་སྐྱེས་མཆོག་སྤྲུལ་པའི་སྐུ། །སྨོན་ལམ་ལས་འཕྲོས་གཏད་རྒྱའི་བཀའ་ཐོབ་ནས། །གང་འདུལ་རོལ་པས་གདུལ་བྱའི་དོན་མཛད་པ། །གཏེར་སྟོན་རིམ་པར་བྱོན་ལ༴ རྒྱལ་སྲས་ལྷ་རྗེ་ལ་སྟོད་མཚོ་བར་འཁྲུངས། །དགེ་སྐར་གནས་ནས་དངོས་གྲུབ་བརྟན་གཟིགས་སོགས། །ཟབ་གཏེར་དབུ་བརྙེས་འགྲོ་དོན་ལམ་སྲོལ་གཏོད། །སངས་རྒྱས་བླ་མའི་ཞབས་ལ༴ གནུབས་ཆེན་རྣམ་འཕྲུལ་བལ་བོད་མཚམས་སུ་བྱོན། །ཨེ་ཡི་གཙུག་ལག་དྲག་སྔགས་གཙོར་གྱུར་པའི། །གཏེར་ཆེན་སྒོ་འབྱེད་གང་འདུལ་གདུལ་བྱ་བསྐྱངས། །གཙུག་ལག་དཔལ་དགེའི་ཞབས་ལ༴ འབྲོག་མིས་རྗེས་བཟུང་འོད་ལྡན་བཅུད་ལེན་གྱིས། །མཁར་ཆུར་ཚེ་ཡི་གྲུབ་བརྙེས་རྡོ་རྗེ་འོད། །ཐོ་ལིང་དྲག་སྔགས་གཏེར་འབྱིན་མཐུ་སྟོབས་བདག །སྟག་སྡེའི་གུ་རུ་ཧཱུྃ་འབར་ལ༴ མཆོག་གྲུབ་ཡང་སྲིད་འཛུམ་ལང་ཡུལ་དུ་འཁྲུངས། །པཱུརྞ་རྫ་རིར་བསྟན་གཉིས་སྐོར་གསུམ་སོགས། །སྤྱན་དྲངས་འཕྲལ་སྐད་བྱང་ཆུབ་རྒྱ་ལོ་ཙཱ། །རྡོ་རྗེ་བཟང་པོའི་ཞབས་ལ༴ རླབས་ཆེན་བསྟན་འགྲོར་སྨན་མཛད་ལས་མགོན་གྱི། །སྒྲུབ་སྐོར་གཏེར་འབྱེད་ལྷ་བཙུན་བྱང་ཆུབ་འོད། །རང་བྱུང་རྒྱལ་མོའི་གདམས་སྤེལ་པུ་ཧྲང་གི །ཞང་བཙུན་དར་མ་རིན་ཆེན་ལ༴ བྱང་སེམས་མངའ་བདག་བོད་ཁམས་སྣང་བའི་གཉེན། །བཀའ་ཆེམས་གསལ་མཛད་ཇོ་བོ་ཨ་ཏི་ཤ། །རྒྱན་དྲུག་ཞལ་སྐྱིན་དབང་གི་མཁའ་འགྲོ་མའི། །གདམས་སྤེལ་རོང་ཟོམ་ཆོས་བཟང་ལ༴ བཻ་རོའི་རྣམ་འཕྲུལ་ལ་སྟོད་གཙང་དུ་འཁྲུངས། །མོན་ཡུལ་བུམ་ཐང་ཟབ་མོ་སྡེ་དྲུག་སོགས། །ཆོས་བོན་སྨན་རྩིས་གཏེར་གྱི་མཛོད་ཆེན་དབྱེ། ཁྱུང་པོ་དཔལ་དགེའི་ཞབས་ལ༴ ཤ་མི་པྲ་དུར་ཤ་མི་གོ་ཆའི་འཕྲུལ། །ཧས་པོ་རི་ནས་དགོངས་མཛོད་ཆེན་མོ་ཡི། །ཟབ་ཏིག་སྤྱན་དྲངས་འགྲོ་མང་ཐར་ལམ་བཀོད། །ཤ་མི་རྡོ་རྗེ་རྒྱལ་པོར༴ ལ་སྟོད་ལྷ་རྩེར་བཻ་རོའི་བྱིན་རླབས་འཕྲུལ། །གྲམ་པ་རྒྱང་ནས་ཟབ་གཏེར་རྒྱ་ཆེར་དྲངས། །སྦས་ཚུལ་དོན་མཛད་ཟག་མེད་འོད་སྐུར་གཤེགས། །དབོན་གསས་ཁྱུང་ཐོག་རྩལ་ལ༴ བཻ་རོ་དཔལ་སེང་རྣམ་འཕྲུལ་གྲྭ་ནང་བྱོན། །དབུ་རྩེའི་གསོ་རིག་ཁ་བྱང་བརྒྱ་རྩ་སོགས། །ཤིང་རྟའི་སྲོལ་འབྱེད་གཙུག་ལག་གྲངས་མང་བཞེངས། །གྲྭ་མངོན་དབང་ཕྱུག་འབར་ལ༴ གྲུབ་པའི་སྙིང་པོའི་རྣམ་འཕྲུལ་མངའ་རིས་པ། །པྲ་དུན་རྩེ་ནས་བདུད་རྩི་བུམ་པ་ཕྱུངས། །སྙིགས་འགྲོའི་སྲོག་སྐྱོབ་འོད་ཀོར་རྨ་བྱའི་མདོངས། །རྡོར་འབུམ་ཆོས་ཀྱི་གྲགས་པ་ལ༴ རྣམ་སྣང་རྣམ་འཕྲུལ་མདོ་སྟོད་དགེ་རྒྱལ་འཁྲུངས། །ཀློང་ཐང་སྒྲོལ་མ་ཁང་ནས་ཆོས་སྨན་རྩིས། །གཏེར་ཁ་མང་བཞེས་གཞན་ཕན་མཐའ་ཡས་མཛད། །སྣ་ནམ་ཐུབ་པ་རྒྱལ་པོར༴ གནུབས་ཆེན་ཡང་སྲིད་གཙང་རོང་དུམ་པར་འཁྲུངས། །ཕུང་པོ་རི་བོ་ཆེ་སོགས་གནས་བདུན་ནས། །གཤེད་སྐོར་སྤྱན་དྲངས་དྲག་སྔགས་བཀའ་ཆེན་བབས། །ཞང་ཁྲོམ་རྡོ་རྗེ་འོད་འབར་ལ༴ དུག་ཁྲག་རྫས་སྲུང་སྤེལ་མཛད་རྒྱ་ཕུར་བུ། །གློ་བོ་ཐང་འབར་གཏེར་འབྱེད་སངས་རྒྱས་འབར། །དྲག་སྔགས་མཁན་པོ་སེ་སྟོན་རིང་མོ་དང་། །གྲྭ་པ་རྡོ་རྗེ་ཀུན་གྲགས་ལ༴ གཙང་དུ་བཻ་རོ་དྲན་པ་ཟུང་འཇུག་འཕྲུལ། །རྟ་ནག་དུང་ཕོར་གསང་མཆོག་མ་རྒྱུད་སོགས། །ཆོས་བོན་གཏེར་འབྱེད་གུ་རུ་རྣོན་རྩེར་གྲགས། །བོན་པོ་ལྷ་འབུམ་ཞབས་ལ༴ མཁོ་མཐིང་གནས་ནས་ཡང་ཟློག་གདམས་ཟབ་སྟོན། །མཐུ་སྟོབས་དབང་ཕྱུག་ལྷ་རྗེ་གནུབས་ཆུང་བ། །གཤིན་རྗེ་དོང་བདག་བསྟན་སྲུང་གདམས་པ་ཕྱུངས། །རྒྱ་སྟོན་བརྩོན་འགྲུས་སེང་གེ་ལ༴ བི་མའི་རྣམ་འཕྲུལ་དབུར་སྟོད་གཞོ་རུ་འཁྲུངས། །ཞྭ་ཡི་ལྷ་ཁང་སྙིང་ཐིག་ཆེན་མོའི་སྐོར། །སྤྱན་དྲངས་བླ་མེད་རྫོགས་ཆེན་བསྟན་པའི་བདག །ལྡང་མ་ལྷུན་གྱི་རྒྱལ་མཚན་ལ༴ ཉང་རོ་གཉན་ཚོར་བསམ་བཞིན་སྲིད་པ་བཟུང། །མཆིམས་ཕུའི་གནས་ནས་ཟབ་པ་པོད་བཞི་བཞེས། །བི་མས་རྗེས་བཟུང་འོད་སྐུར་མངོན་སངས་རྒྱས། །ལྕེ་བཙུན་སེང་གེ་དབང་ཕྱུག་ལ༴ གང་དེས་རབ་སྦས་རྩོལ་མེད་ཐེག་པའི་གཏེར། །སླར་ཡང་སྣང་མཛད་ཤངས་པ་རས་པ་དང་། །མཚུངས་མེད་ཞང་སྟོན་བཀྲ་ཤིས་རྡོ་རྗེའི་ཞབས། །མནར་མདའི་ལྕེ་སྒོམ་ནག་པོར༴ དམ་འཛིན་རྣམ་འཕྲུལ་བསམ་ཡས་ལྷ་རིགས་འཁྲུངས། །འུ་ཤང་རྡོ་ནས་ཞི་བྱེད་སྐོར་བདུན་སོགས། །གཏེར་སྒོ་འབྱེད་ཅིང་བསྟན་ལ་སྲི་ཞུ་མཛད། །ལྷ་བཙུན་རིག་པའི་གློག་ཕྲེང་ལ༴ ལྷ་སྲས་མཆོག་གྲུབ་འགོས་བློན་རྡོ་རྗེ་འབར། །ཟུང་གི་རྣམ་འཕྲུལ་མང་ཡུལ་སྟོད་དུ་བྱོན། །བྱམས་པ་སྤྲིན་ནས་ཟབ་གཏེར་དངོས་གྲུབ་བརྙེས། །ཉི་མ་སེང་གེའི་ཞབས་ལ༴ སྟག་ཚང་དཔལ་ཕུག་འཇམ་དཔལ་རྫོགས་ཆེན་གྱི། །མཆོག་གཏེར་འདྲེན་མཛད་སར་བན་ཕྱོགས་མེད་དང་། །དཔལ་ཐང་བྲག་ནག་སྐྱིབས་ནས་ནག་པོ་ཆེའི། །གཏེར་འབྱེད་གཉན་ལོ་དར་གྲགས་ལ༴ བཻ་རོ་འབྲོག་མིའི་སྒྱུ་འཕྲུལ་ཡར་འབྲོག་པ། །སྤ་གྲོ་གཅལ་ནས་མ་མོ་སྒང་ཤར་སོགས། །ཆོས་བོན་གཙུག་ལག་སྤེལ་ནས་འགྲོ་མང་བཏུལ། །ར་ཤག་བསོད་ནམས་རྡོ་རྗེ་ལ༴ དྲག་སྔགས་མངའ་བདག་དབུར་སྟོན་ཤཱཀྱ་འོད། །ཡེར་པའི་དཀར་ཆག་སྤེལ་མཛད་ཟངས་རས་པ། །རྟ་མགྲིན་གསང་སྒྲུབ་གཏེར་འབྱིན་སྙེ་མོ་བ། །སངས་རྒྱས་དབང་ཆེན་ཞབས་ལ༴ གཙང་རོང་ཟར་དུ་བཻ་རོ་དཔལ་སེང་སྤྲུལ། །རྫོགས་ཆེན་གུ་རུ་བཞི་སོགས་ཟབ་གཏེར་བཏོན། །སྟོབས་ཆེན་ཤུགས་ལྡན་བོན་པོ་བྲག་གི་ཚལ། །རྡོ་རྗེ་འབར་བའི་ཞབས་ལ༴ རྣམ་སྣང་ལོ་ཙཱའི་རྣམ་འཕྲུལ་གཙང་དུ་འཁྲུངས། །འཕྲུལ་སྣང་རྒྱལ་པོ་བཀའ་ཆེམས་གདམས་སྐོར་ཕྱུང་། །མི་ལོ་སུམ་བརྒྱར་བསྟན་འགྲོའི་དོན་ཆེན་བསྒྲུབས། །གྲུབ་ཐོབ་དངོས་གྲུབ་ཞབས་ལ༴ མངའ་བདག་སྐུ་སྤྲུལ་ལྷོ་བྲག་གཏམ་ཤུལ་འཁྲུངས། །སྲིན་སྦར་མཁོ་མཐིང་ཐུགས་ཆེན་བདེར་འདུས་སོགས། །ཟབ་ཆོས་མཛོད་འཆང་གཏེར་འབྱེད་སྤྱི་མེས་མཆོག །ཉང་རལ་ཉི་མ་འོད་ཟེར་ལ༴ གཉགས་ལོའི་རྣམ་འཕྲུལ་ཡར་ལུང་ར་མོར་བྱོན། །པདྨ་བརྩེགས་ནས་བདུད་རྩིའི་སྐོར་སོགས་བཞེས། །ཚེ་རིག་གྲུབ་པས་འབུམ་ཕྲག་ཐར་ལམ་བཀོད། །ཤེལ་སྨན་ཡེ་ཤེས་བཟང་པོ་ལ༴ བཻ་རོའི་རྣམ་འཕྲུལ་སྤྱི་ཏི་སེམས་ཕྱོགས་སོགས། །རྒྱུད་ཀྱི་བཀའ་བབས་ཞུ་ཡས་གནོད་སྦྱིན་འབར། །འཇོམས་བྱེད་རྩལ་ཆེན་གཙོར་གྱུར་མན་ངག་གི །བཀའ་བབས་གྲུ་གུ་ཡང་དབང་ལ༴ བཻ་རོའི་ཟབ་གཏེར་འཇིག་རྟེན་མཆོད་བསྟོད་ཀྱིས། །མདོ་ཁམས་ཁྱབ་མཛད་ཆུ་ཕོ་རྟོགས་ལྡན་དང་། །རླུང་ནག་ལས་བྱེད་དྲེགས་པའི་གདམས་ཟབ་ཕྱུངས། །སུམ་པ་བྱང་ཆུབ་བློ་གྲོས་ལ༴ མུ་རུབ་རྣམ་འཕྲུལ་གསོལ་འདེབས་ལོ་རྒྱུས་སོགས། །སྔོན་མེད་སྒོ་འབྱེད་སྤྲུལ་སྐུ་སྨུག་པོ་གདོང་། །མོན་སྒོམ་སྐྱེ་བ་དྲེགས་པ་གནད་འབེབས་སྤེལ། །མངའ་བདག་མོལ་མི་འཁྱིལ་ལ༴ བཻ་རོའི་རྣམ་འཕྲུལ་ལྷོ་བྲག་ཕྱོགས་སུ་འཁྲུངས། །སྤ་གྲོ་གཅལ་ནས་ཆོས་བོན་སྨན་རྩིས་ཀྱི། །མཛོད་བཞིའི་སྒོ་འབྱེད་གཞན་དོན་ཕྱོགས་མེད་བསྐྱངས། །ཀུ་ས་སྨན་པ་ཟླ་འོད་ལ༴ ཡེར་པ་སེ་ལུང་རྟ་མགྲིན་ཡང་ཁྲོས་སོགས། །ཆོས་བོན་གཏེར་ཁ་བསམ་ལས་འདས་པ་ཐོན། །སུམ་པ་བྱང་ཆུབ་རྐྱང་པོ་གྲགས་པ་དབང་། །འབྲེ་བན་ཤེས་རབ་འབར་ལ༴ རི་བོ་ཆེར་འཁྲུངས་རྒྱ་བོ་གདོང་སོགས་ནས། །དམ་ཆོས་སྙིང་འདྲ་བཅུ་བདུན་ལ་སོགས་བཞེས། །མཁས་བཙུན་གྲུབ་པའི་རྒྱལ་པོ་སྟག་ལུང་པ། །སངས་རྒྱས་དབོན་པོའི་ཞབས་ལ༴ བྱ་རྒོད་གཤོང་ནས་རྣམ་སྲས་རྟེན་དང་ཆོས། །སྤྱན་འདྲེན་གཉལ་པ་ཉི་མ་ཤེས་རབ་དང་། །རྒྱུད་དང་གདམས་པའི་ཆ་ལག་བཏོན་མཛད་པ། །ཁྲོ་ལོ་བྱམས་པ་དཔལ་ལ༴ བྱར་རོང་ཨེ་རུ་གཉགས་ཆེན་ཛྙཱ་ནའི་སྤྲུལ། །རོང་བྷིའི་རྫ་ནས་སྨན་གྱི་རྫོང་འཕྲང་དང་། །རྫོགས་ཆེན་གཏེར་འབྱེད་སྨན་སྟོན་གྲུབ་ཐོབ་གྲགས། །འཚོ་བྱེད་ཉི་མ་འོད་གསལ་ལ༴ པྲ་དུན་རྩེ་དང་བུམ་ཐང་དགེ་གནས་ནས། །སྲོག་གི་ཆན་པ་མྱུར་མགྱོགས་ལས་བྱེད་ཀྱི། །བཅུད་འབྱིན་སྔགས་གྲུབ་གཡས་བན་ཡ་བོན་དང་། །སྦུར་བུ་བྱའུ་མགོན་ལ༴ བཻ་རོའི་རྣམ་འཕྲུལ་འོ་ཡུག་གཡག་ལྕེར་འཁྲུངས། ཁྲ་མོ་བྲག་ནས་ཆོས་དང་བོན་གྱི་གཏེར། །རྒྱ་ཆེར་ཕྱུངས་ནས་སྦས་མངོན་འགྲོ་དོན་མཛད། །གཡག་ཕྱར་རྡོ་རྗེ་འབུམ་པ་ལ༴ ཛམ་ནག་སྲོག་འཁོར་གླང་ཆེན་བཅས་ཆོག་གི །གདམས་སྤེལ་བདུད་འཇོམས་རྣམ་འཕྲུལ་ཨ་ཧཱུྃ་འབར། །བསོད་ནམས་སྤྲིན་སྡུད་སྟོབས་བསྐྱེད་གཏེར་འབྱེད་མཛད། །ཟུང་མཁར་ཨ་ཇོ་དཔལ་པོ་ལ༴ པྲ་དུན་རྩེ་ཡི་མཆོད་རྟེན་བུམ་པ་ནས། །དྲག་སྔགས་རྡོ་རྗེ་གཙུག་ལག་རྒྱུད་ཆེན་པོ། །གཉིས་ཚོགས་འདོན་མཛད་གུ་རུ་རིན་སེང་དང་། །གཙང་རིང་ཤེས་རབ་རིན་ཆེན་ལ༴ ལ་སྟོད་སྐུ་འཁྲུངས་བདུད་རྩིའི་བཅུད་ལེན་སོགས། །མན་ངག་མཛོད་འཆང་དམ་པ་དམར་པོའི་ཞབས། །མངོན་ཤེས་གདམས་པས་གསོ་རིག་ཆེ་བ་བཏོན། །བྲང་ཏི་རྒྱལ་ཉེ་མཁར་བུ་ལ༴ ཆོས་རྒྱལ་གསུང་སྤྲུལ་ལ་ཡག་སྤང་སྟོན་རིགས། །གནམ་སྐས་བྲག་ནས་བརྒྱ་རྩ་སྐོར་གསུམ་སོགས། །བཅོ་བརྒྱད་གཏེར་འབྱེད་འགྲོ་འདུལ་ཐུགས་རྗེའི་བདག །གུ་རུ་ཆོས་ཀྱི་དབང་ཕྱུག་ལ༴ གང་དེས་རྗེས་བཟུང་ཟབ་གཏེར་སྤྱན་འདྲེན་པའི། །ཕོ་ཉར་མངགས་པ་སྒོམ་ཆེན་འབྲུག་པ་དང་། །གཉན་སྟོན་ཛམ་ལ་པདྨ་གྲགས་པ་རྩལ། །དོན་གྲུབ་སེང་གེ་རྣམས་ལ༴ ཨེ་ཡི་གཟར་མོ་ལུང་དུ་མཚོ་རྒྱལ་སྤྲུལ། །ཕག་མོས་རྗེས་བཟུང་མཁའ་འགྲོའི་ཟབ་ཆོས་རྙེད། །འཇའ་ལུས་སྐུ་བརྙེས་འབྲེལ་ཚད་མཁའ་སྤྱོད་ཁྲིད། །ཇོ་མོ་པདྨ་མཚོ་སྐྱིད་ལ༴ གུ་གེ་འདམ་གྲོག་མཁར་ནས་བཙུན་འཁོར་གྱི། །མན་ངག་གཏེར་རྙེད་སྐལ་ལྡན་བྱིས་པ་དང་། །སྐྱེར་ཆུའི་དྲག་སྔགས་འབྱིན་མཛད་བླ་མ་གྲུམ། །ཡོན་བདག་ནག་པོ་མཁར་ལ༴ དཔལ་སེང་སྐྱེ་སྲིད་རཀྴི་སྟོན་པ་ཞེས། །གཉལ་དུ་སྐུ་འཁྲུངས་རྡོ་བོད་མཚམས་གཏེར་འབྱེད། །ཉང་བན་རྣམ་འཕྲུལ་སྒམ་པོའི་ཆོས་གཏེར་སྤེལ། །དུང་རས་ཤེས་རབ་རྒྱ་མཚོ་ལ༴ དཔལ་རྡོར་སྐྱེ་སྲིད་ཁམས་སྟོད་དྭགས་པོར་འཁྲུངས། །གདར་རིའི་རྒྱབ་ཕྱོགས་སྲིན་མོ་རྫོང་གསུམ་ནས། །གཤིན་རྗེ་ཟླ་གསང་དྲག་སྔགས་སྐོར་བདུན་སོགས། །འདྲེན་མཛད་ཉི་མ་གྲགས་ལ༴ མཆོག་དབྱངས་རྣམ་འཕྲུལ་བྱར་སྟོད་རྒྱ་ཡི་རིགས། །གངས་བར་ཕུག་མོ་ཆེ་ནས་གཏེར་གྱི་སྒོ། །འབྱེད་མཛད་སྟོན་ཆེན་གསང་མཆོག་བསྟན་འགྲོའི་དཔལ། །རྒྱ་སྟོན་པདྨ་དབང་ཕྱུག་ལ༴ ལྷ་སྲས་མུ་ཏིག་རྣམ་འཕྲུལ་སྙེ་མདར་འཁྲུངས། །ཟངས་ཡག་བྲག་ནས་སྐུ་ཚབ་རིང་བསྲེལ་དང་། །ཕྱག་ཆ་བླ་གཏེར་པུསྟི་གྲངས་མང་བཏོན། །ཇོ་བོ་ཚེ་དབང་དར་པོ་ལ༴ མོན་ཡུལ་ལ་མོ་སྟོད་དུ་མཆོག་དབྱངས་སྤྲུལ། །ཆུ་མོ་ཕུག་ནས་མཉམ་ཉིད་རང་གྲོལ་སོགས། །ཟབ་གཏེར་མང་བཞེས་དགེ་སློང་རྡོ་རྗེ་འཛིན། །གུ་རུ་ཚེ་བརྟན་རྒྱལ་མཚན་ལ་གསོལ༴ མཚོ་རྒྱལ་རྣམ་འཕྲུལ་འོན་གྱི་ལྗོངས་སུ་བྱོན། །ཡང་རྫོང་གྲུབ་བརྙེས་མ་རྒྱུད་གསང་ལམ་གྱི། །ཆོས་སྤེལ་སྐལ་ལྡན་ཀུན་གྱི་སློབ་དཔོན་མ། །དྲིན་ཆེན་ཀུན་དགའ་འབུམ་པ་ལ༴ བལ་ཡུལ་ལི་ཤན་ཏ་ནས་དྲག་མཐིང་གི །རིམས་སྲུང་འདོན་སྤེལ་བཛྲ་མ་ཏི་མཆོག །གཏད་རུལ་ཙཀྲའི་གདམས་པ་སྣང་བའི་གཉེན། །སྐྱེས་བུ་ཟངས་གླིང་དབང་ཕྱུག་ལ༴ མཆོག་གྲུབ་རྣམ་རོལ་ཡོན་པོ་དོ་རུ་འཁྲུངས། །མུ་ཏིག་སྤ་མ་གོང་དང་ཡང་རྫོང་ནས། །ཆོས་དང་རབ་འབྱམས་ལས་ཀྱི་གཏེར་སྒོ་འབྱེད། །དོ་བན་རྒྱ་མཚོ་འོད་ལ་གསོལ༴ དུང་རས་ཡང་སྲིད་ལ་སྟོད་བྲིན་དུ་བྱོན། །ཐེག་རྩེའི་མཐར་ཐུག་ཡང་ཏིའི་ཤུལ་ལམ་ལས། །སྐལ་ལྡན་བསམ་ཡས་གདོད་མའི་གྲོལ་སར་སྐྱེལ། །འགྲོ་མགོན་དུང་མཚོ་རས་པ་ལ༴ པདྨ་གསལ་གྱི་ཡང་སྲིད་འབྲི་ཐང་འཁྲུངས། ཁྲ་མོ་བྲག་ནས་མཁའ་འགྲོ་སྙིང་ཐིག་སོགས། །ཤར་གཏེར་སྲོལ་འབྱེད་ཨ་ཏིའི་ཆུ་འགོ་བཙུགས། །པདྨ་ལས་འབྲེལ་རྩལ་ལ༴ ཤེལ་བཟའ་མགོན་སྐྱིད་སྐྱེ་མཐའ་གཉལ་དུ་འཁྲུངས། །ཟིལ་ཆེན་ཕུག་སོགས་གསང་བའི་གཏེར་སྒོ་འབྱེད། །སྙིང་ཐིག་བརྒྱུད་འཛིན་འཛམ་གླིང་ཁྱབ་པར་བསྐྲུན། །ཤོ་བན་རྒྱལ་སྲས་ལེགས་པ་ལ༴ ལས་འབྲེལ་ཡང་སྲིད་གྲྭ་ནང་མཆོག་དབྱངས་གདུང་། །གངས་རི་ཐོད་དཀར་ལོངས་སྐུའི་ཞིང་ཁམས་ཉུལ། །ཀུན་བཟང་དགོངས་པའི་གཏེར་འབྱེད་ཀློང་ཆེན་པ། །དྲི་མེད་འོད་ཟེར་ཞབས་ལ༴ ལོ་རོ་དཀར་པོར་མཁས་པ་ཤེར་འབྱུང་འཕྲུལ། །འབྲིན་ཐང་ཀོ་བྲག་སྐོར་ཚོ་ཉེར་ལྔ་སོགས། །མཆོག་གཏེར་དུ་མས་འགྲོ་ཕན་བསམ་འདས་མཛད། །མེ་བན་རིན་ཆེན་གླིང་པ་ལ༴ མཆོག་གྲུབ་རྣམ་རོལ་ཁྱུང་ནག་ཤཱཀ་དར་དང་། །གྲྭ་ནང་སྐུ་འཁྲུངས་བུ་ཚལ་གསེར་ཁང་ནས། །གུར་དྲག་མཆོད་བསྟོད་རྒྱུད་དང་མན་ངག་དྲངས། །གྲྭ་སྒོམ་ཆོས་ཀྱི་རྡོ་རྗེ་ལ༴ མཆོག་གྲུབ་ཡང་སྲིད་བདུན་པ་གྲྭ་རུ་འཁྲུངས། །པདྨ་ཤེལ་ཕུག་བཀའ་འདུས་ཆོས་རྒྱམ་སོགས། །ཆོས་རྟེན་མྱོང་གྲོལ་བསམ་འདས་གཏེར་ཆེན་བདག །ཡར་རྗེ་ཨོ་རྒྱན་གླིང་པར༴ ཆོས་བློན་ཉི་མའི་སྐྱེ་བ་ཚེ་དབང་བརྙེས། །འཕོ་ཆོས་བཀའ་བབས་ཉི་ཟླ་སངས་རྒྱས་དང་། །རྫོགས་ཆེན་འཁོར་འདས་རང་གྲོལ་ལ་སོགས་པའི། །གཏེར་འཛིན་ཤེས་རབ་མེ་འབར་ལ༴ རྣམ་སྣང་ལོ་ཙཱ་དངོས་ཉིད་གྲ་ནང་བྱོན། །གནམ་ལྕགས་བྲག་ནས་འདུས་པ་སྐོར་བཞི་སོགས། །བརྒྱ་རྩའི་གཏེར་བཞེས་ཀུན་མཁྱེན་རྫུ་འཕྲུལ་བདག །རྒྱལ་སྲས་རྡོ་རྗེ་གླིང་པ་ལ༴ གང་དེས་རྗེས་བཟུང་གཏེར་ཕྲན་ཉེར་གཅིག་ལས། །རླུང་སེམས་དབང་ཐོབ་ཨོ་རྒྱན་བཟང་པོ་དང་། །དོལ་དུ་སྐུ་འཁྲུངས་བླ་མ་ཡོངས་རྫོགས་བཏོན། །སྔགས་འཆང་ལས་འཕྲོ་གླིང་པ་ལ༴ ལ་སྟོད་ལྷོ་རུ་ལྷ་སྲས་མུ་ཁྲིའི་འཕྲུལ། །གྲམ་པ་རྒྱང་ནས་གསོལ་འདེབས་ལེའུ་བདུན་སོགས། །སྤྱན་དྲངས་སྒོམ་ཆེན་ཚུལ་གྱིས་དོན་གཉིས་བསྒྲུབས། །མང་ལམ་བཟང་པོ་གྲགས་པ་ལ༴ ལྷ་སྲས་དམ་འཛིན་ལང་པོ་གྱིང་དུ་འཁྲུངས། །པུ་རི་ཕུག་ཆེན་བླ་མ་དགོངས་འདུས་གཙོས། །ཉེར་བརྒྱད་གཏེར་འབྱེད་ཕྲིན་ལས་བོད་ཁམས་ཁྱབ། །ཨོ་རྒྱན་སངས་རྒྱས་གླིང་པར༴ ཀོང་པོ་འོར་ཤོད་ཨ་ཙར་ས་ལེའི་འཕྲུལ། །འདུས་པ་སྐོར་དགུ་དོན་མཆོག་ཟབ་ཏིག་སོགས། །བློ་འདས་གཏེར་གྱིས་གྲུབ་ཐོབ་ཆུ་རྒྱུན་སྤེལ། །དྲི་མེད་ལྷུན་པོའི་ཞབས་ལ༴ གནུབས་ཆེན་ཐུགས་སྤྲུལ་གྲྭ་ཕྱི་ཁང་དམར་བྱོན། །མཆིམས་ཕུ་བྲག་སྣར་བླ་རྫོགས་ཐུགས་གསུམ་སོགས། །སྒོ་འབྱེད་དཀར་པོའི་བརྒྱུད་འཛིན་བོད་ཁམས་ཁྱབ། །དྲི་མེད་ཀུན་དགའི་ཞབས་ལ༴ ནམ་སྙིང་སྒྱུ་འཕྲུལ་བྱང་སྟོད་བྱ་མང་པ། །དཔལ་ཐང་ཕུག་ནས་ཀུན་བཟང་ཐུགས་གཏེར་བཞེས། །སྐུ་ཚབ་མཆོག་བཞེངས་དུས་གྱི་རྒུད་པ་བསལ། །བྱང་གླིང་དཔལ་གྱི་རྒྱལ་མཚན་ལ༴ བདུད་འཇོམས་ཡང་སྲིད་གཙང་སྟོད་སྣ་མོར་བལྟམས། །ཟང་ཟང་ལྷ་བྲག་གསང་མཛོད་ཆེན་པོ་ལྔས། །བོད་ཁམས་སྐྱོབ་མཛད་རྒོད་ཀྱི་ལྡེམ་འཕྲུ་ཅན། །རིག་འཛིན་དངོས་གྲུབ་རྒྱལ་མཚན་ལ༴ ཀླུ་ཡི་རྒྱལ་མཚན་རྣམ་འཕྲུལ་དྭགས་པོར་འཁྲུངས། །རི་བོ་ཤཱན་ཏིར་དགོངས་པ་རང་གྲོལ་འབྱེད། །སྙིགས་མའི་ལུས་ཅན་རྡུལ་སྙེད་འབྲེལ་གྲོལ་མཛད། །གྲུབ་ཐོབ་ཀརྨ་གླིང་པར༴ ཐུགས་རྗེ་ཆེ་དངོས་རང་བྱུང་གྲུབ་པའི་དབང། །སྔ་གཏེར་མང་བཞེས་ཕྱི་གཏེར་དུ་མ་སྦས། །རྫུ་འཕྲུལ་བཀོད་པས་ཛམ་གླིང་གདུལ་དཀའ་འདུལ། །འཆི་མེད་ཐང་སྟོང་རྒྱལ་པོ་ལ༴ བདུད་འཇོམ་རྣམ་རོལ་ཉང་སྟོད་རྒྱན་གོང་པ། །སྒྲོལ་རྗེ་ནག་པོའི་མཁར་ནས་རྩ་བ་གསུམ། །དྲིལ་སྒྲུབ་ཆོས་བཏོན་ཚེས་བཅུའི་མཆོད་རྒྱུན་སྤེལ། །དཔལ་ལྡན་འཇམ་དབྱངས་བླ་མར༴ གཡུ་སྒྲ་འབྲོག་མི་ཟུང་འཇུག་ཡེ་ཤེས་གར། །ལོང་པོར་སྐུར་སྣང་རྩ་གསུམ་བཀའ་བརྒྱད་སོགས། །གཏེར་སྒོ་མང་འབྱེད་གང་འདུལ་གདུལ་བྱ་བསྐྱངས། །བསམ་གཏན་བདེ་ཆེན་གླིང་པ་ལ༴ ལེགས་གཞེར་སྐྱེ་སྲིད་ཆོས་གཏེར་གྲུབ་པའི་རྟགས། །ཅིར་ཡང་མངའ་མཛད་མགོན་པོ་རིན་ཆེན་དང་། །འབྲོག་མིའི་རྣམ་འཕྲུལ་མ་རྒྱུད་གཅོད་ཡུལ་བདག །སོ་པ་སྐལ་ལྡན་རྡོ་རྗེར༴ ལང་གྲོ་ལོ་ཙཱ་ལྷོ་བྲག་གྲུ་ཤུལ་བྱོན། །མཁར་ཆུའི་འདུས་པ་བཞི་སོགས་ཟབ་གཏེར་སྒོ། །ཉེར་ལྔའི་ཞལ་འབྱེད་རྟག་ཁྱབ་ཕྲིན་ལས་ཅན། །འགྲོ་འདུལ་རཏྣ་གླིང་པ་ལ༴ ཆོས་བློ་མགོན་སྤྲུལ་གོང་ལའི་ཞོལ་དུ་འཁྲུངས། །བྲག་དཀར་ལྷ་ཆུར་རྟ་མགྲིན་མཆོག་གཏེར་ཕྱུངས། །འབྱུང་བཞིར་དབང་ཐོབ་ལས་རབ་ཞིག་པོ་གླིང་། །མཆོག་ལྡན་རྡོ་རྗེའི་ཞབས་ལ༴ བུམ་ཐང་ཐར་གླིང་ལས་འབྲེལ་སྐྱེ་བའི་མཐའ། །མེ་འབར་མཚོ་སོགས་གཏེར་ཆེན་བཅོ་བརྒྱད་འབྱེད། །རྣམ་འཕྲུལ་རིམ་བྱོན་གཞན་དོན་རྒྱུན་ཆད་མེད། །པདྨ་གླིང་པའི་ཞབས་ལ༴ གང་ལས་ལུང་བརྙེས་ཆག་གི་བྱང་ཆུབ་གླིང་། །ལོ་ཙཱ་རིན་བཟང་རྣམ་འཕྲུལ་གཉལ་དུ་འཁྲུངས། །ཟབ་གཏེར་བཀའ་བབས་ཕྲིན་ལས་མཐའ་རུ་ཕྱིན། །འགྲོ་འདུལ་ལས་འཕྲོ་གླིང་པར༴ ཤངས་ཀྱི་ལྷ་ཕུར་རྣམ་སྣང་ལོ་ཙཱའི་འཕྲུལ། །ཟབ་བུ་ལུང་སོགས་ཆོས་གཏེར་དུ་མའི་རྒྱ། །བཀྲོལ་མཛད་ཆོ་འཕྲུལ་ཆེན་པོས་འགྲོ་བ་འདུལ། །པདྨ་ཀུན་སྐྱོང་གླིང་པར༴ འགོས་བློན་གུང་བཙན་སྐྱེ་བ་བལ་ཡུལ་གྱི། །རྟེན་མཆོག་སྣང་མཛད་ཡོལ་མོ་ཤཱཀྱ་བཟང་། །བཻ་རོའི་རྣམ་འཕྲུལ་མཐའ་དམག་གདུག་པ་བཟློག །རིག་འཛིན་མཆོག་ལྡན་མགོན་པོ་ལ༴ ནུས་འབྱིན་ཡང་སྲིད་གཙང་རོང་བྱ་བཟང་འཁྲུངས། །ཚེ་སྤུང་གསང་གནས་སངས་རྒྱས་དགོངས་འདུས་སོགས། །ངོ་མཚར་ཆོས་སྤེལ་ཁྱད་པར་ཐབས་ལམ་བདག །པདྨ་ཚེ་དབང་རྒྱལ་པོ་ལ༴ ཆོས་རྒྱལ་ཐུགས་སྤྲུལ་གློ་བོ་མ་ཐང་འཁྲུངས། །བསམ་ཡས་དབུ་རྩེའི་བཀའ་འདུས་ཕྱི་མ་དྲངས། །འགྲན་བྲལ་མཁས་ཤིང་གྲུབ་པའི་རྣམ་ཐར་འཆང། །པཎ་ཆེན་པདྨ་དབང་རྒྱལ་ལ༴ བདུད་འཇོམས་རྣམ་འཕྲུལ་མང་རོང་འཇམ་རྡོར་མཚན། །དཔལ་དབང་སྐྱེ་སྲིད་མ་ཏི་རཏྣ་དང་། །རྒྱ་མར་སྐུ་འཁྲུངས་ཆེད་གུའི་འདྲེན་པ་མཛད། །མི་འགྱུར་ལས་འཕྲོ་གླིང་པར༴ ལྷ་སྲས་མུ་ཁྲི་འབྲི་གུང་སྐྱུ་རའི་གདུང་། །གཞོ་སྟོད་ཏི་སྒྲོར་དགོངས་པ་ཡང་ཟབ་བཏོན། །སྒྲུབ་པའི་རྒྱུན་བཙུགས་མཁའ་འགྲོ་ཀློང་ཡངས་ཞབས། །ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ལ༴ སྟོད་ལུང་སྣང་རྩེར་དམ་འཛིན་རྣམ་པར་འཕྲུལ། ཁྱུང་ཚང་བྲག་ནས་རྒྱལ་བ་འདུས་པ་སོགས། །ཟབ་གཏེར་སྤྱོད་ཅིང་སྔ་འགྱུར་བསྟན་སྲོག་འཛིན། །གར་དབང་ཞིག་པོ་གླིང་པར༴ རྣམ་སྣང་ལོ་ཙཱའི་རོལ་གར་བྱང་དུ་བལྟམས། །གྲོག་རི་རིན་སྤུངས་སོགས་ནས་གྲོལ་ཐིག་གི། །ཟབ་ཆོས་སྤྱན་དྲངས་མཁྱེན་རྟོགས་བསམ་མི་ཁྱབ། །འགྲོ་འདུལ་ཤེས་རབ་འོད་ཟེར་ལ༴ བདུད་འཇོམས་སྒྱུ་འཕྲུལ་གློ་བོར་རིག་འཛིན་རྒྱུད། །འོན་ཕུ་སྟག་ཚང་དྲག་པོ་དབུ་དགུ་སོགས། །ངོ་མཚར་གསང་འབྱེད་ཚེ་དབང་རིག་པ་འཛིན། །ལེགས་ལྡན་རྡོ་རྗེ་གྲོ་ལོད་ལ༴ ལྷ་ལྕམ་གངས་འབུམ་སྐྱེ་མཐའ་སྤ་གྲོར་བྱོན། །བྲག་དམར་གཏེར་ཁུང་སྤྱི་ཏིའི་ཟབ་ཆོས་ཐོན། །སྣང་བཞི་མཐར་ཕྱིན་བརྒྱུད་པའི་ཕྲེང་བ་སྤེལ། །གཏེར་སྟོན་ཚེ་རིང་རྡོ་རྗེ་ལ༴ ལང་གྲོའི་རྣམ་རོལ་གཙང་སྟོད་གནས་གསར་བ། །གུ་རུ་ནུབ་ཕྱོགས་པ་ཡིས་རྗེས་སུ་བཟུང་། །ངོ་མཚར་སྐྱེས་མཆོག་སློབ་བཤད་བསྟན་བའི་ཉི། །འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ལ༴ འབྲོག་མིའི་ཡང་སྲིད་ལྷོ་བྲག་གྲུ་ཤུལ་པ། །མཁའ་འགྲོ་དགོངས་འདུས་གཙོར་གྱུར་ཆོས་རྟེན་རྫས། །མཐའ་ཡས་སྤྱན་དྲངས་དོན་མཛད་རིམ་གསུམ་བྱོན། །ཨོ་རྒྱན་བདེ་ཆེན་གླིང་པར༴ མངའ་བདག་ཡོན་ཏན་རྣམ་རོལ་མེ་ཉག་རིགས། ཁམས་ཁུ་ལུང་སོགས་ཟབ་གསང་རྣམ་གསུམ་འབྱིན། །གཏེར་རྙིང་བཀའ་བབས་དྲེགས་ཅན་ཆོས་ལ་བཀོད། །བྱང་བདག་བཀྲ་ཤིས་སྟོབས་རྒྱལ་ལ༴ སྣང་རིག་གཅིག་འདྲེས་ཡོངས་འཛིན་ངག་དབང་གྲགས། །མཐུ་སྟོབས་དབང་ཕྱུག་རིག་འཛིན་ངག་གི་དབང་། །མཆོག་གྲུབ་དཀོན་མཆོག་འོད་སྤྲུལ་འཕྲུལ་གཏེར་འབྱིན། །གར་དབང་ལས་འཕྲོ་གླིང་པ་ལ༴ རྒྱལ་སྲས་ལྷ་རྗེ་པདྨ་གསལ་ཟུང་འཇུག །རྣམ་རོལ་ར་ཞི་པདྨ་རིག་འཛིན་རྩལ། །སྒྲུབ་གནས་དཔལ་རིར་ངོ་མཚར་བླ་སྒྲུབ་འབྱིན། །སྔགས་འཆང་བཀྲ་ཤིས་ཚེ་བརྟན་ལ༴ ཉང་བན་སྒྱུ་འཕྲུལ་ཉང་ཁ་སྟོད་དུ་འཁྲུངས། །ཧོམ་འཕྲང་སྤྱི་འདུས་ལ་སོགས་གཏེར་ལྔ་སྤྱོད། །བསླབ་གསུམ་རྣམ་དག་ཕྲིན་ལས་མཁའ་ལྟར་ཁྱབ། །འཇའ་ཚོན་ལས་འཕྲོ་གླིང་པར༴ ཁྱེའུ་ཆུང་ལོ་ཙཱ་མདོ་ཁམས་སྡེ་དགེར་སྤྲུལ། །ཚ་བ་སྒྲོ་བྲག་སྤྲུལ་སྐུའི་སྙིང་ཐིག་སོགས། །གནས་གཏེར་བརྒྱ་རྩའི་མངའ་བདག་ས་བཅུའི་དབང་། །བདུད་འདུལ་ནུས་ལྡན་རྡོ་རྗེར༴ རྒོད་ལྡེམ་ཡང་སྤྲུལ་མངའ་རིས་ཡམ་དུ་བྱོན། །སྐྱིད་མོ་ལུང་ནས་རྡོར་སེམས་ཐུགས་ཐིག་སོགས། །བྱང་གཏེར་གཞུག་སྤེལ་གདུལ་བྱའི་ལྷག་མ་བསྐྱང་། །གར་དབང་ཟླ་བ་རྒྱལ་མཚན་ལ༴ བཻ་རོའི་གསུང་སྤྲུལ་གྲྭ་ནང་སྨྱོས་ཀྱི་གདུང་། །ཤ་འུག་ཐུགས་རྗེ་ཆེ་སོགས་རང་གཏེར་སྤྱོད། །ལྷ་ཡི་ལྷར་གྱུར་བཀའ་གཏེར་མེ་རོ་བསླངས། །ཨོ་རྒྱན་གཏེར་བདག་གླིང་པར༴ འུ་འབོར་སྒང་དུ་ལང་གྲོའི་ཡེ་ཤེས་གར། །གནམ་ཆེན་བྲག་སོགས་གཏེར་སྒོ་བཅུ་དྲུག་འབྱེད། །རྟོགས་དགོངས་རྩལ་རྫོགས་སྡེ་བརྒྱད་བྲན་དུ་ཁོལ། །རིག་འཛིན་ཀློང་གསལ་སྙིང་པོ་ལ༴ གསང་བདག་དྲག་པོ་ཆེ་སོགས་ཟབ་གཏེར་ལ། །སྤྱོད་མཛད་བཟང་པོ་རྡོ་རྗེ་སྒམ་པོ་པ། །ཡོལ་མོ་སྤྲུལ་སྐུ་སྟོབས་ལྡན་ཤུགས་འཆང་རྩལ། །བསྟན་འཛིན་ནོར་བུ་དབང་རྒྱལ་ལ༴ མུ་ཁྲིའི་རྣམ་རོལ་མདོ་ཁམས་ལྷོ་རྒྱུད་པ། །ཚེ་དཔག་མེད་དང་བླ་མ་ཞི་དྲག་ཆོས། །སྤེལ་མཛད་གྲུབ་དབང་མི་འགྱུར་རྡོ་རྗེ་འཛིན། །ནུས་ལྡན་དྲག་པོ་རྩལ་ལ༴ ཨ་ཙར་ས་ལེའི་ཡང་སྲིད་སྤར་སྟོད་འཁྲུངས། །དགའ་ཚལ་ཡི་དམ་དགོངས་འདུས་ཆོས་རྟེན་སོགས། །ཐུགས་གཏེར་བཅུ་གཉིས་མངའ་བདག་སྟག་ཤམ་པ། །ཨོ་རྒྱན་བསམ་གཏན་གླིང་པར༴ ཆོས་རྒྱལ་ཡང་སྤྲུལ་ཕྱག་རྡོར་དྲག་སྔགས་བདག །སྦས་ཚུལ་འགྲོ་འདྲེན་ངག་གི་རྡོ་རྗེ་དང། །ལ་སྟོད་སྟག་མོར་བཻ་རོའི་བྱིན་རླབས་གར། །གཏེར་སྟོན་དབོན་གསས་ཁྱུང་ཐོག་ལ༴ དྭགས་པོར་མཆོག་གྲུབ་རྣམ་རོལ་བཅུ་གཉིས་པ། །སྐུང་ལུང་གནས་ནས་ཟབ་ལམ་ཐུགས་ནོར་སོགས། །ཆོས་བོན་གཏེར་སྤྱོད་སྦས་ཡུལ་གདུལ་བྱའི་གཉེན། །ཨོ་རྒྱན་ཆོས་རྗེ་གླིང་པར༴ དྲན་ནམ་ཐུགས་སྤྲུལ་མཁའ་འགྲོའི་གསང་མཛོད་སྤྱོད། །རླུང་སེམས་དབང་ཐོབ་མུ་ལ་ཧ་ར་དང་། །རླངས་དཔལ་རྣམ་འཕྲུལ་ཕུར་པའི་དངོས་གྲུབ་བརྙེས། །རྭ་སྟོན་སྟོབས་ལྡན་རྡོ་རྗེ་ལ༴ གུ་རུའི་རྣམ་འཕྲུལ་འབུམ་ལྔའི་སྤྲིན་ཆེན་གྱིས། །སྙིགས་མའི་གདུང་སེལ་འགྲོ་མགོན་མདོ་ཁམས་པ། །ཉིད་ལས་ལྷག་པའི་རིག་འཛིན་རྣམ་བཞིའི་མགོན། །གྲུབ་དབང་ཐུགས་མཆོག་རྡོ་རྗེར༴ ཧཱུྃ་མཛད་མཁོན་སྟོན་རྣམ་རོལ་ཟུར་མང་འཁྲུངས། །མཚོ་བྲག་གཉིས་ནས་རྫུ་འཕྲུལ་ཟབ་གཏེར་དྲངས། །དུས་སྙིགས་གདོན་དང་གཉན་རྒོད་འཇིགས་ལས་སྐྱོབ། །རིག་འཛིན་རོལ་པའི་རྡོ་རྗེར༴ མདོ་སྨད་གསེར་ཐལ་བཻ་རོའི་ཐུགས་ལས་སྤྲུལ། །རྨུ་རྡོའི་སྙིང་ཐིག་བཙན་རིའི་བཀའ་འདུས་སོགས། །མཆོག་གི་གཏེར་འབྱིན་མཐའ་འཁོབ་གདུལ་དཀའ་འདུལ། །པདྨ་བདེ་ཆེན་གླིང་པར༴ ནམ་སྙིང་ཐུགས་སྤྲུལ་ཀཿཐོག་ལྷོ་རུ་འཁྲུངས། །རོལ་རྡོར་ཡང་གཏེར་བུ་ཆུའི་གདམས་ཕྲན་འབྱིན། །མཁྱེན་ནུས་ཟླ་བྲལ་གསར་རྙིང་བསྟན་སྲོག་འཛིན། །རྡོ་རྗེ་ཚེ་དབང་ནོར་བུ་ལ༴ གནུབས་ཆེན་རྣམ་འཕྲུལ་རྩ་གསུམ་གཏེར་གྱི་བདག །རྒྱལ་མཆོག་དབྱངས་སྤྲུལ་བདུད་འདུལ་གླིང་པ་ཡི། །ཡང་སྲིད་རྟོགས་པ་མངོན་གྱུར་རིག་པ་འཛིན། །དྲི་མེད་གླིང་པའི་ཞབས་ལ༴ ཨ་ཙར་ཡེ་ཤེས་དབྱངས་སྤྲུལ་འབྲུག་ཐང་པ། །བཅོ་བརྒྱད་གཏེར་འབྱེད་ཀུན་བཟང་བདེ་ཆེན་རྒྱལ། །བཻ་རོའི་སྒྱུ་འཕྲུལ་ཡིད་བཞིན་སྐོར་གསུམ་བདག །ཏའུ་རོག་རྗེ་གླིང་པ་ལ༴ ཆོས་གླིང་ཡང་སྲིད་སྦས་ཡུལ་ཆོས་འཁོར་འཁྲུངས། །ཞི་དྲག་ཆོས་སྤེལ་འཆི་མེད་རྡོ་རྗེ་དང་། །གཡུ་སྒྲའི་རྣམ་འཕྲུལ་རླུང་སེམས་དབང་དུ་གྱུར། །བསྟན་འཛིན་ཟླ་འོད་རྡོ་རྗེ་ལ༴ བློན་པོ་མགུལ་ནས་གསང་གསུམ་རྟེན་མཆོག་དྲངས། །འགྲོ་མགོན་རང་གྲོལ་ཏིང་འཛིན་རྒྱལ་པོ་དང་། །མུ་ནེའི་ཡང་སྤྲུལ་རྟོགས་པ་མངོན་དུ་གྱུར། །རིག་འཛིན་ཆོས་རྒྱལ་རྡོ་རྗེར༴ མཆོག་གྲུབ་རྒྱལ་པོའི་ཡང་སྲིད་བཅུ་གསུམ་པ། །བཀའ་གཏེར་དག་སྣང་སྙན་བརྒྱུད་རྗེས་དྲན་དང་། །དགོངས་པ་ཡང་གཏེར་བཀའ་བབས་བདུན་གྱི་བདག །པདྨ་མདོ་སྔགས་གླིང་པར༴ དམ་འཛིན་རྣམ་རོལ་མདོ་སྟོད་སྒོམ་སྡེར་འཁྲུངས། །ས་སྤྱོད་ཀརྨར་ཟབ་བདུན་རྒྱུད་ལུང་གཙོས། །གནས་གཏེར་དུ་མའི་ཤིང་རྟའི་ལམ་སྲོལ་དབྱེ། །མཆོག་གྱུར་བདེ་ཆེན་གླིང་པ་ལ༴ གཞན་ཡང་ཡུལ་དུས་གནས་སྐབས་ཅི་རིགས་པར། །སྨོན་ལམ་ལས་འཕྲོས་གཏད་རྒྱའི་བཀའ་ཐོབ་ནས། །ཟབ་མོའི་ཆོས་དང་གདམས་ཕྲན་སྣ་ཚོགས་པས། །གང་འདུལ་འགྲོ་ཕན་མཛད་རྣམས་ལ་་གསོལ་བ་འདེབས། །འགྲོ་མགོན་བདེ་བའི་རྡོ་རྗེ་གཡུ་བྲག་པ། །ཟུར་རིགས་གྲུབ་བརྙེས་ཤཱཀྱ་འོད་པོ་ཆེ། །མདོ་བོ་རས་པ་ལྷ་རྗེ་དགེ་བ་འབུམ། །དབྱིལ་སྟོན་ཡེ་ཤེས་ཁྱུང་གྲགས་ལ༴ ཟླ་བན་གཟི་བརྗིད་རོག་བན་ཤེས་རབ་འོད། །མེ་ཉག་གྲགས་འབྱུང་དགེ་བཤེས་སྣ་ཆེན་པོ། །སྒྲ་པ་དར་ཡེ་རྒྱང་གྲགས་འོད་ཀྱི་ཟེར། །འོད་ཟེར་སྟོན་པ་རྣམས་ལ༴ འགོས་རིགས་རྒན་པོ་ཞང་འབྲོག་ཐུབ་རྒྱལ་བ། །ཤངས་པ་མཛེ་སྔོན་རྣམ་གསུམ་ཚོགས་པའི་གཏེར། །སེ་སྟོན་རིང་མོ་ཁ་ལ་མེ་འབར་བ། །ལྷོ་ཡི་བནྡེ་རྣམས་ལ༴ སྒོམ་པ་གཡུ་སྒོམ་རྡོ་རྗེ་འབྲོམ་ཆོས་སྙིང་། །གཙང་སྟོན་ཆོས་འབར་ཉང་རིང་ཤེས་རབ་གྲགས། །རོག་བན་འབྲོག་པོ་སྔགས་འཆང་དབང་ཆེན་བཟང་། ཁམས་པ་མེ་ཟོར་རྣམས་ལ༴ སྐྱེ་བན་རྡོ་རྗེ་བན་དེ་ཆུང་ངུ་ཟུང་། ཁྱུང་རྒོད་མེ་ཉག་དབུ་མར་མགར་སྟོན་དཀར། །ཨ་བ་དྷཱུ་ཏི་པ་སོགས་ཐ་དད་བཞི། །ཟུང་དུ་བཅས་པ་རྣམས་ལ༴ གཡུ་སྟོན་མགོན་རྒྱལ་ཡང་བོན་རི་ཁྲོད་པ། །ཟླ་བ་རྡོ་རྗེ་ལྕགས་སྨན་དོན་གྲུབ་དང་། །གཙང་པ་ས་སྔོས་འགོས་པ་པདྨའི་མཚན། །དཔྱིལ་སྟོན་དགའ་རབ་རྣམས་ལ༴ བླ་མ་ཀུན་དགའ་ཁྱུང་པོ་ཐིག་ལེ་དང་། །རང་བྱུང་ཡེ་ཤེས་སར་བན་ཉི་མའི་སྙིང་། །བྲམ་པ་ཀུན་བཟང་བལ་པོ་བྷ་རོ་པ། །ཤུད་པུ་དཔལ་གྱི་གྲགས་པ་ལ༴ དབང་ཤཱཀ་ཉི་འབུམ་ཁྲི་དང་པྲ་དུན་པ། །གཉགས་སྟོན་ལྷ་འབར་སུམ་སྟོན་ཡེ་ཤེས་གཟུངས། །གཉལ་པ་ཉི་ཤེས་རྡོ་རྗེ་སྲ་བརྟན་དང་། །ཇོ་གདན་དཀོན་མཆོག་གྲགས་པ་ལ༴ ཆུ་གླང་རྩེ་མོ་གཉལ་སྟོན་ནག་པོའི་མཚན། །འབྲུག་སྒོམ་ཞིག་པོ་བྱང་ཆུབ་དཔལ་མོ་རྗེ། །ཤེས་རབ་གྲགས་པ་ཁམས་པ་ཁྲ་མོ་དང་། །ནག་ཤོད་མ་ཧཱ་བཛྲ་ལ༴ ཆོས་རྒྱལ་ནོར་བུ་གླིང་དང་མཁའ་སྤྱོད་གླིང་། །ཀུན་དགའ་ཉི་མ་ཤུད་ཀེ་ཆོས་ཀྱི་གྲགས། །བྱང་ཆུབ་གླིང་པ་ལྷ་དབང་གྲགས་པའི་མཚན། །མཐུ་སྟོབས་གླིང་པ་རྣམས་ལ༴ སྤྲུལ་པའི་གཏེར་ཆེན་གསུམ་གྱི་བཀའ་ཐོབ་པ། །དུང་གི་ཕྲེང་འཛིན་པདྨ་ཆོས་དང་དབང་། ཁྱུང་གི་མཚན་སོགས་ས་གཏེར་ཟོལ་མེད་ཀྱི། །སྐལ་ལྡན་རྣལ་འབྱོར་རྣམས་ལ༴ སྲིད་ལས་འདས་ཀྱང་སྲིད་པའི་རྣམ་རོལ་སྟོན། །སྤྱང་པ་མཐར་སོན་ཆོས་ཉིད་བདེན་པ་གཟིགས། །འཁྲུལ་སྣང་དག་པའི་འཁོར་ལོར་ཤར་བ་ཡི། །འགྲོ་མགོན་མཆོག་ཆེན་རྣམས་ལ༴ སྤྱན་རས་གཟིགས་དངོས་ཐུགས་ཆེན་ཞི་དྲག་གི །ཕྲིན་ལས་སྤེལ་མཛད་བྱང་སེམས་ཟླ་རྒྱལ་ཞབས། །གྲུབ་པའི་རྒྱལ་མོས་རྗེས་བཟུང་ཆོས་གསུམ་གསན། །རས་ཆུང་རྡོ་རྗེ་གྲགས་པ་ལ༴ སྦྱངས་པའི་ཡོན་ཏན་བཅུ་གཉིས་མཐའ་རུ་ཕྱིན། །པདྨས་བྱིན་བརླབས་ཡང་དག་གདམས་པ་གནང་། །ལྷ་མིའི་གཙུག་རྒྱན་ཁ་ཆེ་པཎྜྀ་ཏ། །ཤཱཀྱ་ཤྲཱི་བྷ་དྲ་ལ༴ རྟ་མགྲིན་གསང་སྒྲུབ་གུ་རུ་དངོས་ལས་གསན། །དབོན་སྟོན་ཐུགས་རྗེ་ཆེ་དངོས་སྐྱེར་སྒང་པ། །སྔ་འགྱུར་བསྟན་པའི་མངའ་བདག་ཀཿཐོག་པ། །དམ་པ་བདེ་གཤེགས་ཞབས་ལ༴ མཁའ་འགྲོ་དཔལ་ལྡན་ཕྲེང་བ་མནྡ་རས། །གདམས་པའི་བཅུད་བསྩལ་སྙིང་ཐིག་ཐུགས་གཏེར་འབྱེད། །གངས་ཅན་སྨན་གྱི་སྟོན་པ་གཡུ་ཐོག་པ། །ཡོན་ཏན་མགོན་པོའི་ཞབས་ལ༴ སྒྲོལ་མས་དངོས་སུ་རྗེས་གཟུང་བྱ་མང་པ། །བཀའ་གདམས་དགེ་བའི་བཤེས་གཉེན་བརྩོན་འགྲུས་གྲགས། །གུ་རུས་རྡོ་རྗེ་རབ་བརྟན་སྲུང་མར་གནང་། །ལོ་སྟོན་རྡོ་རྗེ་དབང་ཕྱུག་ལ༴ འཇིག་རྟེན་དབང་ཕྱུག་བསམ་བཞིན་སྲིད་པ་བཟུང་། །པད་འབྱུང་བི་མས་བྱིན་བརླབས་དགོངས་གཏེར་བརྡོལ། །སྙིང་ཐིག་བསྟན་པ་རྒྱ་མཚོའི་མཐར་ཁྱབ་སྤེལ། །ཀུན་མཁྱེན་རང་བྱུང་རྡོ་རྗེ་ལ༴ འདར་གྱི་རིགས་འཁྲུངས་ཀུན་སྤངས་འཕྱར་རུ་བ། །རྡོ་རྗེ་ཕུར་པའི་གྲུབ་བརྙེས་མུ་སྟེགས་བཏུལ། །གུ་རུས་རྗེས་བཟུང་དབང་ཆེན་བདུད་རྩིའི་ཀླུང་། །སྤེལ་མཛད་རིན་ཆེན་བཟང་པོ་ལ༴ ཨོ་རྒྱན་ཡུལ་དུ་པདྨ་ཐོད་ཕྲེང་གིས། །དབང་བསྐུར་རྒྱུད་བཤད་མན་ངག་རྣམ་གསུམ་བསྩལ། །ཕྱག་རྡོར་དངོས་ལས་རྫོགས་ཆེན་གདམས་པ་གསན། །ལྷོ་བྲག་ལས་ཀྱི་རྡོ་རྗེ་ལ༴ རི་ཁྲོད་མགོན་པོས་རྗེས་བཟུང་མཆོག་དངོས་གྲུབ། །སྤ་གྲོ་སྟག་ཚང་པདྨ་སཾ་བྷ་ལས། །པདྨ་ཚེ་ཁྲིད་གསན་ཏེ་སྐལ་ལྡན་བསྐྱངས། །མཁས་གྲུབ་ནགས་ཀྱི་རིན་ཆེན་ལ༴ གུ་རུས་རྡོ་རྗེ་སྲོག་ཤིང་གདམས་པ་གནང་། །འཇའ་ཚོན་སྐུ་ཅན་དཔལ་ལྡན་རྡོ་རྗེ་དང་། །ཨ་ཏིའི་ཟབ་དོན་པདྨ་དངོས་ལས་གསན། །རྒྱལ་དབང་ཀུན་དགའ་དཔལ་འབྱོར་ལ༴ རྔ་ཡབ་གླིང་ནས་ཚེ་སྒྲུབ་གདམས་ཟབ་ཀྱི། །ཕོ་ཉར་མངགས་པ་གྲུབ་ཆེན་ཟླ་བ་པ། །དཔལ་གྱི་ཙ་རིར་དེ་ཉིད་དངོས་སུ་གསན། །ཀུན་མཁྱེན་མཐོང་བ་དོན་ལྡན་ལ༴ སྐྱེ་བར་སྦྱངས་པའི་ལས་ཀྱི་འཕྲོ་སད་ནས། །རང་སྣང་རིས་མེད་དགོངས་པ་མངོན་དུ་གྱུར། །ངོ་མཚར་ཨ་ཏི་དགོངས་པའི་ཀློང་ནས་བརྡོལ། །མཉམ་མེད་ནམ་མཁའ་བསོད་ནམས་ལ༴ ཟིལ་ཆེན་ཕུག་ཏུ་གུ་རུ་པདྨ་ཡིས། །ངོ་མཚར་རྟགས་འབྱིན་ཨཱ་ཡུ་མདའ་འཕེལ་གནང་། །རྫུ་འཕྲུལ་མངོན་ཤེས་འགྲན་གྱི་ཟླ་དང་བྲལ། །རས་ཆེན་དཔལ་འབྱོར་བཟང་པོར༴ པདྨ་ཐོད་ཕྲེང་ཌཱ་ཀི་སེང་གདོང་མས། །དངོས་སུ་རྗེས་བཟུང་མཛེ་ནད་སྐད་ཅིག་བསལ། །སྙན་བརྒྱུད་བདུད་རྩིའི་བཅུད་སྦྱིན་བོ་དོང་པ། །རྟོགས་ལྡན་སངས་རྒྱས་མགོན་པོ་ལ༴ ཐང་རྒྱལ་སྒྱུ་འཕྲུལ་མངའ་རིས་གུ་གེར་བྱོན། །འཕགས་པས་རྗེས་བཟུང་བརྒྱ་དང་སུམ་ཅུར་བཞུགས། །འགྲོ་དོན་དཔག་མེད་མཛད་ནས་འོད་སྐུར་གཤེགས། །གྲུབ་མཆོག་ཚུལ་ཁྲིམས་བཟང་པོ་ལ༴ ནཱ་རོ་ཏཱ་པའི་རྣམ་འཕྲུལ་བྱར་དུ་འཁྲུངས། །གུ་རུ་དྲག་པོ་ཀཱི་ལའི་སྙན་བརྒྱུད་ཐོབ། །མཁས་ཤིང་གྲུབ་པའི་དབང་ཕྱུག་ཐམས་ཅད་མཁྱེན། །འབྲུག་ཆེན་པདྨ་དཀར་པོ་ལ༴ རྩ་གསུམ་ཟབ་མོ་ཀུན་འདུས་དགོངས་མཛོད་དབྱེ། །འཇའ་ཚོན་མེ་འབར་མཁའ་འགྲོའི་དབང་ཕྱུག་རྩལ། །འཆི་མེད་ཧྲཱིཿགཅིག་གདམས་པའི་སྙན་བརྒྱུད་ཐོབ། །སྣང་གསལ་བཀྲ་ཤིས་རྒྱ་མཚོ་ལ༴ ཆོས་རྒྱལ་ཡང་སྤྲུལ་དག་སྣང་ཟབ་ཆོས་སྤེལ། །མཚུངས་མེད་འབྲི་གུང་དཀོན་མཆོག་རིན་ཆེན་དང་། །ལྷག་ལྷས་རྗེས་བཟུང་ཟབ་རྒྱས་གསང་བའི་མཛོད། །དབུར་སྨྱོན་ཆོས་ཀྱི་གྲགས་པ་ལ༴ པདྨ་གསལ་སྤྲུལ་ལྷ་རིགས་བཙུན་པའི་ཚུལ། །རྡོ་རྗེ་སྙིང་པོའི་དགོངས་པའི་གཏེར་ཆེན་ཕྱུངས། །ཡེ་ཤེས་མཆོག་བརྙེས་བརྟུལ་ཞུགས་རྩལ་ཆེན་རྫོགས། ཁྲག་འཐུང་ནམ་མཁའ་འཇིགས་མེད་ལ༴ གནུབས་ཆེན་དྲན་པ་ནམ་མཁའ་ཟུང་འཇུག་གར། །བདེ་ཆེན་རྒྱལ་མོས་ངོ་མཚར་གདམས་པ་བསྩལ། །སྔ་འགྱུར་བསྟན་པའི་སྲོག་ཤིང་མྱོས་རིག་འཛིན། །གསང་བདག་ཕྲིན་ལས་ལྷུན་གྲུབ་ལ༴ ཆོས་རྒྱལ་ཕྲིན་ལས་རྣམ་རོལ་ཟ་ཧོར་གདུང་། །རྩ་གསུམ་སྲུང་མས་ཞལ་བསྟན་རྒྱ་ཅན་ཆོས། །ཉེར་ལྔའི་སྒོ་འབྱེད་གངས་ཅན་བསྟན་འགྲོའི་མགོན། །ཀུན་མཁྱེན་རྡོ་རྗེ་ཐོགས་མེད་ལ༴ པདྨའི་སྒྱུ་འཕྲུལ་གྲུབ་ཆེན་ཛཱ་བིར་གྱིས། །དངོས་སུ་བྱིན་བརླབས་འཇའ་ལུས་གདམས་ཟབ་སྤེལ། །རླུང་སེམས་བཅུད་གསོལ་རགས་ལུས་དྭངས་མར་སྨིན། །གྲུབ་ཆེན་ཉི་ཟླ་ཀློང་གསལ་ལ༴ ཤུད་བུ་དཔལ་སེང་ངོམ་ཡུལ་སྲིད་པ་བཟུང་། །རྩ་གསུམ་ཞལ་གཟིགས་གནམ་ཆོས་སྙན་བརྒྱུད་སྤེལ། །བྱིན་རླབས་སྟོབས་ཀྱིས་གཞན་ཕན་བསམ་མི་ཁྱབ། །སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ལ༴ གང་དེའི་སྤྲུལ་པར་ལུང་ཟིན་ཟོལ་མེད་ཀྱི། །གྲུབ་པའི་དབང་ཕྱུག་ནམ་མཁའ་ཆོས་ཀྱི་དབང་། །གནུབས་ཆེན་རྣམ་རོལ་ཟབ་གསང་ཐུགས་ལས་བརྡོལ། །ཀུན་བཟང་ངེས་དོན་དབང་པོ་ལ༴ སྦྱང་པ་ཕུལ་བྱུང་ཤེས་བྱའི་གནས་ཀུན་མཁྱེན། །གྲུབ་པ་མཐར་ཕྱིན་ཆོས་ཉིད་བདེན་པ་གཟིགས། །ཐུགས་རྗེ་ཆེ་དངོས་འབྲེལ་ཚད་དོན་དང་ལྡན། །ཡོངས་འཛིན་ཀརྨ་ཆགས་མེད་ལ༴ མུ་ཁྲིའི་ཡང་སྤྲུལ་འཇིགས་མེད་བརྟུལ་ཞུགས་སྤྱོད། །ཀརྨ་རིག་སྔགས་གྲུབ་པའི་རྒྱ་མཚོའི་སྡེ། །མང་ཐོས་ཚེ་དབང་མི་འགྱུར་རྡོ་རྗེ་འཛིན། །བདེ་མཆོག་འཁོར་ལོའི་བཀའ་བབས་ལ༴ ཁྲི་སྲོང་རྣམ་རོལ་ཐུགས་གཏེར་ཟབ་མོའི་བདག །རྟ་མགྲིན་དབང་གི་རྒྱལ་པོ་ནུས་ལྡན་རྩལ། །སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་ས་བཅུའི་དབང། །པདྨ་ཉིན་བྱེད་དབང་པོ་ལ༴ དབུ་གཡོར་གཞུང་དུ་ཆོས་རྒྱལ་ཁུ་དབོན་སྤྲུལ། །སྒྲུབ་པའི་འབྲས་ཐོབ་འཁོར་འདས་ཆོས་སྐུར་རྫོགས། །ཐུགས་ཏིག་ཕྲིན་ལས་ཡངས་པའི་ཁྱོན་ཀུན་ཁྱབ། །ཀློང་ཆེན་ནམ་མཁའི་རྣལ་འབྱོར་ལ༴ ཤར་ཕྱོགས་འོད་ཟེར་མིང་ཅན་སྤྲུལ་པའི་སྐུ། །རྣལ་འབྱོར་བཞི་བཅས་གུ་རུའི་རྡོ་རྗེའི་ལུང་། །ཇི་བཞིན་དོན་མཛད་མུ་རུབ་ཡེ་ཤེས་འཕྲུལ། །གྲུབ་དབང་བྱང་ཆུབ་རྡོ་རྗེ་ལ༴ དབྱིངས་ཕྱུག་མཚོ་རྒྱལ་རྣམ་རོལ་དཔལ་རི་བ། །མཆོག་གྲུབ་པདྨ་ཆོས་འབྱོར་རྒྱ་མཚོ་དང་། །གཏེར་བདག་གླིང་དང་རྒྱུད་གཅིག་ཚུལ་ཐ་དད། །མཐུ་ལྡན་པདྨ་དགྱེས་པ་ལ༴ ཀླུ་ཡི་རྒྱལ་མཚན་ཨཱརྻ་ས་ལེ་ཡ། །སྨོན་ལམ་གཅིག་བསྡུས་བསྟན་འཛིན་ཕྲིན་ལས་ཞབས། །བཻ་རོས་བྱིན་བརླབས་དཔལ་ལྡན་དཔའ་བོ་མཆོག །གར་དབང་འགྲོ་འདུལ་རྒྱལ་པོ་ལ༴ ཡང་ཟབ་རྩ་གསུམ་ཀུན་འདུས་གདམས་སྲོལ་འབྱེད། །ནེ་རིང་ཆོས་རྗེ་ངག་དབང་མཚན་ཅན་དང་། །རྡོ་རྗེ་རྩེ་མོའི་དགོངས་པའི་རྩལ་ཆེན་རྫོགས། །མི་འགྱུར་ནམ་མཁའི་རྡོ་རྗེ་ལ༴ ཕྱོགས་བཞི་དབུས་ལྔ་གཏེར་རིགས་བཅོ་བརྒྱད་སོགས། །ཕྱི་ནང་གསང་བའི་གཏེར་ལ་ལོངས་སྤྱོད་པའི། །ལས་འཕྲོ་གཏེར་བརྒྱུད་གུ་རུའི་ཕྲིན་ལས་པ། །ཚད་མར་གྱུར་པ་ཀུན་ལ་གསོལ་བ་འདེབས། །སྔོན་ཆད་བྱོན་དང་ད་ལྟར་འགྲོ་དོན་མཛད། །སླད་མར་བྱམས་པའི་བསྟན་ལ་ཐུག་གི་བར། །ཡུལ་ཆེན་གཏེར་ཆེན་ཡུལ་ཕྲན་གཏེར་ཕྲན་རེས། །དོན་མཛད་ལུང་བསྟན་བརྙེས་རྣམས་ལ་གསོལ་བ་འདེབས། །བསྟན་ཞབས་གཏེར་སྐྱོང་རྡོ་རྗེའི་ལུང་བཞིན་དུ། །གཡོ་མེད་བསྒྲུུབས་ནས་བསྟན་འགྲོར་ཕན་བདེ་སྤེལ། །གུ་རུའི་དགོངས་པ་སྐོང་ནུས་སྐྱེས་བུ་མཆོག །རིག་འཛིན་གྲུབ་པའི་ཚོགས་ལ་གསོལ་བ་འདེབས། །དད་གུས་མོས་པས་རྩེ་གཅིག་གསོལ་བཏབ་མཐུས། །གསང་གསུམ་བྱིན་རླབས་བདུད་རྩིས་བདག་རྒྱུད་སྨིན། །ཟབ་ཆོས་ཤིང་རྟ་འདྲེན་པའི་མཐུ་ཐོབ་ནས། །གསང་བསྟན་ཉི་མས་འཇིག་རྟེན་མཛེས་བྱེད་ཤོག །སྒྲུབ་ལ་གེགས་མེད་རིམ་གཉིས་མཐའ་རུ་ཕྱིན། །ཚེ་འདིར་རིག་འཛིན་རྣམ་བཞིའི་གསེང་ལམ་བགྲོད། །པདྨ་འོད་དུ་ཚོམ་བུ་གཅིག་འདུས་ནས། །བདེ་བ་ཆེ་དང་དབྱེར་མེད་བྱང་ཆུབ་ཤོག །དུས་གསུམ་རིག་འཛིན་རྩལ་འཆང་ཇི་སྙེད་པའི། །ཕྲིན་ལས་བདག་ཉིད་ཁོ་ནས་འགྲུབ་པ་ཡི། །མཁྱེན་རྟོགས་ནུས་པའི་གཟི་བརྗིད་ཟླ་མེད་པས། །མཁའ་ཁྱབ་འགྲོ་ཀུན་བདེ་བླག་འདྲེན་ནུས་ཤོག །སྙིགས་དུས་རྒུད་པ་མཐའ་དག་དབྱིངས་སུ་ཞི། །འཇིག་རྟེན་བདེ་ཞིང་དགེ་བཅུའི་དཔལ་ལ་སྤྱོད། །བསྟན་པ་རིན་ཆེན་ས་སྟེང་ཀུན་ཁྱབ་པའི། །ཕུན་ཚོགས་བཀྲ་ཤིས་འཕེལ་རྒྱས་བརྟན་གྱུར་ཅིག །ཅེས་རྒྱལ་དབང་པདྨཱ་ཀ་རའི་ཕྲིན་ལས་ཀྱི་གཙོ་བོ་རྡོ་རྗེའི་གསུང་གི་གསང་བ་ཟབ་མོ་རིན་ཆེན་གཏེར་གྱི་མཛོད་ཆེན་པོ་རྩོལ་བས་སྒྲུབ་པའི་སྐབས་སུ། གཏེར་འབྱུང་གི་རིགས་དང་སོ་སོའི་རྣམ་ཐར་ལས་བྱུང་བ་དང་། གཙོ་བོ་ཁྱབ་བདག་མཚོ་སྐྱེས་རྡོ་རྗེ་དང་ཞལ་མི་གཉིས་པ་ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་ཀྱི་ཞལ་ལུང་ལ་གཞིར་བྱས། །བྱང་བདག་གིས་མཛད་པའི་མཚན་ཡོངས་བསྡམས། བདུད་འདུལ་དང་གནམ་ཆོས་སོགས་ཀྱིས་མཛད་པའི་གཏེར་བརྒྱའི་གསོལ་འདེབས་ལས་མཚན་ཐོ་བྱུང་བས་ཀྱང་ཁ་བསྐངས་ཏེ། པདྨའི་སྔགས་རིག་འཛིན་པ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་དེ་བཱི་ཀོ་ཊཱིའི་དབེན་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་བ་དགེ་ལེགས་འཕེལ།། །།
གནམ་ཆོས་ཐུགས་གཏེར་ལས་འཇམ་དཔལ་ནཱ་ག་རཀྴའི་སྒྲུབ་ཐབས་ལས་ཚོགས་ (Volume 19, Text 7)
༁ྃ༔ གནམ་ཆོས་ཐུགས་གཏེར་ལས་འཇམ་དཔལ་ནཱ་ག་རཀྴའི་སྒྲུབ་ཐབས་ལས་ཚོགས་བཞུགས་སོ༔ ༔ ྈྈྈ ན་མོ་མཉྫུ་ཤྲཱི་ཛྙཱ་ན་སཏྭ་ཡ༔ འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ༔ ནཱ་ག་རཀྴ་སྒྲུབ་པ་ནི༔ རང་ཉིད་ནཱ་ག་རཀྴ་ནི༔ ཞལ་གཅིག་ཕྱག་བཞི་ཁྲོ་བོའི་གཟུགས༔ དང་པོ་གཉིས་ཀྱིས་གྲི་ཐོད་འཛིན༔ དེ་འོག་རལ་གྲི་སྦྲུལ་ཞགས་འཛིན༔ སྦྲུལ་མགོ་བདུན་བརྒྱན་དེ་སྟེང་དུ༔ ཁྱུང་གི་མགོ་དང་གཤོག་པས་བརྒྱན༔ སྐུ་མདོག་ནམ་མཁའི་མདོག་ལྟ་བུ༔ སྐུ་སྨད་སྦྲུལ་གྱི་མཇུག་མ་ལ༔ སྐུ་སྟོད་ཁྲོ་བོའི་ཆ་བྱད་ཅན༔ དེ་ལྟར་བསྒོམས་ལ་སྔགས་འདི་བཟླས༔ ཨོཾ་ནཱ་ག་རཱ་ཙ་ཕེ་ལཾ་ཧཱུྃ༔ དེ་ཡིས་ནཱ་ག་རཀྴ་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ཤམ་ྈ༔ ༁ྃ༔ གནམ་ཆོས་ལས་ནཱ་ག་རཀྴའི་དགྲ་ཟློག་བཞུགས་སོ༔ ནཱ་ག་རཀྴའི་དགྲ་ཟློག་ནི༔ དམིགས་པ་འདི་ལྟར་བྱ༔ རང་གིས་ཐུ་རུའམ༔ དབྱུག་པ་ལ་སོགས་གང་འདོད་བཟོས༔ མཚམས་བཞི་དང་བཅས་བརྒྱད་བཙུགས་སོ༔ ཕྱོགས་བཞིར་རྒྱལ་ཆེན་བཞི་བསྒོམས་ཏེ༔ ཤར་དུ་རྒྱལ་ཆེན་ཡུལ་འཁོར་སྲུང༔ དཀར་པོ་དུང་གི་ཁྲབ་རྨོག་ཅན༔ ལག་གཉིས་པི་ཝཾ་རབ་ཏུ་སྒྲོག༔ ལྷོ་རུ་རྒྱལ་ཆེན་འཕགས་སྐྱེས་པོ༔ སྔོན་པོ་གཡུ་ཡི་ཁྲབ་རྨོག་ཅན༔ གཤིན་རྗེའི་རལ་གྲིའི་ཡུ་བ་བཅངས༔ ནུབ་ཏུ་རྒྱལ་ཆེན་སྤྱན་མི་བཟང༔ དམར་པོ་བྱེ་རུའི་ཁྲབ་རྨོག་ཅན༔ ཕྱག་གཉིས་སྦྲུལ་ཞགས་རབ་ཏུ་བཅངས༔ བྱང་དུ་རྒྱལ་ཆེན་རྣམ་ཐོས་སྲས༔ སེར་པོ་སྤོས་ཤེལ་ཁྲབ་རྨོག་ཅན༔ ཕྱག་གཉིས་གསེར་གྱི་ནེའུ་ལེ་འཛིན༔ མཚམས་བཞིར་རྭ་ཅན་བཞི་བསྒོམས་ཏེ༔ ཤར་ལྷོར་རྭ་ཅན་རྒྱ་གྱོག་ནི༔ སྐུ་མདོག་དཀར་པོ་དངུལ་བེར་གསོལ༔ དབུ་ནི་སྐད་ཆེན་འབྲུག་གི་མགོ༔ ཁ་ཁུག་གཉིས་ནས་ཐོག་སེར་འབེབ༔ མེ་ཡི་ཕུང་པོའི་དཀྱིལ་ན་བཞུགས༔ ཕྱག་གཉིས་དངུལ་གྱི་མདའ་གཞུ་བཀང༔ དངུལ་འབྲུག་དཀར་པོའི་སྟེང་ན་བཞུགས༔ དངུལ་གྱི་ཕོ་ཉ་བདུན་བརྒྱ་འགྱེད༔ ཁྲོ་བོའི་ཞལ་ལ་འབྲུག་གི་རྭ༔ ཐམས་ཅད་ཕྱག་གཉིས་དངུལ་མདའ་བཀང༔ ལྷོ་ནུབ་རྭ་ཆེན་བྷི་ཧུ་ར༔ མ་ཧེ་གླང་གི་མགོ་བོ་ཅན༔ སྐུ་ལ་གསེར་གྱི་བེར་ཆེན་གསོལ༔ ཕྱག་གཉིས་གསེར་གྱི་རལ་གྲི་འཛིན༔ གསེར་གླང་སེར་པོའི་སྟེང་ན་བཞུགས༔ ཁ་ཁུག་གཉིས་ནས་ཐོག་སེར་འབེབ༔ བསྐལ་པའི་མེ་དཔུང་དཀྱིལ་ན་བཞུགས༔ གསེར་གྱི་ཕོ་ཉ་བདུན་བརྒྱ་འགྱེད༔ ཁྲོ་བོའི་ཞལ་ལ་མ་ཧེའི་རྭ༔ ཐམས་ཅད་ཕྱག་ན་རལ་གྲི་འཛིན༔ ནུབ་བྱང་རྭ་ཅན་འབིགས་འབིགས་སྒྱེས༔ གནམ་རྟའི་མགོ་ཅན་ལྕགས་ཁྲབ་ཅན༔ མེ་དཔུང་ཆེན་པོའི་དབུས་ན་བཞུགས༔ ཕྱག་གཉིས་ལྕགས་ཀྱི་གཏུན་ཤིང་འཛིན༔ ཁ་ཁུག་གཉིས་ནས་ཐོག་སེར་འབེབ༔ ལྕགས་ཀྱི་གནམ་རྟ་གྱི་ལིང་ཞོན༔ ལྕགས་ཀྱི་ཕོ་ཉ་བདུན་བརྒྱ་འགྱེད༔ ཁྲོ་བོའི་ཞལ་ལ་གནམ་རྟའི་རྭ༔ ཐམས་ཅད་ཕྱག་ན་གཏུན་ཤིང་འཛིན༔ བྱང་ཤར་རྭ་ཅན་སྡིག་སྡིག་འགོམ༔ འབྲོང་གཡག་དབུ་ལ་མར་གད་ཁྲབ༔ གཡས་གཡོན་མར་གད་མདུང་དར་འཛིན༔ མེ་དཔུང་ཆེན་པོའི་ཀློང་ན་བཞུགས༔ ཁ་ཁུག་གཉིས་ནས་ཐོག་སེར་འབེབ༔ མར་གད་འབྲོང་གཡག་ཆིབས་སུ་འཆིབ༔ མར་གད་ཕོ་ཉ་བདུན་བརྒྱ་འགྱེད༔ ཁྲོ་བོའི་ཞལ་ལ་འབྲོང་གི་རྭ༔ ཐམས་ཅད་ཕྱག་ན་མདུང་དར་འཛིན༔ དེ་ཡི་ཕྱི་ནི་རྡོར་ར་དང༔ དེ་ཕྱིར་མེ་རིས་རབ་ཏུ་བསྐོར༔ རྩ་སྔགས་མཇུག་ཏུ་དགྲ་བོ་སཏྭམྦྷ་ཡ་ནན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ་ཁ་ཐཾ༔ ༁ྃ༔ གནམ་ཆོས་ཐུགས་གཏེར་ལས་པགས་ནད་བཅོས་པ་བཞུགས་སོ༔ པགས་ནད་བཅོས་པའི་གདམས་པ་ནི༔ སྲུང་སྐུད་གཅིག་ལ་སྔགས་འདེབས་ནས༔ མགུལ་བཏགས་དེ་ལ་རྫས་རྣམས་བྱུག༔ རྩ་སྔགས་མཇུག་ཏུ༔ ཀང་ཀང་ཀིང་ཀིང་ཤ་གཏུབ༔ ཏྲུཾ་ཏྲུཾ་འབྲེ་འབྲེ་མུ་ཀང་མ་ཀང༔ ཏ་ཡ་ན་ཡ༔ པ་ཏི་པ་ཡ༔ པ་ཏི་པ་ཡ༔ མ་ར་མ་ར༔ གྷིར་ཇ་གྷིར་ཇ༔ ཤ་ཏྲུཾ་ཤ་ཏྲུཾ༔ ཕཊ་ཕཊ་སྭཱ་ཧཱ༔ ཐར་ནུ་ཚྭ་དང་བྱེ་མ་དང༔ ཏིལ་དང་ནས་ཕྱེ་རྫས་རྣམས་ནི༔ སྲུང་སྐུད་དེ་ལ་བྱུགས་ནས་བཏགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ༁ྃ༔ གནམ་ཆོས་ཐུགས་གཏེར་ལས་ནཱ་ག་རཀྴའི་མཛེ་བཅོས་གདམས་པ་ཡོད༔ དེ་ནས་མཛེ་བཅོས་གདམས་པ་ནི༔ ལྟེ་བ་ནང་ནས་རིམ་བཞིན་དུ༔ ཀང་ཀང་ནས་བཟུང་བྲི་བར་བྱ༔ རྩིབས་བཞི་མཆན་བཞི་འདབ་བཞི་ལ༔ ཀང་ཀང་ཏྲུཾ་ཏྲུཾ་མུ་མ་ཀང༔ ཏཿན་པ་ཡ་ཕཊཿརྣམས་བྲི༔ དེ་ནས་ཕྱི་རུ་རིམ་བཞིན་དུ༔ གཏུབ་ནས་བཟུང་སྟེ་བྲི་བར་བྱ༔ གཏུབ་གཏུབ་མྲོག་མྲོག༔ ཤ་ཤུ་ཡ་ཤ་ཏྲུཾ༔ ཏྱ་ཧཱུྃ་ཧྱ་ཏྲུཾ་ཏྲུཾ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ བར་ནས་ཡར་མར་རིམ་བཞིན་དུ༔ ཕེ་ཧཱུྃ་ནས་བཟུང་བྲི་བར་བྱ༔ ཕེ་ཕེ་ཡཾ་ཡཾ་ནཱ་ག་རཱ་ཙ་ཕེ་ལཾ་ཧཱུྃ༔ ༈ ཧཱུྃ་ཧཱུྃ་ཏཱ་ག་ན་མ༔ ཧཱུྃ་ཏྲུཾ་ཕེ་ལཾ་ཧཱུྃ༔ ཨི་ཤ་ཨི་ཤ་ཨིག་ཤ་ཨིག་ཤ༔ ཧཱུྃ་ཧཱུྃ་ཕཊ་ཕཊ༔ དེ་ནས་འདི་ཉིད་ཅི་ཐོན་བཟླ༔ ཨོཾ་ནཱ་ག་རཱ་ཙ་ཕེ་ལཾ་ཧཱུྃ༔ ནཱ་ག་རཀྴ་ནཱ་ག་རཀྴ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ༁ྃ༔ གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ཀླུ་ནད་ཀུན་ཐུབ་ཀྱི་འཁོར་ལོ་འོ༔ ཀླུ་ནད་ཀུན་ཐུབ་འཁོར་ལོ་ནི༔ ལྟེ་བ་ནང་དུ་གཟུགས་བརྙན་བྲི༔ ཕྱི་ནས་ཕྱི་རུ་སྔགས་འདི་བྲི༔ དེ་ཡི་ཕྱི་རུ་གཟུགས་བརྙན་བྲི༔ ཨོཾ་ནཱ་ག་རཱ་ཙ་ཕེ་ལཾ་ཧཱུྃ༔ ཕེ་ལཾ་ཕེ་ལཾ་ན་མ་ཧཱུྃ༔ ནཱ་ག་ནཱ་གི་ཕཊ་ཕཊ༔ ནཱ་ག་རཀྴ་མ་མ་ནཱ་ག་རཀྴ༔ གཟུགས་བརྙན་ནང་དུ་ཕེ་ཧཱུྃ་བྲིས༔ བར་ནས་ཕྱིར་ཕྱིར་སྔགས་འདི་བྲི༔ ནཱ་ག་རཱ་ཙ་ཕེ་ལཾ་ཧཱུྃ༔ ཕེ་ཕེ་ན་ཧཱུྃ༔ ནཱ་ནཱ་ཕཊ༔ ནཱ་ག་རཀྴ་ཧཱུྃ་སྭཱ་ཧཱ༔ དེ་ནས་ནང་དུ་རིམ་བཞིན་དུ༔ རྟ་ལུག་སྤྲེལ་ནས་དཔེའུ་རིས་བྲི༔ བར་མཚམས་ཐམས་ཅད་རྡོ་རྗེས་གཅོད༔ རྟ་ལུག་སྤྲེལ་སྦྲུལ་ཁྱི་བྱི་ལ༔ བོང་བུ་རྟ་དང་རྔ་མོ་དང༔ འབུ་སྲིན་གླ་བ་རྒྱ་ཚས་བྲི༔ དེ་ནས་དེ་ཉིད་མགུལ་དུ་བཏགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ༁ྃ༔ གནས་ཆོས་བད་ཀན་མིད་གཅུས་སྲུང་འཁོར་ཡོད༔ བད་ཀན་མིད་གཅུས་སྲུང་འཁོར་ནི༔ ལྟེ་བ་ནང་ནས་རྩིབས་ཀྱི་བར༔ ཧཱུྃ་ཧཱུྃ་ཕེ་ཕེ་ཏྲུཾ༔་་་ནས་བཟུང༔ སྔགས་རྣམས་ཐམས་ཅད་བྲི་བར་བྱ༔ ཧཱུྃ་ཧཱུྃ་ཕེ་ཏ་ག་ཡ་ན༔ ཕེ་ལཾ་ཧཱུྃ་ཧཱུྃ༔ ༈ ཕེ་ཕེ་ཕེ་ལཾ་ཧཱུྃ༔ ནཱ་ག་རཱ་ཙ་ཤ་ལཾ་མ༔ ཨོཾ་སཾ་སྭཱ་ཧཱ༔ ༈ ཏྲུཾ་ནཱ་ག་རཱ་ཙ་ནཱ་ག་རཀྴ༔ ཧ་ཧ་ཧཱུྃ༔ དེ་ནས་མེ་ནང་མཚོན་ཆ་འབར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ༁ྃ༔ གནམ་ཆོས་དྲེག་ནད་སྲུང་འཁོར་བཞུགས་ལགས༔ དེ་ནས་དྲེག་ནད་སྲུང་འཁོར་ནི༔ ལྟེ་བ་ནང་ནས་ཕྱི་རུ་འཇུག༔ ཕྱི་ནས་ནང་དུ་ཕེཾ་སོགས་བྲི༔ ལྟེ་ནང་ཧཱུྃ་དང་ཕེཾ་ཕེཾ་ཨོཾ༔ ཧ་མུ་ཀ་ཁང་མ་རེ་ནི༔ ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ༁ྃྃ༔ གནམ་ཆོས་ལས་གྲུམ་བུའི་སྲུང་འཁོར་ཛ་ཧཱ་ར༔ དེ་ནས་གྲུམ་བུའི་སྲུང་འཁོར་ནི༔ ལྟེ་བ་ནང་ནས་མེ་འབར་དུ༔ ཨོཾ་སྣང་ཧཱུྃ་ཏི་ནས་བཟུང་བྲི༔ ཨོཾ་ཡ་མ་ཡ་ཀང༔ ནཱ་ག་རཱ་ཙ༔ ནཱ་ག་རཀྴ༔ ཨོཾ་ཨོཾ་ཕེ་ལཾ་ཧཱུྃ༔ ༈ སྣང་ང་ཏ་ཡ་སྣང་ང་ཏ་ཡ༔ མ་རཾ་མ་རཾ་ནཾ་ནཾ་ནཱ་ག་རཱ་ཙ༔ ནཱ་ག་རཀྴ་ཕེ་ལཾ་ཧཱུྃ༔ ༈ ཧཱུྃ་ཧཱུྃ་ཆོམ་ཆོམ༔ ཧཱུྃ་ཧཱུྃ་ལཾ་ཧཱུྃ༔ ཕེ་ལཾ་ཧཱུྃ༔ རཀྴ་ཧཱུྃ༔ ནཱ་ག་རཀྴ་ཧཱུྃ༔ ༈ ཏི་ཡཾ་མ་མ་ར་ག་ར༔ མ་རཾ་དྷ་ན༔ ཧ་ཧ་ཏ་ར་གྷ་ཡ་སྭསྟི༔ ཅེས་བྲི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ༁ྃ༔ གནམ་ཆོས་ཐུགས་གཏེར་ལས་བད་ཀན་ཕོ་གཅུས་སྲུང་འཁོར་སྣང༔ བད་ཀན་ཕོ་གཅུས་སྲུང་འཁོར་ནི༔ ལྟེ་བ་ནང་ནས་ཕྱི་རུ་ཡིན༔ ཕྱི་ནས་ནང་འཇུ་སྔགས་རྣམས་བྲི༔ ཨོཾ་ཏཾ་ཀཾ་ཡཾ་རི་ཏ་ཧཱུྃ༔ དེ་ནས་སྔགས་རང་འདི་ཡིན་ནོ༔ ཨོཾ་སབ་སབ་ནབ་ཏ་ཧཱུྃ༔ ༈ ཏཱཾ་ཀ་ཏཱཾ་ཀ་སྭཱ་ཧཱ༔ ཐཾ་ཐཾ་ནཾ་ཀ་ཏ་མ་སྭཱ་ཧཱ༔ ད་ན་ཡེ་སྭཱ་ཧཱ༔ པར་འཇུ་ཡེ་སྭཱ་ཧཱ༔ ༈ ཀཾ་ཀཾ་མཁའ་གར་ཡེ་སྭཱ་ཧཱ༔ ངབ་ཏི་ངབ་ཏི་ཡེ་སྭཱ་ཧཱ༔ ཅ་ཆོ་ཇ་ཡེ་སྭཱ་ཧཱ༔ ན་མ་ཧ་ཏ་ཧ་ཏ་ཡེ་ཧ་ཏ༔ ༈ ཡཾ་ཏ་ཏ་ན་ཧཱུྃ༔ གོར་ཀེ་གོར་ཀེ་སྭཱ་ཧཱ༔ མ་ཏ་ཡེ་ཁུ་དུང་མ་ཏ་ཡེ་ཁུ་དུང༔ ཧོ་རེ་ནེ་ཧོ་རེ་ནེ་སྭཱ་ཧཱ༔༈ རི་ག་ཏ་ན་ཨོཾ་ཨཱཿཧཱུྃ་མར་གོ་ཏི་ཏི་ཡེ་སྭཱ་ཧཱ༔ ཧ་ཧཱ༔ ༈ ཏ་ཏ་ཧཱུྃ༔ མ་ར་མ་ར༔ འགི་འགིས་ཧ་ཧ་ཧཱ་ཧཱ་སྭཱ་ཧཱ༔ མར་ཏ་ག་ན༔ འ་ན་འ་ན༔ ཧ་ཧཱ༔ ནཱ་ག་རཱ་ཙ༔ ནཱ་ག་རཀྴ༔ ༈ ཧཱུྃ་མ་ཧཱུྃ༔ སབ་ཏ་ཧཱུྃ་ཧཱུྃ༔ མར་གི་ཏ་ན༔ མ་ཏ་ཡ༔ མ་ཏ་ཡ༔ ན་མ་ཏ་ཀ་ཧཱུྃ༔ ཧཱུྃ་ཧཱུྃ་ཏ་ཧཱུྃ༔ མར་ཏ་མ༔ ཞེས་བྲི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ༁ྃ༔ གནམ་ཆོས་ལས་མཁྲིས་པའི་སྲུང་འཁོར་བཞུགས་སོ༔ དེ་ནས་མཁྲིས་པའི་སྲུང་འཁོར་ནི༔ ལྟེ་བ་ནས་ནི་འདབ་ལ་འཇུ༔ འདབ་ནས་བར་གྱི་རྩིབས་ལ་འཇུ༔ རྩིབས་ནས་ཕྱིར་འཇུ་ནང་དུ་འཇུ༔ ཨོཾ་ཏྲཾ་ཀང་ཏཾ་ཞེས་སོགས་བྲི༔ ཨོཾ་ཡ་ཡ་ཕཊ༔ ༈ ཏྲཾ་ན་ཧུ་མིར་ཏ་ཏ་ཀི་ན༔ ༈ ཀཾ་ཀཾ་མ་ས་ཡ་མ་ས་ཡ༔ ཀཾ་པ་ཀཾ་པ་མེ་མི་ཧཱུྃ་ཕཊ༔ ༈ ཏཾ་ཏཾ་ཏཾ་ཁོ་ཧེ་ན་ཁོ་ཧེ༔ མ་ར་ཏ་སཏྭཾ༔ ཧ་ཧེ་ན་ཧཱུྃ་ཕཊ༔ ཅེས་བྲི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ༁ྃ༔ གནམ་ཆོས་ཐུགས་གཏེར་ལས་ནཱ་ག་རཀྴའི་གཏད་བཟློག་འཁོར་ལོ་ཡོད༔ ནཱ་ག་རཀྴའི་གཏད་ཟློག་ནི༔ ལྟེ་བ་ནས་ནི་ཕྱི་རུ་འཇུ༔ ཕྱི་ནས་ནང་གི་རྩིབས་ལ་འཇུ༔ དེ་ནས་ཕྱི་ཡི་རྩིབས་ལ་འཇུ༔ དེ་ནས་ནང་འཇུག་སྔགས་འདི་བྲི༔ ཧཱུྃ༔ ༈ ཡབ་ཏ་ཡབ་ཏ༔ མར་ཏ་མར་ཏ༔ ཧོ་ཏ་ཧོ་ཏ༔ ཁུ་ཐུཾ་སྭཱ་ཧཱ༔ ༈ མ་ཧོ་གྱ་གུ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ ༈ ཨོཾ་ཆབ་ཏི་ཆབ་ཏི༔ ཕེ་ལཾ་ཧཱུྃ༔ ཕེ་ལཾ་ཧཱུྃ༔ ཡར་ག་ཏ་ཐ་ན་སྭཱ་ཧཱ༔ ༈ ཡར་ག་ཏ་ཐ་ན་སྭཱ་ཧཱ༔ ཧ་མུ་ཀཾ་ཧ་ཧཱ་སྭཱ་ཧཱ༔ ཞེས་བྲིས་ལ་བཏགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ༁ྃ༔ གནམ་ཆོས་ནཱ་ག་རཀྴའི་སྐོར་ལས་ངག་མནན་བཀྲོལ་བའི་འཁོར་ལོ་བཞུགས་སོ༔ དེ་ནས་ངག་མནན་བཀྲོལ་བ་ནི༔ ལྟེ་བ་ནས་ནི་ཕྱི་རུ་འཇུ༔ ཕྱི་ནས་ནང་འཇུ་ཕྱི་རུ་འཇུ༔ ཨོཾ་ཡབ་ཡབ་ཏ་མན་ཏ་མན༔ ཏ་ལན་ཏ་ལན༔ ཏ་ཀ་ནཱ་ག་རཱ་ཙ༔ ནཱ་ག་རཀྴ༔ ནཱ་ག་ནཱ་ག་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ༈ ཧ་ཧཱུྃ་ཕཊ་ཕཊ༔ མི་རི་མི་རི༔ ཏ་འགོང་ཏ་འགོང༔ ཧོ་ཧེ་ཧོ་ཧེ༔ ཅེག་ཙོག་ཙོག་ཙོག༔ ཁ་ཐ་ཁ་ཐ་ཧཱུྃ་ཕཊ༔ ༈ ཡ་མ་ཡ་མ༔ ཏ་དྷུ་ཏ་དྷུ༔ ཙོག་ཙོག་ཧོ་ཧོ༔ མཐུ་མཐུ་མཐུ་མཐུ༔ ཧ་ཧོ་ཧེ་ཧེ༔ ཞེས་བྲིས་ལ་བཏགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ༁ྃ༔ གནམ་ཆོས་ནཱ་ག་རཀྴའི་སྐོར་ལས་ཤུ་བ་དང་རྒྱ་ཐོར་གྱི་བཅོས་ཚན་གཉིས་འདུག༔ དེ་ནས་ཤུ་བ་བཅོས་པ་ནི༔ རྩ་སྔགས་ཤམ་བུར༔ ནཱ་ག་རཱ་ཙ་ཕཊ་ཕཊ༔ ཅེས་སྔགས་ས་མ་ཡ་རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཁ་ཐཾ༔ ༁ྃ༔ རྒྱ་ཐོར་སྔགས་ནི༔ རྩ་སྔགས་མཇུག་ཏུ༔ ཏྲཾ་ཏྲཾ་རྒྱ་བཙུན་མོ་རི་ཤི་ཁྱོད༔ ཡར་ཀ་མན་སྭཱ་ཧཱ༔ རྒྱ་ནས་འཁྱམས་པའི་ནད་ཡམས་ཁྱོད༔ མཐའ་ནས་སྐོམས་མཇུག་ནས་སྡུས་ཀི་ཀི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ་ཁ་ཐཾ༔ ཤམ་ྈ༔ རྱ་རྱ྾༔ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་མེ་སྤྲེལ་ཁྲུམ་ཟླ་ཕྱི་མའི་ཉེར་དགུ་ནུབ་ནཱ་ག་རཀྴ་ཆ་ལུགས་མངོན་རྟོགས་དང་མཐུན་པ་གཅིག་ཞལ་གཟིགས་དུས་སྒྲུབ་སྐོར་དཔེའུ་རིས་ཞལ་ཁྲིད་དང་བཅས་པ་དངོས་སུ་གསུངས་པའོ༔ མངྒ་ལཾ༔ ༁ྃ༔ གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་ནཱ་ག་རཀྴའི་ཞལ་གདམས་ཡོད༔ ནཱ་ག་རཀྴའི་ཞལ་ཁྲིད་ལ༔ གཤོག་པ་སྐུ་སྟོད་ལ་སྣང༔ གདན་པད་ཟླའོ༔ སྐུ་ལ་སྤྱན་དང་ལྟོ་བར་ཞལ་སོགས་མི་སྣང༔ ཐུགས་ཀར་པདྨའི་ལྟེ་བ་གྲོག་རྐེད་ལ་ཕེ་ཧཱུྃ་གཉིས༔ འདབ་མ་བརྒྱད་ལ་སྔགས་ཡིག་འབྲུ་བརྒྱད་བསྒོམ༔ སྐུ་ལ་ནི་རིན་པོ་ཆེའི་རྒྱན་ནོ༔ བདག་མདུན་གཉིས་བྱེད་ན་དུས་གཅིག་བསྒོམ༔ དྲན་རྫོགས་སྤྱན་འདྲེན་མེད༔ གཏོར་མ་ལ་ཤ་ཁྲག་དགོས་སོ༔ བུམ་ཆོག་དང་ཁྲུས་བྱ་བ་གཞན་དང་འདྲ༔ སྔགས་གྲངས་མེད་པས་རྒྱུན་བསྙེན་རུང་ངོ༔ ༈ དགྲ་བཟློག་ལ་རང་འདི་བསྒོམ་མེད༔ སྔགས་ནི་ནཱ་ག་རཀྴའི་སྔགས་དེའོ༔ ༈ མཛེ་བཅོས་པ་ལ་དབང་ལུང་བྱ༔ ཐ་ནའང་ལུང་མེད་མི་རུང༔ སྔགས་བཟླ་བཅུག༔ གྲངས་ཀ་ནི་མེད་དོ༔ འཁོར་ལོ་རྣམས་བྲིས་ཏེ་བཏགས་པས་ཆོག༔ ༈ ཤུ་བ་རྒྱ་ཐོར་གཉིས་མར་རམ་ས་སྔགས་བྱུག་གོ༔ ས་མ་ཡ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པའང་ནཱ་ག་རཀྴ་ཉིད་ཀྱིས་གསུངས་པའོ༔ མངྒ་ལཾ། འདིའི་དབང་གཟུངས་དབང་ལྟར་རོ།། །།
སྨན་རྒྱལ་གཡུ་ཐོག་པ་ཆེན་པོའི་ཐུགས་ཏིག་བླ་མ་སྒྲུབ་པའི་དོན་དབང་མདོར་བསྡུས་བཀླག་ཆོག་ཏུ་བཀོད་པ་བྱིན་རླབས་བདུད་རྩིའི་བུམ་བཟང་ (Volume 29, Text 7)
༄༅། །སྨན་རྒྱལ་གཡུ་ཐོག་པ་ཆེན་པོའི་ཐུགས་ཏིག་བླ་མ་སྒྲུབ་པའི་དོན་དབང་མདོར་བསྡུས་བཀླག་ཆོག་ཏུ་བཀོད་པ་བྱིན་རླབས་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་གུ་ཎ་ནཱ་ཐཱ་ཡ། སྨོན་ལམ་བཅུ་གཉིས་གྲུབ་པས་ལུས་ཅན་ཀུན། །འཚོ་མཛད་བཻ་ཌཱུའི་མདངས་འཛིན་བཅོམ་ལྡན་འདས། །དབྱེར་མེད་རྗེ་བཙུན་གུ་ཎའི་ཞབས་པད་ལ། །སྒོ་གསུམ་གུས་པས་འདུད་དོ་བྱིན་གྱིས་རློབས། །སྨིན་བྱེད་རྒྱས་པའི་དོན་འདུས་ཤིང་། །ཤེས་བརྩོན་དམན་རྣམས་འཇུག་པར་སླ། །སྤྲོས་པ་ཆུང་བས་ཁྱེར་བདེ་བ། །དྲིལ་དབང་མཐོང་ཤེས་འདིར་འགོད་དོ། །དེ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྐུ་བརྙན་སོགས་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་གཙང་མར་མཎྜལ་དྲི་བཟང་གིས་བྱུགས་ཤིང་འབྲུའི་ཚོམ་བུ་གཙོ་འཁོར་ལྔ་བཀོད་པའི་སྟེང་དུ་རིན་པོ་ཆེའི་སྣོད་དུ་འབྲུ་སྣ་སྤོད་སྣ་དཀར་གསུམ་མངར་གསུམ་སྨན་སྣ་ཚོགས་ལས་བྱས་པའི་གཏོར་མ་སྟོད་ཟུར་གསུམ་པ་རིན་ཆེན་འབར་བའི་དབྱིབས་ཅན་པད་འདབ་བཞི་དང་ཚེ་རིལ་གྱིས་བསྐོར་བ། ལོགས་ལ་ཨ་རུ་ར་གསེར་མདོག་གི་གཟུགས་དང་ཟུར་དུ་མེ་རི་རྩེར་ཉི་ཟླ་ནོར་བུ་སྐུ་རྟེན་ཙཀླི་དར་གུར་སྔོན་པོས་སྤྲས་པ་བཀོད། གཡས་སུ་དཀར་གཏོར་རྒྱན་ལྡན་སྨན་སྣ་བླུགས་པ། གཡོན་དུ་དམར་གཏོར་ཟུར་གསུམ་ཤ་ཁྲག་གིས་བརྒྱན་པ། མདུན་དུ་སྨན་རཀ་གཏོར་གསུམ། ཕྱི་མཆོད་རྣམས་བཤམ། སྔོན་གཏོར་ཚོགས་ཀྱི་ཡོ་བྱད་ཆད་བརྟན་སོགས་ལས་བྱང་ལ་མཁོ་བའི་ཡོ་བྱད་རྣམས་དང་། ལས་ཀྱི་བུམ་པ་སོགས་འདུ་བྱས་ལ། སློབ་དཔོན་གྱིས་བརྒྱུད་འདེབས། སྔོན་གཏོར་མཚམས་གཅོད་སོགས་ནས་བརྩམ་ཕྲིན་ལས་མཐར་ཆགས་སུ་བཏང་། བདག་མདུན་དབྱེར་མེད་དུ་བསྐྱེད། བསྟོད་པའི་རྗེས་ཛཔ྄་ཁང་ཕྱེས་ལ་དྲིལ་སྒྲུབ་བཟླས་པ་ཅི་ནུས་དང་དངོས་གྲུབ་བསྡུ་བའི་སྔགས་ཀྱང་ཅུང་ཟད་བཟླ། སྟོང་ཚིགས་ཕུལ། བཀའ་སྲུང་མཆོད་བསྟོད་རྒྱས་བསྡུས་གང་ལྕོགས་བྱ། ལས་བུམ་ལ་འཁྱིལ་པའི་སྔགས་ཀྱིས་བྱིན་བརླབ། རིག་པའི་མེ་ཏོག་དོར་བ་སོགས་བྱའོ། །གཉིས་པ་དངོས་གཞི་ནི། སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་དང་། མེ་ཏོག་བཀྱེ་བསྡུ་བྱ། སེམས་བསྐྱེད་གསལ་བཏབ་ལ། དེའང་བཅོམ་ལྡན་འདས་སྨན་གྱི་བླ་མ་ཉིད་གངས་ཅན་ལྗོངས་འདིར་འགྲོ་འདུལ་སྤྲུལ་པའི་གཟུགས་སུ་སྣང་བ་རྗེ་བཙུན་གཡུ་ཐོག་པ་ཆེན་པོ་ཡོན་ཏན་མགོན་པོ་ཞེས་བྱ་བ། མཁས་པ་དང་གྲུབ་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པས་འཕགས་བོད་ཀུན་ཏུ་ཡོངས་སུ་གྲགས་པའི་ཕྲིན་ལས་ཅན། མཁའ་འགྲོའི་གཙོ་མོ་དཔལ་ལྡན་ཕྲེང་བ་སོགས་ཀྱིས་དངོས་སུ་གདམས་པའི་བཅུད་བསྩལ་པས་ཐུན་མོང་གི་སྣང་ངོར་འཆི་མེད་གྲུབ་པའི་དབང་པོ་མཁའ་ལ་སྤྱོད་པའི་ཚོགས་རྗེར་བསྟན་ནས། འགྲོ་བ་ཀུན་གྱི་ལུས་སྲོག་འཚོ་བའི་རིག་པ་དང་དེའི་ཕྲིན་ལས་གཙོ་བོར་མཛད་པས་ད་ལྟའི་བར་དུ་སྐྱེ་དགུ་མཆོག་དམན་མཐའ་དག་ལ་གནས་སྐབས་མི་འཇིགས་སྲོག་གི་སྦྱིན་པ་སྩོལ་ཞིང་། མཐར་ཐུག་འབྲེལ་ཚད་དག་པའི་ཞིང་ཁམས་བཻ་ཌཱུརྻ་སྣང་དུ་དབུགས་འབྱིན་པའི་སྐྱེས་མཆོག་དམ་པ་དེ་ཉིད་ཀྱིས་ཐུགས་གསང་དཔལ་གྱི་བེའུའི་མཛོད་ནས་ངེས་དོན་སྙིང་ཐིག་ནོར་བུའི་དབྱིག་བཏོན་ཏེ། སྐལ་ལྡན་གྱི་གདུལ་བྱ་ཐུན་མོང་མ་ཡིན་པ་རྣམས་ཚེ་གཅིག་ལུས་གཅིག་གིས་ཟུང་འཇུག་ཆེན་པོའི་རྒྱལ་སར་བགྲོད་པའི་ཆ་རྐྱེན་དུ་བསྩལ་པ་གཡུ་ཐོག་སྙིང་ཐིག་ཏུ་གྲགས་པའི་ཆོས་སྡེ་ལས། སྨིན་བྱེད་བསྡུས་པ་དྲིལ་སྒྲུབ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་རིགས་ཀུན་འདུས་པའི་སྒྲོན་མེ་བསྒྲུབ་པར་བགྱི་བ་ལ་བདག་ཉིད་ཀྱིས་བྱ་བའི་འོས་རྣམས་གྲུབ་པ་ལགས་པས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དོན་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཞིག་འབུལ་བར་ཞུ། ཞེས་མཎྜལ་འབུལ་གཞུག །ཕྱག་སྙིམ་པ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རིགས་ཀྱི་བདག་པོ་རྡོ་རྗེ་འཛིན། །འཁོར་བར་མནར་པ་བདག་ལ་གཟིགས། །བདེ་ཆེན་རྒྱལ་བའི་གྲོང་མཆོག་ཏུ། །དེ་རིང་བདག་ནི་གཞུག་ཏུ་གསོལ། །ལན་གསུམ། རྣམ་གཡེང་རྟོག་པའི་རྦ་རླབས་རྣམས། །ལེགས་པར་བསྡུས་ནས་ཉན་པར་བྱ། །བདེ་གཤེགས་རྣམས་ཀྱི་བྱིན་རླབས་ནི། །ཡིད་གཞན་ཡེངས་ལ་འཇུག་མི་འགྱུར། །སྣོད་ཀྱི་སྐྱོན་གསུམ་དང་དྲི་མ་དྲུག་སྤོངས་ལ་ཡིད་རྩེ་གཅིག་ཏུ་གསན་པར་བྱ་དགོས་སོ། །དེ་ནས་རྒྱུད་སྣོད་རུང་དུ་བྱ་བའི་སླད་དུ། སློབ་དཔོན་དང་མདུན་བསྐྱེད་གཉིས་སུ་མེད་པ་རིགས་འདུས་བླ་མ་སྨན་པའི་རྒྱལ་པོའི་དཀྱིལ་འཁོར་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་སྤྲིན་གཏིབས་པ་ལྟར་བཞུགས་པའི་མདུན་དུ། ཁྱེད་རང་རྣམས་འཁོད་ནས་སྡིག་པ་བཤགས་པར་བགྱིའོ་སྙམ་པའི་འདུན་པ་དང་ལྡན་པས་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །སློབ་དཔོན་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །ཐོག་མ་མེད་ནས་ད་ལྟའི་བར། །ལུས་དང་ངག་དང་ཡིད་གསུམ་གྱིས། །སྡིག་པ་མི་དགེ་གང་བྱས་པ། །གནོང་ཞིང་འགྱོད་པའི་སེམས་ཀྱིས་སུ། །སྙིང་ནས་ཁྱོད་ཀྱི་སྤྱན་སྔར་བཤགས། །ལན་གསུམ། བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བསླུ་བ་མེད་པའི་སྐྱབས་གནས་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ལ་དེང་ནས་བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་འགྲོ་བའི་འདུན་པ་གྱིས་ལ་འདིའི་རྗེས་ཟློས་མཛོད། ཕྱོགས་དུས་དཀོན་མཆོག་གསུམ་འདུས་པ། །བླ་མ་རྡོ་རྗེ་འཛིན་རྒྱལ་ལ། །བདག་དང་མཁའ་མཉམ་སེམས་ཅན་ཀུན། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ལན་གསུམ། ལྷ་ཚོགས་དེ་དག་གི་སྤྱན་སྔར་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དོ་སྙམ་པའི་ངང་ནས་འདིའི་རྗེས་ཟློས་མཛོད། མཐའ་ཡས་འགྲོ་བའི་དོན་གྱི་ཕྱིར། །རྡོ་རྗེ་འཛིན་པ་མཆོག་བསྒྲུབས་ནས། །ཞི་སོགས་ཕྲིན་ལས་རྣམ་བཞི་ཡིས། །འགྲོ་རྣམས་བདེ་ལ་འགོད་པར་བྱ། །ལན་གསུམ། སྐྱབས་གནས་དེ་དག་གི་མདུན་དུ་སོ་སོ་ཐར་པའི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་། རིག་འཛིན་སྔགས་ཀྱི་དམ་ཚིག་རྣམས་ནོད་ལ་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་དངོས་རྡོ་རྗེ་འཛིན། །བདག་ལ་བརྩེ་བས་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བྱང་ཆུབ་བར། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་གསང་སྔགས་བླ་མེད་ཀྱི། །སྡོམ་པ་མ་ལུས་བདག་གིས་བཟུང་། །སེམས་ཅན་འགྱུར་མེད་བདེ་ལ་འགོད། །ལན་གསུམ། གཡོན་པའི་སྲིན་ལག་གིས་དྲིའི་ཐིག་ལེ་གནས་གསུམ་དུ་བཀོད་ལ། ཨོཾ་ཨཱཿཧཱུྃ། ཞེས་བསྲུང་བ་བྱ། ནང་གི་སེམས་བསྐྱེད་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་སྐད་ཅིག་གིས་ཡི་དམ་རྟ་ཕག་ཡབ་ཡུམ་དུ་གསལ་བའི་སྙིང་གར་ཀུན་རྫོབ་བྱང་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་རེ་བྱུང་བར་མོས་ཤིག །སྙིང་གར་དྲིའི་ཐིག་ལེ་བྱས་ལ། ཨོཾ་བཛྲ་ཙིཏྟ་ཨཱཿ ཞེས་བརྗོད། དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེ་ལམ་གྱི་བྱུང་བའི་མོས་པ་མཛོད། རྡོ་རྗེ་སྙིང་གར་བཞག་ལ། བོ་དྷོ་ཙིཏྟ་ཧཱུྃ། ཞེས་བརྗོད། རྡོ་རྗེ་སྤྱི་བོར་བཞག་ལ། གསང་ཆེན་དམ་ཚིག་རྡོ་རྗེ་མཆོག །ཁྱོད་ཀྱི་སྤྱི་བོར་བཞག་པས་ནི། །རྡོ་རྗེའི་སྐུ་རུ་ཁྱོད་ཉིད་འགྲུབ། །འགྱུར་མེད་ཡེ་ཤེས་མཆོག་ཏུ་འགྱུར། །གཞན་དུ་སྨྲས་ན་དེ་ལྟར་མིན། །ཡེ་ཤེས་ཀྱི་རྡོ་རྗེ་སྤྱི་བོར་ཐིམ་པར་མོས་ཤིག །ནང་མཆོད་བླུད་ལ། འདི་ནི་རྡོ་རྗེ་བདུད་རྩིའི་ཆུ། །འཐུངས་ནས་དམ་ཚིག་མ་བསྲུང་ན། །མནར་མེད་དམྱལ་བར་ཁྱོད་སྲེག་ཅིང་། །བསྲུངས་ན་དངོས་གྲུབ་མཆོག་ཐོབ་འགྱུར། །བཛྲ་ཨ་མྲྀཏ་ས་མ་ཡ་ཧཱུྃ། དེ་ནས་དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་གཅུན་ཏེ་དམིགས་པ་འདི་བཞིན་དུ་མཛོད་ཅིག །ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་དུ་གྱུར། དེའི་ངང་ལས་པདྨ་ཉི་ཟླ་བདུད་བཞི་བསྣོལ་བའི་གདན་ལ་ཁྱེད་རང་རྣམས་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཉིས་བརྐྱང་བསྐུམ་འདོར་སྟབས་ཀྱིས་བཞུགས་ཤིང་སྤྱི་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བ། གར་གྱི་ཉམས་དང་ལྡན་ཅིང་དཔལ་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པའི་པང་དུ་ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་ཐོད་འཛིན་ཅིང་ཡབ་ལ་འཁྱུད་པ། སྤྱི་བོར་ཕག་ཞལ་ངུར་སྒྲ་སྒྲོག་པ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ་གསལ་ཐོབ་ཅིག །དེ་ནས་བླ་མ་ལ་གུས་འདུད་བྱས་པའི་རྐྱེན་གྱིས་བླ་མའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕོག་པས་ཐུགས་རྒྱུད་བསྐུལ། སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་དང་བྱིན་རླབས་ཐམས་ཅད་རྩ་བ་གསུམ་གྱི་ལྷ་ཚོགས་ཀྱི་སྐུ་ཕྱག་རྒྱ་གསུང་ཡིག་འབྲུ་ཐུགས་ཕྱག་མཚན་གྱི་རྣམ་པ་ཆར་དྲག་ཏུ་བབས་པ་ལྟར་བྱོན་པ་དང་། གཞན་ཡང་སྨན་གྱི་ལྷ་དང་ལྷ་མོ་དྲང་སྲོང་རིག་འཛིན་ཆོས་སྐྱོང་བ་ཐམས་ཅད་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་ཀྱང་འུབ་ཀྱིས་བསྡུས་ཏེ་ཁ་བ་བུ་ཡུག་འཚུབས་པ་བཞིན་བྱོན་ནས་ཁྱེད་རང་གི་སྤྱི་བོའི་གཙུག་དང་། བ་སྤུའི་བུ་ག་ནས་སིབ་སིབ་ཐིམ་པའི་མོས་པ་མཛོད་ཅིག །འབེབ་རྫས་བདུག་དབྱངས་རོལ་བཅས་ལས་བྱང་ལྟར་བྱིན་འབེབ་གྱེར། རྩ་སྔགས་བརྗོད་ཅིང་ནས་དང་བདུད་རྩི་འཐོར། རོལ་མོ་དྲག་ཏུ་བྱ། དེ་ལྟར་ཡེ་ཤེས་པ་ཕབ་པའི་རྒྱུན་དེ་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། རྩ་སྔགས་བརྗོད་ལ་འབྲུ་འཐོར། དེ་ནས་དཔལ་གཏོར་ཐོགས་ལ། དེའང་གསང་སྔགས་སྔ་འགྱུར་བ་རྣམས་ཀྱི་ལུགས་སུ་གཏོར་མ་ལ་ཤེས་པ་བཞི་ལྡན་ལ་སོགས་པར་བཤད་ཅིང་ལས་ཐམས་ཅད་གཏོར་མས་བྱེད་པ་ཡིན་པས། ད་ལྟའི་སྐབས་སུ་རྣམ་པ་གཏོར་མ་ལ་ངོ་བོ་ལྷར་ཤེས་དགོས་པ་ཡིན་པས་དམིགས་པ་འདི་ལྟར་དུ་མཛོད་ཅིག །དཔལ་གྱི་གཏོར་མ་འདོད་དགུ་འབྱུང་བ་འདི་ཉིད་ཕྱི་གཏོར་མའི་རྣམ་པ་ལ་ནང་གཞལ་ཡས་ཁང་ཆེན་པོ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ཡབ་ཡུམ་ཕྱོགས་བཞིར་མཁའ་འགྲོ་སྡེ་བཞི། དེའི་དབུའི་སྟེང་ཕྱོགས་པདྨའི་ལྟེ་བར་བླ་མ་རིགས་འདུས་སྨན་རྒྱལ་རྡོ་རྗེ་འཆང་ཡབ་ཡུམ། ཕྱོགས་བཞིའི་འདབ་བཞིར་རིག་པའི་ཡེ་ཤེས་བཞི། སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་རྣམས་དང་། བར་གྱི་ཆ་ལ་ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས། འོག་གི་ཆ་ལ་ཆོས་སྐྱོང་སྲུང་མའི་ལྷ་ཚོགས་རྣམས་དང་། སློབ་དཔོན་རིགས་འདུས་སྨན་རྒྱལ་རྡོ་རྗེ་སེམས་དཔའ་ཆེན་པོ་ཐ་དད་མེད་པ་འོད་ཟེར་གྱི་ཕུང་པོ་རབ་ཏུ་འབར་བ་སྣང་ལ་རང་བཞིན་མ་གྲུབ་པ། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པའི་ངོ་བོར་བཞུགས་པའི་ལྷ་ཚོགས་དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གསལ་ཐོབ་ཅིག །ཁྱེད་རང་རྣམས་ཀྱང་དཀྱིལ་འཁོར་གྱི་གཙོ་བོར་གསལ་བའི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿཡིས་མཚན་པ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་གསལ་ལམ་གྱིས་བྱུང་བའི་མོས་པ་མཛོད། གཏོར་མའི་ལྷ་ཚོགས་རྣམས་ཀྱི་སྤྱི་བོའི་ཨོཾ་ལས་ཨོཾ་ཡིག་དཀར་པོ་འོད་ཟེར་དང་བཅས་པ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོའི་ཨོཾ་ཡིག་ལ་ཐིམ་པས་ལུས་ཀྱི་སྒྲིབ་པ་དག །སྐུའི་བྱིན་རླབས་ཞུགས། བུམ་པའི་དབང་ཐོབ་པར་མོས་ཤིག །ཧཱུྃ། གཉིས་མེད་ཆོས་དབྱིངས་དག་པའི་ཀློང་ཡངས་ནས། །རིགས་འདུས་རྒྱལ་བའི་དཀྱིལ་འཁོར་མ་ལུས་ཀུན། །སྔོན་གྱི་དམ་བཅས་ཐུགས་དམ་བདག་བསྐུལ་ན། །མཁྱེན་བརྩེ་ནུས་པས་འདི་ལ་བྱིན་གྱིས་རློབས། །ཕྱི་ནི་དམ་རྫས་གཏོར་མ་རྒྱན་དང་ལྡན། །རོ་བཅུད་ཕུན་ཚོགས་ཤ་ལྔ་བདུད་རྩི་ལྔ། །ནང་ནི་ཡེ་ཤེས་ལྷ་ཡི་གཞལ་ཡས་ཁང་། །བླ་མ་ཡི་དམ་མཁའ་འགྲོ་སྤྲིན་ལྟར་གཏིབས། །སྐལ་ལྡན་བུ་ལ་དབང་མཆོག་བསྐུར་དུ་གསོལ། །ལུས་ཀྱི་སྒྲིབ་པ་མ་ལུས་དག་པ་དང་། །སྐུ་ཡི་བྱིན་རླབས་རྒྱུད་ལ་ཞུགས་ནས་ཀྱང་། །ཡེ་ཤེས་ལྔ་ཡི་དབང་མཆོག་ཐོབ་པར་ཤོག །ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཞེས་གཏོར་མ་དཔྲལ་བར་བཞག །དེང་ནས་བརྩམ་སྟེ་ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དང་། ནང་བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོའི་རང་བཞིན་ཅན་དུ་ངོ་སྤྲད་པ་ཡིན་པས། དྲན་པ་དང་ཤེས་བཞིན་གྱིས་རྒྱུན་དུ་སྐྱོང་བར་མཛོད་ཅིག །དེས་སྐུ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་མངོན་དུ་བྱེད་པའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །གཏོར་མའི་ལྷ་ཚོགས་རྣམས་ཀྱི་མགྲིན་པའི་ཨཱཿལས་ཨཱཿཡིག་དམར་པོ་འོད་ཟེར་དང་བཅས་པ་རེ་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པའི་ཨཱཿདམར་པོ་ལ་ཐིམ་པས་ངག་གི་སྒྲིབ་པ་སྦྱངས། གསུང་གི་བྱིན་རླབས་ཞུགས། གསང་བའི་དབང་ཐོབ་པར་མོས་ཤིག །ཧཱུྃ། གཉིས་མེད་ཆོས་དབྱིངས་སོགས་གོང་ལྟར་ལ། ལུས་དང་སྐུ་ཡི་མལ་དུ་ངག་གི་དང་། གསུང་གི་ཞེས་དང་། སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཞེས་བསྒྱུར། གཏོར་མ་མགྲིན་པར་བཞག །དེང་ནས་བརྩམ་སྟེ་སྒྲར་གྲགས་ཚད་ཡི་དམ་ལྷའི་གསུང་དུ་ངོ་ཤེས་པར་གྱིས་ལ་རླུང་སྔགས་དབྱེར་མི་ཕྱེད་པའི་བཟླས་པ་ཆུ་བོའི་རྒྱུན་ལྟར་དུ་བརྩོན་པར་གྱིས་ཤིག །དེས་ངག་གིས་བཟླས་པ་བྱེད་པ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱེད་པའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །གཏོར་མའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཡིག་མཐིང་ག་འོད་ཟེར་དང་བཅས་པ་རེ་བྱུང་ནས་ཁྱེད་རང་རྣམས་ཀྱི་སྙིང་གའི་ཧཱུྃ་ལ་ཐིམ། ཡིད་ཀྱི་སྒྲིབ་པ་དག །ཐུགས་ཀྱི་བྱིན་རླབས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་མོས་ཤིག །ཧཱུྃ། གཉིས་མེད་ཆོས་དབྱིངས་སོགས་གོང་ལྟར་ལ། ཡིད་ཀྱི་དང་། ཐུགས་ཀྱི་ཞེས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བསྒྱུར། གཏོར་མ་སྙིང་གར་བཞག །དེང་ཕྱིན་ཆད་དྲན་རྟོག་ཐམས་ཅད་ཡེ་ཤེས་ཆེན་པོའི་རོལ་པར་ངོ་ཤེས་པར་གྱིས་ལ་མ་བཅོས་གཉུག་མའི་རང་བབ་བསྐྱང་མཛོད། དེས་ཡིད་ཀྱིས་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་མངོན་དུ་བྱེད་པའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །གཏོར་མའི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་ཧྲཱིཿཡིག་དང་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་དྲི་མ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། ཚིག་དབང་རིན་པོ་ཆེ་ཐོབ་པར་མོས་ཤིག །ཧཱུྃ། གཉིས་མེད་ཆོས་དབྱིངས་སོགས་གོང་ལྟར་ལ། ལུས་ངག་ཡིད་ཀྱི་སྒྲིབ་པ་མ་ལུས་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་ནས་ཀྱང་། །ཡེ་ཤེས་ལྔ་ཡི་དབང་མཆོག་ཐོབ་པར་ཤོག །ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་གཏོར་མ་གནས་གསུམ་ཀར་བཞག །དེང་ཕྱིན་ཆད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་རིག་བརྡལ་བ་ཆེན་པོ་ཆོས་ཀྱི་སྐུར་ངོ་ཤེས་པར་གྱིས་ལ་རང་སྣང་རིས་མེད་ཀྱི་དགོངས་པར་ལ་ཟླ་བར་མཛད་འཚལ། དེས་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་མངོན་དུ་བྱེད་པའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །སླར་གཏོར་མ་སྤྱི་བོར་བཞག་ལ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ། དཔལ་མགོན་ཆོས་སྐྱོང་བའི་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱིས་རྡོ་རྗེ་སློབ་མ་རིག་པ་འཛིན་པ་འདི་རྣམས་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་ཛཿཧཱུྃ་བཾ་ཧོཿ ཞེས་བྱིན་རླབས་བྱ། མཐའ་རྟེན་དྲང་སྲོང་གི་བཀའ་གཏད་ནི། དཀར་གཏོར། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ། གསུམ། གཏོར་མ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་འདོད་ཡོན་སྣ་ཚོགས་ཀྱི་སྤྲིན་ཕུང་འཕྲོ་བར་གྱུར། བདག་མདུན་གྱི་ཐུགས་ཀའི་འོད་ཟེར་གྱིས་ལྷ་དང་མིའི་སྨན་གྱི་དྲང་སྲོང་རིག་འཛིན་སྨན་སྐྱོང་སྲུང་མའི་ཚོགས་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས། ཨེ་ཧྱེ་ཧི་ས་མ་ཡ་ཛཿཛཿ ཚངས་པ་དང་བརྒྱ་བྱིན་ལ་སོགས་ལྷའི་སྨན་པ་མངོན་པར་ཤེས་པ་ལྔ་དང་ལྡན་པའི་དྲང་སྲོང་ཆེན་པོ་རྣམས་ཀྱི་ཞལ་དུ་བ་ལིཾ་ཏ་སརྦ་པཱུ་ཛ་ཁཱ་ཧི། ཨོཾ་ཨཱཿཧཱུྃ། ཞེས་གསུམ་དང་། གཞན་ཡང་སྨན་གྱི་རིག་པ་འཛིན་པའི་ལྷ་ཚོགས་རྣམས་དང་། སྨན་གྱི་བཀའ་སྲུང་ལྷ་ཀླུ་དྲི་ཟ་གྲུལ་བུམ་མིའམ་ཅི་ལ་སོགས་པ་དམ་ཚིག་ལ་གནས་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིཾ་གྲྀཧྞ་ཁཱ་ཧི། གཏོར་མ་དྲང་སྲོང་རིག་འཛིན་རྣམས་ཀྱིས་གསོལ་བའི་ལྷག་མ་ནད་མེད་པ་སྨན་གྱི་བདུད་རྩི། འཆི་བ་མེད་པ་ཚེའི་བདུད་རྩི་དགོས་འདོད་འབྱུང་བ་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པ་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པ་ལ་བརྟེན་ནས། ཕྱོགས་བཅུའི་ལྷ་དང་དྲང་སྲོང་མངོན་པར་ཤེས་པ་དང་ལྡན་པ་རྣམས་དང་སྨན་གྱི་ལྷ་མོ་ཐམས་ཅད་ཆར་བབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས། དེ་དག་དང་སྐལ་པ་མཉམ་པར་གྱུར་སྙམ་དུ་མོས་མཛོད། དཀར་གཏོར་མགོར་བཞག་ལ། ཧཱུྃ། རྒྱལ་བ་ཀུན་འདུས་སྨན་རྒྱལ་བཀའ་ཡི་འཁོར། །ལྷ་དང་དྲང་སྲོང་ཕྱི་ནང་སྡེ་བཞི་པོ། །སྔོན་གྱི་ཞལ་བཞེས་ཐུགས་དམ་དྲན་མཛོད་ལ། །སྐལ་ལྡན་བུ་ལ་དབང་སྐུར་བྱིན་གྱིས་རློབས། །གཅེར་མཐོང་མངོན་ཤེས་ནད་ངོས་ཟིན་པ་དང་། །སྣང་སྲིད་སྨན་གྱི་རོལ་པར་འཆར་འགྱུར་ཞིང་། །མཐོང་ཐོས་དྲན་རེག་ནད་པའི་ཚོགས་རྣམས་ཀུན། །མ་ལུས་བདེ་ལ་འགོད་པའི་དབང་ཐོབ་ཤོག །སརྦ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ། ཞེས་བརྗོད། དེ་ནས་བཀའ་སྲུང་བཀའ་གཏད་ནི། གཏོར་མ། རཾ་ཡཾ་ཁཾ་གིས་བསང་། སྟོང་པའི་ངང་ལས་ཐོད་སྣོད་དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བ་ངོ་བོ་དགྲ་བགེགས་ཀྱི་ཤ་ཁྲག་རྣམ་པ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་འདོད་ཡོན་གྱི་སྤྲིན་ཕུང་མཁའ་ཁྱབ་ཏུ་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ། གསུམ། རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། རང་བཞིན་གྱི་གནས་ནས་དཔལ་མ་ཧཱ་ཀཱ་ལ། རྡོ་རྗེ་བདུད་འདུལ། ཡུམ་མཆོག་ཨེ་ཀ་ཛཱ་ཊི། འཁོར་གྱི་དྲེགས་པ་སྡེ་བདུན་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་བཛྲ་ས་མཱ་ཛཿ ཨོཾ་མ་ཧཱ་ཀཱ་ལ་ས་པ་རི་བཱ་ར་བིགྷྣཱན་ཤ་ཏྲཱུཾ་མཱ་ར་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་མམ་བདུན་གྱིས་བསྔོ། ཨརྒྷཾ་སོགས་དང་། མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་ཁཱ་ཧི། ཞེས་མཆོད། ཀུན་འདུས་རྒྱལ་བ་བླ་མའི་སྤྱན་སྔ་རུ། ཁས་བླངས་དམ་བཅས་སྲོག་གི་སྙིང་པོ་ཕུལ། །སྒྲུབ་པོའི་སྐུ་དགྲ་སྒྲོལ་བར་མནའ་བོར་བ། །དམ་ཅན་སྡེ་དགུ་འཁོར་དང་བཅས་ལ་བསྟོད། །ཅེས་བསྟོད། དེ་ནས་ཁྱེད་རང་རྣམས་པད་ཉིའི་གདན་ལ་སྐད་ཅིག་ཙམ་གྱིས་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་ཕྱར་ཞིང་གཡོན་སྡིགས་མཛུབ་མཛད་པ། དྲག་པོའི་ཆས་ཀྱིས་བརྒྱན་ཅིང་ཞབས་གཡས་བསྐུམ་གཡོན་བརྐྱང་པས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དྲེགས་པ་ཐམས་ཅད་དབང་དུ་སྡུད། ཟིལ་གྱིས་གནོན། བྲན་དུ་ཁོལ་ནུས་པའི་ང་རྒྱལ་དུ་གནས་པ་ལ་ཞང་བློན་ཆེན་པོ་རྡོ་རྗེ་བདུད་འདུལ་འཁོར་དང་བཅས་པ་རྣམས། སྨན་གྱི་བཀའ་སྲུང་གི་ཆེད་དུ་གཏད་པས། བླ་མ་མ་ཧཱ་གུ་ཎས་བཀའ་བསྒོས་པ་བཞིན་དུ་རྗེས་སུ་འབྲངས་ཏེ་བཀའ་བཞིན་བསྒྲུབ་པར་ཁས་བླངས་པའི་མོས་པ་མཛོད། དམར་གཏོར་མགོ་ལ་བཞག་ནས་ལག་ཏུ་གཏད་ཅིང་། ཧཱུྃ། རྒྱལ་བ་ཀུན་འདུས་བླ་མའི་བཀའ་སྲུང་ཞིང་། །དམ་ལས་མི་འདའ་སྨན་གྱི་བསྟན་པ་སྐྱོང་། །གནོད་སྦྱིན་ཆེན་པོ་རྡོ་རྗེ་བདུད་འདུལ་སོགས། །དྲེགས་པ་ཕོ་མོ་མིང་སྲིང་འཁོར་དང་བཅས། །འདིར་གཤེགས་རང་རང་མཐུན་པའི་དམ་རྫས་བཞེས། ཁྱེད་རྣམས་རྒྱལ་སྲས་འདི་ཡི་བྲན་ཉིད་དུ། །དེ་རིང་རྡོ་རྗེ་འཛིན་པ་བདག་གིས་སྦྱིན། །ལུས་དང་གྲིབ་བཞིན་འགྲོགས་ལ་ཕྲིན་ལས་སྒྲུབས། །མ་ཧཱ་ཀཱ་ལ་སརྦ་ཙིཏྟ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་བཀའ་གཉེར་གཏད་པའི་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཀྱི་སྲོག་ལ་དབང་སྒྱུར་བར་མོས་ཤིག །དེ་དག་གིས་རྗེ་བཙུན་གཡུ་ཐོག་པ་ཆེན་པོའི་སྙིང་ཐིག་བླ་མ་སྒྲུབ་པའི་སྐོར་ལས་དོན་དབང་སྙིང་པོར་དྲིལ་བ་ལེགས་པར་གྲུབ་པ་ཡིན་པས་རྩ་བ་དང་ཡན་ལག་གི་དམ་ཚིག་ཚུལ་བཞིན་དུ་བསྲུང་བ་དང་འདི་ཡི་དམ་དུ་བཟུང་ངོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་སྤྱི་ལྟར་བྱ། གསུམ་པ་རྗེས་ནི། སླར་བཀའ་སྲུང་གི་གཏོར་མ་གསོ་བྲན་བྱས་ལ་མཆོད་བསྟོད་གཏོར་འབུལ་རྒྱས་བསྡུས་གང་འགྲུབ་དང་། ཚོགས་ཡོད་ན་བྱིན་རླབས་ནས་བརྩམ་ལྷག་མའི་བར་དང་། ཆད་བརྟན་རྟ་བྲོ་ཕྱིན་ཆད་ཤིས་བརྗོད་ཀྱི་བར་ཡང་ལས་བྱང་ལྟར་མཐར་ཆགས་སུ་བྱའོ། །གསོ་རིག་མཆོག་དམན་ཀུན་ལ་དར་དྲགས་ཀྱང་། །དེར་བརྟེན་མཆོག་དངོས་དོན་དུ་གཉེར་བ་དཀོན། །མོས་ལྡན་བློ་དམན་ཕལ་ཆེར་རྒྱས་པས་སྤངས། །འཇུག་བདེ་འདི་འདྲ་སྙིང་གི་ཐིག་ལེར་ཟུངས། །འདིར་ཡང་རྨོངས་པས་རང་བཟོའི་ལྷན་པ་བཏབ། །གཞུང་དང་འགལ་མཐོང་གཞུང་དོན་མ་བཀྱོག་པའི། །ཟིན་བྲིས་འདི་བགྱིས་འདིར་བརྟེན་སྐྱེ་དགུ་ཀུན། །སྨན་རྒྱལ་གུ་ཎས་བྱིན་རླབས་མཆོག་སྩོལ་ཤོག །འདིའི་ཡིག་ཆ་ཚད་ལྡན་དཀོན་ཅིང་ཁ་ཅིག་གཞུང་དོན་དང་མ་འབྱོར་པས་རང་གཞན་ལ་ཕན་པའི་ཆ་རྐྱེན་དུ་རིག་ལམ་འདི་དང་ཟབ་ཆོས་འདི་ལའང་མོས་དགེའི་བག་ཆགས་མངའ་བ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས། སྨན་སྟོན་རིམ་བྱོན་གྱི་གདན་ས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
བྷྲཱུྃ་མཚན་རྡོ་རྗེ་རྭ་གདེངས་ཐོག་མདའི་རྒྱ་ཅན་གྱི་ནང་ཚན་རྡོ་རྗེ་གྲོ་བོ་ལོད་གྱི་ཆོག་བསྒྲིགས་གནམ་ལྕགས་འབར་བ་ (Volume 13, Text 7)
༄༅། །བྷྲཱུྃ་མཚན་རྡོ་རྗེ་རྭ་གདེངས་ཐོག་མདའི་རྒྱ་ཅན་གྱི་ནང་ཚན་རྡོ་རྗེ་གྲོ་བོ་ལོད་གྱི་ཆོག་བསྒྲིགས་གནམ་ལྕགས་འབར་བ་བཞུགས། ། གུ་རུ་པདྨ་སིདྡྷི་པྲ་ཡཙྪཿ ངེས་པའི་དོན་དུ་དུས་གསུམ་སངས་རྒྱས་དངོས། །མི་བསྲུན་དྲེགས་པའི་ཚོགས་ཀྱི་གཉེན་པོ་རུ། །འཛམ་གླིང་ཆེ་བའི་བརྟུལ་ཞུགས་རིགས་སྔགས་འཆང་། །ཐོད་ཕྲེང་རྩལ་གྱིས་བྱང་ཆུབ་བར་དུ་སྐྱོངས། །མགོན་ཁྱོད་རྣམ་རོལ་ཕ་མཐའ་ཡས་པ་ལས། །ལྷ་སྲིན་གདོན་བགེགས་དམ་སྲི་འབྱུང་པོ་ལ། །ཉམས་ང་མེད་པའི་ཐོག་བརྫིས་བྲོ་བརྡུངས་པ། །རྡོ་རྗེ་སློབ་དཔོན་གཏུམ་དྲག་གྲོ་ལོད་རྩལ། །གནམ་ལྕགས་འབར་བའི་ཕྲིན་ལས་སྨིན་བྱེད་རྣམས། །རང་བཟོའི་བསླད་པ་མེད་པར་འཁྲུལ་མེད་དུ། །ལེགས་བཀོད་ནག་པོ་བདུད་སྡེའི་སྲོག་རྩ་ལ། །བསྣུན་པའི་རྡོ་རྗེ་ཕ་ལམ་འདི་ན་འབར། །བྷྲཱུྃ་མཚན་རྡོ་རྗེ་རྭ་གདེངས་ཐོག་མདའི་རྒྱ་ཅན་གྱི་ནང་ཚན་རྡོ་རྗེ་གྲོ་ལོད་གནམ་ལྕགས་འབར་བའི་ཆོག་བསྒྲིགས་ཟུར་དུ་བཀོད་པ་འདི་ལ་སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་ལས། ལས་གཞུང་དག་ལ་སྔོན་འགྲོའི་ཆོས་བདུན་ཏེ། །དངོས་གཞིའི་ཆོས་ནི་ཉི་ཤུ་རྩ་ལྔ་འོ། །རྗེས་ཀྱི་ལས་ཁྲིགས་བཅུ་གཅིག་སྒོ་ནས་བསྟན། །སྔོན་དུ་རྟེན་དཀྲམ་བགེགས་ལ་གཏོར་མ་གཏོང་། ཁྲུས་བྱས་གོ་བགོས་བདུད་རྩི་ཡང་དག་མྱོང་། །ན་མོ། བླ་མེད་བླ་མ་བདེ་གཤེགས་འདུས་པའི་དཔལ། །སྐུ་གསུང་ཐུགས་མཆོག་དཀོན་མཆོག་གསུམ་གྱི་དངོས། །སྒོ་གསུམ་དད་པས་འདི་བཟུང་བྱང་ཆུབ་བར། །བདག་སོགས་འགྲོ་ཀུན་གུས་པས་སྐྱབས་སུ་མཆི། །བདེ་གཤེགས་རིག་འཛིན་སྐྱབས་ཀྱི་མཆོག་ཏུ་བཟུང། །འགྲོ་བའི་དོན་དུ་སྨོན་འཇུག་སེམས་བཅས་ཏེ། །སྐུ་གསུང་ཐུགས་དང་མཉམ་སྦྱོར་གསང་སྔགས་ཀྱི། །དམ་ཚིག་སྡོམ་པ་རྟག་ཏུ་བསྐྱང་བར་བགྱི། །ཧཱུྃ་དམར་དྭངས་མ་འོད་ཀྱི་འཕྲོ་འདུ་ཡིས། །བདེ་གཤེགས་རིག་འཛིན་མ་ལུས་སྤྱན་འདྲེན་གཤེགས། །ཚོགས་གཉིས་གསོག་ཕྱིར་རྟེན་གྱི་མཆོག་ཏུ་བཞུགས། །དགའ་མགུ་རངས་པའི་སེམས་ཀྱིས་གུས་ཕྱག་འཚལ། །དངོས་སུ་འབྱོར་དང་ཡིད་སྤྲུལ་མཆོད་པས་མཆོད། །སྡིག་པའི་ཚོགས་དང་དམ་ཚིག་ཉམས་ཆག་བཤགས། །དགེ་ཚོགས་མཛད་པ་ཀུན་ལ་ཡི་རང་ངོ་། །ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །འགྲོ་ལ་ཕན་མཛད་མྱ་ངན་མི་འདར་གསོལ། །བདག་གཞན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །འགྲོ་བ་ཀུན་གྱི་ཡང་དག་གནས་པར་ཤོག །ཧཱུྃ། ཀུན་ཁྱབ་ཡེ་ཤེས་ཉིད་ཡིན་ཀྱང་། །གློ་བུར་འཁྲུལ་པའི་སེམས་ཅན་ལ། །བྱམས་དང་སྙིང་རྗེ་དགའ་བ་དང་། །བཏང་སྙོམས་ལམ་བསྟན་མཉམ་ཉིད་ཀྱི། །འོད་གསལ་ཆོས་སྐུ་ཐོབ་པར་ཤོག །དང་པོ་བཀའ་བསྒོ་མཚམས་བཅད་པ་ནི། ཧཱུྃ། ཡེ་ཤེས་རོལ་པ་དཔལ་གྱི་སྐུར་གསལ་བས། །སྐུ་གསུང་ཐུགས་ལས་བྱུང་བའི་ཁྲོ་ཚོགས་ཀྱིས། །བགེགས་རིགས་མ་ལུས་རྒྱ་མཚོའི་མཐར་བསྐྲད་ཕྱིར། །དྲག་པོ་སྔགས་ཀྱི་བསྲུང་མཚམས་ལྷུན་གྱིས་གྲུབ། །ཨོཾ་སུམྦྷ་ནི་སུམྦྷ་ནི་སོགས། ཧཱུྃ། ཡེ་ཤེས་རོལ་པ་དཔལ་གྱི་ཐུགས་ལས་བྱུང་། །རྡོ་རྗེ་འཁོར་ལོ་རལ་གྲི་རྒྱ་གྲམ་དང་། །མདའ་མཚོན་ཕུར་བུ་མེ་དཔུང་ཕྱོགས་མཚམས་གཏམས། །བསིལ་བའི་རླུང་ཡང་གནས་དེར་འདའ་མི་འགྱུར། །ཨོཾ་བཛྲ་ཙཀྲ་ཏིཀྵ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་ཧཱུྃ་ཕཊ། ཧཱུྃ། ཡེ་ཤེས་རོལ་པ་དཔལ་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་སྤྲུལ་པ་ཁྲོ་བོའི་ཚོགས། །འཇིགས་སྐུ་རྔམ་སྒྲ་རྣོ་དབལ་མཚོན་ཆར་འབེབ། །བར་མཚམས་མེད་པར་ཁྲོ་བོའི་སྤྲིན་ཆེན་འཁྲིགས། །ཨོཾ་བཛྲ་ཀྲོ་ཏ་སརྦ་ས་མ་ཡ་རུ་ལུ་རུ་ལུ་ཧཱུྃ་ཕཊ། གཉིས་པ་བརྡ་སྒོ་ནི། ཧཱུྃ། ཡེ་ཤེས་རོལ་པ་དཔལ་གྱི་དཀྱིལ་འཁོར་ནི། །ཀུན་ནས་མ་འདྲེས་ཡོངས་སུ་ཁྱབ་ཅིང་བརྡལ། །རང་ངོ་མ་ཤེས་ཡུལ་དྲུག་རྟོག་པས་བཅིངས། །རང་རིག་དོན་གྱི་འཆར་སྒོ་དབྱེ་རུ་གསོལ། །ཧཱུྃ་པྲ་བེ་ཤ་ཡ་ཕཊ། གསུམ་པ་བརྡའི་ཕྱག་འཚལ་བ་ནི། ཧཱུྃ། ཡེ་ཤེས་རོལ་པ་ཀུན་སྣང་རིག་པའི་སྐུ། །སྤྲོ་དང་བསྡུ་བ་ཡོངས་ཡེ་མི་འཚལ་ཡང་། །རང་ངོ་མ་འཚལ་ཐ་དད་བློས་བཅིངས་པ། །རང་ཤེས་འཁྲུལ་པ་བྲལ་ཕྱིར་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ བཞི་པ་དམ་བཅའ་བ་ནི། ཧཱུྃ། ཡེ་ཤེས་རོལ་པ་དཔལ་གྱི་ལྷ་ཚོགས་རྣམས། །ཡེ་ནས་རང་དང་ཐ་དད་གཉིས་མེད་ཅིང་། །མ་རིག་དབང་གིས་གཉིས་སུ་བཟུང་ལགས་ཀྱང་། །དེང་ནས་བཟུང་སྟེ་གཉིས་མེད་གཅིག་ཏུ་བཟུང་། ཨོཾ་བཛྲ་ཙིཏྟ་ཧཱུྃ། ལྔ་པ་བྱིན་དབབ་པ་ནི། ཧཱུྃ། ཡེ་ཤེས་རོལ་པ་སྐུ་གསུང་ཐུགས་ཀྱི་ལྷ། །རང་རྩལ་འགག་མེད་ནམ་མཁའི་མཐའ་དང་མཉམ། །ཛཿཧཱུྃ་བཾ་ཧོཿས་སྤྱན་འདྲེན་དགུག་གཞུག་བཅིངས། །གཉིས་མེད་བརྟན་བཞུགས་བྱིན་དབང་བསྐུར་དུ་གསོལ། །ཨོཾ་བཛྲ་ཀྲོ་ཏ་ས་མ་ཡ་རུ་ལུ་རུ་ལུ་ཧཱུྃ་ཕཊ། ཨཱ་བེ་ཤ་ཡ་ཨ་ཨཱཿ དྲུག་པ་མཆོད་གཏོར་བྱིན་གྱིས་བརླབས་པ་ནི། ཧཱུྃ། ཡེ་ཤེས་རོལ་པ་སྣང་སྲིད་དག་པ་ལ། །རང་རྩལ་མ་འགག་མཆོད་པའི་ཆོ་འཕྲུལ་གྱིས། །ཀུན་བཟང་མཆོད་སྤྲིན་མཆོག་རོལ་བྱིན་བརླབས་ནས། །ཡེ་ཤེས་ལྔ་རྫོགས་སྐུ་གསུང་ཐུགས་སུ་བརླབས། །སརྦ་པཱུ་ཛ་མེ་གྷ་ཧཱུྃ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱཿ ཨོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལིང་ཏ་ཏེ་ཛྭ་བྷ་ལིངྟ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ། མ་ཧཱ་བཛྲ་ཧཱུྃ། གཎྜེ་ཧཱུྃ། ཀཱི་ལ་ཡ་ཧཱུྃ། བདུན་པ་བཤགས་པ་བྱ་བ་ནི། ཧཱུྃ། ཡེ་ཤེས་རོལ་པའི་ཆོ་འཕྲུལ་ལྷ་རྣམས་དགོངས། །ཡེ་ནས་རང་དང་གཉིས་མེད་བྱང་ཆུབ་སེམས། །རང་རིག་ཡེ་ཤེས་བློ་མཆོག་དོན་མ་ལྡན། །འཁྲུལ་ཤེས་འཁྲུལ་སངས་རང་བཞིན་དབྱིངས་སུ་བཤགས། །ཡི་གེ་བརྒྱ་པ་བཟླས། ནཱ་ར་ཀ །པྲེ་ཏ་ཀ །ཏིརྻ་ཀ །ནེ་བེ་ཤ །དེ་ཝ་ཨ་ལི་བི་ཤུདྡྷེ། དཀྵ་ཀ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། །དངོས་གཞིའི་ཏིང་འཛིན་རིམ་པ་གསུམ་ལས། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། ཧཱུྃ། ཆོས་རྣམས་སྐྱེ་མེད་འོད་གསལ་ནམ་མཁའི་དབྱིངས། །གཟུང་དང་འཛིན་བྲལ་རང་བྱུང་ཀུན་ཏུ་བརྡལ། །གཅིག་དང་དུ་མའི་རྣམ་པ་ཀུན་བྲལ་བ། །སྙིང་པོ་མཆོག་གི་ཏིང་འཛིན་ཡོངས་ལ་ཁྱབ། །ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། གཉིས་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། ཧཱུྃ། མ་འགག་གསལ་བ་རིག་པའི་རྩལ་སྣང་ནི། །ཀུན་ཏུ་མ་འདྲེས་ཀུན་ལ་ཁྱབ་པ་ཡི། །སྙིང་རྗེ་ཆེན་པོ་འོད་ལྔའི་མདངས་ལྡན་པ། །ནམ་མཁའ་བཞིན་དུ་ཕྱོགས་རིས་མེད་པ་བསྒོམ། །ཨོཾ་དྷརྨཱ་དྷཱ་ཏུ་ས་མ་ཏི་ཧཱུྃ། གསུམ་པ་རྒྱུའི་ཏིང་ངེ་འཛིན་ནི། ཧཱུྃ། སྟོང་པ་ཉིད་ཀྱི་རང་བཞིན་སྙིང་རྗེ་ཆེ། །སྙིང་རྗེའི་ཏིང་འཛིན་སྟོང་ཉིད་རྡོ་རྗེ་སེམས། །ཟུང་འཇུག་འོད་གསལ་གསེར་གྱི་རྡོ་རྗེ་ནི། །རྩེ་ལྔ་ཧཱུྃ་བཅས་སྟོང་པའི་མཁའ་ལ་གསལ། ཨོཾ་བྷོ་དྷི་ཙིཏྟ་ས་མ་ཏི་ཧཱུྃ། གཉིས་པ་འབྱུང་བ་རིམ་བརྩེགས་ནི། ཧཱུྃ་དམར་ཆོ་འཕྲུལ་ཧཱུྃ་ལྔ་ཆད་པ་ལས། །མེ་ཆུ་རླུང་གིས་ཐམས་ཅད་སྟོང་པར་སྦྱངས། །ཨེ་ཡཾ་ར་སུམ་རཾ་ཀེཾ་འབྱུང་རིམ་ལྔ། །ནམ་མཁའ་རླུང་ཆུ་ས་མེ་རི་རབ་བརྩིགས། ཨེ་ག་ག་ན་མཎྜ་ལ། ཡཾ་ཀརྨ་རཀྵ་ཧཾ། ར་རཀྟ་མཎྜ་ལ། སུ་སུཀྨེ་མཎྜ་ལ། ཀི་ནི་རི་ཏི་མཎྜ་ལ། གསུམ་པ་གཞལ་ཡས་ཁང་གདན་བཅས་བསྐྱེད་པ་ནི། བྷྲཱུྃ་ལས་ཐོད་པ་རིན་ཆེན་གཞལ་ཡས་ཁང་། །དབུས་སུ་གྲུ་གསུམ་དམར་ནག་དཀྱིལ་འཁོར་ལ། །ཟླ་གམ་དམར་པོ་ཐོད་པའི་ར་བ་ཅན། །ཕྱི་རོལ་ལྕགས་ཀྱི་འཁོར་ལོ་རྩིབས་བཞི་ལྡན། །མགོ་བོ་སྐམ་པོའི་ཕྲེང་བས་ཟླུམ་པོར་བསྐོར། །དེའི་ཕྱི་གྲུ་བཞི་སྒོ་བཞི་གཞལ་ཡས་ཁང་། །ཕྱོགས་སྐྱོང་བཅུ་ཡིས་རྩིག་པའི་རྨང་གཞི་བྱས། །ནང་ནི་བྷནྡྷ་སྐམ་རློན་རྙིང་པ་ཡི། །རྩིག་པར་གནམ་ལྕགས་འབར་བའི་གཟེར་གྱིས་བཏབ། །ཕྱི་ནི་སྣ་ཚོགས་རིན་ཆེན་ལས་གྲུབ་པ། །དཀར་སེར་དམར་ལྗང་ནག་པོའི་རྩིག་པ་ཅན། །བར་དུ་ལྷ་ཆེན་བརྒྱད་ཀྱི་རྩིག་པས་གཏམས། །རྩིག་སྟེང་རིན་ཆེན་རུས་པའི་ཕ་གུ་ལ། །རྒྱུ་མ་རློན་པའི་དྲྭ་བ་དྲྭ་ཕྱེད་འཕྱང་། །དེ་སྟེང་རིན་ཆེན་རུས་པ་སྤེལ་མ་ཡི། །མདའ་ཡབ་པུ་ཤུ་རྩིག་པའི་རྩ་བ་ན། །འདོད་སྣམ་དམར་པོར་མཆོད་པའི་ལྷ་མོས་གང་། །རྒྱལ་ཆེན་བཞི་དང་ཐོད་པ་སྐམ་པོ་ལས། །གྲུབ་པའི་ཀ་བ་བརྒྱད་ཀྱིས་ལེགས་བཏེགས་པའི། །ཐོད་པ་རློན་པའི་ཀ་གཞུ་རབ་ཏུ་བརྗིད། །ཀླུ་ཆེན་བརྒྱད་ཀྱི་གདུང་མས་ཕྱོགས་མཚམས་བྲེས། །དེ་ལ་མཛེས་པའི་རྡོ་རྗེས་རྒྱན་དུ་སྤུད། །གཟའ་ཆེན་བརྒྱད་ཀྱི་བད་ཕུར་བཏང་བ་ལ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་གྲལ་ལྕམ་བྱས། །བདུད་རྩི་ལྔ་ལས་གྲུབ་པའི་ཞལ་བ་ཅན། །དབུས་ཀྱི་ལྟེ་བ་ཕྱུར་བུའི་མཐོ་བའི་རྩེར། །པདྨས་བརྩེགས་པའི་ཙིཏྟའི་ཏོག་གིས་བརྒྱན། །སྒོ་བཞིར་ཀ་བ་བཞི་བཞིས་བཏེགས་པ་ཡི། །རྟ་བབས་བང་རིམ་བཞི་དང་ལྡན་པའི་སྟེང་། །པདྨ་ཆོས་འཁོར་བཅུ་གསུམ་གདུགས་རི་དྭགས། །མགོ་སྙིང་ཏོག་མཛེས་ཞིང་ཆེན་རྒྱལ་མཚན་དང་། །ལག་པའི་འཕེན་དང་སྐྲ་ཡི་རྔ་ཡབ་ཅན། །དབང་པོའི་མེ་ཏོག་སྤེལ་མའི་ཕྲེང་བ་གཡོ། །མདོར་ན་རྔམ་བརྗིད་མཛེས་པའི་རྒྱན་གྱིས་སྤུད། །ཕྱི་རོལ་པད་ར་དུར་ཁྲོད་ཆེན་པོ་བརྒྱད། །རྡོ་རྗེའི་ར་བ་བསྐལ་པའི་མེ་དཔུང་འབར། །དབུས་ཀྱི་གྲུ་གསུམ་དམར་ནག་དཀྱིལ་འཁོར་སྟེང་། །པཾ་ལས་སྣ་ཚོགས་པདྨ་མཛེས་པའི་གདན། །ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ། །མ་ལས་ཉི་མའི་དཀྱིལ་འཁོར་འོད་ཟེར་འབར། །བམ་ལས་རུ་ཏྲ་ཕོ་མོ་བསྣོལ་བ་ཡི། །གན་རྐྱལ་ཁ་སྦུབ་བརྩེགས་པའི་གདན་སྟེང་དུ། །བཞི་པ་གཙོ་འཁོར་བསྐྱེད་པ་ནི། རྒྱུ་ཡི་རྡོ་རྗེ་ཧཱུྃ་བཅས་གདན་བབས་ལས། །ཆེ་བའི་ཆེ་མཆོག་པདྨ་ཐོད་ཕྲེང་རྩལ། །སྐུ་མདོག་དཀར་ལ་འཛུམ་པའི་མདངས་ལྡན་པ། །ཕྱག་གཉིས་སྡིགས་མཛུབ་བསྡིགས་ཚུལ་རབ་བྱུང་ཆས། །སྟག་ལྤགས་སྟེང་ན་སྐྱིལ་མོ་ཀྲུང་གིས་བཞུགས། །སྐུ་ཡི་འོད་ཀྱིས་དགྲ་བགེགས་ཟིལ་གྱིས་གནོན། །ཤིན་ཏུ་མི་བསྲུན་གདུལ་དཀའི་གཉེན་པོ་རུ། །དེ་ཉིད་གནས་འགྱུར་སྐད་ཅིག་དྲན་རྫོགས་སུ། །འཆོལ་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་རྩལ། །ཞལ་གཅིག་ཕྱག་གཉིས་ཁྲོ་གཏུམ་འཇིགས་སུ་རུང་། །སྤྱན་གསུམ་སྡང་མིག་མཆེ་རྣོན་ཨཾ་གཙིགས་ཅན། །སྨིན་མ་སྨ་ར་དམར་སེར་མེ་ལྟར་འབར། །དབུ་སྐྲ་ཁམས་ནག་སྟུག་པོ་སྤུངས་ཤིང་འཁྱིལ། །ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་གདེངས། །གཡོན་པ་གནམ་ལྕགས་ཕུར་བུས་དགྲ་སྙིང་གཟིར། །གསང་གོས་མཐིང་ཁ་ཟབ་བེར་གཡང་ལུགས་སྟེང་། །གསེར་གྱི་པ་ཏྲ་ཧ་རིས་སྣམ་སྦྱར་གསོལ། །སྙན་ཆ་དུང་ལོང་རིན་ཆེན་རུས་པས་སྤྲས། །མི་མགོ་རློན་པ་ལྔ་བཅུའི་དོ་ཤལ་འཕྱང་། །ཞབས་གཉིས་སག་ལྷམ་གསོལ་ཞིང་གཡས་བསྐུམ་པས། །དམུ་སྟག་མི་ཟན་མགོ་བོའི་སྟེང་ནས་མནན། །གཡོན་པ་ཚང་སྟེང་བརྐྱང་སྟེ་གར་གྱིས་འགྱིངས། །སྐུ་ལས་ཁྲོ་ཆུང་རྡོ་རྗེའི་ཚྭ་ཚྭ་འཕྲོ། །རྩིབས་བཞིར་པདྨ་ཉི་མའི་གདན་སྟེང་དུ། །ཤར་ནས་རིམ་བཞིན་དྲི་ཟ་འཆི་བདག་ཀླུ །གནོད་སྦྱིན་སྒོ་བཞིར་ཞིང་རྐྱང་གདན་སྟེང་ན། །གཙོ་བོའི་ཐུགས་ལས་ཧཱུྃ་ཡ་ཧྲཱིཿཧཱུྃ་དང་། །ཛཿཧཱུྃ་བཾ་ཧོཿའཕྲོས་པ་ཡོངས་གྱུར་ལས། །ཤར་དུ་ཕྱག་རྡོར་ཞལ་གཅིག་ཕྱག་གཉིས་པ། །མཐིང་ནག་གཡས་པ་གསེར་གྱི་རྡོ་རྗེ་གསོར། །ལྷོ་རུ་གཤིན་རྗེ་ཞལ་གཅིག་ཕྱག་གཉིས་པ། །སྐུ་མདོག་སེར་པོ་གཡས་པས་འཁོར་ལོ་བསྐོར། །ནུབ་ཏུ་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པ། །དམར་ནག་རྟ་སྐད་འཚེར་ཞིང་གཡས་པདྨ། །བྱང་དུ་མེ་དབལ་ཞལ་གཅིག་ཕྱག་གཉིས་པ། །སྨུག་ནག་གཡས་པས་མེ་ཡི་ཐོ་བ་འཕྱར། །བཞི་ཀའང་གཡོན་པ་ལྕགས་ཀྱི་ཕུར་བུ་གདེངས། །དུར་ཁྲོད་ཆས་བརྒྱད་གར་དགུའི་ཚུལ་གྱིས་འགྱིངས། །ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་སྟབས་སུ་བཞུགས། །སྒོ་བཞིར་དཀར་སེར་དམར་ལྗང་ཁྲོ་མོའི་ཉམས། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་གཡས། །གཡོན་པ་ཐམས་ཅད་སྡིགས་མཛུབ་ཕྱོགས་བཅུར་བསྡིགས། །རུས་པའི་ཕྱག་རྒྱ་ལྔས་སྤྲས་ཞིང་ལྤགས་ཀྱི། །སྟོད་གཡོགས་གཟིག་གི་པགས་པའི་ཤམ་ཐབས་ཅན། །ཞབས་གཉིས་ཕྱེད་སྐྱིལ་གར་སྟབས་ཚུལ་གྱིས་བཞེངས། །གཙོ་འཁོར་དགུ་ཀ་དུས་ཀྱི་བྱིན་ཟ་ལྟར། །རབ་འབར་ཡེ་ཤེས་མེ་དཔུང་ཀློང་ན་བཞུགས། །གཞལ་ཡས་ཁང་གི་ཐོག་མཚམས་བར་སྣང་ལ། །གཙོ་བོའི་དབུ་གཙུག་རིག་འཛིན་རྡོ་རྗེ་ཆོས། །མཐིང་ནག་རྡོ་རྗེ་དྲིལ་འཛིན་ཐོར་ཚུགས་ཅན། །རིན་ཆེན་རུས་རྒྱན་དར་གོས་སྐྱིལ་ཀྲུང་མཛད། །ཡུམ་ཆེན་རྡོ་རྗེ་རྣལ་འབྱོར་སྐུ་ལ་འཁྲིལ། །དེའི་ཕྱི་དུས་གསུམ་སངས་རྒྱས་པདྨ་འབྱུང་། །གསང་གོས་ཟབ་བེར་ཆོས་གོས་མཉེན་ཞུ་ཅན། །རྡོ་རྗེ་ཐོད་པ་ཁ་ཊྭཱཾ་རྩེ་གསུམ་བསྣམས། །སྐྱིལ་ཀྲུང་མཛད་ཅིང་སྲིད་གསུམ་ཟིལ་གྱིས་གནོན། །དེའི་ཕྱི་ལྷ་ཡི་མེ་ཏོག་རྒྱལ་པོའི་ཚུལ། །མཉམ་གཞག་ཨུཏྤལ་འཛིན་སྟེང་རལ་གྲིས་མཚན། །དེའི་ཕྱི་འཇའ་ཚོན་ཁོར་ཡུག་སུམ་རིམ་གྱི། །ནང་མར་པདྨ་ཉི་མའི་གདན་སྟེང་དུ། །སྤྲུལ་པའི་རིག་འཛིན་ཆེན་པོ་རྣམ་པ་བརྒྱད། །ཤར་དུ་སློབ་དཔོན་ཆེན་པོ་ཧཱུྃ་ཀཱ་ར། །རྡོར་སེམས་གསང་གོས་དཀར་པོ་ཕུ་ཐུང་ཅན། །ཕྱག་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །ལྷོ་རུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་ནི། །གཤིན་རྗེའི་གསང་གོས་མཐིང་ནག་ཕུ་ཐུང་ཅན། །བེ་ཅོན་འཕྱར་ཞིང་གཡོན་པ་སྡིགས་མཛུབ་མཛད། །ནུབ་ཏུ་སློབ་དཔོན་ནཱ་གཱརྫུ་ན་ནི། །དབང་གི་གསང་གོས་དམར་སྨུག་ཕུ་དུང་ཅན། །གསེག་ཤང་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས། །བྱང་དུ་སློབ་དཔོན་པྲ་བྷ་ཧསྟི་ནི། །ཕུར་པའི་གསང་གོས་ལྗང་ནག་ཕུ་ཐུང་ཅན། །ཕྱག་གཉིས་རྡོ་རྗེ་རྒྱ་གྲམ་པོ་ཏི་འཛིན། །ཤར་ལྷོར་སློབ་དཔོན་དྷ་ན་སཾསྐྲྀ་ཏ། །དབྱིངས་རིག་གསང་གོས་སྨུག་ནག་ཕུ་དུང་ཅན། །ཅང་ཏེའུ་བདུད་རྩིས་གང་བའི་ཐོད་པ་ཐོགས། །ལྷོ་ནུབ་མཁས་པ་བི་མ་མི་ཏྲ་ནི། །ཆེ་མཆོག་གསང་གོས་སྨུག་ནག་ཕུ་དུང་ཅན། །ཕྱག་གཉིས་མཉམ་གཞག་སྟེང་ན་ཚེ་བུམ་འཛིན། །ནུབ་བྱང་སློབ་དཔོན་གུ་ཧྱ་ཙནྡྲ་ནི། །དབང་སྡུད་གསང་གོས་ལྡིང་དམར་ཕུ་ཐུང་ཅན། །ཕྱག་གཡས་ལྕགས་ཀྱུ་གཡོན་པ་ཞགས་པ་བསྣམས། །བྱང་ཤར་སློབ་དཔོན་ཤིནྟཾ་གརྦྷ་ནི། །དྲག་པོའི་གསང་གོས་མཐིང་ནག་ཕུ་ཐུང་ཅན། །ཕྱག་གཡས་ཐོག་འཕེན་གཡོན་པས་གྲི་གུག་འཛིན། །ཀུན་ཀྱང་སྐུ་མདོག་དཀར་ལ་དམར་བའི་མདངས། །དབུ་ལ་མཛེས་པའི་མཉེན་ཞུ་པདྨ་ཅན། །སྤྲུལ་སྐུའི་ཆ་བྱད་དར་གྱི་ཆོས་གོས་གསོལ། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཚུལ་གྱིས་བཞུགས། ཁོར་ཡུག་བར་མར་པདྨ་ཉི་ཟླའི་སྟེང་། །ཤར་དུ་པད་འབྱུང་མཐིང་ནག་རྒྱན་དྲུག་སྤྲས། །རྩེ་ལྔ་སྡིགས་མཛུབ་ཡུམ་འཁྱུད་སྐྱིལ་ཀྲུང་མཛད། །ལྷོ་རུ་མཆོག་སྲེད་དཀར་པོ་ཐོད་རྔ་གཡས། །པད་ཕོར་རིན་ཆེན་རྒྱན་དང་དར་གྱི་གོས། །ནུབ་ཏུ་ཉི་འོད་སེར་པོ་ཁ་ཊྭཱཾ་དང་། །སྡིགས་མཛུབ་ཉི་ཟེར་ཞགས་འཛིན་སྟག་ཤམ་དཀྲིས། །ཕྱག་རྒྱ་དྲུག་དང་རིན་ཆེན་རྒྱན་གྱིས་སྤུད། །བྱང་དུ་སེང་སྒྲོག་མཐིང་ནག་ལྕགས་རྡོར་དང་། །སྡིགས་མཛུབ་ཐོར་ཚུག་དར་བཅིངས་དོར་སྟབས་བསྒྲད། །སེང་ལྤགས་སྟོད་གཡོགས་སྟག་གི་ཤམ་ཐབས་གསོལ། །ཤར་ལྷོར་པདྨ་སཾ་བྷ་དགེ་སློང་ཚུལ། །ཐོད་པ་རིན་ཆེན་དང་ལྡན་མཆོག་སྦྱིན་གཡོན། །ལྷོ་ནུབ་པདྨ་རྒྱལ་དམར་དར་དམར་གོས། །ལྕགས་སྒྲོག་ཌཱ་རུ་མེ་ལོང་ཡིག་དྲུག་མཚན། །ནུབ་བྱང་ཤཱཀ་སེང་སེར་པོ་དགེ་སློང་ཆས། །ས་གནོན་མཉམ་གཞག་ལྷུང་བཟེད་བདུད་རྩིས་གང་། །བྱང་ཤར་གྲོ་ལོད་སྨུག་ནག་ཁྲོ་ཞིང་གཏུམ། །གཅེར་བུ་རྒྱན་དྲུག་སྟག་ཤམ་རྡོ་རྗེ་གཡས། །གཡོན་པ་ཕུར་བསྒྲིལ་དམར་སེར་དབུ་སྐྲ་བརྫེས། །སྟག་ལྤགས་སྟེང་ན་ཞབས་གཉིས་དོར་སྟབས་བཞུགས། ཁོར་ཡུག་ཕྱི་མར་དར་འབོལ་གདན་སྟེང་ན། །ཤར་དུ་ནམ་སྙིང་དར་ཤམ་ཆོས་གོས་དང་། །པཎ་ཞུ་ལུ་མ་ཉི་ཟེར་ལ་ཆིབས་ཚུལ། །གཡས་པ་སྡིགས་མཛུབ་གཡོན་པ་པུས་སྟེང་བཀབ། །ལྷོ་རུ་གནུབས་ཆེན་ཐོར་ཚུགས་དར་དམར་བཅིངས། །གོས་དཀར་སྔགས་འཆང་ཆས་ལྡན་བྲག་ངོས་ལ། །ཕུར་པ་འདེབས་ཤིང་རཀྴའི་ཕྲེང་བ་གཡོན། །ནུབ་ཏུ་རྒྱལ་མཆོག་དགེ་སློང་གཅེར་ཤམ་ཅན། །ཕྱག་གཉིས་ས་གནོན་དབུ་གཙུག་རྟ་སྐད་སྒྲོག །བྱང་དུ་མཚོ་རྒྱལ་རྣལ་འབྱོར་མ་ཡི་ཆས། །གཡས་པ་སྡིགས་མཛུབ་མི་རོ་གསོན་པོར་སློང་། །གཡོན་པ་བདུད་རྩིས་གང་བའི་ཐོད་པ་འཛིན། །ཤར་ལྷོར་འབྲོག་མི་གོས་དཀར་ཐོར་ཚུགས་སོགས། །སྔགས་འཆང་ཕྱག་གཡས་རྡོ་རྗེ་གདེངས་པ་ཡིས། །མ་མོ་བྲན་བཀོལ་གཡོན་པ་གདན་ལ་བརྟེན། །ལྷོ་ནུབ་གཉགས་ཆེན་ཛྙཱ་ན་སྔགས་འཆང་ཆས། །བྲག་ལས་ཕབ་པའི་བདུད་རྩི་ཐོད་པར་བསྐྱིལ། །ནུབ་བྱང་དཔལ་གྱི་སེང་གེ་རབ་བྱུང་ཆས། །པཎ་ཞུ་གསོལ་ཞིང་དྲེགས་པ་ལས་ལ་བཀོལ། །བྱང་ཤར་བཻ་རོ་རབ་བྱུང་པཎ་ཞུ་དམར། །དཔྲལ་བའི་དབུས་ན་གསལ་བའི་ཡེ་ཤེས་སྤྱན། །ཆོས་འཆད་གླེགས་བམ་དྲག་སྔགས་དམོད་པ་གྲུབ། །གཞན་ཡང་ལྷུན་གྲུབ་ཕྱག་རྒྱ་ཚེ་ལ་དབང་། །རྣམ་པར་སྨིན་སོགས་རིག་འཛིན་གྲངས་མེད་དང་། །འོག་ཏུ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས། །སྤྲིན་གྱི་ཕུང་པོ་ལྟ་བུར་འཁྲིགས་པར་གྱུར། །ལྔ་པ་བྱིན་རླབས་དབང་བསྐུར་བྱ་བ་ནི། ཧཱུྃ། ཐམས་ཅད་སྐུ་གསུང་ཐུགས་དང་ཡེ་ཤེས་ལྡན། །དབང་ཆེན་དབང་བསྐུར་མཐུ་རྩལ་བྱིན་གྱིས་བརླབས། །ཕྱག་རྒྱ་བཞི་ལྡན་ཡེ་ནས་གྲུབ་པའི་ངང་། །ཐམས་ཅད་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ། །ཨོཾ་ཨཱཿཧཱུྃ། ཨོཾ་ཧཱུྃ་སྭཱ་ཨཾ་ཧཱཿ དྲུག་པ་སྤྱན་འདྲེན་པ་ནི། ཧཱུྃ། གསལ་བརྟན་ཏིང་འཛིན་ཡེ་ཤེས་རོལ་པ་ལས། །སྒྱུ་འཕྲུལ་གར་ལྡན་དཀྱིལ་འཁོར་ལྷ་ཡི་ཚོགས། །དམིགས་མེད་མཁའ་ལྟར་དག་པའི་ཕོ་བྲང་ནས། །ཐུགས་རྗེ་སྨོན་ལམ་དབང་གིས་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ཨེ་ཨ་རཱལླི་ཧྲིཾ་ཧྲིཾ་ཛ་ཛཿ བདུན་པ་བཞུགས་སུ་གསོལ་བ་ནི། ཧཱུྃ། གདོད་ནས་གཉིས་མེད་མཉམ་པའི་ངང་ཉིད་ལ། །བློ་སྦྱོང་ཕྱིར་དུ་དམ་ཚིག་ཡེ་ཤེས་སེམས། །ཆུ་ལ་ཆུ་བཞག་སྒྱུ་མ་ཇི་བཞིན་དུ། །དུ་མར་སྣང་ཡང་རོ་གཅིག་བརྟན་པར་བྱ། །ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། བརྒྱད་པ་ཕྱག་འཚལ་བ་ནི། ཧཱུྃ། བླ་མ་བདེ་གཤེགས་ཁྲོ་རྒྱལ་ལྷ་ཡི་ཚོགས། །རང་ཤེས་འཁྲུལ་བྲལ་བརྡ་དང་གར་གྱི་ཕྱག །རྣམ་རྟོག་ཡེ་ཤེས་ཆེན་པོར་རྟོགས་བྱའི་ཕྱིར། །སྲི་ཞུ་གུས་པས་འཕྲུལ་དགའི་ཚུལ་ཕྱག་འཚལ། །ན་མོ་པུ་རུ་ཤ་ཧོཿ ཨ་ཏི་པཱུ་ཧོཿ པྲ་ཏིཙྪ་ཧོཿ དགུ་པ་ཕྱག་རྒྱ་གར་གྱི་མཆོད་པ་ནི། ཧཱུྃ། ཐ་མལ་རྟོག་པ་རྣམ་དག་ཕྱག་རྒྱའི་བརྡ། །གར་གྱིས་རབ་མཚོན་དོན་གྱི་ལྷར་གསལ་ཕྱིར། །གཙོ་དང་འཁོར་བཅས་ཏིང་འཛིན་ཆོ་འཕྲུལ་གྱི། །རོལ་པ་མ་འདྲེས་ཕྱག་རྒྱའི་མཆོད་པ་འབུལ། །མ་ཧཱ་མུ་དྲ་པཱུ་ཙ་ཧོཿ བཅུ་པ་གླུ་བྲོ་ཡེ་ཤེས་ཀྱི་མཆོད་པ་ནི། ཧཱུྃ། ཡེ་ཤེས་གླུ་བྲོ་དོན་གྱི་བརྡ་མཚོན་ནས། །དགའ་བ་བཅུ་དྲུག་གླུ་དབྱངས་བྲོ་དང་གར། །ཡང་དག་དོན་རྟོགས་རང་བྱུང་རང་ལ་མཆོད། །རྟོགས་པའི་ཡེ་ཤེས་རང་གནས་བསྟན་དུ་གསོལ། །མ་ཧཱ་ཛྙཱ་ན་ཏེ་ན་ཧཱུྃ། ཏེ་ན་ཏེ་ཏེ་ཧཱུྃ། བཅུ་གཅིག་པ་ཕྱིའི་ཉེ་བར་མཁོ་བའི་མཆོད་པ་ནི། ཧཱུྃ། ཏིང་འཛིན་ཆོ་འཕྲུལ་ཡེ་ཤེས་རོལ་པ་ལས། །ཕ་རོལ་ཕྱིན་པ་དྲུག་རྫོགས་མཆོད་པའི་རྫས། །ནམ་མཁའི་ཁམས་སུ་སྒྱུ་མའི་ཚུལ་བསྟན་པ། །རང་བྱུང་རིག་པ་དོན་གྱི་ལྷ་ལ་འབུལ། །ཨོཾ་བཛྲ་ཨ་ཧ་ར་ཨ་ཧ་ར་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱེ་ཤབྡ་པཱུ་ཙ་ཧོཿ བཅུ་གཉིས་པ་ནང་འདོད་ཡོན་དྲུག་གི་མཆོད་པ་ནི། ཧཱུྃ། གསང་བ་ཡུམ་གྱི་བདེ་བ་དམ་པ་ནི། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་རྣམས་ཏེ། །འདོད་ཡོན་མ་འགག་རང་བྱུང་ལྷ་མོ་ཡི། །བདེ་བ་དམ་པ་སེམས་ཀྱི་རྒྱན་དུ་འབུལ། །པཉྩ་ཀ་མ་གུ་ཎ་པཱུ་ཙ་ཧོཿ བཅུ་གསུམ་པ་གསང་བ་དུག་ལྔའི་མཆོད་པ་ནི། ཧཱུྃ། རྒྱལ་བ་རིགས་ལྔའི་རང་བཞིན་དམ་པ་ནི། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་རྣམ་དག་སྐུ་ལྔ་ཡེ་ཤེས་ལྔ། །སྦྱོར་སྒྲོལ་དམ་པ་ལམ་གྱི་མཆོད་པ་འབུལ། །ཧ་ལ་པཉྩ་ཧོཿ བཅུ་བཞི་པ་དུག་གསུམ་རྟེན་གྱི་མཆོད་པ་ནི། ཧཱུྃ། འདོད་ཆགས་ཞེ་སྡང་གཏི་མུག་རྣམ་པ་གསུམ། །ཤ་ཁྲག་རུས་པ་རྫས་སུ་ལྷུན་གྱིས་གྲུབ། ཁམས་གསུམ་དག་པ་སྐུ་གསུང་ཐུགས་དང་ལྡན། །དམ་ཚིག་གསུམ་གྱི་མཆོད་པ་དམ་པ་འབུལ། །མ་ཧཱ་མཾ་ས་རཀྟ་ཀིཾ་ནི་རི་ཏི་པཱུ་ཙ་ཧོཿ བཅོ་ལྔ་པ་སྨན་གྱི་ཆེ་བའི་ཡོན་ཏན་བརྗོད་དེ་འབུལ་ཞིང་དངོས་གྲུབ་བླང་བ་ནི། ཧཱུྃ། རང་བྱུང་གདོད་ནས་གྲུབ་པ་རྫས་ཀྱི་མཆོག །ཤ་ལྔ་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ། །དག་མཉམ་རྟོགས་པས་རང་བྱུང་ལྷ་ལྔ་མཆོད། །སྐུ་གསུང་ཐུགས་ཀྱི་སིདྡྷི་བསྩལ་དུ་གསོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཨོཾ་ཨཱཿཧཱུྃ་ཧྲཱིཿ བཅུ་དྲུག་པ་དམ་རྫས་གཏོར་མའི་མཆོད་པ་ནི། ཁྱད་པར་རྨད་བྱུང་དམ་རྫས་འདོད་ཡོན་ལྔ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་མཆོག་གི་རྟེན། །ཟག་མེད་བདུད་རྩི་གཏོར་མའི་ལོངས་སྤྱོད་རྒྱན། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །མ་ཧཱ་བྷ་ལིངྟ་ཁཱ་ཧི། བཅུ་བདུན་པ་མ་ཆགས་རཀྟའི་མཆོད་པ་ནི། ཧཱུྃ། བདེ་ཆེན་ཡེ་ཤེས་འབྱུང་བའི་གནས་གཅིག་པུ། །པདྨ་རཀྟ་ཆགས་པ་ཆེན་པོའི་ཚོགས། །མ་ལུས་གཅིག་བསྡུས་འཁོར་སྐྱོན་དག་པའི་རྫས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །མ་ཧཱ་རཀྟ་ཁཱ་ཧི། བཅོ་བརྒྱད་པ་གསང་ནན་ཛ་གད་ཀྱི་མཆོད་པ་ནི། ཧཱུྃ། རྡོ་རྗེ་སེམས་དཔའ་བདུད་རྩི་འཆི་མེད་རྫས། །རྒྱུ་གཉིས་རྐྱེན་གསུམ་བདུད་རྩི་བཞི་སྦྱར་ནས། །དཀར་དམར་ཁམས་ཀྱི་བདེ་བ་བསྐྱེད་པའི་ཕྱིར། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །སརྦ་པཉྩ་ཨ་མྲྀཏ་ཛ་གད་ཁཱ་ཧི། བཅུ་དགུ་པ་སྦྱོར་བ་གཉིས་མེད་བདེ་བའི་མཆོད་པ་ནི། ཧཱུྃ། ཐབས་ཀྱི་རྡོ་རྗེ་བདེ་ཆེན་ཝཾ་གྱི་དཔལ། །ཤེས་རབ་པདྨ་ཨེ་ཡིག་རྣམ་ཐར་གསུམ། །ཐབས་ཤེས་གཉིས་མེད་དགའ་བཞི་མཉམ་སྦྱོར་བ། །ཟག་མེད་རྫུ་འཕྲུལ་ལམ་གྱི་མཆོད་པ་འབུལ། །ཨོཾ་པདྨ་ཡོ་གི་ནི་བཛྲ་པྲ་བེ་ཤ་ཡ་ཕཊ། ཉི་ཤུ་པ་བདག་རྟོག་བསྒྲལ་བའི་མཆོད་པ་ནི། ཧཱུྃ། ཡང་དག་པ་ཡི་ཡེ་ཤེས་རྡོ་རྗེ་ཡིས། །འཁོར་བའི་བག་ཆགས་གཏན་ནས་བཅོམ་བྱས་ཏེ། །གནས་ངན་སྒྲིབ་པའི་དགྲ་དཔུང་གཞོམ་པའི་ཕྱིར། །གསང་བ་མཁའ་གསང་དབྱིངས་སུ་བསྒྲལ་མཆོད་འབུལ། །མ་ཏྲཾ་རུ་ཏྲ་པྲ་བྷཉྫ་ཡ་ཧཱུྃ་ཕཊ། ཏི་ཧཱུྃ་ཨེ་ཡཾ་སྥ་ར་ཎ་ཧཱུྃ་ཕཊ། ཉེར་གཅིག་པ་ཡེ་ཤེས་ལྔའི་བསྟོད་པ་ནི། ཧཱུྃ། མཉམ་ཉིད་དག་པ་རྒྱལ་བ་ཡེ་ཤེས་སྐུ །རྩོལ་མེད་རང་བྱུང་ཨཱ་ལི་ཀཱ་ལིའི་སྒྲ །རྟོག་མེད་སྤྲོས་བྲལ་འོད་གསལ་ཐིག་ལེའི་ཐུགས། །རྩོལ་བ་དང་བྲལ་ལྷུན་གྲུབ་ཡོན་ཏན་གཏེར། །རང་བཞིན་མ་ངེས་ཕྲིན་ལས་ལྷུན་གྱིས་གྲུབ། ཁྱབ་བདག་རིག་པའི་ལྷ་ལ་ཕྱག་འཚལ་བསྟོད། །ཉེར་གཉིས་པ་བཤགས་པ་བྱ་བ་ནི། ཧཱུྃ། རང་བྱུང་རིག་པའི་ལྷ་ཚོགས་རྣམས། །རང་ལས་གཞན་དུ་མེད་ཕྱིར་དགོངས། །ཡེ་ནས་གཉིས་མེད་ཡེ་ཤེས་ལ། །བློ་ཡིས་བཅོས་པ་རང་སར་བཤགས། །ཨོཾ་བཛྲ་གུ་རུ་ཀྲོ་ཏ་རཱ་ཛ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་གུ་རུ་ཀྲོ་ཏ་རཱ་ཛ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། བཛྲ་གུ་རུ་ཀྲོ་ཏ་རཱ་ཛ་མ་མེ་མུཉྩ། བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨ་ཧཱུྃ་ཕཊ། བརྒྱ་སྟོང་ཉེར་གཅིག་བདུན་ལ་སོགས། །སྐབས་དང་སྦྱར་ཏེ་བཟླ་བར་བྱ། །ཉེར་གསུམ་པ་དག་པ་ནི། ལྷ་ལ་སེམས་གཏད་རྣམ་པ་གསལ་བ་དང་། །རྩེ་གཅིག་དངོས་སུ་ལྟ་བའི་ང་རྒྱལ་གྱིས། །ཆེ་མཆོག་པདྨ་དབང་དྲག་འགྲོ་ལ་ཆགས། །ཞལ་གཅིག་སྐྱེ་མེད་ཆོས་སྐུས་གདུག་པ་འདུལ། །ཕྱག་གཉིས་ཐབས་ཤེས་ཟུང་འཇུག་ཕྲིན་ལས་རྫོགས། །ཞབས་གཉིས་དོར་སྟབས་མཐའ་གཉིས་རྣམ་པར་གནོན། །འཆོལ་བའི་ཁྲོ་རྒྱལ་སྣ་ཚོགས་རྒྱན་གོས་ཀྱིས། །གྲངས་མེད་ཉོན་མོངས་དུག་ལྔ་མ་ལུས་དག །གར་དགུའི་ཉམས་ཀྱིས་སྐུ་གསུང་ཐུགས་སུ་གྲུབ། །དབུ་སྐྲ་ཁམས་ནག་ཆོས་ཀུན་དབྱིངས་སུ་གཅིག །པདྨ་ཆགས་མེད་ཉི་ཟླ་ཚོགས་གཉིས་བསགས། །མགོ་ཕྲེང་རོ་གདན་འདུ་བྱེད་རྣམ་པར་དག །ཡེ་ཤེས་མེ་དཔུང་སྒྲིབ་གཉིས་སྙིང་པོ་བསྲེགས། །གཙོ་འཁོར་ལྔ་ཡིས་ཡེ་ཤེས་ལྔ་མངོན་བྱེད། །སྒོ་མ་བཞི་ནི་ཚད་མེད་རྣམ་བཞིར་རྫོགས། །གཞལ་ཡས་ཁང་གིས་སྣོད་ཀྱི་མ་དག་སྦྱངས། །སྲུང་བའི་འཁོར་ལོས་ཡེ་ཤེས་སྐུ་ལྔ་རྫོགས། །སྣང་སྟོང་སྒྱུ་ལུས་མེ་ལོང་ལྟ་བུར་དག །གྲགས་སྟོང་འཕོ་ཆེན་བཅུ་གཉིས་དབུ་མར་རྫོགས། །རིག་སྟོང་འཇའ་འདྲ་ལུས་ངག་ཡིད་གསུམ་པོ། །སྐུ་གསུང་ཐུགས་ཀྱི་རྣམ་ཐར་རང་བཞིན་ཡིན། །སྙིང་པོ་སྐུ་དང་ཡེ་ཤེས་འོད་ལྔའི་གདངས། །སྐྱེ་འཆི་མེད་པ་གཡུང་དྲུང་འཕོ་འགྱུར་བྲལ། །ཉེར་བཞི་པ་འཛབ་བཟླ་བ་ནི། ཐུགས་ཀར་པད་ཉིར་ཧཱུྃ་ལ་སྔགས་ཀྱིས་བསྐོར། །དྲེགས་པ་ཟིལ་མནན་རྒྱལ་བ་སྲས་བཅས་མཆོད། །བྱིན་རླབས་ཚུར་བསྡུས་མཐུ་སྟོབས་ནུས་པ་བསྐྱེད། །ཕར་འཕྲོས་འགྲོ་རྣམས་བླ་མའི་ས་ལ་བཀོད། །མགར་གྱི་ཚྭ་ཚྭ་འཕྲོ་བ་ལྟ་བུར་འཁྲུགས། །རིག་རྩལ་ངར་ཆེན་ངང་ནས་གསང་བའི་སྔགས། །མ་ཡེངས་ཆུ་བོའི་རྒྱུན་བཞིན་བཟླ་བར་བྱ། །ཨོཾ་བཛྲ་གུ་རུ་རྡོ་རྗེ་གྲོ་བོ་ལོད་ལོ་ཀ་སརྦ་ཧཱུྃ་ཧཱུྃ། ཅི་རིགས་པ་བཟླ། ཨོཾ་བཛྲ་ཀྲོ་ཏ་གྲོ་བོ་ལོད་ཙཎྜ་ཛྭ་ལ་རཾ་རཾ་མཱ་ར་ཡ་ཧཱུྃ་ཕཊཿ ཅེས་པ་གཙོ་བོར་བཟླ། སྐབས་སུ་ཧཱུྃ་ལས་མེ་འབར་བས། །བདག་གཞན་ལོག་རྟོག་བག་ཆགས་བསྲེགས། །རིག་པའི་ངར་ལྡན་ཧཱུྃ་སྒྲ་སྒྲོག །འཁོར་དུ་མཁའ་འགྲོ་འབུམ་གྱིས་བསྐོར། །དེ་རྣམས་ཀུན་གྱིས་ཧཱུྃ་སྒྲ་སྒྲོག །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། དེ་སྐད་རིག་པའི་ངར་བསྐྱེད་བརྗོད། །འཇིག་རྟེན་ཁམས་ཀུན་ཤིགས་ཤིག་ལྡེག །སྟོང་གསུམ་ཧཱུྃ་སྒྲས་གང་བར་བསམ། །སྣང་སྲིད་དབང་དུ་འདུས་པར་བསམ། །འཁོར་བ་དོང་ནས་སྤྲུག་པར་བསམ། །ཨོཾ་ཨཱཿཧཱུྃ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊཿ ཅེས་བགྲང་ཞིང་དྲེགས་པ་གཟིར། འཁོར་རྣམས་ཀྱི་སྙིང་པོ་ནི། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཾ་ཧཱུྃ་ཕཊ། ཨོཾ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ། ཨོཾ་པདྨཱནྟ་ཀྲིཏ་ཧ་ཡ་གྲྀ་ཝ་ཧཱུྃ་ཕཊ། ཨོཾ་བཛྲ་ཡཀྴ་ཀརྨ་ཛྭ་ལ་རཾ་ཧཱུྃ་ཕཊ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་སྥོ་ཊ་བཾ། ཨོཾ་བཛྲ་གཎྜེ་ཧོ། ཞེས་བསྙེན། ཐུན་མཚམས་མཆོད་བསྟོད་སྟོང་ཚིགས་བྱ། ཉེར་ལྔ་པ་དངོས་གྲུབ་བླངས་པ་ནི། ཧཱུྃ། བླ་མ་རིག་འཛིན་ཡི་དམ་དང་། །མཁའ་འགྲོ་དམ་ཅན་མ་ལུས་དགོངས། །བདག་གིས་བསྐྱེད་རྫོགས་བསྒོམས་བཟླས་པའི། །རྟེན་འབྲེལ་མཐུན་པར་རབ་སྣང་ཤོག །ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ། གསུམ་པ་རྗེས་ཀྱི་ལས་ཁྲིགས་ཀྱི། དང་པོ་ཆེ་བ་བསྐྱེད་པ་ནི། ཧཱུྃ། སྣང་སྲིད་ཡེ་ཤེས་དག་པའི་ཞིང་། །གཟུགས་སྣང་རང་བྱུང་རོལ་པའི་རྩལ། །རང་ལས་གཞན་དུ་ཅིར་མི་སྣང་། །ཐམས་ཅད་ཐམས་ཅད་རང་བྱུང་ཡིན། །ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། གཉིས་པ་ཕྲིན་ལས་བསྐུལ་བ་ནི། ཧཱུྃ། སྟོང་ཉིད་ངང་དུ་ཐམས་ཅད་ཞི། །ཡེ་ཤེས་སྙིང་པོ་མཐོང་ཞིང་རྒྱས། །རང་སེམས་འཁྲུལ་པ་དབང་དུ་འདུ། །ཟང་ཐལ་རྟོགས་པས་བར་ལག་འཇིག །ཤནྟིང་པུཥྚིཾ་བ་ཤཾ་མཱ་ར་ཡ་རྦོད་གཏོང་བྷྱོ་བཟློག །གསུམ་པ་ཚོགས་མཆོད་བྱ་བ་ནི། ཧཱུྃ། ཡེ་ཤེས་འབྱུང་གསུམ་རྟེན་འབྲེལ་གྱིས། །བསྲེགས་སྦྱངས་འབྲུ་གསུམ་སྔགས་བྱིན་བརླབས། །བླ་མ་ལྷ་ཚོགས་གཤེགས་ཤིང་བཞུགས། །ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ །ན་མོ་པུ་རུ་ཤ་ཡ་ཧོཿ འདོད་པའི་ཡོན་ཏན་ལྔ་ལྡན་པའི། །ཚོགས་ཀྱི་མཆོད་པ་དམ་པ་འདི། །རྩ་གསུམ་ལྷ་ཚོགས་རྣམས་ལ་འབུལ། །དམ་སྐོངས་དབང་དང་དངོས་གྲུབ་སྩོལ། །གྷ་ན་ཙཀྲ་པཱུ་ཛ་ཁཱ་ཧི། སྒྱུ་མའི་བདེ་སྡུག་སྣང་བ་ལྟར། །མེད་བཞིན་བསགས་པའི་སྡིག་སྒྲིབ་ཀུན། །བསོད་ནམས་ཚོགས་ཆེན་འདི་ཡི་མཐུས། །མ་ལུས་བྱང་ཞིང་དག་པར་ཤོག །ཡི་གེ་བརྒྱ་པ་བརྗོད། ཨེ་ནྲྀ་ཏྲི་ཛཿ མཱ་ར་ཡ་རྦད། ཕུར་བུ་འབར་བས་ལུས་སྲོག་ཕྲལ། །རལ་གྲིས་དུམ་བུར་གཏུབས་པ་ཡི། །ཤ་ཁྲག་རུས་ཚིལ་ཕུང་པོ་འདི། །རྩ་གསུམ་ལྷ་ཚོགས་ཞལ་དུ་འབུལ། །མ་ཧཱ་མཾ་ས་སོགས་བརྗོད། ཚོགས་གཉིས་བསགས་པའི་དགེ་ཚོགས་ཀྱིས། །སྒྱུ་མ་རྨི་ལམ་ཇི་བཞིན་དུ། །རང་གཞན་ཚོགས་གཉིས་རབ་རྫོགས་ནས། །སྐུ་དང་ཡེ་ཤེས་རྒྱས་པར་ཤོག །བཞི་པ་ལྷག་མཆོད་བྱ་བ་ནི། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ། ཧཱུྃ། ཡེ་ཤེས་རོལ་པའི་ལྷ་ཚོགས་རྣམས་དང་ནི། །ལས་ལས་གྲུབ་པའི་མཁའ་འགྲོ་དབང་ཕྱུག་གིང་། །མ་བདུན་སྲིང་བཞི་འདིར་གཤེགས་མཆོད་པ་བཞེས། །འབར་མ་དང་ནི་སྤོར་མ་ཕོ་ཉའི་ཚོགས། །ལྷ་སྲིན་སྡེ་བརྒྱད་བཀའ་ཡི་སྲུང་མར་བཅས། །མ་ལུས་འདིར་གཤེགས་ཟག་མེད་བདུད་རྩི་ལ། །རྔམས་ཤིང་དགྱེས་པའི་ཚུལ་གྱིས་རོལ་དུ་གསོལ། །མ་མ་ཤ་ཏྲུན་ཨ་མུ་ཀཾ་ཕྲེཾ་ཡཀྴ་བཛྲ་བི་ཛཱ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལྔ་པ་ཆད་ཐོ་ནི། ཧཱུྃ་བྷྱོ། སྔོན་ཚེ་ཡེ་ཤེས་དཔལ་གྱི་དམ་ཚིག་དང་། །བར་དུ་སྤྲུལ་པའི་རིག་འཛིན་དམ་ཚིག་དང་། །ཐ་མ་གང་ཟག་དམ་ཚིག་གཉན་པོ་དང་། །ད་ལྟ་བདག་ཉིད་རྣལ་འབྱོར་དམ་ཚིག་ལ། །ཚུལ་བཞིན་གཏོགས་པ་མ་ལུས་འདིར་གཤེགས་ཤིག །ཇི་ལྟར་རང་རང་དམ་བཅས་ཚུལ་བཞིན་དུ། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །མ་ཧཱ་པཉྩ་བྷ་ལིང་ཏ་རཀྟ་ཁཱ་ཧི། དྲུག་པ་གཏོར་མ་འཕང་བ་ནི། བྷྱོ། ངས་ནི་མ་ཉེས་རྣམ་རྟོག་བར་ཆད་བདུད། །མ་ཉེས་ཞབས་བསྐུམ་དབུ་ཆུམས་གཏོར་ལམ་ཕྱེས། །རང་སྲོག་བདུད་དང་བར་ཆད་བྱེད་པའི་བགེགས། །ལོག་འདྲེན་སྟེང་དུ་བདེན་པའི་ཟོར་མདའ་ཕོབ། །དགྲ་བགེགས་སརྦ་ཤ་ཏྲུམ་མཱ་ར་ཡ་ཕཊ། བདུན་པ་གཏོར་གཞོང་བཤལ་ལ་སྨན་འབྲུས་བཀང་སྟེ་བདུད་རྩིར་བརླབས་ལ། བརྟན་མ་སྐྱོང་བ་ནི། ཧཱུྃ་བྷྱོ། རྟེན་འབྲེལ་བཅུ་གཉིས་མ་མོ་བརྟན་མའི་ཚོགས། །ནག་མོ་དམར་མོ་དཀར་མོ་འབུམ་ཕྲག་རྣམས། །གཏོར་མ་འདི་བཞེས་རྣལ་འབྱོར་བདག་ཉིད་ཀྱིས། །ཅི་ལྟར་བཅོལ་པའི་ལས་ལ་འབྲས་བུ་སྩོལ། །མ་མཱ། ཁ་ཁཱ། ལ་ལཱ། ལེ་ལཱེ། ཏ་ཏཱ། ཏེ་ཏཱེ། སྲིང་འགྲོ་མ་པཉྩ་བྷ་ལིང་ཏ་རཀྟ་ཁཱ་ཧི་ཁཱ་ཧི། བརྒྱད་པ་གཏོར་གཞོང་མནན་པ་ནི། ཧཱུྃ། སྟོང་གསུམ་བརྡལ་བ་དཔལ་གྱི་གཞལ་ཡས་ཁང་། །རྔམ་བརྗིད་རོལ་པ་རྡོ་རྗེ་ཐོད་ཕྲེང་རྩལ། །རྐང་པ་རྡོ་རྗེ་འབར་བའི་རོལ་གར་གྱིས། །བྲོ་བརྡུངས་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ། །ཤིནྟཾ་པུཥྚིཾ་བ་ཤཾ་མཱ་ར་ཡ་སྟཱཾ་བྷ་ཡ་རཀྴ་ནན༔ སུམྦྷ་ནི་བརྗོད། ཨཱ་ལི་ཀཱ་ལི་ཡིག་བརྒྱ་བཟླ། དགུ་པ་རྟག་མཐའ་བསལ་བ་ནི། ཧཱུྃ། རང་རིག་ཐིག་ལེ་གཅིག་ཏུ་བརྡལ་བ་ལ། །སྤྲོ་དང་བསྡུ་བའི་བྱ་བ་མི་དམིགས་ཀྱང་། །མ་རྟོགས་འཁྲུལ་པའི་བློ་རྟོག་སྦྱང་བའི་ཕྱིར། །ཐམས་ཅད་ཐིག་ལེ་ཆེན་པོར་བསྡུ་བར་བྱ། བཛྲ་མུ༔ བཅུ་པ་ཆད་ལྟ་བསལ་བ་ནི། ཧཱུྃ། རྟག་ཏུ་མི་འགྱུར་ཐིག་ལེའི་སྙིང་པོ་ཟླུམ། །བསྐྱེད་དང་རྫོགས་པའི་མཐའ་གཉིས་བྲལ་བ་ལ། །ཆད་པའི་སྟོང་ཉིད་མེད་པ་ལས་གྲོལ་ཕྱིར། །རྡོ་རྗེ་ཁྲོ་བོ་དཔལ་ཆེན་སྐུ་རུ་ཤར། །བཅུ་གཅིག་པ་བསྔོ་ཞིང་རྒྱུན་སྤྱོད་བྱ་བ་ནི། ཧཱུྃ། དུས་གསུམ་མི་དམིགས་སྒྱུ་མར་སྣང་བའི་ཆོས། །མིག་འཕྲུལ་ཇི་བཞིན་དགེ་ཚོགས་བྱང་ཆུབ་ཏུ། །ཡོངས་སུ་བསྔོས་པས་བདེ་གཤེགས་རིག་འཛིན་གྱི། །གོ་འཕང་མཆོག་ལ་འགྲོ་ཀུན་སྦྱོར་གྱུར་ཅིག །བཀྲ་ཤིས་རིག་འཛིན་ཞལ་ལུང་ལྟར་བྱའོ།། ༈ །།དབང་ནི། གནས་ཁང་བྱི་དོར། དབང་ཆས་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚང་བར་བསགས། རང་ཉིད་སྐད་ཅིག་གིས་གཙོ་བོའི་ང་རྒྱལ་ལ་གནས་པས། གཏོར་མ་དཀར་དམར་གཉིས། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས། ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ས་མ་ཛཿས་སྤྱན་དྲངས། གོང་གི་སྔགས་མཇུག་ཏུ་མཛོད་སྔགས་སྦྱར་བས་བསྔོས་ལ། ས་བདག་ལྷ་ཀླུ་འཁོར་དང་བཅས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདག་གི་སྒྲུབ་པ་མ་ཐོན་བར། ཁྱེད་ལ་གནས་འདི་བདག་གཡར་གྱིས། །གནང་བ་ལེགས་པར་བསྩལ་དུ་གསོལ། །ཅི་བདེ་བར་ནི་གཞན་དུ་སོང་། །གོང་གི་སྔགས་མཇུག་ཏུ་གཙྪ་ཞེས་བརྗོད་པས་གཞན་དུ་གཤེགས་པར་བསམ། དེ་ནས་སྟེགས་བུའི་ཁར་དཀྱིལ་འཁོར་དགྲམ། དེ་སྟེང་མཉྫིའི་ཁར་སྒྲུབ་གཏོར་དར་གྱི་ཅོད་པན་ཅན་བཞག །མདུན་དུ་རྣམ་བུམ་བཅུད་ལྡན་ཁ་རྒྱན་གཟུངས་ཐག་དང་བཅས་པ། ལས་བུམ། གཡས་སུ་དབུ་རྒྱན། མདུན་དུ་རྡོར་དྲིལ། གཡོན་དུ་གསང་རྫས། ཤེས་རབ་མའི་དབང་རྟེན། འཇའ་ཤེལ། གཞན་སྐུ་གསུང་ཐུགས་རྟེན་གྱི་ཙཀ་ལི། མིག་དར། མེ་ཏོག །དམ་ཆུ། དགང་བླུགས། མེ་དཔུང་། ལིང་ག །ཐོད་པ། གླང་རུ། བྱད་ཐག །ཐུན། རོ་གཡམ། མདའ་ཟོར། རྡོ། ཀོང་བུ། ཁྲག་ཀོང་རྣམས་གང་འོས་སུ་བཤམ། ཕྱི་ནང་གི་མཆོད་པ། ཚོགས་འཁོར། བགེགས་གཏོར། རྡོར་དྲིལ། རོལ་མོ་སོགས་མཁོ་བའི་ཡོ་བྱད་རྣམས་མངོན་པར་འདུ་བགྱིད། ལས་བྱང་གི་སྲུང་འཁོར་སྔོན་དུ་ཐུན་རོལ་མོ་དྲགས་སྔགས་ཚམ་རྔམ་དང་བཅས་བགེགས་གཏོར་བཏང་ནས་གཞུང་བསྲངས་ཏེ་དཀྱིལ་འཁོར་བསྒྲུབ། རྣམ་རྒྱལ་བུམ་པའི་ནང་དུ་ལྷ་བསྐྱེད་པ་ལ་མཆོད་བསྟོད་བཟླས་པ་དང་། ལས་བུམ་དུ་བདུད་རྩི་འཁྱིལ་པ་དང་རྣམ་འཇོམས་ཀྱི་བསྐྱེད་བཟླས་བྱས་ནས་རྣམ་བུམ་དང་སྒྲུབ་གཏོར་གནས་བརྗེ། ལས་བུམ་སློབ་དཔོན་གྱི་ལྕོག་རྩེའི་སྟེང་ཁར་འཇོག །ཚོགས་མཆོད་འབུལ། སློབ་མ་རྣམས་ཁྲུས་ནས་དབྱུང་། རྡོ་རྗེ་སློབ་དཔོན་དབང་ཁང་སྒོ་ནང་དུ་བྱོན་པར་གསོལ་བ་འདི་ལྟར་གདབ་པ་ནི། ཧོཿ ཀྱེ་མ་གསང་ཆེན་རིགས་རྣམས་ཀུན། །མ་ལུས་འདུས་པའི་བདག་ཉིད་ཅན། །བླ་མ་རྡོ་རྗེ་གྲོ་ལོད་ཀྱི། །དབང་བསྐུར་ཟབ་མོ་བསྩལ་དུ་གསོལ། །ལན་གསུམ་གྱིས་ཞུ་བ་ཕུལ། ལན་དུ། ཀྱེ། བུ་ཁྱོད་ལམ་འདིར་སྙིང་ཁོང་ནས། །མོས་ན་དཀྱིལ་འཁོར་འཇུག་བྱ་ཡི། །ཐེ་ཚོམ་ཡིད་གཉིས་ལྡན་པའི་རིགས། །འདི་རུ་མ་འདུག་ཕྱིར་དེངས་ཤིག །ཅེས་བརྗོད་པའི་ལན་དུ། བདག་ནི་རྩ་བ་གསུམ་པོ་སྤྱི། ཁྱད་པར་བླ་མ་གྲོ་བོ་ལོད། །ལྷག་པའི་སྐྱབས་སུ་འཛིན་ལགས་པས། །རྗེས་སུ་འཛིན་པ་གནང་བར་རིགས། །ཞེས་བརྗོད། བགེགས་གཏོར་བཏང་ཞིང་། ཡུངས་ཀར་ཧཱུྃ་ཕཊ་ཀྱི་སྒྲ་རོལ་མོ་དང་བཅས་ཏེ་ཕྱིར་འབྲང་གི་བགེགས་བསྐྲད། སློབ་མ་རྣམས་ནང་དུ་ཞུགས་པར། ཧོཿ སྣོད་དང་ལྡན་ན་སྨིན་བྱ་ཡིས། ཁས་བླངས་དམ་ལ་གནས་པར་གྱིས། །དམ་འགལ་ན་རཀ་གནས་སུ་ལྟུང་། །དེ་བས་རང་རྒྱུད་དག་པར་གྱིས། །ཞེས་གནང་བ་སྦྱིན། སྤྲོ་བ་བསྐྱེད་ཅིང་དམ་བསྒྲག་པའི་སླད་དུ། ཀྱཻ། ཉོན་ཅིག་སྐལ་ལྡན་ཐེག་ཆེན་སྔགས་ཀྱི་རིགས། །འཁོར་བའི་རང་བཞིན་སྡུག་བསྔལ་མེ་ཡི་འོབས། །བདེ་བའི་སྐབས་མེད་ཐར་པའི་ལམ་འཚོལ་བ། །ལེགས་སོ་ལེགས་སོ་འདིར་ཤོག་བདེ་བར་འདུག །འདི་ནི་ཐེག་ཆེན་གསང་བ་སྔགས་ཀྱི་ལམ། །སྨིན་དང་གྲོལ་བ་དུས་གཅིག་ཉིད་ལ་འབྱུང་། །འདི་འཕྲད་འཁོར་བའི་མཚོ་ལས་ཐོན་པ་སྟེ། །འགྲོ་བའི་ལམ་སྟེགས་དགའ་ཚལ་ཁྱོད་ཡིན་ནོ། །དེ་ཕྱིར་དམ་ཚིག་དག་ལ་ནན་ཏན་གཅེས། །བླ་མ་བདེ་གཤེགས་འདུས་པའི་དམ་ཚིག་ཏུ། །རྟག་ཏུ་གུས་པས་གསོལ་གདབ་ཏིང་འཛིན་བསྒོམ། །བཟླས་པ་ཕྱག་མཆོད་རྫོགས་རིམ་དག་སྣང་བསྐྱེད། །འགྲོ་ལ་བརྩེ་བས་བྱམས་དང་སྙིང་རྗེ་བསྒོམ། །སྒོ་གསུམ་དལ་མེད་དགེ་བཅུ་ཚུལ་བཞིན་སྤྱོད། །ས་མ་ཡ་ཧཱུྃ། ཞེས་བརྗོད། མཎྜལ་ཕུལ། ཀྱེ་ཀྱེ། མཁའ་འགྲོའི་གྲོང་ཁྱེར་ཉམས་དགའ་བ། །དེར་ནི་བདག་ལ་བརྩེ་བར་རབ་དགོངས་ཏེ། །དཀྱིལ་འཁོར་གཞུག་ཅིང་དབང་རྣམས་བསྐུར་བ་དང་། །གསང་བ་སྔགས་ཀྱི་ལམ་རྣམས་བསྟན་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། ཨ་ཁཾ་ཝི་ར་ཧཱུྃ། ཞེས་མིག་དར་བཅིངས། ཨོཾ་པུཥྤེ་སིདྡྷི་ཧཱུྃ། ཞེས་མེ་ཏོག་གཏད། ལས་བྱང་གི་སྐྱབས་སེམས་ཡན་ལག་བདུན་པ་རྣམས་བྱ། སྔགས་སྡོམ་འཛིན་པ་ནི། ཧཱུྃ། དེང་ནས་རིགས་ལྔའི་དམ་ཚིག་སོགས། །གསང་བ་སྔགས་ཀྱི་སྡོམ་བཟུང་ནས། །འགྲོ་བ་མ་གྲོལ་དགྲོལ་བ་དང་། །དབུགས་དབྱུང་མྱ་ངན་འདས་ལ་འགོད། །ཅེས་བརྗོད། བླ་མའི་སྤྱི་བོ་མགྲིན་པ་སྙིང་ག་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་གྱིས་བྱུང་བ་སློབ་མའི་གནས་གསུམ་དུ་ཐིམ་པས་ལུས་ཐམས་ཅད་འོད་ཀྱིས་གང་། གནས་གསུམ་དུ་བདུད་རྩིའི་ཐིགས་པ་བཞག་པའི་རྐྱེན་གྱིས་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿཡིས་མཚན་པ། ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་གསལ་བཏབ་པར་འབྲུ་གསུམ་བརྗོད་ཅིང་རྡོ་རྗེ་བཞག་ནས་བྱིན་གྱིས་བརླབས། ཀུན་རྫོབ་དང་དོན་དམ་པའི་སེམས་བསྐྱེད་པ་ནི། སྙིང་གར་བདུད་རྩི་ཙན་དན་ཆུས་བརླན་ལ། ཀུན་རྫོབ་སྙིང་རྗེས་བརྒྱན་པའི་བྱང་ཆུབ་སེམས། །གང་བའི་ཟླ་བ་སྙིང་དབུས་བསྒོམ་བྱས་ཏེ། །དེ་སྟེང་རྡོ་རྗེ་རེག་ཅིང་དོན་དམ་པ། །འོད་གསལ་སྙིང་པོ་འོད་ཀྱི་རྡོ་རྗེ་སྟེ། །གསེར་མདོག་རྒྱས་པ་འོད་ཟེར་ལྔ་འཕྲོ་བ། །བསྒོམ་པར་བསྐུལ་ཞིང་ཐལ་སྦྱར་སེམས་གཉིས་བསྐྱེད། །ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་དཱ་ཡ་མི། ཨོཾ་སུ་ར་ཏི་ས་མ་ཡ་སཏྭཾ། ཧོ་སིདྡྷི་བཛྲ་ཡ་ཐ་སུ་ཁཾ། ཞེས་བརྗོད། སྤྱི་བོར་རྡོ་རྗེ་བཞག་སྟེ། དེང་ནས་ཐེག་མཆོག་ཆོས་འདི་ཡི། །གསང་བ་གཞན་ལ་མི་སྨྲ་སོགས། །དམ་བསྲུངས་འདི་ཕྱིའི་དོན་འབྲས་ཐོབ། །མིན་ན་ཡེ་ཤེས་སེམས་དཔའ་ནི། །སྡིག་པར་གྱུར་ནས་སྙིང་རྩ་ཟ། །དེ་བས་ཚུལ་བཞིན་ཡིད་དམ་བྱོས། །པཉྩ་ཨ་མྲྀཏ་ཧྲཱིཿཋ༔ ཞེས་དམ་ཆུ་བྱིན་ནས་དམ་ལ་བཞག །རྡོ་རྗེར་འཇུས་ནས་ནང་དུ་ཁྲིད་པར་མོས་ཏེ། ཧཱུྃ་ཛཿ ཤོག་ཅིག་དཀྱིལ་འཁོར་ནང་ཞུགས་ལ། །ཕྱོགས་བཞིའི་སྒོར་ཞུགས་ལྷ་ལ་ཕྱག་འཚལ་ཏེ། །གུས་པའི་སེམས་ཀྱིས་བདེ་གཤེགས་དངོས་གྲུབ་ལོངས། །མཛེས་པའི་གྲོང་ཁྱེར་དགའ་བའི་མདུན་དུ་འདུག །ཅེས་བརྗོད་ལྷོ་ཡི་སྒོ་ནས་སྙིང་རྗེའི་སེམས་ཉེ་བར་བཞག་ཅིང་ནུབ་ཏུ་དགའ་བ་དང་། བྱང་དུ་བཏང་སྙོམས་ཤར་དུ་བྱང་སེམས་སྒོམས། སྒོ་བཞི་ཕྱེས་ལ་ཤར་གྱི་ཁྱམས་ལ་བཀོད་ཅེས་བརྗོད། བྱིན་དབབ་པ་ནི། ཧོ༔ བླ་མ་རྡོ་རྗེ་གྲོ་ལོད་ཀྱི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས། །ད་ལྟ་ཉིད་དུ་བདག་སོགས་ཀྱི། །རྒྱུད་ལ་དབབ་པར་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། བགེགས་བསངས་སློབ་མ་ལས་བྱང་བཞིན་གཙོ་བོར་བསྐྱེད། གནས་གསུམ་བྱིན་གྱིས་བརླབས། ཡི་གེ་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ལུས་ཀྱི་ནང་ཀུན་གང་བས་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་སྦྱངས། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་ཟངས་མདོག་དཔལ་གྱི་རི་བོ་ནས་ཆེ་མཆོག་པདྨ་ཐོད་ཕྲེང་ཞི་ཁྲོའི་ལྷ་ཚོགས་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བ་བྱོན་པར་བསམ་ཏེ་བཞེངས་བསྐུལ་དང་སྤོས་རོལ་བྱ་ཞིང་རྩ་སྔགས་ཀྱི་མཇུག་ཏུ་ཧཱུྃ་བརྒྱ་རྩ་བརྒྱད་ཀྱི་མཐར། ར་ར་ར་ར། ཙ་ལ་ཡ་ཙ་ལ་ཡ། ཨཱ་ཝེ་ཤ་ཡ་ཨ་ཨ་ཨཱཿ ཞེས་བསྟིམ་ཞིང་སྔགས་བཟླས་ཏེ་སྤྱི་བོར་རྡོ་རྗེ་བཞག །ཏིཥྛ་བཛྲ་གྱིས་བརྟན་པར་བྱས་ལ་མེ་ཏོག་འདོར་བ་ནི། དཀྱིལ་འཁོར་ལྷ་ཚོགས་དྲུང་དུ་བདག་མཆི་ཡི། །ཆེ་མཆོག་པདྨའི་དཀྱིལ་འཁོར་ཆེན་པོ་རུ། །དངོས་གྲུབ་སྒྲུབ་ཕྱིར་དབུས་སུ་མེ་ཏོག་དོར། །སྔོན་སྦྱངས་ལས་འཕྲོ་གང་ཡོད་དེར་འབབ་ཤོག །པྲ་ཏཱིཙྪ་ཧོཿ ཞེས་མེ་ཏོག་དོར། རྡོ་རྗེ་ཐོགས་མེད་རྩལ་ལམ། དབུས་སུ་བབ་ན་རྡོ་རྗེ་གྲོ་ལོད་རྩལ་ལམ། ཤར་དུ་ཐུགས་མཆོག་དྲེགས་པ་རྩལ། ལྷོར་སྐུ་མཆོག་མཐུ་སྟོབས་རྩལ། ནུབ་ཏུ་གསུང་མཆོག་དབང་ཆེན་རྩལ། བྱང་དུ་ཕྲིན་ལས་དྲག་པོ་རྩལ། སྒོ་བཞིར་ཡོན་ཏན་ཌཱ་ཀི་རྩལ། ཞེས་གང་དུ་བབས་པའི་གསང་མཚན་གདགས། ཅོད་པན་མགོ་བོར་བཅིངས་ཏེ། ཅོད་པན་འདི་ནི་དཔའ་བའི་རྟགས། །སྨོན་ལམ་མཐུན་པའི་ལྷས་བྱིན་བརླབས། །བར་ཆད་ཀུན་གྱིས་མི་ཚུགས་ཤིང་། །འཁོར་བའི་སྐྱོན་གྱིས་མི་གོས་ཤོག །པུཥྤེ་ཨ་བྷི་ཥིཉྩ་མཱི། ཞེས་བརྗོད། རྡོ་རྗེས་མིག་དབྱེ་བའི་སྟངས་ཀ་དང་བཅས་ཏེ། ཧཱུྃ། བུ་ཁྱོད་རྩོལ་བའི་སེམས་སྟོབས་མ་ཆུང་བར། །དཀྱིལ་འཁོར་འདིར་བཞུགས་ལྷ་དང་གཉིས་སུ་མེད། །རྟག་ཏུ་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས། །མཉམ་པར་སྦྱོར་བས་ཡང་དག་དངོས་གྲུབ་ཐོབ། །བཛྲ་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ། ཅེས་མིག་དར་བསལ། ཧོཿ མ་རིག་ལིང་ཏོག་ངས་བསལ་རང་བྱུང་གི །ཡེ་ཤེས་གསང་བའི་བརྡ་དང་དོན་ལ་ལྟོས། །འདུས་མ་བྱས་ཤིང་ལྷུན་གྲུབ་གཞལ་ཡས་ཁང་། །བྱང་ཆུབ་ཕྱོགས་ཀྱི་ལམ་རྣམས་འདྲིལ་བར་རྫོགས། །འདི་མཐོང་བྱང་ཆུབ་ལམ་དུ་ཆུད་པས་ཏེ། །ཕུང་པོ་ལྔ་དག་བདེ་གཤེགས་རིགས་ལྔ་དང་། །འབྱུང་བ་ཡུམ་དག་གསང་བའི་ལྷ་མོ་ལྔ། །སྐྱེ་མཆེད་དྲུག་དང་བཅུ་གཉིས་སེམས་དཔའ་དང་། །ཡན་ལག་དག་པ་ཁྲོ་བཅུ་འབར་བའི་ཚོགས། །ཐམས་ཅད་ཡེ་ཤེས་འབར་བའི་སྐུ་ལ་རྫོགས། །འདི་ནི་རང་བྱུང་དོན་གྱི་ལྷ་ཡིན་ཏེ། །མཐོང་དང་བསྒོམ་བཟླས་ཚེ་གཅིག་བྱང་ཆུབ་ཐོབ། །བསྐལ་པའི་མུན་པ་སྐད་ཅིག་ཉིད་ལ་དག །རྟག་ཏུ་དགའ་མགུ་རངས་པའི་བསམ་པ་ཡིས། །དཀྱིལ་འཁོར་བྲི་དང་སྒྲུབ་ལ་ནན་ཏན་བྱོས། །ཨ་ལ་ལ་ཧོཿ ཞེས་བརྗོད་ཅིང་དཀྱིལ་འཁོར་དང་ལྷ་ངོ་བསྟན། དབང་དངོས་གཞི་ལ་མཎྜལ་ཕུལ། ཀྱེ་མ་མཐུ་སྟོབས་ནུས་པའི་བདག །བླ་མ་རྡོ་རྗེ་གྲོ་ལོད་ཀྱི། །དབང་བཞི་བསྐུར་ཞིང་སྒྲིབ་བཞི་སྦྱང་། །སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །ལན་གསུམ་གྱིས་གསོལ་བ་གདབ། སློབ་མ་གཙོ་བོར་གསལ་བ་ལ་སྐད་ཅིག་གིས་མདུན་གྱི་ནམ་མཁར་དབང་ལྷ་སྤྱན་དྲངས་པ་རྣམས་ཀྱིས་དཀྱིལ་འཁོར་གྱི་ལྷ་ཚོགས་འོད་དུ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུས་དབང་བསྐུར་བར་བསམས་ཏེ། ཧཱུྃ། ཕྱི་ལྟར་བུམ་པ་བཟང་པོ་ལ། །ནང་དུ་ཡེ་ཤེས་བདུད་རྩིའི་ཆུ། །རིགས་ཀྱི་བུ་ལ་དབང་བསྐུར་བས། །རིགས་ལྔའི་དབང་མཆོག་ཐོབ་པར་ཤོག །ཨོཾ་བཛྲ་གྲོ་བོ་ལོད་ས་པ་རི་ཝཱ་ར་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་བས་སྤྱི་བོར་སྣང་མཛད། དཔྲལ་བར་མི་བསྐྱོད་པ། རྣ་ལྟག་གཡས་སུ་རིན་འབྱུང་། ལྟག་པར་འོད་དཔག་མེད། རྣ་ལྟག་གཡོན་དུ་དོན་གྲུབ་རྣམས་ཀྱིས་དབུ་བརྒྱན། རྩ་ཐོར་འདི་ཙམ་ལས་མ་བྱུང་ཞིང་རྒྱས་པར་སྤྲོ་ན། ཐུགས་ཀའི་འོད་ཀྱིས་རིགས་ལྔ་ཡབ་ཡུམ་དང་། །སེམས་དཔའ་ལྕམ་དྲལ་ཁྲོ་བོའི་ཚོགས་སྤྱན་དྲངས། །མཆོད་ཅིང་བསྟོད་དེ་གཉིས་མེད་སྦྱོར་བའི་ཚུལ། །ལྷ་ཚོགས་རྣམས་དང་གཉིས་མེད་རོལ་པའི་རྫས། །སྤྱི་བོར་བཞག་སྟེ་དབང་འདི་བསྐུར་བར་བྱ། །ཞེས་རང་གི་ཐུགས་ཀའི་འོད་ཀྱིས་རིགས་ལྔ་ཡབ་ཡུམ་སེམས་དཔའ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས་སྤྱན་དྲངས་པ་ལ་མཆོད་ཅིང་བསྟོད། སློབ་མ་དང་བུམ་ཆུ་སྐད་ཅིག་གིས་མི་བསྐྱོད་ཧེ་རུ་ཀ་ཡབ་ཡུམ་གསལ་གཏབ་པར་ཡེ་ཤེས་པ་བསྟིམས། དེ་འོད་དུ་ཞུ་བ་ལས་བྱུང་བའི་བུམ་ཆུར་བསམ་ཞིང་མཇུག་ཏུ་མི་བསྐྱོད་པས་རྒྱས་གདབ་པ་ལ་མཆོད་ནས་ཤིས་པ་བརྗོད། དེས་མཚོན་ཏེ་རིན་འབྱུང་ཅོད་པན་གྱི་དབང་སོགས་ལ་ཡང་རིགས་འགྲེའོ། །ཧཱུྃ། རྒྱལ་བ་ཀུན་གྱི་བྱང་ཆུབ་སེམས་མཆོག་ཆུ། །རང་བཞིན་དག་པ་ཡེ་ཤེས་ལྔ་ཡི་དངོས། །བུ་ཁྱོད་བྱིན་བརླབས་དབང་མཆོག་དམ་པ་བྱིན། །རྣམ་ཤེས་དག་པ་དཀྱིལ་འཁོར་ལྷར་གྱུར་ཅིག །ཨོཾ་བཛྲ་ཀྲོ་དྷ་གྲོ་བོ་ལོད་ས་པ་རི་ཝཱ་ར་བཛྲ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། མི་བསྐྱོད་རྒྱས་གདབ་མཆོད་ཅིང་བཀྲ་ཤིས་བརྗོད། །ཞེ་སྡང་དག་པ་མེ་ལོང་ཡེ་ཤེས་སྐུ །རྡོ་རྗེ་དྲག་པོ་ཁྲོས་པའི་ངོ་བོར་བལྟ། །དེ་ནས་ཅོད་པན་རིན་ཆེན་ཟེ་པྲོག་ལ། །བདེ་གཤེགས་ལྷ་བསྐྱེད་སྤྱན་འདྲེན་གཉིས་མེད་བསྟིམས། །མགོ་བོའི་གནས་ལྔར་གཏད་ལ་འདི་སྐད་བརྗོད། །ཏྲཱཾ། བདེ་གཤེགས་ཀུན་གྱི་རིག་འཛིན་རྟགས། །ཅོད་པན་མི་འགྱུར་ཕྱག་རྒྱ་ལྔ་དང་ལྡན། །བདུད་ལས་རྣམ་རྒྱལ་ཡེ་ཤེས་སྐུ་ཡི་དཔལ། །བུ་ཁྱོད་དབང་བསྐུར་ཚོར་བ་ལྷར་གྱུར་ཅིག །སྔགས་མཇུག་ཏུ། རཏྣ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཏྲཱཾ། མཆོད་བསྟོད་རབ་གནས་ཤིས་པ་ཀུན་ལ་བརྗོད། །རྡོ་རྗེ་ལྷར་བསྐྱེད་ཐུགས་ཀ་དཔྲལ་བ་དང་། །སྤྱི་བོར་བཞག་ཅིང་གཡས་སུ་གཏད་པར་བྱ། །ཧྲཱིཿ སྐུ་ལྔ་ཡེ་ཤེས་ལྔ་ལྡན་རྡོ་རྗེ་ནི། །མི་འགྱུར་སྙིང་པོ་སྲ་ཞིང་ཁོང་སྟོང་མེད། །བདུད་ལས་རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེའི་དབང་འདིས་འདུ་ཤེས་ལྷར་གྱུར་ཅིག །སྔགས་མཇུག་ཏུ། པདྨ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧྲཱིཿ མཆོད་སོགས་བྱས་ལ་དྲིལ་བུ་ལྷར་བསྐྱེད་བསྟིམ། །གཡོན་དུ་སྦྱིན་ལ་ལེགས་པར་དཀྲོལ་བྱས་ཏེ། །གཡོན་གྱི་དཀུར་བརྟེན་འདི་སྐད་སྦྱིན་པར་བྱ། །ཨཱཿ ཤེས་རབ་གསང་བ་སྟོང་ཉིད་བཅུ་དྲུག་ནི། །དབྱངས་ཀྱི་རྗེས་འགྲོ་གྲགས་སྟོང་མཆོག་གི་གསུང་། །འགག་མེད་ཡན་ལག་དྲུག་ཅུའི་དབང་བསྐུར་བས། །འདུ་བྱེད་ཕུང་པོ་ལྷ་རུ་སྨིན་གྱུར་ཅིག །སྔགས་མཇུག་ཏུ། ཀརྨ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཨཱཿ མཆོད་སོགས་བྱས་ལ་མེ་ཏོག་སྤྱི་བོར་བཞག །ལྷར་བསྐྱེད་ཡེ་ཤེས་འགུགས་བསྟིམས་མིང་དབང་ནི། །ཨོཾ། རྡོ་རྗེ་མི་འགྱུར་བདེ་གཤེགས་རྒྱལ་བའི་མིང་། །མཇུག་ཏུ་རབ་གནས་སངས་རྒྱས་ཀུན་དང་སྦྱོར། །གཟུགས་ཚོར་འདུ་ཤེས་འདུ་བྱེད་དག་པ་སྟེ། །མིང་དབང་འདིས་ནི་གཏི་མུག་ལྷར་གྱུར་ཅིག །སྔགས་མཇུག་ཏུ། བུདྡྷ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཨོཾ། མཆོད་བསྟོད་བྱས་པས་རིག་པའི་དབང་བསྐུར་རྫོགས། །ལྷ་དབང་ནི། གཙོ་བོའི་ཙཀ་ལི་ཐོགས། ཧཱུྃ། གསང་བ་ཆེན་པོ་རིགས་ཀྱི་གཙོ་བོ་མཆོག །རྡོ་རྗེ་དྲག་པོ་མི་འགྱུར་རྟགས་ཀྱི་སྐུ །འབར་བའི་སྐུ་མཆོག་གསུང་གི་ང་རོ་ལྡན། །མི་འགྱུར་གཡུང་དྲུང་ཐུགས་སུ་སྨིན་གྱུར་ཅིག །ཨོཾ་བཛྲ་ཀྲོ་ཏ་གྲོ་བོ་ལོད་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཞེས་སྤྱི་བོར་བསྟིམ། ཧཱུྃ། ཤར་ཕྱོགས་ཁྲོ་རྒྱལ་དཔལ་ཆེན་མི་བཟད་པ། །དྲི་ཟ་འདུལ་ཕྱིར་རྟགས་ཀྱི་དབང་བསྐུར་རོ། །ཨོཾ་བཛྲ་ཙཎྜ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཐུགས་ཀར་བསྟིམ། ཧཱུྃ། ལྷོ་ཕྱོགས་ཁྲོ་རྒྱལ་དཔལ་ཆེན་མི་བཟད་པ། །གཤིན་རྗེ་འདུལ་ཕྱིར་རྟགས་ཀྱི་དབང་བསྐུར་རོ། །ཨོཾ་ཡ་མཱནྟ་ཀ་ཀཱ༴ དཔྲལ་བར་བསྟིམ། ཧཱུྃ། ནུབ་ཕྱོགས་ཁྲོ་རྒྱལ་དཔལ་ཆེན་མི་བཟད་པ། ཀླུ་དབང་འདུལ་བྱེད་རྟགས་ཀྱི་དབང་བསྐུར་རོ། །ཨོཾ་པདྨཱནྟ་ཀྲྀཏ་ཀཱ༴ མགྲིན་པར་བསྟིམ། ཧཱུྃ། བྱང་ཕྱོགས་ཁྲོ་རྒྱལ་དཔལ་ཆེན་མི་བཟད་པ། །གནོད་སྦྱིན་འདུལ་བྱེད་རྟགས་ཀྱི་དབང་བསྐུར་རོ། །ཨོཾ་བཛྲ་ཡཀྴ་ཀཱ༴ ཞེས་གསང་གནས་སུ་བསྟིམས། ཧཱུྃ། སྒོ་བཞི་སྐྱོང་མཛད་མཁའ་འགྲོ་རྣམ་པ་བཞི། །འགུགས་འཆིང་སྡོམ་མྱོས་རྟགས་ཀྱི་དབང་བསྐུར་རོ། །ཛཿཧཱུྃ་བཾ་ཧོཿཀཱ༴ ལྟེ་བར་མགྲོན་ཐབས་ཀྱི་ལྷའི་དབང་ནི། ཧཱུྃ། ལྷུན་གྲུབ་ཕྱག་རྒྱ་ཚེ་དབང་རྣམ་སྨིན་སོགས། །གྲངས་མེད་རིག་པ་འཛིན་པའི་ཚོགས་རྣམས་ནི། ཁྱབ་བདག་དཀྱིལ་འཁོར་མགོན་པོ་རིགས་ཀྱི་གཙོ། །བླ་མ་རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ། །ཨོཾ་གུ་རུ་བཛྲ་དྷརྨཱ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཐུགས་ཀྱི་རིག་འཛིན་རྡོ་རྗེ་སེམས་དཔའི་སྲས། །ཉི་ཟླ་ལྟ་བུར་མ་རིག་མུན་པ་སེལ། །སྟོང་ཉིད་སྙིང་རྗེས་འགྲོ་བའི་དོན་མཛད་པ། །སློབ་དཔོན་ཧཱུྃ་མཛད་ཐུགས་ཀྱི་དབང༴ ཨོཾ་མ་ཧཱ་ཧཱུྃ་ཀཱ་ར་ཨ༴ ཧཱུྃ། སྐུ་ཡི་རིག་འཛིན་རྣམ་པར་སྣང་མཛད་སྲས། །རི་རྒྱལ་ལྷུན་པོ་ལྟ་བུར་གཟི་བརྗིད་ཆེ། །དྲག་ཤུལ་ཐབས་ཀྱིས་འགྲོ་བའི་དོན་མཛད་པ། །འཇམ་དཔལ་གཤིན་རྗེ་སྐུ་ཡི་དབང༴ ཨོཾ་མ་ཧཱ་མཉྫུ་ཤྲཱི་མི་ཏྲ་ཨ༴ ཧཱུྃ། གསུང་གི་རིག་འཛིན་སྣང་བ་མཐའ་ཡས་སྲས། །ཀ་ལ་པིངྐ་ལྟ་བུ་སྒྲ་དབྱངས་སྙན། །ཞི་བ་བྱམས་པས་འགྲོ་བའི་དོན་མཛད་པ། །ཀླུ་སྒྲུབ་སྙིང་པོ་གསུང་གི་དབང༴ ཨོཾ་མ་ཧཱ་ནཱ་གཱརྫུ་ན་ཨ༴ ཧཱུྃ། ཕྲིན་ལས་རིག་འཛིན་རྡོ་རྗེ་གཞོན་ནུའི་སྲས། །འཇའ་ཚོན་ལྟ་བུར་ཕྲིན་ལས་སོ་སོར་གསལ། །ལས་བཞི་ལྷུན་གྱིས་གྲུབ་པས་འགྲོ་དོན་མཛད། །མཆོག་ལྡན་གླང་པོ་ཕྲིན་ལས་དབང་བསྐུར་རོ། །ཨོཾ་མ་ཧཱ་པྲ་བྷ་ཝ་ཧསྟི་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། དབྱིངས་དང་རིག་པ་དབྱེར་མེད་བདེ་བའི་སྲས། །ཐབས་ཀྱི་རང་བཞིན་རྩ་རླུང་རྣམ་པར་དག །ཤེས་རབ་རང་བཞིན་མཚན་མ་སྤྲོས་དང་བྲལ། །ཡང་དག་འཛིན་བྱེད་དབྱིངས་རིག་དབང་བསྐུར་རོ། །ཨོཾ་མ་ཧཱ་དྷ་ན་སཾསྐྲྀཏ་དབང༴ ཧཱུྃ། འཁོར་འདས་ཐམས་ཅད་རིག་ན་སངས་རྒྱས་ཏེ། །མ་རིག་འཁྲུལ་པའི་རྩ་བ་བྲལ་བས་སངས། །གསེར་འགྱུར་རྩི་ལྟར་ཡེ་ཤེས་རང་གནས་མཐོང་། །དྲི་མེད་བཤེས་གཉེན་ཡོན་ཏན་དབང༴ ཨོཾ་མ་ཧཱ་བི་མ་ལ་མི་ཏྲ་ཨ༴ ཧཱུྃ། ནུས་པ་ཐོགས་མེད་ཕྱག་ན་རྡོ་རྗེའི་སྲས། །རྫུ་འཕྲུལ་སྟོབས་ལྡན་སྡེ་བརྒྱད་བྲན་དུ་བཀོལ། །ཀུན་ལ་དབང་སྒྱུར་འཁོར་འདས་ས་ལེར་གཟིགས། །གསལ་བའི་ཟླ་བ་མཆོད་བསྟོད་དབང༴ ཨོཾ་མ་ཧཱ་གུ་ཧྱ་ཙནྡྲ་ཨ༴ ཧཱུྃ། དྲག་སྔགས་མངོན་གྱུར་སྟོབས་ལྡན་ནག་པོའི་སྲས། །མཐུ་རྩལ་ཆེན་པོས་གནམ་ལྕགས་ཐོག་ལྟར་འདེབས། །ཞིང་བཅུ་ཚར་གཅོད་སྒྲོལ་ལམ་ཐབས་ལ་གནས། །ཞི་བའི་སྙིང་པོ་དྲག་པོའི་དབང་བསྐུར་རོ། །ཨོཾ་མ་ཧཱ་གུ་རུ་ཤིནྟཾ་གརྦྷ་ཨབྷི་ཥིཉྩ་ཧཱུྃ། ཨཱཿ ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང་། །ལོངས་སྐུ་གསལ་ལ་མ་འདྲེས་གུ་རུའི་སྐུ །སྤྲུལ་སྐུ་སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདུལ། །སྐུ་གསུམ་ངང་གི་མཉམ་གཞག་མ་འདྲེས་གསལ། །སྔོན་ཚེ་པདྨ་ཁྱེད་དང་སྨོན་ལམ་གཅིག །ད་ལྟ་སློབ་མའི་སྟངས་སུ་བདག་བཟུང་ཞིང་། །སྲོག་གི་ཕྱིར་ཡང་མི་གཏོང་སྒྲུབ་ལགས་ན། །ཡེ་ཤེས་དབང་ཆེན་རབ་འབྱམས་ཀུན་རྫོགས་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཧཱུྃ། དྲི་མེད་པདྨ་གེ་སར་སྡོང་པོ་ལས། །ཡ་མཚན་མཆོག་གི་དངོས་གྲུབ་མ་ལུས་བརྙེས། །རིག་འཛིན་པདྨ་འབྱུང་གནས་ཡབ་ཡུམ་གྱི། །དབང་བསྐུར་དབང་ཆེན་རབ་འབྱམས་ཀུན་རྫོགས་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ལྷོ་ཕྱོགས་བསིལ་བ་ཚལ་གྱི་དུར་ཁྲོད་དུ། །ཡོན་ཏན་སྣ་ཚོགས་དངོས་གྲུབ་སྒྲུབ་པ་བརྙེས། །སྡོམ་བརྩོན་དགེ་སློང་པདྨ་སཾ་བྷ་ཝའི། །དབང་བསྐུར་དབང་ཆེན་རབ་འབྱམས་ཀུན་རྫོགས་ཤོག །ཨོཾ་བཛྲ་གུ་རུ་པདྨ་སཾ་བྷ་ཝ་ཨ༴ ཧཱུྃ། རཱ་ག་ར་ཏིའི་གནས་མཆོག་དམ་པ་རུ། །ཤེས་བྱ་ཐམས་ཅད་མཁྱེན་པའི་དངོས་གྲུབ་བརྙེས། །མཁས་པ་ཆེན་པོ་བློ་ལྡན་མཆོག་སྲེད་ཀྱི། །དབང་བསྐུར་དབང་ཆེན་རབ་འབྱམས་ཀུན་རྫོགས་ཤོག །ཨོཾ་བཛྲ་གུ་རུ་ཛྙཱ་ན་པྲ་ཛྙཱ་ཨ༴ ཧཱུྃ། དགའ་བ་ཚལ་གྱི་དུར་ཁྲོད་ཆེན་པོ་རུ། ཁམས་གསུམ་དབང་དུ་སྡུད་པའི་དངོས་གྲུབ་བརྙེས། །སྣང་སྲིད་ཟིལ་གནོད་པདྨ་རྒྱལ་པོ་ཡི། །དབང་བསྐུར༴ ཨོཾ་བཛྲ་གུ་རུ་པདྨ་རཱ་ཛ་ཨ་བྷི་ཨ༴ ཧཱུྃ། བྱང་ཕྱོགས་སོ་ས་གླིང་གི་དུར་ཁྲོད་དུ། །འགྲོ་བ་མ་ལུས་འདུལ་བའི་དངོས་གྲུབ་བརྙེས། །རྣལ་འབྱོར་ཆེན་པོ་ཉི་མ་འོད་ཟེར་གྱི། །དབང་བསྐུར་དབང་ཆེན་རབ་འབྱམས་ཀུན་རྫོགས་ཤོག །ཨོཾ་བཛྲ་གུ་རུ་སུརྻ་སརྦ་དྷརྨཱཨ༴ ཧཱུྃ། ཤར་ཕྱོགས་ཟ་ཧོར་རྒྱལ་པོའི་ཡུལ་དབུས་སུ། །བདུད་རྣམས་འདུལ་བའི་དྲག་པོའི་དངོས་གྲུབ་བརྙེས། །བཅོམ་ལྡན་ཐུབ་ཆེན་ཤཱཀྱ་སེང་གེ་ཡི། །དབང་བསྐུར༴ ཨོཾ་བཛྲ་གུ་རུ་ཤཱཀྱ་སེངྷ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། རྒྱ་གར་དབུས་འགྱུར་འཆང་གི་གྲོང་ཁྱེར་དུ། །ལོག་ལྟ་མུ་སྟེགས་འདུལ་བའི་དངོས་གྲུབ་བརྙེས། །གཏུམ་དྲག་ཆེན་པོ་སེང་གེ་སྒྲ་སྒྲོག་གི །དབང་བསྐུར༴ ཨོཾ་བཛྲ་གུ་རུ་སེངྷ་གནྡྷེ་དྷརྨཱ་དྷཱ་ཏུ་ཨ༴ ཧཱུྃ། སྟག་ཚང་སེང་གེ་བསམ་གྲུབ་ཀེའུ་ཚང་དུ། །མུ་སྟེགས་དྲེགས་པ་ཚར་གཅོད་དངོས་གྲུབ་བརྙེས། །འཆོལ་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཀྱི། །དབང་བསྐུར༴ ཨོཾ་བཛྲ་གུ་རུ་གྲོ་བོ་ལོད་ལོ་ཀ་སརྦ་ཨ༴ ཧཱུྃ། ནམ་ཡང་མི་གཡོའི་ཏིང་འཛིན་བརྟན་པོ་རྙེད། །ཡོན་ཏན་ཁྲག་འཐུང་དགོངས་པ་མངོན་དུ་གྱུར། །ཆོས་ཀྱི་རྒྱལ་པོ་བླ་མའི་རིག་པ་འཛིན། །ཚངས་པ་ལྷ་ཡི་མེ་ཏོག་དབང་བསྐུར་རོ། །ཨོཾ་བྲཧྨ་ཎ་དེ་ཝ་པུཥྤ་ཨ༴ ཧཱུྃ། རྒྱ་གར་ཡུལ་དུ་ཁྲག་འཐུང་གྲུབ་པ་བརྙེས། །བོད་ཀྱི་ཡུལ་འདིར་མཁའ་ལ་བྱ་བཞིན་བྱོན། །ཉི་ཟེར་ལ་འཆིབས་ཡང་དག་རིག་པ་འཛིན། །དགེ་སློང་ནམ་མཁའི་སྙིང་པོའི་དབང་བསྐུར་རོ། །ཨོཾ་བིཀྵུ་ག་ག་ན་གརྦྷ་ཨ༴ ཧཱུྃ། སྲ་བའི་བྲག་ལ་ཕུར་པས་ཐལ་བྱུང་ཕུག །ལྷ་སྲིན་བྲན་བཀོལ་མཐུ་སྟོབས་ནུས་པའི་བདག །བརྟུལ་ཞུགས་མཐར་ཕྱིན་གཤིན་རྗེའི་གྲུབ་པ་བརྙེས། །གནུབས་ཆེན་སངས་རྒྱས་ཡེ་ཤེས་དབང་བསྐུར་རོ། །ཨོཾ་མནྟྲ་དྷྲིག་བུདྡྷ་ཛྙཱ་ན་ཨ་བྷི་ཥཉྩི་ཧཱུྃ། ཧཱུྃ། སྡོམ་གསུམ་ཁྲིམས་ལྡན་རྣལ་འབྱོར་མཆོག་ལ་གཞོལ། །གཙུག་ནས་ཁམས་གསུམ་ཁྱབ་པའི་རྟ་སྐད་སྒྲོག །གསུང་གི་གྲུབ་བརྙེས་དབང་ཆེན་རིག་པ་འཛིན། །ངན་ལམ་རྒྱལ་བ་མཆོག་དབྱངས་དབང་བསྐུར་རོ། །ཨོཾ་པ་ར་མ་ཛི་ན་སཱ་ར་ཨ༴ ཧཱུྃ། མཁའ་སྤྱོད་དབང་མོ་རྗེ་བཙུན་སྒྲོལ་མ་ཡི། །སྒྱུ་འཕྲུལ་གར་མཁན་ཐ་མལ་བུད་མེད་ཚུལ། །མི་རོ་གསོན་བསླངས་ཕུར་པའི་རིག་པ་འཛིན། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དབང་བསྐུར་རོ། །ཨོཾ་ཌཱ་ཀི་ནཱི་ཛྙཱ་ན་ས་མུ་དྲཱ་ཛི་ན་ཨ༴ ཧཱུྃ། མངོན་རྫོགས་ཁྲག་འཐུང་རྒྱལ་པོས་བྱིན་བརླབས་པས། །སྲིད་པ་བདེ་འགྲོ་གྲུབ་པའི་མཐུ་སྟོབས་ཀྱིས། །མོ་རྒྱུད་བྲན་བཀོལ་མ་མོའི་རིག་པ་འཛིན། །འབྲོག་མི་དཔལ་གྱི་ཡེ་ཤེས་དབང་བསྐུར་རོ། །ཨོཾ་བིདྱཱ་དྷཱ་ར་ཤྲཱི་ཛྙཱ་ན་ཨ༴ ཧཱུྃ། རླུང་སེམས་དབང་བསྒྱུར་ཏིང་འཛིན་ནུས་པའི་མཐུས། །སྐམ་པོའི་བྲག་ལས་བདུད་རྩིའི་ཆུ་རྒྱུན་ཕབ། །རྫུ་འཕྲུལ་མངའ་བརྙེས་ཆེ་མཆོག་རིག་པ་འཛིན། །སློབ་དཔོན་ཡེ་ཤེས་གཞོན་ནུའི་དབང་བསྐུར་རོ། །ཨོཾ་མནྟྲ་དྷཱ་ར་ཛྙཱ་ན་ཀུ་མཱ་ར་ཨ༴ ཧཱུྃ། སྣང་བ་ཀ་ནས་དག་པའི་འཕྲུལ་ཆེན་པོས། །ལྷ་སྲིན་སྡེ་བརྒྱད་སྲོག་ལ་མངའ་བསྒྱུར་ནས། །བྲན་དུ་རབ་བཀོལ་མཆོད་བསྟོད་རིག་པ་འཛིན། །རླངས་ཆེན་དཔལ་གྱི་སེང་གེའི་དབང་བསྐུར་རོ། །ཨོཾ་ཨཱརྱ་ཙརྱ་ཤྲཱི་སིངྷ་ཨ༴ ཧཱུྃ། དོན་གྱི་པཎ་ཆེན་སྒྲ་བསྒྱུར་འཇིག་རྟེན་མིག །ཡེ་ཤེས་སྤྱན་ལྡན་དྲེགས་པ་ལས་ལ་བསྐུལ། །དགྲ་བགེགས་ཚར་གཅོད་དྲག་སྔགས་རིག་པ་འཛིན། །ལོ་ཆེན་རྣམ་པར་སྣང་མཛད་དབང་བསྐུར་རོ། །ཨོཾ་མ་ཧཱ་ལོ་ཙཱ་བ་བཻ་རོ་ཙ་ན་ཨ་བྷི་ཥིཉྩ་ཧཱུྃ། གསུང་དབང་ནི། གཙོ་འཁོར་གྱི་སྔགས་གསེར་གྱིས་བྲིས་པ་མགྲིན་པར་བཞག་སྟེ། སྔགས་ཀྱི་རྒྱལ་པོ་གསང་ཆེན་ཧཱུྃ་གི་སྒྲ །དེ་ཉིད་རླུང་དང་འགྲོགས་ཏེ་རྟག་ཏུ་ཟློས། །ཧཱུྃ། མ་བཅོས་རིག་པ་ལྷ་དང་གཉིས་སུ་མེད། །པདྨ་ལེ་བརྒན་ཐུགས་སུ་ཐིག་ལེར་བསྐྱིལ། །ལྷ་སྔགས་ཡེ་ཤེས་རྫོགས་པའི་དབང་འདི་ལོངས། །སྔགས་རྣམས་ཀྱི་མཇུག་ཏུ་ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ དང་སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱས་ནས། ཕྲེང་བ་སྤྱི་བོར་འཇོག་ཅིང་ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད། ལྷ་སོ་སོའི་ཕྱག་མཚན་དངོས་སམ་ཙཀ་ལི་ཐུགས་ཀར་གཏུག་སྟེ། ཧོཿ སངས་རྒྱས་ཀུན་གྱི་ཐུགས་མཆོག་འབར་བའི་གཟི། །བརྗོད་བྲལ་བདེ་ཆེན་ཟུང་འཇུག་དབང་བསྐུར་རོ། །ཨོཾ་ཀྲོ་ཏ་གྲོ་བོ་ལོད་ས་པ་རི་ཝཱ་ར་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཆས་དབང་ནི། ཧཱུྃ། སྔགས་གོས་མཐིང་ཁ་རྣམ་སྦྱར་རབ་བྱུང་ཆས། །རྒྱལ་པོའི་ཆ་ལུགས་ཟ་འོག་རྩེ་བེར་དང་། །རིན་ཆེན་རུས་རྒྱན་དུང་ལོང་མི་མགོའི་ཕྲེང་། །རྨད་བྱུང་རྒྱན་དང་ཆས་ཀྱི་དབང་འདི་ལོངས། །ཨོཾ་གུ་རུ་ཀྲོ་ཏ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། གླང་ཆེན་ཀོ་རློན་བརྗིད་ཅིང་གཏི་མུག་འཇོམས། །ཞིང་ཆེན་གཡང་གཞི་ཐབས་མཁས་འདོད་ཆགས་དག །སྟག་ཤམ་སེར་ཁྲའི་རྒྱལ་མཚན་དྲེགས་པ་འཇོམས། །སྦྲུལ་ནག་ཆུན་འཁོར་ཞེ་སྡང་གནས་སུ་དག །ཐོད་ཕྲེང་རུས་རྒྱན་ཕ་རོལ་ཕྱིན་དྲུག་ལྡན། །མགོ་རློན་དོ་ཤལ་བདུད་དཔུང་ཟིལ་གྱིས་གནོན། ཁྲག་ཞག་ཐལ་ཆེན་མཁའ་འགྲོ་དཔའ་བོ་སྡུད། །རྔམ་བརྗིད་རོལ་པ་རྒྱན་དང་ཆས་བཅུར་ལྡན། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་སྐུ་ལ་བཀོན་པའི་ཚུལ་བྱ། བསྒྲལ་དབང་ནི། འབྲུབ་ཁུང་དུ་དམ་སྲིའི་ལིངྒ་བཅས། གསེར་སྐྱེམས་གཟུ་དཔང་། འགུག་གཞུག་བྱས་རྗེས། ཕུར་པ་སྟོད་ཆེ་མཆོག་པདྨ་ཐོད་ཕྲེང་ལ་སྨད་ཕུར་བུ་མགར་གྱི་སོལ་མེ་ནས་བཏོན་པ་ལྟ་བུ་རྡོ་རྗེ་མེ་ཡི་ཚྭ་ཚྭ་འཕྲོ་བར་བསྐྱེད་དོ། །ཧཱུྃ། མཐུ་སྟོབས་སྤྱོད་པ་བརྟུལ་ཞུགས་རྒྱ་མཚོའི་དཔལ། །རྡོ་རྗེ་འབར་བས་ས་དགུའི་རྟོག་པ་འཇོམས། །རི་རབ་ཕུར་བུས་རྣམ་རྟོག་བདུད་དཔུང་འདུལ། ཁྲོ་རྒྱལ་རིགས་འདུས་སྐུ་གསུང་ཐུགས་དང་གཅིག །དབང་མཆོག་འདིས་ནི་ཆོས་ཉིད་དོན་རྟོགས་ཏེ། །བདེ་གཤེགས་ཀུན་གྱི་མཐུ་སྟོབས་རྩལ་ལྡན་ཤོག །ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧཱ་གུ་རུ་བཛྲ་ཀཱི་ལ་ཡ་ཀྲོ་ཏ་རཱ་ཛ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་པས་ཕུར་པ་གཏད་ནས་རྩ་སྔགས་མཇུག་ཏུ་བསད་སྔགས་བཏགས་ཏེ་བསྒྲལ་དུ་འཇུག །ལིང་རོ་ཞལ་སྟོབ་བྱ། ཧོམ་དབང་ནི། མེ་དཔུང་དགང་བླུགས་ཐོགས་ལ། ཧཱུྃ། སྡིག་སྒྲིབ་ནད་གདོན་སྲེག་པའི་ཡེ་ཤེས་མེ། །སྦར་བྱེད་ཐབས་ཤེས་དགང་བླུགས་འདི་གཏད་པས། །ཀུན་རྫོབ་ལས་བཞི་ཡོངས་གྲུབ་མཚན་འཛིན་གྱི། །རྣམ་རྟོག་དབྱིངས་སུ་མི་དམིགས་དབང་ཐོབ་ཤོག །ཨོཾ་བཛྲ་ཀྲོ་ཏ་གྲོ་བོ་ལོད་ས་པ་རི་ཝཱ་ར་ཨགྣེ་ཛྭ་ལ་རཾ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གཏད། མཐུ་དབང་ནི། ལིངྒ་ཐོད་པ་གླང་རུ་ཐུན་བྱད་ཐག་རོ་གཡམ་ས་ཚོན་རྣམས་ཐོགས་ལ། ཧཱུྃ། དགྲ་བགེགས་རྒྱལ་འགོང་འབྱུང་པོ་དམ་སྲིའི་རིགས། །གསོད་ཅིང་མནན་པར་བྱེད་པའི་རྫས་འདི་ཡིས། །ཚེ་སྲོག་ནུས་མཐུ་བརླག་ཅིང་བསྐལ་པ་རུ། །ཐར་མེད་དྲག་པོ་མཐུ་ཡི་དབང་བསྐུར་རོ། །ཨོཾ་བཛྲ་ཀྲོ་ཏ་གྲོ་བོ་ལོད་ས་པ་རི་ཝཱ་ར་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གཏད། ཟོར་དབང་ནི། མདའ། རྡོ། ཀོང་བུ། ཁྲག་ཐུན་རྣམས་ཐོགས་ལ། ཧཱུྃ། དགྲ་བགེགས་འབྱུང་པོའི་སྟེང་དུ་འབར་བའི་ཐོག །ཤུགས་དྲག་འཕངས་པའི་སྦྱོར་བས་བརླག་ནུས་པའི། །ཟ་ལམ་བསྟན་པས་རྗེས་ཤུལ་མ་སྟོངས་བར། །མཐར་བྱེད་དྲག་པོ་ཟོར་གྱི་དབང་བསྐུར་རོ། །ཨོཾ་བཛྲ་ཀྲོ་ཏ་གྲོ་བོ་ལོད་ས་པ་རི་ཝཱ་ར་དགྲ་བགེགས་ཀྱི་སྟེང་དུ་ཐུཾ་རི་ལི་ལི་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད། སྒྲུབ་གཏོར་བཏེགས་ལ། དཔལ་གྱི་གཏོར་མ་དར་གྱི་རྒྱན་དང་བཅས། །གཞལ་ཡས་ལྷར་བསྐྱེད་བུ་ཡི་སྤྱི་བོར་བཞག །སྤོས་ཆེན་རོལ་མོ་མེ་ཏོག་ཆར་དབབ་ཅིང་། །གཉིས་མེད་བསྟིམས་ལ་མཐུ་རྩལ་རྫོགས་དབང་སྦྱིན། །ཧཱུྃ་ཧཱུྃ་ཧཱུྃ། སངས་རྒྱས་ཀུན་གྱི་བདག་ཉིད་དཔལ་ཆེན་པོ། ཁྲོ་རྒྱལ་འདུས་པ་བཛྲ་ཧཱུྃ་ཀཱ་ར། །འཇིགས་བྱེད་དྲེགས་པ་རྡོ་རྗེ་འཁོར་ལོའི་སྐུ །མཐུ་ཆེན་རྫོགས་པའི་དབང་འདི་བུ་ཡིས་ལོངས། །མ་ཧཱུྃ། མ་ཧཱུྃ། མ་ཧཱུྃ། ཨོཾ་ཨཱཿཧཱུྃ་ཧྲཱིཿཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་མ་ཧཱ་གུ་རུ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཞེས་སྤྱི་བོར་འཇོག་ཅིང་ལྷ་ཚོགས་རྣམས་བསྟིམས་ཏེ་ཅུང་ཟད་རོལ། གསང་དབང་ལ་མཎྜལ་ཕུལ་ཞིང་གསོལ་བ་གདབ་པ་ནི། ཧོཿ བླ་མ་ཡབ་ཡུམ་གསང་བའི་བདག །གསང་བའི་དཀྱིལ་འཁོར་བདག་ལ་སྟོན། །བདེ་བ་ཆེན་པོའི་དངོས་གྲུབ་ནོད། །གསང་བའི་དབང་ཆེན་བསྐུར་དུ་གསོལ། །ལན་གསུམ། འབྲུ་གསུམ་བརྗོད་ཅིང་གདོང་གཡོགས་བཅིངས། སློབ་དཔོན་ཆེ་མཆོག་པདྨར་གསལ་བའི་གསང་གནས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པར་ནོར་བུར་ཨོཾ་རྩེ་མོར་ཕཊ་དང་བཅས་པ། ཕྱག་རྒྱ་ཁྲོས་མ་སྔོ་ནག་གྲི་ཐོད་འཛིན་པར་གསལ་བའི་མཁའ་ཨ་ལས་པདྨ་ཨས་མཚན་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ཞལ་དུ་ཞུགས། ཐུགས་ཀར་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ། ཡུམ་གྱི་མཁར་བབས་པས་ཐོད་ཆང་བདུད་རྩི་སྦྱར་བ་དང་བསྲེས་ནས། ཧྲཱིཿ བདེ་གཤེགས་ཀུན་གྱི་བྱང་ཆུབ་སེམས། །གཉིས་མེད་ཡེ་ཤེས་གསང་བའི་རྫས། །ཤ་ལྔ་བདུད་རྩིའི་དཔལ་དང་ལྡན། །ཡེ་ཤེས་དབང་འདི་ཁྱོད་ལ་སྦྱིན། །ཧཱུྃ་མ་ཧཱ་སུ་ཁ་ཧོཿ མགྲིན་པར་མྱང་ལ་ངོ་བོར་ལྟ། །རླུང་གི་སྦྱོར་བས་བདུད་རྩི་བསྡུ། །ལུས་སེམས་བདེ་ཆེན་འོད་ཀྱི་སྐུ །ཐིག་ལེ་དམར་པོ་གཅིག་ཏུ་བསམ། །ཞེས་བརྡ་སྤྲད་དེ་མིག་དར་བསལ། ཤེས་རབ་ཡེ་ཤེས་ཀྱི་དབང་ལ། མཎྜལ་ཕུལ་ཏེ་གསོལ་བ་གདབ་པ་ནི། གཉིས་མེད་ཡེ་ཤེས་བདེ་ཆེན་པོ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །རླུང་སེམས་བསྲེ་བའི་ཐབས་ཆེན་པོ། །འཁོར་ལོ་བདེ་མཆོག་དབང་ཆེན་སྐུར། །ཞེས་ལན་གསུམ་དང་། མིག་དར་འཆིང་ལ། ཧཱུྃ། བདེ་གཤེགས་ཀུན་གྱི་གསང་བ་འཛིན་པའི་ཡུམ། །ལྷ་མོ་འདི་བསྟེན་བདེ་གཤེགས་དངོས་གྲུབ་ཐོབ། །བཤང་གཅི་ལ་སོགས་བཙོག་ཟས་ཟ་བ་དང་། །བུད་མེད་ལ་གུས་བྷ་གར་འོ་བྱེད་པ། ཁྱོད་ནི་སྤྲོ་བར་ནུས་སམ་རིགས་ཀྱི་བུ། །ཞེས་བརྗོད། ལྷ་མོ་སྤྲད་ལ་སྤྲོ་བའི་གཏམ་འདི་བྱ། ལྷ་མོ་བདེ་སྟེར་དགའ་བའི་མ། །བདག་གིས་གསང་བ་སྔགས་ཀྱི་ལམ། །བྱང་བར་བྱས་ཏེ་ཁྱོད་ལ་སྤྲོ། །བཙོག་པར་བལྟ་བ་ལོག་པ་སྟེ། །བྲམ་ཟེ་དང་ནི་ཉན་ཐོས་ཀྱིས། །གྲོལ་དང་ཐར་པ་ཅི་ཕྱིར་ཐོབ། །བདེ་ཆེན་ཐབས་ཀྱི་ཐེག་པ་ནི། །རྒྱལ་བ་ཀུན་གྱི་དམ་ཚིག་སྟེ། །བདག་གིས་ཁྱོད་བསྟེན་དངོས་གྲུབ་འདོད། །ཅེས་བརྗོད་ལྷ་མོས་བདེ་གཤེགས་ཀུན། །དཔང་པོར་བཞུགས་པའི་ཚུལ་ཆེན་པོ། །འདི་ཉིད་ཡིན་ནོ་རིགས་ཀྱི་བུ། །ཐེག་དམན་དང་ནི་ཐ་མལ་དང་། །མ་ཤེས་ཐབས་ལ་མི་མཁས་པ། །དེ་དག་ཁྱོད་ཀྱིས་བྱ་བ་མིན། །བདག་ནི་བདེ་གཤེགས་བསྐྱེད་པའི་ཡུམ། །རྡོ་རྗེ་རྣལ་འབྱོར་གསང་བའི་མཛོད། །དཔའ་བོ་ཐབས་ཀྱི་རྡོ་རྗེ་འཛིན། །སྣང་སྟོང་ལུས་ཀྱི་ཕོ་བྲང་ན། །བདེ་སྟོང་རོལ་པའི་ལྷ་ཚོགས་བཞུགས། །ལྷུན་གྲུབ་རིག་སྟོང་རོལ་པའི་རྩལ། །མ་རྨད་བདེ་བའི་ལོངས་སྤྱོད་རོལ། །པདྨ་བྷཉྫ་མོཀྵ་ཧོཿ སློབ་མ་ཆེ་མཆོག་པདྨར་གསལ་བའི་གསང་གནས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ནོར་བུར་ཨོཾ། ཕྱག་རྒྱ་ཁྲོས་མ་སྔོ་ནག་གྲི་ཐོད་འཛིན་པར་གསལ་བའི་མཁའ་ཨ་ལས་པདྨ་ཨས་མཚན་པ། ཡབ་ཀྱི་རྡོ་རྗེ་ནོར་བུའི་རྩ་བར་རྩ་གསུམ་འདུས་པའི་གཡས་ལ་ཨོཾ་དཀར་པོ། གཡོན་ལ་ཨཱཿདམར་པོ། དབུས་སུ་ཧཱུྃ་མཐིང་ཁ། རྩེ་མོར་ཕཊ་ཡིག་སེར་པོ་བསྒོམ། སྙོམས་པར་ཞུགས་པས་ཁམས་ཀྱི་དྭངས་མ་རྣམས་འཁོར་ལོ་བཞིར་རིམ་པ་བཞིན་དགའ་བ། མཆོག་དགའ། ཁྱད་དགའ། ལྷན་སྐྱེས་ཀྱི་དགའ་བ་རྣམས་རྒྱུད་ལ་སྐྱེས་ནས། སླར་ཡང་རླུང་འཕོ་བ་མེད་པའི་མས་བརྟན་གྱི་དགའ་བ་བཞི་ངོ་སྤྲད་དེ་གདོང་གཡོགས་བཀྲོལ། སྣང་སྲིད་བདེ་ཆེན་རང་བྱུང་དུ། །སྟོང་པའི་དབྱིངས་སུ་མཉམ་པར་བལྟ། །ལུས་ཀྱི་འཁྲུལ་འཁོར་སྣ་ཚོགས་ཀྱིས། །ཆང་ལ་ཕབས་རྩི་ཇི་བཞིན་དུ། །ལུས་སེམས་སྣང་བ་ཐམས་ཅད་ལ། །བདེ་སྟོང་གིས་ནི་ཁྱབ་པར་བལྟ། །ཞེས་བརྗོད། དབང་བཞི་པ་ལ་མཎྜལ་ཕུལ། ཧོཿ གསང་ཆེན་རོལ་པའི་གཞལ་ཡས་འདིར། །བཀའ་དྲིན་བསམ་འདས་བླ་མ་ལ། །རྒྱུ་གསོག་རབ་སྤངས་མེ་ཏོག་འབུལ། །ཡང་དག་སྙིང་པོ་བསྟན་དུ་གསོལ། །ལན་གསུམ་གྱིས་གསོལ་བ་གདབ། ལུས་ནི་རྣམ་སྣང་ཆོས་དྲུག་ཚད་ལ་ཕབ། །ངག་ནི་སྟེང་འོག་ཁྱད་པར་འོག་རླུང་འཐེན། །ཡིད་ནི་མ་བཅོས་བདེ་བའི་ཉམས་མྱོང་ལ། །ལྷན་ནེ་ལྷག་གེ་དམིགས་པ་རྩེ་གཅིག་གཏད། །དེ་ལྟར་སེམས་ཀྱི་འགྱུ་བ་ཀུན་དག་ཚེ། །ཚིག་དབང་ངོ་སྤྲོད་ཐུགས་ཀྱི་དགོངས་པ་བསྟན། །འཇའ་ཤེལ་ཕྱར་ལ། ལྟོས་ཤིག་ལྟོས་ཤིག་འཇའ་ཚོན་རྣམ་བཀྲ་བ། །གཞན་ནས་མ་བྱུང་ཤེལ་གྱི་རང་མདངས་ཡིན། །དེ་བཞིན་ཀུན་རྫོབ་སྣང་བ་ཇི་སྙེད་པ། །མ་དག་སེམས་ཀྱི་ཆོ་འཕྲུལ་འཆར་སྒོ་སྟེ། །དཔྱད་ན་མི་རྙེད་སྟོང་ཆེན་ཀ་དག་དབྱིངས། །རང་གི་རིག་པ་འདི་ལས་གཞན་མ་ཡིན། །ཉམས་སུ་མྱོང་བ་རང་བྱུང་རིག་པ་དེ། །བདེ་ཆེན་གསལ་སྟོང་ཀུན་ཁྱབ་ཆོས་ཀྱི་དབྱིངས། །སངས་རྒྱས་ལྔ་ཡི་སྙིང་པོ་བྱང་ཆུབ་སེམས། །ཟུང་འཇུག་དོན་དེ་རང་བྱུང་རང་ལ་གནས། །སྐྱེ་རྒ་ན་འཆི་འཁྲུལ་པའི་རྩ་བ་ཆོད། །བདེ་གཤེགས་རིག་འཛིན་གོ་འཕང་དེ་ལོངས་ཤིག །ཧཱུྃ་བཛྲ། ཧཱུྃ་བཛྲ། ཧཱུྃ་བཛྲ། ཕཊ་ཕཊ་ཕཊ། འཁྲུལ་འཁོར་ལུས་ནི་མ་བཅོས་རྡོ་རྗེའི་སྐུ །འགྲོ་འོང་རླུང་ནི་མ་བཅོས་རྡོ་རྗེའི་གསུང་། །མཉམ་གཞག་ལ་ཟླ་འགྱུར་མེད་རྡོ་རྗེའི་ཐུགས། །འདི་ལས་གཞན་དུ་རྒྱལ་བས་བསྟན་དུ་མེད། །རང་རིག་ཐིག་ལེ་མངོན་སུམ་བདེ་ཆེན་ལྟོས། །འཁོར་བའི་གྲོང་ཁྱེར་སྟོངས་ནས་བདེ་གཤེགས་ཀྱི། །ཞིང་ཁམས་སར་བསྒྲོད་སྐལ་ལྡན་སྙིང་ལ་གཏད། །འདི་དང་ནམ་ཡང་འབྲལ་བའི་གནས་མེད་དོ། །ཞེས་བརྗོད། གཏང་རག་གི་མཎྜལ། རྗེས་ཆོག །ལྷག་མ་ཆད་ཐོ་བརྟན་སྐྱོང་བྲོ་བརྡུང་། རྟག་ཆད་ཀྱི་མཐའ་བསལ་བ་བསྔོ་སྨོན་ཤིས་བརྗོད་རྣམས་གཞུང་བཞིན་བྱའོ།། ༈ །།མནན་པ་ནི། བཀྲ་མི་ཤིས་པ་དང་དྲག་པོའི་ས་སྣ་སྤྱིན་པོ་ལས་གྲུབ་པའི་སྟེགས་བུ་མཚན་ཉིད་དང་ལྡན་པར་འབྲུབ་ཁུང་བྲུས་པ། ཁ་ཁྱེར་ལ་རྩང་ཉེར་གཅིག་བཙུགས་པའམ། ཡང་ན་རྫས་དེ་ལྡན་གྱི་རྫ་ཤིང་གི་འབྲུབ་ཁུང་ཕྱི་ནག་ནང་དམར་བའི་སྟེང་དུ་ཟོར་གཏོར་བཟློག་པའི་སྐབས་ཇི་ལྟ་བ་དྲག་པོའི་འཁོར་ལོ་རྩིབས་བརྒྱད་པ་ལྟེ་བར་རྒྱལ་འགོང་དམ་སྲི་སོགས་འབྱུང་པོའི་ལིངྒ། གཞུང་དང་དཔེའུ་རིས་སྒོ་བསྟུན་པ་བསད་མནན་གྱི་སྤེལ་ཚིག་སོགས་མཐོང་བ་བརྒྱུད་པའི་ཕྱག་ལེན་བཞིན་བྲིས་པ། ལིང་རྐྱང་ལྟེ་བར་འགུགས་ཚིགས་མཐར་དྲག་སྔགས་ཀྱིས་བསྐོར་བ། རྫས་སོགས་དྲག་སྔགས་ཀྱི་སྤྱི་སྡོམ་དང་བརྒྱུད་པའི་ཕྱག་ལེན་བཞིན་བྲིས་པ་ལྟར་བཀོད་པ་འབྲུབ་ཁུང་དུ་བཅུག །སྒྲུབ་གཏོར། ཁྲག་གི་ཨརྒྷཾ་དང་། དྲག་པོའི་ཉེར་སྤྱོད། བཀའ་སྲུང་མ་གཟའ་རྡོར་གསུམ་དང་བརྟན་མ་བཅུ་གཉིས་གཏོར་མ་དང་། ཚོགས་ཆས། གཞི་བགེགས་ཀྱི་གཏོར་མ། སྐམ་རློན་གྱི་ཐུན། ཐོད་པ། གླང་རུ། རོ་གཡམ། རང་འཐག །ཕུང་རེ། རིང་ཆ། རོ་སྐྲ །རྩང་། ལ་ཆ། ས་ཚོན། བསད་མནན་ལ་དགོས་པའི་ཡོ་བྱད། གསེར་སྐྱེམས། རྐང་གླིང་རྔ་སྦུབ་གཡབ་དར། ཕུར་པ། སྒྲོལ་གྲི་སོགས་མཁོ་བ་རྣམས་འདུ་བགྱིས། ལས་བྱང་གི་ཐོག་མར་གཞི་བགེགས་ལ་གཏོར་མ་གཏོང་ཞིང་བཀའ་བསྒོ། ཕྲིན་ལས་ཀྱི་གཞུང་བསྲང་། འཛབ་བཟླས་ཆོས་སྲུང་ལ་གསོལ་མཆོད་འབུལ། སྒྲུབ་པ་པོ་རྣམས་དྲག་པོའི་ཆས་སུ་ཞུགས། འོག་ནས་འབྱུང་བའི་གཏོར་བཟློག་གི་སྐབས་བཞིན་ལྷ་ཚོགས་རྣམས་དྲག་ཏུ་བསྐུལ་ཞིང་། གསེར་སྐྱེམས་ནི། ཧཱུྃ། ཆེ་མཆོག་པདྨ་རྡོ་རྗེ་གྲོ་ལོད་རྩལ། །གསེར་སྐྱེམས་འདི་བཞེས་ཕུང་བྱེད་མ་རུངས་པ། །དམ་སྲི་རྒྱལ་འགོང་འབྱུང་པོ་གླགས་ལྟའི་ཚོགས། །བསྒྲལ་བར་བྱེད་ན་གཟུ་དང་དཔང་པོ་མཛོད། །ཞི་ཁྲོ་མ་སྲིང་སྤྲུལ་པ་ཡང་སྤྲུལ་བཅས། །གསེར་སྐྱེམས་འདི་བཞེས་ཕུང་བྱེད་མ་རུངས་པ། །དམ་སྲི་རྒྱལ་འགོང་འབྱུང་པོ་གླགས་ལྟའི་ཚོགས། །བསྒྲལ་བར་བྱེད་ན་གཟུང་དང་དཔང་པོ་མཛོད། །གིང་ཆེན་ཕོ་ཉ་ཆོས་སྲུང་སྡེ་བརྒྱད་རྣམས། །གསེར་སྐྱེམས་འདི་བཞེས་ཕུང་བྱེད་མ་རུངས་པ། །དམ་སྲི་རྒྱལ་འགོང་འབྱུང་པོ་གླགས་ལྟའི་ཚོགས། །བསྒྲལ་བར་བྱེད་ན་གཟུ་དང་དཔང་པོ་མཛོད། །འབྲུབ་ཁུང་གི་བསྐྱེད་ཆོག་གི་ཁ་བསྒྱུར། ཏྲི་ལས་དམིགས་བྱའི་དམ་སྲི་འབྱུང་པོ་ཆེ་གེ་ཁོ་རང་གི་བྱད་དབྱིབས་ཇི་ལྟ་བ་བརྗོད་པའི། ཡན་ལག་ལྕགས་སྒྲོག་གིས་བསྡམས་པ་ཉམ་ཐག་ཅིང་རིད་པ་གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་སོགས་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བྱིན་རླབས་དང་། སྤྲུལ་པ་ཡང་སྤྲུལ་ཕོ་ཉ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་མཐུ་སྟོབས་དང་། ཆོས་ཉིད་ངོ་བོ་ཀ་ནས་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་ཆེ་མཆོག་པདྨ་རྡོ་རྗེ་གྲོ་ལོད་རྩལ་གྱི་ལྷ་ཚོགས་རྣམས་ཀྱི་བྱིན་རླབས་ནུས་མཐུ་ལ་བརྟེན་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ། དགེ་འདུན་སྡེ་གཉིས་ཀྱི་བཤད་སྒྲུབ། རྒྱལ་ཁམས་ཀྱི་བདེ་སྐྱིད་འཕྲོག་ཅིང་འཚེ་བ། ཁྱད་པར་བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་དང་བཅས་པའི་ཚེ་ལ་རྐུ་བ། སྲོག་ལ་འཇབ་པ། ལུས་ལ་ན་ཚ་དང་། དཔལ་འབྱོར་ལ་གོད་ཁ་གཏོང་བ། དབང་ཐང་འཕྲོག་པ། ཆོས་སྲིད་ཀྱི་ལེགས་ཚོགས་ཀུན་ལ་བར་དུ་གཅོད་པར་བྱེད་པའི་གདོན་བགེགས་འབྱུང་པོ་ཆེ་གེ་མོའི་སྲོག་ཡིད་རྣམ་ཤེས་གསུམ་སྟེང་འོག་ཕྱོགས་མཚམས་གང་དུ་གནས་ཀྱང་སྤྲུལ་པའི་ཕོ་ཉ་ཡང་སྤྲུལ་དང་བཅས་པའི་ཚོགས་ཀྱིས་ལྕགས་ཀྱུས་སྙིང་ག་ནས་ཟུངས། མགྲིན་པ་ནས་ཞགས་པས་ཆིངས། ཡན་ལག་ལྕགས་སྒྲོག་གིས་སྡོམས། རྡོ་རྗེ་ཐོ་བས་རྡུངས། དྲིལ་བུའི་སྒྲས་མྱོས་པར་བྱས་ཏེ་སྐད་ཅིག་ཉིད་ལ་དམིགས་རྟེན་གྱི་ལིང་ག་འདི་ལ་ཁུག་ཅིག་ཕོབ་ཅིག །བསྙེན་སྔགས་ཀྱི་གཤམ་དུ། གནོད་བྱེད་འབྱུང་པོ་ཨ་ཀརྵ་ཡ་ཛཿ ཞེས་དྲག་རོལ་གཡབ་དར་ཚམ་རྔམ་དང་ལྡན་པས་དགུག་གཞུག་ལན་གྲངས་བརྒྱ་ཕྲག་སོགས་མང་དུ་བྱ། སྲོག་འགུགས་པ་རྩ་སྔགས་མཇུག་ཏུ། འབྱུང་པོ་ཆེ་གེ་ཨ་ཡུརྫྙཱ་ན་ཨ་ཀརྵ་ཡ་ཧཱུྃ་ཛཿཛཿ ཡིད་འགུགས་པ། ཆེ་གེ་མོ་ཏྲི་ཡཾ་ནྲྀ་ཨ་ཀརྵ་ཡ་ཧཱུྃ་ཛཿཛཿ གཟུགས་འགུགས་པ། ཆེ་གེ་མོ་རཱུ་པ་སྐནྡྷ་ཨ་ཀརྵ་ཡ་ཧཱུྃ་ཛཿཛཿ ཞེས་བརྒྱ་ཕྲག་གཉིས་གསུམ་སོགས་གང་འགྲུབ་བཟླ། ཐུན་དྲུག་ཀ་ལ་དེ་བཞིན་དུ་བྱས་ཏེ་ཁུག་རྟགས་བྱུང་བ་དང་མི་འགྱུར་བའི་རྟགས་བཏབ། བསྙེན་སྔགས་དང་དྲག་སྔགས་རིང་མོའི་མཇུག་གི །སྥོ་ཊ་ཡ་སོང་མཚམས་སུ། གནོད་བྱེད་ཆེ་གེའི་ལུས་སྲོག་ནུས་མཐུ་ཐམས་ཅད་མཱ་ར་ཡ་མཱ་ར་ཡ་ཕཊ་ཕཊ་ཀྱི་མཇུག་ཏུ། ཆེ་གེ་མོའི་སྲོག་ལ་ཐུཾ་རིལ་ཙིཏྟ་བཾ་ལོད་ཐུན་རྦད་རཀྟ་ཐིབས་སྲོག་ལ་བྲེང་ཤག་རྦད། ཐུམ་རིལ་དབུགས་ལ་ཐུཾ་ཐུཾ། རྩ་ལ་རྦད་རྦད། ཁོང་ཁྲག་ལ་རྦུད་རྦུད། ཆེ་གེ་མོའི་ཙིཏྟ་ལ་རྦད་རྦད། ཅེས་བསད་སྔགས་བཏགས་པ་སུམ་གཉིས་དང་། བསྙེན་སྔགས་གཤམ་དུ་ཤི་ས་ཨར་གཏད་བཏགས་པ་སུམ་གཅིག་བཟླ་ཞིང་བསད་དམིགས་དང་བཅས་ཐུན་བསྒྲུབ། ཧཱུྃ། མཚེ་ཡུངས་རྡོ་ལྕགས་ལ་སོགས་དྲག་པོའི་རྫས། །དུག་དང་ཁྲག་ཏུ་སྦོལ་ཏེ་ངར་བཏགས་པས། །རྡོ་རྗེ་ཐོག་དང་མཚུངས་པའི་ཐུན་རྫས་འདི། །བཏབ་པས་ཚེ་སྲོག་བཀྲག་མདངས་ཉམས་པར་འགྱུར། །ཞེས་བསྐུལ་ནས་གོང་གི་སྔགས་མཇུག་ཏུ་ཤི་ས་ཨར་གཏད་སོགས་སྤུ་གྲིའི་སྔགས་བཏགས་ཏེ་ཐུན་བརྡེག །སྒྲུབ་གཏོར་དང་ཟོར་གཏོར་ཤ་ཟན་གྱིས་གསོ། ཐུན་གཏོར་བཤམས་པར་ཁྲག་བྲན། དགུག་གཞུག་བྱས་རྗེས་སྨན་རཀ་སྦྲེང། ཨོཾ་བཛྲ་བྷཉྫ་བ་ལིཾ་ཏ་བི་ཤྭ་ཙཀྲ་ཧཱུྃ། རྡོ་རྗེའི་གཏོར་སྣོད་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བར་གྱུར། ཨོཾ་བཛྲ་མ་ཧཱ་སྨྀ་ཏ་ཛྭ་ལ་མཎྜ་ལ་ཧཱུྃ། གཏི་མུག་ཤའི་གཏོར་མ་རི་བོ་ཙམ་དུ་གྱུར། ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ། འདོད་ཆགས་ཁྲག་གི་གཏོར་མ་རྒྱ་མཚོ་ལྟ་བུར་གྱུར། ཨོཾ་མ་ཧཱ་ཀིཾ་ནི་རི་ཏི་ཛྭ་ལ་མཎྜལ་ཧཱུྃ། ཞེ་སྡང་རུས་པའི་གཏོར་མ་གྲམ་བུ་ལྟ་བུར་གྲོལ་བར་གྱུར། ཨོཾ་ཀ་པཱ་ལ་བ་སུ་ཏ་ར་ལི་ཀྲོཾ་ཀྲོཾ་དྷ་བ་བྷྱོ་རུ་ལུ་རུ་ལུ་ཧཱུྃ་བ་ལིཾ་ཏ་མཎྜལ་ཧཱུྃ། དམ་ཉམས་དགྲ་བགེགས་བསྒྲལ་པ་ལས་བྱུང་བའི་གཏོར་མ་ངོ་བོ་རང་བཞིན་རྣམ་པར་དག་ཅིང་། རྨད་དུ་བྱུང་བ་ལ་རྣམ་པ་ཤ་ཁྲག་རུས་པའི་རང་བཞིན་སྲུང་མ་དམ་ཅན་རྒྱ་མཚོའི་དགྱེས་སྐོང་དམ་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་དང་། ཨེ་ཨ་རཱལླི་ཧྲིཾ་ཧྲིཾ་ཛ་ཛཿ ཞེས་བྱིན་གྱིས་བརླབས། རྩ་སྔགས་མཇུག་ཏུ། མ་ཧཱ་བ་ལིང་ཏ་ཁཱ་ཧི། ལན་གསུམ། མ་ཧཱ་པཉྩ་མ་ཧཱ་མཾ་ས་སོགས་བརྗོད་དེ་འབུལ། ཧཱུྃ། ཆེ་མཆོག་པདྨ་དྲག་པོའི་ལྷ་ཚོགས་ལ། །དགྲ་བགེགས་བསྒྲལ་པའི་ཤ་ཁྲག་གཏོར་མ་དང་། ཁྲག་གི་ཨརྒྷཾ་དབང་པོའི་མེ་ཏོག་བཀྲ །ཤ་ཆེན་དུད་སྤྲིན་ཚིལ་ཆེན་མར་མེ་སྦར། །མཁྲིས་པའི་དྲི་ཆབ་ཤ་རུས་སྤུངས་པའི་བཤོས། །ཐོད་རྔ་རྐང་གླིང་རོལ་མོའི་ཚོགས་འབུལ་གྱིས། །རྣལ་འབྱོར་བདག་ཅག་རྒྱུ་སྦྱོར་བཅས་པ་ལ། །གནོད་བྱེད་དམ་སྲི་རྒྱལ་འགོང་འབྱུང་པོ་ཡིས། །བཏང་བའི་ནད་གདོན་ཆག་ཆེ་ཉམས་ང་སོགས། །ཚེ་སྲོག་ལུས་ངག་ཡིད་ལ་བར་ཆད་ཀུན། །མ་ལུས་ཞི་ཞིང་ཆོས་སྲིད་ཡོན་ཏན་རྣམས། །འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། །ཞེས་བསྲུང་བ་དང་། བཟློག་པ་ལ་ཚིག་རྐང་ཕྱི་མ་གཉིས། མ་ལུས་དགྲ་དང་བགེགས་ཀྱི་དཔུང་ཚོགས་སྟེང། །གཤེད་དུ་ཕོབ་ལ་བཟློག་བསྒྱུར་ཕྲིན་ལས་མཛོད། །སྲོག་རྩ་ཆོད་ལ་མཐུ་སྟོབས་ནུས་པ་སྣུབས། །དཔའ་བཀོང་རྫུ་འཕྲུལ་སྦྱོར་བ་རྣམ་པར་ཤིགས། །མདོར་ན་མིང་ཙམ་བརྡ་ཙམ་མ་ལུས་པར། །རྗེས་མེད་ཐལ་བའི་རྡུལ་བཞིན་བརླག་པར་མཛོད། །ཅེས་གཏོར་མ་ཐོག་ཏུ་འབུལ། ཚོགས་གཏང་། དེ་ལྟར་ཐུན་དྲུག་ཏུ་བཅད་དེ་བསྒྲུབས་པས་ཉམས་པ་དང་བསད་པ་སོགས་རྟགས་བྱུང་ན་བསྙེན་སྔགས་དང་། དྲག་སྔགས་རིང་མོའི་མཱ་ར་ཡ་ཡན་གྱི་སྔགས་ཚན་སོ་སོའི་མཐར་ནན། བཏགས་པའི་མཇུག་ཏུ། གནོད་བྱེད་ཆེ་གེ་མོའི་ལུས་ངག་ཡིད་གསུམ་མཐུ་སྟོབས་ནུས་པ་ཐམས་ཅད་སཏྭཾ་བྷ་ཡ་རྦད་ནན། ཧཱུྃ་ལམ་ཐུམ་ཆིངས་ཤིག །ཅེས་བཏགས་པ་བཟླས་ཏེ་ཐུན་བསྒྲུབ། ཐུན་བསྐུལ་དང་ངར་འདོགས་ཀྱི་སྔགས་རྣམས་གོང་དང་འདྲ། ཐུན་གཏོར་གྱི་བསྐུལ་ཚིག་ཤམ་བུ། གནོད་བྱེད་དམ་སྲི་རྒྱལ་འགོང་འབྱུང་པོ་ཡི། །ལུས་ངག་ཡིད་གསུམ་མཐུ་སྟོབས་ནུས་པ་རྣམས། །འཆི་བདག་གཤིན་རྗེ་འབར་བའི་ཟས་སུ་གཏོད། །ནམ་ཡང་མི་ཐར་བཙོན་ཁང་ནང་དུ་ཆུགས། །བསྐལ་པའི་བར་དུ་གནོན་པའི་ཕྲིན་ལས་མཛོད། །ཅེས་བསྒྱུར་ནས་ཐུན་གཏོར་འབུལ། དེ་ལྟར་མནན་པའི་རྟགས་རྫོགས་ནས་མནན་ཆས་བྱས། སྒོ་དབྱེ། ཚོགས་ལྷག །ཆད་ཐོ་དམག་ལྟོའི་ཚུལ་དུ་བཏང་། དེ་མན་གྱི་འདོན་ཆ་དང་ཕྱག་ལེན་ཆོས་རྒྱལ་མངྒའི་མཚན་ཅན་གྱིས་མཛད་པའི་ཀིང་ཀང་དམར་པོ་རླུང་སྒྲུབ་ཀྱི་ཆོག་སྒྲིག་ཇི་ལྟ་བ་ལ་ཚིག་ཟུར་བསྒྱུར་དགོས་པ་རིག་པས་འཕྲུལ་ཤེས་པར་བྱས། ལྕགས་སམ་བྷནྡྷས་བསྐུལ་ཏེ་གཏོར་མ་འཕེན། བརྟན་མ་སྐྱོང་། མེ་ཆུས་རྒྱས་འདེབས་རྣམས་གྲུབ་ནས་ནང་དུ་ལོག་སྟེ་ཚེ་འགུགས་གཏང་རག་དཀྱིལ་འཁོར་བསྡུ་ཆོག་སོགས་དཀྱུས་བཞིན་བྱའོ།། ༈ །།སྲེག་པ་ཧོམ་གྱི་ལས་ནི། བཀྲ་མི་ཤིས་པའི་ས་སྣ་དང་། དྲག་པོའི་ས་སྣ་སྤྱིན་པོ་རྣམས་སྦྱར་བ་ལས་གྲུབ་པའི་མཎྜལ་གྲུ་གསུམ། རྒྱར་མདའ་གང་། དཔངས་སོར་ལྔ་པ། དུག་ཁྲག་གིས་དམར་ནག་ཏུ་བྱུགས་པའི་སྟེང་དུ་མ་ཏྲཾ་གི་ལྟོ་བར་ཆོས་འབྱུང་གྲུ་གསུམ་ཟླ་གམ་གསུམ། འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་ཀྱིས་བསྐོར་བའི་ལྟེ་བར་རྡོ་རྗེ་སྔོན་པོ། ལྷ་གནས་གཞན་རྣམས་ལ་ཚོན་སྤུང་སྔོན་པོ་བྱེད། མཐར་ཁ་ཁྱེར་སོར་གསུམ་ལ་ཁྲོ་བོའི་རྡོ་རྗེ་ནག་པོ་རྭ་གདེངས་པས་བསྐོར་བའི་ཁར་ཚེར་མ་ཅན་གྱི་ཤིང་ངམ་དུར་ཁྲོད་ཀྱི་མགལ་དུམ་ལྟ་བུའི་ཤིང་ལས་ཐབ་ཁུང་གྲུ་གསུམ་པ་རྒྱར་སོར་ཉི་ཤུ །དཔངས་སུ་སོར་གཅིག་གིས་དམན་པ་དུག་ཁྲག་གིས་སྦགས་ཤིང་རོ་སོལ་ཐལ་ཆེན་རྔ་མོ་དང་བོང་བུའི་སྦངས་ཀྱིས་བྱུགས་པས་བརྩིགས་པའི་ཤར་ལྷོའི་མཚམས་སུ་མེ་ཚང་བཅའ། གོང་གི་ཤིང་ལས་གྲུབ་པའི་ཡམ་ཤིང་མཐེའུ་ཆུང་གི་སྦོམ་ཕྲ་ཙམ་ལ་སྲིད་དུ་སོར་བཅུ་གཉིས་པ་རྩང་གི་དབྱིབས་ཅན་རྩེ་མོ་གཉིས་ལ་དུག་ཁྲག་གིས་སྦགས་པ་མར་ནག་ལ་མི་རྟ་བ་ལང་སོགས་སྲོག་ཆགས་སྣ་ཚོགས་ཀྱི་ཚིལ་མར་བསྲེས་པ། ཤ་ཚིལ་སྣ་ཚོགས། དུག་སྣ། ཏིལ་ནག །ཉུངས་ནག །ཚ་བ་གསུམ། ལན་ཚྭ། ཐལ་ཆེན། ནིམྦའི་ལོ་མ། སྐྱེ་ཚེ། རྔ་མོ་དང་བོང་བུའི་སྦངས། རོ་སྐྲ །མི་རུས། ཁྲག་སྣ། དྲག་པོའི་ཐུན་རྫས་སོགས་བག་ཕྱེ་དང་བསྲེས་པའི་རིལ་བུ་གང་མང་རྣམས་ཐོད་པ་ལྕགས་སྣོད་གྱོ་དུམ་སོགས་དྲག་པོའི་སྣོད་དུ་བླུགས་ཏེ་རོ་རས་སམ་ཕུང་རེའི་སྟེང་དུ་མེ་ལྷར་འབུལ་རྒྱུ་ཉུང་ཟད་དང་བཅས་ཚོ་གཉིས་གཡས་ངོས་སུ་བཤམས། གཡོན་ངོས་སུ་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད། ཁྲག་གི་ཨརྒྷཾ་སྔོན་དུ་འགྲོ་བའི་ནང་གི་ཉེར་སྤྱོད། འདས་མ་འདས་ཀྱི་དམར་གཏོར་ཤ་ཁྲག་གིས་བརྒྱན་པ། མདུན་དུ་སྨན་རཀ །དགང་བླུགས། ལས་བུམ། ཐོད་རྔ། རྡོར་དྲིལ། མེ་ཏོག །རླུང་གཡབ། ཀུ་ཤ །གོས་ཟུང་། དྲག་པོའི་སོ་རྩི་རྩ་བའི་རྫས། ཞག་གྲངས་སུ་བཅད་དེ་འགུག་འདྲེན་ཡིད་ཆེས་པ་བྱས་པའི་འཁོར་ལོ་ལིངྒ་རྐང་ལག་བརྒྱངས་ཏེ་མཆངས་པའི་རྣམ་པ་བསྐྲད་ལིང་གི་དབྱིབས་ཅན། ལྕགས་སླང་། ལྕགས་སྒྱེད། ཆང་གར་མ། ཨ་རག །མར་ནག་བསྐོལ་བའི་ཆས་རྣམས་བསྒྲིགས། ཕྲིན་ལས་ཀྱི་གཞུང་ཚོགས་ལས་ཡན་སོང་ནས་སྒྲུབ་པ་པོ་དྲག་པོའི་ཆས་སུ་ཞུགས། ལས་བུམ་གྱི་ནང་དུ་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་བསྐྱེད་བསྟིམ་བཟླས་པ་ཅུང་ཟད་བྱས། བུམ་ཆུ་གཡོན་བསྐོར་གྱིས་གཏོར་ཞིང་། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཏྲི་ལས་གདོན་བགེགས་ཀྱི་ཤ་ཁྲག་ཕུང་ཁམས་སྐྱེ་མཆེད་ལས་བྱུང་བའི་མཆོད་རྫས་དང་སྲེག་རྫས་རྣམས་སོ་སོའི་མཚན་ཉིད་ཡོངས་སུ་རྫོགས་ཤིང་། རང་རང་གི་དྲག་པོའི་ལས་རབ་འབྱམས་བསྒྲུབ་པར་ནུས་པ་ངོ་བོ་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམས། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ནས། ཤབྡའི་བར་གྱིས་མཆོད་པ་དང་། ཨོཾ་བཛྲ་ཀྲོ་ཏ་གྲོ་བོ་ལོད་གནོད་བྱེད་ཏྲི་མཱ་ར་ཡ་ཛ་ཛཿ སྤོར་ལྡེ་ཐལ་མོ་སྦྱར་བའི་བར་དུ་བཟུང་ནས་གཡོན་སྐོར་དུ་ལན་གསུམ་བསྐོར་ཞིང་རྩ་སྔགས་བཟླས་ཏེ། གདོལ་པ། བཤན་པ་དམེ་ཡུགས་ཀྱི་མེ་ལས་བྱུང་བའི་ཏིང་ལོ་སྦར་བ་དང་བཅས། ཨོཾ་ཨགྣེ་ཧ་བྱ་ཀ་བྱ་ཛཿ གནོད་བྱེད་ཆེ་གེ་མོ་མཱ་ར་ཡ་ཕཊ་ཛྭ་ལ་རཾ། ཞེས་རྩྭ་སྐམ་ཅུང་ཟད་བཅུག་ཅིང་བླུགས་གཟར་ལན་གསུམ་གྱིས་མེ་གསོ། ཧཱུྃ་གསུམ་བརྗོད་དེ་རླུང་གཡབ་ཀྱིས་མེ་སྦར། ཀུ་ཤ་རྩྭ་རྩེ་མ་ཉམས་པ། ཨོཾ་བཛྲ་སཏྭ་ཨཱཿ ཞེས་བཟླས་ནས། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་ཞིང་བཀྲ་ཤིས་མཛད་དུ་གསོལ། །ཞེས་ཀུ་ཤ་གཉིས་གཤིབས་ཐོག་མར་རྩེ་མོ་ལྷོ་རུ་བསྟན། རིམ་བཞིན་གཡོན་སྐོར་གྱིས་སྔ་མའི་རྩ་བ་ཕྱི་མའི་རྩེས་མནན་མཐར་ཀུ་ཤའི་ཆུན་པོ་བ་གླང་གི་རྣ་བ་ལྟ་བུའི་རྩེ་མོ་ལས་མཐུན་གྱི་ཕྱོགས་སུ་བསྟན་ཏེ་གཡོགས། ཐབ་བསང་སྦྱང་། སྟོང་པའི་ངང་ལས་པདྨ་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ནག་པོ་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་དྲག་པོའི་ཐབ་ཁུང་ནག་པོ་ཟུར་གསུམ་པ་བང་རིམ་གསུམ་ལྡན་ཁ་ཁྱེར་ལ་ཁྲོ་བོའི་རྡོ་རྗེས་མཚན་པ་ཟབ་ཅིང་རྒྱ་ཆེ་བའི་ནང་དུ། རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་རཾ་ཡིག་གིས་སྤྲས་པའི་དབུས་སུ་རཾ་ལས་བསྒྲང་ཕྲེང་རཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས་དྲག་པོའི་མེ་ལྷ་ནག་པོ་ཞལ་གཅིག་ཕྱག་གཉིས་པ། གཡོན་གུནྡྷེ་དང་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱས་བགྲང་ཕྲེང་འཛིན་པ། གོས་ནག་པོ་བགོས་ཤིང་། སྲད་བུ་ནག་པོའི་སེ་རལ་ཁ་འཕྱངས་པ། མེ་ལྕེ་ནག་པོའི་འོད་ཟེར་སྟོང་གིས་དཀྲིས་ཤིང་། སྨིན་མ་དང་སྨ་ར་འབར་བ་རལ་པའི་ཐོར་ཚུགས་ཅན་ལྟོ་བ་འཕྱང་ཞིང་སྦོམ་ལ་ཐུང་པ་ཤ་རྒྱས་པ། གཡས་བརྐྱང་བའི་ཕྱེད་སྐྱིལ་གྱིས་ར་སྐྱེས་ཀྱི་སྟེང་ན་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་མེ་མཚམས་ནས་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱ། རྩེ་གསུམ་གྱི་ཕྱག་རྒྱ་བཅས་ལ། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་གདན་ལ་བཞུགས་སུ་གསོལ། །ཨ་ལ་ལ་ཏེ་དགྱེས་པར་མཛོད། །ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་དྲི་ཤྱ་ཧོཿ ས་མ་ཡ་སཏྭཾ། ཨགྣེ་ཛ་ཛཿ ཨགྣེ་དྷེ་ཝ་ཤྲཱི་ཧཱུྃ་ཛཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སཏྭཾ། ཞེས་སྤྱན་དྲངས་ཤིང་གདན་འབུལ། ཧཱུྃ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །དྲག་པོའི་དོན་ལ་དམ་ཚིག་དགོངས། །གཟི་བརྗིད་ཆེ་བས་ཐུགས་རྗེ་ལྡན། །བདག་ཅག་གུས་པས་ཁྱོད་ཕྱག་འཚལ། །ཨོཾ་ཨགྣེ་ཡེ་དེ་ཝ་ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿས་ཕྱག་བྱ། ཧཱུྃ། དྲང་སྲོང་མེ་ལྷ་འཁོར་བཅས་ལ། །མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །སྒྲོན་མེ་དྲི་ཆབ་ཞལ་ཟས་སྒྲ །འབུལ་གྱིས་དྲག་པོའི་ཕྲིན་ལས་མཛོད། །ཨོཾ་ཨགྣེ་ཡེ་དེ་ཝ་རཱ་ཛ་ཨརྒྷཾ་པཱུ་ཛཿཧཱུྃཿ སོགས་ནས། ཤབྡ་པཱུ་ཛ་ཧཱུྃ། གིས་ཕྱི་མཆོད་འབུལ། ཧཱུྃ། དྲང་སྲོང་ཆེན་པོས་སྔོན་ཆད་མ་བསྟར་བའི། །ཏིང་འཛིན་དབང་བསྒྱུར་ཞལ་ཟས་བདུད་རྩི་འདི། །དག་ཅིང་བཙང་མར་སྦྱར་ཏེ་འབུལ་ལགས་ཀྱིས། །ཡེ་ཤེས་ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །ཨོཾ་ཨགྣེ་དེ་ཝ་རཱ་ཛ་པཱུ་ཛ་ཁཱ་ཧི། སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་བྷ་ལིཾ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་ནང་མཆོད་འབུལ། ཧཱུྃ། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །འདོད་ཡོན་མི་ཟད་ནམ་མཁའི་མཛོད། །ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འདི། །མེ་ལྷ་འཁོར་དང་བཅས་ལ་འབུལ། །ཨོཾ་ཨགྣེ་དེ་ཝ་རཱ་ཛ་གྷ་ན་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་ཚོགས་ཕུད་འབུལ། ཧཱུྃ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །མཉམ་པའི་ངང་ལས་ཀུན་སྣང་ཡང་། །ཆོས་ཉིད་ངང་ལས་མ་གཡོས་པའི། །ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བྱོན་ཟན་ནི། མེ་ལྷའི་ལྗགས་རྡོ་རྗེ་རྩེ་གཅིག་པ་ལ་རཾ། དགང་བླུགས་ཀྱི་རྩེ་ལ་ཧཱུྃ་ཡིག་ནག་པོ་རེ་རེས་མཚན་པར་མོས་ནས། ཨོཾ་ཨགྣེ་ཡེ་སྭཱ་ཧཱ། བརྗོད་ཅིང་བླུགས་གཟར་བདུན་གྱིས་དགང་གཟར་བཀང་སྟེ་པུས་མོའི་ཁ་ལས་ལག་པ་གཉིས་མི་འདའ་བར་ཁྲོ་བོའི་ཁུ་ཚུར་གྱི་ཕྱག་རྒྱས་གཟར་བུ་གཉིས་ཁ་སྦྱར་ཏེ་གཡོན་དུ་བསྐོར་ཞིང་། ཨགྣེ་ཡེ་དི་བྱ་དི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བ་ཧཱ་ན་ཡེ་བདག་ཅག་དཔོན་སློབ་རྒྱུ་སྦྱོར་རྣམས་ལ་གནོད་པར་བྱེད་པའི་ནད་གདོན་སྡིག་སྒྲིབ་བར་གཅོད། ཁྱད་པར་དམ་སྲི་རྒྱལ་འགོང་འབྱུང་པོ་ཆེ་གེ་མོ་མཱ་ར་ཡ་རྦད། ཅེས་ལན་གསུམ་གྱིས་འབུལ། ན་མོ་རིག་པའི་རྒྱལ་པོ་དྲང་སྲོང་མེ་ལྷ་ཆེན་པོ་ཁྱེད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་གི་ཕྲིན་ལས་སྒྲུབ་པར་མཛད་དུ་གསོལ། བདག་ཅག་ལ་གནོད་པར་བྱེད་པའི་བགེགས་ཐམས་ཅད་བརླག་པར་མཛད་དུ་གསོལ། ཞེས་བརྗོད་དེ་ཡམས་ཤིང་ཟུང་དུ་སྦྱར་བ་ནི། ཨོཾ་ཨགྣེ་ཡེ་བདག་ཅག་དཔོན་སློབ་སོགས་སྤེལ་ཚིག་གོང་དང་འདྲ་བས་དགང་བླུགས་ཀྱིས་དབུལ། སྐྱོགས་ཀྱི་ནང་དུ་མར་ནག་བཀོལ་ཚད་རན་པར་བྱས། ཤོག་ལིང་གཅིག་སྐམ་པས་བཟུང་ནས་སྟེང་དུ་འཕྱར། དགུག་གཞུག་ལན་གཅིག་གམ་གསུམ་སོགས་ཅི་རིགས་པར་བྱ། ཧོཿ དྲག་པོ་མེ་ལྷ་གདངས་པའི་ཞལ་ནང་དུ། །གནོད་བྱེད་འབྱུང་པོ་ཆེ་གེ་མོ་འདི་སྟོབ་ཀྱིས། །ལུས་སྲོག་མཐུ་སྟོབས་ཐལ་བར་བསྲེགས་བྱས་ནས། །རྗེས་མེད་རླུང་ལ་བསྐུར་བའི་ཕྲིན་ལས་མཛོད། །ཨོཾ་ཨགྣེ་ཡེ་ཆེ་གེ་མོའི་ལུས་སྲོག་མཐུ་སྟོབས་ཐམས་ཅད་མཱ་ར་ཡ་ཛྭ་ལ་རཾ་ཁ་རཾ་ཁཱ་ཧི། ཞེས་ལིངྒ་འབུལ། ཧཱུྃ། ཨགྣེ་རཱ་ཛ་འཁོར་བཅས་ལ། །སྨན་རཀ་དཔལ་བཤོས་དྲག་པོའི་རྫས། །ཞལ་དུ་སྟོབ་པོ་བར་ཆད་བགེགས། །མཆོད་པར་འབུལ་ལོ་ཁ་རཾ་ཁཱ་ཧི། །ཨོཾ་བཛྲ་ཀྲོ་ཏ་ཨགྣེ་ཡེ་ཆེ་གེ་མོ་ཛྭ་ལ་རཾ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་རིལ་བུ་རྣམས་གྲངས་སུ་བཅད་དེ་འབུལ། གོང་བཞིན་མཆོད་བསྟོད་བྱ། ཧཱུྃ། མེ་ལྷ་འཁོར་བཅས་ཁྱེད་རྣམས་ཀྱིས། །གནོད་བྱེད་འབྱུང་པོ་ཆེ་གེ་མོའི་ཚོགས། །ལུས་པ་མེད་པར་ཚར་གཅོད་པའི། །དྲག་པོའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་གསོལ་བ་བཏབ། ཡེ་ཤེས་མེ་ལྷ་ཕར་གཤེགས་ཤར་ལྷོ་ནས། །ཚུར་གཟིགས་ཕྲིན་ལས་སྒྲུབ་པའི་དཔང་པོ་མཛོད། །ཨགྣེ་ཛྭ་ལ་ཛྭ་ལ་གཙྪ་མུཿ འདས་པའི་མེ་ལྷ་མཆོད་པ་ནི། དམ་ཚིག་མེ་ལྷའི་ལྟོ་བ་ཡངས་པའི་ནང་། །བྷྲཱུྃ་ལས་ཐོད་པ་རིན་ཆེན་ཞེས་པ་ནས། བདག་རྟོགས་བསྒྲལ་བའི་མཆོད་པའི་བར་བཏང་མཚམས། ཧཱུྃ། གནོད་བྱེད་དམ་སྲི་འབྱུང་པོ་སྒྲོལ་བའི་ཕྱིར། །ཆེ་མཆོག་པདྨ་དྲག་པོ་འཁོར་བཅས་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་དམ་པ་འབུལ། །འཆོལ་བའི་ཁྲོ་རྒྱལ་ཞལ་དུ་ཁ་རཾ་ཁཱ་ཧི། །སྔགས་ཀྱི་མཐར། གྷ་ན་ཙཀྲ་ཁ་རཾ་ཁཱ་ཧི། ཞེས་ཚོགས་འབུལ། དེ་རྗེས་བསྟོད་པ་བྱེད། གཙོ་འཁོར་ཀུན་ཀྱང་སྐུ་མདོག་རྩ་བའི་ཞལ། །མིག་སྨན་མདོག་ཅན་ཤིན་ཏུ་ཁྲོ་ཞིང་རྔམ། །སྟང་ཟིལ་ལྟར་གནག་འཚེར་བའི་འོད་འཕྲོ་བ། །དྲག་པོའི་ལས་ཀུན་མཛད་པའི་རྣམ་པར་གྱུར། །ཅེས་གསལ་བཏབ། བྱོན་ཟན་ནི། ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེ་གཅིག་པ་ལ་རཾ། དགང་བླུགས་ཀྱི་རྩེ་ལ་ཧཱུྃ་ཡིག་ནག་པོ་རེ་རེས་མཚན་པར་མོས་པ་དང་། ཕྱག་རྒྱ་སོགས་སྔར་བཞིན་བྱ། ཧཱུྃ། ཆོས་ཉིད་བརྡལ་བ་ཆེན་པོའི་ཧོམ་ཁུང་དུ། །རིག་པ་བྱང་ཆུབ་སེམས་ཀྱི་མེ་སྦར་ཏེ། །གཟུང་འཛིན་འཁོར་བའི་བག་ཆགས་བསྲེག་པ་དང་། །དབང་དྲག་ལྷ་ཚོགས་ཐུགས་དམ་སྐོང་བའི་ཕྱིར། །དུག་གསུམ་ཤ་ཁྲག་རྫས་ཆེན་འདི་འབུལ་གྱིས། །མངོན་སྤྱོད་དྲག་པོའི་ཕྲིན་ལས་སྒྲུབ་པར་མཛོད། །གཙོ་འཁོར་རྣམས་ཀྱི་སྔགས་ཚར་བདུན་བརྗོད་ཅིང་བླུགས་གཟར་བདུན་གྱིས་དགང་གཟར་འགེང་བ་སོགས་དང་། ཨོཾ་ཨགྣེ་ཡེ་དི་བྱ་སོགས། མཱ་ར་ཡ་རྦད་ཀྱི་བར་མེ་ལྷའི་སྐབས་བཞིན་བྱེད། གཏོར་བཟློག་ལས་འབྱུང་བའི་དྲག་བསྐུལ་བཏང་། ཧཱུྃ། ཆེ་མཆོག་པདྨ་རྡོ་རྗེ་གྲོ་བོ་ལོད། །གནམ་ས་ལྟ་བུར་གདངས་པའི་ཞལ་ནང་དུ། །ཡེ་ཤེས་ཞུན་ཆེན་མར་ནག་ལིང་ག་དང་། །ཤ་ཁྲག་ཚིལ་རུས་དུག་ཚྭ་རོ་ཐལ་སྐྲ །ཚ་བ་གསུམ་དང་ཏིལ་ཡུངས་གསོད་རྫས་འབུལ། །གནོད་བྱེད་ཐལ་བར་རློགས་ལ་རྩད་ནས་ཆོད། །མཐུ་སྟོབས་ནུས་པ་དྲུངས་ཕྱུངས་གནད་ལ་ཕོབ། །ཟུག་གཟེར་ན་ཚ་དྲག་པོས་ཁ་ཕུང་ཐོངས། །རྒྱབ་རྟེན་བྱེད་པའི་ལྷ་འདྲེ་རང་གཤེད་ཕོབ། །ཡིད་དང་དབང་པོ་བརྒྱལ་འབོག་མྱོས་སུ་ཆུག །སྲོག་རྩ་དམར་པོ་དུམ་བུར་བཅད་ནས་ཀྱང་། །དམིགས་པའི་གདོན་འདི་མྱུར་དུ་བརླག་གྱུར་ཅིག །ཅེས་བརྗོད། གཙོ་བོ་ལ་འབུལ་བ་ནི། ཧཱུྃ། དམར་ནག་གྲུ་གསུམ་འབར་བའི་གཞལ་ཡས་ནས། །འཆོལ་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ལ། །བསྲེག་བླུགས་དྲག་པོའི་མཆོད་པ་འདི་འབུལ་གྱིས། །གནོད་བྱེད་འབྱུང་པོ་ཆེ་གེ་འཁོར་བཅས་རྣམས། །མིང་ཙམ་བརྡ་ཙམ་དུ་ཡང་མི་གྲགས་པའི། །མངོན་སྤྱོད་རྟགས་ཀྱི་ཕྲིན་ལས་མྱུར་དུ་སྒྲུབས། །རྩ་སྔགས་མཇུག་ཏུ། ཨོཾ་བཛྲ་ཡ་ཛྙཱ་ཡ་དང་བསད་སྔགས་བཏགས་པའི་མཐར། ཨགྣེ་ཡེ་སྦྱར་བས་ཞུན་ཆེན་འབུལ། དེ་ནས་སྣུམ་དང་ལིང་ག་ཧོམ་ཁུང་གི་བཅས་མེ་ལྷའི་སྐབས་ལྟར་ལ། ཧོཿ ཆེ་མཆོག་པད་མ་དྲག་པོའི་ཞལ་ནང་དུ། གནོད་བྱེད་འབྱུང་པོ་ཞེས་པ་མན་མེ་ལྷའི་སྐབས་ལྟར་ལ། ཨགྣེའི་ཚབ་ལ་རྩ་སྔགས་དང་བསད་སྔགས་བཏགས་ནས་ལིང་ག་འབུལ། རྩ་སྔགས་དང་བསད་སྔགས་གཤམ་དུ། གནོད་བྱེད་ཆེ་གེའི་ལུས་ངག་ཡིད་གསུམ་མཐུ་སྟོབས་ནུས་པ་ཐམས་ཅད་མཱ་ར་ཡ་ཛྭ་ལ་རཾ་ཁཱ་ཧི། ཅེས་རིལ་བུ་རྣམས་གྲངས་སུ་བཅད་དེ་འབུལ། ཧཱུྃ། ཕྱོགས་བཞི་འཁོར་ལོ་འབར་བའི་རྩིབས་སྟེང་ན། །གསང་བདག་གཤིན་རྗེ་རྟ་མགྲིན་མེ་དབལ་ལ། །སྲེག་བླུགས་སོགས་གོང་ལྟར་ལ་གཙོ་འཁོར་གྱི་སྔགས་གཉིས་རྗེས་ཡམས་ཤིང་མར་ལིང་རྫས་རྒོད་རྣམས་གོང་བཞིན་འབུལ། བྷྱོཿ གཞལ་ཡས་ཆེན་པོའི་ཕྱོགས་བཞི་སྒོ་བཞི་ནས། །འགུགས་འཆིང་བསྡམ་མྱོས་མཛད་པའི་སྒོ་མ་བཞིར། །ཞེས་ཁ་བསྒྱུར་གཞན་མ་གོང་དང་མཚུངས། འདི་ནི་འབྲིང་པོའི་དབང་དུ་བྱས་ཀྱི་རྒྱས་པར་སྤྲོ་ན། ཧཱུྃ། ཤར་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ན། །མཐུ་སྟོབས་དབང་ཕྱུག་བཅོམ་ལྡན་གསང་བདག་ལ། །ཞེས་ལྷ་སོ་སོར་ཁ་བསྒྱུར། འཇུག་པ་བདེ་བར་བྱེད་ན། ཧཱུྃ། རབ་འཇིགས་དུར་ཁྲོད་འབར་བའི་གཞལ་ཡས་ན། །ཆེ་མཆོག་པདྨའི་ལྷ་ཚོགས་འཁོར་བཅས་ལ། །ཞེས་དང་གཙོ་འཁོར་རྣམས་ཀྱི་སྔགས་སྦྲེལ་ནས་བྱ། དེ་ནས་ཐབ་ཀྱི་སྟེང་དུ་ལྕགས་སྒྱེད་བཙུགས། སླ་ང་གཙུགས། གར་ཆང་རྣམས་འདུ་བྱས། འཁོར་ལིང་ཆེན་མོ་ནམ་མཁའ་ལ་བླ་བྲེ་ལྟར་བརྒྱངས་ཏེ་གཙོ་འཁོར་ཐམས་ཅད་ཀྱི་དྲག་བསྐུལ་བཏང་། གསེར་སྐྱེམས། བདེན་བདར་དགུག་གཞུག་བྱ། དེ་ནས། ཧོཿ རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། འཇམ་དཔལ་སྐུའི་ལྷ་ཚོགས་རྣམས་དང་། པདྨ་གསུང་གི་ལྷ་ཚོགས་རྣམས་དང་། ཡང་དག་ཐུགས་ཀྱི་ལྷ་ཚོགས་རྣམས་དང་། བདུད་རྩི་ཡོན་ཏན་གྱི་ལྷ་ཚོགས་རྣམས་དང་། ཕུར་པ་ཕྲིན་ལས་ཀྱི་ལྷ་ཚོགས་རྣམས་དང་། མ་མོ་རྦོད་གཏོང་གི་ལྷ་ཚོགས་རྣམས་དང་། རིག་འཛིན་སློབ་དཔོན་གྱི་ལྷ་ཚོགས་རྣམས་དང་། འཇིག་རྟེན་མཆོད་བསྟོད། དམོད་པ་དྲག་སྔགས། དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་དགོངས་སུ་གསོལ། གནོད་བྱེད་འབྱུང་པོ་ཆེ་གེ་འདིས་སངས་རྒྱས་ཀྱི་བསྟན་པ་ཐོས་བསམ་སྒོམ་གསུམ་བྱེད་པ་ལ་བར་དུ་བཅད་དེ། མདོ་སྔགས་ཀྱི་སྡེ་རྣམས་དཀྲུགས་ཤིང་མི་མཐུན་པར་བྱས་སོ། །སྔགས་འཆང་རྣལ་འབྱོར་པ་བདག་ལ་མཐོ་བཙམས་སོ། །འགྲོ་བ་རྣམས་ཀྱི་ཤ་ཁྲག་བརྐུས་ཤིང་ཤ་ཁྲག་ལ་ཧབ་ཤ་བྱས་སོ། །བསོད་ནམས་དང་མངའ་ཐང་ཉམས་སུ་བཅུག་གོ །ལོ་ཐོག་ལ་སད་སེར་བཙའ་ཐན་ཕབ་བོ། །མི་ཕྱུགས་ལ་ནད་རིམས་ཆར་ལྟར་བཏང་ངོ་། ཁྱད་པར་རྒྱུ་སྦྱོར་ཆེ་གེ་མི་ནོར་འཁོར་གཡོག་དང་བཅས་པར་མི་འདོད་སྣ་དགུས་མནར་རོ། །བདག་སོགས་རྣམས་ཀྱིས་གནོད་བྱེད་འདི་ལ་དང་པོར་ཁས་མ་ཉེས། བར་དུ་ལག་གིས་མ་ཉེས། ཐ་མར་སྤྱོད་པས་མ་ཉེས་སོ། །རྒྱལ་ཁམས་ཕུང་བའི་ཕུང་འདྲེ་འདི་ཉིད་ཚར་གཅོད་པའི་དུས་ལ་བབས་པས། རྩ་གསུམ་ལྷ་ཚོགས་རྣམས་ཀྱིས་ལེགས་ཉེས་ཀྱི་སྟངས་ཟུངས། བདེན་རྫུན་གྱི་ཤགས་ཕྱེས། མཐུ་སྟོབས་ནུས་པའི་རྩལ་སྐྱེད་ལ་ད་ལྟ་ཉིད་དུ་ཚར་གཅོད་པའི་ཕྲིན་ལས་མཛོད། ཁྱད་པར་ཆེ་མཆོག་པདྨ་རྡོ་རྗེ་གྲོ་བོ་ལོད། གསང་འཛིན་ལག་ན་རྡོ་རྗེ། འཆི་བདག་གཤིན་རྗེའི་གཤེད་པོ། ཁྲོ་རྒྱལ་པདྨ་དབང་ཆེན། དྲག་རྩལ་ཡཀྴ་མེ་དབལ། འགུགས་འཆིང་སྡོམ་མྱོས་མཛད་པའི་སྒོ་མ། སྤྲུལ་པ་ཡང་སྤྲུལ་ལས་བྱེད་དང་བཅས་པའི་ལྷ་ཚོགས་རྣམས་ཉི་ཟླ་ལྟ་བུའི་སྤྱན་གྱིས་གཟིགས། གནམ་ས་ལྟ་བུའི་ཞལ་གདོངས། གངས་རི་ལྟ་བུའི་མཆེ་བ་གཙིགས། གློག་དམར་ཙམ་གྱི་ལྗགས་རྐྱོངས་ལ་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཀྱི་ང་རོ་དྲག་པོ་དང་བཅས་ཏེ་གདོན་བགེགས་ཆེ་གེ་གཡོག་འཁོར་སྡེ་དཔུང་དང་བཅས་པ་ད་ལྟ་ཉིད་དུ་ཞལ་དུ་བཞེས་ལ་ལྷག་མ་ཙམ་ཡང་མ་ལུས་པར་སྒྲོལ་་་བའི་ཕྲིན་ལས་མཛོད་ཅིག །བསྙེན་སྔགས་དང་བསད་སྔགས་ཀྱི་མཐར། ཨོཾ་ཨགྣེ་ཡེ་ཛྭ་ལ་རཾ་ཁཱ་ཧི། ཞེས་རྫས་ལྡུག་ཐེངས་ལན་གསུམ་དང་བཅས་ཧོམ་མཆོད་རྒྱས་པར་འབུལ། གཤེགས་སྐྱེམས་ནི་བྱོན་ཟན་ཇི་ལྟ་བ་བཞིན་བྱ། ཧཱུྃ། ཆེ་མཆོག་པདྨ་འཁོར་དང་བཅས་པ་ལ། ཁྱད་པར་མཆོད་པ་པཉྩ་ཨ་མྲྀ་ཏ། །མ་ཧཱ་བ་ལིང་རཀྟ་མཆོད་པར་འབུལ། །བཞེས་ནས་བླ་མེད་དངོས་གྲུབ་བསྩལ་དུ་གསོལ། །རྩ་སྔགས་མཇུག་ཏུ། མ་ཧཱ་པཉྩ་དང་། མ་ཧཱ་རཀྟ་སྦྱར་ནས་སྨན་རཀ་དང་གཏོར་མ་དྲག་པོའི་གཏོར་མ་ལྟར་བརླབས་ནས། ལས་བྱང་གི་གཏོར་མ་འབུལ་ཚིག་གིས་དབུལ། ཨོཾ་བཛྲ་ཏམྦུ་ལ་ཡེ་སྭཱ་ཧཱས་སོ་རྩི་དང་། ཨོཾ་བཛྲ་ཝསཏྲ་ཡེ་སྭཱ་ཧཱས་གོས་ཟུང་དབུལ། བསྟོད་པ་བྱ། ཧཱུྃ། ཆེ་མཆོག་པདྨ་དྲག་པོ་འཁོར་བཅས་རྣམས། །བ་ལིཾ་ཤ་ཁྲག་གཏོར་མ་འདི་བཞེས་ལ། ཞེས་པའི་མཇུག་ཏུ་ཐུན་གཏོར་གྱི་ཤམ་བུ་འདོགས། དབྱངས་གསལ་དང་ཡིག་བརྒྱ་བརྗོད་ནས་ལྷག་ཆད་ཁ་བསྐངས་ཏེ་ནོངས་པ་བཟོད་པར་གསོལ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །སོགས་དང་། བཛྲ་མུཿས། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་གི་སྙིང་གར་ཐིམ་པར་བསམ། འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། དཔང་པོར་བཞུགས་པའི་ཡེ་ཤེས་ཀྱི། །མེ་ལྷ་བཛྲ་ས་མཱ་ཛཿ །སླར་ཡང་དམ་ཚིག་སེམས་དཔའ་དང་། །དབྱེར་མེད་ངོ་བོ་གཅིག་ཏུ་གྱུར། །གོང་བཞིན་མཆོད་བསྟོད་བྱེད་ཅིང་ལིང་ག་མ་གཏོགས་ཡམས་ཤིང་ནས་རྫས་རྒོད་ཀྱི་བར་སྔར་བཞིན་དང་གཤེགས་སྐྱེམས་དགང་བླུགས་བདུན་གསུམ་བྱོན་ཟན་བཞིན་ཕུལ་རྗེས། བཛྲ་ཏམྦུ་ལས་སོ་རྩི་དང་། ཝསཏྲས་གོས་ཟུང་དབུལ། གཏོར་མ་དྲག་པོའི་གཏོར་མ་ལྟར་བརླབས། ཨོཾ་ཨགྣེ་ཡེ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་པཱུ་ཛ་ཁཱ་ཧི། ལན་གསུམ་གྱིས་དབུལ། མེ་ལྷའི་རྒྱལ་པོ་དྲང་སྲོང་འཁོར་བཅས་རྣམས། །བ་ལིཾ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཞེས་པར་བསད་པའི་ཤམ་བུ་བཏགས་པའི་འདོད་གསོལ་བྱ། ཨོཾ་ཨགྣེ་ཡེ་ཨརྒྷཾ་པྲ་ཏཱིཙྪ་ནས། ཤབྟའི་བར་གྱིས་མཆོད། ཡིག་བརྒྱ་དང་། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ཅིག །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨགྣེ་ཡ་ཧི་གཙྪས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ། སྒྲུབ་པ་པོ་རྣམས་ལག་གཡས་སྟེང་དུ་བྱས། སྲིན་ལག་སྦྲེལ་ནས་གྲལ་གྲུ་གསུམ་གྱི་ཚུལ་དུ་དྲག་པོའི་བྲོ་བརྡུངས། སུམྦྷ་ནི་བརྗོད། བསྔོ་སྨོན་བཀྲ་ཤིས་བྱའོ།། ༈ །།གཏོར་བཟློག་ནི། མ་ཏྲཾ་གི་ལྟོ་བར་བཟློག་དཀྱིལ་ཆོས་འབྱུང་གྲུ་གསུམ་ཟླ་གམ་གསུམ་ལྡན་འཁོར་ལོ་རྩིབས་བཞི་མུ་ཁྱུད་རྡོར་ར་དང་བཅས་པའི་སྟེང་དུ་ནས་ནག་གཙོ་བོར་གྱུར་པའི་འབྲུ་སྣའི་ངར་བཏགས་ལ་དུག་ཁྲག་གིས་སྦྲུས་པའི་ཆོས་འབྱུང་གྲུ་གསུམ་བསྣོལ་བའི་སྟེང་གི་ཟུར་རྣམས་ཐོད་སྐམ་གྱིས་བཏེགས་པའི་ཁར་གཏོར་མ་ཟུར་གསུམ་རྩ་བ་ཟླུམ་པོ་གནམ་ལྕགས་ཀྱི་་་ཐོག་འདྲ་བ་ལྟོ་བ་དམར་པོ་མཐའ་ཅུང་ཟད་ནག་པ་འཁོར་བརྒྱད། དེའི་ཕྱིར་གཏོར་ཆུང་། ཁྲག་ཀོང་ལོ་ཀོང་གིས་བསྐོར་བའི་ཕྱི་རོལ་དུ་རྩང་དམར་ཉེར་གཅིག་ལ་རྒྱུ་མའི་ལྡ་ལྡི་དང་བསད་ཤས་བརྒྱན་པའི་མཚམས་རྣམས་སུ་མཚེ་ཉུངས་བཙུགས། མེ་རི་རྒྱན་སྤྲོས་རྔམ་བརྗིད་དང་ལྡན་པར་བྱས་པའི་གཏོར་གདུགས་ཀྱི་འོག་ཏུ་སྲུང་འཁོར་དང་ཟློག་འཁོར། གཏོར་མའི་སྨད་ཆར་བསད་འཁོར་བཅུག །མཐའ་སྐོར་དུ་སྨན་རཀ་གཏོར་གསུམ། ཕྱི་ནང་གི་ཉེར་སྤྱོད། ཆོས་སྲུང་དང་གཞི་བགེགས་ཀྱི་གཏོར་མ། ཚོགས་འཁོར། སྐྱེར་མདའ། འུག་སྒྲོ་མའི་མདའ་ཟོར། ཀོང་ཟོར། ཁྲག་ཟོར། རྡོ་ཟོར་རྣམས་བཞི་རེ། ལིང་ག །སྒྲོལ་གྲི། གསེར་སྐྱེམས། ཐུན། ཞྭ་ཕོད། རོལ་མོ་སོགས་མཁོ་བའི་ཡོ་བྱད་རྣམས་བཤམས། ཕྲིན་ལས་ཀྱི་གཞུང་བསྲངས་ཏེ་བདག་མདུན་གཉིས་ཀ་ལྷན་ཅིག་ཏུ་བསྒྲུབ། ཐུན་བཞིར་བྱེད་ན་ཐོར་ཐུན་ལ་གཙོ་འཁོར་རྣམས་ཀྱི་བསྙེན་སྔགས་ལ་སྲུང་བའི་ཤམ་བུ་བཏགས་པ་གཙོ་བོར་བཟླས་ནས་ཚོགས་མཆོད་བསྡུས་པ་ཞིག་བཏང་བས། ཐུན་གཏོར་མནན་པའི་སྐབས་ལྟར་འབུལ། སྔ་ཐུན་ལ་ལས་བྱང་གྱེར། བསྙེན་སྔགས་ཀྱི་མཇུག་ཏུ་དྲག་སྔགས་ལ་བཟློག་ཤམ་བཏགས་ཏེ་བཟླ། ཚོགས་མཆོད་དང་ཐུན་གཏོར་འདྲ། དགོང་ཐུན་ལ་བསྙེན་སྔགས་ཤམ་དུ་བསད་སྔགས་བཏགས་ནས་བཟླ་ཞིང་ཟོར་སྔགས་ཇི་ལྟར་རིག་པས་ཟོར་ཡང་བསྒྲུབ། ཚོགས་མཆོད་རྒྱས་པ། བསྐུལ། གདབ་ལས། བཟློག་གཞུང་། ཐུན་གཏོར་འབུལ། སྲོད་ཐུན་ལ་གཙོ་བོའི་རྩ་སྔགས་ཀྱི་མཇུག་ཏུ་ཤི་ས་ཨར་གཏད་སོགས་ཀྱི་སྔགས་ཚུབས་ལྷོང་ཆེ་ཆུང་དང་བསྟུན་ཏེ་བཟླ། ཚོགས་བསྡུས་པ་དང་ཐུན་གཏོར་འབུལ། ཐུན་མི་བྱེད་ན་གོང་གི་འཛབ་རྣམས་རིམ་བཞིན་བཟླས་པས་ནུས་ལྡན་དུ་བྱས་ཏེ་ཚོགས་དང་པོ་དང་བར་པ་གཞུང་བཞིན་བཏང་། ཚོགས་ཐ་མ་ལ་བསྐུལ་པ་ནི། ཧཱུྃ། དམར་ནག་གྲུ་གསུམ་འབར་བའི་གཞལ་ཡས་ནས། །བགེགས་དཔུང་འདུལ་མཛད་ཆེ་མཆོག་གྲོ་ལོད་རྩལ། །གཏུམ་དྲག་འབར་བ་ཆེན་པོའི་སྐུར་བཞེངས་ལ། །ལྷ་སྲིན་སྡེ་བརྒྱད་གདུགས་པའི་འཚུབ་ལྷོང་དང་། ཁྱད་པར་བོད་ཕུང་མཐའ་འདྲེ་འབྱུང་པོའི་ཚོགས། །རྒྱལ་བསེན་དམ་སྲི་དཀོར་བདག་འགོང་པོ་ཡི། །ལུས་སྲོག་མཐུ་སྟོབས་ནུས་པ་ཚར་བཅད་ནས། །བར་ཆད་མི་མཐུན་ཕྱོགས་ཀུན་དགྲ་ལ་སྒྱུར། །འཁོར་ལོ་འབར་བའི་ཤར་གྱི་རྩིབས་སྟེང་ནས། །མཐུ་སྟོབས་གཅིག་བསྡུས་གསང་བདག་རྡོ་རྗེ་འཛིན། །གཏུམ་དྲག་འབར་བ་ཆེན་པོའི་སྐུར་བཞེངས་ལ། །ལྷ་སྲིན་སྡེ་བརྒྱད་གདུག་པའི་འཚུབ་ལྷོང་དང་། ཁྱད་པར་གཟའ་དང་རྒྱུ་སྐར་བྱད་སྟེམས་སོགས། །སྟེང་ཕྱོགས་གནོད་བྱེད་གདོན་གྱི་ཚོགས་རྣམས་ཀྱི། །ལུས་སྲོག་མཐུ་སྟོབས་ནུས་པ་ཚར་བཅད་ནས། །བར་ཆད་མི་མཐུན་ཕྱོགས་ཀུན་དགྲ་ལ་སྒྱུར། །འཁོར་ལོ་འབར་བ་ལྷོ་ཡི་རྩིབས་སྟེང་ནས། །དུས་ཀྱི་དགྲ་བོ་འཇམ་དཔལ་གཤིན་རྗེའི་གཤེད། །གཏུམ་དྲག་འབར་བ་ཆེན་པོའི་སྐུར་བཞེངས་ལ། །ལྷ་སྲིན་སྡེ་བརྒྱད་གདུག་པའི་འཚུབ་ལྷོང་དང་། ཁྱད་པར་བན་སྔགས་བོན་དང་མུ་སྟེགས་ཀྱིས། །བཏང་བའི་སྲུང་མ་ལྷ་སྲིན་རྦད་འདྲེ་རྣམས། །ལུས་སྲོག་མཐུ་སྟོབས་ནུས་པ་ཚར་བཅད་ནས། །བར་ཆད་མི་མཐུན་ཕྱོགས་ཀུན་དགྲ་ལ་སྒྱུར། །འཁོར་ལོ་འབར་བ་ནུབ་ཀྱི་རྩིབས་སྟེང་ནས། །དབང་གི་རྒྱལ་པོ་རྟ་མཆོག་ཧེ་རུ་ཀ །གཏུམ་དྲག་འབར་བ་ཆེན་པོའི་སྐུར་བཞེངས་ལ། །ལྷ་སྲིན་སྡེ་བརྒྱད་གདུག་པའི་འཚུབ་ལྷོང་དང་། ཁྱད་པར་འོག་ཕྱོགས་ཀླུ་གཉན་ས་བདག་གི །བྱད་དང་སྤྲུལ་པ་གདོན་གྱི་ཚོགས་བཅས་ཀུན། །ལུས་སྲོག་མཐུ་སྟོབས་ནུས་པ་ཚར་བཅད་ནས། །བར་ཆད་མི་མཐུན་ཕྱོགས་ཀུན་དགྲ་ལ་སྒྱུར། །འཁོར་ལོ་འབར་བ་བྱང་གི་རྩིབས་སྟེང་ནས། །དྲེགས་པ་ཚར་གཅོད་ཡཀྴ་མེ་དབལ་ཆེ། །གཏུམ་དྲག་འབར་བ་ཆེན་པོའི་སྐུར་བཞེངས་ལ། །ལྷ་སྲིན་སྡེ་བརྒྱད་གདུག་པའི་འཚུབ་ལྷོང་དང་། ཁྱད་པར་རྒྱལ་བཙན་དམ་སྲི་འགོང་པོ་སོགས། །བར་གདོན་མི་བསྲུན་འབྱུང་པོའི་ཚོགས་རྣམས་ཀྱི། །ལུས་སྲོག་མཐུ་སྟོབས་ནུས་པ་ཚར་བཅད་ནས། །བར་ཆད་མི་མཐུན་ཕྱོགས་ཀུན་དགྲ་ལ་སྒྱུར། །གཞལ་ཡས་ཆེན་པོའི་སྒོ་བཞི་སྐྱོང་མཛད་པའི། །ཚད་མེད་བཞིའི་གདངས་སྒོ་མ་བཞིར་ཤར་བ། །གཏུམ་དྲག་འབར་བ་ཆེན་པོའི་སྐུར་བཞེངས་ལ། །ལྷ་སྲིན་སྡེ་བརྒྱད་གདུག་པའི་འཚུབ་ལྷོང་དང་། ཁྱད་པར་འབྱུང་པོ་འགུགས་བཅིངས་བསྡམས་མྱོས་ནས། །བཙོན་ཁང་ཐར་མེད་འབྲུབ་ཁུང་ནང་བཅུག་སྟེ། །ལུས་སྲོག་མཐུ་སྟོབས་ནུས་པ་ཚར་བཅད་ནས། །བར་ཆད་མི་མཐུན་ཕྱོགས་ཀུན་དགྲ་ལ་སྒྱུར། །དབང་དྲག་འབར་བ་རྡོ་རྗེ་གྲོ་བོ་ལོད། །འཁོར་བཅས་ཐུགས་དམ་གཉན་པོའི་དུས་ལ་བབས། །མ་འོངས་ལྔ་བརྒྱ་མཐའ་མ་ཤར་བའི་ཚེ། །བོད་ཀྱི་སེམས་ཅན་ལས་ངན་སྤྱོད་དུས་འདིར། ཁྲི་སྲོང་ལྡེའུ་བཙན་གདུང་རྒྱུད་མཐའ་མ་ལ། ཁྱེད་ཀྱི་ཐུགས་རྗེའི་བྱིན་གྱིས་བརླབ་ཏུ་གསོལ། །དེང་དུས་ལས་དང་རྐྱེན་གྱི་དབང་གྱུར་ཏེ། །ཆོས་རྒྱལ་དམངས་སུ་འབེབས་པ་མི་སྐྱོབ་ན། །དུས་གསུམ་རྒྱལ་བའི་ཐུགས་དམ་གང་ལ་མཛད། །འགྲོ་དྲུག་སྡུག་བསྔལ་སྐྱོབ་པར་མི་མཛད་ན། །བྱང་ཆུབ་སེམས་དཔའི་གདུལ་བྱ་གང་ལ་དགོངས། །བོད་ཀྱི་རྗེ་འབངས་ཐུགས་རྗེས་མི་སྐྱོབ་ན། །པདྨ་འབྱུང་གནས་མཐུ་རྩལ་གང་ལ་བསྐྱེད། །དམ་ཆོས་བསྒྲུབ་པའི་བར་ཆད་མི་བསྲུང་ན། །ཆོས་སྐྱོང་བཀའ་སྲུང་དམ་ཚིག་ཅི་ལ་མཛད། ཧཱུྃ། བཞེངས་ཤིག་ཞིང་ཁམས་སོ་སོའི་དབྱིངས་ནས་བཞེངས། །དགོངས་ཤིག་སྙིགས་མའི་སེམས་ཅན་དོན་ལ་དགོངས། །གཤེགས་ཤིག་བོད་ཀྱི་རྗེ་འབངས་དོན་ལ་གཤེགས། །དུས་གསུམ་བདེ་གཤེགས་ཡི་དམ་ལྷ་ཡི་ཚོགས། །པདྨ་འབྱུང་གནས་རིག་འཛིན་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་དམ་ཅན་གཞི་བདག་རྣམས། །མཐུ་རྩལ་དཔུང་སྐྱེད་བདག་གི་བསམ་པ་སྒྲུབས། །སངས་རྒྱས་བསྟན་པ་སྙིགས་མའི་མཐའ་ལ་ཐུག །བདུད་ཀྱི་སྤྲུལ་པ་འཛམ་གླིང་ཁྱབ་པར་འདུས། །བོད་ཡུལ་འདི་ན་སྡུག་བསྔལ་ཁྲག་མཚོ་རྡོལ། ཁྲི་སྲོང་ལྡེའུ་བཙན་གདུང་རྒྱུད་དམངས་སུ་འབེབས། །དབེན་གནས་དགོན་པ་རྣམས་སུ་ཇག་ཆོམ་བྱེད། །དམག་དཔུང་འཇིགས་པས་སེམས་ཅན་གྱོད་ལ་འབེབས། །བདུད་དང་འགོང་པོས་སྡེ་དཔོན་ཁ་ལོ་སྒྱུར། །དམ་ཆོས་ཚུལ་བཞིན་བྱེད་དུ་བར་ཆད་བྱས། །དམ་ཚིག་ཚུལ་བཞིན་བསྲུང་དུ་མ་སྟེར་རོ། །དམ་ཅན་སྲུང་མ་མཆོད་དུ་མ་སྟེར་རོ། །ཆོས་རྒྱལ་མངའ་ཐང་རྒྱས་སུ་འབངས་མགོ་རྒོད། །བོད་ཁམས་སེམས་ཅན་བདེ་རུ་དམག་འཁྲུགས་དར། །ཧཱུྃ། བདེ་བར་གཤེགས་པའི་དགོངས་པ་སྤྲིན་ལྟར་གཏིབས། ཁྲོ་བོ་འཇིགས་པའི་གད་མོ་འབྲུག་ལྟར་སྒྲོག །འགྲོ་ལ་བརྩེ་བའི་ཐུགས་རྗེ་གློག་ལྟར་འཁྱུག །བྱིན་རླབས་མཐུ་རྩལ་དྲག་པོ་ཐོག་ལྟར་ཕོབ། །བདུད་དང་འགོང་པོ་དམ་སྲི་ཤ་ཟ་དང་། །འཕུང་བྱེད་གདོན་གྱི་རིགས་རྣམས་ཐལ་བར་རློགས། །དུག་ལྔ་བྱོལ་ཉོག་རང་རྒྱུད་འཁྲུགས་པའི་མི། །བདུད་ཀྱི་སྡེ་དཔོན་རྒྱལ་ཕྲན་ཆམ་ལ་ཕོབ། །ལས་ངན་རྔམས་སེམས་མེ་ལྟར་འབར་བ་ཡི། །དམག་དཔོན་དམག་མི་རང་གཤེད་རང་ལ་ཕོབ། །སངས་རྒྱས་བསྟན་པ་བཤིག་པའི་གདོན་བགེགས་དང། །ཆོས་རྒྱལ་དམངས་སུ་འབེབས་པའི་དགྲ་བོ་དང་། །བོད་ཁམས་འཕུང་བར་བྱེད་པའི་འགོང་པོ་དང་། །རྣལ་འབྱོར་བདག་ལ་སྡང་བའི་དགྲ་བགེགས་ཀུན། །ཡིད་ཀྱིས་བསམ་སྦྱོར་ངན་པ་སྨྱོ་རུ་ཆུག །ངག་གི་སྨྲ་བ་ལྐུགས་ཤིང་བརྒྱལ་དུ་ཆུག །གདོས་བཅས་ལུས་ཀྱི་ཕུང་པོ་མྱུར་དུ་སྒྲོལ། །བདག་ཅག་བར་ཆད་འདི་ལས་ཐར་བར་མཛོད། །བཅོལ་པའི་ཕྲིན་ལས་མ་ལུས་སྒྲུབ་པར་མཛོད། །ཅེས་བསྐུལ། གསེར་སྐྱེམས། འབྲུབ་ཁུང་བསྐྱེད་ཆོག །དགུག་གཞུག་ལན་གསུམ་མམ་བདུན། སྲོག་ཡིད་གཟུགས་གསུམ་འགུགས་པའི་སྔགས་ཇི་ལྟར་འོས་པ་བསྒྲངས། མཚེ་ཡུངས་རྡོ་ལྕགས་སོགས་ཀྱི་ཐུན་བརྡེགས། ཧཱུྃ། སྐུ་སྟོད་ཆེ་མཆོག་པདྨ་ཐོད་ཕྲེང་རྩལ། ཁྲོ་གཏུམ་རབ་འཇིགས་རི་རབ་ཕུར་བུ་འདྲིལ། །སྐུ་སྨད་གནམ་ལྕགས་ཕུར་པའི་དབལ་ལྡན་པ། །ཚ་སྲེག་རྡོ་རྗེ་མེ་ཡི་ཚྭ་ཚྭ་འཕྲོ། །བཏབ་པས་སྲོག་རྩ་དམར་པོ་རྦད་བཅད་ནས། །རྣམ་ཤེས་འོག་མིན་རྒྱལ་བའི་སྲས་སུ་བསྐྲུན། །བསྙེན་སྔགས་དང་དྲག་སྔགས་བསད་སྔགས་རྣམས་སྦྲེལ་ཏེ་ཕུར་པ་སྙིང་གར་བཏབ་སྟེ་ཚེ་ཁྲུས་ཀྱི་དགོངས་པ་བཞིན་བྱ། སླར་འཁོར་བ་ལ་མི་ལྡོག་པའི་ཆེད་གནས་བཅུར་བཏབ། ཧཱུྃ། མི་བཟད་རྣོ་ངར་ལྡན་པའི་ཐོག །རྡོ་རྗེ་འབར་བའི་མཚོན་རྣོན་པོ། །ཐོབ་ཅིག་ཕོ་ཉ་ལས་བྱེད་ཚོགས། །ཤ་ཁྲག་རུས་པ་དུམ་བུར་གཏུབས། །ཞེས་གོང་གི་སྔགས་དང་བཅས་རྐང་པ་གཡས་ནས་རིམ་པ་བཞིན་གཏུབས་པ་ཕུད་བྷནྡྷར་བླུགས། སྨན་རཀ་སྦྲེངས་ཏེ་བཏེགས་ནས། ཧཱུྃ། ཆེ་མཆོག་པདྨའི་ལྷ་ཚོགས་ཞལ་གདོངས་ཤིག །མཆེ་གཙིགས་ལྗགས་རྐྱོངས་བར་ཆད་བཏང་བ་ཡི། །འབྱུང་པོ་སྡེར་བཅས་ཤ་ཁྲག་གཟུགས་ཕུང་རྣམས། །ལྷག་མ་མེད་པར་ཞལ་དུ་ཁ་རཾ་ཁཱ་ཧི། །ཨོཾ་བཛྲ་ཀྲོ་ཏ་གྲོ་བོ་ལོད་ས་པ་རི་ཝཱ་ར་མ་ཧཱ་མཾ་ས་སོགས་བརྗོད། སྒྲུབ་པ་ཐོན་པའི་ནུབ་ཐ་མར་འཁོར་ལིང་རྣམས་ཧོམ་ལ་བསྲེག་ཅིང་བཞེས་སྒྲ་དྲག་པོ་ལན་གསུམ་བྱ། བཟློག་བསྒྱུར་ནི། ཧཱུྃ། ཆེ་མཆོག་པདྨ་གྲོ་ལོད་ཐོད་ཕྲེང་རྩལ། །གཡས་པའི་རྡོ་རྗེས་གདོན་བགེགས་མགོ་ལུས་གཤག །གཡོན་པས་གནམ་ལྕགས་ཕུར་བུ་སྙིང་ལ་གཟིར། །སྤྲུལ་པའི་གིང་ཆེན་ཕོ་ཉ་སྲུང་མའི་ཚོགས། །ཤ་ཁྲག་དམར་གྱི་མཆོད་པ་འདི་བཞེས་ལ། །སྡེ་བརྒྱད་གདུག་པའི་གནོད་པ་ཟློག་སྒྱུར་མཛོད། །གསང་བའི་བདག་པོ་དྲེགས་པ་ཀུན་གྱི་གཤེད། །གཡས་པ་རྡོ་རྗེ་རྭ་གདེངས་མཁའ་ལ་འཕྱར། །གཡོན་པ་གནམ་ལྕགས་ཕུར་བུ་སྙིང་ལ་གཟིར། །སྤྲུལ་པ་གིང་ཆེན་ཕོ་ཉ་སྲུང་མའི་ཚོགས། །ཤ་ཁྲག་དམར་གྱི་མཆོད་པ་འདི་བཞེས་ལ། །སྟེང་ཕྱོགས་གཟའ་རྒོད་གནོད་པ་ཟློག་སྒྱུར་མཛོད། །སྲིད་གསུམ་རྣམ་རྒྱལ་འཇམ་དཔལ་གཤིན་རྗེའི་གཤེད། །གཡས་པ་ལྕགས་འཁོར་རྩིབས་བཅུ་ཕྱོགས་བཅུར་བསྐོར། །གཡོན་པ་གནམ་ལྕགས་ཕུར་བུ་སྙིང་ལ་གཟིར། །སྤྲུལ་པ་གིང་ཆེན་ཕོ་ཉ་སྲུང་མའི་ཚོགས། །ཤ་ཁྲག་དམར་གྱི་མཆོད་པ་འདི་བཞེས་ལ། །བན་བོན་སྔགས་པའི་རྦོད་གཏོང་ཟློག་སྒྱུར་མཛོད། །རྟ་མཆོག་རོལ་པ་དབང་དྲག་རོལ་པའི་ལྷ། །གཡས་པ་མ་ཆགས་ཐབས་ཀྱི་པདྨ་བསྣམས། །གཡོན་པ་གནམ་ལྕགས་ཕུར་བུ་སྙིང་ལ་གཟིར། །སྤྲུལ་པ་གིང་ཆེན་ཕོ་ཉ་སྲུང་མའི་ཚོགས། །ཤ་ཁྲག་དམར་གྱི་མཆོད་པ་འདི་བཞེས་ལ། །ཀླུ་གཉན་ས་བདག་གནོད་པ་ཟློག་སྒྱུར་མཛོད། །གཏུམ་ཆེན་ཁྲོ་བོ་ཡཀྴ་མེ་དབལ་ལྷ། །གཡས་པ་མེ་ཡི་ཐོ་བས་གདུག་པ་བརྡུངས། །གཡོན་པ་གནམ་ལྕགས་ཕུར་བུ་སྙིང་ལ་གཟིར། །སྤྲུལ་པ་ཡང་སྤྲུལ་ཕོ་ཉ་སྲུང་མའི་ཚོགས། །ཤ་ཁྲག་དམར་གྱི་མཆོད་པ་འདི་བཞེས་ལ། །རྒྱལ་འགོང་འབྱུང་པོའི་གནོད་པ་ཟློག་སྒྱུར་མཛོད། །ཕྱོགས་བཞིར་སྒོ་སྐྱོང་སྲིན་མོ་ཁྲོས་པའི་གཟུགས། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན། །གཡོན་པ་ཐམས་ཅད་བགེགས་ལ་རྣམ་པར་བསྡིགས། །སྤྲུལ་པ་ཡང་སྤྲུལ་ཕོ་ཉ་སྲུང་མའི་ཚོགས། །ཤ་ཁྲག་དམར་གྱི་མཆོད་པ་འདི་བཞེས་ལ། །ཕྱོགས་མཚམས་གདོན་གྱི་དཔུང་ཚོགས་ཟློག་སྒྱུར་མཛོད། །ཚངས་པ་བརྒྱ་བྱིན་ལ་སོགས་ལྷ་ཡི་གདོན། །བརྗིད་པའི་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད། །གང་བ་བཟང་པོ་ལ་སོགས་གནོད་སྦྱིན་གདོན། །འཇིགས་པའི་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད། །ཟ་བྱེད་རྔམས་པ་ལ་སོགས་སྲིན་པོའི་གདོན། །རྔམས་པའི་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད། །གཙོ་མོ་ཁ་འབར་ལ་སོགས་ཡི་དྭགས་གདོན། །བཞད་པའི་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད། །བྱི་ན་ཡ་ག་ལ་སོགས་བགེགས་ཀྱི་གདོན། །འགྱིངས་པའི་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད། །བྱི་ཏྲི་པ་ཏྲ་ལ་སོགས་གཟའ་ཡི་གདོན། །གཏུམ་པའི་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད། ཁྲམ་ཐོགས་གྲི་ཐོགས་ལ་སོགས་བདུད་ཀྱི་གདོན། །སྤྲུལ་པའི་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད། །སྲོག་བདག་དཀར་པོ་ལ་སོགས་གིང་གི་གདོན། །ཡང་སྤྲུལ་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད། །ཡམས་ཤུད་དམར་པོ་ལ་སོགས་བཙན་གྱི་གདོན། །དྲེགས་པའི་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད། །ཏེལ་པ་ཕྱ་སངས་ལ་སོགས་གཤིན་རྗེའི་གདོན། །སྐུ་ཡི་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད། །རལ་གཅིག་ནག་པོ་ལ་སོགས་མ་མོའི་གདོན། །གསུང་གི་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད། །རོལ་པ་རྐྱ་བདུན་ལ་སོགས་དམུ་ཡི་གདོན། །མགོ་བརྙན་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད། །མ་ཧཱ་དེ་ཝ་ལ་སོགས་མུ་སྟེགས་གདོན། །བདེན་པའི་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད། །དགའ་བོ་འཇོག་པོ་ལ་སོགས་ཀླུ་ཡི་གདོན། །གདུག་པའི་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད། །པེ་ཧར་རྒྱལ་པོ་ལ་སོགས་རྒྱལ་པོའི་གདོན། ཁྲོ་གཏུམ་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད། །ནག་མོ་རེ་ཏི་ལ་སོགས་བདུད་མོའི་གདོན། །ང་རྒྱལ་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད། །ལྷ་སྲིན་སྡེ་བརྒྱད་ལ་སོགས་འབྱུང་པོའི་གདོན། །གདུག་པ་འདུལ་མཛད་ཁྲོ་བོས་ཟློག་ཏུ་གསོལ། །བྷྱོཿ མོན་ནག་འཇིགས་པའི་ཆ་བྱད་ཅན། །མཛེ་ཕོའི་འཁོར་གྱིས་བསྐོར་བ་ནི། །ལས་ཀྱི་གཤིན་རྗེའི་ཆོ་འཕྲུལ་ཡིན། །དམར་ཆེན་ཤ་ཁྲག་གཏོར་མ་ཡིས། །དེ་ཡང་སྟེང་འཕྲད་སྟེང་དུ་ཟློག །དེ་ཡང་འོག་འཕྲད་འོག་ཏུ་ཟློག །དེ་ཡང་ཕྱོགས་འཕྲད་ཕྱོགས་སུ་ཟློག །དེ་ཡང་མཚམས་འཕྲད་མཚམས་སུ་ཟློག །དགྲ་དང་བགེགས་ཀྱི་སྟེང་དུ་ཟློག །ནག་མོ་དྲེལ་ཞོན་ཁྲོ་བཾ་ཅན། །བུད་མེད་ནག་མོའི་འཁོར་གྱིས་བསྐོར། །ནད་གཏོང་མ་མོའི་ཆོ་འཕྲུལ་ཡིན། །དམར་ཆེན་ཤ་ཁྲག་གཏོར་མ་ཡིས། །དེ་ཡང་སྟེང་འཕྲད་སྟེང་དུ་ཟློག །དེ་ཡང་འོག་འཕྲད་འོག་ཏུ་ཟློག །དེ་ཡང་ཕྱོགས་འཕྲད་ཕྱོགས་སུ་ཟློག །དེ་ཡང་མཚམས་འཕྲད་མཚམས་སུ་ཟློག །དགྲ་དང་བགེགས་ཀྱི་སྟེང་དུ་ཟློག །མི་ནག་རྟ་ནག་དར་ནག་ཅན། །བྱ་ནག་ཁྱི་ནག་འཕུར་ཞིང་ཉེར། །ནག་པོ་བདུད་ཀྱི་ཆོ་འཕྲུལ་ཡིན། །དམར་ཆེན་ཤ་ཁྲག་གཏོར་མ་ཡིས། །དེ་ཡང་སྟེང་འཕྲད་སྟེང་དུ་ཟློག །དེ་ཡང་འོག་འཕྲད་འོག་ཏུ༴ དེ་ཡང་ཕྱོགས་འཕྲད་ཕྱོགས་སུ༴ དེ་ཡང་མཚམས་འཕྲད་མཚམས་སུ༴ དགྲ་དང་བགེགས་ཀྱི་སྟེང་དུ༴ མི་དཀར་སྤྱང་དང་སེང་གེ་ཞོན། །བྱ་དཀར་ཁྱི་དཀར་སྐྱ་ཤར་འགྱེད། །སྲོག་བདག་གིང་གི་ཆོ་འཕྲུལ་ཡིན། །དམར་ཆེན་ཤ་ཁྲག་གཏོར་མ་ཡིས། །དེ་ཡང་སྟེང་འཕྲད༴ དེ་ཡང་འོག་འཕྲད༴ དེ་ཡང་ཕྱོགས་འཕྲད༴ དེ་ཡང་མཚམས་འཕྲད༴ དགྲ་དང་བགེགས་ཀྱི་སྟེང་དུ༴ བུད་མེད་ནག་མོ་མཛོ་ཞོན་དང་། །བྱ་ནག་སྦྲ་གུར་ནག་པོ་ནི། །མ་བདུད་རྒྱལ་མོའི་ཆོ་འཕྲུལ་ཡིན། །དམར་ཆེན་ཤ་ཁྲག་གཏོར་མ་ཡིས། །དེ་ཡང་སྟེང༴ དེ་ཡང་འོག༴ དེ་ཡང་ཕྱོགས༴ དེ་ཡང་མཚམས༴ དགྲ་དང་བགེགས་ཀྱི་སྟེང་དུ༴ མི་དཀར་དར་མདུང་དཀར་པོ་ཅན། །མི་རྟ་དཀར་པོས་བསྐོར་བ་ནི། །སྣང་སྲིད་ལྷ་འདྲེའི་ཆོ་འཕྲུལ་ཡིན། །དམར་ཆེན་ཤ་ཁྲག་གཏོར་མ་ཡིས། དེ་ཡང་སྟེང༴ དེ་ཡང་འོག༴ དེ་ཡང་ཕྱོགས༴ དེ་ཡང་མཚམས༴ དགྲ་དང་བགེགས་ཀྱི་སྟེང་དུ༴ བཤན་པ་གྲི་ཐོག་དྲེད་ཀྱི་གཟུགས། །གཅན་གཟན་མང་པོས་བསྐོར་བ་ནི། །ཤ་ཟ་སྲིན་པོའི་ཆོ་འཕྲུལ་ཡིན། །དམར་ཆེན་ཤ་ཁྲག་གཏོར་མ་ཡིས། །དེ་ཡང་སྟེང༴ དེ་ཡང་འོག༴ དེ་ཡང་ཕྱོགས༴ དེ་ཡང་མཚམས༴ དགྲ་དང་བགེགས་ཀྱི་སྟེང་དུ༴ བུད་མེད་མི་སྡུག་གཅན་གཟན་ཞོན། །ནག་མོ་ཁྲོས་མས་བསྐོར་བ་ནི། །ནག་མོ་སྲིན་མོའི་ཆོ་འཕྲུལ་ཡིན། །དམར་ཆེན་ཤ་ཁྲག་གཏོར་མ་ཡིས། །དེ་ཡང་སྟེང༴ དེ་ཡང་འོག༴ དེ་ཡང་ཕྱོགས༴ དེ་ཡང་མཚམས༴ དགྲ་དང་བགེགས་ཀྱི་སྟེང་དུ༴ མི་དམར་རྟ་དམར་ཞོན་ནས་ནི། །སྐྱེས་ཕྲན་བཙན་འདྲས་བསྐོར་བ་ནི། །དམར་པོ་བཙན་གྱི་ཆོ་འཕྲུལ་ཡིན། །དམར་ཆེན་ཤ་ཁྲག་གཏོར་མ་ཡིས། །དེ་ཡང་སྟེང༴ དེ་ཡང་འོག༴ དེ་ཡང་ཕྱོགས༴ དེ་ཡང་མཚམས༴ དགྲ་དང་བགེགས་ཀྱི་སྟེང་དུ༴ བཙུན་པ་བཙད་པོ་འབག་སེང་དང་། །རོལ་མོ་ལྷ་ཁང་སྐུ་གཟུགས་ནི། །རྒྱལ་པོ་ཆེན་པོའི་ཆོ་འཕྲུལ་ཡིན། །དམར་ཆེན་ཤ་ཁྲག་གཏོར་མ་ཡིས། །དེ་ཡང་སྟེང༴ དེ་ཡང་འོག༴ དེ་ཡང་ཕྱོགས༴ དེ་ཡང་མཚམས༴ དགྲ་དང་བགེགས་ཀྱི་སྟེང་དུ༴ འདབ་ཆགས་ཕུག་རོན་འཕུར་ཞིང་ལྡིང་། །མུན་པ་ནག་པོ་འཐིབས་པ་ནི། །ནག་པོ་དམུ་ཡི་ཆོ་འཕྲུལ་ཡིན། །དམར་ཆེན་ཤ་ཁྲག་གཏོར་མ་ཡིས། དེ་ཡང་སྟེང༴ དེ་ཡང་འོག༴ དེ་ཡང་ཕྱོགས༴ དེ་ཡང་མཚམས༴ དགྲ་དང་བགེགས་ཀྱི་སྟེང་དུ༴ སྤྱང་ཀི་སྔོན་མོ་ཉེར་ཞིང་རྒྱུག །བནྡྷེ་ནག་པོ་སྨྱུག་ཞུ་ཅན། །རྡོ་རྗེ་ལེགས་པའི་ཆོ་འཕྲུལ་ཡིན། །དམར་ཆེན་ཤ་ཁྲག་གཏོར་མ་ཡིས། །དེ་ཡང་སྟེང༴ དེ་ཡང་འོག༴ དེ་ཡང་ཕྱོགས༴ དེ་ཡང་མཚམས༴ དགྲ་དང་བགེགས་ཀྱི་སྟེང་དུ༴ མི་ལུས་གཅན་གཟན་པགས་པ་གྱོན། །ལུས་ལས་མེ་སྟག་འཕྲོ་བ་ནི། །གནོད་སྦྱིན་ཕོ་མོའི་ཆོ་འཕྲུལ་ཡིན། །དམར་ཆེན་ཤ་ཁྲག་གཏོར་མ་ཡིས། །དེ་ཡང་སྟེང༴ དེ་ཡང་འོག༴ དེ་ཡང་ཕྱོགས༴ དེ་ཡང་མཚམས༴ དགྲ་དང་བགེགས་ཀྱི་སྟེང་དུ༴ བན་ནག་བོན་ནག་བེར་ནག་ཅན། །ནག་པོའི་ཚོགས་ཀྱིས་བསྐོར་བ་ནི། །ཆོས་སྐྱོང་མགོན་པོའི་ཆོ་འཕྲུལ་ཡིན། །དམར་ཆེན་ཤ་ཁྲག་གཏོར་མ་ཡིས། །དེ་ཡང་སྟེང༴ དེ་ཡང་འོག༴ དེ་ཡང་ཕྱོགས༴ དེ་ཡང་མཚམས༴ དགྲ་དང་བགེགས་ཀྱི་སྟེང་དུ༴ སྤྲང་པོ་ཧྲུལ་པོ་གླང་མཁར་ཅན། །སྤྲ་སྤྲེལ་བྱི་ལས་བསྐོར་བ་ནི། །ཐེའུ་རང་འགོང་པོའི་ཆོ་འཕྲུལ་ཡིན། །དམར་ཆེན་ཤ་ཁྲག་གཏོར་མ་ཡིས། །དེ་ཡང་སྟེང༴ དེ་ཡང་འོག༴ དེ་ཡང་ཕྱོགས༴ དེ་ཡང་མཚམས༴ དགྲ་དང་བགེགས་ཀྱི་སྟེང་དུ༴ སྤྲང་པོ་ཁྱི་སྤྱང་རྒོལ་བ་དང་། །བཙུན་པ་དམ་ཉམས་ལ་སོགས་པ། །དམ་སྲི་ཕོ་མོའི་ཆོ་འཕྲུལ་ཡིན། །དམར་ཆེན་ཤ་ཁྲག་གཏོར་མ་ཡིས། །དེ་ཡང་སྟེང༴ དེ་ཡང་འོག༴ དེ་ཡང་ཕྱོགས༴ དེ་ཡང་མཚམས༴ དགྲ་དང་བགེགས་ཀྱི་སྟེང་དུ༴ བ་གླང་སྦལ་སྦྲུལ་སྡོམ་སྡིག་དང་། །མཚོ་ནག་ནེ་འུ་ཆུ་མིག་ནི། །ས་བདག་ཀླུ་གཉན་ཆོ་འཕྲུལ་ཡིན། །དམར་ཆེན་ཤ་ཁྲག་གཏོར་མ་ཡིས། །དེ་ཡང་སྟེང༴ དེ་ཡང་འོག༴ དེ་ཡང་ཕྱོགས༴ དེ་ཡང་མཚམས༴ དགྲ་དང་བགེགས་ཀྱི་སྟེང་དུ༴ ཐོག་བབས་སྒྱོགས་དང་མདའ་རྡོ་འཕེན། །སེར་བ་འབབ་ཅིང་རླུང་ནག་འཚུབས། །རྦོད་གཏོང་སྤྱི་ཡི་ཆོ་འཕྲུལ་ཡིན། །དམར་ཆེན་ཤ་ཁྲག་གཏོར་མ་ཡིས། །དེ་ཡང་སྟེང༴ དེ་ཡང་འོག༴ དེ་ཡང་ཕྱོགས༴ དེ་ཡང་མཚམས་འཕྲད་མཚམས་སུ་ཟློག །དགྲ་དང་བགེགས་ཀྱི་སྟེང་དུ་ཟློག །ཧཱུྃ། ཆེ་མཆོག་པདྨ་གྲོ་བོ་ལོད། །ཟློག་བསྒྱུར་བྱེད་པའི་སྟོབས་པོ་ཆེ། ཁྲོམ་ཁ་སྒྱུར་བའི་མཐུ་བོ་ཆེ། །ཟོར་ཁ་སྒྱུར་བའི་དྲག་རྩལ་ཅན། །བདུད་ཁ་སྒྱུར་བའི་ང་རོ་ཅན། །དོ་ནུབ་སྲིད་པའི་ཁྲམ་ཁ་སྒྱུར། །དོ་ནུབ་ལྷ་འདིའི་དམག་སྣ་སྒྱུར། །ཕས་ཀྱིས་རྦོད་གཏོང་བྱེད་པ་ཟློག །ཡུངས་ཟོར་མཚེ་ཟོར་འཕེན་པ་ཟློག །འབྱུང་པོའི་ཐོད་ཟོར་འཕེན་པ༴ གཤིན་རྗེའི་འཁོར་ལོ་བསྐོར་བ༴ ཕུར་པའི་དབལ་ཟོར་འཕེན་པ༴ མ་མོའི་ཁྲག་ཟོར་འཕེན་པ་ཟློག །བདུད་ཀྱིས་ཁྲམ་ལ་འདེབས་པ་ཟློག །རྒྱལ་པོས་ཐོག་རྒྱུག་བྱེད་པ༴ བཙན་གྱིས་ཤྭ་རྡེལ་འཕེན་པ༴ གཟའ་ཡིས་ཀིང་ཀང་འཕེན་པ༴ སྲིན་པོས་ཟ་རེས་བྱེད་པ༴ གནོད་སྦྱིན་ཕོ་མོའི་གདུག་རྩུབ༴ ཀླུ་ཡིས་བྱད་དུ་བཅུག་པ༴ ལྷ་ཆད་གནམ་ལས་འབེབ་པ༴ མུ་སྟེགས་བར་ཆད་བྱེད་པ༴ ལྟས་ངན་བརྒྱད་ཅུ་རྩ་གཅིག༴ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ བྲམ་ཟེས་ཚེ་ལ་རྐུ་བ༴ དུས་མིན་འཆི་བ་རྣམ་བརྒྱད༴ བནྡྷེས་སྔགས་ཟོར་འཕེན་པ༴ བོན་པོས་བཙོ་དམར་འཕེན་པ༴ སུམ་པས་གླང་ཟོར་འཕེན་པ༴ སྐྱེས་པའི་མདའ་ཟོར་འཕེན་པ༴ བུད་མེད་ནག་མོའི་དམོད་མོ༴ བན་བོན་སྨྲེང་ཟོར་འཕེན་པ༴ དགྲ་བཅོམ་རྣམས་ཀྱི་དམོད་མོ༴ འཆར་ཀའི་པ་བུའི་བསྐོར་བ༴ སྲིད་པའི་དལ་ཁ་གཡོས་པ༴ མོ་ངན་ཆད་ཁ་ཆེ་བ༴ རྨི་ལྟས་མཚན་མ་ངན་པ༴ ལོ་སྐག་ཟླ་སྐག་ཐམས་ཅད༴ ཞག་དུས་ཟ་སྐག་ཐམས་ཅད༴ རྒྱ་འདྲེ་སྟོང་འདྲེ་བྱེད་པ༴ ཕོ་ཉས་རྦོད་གཏོང་བྱེད་པ༴ ཡས་ཀྱི་བདུད་དུ་བབས་པ༴ མས་ཀྱི་སྲི་རུ་ལངས་པ༴ ལྟག་པའི་བདུད་དུ་བབས་པ༴ དཔྲལ་བའི་གཤེད་དུ་འཁོར་བ༴ དུར་མིག་དུར་སྲི་ལངས་པ༴ གཡས་ན་ཕོ་བརྒྱས་མདའ་བརྡར༴ གཡོན་ན་མོ་བརྒྱས་དུག་སྦྱོར༴ མདུན་ན་རྩང་བཞིན་འཛུགས་པ༴ རྒྱབ་ནས་ཁྱི་བཞིན་འབྲང་བ༴ ངོས་ནས་གདོང་ཐུག་བྱེད་པ༴ ལྐོག་ནས་འབུ་བཞིན་གཡེང་བ༴ མི་ལ་ནད་དུ་གཏོང་བ༴ ཚེ་ལ་བར་དུ་གཅོད་པ༴ ཕྱུགས་ལ་གོད་ཁ་བྱེད་པ༴ གནམ་གྱི་དལ་ཁ་འབབ་པ༴ ས་ཡི་ནད་དལ་བྱུང་བ་བཟློག །མི་མཐུན་གནོད་པ་མ་ལུས་པ། །ཐམས་ཅད་བཟློག་པའི་ཕྲིན་ལས་མཛོད། །སྒོ་དབྱེའི་ཐུན་གཏོར་འབུལ། གསེར་སྐྱེམས་བཏང་། སྒོ་དབྱེ་ཚེ་བདག་བཞིན་བྱས་ཏེ་གཏོར་མ་དཔག །ཚོགས་ལྷག་དང་ཆད་ཐོ་དམག་ལྟོའི་ཚུལ་དུ་གཏོང་། གཏོར་མ་འཕེན་པ་གསེར་སྐྱེམས་ཀྱི་རྗེས་སུ། ཧཱུྃ། རྡོ་རྗེ་ཐོག་གི་མདའ་བོ་ཆེ། ཁྲོ་བོའི་དམག་ཚོགས་བུ་ཡུག་འཚུབས། །གདོན་བགེགས་འབྱུང་པོའི་སྟེང་དུ་འཕེན། །ལུས་སྲོག་ཐལ་བའི་རྡུལ་དུ་རློགས། །བར་ཆད་མི་མཐུན་ཕྱོགས་རྣམས་སྒྱུར། །བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ཟོར་སྔགས་བཟླ་ཞིང་འཕེན། ཧཱུྃ། སྣ་ཚོགས་རྫས་ལྡན་ཀོང་བུའི་ཟོར། ཁྲོ་བོའི་དམག་ཚོགས་བུ་ཡུག་འཚུབས། །གདོན་བགེགས་འབྱུང་པོའི་སྟེང་དུ་འཕེན། །ལུས་སྲོག་ཐལ་བའི་རྡུལ་དུ་རློགས། །བར་ཆད་མི་མཐུན་ཕྱོགས་རྣམས་སྒྱུར། །བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ཟོར་སྔགས། ཧཱུྃ། དུག་དང་ཁྲག་ཏུ་སྦྱར་བའི་ཟོར། ཁྲོ་བོའི་དམག་ཚོགས་བུ་ཡུག་འཚུབས། །གདོན་བགེགས་འབྱུང་པོའི་སྟེང་དུ་འཕེན། །ལུས་སྲོག་ཐལ་བའི་རྡུལ་དུ་རློགས། །བར་ཆད་མི་མཐུན་ཕྱོགས་རྣམས་སྒྱུར། །བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ཟོར་སྔགས། ཧཱུྃ། དུར་ཁྲོད་རྡོ་བར་སྔགས་བཀོད་པ། མཁའ་འགྲོའི་དམག་ཚོགས་བུ་ཡུག་འཚུབས། །གདོན་བགེགས་འབྱུང་པོའི་སྟེང་དུ་འཕེན། །ལུས་སྲོག་ཐལ་བའི་རྡུལ་དུ་རློགས། །བར་ཆད་མི་མཐུན་ཕྱོགས་རྣམས་སྒྱུར། །བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ཟོར་སྔགས། ཧཱུྃ། ལྕགས་སམ་བྷནྡྷའི་སྣོད་ནང་དུ། །འབྲུ་སྣ་ལྔ་ལ་ངར་ཕྱེ་བྱས། །དྲག་པོའི་བཤོས་བུ་ཟུར་གསུམ་བཞེངས། །མདའ་མདུང་མཚེ་ཡུངས་རྩང་གིས་བརྒྱན། །མྱོས་བྱེད་དུག་དང་ཁྲག་གིས་བྱུགས། །རྩ་བར་འདོད་ཆགས་ཁྲག་མཚོ་འཁྱིལ། །ངོས་ལ་ཞེ་སྡང་མེ་དཔུང་འབར། །འོག་ཏུ་གཏི་མུག་མུན་པ་འཁྲིགས། །རྩེ་མོར་མཚོན་ཆའི་བུ་ཡུག་འཚུབས། །རྐེད་པར་རིག་འཛིན་དམག་དཔུང་བསྡུས། །རིག་འཛིན་རོལ་པའི་གཏོར་ཟོར་འདི། །འཕང་ནི་རིག་འཛིན་ཉིད་ཀྱིས་འཕང། །བརྡེག་པ་དམ་ཉམས་དགྲ་ལ་བརྡེག །དགྲ་ཁམས་ཐལ་བའི་རྡུལ་དུ་རློགས། །ཞེས་པས་འཕེན། བཤལ་ཆུས་བརྟན་མ་སྐྱོང་། མེ་ཆུའི་རྒྱས་འདེབས། ནང་དུ་ལོག་ནས་ཚེ་འགུགས་གཏང་རཀ་བཟོད་གསོལ་རྟེན་ལ་བརྟན་བཞུགས་བྱ། མགྲོན་གཤེགས་པ་སྨོན་ལམ། ཤིས་བརྗོད་རྣམས་དཀྱུས་ལྟར་བྱེད་དོ། །མཐུ་སྟོབས་རྣོན་པོའི་སྦར་མོ་གདེངས་ཙམ་གྱིས། །བགེགས་དཔུང་གླང་པོའི་སྤྱི་བོ་ཉེར་ཕུག་ནས། །ཀླད་ཁྲག་འདྲེས་དང་ལྷན་ཅིག་དོན་སྙིང་ཀྱང་། །ལྐོག་མར་བྲོས་ནས་ད་དུང་འདར་སྙམ་བྱེད། །དེ་འདྲ་པདྨ་ཐོད་ཕྲེང་ཐུགས་ཀྱི་བཅུད། །མངོན་སུམ་ལོངས་སུ་སྤྱོད་པའི་སྐལ་བཟང་འདི། །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ལེགས་ལྡན་རྗེའི། །གཞལ་དཀའི་བཀའ་དྲིན་ཕ་མཐའ་གང་གིས་ཚོལ། །བློས་བྱས་འོག་འགྱུའི་བསླད་པ་མ་ཞུགས་པར། །ཚུལ་བཞིན་ལག་ཏུ་ལོངས་དང་ཡིད་སྲུབས་སྡེ། །ཐལ་བར་བརླགས་པའི་རྗེས་ཤུལ་ད་གདོད་ནས། །ཡང་རྙེད་བྲོད་དགའི་ཉམས་ཀྱིས་མྱུར་དུ་མྱོང་། །འཁྲུལ་མེད་རྩ་ཐོའི་དགོངས་པ་མ་འཕྱུགས་ཤིང་། ཁ་སྐོང་ཚད་མའི་གཏེར་བྱོན་དཔང་བཞག་ལས། །རང་བཟོས་མ་གོས་འོན་ཀྱང་དམན་པའི་བློས། །ནོངས་ན་རྩ་གསུམ་ལྷ་ཚོགས་སྤྱན་སྔར་བཤགས། །དགེ་བའི་རླུང་གིས་རྩ་གསུམ་ཐུགས་རྗེའི་ཞུགས། །འབར་བས་གདོན་བགེགས་ནགས་ཚལ་ཆེར་བསྲེགས་པའི། །ཚ་དྲོད་རྩུབ་མོའི་རེག་བྱའི་དབལ་གྱི་རྩེས། །དགའ་རབ་དབང་ཕྱུག་སྡེར་བཅས་ཕྱེར་འཐག་ཤོག །ཅེས་ཆེ་མཆོག་པདྨ་རྡོ་རྗེ་གྲོ་ལོད་རྩལ་གྱི་ཕྲིན་ལས་དབང་ཆོག་མནན་བསྲེག་འཕང་གསུམ་དང་བཅས་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་གནམ་ལྕགས་འབར་བ་ཞེས་བྱ་བ་འདི་བཀའ་བབ་ལུང་ཟིན་གྱི་གཙོ་བོ་བྱང་པ་རིག་འཛིན་ཆེན་པོའི་མཆོག་སྤྲུལ་དང་། བཻ་རོའི་རྣམ་འཕྲུལ་སྤྲུལ་སྐུ་གཏེར་བདག་གླིང་པ་གཉིས་ཀྱི་བཞེད་སྐོང་དང་། མཆོད་དཔོན་ངག་དབང་ཤེས་རབ་དང་དགེ་སློང་འཇམ་དབྱངས་གྲགས་པ་གཉིས་ཀྱིས་ཀྱང་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་སྔགས་སྨྱོན་རྡོ་རྗེ་ཐོགས་མེད་རྩལ་གྱིས་ཆུ་བྱ་ཧོར་ཟླ་བཅུ་གཅིག་པའི་རྒྱལ་བ་དང་པོའི་ཚེས་ལ་སྦྱར་བའི་ཡི་གེ་པ་ནི་རིག་འཛིན་གྱི་བཙུན་པ་འཇམ་དབྱངས་གྲགས་པས་བགྱིས་པ་མ་རུངས་འབྱུང་པོ་ཐམས་ཅད་ཚར་གཅོད་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།
ཟབ་བདུན་བཀའ་སྲུང་ལས་མགོན་གྱི་སྒྲུབ་ཐབས་ (Volume 37, Text 7)
༁ྃ༔ ཟབ་བདུན་བཀའ་སྲུང་ལས་མགོན་གྱི་སྒྲུབ་ཐབས་བཞུགས་སོ༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ དམ་ཚིག་ལྡན་པའི་རྣལ་འབྱོར་པས༔ ལས་མགོན་བསྙེན་ཅིང་སྒྲུབ་འདོད་ན༔ དུར་ཁྲོད་འབར་བའི་གནས་མཆོག་ཏུ༔ སྟེགས་བུ་བརྩེགས་ཤིང་དཀྱིལ་འཁོར་བྲི༔ དབུས་སུ་དུར་ཁྲོད་རོ་རས་ལ༔ ཁྲག་ཆེན་དག་གིས་བྲིས་པའི་སྐུ༔ གྲི་སྙིང་དང་ནི་ནལ་བུའི་སྙིང༔ སྔགས་བྱང་བླ་རྡོ་ཐུན་རྫས་བཤམ༔ མདའ་དར་ནག་པོ་མེ་ལོང་ཅན༔ ཤ་ཁྲག་གིས་བརྒྱན་གཏོར་མ་བཤམ༔ མཆོད་པ་སྤྱན་གཟིགས་ཅི་འབྱོར་བཀྲམ༔ སྐྱབས་འགྲོ་སེམས་བསྐྱེད་ཚོགས་བསགས་ཤིང༔ བགེགས་བསྐྲད་མཚམས་གཅོད་མཆོད་བྱིན་བརླབ༔ རྟེན་རྣམས་མགོན་པོའི་དཀྱིལ་འཁོར་བསྒོམ༔ སྤྱན་དྲངས་མཆོད་བསྟོད་ཚུལ་བཞིན་བྱ༔ མ་ཧཱ་ཀཱ་ལ་ཡབ་ཡུམ་གྱི༔ ཐུགས་ཀར་ཉི་སྟེང་ཧཱུྃ་དང་བྷྱོ༔ སོ་སོའི་སྔགས་ཀྱིས་བསྐོར་བ་ལ༔ རང་གི་ཐུགས་ཀའི་འོད་ཀྱིས་ཕོག༔ སྔགས་ནི་བྱང་སེམས་རང་བཞིན་ཅན༔ ཡབ་ཡུམ་ཞལ་གསང་བརྒྱུད་པས་བསྐོར༔ སྔོན་གྱི་དམ་བཅའ་དྲན་པ་དང༔ བདེ་བ་ཆེན་པོའི་ཉམས་འབར་ནས༔ དངོས་གྲུབ་ཐམས་ཅད་སྩོལ་བ་དང༔ ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ༔ གྲུབ་ནས་དངོས་གྲུབ་བསྐུལ་ནས་ཀྱང༔ རྟེན་ལ་བསྟིམ་ཞིང་བསྔོ་བ་བྱ༔ ཞག་བདུན་བརྩམས་པས་འགྲུབ་པར་འགྱུར༔ ས་མ་ཡ༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ མ་མགོན་སྒྲུབ་པའི་ཕྲིན་ལས་ནི༔ མདུན་དུ་དུར་ཁྲོད་ཆེན་པོའི་དབུས༔ བྷྲཱུྃ་ལས་ཐོད་མཁར་གྲུ་གསུམ་ནང༔ འཁོར་ལོ་རྩིབས་བརྒྱད་ལྟེ་བ་ལ༔ པདྨ་ཉི་མར་དགྲ་བགེགས་སྟེང༔ ཧཱུྃ་ལས་སྲས་མཆོག་ནག་པོའི་སྐུ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ བེར་ནག་གསོལ་ཞིང་དུར་ཁྲོད་ཆས༔ གྲི་གུག་དང་ནི་ཐོད་ཁྲག་འཛིན༔ བདུད་རྟ་ནག་པོ་རླུང་གཤོག་འཆིབ༔ དེ་ཡི་པང་དུ་རེ་མ་ཏི༔ མེ་ལོང་དང་ནི་ཕུར་པ་འཛིན༔ གཡང་གཞི་རེ་ལྡེའི་ཤམ་ཐབས་སོགས༔ མ་མོ་རོལ་པའི་ཆས་ཀྱིས་བརྒྱན༔ ཐབས་ཤེས་བདེ་སྟོང་འཁྲིལ་སྦྱོར་གྱིས༔ མེ་རླུང་འཁྲུགས་པའི་ཀློང་དུ་གསལ༔ ཕྱི་རོལ་འཁོར་ལོ་རྩིབས་བརྒྱད་ལ༔ རང་འདྲའི་ཡབ་ཡུམ་རྟ་ཞོན་བཞི༔ དྲེལ་ཞོན་རྣམས་ཀྱང་ཆ་ལུགས་རྫོགས༔ གཟའ་ཀླུ་བདུད་བཙན་ཕོ་ཉར་འགྱེད༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ དེ་ལས་འོད་འཕྲོས་སྤྱན་དྲངས་བསམ༔ ཧཱུྃ༔ འོག་མིན་གནས་མཆོག་དམ་པ་དང༔ གསང་ཆེན་ལྷུན་གྲུབ་གཙུག་ལག་ཁང༔ དུར་ཁྲོད་ཆེན་པོ་བརྒྱད་རྣམས་ནས༔ མ་མགོན་ལྕམ་དྲལ་སྤྱན་འདྲེན་གྱིས༔ ཡེ་ཤེས་མགོན་པོ་གཤེགས་སུ་གསོལ༔ དམ་ཚིག་མགོན་པོ་གཤེགས་སུ་གསོལ༔ ལས་ཀྱི་མགོན་པོ་གཤེགས་སུ་གསོལ༔ དཔལ་ལྡན་ལྷ་མོ་གཤེགས་སུ་གསོལ༔ དྲེགས་པ་སྡེ་བརྒྱད་གཤེགས་སུ་གསོལ༔ ཤྲཱི་མ་ཧཱ་ཀཱ་ལ་ཀཱ་ལི་ཨེ་ཨཱ་རལླི་ཧྲཱིང་ཛ༔ ཛཿཧཱུྃ་བཾ་ཧོ༔ དེ་བཞིན་གཤེགས་པ་རིགས་ལྔ་ཡིས༔ དབང་བསྐུར་རིགས་ལྔས་དབུ་བརྒྱན་བསམ༔ པདྨ་ཉི་མའི་གདན་ལ་གཞུགས༔ སྔོན་གྱི་ཐུགས་དམ་མ་གཡེལ་བར༔ སྐུ་གསུང་ཐུགས་ལ་ཕྱག་འཚལ་ལོ༔ ཧཱུྃ༔ དབང་པོའི་མེ་ཏོག་ཚིལ་ཆེན་གསུར༔ ཞུན་ཆེན་མར་མེ་ཁྲག་མཁྲིས་དྲི༔ ཤ་རུས་ཞལ་ཟས་རྐང་གླིང་སྒྲ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན༔ རཀྟ་ཤ་ཆེན་ལང་ལིང་བཅས༔ བཟའ་བཅའི་གཏོར་མ་བསམ་མི་ཁྱབ༔ སྦྱོར་སྒྲོལ་གསང་བའི་མཆོད་སྤྲིན་གྱིས༔ མ་ཧཱ་ཀཱ་ལ་འཁོར་བཅས་མཆོད༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀཱ་ལི་ས་པ་རི་ཝཱ་ར་པུཥྤེ་ནས་ཤབྡ་ཀཱ་མ་གུ་ཎ་མ་ཧཱ་ཏ་ན་གྷ་ཎ་པཱུ་ཛ་ཧོ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་སྙིང་རྗེ་ཁྲོས་པའི་སྐུ༔ གཏུམ་ཆེན་དུས་མཐའི་མུན་ལྟར་གཏིབས་པའི་སྐུ༔ སྲིན་པོ་ཁྲོས་འདྲ་ཞལ་གདངས་མཆེ་བ་གཙིགས༔ སྐུ་གསུམ་ཡེ་ཤེས་སྤྱན་ནི་ཉི་ལྟར་འབར༔ སྨ་ར་སྨིན་མ་རལ་པ་ཁམ་ནག་འཁྲུགས༔ ཐོད་སྐམ་རིན་ཆེན་ལྔ་ཡིས་དབུར་བརྒྱན་ཅིང༔ སྦྲུལ་ནག་རལ་པ་ནག་པོས་ས་གཞི་ཁྱབ༔ ལྟག་ན་སྤྱན་གཅིག་མ་མོ་དབང་དུ་སྡུད༔ གཡས་པས་གྲི་གུག་དགྲ་བོའི་སྲོག་རྩ་གཅོད༔ གཡོན་པས་བྷཉྫ་དམ་ཉམས་སྙིང་ཁྲག་འཐུང༔ དར་ནག་བེར་བརྩེགས་གསེར་རྐེད་མི་ལྤགས་བཅིངས༔ དམག་རྫོང་ཆེན་པོ་བེང་ཕུར་རྐེད་ལ་བཙུགས༔ སག་ལྷྭམ་ཡུ་རིང་གསོལ་ནས་རོལ་སྟབས་ཀྱིས༔ བདུད་རྟ་བཅིབས་ནས་གླིང་བཞི་ཁྱབ་པར་རྒྱུག༔ གར་བསྐུལ་ས་རུ་མི་རོ་རགས་སུ་བརྩེགས༔ ཟློག་པས་མི་བཟློག་སྔགས་ཟློག་མཁན་གྱི་གཤེད༔ མ་མོ་དྲེགས་པའི་ཚོགས་ཀྱི་ཚོགས་དཔོན་མཛད༔ དཔལ་མགོན་ནག་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ བྷྱོ༔ དེ་ཡི་ཡུམ་མཆོག་སྲིད་པའི་རྒྱལ་མོ་ནི༔ རྨ་བྱ་སེང་གེ་སྦྲུལ་གྱིས་དབུ་བརྒྱན་ཅིང༔ དུར་ཁྲོད་ཆས་ཅན་རེ་ལྡེའི་ཤམ་ཐབས་གསོལ༔ སྣང་སྲིད་རབ་གསལ་མེ་ལོང་ཕུར་པ་འཛིན༔ ལྟེ་བའི་ཐད་ནས་ཉི་མ་ཟླ་བ་ཤར༔ ཞབས་གཉིས་འཁྲིལ་བས་མཁའ་གསང་ཡབ་ལ་སྟོབ༔ ཁྱོད་ནི་བདུད་ཀྱི་ལྕམ་ལ་གཤིན་རྗེའི་ཡུམ༔ ནད་ཀྱི་བདག་མོ་སྨན་གྱི་གཙོ་མོ་མཛད༔ དཔལ་ལྡན་ལྷ་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ བཀའ་སྡོད་ནག་པོ་ཆེན་པོ་ལྕམ་དྲལ་བརྒྱད༔ ཡང་འཁོར་གཟའ་ཀླུ་བདུད་བཙན་ཕོ་ཉར་འགྱེད༔ སངས་རྒྱས་བསྟན་པ་སྲུང་བའི་མཐུ་སྟོབས་ཅན༔ དམ་ཅན་སྲུང་མར་བཅས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དཔལ་མགོན་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས༔ དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ཤིག༔ བདུད་རྩི་སྨན་གྱི་མཆོད་པ་འདི་བཞེས་ཤིག༔ རཀྟ་དམར་གྱི་ཨརྒྷཾ་འདི་བཞེས་ཤིག༔ ཕྱི་ནང་གསང་བའི་མཆོད་པ་འདི་བཞེས་ལ༔ དཔལ་མགོན་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས༔ དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་སྲིངས༔ རྣལ་འབྱོར་བདག་ལ་སྡང་བའི་དགྲ་བོ་སྒྲོལ༔ མཆེད་ལྕམ་འཁོར་དང་དཀོར་ནོར་སྐྱོང་བ་དང༔ རྐྱེན་དང་བར་ཆད་ཐམས་ཅད་ཟློག་ཏུ་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་སྩོལ༔ ཕྲིན་ལས་གསོལ་ཞིང་རྟེན་ལ་གཉིས་མེད་བསྟིམ༔ དཔལ་མགོན་ལྕམ་དྲལ་མཉེས་ཤིང་ཕྲིན་ལས་འགྲུབ༔ ༁ྃ༔ ཡང་གཅིག་མན་ངག་བསྟན་པ་ནི༔ མ་མགོན་ལྕམ་དྲལ་སྐུ་གཟུགས་རྟེན༔ དེ་ཡི་སྟེང་དུ་འབྲུ་སྣ་དང༔ ཤ་ཁྲག་གཏོར་མ་བརྗིད་ལྡན་བཤམ༔ བྱིན་གྱིས་བརླབས་ལ་མགོན་པོར་བསྐྱེད༔ རང་གི་ཐུགས་ཀའི་འོད་ཟེར་གྱིས༔ མགོན་པོ་ཡབ་ཡུམ་ཐུགས་རྒྱུད་བསྐུལ༔ ཅི་བཅོལ་ལས་རྣམས་སྒྲུབ་པར་བསམ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་ཡཀྵ་བཻ་ཏ་ལི་ཧཱུྃ༔ སྦྲེལ་ཞིང་བཟླས་པས་རྟགས་རྣམས་འབྱུང༔ ས་མ་ཡ༔ དགྲ་བོ་ཆམ་ལ་འབེབ་པའི་ཕྱིར༔ དུར་ཁྲོད་གནས་སུ་སྟེགས་བུའི་སྟེང༔ མགོན་པོའི་སྐུ་བཤམས་དེ་ཡི་མདུན༔ འབྲུ་ནག་ཁྲག་ཆང་དུག་གི་གཏོར༔ ཟུར་གསུམ་རྩེ་མོར་སྲུང་འཁོར་དང༔ སྨད་ཆར་མིང་བྱང་གསད་འཁོར་བཅུག༔ མགོན་པོ་ཡབ་ཡུམ་དྲེགས་པར་སྐྱེད༔ མདུན་དུ་བཙོན་ཁང་དྲག་པོའི་ནང༔ དགྲ་བགེགས་བསྐྱེད་ཅིང་ཡང་ཡང་བསྟིམ༔ གསོད་དམིགས་མགོན་པོའི་གཞུང་ལྟར་བྱ༔ ལས་འགྲུབ་གཏོར་མ་ཟོར་དུ་འཕང༔ དགྲ་བོ་ཕུང་ཐལ་བརླག་པར་འགྱུར༔ ས་མ་ཡ༔ སྲུང་བ་མགོན་པོའི་གུར་ཁང་བསྒོམ༔ རང་མིང་རཀྵའི་སྔགས་མཇུག་བཏགས༔ ཟློག་པ་མགོན་པོའི་དམག་དཔུང་སྤྲོ༔ བར་ཆད་བྷྱོ་ཟློག་ཤམ་བུ་བཏགས༔ གསད་པ་དགྲ་བོ་མཱ་ར་ཡ༔ ཏིང་འཛིན་སྔགས་ཀྱི་འཕྲུལ་འཁོར་བྱ༔ ལས་རྣམས་ཐོགས་མེད་མྱུར་དུ་འགྲུབ༔ ས་མ་ཡ༔ དམ་ཉམས་བསྒྲལ་ཕྱིར་ལིངྒའི་སྟེང༔ ལྷུང་བཟེད་ཁ་སྦུབ་མཁར་གསིལ་དང༔ ཆོས་གོས་ཀྱིས་བཀབ་མདོ་སྒྲོག་ཅིང༔ ཉམས་པ་བསྟན་བཤིགས་འདི་ཞེས་པས༔ བསྟན་པ་བཤིག་པ་འདི་བཞིན་ལ༔ མགོན་པོ་ཁྱོད་ཀྱིས་སྲོག་ལས་མཛོད༔ ཅེས་པའི་དམོད་བོར་འགུག་གཞུག་བྱ༔ དེ་ཡིས་དགྲ་བོ་མྱུར་དུ་བརླག༔ ས་མ་ཡ༔ ཐུགས་དམ་གནད་ནས་བསྐུལ་བ་ནི༔ ཧཱུྃ༔ བསིལ་བ་ཚལ་གྱི་དུར་ཁྲོད་དང༔ ཁྱད་པར་རླུང་ནག་འཚུབས་ཀློང་ནས༔ མ་མགོན་ལྕམ་དྲལ་སྐུ་བཞེངས་ཤིག༔ བདག་ནི་སངས་རྒྱས་བསྟན་པ་འཛིན༔ ཁྱོད་ནི་བསྟན་པ་སྲུང་བར་བསྐོས༔ ད་ནི་བསྟན་པ་འཇིག་ལ་ཉེ༔ བསྟན་པའི་དགྲ་ལ་ལས་མཛོད་ཅིག༔ ཡིད་ལ་བརྣགས་པ་མྱུར་དུ་སྒྲོལ༔ མགོན་པོ་ལས་ལ་ཆས་པའི་ཚེ༔ ཞལ་ནི་སྤྲིན་ནག་འཁྲུགས་པ་འདྲ༔ ཕྱག་ན་རྩེ་གསུམ་གྲི་གུག་ཐོགས༔ བདུད་རྟ་ནག་པོ་རླུང་གཤོག་འཆིབ༔ ནག་པོ་འབུམ་གྱི་ཇག་པ་འགྱེད༔ བྱ་ནག་འབུམ་ནི་ཀླད་ན་ལྡིང༔ ཁྱི་ནག་འབུམ་ནི་རོལ་དུ་ཁྲིད༔ ཕོ་ཉ་གཟའ་རྒོད་ཀིང་ཀང་འབེབ༔ ཀླུ་བདུད་ནག་པོས་མཛེ་ནད་ཐོངས༔ བཙན་རྒོད་དམར་པོས་གྲི་འཐབ་ཐོངས༔ བདུད་ཀྱི་ཞགས་པ་ནག་པོ་ཐོབས༔ བྷྱོ༔ ཡུམ་ཆེན་སྲིད་པའི་རྒྱལ་མོ་ནི༔ འདྲེ་མོ་ནག་མོའི་ཆ་ལུགས་ཅན༔ ཕྱག་ན་རྩེ་གསུམ་ནད་རྐྱལ་བསྣམས༔ དྲེལ་རྟ་རྐང་གསུམ་རླུང་གཤོག་འཆིབ༔ ཁྱོད་ཀྱི་སྤྲུལ་པའི་མཚོན་ཆ་ལྔ༔ མཚོན་ཆའི་དྲུ་བུ་དགྲ་ལ་ཕོངས༔ ནད་ཀྱི་རྐྱལ་པ་དགྲ་ལ་ཕྱེས༔ དཀར་ནག་སྒྲིལ་བའི་ཤྭ་ལ་ཐོབས༔ དགྲ་བོ་གཤིན་རྗེའི་ཁྲོམ་ལ་ཐོབས༔ གསོད་པའི་ལས་མཛད་མ་མོ་བདུན༔ གཤའ་གྲི་དམར་པོ་ལག་ན་ཐོགས༔ རླུང་ནག་ཞོན་ནས་དགྲ་བོ་གསོད༔ དམག་རྒྱལ་བཞི་དང་སྲིང་མོ་བཞི༔ མ་མོ་ཐམས་ཅད་ལས་ལ་ཆོས༔ སྲོག་ལ་བསྡོས་ནས་ཁྱོད་བསྒྲུབས་པས༔ རེ་བའི་དོན་འབྲས་ད་རེས་ཡིན༔ བསྟན་པའི་དགྲ་བོ་མ་བསྒྲལ་ན༔ ཁྱོད་ཀྱིས་ཞལ་བཞེས་ཉམས་པར་འགྱུར༔ དེ་བས་དགྲ་ལ་རྟགས་ཐོངས་ཤིག༔ ལོ་དང་ཟླ་བར་མ་བཞག་ཅིག༔ ཞག་དང་ཟ་མར་མ་འགོར་བར༔ སྲོག་རྩ་ཆོད་ལ་སྙིང་ཁྲག་ཐུངས༔ དུས་ལ་བབ་བོ་ས་མ་ཡ༔ ཞེས་བསྐུལ་གོས་བརྡབ་དམོད་མོ་བྱ༔ མ་མགོན་ལས་ལ་ཆས་ནས་སུ༔ དགྲ་བོ་མྱུར་དུ་གསོད་པར་འགྱུར༔ ས་མ་ཡ༔ རིན་ཆེན་ཤིང་ངམ་རྫ་མ་སོགས༔ རི་རབ་བང་རིམ་ལྔ་པ་ཡི༔ སྟེང་དུ་ཐོད་མཁར་གྲུ་གསུམ་དུ༔ མ་མགོན་སྐུ་དང་སྔགས་བྱང་དང༔ གྲི་སྙིང་སྲོག་གི་འཁོར་ལོ་དང༔ མཚལ་དང་འབྲས་བུ་ཤིང་ལོ་སོགས༔ ནལ་བུའི་སྙིང་དང་ཕྱོགས་མཚམས་སུ༔ རྟ་ནག་གཡག་ནག་ལུག་ནག་དང༔ ཁྱི་ནག་བྱ་ནག་བྱ་མོ་ནག༔ སྙིང་དང་བཀའ་སྡོད་སྐུ་གསུང་ཐུགས༔ བང་རིམ་དྲེགས་པ་སུམ་ཅུ་ཡི༔ སྐུ་གཟུགས་སྔགས་བྱང་རྟེན་རྫས་བཤམ༔ བྱིན་རླབས་རི་རབ་ཆེན་པོའི་སྟེང༔ ཐོད་མཁར་སོ་སོའི་ནང་དག་ཏུ༔ མ་མགོན་དྲེགས་པའི་ཚོགས་རྣམས་བསྐྱེད༔ སྤྱན་དྲངས་མཆོད་བསྟོད་བཟླས་པ་བྱ༔ རྔ་ཆེན་བརྡུང་ཞིང་ཤ་ཆེན་བདུག༔ དར་ནག་གཡབ་ཅིང་རྐང་གླིང་འབུད༔ ཧཱུྃ༔ གསོན་ཅིག་དགོངས་ཤིག་ནག་པོ་ཆེ༔ སྐུ་ནི་ཆར་སྤྲིན་འཁྲུགས་པ་འདྲ༔ ཞལ་གདངས་ལྗགས་ནི་གློག་དམར་འཁྱུག༔ མཆེ་བ་ཟླ་ཚེས་སྤུ་གྲིའི་ཚེམས༔ སྤྱན་ནི་ཉི་མ་ལྟར་འབར་ཞིང༔ སྨར་སྨིན་དབུ་སྐྲ་བསྐལ་པའི་མེ༔ བེར་ཆེན་བསྐལ་པའི་མུན་པ་ལྟར༔ ཕྱག་གཡས་གྲི་གུག་ནམ་མཁར་ཕྱར༔ གཡོན་པས་ཐོད་པ་ཁྲག་བཀང་གསོལ༔ བེང་ཆེན་རྐེད་བཙུག་ལྷ་དམག་འགྱེད༔ སག་ཏིའི་ལྷྭམ་གསོལ་རོལ་སྟབས་ཀྱིས༔ རྫུ་འཕྲུལ་རྟ་ནག་རླུང་གཤོག་འཆིབ༔ སྐུ་གསུང་ཐུགས་ཀྱི་རྟེན་འདི་ལ༔ ཇི་སྲིད་བར་དུ་བཞུགས་ནས་ཀྱང༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ༔ སངས་རྒྱས་བསྟན་པ་གཉན་པོ་སྲུངས༔ དཀོན་མཆོག་དབུ་འཕང་གཉན་པོ་བསྟོད༔ དཔལ་ལྡན་བླ་མའི་སྐུ་ཚེ་སྲིངས༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ ནད་གདོན་བར་ཆད་ཞི་བ་དང༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ གང་འདོད་ཐམས་ཅད་དབང་དུ་སྡུས༔ འཁོར་དང་དཀོར་ནོར་སྐྱོང་བ་དང༔ ཉིན་གྱི་དུས་སུ་བྱ་ར་དང༔ མཚན་གྱི་དུས་སུ་མེལ་ཚེ་མཛོད༔ སྡང་བའི་དགྲ་ལ་རྟགས་ཐོངས་ཤིག༔ གནོད་པའི་བགེགས་ལ་ལས་མཛོད་ཅིག༔ བསྟན་པའི་དགྲ་བོ་བསྒྲལ་དུ་གསོལ༔ བྷྱོ༔ དཔལ་ལྡན་ལྷ་མོ་སྲིད་པའི་རྒྱལ༔ སྐུ་ནི་མུན་པ་ལྟ་བུའི་མདོག༔ རི་རབ་ཆེན་པོའི་ཟོམ་ལ་གནས༔ ལྟེ་བའི་ཐད་ནས་ཉི་ཟླ་འཆར༔ ཕྱག་ན་མེ་ལོང་སྦྲུལ་ཞགས་བསྣམས༔ རྨ་བྱའི་ཐོར་ཚུགས་ལྡེམས་སེ་ལྡེམ༔ སེང་གེ་སྦྲུལ་གྱིས་རྣ་བ་བརྒྱན༔ མི་ལྤགས་གཡང་གཞི་རེ་ལྡེ་གསོལ༔ རྫུ་འཕྲུལ་དྲེལ་རྟ་རྐང་གསུམ་བཅིབས༔ མཁའ་འགྲོ་འབུམ་གྱི་ཚོགས་དང་བཅས༔ སྐུ་གསུང་ཐུགས་ཀྱི་སོགས་ནས། བསྒྲལ་དུ་གསོལ༔ བར། ཧཱུྃ༔ བཀའ་སྡོད་ལྕམ་དྲལ་བཅུ་དྲུག་དང༔ དྲེགས་པའི་སྡེ་དཔོན་སུམ་ཅུ་ཡང༔ སྐུ་གསུང་ཐུགས་ཀྱི་སོགས། སྤྲོ་ན་བཀའ་སྡོད་དྲེགས་པ་ཡི༔ མིང་དང་ཆ་ལུགས་སྨྲོས་ཏེ་འབུལ༔ གལ་ཆེ་དེ་བཞིན་མདོས་ཀྱང་བྱ༔ ཧཱུྃ༔ དཔལ་ལྡན་མ་ཧཱ་ཀཱ་ལ་ནི༔ རི་རབ་ཆེན་པོའི་ཟོམ་ལ་བརྟེན༔ སྐུ་ནི་སྲིད་པ་གསུམ་དང་མཉམ༔ སྤྱན་ནས་བསྐལ་པའི་མེ་ཆེན་འབར༔ ཞལ་ནས་བསྐལ་པའི་ཆུ་ཆེན་འབྲུབ༔ ཤངས་ནས་བསྐལ་པའི་རླུང་ནག་འཚུབ༔ སྙན་ནས་བསྐལ་པའི་འབྲུག་སྟོང་སྒྲོག༔ ཕྱག་གཉིས་ཙནྡན་བིང་ཆེན་བརྟེན༔ བསྐལ་པའི་མུན་ལྟར་བེར་ཆེན་གསོལ༔ ལྷ་དམག་དཀར་པོའི་དབུགས་འབྱིན་ཅིང༔ ལྷ་མིན་གཡུལ་ངོ་ཟློག་པར་བྱེད༔ ཤཱཀྱ་ཐུབ་པས་དབང་བསྐུར་ནས༔ བསྟན་སྲུང་ཀུན་གྱི་གཙོ་བོར་བསྔགས༔ མ་ཧཱ་ཀཱ་ལ་ཚོགས་ཀྱི་བདག༔ དཔལ་འབར་ལེགས་ལྡན་ནག་པོ་ལ༔ སྣང་སྲིད་མདོས་ཀྱི་མཆོད་པ་འབུལ༔ ཡེ་ཤེས་ལྔ་ཡི་ནམ་མཁའ་དང༔ ཐབས་ཤེས་རང་བཞིན་མདའ་དང་འཕང༔ སྐུ་གསུང་ཐུགས་ཀྱི་རྒྱང་བུ་དང༔ བདུད་ལས་རྒྱལ་བའི་རྒྱལ་མཚན་དང༔ སྙན་པ་སྒྲོག་པའི་བ་དན་དང༔ སྐུ་གླུད་རྒྱན་དང་ལྡན་པ་རྣམས༔ མ་ཧཱ་ཀཱ་ལའི་ཚོགས་ལ་འབུལ༔ བྷྱོ༔ ཤཱཀྱ་ཐུབ་པའི་བསྟན་པ་ལ༔ སྲུང་མ་ཆེན་པོ་མཐུ་རྩལ་ཅན༔ བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ༔ འདོད་པ་ཁམས་ཀྱི་བདག་མོ་ལ༔ སྣང་སྲིད་མདོས་ཀྱི་སོགས། གོང་བཞིན་ཕྲིན་ལས་གསོལ་བ་དང༔ འཁོར་གྱི་ཚོགས་ལ་འབུལ་བར་བྱ༔ མི་རྟ་བྱ་ཁྱི་ཁྲི་འབུམ་འབུལ༔ ཧཱུྃ༔ ང་ནི་སྣང་སྲིད་ཀུན་གྱི་རྗེ༔ མ་མོ་མཁའ་འགྲོའི་ཚོགས་དཔོན་ཆེ༔ མ་ཧཱ་ཀཱ་ལ་མཐུ་བོ་ཆེ༔ ལེགས་ལྡན་ནག་པོ་ཚོགས་ཀྱི་བདག༔ ཕོ་རྒྱུད་མོ་རྒྱུད་ཀུན་འདུས་པའི༔ དཔལ་མགོན་མ་ནིང་ནག་པོ་ལ༔ མོན་པ་མི་ནག་ཁྲི་དང་འབུམ༔ རྟ་ནག་དར་གྱིས་བརྒྱན་པ་འབུམ༔ བྱ་ནག་བྱེ་བ་ས་ཡ་དང༔ ཁྱི་ནག་ལྕགས་ཀྱི་མཆེ་བ་ཅན༔ དགྲ་བོ་གསོད་པའི་ཤན་པ་འབུམ༔ ས་གཞི་བར་སྣང་གང་བར་འབུལ༔ ནག་པོ་འབུམ་གྱི་ཕོ་ཉ་ཡིས༔ བསྟན་པའི་དགྲ་བོ་ཆམ་ལ་ཕོབ༔ དམག་དཔུང་གཡུལ་ངོ་ཟློག་ཏུ་གསོལ༔ བྷྱོ༔ མཁའ་ལ་དབང་བསྒྱུར་རེ་མ་ཏཱི༔ མགོན་པོ་ཀུན་གྱི་ལྕམ་གཅིག་མ༔ དམག་གི་རྒྱལ་མོ་ཆེན་མོ་དང༔ དེ་སོགས་འཁོར་རྣམས་ཀུན་ལ་འབུལ༔ བརྟན་བཞུགས་ལས་ལ་འགྱེད་པ་འམ༔ དགོས་པའི་དོན་དང་སྦྱར་ཏེ་བྱ༔ ལྷ་སྲུང་རྟེན་ལ་འཁོར་བ་དང༔ དངོས་གྲུབ་ཐམས་ཅད་འདུ་བར་འགྱུར༔ བར་ཆད་ཟློག་པའི་གདམས་པ་མཆོག༔ ཁྲག་འཐུང་ནག་པོ་བདག་གིས་གདམས༔ ཨོ་རྒྱན་མཆོག་གྱུར་གླིང་པའི་ཟབ་གཏེར་གྱི་གསང་བ་ཡང་དག་པའོ། །དགེའོ།། །།
རྡོར་སེམས་ཐུགས་ཀྱི་སྙིང་པོ་ (Volume 27, Text 7)
༁ྃ༔ རྡོར་སེམས་ཐུགས་ཀྱི་སྙིང་པོ་ཞེས་བྱ་བ་བཞུགས་སོ༔ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ ཡང་དག་ཡེ་ཤེས་སྙིང་པོའི་བདག་ཉིད་ཅན༔ སེམས་ཅན་ཀུན་ལ་ཕན་པར་བརྩོན་པ་ལ༔ རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ཞེས་གྲགས༔ དཔལ་ལྡན་སངས་རྒྱས་དེ་ཉིད་སྒྲུབ་པའི་ཐབས༔ སྙིང་པོར་བསྡུས་ཏེ་འདི་རུ་བསྟན་པར་བྱ༔ དེ་ལ་སྦྱོར་དངོས་རྗེས་ནི་རྣམ་པ་གསུམ༔ དང་པོ་སྐྱབས་སུ་འགྲོ་བའི་རིམ་པ་ནི༔ ཚོགས་ཞིང་ཐམས་ཅད་མདུན་གྱི་ནམ་མཁར་བསྒོམ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ བླ་མ་རྡོ་རྗེ་སེམས་དཔའ་ལྷག་པའི་ལྷ༔ སངས་རྒྱས་ཆོས་དང་དགེ་འདུན་ཐམས་ཅད་ལ༔ འབྲལ་བ་མེད་པར་གུས་པས་སྐྱབས་སུ་མཆི༔ དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནི༔ སྔོན་གྱི་རྒྱལ་བ་རྣམས་ཀྱི་མཛད་པ་བཞིན༔ བདག་གིས་སེམས་ཅན་མ་ལུས་སྒྲོལ་བའི་ཕྱིར༔ སོ་ཐར་བྱང་ཆུབ་སེམས་དང་གསང་སྔགས་ཀྱི༔ ལྟ་སྤྱོད་ཐམས་ཅད་ཉམས་སུ་བླང་བར་བགྱི༔ དེ་ནས་ཡན་ལག་བདུན་པ་འབུལ་བ་ནི༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས༔ བླ་མ་རྡོར་སེམས་ཡི་དམ་མཁའ་འགྲོ་ལ༔ བསྐལ་པ་ཞིང་གི་རྡུལ་སྙེད་དང་མཉམ་པའི༔ ལུས་སུ་སྤྲུལ་ཏེ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་བླ་ན་མེད་པ་ཡི༔ དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ སོ་སོ་ཐར་དང་བྱང་ཆུབ་སེམས་དཔའ་དང༔ རིག་འཛིན་ནང་གི་དམ་ཚིག་ཉམས་པ་བཤགས༔ བསོད་ནམས་ཡེ་ཤེས་ཚོགས་རྣམས་སུས་སྤྱོད་པ༔ དེ་ལ་དགའ་བ་ཆེན་པོས་ཡི་རང་ངོ༔ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་སྲས་བཅས་རྣམས༔ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔ གང་ཞིག་ཆོས་མི་གསུང་བར་བཞུགས་པ་རྣམས༔ འགྲོ་བའི་དོན་དུ་ཆོས་འཁོར་བསྐོར་བར་བསྐུལ༔ རྣམ་ཀུན་བསམ་པ་བཟང་པོས་བསགས་པ་ཡི༔ བསོད་ནམས་ཐམས་ཅད་འགྲོ་བའི་རྒྱུད་ལ་བསྔོ༔ མཁའ་མཉམ་སེམས་ཅན་མ་ལུས་ཐམས་ཅད་ཀུན༔ བླ་མེད་བྱང་ཆུབ་མྱུར་དུ་ཐོབ་པར་ཤོག༔ དེ་ནས་ཚད་མེད་བཞི་བསྒོམ་པ་ནི༔ བདག་གི་ལེགས་སྤྱད་སེམས་ཅན་ཀུན་གྱིས་ཐོབ༔ འགྲོ་བ་ཀུན་གྱི་སྡུག་བསྔལ་བདག་ལ་སྨིན༔ སྡུག་བསྔལ་བྲལ་བའི་བདེ་ལ་རྟག་གནས་ཤིང༔ ཆོས་ཀུན་མཉམ་ཉིད་ཆེན་པོར་རྟོགས་པར་ཤོག༔ ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རང་ལ་ཐིམ༔ དེ་ནས་བགེགས་བསྐྲད་བཀའ་བསྒོ་བྱ་བ་ནི༔ ཧཱུྃ༔ གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ འདུས་པའི་ལྷ་ནི་མ་གཏོགས་པར༔ གནོད་བྱེད་དགྲ་བགེགས་འབྱུང་པོའི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ དྲག་སྔགས་བརྗོད་ཅིང་ཡུངས་ཐུན་བྲབ་པར་བྱ༔ གུ་གུལ་བདུག་ཅིང་སྒྲོལ་གིང་དཀར་ནག་རྒྱུག༔ དེ་ནས་མཚམས་གཅོད་པ་ནི༔ ཧཱུྃ༔ སྟེང་འོག་ཕྱོགས་མཚམས་མ་ལུས་ཀུན༔ ཧཱུྃ་ལས་བྱུང་བའི་ཁྲོ་བོའི་ཚོགས༔ སྐར་ལྟར་འཁྲུགས་ཤིང་གློག་ལྟར་འཁྱུགས༔ རྡོ་རྗེ་མཚོན་ཆའི་གུར་ཁང་འཁྲིགས༔ ལོག་པར་འདྲེན་པ་ཚར་ཆོད་ཅིག༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་ཙཀྲ་ཏཱིཀྵྞ་ཛྭ་ལ་རཾ་རཀྵ་རཀྵ༔ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ༔ མ་རིག་གཉིས་འཛིན་འཁྲུལ་པའི་དབང་གིས་ནི༔ རང་རིག་ཡེ་ཤེས་ལྷ་རུ་མ་རྟོགས་པས༔ བག་མེད་ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ དབྱིངས་ཡེ་གཉིས་མེད་ལྷ་ཚོགས་རྣམས་ལ་བཤགས༔ ཡིག་བརྒྱ་བཟླ༔ དེ་ནས་བྱིན་ཆེན་འབེབ་པ་ནི༔ ཧཱུྃ༔ ཕྱོགས་བཅུ་ནམ་མཁའི་མཐར་ཐུག་པའི༔ བླ་མ་ཡི་དམ་མཁའ་འགྲོ་རྣམས༔ ཆོས་ཀྱི་དབྱིངས་ནས་གཤེགས་ནས་ཀྱང༔ བྱིན་ཆེན་ཕོབ་ལ་དབང་ཆེན་སྐུར༔ ཡིག་བརྒྱའི་མཐར༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨཱ༔ དེ་ནས་མཆོད་པ་བྱིན་རླབས་ནི༔ རཾ་ཡཾ་ཁཾ༔ ཨོཾ་སྭ་བྷཱ་བ་སོགས༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ དེ་བཞིན་དུ༔ ཤབྡའི་བར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ཧྲི་ཤྭ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ གཉིས་པ་དངོས་གཞི་བསྒོམ་པ་ནི༔ ཧཱུྃ༔ སྟོང་གསལ་དེ་བཞིན་ཉིད་ཀྱི་ངང༔ མ་བཅོས་སྙིང་རྗེའི་རང་རྩལ་ལས༔ ཟུང་འཇུག་རང་རིག་ཧཱུྃ་ཡིག་འབར༔ སྣོད་བཅུད་ཀུན་སྦྱངས་དྭངས་མ་ལས༔ ཨེ་ཡཾ་རཾ་བཾ་ལཾ་བྷྲཱུྃ་ལས༔ འབྱུང་བ་ལྔ་ཡི་མཁའ་དབྱིངས་སུ༔ ཡེ་ཤེས་རང་བཞིན་གཞལ་ཡས་ཁང༔ མཚན་ཉིད་ཀུན་རྫོགས་དཀྱིལ་འཁོར་དབུས༔ གྲུ་ཆད་འཁོར་ལོ་རྩིབས་བཞིའི་སྟེང༔ སེང་གེ་གླང་ཆེན་རྟ་མཆོག་དང༔ ཤང་ཤང་རྣམས་ཀྱིས་བཏེག་པའི་ཁྲི༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧཱུྃ་ལས་བཅོམ་ལྡན་མི་བསྐྱོད་པ༔ མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན༔ དབྱིངས་ཕྱུག་ཡུམ་དང་མཉམ་པར་སྦྱོར༔ ཡབ་ཡུམ་བྱང་སེམས་འོད་ཟེར་ལས༔ ཕྱོགས་བཞིར་ཨོཾ་ཏྲཱཾ་ཧྲཱིཿཨཱཿའཕྲོས༔ ཤར་དུ་རྣམ་སྣང་སྐུ་མདོག་དཀར༔ འཁོར་ལོ་དང་ནི་དྲིལ་བུ་འཛིན༔ སྤྱན་མ་ཡུམ་དང་གཉིས་མེད་འཁྲིལ༔ ལྷོ་རུ་རིན་ཆེན་འབྱུང་ལྡན་སེར༔ རིན་ཆེན་དང་ནི་དྲིལ་བུ་འཛིན༔ མཱ་མ་ཀཱི་དང་གཉིས་མེད་སྦྱོར༔ ནུབ་ཏུ་སྣང་བ་མཐའ་ཡས་དམར༔ པདྨ་དང་ནི་དྲིལ་བུ་འཛིན༔ གོས་དཀར་མོ་དང་གཉིས་མེད་འཁྲིལ༔ བྱང་དུ་དོན་ཡོད་གྲུབ་པ་ལྗང༔ རྒྱ་གྲམ་དང་ནི་དྲིལ་བུ་འཛིན༔ དམ་ཚིག་སྒྲོལ་མར་གཉིས་མེད་འཁྲིལ༔ ཀུན་ཀྱང་ཞི་བའི་ཉམས་དགུ་ལྡན༔ རྒྱན་ཆས་བཅུ་གསུམ་དག་གིས་མཛེས༔ འཇའ་དང་འོད་ཟེར་ཀློང་དུ་གསལ༔ རང་རང་རིགས་ཀྱི་གཙོ་བོ་ཡི༔ ཡེ་ཤེས་ལྔ་ཡིས་དབུ་བརྒྱན་གྱུར༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ རྒྱལ་བའི་གསང་གསུམ་བྱིན་རླབས་འབར༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ མཐའ་ཡས་སེམས་ཅན་སྒྲོལ་སླད་དུ༔ ཆོས་ཀྱི་དབྱིངས་སུ་རོ་མཉམ་ཡང༔ ཐུགས་རྗེས་གཟུགས་ཀྱི་སྐུར་བཞེངས་ནས༔ དམ་ཚིག་དཀྱིལ་འཁོར་འདིར་དགོངས་ཤིག༔ ཨེ་ཧྱེ་ཧི་ཛཿཧཱུྃ་བཾ་ཧོ༔ དམ་ཚིག་ཡེ་ཤེས་གཉིས་མེད་བལྟ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ དབྱིངས་ནས་བྱོན་ལ་མཆོད་ཡོན་སྦྲེང༔ ཕྱག་དང་ཞབས་ནི་བསིལ་ནས་ཀྱང༔ རིན་ཆེན་མེ་ཏོག་བཀྲམ་ལ་བཞུགས༔ སྤོས་ཀྱི་ཕྲེང་འཛིན་བདུག་པ་མ༔ རིན་ཆེན་འོད་འབར་འཛིན་མའི་ཚོགས༔ རྒྱལ་བ་རྣམ་ལ་སིམ་པ་བསྐྱེད༔ བདུད་རྩི་རོ་མཆོག་ཀུན་སྟོབ་ཅིང༔ རོལ་མོའི་སྤྲིན་གྱིས་མཉེས་གྱུར་ཅིག༔ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡའི་བར༔ པཱུ་ཛ་ཧོ༔ ཧཱུྃ༔ རྩ་བརྒྱད་སྟོང་ལ་སྦྱར་བ་ཡི༔ གཙང་སྨེ་ཀུན་བྲལ་བྱང་ཆུབ་སེམས༔ དཀར་དམར་བདེ་བའི་རྒྱུན་དྲངས་ཤིང༔ རྨད་བྱུང་གཏོར་མ་བཅས་ཏེ་མཆོད༔ མ་ཧཱ་སུ་ཁ༔ ཨ་མྲྀཏ༔ རཀྟ་བ་ལིཾ་ཏ་པཱུ་ཛ་ཧོ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཨོཾ༔ ཆོས་ཀྱི་སྐུ་ནི་ཀུན་ལ་ཁྱབ༔ ལོངས་སྤྱོད་མཚན་དང་དཔེ་བྱད་རྫོགས༔ ཅིར་ཡང་སྣང་བ་སྤྲུལ་པའི་སྐུ༔ ངོ་བོ་རོ་གཅིག་རྡོ་རྗེ་ལྟར༔ རྣམ་པ་མ་འདྲེས་བྱང་ཆུབ་སེམས༔ སྐུ་ལྔར་ལྡན་ལ་ཕྱག་འཚལ་བསྟོད༔ ཨཱ༔ སྐྱེ་བ་མེད་པ་གཞི་ཡི་སྒྲ༔ གྲགས་སྟོང་དབྱེར་མེད་རྡོ་རྗེའི་གསུང༔ ཆོས་ཀུན་རང་གི་ངོ་བོས་སྟོང༔ བདེ་བ་ཆེན་པོ་བརྡ་ཡིས་བཤད༔ གསུང་དབྱངས་དྲུག་ཅུ་རྩ་བཞིར་ལྡན༔ གསུང་ལྔར་ལྡན་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྟོང་པ་ཉིད་ནི་ཆོས་ཀྱི་དབྱིངས༔ འཛིན་མེད་རང་གསལ་མེ་ལོང་ལྟར༔ ངོ་བོ་རོ་གཅིག་མཉམ་པ་ཉིད༔ རང་མཚན་མ་འདྲེས་སོ་སོར་གསལ༔ རྩོལ་མེད་བྱ་བ་ལྷུན་གྱིས་གྲུབ༔ ཐུགས་ལྔར་ལྡན་ལ་ཕྱག་འཚལ་བསྟོད༔ སྭཱ༔ མཐའ་ཡས་མཉམ་པའི་ཞིང་ཁམས་དང༔ བཀོད་པ་ཁྱད་འཕགས་གཞལ་ཡས་ཁང༔ དག་པའི་རང་བཞིན་འཁོར་གྱི་ཚོགས༔ འོད་ཟེར་དྲུག་ཕྲག་བསམ་ཡས་འཕྲོ༔ ཐམས་ཅད་རང་གི་ངོ་བོས་གསལ༔ ཡོན་ཏན་ལྔ་ལྡན་ཕྱག་འཚལ་བསྟོད༔ ཧཱ༔ ཉོན་མོངས་མ་རིག་མུན་པ་ཞི༔ ཡེ་ཤེས་ཆ་རྣམས་མ་ལུས་རྒྱས༔ གྱོང་ཞིང་མཁྲེགས་པ་དབང་དུ་བསྡུ༔ ཤིན་ཏུ་མི་བསྲུན་བརླག་པར་མཛད༔ དེ་ཀུན་དུས་གཅིག་ལྷུན་གྲུབ་པ༔ ཕྲིན་ལས་ལྔ་ལྡན་ཕྱག་འཚལ་བསྟོད༔ དེ་ནས་བཟླས་པ་བྱ་བ་ནི༔ ཀུན་གྱི་ཐུགས་ཀར་ཟླ་བའི་སྟེང༔ སོ་སོའི་ས་བོན་ཕྱག་མཚན་བཅས༔ དེ་མཐར་ཡི་གེ་བརྒྱ་པས་བསྐོར༔ འོད་འཕྲོས་སངས་རྒྱས་མཛད་པ་སྒྲུབ༔ བདག་དང་སེམས་ཅན་ཐམས་ཅད་ཀྱི༔ རྟོག་སྒྲིབ་ཐམས་ཅད་སྦྱོང་བར་གྱུར༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་བ༔ སུ་ཏོ་ཥྱོ་མེ་བྷ་བ༔ སུ་པོ་ཥྱོ་མེ་བྷ་བ༔ ཨ་ནུ་རཀྟོ་མེ་བྷ་བ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ༔ བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་བ༔ མ་ཧཱ་ས་མ་ཡ་སཏྭ་ཨཱ༔ དེ་བཞིན་དུ། ཨོཾ་བུདྡྷ་སཏྭ་ས་མ་ཡ༔ སོགས། ཨོཾ་རཏྣ་སཏྭ་ས་མ་ཡ༔ སོགས། ཨོཾ་པདྨ་སཏྭ་ས་མ་ཡ༔ སོགས། ཨོཾ་ཀརྨ་སཏྭ་ས་མ་ཡ༔ སོགས་ནས། ཀརྨ་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ རེ་རེ་བཞིན་དུ་བརྒྱ་རྩ་རེ༔ ཐུན་རེར་ལྔ་བརྒྱ་བཟླས་པ་ན༔ མཚམས་མེད་ལྔ་ཡི་སྡིག་ཀྱང་འབྱངས༔ ན་རག་གནས་སུ་མི་ལྟུང་ངོ༔ གཞན་ཡང་ཡང་སྙིང་བཟླ་བ་ནི༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཨོཾ་བུདྡྷ་སཏྭ་ཨོཾ༔ ཨོཾ་རཏྣ་སཏྭ་ཏྲཱཾ༔ ཨོཾ་པདྨ་སཏྭ་ཧྲཱི༔ ཨོཾ་ཀརྨ་སཏྭ་ཨཱ༔ དེ་ནས་བཤགས་པ་བྱ་བ་ནི༔ ཨོཾ༔ རྡོ་རྗེ་སེམས་དཔའ་དགོངས་སུ་གསོལ༔ གསང་མཆོག་སྡོམ་པ་འདི་མནོས་པས༔ འདའ་ཀ་ཁས་བླངས་དམ་ལས་གཡེལ༔ རྩ་བ་ཡན་ལག་དམ་ཚིག་གི༔ བསྲུང་མཚམས་རྣམས་ལ་འགལ་བ་ཀུན༔ སྙིང་ནས་འགྱོད་པས་བཤགས་པར་བགྱི༔ སླད་ནས་མི་འཆབ་མི་སྦེད་དོ༔ རྒྱལ་བ་རྣམས་ཀྱིས་བཟོད་པར་མཛོད༔ གསུམ་པ་རྗེས་ཀྱི་རིམ་པ་ལ༔ ཚོགས་ཀྱི་ལོངས་སྤྱོད་གཞུང་བཞིན་བཤམ༔ ཡེ་ཤེས་རཾ་ཡཾ་ཁཾ་གིས་སྦྱང༔ བྷྲཱུྃ་ལས་དབྱིངས་ཀྱི་བྷཉྫ་རུ༔ ཤ་ལྔ་བདུད་རྩི་རྣམ་པ་ལྔ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿའབར་བས༔ ཡེ་ཤེས་བདུད་རྩི་ལྔ་རུ་གྱུར༔ ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས༔ ཨོཾ༔ བདེ་གཤེགས་རྒྱལ་བ་རིགས་ལྔ་རྣམས༔ ཡེ་ཤེས་འདོད་ཡོན་ཚོགས་ལ་རོལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ བསོད་ནམས་ཡེ་ཤེས་སྤེལ་བར་མཛོད༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ཨཱ༔ གློ་བུར་འཁྲུལ་པའི་དྲི་མ་ཡིས༔ ཡེ་ཤེས་མ་མཐོང་སྒྲིབ་པ་ཡི༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ ཡེ་ཤེས་ཚོགས་ཀྱི་མཆོད་པས་བཤགས༔ ས་མ་ཡ་ཤུདྡྷེ་ཨ༔ ཧཱུྃ༔ མ་རིག་གཉིས་འཛིན་འཁྲུལ་པའི་བདུད༔ མཉམ་ཉིད་ཀ་དག་དབྱིངས་སུ་བསྒྲལ༔ དུག་གསུམ་ཤ་ཁྲག་ཚོགས་མཆོད་འདི༔ སྐུ་གསུམ་ཡེ་ཤེས་ཞལ་དུ་བསྟབ༔ མ་ཏྲཾ་རུ་དྲ་ག་ཎ་ཙཀྲ་ཁཱ་ཧི༔ ཕྱི་ནང་གསང་བའི་ཚོགས་ལ་རོལ༔ ལྷག་མ་ཐམས་ཅད་ཀུན་བསྡུས་ནས༔ རྡོ་རྗེ་རྒྱལ་པོས་ཞལ་ཆབ་བསྟབ༔ ཨོཾ་ཨཱཿཧཱུྃ༔ རང་རྩལ་རོལ་པའི་ཆོ་འཕྲུལ་ལས༔ ཡེ་ཤེས་ལས་གྲུབ་དེ་བཞིན་རྣམས༔ དཔལ་གྱི་ཕ་འབབ་འདི་གསོལ་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཧོ༔ བླ་མེད་ཡེ་ཤེས་ལས་བྱུང་བའི༔ བསོད་ནམས་མཐའ་ཡས་དམ་པ་དེས༔ མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ རྡོ་རྗེ་སེམས་དཔའ་ཐོབ་པར་ཤོག༔ འགྱུར་བ་མེད་པ་རང་གི་གཤིས༔ རྟག་ཅིང་བརྟན་པ་རྡོ་རྗེའི་གནས༔ རང་རིག་ཡེ་ཤེས་དབྱེར་མེད་པར༔ མངོན་སངས་རྒྱས་པའི་བཀྲ་ཤིས་ཤོག༔ དེ་ནས་བསྡུ་རིམ་བྱ་བ་ནི༔ བདག་གི་ཐུགས་ཀའི་འོད་ཟེར་གྱིས༔ སྣོད་བཅུད་རྟེན་བཅས་འོད་དུ་ཞུ༔ རིགས་ལྔ་ཡབ་ཡུམ་བཅས་པ་རྣམས༔ དྭངས་མའི་ཧཱུྃ་ལ་ཐིམ་པར་གྱུར༔ དེ་ཡང་ཀ་དག་ཀློང་དུ་བཞག༔ སླར་ཡང་རྡོ་རྗེ་སེམས་དཔའི་སྐུ༔ ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས༔ ཞིང་ཁམས་ཆེན་པོར་ལྷུན་གྱིས་གྲུབ༔ རང་རྩལ་རིག་པའི་ཀློང་དུ་བསྒོམ༔ དེ་ནས་རྒྱུན་གྱི་སྤྱོད་ལམ་བྱ༔ ཉམས་ཆག་རྟོག་སྒྲིབ་མ་ལུས་སྦྱང༔ ཚེ་གཅིག་ཉིད་ལ་སངས་རྒྱས་ཐོབ༔ ཀུན་གྱི་ཡང་དྲིལ་ཤིན་ཏུ་ཟབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁོ་བོ་ཨོ་རྒྱན་མཆོག་གྱུར་གླིང་པས་ཁམས་ཕྱོགས་གནས་ཆེན་ཉེར་ལྔའི་ནང་ཚན་སེང་གནམ་བྲག་ནས་སྤྱན་དྲངས་པའི་ཤོག་སྡེ་ལས་ལེགས་པར་ཕབ་པའི་ཡི་གེ་པ་ནི་རང་གི་ལུང་ཟིན་གྱི་སློབ་མ་ཤེས་རབ་རྒྱལ་མཚན་ནོ།། ༁ྃ༔ རྡོར་སེམས་ཐུགས་ཀྱི་སྙིང་པོའི་སྒྲུབ་ཐབས་སྙིང་པོ་དོན་གསལ་བཞུགས་སོ༔ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ དེ་ཉིད་སྒྲུབ་པའི་རྣལ་འབྱོར་པས་གནས་དབེན་པར་དཀོན་མཆོག་ལ་མཆོད་པ་འབུལ༔ ངན་ལོང་ལ་སྦྱིན་པ་གཏང༔ སྲོག་བསླུ་དང་ཉེའུ་འདོན་བྱ༔ སཱཙྪ་གདབ༔ ཆུ་གཏོར་གཏོང༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད༔ བགེགས་བསྐྲད་མཚམས་བཅད༔ སྲུང་འཁོར་བསྒོམ༔ དཀྱིལ་འཁོར་ཚུལ་བཞིན་བྲི༔ རང་བྱུང་གི་ཤེལ་ལ་དམ་ཚིག་གི་སྐུ་བྲིས་པ་དཀྱིལ་འཁོར་གྱི་དབུས་སུ་བཞག༔ མཆོད་གཏོར་གྱི་ཚོགས་རྒྱས་པར་བཀྲམ༔ ཆོས་ཐམས་ཅད་དམིགས་མེད་སྤྲོས་པ་དང་བྲལ་བ་ལས་རང་གི་རིག་པ་ཧཱུྃ་སྔོན་པོ་ཞིག་ཏུ་བསྒོམ༔ དེ་ལ་བྱང་ཆུབ་ནས་དེ་ཉིད་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བར་ཧཱུྃ་མཐིང་གས་མཚན་པ་འོད་ཟེར་འབར་བར་བསྒོམ༔ དེ་དག་ཀྱང་ཆེ་ཆུང་ཇི་ལྟར་བསྒོམས་ཀྱང༔ རྣལ་དུ་འབྱོར་ནས་དེའི་འོད་ཟེར་ལས་རྡོ་རྗེ་སྲུང་བའི་གུར་ཁང༔ དེའི་ནང་དུ་ནམ་མཁའ་རླུང་ཆུ་མེ་ས་རི་རབ་ཀྱི་སྟེང་དུ་བྷྲཱུྃ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་གྲུ་ཆད་མུ་རན་ཁོར་ཡུག་དང་བཅས་པ་གསལ་བར་བསྒོམ༔ དེ་ནས་རིགས་ལྔའི་ས་བོན་ཕྱག་མཚན་ལས་རྡོ་རྗེ་སེམས་དཔའ་རིགས་ལྔ་གསལ་བར་བསྒོམ༔ ཡེ་ཤེས་པ་སྤྱན་དྲང༔ གཉིས་མེད་བསྟིམ༔ མཆོད་བསྟོད་བྱ་ཞིང༔ དང་པོ་བསྙེན་པ་ནི༔ ལྷ་རྣམས་གསལ་བཏབ་ཅིང༔ སྙིང་པོ༔ ཧཱུྃ་བཛྲ་དྷྲྀཀ྄༔ སོགས་བཟླ་ཉེ་བའི་བསྙེན་པ༔ ཐུགས་ཀར་ས་བོན་ཕྱག་མཚན་ཡི་གེ་བརྒྱ་པའི་སྔགས་ཕྲེང་དང་བཅས་པ་བཀོད་པ་ལས་འོད་ཟེར་འཕྲོས༔ དོན་གཉིས་བྱས་པར་བསམ་ལ་ཡི་གེ་བརྒྱ་པ་བཟླ༔ སྒྲུབ་པ་སྣང་སྲིད་ཐམས་ཅད་ལྷ༔ གྲགས་པ་ཐམས་ཅད་སྔགས༔ དྲན་རྟོག་ཐམས་ཅད་འཛིན་མེད་ཤར་གྲོལ་གྱི་ངང་དུ་ཡི་གེ་བརྒྱ་པ་བཟླས་པར་བྱའོ༔ སྒྲུབ་པ་ཆེན་པོ་ནི༔ སྔགས་ཕྲེང་བྱང་སེམས་ཀྱི་རང་བཞིན་ཡབ་ཀྱི་ཞལ་ནས་ཐོན༔ ཡུམ་གྱི་ཞལ་དུ་སོང༔ སྐུའི་དབྱིབས་བརྒྱུད་མཁའ་གསང་ནས་ཐོན༔ རྡོ་རྗེའི་ལམ་ནས་ཚུར་ཐོན་ཏེ་རང་གི་སྙིང་ཁར་ཐིམ་པར་བསམ་ལ་བདེ་བ་ཆེན་པོའི་ངང་དུ་མཉམ་པར་བཞག༔ ཕར་འཕྲོས་པས་མདུན་བསྐྱེད་ཀྱི་ཐུགས་དམ་བསྐུལ༔ ཚུར་འཕྲོས་པས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ༔ ཚོགས་ཀྱི་འཁོར་ལོ་བྱས་ལ་དཀྱིལ་འཁོར་གྱི་ལྷ་རང་ལ་ཐིམ་པར་བསམས་ཤིང་ཤེལ་སྐུ་རང་གི་སྤྱི་བོར་བླང༔ འབྲལ་མེད་ལུས་ལ་འཆང༔ བསྡུ་རིམ་བྱ་ཞིང་སྨོན་ལམ་དང་བཀྲ་ཤིས་རྒྱས་པར་བྱའོ༔ དེས་ནི་མཆོག་ཐུན་མོང་གི་དངོས་གྲུབ་འབད་མེད་དུ་ཐོབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ རྡོར་སེམས་ཐུགས་ཀྱི་སྙིང་པོའི་རྫོགས་རིམ་ཟབ་ཁྲིད་བཞུགས་སོ༔ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ དེ་ཡང་འཁོར་བ་ལ་སྐྱོ་ཤས་ངེས་འབྱུང་དྲག་པོས་ཐར་པ་དོན་དུ་གཉེར་བ་དག་གིས༔ དབེན་པར་བདེ་བའི་སྟན་ལ་ལུས་གནད་ཆོས་བདུན་དང་ལྡན་པར་བྱས་ཏེ༔ རླུང་རོ་ལན་གསུམ་བསལ༔ བླ་མ་ལ་མོས་གུས་ཚད་མེད་པར་བསྒོམ༔ རང་ཉིད་རྡོ་རྗེ་སེམས་དཔར་གསལ་བའི་ལུས་ཀྱི་དབུས་སུ་རྩ་དབུ་མ༔ གཡས་གཡོན་གཉིས་སུ་རོ་རྐྱང༔ གནས་བཞི་རུ་རྩ་འཁོར༔ རྐྱེན་གྱི་འཁོར་ལོ་བཅས་པ་གསལ་བཏབ༔ དེ་ནས་སྣ་བུག་ནས་རླུང་རིགས་ལྔ་དལ་བུས་བརྔུབས་པའི་རྐྱེན་གྱིས་འཁོར་ལོ་གཉིས་བསྐུལ༔ དབུ་མའི་ཡར་སྣེ་བྱང་ཆུབ་སེམས་ཀྱི་ཧཾ་ཡིག་ཞུ༔ ཐིག་ལེ་དཀར་དམར་གྱིས་ལུས་སྟོད་སྨད་གང༔ ཀུན་ལ་ཁྱབ་པའི་བདེ་བ༔ བདེ་སྟོང་གི་ཉམས་ལ་མཉམ་པར་བཞག༔ དེ་ནས་ལུས་སྟོད་སྨད་འོད་དུ་ཞུ་ནས་ཐུགས་ཀའི་དྭངས་མའི་ཐིག་ལེ་ཁ་དོག་ལྔ་ལྡན་དུ་གྱུར་པ་ལ་སེམས་བཟུང༔ དེ་ཡང་མི་དམིགས་པར་མཉམ་པར་བཞག༔ ཡང་ཕྱག་རྒྱ་མཚན་ལྡན་རྒྱུད་སྦྱངས་པ༔ རང་གི་ཡུམ་དང་བཅས་པ་རྡོར་སེམས་ཡབ་ཡུམ་དུ་བསྒོམས་ལ་རྩ་འཁོར་རྣམས་གསལ་བཏབ༔ གསང་བ་གཉིས་རྡོ་རྗེ་དང་པདྨ༔ ཧཱུྃ་དང་མཱུཾ་ཡིག་གིས་མཚན་པ་གསལ་བཏབ༔ འདོད་ཡོན་ལྔ་འཛིན་མེད་དུ་སྙོམས་པར་ཞུགས་པའི་རྐྱེན་གྱིས་ཆགས་པས་གཏུམ་མོའི་མེ་བསྐུལ༔ ཐིག་ལེ་སྔར་བཞིན་ཞུ་ནས་དགའ་བ་བཞིའི་ངོ་བོ་ལ་བལྟས༔ མཐར་ཐིག་ལེ་ནོར་བུའི་རྩེར་ཕྱིན་པས༔ ལྷན་སྐྱེས་ཡེ་ཤེས་ཀྱི་ངོ་འཕྲོད་ནས་སླར་ཡང་སྤྱི་བོའི་བར་གྱེན་དུ་ལྡོག་པས་ལུས་ལ་ཁྱབ་པར་བཀྲམ་སྟེ་བདེ་བ་འཛིན་མེད་ཀྱི་ཉམས་བསྐྱང་ངོ༔ དེ་ནས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ༔ རང་གི་ལུས་སྟོད་སྨད་ཀྱང་འོད་ཀྱི་ཕུང་པོར་ཡལ་ནས་ཨ་དཀར་པོར་གྱུར༔ དེ་ལ་ཅུང་ཟད་སེམས་བཟུང་ལ་མི་དམིགས་པའི་ངང་དུ་མཉམ་པར་བཞག༔ དེའི་ཚེ་ན་སེམས་ལ་གཟུགས་དང་ཁ་དོག་དམིགས་པའི་ཡུལ་གང་ཡང་མེད་པའོ༔ ཡེངས་དང་མ་ཡེངས་འཁྲུལ་དང་མ་འཁྲུལ་གྱི་ངོ་བོ་ལ་བལྟས་པས་འཛིན་མེད༔ ཞེན་མེད༔ རང་གསལ་ཐ་ལེར་བརྗོད་མེད་ཀྱི་ཉམས་འཆར་རོ༔ དེ་བཞིན་དུ་རྣམ་རྟོག་གང་ཤར་དེའི་ཐོག་ཏུ་མཉམ་པར་བཞག་པས་གང་ཤར་འཛིན་མེད་དུ་གྲོལ་ལོ༔ སྤྱོད་ལམ་ཀུན་ཏུ་ཅི་འདྲེས་སུ་བྱའོ༔ རེ་དོགས་སྤང་བླང་བཟོ་བཅོས་དང་བྲལ་བའི་ངང་དུ་མཉམ་པར་བཞག་པས་དབྱེར་མེད་གཅིག་ཆོད་རྟོགས་གྲོལ་དུས་མཉམ་དུ་འབྱུང་བ་ཤིན་ཏུ་ཟབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ རྡོར་སེམས་ཐུགས་ཀྱི་སྙིང་པོ་ལས༔ བསྙེན་སྒྲུབ་རྒྱུན་གྱི་རྣལ་འབྱོར་བཞུགས་སོ༔ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ རྒྱུན་གྱི་རྣལ་འབྱོར་ནི༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད༔ ཆོས་རྣམས་མི་དམིགས་པའི་ངང་ལས་རང་གི་རིག་པ་ཧཱུྃ་མཐིང་ཁ༔ དེའི་འོད་ཟེར་གྱིས་ཡེ་ཤེས་སྲུང་བའི་གུར་ཁང་མེ་དཔུང་འབར་བའི་ནང་དུ༔ པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུ་ལ༔ སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི༔ པདྨ་ཉི་ཟླའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ༔ དེ་ལས་འོད་འཕྲོས་རྒྱལ་བ་ཐམས་ཅད་མཆོད༔ འགྲོ་བའི་སྒྲིབ་པ་སྦྱངས༔ སངས་རྒྱས་ཀྱི་ས་རུ་བཀོད༔ བདེ་གཤེགས་རྣམས་ཀྱི་བྱིན་རླབས་ཚུར་བསྡུས་ཡོངས་སུ་གྱུར་པ་ལས༔ དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་ནམ་མཁའ་དྭངས་པ་ལྟ་བུ༔ ཞལ་གཅིག་ཕྱག་གཉིས་མཚན་བཟང་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་སྤྲས་པ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་ཅིང༔ གཡོན་པས་དྲིལ་བུ་དཀུར་བརྟེན་པ༔ ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པའི་པང་དུ་ཡུམ་དབྱིངས་ཕྱུག་མ་མཐིང་ག་རྡོ་རྗེ་དང་དྲིལ་བུ་འཛིན་པས་འཁྱུད་པ༔ གཉིས་ཀའང་དབུ་སྐྲ་ཐོར་ཚུགས་རིན་པོ་ཆེའི་རྩེ་བྲན་དབུ་རྒྱན་དར་དཔྱངས་ཀྱིས་མཛེས་པ༔ དར་དཀར་པོ་གསེར་རིས་ཅན་གྱི་སྟོད་གཡོགས་དང༔ འཇའ་ཚོན་ལྟ་བུ་སྣ་ཚོགས་པའི་ཤམ་ཐབས༔ པ་ཏི་ཁྲ་བོ༔ དར་གྱི་ཕུ་དུང༔ ཟི་ལྡིར་སྣ་ཚོགས་འཕྱང་བ༔ སྙན་ཆ༔ མགུལ་རྒྱན༔ སེ་མོ་དོ༔ དོ་ཤལ༔ དཔུང་རྒྱན༔ ཕྱག་གདུབ༔ ཞབས་གདུབ༔ འོག་པགས་སྔོན་པོའི་སྟེང་དུ་གསེར་གྱི་སྐ་རགས་ལ་དྲྭ་བ་དང་དྲྭ་བ་ཕྱེད་པས་སྤྲས་ཤིང་གཡེར་ཁ་འཁྲོལ་བས་མཛེས་པ༔ ཞི་བའི་ཉམས་དགུ་དང་ལྡན་པ༔ འོད་ཟེར་མཐའ་ཡས་པ་སྤྲོ་བའི་བདག་ཉིད་ཅན་དུ་བཞུགས་པར་གྱུར༔ ཉོན་མོངས་པ་ལྔ་ཡེ་ནས་དག་པའི་ཡེ་ཤེས་ལྔའི་པྲོག་ཞུའི་ཁང་བུ་ལ་རྒྱལ་བ་རིགས་ལྔ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་འདུས་པའི་བདག་ཉིད་ཅན་དུ་གྱུར༔ དེའི་ཐུགས་ཀར་པདྨ་དང་ཟླ་བའི་གདན་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བ་ལ༔ ཟླ་བའི་སྟེང་དུ་ཧཱུྃ་སྔོན་པོ་རྟག་ཏུ་འཆར་བའི་རང་བཞིན་ཅན་ཏུ་གྱུར༔ ཧཱུྃ་བཛྲ་དྷྲྀཀ྄༔ མཱུཾ་དྷཱ་ཏྭཱི་ཤྭ་རཱི་སཏྭཾ༔ ཞེས་བཟླའོ༔ ཐུན་བསྡུ་བའི་སྐབས་སུ༔ སྣང་སྲིད་ཐམས་ཅད་རྡོ་རྗེ་སེམས་དཔའི་ཞིང་ཁམས་སུ་གྱུར་པ་རང་ལ་བསྟིམ༔ རང་ཉིད་ཀྱང་འོད་དུ་ཞུ་ནས་ཐུགས་ཀའི་ཧཱུྃ་ལ་ཐིམ༔ དེ་ཡང་མི་དམིགས་པའི་ངང་དུ་བཞག༔ སླར་ཡང་ཆུ་ལས་ཉ་ལྡང་བའི་ཚུལ་དུ་རང་ཉིད་རྡོ་རྗེ་སེམས་དཔར་གསལ་བའི་གནས་གསུམ་དུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ངོ་བོ་ཨོཾ་ཨཱཿཧཱུྃ་གསལ་བ་རྡོ་རྗེའི་ལུས་སུ་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ༔ སྣང་བ་ཐམས་ཅད་ལྷ༔ གྲགས་པ་ཐམས་ཅད་སྔགས༔ དྲན་རྟོག་ཐམས་ཅད་གང་ཤར་འཛིན་མེད་ཀྱི་ངང་དུ་མཉམ་པར་བཞག་གོ༔ དེ་ནས་བསྔོ་ཞིང་སྨོན་ལམ་བཏབ༔ དེ་ལྟར་རྒྱུན་དུ་བརྩོན་པས་སྒྲིབ་པ་ཐམས་ཅད་དག་ནས་དངོས་གྲུབ་ཐམས་ཅད་ངང་གིས་འགྲུབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔
ཡང་གསང་ཨེ་རིང་རྣལ་མ་འཇམ་དཔལ་ཞི་ཁྲོའི་ལྷ་རྒྱུད་ཡོངས་སུ་རྫོགས་པའི་དྲག་སྔགས་ཀྱི་རྒྱལ་ (Volume 17, Text 7)
ཡང་གསང་ཨེ་རིང་རྣལ་མ་འཇམ་དཔལ་ཞི་ཁྲོའི་ལྷ་རྒྱུད་ཡོངས་སུ་རྫོགས་པའི་དྲག་སྔགས་ཀྱི་རྒྱལ་པོ་ནི། ཨོཾ་ཨྱཻ་ཨྱཻ་ཨྱཻ། ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་ཡེ། ཀཱ་ལ་རཱུ་པ་ཀ་པ་ཡེ། ཧྲཱིཿཥྚི་ཨ་པ་ཡེ། ཨ་ཨ་ནེ་ཨ་ནེ། ཨུ་ཨུ་ནེ་ཨུ་ནེ། དུ་དུ་ནེ་དུ་ནེ། ཨ་ཨི་ཨུ་ཨེ་ཨོ་ཨཾ། ར་རཱི་ལ་ལཱི། དུ་རུ་ཡེ། བྱ་ཙ་ཡེ། སིང་ཧ་ཡེ། ཧྲི་ད་ཡེ། བྷི་ཏ་ཡེ། ཙིཏྟ་ཡེ། ཧ་ལ་ཡེ། མུ་ཀ་ཡེ། ཨུ་ཨུ་ནེ་ཨུ་ཨུ་ནེ། བྱི་ཏྲི་ཏ། ཨ་ཨ་ནན། ཡ་མ་རཱ་ཙ། ཡ་མ་རཀྴ། ཡ་མ་རཀ་ཨ། ཡ་མ་རཀྵ། བཻ་ཏཱ་ལི་ཀྲོ་ཏཱི་ཤྭ་རི་མ་མ་ཨེ་ཀ་ཙཱ་ཏི། དེ་མ་ཁ་ལ་བཾ་རིལ་རུ་ལུ་རུ་ལུ་ཤྲཱི་བཛྲ་ཀྲོ་ཏ་ཡ་མ་ཀརྨ་རོ་ཥ་ཎ་ཀྲོ་དྷ་ཙཎྜ་རཀྴ་མོན་ཏ། ཨཱཿཧཱུྃ་ཛཿ ཨྱཻ་རིང་གི་རཀྴ་མོནྟའི་མཚམས་སུ་གཟིར་བ་གཡུ་སྤྱང་གི་ཤམ་བུ་ནི། གནོད་བྱེད་ཨ་མུ་ཀ་མྱགས་ཐུམས་རིལ་ཏྲིག་ནན་སྦུར་ཡ་ནནཿ ཨེ་ཧུར་ཐུམས་ཛཿ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ་ཞེས་པ་ཉིད་དོ། །ཟློག་པ་གཡུའི་སྤྱང་མོ་ནི། ༈ རྩ་བ་མོནྟའི་མཚམས་སུ། ཕ་རོལ་བསམ་སྦྱོར་ངན་པའི་བྱད་ཁ་རྦོད་གཏོང་སོགས་འགལ་རྐྱེན་བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་ཨེ་ནན་ཡཾ་ཟློག་འདྲིད་བྷྱོཿ ཨེ་ཧུར་ཐུམས་ཛཿ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ། ཞེས་དང་། ཨོཾ་ཧྲཱིཿཥྚི་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། ཨོཾ་ཤ་རི་བྷྱོ་ཟློག །མ་རི་བྷྱོ་ཟློག །ཁྲག་མ་མ་བྷྱོ་ཟློག །ཙི་རི་སྙིང་བྷྱོ་ཟློག །སྙིང་བྷྱོ་ཟློག །མ་ཏི་ཐོད་ཁྲག་ཛ་བྷྱོ་ཟློག །ཁྲག་ཏི་སྙིང་ལ་ཡ་བྷྱོ་ཟློག །ནི་ཏྲི་ཆོད་ཟློག །ནཱ་ག་ཆོད་ཟློག །མུ་ལོ་ཆོད་ཟློག །ཤ་ལོ་ཆོད་ཟློག །ཤ་ལ་ཀྱིང་ཀྱིང་བྷྱོ་ཟློག །ས་མ་ཡ་ཨ་ཏི་པྲ་མ་ན་ཡ། ནི་སཱ་ར་ནི་བྷྱོ་བྷྱོ་ཟློག་ཟློག །འཆར་ཁ་ནག་པོའི་སྔགས་གྲོང་ཁྱེར་བཅོ་ལྔ་པའོ། ༈ །སྟོང་ཚིགས་ཀྱི་མཆོད་བསྟོད་ནི། ཧཱུྃ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་ཉམས་ཆག་འགལ་འཁྲུལ་བཤགས། །མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ། །མ་ཧཱ་ཨ་མྲྀཏ་རཀྟ་བ་ལིངྟ་སརྦ་པཱུ་ཛ་ཁཱ་ཧི། ཞེས་སོ་མངྒ་ལཾ།། །།
རྗེ་བཙུན་འཕགས་མ་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་འཆི་མེད་གཏེར་བུམ་ (Volume 36, Text 7)
༄༅། །རྗེ་བཙུན་འཕགས་མ་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་འཆི་མེད་གཏེར་བུམ་ཞེས་བྱ་བ་བཞུགས་སོ། ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཕྱོགས་དུས་རྒྱལ་བ་སྲས་བཅས་སྐྱེད་པའི་ཡུམ། །ཚེ་དབང་བཅུད་སྦྱིན་འཕགས་མའི་ཞབས་པད་ལ། །མི་ཕྱེད་གུས་པས་ཕྱག་འཚལ་སྐྱབས་གསོལ་ན། །འདི་བཟུང་ཚེ་རབས་ཀུན་ཏུ་རྗེས་འཛིན་སྩོལ། །འཕྱིང་བར་བང་སོའི་གསང་གཏེར་བཅུད། །ཇོ་མོའི་ནང་སྒྲུབ་ཟབ་པའི་ཕུལ། །ལྷ་དང་བླ་མ་དབྱེར་མེད་པས། །རྗེས་གནང་ཇི་བཞིན་ཉུང་གསལ་འགོད། །སྐྱིད་གྲོང་རིག་འཛིན་ཆེན་པོ་ཐུགས་མཆོག་རྡོ་རྗེའི་ཟབ་གཏེར་ལས་བྱོན་པའི་མཚོ་རྒྱལ་ནང་སྒྲུབ་འཕགས་མ་ཡིད་བཞིན་འཁོར་ལོའི་སྨིན་གྲོལ་གདམས་པའི་སྙིང་པོར་དྲིལ་བ་འདི་ལ་གཉིས། སྒྲུབ་པའི་ཐབས་དང་། སློབ་མ་རྗེས་སུ་འཛིན་པའོ། །དང་པོ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི། གཙང་ཞིང་དགེ་བའི་གནས་སུ་སྟེགས་བུ་ཁེབས་ལྡན་གྱི་སྟེང་དཀྱིལ་འཁོར་པདྨ་འདབ་བཞི་ཕྱོགས་མདོག་ཅན་ནམ་འབྲུ་དཀར་གྱི་ཚོམ་བུ་གཙོ་བོ་གཅིག་ལ་འཁོར་ཉེར་གཅིག་བཀོད་པའི་ཁར་མཉྫིའི་སྟེང་དུ་བུམ་པ་གངས་ཆུ་དང་ཉེར་ལྔའི་རྫས་ཀྱིས་བལྟམས་པ་མགུལ་ཆིངས་དཀར་པོ་ཅན་བཞག །དེ་སྟེང་བནྡྷ་ཨ་མྲྀཏས་བཀང་བ་དར་དམར་གྱིས་བཀབ་པའི་སྟེང་མེ་ལོང་དྲི་མེད་དང་ཤེལ་རྡོ་བཀོད། གཡས་སུ་ཚེ་རིལ། གཡོན་དུ་མདའ་དར། རྒྱབ་ཏུ་ཚེ་ནས། མདུན་དུ་སྨན་རག་གཏོར་གསུམ། ཞི་མཆོད་གཡས་སྐོར། བྱང་ཤར་དུ་ལས་བུམ། ཚོགས་གཏོར་སོགས་དགོས་པའི་ཡོ་བྱད་རྣམས་ཀྱང་ཚོགས་པར་བྱའོ། །དེ་ནས་ཐོག་མར་དཀར་བགེགས་མཚམས་བཅད་སྤྱི་འགྲེ་ལྟར་བྱ། སྐྱབས་སུ་འགྲོ་བ་ནི། ན་མོ༔ རང་སྣང་དག་པའི་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་ཙཎྜ་ལཱི༔ ལས་ཀྱི་དབང་མོ་ནཱ་གཱརྫུ༔ རིག་འཛིན་པདྨ་འབྱུང་གནས་དང༔ བླ་མ་རྗེ་བཙུན་འཕགས་མ་ལ༔ བདག་སོགས་གུས་པས་སྐྱབས་སུ་མཆི༔ འཁོར་བའི་འཁྲུལ་འཁོར་གཞོམ་དུ་གསོལ༔ ལན་གསུམ། སེམས་བསྐྱེད་པ་ནི། ན་མོ༔ བདག་གིས་འཕགས་མ་ཁྱོད་བསྒྲུབས་པས༔ ཚོགས་གཉིས་ཡོངས་སུ་སྨིན་ནས་ཀྱང༔ བདེ་གཤེགས་མཛད་པ་བདག་གིས་བསྒྲུབ༔ ཕ་རོལ་ཕྱིན་དྲུག་ལ་གནས་པས༔ འགྲོ་ཀུན་མཆོག་ཏུ་འགོད་པར་བགྱི༔ གསུམ། ཚོགས་གསག་པ་ནི། ཧོ༔ འཕགས་མ་དཀོན་མཆོག་འཁོར་བཅས་ལ༔ རབ་ཏུ་དད་པས་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ༔ ལས་དང་ཉོན་མོངས་ཅི་མཆིས་བཤགས༔ འགྲོ་དོན་མཛད་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བར་སྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་བ་བསོད་ནམས་ཅི་བསགས་པ༔ འགྲོ་ཀུན་ཡོངས་ལ་བསྔོ་བར་བགྱི༔ མཆོད་པ་བྱིན་བརླབ་ནི། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང། བྷྲཱུྃ་ལས་རིན་ཆེན་སྣོད་ཡངས་སུ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿདང་ནི། །ཨ་ལས་ཐོད་པར་ཨོཾ་ཨཱཿཧཱུྃ། །ཞུ་བ་ལས་བྱུང་ཉེར་སྤྱོད་དང་། །འདོད་ཡོན་སྨན་རཀ་གཏོར་མ་སོགས། །ཕྱི་ནང་གསང་བའི་མཆོད་སྤྲིན་ནི། །ཟད་མེད་ནམ་མཁའ་གང་བར་གྱུར། །ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བརླབ་བོ། །གཉིས་པ་དངོས་གཞི་ལ། དང་པོ་བདག་མདུན་དམ་ཚིག་པ་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ བདག་གཞན་སྣོད་བཅུད་མི་དམིགས་སྟོང་པའི་ངང༔ སྟེང་འོག་ཕྱོགས་ཀུན་རིན་ཆེན་འབར་བའི་དལ༔ འོད་ཟེར་ལྔ་ལྡན་ཀུན་ནས་རབ་འཁྲུགས་པ༔ མི་ཤིགས་སྲ་བརྟན་གསེར་འཁོར་རྩིབས་སྟོང་སྟེང༔ པད་དཀར་ཟླ་སྟེང་ཏཱཾཿཡིག་དཀར་གསལ་ནི༔ རིང་ཆ་ཚེག་དྲག་ཅན་ལས་ལྔ་ལྡན་གྱི༔ འོད་ཟེར་འཕྲོ་འདུས་ཡིད་བཞིན་འཕགས་མའི་སྐུ༔ དཀར་གསལ་གསེར་འོད་ཞི་འཛུམ་སྤྱན་བདུན་ལྡན༔ ཞལ་གཅིག་ཕྱག་གཉིས་གཡས་པ་མཆོག་སྦྱིན་རྒྱ༔ གཡོན་པ་ཨུཏྤལ་དཀར་པོའི་ཡུ་བ་ཉིད༔ མཐེབ་སྲིན་གྱིས་འཛིན་སྙན་གཡོན་མེ་ཏོག་རྒྱས༔ ཕྱག་ཞབས་མཐིལ་དུ་ཞི་བའི་སྤྱན་རས་མཚན༔ ཞབས་གཉིས་ཕྱེད་སྐྱིལ་བཅུ་དྲུག་ལང་ཚོ་ཅན༔ དབུ་སྐྲ་མཐོན་མཐིང་སེར་འབོལ་སྤྱི་བོར་བཅིངས༔ ཟར་བུ་འཕྱང་ཞིང་དར་སྔོན་ཅོད་པན་འཕུར༔ དར་ལྔའི་སྟོད་གཡོགས་དར་དམར་སྨད་དཀྲིས་བཀླུབས༔ དབུ་རྒྱན་སྙན་རྒྱན་ཕྱག་གདུབ་ཞབས་གདུབ་དང༔ དོ་ཤལ་དཔུང་རྒྱན་སེ་མོ་དོ་ལ་སོགས༔ རིན་ཆེན་རྒྱན་མཛེས་འོད་སྐུ་དྲྭ་བའི་གཟུགས༔ འཇའ་ཟེར་འོད་ལྔ་འཕྲོ་བའི་ཀློང་ན་འགྱིང༔ ཙིཏྟ་པད་དམར་འདབ་བརྒྱད་ཁ་ཟུམ་པའི༔ ནང་དུ་གསེར་འཁོར་རྩིབས་བརྒྱད་དབུས་དང་ནི༔ རྩིབས་སྟེང་ཟླ་དཀྱིལ་ཏཱཾཿཡིག་སྔགས་འབྲུ་རེ༔ རང་སྒྲ་དང་བཅས་གཡས་སུ་འཁོར་བར་གྱུར༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཏཱཾཿཡིག་ལས་འཕྲོས་འོད་ཀྱིས་མདུན་གྱི་དལ༔ པད་དཀར་འདབ་སྟོང་ཟླ་དཀྱིལ་ཏཱཾཿཡིག་ལས༔ ཡིད་བཞིན་འཁོར་ལོ་ཚེ་སྦྱིན་ལྷ་མོ་ནི༔ རབ་དཀར་ཞལ་གཅིག་ཕྱག་གཉིས་ཞི་འཛུམ་ཞལ༔ ཕྱག་གཡས་མཆོག་སྦྱིན་ཨུཏྤལ་དམར་པོའི་སྟེང༔ དུས་གསུམ་སངས་རྒྱས་ཡེ་ཤེས་འོད་ཕུང་འབར༔ གཡོན་པ་མཉམ་གཞག་ཚེ་བུམ་བཅུད་ཀྱིས་བལྟམས༔ རྡོ་རྗེ་སྐྱིལ་ཀྲུང་ཞི་བའི་སྤྱན་བདུན་ལྡན༔ ལོངས་སྤྱོད་རྫོགས་སྐུ་དར་དང་རིན་ཆེན་མཛེས༔ དབུ་གཙུག་མགོན་པོ་འོད་དཔག་མེད་པས་མཚན༔ གསལ་འཚེར་ལྷུན་སྡུག་གཟི་བྱིན་འོད་དུ་འབར༔ འཁོར་ཡུག་འདབ་སྟེང་འཕགས་མ་ཉེར་གཅིག་ལ༔ སངས་རྒྱས་བྱང་སེམས་ཡི་དམ་དཔའ་བོ་དང༔ འབྱུང་ལྔའི་བཅུད་འཛིན་ཚེ་ལྷ་རིག་འཛིན་སོགས༔ ཏིལ་གང་ཕྱུར་ལྟར་ཐུགས་རྗེའི་རོལ་པར་གསལ༔ ཐུགས་རྗེ་ཀུན་སྒྲོལ་ཐུགས་ཀར་རྩིབས་བརྒྱད་ལ༔ ཟླ་སྟེང་ཏཱཾཿཡིག་སྔགས་ཕྲེང་གཡས་སུ་འཁོར༔ གནས་གསུམ་ཟླ་བ་པདྨ་ཉི་མ་ལ༔ ཨོཾ་ཨཱཿཧཱུྃ་གསལ་དེ་ལས་འོད་འཕྲོས་པས༔ མདུན་བསྐྱེད་རྒྱུད་བསྐུལ་ཐུགས་རྗེའི་འོད་ཟེར་གྱིས༔ རབ་འབྱམས་ཕྱོགས་བཅུའི་ཞིང་ཀུན་རབ་ཏུ་གཡོས༔ དྭངས་མའི་གཟི་འབར་སངས་རྒྱས་བྱང་སེམས་ཚོགས༔ འཕགས་མ་ཐུགས་རྗེ་ཀུན་སྒྲོལ་སྐུར་བཞེངས་ནས༔ ནམ་མཁའ་ས་གཞི་བར་སྣང་ཀུན་གང་སྟེ༔ བདག་མདུན་གཉིས་ལ་ཐིམ་པས་དབང་རྫོགས་གྱུར༔ གཉིས་པ་ཡེ་ཤེས་པ་དགུག་པ་ནི། ཨོཾ༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ ཐུགས་རྗེ་སྨོན་ལམ་ལས་སྤྲུལ་པའི༔ འཕགས་མ་སྒྲོལ་མ་འཁོར་བཅས་རྣམས༔ དད་པས་བདག་གིས་སྤྱན་འདྲེན་ན༔ བརྩེ་བས་དགོངས་ཏེ་གཤེགས་སུ་གསོལ༔ སྒྲུབ་པའི་སྐལ་ལྡན་བདག་ཅག་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཏཱ་རེ་བཛྲ་ས་མ་ཡ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི། ཨཱ༔ ཕོ་བྲང་གཞལ་ཡས་འོད་དུ་འབར༔ པདྨ་གེ་སར་ཟླ་བའི་སྟེང༔ བཅོམ་ལྡན་འཕགས་མའི་ཚོགས་རྣམས་ཀུན༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཨཱརྻ་ཏཱ་རེ་ས་མ་ཡ་ཏིཥྛ་ལྷན༔ བཞི་པ་ཕྱག་འཚལ་བ་ནི། ཧོ༔ དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ༔ འགྲོ་དྲུག་བུ་བཞིན་སྐྱོང་བའི་མ༔ རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ༔ ལྷ་མོ་ཐུགས་རྗེའི་ངང་ཅན་མ༔ བརྩེ་གདུང་མཁྱེན་སྟོབས་ནུས་པར་ལྡན༔ ཡིད་བཞིན་མ་ལ་ཕྱག་འཚལ་ལོ༔ དུས་མིན་འཆི་བ་ལ་སོགས་པ༔ མི་མཐུན་ཕྱོགས་རྣམས་ཀུན་སྐྱོབ་མ༔ སྐྱབས་ཆེན་མ་ལ་ཕྱག་འཚལ་ལོ༔ ཨཱརྻ་ཏཱ་རེ་ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ལྔ་པ་མཆོད་པ་འབུལ་བ་ལ་ཕྱི་མཆོད་ནི། ཧཱུྃ༔ དྲི་མེད་དག་པ་བདུད་རྩིའི་ཆུ༔ ཡན་ལག་བརྒྱད་ལྡན་དགེ་བའི་རྫས༔ ཞབས་བསིལ་ཞལ་བསིལ་མཆོད་ཡོན་སོགས༔ འཕགས་མའི་ཚོགས་ལ་དབུལ་བར་བགྱི༔ ཨོཾ་ཨཱརྻཱ་ཏཱ་རེ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ དེ་བཞིན་དུ་པཱ་དྱཾ་དང་། ཨཉྫ་མ་ནཾ་སྦྱར་བས་མཆོད། སྤྲོ་ན་མཎྜལ་གང་རུང་ལན་གསུམ་སོགས་དབུལ། ཧཱུྃ༔ སྟོང་གསུམ་འཇིག་རྟེན་ཕྱོགས་དུས་ཐམས་ཅད་དུ༔ འདོད་ཡོན་ལྔ་ལྡན་མཆོད་པའི་བྱེ་བྲག་ནི༔ དངོས་སུ་འབྱོར་དང་ཡིད་ཀྱིས་ལེགས་སྤྲུལ་ཏེ༔ རྒྱལ་ཡུམ་འཕགས་མའི་ཚོགས་ལ་དབུལ་བར་བགྱི༔ འགྲོ་ཀུན་ཚོགས་གཉིས་ཡོངས་སུ་སྨིན་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཏཱ་ར་དྷེ་བ་ཌཱ་ཀི་ནཱི་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་ཧཱུྃ༔ ནང་མཆོད་ནི། ཧཱུྃ༔ སྲིད་པར་གཏོགས་པའི་འཇིག་རྟེན་རབ་འབྱམས་ན༔ གཟུགས་སྒྲ་དྲི་རོ་རེག་ཆོས་ཇི་སྙེད་པ༔ རྡོ་རྗེ་འདོད་མའི་ཚོགས་སུ་མངོན་སྤྲུལ་ནས༔ འདོད་ཡོན་མཆོད་པ་དབང་པོ་རྣམས་ལ་འབུལ༔ འཕགས་མའི་ཚོགས་རྣམས་ཐུགས་དམ་བསྐངས་གྱུར་ནས༔ ཡེ་ཤེས་དབང་པོ་དྲུག་གི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་རཱུ་པ་ཤབྡ་གནྡྷེ་ར་ས་སྤར་ཤེ་དྷརྨ་མུ་དྲཱ་པྲ་ཏཱིཙྪ་ཧཱུྃ༔ གསང་མཆོད་ནི། ཧཱུྃ༔ སྐུ་ལྔ་རིགས་འདུས་རྗེ་བཙུན་འཕགས་མ་ལ༔ དུག་ལྔ་ངོ་བོ་རྣམ་པར་དག་པ་ཡི༔ ཡེ་ཤེས་ལྔ་ཡི་བདེ་བའི་མཆོད་པ་འབུལ༔ ཀུན་ཏུ་བདེ་བའི་མཆོད་པས་མཉེས་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ཏཱ་ར་ཛྙཱ་ན་སརྦ་པཱུ་ཙ་ས་མ་ཡེ་སྭཱ་ཧཱ༔ སྨན་རག་གཏོར་མཆོད་ནི། ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་སྦྱར་བདུད་རྩི་འདི༔ སློབ་དཔོན་གཉན་དང་ཡི་དམ་ལྷ༔ འཕགས་མ་བདེ་གཤེགས་མཁའ་འགྲོའི་ཚོགས༔ དམ་ཅན་གཏེར་བདག་རྣམས་ལ་མཆོད༔ དགྱེས་པར་དགོངས་ལ་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཞེས་མཆོད། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ༔ ཞེས་དངོས་གྲུབ་བླང་། ཧཱུྃ༔ ཐབས་ཤེས་རྟེན་འབྲེལ་རྒྱུ་ལས་བྱུང་བ་ཡི༔ བདེ་མཆོག་བདེ་སྤྱོད་རཀྟའི་མཆོད་པ་འབུལ༔ འཕགས་མའི་ཚོགས་རྣམས་ཐུགས་དམ་བསྐངས་གྱུར་ནས༔ བདག་འཛིན་འཁོར་བ་སྟོངས་པར་མཛད་དུ་གསོལ༔ ཏཱ་ར་དྷེ་བ་ཌཱ་ཀི་ནཱི་མ་ཧཱ་རཀྟ་པཱུ་ཛ་ཡེ་ཧཱུྃ༔ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡི་ཕུང་པོར་གསལ༔ དཔག་ཏུ་མེད་པའི་མཆོད་སྤྲིན་རྒྱ་མཚོ་འདིས༔ རྗེ་བཙུན་འཕགས་མའི་ཚོགས་རྣམས་མཉེས་གྱུར་ཅིག༔ ཚེ་དཔལ་ཡེ་ཤེས་རྒྱས་པའི་དབང་ཐོབ་ཤོག༔ ཨོཾ་ཏཱ་རཱ་དྷེ་བ་ཌཱ་ཀི་ནཱི་ཨ་མྲྀཏ་མ་ཧཱ་བ་ལིཾ་ཏ་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དྲུག་པ་བསྟོད་པ་ནི། ཨོཾ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ༔ འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ༔ ཡིད་བཞིན་འཁོར་ལོ་ཚེ་འཕེལ་མ༔ ལྷ་མོ་ཁྱོད་ལ་རྟག་ཏུ་འདུད༔ འཁོར་བ་ལས་སྒྲོལ་ཏཱ་རེ་མ༔ ཏུཏྟཱ་ར་ཡིས་འཇིགས་བརྒྱད་སྒྲོལ༔ ཏུ་རེས་ནད་རྣམས་ཀུན་ལས་སྐྱོབ༔ སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ བདག་ནི་དེང་ནས་བྱང་ཆུབ་བར༔ སྐུ་གསུང་ཐུགས་ཀྱིས་རྗེས་བཟུང་ནས༔ ཚེ་དཔལ་ཡེ་ཤེས་རྒྱས་པ་དང༔ བར་གཅོད་བདུད་ལས་རྒྱལ་བར་མཛོད༔ བདུན་པ་ཛཔ྄་བཟླ་བ་ནི། ཐུགས་སྲོག་མཐའ་མར་སྙིང་པོ་འབྲུ་བརྒྱད་པོ༔ གཡས་སུ་འཁོར་ལས་ལྔ་ལྡན་འོད་ཟེར་འཕྲོས༔ མདུན་བསྐྱེད་ལྷ་མོའི་རྒྱུད་བསྐུལ་སྔགས་ཕྲེང་བསྐོར༔ དེ་ལས་འོད་ཟེར་ནམ་མཁའ་གང་བར་འཕྲོས༔ སངས་རྒྱས་བྱང་སེམས་རིག་འཛིན་འཇིག་རྟེན་གྱི༔ ཞིང་ཀུན་གཡོས་ཤིང་ཚེ་བཅུད་དྭངས་མ་ནི༔ ཨ་ནྲྀ་ཛ་ཡི་རྣམ་པར་སྟོང་ཁམས་ཀུན༔ ཉི་ཟླའི་འོད་འབར་ཐེམ་མེར་གང་བ་རྣམས༔ མདུན་བསྐྱེད་ལ་ཐིམ་སྟོབས་དང་གཟི་བྱིན་འབར༔ སངས་རྒྱས་ཞིང་ཁམས་མ་ལུས་གཅིག་ཏུ་རྫོགས༔ མཁྱེན་དང་བརྩེ་བའི་འོད་སྟོང་ཕྱོགས་བཅུར་འཕྲོ༔ ཐུགས་ཀྱི་བདུད་རྩི་ལྔ་ལྡན་འོད་ཟེར་རྒྱུན༔ བར་མི་ཆད་པར་བདག་ཉིད་ཐུགས་ཀར་ཐིམ༔ ནད་གདོན་སྡིག་སྒྲིབ་བར་གཅོད་ཀུན་ཞི་ཞིང༔ གཟི་བརྗིད་འོད་འབར་འཁོར་འདས་སྟོབས་བཅུ་རྫོགས༔ སྣང་སྲིད་བརྟན་གཡོ་ཀུན་ལ་དབང་བསྒྱུར་བས༔ བསྐལ་བཟང་སྟོང་གི་བསྟན་པ་མ་རྫོགས་བར༔ ཚེ་གཅིག་བྱ་བ་བྱེད་པའི་ཡོན་ཏན་ལྡན༔ ཐུགས་རྗེའི་སྟོབས་ཀྱིས་བདེན་པ་འགྲུབ་གྱུར་ཅིག༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུརྫྙཱ་ན་པུཎྱེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བཟླ་བསྙེན་སྒྲུབ་སོགས་ཀྱི་སྐབས་ཛཔ྄་དམིགས་ཞིབ་ཆ་ནི་གཏེར་ཆེན་ཉིད་ཀྱིས་མཛད་པ་ལས་ཤེས་པར་བྱའོ། །བརྒྱད་པ་ཚེ་འགུགས་ནི། མདའ་དར་གཡབ་ལ། ཧཱུྃ༔ འོག་མིན་ཞིང་ཁམས་རབ་འབྱམས་ནས༔ རྩ་བ་བརྒྱུད་པའི་བླ་མ་རྣམས༔ ཐུགས་དམ་ཐུགས་རྗེས་དབྱིངས་ནས་བཞེངས༔ འཁོར་འདས་ཀུན་ནས་ཚེ་ཁུག་ལ༔ སྒྲུབ་མཆོག་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨཱ་ཡུཿསིདྡྷི་ཨཱ༔ སྣང་སྲིད་རྣམ་དག་ཕོ་བྲང་ནས༔ དཀྱིལ་འཁོར་གཉན་གྱི་ལྷ་ཚོགས་རྣམས༔ ཐུགས་དམ་ཐུགས་རྗེས་དབྱིངས་ནས་བཞེངས༔ འཁོར་འདས་ཀུན་ནས་ཚེ་ཁུག་ལ༔ སྒྲུབ་མཆོག་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུརྫྙཱ་ན་པུཎྱེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བརྗོད། རྩ་གསུམ་ཚེ་ཡི་ལྷ་ཚོགས་རྣམས༔ འཇའ་དང་འོད་དུ་མེ་རེ་རེ༔ སྐུ་དང་ཚོམ་བུར་ཤིགས་སེ་ཤིག༔ བཀྲག་དང་གཟི་མདངས་ཡ་ལ་ལ༔ བྱིན་རླབས་ཆར་རྒྱུན་སི་ལི་ལི༔ སྒྲུབ་རྫས་བདུད་རྩི་མེ་རེ་རེ༔ མ་རིག་རྟོག་པ་སངས་སེ་སང༔ གཟུགས་ཕུང་འོད་དུ་ཡ་ལ་ལ༔ བདག་ཉིད་རྡོ་རྗེའི་སྐུ་ཐོབ་ནས༔ འགྱུར་མེད་དབྱིངས་སུ་རྒྱས་ཐོབས་ཤིག༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུརྫྙཱ་ན་པུཎྱེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བརྗོད། དགུ་པ་ཐུན་མཚམས་ཀྱི་བྱ་བ་ནི། མཆོད་བསྟོད་མདོར་བསྡུས་འབུལ། ནོངས་བཤགས་ནི། ཧཱུྃ༔ ཐུགས་རྗེའི་རྣམ་འཕྲུལ་རྗེ་བཙུན་འཕགས་མའི་སྐུ༔ རྒྱལ་ཀུན་བསྐྱེད་ཡུམ་ཡིད་བཞིན་རྣལ་འབྱོར་མ༔ མི་ཕྱེད་གདུང་བའི་ཡིད་ཀྱིས་གསོལ་འདེབས་ན༔ མ་གདུང་བུ་བཞིན་བརྩེ་བའི་ཐུགས་རྗེས་གཟིགས༔ བདག་གིས་བླ་མེད་ཐེག་ཆེན་སྒོར་ཞུགས་ནས༔ རྩ་བ་ཡན་ལག་དམ་ཚིག་ཆག་ཉམས་རྣམས༔ གནོང་འགྱོད་དྲག་པོས་འཕགས་མའི་སྤྱན་སྔར་བཤགས༔ ཉེས་ལྟུང་སྒྲིབ་ཚོགས་བྱང་ཞིང་དག་པ་དང༔ ཚངས་པ་དོན་གྱི་དངོས་གྲུབ་བསྩལ་དུ་གསོལ༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཞེས་དང་ཡིག་བརྒྱ་བརྗོད། བཅུ་པ་མདུན་བསྐྱེད་བརྟན་བཞུགས་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ལ་གཤེགས་བཞུགས་མི་མངའ་ཡང༔ མཁྱེན་བརྩེ་ཐུགས་རྗེ་རོལ་པའི་ཕྱག་རྒྱ་སྔགས༔ ལྷམ་མེར་རྟག་ཏུ་གསལ་མཛད་བརྟན་པར་བཞུགས༔ བདེ་ལེགས་ཡིད་བཞིན་འབྱུང་བའི་བཀྲ་ཤིས་ཤོག༔ ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ ཞེས་བརྗོད་ལ་མེ་ཏོག་འཐོར་རོ། །གསུམ་པ་རྗེས་ཀྱི་བྱ་བ་ལ། དང་པོ་ཚོགས་མཆོད་ནི། ཇི་ལྟར་འབྱོར་པའི་ཚོགས་རྫས་བསང་ཆུས་བྲན་ལ་བྱིན་བརླབ་ནི། ཧཱུྃ༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་འཕྲོས་མེ་རླུང་ཆུས༔ རྣམ་རྟོག་བག་ཆགས་བསྲེག་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ་འཕྲོས་བདུད་རྩིར་ཞུ༔ འདོད་ཡོན་ནམ་མཁའ་མཉམ་པར་སྤེལ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ། མཆོད་པ་ནི། ཧཱུྃ༔ བདེ་ཆེན་དབྱིངས་ཕྱུག་གསང་བ་བྷ་གའི་ཀློང༔ རྣམ་དག་དམ་ཚིག་གསུམ་གྱི་སྒོ་འབྱེད་མ༔ ཨ་མ་མཚོ་རྒྱལ་ཐུགས་རྗེ་ཁྲོས་མའི་སྐུ༔ ལཱ་སྱཻ་དཀར་མོ་འཕགས་མ་ཚེ་ཡི་དཔལ༔ དབྱེར་མེད་ངོ་བོ་ཉིད་སྐུ་བཅོམ་ལྡན་མ༔ ཀུན་ལ་སྙོམས་པའི་ཐུགས་རྗེའི་སྤྱན་མངའ་བ༔ རྩ་གསུམ་བདེ་གཤེགས་འདུས་པའི་དཀྱིལ་འཁོར་དུ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔ་ཡི་བཅུད༔ ཞལ་ཟས་བདུད་རྩིའི་ཚོགས་མཆོད་དམ་པ་འདི༔ ཞལ་དུ་བསྟབ་བོ་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཐུགས་དམ་བསྐངས་ལ་དབང་དང་དངོས་གྲུབ་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བཤགས་པ་ནི། ཧོ༔ དབྱིངས་ཕྱུག་མཁའ་འགྲོའི་ལྷ་ཚོགས་དགོངས་སུ་གསོལ༔ བདག་ཅག་བླ་མེད་སྙིང་པོའི་སྒོར་ཞུགས་ནས༔ ནོངས་པར་སྤྱད་པའི་ཉེས་པ་ཅི་མཆིས་པ༔ ཀུན་ནས་ཡངས་པ་ཆོས་དབྱིངས་བྷ་གའི་ཀློང༔ འདོད་ཡོན་ལོངས་སྤྱོད་ཚོགས་ཀྱིས་བསྐངས་ཤིང་བཤགས༔ གཡར་དམ་སོར་ཆུད་མཆོག་གི་དངོས་གྲུབ་སྩོལ༔ ཅེས་དང་ཡིག་བརྒྱ་བརྗོད། ཚོགས་ལ་རོལ་པའི་མཐར་ལྷག་མ་བྱིན་བརླབས་ལ། ཧཱུྃ༔ དབྱིངས་ཕྱུག་དཔལ་གྱི་བཀའ་ཉན་རྣམས༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབས༔ ཕ་མ་རིགས་དྲུག་སེམས་ཅན་དང༔ ལན་ཆགས་བགེགས་རིགས་ཐམས་ཅད་ལ༔ བཀའ་ཡི་ཕམ་ཕབ་འདི་བསྔོས་པས༔ ཟག་མེད་བདུད་རྩིར་ལོངས་སྤྱོད་ཤོག༔ ཅེས་བསྔོ། དངོས་གྲུབ་བླང་བ་ནི། ཨོཾ༔ ཡེ་ཤེས་ལྷ་མོ་དགྱེས་པའི་འོད་རབ་འབྱིན༔ འབྱུང་ལྔ་དབང་སྡུད་མཆོག་གི་བདེ་སྟེར་མ༔ ཡིད་བཞིན་ཚེ་འཕེལ་ཀུན་སྐྱོབ་ལྷ་མོ་དགོངས༔ སྒྲུབ་མཆོག་བུ་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ བདུད་བཞི་འཇིགས་བརྒྱད་ཚེ་ཡི་བར་ཆད་སོལ༔ དཔལ་བཅུའི་དབང་ཐོབ་ལས་བཞི་གྲུབ་ཆེན་བརྒྱད༔ མ་ལུས་དེང་འདིར་ཐོགས་མེད་མཐུ་ཐོབ་ནས༔ འགྲོ་ཀུན་སྲིད་པའི་མཚོ་ལས་རབ་སྒྲོལ་ཞིང༔ ཚེ་གཅིག་འཇའ་ལུས་ཆོས་སྐུ་མངོན་གྱུར་སྩོལ༔ རྩ་སྔགས་ཀྱི་ཤམ་བུར་མ་མ་ཀཱ་ཡ་ཝ་ཀ་ཙིཏྟ་ས་མ་ཡ་ཨ་དྷིཥྛཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བརྗོད་ལ་བདུད་རྩི་སོགས་དངོས་གྲུབ་ཀྱི་རྫས་ལ་ལོངས་སྤྱོད་དོ། །དེ་ནས་མཆོད་བསྟོད་མདོར་བསྡུས་དང་ནོངས་བཤགས་གོང་སྨྲོས་ལྟར་བྱ། ཚོགས་ཞིང་སོགས་རྟེན་ལ་བརྟན་བཞུགས་བྱ་ཞིང་བསྡུ་རིམ་ནི། ཧཱུྃ༔ ཆོས་རྣམས་གཞི་མེད་རྩ་བ་བྲལ༔ རིག་སྟོང་ཡེ་ཤེས་སྙིང་པོ་ཅན༔ སྤྲོ་དང་བསྡུ་བར་མི་དམིགས་ཀྱང༔ ཀུན་རྟོག་སྦྱང་ཕྱིར་དབྱིངས་སུ་མུཾ༔ ཞེས་ལྟ་བ་རྒྱུན་གྱི་རྣལ་འབྱོར་ལ་གནས་ཤིང་ཐུན་མཚམས་ཁྱེར་སོ་ལམ་དུ་བསླང་། སྨོན་ལམ་ནི། ཧཱུྃ༔ བདེ་ཆེན་དབྱིངས་ཀྱི་ཀློང་ཆེན་མ༔ བླ་མེད་དཀྱིལ་འཁོར་དབང་བཞི་འཛིན་པའི་མཐུས༔ རྒྱལ་ཀུན་མཁྱེན་བརྩེའི་མཐུ་སྟོབས་ཡོངས་རྫོགས་ཏེ༔ འཆི་མེད་འཇའ་ལུས་རྡོ་རྗེའི་སྲོག་འགྲུབ་ཤོག༔ ཤིས་བརྗོད་ནི། ཧཱུྃ༔ རང་བྱུང་དཔལ་གྱི་ལྷ་མོ་རྡོ་རྗེའི་སྐུ༔ ཐུགས་རྗེ་ཐོགས་པ་མེད་པའི་བྱིན་རླབས་མཐུས༔ དུས་གསུམ་རྒྱལ་བའི་ཚེ་དཔལ་རྡོ་རྗེའི་སྲོག༔ སྐལ་ལྡན་བདག་ལ་རྫོགས་པའི་བཀྲ་ཤིས་ཤོག༔ ཅེས་དང་དབྱངས་གསལ་རྟེན་སྙིང་བརྗོད་དོ། ༈ །གཉིས་པ་དབང་གི་ཆོ་ག་ནི། དཀྱིལ་འཁོར་བཅའ་གཞི་ལས་བྱང་གི་དབུར་སྨྲོས་པ་ལྟར་ལ། བྱང་ཤར་དུ་ལས་བུམ་བཀོད། སྔོན་གཏོར་ནས་བརྩམ། ལས་གཞུང་བསྲང་། ཛཔ྄་བཟླས་ཇི་ལྟར་ནུས་པ་བྱ། ཚེ་འགུགས་ནས་བརྩམ་ཚོགས་མཆོད་བཤགས་པའི་བར་དུ་གཏང་། ལས་བུམ་དུ་བདུད་རྩི་འཁྱིལ་པ་བསྐྱེད་བཟླས་ཀྱིས་བསྒྲུབ། དངོས་སམ་ཏིང་ངེ་འཛིན་གྱི་དབང་བླངས་ལ་སློབ་མ་གཞུག་པར་གསོལ་བ་གདབ་བོ། །དེ་ནས་སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། ཆོས་བཤད་ཅི་རིགས་པས་མཚམས་སྦྱར་ལ། དེའང་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་རྗེའི་འོད་ཟེར་ལས་བྱུང་བ་ལྷ་མོ་འཇིགས་པ་ཀུན་སྐྱོབ་འཕགས་མ་སྒྲོལ་མའི་རྒྱུད་དང་རིག་སྔགས་རྣམས་བསྟན་པ་འདི་ཉིད་ལ་སྟོན་པ་ཐུབ་པའི་དབང་པོས་རྒྱལ་པོ་མ་སྐྱེས་དགྲ་ལ་གསུང་། ཁྱད་པར་ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལ་རྗེ་བཙུན་མ་ཉིད་ཀྱིས་ཕྱི་ནང་གསང་བའི་རྒྱུད་མཐའ་དག་ལེགས་པར་བསྩལ་པ་རྣམས་ཨོ་རྒྱན་མཁའ་འགྲོའི་གསང་མཛོད་ཆེན་པོར་བཞུགས་པ་ལ། དུས་རེ་ཞིག་གི་ཚེ་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ་ལྷ་མོ་ཙཎྜ་ལཱིས་ལུང་བསྟན་པ་ལྟར་གསང་མཛོད་རྡོ་རྗེའི་རྒྱ་བཀྲོལ་ནས་འཕགས་པ་ཀླུ་སྒྲུབ་ལ་གནང་། དེ་ཉིད་ལས། ཇི་སྐད་དུ། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སྣང་བ་མཐའ་ཡས་ཞལ་ཡང་མཐོང༔ འཆི་མེད་ཚེ་ཡི་རིག་འཛིན་བརྙེས༔ ལས་ཀྱི་དབང་མོའི་གསང་མཛོད་བརྟོལ༔ ནཱ་གཱརྫུ་ནའི་ཐུགས་བཅུད་ལོན༔ མ་རྒྱུད་ཤེས་རབ་བཀའ་ཆེན་བབས༔ ཞེས་གསུངས་པ་ལྟར་སངས་རྒྱས་གཉིས་པ་པདྨཱ་ཀ་རས་རྒྱུད་གདམས་སྐོར་ཡོངས་སུ་རྫོགས་པ་གདུལ་བྱ་གཞན་དོན་དུ་གསན་ནས་བོད་དུ་ཕབ་པའི་ཚེ་གདམས་སྐོར་ཐུན་མོང་པ་རྣམས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་དང་། ཐུན་མོང་མ་ཡིན་པ་རྣམས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གནང་། དེ་ཉིད་ཀྱི་གཏེར་ཁ་བྱེ་བ་ཕྲག་བརྒྱར་སྒྲོལ་མའི་གདམས་ངག་མི་འདྲ་བ་མང་དུ་སྦ་བར་མཛད་པའི་ནང་ཚན་ཁྱད་པར་དུ་གྱུར་པ་ཐུགས་གཏེར་ཆེན་པོ་རྣམས་ཀྱི་བསྡེབས་སུ་ཇོ་མོ་ཉིད་ཀྱི་ཕྱི་ནང་གསང་སྒྲུབ་ཀྱི་ཚུལ་དུ་བསྟན་པ་འགའ་ཞིག་སྦས་པ། གུ་རུ་ཆོས་དབང་། རཏྣ་གླིང་པ། བདུད་འདུལ་རྡོ་རྗེ་སོགས་ཀྱིས་སྤྱན་དྲངས་པ་ལས་སྐབས་སུ་བབས་པ་འདི་ནི། པདྨ་བཀའི་ཐང་ཡིག་ལས་ཨོ་རྒྱན་རོག་རྗེ་གླིང་པ་ཞེས་དང་། རྒྱལ་པོ་བཀའ་ཐང་ལས་སྔགས་ཀྱི་བདག་པོ་ཉེར་ལྔའི་གྲངས་སུ་ལུང་བསྟན་ཅིང་། རིག་འཛིན་འཇའ་ཚོན་སྙིང་པོ་དང་བདུད་འདུལ་རྡོ་རྗེ་སོགས་ཀྱི་གཏེར་ལུང་ལས་གསལ་བར་ཟིན་པ་དང་། རང་གཏེར་ལས། ནམ་མཁའི་སྙིང་པོ་ཤཱཀྱ་པྲ་བྷཱ་བ༔ ཟུང་གི་སྤྲུལ་པ་ཡེ་ཤེས་སྒྱུ་མའི་འཕྲུལ༔ རྡོ་རྗེའི་མིང་འཛིན་འཇིགས་མེད་གོ་ཆ་ཅན༔ ཞེས་སོགས་གསུངས་པ་ལྟར། གུ་རུ་རིན་པོ་ཆེའི་ཐུགས་སྲས་བཀའ་བབས་གྲུབ་ཆེན་བརྒྱད་ཀྱི་ནང་ཚན་ལྷོ་བྲག་ནམ་མཁའི་སྙིང་པོ་དང་། མཆིམས་ཤཱཀྱ་པྲ་བྷ་ཟུང་གི་ཟློས་གར་འགྲོ་འདྲེན་སྤྲུལ་སྐུ་རིམ་པར་བྱོན་པའི་ཡ་གྱལ། གསང་ཆེན་སྟོན་པའི་རྒྱལ་ཚབ་དམ་པ་བདུད་དང་བདུད་ཀྱི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་མཉམ་མེད་རིག་འཛིན་ཆེན་པོ་འགྲོ་འདུལ་ཐུགས་མཆོག་རྡོ་རྗེ་ཞེས་གྲགས་པ་འབྲེལ་ཚད་དོན་ལྡན་གྲུབ་པའི་དབང་ཕྱུག་ཆེན་པོ་དེ་ཉིད་ཀྱིས། ཡུམ་བུ་བླ་སྒང་གཙོ་བོར་གྱུར་པའི་གཏེར་གནས་ཁྱད་འཕགས་བཅུ་ཕྲག་བརྒལ་བ་ནས་སྐུ་གསུང་ཐུགས་རྟེན་མྱང་གྲོལ་དུ་མ་སྤྱན་དྲངས་པ་ལས། འདི་ནི་ཡར་ལུང་འཕྱིང་བར་སྟག་རྩེ་ཞེས་པདྨ་ཧེ་རུ་ཀའི་ཕོ་བྲང་བང་སོ་དམར་པོ་ནས་གསང་གཏེར་ཌཱ་ཀིའི་སྙིང་བཅུད་དུ་བྱོན་པ་སྟེ། དེ་ལྟར་ཇོ་མོ་མཚོ་རྒྱལ་ནང་ལྟར་སྒྲུབ་པ་འཕགས་མ་ཡིད་བཞིན་འཁོར་ལོའི་དབང་བསྐུར་བ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐོག་མར་རྒྱུད་དག་པར་བྱ་བའི་སླད་དུ་འདུན་པ་འདི་བཞིན་དུ་མཛོད། ས་ཕྱོགས་འདི་ཉིད་དག་པ་ཡེ་ཤེས་འོད་ལྔའི་གཞལ་མེད་ཁང་དུ་གྱུར་པའི་ནང་དུ་སློབ་དཔོན་ཉིད་དུས་གསུམ་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་རྗེ་བཙུན་ཡིད་བཞིན་འཁོར་ལོ་དངོས་སུ་གསལ་བའི་དབུ་གཙུག་ནས་ཡར་ལ་བརྒྱུད་པའི་བླ་མ་རྣམས་དང་། མཐའ་སྐོར་དུ་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་བཞུགས་པའི་སྤྱན་སྔརབདག་གཞན་སེམས་ཅན་ཐམས་ཅད་ཇི་སྲིད་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ༔ རང་སྣང་དག་པའི་ཞིང་ཁམས་སུ༔ སོགས་ལས་བྱང་ལྟར་ལན་གསུམ། བདག་གིས་འཕགས་མ་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་བསྐྱེད་རྫོགས་ཟབ་མོའི་སྒོར་ཞུགས་ནས་རྡོ་རྗེའི་ཚེ་བརྙེས་པར་བྱས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་འགྲོ་བ་རྣམས་བདེ་ཆེན་གྱི་གོ་འཕང་ལ་བཀོད་པར་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ༔ བདག་གིས་འཕགས་མ་ཁྱོད་བསྒྲུབས་པས༔ སོགས་ལན་གསུམ། ཞིང་མཆོག་ཁྱད་པར་ཅན་དེ་དག་གི་མདུན་དུ་ཐབས་ཁྱད་པར་འཕགས་པ་ཡན་ལག་བདུན་པས་གསག་སྦྱོང་བྱ་བའི་འདུན་པས་འདིའི་རྗེས་ཟློས། ཧོ༔ འཕགས་མ་དཀོན་མཆོག་སོགས། སློབ་དཔོན་རྗེ་བཙུན་འཕགས་མ་བདེ་གཤེགས་ཀུན་འདུས་ཀྱི་བདག་ཉིད་དུ་ངེས་པས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ དབང་གི་བདག་ཉིད་ཆེ་བའི་མཆོག༔ ཐུགས་རྗེ་ཆེན་པོས་བདག་ལ་དགོངས༔ འཕགས་མ་ཚེ་སྦྱིན་དཀྱིལ་འཁོར་དུ༔ གཞུག་ཅིང་སྨིན་གྲོལ་དངོས་གྲུབ་སྩོལ༔ ལན་གསུམ། འདའ་ཀ་རྡོ་རྗེའི་དམ་ཚིག་བསྒྲག་ཅིང་དཔང་པོའི་མནའ་ཆུ་སྦྱིན་པ་ཡིན་པས་སྙན་གཏོད་འཚལ། ཧཱུྃ༔ འདི་ནི་དམ་ཚིག་གསང་བའི་ཆུ༔ ཚུལ་འདི་གཞན་ལ་སྨྲ་མི་བྱ༔ ཉམས་ན་ལྕགས་སྡིག་མགོ་དགུ་པས༔ ཁྱོད་ཀྱི་སྙིང་ཁྲག་འཕྲོག་པར་བྱེད༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ དེ་བས་དམ་སྲུངས་ཆུ་འདི་ཐུངས༔ ཨོཾ་ཨ་མྲྀཏ་ཙིཏྟ་ཧཱུྃ༔ ཞེས་དམ་ཆུ་བླུད། རྡོ་རྗེའི་བྲོ་བོར་བ་འདི་ཡི་རྗེས་ཟློས། ས་མ་ཡ་ན་ར་ཀན༔ ཞེས་ལན་གསུམ་གྱིས་ཁས་བླང་། དེ་ནས་དབང་གི་གཞི་འགོད་པ་ལ་དམིགས་པ་འདི་བཞིན་དུ་མཛོད། ལས་སྔགས་དང་བུམ་ཆུས་བསང་། སྭཱ་བྷཱ་བས་སྦྱང་། བདག་གཞན་སྣོད་བཅུད་དང་བཅས་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རིན་པོ་ཆེ་སྣ་ཚོགས་ཀྱི་ས་གཞི་ཡེ་ཤེས་འོད་ལྔ་འཕྲོ་བའི་ཀློང་དུ། ཏྲཱཾ་ལས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ། དེའི་སྟེང་དུ་པཾ་ལས་པདྨ་དཀར་པོ་དང་ཨ་ལས་ཟླ་བའི་གདན་གྱི་སྟེང་དུ་ཁྱེད་རང་གི་རིག་པའི་ངོ་བོ་ཏཱཾཿཡིག་དཀར་པོ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད་ཅིང་བྱིན་རླབས་བསྡུས། རིགས་དྲུག་གི་སྡུག་བསྔལ་སྦྱངས་ནས་བདེ་བ་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྗེ་བཙུན་འཕགས་མ་ཐུགས་རྗེས་ཀུན་སྒྲོལ་དཀར་གསལ་བཅུ་དྲུག་གི་ལང་ཚོ་ཅན། ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ་པའི་སྤྱན་གསུམ་དང་ལྡན་པ། ཕྱག་གཡས་མཆོག་སྦྱིན་དང་ཕྱག་གཡོན་ཨུཏྤལ་དཀར་པོའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་འཛིན་པའི་སྙན་གཡོན་མེ་ཏོག་རྒྱས་པ། ཕྱག་ཞབས་ཀྱི་མཐིལ་རྣམས་སུ་ཞི་བའི་སྤྱན་གྱིས་རྣམ་པར་མཛེས་པ། དར་ལྔའི་སྟོད་གཡོགས་དང་དར་དམར་གྱི་སྨད་གཡོགས་བྱས་པ། རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་སྤྲས་ཤིང་ཞབས་ཕྱེད་སྐྱིལ་གྱིས་འཇའ་ཚོན་འོད་ལྔའི་ཀློང་ན་བཀྲ་གསལ་ལེར་བཞུགས་པར་གསལ་བའི། སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུྃ་མཐིང་ག །དེ་དག་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། སློབ་དཔོན་ཐུགས་རྗེ་ཀུན་སྒྲོལ་དུ་གསལ་བའི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ། གནས་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་མ་ལུས་པ་འཕགས་མ་ཚེ་སྦྱིན་ལྷ་མོའི་རྣམ་པར་ནམ་མཁའ་ས་གཞི་བར་སྣང་གང་བར་བྱོན་པ། ཁྱེད་རང་རྣམས་དམ་ཚིག་སེམས་དཔར་གསལ་བ་ལ་དབྱེར་མེད་དུ་སིབ་སིབ་ཐིམ་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ་ལས་གཞུང་གི་སྤྱན་འདྲེན་གྱིས་བྱིན་དབབ། དེ་ནས་ཚེ་འགུགས་པའི་སླད་དུ་དམིགས་པ་འདི་ལྟར་མཛོད། ཁྱེད་རང་འཕགས་མ་སྒྲོལ་མ་དམ་ཡེ་གཉིས་སུ་མེད་པའི་ཐུགས་ཀར་ཙིཏྟ་པདྨ་དམར་པོ་འདབ་བརྒྱད་ཁ་ཟུམ་པ་དྭངས་གསལ་མཆོང་གུར་ལྟ་བུའི་ནང་དུ། གསེར་གྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་ཟླ་དཀྱིལ་ཏཱཾཿཡིག་གི་མཐར་སྔགས་ཕྲེང་དཀར་སེར་རང་སྒྲ་དང་བཅས་ནས་གཡས་སུ་འཁོར་བ་ལས་འོད་ཟེར་གྱི་ཚོགས་ལྕགས་ཀྱུ་ལྟ་བུར་འཕྲོས་པའི་སྣེ་ལ་ཚེའི་ཕོ་ཉ་བསམ་གྱིས་མི་ཁྱབ་པ་སྟོང་ཁམས་གང་བ་བྱུང་བས། རྒྱལ་བ་རབ་འབྱམས་ཀྱི་ཐུགས་རྗེའི་བྱིན་རླབས། བརྟན་གཡོ་སྣོད་བཅུད་ཀྱི་ཚེ་བཀྲག་འབྱུང་བཞིའི་དྭངས་བཅུད་སྐྱེ་འགྲོའི་ཚེ་སྲོག་རྣམས་བསྡུས་ཏེ་རང་ལ་ཐིམ་པས་ཤ་ཁྲག་དྲོད་དབུགས་ཀྱི་ཁམས་ནས་ཚེ་ཉམས་པ་ཐམས་ཅད་སོར་ཆུད། འབྱུང་བའི་སྙིགས་མ་དྭངས་མའི་ཡེ་ཤེས་སུ་རྒྱས་ཏེ་འཆི་མེད་ཚེའི་དངོས་གྲུབ་བདེ་བླག་ཏུ་ཐོབ་པའི་མོས་པ་མཛོད། མདའ་དར་གཡབ་ལ། ལས་གཞུང་ལྟར་ཚེ་འགུགས་གཏང་། དེ་ལྟར་གྱུར་པ་དེ་ཉིད་ལ་ཚེའི་ཕོ་ཉ་རྣམས་ཀྱིས་འབྲལ་མེད་དུ་སྲུང་ཞིང་། ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ཀྱི་ཐུགས་རྗེ་འདུས་པའི་ངོ་བོ་ཨོཾ་ཨཱཿཧཱུྃ་གི་རྣམ་པར་བྱུང་བ་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས། ཅིས་ཀྱང་མི་འགྱུར་མི་ཤིགས་པ་རྡོ་རྗེ་གསུམ་གྱི་ངོ་བོར་རྒྱས་བཏབ་པས་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་འཇའ་ལུས་འོད་སྐུ་མངོན་དུ་གྲུབ་པའི་མོས་པ་མཛོད། ཅེས་མདའ་དར་གནས་གསུམ་དུ་གཏུག་ཅིང་། ཧཱུྃ༔ ཕྱོགས་བཅུ་དུས་གསུམ་རྒྱལ་བ་རྣམས༔ སྐལ་ལྡན་བུ་དང་དབྱེར་མེད་བཞུགས༔ མི་འགྱུར་མི་ཤིགས་རྡོ་རྗེའི་རྒྱ༔ ཡེ་ཤེས་ལྔ་ཡི་སྲོག་གྲུབ་ཤོག༔ བཛྲ་ཀཱ་ཝཱ་ཙི་ཧཱུྃ་ཧཱུྃ༔ ཞེས་སྲུང་ཞིང་བརྟན་པར་བྱའོ། །དེ་རྣམས་ཀྱིས་དབང་གི་སྔོན་དུ་འགྲོ་བ་རྣམས་གྲུབ་ནས། དབང་དངོས་གཞི་བསྐུར་བ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྒྱས་གདབ་བཅས་དྲུག་ཏུ་ཡོད་པ་ལས། དང་པོ་སྐུ་བུམ་པའི་དབང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བུམ་པ་འདི་ཉིད་ཡེ་ཤེས་རང་བྱུང་གི་གཞལ་ཡས་ཁང་དུ་འཕགས་མ་ཚེ་སྦྱིན་ལྷ་མོ་རྒྱལ་བ་སྲས་དང་བཅས་པས་བསྐོར་བ་རྣམས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་བབས། ཁྱེད་རང་གི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་། འཕགས་མའི་སྐུ་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །བུམ་པ་མགོར་བཞག་ལ། ཧཱུྃ༔ བུམ་པ་ཡེ་ཤེས་གཞལ་ཡས་ཁང༔ ལྷ་དང་གཉིས་མེད་བྱང་སེམས་ཆུས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལུས་ཀྱི་ནད་གདོན་བར་ཆད་ཞི༔ ཐུགས་རྗེ་ཀུན་སྒྲོལ་དབང་ཐོབ་ཤོག༔ རྩསྔགས་ཀྱི་ཤམ་བུར་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་ཆུ་བླུད། གཉིས་པ་གསུང་བདུད་རྩིའི་དབང་བསྐུར་བ་ལ། བྷནྡྷ་འདི་ཉིད་ཟླ་གམ་དབང་གི་ཕོ་བྲང་ཆེན་པོར་ཚེ་སྦྱིན་ལྷ་མོ་ཐབས་མཆོག་དབང་གི་རྒྱལ་པོ་དང་གཉིས་མེད་བདེ་སྦྱོར་མཛད་པའི་སྦྱོར་མཚམས་ནས། བདུད་རྩི་དཀར་དམར་གྱི་རྒྱུན་ན་ར་ར་བབས་པས་བྷནྡྷར་འཁྱིལ་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན། ཁྱེད་རང་རྣམས་ཀྱི་མགྲིན་པའི་ལམ་ནས་ཞུགས། རྩ་ཁམས་ཐམས་ཅད་བདེ་བས་གང་། འཕགས་མའི་གསུང་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །བྷནྡྷ་མགྲིན་པར་བཞག་ལ། ཧཱུྃ༔ བདེ་ཆེན་བྷནྡྷའི་གཞལ་ཡས་སུ༔ ཐབས་ཤེས་གཉིས་མེད་བྱང་སེམས་བསྐྱིལ༔ འཆི་མེད་བདུད་རྩིའི་དབང་བསྐུར་བས༔ རྩ་རླུང་ཐིག་ལེ་ཡེ་ཤེས་སུ༔ ཡིད་བཞིན་འཁོར་ལོའི་དབང་ཐོབ་ཤོག༔ རྩསྔགས་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བདུད་རྩི་བླུད། གསུམ་པ་ཐུགས་མན་ཤེལ་གྱི་དབང་གིས་ངོ་སྤྲོད་པ་ལ། ལྷ་སྔགས་ཀྱིས་མཚོན་པའི་ཆོས་ཐམས་ཅད་རང་སེམས་ཀྱི་མདངས་ཆ་ཙམ་ལས་ལོགས་སུ་མེད་ཅིང་། རང་སེམས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་གསལ་སྟོང་དབྱེར་མེད་འཆི་མེད་སྣང་མཐའི་ངོ་བོ་ཤེལ་གོང་དྲི་མ་མེད་པའི་དཔེས་བརྡ་ཙམ་དུ་མཚོན་ཏེ། རྩོལ་བྲལ་མ་བཅོས་ལྷུན་གྲུབ་ཀྱི་ངང་དུ་མཉམ་པར་བཞག་པས་འཕགས་མའི་ཐུགས་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །ཤེལ་རྡོ་སྙིང་གར་བཞག་ལ། ཧཱུྃ༔ རང་བྱུང་ཡེ་ཤེས་མཁའ་འགྲོའི་ལྷ༔ རང་སེམས་སྨྲ་བརྗོད་བྲལ་བའི་གཞི༔ རྩོལ་མེད་མ་བཅོས་ཆོས་ཀྱི་སྐུ༔ འཆི་མེད་སྣང་མཐའི་དགོངས་པ་ལས༔ མི་གཡོ་གསལ་སྟོང་ལ་གནས་ཤོག༔ རྩསྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པ་ཡོན་ཏན་ཚེ་རྫས་ཀྱི་དབང་བསྐུར་བ་ལ། ཚེ་རིལ་འདི་ཉིད་འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་འདུས་པའི་ངོ་བོ་ཡིད་བཞིན་འདོད་རྒུའི་ཕུང་པོ་འབར་བ། ཐུགས་རྗེ་ཡེ་ཤེས་ཀྱི་རང་བཞིན་ཅན་འདི་ཉིད་མྱང་བ་ལ་བརྟེན་ནས། ཕུང་ཁམས་ཐམས་ཅད་དྭངས་མའི་འཇའ་ལུས་སྐྱེ་འཆི་བགྲེས་རྒུད་དང་བྲལ། འཕགས་མའི་ཡོན་ཏན་མཐའ་དག་དང་གཉིས་མེད་དུ་གྱུར་པར་མོས་ཤིག །ཚེ་རིལ་སྦྱིན་ལ། ཧཱུྃ༔ སྣང་སྲིད་འཁོར་འདས་ཀུན་གྱི་བཅུད༔ འདོད་ཡོན་མི་ཟད་ཚེ་ཡི་གཏེར༔ སྐལ་ལྡན་རིགས་ཀྱི་བུ་ལ་སྦྱིན༔ འགྱུར་མེད་ཚེ་ལ་མངའ་བརྙེས་ནས༔ བསྟན་པའི་སྲོག་ཤིང་འཛིན་པར་ཤོག༔ རྩསྔགས་བཛྲ་ཨཱ་ཡུཿཛྙཱ་ན་ཨ་བྷི་ཥིཉྩ་མཱཾ༔ ལྔ་པ་ཕྲིན་ལས་ཡོངས་སུ་རྫོགས་པའི་དབང་བསྐུར་བ་ལ། མེ་ལོང་འདི་ཉིད་དྭངས་གསལ་འོད་ཀྱི་ཕུང་པོ་ཆེན་པོར་དུས་གསུམ་བདེ་གཤེགས་འདུས་པའི་ངོ་བོ་པདྨ་ཐོད་ཕྲེང་རྩལ་ལ་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་ཞི་ཁྲོ་རབ་འབྱམས་དཔའ་བོ་ཌཱ་ཀིས་བསྐོར་བ་འོད་དུ་ལམ་གྱིས་ཞུ་བ་ཁྱེད་རྣམས་ཀྱི་སྤྱི་བོའི་གཙུག་ནས་སིབ་སིབ་ཐིམ་པས། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་མཐུ་སྟོབས་ནུས་རྩལ་མ་ལུས་པ་ཡོངས་སུ་རྫོགས། འཕགས་མའི་ཕྲིན་ལས་རབ་འབྱམས་དང་གཉིས་མེད་དུ་གྱུར་པའི་མོས་པ་མཛོད། ཅེས་མེ་ལོང་སྤྱི་བོར་བསྐུར་ཞིང་། ཧཱུྃ༔ དུས་གསུམ་བདེ་གཤེགས་ཀུན་གྱི་དངོས༔ པདྨ་ཐོད་ཕྲེང་དབང་གི་སྐུ༔ ཐུགས་རྗེ་ཕྱག་རྒྱའི་དབང་བསྐུར་བས༔ རྫོགས་པའི་སངས་རྒྱས་ཐོབ་པར་ཤོག༔ ཨོཾ་བཛྲ་གུ་རུ་ཀཱ་ཡ་མུ་དྲཱ་ཨ་བྷི་ཥིཉྩ་མཱཾ༔ དྲུག་པ་མི་ཤིགས་པ་རྡོ་རྗེས་རྒྱས་བཏབ་པ་ལ། རྡོ་རྗེ་འདི་ཉིད་དབང་ཆེན་རྟ་མགྲིན་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཧཱུྃ་གི་བུ་ཡུག་འཇིག་རྟེན་གྱི་ཁམས་གང་བར་འཕྲོས་པ་ཀུན་ཀྱང་ཁྲག་འཐུང་ཁྲོ་ཚོགས་སུ་གྱུར་ཏེ། བདུད་དང་ལོག་འདྲེན་ཐམས་ཅད་ཚར་བཅད་ཚུར་འདུས་ཏེ་ཁྱེད་རང་རྣམས་ལྷར་གསལ་བ་ལ་ཐིམ་པས་ལུས་ཀྱི་ཕྱི་ནང་ཐམས་ཅད་ཁྲོ་བོའི་ཚོགས་སུ་གཏམས་པས་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བ་ཧེ་རུ་ཀའི་དཔའ་བརྟུལ་དྲག་རྩལ་ཡོངས་སུ་རྫོགས་པའི་མོས་པ་མཛོད། ཅེས་རྡོ་རྗེ་སྤྱི་བོར་བཞག་ལ། ཧཱུྃ༔ དབང་ཆེན་ཐུགས་རྗེ་རོལ་པ་ལས༔ ཐབས་ཤེས་གཉིས་མེད་ཡེ་ཤེས་སྤྲིན༔ ཧཱུྃ་གི་བུ་ཡུག་འཇིག་རྟེན་གང༔ ཚུར་འདུས་ཁྲོ་བོའི་གོ་ཚོགས་གཏམས༔ བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ཤོག༔ ཧཱུྃ་བཛྲ་རཀྵ་མཱཾ༔ དེ་ནས་མཚམས་སྦྱོར་བཅས་ཤིས་པ་བརྗོད་ཅིང་ཚེ་ནས་གཏོར། དེ་ལྟར་འཕགས་མ་ཡིད་བཞིན་འཁོར་ལོ་ཐུགས་རྗེ་ཀུན་སྒྲོལ་མའི་དཀྱིལ་འཁོར་དུ་དབང་ཡོངས་སུ་རྫོགས་པ་ཐོབ་ནས་རྗེས་ཀྱི་བྱ་བ་ནི། གཞུང་ལས། ལུས་ནི་ལྷ་ལ་ངག་ནི་སྔགས༔ སེམས་ཉིད་འོད་གསལ་ཕྱག་རྒྱ་ཆེར༔ རྟག་ཏུ་སྤྱོད་པའི་དམ་ཚིག་བསྒོ༔ ཞེས་གསུངས་པ་ལྟར་དབང་སྲོག་འཛིན་ཕྱིར་དམ་ཚིག་རྣམས་ལ་ཉེ་བར་གནས་པར་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ་ཕྱིན་ཆད་སྤྱི་ལྟར་བྱ། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་ཆོག་ཕྱིན་ཆད་ལས་གཞུང་གི་མཇུག་བསྡུ་བ་རྣམས་ཀྱང་གཞུང་བཞིན་བྱས་པས་འགྲུབ་བོ། །འཕགས་མའི་ཐུགས་རྗེ་ཟླ་བའི་འཛུམ་ཟེར་གྱིས། །སྡིག་དང་འཆི་བདག་མུན་པ་མཐར་བསྐྲད་དེ། །རིང་འཚོའི་ཆུ་གཏེར་རྡོ་རྗེའི་སྲོག་སྤེལ་ནས། །བསྟན་འགྲོ་ཕན་བདེས་ཡུན་དུ་སྐྱོང་གྱུར་ཅིག །ཅེས་པའང་བླ་མ་དང་ལྷག་པའི་ལྷ་གཉིས་སུ་མེད་པས་རྗེས་སུ་གནང་བ་བསྩལ་པ་ལྟར་ཁྱེར་བདེའི་ཡན་ལག་ཏུ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་དབེན་ཁྲོད་ཀུན་བཟང་བདེ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ་ལས། འགྲོ་དོན་ནང་གི་སྨིན་གྲོལ་གྱི་ཕྲིན་ལས་གསལ་བར་བྱེད་པ་གྲོལ་བ་བཞི་ལྡན་ (Volume 25, Text 7)
༄༅། །ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ་ལས། འགྲོ་དོན་ནང་གི་སྨིན་གྲོལ་གྱི་ཕྲིན་ལས་གསལ་བར་བྱེད་པ་གྲོལ་བ་བཞི་ལྡན་ཞེས་བྱ་བ་བཞུགས་སོ།། བདེ་ཆེན་ཚོགས་པའི་འཛུམ་ཟེར་གྱིས། །འགྲོ་ཀུན་བདེ་ལྡན་ཞིང་དུ་བསུ། །ཐུགས་རྗེའི་དབང་ཕྱུག་ཞབས་པདྨོ། །བྱང་ཆུབ་བར་དུ་སྤྱི་བོར་ལེན། །གཞན་དོན་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་ཐུགས་རྗེའི་རྣལ་འབྱོར་ལ་བརྩོན་པས་འཕགས་པའི་ཕྲིན་ལས་རྣམས་ཀྱི་མཆོག་ནང་གི་སྨིན་གྲོལ་བྱ་བར་འདོད་ན། སྟེགས་བུ་ཁེབས་ལྡན་གྱི་སྟེང་དུ་མཎྜལ་ལ་འབྲུ་ཡི་ཚོམ་བུ་ལྔ་བཀོད་པའམ་པདྨ་འདབ་བརྒྱད་བྲིས་པ་ཅི་བདེར་བྱས་པའི་སྟེང་དུ་ཁྲིའུ་ལ། བུམ་པ་སོ་ལྔའི་རྫས་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་གསེབ་ཏུ་ནང་སྒྲུབ་ཀྱི་སྐུ་དང་བཏགས་གྲོལ་འཁོར་ལོ་རབ་གནས་གཞུང་མཐུན་ཅན་བཙུགས་ལ་གཟུངས་རྡོར་བཅས་བཀོད། སྤོས། མེ་ཏོག །མར་མེ། དྲི་ཆབ་བཞི་པོ་འཛོམ་ན་ཕྱོགས་བཞིར་ཆ་རེ་བཤམ། མ་འཛོམ་ན་མདུན་དུ་ཚར་གཅིག་བཤམ། སྐྱབས་འགྲོ །སེམས་བསྐྱེད། ཡན་ལག་བདུན་པ། ཚད་མེད་བཞི་བསྒོམ་པ་རྣམས་འདི་ཉིད་ཀྱི་ཆོས་སྤྱོད་ནས་འབྱུང་བ་ལྟར་བྱས་ལ། ཆོས་རྣམས་རང་གི་དབྱིངས་ལ་རྫོགས༔ ཕུང་ཁམས་སྐྱེ་མཆེད་འདི་དག་ཀྱང༔ ཡེ་ནས་ལྷ་དང་གཞལ་ཡས་ཁང༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཡེ་ཤེས་སྔགས་ཀྱི་སྒྲ་གདངས་ཀྱིས༔ རྡོ་རྗེ་སྲུང་བའི་འཁོར་ལོའི་དབུས༔ ཡོན་ཏན་ཞིང་ཁམས་ལྷུན་གྱིས་གྲུབ༔ སེང་ཁྲི་པདྨ་ཉི་ཟླའི་སྟེང༔ སོ་སོར་རྟོག་པའི་ཡི་གེ་ཧྲཱི༔ བདེ་སྟོང་ཟུང་འཇུག་སྤྱན་རས་གཟིགས༔ ཆགས་མེད་པདྨ་རཱ་གའི་མདོག༔ ཀུན་ཀྱང་རོ་གཅིག་ཞལ་ཞི་འཛུམ༔ བདེ་བའི་རྩལ་རྫོགས་མཚན་དཔེ་འབར༔ མཐའ་བཞིའི་དྲི་བྲལ་ཕྱག་བཞི་ཡིས༔ དང་པོས་འགྱུར་མེད་རྡོ་རྗེ་བསྣམས༔ བདེ་བ་རྒྱུན་ཆགས་ཕྲེང་བ་དང༔ སྟོང་པའི་རང་རྩལ་འདབ་སྟོང་གི༔ པདྨའི་བརྡ་རྟགས་ཕྱག་རྒྱ་འཛིན༔ མ་འདྲེས་ཆེ་བའི་ཡོན་ཏན་རྫོགས༔ དབུ་སྐྲ་ཐོར་ཚུགས་ལྕང་ལོ་ཅན༔ ཡེ་ཤེས་ལྔ་ལྡན་ཅོད་པན་མཛེས༔ གཟུངས་དྲན་ཏིང་འཛིན་མངོན་ཤེས་ཀྱི༔ སྙན་ཆ་མགུལ་རྒྱན་སེ་མོ་དོ༔ དོ་ཤལ་སྟོབས་བཅུའི་སྐེ་རགས་དང༔ མི་འཇིགས་བཞི་ཡི་གདུ་བུས་མཛེས༔ དབང་བཅུ་ཡེ་ཤེས་ཟུང་རེ་ལ༔ པ་ཏི་ཁྲ་བོ་སྟོད་གཡོགས་སྔོ༔ ཟི་ལྡིར་དར་འཕྱང་ཕུ་དུང་དང༔ ཚེ་ལ་དབང་བའི་སྨད་དཀྲིས་ནི༔ ཁ་དོག་ལྔ་ལྡན་འཇའ་ཚོན་བཞིན༔ འཁོར་འདས་མཉམ་ཉིད་སྐྱིལ་ཀྲུང་བཞུགས༔ སྟོང་ཉིད་གསང་བ་ཡེ་ཤེས་ཡུམ༔ བདེ་བ་འཕོ་མེད་གཞོན་ཚུལ་གྱིས༔ དགའ་བ་བཅུ་དྲུག་ལང་ཚོས་བརྒྱན༔ ཕྱག་རྒྱ་ལྔ་འཆང་ཕར་ཕྱིན་དྲུག༔ པད་ཕྲེང་ཚེ་ཡི་བུམ་པ་འཛིན༔ ཚད་མེད་བཞི་ཡིས་འཁྲིལ་སྦྱོར་རོལ༔ ཟུང་འཇུག་ནོར་བུ་པདྨ་སྦྱོར༔ ཡེ་ཤེས་ལྔ་ལྡན་ལྷུན་གྱིས་གྲུབ༔ སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨོཾ་ཨཱཿཧཱུྃ༔ སྦྱང་གཞི་འགྲོ་བ་བདེ་གཤེགས་ལྷ༔ སྦྱངས་འབྲས་སྐུ་ལྔའི་སངས་རྒྱས་རྣམས༔ དབྱེར་མེད་ངང་དུ་རྟོགས་པ་ཡིས༔ དམ་ཚིག་ཡེ་ཤེས་དབྱེར་མེད་བསྲེ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛཿཧཱུྃ་བཾ་ཧོ༔ རང་རྩལ་དགའ་བཞིའི་ལྷ་མོ་ཡིས༔ རང་ལ་རང་མཆོད་གཉིས་མེད་བསྟིམ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ༔ ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཨཱ༔ ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གྷན༔ ཧཱུྃ༔ རང་རིག་བྱང་ཆུབ་སེམས་ཀྱི་ཡེ་ཤེས་ལས༔ ཐབས་ཤེས་བདེ་སྟོང་དབྱེར་མེད་ཡབ་དང་ཡུམ༔ སྤྱན་རས་གཟིགས་དབང་གསང་བ་ཡེ་ཤེས་མ༔ འཁོར་འདས་ཆོས་རྣམས་རྫོགས་པའི་དཔལ་ལ་བསྟོད༔ དམ་ཚིག་སེམས་དཔའི་ཐུགས་ཀ་རུ༔ ཆགས་མེད་ཐབས་ཤེས་ཟུང་འཇུག་པའི༔ པདྨ་ཉི་ཟླ་སུམ་བརྩེགས་ནི༔ ཡེ་ཤེས་སེམས་དཔའི་ཚུལ་དུ་བསམ༔ སོ་སོར་རྟོག་པའི་ཡེ་ཤེས་ནི༔ ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་ལ༔ ཡེ་ཤེས་རང་རྩལ་འབྲུ་དྲུག་པོ༔ དབྱིངས་རིག་ཡེ་ཤེས་ལྔ་དང་ལྡན༔ བདེ་སྟོང་རོལ་པའི་ཀློང་གཡོས་ནས༔ ཡེ་ཤེས་འཁོར་ལོའི་མེ་དཔུང་འབར༔ ལས་ཉོན་མ་རིག་གཉིས་འཛིན་བསྲེགས༔ འོད་ཟེར་མཁའ་ཁྱབ་འཕྲོས་པ་ཡིས༔ རྒྱལ་བ་རྣམས་ལ་མཉེས་མཆོད་འབུལ༔ འགྲོ་བའི་སྡིག་སྒྲིབ་ཐམས་ཅད་བསྲེགས༔ སྐུ་གསུང་ཐུགས་སུ་གནས་གྱུར་ནས༔ བདེ་གཤེགས་རྒྱལ་བ་མ་ལུས་པ༔ སྤྱན་དྲངས་བདེ་ཆེན་མེ་ཡིས་ཞུ༔ ཐབས་ཤེས་དབྱེར་མེད་ལུས་རྣམས་གང༔ དུག་ལྔ་གནས་གྱུར་ཡེ་ཤེས་ལྔ༔ སྒོ་གསུམ་བྱང་ཆུབ་སེམས་གསུམ་དབྱིངས༔ སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ༔ ཅེས་བསྒོམས་ལ་ཡིག་བདུན་ཅི་འགྲུབ་བཟླ་བ་ནི་བདག་གི་རྣལ་འབྱོར་རོ། །དེ་ནས་མཆོད་རྫས་བྱིན་རླབས་ནི། ཧཱུྃ༔ རང་རིག་ཞི་ལྷག་ཟུང་འཇུག་གི༔ རཾ་ཡཾ་ཁཾ་གིས་དངོས་འཛིན་སྦྱངས༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས༔ དབྱིངས་ཡེ་ཟུང་འཇུག་རོལ་པའི་རྩལ༔ ཨོཾ་མ་ཧཱ་སརྦ་པཱུ་ཛ་ཨཱཿཧཱུྃ༔ བུམ་པའི་བསྐྱེད་བཟླས་ནི། བུམ་པ་མི་དམིགས་སྟོང་པའི་ངང༔ པདྨ་ཉི་ཟླའི་གདན་སྟེང་དུ༔ བྷྲཱུྃ་ལས་བུམ་པ་བདེ་ཆེན་ཀློང༔ རང་རྩལ་ཡེ་ཤེས་རྒྱན་དང་ལྡན༔ བྱང་ཆུབ་སེམས་ཀྱི་རྒྱ་མཚོའི་སྟེང༔ མ་ཆགས་ཐབས་ཤེས་ཟུང་འཇུག་དབུས༔ སོ་སོར་རྟོག་པའི་ཡི་གེ་ཧྲཱི༔ བདེ་ཆེན་གར་དབང་སྤྱན་རས་གཟིགས༔ འགྲོ་ལ་རྗེས་ཆགས་སྐུ་མདོག་དམར༔ ཐམས་ཅད་རོ་མཉམ་ཞལ་གཅིག་པ༔ དགའ་བ་བཞི་ཡི་ཕྱག་དང་པོས༔ འགྱུར་མེད་རྡོ་རྗེ་འོག་མ་ཡིས༔ རྒྱུན་ཆད་མེད་པའི་ཕྲེང་བ་དང༔ པདྨ་འདབ་སྟོང་བདེ་ཆེན་རྩལ༔ མི་ཕྱེད་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ འདོད་ཡོན་རྒྱན་དུ་ཤར་བ་ཡི༔ ཡེ་ཤེས་ལྔ་ལྡན་དབུ་རྒྱན་དང༔ ཏིང་འཛིན་གཟུངས་དྲན་མངོན་ཤེས་ཀྱི༔ སྙན་ཆ་མགུལ་རྒྱན་སེ་མོ་དོ༔ དོ་ཤལ་སྟོབས་བཅུའི་སྐ་རགས་མཛེས༔ མི་འཇིགས་བཞི་ཡི་གདུ་བུ་དང༔ དབང་བཅུའི་སྣ་ཚོགས་ཟི་ལྡིར་མཛེས༔ པ་ཏི་ཁྲ་བོས་སྟོད་གཡོགས་སྔོ༔ ཚི་གུས་སྨད་དཀྲིས་འོག་པག་བཅས༔ མ་འདྲེས་རྒྱན་དང་ཆ་ལུགས་རྫོགས༔ མཚན་དང་དཔེ་བྱད་དཔལ་འབར་བ༔ སྟོང་ཉིད་གསང་བ་ཡེ་ཤེས་དབྱིངས༔ པད་ཕྲེང་ཚེ་བུམ་འཛིན་པས་འཁྲིལ༔ ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་ལྔ༔ བདེ་སྟོང་ཟུང་དུ་འཇུག་པ་ཡིས༔ ནོར་བུ་པདྨ་མཉམ་པར་སྦྱོར༔ འོད་ཟེར་མཐའ་ཡས་སྤྲོ་བར་གསལ༔ ཡེ་ཤེས་ལྔ་ལྡན་ལྷུན་གྱིས་གྲུབ༔ སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨོཾ་ཨཱཿཧཱུྃ༔ མི་འགྱུར་དྭངས་མའི་ཧྲཱིཿཡིག་ལས༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛཿཧཱུྃ་བཾ་ཧོ༔ རང་རྩལ་གཉིས་མེད་མཆོད་པའི་ཚུལ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པཱུ༔ ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཨཱ༔ ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གྷན༔ ཧཱུྃ༔ དབྱིངས་ལས་བདེ་ཆེན་བྱང་ཆུབ་སེམས་ཀྱི་སྐུ༔ མི་གཡོ་བཞིན་དུ་སྐུ་ལྔ་ལྷུན་གྱིས་གྲུབ༔ མ་བཅོས་གསལ་རྫོགས་བདེ་ཆེན་སྤྱན་རས་གཟིགས༔ གར་གྱི་དབང་ཕྱུག་སྐུ་ལ་ཕྱག་འཚལ་བསྟོད༔ བདག་གི་ཐུགས་ཀའི་ཧྲཱིཿཡིག་ལས༔ འོད་ཟེར་འཕྲོས་པས་བུམ་ལྷར་ཕོག༔ བདེ་ཆེན་རབ་བསྐུལ་མཉམ་སྦྱོར་བས༔ སྒྲ་དང་འོད་ཟེར་མཁའ་ཁྱབ་འཕྲོས༔ བདེ་གཤེགས་རྒྱལ་བ་མཉེས་པར་བྱས༔ ཐམས་ཅད་མ་ལུས་སྤྱན་དྲངས་ནས༔ ཞལ་ཞུགས་སྐུ་ཡི་དབྱིངས་སུ་ཞུ༔ ཡུམ་གྱི་མཁར་བབས་ཕྱིར་སྤྲོས་པས༔ བྱང་ཆུབ་སེམས་ཀྱིས་བུམ་པ་གང༔ སྨིན་ཅིང་གྲོལ་བའི་མཐུ་ལྡན་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་ཡིག་བདུན་ཅི་འགྲུབ་བཟླ། བསང་ཆུ་འམ་ལས་བུམ་རྟ་སྔགས་ཀྱིས་བྱིན་བརླབ། དེ་ནས་སློབ་མ་རྣམས་ལས་ཆུས་ཁྲུས་བྱ། ཡུངས་དཀར་བྲབ། གུ་གུལ་དུད་པས་འདུག་ལ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ༔ ཧ་ལ་ཧ་ལ་ཧཱུྃ༔ ཞེས་དྲག་ཏུ་བརྗོད་ལ་བགེགས་བསྐྲད་སེམས་བསྐྱེད་གསལ་བཏབ་ལ། གསན་པའི་ཆོས་སྐབས་སུ་བབས་པ། ཇི་སྐད་དུ། བོད་ཡུལ་ལྷ་ཡི་སྐལ་པ་སྤྱན་རས་གཟིགས། །ཆོས་སྐལ་སྙིང་པོ་ཡི་གེ་དྲུག་མ་ཡིན། །ཞེས་གདམས་པར་མཛད་པ་ལྟར་གངས་ཅན་ལྗོངས་ཀྱི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྨིན་གྲོལ་རིམ་པ་བསམ་གྱིས་མི་ཁྱབ་པ་སྔར་བྱོན་ཅིང་ད་ལྟ་འབྱོན་བཞིན་པ་དང་། སླད་ནས་འབྱོན་པར་འགྱུར་བ་མཐའ་དག་འཕགས་པ་ཉིད་ཀྱི་ཡེ་ཤེས་རོལ་པ་ཤ་སྟག་ཡིན་པས་འབྲེལ་ཚད་དོན་ལྡན་འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་མཛད་པ་ལ་ཁྱད་པར་མེད་ཀྱང་། པདྨ་གསུང་གི་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་ཟབ་པའི་ཉིང་ཁུར་ཕྱུང་པ་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པས་གནས་མཆོག་མཁའ་འགྲོ་འབུམ་རྫོང་ནས་སྤྱན་དྲངས་པའི། ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ་ཞེས་གཞན་ལས་ཀྱང་ངོ་མཚར་ཞིང་ཁྱད་པར་དུ་འཕགས་པའི་ཕྲིན་ལས་ཀྱི་ཁྱད་པར་འགྲོ་དོན་ནང་གི་སྨིན་གྲོལ་ལ་རྣམ་གྲངས་གཉིས་སུ་བཞུགས་པ་ལས། ཐོག་མར་སྨིན་བྱེད་ཀྱི་དབང་བསྐུར་གསན་པའི་ཡོན་དུ་ཞིང་ཁམས་འབུལ་བར་འཚལ། ཞེས་མཎྜལ་ཕུལ། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་གར་གྱི་དབང་ཕྱུག་དགོངས༔ འཁོར་བ་ལས་ནི་བསྒྲལ་བའི་ཕྱིར༔ བདེ་ཆེན་བྱང་ཆུབ་སེམས་ཆེན་པོའི༔ དབང་མཆོག་མ་ལུས་བསྩལ་དུ་གསོལ༔ ལན་གསུམ། བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བླ་མ་སྤྱན་རས་གཟིགས་དཀོན་མཆོག་རྩ་གསུམ་ཀུན་འདུས་ལ་སྐྱབས་སུ་འགྲོ་བའི་འདུན་པ་རྩེ་གཅིག་པས་འདིའི་རྗེས་ཟློས། ན་མོ༔ བདག་དང་མཁའ་མཉམ་སོགས་ལན་གསུམ། འཕགས་མཆོག་སྤྱན་རས་གཟིགས་རྒྱལ་བ་སྲས་དང་བཅས་པས་ཐུགས་ཇི་ལྟར་བསྐྱེད་ཅིང་བསླབ་པ་ལ་བསླབས་པ་དེ་བཞིན་དུ་གཞན་གྱི་དོན་དུ་སེམས་བསྐྱེད་ཅིང་བསླབ་པ་ལ་སློབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཧོ༔ སྔོན་གྱི་རྒྱལ་བ་སོགས་གསུམ། ཚོགས་གསག་ཡན་ལག་བདུན་གྱི་སྒོ་ནས་རྒྱུད་སྦྱོང་བའི་ཚིག་རྗེས་དོན་དྲན་གྱི་ཏིང་ངེ་འཛིན་དང་ལྡན་པས་འདིའི་རྗེས་ཟློས། ཧཱུྃ༔ བླ་མ་སྤྱན་རས་གཟིགས་སོགས་རྗེས་ཟློས་བྱར་གཞུག །དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་གར་དབང་སྤྱན་རས་གཟིགས་ཀྱི་སྐུ་འདི་བཞིན་དུ་གསལ་ཐོབས་ཤིག །ཆོས་རྣམས་རང་གི་དབྱིངས་སོགས་བདག་བསྐྱེད་སྐབས་ལྟར་བརྗོད། ཟུང་འཇུག་ནོར་བུ་པདྨ་སྦྱོར༔ གནས་གསུམ་རྡོ་རྗེའི་ཡིག་གསུམ་མཚན༔ འོད་འཕྲོས་སངས་རྒྱས་ཞིང་ཀུན་ནས༔ བསྒོམས་པ་དང་འདྲའི་ཡེ་ཤེས་པ༔ དཔག་མེད་སྤྱན་དྲངས་ཐིམ་པར་མོས༔ ཡིག་བདུན་གཤམ་དུ། རཱ་རཱ་རཱ་རཱ་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཨཾ་ཧཾ་ཛྷཻཾ༔ ཞེས་བཏགས་པ་དང་སྤོས་རོལ་གྱིས་བྱིན་དབབ། ཡེ་ཤེས་ཀྱི་རྒྱུན་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ༔ ཞེས་རྡོ་རྗེ་མགོར་བཞག །དབང་དངོས་ལ་དམིགས་པ་འདི་བཞིན་དུ་མཛོད། བུམ་པ་གཞལ་ཡས་ཁང་གི་ནང༔ སྤྱན་རས་གཟིགས་དབང་ཡབ་དང་ཡུམ༔ མཉམ་སྦྱོར་བྱང་ཆུབ་སེམས་སྤྲིན་ནི༔ སྤྱི་བོ་ནས་ཞུགས་ལུས་གང་སྟེ༔ གཉིས་འཛིན་འཁྲུལ་པ་ཀུན་སྦྱངས་ནས༔ གཉིས་མེད་བདེ་ཆེན་ཡེ་ཤེས་རྟོགས༔ བྱང་ཆུབ་སེམས་ཀྱི་ལྷག་མ་ལས༔ སྤྱི་བོའི་གཙུག་ཏུ་ཚེ་དཔག་མེད༔ དམར་གསལ་མཉམ་གཞག་ཚེ་བུམ་འཛིན༔ གོས་དཀར་ཡུམ་དང་གཉིས་མེད་འཁྲིལ༔ ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས་མཛེས༔ པདྨ་ཟླ་བའི་གདན་བཞུགས་པའི༔ རིགས་ཀྱི་བདག་པོས་དབུ་བརྒྱན་བསམ༔ བུམ་པ་བཏེག་ལ། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་བུམ་པ་རུ༔ བདེ་སྟོང་དབྱེར་མེད་སྤྱན་རས་གཟིགས༔ གསང་བ་ཡེ་ཤེས་ཡུམ་དང་བཅས༔ མཉམ་སྦྱོར་ལྷག་པའི་དགའ་བ་བཞི༔ བྱང་ཆུབ་སེམས་ཀྱི་བདུད་རྩིར་འཁྱིལ༔ སྐལ་ལྡན་རྣམས་ལ་དབང་བསྐུར་བས༔ ཕུང་ཁམས་སྐྱེ་མཆེད་གནས་སུ་དག༔ སྐུ་ནི་ལོངས་སྤྱོད་རྫོགས་སྐུར་ལྡན༔ གསུང་ནི་བདེ་བ་ཆེན་པོའི་སྒྲ༔ ཐུགས་ནི་སོ་སོར་རྟོག་པ་ཡི༔ ཡེ་ཤེས་དབང་མཆོག་ཐོབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ བུམ་པ་མགོར་བཞག་བདུད་རྩི་བླུགས། ཛཿཧཱུྃ་བཾ་ཧོ༔ བུམ་ལྷ་བདེ་བ་ཆེན་པོར་ཞུ༔ ཐིག་ལེ་རང་གི་དྭངས་མར་ཐིམ༔ བདེ་སྟོང་དབྱེར་མེད་ངང་ལ་བཞག༔ ཤིས་བརྗོད་ཅི་རིགས་བྱ། དེས་ནང་སྒྲུབ་ཐུགས་རྗེ་ཆེན་པོ་པདྨ་གར་དབང་ལ་བསྟེན་པའི་སྨིན་བྱེད་ལེགས་པར་ཐོབ་པ་ཡིན་པས་འདི་ཡི་དམ་གྱི་ལྷར་བཟུང་ཞིང་གཞན་དོན་ལ་བརྩོན་པ་སོགས་དམ་ཚིག་རྣམས་ཚུལ་བཞིན་བསྲུང་བའི་མོས་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་གཏང་རག་མཎྜལ་ཕུལ། གཉིས་པ་གྲོལ་བྱེད་གདམས་ཁྲིད་ཟབ་མོ་གསན་པའི་ཡོན་དུ་ཞིང་ཁམས་འབུལ་འཚལ། ཞེས་མཎྜལ་ཕུལ། དེ་ལྟར་དབང་བསྐུར་ཐོབ་པས་རྒྱུད་སྨིན་པའི་གང་ཟག་གིས་ཐོབ་པ་ཙམ་དུ་མི་འཇོག་པར་ལམ་བསྒོམས་ནས་རང་རྒྱུད་གྲོལ་བའི་ཐབས་ལ་འབད་དགོས་ཤིང་། གྲོལ་བྱེད་ལམ་རིམ་ཐམས་ཅད་ཀྱི་སྙིང་པོ་འདི་ལྟ་བུ་ལ་འབད་པ་གལ་ཆེ་སྟེ། འདི་ལའང་སྔོན་འགྲོ་དངོས་གཞི་རྗེས་གསུམ་དུ་ཡོད་པ་ལས། དང་པོ་སྔོན་འགྲོ་ནི། དེའང་ཉམས་ལེན་ཐམས་ཅད་ཀྱི་རྩ་བ་ཁམས་གསུམ་སྲིད་པའི་བདེ་འབྱོར་ལ་མེ་འོབས་དང་བཙོན་དོང་ལྟ་བུར་མཐོང་བའི་ངེས་འབྱུང་གི་བསམ་པ་བརྟན་པོས་རྒྱུད་བསྐུལ་ཏེ། དབེན་པའི་གནས་སུ་བདེ་བའི་སྟན་ལ་སྒོ་གསུམ་གཡེང་བ་མེད་པས་འཁོད་ནས། དཀོན་མཆོག་ཀུན་འདུས་བླ་མ་སྤྱན་རས་གཟིགས་དབང་ཕྱུག་ལ་ཅི་མཛད་ཁྱོད་ཤེས་བློ་གཏད་ལིངས་བསྐྱུར་གྱིས་སྐྱབས་སུ་འགྲོ །ནམ་མཁའ་དང་མཉམ་པའི་ཕ་མ་སེམས་ཅན་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ཀྱི་གོ་འཕང་ལ་འགོད་པའི་སླད་དུ་བདག་གིས་བསྐྱེད་རྫོགས་སྒོམ་བཟླས་བྱ་སྙམ་དུ་སྨོན་པའི་སེམས་བསྐྱེད། ཕྱག་དང་མཆོད་པ་སོགས་ཡན་ལག་བདུན་པའི་ཚིག་རེ་རེ་བཞིན་དོན་གསལ་འདེབས་ལ་རྒྱུད་སྦྱང་། བྱམས་པ་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ་ཚད་མེད་པ་བཞིས་འཇུག་པའི་སེམས་བསྐྱེད་བླང་དགོས་ཏེ། དེ་རྣམས་ཀྱི་འདོན་ཆ་ནི། ན་མོ༔ བདག་དང་མཁའ་མཉམ་སོགས་ཚར་གཅིག་བཀླག །དེས་སྔོན་འགྲོ་མདོར་བསྡུས་པ་གྲུབ། དངོས་གཞི་ལ་བསྐྱེད་རིམ་ལྷའི་སྒོམ་བཟླས་དང་། རྫོགས་རིམ་སྟོང་ཉིད་ཀྱི་རྣལ་འབྱོར་གཉིས་ཡོད་པ་ལས་དང་པོ་ནི་རང་དམ་ཚིག་པར་བསྐྱེད་ཅིང་དབང་བསྐུར་རྒྱས་བཏབ་ལ་གནས་གསུམ་བྱིན་གྱིས་རླབས། ལྷ་ཡེ་ཤེས་པ་སྤྱན་དྲངས་པས་གཉིས་མེད་དུ་བསྟིམ། འཕྲུལ་དགའི་འདོད་ཡོན་ལྟར་རང་ལས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་རང་ལ་མཆོད་བསྟོད་བྱེད་པར་བསྒོམ་དགོས་ཤིང་དེ་རྣམས་གསལ་འདེབས་པ་ནི། ཆོས་རྣམས་རང་གི་སོགས་ནས། དཔལ་ལ་བསྟོད༔ བར་བརྗོད། དེ་ལྟར་བསྐྱེད་པའི་རིམ་པ་ལ་རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པོས་གསལ་སྣང་མ་ཐོན་གྱི་བར་དུ་བསྒོམ་དགོས། བཟླས་པའི་དམིགས་པ་ནི། དམ་ཚིག་སེམས་དཔའི་ཐུགས་ཀ་རུ༔ སོགས་བརྗོད་ལ། བཟླ་བྱའི་སྔགས་ནི། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་སྤྱན་རས་གཟིགས་ཀྱི་ཡང་སྙིང་ཡི་གེ་བདུན་པར་གྲགས་པ་འདི་ཉིད་ཡིན་ལ་ལྷའི་གསལ་སྣང་། ཏིང་ངེ་འཛིན་གྱི་འཕྲོ་འདུ་ལ་རྩེ་གཅིག་ཏུ་གཏད་དེ་ཡིད་གཞན་དུ་མ་ཡེངས་པར་བྱ་དགོས་ལ། བཟླས་བསྒོམ་གྱི་ཕན་ཡོན་ཀྱང་། པདྨ་རྒྱལ་པོའི་རྒྱུད་ལས། སྐུ་ཡི་དཀྱིལ་འཁོར་གཅིག་བསྒོམས་པས། །སངས་རྒྱས་ཐམས་ཅད་འདུས་པ་ནི། །མགོན་པོ་སྤྱན་རས་གཟིགས་སྐུ་ཡིན། །བསྒོམ་དང་ཡིད་ལ་དྲན་པས་ཀྱང་། །མཚམས་མེད་སྡིག་པ་དག་པར་བྱེད། །ཅེས་དང་། གསང་འདུས་རྒྱུད་ལས། འཇིག་རྟེན་སེམས་ཅན་སྲོག་བཏོན་པའི། །བསོད་ནམས་འཕགས་པས་བགྲང་ནུས་ཀྱི། །ཡིག་བདུན་ལན་གཅིག་བརྗོད་པ་ཡི། །བསོད་ནམས་འཕགས་པས་བགྲང་མི་ནུས། ཁམས་གསུམ་སེམས་ཅན་མ་ལུས་ཀུན། །སངས་རྒྱས་སར་བཀོད་ཡོན་ཏན་ནི། །བགྲང་བར་ནུས་ཀྱི་ཡི་གེ་བདུན། །གཅིག་བརྗོད་ཡོན་ཏན་བགྲང་མི་ནུས། །ཞེས་པས་མཚོན་ཏེ་མདོ་རྒྱུད་ཀུན་ནས་རྒྱ་ཆེར་གསུངས་པས་སྒོམ་བཟླས་འདི་ལ་བརྩོན་ཏེ་མི་ལུས་ཐོབ་པ་དོན་ལྡན་དུ་མཛད་པར་ཞུ། གཉིས་པ་དེ་ཉིད་རྫོགས་རིམ་གྱི་རྒྱས་གདབ་པ་ནི། སྣང་བ་ལྷ་དང་གྲགས་པ་སྔགས༔ དྲན་རྟོག་གང་ཤར་ངོ་བོ་འདི༔ མ་བཅོས་ནམ་མཁའ་གཡའ་དག་ལྟར༔ གསལ་རིག་རྒྱུན་ཆད་མེད་པར་བཞག༔ འཛིན་མེད་ཞེན་མེད་བདེ་བ་ཆེ༔ མ་མཐོང་མི་མཐོང་མཐོང་མི་འགྱུར༔ དེ་ནི་ཡེ་ཤེས་ཆེན་པོ་འོ༔ ཞེས་གསུངས་པ་ལྟར། བསྐྱེད་རིམ་གྱི་གྲུབ་མཐའ་སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུ །སྒྲ་གྲགས་ཐམས་ཅད་ཡི་གེ་བདུན་པ། དྲན་རྟོག་གང་ཤར་ལ་བཟོ་བཅོས་མེད་པར་རིག་སྟོང་ཡེ་གྲོལ་ནམ་མཁའ་ལྟ་བུའི་ངང་དུ་འཛིན་མེད་ཞེན་མེད་ལྷུག་པར་བཞག་ལ་བསྐྱེད་རྫོགས་ཟུང་དུ་འཇུག་པར་བྱ། རྗེས་ཀྱི་བྱ་བ་ནི། སྣང་སྲིད་བྱང་ཆུབ་སེམས་སུ་ཞུ༔ ཐུགས་ཀྱི་ཐིག་ལེར་རོ་གཅིག་པའི༔ མཐའ་བཞིའི་དྲི་མ་བྲལ་བར་བཞག༔ ཅེས་གསུངས་པ་ལྟར་སྣང་སྲིད་ལྷའི་འཁོར་ལོར་གསལ་བ་འོད་གསལ་ཐིག་ལེ་ཆེན་པོར་བསྡུ་ཞིང་། དེའི་ངང་ལས་སྙིང་རྗེ་སྒྱུ་མ་ལྟ་བུའི་གཟུགས་ཀྱི་སྐུར་ལྡངས་ཏེ་དགེ་བ་གཞན་དོན་དུ་བསྔོ་བ་དང་། སྤྱོད་ལམ་བྱ་བའི་ཚུལ་ཡང་། བྱར་མེད་རྩོལ་མེད་བསྒོམ་གྱི་ངང༔ སྙིང་རྗེ་སྒྱུ་མའི་སྤྱོད་ལམ་སྤྱད༔ ཡང་ན་རེ་དོགས་གཏད་མེད་ངང༔ ཞེས་གསུངས་པ་ལྟར་སྤྱད་པས་འབྲས་བུ་ནི། དེ་ཡིས་རང་གཞན་དོན་གཉིས་འགྲུབ༔ མཆོག་ཐུན་དངོས་གྲུབ་འབད་མེད་འབྱུང༔ བདེ་ཆེན་ཡེ་ཤེས་ངེས་པར་ཐོབ༔ མཐར་ཕྱིན་ལམ་གྱི་སྙིང་པོ་འོ༔ ཞེས་བསླུ་མེད་རྡོ་རྗེའི་གསུང་གིས་གསལ་བར་གདམས་པའི་དོན་ཐུགས་ལ་འཇོག་པར་ཞུ། དེས་སྨིན་གྲོལ་གྱི་རིམ་པ་ལེགས་པར་གྲུབ་པ་ཡིན་པས་དགེ་བ་བྱང་ཆུབ་ཆེན་པོར་བསྔོ་བས་རྒྱས་འདེབས་པ་དང་། འདིའི་སྒོ་ནས་རང་དང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་འདུས་པ་གྱེས། སློབ་དཔོན་གྱིས། ཛཿཧཱུྃ་བཾ་ཧོ༔ བུམ་ལྷ་བདེ་བ་ཆེན་པོར་ཞུ༔ ཐིག་ལེ་རང་གི་དྭངས་མར་ཐིམ༔ བདེ་སྟོང་དབྱེར་མེད་ངང་ལ་བཞག༔ ཅེས་དང་། སྣང་སྲིད་བྱང་ཆུབ་སེམས་སུ་ཞུ༔ ཐུགས་ཀྱི་ཐིག་ལེར་རོ་གཅིག་པའི༔ མཐའ་བཞིའི་དྲི་མ་བྲལ་བར་བཞག༔ ཅེས་བདག་བསྐྱེད་བསྡུ་ལྡང་དགེ་བསྔོ་ཤིས་བརྗོད་སྤྱི་ལྟར་བྱའོ། །གངྒཱའི་བྱེ་སྙེད་ལུས་ཅན་རྣམས། །ལམ་འདིས་རང་སྣང་བདེ་བ་ཆེ། །པདྨོ་བཀོད་པར་དབུགས་དབྱུང་སྟེ། །འཕགས་པའི་ཕྲིན་ལས་རྒྱས་གྱུར་ཅིག །ཅེས་པའང་སྤྲུལ་པའི་གཏེར་ཆེན་ཉིད་ཀྱིས་བཀའ་ཡིས་རྗེས་སུ་གནང་ཞིང་སྲས་ཡུམ་ཟུང་གིས་གསུང་བསྐུལ་མཛད་པ་ལྟར། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་ཕོ་བྲང་ཆེན་པོའི་མདུན་རོལ་གྲུབ་པའི་བསྟི་གནས་བྱང་ཆུབ་ཤིང་གི་སྐྱེད་ཚལ་གྱིས་མཛེས་པའི་དབེན་ཁྲོད་ཀུན་བཟང་བདེ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
བླ་མའི་ཐུགས་སྒྲུབ་གསང་བ་འདུས་པའི་སྒྲུབ་པ་སྙན་བརྒྱུད་ཞག་བདུན་མའི་ཞལ་ཤེས་གསལ་བྱེད་རིག་འཛིན་ཌཱ་ཀིའི་ཐུགས་ཁྲག་ (Volume 6, Text 7)
༄༅། །བླ་མའི་ཐུགས་སྒྲུབ་གསང་བ་འདུས་པའི་སྒྲུབ་པ་སྙན་བརྒྱུད་ཞག་བདུན་མའི་ཞལ་ཤེས་གསལ་བྱེད་རིག་འཛིན་ཌཱ་ཀིའི་ཐུགས་ཁྲག་ཅེས་བྱ་བ་བཞུགས་སོ།། ཉམས་ལེན་ཚུལ་བཞིན་བྱེད་པ་མ་གཏོགས་པར་བསྟན་དུ་མི་རུང་བའི་བཀའ་རྒྱ་མའོ།། དྲི་མེད་རང་བྱུང་རིག་པའི་ངོ་བོ་ཉིད། །པདྨ་ཐོད་ཕྲེང་མི་བསྐྱོད་རྡོ་རྗེ་སེམས། །རྔ་ཡབ་རིག་འཛིན་ཌཱ་ཀིའི་གླིང་གི་མགོན། །ཕྱོགས་དུས་སྐྱབས་ཀུན་འདུས་པ་དེར་ཕྱག་འཚལ། །ཨོ་རྒྱན་ཐུགས་སྒྲུབ་མཐར་ཐུག་གསང་འདུས་ཀྱི། །ཟབ་གསང་མན་ངག་སྙན་བརྒྱུད་ཞག་བདུན་མ། །འཐོར་བསྡུས་འཁྲུགས་བསྡེབས་གབ་སྦས་ཀུན་བསལ་ཏེ། །དེང་འདིར་འགོད་ལ་སྲུང་མས་རྗེས་གནང་མཛོད། །བླ་མའི་ཐུགས་སྒྲུབ་གསང་བ་འདུས་པའི་མན་ངག་བླ་ན་མེད་པ་ཐེམས་མེད་སྙན་བརྒྱུད་ཞག་བདུན་མར་གྲགས་པ་ལ་ཟབ་མོའི་གནད་རྣམ་པ་ལྔ་ལས། དང་པོ་ལུས་བསྐྱེད་རིམ་ལྷ་ཡི་གསང་བ་འདུས་པ་ནི། ལས་བྱང་ལེ་བརྒྱད་ལས། སྒྲུབ་དུས་བླ་མར་རང་གསལ་གདབ༔ གསང་སྔགས་འདུས་པའི་སྙིང་པོ་བཟླ༔ ཞེས་དང་། ཞལ་གདམས་ཐེམས་མེད་ལས། སྐུ་གསུང་ཐུགས་ཀྱི་འོད་ཟེར་གྱིས༔ ཏིང་འཛིན་དབང་བསྐུར་ཚར་རྗེས་ལ༔ བླ་མ་ཡབ་ཡུམ་འཁོར་བཅས་རྣམས༔ འོད་དུ་ཞུ་ནས་རང་ལ་ཐིམ༔ རང་དང་དབྱེར་མེད་འདྲེས་པ་ལ༔ ཡིད་ཆེས་ང་རྒྱལ་ལྡན་པ་བསྒོམ༔ དེ་ཚེ་ང་དང་གཉིས་སུ་མེད༔ ཅེས་གསུངས་པས་བསྙེན་དུས་ལྟར་བླ་མ་སྤྱི་བོར་བསྒོམས་ནས་དབང་བཞི་བླང་བའི་དམིགས་པ་དང་བཅས་བཟླས་པ་ཇི་ཙམ་ནུས་པ་སྔོན་དུ་སོང་རྗེས། སྤྱི་བོའི་བླ་མ་རང་ལ་ཐིམ་པས་རང་རྟ་མགྲིན་དུ་གསལ་བ་བླ་མ་རྡོ་རྗེ་སེམས་དཔར་གནས་འགྱུར་བར་སྒོམ་པ་ཡིན་ལ། འབྲི་གུང་དཔལ་འཛིན་གྱིས། བསྙེན་དུས་བླ་མ་སྤྱི་བོར་བསྒོམ། །དེ་ལ་སྐྱོན་ཡོད་མ་ཡིན་ཀྱང་། །སྒྲུབ་དུས་བླ་མར་རང་བསྒོམས་ནས། །རང་གི་གདན་དུ་བཅོམ་ལྡན་འདས། ཁྲོ་བོའི་དབང་ཕྱུག་རྟ་མགྲིན་བསྒོམ། །ཞེས་ཁ་ཟེར་བ་ནི་དེ་ལྟར་མ་གོ་བར་ཟད་དོ། །འདིར་བླ་མ་གོང་མ་རྣམས་བླ་མ་རྡོར་སེམས་ཡབ་ཡུམ་གཅིག་པུ་མ་གཏོགས་ཞུ་བསྟིམ་མ་བྱས་པར་འོག་གི་ལས་བཞིའི་འཕྲོ་འདུ་ཡང་སྤྱི་བོའི་ཐོད་ཕྲེང་རིགས་ལྔ་སྔར་ཡོད་ལ་བྱ་བར་བཞེད། ཁོ་བོའི་བླ་མ་ནི་འཁོར་བཅས་རྣམས་ཞེས་འབྱུང་བས་ཐོད་ཕྲེང་རིགས་ལྔ་མཚན་བརྒྱད་སོགས་ཀྱང་ཞུ་བསྟིམ་བྱེད་པ་འཐད་གསུངས་པ་གང་ལྟར་ཡང་མི་འགལ་ལོ། །གཏེར་གཞུང་གི་ཚིག་ཟིན་གཙོ་བོའི་དབང་གིས་ཕྱི་མ་ལྟར་བཤད་ན། འཁོར་རྣམས་འོད་དུ་ཞུ་སྟེ་གཙོ་བོ་བླ་མ་རྡོར་སེམས་ཡབ་ཡུམ་ལ་ཐིམ། བླ་མ་ཡབ་ཡུམ་རྗེས་ཆགས་དྭངས་མའི་རང་བཞིན་འོད་དུ་ཞུ་ནས་རང་ལ་ཐིམ་པ་ལས། མངོན་རྟོགས་ཁྱབ་བདག་སྨན་ལུང་པས་མཛད་པའི་ཞལ་ཤེས་ལྷན་ཐབས་ལྟར། དེ་ནས་སློབ་དཔོན་ཡབ་ཡུམ་བདག་ལ་ཐིམ་པས་བདག་གི་ཕུང་པོ་ཁམས་དང་སྐྱེ་མཆེད་འོད་དུ་ཞུ་གནས་འགྱུར་ཡོངས་སུ་གྱུར་པ་ལས། རང་ཉིད་བླ་མ་རྡོ་རྗེ་འཆང་ཆེན་པོའི་ཆ་ལུགས་སྐུ་མདོག་མཐིང་ག་གཅེར་བུ་སྤྱན་གསུམ་རུས་པའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་འགྱིང་ཚུལ་དུ་བསྣམས་ནས་གཡོན་སྡིགས་མཛུབ་དང་བཅས་པའི་དྲིལ་བུ་ཡུམ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཡུམ་མཁར་བཟའ་མཚོ་རྒྱལ་དང་རྡོ་རྗེ་ཕག་མོ་དབྱེར་མེད་པ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་གྲི་གུག་འཛིན་པས་ཡབ་ལ་འཁྱུད་པ་གཡོན་ཐོད་པ་བདུད་རྩིས་གང་བ་ཡབ་ཀྱི་ཞལ་དུ་སྟོབ་པ། ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ་བ། སྐུ་གཅེར་བུ་སྐྲ་གྲོལ་བ་ཤིན་ཏུ་དགྱེས་པའི་འཛུམ་དང་ལྡན་པ། ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བའི་ཡབ་ཀྱི་སྤྱི་གཙུག་ཏུ་དཔལ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣམས་པས་ཡུམ་ལ་འཁྱུད་པ། ཡུམ་གྱི་སྤྱི་གཙུག་ཏུ་ཀུན་ཏུ་བཟང་མོ་ཕྱག་གཡས་གྲི་གུག་དང་གཡོན་ཐོད་ཁྲག་བསྣམས་པ། ཡབ་ཀྱི་མགྲིན་པར་སངས་རྒྱས་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་མཉམ་གཞག་གི་སྟེང་ན་བུམ་པ་བསྣམས་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཡུམ་གྱི་མགྲིན་པར་གོས་དཀར་མོ་གྲི་གུག་དང་ཐོད་ཁྲག་བསྣམས་པ། ཡབ་ཡུམ་གཉིས་ཀྱི་སྙིང་དབུས་དུར་ཁྲོད་ཀྱི་གཞལ་ཡས་ཁང་པ་ཆེན་པོ་རེར་གྱུར་པའི་ཡབ་ཀྱི་དུར་ཁྲོད་ཀྱི་དབུས་སུ་དཔལ་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པ། གཡས་ཁམས་གསུམ་དབང་སྡུད་ཀྱི་ཕྱག་རྒྱས་རྡོ་རྗེ་འཛིན་པ། གཡོན་སྡིགས་མཛུབ་དྲིལ་བུ་ཅན་དབུ་སྐྲ་གནག་སྣུམ་གྱེན་དུ་འཁྱིལ་བའི་གསེབ་ནས་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བ། སྐུ་མདོག་དམར་ནག་སྤྱན་གསུམ་པ། མཆེ་བ་གཙིགས་ཤིང་ཞལ་གདངས་ལྗགས་འདྲིལ་བ། དཔལ་གྱི་ཆས་བརྒྱད་གར་དགུ་དང་ལྡན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་མེ་དཔུང་གི་ནང་ན་བཞུགས་པ། ཤར་དུ་བཛྲ་ཧེ་རུ་ཀ །ལྷོར་རཏྣ་ཧེ་རུ་ཀ །ནུབ་ཏུ་པདྨ་ཧེ་རུ་ཀ །བྱང་དུ་ཀརྨ་ཧེ་རུ་ཀ་བཞིས་བསྐོར་བ། ལྟེ་བར་ཆེ་མཆོག་པདྨ་ཐོད་ཕྲེང་རྩལ་ཞལ་གཅིག་ཕྱག་གཉིས་གཟི་མདངས་དང་ལྡན་པ། སྐུ་མདོག་དམར་ནག་ཁྲོ་ཚུལ་དུ་བཞུགས་པ། སྤྱན་བགྲད་ཨག་ཚོམ་སྨ་ར་ཅན་ཕྱག་གཡས་རྡོ་རྗེ་རྩེ་ལྔ་གདེངས་པ། གཡོན་ཕུར་པས་དམ་ཉམས་དགྲ་བགེགས་གཟིར་བ། རུས་པའི་རྒྱན་དྲུག་དང་ཐོད་ཕྲེང་གསོལ་བ་ཞབས་གཉིས་བརྐྱང་བསྐུམ་སྟག་ལྤགས་ཀྱི་གདན་སྟེང་དགྲ་བགེགས་ལོག་འདྲེན་གཟིར་བ། སྐུ་ལ་ཁྲོ་ཆུང་དཔག་མེད་འཕྲོ་བ། རྡོ་རྗེ་མེ་འབར་གུར་ཁང་བཞུགས༔ ཐུགས་ཀར་རཾ་སྟེང་ཧཱུྃ་མེ་འབར༔ བདག་གཞན་ལོག་རྟོག་བག་ཆགས་བསྲེགས༔ འཁོར་དུ་མཁའ་འགྲོ་འབུམ་གྱིས་བསྐོར༔ དེ་རྣམས་ཀུན་ཀྱང་ཧཱུྃ་སྒྲ་སྒྲོག༔ སྟོང་གསུམ་ཧཱུྃ་སྒྲས་གང་བར་བསྒོམ༔ གསང་བའི་སྦུ་གུ་རྡོ་རྗེ་སྔོན་པོ་རྩེ་མོ་གསུམ་པ་ཧཱུྃ་གིས་མཚན་པ། ཡུམ་གྱི་སྙིང་དབུས་ཆོས་འབྱུང་བསྣོལ་མ་རོའི་སྟེང་ན་རྡོ་རྗེ་ཕག་མོ་ཞལ་གཅིག་ཕྱག་གཉིས་མ་གྲི་གུག་ཐོད་ཁྲག་བསྣམས་པ། སྤྱི་གཙུག་ནས་ཕག་ཞལ་གྱེན་ལ་བལྟ་བ། རྩ་ཞལ་དམར་ལ་བརྗིད་པ། སྤྱན་གསུམ་མཆེ་བ་གཙིགས་པ་ཐོད་པ་དང་རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྒེག་ཅིང་ལང་ཚོ་དང་ལྡན་པ། ཤར་དུ་བཛྲ་ཀྲོ་དྷཱི་ཤྭ་རི། ལྷོར་རཏྣ་ཀྲོ་དྷཱི་ཤྭ་རི། ནུབ་ཏུ་པདྨ་ཀྲོ་དྷཱི་ཤྭ་རི། བྱང་དུ་ཀརྨ་ཀྲོ་དྷཱི་ཤྭ་རི་བཞིས་བསྐོར་བ། ལྟེ་བ་ན་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམས་པ། གསང་གནས་པདྨ་དམར་པོ་འདབ་མ་བཞིའི་ལྟེ་བར་ཨཿས་མཚན་པ། ཡབ་ཡུམ་གྱི་སྤྱི་གཙུག་ཏུ་བཀའ་བརྒྱུད་ཀྱི་བླ་མ་རྣམས་དང་གུ་རུ་མཚན་བརྒྱད། གྲུབ་ཐོབ་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་ཐམས་ཅད་སྐུ་གཅེར་བུ་རུས་པའི་རྒྱན་དྲུག་གསོལ་བ། ཕྱག་གཡས་ཌཱ་མ་རུ་དང་གཡོན་ཐོད་པ་བདུད་རྩིས་གང་བ་བསྣམས་པ། གར་གྱི་ཉམས་དང་ལྡན་པར་གྱུར། ཞེས་འདོན་སྒོམ་སྦྲགས། དེ་ལ་རྟ་མགྲིན་གྱི་ཕྱག་གཡས་དབང་སྡུད་ཀྱི་ཕྱག་རྒྱ་མཐེ་བོང་གིས་མཐེ་ཆུང་མནན་མཛུབ་མོ་གུང་མོ་སྲིན་ལག་གསུམ་བསྒྲེང་བའོ། །སྙན་བརྒྱུད་རྩ་བར། ཡབ་ཀྱི་ཐུགས་ཀའི་རྟ་མགྲིན་གྱི་ཕྱོགས་བཞིར་ཕྱི་ལྟར་གིང་བཞི། ནང་ལྟར་རིགས་ཀྱི་ཡབ་བཞི། གསང་བ་ལྟར་ཧེ་རུ་ཀ་བཞི། ཡུམ་གྱི་ཐུགས་ཀའི་རྡོ་རྗེ་ཕག་མོའི་ཕྱོགས་བཞིར་ཕྱི་ལྟར་མཁའ་འགྲོ་མ་བཞི། ནང་ལྟར་རིགས་ཀྱི་ཡུམ་བཞི། གསང་བ་ལྟར་ཀྲོ་ཏཱི་ཤྭ་རི་བཞི་བསྒོམ་པར་གསུངས་པའི་གིང་དང་མཁའ་འགྲོ་བཞི་ནི། ལས་བྱང་གི་མངོན་རྟོགས་སོར་བཞག་ལ་ཡབ་ཡུམ་ཁ་ཕྲལ་ཏེ་ཡབ་ཀྱི་ཐུགས་ཀར་གིང་བཞི་དང་། ཡུམ་གྱི་ཐུགས་ཀར་མཁའ་འགྲོ་བཞི་བསྒོམ། རིགས་ཀྱི་ཡབ་བཞི་ནི། ཤར་དུ་རྡོར་སེམས་མཐིང་ཀ་རྡོར་དྲིལ། ལྷོར་རིན་འབྱུང་སེར་པོ་རིན་ཆེན་དྲིལ་བུ། ནུབ་ཏུ་སྣང་མཐའ་དམར་པོ་པདྨ་དྲིལ་བུ། བྱང་དུ་དོན་གྲུབ་ལྗང་གུ་རྒྱ་གྲམ་དྲིལ་བུ་འཛིན་པ། ཧེ་རུ་ཀ་བཞི་ནི། ཤར་དུ་བུདྡྷ་ཧེ་རུ་ཀ་སྨུག་ནག་འཁོར་ལོ་དང་རྒྱུ་ཞགས། ལྷོར་རཏྣ་ཧེ་རུ་ཀ་སེར་ནག་རིན་པོ་ཆེ་དང་སྟོང་གསུམ་གྱི་འཇིག་རྟེན། ནུབ་ཏུ་པདྨ་ཧེ་རུ་ཀ་དམར་ནག་པདྨ་དང་ཏི་ར། བྱང་དུ་ཀརྨ་ཧེ་རུ་ཀ་ལྗང་ནག་རྒྱ་གྲམ་དང་རི་རབ་བསྣམས་པ། རིགས་ཀྱི་ཡུམ་བཞི་ནི། རྡོ་རྗེ་དབྱིངས་ཕྱུག་མ་མཐིང་། མ་མཱ་ཀི་སེར། གོས་དཀར་དམར། སྒྲོལ་མ་ལྗང་། བཞི་ཀའང་གཡས་དྲིལ་བུ། གཡོན་རྡོ་རྗེ་འཛིན་པ་ལྷ་མོའི་རྣམ་པ་ཅན། ཀྲོ་ཏཱི་ཤྭ་རི་བཞི་ནི། བཛྲ་འདི་བུདྡྷ་ཀྲོ་ཏཱི་སྨུག་མོར་འཐད་པ་འདྲ། རཏྣ། པདྨ། ཀརྨ། ཀྲོ་ཏཱི་ཤྭ་རི་མཐིང་། སེར། དམར། ལྗང་ནག གཡས་ཁ་ཊྭཱཾ། གཡོན་ཐོད་ཁྲག་ཡབ་ལ་སྟོབས་ཚུལ། དེ་རྣམས་དམིགས་པས་འཆུན་ན་ཚང་མ་ཁྲོམ་ཚོགས་སུ་སྒོམ་ཞིང་། མི་ནུས་ན་ཕྱི་ནང་གསང་བ་གང་མོས་གང་རུང་གཅིག་སྒོམ་པས་ཆོག་ཕྱིར་ཞལ་ཤེས་ལྷན་ཐབས་སུ་ཧེ་རུ་ཀ་ཡབ་ཡུམ་བཞི་ལས་མ་བཤད་པའང་དེ་ལ་དགོངས་པར་སྣང་། ཡབ་ཀྱི་ལྟེ་བར་ཐུགས་སྒྲུབ་ཧཱུྃ་གི་ལྷ་བཞི་བསྒོམ་ཞེས་སྙན་བརྒྱུད་རྩ་བར་གསུངས་ཀྱང་། དེང་སང་རྡོ་རྗེ་གྲོ་ལོད་ཀྱི་ཧཱུྃ་སྒྲུབ་དང་དྲག་པོ་རྟ་སྐད་ཅན་མ་གཏོགས་ལྷ་བཞི་ཚང་བར་ངོས་འཛིན་རྒྱུ་མི་འདུག་པ་ཤོག་སེར་ལས་མ་ཕབ་པའམ་ནུབ་པ་ཡིན་པར་སེམས། འོན་ཀྱང་ད་ལྟ་ལྷ་ཕྱག་བཞེས་སུ་ཆེ་མཆོག་པདྨ་བསྒོམ་པ་དེ་གཅིག་པུས་ཆོག་གསུང་། དེ་ནི་རྡོ་རྗེ་གྲོ་ལོད་སྟག་ལྤགས་ཀྱི་གདན་ལ་ཕྱེད་སྐྱིལ་དུ་བཞུགས་པའོ། །སྤྱི་བོའི་བླ་མ་རྣམས་གར་གྱི་ཉམས་དང་ལྡན་པ་ཞེས་པ་ནི་རྩ་བར་གར་སྟབས་ཁྱུག་ཁྱུག་མཛད་པར་སྒོམ་ཞེས་འབྱུང་། དེ་ལྟར་དབང་པོ་རབ་ཀྱིས་ལྷ་ཐམས་ཅད་མ་འདྲེས་འཇའ་ཚོན་ལྟར་གསལ་བ། འབྲིང་གིས་ཚིག་དོན་རྗེས་དྲན་མོས་བསྐྱེད། ཐ་མས་ཡི་དམ་གང་རུང་གཅིག་ལ་ཀུན་འདུས་ནོར་བུ་ལུགས་སུ་བསྒོམ་གསུངས། གཉིས་པ་ངག་རྡོ་རྗེའི་བཟླས་པ་སྔགས་གསང་བ་འདུས་པ་ནི། ཡབ་ཀྱི་གནས་བཞིའི་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་གདན་ལ་ས་བོན་སྔགས་ཕྲེང་གིས་བསྐོར་བ་དཀར་པོ། ཡུམ་གྱི་གནས་བཞིའི་ལྷ་མོ་ཐམས་ཅད་ཀྱི་ཐུགས་ཀར་ཉི་གདན་ལ་ས་བོན་སྔགས་ཕྲེང་གིས་བསྐོར་བ་དམར་པོ། མདུན་གྱི་ནམ་མཁར་གཡས་སུ་ཟླ་བའི་སྟེང་ན་ཡབ་གཙོ་འཁོར་གྱི་སྔགས་རྣམས་གཡས་སྐོར་དུ་སྐྱ་སྒོར་རེ་བསྐོར་བ། གཡོན་དུ་ཉི་མའི་སྟེང་ན་ཡུམ་གཙོ་འཁོར་གྱི་སྔགས་རྣམས་གཡོན་བསྐོར་དུ་དམར་སྒོར་རེ་བསྐོར་བ། དེ་གཉིས་ལས་རེ་རེ་ལས་གཉིས་འཕྲོས། གཉིས་ལས་བཞི་འཕྲོས། བཞི་ལས་བརྒྱད་འཕྲོས། ནམ་མཁའ་ལ་སྔགས་དཀར་དམར་གྱིས་གང་། ཕྱི་སྣོད་ཡིག་འབྲུའི་གཞལ་ཡས་ཁང་དུ་གྱུར། ནང་བཅུད་སེམས་ཅན་ཕོ་ཐམས་ཅད་ཡབ་ལྔ། མོ་ཐམས་ཅད་ཡུམ་ལྔར་བསམ། ནམ་མཁའ་དང་ས་གཞི་ཐམས་ཅད་ཧྲཱིཿདཀར་པོ་དང་བཾ་དམར་པོའི་སྔགས་དཀར་དམར་གྱིས་གང་བར་བསམ་ཞིང་ཐུན་གྱི་འགོར་ཧྲཱིཿཧྲཱིཿབཾ་བཾ། ཞེས་པ་བརྒྱ་རྩའམ་ཉེར་གཅིག་བཟླ། དེ་ནས་ཐུགས་ཀའི་སྔགས་ལས་འོད་ཟེར་མེ་དཔུང་ལྟ་བུ་འཕྲོས་པས་བདག་གི་ལྕེ་ལ་ཕོག །ངག་གི་སྒྲིབ་པ་དག །ལྕེ་བསྲེགས་པས་ལྗགས་རྡོ་རྗེའི་སྦུ་གུར་གྱུར་པའི་ནང་ནས་ཕར་ལ་སྔགས་རྣམས་འོད་ཟེར་གྱི་ཚུལ་དུ་འཕྲོས་པས་ཕྱི་ནང་སྣོད་བཅུད་སྔགས་ཀྱི་རང་སྒྲར་གྱུར་པ་དང་། གོང་གི་དམིགས་པ་ཐོག་མཐའ་བར་གསུམ་དུ་བྱ་ཞིང་། རྒྱུན་གཏན་རང་ཉིད་ཡབ་ཀྱི་གནས་བཞིའི་ལྷའི་ཐུགས་ཀར་སྤྱི་བོའི་ཀུན་བཟང་ལ་ཨཱོྃ། མགྲིན་པའི་སྣང་མཐའ་ལ་ཨཱཿ ཐུགས་ཀའི་རྟ་མགྲིན་ལ་ཧྲཱིཿ ལྟེ་བའི་གྲོ་ལོད་ལ་ཧཱུྃ་བསམ་པར་སེམས་མ་ཡེངས་པར་གཏད་ནས་སྔགས་བཟླ་བ་ཕྱིའི་བཟླས་པ་དང་། འཛབ་བཟླས་པས་རང་གཞན་གྱི་སྨྲ་བ་ངུ་འབོད་གླུ་དང་འབྱུང་བའི་སྒྲ་སྐད་ཐམས་ཅད་སྔགས་ཀྱི་རང་བཞིན་དུ་བསམ་པ་ནང་གི་བཟླས་པ་སྟེ། ཐུན་རེར་སྔགས་ཇི་ཙམ་བཟླས་པའི་བཞི་ཆ་གསུམ་ཙམ་གྱི་རིང་བཟླས་དམིགས་གཙོ་བོར་བྱ་ཞིང་། བཞི་ཆ་གཅིག་ལ་སངས་རྒྱས་མཉམ་སྦྱོར་གྱི་དགོངས་པའི་ངང་ནས་བཟླ་བྱའི་སྔགས་ཐོད་ཕྲེང་རྩལ་གྱི་ཤམ་བུར། ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛཿསརྦ་སིདྡྷི་ཤཱནྟིཾ་པུཥྚིཾ་པ་ཤཾ་མཱ་ར་ཡ་རྦད༔ ཨཱོཾ་སརྦ་སིདྡྷི་ཧཱུྃ༔ ཨོཾ་བུདྡྷ་སིདྡྷི་ཧཱུྃ༔ ཧྲཱིཿཀྲོ་དྷ་སིདྡྷི་ཧཱུྃ༔ ཧྲཱིཿར་ཙ་ཧྲི་ཡ༔ ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཤྲཱི་ཧེ་རུ་ཀ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀྲོ་དྷཱི་ཤྭ་རི་ས་མ་ཡ་ཛ༔ བཾ་ཧ་རི་ནི་ས་བཛྲ་བྷཱ་ར་ཧཱི་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བཟླ། རླུང་འབྱིན་འཇུག་གནས་གསུམ་ནི་གསང་བའི་བཟླས་པ་ཕྱི་ནང་གསང་གསུམ་་་་་་བཀའ་བརྒྱད་ཡོངས་རྫོགས་ཀྱི་རྒྱུད་གསང་འདུས་ལས། རྡོ་རྗེའི་བཟླས་པ་སྲོག་རྩོལ་རླུང༔ རྔུབ་་་ཨོཾ་དང་་་སྐྱིལ་་་ཨཱཿདང་་་འཕངས་་་ཧཱུྃ་དང་གསུམ༔ རླུང་འཇུག་གནས་དང་ལྡང་བར་བསམ༔ གནས་པ་རྒྱུན་བསྲིང་དབུ་མར་ཞུགས༔ འདི་ལས་ཁྱད་པར་སྔགས་མེད་ཅིང༔ རྡོ་རྗེའི་སྔགས་བཟླས་རིམ་པ་འོ༔ ཞེས་གསུངས་པ་ལྟར་རོ་་་མོ། །གཞུང་དང་གོང་མའི་ཟིན་ཐུན་གྱི་དངོས་བསྟན་ཉམས་ལེན་སྙིང་པོར་བྱེད་རྒྱུའི་རྡོར་བཟླས་དེ་རྣམས་ཡིན་ལ། སྔགས་རིང་བས་སྒྱིད་ལུགས་ན་ཐུན་གྱི་ཐོག་མཐར་སྔགས་རིང་ཅི་ནུས་དང་རྒྱུན་པར་ཐོད་ཕྲེང་རྩལ་ནས་མཱ་ར་ཡ་རྦད་ཡན་ཆད་འཁོར་རྐྱང་བཟླས་ཀྱང་འཐུས་གསུངས། རྩ་བར། སྤྱི་བོ་ན་ཀུན་ཏུ་བཟང་པོའི་ས་བོན་ཨཱོཾ༔ སོགས་ནས། ལྟེ་བ་ན་སྒྲུབ་པའི་ས་བོན་ཧཱུྃ༔ དེ་བཞིན་རྟག་ཏུ་བཟླས་པ་འོ༔ ཞེས་པས་གནས་བཞིའི་ལྷའི་ཐུགས་སྲོག་ལ་སེམས་གཏད་ནས། ཨཱོཾཨཱཿཧྲཱིཿཧཱུྃ། ཞེས་ངག་ཏུའང་བཟླ་བ་ཨོ་རྒྱན་ཆེན་པོའི་དགོངས་པ་ཡིན་ནམ་སྙམ་དུ་ཁོ་བོས་སེམས་ཤིང་། བདག་གི་བླ་མ་འབྲས་ལྗོངས་སྤང་སྟོན་ཆེན་པོ་ནི་གོང་གི་གཞུང་ཚིག་ཕྱི་མ་གཉིས་པོའི་དགོངས་དོན་ཡབ་ཀྱི་ལྟེ་བའི་རྡོ་རྗེ་གྲོ་ལོད་ལ་དམིགས་ནས། ཐུགས་ཀར་ཉི་སྟེང་ཧཱུྃ་མེ་འབར༔ བདག་གཞན་ལོག་རྟོག་བག་ཆགས་སྲེག༔ རིག་པ་ངར་ལྡན་ཧཱུྃ་སྒྲ་སྒྲོག༔ འཁོར་དུ་མཁའ་འགྲོ་འབུམ་གྱིས་བསྐོར༔ དེ་རྣམས་ཀུན་གྱིས་ཧཱུྃ་སྒྲ་སྒྲོག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ སྐད་ཅིག་རིག་པ་ངར་བསྐྱེད་བརྗོད༔ འཇིག་རྟེན་ཁམས་ཀུན་ཤིག་ཤིག་ལྡེག༔ སྟོང་གསུམ་ཧཱུྃ་སྒྲས་གང་བར་བསམ༔ སྣང་སྲིད་དབང་དུ་འདུས་པར་བསམ༔ འཁོར་བ་དོང་ནས་སྤྲུགས་པར་བསམ༔ ཞེས་པའི་དམིགས་པ་དང་བཅས་ཧཱུྃ་གི་བཟླས་པ་སྒྲུབ་པའི་དུས་བརྒྱ་སྟོང་ཅི་རིགས་བཟླ་ཞིང་རྒྱུན་དུའང་སྤྲོས་མེད་ཁོ་ནར་མོས་ན་ཧཱུྃ་སྒྲུབ་ལ་ཉམས་ལེན་གྱི་མཐིལ་བཅས་ན་ལེགས་གསུང་བ་ཐུགས་མད་པར་གོ་སྟེ་རྣམ་གྲངས་སུ་བཤད་པའོ།།གསུམ་པ་སེམས་ཏིང་ངེ་འཛིན་གྱི་གསང་བ་འདུས་པ་ལ་ཆགས་ལམ་དང་ཐབས་ལམ་གཉིས་ལས། ཆགས་ལམ་ནི། ལུས་གནད་བཅས། རླུང་རོ་ལན་གསུམ་བསལ་ལ། བདག་པདྨ་གསང་འདུས་རྡོ་རྗེ་སེམས་དཔའ་དང་། ཡུམ་རྡོ་རྗེ་ཕག་མོ་མཁར་ཆེན་བཟའ་མཉམ་པར་སྦྱོར་བའི་གནས་བཞིའི་ལྷ་ཡབ་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་དཀར་པོ་འཕྲོས། ཡུམ་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས། ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཕོག །དུར་ཁྲོད་འབར་བའི་གཞལ་ཡས་ཁང་དུ་བསམ། ནང་བཅུད་ཀྱི་སེམས་ཅན་ཕོ་ཐམས་ཅད་ལ་འོད་ཟེར་དཀར་པོ་ཕོག་པས་དཔའ་བོའི་ཚོགས་སུ་གྱུར། འོད་ཟེར་དམར་པོ་མོ་ཐམས་ཅད་ལ་ཕོག་པས་དཔའ་མོའི་ཚོགས་སུ་གྱུར། དེ་རྣམས་ཐམས་ཅད་སློབ་དཔོན་པདྨ་ཡབ་ཡུམ་དུ་གྱུར། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འོད་ཟེར་གྱིས་བསྡུས་ནས་བདག་ཡབ་ཡུམ་ལ་ཐིམ་པས་བཀྲག་དང་གཟི་མདངས་བསྐྱེད་པར་བསམ། དེ་ནས་བདག་གི་གནས་བཞིའི་ལྷ་ཐམས་ཅད་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་བྱང་ཆུབ་ཀྱི་སེམས་དཀར་པོར་གྱུར། རང་གི་རྩ་བརྒྱུད་ནས་མར་བབས་གསང་གནས་ནས་ཡུམ་གྱི་གསང་གནས་སུ་ཕར་ཞུགས། ཡུམ་གྱི་གནས་བཞིའི་ལྷ་ལ་ཕོག་པས་དགྱེས་མཉེས་ཚིམས་པར་གྱུར། ཡུམ་གཙོ་འཁོར་གྱི་ཐུགས་ཀའི་ས་བོན་ལས་བྱང་ཆུབ་ཀྱི་སེམས་དམར་པོ་རང་རླུང་དང་བཅས་པ་བབས་པས་རྩ་གནས་ཐམས་ཅད་བྱང་སེམས་དཀར་དམར་གྱིས་ལྟེམ་གྱི་གང་བར་བསམ། ཡུམ་གྱི་ལུས་ལ་མ་ཤོང་ནས་ཡུམ་གྱི་སྣ་བུག་གཡོན་ནས་ཚུར་བྱུང་། ཡབ་ཀྱི་སྣ་གཡས་ནས་ཚུར་ཐིམ་པས་རང་གི་གནས་བཞིའི་ལྷ་ཚོགས་ཐམས་ཅད་མཉེས་པར་བསམ། བྱང་སེམས་དཀར་པོ་རླུང་དང་བཅས་པ་བབས། རྩ་གནས་དང་ལུས་གནས་ཡིད་གནས་ཐམས་ཅད་གང་ནས་ཟག་པ་མེད་པའི་བདེ་བ་རྒྱས་པར་བསྒོམ། ཡང་རྩ་བརྒྱུད་ནས་བབས། གསང་གནས་ནས་ཡུམ་ལ་ཕར་འཕྲོས། དེ་ལྟ་བུའི་འོད་ཟེར་ཐིག་ལེ་སྤྲོ་བསྡུ་དང་བཅས་རླུང་ཁུག་བརྒྱ་རྩ་སོགས་བསྒོམ། ཐིག་ལེ་འཕྲོས་ནས་བདེ་བ་བསྐྱེད་པའི་དུས་དེར་སེམས་མ་བཅོས་པའི་ངང་ལ་ཀློད་ལ་ངོས་བཟུང་ངོ་། །ཐབས་ལམ་ཡང་གཞན་གོང་དང་འདྲ་བ་ལས་ཡབ་ཡུམ་གོ་ལྡོག་གི་ཚུལ་དུ། རང་ཡུམ་མཚོ་རྒྱལ་དུ་གསལ་བ་ཨོ་རྒྱན་དང་མཉམ་པར་སྦྱོར་བར་བསྒོམས་ལ་ཡབ་ཀྱི་འོད་ཟེར་ཐིག་ལེ་དཀར་ཆ་ཐམས་ཅད་བདག་ཡུམ་ལ་ཚུར་བསྡུས་སྟེ་དོ་ལི་འཁོར་ཚུལ་གོ་ལྡོག་ཏུ་བྱ་བ་ཡིན། ཞལ་ཤེས་སུ་ཆགས་ལམ་གཙོ་བོར་མཛད་པས་ཐབས་ལམ་གྱི་དམིགས་པ་ཐུན་མཇུག་ཏུ་ཚར་ལྔ་དྲུག་རེའམ། ཡང་ན་ཐུན་སྔ་མ་རྣམས་སུ་ཆགས་ལམ་དང་སྲོད་ཐུན་གྱི་སྐབས་ཐབས་ལམ་ཙམ་བསྒོམ་གསུངས། བཞི་པ་རྩ་དང་རླུང་གི་གསང་བ་འདུས་པ་ནི། ཡབ་ཀྱི་གནས་བཞིའི་ལྷ་རྣམས་ཀྱི་ཐུགས་སྲོག་ལས་འོད་ཟེར་དཀར་པོ་རླུང་དང་བཅས་པ་འཕྲོས་པའི་རླུང་དེས་རིགས་དྲུག་གི་སེམས་ཅན་ཕོ་ཐམས་ཅད་དཔའ་བོར་གྱུར་པ་ལ་ཕོག །དེ་རྣམས་ཀྱི་བཀྲག་དང་གཟི་མདངས་ཐམས་ཅད་སྣ་བུག་གཡས་ནས་ཚུར་ཐིམ་པར་བསམས་ལ་སྣ་བུག་གཡས་ནས་རླུང་རྔུབས་ཏེ་ཐུབ་ཚད་མནན། ཕོ་རིགས་ཐམས་ཅད་དབང་དུ་འདུས་པར་བསམ། དེ་བཞིན་དུ་ཡུམ་གྱི་གནས་བཞིའི་ལྷ་ལས་འོད་ཟེར་དམར་པོ་འཕྲོས་པས་འགྲོ་བ་མོ་རིགས་དཔའ་མོར་གྱུར་པའི་ཚོགས་ལ་ཕོག །དེ་ཐམས་ཅད་ཀྱི་བཀྲག་དང་གཟི་མདངས་ཐམས་ཅད་བསྡུས་ནས་སྣ་བུག་གཡོན་ནས་ཚུར་ཐིམ་པས་མོ་རིགས་ཐམས་ཅད་དབང་དུ་འདུས་པར་བསམས་ལ། རླུང་གཡོན་ཕྱོགས་ནས་བཟུང་ལ་ཐུབ་ཚད་མནན། ཡང་ཡབ་ཡུམ་གཉིས་ཀའི་གནས་བཞིའི་ལྷ་ཐམས་ཅད་ལས་འོད་ཟེར་སྣ་ཚོགས་འཕྲོས་པས་མི་ཕོ་མོའི་བཀྲག་དང་གཟི་མདངས་དང་། ས་འོག་ས་བླ་ས་སྟེང་གི་ཟས་ནོར་ཐམས་ཅད་ཀྱི་བཅུད་དང་དཔའ་བོ་དང་དཔའ་མོ་ཐམས་ཅད་ཀྱི་བཀྲག་དང་གཟི་མདངས་དང་། བདེ་བར་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་དང་བྱིན་རླབས། བུདྡྷའི་དགོངས་པ་ཐམས་ཅད་བསྡུས་ནས་བདག་གི་སྣ་བུག་གཡས་གཡོན་གཉིས་ཀ་ནས་ཞུགས་ཐུགས་ཀར་ཐིམ་པས་འཁོར་འདས་ཐམས་ཅད་དབང་དུ་འདུས་ཤིང་ཟག་པ་མེད་པའི་བདེ་བ་རྒྱས་པར་བསམས་ལ་རླུང་སྣ་གཉིས་ཀ་ནས་རྔུབས་ལ་ཐུབ་ཚད་མནན། དེ་ལྟར་རླུང་ཁུག་པ་རེ་དང་འོད་ཟེར་གྱི་སྤྲོ་བསྡུ་སྦྱར་བ་བརྒྱའམ་ཉེར་གཅིག་གམ་བདུན་ནམ་ཅི་རིགས་པར་བྱའོ། །ལྔ་པ་རྫོགས་པའི་རིམ་པ་གསང་བ་འདུས་པ་ནི། གོང་དུ་བཤད་པའི་ཡེ་རྒྱ་ལུགས་གཉིས་ཀྱི་ཐབས་ལམ་ལྟར་ན་ཡབ་གཙོ་འཁོར་རྣམས་རང་ཡུམ་དུ་གསལ་བ་ལ་བསྡུ་དགོས་ཀྱང་། འདིར་ཆགས་ལམ་གཙོ་བོར་བྱེད་པའི་དབང་དུ་ཕྱི་རིགས་དྲུག་གནས་བསྒྱུར་གྱི་དཔའ་པོ་དཔའ་མོ་རྣམས་ཡུམ་མཚོ་རྒྱལ་ལ་བསྟིམ། བདེ་བར་གཤེགས་པ་རྣམས་དང་སྟེང་གི་ཆ་ལ་བཞུགས་པའི་བཀའ་བརྒྱུད་བླ་མ་ཐམས་ཅད་བདག་ཨོ་རྒྱན་ཡབ་ཏུ་གསལ་བ་ལ་བསྟིམ། ཡུམ་གཙོ་འཁོར་རྣམས་རང་ཉིད་ཡབ་གཙོ་འཁོར་ལ་བསྡུ། རང་གི་ལྟེ་བ་དང་ཐུགས་ཀ་དང་མགྲིན་པའི་ལྷ་ཐམས་ཅད་དང་གཞི་ལུས་བླ་མ། རྡོ་རྗེ་སེམས་དཔའ་གསལ་བ་ཡང་སྤྱི་བོའི་ཀུན་བཟང་ཡབ་ཡུམ་ལ་བསྟིམ། ཡུམ་ཡབ་ལ། ཡབ་ཐུགས་ཀའི་ཨཱོྃ་ལ། འ་ཨོྃ་ལ། ཨ་ན་རོ་ལ། ན་རོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ་ཐིམ། ཐིག་ལེ་སྟོང་པ་སྤྲོས་བྲལ་དུ་གྱུར། སྤྲོས་བྲལ་ཆོས་ཀྱི་སྐུ་སྣང་སྟོང་དབྱེར་མེད་སྨྲ་བསམ་བརྗོད་མེད་བདེ་གསལ་འཛིན་མེད་ཡེ་རྫོགས་ཆེན་པོ་ཨ་ཏི་མཉམ་སྦྱོར་ལྟར་བཞག་གོ །ས་བཅད་ཕྱི་མ་འདི་གསུམ་ཀ་སེམས་ཏིང་ངེ་འཛིན་གྱི་ནང་གསེས་ཡིན་པར་མངོན་ལ། དེ་ཡང་རྩ་རླུང་གི་གསང་བ་འདུས་པ་ཡན་ཆད་བཟླས་པའི་མཐར་སྦྱར་ནས། བར་དེར་དགོངས་པ་བསྐྱང་བ་ནས་ཉམས་ཆག་བསྐང་བའི་བར་བསྙེན་དུས་བཞིན་ཉམས་སུ་བླངས་པའི་མཐར་རྫོགས་རིམ་གསང་བ་འདུས་པ་བསྒོམ། དེ་ནས་བསྔོ་སྨོན་ཤིས་བརྗོད་བྱས་ན་ལེགས་ཤིང་། ཡང་ན་ཟབ་མོའི་གནས་ལྔ་མཐར་ཆགས་སུ་བསྒོམས་རྗེས་སླར་ཡང་ལུས་དཀྱིལ་གསལ་བཏབ་ལ་སྒྲུབ་གཞུང་ལས་བྱང་གི་འཕྲོ་རྣམས་བགྱིས་ཀྱང་རུང་ངོ་། །ལས་སྦྱོར་ཕྲིན་ལས་ཀྱི་དམིགས་བཟླས་ཀྱང་འདི་ཉིད་དང་རྗེས་སུ་འབྲེལ་མོད་ཀྱི། འོན་ཀྱང་ས་བཅད་ལ་སོགས་པ་ཐུན་མོང་བ་ཡིན་པའི་ཕྱིར་གཞན་དུ་འཆད་པར་འགྱུར་རོ། །པད་འབྱུང་རིག་འཛིན་ཌཱ་ཀིའི་ཐུགས་སྲོག་བཅུད། །སློབ་བཤད་སྙན་ནས་སྙན་བརྒྱུད་བཀའ་རྒྱ་ཅན། །འདི་ལྟར་བཀླག་ཆོག་སྔོན་ཆད་བཀོད་པ་མེད། །དེ་ཕྱིར་སྙིང་དབུས་ཁོ་ནར་འཆང་བའི་འོས། འོན་ཀྱང་ཉམས་སུ་ལེན་ལ་མི་སྦྱིན། །མན་ངག་ཟབ་ཀྱང་མཚོ་གླིང་གསེར་དང་མཚུངས། །དུས་ཀྱིས་ཚུལ་འདི་ཤེས་དང་ཉན་པའང་དཀོན། །ངེས་པར་ནུབ་ཏུ་དོགས་ཕྱིར་ངས་འདི་བྱས། །དགེ་བ་འདི་ཡིས་དྲི་མེད་ཐུགས་རྗེའི་གཏེར། །རྔ་ཡབ་གླིང་པའི་བྱིན་རླབས་ཉིན་བྱེད་འོད། །བདག་སོགས་འགྲོ་ཀུན་རྒྱུད་ལ་ཉེར་ཞུགས་ནས། །རང་རིག་བླ་མའི་རང་ཞལ་མྱུར་མཐོང་ཤོག །ཐུགས་སྒྲུབ་གསང་བ་འདུས་པའི་སྒྲུབ་པ་སྙན་བརྒྱུད་ཞག་བདུན་མའི་མན་ངག་གཞུང་དང་བླ་མའི་ཞལ་ཤེས་འཁྲུགས་སྡེབ་ནག་པོ་འགྲོ་ཤེས་སུ་བཀོད་པ་འདི་ཡང་། གཅུང་ངག་དབང་ཕྲིན་ལས་རྒྱ་མཚོས་བླ་སྒྲུབ་ཀྱི་དུས་ནན་ཏན་ཆེན་པོས་བསྐུལ་བ་དང་རང་ཉིད་ཀྱི་དྲན་གསོའི་ཆེད་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་ཀྱིས་བྲིས་པ་ཉམས་ལེན་ཚུལ་བཞིན་མི་བྱེད་པ་ལ་གསང་ཞིང་སྦ་བའི་བཀའ་རྒྱས་བཏབ་བོ། །གུ་ཧྱ་ས་མ་ཡ།། །།
མཁའ་འགྲོ་བདུད་འདུལ་དྲག་མོ་སེང་གེའི་གདོང་ཅན་གྱི་བརྒྱུད་པའི་གསོལ་འདེབས་ (Volume 33, Text 7)
མཁའ་འགྲོ་བདུད་འདུལ་དྲག་མོ་སེང་གེའི་གདོང་ཅན་གྱི་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །ཀུན་བཟང་ཀུན་ཁྱབ་ཀུན་གཞི་བདེ་བ་ཆེ། །ཀུན་བཟང་ཡབ་ཡུམ་རིགས་ལྔ་རྡོ་རྗེ་འཛིན། །རྡོ་རྗེ་ཐེག་པ་གསང་སྔགས་དཀྱིལ་འཁོར་ལྷ། །གསོལ་བ་འདེབས་སོ་རྡོ་རྗེའི་ནུས་པ་སྩོལ། །སྟོན་པ་ཡང་དག་རྫོགས་པ་ཤཱཀྱ་སེང་། །བསྟན་པ་འཛིན་མཛད་བྱང་ཆུབ་སེམས་དཔའི་ཚོགས། །གསང་སྔགས་མཛོད་འཛིན་གསང་བདག་སེང་གེའི་སྒྲ །གསོལ་བ་འདེབས་སོ་བླ་མེད་དངོས་གྲུབ་སྩོལ། །རིག་པ་འཛིན་པ་པདྨཱ་ཀ་ར་བ། །བདུད་འདུལ་མཁའ་འགྲོའི་དངོས་སྤྲུལ་མཚོ་རྒྱལ་མ། །མཁའ་འགྲོས་བྱིན་རླབས་ཨཱརྻ་བློ་གྲོས་མཚན། །གསོལ་བ་འདེབས་སོ་དབང་བཞིའི་དངོས་གྲུབ་སྩོལ། །གཏེར་གྱི་དངོས་གྲུབ་མཆོག་བརྙེས་སྟག་ཤམ་པ། །བྱིན་རླབས་དངོས་གྲུབ་མཆོག་བརྙེས་བླ་མ་རྗེ། །བདུད་འདུལ་ཡེ་ཤེས་མཁའ་འགྲོ་སེང་གདོང་མར། །གསོལ་བ་འདེབས་སོ་སྔགས་ཀྱི་དངོས་གྲུབ་སྩོལ། །བདག་སོགས་དད་དང་མོས་པས་གསོལ་བཏབ་པས། །བདུད་འདུལ་ཡེ་ཤེས་མཁའ་འགྲོའི་བྱིན་རླབས་ཀྱིས། །བསྟན་ལ་གནོད་ཅིང་སྡང་བའི་སེམས་འཆང་བའི། །ཕྱི་ལོག་མུ་སྟེགས་སྡེ་དང་སྐྱེ་བོའི་རིགས། །ནང་མཐུན་བསྟན་པའི་སེལ་བྱེད་བན་སྔགས་བོན། །མི་དང་མི་མིན་བདུད་དང་འབྱུང་པོའི་རིགས། །བྱད་མ་གནོད་བྱེད་ཟློག་དང་ཞི་བ་དང་། །བསྒྲལ་ཅིང་བརླགས་ནས་མིང་ཡང་མེད་པར་གྱུར། །རྣལ་འབྱོར་བསམ་པའི་དོན་ཀུན་མྱུར་འགྲུབ་ནས། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་བསྩལ་དུ་གསོལ། །ཅེས་བདུད་འདུལ་དྲག་མོ་སེང་གེའི་གདོང་པ་ཅན་གྱི་བརྒྱུད་འདེབས་བསྟན་དགྲ་བརླག་པའི་དམོད་ཚིག་ཤམ་བསྒྱུར་ཡོད་པ་དགོས་ཞེས། རྟའུ་དཔོན་པོ་རིན་ཆེན་སོགས་དོན་གཉེར་རྣམས་ཀྱིས་བསྐུལ་ངོར་རྣལ་འབྱོར་པ་སྟག་ཤམ་ནུས་ལྡན་རྡོ་རྗེས་མེ་མོ་ཕག་ལོ་ཧོར་ཟླ་བཞི་པའི་ཚེས་བཅུ་གཉིས་ལ་བྲིས་པ་དགེ་ལེགས་འཕེལ།། །།
གསང་ཐིག་བླ་མ་དང་མཁའ་འགྲོའི་ཚོགས་མཆོད་སྐབས་བཤགས་སྐོང་སོགས་ཉེར་མཁོ་གྲུབ་ཐོབ་ཐུགས་ཏིག་ལས་ཁོལ་དུ་ཕྱུང་བ (Volume 11, Text 7)
༄༅། །གསང་ཐིག་བླ་མ་དང་མཁའ་འགྲོའི་ཚོགས་མཆོད་སྐབས་བཤགས་སྐོང་སོགས་ཉེར་མཁོ་གྲུབ་ཐོབ་ཐུགས་ཏིག་ལས་ཁོལ་དུ་ཕྱུང་བ་བཞུགས་སོ།། ན་མོ་གུ་རུ། གསང་ཐིག་བླ་སྒྲུབ་འོད་ཀྱི་ཐིག་ལེ་དང་མཁའ་འགྲོ་བདེ་ཆེན་རྒྱ་མཚོའི་ཕྲིན་ལས་ཀྱི་ཚོགས་མཆོད་སྐབས། དཀྱུས་ཙམ་དུ་རང་གཞུང་གིས་འཐུས་ཀྱང་། རྒྱས་པར་སྤྲོ་ན་ཚོགས་མཆོད་ཀྱི་ཐོག་མཐར་སྦྱོར་རྒྱུ་གྲུབ་ཐོབ་ཐུགས་ཏིག་གི་སྒྲུབ་ཐབས་སྐོར་ལྔའི་ཕག་མོའི་ཕྲིན་ལས་ལས་བྱུང་བ་ལ། ཐོག་མར་བཤགས་སྐོང་ནི། ཐུན་མོང་ཉམས་ཆག་བཤགས་སྐོང་ནི༔ སྒྲུབ་པའི་རྟེན་དང་མཎྜལ་མདུན༔ མཆོད་གཏོར་ཚོགས་ཀྱི་ལོངས་སྤྱོད་བཤམ༔ བདག་ཉིད་ལྷ་ཡི་རྣལ་འབྱོར་གྱིས༔ གནས་དང་ཡོ་བྱད་བསང་ཞིང་སྦྱང༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ གནས་ཡུལ་གསང་བ་མཆོག་གི་ཞིང༔ མཆོད་གཏོར་ཡེ་ཤེས་རོལ་པའི་རྒྱན༔ ནམ་མཁའ་མཛོད་ཀྱི་སྤྲིན་དུ་གྱུར༔ ཨོཾ་ཨཱཿཧཱུྃ༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ༔ རང་གི་ཐུགས་སྲོག་ས་བོན་ལས༔ འོད་ཟེར་ལྕགས་ཀྱུའི་རྣམ་པར་འཕྲོས༔ རྩ་གསུམ་ཆོས་སྲུང་རབ་འབྱམས་ཀུན༔ མདུན་གྱི་ནམ་མཁར་སྤྱན་དྲངས་བསམ༔ ཨོཾ་ཨཱཿཧཱུྃ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨེ་ཧྱེ་ཧི༔ བཛྲ་ས་མ་ཡ་ཛ༔ ཞེས་དང་། སྤྲོ་ན། ཨོཾ། ཡེ་ཤེས་སྐུ་མཆོག་སོགས་ཤློ་ཀ་གཅིག་མཐར་རོལ་མོ་དང་བཅས་དྲང་། བརྗོད་མེད་ཤེས་རབ་སོགས་ཕྱག་མཆོད་བཤགས་པ་སྤྱི་བཏང་དུ་བྱས་ལ། དེ་ནས་བྱེ་བྲག་བཤགས་པ་གསུམ་གྱི་རིམ་པ་གཞུང་ལས། ལུས་ཀྱི་ཉམས་ཆག་བསྐང་བའི་ཕྱིར༔ གདུང་བའི་ཤུགས་བསྐྱེད་བརྐྱང་ཕྱག་འཚལ༔ ཧོ༔ དགོངས་ཀློང་དབྱེར་མེད་བརྡ་ཡིས་མཚོན༔ སྙན་བརྒྱུད་བདུད་རྩིས་སྐལ་ལྡན་སྐྱོང༔ བྱིན་རླབས་ཐུགས་རྗེའི་བདག་ཉིད་ཆེ༔ རྩ་བརྒྱུད་བླ་མ་ལ་ཕྱག་འཚལ༔ ཆོས་སྐུའི་ངང་ལས་ལོངས་སྤྱོད་རྫོགས༔ སྤྲུལ་པའི་སྒྱུ་འཕྲུལ་ཅིར་ཡང་སྟོན༔ དངོས་གྲུབ་རྣམ་གཉིས་ཆར་བཞིན་འབེབ༔ ཡི་དམ་ཞི་ཁྲོ་ལ་ཕྱག་འཚལ༔ ལྷན་སྐྱེས་ངང་ལས་མ་གཡོས་བཞིན༔ ཞིང་སྔགས་ཌཱ་ཀིའི་སྤྲིན་ཕུང་འཕྲོ༔ མཆོག་ཐུན་ཕྲིན་ལས་གློག་ལྟར་འཁྱུགས༔ གནས་གསུམ་མཁའ་འགྲོ་ལ་ཕྱག་འཚལ༔ རིག་འཛིན་བླ་མའི་བཀའ་བཞིན་དུ༔ རྣལ་འབྱོར་སྒྲུབ་མཆོག་བུ་བཞིན་སྐྱོང༔ ལེགས་ཉེས་སྟངས་འཛིན་བར་ཆད་སེལ༔ ཆོས་སྲུང་གཏེར་བདག་ལ་ཕྱག་འཚལ༔ ཕྱག་བྱར་འོས་པ་ཐམས་ཅད་ལ༔ སྒོ་གསུམ་གུས་པས་དད་ཕྱག་འཚལ༔ ཉམས་ཆག་སྡིག་སྒྲིབ་ཞི་བ་དང༔ ཡེ་ཤེས་རྒྱས་པར་བྱིན་གྱིས་རློབས༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝ་ཀ་ཙིཏྟ་པྲ་ཎ་མེ་ཎ་བནྡ་ནཾ་ཀ་རོ་མི༔ ངག་གི་ཉམས་ཆག་བསྐང་བའི་ཕྱིར༔ རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱ༔ ཨ༔ བདག་གི་སྤྱི་བོར་པད་ཟླའི་སྟེང༔ བླ་མ་རྡོར་སེམས་ཧེ་རུ་ཀ༔ ཡབ་ཡུམ་ཐུགས་ཀའི་སྔགས་ཕྲེང་དང༔ སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན༔ སྦྱོར་མཚམས་ནས་བྱུང་ཚངས་བུག་ཞུགས༔ ལུས་གང་སྡིག་སྒྲིབ་ཉེས་ལྟུང་རྒྱུ༔ འབྲས་བུ་ནད་གདོན་སྡུག་བསྔལ་ཀུན༔ དག་ཅིང་དྲི་མ་མེད་པར་བསམ༔ སྟོབས་བཞིའི་གནད་དང་ལྡན་པ་ཡིས༔ ཡི་གེ་བརྒྱ་པ་ཛཔ྄་ཏུ་བཟླ༔ མཐར་ནི་གདུང་བས་སྨྲེ་བཤགས་བྱ༔ ཨོཾ༔ བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ བདག་ལ་རེ་ས་ཁྱེད་ལས་མེད༔ ཐུགས་རྗེའི་སྤྱན་གྱིས་གཟིགས་མཛོད་ལ༔ ཉམས་ཆག་སྡིག་ལྟུང་སྦྱོང་མཛད་གསོལ༔ བདག་ཅག་ཉོན་མོངས་གཞན་དབང་དང༔ མི་ཤེས་བག་མེད་མ་གུས་པས༔ རང་བཞིན་ཁ་ན་མ་ཐོ་དང༔ བཅས་པའི་བསླབ་ལས་འགལ་བ་ཀུན༔ དག་ཅིང་ཚངས་པར་བསྩལ་དུ་གསོལ༔ ཁྱད་པར་རྡོ་རྗེ་ཐེག་པ་ཡི༔ རྩ་བ་སྐུ་གསུང་ཐུགས་མཆོག་དང༔ ཡན་ལག་དམ་ཚིག་ཉི་ཤུ་ལྔ༔ མེད་ཕྱལ་གཅིག་པུ་ལྷུན་གྲུབ་སོགས༔ རང་བཞིན་ལྟ་བའི་དམ་ཚིག་ལས༔ ཉམས་འགལ་རལ་བར་གྱུར་པ་ཀུན༔ སྙིང་ནས་འགྱོད་པས་མཐོལ་བཤགས་ན༔ སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩོལ༔ ཉིད་དང་དབྱེར་མེད་བྱིན་རློབས་ཤིག༔ སྙིང་ནས་གདུང་བས་གསོལ་བཏབ་པས༔ བླ་མ་རྡོ་རྗེ་སེམས་དཔའ་ཡིས༔ སྡིག་ལྟུང་དག་པའི་གནང་བ་བསྩལ༔ དགྱེས་པས་འོད་ཞུ་རང་ལ་ཐིམ༔ ཡིད་ཀྱི་ཉམས་ཆག་བསྐང་བའི་ཕྱིར༔ རང་ཡང་ཀུན་གཞི་མ་བཅོས་པའི༔ ངང་ལ་ཡིད་ནི་འཛིན་པ་བྲལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ལ་གཉིས་སུ་མེད༔ ཡེ་བསྲུང་ཐིག་ལེ་ཉག་གཅིག་ངང༔ སྤང་བླང་ལས་འདས་ཕྱལ་པ་ཆེ༔ རང་བྱུང་རང་ཤར་ལྷུན་གྱིས་གྲུབ༔ ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་གྲོལ༔ མ་བཅོས་རྫོགས་པ་ཆེན་པོ་འོ༔ ཨ་ཨ་ཨ༔ ཞེས་བརྗོད་གཉུག་མ་ཁྱབ་གདལ་ངང༔ སྤྲོ་བསྡུ་བྲལ་བར་མཉམ་པར་བཞག༔ དེ་ནི་བཤགས་པའི་ལས་རིམ་མོ༔ ཞེས་སོ། །སྐོང་གི་རིམ་པ་ལ་གསུམ་ལས། ཐུན་མོང་དང་ཁྱད་པར་གྱི་སྐོང་བ་ནི་གཞུང་ལས། སྐོང་གི་ཆོ་གར་རྣམ་པ་གསུམ༔ ཐུན་མོང་ཉེར་སྤྱོད་རྫས་ཀྱིས་བསྐང༔ ཨོཾ༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ༔ རབ་འབྱམས་ཞིང་གི་མཆོད་པའི་སྤྲིན༔ རྩ་གསུམ་རྒྱ་མཚོའི་ཚོགས་ལ་འབུལ༔ དགྱེས་བཞེས་དམ་སྐོངས་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་དེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ སྤྲོ་ན་ཚིག་དང་སྔགས་སོ་སོར་ཕྲལ་ཏེ་བྱ། ཁྱད་པར་སྨན་རག་གཏོར་མས་བསྐང༔ ཨོཾ༔ རྩ་གསུམ་འཁོར་ལོའི་བྷནྡྷ་རུ༔ ཡེ་ཤེས་བྱང་སེམས་བདུད་རྩིར་བསྐྱིལ༔ བདེ་བ་ཆེན་པོའི་དམ་ཚིག་འདིས༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ གནས་གསུམ་མཁའ་འགྲོའི་ཐུགས་དམ་བསྐང༔ ཉམས་ཆག་སྡིག་ལྟུང་དབྱིངས་སུ་ཞི༔ གཟུང་འཛིན་རྟོག་སྒྲིབ་རང་སར་གྲོལ༔ དབང་དང་བྱིན་རླབས་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ཨཱ༔ འཁོར་ལོ་ལྔ་ཡི་བྷཉྫ་རུ༔ གཉིས་སྣང་བསྒྲལ་པའི་རཀྟས་བསྐང༔ གཟི་བརྗིད་ཆེན་པོའི་དམ་ཚིག་འདིས༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ གནས་གསུམ་མཁའ་འགྲོའི་ཐུགས་དམ་བསྐང༔ ཉམས་ཆག་སྡིག་ལྟུང་དབྱིངས་སུ་ཞི༔ གཟུང་འཛིན་རྟོག་སྒྲིབ་རང་སར་གྲོལ༔ དབང་དང་བྱིན་རླབས་དངོས་གྲུབ་སྩོལ༔ མ་ཧཱ་རཀྟ་ཁཱ་ཧི༔ ཧཱུྃ༔ ཕུང་ཁམས་སྐྱེ་མཆེད་གཏོར་གཞོང་དུ༔ བདེ་ཆེན་ལོངས་སྤྱོད་གཏོར་མར་བཤམས༔ འདོད་ཡོན་རྒྱན་གྱི་དམ་ཚིག་འདིས༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ གནས་གསུམ་མཁའ་འགྲོའི་ཐུགས་དམ་བསྐང༔ ཉམས་ཆག་སྡིག་ལྟུང་དབྱིངས་སུ་ཞི༔ གཟུང་འཛིན་རྟོག་སྒྲིབ་རང་སར་གྲོལ༔ དབང་དང་བྱིན་རླབས་དངོས་གྲུབ་སྩོལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མཆོག་ཏུ་སྣང་གསལ་མར་མེས་བསྐང༔ ཧོ༔ སྒྲོན་མ་རྣམ་བཞིའི་ཀོང་བུ་རུ༔ སྣང་བ་བཞི་ཡི་མར་མེ་སྦར༔ འོད་གསལ་ཆེན་པོའི་དམ་ཚིག་འདིས༔ རྩ་བརྒྱུད་བླ་མ་སོགས། མ་ཧཱ་ཛྙཱ་ན་དཱི་པེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་སོ། །རྨད་དུ་བྱུང་བ་སྦྱོར་སྒྲོལ་ཚོགས་ཀྱི་སྐོང་བ་རང་གཞུང་ལྟར་ལ། བླ་སྒྲུབ་སྐབས་བསྒྲལ་བསྟབ་ཀྱི་རྗེས་དང་། མཁའ་འགྲོ་ལ་ཕྱིའི་ཚོགས་མཆོད་ཀྱི་རྗེས། སྤྲོ་ན་སྐོང་བཤགས་གཞན་ཡང་བྱ་བར་གསུངས་པ་ལྟར་རྩ་གསུམ་སྤྱིའི་སྐོང་བ་བྱ་མོས་ན། ནང་གི་སྒྲུབ་ཐབས་སྐོར་ལྔའི་སྤྱིའི་ཕྲིན་ལས་ཁོག་ཕུབ་ལས། སྐོང་རྫས་ནམ་མཁའ་མཛོད་ཀྱིས་བརླབ༔ ཧཱུྃ༔ ཅིར་སྣང་དག་པ་རབ་འབྱམས་ཞིང་ཁམས་སུ༔ འདོད་ཡོན་མི་ཟད་མཆོད་པའི་ཕྱག་རྒྱ་ཆེ༔ བདེ་བའི་ལོངས་སྤྱོད་རྣམ་པ་ཐམས་ཅད་པ༔ མི་ཟད་ནམ་མཁའ་མཛོད་ཀྱི་འཁོར་ལོ་འདིས༔ དགོངས་པ་བརྡ་དང་སྙན་དུ་བརྒྱུད་པ་ཡི༔ དུས་གསུམ་རིག་འཛིན་བླ་མའི་ཐུགས་དམ་བསྐང༔ ཞི་ཁྲོ་རབ་འབྱམས་སྒྱུ་འཕྲུལ་དྲྭ་བའི་སྤྲིན༔ ཡི་དམ་དཀྱིལ་འཁོར་ཡོངས་ཀྱི་ཐུགས་དམ་བསྐང༔ ཉེ་རྒྱུའི་གྲོགས་མཛད་མཆོག་ཐུན་ཕྲིན་ལས་བདག༔ གནས་གསུམ་དཔའ་བོ་མཁའ་འགྲོའི་ཐུགས༴ ལེགས་ཉེས་སྟངས་འཛིན་སངས་རྒྱས་བསྟན་པ་སྲུང༔ རྡོ་རྗེའི་ཆོས་སྐྱོང་རྒྱ་མཚོའི་ཐུགས༴ འདོད་རྒུའི་ཆར་འབེབ་དངོས་གྲུབ་སྩོལ་མཛད་པ༔ གནོད་སྦྱིན་ནོར་ལྷ་གཏེར་བདག་ཐུགས༴ སྣང་སྲིད་གཞིར་བཞེངས་ཡེ་ཤེས་རོལ་པ་ཤར༔ འཁོར་འདས་མགྲོན་གྱུར་ཀུན་གྱི་ཐུགས༴ ཧཱུྃ༔ ཐུགས་དམ་དགྱེས་པར་སྐོང་བའི་རྫས་མཆོག་ནི༔ མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་པ་དང༔ མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་སོགས༔ ལྷ་རྫས་ཉེར་སྤྱོད་མཆོད་པས་ཐུགས༴ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བདའ་དང༔ རེག་བྱ་འཇམ་འཁྲིལ་གསང་བ་ཕོ་ཉ་མོའི༔ འདོད་ཡོན་བདེ་ཆེན་གཅིག་ཏུ་ལྷུན་རྫོགས་པའི༔ རྨད་བྱུང་ནང་གི་མཆོད་པས་ཐུགས༴ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན༔ གླིང་བཞི་རི་རབ་ལྷ་མིའི་འབྱོར་པའི་ཕུལ༔ བཅུ་དྲུག་བདེ་སྟེར་རྡོ་རྗེའི་རིག་མ་སོགས༔ ངོ་མཚར་རྣམ་མང་མཆོད་པས་ཐུགས༴ རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ༔ ཁམས་གསུམ་འཁོར་བ་རྒྱུན་གཅོད་དམར་ཆེན་པོ༔ བཟའ་བཅའ་བཏུང་བ་ལོངས་སྤྱོད་གཏོར་མའི་ཚོགས༔ ཁྱད་པར་གསང་བའི་མཆོད་པས་ཐུགས༴ རྩ་རླུང་བྱེད་རྩོལ་དབུ་མའི་དབྱིངས་སུ་བསྒྲལ༔ ཐིག་ལེ་ཟག་མེད་ལྷན་ཅིག་སྐྱེས་པར་སྦྱོར༔ ཟུང་འཇུག་ཤིན་ཏུ་རྣམ་དག་རྫོགས་པ་ཆེ༔ བླ་མེད་གསང་བའི་མཆོད་པས་ཐུགས༴ ཞི་རྒྱས་དབང་དྲག་ལས་སྒྲུབ་ཕྱག་རྒྱ་དང༔ རྫས་དང་ལོངས་སྤྱོད་འབྱོར་པའི་ཁྱད་པར་སོགས༔ བཞེད་རྒུར་འཆར་བའི་དམ་ཚིག་རྨད་པོ་ཆེ༔ སྒྱུ་འཕྲུལ་རྒྱན་གྱི་རོལ་མོས་ཐུགས༴ བདག་ཅག་འཁོར་བ་ཐོག་མ་མེད་པ་ནས༔ ཐ་མ་ད་ལྟའི་ལུས་བླངས་ཡན་ཆད་དུ༔ བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས༔ སྙིང་ནས་འགྱོད་པས་བཤགས་ཤིང་བསྡམ་པར་བགྱི༔ ཧཱུྃ༔ དེ་ལྟར་བསྐངས་ཤིང་བཤགས་པ་ལ་བརྟེན་ནས༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་པའི་གཟི་བྱིན་སྐྱེད༔ རྣལ་འབྱོར་བདག་ལ་བརྩེ་བས་ཉེར་དགོངས་ཏེ༔ མཆོག་ཐུན་དངོས་གྲུབ་རྒྱ་མཚོའི་ཕྲིན་ལས་མཛོད༔ ཉམས་ཆག་རྟོག་སྒྲིབ་མི་མཐུན་ཕྱོགས་ཀུན་ཞི༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྣང་བ་རྒྱས༔ རླུང་སེམས་དབང་འདུས་གཟུང་འཛིན་དགྲ་དང་བགེགས༔ ཚར་གཅོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ བསྟན་འཛིན་ཞབས་བརྟན་ཐུགས་བཞེད་ལྷུན་གྱིས་གྲུབ༔ བཤད་སྒྲུབ་བསྟན་དར་དགེ་འདུན་འདུས་པ་འཕེལ༔ སྣོད་བཅུད་དུས་ཀྱི་རྒུད་པ་ཀུན་ཞི་ཞིང༔ ཆོས་མཐུན་བདེ་སྐྱིད་རྒྱས་པའི་ཕྲིན་ལས་མཛོད༔ འགལ་རྐྱེན་བར་ཆད་རྡོ་རྗེའི་མཁར་དུ་སྲུངས༔ བྱད་ཕུར་རྦོད་གཏོང་དམོད་པའི་སྟོབས་ཀྱིས་བཟློག༔ གདུག་པ་ཅན་རྣམས་བསད་གཟིར་བསྐྲད་ནས་ཀྱང༔ ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད༔ མཐར་ཐུག་སྣང་ཞེན་ལྷ་དང་སྔགས་སུ་དག༔ རྩ་རླུང་ཐིག་ལེའི་རྟོག་ཚོགས་དབྱིངས་སུ་ཐིམ༔ སྐུ་དང་ཡེ་ཤེས་ཕྲིན་ལས་རྨད་བྱུང་བའི༔ མཆོག་དངོས་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད༔ ཅེས་སོ། །དེ་ནས་རང་གཞུང་ཆོག་ཁྲིགས་ལས་འབྱུང་བའི་སྒེར་སྐོང་སྦྱོར་བ་སོགས་གྲུབ་ནས་ལྷག་མ་བསྔོས་རྗེས། རྡོ་རྗེའི་གླུ་བླང་བར་གསུངས་པ་ཉི་ཟླ་ཁ་སྦྱོར་ཆེན་པོའི་རྒྱུད་ལས་གསུངས་པ་སོགས་གྲུབ་ན་ལེགས་མོད། འོན་ཀྱང་འཇུག་པ་བདེ་བའི་དབང་དུ་བྱས་ན། ཕྲིན་ལས་ཁོག་ཕུབ་ལས། ཨོཾ་ཨཱཿཧཱུྃ་ཧོ༔ ཨ་ཧོ་མ་ཧཱ་སུ་ཁ་ཨ་ལ་ལ་ཧོ༔ གསང་བ་མཆོག་གིས་དགྱེས་པའི་གྲོང་ན་གསང་ཆེན་རོལ་པའི་རྣལ་འབྱོར་པ༔ ལྷན་ཅིག་སྐྱེས་དགའི་བདེ་བའི་ཐབས་ཀྱིས་སྟོང་པའི་འོད་གསལ་མངོན་དུ་གྱུར༔ ཟུང་འཇུག་ཡེ་ཤེས་སྐྱེ་འགག་གནས་བྲལ་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ༔ འཁོར་འདས་དབྱེར་མེད་སྲིད་ཞི་ཀུན་ཁྱབ་ཐིག་ལེ་གཅིག་ཏུ་ལྷུན་གྱིས་གྲུབ༔ མ་ཧཱ་སུ་ཁ་ཛྙཱ་ན་གཱིརྟི་ཨ་ལ་ལ་ཧོ༔ ཞེས་བླང་དགོངས་པའི་ལྟ་གདིང་བསྐྱེད༔ ཅེས་སོ། །སྨོན་ལམ་གདབ་པ་ནི། སྒྲུབ་ཐབས་སྐོར་ལྔའི་ཕག་མོའི་ཚོགས་མཆོད་ལས། ཧོ༔ རབ་འབྱམས་དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ བདག་ཅག་རྣལ་འབྱོར་མཆེད་དང་ལྕམ་དྲལ་གྱིས༔ དམ་ཚིག་ཆེན་པོའི་མཆོད་པ་ཕུལ་པའི་མཐུས༔ ཉམས་ཆག་རྟོག་སྒྲིབ་མུན་པ་དབྱིངས་སུ་སངས༔ མཆོག་ཐུན་དངོས་གྲུབ་ཡེ་ཤེས་སྣང་བ་རྒྱས༔ བླ་མ་ཡི་དམ་མཁའ་འགྲོས་རྗེས་བཟུང་ནས༔ རྡོ་རྗེའི་ལམ་ལས་རྣམ་གྲོལ་འབྲས་བུའི་མཆོག༔ དཀའ་བ་མེད་པར་ཚེ་འདིར་འགྲུབ་པར་ཤོག༔ ནམ་ཞིག་མི་རྟག་སྐྱེ་འཆི་བྱུང་སྲིད་ཚེ༔ ཡེ་ཤེས་སྒྲོན་མེའི་སྣང་བས་ཤུལ་མཚོན་ཏེ༔ འོག་མིན་བདེ་ཆེན་ཞིང་དེར་དབུགས་ཕྱུངས་ནས༔ ཕྱམ་གཅིག་ལྷན་སྐྱེས་ཡེ་ཤེས་སྐུ་འགྲུབ་ཤོག༔ ཅེས་སོ། །ཤིས་བརྗོད་ནི། ཁོག་ཕུབ་ལས། ཨོཾ༔ བཀྲ་ཤིས་གང་ཞིག་ཚོགས་ཀྱི་སྤྱོད་པ་ལ་བརྟེན་ནས༔ གནས་སྐབས་གེགས་ཞི་བསོད་ནམས་ཡེ་ཤེས་ཕྲིན་ལས་འཕེལ༔ མཐར་ཐུག་ས་བཅུ་ལམ་ལྔའི་གོ་འཕང་མྱུར་དུ་འགྲུབ༔ རྟག་ཏུ་དཔལ་གནས་དགེ་ལེགས་སྣང་བ་འབར་གྱུར་ཅིག༔ རོལ་མོ་འཁྲོལ་ཞིང་བདེ་ཉམས་བསྐྱང༔ ཞེས་སོ། །ཞེས་པའང་གཏེར་ཆེན་བླ་མ་རིན་པོ་ཆེ་ཉིད་ནས་རྗེས་སུ་གནང་བ་ལྟར་ཟབ་གཏེར་བདག་པོ་རང་ཉིད་ཀྱིས་ཆ་ལག་ཏུ་བཀོད་པ་དགེ་ལེགས་འཕེལ།། །།
བླ་མ་དགོངས་པ་འདུས་པའི་སྐོང་ཆོག་ལས་བྱང་ཁྲིགས་སུ་བསྡེབས་པ་རིག་པ་འཛིན་པའི་ལམ་བཟང་ (Volume 67, Text 7)
༄༅། །གུ རུ ས མ ནུ བ ཧ སྱ སྟུ རཱ ཙ ར ཀྲྀ ཡོ དཱི ཙ ལེ ཁཾ ཀུ ལ ཀཾ བི དྱཱ དྷཱ ར སྱ སུ བ ཧུ ནཱ མ བི ཛ ཧ ར། ། ༄༅། །བླ་མ་དགོངས་པ་འདུས་པའི་སྐོང་ཆོག་ལས་བྱང་ཁྲིགས་སུ་བསྡེབས་པ་རིག་པ་འཛིན་པའི་ལམ་བཟང་ཞེས་བྱ་བ་བཞུགས་སོ། ། བླ་མ་དགོངས་པ་འདུས་པའི་སྐོང་ཆོག་ལས་བྱང་ཁྲིགས་སུ་བསྡེབས་པ་རིག་པ་འཛིན་པའི་ལམ་བཟང་ཞེས་བྱ་བ། ཨཱོྃ་སྭསྟི། རབ་འབྱམས་རྒྱལ་ཀུན་ཡེ་ཤེས་རྡོ་རྗེ་མི་ཤིགས་དྭངས་མའི་ཐིག་ལེ་གང་། །རྣམ་མང་གདུལ་བྱའི་པད་མཚོར་རྗེས་ཆགས་གང་འདུལ་མཚན་དཔེའི་ཟློས་གར་ནི། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་ཇི་སྙེད་དཀྱིལ་འཁོར་འཁོར་ལོས་སྒྱུར། །ཨཽ་ཌི་ཡ་ནའི་མཁན་པོར་ཡོངས་གྲགས་མགོན་དེས་དེང་འདིར་དགེ་ལེགས་སྩོལ། །གང་གི་རིང་ལུགས་ཟབ་གཏེར་གྱི། །ཆོས་མཛོད་བྱེ་བའི་སྙིང་པོའི་ཕུལ། །ཟབ་གསང་དགོངས་པ་འདུས་ཆེན་ཞེས། །མཚན་ཙམ་ཐོས་པའང་དོན་དང་ལྡན། །དེ་ཡི་ཕྲིན་ལས་ཡིད་བཞིན་ནོར། །སྐལ་བཟང་གྲུབ་གཉིས་འདོད་འཇོའི་ཕྱིར། ཁྲིགས་བསྡེབ་རྒྱལ་མཚན་མངོན་མཐོའི་རྩེར། །མཆོད་ལ་སྙིང་ནས་སྤྲོ་བ་སྐྱེས། །དེ་ལ་འདིར་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་མར་ཡོངས་སུ་གྲགས་པ་གསེར་ཆོས་བླ་མ་དགོངས་པ་འདུས་པའི་དཀྱིལ་འཁོར་ལ་བརྟེན་ནས་ཉམས་ཆག་སྦྱོང་བ་སྐོང་གི་ཆོ་ག་ཟབ་མོ་ཉིད། ཇི་ལྟར་ཉམས་སུ་ལེན་པའི་ཚུལ་མཁས་གྲུབ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་མ་འཁྲུལ་བར་བཀླག་ཆོག་ཆུ་འབབ་ཏུ་འགོད་པར་བྱ་བ་ལ་གཉིས་ཏེ། རྟེན་མཆོད་བཤམ་པ་དང་། ཆོ་ག་དངོས་ལ་འཇུག་པའོ། །དང་པོ་ནི། ཉ་སྟོང་ཚེས་བརྒྱད་ཡར་མར་གྱི་ཚེས་བཅུ་སོགས་དུས་བཟང་པོའམ་སྐབས་སུ་བབས་པའི་དུས་ནམ་གྱི་ཚེ་ནའང་རུང་སྟེ། ཤིས་པའི་གནས་སུ་རྩ་བ་གསུམ་གྱི་དམ་ཚིག་གི་བྲིས་སྐུའི་མཚོན་སྐུ་གསུང་ཐུགས་ཀྱི་རྟེན་དང་སྤྱན་གཟིགས་ཅི་འབྱོར་པ་དགྲམ། མདུན་དཀྱིལ་སྟེགས་བུ་ཁེབས་ལྡན་ལ་ཚུལ་བཞིན་འདུ་བྱས་པའི་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའམ། མ་འབྱོར་ན་མཎྜལ་དྲིས་བྱུག་པ་ལ་མེ་ཏོག་གི་ཚོམ་བུ་ལྷ་གྲངས་བཀོད་པས་ཀྱང་རུང་། གང་ལྟར་ཡང་རྩ་གསུམ་ཞི་ཁྲོ་ཆོས་སྐྱོང་གཏེར་སྲུང་དང་བཅས་པའི་གཏོར་མ། མཐའ་སྐོར་དུ་སྨན་གཏོར་རཀྟ་མར་མེ་རྣམས་བརྒྱ་རྩ་ཡན་ཆད་ཀྱི་ཕྲེང་བ་དང་། མེ་ཏོག་ལ་སོགས་པའི་མཆོད་རྫས་ཅི་འབྱོར་པས་བསྐོར། ཉེ་འཁོར་ཀུན་ཏུ་ཚོགས་ཀྱི་ཡོ་བྱད་དང་། རོལ་མོའི་ཁྱད་པར་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་ཚང་ཞིང་བཀོད་ལེགས་པར་བཤམ། དམིགས་བསལ་སློབ་མ་སྨིན་བྱེད་དང་། རབ་གནས། གཤིན་པོ་རྗེས་འཛིན་སོགས་གཞན་དོན་གཙོ་བོར་བྱ་བའི་སྐབས་སུ་ནི་རྣམ་རྒྱལ་བུམ་པ་ལ་སོགས་པའི་བཅས་གཤོམ་ཉེ་བར་མཁོ་བའི་ཆ་རྐྱེན་གཞན་ཐམས་ཅད་ཀྱང་མཐོང་བརྒྱུད་བཞིན་ཚོགས་པར་བྱའོ། །གཉིས་པ་ཆོ་ག་དངོས་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ་ལྔ། བསང་ཆུ་སྒྲུབ་པ། སྔོན་གཏོར་གཏོང་བ། མཚམས་གཅད་པ། རྒྱུད་སྦྱོང་བ། མཆོད་རྫས་བྱིན་གྱིས་བརླབ་པའོ། །དང་པོ་བསང་ཆུ་སྒྲུབ་པ་ནི། བདག་ཉིད་སྐད་ཅིག་གིས་དབང་ཆེན་རྟ་མཆོག་ཧེ་རུ་ཀཿདམར་ནག་ཁྲོ་བོའི་ཆས་ཅན་གྲི་གུག་དང་ཐོད་ཁྲག་འཛིན་པའི་སྐུར་གྱུར། དེའི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ་པདྨ་དང་ཉི་མ་ལ་གནས་པའི་ཧཱུྃ་ཡིག་སྔོན་པོ་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་སྔོ་སངས་ཁྲོ་ཞིང་འཛུམ་པའི་ཉམས་ཅན། རྡོ་རྗེ་དང་བདུད་རྩིའི་བུམ་པ་འཛིན་པ་སྦྲུལ་སྟག་རིན་པོ་ཆེའི་རྒྱན་དང་བཅས་ཏེ་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱི་བཞུགས་པའི་སྐུར་གྱུར་པར་བསམ་ཞིང་། ཨཱོྃ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊཿ ཅེས་བརྒྱ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབས་པས། ཁྲོ་བོ་བདུད་རྩི་འཁྱིལ་བའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་ལ་བདག་གནས་ཡོ་བྱད་ཐམས་ཅད་ལ་བསང་གཏོར་བྱ་ཞིང་། ཐོག་མཐའ་ཀུན་ཏུ་བསང་གཏོར་གྱི་བྱ་བ་ཐམས་ཅད་འདིས་བྱའོ། །གཉིས་པ་སྔོན་གཏོར་གཏོང་བ་ནི། གཏོར་མ་དཀར་དམར་རྒྱན་ལྡན་གཉིས་བཤམས་ལ། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བསམ་ཞིང་། ཨཱོྃ་ཨཱཾཿཧཱུྃ་གིས་བྱིན་གྱིས་བརླབ། གཏོར་མ་དང་པོ་གསེར་སྐྱེམས་བཅས་ཞིང་སྐྱོང་གཞི་བདག་སྤྱི་ལ་འབུལ་ཏེ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་མགྲོན་སྤྱན་དྲང་། སྠཱ་ན་པ་ཏི་ཀྵེ་ཏྲ་པ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིནྟ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་གཏོར་མ་བསྔོས་ལ། ཧྲཱི༔ ལྷ་ཀླུ་གནོད་སྦྱིན་རྒྱལ་པོ་གཟའ་བཙན་དང༔ དྲི་ཟ་གྲུལ་བུམ་མི་འམ་ཅི་ལ་སོགས༔ བདུད་དང་སྲིན་པོ་མ་མོ་གཟེད་སྨན་དང༔ དམུ་དང་ཐེའུ་རང་གྲོང་སྲིན་འདྲེ་མོར་བཅས༔ ཡུལ་ལྷ་གཞི་བདག་གནས་བདག་གཏེར་བདག་དང༔ དཀོར་བདག་ལ་སོགས་ལྷ་སྲིན་འབྱུང་པོའི་ཚོགས༔ བཀའ་དང་དམ་ལ་གནས་པའི་དགེ་བསྙེན་རྣམས༔ གཙང་སྦྱར་བདུད་རྩིའི་གསེར་སྐྱེམས་འདི་བཞེས་ལ༔ གནོད་ཅིང་གདུག་པའི་བསམ་པ་རབ་ཞི་ནས༔ རྟག་ཏུ་བདག་གི་དགེ་བའི་སྟོངས་གྲོགས་མཛོད༔ ཡུལ་རིས་རྒྱལ་ཁམས་ས་ཕྱོགས་འདི་དག་ཏུ༔ བདག་གིས་བླ་མེད་བྱང་ཆུབ་མཆོག་སྒྲུབ་ཅིང༔ སེམས་ཅན་རྣམས་ཀྱི་དོན་རབ་བརྩོན་པ་ལ༔ ཁྱེད་རྣམས་བདག་གི་མཐུན་རྐྱེན་སྒྲུབ་ཏུ་གསོལ༔ ས་ཡི་ལྷ་མོ་བརྟན་མ་ལ་སོགས་པ༔ ས་བདག་རྗེ་བློན་འཁོར་དང་བཅས་རྣམས་ཀྱང༔ གཙང་སྦྱར་བདུད་རྩིའི་གསེར་སྐྱེམས་འདི་བཞེས་ལ༔ བདག་གི་བསམ་པའི་དོན་འདི་མ་གྲུབ་བར༔ ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར༔ རིན་ཆེན་གཏེར་གྱི་ས་འདི་བསྩལ་དུ་གསོལ༔ ཁྱེད་ཅག་བསམ་པ་སྒྲུབས་ལ་རེ་བ་སྐོངས༔ བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཅེས་ཕྲིན་ལས་བཅོལ་ཏེ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪཿས་རང་གནས་སུ་གཤེགས། གཏོར་མ་གཉིས་པ་བགེགས་ལ་བསྔོ་སྟེ། ཧཱུྃ་ཧྲཱི༔ ཕྱོགས་བཞི་མཚམས་བཞི་སྟེང་འོག་ཐམས་ཅད་དང༔ ས་འོག་ས་སྟེང་ས་བླར་རྒྱུ་བ་ཡི༔ བགེགས་དང་ལོག་འདྲེན་ལན་ཆགས་འབྱུང་པོའི་ཚོགས༔ དབང་ཆེན་ཁྲོ་རྒྱལ་འབར་བའི་བཀའ་བྱུང་གིས༔ སྐད་ཅིག་ཡུད་ཙམ་ཞིག་གིས་འདིར་འདུས་ཤིག༔ བདག་གིས་བསྒོ་བའི་བཀའ་ལ་ཉན་པར་གྱིས༔ ཨཱོྃ་བཛྲ་ཊཱ་ཀི་རཱ་ཛ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ཨཾ་ཀུ་ཤ་ཛ༔ ཞེས་མགྲོན་བཀུག །སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིནྟེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་གཏོར་མ་བསྔོས་ལ། བཀའ་བསྒོ་བ་ནི། ཧཱུྃ་ཧྲཱི༔ ཉོན་ཅིག་བགེགས་དང་ལོག་འདྲེན་འབྱུང་པོའི་ཚོགས༔ བདེ་གཤེགས་རྒྱལ་བ་རྣམས་ཀྱི་བཀའ་བྱུང་ཞིང༔ ཁྲོ་རྒྱལ་འབར་བའི་ཕོ་བྲང་འདེབས་འཚལ་བས༔ འདོད་ཡོན་མཆོད་སྦྱིན་གཏོར་མ་འདི་སྣོམས་ལ༔ ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས༔ གལ་ཏེ་མི་འགྲོ་བཀའ་ལས་འདའ་བྱེད་ན༔ བདག་ཉིད་ཁྲོ་རྒྱལ་དབང་ཆེན་རབ་ཁྲོས་ནས༔ ལུས་སེམས་མ་ལུས་བརླག་པར་གདོན་མི་ཟ༔ ཞེས་དང་ཧཱུྃ་བཞིའི་དྲག་སྔགས་ཡུངས་ཐུན་ཚམ་རྔམ་དང་བཅས་པས་བསྐྲད། གསུམ་པ་མཚམས་གཅད་པ་ནི། ཧཱུྃ་ཧྲཱི༔ ཡེ་ཤེས་རོལ་པ་དབང་གི་དཀྱིལ་འཁོར་འདི༔ ཡེ་ནས་རྣམ་དག་ལྷ་ཡི་རང་བཞིན་ལ༔ བདུད་བགེགས་ལོག་འདྲེན་བར་གཅོད་མིང་ཡང་མེད༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ ཨཱོྃ་ཨཱཾཿཧཱུྃ། བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཤཱུ་ཛྙཱ་ན་མ་ཧཱ་རཀྵ་ཧཱུྃ༔ ཨཱོྃ་ཨཱཾཿཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ ས་བོན་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་འཕྲོས༔ དཀར་སེར་དམར་ལྗང་རབ་ཏུ་འཁྲུགས་པ་ལས༔ འཁོར་ལོ་རྡོ་རྗེ་པདྨ་རལ་གྲི་དང༔ རིན་ཆེན་འབར་བ་ཁ་ཊྭཱཾ་བེ་ཅོན་བཅས༔ གཏུན་ཤིང་མདའ་དང་ཆུ་གྲི་ཐོ་བ་སོགས༔ ས་ཆུ་མེ་རླུང་སྤུ་གྲི་རེག་ཆོད་ངར༔ ནམ་མཁའ་སྔོ་སངས་གདོད་ནས་དག་པའི་གུར༔ ཁྲོ་རྒྱལ་འབར་བའི་གུར་ཁང་འཁྲིགས་པ་ལ༔ རླུང་ཡང་འགྱུ་བའི་སྐབས་ནི་མ་མཆིས་ན༔ བགེགས་དང་ལོག་འདྲེན་བདུད་རྣམས་སྨྲོས་ཅི་དགོས༔ ཨཱོྃ་ཨཱཾཿཧཱུྃ༔ བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་བཛྲ་མ་ཧཱ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ༔ ཞེས་མཚམས་བཅད་དོ། །བཞི་པ་རྒྱུད་སྦྱོང་བ་ནི། རང་གི་སྙིང་གའི་འོད་ཀྱིས་བསྐུལ་བས་བླ་མ་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་སྤུང་གིས་བྱོན་པར་མོས་ལ། ཀྱེ་ཀྱེ༔ ཕྱོགས་བཅུའི་སྐྱབས་གནས་དཀོན་མཆོག་བདག་ལ་དགོངས༔ འགྲོ་རྣམས་སྐྱོབ་པའི་མགོན་དང་དཔུང་མཛོད་ཅིག༔ དུས་འདི་ནས་གཟུང་རྫོགས་སངས་མ་རྒྱས་བར༔ མགོན་པོ་མཆོག་གྱུར་རྣམས་ལ་ཕྱག་འཚལ་ལོ༔ བདག་གཞན་ལུས་དང་ལོངས་སྤྱོད་མཆོད་པར་འབུལ༔ ཉམས་ཆག་ཉེས་ལྟུང་བསགས་རྣམས་མཐོལ་ཞིང་བཤགས༔ དུས་གསུམ་དགེ་བར་གྱུར་ལ་རྗེས་ཡི་རང༔ བླ་མེད་ཐེག་ཆེན་ཆོས་འཁོར་བསྐོར་བར་བསྐུལ༔ རྒྱལ་བ་མྱ་ངན་མི་འདའ་བཞུགས་པར་གསོལ༔ བདག་གཞན་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔ སྐྱབས་གནས་དཀོན་མཆོག་རྣམས་ལ་སྐྱབས་སུ་མཆི༔ སྔོན་གྱི་རྒྱལ་བའི་མཛད་པ་རྨད་བྱུང་ལྟར༔ དེ་བཞིན་བདག་གིས་དུས་འདི་ནས་བརྩམ་བྱ༔ འགྲོ་བ་ཡོངས་ཀྱི་བླ་མར་བདག་གྱུར་ཅིག༔ ཅེས་ལན་གསུམ་གྱིས་ཚོགས་བསགས་པའི་མཐར་ཚོགས་ཞིང་རང་ལ་བསྡུ། ལྔ་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི། ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཕྱི་ནང་གསང་བའི་མཆོད་པ་འདི་དག་དང༔ སྨན་དང་རཀྟ་གཏོར་མར་བཅས་པ་རྣམས༔ ཡེ་ནས་རང་བྱུང་དག་པར་ལྷུན་གྲུབ་ཕྱིར༔ བསང་སྦྱང་བྱིན་རླབས་མཚན་མའི་མཐའ་ལས་འདས༔ འོན་ཀྱང་ཀུན་རྫོབ་སྒྱུ་མའི་བག་ཆགས་རྣམས༔ རྣམ་འཕྲུལ་རོལ་པས་བསང་ཞིང་བྱིན་གྱིས་བརླབ༔ རཾ་ཡཾ་ཁཾ༔ ཨཱོྃ་ཨཱཾཿཧཱུྃ༔ ཡེ་ཤེས་མེ་ཡིས་ཉོན་མོངས་བག་ཆགས་བསྲེག༔ སྐྱོད་བྱེད་རླུང་གིས་མཚན་འཛིན་བག་རྡུལ་གཏོར༔ དག་བྱེད་ཆུ་ཡིས་ཀུན་རྫོབ་དྲི་མ་འཁྲུ༔ བསྲེགས་གཏོར་བཀྲུས་པས་རྟོག་པའི་སྐྱོན་དང་བྲལ༔ རཾ་སྥ་ར་ཎ་ཕཊ༔ ཡཾ་སྥ་ར་ཎ་ཕཊ༔ ཁཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཨཱོྃ་ཨཱཾཿཧཱུྃ༔ ཨཱོྃ་ནི་སྤེལ་བྱེད་སྐུ་ཡི་ཡིག་འབྲུར་གསལ༔ ཨཱཾཿནི་སྦྱོང་བྱེད་གསུང་གི་ཡིག་འབྲུར་གསལ༔ ཧཱུྃ་ནི་སྒྱུར་བྱེད་ཐུགས་ཀྱི་ཡིག་འབྲུར་གསལ༔ དཔག་མེད་རྣམ་དག་ཡེ་ཤེས་ཆེན་པོར་གྱུར༔ སྐུ་གསུང་ཐུགས་མཆོག་ཨཱོྃ་དང་ཨཱཾཿཧཱུྃ་གིས༔ སྣོད་བཅུད་རྒྱུ་རྐྱེན་རྟེན་འབྲེལ་ནུས་མཐུར་ལྡན༔ ཨཱོྃ་ཨཱཾཿཧཱུྃ༔ ཨཱོྃ༔ སྣང་སྲིད་འདོད་ཡོན་ལོངས་སྤྱོད་མཆོད་པའི་རྫས༔ ཨཱཾཿ རྣམ་དག་ལྷ་ཚོགས་དགྱེས་པ་སྐོང་བར་བྱེད༔ ཧཱུྃ༔ གཟུགས་སྒྲ་དྲི་རོ་རེག་བྱ་ནུས་བཅུད་ལྡན༔ ཧོ༔ ཕྱི་ནང་གསང་བའི་མཆོད་པ་བླ་ན་མེད༔ ཨཱོྃ་ཨཱཾཿཧཱུྃ་ཧོ༔ བཛྲ་ཨརྒྷཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གྷནྡྷེ༔ ནཻ་བིདྱཱ༔ ཤབྡ༔ ཨཱོྃ་ཨཱཾཿཧཱུྃ༔ རཱུ་པ༔ ཤབྡ༔ གྷནྡྷེ༔ ར་ས༔ སྤརྴེ༔ ཨཱོྃ་ཨཱཾཿཧཱུྃ༔ མ་ཧཱ་མཱཾ་ས༔ རཀྟ༔ ཀེཾ་ནི་རི་ཏི༔ བ་སུ་ཏ༔ ཙིཏྟ༔ ཨཱོྃ་ཨཱཾཿཧཱུྃ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨཱོྃ༔ བྷནྡྷ་ཁོར་ཡུག་བདུད་རྩིའི་སྣོད་ཆེན་པོར༔ དུག་ལྔ་དབྱིངས་སྒྲོལ་རང་བྱུང་ཡེ་ཤེས་རྫས༔ ཟག་མེད་བདེ་ཆེན་ལྷུན་གྲུབ་བདུད་རྩིར་འཁྱིལ༔ ལྷ་རྣམས་དགྱེས་པ་སྐོང་བའི་བཅུད་དུ་གྱུར༔ ཨཱོྃ་ཨཱཾཿཧཱུྃ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ། ཨཱཾཿ དབྱིངས་ཀྱི་རང་བཞིན་སྟོང་ཉིད་ཀ་པཱ་ལར༔ ཡེ་ཤེས་ཆེན་པོ་བདེ་བའི་རཀྟ་མཆོག༔ དབྱིངས་དང་ཡེ་ཤེས་བདེ་སྟོང་དམར་འོད་འདྲེས༔ ཁུ་བ་རཀྟའི་རྒྱ་མཚོ་རྦ་རླབས་འཁྲུག༔ ཨཱོྃ་ཨཱཾཿཧཱུྃ༔ མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ། ཧཱུྃ༔ སྣོད་ཀྱི་འཇིག་རྟེན་ཡངས་པའི་གཞོང་པ་རུ༔ བཅུད་ཀྱི་སྐྱེ་འགྲོ་བ་ལིང་ཆེན་པོར་སྦྱར༔ རྒྱུ་རྐྱེན་རྟེན་འབྲེལ་ནུས་པས་བྱིན་བརླབས་ནས༔ ཀུན་རྫོབ་མཚན་མའི་བག་ཆགས་སྐྱོན་དང་བྲལ༔ ཨཱོྃ་ཨཱཾཿཧཱུྃ༔ མ་ཧཱ་བ་ལིཾ་ཏ་བྷ་དྲ་བ་ལིཾ་ཏེ་སྭཱ་ཧཱ༔ ལན་གསུམ། ཞེས་བྱིན་བརླབ་བོ།། །།སྤྱི་དོན་གཉིས་པ་དངོས་གཞི་ལ་གསུམ། བདག་བསྐྱེད་བསྙེན་པའི་རྣལ་འབྱོར། མདུན་བསྐྱེད་སྒྲུབ་པའི་རྣལ་འབྱོར། ཉམས་བཤགས་སྐོང་བའི་རྣལ་འབྱོར་རོ། །དང་པོ་བདག་བསྐྱེད་བསྙེན་པའི་རྣལ་འབྱོར་ལའང་བརྒྱད། དམ་ཚིག་པ་བསྐྱེད་པ། ཡེ་ཤེས་པ་སྤྱན་འདྲེན་པ། བཞུགས་སུ་གསོལ་བ། དབང་བསྐུར་བ། ཕྱག་འཚལ་བ། མཆོད་པ་འབུལ་བ། བསྟོད་པ་བྱ་བ། ཛཔ྄་བཟླ་བའོ། །དང་པོ་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ལ། ཐོག་མར་རྒྱུ་ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ་པ་ནི། ཧཱུྃ་ཧྲཱི༔ སྣང་སྲིད་འཁོར་འདས་གཉིས་བསྡུས་ཆོས་རྣམས་ཀུན༔ སྟོང་ཞིང་བདག་མེད་ནམ་མཁའ་ལྟ་བུ་ལ༔ བྱེད་སྤྱོད་བླང་དོར་འཛིན་པའི་མཐའ་ལས་འདས༔ དེ་བཞིན་ཉིད་དུ་པདྨ་རྒྱལ་པོས་སྨྲ༔ ཨཱོྃ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་སྭ་བྷཱ་ཝ་ཧཱུྃ༔ དེ་ལྟར་མ་རྟོགས་འཁྲུལ་པར་གྱུར་པ་ཡི༔ ལྟར་སྣང་སྐྱེ་འགྲོའི་འགྲོ་བ་ཉོན་རེ་མོངས༔ བཟོད་མེད་གདུང་བའི་བློ་ཡིས་རབ་བཟུང་སྟེ༔ ཀུན་སྣང་ཙམ་དུ་བདག་གིས་བསྒྲལ་བར་བགྱི༔ དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཧཱུྃ༔ ཧྲཱི༔ དོན་དམ་དབྱིངས་ལས་འབར་བའི་ཆོ་འཕྲུལ་ཤར༔ སྣ་ཚོགས་སྤྲུལ་པའི་གར་བྱེད་གློག་ལྟར་འཁྱུག༔ རྒྱུ་ཡི་ཧེ་རུ་དམར་གསལ་མེ་འོད་འཕྲོ༔ ཐུགས་རྗེའི་ཞལ་ཕྱག་རྣམ་འགྱུར་བསམ་མི་ཁྱབ༔ ཙིཏྟ་པདྨ་བཛྲ་ཧཱུྃ༔ དེ་ལས་འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་རིམ་བཞིན་གསལ་གདབ་པ་ནི། བྷྲཱུྃ༔ འབྱུང་བ་མེ་རླུང་འཁྲུགས་པའི་ཕོ་བྲང་དབུས༔ ཟླ་གམ་དབང་ཆེན་འབར་བའི་ཀློང་དཀྱིལ་དུ༔ གདལ་ཁྱབ་ལྤགས་པས་རབ་གཡོགས་ཀེང་རུས་མཁར༔ ཤ་ཁྲག་ཕུང་པོ་འདུས་པའི་གཞལ་ཡས་ཁང༔ དབང་པོ་སྒོ་བཞི་ཉི་ཟླའི་སྐར་ཁུང་ཅན༔ ཡན་ལག་རྟ་བབས་སྐྲ་ཡི་བ་དན་འཕྱར༔ རྩ་རྒྱུས་དྲྭ་བ་རྒྱུ་མའི་ཕྲེང་ལུང་མཛེས༔ ཙིཏྟའི་ཕོ་ལོང་ཞིང་གི་གཡང་གཞི་བྲེས༔ ཐོད་པ་ཚངས་ཁང་སྤྱི་གཙུག་ཕྱུར་བུའི་ཏོག༔ བདེ་དྲོད་མེ་ཕུང་འཁྲིགས་པའི་དཀྱིལ་ཡངས་ན༔ རྣམ་ཤེས་འདབ་བརྒྱད་གདལ་བའི་གདན་སྟེང་དུ༔ ཐབས་དང་ཤེས་རབ་ཉི་ཟླ་གེ་སར་སྟེང༔ ཤེས་རིག་རྒྱལ་པོ་དཔལ་ཆེན་ཧེ་རུ་ཀ༔ སྣང་བའི་ངོ་བོ་པདྨ་བཛྲ་རྩལ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་དོར་སྟབས་ཚུལ༔ དམར་མཐིང་དཀར་དང་ཞི་ཁྲོ་ཕྱེད་མའི་ཞལ༔ གཡས་གསུམ་རྡོ་རྗེ་རལ་གྲི་བདུད་རྩི་བུམ༔ དྲིལ་བུ་བྷནྡྷ་ཁ་ཊྭཱཾ་གཡོན་གསུམ་ཕྱག༔ སྟོང་པའི་བདག་ཉིད་ལྷ་ལྕམ་གསང་བའི་ཡུམ༔ དམར་མོ་ཌཱ་རུ་དུང་དམར་གཡས་གཡོན་འཁྱུད༔ ཡབ་ཡུམ་གཉིས་མེད་རུས་རྒྱན་དུར་ཁྲོད་ཆས༔ གར་དགུའི་ཉམས་ལྡན་བདེ་སྟོང་ལྷན་ཅིག་རོལ༔ ཨཱོྃ་ཨཱཾཿཧཱུྃ་གུ་རུ་ཤྲཱི་པདྨ་བཛྲ་ཧྲཱི༔ དྷཱུ་མ་གྷ་ཡེ་དྷཱ་ཀི་ནཱི་ན་མ་སྭཱ་ཧཱ༔ ཧྲཱི༔ ཐབས་ཤེས་ཡབ་ཡུམ་བདེ་རོལ་ཆོ་འཕྲུལ་ལས༔ ཅིར་ཡང་སྤྲུལ་པའི་ལྷ་ཚོགས་བསམ་མི་ཁྱབ༔ ཞི་དང་ཁྲོ་ཚུལ་རྣམ་འགྱུར་བརྗོད་འདས་ཀྱང༔ རང་སྣང་བློ་ཡི་མོས་པས་གང་འདོད་གསལ༔ ཧྲཱི༔ ཉོན་མོངས་ཚར་གཅོད་ཁྲོ་རྒྱལ་འབར་བ་དང༔ ཐུགས་རྗེས་འགྲོ་འདུལ་ཞི་ཚུལ་མཛེས་པའི་སྐུ༔ ཡབ་ཡུམ་སྲས་འཁོར་བཀའ་ཉན་བཅས་པ་སྟེ༔ གདངས་གསལ་མ་འགགས་རོལ་པས་ཚུལ་བཞིན་བསྐྱེད༔ ཧྲཱི༔ ཕྱོགས་དང་ཕྱོགས་མཚམས་པདྨ་འདབ་བརྒྱད་སྟེང༔ བུདྡྷ་ཐོད་ཕྲེང་དཀར་སྔོ་དམར་བའི་ཞལ༔ འཁོར་ལོ་རྡོ་རྗེ་རྩེ་དགུ་ཞིང་དབྱུག་གཡས༔ བུམ་པ་དྲིལ་བུ་ཞགས་པ་གཡོན་གསུམ་ཕྱག༔ དབྱིངས་ཕྱུག་སྔོན་མོ་རྒྱལ་མཚན་དུང་དམར་སྟོབ༔ མི་བསྐྱོད་རྡོ་རྗེ་སེར་དཀར་དམར་བའི་ཞལ༔ གཡས་གསུམ་རལ་གྲི་མདུང་ཐུང་ཐོད་དབྱུག་འཕྱར༔ སྟོང་གི་འཇིག་རྟེན་མེ་རླུང་གཡོན་གསུམ་ཕྱག༔ བདེ་དབྱིངས་དམར་སེར་ཆོས་འབྱུང་དུང་དམར་སྟོབ༔ པདྨ་དབང་ཆེན་དམར་དཀར་མཐིང་བའི་ཞལ༔ གཡས་གསུམ་ཕྲེང་བ་རྔ་ཡབ་ལྕགས་ཀྱུ་འཛིན༔ པད་སྡོང་གྭ་འུ་དབང་ཞགས་གཡོན་གསུམ་ཕྱག༔ རིག་བྱེད་དམར་སྐྱ་ཌཱ་རུ་ཐོད་ཁྲག་སྟོབ༔ རིག་འཛིན་ཐོད་རྩལ་ལྗང་དཀར་དམར་བའི་ཞལ༔ རྡོ་རྗེ་འཁོར་ལོ་རལ་གྲི་གཡས་གསུམ་ཕྱག༔ གཡོན་གསུམ་དྲིལ་བུ་ཞགས་པ་ཕུར་བུ་འཛིན༔ ཉི་ཟླ་དམར་མོ་ཐོད་ཕྲེང་གྭ་འུ་འཁྱུད༔ མདོག་དམར་མེ་ཕྲེང་གཡས་དཀར་གཡོན་ལྗང་ཞལ༔ རྡོ་རྗེ་རྩེ་ལྔ་ཐོ་ལུམ་མེ་ཕུང་གཡས༔ ཐོད་ཁྲག་སྡིག་པ་དགྲ་གཟུགས་གཡོན་གསུམ་ཕྱག༔ སྲིད་པ་དམར་མོ་ཐོ་བ་བྷནྡྷ་འཁྱུད༔ སངས་རྒྱས་དཔའ་བོ་མཐིང་དཀར་དམར་བའི་ཞལ༔ འཁོར་ལོ་ཟླ་བ་མེ་ཕུང་གཡས་གསུམ་ཕྱག༔ གཡོན་གསུམ་གཤོལ་མདའ་ཉི་མ་རླུང་ནག་བསྣམས༔ དཔའ་མོ་དཀར་མོ་འཁོར་ལོ་བདུད་རྩི་སྟོབ༔ རྟ་མགྲིན་དམར་པོ་དཀར་དང་སྔོ་བའི་ཞལ༔ གཡས་གསུམ་ཁ་ཊྭཱཾ་རྡོ་རྗེ་སྦྲུལ་ཞགས་འཛིན༔ ཐོད་ཁྲག་དྲིལ་བུ་ལྕགས་སྒྲོག་གཡོན་གསུམ་ཕྱག༔ ཙཱ་ཏི་སྨུག་ནག་ཏྲི་ཤཱུལ་དུང་དམར་སྟོབ༔ ལག་ན་རྡོ་རྗེ་མཐིང་ནག་དཀར་དམར་ཞལ༔ རྡོ་རྗེ་གྲི་གུག་སྦྲུལ་ཞགས་གཡས་གསུམ་ཕྱག༔ གཡོན་གསུམ་དྲིལ་བུ་ཐོད་ཁྲག་པདྨ་བསྣམས༔ གསང་དབྱིངས་དམར་མོ་ཁ་ཊྭཱཾ་བྷན་དམར་སྟོབ༔ ཀུན་ཀྱང་ཡབ་ཡུམ་རུས་རྒྱན་དུར་ཁྲོད་ཆས༔ ཡབ་རྣམས་ཞབས་བཞི་དོར་སྟབས་བདུད་བཞི་མནན༔ ཡུམ་རྣམས་དཔལ་ཆེན་ཡབ་ཀྱི་རྐེད་ལ་འཁྱུད༔ རྣམ་འཕྲུལ་སྤྲུལ་དང་ཡང་སྤྲུལ་བཀའ་ཉན་ཚོགས༔ སྐུ་མདོག་ཕྱག་མཚན་རྣམ་འགྱུར་དུ་མ་སྟེ༔ གཅིག་ཏུ་མ་ངེས་ཆོ་རོལ་སྣ་ཚོགས་སྟོན༔ སྣང་སྟོང་མ་འགགས་ལྷན་ནེ་ལྷང་ངེར་གསལ༔ བུདྡྷ་ཐོད་ཕྲེང་རྩལ་བཻ་རོ་ཙ་ན་ཨཱོྃ༔ སརྦ་བུདྡྷ་དྷཱ་ཀི་ནཱི་ཧཱུྃ༔ ཨཀྵོ་བྷྱ་བཛྲ༔ སུ་ཁ་དྷཱ་རཱི་ཧཱུྃ༔ པདྨེ་བྷ་ཤ་ཧ༔ དྷཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ ཨཱ་ཙརྱཱ་མ་ཧཱ་བཛྲ་ཤཱནྟིཾ་པདྨ་གྷུ་རུ་ཏི་བྷྱོ༔ དྷཱ་ཀི་ནཱི་ཧཱུྃ༔ བཛྲ་མ་ཧཱ་ཀྲོ་དྷ་ཨརྩིག་ནིརྩིག༔ མ་མ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བུདྡྷ་ཀ་པཱ་ལི་དཔའ་བོ་ཧཱུྃ༔ བུདྡྷི་པྲ་དྷཱ་ཀི་ནཱི་མ་མ་རུ་ལུ་སྭཱ་ཧཱ༔ བཛྲ་མ་ཧཱ་ཀྲོ་དྷ་ཧྱ་གྲཱི་ཝ༔ མ་མ་ཨེ་ཀ་ཙཱ་ཏི་ཧཱུྃ༔ བཛྲ་པཱ་ཎི་མ་ཧཱ་ཀྲོ་དྷ༔ མ་མ་སིདྡྷི་ཧཱུྃ༔ ཧྲཱི༔ སྟོད་སྨད་བར་ཁྱམས་བ་སྤུའི་གྲོང་ཁྱེར་དུ༔ དཔའ་བོ་དཔའ་མོ་ལ་སོགས་དཔག་མེད་ཀྱང༔ རྣམ་འགྱུར་ཆ་ལུགས་ཅིར་ཡང་སྟོན་བྱེད་ཅིང༔ མ་འགགས་ལྷུན་གྲུབ་རོལ་པའི་ཚུལ་དུ་གསལ༔ ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ༔ གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་ནི། དེ་ལྟར་གསལ་བའི་ལྷ་ཚོགས་ཐམས་ཅད་ཀྱི། །སྤྱི་བོར་འཁོར་ལོ་དཀར་པོ་ཨཱོྃ་གྱིས་མཚན། །མགྲིན་པར་པདྨ་དམར་པོ་ཨཱཾཿཡིས་མཚན། །ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན། །དེ་ལས་འོད་འཕྲོས་ཡེ་ཤེས་སེམས་དཔའི་ཚོགས། །ནམ་མཁའ་གང་བ་བཛྲ་ས་མཱ་ཛཿ ཞེས་སྤོས་བསྲེག་ཅིང་རོལ་མོ་སྣ་ཚོགས་ཀྱི་སྒྲ་དང་གདུང་བའི་དབྱངས་ཀྱིས་བསྐུལ་ཏེ། ཧཱུྃ་ཧྲཱི༔ རང་བྱུང་ཐུགས་རྗེ་མ་འགགས་རོལ་པའི་སྐུ༔ སྤྱན་འདྲེན་བཞུགས་སུ་གསོལ་བར་མི་དམིགས་ཀྱང༔ གློ་བུར་འགྲོ་བློའི་མོས་པའི་སྣང་ཚུལ་དུ༔ རྩལ་སྣང་དབྱིངས་ལས་རོལ་ཞིང་གཤེགས་སུ་གསོལ༔ རྣམ་དག་ཨོ་རྒྱན་བཀོད་པའི་ཕོ་བྲང་ནས༔ པདྨ་བཛྲ་འཁོར་བཅས་གཤེགས་སུ་གསོལ༔ ཤར་ཕྱོགས་ཕོ་བྲང་རི་བོ་ཏ་ལ་ནས༔ བུདྡྷ་ཐོད་ཕྲེང་འཁོར་བཅས་གཤེགས༴ ལྷོ་ཕྱོགས་གྱད་མཁར་བརྩེགས་པའི་ཕོ་བྲང་ནས༔ མི་བསྐྱོད་རྡོ་རྗེ་འཁོར་བཅས་གཤེགས༴ ནུབ་ཕྱོགས་སོ་ས་གླིང་གི་ཕོ་བྲང་ནས༔ པདྨ་དབང་ཆེན་འཁོར་བཅས་གཤེགས༴ བྱང་ཕྱོགས་མ་ག་དྷ་ཡི་ཕོ་བྲང་ནས༔ ཐོད་པ་རྩལ་ཆེན་འཁོར་བཅས་གཤེགས༴ ཤར་ལྷོ་བསིལ་བ་ཚལ་གྱི་དུར་ཁྲོད་ནས༔ དྲག་པོ་མེ་ཕྲེང་འཁོར་བཅས་གཤེགས༴ ལྷོ་ནུབ་དགའ་བ་ཚལ་གྱི་དུར་ཁྲོད་ནས༔ དཔའ་བོ་ཐོད་དུམ་འཁོར་བཅས་གཤེགས༴ ནུབ་བྱང་རབ་ཏུ་རྒྱུ་བའི་དུར་ཁྲོད་ནས༔ དཔའ་བོ་རྟ་མགྲིན་འཁོར་བཅས་གཤེགས༴ བྱང་ཤར་ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ ལག་ན་རྡོ་རྗེ་འཁོར་བཅས་གཤེགས༴ ཀུན་ཀྱང་མ་འགགས་ཆོ་རོལ་སྤྱོད་པའི་ཚུལ༔ གང་ལ་གང་འདུལ་ཕྲིན་ལས་སྣ་ཚོགས་བདག༔ ཆོ་འཕྲུལ་དུ་མས་རོལ་ཅིང་གཤེགས་སུ་གསོལ༔ འཁོར་གྱི་དྷཱ་ཀི་ཤུགས་འགྲོའི་ཚོགས་རྣམས་ཀུན༔ དོན་གྱི་དབྱིངས་ལ་ལྷུན་གྲུབ་གཅིག་མོད་ཀྱང༔ གནས་སྐབས་ཡུལ་དོན་བྲན་གྱི་ཚུལ་སྣང་ཞིང༔ མཐུ་སྟོབས་རྩལ་ལྡན་ནུས་པའི་ཤུགས་དང་བཅས༔ བདག་སོགས་མོས་པའི་བུ་ལ་རབ་དགོངས་ནས༔ མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ༔ ཐུགས་རྗེ་བརྩེ་བས་གནས་འདིར་གཤེགས་ནས་ཀྱང༔ དཀྱིལ་འཁོར་ཆེན་པོའི་ལུས་ལ་བྱིན་ཆེན་ཕོབ༔ སྒྲུབ་མཆོག་མཆེད་ལྕམ་ངག་ལ་དབང་ཞིག་སྐུར༔ བརྒྱུད་འཛིན་མོས་པའི་སེམས་ལ་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་རྣམ་གཉིས་སྩོལ༔ ཨཱོྃ་ཨཱཾཿཧཱུྃ༔ བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ ཨེ་ཨཱ་རལླི་ཧྲིཾ་ཧྲིཾ༔ ཕེཾ་ཕེཾ༔ ཛཿཧཱུྃ་བཾ་ཧོ༔ གསུམ་པ་དམ་ཡེ་དབྱེར་མེད་དུ་བཞུགས་སུ་གསོལ་བ་ནི། ཧཱུྃ་ཧྲཱི༔ སྒྱུ་ལུས་ཕོ་བྲང་བཀོད་པའི་གཞལ་ཡས་འདིར༔ བཞུགས་པའི་དུར་ཁྲོད་ལྷུན་གྲུབ་ཉམས་རེ་དགའ༔ ཕོ་བྲང་རིན་ཆེན་དམ་པ་བྱིན་རེ་ཆགས༔ དབང་ཆེན་འདབ་བརྒྱད་པདྨ་མདངས་དང་ལྡན༔ ཐབས་ཤེས་ཉི་ཟླ་བརྩེགས་པ་འོད་ཟེར་འཕྲོ༔ རང་རང་བཞུགས་པའི་གདན་ཁྲི་ཡངས་པའི་སྟེང༔ ལྷ་རྣམས་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཐུགས་རྗེས་འཕྲོ་འདུའི་རོལ་པ་གཏན་ལ་ཕོབ༔ ཨཱོྃ་ཨཱཾཿཧཱུྃ༔ གུ་རུ་དྷེ་བ་དྷཱ་ཀི་ནཱི༔ ཙིཏྟ་བཛྲ་ཛྙཱ་ན་པདྨ་ཀ་མ་ལཱ་ཡེ་སྟྭཾ༔ བཞི་པ་དབང་བསྐུར་ཞིང་རྒྱས་གདབ་པ་ནི། ཧྲཱི༔ རིགས་མཆོག་དག་པ་འོད་དཔག་མེད་པའི་སྐུ༔ རྒྱལ་ཚབ་དམ་པར་དབང་མཛད་བཅོམ་ལྡན་འདས༔ རིགས་ལྔ་ཡུམ་ལྔའི་ཚོགས་དང་བཅས་རྣམས་ཀྱིས༔ བྱིན་རླབས་དབང་བསྐུར་དམ་པ་དེང་འདིར་སྩོལ༔ ཨཱོྃ་ཨཱཾཿཧཱུྃ་ཧྲཱིཿསྭཱ་ཧཱ༔ ཨ་བྷི་ཥིཉྩ་ཏུ་མཱཾ༔ ཧྲཱི༔ ལྷུན་གྲུབ་རྒྱལ་བ་དམ་ཚིག་སེམས་དཔའི་སྐུ༔ ཐུགས་རྗེའི་སྤྲུལ་པ་ཡེ་ཤེས་སེམས་དཔའི་ཚོགས༔ གདོད་ནས་གཉིས་མེད་གདལ་བའི་ཀློང་ཡངས་སུ༔ ཆུ་ལ་ཆུ་བཞག་ལྟ་བུར་ཨེ་མ་ཧོ༔ མ་དག་ལྟར་སྣང་གཉིས་འཛིན་འཁྲུལ་པའི་བློས༔ ཕན་ཚུན་སོ་སོར་མཚན་མ་རང་གར་བཟུང༔ དེང་ནས་དབྱེར་མེད་དུ་མ་རོ་གཅིག་ཏུ༔ དོན་གྱི་དབྱིངས་ལས་འདའ་བར་མི་བགྱིད་དོ༔ ཨཱོྃ་མ་ཧཱ་ཤཱུ་ཛྙཱ་ན་ས་མ་ཡ་ཧཱུྃ༔ ས་མ་ཡ་སྟྭཾ༔ ར་ཧོ་ཧཾ༔ ལྔ་པ་ཕྱག་འཚལ་བ་ནི། ཨེ་མ་ཧོ༔ ཆོས་སྐུ་ནམ་མཁའ་ལྟ་བུར་དབྱེར་མེད་ཅིང༔ ལོངས་སྐུ་གསལ་སྣང་མ་འདྲེས་སོ་སོར་སྟོན༔ སྤྲུལ་སྐུ་གང་ལ་ཅི་འདུལ་ཕྲིན་ལས་བདག༔ སྐུ་གསུམ་བླ་མ་རྣམས་ལ་ཕྱག་འཚལ་ལོ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ ལོངས་སྐུ་ཁྲོ་ཚུལ་ལོག་འདྲེན་གདུག་པ་འདུལ༔ སྤྲུལ་སྐུ་རྣམ་འགྱུར་དུ་མའི་ཆ་ལུགས་ཅན༔ ཡི་དམ་དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཆོས་སྐུ་སྟོང་ཉིད་དཔའ་མོ་ཡུམ་གྱི་མཁའ༔ ལོངས་སྐུ་བདེ་ཆེན་དཔའ་བོ་ཡབ་ཀྱི་དབྱིངས༔ བདེ་སྟོང་མཁའ་དབྱིངས་འཁོར་བཅས་སྤྲུལ་པའི་ཚོགས༔ ཆོ་འཕྲུལ་སྲས་བཅས་རྣམས་ལ་ཕྱག་འཚལ་ལོ༔ ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི༔ དྷརྨ་ཀཱ་ཡ༔ སམྦྷོ་ཀཱ་ཡ༔ ནིརྨཱ་ཀཱ་ཡ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ དྲུག་པ་མཆོད་པ་འབུལ་བ་ལ། ཕྱི་ནང་གསང་མཆོད་སོགས་ནི། ཧཱུྃ་ཧྲཱི༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ མེ་ཏོག་བདུག་སྤོས་མར་མེ་ཞལ་ཟས་དྲི༔ སྒྲ་དབྱངས་ཨརྒྷཾ་ལ་སོགས་མཆོད་པའི་སྤྲིན༔ ཕྱི་མཆོད་རྣམ་དག་རྒྱལ་བ་རྣམས་ལ་འབུལ༔ ལྷ་མིའི་མཆོད་རྫས་འདོད་ཡོན་ལོངས་སྤྱོད་ཚོགས༔ གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི༔ རང་བྱུང་ནང་མཆོད་ཀུན་བཟང་སྤྲིན་ཕུང་ལྟར༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཆེ༔ ཕྲག་དོག་ཤ་ཁྲག་རུས་པ་ནང་རོལ་ཏེ༔ ཙིཏྟར་བཅས་རྣམས་དུག་ལྔ་ཕུང་པོའི་རྫས༔ གསང་མཆོད་རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ༔ ཡབ་ཡུམ་གཉིས་མེད་མཁའ་གསང་རོལ་པ་ལས༔ བདུད་རྩི་བྱང་ཆུབ་སེམས་ཀྱི་བཅུད་འཕྲོ་ཞིང༔ བདེ་སྟོང་ལྷན་ཅིག་སྐྱེས་སྦྱོར་མཉམ་གནས་པ༔ བླ་མེད་མཆོད་པ་རང་སྣང་ལྷ་ལ་འབུལ༔ ཨཱོྃ་ཨཱཾཿཧཱུྃ༔ བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཨརྒྷཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བིདྱཱ་ཤབྡ་པཱུ་ཛ་ཧོ༔ རཱུ་པ་ཤབྡ་གྷནྡྷེ་ར་ས་སྤརྴེ་པཱུ་ཛ་ཧོ༔ མ་ཧཱ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་བ་སུ་ཏ་ཙིཏྟ་པཱུ་ཛ་ཧོ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ སྨན་མཆོད་ནི། ཧཱུྃ་ཧྲཱི༔ བྷནྡྷ་ཁོར་ཡུག་ཡངས་པའི་སྣོད་ཆེན་དུ༔ དབྱིངས་དང་ཡེ་ཤེས་གཉིས་སྦྱར་བདུད་རྩིའི་མཆོག༔ རང་བྱུང་གདོད་ནས་རྣམ་པར་དག་པའི་རྫས༔ རྒྱུ་དྲུག་རྐྱེན་བཞི་བདུད་རྩི་ར་ས་ཡཱན༔ རང་བྱུང་འདུས་པའི་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོྃ་ཨཱཾཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཐུགས་རྗེའི་རྩལ་སྣང་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོྃ་ཨཱཾཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ མ་འགགས་སྤྲུལ་པའི་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོྃ་ཨཱཾཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ མོས་པའི་བློས་བཟུང་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོྃ་ཨཱཾཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ འདུས་བྱས་ལྟར་སྣང་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོྃ་ཨཱཾཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ དམ་ཚིག་གཉན་གྱི་སྲུང་མ་ཐམས་ཅད་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོྃ་ཨཱཾཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ འཁོར་འདས་ལྷ་དང་འགྲོ་བ་ཐམས་ཅད་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོྃ་ཨཱཾཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ རཀྟའི་མཆོད་པ་ནི། ཧཱུྃ་ཧྲཱི༔ དུང་ཆེན་སྣོད་དུ་དམར་ཆེན་རྦ་རླབས་འཕྱོ༔ རྟེན་འབྲེལ་བཅུ་གཉིས་རཀྟའི་བ་གམ་འཁྲིགས༔ གུཧྱ་མཱུ་ལ་རཀྟར་བཅས་པ་རྣམས༔ བཀྲམ་པའི་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི༔ ཨཱོྃ་ཨཱཾཿཧཱུྃ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ གཏོར་མའི་མཆོད་པ་ནི། ཧཱུྃ་ཧྲཱི༔ དབྱིངས་རིག་མ་བུའི་བྱུར་འདྲེ་རབ་བསྒྲལ་ཏེ༔ གཉིས་སྣང་རྟོག་པའི་བཅུད་ཆེན་གཏོར་མར་སྦྱར༔ འཕྲོ་འདུའི་རླངས་ལས་སྣ་ཚོགས་རྒྱུ་རྐྱེན་འདུས༔ དཀར་སེར་དམར་ལྗང་མཐིང་ནག་འོད་ཟེར་འཕྲོ༔ ཁ་མངར་སྐྱུར་ཚོགས་རོ་བཅུད་ནུས་པར་ལྡན༔ ཚོགས་དྲུག་ཡུལ་སྣང་གཏོར་མ་བརྗིད་ལྡན་འདི༔ ཆོ་འཕྲུལ་དུ་མས་བསྲེགས་སྦྱངས་བཀྲུས་ཤིང་བསྒྱུར༔ རྣམ་དག་བདུད་རྩིའི་ཞལ་ཟས་ཆེན་པོ་སྟེ༔ ཡེ་ཤེས་རབ་འབྱམས་མཆོད་པ་ཆེན་པོའི་རྫས༔ བྱིན་རླབས་མཁྱེན་ལྡན་རྩ་བརྒྱུད་བླ་མ་དང༔ རང་སྣང་རྣམ་དག་ཡི་དམ་ལྷ་ཡི་ཚོགས༔ སྤྲུལ་པས་འགྲོ་འདུལ་མཁའ་འགྲོ་ཆོས་སྐྱོང་ལ༔ མཆོད་པར་འབུལ་གྱིས་བླང་དོར་མེད་པར་བཞེས༔ འདུས་བྱས་རྫས་སྦྱར་སྣོད་བཅུད་ཕུན་སུམ་ཚོགས༔ ཚོགས་གཉིས་སྤེལ་བྱེད་རྒྱུ་རྐྱེན་གཏོར་མ་འདི༔ མཛེས་པའི་དཀར་ཐིག་དམར་གུར་བདུད་རྩིས་བརླན༔ སྣ་ཚོགས་ཅོད་པན་ལྡིང་གུར་བརྗིད་ལྡན་ཕུབ༔ འདོད་ཡོན་ལོངས་སྤྱོད་བཟའ་བཏུང་བྲན་པ་འདི༔ བླ་མ་རྣམས་དང་ཡི་དམ་མཁའ་འགྲོའི་ཚོགས༔ དཔའ་བོ་དཔའ་མོ་དམ་ཅན་ཆོས་སྐྱོང་དང༔ མཆོད་འོས་བཀའ་སྡོད་སྲུང་མར་བཅས་ལ་འབུལ༔ ཐུགས་རྗེ་ཐུགས་དམ་དབང་གིས་བཞེས་སུ་གསོལ༔ དགྱེས་ཤིང་རོལ་པ་ཆེན་པོར་བཞེས་ནས་ཀྱང༔ བདག་གཞན་འགྲོ་བས་ཇི་ལྟར་འདོད་པ་ཡི༔ དོན་འབྲས་མྱུར་དུ་འགྲུབ་པར་མཛད་དུ་གསོལ༔ ཨཱོྃ་ཨཱཾཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བདུན་པ་བསྟོད་པ་བྱ་བ་ནི། ཧཱུྃ་ཧྲཱི༔ ཐུགས་རྗེ་རོལ་པ་དབང་གི་དཀྱིལ་འཁོར་དུ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་བདག༔ འགྲོ་བ་ཡོངས་ཀྱི་དཔལ་མགོན་ཨོ་རྒྱན་རྗེ༔ པདྨ་བཛྲ་རྩལ་ལ་ཕྱག་འཚལ་བསྟོད༔ དོན་གྱི་དབྱིངས་ལ་ཆ་ལུགས་ལས་འདས་ཀྱང༔ གདུལ་བྱའི་མོས་བློའི་སྣང་ཚུལ་ཇི་བཞིན་དུ༔ རྣམ་འགྱུར་དུ་མས་ཕྲིན་ལས་གཞན་དོན་མཛད༔ རྒྱན་དང་ཆ་ལུགས་རྫོགས་ལ་ཕྱག་འཚལ་བསྟོད༔ དཔལ་ཆེན་འབར་བའི་ཐུགས་དམ་གནད་བསྐུལ་ཞིང༔ དགའ་བཞིའི་ཡེ་ཤེས་བསྐྱེད་པའི་རྣལ་འབྱོར་མ༔ མནྡཱ་རཿབ་ཤེས་རབ་ཡུམ་གྱི་ཚུལ༔ གསང་བ་ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད༔ ཕྱོགས་བཞི་མཚམས་བཞིའི་དཀྱིལ་འཁོར་གཞལ་ཡས་སུ༔ ཐུགས་ཀྱི་ཡེ་ཤེས་བུདྡྷ་ཐོད་ཕྲེང་རྩལ༔ ཡོན་ཏན་འགྱུར་མེད་མི་བསྐྱོད་རྡོ་རྗེའི་སྐུ༔ གསུང་མཆོག་བདེ་ཆེན་པདྨ་དབང་གི་ལྷ༔ ཕྲིན་ལས་འགྲོ་འདུལ་རིག་འཛིན་ཐོད་པ་རྩལ༔ ལོག་རྟོག་བདུད་འཇོམས་དྲག་པོ་མེ་ཕྲེང་ཅན༔ སངས་རྒྱས་དཔའ་བོ་ཡོངས་གྱུར་ཐོད་དུམ་ཅན༔ ཐམས་ཅད་དབང་སྡུད་རྟ་མགྲིན་དྲེགས་པའི་གཙོ༔ དགྲ་བགེགས་ཚར་གཅོད་གསང་བདག་རྡོ་རྗེ་འཛིན༔ ཕྱོགས་མཚམས་གཙོ་བརྒྱད་ཡབ་ཡུམ་སྲས་འཁོར་བཅས༔ བླ་མ་ཡི་དམ་ཞི་ཁྲོ་དྷཱ་ཀིའི་ཚོགས༔ ཐམས་ཅད་དགོངས་འདུས་དཀྱིལ་འཁོར་ཕྱི་ནང་ལྷ༔ དཔའ་བོ་དཔའ་མོ་མཚམས་མ་ཕྱེད་གཟུགས་བཅས༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཁྲོལ༔ དམ་ཅན་སྒོ་མ་ཕོ་ཉ་ལས་མཁན་རྣམས༔ སྤྲུལ་དང་ཡང་སྤྲུལ་བཅས་ལ་ཕྱག་འཚལ་བསྟོད༔ ཕྱི་ནང་གཞན་གསུམ་ལྷ་དང་ལྷ་མོའི་ཚོགས༔ བྱེད་པ་ཀུན་སྟོན་རྣམ་འཕྲུལ་ཡོངས་ཀྱི་མཛོད༔ འཁོར་འདས་རང་གྲོལ་བདེ་ཆེན་གཡུང་དྲུང་སྐུ༔ དཀྱིལ་འཁོར་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད༔ བརྒྱད་པ་ཛཔ྄་བཟླ་བ་ལ། ཐོག་མར་ཛཔ྄་བསྐུལ་ནི། ཧཱུྃ་ཧྲཱི༔ དུར་ཁྲོད་གསང་ཆེན་རོལ་པའི་དཀྱིལ་འཁོར་འདིར༔ ཟླ་གམ་འདབ་བརྒྱད་བརྩེགས་པའི་ཁྲི་སྟེང་དུ༔ ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ དུས་གསུམ་རྒྱལ་བ་འདུས་པའི་སྐུ་གསུང་ཐུགས༔ བླ་མ་ཡི་དམ་ཞི་ཁྲོ་དྷཱ་ཀི་དང༔ ཕྲིན་ལས་བཞི་སྒྲུབ་དཔའ་བོ་དཔའ་མོའི་ཚོགས༔ ཡབ་ཡུམ་འཁོར་བཅས་སྤྲུལ་པའི་ཆ་ལུགས་ནི༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང༔ རྒོད་དང་གཤེ་དང་སྙིང་རྗེ་རྔམས་པར་སྟོན༔ འབར་བ་ཞི་དང་ཁྲོ་སོགས་གར་དགུར་ལྡན༔ བརྗིད་པའི་སྐུ་ལ་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་གིས་སྙིང་པོའི་སྒྲ་སྒྲོག་སྔགས་དང་བཅས༔ ཐུགས་ནི་སྒྲོལ་འགྱུར་སྲོག་བཅས་ཡེ་ཤེས་སེམས༔ ཛཔ྄་ཀྱིས་རྒྱུད་བསྐུལ་མི་གཡོ་སྐུ་གསུང་ཐུགས༔ ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་སྐུ་ཡིས་གང༔ ཧཱུྃ་གིས་བསྡུས་པས་ཡུམ་གྱི་མཁའ་ལ་འཁྱིལ༔ ཡབ་ཡུམ་གསང་བའི་གནས་ནས་ཐུགས་ཀར་ཐིམ༔ མ་གསལ་བར་དུ་བསྐྱེད་ཅིང་འབད་པས་བསྒོམ༔ མ་འགྲུབ་བར་དུ་ཏིང་འཛིན་མི་གཏང་ཞིང༔ ཡེངས་མེད་རྩེ་གཅིག་གུས་པས་བསྒྲུབ་པར་བགྱི༔ ཞེས་བསྐུལ་ལ། ལྷ་ཚོགས་ཐུགས་ཀར་པད་ཟླ་ཉི་སྟེང་ཧྲཱིཿ སྔགས་ཕྲེང་བསྐོར་བའི་འོད་ཀྱིས་དོན་གཉིས་བྱས། །སྣོད་བཅུད་རྩ་གསུམ་རྒྱལ་བའི་ཞིང་དུ་གྱུར། །ཚུར་འདུས་མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །ཅེས་པའི་དམིགས་གནད་དང་སྦྱར་ཏེ། ཨཱོྃ་ཨཱཾཿཧཱུྃ་ཧྲཱི༔ བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་དགོངས་འདུས་རྩ་བའི་བསྙེན་པ་སྤྱི་དྲིལ་བསྡུས་པ་ཉིད་ཅི་ནུས་སུ་བཟླ་ཞིང་། སྤྲོ་ན་སྤྱི་དྲིལ་ཆེན་མོ་དང་གཙོ་དགུའི་སྙིང་པོ་སོགས་ཀྱང་བཟླ། ཐུན་གྱི་མཐར། རྩ་བ་གསུམ་གྱི་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་ཛཔ྄་བསྙེན་མཆོད་པ་འབུལ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོད། །ཉམས་ཆག་འགལ་འཁྲུལ་ཅི་མཆིས་མཐོལ་ལོ་བཤགས། །མ་ཧཱ་པཉྩ། མ་ཧཱ་རཀྟ། མ་ཧཱ་བ་ལིཾ་ཏ། སརྦ་པཱུ་ཛ་ཁཱ་ཧི། ཞེས་སྟོང་ཚིགས་ཀྱི་མཆོད་བསྟོད་བྱའོ། །གཉིས་པ་མདུན་བསྐྱེད་སྒྲུབ་པའི་རྣལ་འབྱོར་ལའང་བརྒྱད་ཀྱི། དང་པོ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ནི། ཨཱོྃ་མ་ཧཱ་ཤཱུ་ཛྙཱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་རྣམས་སྟོང་ཞིང་བདག་མེད་པ་སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་བ་འོ། །དྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ དེ་ལྟར་མ་རྟོགས་པའི་སེམས་ཅན་ལོག་པ་དང་འཁྲུལ་པའི་ཀློང་ཆེན་པོ་ན་འཁྱམས་པ་འདི་རྣམས་སྙིང་རེ་རྗེ། ཨཱོྃ་བཛྲ་ཙིཏྟ་ཧཱུྃ༔ སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་རིག་པ་ཆུ་ལས་ཉ་ལྡང་བའི་ཚུལ་དུ་ཧྲཱིཿཡིག་དམར་པོ་རིང་ཆ་ཚེག་དྲག་དང་ལྡན་པར་གྱུར། དེ་ལས་འོད་ཟེར་འཕྲོས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་རྒྱུའི་ཧེ་རུ་ཀཿདམར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་སྐུར་གྱུར། དེའི་ཐུགས་ཀ་ནས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་པས། འོག་ཐམས་ཅད་རྡོ་རྗེའི་ས་གཞི། ཁོར་ཡུག་ཐམས་ཅད་རྡོ་རྗེའི་ར་བ་དང་དྲྭ་བ། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་རེ། དེའི་ཕྱི་རོལ་ཐམས་ཅད་འཁོར་ལོ། རིན་ཆེན། པདྨ། རྒྱ་གྲམ། དགྲ་སྟྭ། གཏུན་ཤིང་། བེ་ཅོན། ལྕགས་ཀྱུ། རལ་གྲི་ལ་སོགས་པ་མཚོན་ཆའི་ཚྭ་ཚྭ་དཔག་ཏུ་མེད་པ་འཕྲོ་བས་གཏམས་པ་ལས་ཀྱང་། ཡེ་ཤེས་ཀྱི་མེ་ཕུང་བསྐལ་པའི་མེ་ལྟར་དུ་འཁོར་ཞིང་འབར་བའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བའི་རང་བཞིན་དུ་གྱུར། དེའི་དབུས་སུ་གནས་པའི་རྒྱུའི་ཧེ་རུ་ཀའི་ཐུགས་ཀ་ནས་ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ་རྣམས་སྤྲོས་པ་ལས། ཨེ་ལས་ནམ་མཁའི་དཀྱིལ་འཁོར་ཆོས་ཀྱི་འབྱུང་གནས་གྲུ་གསུམ་ཡངས་ཤིང་རྒྱ་ཆེ་བ་གདེང་ཁ་གྱེན་དུ་བསྟན་ཅིང་རྩ་བ་ཐུར་དུ་ཟུག་པའི་དབུས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་ཅིས་ཀྱང་མི་ཚུགས་པ། ར་ལས་རཀྟའི་རྒྱ་མཚོ་རྦ་ཀློང་རབ་ཏུ་འཁྲུགས་པ། སུཾ་ལས་ཞིང་ཆེན་གྱི་ས་གཞི་མཐའ་དབུས་མེད་པ་རྣམས་བརྩེགས་མར་གནས་པའི་དབུས་སུ། ཀེཾ་ལས་ཀེང་རུས་ཀྱི་རི་རབ་མཐོ་ཞིང་བརྗིད་པ། རཾ་ལས་མེའི་ཁོར་ཡུག་ནམ་མཁའི་མཐའ་ཀླས་པར་འབར་བའོ། །རི་རབ་ཀྱི་སྟེང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲཱུྃ་ལས་ཕྱི་ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ནང་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་མཐིང་ཁའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་ན་རིན་པོ་ཆེའི་ཕ་གུ་སེར་པོ་ནོར་བུ་སྣ་ཚོགས་པས་བཀྲ་བ་འཕྱར་ཐབས་སུ་བཀོད་པའི་མཐར་མུ་ཏིག་གི་མགུལ་འཁོར་འཕྱང་བ། དེའི་སྟེང་དུ་བྲེ་ཕུལ་གྱི་སྣམ་བུ་ལ་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་མ་ཀ་རའི་ཁ་ནས་རིན་པོ་ཆེའི་དྲྭ་བ་དང་དྲྭ་བ་ཕྱེད་པ་རྡོ་རྗེའི་སྲད་བུའི་ཟར་བུ་སྤེལ་ཞིང་། ཟླ་བ་རླུང་གིས་བསྐྱོད་པ་ལྟ་བུའི་མེ་ལོང་དང་རྔ་ཡབ་དྲིལ་བུ་ལ་སོགས་པས་མཛེས་པ། དེའི་ཕྱི་ངོས་སུ་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ་སྟེང་ངོས་སུ་མདའ་ཡབ་དུང་གི་མཆོད་རྟེན་ལྟ་བུས་རྣམ་པར་བརྒྱན་པ། པུ་ཤུའི་སྟེང་གི་ཁོར་ཡུག་ཏུ་བུམ་པ་ལ་གནས་པའི་རྒྱལ་མཚན་དང་བ་དན་བརྒྱད་བརྒྱད་དང་། ཟུར་བཞིར་རྣམ་པར་བཀྲ་བའི་གདུགས་ཀྱིས་མཛེས་པ། རྩིག་པའི་འགྲམ་ན་འདོད་ཡོན་གྱི་སྣམ་བུ་དམར་པོས་བསྐོར་བ་ལ་མཆོད་པའི་ལྷ་མོ་བཅུ་དྲུག་གིས་མཆོད་པའི་སྤྲིན་རབ་འབྱམས་སྤྲོ་བ། ཕྱོགས་བཞིར་སྒོ་ཁང་ཐེམ་སྐས་རིམ་པ་བརྒྱད་དང་བཅས་པའི་སྒོ་ལོགས་ཀྱི་ཟུར་བཞི་ནས་བུམ་པ་ལ་གནས་པའི་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་སྣམ་བུ་བཞི་པ་བསིལ་ཁང་དང་ལྡན་པའི་རྩེ་མོར། པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་གདུགས་ཀྱིས་ཕུབ་པ་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། གཞན་ཡང་གདུགས་དང་རྒྱལ་མཚན་བ་དན་སྣ་ཚོགས་པ་དང་གསེར་གྱི་དྲིལ་བུ་ལ་སོགས་པས་བརྒྱན་པ། སྒོའི་གཡས་གཡོན་གྱི་གཞི་ལ་ཏ་ལའི་ལྗོན་པ་དང་། དཔག་བསམ་གྱི་ཤིང་ལ་བཀྲ་ཤིས་པའི་བྱ་སྐད་སྙན་པར་སྒྲོག་པ་སྣ་ཚོགས་གནས་པ། ཤིང་དེ་དག་ཀྱང་གསེར་གྱི་ཐ་གུས་བྲེས་ཤིང་དྲིལ་བུ་དང་གཡེར་ཁ་ཆོས་ཀྱི་སྒྲ་སྙན་པར་རང་འཁྲོལ་བས་མཛེས་པ། ཡན་ལག་བརྒྱད་དང་ལྡན་པའི་ཁྲུས་ཀྱི་རྫིང་བུ་ལ་ལྷ་མོ་སྣ་ཚོགས་བདེ་བར་རྩེ་བ། རིན་པོ་ཆེའི་ཕུང་པོ་འོད་འབར་བ་རེ་རེ་སྟེ་བརྒྱད་དང་། གཞན་ཡང་རིན་པོ་ཆེ་སྣ་བདུན་དང་བཀྲ་ཤིས་པའི་རྫས་བརྒྱད་སོགས་འདོད་པའི་ཡོན་ཏན་ཐམས་ཅད་ཀྱིས་མཛེས་པར་གང་ཞིང་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། གཞལ་ཡས་ཁང་གི་ནང་དྲག་པོའི་ཕོ་བྲང་ཐོད་པ་ཚར་གསུམ་གྱི་རྩིག་པ་ལ་གནམ་ལྕགས་ཨུར་མོའི་གཟེར་གྱིས་བཏབ་པ། ལྷ་ཆེན་པོ་བརྒྱད་ཀྱི་ཀ་བ་ལ། ཀླུ་ཆེན་པོ་བརྒྱད་ཀྱི་ཀ་གདན། གཟའ་ཆེན་པོ་བརྒྱད་ཀྱི་ཀ་ཞུ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་ཕྱམ་དང་། ཞིང་ཆུང་གིས་དྲལ་ཁེབས་བྱས་པ། ཚངས་པ་ཕོ་མོའི་གདུང་ཆེན་བཞི་མིག་མང་རིས་སུ་བྲེས་པས་མཛེས་པར་ཕུབ་པའི་དབུས་ཕྱུར་བུར་གྱུར་པའི་རྩེ་མོ་པདྨ་རཱ་ག་ལས་གྲུབ་པའི་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་བརྗིད་པ། ཞིང་གི་བླ་བྲེ། ཉ་ཆེན་གྱི་འཕན་གདུགས། སྦྲུལ་ཆེན་གྱི་ཟར་ཚགས། ཙིཏྟའི་ཕོ་ལོང་། ཁྲག་གི་ཞམ་ཆུ། ཞིང་རོ་གསར་རྙིང་ལང་ལོང་དུ་བརྡལ་བ་སོགས་དྲག་པོའི་བཀོད་པ་ཡོངས་སུ་རྫོགས་པ། དེའི་ཕྱི་རོལ་དུ་རུ་དྲ་ལོངས་སྤྱོད་དང་བཅས་པ་དབྱིངས་སུ་བསྒྲལ་པའི་དུར་ཁྲོད་ཆེན་པོ་བརྒྱད། དུར་ཁྲོད་ཀྱི་ཆོས་རྣམས་ཀྱིས་འཇིགས་པར་བྱས་པའི་ཕྱི་ནས་སྣ་ཚོགས་པདྨའི་ཕྲེང་བ་དང་རྡོ་རྗེ་སྲུང་བའི་གུར་ཁང་འབར་བ་མེའི་འོད་ཟེར་ཀུན་ཏུ་འཕྲོ་བས་ཡོངས་སུ་བསྐོར་བ། གཞལ་ཡས་ཁང་གི་ནང་ཕོ་བྲང་ལིང་རྩེ་དགུའི་རྣམ་པ་རེ་རེ་བཞིན་པདྨ་འདབ་མ་བརྒྱད་བརྒྱད་ཀྱིས་ཉེ་བར་མཚན་པའི་དབུས་སུ། པདྨའི་ཟེའུ་འབྲུར་རྒྱུའི་ཐེག་པ་གསུམ་མཚོན་པའི་མུ་ཏིག་དང་རིན་ཆེན་ཨསྨ་གརྦྷའི་མགོ་དང་ནོར་བུ་རིན་པོ་ཆེས་སྤྲས་པ། དེའི་སྟེང་དུ་ཕྱི་རྒྱུད་སྡེ་གསུམ་མཚོན་པའི་རྡོ་རྗེ་རྩེ་གསུམ་དང་ལྔ་དང་དགུའི་བྲག་རིས་གཏམས་པའི་ཁར། ནང་རྒྱུད་སྡེ་གསུམ་མཚོན་པའི་པདྨ་དང་ཉི་མ་ཟླ་བའི་གདན་ཏེ། དགུ་རྫོགས་དབུས་ཀྱི་ལྟེ་བར་དྲེགས་པ་ཅན་དང་སེང་གེ་གླང་ཆེན་རྟ་མཆོག་རྨ་བྱ་ཤང་ཤང་གི་སྟེང་དུ་སྲིད་པའི་འཁོར་ལོ་ལུགས་ལྡོག་པས་ཉོན་མོངས་པའི་དྲྭ་བ་རྩད་ནས་གཅོད་པ་འཁོར་ལོའི་གདན། ཕྱོགས་མཚམས་ཀྱི་དབུས་ཀྱི་གཙོ་བོ་རྣམས་ལ་ཉི་ཟླའི་གདན་མན་ཆད་དང་། པད་འདབ་རྣམས་ལ་རང་རྒྱལ་གྱི་གདན། སྒོ་ཁྱམས་ལ་ཞིང་རྐྱང་གི་གདན་ནོ། །དགུ་རྫོགས་དབུས་ཀྱི་གདན་གྱི་སྟེང་དུ་ནམ་མཁར་གནས་པའི་རྒྱུའི་ཧེ་རུ་ཀཿཉིད་མཁའ་ལྡིང་གཟན་ལ་ཕེབས་པ་ལྟར་ལྷགས་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་འོད་དུ་ཞུ་བ་ལས་པདྨ་དམར་པོ་ཧྲཱིཿས་མཚན་པ་གཅིག་ཏུ་གྱུར། སླར་དེ་ཉིད་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དཔའ་བོ་རྟ་མགྲིན་སྐུ་མདོག་དམར་ནག །གཡས་དཀར་གཡོན་མཐིང་དབུས་དམར་བའི་ཞལ་གསུམ་ཕྱག་དྲུག་གིས་གཡས་གསུམ་གྲི་གུག་དང་སེང་ལྡེང་གི་བེ་ཅོན་སྤུ་གྲི། གཡོན་གསུམ་ཐོད་ཁྲག་དང་རི་རབ་རྒྱུ་ཞགས་འཛིན་པའི་སྤྱི་བོར་རྟ་ཞལ་གསུམ་འཚེར་བ། ཞབས་བཞི་གྱད་ཀྱི་འདོར་སྟབས་སུ་བགྲད་པའི་པང་དུ་ཡུམ་རྡོ་རྗེ་ཕག་མོ་མཐིང་ནག་སྤྱི་བོར་ཕག་ཞལ་ཅན་གྲི་ཐོད་འཛིན་པས་འཁྱུད་པ། ཡབ་ཡུམ་གཉིས་ཀ་དར་དང་རུས་པ་རིན་པོ་ཆེའི་རྒྱན་དང་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པ། གར་དགུའི་ཉམས་ཅན་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་དབུས་ན་བཞུགས་པ། རྟ་མགྲིན་ཡབ་ཡུམ་གྱི་སྤྱི་བོར་པདྨ་ཉི་ཟླའི་གདན་ལ་ཧྲཱིཿཡིག་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་བདག་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་གཙོ་མཆོག་པདྨ་བཛྲ་རྩལ་སྐུ་མདོག་དམར་གསལ། གཡས་མཐིང་གཡོན་དཀར་དབུས་དམར་བའི་ཞལ་གསུམ་ཕྱག་དྲུག་གིས་གཡས་གསུམ་རྡོ་རྗེ་རྩེ་ལྔ་དང་རལ་གྲི་བདུད་རྩིའི་བུམ་པ། གཡོན་གསུམ་དྲིལ་བུ་དང་བདུད་རྩིའི་བྷཉྫ་ཁ་ཊྭཱཾ་འཛིན་པ། ཞབས་བཞི་གྱད་ཀྱི་འདོར་སྟབས་སུ་བགྲད་པ། དར་དང་རུས་པ་རིན་པོ་ཆེའི་རྒྱན་དང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། གར་དགུའི་ཉམས་དང་ལྡན་པའི་པང་དུ་ཡུམ་ལྷ་ལྕམ་མནྡཱ་རཿབ་དམར་མོ་ཌཱ་མ་རུ་དང་ཐོད་ཁྲག་འཛིན་ཅིང་ཕྱག་རྒྱ་ལྔས་བརྒྱན་པས་འཁྱུད་པ། གཉིས་ཀ་འོད་ཕུང་དམར་གསལ་འཁྲུགས་པའི་ཀློང་ན་རོལ་པའི་སྤྱི་བོར་རིགས་བདག་མགོན་པོ་འོད་མི་འགྱུར་བ་བཞུགས་པ། ཡབ་ཡུམ་གྱི་མཁའ་གསང་ཧཱུྃ་དང་ཨཱཾཿལས་རྡོ་རྗེ་དང་པདྨ་ཧཱུྃ་དང་ཨཱཾཿགིས་མཚན་པར་གྱུར། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ར་ཧོ་ཧཾ། རཱ་ག་ཡཱ་མི། ཡབ་ཡུམ་སྙོམས་པར་ཞུགས་པའི་སྒྲས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས། ཐུགས་ཀར་རྗེས་ཆགས་ཀྱི་མེས་ཞུ། ཡབ་ཀྱི་གསང་བ་ནས་ཡུམ་གྱི་མཁར་བབས་པ་ས་བོན་ཧྲཱིཿཤ་སྟག་ཏུ་གྱུར། མཁའ་གསང་ལས་སྤྲོས་ཏེ་གདན་སོ་སོའི་སྟེང་དུ་འཁོད་པ་ཡོངས་སུ་གྱུར་པ་ནི། གཙོ་བོའི་གནས་ཀྱི་པདྨ་འདབ་མ་བརྒྱད་པའི་ཤར་དུ་ཞེ་སྡང་རྡོ་རྗེ་མཐིང་ནག་རྡོར་དྲིལ་འཛིན་པ་ལ། སྐྱོད་བྱེད་མ་དམར་མོ་རྡོ་རྗེའི་གྲི་ཐོད་འཛིན་པས་འཁྱུད་པ། ལྷོར་ང་རྒྱལ་རྡོ་རྗེ་སེར་པོ་རིན་ཆེན་དྲིལ་བུ་འཛིན་པ་ལ། གཤིན་རྗེ་འཇོམས་བྱེད་མ་ལྗང་གུ་རིན་པོ་ཆེའི་གྲི་ཐོད་འཛིན་པས་འཁྱུད་པ། ནུབ་ཏུ་འདོད་ཆགས་རྡོ་རྗེ་དམར་པོ་པདྨ་དྲིལ་བུ་འཛིན་པ་ལ། སྲེག་བྱེད་མ་སྔོན་མོ་པདྨའི་གྲི་ཐོད་འཛིན་པས་འཁྱུད་པ། བྱང་དུ་ཕྲག་དོག་རྡོ་རྗེ་ལྗང་ནག་རྒྱ་གྲམ་དྲིལ་བུ་འཛིན་པ་ལ། ཙཎྜི་ཀ་སེར་མོ་རྒྱ་གྲམ་གྱི་གྲི་ཐོད་འཛིན་པས་འཁྱུད་པ། ཤར་ལྷོར་གཏི་མུག་རྡོ་རྗེ་སྨུག་ནག་འཁོར་ལོ་དྲིལ་བུ་འཛིན་པ་ལ། རྨོངས་བྱེད་མ་དཀར་མོ་ཁ་ཊྭཱཾ་ཐོད་པ་འཛིན་པས་འཁྱུད་པ། ལྷོ་ནུབ་ཏུ་བདེ་བའི་རྡོ་རྗེ་སེར་སྐྱ་པདྨའི་ཞགས་པ་དང་དྲིལ་བུ་འཛིན་པ་ལ། ལཱ་མ་སྔོན་མོ་ལྕགས་ཀྱུ་ཐོད་པ་འཛིན་པས་འཁྱུད་པ། ནུབ་བྱང་དུ་མཚོ་སྐྱེས་རྡོ་རྗེ་དམར་པོ་བུམ་པ་དྲིལ་བུ་འཛིན་པ་ལ། མནྡཱ་རཿབ་སྔོན་མོ་པད་སྡོང་ཐོད་པ་འཛིན་པས་འཁྱུད་པ། བྱང་ཤར་དུ་ཁྲག་འཐུང་རྡོ་རྗེ་སྨུག་ནག་དགྲ་སྟྭ་དྲིལ་བུ་འཛིན་པ་ལ། གསོད་བྱེད་མ་ལྗང་གུ་སྤུ་གྲི་ཐོད་པ་འཛིན་པས་འཁྱུད་པ། ཀུན་ཀྱང་ཞལ་གཅིག་སྤྱན་གསུམ་པ་ཁྲོ་ཞིང་འཛུམ་པའི་མདངས་ལྡན་དར་དང་རུས་པ་རིན་པོ་ཆེས་བརྒྱན་པ། རང་འོད་འཁྲིགས་པའི་དབུས་ན་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །ཤར་ཕྱོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་བུདྡྷ་ཐོད་ཕྲེང་རྩལ་སྐུ་མདོག་དཀར་པོ་གཡས་སྔོ་གཡོན་དམར་དབུས་དཀར་བའི་ཞལ་གསུམ་ཕྱག་དྲུག་གིས་གཡས་གསུམ་འཁོར་ལོ་དང་རྡོ་རྗེ་རྩེ་དགུ་ཞིང་དབྱུག །གཡོན་གསུམ་བུམ་པ་དང་དྲིལ་བུ་ཞགས་དམར་འཛིན་པ་ལ། དབྱིངས་ཕྱུག་མ་སྔོན་མོ་རྒྱལ་མཚན་དང་དུང་ཕོར་བདུད་རྩིས་བཀང་བ་འཛིན་པས་འཁྱུད་པ། གཉིས་ཀའང་དར་དང་རུས་པ་རིན་པོ་ཆེའི་རྒྱན་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། གར་དགུའི་ཉམས་ཅན་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་དབུས་ན་བརྐྱང་བསྐུམ་གྱིས་བཞུགས་པ། དེའི་ཕྱི་རོལ་འདབ་མ་བརྒྱད་ལ་ཤར་དུ་བཛྲ་ཐོད་ཕྲེང་རྩལ་མཐིང་ནག་རྡོ་རྗེའི་ཐོ་བ་འཛིན་པ་ལ། སྤྱན་མ་དཀར་མོ་ཨུཏྤལ་སྤྱན་གྱིས་མཚན་པ་དང་བདུད་རྩིའི་ཟ་མ་ཏོག་འཛིན་པས་འཁྱུད་པ། ལྷོར་རཏྣ་ཐོད་ཕྲེང་རྩལ་སེར་པོ་རིན་པོ་ཆེའི་ཐོ་བ་འཛིན་པ་ལ། མཱ་མ་ཀཱི་སེར་མོ་རིན་ཆེན་འབར་བ་དང་གཡུའི་གྭའུ་འཛིན་པས་འཁྱུད་པ། ནུབ་ཏུ་པདྨ་ཐོད་ཕྲེང་རྩལ་དམར་པོ་པདྨའི་ཐོ་བ་འཛིན་པ་ལ། གོས་དཀར་མོ་དམར་སྐྱ་པདྨའི་ནེའུ་ལེ་དང་པད་ཕོར་འཛིན་པས་འཁྱུད་པ། བྱང་ཕྱོགས་སུ་ཀརྨ་ཐོད་ཕྲེང་རྩལ་ལྗང་གུ་སྣ་ཚོགས་རྡོ་རྗེའི་ཐོ་བ་འཛིན་པ་ལ། དམ་ཚིག་སྒྲོལ་མ་ལྗང་གུ་དར་དཀར་གྱི་བ་དན་དང་དངུལ་བུམ་འཛིན་པས་འཁྱུད་པ། ཤར་ལྷོར་རྡོ་རྗེ་མོས་པ་རྩལ་དཀར་པོ་བེ་ཅོན་རིན་ཕྲེང་གིས་བརྒྱན་པ་འཛིན་པ་ལ། བི་ཤྭ་དྷཱ་ཀི་མཐིང་ནག་ལྕགས་ཀྱུ་དང་བྷཉྫ་འཛིན་པས་འཁྱུད་པ། ལྷོ་ནུབ་ཏུ་རྡོ་རྗེ་མྱུ་གུ་རྩལ་དམར་སེར་རལ་གྲི་འཛིན་པ་ལ། སརྦ་དྷཱ་ཀི་ལྗང་སེར་ཞགས་པ་དང་བྷཉྫ་འཛིན་པས་འཁྱུད་པ། ནུབ་བྱང་དུ་རྡོ་རྗེ་བཞད་པ་རྩལ་སྔོ་སྐྱ་མདའ་གཞུ་འགེངས་པ་ལ། ས་མ་ཡ་དྷཱ་ཀི་མཐིང་ནག་ལྕགས་སྒྲོག་དང་བྷཉྫ་འཛིན་པས་འཁྱུད་པ། བྱང་ཤར་དུ་གར་གྱི་དབང་ཕྱུག་རྩལ་དུད་ཀ་དགྲ་སྟྭ་འཛིན་པ་ལ། ལོ་ཀ་དྷཱ་ཀི་ནག་མོ་དྲིལ་བུ་དང་བྷཉྫ་འཛིན་པས་འཁྱུད་པ། རྡོ་རྗེ་བཞད་པ་རྩལ་མ་གཏོགས་ཡབ་རྣམས་ཀྱི་ཕྱག་གཡོན་དྲིལ་བུ་འཛིན་ཅིང་། ཐམས་ཅད་ཀྱང་དར་དང་རུས་པ་རིན་པོ་ཆེའི་རྒྱན་ཅན་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །ལྷོ་ཕྱོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་མི་བསྐྱོད་རྡོ་རྗེ་སྐུ་མདོག་སེར་ནག་གཡས་དཀར་གཡོན་དམར་དབུས་སེར་བའི་ཞལ་གསུམ་ཨམ་གཙིགས་ཅན། ཕྱག་དྲུག་གིས་གཡས་གསུམ་རལ་གྲི་དང་མདུང་ཐུང་ཐོད་དབྱུག །གཡོན་གསུམ་སྟོང་གི་འཇིག་རྟེན་དང་མེ་རླུང་འཛིན་པ་ལ། བདེ་དབྱིངས་མ་དམར་སེར་ཆོས་འབྱུང་དང་དུང་དམར་འཛིན་པས་འཁྱུད་པ། གཉིས་ཀའང་དར་དང་རུས་པ་རིན་པོ་ཆེའི་རྒྱན་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། གར་དགུའི་ཉམས་ཅན་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་དབུས་ན་བརྐྱང་བསྐུམ་གྱིས་བཞུགས་པ། དེའི་ཕྱི་རོལ་འདབ་མ་བརྒྱད་ལ་ཤར་དུ་པདྨ་འབྱུང་གནས་དཀར་དམར་ཟབ་བེར་ཆོས་གོས་པད་ཞུ་གསོལ་ཞིང་རྡོ་རྗེ་དང་བྷནྡྷ་འཛིན་པ། གཡོན་དུ་ཡེ་ཤེས་མཚོ་རྒྱལ་དཀར་དམར་ཤེལ་གཞོང་བདུད་རྩིས་བཀང་བ་འཛིན་པ། ལྷོར་བློ་ལྡན་མཆོག་སྲེད་དཀར་པོ་དར་དཀར་གྱི་ན་བཟའ་ཅན་ཐོད་རྔ་དང་པད་ཕོར་འཛིན་པ། གཡོན་དུ་བདེ་བའི་རྣལ་འབྱོར་མ་སྔོ་སྐྱ་གསེར་གཞོང་ཟས་ཀྱིས་བཀང་བ་འཛིན་པ། ནུབ་ཏུ་ཉི་མ་འོད་ཟེར་དམར་སེར་ཅུང་ཟད་ཁྲོ་བ་སྟག་མོ་གྲུས་མའི་ཁྲི་ལ་བཞུགས་པ་ཁ་ཊྭཱཾ་ཀ་དང་སྡིགས་མཛུབ་ཀྱིས་ཉི་ཟེར་གྱི་ཞགས་པ་འཛིན་པ། གཡོན་དུ་བདག་མེད་ལྷ་མོ་སེར་མོ་གཡུ་གཞོང་ཆང་གིས་བཀང་བ་འཛིན་པ། བྱང་དུ་སེང་གེ་སྒྲ་སྒྲོག་མཐིང་ནག་རྡོ་རྗེ་དང་སྡིགས་མཛུབ་མཛད་པ། གཡོན་དུ་རྡོ་རྗེ་ཕྲ་མེན་མ་སྔོན་མོ་གཡུ་གཞོང་མར་ཁུས་བཀང་བ་འཛིན་པ། ཤར་ལྷོར་པདྨ་སམྦྷ་ཝ་དཀར་དམར་དགེ་སློང་གི་ཆ་བྱད་ཀ་པཱ་ལ་དང་མཆོག་སྦྱིན་གྱི་ཕྱག་རྒྱའི་རྩེ་ལ་རིན་ཆེན་འབར་བས་སྤྲས་པ་ཅན། གཡོན་དུ་རྒྱ་མཚོའི་གླིང་གི་མཁའ་འགྲོ་ལྗང་སྔོན་ཕྱག་གཉིས་མེ་ལོང་འཛིན་པ། ལྷོ་ནུབ་ཏུ་པདྨ་རྒྱལ་པོ་དམར་གསལ་དར་དམར་གྱི་ན་བཟའ་ཅན་ཌཱ་མ་རུ་ལྕགས་སྒྲོག་དར་སྣས་བརྒྱན་པ་དང་མེ་ལོང་ཛཿཧཱུྃ་བཾ་ཧོའི་ཡིག་འབྲུའི་མཚན་པ་འཛིན་པ། གཡོན་དུ་ཞི་བ་མཚོ་དཀར་མོ་རྔ་ཡབ་ནོར་བུའི་ཡུ་བ་ཅན་འཛིན་པ། ནུབ་བྱང་དུ་ཤཱཀྱ་སེང་གེ་སེར་པོ་མཆོག་གི་སྤྲུལ་སྐུའི་ཆ་ལུགས་ཅན་ས་གནོན་དང་ལྷུང་བཟེད་འཛིན་པ། གཡོན་དུ་ཤཱཀྱ་དེ་མ་དཀར་མོ་ཀ་ཤིའི་རས་འཛིན་པ། བྱང་ཤར་དུ་རྡོ་རྗེ་གྲོ་ལོད་སྨུག་ནག་གཅེར་བུ་རུས་རྒྱན་ཅན་གནམ་ལྕགས་ཀྱི་རྡོ་རྗེ་དང་ཁྲོ་ཆུའི་ཕུར་བུ་འཛིན་པ། གཡོན་དུ་མཁའ་འགྲོ་བདུད་འདུལ་མ་མཐིང་ནག་གྲི་ཐོད་འཛིན་པ། ཐམས་ཅད་ཀྱང་རང་འོད་འཁྲིགས་པའི་དབུས་ན་གང་འདུལ་སྟབས་ཀྱིས་བཞུགས་པའོ། །ནུབ་ཕྱོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་པདྨ་དབང་ཆེན་སྐུ་མདོག་དམར་ནག་གཡས་དཀར་གཡོན་མཐིང་དབུས་དམར་བའི་ཞལ་གསུམ་ཕྱག་དྲུག་གིས་གཡས་གསུམ་མུ་ཏིག་དམར་པོའི་ཕྲེང་བ་དང་རྔ་ཡབ་དམར་པོ་ལྕགས་ཀྱུ། གཡོན་གསུམ་པདྨ་དམར་པོ་འདབ་དྲུག་གི་སྡོང་པོ་དང་པད་རག་གི་གྭའུ་དབང་ཞགས་འཛིན་པ་ལ། རིག་བྱེད་མ་དམར་སྐྱ་ཌཱ་རུ་དང་ཐོད་ཁྲག་འཛིན་པས་འཁྱུད་པ། གཉིས་ཀའང་དར་དང་རུས་པ་རིན་པོ་ཆེའི་རྒྱན་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། གར་དགུའི་ཉམས་ཅན་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་དབུས་ན་བརྐྱང་བསྐུམ་གྱིས་བཞུགས་པ། དེའི་ཕྱི་རོལ་འདབ་མ་བརྒྱད་ལ་ཤར་དུ་རྡོ་རྗེ་ཉི་མ་དམར་སེར་འཁོར་ལོ་དང་དྲིལ་བུ་འཛིན་པ་ལ། ལེགས་སྐྱེས་མ་སྔོན་མོ་མེ་ཏོག་འཛིན་པས་འཁྱུད་པ། ལྷོར་ཐོགས་མེད་རྒྱལ་པོ་མཐིང་ནག་དགྲ་སྟྭ་དང་ཐོད་དབྱུག་འཛིན་པ་ལ། ཕྲ་མེན་དབྱིངས་ཕྱུག་མ་དམར་མོ་མི་མགོའི་ཕྲེང་བ་འཛིན་པས་འཁྱུད་པ། ནུབ་ཏུ་དབང་ཆེན་ཉི་མ་དམར་པོ་སྤུ་གྲི་དང་ཞགས་པ་འཛིན་པ་ལ། སྲིད་པའི་རྒྱལ་མོ་མཐིང་ནག་མི་སྙིང་འཛིན་པས་འཁྱུད་པ། བྱང་དུ་གསེར་གྱི་ཉི་མ་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་འཛིན་པ་ལ། ཉི་ཁྲོས་དབང་ཆེན་མ་དམར་མོ་ལྕགས་སྒྲོག་འཛིན་པས་འཁྱུད་པ། ཤར་ལྷོར་རྡོ་རྗེ་ཁྲོ་བོ་དཀར་པོ་མེ་དབལ་དང་དབྱུག་ཏོ་འཛིན་པ་ལ། གར་གྱི་དབང་ཕྱུག་མ་དམར་ནག་བགྲང་ཕྲེང་འཛིན་པས་འཁྱུད་པ། ལྷོ་ནུབ་ཏུ་རྡོ་རྗེ་ཧཱུྃ་མཛད་སྨུག་ནག་རལ་གྲི་དང་ཞགས་པ་འཛིན་པ་ལ། ལས་ཀྱི་དབང་མོ་ཆེ་ལྗང་ནག་རླུང་གི་སྤུ་གྲི་བསྣམས་པས་འཁྱུད་པ། ནུབ་བྱང་དུ་རོ་ལངས་བདེ་བ་སེར་ནག་བྷཉྫ་དང་རྔ་ཡབ་འཛིན་པ་ལ། སྲིད་པ་ཆགས་བྱེད་མ་སྔོ་སྐྱ་རྡོ་རྗེ་འཛིན་པས་འཁྱུད་པ། བྱང་ཤར་དུ་རྡོ་རྗེ་ཐོག་རྒོད་འབར་བ་མཐིང་ནག་མདའ་གཞུ་འཛིན་པ་ལ། འབྱུང་ལྔའི་བདག་མོ་དུད་ཁ་ཚོན་གྲུ་བསྣམས་པས་འཁྱུད་པ། ཡུམ་རྣམས་ཀྱི་ཕྱག་གཡོན་ཐོད་པ་འཛིན་པ། ཐམས་ཅད་ཀྱང་དར་དང་རུས་པ་རིན་པོ་ཆེས་བརྒྱན་ཅིང་ཐོར་ཚུགས་རྡོ་རྗེ་ཕྱེད་པས་མཚན་པ་ཞབས་འདོར་སྟབས་ཀྱིས་བཞུགས་པའོ། །བྱང་ཕྱོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་རིག་འཛིན་ཐོད་པ་རྩལ་སྐུ་མདོག་ལྗང་ནག་གཡས་དཀར་གཡོན་དམར་དབུས་ལྗང་བའི་ཞལ་གསུམ་ཕྱག་དྲུག་གིས་གཡས་གསུམ་རྡོ་རྗེ་དང་སྲིད་པའི་འཁོར་ལོ་རལ་གྲི། གཡོན་གསུམ་དྲིལ་བུ་དང་སྡིགས་མཛུབ་ཀྱིས་རྡོ་རྗེའི་ཞགས་པ་ཕུར་བུ་འཛིན་པ་ལ། ཉི་ཟླ་ཐོད་ཕྲེང་མ་དམར་མོ་ཐོད་ཕྲེང་དང་ཉི་ཟླའི་གྭའུ་འཛིན་པས་འཁྱུད་པ། གཉིས་ཀའང་དར་དང་རུས་པ་རིན་པོ་ཆེའི་རྒྱན་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། གར་དགུའི་ཉམས་ཅན་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་དབུས་ན་བརྐྱང་བསྐུམ་གྱིས་བཞུགས་པ། དེའི་ཕྱི་རོལ་འདབ་མ་བརྒྱད་ལ་ཤར་དུ་ལྷུན་གྲུབ་རིག་འཛིན་དཀར་པོ་གཡས་ཨ་རུ་རའི་སྡོང་པོ་འཛིན་པ་ལ། སྤྱན་གཅིག་མ་དམར་སྐྱ་མེ་ཏོག་གི་ཆུན་པོ་འཛིན་པས་འཁྱུད་པ། ལྷོར་ཕྱག་ཆེན་རིག་འཛིན་སེར་པོ་གཡས་ཁ་ཊྭཱཾ་འཛིན་པ་ལ། དགྱེས་སྡེ་མ་སྔོན་མོ་སྤོས་རེང་འཛིན་པས་འཁྱུད་པ། ནུབ་ཏུ་ཚེ་དབང་རིག་འཛིན་དམར་པོ་གཡས་བདུད་རྩིའི་བུམ་པ་འཛིན་པ་ལ། དབང་གི་རྒྱལ་མོ་ལྗང་གུ་མར་མེ་འཛིན་པས་འཁྱུད་པ། བྱང་དུ་རིག་པ་འཛིན་པའི་རིག་འཛིན་ལྗང་གུ་གཡས་ཌཱ་མ་རུ་འཛིན་པ་ལ། རོ་ལངས་མ་ནག་མོ་དྲི་ཆབ་འཛིན་པས་འཁྱུད་པ། ཤར་ལྷོར་དམ་ཚིག་དབང་གི་སློབ་དཔོན་སྨུག་ནག་རྡོ་རྗེ་རྩེ་ལྔ་འཛིན་པ་ལ། དམ་ཚིག་བདག་མོ་སྔོན་མོ་ཞལ་ཟས་འཛིན་པས་འཁྱུད་པ། ལྷོ་ནུབ་ཏུ་མན་ངག་ལུང་གི་སློབ་དཔོན་དམར་སྐྱ་ལུང་གི་པུསྟི་འཛིན་པ་ལ། སྐུལ་བྱེད་མ་ལྗང་གུ་གྷཎྚི་འཛིན་པས་འཁྱུད་པ། ནུབ་བྱང་དུ་ཤེས་རབ་རྒྱུད་ཀྱི་སློབ་དཔོན་ལྗང་སེར་རིན་ཆེན་འཛིན་པ་ལ། སྐྱོད་བྱེད་ཚངས་མ་དཀར་མོ་ཤེལ་བུམ་འཛིན་པས་འཁྱུད་པ། བྱང་ཤར་དུ་ཉམས་ཆག་སྐོང་བའི་སློབ་དཔོན་མཐིང་ནག་སྣ་ཚོགས་རྡོ་རྗེ་འཛིན་པ་ལ། ཚེ་འཛིན་རྒྱལ་མོ་དམར་མོ་ཞིང་གི་རྒྱལ་མཚན་འཛིན་པས་འཁྱུད་པ། ཡབ་རྣམས་ཀྱི་ཕྱག་གཡོན་ཀ་པཱ་ལ་དང་། ཡུམ་རྣམས་ཀྱི་ཕྱག་གཡོན་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་དར་དང་རུས་པ་རིན་པོ་ཆེའི་རྒྱན་ཅན་འདོར་སྟབས་ཀྱིས་བཞེངས་པའོ། །ཤར་ལྷོ་མཚམས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་གུ་རུ་དྲག་པོ་རྩལ་མདོག་དམར་མེ་ཕྲེང་སྐུ་མདོག་དམར་ནག་གཡས་དཀར་གཡོན་ལྗང་དབུས་དམར་བའི་ཞལ་གསུམ་ཕྱག་དྲུག་གིས་གཡས་གསུམ་ཕ་ལམ་གྱི་རྡོ་རྗེ་དང་གནམ་ལྕགས་ཀྱི་ཐོ་ལུམ་མེ་ཕུང་། གཡོན་གསུམ་ཐོད་ཁྲག་དང་སྡིག་པ་དགྲ་གཟུགས་འཛིན་པ་ལ། སྲིད་པའི་བདག་མོ་དམར་མོ་ཁྲོ་ཆུའི་ཐོ་བ་དང་དུང་ཁྲག་འཛིན་པས་འཁྱུད་པ། གཉིས་ཀའང་དར་དང་རུས་པ་རིན་པོ་ཆེའི་རྒྱན་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། གར་དགུའི་ཉམས་ཅན་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་དབུས་ན་བརྐྱང་བསྐུམ་གྱིས་བཞུགས་པའི་སྤྱི་གཙུག་མེ་ཁྱུང་དམར་ལ་རྔམ་པ་ལྡིང་ཞིང་། འདོམས་སུ་སྤྲུལ་པའི་སྡིག་པ་ནག་པོ་མགོ་དགུ་རྭ་བཅོ་བརྒྱད་པ་ལས་སྤྲུལ་པའི་ཕོ་ཉ་གྲངས་མེད་འགྱེད་པ། དེའི་ཕྱི་རོལ་འདབ་མ་བརྒྱད་ལ་ཤར་དུ་གཤིན་རྗེ་ཡ་མ་རཱ་ཛ་ནག་པོ་སྟག་བེར་ཅན་བེ་ཅོན་དང་དབྱུག་ཏོ་འཛིན་པ་ལ། ཟ་བྱེད་མ་ནག་མོ་འཁོར་ལོ་དང་ཚོན་གྲུ་འཛིན་པས་འཁྱུད་པ། ལྷོར་བདུད་ཕོ་སྐོས་རྗེ་བྲང་དཀར་ནག་པོ་ཁྲམ་ཤིང་དང་དགྲ་སྟྭ་འཛིན་པ་ལ། རེ་མ་ཏཱི་མཐིང་ནག་ཁྲམ་ཤིང་དང་ནད་རྐྱལ་འཛིན་པས་འཁྱུད་པ། ནུབ་ཏུ་སྲིན་པོ་གློག་ཕྲེང་ལྗང་ནག་ཐོག་དང་སེར་བ་བསྣམས་པ་ལ། ཁྲག་མིག་མ་དམར་ནག་ཁྲག་ཕུར་དང་ཁྲག་ཕོར་འཛིན་པས་འཁྱུད་པ། བྱང་དུ་གནོད་སྦྱིན་ཡཀྵ་མེ་དབལ་དམར་ནག་རལ་གྲི་དང་རིན་ཆེན་འབར་བ་འཛིན་པ་ལ། མོན་མོ་ནག་མོ་ལྗང་ནག་རལ་གྲི་དང་ལྕགས་སྤྱང་འཛིན་པས་འཁྱུད་པ། ཤར་ལྷོར་གཟའ་བདུད་སྤུ་གྲི་འབར་བ་དུད་ཁ་མདའ་གཞུ་དང་སྦྲུལ་ཞགས་འཛིན་པ་ལ། ལྕམ་གཅིག་མ་དམར་མོ་ནད་རྐྱལ་དང་དུག་གི་སྤུ་གྲི་འཛིན་པས་འཁྱུད་པ། ལྷོ་ནུབ་ཏུ་ཀླུ་བདུད་ནག་པོ་སེར་ནག་སྦྲུལ་ཞགས་དང་ཆུ་སྲིན་རྒྱལ་མཚན་འཛིན་པ་ལ། ཐོག་གི་བུ་ཡུག་མ་དམར་མོ་ཐོག་མདེའུ་དང་རུས་སྦལ་འཛིན་པས་འཁྱུད་པ། ནུབ་བྱང་དུ་ལྷ་ཆེན་མ་ཧཱ་དེ་ཝ་དམར་པོ་རླུང་ཞགས་དང་ལྕགས་ཀྱུ་དམར་པོ་འཛིན་པ་ལ། ཨུ་མཱཿདམར་མོ་མེ་ལོང་དང་གཏེར་སྒྲོམ་འཛིན་པས་འཁྱུད་པ། བྱང་ཤར་དུ་ཁྲག་འཐུང་མ་ཧཱ་ཀཱ་ལ་མཐིང་ནག་ཟངས་གྲི་དང་ལྕགས་པར་འཛིན་པ་ལ། དུང་སྐྱོང་མ་ནག་མོ་རལ་གྲི་དང་ནེའུ་ལེའི་རྐྱལ་པ་འཛིན་པས་འཁྱུད་པ། ཐམས་ཅད་ཀྱང་ཁྲོ་ཞིང་གཏུམ་པ་ཞིང་གི་གོ་ཟུ་སོགས་མི་སྡུག་པའི་རྒྱན་ཅན་འདོར་སྟབས་ཀྱིས་གནས་པའོ། །ལྷོ་ནུབ་མཚམས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་སངས་རྒྱས་དཔའ་བོ་ཐོད་པའི་དུམ་བུ་སྐུ་མདོག་མཐིང་ནག་གཡས་དཀར་གཡོན་དམར་དབུས་མཐིང་བའི་ཞལ་གསུམ་ཕྱག་དྲུག་གིས་གཡས་གསུམ་འཁོར་ལོ་དང་ཟླ་བ་མེ་ཕུང་། གཡོན་གསུམ་ཐོང་གཤོལ་དང་ཉི་མ་དུས་མཐའི་རླུང་ནག་བསྣམས་པ་ལ། སངས་རྒྱས་དཔའ་མོ་དཀར་མོ་སྲིད་པའི་འཁོར་ལོ་དང་ཐོད་པ་འཛིན་པས་འཁྱུད་པ། གཉིས་ཀའང་དར་དང་རུས་པ་རིན་པོ་ཆེའི་རྒྱན་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། གར་དགུའི་ཉམས་ཅན་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་དབུས་ན་བརྐྱང་བསྐུམ་གྱིས་བཞུགས་པ། དེའི་ཕྱི་རོལ་འདབ་མ་བརྒྱད་ལ་ཤར་དུ་རྡོ་རྗེ་དཔའ་བོ་སྔོན་པོ་རྡོ་རྗེ་འཛིན་པ་ལ། རྡོ་རྗེ་དཔའ་མོ་སྔོ་སྐྱ་ཌཱ་མ་རུ་འཛིན་པས་འཁྱུད་པ། ལྷོར་རིན་ཆེན་དཔའ་བོ་སེར་པོ་རིན་ཆེན་འཛིན་པ་ལ། རིན་ཆེན་དཔའ་མོ་སེར་སྐྱ་རིན་ཆེན་གྱི་ཟར་བུ་འཛིན་པས་འཁྱུད་པ། ནུབ་ཏུ་པདྨ་དཔའ་བོ་དམར་པོ་པདྨ་འཛིན་པ་ལ། པདྨ་དཔའ་མོ་དམར་སྐྱ་པད་སྡོང་འཛིན་པས་འཁྱུད་པ། བྱང་དུ་ལས་ཀྱི་དཔའ་བོ་ལྗང་གུ་རྒྱ་གྲམ་འཛིན་པ་ལ། ལས་ཀྱི་དཔའ་མོ་ལྗང་སྐྱ་རལ་གྲི་འཛིན་པས་འཁྱུད་པ། ཡབ་རྣམས་ཀྱི་ཕྱག་གཡོན་དྲིལ་བུ་དང་། ཡུམ་རྣམས་ཀྱི་ཕྱག་གཡོན་བདུད་རྩིའི་ཐོད་པ་འཛིན་པ། ཤར་ལྷོར་འཛིན་གིང་འགུགས་བྱེད་སྔོན་པོ་ལྕགས་ཀྱུ་འཛིན་པ་ལ། རྡོ་རྗེ་གིང་མོ་སྔོན་མོ་རྡོ་རྗེ་འཛིན་པས་འཁྱུད་པ། ལྷོ་ནུབ་ཏུ་སྒྲོལ་གིང་གསོད་བྱེད་སེར་ནག་རལ་གྲི་འཛིན་པ་ལ། རིན་ཆེན་གིང་མོ་སེར་མོ་རིན་ཆེན་འཛིན་པས་འཁྱུད་པ། ནུབ་བྱང་དུ་སྟོབ་གིང་ཟ་བྱེད་དམར་ནག་ཐོད་པར་སྙིང་འཛིན་པ་ལ། པདྨའི་གིང་མོ་དམར་མོ་པདྨ་འཛིན་པས་འཁྱུད་པ། བྱང་ཤར་དུ་རྒྱུག་གིང་ལས་བྱེད་ལྗང་ནག་རྒྱུ་ཞགས་འཛིན་པ་ལ། ལས་ཀྱི་གིང་མོ་ལྗང་གུ་རྒྱ་གྲམ་འཛིན་པས་འཁྱུད་པ། ཡབ་རྣམས་ཀྱི་ཕྱག་གཡོན་ཐོད་ཁྲག་དང་། ཡུམ་རྣམས་ཀྱི་ཕྱག་གཡོན་དྲིལ་བུ་འཛིན་པ། ཕྱོགས་ཀྱི་ལྷ་རྣམས་དར་དང་རུས་པ་རིན་པོ་ཆེས་བརྒྱན་ཅིང་། མཚམས་ཀྱི་ལྷ་རྣམས་ཀེང་རུས་ཁྲོས་པའི་གཟུགས་ཅན་ཞིང་ལྤགས་དང་སྦྲུལ་གྱིས་བརྒྱན་པ་བཞེངས་ནས་བརྐྱང་བསྐུམ་ས་གའི་སྟབས་ཀྱིས་གནས་པའོ། །ནུབ་བྱང་མཚམས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་དཔལ་ཆེན་རྟ་མགྲིན་སྐུ་མདོག་དམར་ནག་གཡས་དཀར་གཡོན་སྔོ་དབུས་དམར་བའི་ཞལ་གསུམ་ཕྱག་དྲུག་གིས་གཡས་གསུམ་ཁ་ཊྭཱཾ་དང་རྡོ་རྗེ་སྦྲུལ་ཞགས། གཡོན་གསུམ་ཐོད་ཁྲག་དང་དྲིལ་བུ་ལྕགས་སྒྲོག་འཛིན་པའི་སྤྱི་བོར་ཞལ་མདོག་དང་མཐུན་པའི་རྟ་ཞལ་གསུམ་གྱིས་མཚན་པ་ལ། ཨེ་ཀ་ཙཱ་ཊི་སྨུག་ནག་ཏྲི་ཤུལ་དང་ཐོད་ཁྲག་འཛིན་པས་འཁྱུད་པ། གཉིས་ཀའང་དར་དང་རུས་པ་རིན་པོ་ཆེའི་རྒྱན་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། གར་དགུའི་ཉམས་ཅན་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་དབུས་ན་བརྐྱང་བསྐུམ་གྱིས་བཞུགས་པ། དེའི་ཕྱི་རོལ་འདབ་མ་བརྒྱད་ལ་ཤར་དུ་ཁྲོ་བོ་ཡེ་ཤེས་ཟིལ་གནོན་དཀར་པོ་འཁོར་ལོ་དང་རྡོ་རྗེ་འཛིན་པ་ལ། མི་ཕམ་མ་དམར་མོ་གྲི་གུག་འཛིན་པས་འཁྱུད་པ། ལྷོར་ལས་ཀྱི་ཟིལ་གནོན་སེར་ནག་དབྱུག་པ་དང་དགྲ་སྟྭ་འཛིན་པ་ལ། ཁྲོ་གཉེར་མ་སྔོན་མོ་ཨུཏྤལ་འཛིན་པས་འཁྱུད་པ། ནུབ་ཏུ་མ་མོ་ཟིལ་གནོན་དམར་ནག་ལྕགས་སྒྲོག་དང་རྔེའུ་ཆུང་འཛིན་པ་ལ། སྤྱན་གཅིག་མ་ལྗང་གུ་ལྕགས་སྒྲོག་འཛིན་པས་འཁྱུད་པ། བྱང་དུ་བྱ་ཁྱུང་ཟིལ་གནོན་ལྗང་ནག་ཁྱུང་དང་སྦྲུལ་ཞགས་འཛིན་པ་ལ། རྩ་འཇིབ་མ་དམར་སེར་ལྕགས་ཕུར་འཛིན་པས་འཁྱུད་པ། ཤར་ལྷོར་ཕོ་རྒྱུད་ཟིལ་གནོན་སྨུག་ནག་ཞིང་དབྱུག་དང་རྒྱུ་ཞགས་འཛིན་པ་ལ། རྡོ་རྗེ་ལས་བྱེད་དཀར་མོ་རྡོ་རྗེའི་བེ་ཅོན་འཛིན་པས་འཁྱུད་པ། ལྷོ་ནུབ་ཏུ་མོ་རྒྱུད་ཟིལ་གནོན་མཐིང་ནག་མདའ་གཞུ་འཛིན་པ་ལ། གཤིན་རྗེ་ལས་བྱེད་སེར་མོ་ཞགས་པ་འཛིན་པས་འཁྱུད་པ། ནུབ་བྱང་དུ་ཀླུ་གདོན་འདུལ་བྱེད་དམར་པོ་དགྲ་སྟྭ་དང་ཐོ་ལུམ་འཛིན་པ་ལ། ཀླུ་མོ་ལས་བྱེད་ལྗང་སེར་སྦྲུལ་ཞགས་འཛིན་པས་འཁྱུད་པ། བྱང་ཤར་དུ་གནོད་སྦྱིན་འདུལ་བྱེད་ལྗང་སྔོན་སེང་ལྡེང་གི་དབྱུག་པ་དང་མེ་ཕུང་འཛིན་པ་ལ། གནོད་སྦྱིན་ལས་བྱེད་མ་སྨུག་ནག་རལ་གྲི་འཛིན་པས་འཁྱུད་པ། ཡུམ་རྣམས་ཀྱི་ཕྱག་གཡོན་དུང་ཁྲག་འཛིན་པ། ཐམས་ཅད་ཀྱང་ཁྲོ་ཞིང་གཏུམ་པ་འབར་བའི་ཆས་ཅན་མེ་ཕུང་འཁྲུགས་པའི་དབུས་ན་བཞེངས་ཏེ་བཞུགས་པའོ། །བྱང་ཤར་མཚམས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་ལག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་གཡས་དཀར་གཡོན་དམར་དབུས་མཐིང་བའི་ཞལ་གསུམ་ཕྱག་དྲུག་གིས་གཡས་གསུམ་རྡོ་རྗེ་དང་གྲི་གུག་སྦྲུལ་ཞགས། གཡོན་གསུམ་དྲིལ་བུ་དང་ཐོད་ཁྲག་པདྨ་འཛིན་པ་ལ། ཡུམ་གསང་དབྱིངས་མ་དམར་མོ་ཁ་ཊྭཱཾ་དང་བྷན་དམར་དཀུ་ལ་བརྟེན་ནས་འཛིན་པས་འཁྱུད་པ། གཉིས་ཀའང་དར་དང་རུས་པ་རིན་པོ་ཆེའི་རྒྱན་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། གར་དགུའི་ཉམས་ཅན་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་དབུས་ན་བརྐྱང་བསྐུམ་གྱིས་བཞུགས་པ། དེའི་ཕྱི་རོལ་འདབ་མ་བརྒྱད་ལ་ཤར་དུ་ཁྲོ་བོ་རྣམ་པར་རྒྱལ་བ་དཀར་པོ་འཁོར་ལོ་དང་བེ་ཅོན་འཛིན་པ་ལ། མདའ་སྙེམས་མ་སྔོ་སྐྱ་རྡོ་རྗེ་འཛིན་པས་འཁྱུད་པ། ལྷོར་གཤིན་རྗེ་གཤེད་མཐིང་ནག་བེ་ཅོན་དང་དགྲ་སྟྭ་འཛིན་པ་ལ། དུར་ཁྲོད་བདག་མོ་སེར་སྐྱ་རལ་གྲི་འཛིན་པས་འཁྱུད་པ། ནུབ་ཏུ་རྟ་མགྲིན་དམར་པོ་སྤུ་གྲི་དང་ཞགས་པ་འཛིན་པ་ལ། རྡོ་རྗེ་གཏུམ་མོ་ལྗང་གུ་དབྱུག་ཏོ་འཛིན་པས་འཁྱུད་པ། བྱང་དུ་བདུད་རྩི་འཁྱིལ་བ་ལྗང་གུ་རྒྱ་གྲམ་དང་དྲིལ་བུ་འཛིན་པ་ལ། རྡོ་རྗེ་རླུང་འབྱིན་མ་སྔོ་སྐྱ་རྔ་ཡབ་འཛིན་པས་འཁྱུད་པ། ཤར་ལྷོར་དབྱུག་སྔོན་ཅན་སྔོན་པོ་དབྱུག་པ་དང་མེ་ཐབ་འཛིན་པ་ལ། རྡོ་རྗེ་སྡེར་མོ་དམར་སེར་རལ་གྲི་འཛིན་པས་འཁྱུད་པ། ལྷོ་ནུབ་ཏུ་མི་གཡོ་བ་ལྗང་ནག་རལ་གྲི་དང་ཞགས་པ་འཛིན་པ་ལ། རྡོ་རྗེ་གཏུན་ཁུང་མ་དམར་མོ་ཐོ་བ་འཛིན་པས་འཁྱུད་པ། ནུབ་བྱང་དུ་འདོད་རྒྱལ་དམར་སྐྱ་བ་དན་དང་རྔ་ཡབ་འཛིན་པ་ལ། རྡོ་རྗེ་སྙེམས་མ་ལྗང་གུ་བུམ་པ་འཛིན་པས་འཁྱུད་པ། བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ་མཐིང་ནག་གྲི་གུག་དང་སྦྲུལ་ཞགས་འཛིན་པ་ལ། རྡོ་རྗེ་སྐུལ་བྱེད་མ་སེར་སྐྱ་རྩེ་གསུམ་འཛིན་པས་འཁྱུད་པ། མདུན་དུ་ཧཱུྃ་ཀཱ་ར་སྔོ་སྐྱ་རྡོ་རྗེའི་ཐོ་བ་དང་ཞགས་པ་འཛིན་པ་ལ། རྡོ་རྗེ་སྒྲ་འབྱིན་མ་དཀར་མོ་འཁོར་ལོ་འཛིན་པས་འཁྱུད་པ། རྒྱབ་ཏུ་སྟོབས་ཆེན་དུད་ཁ་ཐོ་བ་དང་གཏུན་ཤིང་འཛིན་པ་ལ། རྡོ་རྗེ་གསོད་བྱེད་སེར་མོ་དགྲ་སྟྭ་འཛིན་པས་འཁྱུད་པ། ཡུམ་རྣམས་ཀྱི་ཕྱག་གཡོན་ཐོད་ཁྲག་འཛིན་པ། ཐམས་ཅད་ཀྱང་ཁྲོ་བོའི་ཆས་ཀྱིས་བརྒྱན་ཅིང་མེ་ཕུང་འཁྲུགས་པའི་དབུས་ན་འདོར་སྟབས་ཀྱིས་བཞེངས་པའོ། །དཀྱིལ་འཁོར་ཆེན་པོའི་སྒོ་བཞིར་ཤར་དུ་ཁྭ་གདོང་མ་དཀར་མོ་ལྕགས་ཀྱུ་འཛིན་པ། ལྷོར་ཕག་གདོང་མ་སེར་མོ་ཞགས་པ་འཛིན་པ། ནུབ་ཏུ་ཁྱི་གདོང་མ་དམར་མོ་ལྕགས་སྒྲོག་འཛིན་པ། བྱང་དུ་འུག་གདོང་མ་ལྗང་གུ་དྲིལ་བུ་འཛིན་པ། མཚམས་ཀྱི་གྲ་བཞིའི་ཤར་ལྷོར་བརྟན་བྱེད་མ་དཀར་སེར་ཕྱེད་གཟུགས་རྡོ་རྗེའི་གྲི་གུག་འཛིན་པ། ལྷོ་ནུབ་ཏུ་ཕོ་ཉ་མ་སེར་དམར་ཕྱེད་གཟུགས་རིན་པོ་ཆེའི་གྲི་གུག་འཛིན་པ། ནུབ་བྱང་དུ་མཆེ་བ་མ་དམར་ལྗང་ཕྱེད་གཟུགས་པདྨའི་གྲི་གུག་འཛིན་པ། བྱང་ཤར་དུ་འཇོམས་བྱེད་མ་ལྗང་དཀར་ཕྱེད་གཟུགས་རྒྱ་གྲམ་གྱི་གྲི་གུག་འཛིན་པ། ཐམས་ཅད་ཀྱིས་གཡོན་ཐོད་ཁྲག་འཛིན་པ་མི་མོའི་ཞལ་ཅན། ཞིང་གཡང་སྟག་ཤམ་ཐོད་ཕྲེང་སྦྲུལ་གྱིས་བརྒྱན་ཅིང་། ཞིང་གི་གདན་ལ་བརྐྱང་བསྐུམ་འགྱིང་བག་གིས་གནས་པའོ། །དཀྱིལ་འཁོར་གྱི་བར་ཁྱམས་ལ། ཤར་སྟོད་དུ་དཔའ་བོ་ཐོད་དབྱུག་དཀར་པོ། དཔའ་མོ་རབ་གཏུམ་མ་དམར་མོ། དཔའ་བོ་ཀེང་རུས་ཆེན་པོ་མཐིང་ནག །དཔའ་མོ་གཏུམ་མིག་མ་སེར་མོ། དཔའ་བོ་ཀེང་རུས་གཏུམ་པོ་ལྗང་གུ། དཔའ་མོ་འོད་ལྡན་མ་དམར་སེར་ཏེ། ཡབ་རྣམས་གཡས་རྡོ་རྗེ་དང་། ཡུམ་རྣམས་གཡས་ཌཱ་མ་རུ་འཛིན་པ། ཤར་སྨད་དུ་དཔའ་བོ་མཆེ་གཙིགས་དཀར་པོ། དཔའ་མོ་སྣ་ཆེན་མ་དམར་མོ། དཔའ་བོ་སུ་རཱ་བཱི་ར་སྔོན་པོ། དཔའ་མོ་བརྟན་མ་སེར་མོ། དཔའ་བོ་འོད་དཔག་མེད་ལྗང་གུ། དཔའ་མོ་མིའུ་ཐུང་མ་དམར་སེར་ཏེ། ཡབ་རྣམས་གཡས་རིན་པོ་ཆེ་དང་། ཡུམ་རྣམས་གཡས་རལ་གྲི་འཛིན་པ། ལྷོ་སྟོད་དུ་དཔའ་བོ་རྡོ་རྗེ་འོད་ལྡན་དཀར་པོ། དཔའ་མོ་ལངྐའི་དབང་ཕྱུག་མ་དམར་མོ། དཔའ་བོ་རྡོ་རྗེའི་སྐུ་མཆོག་མཐིང་ནག །དཔའ་མོ་ཤིང་གྲིབ་མ་སེར་མོ། དཔའ་བོ་རྡོ་རྗེ་གཞོན་ནུ་ལྗང་གུ། དཔའ་མོ་ས་སྲུང་མ་དམར་སེར་ཏེ། ཡབ་རྣམས་གཡས་བགྲང་ཕྲེང་དང་། ཡུམ་རྣམས་གཡས་ཌཱ་མ་རུ་འཛིན་པ། ལྷོ་སྨད་དུ་དཔའ་བོ་རྡོ་རྗེ་རལ་པ་དཀར་པོ། དཔའ་མོ་འོད་ཅན་མ་དམར་མོ། དཔའ་བོ་རབ་ཏུ་དགའ་བ་སྔོན་པོ། དཔའ་མོ་རླུང་ཤུགས་མ་སེར་མོ། དཔའ་བོ་ཧཱུྃ་མཛད་ལྗང་གུ། དཔའ་མོ་ཆང་འཐུང་མ་དམར་སེར་ཏེ། ཡབ་རྣམས་གཡས་བེ་ཅོན་དང་། ཡུམ་རྣམས་གཡས་ལྕགས་ཀྱུ་འཛིན་པ། ནུབ་སྟོད་དུ་དཔའ་བོ་རབ་བཟང་དཀར་པོ། དཔའ་མོ་གཙུག་ཕུད་མ་དམར་མོ། དཔའ་བོ་རྡོར་བཟང་མཐིང་ནག །དཔའ་མོ་རབ་བཟང་མ་སེར་མོ། དཔའ་བོ་འཇིགས་བྱེད་ལྗང་གུ། དཔའ་མོ་རྟ་རྣ་མ་དམར་སེར་ཏེ། ཡབ་རྣམས་གཡས་པདྨ་དང་། ཡུམ་རྣམས་གཡས་ཌཱ་མ་རུ་འཛིན་པ། ནུབ་སྨད་དུ་དཔའ་བོ་སྤྱན་མི་བཟང་དཀར་པོ། དཔའ་མོ་ཁྭ་གདོང་མ་དམར་མོ། དཔའ་བོ་སྟོབས་ཆེན་རྒྱལ་པོ་སྔོན་པོ། དཔའ་མོ་འཁོར་ལོའི་ཤུགས་ཅན་མ་སེར་མོ། དཔའ་བོ་རིན་ཆེན་རྡོ་རྗེ་ལྗང་གུ། དཔའ་མོ་དུམ་སྐྱེས་མ་དམར་སེར་ཏེ། ཡབ་རྣམས་གཡས་རྡོ་རྗེའི་ཐོ་བ་དང་། ཡུམ་རྣམས་གཡས་དར་གྱི་ཅོད་པན་འཛིན་པ། བྱང་སྟོད་དུ་དཔའ་བོ་རྟ་མགྲིན་རྒྱལ་པོ་དཀར་པོ། དཔའ་མོ་གླང་སྣ་མ་དམར་མོ། དཔའ་བོ་ནམ་མཁའི་སྙིང་པོ་མཐིང་ནག །དཔའ་མོ་འཁོར་ལོའི་གོ་ཆ་མ་སེར་མོ། དཔའ་བོ་དཔལ་ལྡན་ཧེ་རུ་ཀཿལྗང་གུ། དཔའ་མོ་རབ་དཔའ་མ་དམར་སེར་ཏེ། ཡབ་རྣམས་གཡས་རྒྱ་གྲམ་དང་། ཡུམ་རྣམས་གཡས་ཁ་ཊྭཱཾ་ཀ་འཛིན་པ། བྱང་སྨད་དུ་དཔའ་བོ་པདྨ་གར་དབང་དཀར་པོ། དཔའ་མོ་སྟོབས་ཆེན་མ་དམར་མོ། དཔའ་བོ་རྣམ་པར་སྣང་མཛད་སྔོན་པོ། དཔའ་མོ་འཁོར་སྒྱུར་མ་སེར་མོ། དཔའ་བོ་སེམས་དཔའ་ལྗང་གུ། དཔའ་མོ་བརྩོན་འགྲུས་མ་དམར་སེར་ཏེ། ཡབ་རྣམས་གཡས་རྒྱ་གྲམ་དང་། ཡུམ་རྣམས་གཡས་ཌཱ་མ་རུ་འོ། །དེ་ལྟར་དཔའ་བོ་ཡབ་རྣམས་ཀྱིས་གཡོན་ཐོད་ཁྲག་འཛིན་ཅིང་ཁྲོ་བོའི་ཆས་ཀྱིས་བརྒྱན་པ། ཡུམ་རྣམས་ཀྱིས་གཡོན་དྲིལ་བུ་འཛིན་ཅིང་དར་དང་རུས་པས་བརྒྱན་པ། ཐམས་ཅད་ཀྱང་དར་སྣ་ཚོགས་ཀྱི་ཅོད་པན་ཅན། ཞལ་ནས་རྡོ་རྗེ་གླུ་ལེན་ཅིང་ཡབ་ཡུམ་རྣམས་སོ་སོར་གར་བྱེད་པ། ཕྱིའི་ཁོར་ཡུག་ཏུ་དཔལ་མགོན་བདུན་ཅུ་རྩ་ལྔ་སོགས་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བའོ། །དེ་ལྟར་དགོངས་འདུས་རྩ་བའི་ལྷ་ཉིས་བརྒྱ་ཉེར་ལྔ་ཁོར་ཡུག་ཏུ་བཀའ་སྡོད་ཀྱི་ཚོགས་དང་བཅས་པ་བསྐྱེད་ནས། གཙོ་བོའི་ཐུགས་ཀར་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་ཡེ་གནས་ལྷུན་གྲུབ་ཀྱི་ཚུལ་དུ་གསལ་གདབ་སྟེ། གཙོ་མཆོག་པདྨ་བཛྲ་རྩལ་གྱི་ཐུགས་ཡེ་ཤེས་ཆེན་པོའི་ཀློང་དཀྱིལ་རང་བཞིན་འོད་ལྔ་འཁྲུགས་པའི་དབུས་སུ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་མཛད་པའི་པང་དུ། ཡུམ་ཀུན་ཏུ་བཟང་མོ་མཐིང་ག་རྡོ་རྗེ་དྲིལ་བུ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་དར་དང་རིན་ཆེན་རུས་པས་བརྒྱན་ཅིང་ཞབས་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་མི་འཇིགས་སེང་ཁྲི་པད་ཟླའི་གདན་ལ་རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པའི་པང་དུ། ཡུམ་ནམ་མཁའི་དབྱིངས་ཕྱུག་མ་སྔོ་སངས་རྡོ་རྗེ་དང་དྲིལ་བུ་འཛིན་པས་འཁྱུད་པ། དེའི་ཕྱི་རོལ་གྱི་ཤར་དུ་སྟོབས་ལྡན་གླང་པོ་ཆེའི་ཁྲི་སྟེང་དུ་རྡོ་རྗེ་སེམས་དཔའ་མཐིང་ག་རྡོ་རྗེ་དང་དྲིལ་བུ་འཛིན་པའི་པང་དུ། ཡུམ་སངས་རྒྱས་སྤྱན་མ་དཀར་མོ་རིན་པོ་ཆེའི་གདུ་བུ་དང་དྲིལ་བུ་འཛིན་པ་འཁྲིལ་སྦྱོར་དུ་བཞུགས་པའི་གཡས་སུ། སེམས་དཔའ་སའི་སྙིང་པོ་དཀར་པོ་རིན་པོ་ཆེའི་མྱུ་གུ་དང་དྲིལ་བུ་འཛིན་པ་དང་། བྱམས་པ་དམར་སེར་ཀླུ་ཤིང་དང་དྲིལ་བུ་འཛིན་པ་གཉིས་བཞུགས་པ། གཡོན་དུ་སེམས་མ་ལཱ་སྱཻ་མ་དཀར་མོ་མེ་ལོང་དང་དྲིལ་བུ་འཛིན་པ་དང་། མཱ་ལྱེ་མ་མཐིང་ག་ཕྲེང་བ་དང་དྲིལ་བུ་འཛིན་པ་གཉིས་བཞུགས་པ། ལྷོར་ཅང་ཤེས་རྟ་མཆོག་གི་ཁྲི་སྟེང་དུ་རིན་ཆེན་འབྱུང་ལྡན་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པའི་པང་དུ། ཡུམ་མཱ་མ་ཀཱི་དཀར་མོ་རལ་གྲི་དང་དྲིལ་བུ་འཛིན་པ་འཁྲིལ་སྦྱོར་དུ་བཞུགས་པའི་གཡས་སུ། ནམ་མཁའི་སྙིང་པོ་དཀར་པོ་རལ་གྲི་དྲིལ་བུ་འཛིན་པ་དང་། ཀུན་ཏུ་བཟང་པོ་མཐིང་སྔོན་རིན་པོ་ཆེའི་སྙེ་མ་དྲིལ་བུ་འཛིན་པ་གཉིས་བཞུགས་པ། གཡོན་དུ་གཱིརྟི་མ་དམར་སྐྱ་པི་ཝང་འཛིན་པ་དང་། ནཱིརྟི་མ་ལྗང་སྔོན་ཞལ་ཟས་འཛིན་པ་གཉིས་བཞུགས་པ། ནུབ་ཏུ་མཛེས་བྱེད་རྨ་བྱའི་ཁྲི་སྟེང་དུ་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་འཛིན་པའི་པང་དུ། ཡུམ་གོས་དཀར་མོ་དམར་སྐྱ་བུམ་པ་དང་དྲིལ་བུ་འཛིན་པ་འཁྲིལ་སྦྱོར་དུ་བཞུགས་པའི་གཡས་སུ། སྤྱན་རས་གཟིགས་དཀར་པོ་པདྨ་དྲིལ་བུ་འཛིན་པ་དང་། འཇམ་དཔལ་དམར་སེར་ཨུཏྤལ་དྲིལ་བུ་འཛིན་པ་གཉིས་བཞུགས་པ། གཡོན་དུ་པུཥྤེ་མ་དཀར་མོ་མེ་ཏོག་དྲིལ་བུ་འཛིན་པ་དང་། དྷཱུ་པེ་མ་ལྗང་གུ་སྤོས་ཀྱི་རེང་བུ་འཛིན་པ་གཉིས་བཞུགས་པ། བྱང་དུ་ཤང་ཤང་ཏེའུའི་ཁྲི་སྟེང་དུ་དོན་ཡོད་གྲུབ་པ་ལྗང་གུ་རྒྱ་གྲམ་དང་དྲིལ་བུ་འཛིན་པའི་པང་དུ། ཡུམ་དམ་ཚིག་སྒྲོལ་མ་ལྗང་སྔོན་ཨུཏྤལ་དང་དྲིལ་བུ་འཛིན་པ་འཁྲིལ་སྦྱོར་དུ་བཞུགས་པའི་གཡས་སུ། ཕྱག་ན་རྡོ་རྗེ་མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན་པ་དང་། སྒྲིབ་པ་རྣམ་སེལ་དཀར་པོ་པུསྟི་དྲིལ་བུ་འཛིན་པ་གཉིས་བཞུགས་པ། གཡོན་དུ་ཨཱ་ལོ་ཀེ་དམར་སྐྱ་མར་མེ་འཛིན་པ་དང་། གནྡྷེ་མ་ལྗང་གུ་དྲིའི་དུང་ཞལ་འཛིན་པ་གཉིས་བཞུགས་པ་སྟེ། དེ་ཐམས་ཅད་ཀྱང་ཞི་བའི་ཚུལ་དགུ་དང་ལྡན་ཅིང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །དེའི་ཕྱི་རོལ་གྱི་ཤར་དུ་ཁྲོ་བོ་རྣམ་རྒྱལ་དཀར་པོ་ལྕགས་ཀྱུ་འཛིན་པ་ལ། ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ་འཛིན་པས་འཁྱུད་པ། ལྷོར་གཤིན་རྗེ་གཤེད་སེར་པོ་དབྱུག་ཏོ་འཛིན་པ་ལ། ཞགས་པ་མ་སེར་མོ་ཞགས་པ་འཛིན་པས་འཁྱུད་པ། ནུབ་ཏུ་རྟ་མགྲིན་དམར་པོ་ལྕགས་སྒྲོག་སྡིགས་མཛུབ་ཅན་ལ། ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་འཛིན་པས་འཁྱུད་པ། བྱང་དུ་བདུད་རྩི་འཁྱིལ་བ་ལྗང་གུ་རྒྱ་གྲམ་འཛིན་པ་ལ། དྲིལ་བུ་མ་ལྗང་གུ་དྲིལ་བུ་འཛིན་པས་འཁྱུད་པ་སྟེ། ཡབ་རྣམས་གཡོན་དྲིལ་བུ་དང་། ཡུམ་རྣམས་གཡོན་ཐོད་ཁྲག་འཛིན་པ། དེ་ལྟར་སྒོ་བ་ཡབ་ཡུམ་བརྒྱད་པོ་ཁྲོ་བོ་དང་ཁྲོ་མོའི་ཆ་ལུགས་ཅན་ནོ། །དེའི་ཕྱི་རོལ་དུ་ལྷའི་ཐུབ་པ་བརྒྱ་བྱིན་དཀར་པོ་པི་ཝང་འཛིན་པ། ལྷ་མ་ཡིན་གྱི་ཐུབ་པ་ཐགས་བཟང་རིས་མཐིང་ག་གོ་ཁྲབ་འཛིན་པ། མིའི་ཐུབ་པ་ཤཱཀྱ་སེང་གེ་སེར་པོ་གསེག་ཤང་དང་ལྷུང་བཟེད་འཛིན་པ། བྱོལ་སོང་གི་ཐུབ་པ་སེང་གེ་རབ་བརྟན་མཐིང་ག་པུསྟི་འཛིན་པ། ཡི་དྭགས་ཀྱི་ཐུབ་པ་ཁ་འབར་དེ་ཝ་དམར་པོ་རིན་པོ་ཆེའི་སྒྲོམ་བུ་འཛིན་པ། དམྱལ་བའི་ཐུབ་པ་ཨ་ཝ་གླང་མགོ་ནག་པོ་མེ་ཆུ་འཛིན་པ་སྟེ། དེ་དྲུག་པོ་སྤྲུལ་སྐུའི་ཆ་ལུགས་དབུ་རེག་ཞབས་རྗེན་སྣམ་སྦྱར་ཆོས་གོས་ཅན་དབུ་གཙུག་ཏོར་དང་ལྡན་པའོ། །དེ་ལྟར་གསལ་བའི་གཙོ་མཆོག་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་ཡེ་ཤེས་རང་གསལ་གྱི་མེ་ཕུང་རབ་ཏུ་འབར་བའི་ཀློང་དཀྱིལ་དུ་བདུད་བཞི་པད་ཉིའི་གདན་ལ། དབུས་སུ་བཅོམ་ལྡན་འདས་བུདྡྷ་ཧེ་རུ་ཀཿདབུ་གསུམ་གཡས་དཀར་གཡོན་དམར་རྩ་ཞལ་དང་སྐུ་མདོག་སྨུག་ནག །ཕྱག་དྲུག་གཡས་གསུམ་འཁོར་ལོ་དགྲ་སྟྭ་རལ་གྲི། གཡོན་གསུམ་དྲིལ་བུ་ཐོང་གཤོལ་བྷནྡྷ་འཛིན་པ། ཡུམ་བུདྡྷ་ཀྲོ་དྷཱི་ཤྭ་རཱི་མ་དཀར་མོ་ཕྱག་གཡས་འཁོར་ལོ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། ཤར་དུ་བཛྲ་ཧེ་རུ་ཀཿདབུ་གསུམ་གཡས་དཀར་གཡོན་དམར་རྩ་ཞལ་དང་སྐུ་མདོག་མཐིང་ནག །ཕྱག་དྲུག་གཡས་གསུམ་རྡོ་རྗེ་བྷནྡྷ་དགྲ་སྟྭ། གཡོན་གསུམ་དྲིལ་བུ་བྷན་དམར་ཐོང་གཤོལ་འཛིན་པ། ཡུམ་བཛྲ་ཀྲོ་དྷཱི་མཐིང་ནག་ཕྱག་གཡས་རྡོ་རྗེ་འཛིན་པས་ཡབ་ལ་འཁྱུད་པ། ལྷོར་རཏྣ་ཧེ་རུ་ཀཿདབུ་གསུམ་གཡས་དཀར་གཡོན་དམར་རྩ་ཞལ་དང་སྐུ་མདོག་སེར་ནག །ཕྱག་དྲུག་གཡས་གསུམ་རིན་ཆེན་ཁ་ཊྭཱཾ་བེ་ཅོན། གཡོན་གསུམ་དྲིལ་བུ་བྷན་དམར་ཏྲི་ཤཱུལ་འཛིན་པ། ཡུམ་རཏྣ་ཀྲོ་དྷཱི་སེར་མོ་ཕྱག་གཡས་རིན་ཆེན་འཛིན་པས་ཡབ་ལ་འཁྱུད་པ། ནུབ་ཏུ་པདྨ་ཧེ་རུ་ཀཿདབུ་གསུམ་གཡས་དཀར་གཡོན་མཐིང་རྩ་ཞལ་དང་སྐུ་མདོག་དམར་ནག །ཕྱག་དྲུག་གཡས་གསུམ་པདྨ་ཁ་ཊྭཱཾ་དབྱུག་ཏོ། གཡོན་གསུམ་དྲིལ་བུ་བྷན་དམར་རྔེའུ་ཆུང་འཛིན་པ། ཡུམ་པདྨ་ཀྲོ་དྷཱི་དམར་མོ་ཕྱག་གཡས་པདྨ་འཛིན་པས་ཡབ་ལ་འཁྱུད་པ། བྱང་དུ་ཀརྨ་ཧེ་རུ་ཀཿདབུ་གསུམ་གཡས་དཀར་གཡོན་དམར་རྩ་ཞལ་དང་སྐུ་མདོག་ལྗང་ནག །ཕྱག་དྲུག་གཡས་གསུམ་རལ་གྲི་ཁ་ཊྭཱཾ་དབྱུག་ཏོ། གཡོན་གསུམ་དྲིལ་བུ་བྷན་དམར་ཐོང་གཤོལ་འཛིན་པ། ཡུམ་ཀརྨ་ཀྲོ་དྷཱི་ལྗང་གུ་ཕྱག་གཡས་རྒྱ་གྲམ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་པ་ཐམས་ཅད་ཀྱིས་དུང་ཆེན་དམར་གྱིས་བཀང་ནས་སོ་སོའི་ཡབ་ལ་སྟོབ་པ། ཡབ་ཐམས་ཅད་ཞབས་བཞི་བཞི་དོར་སྟབས་སུ་བགྲད་ཅིང་། ཡུམ་རྣམས་གཡོན་བསྐུམ་པས་ཡབ་ཀྱི་རྐེད་ལ་འཁྲིལ་བ། ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་གསུམ་བགྲད་པ། གར་གྱི་ཉམས་དགུ་དང་ལྡན་པའི་སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་ལ་སོགས་པ་ཁྲོ་བོ་དང་ཁྲོ་མོའི་ཆ་ལུགས་དུ་མས་བརྒྱན་པའོ། །དེའི་ཕྱི་རོལ་གྱི་ཤར་དུ་གོའུ་རཱི་མ་དཀར་མོ་གཡས་ཞིང་དབྱུག་དང་གཡོན་བྷན་དམར་འཛིན་པ། ལྷོར་ཙོའུ་རཱི་མ་སེར་མོ་མདའ་གཞུ་འགེངས་པ། ནུབ་ཏུ་པྲ་མོ་ཧ་དམར་མོ་གཡས་ཆུ་སྲིན་གྱི་རྒྱལ་མཚན་འཕྱར་ཞིང་གཡོན་བྷན་དམར་འཛིན་པ། བྱང་དུ་བཻ་ཏཱ་ལི་ནག་མོ་གཡས་རྡོ་རྗེ་དང་གཡོན་བྷན་དམར་འཛིན་པ། ཤར་ལྷོར་པུཀྐ་སཱི་དམར་སེར་གཡས་པས་རྒྱུ་མ་བཟུང་ནས་གཡོན་པས་ཞལ་དུ་འཇུག་པ། ལྷོ་ནུབ་ཏུ་གསྨ་རཱི་ལྗང་ནག་གཡོན་པས་བྷན་དམར་འཛིན་པ་གཡས་པས་རྡོ་རྗེས་དཀྲུགས་ཤིང་ཞལ་དུ་སྙོད་པ། ནུབ་བྱང་དུ་ཙཎྜ་ལཱི་སེར་སྐྱ་གཡས་ཙིཏྟ་དང་གཡོན་ཞིང་གི་ཁོག་པ་འཛིན་པ། བྱང་ཤར་དུ་སྨེ་ཤ་ནཱི་མཐིང་ནག་ཞིང་གི་མགོ་ལུས་ཕྲལ་ནས་ཟ་བ་སྟེ། གནས་ཀྱི་མ་མོ་བརྒྱད་པོ་ཞིང་པགས་ཀྱི་སྟོད་གཡོགས་དང་བཅས་ཏེ་ཁྲོ་མོའི་ཆ་ལུགས་ཅན་ནོ། །དེའི་ཕྱི་རོལ་གྱི་ཤར་དུ་སིང་ཧ་སྨུག་ནག་སེང་གེའི་མགོ་ཅན་ལག་པ་གཉིས་ཀྱིས་རོ་བསྣོལ་ནས་ཟ་བའི་ཚུལ་ཅན། ལྷོར་བྱཱ་གྷྲྀ་མུ་ཁ་དམར་མོ་སྟག་གི་མགོ་ཅན་ལག་པ་གཉིས་བསྣོལ་ནས་མིག་འབྲུ་ཚུགས་སུ་བལྟ་བ། ནུབ་ཏུ་སྲྀ་ལ་མུ་ཁ་ནག་མོ་ཝའི་མགོ་ཅན་གཡས་སྤུ་གྲི་ཐོགས་ཤིང་གཡོན་པས་རྒྱུ་མ་ཟ་བ། བྱང་དུ་ཤྭ་ན་མུ་ཁ་མཐིང་ནག་སྤྱང་མོའི་མགོ་ཅན་ལག་པ་གཉིས་ཀྱིས་རོ་ཁ་ཕྱེས་ནས་མིག་འབྲུ་ཚུགས་སུ་བལྟ་བ། ཤར་ལྷོར་གྷིདྷ་མུ་ཁ་བྱ་རྒོད་ཀྱི་མགོ་ཅན་དཀར་སེར་ཞིང་ཆེན་ཕྲག་ལ་ཁུར་བ། ལྷོ་ནུབ་ཏུ་ཀངྐ་མུ་ཁ་དམར་ནག་དུར་བྱའི་མགོ་ཅན་གཡས་རལ་གྲི་དང་གཡོན་གློ་སྙིང་འདྲད་པའི་ཚུལ་ཅན། ནུབ་བྱང་དུ་ཁྭ་ཁ་མུ་ཁ་ནག་མོ་བྱ་རོག་གི་མགོ་ཅན་གྲི་ཐོད་དཀྲུགས་པ། བྱང་ཤར་དུ་ཧུ་ལུ་མུ་ཁ་མཐིང་ནག་འུག་པའི་མགོ་ཅན་གཡས་རྡོ་རྗེ་དང་གཡོན་རལ་གྲི་འཛིན་པ་སྟེ། ཡུལ་གྱི་ཕྲ་མེན་བརྒྱད་པོ་ཡང་མི་སྲུན་འཇིགས་པའི་ཆ་ལུགས་ཅན་ནོ། །དེའི་ཕྱི་རོལ་གྱི་ཤར་དུ་རྟ་གདོང་དཀར་མོ་གཡས་ལྕགས་ཀྱུ་འཛིན་པ། ལྷོར་ཕག་གདོང་སེར་མོ་གཡས་ཞགས་པ་འཛིན་པ། ནུབ་ཏུ་སེང་གདོང་དམར་མོ་གཡས་ལྕགས་སྒྲོག་འཛིན་པ། བྱང་དུ་སྦྲུལ་གདོང་ལྗང་གུ་གཡས་དྲིལ་བུ་འཛིན་པ་སྟེ། གཡོན་ཐམས་ཅད་ཀྱིས་དུང་ཆེན་དམར་གྱིས་བཀང་ནས་འཛིན་ཅིང་གདོང་མོ་བཞི་ཡང་ཁྲོ་མོའི་ཆ་ལུགས་ཅན་ནོ། །དེའི་ཕྱི་རོལ་གྱི་ཤར་ཕྱོགས་སུ་སྲིན་མོ་སྨུག་ནག་གཡག་གི་མགོ་ཅན་གཡས་ཐོད་རློན་འཛིན་པ། ཚངས་པ་དམར་སེར་སྦྲུལ་གྱི་མགོ་ཅན་པདྨ་འཛིན་པ། ལྷ་ཆེན་སེར་ནག་གཟིག་གི་མགོ་ཅན་ཏྲི་ཤཱུལ་འཛིན་པ། གཏོགས་འདོད་དམར་སྐྱ་སྲེ་མོའི་མགོ་ཅན་འཁོར་ལོ་འཛིན་པ། གཞོན་ནུ་སེར་ནག་སྤྱང་ཀིའི་མགོ་ཅན་མདུང་ཐུང་འཕེན་པ། བརྒྱ་བྱིན་དམར་སེར་དྲེད་ཀྱི་མགོ་ཅན་ཞིང་དབྱུག་འཕྱར་བ། ཚོགས་བདག་དམར་སེར་དོམ་གྱི་མགོ་ཅན་ལྕགས་ཀྱུ་གདེངས་པ་སྟེ། དེ་ལྟར་ཤར་ཕྱོགས་ཀྱི་མ་བདུན་པོས་ཕྱག་གཡོན་རྡོ་རྗེ་འཛིན་པའོ། །ལྷོ་ཕྱོགས་སུ་རྡོ་རྗེ་མཐིང་ནག་ཆུ་སྲིན་གྱི་མགོ་ཅན་གཡས་ཁྲམ་ཤིང་འཕྱར་བ། བདུད་རྩི་སྔོ་སྐྱ་སྡིག་པའི་མགོ་ཅན་པདྨ་འཛིན་པ། བེ་ཅོན་དུད་ཁ་ཁྲའི་མགོ་ཅན་ཐོད་དབྱུག་འཕྱར་བ། སྲིན་མོ་མཐིང་ནག་ཆུ་སྲིན་གྱི་མགོ་ཅན་བྷནྡྷ་འཛིན་པ། ཟླ་བ་མཐིང་ནག་སྟག་གི་མགོ་ཅན་ཞིང་གི་བ་དན་འཕྱར་བ། ཟ་བ་སྨུག་ནག་ཀངྐའི་མགོ་ཅན་རྒྱུ་མ་འདྲེན་པ། མགྲིན་བཅུ་དམར་ནག་རྟའི་མགོ་ཅན་ཞགས་པ་འཛིན་པ་སྟེ། དེ་ལྟར་ལྷོ་ཕྱོགས་ཀྱི་མ་བདུན་པོས་ཕྱག་གཡོན་རིན་ཆེན་འཛིན་པའོ། །ནུབ་ཕྱོགས་སུ་དགའ་བ་དམར་མོ་སྲེ་མོའི་མགོ་ཅན་ལག་གཡས་གར་སྟབས་བྱེད་པའི་ཚུལ་ཅན། སྟོབས་ཆེན་སྨུག་ནག་ཁྱིའི་མགོ་ཅན་ཐོང་གཤོལ་འཛིན་པ། འཕྱང་མ་དམར་སྐྱ་པུ་ཤུད་ཀྱི་མགོ་ཅན་སྤུ་གྲི་འཛིན་པ། འདོད་པ་དུད་ཁ་ཤ་བའི་མགོ་ཅན་མདའ་གཞུ་འཛིན་པ། སྒོ་སྲུང་དམར་ནག་དོམ་གྱི་མགོ་ཅན་བུམ་པ་འཛིན་པ། རླུང་ལྷ་ལྗང་གུ་སྐྱིན་གྱི་མགོ་ཅན་བ་དན་འཕྱར་བ། བུམ་རྣ་དམར་ནག་ཕག་གི་མགོ་ཅན་ལྕགས་སྒྲོག་འཛིན་པ་སྟེ། དེ་ལྟར་ནུབ་ཕྱོགས་ཀྱི་མ་བདུན་པོས་ཕྱག་གཡོན་པདྨ་འཛིན་པའོ། །བྱང་ཕྱོགས་སུ་གསོད་བྱེད་སྨུག་ནག་ཁྲའི་མགོ་ཅན་གཡས་རལ་གྲི་འཕྱར་བ། མེ་མོ་ལྗང་གུ་སྐྱིན་གྱི་མགོ་ཅན་ཞིང་དབྱུག་འཕྱར་བ། ཕག་མོ་སྔོ་སྐྱ་བྱ་རོག་གི་མགོ་ཅན་རྒྱུ་ཞགས་འཛིན་པ། རྒན་བྱེད་ནག་མོ་སྐྱུང་ཀའི་མགོ་ཅན་བམ་ཆེན་འཛིན་པ། སྣ་ཆེན་མཐིང་ནག་རའི་མགོ་ཅན་བྷན་དམར་འཛིན་པ། ཆུ་ལྷ་དམར་མོ་སྤྲེའུའི་མགོ་ཅན་སྦྲུལ་ཞགས་འཛིན་པ། རྣམ་ཐོས་ལྗང་གུ་སྤྱང་མོའི་མགོ་ཅན་དྲིལ་བུ་འཛིན་པ་སྟེ། དེ་ལྟར་བྱང་ཕྱོགས་ཀྱི་མ་བདུན་པོས་ཕྱག་གཡོན་རྒྱ་གྲམ་འཛིན་ཅིང་། ཐམས་ཅད་ཀྱང་སྲིན་མོ་ཁྲོས་པའི་ཆ་ལུགས་ཅན་ནོ། །ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨཱོྃ་ལས་འཁོར་ལོ་དཀར་པོ་ཨཱོྃ་གྱིས་མཚན་པ། མགྲིན་པར་ཨཱཾཿལས་པདྨ་དམར་པོ་ཨཱཾཿས་མཚན་པ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། སྙིང་གའི་གནས་སུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡབ་རྣམས་ལ་ཧྲཱིཿདང་ཡུམ་རྣམས་མཿཡིག་གིས་མཚན་པའོ། །གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་ནི། ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་བསྐུལ་བས་ཡེ་ཤེས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པའི་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿས་མཁའ་ཁྱབ་ཏུ་སད་པར་མོས་ལ། ཧཱུྃ་ཧྲཱི༔ ཕྱོགས་དུས་མཁའ་ཀློང་དབྱིངས་ཀྱི་དཀྱིལ་འཁོར་དུ༔ རང་བཞིན་ལྷུན་གྲུབ་བདེ་གཤེགས་རིག་འཛིན་ཚོགས༔ ཨོ་རྒྱན་ཆོས་རྗེ་འགྲོ་མགོན་འོད་དཔག་མེད༔ རྣམ་འགྱུར་རྫུ་འཕྲུལ་ཞི་དང་ཁྲོ་གར་མཛད༔ གང་ལ་ཅིའི་འདུལ་དེ་ལ་དེར་སྤྲུལ་ཞིང༔ ཐུགས་རྗེས་རྒྱལ་སྲས་གདུལ་བྱའི་རེ་འདོད་སྐོང༔ བླ་མ་ཡི་དམ་ཞི་ཁྲོ་དབྱིངས་ཀྱི་ལྷ༔ དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོར་བཅས༔ ཡེ་ཤེས་པ་དང་དེའི་བཀའ་ཉན་རྣམས༔ དད་པ་དང་ནི་དམ་ཚིག་གདུང་སེམས་ཀྱིས༔ འཁོར་དང་བཅས་པ་བདག་གིས་སྤྱན་འདྲེན་ན༔ ཁྱེད་ཀྱི་ཐུགས་རྗེ་གཤེགས་བཞུགས་མི་མངའ་ཡང༔ འགྲོ་བློའི་བག་ཆགས་སྒྲིབ་གཉིས་རྟོག་སྦྱང་ཞིང༔ བྱིན་རླབས་དབང་དང་འདོད་དོན་བསྒྲུབ་པའི་ཕྱིར༔ གནས་འདིར་སྤྱན་འདྲེན་གདུལ་བྱའི་སྣང་ཚུལ་དུ༔ ཐུགས་རྗེས་ཡུད་ཙམ་དུ་ནི་གཤེགས་སུ་གསོལ༔ ཨཱོྃ་ཨཱཾཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི༔ སརྦ་བུདྡྷ་བོ་དྷི་སཏྭ༔ བཛྲ་མ་ཧཱ་ཀྲོ་དྷ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ ས་པ་རི་ཝཱ་ར་ས་མ་ཡ་ཛ༔ ཨེ་ཨཱ་རལླི༔ ཧྲིཾ་ཧྲིཾ་ཕེཾ་ཕེཾ༔ ཞེས་སྤྱན་དྲངས། གསུམ་པ་བཞུགས་སུ་གསོལ་བ་ནི། ཧྲཱི༔ དཀྱིལ་འཁོར་གདན་བཀོད་ཡངས་པའི་གནས་མཆོག་འདིར༔ བླ་མ་ཡི་དམ་ཞི་ཁྲོ་དྷཱ་ཀིའི་ཚོགས༔ དཔའ་བོ་དཔའ་མོ་སྲུང་མར་བཅས་པ་རྣམས༔ ཐུགས་རྗེས་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ སྐུ་ཡི་རྣམ་འགྱུར་ཕྱག་རྒྱས་བྱིན་གྱིས་རློབས༔ གསུང་གི་སྙིང་པོ་གདམས་པའི་གནད་བསྒྲག་ཅིང༔ དོན་དམ་ཐུགས་ཀྱི་དགོངས་པའི་སྒོ་དབྱེ་འཚལ༔ ཡོན་ཏན་རེ་སྐོང་དོན་དུ་སྐུ་བཞུགས་གསོལ༔ ཕྲིན་ལས་འགྲོ་འདུལ་དགྱེས་པར་ཞལ་བསྟན་ཅིང༔ སྒྲུབ་མཆོག་མོས་པའི་བུ་ལ་བྱིན་གྱིས་རློབས༔ ཨཱོྃ་ཨཱཾཿཧཱུྃ༔ བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི༔ བཛྲ་མ་ཧཱ་ཀྲོ་དྷ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ ས་པ་རི་ཝཱ་ར་ས་མ་ཡ༔ པདྨ་ཀ་མ་ལཱ་ཡ་སྟྭཾ༔ ཏིཥྛ་བཛྲ་ཧཱུྃ༔ ཞེས་དམ་ཡེ་དབྱེར་མེད་དུ་བཞུགས་པར་མོས། བཞི་པ་དབང་བསྐུར་བ་ནི། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པ་ལ། པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཕྱོགས་བཅུའི་བཅོམ་ལྡན་དེ་བཞིན་གཤེགས་པ་རྣམས༔ རྩ་བ་གསུམ་གྱི་ལྷ་ཚོགས་བདག་ཉིད་ཆེ༔ རིགས་ལྔའི་རང་བཞིན་ཐུགས་རྗེ་ཅན་རྣམས་ཀྱིས༔ དབང་བསྐུར་དམ་པ་དེང་འདིར་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས། ཕྱོགས་བཅུའི་སངས་རྒྱས་རིགས་ལྔ་སྲས་དང་བཅས་པས་དབང་བསྐུར་བའི་དགོངས་པ་མཛད། ཁྲོ་བོ་བཅུས་བགེགས་བསྐྲད། ལྷ་མོ་རྣམས་ཀྱིས་ཤིས་པ་བརྗོད། རིགས་ཀྱི་ཡུམ་ལྔས་བུམ་པ་བདུད་རྩིའི་གང་བ་ཐོགས་ཏེ། ཧྲཱི༔ དབང་བསྐུར་མཆོག་གི་རང་བཞིན་རྡོ་རྗེ་ཆེ༔ ཁམས་གསུམ་མ་ལུས་ཀུན་གྱིས་ཕྱག་བྱས་པ༔ དུས་གསུམ་སངས་རྒྱས་རྣམས་ཀྱི་གསང་གསུམ་གྱི༔ གནས་ལས་བྱུང་བ་ཁྱོད་ལ་སྦྱིན་པར་བྱ༔ ཨཱོྃ་ཨཱཾཿཧཱུྃ་ན་མཿསརྦ་ཏ་ཐཱ་ག་ཏ་བཛྲ་ཨུ་ད་ཀ་སྭ་བྷཱ་ཝ་ཨ་བྷི་ཥིཉྩ་ཧྲཱི༔ སུ་ར་ཏེ་སྟྭཾ༔ ཞེས་གསུངས་ཤིང་དབང་བསྐུར་པས་བདུད་རྩིའི་རྒྱུན་གྱིས་ཚངས་བུག་ནས་རྐང་མཐིལ་ཡན་ཆད་གང་། སྒོ་གསུམ་གྱི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་སོ་སོ་ལ་རིགས་བདག་སོ་སོས་དབུ་བརྒྱན་པར་གྱུར། ཅེས་འདི་སྐབས་སུ་གཙོ་མཆོག་ནི་པདྨའི་རིགས་ཡིན་ལ། ཕྱོགས་ཀྱི་གཙོ་བོ་རྣམས་ཕྲིན་ལས་བཞི་སྤྱི་མཐུན་ལྟར་དང་། མཚམས་ཀྱི་གཙོ་བོ་རྣམས་ལས་མེ་ཕྲེང་དང་རྟ་མགྲིན་ནི་དབང་གི་རིགས། སངས་རྒྱས་དཔའ་བོ་སྐུ། ཕྱག་རྡོར་ཐུགས་ཀྱི་རིགས་དང་། འཁོར་རྣམས་ཀྱང་ལས་བཞིའི་རིགས་ངེས་པ་རྣམས་ནི་དེ་ཉིད་དང་། མ་ངེས་པ་རྣམས་ལ་ནི་རྣམ་སྣང་གཙོ་བོར་བྱས་པའི་རིགས་ལྔས་དབུ་རྒྱན་དུ་རྒྱས་གདབ་པའོ། །ཨཱོྃ་ན་མཿསརྦ་ཏ་ཐཱ་ག་ཏ༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་བོ་དྷི་ཙིཏྟ་བཛྲ་མ་ཧཱ་ཀྲོ་དྷ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་སྐུ་གསུང་ཐུགས་རྡོ་རྗེ་ཆེ་བའི་ང་རྒྱལ་བསྐྱེད་དོ། །ལྔ་པ་ཕྱག་བྱ་བ་ནི། ཧཱུྃ་ཧྲཱི༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ འགྲོ་བ་སེམས་ཅན་ཡོངས་ཀྱི་སྐྱབས་གཅིག་པོ༔ ཀུན་གྱི་གཙུག་རྒྱན་ལྷ་ཡི་ལྷར་གྱུར་པ༔ དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ༔ ཞི་ཁྲོ་འབར་བ་ཡབ་ཡུམ་སྲས་དང་འཁོར༔ འབར་བའི་ཀློང་ན་རོལ་པའི་སྟངས་སྟབས་འགྱེད༔ ཆོ་འཕྲུལ་དུ་མས་ཕྱོགས་རྣམས་ཀུན་ཏུ་ཁྱབ༔ ཡི་དམ་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་ལོ༔ སྣང་སྲིད་ཡོངས་ལ་དབང་བསྒྱུར་མཛད་པ་མོ༔ གར་ཡང་ཐོགས་མེད་རྒྱུག་པའི་མཐུ་རྩལ་ཅན༔ བྷ་གའི་ཀློང་ན་བདེ་བའི་རྩལ་འབྱིན་མ༔ མ་མོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ཕྱི་ནང་བཀའ་ཡི་བསྟན་པ་སྲུང་བྱེད་ཅིང༔ བདུད་དང་བར་ཆད་རུ་དྲ་འདུལ་བ་ཡི༔ སྟོབས་ཆེན་ཕོ་ཉ་ལས་མཁན་མཐུ་རྩལ་ཅན༔ དམ་ཅན་སྲུང་མའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ དྲུག་པ་མཆོད་པ་འབུལ་བ་ལ། ཕྱི་མཆོད་ནི། ཧཱུྃ་ཧྲཱི༔ ཡོན་ཆབ་མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སྒྲ་སྙན་གཟུགས་སྒྲ་དྲི་རོ་རེག༔ མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་ཅིང༔ བཀོད་མཛེས་བླ་མ་ཡི་དམ་མཁའ་འགྲོ་མཆོད༔ ལྷ་ཚོགས་མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ དངོས་འབྱོར་ཡིད་སྤྲུལ་འདོད་ཡོན་སྤྲིན་ཚོགས་རྣམས༔ རྒྱལ་བ་འཁོར་དང་བཅས་ལ་དད་པས་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨཱོྃ་ཨཱཾཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི༔ ས་པ་རི་ཝཱ་ར༔ ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་ཧོ༔ བཛྲ་པུཥྤེ་པཱུ་ཛ་ཧོ༔ བཛྲ་དྷཱུ་པེ་པཱུ་ཛ་ཧོ༔ བཛྲ་ཨཱ་ལོ་ཀེ་པཱུ་ཛ་ཧོ༔ བཛྲ་གནྡྷེ་པཱུ་ཛ་ཧོ༔ བཛྲ་ནཻ་བིདྱཱ་པཱུ་ཛ་ཧོ༔ བཛྲ་ཤབྡ་པཱུ་ཛ་ཧོ༔ མཆོད་པའི་དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ༔ ཆོས་དབྱིངས་ངང་ལ་ཐམས་ཅད་མཉམ་ཉིད་རོལ༔ འབྱུང་བའི་རང་མདངས་ནམ་མཁའི་འོད་ཆེན་པོ༔ འདོད་ཡོན་མཆོད་པ་ཆེན་པོ་བཞེས་སུ་གསོལ༔ གཟུགས་ཀྱི་ལྷ་མོ་ལག་གཉིས་མེ་ལོང་བསྣམས༔ མཛེས་པའི་གར་སྟབས་བསྐྱོད་པས་ཕྱོགས་བཅུར་གཡོ༔ ཤིན་ཏུ་སྒེག་ཅིང་གཟི་བརྗིད་དཔལ་འབར་མ༔ གཟུགས་ཀྱི་ལྷ་མོ་ལྷ་ཚོགས་སྤྱན་ལ་ཐིམ༔ ཨཱོྃ་བཛྲ་དེ་ཝཱི་རཱུ་པ་པཱུ་ཛ་ཧོ༔ སྒྲ་ཡི་ལྷ་མོ་ལག་གཉིས་པི་ཝང་བསྣམས༔ འདྲེན་པའི་སྒྲ་སྙན་གཡོ་བ་ཕྱོགས་བཅུར་སྒྲོག༔ གསུང་སྙན་འགག་མེད་ཡིད་འཕྲོག་བདེ་བའི་དབྱངས༔ ཆོས་དབྱངས་སྒྲ་ཡི་ལྷ་མོ་སྙན་ལ་ཐིམ༔ ཨཱོྃ་བཛྲ་དེ་ཝཱི་ཤབྡ་པཱུ་ཛ་ཧོ༔ དྲི་ཡི་ལྷ་མོ་ལག་གཉིས་སྤོས་ཕོར་བསྣམས༔ སྤོས་ཀྱི་དྲི་ལྡང་བདུག་པ་ཕྱོགས་བཅུར་འཕྲོ༔ ཀུན་ཏུ་དྲི་ཡི་མཆོད་པས་ཚིམ་བྱེད་མ༔ བདུག་སྤོས་དྲི་ཡི་ལྷ་མོ་ཤངས་ལ་ཐིམ༔ ཨཱོྃ་བཛྲ་དེ་ཝཱི་དྷཱུ་པེ་པཱུ་ཛ་ཧོ༔ རོ་ཡི་ལྷ་མོ་བདུད་རྩིའི་གཞོང་ཐོགས་ཤིང༔ བཅུད་དང་ལྡན་པའི་རོ་བཅུད་ཀུན་ཏུ་འཕྲོ༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་པ་སྐོང་མཛད་མ༔ བདུད་རྩི་རོ་ཡི་ལྷ་མོ་ལྗགས་ལ་ཐིམ༔ ཨཱོྃ་བཛྲ་དེ་ཝཱི་ར་ས་པཱུ་ཛ་ཧོ༔ རེག་བྱའི་ལྷ་མོ་མཉེན་ལྕུགས་འཁྲིལ་སྦྱོར་མ༔ ཐུགས་ཀ་དག་ནས་ཡོངས་སུ་འཁྱུད་པར་མཛད༔ བདེ་བ་མྱོང་རེག་དགྱེས་ཤིང་ཚིམ་པར་བྱེད༔ འདོད་ཡོན་རེག་བྱའི་ལྷ་མོ་སྐུ་ལ་ཐིམ༔ ཨཱོྃ་བཛྲ་དེ་ཝཱི་སྤརྴེ་པཱུ་ཛ་ཧོ༔ འདོད་ཡོན་མཆོད་པའི་ལྷ་མོ་འདི་རྣམས་ཀྱང༔ སྐུ་གསུང་ཐུགས་ལས་རང་བྱུང་སྤྲུལ་སྒྱུར་ཞིང༔ ཐམས་ཅད་རང་རང་མ་ལུས་ཆོས་ཀྱི་དབྱིངས༔ ཆོས་ཀྱི་ལྷ་མོ་ཐུགས་ལ་ཐིམ་སྟེ་རོལ༔ ཨཱོྃ་བཛྲ་དེ་ཝཱི་དྷརྨ་པཱུ་ཛ་ཧོ༔ ནང་མཆོད་ནི། དབང་པོ་རྣམ་ལྔའི་མེ་ཏོག་གསུར་ཆེན་སྤོས༔ ཞུན་ཆེན་མར་མེ་མཁྲིས་པའི་གྷནྡྷེ་དང༔ བདུད་རྩི་ཞལ་ཟས་རྐང་གླིང་ཐོད་རྔ་རྣམས༔ རྩ་གསུམ་ཞི་ཁྲོའི་དཀྱིལ་འཁོར་ཚོགས་ལ་འབུལ༔ ཨཱོྃ་ཨཱཾཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་བུདྡྷ་བོ་དྷི་སཏྭ་བཛྲ་མ་ཧཱ་ཀྲོ་དྷ་མ་ཧཱ་པཱུ་ཛ་ཧོ༔ གསང་མཆོད་ནི། ཡབ་ཡུམ་གཉིས་སུ་མེད་པའི་མཁའ་གསང་ནས༔ བྱང་ཆུབ་སེམས་ལྡན་ཐབས་དང་ཤེས་རབ་བཅུད༔ དངོས་གྲུབ་དགའ་བཞིའི་ཡེ་ཤེས་བདེ་ཆེན་མཆོག༔ རྣམ་རོལ་རྩ་གསུམ་ཞི་ཁྲོ་དགྱེས་པར་ཚིམས༔ ཨཱོྃ་ཨཱཾཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་བུདྡྷ་བོ་དྷི་སཏྭ་བཛྲ་མ་ཧཱ་ཀྲོ་དྷ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ བདུད་རྩིའི་མཆོད་པ་ནི། ཧཱུྃ་ཧྲཱི༔ རང་བྱུང་གདོད་ནས་རྣམ་པར་དག་པའི་ངང༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན་ཆེན་པོ༔ རིགས་ལྔ་ཡབ་ཡུམ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་ལྷུན་གྱིས་གྲུབ་པའི་རྫས༔ ཉོན་མོངས་དུག་ལྔ་འཇོམས་པའི་བདུད་རྩི་འདི༔ རྩ་གསུམ་ཞི་ཁྲོའི་དཀྱིལ་འཁོར་ཚོགས་ལ་འབུལ། །བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཨཱོྃ་ཨཱཾཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ རཀྟའི་མཆོད་པ་ནི། ཧཱུྃ་ཧྲཱི༔ ལྕང་ལོར་བཅས་པའི་བྷནྡྷ་ཆེན་པོ་རུ༔ ཉོན་མོངས་འཁོར་བ་བསྒྲལ་པའི་ཁྲག་ཆེན་སྦྱར༔ ཡོན་ཏན་ཀུན་འབྱུང་བཅུད་ཀྱི་ངར་རྩི་འདི༔ རྩ་གསུམ་ཞི་ཁྲོའི་དཀྱིལ་འཁོར་ཚོགས་ལ་འབུལ། །ཐུགས་དམ་གཉན་པོ་བསྐང་ཕྱིར་བཞེས་སུ་གསོལ༔ ཨཱོྃ་ཨཱཾཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི༔ མ་ཧཱ་རཀྟ་ཨི་དཾ་དུཥྚཱཾ་ཁཱ་ཧི༔ གཏོར་མའི་མཆོད་པ་ནི། ཧཱུྃ་ཧྲཱི༔ དམ་རྫས་བདུད་རྩིའི་གཏོར་མ་རྫས་ཆེན་པོ༔ སྣ་ཚོགས་འབྲུ་བཅུད་སྦྱར་པའི་ཞལ་ཟས་མཆོག༔ འདོད་ཡོན་ལོངས་སྤྱོད་མཆོད་པ་ཆེན་པོ་འདི༔ རྩ་གསུམ་ཞི་ཁྲོའི་དཀྱིལ་འཁོར་ཚོགས་ལ་འབུལ། །དགྱེས་པའི་ཚུལ་གྱིས་བཞེས་པ་ཆེན་པོར་རོལ༔ ཨཱོྃ་ཨཱཾཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི༔ མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། ནམ་མཁའ་ཡེ་ཤེས་ཀུན་བཟང་ཡངས་པའི་ཀློང༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཆེ༔ ཕྲག་དོག་རྣམ་རོལ་བདེ་ཆེན་དགྱེས་པའི་རོ༔ མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད༔ མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་ཛྙཱ་ན་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ བདུན་པ་བསྟོད་པ་ནི། ཧཱུྃ་ཧྲཱི༔ སྐྱེ་མེད་རྣམ་དག་ཆོས་དབྱིངས་ཕོ་བྲང་ནས༔ མ་བཅོས་ལྷུན་གྱིས་གྲུབ་པའི་བཅོམ་ལྡན་འདས༔ མ་འགགས་རང་བྱུང་ཐུགས་རྗེས་ཀུན་ལ་ཁྱབ༔ སྨྲ་བསམ་བརྗོད་དང་བྲལ་ལ་ཕྱག་འཚལ་བསྟོད༔ ཆོས་སྐུ་ནམ་མཁའ་ལྟ་བུར་དབྱེར་མེད་ཀྱང༔ སྣང་ཚུལ་གཞན་དོན་རོལ་པ་སྣ་ཚོགས་གསལ༔ ཐབས་ཤེས་བདེན་པ་གཉིས་ལ་མངའ་བརྙེས་པའི༔ ཞི་ཁྲོ་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་བསྟོད༔ འགྲོ་རྣམས་བདེ་ཆེན་ས་ལ་འགོད་མཛད་ཕྱིར༔ གང་ལ་གང་འདུལ་ཚུལ་དུ་སྐུར་སྣང་ཞིང༔ ཆོ་འཕྲུལ་གར་བསྒྱུར་ཅིར་ཡང་སྟོན་པ་པོ༔ སྤྲུལ་སྐུས་གཞན་དོན་མཛད་ལ་ཕྱག་འཚལ་བསྟོད༔ དཀྱིལ་འཁོར་དགུ་རྫོགས་དབུས་ཀྱི་ཕོ་བྲང་ནས༔ བཅོམ་ལྡན་གཙོ་མཆོག་པདྨ་བཛྲ་རྩལ༔ ཡབ་ཡུམ་སྲས་དང་འཁོར་དང་བཀའ་སྲུང་བཅས༔ གཙོ་བོ་དབུས་ཕྱོགས་ལྷ་ལ་ཕྱག༴ ཤར་གྱི་ཕྱོགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ རིགས་མཆོག་དག་པ་བུདྡྷ་ཐོད་ཕྲེང་རྩལ༔ ཡབ་ཡུམ་སྲས་དང་འཁོར་དང་བཀའ་སྲུང་བཅས༔ ཕོ་བྲང་ཤར་ཕྱོགས་ལྷ་ལ་ཕྱག༴ ལྷོ་ཡི་ཕྱོགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ མི་བསྐྱོད་རྡོ་རྗེ་རྒྱལ་བ་ཀུན་གྱི་དངོས༔ ཡབ་ཡུམ་སྲས་དང་འཁོར་དང་བཀའ་སྲུང་བཅས༔ ཕོ་བྲང་ལྷོ་ཕྱོགས་ལྷ་ལ་ཕྱག༴ ནུབ་ཀྱི་ཕྱོགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ བཅོམ་ལྡན་དཔལ་ཆེན་པདྨ་དབང་ཆེན་རྩལ༔ ཡབ་ཡུམ་སྲས་དང་འཁོར་དང་བཀའ་སྲུང་བཅས༔ ཕོ་བྲང་ནུབ་ཕྱོགས་ལྷ་ལ་ཕྱག༴ བྱང་གི་ཕྱོགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ རིག་འཛིན་གཙོ་མཆོག་དཔལ་ཆེན་ཐོད་པ་རྩལ༔ ཡབ་ཡུམ་སྲས་དང་འཁོར་དང་བཀའ་སྲུང་བཅས༔ ཕོ་བྲང་བྱང་ཕྱོགས་ལྷ་ལ་ཕྱག༴ ཤར་ལྷོ་མཚམས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ མདོག་དམར་མེ་ཕྲེང་དྲག་པོ་རྩལ་གྱི་སྐུ༔ ཡབ་ཡུམ་སྲས་དང་འཁོར་དང་བཀའ་སྲུང་བཅས༔ ཤར་ལྷོའི་ལྷ་ཚོགས་རྣམས་ལ་ཕྱག༴ ལྷོ་ནུབ་མཚམས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ སངས་རྒྱས་དཔའ་བོ་ཐོད་པའི་དུམ་བུ་འཆང༔ ཡབ་ཡུམ་སྲས་དང་འཁོར་དང་བཀའ་སྲུང་བཅས༔ ལྷོ་ནུབ་ལྷ་ཚོགས་རྣམས་ལ་ཕྱག༴ ནུབ་བྱང་མཚམས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ བཅོམ་ལྡན་དཔལ་ཆེན་རྟ་མགྲིན་དབང་གི་རྒྱལ༔ ཡབ་ཡུམ་སྲས་དང་འཁོར་དང་བཀའ་སྲུང་བཅས༔ ནུབ་བྱང་ལྷ་ཚོགས་རྣམས་ལ་ཕྱག༴ བྱང་ཤར་མཚམས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ དཔལ་ཆེན་ལག་ན་རྡོ་རྗེ་གསང་བའི་བདག༔ ཡབ་ཡུམ་སྲས་དང་འཁོར་དང་བཀའ་སྲུང་བཅས༔ བྱང་ཤར་ལྷ་ཚོགས་རྣམས་ལ་ཕྱག༴ དཀྱིལ་འཁོར་ཆེན་པོའི་སྒོ་བ་མ་བཞི་དང༔ མཚམས་མ་ཕྱེད་གཟུགས་བར་ཁྱམས་ལ་གནས་པའི༔ དཔའ་བོ་དཔའ་མོ་ཡབ་ཡུམ་ཉི་ཤུ་བཞི༔ དཀྱིལ་འཁོར་ཡོངས་རྫོགས་རྣམས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་དོ། །བརྒྱད་པ་ཛཔ྄་བཟླ་བ་ནི། ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བ་ཁོང་སེང་གི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར། སྣང་བ་མཐའ་ཡས་དམར་ལ་དྭངས་པ་རྒྱན་མེད་སྐྱིལ་ཀྲུང་མཉམ་གཞག་མཛད་པའི་མཐིལ་དུ། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི་ཐུགས་ཀྱི་འོད་ཟེར་ལས་གྲུབ་པའི་བུམ་པ་འོད་འབར་བའི་ནང་དུ་ཨཱོྃ་ཨཱཾཿཧཱུྃ་བརྩེགས་མར་གནས་པ་དང་། ཐུགས་ཀར་ཧྲཱིཿཡིག་དམར་པོ་གསལ་འཚེར་འབར་བ། སྣང་བ་མཐའ་ཡས་ཀྱི་མཐའ་སྐོར་དུ་མདུན་ཕྱོགས་ནས་གཡས་སྐོར་གྱིས། ཨཱོྃ་ཨཱཾཿཧཱུྃ་ཧྲཱི༔ བཛྲ་གུ་རུ་པདྨ་སིདྡྷི༔ དྷེ་བ་དྷཱ་ཀི་ནཱི༔ བོ་དྷི་ཙིཏྟ༔ མ་ཧཱ་སུ་ཁ༔ བཛྲ་མ་ཧཱ་ཀྲོ་དྷ༔ ཤཱནྟི་ཀ༔ ཧྲཱིཿམ་ཧ་རི་ནི་ས༔ ར་ཙ་ཧྲི་ཡ༔ སརྦ་སིདྡྷི༔ ཀཱ་ཡ་ཝཱ་ཀ་ཙིཏྟ༔ ཛྙཱ་ན་སཏྭ༔ ཨ་མི་དྷེ་ཝ༔ མ་མ་ཙིཏྟ༔ སཾ་བྷ་ཝ་ཨ་དྷིཥྛཱ་ནཾ༔ མ་མ་ཨཱ་ཡུརྫྙཱ་ན༔ སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ ཞེས་པས་བསྐོར་བ་ལས་སྔགས་ཀྱི་རང་སྒྲས་བསྐུལ་ཏེ་སྔགས་འབྲུ་རྣམས་འོད་དཔག་མེད་ལ་བསྐོར་བ་བྱེད་པའི་ཚུལ་དུ་དམར་འོད་ཧྲཾ་ཧྲཾ་འཁོར་ཞིང་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་པས། བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་ནུས་སྟོབས་ཐམས་ཅད་བསྡུས་ནས་དམ་ཚིག་པའི་སྔགས་འབྲུ་རྣམས་ལ་ཐིམ་པ་ཙམ་གྱིས། སྔགས་ཕྲེང་ཐམས་ཅད་བཀྲག་དང་གཟི་མདངས་བསམ་གྱིས་མི་ཁྱབ་པར་འབར་ཞིང་། སྔགས་ཀྱི་སྒྲ་སྐད་འབྲུག་སྟོང་ལྡིར་བ་ལྟར་གྲགས་པར་གྱུར། སླར་ཡང་ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་སྔགས་འབྲུ་དང་བུམ་ནང་གི་ཨཱོྃ་ཨཱཾཿཧཱུྃ་གསུམ་ལས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལ་ཕོག་པས་མཉེས་པའི་མཆོད་པར་གྱུར། ཐུགས་དམ་གྱི་རྒྱུད་བསྐུལ་བས་དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ནུས་བཅུད། དཔལ་དང་གྲགས་པ་གཟི་མདངས་དང་བཅས་པ་ཐམས་ཅད་ཚུར་འདུས་ནས་འོད་དཔག་མེད་ཀྱི་བུམ་པར་ཞུགས། ཡང་སྟོང་གསུམ་མི་མཇེད་འཇིག་རྟེན་ཁམས་ཀྱི་འགྲོ་བ་ཕོ་མོ་ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱི་ཚེ་བསོད་དཔལ་འབྱོར་སྙན་གྲགས་དྭངས་བཅུད་ནུས་མཐུ་ཐམས་ཅད་ཀྱང་། རང་དབང་མེད་པར་འདུས་ནས་བུམ་པར་ཞུགས་པས་བུམ་པ་མེར་གྱིས་གང་། བུམ་ཅོལ་ནས་ཟག་པ་མེད་པའི་བདུད་རྩི་ལུད་པ་རྡོ་རྗེ་ལ་ཕོག །རྡོ་རྗེ་ལས་བདུད་རྩི་དཀར་པོ་འཕྲོས་ཏེ་པདྨ་ལ་ཕོག །པདྨ་ལས་བདུད་རྩི་དམར་པོ་བྱུང་སྟེ། བདུད་རྩི་དཀར་དམར་འདྲེས་པའི་རྒྱུན་གྱིས་ཡབ་ཡུམ་གྱི་སྐུའི་ཆ་ཐམས་ཅད་ཁེངས་པས། བདེ་བ་རྒྱས་ཤིང་སྙོམས་འཇུག་མཛད་པའི་སྦྱོར་མཚམས་ནས་བདེ་བའི་ཡེ་ཤེས་ཀྱི་འོད་ཟེར་འཕྲོས། ཕྱོགས་དུས་བདེ་གཤེགས་རྩ་བ་གསུམ་གྱི་དཀྱིལ་འཁོར་ལ་ཕོག་པས། དེ་ཐམས་ཅད་ཀྱང་ཡབ་ཡུམ་སྙོམས་འཇུག་མཛད་པའི་སྦྱོར་མཚམས་ནས་ཟག་མེད་བདེ་བའི་ཡེ་ཤེས་ཀྱི་བདུད་རྩི་བྱུང་སྟེ་བདག་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས། ཚེ་བསོད་དཔལ་འབྱོར་སྙན་གྲགས་སྟོབས་རྩལ་ནུས་མཐུ་ཐམས་ཅད་དར་ཞིང་རྒྱས། རྣམ་བཞིའི་ལས་ལ་དབང་བའི་དངོས་གྲུབ་ལ་སོགས་ཇི་ལྟར་འདོད་པའི་དོན་འབྲས་ཕུན་སུམ་ཚོགས་པ་དང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ལ་མངའ་བརྙེས་པར་གྱུར། ཅེས་གསལ་བཏབ་ལ། གོང་གི་སྤྱི་དྲིལ་ཆེན་མོ་ཉིད་ཅི་འགྲུབ་ཏུ་བཟླ་ཞིང་ཐུན་མཚམས་སུ་སྟོང་ཚིགས་ཀྱིས་མཆོད། གཞན་དོན་གྱི་སྐབས་སུ་བུམ་བཟླས་སོགས་ལས་སྦྱོར་གྱི་བཟླས་པའང་བྱ། བར་འདིར་རྡོ་རྗེའི་ཆོས་སྐྱོང་སྤྱི་དང་བྱེ་བྲག་རྟ་ནག །ཤ་ཟ་ཁ་མོ་ཆེ། བཙན་རྒོད་བཅས་ཀྱི་གཏོར་ཆོག་རྒྱས་བསྡུས་ཇི་ལྟར་རིགས་པ་བྱའོ། །གསུམ་པ་ཉམས་བཤགས་སྐོང་བའི་རྣལ་འབྱོར་ལ་གཉིས། འགྱོད་ཚངས་བཤགས་པའི་ལས་རིམ་དང་། ཐུགས་དམ་བསྐང་བའི་ཆོ་གའོ། །དང་པོ་ལའང་། ལུས་ཀྱིས་ཕྱག་འཚལ་བའི་སྒོ་ནས་བཤགས་པ། ངག་གིས་སྔགས་བཟླ་བའི་སྒོ་ནས་བཤགས་པ། ཡིད་མ་བཅོས་ལྟ་བའི་ཀློང་གིས་བཤགས་པ། ལུས་ངག་ཡིད་གསུམ་ཀའི་སྒོ་ནས་སྨྲེ་སྔགས་འགྱོད་ཚིག་གིས་བཤགས་པ་དང་བཞི་ལས། དང་པོ་ལུས་ཀྱིས་ཕྱག་འཚལ་བའི་སྒོ་ནས་བཤགས་པ་ནི། རང་རང་རྣམས་ཀྱི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བ་ཙམ་གྱིས། ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་ངན་པ་ཐམས་ཅད་དང་། གནས་སྐབས་ཀྱི་མི་མཐུན་པའི་ཕྱོགས་ངན་པ་དང་བཅས་པ་ཐམས་ཅད་སངས་སང་དག་པར་བསམ་ལ། ཨེ་མ་ཧོ༔ སངས་རྒྱས་ཀུན་དངོས་རྡོ་རྗེ་ལྟ་བུའི་སྐུ༔ མཚན་དང་དཔེ་བྱད་དུ་མའི་དཔལ་འབར་ཞིང༔ འགྲོ་བའི་དོན་ཕྱིར་སྤྲུལ་པ་དཔག་མེད་འགྱེད༔ དུས་གསུམ་བླ་མའི་སྐུ་ལ་ཕྱག་འཚལ་ལོ༔ འགག་མེད་གྲགས་སྟོང་ཚངས་པའི་སྒྲ་དབྱངས་ཀྱིས༔ འགྲོ་རྣམས་གསུང་རབ་ཟབ་མོས་སྐྱོང་མཛད་ཅིང༔ མ་ནོར་ལམ་མཆོག་སྟོན་པའི་རིན་པོ་ཆེ༔ བསྟན་པའི་སྒྲོན་མེ་ཁྱོད་ལ་ཕྱག་འཚལ་ལོ༔ རྣམ་དག་བདེ་བ་ཆེན་པོའི་ཀློང་ཡངས་ནས༔ མཁྱེན་རྟོགས་བརྩེ་བའི་ནུས་པ་དཔག་ཡས་ཀྱིས༔ ཡང་དག་དོན་གྱི་བཅུད་ཆར་འབེབ་པ་པོ༔ ཀུན་མཁྱེན་རྡོ་རྗེའི་ཐུགས་ལ་ཕྱག་འཚལ་ལོ༔ ངང་ཉིད་ཞི་བའི་དབྱིངས་ལས་འབར་བའི་སྐུ༔ མཐུ་དཔུང་གར་དགུའི་ཉམས་ལྡན་སྟོབས་པོ་ཆེ༔ ཞི་དང་ཁྲོ་གར་འཛུམ་པའི་མདངས་སྟོན་པ༔ འགྱུར་མེད་རྡོ་རྗེའི་སྐུ་ལ་ཕྱག༴ ཁྱོད་གསུང་སྔགས་ཀྱི་སྒྲ་དབྱངས་འབྲུག་སྟོང་ལྡིར༔ མ་རུངས་བདུད་དཔུང་འདུལ་ཞིང་རྒོལ་ངན་འཇོམས༔ ཨཱ་ལི་ཀཱ་ལིའི་མངའ་བདག་མཐུ་སྟོབས་ཅན༔ པདྨའི་ལྗགས་ལྡན་དེ་ལ་ཕྱག༴ གཏི་མུག་ལ་སོགས་འཁྲུལ་འཁོར་རང་དག་ངང༔ ཡེ་ཤེས་དབྱིངས་ཀྱི་དཀྱིལ་འཁོར་དེ་བཞིན་ཉིད༔ ཐམས་ཅད་ལྷུན་གྲུབ་ཡང་དག་དོན་ལྡན་ཐུགས༔ དངོས་གྲུབ་ཀུན་འབྱུང་དེ་ལ་ཕྱག༴ འབར་བའི་འོད་དང་འོད་ཁྱིམ་གཞལ་ཡས་སུ༔ དཀར་སེར་དམར་ལྗང་སྣ་ཚོགས་སྐུར་སྟོན་ཅིང༔ སྤྲུལ་དང་ཡང་སྤྲུལ་གར་ཡང་ཐོགས་མེད་རྒྱུ༔ མ་ཚོགས་མཁའ་འགྲོའི་སྐུ་ལ་ཕྱག༴ ཅིར་ཡང་མ་ངེས་སྣ་ཚོགས་སྒྲ་སྒྱུར་ཞིང༔ སྔགས་ཀྱི་བསྟན་སྲུང་འགྲོ་བའི་འཇིགས་པ་སྐྱོབ༔ འབྱུང་བའི་བཅུད་འདུས་ངག་གི་དབང་ཕྱུག་མ༔ མ་མོ་དྷཱ་ཀིའི་གསུང་ལ་ཕྱག༴ ཐུགས་རྗེ་བདེ་བ་ཆེན་པོའི་ཀློང་ཡངས་ནས༔ ཞི་རྒྱས་དབང་སོགས་ཕྲིན་ལས་དུ་མ་ཡིས༔ གང་ལ་གང་འདུལ་དེ་ལ་དེར་སྟོན་ཞིང༔ འགྲོ་རྣམས་རྗེས་སུ་འཛིན་ལ་ཕྱག༴ ལྷ་མིའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས༔ མཚན་ཐོས་ཙམ་གྱིས་འཁོར་བའི་སྡུག་བསྔལ་སྐྱོབ༔ འགྲོ་བའི་བླ་མཆོད་རྐང་གཉིས་རྣམས་ཀྱི་མཆོག༔ ཕན་བདེའི་འབྱུང་གནས་དེ་ལ་ཕྱག༴ གང་དག་ལམ་ལོག་ལམ་གོལ་ལམ་ནོར་རྣམས༔ ལམ་ངན་མུན་པའི་སྨག་རུམ་སེལ་བྱེད་ཅིང༔ ཐེག་མཆོག་འོད་ཀྱི་སྒྲོན་མེ་རབ་གསལ་མཛད༔ དམ་ཆོས་རིན་ཆེན་དེ་ལ་ཕྱག༴ བླ་མེད་ཡང་དག་དོན་ལྡན་ཚོགས་ཀྱི་ཞིང༔ བྱང་ཆུབ་སེམས་ལྡན་ཕྱིར་མི་ལྡོག་པའི་གྲོགས༔ ཚངས་པར་མཚུངས་སྤྱོད་འཕགས་པའི་དགེ་འདུན་ཏེ༔ བྱང་སེམས་འཕགས་པའི་ཚོགས་ལ་གུས་ཕྱག་འཚལ༔ ཧྲཱི༔ མ་ཆགས་སྐྱོན་བྲལ་པདྨ་རིགས་ཀྱི་ལྷ༔ པདྨ་བཛྲ་དཀྱིལ་འཁོར་ཡོངས་ཀྱི་གཙོ༔ ཐུགས་དམ་སྐོང་མཛད་ལྷ་ལྕམ་མནྡཱ་ར༔ ཡབ་ཡུམ་གཉིས་སུ་མེད་ལ་ཕྱག་འཚལ་ལོ༔ མེ་ལོང་ལྟ་བུའི་ཡེ་ཤེས་ངོ་བོ་ཉིད༔ ཞེ་སྡང་རང་གྲོལ་ཞེ་སྡང་རྡོ་རྗེའི་སྐུ༔ དགྱེས་པར་འཁྲིལ་མཛད་རྡོ་རྗེ་སྐྱོད་བྱེད་མ༔ ཡབ་ཡུམ་གཉིས་སུ་མེད་ལ་ཕྱག༴ མཉམ་པ་ཉིད་ཀྱི་ཡེ་ཤེས་ངོ་བོ་ཉིད༔ ང་རྒྱལ་རང་གྲོལ་ང་རྒྱལ་རྡོ་རྗེའི་སྐུ༔ དགྱེས་པར་འཁྲིལ་མཛད་གཤིན་རྗེ་འཇོམས་མའི་སྐུ༔ ཡབ་ཡུམ་གཉིས་སུ་མེད་ལ་ཕྱག༴ སོ་སོར་རྟོག་པའི་ཡེ་ཤེས་ངོ་བོ་ཉིད༔ འདོད་ཆགས་རང་གྲོལ་འདོད་ཆགས་རྡོ་རྗེའི་སྐུ༔ དགྱེས་པར་འཁྲིལ་མཛད་ཡུམ་ཆེན་སྲེག་བྱེད་མ༔ ཡབ་ཡུམ་གཉིས་སུ་མེད་ལ་ཕྱག༴ བྱ་བ་གྲུབ་པའི་ཡེ་ཤེས་ངོ་བོ་ཉིད༔ ཕྲག་དོག་རང་གྲོལ་ཕྲག་དོག་རྡོ་རྗེའི་སྐུ༔ དགྱེས་པར་འཁྲིལ་མཛད་ཡུམ་ཆེན་ཙཎྜི་མ༔ ཡབ་ཡུམ་གཉིས་སུ་མེད་ལ་ཕྱག༴ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ངོ་བོ་ཉིད༔ གཏི་མུག་རང་གྲོལ་གཏི་མུག་རྡོ་རྗེའི་སྐུ༔ དགྱེས་པར་འཁྲིལ་མཛད་ཡུམ་ཆེན་རྨོངས་བྱེད་མ༔ ཡབ་ཡུམ་གཉིས་སུ་མེད་ལ་ཕྱག༴ སྐུ་ཡི་ཡེ་ཤེས་གཟི་བརྗིད་དཔལ་འབར་ཞིང༔ ཆགས་ཐོགས་མེད་པ་བདེ་ཆེན་རྡོ་རྗེའི་སྐུ༔ དགྱེས་པར་འཁྲིལ་མཛད་ཡུམ་ཆེན་ལཱ་མ་སྟེ༔ ཡབ་ཡུམ་གཉིས་སུ་མེད་ལ་ཕྱག༴ གསུང་གི་ཡེ་ཤེས་སྐྱེ་འཆི་བགྲེས་རྒུད་བྲལ༔ ཚེ་དབང་རྒྱལ་པོ་མཚོ་སྐྱེས་རྡོ་རྗེའི་སྐུ༔ དགྱེས་པར་འཁྲིལ་མཛད་ལྷ་ཡི་ལྕམ་གཅིག་མ༔ ཡབ་ཡུམ་གཉིས་སུ་མེད་ལ་ཕྱག༴ ཐུགས་ཀྱི་ཡེ་ཤེས་བདེ་ཆེན་ཡངས་པའི་ཀློང༔ ཁྲག་འཐུང་རྡོ་རྗེ་དགོས་འདོད་ཡིད་བཞིན་གཏེར༔ དགྱེས་པར་འཁྲིལ་མཛད་ཡུམ་ཆེན་གསོད་བྱེད་མ༔ ཡབ་ཡུམ་གཉིས་སུ་མེད་ལ་ཕྱག༴ རིགས་འདུས་གཙོ་མཆོག་ཕྲིན་ལས་ཡོངས་ཀྱི་བདག༔ བུདྡྷ་ཐོད་ཕྲེང་རྩལ་དང་དེ་ཡི་ཡུམ༔ དགྱེས་པར་འཁྲིལ་མཛད་སངས་རྒྱས་མཁའ་འགྲོ་མ༔ གཉིས་མེད་ལྷན་ཅིག་རོལ་ལ་ཕྱག་འཚལ་ལོ༔ ཞི་ཚོགས་མཐར་ཕྱིན་རྡོ་རྗེ་ཐོད་ཕྲེང་རྩལ༔ དེ་ཡི་སྐུ་ལ་དགྱེས་པར་འཁྲིལ་བའི་ཡུམ༔ རྡོ་རྗེ་མཁའ་འགྲོ་བདུད་དཔུང་འཇོམས་མཛད་མ༔ བདེ་སྟོང་གཉིས་མེད་རོལ་མཛད་ཁྱོད་ཕྱག་འཚལ༔ རྒྱས་པའི་ལས་ལ་མངའ་མཛད་དཔལ་ཆེན་པོ༔ རཏྣ་ཐོད་ཕྲེང་རྩལ་དང་དེ་ཡི་ཡུམ༔ རིན་ཆེན་མཁའ་འགྲོ་ཚེ་དང་བསོད་ནམས་སྤེལ༔ ཡབ་ཡུམ་ལྷན་ཅིག་རོལ་ལ་ཕྱག༴ སྣང་བ་དབང་སྡུད་པདྨ་ཐོད་ཕྲེང་རྩལ༔ འདོད་ཁམས་གཙོ་མོ་པདྨ་མཁའ་འགྲོ་མ༔ གཉིས་མེད་འཁྲིལ་སྦྱོར་སྣང་སྲིད་ཁ་ལོ་སྒྱུར༔ སྤྲུལ་དང་ཡང་སྤྲུལ་མཛད་ལ་ཕྱག༴ ཀརྨ་ཐོད་ཕྲེང་རྔམ་བརྗིད་བཞད་པའི་སྐུ༔ དྲག་པོའི་ལས་མཛད་དགྲ་བགེགས་རུ་དྲ་འདུལ༔ ལས་ཀྱི་མཁའ་འགྲོ་མི་སྲུན་གཟུགས་འཆང་མ༔ ཐབས་ཤེས་གཉིས་མེད་རོལ་ལ་ཕྱག༴ སྙིང་པོའི་དོན་སྟོན་རྡོ་རྗེ་མོས་པ་རྩལ༔ ལོག་སྲེད་འདུལ་མཛད་བྷི་ཤྭ་དྷཱ་ཀི་མ༔ གཉིས་མེད་འཁྲིལ་སྦྱོར་སྣང་སྲིད་ཆམ་ལ་འབེབ༔ འདོད་དོན་སྦྱིན་པར་མཛད་ལ་ཕྱག༴ བདེ་ལེགས་ཡོན་ཏན་མ་ལུས་ཀུན་སྐྱེད་པ༔ རྡོ་རྗེ་མྱུ་གུ་རྩལ་དང་གཉིས་མེད་ཡུམ༔ སརྦ་དྷཱ་ཀི་སྣང་སྲིད་འཁོར་འདས་ཀྱི༔ ལེགས་ཉེས་སྟངས་འཛིན་གཅོད་མཛད་ཁྱོད་ཕྱག་འཚལ༔ སྐྱེ་འགྲོའི་སྲོག་འཛིན་རྡོ་རྗེ་བཞད་པ་རྩལ༔ རྣལ་འབྱོར་ཚེ་འཛིན་དམ་ཚིག་མཁའ་འགྲོའི་སྐུ༔ ཡབ་ཡུམ་གཉིས་ཀྱིས་སངས་རྒྱས་བསྟན་པ་ཡི༔ སྲོག་ཤིང་འཛིན་པར་མཛད་ལ་ཕྱག༴ དཔལ་གྱི་ཕོ་ཉ་གར་གྱི་དབང་ཕྱུག་རྩལ༔ ཁྱོད་ཀྱི་ཡུམ་མཆོག་འཇིག་རྟེན་མཁའ་འགྲོ་མ༔ དམ་ཚིག་ཅན་སྲུང་ཉམས་པའི་སྲོག་རྩ་གཅོད༔ ཡབ་ཡུམ་བསྟན་པ་སྲུང་མཛད་ཁྱོད་ཕྱག་འཚལ༔ དུས་གསུམ་སངས་རྒྱས་མ་ལུས་ཐམས་ཅད་ཀྱི༔ ཐུགས་ཀྱི་མཛོད་འཛིན་མི་བསྐྱོད་རྡོ་རྗེ་རྩལ༔ གསང་བའི་མཛོད་འཛིན་བདེ་བའི་དབྱིངས་ཕྱུག་མ༔ མཛོད་འཛིན་ཡབ་ཡུམ་གཉིས་ལ་ཕྱག༴ འཁོར་བའི་གནས་བཞུགས་འཁོར་བའི་སེམས་ཅན་རྣམས༔ ཐར་པའི་ལམ་སྟོན་པདྨ་འབྱུང་གནས་དང༔ ཡེ་ཤེས་མཚོ་རྒྱལ་ཡེ་ཤེས་དབྱིངས་ཀྱི་ཡུམ༔ ཡབ་ཡུམ་འགྲོ་དོན་མཛད་ལ་ཕྱག༴ ཤེས་བྱའི་དོན་ལ་མ་རྨོངས་ཐོགས་མེད་པའི༔ ཐམས་ཅད་མཁྱེན་གཟིགས་བློ་ལྡན་མཆོག་སྲེད་སྐུ༔ སྤྲུལ་པའི་ཡུམ་ཆེན་བདེ་བའི་རྣལ་འབྱོར་མ༔ བློ་གྲོས་མཚུངས་མེད་ཡབ་ཡུམ་གཉིས་ཕྱག་འཚལ༔ མ་རིག་རྨོངས་པའི་མུན་རུམ་སེལ་མཛད་པའི༔ ཉི་མ་འོད་ཟེར་སྣང་གསལ་སྒྲོན་མེ་མཆོག༔ དེ་ཡི་གྲོགས་མཛད་བདག་མེད་ལྷ་མོ་སྟེ༔ ཡབ་ཡུམ་གཉིས་ལ་གུས་པས་ཕྱག༴ ཕ་རོལ་བདུད་དང་མུ་སྟེགས་ལོག་རྟོག་རྣམས༔ རྡུལ་དུ་རློག་མཛད་སེང་གེ་སྒྲ་སྒྲོག་དང༔ ཁྱོད་ཀྱི་ཐུགས་དམ་བསྐུལ་བའི་ཡུམ་ཆེན་མོ༔ རྡོ་རྗེ་ཕྲ་མེན་བཅས་ལ་ཕྱག༴ རྒྱལ་བ་ཀུན་གྱི་ཡོན་ཏན་རྫོགས་པའི་དཔལ༔ ཡིད་བཞིན་གཏེར་མཛོད་པདྨ་སཾ་བྷ་ཝ༔ དགྱེས་སྐོང་རྒྱ་མཚོ་གླིང་གི་ཕྲ་མེན་མ༔ ཐབས་ཤེས་འདུལ་ཐབས་མཛད་ལ་ཕྱག༴ སྣང་སྲིད་ཡོངས་ལ་མངའ་དབང་མཛད་པ་པོ༔ འཇིག་རྟེན་དབང་ཕྱུག་གཙོ་མཆོག་པདྨ་རྒྱལ༔ བཀའ་ཡི་སྲོལ་འཛིན་ཡུམ་ཆེན་ཞི་བ་འཚོ༔ ཡིད་བཞིན་ཡབ་ཡུམ་གཉིས་ལ་ཕྱག༴ བསྟན་པའི་རྒྱལ་མཚན་མུ་སྟེགས་རྩོད་པ་ཟློག༔ བདུད་བཞིའི་དཔུང་འཇོམས་ཤཱཀྱ་སེང་གེ་སྟེ༔ ཤཱཀྱ་དྷེ་མ་ལོག་རྟོག་ཁ་ལོ་སྒྱུར༔ ཕན་ཚུན་མཉམ་པར་གནས་ལ་ཕྱག༴ སྤྲུལ་པའི་འོད་ཀྱིས་བགེགས་དང་ལོག་འདྲེན་འདུལ༔ རྡོ་རྗེ་གྲོ་ལོད་ཁྲོ་གཏུམ་འཇིགས་པའི་གཟུགས༔ ཡུམ་ཆེན་དྷཱ་ཀི་བདུད་འདུལ་མ་དང་བཅས༔ གཞོན་ནུ་རོལ་རྩེད་མཛད་ལ་ཕྱག༴ ཐུགས་རྗེས་མཁའ་ལྟར་ཁྱབ་པའི་བཅོམ་ལྡན་འདས༔ པདྨ་དབང་ཆེན་འགྲོ་དྲུག་ལམ་སྣ་འདྲེན༔ བདེ་མཉེན་འཁྲིལ་སྦྱོར་རིག་བྱེད་ལྷ་མོའི་སྐུ༔ ཡབ་ཡུམ་སྤྲུལ་པར་བཅས་ལ་ཕྱག༴ རྡོ་རྗེ་ཉི་མ་མ་རིག་མུན་པ་སེལ༔ ཡུམ་ཆེན་ལེགས་སྐྱེས་དགོས་འདོད་རེ་བ་སྐོང༔ ལྷན་ཅིག་སྐྱེས་སྦྱོར་བདེ་སྟོང་ཟག་པ་མེད༔ ཐབས་ཤེས་ཀུན་ཏུ་སྣང་ལ་ཕྱག༴ སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་མཛད་པ༔ དཔའ་བོ་སྟོབས་ཆེན་ཐོགས་མེད་རྒྱལ་པོ་དང༔ གཉིས་མེད་ཡུམ་ཆེན་ཕྲ་མེན་དབྱིངས་ཕྱུག་མ༔ ཞི་ཚུལ་ཁྲོ་གར་མཛད་ལ་ཕྱག༴ ཚངས་པའི་སྒྲ་སྒྲོག་དབང་ཆེན་ཉི་མ་རྩལ༔ སྲིད་པའི་རྒྱལ་མོ་སྒྲུབ་པའི་དྲོད་ཉུལ་མ༔ ཡབ་ཡུམ་གཉིས་མེད་དངོས་གྲུབ་ཆར་ལྟར་འབེབ༔ བདེ་བའི་འབྱུང་གནས་དེ་ལ་ཕྱག༴ ཕྲིན་ལས་ཐོགས་མེད་སྒྲུབ་ཅིང་སྤྲུལ་པ་འགྱེད༔ རྫུ་འཕྲུལ་མངའ་བདག་གསེར་གྱི་ཉི་མ་རྩལ༔ ཡུམ་ཆེན་ཉི་མ་ཁྲོས་པའི་དབང་མོ་ཆེ༔ རྒྱལ་བ་ཡབ་ཡུམ་གཉིས་ལ་ཕྱག༴ སྒེག་པ་དཔའ་བ་འཇིགས་སུ་རུང་བའི་སྐུ༔ འཁྲུལ་རྟོག་རྩད་གཅོད་རྡོ་རྗེ་ཁྲོ་བོ་རྩལ༔ སྤྲུལ་པའི་ཡུམ་ཆེན་གར་གྱི་དབང་ཕྱུག་མ༔ གཉིས་མེད་མཉམ་རོལ་མཛད་ལ་ཕྱག༴ མ་རུངས་ཚར་གཅོད་མི་སྲུན་དྲག་པོའི་སྐུ༔ རྡོ་རྗེ་ཧཱུྃ་མཛད་ལས་ཀྱི་དབང་མོར་བཅས༔ སྤྲུལ་དང་ཡང་སྤྲུལ་འགྱེད་ཅིང་ཀུན་ཏུ་རྒྱུག༔ དགྲ་བགེགས་དམག་དཔུང་འཇོམས་ལ་ཕྱག༴ གནས་དང་ཡུལ་དང་ཉེ་བའི་གནས་ཡུལ་སོགས༔ དུར་ཁྲོད་བདག་པོ་རོ་ལངས་བདེ་བའི་སྐུ༔ སྲིད་པ་ཆགས་བྱེད་མ་ནི་འཇིག་རྟེན་སྐྱོང༔ བསྟན་སྲུང་ཡབ་ཡུམ་གཉིས་ལ་ཕྱག༴ ཉོན་མོངས་ཀུན་སྲེག་རྡོ་རྗེ་ཐོག་རྒོད་འབར༔ འབྱུང་བ་ལྔ་ཡི་བདག་མོ་མཐུ་སྟོབས་ཅན༔ གཉིས་མེད་འཁྲིལ་སྦྱོར་སྣང་སྲིད་གཡོ་འགུལ་མཛད༔ སྣང་སྟོང་ཟུང་དུ་འཇུག་ལ་ཕྱག༴ ཆེ་བའི་ཆེ་མཆོག་རིག་འཛིན་ཐོད་པ་རྩལ༔ ཉི་ཟླ་ཐོད་ཕྲེང་གསང་བའི་ཡུམ་གཅིག་མ༔ ཡབ་ཡུམ་འཁྲིལ་སྦྱོར་སྟོང་ཁམས་དབང་བསྒྱུར་མཛད༔ སྟོབས་ལྡན་རྒྱལ་པོ་ཁྱོད་ལ་ཕྱག༴ དུས་གསུམ་བདེ་གཤེགས་སྐུ་ལྔ་ཡེ་ཤེས་ལྔ༔ ལྷུན་གྱིས་གྲུབ་པའི་རིག་འཛིན་ཆེན་པོ་དང༔ ཕྲིན་ལས་ཡོངས་སུ་རྫོགས་པའི་སྤྱན་གཅིག་མ༔ ཡབ་ཡུམ་མཉམ་རོལ་མཛད་ལ་ཕྱག༴ སྣང་སྲིད་འཁོར་འདས་ཆོས་རྣམས་མ་ལུས་པ༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཀློང་དུ་གནས༔ དེ་ཉིད་འཕྲུལ་འཁོར་མཛད་པའི་དགྱེས་སྡེ་མོ༔ ཡབ་ཡུམ་རྫུ་འཕྲུལ་སྟོན་མཛད་ལ་ཕྱག༴ འགྱུར་མེད་སྟོང་གསལ་གཡུང་དྲུང་རྡོ་རྗེའི་སྐུ༔ ཚེ་ལ་དབང་བའི་རིག་འཛིན་ཆེན་པོ་ནི༔ རྣལ་འབྱོར་དབང་གི་རྒྱལ་མོ་ཡུམ་དང་བཅས༔ བདེ་སྟོང་ལྷན་ཅིག་སྐྱེས་ལ་ཕྱག༴ དུས་གསུམ་སངས་རྒྱས་ཀུན་གྱི་གདུང་རྒྱུད་རིགས༔ འཛིན་མཛད་རིགས་འཆང་དཔལ་ཆེན་མཐུ་སྟོབས་བདག༔ དགྱེས་སྐོང་ཡུམ་མཆོག་རྣལ་འབྱོར་རོ་ལངས་མ༔ རྒྱུད་སྤེལ་ཡབ་ཡུམ་གཉིས་ལ་ཕྱག༴ འགྲོ་རྣམས་སྨིན་གྲོལ་ལམ་ལ་འགོད་མཛད་པའི༔ དམ་ཚིག་དབང་གི་སློབ་དཔོན་ཐུགས་རྗེ་ཅན༔ དམ་ཚིག་བདག་མོ་ལྷ་མོ་དཔལ་འབར་མ༔ མཉམ་པར་རོལ་གནས་ཡབ་ཡུམ་ཕྱག༴ ཐེག་མཆོག་ཆོས་ཀྱི་བདུད་རྩིའི་བཅུད་ཆར་འབེབ༔ མན་ངག་ལུང་གི་སློབ་དཔོན་གཉན་གྱི་བདག༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་བསྐུལ་བྱེད་མ༔ འདོད་འབྱུང་རྒྱལ་པོ་ཁྱོད་ལ་ཕྱག༴ བློ་གྲོས་མཚུངས་མེད་ཐམས་ཅད་མཁྱེན་པའི་སྐུ༔ ཤེས་རབ་རྒྱུད་ཀྱི་སློབ་དཔོན་བཀའ་དྲིན་ཅན༔ སྐྱོད་བྱེད་ཚངས་མ་ཡུམ་དང་མཉམ་པར་རོལ༔ གཏིང་ཟབ་ཡངས་པ་ཅན་ལ་ཕྱག༴ རྩ་བ་ཡན་ལག་དམ་ཚིག་འགལ་འཁྲུལ་རྣམས༔ དབྱིངས་སུ་སྐོང་མཛད་འཁྲུལ་རྟོག་མཁའ་ལྟར་དག༔ ཆག་ཉམས་སྐོང་བའི་སློབ་དཔོན་བརྒྱུད་པར་བཅས༔ ཚེ་འཛིན་རྒྱལ་མོས་འཁྲིལ་ལ་ཕྱག༴ འཇིགས་པའི་ཆ་ལུགས་བསྟན་པའི་རུ་ཏྲ་འདུལ༔ གར་གྱི་དབང་ཕྱུག་མེ་ཡི་ཕྲེང་བ་ཅན༔ ཁམས་གསུམ་སྲིད་པའི་བདག་མོས་སྐུ་ལ་འཁྲིལ༔ གུ་རུ་དྲག་པོ་རྩལ་ལ་ཕྱག༴ དཔལ་གྱི་བཀའ་ཉན་ལུང་གི་ཕོ་ཉ་བ༔ བསྟན་པ་སྲུང་བྱེད་ཡ་མ་རཱ་ཙ་དང༔ སྦྱོར་བའི་ཡུམ་ཆེན་ཟ་བྱེད་ནག་མོའི་སྐུ༔ དྲག་ཤུལ་འཇིགས་གཟུགས་ཅན་ལ་ཕྱག༴ བསྟན་པའི་བྱ་ར་བདུད་ཕོ་ཡོངས་ཀྱི་རྗེ༔ སྐོས་རྗེ་བྲང་དཀར་བདུད་མོ་རེ་མ་ཏཱི༔ སྲིད་གསུམ་ཀུན་ཉུལ་སྐྱེ་འགྲོའི་སྲོག་དབུགས་ལེན༔ དཔལ་གྱི་བཀའ་སྡོད་དེ་ལ་ཕྱག༴ སྲིན་པོའི་རྒྱལ་པོ་གྲོང་ཁྱེར་སུམ་བརྩེགས་འཇིག༔ དམ་ཉམས་གཤེད་མ་གློག་གི་ཕྲེང་བ་ཅན༔ བཀའ་ཉན་ཡུམ་ཆེན་སྦལ་མགོ་ཁྲག་མིག་མ༔ ཤ་ཁྲག་ཟས་སུ་ཟ་བྱེད་ཁྱོད་ཕྱག་འཚལ༔ ཡིད་བཞིན་ནོར་བུའི་བང་མཛོད་གཏེར་གྱི་བདག༔ ཡཀྵ་མེ་དབལ་གནོད་སྦྱིན་ཡོངས་ཀྱི་དཔོན༔ ཡུམ་ཆེན་མོན་མོ་གཡུ་ཡི་རལ་པ་ཅན༔ བསྟན་སྲུང་བུམ་གཏེར་འཛིན་ལ་ཕྱག༴ གནམ་ས་གཉིས་ལ་དབང་འབྱོར་སྤྲུལ་པ་འགྱེད༔ སངས་རྒྱས་བསྟན་པ་སྲུང་བྱེད་རཱ་ཧུ་ལ༔ ཐུགས་དམ་བསྐུལ་བའི་ཡུམ་ཆེན་ལྕམ་གཅིག་བཅས༔ གཟའ་བདུད་སྤུ་གྲི་འབར་ལ་ཕྱག༴ དམ་ཉམས་དགྲ་ལ་མཛེ་ནད་ཁྲག་དགུ་འགྱེད༔ མི་སྲུན་གཟུགས་འཆང་ཀླུ་བདུད་མགོ་དགུ་པ༔ ཐོག་གི་བུ་ཡུག་ནད་དང་རིམས་ཀྱི་བདག༔ བཀའ་སྡོད་ཡབ་ཡུམ་གཉིས་ལ་ཕྱག༴ དྲེགས་པ་ཕོ་མོ་ཡོངས་ཀྱི་རྗེ་དང་བཙན༔ སྣང་སྲིད་མ་ལུས་དབང་དུ་བསྡུས་ནས་ཀྱང༔ བྲན་དུ་འཁོལ་བྱེད་དབང་ཕྱུག་ཆེན་པོ་དང༔ ཨུ་མཱཿདེ་ཝཱི་གཉིས་ལ་ཕྱག༴ མ་ཧཱ་ཀཱ་ལ་ཆོས་སྐྱོང་ཡོངས་ཀྱི་གཙོ༔ དཔལ་འབར་ཡུམ་ཆེན་ལྷ་མོ་དུང་སྐྱོང་མ༔ བསྟན་པ་བསྲུང་ཞིང་རྒྱལ་བའི་བཀའ་བཞིན་བགྱིད༔ ཁྲག་འཐུང་ཡབ་ཡུམ་གཉིས་ལ་ཕྱག༴ དཔའ་བོ་དཔའ་མོ་གིང་ཕོ་གིང་མོའི་ཚོགས༔ སངས་རྒྱས་དཔའ་བོ་ཐོད་པའི་དུམ་བུ་རྩལ༔ སྦྱོར་བའི་ཡུམ་ཆེན་སངས་རྒྱས་དཔའ་མོར་བཅས༔ སྤྲུལ་པ་དཔག་མེད་འགྱེད་ལ་ཕྱག༴ རྡོ་རྗེ་དཔའ་བོ་རྡོ་རྗེ་རིགས་ཀྱི་ལྷ༔ དེ་ཡི་ཡུམ་མཆོག་རྡོ་རྗེ་དཔའ་མོ་གཉིས༔ གཉིས་མེད་འཁྲིལ་སྦྱོར་ཞི་ཚོགས་ལས་ལ་དབང༔ མི་མཐུན་ཕྱོགས་རྣམས་ཞི་མཛད་ཁྱོད་ཕྱག་འཚལ༔ རིན་ཆེན་དཔའ་བོ་རིན་ཆེན་དཔའ་མོ་གཉིས༔ རིན་ཆེན་རིགས་ལྷ་རྒྱས་པའི་ལས་ལ་དབང༔ ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་སོགས༔ དགོས་འདོད་རྒྱས་པར་མཛད་ལ་ཕྱག༴ པདྨ་དཔའ་བོ་དཔའ་མོ་ཡབ་ཡུམ་གཉིས༔ དབང་གི་ལྷ་སྟེ་དབང་གི་ལས་ལ་དབང༔ སྣང་སྲིད་ཕྱི་ནང་སྣང་བའི་དཀྱིལ་འཁོར་རྣམས༔ མ་ལུས་དབང་དུ་སྡུད་ལ་ཕྱག༴ ལས་ཀྱི་རིགས་ཀྱི་དཔའ་བོ་དཔའ་མོ་གཉིས༔ ལས་ཀྱི་ལྷ་མཆོག་དྲག་པོའི་ལས་ལ་དབང༔ དམ་ཉམས་དགྲ་བགེགས་ལོག་འདྲེན་འབྱུང་པོ་རྣམས༔ རྡུལ་དུ་བརླག་པར་མཛད་ལ་ཕྱག༴ འཛིན་གིང་འགུག་བྱེད་རྡོ་རྗེ་གིང་མོ་གཉིས༔ འཁྲིལ་སྦྱོར་གར་སྒྱུར་སྤྲུལ་བསྒྱུར་དུ་མ་སྟོན༔ བདུད་དང་རུ་དྲ་གནས་ནས་འགུག་བྱེད་པ༔ འགུག་འཆིང་སྡོམ་བྱེད་དེ་ལ་ཕྱག༴ སྒྲོལ་གིང་གསོད་བྱེད་རིན་ཆེན་གིང་མོ་གཉིས༔ མཉམ་སྦྱོར་སྟོབས་ཀྱིས་དགྲ་བགེགས་སྲོག་རྩ་གཅོད༔ སྐུ་གསུང་ཐུགས་ལས་སྤྲུལ་པའི་གིང་ཚོགས་ཀྱིས༔ ས་དང་བར་སྣང་གང་ལ་ཕྱག༴ སྟོབ་གིང་ཟ་བྱེད་པདྨ་གིང་མོ་གཉིས༔ བསྒྲལ་པའི་ཤ་ཁྲག་བཤམས་པའི་རྫས་རྣམས་ཀུན༔ ལྷ་ཚོགས་རྣམས་ལ་སྟོབ་ཅིང་དགྱེས་པ་སྐོང༔ རྣམ་འགྱུར་བསམ་མི་ཁྱབ་ལ་ཕྱག༴ རྒྱུག་གིང་ལས་བྱེད་ལས་ཀྱི་གིང་མོ་གཉིས༔ དཀྱིལ་འཁོར་ཆེན་པོའི་སྟེང་འོག་ཕྱི་ནང་སོགས༔ ཀུན་ཏུ་ཐོགས་མེད་རྒྱུག་ཅིང་རྫུ་འཕྲུལ་སྟོན༔ གད་རྒྱངས་སྒྲོག་པར་བྱེད་ལ་ཕྱག༴ དབང་ཆེན་མཆོག་གི་ཕྱག་རྒྱའི་དཀྱིལ་འཁོར་དུ༔ རྟ་མགྲིན་དབང་ཆེན་རྟ་སྐད་ཕྱོགས་བཅུར་སྒྲོག༔ ཡུམ་ཆེན་ཨེ་ཀ་ཙཱ་ཏི་སྐུ་ལ་འཁྲིལ༔ དབང་ཆེན་རོལ་པའི་སྐུ་ལ་ཕྱག༴ ཡེ་ཤེས་ཟིལ་གནོན་ཁྲོ་རྒྱལ་འབར་བའི་སྐུ༔ ཁྲོ་མོ་མི་ཕམ་མ་དང་གཉིས་མེད་པས༔ ཡེ་ཤེས་ལྷ་རྣམས་ཟིལ་གྱིས་གནོན་བྱེད་ཅིང༔ འཇིག་རྟེན་ལོག་རྟོག་སྒྲོལ་ལ་ཕྱག༴ ལས་ཀྱི་ཁྲོ་བོ་ཟིལ་གནོན་འཇིགས་པའི་གཟུགས༔ ཡུམ་ཆེན་ཁྲོ་གཉེར་མ་དང་འཁྲིལ་མཛད་དེ༔ ཕྲིན་ལས་རྣམ་བཞིས་དོན་འབྲས་ཆམ་ལ་འབེབ༔ དཔའ་བོ་མཐུ་རྩལ་ལྡན་ལ་ཕྱག༴ ཡེ་ཤེས་མ་མོ་ཟིལ་གནོན་རྫུ་འཕྲུལ་ཅན༔ སྤྱན་གཅིག་ཡུམ་དང་བཅས་ཏེ་དུར་ཁྲོད་ཉུལ༔ སྤྲུལ་པ་དམུས་ལོང་མང་པོའི་འཁོར་གྱིས་བསྐོར༔ དྲག་སྔགས་འབྲུག་སྟོང་ལྡིར་ལ་ཕྱག༴ བྱ་ཁྱུང་ཟིལ་གནོན་བྱ་ཁྱུང་སྤྲུལ་པ་འགྱེད༔ རྩ་འཇིབ་དམར་སེར་དགྱེས་པས་སྐུ་ལ་འཁྲིལ༔ ས་བདག་ཀླུ་གཉན་སྡེ་བརྒྱད་བྲན་དུ་འཁོལ༔ དྲག་པོ་སྟོབས་འགྱིང་ཁྱེད་ལ་ཕྱག༴ ཕོ་རྒྱུད་ཟིལ་གནོན་དཔལ་གྱི་བཀའ་འཁོར་དུ༔ ཡུམ་ཆེན་ལས་བྱེད་དཀར་མོ་ལ་སོགས་པའི༔ དྲེགས་བྱེད་མང་པོ་བུ་ཡུག་ལྟ་བུར་འཚུབས༔ སྤྱི་དཔལ་ཆེན་པོ་ཁྱོད་ལ་ཕྱག༴ མོ་རྒྱུད་ཟིལ་གྱིས་གནོན་མཛད་ཁྲོ་བོ་རྗེ༔ གཤིན་རྗེ་ལས་བྱེད་ཡུམ་དང་མཉམ་གནས་པས༔ སྣང་སྲིད་བསྟན་སྲུང་དྲེགས་པ་མ་ལུས་ཀུན༔ དབང་མེད་ཁ་ལོ་སྒྱུར་ལ་ཕྱག༴ རླུང་ལྷ་འདུལ་བྱེད་ཟིལ་གནོན་རླུང་གཤོག་གདེངས༔ ཀླུ་མོ་ལས་བྱེད་འཁྲིལ་མཛད་ཡུམ་དང་བཅས༔ དབང་སྐད་ཙེར་ཙེར་རྫུ་འཕྲུལ་མཁའ་ལ་རྒྱུག༔ ཐོགས་མེད་རྒྱལ་པོ་ཁྱོད་ལ་ཕྱག༴ གནོད་སྦྱིན་འདུལ་བྱེད་ཟིལ་གནོན་འབར་བའི་སྐུ༔ གནོད་སྦྱིན་ལས་བྱེད་མ་དང་བཅས་པ་ཡིས༔ རྟ་བྲོ་ཆེམས་ཆེམ་ལོག་སྲེད་འགོང་པོ་འདུལ༔ འཁོར་འདས་སྤྱི་དཔལ་ཁྱོད་ལ་ཕྱག༴ དུས་གསུམ་སངས་རྒྱས་ཀུན་གྱི་གསང་བའི་བདག༔ ཡབ་གཅིག་དཔལ་ཆེན་ལག་ན་རྡོ་རྗེ་དང༔ གཉིས་མེད་ཡུམ་ཆེན་གསང་བའི་དབྱིངས་ཕྱུག་མ༔ སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག༴ ཚུལ་ཁྲིམས་ཕར་ཕྱིན་ཁྲོ་བོ་རྣམ་པར་རྒྱལ༔ དྲི་ཟ་འདུལ་བྱེད་རྡོ་རྗེ་མདའ་སྙེམས་མ༔ སྤྲུལ་པ་ཡང་སྤྲུལ་ཆོ་འཕྲུལ་ཕྱོགས་བཅུར་འགྱེད༔ མི་སྲུན་དྲག་པོའི་སྐུ་ལ་ཕྱག༴ བརྩོན་འགྲུས་ཕར་ཕྱིན་ཁྲོ་རྒྱལ་གཤིན་རྗེ་གཤེད༔ གྲུལ་བུམ་འདུལ་མཛད་དུར་ཁྲོད་བདག་མོ་དང༔ ཡབ་ཡུམ་གཉིས་མེད་ངན་སོང་གཏིང་ནས་སྤྲུག༔ འཁོར་བ་ཞེ་གནོན་མཛད་ལ་ཕྱག༴ ཤེས་རབ་ཕ་རོལ་ཕྱིན་རྫོགས་རྟ་མགྲིན་དབང༔ རྡོ་རྗེ་གཏུམ་མོ་ཆུ་བདག་གདོན་ཚོགས་འདུལ༔ ཧ་ཡ་གྲཱི་ཝ་ཡེ་ཤེས་དབང་གི་ལྷ༔ སྤྱི་དཔལ་ཡབ་ཡུམ་གཉིས་ལ་ཕྱག༴ ཐབས་ཀྱི་ཕ་རོལ་ཕྱིན་རྫོགས་བདུད་རྩི་འཁྱིལ༔ གནོད་སྦྱིན་གདོན་འདུལ་རྡོ་རྗེ་རླུང་འབྱིན་མ༔ གཉིས་མེད་སྤྲུལ་པས་རི་རབ་གླིང་བཞི་ཟློག༔ ལྟ་ངན་ཕམ་པར་མཛད་ལ་ཕྱག༴ བཟོད་པའི་ཕ་རོལ་ཕྱིན་རྫོགས་དབྱུག་སྔོན་ཅན༔ རྡོ་རྗེ་སྡེར་མོ་དྲང་སྲོང་གནས་ནས་འཇོམས༔ ཚངས་ལ་དབང་མཛད་སྐྱེ་གནས་རྣམ་བཞི་འདུལ༔ ལྷ་མིན་གཡུལ་ངོ་ཟློག་ལ་ཕྱག༴ ཡེ་ཤེས་ཕ་རོལ་ཕྱིན་རྫོགས་མི་གཡོ་མགོན༔ རྡོ་རྗེ་གཏུན་ཁུང་སྲིན་པོའི་ལྔ་ཕུང་སྲེག༔ དུག་གསུམ་གཏིང་སྤྲུག་རྫུ་འཕྲུལ་ཐོགས་པ་མེད༔ རིགས་དྲུག་གཡང་ས་གཅོད་མཛད་ཁྱོད་ཕྱག་འཚལ༔ བསམ་གཏན་ཕར་ཕྱིན་འདོད་པའི་རྒྱལ་པོ་དང༔ རླུང་ལྷ་འདུལ་བྱེད་ཡུམ་ཆེན་སྙེམས་མའི་སྐུ༔ གཉིས་མེད་རོལ་པས་ཚངས་པའི་ཡུལ་ས་གནོན༔ དགོངས་སྤྱོད་མཁའ་དབྱིངས་ཁྱབ་ལ་ཕྱག༴ སྨོན་ལམ་ཕར་ཕྱིན་ཁམས་གསུམ་རྣམ་པར་རྒྱལ༔ རྡོ་རྗེ་སྐུལ་བྱེད་དབང་ལྡན་ཕོ་མོ་འདུལ༔ ཡབ་ཡུམ་མཉམ་རོལ་བགེགས་ཀྱི་སྦྱོར་བ་རྣམས༔ མ་ལུས་གཏོར་བར་མཛད་ལ་ཕྱག༴ སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཧཱུྃ་ཀཱ་ར༔ ཚངས་པའི་གནས་འཇོམས་རྡོ་རྗེ་སྒྲ་འབྱིན་མ༔ ཡབ་ཡུམ་གཉིས་མེད་ཤིན་ཏུ་ཁྲོས་ནས་ནི༔ མ་རུངས་སྐྲག་པར་མཛད་ལ་ཕྱག༴ སྟོབས་ཀྱི་ཕ་རོལ་ཕྱིན་རྫོགས་སྟོབས་པོ་ཆེ༔ ས་བདག་གདོན་ཚོགས་འདུལ་བའི་གསོད་བྱེད་མ༔ ཕྱི་ནང་ཐེག་མཆོག་ཀུན་གྱི་གཉེར་འཛིན་ཅིང༔ ཡོན་ཏན་ཡོངས་གྲུབ་དེ་ལ་ཕྱག༴ ཡབ་རྣམས་འདུས་པའི་གཙོ་མཆོག་རྟ་མགྲིན་དཔལ༔ ཡུམ་རྣམས་ཀུན་གྱི་སྤྱི་དཔལ་ཕག་མོ་སྟེ༔ གཉིས་མེད་དབྱིངས་ལ་དཀྱིལ་འཁོར་ལྷ་རྣམས་རྫོགས༔ ཡི་དམ་ཀུན་འདུས་ཁྱོད་ལ་ཕྱག༴ བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་བདག༔ གདོང་མོ་མཆེད་བཞི་ལྕགས་སྒྲོག་དྲིལ་སོགས་འཛིན༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབ་ལ་བརྩོན༔ སྒོ་མ་ཆེན་མོ་བཞི་ལ་ཕྱག༴ བདེ་སྟོང་ཟག་མེད་འབར་བའི་གོ་ཆ་མ༔ བརྟན་བྱེད་ཕོ་ཉ་མཆེ་བ་འཇོམས་བྱེད་མ༔ དཀར་སེར་དམར་ལྗང་ཕྱེད་གཟུགས་འཛིན་པ་མོ༔ སྙོམས་མཛད་མཚམས་མ་བཞི་ལ་ཕྱག༴ དཔའ་བོ་ཐོད་དབྱུག་ཀེང་རུས་ཀེང་རུས་གཏུམ༔ དཔའ་མོ་རབ་གཏུམ་གཏུམ་མིག་འོད་ལྡན་མ༔ དཔའ་བོ་དཔའ་མོ་ཡབ་ཡུམ་ཐམས་ཅད་ཀྱང༔ རྣམ་འགྱུར་གར་རྩེད་མཛད་ལ་ཕྱག༴ མཆེ་གཙིགས་སུ་རཱ་བཱི་ར་འོད་དཔག་མེད༔ དཔའ་མོ་སྣ་ཆེན་བརྟན་མ་མིའུ་ཐུང་མ༔ ཡབ་ཡུམ་ཀུན་ཀྱང་རྣམ་འགྱུར་བསམ་མི་ཁྱབ༔ རྟོག་མེད་འགྲོ་དོན་མཛད་ལ་ཕྱག༴ རྡོ་རྗེ་འོད་ལྡན་སྐུ་མཆོག་གཞོན་ནུ་དང༔ ལངྐའི་དབང་ཕྱུག་ཤིང་གྲིབ་ས་སྲུང་མ༔ དཔའ་བོ་དཔའ་མོ་ཡབ་ཡུམ་དེ་དག་ཀྱང༔ སྤྲུལ་པ་དཔག་མེད་འགྱེད་ལ་ཕྱག༴ རྡོ་རྗེ་རལ་པ་རབ་དགའ་ཧཱུྃ་མཛད་དེ༔ དཔའ་མོ་འོད་ཅན་རླུང་ཤུགས་ཆང་འཐུང་མ༔ ཐབས་ཤེས་ཟུང་འཇུག་བརྡ་གར་སྒྲུབ་ཁང་ཉུལ༔ སྒྲུབ་པའི་དྲོད་ཉུལ་རྣམས་ལ་ཕྱག༴ རབ་བཟང་རྡོ་རྗེ་བཟང་པོ་འཇིགས་བྱེད་སྐུ༔ གཙུག་ཕུད་དཔའ་མོ་རབ་བཟང་རྟ་རྣ་མ༔ དཔའ་བོ་དཔའ་མོ་གཉིས་མེད་མཉམ་རོལ་ཞིང༔ བསྟན་པ་སྲུང་བར་མཛད་ལ་ཕྱག༴ སྤྱན་མི་བཟང་དང་དཔའ་བོ་སྟོབས་ཆེན་རྒྱལ༔ རིན་ཆེན་རྡོ་རྗེ་ལ་སོགས་དཔའ་བོ་དང༔ ཁྭ་གདོང་ཙཀྲའི་ཤུགས་ཅན་དུམ་སྐྱེས་མ༔ ཡབ་ཡུམ་བདེ་སྤྱོད་སྐྱོང་ལ་ཕྱག༴ རྟ་མགྲིན་ནམ་མཁའི་སྙིང་པོ་ཧེ་རུ་ཀ༔ གླང་སྣ་འཁོར་ལོའི་གོ་ཆ་རབ་དཔའ་མ༔ བདེ་སྦྱོར་གར་གྱི་དབང་ཕྱུག་རྣལ་འབྱོར་སྐྱོང༔ བགེགས་དཔུང་མ་ལུས་འདུལ་ལ་ཕྱག༴ པདྨ་གར་དབང་སྣང་མཛད་སེམས་དཔའ་ཆེ༔ དཔའ་མོ་སྟོབས་ཆེན་འཁོར་ལོས་བསྒྱུར་མ་དང༔ དཔའ་མོ་བརྩོན་འགྲུས་མ་སྟེ་ཡབ་ཡུམ་རྣམས༔ དཀྱིལ་འཁོར་བར་ཁྱམས་འཛིན་ལ་ཕྱག༴ སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པའི༔ དམ་ཅན་ཆོས་སྐྱོང་ཕོ་ཉ་ལས་མཁན་རྣམས༔ སྤྲུལ་དང་ཡང་སྤྲུལ་ཡབ་ཡུམ་སྲས་དང་འཁོར༔ བཀའ་ཉན་དྲེགས་པའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་ཅིང༔ བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག༔ ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ༔ ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༔ གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ༔ ཐབས་དང་ཤེས་རབ་ཆེ་ལ་མངའ་བརྙེས་པའི༔ རིགས་ལྔ་བདེ་བར་གཤེགས་ལ་ཕྱག༴ ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ༔ དུས་གསུམ་རྒྱལ་བ་ཐམས་ཅད་སྐྱེད་མཛད་མ༔ རིགས་ཀྱི་ཡུམ་གྱུར་མ་ལ་ཕྱག༴ རྣམ་ཤེས་དབང་པོ་དག་པས་ཐུགས་དང་གསུང༔ བདེ་བར་གཤེགས་པ་ཀུན་གྱི་སྲས་མཆོག་སྟེ༔ སེམས་དཔའ་ཆེན་པོ་རྣམས་ལ་ཕྱག༴ སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་ཅན༔ མཁའ་མཉམ་མཆོད་པས་རྒྱལ་བ་རྒྱ་མཚོ་མཆོད༔ བྱང་ཆུབ་ལྷ་མོའི་ཚོགས་ལ་ཕྱག༴ བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་ཐོགས༔ རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ༔ མཆོད་པའི་ལྷ་མོ་རྣམས་ལ་ཕྱག༴ དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་ཅིང༔ ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་སྲུང༔ ཏ་ཀྲྀཏ་སྒོ་བ་བཞི་ལ་ཕྱག༴ རྟག་ཆད་མཐར་ཕྱིན་གསང་བ་ཡུམ་གྱི་ངང༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ༔ ཡེ་ཤེས་སྒོ་མ་བཞི་ལ་ཕྱག༴ སྟེང་འོག་ཕྱོགས་བཞི་འཇིག་རྟེན་འདུལ་བའི་གཙོ༔ ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོང༔ བཅོམ་ལྡན་ཐུབ་པ་རྣམས་ལ་ཕྱག༴ འཇིགས་བྱེད་འདས་པའི་དུས་ན་སྔོན་བྱུང་བ༔ གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི༔ དཔལ་ཆེན་ཧེ་རུ་ཀཿརྣམས་ལ་ཕྱག་འཚལ་ལོ༔ ཁྲོ་མོ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང༔ མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་མ༔ གདུག་པ་འདུལ་འཛད་ཡུམ་ལ་ཕྱག༴ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་འཁོར་ན༔ ཡེ་ཤེས་སྐུ་མཆོག་འཇིགས་བྱེད་རྒྱན་གྱིས་བརྒྱན༔ ཁྲོ་མོ་ཆེན་མོ་བརྒྱད་ལ་ཕྱག༴ ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང༔ འདོད་དགུར་སྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ༔ ཕྲ་མེན་ཆེན་མོ་བརྒྱད་ལ་ཕྱག༴ རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི༔ ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་སྲུང༔ སྒོ་སྐྱོང་ཁྲོ་མོ་བཞི་ལ་ཕྱག༴ དཔལ་གྱི་འཁོར་ཚོགས་བཛྲ་ཨཱ་རལླི༔ མཁའ་ལ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ༔ རྣལ་འབྱོར་ཉི་ཤུ་བརྒྱད་ལ་ཕྱག༴ དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ༔ ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག༴ ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག༴ མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག༴ མངོན་པར་བྱང་ཆུབ་སྐུ་ལ་ཕྱག༴ དུས་གསུམ་རྒྱལ་བ་ཀུན་གྱི་བསྒྲུབ་པའི་གནས༔ ཚོགས་གཉིས་རྫོགས་ནས་ཡོན་ཏན་མཐར་ཕྱིན་པ༔ སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག༴ ཕྱག་བྱར་འོས་པ་ཐམས་ཅད་ལ༔ ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི༔ ལུས་བཏུད་པ་ཡིས་རྣམ་ཀུན་ཏུ༔ མཆོག་ཏུ་དད་པས་ཕྱག་འཚལ་ལོ༔ ཞེས་ཕྱག་བྱའོ། །གཉིས་པ་ངག་གསང་སྔགས་བཟླ་བའི་སྒོ་ནས་བཤགས་པ་ནི། རང་ཉིད་ཐ་མལ་དུ་གནས་པའི་སྤྱི་བོར་པད་ཟླའི་གདན་ལ་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་དཀར་པོས་མཚན་པ་ལས་འོད་ཟེར་འཕྲོས༔ དོན་གཉིས་བྱས་ནས་འདུས་པ་ལས་བྱུང་བའི་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་པས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་དེ་འཛིན་ཞིང༔ གཡོན་པས་དྲིལ་བུ་དཀུར་བརྟེན་པ༔ ཅུང་ཞིག་འགྱིང་བའི་ཚུལ་ཅན༔ ཞབས་སྐྱིལ་ཀྲུང་ཕྱེད་བཅས་ཀྱིས་གཡས་པའི་མཐེ་བོང་རང་གི་སྤྱི་བོར་རེག་པ༔ ཞལ་འཛུམ་སྤྱན་དྭངས་རབ་ཏུ་དགྱེས་པ༔ དར་སྣ་ཚོགས་ཀྱི་ཅོད་པན་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པའི་ཐུགས་ཀར་ཟླ་བ་རྒྱས་པའི་སྟེང་དུ་ཧཱུྃ་ཡིག་དཀར་པོའི་མཐར་ཡི་གེ་བརྒྱ་པའི་སྔགས་ཀྱི་ཕྲེང་བ་གཡས་སུ་སྒ་ར་ར་འཁོར་བ་ལས་འོད་ཟེར་སྐར་མའི་ཕྲེང་བ་ལྟར་འཕྲོས་པས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ༔ སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་སྒྲིབ་པ་སྦྱང་ཞིང༔ སླར་འོད་ཟེར་ཚུར་འདུས་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ལ་ཕོག་པས༔ ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་བདུད་རྩི་འོད་ཟེར་གྱི་རྒྱུན་བབས༔ ཞབས་གཡས་པའི་མཐེ་བོང་ནས་ངང་ནར་གྱིས་བྱུང་བ་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་གང༔ འཁོར་བ་ཐོག་མེད་ནས་བསགས་པའི་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་དམ་ཚིག་ཆག་ཉམས་འགལ་འཁྲུལ་དུ་གྱུར་པའི་ཉེས་བྱས་ལུས་ངག་ཡིད་གསུམ་གྱི་རྒྱུད་ལ་ཅི་གནས་པ་ཐམས་ཅད་སངས་སང་དག་ནས་ལུས་ཤེལ་སྒོང་དྲི་མ་མེད་པ་ལྟར་གྱུར་པར་བསམ་ལ། ཡི་གེ་བརྒྱ་པ་ཅི་འགྲུབ་དང་། ཨཱོྃ་ཨཱཾཿཧཱུྃ་ཧྲཱི༔ བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ བཛྲ་ཛྙཱ་ན་སཏྭ་མ་མ་ཀཱ་ཡ་ཝཱ་ཀ་ཙིཏྟ་ས་མ་ཡ་ཨ་ཨཱ༔ བཛྲ་སཏྭ་ཧཱུྃ༔ ཞེས་པའང་ཅི་རིགས་བཟླས་མཐར། རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་རང་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་པར་བསམ། གསུམ་པ་ཡིད་མ་བཅོས་ལྟ་བའི་ཀློང་གིས་ཤགས་པ་ནི། ཉམས་དང་མ་ཉམས་ཀྱི་རྟོག་པ་རྣམས་མཉམ་ཡངས་ཀ་དག་རིས་མེད་ཀྱི་ངང་དུ་མཉམ་པར་བཞག་ལ། ཨཱོྃ༔ ཆོས་ཀྱི་དབྱིངས་ཉིད་སྤྲོས་པ་མེད་པ་ལ༔ བཟང་ངན་གཉིས་སུ་ལྟ་བ་ཡང་རེ་གོལ༔ དངོས་པོ་མཚན་མར་འཛིན་པ་ཉོན་རེ་མོངས༔ སྤྲོས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ ཀུན་ཏུ་བཟང་པོ་བཟང་ངན་མེད་པ་ལ༔ བཟང་ངན་གཉིས་སུ་ལྟ་བ་ཐང་རེ་ཆད༔ གཙང་དང་སྨེ་བར་འཛིན་པ་སྙིང་རེ་རྗེ༔ བཟང་ངན་མེད་པའི་ཀློང་དུ་བཤགས་པར་བགྱི༔ མཉམ་པ་ཉིད་ལ་ཆེ་ཆུང་མེད་པ་ལ༔ སངས་རྒྱས་སེམས་ཅན་ལྟ་བ་ཡང་རེ་གོལ༔ ཆེ་ཆུང་གཉིས་སུ་འཛིན་པ་ཉོན་རེ་མོངས༔ མཉམ་ཉིད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ བྱང་ཆུབ་སེམས་ལ་སྐྱེ་ཤི་མེད་པ་ལ༔ འདི་དང་ཕྱི་མར་ལྟ་བ་ཐང་རེ་ཆད༔ སྐྱེ་ཤི་གཉིས་སུ་འཛིན་པ་ཉོན་རེ་མོངས༔ འཆི་མེད་གཡུང་དྲུང་ཀློང་དུ་བཤགས་པར་བགྱི༔ ཐིག་ལེ་ཆེན་པོ་གྲྭ་ཟུར་མེད་པ་ལ༔ གཟུགས་དང་རྫས་སུ་ལྟ་བ་ཡང་རེ་གོལ༔ གྲྭ་ཟུར་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཀུན་ནས་ཟླུམ་པ་ཐིག་ལེ་ཆེན་པོར་བཤགས༔ དུས་གསུམ་འགྱུར་བ་མེད་པའི་ངང་ཉིད་ལས༔ ཐོག་མ་ཐ་མར་ལྟ་བ་ཡང་རེ་གོལ༔ འཕོ་འགྱུར་གཉིས་སུ་འཛིན་པ་ཉོན་རེ་མོངས༔ འགྱུར་བ་མེད་པ་ཐིག་ལེ་ཆེན་པོར་བཤགས༔ རང་བྱུང་ཡེ་ཤེས་བཙལ་དུ་མེད་པ་ལ༔ རྒྱུ་འབྲས་གཉིས་སུ་ལྟ་བ་ཐང་རེ་ཆད༔ རྩོལ་སྒྲུབ་གཉིས་སུ་འཛིན་པ་ཉོན་རེ་མོངས༔ བཙལ་བ་མེད་པའི་རང་བྱུང་ཀློང་དུ་བཤགས༔ རིག་པ་ཡེ་ཤེས་རྟག་ཆད་མེད་པ་ལ༔ རྟག་ཆད་གཉིས་སུ་ལྟ་བ་ཐང་རེ་ཆད༔ ཡོད་དང་མེད་པར་ལྟ་བ་ཉོན་རེ་མོངས༔ རྟག་ཆད་མེད་པའི་ཡེ་ཤེས་ཀློང་དུ་བཤགས༔ ཆོས་དབྱིངས་རྣམ་དག་མཐའ་དབུས་མེད་པ་ལ༔ ཕྱོགས་རིས་མཐའ་དབུས་སྤྲོ་བསྡུ་ཐང་རེ་ཆད༔ མཐའ་དབུས་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཆོས་དབྱིངས་རྣམ་དག་མཐའ་དབུས་མེད་པར་བཤགས༔ ཞལ་ཡས་ཁང་ལ་ཕྱི་ནང་མེད་པ་ལ༔ ཕྱི་དང་ནང་དུ་ལྟ་བ་ཐང་རེ་ཆད༔ ཡངས་དོག་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཡངས་དོག་ཕྱི་ནང་མེད་པའི་ཀློང་དུ་བཤགས༔ ཡུམ་གྱི་མཁའ་ཉིད་མཐོ་དམན་མེད་པ་ལ༔ སྟེང་འོག་གཉིས་སུ་ལྟ་བ་ཐང་རེ་ཆད༔ མཐོ་དམན་གཉིས་སུ་འཛིན་པ་ཉོན་རེ་མོངས༔ བྷ་ག་ཡངས་དོག་མེད་པའི་ཀློང་དུ་བཤགས༔ ཆོས་ཀྱི་སྐུ་ལ་དབྱེ་བ་མེད་པ་ལ༔ ཡུལ་དང་སེམས་སུ་ལྟ་བ་ཐང་རེ་ཆད༔ སྣོད་བཅུད་གཉིས་སུ་འཛིན་པ་ཉོན་རེ་མོངས༔ གཉིས་སུ་མེད་པའི་ཡེ་ཤེས་ཀློང་དུ་བཤགས༔ ཅི་མཛད་ཅི་སྤྱོད་ཡབ་ཀྱི་རོལ་པ་ལས༔ རྣམ་རྟོག་སོ་སོར་ལྟ་བ་ཐང་རེ་ཆད༔ མིང་གིས་ལོག་པར་འཛིན་པ་ཉོན་རེ་མོངས༔ རོལ་པ་འཛིན་རྟོག་མེད་པའི་ཀློང་དུ་བཤགས༔ རིག་པའི་ཡེ་ཤེས་ནང་ནས་མ་ཤར་བས༔ མ་རིག་རྨོངས་པའི་བློ་ནི་སྙིང་རེ་རྗེ༔ གཟུགས་མེད་ཆོས་ལ་དངོས་པོ་མཚན་མར་འཛིན༔ ཡེ་ཤེས་རང་བཞིན་ཀློང་དུ་མཐོལ་ལོ་བཤགས༔ སྐྱེ་བ་མེད་པའི་དོན་དེ་མ་རྟོགས་ན༔ གང་ཟག་འཁྲུལ་པའི་བློ་འདི་ཡང་རེ་སྡུག༔ སྐྱེ་མེད་ཆོས་ལ་ང་དང་བདག་ཏུ་བཟུང༔ བདེ་ཆེན་སྐྱེ་མེད་ཀློང་དུ་མཐོལ་ལོ་བཤགས༔ ཆོས་ཉིད་དོན་དེ་བློ་ལ་མ་གསལ་བས༔ སྣང་སྲིད་སྒྱུ་མ་ཡིན་པར་མ་ཤེས་ཏེ༔ ཟང་ཟིང་ནོར་ལ་ཆགས་པའི་སེམས་ནི་སྐྱེས༔ ཆོས་ཉིད་སྐྱེ་མེད་ཆགས་པ་མེད་པར་བཤགས༔ འཁོར་བ་རང་བཞིན་མེད་པར་མ་ཤེས་ཏེ༔ དངོས་པོ་མཚན་མའི་ཆོས་ལ་རྟག་པར་འཛིན༔ མི་དགེའི་ལས་ཀྱིས་མཚན་མར་འཛིན་པར་བྱེད༔ བྱང་ཆུབ་སྐྱོན་བྲལ་ཀློང་དུ་མཐོལ་ལོ་བཤགས༔ མཉམ་པའི་དོན་ལ་མཉམ་པར་མ་རྟོགས་པས༔ གཉེན་བཤེས་འཁྲུལ་པའི་གྲོགས་ལ་རྟག་པར་འཛིན༔ མི་ཤེས་སྐྱེ་བོའི་སེམས་འདི་ཡང་རེ་གོལ༔ མཉམ་ཉིད་ཆོས་ཀྱི་ཀློང་དུ་མཐོལ་ལོ་བཤགས༔ ཆོས་ཉིད་བདེན་པའི་དོན་དང་མ་འཕྲད་ན༔ བདེན་པའི་དོན་བོར་མི་དགེའི་ལས་ལ་བརྩོན༔ སྟོན་པའི་བཀའ་བོར་མི་ཆོས་གཡེང་བས་བསླུས༔ ཆོས་ཉིད་བདེ་ཆེན་ཀློང་དུ་མཐོལ་ལོ་བཤགས༔ རིག་པའི་ཡེ་ཤེས་རང་སར་མ་གྲོལ་བས༔ རང་རིག་དོན་བོར་གཡེང་བའི་ལས་ལ་བརྩོན༔ འདི་འདྲའི་དོན་མེད་སེམས་ཅན་སྙིང་རེ་རྗེ༔ བསྙེན་བསྲིང་མེད་པའི་ཀློང་དུ་བཤགས་པར་བགྱི༔ ཡེ་ཤེས་ལྷ་དང་སྲུང་མ་དམ་ཚིག་ཅན༔ དམ་ཚིག་གཞུང་བཞིན་སྒྲུབ་པའི་རྣལ་འབྱོར་ལ༔ མ་རྟོགས་ལྟ་བའི་གོལ་སྒྲིབ་བྱུང་གྱུར་ན༔ རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ ཞེས་བཤགས་པར་བྱའོ། །བཞི་པ་ལུས་ངག་ཡིད་གསུམ་ཀའི་སྒོ་ནས་སྨྲེ་སྔགས་འགྱོད་ཚིག་གིས་བཤགས་པ་ནི། ཧོ༔ དགོངས་སུ་གསོལ༔ གསན་དུ་གསོལ༔ གཟིགས་སུ་གསོལ༔ སྟོན་པ་ཀུན་བཟང་ཡབ་ཡུམ་སྲས་དང་འཁོར༔ བླ་མ་ཡི་དམ་མཁའ་འགྲོ་འདུས་པའི་ཚོགས༔ རང་བཞིན་དག་པའི་དཀྱིལ་འཁོར་ལྷ་རྣམས་དང༔ བཀའ་སྡོད་སྲུང་མར་བཅས་རྣམས་དགོངས་སུ་གསོལ༔ བླ་མ་རྡོ་རྗེ་རྒྱལ་པོ་རྒྱལ་ཚབ་དང༔ གཟུངས་མ་རྒྱལ་ཐེབ་དཔལ་ཆེན་ལས་བྱེད་སོགས༔ འདུས་པའི་མཆེད་དང་ལྕམ་དྲལ་མ་ལུས་པ༔ མངོན་སུམ་ལྷང་ངེར་བཞུགས་རྣམས་གསན་དུ་གསོལ༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང༔ བཀའ་ཡི་བྱ་ར་བྱེད་པའི་མཐུ་རྩལ་ཅན༔ ཉིན་མཚན་དུས་དྲུག་རྒྱུ་བའི་ཉུལ་ལེ་མ༔ ཕོ་ཉ་ལས་མཁན་ཐམས་ཅད་གཟིགས་སུ་གསོལ༔ ཡེ་ནས་ལྷུན་གྲུབ་ཕོ་བྲང་གཞལ་ཡས་སུ༔ གདོད་ནས་རྣམ་དག་དབྱིངས་ཀྱི་ལྷ་རྣམས་ལ༔ ཀུན་རྫོབ་མཚན་མའི་བག་ཆགས་མི་མངའི་ཕྱིར༔ གཙང་རྨེ་ཉམས་ཆག་རྟོག་པ་མེད་ལགས་ཀྱང༔ དེ་ཡི་འཁོར་དུ་གཏོགས་པའི་སྲུང་མ་རྣམས༔ ལེགས་ཉེས་སྟངས་འཛིན་བསྟན་པའི་བྱ་ར་བྱེད༔ དམ་ཚིག་ཅན་རྣམས་རྟག་ཏུ་བུ་བཞིན་སྐྱོང༔ དམ་ཉམས་རྣམས་ལ་བཀའ་ཡི་ཆད་པ་འབེབ༔ དེ་ཕྱིར་བདག་ཅག་ལུས་དང་ངག་སེམས་ཀྱིས༔ བག་མེད་རྒྱལ་བའི་བཀའ་ལས་འདས་གྱུར་ཅིང༔ སྲུང་མ་རྣམས་ཀྱི་ཐུགས་དང་ཅི་འགལ་བ༔ གནོང་ཞིང་འགྱོད་པའི་སྒོ་ནས་བཤགས་པར་བགྱི༔ ཧོ༔ སྟོན་པ་ཀུན་ཏུ་བཟང་པོ་བཟང་མོ་དང༔ རིགས་ལྔའི་བདེ་བར་གཤེགས་པ་ལ་སོགས་པ༔ བླ་མ་ཡི་དམ་ཞི་ཁྲོ་དྷཱ་ཀི་རྣམས༔ ཐབས་མཁས་ཐུགས་རྗེ་ཆེན་པོའི་རང་བཞིན་བས༔ ཀུན་ལ་སྙོམས་པའི་ཡབ་དང་ཡུམ་ལགས་ཤིང༔ སྔར་འདས་རིག་འཛིན་ཕོ་མོ་ཐམས་ཅད་ཀྱང༔ ཡང་དག་དོན་རྟོགས་དགེ་བའི་བཤེས་ཡིན་པས༔ འཁྲུལ་རྟོག་ཉམས་ཆག་སྒྲིབ་པ་མི་མངའ་ཡང༔ བདག་སོགས་སེམས་ཅན་མ་རིག་འཁྲུལ་དབང་གིས༔ ད་དུང་འཁོར་བའི་གཅོང་རོང་ཉམ་ང་བ༔ ཚ་གྲང་མི་བཟོད་རྦ་ཀློང་འཁྲུག་པའི་དཀྱིལ༔ སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཉམས་སུ་མྱོང༔ ཀྱི་ཧུད༔ ཉམ་ཐག་ང་རོས་འོ་དོད་ཕྱོགས་བཅུར་འབོད༔ སྡིག་ལྡན་བདག་ལྟའི་སྐྱེ་འགྲོ་ཉོན་རེ་མོངས༔ ལས་ངན་དབང་གིས་ལུས་ངན་བསྐྱར་ཞིང་ལེན༔ མནར་མེད་དོང་དུ་ལྷུང་ལ་ཐུགས་རྗེས་སྐྱོབས༔ གནས་སྐབས་བདེ་འབྲས་ལྷ་མིའི་ལུས་བླངས་ཤིང༔ སྨོན་ལམ་མཐུ་ཡིས་བཀའ་གསང་སྒོར་ཞུགས་ཀྱང༔ མ་དག་ལས་དབང་སྒྱུ་མའི་གྲོང་ཁྱེར་དུ༔ ང་བདག་འཛིན་པའི་ལོག་རྟོག་སྒྲོག་གིས་བཅིངས༔ རྒྱལ་བའི་མཛད་སྤྱོད་ཀློང་དུ་མ་གྱུར་དང༔ དགོངས་སྤྱོད་དག་པ་མཐའ་རུ་མ་སྐྱོལ་བས༔ བཀའ་ཟབ་གསང་བ་ཆེན་པོ་སྤྱད་ཉེས་ཏེ༔ རྩ་བ་ཡན་ལག་དམ་ཚིག་འདས་ཤིང་འགོངས༔ ན་རཀ་ལ་སོགས་ངན་སོང་རྒྱུ་རྣམས་བསགས༔ རྒྱལ་བའི་བཀའ་གསང་ཟབ་ཅིང་གཉན་རྣམས་ལ༔ རང་འདོད་བཅོས་མས་གཟུ་ལུམ་རས་ཆོད་བགྱིས༔ སྒྲ་ལོག་དོན་འཆུག་ཡིག་སྣ་མཆན་ཊིཀ་བརྩམས༔ བཀའ་དྲིན་འཁོར་མེད་རྡོ་རྗེ་སློབ་དཔོན་ལ༔ ངན་སེམས་དབང་གིས་སྨད་ཅིང་སྐུ་ལ་བསྡོས༔ བཀའ་བཅག་བཀའ་བརྐུས་བཀའ་དྲིན་ཁྱད་དུ་བསད༔ ཐུགས་དཀྲུགས་ཐུགས་སུན་ཕྱུང་ཞིང་ཐུགས་དང་འགལ༔ མཛད་སྤྱོད་ཁྱད་དུ་བསད་ནས་ལོག་མིན་བསྒྲུབས༔ བརྙས་པའི་དབང་གི་ཡན་ལག་བགྲང་ལས་འདས༔ སྒོ་གསུམ་འཁྲུལ་པས་མི་དགེ་སྣ་ཚོགས་སྤྱད༔ དམ་ཚིག་གཅིག་པའི་རྡོ་རྗེ་སྤུན་གྲོགས་ལ༔ ལྟ་སྤྱོད་ལོག་པས་ངན་སེམས་འཕྱ་སེམས་དང༔ རྐུ་འཕྲོག་བརྡེག་བཙོགས་ངན་དུ་སྨྲས་ལ་སོགས༔ སྐུ་ཡི་དམ་ཚིག་ཉམས་པའི་ལས་བགྱིས་དང༔ སྟོན་པའི་སྒྲོན་མེ་རྡོ་རྗེ་སློབ་དཔོན་གྱིས༔ ལྷ་དང་སྔགས་ཀྱི་དེ་ཉིད་བསྟན་ན་ཡང༔ ཏིང་འཛིན་མ་གསལ་སྒོམ་པ་རྔོ་མ་ཐོགས༔ བཟླས་བརྗོད་བར་ཆད་བསྙེན་སྒྲུབ་ལོ་ཟླར་གཡེལ༔ བཀའ་ཟབ་གསང་བའི་ལྟ་སྤྱོད་མངོན་ཕྱུང་ཞིང༔ གསང་བར་འོས་དང་གསང་བར་གཉེར་གཏད་དང༔ ཕྱི་ནང་གསང་བཅུ་སྤེལ་ཞིང་གཡེལ་ལ་སོགས༔ དམ་ཚིག་ཉམས་པའི་ལས་རྣམས་ཅི་བགྱིས་པ༔ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མ་ལུས་ཀུན༔ མཐོལ་ཞིང་བཤགས་ནས་བཟོད་པར་གསོལ་བགྱིད་ན༔ སླན་ཆད་བདག་ལ་སྡིག་པར་མ་གྱུར་ཅིག༔ བླ་མ་ཡི་དམ་མཁའ་འགྲོའི་ལྷ་ཚོགས་དང༔ ས་ལ་བཞུགས་པའི་རིག་འཛིན་ཕོ་མོ་དང༔ ཡེ་ཤེས་ལས་ལས་གྲུབ་པའི་དམ་ཅན་དང༔ སློབ་དཔོན་མཆེད་དང་ལྕམ་དྲལ་སྤྱན་ལམ་དུ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ རྒྱུ་མཆོག་མཆོད་པ་འདི་ལ་རྟེན་བཅས་ནས༔ བདག་སོགས་མ་རིག་ལུས་དང་ངག་སེམས་ཀྱིས༔ ཉམས་ཆག་འགལ་འཁྲུལ་ཚངས་པར་གསོལ་བ་ནི༔ སྐུ་ཡི་དམ་ཚིག་ཉམས་པའི་ལས་དབང་གིས༔ ཚེ་འདིར་ལུས་ལ་མཛེ་སོགས་ནད་མང་ཞིང༔ ཚེ་འཕོས་ན་རཀ་དམྱལ་བའི་ཡང་གཏིང་དུ༔ ལུས་གཤག་གཏུབ་སོགས་སྡུག་བསྔལ་རྒྱུ་བསགས་རྣམས༔ མཐོལ་ལོ་མཐོལ་ལོ་ཡེ་ཤེས་ལྷ་ལ་མཐོལ༔ བཤགས་སོ་བཤགས་སོ་དམ་ཅན་སྲུང་མའི་ཚོགས༔ མཐོལ་བཤགས་བཟོད་པ་དང་དུ་བཞེས་ནས་ཀྱང༔ སྒྲིབ་མེད་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ༔ གསུང་གི་དམ་ཚིག་ཉམས་པའི་ལས་དབང་གིས༔ འདི་དང་ཕྱི་མ་ལ་སོགས་ནམ་དུ་ཡང༔ དིགས་ལྐུགས་སྨྲ་ལྕེ་མི་བདེ་སྡུག་བསྔལ་རྒྱུ༔ ཅི་བསགས་ཐམས་ཅད་མཐོལ་ཞིང་བཤགས་པར་བགྱི༔ ཐུགས་ཀྱི་དམ་ཚིག་ཉམས་པའི་རྣམ་སྨིན་གྱིས༔ འཇིག་རྟེན་འདི་དང་ཕྱི་མ་ཐམས་ཅད་དུ༔ གླེན་ལྐུགས་དྲན་ཉམས་སྨྱོ་འབོག་སེམས་ཀྱི་གཅོང༔ ཡིད་ཀྱི་སྡུག་བསྔལ་རྒྱུ་བསགས་མཐོལ་ཞིང་བཤགས༔ གཞན་ཡང་མ་རིག་འཁྲུལ་པའི་ལས་དབང་གིས༔ རང་ལ་དབང་མེད་སློབ་དཔོན་ས་བཟུང་ནས༔ ཟབ་མོའི་བཀའ་ལ་དབང་ཟོས་རྫབ་པ་དང༔ གབ་པའི་མན་ངག་མ་རྟོགས་གསང་བ་འཆལ༔ སྔགས་ཀྱི་སྤྱོད་པ་ཟབ་མོ་འཆོལ་བར་སྤྱད༔ ལུང་མེད་ལུང་དཀྲུགས་ལུང་གི་རྒྱབ་དང་འགལ༔ བབ་ཆོལ་འབོག་ཉོག་བཟང་ངན་མེད་པར་བསླད༔ ཁྲ་དང་སྤྱང་ཀི་ལྟ་བུའི་ལས་བགྱིས་ཏེ༔ མི་བཟད་ན་རཀ་ཆེན་པོའི་རྒྱུ་བསགས་རྣམས༔ མཐོལ་ལོ་བཤགས་སོ་དཀྱིལ་འཁོར་ལྷ་ལ་བཤགས༔ མཐོལ་བཤགས་བཟོད་པ་དམ་པ་བཞེས་ནས་ཀྱང༔ བླ་མེད་དོན་གྱི་ཚངས་པ་བསྩལ་དུ་གསོལ༔ ཡེ་ཤེས་ལྷ་དང་རྡོ་རྗེ་སློབ་དཔོན་གྱིས༔ གསང་བའི་དམ་ཚིག་ཚུལ་བཞིན་བསྩལ་པ་ལ༔ རྩིས་མེད་ཡལ་བར་དོར་ཞིང་བཀའ་བསླུས་ནས༔ འདོད་ཡོན་སྲེད་པས་ཚོགས་ཀྱི་སྤྱང་ཀུ་བགྱིས༔ ཚོད་ཡོད་རྔམ་ཆོད་ཕུད་གཞོལ་ལྷག་ལ་འཕྲིས༔ དཀོན་མཆོག་གསུམ་ལ་བསྔོས་དང་མཆོད་པའི་རྫས༔ མ་བྱིན་ཕ་མའི་ལོངས་སྤྱོད་ནད་པའི་ཟས༔ དཀའ་ཐུབ་དབེན་པའི་སྒྲུབ་རྒྱགས་འཚོ་བ་སོགས༔ བཙན་ཐབས་དྲེགས་ཚོད་ཐུག་ཐུབ་དབང་ཟ་ཞིང༔ རང་བྱན་བཙུད་དེ་པྲེ་ཏའི་རྒྱུ་བསགས་རྣམས༔ མཐོལ་ཞིང་བཤགས་སོ་བཟོད་པ་དམ་པ་བཞེས༔ ཕྱིན་ཆད་མི་བགྱིད་སྡིག་པར་མ་གྱུར་ཅིག༔ ཡན་ལག་དམ་ཚིག་ཉེར་ལྔ་ལས་འདས་ཏེ༔ སྤྱད་པར་བྱ་བ་ལྔ་དང་མི་སྤང་ལྔ༔ དང་དུ་བླང་ལྔ་ཤེས་པར་བྱ་བ་ལྔ༔ བསྒྲུབ་པར་བྱ་བའི་དམ་ཚིག་ལྔ་ལ་སོགས༔ ཉི་ཤུ་རྩ་ལྔའི་དམ་ཚིག་ཉམས་ཆག་རྣམས༔ མི་འཆབ་མི་སྦེད་མཐོལ་ཞིང་བཤགས་པར་བགྱི༔ ནང་པ་ཐབས་ཀྱི་རྒྱུད་གཞུང་ལས་བྱུང་བའི༔ ཁྱད་པར་ཅན་གྱི་དམ་ཚིག་ཉི་ཤུ་དང༔ སྤྱོད་པ་རྒྱུན་གྱི་དམ་ཚིག་རྣམ་པ་བཞི༔ རང་བཞིན་ལྟ་བའི་དམ་ཚིག་བཞི་དང་ནི༔ གལ་མདོ་ངེས་པའི་དམ་ཚིག་བཞི་ལ་སོགས༔ དེ་དག་རྣམས་ཀྱི་བསྲུང་མཚམས་མི་ཤེས་ཤིང༔ གཞུང་དང་འགལ་བའི་ལས་རྣམས་ཅི་བགྱིས་པ༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ཞིང་བཤགས༔ ཕྱི་པ་རྒྱུད་ཀྱི་གཞུང་ལས་བྱུང་བ་ཡི༔ སྤྱི་དང་བྱེ་བྲག་ཁྱད་པར་དམ་ཚིག་དང༔ བྱང་ཆུབ་སེམས་དཔའི་སྡོམ་པ་ཉམས་པ་དང༔ ཉན་ཐོས་འདུལ་ཁྲིམས་ཉམས་དང་འཇིག་རྟེན་པའི༔ ངོ་ཚ་ཁྲེལ་གཞུང་མནའ་ཚིག་འགལ་ལ་སོགས༔ དམ་ཚིག་ཁྲིམས་ཉམས་ཐམས་ཅད་མཐོལ་ཞིང་བཤགས༔ བཀའ་གསང་གཉན་པོ་ཁྱད་དུ་བསད་ནས་ནི༔ སྐྱེ་བོ་ཡ་ག་ཅན་གྱི་རང་དད་དང༔ འདོད་ཡོན་ཟས་ནོར་གསུད་ཀྱི་དབང་བཏང་ནས༔ དཀོན་མཆོག་གསུམ་གྱི་སྐུ་དགྲའི་སྔགས་ཟློག་བྱས༔ པྲ་ཏི་ཧ་ན་མ་ཧཱ་བོ་དྷི་སོགས༔ དཀོན་མཆོག་གསུམ་ལ་བསྔོས་པའི་ཡོ་བྱད་དང༔ བླ་མ་དང་ནི་དཀྱིལ་འཁོར་ཆེན་པོ་ཡི༔ མཆོད་པ་ཚོགས་ཀྱི་ཡོ་བྱད་རྣམས་ལ་བསྔོས༔ སྒོམ་སྒྲུབ་ཟབ་མོའི་རྒྱུ་རྐྱེན་ལ་སོགས་པ༔ ཚོགས་མཆོད་ཆེན་པོའི་རྒྱུ་རུ་བསྔོས་རྣམས་ལ༔ ཚོད་ཡོད་བྱས་ནས་དངོས་སུ་སྤྱད་པ་དང༔ ཐུག་ཐུབ་ཕྲི་བཞོགས་ཐབས་ཀྱིས་བཅོམ་ལ་སོགས༔ ངན་སོང་རྒྱུ་བསགས་ཐམས་ཅད་མཐོལ་ཞིང་བཤགས༔ མདོར་ན་གསང་སྔགས་ཟབ་མོའི་སྒོར་ཞུགས་ནས༔ མ་རིག་དབང་གིས་དམ་ཚིག་མ་བསྲུང་ཞིང༔ ལུས་ངག་ཡིད་གསུམ་སྤྱོད་པ་བག་མེད་པས༔ ཁས་བླངས་དམ་བཅས་ཚུལ་བསྡོམས་མནའ་དོར་ནས༔ གཡེལ་ཞིང་བག་ཆགས་ངན་པའི་ཤུགས་ཕོག་སྟེ༔ དམ་ཉམས་མནའ་ཟོས་ཁྲིམས་ཤོར་ཚུལ་ལས་འདས༔ ན་རཀ་སྡུག་བསྔལ་ཆེན་པོའི་རྒྱུ་བསགས་ཤིང༔ བཀའ་ལ་རས་ཆོད་དབང་ཟོས་གསང་བ་བསྒྲགས༔ བག་མེད་བབ་ཆོལ་སྤྱོད་པའི་ཚུལ་ཤོར་ནས༔ དཀྱིལ་འཁོར་བྲི་ནོར་མཆོད་གཏོར་བཤམས་ཉེས་དང༔ བསྙེན་སྒྲུབ་ལས་སྦྱོར་གོ་ལོག་ལག་ལེན་འཁྲུགས༔ སྨན་རཀ་གཏོར་མཆོད་ཚོགས་ཀྱི་ཡོ་བྱད་རྣམས༔ བསང་སྦྱང་བྱིན་གྱིས་མ་བརླབ་ཐ་མལ་དུ༔ འབུལ་བརྗེད་སྤྱད་ཉེས་འབག་བཙོག་ཕོག་ལ་སོགས༔ སྤྱོད་པ་བག་མེད་བགྱིས་རྣམས་མཐོལ་ཞིང་བཤགས༔ བློ་ནོར་འཁྲུལ་པས་ཏིང་འཛིན་མ་གསལ་ཞིང༔ རྨུགས་འཐིབས་བྱིང་པས་ཡི་དམ་ལྷ་མ་མཐོང༔ ཛཔ྄་བསྙེན་གྲྭ་ཆག་གྲངས་ཚད་མཐར་མ་འཁྱོལ༔ སྒོམ་སྒྲུབ་ཟབ་མོ་གཡེལ་པ་མཐོལ་ཞིང་བཤགས༔ སྣང་སྲིད་འཁོར་འདས་ཆོས་རྣམས་མ་ལུས་པ༔ གཞི་མེད་རྩ་བྲལ་སྨྲ་བརྗོད་ལས་འདས་ཤིང༔ ལྷུན་གྲུབ་རང་བཞིན་གཏིང་མཐའ་མེད་པ་ལ༔ འཁྲུལ་རྟོག་བཅོས་བསླད་ཡིད་གཉིས་སྒྲོག་གིས་བཅིངས༔ ལྟ་བ་ཐག་མ་ཆོད་པ་མཐོལ་ཞིང་བཤགས༔ བླ་མ་ཡི་དམ་ཞི་ཁྲོ་རང་སྣང་གི༔ ལྷ་ཚོགས་རྣམས་ལ་རྟོག་པ་མི་མངའ་ཡང༔ དེ་ཡི་བཀའ་དང་འཁོར་དུ་གཏོགས་པ་ཡི༔ ཡེ་ཤེས་དང་ནི་ལས་ལས་གྲུབ་པ་རྣམས༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང༔ ཆོས་འཁོར་སྐྱོང་ཞིང་བསྟན་པ་སྲུང་ལ་སོགས༔ དམ་ཅན་རྣམས་ཀྱི་ཐུགས་དང་ཅི་འགལ་བ༔ མཐོལ་ལོ་བཤགས་སོ་ཐུགས་དམ་བསྐང་བར་མཛོད༔ མཐོལ་བཤགས་བཟོད་པ་དང་དུ་ཡར་བཞེས་ལ༔ སྒྲིབ་མེད་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ༔ འདུས་པའི་མཐུན་གྲོགས་མཆེད་དང་ལྕམ་དྲལ་གྱི༔ སྤྱན་ལམ་མི་མཛེས་སྙན་དུ་མི་འཛུལ་ཞིང༔ ཐུགས་དང་འགལ་བའི་བྱ་བ་བག་མེད་པས༔ འཕྲལ་གྱི་རྐྱེན་བྱེད་ཡུན་གྱི་སྒྲིབ་གྱུར་རྣམས༔ རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ཞིང་བཤགས༔ ཨཱོྃ་ཨཱཾཿཧཱུྃ་ཧོ༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས༔ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ མཐོལ་ལོ་བཤགས་སོ་བྱང་ཞིང་དག་གྱུར་ཅིག༔ ཅེས་ཉམས་ཆག་བཤགས་པའི་རིམ་པ་རྣམས་སོ། །གཉིས་པ་ཐུགས་དམ་བསྐང་བའི་ཆོ་ག་ལ་བཞི་སྟེ། ཕྱི་ཐུན་མོང་མཆོད་པས་བསྐང་བ། ནང་ཐུན་མིན་རྫས་ཀྱིས་བསྐང་བ། གསང་བ་བླ་མེད་ཚོགས་ཀྱིས་བསྐང་བ། དེ་ཁོ་ན་ཉིད་དོན་དམ་བྱང་ཆུབ་སེམས་ཀྱིས་བསྐང་བའོ། །དང་པོ་ཕྱི་ཐུན་མོང་མཆོད་པས་བསྐང་བ་ནི། ཉེར་སྤྱོད་ཐོགས་པ་ཚར་དུ་དངར་བས་དཀྱིལ་འཁོར་བསྐོར་ཞིང་། ཧཱུྃ་ཧྲཱི༔ སྟོང་གསུམ་འདི་འམ་གཞན་དག་ན༔ ལྷ་རྫས་མཆོག་གི་ཡོན་ཆབ་འདི༔ རྒྱུ་རྐྱེན་རྣམ་པར་དག་པའི་རྫས༔ བླ་མེད་མཆོག་གི་མཆོད་པ་འདིས༔ བླ་མ་ཡི་དམ་མཁའ་འགྲོ་དང༔ དམ་ཅན་རྒྱ་མཚོ་ལ་སོགས་པའི༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ སྟོང་གསུམ་འདི་འམ་གཞན་དག་ན༔ ལྷ་རྫས་མཆོག་གི་མེ་ཏོག་འདི༔ རྒྱུ་རྐྱེན་རྣམ་པར་དག་པའི་རྫས༔ བླ་མེད་མཆོག་གི་མཆོད་པ་འདིས༔ བླ་མ་ཡི་དམ་མཁའ་འགྲོ་དང༔ དམ་ཅན་རྒྱ་མཚོ་ལ་སོགས་པའི༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ སྟོང་གསུམ་འདི་འམ་གཞན་དག་ན༔ ལྷ་རྫས་མཆོག་གི་བདུག་སྤོས་འདི༔ རྒྱུ་རྐྱེན་རྣམ་པར་དག་པའི་རྫས༔ བླ་མེད་མཆོག་གི་མཆོད་པ་འདིས༔ བླ་མ་ཡི་དམ་མཁའ་འགྲོ་དང༔ དམ་ཅན་རྒྱ་མཚོ་ལ་སོགས་པའི༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ སྟོང་གསུམ་འདི་འམ་གཞན་དག་ན༔ ལྷ་རྫས་མཆོག་གི་སྣང་གསལ་འདི༔ རྒྱུ་རྐྱེན་རྣམ་པར་དག་པའི་རྫས༔ བླ་མེད་མཆོག་གི་མཆོད་པ་འདིས༔ བླ་མ་ཡི་དམ་མཁའ་འགྲོ་དང༔ དམ་ཅན་རྒྱ་མཚོ་ལ་སོགས་པའི༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ སྟོང་གསུམ་འདི་འམ་གཞན་དག་ན༔ ལྷ་རྫས་མཆོག་གི་དྲི་ཆབ་འདི༔ རྒྱུ་རྐྱེན་རྣམ་པར་དག་པའི་རྫས༔ བླ་མེད་མཆོག་གི་མཆོད་པ་འདིས༔ བླ་མ་ཡི་དམ་མཁའ་འགྲོ་དང༔ དམ་ཅན་རྒྱ་མཚོ་ལ་སོགས་པའི༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ སྟོང་གསུམ་འདི་འམ་གཞན་དག་ན༔ ལྷ་རྫས་མཆོག་གི་ཞལ་ཟས་འདི༔ རྒྱུ་རྐྱེན་རྣམ་པར་དག་པའི་རྫས༔ བླ་མེད་མཆོག་གི་མཆོད་པ་འདིས༔ བླ་མ་ཡི་དམ་མཁའ་འགྲོ་དང༔ དམ་ཅན་རྒྱ་མཚོ་ལ་སོགས་པའི༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ སྟོང་གསུམ་འདི་འམ་གཞན་དག་ན༔ ལྷ་རྫས་མཆོག་གི་རོལ་མོ་འདི༔ རྒྱུ་རྐྱེན་རྣམ་པར་དག་པའི་རྫས༔ བླ་མེད་མཆོག་གི་མཆོད་པ་འདིས༔ བླ་མ་ཡི་དམ་མཁའ་འགྲོ་དང༔ དམ་ཅན་རྒྱ་མཚོ་ལ་སོགས་པའི༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཅེས་དང་། ཉམས་ཆག་ཐམས་ཅད་སྐོང་གྱུར་ཅིག །རྟོག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག །ལས་ངན་སྡིག་སྒྲིབ་དག་གྱུར་ཅིག །ཁམས་གསུམ་འཁོར་བ་སྟོངས་གྱུར་ཅིག །འབྲས་བུ་སྐུ་གསུམ་ཐོབ་གྱུར་ཅིག །བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ། །ཅེས་སྦྱར་རོ། །གཉིས་པ་ནང་ཐུན་མིན་རྫས་ཀྱིས་བསྐང་བ་ལའང་བཞི་ལས། དང་པོ་བདུད་རྩི་སྨན་གྱིས་བསྐང་བ་ནི། བྱིན་གྱིས་བརླབས་པའི་སྨན་མཆོད་སྦྲེང་ཞིང་འཐོར་ལ། ཧཱུྃ་ཧྲཱི༔ ཀུན་གཞི་ཀློང་ཡངས་བྷནྡྷ་རུ༔ བྱང་ཆུབ་སེམས་ཀྱི་བདུད་རྩིས་བཀང༔ སྐོང་བའི་རྫས་མཆོག་བླ་ན་མེད༔ ཆོས་ཀྱི་སྐུ་ཡི་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ བློ་མདངས་གསལ་འབར་བྷནྡྷ་རུ༔ ཡེ་ཤེས་སྒྲིབ་མེད་བདུད་རྩིས་བཀང༔ སྐོང་བའི་རྫས་མཆོག་བླ་ན་མེད༔ ལོངས་སྤྱོད་རྫོགས་སྐུའི་ཐུགས༴ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ མཆོག་གི་འོད་གསལ་བྷནྡྷ་རུ༔ ཐིག་ལེ་འབར་བའི་བདུད་རྩིས་བཀང༔ སྐོང་བའི་རྫས་མཆོག་བླ་ན་མེད༔ སྤྲུལ་པ་སྐུ་ཡི་ཐུགས༴ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཡེ་ཤེས་རྩ་ཡི་བྷནྡྷ་རུ༔ སྐྱེ་མེད་ཨ་དཀར་བདུད་རྩིས་བཀང༔ སྐོང་བའི་རྫས་མཆོག་བླ་ན་མེད༔ ཞི་བའི་ལྷ་ཚོགས་ཐུགས༴ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཡེ་ཤེས་ལྔ་ཡི་བྷནྡྷ་རུ༔ ཤེས་རབ་རང་གསལ་བདུད་རྩིས་བཀང༔ སྐོང་བའི་རྫས་མཆོག་བླ་ན་མེད༔ ཁྲོ་བོའི་ལྷ་ཚོགས་ཐུགས༴ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ སྟོང་གསུམ་སྣོད་ཀྱི་བྷནྡྷ་རུ༔ རང་རྩལ་བཅུད་ཀྱི་བདུད་རྩིས་བཀང༔ སྐོང་བའི་རྫས་མཆོག་བླ་ན་མེད༔ བཀྲམ་པའི་ལྷ་ཚོགས་ཐུགས༴ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཅེས་དང་། ཉམས་ཆག་ཐམས་ཅད་སྐོང་གྱུར་ཅིག །རྟོག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག །ལས་ངན་སྡིག་སྒྲིབ་དག་གྱུར་ཅིག །ཁམས་གསུམ་འཁོར་བ་སྟོངས་གྱུར་ཅིག །འབྲས་བུ་སྐུ་གསུམ་ཐོབ་གྱུར་ཅིག །བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ། །ཅེས་ཚིག་རྐང་དྲུག་པོ་གོང་བཞིན་སྦྱར། གཉིས་པ་དམར་ཆེན་རཀྟས་བསྐང་བ་ནི། དུང་ཆེན་དམར་གྱིས་བཀང་བ་ཐོགས་ལ་སྦྲེང་ཞིང་། ཧཱུྃ་ཧྲཱི༔ སྤྱི་གཙུག་བདེ་ཆེན་འཁོར་ལོའི་བྷནྡྷ་རུ༔ སྡུག་བསྔལ་རྣམ་པར་གྲོལ་བའི་རཀྟས་བཀང༔ གཉིས་མེད་བདེ་བ་ཆེན་པོའི་ཆགས་པས་བསྐྱེད༔ འདི་ཡང་རྨད་བྱུང་སྐོང་བའི་རཀྟ་སྟེ༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ མགྲིན་པ་ལོངས་སྤྱོད་འཁོར་ལོའི་བྷནྡྷ་རུ༔ སྣ་ཚོགས་ཡིད་ལས་གྲོལ་བའི་རཀྟས་བཀང༔ གཉིས་མེད་བདེ་བ་ཆེན་པོའི་ཆགས་པས་བསྐྱེད༔ འདི་ཡང་རྨད་བྱུང་སྐོང་བའི་རཀྟ་སྟེ༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ སྙིང་ཁ་ཆོས་ཀྱི་འཁོར་ལོའི་བྷནྡྷ་རུ༔ བསམ་གཏན་བློ་ལས་གྲོལ་བའི་རཀྟས་བཀང༔ གཉིས་མེད་བདེ་བ་ཆེན་པོའི་ཆགས་པས་བསྐྱེད༔ འདི་ཡང་རྨད་བྱུང་སྐོང་བའི་རཀྟ་སྟེ༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ལྟེ་བ་སྤྲུལ་པའི་འཁོར་ལོའི་བྷནྡྷ་རུ༔ ཉོན་མོངས་རྩ་མདུད་གྲོལ་བའི་རཀྟས་བཀང༔ གཉིས་མེད་བདེ་བ་ཆེན་པོའི་ཆགས་པས་བསྐྱེད༔ འདི་ཡང་རྨད་བྱུང་སྐོང་བའི་རཀྟ་སྟེ༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ གསང་གནས་བདེ་སྐྱོང་འཁོར་ལོའི་བྷནྡྷ་རུ༔ ཡེ་ཤེས་བདེ་བ་ཐིག་ལེའི་རཀྟས་བཀང༔ གཉིས་མེད་བདེ་བ་ཆེན་པོའི་ཆགས་པས་བསྐྱེད༔ འདི་ཡང་རྨད་བྱུང་སྐོང་བའི་རཀྟ་སྟེ༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་དང་། ཉམས་ཆག་ཐམས་ཅད་སྐོང་གྱུར་ཅིག །རྟོག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག །ལས་ངན་སྡིག་སྒྲིབ་དག་གྱུར་ཅིག །ཁམས་གསུམ་འཁོར་བ་སྟོངས་གྱུར་ཅིག །འབྲས་བུ་སྐུ་གསུམ་ཐོབ་གྱུར་ཅིག །བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ། །གསུམ་པ་རྨད་བྱུང་གཏོར་མས་བསྐང་བ་ནི། དཔལ་གྱི་གཏོར་མ་རྒྱན་ལྡན་བཟའ་བཅའ་སྣ་ཚོགས་ཀྱིས་བྲན་པ་བཏེགས་ལ། ཧཱུྃ་ཧྲཱི༔ བྷནྡྷ་འབར་བའི་གཏོར་གཞོང་དུ༔ ཤངས་ཀྱི་རླུང་སྒྲོམ་དཔལ་བཤོས་བཙུགས༔ འཁོར་ལོ་འབར་བའི་མཐེབ་ཀྱུས་བསྒྲོན༔ སྒྲོན་མ་མིག་གི་ཛ་གད་གསལ༔ དབང་པོ་ལྔ་ཡི་རཀྟས་བྲན༔ སྐོང་བའི་གཏོར་མ་བླ་ན་མེད༔ རྩ་བ་གསུམ་གྱི་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཉི་ཟླ་གྭ་འུའི་གཏོར་གཞོང་དུ༔ ཙིཏྟ་འབར་བའི་དཔལ་བཤོས་བཙུགས༔ པདྨ་འདབ་བརྒྱད་མཐེབ་ཀྱུས་བསྒྲོན༔ རྣམ་ཤེས་ཚོགས་བརྒྱད་ཛ་གད་གསལ༔ རྩ་ཆེན་བཞི་ཡི་རཀྟས་བྲན༔ སྐོང་བའི་གཏོར་མ་བླ་ན་མེད༔ རྩ་བ་གསུམ་གྱི་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ གདལ་ཁྱབ་ལྤགས་པའི་གཏོར་གཞོང་དུ༔ རུས་པ་རང་གསལ་དཔལ་བཤོས་བཙུགས༔ རང་སྣང་ཤ་ཡི་མཐེབ་ཀྱུས་བསྒྲོན༔ བཀྲག་དང་གཟི་མདངས་ཛ་གད་གསལ༔ ཁྲག་དང་ཆུ་སེར་རཀྟས་བྲན༔ སྐོང་བའི་གཏོར་མ་བླ་ན་མེད༔ རྩ་བ་གསུམ་གྱི་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཁོག་པ་སྟོང་པའི་གཏོར་གཞོང་དུ༔ མཆིན་པ་རང་གསལ་དཔལ་བཤོས་བཙུགས༔ གློ་མཚེར་མཁལ་མའི་མཐེབ་ཀྱུས་བསྒྲོན༔ གུ་ཧྱ་ནང་རོལ་ཛ་གད་གསལ༔ རང་སྣང་མཁྲིས་པའི་རཀྟས་བྲན༔ སྐོང་བའི་གཏོར་མ་བླ་ན་མེད༔ རྩ་བ་གསུམ་གྱི་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཅེས་དང་། ཉམས་ཆག་ཐམས་ཅད་སྐོང་གྱུར་ཅིག །རྟོག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག །ལས་ངན་སྡིག་སྒྲིབ་དག་གྱུར་ཅིག །ཁམས་གསུམ་འཁོར་བ་སྟོངས་གྱུར་ཅིག །འབྲས་བུ་སྐུ་གསུམ་ཐོབ་གྱུར་ཅིག །བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ། །བཞི་པ་སྣང་གསལ་མར་མེས་བསྐང་བ་ནི། འབྲུ་མར་དང་ཞུན་གྱི་མར་མེ་སྤར་བ་ཐོགས་ལ། ཧཱུྃ་ཧྲཱི༔ གདལ་ཁྱབ་ལྤགས་པའི་ཀོང་བུ་རུ༔ ཁྲག་དང་ཆུ་སེར་མར་ཁུས་བལྟམས༔ ཤ་དང་རུས་པའི་སྡོང་བུ་བཙུགས༔ རང་གསལ་བཀྲག་མདངས་སྒྲོན་མེ་སྦར༔ འདི་ཡང་རང་བྱུང་ཞུན་མར་ཏེ༔ སྐོང་བའི་ཞུན་ཆེན་བླ་ན་མེད༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ བྷནྡྷ་འབར་བའི་ཀོང་བུ་རུ༔ གོ་རོ་ཙ་ནའི་མར་ཁུས་བལྟམས༔ གསལ་བྱེད་རྩ་ཡི་སྡོང་བུ་བཙུགས༔ དབང་པོ་ལྔ་ཡི་སྒྲོན་མེ་སྦར༔ འདི་ཡང་རང་བྱུང་ཞུན་མར་ཏེ༔ སྐོང་བའི་ཞུན་ཆེན་བླ་ན་མེད༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཙིཏྟ་འབར་བའི་ཀོང་བུ་རུ༔ སྙིང་ཚིལ་དཀར་ནག་མར་ཁུས་བལྟམས༔ པདྨ་འདབ་བརྒྱད་སྡོང་བུ་བཙུགས༔ རྣམ་ཤེས་ཚོགས་བརྒྱད་སྒྲོན་མེ་སྦར༔ འདི་ཡང་རང་བྱུང་ཞུན་མར་ཏེ༔ སྐོང་བའི་ཞུན་ཆེན་བླ་ན་མེད༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ དྭངས་མ་ལྔ་ཡི་ཀོང་བུ་རུ༔ སྒྲིབ་མེད་འོད་ལྔའི་མར་ཁུས་བལྟམས༔ དོན་སྙིང་ལྔ་ཡི་སྡོང་བུ་བཙུགས༔ འགྱུ་བྱེད་དབུགས་ཀྱི་སྒྲོན་མེ་སྦར༔ འདི་ཡང་རང་བྱུང་ཞུན་མར་ཏེ༔ སྐོང་བའི་ཞུན་ཆེན་བླ་ན་མེད༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཨ་ཝ་དྷཱུ་ཏིའི་ཀོང་བུ་རུ༔ རང་གསལ་འོད་ཀྱི་མར་ཁུས་བལྟམས༔ འཁོར་ལོ་བདུན་བརྩེགས་སྡོང་བུ་བཙུགས༔ བྱང་ཆུབ་སེམས་ཀྱི་སྒྲོན་མེ་སྦར༔ འདི་ཡང་རང་བྱུང་ཞུན་མར་ཏེ༔ སྐོང་བའི་ཞུན་ཆེན་བླ་ན་མེད༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ མི་ཤིགས་ཐིག་ལེའི་ཀོང་བུ་རུ༔ སྐྱེ་མེད་ཡེ་ཤེས་མར་ཁུས་བལྟམས༔ རྩ་ཕྲན་བཅུ་ཡི་སྡོང་བུ་བཙུགས༔ རིག་པ་རང་བྱུང་སྒྲོན་མེ་སྦར༔ འདི་ཡང་རང་བྱུང་ཞུན་མར་ཏེ༔ སྐོང་བའི་ཞུན་ཆེན་བླ་ན་མེད༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཡེ་ཤེས་རྩ་ཡི་ཀོང་བུ་རུ༔ ཨ་དཀར་རྩ་གཅིག་མར་ཁུས་བལྟམས༔ ཡེ་ཤེས་འོད་ཟེར་སྡོང་བུ་བཙུགས༔ ཤེས་རབ་འབྲས་བུའི་སྒྲོན་མེ་སྦར༔ འདི་ཡང་རང་བྱུང་ཞུན་མར་ཏེ༔ སྐོང་བའི་ཞུན་ཆེན་བླ་ན་མེད༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ མཆོག་གི་འོད་གསལ་ཀོང་བུ་རུ༔ གདངས་གསལ་འོད་ཀྱི་མར་ཁུས་བལྟམས༔ ཐིག་ལེ་འབར་བའི་སྡོང་བུ་བཙུགས༔ ཡེ་ཤེས་ལྔ་ཡི་སྒྲོན་མེ་སྦར༔ འདི་ཡང་རང་བྱུང་ཞུན་མར་ཏེ༔ སྐོང་བའི་ཞུན་ཆེན་བླ་ན་མེད༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཀུན་གཞི་ཀློང་ཡངས་ཀོང་བུ་རུ༔ ཆོས་ཀྱི་དབྱིངས་ཀྱི་མར་ཁུས་བལྟམས༔ བྱང་ཆུབ་སེམས་ཀྱི་སྡོང་བུ་བཙུགས༔ སྐུ་ལྔ་ལྷུན་གྲུབ་སྒྲོན་མེ་སྦར༔ འདི་ཡང་རང་བྱུང་ཞུན་མར་ཏེ༔ སྐོང་བའི་ཞུན་ཆེན་བླ་ན་མེད༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཅེས་དང་། ཉམས་ཆག་ཐམས་ཅད་སྐོང་གྱུར་ཅིག །རྟོག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག །ལས་ངན་སྡིག་སྒྲིབ་དག་གྱུར་ཅིག །ཁམས་གསུམ་འཁོར་བ་སྟོངས་གྱུར་ཅིག །འབྲས་བུ་སྐུ་གསུམ་ཐོབ་གྱུར་ཅིག །བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ། །གསུམ་པ་གསང་བ་བླ་མེད་ཚོགས་ཀྱིས་བསྐང་བ་ལ་གཉིས། ཚོགས་ཀྱི་མཆོད་པ་དང་། བསྐང་བའི་ཆོ་ག་དངོས་སོ། །དང་པོ་ལ་ལྔ་ལས། དང་པོ་བཤམས་ཤིང་བྱིན་གྱིས་བརླབ་པ་ནི། མཱཾ་ས་ཛ་གད་གཙོ་བོར་གྱུར་པའི་བཟའ་བཅའ་བཏུང་བའི་ཡོ་བྱད་ཅི་འབྱོར་པ་གྱ་ནོམ་པར་བཤམ་ལ། བདུད་རྩིའི་ཟེགས་མ་འཐོར་ཞིང་། ཨཱོྃ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཞལ་ཟས་ཚོགས་ལ་ཉེས་སྒྲིབ་མ་མཆིས་ཀྱང༔ བཤམས་པའི་རྫས་ཀྱི་འབག་བཙོག་དྲི་མ་རྣམས༔ རཾ་ཡཾ་ཁཾ་གིས་བསྲེག་གཏོར་སྦྱངས་བྱས་ཤིང༔ ཉེས་པའི་སྐྱོན་བྲལ་ལེགས་པའི་ཡོན་ཏན་ལྡན༔ རཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཡཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཁཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཨཱོྃ་ལས་འོད་འཕྲོས་དབྱིངས་དང་མཉམ་པར་སྤེལ༔ ཨཱཾཿལས་འོད་འཕྲོས་རྟོག་ཚོགས་འཁྲུལ་པ་སྦྱངས༔ ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་བདུད་རྩིར་བསྒྱུར༔ ཧ་ལས་འོད་འཕྲོས་འདོད་ཡོན་སྣང་སྲིད་བཀང༔ ཧོཿལས་འོད་འཕྲོས་ལྷ་རྣམས་དགྱེས་པ་བསྐངས༔ ཧྲཱིཿལས་འོད་འཕྲོས་མགྲོན་རྣམས་ཚིམས་ཤིང་ངོམས༔ ཨཱོྃ་ཨཱཾཿཧཱུྃ་ཧ་ཧོཿཧྲཱི༔ ཞེས་བྱིན་བརླབས། གཉིས་པ་འབུལ་བ་ལ། ཚོགས་ཕུད་ཆ་གསུམ་དུ་སྤྲོས་པའི་དང་པོ་མཆོད་པའི་ཚུལ་དུ་འབུལ་བ་ནི། ཧཱུྃ་ཧྲཱི༔ དུར་ཁྲོད་གསང་ཆེན་རོལ་པའི་དཀྱིལ་འཁོར་འདིར༔ ཚོགས་ཀྱི་ཡོ་བྱད་གཞུང་བཞིན་བཤམས་ནས་ཀྱང༔ བསངས་སྦྱངས་བྱིན་བརླབས་རོ་བཅུད་ནུས་པར་ལྡན༔ བསྒྲུབ་རྫས་གཉན་པོའི་ཚོགས་དང་བཅས་པ་རྣམས༔ བླ་མ་ཡི་དམ་མཁའ་འགྲོ་རྣམས་ལ་འབུལ༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་གཉན་བསྐངས་ཏེ༔ སྒྲུབ་མཆོག་བུ་ལ་དངོས་གྲུབ་རྣམ་གཉིས་སྩོལ༔ གྷ་ཎ་ཙཀྲ་པཱུ་ཛ་ཧོ༔ ཆ་བར་པ་ཉམས་ཆག་བཤགས་པའི་ཆེད་དུ་འབུལ་བ་ནི། ཧོ༔ བདག་སོགས་མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་སྤྱོད་པས་དམ་ལས་འགལ་གྱུར་རྣམས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དང་ཅི་འགལ་བ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་མཐོལ་བཤགས་ན༔ དམ་ཚིག་འགལ་འཁྲུལ་ཉམས་ཆག་སོར་ཆུད་དེ༔ སྒྲིབ་མེད་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ༔ ཨཱོྃ་ཨཱཾཿཧཱུྃ༔ གྷ་ཎ་ཙཀྲ་ས་མ་ཡ་མ་ནུ་པཱ་ལཱ་ཡ༔ གྷ་ཎ་ཙཀྲ་ཏྭེ་ནོ་པ༔ ཏིཥྛ་དྲི་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲི་ཡཱཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ༔ གྷ་ཎ་ཙཀྲ་མ་མེ་མུཉྩ༔ བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཆ་གསུམ་པ་སྒྲོལ་བའི་ལས་རིམ་གྱི་སྒོ་ནས་སྟོབ་པ་ནི། དམིགས་བྱའི་ལིངྒ་ལོགས་སུ་བཅས་པའམ་མེད་ན་ཚོགས་ཟན་དེའི་འདོད་ཡོན་གྱི་ལྷ་མོ་རང་ལ་བསྡུས་ཏེ། ཚོགས་སྣོད་དེ་ཉིད་ལས་ཀྱི་གཤིན་རྗེ་འབར་བའི་ཧོམ་ཁུང་དུ་ཚོགས་རྫས་གནོད་བྱེད་དགྲ་བགེགས་དངོས་སུ་གསལ་བ་ལ། རང་ཡི་དམ་གྱི་ཐུགས་ཀ་ནས་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཅན་སྤྲོས་པ་རྣམས་ཀྱིས་གནོད་བྱེད་དགྲ་བགེགས་རང་དབང་མེད་པར་བཀུག་ནས་གཟུགས་ཕུང་ལ་བསྟིམ་པར་བསམ་ལ། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས། ཧཱུྃ་ཧྲཱི༔ བླ་མ་ཡི་དམ་ཞི་ཁྲོ་འབར་བའི་ཚོགས༔ བཀའ་སྲུང་དམ་ཅན་ཆོས་སྐྱོང་བཅས་རྣམས་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དང༔ དགོངས་རྒྱུད་རྣམ་པར་དག་པའི་བདེན་པ་དང༔ སྔགས་དང་ཕྱག་རྒྱ་ཏིང་འཛིན་བྱིན་རླབས་ཀྱི༔ བདེན་པ་དེ་ཡི་བཀའ་ལ་ཁྱོད་ཉོན་ཅིག༔ གལ་ཏེ་མི་ཉན་བཀའ་ལས་འདའ་བྱེད་ན༔ བདག་གཞན་ལྷ་དང་མཆེད་ལྕམ་ཐམས་ཅད་ལ༔ སྡང་བའི་དགྲ་དང་གནོད་པར་བྱེད་པའི་བགེགས༔ རཱུ་དྲ་ཟ་འདྲེ་ཕུང་བའི་སྲི་རྣམས་ཀུན༔ སྐད་ཅིག་ཙམ་གྱིས་གཟུགས་ཕུང་འདི་ལ་ཁུག༔ ཨཱོྃ་བཛྲ་ཊ་ཀི་རཱ་ཛ་ཧཱུྃ་ཛ༔ བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གཎྜེ་ཧོ༔ ལས་ཕུར་གྱིས་གཟིར་ཞིང་། ཧཱུྃ་ཧྲཱི༔ གནོད་བྱེད་དགྲ་བགེགས་རཱུ་དྲ་བདུད་དཔུང་ལ༔ འབར་བའི་མཚོན་ཆ་ལྔ་ཡི་ཆར་འབེབ་པ༔ འཇོམས་བྱེད་ཐོ་བ་གཅོད་བྱེད་རལ་གྲི་དང༔ བརྡུང་བའི་དབྱུག་ཐོ་འགུག་པའི་ལྕགས་ཀྱུ་དང༔ གཅོད་པའི་སྟྭ་རེ་ལྔ་ལ་སོགས་པ་ཡིས༔ བསམ་པའི་སྙིང་ལ་ཕོག་ན་དུམ་བུ་སྟོང༔ གདུག་པའི་ལུས་ལ་ཕོག་ན་ཕྱེ་མ་བརྒྱ༔ སྨྲ་བའི་ལྕེ་ལ་ཕོག་ན་ལྐུགས་སུ་ཆུག༔ རྣམ་ཤེས་གཟུགས་ཕུང་གཞོབ་དུ་བསྲེགས་ནས་ཀྱང༔ རྡུལ་ཕྲན་བཞིན་དུ་ཕྱེ་མར་བརླག་པར་བྱོས༔ རྡུལ་ཕྲན་རྡུལ་ཕྲན༔ ཕྱེ་མ་ཕྱེ་མ༔ དུམ་བུ་དུམ་བུ༔ ཤག་ཤག༔ མཱ་ར་ཡ་ཚལ་པ་ཚལ་པ་རྦད༔ ཨཱོྃ་བཛྲ་ཏིཀྵྞ་ཁ་ཐཾ་མཱ་ར་ཡ་ཛ་ཛ༔ ཞེས་ཚེ་ཁྲུས་ཀྱི་དགོངས་པས་བསྒྲལ་ལ་ཤ་ཁྲག་གི་ཕུང་པོ་བདུད་རྩིར་སྦར་པ་འབུལ་ཞིང་། ཧཱུྃ་ཧྲཱི༔ བསྟབ་བོ་བསྟབ་བོ་ལྷ་ཚོགས་ཞལ་དུ་བསྟབ༔ བླ་མ་ཡི་དམ་མཁའ་འགྲོ་ཞལ་ཕྱེས་ཤིག༔ ཆོས་སྐྱོང་དམ་ཅན་སྲུང་མ་ཞལ་ཕྱེས་ཤིག༔ སྟོན་པ་རྡོ་རྗེ་རྒྱལ་པོ་ཞལ་ཕྱེས་ཤིག༔ གཟུངས་མ་ཀུན་ཏུ་བཟང་མོ་ཞལ་ཕྱེས་ཤིག༔ འདུས་པའི་མཆེད་དང་ལྕམ་དྲལ་ཞལ་ཕྱེས་ཤིག༔ གནོད་བྱེད་གཟུགས་ཕུང་ཤ་ཁྲག་ཞལ་དུ་བསྟབ༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ རོལ་ཅིག་རོལ་ཅིག་འདོད་ཡོན་ཚོགས་ལ་རོལ༔ ཞལ་ཟས་རོལ་པ་ཚོགས་ཀྱི་མཆོད་པ་འབུལ༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ གྷ་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ཞེས་བསྟབ་བོ། །གཉིས་པ་ཐུགས་དམ་བསྐང་བའི་རིམ་པ་ནི། བསྐང་རྫས་ནམ་མཁའ་མཛོད་ཀྱི་རང་བཞིན་དུ་སྤེལ་ལ། ཧཱུྃ་ཧྲཱི༔ གདོད་ནས་རང་བྱུང་གདལ་ཁྱབ་ཀློང་ཡངས་སུ༔ ཡེ་ཤེས་ཀ་དག་རབ་འབྱམས་མཚན་དཔེར་ལྡན༔ རྒྱལ་བའི་དཀྱིལ་འཁོར་སྤྲུལ་དང་ཡང་སྤྲུལ་བཅས༔ དོན་དམ་དབྱིངས་ལས་ཐབས་མཁས་ཐུགས་རྗེར་སྣང༔ སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང༔ གློ་བུར་འགྲོ་བློའི་མོས་པའི་སྣང་ཚུལ་དུ༔ བསྐང་བའི་གནས་འདིར་དད་པས་སྤྱན་འདྲེན་གྱིས༔ ཐུགས་རྗེ་ཐུགས་དམ་དབང་གིས་གཤེགས་སུ་གསོལ༔ དར་དང་རིན་ཆེན་ཐབས་ཤེས་ཉི་ཟླའི་ཁྲི༔ སྣ་ཚོགས་པདྨ་གེ་སར་མདངས་དང་ལྡན༔ རང་རང་དགྱེས་ཤིང་གནས་པའི་གདན་སྟེང་དུ༔ དམ་ཚིག་དབང་གིས་བརྟན་པར་བཞུགས་སུ་གསོལ༔ དགའ་གུས་དང་བའི་ཚུལ་གྱིས་ཕྱག་འཚལ་ཞིང༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཕྱི་ནང་གསང་བ་བླ་མེད་མཆོད་སྤྲིན་དང༔ དམ་རྫས་བདུད་རྩི་རཀྟ་ཚོགས་གཏོར་འབུལ༔ ཧཱུྃ་ཧྲཱི༔ དུར་ཁྲོད་གསང་ཆེན་རོལ་པའི་དཀྱིལ་འཁོར་འདིར༔ གསང་བའི་ཕོ་བྲང་གཞུང་བཞིན་བཀོད་ནས་ཀྱང༔ སྒྲུབ་རྫས་གཉན་པོ་ཚུལ་ལྟར་བཤམས་པ་ནི༔ རྡོ་རྗེ་དྲི་ཆུའི་ཚོགས་ནི་མཚོ་ལྟར་བསྐྱིལ༔ མཱཾ་ས་གལ་ཕྱེའི་ཚོགས་ནི་ཐང་ལྟར་བརྡལ༔ བྱང་ཆུབ་སེམས་ཀྱི་ཚོགས་ནི་སྤྲིན་ལྟར་གཏིབས༔ གོ་རོ་ཙ་ནའི་ཕུང་པོ་གངས་ལྟར་ཆགས༔ ཞིང་ཆེན་གསར་རྙིང་ཚོགས་ནི་གདུགས་ལྟར་ཕུབ༔ མ་ཧཱ་ཙིཏྟའི་ཚོགས་ནི་རྫ་ལྟར་འཁྲོལ༔ གསུར་ཆེན་དུད་པའི་ཚོགས་ནི་ཕྱུ་རུ་རུ༔ ཞུན་ཆེན་སྣང་གསལ་འོད་ནི་ཡ་ལ་ལ༔ ཐོད་པ་ལྟག་སྤྲོད་རྔ་སྒྲ་དི་རི་རི༔ རྐང་ཆེན་དུང་གི་གླིང་བུ་ཀྱུ་རུ་རུ༔ བདུད་རྩི་སྨན་གྱི་རྒྱ་མཚོ་མེ་རེ་རེ༔ རཀྟ་དམར་གྱི་རྦ་རླབས་ཆི་ལི་ལི༔ བརྗིད་ལྡན་དཔལ་གྱི་གཏོར་མ་རི་ལྟར་སྤུངས༔ འདོད་ཡོན་ཚོགས་ཀྱི་ལོངས་སྤྱོད་བསམ་མི་ཁྱབ༔ བཀོད་མཛེས་སྤྱན་གཟིགས་ཡིད་འོང་མཆོད་པའི་སྤྲིན༔ དངོས་འབྱོར་ཡིད་སྤྲུལ་བླ་མེད་སྐོང་བའི་རྫས༔ སྣང་སྲིད་གཞིར་བཞེངས་ཆེན་པོ་འདི་དག་རྣམས༔ དཔལ་ཆེན་ལྷ་ཚོགས་ཐུགས་དམ་བསྐང་བ་དང༔ མཆེད་དང་ལྕམ་དྲལ་ཆག་ཉམས་བཤགས་པ་དང༔ མཆོག་དང་ཐུན་མོང་དངོས་གྲུབ་འཐོབ་བྱའི་ཕྱིར༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ༔ ཐུགས་དམ་གཉན་པོ་བསྐང་ཕྱིར་བཞེས་སུ་གསོལ༔ ཐུགས་དམ་བསྐང་ཕྱིར་ཐུགས་རྗེས་བཞེས་ནས་ཀྱང༔ རྣལ་འབྱོར་བདག་གི་གཡར་དམ་སོར་སྩོལ་ཅིག༔ དངོས་གྲུབ་སྩོལ་ལ་རྐྱེན་དང་བར་ཆད་ཟློགས༔ ཧཱུྃ་ཧྲཱི༔ སྟེང་འོག་ཕྱོགས་མཚམས་འབར་བའི་ཀློང་དཀྱིལ་ནས༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ བླ་མ་ཡི་དམ་མཁའ་འགྲོ་ཡབ་ཡུམ་སོགས༔ རྒྱལ་བ་སྲས་བཅས་བདག་ལ་དགོངས་སུ་གསོལ༔ བདག་སོགས་འགྲོ་རྣམས་ཞེ་སྡང་དབང་གྱུར་པས༔ བླ་མེད་བྱང་ཆུབ་སེམས་སྤངས་སྙིང་རྗེ་ཆུང༔ རྡོ་རྗེ་རིགས་ཀྱི་ཐུགས་དང་ཅི་འགལ་པ༔ བདེ་གཤེགས་ཐུགས་ཀྱི་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མི་སྦེད་མཐོལ་ཞིང་བཤགས༔ བདག་སོགས་འགྲོ་རྣམས་ང་རྒྱལ་དབང་གྱུར་པས༔ བདེ་གཤེགས་རྒྱལ་བ་རྣམས་ཀྱི་བཀའ་ལས་འདས༔ རིན་ཆེན་རིགས་ཀྱི་ཐུགས་དང་ཅི་འགལ་པ༔ བདེ་གཤེགས་ཡོན་ཏན་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མི་སྦེད་མཐོལ་ཞིང་བཤགས༔ བདག་སོགས་འགྲོ་རྣམས་འདོད་ཆགས་དབང་གྱུར་པས༔ མ་བྱིན་བླངས་དང་འདོད་ལོག་མི་ཚངས་སྤྱད༔ པདྨ་རིགས་ཀྱི་ཐུགས་དང་ཅི་འགལ་པ༔ བདེ་གཤེགས་གསུང་གི་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མི་སྦེད་མཐོལ་ཞིང་བཤགས༔ བདག་སོགས་འགྲོ་རྣམས་ཕྲག་དོག་དབང་གྱུར་པས༔ བདག་ལ་བསྟོད་ཅིང་གཞན་གྱི་ཡོན་ཏན་སྨད༔ ལས་ཀྱི་རིགས་ཀྱི་ཐུགས་དང་ཅི་འགལ་པ༔ བདེ་གཤེགས་ཕྲིན་ལས་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མི་སྦེད་མཐོལ་ཞིང་བཤགས༔ བདག་སོགས་འགྲོ་རྣམས་གཏི་མུག་དབང་གྱུར་པས༔ དགེ་བ་སྤངས་ནས་མི་དགེ་སྣ་ཚོགས་སྤྱད༔ དེ་བཞིན་རིགས་ཀྱི་ཐུགས་དང་ཅི་འགལ་པ༔ བདེ་གཤེགས་སྐུ་ཡི་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མི་སྦེད་མཐོལ་ཞིང་བཤགས༔ ཧཱུྃ་ཧྲཱི༔ སྐུ་ཡི་དམ་ཚིག་ཉམས་པ་གསོ་བྱའི་ཕྱིར༔ དུས་གསུམ་རིག་འཛིན་སློབ་དཔོན་ཐུགས་དམ་བསྐང༔ གསུང་གི་དམ་ཚིག་ཉམས་པ་གསོ་བྱའི་ཕྱིར༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཐུགས༴ ཐུགས་ཀྱི་དམ་ཚིག་ཉམས་པ་གསོ་བྱའི་ཕྱིར༔ མ་མོ་མཁའ་འགྲོའི་ཚོགས་ཀྱི་ཐུགས༴ ཡོན་ཏན་དམ་ཚིག་ཉམས་པ་གསོ་བྱའི་ཕྱིར༔ མཆེད་དང་ལྕམ་དྲལ་རྣམས་ཀྱི་ཐུགས༴ ཕྲིན་ལས་དམ་ཚིག་ཉམས་པ་གསོ་བྱའི་ཕྱིར༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཐུགས༴ དམ་ཚིག་ཉམས་ཆག་འགལ་འཁྲུལ་གསོ་བྱའི་ཕྱིར༔ འཁོར་འདས་གཉིས་མེད་ཆེན་པོས་ཐུགས༴ མི་སྤང་བླང་བྱའི་དམ་ཚིག་གསོ་བྱའི་ཕྱིར༔ བླང་དོར་གཉིས་སུ་མེད་པས་ཐུགས༴ དང་དུ་བླང་བའི་དམ་ཚིག་གསོ་བྱའི་ཕྱིར༔ དམ་རྫས་བདུད་རྩི་ལྔ་ཡིས་ཐུགས༴ སྤྱད་པར་བྱ་བའི་དམ་ཚིག་གསོ་བྱའི་ཕྱིར༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས༴ ཤེས་པར་བྱ་བའི་དམ་ཚིག་གསོ་བྱའི་ཕྱིར༔ ཕུང་པོ་ཞིང་སྒྲོལ་འདི་ཡིས་ཐུགས༴ བསྒྲུབ་པར་བྱ་བའི་དམ་ཚིག་གསོ་བྱའི་ཕྱིར༔ རིགས་ལྔ་རྣམ་པར་དག་པས་ཐུགས༴ ཉིང་ལག་ཉེར་ལྔའི་དམ་ཚིག་གསོ་བྱའི་ཕྱིར༔ གདོད་ནས་ཡོངས་དག་ཆེན་པོས་ཐུགས༴ སྐུ་ཡི་དམ་ཚིག་ཉམས་པ་སོར་ཆུད་ནས༔ སྐུ་ཡི་དངོས་གྲུབ་ལུས་ལ་བསྩལ་དུ་གསོལ༔ གསུང་གི་དམ་ཚིག་ཉམས་པ་སོར་ཆུད་ནས༔ གསུང་གི་དངོས་གྲུབ་ངག་ལ་བསྩལ་དུ་གསོལ༔ ཐུགས་ཀྱི་དམ་ཚིག་ཉམས་པ་སོར་ཆུད་ནས༔ ཐུགས་ཀྱི་དངོས་གྲུབ་སེམས་ལ་བསྩལ་དུ་གསོལ༔ ཡོན་ཏན་དམ་ཚིག་ཉམས་པ་སོར་ཆུད་ནས༔ ཡོན་ཏན་དངོས་གྲུབ་དབང་པོ་ལྔ་ལ་སྩོལ༔ ཕྲིན་ལས་དམ་ཚིག་ཉམས་པ་སོར་ཆུད་ནས༔ ཕྲིན་ལས་དངོས་གྲུབ་ཐོགས་མེད་རླུང་ལྟར་སྩོལ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་སོར་ཆུད་ནས༔ དངོས་གྲུབ་མ་ལུས་མྱུར་དུ་བསྩལ་དུ་གསོལ༔ ཧཱུྃ་ཧྲཱི༔ ཟླ་གམ་དམར་པོ་དབང་གི་དཀྱིལ་འཁོར་ན༔ རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ནི༔ མ་ཆགས་སྐྱོན་བྲལ་ཡོན་ཏན་རྫོགས་པའི་སྐུ༔ འདུས་པ་ཀུན་གྱི་གཙུག་རྒྱན་ཐུགས་དམ་བསྐང༔ དུས་གསུམ་སངས་རྒྱས་ཡོངས་ཀྱི་དགོངས་འདུས་ཤིང༔ ཡོན་ཏན་ཕྲིན་ལས་མི་བཟད་དཔལ་འབར་བ༔ མཚན་དང་དཔེ་བྱད་བྱིན་རླབས་ཀུན་གྱི་མཛོད༔ དུས་གསུམ་བླ་མ་རྣམས་ཀྱི་ཐུགས༴ དཔལ་ཆེན་ཞི་ཁྲོ་ཡབ་ཡུམ་སྲས་དང་འཁོར༔ རྣམ་འགྱུར་ཆ་ལུགས་སྤྲུལ་བསྒྱུར་དུ་མའི་བདག༔ དཀྱིལ་འཁོར་དགུ་རྫོགས་དངོས་གྲུབ་མཛོད་ཆེན་པོ༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས༴ རྣལ་འབྱོར་སྲོག་འཛིན་བསྟན་པའི་བྱ་ར་བ༔ སྤྲུལ་པ་གར་བསྒྱུར་ཕྲིན་ལས་ཐོགས་མེད་སྒྲུབ༔ མཐུ་སྟོབས་ཕོ་ཉ་མྱུར་མགྱོགས་གློག་ལྟར་འཁྱུག༔ མ་མོ་མཁའ་འགྲོའི་ཚོགས་ཀྱི་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ དུས་གསུམ་རྒྱལ་བ་རྣམས་ཀྱིས་རབ་བསྔགས་ཤིང༔ པད་སྡོང་ལས་བྱོན་མཚོ་སྐྱེས་འགྱུར་མེད་སྐུ༔ ངོ་བོ་གཅིག་ལས་རྣམ་འཕྲུལ་དཔག་མེད་འགྱེད༔ རྡོ་རྗེ་པདྨ་འབྱུང་གནས་ཐུགས་དམ་བསྐང༔ ཤེས་རབ་དཔལ་ཕྲེང་མཁའ་འགྲོ་ཡོངས་ཀྱི་གཙོ༔ གཉིས་མེད་དག་པ་དགའ་བཞིའི་ཡེ་ཤེས་སྐྱེད༔ དབྱིངས་ཀྱི་ཡུམ་ཆེན་བདེ་སྟོང་ཟག་པ་མེད༔ ལྷ་ལྕམ་མནྡཱ་རཿབའི་ཐུགས༴ ཕོ་རྒྱུད་ཆེ་བཙན་དཔའ་བོ་རྟ་མཆོག་དཔལ༔ གར་གྱི་དབང་ཕྱུག་སྲིད་གསུམ་འགྲན་ཟླ་བྲལ༔ ཞི་ཁྲོ་འབར་བ་སྣང་སྟོང་སྒྱུ་མའི་སྐུ༔ སྟོབས་ཆེན་མ་རུངས་འདུལ་མཛད་ཐུགས༴ དེ་ཡི་ཡུམ་ཆེན་རྡོ་རྗེ་ཕག་མོའི་སྐུ༔ མོ་རྒྱུད་ཆེ་བཙན་རྟོག་བྲལ་མཁའ་དབྱིངས་མ༔ སྟོང་ཉིད་ཡེ་ཤེས་སྤྱི་དཔལ་དྷཱ་ཀིའི་ཚུལ༔ འགྱུར་མེད་དོན་སྟོན་མ་ཡི་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ ལིང་ཙེ་དགུ་ཡི་ཕོ་བྲང་དབུས་ཉིད་ན༔ དཀྱིལ་འཁོར་གཙོ་མཆོག་པདྨ་བཛྲ་རྩལ༔ ཤེས་རབ་ཡུམ་ཆེན་ལྷ་ལྕམ་མནྡཱ་ར༔ ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་དམ་བསྐང༔ ཕྱོགས་མཚམས་འདབ་བརྒྱད་པདྨ་གེ་སར་སྟེང༔ བཞུགས་པའི་ལྷ་རྣམས་ཐུགས་དམ་བསྐང་བ་ནི༔ ཞེ་སྡང་རྡོ་རྗེ་ང་རྒྱལ་རྡོ་རྗེ་དང༔ འདོད་ཆགས་རྡོ་རྗེ་ཕྲག་དོག་རྡོ་རྗེ་དང༔ གཏི་མུག་རྡོ་རྗེ་བདེ་བའི་རྡོ་རྗེ་དང༔ མཚོ་སྐྱེས་རྡོ་རྗེ་ཁྲག་འཐུང་རྡོ་རྗེ་སྟེ༔ ཉོན་མོངས་གནས་འཇོམས་རྣམས་ཀྱི་ཐུགས༴ ཡུམ་ཆེན་སྐྱོད་བྱེད་གཤིན་རྗེ་འཇོམས་མ་དང༔ སྲེག་བྱེད་མ་དང་ལྷ་མོ་ཙཎྜི་མ༔ རྨོངས་བྱེད་མ་དང་ཡུམ་ཆེན་ལཱ་མ་དང༔ མནྡཱ་རཿབ་གསོད་བྱེད་མ་ལ་སོགས༔ ཡུམ་ཆེན་ལྷ་མོ་བརྒྱད་ཀྱི་ཐུགས༴ ཐུགས་དམ་བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ ཤར་གྱི་ཕྱོགས་ནས་ཐུགས་དམ་བསྐང་བ་ནི༔ བཅོམ་ལྡན་གཙོ་མཆོག་བུདྡྷ་ཐོད་ཕྲེང་རྩལ༔ བདག་ཉིད་ཆེན་མོ་སངས་རྒྱས་མཁའ་འགྲོ་མ༔ ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་དམ་བསྐང༔ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ༔ རྒྱས་པའི་ལས་མཛད་རིན་ཆེན་ཐོད་ཕྲེང་རྩལ༔ དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ༔ དྲག་པོའི་ལས་མཛད་ལས་ཀྱི་ཐོད་ཕྲེང་རྩལ༔ རིག་འཛིན་ཆེན་པོ་རྡོ་རྗེ་མོས་པ་རྩལ༔ རིག་འཛིན་ཆེན་པོ་རྡོ་རྗེ་མྱུ་གུ་རྩལ༔ རིག་འཛིན་ཆེན་པོ་རྡོ་རྗེ་བཞད་པ་རྩལ༔ རིག་འཛིན་ཆེན་པོ་གར་གྱི་དབང་ཕྱུག་རྩལ༔ རིག་འཛིན་རྩལ་འཆང་རྣམས་ཀྱི་ཐུགས༴ རྡོ་རྗེ་མཁའ་འགྲོ་རིན་ཆེན་མཁའ་འགྲོ་མ༔ པདྨ་མཁའ་འགྲོ་ལས་ཀྱི་མཁའ་འགྲོ་མ༔ བི་ཤྭ་དྷཱ་ཀི་སརྦ་དྷཱ་ཀི་མ༔ ས་མ་དྷཱ་ཀི་ལོ་ཀ་དྷཱ་ཀི་སྟེ༔ ཡུམ་གྱུར་མཁའ་འགྲོ་རྣམས་ཀྱི་ཐུགས༴ ཐུགས་དམ་བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ ལྷོ་ཡི་ཕྱོགས་ནས་ཐུགས་དམ་བསྐང་བ་ནི༔ བཅོམ་ལྡན་དཔལ་ཆེན་མི་བསྐྱོད་རྡོ་རྗེའི་སྐུ༔ རྣམ་རོལ་དཔའ་མོ་བདེ་བའི་དབྱིངས་ཕྱུག་མ༔ ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་དམ་བསྐང༔ མ་ཆགས་སྐྱོན་བྲལ་པདྨ་འབྱུང་གནས་སྐུ༔ མཁྱེན་གཉིས་ཐུགས་ཆུད་བློ་ལྡན་མཆོག་སྲེད་རྩལ༔ ཉི་མ་འོད་ཟེར་འགྲོ་རྣམས་ཐུགས་རྗེས་འདྲེན༔ སེངྒེ་སྒྲ་སྒྲོག་ལོག་འདྲེན་གདུག་པ་འདུལ༔ དངོས་གྲུབ་གཏེར་མཛོད་པདྨ་སཾ་བྷ་ཝ༔ ཁམས་གསུམ་དབང་སྡུད་པདྨ་རྒྱལ་པོའི་སྐུ༔ ཤཱཀྱ་སེང་གེ་སྲིད་གསུམ་ཟིལ་གྱིས་གནོན༔ དྷཱ་ཀི་དབང་སྡུད་རྡོ་རྗེ་གྲོ་བོ་ལོད༔ ལས་བྱེད་མཚན་བརྒྱད་གུ་རུའི་ཐུགས༴ ཡུམ་ཆེན་མཚོ་རྒྱལ་བདེ་བའི་རྣལ་འབྱོར་མ༔ བདག་མེད་ལྷ་མོ་རྡོ་རྗེ་ཕྲ་མེན་མ༔ རྒྱ་མཚོ་གླིང་གི་ཕྲ་མེན་ཞི་བ་འཚོ༔ ཤཱཀྱ་དེ་མ་མཁའ་འགྲོ་བདུད་འདུལ་མ༔ རིགས་ཀྱི་ཡུམ་ཆེན་རྣམས་ཀྱི་ཐུགས༴ ཐུགས་དམ་བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ ནུབ་ཀྱི་ཕྱོགས་ནས་ཐུགས་དམ་བསྐང་བ་ནི༔ ཐུགས་རྗེའི་མངའ་བདག་པདྨ་དབང་ཆེན་པོ༔ ལྷ་མོ་རིག་བྱེད་གར་གྱི་དབང་ཕྱུག་མ༔ ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་དམ་བསྐང༔ རྡོ་རྗེ་ཉི་མ་ཡེ་ཤེས་ཐོགས་མེད་རྒྱལ༔ དབང་ཆེན་ཉི་མ་གསེར་གྱི་ཉི་མ་མཆོག༔ རྡོ་རྗེ་ཁྲོ་བོ་རྡོ་རྗེ་ཧཱུྃ་མཛད་དང༔ རོ་ལངས་བདེ་བ་རྡོ་རྗེ་ཐོག་རྒོད་དེ༔ སེམས་དཔའ་ཆེན་པོ་རྣམས་ཀྱི་ཐུགས༴ ལེགས་སྐྱེས་མ་དང་ཕྲ་མེན་དབྱིངས་ཕྱུག་མ༔ སྲིད་པའི་རྒྱལ་མོ་ཉི་ཁྲོས་དབང་མོ་ཆེ༔ གར་གྱི་དབང་ཕྱུག་ལས་ཀྱི་དབང་མོ་ཆེ༔ སྲིད་པ་ཆགས་བྱེད་འབྱུང་བ་ལྔ་ཡི་བདག༔ ཡུམ་མཆོག་སེམས་མ་རྣམས་ཀྱི་ཐུགས༴ ཐུགས་དམ་བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ བྱང་གི་ཕྱོགས་ནས་ཐུགས་དམ་བསྐང་བ་ནི༔ ཕྲིན་ལས་འགྲོ་འདུལ་རིག་འཛིན་ཐོད་པ་རྩལ༔ བདེ་ཆེན་དམར་མོ་ཉི་ཟླ་ཐོད་ཕྲེང་མ༔ ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་དམ་བསྐང༔ ལྷུན་གྲུབ་རིག་འཛིན་ཕྱག་རྒྱའི་རིག་འཛིན་དང༔ ཚེ་དབང་རིག་འཛིན་རིག་འཛིན་ཆེན་པོ་ཉིད༔ དམ་ཚིག་སློབ་དཔོན་མན་ངག་སློབ་དཔོན་དང༔ ཤེས་རབ་རྒྱུད་དང་ཉམས་ཆག་སྐོང་མཛད་པའི༔ རིག་འཛིན་སློབ་དཔོན་རྣམས་ཀྱི་ཐུགས༴ སྤྱན་གཅིག་མ་དང་རྣལ་འབྱོར་དགྱེས་སྡེ་མ༔ དབང་གི་རྒྱལ་མོ་རྣལ་འབྱོར་རོ་ལངས་མ༔ དམ་ཚིག་བདག་མོ་རྡོ་རྗེ་སྐུལ་བྱེད་མ༔ སྐྱོད་བྱེད་ཚངས་མ་ཚེ་འཛིན་རྒྱལ་མོ་སྟེ༔ ཡུམ་ཆེན་རྣལ་འབྱོར་རྣམས་ཀྱི་ཐུགས༴ ཐུགས་དམ་བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ ཤར་ལྷོ་མཚམས་ཀྱི་དཀྱིལ་འཁོར་ཆེན་པོ་ན༔ བཅོམ་ལྡན་དཔལ་ཆེན་མེ་ཡི་ཕྲེང་བ་ཅན༔ འཁྲིལ་སྦྱོར་ཁྲོ་མོ་ཁམས་གསུམ་སྲིད་པའི་བདག༔ ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་དམ་བསྐང༔ ཡ་མ་རཱ་ཙ་སྐོས་རྗེ་བྲང་དཀར་དང༔ སྲིན་པོ་གློག་ཕྲེང་ཡཀྴ་མེ་དབལ་སྐུ༔ གཟའ་བདུད་ནག་པོ་ཀླུ་བདུད་མགོ་དགུ་པ༔ དབང་ཕྱུག་ཆེན་པོ་མ་ཧཱ་ཀཱ་ལ་སྟེ༔ དྲེགས་པ་སྟོབས་ལྡན་རྣམས་ཀྱི་ཐུགས༴ ཟ་བྱེད་ནག་མོ་བདུད་མོ་རེ་མ་ཏཱི༔ སྲིན་མོ་ཁྲག་མིག་མོན་མོ་མི་སྲུན་མ༔ ལྕམ་གཅིག་དམར་མོ་ཐོག་གི་བུ་ཡུག་མ༔ ཨུ་མཱཿདེ་ཝཱི་དུང་སྐྱོང་ནག་མོ་སྟེ༔ སྔགས་ཀྱི་བདག་མོ་རྣམས་ཀྱི་ཐུགས༴ ཐུགས་དམ་བསྐངས་གྱུར་གདུག་པའི་དགྲ་བགེགས་སྒྲོལ༔ ཧཱུྃ་ཧྲཱི༔ ལྷོ་ནུབ་མཚམས་ཀྱི་དཀྱིལ་འཁོར་ཆེན་པོ་ན༔ སངས་རྒྱས་དཔའ་བོ་ཐོད་པའི་དུམ་བུ་དང༔ གཉིས་མེད་ཡུམ་ཆེན་སངས་རྒྱས་དཔའ་མོ་སྟེ༔ བདེ་སྦྱོར་གཉིས་མེད་རོལ་མཛད་ཐུགས་དམ་བསྐང༔ རྡོ་རྗེ་དཔའ་བོ་རིན་ཆེན་དཔའ་བོ་དང༔ པདྨ་དཔའ་བོ་ལས་ཀྱི་དཔའ་བོ་དང༔ འཛིན་གིང་འགུགས་བྱེད་སྒྲོལ་གིང་གསོད་བྱེད་དང༔ སྟོབ་གིང་ཟ་བྱེད་རྒྱུག་གིང་ལས་བྱེད་སོགས༔ དཔའ་བོ་གིང་དང་བཅས་པའི་ཐུགས༴ རྡོ་རྗེ་དཔའ་མོ་རིན་ཆེན་དཔའ་མོ་ཡུམ༔ པདྨ་དཔའ་མོ་ལས་ཀྱི་དཔའ་མོ་ཆེ༔ རྡོ་རྗེ་གིང་མོ་རིན་ཆེན་གིང་མོ་དང༔ པདྨ་གིང་མོ་ལས་ཀྱི་གིང་མོ་སྟེ༔ དཔའ་མོ་གིང་མོ་རྣམས་ཀྱི་ཐུགས༴ ཐུགས་དམ་བསྐངས་གྱུར་བསྟན་སྲུང་བྱ་ར་མཛོད༔ ཧཱུྃ་ཧྲཱི༔ ནུབ་བྱང་མཚམས་ཀྱི་དཀྱིལ་འཁོར་ཆེན་པོ་ན༔ བར་གཅོད་བདུད་འདུལ་རྟ་མགྲིན་དབང་ཆེན་རྒྱལ༔ ཡུམ་ཆེན་ཁྲོ་མོ་ཨེ་ཀ་ཛཱ་ཊི་མ༔ ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་དམ་བསྐང༔ ཡེ་ཤེས་ཟིལ་གནོན་མ་མོ་ཟིལ་གྱིས་གནོན༔ ལས་ཀྱི་ཁྲོ་བོ་བྱ་ཁྱུང་ཟིལ་གྱིས་གནོན༔ ཕོ་རྒྱུད་ཟིལ་གནོན་མོ་རྒྱུད་ཟིལ་གྱིས་གནོན༔ རླུང་ལྷ་ཟིལ་གནོན་གནོད་སྦྱིན་ཟིལ་གྱིས་གནོན༔ ཟིལ་གནོན་ཁྲོ་རྒྱལ་རྣམས་ཀྱི་ཐུགས༴ མི་ཕམ་ཁྲོ་མོ་ཡུམ་ཆེན་སྤྱན་གཅིག་མ༔ ཡུམ་ཆེན་ཁྲོ་གཉེར་ཁྲོ་མོ་རྩ་འཇིབ་མ༔ རྡོ་རྗེ་ལས་བྱེད་གཤིན་རྗེ་ལས་བྱེད་མ༔ ཀླུ་མོ་ལས་བྱེད་གནོད་སྦྱིན་ལས་བྱེད་དེ༔ ཁྲོ་མོ་ལས་བྱེད་རྣམས་ཀྱི་ཐུགས༴ ཐུགས་དམ་བསྐངས་གྱུར་གནོད་བྱེད་འབྱུང་པོ་ཐུལ༔ ཧཱུྃ་ཧྲཱི༔ བྱང་ཤར་མཚམས་ཀྱི་དཀྱིལ་འཁོར་ཆེན་པོ་ན༔ ཁྲོ་རྒྱལ་ཡོངས་ཀྱི་ཆེ་བཙན་གསང་བའི་བདག༔ དགྱེས་པའི་ཡུམ་ཆེན་གསང་བའི་དབྱིངས་ཕྱུག་མ༔ འཁྲིལ་སྦྱོར་མཉམ་པར་གནས་མཛད་ཐུགས་དམ་བསྐང༔ ཁྲོ་བོ་རྣམ་རྒྱལ་ཁྲོ་རྒྱལ་གཤིན་རྗེའི་གཤེད༔ རྟ་མགྲིན་དབང་ཆེན་ཁྲོ་རྒྱལ་བདུད་རྩི་འཁྱིལ༔ དབྱུག་པ་སྔོན་པོ་ཁྲོ་རྒྱལ་མི་གཡོ་མགོན༔ འདོད་རྒྱལ་ཁམས་གསུམ་ཧཱུྃ་ཀཱར་སྟོབས་པོ་ཆེ༔ དྲེགས་འདུལ་ཁྲོ་རྒྱལ་རྣམས་ཀྱི་ཐུགས༴ རྡོ་རྗེ་མདའ་སྙེམས་དུར་ཁྲོད་བདག་མོ་དང༔ རྡོ་རྗེ་གཏུམ་མོ་རྡོ་རྗེ་རླུང་འབྱིན་མ༔ རྡོ་རྗེ་སྡེར་མོ་རྡོ་རྗེ་གཏུན་ཁུང་མ༔ སྙེམས་མ་སྐུལ་བྱེད་སྒྲ་འབྱིན་གསོད་བྱེད་དེ༔ ཡུམ་ཆེན་ཁྲོ་མོ་རྣམས་ཀྱི་ཐུགས༴ ཐུགས་དམ་བསྐངས་གྱུར་རྐྱེན་དང་བར་ཆད་ཟློགས༔ ཧཱུྃ་ཧྲཱི༔ བདུད་བཞིའི་དཔུང་ཚོགས་མ་ལུས་འཇོམས་མཛད་ཅིང༔ ཕྲིན་ལས་རྣམ་བཞི་སྒྲུབ་པའི་དཔལ་འབར་མ༔ རྒྱལ་བའི་བཀའ་བཞིན་རང་རང་ལས་བྱེད་ཚོགས༔ ཡེ་ཤེས་སྒོ་མ་བཞི་ཡི་ཐུགས་དམ་བསྐང༔ ལྷ་བདུད་འཇོམས་ཤིང་ཞི་བའི་ལས་མཛད་མ༔ ཤར་ཕྱོགས་ཁྭ་གདོང་དཀར་མོའི་ཐུགས༴ འཆི་བདག་བདུད་འཇོམས་རྒྱས་པའི་ལས་མཛད་མ༔ ལྷོ་ཕྱོགས་ཕག་གདོང་སེར་མོའི་ཐུགས༴ ཉོན་མོངས་བདུད་འཇོམས་དབང་གི་ལས་མཛད་མ༔ ནུབ་ཕྱོགས་ཁྱི་གདོང་དམར་མོའི་ཐུགས༴ ཕུང་པོའི་བདུད་འཇོམས་མངོན་སྤྱོད་ལས་མཛད་མ༔ བྱང་ཕྱོགས་འུག་གདོང་ནག་མོའི་ཐུགས༴ ཐུགས་དམ་བསྐངས་གྱུར་ཉོན་མོངས་བདུད་དཔུང་ཐུལ༔ ཧཱུྃ་ཧྲཱི༔ ཕོ་བྲང་མཚམས་བཞིར་གནས་པའི་བཀའ་ཉན་མ༔ སྒྲུབ་པའི་གྲོགས་མཛད་བསྟན་པའི་བྱ་ར་བ༔ ཁྲོ་འཛུམ་དྷཱ་ཀི་ཕྱེད་གཟུགས་འཛིན་པ་མོ༔ ལས་བྱེད་མཚམས་མ་བཞི་ཡི་ཐུགས་དམ་བསྐང༔ ཤར་ལྷོ་མཚམས་སུ་ལྷ་མོ་བརྟན་བྱེད་མ༔ དཀར་སེར་ཕྱེད་གཟུགས་འཛིན་མའི་ཐུགས༴ ལྷོ་ནུབ་མཚམས་སུ་ལྷ་མོ་ཕོ་ཉ་མ༔ སེར་དམར་ཕྱེད་གཟུགས་འཛིན་མའི་ཐུགས༴ ནུབ་བྱང་མཚམས་སུ་ལྷ་མོ་མཆེ་བ་མ༔ དམར་ལྗང་ཕྱེད་གཟུགས་འཛིན་མའི་ཐུགས༴ བྱང་ཤར་མཚམས་སུ་ལྷ་མོ་འཇོམས་བྱེད་མ༔ ལྗང་དཀར་ཕྱེད་གཟུགས་འཛིན་མའི་ཐུགས༴ ཐུགས་དམ་བསྐངས་གྱུར་བསྟན་པའི་བྱ་ར་མཛོད༔ ཧཱུྃ་ཧྲཱི༔ དཀྱིལ་འཁོར་ཡངས་པའི་བར་ཁྱམས་ལ་གནས་པའི༔ དཔལ་གྱི་བཀའ་སྡོད་དཔའ་བོ་དཔའ་མོའི་ཚོགས༔ ཉི་ཤུ་རྩ་བཞིའི་གནས་རྣམས་ཉུལ་ཞིང་སྤྲུལ༔ ཤར་ལྷོ་ནུབ་བྱང་སྲུང་མའི་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ པུལླི་ར་མ་ལ་ཡའི་གནས་མཆོག་ན༔ དཔའ་བོ་ཆེན་པོ་ཐོད་པའི་དུམ་བུ་དང༔ གཉིས་མེད་ཡུམ་ཆེན་དཔའ་མོ་རབ་གཏུམ་མ༔ གནས་མཆོག་ཆེན་པོ་ཛཱ་ལནྡྷ་ར་ན༔ དཔའ་བོ་ཀེང་རུས་དཔའ་མོ་གཏུམ་མིག་མ༔ ཨུ་རྒྱན་རང་བྱུང་གནས་མཆོག་དམ་པ་ན༔ ཀེང་རུས་གཏུམ་པོ་དཔའ་མོ་འོད་ལྡན་མ༔ ཨརྦུ་ཏ་ཡི་གནས་མཆོག་དམ་པ་ན༔ དཔའ་བོ་མཆེ་གཙིགས་དཔའ་མོ་སྣ་ཆེན་མ༔ གོ་ད་བ་རིའི་གནས་མཆོག་དམ་པ་ན༔ སུ་རཱ་བཱི་ར་བརྟན་མའི་བློ་ཅན་མ༔ གནས་མཆོག་དམ་པ་རཱ་མེ་ཤྭ་ར་ན༔ དཔའ་བོ་འོད་དཔག་མེད་དང་མིའུ་ཐུང་མ༔ དེ་བཱི་ཀོ་ཊིའི་གནས་མཆོག་དམ་པ་ན༔ རྡོ་རྗེ་འོད་ལྡན་ལང་ཀའི་དབང་ཕྱུག་མ༔ མལླ་ཝ་ཡི་གནས་མཆོག་དམ་པ་ན༔ དཔའ་བོ་རྡོ་རྗེ་སྐུ་མཆོག་ཤིང་གྲིབ་མ༔ ཀཱ་མ་རཱུ་ཡི་གནས་མཆོག་དམ་པ་ན༔ དཔའ་བོ་མྱུ་གུ་དཔའ་མོ་ས་སྲུང་མ༔ ཨོ་ཊི་ར་ཡི་གནས་མཆོག་དམ་པ་ན༔ རྡོ་རྗེ་རལ་པ་ཅན་དང་འོད་ཆེན་མ༔ ཏྲི་ཤ་ཀུ་ནེའི་གནས་མཆོག་དམ་པ་ན༔ རབ་ཏུ་དགའ་བ་དཔའ་མོ་རླུང་ཤུགས་མ༔ ཀོ་ས་ལ་ཡི་གནས་མཆོག་དམ་པ་ན༔ དཔལ་ཆེན་ཧཱུྃ་མཛད་བདུད་རྩི་ཆང་འཐུང་མ༔ ཀ་ལིང་ཀ་ཡི་གནས་མཆོག་དམ་པ་ན༔ དཔའ་བོ་རབ་བཟང་དཔའ་མོ་གཙུག་ཕུད་མ༔ ལམྤ་ཀ་ཡི་གནས་མཆོག་དམ་པ་ན༔ རྡོ་རྗེ་བཟང་པོ་དཔའ་མོ་རབ་བཟང་མ༔ ཀཉྩི་ན་ཡི་གནས་མཆོག་དམ་པ་ན༔ དཔའ་བོ་འཇིགས་བྱེད་དཔའ་མོ་རྟ་རྣ་མ༔ ཧི་མ་ལ་ཡི་གནས་མཆོག་དམ་པ་ན༔ དཔའ་བོ་སྤྱན་མི་བཟང་དང་ཁྭ་གདོང་མ༔ གནས་མཆོག་དམ་པ་པྲེ་ཏ་པུ་རི་ན༔ སྟོབས་ཆེན་རྒྱལ་པོ་འཁོར་ལོའི་ཤུགས་ཅན་མ༔ གྷྲི་ཧ་དེ་བའི་གནས་མཆོག་དམ་པ་ན༔ རིན་ཆེན་རྡོ་རྗེ་དཔའ་མོ་དུམ་སྐྱེས་མ༔ སཽ་རཱཥྚ་ཡི་གནས་མཆོག་དམ་པ་ན༔ དཔའ་བོ་རྟ་མགྲིན་དཔའ་མོ་གླང་སྣ་མ༔ སུ་ཝརྞ་དྭིའི་གནས་མཆོག་དམ་པ་ན༔ ནམ་མཁའི་སྙིང་པོ་འཁོར་ལོའི་གོ་ཆ་མ༔ ནཱ་ག་ར་ཡི་གནས་མཆོག་དམ་པ་ན༔ དཔལ་ལྡན་ཧེ་རུ་ཀཿདང་རབ་དཔའ་མ༔ སིནྡྷུའི་ཡུལ་གྱི་གནས་མཆོག་དམ་པ་ན༔ དཔའ་བོ་པདྨ་གར་དབང་སྟོབས་ཆེན་མ༔ མ་རུ་ཏ་ཡི་གནས་མཆོག་དམ་པ་ན༔ རྣམ་པར་སྣང་མཛད་དཔའ་མོ་འཁོར་སྒྱུར་མ༔ ཀུ་ལུནྟ་ཡི་གནས་མཆོག་དམ་པ་ན༔ རྡོ་རྗེ་སེམས་དཔའ་དཔའ་མོ་བརྩོན་འགྲུས་མ༔ ཀུན་ཀྱང་བཀོད་པའི་གནས་དང་དུར་ཁྲོད་ཉུལ༔ དམ་ཚིག་ཅན་ལ་བཀའ་ཡི་བསྟན་པ་སྲུང༔ དཔའ་བོ་དཔའ་མོ་རྣམས་ཀྱི་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ གཞན་ཡང་ཐུགས་དམ་གཉན་པོ་བསྐང་བ་ནི༔ རྒྱལ་བ་དགོངས་བརྒྱུད་བླ་མའི་ཐུགས་དམ་བསྐང༔ རིག་འཛིན་བརྡ་བརྒྱུད་བླ་མའི་ཐུགས༴ གང་ཟག་སྙན་བརྒྱུད་བླ་མའི་ཐུགས༴ འདས་དང་མ་བྱོན་ད་ལྟ་བཞུགས་ལ་སོགས༔ དུས་གསུམ་བླ་མ་རྣམས་ཀྱི་ཐུགས༴ ཞལ་མཇལ་གསུང་ཐོས་མན་ངག་གནང་ལ་སོགས༔ རྩ་བརྒྱུད་བླ་མ་རྣམས་ཀྱི་ཐུགས༴ བསྟན་པ་འཛིན་སྐྱོང་སྤེལ་བར་མཛད་པ་ཡི༔ བཤེས་གཉེན་བླ་མ་རྣམས་ཀྱི་ཐུགས༴ རྩེ་གཅིག་ཉམས་ལེན་སྒྲུབ་ལ་བརྩོན་པ་ཡི༔ ཆོས་མཛད་སྒྲུབ་པ་པོ་ཡི་ཐུགས༴ རྡོ་རྗེ་སློབ་དཔོན་རིག་འཛིན་གཉན་ལ་སོགས༔ བཀའ་བརྒྱུད་བླ་མ་རྣམས་ཀྱི་ཐུགས༴ ཐུགས་དམ་བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ རྣམ་སྣང་མི་བསྐྱོད་རིན་འབྱུང་འོད་དཔག་མེད༔ དོན་ཡོད་གྲུབ་པ་ལ་སོགས་རིགས་ཀྱི་ལྷ༔ ཕྱི་ནང་དཀྱིལ་འཁོར་ལྷ་ཚོགས་ཐུགས༴ འགྱུར་མེད་དོན་དམ་སྤྲོས་བྲལ་ཆོས་ཀྱི་དབྱིངས༔ ཐུགས་རྗེས་འགྲོ་འདུལ་རྣམ་འགྱུར་དུ་མའི་བདག༔ ཞི་བ་ཆགས་བྲལ་དར་དང་རིན་ཆེན་བརྒྱན༔ ཡི་དམ་ཞི་བའི་ལྷ་ཚོགས་ཐུགས༴ དོན་དམ་དབྱིངས་ལ་འགྱུར་བ་མི་མངའ་ཡང༔ གནས་སྐབས་ཚུལ་གྱི་སྤྲུལ་བསྒྱུར་དུ་མའི་བདག༔ ཁྲོ་གཏུམ་ང་རོ་འཇིགས་པའི་ཆ་ལུགས་ཅན༔ རྣོ་དབལ་ངར་ལྡན་མཚོན་ཆ་སྣ་ཚོགས་འཆང༔ བདུད་དང་བར་གཅོད་དགྲ་བགེགས་མ་ལུས་འཇོམས༔ སྐུ་གསུང་ཐུགས་ལས་ཆོ་འཕྲུལ་དཔག་མེད་འགྱེད༔ ཡི་དམ་ཁྲོ་བོའི་ལྷ་ཚོགས་ཐུགས༴ ཐུགས་དམ་བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཞི་དང་ཁྲོ་ཚུལ་གར་དགུའི་ཉམས་ལྡན་ཞིང༔ ཡབ་ཡུམ་སྲས་འཁོར་བྲན་གྱི་ཚོགས་དང་བཅས༔ སྤྲུལ་པ་ཡང་སྤྲུལ་དེར་སྤྲུལ་བསམ་མི་ཁྱབ༔ དངོས་གྲུབ་མ་ལུས་སྩོལ་བའི་དཔལ་འབར་བ༔ ཡི་དམ་ཞི་ཁྲོ་ཡབ་ཡུམ་འཁོར་བཅས་ཀྱི༔ ཐུགས་དམ་གཉན་པོ་མ་ལུས་བསྐང་གྱུར་ཅིག༔ ཐུགས་དམ་བསྐངས་ནས་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ ཕྲིན་ལས་མངའ་བདག་མ་མོ་མཁའ་འགྲོའི་ཚོགས༔ ཐོགས་མེད་ཀུན་ཏུ་རྒྱུག་པའི་མགྱོགས་རྩལ་ཅན༔ གནོད་བྱེད་དགྲ་བགེགས་འདུལ་བའི་མཐུ་མོ་ཆེ༔ དམ་ཚིག་ཅན་ལ་བཀའ་ཡི་བྱ་ར་མཛད༔ དམ་ཉམས་རྣམས་ལ་དམོད་པའི་ཆད་པ་གཅོད༔ བསྟན་པ་སྲུང་ཞིང་སྒྲུབ་པའི་དྲོད་ཉུལ་ནས༔ རྣལ་འབྱོར་རྣམས་ལ་དངོས་གྲུབ་ཆར་རྒྱུན་འབེབ༔ ས་འོག་ས་སྟེང་ས་བླའི་བདག་མོ་སྟེ༔ ཆ་ལུགས་གཅིག་ཏུ་མ་ངེས་སྣ་ཚོགས་སྟོན༔ ཡེ་ཤེས་གྲུབ་ཀྱང་ལས་ཀྱི་དབང་མོ་མཛད༔ མ་མོ་མཁའ་འགྲོ་རྣམས་ཀྱི་ཐུགས༴ ཐུགས་དམ་བསྐངས་གྱུར་ཕྲིན་ལས་མ་ལུས་སྒྲུབས༔ ཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་འདུས་པའི་དཔལ༔ ཕྱི་ནང་ཞི་ཁྲོ་ཡབ་ཡུམ་སྲས་དང་འཁོར༔ མི་ཟད་རྒྱན་གྱི་ཡེ་ཤེས་དཀྱིལ་འཁོར་ལྷ༔ ཕྱི་ནང་སྣང་སྲིད་ཡོངས་འདུས་རྫོགས་པའི་སྐུ༔ མཆོག་དང་ཐུན་མོང་དངོས་གྲུབ་མང་པོའི་མཛོད༔ བྱིན་རླབས་མཐུ་དང་རྫུ་འཕྲུལ་སྩོལ་མཛད་པ༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས༴ ཕྱི་ནང་དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ སངས་རྒྱས་བསྟན་པ་སྲུང་བའི་མཐུ་རྩལ་ཅན༔ ཁྲག་འཐུང་རྒྱལ་པོ་དགྲ་བགེགས་ཡོངས་ཀྱི་གཤེད༔ མ་ཧཱ་ཀཱ་ལ་ཡབ་ཡུམ་སྲས་དང་འཁོར༔ ཕོ་ཉ་ལས་མཁན་རྣམས་ཀྱི་ཐུགས་དམ་བསྐང༔ སྐུ་ཡི་མགོན་པོའི་ལྷ་ཚོགས་ཐུགས༴ གསུང་གི་མགོན་པོའི་ལྷ་ཚོགས་ཐུགས༴ ཐུགས་ཀྱི་མགོན་པོའི་ལྷ་ཚོགས་ཐུགས༴ ཡོན་ཏན་མགོན་པོའི་ལྷ་ཚོགས་ཐུགས༴ ཕྲིན་ལས་མགོན་པོའི་ལྷ་ཚོགས་ཐུགས༴ ཡེ་ཤེས་མགོན་པོ་འཁོར་བཅས་ཐུགས༴ འཇིག་རྟེན་མགོན་པོ་འཁོར་བཅས་ཐུགས༴ ལས་ཀྱི་མགོན་པོ་འཁོར་བཅས་ཐུགས༴ ཕོ་ཉ་དྲེགས་བྱེད་རྣམས་ཀྱི་ཐུགས༴ ཆོས་སྐྱོང་ཕོ་རྒྱུད་རྣམས་ཀྱི་ཐུགས༴ ཆོས་སྐྱོང་མོ་རྒྱུད་རྣམས་ཀྱི་ཐུགས༴ སྐུ་ཡི་མ་མོ་འཁོར་བཅས་ཐུགས༴ གསུང་གི་མ་མོ་འཁོར་བཅས་ཐུགས༴ ཐུགས་ཀྱི་མ་མོ་འཁོར་བཅས་ཐུགས༴ ཡོན་ཏན་མ་མོ་འཁོར་བཅས་ཐུགས༴ ཕྲིན་ལས་མ་མོ་འཁོར་བཅས་ཐུགས༴ ཡེ་ཤེས་མ་མོ་འཁོར་བཅས་ཐུགས༴ འཇིག་རྟེན་མ་མོ་འཁོར་བཅས་ཐུགས༴ ལས་ཀྱི་མ་མོ་འཁོར་བཅས་ཐུགས༴ དབྱིངས་ཀྱི་མ་མོ་འཁོར་བཅས་ཐུགས༴ མ་སྲིང་རྒྱ་མཚོ་རྣམས་ཀྱི་ཐུགས༴ དྲེགས་པ་ཕོ་མོ་རྣམས་ཀྱི་ཐུགས༴ བཀའ་སྲུང་དམ་ཅན་རྣམས་ཀྱི་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ ཐབས་དང་ཤེས་རབ་འོད་ཟེར་དཀྱིལ་འཁོར་དུ༔ མེ་ཕུང་རྡོ་རྗེའི་རྭ་བས་བསྐོར་བའི་ནང༔ རྒྱལ་བའི་ཕོ་བྲང་བཞུགས་གནས་ཕྱི་རོལ་ན༔ རང་བྱུང་དུར་ཁྲོད་ཆེན་པོ་བརྒྱད་ཡོད་དེ༔ དེ་ལ་གནས་པའི་སྤྲུལ་པ་བསམ་མི་ཁྱབ༔ ཀུན་ཀྱང་རྣམ་འགྱུར་ཆ་ལུགས་ཅིར་ཡང་སྟོན༔ དྷཱ་ཀི་ཤུགས་འགྲོ་ཞིང་སྐྱོང་ལ་སོགས་ཏེ༔ བསྐང་བར་འོས་པ་རྣམས་ཀྱི་ཐུགས་དམ་བསྐང༔ ཤར་ཕྱོགས་རབ་འཇིགས་གཏུམ་དྲག་དུར་ཁྲོད་ན༔ མི་ཕྱེད་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ དཀར་མོ་འབུམ་གྱིས་བསྐོར་བའི་ཐུགས༴ ལྷོ་ཕྱོགས་གད་རྒྱངས་སྒྲོག་པའི་དུར་ཁྲོད་ན༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་གཟི་བརྗིད་ལྡན༔ སེར་མོ་འབུམ་གྱིས་བསྐོར་བའི་ཐུགས༴ ནུབ་ཕྱོགས་པདྨ་འཁྱིལ་བའི་དུར་ཁྲོད་ན༔ དྲི་མེད་པདྨ་རིགས་ཀྱི་མཁའ་འགྲོ་མ༔ དམར་མོ་འབུམ་གྱིས་བསྐོར་བའི་ཐུགས༴ བྱང་ཕྱོགས་ཀཱི་ལི་སྒྲོག་པའི་དུར་ཁྲོད་ན༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་མི་ཐུབ་མ༔ ནག་མོ་འབུམ་གྱིས་བསྐོར་བའི་ཐུགས༴ ཤར་ལྷོ་རབ་འཇིགས་འབར་བའི་དུར་ཁྲོད་ན༔ མི་འདའ་དམ་ཚིག་གཉན་གྱི་མཁའ་འགྲོ་མ༔ ལེགས་ཉེས་སྟངས་འཛིན་འབུམ་བཅས་ཐུགས༴ ལྷོ་ནུབ་མི་བཟད་གཏུམ་པའི་དུར་ཁྲོད་ན༔ སྣ་ཚོགས་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ༔ ཁྱད་པར་འབུམ་གྱིས་བསྐོར་བའི་ཐུགས༴ ནུབ་བྱང་རབ་ཏུ་རྒྱུ་བའི་དུར་ཁྲོད་ན༔ བདུད་འདུལ་ཐམས་ཅད་མཁའ་འགྲོ་ཀུན་ཏུ་རྒྱུ༔ འཇིག་རྟེན་མཁའ་འགྲོ་འབུམ་བཅས་ཐུགས༴ བྱང་ཤར་དྲག་ཤུལ་ཅན་གྱི་དུར་ཁྲོད་ན༔ རྒྱུད་འཛིན་གར་སྒྱུར་མཛད་པའི་མཁའ་འགྲོ་མ༔ ལས་ཀྱི་མཁའ་འགྲོ་འབུམ་བཅས་ཐུགས༴ ཐུགས་དམ་བསྐངས་གྱུར་ཕྲིན་ལས་མ་ལུས་སྒྲུབས༔ ཧཱུྃ་ཧྲཱི༔ རབ་འཇིགས་དུར་ཁྲོད་ཆེན་པོ་དེ་དག་ན༔ རང་བཞིན་ལྷུན་གྲུབ་མཆོད་རྟེན་བརྒྱད་ཡོད་དེ༔ དེ་ལ་གནས་པའི་ཕྱོགས་སྐྱོང་ཆེན་པོ་བརྒྱད༔ དབང་པོ་མེ་ལྷ་ལ་སོགས་ཐུགས་དམ་བསྐང༔ རང་བཞིན་ལྷུན་གྲུབ་ཤིང་ཆེན་བརྒྱད་ཡོད་དེ༔ དེ་ལ་གནས་པའི་ཞིང་སྐྱོང་ཆེན་པོ་བརྒྱད༔ ཕོ་ཉ་གླང་གདོང་ལ་སོགས་ཐུགས༴ རང་བཞིན་ལྷུན་གྲུབ་མཚོ་ཆེན་བརྒྱད་ཡོད་དེ༔ དུར་ཁྲོད་དེ་ལ་གནས་པའི་ཀླུ་ཆེན་བརྒྱད༔ མཐའ་ཡས་ལ་སོགས་རྣམས་ཀྱི་ཐུགས༴ རང་བཞིན་ལྷུན་གྲུབ་རི་བོ་བརྒྱད་ཡོད་དེ༔ དེ་ལ་གནས་པའི་དྲང་སྲོང་ཆེན་པོ་བརྒྱད༔ རིག་འཛིན་གར་དབང་ལ་སོགས་ཐུགས༴ རང་བཞིན་ལྷུན་གྲུབ་སྤྲིན་ཆེན་བརྒྱད་ཡོད་དེ༔ དེ་ལ་གནས་པའི་མཆོད་པའི་ལྷ་མོ་བརྒྱད༔ མེ་ཏོག་མ་ལ་སོགས་པའི་ཐུགས༴ རང་བཞིན་ལྷུན་གྲུབ་རོ་ཆེན་བརྒྱད་ཡོད་དེ༔ དེ་ལ་གནས་པའི་ཤ་ཟ་ཕྲ་མེན་བརྒྱད༔ ལོཙྪ་མ་ལ་སོགས་པའི་ཐུགས༴ རང་བཞིན་ལྷུན་གྲུབ་མེ་ཆེན་བརྒྱད་ཡོད་དེ༔ དེ་ལ་གནས་པའི་ཤུགས་འགྲོ་ཆེན་མོ་བརྒྱད༔ རྡོ་རྗེ་ཤུགས་འགྲོ་ལ་སོགས་ཐུགས༴ རང་བྱུང་ནགས་ཚལ་ཆེན་པོ་བརྒྱད་ཡོད་དེ༔ དེ་ལ་གནས་པའི་རྣལ་འབྱོར་གྲུབ་ཐོབ་བརྒྱད༔ ཨིནྡྲ་བོ་དྷི་ལ་སོགས་ཐུགས༴ གཞན་ཡང་རབ་འཇིགས་དུར་ཁྲོད་དེ་དག་ན༔ དཔའ་བོའི་ཚོགས་དང་དཔའ་མོའི་ཚོགས་རྣམས་དང༔ རྣལ་འབྱོར་ཕོ་མོའི་ཚོགས་ནི་བསམ་མི་ཁྱབ༔ མཁའ་འགྲོ་མ་དང་ཤུགས་འགྲོ་མ་ལ་སོགས༔ ས་བདག་དབང་ཕྱུག་གིང་དང་ལངྐ་དང༔ མ་མོ་འབྱུང་པོ་ཤ་ཟའི་ཚོགས་རྣམས་དང༔ བསྟན་སྐྱོང་སྐྱེས་བུ་རོ་ལངས་བཤན་པའི་ཚོགས༔ སྲིན་པོ་ཡི་དྭགས་དྲི་ཟ་ལ་སོགས་ཏེ༔ རང་རང་བུ་སྨད་མཛའ་བཤེས་གཉེན་འདུན་སོགས༔ མ་ལུས་འཁོར་དང་བཅས་པའི་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ ཐུགས་དམ་གཉན་པོ་སྐོང་བའི་དམ་རྫས་ནི༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ ཕྱི་ནང་གསང་མཆོད་སྨན་རཀ་གཏོར་མ་དང༔ ག་ཎའི་ལོངས་སྤྱོད་སྐྱེ་འགྲོའི་གཟུགས་སྣང་བཅས༔ བཟའ་དང་བཅའ་དང་བཏུང་བའི་བྱེ་བྲག་དང༔ ཐབས་དང་ཤེས་རབ་ལས་བྱུང་བཅུད་ཆེན་པོ༔ མཆོག་ཆེན་མཆོག་ཕྲན་མཚན་ལྡན་ཟལ་ལེ་འབྲི༔ ཤེལ་སྒོང་ལུག་དང་ཙ་ར་མཁའ་ལྡིང་མདངས༔ དབང་པོའི་མེ་ཏོག་གསུར་ཆེན་བདུག་སྤོས་དྲི༔ ཞུན་ཆེན་སྣང་གསལ་རྡོ་རྗེ་དྲི་ཡི་ཆུ༔ ཤ་རུས་ཞལ་ཟས་རྐང་གླིང་ཐོད་རྔའི་སྒྲ༔ སྙན་པའི་དབྱངས་དང་མཐུན་པའི་རྫས་ལ་སོགས༔ ཐུན་མོང་ཁྱད་པར་རྨད་དུ་བྱུང་བ་ཡིས༔ ཁྱེད་རྣམས་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཁྱེད་རྣམས་ཐུགས་དམ་གཉན་པོ་བསྐངས་ནས་ཀྱང༔ བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་བཅས་ཀྱི༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་སོར་ཆུད་ནས༔ འདོད་པའི་དོན་རྣམས་མྱུར་དུ་འགྲུབ་པ་དང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ་ཧྲཱི༔ མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད༔ བསྐང་དུ་མེད་དེ་སྐྱེ་མེད་ངང་དུ་བསྐང༔ སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར༔ བསྒྲལ་དུ་མེད་དེ་མཉམ་ཉིད་དབྱིངས་སུ་བསྒྲལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ ཐོག་མ་མེད་པའི་དུས་ནས་ད་ལྟའི་བར༔ མ་རིག་འཁྲུལ་པས་འཁོར་བའི་གཡང་ས་འདིར༔ ཉོན་མོངས་རྒྱུན་འཁོར་གྱུར་པ་བདག་འདྲ་ལ༔ ཐུགས་རྗེ་མངའ་བའི་བླ་མ་དགོངས་སུ་གསོལ༔ ཟག་མེད་དོན་སྟོན་རྡོ་རྗེ་སློབ་དཔོན་ལ༔ དད་མོས་གུས་པ་མ་བྱས་སྲི་ཞུ་ཆུང༔ ལོངས་སྤྱོད་དག་གིས་མཉེས་པར་མ་བགྱིས་པ༔ རྡོ་རྗེ་སློབ་དཔོན་སྐུ་ལ་བཟོད་པར་གསོལ༔ རྡོ་རྗེ་སློབ་དཔོན་ཞལ་ནས་གསུངས་པ་ཡི༔ སྙན་བརྒྱུད་ཞལ་གདམས་མན་ངག་སྙིང་པོའི་དོན༔ དམ་ཚིག་མི་ལྡན་སྣོད་མེད་རྣམས་དང་ནི༔ མི་སྒྲུབ་སྐལ་མེད་རྣམས་ལ་ཟས་ངོར་བྱིན༔ རྡོ་རྗེ་སློབ་དཔོན་གསུང་ལ་བཟོད་པར་གསོལ༔ སྙན་བརྒྱུད་ཐུགས་ལས་བྱུང་བའི་བདུད་རྩིའི་བཅུད༔ ལེ་ལོའི་དབང་གིས་ཉམས་སུ་མ་བླང་པས༔ བདེ་གསལ་མི་རྟོག་གོམས་པའི་དུས་མ་མཆིས༔ རྡོ་རྗེ་སློབ་དཔོན་ཐུགས་ལ་བཟོད་པར་གསོལ༔ ཡོན་ཏན་འགག་མེད་ཅི་ཡང་འབྱུང་བ་ལ༔ ལོག་ལྟའི་དབང་གིས་ཐ་མལ་རང་གར་བཟུང༔ བདེ་གཤེགས་ཡོན་ཏན་རྫོགས་པའི་དུས་མ་མཆིས༔ བླ་མའི་ཡོན་ཏན་ངང་དུ་བཟོད་པར་གསོལ༔ ཕྲིན་ལས་ཤུགས་འབྱུང་ཅི་ཡང་འདུལ་བ་ལ༔ བློ་དམན་དམ་མེད་སྐྲག་པར་གྱུར་པ་དང༔ ཐབས་ཀྱིས་འགྲོ་འདུལ་ནུས་པའི་དུས་མ་མཆིས༔ བླ་མའི་ཕྲིན་ལས་ངང་དུ་བཟོད་པར་གསོལ༔ བླ་མ་རིག་འཛིན་ཐུགས་དང་ཅི་འགལ་པ༔ མཐོལ་ལོ་བཤགས་སོ་ཐུགས་དམ་བསྐང་གྱུར་ཅིག༔ ཧཱུྃ་ཧྲཱི༔ ཡི་དམ་དཔའ་བོ་གསན་ཅིང་དགོངས་སུ་གསོལ༔ ཆོས་རྣམས་ཐམས་ཅད་ཆོས་དབྱིངས་མཉམ་པའི་ངང༔ ཐམས་ཅད་མཉམ་པའི་ངང་དུ་མ་རྟོགས་པ༔ ཀུན་མཁྱེན་ཐིག་ལེའི་ངང་དུ་བཟོད་པར་གསོལ༔ ཡི་དམ་དཔའ་མོ་གསན་ཅིང་དགོངས་སུ་གསོལ༔ ཆོས་དབྱིངས་ཡེ་ཤེས་ཆེན་པོའི་ངང་ཉིད་ལ༔ རང་བྱུང་དཔལ་གྱི་ལྷ་མོར་མ་རྟོགས་པ༔ ཡེ་ཤེས་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ༔ དཔའ་བོ་ཡབ་ཡུམ་ཐུགས་དང་ཅི་འགལ་པ༔ མཐོལ་ལོ་བཤགས་སོ་ཐུགས་དམ་བསྐང་གྱུར་ཅིག༔ ཧཱུྃ་ཧྲཱི༔ རིགས་བཞིའི་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ༔ མ་རིག་འཁྲུལ་པའི་དབང་གིས་འཁོར་བར་འཁྱམས༔ ཡེ་ཤེས་མཁའ་འགྲོ་བཞི་དང་ཞལ་མ་མཇལ༔ རང་སེམས་མཁའ་འགྲོར་མ་རྟོགས་མཐོལ་ལོ་བཤགས༔ རིགས་བཞིའི་མཁའ་འགྲོའི་ཐུགས་དང་ཅི་འགལ་པ༔ མཐོལ་ལོ་བཤགས་སོ་ཐུགས་དམ་བསྐང་གྱུར་ཅིག༔ ཧཱུྃ་ཧྲཱི༔ གོ་ཆའི་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ འབྱུང་བ་ལྔ་རྣམས་ཆོས་དབྱིངས་རྣམ་པར་དག༔ ཕ་རོལ་ཕྱིན་དྲུག་མཁའ་འགྲོའི་རང་བཞིན་ལ༔ དབྱེར་མེད་མ་རྟོགས་སོ་སོར་རིས་སུ་བཟུང༔ དཔའ་མོ་དྲུག་གི་སྐུ་ལ་བཟོད་པར་གསོལ༔ གོ་ཆའི་ལྷ་མོའི་ཐུགས་དང་ཅི་འགལ་པ༔ མཐོལ་ལོ་བཤགས་སོ་ཐུགས་དམ་བསྐང་གྱུར་ཅིག༔ ཧཱུྃ་ཧྲཱི༔ གནས་གསུམ་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ ཉོན་མོངས་དུག་གསུམ་ཡེ་ནས་རྣམ་དག་ཅིང༔ སྐུ་གསུང་ཐུགས་ཀྱི་རང་བཞིན་ཡིན་པ་ལ༔ མ་རྟོགས་འཁྲུལ་པས་ཐ་མལ་རང་གར་བཟུང༔ བདེ་ཆེན་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ༔ གནས་གསུམ་མཁའ་འགྲོའི་ཐུགས་དང་ཅི་འགལ་པ༔ མཐོལ་ལོ་བཤགས་སོ་ཐུགས་དམ་བསྐང་གྱུར་ཅིག༔ ཧཱུྃ་ཧྲཱི༔ དམ་ཚིག་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ འཁྲུལ་པའི་དབང་གིས་སེམས་ཉིད་དོན་མ་རྟོགས༔ ཡེ་ནས་ཀ་དག་ཆེན་པོ་ཡིན་པ་ལ༔ ཡང་དག་སྤོང་བ་བཞི་རུ་མ་རྟོགས་པ༔ མཁའ་འགྲོ་མཚམས་མ་བཞི་ལ་བཟོད་པར་གསོལ༔ དམ་ཚིག་མཁའ་འགྲོའི་ཐུགས་དང་ཅི་འགལ་པ༔ མཐོལ་ལོ་བཤགས་སོ་ཐུགས་དམ་བསྐང་གྱུར་ཅིག༔ ཧཱུྃ་ཧྲཱི༔ སྒོ་སྲུང་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ ཚད་མེད་རྣམ་བཞི་ཕྱག་རྒྱ་བཞིར་སྤྲུལ་པའི༔ རྣམ་ཐར་སྒོ་མ་བཞི་རུ་མ་རྟོགས་པ༔ རྟག་དང་ཆད་པ་མུ་བཞིའི་མཐའ་རུ་བཟུང༔ སྒོ་མ་བཞི་ཡི་སྐུ་ལ་བཟོད་པར་གསོལ༔ སྒོ་སྲུང་མཁའ་འགྲོའི་ཐུགས་དང་ཅི་འགལ་པ༔ མཐོལ་ལོ་བཤགས་སོ་ཐུགས་དམ་བསྐང་གྱུར་ཅིག༔ ཧཱུྃ་ཧྲཱི༔ དུར་ཁྲོད་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ དམ་རྫས་མ་ཚང་གཏོར་མའི་ཕུད་ཉམས་དང༔ ཐུགས་དམ་མ་བསྐང་མཆོད་པ་དུས་ལས་འདས༔ དུར་ཁྲོད་མཁའ་འགྲོ་བརྒྱད་ལ་བཟོད་པར་གསོལ༔ དུར་ཁྲོད་མཁའ་འགྲོའི་ཐུགས་དང་ཅི་འགལ་པ༔ མཐོལ་ལོ་བཤགས་སོ་ཐུགས་དམ་བསྐང་གྱུར་ཅིག༔ ཧཱུྃ་ཧྲཱི༔ བཀའ་སྲུང་དམ་ཅན་མཁའ་འགྲོ་དགོངས་སུ་གསོལ༔ རྩ་བ་ཡན་ལག་དམ་ཚིག་བསྲུང་མཚམས་རྣམས༔ ཡོངས་སུ་མི་གཏོང་འདའ་བར་མི་བགྱིད་ན༔ མ་རིག་དབང་གིས་མཁའ་འགྲོའི་ཐུགས་དང་འགལ༔ དམ་ཚིག་མི་དགེ་ཉམས་ཆག་ཅི་མཆིས་པ༔ དམ་ཅན་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ བདག་གི་གཡར་དམ་གཉན་པོ་བསྐང་དུ་གསོལ༔ གཡར་དམ་བསྐངས་ལ་རྐྱེན་དབང་བཟློགས་ནས་ཀྱང༔ བར་ཆད་མེད་པའི་དངོས་གྲུབ་དུས་འདིར་སྩོལ༔ ཧཱུྃ་ཧྲཱི༔ རྡོ་རྗེ་རྒྱལ་པོ་བདེ་བར་གཤེགས་པའི་བཀའ༔ གསང་སྔགས་གྲུབ་པ་བརྙེས་པའི་རྣལ་འབྱོར་མ༔ ཡོན་ཏན་མཐུ་ཡིས་རྟག་ཏུ་འགྲོ་དོན་མཛད༔ མཁའ་འགྲོ་མ་ཡི་ཚོགས་ལ་ཕྱག་འཚལ་ལོ༔ ཆོས་ཉིད་དབྱིངས་ལ་རོལ་པའི་མཁའ་འགྲོ་མ༔ སྐུ་མདོག་སྣ་ཚོགས་ཐ་དད་ཅིར་ཡང་སྟོན༔ རལ་པ་ཁམ་ནག་འབར་བའི་ཅོད་པན་ཅན༔ བྷ་གའི་ཀློང་ནས་དངོས་གྲུབ་སྩོལ་མཛད་མ༔ ཡིད་བཞིན་རེ་སྐོང་མཛད་ལ་སྐྱབས་སུ་མཆི༔ བདག་ནི་མ་རིག་རྨོངས་པར་གྱུར་པ་ཡིས༔ མཁའ་འགྲོའི་མན་ངག་དོན་རྣམས་མ་རྟོགས་ཏེ༔ ཉོན་མོངས་ཁེ་གྲགས་འདོད་པའི་དབང་གྱུར་པས༔ གཟུ་ལུམ་རས་ཆོད་བགྱིས་པ་མཐོལ་ལོ་བཤགས༔ དུས་ངན་སྙིགས་མའི་དུས་འདིར་བདག་སྐྱེས་ཏེ༔ སྡུག་བསྔལ་མང་པོས་ལུས་སེམས་གདུང་བ་ལ༔ ཡུན་གྱི་མགོན་དང་དཔལ་གྱི་སྐྱབས་གསོལ་བ༔ བླ་མ་དམ་པ་རྣམས་དང་ཡི་དམ་ལྷ༔ མཁའ་འགྲོ་དཔའ་བོ་དཔའ་མོ་བདག་ལ་དགོངས༔ ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ༔ དུག་གསུམ་དབང་གྱུར་ལུས་ངག་ཡིད་གསུམ་གྱིས༔ སྡིག་ལ་མ་འཛེམ་ལས་ངན་སྣ་ཚོགས་སྤྱད༔ རྩ་བ་ཡན་ལག་དམ་ཚིག་ཆག་ཉམས་གྱུར༔ ཁྱེད་ཀྱི་སྐུ་གསུང་ཐུགས་དང་འགལ་པ་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན༔ མཁའ་འགྲོ་དཔལ་འབར་མ་ཡི་ཀློང་རུམ་ནས༔ ཡེ་ཤེས་ཐུགས་རྗེས་ཚངས་པ་བསྩལ་དུ་གསོལ༔ ཉོན་མོངས་སྡིག་སྒྲིབ་ནད་རྣམས་མ་ལུས་དང༔ བར་ཆད་རྐྱེན་དང་དགྲ་བགེགས་ཐམས་ཅད་ཀུན༔ མཁའ་འགྲོ་དཔལ་འབར་མ་ཡིས་བསལ་དུ་གསོལ༔ ཚེ་རབས་རྟག་ཏུ་དགེ་བའི་བཤེས་གཉེན་མཛོད༔ རང་སེམས་རྟོགས་ན་བླ་མ་ཡི་དམ་ལྷ༔ ཡེ་ནས་མ་བཅོས་རྡོ་རྗེ་རྣལ་འབྱོར་མ༔ གཞན་ནས་མ་བྱུང་རང་བྱུང་ལྷུན་གྲུབ་ལ༔ མ་རིག་དབང་གིས་རྩོལ་སྒྲུབ་རྟོག་པས་བསྒྲིབས༔ རྣམ་རྟོག་འཛིན་པས་བཅིངས་པ་བཟོད་པར་གསོལ༔ ཡེ་ཤེས་མཁའ་འགྲོ་སྤྲོས་བྲལ་བརྗོད་མེད་ལ༔ སྐུ་དང་ཕྱག་རྒྱ་དངོས་པོའི་བསྐྱེད་རིམ་རྣམས༔ རྟག་པར་བཟུང་བས་ཡུལ་ལ་ཞེན་པ་ཡི༔ འཛིན་ཆགས་ཞེན་པས་བཅིངས་པ་བཟོད་པར་གསོལ༔ ལས་ཀྱི་མཁའ་འགྲོ་བདེ་ཆེན་འདུ་འབྲལ་མེད༔ གཟུངས་མ་ཕྱག་རྒྱའི་བདེ་བ་མྱོང་རེག་བཅས༔ འདོད་ཆགས་བདེ་བར་ཞེན་ཆགས་བཅིངས་པ་ཡིས༔ བདེ་བ་ལམ་དུ་མ་བསླངས་བཟོད་པར་གསོལ༔ འཇིག་རྟེན་མཁའ་འགྲོ་བསྟན་པ་སྲུང་བའི་ལྷ༔ ཤ་ཁྲག་གཏོར་མས་ཐུགས་དམ་མ་བསྐང་སྟེ༔ ཉ་སྟོང་བརྒྱད་སོགས་དུས་ཀྱི་མཆོད་གཏོར་ཆག༔ བསྟན་སྲུང་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ༔ མཐོལ་ལོ་བཤགས་སོ་བླ་མ་ཡི་དམ་ལྷ༔ གནོང་ངོ་འགྱོད་དོ་དཔའ་བོ་མཁའ་འགྲོའི་ཚོགས༔ དག་གོ་བྱང་ངོ་དམ་ཅན་སྲུང་མའི་ཚོགས༔ ཐུགས་རྗེས་བཟོད་པ་ཆེན་པོ་ཡར་བཞེས་ལ༔ མི་སྒྲིབ་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ་ཧྲཱི༔ བླ་མ་ལྷ་དང་མཁའ་འགྲོའི་ཚོགས་རྣམས་ཀུན༔ ཐུགས་རྗེ་བརྩེ་བས་བདག་ལ་དགོངས་སུ་གསོལ༔ ཆོས་སྐུ་ཡེ་ནས་གཅིག་པར་གནས་པ་ལ༔ འཁོར་འདས་སོ་སོར་བརྟགས་པ་མཐོལ་ལོ་བཤགས༔ རིག་པ་གནས་ལུགས་རྒྱུན་མི་ཆད་པ་ལ༔ རྟག་ཆད་གོལ་སར་བཅད་པ་མཐོལ༴ རྒྱུད་ལུང་མན་ངག་དངོས་སུ་ཤར་བ་ལ༔ གོལ་གྱུར་དོན་ལ་བརྟགས་པ་མཐོལ༴ ཆོས་རྣམས་སྣ་ཚོགས་འདི་ཉིད་ཡིན་པ་ལ༔ ལོག་པར་གཞན་ལ་བཙལ་པ་མཐོལ༴ འགྲོ་དྲུག་རིག་པ་དྲུག་ཏུ་གནས་པ་ལ༔ ལས་ལ་ཡིད་ཆེས་བྱས་པ་མཐོལ༴ རྣམ་རྟོག་ཡེ་ནས་ཆོས་ཉིད་ཡིན་པ་ལ༔ སྣང་བ་འཁྲུལ་པར་བརྟགས་པ་མཐོལ༴ དུས་གསུམ་སྐད་ཅིག་གཅིག་ལ་གནས་པ་ལ༔ སྔ་ཕྱི་གཉིས་སུ་འཛིན་པ་མཐོལ༴ ཐིག་ལེ་ཆེན་པོ་ངེས་མེད་ཡིན་པ་ལ༔ ཤེས་པ་ཕྱོགས་གཅིག་བཟུང་པ་མཐོལ༴ སྣང་བ་ཐད་ཀར་ལམ་དུ་གཅོད་པ་ལ༔ ས་བཅུ་རིམ་གྱིས་བགྲོད་པ་མཐོལ༴ སངས་རྒྱས་སེམས་ཅན་དོན་ལ་གཅིག་པ་ལ༔ བཟང་ངན་གཉིས་སུ་བལྟས་པ་མཐོལ༴ གསང་སྔགས་དོན་ནི་གསང་བ་ཡིན་པ་ལ༔ སྣོད་མེད་རྣམས་ལ་བཤད་པ་མཐོལ༴ ཕྱི་དང་ནང་མེད་ཀུན་ཏུ་གདལ་བ་ལ༔ ཚོགས་དྲུག་ནང་དུ་བསྡུས་པ་མཐོལ༴ འཁོར་འདས་འགག་པ་མེད་པར་འཆར་བ་ལ༔ རིག་པ་འཇོག་ལེན་བྱས་པ་མཐོལ༴ ཆོས་རྣམས་ཐམས་ཅད་ཡེ་ནས་གཅིག་པ་ལ༔ བདག་བསྟོད་གཞན་ལ་སྨད་པ་མཐོལ༴ སྣང་སྲིད་ཡེ་ནས་རང་བཞིན་མེད་པ་ལ༔ ལྟ་བའི་སྐྱེལ་མ་བཙལ་པ་མཐོལ༴ རིག་པ་འགག་པ་མེད་པར་འཆར་བ་ལ༔ གཞན་གྱི་ཞེན་པ་བཟློགས་པ་མཐོལ༴ དྲན་པ་འགག་པ་མེད་པར་འཆར་བ་ལ༔ དྲན་མེད་ཁོ་ནར་བཟུང་པ་མཐོལ༴ རྩ་བ་ཡན་ལག་བཅས་པའི་དམ་ཚིག་རྣམས༔ ཡེ་ནས་གཉིས་མེད་བསྲུང་མཚམས་མེད་པ་ལ༔ མ་རིག་དབང་གིས་དེ་ལྟར་མ་རྟོགས་ཏེ༔ བླ་མ་དམ་པ་རྣམས་དང་ཡི་དམ་ལྷ༔ དཔའ་བོ་མཁའ་འགྲོའི་ཐུགས་དང་ཅི་འགལ་པ༔ རྒྱལ་བ་རྒྱ་མཚོ་རྣམས་ཀྱི་སྤྱན་སྔར་བཤགས༔ རིག་པ་གཉིས་མེད་གཅིག་པར་གནས་པ་ལ༔ འཁོར་བའི་འཇིགས་པ་ལ་སོགས་ཉམ་ང་བ༔ ཆོས་སྐུ་མཁའ་འགྲོའི་ཐུགས་དང་ཅི་འགལ་པ༔ རྡོ་རྗེ་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ༔ འདི་ལྟར་ཡེ་ཤེས་ཁྱབ་གདལ་ཆེན་པོ་ལ༔ རང་ཉིད་སངས་རྒྱས་ཡིན་པར་མ་རྟོགས་ཏེ༔ ལོངས་སྐུ་མཁའ་འགྲོའི་ཐུགས་དང་ཅི་འགལ་པ༔ ཡེ་ཤེས་མཁའ་འགྲོ་མ་ལ་བཟོད་པར་གསོལ༔ ཕྱི་ནང་སྣང་སྲིད་དུར་ཁྲོད་གཞལ་ཡས་ཁང༔ རང་ཉིད་མཁའ་འགྲོ་ཡིན་པར་མ་རྟོགས་ཏེ༔ སྤྲུལ་སྐུ་མཁའ་འགྲོའི་ཐུགས་དང་ཅི་འགལ་པ༔ དུར་ཁྲོད་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ༔ སྣང་སྲིད་ཡེ་ནས་བདུད་རྩིར་གནས་པ་ལ༔ རང་བྱུང་རྣམ་དག་ངང་དུ་མ་རྟོགས་ཏེ༔ འཇིག་རྟེན་མཁའ་འགྲོའི་ཐུགས་དང་ཅི་འགལ་པ༔ ཤ་ཟ་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ༔ མཐོལ་ལོ་བཤགས་སོ་བླ་མ་ཡི་དམ་ལྷ༔ གནོང་ངོ་འགྱོད་དོ་དཔའ་བོ་མཁའ་འགྲོའི་ཚོགས༔ ཆོས་ཉིད་མཉམ་པའི་ངང་དུ་མཐོལ་ལོ་བཤགས༔ དོན་དམ་སྐྱེ་མེད་ངང་དུ་བཟོད་པར་གསོལ༔ རྣམ་དག་བདེ་ཆེན་ངང་དུ་གནས་གྱུར་ཅིག༔ བྱ་བ་བཏང་ན་གནས་ལུགས་དེ་ཉིད་ཡིན༔ བརྟགས་པ་ཐམས་ཅད་འཇིག་རྟེན་ཐ་སྙད་ཡིན༔ འདི་ལ་བཅས་བཅོས་ཅི་ཡང་མི་བྱ་སྟེ༔ མ་བཅོས་ལྷུག་པའི་ངང་དུ་གཞག་པར་བྱ༔ ཨཱོྃ་ཨཱཾཿཧཱུྃ༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་ས་མ་ཡ་མ་ནུ་པཱ་ལཱ་ཡ༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་ཏྭེ་ནོ་པ༔ ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་མཱ་མེ་མུཉྩ༔ བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཞེས་ཐུགས་དམ་བསྐང་ཞིང་ཉམས་ཆག་བཤགས་པར་བྱའོ། །བཞི་པ་དེ་ཁོ་ན་ཉིད་དོན་དམ་བྱང་ཆུབ་སེམས་ཀྱིས་བསྐང་བ་ནི། འཁོར་གསུམ་སྤྲོས་པ་དང་བྲལ་བའི་གནས་ལུགས་དེ་ཁོ་ན་ཉིད་ལ་བློ་བཞག་སྟེ། ཧཱུྃ་ཧྲཱི༔ དངོས་པོ་ཆོས་ཉིད་ཡངས་པའི་ཀློང་དུ་བསྐང༔ སྣང་བ་ཡེ་ཤེས་ཆེན་པོའི་ཀློང་དུ་བསྐང༔ གསལ་བ་ཤེས་རབ་འབར་བའི་ཀློང་དུ་བསྐང༔ སྡུག་བསྔལ་ཀ་དག་ཆོས་ཉིད་ཀློང་དུ་བསྐང༔ ཀུན་རྫོབ་དོན་དམ་གཉིས་མེད་ཀློང་དུ་བསྐང༔ ཁམས་དང་སྐྱེ་མཆེད་གནས་དག་པའི༔ ཞི་བའི་ལྷ་ཚོགས་ཀློང་དུ་བསྐང༔ ཉོན་མོངས་རྟོག་ཚོགས་གནས་གྱུར་པའི༔ ཁྲོ་བོའི་ལྷ་ཚོགས་ཀློང་དུ་བསྐང༔ མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད༔ བསྐང་དུ་མེད་དེ་སྐྱེ་མེད་ཀློང་དུ་བསྐང༔ སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར༔ བསྒྲལ་དུ་མེད་དེ་མཉམ་ཉིད་དབྱིངས་སུ་བསྒྲལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང༔ ཨ་ལ་ལ་ཧོ༔ ཨཱོྃ་ཨཱཾཿཧཱུྃ༔ ཧོ་དགོངས་སུ་གསོལ༔ རང་བཞིན་ལྷུན་གྲུབ་ཀྱི་དབྱིངས་ན་བཞུགས་ཤིང་དུས་གསུམ་འདུ་འབྲལ་མེད་པའི་ངང་ནས་བྱོན་པའི་བླ་མ་ཡི་དམ་མཁའ་འགྲོ༔ རང་རྩལ་རིག་པའི་ཀློང་ལས་རང་བྱོན་པའི་བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས༔ བཀའ་སྲུང་ཕོ་ཉ་ལས་མཁན་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་དགོངས་སུ་གསོལ༔ འདི་ལྟར་བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་འདུས་པ་རྒྱ་མཚོ་རྣམས་ཀྱིས༔ བླ་མེད་ཡང་དག་མཆོག་གི་མཆོད་པ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བ་ལ་བརྟེན་ནས༔ བདག་སོགས་སེམས་ཅན་ཐམས་ཅད་ཁམས་གསུམ་དུ་འཁོར་ཞིང་རིགས་དྲུག་གི་དུཿཁ་ལ་སྤྱོད་པ་རྣམས་ཀྱི་དམ་ཚིག་ཆག་ཉམས་འགལ་འཁྲུལ་ཉེས་ལྟུང་ཐམས་ཅད༔ ཀུན་བཟང་ཡངས་པའི་ཀློང་དུ་བསྐང་ཞིང་བདེ་ཆེན་ཆོས་ཉིད་ཀྱི་དབྱིངས་སུ་སོར་ཆུད་པར་གྱུར་ཅིག༔ མ་ཧཱ་སིདྡྷི་ས་མ་ཡ་ཨེ་མ་ཧོ༔ ཨ་ཨ་ཨཾ༔ ཞེས་འཁོར་འདས་མཉམ་ཉིད་བདེ་ཆེན་བྱང་ཆུབ་སེམས་ཀྱི་ཀློང་དུ་བསྐང་བར་བྱའོ།། །།རྩ་བའི་གསུམ་པ་རྗེས་ཀྱི་ལས་རིམ་ལ་བརྒྱད། ཚོགས་ལ་རོལ་ཞིང་ལྷག་གཏོར་བསྔོ་བ། སྨོན་ལམ་གདབ་པ། གཏོར་མ་གཏོང་བ། དངོས་གྲུབ་ལེན་པ། བཟོད་པར་གསོལ་བ། དཀྱིལ་འཁོར་བསྡུ་བ། དགེ་བ་བསྔོ་བ། བཀྲ་ཤིས་བརྗོད་པའོ། །དང་པོ་ལའང་གཉིས་ལས། དང་པོ་ཚོགས་ལ་རོལ་པ་ནི། ལས་ཀྱི་རྡོ་རྗེས་འཁོར་ལོར་འདུས་པའི་གཙོ་བོ་ལ་ཕྱག་དང་བཅས་ཐབས་ཤེས་ཀྱི་དམ་རྫས་བསྣོལ་མར་སྟོབ་ཅིང་། ཧོ༔ རྡོ་རྗེ་རྒྱལ་པོ་ཡབ་ཡུམ་དགོངས་སུ་གསོལ༔ ཉེས་པའི་སྐྱོན་བྲལ་འདོད་ཡོན་ལོངས་སྤྱོད་རྫས༔ བླ་མེད་དགྱེས་མཆོད་ཚོགས་ཀྱི་ཞལ་ཟས་འདི༔ འགྲོ་བའི་དོན་ཕྱིར་བླང་དོར་མེད་པར་བཞེས༔ གྷ་ཎ་ཙཀྲ་པཱུ་ཛ་ཧོ༔ ཞེས་ཕུལ། སློབ་དཔོན་གྱིས་པདྨའི་ཕྱག་རྒྱ་གཡས་སུ་བསྐོར་ཞིང་། ཨེ་མ་ཧོ༔ སྐྱེ་འགག་གནས་གསུམ་མཐའ་བྲལ་དོན་གྱི་དབྱིངས༔ ཆོ་འཕྲུལ་གྷ་ཎའི་རྟེན་འབྲེལ་ཚུལ་དང་ལྡན༔ ལྷན་ཅིག་སྐྱེས་སྦྱོར་ཟབ་མོ་གསང་མཆོག་རྫས༔ དུ་མ་རོ་གཅིག་ངང་ནས་བླང་བར་བགྱིའོ༔ གུ་ཧྱ་སིདྡྷི་ཨ་ལ་ལ་ཧོ༔ ཞེས་བླང་། འདུས་པ་རྣམས་ལའང་བྲིམ་སྟེ་བཟའ་བའི་དམ་ཚིག་ནང་གི་སྲེག་བླུག་ཏུ་ཚིམས་པར་ལོངས་སྤྱད་དོ། །གཉིས་པ་ལྷག་གཏོར་གཏོང་བ་ནི། ལྷག་མ་བསྡུས་པ་ལ་ཕུད་ཀྱང་བསྲེ། སློབ་དཔོན་གྱིས་དམ་ཚིག་གི་ཁ་ཕྲུ་བཏབ་ལ། ཨཱོྃ་ཨཱཾཿཧཱུྃ་པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོ་ཧྲཱིཿས། ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བལྟས་ལ། ལྷག་སྡུད་ཀྱི་ཕོ་ཉ་རྣམས། ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛཿ ཞེས་སྤྱན་དྲངས་ནས། ཧཱུྃ་ཧྲཱི༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ བླ་མེད་དོན་གྱི་ཆོ་ག་བརྩམས་ནས་ཀྱང༔ རོལ་པ་ཚོགས་ཀྱི་ཡོ་བྱད་རབ་བཤམས་ཏེ༔ དང་པོ་ཕུད་ཀྱིས་དཀྱིལ་འཁོར་ལྷ་རྣམས་མཆོད༔ བར་དུ་ཚོགས་ཀྱིས་འདུས་པ་རྒྱ་མཚོ་བསྐངས༔ ཐ་མ་ཕུད་ལྷག་བཤལ་ཆུའི་གཏོར་མ་འདི༔ ཡེ་ཤེས་བདུད་རྩིའི་རྒྱ་མཚོར་བྱིན་བརླབས་ནས༔ དཀྱིལ་འཁོར་ཆེན་པོའི་མུ་རན་ལ་གནས་པའི༔ དཔལ་གྱི་བཀའ་ཉན་དམ་ཚིག་གྲོགས་མཛད་མ༔ འབུམ་ཕྲག་ཡངས་པའི་ལས་བྱེད་ཚོགས་ལ་འབུལ༔ དང་པོ་ཕུད་ལ་དབང་བ་ཕུད་ལ་རོལ༔ བར་དུ་ཚོགས་ལ་དགྱེས་པ་ཚོགས་ལ་རོལ༔ ཐ་མ་ལྷག་ལ་དབང་བ་ལྷག་མ་ལོངས༔ དཔལ་གྱི་ཕ་འབབ་ལྷག་མའི་ལོངས་སྤྱོད་འདི༔ གང་གིས་དབང་བ་ཐམས་ཅད་ཚིམས་ནས་ཀྱང༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ལས་མཛོད་ཅིག༔ ཨཱོྃ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སི་སྭཱ་ཧཱ༔ ཞེས་ཕྱི་རོལ་དུ་འབུལ་ལོ། །གཉིས་པ་སྨོན་ལམ་གདབ་པ་ནི། སྒྲུབ་ཆེན་གྱི་སྐབས་ལས་འདིར་དམིགས་བསལ་མ་གསུངས་ཀྱང་དགོས་པ་དང་ཕན་ཡོན་ཆེ་བ་སྣང་གསལ་མར་མེའི་སྨོན་ལམ་བྱ་བར་སྤྲོ་ན། མཆེད་ལྕམ་རྣམས་ཀྱི་ལག་ཏུ་མར་མེ་རེ་རེ་ཐོགས་ལ་འདུན་པ་རྩེ་གཅིག་པས། ཧཱུྃ་ཧྲཱི༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་གཉན་གྱིས་དབུ་བཟུང་ནས༔ རྒྱལ་བའི་གདུང་འཚོབ་མཆེད་དང་ལྕམ་དྲལ་རྣམས༔ ནམ་ཞིག་བྱང་ཆུབ་ལྷུམས་སུ་ཞུགས་པའི་ཚེ༔ འཁོར་བའི་གཡང་ས་ཆེན་པོར་མི་ལྟུང་ཞིང༔ མ་རིག་མུན་པའི་ནང་དུ་མི་འཐུམས་ལ༔ གཅོང་རོང་ཟབ་མོའི་ལམ་དུ་མི་སྐྱེ་དང༔ དམྱལ་བའི་ཟངས་ཁར་ལམ་དུ་མི་ལྟུང་ཞིང༔ གཅན་གཟན་གདུག་པའི་སྒྲ་སྐད་མི་གྲགས་ཏེ༔ ལས་ཀྱི་མཚོན་རྣོན་དབལ་གྱིས་མི་ཕོག་ཤོག༔ བཤེས་གཉེན་དམ་པ་བཀའ་དྲིན་ཆེ་བ་དང༔ དམ་ཚིག་གཅིག་པའི་རྡོ་རྗེ་མཆེད་གྲོགས་རྣམས༔ ཤེས་རབ་གཉན་གྱིས་འབྲེལ་བའི་གཟུངས་མ་གསུམ༔ ཚེ་རབས་འདི་དང་ཚེ་བརྒྱུད་ཐམས་ཅད་དུ༔ མི་འབྲལ་འགྲོགས་པའི་ཏིང་འཛིན་རྩེ་གཅིག་གིས༔ ས་བཅུ་རིམ་གྱིས་ཁྱད་པར་བགྲོད་པར་ཤོག༔ ནམ་ཞིག་ཚེ་འཕོས་ལུས་བརྗེས་དུས་བྱུང་ཚེ༔ མ་རིག་གཏི་མུག་རྨོངས་པའི་སྡུག་བསྔལ་གྱིས༔ འཁོར་བའི་གཡང་ས་ཆེན་པོར་ལྟུང་སྲིད་ན༔ གསལ་བའི་སྒྲོན་མེ་ཐུགས་རྗེ་དེར་མ་ཆུང༔ སྣང་བའི་གོ་འབྱེད་ཞུན་མར་མདངས་ལྡན་འདིས༔ རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཏེ༔ ཞེ་སྡང་མནར་བའི་ལས་ཀྱི་སྡུག་བསྔལ་གྱིས༔ དམྱལ་བའི་ཟངས་ཁར་ལམ་དུ་ལྟུང་སྲིད་ཀྱིས༔ གསལ་བའི་སྒྲོན་མེ་ཐུགས་རྗེ་དེར་མ་ཆུང༔ སྣང་བའི་གོ་འབྱེད་ཞུན་མར་མདངས་ལྡན་འདིས༔ རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཏེ༔ ང་རྒྱལ་ཁྲོ་གཏུམ་ཁེངས་པའི་སྡུག་བསྔལ་གྱིས༔ གཅན་གཟན་གདུག་པའི་སྒྲ་སྐད་ཐོས་སྲིད་པས༔ གསལ་བའི་མར་མེ་ཐུགས་རྗེ་དེར་མ་ཆུང༔ སྣང་བའི་གོ་འབྱེད་ཞུན་མར་མདངས་ལྡན་འདིས༔ རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཏེ༔ འདོད་ཆགས་འཛིན་པའི་ལས་ཀྱི་སྡུག་བསྔལ་གྱིས༔ གཅོང་རོང་ཟབ་མོའི་ནང་དུ་སྐྱེ་སྲིད་པས༔ གསལ་བའི་མར་མེ་ཐུགས་རྗེ་དེར་མ་ཆུང༔ སྣང་བའི་གོ་འབྱེད་ཞུན་མར་མདངས་ལྡན་འདིས༔ རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཏེ༔ ཕྲག་དོག་ཟུག་རྔུ་ལས་ཀྱི་སྡུག་བསྔལ་གྱིས༔ མཚོན་ཆ་གདུག་པའི་དབལ་གྱིས་ཕོག་སྲིད་པས༔ གསལ་བའི་མར་མེ་ཐུགས་རྗེ་དེར་མ་ཆུང༔ སྣང་བའི་གོ་འབྱེད་ཞུན་མར་མདངས་ལྡན་འདིས༔ རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཏེ༔ ས་བཅུ་ཁྱད་པར་རིམ་གྱིས་བགྲོད་པའི་ཚེ༔ ཉོན་མོངས་བག་ཆགས་མ་ལུས་དེར་བྱང་ནས༔ འགྲོ་དོན་ཐོགས་པ་མེད་པའི་བརྩོན་འགྲུས་ཀྱིས༔ ས་བཅུ་ཅིག་ཆར་རྫོགས་པར་གྱུར་ནས་ནི༔ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མདུན་སུས་ཤིག༔ བྱང་ཆུབ་སེམས་མ་རྣམས་ཀྱིས་མཐའ་སྐྱོངས་ཤིག༔ ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་རྒྱབ་རྟེན་ཅིག༔ ས་བཅུའི་ཁྱད་པར་རྩེ་མོར་ཕྱིན་པའི་ཚེ༔ ཕྱིར་མི་ལྡོག་པའི་དངོས་གྲུབ་དེར་ཐོབ་བོ༔ ཀུན་ཏུ་འོད་ཀྱི་ས་ལ་ཕྱིན་པའི་ཚེ༔ ཡི་དམ་ལྷ་ཚོགས་རྣམས་ཀྱིས་ཤུལ་མཚོན་ཅིག༔ བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཐའ་སྐྱོངས་ཤིག༔ ཡེ་ཤེས་ཏིང་ངེ་འཛིན་གྱིས་རྒྱབ་རྟེན་ཅིག༔ རྡོ་རྗེ་འཛིན་པའི་ས་ལ་ཕྱིན་པའི་ཚེ༔ གསལ་བའི་ཏིང་ངེ་འཛིན་གྱིས་ཤུལ་མཚོན་ཅིག༔ མཆོད་པའི་ལྷ་མོ་རྣམས་ཀྱིས་མཐའ་སྐྱོངས་ཤིག༔ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྒྱབ་རྟེན་ཅིག༔ པདྨ་ཅན་གྱི་ས་ལ་ཕྱིན་པའི་ཚེ༔ ཤེས་རབ་ཏིང་ངེ་འཛིན་གྱིས་ཤུལ་མཚོན་ཅིག༔ སྒོ་བ་ཆེན་པོ་རྣམས་ཀྱིས་མཐའ་སྐྱོངས་ཤིག༔ ཏ་ཀྲིཏ་ཆེན་པོ་རྣམས་ཀྱིས་རྒྱབ་རྟེན་ཅིག༔ འཁོར་ལོ་ཚོགས་ཆེན་ས་ལ་ཕྱིན་པའི་ཚེ༔ འདས་པའི་སངས་རྒྱས་རྣམས་ཀྱིས་མདུན་སུས་ཤིག༔ ཡི་དམ་ལྷ་ཚོགས་རྣམས་ཀྱིས་མཐའ་སྐྱོངས་ཤིག༔ མ་ཚོགས་དབང་ཕྱུག་རྣམས་ཀྱིས་རྒྱབ་རྟེན་ཅིག༔ བཀོད་པ་རབ་རྫོགས་ས་ལ་ཕྱིན་པའི་ཚེ༔ ཡེ་ཤེས་ཁྲོ་བོ་རྣམས་ཀྱི་ཞལ་མཐོང་ནས༔ རིག་འཛིན་རྣམས་ཀྱི་ཞིང་དུ་སྐྱེས་ནས་ཀྱང༔ བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག༔ ཤེས་བྱའི་སྒྲིབ་པ་མ་ལུས་བྱང་ནས་ནི༔ ཡི་གེ་གསུམ་གྱི་གོལ་ས་དེར་བཀག་གོ༔ དེ་ཝ་ཀོ་ཤའི་ས་ལ་ཕྱིན་པའི་ཚེ༔ པདྨ་བཛྲ་རྩལ་གྱིས་མདུན་སུས་ཤིག༔ ལྷ་ལྕམ་མནྡཱ་རཿབས་མཐའ་སྐྱོངས་ཤིག༔ ཡི་དམ་ལྷ་ཚོགས་རྣམས་ཀྱིས་སྲོག་རྟེན་ཅིག༔ ཐར་པ་ཆེན་པོའི་གྲོང་དུ་ཕྱིན་ཙམ་ན༔ གཟི་བརྗིད་འོད་དཔག་མེད་པས་མདུན་སུས་ཤིག༔ གཉིས་མེད་ཤེས་རབ་ཡུམ་གྱིས་མཐའ་སྐྱོངས་ཤིག༔ ཡི་དམ་ལྷ་ཡིས་རྒྱབ་ནས་སྲོག་སྐྱོབས་ཤིག༔ རྡོ་རྗེ་འཛིན་པའི་མིང་འཛིན་སར་ཕྱིན་ཚེ༔ གསལ་བའི་ཏིང་ངེ་འཛིན་གྱིས་ཤུལ་མཚོན་ཅིག༔ མཉམ་པའི་ཏིང་ངེ་འཛིན་གྱིས་མཐའ་སྐྱོངས་ཤིག༔ ཡི་དམ་ལྷ་ཚོགས་རྣམས་ཀྱིས་རྒྱབ་རྟེན་ཅིག༔ ལྕང་ལོ་ཅན་གྱི་ས་ལ་ཕྱིན་པའི་ཚེ༔ དབྱེར་མེད་ཏིང་ངེ་འཛིན་གྱིས་ཤུལ་མཚོན་ཅིག༔ གྲུབ་པའི་འབྲས་བུ་མཆོག་གིས་མཐའ་སྐྱོངས་ཤིག༔ རྫོགས་པ་བླ་མེད་ས་ལ་ཕྱིན་པའི་ཚེ༔ ཁྱབ་གདལ་ཏིང་ངེ་འཛིན་གྱིས་ཤུལ་མཚོན་ཅིག༔ འུབ་ཆུབ་ཏིང་ངེ་འཛིན་གྱིས་མཐའ་སྐྱོངས་ཤིག༔ སྲིད་གསུམ་ངང་རྫོགས་ས་ལ་ཕྱིན་པའི་ཚེ༔ ཐིག་ལེ་ཆེན་པོའི་ངང་དུ་ལྷུན་གྲུབ་ནས༔ འོད་ཟེར་འཕྲུལ་བཞད་ཆེན་པོར་མཐའ་སྡུས་ཤིག༔ བྱ་རྩོལ་གཉིས་ཀྱི་ས་ལ་ཕྱིན་པའི་ཚེ༔ ཆོས་སྐུ་སྐྱེ་བ་མེད་པའི་དོན་རྟོགས་ནས༔ སྣ་ཚོགས་ལོངས་སྐུ་ཐབས་མཁས་ཐུགས་རྗེ་ཡིས༔ མ་འགགས་སྤྲུལ་སྐུས་འགྲོ་དོན་བྱེད་པར་ཤོག༔ ཅེས་དང་། གཞན་ཡང་། ཨེ་མ་ཧོ༔ རང་སྣང་དག་པའི་དཀྱིལ་འཁོར་ལྷ་ཚོགས་དང༔ བཀྲམ་པའི་ཕོ་བྲང་ལྷ་རྣམས་དགོངས་སུ་གསོལ༔ བླ་མ་སྟོན་པ་རྡོ་རྗེ་རྒྱལ་པོ་དང༔ རྒྱལ་ཚབ་གཟུངས་མར་བཅས་རྣམས་དགོངས་སུ་གསོལ༔ བླ་མ་ལྷ་དང་དཀྱིལ་འཁོར་སྤྱན་ལམ་དུ༔ རྒྱུ་མཆོག་ཟབ་མོ་འདི་ལ་བརྟེན་ནས་ནི༔ ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགས་ལ་སོགས༔ དགེ་བའི་ལས་རྣམས་བགྱིས་པའི་མཐུ་སྟོབས་དང༔ རྒྱལ་བ་རྣམས་ཀྱི་སྨོན་ལམ་སྟོབས་དག་གིས༔ བདག་གི་སྨོན་ལམ་འདི་དག་འགྲུབ་གྱུར་ཅིག༔ བདག་གཞན་འགྲོ་བ་མ་ལུས་ཐམས་ཅད་ཀྱི༔ རྩ་བ་ཡན་ལག་དམ་ཚིག་སོར་ཆུད་དེ༔ བླ་མ་ཡི་དམ་ཞི་ཁྲོ་དྷཱ་ཀི་དང༔ དཔའ་བོ་དཔའ་མོ་དམ་ཅན་སྲུང་མ་སོགས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་གྱུར་ཅིག༔ བཀའ་གསང་སྦས་པའི་གསང་བ་མངོན་འཆལ་ཞིང༔ ཏ་ན་གྷ་ཎ་སྦྱོར་སྒྲོལ་ལ་སོགས་པ༔ བྱིན་གྱིས་མ་བརླབ་གནས་སུ་མ་སྟོབ་དང༔ སྤྱོད་ལོག་དབང་གིས་གསང་སྔགས་སྤྱད་ཉེས་པ༔ ན་རཀ་རྒྱུ་བསགས་ཐམས་ཅད་བྱང་གྱུར་ཅིག༔ བསྙེན་སྒྲུབ་ཟབ་མོ་དམ་དུ་བཅས་པ་ལས༔ རང་ཉམས་ཚོད་ཡོད་ལེ་ལོའི་དབང་གྱུར་ཏེ༔ ཉ་སྟོང་དུས་དྲུག་མཆོད་པར་བཅས་པ་རྣམས༔ ལོ་ཟླ་ལས་འདས་ངན་སོང་རྒྱུ་བསགས་པ༔ དེ་དག་ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ མཆོད་དང་མཆོད་རྟེན་སྒོམ་སྒྲུབ་ཟབ་མོ་ཡི༔ རྒྱུ་རྐྱེན་ཡོ་བྱད་བསྔོས་པ་ལོག་པ་འམ༔ ཡང་ན་ཕུད་གཞོལ་ལྷག་འཕྲིས་ཁྲལ་ལ་ངན༔ ཟོལ་ཟོག་ལས་བགྱིས་ཡི་དྭགས་རྒྱུ་བསགས་པ༔ དེ་དག་ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ མ་རིག་དབང་གིས་སྦ་ལོ་ཚུལ་འཆོས་པས༔ གསང་སྔགས་ལྟ་སྤྱོད་ཟབ་མོའི་གཞུང་མ་བསྲང༔ ཡིན་མིན་རྟོག་པས་གཉིས་འཛིན་འཁུ་འཕྲིག་ཞུགས༔ ཡིན་པར་ཤེས་ཀྱང་སེམས་ལ་ཟོལ་ཞུགས་ཏེ༔ ལེ་ལོ་རྣམ་གཡེང་དབང་གིས་མ་སྤྱད་པས༔ བྱོལ་སོང་རྒྱུ་བསགས་ཐམས་ཅད་བྱང་གྱུར་ཅིག༔ ཡང་དག་གནས་ལུགས་དོན་ནི་མ་རྟོགས་པར༔ ཁ་འབྱམས་ཚིག་གི་ལྟ་བའི་གདེངས་ཁུར་ནས༔ དམ་མེད་དམ་ཉམས་དམ་ལོག་སྡིག་སྒྲིབ་ཅན༔ གསང་སྔགས་སྣོད་དང་མི་ལྡན་ཐམས་ཅད་ལ༔ དབང་བསྐུར་ཆོས་བཤད་ཚོགས་དང་སྐོང་བ་བསྲེས༔ ཚིག་ཏུ་འཛག་ཅིང་སྤྱོད་ལམ་རྩིང་པ་དང༔ སྣོད་མིན་རྣམས་ལ་མན་ངག་སྤེལ་ལ་སོགས༔ འཆལ་བའི་དབང་གིས་འབག་འབོག་ལས་བགྱིས་པས༔ ཕྱི་ནང་གསང་སོགས་དམ་ཚིག་ལས་འདས་ཏེ༔ འདི་ཕྱི་བར་གསུམ་སྐྱེ་གནས་ཐམས་ཅད་དུ༔ ཚེ་ཐུང་ནད་མང་དགྲས་འཇིགས་སྐྱབས་དང་བྲལ༔ ཐར་ལམ་བྱང་ཆུབ་མྱུ་གུ་སྐམ་ལ་སོགས༔ སྒྲིབ་པར་གྱུར་རྣམས་བྱང་ཞིང་དག་གྱུར་ཅིག༔ བདག་ཅག་འདིར་འདུས་མཆེད་ལྕམ་ཐམས་ཅད་ཀྱིས༔ འགྱོད་ཚངས་བཤགས་པ་འདི་ལ་བརྟེན་ནས་ནི༔ གསང་སྔགས་གཉན་པོའི་སྒོར་ཞུགས་ཐམས་ཅད་ཀྱི༔ ཉམས་ཆག་རྟོག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག༔ དེ་ལྟར་ཕྱག་འཚལ་མཆོད་པ་ཕུལ་བ་དང༔ ཟབ་མོ་སྦྱོར་སྒྲོལ་ཚོགས་མཆོད་བཤམས་ནས་ནི༔ འགྱོད་ཚངས་བཤགས་པའི་རྒྱལ་པོ་འདི་བགྱིས་པས༔ བླ་མེད་དོན་གྱི་ཚངས་པ་བསྩལ་ནས་ཀྱང༔ འགྱུར་མེད་རྡོ་རྗེའི་ས་ལ་ཕྱིན་པར་ཤོག༔ དེ་ལྟར་ཚངས་པའི་བདེན་སྟོབས་བྱིན་རླབས་ཀྱིས༔ བདག་གཞན་གསང་སྔགས་ཟབ་མོའི་སྒོར་ཞུགས་རྣམས༔ ལུས་ངག་ཡིད་ཀྱི་རྟོག་སྒྲིབ་ཀུན་བྱང་ནས༔ རིག་འཛིན་ཆེན་པོའི་གྲལ་དུ་འཁོད་པར་ཤོག༔ བདག་གིས་སྔ་རབས་འདས་པའི་སློབ་དཔོན་དང༔ འགྲོ་དྲུག་སེམས་ཅན་ཕ་མ་མཆེད་ལྕམ་དང༔ གཟུངས་མ་དང་ནི་བཟང་ངན་གང་འབྲེལ་བ༔ བསྒྲལ་ལོ་འཚལ་ལ་སོགས་པ་མ་ལུས་པ༔ ཡེ་ཤེས་བླ་མ་འོད་ཀྱི་ས་ནོན་ཏེ༔ ཕྱིར་མི་ལྡོག་པར་ལྷུན་གྱིས་གནས་གྱུར་ཅིག༔ འདི་ལྟར་བདེན་པས་ས་ཆེན་ལ་གནས་པའི༔ བྱང་ཆུབ་སེམས་དཔར་གྱུར་པ་ཐམས་ཅད་ནི༔ ཤེས་བྱའི་བག་ཆགས་ཕྲ་མོ་ཡན་ཆད་ཀྱང༔ གཉེན་པོ་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས༔ སྦྱོང་སྟོབས་ལྡན་པས་ས་བཅུ་རིམ་བགྲོད་དེ༔ བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནོན་ནས༔ མཐར་ཕྱིན་ཆོས་ཀྱི་སྐུ་མཆོག་ཐོབ་གྱུར་ཅིག༔ རང་རྒྱལ་རྣམས་ཀྱང་རྟེན་འབྲེལ་བཅུ་གཉིས་པོ༔ མཐར་ཐུག་འབྲས་བུ་བསེ་རུ་ལྟ་བུ་འམ༔ ནེ་ཙོ་ལྟ་བུའི་འབྲས་བུ་ཐོབ་གྱུར་ཅིག༔ ཉན་ཐོས་རྣམས་ནི་བདེན་པ་བཞི་ཡི་དོན༔ མཐར་ཐུག་འབྲས་བུ་དགྲ་བཅོམ་ཐོབ་གྱུར་ཅིག༔ ཁམས་གསུམ་འགྲོ་བ་མ་ལུས་ཐམས་ཅད་ཀྱང༔ དགེ་བ་བཅུ་ཡི་ཆོས་ལ་སྤྱོད་གྱུར་ནས༔ བདེ་འབྲས་ལྷ་མིའི་གོ་འཕང་ཐོབ་གྱུར་ཅིག༔ དེ་ལྟར་ལྷ་མིའི་གོ་འཕང་ཐོབ་ནས་ཀྱང༔ ཆོས་སྤྱོད་བཅུ་ལ་སོགས་པའི་སྒོར་ཞུགས་ནས༔ སངས་རྒྱས་བསྟན་པའི་སྲོག་ཤིང་འཛིན་གྱུར་ཅིག༔ བསྟན་པ་འཛིན་སྐྱོང་སྤེལ་བར་མཛད་པ་ཡི༔ བླ་མ་དགེ་བའི་བཤེས་གཉེན་རྣམས་དང་ནི༔ རྡོ་རྗེ་མཆེད་དང་ལྕམ་དྲལ་ལ་སོགས་པ༔ བླ་མེད་བྱང་ཆུབ་སྒྲུབ་པའི་སྐྱེས་བུ་རྣམས༔ ཆབ་སྲིད་བརྟན་ཞིང་སྐུ་ཚེ་རིང་བ་དང༔ འཁོར་དང་ལོངས་སྤྱོད་བསོད་ནམས་འཕེལ་བ་དང༔ རྣམ་དག་དགོངས་སྤྱོད་ཐམས་ཅད་ལྷུན་གྲུབ་ཅིང༔ བསྟན་པའི་སྒྲོན་མེར་ཡུན་རིང་གནས་གྱུར་ཅིག༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་རྣམས༔ འཇིག་རྟེན་འདིར་ཡང་མཐོང་བའི་ཆོས་རྣམས་ལ༔ ཚེ་རིང་ནད་མེད་དཔལ་དང་གཟི་བརྗིད་འབར༔ འབྱོར་པ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང༔ བསམ་པའི་དོན་རྣམས་ཡིད་བཞིན་འགྲུབ་གྱུར་ཅིག༔ ཚེ་འཕོས་ནས་ཀྱང་སེམས་ཅན་ཐམས་ཅད་ཀྱི༔ སྐྱབས་དང་སྐྱོབ་པའི་བླ་མར་བདག་གྱུར་ཏེ༔ ཐེག་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་ནས་ནི༔ བསྡུ་བ་རྣམ་བཞིས་འགྲོ་དོན་སྤྱོད་པར་ཤོག༔ རྡོ་རྗེ་ཐེག་པ་བཀའ་བཙན་བྱིན་ཆགས་ཤིང༔ ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཅིག༔ ཡུལ་རིས་རྒྱལ་ཁམས་ས་ཕྱོགས་ཐམས་ཅད་དུ༔ ནད་མུག་མཚོན་གྱི་བསྐལ་པ་རྒྱུན་ཆད་ནས༔ བཀྲ་ཤིས་དཔལ་འབྱོར་བདེ་ལེགས་ཕུན་ཚོགས་ཤིང༔ ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང༔ སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་དང༔ ཉིན་མཚན་རྟག་ཏུ་ཆོས་ལ་སྤྱོད་པ་དང༔ བདག་གཞན་དོན་འབྲས་ལྷུན་གྱིས་འགྲུབ་པར་ཤོག༔ ཅེས་སྙིང་ཐག་པ་ནས་གདབ་བོ། །གསུམ་པ་གཏོར་མ་གཏོང་བ་ལ་གསུམ་གྱི། དང་པོ་ཆད་མདོ་བསྒྲག་པ་ནི། གཏེར་སྲུང་གི་གཏོར་མ་སོགས་གཏོར་གྲལ་ལས་བསྐྱོད་དེ་ཕྱིར་བསྣུར་དུ་བཞག་ལ་སྨན་རཀ་སྦྲན་ཅིང་། ཧཱུྃ་བྷྱོ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ རང་བཞིན་ལྷུན་གྲུབ་ཆོས་དབྱིངས་ཕོ་བྲང་དུ༔ ཐོག་མའི་མགོན་པོ་སྟོན་པ་ཀུན་བཟང་གིས༔ རང་བྱུང་འོད་ལྔའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ སྤྲུལ་པ་ཚོགས་དྲུག་དྷཱ་ཀི་ཤུགས་འགྲོ་ཡིས༔ སོ་སོའི་ཡུལ་སྣང་རང་གཟུགས་བསྟན་ནས་ཀྱང༔ ཅིར་སྣང་གཏོར་མ་ལེན་པར་མ་ཆད་དམ༔ འགྱུར་མེད་བསྟན་པ་སྲུང་བར་མ་ཆད་དམ༔ དུག་ལྔའི་དགྲ་བགེགས་འདུལ་བར་མ་ཆད་དམ༔ སྔོན་གྱི་ཞལ་བཞེས་དམ་ལས་མ་འདའ་བར༔ རང་བཞིན་དག་པའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དེ་འོག་བར་གྱི་བསྐལ་པ་དབུས་མ་ལ༔ ཏིང་འཛིན་སྟོན་པ་ཡེངས་མེད་རྒྱལ་པོ་ཡིས༔ བག་ཡོད་ཤེས་བཞིན་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ འགྱུ་བྱེད་ཕྲ་རགས་ལྷ་སྲིན་སྡེ་བརྒྱད་ཀྱིས༔ སོ་སོར་སྒྲིབ་གཡོགས་མེད་པར་གཟུགས་བསྟན་ནས༔ རང་གྲོལ་གཏོར་མ་ལེན་པར་མ་ཆད་དམ༔ འབྱམས་ཡུག་བསྟན་པ་བསྲུང་བར་མ་ཆད་དམ༔ རྣམ་རྟོག་རྐུན་བུ་བསྒྲལ་བར་མ་ཆད་དམ༔ བརྗེད་ངེས་ཐེར་ལ་འདོན་པར་མ་ཆད་དམ༔ སྔོན་གྱི་ཆད་དོན་ཐ་ཚིག་རྗེས་དགོངས་ནས༔ ཅིར་སྣང་རང་གྲོལ་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དེ་འོག་བར་གྱི་བསྐལ་པ་སྙིགས་མ་ལ༔ རྒྱུ་རྐྱེན་ལས་འདས་པདྨ་འབྱུང་གནས་དང༔ གློ་བུར་ལྟར་སྣང་རྗེ་འབངས་གྲོགས་བཅས་ཀྱིས༔ མོས་པའི་བློས་བཟུང་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཀུན་རྫོབ་མཚན་མའི་བཀའ་སྲུང་ཐམས་ཅད་ཀྱིས༔ རྣམ་རྟོག་ཡིད་ཀྱི་རང་གཟུགས་བསྟན་ནས་ཀྱང༔ ཡིད་དཔྱོད་གཏོར་མ་ལེན་པར་མ་ཆད་དམ༔ རང་བབས་བསྟན་པ་བསྲུང་བར་མ་ཆད་དམ༔ རྣམ་གཡེང་དགྲ་བགེགས་བསྒྲལ་བར་མ་ཆད་དམ༔ སྔོན་གྱི་ཞལ་བཞེས་དམ་ལས་མ་འདའ་བར༔ ཡེ་ཤེས་བཅུད་ལྡན་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ད་དུས་དེང་སང་བསྐལ་པའི་སྙིགས་མ་ལ༔ སྐྱེ་རྒ་ན་འཆི་འགྱུར་བའི་ཕོ་བྲང་དུ༔ ལོང་མེད་བརྩོན་འགྲུས་སྔགས་འཆང་བདག་ཅག་གིས༔ སྐྱོ་ཤས་མོས་གུས་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཀུན་རྫོབ་ལྟར་སྣང་འདུས་བྱས་ལྷ་འདྲེ་ཡིས༔ མངོན་སུམ་མི་རྟག་རང་གཟུགས་བསྟན་ནས་ཀྱང༔ འཁྲུལ་སྣང་གཏོར་མ་ལེན་པར་མ་ཆད་དམ༔ གཉན་པོའི་བསྟན་པ་བསྲུང་བར་མ་ཆད་དམ༔ བསླུ་བྲིད་དགྲ་བགེགས་བསྒྲལ་བར་མ་ཆད་དམ༔ སྔོན་གྱི་ཞལ་བཞེས་དམ་ལས་མ་འདའ་བར༔ དྲན་སྣང་སོ་མའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཅེས་ཕྱི་རོལ་དུ་འབུལ། གཉིས་པ་བརྟན་མ་བསྐྱང་བ་ནི། གཏོར་གཞོང་བཤལ་བའི་སྨན་ཕུད་གཏོར་མ་ལ་སྦྲེང་ཞིང་། ཨཱོྃ་ཨཱཾཿཧཱུྃ་གིས་བརླབས་ནས། མ་བྷྱོ༔ བསྟན་པ་སྐྱོང་མཛད་མ་སྲིང་རྒྱ་མཚོའི་ཚོགས༔ ཕྱི་ནང་གཞན་སོགས་བཀའ་ཡི་བྱ་ར་བ༔ དམ་ཚིག་གཉན་གྱི་གྲོགས་མཛད་དྷཱ་ཀི་རྣམས༔ སྤྲུལ་པ་ཡང་སྤྲུལ་བྲན་དང་བཅས་རྣམས་ཀྱང༔ རྣམ་འགྱུར་ཆ་ལུགས་ཅིར་ཡང་སྟོན་བྱེད་ཅིང༔ ལས་སུ་སངས་རྒྱས་བསྟན་པ་གཉན་པོ་སྲུང༔ ཟས་དང་སྐོམ་དུ་ཤ་དང་ཁྲག་ལ་དགྱེས༔ འདིར་གཤེགས་རྫས་ཀྱི་གཏོར་མ་འདི་བཞེས་ལ༔ བཀའ་དང་བསྟན་པ་ཡུན་དུ་བསྲུང་བ་དང༔ འཁོར་དང་གང་ཟག་རྟག་ཏུ་བསྐྱང་བ་དང༔ རྣལ་འབྱོར་སྒྲུབ་པ་པོ་ཡི་གྲོགས་མཛོད་ཅིག༔ བསྟན་སྐྱོང་སྲུང་མ་རྣམས་ཀྱིས་རྟག་ཏུ་སྐྱོངས༔ ཞེས་འབུལ། འདིར་རྩེ་ལེའི་སྐོང་ཆོག་གཞུང་དུ་བསྐུལ་དང་ཟོར་ལས་འབྱུང་ཡང་དཀྱུས་སུ་མི་དགོས་པས་མ་སྤྲོས་སོ། །གསུམ་པ་བྲོ་བརྡུང་བ་ནི། གཏོར་གཞོང་ཁ་སྦུབས་པའི་འོག་ཏུ་གནོད་བྱེད་དམ་སྲི་ཐམས་ཅད་བཀུག་ནས་མནན་པར་བསམ་ཞིང་རྡོ་རྗེའི་རྒྱས་བཏབ་ལ། ཧཱུྃ་ཧྲཱི༔ བླ་མའི་བྱིན་རླབས་ཡི་དམ་ཏིང་འཛིན་དང༔ མཁའ་འགྲོའི་མཐུ་རྩལ་མཆེད་ལྕམ་རྫུ་འཕྲུལ་གྱིས༔ གནོད་བྱེད་བདུད་དང་དགྲ་བགེགས་རུ་དྲའི་ཚོགས༔ ཉོན་མོངས་ལ་སོགས་ཐར་པའི་གེགས་བྱེད་རྣམས༔ ཕོ་བྲང་རི་རབ་ཆེན་པོའི་འོག་ཏུ་མནན༔ སྟེང་དུ་ཁྲོ་རྒྱལ་བརྟུལ་ཞུགས་བྲོ་བརྡུངས་པས༔ བླ་མེད་བྱང་ཆུབ་མཆོག་སེམས་མ་སྐྱེས་བར༔ མནན་པ་ཡིན་གྱིས་ལྡང་བར་མ་བྱེད་ཅིག༔ ཨཱོྃ་ཨཱཾཿཧཱུྃ་སྟྭཾ་བྷ་ཡ་མཱ་ར་ཡ་ནན༔ ཅེས་མནན་ནོ། །བཞི་པ་དངོས་གྲུབ་བླང་བ་ནི། མདུན་བསྐྱེད་ཀྱི་གནས་གསུམ་ལས་འོད་ཟེར་འཕྲོས་པ་རང་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་མོས་ལ། ཧཱུྃ་ཧྲཱི༔ བདེ་ཆེན་ཡངས་པ་ཆེན་པོའི་ཕོ་བྲང་ནས༔ བྱིན་རླབས་མཆོག་སྩོལ་བླ་མ་ཆོས་ཀྱི་སྐུ༔ ཇི་ལྟར་འདོད་འབྱུང་ཡིད་བཞིན་གཏེར་གྱི་མཛོད༔ བྱིན་རླབས་སྨིན་གྲོལ་དངོས་གྲུབ་བསྩལ་དུ་གསོལ༔ སྣང་ལ་མ་འགགས་ཅིར་སྣང་གཞལ་ཡས་ནས༔ དངོས་གྲུབ་ཀུན་སྟེར་ཡི་དམ་ལོངས་སྤྱོད་རྫོགས༔ ཞི་དང་ཁྲོ་ཚུལ་དགོས་འདོད་ཀུན་འབྱུང་བ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ མཐུ་སྟོབས་ནུས་པ་མཐར་ཕྱིན་ཕོ་བྲང་ནས༔ ཕྲིན་ལས་མངའ་བདག་དྷཱ་ཀི་སྤྲུལ་པའི་སྐུ༔ རྫུ་འཕྲུལ་སྣ་ཚོགས་སྟོན་ཅིང་བྱ་ར་བྱེད༔ རྣམ་བཞིའི་ལས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཡོངས་ཀྱི་གཙོ་མཆོག་ཨོ་རྒྱན་ཐོད་ཕྲེང་རྩལ༔ ཁྱེད་ལ་རྩེ་གཅིག་གུས་པས་གསོལ་འདེབས་ཀྱིས༔ བླ་མེད་མཆོག་དང་ཐུན་མོང་ཡིད་བཞིན་སོགས༔ དངོས་གྲུབ་དམ་པ་དེང་འདིར་བསྩལ་དུ་གསོལ༔ འཆི་མེད་ཚེ་དང་ཟས་ནོར་ལོངས་སྤྱོད་སོགས༔ གནས་སྐབས་བདེ་སྐྱིད་དངོས་གྲུབ་བསྩལ་དུ་གསོལ༔ སྐྱེ་འགག་གནས་གསུམ་མཐའ་བྲལ་སྐུ་གསུང་ཐུགས༔ ངོ་བོ་རང་བཞིན་ཐུགས་རྗེ་ཡངས་པའི་ཀློང༔ ལུས་ངག་ཡིད་གསུམ་སྨིན་གྲོལ་ས་ལ་སྦྱོར༔ ཡང་དག་དོན་འབྲས་བཅུད་ཀྱི་དངོས་གྲུབ་སྩོལ༔ དངོས་གྲུབ་བསྩལ་དང་སྩོལ་བར་མི་དམིགས་ཀྱང༔ ཁྱོད་དང་བདག་ཉིད་གཡར་དམ་གཅིག་པའི་གནད༔ འགྲོ་ལ་ཕན་ཕྱིར་བདག་གིས་སྩོལ་བགྱིས་ན༔ དམ་ཚིག་དབང་གིས་ཅི་འདོད་དངོས་གྲུབ་སྩོལ༔ ཨཱོྃ་ཨཱཾཿཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ ཞེས་དངོས་གྲུབ་ཀྱི་རྫས་ལ་ལོངས་སྤྱད་དོ། །ལྔ་པ་བཟོད་པར་གསོལ་བ་ནི། གཏང་རག་གི་དོན་དུ། ཧཱུྃ་ཧྲཱི༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ མེ་ཏོག་བདུག་སྤོས་མར་མེ་ཞལ་ཟས་དྲི༔ སྒྲ་དབྱངས་ཨརྒྷཾ་ལ་སོགས་མཆོད་པའི་སྤྲིན༔ ཕྱི་ནང་གསང་བ་བླ་མེད་དགྱེས་མཆོད་འབུལ༔ ཨཱོྃ་ཨཱཾཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཨརྒྷཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཱུ་ཛ་ཧོ༔ རཱུ་པ་ཤབྡ་གྷནྡྷེ་ར་ས་སྤརྴེ་པཱུ་ཛ་ཧོ༔ མ་ཧཱ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་བ་སུ་ཏ་ཙིཏྟ་པཱུ་ཛ་ཧོ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་མཆོད་ཅིང་། ཧཱུྃ་ཧྲཱི༔ ཕྱི་ནང་གཞན་གསུམ་ལྷ་དང་ལྷ་མོའི་ཚོགས༔ བྱེད་པ་ཀུན་སྟོན་རྣམ་འཕྲུལ་ཡོངས་ཀྱི་མཛོད༔ འཁོར་འདས་རང་གྲོལ་བདེ་ཆེན་གཡུང་དྲུང་སྐུ༔ དཀྱིལ་འཁོར་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། ཀྱེ་ཀྱེ༔ དུས་གསུམ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཐུགས་རྗེ་བརྩེ་བས་བྲེང་ཙམ་བདག་ལ་དགོངས༔ བློ་ནོར་བླུན་རྨོངས་འཁྲུལ་པ་བདག་འདྲ་ཡིས༔ དད་གདུང་གུས་པས་ལྷ་མཆོག་བསྒྲུབ་སླད་དུ༔ ཕྲིན་ལས་ཆོ་གའི་ཚུལ་འདི་བརྩམས་ལགས་ཀྱང༔ མ་རིག་སྒྲིབ་པས་ཉེས་ལྟུང་ཕོག་གྱུར་ན༔ ཡེ་ཤེས་ལྷ་ལ་གཙང་དམེ་མི་མངའ་ཡང༔ ཁྱེད་ཀྱི་འབངས་སུ་གྱུར་པའི་སྲུང་མ་རྣམས༔ གཡེལ་བར་གྱུར་པའི་ལས་བགྱིས་བཟོད་པར་གསོལ༔ ཉེས་ལྟུང་སྒྲིབ་པའི་ཚོགས་རྣམས་མཐོལ་ཞིང་བཤགས༔ ཕྱིན་ཆད་བདག་ལ་ནོངས་པར་མ་གྱུར་ཅིག༔ ཅེས་དང་ཡི་གེ་བརྒྱ་པ་མང་དུ་བཟླས་པས་ནོངས་པ་བཟོད་པར་གསོལ། དྲུག་པ་དཀྱིལ་འཁོར་བསྡུ་བ་ནི། མདུན་བསྐྱེད་ཀྱི་ལྷ་ཡེ་ཤེས་པ་མཚན་མའི་རྟེན་ལ་བསྟིམ་པའམ་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ་བ་གང་འོས་བྱ་ཞིང་དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་ཀྱི་དཀྱིལ་འཁོར་དམ་ཡེ་མ་ཕྱེ་བར། སྣོད་བཅུད་སྐྱེ་འགྲོ་ལྷ་དང་བཅས་པ་རྣམས༔ སྒྱུ་ལུས་གཞལ་ཡས་ཁང་དུ་གསལ་ལ་བསྡུ༔ དེ་ཡང་ཤེས་རིག་ལྷ་ཚོགས་བསྐྱེད་ལ་སྟེ༔ དེ་ཡང་འཁོར་རྣམས་གཙོ་བོ་ཡབ་ཡུམ་ལ༔ ཡུམ་ཉིད་ཡབ་ལ་ཡབ་ཀྱང་ས་བོན་ལ༔ ས་བོན་བར་སྣང་འཇའ་འམ་ཆུ་བུར་ལྟར༔ དམིགས་མེད་རྒྱས་གདབ་གང་ཤར་འཕྲོ་འདུ་རྣམས༔ རང་གར་རང་གཞག་བཅོས་བསླད་མི་བྱ་བར༔ ཆད་མེད་རྒྱ་ཡན་ཅོག་གཞག་ལྷུག་པར་བོར༔ རང་ལུགས་བབས་གནས་དབྱིངས་རིག་མ་བུ་འདྲེས༔ གདོད་མའི་སངས་རྒྱས་ཉིད་དང་མཇལ་བར་གྱུར༔ ཅེས་གནས་ལུགས་མ་བཅོས་པའི་ངང་དུ་མཉམ་པར་གཞག །དེ་ལས་ལྡང་བ་ན། སླར་ཡང་སྔགས་ཀྱི་རང་སྒྲས་སྣོད་བཅུད་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་སྦྱངས་ཏེ་སྤྱོད་ལམ་ལ་འཇུག་གོ །བདུན་པ་དགེ་བ་བསྔོ་བ་ནི། ཆོས་ཀྱི་དབྱིངས་ཀྱི་ངང་ལས་རྒྱུན་བྱུང་བའི༔ དམིགས་བཅས་དམིགས་མེད་ཟུང་འཇུག་དགེ་བའི་ལས༔ འདིས་མཚོན་བདག་གཞན་བྱས་བྱེད་ཡི་རང་སོགས༔ བླ་མེད་ཐེག་པ་ཆེན་པོར་བསྔོ་བར་བགྱི༔ བདག་དང་མཐའ་ཡས་འགྲོ་བ་མ་ལུས་ཀུན༔ དགེ་བའི་རྩ་བ་འདི་ལ་བརྟེན་ནས་ནི༔ ཚེ་རབས་ལས་ཀྱི་སྡིག་སྒྲིབ་ཡོངས་བྱང་ནས༔ ཟབ་ཡངས་ཆོས་མཛོད་ཀློང་དུ་གྲོལ་བར་ཤོག༔ ཅེས་དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་བསྔོ་ཞིང་སྨོན་ལམ་གྱི་རྒྱས་གདབ། བརྒྱད་པ་བཀྲ་ཤིས་བརྗོད་པ་ནི། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་གི་ཆར་དབབ་ལ། ཧཱུྃ་ཧྲཱི༔ རྒྱལ་བའི་སྐུ་ནི་རི་རྒྱལ་ལྷུན་པོ་ལྟར༔ གཟི་བརྗིད་ལྷུན་ཆགས་བདུད་དཔུང་ཟིལ་གྱིས་གནོན༔ ལྟ་བས་མི་ངོམས་འགྱུར་མེད་རྡོ་རྗེ་སྟེ༔ ཡིད་བཞིན་ནོར་མཆོག་སྐུ་ཡི་བཀྲ་ཤིས་ཤོག༔ རྒྱལ་བའི་གསུང་ནི་ཚངས་པའི་སྒྲ་དབྱངས་ལྟར༔ འུར་ཏིང་སིང་ཁྲོལ་ཆོས་དབྱངས་འབྲུག་སྒྲ་སྒྲོག༔ འགྲོ་རྣམས་དབྱངས་ཆེན་བདུད་རྩིས་ངོམས་པར་མཛད༔ རང་བྱུང་འགག་མེད་གསུང་གི་བཀྲ་ཤིས་ཤོག༔ རྒྱལ་བའི་ཐུགས་ནི་རྐྱེན་བྲལ་ནམ་མཁའ་ལྟར༔ ཀུན་ཁྱབ་བདེ་གསལ་མི་རྟོག་ཐུགས་རྗེ་ཅན༔ འགྲོ་རྣམས་ཡལ་བར་མི་འདོར་བུ་བཞིན་སྐྱོང༔ མཁྱེན་བརྩེ་ཡེ་ཤེས་ཐུགས་ཀྱི་བཀྲ་ཤིས་ཤོག༔ རྒྱལ་བ་རྣམས་ཀྱི་ཡོན་ཏན་དཔག་ཡས་ཤིང༔ འཁོར་འདས་དབྱེར་མེད་ལྷུན་འབྱམས་ཡོངས་ལ་མངའ༔ གཏིང་ཟབ་ཡངས་པ་བདུད་རྩིའི་ཆར་ཆེན་འབེབ༔ ཡོན་ཏན་མི་ཟད་མཆོག་གི་བཀྲ་ཤིས་ཤོག༔ རྒྱལ་བའི་ཕྲིན་ལས་ཡོངས་ལ་མངའ་བརྙེས་པས༔ ཐབས་དང་ཤེས་རབ་མཛད་པ་དུ་མ་ཡི༔ མཐུ་སྟོབས་རྩལ་གྱིས་འགྲོ་བ་སྒྲོལ་བར་མཛད༔ ཕྲིན་ལས་མཐར་ཕྱིན་བཀྲ་ཤིས་ཡོངས་ཁྱབ་ཤོག༔ ཅེས་དང་གཞན་ཡང་ཤིས་པ་བརྗོད་པའི་ཚིག་ཕྲེང་རྒྱ་ཆེར་སྤེལ་བས་ཕྱོགས་དུས་ཀུན་ཏུ་བདེ་ལེགས་ཀྱི་སྣང་བས་ཡོངས་སུ་ཁྱབ་པར་བྱའོ། །རིགས་འདུས་པདྨའི་བཞེད་གཞུང་བདུད་རྩིའི་ཀླུང་། །བརྒྱུད་ལྡན་མན་ངག་ཡུར་བར་ལེགས་དྲངས་གང་། །སྐལ་བཟང་ཞིང་སར་བསྐྱིལ་འདི་སྔོན་མེད་ཀྱི། །དགེ་ལེགས་ལོ་ཏོག་བསྐྱེད་པའི་དཔལ་ཁོ་ན། །རྡོ་རྗེའི་ཚིག་གི་སྡོང་པོ་མ་རྨས་ཤིང་། །འཇུག་དཀའ་རྒྱས་འགེབ་ལོ་མས་སྒྲིབ་མིན་པར། །རབ་གསལ་དོན་བཟང་འབྲས་བུས་དུད་པ་ཅན། ཁོ་བོའི་ཆོག་ཁྲིགས་ལེགས་བཤད་ལྗོན་པ་ཡིན། །འདི་ལྟའི་བསོད་ནམས་དཔག་ཡས་འོད་སྟོང་འཛུམ། །རྣམ་མང་གདུལ་བྱའི་པད་ཚལ་དང་འགྲོགས་པས། །ཕན་བདེའི་ཟིལ་དངར་འཇོ་བའི་ཀེ་ས་ར། །ས་གསུམ་བུང་བ་ཉེར་འཚོའི་གཞིར་གྱུར་ཅིག །དེ་ལྟར་བླ་མ་དགོངས་པ་འདུས་པའི་སྐོང་ཆོག་ལས་བྱང་ཁྲིགས་སུ་བསྡེབས་པ་རིག་པ་འཛིན་པའི་ལམ་བཟང་ཞེས་བྱ་བ་འདི་ནི། ལྷོ་ཕྱོགས་དགེ་བའི་ཞིང་གི་བསྟན་པའི་རྩ་ལག་ཆེན་པོ་ཆོས་འཁོར་རབ་བརྟན་རྩེའི་འདུས་སྡེ་རིན་པོ་ཆེ་ནས་དུས་དང་རྒྱུན་གྱི་ཉམས་བཞེས་འགྲོ་ཕན་ཕྲིན་ལས་བཟང་པོའི་བཙས་སུ་དགོངས་པས། ཕུལ་དུ་བྱུང་བའི་སྐྱེས་དང་བཅས་འཇུག་པ་བདེ་བའི་ཆོག་ཁྲིགས་འདི་ལྟ་བུ་ཞིག་གྱིས་ཞེས་ཡང་དང་ཡང་དུ་བསྐུལ་བར་མཛད་པ་ལ་བརྟེན་ནས། རྩ་བའི་ལས་བྱང་ཆེ་ཆུང་དང་སྐོང་ཆོག་བཅས་ཀྱི་གཏེར་གཞུང་རྡོ་རྗེའི་གསུང་སོར་བཞག་ལ། མངོན་རྟོགས་ཉིད་ཁྱེར་བདེའི་ཚིག་སྣ་ཅུང་ཟད་བསྡུས་ཤིང་། སྐབས་སུ་བབས་པའི་ཁ་སྐོང་མེད་དུ་མི་རུང་བ་ཇི་ལྟར་རིགས་པས་ཀྱང་གསལ་བར་བྱས་ཏེ་ལུགས་འདི་ལ་ཚད་མར་གྱུར་པའི་དམ་པ་གོང་མ་དག་གི་དགོངས་པ་མ་འཁྲུལ་བར། རྒྱལ་དབང་པདྨ་དགྱེས་པའི་བཀའ་འབངས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ལྔ་བཅུ་ང་གཅིག་པའི་ཐོག་ཏུ་སོན་པ་ཤིང་ཕོ་རྟའི་ལོ་ནག་པ་ཉ་བའི་ཡར་ངོའི་རྫོགས་པ་དང་པོ་ལ། གངས་ཅན་གྱི་རྡོ་རྗེ་གདན་ར་ས་འཕྲུལ་སྣང་ཕྱོགས་ལས་རྣམ་པར་རྒྱལ་བའི་འདུན་ས་ཆེན་པོར་སྦྱར་བ་ལས་ཡི་གེ་པ་ནི་ཤར་ཕྱོགས་མངྒ་ལའི་ལྗོངས་ཀྱི་རིག་བྱེད་སྨྲ་བའི་སློབ་དཔོན་ཆོས་གྲགས་རྒྱ་མཚོས་བགྱིས་པའོ། །འདིས་ཀྱང་ཟབ་མོའི་ལམ་གྱི་ཕྲིན་ལས་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་འབྲེལ་ཚད་རྣམ་གྲོལ་མཆོག་གི་གོ་སར་བདེ་མྱུར་དུ་དཀྲི་བའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །། ༄༅། །སླར་ཡང་རིན་ཆེན་གཏེར་མཛོད་ཆེན་པོ་བལ་ཡུལ་ཞེ་ཆེན་པས་འཕྲུལ་པར་དུ་བསྐྲུན་པའི་རྗེས་འབྲེལ་དུ། དམ་ཚིག་ཉམས་ཆག་སྐོང་བའི་ཆ་རྐྱེན་དུ་ཆོ་ག་འདི་དང་། སྔགས་ཀྱི་གསོ་སྦྱོང་གི་ཆོ་ག་འགའ་བཅས་ཕྱོགས་གཅིག་བསྡུ་སྒྲིག་སྐབས། ཚུལ་འདིའི་སྒྲིག་གཞི་རྩེ་ལེའི་སྐོང་ཆོག་དང་། དཔལ་སྤུངས་ཀྱི་པར་མ་དགོངས་འདུས་སྐོང་ཆོག་ཆེན་མོ་འཇམ་མགོན་རིན་པོ་ཆེས་ཞུས་སྒྲིག་མཛད་དཔེ་དང་། གཏེར་གཞུང་ངོ་མ་ཆོས་ཚན་སོ་སོ་དང་གོ་ཞིབ་བསྡུར། མདུན་སྐྱེད་མངོན་རྟོགས་ནང་གཏེར་གཞུང་མངོན་རྟོགས་ཆེན་མོ་དང་བསྟུན་ནས་གསལ་ཁ་དགོས་ངེས་ཅུང་ཟད། སྤྱི་དྲིལ་ཆེ་ཆུང་དང་གཙོ་འཁོར་ཡོངས་རྫོགས་ཀྱི་སྔགས་བྱང་ཟུར་པ། སྔོན་ཡོད་ཀར་གླིང་ཞི་ཁྲོའི་ཕྱག་བྱང་དང་ཆོས་ཉིད་ཀློང་བཤགས་གཉིས། སངས་གླིང་རང་གཏེར་དྲི་མེད་བཤགས་རྒྱུད་འཇམ་མགོན་ཞུ་དག་ཅན་དཔལ་སྤུངས་པར་མ་ལྟར་ཁུངས་མཚུངས་ཕྱིར་གཏེར་ཁ་སོ་སོའི་གོ་བརྗེས་པ་བཅས། འདི་ལྟར་རྒྱལ་བསྟན་སྤྱི་དང་བདུད་འཇོམས་གོང་འོག་གི་ཆོས་རྒྱུན་གྱི་བདག་པོར་བཞུགས་པ་༧སྐྱབས་རྗེ་རྫོང་སར་མཁྱེན་སྤྲུལ་འཇམ་དབྱངས་ཆོས་ཀྱི་རྒྱ་མཚོ་རིན་པོ་ཆེར་ཕྲིན་ལམ་ནས་གནད་དོན་གསལ་ཞུས་ཀྱིས་དགོངས་སྐོར་ཞུས་པར། དེ་བཞིན་ཆོག་པར་གནང་བ་ལེགས་པར་ཐོབ་ནས། ཞུ་བཅོས་བཅས་བལ་ཡུལ་ཞེ་ཆེན་འཕྲུལ་པར་གྱི་ཞུ་དག་མཐའ་མ་བའི་མིང་འཛིན་པད་བཀོད་སྒམ་པོའམ་དྭགས་པོ་སྤྲུལ་སྐུར་འབོད་པས་བྱས་པ་འགལ་བར་གྱུར་ན་བཟོད་པར་སྙིང་ནས་གསོལ་ཞིང་། འདི་ནི་རིན་གཏེར་དབང་ལུང་ཆད་སྤེལ་སྐབས་ཉམས་ཆག་སྐོང་བའི་ཆ་རྐྱེན་དུ་སྤེལ་བ་ལས། གཞན་དུ་དཔེ་རྒྱུན་སྔ་མ་དག་ནི་བཀའ་འབུམ་གྱི་ཁྲོད་དང་། འདོན་ཆ་ཟུར་པར་ཞུས་པ་སོགས་ལ་མང་དུ་བཞུགས་པས། དཔེ་ཡོད་ཚད་ལེགས་ཉེས་སུ་བསྒྱུར་པའི་བཟང་ངན་གྱི་ཐུགས་རྟོག་མི་དགོས་ཤིང་མི་གནང་བར་ཞུ་འོ།།
ལྕེ་བཙུན་ཆེན་པོའི་བི་མ་ལའི་སྙིང་ཐིག་གི་སྨིན་བྱེད་ལག་ལེན་གསལ་བར་བཀོད་པ་གསེར་འགྱུར་རྩི་མཆོག་ (Volume 56, Text 7)
༄༅། །ལྕེ་བཙུན་ཆེན་པོའི་བི་མ་ལའི་སྙིང་ཐིག་གི་སྨིན་བྱེད་ལག་ལེན་གསལ་བར་བཀོད་པ་གསེར་འགྱུར་རྩི་མཆོག་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་སིཾ་ཧེ་ཤྭ་ར་ཡ། འབྱུང་བཞི་འོད་དུ་དེངས་པའི་མགོན་དེ་དང་། །དབྱེར་མེད་འོདྃ་གསྃལ་ཡེ་ཤེས་ཀློང་ཆེན་ནས། །སྤྲུལྃ་པའི་ྃགར་རོལ་རྡོ་ྃརྗེྃ་གསུམ་གྱི་བདག །གུས་པས་བསྙེན་ནས་རིམ་པ་རྣམ་གསལ་བྱ། །གང་ཞིག་བཅུད་དང་ལྡན་པའི་སློབ་དཔོན་གྱིས་སྣོད་དང་ལྡན་པའི་སློབ་མ་ལ་རྗེས་སུ་དྲན་པའི་ཟབ་གཏེར་སྙིང་ཐིག་ཀུན་གྱི་བཅུད་ཕུར་ཆེན་པོ་འདིའི་རིམ་པ་དབང་གི་བྱ་བ་བགྱིད་པ་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་སྦྱོར་བ་ལ་གཉིས། ཡོ་བྱད་ཀྱི་གཤོམ་བཀོད། བདག་དང་དབང་རྫས་ནུས་ལྡན་དུ་བསྒྲུབ་པའོ། །དང་པོ་ནི། གནས་དབེན་ཞིང་ཟིལ་ཆེ་བར་དུས་ཡར་མར་གྱི་ཚེས་བཅུ་ལ་སོགས་པར། སྟེགས་བུ་ཁེབས་ལྡན་གྱི་སྟེང་དུ་དཀྱིལ་འཁོར་འོད་ལྔའི་མུ་ཁྱུད་ཟླུམ་པོར་བསྐོར་བའི་ལྟེ་བ་མཐིང་ནག་ཅན་གྱི་དབུས་སུ་མཉྫི་ལ་བུམ་པ་དྲི་བཟང་འོ་ཆབ་ཉེར་ལྔའི་རྫས་སྦྱར་བས་བཀང་ཞིང་ཨ་ཡིག་དཀར་པོས་མཚན་པའི་ཁར་བྷནྡྷ་མཚན་ལྡན་བདུད་རྩིས་བཀང་བ་དང་། དེ་སྟེང་རང་བྱུང་ཤེལ་རྡོ་དྲི་མ་མེད་པ་རྣམས་བརྩེགས་མར་བཤམ། བཀའ་སྲུང་མ་གཟའ་དམ་གསུམ་གྱི་གཏོར་མ་རྒྱན་ལྡན་དང་གདུགས་ཅན། སྨན་གཏོར་རཀྟ། ཕྱི་མཆོད་རྣམས་སྤྱི་མཐུན་དང་། ཚོགས་ཀྱི་ཡོ་བྱད། སྔོན་གཏོར་དང་སྲུང་མའི་གཏོར་འབུལ་སོགས་འདུ་བྱའོ། །གཉིས་པ་བདག་དང་དབང་རྫས་སྒྲུབ་པ་ནི། གསོལ་འདེབས་སྔོན་དུ་འགྲོ་བས་གཏེར་གཞུང་ཀུན་བཟང་དོན་གྱི་ཕྲིན་ལས་ཀྱི་སྐྱབས་སེམས་ཡན་ལག་བདུན་པ། བགེགས་གཏོར་བསྔོས་ཏེ་མཚམས་གཅོད་པ་ནས་བརྩམ་གཞུང་ཉིད་མཐར་ཆགས་སུ་གཏང་། རང་བྱུང་སྣང་སྲིད་གཞིར་བཞེངས་དག་པ་རབ་འབྱམས་དབྱིངས་རིག་ཐིག་ལེ་གཅིག་ཏུ་རྫོགས་པའི་དཀྱིལ་འཁོར་གསལ་འདེབས་པ་དང་། བྱ་རྩོལ་བློ་དང་བྲལ་བའི་ངང་བཞག་ཁྱབ་གདལ་ལྷུན་འབྱམས་ཆེན་པོའི་བཟླས་པ་བྱས་པ་ཙམ་གྱིས་ཆོག་ཀྱང་། རྟོགས་གོམས་གདེངས་སུ་མ་གྱུར་པས་ཁྲིད་རིམ་ལྟར་སྤྲོ་ན། སྤྱན་འདྲེན་དང་བཞུགས་གསོལ་གྱི་རྗེས་སུ་གཞུང་དུམ་བུ་དང་པོའི་བླ་མའི་བྱིན་རླབས་ལམ་དུ་བྱ་བའི་སྐབས་ལྟར། འོད་གསལ་སྣང་བཞི་མཐར་ཕྱིན་སོགས་གསོལ་འདེབས་དང་སྔགས་ཅི་འགྲུབ་བཟླས་ནས་དབང་བཞི་བླང་། སྨིན་མཚམས་སུ་བསྟིམས་ནས་ཕྱག་མཆོད་བསྟོད་པའི་བར་དུ་གཏང་། བཟླས་པའི་སྐབས་སྨིན་མཚམས་ཀྱི་འོད་ཟེར་སྤྲོ་བསྡུའི་དམིགས་པའང་སྔ་མའི་འཕྲོས་ལྟར་བྱ། དབྱངས་གསལ་དང་རྟེན་སྙིང་བཟླས་པས་བུམ་ཐོད་བྱིན་བརླབས། ཡེ་ཤེས་སྐུ་མཆོག་གི་བཤགས་པ་དང་། ཚོགས་མཆོད་རིམ་གསུམ་ཕུལ་ཏེ། རང་བཞིན་གཞིའི་ཀུན་ཏུ་བཟང་པོ་ལས་བླ་མ་ཧེ་རུ་ཀའི་སྐུར་བཞེངས་པའི་དགོངས་པ་ལ་ཐ་མལ་འཁྲུལ་ཞེན་གྱིས་བར་མ་ཆོད་པར་སློབ་མ་རྗེས་སུ་གཟུང་ངོ་། །གཉིས་པ་དངོས་གཞི་དབང་ལའང་གཉིས། འཇུག་པ་དང་། དབང་དངོས་སོ། །དང་པོ་ནི། སྣོད་དུ་རུང་ངེས་པའི་སློབ་མ་གཅིག་གམ་བདུན་ལས་མི་མང་བ་ཁྲུས་ནས་དབྱུང་། བགེགས་གཏོར་སྤྱི་ལྟར་བསྔོས་ལ་མཚམས་གཅོད་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ་ལ་ཆོས་བཤད་ཇི་ལྟར་འོས་པ་དང་ཁྱད་པར། དེའང་ཐེག་པ་རིམ་དགུའི་མཐར་ཐུག་གི་སྐྱེལ་སོ་རྩོལ་མེད་བློ་འདས་ཨ་ཏི་ཡོ་ག་ལ་སེམས་ཀློང་མན་ངག་གི་སྡེ་ཆེན་པོ་གསུམ་དུ་བཞུགས་ཤིང་དེ་རྣམས་ཀྱི་རྒྱུད་ལུང་མན་ངག་གི་སྐོར་མཐའ་ཡས་པ་ཞིག་དང་། གངས་ཅན་འདིར་ཡང་བཀའ་སྲོལ་རིམ་པ་མང་དུ་བྱོན་ཅིང་གདོད་མའི་གྲོལ་སར་འཇའ་ལུས་འཕོ་བ་ཆེན་པོའི་གྲུབ་མཐའ་བསྙེགས་པ་བསམ་གྱིས་མི་ཁྱབ་པ་བྱུང་། སྡེ་གསུམ་གྱི་མཐར་ཐུག་མན་ངག་སྙིང་ཐིག་ཆེན་མོ་ལའང་ཕྱི་ནང་གསང་བ་ཡང་གསང་བླ་ན་མེད་པའི་དབྱེ་བས་ཕྱེ་བ་དང་། པད་འབྱུང་། བི་མ། བཻ་རོ་བཅས་སློབ་དཔོན་རྣམ་པ་གསུམ་གྱི་བཀའ་སྲོལ་ཐ་དད་པར་བྱོན་པ་ལས་སྐབས་སུ་བབ་པ་ནི། འཆི་མེད་ཡེ་ཤེས་ཀྱི་སྐུ་ཅན་པཎ་ཆེན་བི་མ་ལ་མི་ཏྲའི་གདམས་ཟབ་དང་རྗེས་སུ་འབྲེལ་བ་སྟེ། དང་པོ་ཇི་ལྟར་བྱུང་བའི་ཚུལ་གཞུང་ཉིད་ལས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན༔ སོགས་གཏེར་གཞུང་ལྟར་བརྗོད་དེ། ལྕེ་བཙུན་སིཾ་ཧེ་ཤྭ་ར་བདག་ཉིད་བསྒོམ་པར་བྱའོ༔ ཞེས་པས་ཐོག་དྲངས། མན་ངག་རྒྱལ་པོ་ཀློང་ལྔའི་ཡི་གེ་དུམ་བུ་གསུམ་པ་ཉིད་ཞལ་ཆེམས་གནད་གཟེར་གྱི་ཚུལ་དུ་ལེགས་པར་བཀའ་བསྩལ་ནས་འོད་གསལ་ཐིག་ལེ་ཆེན་པོ་ཡི་གེ་མེད་པའི་དབྱིངས་སུ་སྙོམས་པར་ཞུགས། དེ་ནས་ཡེ་ཤེས་མཁའ་འགྲོ་དཔལ་གྱི་བློ་གྲོས་མ་ལ་སོགས་པས་གསང་བ་ཆེན་པོ་ཀློང་ལྔའི་བརྡ་རིས་སུ་གཅེས་པར་བཟུང་བ་ལ། དེང་སང་གཏེར་རྙིང་ཕལ་མོ་ཆེའི་འབྲས་བུ་དང་སྒྲུབ་པའི་དུས་ཡོལ་ནས་ལུང་དང་རྟགས་ཙམ་འཛིན་པའི་དུས་ལ་བབས་པ་ན། གཞུང་ཉིད་ལས་ཇི་སྐད་དུ། འདི་ནི་མ་འོངས་སྙིགས་མ་ལྔ་ཆེས་སོགས་ནས། འགའ་ཞིག་ལ་ཕན་པར་འགྱུར་རོ༔ ཞེས་བསླུ་མེད་རྡོ་རྗེའི་ལུང་གིས་བསྟན་པ་ལྟར། སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་དང་པཎ་ཆེན་བི་མ་མི་ཏྲའི་ཡེ་ཤེས་རོལ་པ་གཅིག་ཏུ་འདུས་པའི་རང་གཟུགས། གཏེར་འབྱིན་མཁས་གྲུབ་རྒྱ་མཚོའི་འཁོར་ལོས་སྒྱུར་བ་བཀའ་བབས་བདུན་གྱི་མངའ་བདག་༧པདྨ་འོད་གསལ་མདོ་སྔགས་གླིང་པའམ་འོད་གསལ་སྤྲུལ་པའི་རྡོ་རྗེ་དགུང་གྲངས་ཉེར་བཞིར་སོན་པ་ཆུ་མོ་ཡོས་ཀྱི་ལོའི་སྣྲོན་ཟླ་བའི་ཡར་ཚེས་བརྒྱད་ཀྱི་ཉིན་པར་འུ་ཡུག་གི་མཐིལ། རམ་སྡིངས་མ་དགོན་དང་ཉེ་བར་ཕེབ་པའི་དུས་ཀྱི་ཚེ། ཐ་མལ་གྱི་སྣང་བ་དབྱིངས་སུ་ཐིམ་པའི་འོད་གསལ་གྱི་སྣང་ཆར། ལྕེ་བཙུན་ཆེན་པོ་འོད་ལུས་སུ་གཤེགས་པའི་གནས་དུས་སྟོན་འཁོར་གྱི་ཚོམ་བུའི་བཀོད་པ་ཇི་ལྟ་བ་བཞིན་གསལ་བར་ཤར་ཅིང་མན་ངག་གི་གཞུང་བཀའ་བསྩལ་པ་ཉིད་ཐུགས་ལ་བཀྲ་ལམ་གྱིས་སད་པ་ལྟར། གསང་བའི་གནས་རྗེས་སུ་དྲན་པའི་ཆོ་འཕྲུལ་ཆེན་པོས་གཏན་ལ་ཕབ་སྟེ་ཤིན་ཏུ་གསང་བའི་རྒྱས་བཏབ། ཕྱིས་དགུང་གྲངས་སོ་བརྒྱད་དུ་སོན་པ་མེ་མོ་སྦྲུལ་གྱི་ལོར་སྔགས་སྲུང་ཨེ་ཀ་ཛཱ་ཊིས་གསང་སྒོ་དབྱེ་བར་བསྐུལ་བ་ལྟར་ཐོག་མར་ཁོ་བོ་ལ་སྨིན་གྲོལ་ཚང་སྤྲུགས་སུ་བསྩལ། རིམ་གྱིས་སྐལ་པ་དང་ལྡན་པ་རྣམས་གདོད་མའི་གྲོལ་སར་དབུགས་འབྱིན་པར་མཛད་པའི་ཟབ་ཆོས་མཁའ་འགྲོའི་ཁ་རླངས་ཀྱི་ངད་པ་ཐོལ་ལེ་བ་ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་རིམ་པ་དབང་གི་ཆོ་ག་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་གུས་པ་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཀྱེ་བླ་མ་སོགས་དབང་གཞུང་ལྟར་ལན་གསུམ་ཞུས་པའི་ལན་དུ་སློབ་དཔོན་གྱིས། ཨེ་མ་རིགས་ཀྱི་བུ༔ སོགས་ནས། བསྒྲུབ་པར་བགྱིད་དམ༔ ཞེས་དྲིས་པའི་ལན་གསོལ་བར་མོས་ལ་འདིའི་རྗེས་ཟློས། ཨེ་མ་བླ་མ་རིན་པོ་ཆེ༔ སོགས། ཇི་ལྟར་ཁས་བླངས་པའི་ཐ་ཚིག་ལས་ནམ་ཡང་འདའ་བར་མི་བཟོད་པའི་དཔང་པོར་དམ་ཚིག་བདུད་རྩིའི་ཆུ་སྦྱིན་པ་སྙིང་གི་དབུས་སུ་ཐིམ་པར་མོས་ཤིག །དམ་ཆུ་སྦྱིན་ལ། བཛྲ་ས་མ་ཡ་ཨ་མྲྀཏ་ཋ་ཋ་ཋ༔ དམ་བཅས་པ་རབ་ཏུ་བརྟན་པའི་ཕྱིར་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། བཛྲ་ས་མ་ཡ་ན་ར་ཀན༔ ཞེས་རྡོ་རྗེ་མགོར་བཞག །དེ་ནས་ཐོག་མར་གསང་བ་སྙིང་ཐིག་ཆེན་མོའི་དགོངས་པ་སྔོན་འགྲོ་སེམས་སྦྱོང་བདུན་གྱི་རིམ་པ་རྣམས་ལ་འདི་ལྟར་བློ་ངེས་པར་མཛོད་ཅིག །ཨེ་མ་རིགས་ཀྱི་བུ་རྣམས༔ འདི་ལྟར་འདུས་བྱས་ཐམས་ཅད་ནི་སོགས་ནས། དར་ཅིག་མཉམ་པར་འཇོག་མཛོད༔ ཅེས་ཅུང་ཟད་མཉམ་པར་གཞག །དེས་སྔོན་འགྲོ་སེམས་སྦྱོང་གི་རིམ་པ་སོང་ནས། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། ཀུན་རྫོབ་གཉིས་སུ་འཛིན་པའི་བློས་བྱས་ཀྱི་རྟོག་གོམས་མ་ཡིན་པར། དོན་དམ་གདོད་མའི་གནས་ལུགས་རང་བྱུང་རང་གསལ་ཆེན་པོའི་དགོངས་པ་གསལ་འདེབས་པ་གཞིར་བྱས་ནས། དང་པོ་སྐྱབས་སུ་འགྲོ་བ་ལ། ཆོས་ཐམས་ཅད་ཀྱི་དབྱིངས་ཀ་དག་གི་ངོ་བོ་ཆོས་སྐུ། རིག་རྩལ་ལྷུན་གྲུབ་ཀྱི་འོད་གདངས་ལོངས་སྐུ། དེ་གཉིས་དབྱེར་མེད་པའི་རྩལ་སྣང་ཅིར་ཡང་འཆར་བ་སྤྲུལ་སྐུ། དེ་གསུམ་ཀའང་གུད་ན་བཙལ་དུ་མེད་དེ་རང་གི་སེམས་ཉིད་ངོ་བོ་སྟོང་པ། རང་བཞིན་གསལ་བ། དབྱེར་མེད་སྐུ་གསུམ་གྱི་བདག་ཉིད་རིག་སྟོང་རང་ངོ་ཤེས་པའི་ངང་དུ་སྐྱབས་སུ་འགྲོ་བའི་དོན་ཤེས་པས་འདིའི་རྗེས་ཟློས། ཨ༔ ཀ་དག་གཏིང་གསལ་སོགས་ལས་བྱང་ལྟར་ལན་གསུམ། གློ་བུར་རྟོག་འཁྲུལ་གྱི་གཞན་དབང་དུ་གྱུར་པའི་སེམས་ཅན་ཐམས་ཅད་གདོད་ནས་དབྱིངས་རྣམ་དག་གི་ངང་ལས་གང་དུའང་གཡོས་པ་མེད་པས། རིག་པ་ཡེ་ཤེས་འོད་དུ་གསལ་བའི་ཡིན་ལུགས་ངོ་ཤེས་ཏེ་ཅོག་གཞག་ཆེན་པོར་ལ་བཟླ་བར་སེམས་བསྐྱེད་ལ་འདིའི་རྗེས་ཟློས། ཧོ༔ གློ་བུར་འཁྲུལ་པའི་སོགས་གསུམ། ཡོངས་གྲུབ་ཡེ་ཤེས་ཆེན་པོའི་ཚོགས་འབད་རྩོལ་མེད་པར་གསག་ཅིང་གློ་བུར་རྟོག་སྒྲིབ་བག་ཆགས་དང་བཅས་པ་རང་བཞིན་མེད་པའི་དབྱིངས་སུ་སྦྱོང་བ་དང་། རྣམ་དཀར་གྱི་ཕུང་པོ་རང་རིག་འོད་གསལ་ཆེན་པོའི་སྦུབས་སུ་སྤེལ་བའི་དོན་སོ་སོ་རྗེས་སུ་དྲན་པས་ཡན་ལག་བདུན་པ་འདིའི་རྗེས་ཟློས། ཨ༔ སྣང་བཞི་མཐར་ཕྱིན་སོགས། དེ་ནས་གུས་ཤིང་གདུང་བའི་སེམས་རྩེ་གཅིག་པས་ཚིག་དང་མཐུན་པའི་དོན་གསལ་འདེབས་བཞིན་པས་བརྗོད་མེད་དོན་གྱི་བཤགས་པ་འདི་གསུང་བར་ཞུ། ཨོཾ། ཡེ་ཤེས་སྐུ་མཆོག་སོགས་ཚང་བར་བརྗོད། སྒྲིབ་པ་སྦྱོང་བའི་དམིགས་བཟླས་ཟབ་མོ་འདི་བཞིན་མཛད་འཚལ། ཁྱེད་རང་གི་ལུས་ཀྱི་དབུས་སུ་རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་དྭངས་གསལ་འོད་ཀྱི་རང་བཞིན་ཅན་གྱི་མར་སྣེ་ལྟེ་འོག་སོར་བཞིའི་ཐད་ཀྱི་དབུ་མའི་སྦུབས་སུ། བླ་མ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་དམར་གསལ་ལོངས་སྐུའི་ཆས་ཅན་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འོད་ཀྱི་ཡུམ་ལ་འཁྱུད་ཅིང་པད་ཟླའི་གདན་ལ་བཞུགས་པ་གསལ་ཐོབས། དེ་ལ་གུས་པ་ཆེན་པོས་གསོལ་འདེབས་ཀྱི་བཟླས་པས་ཐུགས་རྒྱུད་བསྐུལ་པས་སྐུ་ལས་ཡེ་ཤེས་ཀྱི་མེ་འབར། རྩ་འཁོར་ལོ་བཞིའི་གནས་ཐམས་ཅད་དུ་ཁྱབ། སྒོ་གསུམ་ཆ་མཉམ་དང་བཅས་པའི་སྒྲིབ་པ་བཞི་ལྷག་མེད་དུ་བསྲེགས། རང་ལུས་ཀྱང་འོད་ཀྱི་རང་བཞིན་དཔལ་རྡོ་རྗེ་སེམས་དཔའི་གསང་བ་གསུམ་དང་དབྱེར་མི་ཕྱེད་པར་གྱུར་པའི་མོས་པ་བརྟན་པོའི་ངང་ཡི་གེ་བརྒྱ་པ་ཟློས་ཤིག །ཅེས་ཡིག་བརྒྱ་བདུན་ནམ་ཉེར་གཅིག་ཙམ་བཟླར་གཞུག །ཚོགས་གསག་པའི་སླད་དུ་དམིགས་པ་འདི་བཞིན་སྒོམ་འཚལ། རྡོ་རྗེ་སེམས་དཔའི་སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་ལྕེས་སྤྱི་བོའི་ཧཾ་ཡིག་ལ་རེག་པས་དེ་ལས་སངས་རྒྱས་ཐམས་ཅད་འདུས་པའི་རང་བཞིན་ཅན་གྱི་བདུད་རྩིའི་རྒྱུན་བབས། འཁོར་ལོ་བཞིའི་གནས་ཐམས་ཅད་དུ་ཁྱབ་པས་བླ་མ་སྐུ་བཞིའི་དཀྱིལ་འཁོར་པ་ཐམས་ཅད་དགའ་བ་བཞིའི་ཡེ་ཤེས་ཀྱིས་རབ་ཏུ་མཉེས། བདེ་ཆེན་འབྲས་བུའི་ཚོགས་རྫོགས་ཏེ་རྡོ་རྗེ་བཞི་མངོན་དུ་བྱས་པར་མོས་ལ་སྔགས་འདི་བཟླ་བར་ཞུ། མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་ཧཾ༔ ཞེས་ཇི་ལྟར་འོས་པ་བཟླ། དེ་ནས་དབང་གི་ཡེ་ཤེས་སྐྱེད་པའི་གཞི་རྟེན་བླ་མའི་རིམ་པས་བྱིན་གྱིས་རློབ་པ་ཡིན་པས་དམིགས་འདུན་འདི་བཞིན་རྩེ་གཅིག་ཏུ་མཛད་འཚལ། སྣང་སྲིད་ཐམས་ཅད་དུར་ཁྲོད་རོལ་པའི་ཞིང་ཁམས་ཆེན་པོའི་དབུས་སུ༔ སེང་གེ་དང་པདྨ་ཉི་མའི་གདན་ལ་ཁྱེད་རང་སྐད་ཅིག་གིས་དཔལ་ཧེ་རུ་ཀ་སིཾ་ཧེ་ཤྭ་ར་ཁྲོ་འཛུམ་སྒེག་པའི་ཉམས་ཅན་ཁ་དོག་དམར་ཞིང་མཉམ་གཞག་དང་སྐྱིལ་ཀྲུང་ཅན༔ དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ༔ བ་སྤུའི་ཁུང་བུ་ཐམས་ཅད་ནས་རྡོ་རྗེ་ཡེ་ཤེས་ཀྱི་མེ་ཁྲོ་ཆུང་གི་ཚོགས་དང་བཅས་པ་འཕྲོ་བས་བདུད་དང་བར་དུ་གཅོད་པ་ཐམས་ཅད་སྲེག་པར་མཛད་པ༔ སྟེང་གི་ནམ་མཁར་གདོད་མའི་མགོན་པོ་ནས་རྩ་བའི་བླ་མའི་བར་གྱི་བརྒྱུད་པའི་བླ་མ་ཐམས་ཅད་བྱིན་ཐིབས་སེ་བཞུགས་པ། སྣང་སྲིད་ཐམས་ཅད་འཇའ་ཟེར་ཐིག་ལེར་མེར་མེར་ཤིག་ཤིག་གཡོ་བར་གསལ་ཐོབས༔ སློབ་དཔོན་དང་ཁྱེད་རང་གི་གནས་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། དག་པའི་ཞིང་རབ་འབྱམས་ཐམས་ཅད་དུ་ཁྱབ། དེ་དག་ན་གནས་པའི་སྐྱབས་གནས་དཀོན་མཆོག་རྒྱ་མཚོ་ཐམས་ཅད་དང་། ཁྱད་པར་དུ་འོད་གསལ་སྙིང་ཏིག་གི་བརྒྱུད་པའི་བླ་མ་རྣམས་ཀྱི་གསང་གསུམ་གྱི་བྱིན་རླབས་ཐམས་ཅད་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་ཆར་དྲག་ཏུ་བབས་པ་ཙམ་དུ་སྤྱན་དྲངས་ནས་ཁྱེད་རང་ལ་སིབ་སིབ་ཐིམ་པར་མོས་ཤིག །ཅེས་དམིགས་པ་ཕོག་ལ་ཤ་ཆེན་གྱི་སྤོས་བསྲེག །ཐོད་རྔ་དྲིལ་བུ་དབྱངས་ཀྱིས་བསྐུལ་ཏེ། ཨ༔ ངོ་བོ་ཆོས་སྐུའི་གཞལ་ཡས་སོགས་ཕྲིན་ལས་ཀྱི་སྤྱན་འདྲེན་ཚང་བར་བརྗོད་ལ་བྱིན་དབབ། ཧཱུྃ་ལྔས་བྱིན་དབབ་པ་བསྡུ། ནམ་མཁར་བཞུགས་པའི། བརྒྱུད་པའི་བླ་མ་རྣམས་ཀྱང་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་པས་བྱིན་རླབས་ཀྱི་ཟིལ་འབར༔ སྣང་བ་བདེ་ཆེན་དུ་ཤར༔ ཤེས་པ་གཏད་མེད་ཟང་ཐལ་གྱི་ཉམས་སྐྱེས་པར་གྱུར་པའི་མོས་པ་མཛོད་ཅིག༔ འོ་མ་དང་བཅས་པའི་དྲིའི་ཐིག་ལེ་གནས་གསུམ་དུ་རེག་སྟེ༔ ཨོཾ་ཨཱཿཧཱུྃ༔ ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་བར་དུ་བརྟན་པར་བྱས་པར་མོས་ཤིག །དེ་རྣམས་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་རྣམས་གྲུབ་པ་ལགས། གཉིས་པ་དབང་དངོས་ནི། དེ་ནས་དབང་བསྐུར་དངོས་གཞི་ལ། སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་རབ་ཏུ་སྤྲོས་མེད་བཅས་རྣམ་གྲངས་བཞི་རིམ་པར་འབྱུང་བའི། ཐོག་མར་སྤྲོས་བཅས་བུམ་པའི་དབང་བསྐུར་བ་ཡིན་པས་གཞུང་ཚིག་དང་མཐུན་པའི་འདུན་པ་དང་ངེས་ཤེས་སྐྱེད་ཅིག །བུམ་པ་གནས་བཞིར་བཞག་ལ། ཨོཾ༔ ཀ་དག་དབྱིངས་ཀྱི་བུམ་པ་སོགས་དང་དབྱངས་གསལ་རྟེན་སྙིང་བརྗོད། བུམ་ཆུ་གནས་བཞིར་འཐོར། བུམ་ཆུ་གནས་བཞིར་གཏོར་ལ་ཁྲུས་བྱས་པས༔ སོགས་ནས། གང་བར་བསམ་པ་དང༔ སློབ་དཔོན་ཉིད་དཔལ་ཧེ་རུ་ཀ་སིཾ་ཧེ་ཤྭ་ར་དངོས་སུ་གསལ་བའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས། ཁྱེད་རང་གི་དཔྲལ་བར་ཐིམ་པས་བུམ་དབང་གི་བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱས་པར་མོས་ཤིག །ཨོཾ་ཨོཾ་ཨོཾ༔ ཞེས་རྒྱས་གདབ། དེས་ལུས་ངག་ཡིད་གསུམ་གྱི་གཟུང་འཛིན་བག་ཆགས་དང་བཅས་པ་སྦྱངས་ཤིང་ཤེས་བྱ་ལ་རྨོངས་པའི་སྒྲིབ་པ་དག་ནས་སྣང་སྲིད་གཞིར་བཞེངས་རང་བྱུང་ལྷའི་འཁོར་ལོ་མངོན་སུམ་མཐོང་བའི་རྟེན་འབྲེལ་འགྲིགས་པ་ཡིན་ནོ། །གཉིས་པ་སྤྲོས་མེད་བདུད་རྩིའི་དབང་བསྐུར་བ་ཡིན་པས་བསྒྲག་ཚིག་ཇི་ལྟ་བའི་འདུན་པ་དང་ངེས་ཤེས་སྐྱེད་ཅིག །ཐོད་པ་གནས་བཞིར་བཞག་ལ། ཨཱ༔ རྩ་རླུང་བྱང་སེམས་བྷནྡྷ་སོགས་དང་དབྱངས་གསལ་བརྗོད་ལ་བདུད་རྩི་མྱང་དུ་གཞུག །བདུད་རྩི་བྱིན་པས༔ བདུད་རྩིའི་དྭངས་མ་སོགས་ནས། ཉམས་སྐྱེས་པའི་མོས་པ་གྱིས་ལ་རླུང་བུམ་པ་ཅན་དྲག་ཏུ་གཅུན་ཅིག༔ ཅེས་དྲག་རླུང་ཁུག་པ་གཅིག་གཟུང་དུ་བཅུག །མཐར་རྩ་གནས་ཀྱི་སོགས་ནས། ནུབ་པར་བསམ་པ་དང༔ སློབ་དཔོན་གྱི་མགྲིན་པ་ནས་ཡི་གེ་ཨཱ་ལི་ཀཱ་ལིའི་ཕྲེང་བ་འཕྲོས། ཁྱེད་རང་གི་མགྲིན་པར་ཐིམ་པས་གསང་དབང་གི་བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱས་པར་མོས་ཤིག །ཨཱཿཨཱཿཨཱ༔ ཞེས་རྒྱས་གདབ། དེས་སྐུ་གསུང་ཐུགས་ཡེ་ཤེས་ཆེན་པོའི་བྱིན་རླབས་དང་རང་བྱུང་ཟག་མེད་བདེ་ཆེན་གྱི་ནུས་པ་རྒྱུད་ལ་ཞུགས་ཏེ་མཚན་མའི་རྟོག་པ་མཐའ་དག་འོད་གསལ་གྱི་དབྱིངས་སུ་ཟད་པའི་རྟེན་འབྲེལ་འགྲིགས་པ་ཡིན་ནོ། །གསུམ་པ་ཤིན་ཏུ་སྤྲོས་མེད་བརྡའི་དབང་བསྐུར་བ་ལ་སྔོན་འགྲོ་སྒོ་གསུམ་སྦྱོང་ཞིང་རུ་ཤན་དབྱེ་བ་ཡིན་པས། སློབ་མ་རྣམས་ཀྱི་ལུས་སོགས་བརྗོད་ལ་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་བྱར་གཞུག །ངག་ཏུ་ཧཱུྃ་གི་གླུ་སོགས་དང་། ཧཱུྃ་རིང་ཐུང་དྲག་དལ་སྤེལ་མར་བརྗོད། ཡིད་དུས་གསུམ་གྱི་སོགས་ནས། མཉམ་པར་ཞོག་ཅིག༔ ཅེས་དར་ཅིག་བཞག་ལ། བླ་མས་ཕཊ྄་ཅེས་དྲག་པོར་བརྗོད་པས་ཉམས་དེ་ལས་སད་པའི་ཚེ། དེ་ནས་ཁྱེད་རང་དམྱལ་བར་སྐྱེས་ནས་ཚ་གྲང་གི་སྡུག་བསྔལ་མྱོང་ཞིང་ཀྱི་ཧུད་ཀྱི་སྨྲེ་སྔགས་འབྱིན་པས་མཚོན། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་གསོད་གཅོད། མི་སྐྱེ་རྒ་ན་འཆི། ལྷ་མིན་འཐབ་རྩོད། ལྷ་འཕོ་ལྟུང་བཅས། རིགས་དྲུག་གི་འགྲོ་བ་ཝལ་གྱིས་ཡིད་ལ་གྱིས་ཤིག །ཅེས་ཅུང་ཟད་རེ་བསྒོམ་དུ་གཞུག །མཐར། དེ་ཐམས་ཅད་ཀྱང་སྐྱེ་འགག་གནས་གསུམ་དང་བྲལ་བར་ཤེས་པས་ཀ་དག་ཆེན་པོའི་དབྱིངས་སུ་རང་བབ་ཏུ་ཞོག་ལ་ངལ་གསོས་ཤིག །ཅེས་ཅུང་ཟད་འཇོག །དེ་ནས་ཤེལ་རྡོ་འཇའ་འོད་འཕྲོ་བ་བསྟན་ཏེ། དངོས་གཞི་རང་རིག་སྟོང་གསལ་རིག་པའི་སྙིང་པོ་ཅན་བརྡ་འདིས་མཚོན་ནས་རྟོགས་པར་གྱིས་ཤིག །ཧཱུྃ༔ མ་སྐྱེས་སྟོང་པ་ཤེལ་སོགས་ཀྱིས་ངོ་སྤྲད། མི་འགྱུར་བའི་གཟེར་སོགས་ནས། ལྷུག་པར་ཞོག་ཅིག༔ ཅེས་བརྗོད་ལ་དར་ཅིག་བཞག །སློབ་དཔོན་གྱི་ཐུགས་ཀ་ནས་ཨ་ཡིག་དཀར་པོ་འོད་འབར་བ་འཕྲོས། ཁྱེད་རང་གི་སྙིང་གར་ཐིམ་པས་དབང་གི་བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱས་པར་མོས་ཤིག །ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་རྒྱས་གདབ། དེས་སེམས་ཉིད་གཞི་མེད་རྩ་བྲལ་དུ་ངོ་སྤྲད་ཅིང་དེ་ལྟར་བསྒོམས་པས་ཀ་དག་གི་ཡེ་ཤེས་མངོན་སུམ་དུ་རྟོགས་ཏེ་ཆོས་ཉིད་ཟད་སར་འཁྱོལ་བའི་རྟེན་འབྲེལ་འགྲིགས་པ་ཡིན་ནོ། །བཞི་པ་རབ་ཏུ་སྤྲོས་མེད་དོན་གྱི་དབང་བསྐུར་བ་ལ་སྔོན་འགྲོ་སྐུ་གསུམ་གྱི་དཀྱིལ་འཁོར་དུ་གཞུག་པ་ཡིན་པས། དཔོན་སློབ་ཐམས་ཅད་སོགས་ཀྱིས་ལུས་སྟོད་ཙམ་གཅེར་བུ་བྱ། སློབ་དཔོན་མཉམ་གཞག་སོགས་ནས། འབར་བ་ལ་རྩེ་གཅིག་ཏུ་སེམས་ཟུངས་ཤིག༔ ཅེས་ཅུང་ཟད་བཞག་ལ་ཟིན་པ་ན། ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དྲག་ཏུ་བརྗོད་ལ་བྱིན་དབབ། ཕཊ྄་བརྗོད་ལ། ཉམས་གང་ཤར་ཡང་མ་བཅོས་པའི་ངང་དུ་གློད་པས། དེའི་ཚེ་སེམས་ཉིད་སྟོང་པ་སོགས་ནས། གཞུག་པ་ཡིན་ནོ༔ དངོས་གཞིར་སློབ་མ་སོགས་ནས། མཉམ་པར་འཇོག༔ ཅེས་གསུངས་པས་དང་པོ་ཆོས་སྐུའི་བཞུགས་སྟངས་སེང་གེ་ཁྱི་ཚུགས་ལྟ་བུ་དང་། ལྟ་སྟངས་གྱེན་དུ་གཟིར་ལ་འོད་གསལ་གྱི་སྣང་བ་མཚོན་པར་གྱིས་ཤིག །ཅེས་དང་། གཉིས་པ་ལོངས་སྐུའི་བཞུགས་སྟངས་གླང་ཆེན་ཉལ་བ་ལྟ་བུ་དང་། ལྟ་སྟངས་ཟུར་དུ་ཁྲིད་ལ་འོད་གསལ་གྱི་སྣང་བ་མཚོན་པར་གྱིས་ཤིག །ཅེས་དང་། གསུམ་པ་སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་ལྟ་བུ་དང་། ལྟ་སྟངས་ཐུར་དུ་ཕོབ་ལ་འོད་གསལ་གྱི་སྣང་བ་མཚོན་པར་གྱིས་ཤིག །ཅེས་ཅུང་ཟད་རེ་འཇོག་ཏུ་བཅུག །དེ་ནས་སློབ་དཔོན་གྱིས་དགོངས་པ་མི་གཡོ་བའི་ངང་ནས༔ ཨ༔ སྐུ་གསུམ་བཞུགས་སྟངས་སོགས་ཀྱིས་ངོ་སྤྲད། སློབ་དཔོན་གྱི་ཙིཏྟ་རིན་པོ་ཆེའི་སྦུབས་ནས་འོད་ལྔའི་གོང་བུ་ཚོན་གང་བ་འཕྲོས། ཁྱེད་རང་གི་ཙིཏྟའི་སྦུབས་སུ་ཐིམ་པས་དབང་གི་ཡེ་ཤེས་བརྟན་པར་བྱས་པར་མོས་ཤིག །ཨ་ཨ་ཨ༔ ཞེས་མི་ལྡོག་པར་རྒྱས་གདབ། དེས་ལྷུན་གྲུབ་མངོན་སུམ་གྱི་དོན་ཉམས་སུ་ལེན་པ་ལ་དབང་ཞིང་སྣང་བཞི་མཐར་ཕྱིན་ནས་འཇའ་ལུས་འཕོ་ཆེན་གཞོན་ནུ་བུམ་པ་སྐུར་བྱང་ཆུབ་པའི་རྟེན་འབྲེལ་འགྲིགས་པ་ཡིན་ནོ། །དེ་དག་གི་རྒྱབ་རྟེན་དུ། འོད་གསལ་ཡེ་ཤེས་ཀྱི་སྐུ་ཅན་དཔལ་ཆེན་སིཾ་ཧེ་ཤྭ་རས་ཞལ་ཆེམས་གནད་ཀྱི་གཟེར་བུ་རྡོ་རྗེའི་མགུར་དུ་བཞེངས་པ་འདི་ལེགས་པར་གསོན་ལ། འཁོར་འདས་ཐམས་ཅད་རང་གི་རིག་པའི་རྩལ་དུ་སྣང་བ་ཙམ་ལས་ནམ་དུའང་དབྱིངས་ལས་མ་གཡོས་གཡོ་བ་མེད་པས་འཁྲུལ་གྲོལ་གྱི་མཚན་མ་ལས་གདོད་ནས་འདས་པའི་དོན་རྟོགས་པར་གྱིས་ཤིག །ཨེ་མ་སྨྱོན་པ་སེང་དབང་ང༔ སོགས་གཏེར་གཞུང་གཤམ་ལྟར་སྙན་པའི་དབྱངས་ཀྱིས་དལ་བུར་བརྗོད། དེ་སྐད་ཅེས་བཀའ་བསྩལ་པའི་ཚིག་དོན་མ་ནོར་བར་དྲན་པའི་ཟུངས་སུ་བཟུང་ནས་སྒོམ་པས་ཉམས་སུ་ལེན་པ་དང་གསེར་གྱིས་བྲིས་ཏེ་སྤྱི་གཙུག་ཏུ་བཅང་བར་བྱ་དགོས་སོ། ༈ །འདིར་བཀའ་སྲུང་བཀའ་གཏད་བྱེད་ན་གཏོར་མ་བླངས་ལ། གཏོར་མ་སྙིང་ཏིག་གཉན་པོའི་བཀའ་སྲུང་མཆེད་གསུམ་དུ་གསལ་བ་ཁྱེད་རང་ལ་གཏད་ཅིང་བཀའ་བསྒོས་པས་ཇི་ལྟར་བཅོལ་བའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་ཞལ་གྱིས་བཞེས་པར་མོས་ཤིག །ཨ༔ དབྱིངས་ལས་ཡེ་ཤེས་རང་ཤར་བའི༔ སོགས་ཆད་མདོའི་ཚིག་མཇུག་ཏུ། ཁྱད་པར་རྡོ་རྗེའི་སློབ་མ་འདིའི། །ལུས་དང་གྲིབ་ལྟར་འགྲོགས་ནས་ཀྱང་། །རྟག་ཏུ་སྲུང་ཞིང་སྐྱོབ་པ་དང་། །ཕྲིན་ལས་རྣམ་བཞི་བསྒྲུབ་པར་མཛོད། །ས་མ་ཡ་ཧོ༔ ཞེས་སྔགས་བརྗོད་ལ་གཏོར་མ་ལག་ཏུ་གཏད། དེ་རྣམས་ཀྱིས་ཨ་ཏི་ཡང་གསང་ཐུན་མོང་མ་ཡིན་པའི་རིག་པ་རྩལ་གྱི་དབང་བཞི་གྲུབ་ནས་དགའ་སྟོན་ཚོགས་ཀྱི་འཁོར་ལོ་ནང་གི་སྲེག་བླུག་གི་ཚུལ་དུ་ལོངས་སྤྱོད་པར་ཞུ། ཞེས་ཚོགས་ཀྱི་དམ་རྫས་དཔོན་སློབ་ལྷན་ཅིག་པས་རོལ། སྤྲོ་ན། ཨེ་མ་ཀི་རི་ཀི་རི་སོགས་རྡོ་རྗེའི་གླུ་བླང་། ལྷག་མ་བསྔོས་ལ་ཐུན་མོང་མ་ཡིན་པའི་སྨོན་ལམ་རྒྱ་ཆེར་བཏབ་ལ་ཤིས་བརྗོད་བྱ། དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར་ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་སྨིན་བྱེད་དུས་གསུམ་དུ་འབྱུང་བར་དཀོན་པའི་ཐོས་གྲོལ་ཆེན་པོ་ཉིད་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་། གཏང་རག་མཎྜལ་སོགས་དབང་རྗེས་སྤྱི་ལྟར་བྱས་ལ་སློབ་མ་གྱེས། སློབ་དཔོན་གྱིས་གཏོར་སྐྱོང་ནས་ཤིས་བརྗོད་བར་ཕྲིན་ལས་ཀྱི་རྗེས་རིམ་རྣམས་དོན་ཕྲིན་ལྟར་བྱས་པས་འགྲུབ་བོ། །གཞི་སྣང་འཁྲུལ་པ་ཀ་དག་དབྱིངས་སུ་ཟད། །གདོས་བཅས་འབྱུང་བ་འོད་གསལ་སྦུབས་སུ་དེངས། །གདོད་ནས་འགྱུར་མེད་ཐིག་ལེའི་དབྱིངས་ཆེན་དུ། །འཁོར་བ་རུ་ལྡོག་སྲིད་པ་དོང་སྤྲུགས་ཤོག །ཅེས་འོད་གསལ་རྡོ་རྗེ་རྩེ་མོའི་བསྟན་པའི་སྙིང་པོ་ལས་ཀྱང་སྙིང་པོར་གྱུར་པའི་གསང་བ་རྨད་དུ་བྱུང་བ་འདི་ཉིད། གདོད་མའི་མགོན་པོ་ཟབ་ཆོས་ཀྱི་མངའ་བདག་དངོས་ཀྱིས་ཐོག་མའི་སྣོད་ལྡན་དུ་བཀའ་དྲིན་བསྩལ་ཏེ་རྗེས་སུ་གནང་བ་ཐོབ་པ་བཞིན། དབང་གི་ལག་ལེན་འདུས་གསལ་འདིའང་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་སྒྲུབ་གནས་རྒྱལ་པོ་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།
རྩ་གསུམ་འོད་གསལ་སྙིང་ཏིག་ལས། བཀའ་སྲུང་གསོལ་མཆོད་རྡོ་རྗེའི་དྲྭ་བའི་ཕྲིན་ལས་རྒྱས་པར་སྤྲོས་པ་རྡོ་རྗེའི་སྒྲ་དབྱངས་ (Volume 63, Text 7)
༄༅། །རྩ་གསུམ་འོད་གསལ་སྙིང་ཏིག་ལས། བཀའ་སྲུང་གསོལ་མཆོད་རྡོ་རྗེའི་དྲྭ་བའི་ཕྲིན་ལས་རྒྱས་པར་སྤྲོས་པ་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། ། དཔལ་ཆེན་ཧེ་རུ་ཀཿལ་འདུད། གནས་ཁང་རྒྱན་གྱིས་སྤྲས་པའི་གུང་དུ་རྩ་གསུམ་ཆོས་སྐྱོང་གི་དམ་ཚིག་གི་རྟེན་བཀྲམ་པའི་སྤྱན་སྔར་བདག་བསྐྱེད་ཀྱི་གཏོར་མ། དབུས་སུ་དཔལ་མགོན་ལ་དཔུང་རོང་། དེའི་གཡས་སུ་གཟའ་བདུད་ལ་དཔུང་རོང་གཡས་དཀྱུས། གཡོན་དུ་སྔགས་སྲུང་ལ་གྲུ་གསུམ་རྩེ་བཅད་བཅས་ལ་འཁོར་གཏོར་ཆུང་གྲངས་མང་དང་མཐེབ་ཀྱུས་གཏམས། གཞན་མཆོད་འོས་གང་ཡོད་ཀྱི་འབུལ་གཏོར་དང་། སྨན་རཀ །དྲག་པོའི་ཉེར་སྤྱོད་བཅས་སུམ་རིམ་དུ་བཤམས། ཚོགས་དང་གསེར་སྐྱེམས་སོགས་ཉེ་ལོགས་ཅི་བདེར་བཞག་ལ། བདག་ཉིད་རྩ་གསུམ་གང་རུང་གི་བསྐྱེད་བཟླས་སྔོན་དུ་འགྲོ་བས། དང་པོ་མཆོད་པ་བྱིན་རླབས་ནི། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་བཛྲ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་པས་སྦྱང་། སྟོང་པའི་ངང་ལས་གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཁང་ཕུན་སུམ་ཚོགས་པར་ཨ་ལས་བྷཉྫ་འབར་བའི་སྣོད་བཟང་ཞིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་དངོས་པོ་རྣམས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུས་ནམ་མཁའི་མཐའ་ཀླས་པར་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་གྱིས་བྱིན་གྱིས་བརླབས། སྨན་རཀ་གཏོར་མ་བྱིན་བརླབ་ནི། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་བུ་གསུམ་ལ་གནས་པའི་ཡེ་ཤེས་ཀྱི་ཀ་པཱ་ལ་སྟོང་གསུམ་དང་མཉམ་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་གཙོ་བོར་གྱུར་པའི་བཟའ་བཅའ་བཏུང་བ་ལྡག་གཞིབ་འདོད་ཡོན་ལྔའི་ཕུང་པོ་ཟད་མི་ཤེས་པར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋ། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ། ལན་གསུམ་གྱིས་བྱིན་གྱིས་བརླབས། གཉིས་པ་རྟེན་བསྐྱེད་པ་ནི། ཧཱུྃ༔ རང་མདུན་ཁྲག་མཚོ་རྦ་རླབས་འཁྲུགས་པའི་ཀློང༔ ཀེང་རུས་ཐོད་མཁར་འཇིགས་སུ་རུང་བའི་དབུས༔ པདྨ་ཉི་སྟེང་ཧཱུྃ་ཡིག་མཐིང་ནག་ལས༔ འོད་འཕྲོས་རྒྱུད་གསུམ་དྲེགས་པའི་སྲོག་སྙིང་ཕྲོགས༔ ཚུར་འདུས་ཡོངས་གྱུར་སྐད་ཅིག་དྲན་རྫོགས་སུ༔ དཔལ་ལྡན་ཡེ་ཤེས་མགོན་པོ་མ་ནིང་ནག༔ ཆར་སྤྲིན་མདོག་ཅན་སྲིན་པོ་ཁྲོས་པའི་ཉམས༔ ཞལ་གཅིག་ཕྱག་གཉིས་གཡས་པས་རུ་མཚོན་ཕྱར༔ གཡོན་པས་དམ་ཉམས་སྙིང་དང་ཞགས་པ་བསྣམས༔ འཁོར་འདས་སྣང་སྲིད་སྐུ་ཡི་དབྱིངས་སུ་རྫོགས༔ སྤྱན་གསུམ་མེ་འབར་རལ་པ་སྦྲུལ་དུ་གཡོ༔ ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་འཆང༔ དར་ནག་བེར་གསོལ་བེང་ཆེན་རྐེད་པར་བཙུགས༔ ཞབས་གཉིས་གཡོན་བརྐྱང་ལོག་འདྲེན་སྙིང་ཁར་བརྫིས༔ འཁོར་དུ་དཔལ་ལྡན་མགོན་པོ་སྡེ་ལྔར་བཅས༔ སྲིད་དང་ཞི་བའི་ཆེ་བཙན་གཅིག་ཏུ་བཞེངས༔ གཡས་སུ་ཏྲི་ལས་གཟའ་མཆོག་རཱ་ཧུ་ལ༔ དུད་ཀའི་མདོག་འཆང་དབུ་དགུ་བྱ་རོག་གདོང༔ རབ་འཇིགས་ཕྱག་བཞི་འབར་བའི་སྤྱན་སྟོང་གཡོ༔ དང་པོས་ཆུ་སྲིན་རྒྱལ་མཚན་སྦྲུལ་ཞགས་དང༔ ལྷག་མ་རྣམ་གཉིས་རྭ་ཡི་མདའ་གཞུ་འགེངས༔ སྐུ་སྨད་སྦྲུལ་མཇུག་རྒྱ་མཚོའི་ཀློང་དུ་འཁྱིལ༔ འཁོར་དུ་གཟའ་གདོང་རྒྱུ་སྐར་ཚོགས་ཀྱིས་བསྐོར༔ གཡོན་དུ་ཏྲག་ལས་སྔགས་སྲུང་རལ་གཅིག་མ༔ མཐིང་ནག་ཞལ་གཅིག་སྤྱན་གཅིག་མཆེ་བ་གཅིག༔ བྲང་ན་ནུ་གཅིག་བདུད་རྩིའི་བཅུད་ཀྱིས་གཏམས༔ ཕྱག་གཡས་དམ་ཉམས་ཙིཏྟ་ཞལ་དུ་གསོལ༔ གཡོན་པས་ལྕགས་སྤྱང་མགོ་དགུ་ཁྲ་ཐབས་འགྱེད༔ ཞབས་གཉིས་འདོར་སྟབས་བམ་རོའི་སྙིང་གར་རོལ༔ འཁོར་དུ་སྣང་སྲིད་མ་མོའི་ཚོགས་ཀྱིས་བསྐོར༔ གཞན་ཡང་སྡེ་བརྒྱད་དྲེགས་པའི་དམག་དཔུང་ཚོགས༔ ཁྲོ་གཏུམ་འབར་འཁྲུགས་ལོག་འདྲེན་འབྱུང་པོའི་གཤེད༔ དེ་ལྟར་གསལ་བའི་གཙོ་འཁོར་ཐམས་ཅད་ཀྱི༔ གནས་གསུམ་དམ་ཚིག་ཕྱག་རྒྱས་མཚན་པ་ལས༔ འོད་འཕྲོས་རང་བཞིན་གནས་ནས་ཡེ་ཤེས་པ༔ མ་ལུས་སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ གསུམ་པ་ཡེ་ཤེས་སྤྱན་འདྲེན་ནི། ཧཱུྃ་བྷྱོ༔ རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་སྤྲུལ་པ༔ གཉིས་མེད་ཡེ་ཤེས་མགོན་པོ་མ་ནིང་ནག༔ བདེ་ཆེན་སྒྱུ་མའི་རྣམ་རོལ་རཱ་ཧུ་ལ༔ ཤེས་རབ་དབྱིངས་ཀྱི་ཕྱག་རྒྱ་སྔགས་སྲུང་མ༔ སྣང་སྲིད་དྲེགས་པའི་དམག་དཔུང་འཁོར་དང་བཅས༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་བའི་ཕྱིར༔ དུར་ཁྲོད་དྲག་པོའི་གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་མ་མ་ཏྲག་རཀྴ་ཨཿཡཿམཿདུཿརུཿཙཿཤཿནཿསརྦ་ས་མ་ཡ་ཛཿཛ༔ བཞི་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ དམ་ཚིག་ཉམས་པའི་སྲོག་གི་མདངས་འཕྲོག་ཅིང༔ དམ་ལྡན་རྣལ་འབྱོར་ཕྲིན་ལས་བསྒྲུབ་སླད་དུ༔ རབ་འཇིགས་འོད་ཟེར་འཁྲུགས་པའི་གཞལ་ཡས་འདིར༔ དཔལ་མགོན་ལྕམ་དྲལ་འཁོར་བཅས་དགྱེས་པར་བཞུགས༔ ཛཿཧཱུྃ་བཾ་ཧོཿས་མ་ཡ་ཏིཥྛ་ལྷན༔ ལྔ་པ་བརྡ་ཕྱག་འཚལ་བ་ནི། ཧཱུྃ༔ དྲན་པ་ཙམ་གྱིས་དགྲ་དང་བགེགས་ཀྱི་ཚོགས༔ མ་ལུས་འདུལ་མཛད་དཔལ་འབར་ཧེ་རུ་ཀ༔ ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་པ་ལ༔ སྒོ་གསུམ་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ དྲུག་པ་མཆོད་གཏོར་འབུལ་བ་ནི། ཧཱུྃ་བྷྱོ༔ ཡུལ་དང་དབང་པོར་འབྲེལ་བའི་རྟོག་ཚོགས་ཀུན༔ འོད་གསལ་དབུ་མའི་དབྱིངས་སུ་བསྒྲལ་པ་ལས༔ ཕྱི་ནང་གསང་བ་རྨད་བྱུང་མཆོད་པའི་སྤྲིན༔ དཔག་མེད་ནམ་མཁའ་ཁྱབ་པས་མཉེས་གྱུར་ཅིག༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་དང་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་ག་ཎ་ཙཀྲ་སརྦ་པཱུ་ཛ་ཧོ༔ གཏོར་མ་བྱེ་བྲག་ཏུ་འབུལ་བ་ནི། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་མ་མ་ཏྲག་རཀྴ་ཨཿཡཿམཿདུཿརུཿཙཿཤཿནཿསརྦ་ས་མ་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་གསུམ་གྱིས་ཕུལ་ལ། དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། དུག་གསུམ་ནད་ཀྱི་སྨན་པ། རྣལ་འབྱོར་ཡོངས་ཀྱི་དགྲ་བླ། བདུད་དཔུང་སྒྲོལ་བའི་དཔའ་བོ། བསྟན་པའི་བཀའ་སྲུང་ཆེན་པོ། དཔལ་མགོན་མ་ནིང་ནག་པོ། ཁྱབ་འཇུག་དུག་གི་སྤུ་གྲི། མ་མོ་སྔགས་ཀྱི་སྲུང་མ་ལ་སོགས་ཏེ་དམ་པ་ཆོས་སྐྱོང་བའི་སྲུང་མ་བཀའ་སྡོད་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྡོངས་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་འཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་པས་འདོད་པའི་ཕྲིན་ལས་གསོལ། བདུན་པ་གནད་ནས་བསྐུལ་བའི་བཟླས་པ་ནི། མདུན་བསྐྱེད་ཐུགས་ཀར་ཉི་མའི་སྟེང༔ རང་སྲོག་སྔགས་ཀྱི་ཕྲེང་བས་བསྐོར༔ བདག་ཉིད་དཔལ་ཆེན་ཧེ་རུ་ཀའི༔ ཕྱག་རྒྱ་གཉན་པོའི་འོད་ཟེར་གྱིས༔ རེག་པས་དམ་ཚིག་རྒྱུད་བསྐུལ་ཏེ༔ སྤྲུལ་དང་ཡང་སྤྲུལ་བཀའ་ཉན་བཅས༔ སྲིད་གསུམ་ཁྱབ་པའི་ཚོགས་སྤྲོས་ནས༔ ཕྲིན་ལས་རྣམ་བཞི་བསྒྲུབ་པར་བསམ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་མ་མ་ཏྲག་རཀྴ་སརྦ་ས་མ་ཡ་ཧཱུྃ་བྷྱོ་ཧཱུྃ༔ ཅི་ནུས་བཟླས་མཐར། བརྒྱད་པ་བསྐང་ཞིང་བཤགས་པ་ནི། སྐོང་རྫས་རྣམས། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས། སྐོང་རྫས་འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པའི་རང་བཞིན་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར་པར་བསམ། བཛྲ་སྥ་ར་ཎ་ཁཾ་གིས་རྒྱས་པར་སྤེལ། ཧཱུྃ་བྷྱོ༔ དུར་ཁྲོད་ཁྲག་མཚོ་འཁྲུགས་པའི་གཞལ་ཡས་འདིར༔ དཔལ་མགོན་འཁོར་བཅས་དགྱེས་པ་སྐྱེད་པའི་རྫས༔ དངོས་ཡིད་ལས་བྱུང་སྣ་ཚོགས་མཆོད་སྤྲིན་ཆེ༔ ནམ་མཁའ་མཛོད་ཀྱི་འཁོར་ལོས་ཐུགས་དམ་བསྐང༔ དགྲ་བགེགས་བསྒྲལ་པའི་ཁྲག་གི་མཆོད་ཡོན་དང༔ དབང་པོའི་མེ་ཏོག་ཤ་གསུར་བདུག་པའི་སྤྲིན༔ ཞུན་ཆེན་མར་མེ་མཁྲིས་པའི་དྲི་ཆབ་མཚོ༔ རྐང་གླིང་ཐོད་པའི་རྔ་སྒྲས་ཐུགས་དམ་བསྐང༔ ཕྱི་ནང་གསང་བའི་རྟེན་རྫས་བླ་རྡོ་དང༔ གང་བཞེད་དེ་ངོར་འཆར་བའི་འདོད་ཡོན་ལྔ༔ སྣང་སྲིད་གཞིར་བཞེངས་ཕྱག་རྒྱའི་དམ་ཚིག་གིས༔ གང་ཤར་བདེ་བ་ཆེན་པོར་ཐུགས་དམ་བསྐང༔ རྩ་ཁམས་དབུ་མར་སྦྱོར་བའི་ཨ་མྲྀཏ༔ བདག་འཛིན་དབྱིངས་སུ་སྒྲོལ་བའི་དམར་ཆེན་པོ༔ སྣོད་བཅུད་ཤ་ཁྲག་རུས་པའི་གཏོར་མའི་ཚོགས༔ བླ་མེད་གསང་བའི་རྫས་ཀྱིས་ཐུགས་དམ་བསྐང༔ སྣང་གྲགས་དཀྱིལ་འཁོར་འཁོར་ལོའི་རོལ་པར་ཤར༔ སྒོ་གསུམ་ཐིག་ལེ་ཆེན་པོའི་ཀློང་དུ་རྫོགས༔ ཅིར་སྣང་ཡེ་ཤེས་མཆོག་གི་གྲོང་ཁྱེར་དུ༔ བླང་དོར་འཁྲུལ་པ་ཟད་པས་ཐུགས་དམ་བསྐང༔ དོན་དམ་བདེ་གཤེགས་སྙིང་པོའི་གནས་ལུགས་ལ༔ བཤགས་དང་བཤགས་བྱའི་སྤྲོས་མཚན་ལས་འདས་ཀྱང༔ ཀུན་རྫོབ་སྒྱུ་མ་ལྟ་བུའི་རྣམ་རོལ་གྱིས༔ དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས༔ གནས་སྐབས་གང་འདུལ་ཕྲིན་ལས་སྣ་ཚོགས་ཀྱིས༔ བསྟན་དང་འགྲོ་བའི་ཕན་བདེ་རྒྱས་པ་དང༔ མཐར་ཐུག་ཟབ་གསང་སྙིང་པོའི་ཉེ་ལམ་ནས༔ སྐུ་བཞིའི་གོ་འཕང་འགྲུབ་པའི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་བརྗོད། དགུ་པ་བསྟོད་ཅིང་བསྐུལ་བ་ནི། ཧཱུྃ་བྷྱོ༔ སྐྱེ་བ་མེད་ལས་སྐྱེ་བའི་ཆོ་འཕྲུལ་ནི༔ ནམ་མཁའི་མདོག་ཅན་སྲིན་པོ་ཁྲོས་པའི་གཟུགས༔ ཕྱག་གཉིས་ཐབས་ཤེས་རུ་མཚོན་སྙིང་ཞགས་བསྣམས༔ ཧེ་རུ་ཀཿདཔལ་འབར་བ་ཁྱོད་ལ་བསྟོད༔ སྤྱན་གསུམ་དམར་ཟླུམ་མེ་དང་མཉམ་སྦྱོར་བས༔ ལོག་འདྲེན་བགེགས་ཀྱི་ཚོགས་ཀུན་བསྲེག་མཛད་ཅིང༔ ཡིད་བཞིན་འདོད་པ་འཇོ་བའི་བེང་ཆེན་ལས༔ རྣལ་འབྱོར་དངོས་གྲུབ་སྩོལ་མཛད་ཁྱོད་ལ་བསྟོད༔ ཐབས་ཀྱི་ཕྱག་རྒྱ་གཏུམ་དྲག་འབར་བའི་སྐུ༔ ཕོ་རྒྱུད་དྲེགས་པའི་ཚོགས་ལ་དབང་བསྒྱུར་ཞིང༔ སྲིད་གསུམ་ཟིན་གནོན་ཉམས་པའི་སྲོག་གི་གཤེད༔ དྲང་སྲོང་ཆེན་པོ་སྒྲ་གཅན་འཛིན་ལ་བསྟོད༔ ཤེས་རབ་རྡོ་རྗེ་བཙུན་མོའི་སྒྱུ་མ་ནི༔ སྣང་སྲིད་མ་མོའི་རྗེ་མོར་ཡོངས་ཤར་བ༔ སྙིང་ཏིག་གཉན་པོའི་བཀའ་སྲུང་རྒྱ་མཚོའི་གཙོ༔ དཔལ་འབར་ཨེ་ཀ་ཛཱ་ཊི་ཁྱོད་ལ་བསྟོད༔ དོན་དམ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ རྣམ་པ་ཁྲོ་ཆགས་སྒེག་པའི་སྒྱུ་འཕྲུལ་གྱིས༔ བསྟན་དགྲ་ཚར་གཅོད་རྣལ་འབྱོར་བུ་བཞིན་སྐྱོང༔ དཔལ་མགོན་ལྕམ་དྲལ་འཁོར་དང་བཅས་ལ་བསྟོད༔ ཕྲིན་ལས་བཅོལ་བ་ནི། མཆོད་གཏོར་འབུལ་ན། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་མ་མ་ཏྲག་རཀྴ་ཨཿཡཿམཿདུཿརུཿཙཿཤཿནཿསརྦ་ས་མ་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་གྱིས་གཏོར་མ་ཕུལ་མཐར། ཧཱུྃ་བྷྱོ༔ སྔོན་ཚེ་འོག་མིན་ཆོས་དབྱིངས་ཕོ་བྲང་དུ༔ ཆེ་བའི་ཆེ་མཆོག་ཀུན་བཟང་ཧེ་རུ་ཀས༔ བཀའ་བསྒོས་དམ་བཞག་བསྟན་སྲུང་རྒྱ་མཚོའི་ཚོགས༔ སྤྲོས་བྲལ་བདེ་བ་ཆེན་པོའི་ཀློང་ནས་བཞེངས༔ དུག་གསུམ་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ ཟག་མེད་བདུད་རྩིའི་མཆོད་གཏོར་འདི་བཞེས་ལ༔ ཇི་ལྟར་ཁས་བླངས་གཡར་དམ་བཅས་པ་བཞིན༔ རྣལ་འབྱོར་བདག་གིས་བཅོལ་བའི་ཕྲིན་ལས་སྒྲུབས༔ གནས་སྐབས་ནད་གདོན་ཉེར་འཚེ་ཞི་བ་དང༔ ཚེ་བསོད་དཔལ་འབྱོར་སྙན་པའི་གྲགས་པ་སྤེལ༔ མི་དང་མི་མིན་ཚོགས་རྣམས་དབང་དུ་སྡུས༔ དགྲ་བགེགས་འབྱུང་པོ་རྩད་ནས་བརླག་པར་མཛོད༔ ཁྱད་པར་འགྲོ་ལ་ཕན་བདེ་འབྱུང་བའི་གཞི༔ བཤད་སྒྲུབ་བསྟན་པ་ཡུན་རིང་གནས་པ་དང༔ འོད་གསལ་སྙིང་པོའི་ལམ་ལ་ཞུགས་པ་རྣམས༔ ཟག་བཅས་འོད་སྐུར་འགྲུབ་པའི་ཕྲིན་ལས་མཛོད༔ ཕྱི་རུ་སྣང་སྲིད་ཀློང་ལྔ་སྤྲུལ་པའི་ཞིང༔ ནང་ལྟར་མི་ཤིགས་ལྷན་སྐྱེས་བདེ་བ་ཆེ༔ གཞན་དུ་བསྐྱེད་རྫོགས་ཟུང་འཇུག་ཆེན་པོའི་དབྱིངས༔ ཧེ་རུ་ཀཿདཔལ་གོ་འཕང་མྱུར་འགྲུབ་མཛོད༔ མདོར་ན་ཡིད་ལ་སྨོན་པའི་དོན་རྣམས་ཀུན༔ བུམ་པ་བཟང་དང་དཔག་བསམ་ནོར་བུ་ལྟར༔ དབང་དྲག་ཞི་བར་རོལ་པའི་ཕྲིན་ལས་ཀྱིས༔ ཐོགས་མེད་མྱུར་བ་ཉིད་དུ་འགྲུབ་པར་མཛོད༔ རྗེས་རིམ་གཞན་དང་མ་འབྲེལ་ན། མཆོད་བསྟོད་ནོངས་བཤགས་བརྟན་བཞུགས་བསྔོ་སྨོན་ཤིས་བརྗོད་བཅས་མཐར་དབྱུང་བས་དགེ་ལེགས་སུ་བྱའོ། །ཞེས་པའང་ཕྱི་རྒྱལ་ཕ་རན་སིའི་བྱེ་བྲག་ཤཱནྟིའི་ལུང་གི་སྨན་ལྗོངས་སུ་རྩ་གསུམ་འོད་གསལ་སྙིང་ཏིག་གི་སྒྲུབ་སྡེ་ཀུན་བཟང་འོད་གསལ་གླིང་གསར་འཛུགས་སྐབས་ཉེར་མཁོར་གྱུར་པ་བཞིན། སྔགས་བཙུན་རྒན་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་སྤེལ་བའི་ཡི་གེ་པ་ནི་ཨོ་ཌཱི་ཡ་ནས་བགྱིས་པ་འདིས་ཀྱང་ཐེག་མཆོག་བསྟན་པའི་རྒྱལ་མཚན་ཡུན་རིང་དུ་བརྟན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།
བུམ་གཏེར་ཡིད་བཞིན་བཅས་ཆོག་ (Volume 48, Text 7)
༄༅༔ བུམ་གཏེར་ཡིད་བཞིན་བཅས་ཆོག་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མ་འོངས་རྣལ་འབྱོར་གང་ཟག་དང༔ རྒྱལ་པོ་ཡབ་སྲས་དོན་གྱི་ཕྱིར༔ ས་གཞི་བྱིན་འབེབ་ས་བཅུད་གསོ༔ ཀླུ་ཡི་དམ་བསྐང་གཡང་སྲིད་སྤེལ༔ ཡིད་བཞིན་ནོར་ལྟར་འདོད་དགུའི་གཏེར༔ གཞན་ལས་འཕགས་པའི་མན་ངག་འདི༔ རིན་ཆེན་ས་ལ་སྦས་ཏེ་བཞག༔ སྙིགས་མ་ལྔ་བཅུ་ཁ་རལ་དུས༔ ས་ཡི་བཅུད་ཤོར་སྐྱེ་འཁྲུངས་ཞན༔ མི་ཡི་བསོད་ནམས་མར་འགྲིབ་པས༔ མུ་གེའི་བསྐལ་པས་འཛམ་གླིང་འཇོམས༔ ས་གཞི་རྐང་རུས་གྲམ་ལྟར་ཉིལ༔ སྡེ་བརྒྱད་ལྷ་ཀླུ་ཁ་དར་ཞིང༔ དྲེགས་པ་ནང་འཁྲུགས་རྩུབ་འགྱུར་ཚེ༔ རྒྱལ་པོའི་མངའ་ཐང་འབངས་ཀྱིས་བཤིག༔ སྐྱེ་བོས་མནའ་ཟ་ཁྲེལ་ལས་བུད༔ བུད་མེད་ནལ་ཕྲུག་གྲི་རུ་གསོད༔ དམེ་འཁྲུགས་བྱེད་ཅིང་དམ་ཉམས་མང༔ ལྷ་སྲིན་གྲིབ་ཀྱིས་ནོན་པའི་དུས༔ དཀར་ཕྱོགས་ཆོས་སྐྱོང་ཞེ་ཁྲེལ་ནས༔ རི་རབ་ཞལ་གཟིགས་བདུད་རིགས་ཀྱིས༔ བོད་ཁམས་མི་ལ་དབང་བྱེད་པའི༔ ཅི་མི་འདོད་པ་འབྱུང་བའི་དུས༔ ཆོས་སྲིད་སྐྱོང་བའི་རྒྱལ་པོ་དང༔ དགོན་གནས་འཛིན་པའི་བླ་མ་དང༔ ཡུན་རིང་བྱང་ཆུབ་སྒྲུབ་པ་ཡི༔ རི་ཁྲོད་འཛིན་པའི་རྣལ་འབྱོར་པས༔ བཀྲ་ཤིས་བྱིན་ཆགས་དཔལ་འབྱོར་འཕེལ༔ སྤྱིར་ཡང་འགྲོ་བ་བསྐྱབ་ཕྱིར་དང༔ ཁྱད་པར་གར་ཡོད་ཡུལ་དེའི་བཅུད༔ འདི་ལས་འབྱུང་བས་འབད་པ་གཅེས༔ འདི་ལ་བཅའ་ཐབས་ལག་ལེན་བསྟན་པ་ནི༔ རབ་རིན་པོ་ཆེ་སྣ་ལྔ་བདར་བའི་ཕྱེ་མ་དང་རྫས་བསྲེས་ལ་བུམ་པ་ལེགས་པར་བཅོས་སོ༔ དེ་ཡང་བྲེ་གང་ཤོང་བ་ལས་མི་ཆུང་བ་བྱས༔ དེའི་ནང་དུ༔ ནས༔ གྲོ༔ འབྲས༔ ཏིལ༔ སོ་བ༔ དེས་ཡུལ་དེར་མུ་གེ་མི་འབྱུང་འབྲུ་འཕེལ༔ སྤང་སྤོས༔ ཙནྡན༔ ཨ་ཀ་རུ༔ སི་ལ༔ ན་གི༔ དེས་ཡུལ་དེའི་ཚུལ་ཁྲིམས་ཉམས་པ་དག༔ གསེར༔ དངུལ༔ ཟངས༔ ལྕགས༔ དུང༔ བྱི་རུ༔ མུ་མེན༔ མུ་ཏིག༔ དེས་མཚོན་གྱི་བསྐལ་པ་ཞི༔ ལན་ཚྭ༔ མར་ཁུ༔ བུ་རམ༔ སྙིང་ཞོ་ཤ༔ འོ་མ༔ དེས་གཞི་བདག་གིས་བདེ་བ་ཐོབ༔ རྒྱ་མཚོ་ལྦུ་བ༔ ཆུ་སྲིན་སྡེར་མོ༔ སླེ་ཏྲེས༔ ཀཎྜ་ཀ་རི༔ དབང་པོ་ལག་པ༔ དེས་ནད་ཀྱི་བསྐལ་པ་ཞི༔ ག་པུར༔ གླ་བ༔ ཤུ་དག༔ གུར་གུམ༔ ཛཱ་ཏི༔ སྤུ་ཤེལ་རྩེ༔ གེ་སར་གསུམ༔ ཨ་རུ་ར༔ བ་རུ་ར༔ ཐང་ལོ༔ སྙུག་ལོ༔ རྨ་བྱའི་མདོངས༔ ཤུ་དག༔ ཟི་ར་དཀར་ནག༔ ཨུཏྤལ་སྔོན་པོ༔ རྒྱ་མཚལ་ཅོག་ལ་མ༔ ཀ་ར༔ སྦྲང་རྩི་དེ་རྣམས་ཀླུ་སྨན་གཞུང་གཞན་དང་མཐུན་པར་བྱ༔ ར་དཀར་དང་བ་དམར་ཟལ་གྱི་འོ་མས་འདམ་འཐག་བྱས་ལ་རིལ་བུ་སྲན་མ་ཙམ་དྲིལ་ལ་ཅུ་གང་གིས་མདོག་སྒྱུར༔ རྫས་སྨན་དེ་རྣམས་བུམ་གཏེར་ཁོ་ན་བྱེད་ན༔ རིན་ཆེན་གྱི་རིགས་གོང་ལྟར་ལ༔ གུ་གུལ༔ དུག་སྣ༔ ཤ་ཁྲག་སྤང༔ ཀླུ་གཏེར་དུ་བྱ་ན༔ གླ་རྩི༔ ཤུ་དག་ནག་པོ༔ ལྕགས༔ ཚྭ་ལ༔ ཚ་བ་གསུམ་སོགས་སྤང༔ བུམ་པའི་སུམ་གཉིས་འབྲུས་བཀང་བའི་གསེབ་ཏུ་རིན་པོ་ཆེ་དང་སྨན་རིལ་རྣམས་དར་ཚོན་སྣ་ལྔས་དྲིལ་ལ་བཅུག༔ དེ་དང་མཉམ་དུ་རིན་པོ་ཆེ་ཏོག་གི་གཟུངས༔ འདོད་གསོལ་སྨོན་ལམ་རྒྱ་ཆེར་བྲིས་ལ་གཞུག༔ སྟེང་དུ་ཡང་འབྲུ་ནག་མ་གཏོགས་པའི་འབྲུ་སྣས་ཁེངས་པར་བཀང༔ ཁ་གཅོད་ལ་དགའ་བ་འཁྱིལ་བ་བྲིས་པས་ཁ་བཅད༔ སྤྲ་ཚིལ་ལམ༔ ལ་ཆས་བསྡམ་ཕྱི་ནས་དྲི་བཟང་གིས་བཀྲ་ཤིས་རྫས་བརྒྱད་བྲི་འོ༔ ཀླུ་གཏེར་གཞུང་དུ་ལྟ༔ དེ་རི་རུ་སྦ་ན་ཡུལ་ལྷ་གནས་པའི་ས་བཀྲ་ཉེས་པ་གསོ་དགོས་པའམ༔ བཀྲ་ཤིས་པའི་ས་རུ་སྦ་སྟེ༔ ཤ་རྦུད་དང་རི་ཟུར་གད་སྣ་བྲག་རུལ་ཆད་ལ་ཁད་སོགས་སུ་མི་སྦ༔ མི་ཡི་འགྲིམ་ལམ་མ་ཡིན་པར་ས་དཔྱད་ལེགས་པར་ཁྲུ་གང་བྲག་ལ་མདའ་གང༔ ཆུ་ལ་གཏིང་རྡོ་ཤིང་ལ་མཛུབ་དང༔ ཞེས་པས་ཚད་སྲབ་འཐུག་བསྟུན་ལ༔ ས་ལ་ཤུག་པའམ་སོལ་བའི་ཚས༔ ཤིང་ལ་བྱེ་མ༔ བྲག་ལ་གྲོ་ག་དང་སོལ་བ༔ ཆུ་ལ་ཚྭ་ལ་དང་ལ་ཆའི་ཚས་ལེགས་པར་བྱས་ལ་འོག་ཏུ་ས་སོགས་སྐམ་གཏེར་ལ་འོག་པདྨ་འདབ་བརྒྱད་པའམ་གཡུང་དྲུང་རིས་བྲིས་པའི་སྟེང་དུ་བུམ་པ་བཞག༔ རྣལ་འབྱོར་སྐྱབས་སེམས་སྔོན་སོང་བས༔ སྟོང་པའི་ངང་ལས་བུམ་པའི་སྣོད༔ བྷྲཱུྃ་ལས་རཏྣའི་གཞལ་ཡས་ཁང༔ རྒྱ་ཁྱོན་དཔག་ཏུ་མེད་པའི་དབུས༔ རཏྣའི་ཛི་ཁཾ་ཧཱུྃ་ཡོངས་སུ་གྱུར་པ་ལས༔ རིན་ཆེན་འབར་བ་བཻ་ཌཱུརྻ༔ འོད་ཟེར་ལྔ་ལྡན་འོད་དུ་འབར༔ འགྲོ་བའི་ཅི་བསམ་དམིགས་པ་དང༔ འདོད་དོན་སྐད་ཅིག་འགྲུབ་ནུས་པའི༔ བསམ་འཕེལ་མཆོག་ཉིད་བསྒོམ་པར་བྱ༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ འདས་དང་མ་བྱོན་ད་ལྟར་གྱི༔ དུས་གསུམ་སངས་རྒྱས་བྱིན་རླབས་དང༔ འཁོར་འདས་སྣོད་བཅུད་བཀྲག་གཟི་བརྗིད༔ ཚུར་འདུས་བུམ་པའི་རྫས་ལ་ཐིམ༔ བདག་ཉིད་པདྨ་དྲི་མེད་རྩལ༔ དམར་གསལ་རྡོ་རྗེ་བུམ་པ་འཛིན༔ རྒྱན་དང་ཆ་ལུགས་རབ་བྱུང་ཚུལ༔ ཞབས་བཞི་རྒྱལ་པོའི་འགྱིངས་པའི་སྟབས༔ གཟི་བརྗིད་མདངས་དང་ལྡན་པ་ལ༔ འཁོར་དུ་ཕྱོགས་སྐྱོང་ལྷ་སྲིན་དང༔ ཀླུ་དབང་སྡེ་བརྒྱད་མ་ལུས་ཚོགས༔ ཡུལ་ལྷ་གཞི་བདག་མ་ལུས་ཀུན༔ བཀའ་ཉན་ལས་བྱེད་བཀའ་བསྒོ་ལྟར༔ ཕྲིན་ལས་མ་ལུས་སྒྲུབ་པར་བསམ༔ གསེར་སྐྱེམས་གཏང་ཞིང་ཆད་མདོ་བྱ༔ བདེན་བདར་བཀའ་བསྒོ་གཏོར་མ་བྱིན༔ ལག་པ་རལ་གྲིའི་ཕྱག་རྒྱ་བཅའ༔ ས་ལ་རྒྱབ་པས་ས་འོག་ནས༔ ལྷ་མོ་བསྟན་མ་གསེར་གྱི་མདོག༔ སྟོད་བྱུང་ཅི་བགྱིའི་བཀའ་ཉན་བསམ༔ གཏེར་བུམ་ལྷ་ཡི་ལག་ཏུ་གཏད༔ འདོད་གསོལ་སྨོན་ལམ་རྒྱ་ཆེན་བཏབ༔ ལྷ་ཀླུ་ཀུན་ལ་གཉེར་གཏད་བྱ༔ དེ་ཡི་སྟེང་དུ་སྙུག་རྩེ་རྒྱལ༔ བཙུགས་ཏེ་རས་དཀར་གཙང་མ་ལ༔ རང་གི་མིང་བྲིས་ཤམ་བུ་རུ༔ ཞི་རྒྱས་དབང་དྲག་སོ་སོར་སྤེལ༔ པུཥྚིཾ་ཀུ་རུ་མཐའ་བསྒྱུར་བྲི༔ བྱང་ནས་རླུང་བྱུང་བསྟུན་ཏེ་འཕྱར༔ བཀྲ་ཤིས་མངའ་གསོལ༔ ཡང་ན་སྦས་ཤིང་གསང་བར་བྱ༔ དགའ་སྟོན་བྱ༔ ལས་ཀྱི་རྗེས་མི་མངོན་པར་གཤེགས༔ འདི་ཡི་ཡོན་ཏན་བསམ་མི་ཁྱབ༔ མངའ་དབང་རིན་པོ་ཆེ་ཡིད་བཞིན་ནོར་བུའི་ཆ་རྐྱེན་དུ༔ ནུབ་ཟངས་མཛོད་དམར་པོ་རུ་སྦས་པ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཐྱཾ་ཐྱཾ་ཐྱཾ༔ སྤྲུལ་སྐུ་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ།། །།
རྟ་མགྲིན་གསང་བ་འདུས་པའི་དབང་རྒྱས་པ་མཆོག་དབང་གུད་སྦས་དང་སྦྲེལ་ནས་བསྐུར་བའི་ཆོ་ག་དབང་ཆེན་གསང་བའི་སྲོག་ཏིག་ (Volume 26, Text 7)
༄༅། །རྟ་མགྲིན་གསང་བ་འདུས་པའི་དབང་རྒྱས་པ་མཆོག་དབང་གུད་སྦས་དང་སྦྲེལ་ནས་བསྐུར་བའི་ཆོ་ག་དབང་ཆེན་གསང་བའི་སྲོག་ཏིག་ཅེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་མ་ཧཱ་ཤྲཱི་ཧ་ཡ་གྲཱི་བཱ་ཡ། བདུད་བཞི་འཇོམས་མཛད་འབར་བ་ཆེན་པོའི་སྐུ །དངོས་གྲུབ་བདུད་རྩིའི་བཅུད་ཀྱིས་རབ་རྒྱས་པ། །དབང་ཆེན་ཧེ་རུ་ཀ་དཔལ་རྒྱལ་ཀུན་གྱི། །གསུང་གི་རྡོ་རྗེས་སྒོ་གསུམ་བྱིན་གྱིས་རློབས། དེ་སྒྲུབ་བཀའ་གཏེར་བྱེ་བ་ཕྲག་བརྒྱའི་བཅུད། །ལྷོ་གཏེར་རིན་ཆེན་འབྲས་བུའི་སྙིང་པོ་སྟེ། །པདྨ་ཞི་ཁྲོའི་ནང་ཚན་དྲག་པོའི་དབང་། །བོད་ཡུལ་ཙམ་ན་ཟབ་པར་བསྔགས་འདིའོ། །རྟ་མགྲིན་གསང་བ་འདུས་པའི་དབང་རྒྱས་པ་དྲེགས་པ་སྲོག་གི་རྒྱ་ཅན་མཆོག་དབང་དང་བཅས་པ་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་དཀྱུས་གཅིག་ཏུ་བསྐུར་བའི་ཚུལ་ལག་ཏུ་བླང་བདེར་འཆད་པ་ལ་དོན་བཞི། སྦྱོར་བ་བཤམ་བཀོད། དཀྱིལ་འཁོར་སྒྲུབ་མཆོད། དངོས་གཞི་དབང་བསྐུར། རྗེས་ཀྱི་ཟབ་རྒྱ་སོགས་བསྟན་པའོ། །དང་པོ་ནི། ཕུན་སུམ་ཚོགས་པའི་གནས་རྟེན་དང་རྒྱན་གྱིས་སྤྲས་པར་སྟེགས་བུ་ལ་དཀྱིལ་འཁོར་དབུས་སུ་ཆོས་འབྱུང་ལྟེ་བར་ཟླ་གམ་སྒོ་གཅིག་པའི་ཕྱི་རོལ་དུ་ཐོད་ཕྲེང་། དེའི་ཕྱི་རོལ་འཁོར་ལོ་རྩིབས་བཞི་རྩིབས་མཆན་གྲི་གུག་གིས་མཚན་པ། དེ་རྒྱབ་འཁོར་ལོ་རྩིབས་བརྒྱད། དེ་རྒྱབ་རིན་ཆེན་ཟུར་བརྒྱད། སྒོ་བཞི་རྟ་བབས་དུར་ཁྲོད་པད་རྭ་མེ་རི་སོགས་ཁྲོ་དཀྱིལ་སྤྱི་ལྟར་ལ་ལྷ་གནས་སོ་སོར་སྐུའམ་ས་བོན་ཕྱག་མཚན་གྱིས་མཚན་པ་བཀྲམ་པའི་དབུས་སུ་མཉྫི་ལ་བུམ་པ་མགུལ་ཆིངས་དམར་པོ་ཉེར་ལྔའི་བཅུད་ལྡན་གྱི་སྟེང་དུ་དཔལ་གཏོར་རྟ་མགོས་མཚན་པ། མདུན་ངོས་སུ་ཨེ་ཁྲོམ་ལ་གཙོ་ཕུར་རྟ་ཞལ་གྱིས་མཚན་པ་བཀོད། གཡས་གཡོན་རྣམས་སུ་གཙོ་བོའི་སྐུ་རིགས་ལྔའི་དབུ་རྒྱན། དར་སྣའི་ཅོད་པན། ཐོང་ཕྲེང་། ཐལ་རཀ་ཞག་གསུམ། གླང་ཀོ །མི་ལྤགས། སྟག་ཤམ། སྦྲུལ་ཆུན། གྲི་ཐོད། རལ་གྲི། ཁ་ཊྭཱཾ། དྲིལ་བུ། ལྕགས་སྒྲོག །གཟིག་ཤམ། རུས་རྒྱན། ལས་ཕུར་ལིངྒ་དང་བཅས་པ། ཚེ་གལ་ཟས་སྣ་རྣམས་དང། རྒྱབ་ངོས་སུ་བྷནྡྷ་མཚན་ལྡན་ཆང་དང་མངར་གསུམ་ཆོས་སྨན་སྦྱར་བས་བཀང་བའི་ཁར་མེ་ལོང་ལ་སིནྡྷུ་ར་ཆང་གིས་བརླན་པར་ཆོས་འབྱུང་དབུས་སུ་མ་ཧ་རི་ནི་ས་དབུས་དང་ཕྱོགས་བཞིར་བྲིས་པ་དར་དམར་གྱིས་བཀབ་པ། རིག་མའི་ཙཀླི་རྣམས་བཞག །མདུན་དུ་སྨན་རག་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་གཡས་བསྐོར་དུ་བཤམ། སྔོན་གཏོར་ཚོགས་ཆས་ཆད་བརྟན་སོགས་དང་། སོ་ཤིང་། སྲུང་སྐུད་དམར་པོ། ཀུ་ཤ །མཎྜལ་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་སྒྲུབ་མཆོད་ནི། སྐྱབས་སེམས་དང་བགེགས་གཏོར་སྤྱི་འགྲོ་སྔོན་དུ་བཏང་། ལས་བྱང་རིན་ཆེན་ཕྲེང་བའི་བཀའ་བསྒོ་ནས་བརྩམ་མཐར་ཆགས་སུ་གཏང་ཞིང་ཚིག་རིས་གཅིག་གིས་བདག་མདུན་བུམ་པ་གཏོར་མ་བཅས་སོ་སོར་ལྷར་གསལ་བ་ཆགས་མེད་རིན་པོ་ཆེས་བཞེད་པ་ལྟར་རམ། རྙིང་མ་སྤྱི་ལྟར་ཐོག་མར་བདག་མདུན་དབྱེར་མེད་བསྒྲུབས་ནས་ཛཔ྄་ཁང་ཕྱེས་ཀྱང་རུང་ལ། གང་ལྟར་བཟླས་པའི་སྐབས་སུ་བདག་མདུན་བུམ་ལྷའི་གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པའི་ཐུགས་ཀར་ཉི་སྟེང་ཧྲཱིཿཡིག་དམར་པོའི་མཐར་རྩ་བའི་སྔགས་ཀྱིས་གཡས་སུ་བསྐོར་བ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བསྒྲུབས་དངོས་གྲུབ་ཐམས་ཅད་རང་ལ་བསྡུས། སྣང་གྲགས་རིག་གསུམ་པདྨ་དབང་གི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་གསལ་བའི་ངང་ལས་རྩ་སྔགས་འབྲུ་བཅུ་བཞི་པ་བརྒྱ་སྟོང་ཅི་ནུས་བཟླ། མཐར་ཁ་སྐོང་འབྲུ་བཅུ་དྲུག་པའང་སྦྲེལ་ནས་སྔ་མའི་བཅུ་ཆ་ཙམ་བཟླ། དམིགས་ཕྱེད་པའི་སླད་དུ་བུམ་བཟླས་ཟུར་དུ་སྤྲོ་ན་དམིགས་པའི་གསལ་འདེབས་སོགས་སྤྱི་མཐུན་བྱས་ལ་སྐབས་འདིར་བཟླ། མཐར་སྟོང་ཚིགས་མཆོད་བསྟོད་བྱས་ལ། བུམ་པའི་ལྷ་ཚོགས་ངོ་བོ་དབང་ཆེན་གྱི་དཀྱིལ་འཁོར་ལ་རྣམ་པ་བདུད་རྩིའི་རང་བཞིན་དུ་ཞུ་བར་གྱུར། ཅེས་མོས། ལས་ཀྱི་བུམ་པར་པད་ཉིའི་སྟེང་དུ་ལས་ཀྱི་རྟ་མགྲིན་ལྗང་གུ་གཡས་རྒྱ་གྲམ། གཡོན་སྡིགས་མཛུབ་སྒྲེང་ཞིང་ཁྲོ་བོའི་ཆ་ལུགས་ལྡན་པ་གསལ་བར་གྱུར། ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཨ་མྲྀཏ་ཀུཎྜ་ལཱི་ནཱི་ལཾ་བ་ར་དྷ་ར་ཧཱུྃ་ཕཊཿ ཅེས་ཅི་ནུས་བཟླ། ཁྲོ་བོ་འོད་དུ་ཞུ་ནས་བུམ་ཆུ་ཁྲོ་ཆུང་གི་རྡུལ་ཕྲ་རབ་བགེགས་ཐམས་ཅད་ཟློག་པའི་ནུས་ལྡན་དུ་གྱུར། ཧཱུྃ༔ དགོངས་ཤིག་བླ་མ་སོགས་ཀྱིས་དབང་དང་དངོས་གྲུབ་བླང་། སྲུང་མའི་གཏོར་འབུལ་བྱ། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཀྱི་བར་དུ་བཏང་ངོ་། །གསུམ་པ་དབང་ལ་གཉིས། སྟ་གོན་དང་། དབང་དངོས་སོ། །དེའང་སྤྱིའི་ལུགས་བཞིན་དངོས་སྟ་སོ་སོར་ཕྲལ། དངོས་གཞི་ལའང་འཇུག་པའི་ཆོས་དང་དབང་དངོས་དབྱེ་བ་སོགས་བྱས་ན་ཡིད་ལ་འབབ་པར་འགྱུར་མོད། ད་ལྟའི་ཕྱག་ལེན་དུ་གསང་བ་སྤྱིའི་རིགས་པས་སྐྱབས་སེམས་དང་། དབང་དངོས་གཞིའི་གོང་དུ་སློབ་མ་ལྷ་བསྐྱེད་དང་བྱིན་འབེབ་སྦྱར་བ་ཙམ་ལས་གཞན་གཏེར་གཞུང་ནར་འདེད་དུ་བསྐུར་བར་སྣང་བས་དེ་ལྟར་བཀོད་ན། དང་པོ་ནི། སློབ་མ་རྣམས་ཁྲུས་བྱ། ཆགས་མེད་ལུགས་ལྟ་བུའི་བགེགས་གཏོར་བཏང་། ལས་བྱང་ལྟར་བཀའ་བསྒོས་ལ་ཧཱུྃ་བཞིའི་སྔགས་དང་ཡུངས་དཀར་གུ་གུལ་གྱི་དུད་པས་བགེགས་བསྐྲད་ཅིང་སྲུང་འཁོར་བརྟན་པོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། དེའང་འོག་མིན་བདེ་ཆེན་པདྨ་རྣམ་པར་བཀོད་པའི་ཀློང་དུ་བདེ་བ་ཆེན་པོ་པདྨ་གར་གྱི་དབང་ཕྱུག་སྐུ་དང་ཡེ་ཤེས་ཐ་དད་མེད་པའི་ཚོམ་བུའི་དཀྱིལ་འཁོར་རབ་འབྱམས་རྒྱ་མཚོ་མཐའ་ཡས་པར་སྣང་བས། གསུང་པདྨའི་ཆོས་དབྱིངས་དུས་གསུམ་ཆད་པ་མེད་པས་པདྨ་དབང་ཆེན་སྒྱུ་འཕྲུལ་དྲ་བ་རྣམ་པར་རོལ་པའི་རྒྱུད་ལུང་མན་ངག་བསམ་གྱིས་མི་ཁྱབ་པ་ཆོས་ཉིད་རྡོ་རྗེའི་རང་སྒྲར་བསྟན་ཅིང་། སྟོན་མཆོག་གསུང་གི་རྡོ་རྗེ་དེ་ཉིད་ཐུབ་པའི་དབང་པོའི་བསྟན་པ་ལ་འཕགས་བོད་གཉིས་སུ་གྲུབ་པའི་སློབ་དཔོན་པདྨ་སཾ་བྷ་བ་ཞེས་བྱ་བའི་སྐུར་བཞེངས་ནས། སྐལ་པ་དང་ལྡན་པའི་གདུལ་བྱ་རྣམས་ཚེ་གཅིག་གིས་ཟུང་འཇུག་ཆེན་པོའི་ས་ལ་སྦྱོར་བའི་ཟབ་མོའི་གདམས་ངག་གང་ལ་གང་འདུལ་དུ་སྟོན་པ་ལས། པདྨ་གསུང་གི་སྒྲུབ་ལུགས་རྟ་མཆོག་རོལ་པའི་རྒྱུད་ཀྱི་བྱེ་བྲག་དཔལ་རྟ་མགྲིན་ཡང་གསང་སྤུ་གྲིའི་རྒྱུད་སྟོང་ཕྲག་རྩ་ལྔ་པའི་ནང་ནས་དྲག་སྔགས་གནམ་ལྕགས་ཐོག་འདྲ་ཁོལ་དུ་ཕྱུངས་པ་གསང་འདུས་རྒྱུད་ལེའུ་ཉེར་གཉིས་པ་ལ་བརྟེན་ནས། དབང་ཆེན་གསང་བ་འདུས་པའི་སྒྲུབ་སྐོར་མན་ངག་མཐའ་རྒྱས་དང་བཅས་པ་འདི་ཉིད། བོད་ཀྱི་རྗེ་འབངས་གྲོགས་ལྔ་དང་ལོ་ཙཱ་ཆེན་པོ་བཞིས་གསོལ་བ་བཏབ་པའི་ངོར་བསྩལ་པ་སྟེ། ཇི་སྐད་དུ། ཁྱད་པར་ཡང་ཟབ་ང་ཡི་ཐུགས་དམ་ལས༔ གསང་བ་འདུས་པ་ཞི་དང་ཁྲོ་བོའི་སྐོར༔ གཉིས་ལས་རྟ་མགྲིན་གསང་བ་འདུས་པ་འདི༔ པདྨ་ང་ཡི་ཐུགས་དམ་རྩ་བ་ཡིན༔ བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་མ༔ ཐུགས་བཅུད་སྙིང་པོ་འདི་ཉིད་མིན་རེ་ཀན༔ ཞེས་མཆོག་གི་དངོས་གྲུབ་མྱུར་དུ་སྒྲུབ་པའི་ཞོར་ལ་ཐུན་མོང་གི་དངོས་གྲུབ་འབད་མེད་དུ་སྩོལ་བ། ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པར་བྱེད་པའི་ཟབ་ཆོས་ཁྱད་པར་དུ་འཕགས་པ་འདི་ཉིད་དབྱངས་ཅན་ཡེ་ཤེས་མཚོ་རྒྱལ་གྱིས་བཀའ་བསྡུས། ལོ་ཙཱ་རྒྱལ་བ་མཆོག་དབྱངས་ཀྱིས་ཤོག་སེར་ལ་བཀོད་དེ་ལ་ཡག་མོན་མཁར་སྟེང་གི་ཕ་ཝང་གཡུ་སྒྲོམ་གྱི་བྱང་། ལྷོ་བྲག་གནམ་སྐས་ཅན་གྱི་བྲག་རིའི་ཤར་ཕྱོགས་སྟག་ལྤགས་བརྒྱངས་འདྲའི་དཀྱིལ་དུ་རྟེན་མཆོག་དམ་རྫས་ཁྱད་པར་ཅན་དང་བཅས་ཏེ་ཟབ་མོའི་གཏེར་དུ་སྦ་བར་མཛད་པ་ལས། ཕྱིས་འགྲོ་བ་འདུལ་བའི་ཕྲིན་ལས་ཀྱི་དུས་སུ་སོན་པའི་ཚེ་ལང་གྲོ་ལོ་ཙཱ་བའི་ཡང་སྲིད་སྤྲུལ་པའི་གཏེར་ཆེན་རཏྣ་གླིང་པས་ངོ་མཚར་བའི་ཆོ་འཕྲུལ་བརྗོད་ལས་འདས་པ་དང་བཅས་ཏེ་དམ་ཆོས་འདུས་པ་སྐོར་བཞིའི་ཟབ་ཆོས་རྣམས་ཁྲོམ་གཏེར་དུ་སྤྱན་དྲངས། གཙང་དབུས་ཁམས་གསུམ་དུ་ཕྲིན་ལས་རྒྱ་ཆེ་ལ་རྒྱུན་ཆགས་པར་སྤེལ་བ་རྟ་མགྲིན་གསང་བ་འདུས་པ་ལ་སྨིན་བྱེད་ཀྱི་དབང་བསྐུར་རྒྱས་པ་དྲེགས་པ་སྲོག་གི་རྒྱ་ཅན་མཆོག་དབང་དང་འབྲེལ་བ། བསྡུས་པ་གཏོར་དབང་སྐུ་གསུང་ཐུགས་ཀྱི་རྗེས་གནང་དང་བཅས་པ་གཉིས་སུ་བཞུགས་པ་ལས་ད་ལམ་དབང་བསྐུར་རྒྱས་པ་བསྒྲུབ་པ་ཡིན། དེ་ལའང་སྟ་གོན་དང་དངོས་གཞི་གཉིས་སུ་ཡོད་པ་ལས་ཐོག་མར་འཇུག་པ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བ་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་གཞུག །སྔོན་ཆད་མ་རིག་པའི་སྒྲིབ་པས་མིག་ལྡོངས་ཤིང་ཡེ་ཤེས་ཀྱི་དཀྱིལ་འཁོར་མ་མཇལ་བ་མཚོན་པའི་མིག་དར་དམར་པོ་འཆིང་ཞིང་། རིག་པ་རང་སྣང་གི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་ཁ་དོག་ལྔ་པའི་མེ་ཏོག་གི་ཆུན་པོ་ཕྱག་ཏུ་ཐོགས་པར་མོས་མཛོད། མིག་དར་མེ་ཏོག་གཏད། སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་ཟླུམ་པོར་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱཻ༔ དཀྱིལ་འཁོར་ཀུན་གྱི་མངའ་བདག་གཙོ༔ བདག་ཉིད་ཆེན་པོ་དབང་གི་བདག༔ ཁྱོད་ནི་བརྩེ་ཆེན་གར་དབང་ཆེ༔ བདག་ཅག་སྨིན་པར་མཛད་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་སྣོད་རུང་དུ་གཟིགས་ནས་གནང་བ་བསྩལ་བར་མོས་ཤིག །དཀྱིལ་འཁོར་དམ་པ་འདི་ཉིད་དུ༔ འཇུག་ཏུ་རུང་བའི་སྐྱེས་བུ་ནི༔ སྐལ་ལྡན་བརྒྱ་ལམ་འགའ་ཞིག་ནི༔ དམ་ཚིག་ལྡན་ན་བདག་གིས་བཟུང༔ བླ་མ་དང་མདུན་གྱི་དཀྱིལ་འཁོར་ཐ་དད་མེད་པ་དབང་ཆེན་འདུས་པའི་དཀྱིལ་འཁོར་ལ་དཀོན་མཆོག་རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་ཏེ་བཞུགས་པའི་སྤྱན་སྔར་བདག་གཞན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྙིང་ཐག་པ་ནས་སྐྱབས་སུ་མཆིའོ་སྙམ་པའི་བློས་འདིའི་རྗེས་ཟློས། ན་མོ༔ བླ་མ་དཀོན་མཆོག་ཡི་དམ་ལྷ༔ རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ༔ བདག་དང་འགྲོ་བ་སེམས་ཅན་རྣམས༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ལན་གསུམ། ཐབས་ཁྱད་པར་དུ་གྱུར་པ་གསག་སྦྱང་ཡན་ལག་བདུན་པ་ཚུལ་བཞིན་དུ་བྱ་བའི་བློས་འདིའི་རྗེས་ཟློས། རང་རིག་ལྷ་ལ་ཕྱག་འཚལ་ལོ༔ མ་འགགས་རང་གསལ་མཆོད་པ་འབུལ༔ མུ་བཞིར་ལྟུང་བ་མཐོལ་ལོ་བཤགས༔ དུས་གསུམ་མཉམ་ཉིད་རྗེས་ཡི་རང༔ འཁོར་བ་དོང་ནས་སྤྲུགས་པར་བསྐུལ༔ ཀ་དག་ཟང་ཐལ་རྗེན་པར་བཞུགས༔ ཀུན་ཀྱང་རང་རིག་རྟོགས་པར་བསྔོ༔ སྐུ་གསུམ་ཡོངས་རྫོགས་ཐོབ་པར་ཤོག༔ གསུམ་མམ་གཅིག །མཁའ་ཁྱབ་ཀྱི་སྐྱེ་དགུ་ཐམས་ཅད་དཔལ་པདྨ་དབང་ཆེན་གྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཟབ་མོ་གསན་ལ་གྲོལ་བྱེད་ལམ་གྱི་རིམ་པ་ཉམས་སུ་བླང་བར་བགྱིའོ་སྙམ་པ་དང་། ཚད་མེད་བཞིའི་ཏིང་ངེ་འཛིན་ལ་བློ་བཞག་བཞིན་པས་འདིའི་རྗེས་ཟློས། ཀྱེ་མ་བདག་གིས་འགྲོ་ཀུན་བསྒྲལ་བྱའི་ཕྱིར༔ རྟ་མགྲིན་དབང་གི་དཀྱིལ་འཁོར་དུ༔ འཁོར་བ་དོང་ནས་སྤྲུགས་པར་བསྐུལ༔ ཚད་མེད་བཞི་རུ་སེམས་བསྐྱེད་དོ༔ ལན་གསུམ། ཚོམ་བུ་ལྔ་ལྡན་གྱི་མཎྜལ་འདུ་བྱ། སོ་ཤིང་གཏད་ལ། རིགས་དང་ཕྲིན་ལས་ཀྱི་འབྲེལ་བ་བརྟག་པའི་ཕྱིར་སོ་ཤིང་འདི་ཉིད་ཐལ་མོའི་བར་དུ་ཟུངས་ལ་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་ཚོམ་བུའི་དཀྱིལ་འཁོར་དུ་འདོར་འཚལ། དབང་ཆེན་ལྷ་ཡི་དཀྱིལ་འཁོར་ནི༔ ལས་དང་སྐལ་ལྡན་སྨོན་ལམ་གྱིས༔ ལས་ཀྱི་འབྲེལ་པ་བསྟན་དུ་གསོལ༔ བཛྲ་ཧཱ་ས་ཧ་ས་ཏི་ཧོ༔ ཞེས་འདོར་དུ་གཞུག །དེ་ལྟར་དོར་བས་སོ་ཤིང་གི་རྩེ་མོ་ཕྱོགས་བཞི་དབུས་ལྔར་བསྟན་པས་ཕྲིན་ལས་བཞི་དང་མཆོག་འགྲུབ་ཅིང་། མཚམས་རྣམས་སུ་དངོས་གྲུབ་ཕྲན་ཚེགས་འགྲུབ་པར་གསུངས་སོ། །སྲུང་སྐུད་དམར་པོ་རྡོ་རྗེའི་མདུད་པ་ཅན་རྩ་སྔགས་ཀྱིས་བཏབ་ལ། སྔགས་ཀྱི་རྡོ་རྗེའི་སྲད་བུ་དཔུང་པར་བཅིངས་པས་སྒོ་གསུམ་བར་ཆད་ཐམས་ཅད་ལས་སྲུང་བར་མོས་ཤིག །ཧཱུྃ༔ སྲ་བརྟན་རྡོ་རྗེ་འབར་བ་སྟེ༔ ཅིས་ཀྱང་མི་ཤིགས་རྒྱས་གདབ་བོ༔ བཛྲ་ཡཀྵ་ཧཱུྃ༔ ཞེས་སྐྱེས་པའི་དཔུང་པ་གཡོན། བུད་མེད་ཀྱི་གཡས་སུ་བཅིངས་ལ་རྡོ་རྗེའི་རྒྱས་གདབ། ཀུ་ཤ་གཏད་ལ། ཧཱུྃ༔ སྔོན་ཡང་སྟོན་པ་འཇིག་རྟེན་མགོན༔ རྩྭ་མཆོག་གདན་ལ་གནས་པ་ལྟར༔ ཁྱོད་ཀྱང་འདི་ལ་སྟན་བྱས་ལ༔ ལྷ་དང་སྐལ་པ་མཉམ་པར་ཤོག༔ དེ་དག་གིས་སྟ་གོན་གྱི་ཆོས་རྣམས་གྲུབ་ནས་དངོས་གཞིའི་སྔོན་དུ་འགྲོ་བ་བགེགས་སྲུང་ཞིང་དམ་ལ་བཞག་པར་བྱ་བ་ཡིན་པས་སྙན་གཏོད་འཚལ། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ཧཱུྃ༔ མི་འགྱུར་རྡོ་རྗེའི་སྐུ་གསུང་ཐུགས༔ གསང་བའི་འཁོར་ལོ་རྒྱ་དང་བཅས༔ བར་ཆད་ཀུན་གྱིས་མི་ཚུགས་ཤིང༔ དམ་ཚིག་ཚུལ་བཞིན་གནས་པར་མཛོད༔ དེང་ཕྱིན་ཆད་རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་བར་བྱ་དགོས་ཤིང་དེའི་དཔང་པོར་རྡོ་རྗེའི་ཆུ་ནན་སྦྱིན་པ་ཡིན་པས་དོན་ཐུགས་ལ་ངེས་འཚལ། དམ་ཆུ་སྦྱིན་ལ། ཧཱུྃ༔ ཡེ་ཤེས་རྡོ་རྗེ་སྐྱེད་བྱེད་པའི༔ འདི་ནི་ཉམས་ན་དམྱལ་བའི་ཆུ༔ འདི་ཉིད་ཉམས་པར་མ་གྱུར་ན༔ དམ་སྲུང་དངོས་གྲུབ་རྣམ་གཉིས་ཐོབ༔ བཛྲ་ས་མ་ཡ་ཏི་ཧཱུྃ༔ བརྒྱུད་པ་ཕྱི་མ་རྣམས་ཀྱི་ཕྱག་སྲོལ་ལྟར་སྐབས་འདིར་ཡེ་ཤེས་འབེབ་པར་སྤྲོ་ན། དེ་ནས་དབང་གི་གཞི་འགོད་པ་ལ་སྒོ་གསུམ་གྱི་གནད་རྣམ་པར་བཅུན་ཏེ་དམིགས་པ་འདི་བཞིན་དུ་མཛད་པར་ཞུ། ལས་བུམ་གྱི་ཆུ་དང་ལས་སྔགས་ཀྱིས་བསང་། ཤཱུནྱ་ཏཱའི་སྔགས་ཀྱིས་སྦྱང་། ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ སྐྱེ་བའི་ཆོ་འཕྲུལ་དག་པ་གསུམ༔ མེ་ཆུ་རླུང་གི་བསྐལ་པ་སྟོངས༔ སྟོང་ཉིད་ནམ་མཁའི་རང་བཞིན་ལས༔ རང་སེམས་རིག་པའི་ངོ་བོ་ནི༔ ཡི་གེ་ཧྲཱིཿཡི་འཕྲོ་འདུ་ལས༔ དྲེགས་པ་ལྷ་བརྒྱད་སོགས་ནས། སྤྱི་བོར་ཕག་ཞལ་ངུར་སྒྲ་སྒྲོག༔ ཅེས་པའི་བར་ལས་བྱང་ལྟར་འདོན། དེ་ལྟར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་དང་ཉི་སྟེང་ཐུགས་སྲོག་ཧྲཱིཿདམར་པོས་མཚན་པའི་འོད་ཟེར་དང་། བླ་མ་དཀྱིལ་འཁོར་པ་ལས་ཀྱང་འོད་ཟེར་གྱི་ཕོ་ཉ་བསམ་གྱིས་མི་ཁྱབ་པ་འཕྲོས་པས་བདེ་ཆེན་དབང་དྲག་རོལ་པའི་ཕོ་བྲང་ནས། དབང་ཆེན་གསང་བ་འདུས་པའི་ལྷ་ཚོགས་རྣམས་ལྷ་སྔགས་ཕྱག་རྒྱ་འོད་དང་ཐིག་ལེའི་རྣམ་པར་ཁ་བ་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པར་མོས་ཤིག །བསྡུ་ན་བྱིན་འབེབ། རྒྱས་པར་སྤྲོ་ན་སྤྱན་འདྲེན་གྱི་ཚིགས་བཅད་བརྗོད། སྔགས་སྒྲ་སྦྱར་སྤོས་རོལ་མོ་བཅས་པས་བྱིན་དབབ་ལ། ཡེ་ཤེས་པ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ། ཞེས་རྡོ་རྗེ་མགོར་བཞག །ཚོམ་བུའི་དཀྱིལ་འཁོར་འདུ་བྱས་ལ། ཚོམ་བུའི་དཀྱིལ་འཁོར་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་གཉིས་པ་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་སྣང་བ་ལ། ཁྱེད་རང་གི་ཚེ་རབས་ནས་འབྲེལ་བའི་རིགས་ཀྱི་ལྷ་ལ་ཕོག་པར་གྱུར་ཅིག་སྙམ་པའི་མོས་པ་དང་ཚིག་འདིའི་རྗེས་ཟློས་བཅས་མེ་ཏོག་འདོར་བ་ཞུ། ཧོ༔ ཡི་དམ་ལྷ་ནི་ཐུགས་རྗེའི་བདག༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ དཀྱིལ་འཁོར་གཅིག་པ་འགྲུབ་པར་ཤོག༔ པུཥྤེ་སིདྡྷི་ཧོ༔ ཞེས་འདོར་དུ་གཞུག་གོ །མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་ཏུ་བསལ་བར་མོས་ཤིག །གསེར་ཐུར་གྱིས་མིག་དར་བསལ་ལ། ཀྱེ༔ མ་རིག་འཁྲུལ་པས་རབ་བསྒྲིབས་པས༔ ཡེ་ཤེས་སྣང་བའི་སྒོ་བཅད་པ༔ ཡེ་ཤེས་འཆར་བའི་སྒོ་ཉིད་དུ༔ ཡང་དག་ཐབས་དང་ལྡན་པས་དབྱེ༔ ཨོཾ་བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ། ཡེ་ཤེས་ཀྱི་སྤྱན་དྲི་མ་དང་བྲལ་བ་ཐོབ་ནས་དབང་ཆེན་གསང་བ་འདུས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་བཞིན་དུ་མཇལ་བར་གྱུར་པའི་མོས་པ་མཛོད་ཅིག །གཉིས་པ་དབང་དངོས་ལ་བཞི། བུམ་དབང་། གསང་དབང་། ཤེར་དབང་། སྤྲོས་མེད་ཚིག་དབང་རིན་པོ་ཆེའོ། །དང་པོ་ལ་གསོལ་བ་གདབ་པ་ནི། དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ་ནས། དངོས་གཞི་དབང་བསྐུར་ཡོངས་རྫོགས་ཞུ་བའི་སླད་དུ་མཎྜལ་འབུལ་འཚལ། ཅེས་དང་། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ རིགས་ཀྱི་བདག་ཉིད་དབང་ཆེན་སྐུ༔ ཤིན་ཏུ་གསང་བའི་དབང་མཆོག་ཉིད༔ རྡོ་རྗེ་འཛིན་གྱིས་བདག་ལ་བསྐུར༔ བཀའ་དང་དམ་ལ་འདའ་རེ་ཀན༔ དེ་ནས་དབང་དངོས་ལ་རྣམ་གྲངས་ཉེར་གཉིས་ཡོད་པའི་དང་པོ་དབུ་རྒྱན་གྱི་དབང་ནི། ཁྱེད་རང་རྣམས་དབང་ཆེན་རྟ་མཆོག་ཧེ་རུ་ཀའི་སྐུར་གསལ་བའི་སྤྱི་བོར་ཐོད་པའི་ཁང་བུའི་ནང་དུ་པདྨ་ཧེ་རུ་ཀ་གཙོ་བོར་གྱུར་པའི་ཁྲག་འཐུང་རིགས་ལྔ་རྒྱན་ཆ་ལུགས་ཡོངས་རྫོགས་སུ་གསལ་བ་ལ། དབུ་རྒྱན་ཡེ་ཤེས་སེམས་དཔའ་རིགས་ལྔའི་རང་བཞིན་སྤྱི་བོར་བཞག་པ་ཙམ་གྱིས་དམ་ཚིག་ཡེ་ཤེས་གཉིས་མེད་དུ་བྱིན་གྱིས་བརླབས་པར་མོས་མཛོད། ཐོད་པའི་དབུ་རྒྱན་བཀོན་ལ། ཧཱུྃ༔ སྲིད་པ་གསུམ་ལ་དབང་སྒྱུར་ཕྱིར༔ བྱང་ཆུབ་སེམས་ནི་མངོན་དུ་བསྟེན༔ ཁམས་གསུམ་ཡེ་ཤེས་བསྐྱེད་པའི་ཕྱིར༔ དབུ་ལ་རིགས་ལྔས་དབང་བསྐུར་རོ༔ ཨོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཧོ༔ སྐལ་ལྡན་ཁྱོད་ལ་དབུ་རྒྱན་གྱིས་དབང་བསྐུར་པས༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་རྒྱལ་བ་རྡོ་རྗེ་འཆང་དང་བསོད་ནམས་དང་ཡེ་ཤེས་ཀྱི་སྐལ་པ་མཉམ་པར་གྱུར་ཅིག༔ གཉིས་པ་ཅོད་པན་གྱི་དབང་ནི། སྔར་རིགས་ཀྱི་ལྷ་ལ་ཕུལ་བའི་ཅོད་པན་དེ་ཉིད་དབང་རྟགས་ཀྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས་ཤིག །ཅོད་པན་སྔར་ཕུལ་བ་དེ་ཉིད་སྤྱི་བོར་བཅིངས་ལ། ཧཱུྃ༔ འཁོར་འདས་མ་ལུས་ཟིལ་གནོན་ཞིང༔ བཅོམ་ལྡན་ལྷ་དང་སྐལ་པ་མཉམ༔ རྒྱལ་སྲིད་ཆོས་ཀྱི་མངའ་གསོལ་ཕྱིར༔ གཙུག་ཏུ་ཅོད་པན་དབང་བསྐུར་རོ༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་དྷརྨ་ཀཱ་ཡ་ཧཱུྃ་ཨཱ༔ ཧོ༔ སྐལ་ལྡན་ཁྱོད་ལ་ཅོད་པན་གྱི་དབང་བསྐུར་པས༔ ཆོས་ཀྱི་རྒྱལ་པོ་འགྲོ་བའི་གཙུག་རྒྱན་དམ་པར་གྱུར་ཅིག༔ གསུམ་པ་གཏོར་མའི་དབང་ནི། དཔལ་གཏོར་རྟ་མགྲིན་དབང་གི་དཀྱིལ་འཁོར་ཡོངས་རྫོགས་སུ་གསལ་བའི་གནས་གསུམ་ནས་སྐུ་དང་སྔགས་ཕྲེང་ཕྱག་མཚན་འོད་ཟེར་གྱི་ཚོགས་འཕྲོས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་པར་མོས་ཤིག །དཔལ་གཏོར་ཐོགས་ལ། ཧཱུྃ༔ བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་མཆོག་འདུས་པའི་དཔལ༔ ཧ་ཡ་གྲཱི་བ་དཔལ་གྱི་སྐུ༔ སྐལ་ལྡན་ལུས་ངག་ཡིད་གསུམ་ལ༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔ ཕྲིན་ལས་རྣམ་བཞིའི་དབང་ཐོབ་ཤོག༔ ཨོཾ་ཧ་ཡ་གྲཱི་བ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གནས་གསུམ་དུ་གཏུགས། བཞི་པ་བུམ་པའི་དབང་ནི། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་དབང་ཆེན་རྟ་མགྲིན་གཙོ་འཁོར་དང་བཅས་པར་གསལ་བ་ལས་བདུད་རྩིའི་རྒྱུན་བྱུང་། སྒོ་གསུམ་དྲི་མ་མཐའ་དག་གཏོར་ཞིང་དབང་བཞིའི་ཡེ་ཤེས་རྒྱུད་ལ་བླུགས་པའི་བྱ་བ་མཐར་ཕྱིན་པར་མོས་ཤིག །རྣམ་བུམ་ཐོགས་ལ། ཧཱུྃ༔ བུམ་པའི་ངོ་བོ་ཆོས་ཀྱི་སྐུ༔ བུམ་པའི་རང་བཞིན་ལོངས་སྤྱོད་རྫོགས༔ བུམ་ཆུ་ཐུགས་རྗེ་སྤྲུལ་པའི་སྐུ༔ སྐུ་གསུམ་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་ཧྲཱིཿཧ་ཡ་གྲཱི་བ་ཨ་བྷི་ཥིཉྩ་ཨཱ༔ བུམ་པ་གནས་གསུམ་དུ་གཏུགས་ཤིང་རྩ་སྔགས་ཤམ་བུར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད། ཧོ༔ སྐལ་ལྡན་ཁྱོད་ལ་བུམ་པའི་དབང་བསྐུར་བས༔ ལུས་ངག་ཡིད་གསུམ་དག་པའི་སྐུ་གསུང་ཐུགས་སུ་གྱུར་ནས༔ འབྲས་བུ་སྐུ་བཞིའི་སངས་རྒྱས་ཐོབ་པར་གྱུར་ཅིག༔ ལྔ་པ་རྒྱན་ཆས་ཐོད་ཕྲེང་ནི། དཔལ་གྱི་རྟགས་དང་ཆས་གོས་ཕྱག་མཚན་རྣམས་ཀྱིས་མངའ་གསོལ་བས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྗེ་བཙན་ཆེན་པོར་མངའ་ཐོབ་པར་མོས་ཤིག །ཧཱུྃ༔ འདུ་བྱེད་ལྔ་བཅུ་གནས་དག་པས༔ དཔལ་ཆེན་སྐུ་ཡི་རྒྱན་དུ་ཆེ༔ ཐོད་ཕྲེང་མི་མགོའི་དབང་བསྐུར་རོ༔ ཁམས་གསུམ་ཟིལ་གནོན་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀེ་ར་མ་ཨ་བྷི་ཥིཉྩ་ཧཱུྃ༔ དྲུག་པ་ཐལ་རཀ་ཞག་གི་རྟགས་གསུམ་གདབ་ལ། ཧཱུྃ༔ དཔྲལ་བར་ཐལ་ཆེན་ཚོམ་བུའི་རྒྱན༔ མཁུར་བར་དམར་ཆེན་རཀྟའི་ཐིག༔ རྔམ་བྱེད་ཞག་གི་ཟོ་རིས་དཔའ༔ ཁྲོ་ཆེན་རྟགས་ཀྱི་དབང་བསྐུར་རོ༔ བཛྲ་རཀྟ་ཨ་བྷི་ཥིཉྩ་ཧཱུྃ༔ བདུན་པ་གླང་ལྤགས་ཐོགས་ལ། ཧཱུྃ༔ གཏི་མུག་རྣམ་དག་གླང་ཆེན་ལྤགས༔ ཁམས་གསུམ་ཡོངས་སྒྲོལ་རབ་ཏུ་འཇིགས༔ གླང་ཆེན་ཀོ་རློན་དབང་བསྐུར་རོ༔ ཆེ་བཙན་དབང་མཆོག་ཐོབ་པར་ཤོག༔ ཨོཾ་བཛྲ་ཧསྟི་ཨ་བྷི་ཥིཉྩ་ཧཱུྃ༔ བརྒྱད་པ་མི་ལྤགས་ཐོགས་ལ། ཧཱུྃ༔ ཞིང་བཅུ་ཡོངས་སྒྲོལ་ཞིང་ལྤགས་ཀླུབ༔ རྟོག་མེད་ཆོས་ཀྱི་དབྱིངས་སུ་རོལ༔ གཡང་གཞི་འབར་བས་དབང་བསྐུར་རོ༔ དྲེགས་པ་ཀུན་འདུལ་དབང་ཐོབ་ཤོག༔ བཛྲ་མ་ཏཾ་ཨ་བྷི་ཥིཉྩ་ཧཱུྃ༔ དགུ་པ་སྟག་ཤམ་ཐོགས་ལ། ཧཱུྃ༔ དཔལ་ཆེན་གཟི་བརྗིད་སྟོབས་ལྡན་པ༔ སྟག་ཤམ་འདི་ནི་དཔའ་བའི་རྟགས༔ འཇིགས་བྱེད་འབར་བས་དབང་བསྐུར་བས༔ སྲིད་གསུམ་ཟིལ་གནོན་དབང་ཐོབ་ཤོག༔ བཛྲ་བྷི་ཤྭ་ཀྲོ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ བཅུ་པ་སྦྲུལ་ཆུན་ཐོགས་ལ། ཧཱུྃ༔ གཏི་མུག་ཉོན་མོངས་རྩད་ནས་གཅོད༔ དྲེགས་འཇོམས་སྦྲུལ་ཆུན་དབང་བསྐུར་རོ༔ གདུག་པ་མ་ལུས་ཚར་བཅད་ནས༔ མངོན་རྫོགས་རྒྱལ་པོའི་དབང་ཐོབ་ཤོག༔ བཛྲ་ཧ་ལ་ཤུདྡྷེ་ཨ་བྷི་ཥིཉྩ་ཧཱུྃ༔ བཅུ་གཅིག་པ་གྲི་ཐོད་ལག་གཡས་གཡོན་དུ་གཏད་ལ༔ ཧཱུྃ༔ གྲི་གུག་འཁོར་བའི་སྐྱེ་འཆི་གཅོད༔ ཐོད་ཁྲག་རྟོག་མེད་དབྱིངས་སུ་རོལ༔ དབང་ཆེན་ཡབ་ཡུམ་ཕྱག་མཚན་འདིས༔ ཕྲིན་ལས་ཡོངས་རྫོགས་དབང་ཐོབ་ཤོག༔ ཧ་ཡ་གྲཱི་བ་དྷཱ་ཀི་ནཱི་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ་ཨཱ༔ བཅུ་གཉིས་པ་གཡས་སུ་རལ་གྲི་དང་ཁ་ཊྭཱཾ་གཏད་ལ༔ ཧཱུྃ༔ ཤེས་རབ་རལ་གྲིས་ལོག་རྟོག་གཅོད༔ ཁ་ཊྭཱཾ་དུག་གསུམ་དབྱིངས་སུ་སྒྲོལ༔ གཉིས་མེད་ཆོས་དབྱིངས་རོལ་པ་ཆེ༔ ཉོན་མོངས་བདུད་འཇོམས་དབང་ཐོབ་ཤོག༔ ཨོཾ་བཛྲ་ཁཏྒ་ཧཱ་ར་ཨ་བྷི་ཥིཉྩ་ཧཱུྃ༔ བཅུ་གསུམ་པ་གཡོན་དུ་དྲིལ་བུ་དང་ལྕགས་སྒྲོག་གཏད་ལ༔ ཧཱུྃ༔ ཤེས་རབ་དྲིལ་བུ་ཆོས་ཀྱི་སྒྲ༔ དབང་གི་ལྕགས་སྒྲོག་ཁམས་གསུམ་སྡུད༔ དབང་གི་ཕྱག་མཚན་ཡོངས་རྫོགས་དབང༔ བདུད་བཞི་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་བཛྲ་མུ་ཏྲ་བྷ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ བཅུ་བཞི་པ་ཡུམ་གྱི་གཟིག་ཤམ་ཐོགས་ལ༔ ཧཱུྃ༔ མི་སྙེམས་སྐྱོན་བྲལ་རབ་ཏུ་དགའ༔ ཟིལ་གནོན་ཡུམ་ཆེན་དཔའ་བའི་རྟགས༔ སྣང་སྲིད་ཟིལ་གནོན་དབང་ཐོབ་ཤོག༔ བཛྲ་མུ་ཏྲ་དྷ་རཱི་ཨ་བྷི་ཥིཉྩ་ཧཱུྃ༔ བཅོ་ལྔ་པ་རྒྱན་དྲུག་ཐོགས་ལ༔ ཧཱུྃ༔ ཕར་ཕྱིན་དྲུག་ལྡན་རྣམ་ཐར་བརྒྱད༔ ས་ལམ་ཡོངས་རྫོགས་འཁོར་བ་སྒྲོལ༔ ཡོན་ཏན་རབ་རྫོགས་རུས་པའི་རྒྱན༔ ཐེག་དགུ་ཡོངས་རྫོགས་དབང་ཐོབ་ཤོག༔ བཛྲ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བཅུ་དྲུག་པ་གཙོ་ཕུར་གཏད་ལ༔ ཧཱུྃ༔ དབང་ཆེན་འབར་བ་ཀཱི་ལ་ཡ༔ གཟིར་བ་ཙམ་གྱིས་རྡུལ་དུ་རློག༔ བཏབ་ན་ལྷ་ཡང་བརླག་པར་བྱེད༔ དགྲ་བགེགས་ཙམ་ལ་སྨོས་ཅི་དགོས༔ ཨོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཀཱི་ལི་ཀཱི་ལ་ཡ་ཕཊཿབཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ བཅུ་བདུན་པ་ལས་ཕུར་འདྲིལ་ཞིང་གཏད༔ ལིངྒ་མདུན་དུ་བཀོད་ལ། ཧཱུྃ༔ འཇིགས་བྱེད་འབར་བ་དྲག་པོའི་ལྷ༔ མེ་དཔུང་འབར་བའི་ཚྭ་ཚྭ་འཕྲོ༔ བདུད་སྡེ་ལོག་འདྲེན་ཚར་གཅོད་ཕྱིར༔ མངོན་སྤྱོད་དྲག་པོའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཀཱི་ལི་ཀཱི་ལ་ཡ་ཕཊ༔ ཧ་ཡ་གྲཱི་བ་དགྲ་བགེགས་མཱ་ར་ཡ་ཕཊ༔ གསལ་བ་གསུམ་ལྡན་གྱི་ངང་དུ་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས་དམིགས་པའི་འབེན་ལ་རྡེག་པར་འཚལ། ཞེས་བརྡ་སྦྱར་ནས་ལིངྒ་ལ་བརྡེག་དུ་གཞུག །བཅོ་བརྒྱད་པ་བདུད་རྩིའི་དབང་ནི། ལྷ་ཚོགས་ཡབ་ཡུམ་མཉམ་པར་སྦྱོར་བའི་བདུད་རྩི་བྱང་སེམས་ཀྱི་དབང་བསྐུར་བས་རྩ་ཁམས་བདེ་བ་ཆེན་པོར་སྨིན་པར་མོས་ཤིག །བྷནྡྷའི་བདུད་རྩི་སྦྱིན་ལ། ཧཱུྃ༔ ང་ནི་དབང་ཆེན་འབར་བའི་སྐུ༔ འཁོར་བ་དབྱིངས་སུ་སྒྲོལ་བའི་ཕྱིར༔ གསང་བ་བྱང་སེམས་དབང་བསྐུར་བས༔ བདེ་སྟོང་དབྱེར་མེད་དབང་ཐོབ་ཤོག༔ ཨོཾ་བོ་དྷི་ཙིཏྟ་ཨ་ཧོ་སུ་ཁ་ཨ་བྷི་ཥིཉྩ་ཨཱ༔ བཅུ་དགུ་པ་སྒོམ་པའི་དབང་ནི། དཀྱིལ་འཁོར་གྱི་གཙོ་བོ་ལས་རང་འདྲའི་སྐུ་གཉིས་པ་འཕྲོས་ནས་སློབ་མའི་སྤྱི་བོར་ཐིམ་པས་སྣང་བ་ཐམས་ཅད་གསལ་སྟོང་ལྷའི་དཀྱིལ་འཁོར་དུ་འཆར་བའི་ནུས་པ་རྒྱུད་ལ་བཞག་པར་གྱུར། གཙོ་བོའི་སྐུ་སྤྱི་བོར་བཞག་ལ། ཧཱུྃ༔ དབང་ཆེན་སྐུ་ཡི་དཀྱིལ་འཁོར་ནི༔ རབ་འཇིགས་ཁྲོས་པ་གར་དགུའི་བདག༔ སྒྱུ་མ་ཆུ་ཟླ་བཞིན་དུ་སྒོམས༔ གཉིས་མེད་སྐུ་ཡི་དབང་ཐོབ་ཤོག༔ ཧྲཱིཿབཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཨ་བྷི་ཥིཉྩ་ཨོཾ༔ ཉི་ཤུ་པ་བཟླས་པའི་དབང་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿའི་མཐར་སྔགས་ཕྲེང་པདྨ་རཱ་གའི་མདངས་ལྡན་གཡས་སུ་འཁོར་བ་ལས་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས། སྔགས་ཕྲེང་གཉིས་པ་ཆད་དེ་ཞལ་ནས་ཐོན། སློབ་མ་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཉི་སྟེང་ས་བོན་གྱི་མཐར་འཁོད་པར་མོས་ལ་འདིའི་རྗེས་ཟློས་མཛོད། ཕྲེང་བ་སྦྲེལ་ལ་རྩ་སྔགས་ཤམ་བུ་བཅས་པའི་རྗེས་ཟློས་ལན་གསུམ་བྱ། སྒྲ་གྲགས་ཐམས་ཅད་གྲགས་སྟོང་སྔགས་ཀྱི་རང་བཞིན་དུ་འཆར་བའི་ནུས་པ་རྒྱུད་ལ་བཞག་པར་མོས་ཤིག །ཕྲེང་བ་ལག་ཏུ་གཏད་ལ། ཧཱུྃ༔ མ་འགགས་ཚངས་པའི་གསུང་དབྱངས་ནི༔ བསྙེན་སྒྲུབ་ལས་སྦྱོར་ཆུ་བོའི་རྒྱུན༔ བདེ་གཤེགས་མ་ལུས་ཀུན་འགྲུབ་ནས༔ བཟླས་བརྗོད་བསྙེན་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་དྷརྨ་ཧྲཱིཿཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཉེར་གཅིག་པ་རྫོགས་རིམ་གྱི་དབང་ནི། ལྷ་སྔགས་ཀྱི་མཚོན་པའི་ཆོས་ཐམས་ཅད་གདོད་མ་ནས་སྐྱེ་འགག་གནས་གསུམ་དང་བྲལ་བ་རང་བྱུང་འོད་གསལ་ཆོས་ཀྱི་སྐུར་ལྷུན་གྱིས་གྲུབ་པར་ཤེས་པས་བསལ་བཞག་མེད་པ་རིག་པའི་རང་ངོ་ལ་མཉམ་པར་འཇོག་མཛོད། ཧཱུྃ༔ དེ་ལྟར་བསྐྱེད་བཟླས་བསྒོམ་པའི་རིམ༔ སྤྲོས་བྲལ་ཆོས་སྐུའི་ཡོ་ལངས་སུ༔ མ་རྟོགས་གཟུང་འཛིན་རྒྱུན་མི་གྲོལ༔ བསྒོམ་མེད་སྟོང་གསལ་དབང་ཐོབ་ཤོག༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ ཉེར་གཉིས་པ་དངོས་གྲུབ་ཀྱི་དབང་ནི། ཚེ་གལ་དང་ཚོགས་གཏོར་ལག་ཏུ་གཏད་ལ། ཧཱུྃ༔ དབང་ཆེན་ཡབ་ཡུམ་བསྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨེ་ཀ་ཙཱ་ཏཱི་ཨེ་ཨཱ་རལླི་སིདྡྷི་ཧཱུྃ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སིདྡྷི་ཧཱུྃ༔ ཀཱ་ཡ་བཛྲ་སིདྡྷི་ཧཱུྃ༔ ཝཱ་ཀ་བཛྲ་སིདྡྷི་ཧཱུྃ༔ ཙིཏྟ་བཛྲ་སིདྡྷི་ཧཱུྃ༔ གུ་ཎ་བཛྲ་སིདྡྷི་ཧཱུྃ༔ བཛྲ་ཀརྨ་སིདྡྷི་ཧཱུྃ༔ ཤཱནྟིཾ་སིདྡྷི་ཧཱུྃ༔ པུཥྚིཾ་སིདྡྷི་ཧཱུྃ༔ པ་ཤཾ་སིདྡྷི་ཧཱུྃ༔ ཀརྨ་སིདྡྷི་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་ཁྱོད་ལ་ཚེ་དང་དངོས་གྲུབ་ཞལ་ཟས་ལོངས་སྤྱོད་སྣ་ཚོགས་ཀྱི་དབང་བསྐུར་པས༔ བདེ་བར་གཤེགས་པའི་སྐུ་ཚེ་དང་ལང་ཚོ་ལ་མངའ་བརྙེས་ཤིང༔ མཆོག་དང་ཐུན་མོང་ཕུན་སུམ་ཚོགས་པའི་དངོས་གྲུབ་ཀྱི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཅེས་བསྐུར་ལ་ཚོགས་སུ་རོལ་པས་དངོས་གྲུབ་ཡ་མཚན་དམ་པ་ཐོབ་པར་གསུངས་སོ། །དེ་ལྟར་བུམ་པ་གཙོ་བོར་གྱུར་པའི་ཕྱི་དབང་ཡོངས་སུ་རྫོགས་པ་ཐོབ་པས་རྗེས་སུ་ཡང་དབང་གི་ཆུ་བོ་བར་མ་ཆད་པར་གསོ་བའི་ཕྱིར། ཉ་སྟོང་བརྒྱད་ལ་སོགས་པར་ཕྲིན་ལས་ཀྱི་གཞུང་བསྲང་མི་ཆག་ཅིང་བསྙེན་སྒྲུབ་ཁྲི་འབུམ་གསོ་བ་དང་། ཏིང་ངེ་འཛིན་གྱི་དབང་བསྐུར་ཡང་ཡང་བླང་དགོས་པར་གསུངས་པས་དེ་ལྟར་བྱ་སྙམ་དུ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཉིས་པ་གསང་དབང་ནི། དེ་ནས་ཤིན་ཏུ་ཟབ་ཅིང་གུད་དུ་སྦས་པ་དབང་གོང་མ་གསུམ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། མ་རིག་སྒྲིབ་གཡོགས་མཚོན་བྱེད་དུ་གདོང་དགབ་པར་ཞུ། ཞེས་དར་དམར་བཀབ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ དཔལ་ཆེན་ཧེ་རུ་གར་གྱི་བདག༔ བདེ་ཆེན་མཆོག་ཁྱོད་དེ་ཉིད་སྩོལ༔ གསང་བའི་དམ་ཚིག་ནུས་པའི་དབང༔ དེ་ཉིད་བདག་ལ་བསྩལ་དུ་གསོལ༔ ལན་གསུམ། ཡེ་ཤེས་པ་དབབ་པའི་སླད་དུ་ལངས་ཏེ་ཐལ་མོ་སྤྱི་བོར་བཞག །སྙིང་གར་རྡོ་རྗེ་ཕག་མོ་ནས་འབྲས་ཙམ་ཞིག་དྲག་ཏུ་འཁྲབ་པ་ལ་སེམས་མ་ཡེངས་པར་གཏོད་ཅིག །བླ་མས་ཐོད་རྔ་འཁྲོལ་ཞིང་། ཧོ༔ བུ་མཆོག་ལས་ཀྱི་རྡོ་རྗེ་ཁྱོད༔ སྙིང་གར་ཕག་མོ་ཕྲ་བ་ལ༔ མ་ཡེངས་རྩེ་གཅིག་དེ་ལ་གཏོད༔ བདེ་བས་ལུས་ཀུན་ཁྱབ་པར་ལྟོས༔ ཞེས་བརྗོད། བླ་མ་དབང་ཆེན་ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་དེ་ཉིད་ཁྱོད་རང་རྣམས་ཀྱི་ལྕེ་ལ་བཞག་པས། རྩ་ཁམས་དཔའ་བོ་མཁའ་འགྲོ་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟ་བུས་གང་བ་རྣམས་དྭངས་མའི་བདེ་བས་ཚིམས། གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །བནྡྷའི་བདུད་རྩི་སྦྱིན་ལ། ཧོ༔ གསང་བའི་དམ་ཚིག་མཆོད་ཆེན་པོ༔ བདེ་བའི་རང་བཞིན་དགའ་བ་ཆེ༔ རྩ་ཁམས་དག་པའི་རང་བཞིན་ལ༔ མཆོག་གི་དམ་རྫས་བླ་མེད་འདིས༔ ཁྱོད་ནི་བདེ་བའི་མཆོག་དམ་འགྱུར༔ བདེ་བའི་རང་བཞིན་སྟོང་པར་ལྟོས༔ ཨ་ཧོ་སུ་ཁ་དྷརྨ་མུ་དྲ་ར་ས་གྷུ་ཡ་ས་མ་ཡ་ཧོ྅་ཧཾ༔ ཞེས་བརྗོད་ལ་གདོང་གཡོགས་བསལ། གསུམ་པ་ཤེར་དབང་ནི། དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཐོག་མར་བྱིན་དབབ་པའི་སླད་དུ་ལངས་ཏེ་ཐལ་མོ་སྤྱི་བོར་བཞག་སོགས་ནས། ཁྱབ་པར་ལྟོས༔ བར་གོང་ལྟར་ལན་གཅིག་བསྐྱར། རིག་ཙག་ལག་ཏུ་གཏད་ལ། མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་ལག་ཏུ་གཏད་པས་སློབ་མ་ཡབ་ཡུམ་རྟ་མཆོག་དང་ཕག་མོར་གསལ་བ་ལྷའི་འདུ་ཤེས། གནས་གསུམ་འབྲུ་གསུམ་དང་མཁའ་གསང་རྡོ་རྗེ་པདྨར་བྱིན་གྱིས་བརླབས་པ་སྔགས་ཀྱི་འདུ་ཤེས། ཐབས་ལམ་ཟབ་མོ་འདི་ལ་བསྟེན་ནས་འགྱུར་མེད་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་གསུམ་དང་ལྡན་པའི་ངང་ནས། འདོད་ཆགས་ཆེན་པོའི་འགྲོས་ལས་ཤར་བའི་འཁོར་ལོ་བཞི་རུ་ཡས་བབས་དང་མས་བརྟན་གྱི་རིམ་པས་དགའ་བ། མཆོག་དགའ། ལྷན་སྐྱེས་ཀྱི་དགའ་བ། དགའ་བྲལ་བདེ་སྟོང་ཆེན་པོའི་ངོ་བོ་ངོས་ཟུངས་ཤིག །བདེ་ལ་མ་ཆགས་བདེ་ངོས་བཟུང༔ བདེ་བའི་རང་བཞིན་བརྗོད་མི་ཤེས༔ སྨྲ་བརྗོད་བྲལ་བ་ཆོས་ཀྱི་སྐུ༔ སྟོང་པ་ཉིད་དང་དབྱེར་མི་ཕྱེད༔ བུ་ཁྱོད་འདི་ལ་སྲེད་ཞེན་སྤོངས༔ སྲེད་ཞེན་སྤོངས་ལ་བདེ་སྟོང་སྐྱོངས༔ ཕྱག་རྒྱའི་བྷ་གར་འོ་བྱེད་ཅིང་དྭངས་མ་ལྕེ་ཡིས་བླངས་པས་རྩ་ཁམས་ཀྱི་དཔའ་བོ་དཔའ་མོ་ཐམས་ཅད་བདེ་བས་ཚིམས་པ་དང་། ཡུམ་གྱིས་འདི་སྐད་བརྗོད་པར་མོས་ཤིག །ང་ཡི་བྷ་ག་གསང་ཆེན་འདི༔ དུས་གསུམ་རྒྱལ་བའི་གཤེགས་ཤུལ་ཏེ༔ བུ་ཁྱོད་བདེ་བའི་མཆོག་འདོད་ན༔ འདི་ལས་སླར་ཡང་བདེ་བ་ལོངས༔ ཞེས་བསྐུལ་བ་ལ་རྗེས་སུ་གུས་པས་འདི་སྐད་བརྗོད་པར་མོས་ལ་རྗེས་ཟློས། རཱ་ཧོ྅་ཧཾ༔ བདེ་བའི་རང་བཞིན་ཤེས་རབ་མ༔ སྟོང་དང་སྙིང་རྗེ་དབྱེར་མི་ཕྱེད༔ པདྨ་ལ་ནི་ལྕེས་ལེན་པར༔ བདག་གི་གུས་པས་ཅིས་མི་ལེན༔ ཞེས་བརྗོད་ཅིང་སླར་ཡང་པདྨའི་གཏིང་ནས་དྭངས་མ་ལྕེས་གཞིབས་ཏེ་ལུས་གནས་ཁྱབ་པར་བཀྲམ་པར་མོས་ཤིག །དེ་ནས་བླ་མས་ཕྱག་རྒྱའི་སྲིན་ལག་གཡོན་ནས་བཟུང་སྟེ་སློབ་མའི་ལག་གཡས་སུ་གཏད་པར་གྱུར། སླར་ཡང་རིག་ཙཀ་གཏད་ལ། ཨ་ཧོ༔ སངས་རྒྱས་ཀུན་སྐྱེད་བདེ་བའི་ཡུམ༔ བུད་མེད་མི་སྤང་དང་དུ་ལོངས༔ འདི་བྲལ་སྔགས་ཀྱི་དམ་ཚིག་ཉམས༔ དེ་བས་རིགས་ལྡན་དང་དུ་ལོངས༔ ཞེས་བརྗོད། བནྡྷའི་བདུད་རྩི་རོལ་དུ་གཞུག་གོ །བཞི་པ་སྤྲོས་མེད་ཚིག་དབང་ནི། དེ་ནས་དོན་དམ་ཚིག་དབང་རིན་པོ་ཆེ་ཞུ་བའི་ཡོན་དུ་གསེར་གྱི་མཎྜལ་ཕུལ་བར་མོས་ལ་ཞིང་ཁམས་འབུལ་བར་ཞུ། ཡེ་ཤེས་དབབ་པའི་སླད་དུ་སློབ་བུའི་སྙིང་གར་ཡི་གེ་ཨ་དཀར་པོ་སྲན་མ་ཙམ་ཡེ་ཤེས་ལྔའི་འོད་འཕྲོ་བའི་སྟོབས་ཀྱིས་ལུས་ནམ་མཁའ་ལ་ཡོད་པར་མོས་ཤིག །བླ་མས་ཐོད་རྔ་འཁྲོལ་ཞིང་། ཨ་ནི་སྐྱེ་བ་མེད་པ་ལ༔ ལུས་ནི་ཡེ་ཤེས་ལྔ་ཡི་ལུས༔ ནམ་མཁའི་ཀློང་ན་རང་གསལ་འབར༔ ལུས་མེད་ཉམས་ཀྱི་རང་ཞལ་ལྟོས༔ ཞེས་བརྗོད་ལ་ཉམས་བསྐྱེད། སློབ་བུ་རྣམས་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས་ལ། ལྟ་སྟངས་དང་རིག་པ་ནམ་མཁར་གཏོད་ཅིག །བུ་ཁྱོད་སེམས་ཀྱི་ངོ་བོར་ལྟོས༔ བལྟས་པས་མི་མཐོང་ངང་ལ་ཞོག༔ ཁྱོད་ཀྱི་རིག་པ་ཤར་ཕྱོགས་ཀྱི༔ ནམ་མཁའི་དབྱིངས་སུ་ཕྱ་ལེར་ཐོངས༔ དེ་བཞིན་ལྷོ་ནུབ་བྱང་དུ་ཡང༔ ཁྱོད་ཀྱི་སེམས་ནི་ཐོགས་མེད་ཐོངས༔ བཏང་ཚེ་ཕྱི་ནང་འགྲོ་འོང་མེད༔ འགྲོ་བར་སྙམ་ཡང་རང་གི་སེམས༔ སེམས་ནི་ངོས་བཟུང་འཛིན་པ་བྲལ༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ ཐུགས་རྗེའི་འཆར་སྒོ་མ་འགགས་གསལ༔ དེ་ཡི་རང་བཞིན་ནང་དུ་ལྟོས༔ སྨྲ་བསམ་བརྗོད་མེད་ས་ལེ་བ༔ དཔེར་ན་གཞོན་ནུའི་བདེ་བ་བཞིན༔ ངེས་པའི་ཤེས་པ་གཏིང་གསལ་ཅན༔ བུ་ཁྱོད་འདི་ཡི་རང་ཞལ་ལྟོས༔ འདི་ཞེས་མཚན་མར་མ་གྲུབ་ཀྱང༔ གསལ་རིག་སྟོང་པ་སིང་བག་ཅན༔ དེ་དོན་རྟོགས་ལ་ངང་དུ་ཞོག༔ འདི་ནི་རིག་པའི་རྩལ་དབང་ཡིན༔ བུ་ཁྱོད་འདི་ཡི་རྗེས་སྐྱོང་ན༔ ཚེ་གཅིག་ཐར་པའི་ལམ་བགྲོད་འགྱུར༔ ཞེས་དལ་བུས་བརྗོད་ལ་སྣོད་བཅུད་ཀྱི་རྟེན་འབྲེལ་འཛོམ་ན་དེའི་དོན་ངོ་འཕྲོད་ངེས་སུ་བཤད་དོ། །ཟུར་གསལ་གཏོར་དབང་སྦྲེལ་ན་སྐབས་འདིར་བསྐུར་རོ། །བཞི་པ་རྗེས་ཀྱི་བྱ་བ་ནི། དེ་ལྟར་ན་རིམ་པ་དེ་དག་རྣམས་ཀྱིས་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་རྟ་མགྲིན་གསང་བ་འདུས་པའི་དབང་བསྐུར་ཐུན་མོང་མ་ཡིན་པ་མཆོག་དབང་གུད་སྦས་རྣམ་པ་གསུམ་བཅས་ལེགས་པར་གྲུབ་པ་ཡིན་པས། རྗེས་སུ་དབང་སྲོག་དམ་ཚིག་རྩ་བ་དང་ཡན་ལག་གིས་བསྡུས་པའི་ས་མ་ཡ་འབུམ་སྡེ་སྲོག་བཞིན་དུ་བསྲུང་བ་དང་ཉམས་པ་སོར་ཆུད་པའི་སྐོང་བཤགས་ལ་འབད་པ་སོགས། ལུང་དང་མན་ངག་ལས་ཇི་སྐད་བཤད་པ་ཐམས་ཅད་ནན་ཏན་གྱིས་སློབ་ཅིང་ཉམས་སུ་བླང་བའི་བརྟུལ་ཞུགས་ལ་གནས་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་བྱས་ཏེ་སློབ་མ་གྱེས། ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་སོགས་དཀྱིལ་འཁོར་གྱི་རྗེས་ཆོག་རྣམས་ཀྱང་ལས་བྱང་ལྟར་ཚང་བར་བྱའོ། །དབང་ཆེན་པདྨའི་བྱིན་རླབས་འོད་བརྒྱའི་ཐིགས། །མོས་ཡིད་དཔལ་གྱི་བེའུར་སིམས་པ་ལས། །གདོད་མའི་བདེ་ཆེན་མཁའ་ཁྱབ་སད་པའི་སྟོབས། །བརྟན་གཡོ་ཀུན་གྱི་སྲོག་ཏུ་ཞུགས་གྱུར་ཅིག །ཅེས་དབང་ཆོག་འདི་ལ་ཁུངས་ཐུབ་ཀྱི་ཆོག་བསྒྲིགས་དང་ཟིན་བྲིས་གསལ་བར་མི་འདུག་པས་ཕྱག་ལེན་ཡང་མཁས་བླུན་གྱི་རྗེས་སུ་འབྲང་བ་ལས་གཏད་སོ་མི་སྣང་བས། སོ་སྐྱེའི་བློས་དཔག་པར་དཀའ་རུང་བླ་མ་བརྒྱུད་པའི་ལུགས་བཞིན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས། པདྨ་ཞི་ཁྲོའི་ཕོ་བྲང་དང་འདབས་འབྱོར་པའི་གནས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་བ་དགེ་ལེགས་འཕེལ།། །།
རྟ་མགྲིན་གསང་བ་འདུས་པའི་ཆ་ལག་ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས་མཚོ་རྒྱལ་སྐོར་གསུམ་དུ་གྲགས་པའི་བྱིན་རླབས་དབང་བསྐུར་གྱི་ཡི་གེ་དངོས་གྲུབ་བུམ་བཟང་ (Volume 35, Text 7)
༄༅། །རྟ་མགྲིན་གསང་བ་འདུས་པའི་ཆ་ལག་ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས་མཚོ་རྒྱལ་སྐོར་གསུམ་དུ་གྲགས་པའི་བྱིན་རླབས་དབང་བསྐུར་གྱི་ཡི་གེ་དངོས་གྲུབ་བུམ་བཟང་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཛྙཱ་ན་དྷཱ་ཀི་ནཱི་ཡཻ། བདེ་འབྱུང་ཟ་མ་ཏོག་ཏུ་རིགས་ཀུན་གྱི། །རིན་ཆེན་དབྱིག་ཏུ་བསྐྱིལ་བའི་ཡུམ་མཆོག་མས། །དབྱིངས་ལས་རྩལ་དུ་འཕོས་པའི་ཡེ་ཤེས་ཀྱིས། །སྒོ་གསུམ་དྭངས་མ་གྲོལ་གཞིར་སྨིན་པར་མཛོད། །འདུས་པ་རྣམ་བཞི་ནོར་བུའི་སྒྲོམ། །ཡང་སྙིང་དྷཱ་ཀི་གསང་བའི་ལམ། །གྲུབ་པ་མྱུར་སྟེར་བཻ་ཌཱུརྻ། །ཆོས་རྒྱལ་རཏྣས་ཕྱུང་འདི་འོ། །རྟ་མགྲིན་གསང་བ་འདུས་པའི་ཐེམས་མེད་ཀྱི་ཆོས་སྡེ་ཡུམ་བཀར་གྲགས་པ་འདི་ལ་ཕྱི་ནང་གསང་བའི་ཚུལ་དུ་སྒྲུབ་པའི་ཐབས་གསུམ། སོ་སོའི་སྨིན་བྱེད་དང་བཅས་པའི་རྒྱུན་མ་ཉམས་པར་བཞུགས་པ་ལས། ཐོག་མར་ཕྱི་ལྟར་རྣལ་འབྱོར་མ་ལཱ་སྱཻའི་སྐུར་སྒྲུབ་པའི་བྱིན་བརླབ་བྱ་བ་ལ། སྦྱོར་བ་ཡར་ངོའི་ཚེས་བདུན་ནམ་བཅུ་བཞིའི་ཉིན་དཀྱིལ་འཁོར་བའི་འོ་མ་དང་པདྨ་རཀྟས་ཆག་ཆག་བཏབ་པ་ལ་པདྨ་འདབ་བཞི་ཕྱོགས་མདོག །དེ་རྒྱབ་རིན་ཆེན་ཟུར་བརྒྱད་མུ་ཏིག་ཕྲེང་བས་སྤྲས་པ། དེ་རྒྱབ་གྲུ་བཞི་མཛེས་ཚོན་བྱས་པའི་དབུས་སུ་མཉྫི་ལ། བྷནྡྷ་དུམ་བུ་གཅིག་པའི་ནང་དུ་ཕྱེ་གཙང་སྤོད་ཀྱིས་སྦྲུས་པ་ལས། གདན་ཕོར་པའི་དབྱིབས་ལྟ་བུའི་སྟེང་པདྨ་འདབ་བརྒྱད། དེ་སྟེང་གཏོར་མ་རིན་ཆེན་འབར་བ་པདྨ་འདབ་བརྒྱད་རིལ་བུ་དང་བཅས་པས་བསྐོར་བ་ལ་འཛོམ་ན་གཞུང་མཐུན་དང་མ་འཛོམ་ན་བྲིས་སྐུ་སྤྱི་མཐུན་བཙུག །རྒྱན་གྱིས་སྤྲས་ཤིང་དར་གུར་ཕུབ། མཁའ་འགྲོའི་རྟེན་སྦ་ལྕག་ཀྱང་ཡོད་ན་བཞག་ཅིང་སྐབས་འདིར་མེད་ཀྱང་རུང་། གང་ལྟར་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད། ཚོགས་མཆོད། ལས་བུམ། སྔོན་གཏོར་སོགས་ཚོགས་པར་བྱའོ། །དངོས་གཞི་ལ། ཐོག་མར་སྐྱབས་འགྲོ་ནི། སྤྱི་གཙུག་པད་སྡོང་ཉི་ཟླའི་སྟེང༔ རྩ་བ་གསུམ་གྱི་ལྷ་ཚོགས་དང༔ སྐྱབས་གནས་དཀོན་མཆོག་ཐམས་ཅད་བསམ༔ ཕ་མས་གཙོ་བྱས་འགྲོ་བ་རྣམས༔ སྒོ་གསུམ་གུས་པས་འདི་སྐད་དོ༔ ན་མོ་ བླ་མ་དཀོན་མཆོག་ཡི་དམ་ལྷ༔ རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ༔ བདག་དང་འགྲོ་བ་སེམས་ཅན་རྣམས༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ལན་གསུམ༔ ཡན་ལག་བདུན་པ་ནི། རང་རིག་ལྷ་ལ་ཕྱག་འཚལ་ལོ༔ མ་འགགས་རང་གསལ་མཆོད་པ་འབུལ༔ མུ་བཞིར་ལྟུང་བ་མཐོལ་ལོ་བཤགས༔ དུས་གསུམ་མཉམ་ཉིད་རྗེས་ཡི་རང༔ འཁོར་བ་དོང་ནས་སྤྲུགས་པར་བསྐུལ༔ ཀ་དག་ཟང་ཐལ་རྗེན་པར་བཞུགས༔ ཀུན་ཀྱང་རང་རིག་རྟོགས་པར་བསྔོ༔ སྐུ་གསུམ་ཡོངས་རྫོགས་ཐོབ་པར་ཤོག༔ སེམས་བསྐྱེད་ནི། ཀྱེ་མ་ བདག་གིས་འགྲོ་ཀུན་བསྒྲལ་བྱའི་ཕྱིར༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ༔ འཁོར་བ་དོང་ནས་སྤྲུགས་པའི་ཕྱིར༔ ཚད་མེད་བཞི་རུ་སེམས་བསྐྱེད་དོ༔ ལན་གསུམ། འདི་ལ་སྔོན་གཏོར་མཚམས་གཅོད་སོགས་མ་གསུངས་ཀྱང་ནང་སྒྲུབ་མུ་མཐུད་དུ་བྱེད་པ་ཡིན་ན། དེའི་དབུ་ནས་འབྱུང་བ་ལྟར་བགེགས་གཏོར་བཏང་། མཚམས་གཅོད་སྲུང་འཁོར་བསྒོམ། འབྱུང་གཏོར་བཏང་མིན་གང་ལྟར་ཡང་ནང་སྒྲུབ་ལས་འབྱུང་བའི་མཆོད་པ་བྱིན་རླབས་སྐབས་འདིར་བྱ། ལྕེ་ལ་བདུད་རྩི་བཞག །དཔྲལ་བར་སིནྡྷུ་རའི་ཐིག་ལེ་བཏབ་ལ། བདག་མདུན་སྐད་ཅིག་གིས་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་སོགས་ཚིག་རིས་གཅིག་གིས་བདག་དང་གཏོར་མ་ལྷར་གསལ། གནས་གསུམ་བྱིན་བརླབ། སྤྱན་འདྲེན། བཞུགས་ཕྱག །ཕྱི་ནང་གསང་བ་ཚོགས་མཆོད་དང་བཅས་པ་ཕུལ་ལ། བཟླས་དམིགས་དང་ལྡན་པས་བསྙེན་པ་ཅི་འགྲུབ་བཟླ། མཐར་གསོལ་འདེབས་བསྐུལ་བསྟོད་འདོན་ལ་དམིགས་པ་དང་བཅས། ཧཱུྃ༔ རང་བཞིན་དབྱིངས་ཀྱི་སོགས་ཀྱིས་གཏོར་མའི་དབང་བླང་། ལས་བུམ་དུ་བདུད་རྩི་འཁྱིལ་པ་སྐད་ཅིག་གིས་བསྐྱེད་ལ། བཛྲ་ཨ་མྲྀཏ་བཟླས་པས་བྱིན་བརླབས། དེ་ནས་སློབ་མ་ལ་ཁྲུས་བྱ། ནང་སྒྲུབ་ལྟར་བགེགས་གཏོར་བཏང་ཞིང་བགེགས་བསྐྲད་ལ་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། དེ་ལ་རྩ་བ་གསུམ་པོ་ནི་གང་འདུལ་གྱི་རྣམ་པར་རོལ་པ་ཐ་དད་དུ་བསྟན་པ་ཙམ་ལས་དོན་གྱི་ངོ་བོ་དབྱེ་བ་བྱར་མེད་ཅིང་། དེ་ལས་ཀྱང་མཁའ་འགྲོ་མ་རྣམས་ནི་ཆོས་ཐམས་ཅད་འབྱུང་བའི་གསང་བ་ཆེན་པོའི་དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར་ཐམས་ཅད་ལས་མཆོག་ཏུའང་གྲུབ་ལ། ཁྱད་པར་ཡེ་ཤེས་དྷཱ་ཀི་མཚོ་རྒྱལ་མ་ནི་ཆོས་སྐུའི་དུས་ན་ཀུན་ཏུ་བཟང་མོ་ཤེས་རབ་ཕར་ཕྱིན། ལོངས་སྐུའི་དུས་ན་རིགས་ཀྱི་ཡུམ་མཆོག་ལྔ། སྤྲུལ་སྐུའི་དུས་ན་དབྱིངས་ཕྱུག་རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པའི་སྐུར་བསྟན་ཅིང་། གདུལ་བྱ་ཐུན་མོང་བ་དག་གི་སྣང་ངོར་ཐུབ་པའི་སྤྱན་སྔར་སྲིང་མོ་གངྒཱའི་ལྷ་མོ། ཨོ་རྒྱན་ཆེན་པོའི་གསང་བའི་གཟུངས་མ་འཕགས་ཡུལ་དུ་ཚེ་ལམ་གྱི་ཕྱག་རྒྱ་ལྷ་ལྕམ་མནྡཱ་ར་བ། བོད་དུ་བཀའི་བསྡུ་བ་པོ་མཁར་ཆེན་ཡེ་ཤེས་མཚོ་རྒྱལ། སྲིན་ཡུལ་རྔ་ཡབ་གླིང་དུ་མ་གཅིག་མཐིང་འོད་འབར་མ། པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོར་དབྱིངས་ཕྱུག་བདེ་ཆེན་རྒྱལ་མོ་སོགས་མཆོག་དང་ཕལ་པའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་རྒྱུན་ཆད་མེད་པར་མཛད་པ་ལས། སྐབས་སུ་བབ་པ་འདི་ནི། ཨོ་རྒྱན་ཆེན་པོ་དང་མ་གཅིག་ཡེ་ཤེས་མཚོ་རྒྱལ་གཉིས༔ དགེ་བསྙེན་མཁའ་རིས་ལྷོ་ལ་ཡག་ཏུ་གདན་དྲངས་པའི་དུས༔ མོན་མཁར་སྟེང་དུ༔ བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུའི་སྤྲུལ་པ་མོན་ཙནྡྲ་དང༔ རིན་ཆེན་མཁའ་འགྲོ་མ་བཀྲ་ཤིས་ཁྱེ་འདྲེན་གྱིས་སྦྱིན་བདག་མཛད་དེ་དབང་ཆོས་ཀྱི་འཁོར་ལོ་བསྐོར་ཞིང༔ ཡུན་དུ་བཞུགས་པ་ལས༔ དེའི་དུས་སུ་ཤངས་གླང་པོ་ཚ་ཐོག་གི་ཤེལ་དཀར་བཟའ་རྡོ་རྗེ་མཚོ་དང༔ མོན་མོ་བཀྲ་ཤིས་ཁྱེ་འདྲེན་གྱིས་ཤུག་པ་ཡལ་ག་སྟོང་ལྡན་གྱི་ཤར་དུ་གསེར་གྱི་མཎྜལ་ལ་གཡུ་དམར་སེང་མགོ་དང༔ ཉི་མ་གཡང་འཁྱིལ་གཉིས་ཚོམ་བུར་བཀོད༔ འབྲས་ཆང་དངུལ་སྐྱོགས་སུ་བཀང་ནས་དྲངས་ཏེ༔ མ་ཉིད་ཀྱི་སྒྲུབ་ཐབས་ཁྱད་པར་ཅན་ཡང་དང་ཡང་དུ་ཞུས་པ་ལས༔ མ་གཅིག་ཉིད་ཀྱིས་མཁའ་འགྲོ་གསང་བ་རྒྱ་མཚོ་དང༔ གཙུག་གི་རྒྱན་གཅིག་མ་ལ་སོགས་པ་བསྟན་པ་ལས༔ ཁྱད་པར་དུ་ཟབ་པ་མཁའ་འགྲོ་ཡིད་བཞིན་ནོར་བུ་འདི་གནང༔ ཤེལ་དཀར་བཟའ་ཡང་ཟབ་ཆོས་འདི་ཉིད་ཀྱིས་རྒྱུད་གྲོལ་ཏེ་ཕྱི་རབས་ཀྱི་དོན་དུ་ལྷོ་བྲག་གནམ་སྐས་ཅན་དུ་སྦས་པ། གཏེར་ཆེན་འགྲོ་འདུལ་རཏྣ་གླིང་པས་འདུས་པ་སྐོར་བཞིའི་བསྡེབས་སུ་སྤྱན་དྲངས་པའི་མཚོ་རྒྱལ་སྐོར་གསུམ་དུ་གྲགས་པ་ལས། ཕྱི་རྣལ་འབྱོར་མ་ལཱ་སྱཻའི་སྐུར་སྒྲུབ་པ་མཁའ་འགྲོ་ཡིད་བཞིན་ནོར་བུའི་བྱིན་རླབས་ཟབ་མོ་ཞུ་བའི་དོན་དུ་མཎྜལ་ཕུལ། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་དང༔ ཡེ་ཤེས་མཁའ་འགྲོ་བདེ་བའི་སྐུ༔ གཉིས་སུ་མེད་པའི་དཀྱིལ་འཁོར་ནས༔ བྱིན་རླབས་མཆོག་གི་དམ་པ་སྩོལ༔ དབང་བཞི་རྫོགས་པར་བསྐུར་དུ་གསོལ༔ ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་བླ་མ་དང་མདུན་བསྐྱེད་ཡེ་ཤེས་མཁའ་འགྲོ་མ་ལ་རྩ་གསུམ་རྒྱལ་བ་སྲས་དང་བཅས་པས་བསྐོར་ཏེ་བཞུགས་པའི་དྲུང་དུ་བདག་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ན་མོ་ བླ་མ་དཀོན་མཆོག་སོགས་གསུམ། གསག་སྦྱོང་ཡན་ལག་བདུན་པ་དོན་དམ་གྱི་དགོངས་པ་གསལ་འདེབས། ཀུན་རྫོབ་ཏིང་ངེ་འཛིན་བློ་དང་འཚམ་པར་སྒོམ་བཞིན་དུ་འདིའི་རྗེས་ཟློས། རང་རིག་ལྷ་ལ་སོགས། མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡེ་ཤེས་མཁའ་འགྲོའི་གོ་འཕང་བདག་གིས་བསྒྲུབས་ནས་འགྲོ་ཀུན་གཏན་བདེའི་གོ་འཕང་ལ་འགོད་པར་འདོད་པའི་ཐུགས་བསྐྱེད་རྣམ་པར་དག་པ་དང་ལྡན་པས་འདིའི་རྗེས་ཟློས། ཀྱེ་མ་ བདག་གིས་འགྲོ་ཀུན་སོགས་ལན་གསུམ། དེ་ནས་བྱིན་རླབས་ཀྱི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བསང་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སོགས་མངོན་རྟོགས་ལྟར། ཁ་ཕྱེ་བ་ལྟ་བུས་གང་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་བཞིན་སྤྲུལ་པའི་ཞིང་རབ་འབྱམས་དང་། རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་ནས་ཡེ་ཤེས་པ་ཆར་བབས་པ་ལྟར་བྱོན་ཏེ་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་མོས་ཤིག །སྤོས་བཏུལ་ཞིང་ཐོད་རྔ་དྲིལ་བུའི་སྒྲ་དང་བཅས། ཧཱུྃ༔ ཡུལ་གྱི་མིང་ནི་སོགས་བསྐུལ་བསྟོད་ཚང་བར་བརྗོད། སྔགས་མཐར་ཨཱ་བེ་ཤ་ཡ་ཨ་ཨཱཿབཏགས་པ་བརྗོད་ལ་བྱིན་དབབ། དངོས་གཞི་གཏོར་མ་ལ་བརྟེན་པའི་བྱིན་རླབས་བྱ་བ་ལ་གཏོར་མ་འདི་ཉིད་ཡེ་ཤེས་མཁའ་འགྲོ་དངོས་སུ་གསལ་བའི་དཔྲལ་བའི་ཨཱོྃ་ལས་འོད་ཟེར་དཀར་པོ་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་སྐུའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །ཧཱུྃ༔ རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར་ནས༔ ཡེ་ཤེས་མཁའ་འགྲོ་བྱིན་རླབས་ཅན༔ མཚན་མ་སྐུ་ཡི་དཀྱིལ་འཁོར་ནས༔ སྐལ་ལྡན་ལུས་ལ་དབང་སྐུར་ཅིག༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་བུདྡྷ་སརྦ་དྷཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཡང་གཏོར་མ་འདི་ཉིད་ཡེ་ཤེས་མཁའ་འགྲོ་དངོས་སུ་གསལ་བའི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་གསུང་གི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །གཏོར་མ་མགྲིན་པར་བཞག་ལ། ཧཱུྃ༔ རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར་ནས༔ ཡེ་ཤེས་མཁའ་འགྲོ་བྱིན་རླབས་ཅན༔ འགག་མེད་གསུང་གི་དཀྱིལ་འཁོར་ནས༔ སྐལ་ལྡན་ངག་ལ་དབང་སྐུར་ཅིག༔ ཚངས་པ་གསུང་གི་དངོས་གྲུབ་སྩོལ༔ རྩ་སྔགས་ཤམ་དུ། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཡང་གཏོར་མ་འདི་ཉིད་ཡེ་ཤེས་མཁའ་འགྲོ་དངོས་སུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །གཏོར་མ་སྙིང་གར་བཞག་ལ། ཧཱུྃ༔ རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར་ནས༔ ཡེ་ཤེས་མཁའ་འགྲོ་བྱིན་རླབས་ཅན༔ སྟོང་གསལ་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྐལ་ལྡན་ཡིད་ལ་དབང་སྐུར་ཅིག༔ ཉམས་དང་རྟོགས་པའི་དངོས་གྲུབ་སྩོལ༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡང་གཏོར་མ་འདི་ཉིད་ཡེ་ཤེས་མཁའ་འགྲོ་དངོས་སུ་གསལ་བའི་ལྟེ་བའི་ཧྲཱིཿལས་འོད་ཟེར་སེར་པོ་འཕྲོས། ཁྱེད་རང་རྣམས་ཀྱི་ལྟེ་བར་ཐིམ་པས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །གཏོར་མ་ལྟེ་བར་བཞག་ལ། ཧཱུྃ༔ རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར་ནས༔ ཡེ་ཤེས་མཁའ་འགྲོ་བྱིན་རླབས་ཅན༔ ལྷུན་གྲུབ་ཆེན་པོའི་དཀྱིལ་འཁོར་ནས། །སྐལ་ལྡན་བདག་ལ་དབང་སྐུར་ཅིག །གཉིས་མེད་མཆོག་གི་དངོས་གྲུབ་སྩོལ། །སྔགས་མཐར། སརྦ་ཨ་བྷི་ཥིཉྩ་ཧྲཱིཿ དེ་ལྟར་བྱིན་རླབས་ཟབ་མོ་ལེགས་པར་གྲུབ་བས་ཡེ་ཤེས་མཁའ་འགྲོ་འདི་ཉིད་ཡི་དམ་གྱི་ལྷར་བཟུང་ནས་འདིའི་ཁྱད་པར་གྱི་དམ་ཚིག་རྣམས་དང་མི་འབྲལ་བ་དང་། ལོ་རེ་བཞིན་བསྙེན་སྒྲུབ། ཟླ་རེའི་ཚེས་བཅུའི་མཆོད་པ་མ་ཆག་པར་བགྱིས་ན་དངོས་གྲུབ་གློག་བས་མྱུར་བར་གསུངས་པས་དེ་དག་བགྱི་བའི་དབང་རྟགས་སུ་སིནྡྷུ་རའི་ཐིག་ལེས་རྒྱས་བཏབ་པར་མོས་ཤིག །ཅེས་བྱས་ལ་དཔྲལ་བར་ཐིག་ལེ་བྱ། ཇི་སྐད་གསུངས་པ་དེ་དག་ཚུལ་བཞིན་དུ་བསྒྲུབ་པའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། རྗེས་མཆོད་བསྟོད་མདོར་བསྡུས། ནོངས་བཤགས། གཤེགས་བསྡུ། སྨོན་ལམ་བཀྲ་ཤིས་རྣམས་སྤྱི་ལྟར་བྱའོ།། ༈ །།གཉིས་པ་ནང་ལྟར་བཅོམ་ལྡན་འདས་འཕགས་མ་སྒྲོལ་མར་སྒྲུབ་པའི་དབང་བསྐུར་བྱ་བ་ལ། སྦྱོར་བ་རྗེ་བཙུན་མའི་རྟེན་བཀྲམ་པའི་མདུན་དུ་སྟེགས་གཙང་མར་རིན་པོ་ཆེའི་མཎྜལ་ལ་འབྲུའི་ཚོམ་བུ་བཀོད་པའི་ཁར་བུམ་པ་ཆས་ལྡན་ཉེར་ལྔ་དང་དྲི་བཟང་ཆུས་བཀང་བ། ཁ་རྒྱན་གཟུངས་རྡོར་བཅས་པའི་མདུན་དུ་འབུལ་གཏོར་ཟླུམ་པོ། ཕྱི་མཆོད། མཎྜལ་སོགས་བཤམ། ཁྲུས་ཆས་ལས་བུམ་སྔོན་གཏོར་སོགས་ཀྱང་འདུ་བྱའོ། །དངོས་གཞི་ལ། སྐྱབས་སེམས་སྔ་མ་ལྟར་བྱ། དེ་དང་མུ་མཐུད་དུ་བསྒྲུབ་ན་འབྱུང་གཏོར་སྔོན་དུ་སོང་བས་མི་དགོས་ཤིང་། སྔོན་དུ་མ་སོང་བའམ་སོང་ཡང་བར་ཆོད་ན། བྱིན་བརླབས་ལ། འདི་ཉིད་ཀྱི་སྒྲུབ་ཐབས་ལྟར་བཀའ་བསྒོ་མཚམས་བཅད། བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་འཕགས་མ་སྒྲོལ་མའི་སྐུར་གྱུར། ཅེས་བདག་བསྐྱེད་གསལ་བཏབ་ལ། མཆོད་པ་བྱིན་བརླབ། རྟེན་བསྐྱེད་ཚིག་རིས་གཅིག་གིས་དཀྱིལ་འཁོར་དང་བུམ་པ་གཉིས་སུ་ཆ་རེ་རེ་བསྒོམ། སྤྱན་འདྲེན་གྱི་རྗེས་སུ་ཡེ་ཤེས་པ་ནམ་མཁར་བཞུགས་པར་མོས་ལ་ཇི་སྙེད་སུ་དག་ལྟ་བུ་ལོངས་ཁྱབ་དང་སྦྱར་བའི་ཡན་ལག་བདུན་པ་རྒྱས་བསྡུས་གང་རུང་འབུལ་ལ་བཞུགས་སུ་གསོལ། དབང་བསྐུར་རྒྱས་གདབ་ཕྱག་འཚལ་ཁྲུས་གསོལ་སྐུ་ཕྱི་གོས་འབུལ་ཆུ་གཉིས་རྣམས་གྲུབ་པའི་རྗེས་སུ། མཎྜལ་ཐོགས་ལ་སྤྱི་ལྟར་ཚིག་ལྷུག་གིས་བཀོད། ཚིགས་གཅད་ཀྱིས་འབུལ་བ་ལན་གསུམ་བྱ། དེ་ནས་ཕྱི་ནང་གསང་མཆོད་ཕུལ་ལ། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་རཾ་ལས་མེ་ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་ལ་བསྟེན་པའི་ཨ་ཡིག་ལས་བྱུང་བའི་ཐོད་པའི་སྣོད་དུ་བཅུད་ཐམས་ཅད་ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱཿ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་བདུད་རྩི་ལྔ་དང་སྒྲོན་མ་ལྔར་གྱུར་པ་སོ་སོའི་ས་བོན་གྱིས་མཚན་པ་དང་བཅས་པའི་འོག་གི་རླུང་གཡོས་མེ་སྦར་རྫས་ཐམས་ཅད་ཞུ་ཞིང་འདྲེས་པའི། སྟེང་གི་ནམ་མཁའ་ལ་ཨོཾ་ཨཱཿཧཱུྃ་གི་ཡི་གེ་གསུམ་གནས་པ་ལས་འཕྲོས་པའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །ཡི་གེ་གསུམ་ལ་ཐིམ་སྟེ་རིམ་པར་ཞུ་བ་ལས་དམ་ཚིག་གི་རྫས་དང་རོ་གཅིག་ཏུ་གྱུར་པར་བསམ་ལ། ལག་གཡོན་གདེངས་ཨོཾ་གྱིས་སྦྱང་། གཡས་གདེངས་ཨཱཿས་སྤེལ། སྙིམ་པ་བཀན་ཏེ་ཧཱུྃ་གིས་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པར་བྱས། མཁའ་ལྡིང་གི་རྒྱས་ཧོཿཞེས་ཟག་མེད་ཀྱི་བདུད་རྩིར་བལྟས་ལ་བྱིན་གྱིས་བརླབ། གཞུང་ལྟར་གཏོར་འབུལ་དང་བསྟོད་པ། ཕྱག་འཚལ་ཉེར་གཅིག་ཚར་གཉིས། ཡིག་བཅུ་དང་འབྲུ་བཞི་བརྒྱ་རྩ་རེ། ཡང་ཕྱག་འཚལ་ཚར་གསུམ། བསྙེན་པ་གཉིས་སྔར་བཞིན། ཡང་ཕྱག་འཚལ་ཚར་བདུན་འདོན་ལ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཅེས་གཟུངས་ཐག་འཐེན་ལ་བཟླས་པ་ཅི་འགྲུབ་བྱ། བཤགས་པ་དང་ཡིག་བརྒྱ་བཟླ། སྨྲེ་སྔགས་ཀྱིས་གསོལ་བ་བཏབ་ལ་བུམ་དབང་བླང་། ལས་བུམ་བསྐྱེད་བཟླས་གོང་ལྟར་བྱའོ། །དེ་ནས་སློབ་མ་རྣམས་ལ་ཁྲུས་བྱ། སྔོན་མའི་རྗེས་སུ་བྱེད་ན་འབྱུང་གཏོར་མི་དགོས་ལ། གཞན་དུ་ཡིན་ན་འབྱུང་གཏོར་བཏང་། བཀའ་བསྒོ་ཞིང་མཚམས་གཅོད། སེམས་བསྐྱེད་གསལ་བཏབ་ལ། དེའང་གཞུང་ལས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ནི༔ རྗེ་བཙུན་སྒྲོལ་མ་དངོས་ཡིན་པས༔ དུས་ཀྱི་ཐ་མར་གྱུར་པ་ན། ཁ་བ་ཅན་གྱི་རྒྱལ་ཁམས་འདིར༔ ལྷ་ཡང་ཐུགས་རྗེ་ཆེན་པོ་དང༔ རྗེ་བཙུན་སྒྲོལ་མས་འདུལ་བར་འགྱུར༔ འདི་ནི་བྱིན་རླབས་གློག་ལྟར་མྱུར༔ ཅེས་གདམས་པར་མཛད་པའི་ཡེ་ཤེས་དྷཱ་ཀི་མཚོ་རྒྱལ་ནང་ལྟར་རྗེ་བཙུན་འཕགས་མ་སྒྲོལ་མར་སྒྲུབ་པའི་དབང་བསྐུར་བ་ཡིན་པས་སྐུ་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་མཎྜལ་འབུལ་ལ། གསོལ་གདབ། སྐྱབས་འགྲོ་ཡན་ལག་བདུན་པ་སེམས་བསྐྱེད་ཀྱི་བར་དུ་ཕྱི་སྒྲུབ་ལྟར་སྦྱར་བ་ལས། མདུན་བསྐྱེད་ཡེ་ཤེས་མཁའ་འགྲོ་མ་ཞེས་པར། རྗེ་བཙུན་བཅོམ་ལྡན་འཕགས་མ་སྒྲོལ་མ་ཞེས་བསྒྱུར། དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བསང་སྦྱང་། སྟོང་པའི་ངང་ལས་གནས་ཁང་འཇའ་ཚོན་སྣ་ལྔའི་འོད་དང་སོགས་སྒྲུབ་ཐབས་ལྟར་ལས། ཁྱེད་རང་རྣམས་རྗེ་བཙུན་མ་ཞེས་བསྒྱུར་ལ། ཐུགས་དམ་གྱི་རྒྱུད་བསྐུལ་ནས་བྱོན་ཏེ་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །སྤྲོ་ན་སྤྱན་འདྲེན་བརྗོད། སྤོས་རོལ་བཅས་ཡིག་བཅུའི་ཤམ་དུ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པས་བྱིན་དབབ། དངོས་གཞི་བུམ་པ་ལ་བརྟེན་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་ལ་མོས་པ་འདི་བཞིན་དུ་མཛོད། བུམ་པ་རིན་པོ་ཆེའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་རྗེ་བཙུན་བཅོམ་ལྡན་འདས་འཕགས་མ་སྒྲོལ་མ་འཁོར་དང་བཅས་པ་དངོས་སུ་གསལ་བའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་སྐུའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ རྗེ་བཙུན་འཕགས་མ་ཐུགས་རྗེ་ཅན༔ རྣམ་དག་སྐུ་ཡི་སྒོ་ཕྱེས་ལ༔ མི་འགྱུར་རྡོ་རྗེ་ཚེ་ཡི་དབང༔ བདག་ཅག་སྐལ་ལྡན་ལུས་ལ་བསྐུར་དུ་གསོལ༔ ཨཱརྻ་ཏཱ་ར་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཡང་བུམ་པ་རིན་པོ་ཆེའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་བཅོམ་ལྡན་འདས་འཕགས་མ་སྒྲོལ་མ་འཁོར་དང་བཅས་པ་དངོས་སུ་གསལ་བའི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་གསུང་གི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །མགྲིན་པར་བཞག་ལ། ཧཱུྃ༔ རྗེ་བཙུན་འཕགས་མ་ཐུགས་རྗེ་ཅན༔ འགག་མེད་གསུང་གི་སྒོ་ཕྱེས་ལ༔ འགག་མེད་རྣམ་གྲོལ་གསུང་གི་དབང༔ སྐལ་ལྡན་ངག་ལ་བསྐུར་དུ་གསོལ༔ ཨཱརྻ་ཏཱ་ར་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཡང་བུམ་པ་རིན་པོ་ཆེའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་བཅོམ་ལྡན་འདས་འཕགས་མ་སྒྲོལ་མ་དངོས་སུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །སྙིང་གར་བཞག་ལ། ཧཱུྃ༔ རྗེ་བཙུན་འཕགས་མ་ཐུགས་རྗེ་ཅན༔ སྤྲོས་བྲལ་ཐུགས་ཀྱི་སྒོ་ཕྱེས་ལ༔ སྤྲོས་མེད་རྡོ་རྗེ་ཐུགས་ཀྱི་དབང༔ སྐལ་ལྡན་སེམས་ལ་བསྐུར་དུ་གསོལ༔ ཨཱརྻ་ཏཱ་ར་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡང་བུམ་པ་རིན་པོ་ཆེའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་རྗེ་བཙུན་བཅོམ་ལྡན་འདས་འཕགས་མ་སྒྲོལ་མ་འཁོར་དང་བཅས་པ་དངོས་སུ་གསལ་བའི་ལྟེ་བའི་ཧྲཱིཿལས་འོད་ཟེར་སེར་པོ་འཕྲོས། ཁྱེད་རང་རྣམས་ཀྱི་ལྟེ་བར་ཐིམ་པས་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །ལྟེ་བར་བཞག་ལ། ཧཱུྃ༔ རྗེ་བཙུན་འཕགས་མ་ཐུགས་རྗེ་ཅན༔ སྐུ་གསུམ་ཡོངས་རྫོགས་སྒོ་ཕྱེས་ལ༔ ཕྲིན་ལས་རྣམ་བཞིས་འགྲོ་འདུལ་དབང༔ སྐལ་ལྡན་ལུས་ངག་ཡིད་ལ་སྐུར༔ ཨཱརྻ་ཏཱ་ར་སརྦ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་དང་བུམ་ཆུ་སྦྱིན། སྔགས་བརྗོད་ལ་ཁྲུས་བྱ། ཐལ་མོ་མེ་ཏོག་དང་བཅས་ཏེ། ཨོཾ་འགྲུབ་པར་གྱུར་ཅིག་སོགས་སྨོན་ལམ་ལན་གསུམ་ལྷན་ཅིག་ཏུ་གདབ། དེས་ནང་སྒྲུབ་འཕགས་མ་སྒྲོལ་མའི་དབང་བསྐུར་ལེགས་པར་གྲུབ་པ་ཡིན་པས་སོགས་མཚམས་སྦྱར་ལ་དམ་ཚིག་བསྒྲག་གཟུང་སོགས་སྤྱི་ལྟར་བྱ། རྗེས་ཀྱི་བྱ་བ་མཆོད་བསྟོད་མདོར་བསྡུས་བྱ། དབྱངས་གསལ་ཡིག་བརྒྱས་ལྷག་ཆད་བསྐང་ཞིང་། བདག་ནི་རྨོངས་པའི་སོགས་ཀྱིས་བཟོད་པར་གསོལ། མདུན་བུམ་གྱི་ཡེ་ཤེས་པ་རྟེན་ལ་གཞུག །དམ་ཚིག་པ་ཨོཾ་ཨཱཿཧཱུྃ་གིས་རང་ལ་བསྡུ་ཞིང་རང་གི་གནས་གསུམ་འབྲུ་གསུམ་གྱིས་མཚན་པར་མོས། བསྔོ་སྨོན་ལན་གསུམ་བརྗོད་ཅིང་ཤིས་བརྗོད་བྱའོ།། ༈ །།གསུམ་པ་གསང་བ་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོ་ལྟར་སྒྲུབ་པའི་དབང་བསྐུར་བ་ལ། སྦྱོར་བ་དཀྱིལ་འཁོར་རྒྱས་པར་གྲུབ་ན་སྒྲུབ་ཐབས་སུ་བཤད་པར་ལྟར་སྒོ་རྫོགས་སུ་བྲི། བསྡུ་ན་མཎྜལ་ལ་དབུས་སུ་ཆོས་འབྱུང་མཐིང་ནག །ཟླ་གམ་གསུམ་དམར། དེ་རྒྱབ་པདྨ་འདབ་བཞི་ཕྱོགས་མདོག་མཚམས་བཞིར་རིན་པོ་ཆེས་སྤྲས་པ་བྲིས་པའི་སྟེང་དུ་རྐང་གསུམ་ལ་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་དང་བཅས་པའི་ཁར་ཐོད་པ་དུམ་བུ་གཅིག་པ་ཆང་དང་བདུད་རྩི་ཆོས་སྨན་གྱིས་བཀང་བའི་ཁར། མེ་ལོང་ལ་སིནྡྷུ་ར་བརྡལ་བ་ལ་ཆོས་འབྱུང་དབུས་སུ་མ། ཆོས་འབྱུང་མཐར་སྙིང་པོ་ཁ་ནང་དུ་བསྟན་པ་བྲིས་པས་བཀབ། དེའི་སྟེང་ཁྲོས་ནག་གི་སྐུ་བརྙན་བྲིས་འབུར་གང་རུང་བཞུགས་སུ་གསོལ། མཐའ་སྐོར་དུ་སྨན་རཀ་གཏོར་གསུམ། ཕྱི་མཆོད་རྣམས་ཀྱིས་བསྐོར། བསྐུལ་པའི་དམར་གཏོར། ལས་བུམ་སོགས་ཀྱང་ཉེ་བར་བསྡོག་གོ །དངོས་གཞི་ལ། སྐྱབས་སེམས་ཕྱི་སྒྲུབ་ལྟར་ལ། འབྱུང་གཏོར་བཏང་བ་སོགས་ཀྱང་སྤྲོ་ན་བྱ། དཀྱུས་ལ་མི་དགོས། མཆོད་པ་བྱིན་བརླབ། དཔྲལ་བར་སིནྡྷུ་རའི་ཐིག་ལེ་བྱས་ལ་རྣལ་འབྱོར་བསྐྱེད་རྫོགས་ལ་གོམས་པས་ཚིག་རིས་གཅིག་གིས་མདུན་བུམ་ཐོད་དཀྱིལ་སོགས་གསལ་འདེབས་ཆོག་ཀྱང་འདིར་དབང་པོ་ཐ་མའི་དབང་དུ་བྱས་ཏེ། ཐོག་མར་ཤཱུནྱ་ཏཱའི་སྔགས་ཀྱིས་སྦྱང་བ་ནས་བཟླས་པ་གྲུབ་ཀྱི་བར་བདག་བསྐྱེད་ཚང་བར་བྱ། དེ་ནས་བུམ་ཐོད་བསང་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུྃ་ལས་བྱུང་བའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་ནང་གཞལ་ཡས་ཁང་དུ་གྱུར་པའི་དབུས་སུ། ཨེ་གྲུ་གསུམ་མེ་དཔུང་དམར་ནག་ཏུ་འབར་བའི་དབུས་སུ་པདྨ་འདབ་བཞི་བམ་རོའི་གདན་གྱི་སྟེང་དུ། སྐད་ཅིག་དྲན་རྫོགས་སོགས་ནས། ཕཊ་དང་ཕེཾ་གྱི་སྒྲ་སྒྲོག་པའི་ཐུགས་ཀར་སངས་རྒྱས་མཁའ་འགྲོ་མ་མཐིང་ནག་གཡས་འཁོར་ལོའི་གྲི་གུག །ཤར་དུ་རྡོ་རྗེ་མཁའ་འགྲོ་མ་དཀར་མོ་གཡས་རྡོ་རྗེའི་གྲི་གུག །ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ་གཡས་རིན་ཆེན་གྲི་གུག །ནུབ་ཏུ་པདྨ་མཁའ་འགྲོ་མ་དམར་མོ་གཡས་པདྨའི་གྲི་གུག །བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་གུ་གཡས་རྒྱ་གྲམ་གྲི་གུག །གཡོན་ཐམས་ཅད་ཐོད་ཁྲག་བསྣམས་ཤིང་རྒྱན་ཆ་ལུགས་གཙོ་མོ་དང་མཚུངས་པའོ། །ཐོད་པ་རང་བྱུང་གི་ཕོ་བྲང་དང་མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་དུ་པདྨ་འདབ་བཞིའི་དབུས་སུ་སངས་རྒྱས་མཁའ་འགྲོ་མ་མཐིང་ནག༔ མདུན་དུ་རྡོ་རྗེ་མཁའ་འགྲོ་སོགས་གཞུང་ལྟར་བསྐྱེད་ཅིང་ཡེ་ཤེས་པ་བཅུག་ལ། ཡེ་ཤེས་ལྔའི་དབང་བསྐུར༔བར་གྱུར་བར། ཕྱི་སྒྲུབ་ལྟར་ཚིག་ཅུང་ཟད་ཁ་བསྒྱུར་ལ་མཆོད་པ་དང་། གསང་སྒྲུབ་རང་གི་བསྟོད་པ་མགོ་མཇུག་ཤོ་ལོ་ཀ་གཉིས་ཀྱིས་བསྟོད། རང་སྲོག་སྔགས་ཀྱི་སོགས་འཕྲོ་འདུ་བཅས་གཟུངས་ཐག་འཇུས་ལ་བཟླས་པ་ཅི་འགྲུབ་བྱ། དེ་ནས་གཏོར་མ་བྱིན་རླབས་ནང་སྒྲུབ་ལྟར་བྱས་ལ། གཞུང་གི་གཏོར་འབུལ་བསྟོད་བསྐུལ་རྫོགས་ཀྱི་བར་བྱས། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས། བུམ་པའི་ལྷ་འོད་དུ་ཞུ་ནས་རྡོ་རྗེ་བདུད་རྩིའི་ཆུར་གྱུར། ལས་བུམ་བསྐྱེད་བཟླས་དང་རིག་པའི་མེ་ཏོག་དོར་རོ། །དེ་ནས་སློབ་མ་རྣམས་ཁྲུས་བྱ། སྔ་མ་གཉིས་དང་ཞག་གིས་ཆོད་ན་འབྱུང་གཏོར་བཀའ་བསྒོ་མཚམས་གཅོད་བྱ། སེམས་བསྐྱེད་གསལ་བཏབ་ལ། དེའང་གཞུང་ལས། ཡེ་ཤེས་མཁའ་འགྲོ་གསང་བར་སྒྲུབ་པའི་ཐབས༔ གཅིག་ཆོག་ཡང་གསང་སྙིང་གི་ཡང་ཞུན་འདི༔ མཚོ་རྒྱལ་བདག་གིས་མི་ལོ་ཉེར་ལྔའི་ཚེ༔ ཏི་སྒྲོའི་བྲག་ཏུ་མཁའ་འགྲོའི་ལུང་བསྟན་བྱུང༔ རྒྱལ་བ་ཀུན་གྱི་སྤྲུལ་སྐུ་ཨོ་རྒྱན་ལ༔ མཁའ་འགྲོའི་སྒྲུབ་ཐབས་དཔག་ཏུ་མེད་པ་ཞུས༔ ཏི་སྒྲོ་མཆིམས་ཕུ་ལྡང་ལྷ་སྦར་རྗེས་དང༔ མཁར་ཆུ་དང་ནི་སྟག་ཚང་ལ་སོགས་སུ༔ མཁའ་འགྲོའི་སྒྲུབ་སྐོར་དཔག་ཏུ་མེད་པ་སྦས༔ འོན་ཀྱང་ཟབ་འདྲིལ་སྙིང་ཁྲག་ལྟ་བུ་འདི༔ གནམ་སྐས་བྲག་ལ་གཅེས་པར་བཙས་ཏེ་སྦས༔ ལན་གཅིག་ཕྱི་མར་འགྱུར་བའི་དུས་ཀྱི་ཚེ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་ནས་ཀྱང༔ འགྲོ་དོན་མཐའ་རྒྱས་དངོས་གྲུབ་མཆོག་ཐོབ་འགྱུར༔ ཞེས་གསུངས་པ་ལྟར་ཡེ་ཤེས་མཁའ་འགྲོ་གསང་བ་ལྟར་ཁྲོས་མ་ནག་མོ་ལྷ་ལྔར་སྒྲུབ་པའི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་གདབ་ནས་སེམས་བསྐྱེད་བར་ཕྱི་སྒྲུབ་ལྟར་བྱ། དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་ལུས་ངག་ཡིད་གསུམ་གྱི་གནད་བཅིང་སྟེ་དམིགས་པ་འདི་བཞིན་དུ་མཛོད། སྟོང་པའི་ངང་ལས་ས་ཕྱོགས་དུར་ཁྲོད་ཆེན་པོ་སོགས་མངོན་རྟོགས་ལྟར་ལས། ཧཱུྃ་ལས་ཁྱེད་རང་རྣམས་ཕག་མོ་ཁྲོས་མ་སོགས་ནས། ཕེཾ་གྱི་སྒྲ་སྒྲོག་པར་གསལ་བའི་སྙིང་གར་ཕག་མོ་མཐིང་ནག་ནས་འབྲས་ཙམ་པ། དེ་ལས་འོད་འཕྲོས་པས་འོག་མིན་མཁའ་སྤྱོད་ཀྱི་ཞིང་ཁམས་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་སྔགས་སྒྲ་ཏི་རི་རི་བྱོན་ཏེ་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །ཤ་ཆེན་བསྲེག །ཌཱ་དྲིལ་འཁྲོལ། རྩ་སྔགས་ཤམ་དུ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་མང་དུ་བཟླས་ལ་བྱིན་དབབ་བོ། །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་ཡེ་ཤེས་ཀྱི་དཀྱིལ་འཁོར་ནམ་མཁའ་གང་བར་སྤྱན་དྲངས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་བུམ་པའི་དབང་བསྐུར་བར་མོས་ཤིག །རྣམ་བུམ་ཐོགས་ལ། ཧཱུྃ༔ བུམ་པས་དབང་བསྐུར་རིགས་ལྔ་ཡེ་ཤེས་ལྔ༔ སྤྱི་བོར་བཞག་པས་དབང་རྫོགས་མཆོག་གྱུར་ཏེ༔ ལུས་ངག་ཡིད་གསུམ་སྒྲིབ་པ་ཀུན་བྱང་ནས༔ སྐུ་ལྔ་ཡོངས་རྫོགས་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་ཤམ་བུར། ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་གནས་བཞིར་གཏུགས། སླར་ཡང་རྩ་སྔགས་ཤམ་བུར། སྤྱི་བོར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ༔ ལྟེ་བར་ཧྲཱིཿབཏགས་ལ་བཞག །བུམ་ཆུ་སྤྱི་བོར་བླུག །དེ་ལྟར་དབང་བསྐུར་ཞིང་ཁྲུས་བྱས་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག །རིགས་ལྔ་ཡེ་ཤེས་ལྔའི་དབང་ཐོབ། བུམ་ཆུ་བླུད་པས་དབང་རྟགས་སུ་མི་བསྐྱོད་པས་དབུ་བརྒྱན་པར་མོས་ཤིག །ཐོད་པའི་དབང་བསྐུར་ཏེ། ཧཱུྃ༔ མཚན་ལྡན་ཐོད་པ་ཡེ་ཤེས་ཀ་པཱ་ལར༔ བདུད་རྩི་ལྔ་ལྡན་མཁའ་འགྲོ་རིགས་ལྔའི་རྫས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཁའ་འགྲོ་སྐུ་ལྔ་དབང་དུ་སྡུད་པར་ཤོག༔ པཉྩ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ ཐོད་པའི་ལྷ་མཁའ་འགྲོ་སྐུ་ལྔ་ལུས་ལ་ཐིམ། རྩ་ཁམས་བདུད་རྩིས་གང་། བདེ་བའི་ཉམས་སྐྱེས་པར་མོས་ཤིག །མེ་ལོང་གནས་བཞིར་བཞག་སྟེ། ཧཱུྃ༔ དག་ཅིང་གསལ་ལ་དྲི་མ་མེད༔ སྣང་ལ་རང་བཞིན་མེད་པ་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ སིནྡྷུ་ར་སྙིང་གར་བྱུག །འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྣང་ལ་རང་བཞིན་མ་གྲུབ་པ་གསལ་སྟོང་རང་རིག་པའི་ཡེ་ཤེས་སུ་ངོ་ཤེས་པར་གྱིས་ཤིག །སྐུ་བརྙན་མཁའ་འགྲོ་ཁྲོས་མ་ནག་མོ་དངོས་སུ་གསལ་བ་ཁྱེད་རང་རྣམས་ལ་ཐིམ་པས་ཆོས་ཉིད་འོད་གསལ་གྱི་རྟོགས་པ་རྒྱུད་ལ་སྐྱེས་ཏེ། ལྷའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་དབྱེར་མི་ཕྱེད་པར་དབང་བཞི་རྩལ་རྫོགས་སུ་ཐོབ་བྱུང་སྙམ་པ་གྱིས་ཤིག །སྐུ་སྤྱི་བོར་བཞག་ལ་རྩ་སྔགས་མང་དུ་བཟླ། འདི་ལྟར་རང་སེམས་ངོ་བོ་སྟོང་པ་ཆོས་སྐུ །རང་བཞིན་གསལ་བ་ལོངས་སྐུ །རྩལ་སྣང་འགག་མེད་དུ་འཆར་བ་སྤྲུལ་པའི་སྐུ་སྟེ། དེ་གསུམ་དབྱེར་མི་ཕྱེད་པ་ངོ་བོ་ཉིད་ཀྱི་ཀློང་དུ་མཉམ་པར་འཇོག་འཚལ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལྷ་དབང་ལུས་ལ་བསྐུར་བ་ཡིས༔ ཁྲོས་མ་ནག་མོའི་སྐུར་གྱུར་ནས༔ རྡོ་རྗེ་འཛིན་པའི་ས་ཐོབ་ཤོག༔ གསང་དབང་ངག་ལ་བསྐུར་བ་ཡིས༔ བསྙེན་སྒྲུབ་ལས་སྦྱོར་མཐར་ཕྱིན་ནས༔ ཕྲིན་ལས་རྣམ་བཞི་མཐར་ཕྱིན་ཤོག༔ ཐུགས་དབང་སེམས་ལ་ངོ་སྤྲད་ནས༔ སྤྲོས་མེད་རྟོགས་པ་མངོན་གྱུར་ཏེ༔ སྐུ་གསུམ་མངོན་དུ་གྱུར་པར་ཤོག༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལྷ་དབང་མ་ལུས་ཡོངས་རྫོགས་ནས༔ སྐུ་གསུམ་བྱིན་རླབས་འཇུག་གྱུར་ནས༔ དབང་བཞི་མངོན་གྱུར་ལྷུན་གྲུབ་ཤོག༔ ཅེས་དང་ཤིས་བརྗོད་ཅི་རིགས་བྱ། དེ་དག་གིས་ཡང་ཟབ་གསང་བའི་བྱིན་རླབས་ལེགས་པར་གྲུབ་པ་ཡིན་པས་སྤྱི་དང་ཁྱད་པར་གྱིས་བསྡུས་པའི་དམ་ཚིག་བསྲུང་སྙམ་པས་འདིའི་རྗེས་ཟློས་སོགས་མཚམས་སྦྱར་ལ། དམ་ཚིག་བཟུང་བ་དང་གཏང་རག་སོགས་སྤྱི་ལྟར་བྱ། རྗེས་སྤྲོ་ཞིང་ནུས་ན་རྟ་མགྲིན་གསང་འདུས་ལས་འབྱུང་བ་ལྟ་བུའི་ཚོགས་འཁོར། གཏེར་སྲུང་གཏོར་འབུལ་སོགས་བྱ། དཀྱུས་སུ་བདག་བསྐྱེད་ལ་དམིགས་པའི་མཆོད་བསྟོད་ནོངས་བཤགས་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་སྤྱི་འགྲེ་བྱས་པས་གྲུབ་བོ། །གདམས་ངག་ཉམས་འོག་ཆུད་ན་ཉུང་ཡང་ཆོག །ཉམས་སུ་མི་ལོན་ཡིག་ཚོགས་མང་བས་ཅི། །དེ་ཕྱིར་ཡང་ཟབ་ཌཱ་ཀིའི་ཐུགས་བཅུད་འདི། །བཏང་སྙོམས་བཞག་ཕངས་མི་འབྲལ་གཡར་དམ་འཚལ། །བོད་ཁམས་བུ་ལྟར་སྐྱོང་བའི་མ། །ཡེ་ཤེས་མཁའ་འགྲོ་དྲིན་མོ་ཆེ། །སྒྲུབ་ཐབས་སྙིང་པོ་འདིར་བརྟེན་ནས། །གྲུབ་གཉིས་བདེ་བླག་བྱེད་པར་ཤོག །ཅེས་པའང་ཟབ་ཆོས་འདིའི་ཞབས་ཏོག་ཏུ་འདུན་པའི་ལྷག་བློས་བླ་མའི་ཕྱག་རྒྱུན་དང་རང་གཞུང་གི་དགོངས་པ་ཇི་ལྟ་བར་ཟིན་ཐོའི་ཚུལ་དུ་པདྨ་གར་དབང་བདེ་བའི་རྡོ་རྗེས་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊིའི་དགའ་ཚལ་དུ་བསྡེབས་པ་དགེ་ལེགས་འཕེལ།། །།
དམ་ཆོས་ཀློང་གསལ་སྙིང་ཐིག་ལས་བསྐྱེད་རིམ་དང་འབྲེལ་བའི་དབང་བསྐུར་རྣམ་གསུམ་ཇི་ལྟར་བྱ་བའི་ཡི་གེ་ཐབས་ཤེས་བཅུད་ཀྱི་སྙིང་པོ་ (Volume 57, Text 7)
༄༅། །དམ་ཆོས་ཀློང་གསལ་སྙིང་ཐིག་ལས་བསྐྱེད་རིམ་དང་འབྲེལ་བའི་དབང་བསྐུར་རྣམ་གསུམ་ཇི་ལྟར་བྱ་བའི་ཡི་གེ་ཐབས་ཤེས་བཅུད་ཀྱི་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨ་དྷི་དེ་བཱ་ཡ། སངས་རྒྱས་ཡེ་ཤེས་སྙིང་པོའི་བཅུད། ཁྱབ་བདག་རྡོ་རྗེའི་སྐུར་སྣང་བ། །པདྨ་ཀུན་ཏུ་འཆང་ཆེན་པོ། །སྒོ་གསུམ་དྭངས་མའི་ཐིག་ལེར་བཞུགས། །ཚེ་གཅིག་ཐར་པ་དོན་གཉེར་རྣམས། །ཡིད་བཞིན་ནོར་བུ་ལྟ་བུ་ཡི། །སྨིན་བྱེད་རྒྱ་མཚོའི་སྙིང་པོ་འདིར། །ཞུགས་ཤིག་གཞན་དག་ཚིག་ཚོགས་སོ། །ཟབ་ཆོས་ཀློང་གསལ་སྙིང་གི་ཐིག་ལེའི་བསྐྱེད་རིམ་གྱི་རྣལ་འབྱོར་དང་འབྲེལ་བའི་སྨིན་བྱེད་སྒྲུབ་ཐབས་གསུམ་གྱི་དབང་བསྐུར་བའི་རིམ་པ་དགོད་པའི། དང་པོ་བླ་མའི་གཏོར་དབང་ཡིད་བཞིན་ནོར་བུ་ལ། སྦྱོར་བ་སྐུ་གསུང་ཐུགས་ཀྱི་རྟེན་སྤྱི་དང་། བྱེ་བྲག་སྐུ་རྟེན་གསུམ་གྱི་དབང་བསྐུར་བའི་དོན་དུ། བླ་མ། རྟ་མགྲིན། ཚེ་དཔག་མེད་གསུམ་གྱི་སྐུ་རབ་གཏེར་བྱོན། མ་འབྱོར་ན་བྲིས་འབུར་གང་རིགས་རབ་གནས་དང་ལྡན་པ་བཀྲམ་པའི་མདུན་དུ་སྟེགས་གཙང་མ་ལ་དཀྱིལ་འཁོར་དབུས་སུ་པདྨ་འདབ་བཞི་ཕྱོགས་མདོག་ལྟེ་བ་མཐིང་ག དེ་རྒྱབ་མུ་ཁྱུད་དཀར་དམར་མཐིང་གསུམ། དེ་རྒྱབ་རིན་ཆེན་ཟུར་བརྒྱད་སྔོན་པོ་མུ་ཏིག་ཕྲེང་བས་སྦྲེལ་བ། དེ་རྒྱབ་འདབ་བཞི་རིན་པོ་ཆེས་སྤྲས་པ། དེ་རྒྱབ་པད་འདབ་བཅུ་དྲུག་ཕྱོགས་མདོག་དང་མཛེས་ཚོན་སྤེལ་བ། དེ་རྒྱབ་རྩིག་པ་དང་སྒོ་སོགས་ཞི་དཀྱིལ་སྤྱི་མཐུན་དུ་བཞེངས། མ་འབྱོར་ན་མཎྜལ་ལ་དྲིའི་ཐིག་ལེ་ལྷ་གྲངས་བཀོད་པ་ལ་འབྲུའི་ཚོམ་བུ་བཀོད་པས་རུང་སྟེ་གཞུང་དངོས་ནས་གསུངས་སོ། །དེ་དབུས་ཁྲིའུ་ལ་གཏོར་མ་རིན་ཆེན་འབར་བ་བླ་མ་གསང་འདུས་ལྟར་རམ་གཏོར་དབང་ནོར་བུའི་སྙིང་པོ་ནས་བཤད་པ་ལྟར་གང་བདེར་བྱས་ལ་བཀོད། གཡས་གཡོན་དུ་སྨན་རཀ །མདུན་དུ་ཕྱི་མཆོད། ལས་བུམ། ཚོགས་དང་མཆོད་གཏོར་སོགས་འདུ་བྱ། འབྱོར་ཞིང་སྤྲོས་པ་ལ་དགའ་ན་གནམ་སའི་རྒྱན་མདའ་དར་རལ་གྲི་ལ་སོགས་པས་ཀྱང་བརྒྱན་པར་བྱའོ།། །།དངོས་གཞིའི་ཐོག་མར་བདག་བསྐྱེད་སྒྲུབ་ཐབས་གསུམ་གྱི་སྟ་གོན་གང་དང་འབྲེལ་བ་ཉིད་བྱ་དགོས་པས། བླ་མའི་གཏོར་དབང་འདི་ཉིད་དང་གསུམ་གའི་སྟ་གོན་ཆབས་ཅིག་ཏུ་བྱེད་པའི་ཚེ་ཆོས་སྡེ་འདི་ནས་འབྱུང་བའི་ཐོད་ཕྲེང་རྩལ་གྱི་གསང་སྒྲུབ་བམ། གུ་རུ་དྲག་པོའི་སྙན་བརྒྱུད་ཡིད་བཞིན་ནོར་བུའི་འདོན་འགྲིགས་ཆགས་མེད་ཞབས་ཀྱིས་མཛད་པ་ལྟ་བུ་མདོར་བསྡུས་ཤིག་གི་བསྐྱེད་བཟླས་བྱ། དེ་ནས་ལས་བུམ་བསྐྱེད་བཟླས་གཏོར་དབང་ནོར་བུའི་སྙིང་པོར་བཤད་པ་ལྟར་བྱ་བ་ནས། སློབ་མ་སྟ་གོན་ནི་རྫས་རྣམས་འདུ་བྱས་ཏེ། ཡིག་བརྒྱ་བཟླ་ཞིང་ཁྲུས་དང་། ཕྲིན་ལས་ལྟར་བགེགས་གཏོར་བཏང་ལ་བཀའ་བསྒོ་མཚམས་གཅོད་སྲུང་འཁོར་གྲུབ་པ་དང་། སེམས་བསྐྱེད་གསལ་བཏབ་ལ། དེའང་དང་པོའི་སངས་རྒྱས་འོད་མི་འགྱུར་བ་ཆེན་པོ་ཨོ་རྒྱན་གྱི་སློབ་དཔོན་མཚོ་ལས་སྐྱེས་པའི་རྡོ་རྗེའི་སྐུར་སྣང་བ་དེ་ཉིད་ཀྱིས། རྒྱལ་བ་སྐུ་གསུམ་གྱི་ཞིང་དང་སྐུ་དང་ཆོས་སྒོ་རབ་འབྱམས་རྒྱ་མཚོའི་སྤྲིན་བཀོད་པའི་རྣམ་ཐར་འབྱམས་ཀླས་ཤིང་བརྗོད་དུ་མེད་པ་ལས། ཚུར་མཐོང་གདུལ་བྱ་ཉི་ཚེ་བའི་སྣང་ངོར་འཕོ་བ་ཆེན་པོའི་སྐུ་བརྙེས་པའི་མཁས་པ་ཤྲཱི་སིཾ་ཧ་ལས་འོད་གསལ་རྡོ་རྗེ་སྙིང་པོའི་རྟོགས་པའི་རྩལ་ཆེན་རྫོགས་པའི་ཚུལ་བསྟན་ཏེ། རྫོགས་ཆེན་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་ཡང་སྙིང་རྒྱུད་ཆེན་བཅུ་བདུན་དང་། ཁྱད་པར་མ་རྒྱུད་ཀློང་གསལ་ཉི་མ། སྒྲོན་མ་འབར་བ་ལ་སོགས་པའི་རྒྱུད་དང་མན་ངག་ཉམས་མྱོང་གི་སྙིང་པོ་གཅིག་ཏུ་དྲིལ་ནས་མཁའ་འགྲོ་སྙིང་ཐིག་ལ་སོགས་པ་ཡང་ཟབ་སྙིང་ཐིག་སྐོར་གསུམ་དུ་མཛད། བོད་ཡུལ་དུ་ཞབས་བཀོད་པའི་སྐབས་སུ་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་རྣམས་པཎྜའི་ཏ་ཆེན་པོ་བི་མ་ལ་མི་ཏྲས་བསྟན་པའི་དུས་ལ་བབས་པར་གཟིགས་ནས། སྐལ་ལྡན་རེ་རེ་ཙམ་ལ་མནོག་ཆོས་སུ་བསྩལ་པ་ཙམ་ལས་མ་སྤེལ་བར་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་གྱིས་གཏེར་དུ་སྦས་པ་ལ། སྐབས་སུ་བབས་པ་འདི་ནི་བོད་ཡུལ་དུ་སྦས་པའི་གཏེར་ཁ་བྱེ་བའི་ཡང་ཟབ་ཁོང་སྙིང་ལྟ་བུ་རྒྱལ་པོའི་བླ་གཏེར་བརྒྱ་རྩ། དེའི་ཡང་བཅུད་གུ་རུའི་ཐུགས་གཏེར་བརྒྱ་རྩ། དེའི་ཡང་ཟབ་མཁའ་འགྲོའི་ཟབ་གཏེར་ཉེར་ལྔ་དང་བཅུད་བསྡུས་ཐུགས་གཏེར་ཆེན་པོ་ལྔ་རུ་བཞུགས་པ་ལས། མཁའ་འགྲོའི་ཟབ་གཏེར་ཉེར་ལྔའི་ནང་ནས་སྐུ་གསུམ་ཡོངས་རྫོགས་ཀྱི་ཐུགས་གཏེར་ཟབ་ཅིང་ཁྱད་པར་དུ་འཕགས་པ་སྟེ། གཞུང་ལས། ཀློང་གསལ་སྙིང་ཐིག་རྫོགས་ཆེན་ཀུན་གྱི་བཅུད༔ འདི་ལས་ཟབ་པ་གཏེར་དུ་སྦས་པ་མེད༔ ཅེས་དང་། འདི་ནི་བརྒྱུད་འཛིན་སུ་དང་སུས་སྒྲུབ་ཀྱང༔ བརྩེ་བའི་བུ་ལ་མ་ལྟར་པདྨ་ངས༔ འབྲལ་མེད་ཐུགས་རྗེས་ཉེ་བར་དགོངས་ནས་ཀྱང༔ འབྲལ་མེད་ཐུགས་རྗེས་རྟག་ཏུ་སྐྱོང་བྱེད་ཅིང༔ བདེ་ཆེན་གནས་སུ་ལམ་སྣ་མི་འདྲེན་རེ༔ ཞེས་སོགས་རྡོ་རྗེའི་གསུང་གིས་བསྔགས་པའི་ཟབ་ཆོས། སྤྲུལ་པའི་གཏེར་ཆེན་རཏྣ་གླིང་པས་མོན་བོད་ས་མཚམས་གུང་ཐང་མཁར་ནས་སྐུ་རྟེན་རྣམ་གསུམ་དང་ལྷན་ཅིག་སྤྱན་དྲངས་པ་སྟེ། འདི་ལ་ཐེམ་ཡིག་སྐོར་གསུམ། ཀློང་གསལ་སྐོར་གསུམ། བཀའ་སྲུང་སྐོར་གསུམ། ཐེམ་མེད་སྐོར་རྣམས་སུ་བཞུགས་པ་ལས། ད་ལམ་ཀློང་གསལ་སྐོར་དང་པོ་བསྐྱེད་རིམ་དང་འབྲེལ་པ་སྒྲུབ་ཐབས་སྐོར་གསུམ་གྱི་སྨིན་བྱེད་བགྱི་བ་སྟེ། དེ་ལའང་སྟ་གོན་དང་དངོས་གཞི་གཉིས་སུ་ཡོད་པའི་ཐོག་མར་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ། ཞེས་མཎྜལ་འབུལ་དུ་གཞུག །དེ་ནས་ཐོག་མར་རྒྱུད་སྡོམ་པ་དང་ལྡན་པར་བྱ་བའི་སླད་དུ་མོས་པ་འདི་བཞིན་དུ་མཛོད། མདུན་གྱི་ནམ་མཁར་རྩ་བ་གསུམ་གྱི་དཀྱིལ་འཁོར་ལ་རྒྱལ་བ་སྲས་བཅས་དམ་ཅན་སྲུང་མ་དང་བཅས་པས་བསྐོར་ཏེ་བཞུགས་པར་མོས་ལ་ཐེག་པ་ཆེན་པོའི་ཚུལ་ལུགས་ལྡན་པས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ན་མོ་ བླ་མ་ཡི་དམ་མཁའ་འགྲོ་དང༔ སངས་རྒྱས་ཆོས་དང་དགེ་འདུན་སོགས༔ སྐྱབས་འོས་མཆོད་འོས་ཐམས་ཅད་ལ༔ འདི་ནས་གཟུང་སྟེ་བྱང་ཆུབ་བར༔ བདག་སོགས་འགྲོ་བ་མ་ལུས་པ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ལན་གསུམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་འཐོབ་པར་འདོད་པའི་འདུན་པས་སྨོན་པ་སེམས་བསྐྱེད་འདིའི་རྗེས་ཟློས། བླ་མ་ཡི་དམ་མཁའ་འགྲོ་དགོངས༔ བདག་གིས་འགྲོ་བ་ཀུན་དོན་དུ༔ བྱང་ཆུབ་སེམས་མཆོག་རིན་པོ་ཆེ༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ ལན་གསུམ། སངས་རྒྱས་འཐོབ་པའི་ཕྱིར་དུ་བྱང་ཆུབ་ཀྱི་སྤྱོད་པ་ལ་སློབ་པའི་འདུན་པས་འཇུག་པ་སེམས་བསྐྱེད་འདིའི་རྗེས་ཟློས། བླ་མ་ཡི་དམ་མཁའ་འགྲོ་དགོངས༔ བདག་གི་ལུས་ངག་ཡིད་གསུམ་གྱིས༔ འགྲོ་བ་སེམས་ཅན་དོན་གྱི་ཕྱིར༔ སྲིད་མཚོ་སྒྲོལ་བར་དམ་བཅའ་འོ༔ ལན་གསུམ་བྱའོ། །སོ་ཤིང་ར་བ་མཎྜལ་ལ་ཚོམ་བུ་ལྔ་བཀོད་པ་བཞག་ཅིང་སོ་ཤིང་གཏད་ལ། དངོས་གྲུབ་ཀྱི་ལྟས་བརྟག་པའི་ཕྱིར་དུ་སོ་ཤིང་འདི་ཉིད་རྗེས་ཟློས་དང་བཅས་འདོར་བ་ཞུ། བླ་མ་ཡི་དམ་མཁའ་འགྲོ་ཡིས༔ བདག་ལ་བཀྲ་ཤིས་དགེ་བ་ཡི༔ རྟགས་དང་དངོས་གྲུབ་བཟང་པོ་སྟོན༔ ཅེས་འདོར་དུ་གཞུག །སོ་ཤིང་རྩེ་མོ་ཤར་དུ་བསྟན་ན་ཞི་བ། ལྷོར་རྒྱས་པ། ནུབ་ཏུ་དབང་། བྱང་དུ་དྲག་པོ། དབུས་སུ་ལས་ཐམས་ཅད་པ་འགྲུབ་ཅིང་ལྷའི་རིགས་ཀྱི་འབྲེལ་པའང་དེ་དང་མཐུན་པ་ཡིན་ལ། མཚམས་སུ་ལས་ཕྲན་ཚེགས་འགྲུབ་པར་གསུངས་སོ། །སྲུང་སྐུད་ཁ་དོག་སྣ་ལྔར་འབྲུ་གསུམ་བཟླས་པས་མདུད་པ་བཏབ་ལ། ཧཱུྃ༔ སྐུ་གསུམ་མི་འགྱུར་རྡོ་རྗེ་ཡིས༔ ཕྲིན་ལས་བཞི་ཡི་རྒྱས་བཏབ་བོ༔ བར་ཆད་བདུད་ལས་རྒྱལ་བར་ཤོག༔ ཅེས་དཔུང་པ་གཡོན་པར་བཅིངས་ལ། ཨོཾ་བཛྲ་ཡཀྵ་ཧཱུྃ༔དང་རྡོ་རྗེའི་རྒྱས་གདབ་བོ། །ཀུ་ཤའི་ཕོན་པོ་ཆེ་ཆུང་འབྲུ་གསུམ་གྱིས་བྱིན་བརླབ་ཕྱག་རྒྱ་བསྣོལ་མས་ལག་གཡས་གཡོན་དུ་སྟེར་ལ། རྗེས་སུ་གནང་བའི་ཀུ་ཤ་ནི༔ རྟེན་འབྲེལ་གསུམ་དང་ལྡན་པའི་ཕྱིར༔ བར་ཆད་བདུད་ལས་རྒྱལ་བ་དང༔ རྟགས་དང་མཚན་མ་སྟོན་ཕྱིར་སྦྱིན༔ དེ་ལྟར་བྱིན་པའི་ཀུ་ཤ་ཆེ་བ་སྟན་དང་ཆུང་བ་སྔས་ཀྱི་དོན་དུ་ཟུངས་ཤིག །རྡོ་རྗེ་དང་བཅས་པས་བདུད་རྩིའི་ཐིག་ལེ་གནས་གསུམ་དུ་བཀོད་ལ། ཨོཾ་ཨཱཿཧཱུྃ༔ ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་པའི་མོས་པ་མཛོད། དེས་སྟ་གོན་གྱི་ཆོས་རྣམས་གྲུབ་པ་ལགས། དགེ་བསྔོ་བྱས་ལ་སློབ་མ་གྱེས་སོ།། ༈ །།དེ་ནས་བླ་མའི་ལས་བྱང་རཏྣ་ལུགས་ཀྱི་ཐུགས་སྒྲུབ་བམ། མི་འགྲུབ་ན་གསང་འདུས་ལེའུ་བརྒྱད་མའི་སྔོན་གཏོར་ནས་བརྩམ་བདག་མདུན་ཆབས་ཅིག་ཏུ་བསྒྲུབ་ཅིང་། ལེ་བརྒྱད་ལྟར་ན་བསྟོད་བསྐུལ་ཡན་དང་། ཐུགས་སྒྲུབ་ལྟར་ན་ཚོགས་ཐ་མའི་བསྒྲལ་བསྟབ་ཡན་གྲུབ་པ་དང་། བྱིན་རླབས་ཆུ་རྒྱུན་གཅིག་མའམ་རིག་པའི་མེ་ཏོག་དོར་བ་གང་བདེས་བདག་ཉིད་ནུས་ལྡན་དུ་བྱ། དེ་ནས་སློབ་མ་རྣམས་ཁྲུས་ནས་དབྱུང་། ལས་ཀྱི་རྡོ་རྗེས་ཁྲིད་དེ་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་དང་ཤར་སྒོ་ནས་ཕྱག་ལན་གསུམ་བྱས་པར་མོས་ལ་ཕྱག་འཚོལ་ཅིག །ཨོཾ་ཨཱཿཧཱུྃ་གིས་མིག་དར་སྦྱིན། སེམས་བསྐྱེད་གསལ་བཏབ་ལ། དེ་ལ་ཐེག་དགུའི་ཡང་རྩེ་འོད་གསལ་རྫོགས་པ་ཆེན་པོ་ནི་བློས་བྱས་ཡིད་དཔྱོད་ཀྱི་འཕྲང་ལས་གྲོལ་བའི་མངོན་སུམ་ལམ་བྱེད་ཀྱི་རྣལ་འབྱོར་ཡིན་པའི་ཕྱིར། མཚན་བཅས་ཀྱི་བསྙེན་རྫོགས་ལ་གཙོ་བོར་མི་མཛད་ཀྱང་། སྤྱིར་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་ནི་རིམ་པ་གཉིས་སུ་འདུ་ཞིང་། དེའི་ཡང་ཐོག་མར་བསྐྱེད་རིམ་སྔོན་དུ་འགྲོ་དགོས་པ་ལ་དགོངས་ནས། འདིར་གང་ཟག་བློ་དམན་གྱི་འཇུག་སྒོར་ལམ་གྱི་ཆ་ལག་ཚང་བའི་ཕྱིར་དུ་བསྐྱེད་རིམ་གྱི་སྐོར་ཟབ་འདྲིལ་གནད་དུ་བསྡུས་པར་བསྟན་པའི་སྨིན་བྱེད་ཀྱི་ཐོག་མར། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མའི་གཏོར་དབང་ཡིད་བཞིན་ནོར་བུ་བགྱི་བ་ཡིན་པས་སྐུ་ཡོན་དུ་མཎྜལ་འབུལ་འཚལ། ཞེས་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་ལྡན་པས་གསོལ་བ་འདེབས་པའི་རྗེས་ཟློས། ཀྱེ༔ བླ་མ་སངས་རྒྱས་ཀུན་ཏུ་བཟང༔ དཀྱིལ་འཁོར་ཀུན་གྱི་མངའ་བདག་ལ༔ བདག་ཅག་སྨིན་པར་གསོལ་བ་འདེབས༔ མགོན་པོས་རྗེས་སུ་གཟུང་དུ་གསོལ༔ ལན་གསུམ། ཞེས་ཞུས་པ་ལ། ཁྱེད་སུ་གཙོ་བོར་དོན་གཉེར་གང༔ གསང་བ་བླ་མའི་དབང་ཞུ་ན༔ གསང་སྔགས་དམ་ཚིག་ཚུལ་བཞིན་དུ༔ བཀའ་བཞིན་བསྒྲུབ་པར་ནུས་ལགས་སམ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། མགོན་པོ་ཁྱོད་ཀྱི་བཀའ་བཞིན་དུ༔ བདག་ཅག་སྡོམ་པ་ལེགས་པར་འཛིན༔ བཀའ་ལས་འདའ་བར་མི་བགྱིད་དེ༔ ཚུལ་བཞིན་བསྒྲུབ་པར་ཤིན་ཏུ་སྤྲོ༔ ཞེས་ཞུ། བླ་མས་གནང་བ་སྦྱིན་ཏེ༔ ཀྱེ༔ སྐལ་བཟང་ཁྱེད་རྣམས་ལས་འཕྲོ་ལྡན༔ འདི་ནི་གསང་ཆེན་བླ་མའི་དབང༔ སྔོན་ཆད་འཇིག་རྟེན་མ་གྲགས་ཏེ༔ དུས་འདིར་བདག་གིས་སྨིན་པར་བྱ༔ ཞེས་གནང་བ་སྦྱིན། ཐུགས་སྒྲུབ་ལུགས་ལྟར་སྟ་གོན་མི་བྱེད་པའི་གཏོར་དབང་ཁ་རྐྱང་གུད་དུ་བསྐུར་ན་སྐབས་འདིར་གོང་སྨྲོས་སྐྱབས་སེམས་འདིར་སྦྱར། སྟ་གོན་དང་སྦྲེལ་སྐབས་དེ་དག་མི་དགོས་སོ། །ད་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གཞུག་པའི་སྔོན་འགྲོར་དམ་ལ་གཞག་པ་བཞི་པོ་རིམ་པར་འབྱུང་པ་ལ་སྙན་གཏོད་འཚལ། རྡོ་རྗེ་སྤྱི་བོར་བཞག་ལ༔ ཧཱུྃ༔ མི་འགྱུར་གསང་བ་མཆོག་གི་ནི༔ རྡོ་རྗེའི་སྐུ་ནི་ཁྱོད་ཐོབ་འགྱུར༔ འདི་ནི་ཁྱོད་ཀྱི་དམ་ཚིག་སྟེ༔ བུ་ཁྱོད་ཚུལ་བཞིན་གནས་པར་མཛོད༔ ས་མ་ཡ་ཨི་དན་ཧཱུྃ༔ སྙིང་གར་གཏུགས་ཏེ༔ ཧཱུྃ༔ དེ་རིང་བླ་མ་ཀུན་ཏུ་བཟང༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ ཚུལ་འདི་གཞན་ལ་སྨྲས་པ་ན༔ ཁྱོད་ཉིད་ཉམས་ཏེ་ལྟུང་བར་འགྱུར༔ དེ་ཕྱིར་ཁྱོད་ཀྱིས་ཤིན་ཏུ་གསང༔ དེ་ལྟར་བགྱིའོ་སྙམ་པས་དམ་ཚིག་གི་བྲོ་བོར་བ་འདིའི་རྗེས་ཟློས། ས་མ་ཡ་ན་ར་ཀན༔ དེ་ནས་བདུད་རྩི་དང་དམ་ཆུ་བསྲེས་ཏེ་བྱིན་ལ༔ ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་ཚིག་ཉམས་ན་དམྱལ་བར་ལྟུང༔ དམ་ཚིག་བསྲུངས་ན་དངོས་གྲུབ་མཆོག༔ གསང་བ་རྡོ་རྗེའི་ཆུ་འདིས་འགྲུབ༔ ཨོཾ་ཨ་མྲྀཏ་ཨུ་ད་ཀ་ཐ་ཐ་ཧཱུྃ༔ ཡང་རྡོ་རྗེ་སྤྱི་བོར་གཏུགས་ལ༔ ཧཱུྃ༔ དེ་རིང་ཕན་ཆད་བུ་ཁྱོད་ཀྱི༔ བླ་མ་རིག་འཛིན་གསང་བ་འདུས༔ ང་ཉིད་ཡིན་གྱིས་ང་ཡི་བཀའ༔ ཁྱོད་ཀྱིས་འདའ་བར་མི་བྱ་སྟེ༔ ང་ཡིས་བསྒོ་བའི་བཀའ་ཇི་བཞིན༔ ཁྱོད་ཀྱིས་འདའ་བར་མི་རུང་ངོ༔ ས་མ་ཡ་ཨི་དན་ན་ར་ཀན༔ དེ་ནས་དབང་གི་དངོས་གཞི་སྒྲུབ་པ་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་འཁོད་དེ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད་ཅིག །སྟོང་པའི་ངང་ལས་པད་ཉིའི་གདན་ལ་དབང་ཆེན་རྟ་མགྲིན་སྐུ་མདོག་དམར་པོ་གྲི་གུག་དང་ཐོད་པ་འཛིན་ཅིང་དཔལ་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། དབུ་གཙུག་རྟ་ཞལ་ལྗང་གུ་འཚེར་བ། ཡུམ་ཕག་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་ཞིང་ཞབས་བརྐྱང་བསྐུམ་འདོར་ཐབས་ཀྱིས་བཞུགས་པའི། སྙིང་གར་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར༔ སྟེང་དུ་གཡུང་དྲུང་དམར་པོའི་ལོགས་བཞི་ལ་ཧ་རི་ནི་སས་མཚན་པ༔ དེའི་སྟེང་དུ་ཉི་ཟླའི་ཁར་བླ་མ་གསང་འདུས་ཚོན་གང་བ་གསལ་ཐོབས་ཤིག༔ ཡཾ་ལས་རླུང་བྱུང་སྟེ་གཡུང་དྲུང་ལ་ཕོག་འུར་སྒྲ་དང་བཅས་ནས་ཆོས་འཁོར་དུ་འཁོར་བས་བླ་མའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས༔ སྤྱིར་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ༔ ཁྱད་པར་དུ་རྔ་ཡབ་ཀྱི་གནས་ནས་ཨོ་རྒྱན་ཆེན་པོ་འཁོར་མཁའ་འགྲོ་འབུམ་དང་བཅས་པ་ཐམས་ཅད་ལྷོ་ནུབ་ཀྱི་ནམ་མཁའ་ལ་ཁྲ་ཞུར་ཞུར་བྱོན་ནས༔ སློབ་བུའི་སྤྱི་བོ་ནས་མར་རྒྱ་མཐོངས་ལ་ཁ་བ་བབས་པ་ལྟར་བྱུང་སྟེ་སྙིང་གའི་བླ་མ་ལ་ཐིམ་པར་སྒོམས་ཤིག༔ འབེབ་རྫས་རོལ་མོའི་སྒྲ་སྦྱར་ལ། ཧཱུྃ༔ ཆོས་སྐུ་སྐྱེ་མེད་དབྱིངས་ཀྱི་ཕོ་བྲང་ནས༔ ཐུགས་རྗེའི་རང་བཞིན་བླ་མ་རིག་འཛིན་རྣམས༔ འགྲོ་བའི་དོན་ལ་དབྱེ་བསལ་མི་མངའ་ཡང༔ ཐུགས་དམ་དབང་གིས་གནས་འདིར་བྱོན་ནས་ཀྱང༔ སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཞེས་དང་ཐོད་ཕྲེང་རྩལ་གྱི་ཛཔ྄་བརྗོད་ལ་བྱིན་དབབ། ཡེ་ཤེས་པ་བརྟན་པར་བྱས་པའི་མོས་པ་མཛོད། སྤྱི་བོར་རྡོ་རྗེ་དང་མེ་ཏོག་བཞག་ལ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ༔ ཞེས་བརྗོད། དེ་ནས་སྤྱན་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ་བླ་མ་སྐུ་དྲིན་ཅན༔ བདག་ཅག་འཁོར་བར་མ་རིག་མིག༔ ལྡོངས་པའི་ཆུ་བུར་ལིང་ཐོག་སྒྲིབ༔ དེ་རིང་མ་རིག་བསལ་དུ་གསོལ༔ ཞེས་ཞུའོ། །བླ་མས་རྡོ་རྗེ་ཐོགས་ལ༔ ཀྱེ་ སྔོན་གྱི་མིག་མཁན་རྒྱལ་པོ་ཡིས༔ ཇི་ལྟར་མ་རིག་རྨོངས་བསལ་ལྟར༔ བདག་གིས་ཐབས་མཁས་ཐུར་མ་ཡིས༔ ཁྱེད་རྣམས་མ་རིག་བསལ་བར་བྱ༔ བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ མིག་དར་དང་མ་རིག་པའི་སྒྲིབ་གཡོགས་ལྷན་ཅིག་བསལ་བས་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་ལྷ་ཚོགས་ཐམས་ཅད་ཞལ་མངོན་སུམ་དུ་མཇལ་བའི་ངེས་ཤེས་དང་གུས་སྤྲོ་སྐྱེད་ཅིག །ཀྱེ་ཧོ༔ ཁྱེད་རྣམས་ལས་དང་སྐལ་པར་ལྡན༔ མངོན་སུམ་བླ་མའི་ལྷ་ཚོགས་ལ༔ རྩོལ་སེམས་མ་ཞན་འདི་དག་ལྟོས༔ དགའ་དང་གུས་པ་རབ་ཏུ་སྐྱེད༔ འདི་ལྟར་སྣང་བའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་ཀྱང་། རང་གི་སེམས་ཉིད་ལྷན་སྐྱེས་དང་ཀུན་བརྟགས་ཀྱི་མ་རིག་པས་བསླད་པའི་གཞི་དུས་འཁོར་བའི་ཆོས་སྣོད་དང་བཅུད་ཀྱི་གཉིས་སྣང་གློ་བུར་བའི་དྲི་མ་མཐའ་དག །ལམ་བདེན་གཉིས་ཐབས་དང་ཤེས་རབ་ཀྱི་གཉེན་པོས་སྦྱངས་པས། འབྲས་བུ་རྣམ་བྱང་གི་ཆོས་སུ་གནས་གྱུར་པ་སྐུ་དང་ཞིང་ཁམས་བརྡལ་བ་ཆེན་པོར་རྣམ་པར་དག་པའི་དོན་ཡིན་ནོ། །དེ་དག་གིས་དབང་གི་སྔོན་འགྲོ་རྣམས་གྲུབ་ནས། དངོས་གཞི་གཏོར་མའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་འབུལ། གསོལ་བ་འདེབས་པའི་རྗེས་ཟློས། བླ་མ་སངས་རྒྱས་ཕྲིན་ལས་མཛད༔ བདག་ལ་དབང་སྐུར་བྱིན་གྱིས་རློབས༔ མཐའ་ཡས་སེམས་ཅན་མ་ལུས་པ༔ འདྲེན་པའི་བླ་མར་དབང་བསྐུར་ཞུ༔ ལན་གསུམ། ཀྱེ་མ་ དམ་པའི་རིགས་ཅན་སྐྱེས་བུ་རྣམས༔ རྟ་རྨིག་ལྕགས་བཏུམས་འཛམ་བུའི་གླིང༔ བཙལ་ཀྱང་འདི་ལྟའི་དབང་རྙེད་མིན༔ དེ་རིང་བདག་གིས་ཁྱོད་གྲོལ་བྱ༔ ཞེས་བརྗོད། དེ་ནས་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་རྡོ་རྗེ་རིན་པོ་ཆེ་པདྨའི་སྟན་ལ་སྔར་སྨྲོས་མ་ཐག་པའི་མཚན་ཉིད་ཅན་གྱི་དབང་ཆེན་ཡབ་ཡུམ་གྱི་རྣམ་པས་འཁོད་པ་ལ། གཏོར་ཆེན་རྩ་བ་གསུམ་གྱི་ངོ་བོར་གསལ་བ་དེ་སྤྱི་བོར་བཞག་པས། བླ་མའི་སྐུ་ལས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་དཀར་ན་ར་ར་བབས་པས་ལུས་ཐམས་ཅད་གང་། བླ་མའི་སྤྱི་བོ་ནས་སྐུ་ཡི་ངོ་བོ་ཨོཾ་དཀར་པོ་ཁྱེད་རང་གི་དཔྲལ་བར་ཐིམ་པར་མོས་ཤིག །གཏོར་མ་སྤྱི་བོར་བཞག་སྟེ། ཧཱུྃ༔ རྡོ་རྗེའི་སྐུ་སྟེ་སྐུ་ཡི་མཆོག༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ མི་འགྱུར་སྐུ་ཡི་དཀྱིལ་འཁོར་ནས༔ རྣམ་དག་སྐུ་ཡིས་བྱིན་རློབས་ལ༔ འཆི་མེད་རྡོ་རྗེའི་སྐུ་ཡི་དབང༔ སྐལ་ལྡན་འདི་ལ་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛ་ཛ༔ བཛྲ་ཨ་བྷི་ཥིཉྩ་ཨོཾ༔ ཡང་བླ་མ་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་སེམས་དཀར་དམར་དུ་བབས་པས་ཁྱེད་རང་རྣམས་ཀྱི་རྩ་ཁམས་འཁོར་ལོ་ཐམས་ཅད་གང་། བླ་མའི་མགྲིན་པ་ནས་གསུང་གི་ངོ་བོ་ཨཱཿདམར་པོ་འོད་དང་བཅས་པ་ཁྱེད་རང་གི་མགྲིན་པར་ཐིམ་པར་མོས་ཤིག །གཏོར་མ་མགྲིན་པར་གཏུགས་ཏེ། ཧཱུྃ༔ རྡོ་རྗེའི་གསུང་སྟེ་གསུང་གི་མཆོག༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ འགག་མེད་གསུང་གི་དཀྱིལ་འཁོར་ནས༔ རྣམ་གྲོལ་གསུང་གིས་བྱིན་རློབས་ལ༔ འགག་མེད་རྡོ་རྗེའི་གསུང་གི་དབང༔ སྐལ་ལྡན་འདི་ལ་ཡོངས་རྫོགས་ཤོག༔ རྩ་སྔགས་ཤམ་བུར་བཛྲ་ཨ་བྷི་ཥིཉྩ་ཨཱ༔ ཡང་བླ་མའི་སྐུ་ལས་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་ཁྱེད་རང་རྣམས་ལ་ཐིམ། བླ་མའི་ཐུགས་ཀ་ནས་ཐུགས་ཀྱི་ངོ་བོ་ཧཱུྃ་མཐིང་ག་འོད་དང་བཅས་པ་ཁྱེད་རང་གི་སྙིང་གར་ཐིམ་པར་མོས་ཤིག །གཏོར་མ་སྙིང་གར་གཏུགས་ལ། ཧཱུྃ༔ རྡོ་རྗེའི་ཐུགས་ཏེ་ཐུགས་ཀྱི་མཆོག༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ སྤྲོས་མེད་ཐུགས་ཀྱི་དཀྱིལ་འཁོར་ནས༔ རྣམ་དག་ཐུགས་ཀྱིས་བྱིན་རློབས་ལ༔ འཁྲུལ་མེད་རྡོ་རྗེའི་ཐུགས་ཀྱི་དབང༔ སྐལ་ལྡན་འདི་ལ་ཡོངས་རྫོགས་ཤོག༔ རྩ་སྔགས་ཤམ་བུར་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཡང་གཏོར་ཆེན་བླ་མ་ཡབ་ཡུམ་དུ་གསལ་བའི་ཡབ་ཀྱི་ལྟེ་བ་ནས་ཧྲཱིཿདང་ཡུམ་གྱི་ལྟེ་བ་ནས་མ་དམར་པོ་བྱུང་བ་ཁྱེད་རང་རྣམས་ཀྱི་ལྟེ་བར་ཐིམ་པར་མོས་ཤིག །གཏོར་མ་ལྟེ་བར་གཏུགས་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཕྲིན་ལས་རྣམ་བཞིས་བྱིན་རློབས་ལ༔ དབང་བཞི་ཡོངས་རྫོགས་ཆེན་པོའི་དབང༔ སྐལ་ལྡན་འདི་ལ་ཡོངས་རྫོགས་ཤོག༔ རྩ་སྔགས་ཤམ་དུ་བཛྲ་ཨ་བྷི་ཥིཉྩ་ཧྲཱི༔ གཏོར་མ་སྤྱི་བོར་བཞག་ལ། བླ་མའི་ལྷ་ཚོགས་རྣམས་ཁྱེད་རང་གི་སྤྱི་བོ་ནས་མར་ཐིམ༔ སྙིང་གི་དཀྱིལ་དུ་བྱོན་འོད་ཀྱི་རང་བཞིན་དུ་ཡལ༔ རང་དང་དབྱེར་མེད་དུ་གྱུར་པར་མོས་ཤིག༔ འོ་ རིགས་ཀྱི་བུ་རྣམས་དབྱེར་མེད་དུ་འདྲེས་པ་དེའི་ངང་ལས་མ་བཅོས་པར་ཙེན་ནེ་ཞོག་ཅིག༔ བརྗོད་ལ་མཉམ་པར་འཇོག་ཏུ་བཅུག །གསལ་བདོ་བ་ལ་ཕཊ་ཅེས་བཤིག༔ སླར་རྗེས་ཤེས་ཀྱི་ངོ་བོར་ལྟོས་ལ་དར་ཅིག་མཉམ་པར་འཇོག་པར་ཞུ། ཞེས་ཡུད་ཙམ་བཞག །གཏོར་མའི་ལྷག་མ་དངོས་གྲུབ་རྣམ་པ་གཉིས་ཀྱི་ཕུང་པོར་མོས་ལ་ཁྱེད་རང་ལྷར་གསལ་བས་རོལ་ཏེ་དངོས་གྲུབ་ཀྱི་བཅུད་ཆེན་པོར་ཐོབ་པར་ངེས་ཤེས་སྐྱེད་ཅིག །གཏོར་མ་ལག་གཡས་བནྡྷའི་བདུད་རྩི་གཡོན་དུ་ཐོགས་ལ་གཏོར་ཟན་ཁམ་རེ། བདུད་རྩི་ཧུབ་རེ་སྦྱིན་ལ་རོལ་དུ་གཞུག །དེ་ནས་བཟླས་པ་སྔགས་ཀྱི་ལུང་བླང་བའི་སླད་དུ་ཕྲེང་བ་འཇུས་ལ་སྙིང་པོ་འདི་རྣམས་ཀྱི་རྗེས་ཟློས་གྱིས་ཤིག །ཕྲེང་བ་སྦྲེལ་ལ། བཛྲ་གུ་རུ། ཐོད་ཕྲེང་རྩལ། ལས་སྔགས་དང་བཅས་པའི་རྗེས་ཟློས་ལན་གསུམ་གསུམ་བྱར་གཞུག །རྗེས་སུ་བླ་མས་མེ་ཏོག་འཐོར་ཞིང་། ཧོ༔ ཐིམ་པར་གྱུར་ཅིག༔ སྨིན་པར་གྱུར་ཅིག༔ གྲོལ་བར་གྱུར་ཅིག༔ ཡོངས་རྫོགས་དམ་པ་ཐོབ་པར་གྱུར་ཅིག༔ ཅེས་ལན་གསུམ་བརྗོད། དེ་དག་རྣམས་ཀྱིས་དབང་བཞི་ཡོངས་སུ་རྫོགས་པ་འཐོབ་པར་འགྱུར་ཏེ༔ གང་ཐོབ་ན༔ བུམ་དབང་གསང་དབང༔ ཤེས་རབ་ཡེ་ཤེས་ཀྱི་དབང་ཚིག་དབང་རིན་པོ་ཆེའོ༔ བྱིན་རླབས་ནི༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སོ༔ གང་དག་ན༔ ལུས་ངག་ཡིད་གསུམ་གྱི་སྒྲིབ་པའོ༔ གནས་གང་དུ་ཐོབ་ན༔ སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བའོ༔ གང་ལ་དབང་ན༔ བསྐྱེད་རིམ་ཐབས་ལམ་རྫོགས་རིམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་བ་ཡིན་ནོ༔ ཞེས་རྟོགས་པ་བསྐྱེད། དེས་ནི་དབང་རྣམས་ཀྱི་མཆོག་ཏུ་གྱུར་པ་གསང་བ་བླ་མའི་ཟབ་དབང་འགྲོ་བ་གང་གིས་ཐོབ་པ་རྣམ་དག་བླ་མ་མཆོག་གི་ཞིང་དུ་སྦྱོར་བར་བྱེད་པའི་ཐབས་ཟབ་མོ༔ ཤིན་ཏུ་ཟབ་པ་རྒྱལ་དབང་པདྨ་འབྱུང་གནས་ཀྱི་ཐུགས་བཅུད་དེ་ཉིད་གྲུབ་པ་ཡིན་པས། དབང་བསྐུར་འདིའི་དམ་ཚིག་ཏུ། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་དང་འབྲལ་དུ་མི་རུང༔ གསོལ་འདེབས་དང་ཏིང་ངེ་འཛིན་གྱི་དབང་བླང་བ་དུས་རྒྱུན་དུའམ་ཐུན་བཞི༔ ཐ་མའང་ཐུན་རེ་ཆག་ཏུ་མི་རུང༔ བླ་མའི་སྐུ་འབག་རྡོ་རྗེ་དྲིལ་བུ༔ བྷནྡྷ་དུམ་གཅིག༔ ཨ་མྲྀཏ༔ སིནྡྷུ་ར་དེ་རྣམས་རྟག་ཏུ་བཅང༔ བསྙེན་པ་བརྒྱ་ཚར་རེ་མི་གཅོག་གོ༔ ཞེས་གསུངས་པའི་དོན་རྗེས་སུ་བསྒྲུབ་པར་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་སྤྱི་དང་མཐུན་པར་བྱའོ།། །།ཆོ་གའི་རྗེས་རིམ་ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་ནས་ཤིས་བརྗོད་ཀྱི་བར་ཡང་ཕྲིན་ལས་གང་བྱས་ལྟར་བྱའོ། །ཡོ༵ན་ཏན༵་ཀུན་འབྱུང་བླ་མ་ཡི། །གཏོར་དབང་བྱིན་རླབས་དངོས་གྲུབ་ཀྱི། །རྒྱ༵་མཚོ༵འི་བཅུད་ལ་སྐལ་ལྡན་ཀུན། །དགྱེས་རོལ་སྲིད་པའི་གདུང་སེལ་ཤོག །བླ་མའི་གཏོར་དབང་ཡིད་བཞིན་ནོར་བུའི་ལེ་ཚན་ནོ།། །། ༄༅། །འཁོར་འདས་དབང་བྱེད་ཧེ་རུ་ཀ །པད་མའི་རིགས་མཆོག་རྟ་ཡི་ཞལ། །བདེ་གཤེགས་ཡོངས་རྫོགས་དེར་བཏུད་ནས། །སྙིང་པོའི་དབང་བསྐུར་གསལ་བར་བྱ། །འདི་ལ་སྦྱོར་བ་དཀྱིལ་འཁོར་ནི། ཆང་དང་སིནྡྷུ་རས་ཆག་ཆག་གདབ་པ་ལ་ཆོས་འབྱུང་གཉིས་བསྣོལ་གྱི་ལྟེ་བར་ཧྲཱིཿམ་དང་། ཆོས་འབྱུང་སྟེང་མའི་ཟུར་འགྲམ་གསུམ་ལ་གྲི་གུག །འོག་གསུམ་ལ་བནྡྷ། མཚམས་རྣམས་སུ་གཡུང་དྲུང་གཡས་སྐོར་རེ་བྲི། དེ་རྒྱབ་མུ་ཁྱུད་དཀར་དམར་མཐིང་གསུམ་གྱིས་བསྐོར་ཞིང་རྒྱས་པར་སྤྲོ་ན་སྒོ་རྫོགས་སྤྱི་མཐུན་བྱ། མ་འབྱོར་ན་མཎྜལ་ལ་དྲིའི་ཐིག་ལེར་ཚོམ་བུ་ལྷ་གྲངས་བཀོད་པའི་ལྟེ་བར། བནྡྷ་མཚན་ལྡན་ཆང་དང་ཆོས་སྨན་མངར་གསུམ་སྦྱར་བས་བཀང་བ་བཞག །དེ་སྟེང་ཁྲིའུ་ལ་ཆང་དང་ཁྲག་གིས་སྦྲུས་པའི་དཔལ་གཏོར་རྟ་མགོས་མཚན་པ་དར་དམར་གྱི་གུར་ཕུབ། རིག་མའི་ཙཀ་ལི་དང་ལས་བུམ། གཡས་གཡོན་དུ་སྨན་རཀ །མདུན་དུ་ཕྱི་མཆོད། གཏོར་ཚོགས་ཀྱི་ཡོ་བྱད་རྣམས་ཀྱང་ལེགས་པར་བཀོད་དོ།། །།དངོས་གཞིའི་ཐོག་མར་སྒྲུབ་མཆོད་ནི། སྐྱབས་སེམས་དང་བགེགས་གཏོར་བཏང་ལ། རྟ་མགྲིན་གསང་བའི་ལས་བྱང་གི་བཀའ་བསྒོ་ནས་བརྩམ་མཐར་ཆགས་སུ་བཏང་བ་ལས། ལྷ་བསྐྱེད་གྲུབ་མཚམས། བདག་དང་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་གྱི་སྤྱི་བོར་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དཀར་པོ། མགྲིན་པར་པདྨ་མཁའ་འགྲོ་ཡབ་ཡུམ་དམར་པོ། སྙིང་གར་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་མཐིང་ག །ལྟེ་བར་རིན་ཆེན་མཁའ་འགྲོ་ཡབ་ཡུམ་སེར་པོ། གསང་བར་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་ལྗང་གུ། གཡས་ཐམས་ཅད་རང་རྟགས་ཀྱི་ཡུ་བ་བྱས་པའི་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ། དར་དང་རུས་པ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་ཐུགས་ཀར་རང་རང་གི་ས་བོན་ལ་སྔགས་ཀྱིས་བསྐོར་བ་དང་། གནས་གསུམ་འབྲུ་གསུམ་ལས་འོད་ཟེར་འཕྲོས་ཡེ་ཤེས་པ་སྤྱན་དྲང་བར་གྱུར། ཅེས་སྦྱར་ལ་སྤྱན་འདྲེན་ནས་བསྟོད་པའི་བར་དུ་གཏང་། བཟླས་པའི་ཐོག་མར་བདག་བསྐྱེད་ལ་དམིགས་ཏེ། ཡབ་ཡུམ་གྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་ལྟེ་བར་ཧྲཱིཿདང་མའི་མཐའ་སྐོར་དུ་སྙིང་པོའི་སྔགས་ཕྲེང་གིས་བསྐོར་བར་བསྒོམས་ལ། བཟླས་པ་བྱས་པས་སྔགས་ཕྲེང་འཁོར་བ་ལ་དམིགས་པ་གཏད་ཅིང་བཟླས་པ་གཞུང་གསལ་བྱ། སྐབས་སུ་འཕྲོ་འདུའི་དམིགས་པའང་སྤྱི་མཐུན་སྦྱར། དེ་ནས་དབང་གི་དོན་དུ། བདག་གི་གནས་གསུམ་ལས་སྔགས་ཕྲེང་གི་འོད་ཟེར་འཕྲོས༔ དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་ལྷ་དང་བནྡྷའི་བདུད་རྩིར་ཐིམ་པར་བསམས༔ལ་བཟླ། ཡང་། དབང་ཆེན་ཡབ་ཡུམ་སྦྱོར་བ་མཛད་པས༔ འཁོར་ལོ་ལྔའི་མཁའ་འགྲོ་རྣམས་ཀྱང་སྦྱོར་བ་བྱས་ཏེ༔ དེ་རྣམས་ཀྱི་བྱང་སེམས་དཀར་དམར་དུ་བབས་པས༔ བྷནྡྷར་ཆིལ་གྱིས་འཁྱིལ་བར་མོས༔ལ་བཟླ་ཞིང་། མཐར་སྟོང་ཚིགས་མཆོད་བསྟོད་དང་སྲུང་མའི་གཏོར་འབུལ་བྱ། ལས་བུམ་དུ་བདུད་རྩི་འཁྱིལ་པའི་བསྐྱེད་བཟླས་དང་། ཚོགས་བྱིན་རླབས་ནས་བརྩམ་བསྒྲལ་བསྟབ་ཡན་གྲུབ་པ་དང་དབང་ལེན་གང་བདེ་བྱའོ།། །།དེ་ནས་སློབ་མ་རྣམས་ཁྲུས་བྱ་ཞིང་བསྐོར་བ་དང་ཕྱག་བྱ་བ། མིག་དར་བཅིང་པ་རྣམས་སྔ་མ་དང་འདྲ། སེམས་བསྐྱེད་གསལ་བཏབ་ལ། རྫོགས་པ་ཆེན་པོ་ཀློང་གསལ་སྙིང་ཐིག་ལས་བསྐྱེད་རིམ་དང་འབྲེལ་བའི་སྨིན་བྱེད་གཉིས་པ། བྱིན་རླབས་ཐོགས་མེད་དུ་འབེབ་པའི་རྟ་ཕག་གསང་བའི་དབང་བསྐུར་པདྨའི་ཕྲེང་བ་ཞུ་བའི་ཡོན་དུ་མཎྜལ་འབུལ། གསོལ་བ་འདེབས་པའི་རྗེས་ཟློས། ཀྱེ༔ བླ་མ་སངས་རྒྱས་ཀུན་གྱི་གཙོ༔ དབང་གི་བདག་ཉིད་ཆེ་བའི་མཆོག༔ བདག་ཅག་དབང་གི་དཀྱིལ་འཁོར་དུ༔ འཇུག་ཅིང་སྨིན་པར་མཛད་དུ་གསོལ༔ ལན་གསུམ། ཞེས་ཞུས་པའི་ལན་དུ། ཁྱོད་སུ་བླ་མེད་དཀྱིལ་འཁོར་དུ༔ འཇུག་འདོད་དམ་ཚིག་ཚུལ་བཞིན་དུ༔ བླ་མ་ལྷ་དང་མཆེད་སོགས་ལ༔ སྲུང་ན་ཚུར་ཤོག་མི་བསྲུང་དེངས༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། བདག་ནི་ལུས་དང་སྲོག་ལ་སོགས༔ བྱ་དཀའ་ཆེན་པོར་གྱུར་ན་ཡང༔ དམ་ཚིག་ཚུལ་ལས་མི་འདའ་ཞིང༔ བཀའ་བཞིན་བསྒྲུབ་པར་བདག་སྤྲོ་འོ༔ བླ་མས། དེ་ལྟར་ཡིན་ན་གནང་བར་བྱའོ༔ ཞེས་གནང་བ་སྦྱིན། འདིར་སྐྱབས་སེམས་སྦྱོར་མིན་གོང་གིས་འགྲེ། དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སྔོན་འགྲོ་དམ་ལ་གཞག་པ་བཞི་པོ་རིམ་པར་འབྱུང་བ་ཡིན་པས་དོན་ཐུགས་ལ་ངེས་པར་འཚལ། དང་པོ་རྡོ་རྗེ་སྤྱི་བོར་བཞག་སྟེ༔ ཧཱུྃ༔ མི་འགྱུར་གསང་བ་མཆོག་གི་ནི༔ རྡོ་རྗེའི་སྐུ་ནི་ཁྱོད་ཐོབ་འགྱུར༔ འདི་ནི་ཁྱོད་ཀྱི་དམ་ཚིག་སྟེ༔ བུ་ཁྱོད་ཚུལ་བཞིན་གནས་པར་མཛོད༔ བཛྲ་ས་མ་ཡ་ཨི་དན་སི་ཧཱུྃ༔ སྙིང་གར་གཏུགས་ཏེ༔ དེ་རིང་དབང་ཆེན་གསང་བའི་རྒྱལ༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ ཚུལ་འདི་གཞན་ལ་སྨྲས་པ་ན༔ ཁྱོད་ཉིད་ཉམས་ཏེ་ལྟུང་བར་འགྱུར༔ དེ་ཕྱིར་ཁྱོད་ཀྱིས་ཤིན་ཏུ་གསང༔ ཇི་ལྟར་བཀའ་བསྒོས་པ་ལས་འདའ་བར་མི་བགྱིད་དོ་སྙམ་པས་ཐ་ཚིག་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ས་མ་ཡ་ཨི་དན་ན་ར་ཀན༔ ཞེས་བརྗོད་དུ་གཞུག་གོ༔ དེ་ནས་མནའ་ཆུ་སྦྱིན་ཏེ༔ ཧོ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་ཚིག་ཉམས་ན་དམྱལ་བར་ལྟུང༔ དམ་ཚིག་བསྲུངས་ན་དངོས་གྲུབ་མཆོག༔ གསང་བ་རྡོ་རྗེའི་ཆུ་འདིས་འགྲུབ༔ ཨོཾ་ཨ་མྲྀཏ་ཨུ་ད་ཀ་ཐ་ཐ་ཧཱུྃ༔ ཡང་རྡོ་རྗེ་སྤྱི་བོར་བཞག་ལ༔ དེ་རིང་ཕན་ཆད་བུ་ཁྱོད་ཀྱི༔ ཧེ་རུ་ཀ་དཔལ་དབང་གི་སྐུ༔ ང་ཉིད་ཡིན་གྱིས་ང་ཡི་བཀའ༔ ཁྱོད་ཀྱིས་འདའ་བར་མི་བྱ་སྟེ༔ ང་ཡིས་བསྒོ་བའི་བཀའ་ཇི་བཞིན༔ ཁྱོད་ཀྱིས་གཅོག་པར་མི་རུང་ངོ༔ ས་མ་ཡ་ཨི་དན་ན་ར་ཀན༔ ཞེས་བརྗོད་དོ། །ད་ནི་བྱིན་རླབས་ཀྱི་དངོས་གཞི་བསྒྲུབ་པ་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་འཁོད་དེ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད་ཅིག སྟོང་པའི་ངང་ལས་པད་ཉིའི་གདན་ལ་དབང་ཆེན་རྟ་མགྲིན་སྐུ་མདོག་དམར་པོ་གྲི་གུག་དང་ཐོད་པ་འཛིན་ཅིང་དཔལ་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། དབུ་གཙུག་རྟ་ཞལ་ལྗང་གུ་འཚེར་བ། ཡུམ་ཕག་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་ཞིང་ཞབས་བརྐྱང་བསྐུམ་འདོར་ཐབས་ཀྱིས་བཞུགས་པའི། སྙིང་གར་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར༔ སྟེང་དུ་གཡུང་དྲུང་དམར་པོའི་ལོགས་བཞི་ལ་ཧ་རི་ནི་སས་མཚན་པ༔ དེའི་ལྟེ་བར་ཉི་མའི་གདན་ལ་རྟ་ཕག་ཡབ་ཡུམ་ཚོན་གང་བ་གསལ་བ༔ དེ་ཉིད་ཀྱིས་རྟ་སྐད་དང་ཕག་སྒྲ་ཙེ་རེ་རེ་འཚེར་བས༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༔ ཁྱད་པར་དུ་བདེ་ཆེན་འབར་བའི་གཞལ་ཡས་ནས་རྟ་ཕག་ཡབ་ཡུམ་འཁོར་མཁའ་འགྲོ་འབུམ་དང་བཅས་པ་ཐམས་ཅད༔ རྟ་སྐད་འཚེར་ཞིང་ཕག་སྐད་ངུར་སྒྲ་དང་བཅས་ཏེ་ནམ་མཁའི་ཁམས་འབིར་རི་རི་གང་བར་བྱོན༔ རང་རང་གི་སྤྱི་བོ་ནས་མར་རྒྱ་མཐོངས་ལ་ཁ་བ་བབས་པ་ལྟར་བྱོན་ནས་སྙིང་གའི་དམ་ཚིག་པ་ལ་སིབ་སིབ་ཐིམ༔ གཡུང་དྲུང་ཉིད་སྐུ་དང་བཅས་པ་རླུང་འཁོར་ལྟར་འུར་སྒྲ་དང་བཅས་ཏེ་དྲག་ཏུ་འཁོར་བ་ལ་དམིགས་པ་རྩེ་གཅིག་ཏུ་གཏོད་ཅིང༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས༔ ཡེ་ཤེས་ལྔ་ཡིས་དབང་བསྐུར་བར་མོས་པ་བསྐྱེད་མཛོད༔ འབེབ་པའི་རྫས་དུད་རོལ་མོ་དབྱངས་དང་བཅས་ཏེ། ཧཱུྃ༔ ཆོས་སྐུ་སྐྱེ་མེད་དབྱིངས་ཀྱི་ཕོ་བྲང་ནས༔ ཐུགས་རྗེའི་རང་བཞིན་དབང་ཆེན་ཡབ་ཡུམ་རྣམས༔ འགྲོ་བའི་དོན་ལ་དབྱེ་བསལ་མི་མངའ་ཡང༔ ཐུགས་དམ་དབང་གིས་གནས་འདིར་བྱོན་ནས་ཀྱང༔ སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཨོཾ་བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཧཱུྃ༔ ཞེས་དྲག་ཏུ་བརྗོད་ལ་བྱིན་དབབ། ཡེ་ཤེས་པ་བརྟན་པར་བྱས་པར་མོས་ཤིག །རྡོ་རྗེ་རྒྱ་གྲམ་དང་མེ་ཏོག་སྤྱི་བོར་བཞག་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ༔ དེ་ནས་སྤྱན་དབྱེ་བར་གསོལ་བ་འདེབས་པའི་རྗེས་ཟློས། ཀྱེ༔ དབང་གི་བདག་ཉིད་ཧེ་རུ་ཀ༔ བདག་ཅག་འཁོར་བ་མ་རིག་གིས༔ ལྡོངས་པའི་ཆུ་བུར་ལིང་ཐོག་མིག༔ དེ་རིང་མགོན་པོས་བསལ་དུ་གསོལ༔ རྡོ་རྗེས་མིག་དར་བསལ་ཏེ༔ ཀྱེ༔ སྔོན་གྱི་སྟོན་པ་མིག་མཁན་རྒྱལ༔ ཇི་ལྟར་མ་རིག་རྨོངས་བསལ་ལྟར༔ བདག་གིས་ཐབས་ཤེས་གསེར་ཐུར་གྱིས༔ ཁྱེད་ཅག་མ་རིག་བསལ་བར་བྱ༔ བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ མིག་དར་དང་མ་རིག་པའི་སྒྲིབ་གཡོགས་ལྷན་ཅིག་ཏུ་བསལ་བས་དབང་ཆེན་རྟ་མགྲིན་ཡབ་ཡུམ་གྱི་དཀྱིལ་འཁོར་ལྷ་ཚོགས་ཞལ་མངོན་སུམ་དུ་མཇལ་བར་མོས་ལ་ངེས་ཤེས་དང་གུས་སྤྲོ་རྒྱ་ཆེན་པོ་སྐྱེད་ཅིག །ཁྱེད་རྣམས་ལེགས་འོང་སྐལ་པ་བཟང༔ དེ་རིང་དབང་གི་དཀྱིལ་འཁོར་དུ༔ སྨིན་ནས་དཀྱིལ་འཁོར་གཅིག་ཏུ་འགྲུབ༔ དེ་ཕྱིར་གུས་པས་འདི་ལ་ལྟོས༔ ཞེས་སྤྲོ་བ་བསྐྱེད་དོ༔ དེ་ནས་དབང་བསྐུར་དངོས་གཞི་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་འདེབས་འདིའི་རྗེས་ཟློས། བླ་མ་གསང་སྔགས་ཆེ་བའི་མཆོག༔ བདག་ཅག་དབང་གི་དཀྱིལ་འཁོར་དུ༔ དབང་བཞི་ཡོངས་སུ་རྫོགས་པ་དང༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ལན་གསུམ། ཁྱེད་རྣམས་དབང་ཆེན་ཧེ་རུ་ཀའི༔ ལྷ་དང་གཉིས་མེད་གཅིག་ཏུ་གྱུར༔ འདི་ལ་ཐེ་ཚོམ་མི་རུང་སྟེ༔ སློབ་དཔོན་ལ་ཡང་གུས་པ་གྱིས༔ ཞེས་གནང་བ་སྦྱིན། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་རྡོ་རྗེ་རིན་པོ་ཆེ་པདྨའི་སྟན་ལ་སྔར་སྨྲོས་མ་ཐག་པའི་མཚན་ཉིད་ཅན་གྱི་དབང་ཆེན་ཡབ་ཡུམ་གྱི་རྣམ་པས་འཁོད་པ་ལ། གཏོར་མ་དམ་ཚིག་ཡེ་ཤེས་དབྱེར་མེད་པ་དེ་ཉིད་སྤྱི་བོར་བཞག་པའི་ཚེ། དབང་ཆེན་ཡབ་ཡུམ་གྱི་སྤྱི་བོ་ན་གུ་རུ་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་སེམས་དཀར་དམར་བབས་པས་ཁྱེད་རང་གི་སྤྱི་བོ་ནས་རིམ་པར་འཁོར་ལོ་བཞི་གང་བར་མོས་ཤིག །གཏོར་ཆེན་སྤྱི་བོར་བཞག་ལ། ཧྲཱི༔ གསང་བའི་དཀྱིལ་འཁོར་དབང་གི་སྐུ༔ ཐབས་དང་ཤེས་རབ་གཉིས་སུ་མེད༔ ཐམས་ཅད་ཡོངས་རྫོགས་བུམ་པའི་དབང༔ སྐལ་ལྡན་འདི་ལ་ཡོངས་རྫོགས་ཤོག༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ དྷཱ་ཀི་ནཱི་བཛྲ་རཏྣ་པདྨ་ཀརྨ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ སྤྱི་བོའི་གུ་རུ་ཡབ་ཡུམ་དབང་ཆེན་ལ་ཐིམ༔ དབང་ཆེན་ཡབ་ཡུམ་ཁྱེད་རང་གི་སྤྱི་བོ་ནས་མར་ཐིམ༔ སྙིང་གར་བྱོན་འོད་དུ་ཡལ་ནས་རང་དང་དབྱེར་མེད་དུ་གྱུར་པར་མོས་ཤིག༔ དེ་ཉིད་ཀྱི་རྣམ་གྲངས་ནི་བུམ་དབང་ཡིན་ལ༔ དོན་གྱི་ངོ་བོ་ནི་དབང་བཞི་ཡོངས་རྫོགས་སུ་འགྱུར་བ་ཡིན་ནོ༔ དེ་ནས་བནྡྷ་མགྲིན་པར་བཞག་ལ། ཧཱུྃ༔ བདེ་ཆེན་གཉིས་མེད་སྦྱོར་བ་ལས༔ བྱང་ཆུབ་སེམས་ཀྱི་འཕྲོ་འདུར་གསལ༔ ཁྱོད་ཀྱི་རྩ་ཁམས་བདེ་བས་གང༔ ཨ་ཧོ་སུ་ཁ་སིདྡྷི་ཧོ༔ བདུད་རྩི་བྱིན་ལ། བྱང་ཆུབ་སེམས་ཀྱི་བདུད་རྩིས་རྩ་ཁམས་འཁོར་ལོ་ཐམས་ཅད་གང་སྟེ་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེས་པས་གསང་བའི་དབང་ཐོབ་པར་མོས་ཤིག །རིག་མའི་ཙཀ་ལི་གཏད་ལ། ཡེ་ཤེས་མཁའ་འགྲོ་བདེ་བའི་གཟུགས༔ ཀུན་ཏུ་བདེ་བའི་སྐད་འབྱིན་མ༔ འདི་ཁྱེར་དཔའ་བོ་བདེ་བར་སྤྱོད༔ རང་གི་ཐིག་ལེ་ཉམས་མི་རུང༔ མཚན་ཉིད་དང་ལྡན་པའི་རིག་མ་གཏད་པས། ཁྱེད་རང་དང་ཕྱག་རྒྱ་རྟ་ཕག་ཡབ་ཡུམ། མཁའ་གསང་རྡོ་རྗེ་དང་པདྨ། གནས་གསུམ་འབྲུ་གསུམ་དང་བཅས་པ་གསལ་ཐོབས་ལ། འགྱུར་མེད་ཀྱི་བདེ་བ་ཆེན་པོ་མངོན་དུ་བྱས་པའི་ཡེ་ཤེས་ཀྱིས་མཉམ་པར་སྦྱོར་བས་ཡས་བབས་དང་མས་བརྟན་གྱི་དགའ་བ་ལས་སྐྱེས་པའི་ལྷན་ཅིག་སྐྱེས་པའི་བདེ་བའི་ཡེ་ཤེས་ཉམས་སུ་མྱོང་། མཐར་ཡབ་ཡུམ་གཉིས་ཀའང་འཇའ་ཡལ་བ་ལྟར་སོང་བར་མོས་ལ་བདེ་སྟོང་གི་ཉམས་སྐྱོང་བས་ཤེར་དབང་ཐོབ་པ་ཡིན་ནོ། ཁྱེད་རང་རྣམས་རྣམ་སྣང་ཆོས་བདུན་དང་ལྡན་པས་ཀ་དག་རིག་སྟོང་བསམ་བརྗོད་ལས་འདས་པའི་རང་ངོར་བཟོ་མེད་ལྷུག་པར་འཇོག་པར་ཞུ། ཀྱེ་ཧོ་དམ་པའི་རིགས་ཅན་རྣམས༔ སྔོན་འགྲོ་ནས་བརྩམ་བུམ་དབང་དང༔ ཡོངས་རྫོགས་ད་ལྟའི་དབང་གི་བར༔ བསྐུར་དང་སྐུར་བའི་བརྗོད་ཚིག་རྣམས༔ བློ་འདས་སྤྲོས་བྲལ་བརྗོད་ཚིག་བྲལ༔ ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཆེ༔ སེམས་ནི་བསམ་བརྗོད་བྲལ་བའི་ངང༔ དེ་དོན་ཁྱོད་ཀྱིས་ངང་ལ་ཞོག༔ འདི་ནི་མཉམ་རྫོགས་ཆེན་པོའི་དབང༔ རྗེས་སུ་སྐྱོངས་ཤིག་རིགས་ཅན་རྣམས༔ ཞེས་མཉམ་པར་འཇོག །དེས་ནི་བཞི་པ་ཡེ་ཤེས་ཆེན་པོའི་དབང་ཐོབ་པ་ཡིན་ནོ། །སྔགས་ཀྱི་རྗེས་སུ་གནང་བའི་སླད་དུ་སྙིང་པོའི་རྗེས་ཟློས་ལན་གསུམ་མཛོད། ཕྲེང་བ་སྦྲེལ་ལ་ལས་བྱང་ལྟར་སྙིང་པོའི་རྗེས་ཟློས་ལན་གསུམ་བྱར་གཞུག །སྐབས་འདིར་ཕྱག་རྒྱུན་ལས་འབྱུང་བ་ལྟར་སྐུ་རྟེན་གསུམ་ལ་ལྷ་ཁྲུས་སྐུ་ཕྱི་གོས་འབུལ་གྱི་བར་སྤྱི་ལྟར་བྱ། ཁྲུས་ཆུ་དེ་ཡིག་བརྒྱ་བཟླ་བཞིན་པར་དཔོན་སློབ་རྣམས་ཀྱིས་ཁྲུས་བྱ་ཞིང་ཁོང་དུ་བཏུང་། དེ་ནས་སྐུ་རྟེན་ལ་བརྟེན་ནས་བྱིན་རླབས་ཆུ་རྒྱུན་གཅིག་མའི་དབང་བླང་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་ཡི་དམ་ལྷར་གསལ་བའི་གནས་བཞིར་ཨོཾ་ཨཱཿཧཱུྃ་ཧྲཱིཿདཀར་དམར་མཐིང་ལྗང་འོད་དུ་འཚེར་བ་རེ་གསལ་ཐོབས་ཤིག །རྟེན་གསུམ་པོ་རང་རང་གི་ངོ་བོར་དངོས་སུ་གསལ་བ་ཉིད་ཁྱེད་རང་གི་གནས་བཞིར་ཛཔ྄་དབྱངས་བྱས་ནས་གཏུགས་པས། སྐུ་བརྙན་སོ་སོའི་གནས་བཞི་ནས་ཡི་གེ་འབྲུ་བཞི༔ འོད་དཀར་པོ་དང་དམར་པོ༔ མཐིང་ཁ་དང་ལྗང་གུ༔ ཁ་དོག་ལྔ་ལྡན་གྱི་རྣམ་པར་འཕྲོས༔ སློབ་བུའི་གནས་བཞིའི་ཡིག་འབྲུ་ལ་ཐིམ༔ དམ་ཚིག་དང་ཡེ་ཤེས་གཉིས་མེད་དུ་ཁྲུག་གིས་འདྲེས༔ དབང་བཞི་ཡོངས་རྫོགས་སུ་ཐོབ་ནས་བྱིན་རླབས་ཀྱི་དབྱིག་ཆེན་པོ་ཐོབ་པར་ངེས་ཤེས་སྐྱེད་ཅིག༔ ཅེས་བྱས་ལ་ཐོག་མར་བླ་མའི་སྐུ་བརྙན་དང་བཛྲ་གུ་རུ། ཐོད་ཕྲེང་རྩལ་གྱི་ཛཔ྄་དབྱངས། དེ་ནས་རྟ་མགྲིན་གྱི་སྐུ་དང་དེའི་སྙིང་པོ། མཐར་ཚེ་དཔག་མེད་ཀྱི་སྐུ་དང་ཚེ་སྙིང་ཛཔ྄་དབྱངས་དང་བཅས་ཏེ་གནས་བཞིར་རིམ་པར་གཏུགས། འདིར་ཡང་སྤྲོས་པ་ལ་དགའ་ན་སྐུ་གསུམ་པོ་རེ་རེ་བཞིན་དམིགས་པའི་མཚམས་སྦྱོར་བྱའོ། །དེས་ཕྲིན་ལས་བཞི་ལ་མངའ་བརྙེས༔ ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག༔ བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་འདྲེས་པར་མོས་ཤིག༔ དེ་ནས་དེ་ཁོ་ན་ཉིད་རིག་པའི་རྩལ་དབང༔ ཁྲེགས་ཆོད་ཕྱག་རྒྱ་ཆེན་པོ་བསྐུར་བ་ཡིན་པས༔ ཁྱེད་རང་རྣམས་ལུས་གནད་རྣམ་སྣང་ཆོས་བདུན་དང་ལྡན་པས༔ ལྟ་སྟངས་སྐུ་གཟུགས་འདི་ལ་ཁྲིག་གེར་གཏོད་ཅིག༔ བྱས་ལ་བླ་མས་སྐུ་གཟུགས་ཞིག་ལག་ཏུ་ཐོགས། སྐུ་གཟུགས་དེ་སྣང་བའི་ངོས་ནས་གསལ་ཡེ་རེ་བ་ལ་འཛིན་མེད་དུ་འདིར་འདུག་གི་བརྟག་གཞིག་མི་བྱ་བར༔ ཡིད་གནས་པའི་བརྟོད་ཕུར་ཙམ་དུ་བྱས་ལ་ཧུར་རེ་ཡེ་རེ་ཧྲིག་གེ་བའི་ངང་ལ་ཧད་དེ་ཞོག༔ མ་ཡེངས་པར་ཞོག་ཅིག༔ ཅེས་ཡུད་ཙམ་འཇོག །སྐུ་གཟུགས་འདི་ཞེས་ངོས་གཟུང་བའི་བརྟགས་དཔྱད་མ་བྱེད་པར༔ གཟུགས་འདི་རྣམས་གསལ་ཞིང་དོད་པ་ལ་འཛིན་རྟོག་མེད་པར་གནས་པ་བཞིན་དུ༔ རིགས་ཀྱི་བུ་རྣམས་དེ་བཞིན་དུ༔ གསལ་ལ་མ་འགགས་པའི་ངང་ནས་འཛིན་མེད་དུ་ཁྲེས་སེ་ཞོག་ཅིག༔ བྱས་ལ་ཅུང་ཟད་འཇོག །དེར་སྔ་མའི་སེམས་རྟོག་འགགས༔ ཕྱི་མའི་རྣམ་རྟོག་མ་སྐྱེས་པའི་སྐབས་དེར༔ ཧད་དེ་བ་སྟོང་སང་ངེ་དེར་འཛིན་མེད་པ་ཞིག་འདུག་གམ༔ དེ་ཁོ་ན་སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་གི་དབང་སྨྲ་བརྗོད་ལས་བྲལ་བའི་དེ་ཁོ་ན་ཉིད་ཡིན་ནོ༔ རིགས་ཀྱི་བུ་རྣམས་དེ་ཁྱོད་ཚོ་ལ་རང་བཞིན་གྱིས་གནས་ཀྱང༔ དབུལ་པོའི་ཁྱིམ་ན་ནོར་གྱི་གཏེར་ཡོད་པ་བཞིན་དུ་ཕན་མ་ཐོགས་ངོ་མ་ཤེས་པ་ཡིན་ནོ༔ ད་ནི་དབུལ་པོའི་ཁྱིམ་ནོར་གྱི་ཁ་བྱང་བྱུང་བ་ལྟར༔ ངས་ངོ་བོ་རང་བྱུང་གི་སངས་རྒྱས་རང་ལ་ཡེ་ནས་གནས་པ་དེ་ངོ་སྤྲད་ནས༔ སངས་རྒྱས་ལག་ཏུ་གཏད་པ་ཡིན་ནོ༔ སངས་རྒྱས་ཀྱི་དགོངས་པ་ཟེར་བ་དེ་ལས་ལོགས་ནས་བཟང་པོ་ཞིག་ད་ཕན་ཆད་ལ་མ་ཚོལ་བར་འདི་ཀའི་སྟེང་དུ་ཉམས་སུ་ལོངས་ཤིག༔ ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་འཐོབ་པར་གདོན་མི་ཟའོ༔ བུ་ཀུན་དེ་རིང་ནས་སངས་རྒྱས་དང་ལག་སྦྲེལ་བ་ཡིན་ནོ༔ ད་ནི་འབྲལ་བར་མ་བྱེད་ཅིག༔ ཅེས་ངོ་སྤྲད་ལ་གཟེངས་བསྟོད་ཅིང་མཉམ་པར་འཇོག་ཏུ་བཅུག །ཡང་། ཕཊ༔ ཅེས་ཉམས་དེ་བཤིགས་ལ་རྗེས་ཀྱི་ཤེས་པ་སྐད་ཅིག་མ་ཡང་དེ་ཀར་ངོ་སྤྲད་པས་ཤིན་ཏུ་ཟབ་བོ། །དེ་དག་གིས་བླ་མེད་གསང་བའི་ལམ་མཆོག་དབང་བཞི་ཡོངས་རྫོགས་ཆེན་པོ་གུད་སྦས་རིག་པའི་རྩལ་དབང་བཅས་ཐོབ་པ་ཡིན་པས་དམ་ཚིག་གི་རིམ་པ་སྤྱི་དང་། ཁྱད་པར་དུ། ཐོད་པ༔ བྲིས་སྐུ༔ དབང་གོས་དམར་པོ༔ ཨ་མྲྀཏ་དང༔ སིནྡྷུ་ར༔ སྦ་ལྕག༔ བླ་རྡོ༔ དེ་རྣམས་གསང་ཞིང་བཅང་ན་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་ཤིན་ཏུ་གཅེས་པར་གསུངས་པས་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་བྱའོ།། །།རྗེས་ཚོགས་རོལ་ལྷག་ཆོག་ལ་སོགས་པའང་ཕྲིན་ལས་ལྟར་བྱས་པས་འགྲུབ་བོ། །བླ་མའི་བྱིན་རླབས་ཉི་ཟེར་གྱིས། །བློ༵་གྲོ༵ས་འདབ་བརྒྱ་ཕྱེས་པའི་བཅུད། །ཡིག་ཚོགས་སྦྲང་རྩི་མཐ༵འ་ཡ༵ས་པར། །རིགས་མཐུན་བུང་བ་དགྱེས་རོལ་ཅིག །རྟ་ཕག་གསང་བའི་དབང་བསྐུར་པདྨའི་ཕྲེང་བའི་ལེ་ཚན་ནོ།། །། ༄༅། །མཚན་ཐོས་ཙམ་གྱིས་འཆི་བདག་གི །ཆད་པ་ཟློག་ཅིང་འཆི་མེད་ཚེའི། །དངོས་གྲུབ་བཅུད་སྩོལ་མགོན་པོ་དེར། །བཏུད་ནས་ཡང་ཟབ་ཚེ་དབང་བཤད། །འདི་ལ་སྦྱོར་བ་དཀྱིལ་འཁོར་ནི། དབུས་སུ་པདྨ་འདབ་བཞི་ཕྱོགས་མདོག་ལྟེ་བ་དམར། དེའི་ཕྱི་རིམ་རྡོ་རྗེ་རྒྱ་གྲམ། དེའི་ཕྱི་རོལ་དུ་པདྨའི་ཕྲེང་བ་དྲྭ་ཕྱེད་རིས་སུ་འཁྲིགས་པ་ལ་སྒོ་རྫོགས་ཞི་དཀྱིལ་སྤྱི་ལྟར་བྱ། མ་འབྱོར་ན་མཎྜལ་ལ་ཚོམ་བུ་ལྔ་བཀོད་པའི་ཁར་སྤྲོས་པ་ཆེ་ན་བུམ་པ་ལྔ། བསྡུ་ན་བུམ་པ་གཅིག་གུ་གུལ་གྱིས་བདུག་པ་སོགས་བགེགས་བསྐྲད་ལ། ཁྱེའུ་བུ་མོ་བཀྲ་ཤིས་པས་བླངས་པའི་ཆུ་གཙང་དང་། ལྔ་ཕྲག་ལྔའི་རྫས་དཀར་གསུམ་མངར་གསུམ་རྣམས་ཚེའི་སྙིང་པོ་བཟླ་བཞིན་པས་བླུགས་ཤིང་། ཁ་རྒྱན་མགུལ་ཆིངས་གཟུངས་ཐག་དང་ལྡན་པ་བཞག །གཡས་སུ་ཚེ་ཆང་མར་གྱི་བཟེད་ཁ་ཅན། གཡོན་དུ་ཚེ་ནས་དཀར་མོ་ལ་ཚེའི་མདའ་དར་དམར་པོ་གཟུག །མདུན་དུ་སྨན་རཀ་གཏོར་གསུམ་ཕྱི་མཆོད་དང་བཅས་པ། ལས་བུམ་དང་ཉེར་མཁོའི་ཡོ་བྱད་རྣམས་ཀྱང་ཉེ་བར་བསྡོགས་སོ།། །།དངོས་གཞི་དབང་དོན་དུ་བསྙེན་ཅིང་སྒྲུབ་པ་ནི། འདིར་བསྙེན་སྒྲུབ་ལས་སྦྱོར་གསུམ་གྱི་ཚུལ་དུ་བསྟན་པའི་བསྙེན་པ་གོང་དུ་སོང་ན་སྐབས་འདིར་མི་དགོས་ཀྱང་། མ་སོང་ན་འདིར་ཡང་ས་བཅད་ཙམ་བྱ་དགོས་པ་དང་། སྒྲུབ་པའི་ལས་བྱང་གཞུང་འདིར་མི་གསལ་བས་ལྕོགས་ན་ཚེ་སྒྲུབ་གསང་འདུས་ལྟར་བྱ་བ་འབྲེལ་ཆགས་ཀྱང་དབང་དོན་ཙམ་ལ་སྙིང་པོ་བསྡུས་པ་ཁྱེར་བདེ་བ་དང་། སྒྲུབ་པའི་དབང་བྱང་དུ་མདུན་བསྐྱེད་གསལ་བར་མ་གསུངས་ཀྱང་དཀྱིལ་འཁོར་བྲི་ཐབས་སོགས་བསྟན་པའི་ཕྱིར་ཤུགས་ལས་ཐོན་པས་དེ་ལྟར་དུ་བཀོད་པ་ལ། ཐོག་མར་བསྙེན་པའི་རྣལ་འབྱོར་ནི། སྐྱབས་སེམས་སོགས་རྡོར་ཕྲེང་ངམ་གསང་འདུས་ལྟར་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཚེ་ཡི་རིག་འཛིན་འཐོབ་པར་བྱ། དེའི་ཆེད་དུ་མགོན་པོ་ཚེ་དཔག་མེད་བསྒྲུབ་པར་བྱའོ། །སྐད་ཅིག་གིས་བདག་ཉིད་ཡི་དམ་དུ་གསལ་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས༔ འཕགས་པ་མཆོད༔ སླར་བདག་ལ་འདུས་པས་བདག་གི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག༔ ཁྱད་པར་ཚེའི་བར་ཆད་ཐམས་ཅད་ཞི་ཞིང་གདོན་བགེགས་རྣམས་ཕྱིར་བསྐྲད་པར་གྱུར༔ ཡང་འོད་འཕྲོས་བདག་གི་ཚེ་སྲོག་བླ་ཚེ་ཉམས་པ་རྣམས་ཚུར་འུབ་བསྡུས་སོར་ཆུད་དེ་ཕྱི་ལ་རྡོ་རྗེའི་གུར་དུ་གྱུར༔ ཡང་འོད་ཟེར་འཕྲོས་པས་དོན་གཉིས་བྱས་ཚུར་འདུས་པ་ལས། པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་བདག་ཉིད་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ༔ ཕྱག་མཉམ་གཞག་གི་སྟེང་ན་ཚེའི་བུམ་པ་བསྣམས་པ༔ རང་འདྲའི་ཡུམ་དང་གཉིས་མེད་དུ་འཁྲིལ་བ༔ དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བདེ་བ་ཅན་ནས་ཡེ་ཤེས་སེམས་དཔའ་རང་འདྲ་བ་སྤྱན་དྲངས་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་མེད་དུ་གྱུར༔ ཐུགས་ཀར་ཟླ་སྟེང་ཧྲཱིཿལ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ༔ ཚངས་དང་དྲང་སྲོང་རིག་འཛིན་ཚེ་ལ་དབང་བ། ས་ཆུ་མེ་རླུང་རི་བོ་རྩི་ཤིང་འབྱུང་བའི་བཅུད་ཐམས་ཅད་བསྡུས་ཏེ་རང་ལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་གྱུར། ཅེས་བསྒོམས་ལ། ཨོཾ་གུ་རུ་ཨཱ་ཡུརྫྙཱ་ན་ཨ་མཱ་ར་ཎ་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཞེས་བཟླའོ། །གཉིས་པ་སྒྲུབ་པའི་རྣལ་འབྱོར་ལ། རྒྱས་པར་སྤྲོ་ན་བགེགས་བསྐྲད་དང་མཚམས་གཅོད་བྱ། བསྡུ་ན་གོང་གི་བསྙེན་པའི་སྐབས་དེས་འཐུས། མཆོད་རྫས་བྱིན་བརླབ་ནི། ཧྲཱིཿ ཐུགས་ལས་རཾ་ཡཾ་ཁཾ་འཕྲོས་པས། །མཆོད་རྫས་ཉེས་སྐྱོན་བསྲེགས་གཏོར་བཀྲུས། །ཕྱི་ནང་གསང་སོགས་མཆོད་པའི་སྤྲིན། །ཟག་མེད་ནམ་མཁའ་གང་བར་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱཱ། ཤབྡ་ཨཱཿཧཱུྃ། ཨོཾ་པཉྩ་ཀཱ་མ་གུ་ཎ་ཨཱཿཧཱུྃ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ དེ་ནས་བདག་བསྐྱེད་ནི། བདག་ཉིད་ཚེ་དཔག་མེད་ཡབ་ཡུམ་དུ་གསལ་བའི་སྤྱི་བོར་རྣམ་སྣང་ཡབ་ཡུམ་དཀར་པོ། མགྲིན་པར་རིན་འབྱུང་ཡབ་ཡུམ་སེར་པོ། སྙིང་གར་མི་བསྐྱོད་ཡབ་ཡུམ་མཐིང་ཁ། ལྟེ་བར་དོན་གྲུབ་ཡབ་ཡུམ་ལྗང་གུ། ཐམས་ཅད་ཀྱང་གཡས་རང་རྟགས་ཀྱི་ཕྱག་མཚན་ཐུགས་ཀར་འཛིན་ཅིང་གཡོན་མཉམ་གཞག་ཚེ་ཡི་བུམ་པ་བསྣམས་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །བུམ་བསྐྱེད་ནི། བུམ་པ་གཅིག་ལས་མེད་ན། བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་བུམ་པ་མཚན་ཉིད་དང་ལྡན་པ། ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ་པད་ཟླའི་གདན་ལ་མགོན་པོ་ཚེ་དཔག་ཏུ་མེད་པ་ཡབ་ཡུམ་དམར་པོ། དེའི་སྤྱི་བོར་རྣམ་སྣང་སོགས་ནས། བཞུགས་པའོ་ཡི་བར་བདག་བསྐྱེད་ལུས་དཀྱིལ་ལྟར་དུ་གསལ་གདབ། བུམ་པ་ལྔ་ཡོད་ན་ནི་མདུན་བསྐྱེད་དང་ཆབས་ཅིག་ཏུ་གསལ་གདབ་སྟེ། བསང་སྦྱང་ནས་གཞལ་ཡས་ཁང་དུ་གྱུར་པ་ལྔ་དང་། བར་དང་། མདུན་རྟེན་དཀྱིལ་འཁོར་སྐད་ཅིག་གིས་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་རྒྱན་དང་བཀོད་པ་ཚད་མེད་པས་སྤྲས་པའི་ནང་དུ་དབུས་དང་ཕྱོགས་སོ་སོར་པདྨ་དང་ཟླ་བའི་གདན་རེ་རེ་གསལ་བར་གྱུར། དབུས་ཀྱི་གདན་ལ་མགོན་པོ་ཚེ་དཔག་ཏུ་མེད་པ་ཡབ་ཡུམ་དམར་པོ། ཤར་དུ་མི་བསྐྱོད་ཡབ་ཡུམ་མཐིང་ཁ། ལྷོར་རིན་འབྱུང་ཡབ་ཡུམ་སེར་པོ། ནུབ་ཏུ་རྣམ་སྣང་ཡབ་ཡུམ་དཀར་པོ། བྱང་དུ་དོན་གྲུབ་ཡབ་ཡུམ་ལྗང་གུ། ཐམས་ཅད་ཀྱང་གཡས་རང་རྟགས་ཀྱི་ཕྱག་མཚན་ཐུགས་ཀར་འཛིན་ཅིང་གཡོན་མཉམ་གཞག་ཚེ་ཡི་བུམ་པ་བསྣམས་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །དེ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། སྤྱན་དྲང་བ་ནི། ཧྲཱི༔ བདེ་ཆེན་རྣམ་པར་དག་པའི་ཀློང་ཡངས་ནས༔ བཅོམ་ལྡན་ལྷ་མཆོག་མགོན་པོ་ཚེ་དཔག་མེད༔ འཁོར་བཅས་མ་ལུས་ཐུགས་རྗེའི་དབང་གིས་ནི༔ འདིར་གཤེགས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ མཆོད་པ་ནི། མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་སྒྲ་སྙན་ཕྱི་མཆོད་འབུལ། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །འདོད་ཡོན་མ་སྤང་ནང་མཆོད་འབུལ། །གཉིས་མེད་མཉམ་སྦྱོར་བདེ་བ་ཆེ། །གསང་བ་མཆོག་གི་མཆོད་པ་འབུལ། མ་ཧཱ་པཱུ་ཛ་ཧོཿ བསྟོད་པ་ནི། ཧྲཱིཿ ཆོས་དབྱིངས་ངང་ལས་རང་བྱུང་རང་ཤར་བའི། །འགྲོ་བའི་འཆི་བདག་འཇོམས་མཛད་བཅོམ་ལྡན་འདས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཚུལ། །བཅོམ་ལྡན་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། །བཟླས་པ་ནི། བདག་མདུན་གྱི་ལྷ་རྣམས་ཀྱི་ཐུགས་ཀར་རང་རང་གི་ས་བོན་ལ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་སོགས་སྤྲོ་བསྡུ་གོང་ལྟར་བྱས་ལ། ཨོཾ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ༔ ཞེས་ཅི་འགྲུབ་བཟླ། དེ་ནས་བུམ་བཟླས་ནི་གཟུངས་ཐག་བླངས་ལ། རང་གི་ཐུགས་ཀའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ནས་སོང་བས༔ བུམ་པའི་ལྷ་རྣམས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ༔ སྔགས་ཀྱི་རང་སྒྲ་སྒྲོག་ཅིང་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་བྱང་སེམས་དྲང་སྲོང་རིག་འཛིན་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་འོད་ཟེར་འཆི་མེད་ཚེའི་བཅུད་ཐམས་ཅད་བུམ་པའི་ལྷ་ཚོགས་ལ་ཐིམ་ཞིང་འདུས་པར་བསམ་ཞིང༔ སྔགས་གོང་ལྟར་བཟླ། ཞར་བྱུང་ཚེ་ཆང་ལའང་ཚེ་བཅུད་བསྡུ་བསྟིམ་བྱ། དེ་ནས་ཚེ་འགུགས་པ་ནི་སྤོས་བསྲེག་ཅིང་མདའ་དར་གཡབ་ལ། ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ མཁའ་དང་མཉམ་པའི་སྐུ་མངའ་བ༔ མི་འགྱུར་རྡོ་རྗེ་ཚེ་ཡི་སྐུ༔ འཆི་མེད་རྡོ་རྗེའི་ཚེ་ཁུག་ཅིག༔ མགོན་པོ་ཐུགས་རྗེའི་རང་བཞིན་ལ༔ གནད་ནས་བསྐུལ་གདབ་མི་འཚལ་ཏེ༔ ཁྱེད་ཀྱིས་ཚེ་གཞག་གནས་འདིར་ལགས༔ རྟག་ཅིང་བརྟན་པའི་ཚེ་ཁུག་ཅིག༔ གསང་བ་ཐུགས་ཀྱི་གྭ་འུ་ནས༔ ཐབས་ཤེས་ཉི་ཟླའི་བུམ་པའི་ནང༔ འགྱུར་མེད་ནྲྀ་ཡི་འོད་ཟེར་འཕྲོ༔ ཁམས་གསུམ་སྲིད་གསུམ་ཚེ་ཁུག་ཅིག༔ ཐུགས་སྲོག་སྙིང་པོ་ཧཱུྃ་ལ་འདུས༔ སྐྱོབ་པ་ཨ་ལ་ཚེ་སྲོག་ནྲྀ༔ མི་འགྱུར་དཔལ་གྱི་བེ་འུ་ནས༔ རྣལ་འབྱོར་བདག་ལ་ཚེ་སྩོལ་ཅིག༔ དུང་ཞལ་འབྲུ་གསུམ་གྱིས་བུམ་པར་ཕུལ་ལ༔ བུམ་པའི་ལྷ་ཚོགས་རྣམས་འཆི་མེད་ཀྱི་བདུད་རྩིར་ཞུ་བར་གྱུར༔ ལས་བུམ་རྟ་མགྲིན་བསྐྱེད་བཟླས་བྱ་ཞིང་ལྷ་བདུད་རྩིར་བཞུ། བདག་དབང་བླང་བ་ནི། བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ བདེ་མཆོག་བདེ་སྤྱོད་རྒྱལ་བའི་དཀྱིལ་འཁོར་ནས༔ རྒྱལ་བ་སྲས་བཅས་མགོན་པོ་ཚེ་དཔག་མེད༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་མཆོག༔ འཆི་མེད་རྡོ་རྗེ་ཚེ་ཡི་མཆོག་ཐོབ་ཅིང༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་དཔལ༔ བུམ་པ་བཟང་པོ་ཡིད་བཞིན་ཚེ་ཡི་གཏེར༔ འཆི་མེད་བདུད་རྩི་གསང་བ་ཚེ་ཡི་བཅུད༔ དུས་འདིར་མགོན་པོས་བདག་ལ་བསྩལ་དུ་གསོལ༔ འཆི་མེད་རྡོ་རྗེ་ཚེ་ཡི་དབང་ཐོབ་ཅིང༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛད་དུ་གསོལ༔ ཞེས་དབང་བླངས་པས། ཚེ་དཔག་མེད་ཀྱི་བུམ་པ་ནས༔ ཚེ་ཡི་བདུད་རྩི་ཆི་ལི་ལི་ཁོལ་བ༔ བདག་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ན་ར་ར་བབས་ནས༔ བདག་གི་ལུས་ནང་དང་རྩ་ཁམས་བདུད་རྩིས་དཀར་ལྟེམ་གྱིས་གང༔ འཆི་མེད་ཚེའི་རིག་འཛིན་ཐོབ་པར་གྱུར་པར་ངེས་ཤེས་བསྐྱེད་དོ༔ དེ་ནས་དབང་བསྐུར་བ་ནི། སློབ་མ་རྣམས་ལ་ཁྲུས་བྱ་ཞིང་། ཕྱག་སྐོར། མིག་དར་འཆིང་བ་སྔ་མ་ལྟར་ལ། སེམས་བསྐྱེད་གསལ་བཏབ། རྫོགས་པ་ཆེན་པོ་ཀློང་གསལ་སྙིང་ཐིག་ལས་བསྐྱེད་རིམ་དང་འབྲེལ་བའི་སྨིན་བྱེད་གསུམ་པ། ཡང་ཟབ་ཚེའི་དབང་བསྐུར་བདུད་རྩིའི་བུམ་པ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པའི་རྗེས་ཟློས། ཀྱེ༔ བླ་མ་སངས་རྒྱས་ཀུན་གྱི་གཙོ༔ འཆི་མེད་མགོན་པོ་ཚེ་དཔག་མེད༔ བདག་ཅག་ཚེ་ཡི་དཀྱིལ་འཁོར་དུ༔ གཞུག་ཅིང་སྨིན་པར་མཛད་དུ་གསོལ༔ ལན་གསུམ། ཞེས་ཞུས་པའི་ལན་དུ། ཁྱོད་སུ་བླ་མེད་དཀྱིལ་འཁོར་དུ༔ འཇུག་འདོད་དམ་ཚིག་ཚུལ་བཞིན་དུ༔ བླ་མ་ལྷ་དང་མཆེད་སོགས་ལ༔ སྲུང་ན་ཚུར་ཤོག་མི་བསྲུང་དེངས༔ ཞེས་དྲིས་པའི་ལན་དུ་རྗེས་ཟློས། བདག་ནི་ལུས་དང་སྲོག་ལ་སོགས༔ བྱ་དཀའ་ཆེན་པོར་གྱུར་ན་ཡང༔ དམ་ཚིག་ཚུལ་ལས་མི་འདའ་ཞིང༔ བཀའ་བཞིན་བསྒྲུབ་པར་བདག་སྤྲོ་འོ༔ བླ་མས། དེ་ལྟར་ཡིན་ན་གནང་བར་བྱའོ༔ ཞེས་གནང་བ་སྦྱིན། སྐབས་འདིར་སྐྱབས་སེམས་དགོས་ན་སྟ་གོན་སྐབས་ལྟར་འདིར་བླང་། ད་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གཞུག་པའི་སྔོན་འགྲོ་དམ་ལ་གཞག་པ་བཞི་པོ་རིམ་པར་འབྱུང་བས་དོན་སོ་སོར་ཐུགས་ལ་ངེས་པར་མཛོད་ཅིག །བླ་མས་རྡོ་རྗེ་སྤྱི་བོར་བཞག་ལ༔ ཧོ༔ མི་འགྱུར་གསང་བ་མཆོག་གི་ནི༔ རྡོ་རྗེའི་སྐུ་ནི་ཁྱོད་ཐོབ་འགྱུར༔ འདི་ནི་ཁྱོད་ཀྱི་དམ་ཚིག་སྟེ༔ བུ་ཁྱོད་ཚུལ་བཞིན་གནས་པར་མཛོད༔ བཛྲ་ས་མ་ཡ་ཨི་དན་ཧཱུྃ༔ རྡོ་རྗེ་སྙིང་གར་གཏུགས་ལ༔ དེ་རིང་མགོན་པོ་ཚེ་དཔག་མེད༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ ཚུལ་འདི་གཞན་ལ་སྨྲས་པ་ན༔ ཁྱོད་ཉིད་ཉམས་ཏེ་ལྟུང་བར་འགྱུར༔ དེ་ཕྱིར་ཁྱོད་ཀྱིས་ཤིན་ཏུ་གསང༔ ཇི་ལྟར་བསྒོས་པའི་དམ་ལས་མི་འདའ་བའི་བློས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ས་མ་ཡ་ན་ར་ཀན༔ དམ་ཆུ་དང་བདུད་རྩི་བསྲེས་པ་བྱིན་ལ༔ ཧོ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་ཚིག་ཉམས་ན་དམྱལ་བར་ལྟུང༔ དམ་ཚིག་བསྲུང་ན་དངོས་གྲུབ་མཆོག༔ གསང་བ་རྡོ་རྗེའི་ཆུ་འདིས་འགྲུབ༔ ཨོཾ་པཉྩ་ཨ་མྲྀཏ་ཨུ་ད་ཀ་ཐ་ཐ་ཧཱུྃ༔ སླར་རྡོ་རྗེ་སྤྱི་བོར་བཞག་ལ༔ དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི༔ ཧེ་རུ་ཀ་དཔལ་ཚེ་དཔག་མེད༔ ང་ཉིད་ཡིན་གྱིས་ང་ཡི་བཀའ༔ ཁྱོད་ཀྱིས་འདའ་བར་མི་བྱ་སྟེ༔ ང་ཡིས་བསྒོ་བའི་བཀའ་ཅི་བཞིན༔ ཁྱོད་ཀྱིས་གཅོག་པར་མི་རུང་ངོ༔ ས་མ་ཡ་ཨི་དན་ན་ར་ཀན༔ ཅེས་དམ་ལ་བཞག །དེ་ནས་ཡེ་ཤེས་པ་དབབ་པའི་སླད་དུ་ལུས་གནད་རྣམ་སྣང་ཆོས་བདུན་དང་ལྡན་པས་དམིགས་པ་འདི་བཞིན་དུ་སྒོམས་ཤིག །སྟོང་པའི་ངང་ལས་པད་ཟླའི་གདན་ལ་ཁྱེད་རང་རྣམས་མགོན་པོ་ཚེ་དཔག་མེད་ཡབ་ཡུམ་དམར་གསལ་འོད་ལྔའི་མདངས་ལྡན་དུ་གསལ་བའི་སྤྱི་བོར་རྣམ་སྣང་ཡབ་ཡུམ་སོགས་ནས། སྐྱིལ་མོ་ཀྲུང་གིས་བཞུགས་པ། ཞེས་པའི་བར་གོང་ལྟར་ལ། སྙིང་གའི་མི་བསྐྱོད་ཚེ་དཔག་མེད་ཀྱི་ཐུགས་ཀར་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར༔ སྟེང་དུ་གཡུང་དྲུང་དམར་པོའི་ལོགས་བཞི་ལ་ཧ་རི་ནི་སས་མཚན་པ༔ དེའི་སྟེང་དུ་ཉི་ཟླ་གྭའུ་ཁ་སྤྲོད་ལ༔ སྟེང་དུ་ཟླ་བ་ལ་ཨཱ་ལི༔ འོག་ཏུ་ཉི་མ་ལ་ཀཱ་ལི་བསམ༔ གྭའུ་དེ་གཉིས་ཀྱི་འོག་ཏུ་གསེར་གྱི་རྡོ་རྗེ་རྒྱ་གྲམ་གཅིག་བསྒོམ༔ གྭའུ་དེའི་ནང་དུ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཚོན་གང་པ་གཅིག་གི་ཐུགས་ཀར༔ གཡས་སུ་སྐྱོབ་པ་ཨ༔ གཡོན་དུ་གནས་པ་ཧཱུྃ༔ བར་དུ་སྲོག་ནྲྀ་ལྗང་གུ་རེ་གསལ་ཐོབས་ཤིག༔ ཡི་གེ་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས༔ སྤྱིར་བླ་མ་ཡི་དམ་མཁའ་འགྲོ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་རྣམ་པར་བྱོན། ཁྱད་པར་དུ་ནུབ་བདེ་བ་ཅན་ནས་མགོན་པོ་ཚེ་དཔག་མེད་རིགས་ལྔའི་སངས་རྒྱས་དང་བཅས་པ་ཐམས་ཅད་སྤྱི་བོ་ནས་ཐིབ་ཐིབ་བྱོན་ནས་སྙིང་གའི་ཚེ་དཔག་མེད་དང་ནྲྀ་ལ་རབ་ཏུ་ཐིམ༔ ཡང་འོད་འཕྲོས༔ ནམ་མཁའ་ཉི་ཟླ་འབྱུང་བ་བཞིའི་བཅུད་དང་ལྷ་དང་དྲང་སྲོང་རིག་འཛིན༔ མདོར་ན་བསོད་ནམས་ཅན་རྣམས་ཀྱི་ཚེ་དང་བསོད་ནམས་བཀྲག་མདངས་དང་གཟི་བརྗིད༔ འགྲོ་བ་མི་ཡི་སྲོག་ནྲྀ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་བླངས་པ་ལྟར་དུ་བ་སྤུའི་བུ་ག་ནས་སིབ་ཀྱིས་འདུས་ནས༔ ཡིག་འབྲུ་གསུམ་ལ་བསྟིམས་པས་རང་བཀྲག་མདངས་འོད་དང་ལྡན་པར་གྱུར་པ་བསྒོམ༔ གཞན་ཡང་རང་གི་བླ་ཚེ་གདོན་བགེགས་ཀྱིས་ཁྱེར་པ་དང་ཡར་པ་རྣམས་ཀྱང་འུབ་ཀྱིས་འདུས་ཏེ་སོར་ཆུད་པར་མོས་ཤིག༔ སྤོས་རོལ་དབྱངས་སྙན་དང་མདའ་དར་གཡབ་ལ། ཧཱུྃ༔ ཆོས་སྐུ་སྐྱེ་མེད་དབྱིངས་ཀྱི་ཕོ་བྲང་ནས༔ ཐུགས་རྗེའི་རང་བཞིན་ཚེ་ལྷ་རིགས་ལྔ་རྣམས༔ འགྲོ་བའི་དོན་ལ་དབྱེ་བསལ་མི་མངའ་ཡང༔ ཐུགས་དམ་དབང་གིས་གནས་འདིར་བྱོན་ནས་ཀྱང༔ སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཨོཾ་བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཧཱུྃ༔ ཞེས་དང་། གོང་གསལ་ཚེ་འགུགས་གྱེར་བའི་མཇུག་ཚིག །རྣལ་འབྱོར་བདག་ལ་ཞེས་པར། སྐལ་ལྡན་བུ་ལ་ཚེ་སྩོལ་ཅིག༔ ཅེས་བསྒྱུར་ལ་སྙིང་པོའང་ལན་གསུམ་ལ་སོགས་པ་བརྗོད་དོ། །དེ་ལྟར་ཚེའི་བཅུད་དང་བྱིན་རླབས་ཐམས་ཅད་སྙིང་གའི་ཡི་གེ་གསུམ་ལ་ཐིམ་པས་བཀྲག་མདངས་འོད་དུ་འབར། ཉི་ཟླའི་གྭའུ་ཁ་བསྒྲིགས༔ འོག་གི་རྡོ་རྗེ་རྒྱ་གྲམ་གྱི་ར་བསྣོལ་མར་བསྡམས་པས་ནམ་ཡང་འགྱུར་བ་མེད་པར་སྒོམས་ཤིག༔ རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་བཞག་སྟེ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ༔ ཞེས་རབ་ཏུ་གནས་པར་བྱ། དེ་ནས་མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ ཀུན་བཟང་བླ་མ་ཚེ་དཔག་མེད༔ བདག་ཅག་འཁོར་བ་མ་རིག་གིས༔ ལྡོངས་པའི་ཆུ་བུར་ལིང་ཏོག་མིག༔ དེ་རིང་མགོན་པོས་བསལ་དུ་གསོལ༔ རྡོ་རྗེས་མིག་དར་ཕྱེས་ལ། ཀྱེ༔ སྔོན་གྱི་མིག་མཁན་རྒྱལ་པོ་ཡིས༔ ཅི་ལྟར་མ་རིག་རྨོངས་བསལ་ལྟར༔ བདག་གིས་ཐབས་ཤེས་གསེར་ཐུར་གྱིས༔ ཁྱེད་ཅག་མ་རིག་བསལ་བར་བྱ༔ བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ མ་རིག་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བས་མགོན་པོ་ཚེ་དཔག་ཏུ་མེད་པ་རིགས་ལྔའི་ལྷ་ཚོགས་ཞལ་མངོན་སུམ་དུ་མཇལ་བར་མོས་ལ་ངེས་ཤེས་དང་གུས་སྤྲོ་རྒྱ་ཆེན་པོ་སྐྱེད་ཅིག །བུ་རྣམས་ཉོན་ཅིག་སྐལ་ལྡན་ཀུན༔ རྩོལ་སེམས་མ་ཞན་སྤྲོ་དགའ་ཡིས༔ ཚེ་དཔག་མེད་པའི་དཀྱིལ་འཁོར་ལྟོས༔ མཐར་ཐུག་ཞིང་འདིར་སངས་རྒྱས་འགྱུར༔ ཞེས་སྤྲོ་བ་བསྐྱེད་དོ། །དངོས་གཞིའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་འདེབས་ཀྱི་རྗེས་ཟློས། ཀྱེ༔ བླ་མ་རྡོ་རྗེ་འཛིན་པ་ཆེ༔ གཙོ་བོ་ཚེ་དཔག་མེད་པ་ལ༔ གསང་བ་ཚེ་ཡི་དབང་བསྐུར་ཞུ༔ ཡོངས་སུ་རྫོགས་པར་མཛད་དུ་གསོལ༔ ལན་གསུམ། ཀྱེ་ཧོ་སྐལ་བཟང་རིགས་ཅན་རྣམས༔ དེ་རིང་ངས་ཁྱོད་ཚེ་དཔག་མེད༔ མགོན་པོ་དེ་དང་སྐལ་མཉམ་བྱ༔ རྩེ་གཅིག་མ་ཡེངས་གུས་པར་གྱིས༔ ཞེས་གནང་བ་སྦྱིན། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོར་རྡོ་རྗེ་རིན་པོ་ཆེ་པདྨའི་སྟན་ལ་སྔར་སྨྲོས་མ་ཐག་པའི་མཚན་ཉིད་ཅན་གྱི་མགོན་པོ་ཚེ་དཔག་མེད་པའི་རྣམ་པས་འཁོད་པ་ལ། ཚེའི་བུམ་པ་སྤྱི་བོར་བཞག་པའི་ཚེ། བླ་མ་དང་ཚེ་དཔག་མེད་ཡབ་ཡུམ་དབྱེར་མེད་ཀྱི་སྦྱོར་མཚམས་ནས་བྱང་སེམས་ཀྱི་རྒྱུན་བབས་པས༔ སྤྱི་བོ་ནས་རིམ་པར་ལུས་ཀྱི་ནང་ཐམས་ཅད་གང་བར་མོས་ཤིག༔ བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ གསང་བའི་ཡུམ་མཆོག་གོས་དཀར་མོ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་དབང་སྐུར་ཅིག༔ གསང་བ་ཐུགས་ཀྱི་གྭའུ་ནས༔ མི་འགྱུར་ཨཱ་ཡུཿཚེ་ཡི་བཅུད༔ སྐལ་ལྡན་འདི་ལ་བསྩལ་དུ་གསོལ༔ མི་འགྱུར་གསང་བའི་རྒྱས་ཐོབས་ཤིག༔ ཨོཾ་གུ་རུ་ཧཱུྃ༔ ཨོཾ་ཧཱུྃ་སྭཱ་ཨཱཾཿཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ བཛྲ་ཨཱ་ཡུ་ཤེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿཨ་བྷི་ཥིཉྩ་ཨཱཾ༔ དཔྲལ་བར་གཏུགས་ལ། ཧཱུྃ༔ བཅོམ་ལྡན་རྣམ་སྣང་ཚེ་དཔག་མེད༔ གསང་བའི་ཡུམ་མཆོག་དབྱིངས་ཕྱུག་མ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་དབང་སྐུར་ཅིག༔ གསང་བ་ཐུགས་ཀྱི་གྭའུ་ནས༔ མི་འགྱུར་ཨཱ་ཡུཿཚེ་ཡི་བཅུད༔ སྐལ་ལྡན་འདི་ལ་བསྩལ་དུ་གསོལ༔ མི་འགྱུར་གསང་བའི་རྒྱས་ཐོབས་ཤིག༔ གོང་གི་སྔགས་ཤམ་དུ། ཨ་བྷི་ཥིཉྩ་ཨོཾ༔ ལྟེ་བར་གཏུགས་ལ། ཧཱུྃ༔ བཅོམ་ལྡན་རིན་འབྱུང་ཚེ་དཔག་མེད༔ གསང་བའི་ཡུམ་མཆོག་སངས་རྒྱས་སྤྱན༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་དབང་སྐུར་ཅིག༔ གསང་བ་ཐུགས་ཀྱི་གྭའུ་ནས༔ མི་འགྱུར་ཨཱ་ཡུཿཚེ་ཡི་བཅུད༔ སྐལ་ལྡན་འདི་ལ་བསྩལ་དུ་གསོལ༔ མི་འགྱུར་གསང་བའི་རྒྱས་ཐོབས་ཤིག༔ སྔགས་ཤམ་དུ། ཨ་བྷི་ཥིཉྩ་སྭཱ༔ སྙིང་གར་གཏུགས་ལ། ཧཱུྃ༔ བཅོམ་ལྡན་མི་བསྐྱོད་ཚེ་དཔག་མེད༔ གསང་བའི་ཡུམ་མཆོག་མཱ་མ་ཀཱི༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་དབང་སྐུར་ཅིག༔ གསང་བ་ཐུགས་ཀྱི་གྭའུ་ནས༔ མི་འགྱུར་ཨཱ་ཡུཿཚེ་ཡི་བཅུད༔ སྐལ་ལྡན་འདི་ལ་བསྩལ་དུ་གསོལ༔ མི་འགྱུར་གསང་བའི་རྒྱས་ཐོབས་ཤིག༔ སྔགས་ཤམ་དུ། ཨ་བྷི་ཥིཉྩ་ཧཱུྃ༔ གསང་གནས་སུ་གཏུགས་ལ། ཧཱུྃ༔ བཅོམ་ལྡན་དོན་གྲུབ་ཚེ་དཔག་མེད༔ གསང་བའི་ཡུམ་མཆོག་དམ་ཚིག་སྒྲོལ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་དབང་སྐུར་ཅིག༔ གསང་བ་ཐུགས་ཀྱི་གྭའུ་ནས༔ མི་འགྱུར་ཨཱ་ཡུཿཚེ་ཡི་བཅུད༔ སྐལ་ལྡན་འདི་ལ་བསྩལ་དུ་གསོལ༔ མི་འགྱུར་གསང་བའི་རྒྱས་ཐོབས་ཤིག༔ སྔགས་ཤམ་དུ། ཨ་བྷི་ཥིཉྩ་ཧཱ༔ ཞེས་བསྐུར་རོ། །དེ་ནས་བུམ་ཆུ་ངག་ཏུ་བླུད་དེ། ཚེ་དཔག་མེད་ཡབ་ཡུམ་སྦྱོར་བ་བྱས་པའི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་དུ་ན་ར་ར་བབས་པས༔ ཁྱེད་རང་རྣམས་ཀྱི་ལུས་རྩ་ཁམས་ཐམས་ཅད་དཀར་མེར་གྱིས་གང་བར་མོས་ཤིག༔ ཧཱུྃ༔ ཚེ་དཔག་མེད་ཀྱི་མཁའ་གསང་ནས༔ བྱང་ཆུབ་སེམས་ཀྱི་འཕྲོ་འདུ་གསལ༔ གསང་བའི་ངག་ལ་དབང་བསྐུར་པས༔ མི་འགྱུར་ཚེ་ཡི་དབང་ཐོབ་ཤོག༔ ཚེ་ཆང་སྦྱིན་ལ། ཀྱེ་ཧོ༔ རྒྱུ་གཉིས་རྐྱེན་སྦྱར་འབྲུ་བཅུད་ཆང༔ འཆི་མེད་བདུད་རྩི་ར་ས་ཡཱན༔ ཤ་ལྔ་བདུད་རྩི་ལྔ་དང་སྦྱར༔ ཁམས་དང་འབྱུང་བ་བརྟན་འགྱུར་ཤོག༔ དེ་ནས་སྔགས་ཀྱི་ལུང་སྦྱིན་པའི་སླད་དུ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཕྲེང་བ་སྦྲེལ་ལ། བསྙེན་སྔགས་གཉིས་ཀྱི་རྗེས་ཟློས་ལན་གསུམ་བྱར་གཞུག །དེ་ནས་སློབ་བུ་རྣམས་ལ་མདའ་དར་གྱིས་གཡབ་ཅིང་བྱབས་ཏེ༔ ཧཱུྃ༔ བདེ་གཤེགས་རིགས་ལྔ་ཚེ་དཔག་མེད༔ ཉོན་མོངས་གནས་གྱུར་ཡེ་ཤེས་ངང༔ ཚེ་འདི་བསྟིམ་མོ་དཔལ་སྐྱོབས་ཤིག༔ མི་བུ་འདི་ལ་བཀྲ་ཤིས་ཤོག༔ འབྱུང་བ་ལྔ་ཡི་བདག་ཉིད་ཡུམ༔ འབྱུང་བཞིའི་ཁམས་ནས་ཚེ་ཉམས་ན༔ ཡུམ་ཆེན་ལྔ་ཡིས་དཔལ་སྐྱོབས་ཤིག༔ ཚེ་ཡི་བཅུད་སྡུས་དཔལ་སྐྱོབས་ཤིག༔ ཅེས་ཚེ་བསྟིམ་ཞིང་སྦའོ། །དེ་ནས་སློབ་བུའི་སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བ། ཡན་ལག་བཞི། ལྟག་པའི་བདུད་སྒོ་རྣམས་སུ་གཏུག་ཅིང་རྒྱས་བཏབ་སྟེ། ཧཱུྃ༔ བཅོམ་ལྡན་རིགས་ལྔ་ཚེ་དཔག་མེད༔ སྐུ་གསུང་ཐུགས་ཀྱི་རྒྱས་ཐོབས་ལ༔ བླ་ཚེ་ཉམས་པ་སོར་ཆུད་ཅིག༔ པདྨ་འཁོར་ལོ་རིན་ཆེན་དང༔ རྡོ་རྗེ་རྒྱ་གྲམ་ཕྱག་རྒྱ་ལྔས༔ མི་འགྱུར་གསང་བའི་རྒྱས་ཐོབས་ཤིག༔ འབྱུང་བའི་ཚེ་སྲོག་དཔལ་སྐྱེད་ལ༔ མི་འགྱུར་རྡོ་རྗེའི་སྐུར་གྱུར་ཅིག༔ ཅེས་དང་ཤིས་པ་ཅི་རིགས་བརྗོད། དེ་ལྟར་དབང་བསྐུར་པ་དེ་རྣམས་ཀྱིས་ནི་དབང་བཞི་ཡོངས་རྫོགས་སུ་འགྱུར་ཏེ༔ བུམ་པ་གནས་བཞིར་གཏུགས་ཤིང་བསྐུར་པས་བཞི་རྫོགས་སུ་འགྱུར་ཞིང༔ ཡང་བུམ་པའི་སྤྱི་དབང་གིས་བུམ་དབང༔ ངག་ཏུ་བླུད་པས་གསང་དབང༔ རྩ་ཁམས་བྱང་སེམས་ཀྱིས་གང་བས་ཤེས་རབ་ཡེ་ཤེས་ཀྱི་དབང༔ ཚེའི་ངོ་བོ་མི་འགྱུར་བ་ཨ་ཡི་ངོ་བོར་ཤེས་ཤིང༔ ཨ་སྐྱེ་མེད་སྤྲོས་བྲལ་ཆོས་སྐུར་རྟོགས་པ་ནི་དབང་བཞི་པ་ཚིག་དབང་རིན་པོ་ཆེ་འོ༔ ཞེས་རྟོགས་པ་བསྐྱེད། དེ་ལྟར་ཚེ་དཔག་ཏུ་མེད་པའི་གསང་དབང༔ བླ་མེད་ནང་གི་སྙིང་པོར་བསྐུར་བ༔ ཤིན་ཏུ་ཟབ་ཅིང་བརྗོད་པར་དཀའ་བའི་དབང༔ བདུད་རྩི་བུམ་པ་ཞེས་བྱ་བ༔ ཇི་སྐད་དུ། ལུང་ཐོབ་ཙམ་གྱིས་ཚེ་ཡི་བར་ཆད་ཞི༔ དབང་སྒྲུབ་འབྲེལ་ན་དུས་མིན་འཆི་ལས་ཐར༔ སྤྲོ་སྐྱེད་ཚིག་དབང་དོན་ཟབ་སྙིང་པོར་དྲིལ༔ ཨོ་རྒྱན་བདག་གི་ཐུགས་བཅུད་དམ་པ་ཡིན༔ ཞེས་བསྔགས་པར་མཛད་པ་དེ་ཉིད་ལེགས་པར་ཐོབ་པ་ཡིན་པས། དབང་འདིའི་དམ་བཅའ་རུ་བླང་བྱ་དང་དོར་བྱ་གཉིས༔ སྤང་བྱ་ནི༔ རྩ་བ་སྐུ་གསུང་ཐུགས༔ སྲོག་གཅོད་པ༔ མ་བྱིན་ལེན་པ༔ མི་ཚངས་སྤྱོད༔ རྐུ་འཕྲོག༔ བརྡེག་བཙོག༔ སྐུ་གསུང་ཐུགས་རྟེན་བཤིག་པ༔ གཉན་ཁ་སྲོལ་བ༔ ཕྱག་རྒྱ་རིགས་ངན་བསྟེན་པ་རྣམས་སྤང་ངོ༔ བླང་བྱ་ནི༔ སྐུ་གསུང་ཐུགས་རྟེན་བཞེངས་པ༔ རྙིང་པ་ཞིག་གསོས་ན་བཟའ་བྱ་བ༔ སེམས་ཅན་གྱི་སྲོག་འདོན་པ༔ ལམ་ཟམ་འཕྲང་གསུམ་བཅོས་པ༔ ཚེ་སྒྲུབ་པ༔ སཱཙྪ་འདེབས་པ་ལ་སོགས་དཀར་པོ་དགེ་བའི་ཆོས་ལ་འབད་པར་བྱ་དགོས་པར་གསུངས་པས་དེ་དག་ཅི་འགྲུབ་ཏུ་བྱ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་བྱའོ།། །།ཆོ་གའི་རྗེས་འགྲུབ་ན་ཚེ་སྒྲུབ་གསང་འདུས་ཕྲིན་ལས་ལྟར་ཚོགས་མཆོད་བྱ། མི་འགྲུབ་ན་མཆོད་པ་ཁ་གསོས་ལ་བྱིན་རླབས་མཆོད་བསྟོད་སྔར་ལྟར་དང་། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས་ཤིང་ཡིག་བརྒྱ་བརྗོད། རྟེན་དང་རས་བྲིས་ལ་དམིགས་ཏེ་མདུན་བསྐྱེད་ཀྱི་ཡེ་ཤེས་པ་བརྟན་བཞུགས། དམ་ཚིག་པ་རང་ལ་བསྡུ། ཧཱུྃ༔ བདག་ཉིད་སྒྱུ་མ་ཆུ་ཟླ་འཇའ་ཚོན་བཞིན༔ འགྲོ་བའི་དོན་དུ་ཐུགས་རྗེས་སྐུར་བཞེངས་ནས༔ སྟོང་དང་ཐུགས་རྗེ་སྙིང་རྗེ་ཟུང་འབྲེལ་བས༔ རྒྱུན་དུ་འགྲོ་བ་འདྲེན་པའི་སྤྱོད་ལམ་བྱའོ༔ ཞེས་བདག་བསྐྱེད་སྐད་ཅིག་གིས་འོད་གསལ་དུ་ཞུགས་ནས་རྒྱུན་སྤྱོད་ཀྱི་ལྷར་ལྡང་། ཨེ་མ་ཧོ༔ ཚེ་དཔག་མེད་པའི་བྱིན་རླབས་དང༔ བསྙེན་སྒྲུབ་མཐར་ཕྱིན་འདི་ཡི་མཐུས༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་དང༔ སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་དང༔ གློ་བུར་དགུ་བཅུ་རྩ་གཅིག་དང༔ དུས་མིན་འཆི་བ་རྣམ་བརྒྱད་སོགས༔ མི་མཐུན་ཚེ་ཡི་བར་ཆད་རྣམས༔ མ་ལུས་ཞི་ཞིང་ཟློག་པར་མཛོད༔ ཅེས་སྨོན་ལམ་གདབ་ཅིང་ཤིས་བརྗོད་ཅི་རིགས་པ་བྱའོ། །སྒྲུབ་ཐབས་པ༵དྨ༵འི་དགའ་ཚལ་ལས། །ག༵་ར་གྱི་དབ༵ང་ཕྱུག་འཆི་མེད་ལྷའི། །མཆོག་སྒྲུབ་ཨུ་དུམྦ་ར་འདི། །ཀློང་གསལ་སྙིང་ཏིག་ཁྱད་ཆོས་ལགས། །ཚེ་དབང་བདུད་རྩི་བུམ་པའི་ལེ་ཚན་ནོ།། །།དེ་ལྟར་སྒྲུབ་ཐབས་རྣམ་གསུམ་གྱི་དབང་བསྐུར་སྟ་གོན་སྔོན་དུ་འགྲོ་བའི་སོ་སོར་རྒྱས་པར་བསྐུར་ཚུལ་བཤད་མ་ཐག་པ་ལྟར་ལ། རེ་རེ་ཙམ་ཁོལ་འདོན་དུ་བྱེད་ནའང་རུང་ཞིང་། དེའི་ཚེ་སྟ་གོན་སྦྱར་ན་རྒྱས་པར་འགྱུར་ཞིང་། དབང་རྒྱུན་མིན་པའི་གནས་སྐབས་ཉེར་མཁོར་ཞུ་བ་ཙམ་ལ་སྟ་གོན་ཡང་སྦྱར་མི་དགོས། གལ་ཏེ་གསུམ་ཀ་ཆབས་ཅིག་བསྐུར་སྒྲུབ་བྱེད་ན། དབུས་སུ་བླ་མ། གཡས་སུ་ཚེ་དཔག་མེད། གཡོན་དུ་ཡི་དམ་གྱི་དཀྱིལ་འཁོར་རྣམས་བཤམས་ནས་བསྙེན་སྒྲུབ་རྣམས་རེ་རེའི་རྗེས་སུ་རེ་རེ་མཐར་ཆགས་སུ་བྱ། དེ་གྲུབ་ནས་དབང་ཡང་སྟན་ཐོག་གཅིག་ཏུ་གསུམ་ཀ་སྦྲེལ་ནས་བསྐུར་བ་ནི་དབང་བསྐུར་མང་པོ་སྦྲེལ་ནས་བསྐུར་བ་སྤྱི་ཁྱབ་ཀྱི་ལུགས་སྲོལ་ལགས་སོ། །ཚེ་གཅིག་སངས་རྒྱས་སྒྲུབ་པ་ལ། །དགོས་ནོར་ཡོངས་སུ་ཚང་བ་ཡི། །ཟབ་མོའི་སྒྲུབ་ཐབས་འདི་གསུམ་ལས། །སྤྲོས་པས་དེང་སང་ཅི་ཞིག་བྱ། །བླ་མའི་ལམ་ལས་རྡོ་རྗེའི་ཡེ་ཤེས་ཕེབ། །བདེ་སྟོང་ཕྱག་རྒྱའི་གྲུབ་མཆོག་ལྷག་ལྷས་སྩོལ། །འཆི་མེད་དབང་པོས་ཚེ་དང་སྒྲུབ་པ་གཉིས། །མཐར་ཕྱིན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །ཅེས་པའང་ཀུན་བཟང་བཀའ་བརྒྱུད་ལ་མོས་པ་ལྷུར་ལེན་པའི་རྩིས་བྲལ་གྱི་ཛོ་ཀི་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་མགུལ། སྒྲུབ་གནས་ཀྱི་རྒྱལ་པོ་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །། ༈ རྗེས་རིམ་དམ་གཟུང་ལུས་འབུལ་ཞིག་གཏེར་གཞུང་དབང་གསུམ་ལག་ལེན་ནང་འདི་ལྟར།་་་༼རྗེས་ཀྱི་རིམ་པ་ནི༔ དབང་རྣམས་ཚར་རྗེས་སུ༔ རྗེས་སྲོག་དམ་ཚིག་གཟུང་སྟེ༔ མཆེད་རྣམས་ལ་ངག་ཏུ་བདུད་རྩི་བྱིན༔ བུམ་ཆུ་ལྷག་མས་ཁྲུས་བྱས་ཏེ༔ ཐམས་ཅད་ཐལ་མོ་སྦྱར་ཏེ་མགྲིན་གཅིག་ཏུ༔ ཀྱེ་བླ་མ་རྡོ་རྗེ་འཛིན་པ་དགོངས༔ ཁྱེད་ཀྱི་བྲན་དུ་བདག་ཞུགས་ཏེ༔ གསང་བ་གསུམ་གྱི་དམ་ཚིག་ནི༔ ནམ་ཡང་འདའ་བར་མི་བྱེད་ཅིང༔ ཁྱེད་ཀྱི་རྗེས་སུ་བདག་ཞུགས་ན༔ ཁྱེད་ཀྱིས་སློབ་མར་གཟུང་བ་དང༔ སྲོག་གི་ཕྱིར་ཡང་དམ་སྲུང་ན༔ ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ༔ ཞེས་དམ་བཅའི་རྗེས་གནང་སྤྱོད༔༽ ཅེས་ཡོད།མཆན།
དཔལ་དུར་ཁྲོད་ལྷ་མོ་ངན་ནེ་མའི་རྒྱུད་ལེའུ་བཅུ་པ་ (Volume 39, Text 7)
༄༅༔ དཔལ་དུར་ཁྲོད་ལྷ་མོ་ངན་ནེ་མའི་རྒྱུད་ལེའུ་བཅུ་པ་བཞུགས་སོ༔ རྒྱ་གར་སྐད་དུ༔ མ་ར་ཏྲི་ཀ་ཏྲི་ར་ན༔ བོད་སྐད་དུ༔ དུར་ཁྲོད་ཀྱི་འདྲེ་མོ་ངན་ནེ་མའི་ཏནྟྲ་གསང་བ་གཅིག་རྒྱུད་ཅེས་བྱ་བ༔ དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ༔ དབེན་ཞིང་འགོལ་བའི་གནས་སུ་མཎྜལ་བྱ༔ དེའི་དབུས་སུ་འབྲུབ་ཁུང་གྲུ་གསུམ་པ༔ དུག་དང་རོ་སོལ་ནག་པོས་བྱུག༔ དམ་རྫས་ཝ་དར་མའི་ཐོད་པར་རི་བོང་གི་ཤ་ཁྲག༔ ཕག་གི་ཤ་ཁྲག༔ ཝའི་ཤ་ཁྲག༔ སྤོས་དཀར༔ གླ་རྩི་རྣམས་བྱུགས་ལ་ཁ་ལ་ཆས་བསྡམ༔ དེ་དར་དམར་པོས་དྲིལ་ལ་སྔོན་པོས་བཏུམས་ཏེ༔ མཆོད་རྟེན་ནམ༔ ཆོས་ཀྱི་འོག་ཏུ་སྦའོ༔ དེ་ནས་སྔགས་འདི་བཟླའོ༔ ཨོཾ་མ་མ་ར་ལི་པྲ་མ་ཡ་ཀཱ་ལི་ཡེ་ཛཿཛ༔ བཅུ་གཅིག་རྩ་བའི་སྙིང་པོ་འདི་བཟླས་ཤིང༔ ཞག་ལྔའི་དགོང་མོ་ནས་འོ་མའི་ཕུད་ཀྱིས་མཆོད༔ མར་ཟན་གྱི་གཏོར་མ་བཤམས་ལ༔ ཞག་བདུན་དུ་བསྒྲུབས་པས་ནམ་ཕྱེད་ན་བུད་མེད་སྐྲ་ཕྲུགས་མ་གཅིག་བྱུང་ནས་ཁྱེད་ང་ལ་བོས་ནས་ཅི་བྱེད་ཟེར་དུ་འོང༔ དེའི་དུས་སུ་ངའི་ནོར་འདི་སྟོར་བས་ཁུངས་ཆོད་ཅིག༔ སུས་ཁྱེར་གྱི་མིང་ཤོད་ཅེས་བརྗོད་པས༔ འོ་འདི་ན་འདུག་ཟེར་ནས་བཤད་འོང༔ མ་བྱུང་ན་དུར་ཁྲོད་དུ་ཡན་པ་ཡིན་པས༔ ཨོཾ་ར་ལི་པྲ་མ་ཡ༔ སི་ལི་མ་ནི་ཛཿཛ༔ མྱུར་དུ་འོང་ཞིང་སྨྲའོ༔ བསྙེན་པའི་ལེའུ་སྟེ་དང་པོའོ༔ དེ་ནས་དགྲ་ལ་རྦད་པ་ནི༔ ཨོཾ་མ་ཧཱ་ཀཱ་ལི་པདྨ་ཧུ་རུ་ཧུ་རུ་རྦད་བྷྱོ༔ ཞེེས་བཟླའོ༔ ནུབ་རིགས་ཀྱི་བསྐུལ་འདི་གཏང༔ ཧཱུྃ༔ དུར་ཁྲོད་ཆེན་པོའི་གསང་ལུང་ནས༔ མ་མོ་གནོད་སྦྱིན་མཛེས་ལྡན་མ༔ གསང་སྔགས་བཀའ་ཡི་སྲུང་མ་བྱེད༔ བཀའ་ཡི་བསྟན་པ་གཉན་པོ་སྲུངས༔ དགྲ་ལ་འོ་དོད་ངུ་འབོད་རྒྱོབ༔ འཇིག་རྟེན་ཁམས་ཀྱི་ལྷ་མོ་ཁྱོད༔ འཕྲུལ་གྱི་ལྷ་མོར་མཚན་གསོལ་ནས༔ ནོར་དང་དཀོར་གྱི་སྲུང་མ་མཛད༔ གཏེར་བདག་ཆེན་མོ་རྫུ་འཕྲུལ་ཅན༔ ནོར་དུངས་ཆེ་ཞིང་ནོར་ལ་བརྩེ༔ དཀོར་གྱི་བདག་མོ་དྲག་ཤུལ་ཅན༔ ནོར་སྲང་གང་གི་རྗེས་འབྲང་ཞིང༔ རྩྭ་ཆག་གང་གི་རྗེས་གཅོད་མ༔ ནོར་ཕྱིར་འབྲོངས་ལ་ལྟས་ངན་ཐོངས༔ ཟས་ནོར་གང་ཁྱེར་ལྟོས་ལ་ཤོག༔ རྐུན་མའི་སྙིང་རྩ་ཕྱུངས་ལ་ཤོག༔ བདུན་རྒྱུད་རྩད་ནས་ཆོད་ལ་ཤོག༔ དགྲ་བོ་རང་དབང་མེད་པར་ཁུག༔ དུས་ལ་བབ་བོ་ས་མ་ཡ༔ དམ་ཉམས་དགྲ་བོ་སྨྱོ་རུ་ཆུག༔ དཀོར་སྲུང་ཆེན་མོ་དགྲ་ལ་ཡ༔ ཆོ་འཕྲུལ་བདག་མོ་ལས་ལ་བྷྱོ༔ ཞེས་བསྐུལ་ཞིང༔ ནོར་དང་རྐུན་མའི་མིང་བྲིས་ལ༔ ལིང་ག་བྱ་སྟེ་འབྲུབ་ཁུང་དུ་བཅུག་ལ༔ ཐུན་གྱིས་བྲབ་པས་དགྲ་ལ་འོ་དོད་འབོད་པ་འོང་ངོ༔ དགྲ་ལ་རྦད་ཅིང་ནོར་ཕྱིར་བསྐུལ་བའི་ལེའུ་སྟེ་གཉིས་པའོ༔ དེ་ནས་དགྲ་ལ་ཆོ་འཕྲུལ་གཏོང་ཞིང་དགྲ་བོ་དངང་དུ་གཞུག་པ་ནི༔ བག་ཟན་ལ་བུད་མེད་ཀྱི་གཟུགས་གཡས་སུ་མཆོག་ཕུར་གཡོན་ལྕགས་ཀྱུ་ཐོགས་པ་བྱས་ལ༔ སྙིང་གར་སྲོག་སྙིང་དང༔ ཕ་ཝང་ལོང་བུའི་ལོགས་དྲུག་ལ༔ ར་ལི་པྲ་མ་ཡ་ཀཱ་ལི༔ ཞེས་ལོགས་དྲུག་ལ་རྒྱ་སྣག་གིས་བྲི༔ གྲོ་ག་ལ་ང་ཡི་ནོར་འདི་ཞེས་བྱ་བ་ཁྱེར་མཁན་གྱི་ཁྱིམ་དུ་ལྟས་ངན་ཕོབ་བྱ་བ་བྲིས་ལ༔ རོ་སོལ་དང་ར་ཁྲག་གིས་དེའི་ལུས་ལ་ཐིག་ལེ་དང་སོལ་རིས་བྱས་ཏེ་འབྲུབ་ཁུང་དུ་བཅུག་ལ་ཁ་རང་ལ་བསྟན་ནས་བཞག་ནས༔ ཨོཾ་མ་ཧཱ་ཀཱ་ལི་སི་ལི་སི་ལི་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་ཞག་གསུམ་བསྒྲུབས་ལ༔ གཟུགས་དེ་དགྲའི་ཁང་རྩར་བསྐྱལ་ལོ༔ ཡང་ན་ཤིང་གསེབ་ཏུ་སྦའོ༔ དེས་དགྲ་ལ་དངོས་སུ་འབོད་པ་དང༔ ནོར་རྙེད་པ་དང༔ ཆོ་འཕྲུལ་དྲག་ངར་ཐུག་ཆོམ་ལ་སོགས་དགྲ་བོ་དངང་སྐྲག་བརྒྱལ་བར་འགྱུར་རོ༔ དགྲ་ལ་ཆོ་འཕྲུལ་གཏང་བའི་ལེའུ་སྟེ་གསུམ་པའོ༔ རང་གི་ནོར་མི་ལ་གཏོང་ན༔ མ་ཧཱ་ཀཱ་ལི་མུ་ཏྲ་མུ་ཏྲ་ཕཊ༔ ཅེས་བརྒྱ་རྩ་བརྒྱད་བཟླས་པས་མོ་ནོར་ཕྱིར་མི་འབྲང་ངོ༔ ཕྱིར་མི་འབྲང་བའི་ལེའུ་སྟེ་བཞི་པའོ༔ གཡེལ་ཞིང་བསྒྲུབ་དཀའ་ན༔ སྔགས་ཀྱི་འགོར་མ་མ་གཞུག་གོ༔ མོ་འགྱངས་ཤིང་ལས་འགོར་ན་མྱུར་དུ་འོང་བའི་སྔགས་ནི༔ སི་ལི་མ་ནི་ཛཿཛཿ ཞེས་སོ༔ དེས་སྨྲ་འོང༔ དེ་བཟླས་པས་མི་སུ་ཡིན་དེར་ངོ་ཤེས་སོ༔ མྱུར་དུ་རྦད་པའི་ལེའུ་སྟེ་ལྔ་པའོ༔ དགྲ་བོའི་ཙིཏྟ་སྲོག་ལན་ལ་གཏོང་བའི་སྔགས་ནི༔ ཨོཾ་ར་ལི་པྲ་མ་ཡ་ཀཱ་ལི་ཡེ་ཛ༔ མ་ཧཱ་ཀཱ་ལི་པདྨ་ཧུ་རུ་ཧུ་རུ་རྦད་བྷྱོ༔ དགྲ་བོའི་ཙིཏྟ་ཕྱུངས་ཕྱུངས༔ སྲོག་ལ་རྦད་རྦད༔ ཙིཏྟ་གཏུབས་གཏུབས༔ ཙིཏྟ་ཅིབ་ཅིབ༔ ཙིཏྟ་ཆོད་ཆོད༔ ཁྲག་ལ་རྦུད་ལིང༔ སྙིང་ཁྲག་རྦུད་རྦུད༔ དགྲ་བོའི་ཙིཏྟ་ནྲྀ་མཱ་ར་ཡ་ཕཊ༔ སོད་སི་ལི་མ་ནི་ཛ་ཛ༔ འབྱུང་བ་རླུང་གིས་ཐོས་སུ་མི་རུང་བའི་སྔགས་རྒོད་འདི༔ སོའི་སྲིན་བུས་ཀྱང་མ་ཐོས་པར་བཟླའོ༔ དགྲ་བོའི་ཁང་ཁྱིམ་ལུས་པོ་ཐམས་ཅད་ཕར་ཐལ་ཚུར་ཐལ་སོང་བར་བསམ་ལ༔ ལིངྒ་ཐུན་གྱིས་བྲབས་པས་ཞག་ལྔ་ན་ལྕགས་ཀྱི་སྲོག་རྩ་ཡོད་ཀྱང་ཆད༔ སྣ་ཁྲག་ཕྲུལ་གྱིས་འཆིའོ༔ ཤི་བའི་དུས་སུ་རོའི་སྙིང་གས་ཡོད་པས་ལྟོས་ཤིག༔ གསད་པའི་ལེའུ་སྟེ་དྲུག་པའོ༔ མངོན་ཤེས་བསྒྲུབ་ན༔ དངུལ་དཀར་གྱི་མེ་ལོང་གཅིག་རྟེན་དུ་བཟུང་ལ༔ ཨོཾ་ར་ལི་པྲ་མ་ཡ་ཀཱ་ལི་ཡེ༔ གསལ་ལེ་གསལ་ལེ༔ པྲ་གསལ་ལེ༔ ཧྲཱིཾ་ཛ༔ ཞེས་འབུམ་ཚོ་གཅིག་བསྐྱལ་ན་སྣང་སྲིད་མེ་ལོང་བཞིན་གསལ་ལོ༔ མངོན་ཤེས་སྒྲུབ་པའི་ལེའུ་སྟེ་བདུན་པའོ༔ ནོར་སྒྲུབ་ཕྱུག་པོ་བདུན་གྱི་ལག་ནས་ནས་ཕུལ་རེ་བླངས་ནས་བང་བར་བླུག༔ དེའི་ཁར་གཏོར་མ་རིན་ཆེན་འབར་བའི་གཟུགས་བྱ༔ དེའི་ཁར་རཏྣ༔ འབྲུ་སྣ་དར་སྣས་བརྒྱན་པ་བཤམས་ནས༔ མི་ལ་མི་བསྟན་པར་མོའི་ཙཀ་ལི་ཡང་གཟུག༔ དེའི་གཡས་ལྕགས་ཀྱུ་གཡོན་ན་ནོར་བུ་བསྣམས་པ༔ དར་སེར་པོའི་གོས་གྱོན་པ༔ སྐུ་མདོག་དམར་པོ་བྲིའོ༔ དེ་ནས་སྲོད་ཐུན་གྱི་དུས་སུ་སྔགས་འདི་ཅི་འགྲུབ་བཟླ་འོ༔ ཨོཾ་ར་ལི་པྲ་མ་ཡ་ཀཱ་ལི་ཡེ་ཛ༔ རཏྣ་བ་སུ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བཟླའོ༔ འཇིག་རྟེན་གྱི་ནོར་རྫས་དབང་དུ་སྡུད་ན༔ ཨོཾ་ར་ལི་པྲ་མ་ཡ་ཀཱ་ལི་ཡེ་ཛ༔ མ་ཧཱ་ཀཱ་ལི་རཏྣ་བ་སུ་སརྦ་ཧཱུྃ༔ ཧཱུྃ་ཛཿཁུག་ཡ་ཛཿཁུག་ཛ༔ ཞེས་རྒྱུན་དུ་ཐུན་མཚམས་སུ་བཟླས་ན་འཇིག་རྟེན་གྱི་ནོར་རྫས་ཐམས་ཅད་ཆར་བཞིན་དུ་འབབ་བོ༔ ནོར་སྒྲུབ་ཀྱི་ལེའུ་སྟེ་བརྒྱད་པའོ༔ གང་ཡང་སྣང་བ་དབང་དུ་སྡུད་ན༔ དེའི་མིང་བྲིས་ལ་གཏོར་མའི་ནང་དུ་བཅུག་སྟེ༔ ཨོཾ་ར་ལི་པྲ་མ་ཡ༔ ཀཱ་ལི་ཡེ་ཆེ་གེ་མོའི་ཡིད་ཁུག༔ ནྲྀ་ཏྲི་སརྦ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བཟླའོ༔ ཁྱད་པར་སྙིང་ནས་དུང་དུང་ཞེས་ཤམ་བུར་བཏགས་པས་ཐམས་ཅད་དབང་དུ་འགྱུར་རོ༔ འགྲོ་བ་དབང་དུ་སྡུད་པའི་ལེའུ་སྟེ་དགུ་པའོ༔ མོ་ལོག་ན་རྦད་སྔགས་རྗེས་སུ༔ ཨོཾ་སརྦ་ཛ་ཡ་རྦད་སྭཱ་ཧཱ༔ ཞེས་བརྒྱ་རྩ་བརྒྱད་བཟླས་ན་སྲུང་ཟློག་གང་ཡང་མི་འབྱུང་ངོ༔ རྒྱབ་བསྣོལ་གྱི་ལེའུ་སྟེ་བཅུ་པའོ༔ མེ་རི་འབར་བའི་དུར་ཁྲོད་དུ༔ གསང་བའི་བདག་པོས་དབང་བསྐུར་ནས༔ དུར་ཁྲོད་ཆེན་པོའི་གསང་ལུང་དུ༔ སློབ་དཔོན་པདྨས་དམ་ལ་བཏགས༔ སོ་ས་གླིང་གི་དུར་ཁྲོད་དུ༔ སྒྲུབ་རྒྱུད་གསང་བའི་ཏནྟྲ་བཞེངས༔ ཕྱི་རབས་ཆོས་འཁོར་བསྲུང་བར་ཞལ་གྱིས་བཞེས༔ འཕྲུལ་གྱི་ལྷ་མོའི་གསང་རྒྱུད་ྀཨཚ༔ ༈ མ་ཧཱ་སི་ལི་མ་ནིའི་སྒྲུབ་པ་ཕྱི་ལ་བརྟེན་པ་བཞུགས་སོ༔ རྒྱ་གར་སྐད་དུ༔ ཁ་ལ་རུ་པ་ནཱ་མ༔ བོད་སྐད་དུ༔ དུར་ཁྲོད་ཀྱི་འདྲེ་མོ་ངན་ནེ་མ་ཞེས་བྱ་བ༔ རྡོ་རྗེ་གདན་གྱི་ལྷོ་ནུབ་མཚམས་ན་ཡོད་པའོ༔ འདི་ནི་སྙིགས་མའི་ཆོས་བྱེད་སྒྲུབ་པ་པོ༔ དབེན་པ་དང་རི་ཁྲོད་དུ་འདུག་པ་ཉིན་སྐར་ཙམ་དུ་སོང་བའི་དུས་གུ་རུ་བདག་གིས་རྗེས་སུ་བཟུང་བའི་སྐལ་ལྡན་སངས་རྒྱས་སྒྲུབ་པར་བྱེད་པའི་ཆ་རྐྱེན་འཚོ་བའི་ནོར་ཅུང་ཟད་ཡོད་པ་བཅོལ་ནས་སྲུང་བར་བྱེད་པའི་ཐབས་ལ༔ འདིའི་དམ་རྫས་གསག་པ་ནི༔ རབ་རི་བོང་གི་ཐོད་པ༔ འབྲིང་ཝའི་ཐོད་པ༔ ཐ་མ་ཁྱིའི་ཐོད་པས་ཀྱང་རུང་ཞིང༔ ཐོད་པ་གང་རྙེད་ཀྱི་ཤ་དང་སྙིང༔ གུ་གུལ་དཀར་ནག༔ སྤོས༔ གླ་རྩི༔ དེ་རྣམས་ཐོད་པའི་ནང་དུ་བླུགས་ལ་དར་དམར་པོས་དྲིལ་ལ་མཆོད་རྟེན་དུ་གཞུག་གོ༔ ཤོག་བུ་ལ་ར་ལི་མའི་རཱུ་པ་བྲིས་ལ་སྲོག་སྙིང་དང་བཅས་ཐོད་པར་གཞུག༔ དེ་ནས་སྔགས་འདིས་འབོད་ཅིང་སྒྲུབ་བོ༔ ཞག་བདུན་བྱའོ༔ བཛྲ་ར་ལི་པྲ་མ་ཡ་ཛ༔ འདིས་སྒྲུབ་ཅིང༔ འོ་མ་ལ་ཐོད་པ་གསུམ་གྱི་སྙིང་བཏབ་ལ༔ མཆོད་རྟེན་ལ་གཏོར་ཞིང་མཆོད་དོ༔ དེ་གནད་ཡིན་ནོ༔ དེ་ནས་ཞག་བདུན་གྱི་ནུབ་མོ་ནམ་ཕྱེད་ན༔ བུ་མོ་མགོ་ཕྲུགས་གཅིག་ཏུ་བྱས་ནས་ང་བོས་ནས་ཅི་བྱེད་ཟེར་རོ༔ དེ་ལ་ངའི་ནོར་འདི་དགྲ་བོ་འདི་ཞེས་བྱ་བས་ཁྱེར༔ བརྐུས༔ ཕྲོགས༔ དེ་གང་ན་ཡོད་བྱས་པ་དང་མཁའ་འགྲོ་མ་ན་རེ༔ ཁྱོད་ཀྱི་ནོར་འདི་ན་ཡོད་ཟེར་ནས༔ དེའི་ཡུལ་ཁྱིམ་མིང་ལེགས་པར་སྟོན་དུ་འོང་ངོ༔ དེ་ནས་རྦད་སྔགས་འདི་བཟླས་སོ༔ མ་ཧཱ་པདྨ་ཧུར་ཧུར༔ ར་ལི་པྲ་མ་ཡ་ཧུར་ཧུར༔ ཀྲོ་ཏ་ནི་ཧུར་ཧུར༔ ཞེས་བཟླའོ༔ དེ་ནས་བསྐུལ་པ་ནི༔ ཨོཾ༔ དུར་ཁྲོད་ཀུན་ཏུ་རྒྱུག་པ་མོ༔ ནོར་སྲང་གང་གི་རྗེས་གཅོད་མ༔ རྩྭ་ཆག་གང་གི་ཕྱིར་འབྲང་མ༔ བྲག་སྲིན་བུ་མོའི་དཔོན་མོ་མཛད༔ ཁྱོད་ནི་ནོར་ལ་བརྩེ་ཞིང་ནོར་ལ་དུངས༔ དཀོར་དད་ཅན་ལ་བདག་བསྟོད་པས༔ ང་ཡི་ནོར་འདི་ཁུག་ལ་ཤོག༔ སྐྱེས་པ་ཀུན་གྱི་བླ་རྐུན་མོ༔ བུད་མེད་ཀུན་གྱི་སྲོག་གཅོད་མོ༔ དགྲ་བོའི་བྱིས་པ་རབས་གཅོད་མོ༔ དམ་ཉམས་ནོར་རྫས་སྲིས་རྐུན་མོ༔ རྣལ་འབྱོར་བསྡོ་ལ་བྱུར་གཏོང་མོ༔ དུར་ཁྲོད་བདག་མོ་ལས་ལ་བྷྱོ༔ ཞེས་པས་བསྐུལ་ལོ༔ དེས་མོས་དགྲ་བོའི་མིང་ནས་འབོད་དུ་འོང༔ གལ་ཏེ་གོང་དུ་བཤད་པའི་རྟགས་མ་བྱུང་ན༔ མོ་དུར་ཁྲོད་དུ་འཁྱམས་པ་ཡིན་པས་འགུགས་པའི་སྔགས་ནི༔ སི་ལི་མ་ནི་ཛ༔ ཞེས་པ་བརྒྱ་རྩ་བརྒྱད་བཟླས་པས་སྨྲ་རུ་ཡོང༔ ༈ རང་གི་ནོར་གཏོང་ན༔ མོ་ནོར་ལ་ངན་པས་ནོར་ཕྱིར་འབྲངས་ཀྱིས་དོགས་ན་སྔགས་འདིས་གཉའ་མནན་ནོ༔ ཨོཾ་མ་ཧཱ་སི་ལི་མ་ནི་སྭཱ་ཧཱ༔ མན་ཏྲ་མུ་ཏྲ༔ ཞེས་པའི་སྔགས་འདིས་རྟ་ཕྱུགས་དང་ནོར་བཤུག་ན་སྣ་ལ་གདབ་བོ༔ ནོར་གཏོང་ཁར་བརྒྱ་རྩ་གཅིག་བཟླས་ལ་གཏོང་ངོ༔ འདི་སྒྲུབ་པའི་གནས་ཆུ་འགྲམ་མམ༔ དུར་ཁྲོད་དམ༔ ཡང་ན་ལྷ་ཁང་དུ་བསྒྲུབ་བོ༔ ནོར་སྟོར་ན་འདིས་ཞག་བདུན་ལ་ཁུག་ངེས་སོ༔ ༈ ངན་ནེ་མའི་མན་ངག་འདི་ལ་དང་པོ་བླ་རྡོ་བཅང་བ་ནི༔ འཁོར་ལོ་དཔེའུ་ཆུང་ལྟར་བྲིས་ལ༔ དེའི་ཁུད་དུ་གསེར༔ གཡུ༔ མཆོང༔ ཤེལ༔ ཟངས༔ ལྕགས༔ དེ་རྣམས་བཏུམས་ལ་བཅང་ངོ༔ འབོད་པའི་དུས་སུ་མཆན་ཁུང་གཡས་སུ་བཏགས༔ རྦད་པའི་དུས་སུ་མཆན་ཁུང་གཡོན་དུའོ༔ ༈ དེ་ནས་ནུབ་དང་པོ་ལ་རྣལ་འབྱོར་མའི་བསྙེན་པ་བྱ༔ ཕག་མོ་ཞལ་གཉིས་མ་བསྒོམ༔ ཚོགས་དང་གཏོར་མ་བྱ༔ བཛྲ་ཌཱ་ཀི་ནཱི༔ རཏྣ་ཌཱ་ཀི་ནཱི༔ པདྨ་ཌཱ་ཀི་ནཱི༔ ཀརྨ་ཌཱ་ཀི་ནཱི༔ བུདྡྷ་ཌཱ་ཀི་ནཱི༔ ཞེས་བཟླའོ༔ ༈ ངན་ནེ་མ་སྲོག་ལ་རྦད་ན་སྔགས་འདི་བཟླ༔ མ་ཧཱ་པདྨ་དགྲ་བོའི་སྲོག་ལ་ཧུར་ཧུར༔ ཀྲོ་དྷ་ནི་དགྲ་བོའི་སྲོག་ལ་ཧུར་ཧུར༔ ར་ལི་པྲ་མ་ཡ་དགྲ་བོའི་སྲོག་ལ་ཧུར་ཧུར༔ དགྲ་བོའི་སྲོག་ལ་རྦད་རྦད༔ ཅེས་སྲོག་ལ་འབེབ་པའི་སྔགས་སོ༔ ༈ ལྷ་མོས་བདག་ལ་སྨྲ་བར་འདོད་ན་རྣོ་མཐོང་གི་སྔགས་འདི་བཟླའོ༔ ར་ལི་གསལ་ལེ་པྲ་མ་ཡ༔ ཞེས་བཟླས་པས་གསལ་གསལ་སྨྲ་ཡོང༔ འདི་གཉིས་ཞལ་གདམས་ཡིན་ནོ༔ ཟབ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ༈ འཁོར་ལོའི་བྲི་ཐབས་ནི༔ འཁོར་ལོ་རིམ་པ་གསུམ་དུ་བསྐོར་ལ༔ དབུས་ལྟེ་བ་ལ་མཁའ་འགྲོ་མའི་སྔགས་བྲི༔ དེའི་ཕྱི་རིམ་རྩིབས་བཞི་ལ༔ ཌཱ་ཀི་རིགས་བཞིའི་སྔགས་བྲི༔ དེའི་ཕྱི་རིམ་རྩིབས་བཅུ་ལ༔ བྷྱོ་ ར་ མ་ ལི་ པྲ་ མ་ ཡ་ ཧུར་ ཧུར་ ཛ༔ ཅེས་བྲི༔ རྩིབས་མཆན་ལ་མགོ་ནང་དུ་བསྟན་ལ་སྔགས་འདི་བྲི༔ ཧྲཱིཿ མ་ ཧ་ རི་ ནི་ མུ་ ཧུར་ ཧུར་ བྷྱོ་ བྷྱོ༔ ཞེས་བྲི༔ མུ་ཁྱུད་ཕྱི་མ་ལ༔ ཏྲག་རཀྴ༔ མུ་ཏྲ་བྷྱོ༔ མ་མ་དམ་ལ་འདུ་འདུ༔ དམ་ལ་འདུས༔ ཞེས་བྲི༔ དེའི་ཕྱི་རིམ་ལ་ངན་ནེ་མའི་གཟུགས་བྲི༔ དེའི་ཕྲག་པ་གཡས་ཀྱི་སྟེང་དུ་རྗེ་བཙུན་ཞལ་གཉིས་མའི་གཟུགས་བྲི༔ དེ་ནི་བླ་རྡོའི་འཁོར་ལོའོ༔ ངན་ནེ་མའི་སྒྲུབ་ཐབས་གུ་རུ་པདྨས་མཛད་པ་རྫོགས་སོ༔ ༈ འདིའི་གཏོར་མ་དམར་གཏོར་བྱས་ལ༔ གཏོར་མའི་སྟེང་དུ་ཤོག་བུ་ལ་ལྷ་མོའི་རཱུ་པ་ཆེ་བ་ཞིག་བྲིས་ལ༔ དེའི་མཐར༔ མ་ཧཱ་སི་ལི་མ་ནི་ཞེས་བསྐོར་བ་གཟུག་གོ༔ མ་ཧཱ་སི་ལི་མ་ནིའི་སྒྲུབ་པ་ཕྱི་ལ་བརྟེན་པ་གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ས་མ་ཡཱ༔ རྒྱ༔ ཁ་ཐམ༔ ༈ དཔལ་དུར་ཁྲོད་བདག་མོའི་སྒྲུབ་ཐབས་ཀྱི་མན་ངག་བཞུགས༔ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ༔ བསྟན་པ་གཉན་པོ་བསྲུང་བའི་ཕྱིར༔ དུར་ཁྲོད་འདྲེ་མོ་ངན་ནེ་མ་འདི་ལ་དོན་གསུམ་སྟེ༔ དཀོར་སྲུང་བ་དང༔ ར་མདའ་བྱ་བ་དང༔ ནོར་ཚོགས་ཕྱིར་མི་འགྲོ་བར་བྱ་བ་གསུམ༔ དང་པོ་ལ་རྫས་གསག་པ་ནི༔ རི་བོང་ངམ༔ ཕག་གམ༔ ཝ་ཐོད་ནང༔ དེ་གསུམ་གྱི་ཤ༔ གུ་གུལ་དཀར་པོ༔ མི་ཤ༔ རྟ་ཤ༔ སྤང་རྩི་དོ་བོ༔ ཆུ་དག་དཀར་པོ༔ སྤྱང་ཀིའི་ཤ་དེ་རྣམས་གཞུག་གོ༔ སྤྱང་ཀིའི་ཁྲག་གིས་རོ་རས་ལ་སྔགས་བྲིས་ལ་གཞུག༔ སྒྲུབ་ཚེ་ཐོད་པ་མཆོད་རྟེན་ནམ༔ གཏོར་མའི་འོག་ཏུ་གཞུག་པར་བྱ༔ ཞག་བདུན་སྔགས་འདིས་འབོད་ལ༔ ར་ལི་པྲ་མ་ཡ་ཛཿཛཿ ཅི་ནུས་དྲག་ཏུ་བཟླའོ༔ རྟགས་ནི་བུ་མོ་མགོ་ཕྲུགས་མ་གཅིག་འོངས་ཏེ༔ ང་བོས་ནས་ཅི་བྱེད་ཟེར་དུ་འོང་སྟེ༔ དེ་དུས་ངའི་ནོར་ཕྱིར་རྒྱུགས་ཤིག༔ ནུབ་རེ་འོ་མ་དང་གཏོར་མ་མཐེབ་ཀྱུ་རེ་རེས་མཆོད༔ འོ་ན་འདི་ན་ཡོད་ཟེར་བ་འོང༔ དེ་བྱུང་བ་དང༔ རྦད་སྔགས་བཟླ༔ ར་ལི་པྲ་མ་ཡ་ཛ༔ དགྲ་བོ་ཆེ་གེ་ལ་ཧར་ཧར་ཛཿབྷྱོ༔ དེ་ནས་བསྐུལ་བ་ནི༔ ཁྱོད་ནོར་སྣ་གཅིག་གི་རྗེས་གཅོད་མ༔ རྩྭ་ཆག་གཅིག་གི་ཤས་སྙེག་མ༔ དཀོར་ཆ་གཅིག་གི་ཤས་སྙེག་མ༔ དམ་ཉམས་དཀོར་འཇོམས་མང་བྱེད་མ༔ སྲོད་ལ་སྡང་དགྲ་འབོག་ཏུ་ཆུག༔ ནམ་ཕྱེད་སྡང་དགྲའི་དབང་པོ་ཕྲོགས༔ ཐོ་རེངས་སྡང་དགྲའི་སྲོག་རྩ་ཆོད༔ ཁྱོད་ནོར་ལ་བརྩེ་ཞིང་ནོར་ལ་དུངས༔ དཀོར་དད་ཅན་ལ་ཕྱག་འཚལ་ལོ༔ བདག་གི་ཕྲིན་ལས་སྒྲུབ་པར་མཛོད༔ ཅེས་བསྐུལ་ལོ༔ དེ་ནས་དགྲ་ལ་རྦད་པས་དགྲ་འབོད་པ་མིང་ནས་འབོད་པ་དང༔ སྐྲ་ནས་འཐེན་པ་དང༔ དབང་པོ་གཡེང་བ་དང༔ ང་མི་འདིས་བཏང་བ་ཡིན་བྱ་བ་དང༔ ངའི་ནོར་བརྐུས་ཟེར་བ་འོང༔ ཞག་འགའ་འགྱངས་ན་གནད་ལ་ཕབ་པའི་སྔགས་བཟླའོ༔ ར་ལི་པྲ་མ་ཡ་ཛ༔ མ་ཧཱ་པདྨ་ཆེ་གེ་ཧ་ར་ཧ་ར༔ ཧུར་ཧུར་སི་ལི་མ་ནི་ཛ༔ བརྒྱ་རྩ་བརྒྱད་བཟླས་པས་འོང་ངེས་སོ༔ ནོར་བཙོངས་པ་ཕྱིར་ཕྲོགས་ན་སྔགས་འདི་བཟླའོ༔ བཛྲ་མ་ཏྲ་མུ་ཏྲ༔ ཞེས་བརྒྱ་རྩ་བརྒྱད་བཟླའོ༔ ནོར་ཕྱིར་འགྲོ་ཁ་རུ༔ གཏོར་མ་མོ་ལ་བསྔོ་ཞིང༔ ནོར་གཏོང་བའི་ཕྱི་ལ་མ་འགྲོ་བྱའོ༔ སྒྲུབ་པའི་གནས་ནི༔ དུར་ཁྲོད་དམ༔ ཆུ་གླིང་ངམ༔ ལྷ་ཁང་ངམ༔ ཤིང་གཅིག་གམ༔ ཡང་ན་ཡུལ་མཐར་སྒྲ་ཤིན་ཏུ་ཆུང་སར་སོང་ངོ༔ སྒྲུབ་པ་ལ་ཞུགས་པའི་ནུབ་མོ་ཚོགས་མཆོད་ཀྱིས་རྡོ་རྗེ་རྣལ་འབྱོར་མ་ལ་མཆོད༔ དེ་སྒྲུབ་པ་ཡིན་ཞིང་དམ་འགོ༔ ལྷོ་ནུབ་མཚམས་ཀྱི་དུར་ཁྲོད་བདག་མོ་ཡིན༔ འདི་ལས་ཟབ་པ་མེད༔ རང་གི་ནོར་ལ་རྐུན་མ་འོང་གི་དོགས་ན༔ དང་པོ་ཞག་བདུན་སྒྲུབ་པ་ལ༔ ནོར་ཕྱུགས་བསྲུང་བ་དང་རྫས་ཀུན་རོ་རས་ཁུག་མར་བཅུག་ལ་ཕྱུགས་ཀྱི་སྐེ་ལ་བཏགས་སོ༔ མཁར་ཁྱིམ་བསྲུང་ན་ཐོ་དང་རྫས་ཀྱིས་བསྲུང༔ གདུང་གསེབ་སྦ་ལ་བཞག་གོ༔ སྤོས་གཏམ་མོ༔ དེས་ནི་ཐམས་ཅད་བསྲུང་བར་འགྱུར༔ དམ་ཚིག་ཏུ་དམེ་དང་ཡུགས་ས་ལ་འཛེམ་མོ༔ ནོར་བདག་མོའི་སྒྲུབ་ཐབས་རྫོགས་སོ༔ ༈ ནོར་བདག་ཆེན་མོའི་ཕྱི་སྒྲུབ་བཞུགས༔ ཤིན་ཏུ་གསང་ངོ༔ རྒྱ་གར་སྐད་དུ༔ ར་ལི་པྲ་མ་ཡ་ཏནྟྲ༔ བོད་སྐད་དུ༔ དུར་ཁྲོད་འདྲེ་མོ་ངན་ནེ་མའི་སྒྲུབ་པ༔ འདི་ལ་གསུམ་སྟེ༔ དཀོར་བསྲུང་བ་དང༔ ར་མདའ་བྱ་བ་དང༔ ནོར་བཙོངས་ཕྱིར་མི་འགྲོ་བ་དང་གསུམ་མོ༔ དང་པོ་རྫས་གསག་པ་ནི༔ རི་བོང་ངམ༔ ཕག་གམ༔ ཝ་ཐོད་ནང་དུ༔ དེ་གསུམ་གྱི་ཤ་དང༔ སྤང་རྩི་དོ་བོ༔ སྤོས་དཀར༔ མི་ཤ༔ རྟ་ཤ༔ སག་རྩི་ཆུ་དག་དཀར་པོ་དེ་རྣམས་གཞུག༔ སྤྱང་ཀིའམ༔ ཉ་ཁྱིའམ༔ ས་བྱིའམ༔ དེ་རྣམས་གང་རུང་ཁྲག་གིས་སྔགས་བྲིས་ལ་གཞུག༔ སྒྲུབ་ཚེ་ཐོད་པ་མཆོད་རྟེན་བུམ་པར་བཅུག༔ དེའི་སྟེང་ཡི་དམ་གཏོར་མ་བཞག་པར་བྱའོ༔ ཞག་བདུན་སྔོན་ནས་སྔགས་འདིས་འབོད་དོ༔ ར་ལི་པྲ་མ་ཡ་ཛ༔ ཅི་ནུས་དྲག་ཏུ་བཟླའོ༔ རྟགས་ནི་བུ་མོ་མགོ་ཕྲུགས་མ་གཅིག་འོངས་ཏེ༔ ང་བོས་ནས་ཅི་བྱེད་ཟེར་དུ་འོང༔ དེ་ལྟར་བྱུང་བ་དང་གཏོར་མ་མཐེབ་སྐྱུ་རེས་མོས་མཆོད་ལ༔ མོ་ལ༔ ཁྱོད་ཀྱིས་བདག་གི་ནོར་དང་ཡོ་བྱད་ལོངས་སྤྱོད་ཅི་ཡོད་པ་ཐམས་ཅད་ཁྱོད་ལ་གཉེར་རོ་བྱས་ལ༔ འདི་སྐད་གྱེར་རོ༔ ཀྱཻ༔ ཁྱོད་ཀྱི་ཡབ་ཀྱི་མཚན་གསོལ་བ༔ ཡབ་ནི་འོད་དེ་འོད་པོ་ཆེ༔ ཡུམ་ནི་འོད་བཟང་མཐུ་མོ་ཆེ༔ ཁྱོད་གངས་དཀར་སྟེང་ན་བཞུགས་པ་སྲིད་པའི་སྲས༔ མཆེད་ནི་རྣམ་པ་བཞི་རུ་སྲིད༔ ཡོངས་ཀྱི་ཆེ་བ་ལྷ་མོ་ངན་ནེ་མ༔ དེ་འོག་ཀླུ་མོ་ངན་ནེ་མ༔ དེ་འོག་གནོད་སྦྱིན་ངན་ནེ་མ༔ དེ་ཡི་ཆུང་ཤོས་འདྲེ་མོ་ངན་ནེ་མ་ཁྱོད་ཡིན་པས༔ འཛམ་གླིང་བྲག་དཀར་ལྡེམ་པའི་ས༔ མཚོ་འགྲམ་མཚོ་ཡི་ནང་ཤེད་ན༔ སྐུ་ལ་དར་དཀར་གོ་ཟུ་གྱོན༔ ཕྱག་གཡས་འགུགས་པའི་ལྕགས་ཀྱུ་བསྣམས༔ གཡོན་པ་དངུལ་དཀར་མེ་ལོང་བསྣམས༔ ཁྱོད་ནོར་སྣ་གཅིག་གི་རྗེས་གཅོད་མ༔ རྩྭ་ཕྱག་གང་གི་ཤས་སྙེག་མ༔ ཁྱོད་ནོར་ལ་དགའ་ཞིང་ནོར་ལ་དུངས༔ དཀོར་དད་ཅན་ལ་ཕྱག་འཚལ་ལོ༔ ཞེས་བརྗོད་པར་བྱའོ༔ སྒྲུབ་པའི་གནས་ནི་དུར་ཁྲོད་དམ༔ ཆུ་གླིང་ངམ༔ ཤིང་རྐང་གཅིག་གམ༔ ཡང་ན་ཆུ་མཐར་བསྒྲུབ༔ ཤིན་ཏུ་གསང་ངོ༔ སྒྲུབ་པ་ལ་ཞུགས་པའི་ནུབ་མོ་རྡོ་རྗེ་རྣལ་འབྱོར་མ་ཚོགས་ཀྱིས་མཆོད༔ དེས་ནི་བསྒྲུབ་སླ་བ་དང༔ མི་ལྡོག་པ་ཡིན་པས་གལ་ཆེའོ༔ ལྷོ་ནུབ་མཚམས་ཀྱི་དུར་ཁྲོད་བདག་མོ་ཡིན་པས་འདི་ལས་ཟབ་པ་མེད་གསུང་ངོ༔ དང་པོ་ཞག་བདུན་བསྒྲུབ༔ ནོར་སྲུང་ན་རྫས་ཀུན་རས་ཀྱི་ཁུག་མར་བཅུག་ལ་མགུལ་དུ་བཏགས་སོ༔ བུད་མེད་མགུལ་ལ་བཏགས་ན་གཞན་གྱིས་ཆགས་པ་སྤྱོད་དུ་མི་སྟེར་རོ༔ ཞིང་སྲུང་ན་རྫས་ཀུན་ས་བོན་དང་བསྲེས་ལ་གཏོར༔ ཁང་རྒྱུད་བསྲུང་ན༔ ཐོད་པ་གདུང་གསེབ་ཏུ་སྦའོ༔ དེས་ཐམས་ཅད་བསྲུང་བར་འགྱུར་རོ༔ དམ་ཚིག་ཏུ་དམེ་དང་ཡུགས་ལ་འཛེམ་མོ༔ ནོར་བདག་ཆེན་མོའི་ཕྱི་སྒྲུབ་རྫོགས་སོ༔ མངྒ་ལམ༔ ༈ དཔལ་དུར་ཁྲོད་བདག་མོའི་སྒྲུབ་ཐབས་གཞན་ན་མེད་པའི་ཟུར་ཐིག་ཟབ་མོ་བཞུགས་སོ༔ ཌཱ་ཀི་མ་མོ་མཁའ་ལ་རྒྱུ་བར་བྱེད་པ་ལ་ན་མོ༔ དུར་ཁྲོད་མའི་སྒྲུབ་ཐབས་འདི་ལ་གསུམ་སྟེ༔ ཕྱི་ནང་གསང་གསུམ་མོ༔ ཕྱི་ལྟར་ན་མོན་མོ་འོད་ཀྱི་གའུ་ཅན༔ ནང་ལྟར་ན་དཀོར་སྲུང་ནག་མོ༔ གསང་བ་ལྟར་ན་དུར་ཁྲོད་ཀྱི་འདྲེ་མོ་ངན་ནེ་མ༔ འདི་མུ་སྟེགས་ཀྱི་མཁའ་འགྲོ་མ་ཡིན་ཏེ༔ ཤིན་ཏུ་དཀོར་ལ་ངན་པས་མཚན་ལ་ངན་ནེ་མ་ཞེས་དཀོར་སྲུང་འདི་བས་ཟབ་པ་མེད༔ སྔོན་རྒྱ་གར་དུ་བྲམ་ཟེ་སྤུན་བདུན་དག་ལ་མཁའ་འགྲོས་ལུང་བསྟན་ནས་འདིའི་སྒྲུབ་སྐོར་གཏེར་ནས་བཏོན་པའོ༔ འདིའི་སྒྲུབ་རྫས་ལ༔ རི་བོང་ངམ༔ ཕག་ཐོད་གང་རུང་གི་ནང་དུ༔ དེའི་ཤ༔ སྙིང་ཚིལ་གསུམ༔ སྤོས་དཀར་ནག༔་་་གུ་གུལ། དར་སྣ༔ གླ་རྩི༔ གུ་གུལ་རྣམས་སྦྱར་བའི་སྣག་ཚྭས༔ མཁའ་འགྲོ་མའི་རཱུ་པ་བྲིས་ལ༔ སྙིང་གར་་་མཁའ་འགྲོ་མའི།སྲོག་གི་སྙིང་པོ་བྲི༔ འདོམས་སུ་སོལ་བའི་རྒྱ་གྲམ་བྲིས་ལ༔་་་དར་གྱིས་དྲིལ་ནས། ཐོད་པའི་ནང་དུ་གཞུག༔ ཐོད་པའི་སྤྱི་བོར་ནམ་མཁའ་ནག་པོ་གཟུགས༔ རས་ཀྱིས་དྲིལ་ལ་མཎྜལ་གྱི་སྟེང་དུ་བཞག༔ ཡི་དམ་དང་མཁའ་འགྲོ་མའི་གཏོར་མ༔ མཆོད་པ་སྟ་གོན་ཚུལ་བཞིན་བྱ༔ གནས་བཟང་ཞིང་དབེན་པར་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བཤམ༔ ཉེ་རིང་རན་པར་གྲོགས་དམ་ཚིག་དང་ལྡན་པ་བློ་བརྟན་པའི་ཟླ་བོ་དང་བཅས་སྟན་བདེ་བ་ལ་འདུག་ཅིང༔ ཐེག་པ་མཆོག་ཏུ་སེམས་བསྐྱེད་ནས་སྐྱབས་འགྲོ་སྔོན་དུ་སོང་ཞིང༔ རང་ཉིད།་་་ཡི་དམ་གྱི་ང་རྒྱལ་བརྟན་པོ་བཅས༔ འབོད་པའི་སྔགས༔ ཨོཾ་ར་ལི་པྲ་མ་ཡ་ཛཿཛ༔ ཞེས་རབ་ཏུ་བཟླ༔ མོ་ཞག་གསུམ་མམ་བདུན་ན་བུད་མེད་སྐྲ་རིང་མ་གཅིག་ང་དངོས་སུ་བོས་ནས་ཅི་བྱེད་ཟེར་དུ་འོང༔ གལ་ཏེ་མ་བྱུང་ན་མོ་དུར་ཁྲོད་དུ་འཁྱམས་པ་ཡིན་པས༔ ཨོཾ་ར་ལི་པྲ་མ་ཡ་ཛ༔ སི་ལི་སི་ལི༔ མ་ནི་ཛཿཛ༔ ཞེས་བཏགས་ནས་བཟླས་པས་ཞག་བདུན་ན་མོ་དངོས་སུ་འོང་ངོ༔ དེ་བྱུང་བ་དང་དཀར་གཏོར་འབུལ་ཞིང་་་རབ་ར་དཀར་མོ་འབྲིང་བ་དཀར་མོའི།འོ་མའི་ཕུད་ཀྱིས་མཆོད་ལ༔ འདི་སྐད་ཅེས་བསྐུལ་ལོ༔ ཧཱུྃ༔ དུར་ཁྲོད་མཁའ་འགྲོ་ཆེན་མོ་ནི༔ ནོར་སྲང་གང་གི་རྗེས་གཅོད་མ༔ རྩྭ་ཆུན་གང་གི་ཕྱིར་འབྲང་མ༔ ཁྱོད་ནི་དཀོར་ལ་ངན་ཞིང་དཀོར་ལ་དུངས༔ དཀོར་བདག་ཆེན་མོ་ཁྱོད་ལ་བསྟོད༔ དཀར་གསུམ་བདུད་རྩི་འདི་གསོལ་ལ༔ བདག་གི་ནོར་རྫས་ལོངས་ལ་ཤོག༔ མི་ང་ལ་ལྷ་མེད་ཟེར་དུ་བྱུང༔ ལྷ་ཁྱོད་ལ་མཐུ་མེད་མཐུ་མེད་ཟེར༔ མཐུ་བུ་ལོན་ལྟ་བུར་སྙེག་པ་ཡི༔ དགྲ་ལོ་ཟླར་མ་བཞག་མྱུར་དུ་སྒྲོལ༔ ཁོ་འགོ་བའི་ལྷ་དང་གཏན་ནས་ཕྲོལ༔ མཛའ་བའི་གཉེན་དང་མཐུན་པ་ཕྱེས༔ མི་ནོར་ཕྱགས་མའི་གཡབ་ཀྱིས་ཐོབས༔ འཁོན་རྩོད་མི་ཁ་ཆར་ལྟར་ཐོངས༔ སྤྱིར་རྒྱལ་བའི་བསྟན་ལ་སུན་ཕྱུང་ཞིང༔ སྒོས་བླ་མ་དམ་པའི་སྐུ་ལ་བསྡོས༔ དུས་ད་རེས་རྣལ་འབྱོར་སྨ་ཡང་ཕབ༔ དགྲ་དེའི་ཕྱིར་མྱུར་དུ་སྒྲོལ་ལ་ཤོག༔ བྷྱོ༔ ཤ་ཟ་ཁྲག་འཐུང་མ་མོའི་གཙོ༔ སྐད་ཅིག་སྟོང་གསུམ་ཉུལ་མཛད་མ༔ དུར་ཁྲོད་རྒྱུ་བ་ཤ་ཟའི་འཁོར༔ ཞིང་ལྤགས་གཡབ་མོ་དགྲ་ལ་རྡོབས༔ ཧཱུྃ༔ དཀྱིལ་འཁོར་ཀུན་གྱི་སྲུང་མའི་གཙོ༔ དམ་ཉམས་ལས་ཀྱི་བཤན་པ་མོ༔ རྣལ་འབྱོར་བདག་ལ་དགྲ་འདུག་ན༔ ཕ་ཁུར་འདུག་ཀྱང་སྒྲོལ་ལ་ཤོག༔ དུས་ལ་བབ་བོ་བསྟན་པ་སྲུངས༔ ར་ལི་དགྲ་བོའི་སྲོག་ལ་བྷྱོ༔ ཞེས་བསྐུལ་ཞིང༔ སྲོག་སྙིང་ལ༔ ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་བཏགས་ལ་གཏོར་མ་འབུལ༔ མ་ཧཱ་པདྨ་ཧུར་ཧུར་བྷྱོ༔ ཞེས་སྙིང་པོ་བཏགས་ལ་རྦད་དོ༔ ཧ་ཅང་ནོར་ལ་ངན་པས་ནོར་ཕྱིར་མི་གཏོང་ན༔ སྔགས་བརྒྱ་རྩ་བརྒྱད་ནོར་གཏོང་ཁར་བཟླས་པ་ནོར་ལ་བཏབ་ནས་གཏོང་ངོ༔ མད་ཏྲ་མུད་ཏྲ༔ ཞེས་སྒྲུབ་ཐབས་མི་འདྲ་བ་མང་དུ་ཡོད་ཀྱང༔ གཞན་ན་མེད་པའི་ཟུར་ཏིག་ཟབ་མོ༔ གཏེར་རྒྱ༔ སྦས་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ འདྲེ་མོ་ངན་ནེ་མའི་གསང་སྒྲུབ་ཤིན་ཏུ་ཟབ་པ་བཞུགས༔ གསང་རྒྱ༔ ན་མོ་གུ་རུ༔ དུར་ཁྲོད་ཀྱི་བདག་མོ་འདྲེ་མོ་ངན་ནེ་མའི་གསང་སྒྲུབ་འདི་ལ༔ གནས་དབེན་པར་མཎྜལ་ཆག་ཆག་གདབ༔ ཡི་དམ་གྱི་སྐུ་འབག་བཀྲམ༔ དང་པོ་བྱང་ཆུབ་ཏུ་ཐུགས་བསྐྱེད༔ དེ་ནས་བདག་ཉིད་རྗེ་བཙུན་མར་བསྒོམས་ལ༔ མདུན་དུ་དཀྱིལ་འཁོར་གྱི་སྟེང་དུ་བཾ་གཅིག་བསམ༔ བཾ་ཡོངས་སུ་གྱུར་པ་ལས་མཁའ་འགྲོ་མ་ཞལ་གཅིག་ཕྱག་གཉིས་མ༔ དབུ་སྐྲ་ཁམ་སེར་རིང་བ་ཐུར་དུ་འཕྱང་བ་གཅིག་བསྒོམས་ལ༔ སེན་མོ་རྣོ་ལ་རྩེ་མོ་བྱ་མཆུའི་ཉམས་ལྟ་བུ་ཤང་འགུག་གི་རྣམ་པ་ཡོད་པ༔ རིངས་ཤད་པ་བདག་ཉིད་ཅི་ཟེར་ཉན་པ་ཞིག་བསྒོམ༔ ཐོད་པ་གླིང་བཞི་པ་གཅིག་གི་ནང་དུ་གཏོར་མ་བཤམས་ལ་གཏོར་མ་དེ་ལ་མཁའ་འགྲོའི་ཙཀ་ལི་གཟུག་ཅིང༔ སྔགས་འདིས་བསྒྲུབ་ཅིང་བཟླའོ༔ ན་རེ་སྭ་རི་དྷི་སི་རུ་སེ་ལ་མ་ཧོ་ཡི༔ ཞེས་བཟླ༔ རབ་ཞག་གསུམ་འབྲིང་ལྔ༔ ཐ་མ་ཞག་བཅུ་བཞི་ལ་མི་ཡོང་མི་སྲིད་དོ༔ ངེས་པར་མངོན་སུམ་དུ་འོང༔ འབྲིང་ཉམས་ཐ་མ་རྨི་ལམ་དུ་བྱུང་བ་དང༔ བྷྱོ༔ སི་ཏི་ཡུལ་གྱི་གཟུགས་བཟང་མོ༔ བ་ལིཾ་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཛིན་པའི་ནོར༔ དབང་མེད་རྐུ་འཕྲོག་བྱས་ནས་ཁྱེར༔ རྣལ་འབྱོར་བདག་གི་དམའ་ཕབ་བོ༔ སྒྲུབ་པ་པོ་ཡི་མཐུན་རྐྱེན་གྱི༔ ནོར་ཁྱེར་ནོར་ཕྱིར་འབྲངས་ནས་སུ༔ སྒོ་ཆོགས་ཐོག་གཏིབས་ཆོ་འཕྲུལ་ཕོབས༔ ཕ་ཚན་ནང་དུ་ཁ་མཆུས་དཀྲུགས༔ མཐུ་ཆེན་ཀུན་དང་བསྡོ་རུ་ཆུགས༔ དགེ་འདུན་མདོ་སྒྲུབ་བྱེད་དུ་ཆུགས༔ བསོད་ནམས་ཟད་པའི་ལས་བྱས་པས༔ དགྲ་བོ་མི་རྒྱུད་རྩད་ནས་ཆོད༔ གཏོར་མ་བཞེས་ལ་དགྲ་བགེགས་ཐུལ༔ ཅེས་གཏོར་མ་ཕུལ་ལ་འོ་དོད་དང་སྨྲེ་སྔགས་ཀྱིས་བསྐུལ༔ དེས་མ་འཁུལ་ན༔ ཨག་ནི་ལ་མཁའ་འགྲོ་མ་གཅུག་པ་ནི༔ སྐྱེར་པའི་ཐབ་ཁུང་གྲུ་གསུམ་ཨགྣི་འབར་བ་ལ༔ གཏོར་མ་མཁའ་འགྲོ་མའི་རཱུ་པ་དེ་བསྲེགས་ལ༔ ཤི་ས་བསྟན་པའི་སྔགས་འདི་བཟླས་ལ་དེས་རྣལ་འབྱོར་པ་ལ་གང་འདོད་པའི་དངོས་གྲུབ་དབང་མེད་མི་འོང་མི་སྲིད་དོ༔ ན་དྷ་པ་རི་དྷི་བེ་རུ་བེ་མ་ལ༔ ཧོ་ཡི་ཤ་རུ་དྷ་ཧོ༔ ཞེས་བཟླས་ཤིང་མི་ཚིལ་གྱི་དུ་བས་མཁའ་འགྲོ་མ་ཡི་རཱུ་པ་ལ་བདུག་གོ༔ ལས་གང་བཅོལ་བ་མྱུར་དུ་མ་བྱས་ན་འདི་འདྲ་འོང༔ ཞེས་ཟེར་ཞིང་ཡི་དམ་གྱི་ང་རྒྱལ་དང་བཅས་བསྲེག༔ དེ་ནས་ཐོད་པའི་གཏོར་མ་དེ་གཏང་ངོ༔ འདི་འདྲའི་ལས་སྦྱོར་ཐུན་མོང་མ་ཡིན་པ་ཤེས་ན་དངོས་གྲུབ་རྣམ་གཉིས་བསམ་པ་ཡིད་བཞིན་དུ་འགྲུབ་པར་བྱེད་ལ༔ ལྷ་མོ་ངན་ནེའི་གསང་སྒྲུབ་འདི་བས་ལྷག་པ་གཞན་ཡོད་ན་བྷིན་ཤི་བི་ཀི༔ ས་མ་ཡཱ༔ རྒྱ༔ གསང་རྒྱ༔ གབ་རྒྱ༔ གཏེར་རྒྱ༔ ༈ དཔལ་དུར་ཁྲོད་བདག་མོའི་སྒྲུབ་ཐབས་ཀྱི་ཞལ་ཤེས་པྲ་ཁྲིད་བཞུགས༔ རྒྱ་གར་སྐད་དུ༔ སམ་པ་དུས་ས་ར་ལི་པྲ་མ་ཡཱ༔ བོད་སྐད་དུ༔ དུར་ཁྲོད་ཀྱི་འདྲེ་མོ་ངན་ནེ་མ་ཞེས་བྱ་བ༔ ནང་ལྟར་ན་དཀོར་སྲུང་ནག་མོ༔ གསང་བ་ལྟར་ན་དུར་ཁྲོད་ཀྱི་འདྲེ་མོ་ངན་ནེ་མ་ཞེས་བྱ་བ༔ འདི་ནི་མུ་སྟེགས་ཀྱི་མཁའ་འགྲོ་མ་ཡིན་པས་ཟབ་བོ༔ འདི་ནི་བྲམ་ཟེ་སྦུ་གུ་དག་ལ་ཌཱ་ཀིས་ལུང་བསྟན་ནས་བྱུང་བར་གདའ༔ ༈ འདི་སྒྲུབ་པ་ལ༔ དང་པོ་རྣལ་འབྱོར་མའི་ཧཱུྃ་ཧ་རི་ནི་ས་བཅས་བསྙེན་པ་ཞག་གཅིག་བྱས༔ ཚོགས་མཆོད་ཅི་འབྱོར་པ་སྔོན་དུ་བཤམས་ལ༔ ཡི་དམ་དང་ཆོས་སྐྱོང་གི་གཏོར་མ་གཞན་ནས་བཤད་པ་ལྟར་བཅས་ལ༔ གནས་རི་རྩེའམ༔ དུར་ཁྲོད་དམ༔ དབེན་པའི་གནས་ཁོ་ནའོ༔ ༈ རྫས་རྟེན་བཅའ་བ་ནི༔ རབ་འབྲིང་ཐ་མ་གསུམ་དག་ཏུ༔ རི་བོང་ཕག་པ་ཝ་དང་ཁྱི༔ ཤ་དང་ཚིལ་བུ་སྙིང་དང་བཅས༔ འོ་མ་སྤོས་དང་རིན་ཆེན་ཚོགས༔ གླ་རྩི་གུ་གུལ་ཐུམ་བུར་བཅས༔ ཤོག་བུར་བྲིས་པའི་རཱུ་པ་ལ༔ སྙིང་གར་སྲོག་སྙིང་འདོམས་སུ་ནི༔ རྡོ་རྗེ་རྒྱ་གྲམ་རོ་སོལ་བྲི༔ ཐ་མར་རྩ་སྔགས་འདོད་དོན་བསྐོར༔ དར་གྱིས་དྲིལ་ལ་ཐོད་པར་གཞུག༔ ཐོད་པ་རོ་རས་ཀྱིས་དྲིལ་ལ༔ སྤྱི་བོར་ནམ་མཁའ་ནག་པོ་གཟུག༔ དེ་དག་མཎྜལ་སྟེང་དུ་འོ༔ དེའི་རྩར་དུག་ཁྲག་དང་ཡུངས་དཀར་བླུག་པའི་ཟོར་ཀོང་ཞིག་ཀྱང་བཅའོ༔ མདུན་དུ་གཏོར་ཆུང་ཞིག་བཞག་ལ༔ སྔགས་འདི་ཞག་བདུན་འབད་དོ༔ ར་ལི་པྲ་མ་ཡ་ཛཿཛ༔ ཞག་བདུན་གྱི་ནམ་ཕྱེད་ན་ང་བོས་ནས་ཅི་བྱེད་ཟེར་བུད་མེད་མགོ་ཕྲུགས་མ་ཞིག་ཏུ་བརྫུས་ནས་ཡོང་ངོ༔ གལ་ཏེ་མ་བྱུང་ན་དུར་ཁྲོད་དུ་ཡན་ཅིང་འཁྱམས་པ་ཡིན་པས༔ སྔགས་འདི་བཏགས་ལ་འབད་དོ༔ སི་ལི་མ་ནི་ཛཿཛ༔ འདིས་འོང་ངེས་སོ༔ ང་བོས་ནས་ཅི་བྱེད་ཟེར་ན༔ ངའི་ནོར་རྫས་འདི་སྟོར་རོ་བྱས་པས༔ འདི་ན་ཡོད་ཟེར་སྟོན་དུ་འོང༔ དེ་བྱུང་བ་དང་གཏོར་མ་ཕུལ་ལ༔ ནོར་ཕྱིར་སྔགས་འདིས་རྦད་དོ༔ ཨོཾ་མ་ཧཱ་པདྨ་ཧུར་ཧུར་བྷྱོ༔ ཀྲོ་ཏ་ནི་ཧུར་ཧུར་བྷྱོ༔ ར་ལི་པྲ་མ་ཡ་ཧུར་ཧུར་བྷྱོ༔ ཧཱུྃ༔ དུར་ཁྲོད་ལྷ་མོ་ཆེན་མོ་ཁྱོད༔ ནོར་སྲང་གང་གི་རྗེས་གཅོད་མ༔ རྩྭ་ཕྱག་གང་གི་རྗེས་གཅོད་མ༔ ཁྱོད་ནི་དཀོར་ལ་དགའ་ཞིང་དཀོར་ལ་དད༔ དཀོར་དད་ཅན་གྱི་དུས་ལ་བབས༔ བདག་གི་དཀོར་རྣམས་ཁྱོད་ལ་བཅོལ༔ དཀོར་སྲུང་མ་མོ་མཐུ་མོ་ཆེ༔ རྒྱན་གྱི་གཏོར་མ་འདི་ལོངས་ལ༔ བཅོལ་བའི་ཕྲིན་ལས་མྱུར་དུ་མཛོད༔ གཏོར་མ་དགྲ་ཕྱོགས་སུ་འཕང༔ ཐོད་པ་དཀྲུགས་བརྡེག་བྱ༔ མོ་སོང་སྟེ་དགྲ་ལ་ནོར་གཤེར་དུ་འོང༔ ཡང་གཏོར་མ་བཤམས་ལ་སྔ་མའི་གཏང་རག་ཏུ་གཏོར་མ་འབུལ་ལོ༔ མོའི་སྲོག་སྙིང་གི་ཤམ་བུར༔ བདག་གི་དཀོར་རྫས་ཐམས་ཅད་སྲུངས་ཤིག་སྭཱ་ཧཱ༔ ཞེས་བཟླའོ༔ དེ་ལྟར་གྱིས་ནོར་ཟན་ཆངས་ཙམ་ཡང་མོ་ལ་གཉེར་གཏད་བཅོལ་དམ་བྱའོ༔ གཞན་ལ་ནོར་འཇལ་འབུལ་བསྔོ་བ་བྱེད་ན༔ བཀའ་གནང་བའི་སྔགས་འདི་བརྒྱ་སྟོང་བཟླས་པར་བྱ༔ མ་ཏྲ་མུ་ཏྲ་སྭཱ་ཧཱ༔ དེ་ལྟར་བྱས་པས་རང་ལ་འཁུ་ལྡོག་མི་ཡོང་ངོ༔ རང་གི་ནོར་ཕྱིར་སོང་ནས་འབྱམས་ན༔ མྱུར་དུ་འབོད་པའི་སྔགས་ནི༔ ཏེར་མ་ཨུ་ཏྲའི༔ ཞེས་བརྒྱ་རྩ་བཟླས་པས་མོས་སྨྲ་ཞིང་འོང་ངོ༔ དགྲ་ལ་སྲོག་འབེབ་ཏུ་བྱེད་ན༔ གསད་པའི་སྔགས་ནི༔ རྩ་སྔགས་ཞབས་སུ༔ དགྲ་རྐུན༔ ཨ་ཀ་རྣྲྀ་མཱ་ར་ཡ་ཕཊ༔ ཞེས་བཟླའོ༔ ཇི་ལྟར་བྱས་ཀྱང་ནོར་ཁུག་ནས་འབབ་ཏུ་མ་ཉན་ན༔ ར་ཚིལ་ལ་དགྲའི་གཟུགས་སོར་བཞི་པ་ཞིག་བྱས་ལ༔ ཤོག་བུ་ལ༔ དགྲའི་མིང་རུས་བྲིས་ལ༔ དགྲའི་གཟུགས་དེའི་སྙིང་གར་གཞུག༔ དེ་དྲག་པོའི་ཤིང་ལ་མེ་སྦར་བའི་དཀྱིལ་དུ་བཅུག་ལ༔ སྔགས་འབོད་རྦད་གསད་གསུམ་དྲིལ་ལ་བཟླ༔ ཕུར་པ་དང་ཐོད་པ་གདབ༔ གཟུགས་དེ་ཨགྣི་ལ་སྦྱར་ཞིང༔ ཨོཾ་ཤ་ཏྲཱུཾ་དྷ་ཧོ་ཁུག༔ དགྲ་བོ་མཱ་ར་ཡ༔ ཛྭ་ལ་རཾ་ཕཊ༔ ཅེས་བརྒྱ་རྩ་བརྒྱད་བཟླའོ༔ ཐལ་བ་ཡང་རླུང་ལ་འཕྱར༔ ཡང་ན་དུར་ཁྲོད་དུ་རཱུ་པ་བྱས་ལ་མནན༔ དེ་ལྟར་བྱས་པས་དགྲ་ལ་རྟགས་ནི༔ སྒོ་ལ་འདྲད་དུ་འོང༔ ངའི་ནོར་གར་རེ་ཟེར་ཞིང་མིང་ནས་འབོད་དུ་འོང༔ འདི་གསང་ལ་དང་པོ་རང་ནས་འབོད་རྦད་གསད་གསུམ་དྲིལ་ཏེ་བསྒྲུབ༔ རྒྱུན་དུ་གསང་བ་གལ་ཆེའོ༔ ར་ལི་པྲ་མ་ཡ་ཛ༔ མ་ཧཱ་པདྨ་ཧུར་ཧུར་བྷྱོ༔ ཀྲོ་ཏ་ནི་ཧུར་ཧུར་བྷྱོ༔ ར་ལི་པྲ་མ་ཡ་ཧུར་ཧུར་བྷྱོ༔ དགྲ་རྐུན་ལ་ཨ་ཀ་རྣྲྀ་མཱ་ར་ཡ་སོད༔ སྔགས་དྲིལ་ན་མྱུར་རོ༔ ཤིན་ཏུ་ཟབ་ཅིང་བྲམ་ཟེའི་ཡུལ་གྱི་ལུགས་འདི་ཤིན་ཏུ་གསང་ངོ༔ དཔེ་འདི་ཨེ་སྲིད་ཙམ་ཡིན༔ གསང་སྔགས་སྤྱོད་པའི་རྣལ་འབྱོར་ལ༔ གསེར་སྲང་གང་དང་པ་ཏྲ་ཡོན་བཞེས་བླང༔ སྙིང་དང་འདྲ་ལ་སྟེར་དུས་སུ༔ མཎྜལ་གསེར་དུ་མ་བླངས་ན༔ འདི་ཡི་དམ་ཚིག་ཉམས་ས་རེ༔ དུས་ནི་ཟླ་བའི་དགུ་གསུམ་ཡིན༔ ཚོགས་དང་གཏོར་མས་མཉེས་པར་བྱ༔ དམ་ཉམས་ཚོར་མཐོང་དབེན་པར་བྱེད༔ ས་རུབ་སྲོད་ཀྱི་དང་པོར་བསྐུལ༔ ར་ལི་པྲ་མ་ཡ་ཛ༔ ཞེས་པས་མདུན་དུ་བུད་མེད་གཅེར་བུ་རལ་པ་ཅན་གཡས་ན་སྙིང་ཐོགས་པ༔ གཡོན་ན་ཐོད་པ་ཁྲག་གིས་གང་བ་བསྣམས་པ༔ མི་ལྤགས་ཀྱི་གཡང་གཞི་གྱོན་པ༔ མ་མོ་ནག་མོ་དགྲ་ལ་ལྟས་ངན་སྣ་ཚོགས་འབེབ་པ༔ བདག་གིས་ལས་ཅི་བཅོལ་བཀའ་ཉན་པ་ཞིག་ཏུ་བསམ་མོ༔ འདི་ཡང་གཞན་ལ་མེད་པའི་མན་ངག་གསང་རྒྱ༔ ༈ རྣོ་མཐོང་འདོད་ན༔ གྷི་ཧང་དང༔ ར་དཀར་མོའི་འོ་མ་སྦྱར་ལ༔ སྔགས་འདི་ཞག་གསུམ་་་གསུངས་ཀྱང་ལས་འབྲེལ་གཙོ་བ།བསྒྲུབས་ལ་མིག་ལ་བྱུགས་ན་ས་གསུམ་ན་ཅི་འདོད་པ་མཐོང་བར་འགྱུར༔ ར་ལི་པྲ་མ་ཡ་ཀ་ལི་ཛ༔ པྲ་མ་ཙཀ་ཤུ་ཛཿསྭཱ་ཧཱ༔ འདིའི་ཆོ་འཕྲུལ་འཕྲལ་དུ་འོང་བར་འདོད་ན༔ ལྷ་ཁང་དང་མཆོད་རྟེན་ལ་བཙས་གསུམ་ནས་ས་བླངས་ལ་ས་སྣ་གསུམ་ལ་མི་གཟུགས་མཁྱིད་གང་པ་ཞིག་བྱ༔ དེ་ཡང་མིག་རྩ་དང་རྐང་ལག་གི་མཐིལ་ཤིན་ཏུ་དམར་བ༔ ཞལ་དང་སྐུ་གཟུགས་ནག་པ༔ ཆུ་མིག་ལྐུག་པ་གསུམ་གྱི་ཆུས་སྦྲུས༔ དེའི་ཁོང་དགྲའི་མིང་རུས་བྲིས་པ་བཅུག་ལ་ཞག་གསུམ་སྒྲུབ་པ་བྱ༔ ཐེམ་པའི་འོག་ཏུ་སྦ༔ འབྲུ་སྣ་ལྔ་་་གང་འབྱོར་བ་ཡིན།ལ་གཏོར་མ་མཐེབ་སྐྱུ་བཅོ་བརྒྱད་་་ཟོར་ཀོང་དུ་བྱེད་པའང་ཡོད།བྱས་ལ༔ རྟ་ནག་པོའི་ཁྲག་་་རྐང་ཟོར་རམ།ཐིགས་པ་རེ་བླུགས་ལ༔ བཟླས་པ་ཞག་གསུམ་མམ་ལྔ༔ བདུན་གང་རུང་བྱས་ཏེ༔ རྒྱུད་མེད་ཀྱི་གཞུ་ལ་གཏོར་མ་མཐེབ་སྐྱུ་རེ་་་མཐེབ་སྐྱུ་ལ་དར་ཡུངས་དཀར།བཅུག་སྔགས་བཏབ་ལ་དགྲ་ཕྱོགས་སུ་འཕང་ངོ༔ ཉིན་བཅས་ལ་ནུབ་འཕང་ངོ༔ ཏྲི་ས་མ་ཡ་ཛཿཛ༔ ཏྲི་ས་མ་ཡ་རྫས་ལ་ཤོག༔ ཤེའུ་དགེའུ་ཏྲིའུ་བོས༔ གེ་རེས་ཟློག༔ ཡད་པས་སད༔ འཇའ་ཚོན་སྣ་ལྔའི་འུར་ཆོག་བྱ༔ མི་མོ་དེ་མ་མོའི་བུ་མོ་ཡིན་པས་ཤིན་ཏུ་རྣོ་བ་ཡིན༔ དགྲ་བོའི་མི་ནོར་ཟས་གསུམ་མོ་ལ་གཏད་ནས་དམོད་མོ་མང་དུ་བྱེད༔ དམ་ཉམས་དགྲ་བོ་ལ་ཆོ་འཕྲུལ་ལྟས་ངན་མང་དུ་ཐོངས་བྱས་བཀའ་བསྒོ་དྲག་ཏུ་བྱའོ༔ ཏྲི་ས་མ་ཡ་ཛཿཛ༔ ཏྲི་ས་མ་ཡ་རྫས་ལ་ཤོག༔ ཤིའུ་དགེའུ་ཏྲིའུ་བོས༔ གེ་རེས་ཟློག༔ ཡད་པས་སད༔ དམ་ཉམས་དགྲ་ལ་ཆོ་འཕྲུལ་ཕོབས་ཤིག༔ ཅེས་བཟླའོ༔ ཆོ་འཕྲུལ་འཕྲལ་ལ་ཕེབས་སོ༔ དུས་མཐའི་སྤྲང་པོ་མཐའ་ཡུག་པས། །བྱ་བ་བཏང་ནས་གང་སྤྱོད་མེད། །དགྲ་དང་ཆོམ་རྐུན་བཟློག་པ་དང་། །རི་ཁྲོད་དབེན་པ་བརྟེན་པའི་ཕྱིར། །དུར་ཁྲོད་ལྷ་མོའི་སྒྲུབ་པ་འདི། །བསམ་ཡས་མཆོད་རྟེན་ནག་པོ་ནས་གཏེར་ནས་བྱོན་པའོ།། ༈ མ་མོའི་ཆོ་འཕྲུལ་གཏོང་ན༔ ཝ་ཤ་དང་བག་ཕྱེ་བསྲེས་ལ༔ ཨ་ཙ་ར་དང་ཝ་མོའི་གཟུགས་བྱས་ལ༔ ར་ལི་ར་ལི༔ བྷྱོ་བྷྱོ༔ པྲ་མ་ཡ་པྲ་མ་ཡ་ཕོབ་ཕོབ༔ ཧ་བ་ཧེ་བ་ཡ་ཡ༔ ཞེས་སྒྲུབ་པའང་འདུག༔ ལར་ནི་ལྷ་འདྲེ་ཆང་ཆུང་སྒྲུབ་པ་ནི་ཆོས་སྐྱོང་ཆེ་བ་ཡོད་ན་དེའི་སྔགས་དང་སྦྲེལ་ནས་བསྒྲུབ་ཅིང༔ དཔོན་གཡོག་ཏུ་སྦྲེལ་མ་ཤེས་ན་སྔ་མ་དེས་བཀག་ནས་མི་ཡོང་བ་ཡིན་གསུངས༔ ཡང་ངན་ནེ་བསྒྲུབས་པས་མ་བྱུང་ན༔ མཱ་ར་ཡ་པྲ་མ་ཡ་ཀཱ་ལི་ཡེ༔ ངན་ནེ་མའི་ཙིཏྟ་ཧུར་ཐུམས་ཛ༔ སྲོག་འཕྲོག་པ་ཡིན༔ ར་ལི་པྲ་མ་ཡ་ཀཱ་ལི་ཡེ་ངན་ནེ་མ་ཨཱ་ཀརྴ་ཡ་ཧྲིཾ་ཛ༔ དབང་དུ་སྡུད་པ་ཡིན༔ ར་ལི་པྲ་མ་ཡ༔ མ་ལི་པྲ་མ་ཡ༔ བུ་མོ་པྲ་མ་ཡ༔ སྭ་ཀུ་རུ་ལུ༔ སྭ་ཀུ་རུ་ལུ༔ ནེ་ཏེ་ཀུ་ལུ་ནེ་ཏེ་ཀུ་ལུ༔ པྲ་ས་ལེ་པྲ་ས་ལེ༔ ཏྲིའུ་ཏྲིའུ་སྣང་སྲིད་གསལ་བར་སྟོན༔ ཞེས་ཞག་ལྔ་བཟླ༔ ཤམ་བུ་འདི་གདགས༔ ཨོཾ་པྲ་ཏི་དཀར་པོ༔ པྲ་ཏིའུ་འོན༔ ཏྲིའུ་མོན་ཏྲིའུ༔ མ་ཏྲ་མུ་ཏྲ༔ པྲ་ས་ལེ་སྟོན༔ ཅེས་ཞག་གསུམ་བཟླ༔ རྣ་བ་ངུ་བའི་སྐད་འདྲ་བ་ཞིག་འོང༔ ལེགས་པར་ཉན་པས་བུ་མོ་མགོ་ཕྲུགས་མ་གཅིག་གིས་གཏམ་འཆད་དོ༔ རྦད་པའི་སྔགས་ཟབ་ནི༔ ཨོཾ་ར་ལི་པྲ་མ་ཡ་ཀཱ་ལི་ཡེ་ཛཿབྷྱོ༔ མ་ཧཱ་ཀཱ་ལི་པདྨ་ཧུར་ཧུར༔ ཀྲོ་ཏ་ནཱི་ལ་ཧུར་ཧུར༔ དགྲ་ལ་རྦད་རྦད༔ ཐུམ་རིལ༔ བྷྱོ་བྷྱོ༔ ཧཱུྃ་རཀྨོ་རུ་ཏྲི༔ དགྲ་བོ་མཱ་ར་ཡ་ཛ་ཕཊ༔ སྙིང་ཁྲག་རཀྨོ༔ སྤེན་མོ་དེ་བམ་ཛཿཛ༔ དགྲ་བོའི་སྲོག་རྩ་ཆོད༔ ཁྲག་ལ་རྦད༔ ཤམ་ཏྲི་ནག་མོ་དགྲ་བོའི་སྙིང་ལ་ནེས་ནེས༔ ནག་མོ་བམ་རིལ་མ་ཐུན་བྷྱོ༔ ཞེས་རྦད་པར་བྱའོ༔ ནོར་སྒྲུབ་ན་རྒྱལ་གྱི་ཉིན་མོ་ཕྱུག་པོ་ཅི་མང་གི་ལག་ནས༔ ནས་ཅི་ལོན་བླངས་ལ༔ གཏོར་མ་ནོར་བུ་ལུགས་སུ་བྱས་ལ༔ ཨོཾ་ར་ལི་པྲ་མ་ཡ་ཀཱ་ལི་ཡེ་མ་མ་རཏྣ་སིདྡྷི་ས་མ་ཡ་འདུས་ཛ༔ སིདྡྷི་ཀུ་རུ་ཧཱུྃ༔ ཞེས་ནངས་རེ་བརྒྱ་རེ་བཟླས་ན༔ མོས་མི་ལ་བརྐུས་ནས་རང་ལ་སྐྱེལ་ལོ༔ འཇིག་རྟེན་གྱི་སྲུང་བ་ཞུ་བ་དང༔ རྟེན་འབྲེལ་ཞུ་མཁན་མང་པོ་གཡབ་ནས་འོང༔ ར་ལི་པྲ་མ་ཡ་ཀཱ་ལི་ཡེ་ཙཀྵུཿཕྱེ་ཕྱེ༔ སལ་སལ་སྟོན༔ སྒྲིབ་མ་ཀརྨ་རཀྴ་པྲ་ཐོན་ཕཊ༔ ཧ་ས་ན་ཧ་ས་ན༔ སྤོས་ཆུས་ཁྲུས་བྱ༔ རའི་འོ་མ་ལ་རྩངས་ཕག་གི་ཤ་བཏབ་ལ་ཕུག་རོན་གྱི་དང་རུས་གཏོར༔ སྤོས་དཀར༔ གུ་གུལ༔ བྱ་མོ་ནག་མོའི་སྒོ་ངའི་གསེར་ཐིག་སྤང་སྤོས་རྣམས་བསྲེག་ཅིང་དུ་བ་གཏང༔ གསོལ་ཁ་ལ༔ གསང་སྔགས་ཟབ་མོ་སྙིང་ཐིག་གི༔ ཟས་ནོར་དཀོར་སྲུང་མཐུ་མོ་ཆེ༔ དུར་ཁྲོད་བདག་མོ་རྫུ་འཕྲུལ་ཅན༔ དུར་ཁྲོད་རོ་ལ་ཞོན་ནས་ཟ༔ རོ་ལ་ཞོན་ནས་ཧར་རྒྱུག་བྱེད༔ ནག་མོ་ཆེན་མོ་ལས་བྱེད་མ༔ ཁྱོད་ནི་དཀོར་གྱི་བདག་མོ་སྟེ༔ དཀོར་བདག་ཆེན་མོ་དྲག་ཤུལ་ཅན༔ ནོར་ལ་དུངས་ཤིང་ནོར་དད་ཆེ༔ ནོར་ལ་ངན་པའི་ངན་ནེ་མ༔ རོ་ཡི་ཤུན་པ་གོས་སུ་གྱོན༔ རེས་འགའ་རོ་རས་དཀར་པོ་གསོལ༔ ཁ་ནས་ནོར་སྙེགས་འོ་དོད་འབོད༔ ལྷང་ལྷང་ཚེར་ཚེར་མིང་ནས་འབོད༔ དགྲ་ལ་འོ་དོད་ངུ་འབོད་རྒྱག༔ དཀོར་ནོར་ཁྱེར་ཤོག་ལ་འུར་སྨྲོས༔ ཁྲག་གི་ཁ་ཕྲུ་འདེབས་བྱེད་མ༔ གྲང་རྡུལ་ཐོངས་ལ་འདྲེ་མནན་ཕོབས༔ དགྲ་བོ་མལ་དུ་ཆིར་ཆིར་གནོན༔ རྒྱོབས་ཤོག་དམ་ཉམས་དགྲ་ལ་རྒྱོབས༔ སྐྲ་འཐེན་སྙིང་ཕྱུངས་སྲོག་རྩ་ཆོད༔ དཀོར་རྐུན་དམ་ཉམས་དགྲ་བོ་འདིས༔ རྣལ་འབྱོར་ང་ཡི་དཀོར་ནོར་བརྐུས༔ དཀོར་སྲུང་མ་ལ་བརྙས་བཙུགས་སོ༔ ད་དེ་འཇོག་པའི་སྐབས་མ་མཆིས༔ མྱུར་དུ་སྒྲོལ་བའི་དུས་ལ་བབས༔ གཡོན་པའི་ལྕགས་ཀྱུས་སྙིང་ནས་ཟུངས༔ གཡས་པའི་ལྕགས་ཕུར་དགྲ་སྲོག་གཏུབས༔ ད་ལྟ་ཉིད་དུ་སྒྲོལ་ལ་ཤོག༔ དགྲ་བོའི་བླ་ཚེ་དུར་ཁྲོད་ཁྲིད༔ ཤ་ཟ་མཁའ་འགྲོ་མང་པོས་གཅོད༔ ཤ་ལ་རོལ་ཅིག་ཚོགས་འཁོར་གྱིས༔ ཁྲག་ལ་ཐུངས་ཤིག་ཧུབ་བསྐོར་ཐོངས༔ རྒྱུས་ལ་ཆོམས་ཤིག་ནང་ཁྲོལ་བཞེས༔ མ་རུངས་དམ་ཉམས་རྡུལ་དུ་རློགས༔ མ་ཧཱ་ཀཱ་ལི་པདྨ་ཧུར་ཧུར༔ ཀྲོ་ཏ་ནཱི་ལ་ཧུར་ཧུར༔ དགྲ་ལ་རྦད་རྦད༔ ཐུམ་རིལ་བྷྱོ་བྷྱོ༔ དེ་ལ་རྦད་གསད་གང་བྱེད་ཀྱང་གདགས༔ མེ་ལོང་ངོས་ལ་མ་མོའི་སྲོག་སྔགས་བྲིས་ལ་དྲིལ༔ ལུས་ལ་བཅང༔ ཝ་ཐོད་དུ་གཞུག༔ ལུས་དང་གྲིབ་མ་བཞིན་དུ་རྗེས་སུ་འབྲང༔ ཞེས་པ་རྫོགས་སོ༔ དུར་ཁྲོད་ལྷ་མོའི་སྒྲུབ་རྒྱུད་ལས་འདིའང་ཁྱད་པར་གྱི་སྒྲུབ་པ་བྱེད་ལུགས་ཡང་ཟབ་དམ་པ་གཅིག་ཡིན་ནོ༔ གསང་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ནི་དུས་སྙིགས་མའི་དུས༔ ཕ་མཆོག་ཨོ་རྒྱན་ཐུགས་ཀྱི་སྲས༔ སྔོན་དུ་སྦ་ནི་ཡེ་ཤེས་དབང༔ རྒྱལ་སྲས་རྡོ་རྗེ་གླིང་པ་ཡབ༔ བསོད་ནམས་རྒྱལ་མཚན་ཞེས་བྱ་བ༔ རྡོ་རྗེ་གླིང་བའི་ཡབ་དང་བླ༔ སྐྱེ་བ་ཉེར་བདུན་འབྲེལ་བ་ཟབ༔ ད་ལྟ་འགྲོ་ཕན་མཐར་ཐུག་པ༔ སྐྱེ་བ་བཞི་ནི་འགྲོ་འདུལ་གླིང༔ མཚན་དེས་འབྲེལ་ཚད་དོན་དང་ལྡན༔ གྲྭ་ཞེས་དོར་མ་བརྒྱངས་འདྲའི་སར༔ ཡབ་ནི་རྡོ་རྗེའི་མིང་ཅན་ལ༔ ཡུམ་ནི་བསོད་ནམས་སྒྲོན་མའི་བུ༔ སྔགས་སྤྱོད་གཏེར་གྱི་བསྟན་པ་སྐྱོང༔ སྐྱེ་མཐའ་རྒྱལ་སྲས་སྤྲུལ་སྐུ་སྟེ༔ ང་དྲུང་པདྨ་འོད་དུ་བྱོན༔ བསྟན་པའི་བཙས་ཀྱི་བཀའ་སྲུང་འདི༔ ཀུན་ལ་མེད་པའི་ཁྱད་ཆོས་ལ༔ ལས་ལྡན་མ་ཡིན་མི་སྤེལ་གསང༔ བསྟན་པ་སྲུང་བའི་མཚོན་ཆར་ཤོག༔ ཤུ་བྷཾ༔ ༄༅༔ དཔལ་དུར་ཁྲོད་བདག་མོའི་སྒྲུབ་ཐབས་ཀྱི་མན་ངག་སྣ་ཚོགས་བཞུགས༔ ྈྈྈྈ རྒྱ་གར་སྐད་དུ༔ ཏིར་ཏི་ཀ་ཌཱ་ཀི་ནཱི་ག་ས་རུ་ལ་ནཱ་མ༔ བོད་སྐད་དུ༔ མུ་སྟེགས་ཀྱི་མཁའ་འགྲོ་མ༔ ཕྱི་ལྟར་ན་མོན་མོ་འོད་ཀྱི་གྭའུ་ཅན༔ ནང་ལྟར་ན་གསེར་གྱི་སྤུ་གྲི་རེག་གཅོད༔ གསང་བ་ལྟར་ན་ལྷོ་ནུབ་མཚམས་ཀྱི་དུར་ཁྲོད་ཀྱི་འདྲེ་མོ་ངན་ནེ་མ་ཞེས་བྱ་བ༔ ལས་ཀྱི་དཀོར་སྲུང་ནག་མོ༔ མཁས་བཙུན་དགེ་བཤེས་ཆོས་པའི་མཚོན་ངར༔ བསྟན་པ་སྲུང་བའི་མན་ངག་ལས༔ དམ་རྫས་གསག་ཅིང་སྒྲུབ་ཐབས་དོན་ལྔ་ལ༔ དང་པོ་སྒྲུབ་པའི་གནས་བསྟན་པ་དང་གཅིག༔ བསྙེན་པའི་ལྷ་བསྐྱེད་པ་དང་གཉིས༔ རྫས་གསག་ཅིང་རྟེན་བཅའ་བ་དང་གསུམ༔ སྒྲུབ་སྔགས་བཟླས་ཤིང་འབྱམས་པ་འགུགས་པ་དང་བཞི༔ འབོད་པ་འཕྲིན་ལས་བཅོལ་ནས་ལས་ལ་བསྐུལ་བ་དང་ལྔ༔ སྒྲུབ་དྲགས་རང་འདྲེ་ཅན་དུ་སོང་ན་གོད་མནན་མཇུག་གཅོད་པ་དང་ཁ་ཚར་དྲུག་གི་མཐའ་རྟེན་ལ༔ དང་པོ་སྒྲུབ་པའི་གནས་ནི༔ འདི་དུར་ཁྲོད་ཀྱི་བདག་མོ་ཡིན་པས༔ དུར་ཁྲོད་དམ༔ ནགས་ཁྲོད༔ རི་སུལ༔ དབེན་ས་དང་གནས་ཆེན༔ གཙུག་ལག་ཁང་རྙིང་པའམ༔ ཤིན་ཏུ་དབེན་པ་ཁོ་ནའོ༔ གཉིས་པ་སྒྲུབ་པའི་ལྷ་བསྐྱེད་པ་ལ༔ བཅོམ་ལྡན་འདས་རྡོ་རྗེ་ཕག་མོའི་བྲིས་སྐུ་སོགས་དགྲམ་པ་དང༔ ཚོགས་དང་གཏོར་མ་མཆོད་པའི་ཡོ་བྱད་ཅི་འབྱོར་པ་བཤམས་ལ་ནུབ་དང་པོ་ལ་བསྙེན་སྒྲུབ་དང༔ གཞན་ལ་འཇུག་པའི་དུས་བསྐྱེད་རིམ་གྱི་ང་རྒྱལ་བརྟན་པོས༔ གསུམ་པ་རྫས་གསག་ཅིང་རྟེན་བཅའ་བ་ནི༔ སྟེགས་བུ་ཅི་རིགས་པའི་སྟེང་དུ༔ རི་བོང་ངམ༔ ཕག་གམ༔ ཝ༔ ཐ་ན་ཁྱི་ཡང་རུང༔ དེ་ཚོ་གང་ཡང་རུང་བའི་ཐོད་པའི་ནང་དུ༔ དེ་གང་རྙེད་གཅིག་གི་ཤ་སྙིང་ཚིལ་བུ་དང༔ སྤོས་དང༔ དར་དང༔ གླ་རྩི༔ གུ་གུལ་དཀར་ནག༔ དེ་རྣམས་་་་རི་བོང་ཕག་ཝའི་ཤ་དར་དམར་པོས་དྲིལ་ལ་ཙཀྲ།ཐོད་པའི་ནང་དུ་བཅས་ལ༔ མཆོད་རྟེན་གྱི་ནང་དུ་གཞུག་གོ༔ ཡང་ན་དུར་ཁྲོད་དུ་བསྒྲུབ༔ བླ་རྡོ༔་་་ལ་རྫས། གཟི་རྙིང་པ༔ གསེར༔ གཡུ༔ དར་དམར་པོ་ལ་སྔགས་བྲིས་ལ༔ སྲོག་སྙིང་འཁོར་ལོ༔་་་སྲོག་གི། འབྲུ་སྣ༔ སྨན་སྣ་རྣམས་ལ་སྔགས་སྟོང་ཙམ་བཟླས་པ་བཏབ་ནས་བཏུམས་ལ་བཅང་ལུགས་ཞལ་ལ་འདྲིའོ༔ རྟེན་བཅའ་བ་ནི༔་་་མདོས་སོགས་ཞལ་ལས་གསལ་ལོ། ཁམ་ས་ལ་གཙོ་མོ་བུད་མེད་འཇིགས་ཤིང་རྔམ་པ་ནག་མོ༔་་་ལྷ་མོ་རང་གི་སྐུ །རལ་པ་འཕྱང་བ་ནུ་མ་སྲིན་མོའི་ནུ་མ་ལྟ་བུར་ལྡན་པ༔ མིག་རྩ་དམར་ལ་ཟླུམ་པ་གཟིར་བའི་རྣམ་པས་བལྟའོ༔ མཆེ་བ་་་དཀར་པོ་བཞི།ལན་འབུར་ཙམ་པ༔ ཕྱག་གཡས་་་ཐོད་པའི།ཞིང་དབྱུག༔ གཡོན་བུ་ཆུང་ཐོགས་པའི་མགོ་ནས་ཟ་བ༔ དྲེད་མོ་་་ཁམ་པ།ལ་ཞོན་པ༔ ཁྱི༔་་་ནག་པོ། སྤྱང་ཀི༔་་་སྔོན་པོ། ཝ༔་་་དམར་སེར། དྲེད་མོ་་་ཁམ་ནག།རྣམས་ཀྱི་གཟུགས་བརྙན་རྫས་ལ་ལེགས་པར་བཅོས་ལ༔ དེ་རྣམས་ཁ་གདངས་པ༔ མཆེ་བ་གཙིགས་པའི་ཆ་ལུགས་དེ་རྣམས་ལ་སོ་བཏང༔ རང་མདོག་གིས་ཚོན་གྱིས་ཁ་བསྒྱུར༔ གཙོ་བོ་མཎྜལ་གྱི་དབུས་སུ་བཀོད་ལ༔ འཁོར་བཞི་ཁ་ནང་དུ་བསྟན་ལ༔ སྐུད་ནག་གིས་ལྕགས་ཐག་གི་ཚུལ་དུ་སྦྲེལ་ལ༔ གཙོ་བོའི་ཕྱག་གིས་བཟུང་བ་རྟེན་དུ་གཟུག་གོ༔ ཤོག་བུ་ལ་ལྷ་མོའི་རཱུ་པ་ལེགས་པར་བྲིས་ཏེ༔ སྙིང་གར་སྲོག་གི་སྙིང་པོ༔ འདོམས་སུ་རྡོ་རྗེ་རྒྱ་གྲམ༔ རཱུ་པའི་མཐའ་མར་མ་མོ་ནག་མོ༔ དགྲ་བོ་ཆེ་གེ་མོས་ནོར་ཁྱེར་རོ༔ ཁོའི་མིང་ནས་བོས་ལ་མྱུར་དུ་ནོར་ཁྱེར་ཤོག༔ ནོར་ལོངས་ཤིག་བྱ་བ་བྲིའོ༔ དེ་ཡང་ཐོད་པའི་ནང་དུ་བཅུག་ལ་ཐོད་པའི་སྤྱི་བོར་ནམ་མཁའ་ནག་པོ་ཞིག་གཟུག༔ ཐོད་པ་རས་ཀྱིས་དྲིལ་ལ་མཎྜལ་ཁར་འཇོག་གོ༔ མདུན་དུ་འབྲུབ་ཁུང་ནག་པོ་གྲུ་གསུམ་པར་དགྲ་བོའི་ལིངྒ་བཅུག་ལ༔ ཐུན་རྫས་་་ཡུངས་དཀར་ཀེ་ཚེ་ཤང་ཚེ་ཐུན་ཁ་བཏབ།བསར༔ བསྙེན་པ་བྱ་ཞིང༔ འབོད་པའི་སྔགས་ནི༔ ར་ལི་པྲ་མ་ཡ་ཛ༔ ཞེས་ངག་བཅད་ནས་བོས་པས༔ རབ།་་་ཞག་གསུམ་མམ་འབྲིང་།་་་བདུན་ཐ་ན།་་་བརྒྱད་ན་ནང་རྟགས་སུ༔ བུད་མེད་སྐྲ་རིང་བ་གཅིག་་་རབ་དངོས་སུ་འབྲིང་ཉམས་ཐ་མ་རྨི་ལམ།ང་བོས་ནས་ཅི་བྱེད་ཟེར་དུ་འོང༔ དེ་ལ་བདག་གི་ནོར་རྐུན་འཕྲོག་འདི་བྱུང་བྱའོ༔ མོ་ན་རེ་མི་འདིས་ཁྱེར་ཟེར་དུ་འོང༔ འདི་མ་བྱུང་ན་དུར་ཁྲོད་དུ་ཡན་པ་་་འབྱམས་པ།ཡིན་པས༔ གལ་ཏེ་མ་བྱུང་ཀྱང་འདི་ཤིན་ཏུ་མྱུར་བས་མི་འོང་མི་སྲིད་དོ།་་་སི་ལི་མ་ཎི་ཛ༔་་་སྙིང་པོའི་ཤམ་ལ། ཞེས་བཟླས་པས་ཞག་བཞི་ནས་ངེས་པར་འོང་ངོ༔ དེ་ལྟར་བྱུང་བ་དང༔ དཀར་གསུམ་གཏོར་མ་དང་འོ་མས་་་ཡི་དམ་གྱི་གཏོར་མ་དང་ནང་མཆོད་ལྟར་བྱིན་རླབས་བྱས་ལ།མཆོད་དོ༔ ངའི་དཀོར་རྫས་སྟོར་ལ་འུར་རྒྱུགས་བྱའོ༔ གཅན་གཟན་བཞི་པོ་སྐུད་ནག་དཀྲོལ་ལ་ཁ་ཕྱིར་བསྟན༔ ལྟས་ངན་གཏོང་ཙ་ན༔ གཙོ་བོའི་འོག་ཏུ་གྲུ་གསུམ་ནང་དུ་ནོར་ཁྱེར་བའི་ནོར་དང༔ དགྲ་བོའི་མིང་རུས་བྲིས་པ་བཅུག་ལ༔ འདི་ཚོའི་ཕྱིར་རྒྱུགས་བྱས་པ་དོན་མ་ཚང་བ་མེད་པར་འཇུག་གོ༔ རྦད་པའི་སྔགས་སྒྲུབ༔ བྱ་གཉིས་རང་གནས་སུ་འོང༔ དེ་དུས་ཆེ་གེ་མོ་ལ་ཧེ་ཙ་དུན་ཕོབ༔ ཅེས་ཤམ་བུར་བཏགས་ཞག་གསུམ་རྦད༔ གཏོར་མ་ཐག་ཉེ་ན་དགྲ་བོའི་ཁང་རྩར་སྦ༔ རིང་ན་ཕྱོགས་སུ་འཕང༔ དེས་སྲིན་བྱ་ལྷ་རྟེན་ཁར་བབ་ནས་རོ་ཕྱུངས་རོ་ཕྱུངས་ཟེར་བ་དང༔ འུག་པ་ཐོག་ཁར་བབས་ནས་འདི་བྱུང་འདུག་པ༔ ཧ་ཧ༔ འུག་འུག་ཤུད་ཟེར་དུ་འོང༔ དེ་ལ་མི་འབབས་སྲོག་ལ་གཏང་བ་ནི༔ ངན་ནེ་མའི་སྲོག་ལ་རྦད་རྦད༔ ཙིཏྟ་གཏུབས་གཏུབས༔ ཙིཏྟ་ཅིབ་ཅིབ༔ ཙིཏྟ་རྨུགས་རྨུགས༔ ཙིཏྟ་མྱོགས་མྱོགས༔ ཁྲག་ལ་རྦུད་ལིང༔ སྙིང་ཁྲག་རྦུད་རྦུད༔ སི་ལི་མ་ཎི་ཛཿཛ༔ སྒྲོལ་བར་བྱའོ༔ བྷྱོ་གཉིས་ལ་བཏགས་སམ༔ གཅིག་དྲིལ་དུ་བགྲངས་ཀྱང་འོང༔ རང་གི་སྲིའུ་ལ་ཆོ་འཕྲུལ་བྱུང་ན༔ སྐུ་ཝ་ཐོད་འབྲུབ་ཁུང་གཏོར་ཆུང་ཞིག་དང༔ ལྷན་དུ་དགྲ་ལ་ཁ་བསྟན་ནས་བཞག༔ དུར་གཡམ་དགབ༔ སཱཙྪས་མནན༔ དེས་ཐུབ་བོ་གསུངས་སོ༔ ར་ལི་པྲ་མ་ཡ་ཀཱ་ལི་ཡེ་སི་ལི་མ་ནི་ཛཿཛ༔ ཧྲཱི་ས་མ་ཡ་ཧྲི་བག་ཛེ་ལ་ཤོག༔ འདྲེ་མོ་ངན་ནེ་མའི་དྲིལ་སྒྲུབ་འདི་ལ༔ རྫས་དང་བྱ་ཐབས་གསུམ་མ་ར་ལི་པྲ་མ་ཡ་ཀཱ་ལི་ཡེ་སི་ལི་མ་ནི་ཛ༔ མ་ཧཱ་ཀཱ་ལི་སི་ལི་སི་ལི་མཱ་ར་ཡ་ཧཱུྃ་ཛ༔ སྒྲུབ་སྔགས་དྲིལ་སྒྲུབ༔ ཧཱུྃ་མ་ཧཱ་ཀཱ་ལི་པདྨ་ཧར་ཧར༔ ཀྲོ་ཏ་ནི་ལ་ཧུར་ཧུར༔ དགྲ་ལ་རྦད་རྦད༔ ཐུམ་རིལ་བྷྱོ་བྷྱོ༔ སིང་སིང༔ ཡེར་པ་ཡེར་པ༔ འདུས་པ་འདུས་པ༔ པྲ་པ་སྤྲམ༔ ལྷང་ལྷང༔ ཙེར་ཙེར༔ བོས་བོས༔ རྒྱུག་རྒྱུག༔ བྲེང་བྲེང༔ ནོར་རྐུན་སྙིང་ནས་ཨངྐུ་ཤ་ཛ༔ ཧཱུྃ་རཀྨོ་རུ་ཏྲི་དགྲ་བོ་མཱ་ར་ཡ་ཛཿཕཊ༔ སྙིང་ཁྲག་རཀྨོ་སྤེན་མོ་དེ་བམ་ཛཿཛ༔ དགྲ་བོའི་སྲོག་རྩ་ཆོད༔ སྙིང་རྩ་འཇིབས༔ ཤམ་ཏྲི་ནག་མོ་དགྲ་བོའི་སྙིང་ལ་ནེས་ནེས༔ ནག་མོ་བམ་རིལ་མ་ཐུན་བྷྱོ༔ ངན་ནེ་མའི་རྦད་པ་གཅིག་ཏུ་དྲིལ་བ་འདྲེ་དམག་འབེབ་པའི་སྔགས༔ སུ་ལའང་མེད་པའི་ཁྱད་ཆོས༔ ཆ་ལག་ཚང་བའི་མན་ངག་གབ་སྦས་མེད་པའི་སྔགས་རིང་གར་རྦད་རྟགས་ཐོན་པའི་སྒྲུབ་ལུགས་སུ་ལ་ཡོད་ཀྱང་མཐུ་ཆེར་འོང་ཞིང་དངོས་སུ་ནོར་སྙེག་ཐེངས་པའི་ཕྱག་ལེན་འདི་ཡོད་ནས་རང་སྒྲུབ་ནུས་ན་ དགྲ་ལ་རྟགས་མི་ཐོན་མི་སྲིད་པའི་གདམས་པ་ངན་ནེ་མའི་སྒྲུབ་པ་ཆེ་ཆུང་ཀུན་གྱི་སྙིང་ཁྲག་ཁོལ་ཕྱུང་དུ་སྒྲུབ་པ་གསེར་སྲང་གང་ཕུལ་ནས་ཞུས་སོ༔ དུས་ངན་མཐུའི་གྲགས་པ་ངན་ནེ་མ་དང་ཤོ་ནེ་མ་གཉིས་མིན་པ་གཞན་གྱིས་གྲགས་པ་མི་ཐོན་ནོ༔ རྫས་ཝ་ཐོད་གས་ཆག་མེད་པ༔ ཝ༔ ཕག༔ རི་བོང་གསུམ་གྱི་ཤ༔ སྤོས་དཀར༔ གླ་རྩི༔ སིནྡྷུ་ར་རྣམས་དང༔ མོའི་སྔགས་རྣམས་ཚང་བར་དྲིས་ལ་གཞུག༔ ཀླད་ཁུང་སྤྲ་ཚིལ་ལམ་ལ་ཆས་དགག༔ དལ་སྟེགས་བཞག་ལ་རྟ་བོང་ཤ་ཕག་ཤས་བྲན་པའི་གཏོར་མ་བཤམས་ལ་སྒྲུབ་ལྟས་བྱུང་བ་ནི༔ བུ་མོ་མགོ་ཕྲུགས་མ་འོང་དེ་དུས་དགྲ་ལིང་བྲིས་ཝ་ཐོད་ཁར་བཅུག༔ དགྲ་ཕྱོགས་སུ་ཁ་བསྟན་རྦད་པའི་སྔགས་རིང་གིས་དྲག་ཏུ་རྦད༔ ཡུངས་དཀར་གྱིས་བྲབ༔ བུད་མེད་མང་པོས་ཤ་ཁྱེར་མ་བྱུང་གི་བར་དུ་གཟིར༔ བྱུང་བ་དང་ཐོད་པའི་ཁའི་ལིངྒ་བཏོན་ནས་བསྒྲལ༔ བསྲེག༔ མནན་པ་འདྲེ་མོ་འཚོགས་སར་མནན་པ་བྱའོ༔ དགྲ་ལ་ཐན་སྲོག་སྦྲགས་མར་ཡོང་གི་འདུག་གོ༔ འདི་གཞུང་ཆེན་པོའི་ཞལ་གདམས་ཡིན་ནོ༔ རྟ་རི་ངོ་ཤེས་གསེར་གྱི་མཎྜལ་མེད་པར་སུ་ཐོད་ཐོད་ལ་མ་སྤེལ་མན་ངག་འཆོར་བར་བསྟན་ན་དཔལ་ལྡན་ལྷ་མོ་དུར་ཁྲོད་མས་ཀླད་པ་དང་སྙིང་ཁྲག་ཕོས་ཤིག༔ དུར་ཁྲོད་ཀྱི་འདྲེ་མོ་ངན་ནེ་མ་དུས་སུ་འོང་མ་འདོད་ན་མོ་མྱུར་དུ་འགུགས་པ་ནི༔ མ་ར་ལི་པྲ་མ་ཡ་ཙིཏྟ་ཧྲིང་ཛ༔ སི་ལི་མ་ནི་ཛ༔ མ་མ་ལི་ལི་ཛི་ཛི༔ མ་སུ་ཏྲ་དུ་ཛ༔ མ་མ་ལི་ལི་ཛི་ཛི༔ མ་སུ་ཏྲ་དུ་ཛ༔ མི་ལི་མི་ལི་ཛཿཛ༔ ཅེས་བཟླས་ན་མྱུར་དུ་འགྲུབ་སྟེ༔ མོ་མཐོང་བ་ལ༔ ར་ལི་པྲ་མ་ཡ་ཀཱ་ལི་ཡེ༔ ཙཀྵུཿ་་་ཐུ།ཙཀྵུཿ་་་བུ།ཕྱེ་སྭཱ་ཧཱ༔་་་འདུག །ཞེས་བཟླས་པས་མོ་མཐོང་ཡོང༔ ༈ ངན་ནེ་མའི་སྔགས་བྱང་ལ༔ ཨོཾ་ར་ལི་པྲ་མ་ཡ་ཀཱ་ལི་ཡེ༔ སི་ལི་མ་ནི་ཛ་ཛ༔ ཞེས་འདི་སྒྲུབ་དུས་ན་འོང༔ རྦད་པ་དང་ཆོ་འཕྲུལ་གྱི་དུས་ན༔ ཧཱུྃ་ར་ལི་པྲ་མ་ཡ་ཀཱ་ལི་ཡེ༔ སི་ལི་མ་ནི་དགྲ་ལ་རྦད་བྷྱོ༔ མ་ཧཱ་ཀཱ་ལི་པདྨ་ཧུར་ཧུར་རྦད་བྷྱོ༔ དགྲ་བོའི་ཡུལ་དུ་རྦད་བྷྱོ༔ དགྲ་ཡུལ་དུ་ཆོ་ཆོ༔ རྒྱུག་རྒྱུག༔ བྲེང་བྲེང༔ དགྲ་ལ་ལྟས་ངན་སྣ་ཚོགས་ཐོངས་ཡ༔ དགྲ་ལ་དུ་ཧྲིཾ་རས་ཕོབ་ཧེ་ཙ་དུན་ཕོབ༔ ཅེས་ཀྱང་བདག་གི་བླ་མ་རྣམས་ཀྱི་གསུངས་པ་ལྟར་བྱ་བཏང་བདག་གིས་བྲིས་པ་ཡིན་ཨང་། ༈ དཔལ་དུར་ཁྲོད་བདག་མོའི་སྒྲུབ་ཐབས་པདྨ་དྭཱི་པའི་མན་ངག་ཟབ་མོ་བཞུགས༔ རྒྱ་གར་སྐད་དུ༔ ག་ས་ནུསྶྭ་དྷ་ནཱ་མ༔ བོད་སྐད་དུ༔ མཁས་བཙུན་ཐམས་ཅད་ཀྱི་དཀོར་སྲུང་མ༔ མོའི་རྫས་གསག་པ་ནི༔ རི་བོང་ཐོད་པ༔ ཝའི་ཤ༔ ཁྱིའི་ཤ༔ ཕག་ཤ༔ གུ་གུལ་དཀར་ནག༔ གླ་རྩི་རྣམས་དར་དམར་པོས་དྲིལ་ནས་རི་བོང་གི་ཐོད་པར་བཅུག་ལ༔ མཆོད་རྟེན་ནག་པོ་བང་རིམ་གསུམ་པ་གཅིག་གི་ནང་དུ་བཅུག་པ་མཎྜལ་གྱི་སྟེང་དུ་བཞག་གོ༔ ར་དཀར་མོའི་འོ་མ་དང༔ ཕུད་དང་གཏོར་མ་བཤམ༔ ནུབ་དང་པོ་རྣལ་འབྱོར་མ་ཡི་སྒྲུབ་པ་ཞག་གཅིག་བྱའོ༔ དེ་ནས་འདི་ལ་སྒྲུབ་པ་ཞག་བདུན་བྱའོ༔ ར་ལི་ཙ་མ་ལི་པྲ་ས་མ་ཡ་ཛཿཛ༔ ཞག་བདུན་གྱི་ནམ་ཕྱེད་ན་ང་བོས་ནས་ཅི་བྱེད་ཟེར་བའི་བུ་མོ་གཞོན་ནུ་མ་གཅིག་འོངས༔ མོ་མ་དགའ་ན་མི་སྡུག་པའི་གཟུགས་སུ་བྱས་ནས་འོང་ངོ༔ རྫས་བྱིན་ལ་ངའི་ནོར་སྟོར་བྱས་པས་འདི་ན་ཡོད་ཟེར་ནས་འོང༔ དེ་ནས་རྦད་པའི་སྔགས༔ མ་ཧཱ་ནི་ཧུར་ཧུར༔ ཏྲག་རཀྴ་མུནྟྲ་བྷྱོ༔ མོ་འབྱམས་ཀྱིས་དོགས་ན་འདིས་འགུགས་སོ༔ སི་ལ་བྲང་ནི་མ་ནི་མུན་ཛཿཛ༔ དེས་ཁུག་ནས་སྨྲ་ཞིང་འོ་དོད་འབོད་དོ༔ མི་ནོར་ཕྱིར་འབྲངས་ཀྱིས་དོགས་ན༔ སྔགས་འདིས་རྟོད་ལ་མནན་ནོ༔ མནྟྲ་མུ་ཏྲ༔ ཞེས་བཟླ་འོ༔ རང་གི་ཆུང་མ་ལ་མིག་སེར་བྱེད་བྱུང་ན་སྔགས་འདི་བཟླ་འོ༔ ཛ་ཧུར་ཐུམས་ཛ་མཱ་ར་ཡ་ཕཊ༔ ཅེས་པ་དེས་གནད་ལ་ཕེབས་སོ༔ ཆོས་པའི་ནོར་སྲུང་ཤིན་ཏུ་ཟབ༔ ནོར་སྲུང་གཏེར་མ་རྒྱལ་སྲས་པདྨ་གླིང་པའི་ཡིད་ཆེས་པའི་མན་ངག་གོ །ཤུ་བྷ་མསྟུ། ༈ ངན་ནེ་མའི་སྒྲུབ་ཐབས་ཀྱི་མན་ངག་བཞུགས༔ དུར་ཁྲོད་ཀྱི་བདག་མོ་ངན་ནེ་མ་ལ་ཕྱག་འཚལ་ལོ༔ ངན་ནེ་མའི་སྒྲུབ་པ་ལ༔ མེ་ལོང་ཞིག་གི་ནང་དུ་དཀར་གསུམ་བླུགས་ལ༔ བྱ་ཕུག་རོན་གྱི་དང་རུ་གཡས་པ་གཅིག་གིས་མཆོད༔ ཝའི་ཐོད་པ་ཞིག་གི་ནང་དུ༔ ཤོག་བུ་ལ་ངན་ནེ་མའི་སྐུ་འབག་ཅིག་བྲིས་ལ༔ དེའི་ནང་དུ་དགྲའི་མིང་རུས་བྲི༔ དེའི་མཐའ་མ་སྔགས་འདིས་བསྐོར༔ སྤྲེ་ཧར་ར་སརྦ་དྷ་ཏྲི་སྭཱ་ཧཱ༔ ཞེས་བྲིས་ལ་དྲིལ༔ དེའི་ཟླ་ལ་སིནྡྷུ་ར་དུམ་ཙམ་ཞིག་དང༔ གླ་རྩི་དུམ་ཙམ་ཞིག་གོ༔ ལིངྒ་དེ་རོ་རས་དུམ་ཙམ་ཞིག་གིས་དྲིལ་ལ་ཐོད་པའི་ནང་དུ་གཞུག་གོ༔ ཐོད་པ་དར་དམར་པོས་དྲིལ་ལ༔ རང་གི་སྔས་སུ་བཞག་ལ༔ ཞག་བདུན་མཚམས་དམ་པར་བཅད་ལ༔ ཨཱོཾ་སིང་ང་སིང་ང་ཡེ་དུན་ཏེ་ཡེ་དུན་ཏེ༔ སརྦ་ཛ་ཡེ་རྦད༔ ཅེས་སྨྲ་གཅད་བྱས་ནས་བཟླས་པས་ཞག་ལྔ་ནས་སྲོད་ལ་བུ་མོ་མགོ་སྤྲུག་མ་ཞིག་མགོ་བཏུམ་ཕུད་ནས་ཡོང༔ ང་བོས་ནས་ཅི་བྱེད་ཟེར་ནས་འོང་བས་དུས་དེ་རུ་མེ་ལོང་ནང་གི་དཀར་གསུམ་མངར་གསུམ་དེ༔ ཕུག་རོན་གྱི་དང་རུ་གཡས་པ་ཞིག་གིས་མོ་ལ་མཆོད༔ དེ་ནས་ཞག་གསུམ་གྱི་ནུབ་མོ་ནས༔ མཚན་ཡས་ཀྱི་དགྲ་བོ་དེ་འབོད་དུ་ཡོང༔ རྣ་བ་ཚ་དྲགས་པ་ཙམ་འོང༔ བབས་བྱུང་བ་དང་ཐོད་པ་དེ་རང་འཐག་འོག་ཏུ་གཞུག་གོ༔ ངན་ནེ་མའི་ཆོ་ག་ྀཨཚ༔ ༈ དུར་ཁྲོད་བདག་མོའི་སྒྲུབ་པ་འདི་ལ༔ དུར་ཁྲོད་ལ་སོགས་པའི་གནས་སུ༔ རྫས་ཅེ་སྤྱང་ལ་སོགས་པའི་ཐོད་པར༔ རོ་རས་ལ་ལིངྒ་བྲིས་ལ༔ ཐ་མ་སྔགས་ཀྱིས་བསྐོར་ལ་གཞུག༔ འབྲུབ་ཁུང་དེའི་རྩེ་མོ་ལྷོ་ནུབ་མཚམས་སུ་བསྟན་པ༔ རང་ཉིད་ཁ་ལྷོ་ནུབ་མཚམས་སུ་བལྟ༔ རང་ཉིད་རྗེ་བཙུན་མ་ཁྲོས་མ་ནག་མོར་བསྐྱེད་ལ༔ དུར་ཁྲོད་བདག་མོའི་གཙོ་བྱས་པའི་འཁོར་མཁའ་འགྲོ་མ་དཔག་ཏུ་མེད་པ་བསྐྱེད་ལ༔ དགྲ་བོ་ཐམས་ཅད་བཀུག་པར་བསམ་ཞིང་ལིངྒ་ལ་དགུག་གཞུག་བྱ༔ མཁའ་འགྲོ་མ་དེ་རྣམས་ཀྱིས་དགྲ་བོའི་ལུས་དུམ་བུར་ཏིལ་འབྲུ་ཙམ་གཏུབས་ནས་ཟོས་པར་བསམ་ལ༔ སྔགས་ལ་འབད་དོ༔ ར་ལི་པྲ་མ་ཡ་ཛ༔ མ་ཧཱ་པདྨ་ཆེ་གེ་མོ་ཧུར་ཧུར་མཱ་ར་ཡ་ཛ་བྷྱོ༔ ཞེས་བཟླས་ཤིང་ལིངྒ་ལ་ཐུན་གྱིས་བྲབ༔ ཤ་ཁྲག་གི་གཏོར་མ་དགྲའི་ཤ་ཁྲག་ཏུ་བསམ་ལ་འབུལ༔ དེ་ནས་བསྐུལ་ཡང་བྱའོ༔ དེ་ལྟར་རྟགས་མ་བྱུང་བར་བསྒྲུབ༔ དེ་ནས་ང་ཅི་བྱེད་ཟེར་བ་དང་དགྲ་ལ་རྦད་དོ༔ རྦད་པའི་སྔགས་ནི་གནད་ལ་དབབ་པའི་སྔགས་ཡིན༔ ར་ལི་པྲ་མ་ཡ་ཛ༔ བྷྱོའི་བར༔ བརྒྱ་རྩ་བརྒྱད་ལ་སོགས་པ་བཟླས་པ་ཡིས༔ ལས་ལ་རྒྱུག་ངེས་སོ༔ རང་ཉིད་ཁྲོས་མ་ནག་མོར་བསྒོམས་ལ༔ དུར་ཁྲོད་བདག་མོ་འཁོར་དང་བཅས་པ་བཀའ་ཉན་གསུང་སྡོད་པར་བསམ༔ དུར་ཁྲོད་བདག་མོ་ནི་སྐུ་མདོག་ནག་མོ་ཕག་ཞལ་མཆེ་བ་གཙིགས་པ༔ གཡས་སུ་གྲི་ཐོགས་པ་གཡོན་དུ་མདུང་རྩེ་གསུམ་པ་ཐོགས་པ་དགྲའི་ལུས་དུམ་བུར་གཏུབས་ནས་ཟ་བར་བསམ་མོ༔ འཁོར་དེ་ལྟ་བུར་བསམ་མོ༔ རྟགས་བྱུང་ནས་ལིངྒ་སྦྱིན་སྲེག་བྱའོ༔ ཐལ་བ་ཆ་གསུམ་གསུམ་དུ་བགོས་ལ༔ ཆུ་དང༔ མེ་དང༔ རླུང་དང༔ རི་རྩེ་ལ་སོགས་པར་མནན་པ་བྱའོ༔ ྀཨཚ༔ ཨེ་མ་བླ་མའི་བྱིན་རླབས་ཞུགས་པའི་པདྨ་བདག་གིས་ཀྱང༔ སངས་རྒྱས་བསྟན་པ་བསྲུང་ཕྱིར་དཀོར་སྲུང་དམ་ལ་བཏགས༔ ཁྱད་པར་སྣང་སྲིད་མ་མོ་དམ་ལ་བཏགས༔ ཡང་དགོས་དཀོར་བདག་འདྲེ་མོ་དམ་ལ་བཏགས༔ སྒྲུབ་པ་འདི་ལ་ཟབ་བམ་གླེང་མི་དགོས༔ ལུང་ཐོབ་དམ་ཚིག་དག་གིས་བླ་མ་མཉེས་གྱུར་ན༔ ཐུན་མོང་དངོས་གྲུབ་ཡོན་ཏན་འབྱུང་བར་འགྱུར༔ སློབ་དཔོན་པདྨའི་ཞལ་ནས་འདི་སྐད་གསུངས༔ སྒྲུབ་པ་འདི་ལ་གནད་ཀྱི་གདམས་པ་དྲུག༔ བླ་མ་བརྒྱུད་པ༔ ཕྱི་སྒྲུབ༔ ནང་སྒྲུབ༔ གསང་སྒྲུབ༔ བླ་རྡོ་འཁོར་ལོ་དང༔ དམ་སྲི་མནན་པ་དང་དྲུག༔ གཅིག་ཞལ་ལས་ཤེས་སོ༔ ཤུ་བྷཾ༔ ༈ དཔལ་ངན་ནེ་མའི་སྒྲུབ་ཐབས་བཞུགས༔ ཟབ་རྒྱ༔ རྒྱ་གར་སྐད་དུ༔ པྲེ་ཨུ་མ་ན་པྲ་མ་ཡ༔ བོད་སྐད་དུ༔ ངན་ནེ་མའི་སྒྲུབ་ཐབས་ལ༔ མེ་ལོང་ཞིག་གི་ནང་དུ༔ དཀར་གསུམ་མངར་གསུམ་བླུགས་ལ༔ བྱ་གོང་མོའི་དང་རུ་གཡས་པ་ཞིག་གིས་མཆོད༔ ཝ་ཐོད་ཞིག་གི་ནང་དུ༔ རོ་རས་ལ་ངན་ནེ་མའི་སྐུ་གཟུགས་བྲིས་ལ༔ སྐུ་མདོག་ནག་མོ་དྲིའུ་རྟ་རྐང་གསུམ་ཞོན་པ༔ བརྒྱན་པ༔ ཁ་ན་རོ་ཟ་བ༔ ཕྱི་མིག་ལྟ་བ༔ གཡས་གྲི་ཐོགས་པ༔ གཡོན་ཐོད་ཁྲག་ཐོགས་པ་ཞིག་བྲིས་ལ་བཅུག༔ ཐུགས་ཀར་ཁྲག་གིས་སྔགས་འདི་བྲི༔ པྲེ་ཏ་རོ་སརྦ་ར་ཏྲི་ཧེ་སྭཱ་ཧཱ༔ གྲོ་ཤོག་ལ་དགྲའི་ལིངྒ་བྲིས་ལ༔ དེའི་ནང་དུ་སིནྡྷུ་ར༔ གླ་རྩི་དུམ་གཅིག་བཅུག་ལ་དྲིལ༔ རོ་རས་དུམ་གཅིག་དྲིལ་ཏེ་ཐོད་པའི་ནང་དུ་བཅུག༔ ཐོད་པ་དེ་དར་དམར་པོས་དྲིལ་ལ་རང་གི་སྔས་སུ་བམ་གྱི་ཙིཏྟའི་ནང་དུ་བཅུག་གོ༔ ཞག་བདུན་མཚམས་བཅད་ལ་སྔགས་འདི་བཟླའོ༔ ཨོཾ་སིང་གྷ་སིང་གྷ༔ ཨི་དུན་ཏེ༔ ཛ་ཡེ་རྦད་རྦད༔ ཅེས་སྨྲ་བ་བཅད་ལ་བཟླས་ལ༔ ཞག་ལྔ་ནས་སྲོད་ལ་བུ་མོ་མགོ་ཕྲུགས་མ་སྐྱ་མོ་གཅིག་མགོ་བཏུམ་ཕུད་ནས་འོང་ངོ༔ གཏོར་མ་བཏང་ཞིང་ནོར་སྟོར་བའི་གཏིང་ལ་འགྲོས་བྱའོ༔ དེ་ནས་བསྐུལ་པ་ནི༔ ཁྱོད་ནོར་སྣ་གཅིག་གི་རྗེས་གཅོད་མ༔ རྩྭ་ཕྱག་གང་གི་ཤས་སྙེག་མ༔ དཀོར་ཆ་གཅིག་གི་རྗེས་སྙེག་མ༔ དམ་ཉམས་དཀོར་རྐུན་བརླག་བྱེད་མ༔ སྲོད་ལ་དགྲ་བོ་འབོག་ཏུ་ཆུགས༔ ནམ་ཕྱེད་དགྲ་བོའི་དབང་པོ་ཕྲོགས༔ ཐོ་རེངས་དགྲ་བོའི་སྲོག་རྩ་ཆོད༔ ཁྱོད་ནོར་ལ་བརྩེ་ཞིང་ནོར་ལ་དུངས༔ དཀོར་དད་ཅན་ཁྱོད་ད་རྒྱུགས་ལ༔ དགྲ་བོའི་སྲོག་རྩ་དམར་པོ་ཆོད༔ བདག་གི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བསྐུལ་ལོ༔ དེ་ནས་དགྲ་ལ་རྦད་པ་དང༔ དགྲ་ལ་མིང་ནས་འབོད་པ་དང༔ སྐྲ་ནས་འཐེན་པ་དང༔ དབང་པོ་ཡེངས་པ་དང༔ ང་མི་འདིས་བཏང་བ་ཡིན་ཟེར་བ་དང༔ ངའི་ནོར་བསྐུར་ཟེར་བ་འོང༔ མཚན་མལ་གྱི་སྐྲ་ནས་འཐེན༔ འབོད་དུ་འོང༔ རྣ་བ་ཚ་དྲགས་པ་ཙམ་འོང༔ བབས་མ་བྱུང་བར་འབོད་དུ་འོང༔ བབས་བྱུང་བ་དང་ཐོད་པ་དེ་འཇིག་རྟེན་གཡོས་འཁོར་འོག་ཏུ་བཅུག་གོ༔ ངན་ནེ་མའི་སྒྲུབ་ཐབས་རྫོགས་སོ༔ གུ་ཧྱ༔ གལ་ཏེ་ལས་འགྱང་ན༔ དུར་ཁྲོད་བདག་མོའི་གཟུགས་དེ༔ འབྲུབ་ཁུང་དུ་མགོ་མཇུག་ལྡོག་ལ་དུག་ཤིང་ཚེར་མ་ཅན་གྱིས་དོང་ནས་བྲབས་ལ་སྔགས་འདི་བཟླའོ༔ ཨོཾ་སིང་ང་སིང་ང༔ ཡི་དུན་ཏེ་ཡི་དུན་ཏེ༔ སརྦ་ཛ་ཡེ་རྦད༔ མ་ཧཱ་པདྨ་ཧར་ཧར༔ སི་ལི་ནི་ལ་ནི༔ དགྲ་བོ་མཱ་ར་ཡ་བྷྱོ་བྷྱོ༔ འདི་གནད་འབེབ་ཡིན་པས་བྱ་མི་རུང༔ སྔགས་བཟླས་མི་རུང་བས་གཉན་ནོ༔ གནད་འབེབ་རྫོགས་སོ༔ མཆོད་རྟེན་རྒྱུ་ནི༔ བསྐོར་ཁང་བདུན་ནམ་ཉི་ཤུ་རྩ་གཅིག་བསྐོར་ཞིང་བདུན་ནམ་ཉི་ཤུ་པ་ལ་དུར་ཁྲོད་ས་ལ་བྱའོ༔ གདམས་ངག་འདི་ལས་ཟབ་པ་རྒྱ་གར་དང་བལ་ཡུལ་ནའང་མེད་གསུངས༔ ནོར་བཙོངས་ཕྱིར་འབྲེང་ན༔ གཏོར་མ་སྦྱིན་ལ༔ བཛྲ་མ་ཏྲ་མུ་ཏྲ་བརྒྱ་རྩ་བརྒྱད་བཟླའོ༔ དེ་ནས་བཏང་ཡང་ཕྱིར་མི་འབྲེང་ངོ༔ ྀཨཚ༔ འདིའི་བརྒྱུད་པ་ནི༔ སློབ་དཔོན་པདྨས་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ནས་དམ་ལ་བཏགས་ནས་ཆོས་འཁོར་བསྲུང་བར་ཁས་བླངས་སོ༔ བརྒྱུད་རིམ་མང་དུ་འདུག་སྟེ་མ་བྲིས་སོ༔ ཤུ་བྷཾ༔ ༈ མཚོན་སྲུང་ཟབ་མོ་བཞུགས༔ རབ་གནས་སྔགས་ནི༔ སྒོག་བཙོང་ཆང་སོགས་སྤངས་ཏེ༔ ྈྈྈྈ གོང་བསྙེན་མི་ཚིག་བར་མ་ཆོད་པར་ཁྲི་ཚོ་གསུམ་དུ་བྱ༔ དགོས་དུས་སྟོང་ངམ་བརྒྱའམ་གང་འབྱོར་བགྲངས་ཏེ་སྲུང་བའི་རེ་མིག་ལ་རྒྱག༔ དེའི་སྔགས་ནི་འདི་ཡིན༔ ཨ་ཙ་ར་ནག་པོ་གྲི་ལ་ནན༔ ཨ་ཙ་ར་ནག་པོ་མདའ་ལ་ནན༔ མདའ་རྩེ་གྲི་རྩེ་མདུང་ལ་ནན༔ ཨ་ཙ་ར་ནག་པོ་ཤིང་ལ་ནན༔ ཤིང་རྩེ་གྲི་རྩེ་རྡོ་ལ་ནན༔ ཨ་ཙ་ར་ནག་པོ་ལིང་ལིང་ནན༔ ལག་ལེན་ནི༔ སྲུང་བ་ཟུར་གསུམ་དུ་བལྟབས་ཏེ་དར་སྐུད་སྣ་ལྔས་བཅིང༔ འདོགས་པ་ནི༔ རས་དཀར་གྱི་སྟེང་དུ༔ ནས་དཀར་པོས་གཡུང་དྲུང་རིས་བྱ་སྟེ་སློབ་མ་གཡུང་དྲུང་གི་ལྟེར་འཕང་བཞག༔ ལག་པ་ཐལ་མོ་སྦྱར་ཏེ༔ ཉི་མ་རྒྱབ་བསྟན་སློབ་དཔོན་གྱིས་སྲུང་བ་ཁྱེར༔ མགོ༔ སྐེ༔ རྐེད་པ༔ པུས་མོ༔ རྐང་མགོ༔ ལག་མགོ་རྣམས་ལ་བསྐོར་བ་ཆོས་བསྐོར་རེ༔ དེ་ནས་བོན་བསྐོར་རེ་རྣམས་བྱས་ཏེ་བཏགས༔ ལས་ཅན་མ་ཡིན་རྡོ་གསུམ་གྱིས༔ བྲང་སྟེངས་སུ་གྲི་བཙུག་སྟེ་བརྡུང༔ དེ་རྗེས་གྲི་བོར་རིགས་ཀྱི་བུ་འདི་ལ་གྲིའི་གནོད་པ་ཟློག་ཅེས་གྲི་བོར༔ མདའ་རྡོ་ཤིང་མདུང་རྣམས་ཀྱང་འགྲེ༔ གནམ་མ་མཐོང་བ་བྱ༔ དམ་ཚིག་ཏུ༔ རྦུད་པ་རང་འཐག་ཞི་མེ༔ བུད་མེད་དང་ཁྱད་པར་ལྷྭམ་མགོ་ལ་མི་ཁྱེར༔ གཞན་མ་རྣམས་སྤྱི་དང་མཐུན༔ ཡང་ཟབ་གནད་ཀྱི་མན་ངག་འདི་སུ་ལའང་བསྟན་པར་མི་བྱའོ༔ གལ་ཏེ་སྟེར་ན་གསེར་ཞོ་རེའི་ཡོན་ཡོད་པར་འདུག༔ བྲི་བའི་རྫས་དང་ལག་ལེན་ཞལ་ལས་ཤེས༔ མངྒ་ལཾ༔ ༈ དཔལ་ལྡན་དུར་ཁྲོད་བདག་མོའི་ནང་སྒྲུབ་ཟབ་མོ་བཞུགས༔ རྒྱ་གར་སྐད་དུ༔ ག་བ་ནུས་པ་པྲ་དྷ་ནཱ་མ༔ བོད་སྐད་དུ༔ འདྲེ་མོ་ངན་ནེ་མ་ཞེས་བྱ་བ༔ རྣལ་འབྱོར་པ་ཡི་དཀོར་སྲུང་མ༔ རྩྭ་ཕྱག་གང་གི་རྗེས་གཅོད་མ༔ མར་སྲང་གང་གི་ཕྱིར་འབྲང་མ༔ དུར་ཁྲོད་བདག་མོའི་ནང་སྒྲུབ་ལ༔ ལྷ་མོ་འདིའི་དམ་རྫས་ནི༔ རི་བོང་ཝ་ཁྱི་ཕག་གང་རུང་གི་ཐོད་པ་དང་སྙིང༔ གུ་གུལ་དཀར་ནག་སྤོས༔ གླ་རྩི་རྣམས་དར་དམར་པོས་དྲིལ་ལ༔ རི་བོང་ཐོད་པར་བཅུག་སྟེ་མཆོད་རྟེན་ནག་པོ་བང་རིམ་གསུམ་བརྩེགས་པ་ཞིག་གི་ནང་དུ་བཅུག་ལ་མཎྜལ་སྟེང་དུ་བཞག་གོ༔ ར་དཀར་མོའི་འོ་མ་དང༔ ནང་མཆོད་ཆང་ཕུད་དང༔ གཏོར་མ་ཡང་བཞག་གོ༔ དེ་འདྲ་བའི་རྫས་སྒྲུབ་པའི་གནས་སོགས་སྟ་གོན་གྲུབ་པ་དང༔ ནུབ་དང་པོ་ལ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་པ་ཞག་གཅིག་བྱ༔ དེ་ནས་ཡི་དམ་གྱི་ང་རྒྱལ་དང་ལྡན་པས་ཞག་བདུན་གྱི་བར་འདི་སྒྲུབ་བོ༔ ར་ལི་ཙ་མི་ལི་ཛ༔ ཞེས་བཟླས་པས་ཞག་བདུན་གྱི་ནམ་ཕྱེད་ན་ང་བོས་ནས་ཅི་བྱེད་ཟེར་ནས་བུ་མོ་མགོ་ཕྲུགས་མ་ཞིག་སྤྲུལ་ནས་འོང་ངོ༔ རྫས་དང་མཉམ་དུ་འབུལ་བའི་སྔགས་གཞུག་གོ༔ དེ་ལྟར་བྱུང་བ་དང༔ ངའི་ནོར་སྟོར་བྱའོ༔ མཁའ་འགྲོ་མ་ན་རེ་འདི་ན་ཡོད་ཟེར་དུ་འོང༔ འདི་ལ་རྦད་ཅིང་བསྐུར་བའི་སྔགས་ནི༔ མ་ཧཱ་པདྨ་ཧུར་ཧུར༔ ཀྲོ་ཏ་ནི་ཧུར་ཧུར༔ པདྨ་ཧུར་ཧུར༔ ཏྲག་རཀྴ་མུ་ཏྲ་བྷྱོ༔ ནོར་ཕྱིར་བྷྱོ༔ གལ་ཏེ་གང་དུ་ལས་གང་བྱེད་འདྲིར་མ་བྱུང་ན༔ མོ་དུར་ཁྲོད་དུ་འཁྱམས་པས་འགུགས་པའི་སྔགས་ནི༔ སི་ལི་མ་ནི་མུ་ནི༔ མུན་ཛཿཛ༔ དེས་ཁུག་ནས་དགྲ་བོ་ལ་འོ་དོད་འབོད་དོ༔ འདི་ཉིད་ནོར་ལ་ངན་པས་ནོར་ཕྱིར་འབྲང་གི་དོགས་ན༔ ཁ་གནོན་པའི་སྔགས་འདིས་ནོར་བཤུག་ཁར་བརྒྱ་རྩ་ཁ་ཡར་བཟླས་ལ་ནོར་ལ་གདབ་བོ༔ མུན་ཏྲ་མུན་ཏྲ་ཕྱུགས་ཀྱི་གདོང་བར་འདེབས་སོ༔ སྒྲུབ་པ་པོ་ལ་མུ་དྲ་ཡོད་ན་མིག་སེར་སྲུང་བའི་སྔགས་འདི་བཟླའོ༔ ཛ་ཧུར་ཐུམས་ཛ་མཱ་ར་ཡ་རྦད༔ དེས་ས་རི་གནད་ལ་ཡང་དག་པར་ཕེབས་སོ༔ མཁའ་འགྲོ་མའི་ནོར་སྲུང་སྒྲུབ་པ་གསང་རྒྱ༔ ྀཨཚ༔ ཁ་ཐམ༔ གཏེར་རྒྱ༔ སྦས་རྒྱ༔ ༈ ཀྲ་ལུ་མ་ལ་ཀྲ་བརྟན་གྱིས་ཞུས༔ དེ་ལ་སློབ་དཔོན་ཤེས་རབ་རྒྱལ་མཚན་གྱིས༔ དེ་ལ་སློབ་དཔོན་བརྩོན་འགྲུས་རྒྱལ་མཚན་གྱིས༔ དེ་ལ་ཁྱུང་པོས༔ དེ་ལ་ལྷ་བཙུན་པས༔ དེས་སྲས་རྡོ་རྗེ་ལ༔ དེ་ལ་སློབ་དཔོན་ལྷ་སྦྱིན་གྱིས༔ དེ་ལ་སྲས་ལྭ་བན་དྷེས་ཞུས་པའི་ཆོ་འཕྲུལ་གཏོང་ཐབས་ལ༔ བླ་མ་བྷ་རོ་པའི་ལུགས་ནུབ་དང་པོ་རྣལ་འབྱོར་མའི་སྒྲུབ་པ་བྱ༔ དེ་ནས་ངན་ནེ་མའི་སྒྲུབ་པ་བྱེད༔ དེ་ལ་ལྷོ་ནུབ་མཚམས་ཀྱི་དུར་ཁྲོད་ན་འདྲེ་མོ་ངན་ནེ་མ་ཞེས་བྱ་བའི་ནང་སྒྲུབ་འདི་ལ༔ གྲོག་པོ་ཕུག་རྡུགས་གསུམ་གྱི་ས་བླངས་ལ་ཆུ་མིག་ལྐུག་པ་གསུམ་གྱི་ཆུས་སྦྲུས་པའི་འདམ་ས་ལ་མི་མོ་གཅིག་བྱས་ལ༔ སྙིང་གར་དགྲ་བོའི་མིང་རུས་གཞུག༔ སྙིང་པོ་ལ་བསྐུལ་རྦད་ཀྱི་སྔགས་ཞག་ལྔ་སྒྲུབ༔ མ་སྒོའི་འགྲམ་རྩར་མནན༔ དགྲའི་ཐེམ་པའི་འོག་ཏུ་ཚུད་ན་རབ་དེ་ནས་འབྲུ་སྣའི་མཐེབ་ཀྱུ་བརྒྱ་རྩ་བརྒྱད་བྱས་ལ་འུར་ཐག་སྔོ་དམར་གྱིས་འཕང་ངོ༔ བུད་མེད་རྟགས་སུ་པྲ་མོ་ངོ་འབྲུམ་ཐུག་གེ་བས་ཁང་ཕྱི་ལ་བསྐོར་བ་དང༔ འབོད་པ་དང་དུར་ཁྲོད་ཀྱི་ཝ་དང་སྲིན་བྱ་ལ་སོགས་པས་སྔར་མེད་པའི་ཆོ་འཕྲུལ་དང་ལྟས་ངན་སྣ་ཚོགས་མང་ཞིང་འོང་ངོ༔ འདིས་ནི་དགྲ་བོ་མཐར་བརླག་པར་ཐེ་ཚོམ་མེད་དོ༔ ཏྲི་ས་མ་ཡ་ཛ་ཛ༔ ཏྲི་ས་མ་ཡ་རྫས་ལ་ཤོག༔ ཤེའུ་དགེའུས་བོས༔ གོ་རེ་ཟློག་འུར་ཡ༔ ཙཀྲ་རྩིབས་བཞི་པ་ལ་རྩིབས་དང་ལྟེ་བ་ལ་སྔགས་བྲི༔ རྩིབས་མཆན་ལ་ལིངྒ་མིང་རུས་བྲི༔ ཐོད་པ་ལ་བསྐྱོན་ལ་ཉིན་བཅའ༔ ནུབ་འཕང་ངོ༔ ཉ་རི་སྐྱེས་སྟོན་གྱི་མན་ངག་བྷ་རི་འགྲོ་ནོ་པི་ཀ་ནང་སྒྲུབ་རྫོགས་སོ༔ ༈ སྒབ་འདྲེ་ཕོ་མོའི་མནན་པ་ཟབ་མོ་བཞུགས༔ དང་ལྷ་བརྟན་མ་ལ་ཕྱག་འཚལ་ལོ༔ སྒབ་འདྲེ་ཕོ་མོ་འདི་ལྟར་མནན༔ གྲོ་ཤོག་གཙང་མ་དག་ལ་ནི༔ ཤེས་པ་བྱ་མཆུ་དཔེའུ་ཆུང་ལྟར་བྲིས་ལ༔ རང་ཉིད་ཕག་མོ་ནག་མོར་བསྒོམ༔ མདུན་དུ་ཏྲི་ལས་ཤེས་པ་དཀར་པོ་ཁྱིའི་མགོ་ཅན་སྐྱེས་པ་ཕོ་རྒྱུད་ལ་བར་གཅོད་རྩོམ་པ་བཀུག༔ རག་ལས་བྱ་མཆུ་བུད་མེད་ནག་མོ་བྱའི་མགོ་ཅན་སྲིད་པ་མོ་རྒྱུད་ལ་བར་གཅོད་རྩོམ་པ་བཀུག༔ གཉིས་ཀ་ལུས་རིད་ཉམ་ཆུང་བ་མགོ་འཕང་དམའ་བར་བསམ༔ དྲག་སྔགས་འདི་དག་བཟླས་ཤིང་སྤོམ་ནག་གི་དབྱུག་པ་ཁྲུ་གང་བས་བརྡུངས་ལ་ལིངྒ་དྲིལ་ལ་སྔོ་དམར་གྱིས་རྒྱ་གྲམ་དུ་བཅིང༔ ཐིབ་མགོར་བཅུག་ལམ་རྒྱ་གྲམ་དུ་མནན་པར་བྱ༔ ཞག་གསུམ་སྒྲུབ་བོ༔ ར་ལི་པྲ་མ་ཡ་ན་ཤོ་རཱ་ཙ་ཛ༔ ཡ་མ་བར་གཅོད་བྱེད་པའི་སྲོག་རྩ་ཆོད༔ ཏྲི་རག་དམ་སྲི་ཕོ་མོ་མཱ་ར་ཡ་ཛ༔ ཞེས་བཟླའོ༔ ཡུགས་ས་ཕོ་མོ་རྒན་མོ་བཞིན་མི་སྡུག་པ༔ དེ་ལྟར་བྱུང་ན་བར་གཅོད་རྩོམ་པའི་རྟགས་ཡིན་པས༔ སྔགས་བཟླས་ཤིང་སྤོམ་ནག་དབྱུག་པས་བརྡུང་བར་བྱའོ༔ གདམས་པ་སྒྲུབ་པ་འདི་གལ་ཆེའོ༔ ྀཨཚ༔ ནོར་བདག་ཆེན་མོ་ངན་ནེ་མའི་ཕྱི་ནང་གསང་གསུམ་གྱི་སྒྲུབ་པ་གནད་འབེབ་སྒབ་འདྲེ་མནན་པ་རྫོགས་སོ༔ ཤུ་བྷ་མསྟུ༔ ༈ དཔལ་དུར་ཁྲོད་བདག་མོའི་མཁོན་སྦྱོང་བཞུགས་སོ༔ མཁོན་ནག་རང་སོར་བཞག་པ་དང༔ གཟས་པོའི་ཚེ་སྲོག་འཕྲོག་པ་དང༔ མི་དམིགས་གསུམ་གྱིས་ཟིན་པ་ནི༔ གཟས་པོའི་ཚེ་སྲོག་འཕྲོག་པ་ནི༔ བདག་གི་ཕུང་ཁམས་སྐྱེ་མཆེད་རྣམས༔ དཀྱིལ་འཁོར་ལྷ་རུ་ངང་གིས་བསམ༔ ལྷག་པར་ལྷ་ཡི་དལ་དུ་བསམ༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་བསམ༔ མདུན་དུ་ཆོས་སྐྱོང་སྲུང་མ་བསམ༔ དགྲ་ཡིས་དྲངས་པའི་ཟས་དང་ནོར༔ ཟས་ནི་དགྲ་བོའི་ཚེ་འཛིན་ཡིན༔ སྐོམ་ནི་དགྲ་ཡི་སྙིང་ཁྲག་ཡིན༔ ཚེ་དང་སྲོག་དབུགས་ཁྲག་ལ་བརྟེན༔ སྙིང་ཁྲག་ནྲྀ་རུ་བཅས་པ་དང༔ བདག་གི་ལག་པ་ཧོམ་གཟར་ལྕགས་སྡེར་གྱིས༔ རང་དབང་མེད་པར་ལས་ལ་བཏབ༔ བདག་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ལྷ་ཚོགས་ཀྱིས༔ ཤ་དང་ཁྲག་དང་བཅུད་ལ་རོལ༔ ཁོ་ཉིད་སྡོང་རུལ་སྒྱེལ་བ་འདྲ་བར་བསམ༔ རྣལ་འབྱོར་བདག་གི་ལུས་སེམས་རྒྱས༔ ཚེ་དང་བཀྲག་མདངས་གཟི་མདངས་བསྐྱེད་པར་བསམ༔ དེ་ལྟར་བསམ་པའི་སྟོབས་བསྐྱེད་པས༔ རང་རྟགས་ཉིད་ཀྱང་དེ་ཁ་ཡིན༔ བར་ཆད་རྩེ་ལོག་མི་ཡོང་གིས༔ དྲག་སྔགས་འདི་ཡང་བཟླས་པར་བྱ༔ ཨོཾ་བཛྲ་ཏེ་ག་ནི་ཁྲོལ༔ མ་མ་དྲག་མོ་ནི་ཁྲོལ༔ ཨ་བྷི་ཤ་ཡ་ནི་ཁྲོལ༔ ཞེས་པ་བརྒྱ་རྩ་བརྒྱད་བགྲང༔ དགྲའི་ཟས་ནོར་ཅི་ཟོས་ཀྱང༔ མཁོན་དང་རྩེ་ལོག་མི་འབྱུང་ངོ༔ འདི་ནི་ངན་སྔགས་སྦྱོར་བ་ཡིན༔ གཞན་ལ་སྤེལ་བར་མི་བྱ་འོ༔ ྈྈྈྈ དམ་ཉམས་ཀྱི་གནོད་པ་སྲུངས་ཤིག་སྒྲིབས་ཤིག་རཀྵཿརཀྵ༔ ༈ དཔལ་དུར་ཁྲོད་བདག་མོའི་སྒྲུབ་རྒྱུད་ལས་ཕྲན་འགའ་དང་བཅས་པ་བཞུགས༔ རྒྱ་གར་སྐད་དུ༔ ར་ལི་མ་ཏྲ་ཏནྟྲ༔ བོད་སྐད་དུ༔ དཀོར་སྲུང་ནག་མོའི་སྒྲུབ་རྒྱུད༔ དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ན་མ༔ དུར་ཁྲོད་བརྒྱད་ན་ནོར་སྲུང་ཆེན་མོ་བརྒྱད་ཡོད་པ་ལས༔ བསིལ་བའི་ཚལ་དུ་དཔལ་རྡོ་རྗེ་རྣལ་འབྱོར་མ་བྱོན་དུས༔ དུར་ཁྲོད་བདག་མོས་ཕྱག་བཙལ་ནས༔ བདག་གི་རིགས་རྒྱུད་ཇི་ལྟ་བུ་ཞུས་པས༔ དུར་ཁྲོད་མ་མོ་བསེ་སྒྲོམ་མ་ཁྱོད་ཀྱི་དོན་ལ་ང་རེ་མཁས་གསུངས་པ༔ མོས་ཞུས་པ༔ གསང་བའི་བདག་དང་མཇལ་བའི་ཚེ༔ ནོར་ལ་ངན་པའི་ངན་ནེ་མ༔ ཀུན་ལ་གནོད་པའི་འདྲེ་མོ་འདྲ༔ ནོར་རྫས་བཀང་བའི་བསེ་སྒྲོམ་འཛིན༔ བསེ་སྒྲོམ་མ་ཁྱོད་ཅི་བྱེད་གསུངས༔ བདག་གིས་མཁས་བཙུན་དཀོར་རྣམས་བསྲུང་ངོ་ཞེས་རྣལ་འབྱོར་མ་ལ་ཞུས་པས༔ རབ་ཏུ་བཞད་ནས་འདི་སྐད་གསུངས༔ ཁྱོད་ཀྱི་ཡབ་ནི་འོད་དེ་འོད་པོ་ཆེ༔ ཡུམ་ནི་ལྷ་བཟང་ཨ་མོ་ལྕམ༔ གངས་དཀར་ལྟོངས་སུ་བཤོས་པ་ལས༔ མིང་སྲིང་བརྒྱད་པོ་དུས་གཅིག་སྐྱེས༔ ཆེ་ཤོས་བསེ་ཡི་མདུང་དམར་ཅན༔ དེ་འོག་བཤན་པ་ར་མགོ་ཞེས༔ དེ་འོག་མི་རེངས་སྐྱེས་གཅིག་ཡིན༔ དེ་འོག་བདུད་ཟོར་ར་སྐྱེས་ཡིན༔ སྲིང་མོ་བཞི་ནི་མིང་སྨྲོས་ན༔ ཆེ་ཤོས་ལྷ་མོ་ངན་ནེ་མ༔ དེ་འོག་ཀླུ་མོ་ངན་ནེ་མ༔ དེ་འོག་གནོད་སྦྱིན་ངན་ནེ་མ༔ དེ་འོག་འདྲེ་མོ་ངན་ནེ་མ༔ མེ་ལོང་ཐོགས་ནས་དཀོར་རྐུན་གཟིགས༔ ནག་མོ་མེ་ལོང་ཁྱེར་བྱེད་མ༔ ཞེས་གསུངས་སོ༔ རྣལ་འབྱོར་མ་ཡིས་ཡང་གསུངས་པ༔ ཁྱོད་སྒྲུབ་དུར་ཁྲོད་གནས་སུ་སོང༔ མི་མེད་འགོལ་པར་མ་སྒྲུབ་ན༔ སྨྲ་བ་མི་ཐོས་གཟུགས་མི་མཐོང༔ དུར་ཁྲོད་རྡོ་བའི་གྲུ་གསུམ་བྱ༔ གཅན་ཟན་ཝ་ཡི་ཐོད་པ་ནི༔ མ་འགལ་མ་བྲལ་མ་ཆག་པ༔ ནང་དུ་སྤོས་དཀར་གླ་རྩི་དང༔ ཝ་ཕག་རི་ཝོང་ཤ་རྣམས་གཞུག༔ འདྲེ་རྡོ་ཕ་ཝཾ་ལོང་བུ་ལ༔ ར་ལི་པྲ་མ་ཡ་ཏྲི༔ ལོགས་དྲུག་བྲིས་ལ་འཁོར་ལོར་བཏུམ༔ འཁོར་ལོའི་དབུས་སུ་གྲུ་གསུམ་བྲི༔ མ་བྷྱོ་ཏྲག་གསུམ་ཟུར་གསུམ་ལ༔ དཀྱིལ་དུ་ཏྲི་ལ་མ་ཧཱ་ཀཱ་ལི་པདྨ་ཧུར་ཧུར་ཀྲོ་ཏ་ནི་ལ་ཧུར་ཧུར་བྷྱོ་བཀོད༔ ཟླ་གམ་གསུམ་ལ་ཛཿགསུམ་བྲི༔ རྩིབས་ལྔར་ར་ལི་པྲ་མ་ཡ༔ དེའི་རྒྱབ་ནོར་སྤྲ་རྦད་བསད་བཀོད༔ ཕྱི་ལ་མོ་ཡི་གཟུགས་བྲིས་ལ༔ བླ་རྡོ་བཏུམས་ལ་ཟབ་སྐུད་བཅིང༔ ཐོད་པར་བཅུག་ལ་སྤྲ་ཚིལ་དགག༔ དོང་གཞུག་ཆོས་སམ་སཱཙྪས་མནན༔ གཏོར་མ་ཟླུམ་གཏོར་མར་ཐུད་བརྒྱན༔ ཐ་མ་བཤོས་བདུན་མཐེབ་སྐྱུ་ལ༔ རྟ་བོང་ཕག་ལུག་གཡག་ཤས་བརྒྱན༔ དེ་ལ་མོ་ཡི་སྐུ་ཡང་གཟུག༔ ཅེས་གསུངས་སོ༔ དེ་ནས་སྒྲུབ་པའི་རིམ་པ་ནི༔ བདག་ཉིད་རྣལ་འབྱོར་མ་ང་བསྒོམ༔ མདུན་དུ་དུར་ཁྲོད་གཞལ་ཡས་སུ༔ མ་ཏྲི་བྷྱོ་ལས་དཀོར་བདག་མོ༔ དུར་ཁྲོད་ལྷ་མོ་སྐུ་མདོག་དམར༔ དཀར་དམར་དར་གྱི་ན་བཟའ་གསོལ༔ གཡས་པ་ལྕགས་ཀྱུ་གཡོན་མེ་ལོང༔ རིན་ཆེན་བརྒྱན་པ་ལྷ་མོའི་གཟུགས༔ དེ་བསམ་མངོན་ཤེས་སྟོན་དུས་སུ༔ མ་ར་ལི་པྲ་མ་ཡ༔ གསལ་ལེ་གསལ་ལེ༔ སི་ལི་མ་ནི་ཛ༔ ཅེས་བཟླས་ཞག་གསུམ་སྒྲུབ་པ་ཡིས༔ སྣང་སྲིད་མེ་ལོང་བཞིན་དུ་གསལ༔ གལ་ཏེ་གསལ་བར་མ་གྱུར་ན༔ སྒྲིབ་ལ་ཀརྨ་ར་ཛ་སྤྲ་ཐན་ཕཊ༔ ཧ་ས་ན་ཧ་ས་ན༔ སྤོས་ཆུས་ཁྲུས་བྱས་ཐམས་ཅད་གསལ༔ ཞེས་སོ༔ རྣལ་འབྱོར་མས་ཡང་གསུངས་པ༔ དུར་ཁྲོད་བདག་མོའི་སྒྲུབ་པ་ནི༔ ནག་མོ་མགོ་ཕྲུགས་གསོད་བྱ་མ༔ རོ་ཡི་ཤུན་པ་གོས་སུ་གྱོན༔ རོ་ལངས་ཞོན་ནས་ཧར་རྒྱུག་བྱེད༔ ཡ་སོས་མ་མཆུ་མནན་ནས་ནི༔ འབྲུ་ཚུགས་མིག་ལྟ་ཁྲོ་གཉེར་བསྡུས༔ གཡས་པ་ལྕགས་ཕུར་ཁ་ལ་འདེབས༔ གཡོན་པ་ལྕགས་ཀྱུས་སྙིང་ནས་འདྲེན༔ དགྲ་བོའི་མལ་དུ་རྒྱུག་ནས་ནི༔ དམ་ཉམས་དགྲ་ལ་སྐྱོབ་ཞོན་བྱེད༔ རེས་འགའ་སྒོ་ནས་མིང་འབོད་རྒྱུག༔ དེ་ལྟ་བུ་ཞིག་བསྒོམ་པར་བྱ༔ མ་ལས་ཀྱི་སྲིན་མོ་ར་ལི་པྲ་མ་ན་ཏྲི་ཏྲི་ཨངྐུ་ཤ་ཛ༔ ཞེས་པ་བཟླས་པས་ཞག་ལྔ་ན༔ བུ་མོ་མགོ་ཕྲུགས་མ་ཞིག་འོང༔ ང་ལ་བོས་ནས་ཅི་བྱེད་ཟེར༔ དེ་དུས་མེ་ལོང་འོ་མ་བླུགས༔ ཕུག་རོན་དང་རུས་མོ་ལ་གཏོར༔ ངའི་ནོར་སུས་ཁྱེར་དྲི་བར་བྱ༔ གལ་ཏེ་བསྒྲུབས་ཀྱང་མ་བྱུང་ན༔ མོ་ནི་དུར་ཁྲོད་དུ་ཡན་པས༔ མྱུར་དུ་འགུགས་པའི་སྔགས་འདི་བཟླ༔ སི་ལི་མ་ནི་ཛ་ཛ༔ ཞེས་བཟླས་པས་མྱུར་དུ་འགྲུབ་ཅིང༔ དེས་ཀྱང་སྨྲ་རུ་མ་འདོད་ན༔ སྲོད་ལ་མེ་སྦར་ལ༔ སྤོས་དཀར་གླ་རྩིའི་དུ་བ་བྲེང་ཙམ་གཏང༔ སི་ལི་མ་ནི་ཛ༔ སྦྲེལ་བཟླ༔ མ་ཡེངས་དམིགས་པས་མོ་ལ་གཟིར༔ གོང་བཞིན་འབྱུང་ནས་ངེས་པར་སྨྲ༔ ཞེས་སོ༔ སྒྲུབ་པའི་ལེའུ་ཡིན༔ དེ་ནས་ནོར་ཕྱིར་རྦད་པ་ནི༔ ལིང་ག་བྲིས་ལ་དགུག་གཞུག་བྱ༔ གཡས་ནས་དྲིལ་ལ་སྔོ་དམར་བཅིང༔ སཙྪ་ཕྱིར་བསལ་ཝ་ཐོད་དེའི༔ ཁ་རུ་དགྲ་ལིང་མགོ་ནས་གཞུག༔ གྲུ་གསུམ་ནང་གཞུག་དགྲར་ཁ་བསྟན༔ རྦད་པའི་སྔགས་ནི་ཡུངས་དཀར་ལ༔ སྔགས་ལ་ཝ་ཐོད་ཐུན་བྲབ་བྱ༔ ཧཱུྃ་མ་ཧཱ་ཀཱ་ལི་པདྨ་ཧུར་ཧུར་དགྲ་ལ་རྦད༔ ཀྲོ་ཏ་ནི་ལ་ཧུར་ཧུར༔ དགྲ་སྙིང་ལ་དུན་དུན་བྷྱོ༔ སེང་སེང༔ ཡེར་པ་ཡེར་པ༔ འདུས་པ་འདུས་པ༔ སྤྲ་པ་སྤྲ་པ༔ ལྷང་ལྷང༔ ཙེར་ཙེར༔ བོས་བོས༔ རྒྱུག་རྒྱུག༔ བྲེང་བྲེང༔ ངའི་ནོར་ཁྱེར་ལ་ཤོག༔ ཅེས་བཟླ༔ ཨོཾ་སརྦ་ཛ་ཡ་རྦད་སྭཱ་ཧཱ༔ ཞེས་པ་བཏགས་ན་རྟོགས་ཁ་སྲ༔ འོ་ཆང་རྟ་བོང་དྲེལ་ཤས་མཆོད༔ ཡང་ཡང་རྦད་པས་དགྲ་རྟགས་འོང༔ ངུ་འབོད་རྒྱག་ཅིང་མིང་ནས་འབོད༔ ངའི་ནོར་ལ་འུར་ཁྱེར་ཤོག་ཟེར༔ དེ་ནས་སྟེང་ནས་འདྲེས་མནན་གཏོང༔ དེ་ཡིས་བབས་སུ་མ་འདོད་ན༔ ཆོ་འཕྲུལ་གཏོང་བའི་མན་ངག་བྱ༔ ཞེས་གསུངས་སོ༔ ཆོ་འཕྲུལ་གཏང་ན་བག་ཟན་ལ༔ འདྲེ་མོའི་གཟུགས་བྱ་དགྲ་ལིང་བཟོ༔ ལིངྒ་གན་བསྒྱེལ་བཞག་པའི་སྟེང༔ འདྲེ་མོས་མནན་བཞག་ཐུན་གྱིས་བྲབ༔ མ་ཧཱ་ཀཱ་ལི་སི་ལི་སི་ལི་མཱ་ར་ཡ་ཧཱུྃ་ཛ༔ སི་ལི་མ་ནི་ཛ་ཛ༔ ཧེ་ཙ་དུན་ཕོབ༔ ཅེས་པ་བཟླས་ཤིང་ཞག་གསུམ་གཟིར༔ སྲོད་ལ་བསྐུལ་ཏེ་བཅང་བར་བྱ༔ དངོས་སུ་འོང་སྟེ་འདྲེ་འབོད་རྒྱག༔ འཇིགས་དངངས་བྲང་བརྡུང་སྒོ་བརྡུང་འོང༔ ཞེས་ཀྱང་གསུངས་སོ༔ སྡིག་ཅན་ཅིས་ཀྱང་མི་འབབ་ན༔ ལིངྒར་ཐུན་བྲབ་སྲོག་ལ་གཏང༔ མ་ཧཱ་ཀཱ་ལི་པདྨ་ཧར་ཧར༔ དགྲ་ལ་རྦད་རྦད༔ ཀྲོ་ཏ་ནི་ལ་ཧུར་ཧུར༔ དགྲ་སྙིང་ལ་དུན་བྷྱོ་བྷྱོ༔ དགྲ་བོའི་སྲོག་ལ་རྦད་རྦད༔ ཙིཏྟ་གཏུབས་གཏུབས༔ ཙིཏྟ་ཅིབ་ཅིབ༔ ཙིཏྟ་རྨུགས་རྨུགས༔ ཙིཏྟ་མྱོག་མྱོག༔ ཁྲག་ལ་རྦད་ལིང༔ སྙིང་ཁྲག་རྦད་རྦད༔ སི་ལི་མ་ནི་ཛ་ཛ༔ ཞེས་ཐུན་བྲབ་པས་འདྲེ་མོ་ནག་མོས་དགྲའི་ལུས་སྲོག་མཁར་ཁྱིམ་ཐམས་ཅད་ཕར་ཐལ་ཚུར་ཐལ་ལ་སོང་བར་བསམ༔ ཞག་ལྔ་ན་ལིངྒ་བསྒྲལ་བའི་ལིང་རོ་ཝ་ཐོད་ཁར་བླུགས༔ འདྲེ་མོ་ཚོགས་པའི་སར་མནན་པར་བྱ༔ གཡམ་སྒྲོམ་མི་འབྲུབ་པ་བྱས་ལ་ལས་གྲུབ་ཚུར་ལ་བླང༔ ཡང་ན་ར་རུར་བཅུག་ལ་ལམ་རྒྱ་གྲམ་དུ་མནན༔ ཞག་ལྔ་ན་སྣ་ཁྲག་འཕྲུལ་གྱིས་འཆི༔ ཞེས་གསུངས་སོ༔ མཁས་བཙུན་དཀོར་གྱི་སྲུང་མའི་རྒྱུད༔ ཕྱི་ནང་གསང་བ་གསུམ་པོ་དང༔ བླ་རྡོ་གནད་དབབ་ཆོ་འཕྲུལ་གཏོང༔ སྲོག་ཟོར་སྲོག་ལ་ཕན་པའི་ཐབས༔ ཕྱི་ནང་གསང་བ་གསུམ་གྱིས་བསྐུལ༔ སྒྲུབ་ཅིང་སྤོགས་ཆོག་བྱེད་པ་ཡི༔ ཞལ་ཤེས་ཕྱག་ལེན་པྲ་ཕབ་འདི༔ གཞན་ལ་དཀོན་པའི་ངན་སྔགས་ཡིན༔ རང་སྲོག་བརྟན་ཕྱིར་གསང་བ་དང༔ གཞན་སྲོག་སྦུད་ཕྱིར་སྒྲུབ་པ་དང༔ དམ་རྫས་མན་ངག་སྲོག་བཞིན་བཅང༔ བསྟན་པ་སྲུང་བའི་མཚོན་ཆ་འདི༔ གསང་རྒྱ་མགྲིན་པའི་འཁོར་ལོ་སྡོམས༔ ཤིན་ཏུ་གསང་ངོ་གསང་ངོ་གསང༔ དགེའོ༔ མངྒ་ལཾ༔ ༈ འབྲུམ་སྲུང་ཟབ་མོ་བཞུགས་སོ༔ ྈྈྈྈ སྔོན་བཅོམ་ལྡན་འདས་བཞུགས་པའི་དུས་སུ༔ ལྷོ་ནུབ་མཚམས་ཀྱི་དུར་ཁྲོད་དུ༔ ནད་ཀྱི་བདག་མོ་ས་རུ་ཏི་བའི་དམ་བཅས་ལས༔ བཅོམ་ལྡན་འདས་ལགས༔ བདག་གི་སྙིང་པོ་སྲོག་སྔགས་འདི༔ སུ་ཡི་ལུས་སམ་མགུལ་དུ་ཐོགས་པ་ལས༔ ནད་འབྲུམ་ནག་དང༔ འབྲུམ་ནག་གི་རིགས་ཐམས་ཅད་ཀྱིས་ཐེབ་པར་མི་འགྱུར་རོ༔ དེ་ལས་ཐེབས་པར་གྱུར་ན༔ བདག་སེམས་ཅན་དམྱལ་བར་སྐྱེ་བར་གྱུར་ཅིག༔ ཅེས་དམ་བཅས་ནས་སྨོམ་ལམ་བཏབ་བོ༔ ྈྈྈ དེ་ནས་སྲུང་བའི་འཁོར་ལོ་བྲི་བ་ནི༔ དུས་ཚོད་སྔ་དྲོ་སྐར་མ་རྒྱལ༔ ཡར་ངོའི་ཟླ་བར་གྲོ་ག་རས་སམ་ཤོག་བུ་དར་དཀར་ལ༔ རྒྱ་སྣག་བཟང་དྲུག་བསྲེས་པའི་སྣག་ཚྭ་ཡིས༔ འཁོར་ལོ་མུ་ཁྱུད་ལྔ་རུ་བསྐོར༔ ལྟེ་བར་འཆང་བ་ལ་སྲུངས་ཤིག་རཀྵ་རཀྵ༔ ཞེས་བྲིའོ༔ དེའི་ཕྱི་རིམ་མུ་ཁྱུད་ལ་སྔགས་མགོ་ཕྱིར་བསྟན་ལ་སངས་རྒྱས་ཀྱིས་རྗེས་སུ་གནང་བའི་གཟུངས༔ ཨོཾ་བྷ་ཏི་བྷ་ཏི་མི་ཏི་མི་ཏི་གྷ་ཙ་ན་གར་ནི་ཡེ་ཡ་སྭཱ་ཧཱ༔ འཆང་བ་པོ་ལ་ནད་འབྲུམ་བུ་དང༔ འབྲུམ་ནག་གི་རིགས་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག༔ ཅེས་ཕྲེང་གཅིག་གིས་འཁོར་བ་ལས་ལྷག་ཆད་མེད་པར་བྲིའོ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ ནད་གཏོང་བའི་ལྷ་མོ་ས་རུ་ཏི་བི་མ་ལ་ཕྱག་འཚལ་ལོ༔ ཨོཾ་ཏྲེ་ལམ་བྱ་ཏྲེ་ཀ་མོ་ནི་ཏ་ས་མ་ཡཱ་བྷི་ལ་ཀ་ཀར་ནི་ཀི་ཤ་ས་ན་ཙ་ཏྲ་ལོ་དྷ་ནི་ཀེ་ན་ཏྲ་པྲ་ཙ་ཏ་ནི་ཙི་ཡཱ་ནི་མ་ར་ནན་མ་ནི་ཙམ་བོ་སད་ནད་གྲུར་དྷཱ་ཧ་ཙ་པྲ་ཏི་ད་ཙ་ཙི་ཏྲན་ནད་ཏྲ་བ་སུ་དྷི་བེ་མེ་བ༔ ཞེས་ཕྲེང་གཅིག་གིས་འཁོར་བ་ལས་ལྷག་ཆད་མེད་པར་བྱ༔ དེའི་ཕྱི་རིམ་དུ༔ ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་ཝ་དཏཱ༔ ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ༔ སྭཱ་ཧཱ༔ ཞེས་ཕྲེང་གཅིག་ལ་ཡིག་མགོ་ཕྱིར་བསྟན་ལ་བྲིའོ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཐ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ ཞེས་ཕྲེང་གཅིག་ལ་བྲིའོ༔ དེའི་ཕྱི་རིམ་མེ་རི་གཡས་སུ་འཁོར་བར་བྲིའོ༔ ཡང་ཤོག་བུ་དེ་ཁ་ཙམ་གཅིག་ལ་གོང་གི་རྫས་རྣམས་ཀྱིས་འཁོར་ལོ་ཕྱི་ལ་མུ་ཁྱུད་རྐྱང་པ་གཅིག་བསྐོར་ལ༔ དེ་ལ་སྔགས་མགོ་ཕྱིར་བསྟན་ལ་བསྐོར་བ་གསུམ་ལས་མང་བར་མི་བྱ་ལེགས་པར་བྱའོ༔ བསྡུ་ཡིག་མེད་པར་བྱའོ༔ ཀྲེ་ལ་བ་བྱ༔ ཀྲེ་ཀ་མོ་ནི༔ ཏ་སུ་མོ་ཡ༔ བི་ལ་ས་ན༔ ཀ་ར་ན་ཀི་ཤུ༔ བཙབ་ཏྲ་ལི་ཧ་ནི་ཁན༔ ཏྲ་ཏ་ཙཀྲ་ན་ནི་ཙ་ཡན་དྷི་ནད་མ་ནད་ཙ་མི་ནི་སོ་བར་ནན་ཧུར་རྦད༔ ཏྲ་ཙ་པྲ་དི་ར་ཙི་ཏྲ་ཙི་ན་ཏྲ་ནད་དྲན་པ་རུ་དེ་བི་མེ་བ༔ སངས་རྒྱས་ཀྱིས་རྗེས་སུ་གསུངས་པ༔ ཨོཾ་ལ་བ་ཏི་བ་ཏི་མི་ཧི་གྷ་ཙ་བ་ན་ཏྲ༔ ཀ་ར་ནི་བྷི་དོ༔ འཆང་བ་པོ་ལ་ནད་འབྲུམ་ནག་དང༔ འབྲུམ་ནག་གི་རིགས་ཐམས་ཅད་སྲུངས་ཤིག༔ ཅེས་བྲིའོ༔ དེ་ནས་མཆོད་གཏོར་དང་མ་དྷལ་བཤམ༔ དབུས་སུ་སྲུང་བ་བཞག༔ བདག་ཉིད་ཡི་དམ་གྱི་ལྷ་རུ་དམིགས་ལ༔ མདུན་གྱི་ནམ་མཁའ་དག་ལ་ལྷ་མོ་རྒྱུད་རེ་རེ་དཀར་མོ་ཕྱག་གཡས་ན་ནད་གཅོད་གསེར་གྱི་ཟོར་བ་བསྣམས་པ༔ ཕྱག་གཡོན་ན་སྨན་སྣ་ཚོགས་ཀྱི་བུམ་པ་བསྣམས་པ་གཅིག་བསྐྱེད་ལ་སྤྱན་དྲངས་མཆོད་འབུལ་སྲུང་བ་ལ་བསྟིམ་མོ༔ དེ་ནས་སྲུང་བ་དར་དམར་པོས་དྲིལ་ལ་དཔུང་པ་གཡས་སུ་གདགས་སོ༔ དེས་འབྲུམ་ནག་ཁོང་དུ་ཚུད་པ་ལ་བཏགས་ཀྱང་མི་འཆིའོ༔ མ་བྱུང་བ་ལ་བཏགས་ན་འབྲུམ་པ་ཐུབ་བོ༔ ྀཨཚ་ཟབ་བོ༔ ༈ མཚོན་སྲུང་གི་ཞལ་ཤེས་བཞུགས༔ ྈྈྈྈ ཞལ་ཤེས་ནི༔ གང་དུ་བྱ་བའི་གནས་མི་ཁྱི་སོགས་སྲོག་ཆགས་ཀྱི་སྒྲ་མི་ཐོས་པར༔ གནམ་ས༔ རྡོ་ཤིང་ལྕགས་སོགས་མི་མཐོང་བའི་རྩག་དང་བཅས༔ འཁོར་ལོ་ཤོང་ཚོད་ཀྱི་རྒྱ་ཤོག་ཐོག་མ་ནས་གྲས་ཟིན་ལ་སྨྱུ་གུ་དར་སོགས་ཀྱིས་དྲིལ་ནས་ཤིང་རང་མཚན་མི་མཐོང་བར་བྱ༔ ཁ་ཁེབས་དང་མཛུབ་ཤུབས་ཀྱི་སོ་སེན་སྒྲིབ་ཐྈྈྈ སིནྡྷུ་ར་ལྷད་མེད༔ ྈྈྈྈྈྈྈྈྈྈ ྈྈྈྈྈྈྈྈྈྈ རྗེས་རྒྱ་སྣག་དང་སྦྱར་བས་བྲི༔ འཁོར་ལོ་ལ་གཞན་གྱིས་འགོམ་ཡུགས་དང་ཁྱད་པར་ཁྱི་དང་བྱི་ལ་བུད་མེད་ཀྱིས་མ་རིག་མ་འགོམ་པ་གནད་ཡིན་ནོ༔ ཞེས་པའང་འགྱུར་མེད་རྡོ་རྗེས་སོ།། ༈ རྦད་པའི་སྔགས་བཞུགས་སོ༔ པདྨ་ཧུར་ཧུར་ཀྲོ་ཏ་ནི་ཀྲོ་ཏ་ནི་ཧུར་ཧུར༔ དེ་ལྟར་བསྒྲུབས་པས༔ དགྲ་རྐུན་གྱི་སར་རང་གི་ཀ་ཅ་ཤོར་ན་སྟོར་བའམ༔ གང་ཁྱེར་བའི་མིང་ནས་འབོད༔ ང་ཆེ་གེ་མོས་བཏང་བ་ཡིན༔ ངའི་ནོར་ཆེ་གེ་མོ་ལ་འདོད་དོ་ཟེར་ནས༔ དགྲའི་སར་དངོས་སུ་སྒོ་བརྡུང༔ སྐད་འབོད༔ ཐག་ཚག༔ ཆོ་འཕྲུལ་སྣ་ཚོགས་པ་སྟོན་དུ་འོང༔ འབོད་རྦད་གསད་གསུམ་གྱི་དུས་སུ་འོ་མའི་ཕུད་ཀྱིས་མཆོད་ཅིང་བསྟོད་བསྐུལ་དྲག་པོ་ཡང་ཡང་བྱའོ༔ ཧཱུྃ༔ དུར་ཁྲོད་ལྷ་མོ་ཆེན་མོ་ཁྱོད༔ སྐུ་ནི་མི་བརྫུ་དགུ་རུ་བརྫུ༔ ཆིབས་སུ་དྲེད་མོ་ཁམ་ནག་འཆིབ༔ མདོག་ནག་ཞལ་གདངས་སྤྱན་བགྲད་མ༔ རལ་པ་བསིགས་པས་ས་གཞི་ཁེབས༔ ཕྱག་གཡས་ཞིང་ཆེན་རྒྱལ་མཚན་འཕྱར༔ གཡོན་པས་ནལ་བུའི་དོན་སྙིང་ཟ༔ གནད་ནས་དྲག་ཏུ་བསྐུལ་བའི་ཚེ༔ གཅན་གཟན་བཞི་པོ་ཕོ་ཉར་འགྱེད༔ མར་སྲང་གང་གི་རྗེས་གཅོད་མ༔ རྩྭ་ཆག་གང་གི་ཕྱིར་འབྲང་མ༔ ཁྱོད་ནོར་ལ་ངན་ལ་དཀོར་ལ་དད༔ ལས་ལ་མྱུར་བའི་མ་མོ་ཁྱོད༔ དུར་ཁྲོད་རྒྱུ་བའི་མི་བསྲུན་གཟུགས༔ སྲིད་པའི་མ་མོ་ཆོ་འཕྲུལ་ཅན༔ གླིང་བཞི་བསྐོར་ཞིང་མི་ལྤགས་གྱོན༔ དམ་ཉམས་དགྲ་ཡི་སྲོག་གཅོད་མ༔ དཀོར་ནོར་ཁབ་དང་སྐུད་པ་ཙམ༔ མ་བཞག་དྲག་པོས་ཡུད་ཀྱིས་ལོངས༔ རྣལ་འབྱོར་བདག་ཅག་དཔོན་སློབ་རྣམས༔ གར་བཞུགས་གནས་དང་དགོན་པའི་རིགས༔ བཅོལ་ལོ་གཏད་དོ་ཁྱོད་ཀྱིས་སྲུངས༔ སྔ་དགྲ་བྱས་པའི་རྩ་བ་ཆོད༔ ཕྱི་དགྲ་བསམ་པ་དྲུངས་ནས་ཕྱུངས༔ ད་ལྟའི་དགྲ་བོ་རྡུལ་དུ་རློགས༔ རྡོ་རྗེ་མཐུ་ཡི་ཞགས་ནག་དེ༔ བསྟན་པ་བཤིགས་པའི་སྐེ་ལ་ཐོབས༔ དགྲ་བྱེད་ཕ་ཁུ་ཡིན་ཡང་སྒྲོལ༔ དམ་ཉམས་སློབ་མ་ཡིན་ཡང་སོད༔ དུར་ཁྲོད་ཞིང་སྐྱོང་ཌཱ་ཀིའི་གཙོ༔ སྣང་སྲིད་དབང་དུ་སྡུས་མཛོད་ལ༔ བདག་ཅག་ཆོས་མཛད་སྒྲུབ་པ་པོའི༔ ཆོས་ཀྱི་མཐུན་རྐྱེན་རྟག་ཏུ་སྦྱོར༔ མི་མཐུན་བདུད་ཀྱི་ཟང་ཟིང་རྣམས༔ སྐད་ཅིག་མ་གཏང་ཐུགས་རྗེ་ཅན༔ དཀོར་བདག་ཆེན་མོ་ཁྱོད་ཉིད་ཀྱིས༔ བཅོལ་པའི་ཕྲིན་ལས་སྒྲུབ་པའི་དུས༔ དགྲ་བོའི་ཡུལ་དང་སྒོ་དྲུང་དུ༔ ཀུན་གྱིས་ཐོས་པའི་འོ་དོད་བོས༔ ལྟས་ངན་ཟད་མི་ཤེས་པ་སྟོན༔ དགྲ་བོའི་ཡུལ་ཁམས་སྟོངས་སུ་ཆུགས༔ རྒྱལ་བའི་བསྟན་པ་བསྲུང་བའི་ཕྱིར༔ རྣལ་འབྱོར་ཆེ་བ་ཐོན་པར་མཛོད༔ ཅེས་བསྐུལ་ལོ༔ བྷྱོཿཞེས་གོང་གི་སྔགས་བརྒྱ་རྩ་བརྒྱད་སྤེལ་ལ་རྦད་དོ༔ ཐོད་པ་ཆོས་གོས་སུ་དྲིལ་ལ་གདབ་བོ༔ དེས་ནི་དགྲ་ལ་འོ་དོད་འབོད་ཅིང་ངའི་ནོར་ཁྱེར་ཤོག་ཟེར་དུ་ངེས་པར་འོང་ངོ༔ ལས་ཅི་བཅོལ་ཉན་ནོ༔ ༈ དུར་ཁྲོད་འདྲེ་མོ་ངན་ནེ་མའི་གནད་འབེབ་ལས༔ གསོད་པའི་ལས་འདི་ལྟར་བྱའོ༔ གཏོར་མ་མཐེབ་ཀྱུ་བཅོ་བརྒྱད་ལ་ཕུར་པའི་ཁུང་བུ་བཅོ་བརྒྱད་གཏོད་ལ༔ དེར་ཁྲག་ཐིག་པ་རེ་བླུགས་ལ་བཞག༔ ཞག་གཅིག་སྔགས་བཟླ༔ འབྲུ་སྣ་གསུམ་ལ་ངན་ནེ་མའི་རཱུ་པ་གཅིག་བྱ༔ དེའི་སྙིང་གར་ཆེ་གེ་མོའི་མིང་བྲིས་ལ་གཞུག༔ ཐ་མ་སྔགས་ཀྱིས་བསྐོར༔ ཟླ་བ་གང་ཡིན་པའི།་་་ཚེས་བཅུ་གཅིག་གི་ནུབ་མོ་ལིངྒ་ཐེམ་པའི་འོག་ཏུ་མནན༔ གཏོར་མ་དང་ལིངྒ་་་ཡུངས་དཀར་ལ།སྔགས་ཀྱིས་བྲབ་བོ༔ གཏོར་མ་དགྲ་ཕྱོགས་སུ་འཕང༔ སྔགས་ལ༔ ཏྲི་མ་ས་མ་ཡཱ་ཛཿཛ༔ རྫས་ལ་ཤོག༔ མཚལ་གྱིས།་་་སྔགས་དང་ལིངྒ་སུ་རའི་ཁྲག་གིས་བྲི༔ ༈ སྒྲུབ་དྲགས་ནས་རང་འདྲེ་ཅན་དུ་སོང་གིས་དོགས་ན༔ གོང་གི་མནན་པའི་སྔགས༔ མནྟྲ་མུནྟྲ་སྭཱ་ཧཱ༔ དགོས་པ་བྱུང་ན་བརྒྱ་རྩ་རེ་ཙམ་བཟླའོ༔ དེས་ཕྱིར་མི་འབྲེང་ངོ༔ སྒྲུབ་གནས་ནགས་ཁྲོད་དམ་རྟེན་ནམ༔ ཤིང་རྐང་གཅིག་གི་དྲུང་ངམ༔ ཡུལ་གྱི་མཐའ་འམ༔ ཡང་ན་མཆོད་ཁང་དུ་སྒྲུབ་བོ༔ སྒྲུབ་པ་རྟགས་ལ་ལྟོས་དགོས་པས༔ རྟགས་ཀྱི་རིམ་པ་འདི་ལྟར་འོང༔ སྤྱང་ཀི་བྱུང་ན་ལས་ལ་སྦྱར༔ བུད་མེད་བྱུང་ན་བསྙེན་པས་བསྙེན༔ སྤྲང་པོ་བྱུང་ན་གསོལ་མཆོད་བྱ༔ ཇོ་མོར་བྱུང་ན་བཤགས་པ་བྱ༔་་་ཡང་གཅིག་ནས་མཛེ་མོ་ཟེར་བ་དག་པ་འདྲ། རབ་ཞལ་མཐོང༔ སྒྲུབ་རྟགས་བྱུང་ནས་རྦད༔ སྔགས་བཟླ༔ ནོར་ཕྱིར་ངེས་པར་དེ་ཡིས་འགྲོ༔ གསོད་ན་མལ་འོག་ཏུ་དོང་གྲུ་གསུམ་དུ་ལིངྒ་གཞུག་སྟེང་དུ་རང་ཉལ་ལ༔ གསང་སྔགས་བཟླས་པར་བྱའོ་ྀཨཚ༔ སྐབས་སུ་ཧ་ནན་ལག་པས་་་དཔེའུ་ན་རྟ་ནག་གི་ལག་པ་གཡས་པས་བརྡུང་ཟེར།བརྡུང༔་་་དྲག་པོའི་བསྐུལ་ན། ལིང་རོ་བསྲེགས་ལ་གཏོར་མ་གདབ༔ མནན་པ་གཉན་སར་མནན་ནོ༔ ཡང་སྔགས་པ་རང་གི་མལ་འོག་ཏུ་སོལ་ཆེར་སྦར་གང་དང་རྡོ་རྗེ་རྒྱ་གྲམ་གྱིས་མནན་ལ་བཟླས་པ་བྱའོ༔ ྀཨཚ༔ རང་ལ་འཁུ་ལྡོག་སྲུང་ན་ནི༔ རོ་རས་ཀྱི་ཁུད་དུ༔ བྱང་ཆུབ་སེམས་དཔའ་སུམ་ཅུ་སོ་གཉིས་ཀྱི་མཚན་བྲིས་ལ་བཏགས་སོ༔ དེས་མོ་ཁྲོས་པའམ་འཁུ་བ་བཟློག་ཐུབ་པར་ཐག་ཆོད༔ ལྟས་ངན་རང་ལ་ནན་བྱས་ན༔ སྲོག་ལ་འགྲོ་ཞིང་སྔགས་ལ་འབོད་རྦད་གསོད་གསུམ་མོ༔ རྟགས་ཀྱི་སྒྲུབ་པ་རྫོགས་སོ༔ ༈ སངས་རྒྱས་སོ་གཉིས་ཀྱི་མཚན་ནི༔ ན་མཿཤཱཀྱ་མུ་ན་ཡེ༔ ན་མོ་བཛྲ་སཱ་ར་པྲ་མརྡྷ་ནཱ་ཡ༔ ན་མོ་རཏྣ་རསྨི་སྥ་རཱ་ཡ༔ ན་མོ་ནཱ་གེ་ཤྭ་ར་རཱ་ཛ་ཡ༔ ན་མོ་བཱི་ར་སེ་ནཱ་ཡ༔ ན་མོ་བཱི་ར་ནནྡཱ་ཡ༔ ན་མོ་རཏྣགྣ་ཡེ༔ ན་མོ་རཏྣ་ཙནྡྲ་པྲ་བྷཱ་ཡ༔ ན་མོ་དརྴཱ་ནྲ་བྷཱ་བ་ཡ༔ ན་མོ་རཏྣ་ཙནྡྲཱ་ཡ༔ ན་མོ་བི་མ་ལཱ་ཡ༔ ན་མཿཤཱུ་ར་དཏྟཱ་ཡ༔ ན་མོ་བྲཧྨ་ཎཱ་ཡ༔ ན་མོ་བྲཧྨ་དཱཏྟཱ་ཡ༔ ན་མོ་ཝ་རུ་ཎེ་ད་ཝཱ་ཡ༔ ན་མོ་ཝ་རུ་ཎ་དེ་བཱ་སྱ་དེ་བཱ་ཡ༔ ན་མོ་བྷ་དྲ་ཤྲི་ཡེ༔ ན་མོཤྩནྡན་ཤྲི་ཡེ༔ ན་མོ྅་ནནྟ་ཏེ་ཛ་སེ༔ ན་མཿཔྲ་དྷཱ་ཤྲི་ཡེ༔ ན་མོ྅་ཤོ་ཀ་ཤྲི་ཡེ༔ ན་མོ་ན་རཱ་ཡ་ན་ཡ༔ ན་མཿཀུ་སུ་མ་ཤྲི་ཡེ༔ ན་མོ་བྲཧྨ་པྲ་བྷཱ་བི་མ་ལེ་ཊཱ་བྷི་ཛྙཱ་ཡ༔ ན་མཿཔདྨ་པྲ་བྷཱ་བི་མ་ལེ་ཏཱ་བྷི་ཛྙཱ་ཡ༔ ན་མོ་བྷ་ན་ཤྲི་ཡེ༔ ན་མཿསྨྲྀཏི་ཤྲི་ཡེ༔ ན་མ་ནཱ་མ་སུ་པ་རི་ཀཱིརྟཱི་ཤྲི་ཡེ༔ ན་མཿཨིནྡྲ་ཀེ་ཏུ་དྷྭ་ཛ་རཱ་ཛ་ཡ༔ ན་མོཿསུ་བི་ཀྲཱནྟ་ཤྲི་ཡེ༔ ན་མོ་བི་ཛི་ཏ་སཾ་གྲ་མཱ་ཡ༔ ན་མོ་བི་ཀྲཱཏྟེ་ག་མི་ཤྲི་ཡེ༔ ན་མཿས་མནྟ་བྷཱ་ས་བྱཱུ་ཧ་ཤྲི་ཡེ༔ ན་མོ་རཏྣ་པདྨ་བི་ཀྲཱནྟཱ་ཡ༔ ན་མོ་རཏྣཤྩ་པདྨཱས་ནི་པྲ་ཏིཥྛ་ཏཾ་བརྦ་ཏིནྡྲ་རཱ་ཛཱ་ཡ༔ ༈ རྡོ་རྗེ་དྲག་པོ་རྩལ་གྱི་སྲུང་བའོ༔ ནོར་ཕྱིར་འབྲང་བར་ཐེ་ཚོམ་མེད༔ རང་གི་ནོར་གཉེར་ཁྱི་ལྟར་བྱེད༔ གཏོར་མ་དང་འོ་མ་འབུལ་བ་སྲོག་སྙིང་ལ་ཁཱ་ཧི་བཏགས་ནས་འབུལ་ལོ༔ ཤིན་ཏུ་དཀོར་ལ་ངན་པས་མཚན་ལ་ཡང་ངན་ནེ་མར་གྲགས༔ འདི་ལ་ཕྱི་ནང་གསང་གསུམ་སྒྲུབ་པ་ཡོད་པས༔ ཕྱི་སྒྲུབ་ཤིན་ཏུ་གསང་བའི་མན་ངག་ཆོ་འཕྲུལ་གཏོང་བའི་ཐབས་རྫོགས་སོ༔ གསང་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ༈ འདིར་སྒྲུབ་པའི་བསྙེན་པའི་ཐབས་ལ༔ དང་པོ་ཐོད་པའི་ནང་དུ་གཏོར་མ་མཐེབ་ཀྱུ་བཅོ་བརྒྱད་བྱས་ལ༔ ཕུར་པའི་ཁུང་བུ་བཅོ་བརྒྱད་གཏོད་ལ་དེ་ལ་ཁྲག་གིས་བྱུགས་ཏེ་བཞག་གོ༔ དེའི་སྟེང་དུ་དཔའ་མིན་་་ལྷ་མོའི།རཱུ་པ་བཤོས་བུ་བྲིས་ལ་སྙིང་གར་སྲོག་གི་སྙིང་པོ་བྲིས་པ་གཏོར་མའི་ཁར་གན་འགྱེལ་དུ་བཞག༔ དེ་ལ་མཚམས་བཅད་དུས་ཟ་གཏོར་སུམ་ཡར་དུ་རྩ་བའི་ཤ་བརྡར་ལ་བཏང༔ ལིངྒ་ལ་སུམ་ཡར་དུ་གུ་གུལ་དུད་པས་བདུག༔ ར་ཚིལ་གྱི་གསུར་གཏང༔ གྲུ་གསུམ་གཅིག་བྱས་ལ༔ དེ་རེ་ལྕག་པ་དང༔ ཐར་ནུ་བ་ལ་ཧོམ་བྱས་པ་བཞག༔ དེ་བཞིན་དུ་བཅས་བསྒྲུབ་བོ༔ དེ་ནས་རྟགས་བྱུང་བ་དང་མཚམས་སྟོན་ལ༔ ཧོམ་ཤིང་ལ་མེ་སྦར་ལ་ལིངྒ་བསྲེགས་ལ་དེའི་ཐལ་བ་དང་འདག་ས་བསྲེས་ལ༔ དཔའ་མིན་ལ་རཱུ་པ་བྱས་ལ༔ སྙིང་གར་གྲུ་གསུམ་བྱས་ལ་སྲོག་གི་སྙིང་པོ་ཤོག་བུ་ལ་བྲིས་དེར་བཅུག་གོ༔ དེས་བསྒྲུབས་ལ་མཎྜལ་ལམ་ཐེམ་པའི་འོག་ཏུ་སྦའོ༔ དེས་དུར་ཁྲོད་ཀྱི་ལྷ་མོ་ངན་ནེ་མ་ཁྲོས་ནས་ཤ་དྲུམ་ལ་ཆོ་འཕྲུལ་སྣ་ཚོགས་པ་དབང་མེད་དུ་འོང་ངོ༔ ྀཨཚ༔ དཔལ་དྲེགས་པའི་ལྷ་ལ་ཕྱག་འཚལ་ལོ༔ དུར་ཁྲོད་ཀྱི་ལྷ་མོ་ངན་ནེ་མའི་སྒྲུབ་ཐབས་ལ༔ དང་པོ་གཏོར་མ་ཐོད་པའི་ནང་དུ་བྱས་ལ༔ ཕུར་པའི་གཙབས་ཏེ་ཁྲག་གིས་བཀུས་ལ༔ དཔའ་མིན་དང་བཅས་ཏེ་བཟུང༔ གཏོར་མ་བཏང་ལ༔ བ་ལིངྒ་རེ་ན་དེ་པི་ལམ་པ་ཧ༔ སི་ཏི་ཡུལ་གྱི་གཟུགས་བཟང་མོ༔ གཏོར་མ་ཁྱེར་ལ་དངོས་གྲུབ་སྩོལ་ཅིག༔ ར་ཚིལ་དུད་པ་བདུག༔ དུག་ཤིང་ལ་མེ་སྦར་ལ་མཇུག་ཏུ་བསྲེག་གོ༔ ཐལ་བ་དཔའ་མིན་དང་བྱས་ལ་མནན༔ སྲོག་སྙིང་ལ་ཤ་ཏྲཱུན་གདགས་སོ༔ རང་ལ་མཛེས་སྡུག་ཆ་ལུགས་ལ༔ དགྲ་ལ་མི་སྡུག་གཟུགས་སུ་སྟོན༔ མངོན་སུམ་འབྱུང་འགྱུར་ཐེ་ཚོམ་མེད༔ རྟིང་ན་ཁྲོས་ན་རེས་འགའ་འགྱུར༔ ཚོགས་དང་བཅས་པ་སློབ་མས་བཤམ༔ གསང་བའི་གཉེན་པོའང་དེ་བཞིན་ནོ༔ གསང་བའི་སྒྲུབ་ཐབས༔ གསང་རྒྱ༔ སྦས་རྒྱ༔ གཏེར་རྒྱ༔ ྀཨཚ༔ ༈ ལྷ་མོའི་མན་ངག་ཟུར་དུ་བཀོད་པར་འཁོར་ལོ་རྩིབས་ལྔ་ལ་འབོད་པའི་སྔགས་བཀོད༔ རང་གི་མཆན་ཁུང་གཡོན་དུ་བཅང་ངོ༔ དེས་ནི་གནད་བོར་དུ་འགྲོའོ༔ རིག་མ་ལ་མི་གཟན༔ གོང་གི་བླ་རྡོ་དང་སྦྲགས་ན༔ བླ་རྡོ་ཡང་འགྲོའོ༔ བཀྲ་ཤིས་པའི་འཁོར་ལོའོ༔ རྐུན་མ་ངོས་འཛིན་པའི་མན་ངག་ལ༔ རི་བོང་ཐོད་པའི་ནང་དུ་རང་གི་ནོར་གང་ཤོར་བའི་མིང་བྲིས་ལ་བཞག༔ མོ་རང་གི་རཱུ་པ་བྲིས་ལ་ཐུན་གྱིས་བྲབ་བོ༔ རང་ཡི་དམ་དུ་བསྒོམ་པ་གལ་ཆེ༔ ཡི་དམ་གྱི་སྔགས་བཟླས་ལ་ཡུངས་དཀར་ལ་བཏབ་ལ༔ མོའི་རུས་པས་བྲབ༔ ནང་རྟགས་བྱུང་ནས༔ ཕྱི་རྟགས་མ་བྱུང་ན་བྱའོ༔ དེ་ནས་རྦད་སྔགས་ལ་ནན་ཏན་བྱའོ༔ དེ་རང་གིས་བྱ་མི་དགོས་གསུངས་སོ༔ ཡང་རྐུན་མ་ངོས་འཛིན་པ་ལ༔ རང་གི་ནོར་གྱི་མིང་རི་བོང་གི་ཐོད་པར་བཅུག་ལ༔ འབོད་སྔགས་བྲིས་ལ་གཞུག༔ རྦད་སྔགས་བཟླའོ༔ ངའི་ནོར་སུས་ཁྱེར༔ མིང་སྟོན་རུས་སྟོན་གཟུགས་བཟང་མ་བྱས་པ་མང་དུ་གདགས་སོ༔ སངས་རྒྱས་བསྟན་པ་སྲུང་བའི་ལག་ཆ་བཅས་ཆོག་མྱུར་མགྱོགས་རོ་མྱུར་ལག་ལེན་སྒྲུབ་ཐབས་འཁོར་ལོ་དང་བཅས་པ་བླ་རྡོ་གནད་འབེབ་ཀྱི་མན་ངག་རྫོགས་སོ༔ སི་ལི་མ་བརྒྱ་ཚོ་གཅིག་བཟླས་པས༔ མོ་མགུ་ནས་སྨྲ་རུ་ཡོང་ངོ༔ ཚོང་བྱེད་པ་ལ་མོ་ནོར་ཕྱིར་འབྲང་གི་དོགས་ནས་མགོ་མནན་པ་ནི༔ མད་ཏྲ་མུད་ཏྲ་ཞེས་གཏོང་ཁར་བརྒྱ་རྩ་གཅིག་བཟླའོ༔ དེས་ཕྱིར་མི་འབྲེང་པ་ཡིན༔ བདག་འདྲ་པདྨ་འབྱུང་གནས་ངས༔ འགྲོ་རྣམས་གང་འདུལ་ཡིག་ཆུང་བསྟན༔ ཆེ་བ་སངས་རྒྱས་བསྟན་པ་ནས༔ ཆུང་བ་ཐེའུ་རང་སྒྲུབ་པ་ཡིན༔ ཐེ་ཚོམ་མི་དགོས་བཅས་པས་ཆོག༔ གསེར་ཞུན་ལྟ་བུ་བསྟན་པའི་དོན༔ སྙིགས་མར་མཁོ་བ་དུས་ལ་དགོངས༔ བརྒྱུད་པ་ལག་ལེན་འབྲི་ཀློག་རྣམས༔ མ་ནོར་ཤེས་ལ་མན་ངག་ཡོད༔ ལས་འཕྲོ་ཅན་ལ་ཅི་བྱེད་སླ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ མན་ངག་གཏིང་ཆོད་ཐེ་ཚོམ་མེད༔ ཕུང་པོ་རྡུལ་དུ་རློག་པ་ཡི༔ ཞེ་བཅད་སྐལ་བ་དང་དུ་ལོངས༔ བླ་མ་མཉེས་པའི་མཎྜལ་ཕུལ༔ མཁའ་འགྲོ་མཉེས་པའི་ཚོགས་འཁོར་བཤམ༔ ཆོས་སྐྱོང་མཉེས་པའི་གཏོར་མ་ཕུལ༔ དམ་པ་མཉེས་པའི་སྒྲུབ་པ་གྱིས༔ དེ་ཕྱིར་ཅི་བྱས་ཉེས་པ་མེད༔ ཆོས་བྱེད་སྙིང་དང་འདྲ་ན་སྤེལ༔ ལོག་ཆོས་ཅན་ལ་སྦྱིན་གྱུར་ན༔ གུ་རུའི་དམ་ཚིག་ཉམས་པར་འགྱུར༔ དུས་ལ་མ་བབ་གཏེར་བདག་སྲུངས༔ བབས་ཚེ་ཤེས་རབ་བློ་ལྡན་གྱིས༔ བསྟན་པ་དར་བའི་འགྲོ་དོན་ཤོག༔ ཁ་ཐཾ༔ ༈ ཞིང་སྐྱོང་དུར་ཁྲོད་མ་མོའི་བླ་རྡོའི་འཁོར་ལོའི་རིམ་པ་བཞུགས༔ འཁོར་ལོའི་མུ་ཁྱུད་བཞི་རུ་བསྐོར་བའི་ལྟེ་བར་བྷྱོ༔ དེ་ནས་མགོ་ནས་གཡས་སྐོར་གྱིས༔ ཨོཾ་བཛྲ་བྷ་ར་ཧེ་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཧཱུྃ་ཕཊ༔ ཨོཾ་མ་མ་ར་ལི་པྲ་མ་ཡ་ཀཱ་ལི་ཡེ་ཛཿཛ༔ ཞེས་དང་འདོད་གསོལ་མུ་ཁྱུད་ནང་མར༔ རྩིབས་ལྔའི་བྷྱོའི་མགོ་ཐད་ཀྱི་རྩིབས་ནས་རིམ་པར༔ ར་ལི་པྲ་མ་ཡ༔ ཞེས་དང༔ མཆན་ལ༔ ཨོཾ་ནི་ཀི་ཛ་བཛྲ༔ མུ་ཁྱུད་ཕྱི་མ་ལ༔ འོག་ཕྱོགས་ནས༔ ར་ལི་པྲ་མ་ཡ་ཛ༔ སི་ལི་མ་ནི་ཛ༔ མ་ཧཱ་པདྨ་ཧུར་ཧུར་ཀྲོ་དྷ་ནི་ཀྲོ་དྷ་ནི་ཧུར་ཧུར་བྷྱོ་བྷྱོ་ཛཿཛ༔ སོགས༔ ཡང་སྔ་མ་ལྟ་བུའི་འཁོར་ལོའི་དབུས་སུ་མ་མོའི་སྐུ་འབྲི་བར་བཤད༔ རྩིབས་ལ༔ ཨོཾ་ནི་ཀི་ཛཿབཛྲ༔ ཞེས་པ་བྲི༔ འཁོར་ལོ་གཉིས་ཀྱི་ལྟེ་བ་དང་མཆན་དམར༔ རྩིབས་སྔོའོ༔ མུ་ཁྱུད་ལྗང༔ མཛེས་པའི་མུ་ཁྱུད་དམར་པོའི༔ བླ་རྡོ་འཁོར་ལོ་་་སངས་རྒྱས་སོ་གཉིས་མཚན་རོ་རས་ཀྱིས་དྲིལ་ལ་འདིའི་ལྟེ་བར་འཇུག།རིམ་པ་གསུམ་དུ་བསྐོར་ལ་ལྟེ་བར༔ ཨོཾ་བྷུདྡྷ་ཌཱ་ཀི་ནཱི་ཧཱུྃ་ཕཊ༔ དེའི་ཕྱིའི་རྩིབས་བཞི་ལ་མདུན་ནས་གཡས་སྐོར་གྱིས་བཛྲ༔ རཏྣ༔ པདྨ༔ ཀརྨ་སྟེ་ཌཱ་ཀི་རིགས་བཞིའི་སྔགས༔ དེའི་ཕྱིའི་རྩིབས་བཅུ་ལ༔ བྷྱོ་ར་མ་ལི་པྲ་མ་ཡ་ཧུར་ཧུར་ཛ༔ ཅེས་བྲི༔ མཆན་ལ་མགོ་ནང་བསྟན་གྱིས༔ ཧྲཱིཿམ་ཧ་རི་ནི་མུ་ཧུར་ཧུར་བྷྱོ་བྷྱོ༔ ཞེས་བྲི༔ མུ་ཁྱུད་ཕྱི་མར་ཏྲག་རཀྟ་མུ་ཏྲ་བྷྱོ༔ མ་མ་དམ་ལ་འདུ་འདུ༔ དམ་ལ་འདུས༔ ཞེས་བྲི༔ དེའི་ཕྱི་ལ་ངན་ནེ་མའི་གཟུགས་ལྕགས་ཀྱུ་དང་མེ་ལོང་འཛིན་པའི་དཔུང་པ་གཡས་སུ་ཁྲོས་མ་ནག་མོའི་སྐུ་བྲི༔ ལྟེ་བ་དང་མཆན་དམར༔ ནང་རྩིབས་སེར༔ ཕྱི་རྩིབས་སྔོ༔ མུ་ཁྱུད་ལྗང༔ མཛེས་པའི་མུ་ཁྱུད་སྔོན་པོའོ༔ འཁོར་ལོ་ལེ་ཚན་གསུམ་སངས་རྒྱས་སོ་གཉིས་ཀྱི་མཚན་རྣམས་སྡེབས་སུ་དྲིལ་ལ་སྒྲུབ་དུས་མཆན་ཁུང་གཡས་དང་རྦད་དུས་གཡོན་དུ་བཅང་ངོ༔ ཡང་འཁོར་ལོ་རིམ་པ་གཉིས་སུ་བསྐོར་བའི་ལྟེ་བར་ཆོས་འབྱུང་ལོགས་མདུན་བསྟན་དེའི་དབུས་སུ་ཧྲཱིཿདེའི་མགོ་ནས་མ་ཧཱ་ཀཱ་ལི་པདྨ་ཧུར་ཧུར་རྦད་བྷྱོ༔ ཆོས་འབྱུང་གི་ཟུར་གསུམ་གྱི་རྒྱབ་ཏུ་མ་གཡོན་དུ་བྷྱོ༔ གཡས་སུ་ཏྲག༔ ཟླ་གམ་གསུམ་ལ༔ མགོ་ནང་བསྟན་གྱི་ཛཿརེ༔ དེའི་ཕྱི་རིམ་རྩིབས་ལྔའི་རྒྱབ་རྩིབས་ནས༔ ར་ལི་པྲ་མ་ཡ༔ དེའི་ཕྱིའི་མུ་ཁྱུད་ཀྱི་རྒྱབ་ནས༔ མ་ཧཱ་པདྨ་ཧུར་ཧུར་བྷྱོ༔ ར་ལི་པྲ་མ་ཡ་ཧུར་ཧུར་བྷྱོ༔ དགྲ་རྐུན་ཨཱ་ཀརྴ་ནྲྀ་མཱ་ར་ཡ་རྦད༔ དེའི་ཕྱིར་མ་མོའི་སྐུ་སྙིང་དང་མེ་ལོང་འཛིན་ཅིང་རྒྱན་ཆ་ལུགས་སྤྱི་ལྟ་བུའི་དཔུང་གཡས་སུ་ཁྲོས་ནག་གི་སྐུ༔ ཆོས་འབྱུང་དང་རྩིབས་སྔོ༔ མཆན་དང་ཟླ་གམ་དམར༔ མུ་ཁྱུད་ལྗང༔ མཛེས་པའི་མུ་ཁྱུད་དམར་པོའོ༔ ཡང་བླ་རྡོའི་འཁོར་ལོ་མུ་ཁྱུད་རིམ་པ་དྲུག་ཏུ་བསྐོར་བའི་ལྟེ་བར་ཨོཾ༔ དེ་མཐར་འོག་ནས༔ ཨོཾ་བུདྡྷ་ཌཱ་ཀི་ནཱི་ཡཻ་ཧཱུྃ་ཕཊ༔ དེའི་ཕྱི་རྩིབས་ལྔའི་མགོ་ཐད་ནས༔ ར་ལི་པྲ་མ་ཡ༔ དེའི་ཕྱི་རྩིབས་ལྔའི་མགོ་ཐད་ནས༔ སི་ལི་མ་ཎི་ཛ༔ དེའི་ཕྱིའི་རྩིབས་བཅུ་གཉིས་ལ༔ མ་ཧཱ་པདྨ་ཧུར་ཧུར་ཀྲོ་དྷ་ནི་ཧུར་ཧུར་བྷྱོ༔ དེའི་ཕྱིའི་མུ་ཁྱུད་ལིང་ཚེ་ལྔར་བཅད་པའི་རྒྱབ་ཏུ༔ ཨོཾ་བུདྡྷ་ཌཱ་ཀི་ནཱི་ཧཱུྃ༔ གཡོན་དུ༔ བཛྲ་ཌཱ་ཀི་ནཱི་ཧཱུྃ༔ མདུན་དུ༔ རཏྣ་ཌཱ་ཀི་ནཱི་ཧཱུྃ༔ པདྨ་ཌཱ་ཀི་ནཱི་ཧཱུྃ༔ གཡས་སུ༔ ཀརྨ་ཌཱ་ཀི་ནཱི་ཧཱུྃ༔ དེའི་མུ་ཁྱུད་ལ་རྡོ་རྗེ་ཕྱེད་པ་བཅུ་བཞི༔ དེའི་ཕྱིར་མེ་རི༔ ལྟེ་བ་སྔོན་པོ༔ རྩིབས་ལྔ་དམར༔ མཆན་སེར༔ དེའི་ཕྱིར་རྩིབས་ལྔ་ལྗང༔ མཆན་སེར༔ རྩིབས་བཅུ་གཉིས་སྔོ༔ མཆན་སེར༔ ལིང་ཚེ་རྒྱབ་དམར༔ གཡོན་སྔོ༔ མདུན་གཉིས་དམར༔ གཡས་ལྗང༔ དེའི་ཕྱིའི་མུ་ཁྱུད་སེར་པོ་ལ་རྡོ་རྗེ་དམར་སེར་རོ༔ མེ་རི་དམར་སེར༔ ཡང་འཁོར་ལོ་མུ་ཁྱུད་ལྔ་བསྐོར་བའི་ལྟེ་བར་གྲུ་གསུམ་ལ་སོགས་བདུན་བསྟན༔ དབུས་སུ་རྭ༔ དེའི་མཐར་དུར་ཁྲོད་ཀྱི་ལྷ་མོ་ངན་ནེ་མ་ཧྲཱིང་ཛ༔ གྲུ་གསུམ་གྱི་རྒྱབ་ཟུར་དུ་མ༔ གཡོན་ཟུར་བྷྱོ༔ གཡས་ཟུར་ཏྲི༔ ཟླ་གམ་གསུམ་ལ་ཧུར་ཐུམས་ཛཿགསུམ་བྲི༔ དེའི་ཕྱིའི་རྩིབས་བཅུ་ལ་འགོ་ཐད་ནས༔ མ་ར་ལི་པྲ་མ་ཀཱ་ལི་ཡེ་ཛ༔ དེའི་ཕྱིའི་མུ་ཁྱུད་ལ་འགོ་ཐད་ནས༔ ཨོཾ་སོ་ཀུ་ལུ་སོ་ཀུ་ལུ༔ ནི་ཏི་ཀུ་ལུ་ནི་ཏི་ཀུ་ལུ་པྲ་ས་ལེ་པྲ་ས་ལེ༔ ཏྲིའུ་ཏྲིའུ་སྣང་སྲིད་གསལ་བར་སྟོན༔ དེའི་ཕྱིའི་མུ་ཁྱུད་ལ༔ ར་ལི་མ་ལི་མ་ལེ་བུ་ལོང་པྲ་མ་ཡེ་པྲ་ཏི་དཀར་པོ༔ པྲ་ཏིཾའུ༔ འོན་ཏིའུ༔ མོན་ཏྲིའུ༔ མ་ཏྲ་མུ་ཏྲ་གསལ་པོར་སྟོན་གསལ་པོར་སྟོན༔ དེའི་ཕྱིའི་མུ་ཁྱུད་ལ༔ མ་ཧཱ་ཀཱ་ལི་པདྨ་ཧ་ར་ཧ་ར་ཀྲོ་ཏ་ནི་ལ་ཧུར་ཧུར༔ དགྲ་ལ་རྦད་རྦད༔ ཐུམ་རིལ་བྷྱོ་བྷྱོ༔ མ་ཧཱ་ཀཱ་ལི་སི་ལ་སི་ང་ས་གི་མཱ་ར་ཡ་ཧཱུྃ་ཛ༔ དེའི་ཕྱིའི་མུ་ཁྱུད་ལ༔ ཧྲཱི་ས་མ་ཡ་ཛ༔ ཧྲཱིཿབདག་ཇོ་ལ་ཤོག༔ ཧྲཱིཿས་མ་ཡ་ཧྲཱི་ཛ༔ མ་ཧཱ་པདྨ་ཧུར་ཧུར་དགྲ་ལ་རྦད་ཐུམ་རིལ་བྷྱོ་བྷྱོ༔ སི་ང་སི་ང༔ ཡེར་པ་ཡེ་རེ་པ༔ འདུས་པ་འདུས་པ༔ སྤྲས་སྤྲས༔ ལྷང་ལྷང༔ ཙེར་ཙེར༔ བོས་བོས༔ རྒྱུག་རྒྱུག༔ བྲེང་བྲེང༔ ནོར་ཀུན་སྙིང་ནས་ཨངྐུ་ཤ་ཛ༔ དེའི་ཕྱིར་མ་མོའི་སྐུ་སྨུག་ནག་ཕྱག་གདུ་བུ་དང་སྙན་རྒྱན་མ་གཏོགས་རྒྱན་མེད་གཡས་ལྕགས་ཀྱུ་དང་གཡོན་ཕུར་བུ་བསྣམས༔ འདོམས་སུ་རོ་སོལ་གྱི་རྡོ་རྗེ་རྒྱ་གྲམ་བྲི༔ ལྟེ་བ་དམར༔ གྲུ་གསུམ་དང༔ རྩིབས་སྔོ༔ མཆན་དམར༔ མུ་ཁྱུད་རིམ་པར་དམར་སྔོ༔ དམར་ལྗང་མཛེས་པའི་མུ་ཁྱུད་དམར་པོའོ༔ སརྦ་དཱ་མངྒ་ལཾ༔ ༔
བསྟན་འབར་མ་ (Volume 52, Text 7)
བསྟན་འབར་མ་བཞུགས་སོ། །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུངས་དང་། །ཤཱཀྱ་ཐུབ་པ་གོ་ཏམ་ལྷ་ཡི་ལྷ། །སངས་རྒྱས་དཔའ་བོ་བདུན་ལ་ཕྱག་འཚལ་ལོ། །སེམས་ཅན་དོན་དུ་བདག་གིས་སྔོན། །དཀའ་བ་གང་ཞིག་སྤྱད་གྱུར་དང་། །བདག་གི་བདེ་བ་བཏང་བ་ཡིས། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ངས་སྔོན་ནད་པའི་ཆེད་དག་ཏུ། །རང་གི་འཚོ་བ་ཡོངས་བཏང་བས། །སེམས་ཅན་ཕོངས་པ་བསྐྱབས་པའི་ཕྱིར། །བསྟན་པ༴ བུ་དང་བུ་མོ་ཆུང་མ་དང་། །ནོར་དང་གླང་ཆེན་ཤིང་རྟ་དང་། །རིན་ཆེན་བྱང་ཆུབ་ཕྱིར་བཏང་བས། །བསྟན་པ༴ བདག་གིས་སངས་རྒྱས་རང་སངས་རྒྱས། །ཉན་ཐོས་ཕ་དང་མ་དང་ནི། །དྲང་སྲོང་དག་ལ་མཆོད་བྱས་པས། །བསྟན་པ༴ བསྐལ་པ་བྱེ་བ་དུ་མར་བདག །སྡུག་བསྔལ་སྣ་ཚོགས་མྱོང་གྱུར་ཅིང་། །བྱང་ཆུབ་དོན་དུ་ཐོས་བཙལ་པས། །བསྟན་པ༴ བདག་གིས་ཚུལ་ཁྲིམས་བརྟུལ་ཞུགས་དང་། །དཀའ་ཐུབ་ཡུན་རིང་བརྟེན་བྱས་ཤིང་། །ཕྱོགས་བཅུའི་སངས་རྒྱས་ངས་མཆོད་པས། །བསྟན་པ༴ བདག་སྔོན་བརྩོན་འགྲུས་དང་ལྡན་པས། །རྟག་ཏུ་བརྟན་ཅིང་ཕ་རོལ་གནོན། །སེམས་ཅན་ཐམས་ཅད་བསྒྲལ་དོན་དུ། །བདག་བསྟན་ཡུན་རིང་འབར་གྱུར་ཅིག །བཟོད་བརྟུལ་རྟག་ཏུ་བརྟན་བྱས་ཤིང་། །སེམས་ཅན་ཉོན་མོངས་སྙིགས་མ་ཡི། །སེམས་ཅན་ངན་བཟོད་བྱས་གྱུར་པས། །བསྟན་པ༴ བསམ་གཏན་རྣམ་ཐར་གཟུགས་མེད་དང་། །ཏིང་འཛིན་གང་གཱའི་བྱེ་སྙེད་པ། །བསྒོམས་པ་དེའི་མཐུས་བདག་གི་ནི། །བསྟན་པ༴ ཡེ་ཤེས་དོན་དུ་བདག་གིས་སྔོན། །དཀའ་ཐུབ་ནགས་དག་བརྟེན་བྱས་ཤིང་། །བསྟན་བཅོས་དུ་མ་ཉེར་བསྟན་པས། །བདག་གི་བསྟན་པ་འབར་གྱུར་ཅིག །བརྩེ་བའི་རྒྱུ་ཡིས་ཤ་ཁྲག་དང་། །འཚོ་བ་ཡོངས་སུ་བཏང་གྱུར་ཅིང་། །ཡན་ལག་ཉིང་ལག་བཏང་བ་ཡིས། །ཆོས་ཚུལ་རྣམ་པར་འཕེལ་གྱུར་ཅིག །བདག་སྔོན་སྡིག་པའི་སེམས་ཅན་རྣམས། །བྱམས་པས་གསལ་བར་སྨིན་བྱས་ཤིང་། །ཐེག་པ་གསུམ་ལ་རབ་བཀོད་པས། །ཆོས་ཀྱི་ཆོས་སྦྱིན་རྒྱས་གྱུར་ཅིག །བདག་སྔོན་ཐབས་ཤེས་གྱུར་པ་ན། །སེམས་ཅན་ལྟ་ངན་ལས་བསྒྲལ་ཅིང་། །ཡང་དག་ལྟ་ལ་བཀོད་བྱས་པས། །ཆོས་ནི་རྣམ་པར་འཕེལ་གྱུར་ཅིག །བདག་གིས་སེམས་ཅན་བསྡུ་དངོས་བཞིས། །ཉོན་མོངས་མེ་ལས་ཐར་བྱས་ཤིང་། །བདག་གིས་འཕེལ་སྡིག་ཕམ་བྱས་པས། །བདག་འཁོར་ཡུན་རིང་གནས་གྱུར་ཅིག །བདག་གིས་མུ་སྟེགས་ཅན་གཞན་དག །ལྟ་བའི་ཆུ་ལས་བསྒྲལ་བྱས་ཤིང་། །ཡང་དག་ལྟ་ལ་བཀོད་གྱུར་པས། །བདག་འཁོར་རྟག་ཏུ་གུས་གྱུར་ཅིག །བསྟན་པ་ཡུན་རིང་འབར་གྱུར་ཅིག །འདི་ནི་ཟླ་བ་སྒྲོན་མེའི་མདོ་ལས་གསུངས་པའོ།། །། ༈ དཔེ་ཚན་འདི་སྔོན་མེད་གསར་བཞག་གིས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
དགོངས་གཏེར་ཐུགས་ཀྱི་ཀློང་གསལ་གྱི་བཀའ་བརྒྱད་ལུས་དཀྱིལ་འདོན་ཆ་བསྒྲིགས་པ་ཡོད་ (Volume 16, Text 7)
༁ྃ༔ དགོངས་གཏེར་ཐུགས་ཀྱི་ཀློང་གསལ་གྱི་བཀའ་བརྒྱད་ལུས་དཀྱིལ་འདོན་ཆ་བསྒྲིགས་པ་ཡོད། ། གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ནས། །དགོངས་གཏེར་བཀའ་བརྒྱད་ལུས་དཀྱིལ་འདོན་འགྲིགས་དགོད། །ཆོས་བདག་སྲུང་མས་བཀའ་གནང་བྱིན་གྱིས་རློབས། །ཧཱུྃ༔ དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ དྲན་རྫོགས་དམ་ཡེ་དབྱེར་མེད་པའི༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་གསལ༔ གཡས་པའི་ཕྱག་གསུམ་རྡོ་རྗེ་གསོར༔ གཡོན་པའི་ཕྱག་གསུམ་བྷནྡྷ་འཛིན༔ ཡུམ་ཆེན་གནམ་ཞལ་དབྱིངས་ཕྱུག་འཁྲིལ༔ གཡས་པས་གཙོ་འཁྱུད་དྲིལ་བུ་སྟེ༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ བྱོལ་སོང་གཙོ་བརྒྱད་དྲེགས་པའི་སྟེང༔ བསྐལ་པའི་མེ་དཔུང་ཀློང་དུ་བཞུགས༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ ཧཱུྃ༔ དཔྲལ་བར་འཇམ་དཔལ་གཤིན་རྗེའི་གཤེད༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སེར་ཞལ༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་བེ་ཅོན་རལ་གྲི་སཏྭ༔ གཡོན་གསུམ་སྡིགས་མཛུབ་མདུང་བྷན་དམར༔ ཡུམ་ཆེན་བཛྲ་བེ་ཏ་ལཱི༔ གཡས་པས་གཙོ་འཁྱུད་ཁ་ཊྭཱཾ་ག༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཧཱུྃ༔ མགྲིན་པར་དབང་ཆེན་རྟ་མཆོག་རྒྱལ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་སྔོ་དབུས་དམར་ཞལ༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་ཞགས༔ གཡོན་གསུམ་དྲིལ་བུ་བྷན་དམར་སྒྲོག༔ ཡུམ་ཆེན་པདྨ་གཟི་ལྡན་འཁྲིལ༔ གཡས་པས་གཙོ་འཁྱུད་ཁ་ཊྭཱཾ་ག༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོཾ་པདྨཱནྟ་ཀྲྀཏ་མ་ཧཱ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཧཱུྃ༔ ཐུགས་ཀར་བཛྲ་ཧེ་རུ་ཀ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་རྔ༔ གཡོན་གསུམ་དྲིལ་བྷན་རྒྱུ་ཞགས་བསྣམས༔ ཡུམ་ཆེན་ཀྲོ་དྷཱི་ཤྭ་རཱི་འཁྲིལ༔ གཡས་པས་གཙོ་འཁྱུད་ཁ་ཊྭཱཾ་ག༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཧཱུྃ༔ ལྟེ་བར་བླ་མེད་ཧེ་རུ་ཀ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ཁྱུང་སྦྲུལ་ཞགས༔ གཡོན་གསུམ་བྷནྡྷ་ཞིང་ག་འུ༔ ཡུམ་ཆེན་ཉིད་བཞི་མུ་ཁ་འཁྲིལ༔ གཡས་པས་གཙོ་འཁྱུད་ཁ་ཊྭཱཾ་ག༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ མ་ལྔ་ལ་སོགས་འཁོར་བཅས་གསལ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ༔ ཧཱུྃ༔ གསང་བར་རྡོ་རྗེ་གཞོན་ནུ་ཆེ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་ལྗང་ཞལ༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་གསལ༔ གཡས་གཉིས་རྩེ་དགུ་རྩེ་ལྔ་སྟེ༔ གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་ག༔ ཐ་གཉིས་རི་རབ་ཕུར་བུ་འདྲིལ༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་འཁྲིལ༔ གཡས་པས་གཙོ་འཁྱུད་ཁ་ཊྭཱཾ་ག༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ ཧཱུྃ༔ བརླ་གཡས་སྟོབས་ལྡན་ནག་པོ་ཆེ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ དབུ་གསུམ་མཐིང་ནག་འཇིགས་པ་ལ༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ལྷ་བརྒྱད་སྙིང༔ གཡོན་གསུམ་བྷནྡྷ་ཀླུ་བརྒྱད་སྙིང༔ ཡུམ་ཆེན་འབྱུང་ལྔའི་བདག་མོ་འཁྲིལ༔ གཡས་པས་གཟུགས་ཁམས་མཁའ་ལ་འདེགས༔ གཡོན་པས་འདོད་ཁམས་ས་ལ་གནོན༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཧཱུྃ༔ བརླ་གཡོན་དྲེགས་པ་ཀུན་འདུལ་རྗེ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ལྷ་བརྒྱད་མགོ༔ གཡོན་གསུམ་བྷནྡྷ་ཀླུ་བརྒྱད་མགོ༔ ཡུམ་ཆེན་སྲིད་པ་སྤྱི་འདུལ་འཁྲིལ༔ གཡས་པས་གཙོ་འཁྱུད་ཁ་ཊྭཱཾ་ག༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ རིགས་ལྔ་ལ་སོགས་འཁོར་བཅས་གསལ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཧཱུྃ༔ སྤྱི་གཙུག་རིག་འཛིན་རྡོ་རྗེ་ཆོས༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བགྲད༔ སྐུ་མདོག་དཀར་དམར་རུས་རྒྱན་མཛེས༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་གསལ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་བསྒྱུར༔ ཡུམ་ཆེན་ཆོས་དབྱིངས་རྣལ་འབྱོར་འཁྲིལ༔ གཉིས་མེད་འཁྲིལ་སྦྱོར་བདེ་ཆེན་སྐྱེད༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་ཧཱུྃ་ཕཊ༔ ཧཱུྃ༔ ཡང་དག་ཐུགས་ཀར་ཡེ་ཤེས་སེམས༔ མཐིང་ནག་ཞི་བའི་ཆ་བྱད་ཅན༔ རྡོ་རྗེ་དང་ནི་དྲིལ་བུ་བསྣོལ༔ འདོར་སྟབས་བཞུགས་པ་ཚོན་གང་ཙམ༔ དེ་ཡི་ཐུགས་ཀར་ཧཱུྃ་མཐིང་ནག༔ ནས་འབྲུ་ཙམ་ལ་རྩ་སྔགས་བསྐོར༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨཱ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ སྤྲོ་བསྡུ་དང་བཅས་བསྙེན་པ་བྱ། །མདུན་བསྐྱེད་དཀྱིལ་འཁོར་སྐད་ཅིག་བསྐྱེད། ཧཱུྃ༔ མདུན་དུ་ཚོམ་བུ་དགུ་ཡི་ལྷ་ཚོགས་རྣམས༔ ཡབ་ཡུམ་སྲས་དང་སྤྲུལ་པ་འཁོར་དང་བཅས༔ བཀའ་བརྒྱད་ལྷ་ཚོགས་བདུན་བརྒྱ་ཉི་ཤུ་རྣམས༔ ཕྱོགས་མཚམས་མེད་པར་འོད་ཟེར་མཐའ་ཡས་ཁེངས༔ རང་རང་གནས་གསུམ་འོད་ཀྱིས་སྤྱན་དྲངས་བསྟིམ༔ ཧཱུྃ༔ ཆོས་དབྱིངས་མཉམ་ཉིད་རིག་པའི་ཡེ་ཤེས་ལྷ༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་རྣམས༔ མ་བཅོས་ལྷུན་གྲུབ་ཛཿཧཱུྃ་བཾ་ཧོ་ཨ༔ ས་མ་ཡ་ཨ་བེ་ཤ་ཡ་ཏིཥྛ་ལྷན༔ རང་རིག་ཡེ་ཤེས་ལྷ་ལ་ཕྱག་འཚལ་ལོ༔ ཧཱུྃ༔ རང་བྱུང་ཐབས་ཤེས་དབྱེར་མེད་སྨན་གྱིས་མཆོད༔ རྒྱུ་རྐྱེན་རྣམ་དག་བདུད་རྩི་གཏོར་མས་མཆོད༔ ཆགས་བྲལ་རཀྟ་དམར་ཆེན་རྫས་ཀྱིས་མཆོད༔ ཕྱི་ནང་གསང་བ་དེ་བཞིན་ཉིད་ཀྱིས་མཆོག༔ གཉིས་མེད་བླང་དོར་མེད་པའི་ངང་དུ་མཆོད༔ སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་སུ་ཁ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ ཧཱུྃ༔ འཇམ་དཔལ་སྐུ་ཡི་ལྷ་ལ་ཕྱག་འཚལ་བསྟོད༔ པདྨ་གསུང་གི་ལྷ་ལ་ཕྱག་འཚལ་བསྟོད༔ ཡང་དག་ཐུགས་ཀྱི་ལྷ་ལ་ཕྱག་འཚལ་བསྟོད༔ ཆེ་མཆོག་ཡོན་ཏན་ལྷ་ལ་ཕྱག་འཚལ་བསྟོད༔ ཕྲིན་ལས་ཕུར་པའི་ལྷ་ལ་ཕྱག་འཚལ་བསྟོད༔ མ་མོ་རྦོད་གཏོང་ལྷ་ལ་ཕྱག་འཚལ་བསྟོད༔ དམོད་པ་དྲག་སྔགས་ལྷ་ལ་ཕྱག་འཚལ་བསྟོད༔ འཇིག་རྟེན་མཆོད་བསྟོད་ལྷ་ལ་ཕྱག་འཚལ་བསྟོད༔ རིག་འཛིན་སློབ་དཔོན་ལྷ་ལ་ཕྱག་འཚལ་བསྟོད༔ དེ་ལྟར་བཀའ་བརྒྱད་བདག་མདུན་ཆ་ཚང་འདི། །སྔོན་གྱི་གཏེར་རྙིང་རྣམས་ནས་བསྡུས་ཏེ་བསྒྲིགས། །གནད་དང་མན་ངག་བརྒྱུད་པ་གསར་པ་སྟེ། །སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་དགོངས་གཏེར་ཡིན། །དགོངས་གཏེར་གཞུང་དུ་དམིགས་པ་བསྙེན་སྔགས་དང་། །དབང་བསྐུར་རྩ་ཚིག་རྒྱུད་ཚིག་ལྟ་བུ་ལས། །ངག་ཏུ་འདོན་ཆ་གསལ་བར་མ་བྱུང་བས། །སྤྲུལ་སྐུ་ཉིད་ཀྱི་དགོངས་པས་རྗེས་གནང་ཕྱིར། །འདོན་ཆ་རཱ་ག་ཨ་སྱས་བསྒྲིགས་པ་ལ། །ཉེས་འགལ་མཆིས་ན་ལྷ་དང་སྲུང་མར་བཤགས། །དགེ་བས་འགྲོ་ཀུན་པད་འབྱུང་ཉིད་འགྲུབ་ཤོག། །།
ཀླུ་བདུད་ཀྱི་ཞགས་པ་དགུ་འགྲོལ་ (Volume 47, Text 7)
༄༅༔ ཀླུ་བདུད་ཀྱི་ཞགས་པ་དགུ་འགྲོལ་བཞུགས་སོ༔ སློབ་དཔོན་པདྨའི་སྐུ་ལ་ཕྱག་འཚལ་ལོ༔ འགྲོ་བ་སེམས་ཅན་གྱི་དོན་དུ་ཀླུ་བདུད་ཀྱི་ཞགས་པ་དགུ་འགྲོལ་འདི་མཛད་དོ༔ འདི་ཡི་གསོག་ལ་དཀྱིལ་འཁོར་གྲུ་བཞི་པ་ལིང་ཚེ་དགུ་བྱས་ལ༔ དབུས་སྔོ་ནག༔ ཤར་དཀར༔ ལྷོ་སྔོ༔ ནུབ་དམར༔ བྱང་ལྗང༔ མཚམས་བཞི་ནག་པོ༔ ཐ་མ་སེར་པོས་བསྐོར་བ་བྲིས་ལ༔ དེའི་མཐར་ཆུ་རིས་སྔོན་པོ༔ མཐའ་སྐོར་ནག་པོ༔ དེའི་མཐར་ཤིང་རིས་དང༔ གླིང་བཞི་གླིང་ཕྲན་ལ་སོགས་པས་བསྐོར་བས༔ རྟེན་སོགས་འཇིམ་པ་ལ་ལིང་ཚེ་དགུའི་སྟེང་དུ་དཀྱིལ་འཁོར་སྤེའུ་གཅིག༔ ལོགས་སྤེ་བཞི༔ ཟུར་སྤེ་བཞི་བཀོད་ལ༔ ལིང་ཚེ་དགུའི་སྟེང་གི་སྤེའུ་དགུའི་སྟེང་དུ་རྟ་པ་ནག་པོ་དགུ་བཞག༔ ནམ་མཁའ་གོང་སྔོན་མཐའ་ནག་དགུ༔ ལྗང་གུ་སྔོ་ནག་དགུ༔ མདའ་ལྟོང་སེར༔ འཕང་ནག་གཡུ་ལོ་ཅན༔ ཕོ་གདོང་རྣམས་དགུ་རེ༔ འབྲུ་སོགས་ལ་བཤོས་བུ་ནག་པོ་དགུ༔ གླང་ནག༔ གཡག་ནག༔ བྱ་ནག༔ ཁྱི་ནག༔ ལུག་ནག༔ སྦྲུལ་ཁྲ༔ སྦལ་ཁྲ༔ ཉ་ཁྲ༔ ལྕོང་ཁྲ༔ སྡིག་པ་ཁྲ་བོ་རྣམས་དགུ་དགུ་སྤེའུ་དགུ་པོ་ལ་བཀོད༔ ནད་པ་དང་བཟའ་ཚང་དུ་ཡོད་ཀྱི་དྲི་མ་བསྒོས་པའི་གླུད་ཉི་ཤུ་རྩ་བརྒྱད་ཀྱིས་མཐའ་ལ་བསྐོར༔ སྤོས་ཆུ་དང༔ གསེར་སྐྱེམས་དང༔ དཀར་གསུམ་དང༔ མངར་གསུམ༔ དམར་གསུམ༔ སྤྱན་གཟིགས་སྣ་ཚོགས་བཤམས༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་ལ་ཚེ་གཞི་གཅིག་ཀྱང་བཤམ༔ རྟ་པ་ནག་པོ་དགུའི་ཏོང་ཚེ་རེ་རེ་རྟ་པ་རེ་ལ་གཏད༔ སྣེ་མོ་ངོས་གཅིག་ཐམས་ཅད་ནད་པའི་སྐེ་ལ་བཏགས་པ༔ ཀླུ་བདུད་རེ་ལ་ཐག་པ་རེ་འགྲོལ༔ ལྕུང་ཀའི་སྒྲོས་ནད་པ་ལ་བྱབ་ལ་ངར་གླུད་ལ་བསྟིམ་མོ༔ ཆུ་གཏོར་གཅིག་ཀྱང་གཏོང་ངོ༔ དེ་ནས་རྟ་མགྲིན༔ ཕྱག་རྡོར་བྱ་ཁྱུང་གསུམ་གང་རུང་གི་ཕྲིན་གཞུང་བསྲང༔ རང་ཡི་དམ་དུ་བསྒོམས་ལ་གྱེར་རོ༔ ཀྱཻ༔ དང་པོ་སྟོང་པའི་ངང་ཉིད་ལས༔ དེ་ལ་རྡུལ་དང་རྡུལ་ཕྲན་ཆགས༔ དེ་སྟེང་གསེར་གྱི་ས་གཞི་ཆགས༔ དེ་ལ་རི་རབ་ལྷུན་པོ་སྲིད༔ གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་བསྐོར༔ རྒྱུ་ནི་རིན་ཆེན་འབྱུང་བ་ལྔ་ལ་བརྟེན༔ གླིང་ནི་ཁྱད་འཕགས་ཛམ་བུ་གླིང༔ དབྱིབས་ནི་སོག་ཁ་བརྡལ་བ་འདྲ༔ ལྷ་སྲིན་སྡེ་བརྒྱད་གནས་ཀྱང་བཅས༔ སྐྱེ་འགྲོ་མི་ལ་གནོད་པར་བྱེད༔ ཡས་སུ་མཐུན་པའི་དམ་རྫས་འབུལ༔ ཀྱཻ༔ སྡེ་བརྒྱད་ནང་ནས་གདུག་རྩུབ་ཅན༔ ཀླུ་བདུད་ནག་པོ་མཆེད་དགུ་བྱུང༔ བྲག་དང་ཆུ་མིག་སྦྲེལ་མ་དང༔ ལུང་གསུམ་འདུས་པའི་མདོ་ལ་གནས༔ བྲག་དང་རྩི་ཤིང་དག་ལ་གནས༔ གནོད་པ་མི་དང་ཕྱུགས་ལ་གནོད༔ དེ་ལ་ཡས་དང་གླུད་འབུལ་གྱི༔ རིན་ཆེན་སྣ་ལྔའི་དཀྱིལ་འཁོར་དུ༔ དུག་སྦྲུལ་བསྒྱེལ་པའི་གདན་སྟེང་དུ༔ ཇོ་བོ་ཀླུ་བདུད་སྤྱན་འདྲེན་གླུད་ལ་གཤེགས༔ མཐུན་རྫས་སྣ་ཚོགས་འདི་ལྟར་མཆིས༔ དགུ་ཚན་ཡས་དང་གླུད་བཤམས་ཤིང༔ སྤྱན་གཟིགས་གསེར་སྐྱེམས་ཕུད་རྒོད་ལ༔ ཀླུ་བདུད་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱག་ན་རྡོ་རྗེའི་བཀའ་བྱུང་བས༔ སྦྲུལ་ནག་འཁྱིལ་པའི་གདན་སྟེང་དུ༔ ཇོ་བོ་ཀླུ་བདུད་བཞུགས་སུ་གསོལ༔ ཇོ་བོ་ཀླུ་བདུད་མཆེད་དགུ་ལ༔ བདག་ཅག་མ་རིག་འཁྲུལ་དབང་གིས༔ ཐུགས་དང་འགལ་པ་ཅི་མཆིས་པ༔ འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ ཇོ་བོ་ཀླུ་བདུད་མཆེད་དགུ་ལ༔ དགྱེས་པའི་སྐུ་གླུད་འབུལ་བ་ནི༔ དགུ་ཚན་མང་པོ་བསགས་མདོས་དང༔ ཏིང་འཛིན་གསལ་བས་བྱིན་གྱིས་བརླབས༔ སྔགས་དང་ཕྱག་རྒྱས་མོས་པར་བསྒྱུར༔ བདེན་པའི་ཚིག་གིས་བཀྲོལ་ཞིང་བཤད༔ འདོད་ཡོན་ལྔ་ལྡན་མདོས་མཆོག་འདི༔ ཀླུ་བདུད་འཁོར་དང་བཅས་ལ་འབུལ༔ དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ༔ ཞགས་པས་བཅིངས་པ་འགྲོལ་དུ་གསོལ༔ ཕྱག་ན་རྡོ་རྗེའི་བཀའ་མ་གཅོག༔ སྔོན་གྱི་ལན་ཆགས་ཡོད་ན་ཡང༔ མཐུན་པའི་ཡས་དང་གླུད་འདི་འབུལ༔ དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ གནོད་པའི་གདུག་རྩུབ་ཞི་བར་མཛོད༔ དེ་ནས་བྱད་ཐག་ཞགས་པ་འགྲོལ་བ་ནི༔ ཀྱཻ༔ ཀླུ་བདུད་མགོ་དགུའི་གཅེན་པོ་བ༔ ཀླུ་བདུད་ནག་པོ་ཏི་པ་ཙ༔ དཔོན་གཡོག་འཁོར་དང་བཅས་པ་ལ༔ མཐུན་པའི་ཡས་གླུད་འདི་ལྟར་འབུལ༔ སྐུ་མཁར་རྒྱན་དང་ལྡན་པ་དང༔ མི་ནག་དང་ནི་རྟ་ནག་དང༔ ནམ་མཁའ་ནག་པོ་རྒྱང་ནག་དང༔ མདའ་ནག་དང་ནི་འཕང་ནག་དང༔ ཕོ་གདོང་བཞིན་ལེགས་འཛུམ་ཤོར་དང༔ བཤོས་བུ་ནག་པོ་འབྲང་རྒྱས་དང༔ གླང་ནག་གཡག་ནག་བྱ་ནག་དང༔ ཁྱི་ནག་དང་ནི་ལུག་ནག་དང༔ སྦྲུལ་ནག་དང་ནི་སྦལ་པ་སྔོ་ཁྲ་དང༔ ཉ་དང་ལྕོང་མོ་སྡིག་པ་དང༔ ངར་གླུད་སྤོས་ཆབ་གསེར་སྐྱེམས་དང༔ དཀར་གསུམ་མངར་གསུམ་དམར་གསུམ་དང༔ རྩི་སྨན་སྤྱན་གཟིགས་ཆེ་དགུ་འབུལ༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ རྒྱུ་སྦྱོར་སྦྱིན་པའི་བདག་པོ་འདི༔ ཞགས་པས་བཅིངས་པ་བཀྲོལ་དུ་གསོལ༔ གདུག་པའི་ནད་རྣམས་ཞི་བར་མཛོད༔ ཕྱག་ན་རྡོ་རྗེའི་བཀའ་མ་གཅོག༔ ས་མ་ཡ་ལ་གནས་པར་གྱིས༔ རང་རང་སོ་སོའི་གནས་སུ་གཤེགས༔ ཡི་དམ་གྱི་སྔགས་ལ་ཤམ་བུ་འདི་སྦྱར་བ་བཟླ་ཞིང་རོལ་མོ།་་་ཀླུ་བདུད་གདུག་པའི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔་་་དེ་འོག་མ་ཀུན་ལ་འགྲེའོ།།༽ ཞེས་སྲད་བུ་ནད་པའི་མགུལ་ལས་བཀྲོལ་ནས་རྟ་པ་གཅིག་ལ་གཏད༔ གོང་གི་སྔགས་བཟླ་བཞིན།་་་སྐྱུང་ཀའི་སྒྲོས་ནད་པ་ལ་བྱབས་ལ་ངར་གླུད་ལ་བསྟིམ་མོ༔ ཀྱཻ༔ ཀླུ་བདུད་དེ་ཡི་གཅུང་པོ་བ༔ ཀླུ་བདུད་ནག་པོ་འཛིན་ཤེས་གཏོང་མི་ཤེས༔ དཔོན་གཡོག་སོགས་འགྲེའོ། །ཀྱཻ༔ ཀླུ་བདུད་དེ་ཡི་གཅུང་པོ་བ༔ ཀླུ་བདུད་ཁྲིམས་ལྡན་རལ་པ་ཅན༔ དཔོན་གཡོག༴ ཀྱཻ༔ ཀླུ་བདུད་དེ་ཡི་གཅུང་པོ་བ༔ ཀླུ་བདུད་རྟ་དགུ་མཁར་ལྡིང་ལེགས༔ དཔོན་གཡོག༴ ཀྱཻ༔ ཀླུ་བདུད་དེ་ཡི་གཅུང་པོ་བ༔ ཀླུ་བདུད་འགྲམ་ནག་མ་གཅིག་ལགས༔ དཔོན་གཡོག༴ ཀྱཻ༔ ཀླུ་བདུད་དེ་ཡི་གཅུང་པོ་བ༔ ཀླུ་བདུད་གཙང་པ་མགོ་དགུ་ལགས༔ དཔོན་གཡོག༴ ཀྱཻ༔ ཀླུ་བདུད་དེ་ཡི་གཅུང་པོ་བ༔ ཀླུ་བདུད་སྡིག་པའི་མགོ་བོ་ཅན༔ དཔོན་གཡོག༴ ཀྱཻ༔ ཀླུ་བདུད་དེ་ཡི་གཅུང་པོ་བ༔ ཀླུ་བདུད་གེལ་བ་གླང་གི་མགོ་བོ་ཅན༔ དཔོན་གཡོག༴ ཀྱཻ༔ ཀླུ་བདུད་དེ་ཡི་གཅུང་པོ་བ༔ ཀླུ་བདུད་སྙབ་པ་ལག་རིང་ལགས༔ དཔོན་གཡོག༴ དེ་ནས་གླུད་བསྔོ་བ་ནི༔ ཀྱཻ༔ ཇོ་བོ་ཀླུ་བདུད་འཁོར་བཅས་ལ༔ ངར་གླུད་ཉི་ཤུ་རྩ་བརྒྱད་འདི༔ རྒྱུ་སྦྱོར་ཡོན་བདག་གླུད་དུ་འབུལ༔ ཀླུ་བདུད་ཁྱེད་ཀྱི་སྤྱན་ལམ་དུ༔ གླུད་མཆོག་འདི་ནི་ཁྱད་པར་འཕགས༔ འབྲུ་མཆོག་ངར་གྱི་མི་བོ་ཆེ༔ ཀུ་བའི་མགོ་ལ་ཟེར་མོའི་སྐྲ༔ ལུང་ཐང་མིག་ལ་འགྲོན་བུའི་སོ༔ རྒྱ་དར་ལྕེ་ལ་ཟངས་མའི་སྣ༔ གྲོ་ག་གཅུས་པའི་རྣ་བ་ཅན༔ ཞོ་ཤའི་དོན་སྙིང་བསེ་ཆེན་ཤ༔ མཚལ་གྱི་ཁྲག་ལ་དུང་གི་རུས༔ རྐང་གཡས་ལྕགས་ལ་རྐང་གཡོན་ཟངས༔ ལག་པ་གཡས་སུ་གསེར་བ་བསྐུར༔ ལག་པ་གཡོན་དུ་གཡུ་བསྐུར་ནས༔ རྒྱུ་སྦྱོར་ཡོན་བདག་གླུད་དུ་འབུལ༔ གླུད་བདག་ལགས་ཀྱིས་གླུད་བཞེས་ཤིག༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ ཀྱཻ༔ ཇོ་བོ་ཀླུ་བདུད་རྣམས་ད་ནི་གཤེགས་མཛོད་ཅིག༔ རི་གསུམ་འདུས་པའི་རྩེ་ལ་གཤེགས༔ ལུང་གསུམ་འདུས་པའི་ཕུ་རུ་གཤེགས༔ བྲག་ནག་དོ་བའི་རྩེ་རུ་གཤེགས༔ ཤིང་ནག་རྐང་གཅིག་རྩ་རུ་གཤེགས༔ ཆུ་མགོ་དགུ་ཡི་རྩ་རུ་གཤེགས༔ རང་རང་སོ་སོའི་གནས་སུ་གཤེགས༔ ཕྱག་ན་རྡོ་རྗེའི་བཀའ་མ་གཅོག༔ ས་མ་ཡ་ལ་གནས་པར་གྱིས༔ ཡོན་བདག་འདི་ལ་མ་གནོད་པར༔ ཁྱོད་ཀྱང་དམ་ལ་མ་འདའ་ཞིག༔ ང་ཡང་དམ་ལས་མི་འདའ་འོ༔ མདོས་བདག་མདོས་བཞེས་ཤིག༔ གླུད་བདག་གླུད་བཞེས་ཤིག༔ ཕྱོགས་མཚམས་རང་རང་བདེ་བར་བཞུད༔ ཅེས་བརྗོད་ལ་སྤང་ལེབ་བམ་ཕུབ་ཀྱི་ཁར་སྔར་ཡོད་པ་བཞིན་བཞག་ལ༔ གནོད་ཕྱོགས་སུ་ཡས་བསྐྱལ་ལོ༔ འདི་ལན་གསུམ་བྱས་ན་ཀླུ་བདུད་ཇི་ལྟར་འགྲས་ཆེ་ཡང་ནད་ལས་གྲོལ་བར་ངེས་སོ༔ བསམ་ཡས་མཆིམས་ཕུའི་གཏེར་མའོ། །མངྒ་ལཾ།། །། ༈ མངའ་བདག་ཉང་གི་གཏེར་མར་གྲགས་པའི་ཀླུ་བདུད་ཞགས་པ་དགུ་འགྲོལ་འདི་ལ་བཅས་བཤམ་དང་ཆོ་ག་གཞུང་གསལ་ལྟར་ལ། བདག་བསྐྱེད་རྟ་ཕྱག་ཁྱུང་གསུམ་གང་རུང་བྱས་ཀྱང་རུང་། །ཕྱག་ལེན་ལ་ནཱ་ག་རཀྴ་མཛད་པས། དེའི་ལས་བྱང་སྒྲུབ་ཐབས་རྒྱས་བསྡུས་གང་རིགས་དང་། བཟླས་པ་ཅི་ནུས་བྱ། ཆུ་གཏོར་ཞིག་གཏང་གསུངས་པ་སྣ་སེལ་ལྟ་བུ་ཡིན་འདུག་པས་སྡེ་བརྒྱད་གསེར་སྐྱེམས་གཏང་ཡང་རུང་། དེ་ནས་ནད་པ་མདུན་དུ་འཁོད་པ་ལ་བྱད་ཐག་མགུལ་ལམ་སྲིན་ལག་ལ་སྦྲེལ། གཏོར་ཡས་རྣམས་སྔགས་དྲུག་ཕྱག་དྲུག་གིས་བརླབས་ལ། ཀྱཻ༔ དང་པོ་སྟོང་པའི་ངང་ཉིད་ལས༔ ཞེས་སོགས་ནས་མཐར་ཕྱུངས། ཡས་གླུད་བསྐྱལ་བ་དང་མཉམ་དུ། ནཱ་ག་རཀྴའི་སྔགས་དང་། སུམྦྷ་ནི་སོགས་དྲག་སྔགས་བརྗོད་ལ་བསྐྲད། སྲུང་འཁོར་སྤྱི་འགྲོ་བསྒོམ། བཀྲ་ཤིས་རྒྱས་པར་བརྗོད་དོ། ༈ །ཡང་ཕྱག་ལེན་རྒྱས་པ་དབང་དང་འབྲེལ་བར་བྱེད་ན། ཡར་གཞི་ལ། ནཱ་ག་རཀྴའི་དབང་དཀྱིལ་གཞུང་ལྟར་དང་ཁྲུས་བུམ་ཀྱང་བཤམ། བདག་མདུན་དབྱེར་མེད་དམ་སོ་སོར་བསྒྲུབ། ལས་བུམ་དུ་ནཱ་ག་རཀྴ་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པར་བསམ་ལ་བཟླས་པ་དང་འོད་ཞུ་བཅས་བྱ། གཏོར་མ་འབུལ། དེ་ནས་ཆོ་ག་གཞན་གོང་ལྟར་ལ། བྱད་ཐག་བཀྲོལ་ཚར་ནས། བུམ་པ་ཐོགས་ལ། ནཱ་ག་རཀྴའི་སྔགས་ཀྱི་མཐར། སྦྱིན་པའི་བདག་པོས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་ཀླུ་གཉན་ས་བདག་གི་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཀྲུ་བ་དང་། ཨ་པ་ན་ཡེ་སྭཱ་ཧཱ་བཏགས་པས་བྱབ་པ་སོགས་བྱབ་ཁྲུས་སྤྱི་ལྟར་རྒྱས་བསྡུས་གང་མོས་བྱ། དེ་ནས། ཀྱཻ༔ ཇོ་བོ་ཀླུ་བདུད་འཁོར་བཅས་ལ༔ སོགས་གླུད་བསྔོ། ཡས་བསྐྱལ་བསྐྲད་སྔགས་དང་། སྲུང་འཁོར་ཚར་ནས། སྔགས་མཐར། རཀྵ་རཀྵ་བཏགས་པའི་སྲུང་བ་སྤྱི་ལྟར་བྱ། དེ་ནས་རྗེས་གནང་དང་གཏོར་དབང་བཅས་བྱ་ཞིང་ཤིས་བརྗོད་རྒྱས་པར་བྱའོ། །མངྒ་ལཾ།། །།
བླ་མ་དགོངས་པ་འདུས་པ་ལས༔ ཕྲིན་ལས་ལམ་ཁྱེར་བསྡུས་པ་མེ་ཏོག་ཕྲེང་མཛེས་ (Volume 7, Text 7)
༁ྃ༔ བླ་མ་དགོངས་པ་འདུས་པ་ལས༔ ཕྲིན་ལས་ལམ་ཁྱེར་བསྡུས་པ་མེ་ཏོག་ཕྲེང་མཛེས་བཞུགས་སོ༔ ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ དགོངས་འདུས་ཁ་སྐོང་ལས་བྱང་མདོར་བསྡུས་ཤིང༔ ཕྱི་རབས་དོན་དུ་ཚོགས་གཉིས་གསག་ཕྱིར་བརྗོད༔ དཀྱིལ་འཁོར་གཏོར་མཆོད་བཀོད་པའི་བྱེ་བྲག་དང༔ བགེགས་གཏོར་བཏང་སྟེ་བཀའ་བསྒོ་མཚམས་གཅོད་གྱེར༔ ཡན་ལག་བདུན་པ་སྐྱབས་འགྲོ་སེམས་བསྐྱེད་བྱ༔ མཆོད་གཏོར་སྨན་རཀ་བསང་སྦྱང་བྱིན་གྱིས་བརླབ༔ ཏིང་འཛིན་གསུམ་གསལ་གཞལ་ཡས་ལྷ་ཚོགས་བསྐྱེད༔ སྤྱན་འདྲེན་བཞུགས་གསོལ་དབང་བསྐུར་རྒྱས་གདབ་ཅིང༔ ཕྱག་འཚལ་ཕྱི་ནང་གསང་མཆོད་སྨན་རཀ་སྦྲེང༔ གཏོར་འབུལ་བསྟོད་པ་ཚོགས་ཀྱི་ཡོ་བྱད་བཤམ༔ བསང་སྦྱང་བྱིན་བརླབ་ཚོགས་གྱེར་བསྐང་གསོ་བྱ༔ ལྷག་མ་འཛབ་བསྐུལ་གང་འདོད་ལས་སྦྱོར་འབད༔ ཆད་མདོ་བརྟན་མ་བསྐྱངས་ནས་རྟ་བྲོ་བརྡུང༔ དངོས་གྲུབ་བླངས་ལ་བཤགས་པ་བཀྲ་ཤིས་བརྗོད༔ དལ་བསྡུ་དམིགས་མེད་རྒྱས་གདབ་བསྔོ་བ་བྱ༔ བསྡུས་དོན་རྐང་གྲངས་རིམ་པ་ཨེ་མ་ཧོ༔ ལྷ་བསྒྲུབ་དཀྱིལ་འཁོར་བྲི་འམ་ཚོམ་བུ་བཀོད༔ འབྱོར་ཚོགས་གཏོར་མ་བག་དྲོ་རྒྱན་ལྡན་དང༔ ཕྱི་ནང་མཆོད་སོགས་སྨན་རག་གཡས་གཡོན་བཤམ༔ གཞན་ཡང་བླ་མ་ཡི་དམ་ཌཱ་ཀི་ཡི༔ སྐུ་གསུང་ཐུགས་རྟེན་དཀོན་མཆོག་མཆོད་སྤྲིན་རྣམས༔་་་བཀོད་པའི་བྱེ་བྲག །མཆན། མཛེས་ཤིང་ཡིད་འོང་བག་དྲོ་བཀྲམ་པར་བྱ༔ དེ་ནས་བགེགས་དང་འབྱུང་པོའི་གཏོར་མ་ནི༔ འབྲས་ཆེན་བཤོས་ཆང་ཏིང་ལོ་མར་མེ་བཤམ༔ ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ཅི་འདོད་དམིགས༔ རང་ཉིད་དབང་ཆེན་རྟ་མགྲིན་འབར་བར་བསྐྱེད༔ རྟ་སྐད་སྒྲོག་ཅིང་བགེགས་འདུལ་ངར་ལྡན་གསལ༔ བཀའ་བསྒོ་ནི༔ ཧཱུྃ་ཧྲཱི༔ ཉོན་ཅིག་བགེགས་དང་ལོག་འདྲེན་འབྱུང་པོའི་ཚོགས༔ བདེ་གཤེགས་རྒྱལ་བ་རྣམས་ཀྱི་བཀའ་བྱུང་ཞིང༔ ཁྲོ་རྒྱལ་འབར་བའི་ཕོ་བྲང་འདེབས་འཚལ་བས༔ འདོད་ཡོན་མཆོད་སྦྱིན་གཏོར་མ་འདི་སྣོམས་ལ༔ ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས༔ གལ་ཏེ་མི་འགྲོ་བཀའ་ལས་འདའ་བྱེད་ན༔ བདག་ཉིད་ཁྲོ་རྒྱལ་དབང་ཆེན་རབ་ཁྲོས་ནས༔ ལུས་སེམས་མ་ལུས་བརླག་པར་གདོན་མི་ཟ༔ ཨོཾ་ཨཱཿཧཱུྃ་སརྦ་བིགྷ་ནཱན༔ ན་མ༔ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱ༔ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀ་ཧྞེ་དཾ་བ་ལིཾ་ཏེ་སྭཱ་ཧཱ༔ སརྦ་བིགྷ་ནཱན་གཙྪ༔ ཨོཾ་སུཾ་བྷ་ནི་ཕཊ༔ ཧ་ཡ་གྲཱི་ཝ་ཧཱུྃ༔ མཚམས་གཅོད༔ ཧཱུྃ་ཧྲཱི༔ ཡེ་ཤེས་རོལ་པ་དབང་གི་དཀྱིལ་འཁོར་འདིར༔ ཡེ་ནས་རྣམ་དག་ལྷ་ཡི་རང་བཞིན་ལ༔ བདུད་བགེགས་ལོག་འདྲེན་བར་ཆད་མིང་ཡང་མེད༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཤུ་ཛྙཱ་ན་མ་ཧཱ་རཀྵཾ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཡན་ལག་བདུན་པ༔ ཀྱེ༔ ཕྱོགས་བཅུའི་སྐྱབས་གནས་དཀོན་མཆོག་བདག་ལ་དགོངས༔ འགྲོ་རྣམས་སྐྱོབ་པའི་མགོན་དང་དཔུང་མཛོད་ཅིག༔ དུས་འདི་ནས་བཟུང་རྫོགས་སངས་མ་རྒྱས་བར༔ མགོན་པོ་མཆོག་གྱུར་རྣམས་ལ་ཕྱག་འཚལ་ལོ༔ བདག་གཞན་ལུས་དང་ལོངས་སྤྱོད་མཆོད་པར་འབུལ༔ ཉམས་ཆག་ཉེས་ལྟུང་བསགས་རྣམས་མཐོལ་ཞིང་བཤགས༔ དུས་གསུམ་དགེ་བར་གྱུར་ལ་རྗེས་ཡི་རང༔ བླ་མེད་ཐེག་ཆེན་ཆོས་འཁོར་བསྐོར་དུ་གསོལ༔ རྒྱལ་བ་མྱ་ངན་མི་འདའ་བཞུགས་པར་གསོལ༔ བདག་གཞན་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔ སྐྱབས་འགྲོ༔ སྐྱབས་གནས་དཀོན་མཆོག་རྣམས་ལ་སྐྱབས་སུ་མཆི༔ སེམས་བསྐྱེད༔ སྔོན་ཆད་རྒྱལ་བའི་མཛད་པ་རྨད་བྱུང་ལྟར༔ དེ་བཞིན་བདག་གིས་དུས་འདི་ནས་བརྩམ་བྱ༔ འགྲོ་བ་ཡོངས་ཀྱི་བླ་མར་བདག་གྱུར་ཅིག༔ མཆོད་པ་བསང་སྦྱང་བྱིན་གྱིས་བརླབ༔ ཨོཾ༔ སྣང་སྲིད་འདོད་ཡོན་ལོངས་སྤྱོད་མཆོད་པའི་རྫས༔ ཨཱ༔ རྣམ་དག་ལྷ་ཚོགས་དགྱེས་པ་སྐོང་བར་བྱེད༔ ཧཱུྃ༔ གཟུགས་སྒྲ་དྲི་རོ་རེག་བྱ་ནུས་བཅུད་ལྡན༔ ཧོཿ ཕྱི་ནང་གསང་བའི་མཆོད་པ་བླ་ན་མེད༔ ཨཱོཾ་ཨཱཿཧཱུྃ་ཧོཿབཛྲ་ཨརྒྷཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝིདྱཱ་ཤབྡ་ཨཱོཾ་ཨཱཿཧཱུྃ༔ རཱུ་པ་ཤབྡ་གྷནྡྷེ་རཱ་ས་སྤརྴེ་ཨཱོཾ་ཨཱཿཧཱུྃ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་བ་སུ་ཏ་ཙིཏྟ་ཨོཾ་ཨཱཿཧཱུྃ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ བདུད་རྩི་བྱིན་གྱིས་བརླབ༔ ཨཱོཾ༔ བྷནྡྷ་ཁོར་ཡུག་བདུད་རྩིའི་སྣོད་ཆེན་པོར༔ དུག་ལྔ་དབྱིངས་སྒྲོལ་རང་བྱུང་ཡེ་ཤེས་རྫས༔ ཟག་མེད་བདེ་ཆེན་ལྷུན་གྲུབ་བདུད་རྩིར་འཁྱིལ༔ ལྷ་རྣམས་དགྱེས་པ་སྐོང་བའི་བཅུད་དུ་གྱུར༔ ཨཱོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ རཀྟ་བྱིན་གྱིས་བརླབ༔ ཨཱཿ དབྱིངས་ཀྱི་རང་བཞིན་སྟོང་ཉིད་ཀ་པཱ་ལར༔ ཡེ་ཤེས་ཆེན་པོ་བདེ་བའི་རཀྟ་མཆོག༔ དབྱིངས་དང་ཡེ་ཤེས་བདེ་སྟོང་དམར་འོད་འདྲེས༔ ཁུ་བ་རཀྟའི་རྒྱ་མཚོ་རྦ་རླབས་འཁྲུགས༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ གཏོར་མ་བྱིན་གྱིས་བརླབ༔ ཧཱུྃ༔ སྣོད་ཀྱི་འཇིག་རྟེན་ཡངས་པའི་གཞོང་པ་རུ༔ བཅུད་ཀྱི་སྐྱེ་འགྲོ་བ་ལིཾ་ཆེན་པོར་སྦྱར༔ རྒྱུ་རྐྱེན་རྟེན་འབྲེལ་ནུས་པས་བྱིན་བརླབས་ནས༔ ཀུན་རྫོབ་མཚན་མའི་བག་ཆགས་སྐྱོན་དང་བྲལ༔ ཨཱོཾ་ཨཱཿཧཱུྃ༔ མ་ཧཱ་བ་ལིཾ་ཏ་བྷ་ཏ་བ་ལིཾ་ཏེ་སྭཱ་ཧཱ༔ ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཕྱི་ནང་གསང་བའི་མཆོད་པ་འདི་དག་དང༔ སྨན་གཏོར་རཀྟ་གཏོར་མར་བཅས་པ་རྣམས༔ ཡེ་ནས་རང་བྱུང་དག་པར་ལྷུན་གྲུབ་ཕྱིར༔ བསང་སྦྱང་བྱིན་རླབས་མཚན་མའི་མཐའ་ལས་འདས༔ འོན་ཀྱང་ཀུན་རྫོབ་སྒྱུ་མའི་བག་ཆགས་རྣམས༔ རྣམ་འཕྲུལ་རོལ་པས་བསངས་ཤིང་བྱིན་གྱིས་བརླབས༔ རཾ་ཡཾ་ཁཾ༔ ཨཱོཾ་ཨཱཿཧཱུྃ༔ ཡེ་ཤེས་མེ་ཡིས་ཉོན་མོངས་བག་ཆགས་བསྲེག༔ སྐྱོད་བྱེད་རླུང་གིས་མཚན་འཛིན་བག་རྡུལ་གཏོར༔ དག་བྱེད་ཆུ་ཡིས་ཀུན་རྫོབ་དྲི་མ་བཀྲུ༔ བསྲེགས་གཏོར་བཀྲུས་པས་རྟོག་པའི་སྐྱོན་དང་བྲལ༔ རཾ་སྥ་ར་ཎ་ཕཊ༔ ཡཾ་སྥ་ར་ཎ་ཕཊ༔ ཁཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཨཱོཾ་ཨཱཿཧཱུྃ༔ ཨཱོཾ་ནི་སྤེལ་བྱེད་སྐུ་ཡི་ཡིག་འབྲུར་གསལ༔ ཨཱཿནི་སྦྱོང་བྱེད་གསུང་གི་ཡིག་འབྲུར་གསལ༔ ཧཱུྃ་ནི་སྒྱུར་བྱེད་ཐུགས་ཀྱི་ཡིག་འབྲུར་གསལ༔ དཔག་མེད་རྣམ་དག་ཡེ་ཤེས་ཆེན་པོར་གྱུར༔ སྐུ་གསུང་ཐུགས་མཆོག་ཨོཾ་དང་ཨཱཿཧཱུྃ་གིས༔ སྣོད་བཅུད་རྒྱུ་རྐྱེན་རྟེན་འབྲེལ་ནུས་མཐུར་ལྡན༔ ཨཱོཾ་ཨཱཿཧཱུྃ༔ ཏིང་འཛིན་རྣམ་གསུམ་ལས༔ དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ ཧཱུྃ་ཧྲཱི༔ སྣང་སྲིད་འཁོར་འདས་གཉིས་བསྡུས་ཆོས་རྣམས་ཀུན༔ སྟོང་ཞིང་བདག་མེད་ནམ་མཁའ་ལྟ་བུ་ལ༔ བྱེད་སྤྱོད་བླང་དོར་འཛིན་པའི་མཐའ་ལས་འདས༔ དེ་བཞིན་ཉིད་དུ་པདྨ་རྒྱལ་པོས་སྨྲ༔ ཨཱོཾ་མ་ཧཱ་ཤཱུ་ཛྙཱ་ཏཱ་ཛྙཱ་ན་སྭ་བྷཱ་ཝ་ཧཱུྃ༔ ཀུན་སྣང་གི་ཏིང་ངེ་འཛིན་ནི༔ དེ་ལྟར་མ་རྟོགས་འཁྲུལ་པར་གྱུར་པ་ཡི༔ ལྟར་སྣང་སྐྱེ་འགྲོའི་འགྲོ་བ་ཉོན་རེ་མོངས༔ བཟོད་མེད་གདུང་བའི་བློ་ཡིས་རབ་བཟུང་སྟེ༔ ཀུན་སྣང་ཙམ་དུ་བདག་གིས་བསྒྲལ་བར་བགྱི༔ དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཧཱུྃ༔ རྒྱུའི་ཏིང་ངེ་འཛིན་ནི༔ ཧྲཱི༔ དོན་དམ་དབྱིངས་ལས་འབར་བའི་ཆོ་འཕྲུལ་ཤར༔ སྣ་ཚོགས་སྤྲུལ་པའི་གར་བྱེད་གློག་ལྟར་འཁྱུག༔ རྒྱུ་ཡི་ཧེ་རུ་དམར་གསལ་མེ་འོད་འཕྲོ༔ ཐུགས་རྗེའི་ཞལ་ཕྱག་རྣམ་འགྱུར་བསམ་མི་ཁྱབ༔ ཙིཏྟ་པདྨ་བཛྲ་ཧཱུྃ༔ གཞལ་ཡས་ཁང་བསྐྱེད་པ༔ བྷྲཱུྃ༔ འབྱུང་བ་མེ་རླུང་འཁྲུགས་པའི་ཕོ་བྲང་དབུས༔ ཟླ་གམ་དམར་ཆེན་འབར་བའི་ཀློང་དཀྱིལ་དུ༔ གདལ་ཁྱབ་པགས་པས་རབ་གཡོགས་ཀེང་རུས་མཁར༔ ཤ་ཁྲག་ཕུང་པོ་འདུས་པའི་གཞལ་ཡས་ཁང༔ དབང་པོ་སྒོ་བཞི་ཉི་ཟླའི་སྐར་ཁུང་ཅན༔ ཡན་ལག་རྟ་བབས་སྐྲ་ཡི་བ་དན་ཕྱར༔ རྩ་རྒྱུས་དྲྭ་བ་རྒྱུ་མའི་ཕྲེང་ལོང་མཛེས༔ ཙིཏྟའི་ཕོ་ལོང་ཞིང་གི་གཡང་གཞི་བྲེས༔ ཐོད་པའི་ཚངས་ཁང་སྤྱི་གཙུག་ཕྱུར་བུའི་ཏོག༔ བདེ་དྲོད་མེ་དཔུང་འཁྲིགས་པའི་དཀྱིལ་ཡངས་ནས༔ རྣམ་ཤེས་འདབ་བརྒྱད་བརྡལ་བའི་གདན་སྟེང་དུ༔ ཐབས་དང་ཤེས་རབ་ཉི་ཟླ་གེ་སར་སྟེང༔ ལྷ་བསྐྱེད་པ༔ ཤེས་རིག་རྒྱལ་པོ་དཔལ་ཆེན་ཧེ་རུ་ཀ༔ སྣང་བའི་ངོ་བོ་པདྨ་བཛྲ་རྩལ༔ སྟོང་པའི་བདག་ཉིད་ལྷ་ལྕམ་གསང་བའི་ཡུམ༔ གཉིས་མེད་འཁྲིལ་སྦྱོར་བདེ་སྟོང་ལྷན་ཅིག་རོལ༔ ཨཱོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་པདྨ་བཛྲ་ཧྲཱི༔ དྷུ་མ་གྷ་ཡེ་དྷཱ་ཀི་ནཱི་ན་མཿསྭཱ་ཧཱ༔ ཧྲཱི༔ ཐབས་ཤེས་ཡབ་ཡུམ་བདེ་རོལ་ཆོ་འཕྲུལ་ལས༔ ཅིར་ཡང་སྤྲུལ་པའི་ལྷ་ཚོགས་བསམ་མི་ཁྱབ༔ ཞི་དང་ཁྲོ་ཚུལ་རྣམ་འགྱུར་བརྗོད་འདས་ཀྱང༔ རང་སྣང་བློ་ཡིས་མོས་པས་གང་འདོད་གསལ༔ ཧྲཱི༔ ཉོན་མོངས་ཚར་གཅོད་ཁྲོ་རྒྱལ་འབར་བ་དང༔ ཐུགས་རྗེས་འགྲོ་འདུལ་ཞི་ཚུལ་མཛེས་པའི་སྐུ༔ ཡབ་ཡུམ་སྲས་འཁོར་བཀའ་ཉན་བཅས་པ་སྟེ༔ གདངས་གསལ་མ་འགག་རོལ་པའི་ཚུལ་བཞིན་བསྐྱེད༔ ཧྲཱི༔ ཕྱོགས་དང་ཕྱོགས་མཚམས་པདྨ་འདབ་བརྒྱད་སྟེང༔ བུདྡྷ་ཐོད་ཕྲེང་ཡབ་ཡུམ་སྲས་དང་འཁོར༔ མི་བསྐྱོད་རྡོ་རྗེ་ཡབ་ཡུམ་སྲས་དང་འཁོར༔ པདྨ་དབང་ཆེན་ཡབ་ཡུམ་སྲས་དང་འཁོར༔ རིག་འཛིན་ཐོད་རྩལ་ཡབ་ཡུམ་སྲས་དང་འཁོར༔ མདོག་དམར་མེ་ཕྲེང་ཡབ་ཡུམ་སྲས་དང་འཁོར༔ སངས་རྒྱས་དཔའ་བོ་ཡབ་ཡུམ་སྲས་དང་འཁོར༔ དཔལ་ཆེན་རྟ་མགྲིན་ཡབ་ཡུམ་སྲས་དང་འཁོར༔ ལག་ན་རྡོ་རྗེ་ཡབ་ཡུམ་སྲས་དང་འཁོར༔ ཀུན་ཀྱང་སྤྲུལ་དང་ཡང་སྤྲུལ་བཀའ་ཉན་ཚོགས༔ སྐུ་མདོག་ཕྱག་མཚན་རྣམ་འགྱུར་དུ་མ་སྟེ༔ གཅིག་ཏུ་མ་ངེས་ཆོ་འཕྲུལ་སྣ་ཚོགས་སྟོན༔ སྣང་སྟོང་མ་འགག་ལྷན་ནེ་ལྷང་ངེར་གསལ༔ བུདྡྷ་ཐོད་ཕྲེང་རྩལ་བཻ་རོ་ཙ་ན་ཨཱོཾ༔ སརྦ་བུདྡྷ་དྷཱ་ཀི་ནཱི་ཧཱུྃ༔ ཨཀྵོ་བྷྱཿབཛྲ་སུ་ཁ་དྷ་རི་ཧཱུྃ༔ པདྨེ་བྷ་ཤ་ཧ༔ དྷཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ ཨ་ཙརྻ་མ་ཧཱ་བཛྲ་ཤཱནྟི་པདྨ་ཀུ་རུ་ཏི་བྷྱོ་དྷཱ་ཀི་ནཱི་ཧཱུྃ༔ ཨརྩིག་ནིརྩིག་མ་མ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བུདྡྷ་ཀ་པཱ་ལ་དཔའ་བོ་ཧཱུྃ༔ བུདྡྷི་པྲ་དྷཱ་ཀི་ནཱི་མ་མ་རུ་ལུ་སྭཱ་ཧཱ༔ བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་མ་མ་ཨེ་ཀ་ཛཱ་ཊཱི་ཧཱུྃ༔ བཛྲ་པཱ་ཎི་མ་ཧཱ་ཀྲོ་དྷ་མ་མ་སིདྡྷི་ཧཱུྃ༔ ཧྲཱི༔ སྟོད་སྨད་བར་ཁྱམས་བ་སྤུའི་གྲོང་ཁྱེར་དུ༔ དཔའ་བོ་དཔའ་མོ་ལ་སོགས་དཔག་མེད་ཀྱང༔ རྣམ་འགྱུར་ཆ་ལུགས་ཅིར་ཡང་སྟོན་བྱེད་ཅིང༔ མ་འགག་ལྷུན་གྲུབ་རོལ་པའི་ཚུལ་དུ་གསལ༔ ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ༔ སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿ རང་བྱུང་ཐུགས་རྗེ་མ་འགག་རོལ་པའི་སྐུ༔ སྤྱན་འདྲེན་བཞུགས་སུ་གསོལ་བར་མི་དམིགས་ཀྱང༔ ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས༔ རྩལ་སྣང་དབྱིངས་ནས་རོལ་ཅིང་གཤེགས་སུ་གསོལ༔ རྣམ་དག་ཨོ་རྒྱན་བཀོད་པའི་ཕོ་བྲང་ནས༔ པདྨ་བཛྲ་འཁོར་བཅས་གཤེགས་སུ་གསོལ༔ ཤར་ཕྱོགས་ཕོ་བྲང་རི་བོ་ཏ་ལ་ནས༔ བུདྡྷ་ཐོད་ཕྲེང་འཁོར་བཅས་གཤེགས་སུ་གསོལ༔ ལྷོ་ཕྱོགས་གྱད་མཁར་བརྩེགས་པའི་ཕོ་བྲང་ནས༔ མི་བསྐྱོད་རྡོ་རྗེ་འཁོར་བཅས་གཤེགས་སུ་གསོལ༔ ནུབ་ཕྱོགས་སོ་ས་གླིང་གི་ཕོ་བྲང་ནས༔ པདྨ་དབང་ཆེན་འཁོར་བཅས་གཤེགས་སུ་གསོལ༔ བྱང་ཕྱོགས་མ་ག་དྷཱ་ཡི་ཕོ་བྲང་ནས༔ ཐོད་པ་རྩལ་ཆེན་འཁོར་བཅས་གཤེགས༴ ཤར་ལྷོ་བསིལ་བ་ཚལ་གྱི་ཕོ་བྲང་ནས༔ དྲག་པོ་མེ་ཕྲེང་འཁོར་བཅས་གཤེགས་སུ་གསོལ༔ ལྷོ་ནུབ་དགའ་བ་ཚལ་གྱི་དུར་ཁྲོད་ནས༔ དཔའ་བོ་ཐོད་དུམ་འཁོར་བཅས་གཤེགས༴ ནུབ་བྱང་རབ་ཏུ་རྒྱུ་བའི་དུར་ཁྲོད་ནས༔ དཔའ་བོ་རྟ་མགྲིན་འཁོར་བཅས་གཤེགས༴ བྱང་ཤར་ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ ལག་ན་རྡོ་རྗེ་འཁོར་བཅས་གཤེགས༴ ཀུན་ཀྱང་མ་འགག་ཆོ་འཕྲུལ་སྤྱོད་པའི་ཚུལ༔ གང་ལ་གང་འདུལ་ཕྲིན་ལས་སྣ་ཚོགས་བདག༔ ཆོ་འཕྲུལ་དུ་མར་རོལ་ཅིང་གཤེགས་སུ་གསོལ༔ འཁོར་གྱི་དྷཱ་ཀི་ཤུགས་འགྲོའི་ཚོགས་རྣམས་ཀུན༔ དོན་གྱི་དབྱིངས་ལས་ལྷུན་གྲུབ་གཅིག་མོད་ཀྱང༔ གནས་སྐབས་ཡུལ་དོན་བྲན་གྱི་ཚུལ་སྣང་ཞིང༔ མཐུ་སྟོབས་རྩལ་ལྡན་ནུས་པའི་ཤུགས་དང་བཅས༔ བདག་སོགས་མོས་པའི་བུ་ལ་རབ་དགོངས་ནས༔ མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ༔ ཐུགས་རྗེ་བརྩེ་བས་གནས་འདིར་གཤེགས་ནས་ཀྱང༔ དཀྱིལ་འཁོར་ཆེན་པོའི་ལུས་ལ་བྱིན་ཆེན་ཕོབ༔ སྒྲུབ་མཆོག་མཆེད་ལྕམ་ངག་ལ་དབང་ཞིག་སྐུར༔ བརྒྱུད་འཛིན་མོས་པའི་སེམས་ལ་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་རྣམ་གཉིས་སྩོལ༔ ཨཱོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ ཨེ་ཨཱ་རལླི་ཧྲཱིང་ཧྲཱིང༔ ཕེཾ་ཕེཾ༔ ཛཿཧཱུྃ་བཾ་ཧོ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱི༔ སྒྱུ་ལུས་ཕོ་བྲང་བཀོད་པའི་གཞལ་ཡས་འདིར༔ བཞུགས་པའི་དུར་ཁྲོད་ལྷུན་གྲུབ་ཉམས་རེ་དགའ༔ ཕོ་བྲང་རིན་ཆེན་དམ་པ་བྱིན་རེ་ཆགས༔ དབང་ཆེན་པདྨ་འདབ་བརྒྱད་མདངས་དང་ལྡན༔ ཐབས་ཤེས་ཉི་ཟླ་བརྩེགས་པའི་འོད་ཟེར་འཕྲོ༔ རང་རང་བཞུགས་པའི་གདན་ཁྲི་ཡངས་པའི་སྟེང༔ ལྷ་རྣམས་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཐུགས་རྗེའི་འཕྲོ་འདུ་རོལ་པ་གཏན་ལ་ཕོབ༔ ཨཱོཾ་ཨཱཿཧཱུྃ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ ཙིཏྟ་བཛྲ་ཛྙཱ་ན་པདྨ་ཀ་མ་ལཱ་ཡ་སཏྭཾ༔ དབང་བསྐུར་བ་ནི༔ ཧཱུྃ་ཧྲཱི༔ རིགས་མཆོག་དག་པ་འོད་དཔག་མེད་པའི་སྐུ༔ རྒྱལ་ཚབ་དམ་པར་དབང་མཛད་བཅོམ་ལྡན་འདས༔ རིགས་ལྔ་ཡུམ་ལྔའི་ཚོགས་དང་བཅས་རྣམས་ཀྱིས༔ བྱིན་རླབས་དབང་བསྐུར་དམ་པ་དེང་འདིར་སྩོལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱ༔ ཨ་བྷི་ཥིཉྩ་ཏུ་མཱཾ༔ རྒྱས་གདབ་པ་ནི༔ ཧྲཱི༔ ལྷུན་གྲུབ་རྒྱལ་བ་དམ་ཚིག་སེམས་དཔའི་སྐུ༔ ཐུགས་རྗེའི་སྤྲུལ་པ་ཡེ་ཤེས་སེམས་དཔའི་ཚོགས༔ གདོད་ནས་གཉིས་མེད་བརྡལ་བའི་ཀློང་ཡངས་སུ༔ ཆུ་ལ་ཆུ་བཞག་ལྟ་བུར་ཨེ་མ་ཧོ༔ མ་དག་ལྟར་སྣང་གཉིས་འཛིན་འཁྲུལ་པའི་བློས༔ ཕན་ཚུན་སོ་སོར་མཚན་མ་རང་དགར་བཟུང༔ དེང་ནས་དབྱེར་མེད་དུ་མ་རོ་གཅིག་ཏུ༔ དོན་གྱི་དབྱིངས་སུ་འདའ་བར་མི་བགྱིད་དོ༔ ཨཱོཾ་མ་ཧཱ་ཤཱུ་ཛྙཱ་ཏཱ་ས་མ་ཡ་ཧཱུྃ༔ ས་མ་ཡ་སཏྭཾ་ར་ཧོ་ཧཾ༔ ཕྱག་འཚལ་བ་ནི༔ ཨེ་མ་ཧོ༔ ཆོས་སྐུ་ནམ་མཁའ་ལྟ་བུར་དབྱེར་མེད་ཅིང༔ ལོངས་སྐུ་གསལ་སྟོང་མ་འདྲེས་སོ་སོར་གསལ༔ སྤྲུལ་སྐུ་གང་ལ་ཅི་འདུལ་ཕྲིན་ལས་བདག༔ སྐུ་གསུམ་བླ་མ་རྣམས་ལ་ཕྱག་འཚལ་ལོ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ ལོངས་སྐུ་ཁྲོ་ཚུལ་ལོག་འདྲེན་གདུག་པ་འདུལ༔ སྤྲུལ་སྐུ་རྣམ་འགྱུར་དུ་མའི་ཆ་ལུགས་ཅན༔ ཡི་དམ་དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཆོས་སྐུ་སྟོང་ཉིད་དཔའ་མོ་ཡུམ་གྱི་མཁའ༔ ལོངས་སྐུ་བདེ་ཆེན་དཔའ་བོ་ཡབ་ཀྱི་དབྱིངས༔ བདེ་སྟོང་མཁའ་དབྱིངས་འཁོར་བཅས་སྤྲུལ་པའི་ཚོགས༔ ཆོ་འཕྲུལ་སྲས་བཅས་རྣམས་ལ་ཕྱག་འཚལ་ལོ༔ ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ དྷརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནིརྨཱ་ཀཱ་ཡ༔ ཨ་ཏི་པུ་ཧོ༔ པྲ་ཏཱི་ཛ་ཧོ༔ ཕྱི་མཆོད་འབུལ་བ་ནི༔ ཧཱུྃ་ཧྲཱི༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ མེ་ཏོག་བདུག་སྤོས་མར་མེ་ཞལ་ཟས་དྲི༔ སྒྲ་དབྱངས་ཨརྒྷཾ་ལ་སོགས་མཆོད་པའི་སྤྲིན༔ ཕྱི་མཆོད་རྣམ་དག་རྒྱལ་བ་རྣམས་ལ་འབུལ༔ ནང་མཆོད༔ ལྷ་མིའི་མཆོད་རྫས་འདོད་ཡོན་ལོངས་སྤྱོད་ཚོགས༔ གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི༔ རང་བྱུང་ནང་མཆོད་ཀུན་བཟང་སྤྲིན་ཕུང་ལྟར༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི༔ གསང་མཆོད༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཆེ༔ ཕྲག་དོག་ཤ་ཁྲག་རྒྱུས་པ་ནང་རོལ་ཏེ༔ ཙིཏྟར་བཅས་རྣམས་དུག་ལྔ་ཕུང་པོའི་རྫས༔ གསང་མཆོད་རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ༔ དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི༔ ཡབ་ཡུམ་གཉིས་མེད་མཁའ་གསང་རོལ་པ་ལས༔ བདུད་རྩི་བྱང་ཆུབ་སེམས་ཀྱི་བཅུད་འཕྲོ་ཞིང༔ བདེ་སྟོང་ལྷན་ཅིག་སྐྱེས་སྦྱོར་མཉམ་གནས་པ༔ བླ་མེད་མཆོད་པ་རང་སྣང་ལྷ་ལ་འབུལ༔ ཨཱོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཨརྒྷཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱཱ་ཤབྡ་པཱུ་ཛ་ཧོ༔ རཱུ་པ་ཤབྡ་གྷནྡྷེ་རཱ་ས་སྤརྴེ་པཱུ་ཛ་ཧོ༔ མ་ཧཱ་མཱཾ་ས་རཀྟ་ཀི་ནི་རི་ཏི་བ་སུ་ཏ་ཙིཏྟ་པཱུ་ཛ་ཧོ༔ བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ བདུད་རྩི་སྨན་མཆོད༔ ཧྲཱི༔ བྷནྡྷ་ཁོར་ཡུག་ཡངས་པའི་སྣོད་ཆེན་པོར༔ དབྱིངས་དང་ཡེ་ཤེས་གཉིས་སྦྱོར་བདུད་རྩི་མཆོག༔ རང་བྱུང་གདོད་ནས་རྣམ་པར་དག་པའི་རྫས༔ རྒྱུ་དྲུག་རྐྱེན་བཞི་བདུད་རྩི་ར་སཱ་ཡ༔ རང་བྱུང་འདུས་པའི་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཐུགས་རྗེའི་རྩལ་སྣང་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ མ་འགག་སྤྲུལ་པའི་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ མོས་པའི་བློས་བཟུང་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ འདུས་བྱས་ལྟར་སྣང་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ དམ་ཚིག་གཉན་གྱི་སྲུང་མ་ཐམས་ཅད་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ འཁོར་འདས་ལྷ་དང་འགྲོ་བ་ཐམས་ཅད་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ རཀྟ་འབུལ་བ་ནི༔ ཧྲཱི༔ དུང་ཆེན་སྣོད་དུ་དམར་ཆེན་རྦ་རླབས་འཕྱོ༔ རྟེན་འབྲེལ་བཅུ་གཉིས་རཀྟའི་བ་གམ་འཁྲིགས༔ གུ་ཧྱ་མཱུ་ལ་རཀྟར་བཅས་པ་རྣམས༔ བཀྲམ་པའི་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི༔ ཨཱོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཧཱུྃ་ཧྲཱི༔ དབྱིངས་རིག་མ་བུའི་བྱུར་འདྲེ་རབ་བསྒྲལ་ཏེ༔ གཉིས་སྣང་རྟོག་པའི་བཅུད་ཆེན་གཏོར་མར་སྦྱར༔ འཕྲོ་འདུའི་རླངས་ལས་སྣ་ཚོགས་རྒྱུ་རྐྱེན་འདུས༔ དཀར་སེར་དམར་ལྗང་མཐིང་ནག་འོད་ཟེར་འཕྲོ༔ ཁ་མངར་སྐྱུར་རྩུབ་རོ་བཅུད་ནུས་པར་ལྡན༔ ཚོགས་དྲུག་ཡུལ་སྣང་གཏོར་མ་བརྗིད་ལྡན་འདི༔ ཆོ་འཕྲུལ་དུ་མས་བསྲེགས་སྦྱངས་བཀྲུས་ཤིང་བསྒྱུར༔ རྣམ་དག་བདུད་རྩིའི་ཞལ་ཟས་ཆེན་པོ་སྟེ༔ ཡེ་ཤེས་རབ་འབྱམས་མཆོད་པ་ཆེན་པོའི་རྫས༔ བྱིན་རླབས་མཁྱེན་ལྡན་རྩ་བརྒྱུད་བླ་མ་དང༔ རང་སྣང་རྣམ་དག་ཡི་དམ་ལྷ་ཡི་ཚོགས༔ སྤྲུལ་པས་འགྲོ་འདུལ་མཁའ་འགྲོ་ཆོས་སྐྱོང་ལ༔ མཆོད་པར་འབུལ་གྱིས་བླང་དོར་མེད་པར་བཞེས༔ འདུས་བྱས་རྫས་སྦྱར་སྣོད་བཅུད་ཕུན་སུམ་ཚོགས༔ ཚོགས་གཉིས་སྤེལ་ཕྱིར་རྒྱུ་རྐྱེན་གཏོར་མ་འདི༔ མཛེས་པའི་དཀར་ཐིག་དམར་གུར་བདུད་རྩིས་བརླན༔ སྣ་ཚོགས་ཅོད་པན་ལྡིང་གུར་བརྗིད་ལྡན་ཕུབ༔ འདོད་ཡོན་ལོངས་སྤྱོད་བཟའ་བཏུང་བྲན་པ་འདི༔ བླ་མ་རྣམས་དང་ཡི་དམ་མཁའ་འགྲོའི་ཚོགས༔ དཔའ་བོ་དཔའ་མོ་དམ་ཅན་ཆོས་སྐྱོང་དང༔ མཆོད་འོས་བཀའ་སྡོད་སྲུང་མར་བཅས་ལ་འབུལ༔ ཐུགས་རྗེ་ཐུགས་དམ་དབང་གིས་བཞེས་སུ་གསོལ༔ དགྱེས་ཤིང་རོལ་པ་ཆེན་པོར་བཞེས་ནས་ཀྱང༔ བདག་གཞན་འགྲོ་བས་ཇི་ལྟར་འདོད་པ་ཡི༔ དོན་འབྲས་མྱུར་དུ་འགྲུབ་པར་མཛད་དུ་གསོལ༔ ཨཱོཾ་ཨཱཿཧཱུྃ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་བསྟོད་པ་བྱ་བ་ལ༔ ཧཱུྃ་ཧྲཱི༔ ཐུགས་རྗེའི་རོལ་པ་དབང་གི་དཀྱིལ་འཁོར་དུ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་བདག༔ འགྲོ་བ་ཡོངས་ཀྱི་དཔལ་མགོན་ཨོ་རྒྱན་རྗེ༔ པདྨ་བཛྲ་རྩལ་ལ་ཕྱག་འཚལ་བསྟོད༔ དོན་གྱི་དབྱིངས་ལ་ཆ་ལུགས་མི་མངའ་ཡང༔ གདུལ་བྱ་མོས་བློའི་སྣང་ཚུལ་ཇི་བཞིན་དུ༔ རྣམ་འགྱུར་དུ་མས་ཕྲིན་ལས་གཞན་དོན་མཛད༔ རྒྱན་དང་ཆ་ལུགས་རྫོགས་ལ་ཕྱག་འཚལ་བསྟོད༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་འདོར་ཐབས་ཚུལ༔ དམར་མཐིང་དཀར་དང་ཞི་ཁྲོ་ཕྱེད་མའི་ཞལ༔ གཡས་གསུམ་རྡོ་རྗེ་རལ་གྲི་བདུད་རྩི་བུམ༔ དྲིལ་བུ་བནྡྷ་ཁ་ཊྭཱཾ་གཡོན་གསུམ་ཕྱག༔ གཉིས་མེད་བདེ་སྦྱོར་ལྷ་ལྕམ་གསང་བའི་ཡུམ༔ དམར་མོ་ཌཱ་རུ་དུང་དམར་གཡས་གཡོན་འཁྱུད༔ ཡབ་ཡུམ་གཉིས་མེད་རུས་རྒྱན་དུར་ཁྲོད་ཆས༔ གར་དགུའི་ཉམས་ལྡན་སྐུ་ལ་ཕྱག་འཚལ་བསྟོད༔ ཡབ་ཡུམ་བདེ་རོལ་འབར་འཛག་འཕྲོས་པ་ལས༔ གཟུགས་སྐུའི་ལྷ་ཚོགས་རྣམ་འཕྲུལ་དུ་མ་ཤར༔ གཙོ་འཁོར་ཡབ་ཡུམ་སྲས་ཀྱི་ཚུལ་སྟོན་ཅིང༔ སྤྲུལ་སྒྱུར་སྣ་ཚོགས་འགྱེད་ལ་ཕྱག་འཚལ་བསྟོད༔ བྷུདྡྷ་ཐོད་ཕྲེང་དཀར་སྔོ་དམར་བའི་ཞལ༔ འཁོར་ལོ་རྡོ་རྗེ་རྩེ་དགུ་ཞིང་དབྱུག་གཡས༔ བུམ་པ་དྲིལ་བུ་ཞགས་པ་གཡོན་གསུམ་ཕྱག༔ དབྱིངས་ཕྱུག་སྔོན་མོ་རྒྱལ་མཚན་དུང་དམར་འཁྱུད༔ ཡབ་ཡུམ་གཉིས་སུ་མེད་ལ་ཕྱག་འཚལ་བསྟོད༔ མི་བསྐྱོད་རྡོ་རྗེ་སེར་དཀར་དམར་བའི་ཞལ༔ གཡས་གསུམ་རལ་གྲི་མདུང་ཐུང་ཐོད་དབྱུག་ཕྱར༔ སྟོང་གི་འཇིག་རྟེན་མེ་རླུང་གཡོན་གསུམ་ཕྱག༔ བདེ་དབྱིངས་དམར་སེར་ཆོས་འབྱུང་དུང་དམར་སྟོབ༔ ཡབ་ཡུམ་གཉིས་མེད་འཁྲིལ་ལ་ཕྱག་འཚལ་བསྟོད༔ པདྨ་དབང་ཆེན་དཀར་དམར་མཐིང་བའི་ཞལ༔ གཡས་གསུམ་ཕྲེང་བ་རྔ་ཡབ་ལྕགས་ཀྱུ་འཛིན༔ པད་སྡོང་གྭ་འུ་དབང་ཞགས་གཡོན་གསུམ་ཕྱག༔ རིག་བྱེད་དམར་སྐྱ་ཌཱ་རུ་ཐོད་ཁྲག་སྟོབ༔ ཡབ་ཡུམ་གཉིས་སུ་མེད་ལ་ཕྱག་འཚལ་བསྟོད༔ རིག་འཛིན་ཐོད་རྩལ་ལྗང་དཀར་དམར་བའི་ཞལ༔ འཁོར་ལོ་རྡོ་རྗེ་རལ་གྲི་གཡས་གསུམ་ཕྱག༔ གཡོན་གསུམ་དྲིལ་བུ་ཞགས་པ་ཕུར་བུ་འཛིན༔ ཉི་ཟླ་དམར་མོ་ཐོད་ཕྲེང་ག་འུ་སྟོབ༔ ཡབ་ཡུམ་གཉིས་མེད་འཁྲིལ་ལ་ཕྱག་འཚལ་བསྟོད༔ མདོག་དམར་མེ་ཕྲེང་གཡས་དཀར་གཡོན་ལྗང་ཞལ༔ རྡོ་རྗེ་རྩེ་ལྔ་ཐོ་ལུམ་མེ་དཔུང་གཡས༔ ཐོད་ཁྲག་སྡིག་པ་བམ་ཆེན་གཡོན་གསུམ་ཕྱག༔ སྲིད་པ་དམར་མོ་ཐོ་བ་བྷནྡྷ་འཁྱུད༔ ཡབ་ཡུམ་གཉིས་སུ་མེད་ལ་ཕྱག་འཚལ་བསྟོད༔ སངས་རྒྱས་དཔའ་བོ་མཐིང་དཀར་དམར་བའི་ཞལ༔ འཁོར་ལོ་ཟླ་བ་མེ་དཔུང་གཡས་གསུམ་ཕྱག༔ གཡོན་གསུམ་གཤོལ་མདའ་ཉི་མ་རླུང་ནག་བསྣམས༔ དཔའ་མོ་དཀར་མོ་འཁོར་ལོ་བདུད་རྩི་སྟོབ༔ ཡབ་ཡུམ་གཉིས་མེད་འཁྲིལ་ལ་ཕྱག་འཚལ་བསྟོད༔ རྟ་མགྲིན་དམར་པོ་དཀར་དང་སྔོ་བའི་ཞལ༔ གཡས་གསུམ་ཁ་ཊྭཱཾ་རྡོ་རྗེ་སྦྲུལ་ཞགས་འཛིན༔ ཐོད་ཁྲག་དྲིལ་བུ་ལྕགས་སྒྲོག་གཡོན་གསུམ་ཕྱག༔ ཙ་ཏི་སྨུག་ནག་ཏྲི་ཤུལ་དུང་དམར་སྟོབ༔ ཡབ་ཡུམ་གཉིས་སུ་མེད་ལ་ཕྱག་འཚལ་ལོ༔ ལག་ན་རྡོ་རྗེ་མཐིང་ནག་དཀར་དམར་ཞལ༔ རྡོ་རྗེ་གྲི་གུག་སྦྲུལ་ཞགས་གཡས་གསུམ་ཕྱག༔ གཡོན་གསུམ་ཐོད་ཁྲག་དྲིལ་བུ་པདྨ་བསྣམས༔ གསང་དབྱིངས་དམར་མོ་ཁ་ཊྭཱཾ་བྷན་དམར་སྟོབ༔ ཡབ་ཡུམ་གཉིས་སུ་མེད་ལ་ཕྱག་འཚལ་བསྟོད༔ ཀུན་ཀྱང་ཡབ་ཡུམ་རུས་རྒྱན་དུར་ཁྲོད་ཆས༔ ཡབ་རྣམས་ཞབས་བཞི་འདོར་སྟབས་བདུད་བཞི་མནན༔ ཡུམ་རྣམས་དཔལ་ཆེན་ཡབ་ཀྱི་སྐེད་ལ་འཁྱུད༔ ཞི་དང་ཁྲོ་གར་མཛད་ལ་ཕྱག་འཚལ་བསྟོད༔ ཕྱི་ནང་གཞན་གསུམ་ལྷ་དང་ལྷ་མོའི་ཚོགས༔ བྱེད་པ་ཀུན་སྟོན་རྣམ་འཕྲུལ་ཡོངས་ཀྱི་མཛོད༔ འཁོར་འདས་རང་གྲོལ་བདེ་ཆེན་གཡུང་དྲུང་སྐུ༔ དཀྱིལ་འཁོར་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད༔ འདོད་ཡོན་ལོངས་སྤྱོད་ཚོགས་ཀྱི་ཡོ་བྱད་ནི༔ བཟའ་བཏུང་བཅའ་སོགས་འབྱོར་ལྡན་བཤམས་ནས་ཀྱང༔ རྡོ་རྗེ་དང་བཅས་བདུད་རྩིའི་ཟེར་གཏོར་ཏེ༔ ཨཱོཾ་བཛྲ་ཨ་མྲྀཏ་ཀུནྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཀྱིས་བསང་སྦྱང༔ ཧོ༔ ཞལ་ཟས་ཚོགས་ལ་ཉེས་པ་མ་མཆིས་ཀྱང༔ བཤམས་པའི་རྫས་ཀྱི་འབག་བཙོག་དྲི་མ་རྣམས༔ རཾ་ཡཾ་ཁཾ་གིས་བསྲེག་གཏོར་སྦྱང་བྱས་ཤིང༔ ཉེས་པའི་སྐྱོན་བྲལ་ལེགས་པའི་ཡོན་ཏན་ལྡན༔ རཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཡཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཁཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ བྱིན་བརླབས༔ ཨཱོཾ་ལས་འོད་འཕྲོས་དབྱིངས་དང་མཉམ་པར་སྤེལ༔ ཨཱཿལས་འོད་འཕྲོས་རྟོག་ཚོགས་འཁྲུལ་པ་སྦྱངས༔ ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་བདུད་རྩིར་བསྒྱུར༔ ཧ་ལས་འོད་འཕྲོས་འདོད་ཡོན་སྣང་སྲིད་བཀང༔ ཧོཿལས་འོད་འཕྲོས་ལྷ་རྣམས་དགྱེས་པ་བསྐངས༔ ཧྲཱིཿལས་འོད་འཕྲོས་མགྲོན་རྣམས་ཚིམ་ཞིང་ངོམས༔ ཨཱོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ འབུལ་བ་ནི༔ ཧཱུྃ་ཧྲཱིཿ དུར་ཁྲོད་གསང་ཆེན་རོལ་པའི་དཀྱིལ་འཁོར་འདིར༔ ཚོགས་ཀྱི་ཡོ་བྱད་གཞུང་བཞིན་བཤམས་ནས་ཀྱང༔ བསངས་སྦྱངས་བྱིན་བརླབས་རོ་བཅུད་ནུས་པར་ལྡན༔ སྒྲུབ་རྫས་གཉན་པོའི་ཚོགས་དང་བཅས་པ་རྣམས༔ བླ་མ་ཡི་དམ་མཁའ་འགྲོ་རྣམས་ལ་འབུལ༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་གཉན་བསྐངས་ཏེ༔ སྒྲུབ་མཆོག་བུ་ལ་དངོས་གྲུབ་རྣམ་གཉིས་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ བསྟབ་པ་བྱ་བ་ནི༔ ཧྲཱིཿ བསྟབ་བོ་བསྟབ་བོ་ལྷ་ཚོགས་ཞལ་དུ་བསྟབ༔ བླ་མ་ཡི་དམ་མཁའ་འགྲོ་ཞལ་ཕྱེས་ཤིག༔ ཆོས་སྐྱོང་དམ་ཅན་སྲུང་མ་ཞལ་ཕྱེས་ཤིག༔ སྟོན་པ་རྡོ་རྗེ་རྒྱལ་པོ་ཞལ་ཕྱེས་ཤིག༔ གཟུང་མ་ཀུན་ཏུ་བཟང་མོ་ཞལ་ཕྱེས་ཤིག༔ འདུས་པའི་མཆེད་དང་ལྕམ་དྲལ་ཞལ་ཕྱེས་ཤིག༔ གནོད་བྱེད་གཟུགས་ཕུང་ཤ་ཁྲག་ཞལ་དུ་བསྟབ༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཚོགས་ཕུད་མཆོད༔ རོལ་ཅིག་རོལ་ཅིག་འདོད་ཡོན་ཚོགས་ལ་རོལ༔ ཞལ་ཟས་རོལ་པ་ཚོགས་ཀྱི་མཆོད་པ་འབུལ༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ཚོགས་བཤགས༔ ཧོ༔ བདག་སོགས་མ་རིག་ལུས་ངག་ཡིད་གསུམ་གྱིས༔ བག་མེད་སྤྱོད་པས་དམ་ལས་འགལ་གྱུར་ཏེ༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དང་ཅི་འགལ་བ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་མཐོལ་བཤགས་ན༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་སོར་ཆུད་དེ༔ སྒྲིབ་མེད་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ༔ ཨཱོཾ་ཨཱཿཧཱུྃ་ག་ཎ་ཙཀྲ་སཏྭ་ས་མ་ཡ༔ ཞེས་ཚང་བར་བརྗོད༔ སྐོང་གསོ་ནི༔ ཧཱུྃ་ཧྲཱི༔ བསྐང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐང༔ འདོད་ཡོན་ལོངས་སྤྱོད་རྫས་ཀྱིས་ཐུགས་དམ་བསྐང༔ བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང༔ སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ༔ སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར༔ ཡེ་སྒྲོལ་ཡེ་སྦྱོར་ཆེན་པོས་ཐུགས་དམ་བསྐང༔ ལྟ་བ་ཀློང་དུ་གྱུར་པས་ཐུགས་དམ་བསྐང༔ སྒོམ་པ་ཡེངས་འཁྲུལ་རྐྱེན་དང་བྲལ་བས་བསྐང༔ སྤྱོད་པ་བླང་དོར་ཚུལ་འཆོས་བྲལ་བས་བསྐང༔ འབྲས་བུ་ལྷུན་གྲུབ་ཕྱོགས་ལྷུང་མེད་པས་བསྐང༔ བཀའ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང༔ དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང༔ དམ་ཅན་ཆོས་སྐྱོང་རྣམས་ཀྱི་ཐུགས་དམ་བསྐང༔ རྡོ་རྗེ་སློབ་དཔོན་གཉན་གྱི་ཐུགས་དམ་བསྐང༔ འདུས་པའི་མཆེད་ལྕམ་རྣམས་ཀྱི་ཐུགས་དམ་བསྐང༔ རིགས་དྲུག་ཕ་མ་རྣམས་ཀྱི་ཐུགས་དམ་བསྐང༔ ཐུགས་དམ་བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཅེས་པས་དང་པོ་ལྷ་རྣམས་མཆོད་ནས་ཀྱང༔ བར་དུ་འདུས་པ་རྒྱ་མཚོས་རོལ་བྱས་ཏེ༔ ཐོག་མར་རྡོ་རྗེ་སློབ་དཔོན་འདི་སྐད་མཆོད༔ ཧོ༔ རྡོ་རྗེ་རྒྱལ་པོ་ཡབ་ཡུམ་དགོངས་སུ་གསོལ༔ ཉེས་པའི་སྐྱོན་བྲལ་འདོད་ཡོན་ལོངས་སྤྱོད་རྫས༔ བླ་མེད་དགྱེས་མཆོད་ཚོགས་ཀྱི་ཞལ་ཟས་འདི༔ འགྲོ་བའི་དོན་ཕྱིར་བླང་དོར་མེད་པར་བཞེས༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཞེས་པས་ཕྱག་རྒྱ་པད་སྐོར་ལྡན་པས་དྲང༔ སྟོན་པས་དགྱེས་པའི་ཚུལ་གྱིས་འདི་སྐད་བླང༔ ཨེ་མ་ཧོ༔ གདོད་ནས་རྣམ་དག་ཟག་མེད་བདུད་རྩིའི་བཅུད༔ འདོད་ཡོན་མ་སྤངས་རང་དག་ཆགས་བྲལ་རྐྱེན༔ ཡིད་བཞིན་གཏེར་མཆོག་བླ་མེད་ཁྱད་པར་ཆེ༔ འགྲོ་བའི་དོན་ཕྱིར་བདག་གིས་བླངས་ཏེ་རོལ༔ ཨ་ཧོཿམ་ཧཱ་སུ་ཁ༔ དེ་ནས་རིམ་བཞིན་མཆེད་ལྕམ་རྣམས་ལ་དྲང༔ དགོངས་ཤིག་རོལ་ཅིག་མཆེད་ལྕམ་རྣལ་འབྱོར་རྣམས༔ བླ་མེད་ཐེག་པ་མཆོག་གི་ཞལ་ཟས་འདི༔ གཉིས་མཉམ་དགག་སྒྲུབ་བླང་དོར་མེད་ཚུལ་གྱིས༔ རང་བཞིན་གཅིག་པའི་དབྱིངས་སུ་ད་རོལ་ཅིག༔ འདུས་པ་རྒྱ་མཚོས་འདི་སྐད་བརྡ་ཡིས་བླང༔ ཨེ་མ་ཧོ༔ སྐྱེ་འགག་གནས་གསུམ་མཐའ་བྲལ་དོན་གྱི་དབྱིངས༔ ཆོ་འཕྲུལ་ག་ཎའི་རྟེན་འབྲེལ་ཚུལ་དང་ལྡན༔ ལྷན་ཅིག་སྐྱེས་སྦྱོར་ཟབ་མོ་གསང་མཆོག་རྫས༔ དུ་མ་རོ་གཅིག་ངང་དུ་བླང་བར་བགྱིའོ༔ གུ་ཧྱ་སིདྡྷི་ཨ་ལ་ལ་ཧོ༔ ཚོགས་ལྷག་ཡོངས་བསྡུས་གཙོ་བོའི་ཞལ་ཆབ་བྲན༔ བདུད་རྩིར་བྱིན་བརླབས་འདི་སྐད་ཕུལ་ཏེ་གཤེགས༔ ཨཱོཾ་ཨཱཿཧཱུྃ༔ ཧཱུྃ་ཧྲཱི༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ བླ་མེད་དོན་གྱི་ཆོ་ག་བརྩམས་ནས་ཀྱང༔ རོལ་པ་ཚོགས་ཀྱི་ཡོ་བྱད་རབ་བཤམས་ཏེ༔ དང་པོ་ཕུད་ཀྱིས་དཀྱིལ་འཁོར་ལྷ་རྣམས་མཆོད༔ བར་དུ་ཚོགས་ཀྱིས་འདུས་པ་རྒྱ་མཚོ་བསྐངས༔ ཐ་མ་ཕུད་ལྷག་བཤལ་ཆུའི་གཏོར་མ་འདི༔ ཡེ་ཤེས་བདུད་རྩིའི་རྒྱ་མཚོར་བྱིན་བརླབས་ནས༔ སྒྱུ་ལུས་བཀོད་པའི་གྲོང་ཁྱེར་ལ་གནས་པའི༔ དཔལ་གྱི་བཀའ་ཉན་དམ་ཚིག་གྲོགས་མཛད་མ༔ འབུམ་ཕྲག་ཡངས་པའི་ལས་བྱེད་ཚོགས་ལ་འབུལ༔ དང་པོར་ཕུད་ལ་དབང་བ་ཕུད་ལ་རོལ༔ བར་དུ་ཚོགས་ལ་དགྱེས་པ་ཚོགས་ལ་རོལ༔ ཐ་མ་ལྷག་ལ་དབང་བ་ལྷག་མ་ལོངས༔ དཔལ་གྱི་བཀའ་འབབ་ལྷག་མའི་ལོངས་སྤྱོད་འདི༔ གང་གིས་དབང་བ་ཐམས་ཅད་ཚིམས་ནས་ཀྱང༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ལས་མཛོད་ཅིག༔ ཨཱོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ༔ སྐབས་འདིར་ལྷར་གསལ་འཛབ་བསྙེན་དག་ལ་འབད༔ ཨཱོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སྭཱ་ཧཱ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲིཿཡ་ཨ་ཏྲི་ནྲྀ་ཛཿ སརྦ་ཨངྒུ་ཤ་ཙིཏྟ་ཧྲཱིང་ཧྲཱིང་སརྦ་བ་སུ་སིདྡྷི་ཀུ་རུ་སྭཱ་ཧཱ༔ ཞེས་དང་གཞན་ཡང་ཅི་ལྟར་འདོད་པ་ཡི༔ ལྷ་བསྙེན་ལ་སོགས་རང་རང་གཞུང་བཞིན་བཟླ༔ དམིགས་པའི་སྤྲོ་བསྡུ་གང་རིགས་ཁ་བསྒྱུར་འབད༔ གཏོར་མར་སྨན་རཀ་སྦྲེང་ཞིང་གཟི་བྱིན་བསྐྱེད༔ རོལ་མོ་དང་བཅས་ལྷ་རྣམས་འདི་ལྟར་བསྐུལ༔ ཧཱུྃ་ཧྲཱི༔ ཆོས་སྐུ་སྐྱེ་མེད་ཞི་བའི་ངང་ཉིད་ལས༔ ལོངས་སྐུ་མཚན་དང་དཔེ་བྱད་དཔལ་འབར་ཞིང༔ སྤྲུལ་སྐུ་ཅིར་ཡང་འགྱུར་བའི་ལྷ་ཚོགས་རྣམས༔ ཐུགས་དམ་དབྱིངས་ནས་བཞེངས་ཏེ་སྐུ་བསྐྱོད་འཚལ༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ བཞེངས་ཤིག་བཞེངས་ཤིག་འབར་བའི་ཀློང་ནས་བཞེངས༔ མཛོད་ཅིག་མཛོད་ཅིག་མངོན་སྤྱོད་ཕྲིན་ལས་མཛོད༔ བར་ཆད་དགྲ་བགེགས་རུ་དྲ་རྡུལ་དུ་རློག༔ བླ་མ་ཡི་དམ་དྷཱ་ཀིའི་ཚོགས་བཅས་རྣམས༔ ཞལ་ཟས་བདུད་རྩིའི་མཆོད་གཏོར་འདི་བཞེས་ལ༔ མཐུན་རྐྱེན་བསྒྲུབ་ཅིང་འགལ་རྐྱེན་བཟློག་པ་དང༔ ཕྲིན་ལས་རྣམ་བཞི་མྱུར་དུ་འགྲུབ་པར་མཛོད༔ བཀའ་སྲུང་ཕོ་ཉ་ལས་བྱེད་ཆོས་སྐྱོང་ཚོགས༔ གཡོག་དང་ཡང་གཡོག་སྤྲུལ་པར་བཅས་པ་རྣམས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ སྡང་བའི་དགྲ་དང་གནོད་པར་བྱེད་པའི་བགེགས༔ ཟ་བའི་འདྲེ་དང་ཕུང་བའི་སྲི་རྣམས་ཀུན༔ སྐད་ཅིག་ཡུད་ཙམ་གྱིས་ནི་མེད་པར་མཛོད༔ གང་ཞིག་བླ་མ་ལ་སྡང་སྤུན་ལ་འཁུ༔ འགྲོ་ལ་གནོད་ཅིང་བསྟན་པའི་དགྲ་བོ་རྣམས༔ ཤ་ཟོ་ཁྲག་འཐུངས་བདུན་བརྒྱུད་རྩད་ནས་ཆོད༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཏེ༔ ཕྲག་དོག་ལ་སོགས་ཉོན་མོངས་དབྱིངས་སུ་སྒྲོལ༔ འཁུ་འཕྲིག་གཉིས་འཛིན་ཉེས་ཚོགས་ཉམ་ང་བ༔ ཐར་པའི་གེགས་བྱེད་བར་ཆད་རྡུལ་དུ་རློག༔ མཐུན་རྐྱེན་བསྒྲུབ་ཅིང་འགལ་རྐྱེན་བཟློག་པ་དང༔ བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ སྐབས་འདིར་མཆེད་དང་ལྕམ་དྲལ་ཐམས་ཅད་ཀྱང༔ བྲོ་གར་ལ་སོགས་རོལ་རྩེད་སྣ་ཚོགས་དང༔ ཉམས་བསྐྱང་བརྟུལ་ཞུགས་སྤྱོད་པ་ཐོགས་མེད་བྱ༔ ཞི་རྒྱས་དབང་དང་མངོན་སྤྱོད་ལ་སོགས་པའི༔ ཕྲིན་ལས་ཁ་བསྒྱུར་གང་འདོད་བརྩམ་བྱ་ཞིང༔ ཁ་སྐོང་དང་བཅས་རང་རང་གཞུང་ནས་བཙལ༔ ཇི་ལྟར་འདོད་རྣམས་རྣལ་འབྱོར་བརྩོན་པར་བྱ༔ གཏོར་མ་ཕྱིར་དཔག་བདུད་རྩི་རཀྟ་བྲན༔ སྔོན་གྱི་ཐ་ཚིག་ཆད་མདོ་འདི་ལྟར་གྱེར༔ ཧཱུྃ་བྷྱོ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ རང་བཞིན་ལྷུན་གྲུབ་ཆོས་དབྱིངས་ཕོ་བྲང་དུ༔ ཐོག་མའི་མགོན་པོ་སྟོན་པ་ཀུན་བཟང་གིས༔ རང་བྱུང་འོད་ལྔའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ སྤྲུལ་པ་ཚོགས་དྲུག་དྷཱ་ཀི་ཤུགས་འགྲོ་ཡིས༔ སོ་སོའི་ཡུལ་སྣང་རང་གཟུགས་བསྟན་ནས་ཀྱང༔ ཅིར་སྣང་གཏོར་མ་ལེན་པར་མ་ཆད་དམ༔ འགྱུར་མེད་བསྟན་པ་སྲུང་བར་མ་ཆད་དམ༔ དུག་ལྔའི་དགྲ་བགེགས་བསྒྲལ་བར་མ་ཆད་དམ༔ སྔོན་གྱི་ཞལ་བཞེས་དམ་ལས་མ་འདའ་བར༔ རང་བཞིན་དག་པའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དེ་འོག་བར་གྱི་བསྐལ་པ་དབུས་མ་ལ༔ ཏིང་འཛིན་སྟོན་པ་ཡེངས་མེད་རྒྱལ་པོ་ཡིས༔ བག་ཡོད་ཤེས་བཞིན་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ འགྱུ་བྱེད་ཕྲ་རགས་ལྷ་སྲིན་སྡེ་བརྒྱད་ཀྱིས༔ སོ་སོའི་སྒྲིབ་གཡོགས་མེད་པར་གཟུགས་བསྟན་ནས༔ རང་གྲོལ་གཏོར་མ་ལེན་པར་མ་ཆད་དམ༔ འབྱམས་ཡུག་བསྟན་པ་སྲུང་བར་མ་ཆད་དམ༔ རྣམ་རྟོག་རྐུན་བུ་བསྒྲལ་བར་མ་ཆད་དམ༔ བརྗེད་ངས་ཐེར་ལ་འདོན་པར་མ་ཆད་དམ༔ སྔོན་གྱི་ཆད་དོན་ཐ་ཚིག་རྗེས་དགོངས་ལ༔ ཅིར་སྣང་རང་གྲོལ་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དེ་འོག་བར་གྱི་བསྐལ་པ་སྙིགས་མ་ལ༔ རྒྱུ་རྐྱེན་ལས་འདས་པདྨ་འབྱུང་གནས་དང༔ གློ་བུར་ལྟར་སྣང་རྗེ་འབངས་གྲོགས་བཅས་ཀྱིས༔ མོས་པའི་བློས་བཟུང་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཀུན་རྫོབ་མཚན་མའི་བཀའ་སྲུང་ཐམས་ཅད་ཀྱིས༔ རྣམ་རྟོག་ཡིད་ཀྱི་རང་གཟུགས་བསྟན་ནས་ཀྱང༔ ཡིད་དཔྱོད་གཏོར་མ་ལེན་པར་མ་ཆད་དམ༔ རང་བབས་བསྟན་པ་བསྲུང་བར་མ་ཆད་དམ༔ རྣམ་གཡེངས་དགྲ་བགེགས་བསྒྲལ་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཡེ་ཤེས་བཅུད་ལྡན་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ད་དུས་དེང་སང་བསྐལ་པའི་སྙིགས་མ་ལ༔ སྐྱེ་རྒ་ན་འཆི་འགྱུར་བའི་ཕོ་བྲང་དུ༔ ལོང་མེད་བརྩོན་འགྲུས་སྔགས་འཆང་བདག་ཅག་གིས༔ སྐྱོ་ཤས་མོས་གུས་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཀུན་རྫོབ་ལྟར་སྣང་འདུས་བྱས་ལྷ་འདྲེ་ཡིས༔ མངོན་སུམ་མི་རྟག་རང་གཟུགས་བསྟན་ནས་ཀྱང༔ འཁྲུལ་སྣང་གཏོར་མ་ལེན་པར་མ་ཆད་དམ༔ གཉན་པོའི་བསྟན་པ་བསྲུང་བར་མ་ཆད་དམ༔ བསླུ་བྲིད་དགྲ་བགེགས་བསྒྲལ་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ དྲན་སྣང་སོ་མའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ གཏོར་གཞོང་བཤལ་ཆུས་བརྟན་མ་བསྐྱང་བ་ནི༔ བྷྱོ༔བརྟན་མ་སྐྱོང་མཛད་མ་སྲིང་རྒྱ་མཚོའི་ཚོགས༔ ཕྱི་ནང་གཞན་སོགས་བཀའ་ཡི་བྱ་ར་བ༔ དམ་ཚིག་གཉན་གྱི་གྲོགས་མཛད་དྷཱ་ཀི་རྣམས༔ སྤྲུལ་དང་ཡང་སྤྲུལ་བྲན་དང་བཅས་རྣམས་ཀྱང༔ རྣམ་འགྱུར་ཆ་ལུགས་ཅིར་ཡང་སྟོན་བྱེད་ཅིང༔ ལས་སུ་སངས་རྒྱས་བསྟན་པ་གཉན་པོ་སྲུང༔ ཟས་དང་སྐོམ་དུ་ཤ་དང་ཁྲག་ལ་དགྱེས༔ འདིར་གཤེགས་རྫས་ཀྱི་གཏོར་མ་འདི་བཞེས་ལ༔ བཀའ་དང་བསྟན་པ་ཡུན་དུ་སྲུང་བ་དང༔ འཁོར་དང་གང་ཟག་རྟག་ཏུ་སྐྱོང་བ་དང༔ རྣལ་འབྱོར་སྒྲུབ་པ་པོ་ཡི་གྲོགས་མཛོད་ཅིག༔ བསྟན་སྐྱོང་སྲུང་མ་རྣམས་ཀྱིས་རྟག་ཏུ་སྐྱོངས༔ གནོད་བྱེད་འགུགས་གཞུག་བྱས་ཏེ་གཏོར་གཞོང་སྦུབ༔ གཏོར་གཞོང་རི་རབ་མནན་དམིགས་རྟ་བྲོ་བརྡུང༔ ཧཱུྃ་ཧྲཱི༔ བླ་མའི་བྱིན་རླབས་ཡི་དམ་ཏིང་འཛིན་དང༔ མཁའ་འགྲོའི་མཐུ་རྩལ་མཆེད་ལྕམ་རྫུ་འཕྲུལ་གྱིས༔ གནོད་བྱེད་བདུད་དང་དགྲ་བགེགས་རུ་དྲའི་ཚོགས༔ ཉོན་མོངས་ལ་སོགས་ཐར་པའི་གེགས་བྱེད་རྣམས༔ ཕོ་བྲང་རི་རབ་ཆེན་པོའི་འོག་ཏུ་མནན༔ སྟེང་དུ་ཁྲོ་རྒྱལ་བརྟུལ་ཞུགས་བྲོ་བརྡུངས་པས༔ བླ་མེད་བྱང་ཆུབ་མཆོག་སེམས་མ་སྐྱེས་བར༔ མནན་པ་ཡིན་གྱིས་ལྡང་བར་མ་བྱེད་ཅིག༔ ཨཱོཾ་ཨཱཿཧཱུྃ་སྟཾ་བྷ་ཡ་མཱ་ར་ཡ་ནན༔ ནང་ལོག་དངོས་གྲུབ་རྫས་རྣམས་ལག་ཏུ་ཐོགས༔ དཀྱིལ་འཁོར་བསྐོར་ཞིང་དངོས་གྲུབ་སྩོལ་དམིགས་ལ༔ ཧཱུྃ་ཧྲཱི༔ བདེ་ཆེན་ཡངས་པ་ཆེན་པོའི་ཕོ་བྲང་ནས༔ བྱིན་རླབས་མཆོག་སྩོལ་བླ་མ་ཆོས་ཀྱི་སྐུ༔ ཇི་ལྟར་འདོད་འབྱུང་ཡིད་བཞིན་གཏེར་གྱི་མཛོད༔ བྱིན་རླབས་སྨིན་གྲོལ་དངོས་གྲུབ་བསྩལ་དུ་གསོལ༔ སྣང་ལ་མ་འགག་ཅིར་སྣང་གཞལ་ཡས་ནས༔ དངོས་གྲུབ་ཀུན་སྟེར་ཡི་དམ་ལོངས་སྤྱོད་རྫོགས༔ ཞི་དང་ཁྲོ་ཚུལ་དགོས་འདོད་ཀུན་འབྱུང་བ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ མཐུ་སྟོབས་ནུས་པ་མཐར་ཕྱིན་ཕོ་བྲང་ནས༔ ཕྲིན་ལས་མངའ་བདག་དྷཱ་ཀི་སྤྲུལ་པའི་སྐུ༔ རྫུ་འཕྲུལ་སྣ་ཚོགས་སྟོན་ཅིང་བྱ་ར་བྱེད༔ རྣམ་བཞིའི་ལས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཡོངས་ཀྱི་གཙོ་མཆོག་ཨོ་རྒྱན་ཐོད་ཕྲེང་རྩལ༔ ཁྱོད་ལ་རྩེ་གཅིག་གུས་པས་གསོལ་འདེབས་ཀྱིས༔ བླ་མེད་མཆོག་དང་ཐུན་མོང་ཡིད་བཞིན་སོགས༔ དངོས་གྲུབ་དམ་པ་དེང་འདིར་བསྩལ་དུ་གསོལ༔ འཆི་མེད་ཚེ་དང་ཟས་ནོར་ལོངས་སྤྱོད་སོགས༔ གནས་སྐབས་བདེ་སྐྱིད་དངོས་གྲུབ་བསྩལ་དུ་གསོལ༔ སྐྱེ་འགག་གནས་གསུམ་མཐའ་བྲལ་སྐུ་གསུང་ཐུགས༔ ངོ་བོ་རང་བཞིན་ཐུགས་རྗེ་ཡངས་པའི་ཀློང༔ ལུས་ངག་ཡིད་གསུམ་སྨིན་གྲོལ་ས་ལ་སྦྱོར༔ ཡང་དག་དོན་འབྲས་བཅུད་ཀྱི་དངོས་གྲུབ་སྩོལ༔ དངོས་གྲུབ་སྩལ་དང་སྩོལ་བར་མི་དམིགས་ཀྱང༔ ཁྱེད་དང་བདག་གཉིས་གཡར་དམ་གཅིག་པའི་གནད༔ འགྲོ་ལ་ཕན་ཕྱིར་བདག་གིས་སྩོལ་བགྱིད་ན༔ དམ་ཚིག་དབང་གིས་ཅི་འདོད་དངོས་གྲུབ་སྩོལ༔ ཨཱོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ ཞེས་པས་དངོས་གྲུབ་རྫས་རྣམས་ལོངས་སྤྱོད་དོ༔ དེ་ནས་ཉེས་བྱས་བཤགས་པ་འདི་སྐད་དོ༔ ཀྱེ་ཀྱེ༔ དུས་གསུམ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཐུགས་རྗེ་བརྩེ་བས་བྲེང་ཙམ་བདག་ལ་དགོངས༔ བློ་ནོར་བླུན་རྨོངས་འཁྲུལ་པ་བདག་འདྲ་ཡིས༔ དད་གདུང་གུས་པས་ལྷ་མཆོག་བསྒྲུབ་སླད་དུ༔ ཕྲིན་ལས་ཆོ་གའི་ཚུལ་འདི་བརྩམས་ལགས་ཀྱང༔ མ་རིག་སྒྲིབ་པས་ཉེས་ལྟུང་ཕོག་གྱུར་ན༔ ཡེ་ཤེས་ལྷ་ལ་གཙང་སྨེ་མི་མངའ་ཡང༔ ཁྱེད་ཀྱི་འབངས་སུ་གྱུར་པའི་སྲུང་མ་རྣམས༔ གཡེལ་བར་གྱུར་པའི་ལས་བགྱིས་བཟོད་པར་གསོལ༔ ཉེས་ལྟུང་སྒྲིབ་པའི་ཚོགས་རྣམས་མཐོལ་ཞིང་བཤགས༔ ཕྱིན་ཆད་བདག་ལ་ནོངས་པར་མ་གྱུར་ཅིག༔ ཅེས་སོགས་གཞན་ཡང་ཡི་གེ་བརྒྱ་པ་ཡིས༔ ལྷག་ཆད་ཁ་བསྐང་བཤགས་པ་གང་འཐད་བྱ༔ མེ་ཏོག་འཐོར་ཞིང་འདི་སྐད་ཤིས་པ་བརྗོད༔ ཧཱུྃ་ཧྲཱི༔ རྒྱལ་བའི་སྐུ་ནི་རི་རྒྱལ་ལྷུན་པོ་ལྟར༔ གཟི་བརྗིད་ལྷུན་ཆགས་བདུད་དཔུང་ཟིལ་གྱིས་གནོན༔ བལྟ་བས་མི་ངོམས་འགྱུར་མེད་རྡོ་རྗེ་སྟེ༔ ཡིད་བཞིན་ནོར་མཆོག་སྐུ་ཡི་བཀྲ་ཤིས་ཤོག༔ རྒྱལ་བའི་གསུང་ནི་ཚངས་པའི་སྒྲ་དབྱངས་ལྟར༔ འུར་ཏིང་སིང་ཁྲོལ་ཆོས་དབྱངས་འབྲུག་སྒྲ་སྒྲོག༔ འགྲོ་རྣམས་དབྱངས་ཆེན་བདུད་རྩིས་ངོམས་པར་མཛད༔ རང་བྱུང་འགགས་མེད་གསུང་གི་བཀྲ་ཤིས་ཤོག༔ རྒྱལ་བའི་ཐུགས་ནི་རྐྱེན་བྲལ་ནམ་མཁའ་ལྟར༔ ཀུན་ཁྱབ་བདེ་གསལ་མི་རྟོག་ཐུགས་རྗེ་ཅན༔ འགྲོ་རྣམས་ཡལ་བར་མི་འདོར་བུ་བཞིན་སྐྱོང༔ མཁྱེན་བརྩེ་ཡེ་ཤེས་ཐུགས་ཀྱི་བཀྲ་ཤིས་ཤོག༔ རྒྱལ་བ་རྣམས་ཀྱི་ཡོན་ཏན་དཔག་ཡས་ཤིང༔ འཁོར་འདས་དབྱེར་མེད་ལྷུན་འབྱམས་ཡོངས་ལ་མངའ༔ གཏིང་ཟབ་ཡངས་པ་བདུད་རྩིའི་ཆར་རྒྱུན་འབེབ༔ ཡོན་ཏན་མི་ཟད་མཆོག་གི་བཀྲ་ཤིས་ཤོག༔ རྒྱལ་བའི་ཕྲིན་ལས་ཡོངས་ལ་མངའ་བརྙེས་པས༔ ཐབས་དང་ཤེས་རབ་མཛད་པ་དུ་མ་ཡི༔ མཐུ་སྟོབས་རྩལ་གྱིས་འགྲོ་བ་སྒྲོལ་བར་མཛད༔ ཕྲིན་ལས་མཐར་ཕྱིན་བཀྲ་ཤིས་ཡོངས་ཁྱབ་ཤོག༔ ༈ སྣོད་བཅུད་སྐྱེ་འགྲོ་ལྷ་དང་བཅས་པ་རྣམས༔ སྒྱུ་ལུས་གཞལ་ཡས་ཁང་དུ་གསལ་ལ་བསྡུ༔ དེ་ཡང་ཤེས་རིག་ལྷ་ཚོགས་བསྐྱེད་ལ་སྟེ༔ དེ་ཡང་འཁོར་རྣམས་གཙོ་བོ་ཡབ་ཡུམ་ལ༔ ཡུམ་ཉིད་ཡབ་ལ་ཡབ་ཀྱང་ས་བོན་ལ༔ ས་བོན་བར་སྣང་འཇའ་འམ་ཆུ་བུར་ལྟར༔ དམིགས་མེད་རྒྱས་གདབ་གང་ཤར་འཕྲོ་འདུ་རྣམས༔ རང་གར་ངང་བཞག་བཅོས་བསླད་མི་བྱ་བར༔ ཆད་མེད་རྒྱ་ཡན་ཅོག་བཞག་ལྷུག་པར་བོར༔ རང་ལུགས་བབས་གནས་དབྱིངས་རིག་མ་བུ་འདྲེས༔ གདོད་མའི་སངས་རྒྱས་ཉིད་དང་མཇལ་བར་གྱུར༔ དེ་ལྟའི་ཚུལ་འདི་རྣལ་འབྱོར་རྒྱལ་པོས་བལྟ༔ མཆོད་གཏོར་ལ་སོགས་ཡོ་བྱད་དཀྱིལ་འཁོར་རྣམས༔ དངོས་གྲུབ་བླང་དང་གཤེགས་པ་གང་འཐད་བྱ༔ ལས་རྗེས་མི་མངོན་ཡང་ན་གང་མཛེས་ཏེ༔ རྗེས་ཀྱི་ཚུལ་ལུགས་རྣལ་འབྱོར་ཉམས་དང་སྦྱར༔ དེ་ལས་བྱུང་དང་གཞན་ཡང་དགེ་བའི་རྒྱུན༔ བྱས་དང་བྱེད་འགྱུར་གཞན་ལ་ཡི་རང་སྟེ༔ བདག་གཞན་དགེ་རྩ་ཐེག་ཆེན་སར་བསྔོས་ལ༔ འཁོར་གསུམ་དམིགས་མེད་ངང་ལ་གནས་པར་བྱ༔ ཆོས་ཀྱི་དབྱིངས་ཀྱི་ངང་ལས་རྒྱུན་བྱུང་བ༔ དམིགས་བཅས་དམིགས་མེད་ཟུང་འཇུག་དགེ་བའི་ལས༔ འདིས་མཚོན་བདག་གཞན་བྱས་བྱེད་ཡི་རང་སོགས༔ བླ་མེད་ཐེག་པ་ཆེན་པོར་བསྔོ་བར་བགྱི༔ བདག་དང་མཐའ་ཡས་འགྲོ་བ་མ་ལུས་ཀུན༔ དགེ་བའི་རྩ་བ་འདི་ལ་བརྟེན་ནས་ནི༔ ཚེ་རབས་ལས་ཀྱི་སྡིག་སྒྲིབ་ཡོངས་བྱང་ནས༔ ཟབ་ཡངས་ཆོས་མཛོད་ཀློང་དུ་གྲོལ་བར་ཤོག༔ ཅེས་པ་ལ་སོགས་བསྔོ་བ་སྨོན་ལམ་རིགས༔ ཇི་ལྟར་འདོད་བཞིན་མཆེད་ལྕམ་རྣམས་ཀྱིས་བྱ༔ གཞན་ཡང་རྗེས་ཀྱི་བྱ་བ་སྤྱི་དང་མཐུན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ལྟར་ཕྲིན་ལས་རིམ་པ་ནི༔ ལུས་དཀྱིལ་ཉིད་དང་འབྲེལ་བ་སྟེ༔ རྒྱས་བསྡུས་ལོང་ཁྱབ་ཚུལ་དང་བསྟུན༔ བདག་བསྐྱེད་ལྷ་ཡི་རྣལ་འབྱོར་དང༔ མདུན་དུའང་སྐུ་གཟུགས་དཀྱིལ་འཁོར་སོགས༔ དམིགས་རྟེན་གང་འཐད་བཀྲམ་བྱ་ཞིང༔ མཆོད་གཏོར་ལ་སོགས་ཚུལ་བཞིན་བཤམ༔ ཆོ་ག་གཞན་དང་འབྲེལ་ན་ཡང༔ རང་གཞུང་ཚུལ་ལ་ཆོ་ག་འདི༔ ལྷག་ཆད་མེད་པར་བརྩམས་གྱུར་ན༔ བྱིན་རླབས་དངོས་གྲུབ་ལ་སོགས་པ༔ རྣལ་འབྱོར་ཇི་ལྟར་བསམ་བཞིན་འགྲུབ༔ འདི་ནི་ཀུན་གྱི་ཁ་སྐོང་སྟེ༔ མདོར་བསྡུས་པདྨ་བཛྲས་བཀོད༔ ལས་ཅན་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ སྦས་རྒྱ༔ གཏེར་རྒྱ༔ གཏད་རྒྱ༔ བརྡ་ཐིམ༔ ཕྲིན་ལས་ལམ་ཁྱེར་བསྡུས་པ་མེ་ཏོག་ཕྲེང་མཛེས་ཞེས་བྱ་བ༔ མཆིམས་ཕུ་བྲེ་གུའི་དགེའུར་སློབ་དཔོན་ཆེན་པོ་པདྨས་མཛད་པ་ལ༔ ཕྱི་རབས་ཀྱི་རྣལ་འབྱོར་དོན་ཆེད་དུ་མཚོ་རྒྱལ་བདག་གིས་ཟིན་བྲིས་སུ་བཏབ་ནས་དབུས་རི་ནག་པོའི་ལྟོང༔ཨོ་རྒྱན་གྱི་སྒྲུབ་གནས་པུ་རི་ཕུག་ཆེན་དུ་རྒྱ་རིམ་པ་དགུས་བསྡམས་ནས་གཏེར་དུ་སྦས་པའོ༔ སྤྲུལ་སྐུ་སངས་རྒྱས་གླིང་པ་གར་གྱི་དབང་ཕྱུག་རོལ་པ་ཡེ་ཤེས་རྩལ་གྱིས་གཏེར་ནས་གདན་དྲངས་པ་ལགས་སོ།། །།
རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ གཏི་མུག་རྡོ་རྗེའི་ཤོག་དྲིལ་ (Volume 55, Text 7)
རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ གཏི་མུག་རྡོ་རྗེའི་ཤོག་དྲིལ་བཞུགས་སོ༔ ན་མོ་བུདྡྷ་ཌཱ་ཀི་ནཱི༔ དཔལ་སངས་རྒྱས་མཁའ་འགྲོ་ལ་ཕྱག་འཚལ་ལོ༔ གཏི་མུག་ལམ་དུ་ཁྱེར་བའི་གདམས་པ་འདི་ལ་གཉིས་ཏེ༔ དང་པོ་གཞི་རང་ལ་བརྟེན་པ་གནས་ལུགས་ཀྱི་གཏི་མུག་དང༔ ཕྱི་ཡུལ་རྐྱེན་ལ་བརྟེན་པ་འཁྲུལ་པ་མ་རིག་པའི་གཏི་མུག་གོ༔ དེ་ལ་དང་པོ་གཞི་རང་ལ་བརྟེན་པ་གནས་ལུགས་ཀྱི་གཏི་མུག་ནི༔ ཡེ་གདོད་མ་ནས་རང་སེམས་ཆོས་ཀྱི་སྐུ་འདི་ཡིན་ཏེ༔ ཡར་སངས་རྒྱས་ཀྱིས་མ་བཅོས༔ མར་སེམས་ཅན་གྱིས་མ་བསླད༔ བར་གློ་བུར་གྱི་དྲི་མས་མ་གོས་པ་གཅིག་ཡིན་པ་ལ༔ དེ་ངོ་མ་ཤེས་པས་གཏི་མུག་རང་ཁར་སོང་སྟེ༔ འཁྲུལ་པ་མ་རིག་པའི་གཏི་མུག་བྱུང་ངོ༔ དེ་ལ་བརྟེན་ནས་ཕྱི་ཡུལ་རྐྱེན་གྱི་གཏི་མུག་ཤར་ཏེ༔ དུག་ལྔ་དུག་གསུམ་བྱུང་བ་ལས༔ རང་སེམས་འཁོར་བར་འཁྱམས་སོ༔ དེ་ལ་དང་པོ་གཞི་རང་ལ་བརྟེན་པའི་གཏི་མུག་གི་མཁན་པོ་རྩད་གཅད་པ་ནི༔ ཕྱི་ཡུལ་སྣང་དུ་གཏི་མུག་སྐྱེ་བའི་རྒྱུ༔ དགའ་མི་དགའ་འམ༔ གཏམ་སྙན་མི་སྙན་ནམ༔ བདེ་སྡུག་གམ༔ ཉོན་མོངས་པ་གཅིག་ལ་བརྟེན་ནས་གཏི་མུག་འབྱུང་སྟེ༔ གཏི་མུག་དེ་རང་གི་ངོ་བོ་ལ་བསྐྱང་འདོད་བྱས་ལ༔ གཏི་མུག་དེ་ལ་ངོ་བོ་ཅི་འདུག༔ གཟུགས་དང་ཁ་དོག་དངོས་པོ་ཅི་འདུག་ཐག་བཅད་པས༔ གཏི་མུག་གི་ངོ་བོ་ལ་གཟུགས་ཁ་དོག་དངོས་པོ་མ་རྙེད་པར༔ གཏི་མུག་སྐྱེས་པ་དེ་རང་གི་སེམས་སུ་ཐག་ཆོད་ཅིང་ངོ་ཤེས་ཙ་ན༔ ཕྱི་ཡུལ་རྐྱེན་ལ་བརྟེན་ནས་གཏི་མུག་བྱུང་བ་ཐམས་ཅད༔ རང་སྣང་སེམས་ཀྱི་ཆོ་འཕྲུལ་མ་གཏོགས་པ༔ དོན་ལོགས་ན་གཅིག་ཀྱང་མེད་པར་ཤེས་ཏེ༔ ཕྱི་ཡུལ་རྐྱེན་གྱིས་ཚུར་འོང་ནས་གཏི་མུག་བྱུང་བ་ཡང་མིན༔ རང་གིས་ཕར་ཕྱིན་ནས་གཏི་མུག་བྱུང་བ་ཡང་མིན༔ རང་གིས་རང་ངོ་མ་ཤེས་པ་ཡིན་མོད༔ ད་གཏི་མུག་གི་ངོ་བོ་རང་སེམས་སུ་ཐག་ཆོད་ཙ་ན༔ ངོ་རང་ཐོག་ཏུ་འཕྲོད་ནས༔ གཏི་མུག་གི་མཁན་པོ་རང་སྟོང་དུ་ངོས་གཟུང་མེད་པར་འཆར་རོ༔ དེ་ཙ་ན་གཏི་མུག་གི་མཁན་པོ་རྩད་ཆོད་པ་ཡིན་ནོ༔ མཁན་པོ་རྩད་ཆོད་ཙ་ན༔ ཕྱི་རོལ་དུ་གཏི་མུག་གི་རིགས་ཅི་ཤར་ཡང་སེམས་སུ་ངོ་འཕྲོད༔ དབྱེར་མེད་དུ་ཁྲོལ་གྱིས་འགྲོ༔ གཏི་མུག་རང་སེམས་སུ་རྟོགས་པས༔ ཕྱིའི་ཡུལ་སྣང་སེམས་སུ་ངོ་འཕྲོད༔ ཡུལ་སྣང་སེམས་སུ་ངོ་འཕྲོད་པས་གཏི་མུག་སྐྱེ་བའི་རྒྱུ་དང་རྐྱེན་ཐམས་ཅད་རང་སར་དག་ནས༔ ཕྱིའི་ཡུལ་རྐྱེན་ཐམས་ཅད་གྲོགས་སུ་འཆར་ཏེ༔ སྤང་བླང་གི་མཐའ་དང་བྲལ༔ གཏི་མུག་འོད་གསལ་དུ་ཤར༔ གཞི་རང་ལ་བརྟེན་པའི་གཏི་མུག་རྩད་ཆོད་པའོ༔ ད་ཡུལ་རྐྱེན་ལ་བརྟེན་པ་འཁྲུལ་པ་མ་རིག་པའི་གཏི་མུག་རྩད་གཅད་པ་ནི༔ དབང་པོ་སྒོ་ལྔ་ལ་བརྟེན་ནས༔ གཟུགས་ལེགས་མི་ལེགས༔ སྒྲ་སྙན་མི་སྙན༔ དྲི་ཞིམ་མི་ཞིམ༔ ངོ་མངར་མི་མངར༔ རེག་བྱ་འཇམ་རྩུབ༔ ཡིད་དགའ་མི་དགའ་ལ་སོགས་པ་གཅིག་ལ་བརྟེན་ནས་གཏི་མུག་འཆར་རོ༔ དེ་ཡང་ལུས་ངལ་དུབ་ཀྱི་གཏི་མུག་དང༔ སེམས་ཉོན་མོངས་ཀྱི་གཏི་མུག་དང༔ འཁྲུལ་པ་བག་ཆགས་ཀྱི་གཏི་མུག་དང་མང་བར་འཆར་ཏེ༔ དེའི་དུས་སུ་གཏི་མུག་གང་སྐྱེས་པ་ལ༔ གཅེར་གྱིས་བལྟས་ལ༔ ངོ་བོ་གཟུགས་ཁ་དོག་དབྱིབས་ཅི་འདུག་བལྟའོ༔ དེ་ལ་ངོ་བོ་མ་རྙེད་ན་དེ་རང་གི་ངང་ལ་དར་ཅིག་བཞག་གོ༔ ཡང་ནས་ཡང་དུ་བལྟ་ཞིང་རྩད་བཅད་དོ༔ བལྟས་པས་ངོ་བོ་མ་མཐོང་ན༔ ཕྱི་ཡུལ་རྐྱེན་ཐམས་ཅད་རང་གི་སེམས་སུ་ཐག་བཅད་དོ༔ སེམས་སྟོང་ཉིད་དུ་ཐག་བཅད་དོ༔ སེམས་སྟོང་ཉིད་ཐག་ཆོད་ཙ་ན་གཏི་མུག་འོད་གསལ་དུ་འཆར་རོ༔ གཏི་མུག་འོད་གསལ་དུ་ཤར་ཙ་ན་ཕྱི་སྣང་བ་ལ་བརྟེན་པའི་གཏི་མུག་ཐམས་ཅད་ཀྱང་གྲོགས་སུ་འཆར་ཏེ༔ སྤང་རྒྱུ་སྐད་ཅིག་ཀྱང་མེད་དོ༔ གཏི་མུག་སེམས་སུ་ཤེས༔ སེམས་གཏི་མུག་གི་ངོ་བོར་ཤར༔ གཉིས་ཀ་གཉིས་མེད་དུ་ཤེས༔ དེ་ཙ་ན་ཕྱི་རོལ་གྱི་ཡུལ་སྣང་ཐམས་ཅད་རང་གི་སེམས་ཀྱི་རྩལ་དུ་མ་གྱུར་པ་གཅིག་ཀྱང་མེད་དོ༔ གཏི་མུག་མུན་པ་ལྟར་དུ་འཐིབས་ཀྱང་ཨའུ་ཙི༔ ཐམས་ཅད་ཆོས་ཉིད་ཀྱི་ཡོ་ལང་ཡིན་ནོ༔ དཔེ་ཅི་དང་འདྲ་ན༔ ཆུ་དང་ཆུ་འདྲེས་པའམ༔ འཕྲད་པ་བཞིན་དུ༔ གཏི་མུག་གི་རང་བཞིན་འོད་གསལ༔ འོད་གསལ་གྱི་རང་བཞིན་ཆོས་སྐུ༔ གཏི་མུག་ཐམས་ཅད་བདེ་ཆེན༔ དེ་ཙ་ན་གཏི་མུག་གི་ངོ་བོ་སྟོང་པ༔ རང་བཞིན་གསལ་བ༔ ཐུགས་རྗེ་འགག་པ་མེད་པར་སལ་ལེ་སིང་ངེ་བ༔ ངོས་གཟུང་མེད་པ་དེ་ཆོས་སྐུ་ཡིན་ནོ༔ ནང་རིག་པ་འོད་གསལ་དུ་ཤེས་ཙ་ན༔ ཕྱི་སྣང་བ་ལ་བརྟེན་པའི་གཏི་མུག་སྐྱེས་ཚད་ཐམས་ཅད་ནང་རིག་པ་ཡེ་ཤེས་ཀྱི་རྩལ་ཡིན་ནོ༔ དེ་གཉིས་གཅིག་ཏུ་འདྲེས་ཙ་ན་གཏི་མུག་ལམ་དུ་གྱུར་པ་ཡིན་ནོ༔ དུག་ལྔའི་ནང་ནས་གཏི་མུག་འདི༔ འབྱུང་བ་ལྔ་དང་སྦྱར་ན་ནམ་མཁའ་ཡིན་ནོ༔ ཁམས་ལྔ་དང་སྦྱར་ན་ནམ་མཁའི་ཁམས་ཡིན་ནོ༔ སྐུ་ལྔའི་ནང་ནས་རྣམ་པར་སྣང་མཛད་ཡིན་ནོ༔ སྟོང་པ་ལྔའི་ནང་ནས་སྣང་སྟོང་དབྱེར་མེད་ཡིན་ནོ༔ འོད་ལྔའི་ནང་ནས་མཐིང་ཁ་ཡིན་ནོ༔ ཡེ་ཤེས་ལྔའི་ནང་ནས་ཆོས་དབྱིངས་ཡེ་ཤེས་ཡིན་ནོ༔ ཞིང་ཁམས་ལྔའི་ནང་ནས་ཆོས་འབྱུང་ཡིན་ནོ༔ དེ་ཙ་ན་གཏི་མུག་འོད་གསལ་དུ་ཤར་རོ༔ མ་བསྒོམ་པར་སངས་རྒྱས་སོ༔ ཡེ་ཤེས་བསྒྲུབ་དུ་མེད༔ གཏི་མུག་སྤང་དུ་མེད༔ ཐམས་ཅད་ཆོས་ཉིད་ཀྱི་ཀློང་བདེ་བ་ཆེན་པོའི་ཞིང་ཁམས་སུ་མ་གྱུར་པ་གཅིག་ཀྱང་མེད་དོ༔ གཏི་མུག་ལམ་ཁྱེར་གྱི་གདམས་པ་འདི་ལམ་མྱུར༔ མགྱོགས༔ མ་བསྒོམ་པར་སངས་རྒྱས༔ ངོ་ཤེས་པ་དང་གྲོལ་བ་དུས་མཉམ་པ་གདམས་པའི་ཁྱད་པར༔ གཞན་ལ་མེད་པའི་ཁྱད་ཆོས༔ གཏི་མུག་རྡོ་རྗེའི་ཤོག་དྲིལ་ཞེས་བྱ་བ་ལགས་སོ༔ མཁའ་འགྲོ་གསང་བ་ལམ་ཁྱེར་ནས་ཤོག་དྲིལ་ཁོལ་དུ་ཕྱུང་པའོ༔ ཡུམ་རྡོ་རྗེ་ཕག་མོས་དུར་ཁྲོད་སོ་སའི་གླིང་དུ་ཡེ་ཤེས་མཚོ་རྒྱལ་ལ་གནང༔ མཚོ་རྒྱལ་གྱིས་སྒྲགས་ཡང་རྫོང་ཤེལ་གྱི་འོད་གསལ་ཕུག་ཏུ་གཏེར་དུ་སྦས་སོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ བཀའ་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ དེ་ནས་སློབ་དཔོན་མ་ཀུན་དགའ་འབུམ་གྱིས་གཏེར་ནས་བཏོན་པ། མངའ་བདག་ཉང་གི་སྤྲུལ་པ་དུང་མཚོ་རས་པ་ལ་གནང་། དེས་བྱ་བཏང་ཉི་མ་རང་གྲོལ་ལ་གནང་ཞིང་། ཤོག་སེར་ལས་ཀྱང་ཕབ་པའོ། །མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ། ཤོག་སེར་གྱི་ཡང་ཚ་ལས་ཞལ་བཤུས་པའོ།། །།
བཀའ་རྫོགས་པ་ཆེན་པོའི་དམ་ཆོས་དགོངས་པ་ཡོངས་འདུས་ལས༔ མན་ངག་སྣ་ཚོགས་གཏེར་གྱི་བུམ་པ་ (Volume 43, Text 7)
ྈ བཀའ་རྫོགས་པ་ཆེན་པོའི་དམ་ཆོས་དགོངས་པ་ཡོངས་འདུས་ལས༔ མན་ངག་སྣ་ཚོགས་གཏེར་གྱི་བུམ་པ་བཞུགས་སོ༔ ྈྈྈྈྈྈྈ ཨུ་རྒྱན་མཁན་པོ་པདྨ་འོད་འབར་ངས༔ མ་འོངས་སེམས་ཅན་དོན་ཕྱིར་དུ༔ མན་ངག་ལས་ཚོགས་འདི་བཞིན་བསྟན༔ ནོར་བདག་ཛཾ་བྷ་ལ་ལ་ཕྱག་འཚལ་ལོ༔ རྟ་ཕྱུགས་ནོར་ཕྱུགས་རྣམས་སྐྱེ་མ་རན་ནས་ཕྱིར་ཤོར་བ་དང༔ ཁོང་སྲིན་ཞུགས་ནས་ཤི་བ་དང༔ འོ་མ་མི་སྟེར་བ་དང༔ དེ་རྣམས་འཇིགས་པ་ལས་སྐྱོབ་པའི་ཕྱིར༔ གདམས་ངག་ཟབ་མོ་འདི་བཞིན་བསྟན༔ ཙཀྲ་མུ་ཁྱུད་གསུམ་དུ་བསྐོར༔ རྩིབས་གསུམ་རྩེ་ལ་སྔགས་མགོ་ནང་དུ་བསྟན་ལ༔ རྩིབས་རྩེ་ངོས་ལ་འདི་ལྟར་བྲི༔ ཧ་རི་ནི་ས་ཧཱུྃ་ཕཊ༔ དེ་མཆན་རྩིབས་ལ་འདི་ལྟར་བྲི༔ གོར་མ་གོར་ལ་རས་ན་མཱ་ར་ཡ་ཧཱུྃ་ཕཊ༔ དེ་མཆན་འདི་བཞིན་ནོ༔ ཛ་ཛ་ས་མ་ཡ་ཧཱུྃ་ཕཊ༔ དེ་ནས་རྩིབས་མཆན་དག་ལ་འདི་བཞིན་ནོ༔ ས་ཏྲི་ཛ་ཛ་ཧཱུྃ་ཕཊ༔ མ་ཏྲི་ཛ་ཛ་ཧཱུྃ་ཕཊ༔ ཏ་ཏྲི་མཱ་ར་ཡཱ་ཧཱུྃ་ཕཊ༔ ཕྱི་རིམ་མུ་ཁྱུད་དག་ལ་ནི༔ རྟེན་འབྲེལ་སྙིང་པོའི་མཐར༔ རྟ་ཕྱུགས་སམ་ནོར་ཕྱུགས་ལ་རིམས་ནད་གོད་འདྲེ་གདོན་འདྲེའི་གནོད་པས་མི་ཚུགས་པར་སྲུངས་ཤིག༔ སོགས་འདོད་གསོལ་བྲི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་གཅིག་ལ་རྟ་ནོར་སྲུང་བའི་རྫས་ནི༔ ཕུམ་ཕུམ་སེར་པོའི་ཁ་འདའ་ལ་གླ་ནག་རྩི་བཏབ་སྔགས་འདི་བརྒྱ་སྟོང་བཟླ༔ ཨོཾ་བྷི་རུ་ནཱ་ག་ཙ་ན་དུ་དུ༔ ཧེ་ཧུ་ཧེ་ཧུ་བྷི་ཤ་མ་ཧེར་ཧེར་ཧཾ༔ ཏྲི་རུ་ཥེ་བྷི་ཤ་ན་ར༔ བྷི་ན་བྷི་ན་ཡ་སྭཱ་ཧཱ༔ རྟ་ཕྱུགས་ནོར་ཕྱུགས་རྣམས་ལ་ནངས་རེ་བཞིན་སྦྱིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གློ་གོར་ལ་སོགས་ཕྱུགས་ཀྱི་གོད་ཁ་ཐམས་ཅད་ལ༔ གོད་ཁ་སྲུང་བའི་གདམས་ངག་ཟབ་མོ་འདི་ནི༔ སྦྲུལ་ནག་ཧ་ལ་མུ་ཟི་རྒྱུ་ཁྲག་དང༔ སྤྲུ་ནག་དག་གི་ཙཀྲའི་རྫས་ཐུམ་བྱ༔ རྟ་ནོར་གང་བསྲུང་མགུལ་དུ་བཏགས༔ དེ་ནས་ཙཀྲ་མུ་ཁྱུད་གཉིས་སུ་བསྐོར༔ མུ་ཁྱུད་ལྟེ་བ་འབྲུ་གསུམ་རྩེ་ནས༔ སྔགས་མགོ་ཕྱིར་བསྟན་ལ༔ ནོར་ཕྱུགས་འདི་ལ་གདོན་རིག་གོད་ཁ་ཐམས་ཅད་སྲུངས་ཤིག་རཀྵ་རཀྵ་སོགས་བྲིའོ༔ དེའི་ཕྱི་རིམ་རྩིབས་བརྒྱད་ལ༔ སྔགས་མགོ་ཕྱིར་བསྟན་ལ༔ ཨོཾ་ནར་ཀུཾ་ཧ་ཡན༔ ཨ་མ་གྷན༔ ཧུ་མུ་ཛ་མུ་ཛ་མུ་ཛ༔ བ་མ་སི་བ་མ་སི༔ ཀ་མ་ཀྲི་ཧྲ་མ་ཀྲི་ཧྲ༔ ཨོཾ་གྷ་ཀུ་ལི་གྷ་ཀུ་ལི༔ ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ༔ ནོར་ཕྱུགས་ཆ་ལ་རཀྵ་རཀྵ༔ དེ་ནས་རྩིབས་མཆན་བརྒྱད་ལ་འདི་བཞིན་བཀོད༔ ཕྱུགས་མ་ལ་རཀྵ་རཀྵ་ཧཱུྃ༔ མ་ར་ན་མ་ར་ན་སོད་སོད༔ མ་ར་ན་མ་ར་ན་བྱིང་བྱིང༔ མ་ར་ན་མ་ར་ན་མྱག་མྱག༔ མ་ར་ན་མ་ར་ན་རྨུག་རྨུག༔ མ་ར་ན་མ་ར་ན་དུན་དུན༔ མ་དྷ་ན་མ་དྷ་ལ་ཐུཾ་རི་ལི་ལི༔ ཛ་མ་ར་ན་ཛ་ཛ་མ་ར་ན་ཛ་ཛ༔ དེ་རྒྱབ་ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་བྲིའོ༔ དེ་རྣམས་ཐམས་ཅད་སྔགས་མགོ་ཕྱིར་བསྟན༔ དེ་རྒྱབ་མེ་རིས་བསྐོར༔ ནོར་ནད་གོད་རིམས་ཐམས་ཅད་ཐུབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ནོར་སྲུང་རྣམས་སྦལ་སྡིག་མཇུག་སྤྲད་ནི༔ སྦལ་སྡིག་མགོ་དགུ་རྭ་ནི་བཅོ་བརྒྱད་ཀྱི༔ ལྟེ་བར་གོད་འདྲེའི་རཱུ་པ་བྲི༔ རཱུ་པའི་སྙིང་གར་ཏྲི་བྲི༔ དེ་ཡི་མཐར་གོད་འདྲེ་ནན་ནན་བྱ་བ་དང༔ གཞན་ཡང་དམོད་བཅོལ་རིགས་རྣམས་བྲི༔ རཱུ་པ་བསྐོར་ལ་ཡིག་མགོ་ཕྱིར་བསྟན་འདི་ཉིད་བྲི༔ ཕྱུགས་ནད་མ་སྡོད་ཅིག༔ གནོད་བྱེད་གོད་འདྲེའི་བླ་ནན་ཡཾ་ནན་ཡཾ་ནན༔ གློ་གོར་ནན༔ རྒྱུ་གོར་ནན༔ གོད་འདྲེ་གོད་སྲི་ཐམས་ཅད་ནན༔ བྱ་བ་བྲི༔ སྨྲ་བཅད་སྔགས་འདི་བརྒྱ་རྩ་བརྒྱད་བཟླས་ཤིང༔ ནོར་ཕྱུགས་ཀྱི་ཁ་བྲེས་ནང་དུ་མནན༔ ཨོཾ་རུ་རུ་བྷ་དྷ་བྷ་ཏ༔ གུར་གུ་གུར་གུ་བློངས་མི་སྭཱ་ཧཱ༔ ཁྱི་མཇུག་གསུམ་བསྒྲིལ་གྱིས་བཅིངས་ལ་མནན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རྟ་ཕྱུགས་ནོར་ཕྱུགས་ཐམས་ཅད་ལ༔ གོད་ཡམས་ཀུན་ཐུབ་ཟབ་མོ་འདི་བཞིན་བསྟན༔ རྡོ་རྗེའི་ཞགས་ཁུགས་སུ་རལ་གྲི་འབར་བ་བྲི་ལ༔ རལ་གྲིའི་རྩེ་ནས་སྔགས་མགོ་ཕྱིར་བསྟན་ལ་སྔགས་འདི་བྲི༔ གོད་འདྲེ་གོད་སྲི་ཐམས་ཅད་ཆིངས་ཤིག་རཀྵ་རཀྵ༔ དེ་ནས་སྔགས་མགོ་ཕྱིར་བསྟན་ཡུ་བ་ནས་རྩེ་ཡི་བར༔ སྔགས་གཉིས་རྟིང་སྤྲད་བྱས་ལ་དག་པར་བྲི༔ ཨོཾ་ཨ་ར་པ་ཙ་ན་དྷཱི༔ ཨོཾ་ཝཱ་གཱི་ཤྭ་རི་མུཾ༔ ཨོཾ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ དེ་ནས་རྡོ་རྗེའི་ཞགས་པའི་ནང་དུ་འདི་ལྟར་བྲི༔ ཨོཾ་བཛྲ་གུ་རུ་ནི་ལམ་བྷ་ར་དྷ་ར་བཛྲ་པཱ་ཎི་ཧྲཱི༔ ཏ་ཡ་མ་ཏ་མ་ཀྲོ་དྷ་ས་ཏ་ཧཱུྃ་ཕཊ༔ སྦྲའི་ཁྱིམ་སྒོ་ལམ་སྲང་འདི་རྣམས་ལ་ནོར་ཕྱུགས་རྟ་ཕྱུགས་འདི་རྣམས་ལ་གོད་འདྲེ་གོད་སྲིའི་གནོད་པས་མི་ཚུགས་པར་སྲུངས་ཤིག་རཀྵ་རཀྵ༔ དེ་ནས་ཞབས་ཞུགས་སུ་གཡག་གི་འཕོངས་བསྟན་ལ༔ གཡག་རྒོད་ཀྱི་གཟུགས་ལེགས་པར་བྲི༔ གཡག་གི་རྒལ་རྒྱུད་ནས་མར་འདི་བཞིན་བཀོད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་ཏྲི་ཆ་ཆ་ཆིང་ཆིང་ཏྲི་རྦད་རྦད་ཏྲི་ཁུག་ཁུག་ཏྲི་ཤི་ན་ཏྲི་གཏུབ་གཏུབ༔ ཏྲི་མཱ་ར་ཡ་ཁ་ཐམ་ནོར་ཕྱུགས་འདི་ལ་རཀྵ་རཀྵ༔ གསེར་དང་མཚལ་གྱིས་བྲི་བར་བྱའོ༔ ཞེས་རབ་ཏུ་གནས་ཤིང་སྒོ་ཁྱིའི་མགུལ་དུ་བཏགས་པར་བྱའོ༔ ཁྱི་དེའི་སྐད་ཐོས་ཚད་ལ་གློ་གོར་དང་ལྷོག་པ་ལ་སོགས་ནོར་ནད་གོད་ཡམས་ཀྱི་རིགས་ཐམས་ཅད་ཐུབ་པར་ཐེ་ཚོམ་མེད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈ དེ་ནས་བདག་འདྲ་པདྨ་འོད་འབར་གྱིས༔ མ་འོངས་སེམས་ཅན་དོན་ཕྱིར་དུ༔ རྟ་སྲུང་རྡོ་རྗེའི་ཕ་ལམ་བསྟན༔ ཙཀྲ་མུ་ཁྱུད་རིམ་པ་ལྔ་རུ་བསྐོར༔ མུ་ཁྱུད་ཕྱི་མ་རྩིབས་བཞི་བྲི༔ ལྟེ་བར་ཧྲཱིཿཧཱུྃ་བྲི༔ ཧཱུྃ་མགོ་ནས་ཡིག་ངོ་ཕྱིར་བསྟན་ལ༔ འཆང་བའི་རྟ་འདི་རྣམས་ལ༔ གདོན་བགེགས་གོད་འདྲེ་གོད་སྲི་གོད་ཡམས་ཀྱི་གནོད་པས་མི་ཚུགས་པར་སྲུངས་ཤིག༔ རཀྵ་རཀྵ༔ ཕྱི་རིམ་རྩིབས་བཞི་དག་ལ་རིམ་པར་འདི་བཞིན་བྲི༔ སྔགས་མགོ་ཕྱིར་བསྟན༔ ཧེ་དུ་ར་ན་ཟློག་ཟློག༔ ནཱ་ག་ས་དུ་ཟློག་ཟློག༔ རཱ་ཙ་ཨཱེ་ན་ཟློག་ཟློག༔ མ་མ་དུ་ར་ན་ཟློག་ཟློག༔ རྩིབས་མཆན་བཞི་ལ༔ ཧཱུྃ་རྦད་བྷྱོ་བྷྱོ་ཚང་བར་བྲི༔ དེ་རྒྱབ་ཨཱ་ལི་ཀཱ་ལི་དང་རྟེན་འབྲེལ་སྙིང་པོ༔ དེ་རྒྱབ་ཕྱོགས་མཚམས་བརྒྱད་དུ་རྡོ་རྗེ་བརྒྱད་ཕྱི་རིམ་མེ་རིས་བསྐོར་བ་བྱ༔ རྫས་ནི་སྦྲུལ་སྦངས་རུ་ཁྲག་དང༔ རྟ་བོན་ཀ་ཡི་སྒྲོ༔ རབ་ཏུ་གནས་ཤིང་མགུལ་དུ་བཏགས༔ རྟ་སྲུང་ཡིད་བཞིན་ནོར་བུ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རྒྱ་འདྲེ་འགོང་པོས་སྐྱེ་འགྲོ་ཡོངས་ལ་འཚེ༔ དེ་ཉིད་འགྲིམ་ལམ་གཅད་པ་ཡི༔ རྒྱལ་འགོང་གནད་འབེབ་སྒོ་སྲུང་ཟབ་མོ་བསྟན༔ འདི་མཐོང་རྒྱལ་འགོང་མ་ལུས་ཀུན༔ སྙིང་ཁྲག་གས་ནས་དཔག་ཚད་རྒྱང་གྲགས་བྲོས༔ ལྕགས་སྡིག་མགོ་ཁ་སྤྲོད་བར་དམ་ཉམས་རཱུ་པ་མགོ་ལ་བསེ་ཐེབ་ལག་གཉིས་རྒྱབ་ཏུ་བཀྱིག༔ རྐང་གཉིས་ལྕགས་སྒྲོག་བསྡམས་པའོ༔ མགོ་བོ་སྡིག་པའི་ཁ་རུ་འཛིན༔ རྐང་གཉིས་དེ་བཞིན་སྡིག་པའི་ཁ་རུ་འཛིན༔ གནས་བཞིར༔ ཛཿཧཱུྃ་བཾ་ཧོཿདང༔ དེ་ནས་ཕྲག་ནས་འཕྲེད་དུ༔ ནོར་འཁྲུལ་མེད་པར་འདི་ཉིད་བཀོད༔ སུ་མ་ཏྲི་མཱ་ར་ཡ་རྦད་ནན་ནན༔ ས་དུ་སྐམ་པ་ཡ་གཏུབ་གཏུབ་ཏྲི་ཏོ་བ་རི་ཤག་ཕྱེས་ཕྱེས༔ དུ་མེ་ཙ་ཏི་ལ་ཙཀྲ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ༔ བྲོག་ཏི་ཏྲི་མ་རཱ་ཡ་ཤག་ཕྱེས་ཕྱེས༔ ཐུམ་རིལ་རིལ་ཧཱུྃ་ཕཊ༔ ཁྱིམ་སྒོ་ལམ་སྲང་འདི་ལ་རྒྱལ་འགོང་དམ་སྲིའི་རིགས་སུ་གྱུར་པ་ཐམས་ཅད་ཀྱི་གནོད་པས་མི་ཚུགས་པར་སྲུངས་ཤིག་རཀྵ་རཀྵ༔ དེ་ནས་སྡིག་པའི་མཇུག༔ རཱུ་པའི་མགོ་ཡི་ཐད་ནས་ཡིག་མགོ་ཕྱིར་བསྟན་ལ༔ དྲག་པོའི་སྔགས་རྒོད་འདི་རྣམས་བཀོད༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཨོཾ་བཛྲ་གུ་རུ་གྲོ་བོ་ལོད་ལོ་ཀ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཨོཾ་བཛྲ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ༔ བཛྲ་ཧཱུྃ༔ ཡཀྵ་ཧཱུྃ༔ རཀྵ་ཧཱུྃ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་གནོད་བྱེད་རྒྱལ་འགོང་དམ་སྲི་ཐམས་ཅད་ཀྱི་བླ་སྲོག་ཚེ་སྙིང་ལ་མཱ་ར་ཡ་ཧཱུྃ་ཕཊ༔ ཁྱིམ་སྒོ་ལམ་སྲང་འདི་ཉིད་ལ་རྒྱལ་འགོང་དམ་སྲིའི་རིགས་སུ་གྱུར་པ་རྣམས་ཀྱི་གནོད་པ་དང་འགྲིམ་པ་ཐམས་ཅད་མི་ཚུགས་པར་སྲུངས་ཤིག༔ སྒྲིབས་ཤིག་རཀྵ་རཀྵ༔ སྲུངས་ཤིག་སྐྱོབས་ཤིག་རཀྵ་རཀྵ༔ འདི་ཉིད་མ་ལྟེབ་མ་དྲིལ་སྒོ་ཡི་ཡ་ཐེམ་དུ་བཏགས༔ རྒྱ་འདྲེ་འགོང་པོ་དམ་སྲིའི་རིགས་སུ་གྱུར་པ་རྣམས་ཀྱི་གནོད་པ་བསྐྱལ་མི་ནུས་ཤིང༔ འགྲིམ་ལམ་ཆོད་པར་འགྱུར་རོ༔ སྔོན་སློབ་དཔོན་དང་སློབ་མ་གཉིས་མ་འཚམས་པས༔ སློབ་མ་དམ་ལོག་ནས་སློབ་དཔོན་བསད་པས༔ སློབ་དཔོན་ལྕགས་ཀྱི་སྡིག་པ་ནག་པོ་མགོ་དགུ་པ་རྭ་བཅོ་བརྒྱད་ཡོད་པ་ཞིག་ཏུ་སྐྱེས༔ སློབ་མ་དེ་དམ་ཉམས་ནས་རྒྱལ་འགོང་དུ་སྐྱེས༔ དེ་ནས་ལྕགས་ཀྱི་སྡིག་པ་ནག་པོ་དེས༔ རྒྱལ་འགོང་དེའི་སྙིང་ཁྲག་འཇིབ་ཅིང་བསད་ནས་ཟོས༔ དེ་ཡི་ཕྱིར་ན་ལྕགས་ཀྱི་སྡིག་པ་རྒྱལ་འགོང་གི་གཤེད་དུ་བབ་པ་ཡིན་ནོ༔ ལར་འདི་ཕོ་འདྲེ་དང་གསོན་འདྲེའི་རིགས་སུ་གྱུར་པ་ཐམས་ཅད་བསྔགས་པ་ཡིན་ནོ༔ དེ་ཕྱིར་མང་དུ་སྤེལ་ན་རང་ལ་འཁུ་བར་འགྱུར་རོ༔ དེ་བས་མང་དུ་མ་སྤེལ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཕྱུགས་ལ་འཕར་བས་སྡང་ན་སྔགས་འདི་སྨྲ་བཅད་བྱེ་མ་ལ་བཏབ་ནས་སེམས་ཅན་གང་བསྲུང་གི་སྤུ་གསེབ་ཏུ་གཏོར་རོ༔ སྔགས་ནི༔ མ་ཧཱ་ཧ་རི་ནི་ས་ཧཱུྃ༔ ཨོཾ་རྒྱུ་རྒྱུ་དམར་པོ་རྦད་རྦད་ཤིག་ཤིག་ནན༔ ཏྲཾ་དམར་པོ་གནོད་བྱེད་འཕར་བའི་ཁ་ཆིངས་ཤིག༔ ཁྲི་ཚོ་བཟླས་པར་བྱའོ༔ བྱེ་མ་གཙང་མ་མི་ཡིས་མ་འགོང་བ་སྔགས་ནས་གང་བསྲུང་གི་སྤུ་གསེབ་ཏུ་གཏོར༔ ཤིན་ཏུ་ཟབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྟ་ཕྱུགས་ནོར་ཕྱུགས་རྣམས་ལ་ཤིན་ཏུ་གནོད་འཚེ་ཆེ་ན༔ བདག་འདྲ་པདྨའི་མན་ངག་ཟབ་མོ་འདི་བཞིན་བསྟན༔ འཕར་སྤྱང་གནོད་འཚེ་གང་ཆེའི་གཟུགས་བྲིས་ལ༔ ཡན་ལག་ཐམས་ཅད་ལྕགས་སྒྲོག་གིས་བཅིངས་པ་བྱེད༔ ལྕེ་ཕྱིར་དྲངས་ལ་རྡོ་རྗེ་རྒྱ་གྲམ་བྲི༔ གཟུགས་ཀྱི་ནང་དུ་སྔགས་འདོད་གསོལ་བྲི༔ ཨོཾ་མ་ཧཱ་ཙ་ནི་ཙ་ནི་ཧཱུྃ་ཕཊ༔ འཕར་སྤྱང་གི་ལུས་ངག་ཡིད་གསུམ་ཞོ་ཙ་ཞོ་ཙ་ཐུམ་ཐུམ༔ གཟུགས་ཀྱི་ཕྱི་རོལ་དུ༔ འཕར་སྤྱང་གི་ལུས་ལ་ཞོ་ཙ་ཞོ་ཙ་ཐུམ་ཐུམ༔ ངག་ལ་ཞོ་ཙ་ཞོ་ཙ་ཐུམ་ཐུམ༔ ཡིད་ལ་ཞོ་ཙ་ཞོ་ཙ་ཐུམ་ཐུམ༔ གཞན་ཡང་སྤེལ་ཚིག་གང་འོས་བྲི༔ དེ་ནས་རྫས་ནི༔ འཕར་སྤྱང་གི་སྤུ་བྲུན་ཤ་ཁྲག་གོ༔ གཡོག་ནག་པོ་བྱ༔ ཁ་རྐུབ་སྤྲད་ལ་བལྟེབ༔ ཚོན་གྱི་སྐུད་པས་བཅིང༔ དེ་ཚེ་སྔགས་འདི་བརྒྱ་རྩ་བཟླ༔ ཨོཾ་ཙིར་ཙིར་དུ་དུ་རྦད་རྦད་སྭཱ་ཧཱ༔ ཤིག་ཤིག་ནན་ནན་ཏམ་འབྱུང་པོ་སྔོན་པོ་འཕར་སྤྱང་གི་ཁ་ཆིངས་ཤིག༔ ཙཀྲ་བྲི་བ་དང་སྔགས་མ་ཚར་གྱི་བར་དུ་མི་ཁྱི་རླུང་གི་སྐད་མ་ཕོག་པར་བྱའོ༔ དེ་ནས་རབ་གནས་དམིགས་བྱ་ནི༔ རང་ཉིད་པདྨ་འབྱུང་གནས་ཨ་ཙ་ར་ཡི་ཆ་བྱད་ཅན༔ སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཟངས་ཀྱི་མཆུ་སྦུབས་ཅན༔ དེ་ལ་མེ་དམར་ལྷབ་ལྷབ་འབར་བ་ཞིག་བསྐྱེད་ལ༔ ཕྱག་གཡོན་པས་ཟངས་ཀྱི་ཁང་སྒྲོམ་ཕྱི་ན་མེ་འབར་བ༔ ནང་ན་མུན་པ་འཐིབས་པ་ཞིག་བསྣམས་པ༔ ཕྱག་གཡས་པས་ལྕགས་ཀྱུ་དང་ཞགས་པས་འཕར་སྤྱང་གི་སྐེ་ནས་བཟུང་ཞིང༔ གཡོན་པའི་ཁང་སྒྲོམ་དེའི་ནང་དུ་བཅུག་པར་བསམ༔ སྔགས་ཀྱི་འོད་ཟེར་ཀྱང་དེ་བཞིན་དམིགས༔ སྔགས་འདི་ཁྲི་ཚོ་གཅིག་བཟླ༔ ཨོཾ་མ་ཧཱ་ཐར་ཙ་ཐར་ཙ་ནི་ཧཱུྃ་ཕཊ༔ འཕར་སྤྱང་གི་ལུས་ངག་ཡིད་གསུམ་ལ་ཞོ་ཙ་ཞོ་ཙ་ཐུམ་ཐུམ་ནན༔ བརྒྱ་རྩ་རེ་ཤམ་བུ་གཉིས་ཁྲིའོ༔ ཙཀྲ་གང་བསྲུང་བའི་སོག་པ་སྟེང་དུ་བཏགས་སོ༔ དེ་ནས་བྱེ་མ་ཆུ་ལ་སྔགས་ཚན་རྣམས་ཚང་བར་སྟོང་རྩ་བཏབ་ལ༔ གང་བསྲུང་གི་སྤུ་གསེབ་ཏུ་གཏོར་རོ༔ འདི་ལ་ཐེ་ཚོམ་བྱུང་ན་པད་འབྱུང་ང་ཉིད་ཞན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་མ་འོང་དུས་ངན་ཚེ༔ པྲེ་ཏ་པ་ཏ་ཧི་ལ་སོགས་པ༔ འགོ་བའི་ནད་རིགས་མི་འདྲ་སྣ་ཚོགས་མང༔ དེ་འདུལ་སྲུང་བ་ཟབ་མོ་འདི་བཞིན་བསྟན༔ རྫས་ནི༔ ཆུ་དག་ཡུང་བ་བཙན་དུག་གསུམ༔ རས་ཤོག་ལོགས་ལ་ཙཀྲ་འདི་ལྟར་བྲི༔ དང་པོ་ལྕགས་སྡིག་ནག་པོའི་ལྟོ་བ་རུ༔ མུ་ཁྱུད་རིམ་པ་ལྔ་རུ་བསྐོར༔ དེ་དབུས་འབྲུ་གསུམ་བརྩེགས་མར་བྲི༔ དེ་ནས༔ ཨོཾ་ནས་ཡིག་མགོ་ཕྱིར་བསྟན་ལ༔ གང་བསྲུང་གི་མཐར༔ གག་ལྷོག་གཟེར་གསུམ་བཤལ་ནད་རྒྱུ་གཟེར་འགོ་བའི་ནད་རིགས་ཐམས་ཅད་ཀྱི་གནོད་པས་མི་ཚུགས་པར་སྲུངས་ཤིག་རཀྵ་རཀྵ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ མ་ཧ་རི་ནི་ས་ཧཱུྃ༔ ཞེས་གང་ཤོང་བྲིའོ༔ དེའི་ཕྱི་རིམ་རྩིབས་དྲུག་ལ༔ ཨོཾ་ཐིམ་ ཐ་ར་ཏི་ས་ དུན་ཏེ་ ཛྭ་ལ་ རཾ་པ་ཡེ་སྭཱ་ཧཱ༔ དེ་རྣམས་ཐམས་ཅད་ཡིག་མགོ་ཕྱིར་བསྟན་བྱ༔ དེ་ནས་རྩིབས་མཆན་རྣམས་སུ་ཡིག་མགོ་ནང་དུ་བསྟན༔ ཨོཾ་ནིར་སེང༔ ཡེར༔ རྦད་རྦད༔ སྭཱ་ཧཱ༔ དེ་ནས་རྩེར་ཨོཾ་མགོ་དང༔ དེ་བཞིན་ལྕགས་སྡིག་སྦྲུལ་དང་ཉ༔ དེ་མཚམས་ཡིག་མགོ་ཕྱིར་བསྟན་ལ༔ མཚམས་བཞིར་རྟེན་འབྲེལ་སྙིང་པོ་བྲི༔ ལྕགས་སྡིག་མགོ་ཡི་རྭ་ནི་བཅོ་བརྒྱད་ཡོད་པར་བྲི༔ དེ་རྒྱབ་མེ་རིས་བསྐོར༔ རབ་གནས་རང་སྔགས་བརྒྱ་རྩ་དང༔ རྟེན་འབྲེལ་སྙིང་པོ་དག་གིས་བྱ༔ རང་སྔགས་ཟབ་མོ་འདི་བཞིན་ནོ༔ མ་ཧ་རི་ནི་ས་ཧཱུྃ༔ ཨོཾ་ཐིམ་ཐ་ར་ཏི་ས་དུན་ཏེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ འདི་ལ་ཁྲི་ཚོ་བཟླས་གྱུར་ན༔ གནམ་ལྕགས་རྡོ་རྗེའི་རྫོང་དང་མཚུངས༔ གདམས་ངག་འདི་ཡིས་མི་ཐུབ་གང་ཡང་མེད༔ གག་ལྷོག་གཟེར་གསུམ་ཐམས་ཅད་དང༔ འབྲུམ་བུ་བཤལ་ནད་ལ་སོགས་དང༔ ལྟག་ཚད་སྙིང་གཟེར་རིམས་ནད་དང༔ འགོ་བའི་རིམས་ནད་ཀུན་ལ་ཟབ༔ འདི་འདྲ་འཇིག་རྟེན་གསུམ་ན་དཀོན༔ འདི་ལ་ཐེ་ཚོམ་ཡོད་རེ་ཀན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་འོངས་དུས་ཀྱི་སྙིགས་མ་ལ༔ ཡུལ་དགོན་སྡེ་དགོན་ནང་འཁྲུགས་སྐྱེ་བོས་ནང་དམེ་བྱེད༔ ལས་ངན་རང་གིས་བྱེད་ཅིང་དུས་ངན་ཟེར༔ མཐའ་ཡི་དམག་དཔུང་དབུས་སུ་ཕྱུར༔ དེ་རྐྱེན་འཇིག་རྟེན་མ་མོ་དང༔ ལྷ་སྲིན་དྲེགས་པའི་ཚོགས་རྣམས་འཁྲུགས༔ ཁ་རླངས་ནད་ཡམས་སྣ་ཚོགས་འོང༔ སྐྱེ་འགྲོ་ཕོ་མོའི་སྲོག་དབུགས་སྡུད༔ དེ་ཚེ་ང་སྤྲུལ་གར་དབང་གིས༔ ཟབ་གཏེར་སྒོ་འབྱེད་སྐྱེ་འགྲོ་བདེ་ལ་འགོད༔ དེ་ནས་ནད་རིགས་སྣ་ཚོགས་ནི༔ པྲེ་ཏ་པར་པ་ཏ་ཞེས་དང༔ མཁྲིས་པ་གསེར་བཤལ་མཆིན་པ་ཁྲག་བཤལ་དང༔ རྒྱུ་མ་སྣབས་བཤལ་མ་ཞུ་ཟས་བཤལ་དང༔ དེ་ལ་སོགས་པའི་ནད་རིགས་དཔག་མེད་འབྱུང༔ དེ་ཚེ་ལས་ཅན་བུ་ཡི་དོན་དུ་གདམས་ངག་ཟབ་མོ་འདི་བཞིན་བཀོད༔ འདི་ལ་རྩིབས་དང་མུ་ཁྱུད་ཀྱང༔ ཡི་གེ་ཚག་མེད་དབུ་ཅན་བཀོད༔ དང་པོ་ཕྱི་ནས་རིམ་བཞིན་དུ༔ ཏ་མན་ཤཾ་ཎ་ཡེ་སྭཱ་ཧཱ༔ རྒྱུ་གཟེར་བཤལ་ནད་ཀྱི་གནོད་པས་མི་ཚུགས་པར་སྲུངས་ཤིག་རཀྵ་རཀྵ༔ དེ་ནང༔ ཨོཾ་ཁ་ལེ་ཁ་ལེ་ཏྲང་ཏྲང་མུ་ཁ་ལེ་མུ་ཁ་ལེ་ཏྲང་ཏྲང་རྒྱུ་གཟེར་བཤལ་རིམས་ཀྱི་ནད་ལ་སྭཱ་ཧཱ༔ དེ་ནང༔ ཨོཾ་ན་མ་བྷྲཱུྃ་བྷྲཱུྃ༔ ལཾ་ལཾ་ཤལ་ཤལ་སྭཱ་ཧཱ༔ འཆང་བ་པོ་ལ་དམར་བཤལ་རྒྱུ་གཟེར་འགོས་ནད་ཀྱི་གནོད་པས་མི་ཚུགས་པར་སྲུངས་ཤིག་རཀྵ་རཀྵ༔ དེ་ནང༔ ཨོཾ་ངྷ་རི་ན་ཙ་རི་ནི་གུམ་ནི་སྭཱ་ཧཱ༔ ཨོཾ་ཨོཾ་ཨོཾ་ཧཱུྃ་ཧཱུྃ་ཧཱུྃ་པྲ་མོ་ནི་ཕཊ༔ རུ་ནི་རུ་ནི་ཕཊ༔ ཨག་ནི་ཨག་ནི་ཕཊ༔ རྒྱུ་གཟེར་བཤལ་རིམས་ཀྱི་ནད་ལ་རབ་ཏུ་སྲུངས་ཤིག་སྐྱོབས་ཤིག་རཀྵ་རཀྵ༔ དེ་ནང་སྣ་ཚོགས་རྡོ་རྗེ་གཡུང་དྲུང་བྲི༔ ཀུན་གྱི་མཐའ་མར་རྟེན་འབྲེལ་སྙིང་པོ་བྲི༔ རང་སྔགས་རྣམས་བརྒྱ་རྩ་བརྒྱད་བགྲངས་ལ་རབ་ཏུ་གནས༔ རྟེན་འབྲེལ་སྙིང་པོ་དང་དབྱངས་གསལ་བྱེད་རྣམས་བརྗོད༔ སྔགས་ཆུ་བྱེད་ན་སྣོད་གཙང་ཐོགས་ལ༔ ཁ་ཆུ་གཞུང་དུ་བསྐོར་ལ༔ གངས་ཆུ་ལེན་ཅིང་ཁོལ་གྲང་དུ་བྱེད་ལ༔ སྔགས་བརྒྱ་ཕྲག་ཏུ་བཟླས་ལ༔ ཆུ་ལ་བཏབ་ཅིང་ནད་པའི་ཁོང་དུ་བཏང༔ རྫས་ནི་ཛཱ་ཏི་སྦྲུལ་ནག་སྤངས་རྒྱུག་ཁྲག༔ ཤུ་དག་ནག་པོ་རྒྱ་སྣག་དྲི་ཆུར་སྦྱར༔ ཡི་གེ་ལ་བྱུག༔ རྡོ་རྗེ་དག་ལ་ནན་དུ་བྱུག༔ མགོ་སྟོད་དུ་ལྟེབ་ལ་མགུལ་དུ་བཏགས༔ རང་ཉིད་པདྨ་འབྱུང་གནས་ཨ་ཙ་རའི་ཆ་བྱད་ཅན༔ སྐུ་མདོག་མཐིང་ནག་དབུ་སྐྲ་དམར་སེར༔ ཕྱག་ན་མེ་ཡི་འཁོར་ལོ་ཐོགས་ནས༔ ནད་བདག་ཐམས་ཅད་མུན་པའི་གནས་སུ་དེད་ཅིང་གཞོབ་ཏུ་བསྲེགས་པར་བསམ་མོ༔ ཙཀྲ་དང་སྲུང་ཐབས་ཐམས་ཅད་རང་ཉིད་ལྟ་བུ་ཨ་ཙ་ར་རུ་བསྐྱེད༔ འདི་ནི་རྡོ་རྗེའི་རྫོང་དང་མཚུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་པདྨ་བདུད་འདུལ་ངས༔ མ་འོངས་སེམས་ཅན་དོན་ཕྱིར་དུ༔ མི་རྒོད་ཇག་པ་བཅིང་ཐབས་བསྟན༔ ཡ་ངའི་འཕྲང་ལ་འགྲིམ་པའི་ཚེ༔ རྐང་གཡོན་ལྷྭམ་སྒྲོག་སྲུང་མདུད་གཅིག་ཏུ་བྱ༔ མི་རྒོད་དགྲ་བོ་ཐམས་ཅད་ཀུན༔ ལྕགས་ཁང་སྒོ་མེད་ནང་དུ་ཚུད་པར་བསམ༔ རྐང་གཡོན་འོག་ནས་ས་སྤར་བླང༔ རང་ཉིད་འགྲོ་བའི་ཕྱོགས་སུ་གཏོར༔ མགྲོན་གཞན་བསྲུང་ན་གཏོར༔ གནས་ཁང་ལ་སོགས་བསྲུང་བ་ལ་བྱེ་མ་ལ་སྔགས་ལ་གཏོར༔ དང་པོ་གོང་བསྙེན་ཁྲི་འབུམ་བྱ༔ དེ་ནས་ནམ་དགོས་ལས་ལ་སྦྱར༔ གསང་སྔགས་འདི་ཉིད་བཟླ་བར་བྱ༔ ལམ་ལམ་ཁ་ལ་ཆིངས་ཆིངས༔ ལམ་ལམ་ཁ་ལ་སྒྲོག་སྒྲོག༔ དགྲ་བོའི་ལུས་ཆིངས་ཆིངས༔ དགྲ་བོའི་ངག་ཆིངས་ཆིངས༔ དགྲ་བོའི་ཡིད་ཆིངས་ཆིངས༔ དགྲ་བོའི་ཧོང་པ་ཡ་ཧོང་པ་ཡ༔ ཟབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རྨ་སྙེགས་སྔགས་ནི༔ ཁྱི་སྤུ་གཏུབ་ལ་མར་དང་བསྲེ་ལ་རྨ་ཁར་བྱུག༔ བྷེ་ཙ་ར་ཎ་འུབ་འདུས་སོད༔ ཤིན་ཏུ་ཟབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དུད་འགྲོའི་བརྣངས་སྔགས་ནི༔ དམིགས་པ་ནི༔ བརྣངས་ཟས་དེ་ཉ་བསྒོམ་ལ༔ སྔགས་ཆུ་དང་ཕུ་བཏབ་པ་དུང་བསྒོམ་མོ༔ སྔགས་ནི༔ ཛ་ཉ་དུང་ཁ་ལ་ཤད་ཤད་སྭཱ་ཧཱ༔ ཟབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལིང་ཏོག་སྔགས་ལ༔ ལིང་ཏོག་ཉ་བསྒོམ༔ སྔགས་ཆུ་བྱ་བསྒོམ༔ བྱས་ཉ་བསད་པར་བསྒོམ་མོ༔ སྔགས་ནི༔ ཨོཾ་ཧ་ར་ལིང་སྭཱ་ཧཱ༔ ཟབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སོ་སྲིན་གྱི་སྲུང་བ་ལ༔ གཡང་མོའི་སོག་བལ་དཀར་པོ་གཡས་པ་དྲང་འཁེལ་དུ་བྱ༔ གཡང་མོ་ནག་མོའི་སོག་བལ་གཡོན་པ་ཕྱིར་འཁེལ་དུ་བྱས་ལ༔ ཡི་གེ་འདི་ཚག་མེད་དབུ་ཅན་དུ་བྱས་ནས༔ རང་སྔགས་བརྒྱ་རྩ་འདོན་ཅིང༔ མཇུག་ནས་ཡར་དྲིལ་ལ་ཕུ་བཏབ༔ ཨོཾ་ཤག་ཏི་རྦད་རྦད༔ ཚལ་ཏི་རྦད་རྦད༔ སོ་ལ་སྲིན་པོ་ཚལ་ཏི་རྦད་རྦད༔ དུས་བཟང་དག་ལ་བསྙེན་སྔགས་འདི་ཉིད་འབུམ་ཚོ་བཟླ༔ ཨོཾ་ནག་པོ་རྦད་དུན་ཡེ་རྦད་སྲིན་ཙ་རྦད་རྦད་ཐུམ་ཧྲིལ་ཛ་རྦད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐྲངས་རིགས་དང་གཉན་རིགས་ཐབ་བམ༔ ཁྲག་ཆོད་ཀྱི་གདམས་པ་ནི༔ རྨ་སྐྲངས་གང་ཡིན་མེ་བསྒོམ༔ སྔགས་ཆུ་དང་སྔགས་ཐུལ་རྒྱེབ་ལ་ས་ཆུ་བསྒོམས་ལ༔ ཆུས་མེ་བསད་པར་བསྒོམ་ལ༔ ཨོཾ་ཏྲི་ཧྲཱིཿཐེབ་ཐེབ་ཐབ་སོད༔ གཞོབ་སོད༔ ཡ་མ་སོད༔ ཡ་ཁྱི་སོད༔ བྲམ་ཟེ་ནག་པོ་གཉན་སོད༔ ཤིན་ཏུ་ཟབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁྱི་སྨྱོན་སྔགས་ནི༔ ཟན་ཤོ་བསྔགས་ལ་བཏང༔ སྔགས་ནི༔ ཨོཾ་ཀ་ཀ་ཀི་ཀི་ཅ་ཅ་ཅི་ཅི་སྐྱ་རེངས་མཆེ་བའི་དབལ་སོད༔ སྔགས་ཆུ་དང་གཉིས་ཀ་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བུད་མེད་དང་དུད་འགྲོའི་བུ་མ་ཐོན་པ་ཐོན་པར་བྱེད་པའི་སྔགས་ནི༔ མར་གྱི་རིལ་བུ་དང་སྔགས་ཆུ་ཁོང་དུ་བཏང་ངོ༔ བུད་མེད་ལ་མར་སྔགས་ལ་སྤྱི་བོའི་འཛུམ་དུ་བཀུའོ༔ རིལ་བུ་དང་སྔགས་ཆུ་ཅུང་ཞིག་བཏང་ངོ༔ གང་ལ་ཡང་མང་ན༔ ནང་ཁྲོལ་བཤལ་དོགས་ཡོད༔ སྔགས་ནི༔ ཨོཾ་ཀ་ཀ་མའི་ལམ་ཕྱེས༔ ཀི་ཀི་མའི་ལམ་ཕྱེས༔ ཤྭ་ནི་མའི་ལམ་ཕྱེས༔ རྒྱུ་འབྱུང་བ་ལྔ་ཡི་ལམ་ཕྱེས༔ ཐུམ་ཤག༔ རྒྱུག་ཤག༔ ཤིན་ཏུ་ཟབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བུད་མེད་དུད་འགྲོའི་ཤ་མ་མ་ཐོན་ན༔ སྤྱང་བྲུན་བྱ་བལ་མ་ཆང་དང་སྦྱར་ལ༔ སྔགས་འདི་བཏབ་བོ༔ ཏྲ་ནི་ཏྲ་ནི་ཤག་ཕྱུངས༔ རྫས་ཆུ་དེ་སྔགས་ལ་ཁོང་དུ་བཏང་ངོ༔ ཤིན་ཏུ་ཟབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་བུད་མེད་དང་དུད་འགྲོའི་ནུ་མ་ན་བ་དེ༔ ཕན་བྱེད་སྔགས་ནི༔ ཨོཾ་སུམ་ཕམ་མ་འཛི་ལྟར་ན་སྭཱ་ཧཱ༔ མར་རྙིང་སྔགས་ལ་བྱུག་པས་ཕན་པར་འགྱུར་རོ༔ ཟབ་རྒྱ༔ ལྷོག་པའི་སྔགས་ནི༔ གོང་བསྙེན་ཁྲི་ཚོ་བྱེད༔ དགོས་དུས་སྔགས་ཆུ་དང་སྔགས་ཐུལ་བཏབ་པས་ཕན་ནོ༔ སྔགས་ནི༔ ཨ་ཀར་ཙ་སོད༔ ཡ་མ་ཙ་སོད༔ སྤུ་གྲིས་ཆོད་ཆོད༔ སྤུ་གྲིས་རྦད་རྦད༔ ལྷོག་པ་སྤུན་དགུའི་སྲོག་ལ་ཐུམ་ཧྲིལ་ཧྲིལ༔ ཟབ་བོ༔ རྒྱ་རྒྱ་རྒྱ༔ ནད་ངན་གྱི་བསྲུང་བ་ནི༔ དྲི་ཆུ་བར་མ་ལ་སྔགས་ཅི་མང་བཏབ་ཅིང༔ བུ་ག་དགུ་ལ་ཐིག་ལེ་བྱ་ཞིང་རང་གི་ཁོང་དུ་བཏང་ངོ༔ སྔགས་ནི༔ ཨོཾ་ལི་ཏྲི་ཡཀྵ་ཧཱུྃ༔ ཤིན་ཏུ་ཟབ་བོ༔ དེ་ནས་རྨ་གཉན་སྐྲངས་པའི་རིགས་ཐམས་ཅད་ལ༔ འདི་ལས་ཟབ་པའི་གདམས་པ་མེད༔ ཕྱེ་མར་ལ་སྔགས་བརྒྱ༔ ཆུ་ལ་སྔགས་བརྒྱ༔ ཚྭ་ལ་སྔགས་བརྒྱ༔ ཟན་ཚོས་ལ་སྔགས་བརྒྱ༔ དེ་འདོན་ཞིང་ཟན་བཙོ་བའོ༔ དེ་ནས་རྨ་སྐྲངས་གང་ཡིན་དེ་ལ་འཇར་རོ༔ རྨ་སྐྲངས་དང་འབྲས་རིགས་ཐམས་ཅད་ལ༔ འདི་ལས་ཟབ་པ་མེད༔ དེ་ནས་སྔགས་ཀྱི་རིམ་པ་ནི༔ ཨཱ་པ་ར་ཏ་ཤ་ན་ཧི༔ ཡང་ཡང་ནན་དུ་འཇར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་སོ་སྲིན་གདམས་ངག་ནི༔ རྒྱ་ཐང་ཕྲོམ་ལ་སྔགས་ནས༔ མཁར་གོང་གི་སྟེང་དུ་བླུགས་ལ་བདུག༔ མཆིལ་མ་ཕོས་པས་སྲིན་བུ་དངོས་སུ་འདོན་པར་འགྱུར་རོ༔ སྔགས་ནི༔ ཨོཾ་སྨག་སོད༔ རྨུགས་སོད༔ སོ་སྲིན་སོད༔ ཆུད་ཕྱུ་ཊ་སོད༔ སྭཱ་ཧཱ༔ སྭ་རྩ་འཇིབས་ཤིང་ཟངས་སྡེར་ནང་དུ་མཆིལ་མ་དོར་རོ༔ ཁ་སྣ་བཙང་བདུག་གོ༔ དེ་ནས་ཁ་གླ་ཆུས་བཤལ༔ ཤིན་ཏུ་ཟབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་རྨ་དང་སྐྲངས་པ་འབྲས་རིགས་ཐམས་ཅད་ལ༔ བལ་དཀར་དྲི་མེད་ལ༔ མར་དཀར་གྱི་མར་ཁུ་ནང་དུ་བཙོ་ལ༔ འཇར་ན་ཕན་པར་ངེས་སོ༔ ཚ་བའི་རིགས་ལ་ཆུ་བལ་སྔོན་པོ་བལ་བཞིན་བཙོ་ལ་འཇར་རོ༔ སྔགས་ནི༔ རཾ་རཾ་ཤག༔ ཁེ་ཁོ་ཤག༔ ལྕགས་ཀྱི་བྱ་ཁྱུང་ནག་པོ་ཙ་དུར་ཤག༔ ཡང་ཡང་སྔགས་ཤིང་ཡང་འཇར་རོ༔ འདི་ནི་ཤིན་ཏུ་ཟབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་གཉན་ལྟག་སྒྱེད་ཀྱི་གདམས་ངག་ནི༔ བལ་དྲི་མ་མེད་པར་འདབ་ལ༔ དྲི་ཆུ་བར་མ་ལ་སྔགས་བརྒྱ་ཚར་བཟླས་ཤིང༔ སྐྲངས་ཀྱི་མགོར་བཞག་གོ༔ སྔགས་ནི༔ ཏི་ཏི་མ་ར་འདུས་འདུས༔ ནན་དུ་བསྐྱལ་ལོ༔ དེ་ནས་མཆུ་ཟློའི་སྔགས་ནི༔ རང་ཉིད་ལྕགས་ཀྱི་བྱ་ཁྱུང་ནག་པོ་ཞིག་བསྒོམ་ལ༔ མཆུ་ཡིས་ཁྲག་ཆུ་སེར་ཐམས་ཅད་འཇིབས་ཤིང༔ མར་རྙིང་ལ་སྔགས་འདི་བཏབ་བོ༔ ཨོཾ་ཤ་བ་ཏ་མ་ནི་སྭཱ་ཧཱ༔ ཤ་ར་དྷ་མ་ནི་སྭཱ་ཧཱ༔ ན་མ་ཧྲཱིང་ཧྲཱིང་ཟམ་ཟམ་སྭཱ་ཧཱ༔ ཟབ་བོ༔ ཡང་ཤ་དུག་ལ་སོགས་དུག་རིགས་ལ༔ སྔགས་ཆུ་བྱ་ཞིང༔ ཤ་དུག་ཆང་དང་དོམ་མཁྲིས་སྔགས་ལ་བཏང་ངོ༔ ཨོཾ་ཧྲཱིཿནི་ཨ་གྷུ་ལ་ཀ་ཐ༔ འདི་དབུགས་མ་ཆད་གོང་དུ་སླེབ་པས་ཆོག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་རིམས་ནད་ཀྱི་སྔགས་ལ༔ ཨཱ་དམར་པོ་ཁྲག་ཁྲིག་སོད༔ འདི་བརྒྱ་རྩ་རེ་མ་ཆད་ན་རིམས་ནད་ཀུན་ལ་ཟབ་བོ༔ ཟབ་རྒྱ་རྒྱ་རྒྱ༔ དེ་ནས་ཕོ་མོ་གང་ཡིན་ཐིག་ལེ་གཅོད་པའི་ཐབས་ནི༔ ཁ་ཆེ་ལི་ཤི་བཅའ་སྒ་གཟེ་མ་ལ༔ ཁ་ཚར་དྲོད་སྨན་རིགས་རྣམས་བཏབ༔ ཞིབ་བཏགས་ཆང་ཕུལ་གང་གིས་ཕུལ༔ དེ་བཞིན་ནངས་རེ་བཞིན་དུ་བཏང༔ དེ་ནས་མར་ལ་སྔགས་ནས་སྒལ་པ་དང་པོ་ནས་རིམ་པ་བཞིན་དུ་བྱུག༔ ཁྱི་ར་རྒྱ་བོའི་སྤུ་ལྷན་ཅིག་བསྲེ་ལ༔ བུ་མོ་གཙང་མས་ཕྱིར་བསྒྲིལ་གསུམ་བཀུག་བྱ༔ དེ་ལ་མདུད་པ་ཉི་ཤུ་རྩ་གཅིག་བྱས༔ མདུད་པ་རེ་ལ་སྔགས་བརྒྱ་རྩ་རེ་བཏབ་བོ༔ སྒལ་ཚིགས་བཅུ་གསུམ་གྱི་ས་སོར་མེ་བཙའ་བཞག་གོ༔ སྲུང་སྐུད་སྐེད་ལ་བཏགས་སོ༔ སྔགས་ནི༔ ཨོཾ་བཛྲ་ཙ་གྷུ་ཤ་སེ་ཏ་ཡེ་ཧཱུྃ་ཕཊ་སྭཱ་ཧཱ༔ ཤིན་ཏུ་ཟབ་བོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ཡང་ཕོ་མོ་གང་ཡང་རུང་བ་ལ༔ ཆུ་འགགས་པ་བཅོས་ཐབས་ཀྱི་མན་ངག་ནི༔ སྲུང་སྐུད་དཀར་ཁྲ་མདུད་པ་གསུམ་བྱས་སྐེད་ལ་བཏགས༔ སྔགས་བརྒྱ་རྩ་བརྒྱད་བཏབ་བོ༔ སྔགས་ཆུ་ཁོལ་གྲང་བྱ་ཞིང་ཁོང་དུ་བཏང་ངོ༔ སྔགས་ནི༔ ཨོཾ་ཤར་ཤར་ཤར༔ ནར་ནར་ནར༔ ཆུ་ཚེ་ལེའི་སྭཱ་ཧཱ༔ ཤིན་ཏུ་ཟབ་བོ༔ ས་མ་ཡ༔ བློ་དམན་ཡེ་ཤེས་མཚོ་རྒྱལ་གྱིས༔ མ་ཧཱ་གུ་རུའི་བཀའ་བཞིན་དུ༔ མ་ནོར་ཤོག་སེར་ངོས་ལ་ཡི་གེར་བཏབ༔ ལྔ་བརྒྱ་ཐ་མ་རྩོད་དུས་སྙིགས་མ་ལ༔ ལས་ཅན་གར་དབང་རྩལ་དང་འཕྲད་པར་ཤོག༔ འཕྲད་ནས་མ་འོངས་འགྲོ་ཀུན་རང་གྲོལ་ཤོག༔ བཀའ་འདི་ཚེ་རིང་མཆེད་ལྔ་ཁྱོད་ལ་གཏད༔ ནམ་ཞིག་དུས་ཀྱི་ཐ་མ་ལ༔ ང་ཡི་བུ་མཆོག་དེ་ལ་སྤྲོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདིའང་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ། གར་དབང་ཏིང་འཛིན་བཟང་པོས། སྤུ་རི་བདེ་ཆེན་གསང་བ་ཕུག་གི་མཁལ་ཁུང་གཡས་ནས་གདན་དྲངས་པའོ། །སྤུ་སྟོད་བདེ་ཆེན་ཐང་དུ་ཤོག་སེར་ལས་དག་པར་ཕབ་པའོ།། །།
བདེ་གཤེགས་ཡོངས་འདུས་ལས༔ གླིང་བཞི་སྤྱི་མདོས་ (Volume 44, Text 7)
༁ྃ༔ བདེ་གཤེགས་ཡོངས་འདུས་ལས༔ གླིང་བཞི་སྤྱི་མདོས་བཞུགས་སོ༔ ྈྈྈྈྈྈ མ་འོངས་སྤྱིར་ནི་བོད་ཁམས་མཐའ་དབུས་འཁྲུགས༔ དེ་ཡི་རྐྱེན་གྱིས་སྣང་སྲིད་ལྷ་འདྲེ་འཁྲུགས༔ བྱེ་བྲག་སོ་སོའི་ཡུལ་གྱི་རི་དྭགས་བསད༔ དེ་རྐྱེན་ཁོལ་བུར་རི་གཉན་ཡུལ་ལྷ་འཁྲུགས༔ ཁྱད་པར་སྐྱེ་བོ་ཁྲིམས་ལ་མི་གནས་མཐུས༔ ཕྱི་ནང་གསང་བའི་ལྷ་འདྲེ་ཐ་དག་འཁྲུགས༔ དེ་ཡི་རྐྱེན་གྱིས་མི་རུངས་དུ་མ་འབྱུང༔ སེམས་བསྐྱེད་ལྡན་པས་རྒྱལ་ཁམས་སྤྱི་དོན་དུ༔ གླིང་བཞི་སྤྱི་མདོས་ཆེན་པོས་བསྐངས་གྱུར་ན༔ མི་རུངས་སོར་ཆུད་ལེགས་པ་འཕེལ་བར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ཡང་འབྲུ་སྣའི་ཕྱེ་ལ་རི་རབ་བང་རིམ་བཞི་པ་བྱས་ཏེ༔ དབུས་སུ་དཔལ་གྱི་གཏོར་མ་ལ་དར་ནག་གི་གདུགས་དང་རྒྱལ་མཚན་གྱིས་བརྒྱན༔ བང་རིམ་གོང་མ་ལ༔ ཁྱུང་རྨ་བྱ་ནེ་ཙོ་རྒོད་གླག་བཙུགས༔ བང་རིམ་བར་མ་ལ༔ སེང་གེ་སྟག་གཟིག་དོམ་སོགས་གཅན་ཟན་སྣ་ཚོགས་ཀྱིས་བསྐོར༔ བང་རིམ་དེའི་འོག་ཏུ་ཤ་དགོ་གཙོད་སོགས་རི་དྭགས་སྣ་ཚོགས༔ ཐ་མ་ལ་གཡག་ལུག་ར་སོགས་གཡུང་དྭགས་ཀྱིས་བསྐོར༔ ཐ་མ་ལ་གཏོར་མ་བརྒྱ་རྩ་ཁྲག་ཀོང་ཉུངས་དཀར་སྐྱུ་གུ་དང༔ མདའ་དར་གྱིས་བསྐོར༔ ལོགས་ཤིག་ཏུ་རི་རབ་བང་རིམ་བཞིའི་ཐོག་ཏུ་ཀླུའི་རྒྱལ་པོའི་གཟུགས་ལ་གཟུགས་འགྲོས་ཀྱིས་བསྐོར༔ དེ་ལྟར་མཆོད་པ་བྱིན་གྱིས་བརླབ༔ བདག་བསྐྱེད་པ་ནི༔ སྔགས་མཁན་ཆས་སུ་བྱ་བ་ནི༔ དམར་པོ་ནག་པོ་སྔོན་པོ་བཟུང༔ ཞག་གསུམ་བསྙེན་པ་བྱས་ནས་ནི༔ བླ་མེད་ཏིང་འཛིན་གསལ་བར་བྱ༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀ༔ སྐུ་མདོག་མཐིང་ནག་རལ་པ་ཅན༔ ཞལ་གསུམ་ཕྱག་ཀྱང་དྲུག་པ་སྟེ༔ དབུས་མཐིང་གཡས་དཀར་གཡོན་དམར་རོལ༔ གཡས་ཀྱི་དང་པོ་རྡོ་རྗེ་ལ༔ བར་པས་ཞིང་གི་དབྱུག་པ་བསྣམས༔ ཐ་མས་སྦྲུལ་གྱི་ཞགས་པ་ཡིས༔ ཁམས་གསུམ་མ་མོ་དབང་དུ་སྡུད༔ གཡོན་གྱི་དང་པོ་བྷན་དྷ་ལ༔ བར་པས་ཞིང་གི་གཡབ་མོ་ཡིས༔ མ་མོ་ཐམས་ཅད་འགུགས་འདྲེན་ནོ༔ ཐ་མས་དུང་ཆེན་གྭ་འུ་རུ༔ གནམ་ལྕགས་གཟེར་གྱིས་བཏབ་པ་རུ༔ མི་ཕྱུགས་ཀུན་གྱི་ཚེ་དང་གཡང༔ ཡི་གེ་ཧཱུྃ་གི་རྣམ་པར་བསྡུས༔ ཡུམ་ཡང་དུག་གསུམ་དབང་སྡུད་མ༔ རྒྱན་དང་ཆ་ལུགས་གཙོ་དང་འདྲ༔ ཧཱུྃ་ཧེ་རུ་ཀ་ཀྲོ་ཏཱི་ཤྭ་རཱི་སཏྭཾ༔ ཧཱུྃ་ཧ་ཧི་ཧེ་ཕཊ༔ མ་མ་ཡོ་གི་ནི་རུ་ལུ་བྷྱོ༔ གོང་ནོན་གྱི་གཏོར་མ་གསལ་གདབ་སྟེ་བྱིན་དབབ་པ་ནི༔ ཧཱུྃ༔ བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ༔ མཐིང་ནག་འཇིགས་པའི་ཆ་ལུགས་ཅན༔ དཀར་ནག་དམར་བའི་ཞལ་མངའ་བ༔ ཕྱག་དྲུག་ཕྱག་མཚན་སྐྱེ་ཤི་སྒྲོལ༔ སྦྲུལ་ཆུན་ཞགས་པས་མ་ཚོགས་འགུགས༔ གཡང་གཞིའི་གཡབ་མོས་ཐམས་ཅད་འདུལ༔ ཡུམ་དང་གཉིས་སུ་མེད་པ་ཡིས༔ སྲིད་པའི་མདོས་ཀྱི་གཟུ་དཔང་མཛོད༔ ཅེས་དང༔ དེ་ནས་བདག་ཉིད་ཆེ་བའི་གཟི་བྱིན་བསྐྱེད་པ་ནི༔ ཧཱུྃ༔ ང་ནི་ཁྲག་འཐུང་ཆེན་པོ་སྟེ༔ ཁམས་གསུམ་སྙིང་ཁྲག་ཀུན་གྱི་བདག༔ ཧཱུྃ༔ ང་ནི་རུས་འཆའ་ཆེན་པོ་སྟེ༔ ཁམས་གསུམ་ཀེང་རུས་དུར་ཁྲོད་བདག༔ ཧཱུྃ༔ ང་ནི་ཟ་བྱེད་ཆེན་པོ་སྟེ༔ ཁམས་གསུམ་མ་ལུས་ཟ་བའི་བདག༔ ཧཱུྃ༔ ང་ནི་སྐྱེ་འགྲོ་དབུགས་ཀྱི་བདག༔ མ་མོ་ཡོངས་ཀྱི་རེ་གནས་ཡིན༔ མ་ཚོགས་བསྐང་བཟློག་མདོས་གཏོར་ལོངས༔ ཚེ་དང་དབང་ཐང་སྤེལ་དུ་གསོལ༔ ཧཱུྃ༔ མ་ཚོགས་ནི་མཉེས་མཆོད་ཕྱིར༔ འབྲུ་སྣ་ནི་མང་པོ་དང༔ རིན་ཆེན་སྣ་ཚོགས་ལས༔ གླིང་བཞིའི་གཏོར་མ་ལ༔ སྲོག་ཆགས་མང་པོས་བསྐོར༔ ཀུན་ཀྱང་རིན་པོ་ཆེའི༔ རྒྱན་དང་ནི་ཆ་ལུགས་ལྡན༔ འཇིག་རྟེན་ནི་ཟས་ཀྱིས་བསྐོར༔ དཀོན་པའི་རྫས་ཀྱིས་བརྒྱན༔ མུ་མེན་གྱི་ཏིང་བུ་ལ༔ རིན་ཆེན་ནི་གཅལ་བཀྲམ་སྟེ༔ བྱེ་རུ་ཡི་བཀྲ་བཙུགས་པ༔ སྤོས་ཀྱི་ནི་ས་གཞི་ལ༔ དབང་གི་ནི་དཀྱིལ་འཁོར་ལྡན༔ དར་དཀར་ནི་ཡོལ་བྲེས་ཏེ༔ གསལ་བའི་མེ་དབུས་ནས༔ རྒྱལ་མཚན་སྣ་ཚོགས་བཙུགས༔ ལེ་བརྒན་གདུགས་ཀྱིས་བཀབ༔ དུད་པ་ནི་གཉེན་ཕྱུང་ཞིང༔ གསེར་གྱིས་ནི་སྐྱེམས་བལྟམས་ཏེ༔ ཚེ་སྲོག་གི་སྐྱིན་དུ་འབུལ༔ ཆུས་སྲིད་ཀྱི་གླུད་དུ་འབུལ༔ ལོངས་སྤྱོད་ཀྱི་སྐྱིན་དུ་འབུལ༔ འདིར་བྱོན་ནས་གླུད་བཞེས་ཤིག༔ ཧཱུྃ༔ རི་རབ་གླིང་བཞིའི་དཀྱིལ་འཁོར་ནས༔ འཇིག་རྟེན་ཡོངས་ཀྱི་མངའ་བདག་མོ༔ མ་མོའི་ཚོགས་ཀྱི་རྒྱལ་མོ་སྟེ༔ སྲིད་གསུམ་ཡོངས་ཀྱི་མངའ་མཛད་མ༔ སྐྱེ་འགྲོ་ཡོངས་ཀྱི་ཟ་བྱེད་མ༔ ན་བཟའ་སྟོང་ཁམས་གཡང་གཞི་ལ༔ ཐོད་རློན་མང་པོའི་ཕྲེང་བ་ཅན༔ ལག་ན་སྙིང་གི་ལོངས་སྤྱོད་མ༔ འདིར་བྱོན་ཚེ་སྲོག་གླུད་བཞེས་ཤིག༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ ཧཱུྃ༔ རྡོ་རྗེ་རིགས་ཀྱི་རྒྱལ་མོ་སྟེ༔ ཤར་ཕྱོགས་ཁམས་ཀྱི་མངའ་བདག་མོ༔ དཀར་མོ་སྤྲིན་དཀར་གོ་ཟུ་གསོལ༔ ལག་ན་གསེར་གྱི་སྤུ་གྲི་ཐོགས༔ སྲིད་པ་ཀུན་གྱི་རུས་འཆའ་མ༔ འདིར་བྱོན་ཚེ་སྲོག་གླུད་བཞེས་ཤིག༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ ཧཱུྃ༔ རིན་ཆེན་རིགས་ཀྱི་རྒྱལ་མོ་སྟེ༔ ལྷོ་ཕྱོགས་ཁམས་ཀྱི་མངའ་བདག་མོ༔ ནག་མོ་གཡུ་ཡི་གོ་ཟུ་ཅན༔ བསྐལ་པ་མེ་ཡི་འོད་འབར་ཞིང༔ ལག་ན་མེ་ཡི་དཀྱིལ་འཁོར་ཐོགས༔ སྲིད་པ་གསུམ་གྱི་དྲོད་འདེབས་མ༔ སྐྱེ་འགྲོ་ཀུན་གྱི་ཚེ་འཕྲོག་མ༔ འདིར་བྱོན་ཚེ་སྲོག་གླུད་བཞེས་ཤིག༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ ཧཱུྃ༔ པདྨ་རིགས་ཀྱི་རྒྱལ་མོ་སྟེ༔ ནུབ་ཕྱོགས་ཁམས་ཀྱི་མངའ་བདག་མོ༔ དམར་མོ་ཁྲག་གི་གོ་ཟུ་ཅན༔ ལག་ན་ཐོད་པ་ཁྲག་གིས་བཀང༔ སྐྱེ་འགྲོ་ཀུན་གྱི་ཁྲག་འཐུང་མ༔ འདིར་བྱོན་ཚེ་སྲོག་གླུད་བཞེས་ཤིག༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ ཧཱུྃ༔ ལས་ཀྱི་རིགས་ཀྱི་རྒྱལ་མོ་སྟེ༔ བྱང་ཕྱོགས་ཁམས་ཀྱི་མངའ་བདག་མོ༔ ལག་ན་ནེའུ་ལེའི་རྐྱལ་པ་ཐོགས༔ སེར་མོ་རླུང་གི་གོ་ཟུ་ཅན༔ སྐྱེ་འགྲོ་ཀུན་གྱི་དབུགས་འཕྲོག་མ༔ འདིར་བྱོན་ཚེ་སྲོག་གླུད་བཞེས་ཤིག༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ ཧཱུྃ༔ ནམ་མཁའི་རིགས་ཀྱི་རྒྱལ་མོ་སྟེ༔ འཇིག་རྟེན་ཁམས་ཀྱི་མངའ་བདག་མོ༔ མཐིང་ནག་ནམ་མཁའི་གོ་ཟུ་ཅན༔ གསེར་གྱི་དྲིལ་ཞགས་བསྡོགས་ཤིང་འཕེན༔ སྐྱེ་འགྲོ་ཀུན་གྱི་བཀྲག་འཕྲོག་མ༔ འདིར་བྱོན་ཚེ་སྲོག་གླུད་བཞེས་ཤིག༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ ཧཱུྃ༔ རི་རབ་གླིང་བཞིའི་ཟོམ་རྩེ་ནས༔ སྣང་སྲིད་སྲོག་གི་ཕུད་གསོལ་བདག༔ སྐུ་མདོག་མཐིང་ག་ཆེན་པོ་ལ༔ དབུ་དང་སྤྱན་ནི་ཅིར་ཡང་སྟོན༔ རིན་ཆེན་རལ་པ་སྣ་ཚོགས་ཀྱིས༔ སྣང་སྲིད་ཁ་དོག་གསལ་མཛད་མ༔ སྤྱན་གཉིས་མཛེས་པའི་མཆི་མ་ཡིས༔ གཡས་པས་སྣང་སྲིད་དབང་དུ་སྡུད༔ གཡོན་པས་སྐྱེ་འགྲོ་གསོལ་མཛད་མ༔ ལྔ་བཅུ་རྩ་བདུན་གཙོ་མོ་སྟེ༔ སྐྱེ་འགྲོ་ཀུན་གྱི་མངའ་མཛད་མ༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ ཧཱུྃ༔ ཆེ་ཞེ་དཀར་མོ་ཆེན་མོ་སྟེ༔ ཉི་ཟླ་སྟོང་གི་ཕྲེང་བ་ཅན༔ ལྕགས་དང་ཟངས་ཀྱི་དྲིལ་ཞགས་ལ༔ སྙིང་གི་ཞགས་པ་བསྡོགས་ཤིང་འཕེན༔ སྤྲུལ་པ་ཆེན་པོའི་མིང་ནས་ཕྱུང༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ ཧཱུྃ༔ ཆེ་ཞེ་ཆེན་མོ་ཉི་མའི་མདངས༔ སྲིད་པ་གསུམ་ཆར་སྒྲོལ་མཛད་མ༔ ལག་ན་ཤེལ་གྱི་སྤུ་གྲི་ཐོགས༔ ཁྲོས་པའི་རྒྱལ་མོའི་མིང་ནས་ཕྱུང༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ ཧཱུྃ༔ ཆེ་ཞེ་ནག་མོ་ཁྲག་འཐུང་མ༔ སྲིད་པ་གསུམ་ཆར་དབང་དུ་སྡུད༔ ལག་ན་ཐོད་པ་ཁྲག་གིས་བཀང༔ ཁྲོས་པའི་རྒྱལ་མོའི་མིང་ནས་ཕྱུང༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ ཧཱུྃ༔ ཆེ་ཞེ་དམར་མོ་བདུད་རྩིའི་བདག༔ སྲིད་པ་གསུམ་ཆར་གསོལ་མཛད་མ༔ ལག་ན་བདུད་རྩིའི་བུམ་པ་ཐོགས༔ ཁྲོས་པའི་རྒྱལ་མོའི་མིང་ནས་ཕྱུང༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ ཧཱུྃ༔ ཆེ་ཞེ་ལྗང་ནག་གནས་སྤྲུལ་མ༔ སྲིད་པ་གསུམ་ཆར་གསང་བར་སྦྱོར༔ ལག་ན་ཞིང་གི་རྒྱལ་མཚན་ཐོགས༔ ཁྲོས་པའི་རྒྱལ་མོའི་མིང་ནས་ཕྱུང༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ ཧཱུྃ༔ མཚན་ནི་སྲིད་པའི་རྒྱལ་བྱེད་མ༔ ལག་ན་སྐྲ་ཡི་ཞགས་པ་ཐོགས༔ ཕུང་བྱེད་ཆེན་མོའི་མིང་ནས་ཕྱུང༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ ཧཱུྃ༔ མཚན་ནི་དབྱིངས་ཕྱུག་ཆེན་མོ་སྟེ༔ ལག་ན་མི་ཡི་དབྱུག་པ་ཐོགས༔ ཕུང་བྱེད་ཆེན་མོའི་མིང་ནས་ཕྱུང༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ ཧཱུྃ༔ མཚན་ནི་བདག་ཉིད་ཆེན་མོ་སྟེ༔ ལག་ན་ཞིང་དབྱུག་རྒྱུ་ཞགས་ཐོགས༔ ཕུང་བྱེད་ཆེན་མོའི་མིང་ནས་ཕྱུང༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ ཧཱུྃ༔ མཚན་ནི་གཅིག་པུ་ཆེན་མོ་སྟེ༔ ལག་ན་མི་ཡི་གཡང་གཞི་རྡེབ༔ ཕུང་བྱེད་ཆེན་མོའི་མིང་ནས་ཕྱུང༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ ཧཱུྃ༔ གླིང་བཞི་མགྱོགས་མའི་དཀྱིལ་འཁོར་ནས༔ སྲིད་པ་ཤར་གྱི་བདག་མོ་སྟེ༔ དཀར་མོ་ཆེན་མོ་མིག་གཅིག་མ༔ ལག་ན་བྷནྡྷ་ཟླུམ་པོ་ཐོགས༔ སྐྱེ་བར་བྱེད་པའི་མིང་ནས་ཕྱུང༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ ཧཱུྃ༔ སྲིད་པ་ལྷོ་ཡི་བདག་མོ་སྟེ༔ ནག་མོ་ཆེན་མོ་མཆེ་བ་ཅན༔ ལག་ན་བྷནྡྷ་སུལ་མང་ཐོགས༔ སྲིད་པར་བྱེད་པའི་མིང་ནས་ཕྱུང༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ ཧཱུྃ༔ སྲིད་པ་ནུབ་ཀྱི་བདག་མོ་སྟེ༔ དམར་མོ་དབང་གི་རྒྱལ་མོ་སྟེ༔ ལག་ན་བྷནྡྷ་ལྕང་ལོ་ཐོགས༔ འཆིང་བྱེད་ཆེན་མོའི་མིང་ནས་ཕྱུང༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ ཧཱུྃ༔ སྲིད་པ་བྱང་གི་བདག་མོ་སྟེ༔ སེར་མོ་ཆེན་མོ་ལས་ཀྱི་གཙོ༔ ལག་ན་བྷནྡྷ་རྒྱ་གྲམ་ཐོགས༔ ལེན་པར་བྱེད་པའི་མིང་ནས་ཕྱུང༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ དེ་ནས་ཁོལ་མོ་ལ་བསྔོ་བ་ནི༔ ཧཱུྃ༔ སྲིད་པ་ཡོངས་ཀྱི་ཟ་བ་མོ༔ ཤན་ཤན་ནེའུ་ཚོགས་ཀྱི་རྗེ༔ གོས་སུ་མི་ལྤགས་རློན་པ་ལ༔ ཐ་མ་མི་མགོ་སྟོང་གིས་བསྐོར༔ སྲིད་པ་ཀུན་གྱི་བདག་ཉིད་མ༔ ཟང་ཀོ་ན་ཚའི་མིང་ནས་ཕྱུང༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ ཧཱུྃ༔ ཧ་ལ་ཧ་ལ་གདོང་བརྒྱ་མ༔ སྲིད་པ་ཀུན་གྱི་ཁྱིམ་བདག་མོ༔ སྟག་ལྤགས་གཡང་གཞི་གོས་སུ་གྱོན༔ ཧེ་རུ་ཀ་ཡི་མིང་ནས་ཕྱུང༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ ཧཱུྃ༔ འཇིག་རྟེན་ཀུན་གྱི་བྱེད་མཁན་མོ༔ སྤྲིན་དཀར་མཛེས་པའི་གོ་ཟུ་གྱོན༔ ལག་ན་མི་ཡི་པགས་པ་ཐོགས༔ ཨེ་ཀ་ཙཱ་ཏིའི་མིང་ནས་ཕྱུང༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ ཧཱུྃ༔ ཆ་བྱད་སྔོན་མོ་ཆེན་མོ་ལ༔ མུ་ཏིག་ཁུ་འཕང་གོ་ཟུ་ཅན༔ ཚེ་དང་གཡང་ལ་རྐུ་འཕྲོག་བྱེད༔ ནམ་མཁའི་རྒྱལ་མོའི་མིང་ནས་ཕྱུང༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ ཧཱུྃ༔ ཆ་བྱད་དཀར་མོ་ཆེན་མོ་ལ༔ ལག་ན་ལྕགས་ཀྱུ་འབར་བ་ཐོགས༔ གླིང་བཞི་ཉུལ་བྱེད་མིང་ནས་ཕྱུང༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ ཧཱུྃ༔ རི་རབ་གླིང་བཞི་གྲུ་འདེབས་མ༔ ཆ་བྱད་དཀར་མོ་བསྒྱིང་མ་ལ༔ ལག་ན་རྡོ་རྗེ་ཁ་ཊྭཱཾ་ཐོགས༔ ཧར་ཏིང་དཀར་མོའི་མིང་ནས་ཕྱུང༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ ཧཱུྃ༔ ཆ་བྱད་ནག་མོ་ཆེན་མོ་ལ༔ ལག་ན་མེ་ཡི་འཁོར་ལོ་ཐོགས༔ དུནྟིང་ནག་མོའི་མིང་ནས་ཕྱུང༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ ཧཱུྃ༔ ཆ་བྱད་དམར་མོ་སྒེག་མ་ལ༔ ལག་ན་ཆུ་ཡི་འཁོར་ལོ་ཐོགས༔ ཤཱནྟིཾ་དམར་མོའི་མིང་ནས་ཕྱུང༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ ཧཱུྃ༔ ཆ་བྱད་སེར་མོ་སྒེག་མ་ལ༔ ལག་ན་རླུང་གི་འཁོར་ལོ་ཐོགས༔ གྲུབ་ཏིང་སེར་མོའི་མིང་ནས་ཕྱུང༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ ཧཱུྃ༔ དམག་གི་རྒྱལ་མོ་ཆེན་མོ་བཞི༔ རིགས་བཞིའི་དམག་དཔུང་འཁོར་གྱིས་བསྐོར༔ ཁ་རྗེ་ཟ་བའི་བདག་མོ་སྟེ༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ ཧཱུྃ༔ དངོས་པོའི་ཆ་བྱད་ནག་མོ་ལ༔ འཇིགས་སུ་རུང་བའི་རལ་པ་ཅན༔ སྐུ་སྟོད་སྟག་ལྤགས་གཡང་གཞི་ལ༔ སྐུ་སྨད་ཟངས་ཀྱི་ཞབས་མ་ཅན༔ མི་ཕྱུགས་གསོད་པའི་ཁྲམ་བམ་ཐོགས༔ ཁྱོད་ནི་འདོད་ཁམས་གཙོ་མོ་སྟེ༔ གཤིན་རྗེ་མ་ཆེན་མིང་ནས་ཕྱུང༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ ཧཱུྃ༔ ལྷ་ཆེན་བརྒྱད་ཀྱི་མ་ཆེན་མོ༔ སྲིན་མོ་ཆེན་མོ་རྒོལ་མོ་དང༔ སྲིན་མོ་རབ་ཏུ་བསྐུལ་མ་དང༔ སྲིན་མོ་ཆེན་མོ་ཕུར་ཐོགས་མ༔ སྲིན་མོ་ཆེན་མོ་དྲི་འདོད་མ༔ སྲིན་མོ་ཆེན་མོ་གཡང་གཞི་མ༔ སྲིན་མོ་རབ་ཏུ་གསོད་བྱེད་མ༔ སྲིན་མོ་ཆེན་མོ་ཤ་ཟ་མ༔ འཇིག་རྟེན་ཁམས་ཀུན་འཁྲུགས་བྱེད་ཅིང༔ སྲོག་ཆགས་ཀུན་ལ་གནོད་བྱེད་མ༔ མཁལ་མ་སྙིང་དང་ནང་ཁྲོལ་གྱིས༔ སྙིམ་པ་ཤིན་ཏུ་བཀང་ནས་སུ༔ ཟ་ཞིང་ཉམས་པ་ཀུན་ལ་རྒྱུག༔ མ་བདུན་ཆེན་མོའི་མིང་ནས་ཕྱུང༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ ཧཱུྃ༔ ཤར་ཕྱོགས་ཁམས་ནས་ཀུན་ཏུ་རྒྱུག༔ མི་མགོའི་ཕོར་པ་ཁྲག་གིས་བཀང༔ གྲངས་འཐོར་བྱེད་ཅིང་ནད་འབེབ་མ༔ མ་བདུད་ཆེན་མོའི་མིང་ནས་ཕྱུང༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ ཧཱུྃ༔ གླིང་བཞི་ཀུན་ཏུ་རྒྱུག་འགྲོ་སྟེ༔ ས་འོག་ཀུན་ཏུ་སྣོམ་བྱེད་ཅིང༔ འཇིག་རྟེན་འཆི་བདག་ཟ་བ་མོ༔ ས་བདག་ཆེན་མོའི་མིང་ནས་ཕྱུང༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ ཧཱུྃ༔ ནག་མོ་ཆེན་མོ་ཧལ་ཧལ་མོ༔ ཐབ་དང་གཞོབ་ཀྱི་སྡོང་ཟླ་མོ༔ མ་ཡམས་ཆེན་མོའི་མིང་ནས་ཕྱུང༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ ཧཱུྃ༔ གླིང་བཞི་ཀུན་ན་རྒྱུག་འགྲོ་མ༔ ཕྱོགས་བཞི་དག་ན་སྲིན་མོར་གྲགས༔ སྲིང་བཞི་ཆེན་མོ་ཕོ་ཉའི་ཚུལ༔ ཕོ་ཉ་ཆེན་མོའི་མིང་ནས་ཕྱུང༔ མདོས་བདག་ཆེན་པོས་མདོས་བཞེས་ཤིག༔ གླུད་བདག་ཆེན་པོས་གླུད་བཞེས་ཤིག༔ དེ་ནས་ཕོ་ཉ་རྒྱལ་པོའི་ཡས་བྱིན་གྱིས་བརླབས་ཏེ༔ ཀྱཻ༔ དཔག་བསམ་ཤིང་གི་རྐེད་པ་ན༔ གསེར་མཁར་ནི་སེར་པོ་ལ༔ གསེར་སྒོ་ནི་ཐེམས་སེ་ཐེམ༔ གཡུ་སྒོ་ནི་སྔོན་པོས་བསྐོར༔ དེ་ཡི་བདག་པོ་སྟེ༔ སྐོས་རྗེ་བྲང་དཀར་ཅིག༔ སྐོས་མཁན་ནི་མིང་ནས་ཕྱུང༔ མདོས་བདག་ནི་མདོས་ལོངས་ཤིག༔ གླུད་བདག་ནི་གླུད་ལོངས་ཤིག༔ གསེར་མཁར་དབུ་རྩེ་ན༔ རིན་ཆེན་ནི་སྟེགས་བུ་ལ༔ ལྕགས་ཀྱི་མུ་ཁྱུད་ཅན༔ དེ་ཡི་ནང་ཤེད་ན༔ སྲིད་པ་ཡི་ནི་དྲང་དཀར་མ༔ ཞིང་འཛིན་ནི་མིང་ནས་ཕྱུང༔ མདོས་བདག་ནི་མདོས་ལོངས་ཤིག༔ གླུད་བདག་ནི་གླུད་ལོངས་ཤིག༔ རིམ་པ་ནི་བཅུ་གསུམ་ན༔ གནམ་གྱི་ནི་སྟེང་ཤེད་ན༔ ལྕགས་མཁར་སྔོན་པོ་ནི༔ གསེར་གྱིས་ནི་མཐའ་བསྐོར་ཅིང༔ ཟངས་ཀྱི་ནི་སྒོ་གསལ་བ༔ དེ་ཡི་བདག་པོ་སྟེ༔ དབང་ཕྱུག་ནི་ཆེན་པོ་སྟེ༔ མ་ཧཱ་ནི་ཤ་རེ་ཤིག༔ ནག་པོ་ནི་ཆེན་པོ་ལ༔ ཡ་བདུད་ནི་མིང་ནས་ཕྱུང༔ མདོས་བདག་ནི་མདོས་ལོངས་ཤིག༔ གླུད་བདག་ནི་གླུད་ལོངས་ཤིག༔ དེའི་ནི་གླིང་ཕྲན་ན༔ ཡར་ལ་གྱི་ནི་ཡར་ལ་ཤོད༔ བདུད་བས་ནི་ཐབས་མཁས་ཏེ༔ བདུད་བས་ནི་ཤུགས་དྲག་སྟེ༔ འགྲོ་བ་ནི་ཀུན་གྱི་བདུད༔ འགྲོ་བའི་ཚེ་དཔལ་འཕྲོག༔ སྐྱེས་བུ་ནི་སྐྱེས་ཏོ་རེ༔ ཡ་བདུད་རྒྱལ་ཐིལ་མིང་ནས་ཕྱུང༔ མདོས་བདག་ནི་མདོས་ལོངས་ཤིག༔ གླུད་བདག་ནི་གླུད་ལོངས་ཤིག༔ ལྷོ་ཕྱོགས་ཀྱི་གླིང་ན་བཞུགས༔ རུས་མཁར་ནི་གླིང་དགུའི་བདག་པོ་སྟེ༔ ཤི་བདག་ཀུན་གྱི་ཁྲམ་འདེབས་པ༔ གཤིན་རྗེའི་རྒྱལ་པོའི་མིང་ནས་ཕྱུང༔ མདོས་བདག་ནི་མདོས་ལོངས་ཤིག༔ གླུད་བདག་ནི་གླུད་ལོངས་ཤིག༔ གནམ་གྱི་མཐོངས་ན་གནས་པ་སྟེ༔ འཛམ་གླིང་ནི་ནོར་གྱི་བདག༔ མ་ཧཱ་དེ་བ་ལྷ་ཆེན་པོ༔ བཙུན་མོ་ཨུ་མ་དེ་ཝཱིར་བཅས༔ ནོར་ལྷ་ཆེན་པོའི་མིང་ནས་ཕྱུང༔ མདོས་བདག་ནི་མདོས་ལོངས་ཤིག༔ གླུད་བདག་ནི་གླུད་ལོངས་ཤིག༔ བྱང་ཕྱོགས་གནམ་ས་ཕྱེད་ཀྱི་མཐོངས་ན་གནས་པ་སྟེ༔ དུང་མཁར་དཀར་པོ་ལ༔ གཡུ་ཡི་མཐའ་བསྐོར་ཅིང༔ བསེ་ཡི་སྒོ་གསལ་བ༔ དེའི་ནི་བདག་པོ་སྟེ༔ ཁྱབ་འཇུག་དུང་གི་ཐོར་ཚུགས་ཅན༔ གནམ་ལྷ་དཀར་པོའི་མིང་ནས་ཕྱུང༔ མདོས་བདག་ནི་མདོས་ལོངས་ཤིག༔ གླུད་བདག་ནི་གླུད་ལོངས་ཤིག༔ བྱང་ཤར་གྱི་མཚམས་ཤེད་ན༔ བསེ་མཁར་ནི་གླིང་དགུ་ན༔ དུང་གི་ནི་མཐའ་བསྐོར་ཅིང༔ ལྕགས་ཀྱི་ནི་སྒོ་གསལ་བ༔ དེའི་ནི་བདག་པོ་སྟེ༔ ཤར་ཕྱོགས་གནམ་ས་ཕྱེད་ཀྱི་བདག༔ ཚངས་པ་ནི་ཐོར་ཚུགས་མགོ༔ བཙན་འགོང་རྒྱལ་པོའི་མིང་ནས་ཕྱུང༔ མདོས་བདག་ནི་མདོས་ལོངས་ཤིག༔ གླུད་བདག་ནི་གླུད་ལོངས་ཤིག༔ དེ་ནས་ཁྱེའུ་གཙང་མས་མདའ་དར་དང་འབྲང་རྒྱས་དཀར་པོ་གཟུང༔ གསེར་སྐྱེམས་དང་འབྲུ་སྣ་གཏོར་ལ༔ ཀྱཻ༔ ཆོ་ག་འདི་ལ་བརྟེན་ནས་ནི༔ སྲིད་གསུམ་དབང་ཆེན་འདིས་བསྐངས་ན༔ དུས་མིན་འཆི་བ་བཟློག་པར་འགྱུར༔ དུས་ལ་བབ་ཀྱང་སྒྱུར་བར་ངེས༔ འཇིག་རྟེན་ལོངས་སྤྱོད་བརྟན་པར་འགྱུར༔ རབས་རྒྱུད་ཆད་པའི་ལྷ་དང་མི༔ ཆོ་ག་འདི་ལ་བརྟེན་བྱེད་ན༔ སྤུན་བཞི་བུ་ཡིས་མདུད་པར་ངེས༔ ཆོ་ག་འདི་ལ་བརྟེན་བྱེད་ན༔ འཆི་བདག་ཞགས་པས་ཟིན་ན་ཡང༔ ཞགས་པ་ནག་པོ་བཅད་ནས་སུ༔ སྨྱོ་འབོག་ཉིད་ཀྱང་རྣམ་པར་འཇིགས༔ ཚེ་རིང་བདེ་བ་ཕུན་སུམ་ཚོགས༔ འཇིག་རྟེན་འདི་ན་བདེ་སྐྱིད་དེ༔ རིག་འཛིན་ས་ལ་དེ་བཞིན་གནས༔ ཆོ་ག་འདི་ལ་བརྟེན་བྱེད་ན༔ བྲན་གཡོག་འགབ་རྣམས་འཕེལ་བར་འགྱུར༔ གཞན་མ་རྣམས་ནི་བསྐོར་ཏེ་ཞིང༔ རྒྱལ་པོ་ལྟ་བུར་ཆེ་བར་འགྱུར༔ ཆོ་ག་འདི་ལ་བརྟེན་བྱེད་ན༔ དབུལ་པོ་ནོར་ཕྱུགས་འཕེལ་བར་འགྱུར༔ སྐྱིད་པ་རྟག་ཅིང་བསམ་པ་འགྲུབ༔ དབྱིག་ལ་སོགས་པ་རྟག་ཏུ་རྙེད༔ རྨངས་པོས་ཕྱོགས་བཞིས་ཡུལ་ཡང་ཟིན༔ དེ་ན་ན་ཚ་སྡུག་བསྔལ་མེད༔ ཕ་རོལ་དམག་དཔུང་རྣམ་པར་འཇོམས༔ ལོ་ཕྱུགས་རྟག་ཏུ་ལེགས་པར་འགྱུར༔ ཆོ་ག་འདི་ལ་བརྟེན་བྱེད་ན༔ འཇིག་རྟེན་དབང་ཆེན་ཐམས་ཅད་ཀྱིས༔ བྱང་ཆུབ་སེམས་ལྟར་བཀུར་སྟི་དང༔ ཚེ་དང་ཆུས་སྲིད་འཕེལ་བ་དང༔ བསྒོ་བའི་ཚིག་རྣམས་བྲན་བཞིན་ཉན༔ འདི་ཡི་ཡོན་ཏན་བསོད་ནམས་ཀྱིས༔ ཕྱི་མ་དངོས་གྲུབ་མཆོག་ཡིན་ཏེ༔ བསོད་ནམས་ཉིད་དུ་གོང་ན་མེད༔ འདི་ལ་ཡོན་ཏན་བརྗོད་མི་ལངས༔ ཞེས་ཡོན་ཏན་གྱི་ཆེ་བ་བསྐྱེད་ཅིང༔ བརྟན་སྐྱོང་གཏོར་མ་ཐེབས་སམ་ལམ་རྒྱ་གྲམ་མམ་རི་ལ་བསྐྱལ༔ ཚེ་འགུགས་བཀྲ་ཤིས་བསྔོ་བ་སྨོན་ལམ་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དཔལ་མགོན་དྲེགས་པ་སྡེ་བརྒྱད་ཚོགས་ཀྱིས་བཀའ་འདི་སྲུངས༔ ས་མ་ཡཱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་པ་རོལ་པ་བདེ་ཆེན་ཁང་ནས་སྒྱུ་འཕྲུལ་རྡོ་རྗེ་ཀློང་གསལ་སྙིང་པོས་སྤྱན་དྲངས་པ་རིན་པོ་ཆེའི་ཤོག་སེར་ལས། ཀཿཐོག་རྡོ་རྗེའི་གདན་དུ་དག་པར་ཕབ་པའོ། །སརྦ་མངྒ་ལཾ།། །།
རྫོགས་ཆེན་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པའི་དབང་བསྐུར་གྱི་ཟུར་འདེབས་འཇུག་བདེའི་ལམ་སྟོན་ (Volume 59, Text 7)
༄༅། །རྫོགས་ཆེན་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པའི་དབང་བསྐུར་གྱི་ཟུར་འདེབས་འཇུག་བདེའི་ལམ་སྟོན་ཞེས་བྱ་བ་བཞུགས་སོ། ། ཤྲཱི་མཱཾ་གུ་རུ་ན་མཱ་མི། རྫོགས་ཆེན་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པའི་དབང་རྫོགས་པར་བསྐུར་བ་ལ་གཉིས། སྟ་གོན་དང་། དངོས་གཞིའོ། །དང་པོ་ནི། སྟེགས་བུ་ཁེབས་ལྡན་གྱི་སྟེང་དུ་མཎྜལ་ལ་འབྲུའི་ཚོམ་བུ་ལྷ་གྲངས་སམ་གཙོ་འཁོར་དགུ་བཀོད་པའི་སྟེང་དུ་རྐང་གསུམ་ལ་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་སྔོན་པོ་ཁ་རྒྱན་དང་བཅས་པ་བཞག །ཞི་ཁྲོ་རིགས་བརྒྱའི་སྐུ་ཙཀ་ཚང་བ་ཁ་རྒྱན་གསེབ་བམ་མདུན་དུ་བཞུགས། སྔགས་བྱང་། ཕུར་བུ། དབུ་རྒྱན། རྡོར་དྲིལ་ལས་བུམ་སོགས་དབང་རྫས་རྣམས་ཀྱང་གཡས་གཡོན་གང་བདེར་བཀོད། སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་སྤྱི་ལྟར་བཤམ། དཀར་བགེགས་གཉིས། སོ་ཤིང་དཔུང་སྐུད་ཀུ་ཤ་ཟན་ཆངས་རྣམས་སློབ་མའི་གྲངས་མཉམ། ཞི་དྲག་དང་ཏིལ་སྦྱོང་གི་ཆས། བགེགས་ གཏོར་ཁྲུས་སྣོད་བཅས་འོག་ཏུ་ཉེ་བར་མཁོ་བ་ཐམས་ཅད་ཚོགས་པར་བྱ། དེ་ནས་བརྒྱུད་འདེབས་སོགས་སྔོན་དུ་འགྲོ་བས། རང་ཉིད་སྐད་ཅིག་གིས་གཞིའི་ཀུན་ཏུ་བཟང་པོའི་ང་རྒྱལ་ལ་གནས་པས། དཀར་གཏོར་གསེར་སྐྱེམས་བྱིན་རླབས་འབུལ་ཚིག་སྤྱི་མཐུན་བྱས་པས་ས་སློང་གི་ས་བཅད་ཚང་། བགེགས་གཏོར་ཡང་དེ་ལྟར་བྱས་ལ་ཕྱིར་དོར། ལས་བྱང་ལྟར་བཀའ་བསྒོ་སྔགས་བཅས་དང་། ཧ་ཧཱ་ཧི་ཧཱི་ཧེ་ཧཻ་ཧོ་ཧཽ་ཨཱ་རལླི་ཧོ་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཞེས་པས་བསྐྲད། མཚམས་གཅོད་དང་མེ་མཚམས་བརྗོད། སྐྱབས་སེམས་ཚོགས་གསོག་མཆོད་རླབས་རྣམས་དང་། ལྷ་བསྐྱེད་གཏེར་གཞུང་རྐྱང་པ་ལ་ཁ་སབ་བོར་བའི། མ་བསྐྱེད་ལྷུན་གྱིས་རྫོགས་པ་འོ༔ ཞེས་པ་ཡན་གྱིས་གསལ་གདབ། སྤྱན་འདྲེན་ནས་བཤགས་པའི་བར་དུ་གཏང་། བཟླས་པ་ཅུང་ཟད་དང་གཞི་བསྟོད་བྱས་པས་བདག་བསྐྱེད་གྲུབ། དེ་ནས་ལྷ་དང་དབང་རྫས་སྟ་གོན་ལ། མཆོད་ཁ་གསོས་ཏེ་བྱིན་བརླབ། མངོན་རྟོགས་གསལ་གདབ་བཅས་ཞིབ་ཏུ་བརྗོད་ལ་ཚོམ་བུ་བུམ་པ་དབང་རྫས་རྣམས་ལ་དམིགས་པས་ཁྱབ་པར་བྱ། སྤྱན་འདྲེན་ཕྱིན་སྔར་ལྟར་ལ་དབང་རྫས་རེ་རེ་བཞིན་བསྙེན་པ་བརྒྱ་རྩ་བཟླ་བར་གསུངས་པས་བུམ་པ་དང་། སྐུ་གསུང་ཐུགས་རྟེན་གཙོ་བོར་གྱུར་པའི་སོ་སོར་དམིགས་ཏེ་བོ་དྷི་ཙིཏྟ་བརྒྱ་རྩ་རེའམ། ལོངས་སྐབས་ཆུང་ན་སྤྱིར་སུམ་བརྒྱ་ཙམ་བཟླས་ལ་གཞི་བསྟོད་བྱ། ལས་བུམ་དུ་རྡོར་སེམས་བསྐྱེད་བཟླས་འོད་ཞུ་དང་དཔུང་སྐུད་ཀྱང་ལས་སྔགས་གང་རུང་གིས་མདུད་པ་བཏབ་ལ་གཞག །བཅས་རྣམས་ཡོལ་བས་བསྒྲིབ་བོ། །དེ་ནས་སློབ་མ་སྟ་གོན་ནི། ཐོག་མར་སློབ་མ་རྣམས་སྒོའི་རྒྱབ་ཏུ་འཚོགས། སྒྲུབ་ཁང་གི་སྒོ་བཅད། ལས་ཀྱི་སློབ་དཔོན་གྱིས་ཟན་ཆངས་རེ་རེ་བཀྲམ། ལུས་དྲུད་བྱས་པས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དེ་ལ་ཐིམ་པར་བསམ་ཞིང་ཡིག་བརྒྱ་ལན་གསུམ་བརྗོད་དུ་གཞུག །དེ་ཉིད་ཆངས་བུ་བྱས་པ་ཟངས་གཞོང་དུ་གླུད་གཟུགས་བཞག་པ་ལ་ཕྱོགས་གཅིག་ཏུ་སྤུངས། ལས་བུམ་གྱི་ཆུ་དང་། ཇི་ལྟར་བལྟམས་པས་ཡིག་བརྒྱ་བརྗོད་ལ་ཐམས་ཅད་ནས་གླུད་ཀྱི་སྟེང་དུ་ཁྲུས་བྱ། དེ་ནས་སྦྱོང་ཆས་རྣམས་བཤམས་ལ། སམྦྷ་ར་ལན་གསུམ་གྱིས་ཞི་བ། སུམྦྷ་ནི་གསུམ་གྱིས་ཞི་དྲག་ཕྱེད་མས་སྦྱང་། ཏིལ་ལ་རླུང་འབུད་དུ་གཞུག་ལ། ཁྱེད་རང་རྣམས་ཀྱི་སྙིང་གར་པཾ་ནག་པོ་ལ་སྡིག་སྒྲིབ་ཐམས་ཅད་འུབ་ཀྱིས་འདུས་ཏེ་སྡིག་པའི་གཟུགས་སུ་གྱུར་པ། ལྟེ་བར་རཾ་ལས་གཏུམ་མོ་ཡེ་ཤེས་ཀྱི་མེ་ལྕེ་འབར་བས་དེད་དེ་སྣ་བུག་གཡས་ནས་ཐོན། མདུན་གྱི་ཏིལ་ལ་ཐིམ། དེའང་ཡེ་ཤེས་ཀྱི་མེ་དང་ཆོས་ཉིད་ཀྱི་རྒྱ་མཚོར་བསྲེགས་ཤིང་སྦྱངས་ཏེ་དག་པར་གྱུར་པར་མོས་ཤིག །ཏིལ་གཡས་གཡོན་དུ་ལན་གསུམ་བསྐོར་ཞིང་མེ་ཆུར་དོར་བ་ལན་གསུམ་གྱི་རྗེས་མེ་ཆུ་རྒྱབ་ཏུ་དོར། དེ་ནས་གླུད་གཏོར་ལ་ཆབ་བྲན་ཏེ་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་བརླབ། བགེགས་འགུགས་པ་དང་བསྔོ་བའི་ཚིག་བླ་མ་དགོངས་འདུས་ལས་འབྱུང་བ། ཧཱུྃ། ཕྱོགས་བཞི་མཚམས་བཞི་སོགས། ཉོན་ཅིག་བགེགས་དང་སོགས་ལྟ་བུས་བྱས་ན་སྐབས་སུ་བབས་ཤིང་། སྤྱི་འགྲོ་མཚོན་བྱེད་སྔགས་ཙམ་གྱིས་བྱས་ཀྱང་ཆོག །གླུད་གཏོར་ཕྱིར་བོར་ལ་དྲག་སྔགས་ཡུངས་ཐུན་གུ་གུལ་དུད་པ་སོགས་ཀྱིས་བསྐྲད། དེ་ནས་ལས་སློབ་སྒོ་དྲུང་དུ་འཁོད་ནས། དེ་ལ་ཐོག་མར་ཁྱེད་རང་རྣམས་ཀྱིས་སྒྲུབ་ཁང་གཉན་པོའི་སྒོ་སྲུང་ཁྲོ་བོ་ཆེན་པོ་ལ་ཞུ་བ་གསོལ་བའི་མོས་པས་འདིའི་རྗེས་ཟློས་གྱིས། ཀྱེ་ཀྱེ༔ ཁྲོ་བོ་ཆེན་པོ་སོགས་ཞུ་ཞིང་ལན་གདབ། ལས་སློབ་ཀྱིས་དྲི་ལན་བྱས་ཏེ་སྔགས་ཀྱིས་སྒོ་ཕྱེས་ལ་དལ་བུས་ནང་དུ་འཇུག་པའི་སྐབས། སློབ་དཔོན་གྱིས། ན་མོ་དེང་གི་གནས་མཆོག་སོགས་དང་ཧཱུྃ་བཞི་པའི་དྲག་སྔགས་བརྗོད་ལ་ཡུངས་ཐུན་འཐོར། གུ་གུལ་ཤ་ཆེན་བསྲེག་རོལ་མོའི་སྒྲ་བཅས་བགེགས་བསྐྲད་ལ་གཞུང་ལྟར་སྲུང་འཁོར་བསྒོམ། དེ་ནས་ལས་སློབ་ནས་ཕྱག་བྱས་ཏེ་གྲལ་དུ་གཞུག་པར་ཞུ། བླ་མས་གནང་བ་བསྩལ་ལ་སློབ་མ་ཕོ་གཡས། མོ་གཡོན་གྲལ་གྱི་རིམ་པར་འཁོད། མེ་ཏོག་བཀྱེ་བསྡུ་དང་། སེམས་བསྐྱེད་གསལ་གདབ། ཆོས་བཤད་ཅི་ལྟར་འོས་པས་ཐོག་དྲངས་ཏེ། དེ་ལ་འདིར་ཐེག་པ་རིམ་པ་དགུའི་རྩེ་རྒྱལ་རྫོགས་པ་ཆེན་པོ། མན་ངག་སྡེའི་མཐར་ཐུག་ཞག་བདུན་གྱིས་གདོད་མའི་ས་ལ་སྐྱེལ་བར་བྱེད་པ་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པའི་སྨིན་བྱེད་ཟབ་མོ་བསྒྲུབ་པ་ལ་སྟ་གོན་དང་དངོས་གཞི་གཉིས་ལས། ཐོག་མར་སྔོན་དུ་འགྲོ་བ་སློབ་མ་སྟ་གོན་གྱི་རིམ་པ་རྣམས་བསྒྲུབ་པ་ཡིན་པས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བ་ཞུ། ཞེས་འབུལ་དུ་གཞུག །བླ་མ་དཀྱིལ་འཁོར་གྱི་བདག་པོར་དངོས་སུ་བཞུགས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧེ་རུ་ཀ་དང་སོགས་གསུམ། བླ་མས། འདིར་འཚོགས་པའི་གྲལ་རྣམས་སོགས་ནས། སྨོན་ལམ་བཏབ་པ་ལས་བྱུང་བ་ཡིན༔ སོགས་གཞུང་གསལ་དོན་རྒྱས་པར་འཆད་ནུས་ན་དེ་ལྟར་བྱ། མི་ནུས་པའམ་མི་སྤྲོ་ན། སྔ་མའི་འཕྲོས་སུ། འོན་ཀྱང་ཚེ་ལ་ངེས་པ་མེད་ཅིང་འཆི་བའི་རྐྱེན་ཤིན་ཏུ་མང་བས་ཡུན་རིང་མི་སྡོད་པར་མྱུར་དུ་འཆི་བ་ཐོག་ཏུ་བབས་པར་འགྱུར་ལ། འཆི་བའི་ཚེ་ལས་ཀྱི་རྣམ་པར་སྨིན་པ་ཁོ་ན་རྗེས་སུ་འབྲངས་ཏེ་འཇིག་རྟེན་འདིར་སྣང་ཐམས་ཅད་ཤུལ་དུ་ལུས། དེའང་སེམས་བསྐྱེད་ཀྱིས་མ་ཟིན་པའི་དགེ་བའི་ལས་ཀྱིས་མཐོ་རིས་སུ་སྐྱེ་ཞིང་ལྟར་སྣང་བདེ་བ་ཡུད་ཙམ་ལ་སྤྱད་པར་འགྱུར་ཡང་སླར་འཁོར་བའི་སྡུག་བསྔལ་ཡུན་རིང་དུ་མྱོང་བར་འགྱུར་ལ། སེམས་བསྐྱེད་ཀྱིས་ཟིན་པའི་དགེ་བས་ཐར་པའི་ལམ་དུ་འཇུག་ཅིང་གཏན་གྱི་བདེ་བ་བླ་ན་མེད་པ་འཐོབ་པ་ཡིན། སྡིག་པ་མི་དགེ་བའི་ལས་ཀྱིས་ངན་སོང་གསུམ་དུ་བཟོད་དཀའ་བའི་སྡུག་བསྔལ་དོས་དྲགས་ཡུན་རིང་དུ་མྱོང་བར་བྱེད། སྤྱིར་ཁམས་གསུམ་འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་ལས་མ་འདས་ཤིང་། ཐར་པ་བྱང་ཆུབ་ཆེན་པོའི་ལམ་དུ་ཞུགས་ན་སྡུག་བསྔལ་གྱི་རྩ་བ་དྲུངས་ནས་འབྱིན་པའི་གཏན་བདེའི་གོ་འཕང་མཆོག་ལ་འཁོད་པར་འགྱུར་བས། འཁོར་བ་ལ་སྐྱོ་ཤས་དང་ངེས་འབྱུང་ཚད་མེད་པ་སྐྱེད་ཅིང་། ཐར་པ་དོན་དུ་གཉེར་བ་ལ་སྙིང་ནས་སྤྲོ་བའི་འདུན་པ་དང་བརྩོན་འགྲུས་དྲག་པོས་འཇུག་ལྡོག་གོ་མ་ལོག་པ་གལ་ཆེ། དེ་ལྟར་བྱས་ན་རང་ཅག་རྣམས་ཀྱིས་ཀྱང་སངས་རྒྱས་འཐོབ་པར་ཐེ་ཚོམ་མེད་དེ། འཇག་མིག་གི་སྲིན་བུ་ཕྲ་མོ་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རྒྱུ་ཡིན་པས་སོ། །དེའང་སངས་རྒྱས་དང་སེམས་ཅན་གཉིས་སུ་མ་ཕྱེས་པའི་གདོད་མའི་གཞི་ལས་གཞི་སྣང་གི་རྩལ་ཤར་བའི་ཚེ་ཀུན་ཏུ་བཟང་པོས་རང་སྣང་དུ་ངོ་ཤེས་པ་ཙམ་གྱིས་སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་དེ་གྲོལ་གཞིའི་དབྱིངས་སུ་སངས་རྒྱས། སེམས་ཅན་རྣམས་ཀྱིས་རང་རྩལ་གཞན་དུ་ལོག་པར་རྟོག་སྟེ་གཞི་ཐོག་ནས་འཁྲུལ་པས་འཁོར་བར་འཁྱམས་ཀྱང་། རྨི་ལམ་གྱི་སྣང་ཆ་ལྟར་གཟུང་འཛིན་འཁྲུལ་རྟོག་གིས་བསླད་པ་ཙམ་ལས་དོན་དུ་ཡེ་གཞིའི་དབྱིངས་ལས་གང་དུའང་གཡོས་པ་མེད་པས། གདམས་ངག་ཟབ་མོའི་གནད་ཀྱིས་ཟིན་ན་གློ་བུར་འཁྲུལ་པ་སེལ་བའི་སྐད་ཅིག་གཅིག་ཉིད་ལ་རང་སར་གྲོལ་བར་འགྱུར་བ་ཡིན་པས་ལམ་ལ་བརྩོན་འགྲུས་བསྐྱེད་དགོས། གློ་བུར་གྱི་འཁྲུལ་པ་ཞེས་པའང་མ་རིག་པས་རྒྱུ་བྱས། ཉོན་མོངས་དང་ཤེས་བྱའི་སྒྲིབ་པས་གནས་ལུགས་གྱི་རང་ངོ་བསྒྲིབས་ནས་ཡང་དག་པའི་ལམ་གྱི་མངོན་རྟོགས་སྐྱེ་བ་ལ་བར་དུ་གཅོད་པ་ཡིན་པས་སྒྲིབ་པ་སྦྱོང་བའི་ཐབས་ལ་རྟག་ཏུ་འབད་པ་གལ་ཆེ་ཞིང་། ད་ལན་གྱི་སྐབས་འདིར་ཡང་སྟོབས་བཞི་ཚང་བའི་སྒོ་ནས་སྡིག་པ་སྦྱོང་བ་སྔོན་དུ་འགྲོ་དགོས་པས། ཁྱེད་རང་རྣམས་ཀྱི་སྤྱི་བོར་བླ་མ་དང་གཉིས་སུ་མེད་པའི་དཔལ་རྡོ་རྗེ་སེམས་དཔའ་སྐད་ཅིག་གིས་གསལ་བ་ལ་དད་གུས་དྲག་པོས་ཡིག་བརྒྱ་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པས། སྐུ་ལས་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་བར་མ་ཆད་པར་བྱུང་སྟེ་ཁྱེད་རང་རྣམས་ཀྱིས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་སྐད་ཅིག་ལ་དག་ཅིང་བྱང་བར་གྱུར་པར་མོས་ལ་ཡི་གེ་བརྒྱ་པ་ཟློས་ཤིག །ཅེས་བྱས་ལ་ལན་བདུན་སོགས་བཟླས་པའི་མཐར། ཐལ་མོ་སྦྱོར་ལ་བཤགས་པའི་རྗེས་ཟློས་ལན་གསུམ་བྱར་གཞུག །ཧོ༔ ཀུན་ཏུ་བཟང་པོ་སོགས། བླ་མ་རྡོ་རྗེ་སེམས་དཔས་སྡིག་སྒྲིབ་དག་པའི་གནང་བ་བསྩལ་ཏེ་འོད་དུ་ཞུ་ནས་རང་རང་ལ་ཐིམ་པར་མོས་ཤིག །དེ་ལ་སྡིག་སྒྲིབ་རང་བཞིན་གྱིས་མ་གྲུབ་པས་ཚུལ་བཞིན་དུ་བཤགས་ཤིང་བསྡོམས་ན་དགེ་བ་ཆུང་ངུ་རེས་ཀྱང་སྡིག་པའི་ཕུང་པོ་ཆེན་པོ་འཇོམས་ཤིང་མྱུར་དུ་དག་ཚངས་སུ་འགྱུར་བ་དང་། རྣམ་དཀར་དགེ་བའི་ཕྱོགས་རྣམས་གཞིའི་བཞུགས་ཚུལ་དང་རང་བཞིན་མཐུན་པས་བཏང་སྙོམས་མེད་པར་བསོད་ནམས་ཆུང་ངུ་རེ་བསགས་པས་ཀྱང་ཚོགས་ཆེན་རིམ་གྱིས་རྫོགས་པར་འགྱུར་བས་བླང་དོར་ལ་རྟག་ཏུ་བརྩོན་པར་གྱིས་ཤིག །ཅེས་པ་ཙམ་མམ་དོན་བཀྲོལ་ལ་རྒྱས་པར་བཤད། དེ་ནས་མཚམས་སྦྱོར་གསོལ་འདེབས་རྣམས་གཞུང་གསལ་དང་སྤྱི་མཐུན་བྱས་ལ། སྐྱབས་འགྲོ། སེམས་བསྐྱེད། རིགས་ལྔའི་སྡོམ་གཟུང་རྣམས་ལན་གསུམ་གསུམ་རྗེས་ཟློས་བྱར་གཞུག །ཧཱུྃ༔ རྡོ་རྗེ་རྣོན་པོ་སོགས་ཀྱིས་ལས་བུམ་ནས་ཁྱོར་ཆུ་སྦྱིན། མིག་དར་མེ་ཏོག་༼དངོས་སྟ་མི་སྦྲེལ་དུས།༽་་་སྐབས་འདིར་མི་གཏད་དབང་དངོས་གཞིའི་མགོར་སྦྱར་ན་སྟབས་བདེ། སྤྱི་བོར་འཁོར་ལོ་དཀར་པོ་སོགས་གནས་གསུམ་བྱིན་རླབས་དང་གོ་བགོ །སོ་ཤིང་ལྟས་བརྟག །དཔུང་སྐུད་སྲུང་བ། ཀུ་ཤའི་མལ་སྟན་སྦྱིན་ཅིང་རྗེས་གདམས་པ་གཞུང་གསལ་ལྟར་སོང་ནས། དེས་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་གྲུབ་པ་ལགས་པས་དགེ་རྩ་གཞན་དོན་དུ་བསྔོ་བས་རྒྱས་འདེབས་པར་ཞུ། ཞེས་བསྔོ་སྨོན་བྱས་ལ་གྱེས། སློབ་དཔོན་གྱིས་སྟ་གོན་གྱི་ལྷ་ལ་མཆོད་བསྟོད་བྱས་ཏེ་དཀྱིལ་འཁོར་པ་ནམ་མཁའི་དབྱིངས་སུ་བཏེགས། ཡིག་བརྒྱས་ནོངས་པ་བཤགས། བདག་བསྐྱེད་འོད་གསལ་དུ་ཞུགས་ཤིང་རྒྱུན་སྤྱོད་ཀྱི་རྣལ་འབྱོར་ལ་གནས་པས་བསྔོ་སྨོན་ཤིས་བརྗོད་བྱའོ།། །། ࿊ གཉིས་པ་དངོས་གཞིའི་ཐོག་མར། སྟེགས་བུ་ལ་རས་བྲིས་ཀྱི་དཀྱིལ་འཁོར་ཡོད་ན་བཀྲམ། མེད་ན་ཚོམ་བུ་སྔར་བཞིན་བཀོད་པའི་དབུས་སུ་སྔར་སྟ་གོན་བྱས་པའི་བུམ་པ་དང་། སྐུ་གསུང་ཐུགས་རྟེན། ཕྱོགས་མཚམས་རྣམས་སུ་དབུ་རྒྱན། རྡོ་རྗེ། དྲིལ་བུ། སྣ་ཚོགས་རྡོ་རྗེའི་ཙཀླི། ཐོད་པ་མཚན་ལྡན་ཆང་དང་ཆོས་སྨན་སྦྱར་བས་བཀང་བ། མེ་ལོང་གསལ་བ། ཤེལ་རྡོ། མར་མེ། རླུང་གཡབ་རྣམས་བཀོད། ཕྱི་ནང་མཆོད་པ་དང་། འབྱོར་ན་དཀྱིལ་འཁོར་གྱི་རྒྱན་རྣམས་ཀྱང་བཀྲམ་ལ་བག་དྲོ་བར་བྱ། མཆོད་གཏོར་ཚོགས་ཀྱི་ཡོ་བྱད་ཐམས་ཅད་ཚོགས་པར་གསག་གོ །དེ་ནས་བརྒྱུད་པའི་གསོལ་འདེབས་བྱ། ཞི་ཁྲོ་དོན་གྱི་ཕྲིན་ལས་གཞུང་བསྲང་། སྤྱན་འདྲེན་གྱི་སྐབས་སྟ་གོན་གྱི་ལྷ་ཡང་བསྟིམ། བདག་མདུན་སོགས་གཉིས་འཛིན་གྱི་མཚན་རྟོག་ལས་འདས་པའི་སྣང་སྲིད་གཞིར་བཞེངས་ཡེ་རྫོགས་ཆེན་པོའི་དཀྱིལ་འཁོར་གསལ་བཏབ་ལ་བཟླས་པ་དང་། སྲུང་མའི་གཏོར་འབུལ། ཚོགས་མཆོད་བྱ། གདོད་ནས་དག་མཉམ་ཆེན་པོར་རྟོགས་པ་དོན་གྱི་དཀྱིལ་འཁོར་དུ་འཇུག་པའམ། གོ་རྟོགས་དམན་ན་རིག་པའི་མེ་ཏོག་དོར་ཞིང་། སློབ་མ་གཞུག་པར་གནང་བ་ནོད་དོ། །དེ་ནས་སློབ་མ་རྣམས་འདུས་ཏེ་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་། བཀའ་བསྒོ་ཞིང་བགེགས་བསྐྲད་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། ཆོས་བཤད་གང་འོས་ལས་ཁྱད་པར། དེའང་གདུལ་བྱའི་དབང་པོ་དམན་མཆོག་གི་རིམ་པ་དང་མཐུན་པར་རེ་ཞིག་འདུལ་བྱེད་གཉེན་པོ་ཐེག་པའང་རིམ་པ་དགུར་བྱུང་བ་ལས། ཐམས་ཅད་ཀྱི་རྩེ་མོར་གྱུར་ཅིང་བགྲོད་རྩོལ་གྱི་ལམ་ལས་འདས་པ་རྫོགས་པ་ཆེན་པོ་མན་ངག་སྡེ་ལས་ཀྱང་མངོན་སུམ་ལམ་བྱེད་ཀྱི་ཁྱད་པར་ཆེན་པོས་འཕགས་པ་གསང་སྐོར་བླ་ན་མེད་པ་ལ། ཀུན་བཟང་དགོངས་པ་མ་བསྒྲིབས་གསལ་བར་སྟོན་པ་ཨ་ཏི་སྙིང་ཐིག །རྩོལ་མེད་འབྲས་བུའི་ཐེག་པའི་སྤྱི་གནད་ཐམས་ཅད་བསྡུས་པ་སྤྱི་ཏི། དེ་དག་ཐམས་ཅད་ཀྱི་ལྟ་སྒོམ་ཡང་བཅུད་སྙིང་པོར་ཕྱུང་པ་ཡང་ཏི་བཅས་གསུམ་དུ་གྲགས་པ་ལས། འདིར་ཕྱི་མ་ཉིད་འཆད་པའི་སྐབས་སུ་བབས་པ་ཡིན། དེ་ལས་རྒྱུད་ཀྱི་འགྱུར་འགོ་བཅོ་ལྔས་མཚོན་གདམས་པའི་རྣམ་གྲངས་ཟབ་ཅིང་རྒྱ་ཆེ་བ་བཞུགས་པ་ལས་སྐབས་སུ་བབས་པ་འདི་ནི་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པ་ཞེས་བྱ་བ་སྟེ། སངས་རྒྱས་ཀུན་དངོས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ཉིད་དུར་ཁྲོད་བསིལ་བ་ཚལ་དུ་རྩོལ་མེད་ཀྱི་དགོངས་པ་ལ་བཞུགས་པའི་ཚེ། སྲོད་ལ་ཀུན་ཏུ་བཟང་པོ། ནམ་གུང་རྡོ་རྗེ་འཆང་། ཐོ་རངས་རྡོ་རྗེ་སེམས་དཔའ། ནམ་ལངས་དཔལ་ཐོག་མའི་མགོན་པོ་རྒྱལ་བ་རིགས་ལྔས་བསྐོར་བ་མངོན་སུམ་དུ་བྱོན་ནས་གདམས་ངག་གི་ཡི་གེ་བཞུགས་པའི་གྭའུ་རྣམས་རིམ་གྱིས་གནང་བ། དེ་དག་གི་དོན་ཧ་ཅང་ཟབ་དྲགས་པས་སུ་ལའང་མ་གནང་བར་བོད་དུ་ཕེབས་ནས་ལོ་གསུམ་སོང་བ་ན། མ་འོངས་དུས་ཤིན་ཏུ་སྙིགས་མའི་སེམས་ཅན་ཚེ་ཐུང་ཞིང་ལེ་ལོ་དང་བཏང་སྙོམས་ཀྱི་དབང་དུ་འགྲོ་བ་རྣམས་ལ་ཚད་མེད་པའི་ཐུགས་རྗེས་དགོངས་ཏེ་མངའ་བདག་ཡབ་སྲས་དང་ཇོ་མོ་མཚོ་རྒྱལ་རྣམས་ལ་རྗེས་སུ་གདམས། མཚོ་རྒྱལ་གྱིས་སྒམ་པོ་གདར་གྱི་རི་བོའི་རྒྱབ་ངོས་མཚོ་མཎྜལ་ནག་པོར་གཏེར་དུ་སྦས་པ་ཕྱིས་དུས་ལ་བབས་པའི་ཚེ་ཉང་བན་ཏིང་འཛིན་བཟང་པོའི་རྣམ་འཕྲུལ་འགྲོ་མགོན་དུང་མཚོ་རས་པས་སྤྱན་དྲངས་པ་སྟེ། ཆོས་འདིའི་ཆེ་བའི་ཡོན་ཏན་ཡང་གུ་རུ་ཉིད་ཀྱི་རྡོ་རྗེའི་གསུང་ལས། ཆོས་འདི་རྣམས་རྩ་བའི་གནད་ཚིག་དམ་པ་ཡིན་པས་ཁྱད་པར་དུ་འཕགས་ཏེ་ཀུན་ཏུ་བཟང་པོའི་ཐུགས་ཀྱི་བཅུད་ཕྱུང་བ་ཡིན༔ རྡོ་རྗེ་འཆང་གི་ཐུགས་ཀྱི་མེ་ལོང༔ རྡོ་རྗེ་སེམས་དཔའི་གསང་བའི་མཛོད་ཕུགས༔ དགའ་རབ་རྡོ་རྗེའི་ཐུགས་མཛོད་ཀྱི་ནོར་བུ༔ པདྨ་འབྱུང་གནས་ཀྱི་ཐུགས་བཅུད༔ ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་སྙིང་ཁྲག༔ ལོ་ཙཱ་བ་རྣམས་ཀྱིས་སྒྲ་དང་སྐད་ཀྱིས་རྣམ་པར་ཕྱེ་བ་མ་ཡིན་པ༔ ཆོས་འདི་རྒྱ་གར་བས་ཐོབ་ན་རྒྱ་གར་བ་འཚེངས༔ རྒྱ་ནག་པས་ཐོབ་ན་རྒྱ་ནག་པ་འཚེངས༔ བོད་ཀྱིས་ཐོབ་ན་བོད་འཚེངས༔ སུས་ཐོབ་འཚེངས་པའི་ནོར་བུ་ཡིན་ཏེ༔ ཆོས་འདི་ལས་ངན་འདག་པའི་ཁྲུས་ཆུ༔ སྡིག་སྒྲིབ་གཞར་བའི་སྤུ་གྲི༔ ཐར་ལམ་འཁྲིད་པའི་ལམ་མཁན༔ བར་དོ་བགྲོད་པའི་སྐྱེལ་མ༔ ཞིང་ཁམས་བལྟ་བའི་མེ་ལོང༔ ཆོས་འདི་ལ་ཁྱད་པར་དུ་འཕགས་པ་བཅུ་སྟེ༔ ཆོས་གཞན་སངས་རྒྱས་ཀྱི་ཞིང་ལ་སྨོན་ལམ་བཏབ་དགོས་པ་ཡིན༔ འདི་ལ་ད་ལྟ་མངོན་སུམ་དུ་མཇལ་བས་ཁྱད་པར་དུ་འཕགས༔ ཆོས་གཞན་དབང་བསྐུར་ནས་ལྷ་ཡིད་སྨོན་བྱས་ནས་སྒོམ་པ་ཡིན༔ འདི་ལ་ཡི་དམ་གྱི་ལྷ་མངོན་སུམ་དུ་མཐོང་བས་ཁྱད་པར་དུ་འཕགས༔ ཆོས་གཞན་གོམས་འདྲིས་ལ་རེ་བ་ཡིན༔ འདི་ད་ལྟ་ཉིད་དུ་ལྟ་བ་མངོན་སུམ་དུ་འགྱུར་བས་ཁྱད་པར་དུ་འཕགས༔ ཆོས་གཞན་ལ་ལྷ་ཡིད་ཀྱིས་སྒོམ་པ་ཡིན༔ འདི་ལ་སངས་རྒྱས་མངོན་སུམ་དུ་མཐོང་བས་ཁྱད་པར་དུ་འཕགས༔ ཆོས་གཞན་རང་ལུས་རྒྱལ་བའི་དཀྱིལ་འཁོར་ཡིན་ཟེར་ནས་ཡིད་སྨོན་བྱེད༔ འདིར་རང་ལུས་ལྷའི་དཀྱིལ་འཁོར་དུ་མངོན་སུམ་དུ་གསལ་བས་ཁྱད་པར་དུ་འཕགས༔ ཆོས་གཞན་དུག་ལྔ་ཡེ་ཤེས་ལྔ་ཡིན་ཟེར་ཀྱང་ངོ་མི་ཤེས༔ འདིར་ཡེ་ཤེས་ལྔར་མངོན་སུམ་དུ་མཐོང་བས་ཁྱད་པར་དུ་འཕགས༔ ཆོས་གཞན་བར་དོ་ཡོད་ཟེར་ཡང་ཁ་བཤད་ཙམ་ལས་སྟོན་མི་ནུས༔ འདིར་བར་དོ་ད་ལྟ་མངོན་སུམ་དུ་གཏན་ལ་འབེབ་པས་ཁྱད་པར་དུ་འཕགས༔ ཆོས་གཞན་ལོ་དང་ཟླ་བར་བསྒོམ་དགོས༔ འདི་ཞག་བདུན་ལ་ངོ་འཕྲོད་པས་ཁྱད་པར་དུ་འཕགས༔ ཆོས་གཞན་ལ་ཉིན་མཚན་གྱི་ཁྱད་པར་ཡོད༔ འདི་ལ་ཉིན་མཚན་མེད་པར་འོད་གསལ་འཁོར་ཡུག་ཏུ་འཆར་བས་ཁྱད་པར་དུ་འཕགས༔ ཆོས་གཞན་རང་ལུས་ཤ་ཁྲག་ཏུ་རིག༔ འདིར་འོད་ལུས་སུ་མཐོང་བས་ཁྱད་པར་དུ་འཕགས༔ དེ་ལ་སོགས་པ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡིན་ནོ༔ ཞེས་དང་། ཨེ་མ༔ གདམས་ངག་མཐོང་གྲོལ་ཡང་ཏི་ནག་པོ་ཞེས༔ ཟུར་ཙམ་ཐོས་པས་བསྐལ་པའི་སྒྲིབ་པ་འདག༔ ཉམས་སུ་བླངས་ན་འོད་ཕུང་མངོན་འཚང་རྒྱ༔ གོ་བ་ཙམ་ཡང་བདེ་ཆེན་ས་ལ་བགྲོད༔ ཨོ་རྒྱན་ཐུགས་སྲོག་སྙིང་གི་ཏི་ཀ་འདི༔ རིག་འཛིན་སྙིང་པོ་བླ་མེད་གནད་ཀྱི་དོན༔ ཟག་མེད་ཕུང་པོ་བདེ་ཆེན་ཡེ་སངས་རྒྱ༔ འདི་འདྲའི་ཟབ་ཏིག་བདག་འདྲ་པདྨའི་ལུགས༔ འདི་ཉིད་མཐོང་བའི་སྐྱེས་བུ་གང་ཡིན་པ༔ རྒྱལ་བའི་སྲས་པོ་ངེས་པའི་སྐལ་པ་ཅན༔ ཞེས་སོགས་བསྔགས་པ་དོན་དང་ལྡན་པའི་སྨིན་བྱེད་ཟབ་མོ་བསྒྲུབ་པ་ལ་སྔོན་འགྲོ་སྟ་གོན་གྱི་རིམ་པ་རྣམས་སོང་གྲུབ་ནས། ད་ལམ་དངོས་གཞིའི་དབང་བསྐུར་བ་ཡིན་པས་ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། ཅེས་པས་མཚམས་སྦྱོར་ལ་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་སྤྱི་འགྲེ་བཅས། ཨུ་དུམྦ་ར་སོགས་ཀྱིས་མེ་ཏོག་དང་། ཨོཾ་བཛྲ་ཙཀྵུར་སོགས་ཀྱིས་མིག་དར་སྦྱིན།་་་གཏེར་གཞུང་སྟ་གོན་སྐབས་ཡོད། གསོལ་འདེབས། ཧེ་རུ་ཀ་དང་གཉིས་མེད་པའི༔སོགས་སྟ་གོན་སྐབས་ལྟར་ལ་མཇུག་གི་ཚིག་རྐང་གཅིག་ལ། དབང་བསྐུར་གནང་བར་མཛད་དུ་གསོལ༔ ཞེས་བསྒྱུར། དེ་ནས་རྒྱུད་དག་པར་བྱ་བའི་སླད་དུ་སྐྱབས་སེམས་སྡོམ་གཟུང་རྣམས་དེ་ལྟར་ལན་གསུམ་གསུམ་བྱར་གཞུག །དེ་ནས། ད་ནི་དམ་ཚིག་སེམས་དཔར་དབང་བསྐུར་བ་ནི༔ སློབ་མ་རྣམས་ཀྱི་སྙིང་གི་དཀྱིལ་དུ་སོགས་ནས་དམ་ཆུ་བླུད་ཅིང་དམ་ཚིག་བསྒྲག །རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་དབང་བསྐུར་བ་ཡིན་ཡང་ལམ་གྱི་སྲོག་རྩ་ནི་དམ་ཚིག་ཡིན་པས། གལ་ཏེ་དམ་ཚིག་ལས་འགལ་ཞིང་ཉམས་པར་གྱུར་ན་མནར་མེད་པའི་དམྱལ་བར་ལྷུངས་ཏེ་ཐར་པའི་དུས་མེད་པར་འགྱུར་ལ། དམ་ཚིག་མ་ཉམས་ཤིང་ཚུལ་བཞིན་དུ་བསྲུངས་ན་ཚེ་གཅིག་གིས་གདོད་མའི་དབྱིངས་སུ་རྣམ་པར་གྲོལ་བར་འགྱུར་བས་སྤྱི་དང་ཁྱད་པར་གྱི་དམ་ཚིག་སྲོག་གི་ཕྱིར་ཡང་ཉམས་པ་མེད་པར་བསྲུང་བ་ལ་བརྩོན་པར་གྱིས་ཤིག །ཅེས་གདམ། སྤྲོ་ན་དམ་ཚིག་གི་རྣམ་དབྱེ་རྒྱས་པར་བཤད། ཧཱུྃ༔ རྡོ་རྗེ་སློབ་དཔོན་སོགས་ཀྱིས་དམ་བསྒག །ཡེ་ཤེས་པ་གཟབ་སྟེ་དབབ། སྙིང་པོའི་མཐར། བཛྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་དྲག་ཏུ་བརྗོད། བསྐོར་བ་དངོས་སུ་མ་འགྲིགས་ན་ཡིད་ཀྱིས་བྱས་ལ་དཀྱིལ་འཁོར་དུ་དྲངས་ཏེ་ཡོལ་བ་བསལ། མེ་ཏོག་དོར་ལ་ཅོད་པན་རེ་ཞིག་བཞག །མིག་དབྱེ་བར་ཞུ་ཞིང་དབྱེ། དཀྱིལ་འཁོར་གྱི་ཁ་དོག་བརྟགས་ལ་ལུང་བསྟན། མེ་ཏོག་གང་དུ་ཕོག་པའི་རིགས་དང་མཐུན་པར་མིང་གདགས། ཕྱག་ཤིང་གིས་མཚོན་ཏེ་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པའི་བརྡ་དོན་ངོ་སྤྲད། ཅོད་པན་སླར་སྤྱི་བོར་བཞག་ལ། ཨོཾ་པྲ་ཏི་གྲྀཧྞ་སོགས་དང་སྤྲོ་བསྐྱེད་བརྗོད། དེ་རྣམས་ཀྱིས་དཀྱིལ་འཁོར་ཕྱི་ནང་དུ་འཇུག་པའི་ཆོས་རྒྱས་པར་གྲུབ་པ་ཡིན་ནོ། །ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་འབུལ་འཚལ། ཞེས་ཕུལ་ལ་གསོལ་གདབ་ལན་གསུམ་བྱ། དེ་ནས་བུམ་པ་སོགས་རིགས་པའི་དབང་ལྔ་བསྐུར། ལྷ་དབང་གི་ཐོག་མར། ཧཱུྃ༔ ཡིད་ཆོས་རང་བཞིན་མ་སྐྱེས་པས༔ སོགས་ཀུན་བཟང་ཡབ་ཡུམ་ཤློ་ཀ་གཅིག་འོག་ནས་ཡར་བླང་། དེ་ནས་རྣམ་སྣང་ཡབ་ཡུམ་ནས་གཟུང་། དབང་ཕྱུག་ཉེར་བརྒྱད་ཚང་བའི་བར་གྱིས་བུམ་དབང་རྫོགས་ནས། དབང་གོང་མ་གུད་སྦས་ལ་འཇུག་སྟེ། དེ་ནས་གསང་བ་མཆོག་གི་དབང་ཆེན་ཆོས་སྐུའི་ཞིང་ཁམས་ལ་འཇུག་པ་ཞུ་བའི་ཡོན་དུ་མཎྜལ་ཕུལ། དྲིས་ལན་ནས་བརྩམ་ཆོས་སྐུའི་ཞིང་ཁམས་སྒོ་དབྱེ་བ་དང་། བུམ་པ། བདུད་རྩི། མེ་ལོང་། ཚིག་དབང་། བརྡ་ལམ་ཕྱེ་བའི་དབང་བཅས་མཐར་ཆགས་སུ་བསྐུར་ནས། དོན་དམ་སྤྲོས་མེད་བརྡའི་དབང་ཤེལ་རྡོ། རྔའམ་དྲིལ་བུ། མར་མེ། མེ་ལོང་། རླུང་གཡབ། ཤིན་ཏུ་རྣམ་དག་དབང་རྣམས་རྩ་ཚིག་དང་སྦྱར་བའི་བརྡ་བཤད་ངོ་སྤྲོད་རྒྱས་པ་ལྷ་རྗེ་བློ་གྲོས་རྒྱལ་མཚན་གྱིས་མཛད་པ་ལྟར་བཏང་ལ་ཤིས་བརྗོད་ཡན་གྲུབ་པར་བྱ། གཏེར་གཞུང་ལྟར། དེ་ལྟར་ཆོས་སྐུ་ཀུན་ཏུ་བཟང་པོ་སོགས་ནས། རྫོགས་པའི་དགོས་པ་ཡོད་དོ༔ བར་དང་། བརྡ་བཤད་ལྷན་ཐབས་འཕྲོས། དེ་ལྟར་སྨིན་བྱེད་ཀྱི་དབང་སོགས་ནས། སྤྲོ་བ་བསྐྱེད་འཚལ་ལོ། །ཡན་ཚང་བར་བརྗོད་པས་དབང་བསྐུར་རྫོགས་པར་གྲུབ་ནས། མཚམས་སྦྱོར་སྤྱི་འགྲེ་བཅས་དམ་ཚིག་བསྒྲག་གཟུང་། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་བྱས་ལ་སློབ་མ་གྱེས། སློབ་དཔོན་གྱིས་ཚོགས་ལ་རོལ་པ་ནས། བཀྲ་ཤིས་བརྗོད་པའི་བར་ཕྲིན་ལས་དང་གསང་བ་སྤྱིའི་འགྲོས་ལྟར་རྗེས་ཀྱི་རིམ་པ་རྣམས་མཐའ་རྒྱས་སུ་བྱའོ།། །།འདི་ནི་དངོས་སྟ་བར་མཚམས་དབྱེ་ཞིང་། དངོས་གཞིའི་སྐབས་ད་ལྟའི་དབང་བསྐུར་སྤྱིའི་འགྲོས་དང་བསྟུན་པའི་ལུགས་སུ་བཀོད་པ་ཡིན་ལ། ࿊ མགྱོགས་ཆེད་ལྟ་བུར་དངོས་སྟ་སྦྲེལ་མར་བྱེད་ན་དབང་རྫས་ཚང་བ་དང་པོ་ནས་བཀོད། འདོན་འགྲིག་སྒྲུབ་ཚུལ་སྤྱི་ཁོག་སྔར་དང་འདྲ་བ་ལས་དབང་གི་སྐབས་མིག་དར་མེ་ཏོག་དཀྱུས་ལྟར་གཏད། ཀུ་ཤ་སྦྱིན་པའི་འཕྲོས་སུ། དངོས་གཞིའི་དམ་ཚིག་སེམས་དཔའ་གསལ་གདབ་ལ་འཇུག་པས་ཆོག་པ་ཡིན་ནོ། །སྒྱུ་མ་ལྟ་བུའི་སྡུག་བསྔལ་མཚོར། །རྨི་ལམ་བཞིན་དུ་ཉམ་ཉེས་པའི། །འགྲོ་རྣམས་འཁྲུལ་པའི་མཚང་བརྡིབས་ཏེ། །སྐད་ཅིག་གཅིག་ལ་རང་གྲོལ་ཤོག །ཅེས་རང་འདྲའི་བློ་རྨོངས་ཤིན་ཏུ་འཇུག་པ་བདེ་བའི་གནས་ལའང་རྣམ་པར་འཁྱམས་པར་མཐོང་ནས། སྨིན་བྱེད་ཁྲལ་སྤྲད་ལན་གཅིག་པོ་དེའང་ཆད་ལྷག་གིས་སྐྱོན་དུ་མ་གྱུར་པ་ཞིག་བྱུང་ན་ལེགས་པའི་ཆ་རྐྱེན་དུ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ། སརྦ་དཱ་མངྒ་ལཾ།། །།
གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་གསུང་རབ་ཟབ་མོ་ཉེ་བརྒྱུད་ཀྱི་ཆོས་སྡེ་རིན་ཆེན་གཏེར་མཛོད་ཆེན་པོའི་བཞུགས་བྱང་དཀར་ཆག་གསལ་བར་བཀོད་པ་འོད་གསལ་རྡོ་རྗེ་སྙིང་པོའི་གྲུ་གཟིངས་ (Volume 66, Text 7)
གསུམ་པ་རིན་ཆེན་གཏེར་མཛོད་ཆེན་མོའི་ཆོས་ཀྱི་རྣམ་གྲངས་བཞུགས་བྱང་དཀར་ཆག་དངོས་ཀྱི་རིམ་པ་བདེ་ཆེན་ཌཱཀྐིའི་སྤྲིན་ཕུང་འགོད་པ་ལ། དང་པོ་གང་ལས་བྱུང་བ་བརྒྱུད་པའི་ལོ་རྒྱུས་ཀྱི་སྐོར། གཉིས་པ་འབྱུང་ཁུངས་དེ་ལྡན་གྱི་གདམས་པའི་དཀར་ཆག་དང་བརྒྱུད་ཡིག་ལག་ལེན་སོགས་ཀྱི་སྐོར། གསུམ་པ་དེ་ལས་འབྱུང་བའི་གདམས་སྐོར་དངོས་ཀྱི་རྣམ་གྲངས་དང་གསུམ་པོ་གསལ་བྱེད་ཡི་གེའི་གོ་རིམ་བཞིན་བཞུགས་སུ་གསོལ་བ་ལས། ༄། གཏེར་མཛོད། ༼ཀ༽པ་ལ། དང་པོ་གང་ལས་བྱུང་བ་བརྒྱུད་པའི་རིམ་པའི་རྣམ་ཐར་ལོ་རྒྱུས་ཀྱི་སྐོར་ནི། མངའ་བདག་ཉང་རིན་པོ་ཆེའི་གཏེར་བྱོན་གུ་རུའི་རྣམ་ཐར་ཟངས་གླིང་མ། རྣམ་ཐར་དེའི་དོན་བསྡུས་གསོལ་འདེབས་ཉང་རལ་ཉིད་ཀྱིས་མཛད་པ། མཛད་པ་བཅུ་གཅིག་གི་གསོལ་འདེབས་རཏྣ་གླིང་པས་མཛད་པ་བཅས་རིང་སྦྲེལ་ལྡེབ། ༩༥ ཇོ་ནང་རྗེ་བཙུན་རིན་པོ་ཆེས་མཛད་པའི་སློབ་དཔོན་པདྨའི་རྣམ་ཐར་རྒྱ་གར་ལུགས་ལྡེབ། ༢༢ གུ་རུའི་རྣམ་ཐར་བཀའ་ཐང་དོན་བསྡུས་གསོལ་འདེབས་ཨུ་དུམྦ་རའི་ཕྲེང་མཛེས་སྨིན་ལོས་བཀའ་ཐང་ཞིང་བཀོད་ཞལ་བྱང་ལྟར་ལ་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་འཇམ་མགོན་རིན་པོ་ཆེས་ཞལ་སྐོང་ཅན་ལྡེབ། ༡༠ པདྨ་གར་དབང་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པའི་གཏེར་བྱོན་གུ་རུའི་རྣམ་ཐར་རྡོ་རྗེའི་རྒྱན་ཕྲེང་ལྡེབ། ༡༡ དང་། བཻ་རོའི་རྣམ་ཐར་པདྨའི་དགའ་ཚལ་ལྡེབ། ༣༢ བཅས། གྲུབ་ཐོབ་གཏེར་སྟོན་རིམ་པར་བྱོན་པ་རྣམས་ཀྱི་རྣམ་ཐར་མདོར་བསྡུས་བཀོད་པ་རིན་ཆེན་བཻ་ཌཱུརྻའི་ཕྲེང་བ་ལྡེབ། ༢༡༣ དང་། དེའི་དོན་བསྡུས་གསོལ་འདེབས་རྒྱས་པ་ལྡེབ། ༡༤ མཚན་སྡོམ་གསོལ་འདེབས་བསྡུས་པ་ལྡེབ། ༤ བཅས་འཇམ་མགོན་རིན་པོ་ཆེས་མཛད། མཁྱེན་བརྩེའི་རྣམ་ཐར་གསོལ་འདེབས་བཀྲ་ཤིས་འཁྱིལ་པའི་སྒྲ་དབྱངས་གུ་ཎའི་གསུང་དྷརྨ་མ་ཏིས་ཞལ་སྐོང་ཅན་ལྡེབ། ༤ མཆོག་གླིང་རྣམ་ཐར་གསོལ་འདེབས་བཀྲ་ཤིས་འཁྱིལ་པའི་དབྱངས་སྙན་འཇམ་མགོན་གསུང་ལྡེབ། ༣ འཇམ་མགོན་རྣམ་ཐར་གསོལ་འདེབས་ཞལ་གསུང་མ་ཀུན་ཏུ་བཟང་པོའི་སྒྲ་དབྱངས་དང་བདག་བསྟོད་བཅས་ལྡེབ། ༣ བཞུགས་པ་རྣམས་སོ།། ༄། གཏེར་མཛོད། ༼ཁ༽པ་ལ། གཉིས་པ་འབྱུང་ཁུངས་ལོ་རྒྱུས་དེ་ལྡན་གྱི་གདམས་པའི་དཀར་ཆག་དང་བརྒྱུད་ཡིག་ལག་ལེན་སོགས་ཀྱི་སྐོར་ལ། ཟབ་ཆོས་ཇི་ལྟར་བཞུགས་པའི་དཀར་ཆག་དང་འབྲེལ་སྨིན་གྲོལ་རྒྱབ་རྟེན་དང་བཅས་པའི་བརྒྱུད་ཡིག་དངོས་གྲུབ་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་འཇམ་མགོན་རིན་པོ་ཆེའི་གསུང་ལྡེབ། ༢༦༢་་་་་འདི་པར་གཞིའི་ཡི་གེ་འཛུད་དཔེ་དཔལ་སྤུངས་ཀྱི་པར་མར་སོང་གཤིས་མཚུར་པར་ཅན་ལ་རྒྱལ་དབང་མཁའ་ཁྱབ་རྡོ་རྗེས་གསར་འཛུད་ལེགས་བཅོས་མང་བས་འདི་དང་མི་འདྲ་བ་མང་ཞིང་ཁྱད་པར་ཆེ་བ་མཁྱེན་འཚལ།མཆན། སི་ཏུ་རིན་པོ་ཆེ་པདྨ་དབང་མཆོག་རྒྱལ་པོས་ཁ་སྐོང་བརྒྱུད་རིམ་དང་འབྲེལ་བར་གཏེར་མཛོད་རྟོགས་བརྗོད་ངོ་མཚར་བདུད་རྩིའི་འབྱུང་གནས་གསར་བྲིས་ཉིད་མཛད་ལྡེབ།༡༦ དིལ་མཁྱེན་རིན་པོ་ཆེ་མངྒ་ལ་ཤྲཱི་བྷཱུ་ཏིས་རིན་གཏེར་ཞལ་སྐོང་ཞུས་པ་རྣམས་ཀྱི་བརྒྱུད་ཡིག་ཡིད་ཆེས་དད་པའི་གསོས་སྨན་ཉིད་མཛད་ལྡེབ།༦ སྨིན་གྲོལ་ལག་ལེན་དང་བཅས་བཤམ་བྱ་བའི་ཚུལ་མཐོང་བས་གོ་འབྱེད་འཇམ་མགོན་གསུང་ལྡེབ། ༡༡༠ དིལ་མཁྱེན་རིན་པོ་ཆེས་རིན་གཏེར་ཞལ་སྐོང་སྐོར་གྱི་བཅས་བཤམ་ལག་ལེན་ལྡེབ། ༤ ལས་འཕྲོ་གཏེར་བརྒྱུད་རྣམ་བཤད་ཉུང་གསལ་ངོ་མཚར་རྒྱ་མཚོ་རྡོ་གྲུབ་ཆེན་རིན་པོ་ཆེ་འཇིག་མེད་བསྟན་པའི་ཉི་མའི་གསུང་ལྡེབ། ༣༡ བཅས་བཞུགས་པ་རྣམས་སོ།། ༄། གཏེར་མཛོད། ༼ག༽པ་ལ། ༈ གསུམ་པ་བརྒྱུད་པ་དེ་ལས་བྱུང་བའི་གདམས་སྐོར་དངོས་ཀྱི་སྐོར་ལ། བསྐྱེད་པ་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །རྫོགས་ཆེན་ཨ་ཏི་ཡོ་གའི་སྐོར་གསུམ་དང་། མཐའ་མར་དགེ་བ་ཡོ་ག་གསུམ་སྒྲིལ་གྱི་སྐོར་དང་ཞལ་གདམས་སྨོན་ཤིས། རྩ་བ་རྒྱབ་རྟེན་དང་ཡན་ལག་ཉེར་མཁོའི་ཡིག་ཆ་སྔ་རྗེས་ཞལ་སྐོང་དུ་ཉེ་བར་བསྡེབས་པའི་སྐོར་བཅས་ལྔ་ལས། དང་པོ་བསྐྱེད་པ་མ་ཧཱ་ཡོ་ག་ལའང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས། དང་པོ་རྒྱ་ཆེ་བ་རྩ་བར་གྱུར་པའི་རྒྱུད་སྡེའི་སྐོར་ལ། རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོར་སེམས་ཐུགས་ཀྱི་སྒྲུབ་པ་སྨིན་གླིང་གཏེར་ཆེན་ཟབ་གཏེར་གཏེར་གཞུང་སྐོར་ལྡེབ། ༡༤ གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་གསོལ་འདེབས་ཞལ་གསུང་མ་ལྡེབ། ༣ བརྒྱུད་འདེབས་སྨིན་གཏེར་གསུང་ལྡེབ། ༡ ལས་གཞུང་གཏེར་ཆེན་གསུང་དང་རིན་རྣམ་ལྷན་ཐབས་ནག་འགྲོས་སུ་འཇམ་མགོན་རིན་པོ་ཆེས་བསྡེབས་པ་ལྡེབ། ༣༨ རྒྱུན་གྱི་རྣལ་འབྱོར་ལྡེབ། ༣ དང་། སྒྲུབ་མཆོད་ལག་ལེན་ལྡེབ། ༡༡ བཅས་འཇམ་མགོན་གསུང་། མྱང་གྲོལ་རིལ་བུའི་སྒྲུབ་ཐབས་མཁྱེན་བརྩེའི་དབང་པོའི་གསུང་ལྡེབ། ༤ བྱིན་འབེབ་སྨིན་གླིང་པའི་གཏེར་བྱོན་ལྡེབ། ༡ གྲོལ་ལམ་གསུམ་གྱི་ལག་ལེན་ལྡེབ། ༥ དང་། དབང་ཆོག་ལྡེབ། ༡༡ བསྙེན་ཡིག་ལྡེབ། ༨ བཅས་འཇམ་མགོན་ཆོག་ཁྲིགས་དང་གསུང་། རྩ་ཁྲིད་ལྡེབ། ༣༣ དང་། ཁྱད་པར་རྫོགས་རིམ་སྣང་བཞིའི་ཁྲིད་ལྡེབ། ༩ རྨི་ལམ་ཁྲིད་ལྡེབ། ༩ གཅོད་ཁྲིད་ལྡེབ། ༦ བཅས་སྨིན་ལོའི་གསུང་། འཕོ་བའི་ཁྲིད་སྨིན་གླིང་རྗེ་བཙུན་ཕྲིན་ལས་ཆོས་སྒྲོན་གསུང་ལྡེབ། ༡༡ ཀར་གླིང་ཞི་ཁྲོའི་གསོལ་འདེབས་གཏེར་གཞུང་ལྡེབ། ༡ ལས་བྱང་གཏེར་གཞུང་ལྡེབ། ༡༡ བསྙེན་དམིགས་ལྡེབ། ༡ བདག་བསྐྱེད་མདོར་བསྡུས་པདྨ་མ་ཏིའི་གསུང་ལྡེབ། ༢ དབང་གི་སྟ་གོན་ལྡེབ། ༡༠ དང་། དབང་འབྲིང་པོ་འགྲོ་དྲུག་རང་གྲོལ་ལྡེབ། ༣༣ བཅས་འཇམ་མགོན་ཆོག་ཁྲིགས། གཏོར་དབང་རེག་པ་དོན་ལྡན་ཀརྨ་ཨ་རཱ་གའི་གསུང་ལྡེབ། ༨ བསྙེན་ཡིག་འཇམ་མགོན་གསུང་ལྡེབ། ༦ དེ་ལ་ཉེར་མཁོའི་ཤོག་བྱང་།༡ ཆོས་ཉིད་བར་དོའི་ཁྲིད་ཡིག་རཱ་ག་ཨ་སྱའི་གསུང་ལྡེབ། ༢༡ སྨིན་ལོའི་ཕྱག་སྲོལ་ཆོག་ཁྲིགས་བཀའ་མའི་ཁོག་ཕུབ་ཀྱི་ས་བཅད་ལ་ཟབ་གཏེར་འདིའི་རྡོ་རྗེའི་ཚིག་གོང་འོག་འབྲེལ་བསྡེབས་པའི་ཀར་གླིང་ཞི་ཁྲོའི་ལས་བྱང་འབྲིང་པོའི་ཆོ་ག་སྡིག་སྒྲིབ་རྣམ་སྦྱོང་ལ་མཁྱེན་བརྩེའི་དབང་པོའི་གསལ་བྱེད་ཅན་ལྡེབ། ༣༨ བཀའ་སྲུང་རྒྱས་པ་ལས་ཉེར་བསྡུས་ལྡེབ། ༡ ཡེ་ཤེས་དབབ་པ་ལྡེབ། ༡ མཆོད་བསྟོད་ལྡེབ། ༡ སྨིན་གླིང་ལོ་ཆེན་ལུགས་ཀར་གླིང་ཞི་ཁྲོའི་དབང་གི་ཟུར་རྒྱན་རྒྱལ་ཚབ་པདྨ་རྣམ་རྒྱལ་གསུང་ལྡེབ། ༡༣ ཤེར་འོད་གྲོལ་ཏིག་ཞི་ཁྲོའི་ཕྲིན་ལས་མཁྱེན་བརྩེའི་དབང་པོའི་ཆོག་ཁྲིགས་ལྡེབ། ༢༥ ལྷ་དབང་ལྡེབ། ༢ གནམ་ཆོས་སྤྱིའི་བརྒྱུད་འདེབས་མངྒ་ལ་ཤྲཱི་བྷཱུ་ཏིའི་གསུང་ལྡེབ། ༡ གནམ་ཆོས་ཞི་ཁྲོ་གཏེར་གཞུང་ལྡེབ། ༢ བསམ་གཏན་ཆོ་ག་རཱ་ག་ཨ་སྱའི་གསུང་ལྡེབ། ༢ བདེ་གླིང་བཀའ་འདུས་ཞི་ཁྲོའི་ལས་བྱང་གཏེར་གཞུང་ལྡེབ། ༡༥ སྐོང་ཆོག་གཏེར་གཞུང་ལྡེབ། ༡༠ སྨིན་བྱེད་མ་བུ་གབ་སྤྲད་འཇམ་མགོན་ཆོག་ཁྲིགས་ལྡེབ། ༢༥ ཀུན་གཟིགས་འོད་གསལ་སྤྲུལ་པའི་རྡོ་རྗེའི་དགོངས་གཏེར་གྲུབ་ཐོབ་ཐུགས་ཐིག་སྙིང་པོ་སྐོར་ལྔའི་བརྒྱུད་འདེབས་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༡ གྲུབ་ཐོབ་ཐུགས་ཏིག་གི་སྒྲུབ་ཐབས་སྙིང་པོ་སྐོར་ལྔའི་གཏེར་གཞུང་ལྡེབ། ༦༠ ཕྲིན་ལས་ཁ་བསྒྱུར་ལྡེབ། ༡ ལས་བྱང་དང་དབང་གི་གསལ་བྱེད་ལྡེབ། ༨ དང་། གདམས་པའི་ས་བཅད་ལྡེབ། ༧ བཅས་འཇམ་མགོན་གསུང་རྣམས་བཞུགས།། ༄། གཏེར་མཛོད། ༼ང༽པ་ལ། མཆོག་གླིང་གཏེར་བྱོན་ཟབ་བདུན་རྒྱུད་ཟབ་སྒྱུ་འཕྲུལ་ཟངས་བྱང་མའི་བརྒྱུད་འདེབས་རྒྱལ་དབང་ཐེག་མཆོག་རྡོ་རྗེའི་གསུང་ལྡེབ། ༡ སྐྱབས་སེམས་ལྡེབ། ༡ ལྕགས་བྱང་མའི་རྡོར་སེམས་སྒྲུབ་ཐབས་རྩ་བ་ཉི་ཟླའི་རྒྱ་ཅན་གཏེར་གཞུང་ལྡེབ། ༣ སྒྱུ་འཕྲུལ་ཞི་བ་རྡོར་སེམས་ཐུགས་སྒྲུབ་ཀྱི་ལས་བྱང་གཏེར་གཞུང་ལྡེབ། ༩ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༨ ཁྲོ་བོ་དམ་པ་རྒྱན་གྱི་སྒྲུབས་ཐབས་ལས་བྱང་གཏེར་གཞུང་ལྡེབ། ༡༡ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༠ ཞི་ཁྲོ་དོང་སྤྲུགས་ལས་བྱང་ལྡེབ། ༡༦ དང་། སྨན་མཆོད་ལྡེབ། ༡ སྐོང་ཆོག་ལྡེབ། ༡༧ དབང་ཆོག་ལྡེབ། ༡༢ བཅས་གཏེར་ཆེན་མཆོག་གླིང་རང་གི་ཆོག་ཁྲིགས། ཟབ་བདུན་སྒྱུ་འཕྲུལ་ཚེ་སྐོར་ཕྲིན་ལས་རྒྱས་པ་དང་། གསོ་བ་གསུམ་ལྡན་བཅས་གཏེར་གཞུང་ལྡེབ། ༢༤ དེའི་དབང་བསྐུར་གསལ་བྱེད་འཇམ་མགོན་ཆོག་ཁྲིགས་ལྡེབ། ༨ མཆོག་གླིང་བད་ེམཆོག་སངས་རྒྱས་མཉམ་སྦྱོར་གཏེར་གཞུང་ལྡེབ། ༣༦ ཆོག་ཁྲིགས་ལས་བྱང་ལྡེབ། ༡༠ དང་། དབང་ཆོག་ལྡེབ། ༡༣ བཅས་འཇམ་མགོན་ཆོག་ཁྲིགས་རྣམས་སོ།། ༈ གཉིས་པ་སྒྲུབ་སྡེ་ལ་རྩ་བ་སྒྲུབ་ཐབས་དང་། ཡན་ལག་ལས་ཀྱི་ཆོ་ག་གཉིས། དང་པོ་རྩ་བ་སྒྲུབ་པའི་ཐབས་གཙོ་བོར་གྱུར་པ་ལ་རྩ་གསུམ་སྤྱིར་སྒྲུབ་པ་དང་། བྱེ་བྲག་སོ་སོར་སྒྲུབ་པ་གཉིས་ཀྱི། དང་པོ་རྩ་གསུམ་སྤྱི་སྒྲུབ་ཀྱི་སྐོར་ལ། སངས་རྒྱས་བླ་མའི་རྩ་གསུམ་དྲིལ་སྒྲུབ་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེའི་ཡང་གཏེར་གྱི་གསོལ་འདེབས་ལྡེབ། ༢ དང་། ཕྲིན་ལས་སྙིང་གི་ནོར་བུ་ལྡེབ། ༡༡ སྨན་མཆོད་ལྡེབ། ༢ དོན་དབང་ལྡེབ། ༧ ཚེ་དབང་ལྡེབ། ༥ བཅས་མཁྱེན་བརྩེ་ཉིད་ཀྱིས་གསུང་ཁྲིགས། ཟིན་བྲིས་ནོར་བུའི་འོད་ཟེར་མི་ཕམ་གསུང་ལྡེབ། ༡༤ རྩ་གསུམ་གཏོར་བསྔོ་ཉུང་བསྡུས་ཕྲིན་ལས་ནོར་བུའི་རོལ་མཚོ་མངྒ་ལའི་གསུང་ལྡེབ། ༩ ཀརྨ་པ་རང་བྱུང་རྡོ་རྗེའི་དགོངས་གཏེར་ཀརྨ་པ་དབང་ཕྱུག་རྡོ་རྗེས་ཁྲིགས་བསྡེབས་ཀར་ལུགས་རྩ་གསུམ་དྲིལ་སྒྲུབ་ཕྲིན་ལས་དབང་ཆོག་དང་བཅས་པ་ལ་འཇམ་མགོན་རིན་པོ་ཆེས་ཡང་ཁྲིགས་ཅན་ལྡེབ། ༡༣ དང་། བསྐྱེད་རྫོགས་དམིགས་རིམ་ལྡེབ། ༧ བཅས་འཇམ་མགོན་གསུང་། རྩ་ཚིག་ཆགས་མེད་གསུང་ལྡེབ། ༡ རཏྣའི་རྩ་གསུམ་འབྲས་བུའི་དོན་ཁྲིད་གཏེར་གཞུང་ལྡེབ། ༤༢ གསོལ་འདེབས་ལྡེབ། ༡ ཁྲིད་གཞུང་རཏྣ་རང་གསུང་ལྡེབ། ༡༣ ཕྲིན་ལས་དང་དབང་བསྒྲིགས་འཇམ་མགོན་མཛད་པ་ལྡེབ། ༡༤ ཡི་དམ་རྩ་གསུམ་དྲིལ་སྒྲུབ་གཏེར་གཞུང་ལྡེབ། ༣ རྒོད་ལྡེམ་ཡང་སྤྲུལ་དཔལ་ལྡན་འཇམ་དབྱངས་བླ་མའི་རྩ་གསུམ་གསོལ་འདེབས་ཀྱི་ལས་བྱང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༢༡ མར་མེའི་སྐོང་བཤགས་གཏེར་གཞུང་ལྡེབ། ༡ དབབ་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༤ བཀའ་སྲུང་ལྡེབ། ༢ མངའ་པཎ་རིག་འཛིན་ཡོངས་འདུས་ལས། དུས་གསུམ་རྒྱལ་བའི་སྤྱི་སྒྲུབ་ལྡེབ། ༣ དང་། དཀོན་མཆོག་གསུམ་གྱི་གསང་སྒྲུབ་ལྡེབ། ༥ བཅས་གཏེར་གཞུང་། འབྲི་གུང་དགོངས་པ་ཡང་ཟབ་ཀྱི་རྩ་གསུམ་ལས་བྱང་གཏོར་དབང་དང་བཅས་འབྲི་གུང་སྣ་ཚོགས་རང་གྲོལ་གསུང་ལྡེབ། ༡༥ སྐོང་བཤགས་རིག་འཛིན་ཆོས་གྲགས་གསུང་ལྡེབ། ༣ འབྲི་གུང་རིན་ཕུན་དག་སྣང་སྒྲོལ་དཀར་ཡིད་ནོར་གདམས་སྐོར་ཆ་ཚང་གཏེར་གཞུང་ལྡེབ། ༢༠ སྒྲོལ་དཀར་ཡིད་བཞིན་ནོར་མཆོག་སྐོར་ལ་ཞལ་ཤེས་གཏེར་གཞུང་ལྡེབ། ༣ དྲིལ་སྒྲུབ་སོགས་ཞལ་ཤེས་ཕྱོགས་བསྡུས་ཆོས་གྲགས་མཛད་པ་ལྡེབ། ༡༠ བཅས་བཞུགས།། ༄། གཏེར་མཛོད། ༼ཅ༽པ་ལ། ཞིག་གླིང་ཟབ་པ་སྐོར་བདུན་གཏེར་གཞུང་ལྡེབ། ༢༣ གསོལ་འདེབས་ལྡེབ། ༡ དང་། ཆོག་བསྒྲིགས་ལས་བྱང་ལྡེབ། ༨ བཀའ་སྲུང་ལྡེབ། ༡ བཅས་རང་གསུང་། རྩ་དབང་ལྡེབ། ༩ དང་། ལྷ་སོ་སོའི་སྒྲུབ་ཐབས་དང་རྗེས་གནང་ལྡེབ། ༣༦ བཅས་འཇམ་མགོན་ཆོག་ཁྲིགས། བྱང་བདག་བཀྲ་སྟོབས་ཀྱི་མ་རྒྱུད་སྙིང་པོ་དོན་གསུམ་གྱི་གཏེར་འབྱུང་དང་གཏེར་གཞུང་ལྡེབ། ༡༩ ལས་རིམ་ཟུར་འདེབས་ལྡེབ། ༢ དང་། དབང་ཆོག་ལྡེབ། ༨ བཅས་འཇམ་མགོན་ཆོག་ཁྲིགས། ཆོས་གླིང་རྩ་གསུམ་དྲིལ་སྒྲུབ་ཀྱི་བརྒྱུད་འདེབས་ལྡེབ། ༡ དང་། དཀྱིལ་ཆོག་ལྡེབ། ༡༧ ཕྲིན་ལས་སྙིང་པོ་ལྡེབ། ༦ བཀའ་སྲུང་ལྡེབ། ༢ བསྙེན་ཡིག་ལྡེབ། ༦ བརྟན་བཞུགས་ཆོ་ག་ལྡེབ། ༨ བཅས་ཆོས་གླིང་རང་གསུང་། དབང་ཆོག་སི་ཏུ་པདྨ་ཉིན་བྱེད་ཆོག་ཁྲིགས་ལྡེབ། ༡༡ ཁྲིད་ཡིག་ཆོས་གླིང་ཉིད་གསུང་ལྡེབ། ༤༠ ཀུན་བཟང་བདེ་ཆེན་རྒྱལ་པོའི་རྩ་གསུམ་ཟབ་མོ་ཀུན་འདུས་བརྒྱུད་འདེབས་མངྒ་ལའི་གསུང་ལྡེབ། ༡ རྩ་གསུམ་ཟབ་མོ་ཀུན་འདུས་སྒྲུབ་ཐབས་དང་བསྙེན་ཡིག་ཉིད་ཀྱི་ཆོག་ཁྲིགས་ལྡེབ།༡༥ གཏོར་དབང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༧ ཀུན་གཟིགས་མཁྱེན་བརྩེའི་ས་གཏེར་རྩ་གསུམ་བདེ་འདུས་བརྒྱུད་འདེབས་ལྡེབ། ༡ དང་། རྩ་གསུམ་བདེ་འདུས་ལས་བྱང་། སྐོང་བཤག །སྨོན་ལམ། ཤིས་བརྗོད། བདག་འཇུག་བཅས་མཁྱེན་བརྩེའི་དབང་པོ་ཉིད་ཀྱི་ཁྲིགས་གསུང་ལྡེབ། ༡༦ དེའི་དབང་གི་མཚམས་སྦྱོར་མངྒ་ལའི་གསུང་ལྡེབ། ༤ ཀུན་གཟིགས་མཁྱེན་བརྩེའི་དབང་པོར་ཡེ་ཤེས་མཁའ་འགྲོས་དངོས་སུ་ཕུལ་བའི་ཤོག་སེར་ལས་བྱོན་པ་རྩ་གསུམ་སྤྱི་འདུས་སྙིང་ཐིག་གི་བརྒྱུད་འདེབས་དིལ་མཁྱེན་རིན་པོ་ཆེ་འཇིགས་མེད་མཁྱེན་བརྩེའི་མཚན་ཅན་གསུང་ལྡེབ། ༡ རྩ་གསུམ་སྤྱི་འདུས་ལས་བྱང་གཏེར་གཞུང་ལྡེབ། ༧ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༣ མཆོག་གླིང་ཟབ་བདུན་རྩ་གསུམ་ཚེ་ཟབ་ཀྱི་རྒྱུད་ལྡེབ། ༥ བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ སྒྲུབ་ཐབས་གཏེར་གཞུང་ལྡེབ། ༥ སྨན་མཆོད་ལྡེབ། ༡ དང་། དབང་ཆོག་ལྡེབ། ༡༠ བཅས་འཇམ་མགོན་གསུང་ཁྲིགས་རྣམས་སོ།། ༈ གཉིས་པ་རྩ་གསུམ་བྱེ་བྲག་སོ་སོར་སྒྲུབ་པའི་སྐོར་ལ། བླ་མ། ཡི་དམ། མཁའ་འགྲོ། ཆོས་སྐྱོང་བཞི་དང་། རྗེས་འབྲེལ་དགོས་དབང་གིས་བཞག་པ་བཅས་ལྔ་ལས། དང་པོ་བྱིན་རླབས་རྩ་བ་བླ་མ་སྒྲུབ་པ་ལའང་ཕྱི་གསོལ་འདེབས། ནང་ཞི་སྒྲུབ། གསང་བ་དྲག་སྒྲུབ་གསུམ་གྱི། དང་པོ་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ་ལ། བཟང་པོ་གྲགས་པས་གཏེར་ནས་སྤྱན་དྲངས་ནས་ཆོས་བདག་བྱང་གཏེར་རྒོད་ལྡེམ་ལ་གཏད་པ་གསོལ་འདེབས་ལེའུ་བདུན་མ་གཏེར་གཞུང་ཞུ་དག་ཟབ་ནན་ཅན་ལྡེབ། ༢༣ ལེའུ་བདུན་རྟེན་སྐྱེད་འཇམ་མགོན་གསུང་ལྡེབ།༩ རྒོད་ལྡེམ་དག་སྣང་བརྡ་དོན་ལམ་ཟབ་ཀྱི་ཁྲིད་བྱང་བདག་བཀྲ་སྟོབས་གསུང་ལྡེབ།༨ ལེགས་ལྡན་རྗེའི་སྐུ་གསུམ་ལམ་ཁྱེར་གཏེར་གཞུང་ལྡེབ། ༦ ངག་འདོན་ལྡེབ། ༣ དང་། ཁྲིད་ཡིག་ལྡེབ། ༨ བཅས་པད་ཕྲིན་གསུང་། ཚར་ལུགས་ལམ་ཟབ་ཚར་ཆེན་དགོངས་གཏེར་དང་བརྒྱུད་འདེབས་བྱམས་པ་ཕྲིན་ཡོན་གསུང་བཅས་ལྡེབ། ༥ མ་ཏི་རཏྣའི་བླ་མ་ཡིད་ནོར་གསོལ་འདེབས་ལེའུ་བདུན་མ་གཏེར་གཞུང་ལྡེབ། ༩ སྟག་ཤམ་བླ་མ་ཡིད་བཞིན་ནོར་བུའི་གསོལ་འདེབས་ལེའུ་བཞི་པ་གཏེར་གཞུང་ལྡེབ། ༡༤ ཀློང་གསལ་སྙིང་པོའི་བཀའ་བརྒྱད་ཀྱི་གུ་རུ་མཚན་བརྒྱའི་བསྟོད་པ་གཏེར་གཞུང་ལྡེབ། ༣ སྨིན་ལུགས་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབ་ཀྱི་ཁྲིད་ཡིག་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོའི་གསུང་ལྡེབ། ༩ སྨིན་ལུགས་བླ་མཆོད་བདུད་རྩིའི་ཆར་རྒྱུན་སྨིན་ལོའི་གསུང་ལ་མཁྱེན་བརྩེའི་གསལ་བྱེད་ཅན་ལྡེབ། ༨ རིག་འཛིན་ཚེ་དབང་ནོར་བུའི་དགོངས་གཏེར་བསྟན་བཅོས་རྡོ་རྗེ་སློབ་དཔོན་སྒྲུབ་པའི་རྩ་གཞུང་ལྡེབ། ༡༡ དང་། དམིགས་རྐང་ལྡེབ། ༩ བསྙེན་ཚད་ལྡེབ། ༣ དེས་མཛད་པའི་བཛྲ་གུ་རུའི་ཉམས་ལེན་ལྡེབ། ༥ བཅས། མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ་མཁྱེན་བརྩེའི་གསུང་ལྡེབ། ༢༡ རུ་ཏྲའི་སྨྲེ་བཤགས་ལྡེབ། ༢ སྨན་མཆོད་ལྡེབ། ༢ དང་། གསོལ་འདེབས་ལྡེབ། ༢ དབང་ལེན་ལྡེབ། ༡ བཅས་མཁྱེན་བརྩེའི་གསུང་། མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་ཕྱི་སྒྲུབ་བླ་མཆོད་དབང་ཆོག་མཆོག་གླིང་གཏེར་སྲས་ཚེ་དབང་གྲགས་པའི་གསུང་ལྡེབ། ༡༩ འཇམ་མགོན་ཟབ་གཏེར་རྩ་གསུམ་དགོངས་འདུས་དང་མཁྱེན་བརྩེའི་ཡང་གཏེར་དྲི་མེད་བླ་སྒྲུབ་ཟུང་གི་ཆ་ལག་ལམ་ཟབ་ལེའུ་བདུན་མ་གཏེར་གཞུང་ལྡེབ། ༡༢ བཅས་བཞུགས་པ་རྣམས་སོ།། ༄། གཏེར་མཛོད། ༼ཆ༽པ་ལ། ༈ གཉིས་པ་ནང་ཞི་བར་སྒྲུབ་པའི་སྐོར་ལ་ཆོས་ལོངས་སྤྲུལ་གསུམ་གྱི། དང་པོ་བླ་མ་ཆོས་སྐུའི་སྒྲུབ་པའི་སྐོར་ལ། ཆོས་དབང་རིན་པོ་ཆེའི་གཏེར་བྱོན་ཆོས་སྐུ་རྡོ་རྗེ་འཆང་གསང་བ་འདུས་པའི་ལས་བྱང་སྨིན་གཏེར་ཆོག་ཁྲིགས་ལྡེབ། ༡༦ རྒྱུན་ཁྱེར་མཁྱེན་བརྩེའི་གསུང་ལྡེབ། ༤ གཏེར་སྲུང་གསོལ་མཆོད་གསུང་རྒྱུན་མ་ལྡེབ། ༣ རྩ་དབང་རྒྱས་པ་འཇམ་མགོན་གསུང་ལྡེབ། ༡༧ ལམ་ཁྱེར་གསུམ་གྱི་ཟིན་ཏིག་གཏེར་གཞུང་ལྡེབ། ༡ བསྙེན་ཡིག་འཇམ་མགོན་གསུང་ལྡེབ། ༡༢ སྙན་བརྒྱུད་ཞག་བདུན་མའི་གསལ་བྱེད་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་གསུང་ལྡེབ། ༩ གུར་སྒྲོམ་དཔེའུ་རིས་ལྡེབ། ༢ ཟབ་རྒྱ་དང་པོའི་སྒོམ་གནད་ལྡེབ། ༢ དང་། རིམ་ལྔའི་ཁྲིད་ལྡེབ། ༡༡ བཅས་པད་ཕྲིན་གསུང་། རྒྱ་ལོ་ཙཱའི་བླ་མ་བསྟན་གཉིས་སྐོར་གསུམ་གཏེར་གཞུང་ཀུན་གཟིགས་མཁྱེན་བརྩེའི་ཡང་གཏེར་ཕབ་འཕྲོ་ཅན་ལྡེབ། ༤༠ སྤྲོས་མེད་སྒྲུབ་པའི་ཕྲིན་ལས་ལྡེབ། ༦ དང་། དོན་དབང་ལྡེབ། ༩ སྤྲོས་མེད་བསྙེན་པའི་ཉམས་ལེན་གསལ་བྱེད་ལྡེབ། ༩ བཅས་འཇམ་མགོན་གསུང་། དྲི་མེད་ཀུན་དགའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ཀུན་གཟིགས་མཁྱེན་བརྩེའི་ཡང་གཏེར་གྱི་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ རྒྱལ་ཆེན་མཆོད་ཐབས་ལྡེབ། ༡ གཏེར་གཞུང་ལེའུ་བདུན་པ་ལྡེབ། ༢༠ མཆོད་ཕྲིན་རྒྱས་སྤྲོས་ལྡེབ། ༢ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༢ རྣམས་སོ།། ༈ གཉིས་པ་བླ་མ་ལོངས་སྐུར་སྒྲུབ་པའི་སྐོར་ལ། ཆོས་དབང་ཚེ་དཔག་མེད་རྫོང་ཆེན་ཐེམས་མེད་གཏེར་གཞུང་དང་། ཉམས་ལེན་དང་བརྒྱུད་འདེབས་ངོར་ཆེན་གསུང་། བརྒྱུད་འདེབས་ཁ་སྐོང་མཁྱེན་བརྩེའི་གསུང་། ཉམས་ལེན་རྡོ་རྗེ་རྒྱ་མདུད་དང་། དབང་ཆོག་ཞ་ལུ་བློ་གསལ་བསྟན་སྐྱོང་གསུང་བཅས་རིང་སྦྲེལ་ལྡེབ། ༡༩ བྱང་གཏེར་དགོངས་ཟངས་ལོངས་སྐུ་འཆི་མེད་འོད་སྣང་ཕྲིན་ལས་པད་ཕྲིན་ཆོག་ཁྲིགས་ལྡེབ། ༡༡ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༡ རད་གླིང་ཚེ་གསང་གསོལ་འདེབས་ཉིད་མཛད་མཇུག་སྐྱེད་མ་ལྡེབ། ༢ ཕྱི་སྒྲུབ་ལས་བྱང་པདྨའི་ཕྲེང་བ་ལྡེབ། ༢༢ དང་། སྒྲུབ་མཆོད་ཟུར་འདེབས་ལྡེབ། ༦ བཅས་འཇམ་མགོན་ཆོག་ཁྲིགས། སྐོང་བ་འཆི་བདག་འདུད་འཇོམས་རཏ་གླིང་ཉིད་གསུང་ལྡེབ། ༥ ནང་སྒྲུབ་འདོན་སྒོམ་ཕྱག་ལེན་ལྡེབ། ༡༢ དང་། རྩ་བའི་དབང་ཆེན་ལྡེབ། ༡༨ དོན་དབང་ལྡེབ། ༩ བཅས་འཇམ་མགོན་ཆོག་ཁྲིགས་རྣམས་སོ།། ༈ གསུམ་པ་བླ་མ་སྤྲུལ་སྐུར་སྒྲུབ་པའི་སྐོར་ལ། དངོས་དང་། ཞར་བྱུང་གཉིས་ཀྱི། དང་པོ་ལ། ཉང་གཏེར་བླ་མ་ཡོངས་རྫོགས་ཀྱི་ཕྲིན་སྒྲུབ་རིན་ཆེན་སྒྲོན་མེ་དང་དྲག་སྒྲུབ་བཅས་ཀློང་ཆེན་གསུང་ལྡེབ། ༤༠ སྟག་ལུང་སངས་དབོན་ཐུགས་སྒྲུབ་བདེ་གཤེགས་འདུས་པའི་བརྒྱུད་འདེབས་ལྡེབ། ༡ དང་། ལས་བྱང་ལྡེབ། ༡༤ དབང་ཆོག་ལྡེབ། ༡༢ བཅས་འཇམ་མགོན་མཛད་པ། བྱང་གླིང་དཔལ་རྒྱལ་གཏེར་བྱོན་བླ་སྒྲུབ་ཡིད་བཞིན་ནོར་བུ་ཀུན་གཟིགས་མཁྱེན་བརྩེའི་ཉེ་བརྒྱུད་ཀྱི་ལས་བྱང་གཏེར་གཞུང་ལྡེབ། ༢༠ གཏེར་སྲུང་སྤུ་གྲི་རྣམ་གསུམ་གཏོར་ཆོག་ལྡེབ། ༤ དང་། དེའི་དབང་ཆོག་ལྡེབ། ༢༨ དོན་དབང་ལྡེབ། ༥ བཅས་འཇམ་མགོན་གསུང་། བྱང་གཏེར་རིག་འཛིན་གདུང་སྒྲུབ་ལས་བྱང་གཏེར་གཞུང་གསུང་སྒྲོས་ལྟར་བཀོད་པ་ལྡེབ། ༡༨ རྩ་དབང་དང་གཏོར་དབང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༢ རྒྱ་སྟོན་པད་དབང་བླ་མ་བདེ་མཆོག་འཁོར་ལོ་མཁྱེན་བརྩེའི་ཡང་གཏེར་གྱི་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ གཏེར་གཞུང་ལྡེབ། ༢༣ དབང་ཆོག་ལྡེབ། ༡༥ དང་། རིམ་ལྔའི་ཁྲིད་ཡིག་ལྡེབ། ༢༩ བཅས་འཇམ་མགོན་མཛད་པ་རྣམས་བཞུགས།། ༄། གཏེར་མཛོད། ༼ཇ༽པ་ལ། སངས་གླིང་བླ་མ་དགོངས་འདུས་རྩ་བའི་ཐུགས་སྒྲུབ་ཀྱི་བསྙེན་པ་ལྡེབ། ༧ དང་། དེའི་སྒྲུབ་པ་དང་ལས་སྦྱོར་ལྡེབ། ༡༤ རྩ་གསུམ་སྲོག་གི་འཁོར་ལོའི་བྲི་ཡིག་ལྡེབ། ༢ ཡན་ལག་བདུན་པ་ལྡེབ། ༤ གསོལ་འདེབས་སོགས་ལྡེབ། ༤ བྱིན་འབེབ་ལྡེབ། ༡ ལས་བྱང་མེ་ཏོག་ཕྲེང་མཛེས་ལྡེབ། ༡༥ བཅས་གཏེར་གཞུང་། སངས་གླིང་དགོངས་འདུས་ལས་བྱང་མེ་ཕྲེང་ཟུར་རྒྱན་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༢༡ རྒྱུན་ཁྱེར་རིག་འཛིན་གོང་མའི་གསུང་ལ་འཇམ་མགོན་རྗེས་གསལ་བར་བྱས་པ་ལྡེབ། ༢ བཀའ་སྲུང་དང་སྐོང་བསྐུལ་ཆགས་མེད་གསུང་ལྡེབ། ༡༠ དོན་དབང་ལྡེབ། ༣༧ དང་། གཏོར་མའི་བརྡ་དབང་ལྡེབ། ༨ བསྙེན་ཡིག་ལྡེབ། ༡༤ བཅས་འཇམ་མགོན་གསུང་། རྡོར་གླིང་བླ་མའི་ཐུགས་སྒྲུབ་བཀའ་འདུས་ཡིད་བཞིན་ནོར་བུའི་ལས་བྱང་ལེའུ་གསུམ་པ་གཏེར་གཞུང་ལྡེབ། ༡༩ ལྷན་ཐབས་ལྡེབ། ༡ དབང་ཆེན་ལྡེབ། ༢༩ དང་། དོན་དབང་ལྡེབ། ༧ བཅས་འཇམ་མགོན་ཆོག་ཁྲིགས། རད་གླིང་ཐུགས་སྒྲུབ་ཡང་སྙིང་འདུས་པའི་བརྒྱུད་འདེབས་ཉིད་མཛད་ལྡེབ། ༢ ལས་བྱང་གཏེར་གཞུང་ལྡེབ། ༢༡ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༢༨ རིམ་ལྔའི་ཁྲིད་ཡིག་ལས་གཏུམ་མོ་ལྡེབ། ༩ དང་། སྒྱུ་ལུས་ལྡེབ། ༦ རྨི་ལམ་འོད་གསལ་ལྡེབ། ༦ ཕྱག་ཆེན་ལྡེབ། ༥ བཅས་གྲུབ་དབང་ཚོགས་གཉིས་གསུང་། གཅོད་ཁྲིད་ཆགས་མེད་གསུང་ལྡེབ། ༡༤ པད་གླིང་བླ་མ་ནོར་རྒྱམ་ལས་བྱང་གཏེར་གཞུང་ལྡེབ། ༡༦ རབ་འབྱམས་བཀའ་དབང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༧ མངའ་རིའི་པཎ་ཆེན་གཏེར་བྱོན་རིག་འཛིན་ཡོངས་འདུས་ཀྱི་ཕྲིན་ལས་དབང་ཆོག་བཅས་པ་འཇམ་མགོན་ཆོག་ཁྲིགས་ལྡེབ། ༨༠ གུ་རུ་ཡོན་ཏན་གཏེར་མཛོད་བསམ་ལྷུན་གྱི་བརྒྱུད་འདེབས་པད་ཕྲིན་གསུང་འཇམ་མགོན་ཁ་སྐོང་ཅན་ལྡེབ། ༡ གཏེར་གཞུང་ལས་བྱང་སོགས་ལྡེབ། ༢༠ རྒྱུན་གཏོར་དང་ཚོགས་མཆོད་གཏེར་གཞུང་ལྡེབ། ༧ གསལ་བྱེད་པད་ཕྲིན་གསུང་ལྡེབ། ༦ ཟིན་བྲིས་རིག་འཛིན་ངལ་འཚོ་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༡༠ ལས་བྱང་ལྷན་ཐབས་ལྡེབ། ༦ དང་། དབང་གི་ལྷན་ཐབས་ལྡེབ། ༩ བཅས་འཇམ་མགོན་གསུང་རྣམས་བཞུགས།། ༄། གཏེར་མཛོད། ༼ཉ༽པ་ལ། ཞིག་གླིང་པདྨ་བཛྲའི་ལས་བྱང་གཏེར་གཞུང་ལྡེབ། ༡༦ དབང་ཆོག་ལྡེབ། ༡༠ དང་། ཞིག་གླིང་ཆོས་གླིང་གཉིས་འདུས་ཀྱི་བླ་མའི་སྒོས་དབང་ལྡེབ། ༦ བཅས་འཇམ་མགོན་ཆོག་ཁྲིགས། ཕྲེང་པོ་ཤེས་རབ་འོད་ཟེར་གྱི་གྲོལ་ཏིག་བླ་མ་རིག་འཛིན་ཀུན་འདུས་ཀྱི་ཕྲིན་ལས་རྒྱས་པ་གཏེར་གཞུང་རང་གིས་ཆོག་ཁྲིགས་ལྡེབ། ༢༨ སྨན་མཆོད་ལྡེབ། ༡ འབྲིང་པོ་བླ་སྒྲུབ་གདུང་བ་ཞི་བྱེད་ཀྱི་ཕྲིན་ལས་ལྡེབ། ༨ དང་། བསྡུས་པ་པདྨ་གུ་རུའི་ཕྲིན་ལས་ལྡེབ། ༩ བཅས་མཁྱེན་བརྩེའི་ཆོག་ཁྲིགས། ལམ་རྒྱས་འབྲིང་བསྡུས་གསུམ་གྱི་དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༣༣ བྱང་བདག་བཀྲ་སྟོབས་སྐུ་གསུམ་རིགས་འདུས་གཏེར་གཞུང་ལྡེབ། ༡༧ པད་ཕྲིན་དང་གོང་ལྔའི་ཆོག་ཁྲིགས་སྐོར་ལྡེབ། ༣༦ དཔེ་རིས་ལྡེབ། ༢ དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༥ འཇའ་ཚོན་དཀོན་མཆོག་སྤྱི་འདུས་ཀྱི་བརྒྱུད་པའི་གསོལ་འདེབས་ཡིད་བཞིན་གཏེར་སྦྱིན་རིག་འཛིན་ཚེ་ནོར་གསུང་དང་གསོལ་འདེབས་ཞལ་གསུང་མ་བཅས་ལྡེབ། ༢ བརྒྱུད་འདེབས་བྱིན་རླབས་ལྕགས་ཀྱུ་འཇམ་མགོན་གསུང་ལ་ཞལ་སྐོང་བཅས་ལྡེབ། ༣ ལས་བྱང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༧ དབང་ཆོག་ཚེ་ནོར་གསུང་ལྡེབ། ༡༢ ཚེ་དབང་ཆགས་མེད་གསུང་ལྡེབ། ༦ བསྙེན་ཡིག་ལྡེབ། ༡༧ དང་། ལས་བཞིའི་སྦྱིན་སྲེག་བཀླག་ཆོག་ཏུ་བཀོད་པ་ལྡེབ། ༡༣ བཅས་འཇམ་མགོན་གསུང་། ཐུན་མོང་སྔོན་འགྲོ་གཏེར་གཞུང་ལྡེབ། ༡༠ ལྷ་ཁྲིད་གུ་རུའི་དགོངས་རྒྱན་ཚེ་ནོར་གསུང་ལྡེབ། ༤༧ དེའི་ནང་བླ་རྣལ་རྟེན་སྐྱེད་འཛུད་བྱང་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༡ རྫོགས་རིམ་ཁྲིད་ཡིག་ལྡེབ། ༣༦ དང་། སྔོན་འགྲོའི་འདོན་ཆ་ལྡེབ། ༨ བཅས་འཇམ་མགོན་གསུང་། བདུད་འདུལ་རྡོ་རྗེའི་པདྨ་འོད་འབར་བརྒྱུད་འདེབས་ཚེ་ནོར་གསུང་ལྡེབ། ༢ སྒྲུབ་ཐབས་ལྡེབ། ༡༢ དང་། ཛཔ྄་བསྐུལ་ལྡེབ། ༢ བཅས་གཏེར་གཞུང་། དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༨ བཅས་བཞུགས།། ༄། གཏེར་མཛོད། ༼ཏ༽པ་ལ། ལྷ་བཙུན་དག་སྣང་རིག་འཛིན་སྲོག་སྒྲུབ་ཀྱི་གསོལ་འདེབས་རྒྱས་བསྡུས་གསུང་རྒྱུན་མ་ལྡེབ། ༡ ཕྲིན་ལས་རྒྱུན་ཁྱེར་དང་གསང་སྒྲུབ་ཟུང་བསྡེབས་འཇམ་མགོན་ཆོག་ཁྲིགས་ལྡེབ། ༢༠ གཏོར་མའི་ཐོ་ཡིག་ལྡེབ། ༢ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༢༨ རྩལ་དབང་ལྡེབ། ༦ དང་། ཁྲིད་ཡིག་ལྡེབ། ༡༥ བཅས་གཏེར་གཞུང་། རྒྱལ་དབང་ལྔ་པའི་དག་སྣང་རྒྱ་ཅན་ལས་ཚེ་སྒྲུབ་དྭངས་མ་བཅུད་འདྲེན་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེའི་ཆོག་སྒྲིག་སྐོར་ལས་བརྒྱུད་འདེབས་ལྡེབ། ༡ ཕྲིན་ལས་ལྡེབ། ༡༠ དབང་ཆོག་ལྡེབ། ༡༣ བསྙེན་སྒྲུབ་གསལ་བྱེད་ལྡེབ། ༣ བཅས། གནམ་ཆོས་པད་འབྱུང་སྒྲུབ་ཐབས་དབང་དང་བཅས་པ་གཏེར་གཞུང་ལྡེབ། ༣ སྨིན་གཏེར་རིག་འཛིན་ཐུགས་ཐིག་གི་བརྒྱུད་འདེབས་ལྡེབ། ༡ དང་། ལས་བྱང་རྒྱས་པ་ལྡེབ།༡༦ ཕྲིན་ལས་སྙིང་པོ་ལྡེབ། ༣ བུམ་སྒྲུབ་ལྡེབ། ༡ བཅས་གཏེར་གཞུང་དང་ཉིད་མཛད། ལས་སྦྱོར་ལྡེབ། ༡ དང་། རྩ་གསུམ་སྐོང་གསོ་ལྡེབ། ༢ བཅས་གཏེར་གཞུང་། དབང་ཆོག་སྨིན་ལོའི་ཆོག་ཁྲིགས་ལྡེབ། ༡༦ བསྙེན་ཡིག་ལྡེབ། ༧ དང་། སྔོན་འགྲོ་ལྡེབ། ༣ བཅས་སྨིན་གཏེར་རང་གསུང་། ཁྲིད་ཡིག་སྨིན་ལོའི་གསུང་ལྡེབ། ༡༠ སྟག་ཤམ་བླ་སྒྲུབ་ཡིད་བཞིན་ནོར་བུའི་སྔོན་འགྲོའི་གཏོར་མ་ཆ་གཉིས་ལྡེབ། ༢ དང་། ལས་བྱང་ཆུང་བ་ལྡེབ། ༢༡ བཅས་གཏེར་གཞུང་། ནོར་བུ་རྣམ་གཉིས་ཆུ་བོ་གཅིག་འདུས་ཀྱི་རྩ་དབང་དང་གཏོར་དབང་བཅས་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༣ ཆོས་གླིང་ཟབ་ལམ་ཐུགས་ནོར་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ ལས་བྱང་སྨིན་གཏེར་ཆོག་ཁྲིགས་ལྡེབ། ༡༣ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༢༣ རོལ་རྡོར་རྒྱལ་བ་ཀུན་འདུས་ཀྱི་སྐྱབས་འགྲོ་ལྡེབ། ༡ དང་། དཀར་བགེགས་ལྡེབ། ༢ ལས་བྱང་ལྡེབ། ༢༥ བཅས་གཏེར་གཞུང་། སྨན་མཆོད་རོལ་རྡོར་རང་གསུང་ལྡེབ། ༡ ཡང་སྨན་མཆོད་ལྡེབ། ༡ དང་། བཀའ་སྲུང་ལྡེབ། ༣ བཅས་གསུང་རབ་རྒྱ་མཚོའི་གསུང་། གཏེར་སྲུང་ལྡེབ། ༢ དང་། གཏོར་མའི་སྲུང་འཁོར་ལྡེབ། ༡ དབང་བཞི་ཟབ་པའི་མཐར་ཐུག་ལྡེབ། ༨ བཅས་གཏེར་གཞུང་། སྙན་བརྒྱུད་གུ་རུ་སྤྲོས་མེད་དོན་སྒྲུབ་གཏེར་གཞུང་ལྡེབ། ༣ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༥ དག་སྣང་སྲིན་ཡུལ་མ་གཏེར་གཞུང་དང་ལག་ལེན་འཇམ་མགོན་གསུང་བཅས་ལྡེབ། ༥ རིག་འཛིན་ཚེ་དབང་ནོར་བུའི་དགོངས་གཏེར་བསམ་ལྷུན་རྩ་གཞུང་ལྡེབ། ༢༥ བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ།༣ དབང་སྒྲུབ་ལྷན་ཐབས་ལྡེབ། ༧ དང་། དབང་བཤད་ལྡེབ། ༥ དབང་ཆོག་ལྡེབ། ༡༨ བཅས་སི་ཏུ་པདྨ་ཉིན་བྱེད་གསུང་། གསལ་བྱེད་ཟིན་བྲིས་དོན་གསལ་ཉི་མ་འབའ་ར་བ་ཨོ་རྒྱན་ངག་དབང་ཡེ་ཤེས་གསུང་ལྡེབ། ༤༧ བཅས་བཞུགས།། ༄། གཏེར་མཛོད། ༼ཐ༽པ་ལ། ཀུན་མཁྱེན་འཇིགས་མེད་གླིང་པའི་དགོངས་གཏེར་ཀློང་ཆེན་སྙིང་ཐིག་གི་རིག་འཛིན་འདུས་པའི་ལས་བྱང་ལྡེབ། ༦ དང་། གབ་བྱང་ལྡེབ། ༣ བཅས་གཏེར་གཞུང་། བསྐང་བ་མཁྱེན་བརྩེའི་གསུང་ལྡེབ། ༡ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༧ ང་ཕོད་པདྨ་དགྱེས་པའི་སྙན་བརྒྱུད་གུ་རུ་ཞི་བ་ཡིད་བཞིན་ནོར་བུའི་རྩ་གཞུང་ཕྲིན་དབང་ཟབ་ཁྲིད་བཅས་ཆ་ཚང་ལྡེབ། ༢༥ དང་། བརྒྱུད་འདེབས་དང་ལས་བྱང་ལྡེབ། ༡༡ བཅས་རང་གིས་ཁྲིགས་བཀོད། སི་ཏུ་པདྨ་ཉིན་བྱེད་ཀྱི་དགོངས་གཏེར་ཨོ་རྒྱན་རྗེ་འབངས་ཉེར་ལྔའི་ལས་བྱང་ལྡེབ། ༦ དབང་ཆོག་འཇམ་མགོན་གསུང་ལྡེབ། ༡༠ མཆོག་གླིང་གཏེར་བྱོན་སྐོར་ལས། དམ་ཆོས་སྙིང་པོ་སྐོར་ལྔའི་བླ་མ་དགོངས་འདུས་སྙིང་པོའི་གཏེར་གཞུང་ལྡེབ། ༦ བརྒྱུད་འདེབས་མངྒ་ལའི་གསུང་ལྡེབ། ༡ ལས་བྱང་ཆོག་ཁྲིགས་ལྡེབ། ༡༤ དང་། དབང་ཆོག་ལྡེབ། ༦ བཅས་འཇམ་མགོན་ཆོག་ཁྲིགས། བླ་མ་བདུད་འདུལ་རྒྱལ་པོའི་སྒྲུབ་ཐབས་གཏེར་གཞུང་དང་ལྷན་ཐབས་དོན་དབང་བཅས་རྒྱལ་དབང་ཐེག་མཆོག་རྡོ་རྗེའི་གསུང་ལྡེབ། ༡༢ ཟུར་བཟའི་ཐུགས་དམ་སྐོར་དྲུག་ལས་བླ་སྒྲུབ་ཐུགས་ཀྱི་ཡང་སྙིང་གི་ལས་བྱང་གཏེར་གཞུང་ལྡེབ། ༩ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༧ ཟབ་བདུན་རྩ་གསུམ་ཚེ་ཟབ་ཀྱི་གུ་རུ་བདེ་བ་ཆེན་པོའི་གཏེར་གཞུང་ལྡེབ།༢ སྒྲུབ་ཐབས་དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༨ ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཕྲིན་ལས་འབྲིང་པོ་མཆོག་གླིང་རང་གིས་ཁྲིགས་བཀོད་ལྡེབ། ༡༥ བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ ཕྲིས་ལས་སྙིང་པོ་ལྡེབ། ༥ དང་། རྒྱུན་གྱི་བཀོལ་བྱང་ལྡེབ། ༢ གསོལ་འདེབས་བར་ཆད་ལམ་སེལ་ལྡེབ། ༤ བཅས་གཏེར་གཞུང་། སྐོང་བ་གཡུ་ཞལ་མ་འཇམ་མགོན་གསུང་ལྡེབ། ༢ སྔོན་འགྲོའི་ངག་འདོན་ལྡེབ། ༥ དང་། དོན་དབང་འབྲིང་པོ་དང་བསྡུས་པ་ལྡེབ། ༡༦ བཅས་མཁྱེན་བརྩེའི་ཆོག་ཁྲིགས། ལྷ་དབང་བཀོལ་བྱང་ལྡེབ། ༥ དང་། ཚེ་འགུགས་ལྡེབ། ༡ བཅས་གཏེར་གཞུང་། བསྙེན་ཡིག་ལྡེབ། ༧ དང་། ཐུགས་སྒྲུབ་ཡིད་བཞིན་ནོར་བུ་བསམ་པ་ལྷུན་གྲུབ་མའི་བརྒྱུད་འདེབས་ལྡེབ། ༡ བཅས་འཇམ་མགོན་གསུང་། ལས་བྱང་རྒྱས་པ་གཏེར་གཞུང་ལྡེབ། ༡༧ སྨན་མཆོད་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༡ ལས་བྱང་འབྲིང་པོ་འཇམ་མགོན་ཆོག་ཁྲིགས་ལྡེབ། ༧ གསོལ་འདེབས་བསམ་པ་ལྷུན་འགྲུབ་ལྡེབ། ༢ དང་། གཏེར་སྲུང་མཆོད་ཕྲིན་ལྡེབ། ༡ བཅས་གཏེར་གཞུང་། རྩ་དབང་རྒྱས་པ་ལྡེབ། ༣༤ དང་། དབང་ཆོག་འབྲིང་པོ་ལྡེབ། ༢༠ བསྡུས་པ་གཏོར་དབང་ལྡེབ། ༧ ཚེ་དབང་ལྡེབ། ༦ བཅས་འཇམ་མགོན་ཆོག་ཁྲིགས། ཀུན་གཟིགས་འོད་གསལ་སྤྲུལ་པའི་རྡོ་རྗེའི་དག་སྣང་ཆོས་སྐོར་ལས། འཆི་མེད་མཚོ་སྐྱེས་སྙིང་ཐིག་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ ལས་བྱང་དང་དབང་ཆོག་གཏེར་གཞུང་ལྡེབ། ༩ མཆོད་ཕྲེང་ལྡེབ། ༢ དང་། སྐོང་བཤགས་རྒྱས་པ་འཇམ་མགོན་དང་བསྡུས་པ་མཁྱེན་བརྩེའི་གསུང་བཅས་ལྡེབ། ༥ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༩ མཛོད་ལྔའི་མངའ་བདག་འཇམ་མགོན་རྡོ་རྗེ་འཆང་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ཉིད་ཀྱི་རྩ་གསུམ་དགོངས་འདུས་ཆོས་སྡེ་ལས། ལས་བྱང་རྒྱས་པ་རིག་འཛིན་མཆོག་སྒྲུབ་ལྡེབ། ༥༥ དང་། གསོལ་འདེབས་ལྡེབ། ༧ ཛཔ྄་ཀྱི་པྲ་ཁྲིད་ལྡེབ། ༡༦ རྩ་གསུམ་གསོལ་འདེབས་ལྡེབ། ༡ ལས་བྱང་རིག་འཛིན་རྒྱུན་གྱི་ཕྲིན་ལས་ལྡེབ། ༨ བཅས་གཏེར་གཞུང་། རྩ་གསུམ་སྐོང་བསྡུས་མཁྱེན་བརྩེའི་གསུང་ལྡེབ། ༡ རྒྱུན་གྱི་རྣལ་འབྱོར་ལྡེབ། ༤ དང་། ཚེ་སྒྲུབ་ལྡེབ། ༤ བཅས་གཏེར་གཞུང་། དོན་དབང་ལྡེབ། ༩ དང་། ཚེ་དབང་ལྡེབ། ༨ བཅས་འཇམ་མགོན་ཉིད་ཁྲིགས་རྣམས་བཞུགས།། ༄། གཏེར་མཛོད། ༼ད༽པ་ལ། འཇམ་མགོན་གཏེར་བྱོན་གསང་ཐིག་སྐོར་བདུན་གྱི་ཐོག་མ་བླ་སྒྲུབ་འོད་ཀྱི་ཐིག་ལེའི་ཡབ་བཀའ་གཏེར་གཞུང་ལྡེབ།༡༦ དང་། གསང་ཐིག་ཡུམ་བཀའ་བདེ་ཆེན་རྒྱ་མཚོའི་གཏེར་གཞུང་ལྡེབ། ༢༦ བཀའ་སྲུང་མ་མོ་སྔགས་ཀྱི་སྲུང་མའི་ལས་རིམ་གཏེར་གཞུང་ལྡེབ། ༦ བཅས་འཇམ་མགོན་རིན་པོ་ཆེའི་ཟབ་གཏེར་མཁྱེན་བརྩེའི་དབང་པོས་དག་པར་ཕབ་པ། ཡབ་བཀའི་ལས་བྱང་བཀླག་ཆོག་འཇམ་མགོན་ཉིད་ཀྱིས་ཆོག་ཁྲིགས་ལྡེབ། ༡༣ ཚེས་བཅུའི་གསོལ་འདེབས་འཇམ་མགོན་གསུང་ལྡེབ། ༣ མ་མོ་སྔགས་སྲུང་མའི་ཕྲིན་ལས་གཏེར་གཞུང་ལས་ཕྱུང་ལྡེབ། ༣ ཚོགས་མཆོད་ཉེར་མཁོའི་སྐོང་ཆོག་གྲུབ་ཐོབ་ཐུགས་ཏིག་ལས་ཁོལ་ཕྱུང་འཇམ་མགོན་རིན་པོ་ཆེས་མཛད་པ་ལྡེབ། ༥ དབང་ཆོག་ལྡེབ། ༡༥ དང་། ཁྲིད་ཡིག་ལྡེབ། ༢༦ བཅས་འཇམ་མགོན་ཉིད་མཛད། རད་གླིང་གཏེར་བྱོན་ཚེས་བཅུའི་བསྐུལ་ཐབས་ལྡེབ། ༣ ཡུམ་བཀའི་ལས་བྱང་ལྡེབ། ༡༦ དང་། ཡེ་ཤེས་མཚོ་རྒྱལ་གསོལ་འདེབས་ལྡེབ། ༥ བཅས་འཇམ་མགོན་ཉིད་མཛད། གསང་ཐིག་བླ་མ་མཁའ་འགྲོའི་མེ་མཆོད་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༧ མཁའ་འགྲོའི་དབང་གི་ལག་ལེན་ལྡེབ། ༡༩ དང་། ཁྲིད་ཡིག་ཟབ་དོན་རྒྱ་མཚོ་ལྡེབ། ༢༩ བཅས་འཇམ་མགོན་ཉིད་མཛད། གསང་ཐིག་བཀའ་སྲུང་སྔགས་སྲུང་སྲོག་དབང་དིལ་མཁྱེན་རིན་པོ་ཆེས་ཆོག་ཁྲིགས་ལྡེབ། ༥ འཇམ་མགོན་རྡོ་རྗེ་འཆང་ཉིད་ཀྱི་དག་སྣང་གིས་དགོངས་གཏེར་ཚིག་བདུན་བླ་མའི་སྒྲུབ་ཐབས་ཀྱི་རྩ་བ་འདོན་ཐབས་པདྨ་དྲྭ་བ་ལྡེབ། ༧ དང་། སྒྲུབ་ཐབས་པདྨ་རྒྱས་པ་ལྡེབ། ༦༥ དྲིལ་སྒྲུབ་པདྨའི་སྙིང་པོ་ལྡེབ། ༦ བཅས་གཏེར་གཞུང་། ཚིག་བདུན་བླ་སྒྲུབ་ཡབ་བཀའ་དང་ཡུམ་བཀའི་བརྒྱུད་འདེབས་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༢ སྤྱི་ཆིངས་ཕྲིན་ལས་པདྨའི་སྡོང་པོ་ལྡེབ། ༥ དང་། ལས་སྦྱོར་པདྨའི་དགའ་ཚལ་ལྡེབ། ༨ དབང་ཆོག་པདྨའི་མྱུ་གུ་ལྡེབ། ༤ དབང་བསྐུར་དང་ཁྲིད་ཀྱི་ཟིན་ཐོ་ལྡེབ། ༧ བཅས་གཏེར་གཞུང་དང་ཉིད་མཛད། སྨིན་གྲོལ་ལག་ལེན་མཚམས་སྦྱོར་པདྨའི་ལྡིང་ཁང་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༡༤ རྒྱ་གར་ཡུལ་བྱོན་སོགས་མཚན་བརྒྱད་བཀྲ་ཤིས་ལྡེབ། ༡ བཀའ་སྲུང་བདེ་ཆེན་རྒྱལ་མོའི་གསོལ་མཆོད་ལྡེབ། ༤ དང་། ཡུམ་བཀའ་མཁའ་འགྲོ་འདུས་པའི་ལས་གཞུང་ལྡེབ། ༡༠ སྐོང་བཤགས་ལྡེབ། ༧ དབང་བསྐུར་ལྡེབ། ༤ བཅས་གཏེར་གཞུང་། དབང་བསྐུར་མཚམས་སྦྱོར་གྱིས་བརྒྱན་པ་མཁའ་ཁྱབ་རྡོ་རྗེའི་ཆོག་ཁྲིགས་ལྡེབ། ༡༡ རྣམས་སོ།། ༈ གཉིས་པ་ཞར་བྱུང་གཏེར་བྱོན་བླ་སྒྲུབ་སྣ་ཚོགས་པའི་སྐོར་ལ། ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་བླ་སྒྲུབ་བརྒྱུད་འདེབས་མངྒ་ལའི་གསུང་ལྡེབ། ༡ ཀུན་གཟིགས་པདྨ་འོད་གསལ་མདོ་སྔགས་གླིང་པའི་དག་སྣང་ཁྲི་སྲོང་བླ་སྒྲུབ་རྩ་གཞུང་སྐོར་ལྡེབ། ༤ དབང་ཆོག་དག་སྣང་རྩ་གཞུང་ལྡེབ། ༣ བྱིན་རླབས་དབང་གི་ཆོག་ཁྲིགས་མངྒ་ལའི་གསུང་ལྡེབ། ༨ འཇའ་ཚོན་གཏེར་མ་དྭགས་པོའི་གསང་ལམ་བླ་སྒྲུབ་ལྡེབ། ༡༣་་་་འདིའི་ངག་འདོན་ཕྲིན་ལས་ཀྱི་བྱང་བུ་ཁྲིགས་བཀོད་མཁའ་ཁྱབ་རྡོ་རྗེའི་གསུང་རིན་གཏེར་དབང་གི་ཟུར་རྒྱན་པོད་ཨེ་པའི་རྗེས་སུ་བཞག་ཡོད།མཆན། དེའི་དབང་ཆོག་ཆོས་གླིང་གསུང་ལྡེབ། ༨ བསྙེན་ཡིག་འཇམ་མགོན་གསུང་ལྡེབ། ༡༡ གནམ་ཆོས་ཌོམྦི་པ་སོགས་བླ་སྒྲུབ་ལྔའི་ཟུར་རྒྱན་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༡ གནམ་ཆོས་ཌོམྦི་པ་ལྡེབ། ༡ དང་། བིརྺ་པ་ལྡེབ། ༡ ཕ་དམ་པ་ལྡེབ། ༡ མི་ཏྲ་ཛོ་ཀི་ལྡེབ། ༡ རཏྣ་གླིང་པའི་སྒྲུབ་ཐབས་ལྡེབ། ༡ བཅས་གཏེར་གཞུང་། ཡོན་དགེ་མི་འགྱུར་རྡོ་རྗེའི་ཀརྨ་པཀྴི་ཞལ་གཟིགས་མའི་ལས་བྱང་ལྡེབ། ༧ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༦ ཀློང་ཆེན་སྙིང་ཐིག་ལས་ཡང་གསང་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་གྱི་བརྒྱུད་འདེབས་མཁྱེན་བརྩེའི་གསུང་ལྡེབ། ༡ བླ་སྒྲུབ་གཏེར་གཞུང་དང་། ཁ་སྐོང་ཚོགས་མཆོད། སྨིན་བྱེད། རིལ་སྒྲུབ། བསྙེན་ཡིག་དང་བཅས་པ་ལྡེབ། ༡༣ དང་། མཆོད་ཕྲེང་ལྡེབ། ༡ སྐོང་བཤགས་ལྡེབ། ༢ རྣམས་མཁྱེན་བརྩེའི་གསུང་། ཀློང་སྙིང་རིག་འཛིན་སྲོག་འཁོར་གཏེར་གཞུང་ལྡེབ། ༥ སྨིན་བྱེད་མཚམས་སྦྱོར་མཁའ་ཁྱབ་རྡོ་རྗེའི་ཆོག་ཁྲིགས་ལྡེབ། ༦ རྗེ་མཁྱེན་བརྩེའི་དག་སྣང་གྲུབ་ཐོབ་ཐུགས་ཏིག་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ ཕྲིན་ལས་ལྡེབ། ༧ དང་། ཚེ་སྒྲུབ་ལྡེབ། ༣ སྨིན་བྱེད་བྱིན་རླབས་སྙིང་པོ་ལྡེབ། ༤ བཅས་དག་སྣང་རྩ་གཞུང་། རྩ་བའི་དབང་ཆོག་ལྡེབ། ༡༤ དང་། ཚེ་དབང་ལྡེབ། ༥ བཅས་འཇམ་མགོན་ཆོག་ཁྲིགས། ཁྲིད་ཡིག་རྩ་བ་ལྡེབ། ༢ ཀུན་གཟིགས་མཁྱེན་བརྩེའི་དག་སྣང་མཆོག་གྱུར་གླིང་པ་འབྲས་བུའི་སེམས་དཔའ་པདྨའི་མྱུ་གུའི་བླ་སྒྲུབ་སྐུ་གསུམ་རིགས་འདུས་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ ལས་བྱང་དག་སྣང་རྩ་གཞུང་ལྡེབ། ༡༠ སྐོང་བཤགས་ལྡེབ། ༢ དང་། སྨོན་ལམ་ལྡེབ། ༢ བཅས་འཇམ་མགོན་གསུང་། སྙིང་པོ་དོན་གྱི་གཏོར་དབང་མཁྱེན་བརྩེའི་གསུང་ལྡེབ། ༥ དབང་ཆོག་གཏེར་གཞུང་ཕབ་འཕྲོ་ཅན་ལྡེབ། ༨ དེའི་ཆོག་ཁྲིགས་བཀླག་ཆོག་ཏུ་བཀོད་པ་ངོ་མཚར་མཆོག་གི་སྣང་བ་མངྒ་ལའི་གསུང་ལྡེབ། ༢༩ རྣམས་སོ།། ༈ གསུམ་པ་གསང་བ་བླ་མ་དྲག་པོར་སྒྲུབ་པའི་སྐོར་ལ། ཉང་གཏེར་གུར་དྲག་བདེ་གཤེགས་འདུས་པའི་ལས་བྱང་ལྡེབ། ༡༦ དང་། འབྲིང་པོ་མེའི་སྤུ་གྲིའི་ལས་བྱང་ལྡེབ། ༡༠ སྨིན་ལམ་དབང་གི་རྒྱལ་པོ་ལྡེབ། ༡༩ བཅས་འཇམ་མགོན་ཆོག་ཁྲིགས། མ་མགོན་སྡེ་བརྒྱད་ཀྱི་མཆོད་ཕྲིན་པད་ཕྲིན་གསུང་ལྡེབ། ༣ དྲེགས་པའི་སྲོག་དབང་ཆགས་མེད་གསུང་ལྡེབ། ༣ བསྙེན་ཡིག་འཇམ་མགོན་གསུང་ལྡེབ། ༡༤ བཅས་བཞུགས།། ༄། གཏེར་མཛོད། ༼ན༽པ་ལ། ཆོས་དབང་གུ་རུ་དར་ནག་བེར་ཆེན་གྱི་གཏེར་གཞུང་དང་བསྙེན་ཡིག་པད་ཕྲིན་གསུང་བཅས་ལྡེབ། ༥ བྱིན་རླབས་བྱེད་ཚུལ་འཇམ་མགོན་གསུང་ལྡེབ། ༥ བྱང་གཏེར་ཐུགས་སྒྲུབ་སྔོན་འགྲོ་གཟེར་ལྔ་དང་རྒྱལ་ཆེན་མཆོད་ཕྲིན་བགེགས་གཏོར་བཅས་གཏེར་གཞུང་ལྟར་བཀོད་ལྡེབ། ༩ ཐུགས་སྒྲུབ་ཧཱུྃ་གི་ཕྲིན་ལས་གཏེར་གཞུང་ལྡེབ། ༡༣ རྗེས་ཆོག་གསུང་རྒྱུན་མ་ལྡེབ། ༡ པད་ཕྲིན་གསུང་རྒྱུན་ཁྱེར་ལྡེབ། ༡ མདུན་བསྐྱེད་གཏེར་གཞུང་ལྡེབ། ༩ སྨིན་ལམ་དབང་ཆེན་ལྡེབ། ༣༥ དང་། འབྲིང་པོ་གསེར་མཛོད་མ་ལྡེབ། ༡༥ བཅས་འཇམ་མགོན་ཆོག་ཁྲིགས། བསྙེན་ཡིག་པད་ཕྲིན་གསུང་ལྡེབ། ༡༠ ཁྲིད་རྩ་ཕྲིན་ལས་རབ་རྒྱས་གསུང་ལྡེབ། ༢ ཡང་ཏིག་གཅེས་སྒྲོན་ཁྲིད་ཡིག་ལྡེབ། ༤༠ དང་། ཚེ་གུར་སྦྲགས་མའི་ཆོག་ཁྲིགས་ལྡེབ། ༡༢ བཅས་པད་ཕྲིན་གསུང་། རྡོར་གླིང་སྙན་བརྒྱུད་གུར་དྲག་ལས་བྱང་ལྡེབ། ༡༩ དང་། དབང་ཆོག་ལྡེབ། ༡༣ བཅས་འཇམ་མགོན་ཆོག་ཁྲིགས། རཏ་གླིང་གུར་དྲག་བརྒྱུད་འདེབས་ཉིད་མཛད་ལྡེབ། ༢ ལས་བྱང་མེ་རླུང་འཁྱིལ་བ་གཞུང་ལ་འཇམ་མགོན་རིན་པོ་ཆེས་ཟུར་བརྒྱན་པ་ལྡེབ། ༡༤ གཏོར་དབང་ལྡེབ། ༨ དང་། དབང་རྒྱས་པ་རྡོ་རྗེ་ཕྲེང་བ་ལྡེབ། ༡༩ དོན་དབང་ནོར་བུ་ལུགས་ལྡེབ། ༡༢ བཅས་འཇམ་མགོན་ཆོག་ཁྲིགས། འབྲུག་པ་ཀུན་མཁྱེན་པད་དཀར་དག་སྣང་དྲག་པོ་ཀཱི་ལ་ཡའི་རྩ་གཞུང་་་་འདིར་ལས་བྱང་ཞིག་སྣང་རུང་མཁོ་བ་མེད་པས་མ་བཞག་གུ་ཎས་གསུང་།ལྡེབ། ༨ བྱིན་རླབས་ཀྱི་ཆོ་ག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༧ བསྙེན་ཡིག་ཆོས་ཀྱི་སྣང་བས་མཛད་པ་ལྡེབ། ༡༠ རིག་འཛིན་ལེགས་ལྡན་པའི་དྲག་པོ་དབུ་དགུའི་ཕྱི་སྒྲུབ་གཏེར་གཞུང་གསུང་རྒྱུན་བཞིན་མཆན་བུ་ཡོད་པ་ལྡེབ། ༨ ལས་བྱང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༢ གཏེར་སྲུང་གཏེར་གཞུང་ལྡེབ། ༤ དོན་དབང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༧ བསྙེན་ཡིག་པད་ཕྲིན་གསུང་ལྡེབ། ༦ བྱང་བདག་དབང་པོའི་སྡེའི་ཀརྨ་གུ་རུའི་གཏེར་གཞུང་སྐོར་ལྡེབ། ༨ ལས་བྱང་ཆོག་ཁྲིགས་ལྡེབ། ༡༠ དང་། གཏོར་ནག་ལས་རིམ་ལྡེབ། ༩ སྲོག་གཏད་ལྡེབ། ༨ བཅས་འཇམ་མགོན་ཆོག་ཁྲིགས། བསྙེན་ཡིག་སྤར་བཅངས་མ་རྒྱལ་བ་ལྔ་པའི་གསུང་ལྡེབ། ༢ མི་འགྱུར་ལས་འཕྲོ་གླིང་པའི་པདྨ་གཏུམ་པོ་ཀུན་གཟིགས་མཁྱེན་བརྩེའི་ཉེ་བརྒྱུད་ཅན་གཏེར་གཞུང་སྐོར་ལྡེབ། ༤ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༤ འབྲི་གུང་རིན་ཕུན་དགོངས་ཟབ་གྲོ་ལོད་ཕྲིན་དབང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༧ ཞིག་གླིང་དྲག་པོ་ཡང་གསང་མེ་ཡི་འཁོར་ལོའི་ལས་བྱང་གཏེར་གཞུང་ལྡེབ། ༡༩ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༠ བཅས་གཞུགས།། ༄། གཏེར་མཛོད། ༼པ༽པ་ལ། འཇའ་ཚོན་དཀོན་སྤྱིའི་གུར་དྲག་གཏོར་དབང་ཆགས་མེད་གསུང་ལྡེབ། ༦ འཇའ་ཚོན་གྲོ་ལོད་ཞི་དྲག་གི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་འཇམ་མགོན་ཆོག་ཁྲིགས་ལྡེབ། ༩ བདུད་འདུལ་རྡོ་རྗེའི་གྲོ་ལོད་ཧཱུྃ་སྒྲུབ་གསོལ་འདེབས་ལྡེབ། ༡ དང་། ལས་བྱང་ལྡེབ། ༨ བཅས་གཏེར་གཞུང་། དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༠ རྒྱལ་བ་ལྔ་པའི་དག་སྣང་རྒྱ་ཅན་གྲོ་ལོད་གནམ་ལྕགས་འབར་བའི་བརྒྱུད་འདེབས་མཁྱེན་བརྩེའི་གསུང་ལྡེབ། ༡ ཕྲིན་ལས་དང་དབང་བསྐུར་མནན་སྲེག་འཕང་བའི་ལས་སྦྱོར་བཅས་རྗེ་ཉིད་ཀྱིས་ལྗགས་བསྒྲིགས་ལྡེབ། ༤༠ སྨན་མཆོད་ལྡེབ། ༡ བསྙེན་ཡིག་ཉིད་མཛད་ལྡེབ། ༧ ལྔ་པའི་དག་སྣང་རྒྱ་ཅན་ཡང་གསང་ཀརྨ་དྲག་པོའི་བརྒྱུད་འདེབས་ལྡེབ། ༡ དང་། ལས་བྱང་དང་དབང་ཆོག་གཏོར་ཟློག་དང་བཅས་པ་རྗེ་ཉིད་ཀྱིས་ལྗགས་བསྒྲིགས་ལྡེབ། ༡༦ སྨན་མཆོད་ལྡེབ།༡ བསྙེན་ཡིག་ལྡེབ། ༣ བཅས་ཉིད་མཛད། གནམ་ཆོས་གུར་དྲག་ཕུར་མཇུག་ཅན་གཏེར་གཞུང་ལྡེབ། ༢ དབང་ཆོག་ཆག་མེད་ཆོག་ཁྲིགས་ལྡེབ། ༨ སྨིན་གཏེར་གུ་རུ་དྲག་དམར་བརྒྱུད་འདེབས་ལྡེབ། ༡ དང་། ལས་བྱང་ལྡེབ། ༡༡ སྲུང་ཟློག་གསད་བཟླས་ལྡེབ། ༡ གཏོར་ཟློག་ལྡེབ། ༡༤ རྒྱུན་ཁྱེར་ལྡེབ། ༣ བསྙེན་ཡིག་ལྡེབ། ༥ ལས་བུམ་སྒྲུབ་ཐབས་ལྡེབ། ༡ བཅས་པ་རྣམས་སྨིན་གཏེར་རང་མཛད། དབང་ཆོག་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོའི་ཆོག་ཁྲིགས་ལྡེབ། ༡༨ ཀློང་གསལ་གུར་དྲག་ཡེ་ཤེས་རབ་འབར་གྱི་བརྒྱུད་འདེབས་ལྡེབ། ༡ དང་། སྔོན་འགྲོ་ལྡེབ། ༢ ཕྱི་གཏོར་ལྡེབ། ༡ ལས་བྱང་ལྡེབ། ༨ རྩ་སྒྲུབ་ལྡེབ། ༡ ཐུན་མོང་ཛཔ྄་དགོངས་ལྡེབ། ༢ ཕྲིན་ལས་ཆུང་བ་ལྡེབ། ༦ གཏུམ་དྲག་དམར་ནག་གསང་སྒྲུབ་ལྡེབ། ༡ བླ་མ་ལོངས་སྐུའི་ཚེ་སྒྲུབ་ལྡེབ། ༣ ཚེ་དབང་འཆི་མེད་རྔ་སྒྲ་་་་དབང་སྒྲུབ་ཚེ་ཚེ་སྒྲུབ་ཟུར་པ་དེ་བཏང་ནས་ཚེ་དབང་དངོས་དབང་ཆེན་དུ་ཡོང་བས་འདི་ཟུར་དུ་བསྐུར་མི་དགོས།ལྡེབ། ༢ བཅས་གཏེར་གཞུང་། དབང་ཆེན་ཚེ་དབང་དང་བཅས་པ་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༥ སྡེ་བརྒྱད་མཆོད་གསོལ་ལྡེབ། ༡ དང་། དྲེགས་པའི་སྲོག་དབང་ལྡེབ། ༢ བཅས་གཏེར་གཞུང་། རྗེས་གནང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༤ དོན་དབང་ཛ་ཀ་མཆོག་སྤྲུལ་ཁྲིགས་ལྡེབ། ༤ བསྙེན་ཡིག་འཇམ་མགོན་གསུང་དང་སྔགས་ཀྱི་ལས་མཇུག་ལྷ་འདྲེ་སྤྱི་ཆིངས་གཏེར་གཞུང་བཅས་ལྡེབ། ༢༡ སྟག་ཤམ་གུ་རུ་རྡོ་རྗེ་དྲག་རྩལ་ལས་བྱང་ལྡེབ། ༡༧ དང་། ཛཔ྄་བྱང་ལྡེབ། ༣ བཅས་གཏེར་གཞུང་། སྤྲོས་བཅས་ལྷ་དབང་ཆེན་མོ་ལྡེབ། ༡༣ དང་། རྩ་དབང་གཏོར་དབང་སྦྱར་བ་ལྡེབ། ༧ བཅས་འཇམ་མགོན་ཆོག་ཁྲིགས། སྟག་ཤམ་གུ་རུ་ཟིལ་གནོན་དྲག་རྩལ་སྐོར་གཏེར་གཞུང་ཆ་ཚང་ལྡེབ། ༢༣ ཞིག་གླིང་ཆོས་གླིང་གཉིས་འདུས་དྲག་སྒྲུབ་མེའི་འཁོར་ལོའི་ལས་བྱང་ལྡེབ། ༩ དང་། དབང་ཆོག་ལྡེབ། ༦ བཅས་འཇམ་མགོན་ཆོག་ཁྲིགས། ཆོས་གླིང་གུར་དྲག་བརྒྱུད་འདེབས་ལྡེབ། ༢ དང་། ལས་བྱང་ལྡེབ། ༡༤ བཅས་ཆོས་གླིང་ཉིད་གསུང་དང་ཁྲིགས་བཀོད། གཏེར་སྲུང་གཏེར་གཞུང་རྟ་མགྲིན་མགོན་པོས་ཞལ་སྐོང་ཅན་ལྡེབ། ༡ སྐོང་བཤགས་སི་ཏུ་བསྟན་ཉིའི་གསུང་ལྡེབ། ༢ དབང་ཆོག་ལྡེབ། ༨ དང་། སྡེ་བརྒྱད་སྲོག་དབང་ལྡེབ། ༣ བཅས་འཇམ་མགོན་ཆོག་ཁྲིགས། ཧཱུྃ་སྒྲུབ་ལྡེབ། ༡ དང་། བསྙེན་ཡིག་ལྡེབ། ༥ བཅས་ཆོས་གླིང་ཉིད་མཛད། ཞལ་ཤེས་བཀའ་རྒྱ་མ་རྭ་སྟོན་གསུང་ལྡེབ། ༥ པདྨ་བདེ་ཆེན་གླིང་པའི་གྲོ་ལོད་བརྒྱུད་འདེབས་ཉིད་གསུང་ལྡེབ། ༡ ཧཱུྃ་སྒྲུབ་གཏེར་གཞུང་ལྡེབ། ༦ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༨ རོལ་རྡོར་མཚོ་གཏེར་ཁྲོ་རོལ་ཕུར་བུའི་སྒྲུབ་ཐབས་ཡང་ཟབ་གཏེར་གཞུང་ལྡེབ། ༤ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༧ རོལ་རྡོར་མཚོ་གཏེར་གུ་རུ་དྲག་ཁྲོས་ལས་བྱང་གཏེར་གཞུང་ལྡེབ། ༡༩ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༡ གནམ་ལྕགས་རྩ་གསུམ་གླིང་པའི་པདྨ་ཁྲག་འཐུང་གཏེར་གཞུང་ལྡེབ། ༣ གཏོར་དབང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༤ མཆོག་གླིང་ཟབ་བདུན་བླ་མ་དྲག་པོ་བཀའ་བརྒྱད་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ ལས་བྱང་གཏེར་གཞུང་ལྡེབ། ༩ སྨན་མཆོད་འཇམ་མགོན་གསུང་ལྡེབ། ༡ དབང་ཆོག་ཀུན་གཟིགས་མཁྱེན་བརྩེའི་ཆོག་ཁྲིགས་ལྡེབ། ༢༨ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས་གྲོད་ལོད་སྒྲུབ་ཐབས་ལྡེབ། ༤ དང་། གཏོར་ཟློག་ལྡེབ། ༡༠ བཅས་གཏེར་ཆེན་ཉིད་ཁྲིགས། དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༦ བཅས་བཞུགས།། ༄། གཏེར་མཛོད། ༼ཕ༽པ་ལ། ཆོས་རྡོར་གུ་རུ་དྲག་མཐིང་བརྒྱུད་འདེབས་གྲུབ་དབང་ཚོགས་གཉིས་གསུང་ལྡེབ། ༡ སྒྲུབ་ཐབས་དང་ལས་ཚོགས་གཏེར་གཞུང་ལྡེབ། ༦ ལས་བྱང་གཏེར་གཞུང་ཉིད་ནས་ཆོག་ཁྲིགས་ལུགས་སུ་བཀོད་པ་ལྡེབ། ༢༤ གཏེར་སྲུང་གསོལ་ཀ་ལྡེབ། ༣ དང་། ཟློག་པ་གཏེར་གཞུང་ཁྲིགས་ལུགས་སུ་བཀོད་པ་ལྡེབ། ༡༠ ཚོགས་ལྷག་གཏེར་གཞུང་ལྡེབ། ༡ དབང་ཆོག་ལྡེབ། ༡༧ དང་། གཏོར་དབང་ལྡེབ། ༨ བཅས་འཇམ་མགོན་ཆོག་ཁྲིགས། འཇམ་མགོན་རིན་པོ་ཆེ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པའི་ཟབ་གཏེར་གྲོ་ལོད་གསང་སྒྲུབ་གདུག་པ་ཀུན་འདུལ་གཏེར་གཞུང་ལྡེབ། ༨ དབང་ཆོག་ཞལ་ཤེས་ཅན་མཁན་ཆེན་བཀྲ་ཤིས་ཆོས་འཕེལ་གྱིས་བྲིས་པ་སླར་ཐུབ་བསྟན་རྒྱལ་མཚན་འོད་ཟེར་གྱིས་ཡང་བཀོད་བྱས་པ་ལྡེབ། ༡༠ ཡང་དབང་ཁྲིགས་རྒྱལ་དབང་མཁའ་ཁྱབ་རྡོ་རྗེས་མཛད་པ་ལྡེབ། ༡༡ རྣམས་སོ།། ༈ གཉིས་པ་དངོས་གྲུབ་ཀྱི་རྩ་བ་ཡི་དམ་ཞི་ཁྲོ་བསྒྲུབ་པའི་སྐོར་ལ་སྤྱི་དང་བྱེ་བྲག་གཉིས། དང་པོ་ཡི་དམ་སྤྱིར་སྒྲུབ་པ་བཀའ་བརྒྱད་སྤྱི་དྲིལ་གྱི་སྐོར་ལ། ཐོག་མར། འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་གསུང་བཀའ་བརྒྱད་སྤྱི་དོན་རྣམ་བཤད་ཆེན་མོ་ངོ་མཚར་ཅན་ལྡེབ། ༩༧ གཏེར་ཁ་གོང་མ་མངའ་བདག་ཉང་རལ་ཉི་མ་འོད་ཟེར་གྱི་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྐོར་ལ། ཞི་བ་རྡོར་དབྱིངས་རིགས་བརྒྱའི་ལས་བྱང་ལྡེབ། ༣༤ དང་། ཞི་བའི་དབང་ཆོག་ལྡེབ། ༢༩ བདེར་འདུས་དབང་ཆེན་གྱི་ལག་ལེན་ལྡེབ། ༣༠ བཅས་འཇམ་མགོན་ཁྲིགས་དང་གསུང་། ཉང་གཏེར་བཀའ་བརྒྱད་བདེ་འདུས་སྨིན་ལུགས་ཀྱི་ཡིག་ཆ་ལས། བརྒྱུད་འདེབས་ལྡེབ། ༢ དང་། ལས་བྱང་བདེ་རོལ་ལྡེབ། ༢༦ གཙོ་བོའི་མངོན་རྟོགས་ཆེ་ཆུང་ལྡེབ། ༢ བཅས་སྨིན་གཏེར་ཉིད་མཛད། སྔགས་བྱང་སྒྱུ་འཕྲུལ་ཞི་ཁྲོ་ལྟར་བཀོད་པ་་་་་འདི་ལྟར་སྔོན་ནས་ཡོད་ཀྱང་བདེ་འདུས་རང་ལུགས་སུ་འགྱུར་མིན་དཔྱད།མཆན།ལྡེབ། ༡ ལས་བྱང་སྙིང་པོ་བསྡུས་པ་སྨིན་ཁྲི་རིན་རྣམ་གསུང་ལ་མཁྱེན་བརྩེའི་གསལ་བྱེད་ཅན་ལྡེབ། ༥ རྒྱུན་ཁྱེར་སྨིན་གཏེར་གསུང་ལྡེབ། ༣ གཏེར་གཞུང་མདངས་སྐོང་ཆུང་བ་ལྡེབ། ༥ དང་། མཆོད་པ་ཕུད་སྐོང་བསྡུས་པ་ལྡེབ། ༣ སྒྲུབ་ཁོག་དངོས་གྲུབ་གཏེར་མཛོད་སྨིན་གཏེར་གསུང་ལ་ཁ་སྐོང་དགོས་རིགས་འཇམ་མགོན་རིན་པོ་ཆེས་དཀྱུས་སུ་བྲིས་པ་ལྡེབ།༣༦ ཞི་བའི་སྦྱིན་སྲེག་ལྡེབ། ༩ དང་། རྒྱས་པའི་སྦྱིན་སྲེག་ལྡེབ། ༩ བཅས་པདྨ་འགྱུར་མེད་རྒྱ་མཚོའི་གསུང་། དབང་ཆོག་པདྨ་ཤེལ་ཕུག་མ་འཇམ་མགོན་ཆོག་ཁྲིགས་ལྡེབ། ༢༡ རྣལ་འབྱོར་རྒྱུན་དབང་སྨིན་གཏེར་ཆོག་ཁྲིགས་ལྡེབ། ༡༡ ཁྱད་པར་གནད་ཀྱི་རྫོགས་རིམ་ལྔ་གཏེར་གཞུང་ལྡེབ། ༡༩ བསྙེན་ཡིག་རིན་ཆེན་སྒྲོན་མེ་སྨིན་ལོའི་གསུང་ལྡེབ། ༣༨ དེ་ཡི་ཁྲོ་སྒྲུབ་སྐབས་ཉེར་མཁོའི་སྒོམ་ཁོག་ནག་འགྲོས་བྲིས་པ་ལྡེབ། ༤ བསྙེན་ཡིག་ལས་ཁོལ་ཕྱུང་ཕྱག་རྒྱ་རྐྱང་སྒྲུབ་དང་ཧཱུྃ་སྒྲུབ་རྒྱུན་ཁྱེར་མཁྱེན་བརྩེའི་གསུང་ལྡེབ། ༨ བདེ་འདུས་ཞི་བའི་ཚེ་ལུང་བདུན་པའི་ཕྲིན་ལས་དབང་ཆོག་ལྡེབ། ༩ དང་། རྩ་བ་ཁྲོ་བོའི་ཚེ་ལུང་བཅུ་གཉིས་པའི་ཕྲིན་ལས་དབང་ཆོག་ལྡེབ། ༢༢ བཅས་འཇམ་མགོན་ཆོག་ཁྲིགས་རྣམས་བཞུགས།། ༄། གཏེར་མཛོད། ༼བ༽པ་ལ། གཏེར་ཁ་འོག་མ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ལས་བྱང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༢༡ ལས་བྱང་དང་སྐོང་ཟློག་ཤིན་ཏུ་བསྡུས་པ་སྤང་གི་གདུང་འཛིན་དབང་ཕྱུག་གིས་བསྒྲིགས་པ་མཁྱེན་བརྩེའི་དབང་པོས་ནག་འགྲོས་ཅན་ལྡེབ། ༩ དེའི་འགྲེས་བྱང་ལྡེབ། ༡ མགྱོགས་དབང་བུམ་རྒྱ་ཅན་འཇམ་མགོན་ཆོག་ཁྲིགས་ལྡེབ། ༢༠ རིམ་ལྔ་གདན་ཐོག་གཅིག་མ་གཏེར་གཞུང་ལྡེབ། ༣ བསྙེན་ཡིག་འཇམ་མགོན་གསུང་ལྡེབ། ༡༥ བྱང་གཏེར་རྒོད་ལྡེམ་བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་གསོལ་འདེབས་དང་སྔོན་འགྲོ་ལྡེབ། ༢ ལས་བྱང་འབྲིང་པོ་གཞུང་ཕྱག་བཞེས་ནར་བྱུང་དུ་འཇམ་མགོན་རིན་པོ་ཆེས་བསྡེབས་པ་ལྡེབ། ༡༥ སྔགས་ཀྱི་ཕྲིན་ལས་ལྡེབ། ༥ དང་། དྲིལ་སྒྲུབ་ལྡེབ། ༣ བཅས་གཏེར་གཞུང་། བསྙེན་ཡིག་པད་ཕྲིན་གསུང་ལྡེབ། ༤ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༤༤ གནམ་ཞལ་དོན་ཁྲིད་ལྡེབ། ༡༦ དང་། རྫོགས་རིམ་སྙིང་ཐིག་རྣམ་བཅུ་ལྡེབ། ༤ བཅས་གཏེར་གཞུང་། ཀུན་གཟིགས་མཁྱེན་བརྩེའི་ཡང་གཏེར་ཡར་རྗེ་ཨོ་རྒྱན་གླིང་པའི་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་གསོལ་འདེབས་འབྲིང་པོ་གཏེར་གཞུང་ལྡེབ། ༡༠ བསྡུས་པ་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ ཕྲིན་ལས་ནར་མ་གཏེར་གཞུང་ལྡེབ། ༡༥ མཆོད་ཕྲེང་འཇམ་མགོན་མཛད་པ་ལྡེབ། ༢ སྨོན་ལམ་གཏེར་གཞུང་ལྡེབ། ༡ སྐོང་བསྡུས་ལྡེབ། ༥ དང་། བཀའ་སྲུང་ལྡེབ། ༤ རྒྱུན་གྱི་ལས་སྦྱོར་ལྡེབ། ༡༠ བཅས་གཏེར་གཞུང་། རྒྱུན་ཁྱེར་འཇམ་མགོན་གསུང་ལྡེབ། ༥ ཐུགས་ཁྲིད་ལྡེབ། ༩ དང་། དོན་དབང་ལྡེབ། ༥ བཅས་གཏེར་གཞུང་། དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༦ ལྷ་དབང་བཀོལ་བྱང་མངོན་རྟོགས་ཁ་བསྒྱུར་གྱིས་སྤྲོས་པ་ལྡེབ། ༥ བསྙེན་སྒྲུབ་བྱ་ཚུལ་ལྡེབ། ༤ སྒྲུབ་ཁོག་ཞིབ་གསལ་མེད་དུ་མི་རུང་བ་ཅན་་་འདི་འཇམ་མགོན་གསུང་དངོས་མ་ཐོབ་ཅིང་། བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གསལ་བྱེད་ཅུང་ཟད་དང་ཞུ་དག་ཅན་གསུང་འབུམ་ཁྲོད་བཞུགས་པ། དཔལ་སྤུངས་དཀར་ཆག་ལྟར་འདིར་ཛཔ྄་བསྐུལ་རྒྱས་སྤྲོས་བཅས་ཚན་གཉིས་བཞུགས་གསོལ་ཞུས།ལྡེབ། ༢༤ སྒྲུབ་ཁོག་ཛཔ྄་བསྐུལ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཁྲིགས་བཀོད་ལྡེབ། ༣ དཀྱིལ་འཁོར་བཀོད་པ་ལྡེབ། ༦ པད་གླིང་བཀའ་བརྒྱད་ཐུགས་ཀྱི་མེ་ལོང་གི་བརྒྱུད་འདེབས་ལྡེབ། ༣ ལས་བྱང་གཏེར་གཞུང་ལྡེབ། ༡༨ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༡ མཁྱེན་བརྩེའི་ཡང་གཏེར་བསམ་གཏན་བདེ་ཆེན་གླིང་པའི་བཀའ་བརྒྱད་ཡང་གསང་དྲེགས་འདུལ་གྱི་ས་བོན་ཙམ་སྣང་བར་མཛད་པའི་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ ལས་བྱང་ཡང་གཏེར་བརྡ་བསྒྱུར་ལ་གསལ་བྱེད་ཡིག་ཆུང་སོགས་འཇམ་མགོན་རྗེས་མཛད་པ་ལྡེབ། ༩ མཆོད་ཕྲེང་གཏེར་གཞུང་བཅོས་མེད་ལྡེབ། ༣ དབང་ཆོག་བདེ་ཆེན་མཆོག་སྟེར་མངྒ་ལའི་གསུང་ལྡེབ། ༡༡ བཅས་བཞུགས།། ༄། གཏེར་མཛོད། ༼མ༽པ་ལ། འཇའ་ཚོན་བཀའ་བརྒྱད་དངོས་གྲུབ་སྙིང་པོའི་ལས་བྱང་གཏེར་གཞུང་ལྡེབ། ༧ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༣ ཀློང་གསལ་བཀའ་བརྒྱད་བདེ་གཤེགས་ཡོངས་འདུས་ལས་བྱང་གཏེར་གཞུང་ལྡེབ། ༨ དོན་དབང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༦ ཁྲིད་ཡིག་གསང་ཆེན་ཡེ་ཤེས་སྙིང་པོ་གཏེར་གཞུང་ཞལ་རྒྱུན་ལྟར་མཁས་གྲུབ་ཁྱབ་གདལ་ལྷུན་གྲུབ་པས་ཁྲིགས་བཀོད་རྗེ་མཁྱེན་བརྩེས་ཞུས་དག་མཛད་པ་ལྡེབ། ༡༥ རྒྱུན་གྱི་ལམ་ཁྱེར་གཏེར་གཞུང་ལྡེབ། ༢ གནམ་ཆོས་དགོངས་གཏེར་བཀའ་བརྒྱད་ལུས་དཀྱིལ་འདོན་ཆ་ལྡེབ། ༤ དང་། དབང་ཆོག་ལྡེབ། ༦ བཅས་ཆགས་མེད་ཆོག་ཁྲིགས། པདྨ་བདེ་ཆེན་གླིང་པའི་བཀའ་འདུས་གསོལ་འདེབས་ཉིད་ཀྱི་གསུང་ལྡེབ། ༡ ལས་གཞུང་གཏེར་གཞུང་ལྡེབ། ༢༢ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༢ ཀུན་གཟིགས་མཁྱེན་བརྩེའི་དགོངས་གཏེར་གྲུབ་ཐོབ་ཐུགས་ཐིག་གི་བཀའ་བརྒྱད་གཏེར་གཞུང་སྐོར་ལྡེབ། ༤༩ ལས་བྱང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༣ དེའི་ལམ་རིམ་སྨོན་ལམ་ལྡེབ། ༣ དང་། རྒྱུན་ཁྱེར་ལྡེབ། ༤ བཅས་མངྒ་ལའི་གསུང་། གཏོར་ཟློག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༢༡ དེའི་ཟློག་བྱང་ཟུར་ཕྱུང་ལྡེབ། ༡ སྒྲུབ་ཁོག་འཇམ་མགོན་གསུང་ཁྲིགས་ལྡེབ། ༢༠ དུར་ཁྲོད་བརྒྱད་ཀྱི་བྱིན་འབེབ་ཆོས་དབང་གཏེར་བྱོན་ལྡེབ། ༤ སྨན་སྒྲུབ་ལྡེབ། ༢༤ དང་། དབང་ཆོག་ལྡེབ། ༢༣ རྒྱུད་འགྲེལ་ལྡེབ། ༢༠ རིམ་ལྔའི་ཁྲིད་ཡིག་ལྡེབ།༡༡ བཅས་འཇམ་མགོན་ཆོག་ཁྲིགས་དང་གསུང་། མཆོག་གླིང་གཏེར་བྱོན་རྫོགས་ཆེན་བཀའ་འདུས་རྩ་སྒྲུབ་སྐོར་ཆོས་ཚན་བརྒྱད་པོ་ཨང་ཡིག་རིང་སྦྲེལ་བྱས་པ་ཅན་གཏེར་གཞུང་ལྡེབ།༢༥ མཆོག་གླིང་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་བསྐྱེད་རྫོགས་ཀྱི་བརྒྱུད་འདེབས་ལྡེབ། ༡ དང་། ལས་བྱང་འབྲིང་པོ་ལྡེབ། ༡༡ དབང་ཆོག་ཡེ་ཤེས་ཐིག་ལེ་ལྡེབ། ༡༡ བཅས་འཇམ་མགོན་ཆོག་ཁྲིགས། དམ་ཆོས་སྙིང་པོ་སྐོར་ལྔའི་ཡི་དམ་བཀའ་འདུས་སྙིང་པོའི་རྩ་གཞུང་ལྡེབ། ༦ ཕྲིན་ལས་ལྡེབ། ༧ དང་། དབང་ཆོག་ལྡེབ། ༦ བཅས་འཇམ་མགོན་ཆོག་ཁྲིགས་རྣམས་སོ།། ༈ གཉིས་པ་སྒྲུབ་པ་སྡེ་བརྒྱད་བྱེ་བྲག་ཏུ་སྒྲུབ་པའི་སྐོར་ལ། འཇིག་རྟེན་ལས་འདས་པ་ལྔ། སོ་མཚམས་པ་གཅིག །འཇིག་རྟེན་པ་གཙོ་བོར་སྟོན་པ་གཉིས་ཏེ་བརྒྱད། དང་པོ་འཇམ་དཔལ་སྐུའི་སྒྲུབ་པ་ལ་ཞི་ཁྲོ་གཉིས་ཀྱི། དང་པོ་སྐུ་ཡི་རིགས་མཆོག་འཇམ་དཔལ་གྱི་ཞི་སྒྲུབ་ལ། བན་གསར་ཕྱོགས་མེད་ཀྱི་འཇམ་དཔལ་རྫོགས་ཆེན་ཕྲིན་ལས་དབང་ཆོག་དང་བཅས་པ་རྒྱལ་མཆོག་ལྔ་པའི་གསུང་ལྡེབ། ༢༧ འཇམ་དཔལ་རྒྱུད་ཀྱི་ཡང་སྙིང་མཆན་བཅས་ཆོས་དབང་དང་སར་བན་ཟུང་གཏེར་ལྡེབ། ༣ སངས་གླིང་ཟབ་རྒྱ་དང་པོ་འཇམ་དཀར་མུན་སེལ་སྒྲོན་མེའི་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༡༠ རྩ་བ་འཇམ་དཔལ་ཡེ་ཤེས་སེམས་དཔའི་གསང་སྒྲུབ་དང་དེའི་ལས་ཕྲན་དྲུག །གཞོན་ནུ་ཆུ་སྐྱེས་རྩ་སྒྲུབ་དང་ལས་ཕྲན་ལྔ་བཅས་གཏེར་གཞུང་རིང་སྦྲེལ་ལྡེབ། ༡༢ དཔེ་རིས་ལྡེབ། ༡ དེའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༧ ཟབ་རྒྱ་གཉིས་པ་འཇམ་དཔལ་དམར་པོ་ཞི་དྲག་ཕྱེད་མ་ལོངས་སྤྱོད་ཚེ་འཕེལ་གྱི་གཏེར་གཞུང་ལྡེབ། ༩ སྒྲུབ་ཐབས་དབང་དང་བཅས་པའི་ཟིན་བྲིས་འཇམ་མགོན་གསུང་ལྡེབ། ༧ བཅས་བཞུགས།། ༄། གཏེར་མཛོད། ༼ཙ༽པ་ལ། བདུད་འདུལ་གཏེར་མ་འཇམ་དབྱངས་རིགས་ལྔ། དབྱངས་ཅན་དམར་མོ་ལས་ཚོགས་དང་བཅས་པ་གཏེར་གཞུང་ལྡེབ། ༢༥ དེ་རྣམས་ཀྱི་དབང་ཆོག་དང་སྒྲུབ་ཐབས་སྤྱི་ཆིངས་འཇམ་མགོན་གསུང་ལྡེབ། ༡༥ སྨིན་གཏེར་གཤིན་རྗེ་དྲེགས་འཇོམས་ཞི་སྒྲུབ་གཏེར་གཞུང་ལྡེབ། ༣ རྣམས་སོ།། ༈ གཉིས་པ་འཇམ་དཔལ་དྲག་པོ་གཤིན་རྗེ་རོལ་པའི་སྐོར་ལ། ཞང་ཁྲོམ་ཚེ་བདག་སྨིན་ལུགས་ཡིག་ཆ་ལས། བརྒྱུད་འདེབས་སྨིན་གཏེར་གསུང་ལ་རྗེ་ཆོས་བློས་ཁ་སྐོང་ཅན་ལྡེབ།༡ ལས་བྱང་རྡོ་རྗེའི་མེ་ཕྲེང་ལྡེབ།༡༠ དང་། རྒྱུན་ཁྱེར་ལྡེབ།༡ བཅས་སྨིན་གཏེར་གསུང་། སྔགས་བྱང་དང་སྟོང་ཚིགས་ལྡེབ།༡ མཆོད་བསྟོད་གསལ་སྒྲོན་ལྡེབ།༡༤ དང་། གཏེར་སྲུང་གསོལ་ཁ་ལྡེབ། ༡ བམ་རོའི་སྐོང་བ་ལྡེབ། ༥ བཅས་གཏེར་གཞུང་། གཏོར་ཟློག་སྨིན་གཏེར་གསུང་ལྡེབ། ༡༤ གཏོར་ཟློག་ལག་ལེན་དམར་ཁྲིད་འཇམ་མགོན་གསུང་ལྡེབ། ༡༣ འཇམ་མགོན་མི་ཕམ་གསུང་བསྙེན་ཡིག་སྲིད་གསུམ་དགྲ་ལས་རྣམ་རྒྱལ་ལྡེབ། ༢༥ དང་། དེའི་ཟུར་འདེབས་ལྷན་ཐབས་དངོས་གྲུབ་སྒོ་འབྱེད་ལྡེབ། ༣༧ བཅས། སྟོབས་ཆེན་མཆོད་རྟེན་ལག་ལེན་སྒྲོན་མ་བདུན་པ་སྨིན་གླིང་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོའི་གསུང་ལྡེབ། ༣༦ པད་གནུབས་ཆུ་བོ་གཅིག་འདྲེས་ཀྱི་དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༣༧ ལྷ་རྗེ་གནུབས་ཆུང་གི་ཡང་ཟློག་མེའི་སྤུ་གྲིའི་རྩ་གཞུང་ལྡེབ། ༧ གོང་ས་ལྔ་པས་མཛད་པའི་ལས་བྱང་ལྡེབ། ༡༧ དང་། དྲང་མཆོད་བསྟོད་པའི་བྱང་བུ་ལྡེབ། ༡ ལྷན་ཐབས་རིག་འཛིན་ཞལ་གྱི་དྲོད་རླངས་ལྡེབ། ༡༠ བསྙེན་ཡིག་ལྡེབ། ༡༡ བཅས། འཕྲུལ་འཁོར་གནད་ཀྱི་སྒྱུ་ཐབས་ལྡེབ། ༣༣ དེའི་ཟབ་གནད་སྙིང་གི་མེ་ལོང་ལྡེབ། ༨ བཅས་འབུམ་རམ་པ་ཨོ་རྒྱན་སྐལ་བཟང་གསུང་། གལ་འགག་གནད་གཟེར་ཁྲི་སྨོན་ཆོས་མཛད་དོན་ལྡན་གསུང་ལྡེབ། ༡༠ སྨིན་གཏེར་གཤིན་རྗེ་དྲེགས་འཇོམས་བརྒྱུད་འདེབས་ལྡེབ། ༡ དང་། ལས་བྱང་ལྡེབ། ༡༢ རྒྱུན་ཁྱེར་ལྡེབ། ༣ ལས་བུམ་ལྡེབ། ༡ དབང་ཆོག་ལྡེབ། ༩ བཅས་སྨིན་གཏེར་རང་གིས་མཛད་པ། སྨིན་བྱེད་ཀྱི་ཟུར་རྒྱན་ཟེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་གསུང་ལྡེབ། ༣ བསྙེན་ཡིག་སྨིན་གཏེར་རང་གསུང་ལྡེབ། ༡༠ ཀུན་གཟིགས་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྙན་བརྒྱུད་འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་གཏེར་གཞུང་ལྡེབ། ༩ སྔོན་འགྲོའི་ངག་འདོན་མཁྱེན་བརྩེའི་གསུང་དང་བརྒྱུད་འདེབས་མཆོག་གླིང་གསུང་བཅས་ལྡེབ། ༤ རྒྱུན་ཁྱེར་མཁྱེན་བརྩེའི་གསུང་ལྡེབ། ༤ ལས་བྱང་ལྡེབ། ༨ དང་། གཏོར་ཟློག་ལྡེབ། ༨ དབང་ཆོག་ལྡེབ། ༨ ཡང་གཤིན་རྗེའི་ཐུགས་ཏིག་དབང་ཕྱག་རྒྱ་གསང་བའི་བཅུད་འདུས་ལྡེབ། ༡༠་་་་དབང་ཆོག་འདི་ཁྲིད་དང་འབྲེལ་བར་ཡོད་པས་གལ་གནད་ཆེ་གསུང་། མཆན། བཅས་འཇམ་མགོན་ཆོག་ཁྲིགས་རྣམས་བཞུགས།། ༄། གཏེར་མཛོད། ༼ཚ༽པ་ལ། མཆོག་གླིང་ཟབ་བདུན་དྲག་སྔགས་ཀྱི་ཟབ་པ་གཤིན་རྗེ་ཚེ་བདག་ནག་པོ་ལྕགས་བྱང་མའི་གཏེར་གཞུང་ཤོག་དྲིལ་དང་པོ་དང་གཉིས་པ་གསུམ་པ་རྣམས་ལྡེབ། ༤ བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ སྔོན་གཏོར་ལྡེབ། ༡ ཤོག་དྲིལ་བཞི་པ་ལས་བྱང་ལྡེབ། ༣ སྨན་མཆོད་འཇམ་མགོན་གསུང་ལྡེབ། ༡ སྔགས་བྱང་གཞུང་ལས་ཁོལ་ཕྱུང་ལྡེབ། ༡ སྐོང་བ་ལྡེབ། ༢ དང་། འགུགས་བྱང་ལྡེབ། ༡ བཅས་འཇམ་མགོན་གསུང་། ཐུན་གཏོར་ལྡེབ། ༡ ཤོག་དྲིལ་ལྔ་པ་ནས་ཉི་ཤུའི་བར་རིང་སྦྲེལ་ལྡེབ། ༢༦ ཤོག་དྲིལ་ཉེར་གཅིག་ནས་ཉེར་བཞིའི་བར་ཚན་སྦྲེལ་ལྡེབ། ༥ རྩ་བའི་དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༥ ཡང་ཟབ་བདུན་གཤིན་རྗེ་ཟངས་བྱང་མའི་སྒྲུབ་ཐབས་འཁོར་ལོ་རོལ་པའི་གཏེར་གཞུང་ལྡེབ། ༤ དེའི་ལྷ་དབང་གཏེར་གཞུང་ལྡེབ། ༤ འཇམ་མགོན་ཁྲིགས་དབང་ཆོག་ལྡེབ། ༩ ཆོས་དབང་གཤིན་རྗེ་འཆར་ཁ་ནག་པོའི་ལས་བྱང་གཏེར་གཞུང་ལྡེབ། ༢༧ ཟློག་ཟོར་ལག་ལེན་སྨིན་ཁྲི་རིན་རྣམ་གསུང་ལྡེབ། ༡༤ ཟོར་དབང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༡ སངས་གླིང་ཟབ་རྒྱ་གསུམ་པ་འཇམ་དཔལ་ནག་པོ་གྲིབ་འཇོམས་རྡོ་རྗེ་ཕ་ལམ་གཏེར་གཞུང་ལྡེབ། ༣༡ སྲུང་ཟློག་གུད་སྦས་ལྡེབ། ༣ དང་། གཤོར་དཀར་ནག་ཁྲ་གསུམ་ལྡེབ། ༡༩ སྤྱི་གཤོར་ལྡེབ། ༣ བཅས་གཏེར་གཞུང་། ཞིག་གླིང་འཇམ་དཔལ་ནག་པོའི་རྒྱུན་ཁྱེར་སྨིན་གཏེར་གསུང་ལྡེབ། ༡ རིག་འཛིན་ཚེ་དབང་ནོར་བུའི་གསུང་སྐོར་སངས་གླིང་འཇམ་ནག་བརྒྱུད་འདེབས་ལྡེབ། ༡ དང་། ལས་བྱང་ལྡེབ། ༡༣ དྲིས་ལན་ལྡེབ། ༢ རྫས་ཐོ་ལྡེབ། ༡ བཅས། གྲིབ་མདོས་ཆོས་གྲགས་གསུང་ལྡེབ། ༦ ཕྲིན་ལས་རྗེས་གནང་དང་བཅས་པའི་ཆོག་ཁྲིགས་འཇམ་མགོན་རིན་པོ་ཆེས་མཛད་པ་ལྡེབ། ༡༨ རཏ་གླིང་འཇིགས་བྱེད་མེའི་སྤུ་གྲིའི་ཆོག་ཁྲིགས་ཆགས་མེད་གསུང་ལྡེབ། ༡༦ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༥ གནམ་ཆོས་འཇིགས་བྱེད་གཞུང་དང་ཆགས་མེད་གསུང་བཅས་ལྡེབ། ༤ ཀིང་ནག་གནན་པའི་རྣ་ཆ་བཀའ་གཏེར་གཉིས་ལྡན་ལས་བྱང་ཟུར་མཁར་ལུགས་མཉམ་ཉིད་རྡོ་རྗེའི་གསུང་ལྡེབ། ༡༣ རྒྱུན་ཁྱེར་རྡོ་རྗེའི་གོ་ཆ་ལྡེབ། ༡༡ དང་། ལས་བྱང་དུག་རི་ལྡེབ། ༡༣ རྒྱུན་ཁྱེར་བསྡུས་པ་ལྡེབ། ༡ བཅས་ཆགས་མེད་གསུང་། ལས་བྱང་ཁྱེར་བདེ་ཚེ་དབང་ཀུན་ཁྱབ་གསུང་ལྡེབ། ༡༡ དབང་ཆོག་ལྡེབ། ༡༦ དང་། གཏོར་དབང་ལྡེབ། ༩ བཅས་འཇམ་མགོན་ཆོག་ཁྲིགས། ཞང་ཁྲོམ་རིགས་གསུམ་འདུས་པ་ལས་གཤིན་ཁྲོ་ཆུ་དུག་གདོང་གི་ལས་བྱང་འབྲི་ལུགས་ལྡེབ། ༢༦ བཅའ་གཞི་ལག་ལེན་གྱི་ཤོག་དྲིལ་ལྡེབ། ༡༤ བཅས་རིག་འཛིན་ཆོས་གྲགས་ཆོག་ཁྲིགས་དང་གསུང་། ལས་བྱང་གནམ་ལྕགས་གོ་མཚོན་ཆགས་མེད་ཆོག་ཁྲིགས་ལྡེབ། ༡༢ གཅིག་ཆོག་གསུམ་གྱི་གདམས་པ་རྒྱུན་ཁྱེར་ཚེ་དབང་ཀུན་ཁྱབ་གསུང་ལྡེབ། ༢ དུག་དབང་བསེ་སྒྲོམ་མ་ལྡེབ། ༡༣ དང་། གཏོར་དབང་ལྡེབ། ༧ བཅས་འཇམ་མགོན་ཆོག་ཁྲིགས་རྣམས་བཞུགས་སོ།། ༄། གཏེར་མཛོད། ༼ཛ༽པ་ལ། ༈ གསུམ་པ་འཇམ་དཔལ་ཤིན་ཏུ་ཁྲོས་པ་ནཱ་ག་རཀྴའི་སྐོར་ལ། ཉང་གཏེར་རྩ་བ་ལྡེབ། ༣ རིན་ཆེན་གླིང་པའི་ནཱ་ག་རཀྴའི་གཏེར་གཞུང་སྐོར་ལྡེབ། ༤༨ ཁྱུང་འཁོར་དཔེ་རིས་ལྡེབ། ༡ རྒྱུན་ཁྱེར་སྨིན་གཏེར་གསུང་ལྡེབ། ༡ སྒྲུབ་ཐབས་དང་རྒྱུན་ཁྱེར་ཚེ་ནོར་གསུང་དང་ཞལ་རྒྱུན་ངག་དབང་ཆོས་རྒྱའི་གསུང་བཅས་ལྡེབ། ༦ ཐུན་མིན་སྙན་བརྒྱུད་ཞལ་ཤེས་ལྡེབ། ༡ གནམ་ཆོས་ནཱ་ག་རཀྴའི་སྒྲུབ་ཐབས་ལས་ཚོགས་སྐོར་ལྡེབ། ༥ སྐྱིད་གྲོང་ཐུགས་རྡོར་གཏེར་མ་ནཱ་ག་རཀྴའི་གསང་སྒྲུབ་ལྡེབ། ༡༤ དང་། སྒྲུབ་ཡིག་སྙིང་བྱང་དམར་ཁྲིད་ལྡེབ། ༥ བཅས་གཏེར་གཞུང་། དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༢ རྣམས་སོ།། ༈ གཉིས་པ་པདྨ་གསུང་གི་སྒྲུབ་སྐོར་ལ་ཞི་དྲག་གཉིས། དང་པོ་ཞི་བ་ལའང་རིགས་བདག་ཚེ་འོད་དཔག་མེད་གཉིས་དང་། ཐུགས་ཆེན་གསུམ་གྱི། དང་པོ་ཚེ་དཔག་མེད་ཀྱི་སྐོར་ལ། ཉང་གཏེར་མཚོ་སྐྱེས་རྡོ་རྗེའི་ཕྲིན་ལས་དབང་ཆོག་དང་བཅས་པ་འཇམ་མགོན་ཆོག་ཁྲིགས་ལྡེབ། ༢༦ བྱང་གཏེར་དྲག་མཐིང་ཚེ་སྒྲུབ་ལྕགས་སྡོང་མ་གཏེར་གཞུང་ལྡེབ། ༡༡ ལྕགས་སྡོང་ལྷ་མང་གི་དབང་ཆོག་རྒྱུན་ཁྱེར་བཅས་ས་སྐྱ་པ་ཀུན་བཀྲའི་གསུང་ལྡེབ། ༡༣ རང་ཤར་ཚེ་ལྷ་ཡོངས་རྫོགས་གཏེར་གཞུང་སྐོར་ལྡེབ། ༨ དེའི་ཕྲིན་ལས་དང་དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༣ སངས་གླིང་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་དབང་ཆོག་བཅས་ཆགས་མེད་གསུང་ལྡེབ། ༢༣ རྡོར་གླིང་རྫོགས་ཆེན་ལྟ་བ་ཀློང་ཡངས་ཀྱི་ཞི་ཁྲོའི་ཚེ་སྒྲུབ་འོད་ཟེར་དྲྭ་བའི་ལས་བྱང་ལྡེབ། ༡༥ དང་། དབང་ཆོག་ལྡེབ། ༡༡ བཅས་འཇམ་མགོན་ཆོག་ཁྲིགས། རཏྣའི་ཚེ་ཁྲིད་རྡོ་རྗེ་ཕྲེང་བ་གཏེར་གཞུང་སྐོར་ལྡེབ། ༣༢ བརྒྱུད་འདེབས་གཏེར་གཞུང་ལ་ཉིད་ཀྱིས་མཇུག་བསྐྱེད་པ་ལྡེབ། ༡ ནང་སྒྲུབ་ཕྲིན་ལས་དབང་ཆོག་དང་བཅས་པ་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༧ རྒོད་ལྡེམ་ལས་འབྲེལ་པད་གླིང་སངས་གླིང་སྟེ་གཏེར་ཁ་བཞི་འདུས་ཚེ་སྒྲུབ་བདུད་རྩི་བུམ་ཆུང་ཆོག་སྒྲིག་འཇམ་མགོན་རིན་པོ་ཆེས་མཛད་པ་ལྡེབ། ༧ རས་ཆེན་དཔལ་འབྱོར་བཟང་པོའི་ཚེ་དབང་མདའ་འཕེལ་མའི་སྐོར་ཆོག་སྒྲིག་ཞྭ་ལུ་བསོད་མཆོག་དང་བཟང་པོ་རྒྱལ་མཚན་སོ་སོ་དང་ཟིན་བྲིས་མཁྱེན་བརྩེའི་གསུང་བཅས་རིང་སྦྲེལ་ལྡེབ། ༢༣ མངའ་རིས་པཎ་ཆེན་གཏེར་བྱོན་རིག་འཛིན་ཡོངས་འདུས་ཚེ་སྒྲུབ་ཡེ་ཤེས་འོད་མཆོག་གཏེར་གཞུང་ལྡེབ། ༤༡ གསང་སྒྲུབ་ཕྲིན་ལས་ལྡེབ། ༢༢ དང་། དབང་ཆོག་ལྡེབ། ༡༢ བཅས་འཇམ་མགོན་ཆོག་ཁྲིགས། འབྲི་གུང་རིན་ཕུན་དགོངས་པ་ཡང་ཟབ་ཀྱི་ཚེ་སྐོར་གཏེར་གཞུང་དང་། ཕྱི་སྒྲུབ་ངག་འདོན་དབང་བཅས་རིག་འཛིན་ཆོས་གྲགས་མཛད་པ་ལྡེབ། ༡༩ ཕྱི་ནང་གསང་བའི་ཟབ་པའི་དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༠ བཅས་བཞུགས།། ༄། གཏེར་མཛོད། ༼ཝ༽པ་ལ། ཞིག་གླིང་ཚེ་སྒྲུབ་རྒྱལ་བ་འདུས་པའི་ལས་བྱང་ལྡེབ། ༡༢ དང་། དབང་ཆོག་ལྡེབ། ༡༥ བཅས་འཇམ་མགོན་ཆོག་ཁྲིགས། ཤེར་འོད་གྲོལ་ཐིག་ཚེ་སྒྲུབ་སྐུ་གསུམ་འདུས་པ་སྒྲུབ་ཐབས་དབང་ཆོག་དང་བཅས་པ་འཇམ་མགོན་ཆོག་ཁྲིགས་ལྡེབ། ༢༠ གྲོལ་ཐིག་ཨ་ཧཾ་དྭངས་མ་གསུམ་ལྡན་གཏེར་གཞུང་ལྡེབ། ༢ འཇའ་ཚོན་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་ལས་བྱང་ལྡེབ། ༡༣ དང་། སྐོང་བ་ལྡེབ། ༤ འཆི་བདག་གཏོར་ཆེན་ལྡེབ། ༡༦ གླུད་རབས་ལྡེབ། ༥ དབང་ཆོག་ལྡེབ། ༡༩ བཅས་འཇམ་མགོན་ཆོག་ཁྲིགས། བདུད་འདུལ་རྡོ་རྗེའི་ཚེ་སྒྲུབ་ཚ་བ་དམར་ཐག་ལས་བྱང་ལྡེབ། ༧ དང་། ཚེ་འགུགས་ལྡེབ། ༢ བཅས་གཏེར་གཞུང་། དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༣ སྨིན་གླིང་རིག་འཛིན་ཐུགས་ཐིག་གི་ཆ་ལག་ཚེ་སྒྲུབ་འཆི་མེད་ཡང་སྙིང་ཀུན་འདུས་གཏེར་གཞུང་སྐོར་ལྡེབ། ༦ བརྒྱུད་འདེབས་གཏེར་ཆེན་གསུང་དང་ལས་བུམ་སྒྲུབ་ཐབས་ཁྲི་རིན་རྣམ་གསུང་བཅས་ལྡེབ། ༡ ལས་བྱང་ལྡེབ། ༨ དང་། རྗེས་ཆོག་ལྡེབ། ༢ རྒྱུན་ཁྱེར་ལྡེབ། ༡ བརྟན་བཞུགས་ལྡེབ། ༤ དབང་ཆོག་ལྡེབ། ༤ རྣམས་སྨིན་གཏེར་ཉིད་ཀྱིས་ཆོག་ཁྲིགས། ཚེ་དབང་གི་མཚམས་སྦྱོར་ལྡེབ། ༧ དང་། བསྙེན་ཡིག་ལྡེབ། ༥ བཅས་སྨིན་ལོའི་གསུང་། གར་དབང་རྡོ་རྗེའི་ཚེ་སྒྲུབ་ཡེ་ཤེས་རྒྱ་མདུད་ལས་བྱང་དབང་ཆོག་དང་བཅས་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༣ ཀློང་གསལ་སྙིང་པོའི་ཚེ་སྒྲུབ་ཡང་གསང་བླ་མེད་གསོལ་འདེབས་ལྡེབ། ༡ དང་། བྱིན་འབེབ་ལྡེབ། ༡ ལས་བྱང་དང་དེའི་མཐར་ཚོགས་མཆོད་སྤྱི་འགྲོ་ཟབ་རྒྱས་ཤིག་ཀྱང་ཡོད་པ་བཅས་ལྡེབ། ༡༢ ཚེ་འགུགས་རྒྱས་པ་དང་བསྡུས་པ་བཅས་ལྡེབ། ༤ རྣམས་གཏེར་གཞུང་། དབང་ཆོག་མཚམས་སྦྱོར་ཛ་སྤྲུལ་ཀུན་བཟང་རྣམ་རྒྱལ་གསུང་ལྡེབ། ༥ ཡོན་དགེའི་ནམ་སྙིང་ཚེ་སྒྲུབ་གཏེར་གཞུང་ལྡེབ། ༥ དབང་ཆོག་རྗེ་པདྨའི་གསུང་ལྡེབ། ༥ སྟག་ཤམ་ཚེ་སྒྲུབ་གསང་དྲིལ་ཟུང་འཇུག་ཡང་སྙིང་བཅུད་བསྡུས་ཀྱི་ལས་བྱང་ལྡེབ། ༡༠ དང་། དབང་ཆོག་ལྡེབ། ༩ བཅས་བསམ་གཏན་བསྟན་འཛིན་ཆོག་ཁྲིགས། དབོན་གསས་ཁྱུང་ཐོགས་ཀྱི་ཀུན་བཟང་ཐུགས་ཐིག་ལས་ཚེ་སྒྲུབ་ཡེ་ཤེས་སྲོག་ཏིག་གཏེར་གཞུང་མཁྱེན་བརྩེའི་ཉེ་བརྒྱུད་ཅན་ལྡེབ། ༤ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༥ བདེ་གླིང་རྡོ་རྗེ་རྒྱ་མདུད་བརྒྱུད་འདེབས་ལྡེབ། ༢ དང་། ལས་བྱང་བདག་མདུན་བསྙེན་སྒྲུབ་བདག་འཇུག་ཅན་ལྡེབ། ༡༠ ཁྲིད་ཡིག་ལྡེབ། ༧ བཅས་རིག་འཛིན་ཚེ་ནོར་གསུང་། དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༡ རོལ་རྡོར་མཚོ་གཏེར་ལྕགས་ཀྱི་བང་མཛོད་ལས་བྱང་གཏེར་གཞུང་ལྡེབ། ༡༢ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༩ ཏའུ་རོག་རྗེ་གླིང་པའི་རྟ་མགྲིན་ཡིད་བཞིན་འབར་བའི་ཚེ་སྒྲུབ་གསང་བ་རྨད་བྱུང་གཏེར་གཞུང་མཁྱེན་བརྩེའི་ཉེ་བརྒྱུད་ཅན་ལྡེབ། ༤ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༦ ཆོས་གླིང་གཉིས་པ་གར་དབང་འཆི་མེད་རྡོ་རྗེའི་ཚེ་སྒྲུབ་འཆི་མེད་ཐུགས་ཏིག་གི་བརྒྱུད་འདེབས་མི་བསྐྱོད་རྡོ་རྗེའི་གསུང་ལྡེབ། ༡ ནང་སྒྲུབ་ལས་བྱང་གཏེར་གཞུང་ལ་རྗེ་ནམ་ཚེས་གསལ་ཁ་ཅན་ལྡེབ། ༡༥ ཛཔ྄་བསྐུལ་ལྡེབ། ༡ དང་། ཚེ་འགུགས་ལྡེབ། ༧ བཅས་གཏེར་གཞུང་། དོན་དབང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༦ ཐེག་གླིང་རྒྱལ་སྲས་ཟུར་མཁར་ཟླ་བའི་འོད་ཟེར་ཚེ་སྒྲུབ་རྡོ་རྗེ་སྙིང་པོ་འོད་ཀྱི་དྲྭ་བའི་ལས་བྱང་ལྡེབ། ༡༡ དང་། དབང་ཆོག་ལྡེབ། ༨ བཅས་གཏེར་གཞུང་ཁྲིགས་ལྟར་བཀོད་པ། དཔའ་བོ་བརྒྱད་པའི་དགོངས་གཏེར་ཚེ་སྒྲུབ་སྐོར་ལ། བརྒྱུད་འདེབས་ལྡེབ། ༡ གཏེར་གཞུང་སྐོར་ལས་བྱང་སོགས་དང་གསང་སྒྲུབ་ཟིན་བྲིས་དངོས་སློབ་པད་སྤྲུལ་གསུང་བཅས་ལྡེབ། ༡༥ བསྙེན་ཡིག་གསར་བྲིས་འཇམ་མགོན་གསུང་ལྡེབ། ༦ མཆོག་གླིང་ཟབ་བདུན་ཚེ་དཀར་བརྒྱུད་འདེབས་ལྡེབ། ༡ དང་། མཚམས་སྦྱོར་ལྡེབ། ༡ བཅས་འཇམ་མགོན་གསུང་། ལས་བྱང་གཏེར་གཞུང་ལྡེབ། ༡༧ སྨན་མཆོད་འཇམ་མགོན་གསུང་ལྡེབ། ༡ ཚེ་འགུགས་གཏེར་གཞུང་ལྡེབ། ༦ ཕྲིན་ལས་བསྡུས་པ་ལྡེབ། ༧ དང་། དབང་ཆོག་ལྡེབ། ༡༩ བཅས་འཇམ་མགོན་ཆོག་ཁྲིགས། མཆོག་གླིང་ཐུགས་སྒྲུབ་ཆོས་སྐུ་ཚེ་དཔག་མེད་ཀྱི་ལས་བྱང་དབང་ཆོག་དང་བཅས་པ་ལྡེབ། ༡༩ དང་། བསྙེན་སྒྲུབ་ཟིན་བྲིས་ལྡེབ། ༢ བླ་བླུའི་ཆོ་ག་ལྡེབ། ༡༢ དེའི་འགྲེས་བྱང་ལྡེབ། ༡ བཅས་འཇམ་མགོན་ཆོག་ཁྲིགས་དང་གསུང་རྣམས་བཞུགས།། ༄། གཏེར་མཛོད། ༼ཞ༽པ་ལ། མཆོག་གླིང་ཚེ་སྒྲུབ་རྡོ་རྗེའི་ཕྲེང་བ་ཉིད་ཀྱི་ཕབ་འཕྲོ་ཅན་འཇམ་མགོན་རྡོ་རྗེ་འཆང་གིས་གཏན་ལ་ཕབ་པ་ལས། ཚེ་བདག་ཡབ་ཡུམ་སྲས་གསུམ་གྱི་ཕྱི་སྒྲུབ་རྒྱུད་ཀྱི་ཕྲིན་ལས་ལྡེབ། ༨ ནང་སྒྲུབ་ལུང་གི་བྱང་བུ་ལྡེབ། ༦ གསང་སྒྲུབ་མན་ངག་སྒོམ་རིམ་ལྡེབ། ༤ བཅས་གཏེར་གཞུང་། རིག་འཛིན་ཚེ་ནོར་དགོངས་གཏེར་ཚེ་ཁྲིད་སྣང་མཐའི་ཞིང་སྦྱོང་དང་སྐུ་གསུམ་ལམ་རིམ་ལྡེབ། ༡༡ རྣམས་སོ།། ༈ གཉིས་པ་འོད་དཔག་མེད་པའི་སྐོར་ལ། ཀཿདམ་པའི་དག་སྣང་རྩ་བ་ལ་ཕྱིས་ཀློང་གསལ་གཏེར་བྱོན་རྡོ་རྗེ་ཆོས་ཟུང་བསྡེབས་ཀྱི་སྒྲུབ་ཐབས་དབང་གནས་ལུང་བཅས་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༡ གནམ་ཆོས་འོད་ཆོག་སྔོན་འགྲོ་གཏེར་གཞུང་ལྡེབ། ༡ སྒྲུབ་ཐབས་ལྡེབ། ༦ དང་། མཆོད་ཕྲེང་ལྡེབ། ༡ ལྷན་ཐབས་ལྡེབ། ༣ བཀའ་སྲུང་ལྡེབ། ༢ བཅས་ཆགས་མེད་གསུང་། མཁྱེན་བརྩེའི་གསུང་ཚོགས་མཆོད་ལྡེབ། ༣ དབང་ཆོག་ཆགས་མེད་ཁྲིགས་བཀོད་ལྡེབ། ༡༡ དབང་གི་མཐའ་རྟེན་ལྡེབ། ༢ ཞིང་སྦྱོང་ཟིན་བྲིས་ཆགས་མེད་གསུང་ལྡེབ། ༨ སྟག་ཤམ་དགོངས་འདུས་འོད་ཆོག་བརྒྱུད་འདེབས་ཆོས་གླིང་གསུང་ལྡེབ། ༡ ལས་བྱང་ལྡེབ། ༡༤ དང་། ཚེ་འགུགས་ལྡེབ། ༥ བཅས་གཏེར་གཞུང་། ཚེ་དབང་ལྡེབ། ༡༥ དང་། ནང་སྒྲུབ་དང་དབང་ཆོག་ལྡེབ། ༩ བཅས་འཇམ་མགོན་ཆོག་ཁྲིགས། སྒྲུབ་ཐབས་པད་སྡོང་རྗེས་གནང་བཅས་ལྡེབ། ༦ ཆོས་སྤྱོད་སྨོན་ལམ་ལྡེབ། ༡༦ བཅས་གཏེར་གཞུང་། མཆོག་གླིང་ཐུགས་སྒྲུབ་ཆ་ལག་འོད་དཔག་ཞིང་སྦྱོང་གི་ཆོ་ག་ལྡེབ། ༡༩ དང་། གཞན་ཕན་ཕྲིན་ལས་ལྡེབ། ༡༣ དབང་གྲངས་གསོག་ལྡེབ། ༡ བཅས་མཁྱེན་བརྩེའི་གསུང་། ཉི་ཟླ་སངས་རྒྱས་གཏེར་བྱོན་འཕོ་བ་འཇག་ཚུགས་མའི་གཏེར་གཞུང་དང་ཁྲིད་སྐོར་རིག་འཛིན་ཆོས་གྲགས་གསུང་ལྡེབ། ༡༨ ཁྲིད་ཟིན་མཁྱེན་བརྩེའི་གསུང་ལྡེབ། ༢ འཕོ་བ་སྙན་བརྒྱུད་མའི་ཟིན་བྲིས་སྨིན་གླིང་གཏེར་ཆེན་གསུང་ལྡེབ། ༣ ཡང་ཁྲིད་ཀྱི་དམིགས་ཟིན་འཇམ་དབྱངས་མཁྱེན་བརྩེས་མཛད་པ་ལྡེབ། ༣ འཕོ་བ་གསང་མཆོག་མ་ཆགས་མེད་གསུང་། ༦ རྣམས་སོ།། ༈ གསུམ་པ་ཞི་བ་ཐུགས་རྗེ་ཆེན་པོའི་སྐོར་ལ། གྲུབ་ཐོབ་དངོས་གྲུབ་དང་ཉང་གི་ཟབ་གཏེར་སྲོང་བཙན་ཞལ་གདམས་མ་ཎི་བཀའ་འབུམ་གྱི་ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་སྒྲུབ་ཁོག་ཆེན་མོའི་ཕྲིན་ལས་ལྡེབ། ༡༣ དང་། དབང་ཆོག་ལྡེབ། ༢༡ བཅས་འཇམ་མགོན་ཆོག་ཁྲིགས། འབྲི་གུང་ཆོས་གྲགས་གསུང་བསྐྱེད་རྫོགས་ཁྲིད་ཡིག་པད་དཀར་ཕྲེང་བ་ལྡེབ། ༥༤ དང་། ལས་ཚོགས་སྐོར་ལྡེབ། ༢༢ བཅས། ཐུན་མོང་མ་ཎིའི་ལས་ཚོགས་རྩ་གཞུང་ལྡེབ། ༩ སྨིན་ལོའི་གསུང་བརྒྱུད་འདེབས་ལྡེབ། ༡ རྒྱུན་ཁྱེར་སྨིན་གཏེར་གསུང་ལྡེབ། ༢ སྐུ་གསུམ་སྙིང་པོའི་དོན་ཁྲིད་སྨིན་ལོའི་གསུང་ལྡེབ། ༦ ཉང་གཏེར་ཐུགས་ཆེན་འགྲོ་འདུལ་གྱི་ལས་བྱང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༥ གཟུངས་ཁྲུས་ཆོ་ག་ལྡེབ། ༨ དང་། ཚེ་སྒྲུབ་ཆེན་མོ་ལྡེབ། ༧ བཅས་གཏེར་གཞུང་། དབང་ཆོག་ཀུན་གཟིགས་མཁྱེན་བརྩེའི་ཉེ་བརྒྱུད་ཅན་འཇམ་མགོན་ཆོག་ཁྲིགས་ལྡེབ། ༢༤ གཏེར་མ་ཉང་ནས་བརྒྱུད་དེ་དཔལ་ཀརྨ་པ་ལ་བཀའ་བབས་པ་ཐུགས་ཆེན་རྒྱལ་བ་རྒྱ་མཚོ་སྦ་ལྕག་མའི་རྒྱ་གཞུང་རྡོ་རྗེ་སྙིང་པོས་མཛད་པ་ལྡེབ། ༩ ཉང་གཏེར་ཐུགས་ཆེན་བ་མཁལ་མའི་གཞུང་ལྡེབ། ༡༦ གསོལ་འདེབས་ཀརྨ་པཀྴའི་གསུང་ལྡེབ། ༡ སྒྲུབ་ཐབས་ཞྭ་དམར་དཀོན་མཆོག་འབངས་ཀྱི་གསུང་འཇམ་མགོན་རིན་པོ་ཆེས་བཀླག་ཆོག་མར་བསྡེབས་པ་ལྡེབ། ༡༢ རྒྱུན་ཁྱེར་ལྡེབ། ༢ དང་། གནས་ལུང་ལྡེབ། ༨ བསྙེན་ཟིན་ལྡེབ། ༩ གཏོར་དབང་ལྡེབ། ༦ བཅས་འཇམ་མགོན་གསུང་རྣམས་བཞུགས།། ༄། གཏེར་མཛོད། ༼ཟ༽པ་ལ། གུ་རུ་ཆོས་དབང་ཐུགས་ཆེན་ཡང་སྙིང་འདུས་པའི་བརྒྱུད་འདེབས་ལྡེབ། ༡ དང་། ལས་བྱང་ལྡེབ། ༡༨ བཅས་འཇམ་མགོན་ཆོག་ཁྲིགས། རྒྱུན་ཁྱེར་མཁྱེན་བརྩེའི་གསུང་ལྡེབ། ༢ གནས་ལུང་རྒྱས་པ་ལྡེབ། ༡༩ དང་། གནས་ལུང་བསྡུས་པ་ལྡེབ། ༧ རིགས་དྲུག་གནས་བསྡུས་ལྡེབ། ༢ དབང་ཆོག་ལྡེབ། ༡༦ སྒྲུབ་ཁོག་ལྡེབ། ༣༣ བསྙེན་ཡིག་ལྡེབ། ༡༣ བཅས་འཇམ་མགོན་ཆོག་ཁྲིགས་དང་གསུང་། ཉི་མ་སེང་གེའི་ཟབ་གཏེར་ཀུན་གཟིགས་མཁྱེན་བརྩེའི་ཡང་གཏེར་དུ་བྱོན་པ་ཐུགས་ཆེན་པདྨ་རྒྱལ་པོ་གཏེར་གཞུང་ལྡེབ། ༨༡ བརྒྱུད་འདེབས་ལྡེབ། ༡ དང་། དབང་བསྐུར་ཟིན་བྲིས་ལྡེབ། ༡༠ འབྲིང་པོ་དོན་དབང་དང་གཏོར་དབང་བསྡུས་པ་ལྡེབ། ༦ བཅས་འཇམ་མགོན་ཆོག་ཁྲིགས། བྱང་གླིང་ཀུན་བཟང་ཐུགས་གཏེར་ལས་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་གཏེར་གཞུང་མཁྱེན་བརྩེའི་ཉེ་བརྒྱུད་ཅན་ལྡེབ། ༣ ཐུགས་ཆེན་ལྷ་དྲུག་གི་ཕྲིན་ལས་དབང་བསྐུར་དང་བཅས་པ་འཇམ་མགོན་ཆོག་ཁྲིགས་ལྡེབ། ༩ བྱང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་བརྒྱུད་འདེབས་གཏེར་གཞུང་ཁ་སྐོང་ཅན་ལྡེབ། ༢ མངོན་རྟོགས་ལྡེབ། ༡ དང་། འགྲོ་བ་ཀུན་སྒྲོལ་གྱི་ཕྲིན་ལས་ལྡེབ། ༩ བཀའ་སྲུང་ལྡེབ། ༡ སྨོན་ལམ་ལྡེབ། ༢ བཅས་གཏེར་གཞུང་། དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༢ བསྙེན་ཡིག་པད་ཕྲིན་གསུང་ལྡེབ། ༤ དྲི་མེད་ལྷུན་པོའི་དོན་ཏིག་འགྲོ་བ་ཀུན་སྒྲོལ་རྒྱུད་ལྡེབ། ༩ དང་། དེའི་བསྡུས་དོན་ལྡེབ། ༥ མ་བསྒོམ་སངས་རྒྱས་གནད་དྲུག་ལྡེབ། ༡༠ བཅས་གཏེར་གཞུང་། ལས་བྱང་གཏེར་ཁ་གསུམ་བསྡུས་ལྡེབ། ༡༢ དང་། དབང་ཆོག་ལྡེབ། ༡༧ བཅས་འཇམ་མགོན་ཆོག་ཁྲིགས། དྲི་མེད་ཀུན་དགའི་ཐུགས་ཆེན་རྒྱལ་བ་རྒྱ་མཚོའི་གདམས་པ་ཡེ་ཤེས་འོད་སྙིང་ཀུན་གཟིགས་མཁྱེན་བརྩེའི་ཡང་གཏེར་གྱི་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ གཏེར་གཞུང་ལྡེབ། ༤༤ ཆོག་ཁྲིགས་ལས་བྱང་ལྡེབ། ༡༡ དང་། རྒྱུན་ཁྱེར་ལྡེབ། ༢ གནས་ལུང་ལྡེབ། ༡༢ སྒྲུབ་ཁོག་ལྡེབ། ༡༨ དོན་དབང་ལྡེབ། ༧ བསྙེན་ཡིག་མདོར་དྲིལ་དུ་བཀོད་པ་ལྡེབ། ༩ བཅས་འཇམ་མགོན་ཆོག་ཁྲིགས་དང་གསུང་། སངས་གླིང་ནོར་བུ་སྐོར་གསུམ་ལས། ཕྱི་རྒྱལ་པོ་ལུགས་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་གི་མདོ་སྒྲུབ་རྗེས་གནང་རྟ་ནག་བཀའ་གཏད་བཅས་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༧ གཟུངས་རིང་གཏེར་གཞུང་ལྡེབ། ༡༠ ནང་ནོར་བུ་ལུགས་ཀླུ་སྒྲུབ་བཀའ་སྲོལ་ཕྱག་བཞི་པ་གཙོ་འཁོར་གསུམ་པའི་སྒྲུབ་ཐབས་དབང་ཆོག་ལྡེབ། ༢༨ དང་། གསང་བ་བླ་མེད་ལུགས་མི་ཏྲ་ཛོ་ཀིའི་བཀའ་སྲོལ་པདྨ་གར་དབང་གཙོ་འཁོར་ལྔ་པའི་ཕྲིན་དབང་ལྡེབ། ༢༧ མཆོག་དབང་གསུམ་གྱི་ཁ་འཕང་ལྡེབ། ༡༣ བཅས་འཇམ་མགོན་ཆོག་ཁྲིགས་རྣམས་བཞུགས།། ༄། གཏེར་མཛོད། ༼འ༽པ་ལ། རྡོར་གླིང་ཐུགས་ཆེན་བདེ་གཤེགས་ཀུན་འདུས་རྒྱལ་བ་རྒྱ་མཚོ་གཏེར་གཞུང་ལྡེབ། ༣༦ ལས་བྱང་གཏེར་གཞུང་ལྡེབ། ༡༤ དབང་ཆོག་ཉེ་རིང་བརྒྱུད་པ་ཟུང་ལྡན་ལྡེབ། ༡༤ དང་། ཚེ་དབང་ལྡེབ། ༣ བཅས་འཇམ་མགོན་ཆོག་ཁྲིགས། ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབ་ཀྱི་ལས་བྱང་མཁྱེན་བརྩེའི་ཉེ་བརྒྱུད་ཅན་ལྡེབ། ༡༦ དང་། དབང་ཆོག་ལྡེབ། ༡༠ བཅས་འཇམ་མགོན་ཆོག་ཁྲིགས། རཏ་གླིང་ཐུགས་རྗེ་གསང་འདུས་ལས་བྱང་གཏེར་གཞུང་ལྡེབ། ༡༦ ཐུན་གཟུང་ཛཔ྄་དགོངས་ལྡེབ། ༢ དང་། དབང་བཤད་འཕྲི་བསྣན་གསལ་བ་ལྡེབ། ༥ སྨིན་བྱེད་ཆེན་མོ་ལྡེབ། ༢༩ སངས་རྒྱས་སྟོང་དབང་ལྡེབ། ༡༦ སངས་རྒྱས་སྟོང་དབང་གི་འགྲེས་བྱང་ལྡེབ། ༡ སྨིན་དབང་འབྲིང་པོ་གཏོར་དབང་ཡིད་བཞིན་ནོར་བུ་ལྡེབ། ༧ རྣལ་འབྱོར་རྒྱུན་དབང་ལྡེབ། ༡༣ བཅས་འཇམ་མགོན་ཆོག་ཁྲིགས། པད་གླིང་ཐུགས་ཆེན་མུན་སེལ་སྒྲོན་མེའི་ལས་བྱང་སྨིན་གཏེར་ཆོག་ཁྲིགས་ལྡེབ། ༡༢ རྩ་དབང་ལྡེབ། ༡༢ དང་། གསུང་རྒྱུན་དབང་ཆོག་ཁྲོམ་ཤོག་མ་ལྡེབ། ༧ བཅས་འཇམ་མགོན་ཆོག་ཁྲིགས། འགྲོ་འདུལ་ལས་འཕྲོ་གླིང་པའི་ཐུགས་ཆེན་དོན་གསལ་སྒྲོན་མེ་ཀུན་གཟིགས་མཁྱེན་བརྩེའི་ཉེ་བརྒྱུད་ཀྱི་བརྒྱུད་འདེབས་ལྡེབ། ༡ དང་། ལས་བྱང་ལྡེབ། ༡༠ བཅས་གཏེར་གཞུང་། དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༣༢ མངའ་རིས་གྲུབ་ཆེན་ཚུལ་ཁྲིམས་བཟང་པོས་ཀུན་གཟིགས་མཁྱེན་བརྩེ་ལ་ཉེ་བརྒྱུད་དུ་བསྩལ་པ་ཐུགས་ཆེན་གསོལ་འདེབས་ཀྱི་སྒྲུབ་ཐབས་རྩ་གཞུང་དང་གསོལ་འདེབས་དགེ་སློང་པད་དཀར་གསུང་བཅས་ལྡེབ། ༥ རིག་གཏད་འཇམ་མགོན་ཆོག་ཁྲིགས་ལྡེབ། ༦ རིག་འཛིན་ལེགས་ལྡན་རྡོ་རྗེའི་ཐུགས་ཆེན་འཁོར་བ་དབྱིངས་སྒྲོལ་ལས་བྱང་གཏེར་གཞུང་ལྡེབ། ༩ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༤ བསྙེན་ཡིག་པད་ཕྲིན་གསུང་ལྡེབ། ༨ ཞིག་གླིང་ཐུགས་ཆེན་འཁོར་བ་ལས་སྒྲོལ་ལས་བྱང་ལྡེབ། ༡༣ དང་། གཏེར་སྲུང་གཏོར་འབུལ་ལྡེབ། ༤ སྔགས་བྱང་ལྡེབ། ༡ དབང་རྒྱས་པ་ལྡེབ། ༣༧ དོན་དབང་ལྡེབ། ༦ གཏད་རྒྱའི་དབང་ལྡེབ། ༤ བཅས་འཇམ་མགོན་ཆོག་ཁྲིགས། ཤེར་འོད་གྲོལ་ཏིག་ཐུགས་ཆེན་པདྨའི་དབང་ཕྱུག་སྔོན་འགྲོ་ལྡེབ། ༡ སྒྲུབ་ཐབས་ལྡེབ། ༨ བཅས་གཏེར་གཞུང་། དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༧ འཇའ་ཚོན་ཐུགས་ཆེན་རྒྱལ་པོ་ལུགས་ངན་སོང་རང་གྲོལ་བརྒྱུད་འདེབས་ལྡེབ། ༢ དང་། ཕྱི་སྒྲུབ་ལས་བྱང་གཞུང་ལ་འཇམ་མགོན་རྗེས་གསལ་བྱེད་བཀོད་པ་ལྡེབ། ༡༤ ནང་སྒྲུབ་རྒྱུན་ཁྱེར་ལྡེབ། ༦ ཆོས་ལོངས་སྤྲུལ་གསུམ་རྒྱུན་ཁྱེར་ལྡེབ། ༢ བྱང་ཆོག་ལྡེབ། ༡༡ དབང་ཆོག་ལྡེབ། ༡༨ བཅས་འཇམ་མགོན་ཆོག་ཁྲིགས། ལས་ཚོགས་ཁྲུས་ཆབ་དང་རིལ་སྒྲུབ་ཕན་ཡོན་བཅས་གཏེར་གཞུང་ལྡེབ། ༦ རྣམས་བཞུགས།། ༄། གཏེར་མཛོད། ༼ཡ༽པ་ལ། བདུད་འདུལ་སྤྲུལ་སྐུ་སྙིང་ཐིག་གི་ཐུགས་ཆེན་ནམ་མཁའི་རྒྱལ་པོའི་བརྒྱུད་འདེབས་ལྡེབ། ༢ དང་། ལས་གཞུང་ལྡེབ། ༧ ཕྱི་སྒྲུབ་དང་གསང་སྒྲུབ་དང་ནང་སྒྲུབ། ཡང་གསང་བླ་མེད་དང་བཏགས་གྲོལ་བཅས་རིང་སྦྲེལ་ལྡེབ། ༢༢ རྩ་བའི་དབང་གི་སྔོན་འགྲོ་དང་དབང་ཆོག་དངོས་ལྡེབ། ༡༢ བཅས་གཏེར་གཞུང་། རྒྱལ་དབང་ལྔ་པའི་དག་སྣང་རྒྱ་ཅན་ལས་འཇིག་རྟེན་དབང་ཕྱུག་ལྷ་དགུའི་བརྒྱུད་འདེབས་ལྡེབ། ༡ དང་། ཕྲིན་ལས་ཀྱི་ཆོ་ག་ལྡེབ། ༡༡ རྒྱུན་ཁྱེར་ལྡེབ། ༣ དབང་ཆོག་ལྡེབ། ༢༡ བཅས་འཇམ་དབྱངས་མཁྱེན་བརྩེའི་ཆོག་ཁྲིགས། བསྙེན་ཡིག་སྨིན་གཏེར་མཛད་པ་ལྡེབ། ༦ གནམ་ཆོས་ཐུགས་ཆེན་རྒྱལ་བ་རྒྱ་མཚོ་ལྷ་ལྔ་དབང་བཅས་གཏེར་གཞུང་དང་ཆགས་མེད་དབང་ཁྲིགས་ལྡེབ། ༧ མངའ་རིས་གར་དབང་ཟླ་རྒྱལ་ཐུགས་ཆེན་རྩ་གསུམ་སྙིང་ཐིག་ཕྲིན་ལས་བྱང་བུ་ལྡེབ། ༡༠ དང་། དབང་གི་ཆོག་སྒྲིག་ལྡེབ། ༨ ཚེ་སྒྲུབ་དང་དབང་ཆོག་ལྡེབ། ༦ བཅས་འཇམ་མགོན་ཆོག་ཁྲིགས། སྨིན་གླིང་ཐུགས་ཆེན་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཐབས་ཆོག་ཁྲིགས་གསུང་རྒྱུན་བཞིན་བཀོད་པ་ལྡེབ། ༢༦ རྒྱུན་ཁྱེར་སྨིན་གཏེར་གསུང་ལྡེབ། ༢ སྲུང་མ་སྤྱི་བྱེའི་གཏོར་ཆོག་གསུང་རྒྱུན་ལྟར་བཀོད་ལྡེབ། ༡༠ གནས་ལུང་སྨིན་ལོའི་གསུང་ལྡེབ། ༧ བསྙེན་ཡིག་སྨིན་གཏེར་གསུང་ལྡེབ། ༨ སྤྲོས་བཅས་བུམ་དབང་གི་མཚམས་སྦྱོར་སྨིན་ལོའི་གསུང་ལྡེབ། ༡༧ སྤྲོས་མེད་མཆོག་དབང་གི་མཚམས་སྦྱོར་ལྡེབ། ༧ དང་། གཏོར་དབང་གི་མཚམས་སྦྱོར་ལྡེབ། ༤ བཅས་མཁན་ཆེན་ཨོ་ཌའི་ཡ་ནའི་གསུང་། སྤྱིའི་སྔོན་འགྲོའི་ཁྲིད་ཡིག་ལྡེབ། ༢༡ དང་། ཁྱད་པར་ཅན་གྱི་སྔོན་འགྲོ་དང་དངོས་གཞིའི་ཁྲིད་ལྡེབ། ༢༣ བཅས་སྨིན་ལོའི་གསུང་། ཐུགས་ཆེན་བདེ་གཤེགས་ཀུན་འདུས་ཀྱི་ནང་སྒྲུབ་གར་དབང་ཚེ་དཔག་མེད་གཏེར་གཞུང་སྐོར་ལྡེབ། ༡༦ བརྒྱུད་འདེབས་རྗེ་བཙུན་མི་འགྱུར་དཔལ་སྒྲོན་གསུང་ལྡེབ། ༡ ཕྱི་སྒྲུབ་ལས་བྱང་དབང་ཆོག་དང་བཅས་པ་ལྡེབ། ༡༡ དང་། འཆི་བླུ་ལྡེབ། ༨ འབྱུང་ལྔའི་འཁོར་ལོའི་རབ་གནས་ལྡེབ། ༡ བཅས་སྨིན་གཏེར་རང་ཁྲིགས། ཀློང་གསལ་ཐུགས་ཆེན་ཡང་གསང་བླ་མེད་བརྒྱུད་འདེབས་ལྡེབ། ༡ ལས་བྱང་བཅས་གཏེར་གཞུང་ལྡེབ། ༩ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༡ དབང་བཞི་མཚམས་སྦྱོར་བཅས་ཛ་སྤྲུལ་གསུང་ལྡེབ། ༣ སྟག་ཤམ་སྤྱན་གཟིགས་མི་ཏྲ་སྙིང་ཐིག་གི་བརྒྱུད་འདེབས་ལྡེབ། ༣ དང་། རྩ་སྒྲུབ་ལྡེབ། ༤ མཆོད་ཐབས་ལས་བྱང་ལྡེབ། ༡༣ ཚོགས་འཁོར་ལྡེབ། ༡༢ བཅས་གཏེར་གཞུང་། དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༧ ཆོས་གླིང་ཐུགས་ཆེན་སའི་སྙིང་པོའི་ཕྱི་ནང་གི་སྒྲུབ་པའི་ལས་བྱང་ཉིད་ཀྱིས་བཀོད་པ་ལྡེབ། ༡༣ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༦ བཅས་བཞུགས།། ༄། གཏེར་མཛོད། ༼ར༽པ་ལ། རྗེ་མཁྱེན་བརྩེའི་གཏེར་བྱོན་ཐུགས་ཆེན་སེམས་ཉིད་ངལ་གསོ་འགྲོ་འདུལ་འཕགས་པའི་ཐུགས་ཏིག་ལས། རྩ་བའི་ཕྲིན་ལས་གཏེར་གཞུང་ལྡེབ། ༡༢ རྩ་བའི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་དིལ་མཁྱེན་མངྒ་ལའི་གསུང་ལྡེབ། ༡༦ མཆོག་གླིང་ཐུགས་ཆེན་པདྨ་གར་དབང་སྐྱབས་སེམས་ལྡེབ། ༡ པདྨ་སྒྱུ་འཕྲུལ་དྲྭ་བའི་ནང་སྒྲུབ་ལས་བྱང་གཏེར་གཞུང་ལྡེབ། ༩ དབང་བཞི་རྡོ་རྗེ་སྤྱི་བླུགས་ལྡེབ། ༦ དང་། འགྲོ་དོན་ཕྱིའི་སྨིན་གྲོལ་ལྡེབ། ༧ ནང་གི་སྨིན་གྲོལ་ལྡེབ། ༧ བཅས་འཇམ་མགོན་ཆོག་ཁྲིགས། མཆོག་གླིང་ཐུགས་ཆེན་པདྨ་གཙུག་ཏོར་ཆོག་བསྒྲིགས་འཇམ་དབྱངས་མཁྱེན་བརྩེའི་གསུང་སྐོར་ལས་བྱང་དང་དབང་ཆོག་གཤིན་པོ་རྗེས་འཛིན་བཅས་པ་ལྡེབ། ༡༧ མྱང་གྲོལ་རིལ་སྒྲུབ་ལྡེབ། ༡༧ བཅས། མཆོག་གླིང་ཐུགས་ཆེན་ཡིད་བཞིན་འཁོར་ལོ་གཏེར་གཞུང་དང་དབང་སྐུར་ཟིན་ཐོ་བཅས་ལྡེབ། ༡༢ གཞན་དོན་བུམ་སྒྲུབ་ཀྱི་རྗེ་གནང་ཕྲིན་ལས་དང་བཅས་པ་འཇམ་མགོན་ཆོག་ཁྲིགས་ལྡེབ། ༩ མ་ཎི་བསྐུལ་བ་གཏེར་གཞུང་གཞན་ལས་ཟུར་བཀོལ་ལྡེབ། ༡ གཏེར་བུམ་སྒྲུབ་པའི་ལས་བྱང་ལྡེབ། ༧ དང་། བུམ་ལྔའི་དབང་ཆོག་ལྡེབ། ༧ བཅས་འཇམ་མགོན་ཆོག་ཁྲིགས། ཞར་བྱུང་ཉེར་མཁོའི་དབང་གིས་བཞག་པ་དཔལ་མོ་ལུགས་བཅུ་གཅིག་ཞལ་གྱི་རྗེས་གནང་ལྡེབ། ༨ དང་། སྨྱུང་གནས་ཆོ་ག་ལྡེབ། ༡༡ བཅས་སྨིན་ལོའི་གསུང་། རིག་འཛིན་ཚེ་དབང་ནོར་བུས་མཛད་པའི་སྤྱན་རས་གཟིགས་ཀྱི་དོན་ཁྲིད་ཟབ་བསྡུས་བཀའ་གཏེར་ཐུགས་ཆེན་དུ་མའི་བཅུད་འདུས་ལྡེབ། ༢༢ བཅས་པ་རྣམས་སོ།། ༈ གཉིས་པ་དྲག་པོ་རྟ་མཆོག་རོལ་པའི་སྐོར་ལ་བཀའ་གཏེར་གཉིས་ཀྱི། དང་པོ་བཀའ་མ་ལ། རྟ་མགྲིན་བདེ་གཤེགས་ཐུགས་དྲིལ་གྱི་ལས་བྱང་རྒྱལ་དབང་ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པ་ལྡེབ། ༡༥ ཙམ་མོ། །གཉིས་པ་གཏེར་མ་ལ་དམར་ནག་གཉིས། དང་པོ་པདྨའི་རིགས་ཀྱི་རྟ་མགྲིན་དམར་པོ་ལ། རྐྱང་པོ་གྲགས་པ་དབང་ཕྱུག་དང་སུམ་པ་བྱང་ཆུབ་ཚུལ་ཁྲིམས། འབྲེ་ཤེས་རབ་འབར་གསུམ་ཚོགས་ཀྱི་གཏེར་བྱོན་འདར་འཕྱར་རིན་ཆེན་བཟང་པོ་ལ་བཀའ་བབས་པའི་རྟ་མགྲིན་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་ལས་བྱང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༢༥ ཡབ་ཡུམ་རྐྱང་སྒྲུབ་ཀྱི་རྒྱུན་ཁྱེར་ཚར་ཆེན་པདྨ་དྲག་རྩལ་གསུང་ལྡེབ། ༧ རྫོགས་རིམ་དབང་བཞིའི་ཁྲིད་ཡིག་བླ་ཆེན་ཆོས་དཔལ་བཟང་པོའི་གསུང་ལྡེབ། ༡༡ དབང་ཆེན་ཡན་ལག་དང་བཅས་པ་འཇམ་མགོན་ཆོག་ཁྲིགས་ལྡེབ། ༢༩ བྱིན་རླབས་གཏོར་དབང་འདར་པདྨ་བདུད་འདུལ་གསུང་ལས་མཁྱེན་བརྩེའི་དབང་པོས་ཉེར་བསྡུས་ལྡེབ། ༧ ཚེ་སྒྲུབ་རྫོང་ཆུང་སྐོར་ཉམས་ལེན་དང་ཚེའི་དབང་ཆོག་ལྷན་ཐབས་ཀྱི་བཀྲ་ཤིས་བཅས་ཚར་ཆེན་བློ་གསལ་རྒྱ་མཚོའི་གསུང་ལྡེབ། ༡༤ སྔགས་བྱང་གཞུང་པོད་ལས་འཁོལ་ཕྱུང་ལྡེབ། ༡ བསྙེན་ཡིག་འཇམ་མགོན་གསུང་ལྡེབ། ༡༨ སྙེ་མོ་རྒྱ་གོང་རི་བ་སངས་རྒྱས་དབང་ཆེན་གཏེར་བྱོན་དང་། དབོན་སྟོན་སྐྱེར་སྒང་པའི་དག་སྣང་ཟུང་འབྲེལ་རྟ་མགྲིན་གསང་སྒྲུབ་ཀྱི་རྩ་གཞུང་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་ལྡེབ། ༩ དཔེ་རིས་ལྡེབ། ༡ ལས་བྱང་ཇོ་ནང་རྗེ་བཙུན་རིན་པོ་ཆེ་ཏཱ་ར་ནཱ་ཐས་མཛད་པ་ལྡེབ། ༡༤ ལས་བྱང་ཟུར་འདེབས་འཇམ་མགོན་གསུང་ལྡེབ། ༦ སྒྲུབ་ཐབས་རྣམ་བཤད་དམིགས་རིམ་བདུན་པ་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་ལྡེབ། ༣ ཉང་གཏེར་རྟ་མགྲིན་བདེ་གཤེགས་ཆིག་དྲིལ་གྱི་རྩ་གཞུང་སྐོར་ལྡེབ། ༢༢ ལས་བྱང་ལྡེབ། ༡༠ དང་། དབང་ཆོག་ལྡེབ། ༧ བཅས་འཇམ་མགོན་ཆོག་ཁྲིགས། ཀུན་གཟིགས་མཁྱེན་བརྩེའི་ཉེ་བརྒྱུད་ཅན་གྲུ་གུ་ཡང་དབང་གཏེན་བྱོན་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་བརྒྱུད་འདེབས་རྩ་སྡེ་སྤྱན་སྔ་ནམ་རྡོར་གསུང་ཞུ་དག་ཅན་ལྡེབ། ༡ ལས་བྱང་ལྡེབ། ༢༤ དང་། དྲག་སྔགས་སྤུ་གྲིའི་མན་ངག་ལྡེབ། ༧ སྨན་མཆོད་ལྡེབ། ༣ གཏོར་འབུལ་ལྡེབ། ༣ བསྟོད་ཆེན་ལྡེབ། ༧ ལྷག་མ་དང་བྲོ་རབས་ལྡེབ། ༦ བསྐུལ་བ་ལྡེབ། ༧ སྒྲུབ་ཐབས་མན་ངག་ཤོག་དྲིལ་ལྡེབ། ༧ རྟེན་གཏོར་ལྡེབ། ༦ བསྙེན་ལུགས་ལྡེབ། ༢ སྔགས་ཐེམ་མེའི་སྤུ་གྲི་ལྡེབ། ༢ སྦྱིན་སྲེག་ལྡེབ། ༤ བཅས་པ་རྣམས་གཏེར་གཞུང་། དབང་ཆོག་ལྡེབ། ༢༡ དང་། དྲེགས་ཆེན་བཅོ་བརྒྱད་རྗེས་གནང་ལྡེབ། ༩ འདོན་འགྲིགས་ལྡེབ། ༤ བཅས་འཇམ་མགོན་ཆོག་ཁྲིགས་དང་གསུང་རྣམས་བཞུགས།། ༄། གཏེར་མཛོད། ༼ལ༽པ་ལ། མངའ་བདག་མོལ་མི་འཁྱིལ་གྱི་རྟ་མགྲིན་གནམ་ལྕགས་མེ་འཁོར་ཀུན་གཟིགས་མཁྱེན་བརྩེའི་ཡང་གཏེར་གཏེར་གཞུང་སྐོར་ལྡེབ། ༡༡ སྒྲུབ་ཐབས་དང་དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༠ བྱང་གཏེར་རྟེན་འབྲེལ་ཆོས་བདུན་གྱི་རྟ་མགྲིན་དྲེགས་པ་དབང་སྡུད་རྩ་གཞུང་སྐོར་ལྡེབ། ༧ དང་། ལས་བྱང་ལྡེབ། ༦ བཅས་གཏེར་གཞུང་། དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༧ རཏ་གླིང་རྟ་མགྲིན་གསང་འདུས་ལས་བྱང་ཉིད་ཀྱིས་ཁྲིགས་བཀོད་ལ་འཇམ་མགོན་རིན་པོ་ཆེས་གསལ་ཁ་དང་ཞུས་དག་པ་ལྡེབ། ༡༤ དབང་ཆེན་ལྡེབ། ༡༣ དང་། གཏོར་དབང་ལྡེབ། ༥ བཅས་འཇམ་མགོན་ཆོག་ཁྲིགས། ཉང་པོ་མཆོག་ལྡན་རྡོ་རྗེའི་གཏེར་མ་རྟ་མགྲིན་སྙིང་ཐིག་སྙིང་པོ་དོན་སྦྱོར་གྱི་བརྒྱུད་འདེབས་ལྡེབ། ༡ དང་། ལས་བྱང་ལྡེབ། ༢༠ དབང་ཆེན་ལྡེབ། ༢༤ ཟུར་འདེབས་ལྡེབ། ༣ གཏོར་དབང་ལྡེབ། ༦ བཅས་འཇམ་མགོན་གསུང་དང་ཆོག་ཁྲིགས། ཤེར་འོད་གྲོལ་ཏིག་ཆོས་སྡེ་རྟ་མགྲིན་དྲེགས་པ་ཀུན་འདུལ་གྱི་འདོན་ཆ་ལྡེབ། ༥ དང་། སྲུང་འཁོར་ལྡེབ། ༡ བཅས་གཏེར་གཞུང་། གསང་བ་གཅིག་གྲུབ་དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༥ བསྙེན་དབང་ཟབ་མོ་གཏེར་གཞུང་ལྡེབ། ༦ འཇའ་ཚོན་རྟ་ཕག་ཡིད་བཞིན་ནོར་བུའི་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ ལས་བྱང་གཏེར་གཞུང་ལྡེབ། ༤ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༠ གནམ་ཆོས་རྟ་མགྲིན་བར་ཆད་ཀུན་སེལ་གཏེར་གཞུང་ལྡེབ། ༡ སྟག་ཤམ་ཡི་དམ་དགོངས་འདུས་ལས་བྱང་བསྡུས་པ་གཏེར་གཞུང་ལྡེབ། ༢༣ སྤྱི་སྡོམ་རྩ་བའི་དབང་བསྐུར་ཆེན་མོ་འཇམ་མགོན་ཆོག་ཁྲིགས་ལྡེབ། ༣༨ རྟ་མགྲིན་ཡི་གེ་དྲུག་པའི་ལས་བྱང་གཏེར་གཞུང་ལྡེབ། ༤ རྩ་གསུམ་སྤྱིའི་རྗེས་གནང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༨ པདྨ་འོད་གསལ་མདོ་སྔགས་གླིང་པའི་སྙན་བརྒྱུད་རྟ་མཆོག་རོལ་པའི་སྙིང་ཐིག་གཏེར་གཞུང་ལྡེབ། ༨ རྒྱུན་ཁྱེར་ཚེ་སྒྲུབ་ཚེ་འགུགས་བཅས་ཉིད་མཛད་ལྡེབ། ༤ བརྒྱུད་འདེབས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་གསུང་ལྡེབ། ༡ ཕྲིན་ལས་དབང་ཆོག་བཅས་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༥ སྐོང་བ་རྗེ་ཆོས་བློའི་གསུང་ལྡེབ། ༡ མཆོག་གླིང་ཟབ་བདུན་ལས་རྟ་མགྲིན་དབང་ཟབ་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ ལས་བྱང་གཏེར་གཞུང་ལྡེབ། ༤ སྨན་མཆོད་ལྡེབ། ༡ དང་། སྐོང་བ་དབེན་རྩ་མ་ལྡེབ། ༢ བཅས་འཇམ་མགོན་གསུང་། དབང་ཆོག་གཏེར་གཞུང་ལྡེབ། ༥ གཏོར་ཟློག་མཆོག་གླིང་ཉིད་མཛད་ལྡེབ། ༡༤ འཇམ་མགོན་བླ་མའི་ཟབ་གཏེར་ཚེ་རྟ་ཟུང་དུ་འབྲེལ་བ་འཆི་མེད་དབང་གི་ཚེ་སྒྲུབ་སྐོར་ཆོས་ཚན་ལྔ་པོ་རིང་སྦྲེལ་བྱས་པའི་གཏེར་གཞུང་ལྡེབ། ༡༤ དབང་ཆོག་ཐུབ་བསྟན་རྒྱལ་མཚན་འོད་ཟེར་གསུང་ལྡེབ། ༡༠ རྣམས་སོ།། ༈ གཉིས་པ་ཤིན་ཏུ་དྲག་པོར་ཁྲོས་པ་རྡོ་རྗེའི་རིགས་སམ་ལས་ཀྱི་ལྷ་མཆོག་རྟ་མགྲིན་ནག་པོའི་སྐོར་ལ། བྱང་སེམས་ཟླ་རྒྱལ་ལུགས་ཀྱི་རྟ་ནག་རྩ་བའི་གཞུང་སྒྲུབ་ཐབས་ལས་ཚོགས་རྗེས་གནང་དང་བཅས་པ་ལྡེབ། ༨ ཡང་སྒྲུབ་ཐབས་རྗེས་གནང་ཆོག་སྒྲིག་འཇམ་མགོན་རིན་པོ་ཆེས་མཛད་པ་ལྡེབ། ༩ ཉང་གཏེར་རྟ་མགྲིན་ཡང་ཕྱུང་ནག་པོ་གཏེར་གཞུང་ཆོས་སྐོར་ལྡེབ། ༤༧ ལས་བྱང་སྨིན་གཏེར་གསུང་ལྡེབ། ༩ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༧ བསྙེན་ཡིག་ཞེ་ཆེན་རབ་འབྱམས་གཉིས་པས་མཛད་པ་ལྡེབ། ༡༣ ཆོས་དབང་རྟ་ནག་གཏེར་གཞུང་ཆོས་སྐོར་ལྡེབ། ༢༡ རཏྣའི་རྟ་ནག་སྒྲུབ་ཐབས་མེ་ཕྲེང་གཏེར་གཞུང་སྐོར་ལྡེབ། ༩ རྒྱུན་ཁྱེར་སྨིན་གཏེར་གསུང་ལྡེབ། ༢ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༧ ཞིག་གླིང་རྟ་ནག་ཡང་གསང་ཐུགས་སྒྲུབ་བརྒྱུད་འདེབས་ཉིད་མཛད་ལྡེབ། ༡ གཏེར་གཞུང་ཆོས་སྐོར་ལྡེབ། ༢༤ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༠ བཅས་བཞུགས་པ་རྣམས་སོ།། ༄། གཏེར་མཛོད། ༼ཤ༽པ་ལ། ༈ གསུམ་པ་ཡང་དག་ཐུགས་སུ་སྒྲུབ་པའི་སྐོར་ལ། ཞི་བ། ཁྲོ་བོ། རིགས་མཐུན་གསུམ་ལས། དང་པོ་ཞི་བ་རྡོར་སེམས་ལ། རྡོར་གླིང་ལྟ་བ་ཀློང་ཡངས་ཀྱི་རྡོར་སེམས་འབྲུ་གསུམ་རྒྱལ་བའི་སྤྱི་སྒྲུབ་གཏེར་གཞུང་ལྡེབ། ༤ རོལ་རྡོར་མཚོ་གཏེར་རིགས་འདུས་རྡོར་སེམས་ལས་བྱང་ཡང་ཟབ་འཕོ་བའི་གདམས་པ་བཅས་གཏེར་གཞུང་ལྡེབ། ༡༣ འགྲེས་བྱང་ལྡེབ། ༡ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༨ རིག་འཛིན་ཚེ་དབང་ནོར་བུའི་སྙན་བརྒྱུད་རྡོར་སེམས་རྒྱུན་གྱི་ཉམས་ལེན་གཏེར་གཞུང་ལྡེབ། ༤ ཡང་རྡོར་སེམས་སྒྲུབ་ཐབས་རྒྱུད་སྡེ་བཞི་དགོངས་ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན་ཉིད་ཀྱི་ཟབ་ཏིག་ཚེ་ནོར་ཉིད་ཀྱིས་མཛད་པ་ལྡེབ། ༡༣ མཆོག་གླིང་དམ་ཆོས་ཤོག་དྲུག་རྡོར་སེམས་ཐུགས་ཀྱི་སྙིང་པོའི་ཆོས་སྐོར་གཏེར་གཞུང་ལྡེབ། ༨ དབང་ཆོག་འཇམ་མགོན་རིན་པོ་ཆེས་མཛད་པ་ལྡེབ། ༩ མཆོག་གླིང་གསང་ཐིག་སྐོར་གསུམ་བརྒྱུད་འདེབས་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༡ གསང་ཐིག་རྡོར་སེམས་ཕྱག་རྒྱ་གཅིག་པའི་སྐྱབས་སེམས་ལྡེབ། ༡ གཏེར་གཞུང་ལྡེབ། ༤ དབང་ཆོག་ལྡེབ། ༦ དང་། ཕྲིན་ལས་གནས་ལུང་དང་བཅས་པ་ལྡེབ། ༧ བཅས་འཇམ་མགོན་ཆོག་ཁྲིགས་རྣམས་སོ།། ༈ གཉིས་པ་ཁྲོ་བོ་བཛྲ་ཧེ་རུ་ཀཿལ། གུ་རུ་ཆོས་དབང་གཏེར་བྱོན་ཡང་དག་སྙིང་པོ་གསེར་ཞུན་མར་མེ་གཅིག་པའི་གཏེར་གཞུང་ཆོས་སྐོར་ལྡེབ། ༦༥ ཆོ་གའི་སྔོན་འགྲོ་ལས་བདུན་བཀའ་བརྒྱད་གསང་རྫོགས་ལས་ཕྱུང་ལྡེབ། ༢ སྨིན་གཏེར་གསུང་ལས་བྱང་ལྡེབ། ༦ དང་། བསྙེན་ཡིག་ལྡེབ། ༡༡ བཅས། དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༡ ཀུན་གཟིགས་མཁྱེན་བརྩེའི་ཉེ་བརྒྱུད་བྱང་གླིང་དཔལ་རྒྱལ་མཚན་གཏེར་བྱོན་ཡང་དག་ཞི་ཁྲོ་ཕུར་གསུམ་གྱི་ལས་བྱང་ཁྲིགས་བསྡེབས་ལྡེབ། ༢༠ དང་། བཀའ་སྲུང་མ་མགོན་ལྕམ་དྲལ་གཏོར་ཆོག་ཁྲིགས་བསྡེབས་ལྡེབ། ༥ དབང་ཆོག་ལྡེབ། ༣༧ ཚེ་སྒྲུབ་གསང་བ་ཡང་ཁོལ་གྱི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་ལྡེབ། ༡༠ རྣམས་འཇམ་མགོན་ཆོག་ཁྲིགས། རཏ་གླིང་གཏེར་བྱོན་ཡང་དག་ཐུགས་སྒྲུབ་གཏེར་གཞུང་ལྡེབ། ༣ ཤེར་འོད་གྲོལ་ཐིག་ཡང་དག་ཐིག་ལེ་གཅིག་མ་གཏེར་གཞུང་ལྡེབ། ༧ ཆོས་གླིང་ཡང་དག་བདེ་ཆེན་སྙིང་པོ་གཏེར་གཞུང་ཆོས་སྐོར་ལྡེབ། ༢༠ ཁྲིད་ཡིག་སྐོར་ལྡེབ། ༡༧ དང་། སྒྲུབ་དཀྱིལ་རྒྱས་བསྡུས་སྦྱིན་སྲེག་རིལ་སྒྲུབ་བཅས་ཆོག་ཁྲིགས་དཀྱུས་བཀོད་ལྡེབ། ༢༤ བཅས་ཆོས་གླིང་ཉིད་མཛད། བསྙེན་ཡིག་འཇམ་མགོན་གསུང་ལྡེབ། ༥ པདྨ་འོད་གསལ་མདོ་སྔགས་གླིང་པའི་སྙན་བརྒྱུད་དཔལ་ཆེན་ཡང་དག་ཟབ་ཏིག་གི་བརྒྱུད་འདེབས་མཆོག་གླིང་གསུང་ལྡེབ། ༡ གཏེར་གཞུང་ལྡེབ། ༡༠ རྒྱུན་ཁྱེར་མཁྱེན་བརྩེ་ཉིད་ཁྲིགས་ལྡེབ། ༣ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༩ སྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གཏེར་གཞུང་ལྡེབ། ༡༡ རྫོགས་རིམ་གུད་སྦས་རྗེ་ཆོས་བློའི་དགོངས་གཏེར་ལྡེབ། ༢ ལས་བྱང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༡ སྐོང་བ་ལྡེབ། ༢ དང་། སྦྱིན་སྲེག་ལྡེབ། ༦ བཅས་ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་གསུང་། རྒྱུན་ཁྱེར་ལྡེབ། ༨ དང་། གཏོར་ཟློག་ལྡེབ། ༢༢ བཅས་དིལ་མཁྱེན་མངྒ་ལའི་ཆོག་ཁྲིགས། དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༠ མཆོག་གླིང་ཟབ་བདུན་ལྕགས་བྱང་མའི་ཡང་དག་ཐུགས་ཀྱི་སྙིང་པོའི་གཏེར་གཞུང་ཆོས་སྐོར་ལྡེབ། ༢༤ བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ ལས་བྱང་ཟླ་གམ་དགུ་མ་གཏེར་གཞུང་ལྡེབ། ༤ སྨན་མཆོད་འཇམ་མགོན་གསུང་ལྡེབ། ༡ སྐོང་ཆོག་གཏེར་གཞུང་ལྡེབ། ༥ དབང་ཆོག་ལྡེབ། ༡༠ དང་། ཚེ་སྒྲུབ་དབང་ཆོག་དང་བཅས་པ་ལྡེབ། ༧ བཅས་འཇམ་མགོན་ཆོག་ཁྲིགས། ཟངས་བྱང་མའི་ཡང་དག་སྒྲུབ་པ་མན་ངག་གཅིག་དྲིལ་གཏེར་གཞུང་ལྡེབ། ༡༠ ཟླ་གམ་ལྔ་བཅུ་རྩ་བརྒྱད་པའི་མངོན་རྟོགས་གཏེར་གཞུང་ལྡེབ། ༥ བཀའ་མའི་མཆོད་ཕྲེང་ཟུར་བཀོལ་ལྡེབ། ༥ ཟབ་བདུན་མཆོག་ཟབ་སྒྲུབ་ཆེན་ལྔ་བཅུ་རྩ་བརྒྱད་པའི་དབང་བསྐུར་རྒྱས་པ་ཚ་ལོ་རིན་རྣམ་ཆོག་ཁྲིགས་ལྡེབ། ༢༡ བཅས་བཞུགས་སོ།། ༄། གཏེར་མཛོད། ༼ས༽པ་ལ། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རིག་འཛིན་འཛམ་གླིང་རྒྱན་མཆོག་ཡང་དག་ཧེ་རུ་ཀའི་རིམ་གཉིས་རྒྱུན་གྱི་རྣལ་འབྱོར་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༥ དབང་མཆོག་མཆོག་གླིང་གཏེར་སྲས་ཚེ་དབང་ནོར་བུའི་སྒྲིག་པ་ལྡེབ། ༩ མཆོག་གླིང་གསང་ཐིག་ཡང་དག་སྐྱབས་སེམས་ཚོགས་གསག་ལྡེབ། ༡ ཡང་དག་ཕྱག་རྒྱ་གཅིག་པ་གཏེར་གཞུང་ལྡེབ། ༣ ཚོགས་མཆོད་ལྡེབ། ༣ དང་། གཏོར་དབང་ལྡེབ། ༨ བཅས་འཇམ་མགོན་ཆོག་ཁྲིགས། འཇམ་མགོན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པའི་ཟབ་གཏེར་ཡང་དག་ཧེ་རུ་ཀའི་གསང་བ་ཐུགས་ཀྱི་ཏནྟྲའི་སྐོར་ཆོས་ཚན་དྲུག་པོ་རིང་སྦྲེལ་བྱས་པའི་གཏེར་གཞུང་ལྡེབ། ༢༠ དབང་ཆོག་མཁན་རྒྱལ་འོད་ཆོག་ཁྲིགས་ལྡེབ། ༩ རྣམས་སོ།། ༈ གསུམ་པ་དེ་དང་རིགས་མཐུན་རྗེས་འབྲེལ་ཐུགས་རིགས་ཕྱག་རྡོར་སྐོར་ལ། གྲྭ་མངོན་གཏུམ་པོ་དམར་པོའི་ཆོག་སྒྲིག་རྗེ་བཙུན་སྒྲོལ་མགོན་གསུང་ལྡེབ། ༤ སྒྲུབ་ཐབས་སྒོམ་ལུང་སྒྲུབ་ཐབས་རིན་འབྱུང་ལས་འཇམ་མགོན་རིན་པོ་ཆེས་ཁོལ་ཕྱུང་ལྡེབ། ༣ རྒྱུན་ཁྱེར་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་གསུང་ལྡེབ། ༢ དབུ་རུ་ཤཱཀ་འོད་ཀྱི་ཕྱག་རྡོར་མེ་འབར་ཀུན་གཟིགས་མཁྱེན་བརྩེའི་ཡང་གཏེར་གཏེར་གཞུང་ལྡེབ། ༥ ཕྲིན་ལས་དང་དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༨ ཆོས་དབང་སྒྲུབ་ཡིག་འཐོར་བུ་བཅོ་བརྒྱད་ནང་ཚན་བླ་མ་གསང་འདུས་ཐེམ་མེད་གཏུམ་པོ་མེ་ལྕེ་ཕྲེང་བའི་གཏེར་གཞུང་ལྡེབ། ༧ བརྒྱུད་འདེབས་ལྕགས་ཟམ་བདུན་པ་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་གསུང་ལྡེབ། ༡ ལས་བྱང་དང་དབང་ཆོག་ཁྲ་ཚང་པ་བློ་གྲོས་མཆོག་ལྡན་གསུང་ལ་སྦྱོར་རྗེས་སོགས་གཙང་དག་ཏུ་རྒྱལ་དབང་མཁའ་ཁྱབ་རྡོ་རྗེས་མཛད་པ་ལྡེབ། ༡༦ རྒྱུན་ཁྱེར་མཁྱེན་བརྩེའི་གསུང་ལྡེབ། ༢ བསྙེན་ཡིག་བསྟན་འཛིན་ཡེ་ལྷུན་གསུང་ལྡེབ། ༤ ལས་འབྲེལ་རྡོར་གླིང་པད་གླིང་གསུམ་འདུས་དྲེགས་འདུལ་ལས་བྱང་ལྡེབ། ༡༤ དང་། དབང་ཆོག་ལྡེབ། ༡༨ བསྙེན་ཡིག་ལྡེབ། ༡༥ བཅས་འཇམ་མགོན་ཁྲིགས་དང་གསུང་། སྨིན་གླིང་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོའི་གསུང་ཀླུ་ཆོག་གདེངས་ཅན་བདུད་རྩི་ཡན་ལག་འགའ་བཅས་ལྡེབ། ༢༠ ཀླུ་གཏོར་གདེངས་ཅན་འདོད་འཇོ་སྨིན་གླིང་གཏེར་ཆེན་གསུང་ལྡེབ། ༥ སངས་གླིང་ཕྱག་རྡོར་ཁྱུང་གསང་བ་ཡང་ཁོལ་གཏེར་གཞུང་སྐོར་ལྡེབ། ༥༡ ལས་བྱང་དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༤ རཏྣའི་རྟ་གསང་ལས་ཕྱག་རྡོར་གཏུམ་པོ་གཏེར་གཞུང་ལྡེབ། ༡༠ སྒྲུབ་ཐབས་ལྡེབ། ༧ དང་། དབང་ཆོག་ལྡེབ། ༧ བཅས་འཇམ་མགོན་ཆོག་ཁྲིགས། པད་གླིང་ཕྱག་རྡོར་གཏུམ་པོའི་ལས་བྱང་གཏེར་གཞུང་ལྡེབ། ༡༡ རྒྱུན་ཁྱེར་སྨིན་གཏེར་གསུང་ལྡེབ། ༡ དབང་བཤད་མེ་ལྕེ་ཕྲེང་བ་གཏེར་གཞུང་ལྡེབ། ༧ དབང་ཆོག་པད་གླིང་བརྒྱད་པ་ཀུན་བཟང་བསྟན་པའི་ཉི་མའི་ཆོག་ཁྲིགས་ལྡེབ། ༩ ཞིག་གླིང་ཕྱག་རྡོར་སྟོབས་པོ་ཆེའི་གཏེར་གཞུང་སྐོར་ལྡེབ། ༢༡ བརྒྱུད་འདེབས་ཞིག་གླིང་ཉིད་མཛད་ལྡེབ། ༡ ལས་བྱང་དང་དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༠ འདིར་བརྒྱུད་ཡིག་ཏུ་ཆོས་གླིང་གཏུམ་པོ་ཡོད་པར་བཤད་ཀྱང་དཔེ་དངོས་ནི་མེད། ཟུར་མཁར་འོག་མ་ཟླ་བའི་འོད་ཟེར་ཕྱག་རྡོར་དྲག་སྔགས་ཀུན་འདུས་ལས་བྱང་ལྡེབ། ༡༠ དང་། དབང་ཆོག་ལྡེབ། ༨ བཀའ་སྲུང་སྡེ་ལྔའི་མཆོད་ཕྲིན་ལྡེབ། ༣ བཅས་གཏེར་གཞུང་། གཟའ་ཀླུའི་གདོན་འགྲོལ་དུག་དབྱུང་ནག་འགྲོས་མ་ལྡེབ། ༡༦ བཅས་བཞུགས་པ་རྣམས་སོ།། ༄། གཏེར་མཛོད། ༼ཧ༽པ་ལ། བཞི་པ་བདུད་རྩི་ཡོན་ཏན་གྱི་སྒྲུབ་སྐོར་ལ་དངོས་དང་། ཆ་མཐུན་གཉིས། དང་པོ་བདུད་རྩི་སྨན་དངོས་ལ། སྨན་རྒྱལ་གཡུ་ཐོག་པ་ཆེན་པོའི་སྙིང་ཐིག་གི་སྔོན་འགྲོ་ཕྱི་གཏོར་གཞུང་ལ་འཇམ་མགོན་རིན་པོ་ཆེས་གསལ་བར་མཛད་པ་ལྡེབ། ༣ གསང་སྒྲུབ་ལས་བྱང་ལྡེབ། ༡༥ དང་། དམ་ཅན་སྡེ་དགུའི་རྒྱུན་གསོལ་ལྡེབ། ༣ བཅས་འཇམ་མགོན་ཆོག་ཁྲིགས། བླ་སྒྲུབ་གསོལ་འདེབས་དང་རྒྱུན་ཁྱེར་ཆགས་མེད་གསུང་ལྡེབ། ༣ ཕྱི་ནང་གསང་སྒྲུབ་ཟིན་བྲིས་ལྡེབ། ༣༨ དང་། རྩ་དབང་རྒྱས་པ་ལྡེབ། ༣༢ དོན་དབང་ལྡེབ། ༨ ཚེ་སྒྲུབ་ཕྲིན་ལས་དང་དབང་ཆོག་ལྡེབ། ༩ ལྷ་སྨན་མཆེད་གསུམ་སྒྲུབ་ཐབས་རྗེས་གནང་ལྡེབ། ༩ དྲང་སྲོང་སེར་སྐྱ་སྤུན་གསུམ་གྱི་བཀའ་གཏད་ལྡེབ། ༥ རྣམས་འཇམ་མགོན་ཆོག་ཁྲིགས། རྩ་པྲའི་སྒྲུབ་ཐབས་ཆགས་མེད་གསུང་ལྡེབ། ༡༤ ཟུར་མཁར་མཉམ་ཉིད་རྡོ་རྗེའི་དག་སྣང་སྨན་བླ་ལོངས་སྐུ་གཙོ་འཁོར་ལྔའི་སྒྲུབ་ཐབས་འབྲི་གུང་ཆོས་གྲགས་གསུང་ལ་འཇམ་མགོན་རིན་པོ་ཆེས་ཁ་སྐོང་ཅན་ལྡེབ། ༡༣ ཞང་བློན་སྡེ་དགུའི་གཏོར་བསྔོས་དཀོན་མཆོག་ཕྲིན་ལས་བཟང་པོའི་གསུང་ལྡེབ། ༡ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༧ མཆོག་གླིང་དག་སྣང་དགོངས་གཏེར་ཟུང་འབྲེལ་བི་མའི་སྒྲུབ་ཐབས་གཏེར་གཞུང་སྐོར་ལྡེབ། ༡༤ མཁའ་འགྲོའི་སྒྲུབ་ཐབས་གུད་སྦས་གཏེར་གཞུང་ལྡེབ། ༡༠ གདམས་ཕྲེང་ཡང་ཏིག་ཡེ་ཤེས་གསང་ལམ་གཏེར་གཞུང་ལྡེབ། ༡༥ ཕྲིན་ལས་དབང་བསྐུར་དང་བཅས་པའི་ཆོག་ཁྲིགས་གཏེར་ཆེན་ཉིད་གསུང་ལྡེབ། ༢༦ ཀུན་གཟིགས་མཁྱེན་བརྩེའི་དགོངས་གཏེར་འཕགས་མའི་སྙིང་ཐིག་གི་བླ་སྒྲུབ་བྱིན་རླབས་སྙིང་པོའི་གཏེར་གཞུང་ཆོས་སྐོར་ལྡེབ། ༥༠ བརྒྱུད་འདེབས་དིལ་མཁྱེན་རིན་པོ་ཆེ་མངྒ་ལའི་གསུང་ལྡེབ། ༡ ལས་བྱང་ལྡེབ། ༩ དང་། བཤགས་སྐོང་ལྡེབ། ༡༠ བཤགས་སྐོང་འཛུད་བྱང་ལྡེབ། ༤ དབང་ཆོག་ལྡེབ། ༡༤ རྣམས་འཇམ་མགོན་ཆོག་ཁྲིགས། གཏེར་སྟོན་ཀུན་གྱི་སྔ་ཤོས་རྡོར་འབུམ་ཆོས་གྲགས་གཏེར་མ་གསོ་དཔྱད་འཆི་མེད་བདུད་རྩི་བུམ་ཆེན་གཏེར་གཞུང་སྐོར་ལྡེབ། ༡༡༣ དང་། དཀར་ཆག་ལྡེབ། ༡ གུ་རུའི་བདུད་རྩི་བུམ་ཆུང་ལྡེབ། ༤ བཅས་གཏེར་གཞུང་། འཆི་མེད་བདུད་རྩི་བུམ་པའི་གསང་བའི་གནད་བྱང་བདག་གི་གསལ་བྱེད་ལྷ་སྒོམ་དང་ཛཔ྄་དགོངས་དབང་ཆོག་སྦྱིན་སྲེག་གི་རྒྱན་ཚན་བཞི་དང་། མཁྱེན་བརྩེའི་གསུང་རྡོ་རྗེ་ཁྲབ་རིང་གི་ཕྱག་ལེན་བཅས་རིང་སྦྲེལ་ལྡེབ། ༡༣ རྒྱུན་ཁྱེར་བྱང་བདག་གསུང་ལ་འཇམ་མགོན་རིན་པོ་ཆེས་ཞལ་སྐོང་ཅན་ལྡེབ། ༢ སྣོད་རུང་དབང་གི་གྱད་བལྟས་ཆོག་ཏུ་འཇམ་མགོན་རིན་པོ་ཆེས་བཀོད་པ་ལྡེབ། ༡༠ བཅས་བཞུགས།། ༄། གཏེར་མཛོད། ༼ཨ༽པ་ལ། ར་མོ་ཤེལ་སྨན་ཡེ་ཤེས་ཞབས་ཀྱི་ཟབ་གཏེར་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་བླ་སྒྲུབ་ཀུན་གཟིགས་མཁྱེན་བརྩེའི་ཡང་གཏེར་ལྡེབ། ༦ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༥ བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ སྒྲུབ་གཞུང་ལས་ཚོགས་བཅས་གཏེར་གཞུང་ལྡེབ། ༤༠ བཀའ་སྲུང་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༡༠ སྒྲུབ་ཁོག་ལྡེབ། ༢༣ དང་། ཉེར་མཁོའི་བསྐྲད་འབེབ་ཟུར་བྱང་ལྡེབ། ༢ ཡན་ལག་ལྷ་གསུམ་སྒོས་སྒྲུབ་ལག་ལེན་ཟིན་བྲིས་ལྡེབ། ༥ ལས་བཞི་མཆོག་ལྔའི་སྦྱིན་སྲེག་ལྡེབ། ༡༣ རྩ་བ་དང་ཡན་ལག་གི་དབང་ཆོག་ལྡེབ། ༢༢ ཡན་ལག་ལྷ་གསུམ་གྱི་བྱིན་རླབས་ལྡེབ། ༨ སྔགས་སྲུང་སྲོག་གཏད་ལྡེབ། ༥ རྣམས་འཇམ་མགོན་ཆོག་ཁྲིགས། རཏྣའི་ཐུགས་སྒྲུབ་ཡང་འདུས་སྨན་དབང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༨ རིག་འཛིན་ལེགས་ལྡན་རྡོ་རྗེའི་ཚེ་སྒྲུབ་བདུད་རྩི་འཁྱིལ་བའི་ལས་བྱང་ལྡེབ། ༡༧ དང་། སྨིན་བྱེད་བསྙེན་པའི་དབང་རིམ་ལྡེབ། ༡༨ བཅས་འཇམ་མགོན་ཆོག་ཁྲིགས། བསྙེན་ཡིག་པད་ཕྲིན་གསུང་ལྡེབ། ༩ རྣལ་འབྱོར་རྒྱུན་གྱི་ནར་མ་ཡེ་ཤེས་སྙིང་པོ་སོགས་གཏེར་གཞུང་ཉེར་མཁོ་ལེ་ཚན་གསུམ་ལ་ལྡེབ། ༧ པདྨ་འོད་གསལ་མདོ་སྔགས་གླིང་པའི་སྙན་བརྒྱུད་ཡོན་ཏན་བདུད་རྩིའི་མཆོག་ཏིག་གཏེར་གཞུང་ལྡེབ། ༡༢ ཕྲིན་ལས་དང་དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༤ དམ་རྫས་བདུད་རྩིའི་སྒྲུབ་ཐབས་སྨིན་གླིང་གཏེར་ཆེན་གྱིས་མཛད་པ་གསང་ཆེན་མཆོག་གི་མྱུར་ལམ་ལྡེབ། ༤༥ བཀའ་མའི་མཆོད་ཕྲེང་ཞི་ཁྲོའི་བསྟོད་པའི་གླུ་མཆོད་དང་མཁའ་འགྲོ་དམ་ཅན་བསྐུལ་བ་བཅས་ཟུར་ཕྱུང་ལྡེབ། ༥ ཞི་ཁྲོའི་སྔགས་བྱང་སྒྱུ་འཕྲུལ་ལྟར་བཀོད་པ་ལྡེབ། ༡ བདུད་རྩི་སྨན་གྱི་བྱིན་འབེབ་ལྡེབ། ༤ དང་། སྨན་སྒྲུབ་གསལ་བྱེད་ཟིན་བྲིས་ལྡེབ། ༡༩ བཅས་འཇམ་མགོན་གསུང་། སྨན་སྒྲུབ་མདོར་བསྡུས་བྱ་ཚུལ་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༥ ཆོས་དབང་བཀའ་བརྒྱད་གསང་རྫོགས་སྨན་གྱི་ལས་ཚོགས་གཏེར་གཞུང་ལྡེབ། ༡༡ རྣམས་སོ། ༧ །གཉིས་པ་བདུད་རྩིའི་སྐོར་དུ་ཕྱོགས་གཏོགས་ཆ་མཐུན་བཅུད་ལེན་གྱི་རིགས་ལ། རྒྱ་བན་རྡོ་རྗེ་དབང་ཕྱུག་གི་གཏེར་བྱོན་འོད་ལྡན་རྟག་ངུའི་གདམས་སྐོར་སོགས་ལུགས་གསུམ་འདུས་པའི་རྩ་གཞུང་ལྡེབ། ༡༦ ཡང་རྟག་ངུའི་བཅུད་ལེན་སྦྱོར་བ་རྒྱ་སྐད་མིང་ཅན་ལྡེབ། ༡ ཀུན་སྤང་ཟླ་འོད་གཏེར་མ་དབང་ལག་གཅུད་ལེན་གཏེར་གཞུང་ལྡེབ། ༣ ཆོས་དབང་གཏེར་ཁ་བདུན་པ་བཅུད་ལེན་བཅུ་བཞི་མའི་རྩ་གཞུང་ལྡེབ། ༩ ཆོས་དབང་ཤུག་འབྲུའི་བཅུད་ལེན་གཞུང་ཞལ་ཤེས་བཅས་ལྡེབ། ༦ བྱང་གཏེར་དགོངས་ཟང་ཅོང་ཞིའི་བཅུད་ལེན་ཕྱག་ལེན་དམིགས་རིམ་དང་བཅས་པ་ལྡེབ། ༩ ཀུན་གཟིགས་མཁྱེན་བརྩེའི་རྗེས་དྲན་སེང་གདོང་དཀར་མོའི་གཅུད་ལེན་གཏེར་གཞུང་ལྡེབ། ༣ བཅས་བཞུགས།། ༄། གཏེར་མཛོད། ཀི༽པ་ལ། རླུང་གི་བཅུད་ལེན་ཛཱ་བཱིར་གདམས་སྐོར་ལ། བཀའ་བབས་དང་པོ་འབྲི་གུང་ལུགས་ཀྱི་རྩ་གཞུང་ཚང་བ་ལྡེབ། ༢༤ ཁྲིད་ཡིག་ལྷ་བཙུན་ངག་དབང་ཕུན་ཚོགས་གསུང་ལྡེབ། ༩ བར་པ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་གཞུང་ལ་གསལ་བྱེད་ཁྲིད་ཡིག་དབང་ཕྱུག་རབ་བརྟན་གསུང་དང་བཅས་པ་ལྡེབ། ༦ ཕྱི་མ་ཉི་ཟླ་ཀློང་གསལ་གྱི་དག་སྣང་འཇའ་ལུས་འོད་ཕུང་རང་གྲོལ་གྱི་རྩ་གཞུང་སྐོར་ལྡེབ། ༦༢ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༠ རྣམས་སོ།། ༈ ལྔ་པ་ཕུར་པ་ཕྲིན་ལས་ཀྱི་སྒྲུབ་སྐོར་ལ། ཞི་བའི་ས་ཁོངས་ཙམ་དུ། རྭ་སྟོན་སྟོབས་ལྡན་རྡོ་རྗེའི་སྟག་ཚང་ཕུར་པའི་སྟོད་ལས་ཞི་བ་རྡོར་སེམས་རིགས་ལྔ་རྒྱན་གཅིག་གཏེར་གཞུང་སྐོར་ལྡེབ། ༣༤ དེ་ཙམ་མོ། །དྲག་པོ་ཆོས་དབང་གཏེར་བྱོན་ཕུར་པ་ཡང་གསང་སྤུ་གྲིའི་སྐོར་ལ། གཏེར་གཞུང་ལྟ་ཁྲིད་ལྡེབ། ༥ སྨིན་ལུགས་བཀའ་བབས་ཡིག་ཆ་ལ། བརྒྱུད་འདེབས་སྨིན་གཏེར་གསུང་ཞལ་སྐོང་ཅན་ལྡེབ། ༡ སྔོན་ཆིངས་གསུང་རྒྱུན་ལྟར་བཀོད་ལྡེབ། ༢ ལས་བྱང་སྨིན་གཏེར་གསུང་ཁྲིགས་ལྡེབ། ༢༢ དང་། རྗེས་ཆིངས་གསུང་རྒྱུན་ལྟར་བཀོད་ལྡེབ། ༢ རྒྱུན་གཏོར་གཏེར་གཞུང་ལྡེབ། ༡ རྒྱུན་ཁྱེར་ལྡེབ། ༢ དང་། གཏོར་ཟློག་ལྡེབ། ༡༨ བཅས་སྨིན་གཏེར་གསུང་ཁྲིགས། སྔགས་ཟློག་དང་ཐུན་གཏོར་ཟུར་བྱང་གསུང་རྒྱུན་ལྟར་བཀོད་ལྡེབ། ༢ ཆད་ཐོ་ཟུར་བྱང་ཞེ་ཆེན་རྒྱལ་ཚབ་པདྨ་རྣམ་རྒྱལ་གསུང་ལྡེབ། ༡ སྨད་ལས་རྡོ་རྗེའི་མེ་ཆར་སྨིན་གཏེར་གསུང་ཁྲིགས་ལྡེབ། ༨ གདབ་ཁ་དཀྱུས་བཀོད་གསུང་རྒྱུན་ལྟར་དཀྱུས་བསྡེབས་ལྡེབ། ༤ ལས་བུམ་ཟུར་བྱང་ལྡེབ། ༡ སྒྲུབ་ཁོག་སྨིན་གཏེར་གསུང་ཁྲིགས་ལྡེབ། ༡༩ སྔགས་བྱང་སོགས་ཉེར་མཁོ་ཟུར་བྱང་དུ་གསུང་རྒྱུན་ལྟར་བཀོད་པ་ལྡེབ། ༢ ལས་བྱང་ཉེར་བསྡུས་ཞེ་ཆེན་རྒྱལ་ཚབ་པད་རྣམ་གསུང་ལྡེབ། ༩ དང་། ཞི་རྒྱས་སྦྱིན་སྲེག་དང་སྤྲོས་མེད་མེ་མཆོད་ལྡེབ། ༡༤ བཅས། བསྙེན་ཡིག་སྨིན་གླིང་ལོ་ཆེན་རིན་པོ་ཆེའི་གསུང་ལྡེབ། ༡༣ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༦ བྱང་གཏེར་ཕུར་པའི་བརྒྱུད་འདེབས་པད་འཕྲིན་གསུང་ལ་མངྒ་ལས་ཞལ་སྐོང་ཅན་ལྡེབ། ༣ བྱང་ཕུར་སྤུ་གྲིའི་ལས་བྱང་ལྡེབ། ༡༥ དང་། དབང་ཆོག་ལྡེབ། ༢༦ བཅས་འཇམ་མགོན་ཆོག་ཁྲིགས། སངས་གླིང་ཕུར་པ་ཐུགས་ཀྱི་ཉིང་ཁུའི་ཕྲིན་ལས་ལམ་ཁྱེར་གཏེར་གཞུང་ལྡེབ། ༣ ལས་བྱང་ཆོག་ཁྲིགས་ལྡེབ། ༡༧ དང་། རྩ་བའི་དབང་ཆེན་ལྡེབ། ༣༢ དོན་དབང་ལྡེབ། ༡༤ བཅས་འཇམ་མགོན་ཆོག་ཁྲིགས། རཏྣའི་ཕུར་པ་ཡང་གསང་བླ་མེད་ཀྱི་བརྒྱུད་འདེབས་རྒྱལ་སྲས་ཚེ་དབང་གྲགས་པའི་གསུང་ལྡེབ། ༡ ལས་བྱང་གཏེར་གཞུང་ལ་ཉེར་མཁོའི་འཕྲི་བསྣན་ཕྲན་བུས་ཁ་གསལ་དུ་འཇམ་མགོན་རིན་པོ་ཆེས་ཁྲིགས་བཀོད་མཛད་པ་ལྡེབ། ༢༢ རྫས་ཕུར་བྱིན་བརླབ་འཇམ་མགོན་རིན་པོ་ཆེའི་གསུང་མན་ངག་ཟུར་འདེབས་ལས་ཟུར་ཕྱུང་ལྡེབ། ༡ གསང་སྒྲུབ་རྒྱུན་གྱི་ཕྲིན་ལས་ལྡེབ། ༦ དང་། རྩ་བའི་དབང་ཆེན་ལྡེབ། ༡༨ བཅས་འཇམ་མགོན་ཆོག་ཁྲིགས། ཁྲོ་བཅུ་སྲུང་མའི་དབང་མཚོན་ཆ་འཁོར་ལོ་གཏེར་གཞུང་ལྡེབ། ༧ དོན་དབང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༡ པད་གླིང་ཕུར་པ་སྲོག་གི་སྤུ་གྲིའི་ལས་བྱང་པད་གླིང་རང་གི་གསུང་ཁྲིགས་ལྡེབ། ༡༧ ཚེ་འགུགས་གཏེར་གཞུང་ལྡེབ། ༢ དབང་ཆོག་པད་གླིང་བརྒྱད་པའི་ཆོག་ཁྲིགས་ལྡེབ། ༡༢ སྨིན་གཏེར་རིག་འཛིན་ཐུགས་ཐིག་གི་ལས་ཚོགས་ཕུར་པའི་ལས་བྱང་གཏོར་ཟློག་བཅས་པ་ལྡེབ། ༡༣ དང་། ཟུར་འདེབས་ལྡེབ། ༥ བཅས་འཇམ་མགོན་ཆོག་ཁྲིགས་དང་གསུང་རྣམས་བཞུགས།། ༄། གཏེར་མཛོད། ཁི༽པ་ལ། བདུད་འདུལ་རྡོ་རྗེའི་ཕུར་པ་གནམ་ལྕགས་སྤུ་གྲིའི་ལས་བྱང་གཏེར་གཞུང་ལྡེབ། ༡༨ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༢༨ ཆོས་གླིང་ཕུར་པ་ཐུགས་ཀྱི་ཐིག་ལེའི་སྒྲུབ་དཀྱིལ་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༤ ཕུར་པ་བྱིན་བརླབ་གཏེར་གཞུང་ལྡེབ། ༡ དབང་ཆེན་འཇམ་མགོན་ཆོག་ཁྲིགས་ལྡེབ། ༣༢ ལྷ་དབང་གཏེར་གཞུང་ལྡེབ། ༢ བཛྲ་ཀཱི་ལ་ཡའི་སྒོས་སྒྲུབ་དང་ཕུར་སྲུང་གཏོར་འབུལ་ལྡེབ། ༢ དང་། རྒྱུན་ཁྱེར་ལྡེབ། ༢ ཆོས་སྲུང་གཏོར་འབུལ་རྒྱུན་བྱང་ལྡེབ། ༡ བསྙེན་ཡིག་ལྡེབ། ༢ བཅས་ཆོས་གླིང་ཉིད་ཀྱི་གསུང་། རྭ་སྟོན་སྟག་ཚང་ཕུར་པའི་སྟོད་ལས་རིགས་ལྔ་རྒྱན་གཅིག་གི་ལས་བྱང་ལྡེབ། ༡༦ དང་། དབང་ཆོག་ལྡེབ། ༡༤ སྨད་ལས་ཕུར་པ་ཆེ་མཆོག་ལས་བྱང་དང་དབང་གི་བསྒྱུར་ཁའི་ཟུར་འདེབས་ལྡེབ། ༡༠ བཅས་འཇམ་མགོན་ཆོག་ཁྲིགས། མཁྱེན་བརྩེ་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྙན་བརྒྱུད་ཕུར་པའི་གནད་ཏིག་གི་གཏེར་གཞུང་ལྡེབ། ༨ ས་བཅད་ལྡེབ། ༢ དང་། བརྒྱུད་འདེབས་ལྡེབ། ༡ ཕུར་པའི་སྔོན་འགྲོའི་རྣལ་འབྱོར་ལྡེབ། ༣ རྒྱུན་གྱི་རྣལ་འབྱོར་ལྡེབ། ༤ བཅས་ཉིད་ཀྱི་གསུང་ཁྲིགས། ལས་བྱང་ཁྲིགས་སྡེབ་ཕྲིན་ལས་རྣམ་རོལ་ལྡེབ། ༩ དང་། དེའི་མཛེས་རྒྱན་ཟུར་འདེབས་ལྡེབ། ༦ ཚེ་སྒྲུབ་གཏེར་གཞུང་ལས་ཕྱུང་ལྡེབ། ༡ སྐོང་བ་བདུད་ལས་རྣམ་རྒྱལ་ལྡེབ། ༣ གཏོར་ཟློག་ཕྲིན་ལས་རྡོ་རྗེའི་ཐོག་འབེབ་ལྡེབ། ༡༧ ཟློག་པའི་འགྲེས་བྱང་ལྡེབ། ༡ བཅས་རྗེ་ཆོས་ཀྱི་བློ་གྲོས་ཆོག་ཁྲིགས་དང་གསུང་། ལས་བཞིའི་སྦྱིན་སྲེག་མདོར་བསྡུས་ཕྲིན་ལས་མྱུར་འགྲུབ་རྗེ་ཆོས་བློ་དང་དིལ་མཁྱེན་རིན་པོ་ཆེ་ཟུང་གིས་ཆོག་ཁྲིགས་ལྡེབ། ༨ མནན་པ་རྡོ་རྗེའི་རི་རབ་རྗེ་ཆོས་བློའི་ཆོག་ཁྲིགས་ལྡེབ། ༡༡ དབང་ཆོག་ལྡེབ། ༡༡ དང་། བསྙེན་ཚུལ་ཟིན་བྲིས་ལྡེབ། ༤ བཅས་འཇམ་མགོན་ཆོག་ཁྲིགས་དང་གསུང་། མཆོག་གླིང་ཟབ་བདུན་ཕུར་པའི་བརྒྱུད་འདེབས་ཟླ་སྤྲུལ་ངེས་དོན་བསྟན་པ་རབ་རྒྱས་གསུང་ལྡེབ། ༢ སྔོན་གཏོར་ལྡེབ། ༡ སྐྱབས་སེམས་ཐུགས་སྒྲུབ་ཁ་བསྒྱུར་བ་ལྡེབ། ༡ ལས་བྱང་གཏེར་གཞུང་ལྡེབ། ༤ རྫས་ཕུར་བྱིན་རླབས་གཏེར་གཞུང་ལྡེབ། ༡ སྨན་མཆོད་ཟླ་སྤྲུལ་གསུང་ལྡེབ། ༡ ཛཔ྄་ཁང་དབྱེ་བསྐུལ་ཐུགས་སྒྲུབ་ཁ་བསྒྱུར་ལྡེབ། ༡ ཚེ་འགུགས་གཏེར་གཞུང་ལྡེབ། ༡ སྨད་ལས་ཨེ་ཁྲོམ་གྱི་ཕྲིན་ལས་དང་འབྲེལ་བའི་གཏོར་ཟློག་གདབ་ཁ་མཆོག་གླིང་ཉིད་ཀྱིས་ཁྲིགས་བཀོད་ལྡེབ། ༣༣ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༢༤ མཆོག་གླིང་གསང་ཐིག་རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༥ ཚོགས་མཆོད་ལྡེབ། ༣ དང་། གཏོར་དབང་ལྡེབ། ༧ བཅས་འཇམ་མགོན་ཆོག་ཁྲིགས་རྣམས་སོ།། ༈ དྲུག་པ་མ་མོ་རྦོད་གཏོང་གི་སྐོར་ལ། སྤྲུལ་སྐུ་ར་ཤག་ཆེན་པོའི་གཏེར་བྱོན་མ་མོ་སྒང་ཤར་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེ་ལ་རིང་ཉེའི་བརྒྱུད་པ་ཟུང་གི་བཀའ་བབས་པའི་བརྒྱུད་འདེབས་ལྡེབ། ༡ དང་། ལས་བྱང་ཆེན་མོ་ལྡེབ། ༢༩ ལས་བྱང་ཆུང་བ་ལྡེབ། ༧ དབང་ཆོག་ལྡེབ། ༣༤ བཅས་འཇམ་མགོན་གསུང་དང་ཆོག་ཁྲིགས། པདྨ་འོད་གསལ་མདོ་སྔགས་གླིང་པའི་སྙན་བརྒྱུད་སྲིད་པ་མ་མོའི་གནད་ཏིག་གཏེར་གཞུང་ལྡེབ། ༡༡ བརྒྱུད་འདེབས་མངྒ་ལའི་གསུང་ལྡེབ། ༡ ཕྲིན་དབང་ཆོག་ཁྲིགས་འཇམ་མགོན་རྗེས་མཛད་པ་ལྡེབ། ༡༣ སྐོང་བ་ལྡེབ། ༣ དང་། རྒྱུན་ཁྱེར་ལྡེབ། ༤ བཅས་མངྒ་ལའི་གསུང་། མདོས་ཀྱི་ལས་འགྲིགས་ཟིན་བྲིས་མཁྱེན་བརྩེ་ཉིད་ཀྱི་གསུང་ལྡེབ། ༣ དེའི་ལྷན་ཐབས་ཉེར་མཁོ་གསར་བཀོད་ལྡེབ། ༢ སྒོ་དབྱེ་ལྡེབ། ༡ མཆོག་གླིང་གཏེར་བྱོན་ཟབ་བདུན་མ་མོ་མངོན་རྫོགས་རྒྱལ་པོའི་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ གཏེར་གཞུང་ཆོས་སྐོར་ལྡེབ། ༡༩ ལས་རིམ་ལྷན་ཐབས་འཇམ་མགོན་གསུང་ལྡེབ། ༢ མདོས་ཀྱི་འགྲེས་བྱང་ལྡེབ། ༡ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༧ བོ་དོང་སེང་གདོང་སྙན་བརྒྱུད་ཀྱི་གཞུང་པོད་གཅེས་བཏུས་བཀའ་གཏེར་དག་སྣང་ཉེ་རིང་བརྒྱུད་པ་ཀུན་འདུས་དང་། བཀའ་བཅུའི་སྒྲུབ་ཐབས་རྗེས་གནང་བཅས་པ་ཀུན་གཟིགས་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པ་ལྡེབ། ༨༨ ཁྲོམ་ཤིང་དཔེའུ་རིས་ལྡེབ། ༡ བཅས་བཞུགས།། ༄། གཏེར་མཛོད། གི༽པ་ལ། འཇའ་ཚོན་དཀོན་སྤྱིའི་སེང་གདོང་དབང་བཀའ་རྒྱ་ཅན་ཆགས་མེད་གསུང་ལྡེབ། ༧ ཀློང་གསལ་སེང་ཧ་དམར་མོ་གཏེར་གཞུང་ལྡེབ། ༡༡ ཕྲིན་ལས་དང་སྲུང་ཟློག་གི་ཆོ་ག་ཆོག་ཁྲིགས་ལྡེབ། ༩ དང་། བཀའ་གཏད་ཆོ་ག་ལྡེབ། ༤ བཅས་འཇམ་མགོན་ཆོག་ཁྲིགས། སེང་གདོང་སྒྲུབ་ཐབས་ཆགས་མེད་རིན་པོ་ཆེས་མཛད་པ་ལྡེབ། ༢ ཆགས་མེད་ལུགས་གཏོར་དབང་རྨི་ལམ་མ་ཉིད་ཀྱི་གསུང་ལྡེབ། ༡༣ སྟག་ཤམ་བདུད་འདུལ་དྲག་མོའི་བརྒྱུད་འདེབས་ཉིད་གསུང་ལྡེབ། ༡ ལས་བྱང་བསྡུས་པ་གཏེར་གཞུང་ལྡེབ། ༡༤ བླ་མ་མཁའ་འགྲོའི་གཏོར་འབུལ་ནམ་མཁའི་རྡོ་རྗེའི་གསུང་དང་བཀའ་སྲུང་དམ་ཅན་སྤྱང་ཞོན་གྱི་གཏོར་འབུལ་གཏེར་གཞུང་ལས་ཁོལ་ཕྱུང་བཅས་ལྡེབ། ༥ མ་ཏི་རཏྣ་དང་གཏེར་ཁ་གཉིས་འདུས་ཀྱི་སྲོག་དབང་ཆེན་མོ་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༧ སྲུང་ཟློག་གསད་པའི་རྗེས་གནང་གཏེར་གཞུང་ལྡེབ། ༣ མ་ཏི་དང་གཉིས་འདུས་དོན་དབང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༧ བསྙེན་ཡིག་ལྡེབ། ༧ དང་། ཁྲིད་ཡིག་ལྡེབ། ༧ བཅས་ཆོས་གླིང་གསུང་། རོལ་རྡོར་ཕྱག་རྡོར་དྲེགས་འདུལ་ཡུམ་བཀའ་བྲག་གཏེར་སེང་གདོང་མའི་ལས་བྱང་གཏེར་གཞུང་ལྡེབ། ༡༢ ཐུགས་ཀློང་ཕག་མོའི་བསྐྱེད་རིམ་གཏེར་གཞུང་ལྡེབ། ༣ སྨན་མཆོད་ལྡེབ། ༡ ཚོགས་འཁོར་གཏེར་གཞུང་ལྡེབ། ༤ སྐོང་གསོ་གཏེར་གཞུང་ལྡེབ། ༡ རྒྱུན་ཁྱེར་གཏེར་གཞུང་ལྡེབ། ༡ རྗེས་གནང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༥ མཆོག་གླིང་དག་སྣང་བི་མའི་བླ་སྒྲུབ་ལས་ཕྱུང་པའི་ཡང་གསང་མཁའ་འགྲོའི་གཏོར་ཟློག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༤ ཟློག་པའི་འགྲེས་བྱང་ལྡེབ། ༡ རྣམས་སོ།། ༈ བདུན་པ་འཇིག་རྟེན་མཆོད་བསྟོད་ཀྱི་སྐོར་ལ། གསང་རྫོགས་དྲེགས་པའི་སྡེ་དཔོན་སུམ་ཅུའི་ལས་བྱང་གཏེར་གཞུང་ལས་ཕྱུང་ལྡེབ། ༤ ཉང་གཏེར་དྲེགས་པའི་མཐུ་དབང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༠ རོལ་རྡོར་གཏུམ་པོ་དྲེགས་འདུལ་གྱི་སྔོན་འགྲོ་བླ་མ་ཞི་བ་ནས་ཕྱུང་ལྡེབ། ༡ ཕྱི་སྒྲུབ་གཏེར་གཞུང་ལྡེབ། ༧ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༦ མཆོག་གླིང་ཟབ་བདུན་གསང་བདག་དྲེགས་པ་ཀུན་འདུལ་རྩ་སྒྲུབ་གཏེར་གཞུང་ལྡེབ། ༢ ཕྲིན་ལས་དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༧ མཆོག་གླིང་ཟབ་བདུན་འཇིག་རྟེན་དྲེགས་པ་མཆོད་བསྟོད་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༤ དེའི་ཕྱག་འཚལ་མཆོད་བསྟོད་སོགས་ལས་རིམ་ཟུར་བཀོད་ལྡེབ། ༡ བཀའ་སྲུང་དྲེགས་པའི་མཆོད་བསྟོད་གཏེར་གཞུང་ལྡེབ། ༧ དེའི་འགྲེས་བྱང་།༡ ལྷ་དབང་གཏེར་གཞུང་ལྡེབ། ༢ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༩ རྣམས་སོ།། ༈ བརྒྱད་པ་དམོད་པ་དྲག་སྔགས་ཀྱི་སྐོར་ལ། ཉང་གཏེར་སྲིད་པའི་གཏེར་ཁྱིམ་དྲག་སྔགས་མཐུའི་སྤྱི་སྡོམ་ཆེན་མོ་གཏེར་གཞུང་ལྡེབ། ༤༦ སྡེ་བརྒྱད་སྤྱི་སྒོས་ཀྱི་གསོལ་མཆོད་ཕྲིན་ལས་འབྲི་གུང་ཆོས་གྲགས་གསུང་ལྡེབ། ༦ དང་། རྒྱུན་གསོལ་མདོར་བསྡུས་ལྡེབ།༥ བཅས། དུ་གུ་རིན་ཆེན་སེང་གེའི་གཏེར་མ་དྲག་སྔགས་རྡོ་རྗེ་གཙུག་ལག་གི་རྒྱུད་མཆན་ཅན་ལྡེབ། ༢༡༤ དེའི་ལས་བྱང་དང་ཚོགས་འཁོར་རྒྱུན་གསོལ་བཅས་འབྲི་གུང་ཆོས་གྲགས་མཛད་པ་ལྡེབ། ༢༥ མཆོག་གླིང་ཟབ་བདུན་དྲག་སྔགས་བརྒྱུད་འདེབས་རྒྱལ་དབང་ཐེག་མཆོག་རྡོ་རྗེའི་གསུང་ལྡེབ། ༡ སྟོབས་ལྡན་ནག་པོའི་རྩ་སྒྲུབ་དང་མཆོད་ཕྲེང་སྨན་མཆོད་བསྟོད་པ་བཅས་རིང་སྦྲེལ་གཏེར་གཞུང་དང་རྒྱལ་དབང་ཐེག་མཆོག་རྡོ་རྗེའི་གསུང་ལྡེབ། ༥ ལྷ་དབང་གཏེར་གཞུང་ལྡེབ། ༢ དབང་ཆོག་འཇམ་མགོན་ཁྲིགས་བཀོད་ལྡེབ། ༩ བཅས་བཞུགས།། ༄། གཏེར་མཛོད། ངི༽པ་ལ། ངག་གི་རྡོ་རྗེའི་ཕྱག་རྡོར་དྲག་སྔགས་མའི་ལས་བྱང་གཏེར་གཞུང་ལྡེབ། ༡༡ དེའི་དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༩ ཚེ་སྒྲུབ་འཆི་མེད་བཙན་རྫོང་དབང་ཆོག་བཅས་པའི་གཏེར་གཞུང་ལྡེབ། ༧ ཚེ་དབང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༧ དྲང་སྲོང་དྲི་མེད་ཞི་བའི་གདམས་སྐོར་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ་གྱི་ཡང་གཏེར་སྙན་བརྒྱུད་དག་སྣང་ཀུན་འདུས་རྩ་གཞུང་སྐོར་ལྡེབ། ༡༥ ཉང་གཏེར་ལོཀྟྲིའི་རྩ་རྒྱུད་ལྡེབ། ༨ ཆོས་དབང་གཏེར་བྱོན་ལོཀྟྲི་སྨིན་གླིང་ཡིག་ཆའི་སྐོར་ལས། བརྒྱུད་འདེབས་ལྡེབ། ༡ དང་། ལས་བྱང་ལྡེབ། ༡༡ བཅས་སྨིན་གཏེར་གསུང་དང་ཆོག་ཁྲིགས། ཁྲོ་བོའི་བསྟོད་པ་ལྡེབ། ༡ གཏེར་སྲུང་གཏོར་འབུལ་ལྔ་པའི་གསུང་ལས་ཁོལ་བཏོན་ལྡེབ། ༡ རྒྱུན་ཁྱེར་སྨིན་གཏེར་གསུང་ལྡེབ། ༢ ཆབ་གཏོར་འབྲི་གུང་ཆོས་གྲགས་གསུང་ལྡེབ། ༡ སྲུང་ཟློག་གཏོར་ཟོར་ལ་བརྟེན་པའི་ལས་རིམ་འཇམ་མགོན་ཆོག་ཁྲིགས་ལྡེབ། ༢༣ འགུགས་བྱང་ལྡེབ། ༡ སྲུང་ཟློག་གསད་པའི་མན་ངག་སྨིན་གཏེར་གསུང་ཁྲིགས་ལྡེབ། ༡༨ འགུགས་པ་རྟ་རྨིག་མ་ལྡེབ། ༡ ཐུན་གཏོར་གསུང་རྒྱུན་ལྟར་བཀོད་ལྡེབ། ༡ འབྱུང་བཞིའི་མཐའ་སྡུད་ལས་སྦྱོར་རྒྱལ་སྲས་པད་འགྱུར་ཁྲིགས་བསྡེབས་ལྡེབ། ༦ བསྙེན་ཡིག་འཇམ་མགོན་གསུང་ལྡེབ། ༡༧ རཏ་གླིང་གུར་དྲག་ལས་ཚོགས་ལོཀྟྲི་ཆགས་མེད་གསུང་ལྡེབ། ༣ མཆོག་གླིང་ཟབ་བདུན་དྲང་སྲོང་ལོཀྟྲི་ཞི་དྲག་གི་སྒྲུབ་ཐབས་གཏེར་གཞུང་རྩ་བ་ལྡེབ། ༢ དེའི་ཕྲིན་ལས་དབང་བསྐུར་འཇམ་མགོན་ཆོག་ཁྲིགས་ལྡེབ། ༧ རྣམས་སོ།། ༈ གསུམ་པ་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་སྒྲུབ་པའི་སྐོར་ལ། ཉང་གཏེར་ཁྲོས་མ་ནག་མོའི་ལས་བྱང་དང་ལམ་རིམ་སྨོན་ལམ་སྨིན་ལོའི་ཁྲིགས་དང་གསུང་ལྡེབ། ༢༦ བསྟོད་བསྐུལ་སྟོང་ཉིད་མ་གཏེར་གཞུང་ལས་ཕྱུང་ལྡེབ། ༢ ཆད་བརྟན་རྟ་བྲོ་ལྡེབ། ༡ དང་། རྗེས་ཆོག་ལྡེབ། ༡ བཅས་གསུང་རྒྱུན་ལྟར་བཀོད། ཚོགས་མཆོད་གྲངས་གསོག་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེའི་གསུང་ལྡེབ། ༡ རྒྱུན་ཁྱེར་རྗེ་བཙུན་ཕྲིན་ལས་ཆོས་སྒྲོན་གསུང་ལྡེབ། ༡ གཤིན་ཆོག་གནས་ལུང་རོ་སྲེག་སྨིན་གཏེར་ཆོག་ཁྲིགས་ལྡེབ། ༡༤ བཅོས་མའི་དུར་ཁྲོད་བྱ་ཐབས་འཇམ་མགོན་གསུང་ལྡེབ། ༥ མེ་མཆོད་རྒྱལ་བ་ལྔ་པ་ཆེན་པོའི་ཁྲིགས་ལྡེབ། ༨ བདུད་རྩི་རིལ་བུའི་སྒྲུབ་ཐབས་གཏེར་གཞུང་དང་གསལ་བྱེད་འཇམ་མགོན་གསུང་བཅས་ལྡེབ། ༥ དབང་ཆོག་རྒྱས་པ་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༨ མེ་དབང་དང་གཏུམ་མོའི་དམིགས་ཁྲིད་ལྡེབ། ༨ དང་། རས་འབུད་མགུར་ཚིག་དང་ལག་ལེན་གའུ་ལེ་བཅས་ལྡེབ། ༣ སྐུ་གསུམ་ལམ་ཁྱེར་ཁྲིད་ཡིག་ལྡེབ། ༡༨ བཅས་སྨིན་ལོའི་གསུང་། བསྙེན་ཡིག་རྗེ་བཙུན་ཕྲིན་ལས་ཆོས་སྒྲོན་གསུང་ལྡེབ། ༩ ཆོས་དབང་གཏེར་བྱོན་སྒྲོལ་དཀར་ཚེ་སྒྲུབ་གཏེར་གཞུང་ལྡེབ། ༣ ཆོས་དབང་དྷཱ་ཀི་གཙུག་གི་རྒྱན་གཅིག་མའི་སྒྲུབ་ཐབས་ཕྱི་ནང་གསང་བ་གཏེར་གཞུང་ལྡེབ། ༨ སྒྲུབ་ཐབས་ནག་འགྲོས་སུ་བཀོད་པ་གཏེར་སྟོན་དྲི་མེད་ཆོག་སྒྲིག་ཅན་ལྡེབ། ༡༢ ཡང་དེའི་དབང་ཆོག་གཏེར་སྟོན་དྲི་མེད་གསུང་ཁྲིགས་ལྡེབ། ༨ ཇོ་མོ་སྨན་མོའི་མཁའ་འགྲོ་གསང་བ་ཀུན་འདུས་ཀུན་གཟིགས་མཁྱེན་བརྩེའི་ཡང་གཏེར་ལས། བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༢ སྔོན་གཏོར་རྗེ་ཆོས་ཀྱི་བློ་གྲོས་གསུང་ལྡེབ། ༡ ཕྲིན་ལས་གཏེར་གཞུང་ལྡེབ། ༡༤ དཔའ་བོ་དཔའ་མོའི་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༢ སྨན་མཆོད་འཇམ་མགོན་གསུང་ལྡེབ། ༡ ཛཔ྄་ཁང་དབྱེ་བསྐུལ་ལྡེབ། ༡ དང་། མཆོད་བསྟོད་ནོངས་བྱང་ལྡེབ། ༡ བཅས་གསུང་རྒྱུན་ལྟར་བཀོད་པ། བཀའ་སྲུང་གཏོར་འབུལ་འཇམ་མགོན་རིན་པོ་ཆེས་གཞུང་ལས་ཁོལ་བསྡེབས་ལྡེབ། ༡ མཆོད་སྐོང་གཏེར་གཞུང་ལྡེབ། ༢༡ ཚོགས་འགུགས་གསུང་རྒྱུན་ལྟར་བཀོད་ལྡེབ། ༡ ཚོགས་སྐོང་འགྲེས་བྱང་ལྡེབ། ༡ བྱེ་བྲག་སྐོང་དྲུག་སྐབས་ལས་རིམ་རྒྱས་བསྡུས་འགྲེས་བྱང་གསུང་རྒྱུན་ལྟར་བཀོད་པ་ལྡེབ། ༡ འབྱུང་སྐོང་འགྲེས་བྱང་ལྡེབ། ༡ འབྱུང་སྐོང་གི་ལས་བྱེ་བྲག་པའི་འདོད་གསོལ་རྗེ་བླ་མའི་ཞལ་རྒྱུན་བཞིན་གཏེར་ཆེན་ལས་རབ་གླིང་པས་བཀོད་པ་ལྡེབ། ༢ ཡོངས་རྫོགས་མདོས་སྐོང་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༧ མཁའ་འགྲོའི་སྨྲེ་བཤགས་དྲི་མེད་བཤགས་རྒྱུད་ལས་ཁོལ་བཏོན་ལྡེབ། ༢ ཚོགས་མཆོད་ཉེར་བསྡུས་དང་ཤིན་ཏུ་བསྡུས་པ་ཚན་དང་གཉིས་མཁྱེན་བརྩེའི་དབང་པོ་དང་རྗེ་ཆོས་བློའི་གསུང་ལྡེབ། ༡ བསྟོད་བསྐུལ་ཀུན་དགའ་འབུམ་གཏེར་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས་ཁོལ་ཕྱུང་ལ་རྗེ་ཆོས་བློས་ཞལ་སབ་ཅན་ལྡེབ། ༥ ཆད་ཐོ་རྗེ་ཆོས་བློའི་གསུང་ལྡེབ། ༡ རྗེས་རིམ་མཆོད་བསྟོད་ནོངས་བཤགས་གསུང་རྒྱུན་ལྟར་བཀོད་ལྡེབ། ༡ ལམ་རིམ་སྨོན་ལམ་རྗེ་ཆོས་བློའི་གསུང་ལྡེབ། ༣ བདག་འཇུག་གི་ཆོ་ག་ལྡེབ། ༡༠ དང་། གནས་ལུང་གི་ཆོ་ག་ལྡེབ། ༡༡ ལས་བཞི་མཆོག་ལྔའི་སྦྱིན་སྲེག་གི་ཆོ་ག་ལྡེབ། ༡༨ བཅས་དིལ་མཁྱེན་རིན་པོ་ཆེ་མངྒ་ལས་ཆོག་ཁྲིགས། རིལ་སྒྲུབ་ཕྱག་བྲིས་དངོས་ལས་ཞལ་བཤུས་དང་སྨན་གྱི་རྟོགས་བརྗོད་རྗེ་ཆོས་བློའི་གསུང་བཅས་ལྡེབ། ༡ དབང་དང་སྒྲུབ་ཆེན་སོགས་ཀྱི་ཟུར་འདེབས་འཇམ་མགོན་གསུང་ལྡེབ། ༡༡་་་་སྟ་གོན་དང་ཉམས་ཆག་སྐོང་བའི་དབང་རྣམས་ཡོད། གཏེར་གཞུང་དབང་ཆོག་ལྡེབ། ༡༤ ཟབ་ཁྲིད་གཏེར་གཞུང་ལྡེབ། ༢༥ གཏོར་དབང་གཏེར་གཞུང་ལྡེབ། ༢ ཚེ་སྒྲུབ་ལྡེབ། ༩ དང་། ནོར་སྒྲུབ་ལྡེབ། ༡༠ དབང་སྡུད་ལྡེབ། ༡༠ ཟོར་ལས་ལྡེབ། ༡༦ ཟློག་པའི་འགྲེས་བྱང་ལྡེབ། ༡ རྣམས་གཏེར་གཞུང་། སྔོན་འགྲོ་དང་རིམ་གཉིས་རྒྱུན་གྱི་ཉམས་ལེན་ལྡེབ། ༩ དང་། རྒྱུན་གྱི་ཚོགས་སྐོང་མདོར་བསྡུས་པ་ལྡེབ། ༤ བཅས་འཇམ་མགོན་ཆོག་ཁྲིགས། ཉེ་བསྙེན་ངག་འདོན་མཁྱེན་བརྩེའི་དབང་པོའི་གསུང་འཁྲུལ་མེད་ལྡེབ། ༡ འཕོ་རྫས་སྒྲུབ་ཐབས་ཨ་འཛོམ་གཏེར་ཆེན་འགྲོ་འདུལ་དཔའ་བོ་རྡོ་རྗེའི་གསུང་ལྡེབ། ༡ བཅས་བཞུགས།། ༄། གཏེར་མཛོད། ཅི༽པ་ལ། དང་པོ་གཡག་ཕྱར་སྔོན་མོ་དང་གཉིས་པ་རོང་པ་བདུད་འདུལ་གླིང་པ་སོ་སོས་ལྡབ་གཏེར་དུ་སྦས་པ་སླར་གསུམ་པ་ཀུན་གཟིགས་མཁྱེན་བརྩེའི་དབང་པོའི་ཡང་གཏེར་དུ་བྱོན་པ་སྒྲོལ་མ་འཇིགས་པ་ཀུན་སྐྱོབ་གཏེར་གཞུང་སྐོར་ལྡེབ། ༡༨ ཕྲིན་ལས་དབང་ཆོག་ལྡེབ། ༡༡ དང་། མཆོད་སྦྱིན་མདོས་ཆོག་ལྡེབ། ༢༢ བཅས་འཇམ་མགོན་ཆོག་ཁྲིགས། སངས་གླིང་བླ་མ་དགོངས་འདུས་མཁའ་འགྲོའི་ལས་བྱང་གཏེར་གཞུང་ལྡེབ། ༢༩ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༦ རཏ་གླིང་གཏེར་བྱོན་མཚོ་རྒྱལ་སྐོར་གསུམ་གཏེར་གཞུང་ལྡེབ། ༡༨ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༠ རྒོད་སྡེམ་པས་སྤྱན་དྲངས་ཤིང་སླར་ལྡབ་གཏེར་དུ་སྦས་པ་བསྟན་གཉིས་གླིང་པ་སྤྲུལ་སྐུ་པདྨ་ཚེ་དབང་རྒྱལ་པོའི་ཕག་མོ་ཟབ་རྒྱའི་གཏེར་གཞུང་སྐོར་ལྡེབ། ༨༤ བརྒྱུད་འདེབས་ལྡེབ། ༢ ལས་བྱང་ལྡེབ། ༡༡ དང་། དབང་ཆོག་ལྡེབ། ༩ ཁྲིད་ཡིག་ལྡེབ། ༢༣ བཅས་འཇམ་མགོན་ཁྲིགས་དང་གསུང་། ཨེ་སྤེལ་ལྕོགས་པ་གར་དབང་ལས་འཕྲོ་གླིང་པའི་ཕག་དཀར་ཀུན་གཟིགས་མཁྱེན་བརྩེའི་ཡང་གཏེར་ཡེ་ཤེས་འཁོར་ལོའི་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ གཏེར་གཞུང་ཆོས་སྐོར་ལྡེབ། ༤༣ དབང་བསྐུར་གསལ་བྱེད་འཇམ་མགོན་གསུང་ལྡེབ། ༦ ཞིག་གླིང་སྒྲོལ་དཀར་གཏེར་གཞུང་ལྡེབ། ༣ སྒྲུབ་ཐབས་དང་དབང་ཆོག་རིག་འཛིན་ཚེ་ནོར་ཁྲིགས་དང་བརྒྱུད་འདེབས་མཁའ་ཁྱབ་རྡོ་རྗེའི་དབང་ཟིན་ལས་ཕྱུང་པ་བཅས་ལྡེབ། ༩ བདུད་འདུལ་སྒྲོལ་དཀར་གཏེར་གཞུང་སྐོར་དང་བརྒྱུད་འདེབས་ཉིད་མཛད་བཅས་ལྡེབ། ༡༠ ཚེ་ཡི་དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ།༤ ལྷ་བཙུན་རིག་འཛིན་སྲོག་སྒྲུབ་ཀྱི་ཕག་མོ་དམར་མོའི་ལས་བྱང་གཏེར་གཞུང་ལྡེབ། ༦ གཏུམ་མོའི་དབང་ཆོག་མེ་དབང་བཅས་འཇམ་མགོན་ཆོག་ཁྲིགས་ལྡེབ། ༩ གཏུམ་མོ་བདེ་ཆེན་པདྨའི་གྲུ་གཟིངས་ཀྱི་དབང་ཁྲིད་རྩ་གཞུང་ལྡེབ། ༨ དང་། གཅོད་ཡུལ་དཔའ་བོའི་ཐོལ་གླུ་ལྡེབ། ༢ གཅོད་ཀྱི་དགོངས་འགྲེལ་གསལ་བྱེད་ལྡེབ། ༦ བཅས་ལྷ་བཙུན་ནམ་མཁའ་འཇིགས་མེད་ཉིད་ཀྱི་གསུང་། སྨིན་གླིང་ཐུགས་ཆེན་བདེར་འདུས་ཡུམ་བཀའ་གསང་བ་ཡེ་ཤེས་གཏེར་གཞུང་ཆོས་སྐོར་ལྡེབ། ༡༠ དཀྱིལ་ཆོག་དང་དབང་མེ་མཆོད་བཅས་ཀྱི་ལྷན་ཐབས་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོའི་གསུང་ལྡེབ། ༡༡ རྒྱུན་ཁྱེར་གཏོར་ཚོགས་བཅས་ཡོད་པ་འཇམ་མགོན་རིན་པོ་ཆེས་ཆོག་ཁྲིགས་མཛད་པ་ལྡེབ། ༧ བཅས་བཞུགས།། ༄། གཏེར་མཛོད། ཆི༽པ་ལ། སྟག་ཤམ་མཚོ་རྒྱལ་ལས་བྱང་གཏེར་གཞུང་ལྡེབ། ༡༠ གསང་སྒྲུབ་ཁྲིད་ཡིག་ལས་ཚོགས་བཅས་གཏེར་གཞུང་ལྡེབ། ༡༩ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༥ ཆོས་གླིང་བླ་མ་དྲག་པོའི་ཡུམ་བཀའ་ཁྲོས་ནག་སྒྲུབ་མཆོད་ཆ་ལག་དང་བཅས་པ་ཉིད་ཀྱིས་མཛད་པ་ལྡེབ། ༢༡ རོལ་རྡོར་མཚོ་གཏེར་རྒྱལ་འདུས་ཡུམ་བཀའ་ཕག་མོའི་ལས་བྱང་གཏེར་གཞུང་ལྡེབ། ༡༡ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༦ རྭ་སྟོན་ཐུགས་རྡོར་སྒྲོལ་དཀར་ལས་བྱང་དང་དབང་སྒྲིག་སྦྲེལ་མ་འཇམ་མགོན་གསུང་ལྡེབ། ༡༢ ཀློང་སྙིང་ཡུམ་བཀའ་བདེ་ཆེན་རྒྱལ་མོའི་བརྒྱུད་འདེབས་རྡོ་རྗེ་ཐུགས་མཆོག་རྩལ་གྱི་གསུང་ལྡེབ། ༡ ལས་བྱང་རྩ་སྒྲུབ་གཏེར་གཞུང་ལྡེབ། ༧ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༧ ཀུན་མཁྱེན་པདྨ་འོད་གསལ་མདོ་སྔགས་གླིང་པའི་དགོངས་གཏེར་སྒྲོལ་མའི་རྩ་བ་རྡོ་རྗེའི་ཚིག་རྐང་ལྡེབ། ༤ མཁྱེན་བརྩེའི་དགོངས་གཏེར་འཆི་མེད་འཕགས་མའི་སྙིང་ཐིག་གི་རྩ་དབང་གཏེར་གཞུང་ལྡེབ། ༡༡ ཡང་ཟབ་ཚེ་ཡི་བྱིན་རླབས་གཏེར་གཞུང་ལྡེབ། ༢ ཐུན་མོང་ཚེ་ཡི་རྗེས་གནང་གཏེར་གཞུང་ལྡེབ། ༡ བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ སྔོན་ཆིངས་གསུང་རྒྱུན་ལྟར་བཏུས་ལྡེབ། ༡ ཕྲིན་ལས་གཏེར་གཞུང་ལྡེབ། ༡༠ མཆོད་ཕྲེང་འཇམ་མགོན་རིན་པོ་ཆེས་རྗེའི་གསུང་རྒྱུན་ལྟར་བྲིས་པ་ལྡེབ། ༢ ཚེ་འགུགས་མཆོག་གཏེར་ཡོངས་རྫོགས་འཆི་མེད་སྙིང་ཐིག་ལས་ཕྱུང་པ་ལྡེབ། ༡ སྐོང་བ་རྗེ་ཆོས་བློའི་གསུང་ལྡེབ། ༣ ཚོགས་བསྡུས་གྲངས་གསག་བྱ་ཚུལ་ལྡེབ། ༡ དང་། བདག་འཇུག་གི་ངག་འདོན་ལྡེབ། ༥ བཅས་འཇམ་མགོན་ཆོག་ཁྲིགས། རྒྱུན་ཁྱེར་མཁྱེན་བརྩེ་ཉིད་གསུང་ལྡེབ། ༤ སྦྱིན་སྲེག་རྒྱས་པ་དངོས་དང་ཞི་བར་ཁ་སྒྱུར་ཚུལ་བཅས་འཇམ་མགོན་ཆོག་ཁྲིགས་ལྡེབ། ༥ གཏོར་མ་རྒྱས་འབྲིང་བསྡུས་པ་དང་རྒྱས་པ་མཆོག་གླིང་ཟབ་གཏེར་ཡོངས་རྫོགས་འཆི་མེད་སྙིང་ཐིག་གི་གཏོར་མའི་པྲ་ཁྲིད་ལྟར་གྱི་ཐིག་ཚད་ཀརྨའི་མཁན་ཆེན་སོགས་ཀྱི་ཕྱག་རྒྱུན་ཁུངས་ལྡན་གྱི་དཔེ་རིས་ལྡེབ། ༨ སྒྲུབ་ཁོག་རྗེ་ཆོས་ཀྱི་བློ་གྲོས་ཆོག་ཁྲིགས་ལྡེབ། ༣༠ བྱིན་འབེབ་སྨིན་གཏེར་རིག་འཛིན་ཐུགས་ཐིག་ལས་ཟུར་ཕྱུང་ལྡེབ། ༡ རྩ་བའི་དབང་ཆོག་ལྡེབ། ༢༣ དང་། ཡང་ཟབ་ཚེའི་བྱིན་རླབས་ལྡེབ། ༨ ཐུན་མོང་ཚེའི་རྗེས་གནང་ལྡེབ། ༨ བསྙེན་ཡིག་ལྡེབ། ༨ བཅས་འཇམ་མགོན་ཆོག་ཁྲིགས་དང་གསུང་། མཁྱེན་བརྩེའི་དགོངས་གཏེར་རྒྱུད་སྡེ་བཞི་འབྲེལ་སྒྲོལ་མའི་སྒྲུབ་ཐབས་དང་དོན་དབང་སོགས་རྩ་གཞུང་སྐོར་ལྡེབ། ༤ དེའི་སྒྲུབ་ཐབས་དང་དབང་བསྐུར་ཆོག་ཁྲིགས་མངྒ་ལའི་གསུང་དང་གཏོར་ཆོག་ཚོགས་མཆོད་བཅས་རིང་སྦྲེལ་ལྡེབ། ༢༠ སྨིན་གླིང་ལོ་ཆེན་རིན་པོ་ཆེའི་གསུང་སྒྲོལ་མའི་མཎྜལ་ཆོ་ག་ཇོ་བོ་ལུགས་སླར་མཁྱེན་བརྩེས་བཀླག་ཆོག་ཏུ་བསྡེབས་པ་ལྡེབ། ༦ མཆོག་གླིང་མཁའ་འགྲོ་དགོངས་འདུས་སྙིང་པོ་གཏེར་གཞུང་ལྡེབ། ༥ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༧ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་ཆ་ལག་སྒྲོལ་མ་འཇིགས་པ་ཀུན་སེལ་གཏེར་གཞུང་སྐོར་ལྡེབ། ༡༡ ཕྲིན་དབང་ཆོག་ཁྲིགས་ལྡེབ། ༡༣ དང་། འཁོར་གྱི་ལྷ་བསྐྱེད་ལྡེབ། ༡ མཎྜལ་ཆོ་ག་ལྡེབ། ༡༦ བཅས་མཁྱེན་བརྩེའི་དབང་པོས་མཛད། དེ་ལ་ཉེར་མཁོའི་ལྷན་ཐབས་རིགས་དཀྱུས་བཀོད་ལྡེབ། ༡༡ མཆོག་གླིང་དགོངས་གཏེར་སྒྲོལ་མའི་ཟབ་ཏིག་གཏེར་གཞུང་སྐོར་ལྡེབ། ༡༦ བརྒྱུད་འདེབས་མཁྱེན་བརྩེའི་གསུང་ལྡེབ། ༡ ཕྱི་སྒྲུབ་རིག་གཏད་དང་། ནང་སྒྲུབ་དབང་སྐུར། གསང་སྒྲུབ་བྱིན་རླབས་བཅས་རིང་སྦྲེལ་ཆོག་ཁྲིགས་ལྡེབ། ༣༠ དང་། ལེགས་སོ་གསུམ་གྱི་དོན་ཁྲིད་ལྡེབ། ༣༧ བཅས་འཇམ་མགོན་ཆོག་ཁྲིགས་དང་གསུང་། མཆོག་གླིང་ཟུར་བཟའི་ཐུགས་དམ་མཁའ་འགྲོ་ལྔའི་སྒྲུབ་སྐོར་བརྒྱུད་འདེབས་གཏེར་ཆེན་ཉིད་མཛད་ལྡེབ། ༡ གཏེར་གཞུང་ཆོས་སྐོར་ལྡེབ། ༢༠ དབང་ལྔའི་ཆིངས་འཇམ་མགོན་གསུང་ཁྲིགས་ལྡེབ། ༡༡ མཆོག་གླིང་གདམས་ཟབ་བེ་བུམ་དམར་བྱང་མཁའ་འགྲོ་གསང་བ་ཡེ་ཤེས་གཏེར་གཞུང་སྐོར་ལྡེབ། ༩ ཕྲིན་ལས་དང་དབང་ཆོག་མེ་མཆོད་གྲིབ་སེལ་སུན་ཟློག་བཅས་ཆོག་ཁྲིགས་འཇམ་མགོན་རྗེས་མཛད་པ་ལྡེབ། ༡༥ བཀའ་གཏེར་ཉེ་རིང་གཉིས་འདུས་སྨིན་ལུགས་གཅོད་དབང་ལྡེབ། ༨ དང་། གཅོད་ཡུལ་གཏན་ཐོག་གཅིག་མའི་མན་ངག་ལྡེབ། ༡༠ སྟན་གཅིག་མའི་གདམས་ཁྲིད་དང་ཀེང་རུས་མེ་འབར་དམིགས་གནད་ལྡེབ། ༥ བཅས་སྨིན་གླིང་གཏེར་ཆེན་གསུང་། གཅོད་ཡུལ་གྱི་ཁྲིད་ཡིག་ཟབ་དོན་སྙིང་པོར་དྲིལ་བ་སྨིན་ལོའི་གསུང་ལྡེབ། ༢༥ བཅས་བཞུགས་པ་རྣམས་སོ།། ༄། གཏེར་མཛོད། ཇི༽པ་ལ། ༈ བཞི་པ་ཕྲིན་ལས་སྒྲུབ་པའི་བཀའ་སྡོད་རྒྱལ་བའི་བསྟན་སྲུང་རྡོ་རྗེའི་ཆོས་སྐྱོང་བའི་སྐོར་ལ། མགོན་པོ་ཕོ་རྒྱུད་དང་ལྷ་མོ་སོགས་སྣ་ཚོགས་པ་གཉིས་ལས། དང་པོ་བསྟན་སྲུང་ཀུན་གྱི་གཙོ་བོ་ཡེ་ཤེས་དང་ལས་ཀྱི་མགོན་པོའི་སྐོར་ལ། བཀའ་མ་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་རྒྱས་པ་ལྡེབ། ༢༢ དང་། འབྲིང་པོ་ལྡེབ། ༨ བཅས་སྨིན་གཏེར་གསུང་ཁྲིགས། དབང་ཆོག་གཙང་ཤོད་པ་རྡོ་རྗེ་རྒྱལ་མཚན་གྱི་གསུང་ལྡེབ། ༩ མཆོག་གླིང་ཟབ་བདུན་བཀའ་སྲུང་ལེགས་ལྡན་གཏེར་གཞུང་སྒྲུབ་ཐབས་སོགས་ལྡེབ། ༧ ཕྲིན་ལས་སོགས་གཏེར་གཞུང་ལྡེབ། ༡༨ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༢ དེའི་ལས་མགོན་མ་མགོན་ཞལ་སྦྱོར་སྒྲུབ་ཐབས་སོགས་གཏེར་གཞུང་ལྡེབ། ༧ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༧ ཉང་གཏེར་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་གསང་ཁྲིད་གཏེར་གཞུང་ལྡེབ། ༣ གོང་གནོན་ཡེ་ཤེས་པའི་སྒྲུབ་ཐབས་སྨིན་གཏེར་གསུང་ལྡེབ། ༢ དཔལ་མགོན་བདུད་དཔུང་གཡུལ་ཟློག་གི་གཏེར་གཞུང་ལྡེབ། ༩༦ དེའི་གསལ་བྱེད་ཟིན་བྲིས་སྒྲོན་མེ་སྐོར་གསུམ་སྨིན་ལོས་མཛད་པ་ལས་རྫས་ཐོ་གསལ་བྱེད་སྒྲོན་མེ་ལྡེབ། ༡༤ དང་། བཅའ་གཤོམ་གྱི་ལག་ལེན་བཅའ་ཐབས་སྒྲོན་མེ་ལྡེབ། ༡༩ ཆོ་གའི་ཟུར་འདེབས་དང་ལག་ལེན་གྱི་ཆིངས་སྣང་བྱེད་སྒྲོན་མེ་ལྡེབ། ༢༣ བཅས། སྨིན་གླིང་གཏེར་ཆེན་རིན་པོ་ཆེས་མཛད་པའི་ཉང་གཏེར་ཕྱག་བཞི་པའི་མདོས་ཆོག་ཁམས་གསུམ་ཟིལ་གནོན་ལྡེབ། ༢༤ མཆོག་གླིང་ཟབ་བདུན་ཕྱག་བཞི་པ་གཏེར་གཞུང་སྐོར་ལྡེབ། ༨ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༨ འཁོན་ལུགས་རྙིང་མ་གུར་མགོན་སྲོག་གི་སྤུ་གྲིའི་སྒྲུབ་ཐབས་དབང་བསྐུར་བཅས་འཇམ་མགོན་ཆོག་ཁྲིགས་ལྡེབ། ༧ རྒྱ་སྟོན་པདྨ་དབང་ཕྱུག་གི་གུར་མགོན་གཏེར་གཞུང་སྐོར་ལྡེབ། ༡༢ མཆོག་གླིང་ཐུགས་ཆེན་པདྨ་གར་དབང་བཀའ་སྲུང་ཕྱག་དྲུག་པ་གཏེར་གཞུང་སྐོར་ལྡེབ། ༦ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༣ མཆོག་གླིང་ཆོས་སྐྱོང་ཟབ་མོ་སྐོར་དགུའི་མགོན་པོ་ཕྱག་དྲུག་པའི་ཕྱི་སྒྲུབ་གཏེར་གཞུང་ལྡེབ། ༧ གཏོར་དབང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༥ སྨིན་གཏེར་གསུང་པད་གླིང་དཔལ་མགོན་མ་ནིང་ལས་བྱང་ལས་བཞི་མྱུར་འགྲུབ་ལྡེབ། ༢༣ རཏ་གླིང་ཐུགས་སྒྲུབ་ཡང་འདུས་ཀྱི་བཀའ་སྲུང་མ་ནིང་ལས་བྱང་གཏེར་གཞུང་ལྡེབ། ༧ ཛཔ྄་ཀྱི་དམིགས་བཟླས་གཏེར་གཞུང་ཟུར་བཀོད་ལྡེབ། ༡ སྐོང་གསོལ་ཆེན་མོ་གཏེར་གཞུང་ལྡེབ། ༨ དྲེགས་པའི་གཏོར་དབང་གཏེར་གཞུང་ལྡེབ། ༣ སྲོག་དབང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༧ ཕྲིན་ལས་མགོན་པོ་ཏྲཀྴད་གནུབས་ཆེན་ནས་བརྒྱུད་བཀའ་གཏེར་གཉིས་ལྡན་དྭགས་པོ་ལུགས། པདྨའི་ལུགས་བཀའ་མ་མ་ནིང་མ། དུང་རས་གཏེར་མ་འབྲོང་ཞལ་ཅན། བཀའ་གཏེར་ཟུང་འཇུག་སྤྱིལ་རྒ་རབ་གཏེར་མ་ཤྭ་ནའི་ཞལ་ཅན་ཏེ་ལུགས་བཞིའི་སྒྲུབ་ཐབས་རྗེས་གནང་བཅས་འཇམ་མགོན་རིན་པོ་ཆེས་ཆོག་ཁྲིགས་ལྡེབ། ༡༧ རྣམས་བཞུགས།། ༄། གཏེར་མཛོད། ཉི༽པ་ལ། སྨིན་གཏེར་རིག་འཛིན་ཐུགས་ཐིག་གི་བཀའ་སྲུང་ཞལ་བཞི་པའི་གཏེར་གཞུང་སྐོར་ལྡེབ། ༨ ལས་བྱང་ལྡེབ། ༨ དང་། དྲག་གཏོར་ལྡེབ། ༤ བཅས་སྨིན་གཏེར་ཉིད་ཁྲིགས། གཏོར་དབང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༦ བྱང་གཏེར་བསྟན་སྲུང་ཡོངས་རྫོགས་ཕྲིན་ལས་གཏེར་གཞུང་ལྡེབ། ༤ སྐོང་བཤགས་གཏེར་གཞུང་ལྡེབ། ༧ དབང་ཆོག་རིག་འཛིན་པདྨ་ཕྲིན་ལས་གསུང་ལྡེབ། ༡༢ བཻ་རོ་ནས་བརྒྱུད་པའི་བཀའ་མ་དང་ཆུ་བོ་རྟོགས་ལྡན་གཏེར་མ་ཟུང་འཇུག་ཚོགས་བདག་ཁམས་བྱོན་མའི་ལས་གཞུང་གསང་བ་སྤུ་གྲི་ལྡི་རི་ཆོས་གྲགས་ཀྱི་གསུང་ལྡེབ། ༡༧ ལས་གཞུང་ཆུང་བ་གབ་ཐིག་འཁྲུགས་ཀྱི་མན་ངག་ལྡེབ། ༦ རྗེས་ཆོག་ལྡི་རི་ཆོས་གྲགས་གསུང་ལྡེབ། ༡ སྔགས་བྱང་བཻ་རོས་ལྡིར་ཆོས་ལ་གནང་བ་ལྡེབ། ༢ སྐོང་བ་དང་མངའ་གསོལ་ནམ་མཁའ་རིན་ཆེན་གསུང་དང་གཏེར་གཞུང་ལྡེབ། ༤ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༣ གཏེར་གསར་ཟབ་བདུན་ཕུར་པའི་བཀའ་སྲུང་ཤྭ་ན་ཆེན་པོའི་ཕྲིན་ལས་གཏེར་གཞུང་ལྡེབ། ༧ གཏོར་དབང་འཇམ་མགོན་གསུང་ཁྲིགས་ལྡེབ། ༧ མཆོག་གླིང་སྙིང་པོ་སྐོར་ལྔའི་ཆོས་སྐྱོང་དགོངས་འདུས་སྙིང་པོ་གཏེར་གཞུང་ལྡེབ། ༥ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༥ ཞིག་གླིང་མ་ཧཱ་ཀཱ་ལ་དཔལ་མགོན་བདུན་ཅུའི་ལས་བྱང་གཏེར་གཞུང་ལྡེབ། ༩ སྲོག་དབང་གཏེར་གཞུང་ལྡེབ།༢ རྣམས་སོ།། ༈ གཉིས་པ་ལྷ་མོའི་སྐོར་གཙོ་བོར་གྱུར་པའི་བསྟན་སྲུང་སྣ་ཚོགས་སྐོར་ལ། འདིར་མཚུར་པར་ནང་ཀློང་ཆེན་གསུང་སྡེ་བདུན་གྱི་སྐོང་གསོ་བསྟོད་སྨད་ཀྱི་ལས་ཅན་དངོས་གྲུབ་འབྱུང་གཏེར་ཞེས་པ་ཡོད་པར་གསུངས་ཀྱང་དཔེ་དངོས་ནི་མ་རྙེད།མཆན། ནག་མོ་རལ་གཅིག་མའི་སྙིང་ཐུན་གསང་བའི་རྒྱུད་ལྡེབ། ༧ རཏ་གླིང་རྟ་གསང་གི་སྔགས་སྲུང་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་འཇམ་མགོན་ཆོག་ཁྲིགས་ལྡེབ། ༦ སྨིན་གླིང་གཏེར་ཁ་རྡོར་སེམས་དང་ཨ་ཏིའི་སྔགས་སྲུང་མའི་རྗེས་གནང་རྗེ་ཉིད་ཀྱིས་ཁྲིགས་བཀོད་ལྡེབ། ༤ དེའི་ཕྲིན་ལས་རྒྱས་སྤྲོས་ཉིད་གསུང་ལྡེབ། ༩ བཀའ་མ་སྤྱི་ལུགས་དང་པུ་རང་ཞང་བཙུན་དར་མ་རིན་ཆེན་ཟབ་གཏེར་ཟུང་འབྲེལ་ཀམ་ཚང་ལ་བཀའ་བབས་པ་ལྷ་མོ་རང་བྱུང་རྒྱལ་མོའི་གཞུང་མན་ངག་ཉེར་མཁོ་བཏུས་པའི་བེ་བུམ་གར་དབང་ལྔ་པ་དཀོན་མཆོག་ཡན་ལག་གིས་བསྒྲིགས་པ་ལྡེབ། ༢༥ རིག་འཛིན་ཚེ་ནོར་སྔགས་སྲུང་དྲག་པོ་སུམ་སྒྲིལ་ལས་གཞུང་ལྡེབ། ༤ ཤེར་འོད་གྲོལ་ཏིག་རྡོ་རྗེ་གཤོག་རྒོད་མའི་གསོལ་མཆོད་གཏེར་གཞུང་ལྡེབ། ༡༣ སྲོག་དབང་གཏེར་གཞུང་ལྡེབ། ༥ གནམ་ཆོས་ཨ་ཕྱིའི་གཏེར་གཞུང་ལྡེབ། ༡ ཀུན་མཁྱེན་ཀློང་ཆེན་པའི་མཁའ་འགྲོ་ཡང་ཏིག་གི་རིན་ཆེན་ཤོག་འདྲའི་གཡུ་སྒྲོན་མའི་སྒྲུབ་ཐབས་ཟླ་བ་འདོད་འཇོ་རྩ་གཞུང་ལྡེབ། ༥ ཕྲིན་ལས་སྨིན་གཏེར་གསུང་ལྡེབ། ༦ པད་གླིང་གཡུ་སྒྲོན་མའི་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༣ གནམ་ཆོས་གཡུ་སྒྲོན་མའི་སྐོར་རྩ་གཞུང་གསོལ་ཁ་བཅས་གཏེར་གཞུང་ལྡེབ། ༣ ཆགས་མེད་གསུང་གཡུ་སྒྲོན་མའི་གསོལ་བསྐང་ལྡེབ། ༦ ལས་འབྲེལ་མཁའ་འགྲོ་སྙིང་ཐིག་ཤན་པ་སྲོག་སྒྲུབ་མའི་རྒྱུད་ལྡེབ། ༤ མངོན་རྟོགས་མཆོད་འགྲིགས་སྲོག་དབང་བཅས་ཟུར་མང་སྙན་བརྒྱུད་རྩ་གཞུང་ལྡེབ། ༨ ལས་འབྲེལ་གཟའ་བདུད་སྐོང་གསོལ་ཀློང་ཆེན་གསུང་ཁྲག་མཚོ་འཁྱིལ་བ་ལྡེབ། ༡༣ རཏྣའི་རྟ་གསང་གནོད་སྦྱིན་ཤན་པའི་ཕྲིན་ལས་རྗེས་གནང་དང་བཅས་འཇམ་མགོན་ཆོག་ཁྲིགས་ལྡེབ། ༧ ལྷ་བཙུན་བྱང་འོད་ཟབ་གཏེར་མོན་བུ་པུ་ཏྲ་མིང་སྲིང་གི་སྒྲུབ་ཐབས་ཀ་བཀོལ་མའི་རྩ་གཞུང་ལྡེབ། ༥ དེའི་གཏོར་ཆོག་དང་རྗེས་གནང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༡ ས་སྐྱའི་ཡང་ཕུར་བཀའ་སྲུང་དཀར་བདུད་སྒྲུབ་ཐབས་རྗེས་གནང་དང་བཅས་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༦ སྨིན་གཏེར་གཤིན་རྗེ་དྲེགས་འཇོམས་ཀྱི་ལས་གཤིན་ཕྲིན་ལས་ཉིད་ཀྱིས་ཁྲིགས་བཀོད་ལྡེབ། ༤ སྐོང་བ་མཁན་ཆེན་ཨོ་རྒྱན་བསྟན་རྡོར་གསུང་ལྡེབ། ༡ རྗེས་གནང་སྨིན་གཏེར་ཉིད་ཁྲིགས་ལྡེབ། ༣ དམ་ཅན་མགར་དམར་རཏྣའི་གཏེར་གཞུང་སྐོར་ལྡེབ། ༡༤ ཀུན་སྐྱོང་གླིང་པའི་མགར་ནག་རྒྱུད་གཏེར་གཞུང་ལྡེབ། ༩ ཀམ་ཚང་མ་མགོན་འཁོར་ལྔའི་སྐོར་ལས་འབྱུང་བའི་དམ་ཅན་བེ་བུམ་ཕྱིང་ཁུག་ནག་པོ་ལས་གར་དབང་ལྔ་པ་དཀོན་མཆོག་འབངས་ཀྱིས་གཅེས་བཏུས་མགར་ནག་རྩ་གཞུང་ཚང་བ་ལྡེབ། ༡༣ མགར་ནག་ཕྲིན་ལས་དང་རྗེས་གནང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༡ འགྲོ་འདུལ་ལས་གླིང་གི་དམ་ཅན་སྒྲུབ་སྐོར་གཏེར་གཞུང་ཚང་བ་ལྡེབ། ༣༣ རྗེས་གནང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༤ མཆོག་གླིང་ཐུགས་ཆེན་བཀའ་སྲུང་དམ་ཅན་ལྕམ་དྲལ་སྒྲུབ་ཐབས་དང་ཕྲིན་ལས་གཏེར་གཞུང་ལྡེབ། ༥ བཀའ་གཏད་འཇམ་མགོན་ཆོག་ཁྲིགས་ལྡེབ། ༣ སྤྲུལ་སྐུ་ལེགས་ལྡན་པའི་བདུད་མགོན་སེང་གདོང་རྒྱུད་གཏེར་གཞུང་ལྡེབ། ༧ ཞིང་སྐྱོང་ཀུན་དགའ་གཞོན་ནུའི་བེ་བུམ་དཀོན་མཆོག་འབངས་ཀྱིས་གཅེས་བཏུས་ལྡེབ། ༢༤ བཅས་བཞུགས།། ༄། གཏེར་མཛོད། ཏི༽པ་ལ། བདུད་འདུལ་རྡོ་རྗེའི་ཞིང་སྐྱོང་ཀུན་དགའ་གཞོན་ནུའི་ལས་བྱང་ལྡེབ། ༡༡ དང་། སྔགས་བྱང་ལྡེབ། ༢ བཅས་གཏེར་གཞུང་། རྒྱུན་ཁྱེར་ལམ་བྱང་རིག་འཛིན་ཚེ་ནོར་གསུང་ལྡེབ། ༥ རྗེས་གནང་སྲོག་དབང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༥ ལྷ་བཙུན་དག་སྣང་རིག་འཛིན་སྲོག་སྒྲུབ་ཀྱི་བཀའ་སྲུང་དྲག་པོ་སྡེ་བཞིའི་ལས་བྱང་རྩ་གཞུང་ལྡེབ། ༩ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༡ ཉང་དང་པད་གླིང་སོགས་བཀའ་གཏེར་མན་ངག་ཟབ་བསྡུས་ཞིང་སྐྱོང་དུར་ཁྲོད་མ་མོའི་བེ་བུམ་ལྡེབ། ༣༣ དཔེ་རིས་ལྡེབ། ༣ ལས་བྱང་ལྡེབ། ༡༢ དང་། སྐོང་མདོས་ལྡེབ། ༧ བཅས་སྨིན་གཏེར་གསུང་ཁྲིགས། ཞིང་གླིང་ཤ་ཟ་ཁ་མོ་ཆེའི་གཏེར་གཞུང་སྐོར་ལྡེབ། ༡༨ ཟུར་འདེབས་ཉིད་ཀྱིས་མཛད་པ་ལྡེབ། ༢ སྲོག་གཏད་འཇམ་མགོན་ཆོག་ཁྲིགས་ལྡེབ། ༥ ས་ལུགས་བརྟན་མའི་གསོལ་མཆོད་དང་ཆོག་ཟིན་ས་ཆེན་ངག་དབང་ཀུན་བློའི་གསུང་ལྡེབ། ༧ སྨིན་ལུགས་བརྟན་མའི་གསོལ་མཆོད་རྒྱས་པ་གདན་སའི་གསུང་རྒྱུན་ཅན་ལྡེབ། ༧ གསོལ་བསྡུས་སྨིན་གཏེར་གསུང་ལྡེབ། ༢ ཉང་གཏེར་རྒྱལ་པོ་སྐུ་ལྔའི་གསོལ་ཁ་ཕྲིན་ལས་དོན་བཅུ་མ་གཏེར་གཞུང་ལྡེབ། ༡༡ དེའི་དོན་བསྡུས་ཕྲིན་ལས་རྒྱས་པ་ལྡེབ། ༧ དང་། བསྡུས་པ་ལྡེབ། ༢ བཅས་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུང་། སྐོང་བཤགས་དང་མངའ་གསོལ་གསེར་སྐྱེམས་བཅས་ཚན་སྦྲེལ་རྒྱལ་མཆོག་ལྔ་པའི་གསུང་ལས་བཏུས་པ་ལྡེབ། ༦ མངའ་རིས་པཎ་ཆེན་གཏེར་བྱོན་རིག་འཛིན་ཡོངས་འདུས་ལས་གནོད་སྦྱིན་ཙིའུ་དམར་པོའི་རྒྱུད་དང་མན་ངག་སྐོར་གཏེར་གཞུང་ལྡེབ། ༡༦ སྲོག་གཏད་སྨིན་གླིང་རྒྱལ་སྲས་འགྱུར་མེད་རིན་ཆེན་རྣམ་རྒྱལ་ཆོག་ཁྲིགས་ལྡེབ། ༨ ཕྲིན་ལས་རྒྱས་པ་འཇམ་མགོན་གསུང་ལྡེབ།༡༠ བྱང་གཏེར་གཉན་ཆེན་ཐང་ལྷའི་གཏེར་གཞུང་ཚང་བ་ལྡེབ། ༢༢ སྲོག་གཏད་རྒྱལ་སྲས་འགྱུར་མེད་རིན་ཆེན་རྣམ་རྒྱལ་གསུང་ལྡེབ། ༡༡ སྐོང་གསོལ་རིག་འཛིན་རྒོད་ལྡེམ་གསུང་ལྡེབ། ༣ སྒྲུབ་མཆོད་ཕྲིན་ལས་རྒྱས་སྤྲོས་འཇམ་མགོན་གསུང་ལྡེབ། ༡༣ དེའི་ཟུར་འདེབས་བསང་མཆོད་དང་མངའ་གསོལ་ཆགས་མེད་དང་རིག་འཛིན་ཡོལ་མོ་བའི་གསུང་ལྡེབ། ༣ བདུད་འདུལ་རྡོ་རྗེའི་སྤོམ་རའི་གསོལ་མཆོད་སྐོར་གཏེར་གཞུང་ལྡེབ། ༡༤ གནམ་ཆོས་སྤོམ་རའི་གཏེར་གཞུང་ལྡེབ། ༡ གསོལ་མཆོད་རྒྱས་བསྡུས་ཆགས་མེད་གསུང་ལྡེབ། ༣ མཆོག་གླིང་ཐུགས་སྒྲུབ་བཀའ་སྲུང་བཀྲ་ཤིས་ཚེ་རིང་མའི་གཏེར་གཞུང་སྐོར་ལྡེབ། ༡༦ གཏོར་འབུལ་ལྡེབ།༡ དང་། ཐུན་མོང་གཏོར་དབང་ལྡེབ། ༥ བཅས་འཇམ་མགོན་གསུང་དང་ཁྲིགས། བཀའ་གཏེར་རིགས་བསྡུས་བསྟན་སྐྱོང་གཙོ་བོ་དམ་ཅན་སྡེ་དགུའི་ཕྲིན་ལས་སྨིན་ལུགས་དངོས་གྲུབ་རོལ་མཚོ་ལྡེབ། ༥༠ དང་། རྗེས་འབྲང་ཕྲིན་ལས་བྱེ་བྲག་པ་ལྡེབ། ༡༠ གཏེར་སྲུང་བདུད་མགོན་ཞིང་སྐྱོང་སྐོང་བ་ལྡེབ། ༡ གཏོར་མ་རུ་མཚོན་གཟུང་འཛུག་གི་མན་ངག་ལྡེབ། ༡༢ བཅས་སྨིན་གླིང་གཏེར་ཆེན་གསུང་། མཆོག་གླིང་ཟབ་བདུན་རུ་མཚོན་འབུལ་ཆོག་གཏེར་གཞུང་ལྡེབ། ༢ སྲུང་མ་སྤྱི་འགྲོའི་གྲིབ་སེལ་འདོན་སྒོམ་བཀླག་ཆོག་མ་སྨིན་གླིང་ལོ་ཆེན་གསུང་ལྡེབ། ༣ སྨིན་ལུགས་སྔགས་སྲུང་མའི་མདོས་ཀྱིས་འཁྲུགས་སྐོང་འགྱུར་མེད་པདྨ་དབང་རྒྱལ་གསུང་ཁྲིགས་ལྡེབ། ༧ འཁྲུགས་སྐོང་རྒྱུན་ཁྱེར་ཆགས་མེད་གསུང་ལྡེབ། ༡ རོལ་རྡོར་བྲག་གཏེར་འཁྲུགས་སྐོང་གཏེར་གཞུང་ལྡེབ། ༤ རྣམས་སོ།། ༈ ལྔ་པ་འདིར་རྗེས་འབྲེལ་དགོས་དོན་ཁྱད་པར་ཅན་གྱིས་བཞག་པ་ལ། པད་འབྱུང་རྣམ་ཐར་མཁྱེན་བརྩེའི་དབང་པོས་བོན་ལུགས་ལྟར་བཀོད་པ་ལྡེབ། ༨ རྡོར་གླིང་གཏེར་བྱོན་དྲན་པ་ཡབ་སྲས་བཅུད་དྲིལ་གཏེར་གཞུང་སྐོར་ལྡེབ། ༡༢ དྲིལ་སྒྲུབ་ཁ་ཚར་སྐོར་གཏེར་གཞུང་ལྡེབ། ༨ ཕྲིན་ལས་དང་ཚོགས་མཆོད་དབང་ཆོག་བཅས་གཡུང་དྲུང་བསྟན་རྒྱལ་གསུང་ལྡེབ། ༢༠ བཅས་བཞུགས།། ༄། གཏེར་མཛོད། ཐི༽པ་ལ། ཀུན་གྲོལ་ལས་འཕྲོ་གླིང་པའི་ཟབ་གཏེར་རྩ་རླུང་མཁའ་འགྲོའི་གསང་མཛོད་ཀྱི་སྔོན་འགྲོ་རྗེས་ཀྱི་ཚིག་བཤད་གཏེར་གཞུང་ལྡེབ། ༣ རྩ་རླུང་མཁའ་འགྲོའི་གསང་མཛོད་ཆེན་མོ་ས་བཅད་སོགས་གསུང་ཚན་འགའ་དང་གཏེར་གཞུང་ཆོས་ཚན་གང་བཞུགས་རིང་སྦྲེལ་ལྡེབ། ༧༥ ཀུན་གཟིགས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་རྗེས་དྲན་བཻ་རོའི་ཐུགས་ཐིག་གཏེར་གཞུང་ལྡེབ། ༤ བརྒྱུད་འདེབས་ལྡེབ། ༡ དང་། ཕྲིན་ལས་དང་དབང་ཆོག་ལྡེབ། ༡༣ བཅས་འཇམ་མགོན་གསུང་ཁྲིགས། མཆོག་གླིང་གཏེར་བྱོན་བོན་སྲས་དབང་དྲག་འབར་བ་གཏེར་གཞུང་ལྡེབ། ༢ རྨ་སྤོམ་རའི་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༣ བརྒྱུད་འདེབས་བླ་ཁྲི་རྒྱལ་བ་གཡུང་དྲུང་གསུང་ལྡེབ། ༡ བོན་སྲས་དང་རྨ་རྒྱལ་གཉིས་ཀའི་དབང་གི་ཟུར་འདེབས་འཇམ་མགོན་གསུང་ལྡེབ། ༣ རྣམས་སོ།། ༈ གཉིས་པ་ཡན་ལག་ལས་ཀྱི་ཆོ་ག་ལ་བསྙེན་སྒྲུབ་ཀྱི་ཆོ་ག་སྤྱི་དང་། བྱེ་བྲག་ལས་རབ་འབྱམས་སུ་སྒྲུབ་པ་གཉིས། དང་པོ་བསྙེན་སྒྲུབ་ཀྱི་ཆོ་ག་སྤྱིའི་ཡན་ལག་ཏུ་ཉེ་བར་མཁོ་བའི་སྐོར་ལ། སྨིན་བྱེད། བསྙེན་སྒྲུབ། གཏོར་འབུལ། ཚོགས་སྐོང་། རབ་གནས། གནས་ལུང་། སྦྱིན་སྲེག་དང་བདུན། དང་པོ་ལམ་གྱི་རྩ་བ་སྨིན་བྱེད་དབང་དང་འབྲེལ་བ་ལ། གསར་རྙིང་སྤྱི་འགྲོའི་དབང་བཤད་སྨིན་ལོའི་གསུང་ལྡེབ། ༢༣ གནམ་ཆོས་གཟུངས་དབང་འགྲིགས་བཀོད་ལྡེབ། ༧ དང་། གནམ་ཆོས་བཀའ་སྲུང་སྤྱིའི་བཀའ་གཏད་འགྲིགས་བཀོད་ལྡེབ། ༤ བཅས་ཆགས་མེད་ཆོག་ཁྲིགས། སྤྱི་ལ་འཇུག་པའི་སྐུ་གསུང་ཐུགས་དབང་མཁྱེན་བརྩེའི་གསུང་ལྡེབ། ༣ ཐུན་མོང་སྔོན་འགྲོའི་ཆོས་བཤད་སྨིན་གཏེར་གསུང་ལྡེབ། ༢༥ སྐྱབས་སྡོམ་ཆགས་མེད་གསུང་ལྡེབ། ༥ དབང་གི་མཚམས་སྦྱོར་མདོར་བསྡུས་སྤྱི་འགྲེ་མཁྱེན་བརྩེའི་གསུང་ལྡེབ། ༡༠ དབང་བསྐུར་སྤྱིའི་ལག་ལེན་འཇམ་མགོན་རྡོ་རྗེ་འཆང་རིན་པོ་ཆེའི་གསུང་ལྡེབ། ༢༨ རྣམས་སོ།། ༈ གཉིས་པ་ལམ་གྱི་ངོ་བོ་བསྙེན་སྒྲུབ་སྤྱིར་གཅེས་པའི་སྐོར་ལ། ཉང་གཏེར་ལས་ཚོགས་སྤྱི་ཆིངས་ནོར་བུའི་ཕྲེང་བ་གཏེར་གཞུང་ལྡེབ། ༡༧ ཉང་གཏེར་མན་ངག་གསེར་གྱི་ཐུར་མ་གཏེར་གཞུང་ལྡེབ། ༨ ཀློང་གསལ་རྡོར་སྙིང་བདུད་རྩི་འཁྱིལ་པའི་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༣ གནམ་ཆོས་བདུད་རྩི་འཁྱིལ་པ་གཏེར་གཞུང་ལྡེབ། ༡ སངས་གླིང་བླ་མ་དགོངས་འདུས་བཟླས་བརྗོད་ནུས་པ་སྟོབས་འབྱིན་གཏེར་གཞུང་ལྡེབ། ༩ བསྙེན་སྒྲུབ་སྤྱི་གཅེས་ཡིག་ཆུང་འབྲི་གུང་ཆོས་གྲགས་མཛད་པ་ལྡེབ། ༡༧ བསྐྱེད་རིམ་སྤྱིའི་རྣམ་ངེས་དང་བསྙེན་སྒྲུབ་སྤྱི་གནད་འཇམ་མགོན་རིན་པོ་ཆེས་མཛད་པ་ལྡེབ། ༣༩ རོལ་རྡོར་བྲག་གཏེར་གསང་སྔགས་སྤྱི་ཆིངས་ལས་སྒྲུབ་པ་སྤྱིའི་ཁོག་དབུབ་ལྡེབ། ༧ དང་། སྒྲུབ་པ་དང་ལས་བྱང་སྤྱི་གཅེས་གནད་གདམས་ཁྱད་འཕགས་ལྡེབ། ༧ སྨན་སྒྲུབ་གནད་ཀྱི་ཞལ་གདམས་ལྡེབ། ༢ སྒྲུབ་དང་འབོད་བསྐུལ་གྱི་རྫས་མཆོག་བྱ་ཐབས་ལྔ་འདུས་དྭངས་མ་ལྡེབ། ༧ རྩ་གསུམ་སྤྱིའི་བླ་རྡོ་སྲོག་ཏིག་ལྡེབ། ༧ རྣམས་རོལ་རྡོར་གཏེར་གཞུང་། དམ་རྫས་རཀྟའི་སྒྲུབ་ཚུལ་ལྡེབ། ༩ དང་། སིནྡྷུ་ར་སྒྲུབ་ཚུལ་མན་ངག་ལྡེབ། ༤ བཅས་མཁྱེན་བརྩེའི་གསུང་། སྲུང་མའི་དབང་པོ་རྗེས་འབྲངས་བཅས་ཀྱི་སྲོག་འཁོར་བླ་རྡོའི་མན་ངག་སྨིན་ལུགས་དགེ་སྦྱོང་བློ་གསལ་རྒྱ་མཚོའི་གསུང་ལ་འཇམ་མགོན་རིན་པོ་ཆེས་ཁ་སྐོང་ཅན་ལྡེབ། ༤༠ བསྙེན་སྒྲུབ་དབང་བསྐུར་དཀྱིལ་འཁོར་སྤྱི་ལ་ཉེར་མཁོའི་སྒྲུབ་མཆོད་སྐོང་རྫས་སོགས་ཀྱི་གསལ་བྱེད་འཇམ་མགོན་གསུང་ལྡེབ། ༡༩ ལྷ་བཙུན་དག་སྣང་རིག་འཛིན་སྲོག་སྒྲུབ་ཀྱི་དམ་སྲི་གནན་པ་ལྡེབ། ༤ བདུད་འདུལ་རྡོ་རྗེའི་བྱུར་སྲི་དམ་སྲི་མནན་པ་གཏེར་གཞུང་ལྡེབ། ༦ གནམ་ཆོས་སྟོབས་ཆེན་མ་ཧཱ་བཱ་ལའི་གཏེར་གཞུང་ལྡེབ། ༡ དེའི་ལག་ལེན་ཆགས་མེད་གསུང་ལྡེབ། ༤ དམ་ཅན་དང་ཞིང་སྐྱོང་གཉིས་ཀྱི་སྒབ་འདྲེ་མནན་པ་ཆགས་མེད་གསུང་ལྡེབ། ༡ བཀའ་གཏེར་གཉིས་བཏུས་ནོར་ལྷ་སྤྱིའི་སྒབ་འདྲེ་དང་མཚོན་འཁྲུག་ཕུང་སྲི་རྣམས་མནན་པ་པད་གླིང་དང་མགར་སྟོན་ཕྱག་ལེན་ཅན་ལྡེབ། ༤ རོལ་རྡོར་བྲག་གཏེར་གཏུམ་པོའི་ལས་མཐའ་སྒབ་འདྲེ་མནན་པ་གཏེར་གཞུང་ལྡེབ། ༥ འཛི་སྒར་ཐུགས་རྡོར་དགོངས་གཏེར་སྒབ་འདྲེ་མནན་པ་གཏེར་གཞུང་ལྡེབ། ༡ རཏ་གླིང་ཕུར་པའི་ལས་ཕྲན་ས་དཔྱད་སྐོར་གཏེར་གཞུང་ལྡེབ། ༡༡ རོལ་རྡོར་བྲག་གཏེར་སྒྲུབ་གནས་ས་དཔྱད་གནད་གཟེར་གཏེར་གཞུང་ལྡེབ། ༤ ཆགས་མེད་གསུང་ས་ཆོག་མདོར་བསྡུས་ལྡེབ། ༤ འབྲི་གུང་ཆོས་གྲགས་གསུང་ས་བདག་ལྟོ་འཕྱེ་བརྟག་པ་དང་དེའི་ཆོ་ག་ལྡེབ། ༦ རཏ་གླིང་གཏེར་ཕྲན་དཀྱིལ་འཁོར་འགྲེལ་ཆུང་གསེར་གྱི་ཡང་ཞུན་གཏེར་གཞུང་ལྡེབ། ༤ སྨིན་གླིང་ལོ་ཆེན་གསུང་དཀྱིལ་འཁོར་སྤྱིའི་ཐིག་ཚོན་གྱི་བྱ་བ་རྩ་འགྲེལ་ལྡེབ། ༢༣ སངས་གླིང་དགོངས་འདུས་ཞྭ་ཆོས་རིན་ཆེན་པད་སྤུངས་གཏེར་གཞུང་ལྡེབ། ༥ རཏྣའི་གཏེར་བྱོན་རྟ་གསང་ཆ་ལག་ཞྭ་བཟོ་གཏེར་གཞུང་ལྡེབ། ༣ གནམ་ཆོས་རྩ་གསུམ་སྤྱིའི་ལས་བྱང་ལྡེབ། ༤ ལྷ་མོ་སྤྱིའི་ལས་བྱང་ལྡེབ། ༡ བཅས་གཏེར་གཞུང་། རོལ་རྡོར་རྩ་གསུམ་སྤྱིའི་ལས་བྱང་ཉིད་ཀྱི་གསུང་ལྡེབ། ༤ མཆོག་གླིང་ཟབ་བདུན་སྐོར་གྱི་ཕྲིན་ལས་སྤྱི་འགྲོའི་སྔོན་འགྲོའི་སྤྱི་ཆིངས་ལྡེབ། ༥ དང་། མཇུག་གི་སྤྱི་ཆིངས་ལྡེབ། ༨ བཅས་གཏེར་གཞུང་། སྤྱི་འགྲོ་བཀའ་མའི་མཆོད་པ་བཅུ་གསུམ་འཁོལ་བསྡེབས་ལྡེབ། ༤ རཏ་གླིང་ཐུགས་སྒྲུབ་ཀྱི་རྩ་གསུམ་སྤྱི་འགྲོའི་མཆོད་ཕྲེང་རྒྱས་པ་གཏེར་གཞུང་ལྡེབ། ༥ མཆོད་ཕྲེང་ཉེར་བསྡུས་འཇམ་མགོན་གསུང་ལྡེབ། ༡ བཅས་བཞུགས།། ༄། གཏེར་མཛོད། དི༽པ་ལ། མཆོག་གླིང་ཐུགས་སྒྲུབ་རྣམ་གཉིས་ཀྱི་སྒྲུབ་ཁོག་མྱོང་གྲོལ་རིལ་སྒྲུབ་དང་འབྲེལ་བ་ལྡེབ། ༣༠ དང་། རྩ་གསུམ་ཞི་ཁྲོ་སྤྱིའི་སྒྲུབ་ཆེན་ཁོག་དབུབ་གཅིག་ཤེས་ཀུན་གྲོལ་ལྡེབ། ༢༨ བཅས་འཇམ་མགོན་ཆོག་ཁྲིགས། ཟུར་རྒྱན་ལས་བཞིའི་བྲོ་གཞུང་གསལ་འཁོལ་བསྡེབས་ལྡེབ། ༡ སྔ་འགྱུར་རྡོ་རྗེ་ཐེག་པའི་སྒྲུབ་པ་སྤྱི་ལ་མཁོ་བའི་མན་ངག་གནད་ཀྱི་སྒྲོམ་བུ་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༡༦ གནམ་ཆོས་ཀུན་ཐུབ་རྒྱལ་མོའི་སྒྲུབ་པ་གཏེར་གཞུང་ལྡེབ། ༡ རཏྣའི་ཐུགས་སྒྲུབ་ཡང་འདུས་རིག་འཛིན་བྱིན་འབེབ་གཏེར་གཞུང་ལྡེབ། ༢ ལྷ་བཙུན་སྲོག་སྒྲུབ་དག་སྣང་བྱིན་འབེབ་མེ་ཏོག་ཆར་སིལ་ལྡེབ། ༤ རོལ་རྡོར་བྲག་གཏེར་སྒྲུབ་ལས་སྤྱིའི་བྱིན་འབེབ་གཏེར་གཞུང་ལྡེབ།༧ དིལ་མཁྱེན་རིན་པོ་ཆེ་མངྒ་ལའི་གསུང་གནས་ཆེན་བྱིན་འབེབ་ལྡེབ། ༡༠ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསུང་འཐོར་བུའི་ཆོས་སྤྱོད་ལམ་རིམ་ཆེན་མོ་ལྡེབ། ༥༡ སྨིན་གླིང་ལོ་ཆེན་རིན་པོ་ཆེའི་གསུང་ནང་གི་ཆོས་སྤྱོད་བྱང་ཆེན་སྤྱོད་པའི་སྒྲོན་མེ་ལྡེབ། ༣༧ དང་། ཐུན་དྲུག་སྡོམ་གསུམ་བསླབ་བྱ་སྐྱོང་ཚུལ་ལྡེབ། ༧ བཅས། འཇམ་མགོན་རིན་པོ་ཆེའི་གསུང་ཐུན་མཚམས་ཆོས་སྤྱོད་གསར་རྙིང་གི་གདམས་ངག་དགོས་པ་ཀུན་ཚང་ལྡེབ། ༣༦ དང་། དེའི་ཟུར་རྒྱན་གསེར་འོད་ལས་ཕྱུང་བཤགས་པ་རྒྱས་བསྡུས་ལྡེབ། ༣ བཅས་པ་རྣམས་སོ།། ༈ གསུམ་པ་ཐུན་མཚམས་སུ་བྱ་བ་གཏོར་མའི་ཆོ་ག་ལ། སྨིན་ལུགས་རྩ་གསུམ་དམ་ཅན་སྤྱི་གཏོར་སྨིན་གླིང་གཏེར་ཆེན་རིན་པོ་ཆེས་མཛད་པ་ལྡེབ། ༧ དེའི་སྐོང་གསོ་ཉུང་བསྡུས་རྒྱལ་སྲས་རིན་རྣམ་གསུང་ལ་མཁྱེན་བརྩེའི་དབང་པོས་གསལ་བྱེད་ཅན་ལྡེབ། ༣ གཏོར་མ་ཆ་གསུམ་སྤྱི་འགྲོ་ཉང་གཏེར་བཀའ་བརྒྱད་བདེ་འདུས་ལུགས་སོར་བཞག་སྨིན་གླིང་གཏེར་ཆེན་མཛད་པ་ལྡེབ། ༥ ཆོས་དབང་གཏེར་བྱོན་མ་ནིང་སོགས་རྒྱུན་གསོལ་གསུང་རྒྱུན་མ་ལྡེབ། ༤ བྱང་ལུགས་བཀའ་སྲུང་བསྡུས་མཆོད་གཏེར་གཞུང་ལྡེབ། ༡ རྫོགས་ཆེན་བཀའ་སྲུང་མ་གཟའ་དམ་གསུམ་མཆོད་ཆོག་མངའ་པཎ་རིག་འཛིན་ཡོངས་འདུས་ལས་འཁོལ་ཕྱུང་ལྡེབ། ༡ རཏ་གླིང་དམ་ཅན་སྡེ་བདུན་གསོལ་མཆོད་རཏ་གླིང་རང་གིས་ཆོག་ཁྲིགས་ལྡེབ། ༩ རཏ་གླིང་འདུས་པ་སྐོར་བཞིའི་བཀའ་སྲུང་གསོལ་བསྡུས་ཆགས་མེད་གསུང་ཁྲིགས་ལྡེབ། ༤ རྩ་གསུམ་གཏོར་འབུལ་རྩེ་ལེ་སྣ་ཚོགས་རང་གྲོལ་མཛད་པ་ལྡེབ། ༥ གནམ་ཆོས་རྩ་གསུམ་སྤྱིའི་གཏོར་བསྔོས་དང་སྐོང་བཤགས་སྐོར་གཏེར་གཞུང་ལྡེབ། ༢ ནོར་ལྷ་སྤྱི་གཏོར་ཆགས་མེད་གསུང་ལྡེབ། ༩ གནམ་ཆོས་དཀར་གཏོར་གཏེར་གཞུང་ལྡེབ། ༡ གཏེར་ཆེན་ཀློང་གསལ་ཟབ་གཏེར་སྲུང་མ་སྤྱི་གཏོར་ཛ་སྤྲུལ་ཀུན་བཟང་རྣམ་རྒྱལ་གསུང་ལྡེབ། ༡ ཆགས་མེད་གསུང་ཐུགས་དམ་ནང་གི་གཏོར་བསྔོས་ལྡེབ། ༤ སྟག་ཤམ་ལུགས་ཀྱི་བཀའ་གཏེར་སྲུང་མའི་གཏོར་འབུལ་བསྡུས་པ་ཆོས་གླིང་མཛད་པ་ལྡེབ། ༢ རོལ་རྡོར་བྲག་གཏེར་བཀའ་གཏེར་སྲུང་མའི་གཏོར་འབུལ་ཉིད་ཀྱིས་མཛད་པ་ལྡེབ། ༤ མཆོག་གླིང་ཟབ་བདུན་གཏེར་སྲུང་དྲེགས་པ་སྡེ་ལྔའི་གཏོར་འབུལ་གཏེར་གཞུང་ལྡེབ། ༢ དེའི་ལྷན་ཐབས་ཟླ་སྤྲུལ་གསུང་ལྡེབ། ༡ གཏེར་ཆེན་མཆོག་གླིང་གིས་མཛད་པའི་རྩ་གསུམ་ཆོས་སྐྱོང་གཏོར་བསྔོ་མཁན་རྒྱལ་མཚན་འོད་ཟེར་ཞལ་སྐོང་ཅན་ལྡེབ། ༢ རྩ་གསུམ་ཆོས་སྐྱོང་ནོར་ལྷ་བཅས་ལ་གཏོར་འབུལ་ཁྱེར་བདེ་རིག་འཛིན་དགའ་སྟོན་འཇམ་མགོན་རྡོ་རྗེ་འཆང་གི་གསུང་ལྡེབ། ༥ རྣམས་སོ།། ༈ བཞི་པ་གསང་སྔགས་ཀྱི་ཀུན་ཏུ་སྤྱོད་པ་དང་འབྲེལ་བའི་གཙོ་བོ་ཚོགས་འཁོར་ནི། རྩ་གསུམ་སོ་སོའི་ཕྲིན་ལས་དང་འབྲེལ་བ་ཇི་སྙེད་ཅིག་བཞུགས་པ་ལས། འདིར་སྤྱིར་བཏང་ཤེར་འོད་གྲོལ་ཏིག་རང་ལུས་ཨ་ནུའི་ཚོགས་མཆོད་དང་བཟའ་ཚོགས་ཀློང་ཆེན་པའི་བླ་མ་ཡང་ཏིག་ལས་ཕྱུང་བ་ལྡེབ། ༡ ཚོགས་བརྒྱ་གཏོང་བའི་ལག་ལེན་སྨིན་གླིང་གཏེར་ཆེན་གསུང་ལྡེབ། ༢ རིག་འཛིན་ཚེ་ནོར་གསུང་རྡོར་སེམས་ཚོགས་མཆོད་བདུད་རྩིའི་སྙིང་པོ་ལྡེབ། ༤ སི་ཏུ་པདྨ་ཉིན་བྱེད་གསུང་ཚིགས་བདུན་ཚོགས་མཆོད་ལྡེབ། ༢ རྗེ་བླ་མ་མཁྱེན་བརྩེའི་དག་སྣང་ཚོགས་མཆོད་དང་སྐོང་བཤགས་རྩ་གསུམ་ཚོགས་མཆོད་ཉེར་བསྡུས་བཅས་ལྡེབ། ༢ རྡོར་གླིང་རྩ་གསུམ་སྐོང་བསྡུས་གཏེར་གཞུང་ལྡེབ། ༢ ཚེ་ནོར་གསུང་རྩ་གསུམ་སྤྱི་སྐོང་རིན་ཆེན་འབར་བའི་ཕྲེང་བ་ལ་དཔའ་བོ་གཙུག་ལག་དགའ་བས་ཞལ་སྐོང་ཅན་ལྡེབ། ༧ ལྷོ་བྱང་གཏེར་འདུས་ན་རཀ་དོང་སྤྲུག་བཤགས་སྐོང་དང་གྲུབ་ཐིག་མར་མེའི་སྨོན་ལམ་བཅས་ལྡེབ། ༧ ཉང་གཏེར་ན་རཀ་དོང་སྤྲུག་བཤགས་རྒྱུད་ལྡེབ། ༥ བརྗོད་མེད་དོན་བཤགས་བཤགས་རྒྱུད་ལས་འཁོལ་བཏོན་ལྡེབ། ༢ ཤེར་འོད་གྲོལ་ཏིག་ཆོས་ཉིད་ཀློང་བཤགས་གཏེར་གཞུང་ལྡེབ། ༢ རོལ་རྡོར་བྲག་གཏེར་གསང་སྔགས་སྤྱི་ཆིངས་ཐེམ་མེད་སྐོང་ཆོག་གཏེར་གཞུང་ལྡེབ། ༢༩ དེའི་ཟིན་བྲིས་གཏེར་དབོན་སངས་རྒྱས་གསུང་དང་ཟུར་བརྗོད་ཞལ་གདམས་འཇམ་མགོན་གསུང་བཅས་ལྡེབ། ༦ དྲི་མེད་བཤགས་རྒྱུད་སངས་གླིང་གཏེར་བྱོན་ལྡེབ། ༥༠ རྣམས་སོ།། ༈ ལྔ་པ་གསོན་པོའི་དོན་དུ་རྟེན་གསུམ་རབ་ཏུ་གནས་པ་ལ། སྨིན་ལུགས་རབ་གནས་ཆོ་ག་དགེ་ལེགས་འདོད་འཇོ་ལྡེབ། ༢༩ དང་། ཡོན་བདག་བསྒོ་བའི་གཏོང་ཐུན་ཉེར་མཁོ་ལྡེབ། ༡༢ གཏོང་ཐུན་སྙིང་པོ་ལྡེབ། ༤ རབ་གནས་ལག་ལེན་གསལ་བྱེད་ལྡེབ། ༢༣ བཅས་སྨིན་གླིང་གཏེར་ཆེན་གསུང་། རབ་གནས་ཆོ་ག་སྙིང་པོར་དྲིལ་བ་དགེ་ལེགས་ཆར་འབེབ་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༡༡ བདེ་གཤེགས་སྤྱི་བསྟོད་གལྤོའི་རྒྱུད་ཚིག་ལྡེབ། ༡ རྫས་བརྒྱད་བཀྲ་ཤིས་ལྡེབ། ༢ ཀློང་གསལ་གུར་དྲག་ཡེ་འབར་ཨརྒྷའི་ཆོ་ག་གཏེར་གཞུང་ལྡེབ། ༢ བཅས་བཞུགས་པ་རྣམས་སོ།། ༄། གཏེར་མཛོད། ནི༽པ་ལ། ༈ དྲུག་པ་གཤིན་པོའི་དོན་དུ་གནས་ལུང་དཔྱང་ཐག་གི་མན་ངག་ལ། གཤིན་པོ་རྗེས་འཛིན་ཐར་པའི་མྱུར་ལམ་ལྡེབ། ༦ དང་། བགེགས་སྦྱོང་དང་ཕྱག་འཚལ་སྐབས་ཟུར་བྱང་ལྡེབ་ཤར། ༢ བར་དོའི་ངོ་སྤྲོད་ཆོས་བཤད་ཐོས་གྲོལ་ལྡེབ། ༡༠ བཅས་སྨིན་གཏེར་གསུང་། ཐུགས་ཆེན་སྤྱི་འགྲོའི་གནས་ལུང་མཁྱེན་བརྩེའི་གསུང་ལྡེབ། ༦ ཡི་དམ་སྤྱིའི་བྱང་ཆོག་ཤི་ཤོག་གསོན་ཤོག་ལྡེབ། ༨ དང་། གནམ་ཆོས་གསོན་བྱང་བཞུ་ཐབས་ལྡེབ། ༤ བཅས་ཆགས་མེད་གསུང་། བྱང་གླིང་ཀུན་བཟང་ཐུགས་གཏེར་གྱི་གྲི་ཁྲོལ་དང་སྦུབས་བཤིག་མན་ངག་ལྡེབ། ༤ ལྷོ་བྲག་གྲུབ་ཆེན་སྙན་བརྒྱུད་གྲི་སྲི་གཅོད་པའི་མན་ངག་སྐོར་ལྡེབ། ༥ གྲི་ཁྲོལ་ཆགས་མེད་གསུང་སྤྱི་འགྲོ་ལྡེབ། ༡ གཤིན་པོ་འདྲེར་མི་འོང་བའི་མན་ངག་རྟ་གསང་གཞུང་པོད་ལས་བྱུང་བ་ལྡེབ། ༡ དེའི་ལག་ལེན་ཟུར་བྱང་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༡ མཆོག་གླིང་ཟབ་བདུན་ཕུར་པའི་གྲི་འདུལ་གཏེར་གཞུང་ལྡེབ། ༡༡་་་་འདི་ལ་རྒྱལ་དབང་མཁའ་ཁྱབ་རྡོ་རྗེས་ལག་ལེན་ཞིག་མཛད་ཡོད་པར་གསུངས་ཀྱང་དཔེ་ནི་མ་རྙེད།མཆན། རྣམ་པར་འདྲེན་མཆོག་རྣམས་ཀྱི་སྐུ་གདུང་མཆོད་ཚུལ་ལྡེབ། ༡༥ དང་། དེའི་ལྷན་ཐབས་གཞུང་གསལ་བཞིན་འཁོལ་བསྡེབས་ལྡེབ། ༨ ཕལ་པ་དང་མཆོག་གི་ཕུང་པོ་དང་གདུང་ཆོག་སྲེག་སྦྱོང་སཱཙྪ་སྒྲུབ་གཤེགས་མཆོད་རྟེན་སོགས་ཀྱི་ལག་ལེན་ལྡེབ། ༡༦ བཅས་འཇམ་མགོན་རིན་པོ་ཆེའི་གསུང་། སྨིན་གླིང་རྡོར་སེམས་ཐུགས་སྒྲུབ་ཀྱི་ཆོ་གའི་ཡན་ལག་སཱཙྪ་སྒྲུབ་པ་མཁྱེན་བརྩེའི་དབང་པོས་མཛད་པ་ལྡེབ། ༤ རྣམས་སོ།། ༈ བདུན་པ་ལས་རབ་འབྱམས་མཐར་ཕྱིན་པར་བྱེད་པ་སྦྱིན་སྲེག་ལ། གསང་བ་སྤྱིའི་ཞི་རྒྱས་ཀྱི་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ་སྨིན་གཏེར་གསུང་་་འདི་ལ་དྲག་པོའི་ཁ་སྒྱུར་མཁའ་ཁྱབ་རྡོ་རྗེས་མཛད་ཡོད་པར་གསུངས་ཀྱང་དཔེ་དངོས་ནི་མ་རྙེད།མཆན།ལྡེབ། ༡༡ མེ་མཆོད་རཏྣའི་གཏེར་མ་གཏེར་གཞུང་ལྡེབ། ༡ རྡོར་སེམས་རྫས་གཅིག་སྦྱིན་སྲེག་རྟ་མགྲིན་མགོན་པོའི་གསུང་ལྡེབ། ༡ བསྙེན་སྒྲུབ་རྒྱུན་གྱི་ཁ་སྐོང་ལས་བཞིའི་མེ་མཆོད་རྫས་གཅིག་ལ་བརྟེན་པ་འཇམ་མགོན་གསུང་ལྡེབ། ༥ གནམ་ཆོས་མེ་ལྷའི་བཀའ་གཏད་ཕྱག་ལེན་གྱིས་བརྒྱན་པ་ལྡེབ། ༢ དང་། སྦྱིན་སྲེག་སྤྱིའི་ལག་ལེན་རྣམ་འབྱེད་མདོར་བསྡུས་ལྡེབ། ༢༤ བཅས་འཇམ་མགོན་རིན་པོ་ཆེའི་གསུང་རྣམས་སོ།། ༈ གཉིས་པ་བྱེ་བྲག་ལས་ཀྱི་ཚོགས་རབ་འབྱམས་ལ་མཆོག་དང་ཐུན་མོང་གཉིས། དང་པོ་མཆོག་གི་ཕྲིན་ལས་ལ། ཀུན་མཁྱེན་ཆེན་པོའི་བླ་མ་ཡང་ཏིག་བཏགས་གྲོལ་རྒྱབ་ཡིག་ལ་དབང་བསྐུར་སོགས་དོན་ཚན་བདུན་མ་ཉིད་ཀྱིས་མཛད་པ་ལྡེབ། ༡༥ པདྨ་ལས་འབྲེལ་རྩལ་གྱི་མཁའ་འགྲོ་སྙིང་ཐིག་བཏགས་གྲོལ་རྒྱུད་དྲུག་དང་དེའི་དབང་སོགས་ཀྱི་མན་ངག་ཀློང་ཆེན་གསུང་མཁའ་འགྲོ་ཡང་ཏི་ལས་བྱུང་མན་ངག་རིན་ཆེན་སྙིང་པོ་བཅས་ལྡེབ། ༡༠ སངས་གླིང་བླ་མ་དགོངས་འདུས་རྫོགས་ཆེན་གསེར་ཞུན་གྱི་བཏགས་གྲོལ་དཀར་པོ་ཆིག་ཐུབ་གཏེར་གཞུང་ལྡེབ། ༡༤ དེའི་ཙཀྲ་འབྲི་བའི་ཡིག་ཆུང་གཏེར་གཞུང་ལྡེབ། ༧ དེའི་དབང་དང་བཏགས་གྲོལ་སྤྱིའི་ལག་ལེན་གསལ་བྱེད་དབང་བསྐུར་དང་བཅས་པ་ལྡེབ། ༡༩ དང་། ཕྱག་འཚལ་སྨོན་ལམ་སོགས་ཟུར་འདེབས་གཞུང་གསལ་འཁོལ་བསྡེབས་ལྡེབ། ༤ བཏགས་གྲོལ་གྱི་རྒྱུད་བཀླག་ཐབས་སྤྱི་འགྲོ་ལྡེབ། ༤ བཅས་འཇམ་མགོན་གསུང་། སངས་གླིང་བླ་མ་དགོངས་འདུས་གཞན་དོན་མཐོང་གྲོལ་འཁོར་བ་སུན་འབྱིན་གཏེར་གཞུང་ལྡེབ། ༡༥ དེའི་ཙཀྲ་བྲི་བའི་ཡིག་ཆུང་གཏེར་གཞུང་ལྡེབ། ༥ དེའི་ལག་ལེན་གསལ་བྱེད་འཇམ་མགོན་རྡོ་རྗེ་འཆང་གི་གསུང་ལྡེབ། ༤ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་ལོངས་སྐུའི་རིགས་བདག་རྡོར་སེམས་བཀླག་གྲོལ་དང་། པདྨའི་སྙིང་པོའི་རྒྱུད་བཀླག་ཐབས་བཅས་མཁྱེན་བརྩེའི་དབང་པོའི་གསུང་ལྡེབ། ༧ བླ་མ་ལོངས་སྐུའི་གྲོལ་བ་བཅུ་གཅིག་གི་ལག་ལེན་གསལ་བྱེད་ལྡེབ། ༢༢ དང་། ཐུགས་སྒྲུབ་པད་འབྱུང་ངོ་མཚར་ཆོས་དྲུག་གི་ལག་ལེན་གསལ་བྱེད་ལྡེབ། ༩ དེའི་བར་དོའི་ངོ་སྤྲོད་ཐོས་གྲོལ་ཁོལ་ཕྱུང་ལྡེབ། ༥ བཅས་འཇམ་མགོན་རིན་པོ་ཆེའི་གསུང་ཁྲིགས་རྣམས་སོ།། ༈ གཉིས་པ་ཐུན་མོང་གི་ཕྲིན་ལས་ལ་ལས་སྣ་ཚོགས་པ་དང་། བྱེ་བྲག་སོ་སོར་བསྒྲུབ་པ་གཉིས། དང་པོ་ལ། འཁོར་ལོ་སྔགས་འབུམ། ལེགས་ཉེས་མཚན་བརྟགས། ཕན་གནོད་ཀྱི་ལས། གནས་ཆེན་བྱིན་འབེབ། བསང་གསུར། མདོས་གླུད་དང་དྲུག །དང་པོ་འཁོར་ལོ་ཟ་ཡིག་སྔགས་འབུམ་རྟེན་འབྲེལ་སྐོར་ལ། ཆོས་དབང་གཏེར་བྱོན་བཅས་ཆོག་སྲོག་ཤིང་བརྟན་པའི་ཙཀྲ་གཏེར་གཞུང་དང་འཁོར་ལོའི་བྲི་ཐབས་བཅས་ལྡེབ། ༡༠ བླ་མ་དགོངས་འདུས་སྲུང་འབུམ་རྡོ་རྗེའི་ཕྲེང་བ་གཏེར་གཞུང་ལྡེབ། ༣༢ ཞལ་ཤེས་དང་རབ་གནས་ཀུན་གཟིགས་མཁྱེན་བརྩེའི་གསུང་བཅས་ལྡེབ། ༧ དེའི་བཟླས་པའི་སྔགས་བྱང་ཟུར་བསྡེབས་ལྡེབ། ༡ སྣ་ནམ་འབྲོག་པ་ཐུབ་རྒྱལ་གྱི་གཙུག་ལག་གཏོ་བཅོས་སྲུང་བ་བརྒྱ་རྩ་བརྒྱད་པ་གཏེར་གཞུང་ལྡེབ། ༢༣ འཁོར་ལོའི་ཞལ་ཤེས་ལྡེབ། ༢ བྲམ་ཟེ་སྡོམ་པ་བཟང་པོ་ནས་རིམ་བཞིན་ཟུར་ལ་བཀའ་བབས་པ་མཁའ་འགྲོ་ཕན་བྱེད་རླུང་འཁོར་བཅོ་བརྒྱད་རྙིང་ཕྱོགས་རིག་འཛིན་རྣམས་ཀྱི་ཕྱག་བཞེད་ཅན་ལྡེབ། ༢༡ བྲི་ཐབས་ལྟར་དཔེ་རིས་གསར་བྲིས་ཞེ་ཆེན་པར་གསར་སྐབས་བཀོད་པ་ལྡེབ། ༤ བྲི་ཐབས་དང་ཤིན་ཏུ་མི་མཐུན་པའི་འཁོར་ལོའི་དཔེ་རིས་རྙིང་པ་སོར་བཞག་བྲམ་ཟེ་ཉིད་ཀྱིས་མཛད་པར་གྲགས་པ་ལྡེབ། ༡༤ རྫོགས་ཆེན་ལུགས་ཀུན་ཐུབ་འཁོར་ལོ་མཚན་ཉེར་གཅིག་ཅན་དུ་གྲགས་པ་གུ་རུ་སློབ་དཔོན་ནམ་བོན་སྟོན་གཏེར་མ་ལྡེབ། ༡ སྲུང་འཁོར་སྤྱིའི་རབ་གནས་བྱ་ཚུལ་སྨིན་གཏེར་གསུང་ལྡེབ། ༡ བཟླས་ཆོག་སྔགས་འབུམ་དཀར་པོ་རྡོ་རྗེའི་གོ་ཁྲབ་རྡོར་གླིང་གཏེར་གཞུང་ལྡེབ། ༣ དེའི་ལས་ཚོགས་ཆོས་ཚན་གཏེར་གཞུང་ལྡེབ། ༥ སངས་གླིང་དགོངས་འདུས་སྔགས་འབུམ་དགོས་འབྱུང་གཏེར་གཞུང་ལྡེབ། ༩ ཀློང་གསལ་ཡེ་འབར་སྔགས་འབུམ་གཏེར་གཞུང་ལྡེབ། ༤ གཏེར་ཆེན་རྡོ་རྗེ་གླིང་པ་དྲི་མེད་རྡོ་རྗེའི་ཟ་ཡིག་ནོར་བུའི་བང་མཛོད་གཏེར་གཞུང་དང་ལག་ལེན་བཅས་ལྡེབ། ༨ ཞལ་ཤེས་ལྡེབ། ༢ གཏེར་ཁ་དུ་མ་ལས་བྱུང་བའི་ཕྱོགས་བཅུའི་ཟ་ཡིག་དང་དཔའ་བོ་འབྲུ་ལྔའི་གདམས་པ་ནད་གདོན་ཀུན་ཕན་བཅས་ལྡེབ། ༣ ཡེ་འབར་གོས་སྔོན་ཅན་གྱི་ཟ་ཡིག་གཏེར་གཞུང་ལྡེབ། ༡ ཨོ་རྒྱན་གླིང་པའི་རྟེན་འབྲེལ་མན་ངག་ཡང་སྙིང་འདུས་པ་གཏེར་གཞུང་ལྡེབ། ༡༡ རྣམས་སོ།། ༈ གཉིས་པ་བཟང་ངན་ལེགས་ཉེས་ལྟས་མཚན་བརྟག་པའི་སྐོར་ལ། ཤོ་ཡི་རྒྱལ་སྲས་ལེགས་པ་དང་པད་གླིང་ཟུང་གི་ཟབ་གཏེར་རྡོ་རྗེ་གཡུ་སྒྲོན་མའི་པྲ་དབབ་པའི་མན་ངག་གཞུང་དང་གསལ་བྱེད་བཅས་པའི་སྐོར་དང་དགེ་སྦྱོང་བློ་གསལ་རྒྱ་མཚོའི་གསུང་ལག་ལེན་བཅས་ལྡེབ། ༡༦ ལག་ལེན་གསལ་བྱེད་ཀུན་གསལ་མེ་ལོང་གར་དབང་རྒྱ་མཚོའི་གསུང་ལྡེབ། ༩ ཉང་གཏེར་ཐུགས་ཆེན་མངོན་ཤེས་མཁའ་འགྲོའི་སྒྲུབ་པ་གཏེར་གཞུང་ལྡེབ། ༢ སངས་གླིང་དགོངས་འདུས་མར་མེའི་བརྟག་པ་གཏེར་གཞུང་ལྡེབ། ༥ དང་། རྨི་ལམ་བརྟག་པ་གཏེར་གཞུང་ལྡེབ། ༦ བཅས། ཚེ་ཚད་དང་གར་སྐྱེ་བརྟག་པ་རཏ་གླིང་གཏེར་མ་ཐུགས་གསང་ཆོས་སྐོར་ལྡེབ། ༢ ཆགས་མེད་གསུང་རྨི་ལམ་བརྟག་པ་འཕྲུལ་མེ་ལྡེབ། ༢ ལྷ་བཙུན་དག་སྣང་བརྟག་སྒྲིལ་མན་ངག་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༥ བླ་མ་དགོངས་འདུས་མཁའ་འགྲོ་སྡེ་ལྔའི་མོ་ཡིག་མཁའ་འགྲོ་ལྔ་སྐོར་གཏེར་གཞུང་ལྡེབ། ༢༧ ཆགས་མེད་གསུང་རཏ་ཕུར་གཏེར་སྲུང་བཙན་རྒོད་སྙིང་དྲུང་བཙན་པོའི་མོ་པྲ་སྒྲུབ་པའི་ཟིན་བྲིས་ལྡེབ། ༣ ཐང་རྒྱལ་སྙན་བརྒྱུད་རྟེན་འབྲེལ་ལྷ་མོ་བརྒྱད་རྩིས་གཤོངས་ཆེན་པའི་ཁྱད་ཆོས་དང་མཁའ་འགྲོའི་གླུད་ཆོག་བཅས་ལྡེབ། ༦ རྣམས་བཞུགས་སོ།། ༄། གཏེར་མཛོད། པི༽པ་ལ། གསུམ་པ་ཀུན་ལ་མཁོ་བ་ཕན་གནོད་ཀྱི་ལས་སྣ་ཚོགས་པའི་སྐོར་ལ། བསྟན་གཉིས་གླིང་པའི་ཕྱོགས་བཅུ་མུན་སེལ་གཏེར་གཞུང་ལྡེབ། ༢ ཆགས་མེད་གསུང་གར་འགྲོ་མགོ་ཐོན་གདམས་པ་ལྡེབ། ༨ ལམ་གཏོར་ཆགས་མེད་གསུང་ལྡེབ། ༤ པདྨ་གླིང་པའི་གཏེར་བྱོན་གཤིན་རྗེ་ཁ་ཐུན་དང་མུ་སྟེགས་གུ་ལང་ཕྲ་མེན་ཕག་ཤ་སྟེ་ནག་པོ་སྐོར་གསུམ་སྐོར་གཏེར་གཞུང་ལྡེབ། ༣༡ པད་གླིང་ཉེར་མཁོའི་གཏེར་ཕྲན་མན་ངག་བེ་བུམ་ལས་ཕྲན་ཉེར་དགུ་ཅན་གཏེར་གཞུང་ལྡེབ། ༣༥ གུ་རུ་ཚེ་བརྟན་རྒྱལ་མཚན་གྱི་རྟ་མགྲིན་ལས་བརྒྱ་རྩ་བརྒྱད་པ་གཏེར་གཞུང་ལྡེབ། ༡༣ བདུད་འདུལ་དགོངས་པ་ཡོངས་འདུས་ཀྱི་མན་ངག་སྣ་ཚོགས་གཏེར་གྱི་བུམ་པ་གཏེར་གཞུང་ལྡེབ། ༡༠ ཆོས་གླིང་སྦས་གནས་འགྲིམ་བྱེད་གུ་རུ་ཡིད་ནོར་རྣམ་བཞིའི་སྒྲུབ་སྐོར་གཏེར་གཞུང་ལྡེབ། ༨ ཀློང་གསལ་རྡོར་སྙིང་རྒྱལ་མཚན་རྩེ་མོའི་སྒྲུབ་ཐབས་དབང་བཅས་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༠ རྣམས་སོ།། ༈ བཞི་པ་གནས་ཆེན་བྱིན་འབེབ་དང་འབྲེལ་བའི་སྐོར་ལ། གནས་ཆེན་བྱིན་འབེབ་ཆ་ལག་བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅུ་པ་རྣམ་འཇོམས་བག་ཆགས་སྟོབས་སྦྱོང་གཏེར་གཞུང་ལྡེབ། ༡༧ བྱང་གླིང་ཀུན་བཟང་ཐུགས་གཏེར་རྡོ་རྗེ་ལྟེ་སྐོར་སྒྲོན་མ་ལྔ་པ་བཀའ་ནན་རབ་བརྗིད་གཏེར་གཞུང་ལྡེབ། ༡༠ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་ཆ་ལག་ཁྲུས་ཆོག་ཟླ་བའི་བདུད་རྩི་ལྡེབ། ༨ དང་། ཐུགས་སྒྲུབ་ལྷ་སྲིན་དམ་བསྒྲག་བཀའ་ནན་རབ་བརྗིད་རྡོ་རྗེའི་རི་དབང་ལྡེབ། ༦ བཅས་མཆོག་གླིང་ཉིད་ཁྲིགས། གནས་ཆེན་བྱིན་འབེབ་ཟིན་བྲིས་འཇམ་མགོན་གསུང་ལྡེབ། ༢ གནས་བྱིན་འདོད་གསོལ་ལྡེབ། ༢ དང་། ལྷ་སྲིན་དམ་བསྒྲག་ཉིན་གཅིག་མའི་འདོན་ཟིན་བཅས་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༡ ལྷ་སྲིན་དམ་བསྒྲག་ཟུར་རྒྱན་དིལ་མཁྱེན་རིན་པོ་ཆེའི་གསུང་ལྡེབ། ༡༠ རྣམས་སོ།། ༈ ལྔ་པ་སྣང་སྲིད་ཞི་བདེར་སྒྲུབ་པ་བསང་གསུར་ཕུད་མཆོད་སྐོར་ལ། ཉང་གཏེར་གནམ་ས་སྣང་བརྒྱད་བསང་གཏེར་གཞུང་ལྡེབ། ༡༠ ཀུན་མཁྱེན་ཀློང་ཆེན་པའི་ཕུད་རབས་རྒྱས་པ་ལྡེབ། ༡༩ དེའི་སྔོན་རྗེས་ངག་འདོན་ཉུང་བསྡུས་ལྡེབ། ༣ སྨིན་གླིང་ལོ་ཆེན་དྷརྨ་ཤྲཱིའི་གསུང་ཕུད་སྐོང་གི་ཆོ་ག་འདོད་དགུའི་ཆར་འབེབ་བདུད་རྩིའི་སྤྲིན་ཕུང་ལྡེབ། ༡༦ དེའི་འགྲེས་བྱང་ལྡེབ། ༡ སྡེ་བརྒྱད་ཆ་སྙོམ་དུ་བཅོས་ཐབས་གནུབས་ཆེན་གསུང་ལྡེབ། ༢ གཙུག་ལག་རྩིས་ལས་འབྱུང་བའི་ལྷ་རྣམས་མཆོད་ཐབས་སྨིན་ལོའི་གསུང་ལྡེབ། ༡ ཀློང་ཆེན་པའི་བསང་མཆོད་དང་རྒྱལ་སྲས་ལེགས་པའི་རྒྱགས་བརྔན་ཟུང་བསྡེབས་ལྷོ་གཏེར་བསང་ཆོག་རྒྱགས་བརྔན་བདེ་ལེགས་ཀུན་འབྱུང་གསང་བདག་ཕྲིན་ལས་ལྷུན་གྲུབ་ཆོག་ཁྲིགས་ལྡེབ། ༡༨ ལྷ་བཙུན་དག་སྣང་རི་བོ་བསང་མཆོད་ལྡེབ། ༢ གསང་བའི་བདག་པོས་གནང་བའི་དགྲ་བླའི་དཔངས་བསྟོད་རྒྱལ་བ་ལྔ་པ་ཆེན་པོའི་གསུང་ལྡེབ། ༨ བཀའ་གཏེར་གཉིས་འདུས་མགོན་པོ་དགྲ་བླ་བཅུ་གསུམ་མ་བཅའ་ཐབས་བཅས་ཀརྨའི་སྒར་བསང་ཆེན་མོའི་གསུང་རྒྱུན་ལྟར་མཁའ་ཁྱབ་རྡོ་རྗེས་བསྡེབས་པ་ལྡེབ། ༡༡ བྱང་གཏེར་རྒྱགས་བརྔན་ལྷ་བསང་གཏེར་གཞུང་གསལ་བྱེད་ཅན་དང་ལྔ་པའི་གསུང་གཡང་འགུགས་བཅས་ལྡེབ། ༢༢ སྟག་ཤམ་གཏེར་བྱོན་རྩ་གསུམ་སྤྱིའི་བསང་མཆོད་གཏེར་གཞུང་ལྡེབ། ༡༣ མཆོག་གླིང་གཏེར་མ་ཐུགས་སྒྲུབ་བསང་བརྔན་འདོད་རྒུའི་རྒྱ་མཚོ་གཏེར་གཞུང་ལྡེབ། ༢༢ དེའི་བརྔན་གཏོར་བཅའ་ཐབས་ལྡེབ། ༡ ཐུགས་སྒྲུབ་གཞི་བདག་རྟེན་བཀོལ་གཏེར་གཞུང་ལྡེབ། ༣ དེའི་ལག་ལེན་འཇམ་མགོན་གསུང་ལྡེབ། ༡ རྟེན་བཀོལ་སྟབས་བདེའི་འདོན་ཟིན་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༢ ཆོས་དབང་བླ་མ་གསང་འདུས་ཁུངས་ལ་བརྟེན་པའི་གསུར་མཆོད་འདོད་ཡོན་སྤྲིན་ཕུང་སྨིན་གཏེར་གསུང་ལྡེབ། ༣ དཀར་གསུར་དམར་གསུར་སྨོན་ལམ་བཅས་ལྡེབ། ༢ དང་། གསུར་མཆོད་མདོར་བསྡུས་ལྡེབ། ༡ བཅས་མཆོག་གླིང་གཏེར་ཁ་ལས་བྱུང་བ་རྣམས་སོ།། ༈ དྲུག་པ་འགལ་རྐྱེན་བར་ཆད་སེལ་བ་མདོས་གླུད་ཀྱི་སྐོར་ལ། གནུབས་ལུགས་བརྒྱ་བཞིའི་ཆོ་ག་སྨིན་གཏེར་གསུང་ལྡེབ། ༡༣ སྦྱིན་བསྐྲད་འཛུད་བྱང་ལྡེབ། ༡ བཅས་གཤོམ་དང་འདོན་ཟིན་སྨིན་གླིང་གདན་སའི་རྡོར་འཛིན་དང་བྱང་འདྲེན་པའི་ཞལ་ཁྲིད་ལྟར་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བསྙེལ་བྱང་དུ་བཏབ་པ་ལྡེབ། ༣ ཀླུ་སྒྲུབ་ཀྱིས་མཛད་བཀའ་མ་དང་སངས་རྒྱས་བླ་མའི་གཏེར་མའི་དོན་བསྡུས་སྣང་བརྒྱད་མདོས་ཆགས་མེད་ཆོག་ཁྲིགས་ལྡེབ། ༡༣ ཉང་གཏེར་བརྟན་མདོས་ཆགས་མེད་སྒྲིག་ཆོག་ལྡེབ། ༣༧ དེའི་ཚོགས་སྐོང་ལྡེབ། ༡ འགྲེས་བྱང་སྔ་ཕྱི་ཡོངས་སྡོམ་འཁོལ་བསྡེབས་ལྡེབ། ༢ བརྟན་མའི་སུན་ཟློག་དང་ཟོར་ཟློག་རཏྣའི་ཐུགས་སྒྲུབ་ཡང་འདུས་ལས་ཕྱུང་ལྡེབ། ༣ དེའི་ལག་ལེན་ཟིན་བྲིས་འཇམ་མགོན་གསུང་ལྡེབ། ༥ ཉང་གཏེར་རྒྱལ་པོ་དཀར་པོ་དྲུག་མདོས་གཞུང་དང་བར་འཕྱོང་གཤེགས་གསོལ་སྨད་འཕྱོང་བཅས་གཏེར་གཞུང་ལྡེབ། ༡༨ བཅའ་ཐབས་བསྐྱེད་བསྟིམ་སྟོད་འཕྱོང་བཅས་ཤྭའི་རྒྱལ་སྲས་ལེགས་ལྡན་པས་གཏེར་གྱི་གཞུང་ཚིག་ཉུང་བསྡུས་སུ་བསྡེབས་པ་ལྡེབ། ༡༥ ཉང་གཏེར་རྒྱལ་མདོས་འདོན་ཟིན་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༢ རཀ་ཤག་གཏེར་བྱོན་མདོས་བཅུའི་གསོག་ཡིག་དང་སྟོད་འཕྱོང་མདོས་བཅུ་སོ་སོའི་སྨྲེང་སྨད་འཕྱོང་བཅས་རིང་སྦྲེལ་གཏེར་གཞུང་ལྡེབ། ༡༣ མདོས་བཅུའི་ཕྲིན་ལས་དོན་བསྡེབས་གསལ་བ་གཏེར་གཞུང་ལྡེབ། ༡༤ རཀ་ཤག་དང་གྲྭ་སྒོམ་ཆོས་རྡོར་ཟུང་གི་གཏེར་མ་དཀར་པོ་དྲུག་མདོས་ཁྱེར་བདེ་ཆགས་མེད་ཁྲིགས་བསྡེབས་ལྡེབ། ༧ ཆོས་དབང་གཏེར་མ་འབར་མ་དཀར་ནག་ཁྲ་གསུམ་གྱི་གཞུང་དང་དཀར་མོའི་འཆི་བླུའི་ལག་ལེན་བྱང་བདག་དབང་པོའི་སྡེས་མཛད་པ་ལྡེབ། ༥ དེ་གསུམ་ཀའི་གཏོ་ཆོག་ལག་ལེན་འཇམ་མགོན་ཁྲིགས་བསྡེབས་ལྡེབ། ༨ བཅས་བཞུགས།། ༄། གཏེར་མཛོད། ཕི༽པ་ལ། རཏ་གླིང་ཐུགས་སྒྲུབ་མཁའ་འགྲོ་གླིང་བཞི་སྲིད་པའི་སྤྱི་མདོས་གཏེར་གཞུང་ལྡེབ། ༡༢ དེའི་ཟིན་བྲིས་ཆགས་མེད་གསུང་ལྡེབ། ༣ བོན་པོ་དྲག་རྩལ་གྱི་བཙན་མདོས་བཀླག་ཆོག་མ་ལྡེབ། ༤ ཁྱུང་པོ་དཔལ་དགེའི་གཏེར་མ་མ་མོའི་ཁྲག་མདོས་གཏེར་གཞུང་ལྡེབ། ༥ བྱང་བདག་ཆེན་པོའི་དག་སྣང་གཙུག་ལག་སྣང་སྲིད་སྤྱི་སྐོང་གི་མདོས་ཆོག་ཟིན་བྲིས་དང་བཅས་ལྡེབ། ༡༡ ཀློང་གསལ་བདེ་འདུས་སྲིད་པ་ཁོད་སྙོམ་མདོས་གཏེར་གཞུང་ལྡེབ། ༦ དང་། ཡང་གླིང་བཞི་སྤྱི་མདོས་གཏེར་གཞུང་ལྡེབ། ༨ བཅས། དེའི་ལས་འགྲིགས་བླ་མ་སྦྱིན་པ་རྒྱལ་མཚན་གསུང་ལྡེབ། ༡ ཡེ་འབར་བདུད་མོ་ཁྲག་རལ་མདོས་གཏེར་གཞུང་ལྡེབ། ༤ དེའི་འཕྱོང་ངམ་འདོན་ཟིན་གཏེར་ཆེན་ཉིད་ཀྱི་གསུང་ལྡེབ། ༢ གནམ་ཆོས་རིགས་གསུམ་མགོན་པོའི་དྲིལ་སྒྲུབ་གཏེར་གཞུང་ལྡེབ། ༡ གནམ་ཆོས་ལས་ཧུར་དྲག་མོ་དང་ཀག་ཟློག་རྣམ་དགུའི་གཏེར་གཞུང་ལྡེབ། ༥ ལས་ཧུར་དྲག་མོ་ཀག་ཟློག་རྣམ་དགུ་དང་བཅས་པའི་དབང་བསྐུར་བཀའ་གཏད་འཇམ་མགོན་ཆོག་ཁྲིགས་ལྡེབ། ༥ གནམ་ཆོས་ཀག་ཟློག་རྣམ་དགུའི་ཕྱག་ལེན་ཆགས་མེད་གསུང་ལྡེབ། ༡༣ གནམ་ཆོས་ཧ་ས་གརྦྷའི་སྒྲུབ་ཐབས་བཀའ་གཏད་འཇམ་མགོན་ཆོག་ཁྲིགས་ལྡེབ། ༨ གནམ་ཆོས་བཀའ་སྲུང་ཧ་ས་གརྦྷའི་སྒྲུབ་ཐབས་མདོས་ཆོག་ཟིན་བྲིས་བཅས་ཆགས་མེད་གསུང་ལྡེབ། ༡༠ གནམ་ཆོས་དགོངས་གཏེར་དབང་ཕྱུག་ཟོར་མདོས་བཀའ་གཏད་འཇམ་མགོན་ཆོག་ཁྲིགས་ལྡེབ། ༣ དབང་ཕྱུག་མ་ཡི་ཟོར་མདོས་ཆགས་མེད་ཆོག་ཁྲིགས་ལྡེབ། ༡༣ གནམ་ཆོས་དགོངས་གཏེར་མ་མོའི་ཁྲག་མདོས་བཀའ་གཏད་འཇམ་མགོན་ཆོག་ཁྲིགས་ལྡེབ། ༢ དགོངས་གཏེར་རྡོ་རྗེའི་གསུང་གི་དོན་བཀྲོལ་མ་མོའི་ཁྲག་མདོས་ཆགས་མེད་ཆོག་ཁྲིགས་ལྡེབ། ༢༡ རོལ་རྡོར་བྲག་གཏེར་གཏུམ་པོའི་ལྷ་ཆོག་གཏེར་གཞུང་ལྡེབ། ༣ དང་། ཀླུ་ཆོག་གཏེར་གཞུང་ལྡེབ། ༤ བཅས། མཆོག་གླིང་ཐུགས་སྒྲུབ་སྡེ་བརྒྱད་ཁེངས་མདོས་འཇམ་མགོན་ཆོག་ཁྲིགས་ལྡེབ། ༢༠ གུ་རུ་ཇོ་ཚེའི་གཏེར་མ་ཤ་བརྒྱ་ཟན་བརྒྱའི་གླུད་གཞུང་ལྡེབ། ༦ དེའི་ལག་ལེན་འཇམ་མགོན་གསུང་ལྡེབ། ༢ ལྷ་བཙུན་སྲོག་སྒྲུབ་ཀྱི་ལན་ཆགས་ཆུ་སྒྱུར་གཞུང་དང་མཁྱེན་བརྩེའི་གསུང་ཟིན་བྲིས་བཅས་ལྡེབ། ༥ བསྟན་གཉིས་གླིང་པའི་མི་ཕྱུགས་གླུད་རྫོངས་མནལ་ལམ་མ་ལྡེབ། ༣ སྤྱི་ཁྱབ་གླུད་ཆོག་ཉེར་མཁོ་རྒྱས་བསྡུས་སྨིན་གཏེར་དང་ཆགས་མེད་གསུང་ལྡེབ། ༤ རོལ་རྡོར་གཏུམ་པོའི་ལས་ཕྲན་དམ་སྲི་གླུད་མདོས་གཏེར་གཞུང་ལྡེབ། ༣ རིག་འཛིན་ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་གདོན་གསུམ་མདོས་ལྡེབ། ༣ དང་། གྲིབ་གླུད་བསྡུས་པ་ལྡེབ། ༡ རྟ་གླུད་གཏང་ཐབས་ལྡེབ། ༢ ཕྱུགས་གླུད་གཏང་ཐབས་ལྡེབ། ༡ ཤི་འདྲེ་གླུད་བསྔོ་ལྡེབ། ༡ གཏེར་གཞུང་ཅན་རྣམས་སོ།། ༈ གཉིས་པ་བྱེ་བྲག་ཏུ་ལས་སོ་སོར་སྒྲུབ་པ་ལ། སྲུང་བ། ཞི་བ། རྒྱས་པ། དབང་། དྲག་པོ་དང་ལྔ། དང་པོ་སྲུང་བའི་ལས་ཀྱི་སྐོར་ལ་བར་ཆད་སྤྱི། འབྱུང་བཞིའི་འཇིགས་པ། ཡུལ་འཁོར། སེར་བ། སད། མི་ཕྱུགས་དལ་ཡམས། དུག །ཆོམ་རྐུན། མཚོན་ཆ། བཀའ་བསྒོ། སྤྲིང་ཡིག་དང་བཅུ་གཅིག་ལས། དང་པོ་ནད་གདོན་བར་ཆད་སྤྱིར་སྲུང་བ་ལ། རྒྱ་ཕུར་བུའི་ཟབ་གཏེར་རྭ་སྲུང་དུག་ཁྲག་རྡོ་རྗེའི་གོ་ཁྲབ་་་བུམ་ཐང་མ་རྩ་བ།ལས་ཚོགས་བཅས་གཏེར་གཞུང་ལྡེབ། ༨ རྭ་སྲུང་མན་ངག་་་ལྕགས་སྡོང་མ་རྩ་བ།སྐྱེར་ཆུ་མའི་སྐོར་ལྡེབ། ༦ བུམ་ལྕགས་ཐུན་མོང་རྫས་སྲུང་བུམ་ཐང་གཏེར་མ་དང་རྩ་བརྒྱད་པའི་ཟིན་བྲིས་བཅས་ལྡེབ། ༡༢ ཞལ་གདམས་བདུད་རྩིའི་ཐིགས་པ་བུམ་ལྕགས་དབྱེ་བ་གསལ་བྱེད་ལྡེབ། ༦ དང་། རྭ་སྲུང་བུམ་ལྕགས་ཐུན་མོང་གི་རྗེས་གནང་དབང་བསྐུར་ལྡེབ། ༤ བཅས་བྱང་བདག་གསུང་། རྭ་བན་ཆོས་དཔལ་བཟང་པོ་ནས་སྒྲོལ་མ་བ་ཆོས་རྒྱལ་བར་བརྒྱུད་པའི་རྭ་དོང་སྙན་བརྒྱུད་རྫས་སྲུང་གི་གདམས་པ་ལྡེབ། ༤ གྲྭ་མངོན་གཏེར་མ་འགོ་བའི་ལྷ་ལྔས་སྐྱོབ་པའི་གདམས་པ་གཏེར་གཞུང་ལྡེབ། ༤ དེའི་རང་སྲུང་འགོ་བའི་ལྷ་དང་སྲུང་མས་སྐྱོབ་པའི་འཁོར་ལོའི་དཔེའུ་རིས་ལྡེབ། ༡ རྒྱལ་བ་ལྔ་པ་ཆེན་པོའི་གསུང་ལྷ་ལྔའི་གསོལ་མཆོད་བསོད་ནམས་དཔལ་བསྐྱེད་ལྡེབ། ༥ ཡང་འཇམ་མགོན་རིན་པོ་ཆེའི་གསུང་གསོལ་མཆོད་བསང་བཅས་ཡོད་པ་ཡར་ངོའི་ཟླ་རྒྱས་ལྡེབ། ༨ ཉང་གི་ཟབ་གཏེར་བྱུག་བདུག་འདོགས་གསུམ་རྒྱན་གྱི་འཁོར་ལོ་ལྡེབ། ༣ ཉང་གཏེར་ཤིང་བུ་དྲུག་གི་སྒྲིབ་ཤིང་ཟབ་ཁྱད་ཅན་ལྡེབ། ༡ སྒྲིབ་ཤིང་ཞྭ་སྲུང་ཞང་ཁྲོམ་གཏེར་མ་ཕྱག་ལེན་མ་ལྡེབ། ༡ ཡིག་རྒོད་ཉེར་གཅིག་གི་སྲུང་བ་ཞང་ཁྲོམ་གཏེར་མ་ལྡེབ། ༡ རྫས་སྲུང་ནག་པོ་དགུ་སྦྱོར་ཀླུ་སྒྲུབ་ཀྱིས་རྒྱུད་སྡེ་ནས་བཏུས་པའམ་འགའ་ཞིག་གིས་གནུབས་ཀྱིས་གཤིན་རྗེའི་རྒྱུད་ལས་བཏུས་པར་གསུངས་པ་ལྡེབ། ༢ རྫས་ཆེན་བཅོ་བརྒྱད་སྦྱོར་བ་བཤད་ཁུངས་གཉིས་ལྡན་ལྡེབ། ༡ ཡིག་སྣ་ངན་པ་ཀུན་ཐུབ་དང་ཐོད་ངན་ཀུན་ཐུབ་གནུབས་སྟོན་ཀུན་གྲགས་གཏེར་མ་ལྡེབ། ༡ དཔེ་སྣ་ངན་པ་ཀུན་ཐུབ་ཆགས་མེད་གསུང་ལྡེབ། ༡ སངས་གླིང་དགོངས་འདུས་ཕྱོགས་ངན་སོགས་ཀུན་ཐུབ་དྲུག་གི་སྲུང་བ་ཕན་བྱེད་ལས་ཕྲན་གཏེར་གཞུང་ལྡེབ། ༧་་་་་འདིའི་དཔེ་རིས་ཁུངས་ལྡན་མ་རྙེད།མཆན། སངས་གླིང་དགོངས་འདུས་སྡེ་བརྒྱད་གདོང་གཏད་སྲུང་བ་སོགས་སྐྱོབ་བྱེད་སྲུང་འཁོར་དྲུག་གཏེར་གཞུང་ལྡེབ། ༣་་་་འདི་ཡང་དཔེ་རིས་ཁུངས་ལྡན་མ་རྙེད།མཆན། རཏྣའི་གུར་དྲག་ཉེས་པ་ཀུན་སྲུང་དང་འཛུལ་ཆོག་རྡོར་གོ་བཅས་གཏེར་གཞུང་ལྡེབ། ༥ རཏྣའི་རྟ་གསང་རྟ་ནག་གི་ཡིག་སྣ་དང་ངན་སྔགས་འཁོར་ལོ་ཐོད་པ་རྫས་ངན་ཀུན་ཐུབ་གཏེར་གཞུང་ལྡེབ། ༤ ཀློང་གསལ་ཡེ་འབར་སྡེ་བརྒྱད་སྲུང་བའི་སྐོར་སོགས་ཚན་དགུ་ལ་ལྡེབ། ༡༢ དང་། ལྷ་འདྲེ་སྤྱི་འདུལ་སྲུང་འཁོར་ལྡེབ། ༡ སྡེ་བརྒྱད་གདོང་ཟློག་རྟེན་འབྲེལ་སྤྱི་བཅོས་ལྡེབ། ༢ ཀུན་འདུས་སྲུང་ཟློག་རྫས་སྒྲུབ་ནག་པོ་ལྡེབ། ༢ སྔགས་ཀྱི་ལས་མཇུག་ལྷ་འདྲེ་སྤྱི་ཆིངས་ལྡེབ། ༡ དུས་ཀྱི་རྒྱ་འདྲེ་འགོང་པོའི་སྒྲིབ་ཤིང་དང་དུས་ནད་རྒྱ་འདྲེའི་ཟ་ཡིག་ལྡེབ། ༤ རྡོ་རྗེ་བརྩེགས་པ་སྲུང་བའི་ལས་རིམ་ལྡེབ། ༡ འཇིགས་པ་བརྒྱད་སོགས་སྲུང་བ་ལྡེབ། ༥ གོ་ཆ་ལྷ་ལྔའི་ལས་ཀྱི་ཁ་སྒྱུར་ལྡེབ། ༤ རྣམས་གཏེར་གཞུང་། གནམ་ཆོས་དགོངས་གཏེར་འཇིགས་མེད་རྡོ་རྗེའི་གནོད་ལྔ་སྲུང་བ་གཏེར་གཞུང་ལྡེབ། ༢ གཏེར་ཁ་སྣ་ཚོགས་ལས་བྱུང་བ་གཙོར་གྱུར་སྲུང་བའི་མན་ངག་འཐོར་བུ་སྣ་ཚོགས་ཕྱོགས་བསྡུས་བེ་བུམ་ཕན་བདེའི་གོ་ཆ་ཀུན་གཟིགས་མཁྱེན་བརྩེས་མཛད་པ་ལྡེབ། ༢༦ རྣམས་སོ།། ༈ གཉིས་པ་འབྱུང་བཞིའི་འཇིགས་པ་སྲུང་བའི་སྐོར་ལ། ཀུན་སྐྱོང་གླིང་པ་སོགས་གཏེར་ཁ་མང་བསྡུས་ས་ཆུ་མེ་རླུང་གི་འཇིགས་སྲུང་ཟབ་བསྡུས་འབྲི་གུང་ཆོས་གྲགས་ཀྱིས་མཛད་པ་ལྡེབ། ༥ ཆོས་དབང་གཏེར་མ་སོགས་ཆུ་སྒྱུར་ཟབ་པ་ཤྭ་འོད་སྲུང་བ་ལྡེབ། ༤ འཇིགས་མེད་གླིང་པའི་དག་སྣང་གྲུ་སྲུང་རྩ་གཞུང་ལྡེབ། ༣ མཆོག་གླིང་ཐུགས་སྒྲུབ་འབྱུང་བཞིའི་འཇིགས་སྲུང་འཇམ་མགོན་རིན་པོ་ཆེས་ཁྲིགས་བསྡེབས་ལྡེབ། ༨ རྣམས་སོ།། ༈ གསུམ་པ་ཡུལ་འཁོར་སྲུང་བའི་སྐོར་ལ། གུ་རུ་ཚེ་བརྟན་རྒྱལ་མཚན་གྱི་ཡུལ་སྲུང་དམག་ཟློག་གཏེར་གཞུང་ལག་ལེན་བཅས་པར་ལྡེབ། ༧ གར་དབང་ཞིག་གླིང་དམག་ཟློག་ཉེར་ལྔ་གཏེར་གཞུང་སྤྱི་རུ་ཟློག་ཐབས་ཀྱི་སྡེ་ཚན་དུ་བྱས་པ་ལྡེབ། ༨ དང་། རྒྱལ་ཆེན་བཞིའི་སྒྲུབ་ཐབས་མཆོད་ཕྲིན་དང་ཡུལ་ཁམས་མངའ་འབངས་སུ་གཏད་ཐབས་བཅས་ལྡེབ། ༩ སྒོ་སྲུང་འཕྲང་སྲུང་གཏོར་ཆོག་ལྡེབ། ༥ རྒྱལ་ཆེན་གཙོ་འཁོར་དྲག་བསྐུལ་ལྡེབ། ༡༠ བཅས་གཏེར་གཞུང་། མགོན་པོ་ཡུལ་འཁོར་སྲུང་གི་བསྐང་གསོ་སོག་ཟློག་པའི་དག་སྣང་མར་གྲགས་པ་ལྡེབ། ༡༤ རྒྱལ་ཆེན་དཔལ་མགོན་མདོས་ཆོག་བཅའ་ཐབས་བཅས་གཏེར་གཞུང་ལྡེབ། ༧ རྒྱལ་ཆེན་མཆོད་ཐབས་དང་གཏོར་ཟློག་མདོས་རྣམས་ཀྱི་ལག་ལེན་སྨིན་གླིང་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་ཆོག་ཁྲིགས་ལྡེབ། ༢༡ རྒྱལ་ཆེན་སྡེ་བཞིའི་སྲོག་དབང་ལག་ལེན་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༤ ཀློང་གསལ་རྡོར་སྙིང་ཡུལ་འཁོར་སྲུང་གི་མཆོད་རྟེན་ལས་མཇུག་གཏེར་གཞུང་ལྡེབ། ༨ ངག་རྡོར་གཏུམ་པོའི་དམག་ཟློག་རྒྱལ་ཆེན་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༨ རྣམས་སོ།། ༈ བཞི་པ་སྡེ་བརྒྱད་འཁྲུགས་པའི་ཆོ་འཕྲུལ་སེར་བ་སྲུང་བའི་སྐོར་ལ། ཨ་ཙ་ར་དམར་པོའི་ལུགས་ཀྱི་རྡོ་འཁོར་མྱང་སྟོད་ཡེ་ཤེས་འབར་ལ་གདམ་སྐོར་ལྡེབ། ༨ ཨ་ཙ་ར་དམར་ཆུང་ལུགས་ཀྱི་ཐོག་སེར་སྲུང་ཐབས་ལྡེབ། ༢ བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅུ་དྲུག་པ་སེར་སྲུང་གནམ་ལྕགས་གུར་ཁང་ཕྱི་ནང་གསང་བ་ཡང་གསང་གནད་ཡིག་བཅས་གཏེར་གཞུང་ལྡེབ། ༡༨ སེར་ལམ་གཅོད་པའི་ཙཀྲ་སོགས་དཔེའུ་རིས་ལྡེབ། ༡ དེའི་ལག་ལེན་ཟིན་བྲིས་པད་ཕྲིན་མཛད་པ་ལྡེབ། ༥ བཅས་བཞུགས།། ༄། གཏེར་མཛོད། བི༽པ་ལ། གནམ་ཆོས་ཁྲོ་རྒྱལ་རྡོ་རྗེ་མཆུའི་ལས་བྱང་ལྡེབ། ༩ དང་། སེར་སྲུང་ཟིན་བྲིས་ལྡེབ། ༧ བཅས་ཆགས་མེད་གསུང་། ཐོག་སྲུང་མེ་ཉག་གྲགས་འབྱུང་གཏེར་མ་དཔེ་རིས་བཅས་ལྡེབ། ༡ གཟའ་ཐོག་རྦབ་གསུམ་སྲུང་བ་བ་རི་ལོ་ཙཱའི་ལུགས་དང་རཏ་གཏེར་གཉིས་མཚུངས། ཆོས་དབང་དང་ལས་འཕྲོ་གླིང་གཏེར་སོགས་གཅེས་བསྡུས་ལྡེབ། ༣ ཆར་གཅོད་ཁྲོམ་ལྔ་ཕུ་བརྒྱད་གནུབས་ཀྱི་གོང་ཁུག་མ་ལྡེབ། ༣ རྣམས་སོ།། ༈ ལྔ་པ་ལོ་ཏོག་འཇོམས་བྱེད་སད་སྲུང་བ་ལ། བྱང་གཏེར་ཐུགས་སྒྲུབ་སད་སྲུང་སྤྲིན་གྱི་གོ་ཆ་དང་ནཱ་ག་འབྲུག་སྒྲོག་གཏེར་གཞུང་ལྡེབ། ༧ དེའི་ཆ་ལག་ལོ་གླུད་ཆོ་ག་གཏེར་གཞུང་ལྡེབ། ༡༡ སད་སྲུང་མན་ངག་ཟབ་དགུ་བསྡུས་པ་བྲག་དམར་ཀུན་བཟང་བློ་གྲོས་གསུང་ལྡེབ། ༢༠ རྣམས་སོ།། ༈ དྲུག་པ་མ་མོ་འཁྲུགས་པའི་ཆོ་འཕྲུལ་མི་ཕྱུགས་ཀྱི་ནད་ཡམས་སྲུང་བ་ལ། སྐལ་ལྡན་བྱིས་པའི་གཉན་གག་ལྷོག་གཟེར་སྲུང་བ་གུ་གེ་ཆིག་དྲིལ་མན་ངག་ལག་ལེན་བཅས་ལྡེབ། ༡༢ སྔགས་བྱང་ལྡེབ། ༡ ཉང་གཏེར་རིམས་སྲུང་མཁའ་འགྲོ་དབུ་བཅད་མས་གུ་རུར་འཕུལ་བའི་རིམས་སྲུང་བཛྲ་མ་ཏིའི་གཏེར་བྱོན་རྫོགས་ཆེན་མཁའ་ཀློང་འོད་འཕྲོའི་ཆ་ལག་རིམས་སྲུང་ཟབ་མོ་དང་། དེའི་སྒོམ་བཟླས་རྒྱུན་ཁྱེར། སངས་གླིང་ཡིག་རྒོད་ཉི་ཤུས་རིམས་སྲུང་། ཐང་རྒྱལ་ལ་ཕག་མོས་གནང་བའི་རིམས་སྲུང་། ཀླུ་སྒྲུབ་ལུགས་ནག་པོ་དགུ་སྦྱོར་རྫས་སྔགས་བ་རི་ལུགས་སོགས་བཀའ་གཏེར་གཉིས་ལྡན་རྣམས་ལ་ལྡེབ། ༩ གག་ལྷོག་གཉན་རིམས་སྲུང་བ་ལྷོ་བྱང་གཏེར་ཁ་གཉིས་ལྡན། ཇོ་བོ་ནས་བརྒྱུད་པའི་རིམས་སྲུང་ལག་བླངས་མ། ཇོ་བོའི་འབྲུམ་སྲུང་། ཉང་གཏེར་འབྲུམ་སྲུང་རྡོ་རྗེ་མ། འགོ་ནད་སྲུང་བ་བླ་མ་པདྨའི་གདམས་པ། རིན་ཆེན་ཕུན་ཚོགས་ཀྱི་རིམས་སྲུང་ཟ་ཡིག་སོགས་གཏེར་ཁ་སྣ་ཚོགས་ཀྱི་གག་ལྷོག་གཉན་རིམས་འབྲུམ་པ་དང་འགོ་ནད་སྲུང་བ་ཟབ་བསྡུས་ལྡེབ། ༢ ཁོང་ལྷོག་སྲུང་བ་རྟོག་མེད་མཚོན་འཁོར་པད་གླིང་གཏེར་མ་ཟུར་མཁར་ཆོས་རྗེའི་གསུང་ལྡེབ། ༣ གཟའ་སྲུང་མ་བུ་དགུ་འཁྱམས་རཏྣའི་མཚན་གྱི་གཏེར་མ་དང་ཉི་མ་མདུང་གང་ཆགས་མེད་གསུང་བཅས་ལྡེབ། ༦ བྱང་གཏེར་ཐུགས་སྒྲུབ་མིག་ནད་སྲུང་བ་དང་ཡེ་ཤེས་སྤྱན་གྱི་ཙཀྲ་བཅས་ལྡེབ། ༡ ཁམས་པ་མེ་ཟོར་གྱི་ཕྱུགས་ནད་སྲུང་བའི་ཙཀྲ། གོར་སྲུང་སྤྱི་དོན་བཞི་པ། བྱང་གཏེར་ཐུགས་སྒྲུབ་གོར་ནད་སྲུང་གསོ། ལས་གླིང་གློ་གོར་ཧོན་གསུམ་སྲུང་བ། ཁ་ཚ་སྲུང་བ། རཏྣའི་གཏེར་ཕྲན་ལུག་ནད་སྲུང་གཅོད་བཅས་ཕྱུགས་ནད་སྲུང་གསོ་ཟབ་བསྡུས་ལྡེབ། ༥ ཕྱུགས་ནད་བཅོས་པ་གྲྭ་མངོན་ཕྱག་ལེན་མ་དང་། གོར་སྲུང་ཟབ་ཁྱད་ཅན་དཔེ་རིས་བཅས་ལྡེབ། ༦ ཕྱུགས་སྲུང་སྟག་ཤམ་གཏེར་མ་ཕྱུགས་སྲུང་གོད་གཅོད་ལྡེབ། ༣ དང་། ཕྱུགས་ནད་བཅོས་ཐབས་ཡིག་ཆུང་ལྡེབ། ༦ བཅས། རྟ་ཕྱུགས་རིགས་ལ་ཕན་གདགས་པའི་མན་ངག་ཉེར་མཁོ་ཟབ་བསྡུས་ལྡེབ། ༡༠ ནོར་ལ་གློ་རྩི་བླུད་ཐབས་སོགས་ཕྱུགས་སྲུང་ཉེར་མཁོ་ལྡེབ། ༥ རྣམས་སོ།། ༈ བདུན་པ་བྱེ་བྲག་དུག་ནད་སྲུང་བའི་སྐོར་ལ། བྱང་གཏེར་དུག་དབང་རྡོ་རྗེ་ཕ་ལམ་རྩ་བ་དང་ཕྱག་ལེན་བྱང་བདག་གསུང་བཅས་ལྡེབ། ༦ ལྕང་སྨན་དོན་གྲུབ་དར་གྱི་དུག་སྲུང་རྟ་རི་མ་གཏེར་གཞུང་དང་། རཏྣའི་གུར་དྲག་དུག་སྲུང་ཡིད་ནོར་ཟུང་གི་ཕྱག་ལེན་ཟབ་ཏིག་བྱེ་རིང་ལས་བྱུང་བ་དང་། རོང་སྨན་ཉི་མའི་འོད་ཀྱི་དུག་སྲུང་གཏེར་གཞུང་བཅས་གཏེར་སྟོན་གསུམ་གྱི་གཏེར་མ་དུག་སྲུང་བདུད་རྩི་འཆི་གསོ་ལྡེབ། ༤ དུག་སྲུང་གསེར་གཟུངས་སྙན་བརྒྱུད་མའི་ལོ་རྒྱུས་གདམས་ངག་དྷརྨ་སྭཱ་མིའི་གསུང་། སྒོམ་བཟླས་ཀུན་གཟིགས་མཁྱེན་བརྩེའི་གསུང་བཅས་ལྡེབ། ༦ རྣམས་སོ།། ༈ བརྒྱད་པ་དགྲ་ཇག་ཆོམ་རྐུན་སྲུང་བའི་སྐོར་ལ། བྱ་མང་བརྩོན་འགྲུས་གྲགས་ཀྱི་སྒྲོལ་མའི་དགྲ་ཇག་འཆིང་བ་ར་རུ་མའི་གཞུང་དང་གསལ་བྱེད་ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་ཀྱི་གསུང་བཅས་ལྡེབ། ༦ ཡང་དེའི་ལག་ལེན་མན་ངག་དམར་ཁྲིད་ལྡེབ། ༧ བྱང་གཏེར་ཐུགས་སྒྲུབ་བལ་མོའི་ཇག་ཆིངས་ཆ་ལག་སྒྲིབ་ཤིང་བཅས་ལྡེབ། ༧ རྐུན་ཆིངས་ཚེ་རིང་མས་མི་ལ་ལ་ཕུལ་བ། དམ་ཅན་དགྲ་ཆིངས་ནམ་སྙིང་གིས་པདྨར་ཕུལ་བ། ཡང་ཕྱག་ལེན་འདྲ་མིན་ཅན། ལྷ་བཙུན་ཇག་ཆིངས། རཏྣའི་རྟ་གསང་ཇག་ཆིངས་དང་། གནོད་བྱེད་སྐྲོད་པ་གཏེར་གཞུང་། བཀའ་མའི་ཐུབ་ནག །རཏྣའི་གུར་དྲག་དང་། གནམ་ཆོས་ཇག་ཆིངས་གཏེར་གཞུང་བཅས་རྐུན་ཆིངས་དགྲ་ཆིངས་ཟབ་བསྡུས་ལྡེབ། ༥ གནམ་ཆོས་དགོངས་གཏེར་འོད་ཟེར་ཅན་མའི་དབང་ཆགས་མེད་གསུང་ལྡེབ། ༦ ཆགས་མེད་ཀྱིས་མཛད་པའི་དགྲ་རྐུན་ཇག་ཆིངས་འཁོར་ལོ་ལྡེབ། ༤ རྣམས་སོ།། ༈ དགུ་པ་མཚོན་སྲུང་གི་སྐོར་ལ། ཚེ་བརྟན་རྒྱལ་མཚན་ཟབ་གཏེར་མཚོན་སྲུང་འཁོར་ལོ་རྡོ་རྗེའི་གོ་ཁྲབ་གཏེར་གཞུང་ལྡེབ། ༡༠ བྱང་གཏེར་ཐུགས་སྒྲུབ་གོ་ཆ་བརྒྱད་ཀྱི་མན་ངག་སྐོར་གཏེར་གཞུང་ལྡེབ། ༦ རཏ་གླིང་གུར་དྲག་མཚོན་སྲུང་རྡོ་རྗེའི་གོ་ཆ་གཏེར་གཞུང་དང་ལག་ལེན་མཁྱེན་བརྩེའི་གསུང་ལྡེབ། ༤ མཚོན་སྲུང་དར་མདུད་མ། སྒོམ་བཟླས་རལ་གྲི་མ། བྱང་གླིང་སྔགས་རྒོད། རྒྱ་ཟི་ནག་པོའི་མཚོན་སྲུང་ལུགས་གཉིས་བཅས་མཚོན་སྲུང་ཟབ་བསྡུས་ལྡེབ། ༣ རྣམས་སོ།། ༈ བཅུ་པ་བདེན་ཚིག་བཀའ་བསྒོའི་སྲུང་བ་ལ། སྨིན་གཏེར་གསུང་དྲག་དམར་བཀའ་བསྒོ་རྡོ་རྗེ་འབར་བའི་གཟི་བྱིན་ལྡེབ། ༣ ཆགས་མེད་གསུང་བཀའ་བསྒོ་བྱིན་རླབས་ལྡེབ། ༤ མཆོག་གླིང་ཐུགས་སྒྲུབ་གྲོ་ལོད་བཀའ་བསྒོ་འཇམ་མགོན་གསུང་ལྡེབ། ༤ རྣམས་སོ།། ༈ བཅུ་གཅིག་པ་དམོད་ཚིག་སྤྲིང་ཡིག་གིས་སྲུང་བ་ལ། རཏྣའི་གུར་དྲག་སྤྲིང་ཡིག་ཕྱག་རྟགས་རྡོ་རྗེའི་རྒྱ་ཅན་གཏེར་གཞུང་ལྡེབ། ༣ ཀློང་གསལ་སྙིང་པོའི་སྤྲིང་ཡིག་གཏེར་གཞུང་ལྡེབ། ༡ རྣམས་སོ།། ༈ གཉིས་པ་ཞི་བའི་ལས་ཀྱི་སྐོར་ལ། བར་ཆད་སྤྱི། ནད། གདོན། གྲིབ། བྱད་ཕུར། སྣོད་བཅུད། སྡིག་སྒྲིབ་ཞི་བ་དང་བདུན། དང་པོ་བགེགས་དང་བར་གཅོད་ནད་གདོན་སྤྱིར་ཞི་བ་ལ། བ་མཁལ་སྨུག་པོའི་གཏེར་མ་གསོལ་འདེབས་བར་ཆད་ལམ་སེལ་གཏེར་གཞུང་ལྡེབ། ༤ མང་ལམ་བཟང་པོ་གྲགས་པའི་སྲི་ཟློག་འཁོར་ལོ་འབར་བ་གཏེར་གཞུང་། བཅས་བཤམ་འདོན་སྒོམ་ཟིན་བྲིས་དང་། ངག་འདོན་པད་ཕྲིན་གསུང་། བཅས་བཤམ་ངག་འདོན་བཀླག་ཆོག་མ་དང་། ཞར་བྱུང་དམིགས་རིམ་གསལ་བྱེད། ཙཀྲ་བཅའ་ཚུལ་བཅས་ཀུན་གཟིགས་མཁྱེན་བརྩེའི་གསུང་རྣམས་ལ་ལྡེབ། ༡༥ ལྷ་བཙུན་དག་སྣང་གསོལ་འདེབས་དུས་མིན་འཆི་ཟློག་དང་དེའི་ཁ་སྐོང་ཀུན་མཁྱེན་བླ་མ་པདྨ་གར་དབང་རྩལ་གྱི་གསུང་སྲུང་འཁོར་གནམ་ལྕགས་རྡོ་རྗེའི་ཐོག་ཆེན་བཅས་རིང་སྦྲེལ་ལྡེབ། ༩ ཆོས་གླིང་གཏེར་ཕྲན་ཆོས་བདག་བར་ཆད་སེལ་བའི་ཆོས་བཀའ་བཞི་ལས་རྣམ་འཇོམས་དཀར་པོ་ལྡེབ། ༣ དང་། དུག་སེལ་མ་ལྗང་ཁུའི་སྐོར་ལྡེབ། ༧ ཕུར་པ་ལྡེབ། ༣ འཇམ་དཔལ་ནག་པོ་ལྡེབ། ༣ བཅས་གཏེར་གཞུང་། དེ་རྣམས་ཀྱི་རྒྱུན་གྱི་རྣལ་འབྱོར་མཐར་ཆགས་སུ་བཀོད་པ་ལྡེབ། ༧ དེའི་རྣམ་འཇོམས་དཀར་པོའི་སྒྲུབ་ཐབས་བུམ་ཆོག་བཀྲུ་བྱབ་སྲུང་བ་ལྡེབ། ༨ བཅས་ཆོས་གླིང་ཉིད་ཀྱི་གསུང་། མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྲི་འདུལ་རཀྴ་ཐོད་ཕྲེང་སྒྲུབ་ཐབས་ཉིད་ཀྱི་ཆོག་ཁྲིགས་ལྡེབ། ༦ བརྒྱུད་འདེབས་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༡ ལས་བྱང་དང་དབང་ཆོག་བཅས་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༣ སྐོང་བ་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༡ སྲུང་ཟློག་ལས་རིམ་ཆོག་ཁྲིགས་འཇམ་མགོན་རིན་པོ་ཆེས་མཛད་པ་ལྡེབ། ༡༥ ཟློག་པའི་ཕྲིན་བཅོལ་རྒྱས་པ་ཐུན་སྔགས་བཅས་ལྡེབ། ༢ རྒྱལ་དབྱངས་མངྒ་ལའི་གསུང་ལྡེབ། ༢ ཙཀྲ་བཅུ་གསུམ་བཀྲ་ཤིས་ཀརྨའི་མཁན་ཆེན་གསུང་ལྡེབ། ༡ མཆོག་གླིང་ཐུགས་སྒྲུབ་མི་གཡོ་བའི་སྒྲུབ་ཐབས་བདུད་བཞི་ཟིལ་གནོན་གཏེར་གཞུང་ལྡེབ། ༡༣ ཕྲིན་ལས་དང་དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༣ ལྷ་བཙུན་སྔོན་མོས་ཞི་བྱེད་ལྷ་མོ་སྐོར་བདུན་སླར་སྦས་པའི་ཤོག་སེར་མཆོག་གྱུར་གླིང་པས་བཞེས་ཏེ་ཀུན་གཟིགས་མཁྱེན་བརྩེ་ལ་ཕུལ་ཞིང་གཏན་ལ་ཕབ་པའི་མན་ངག་བདུད་རྩིའི་བུམ་པ་གཏེར་གཞུང་ལྡེབ། ༢༡ སྤྱིའི་ལས་བྱང་བཀླག་ཆོག་ལྡེབ། ༦ དང་། ལས་ཚོགས་སྦྱིན་སྲེག །བྱབ་ཁྲུས། བྱད་བཀྲོལ། འཆི་བླུ་རྣམས་གསལ་བར་བཀོད་པ་ལྡེབ། ༡༡ དབང་ཆོག་གསལ་བྱེད་ལྡེབ། ༡༠ བཅས་འཇམ་མགོན་ཆོག་ཁྲིགས་རྣམས་སོ།། ༈ གཉིས་པ་ནད་ཞི་བའི་སྐོར་ལ། ཀློང་གསལ་རྡོར་སྙིང་སྨན་བླའི་ཆོ་ག་དབང་བཅས་འཇམ་མགོན་ཆོག་ཁྲིགས་ལྡེབ། ༨ གནམ་ཆོས་དགོངས་གཏེར་སྨན་ཆོག་ལྡེབ། ༤ དང་། གཏོར་དབང་གསར་རྙིང་ཐུན་མོང་བ་ལྡེབ། ༧ མཚམས་སྦྱོར་དང་ནད་པ་ཤོག་བཀྲ་ལྡེབ། ༤ བཅས་ཆགས་མེད་གསུང་། པད་གླིང་ལོ་གྱོན་མ་དབང་བཅས་གཏེར་གཞུང་ལྡེབ། ༣ བདུད་འདུལ་ལོ་གྱོན་མ་གཏེར་གཞུང་སྐོར་དང་གསོལ་འདེབས་ཉིད་གསུང་བཅས་ལྡེབ། ༡༠ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༥ གནམ་ཆོས་ལོ་གྱོན་མའི་ལས་བྱང་དང་གཏོར་སྒྲུབ་བདག་དབང་བཅས་ཀྱི་ཟིན་བྲིས་ལྡེབ། ༧ དང་། དབང་ཆོག་བཀའ་གཏེར་ཟུང་འཇུག་ལྡེབ། ༧ བཅས་ཆགས་མེད་ཆོག་ཁྲིགས། སྟག་ཤམ་ལོ་གྱོན་མ་སྒྲུབ་ཐབས་དབང་བཅས་གཏེར་གཞུང་ལྡེབ། ༤ བཅས་བཞུགས།།༄། གཏེར་མཛོད། མི༽པ་ལ། ཉང་གཏེར་མིག་འབྱེད་གཞུང་དང་ལག་ལེན་གསལ་བྱེད་བརྒྱུད་འདེབས་བཅས་བྱང་བདག་གསུང་ལྡེབ། ༥ ཐུགས་རྡོར་དགོངས་གཏེར་ཐུགས་ཆེན་སྒྲུབ་ཐབས་དང་མིག་འབྱེད་ཟབ་མོ་གཏེར་གཞུང་ལྡེབ། ༡ དེའི་དབང་ཆོག་འཇམ་མགོན་གསུང་ལྡེབ། ༦ འབྲོག་པ་ཐུབ་རྒྱལ་གྱི་ཡེ་ཤེས་སྤྱན་གྱི་ཙཀྲ་ལྡེབ། ༡ བྱང་གཏེར་ཐུགས་སྒྲུབ་ནད་བདག་སྟོབས་འཇོམས་གཏེར་གཞུང་ལྡེབ། ༢༦ མན་ངག་ལག་ལེན་ཁྲིགས་སྡེབ་འཇམ་མགོན་གསུང་ལྡེབ། ༡༡ བྱང་གཏེར་ཐུགས་སྒྲུབ་སྲུང་བ་བདུད་རྩི་བུམ་ཆུང་སྐོར་གཏེར་གཞུང་ལྡེབ། ༡༤ བྱང་གཏེར་ཁྱུང་ནག་སྡུད་སྤུར་གསད་སྔགས་དང་འཁོར་ལོའི་བྲི་ཡིག་རིམས་སྲུང་བཅས་གཏེར་གཞུང་ལྡེབ། ༢ ཆོས་དབང་གཏེར་མ་གཉན་ལྷོག་བཅོས་ཐབས་གཏེར་གཞུང་ལྡེབ། ༢ ཞང་ཁྲོམ་གཏེར་མ་གྲེ་ཐོར་བཅོས་པའི་མན་ངག་གཏེར་གཞུང་ལྡེབ། ༥ རཏྣའི་རྟ་གསང་ལས་ཚོགས་རིན་ཆེན་གཏེར་བུམ་ཀུན་ཐུབ་སྲུང་སྔགས་གཏེར་གཞུང་ལྡེབ། ༧ རཏྣའི་ཐུགས་གསང་དབྱུག་བཅོས་ཡིད་བཞིན་ནོར་བུ་གཏེར་གཞུང་ལྡེབ། ༥ ར་མོ་ཤེལ་སྨན་དམུ་ཆུའི་བཅོས་གཏེར་གཞུང་ལྡེབ། ༩ པད་གླིང་གཏེར་མ་རྒྱུག་འགྱེལ་གསོ་ཐབས་བདུད་རྩིའི་བུམ་པ་གཏེར་གཞུང་ལྡེབ། ༤ གྲུབ་ཆེན་ཐང་རྒྱལ་དག་སྣང་རིལ་བུ་དཀར་དམར་གཞུང་དང་སྒོམ་ལུང་ཕྱག་ལེན་མཁྱེན་བརྩེའི་གསུང་དང་སྨོན་ལམ་ཐང་རྒྱལ་གསུང་བཅས་ལྡེབ། ༨ གྲོ་ཤུལ་བདེ་གླིང་ཟབ་གཏེར་གསོ་དཔྱད་བདུད་རྩི་ཚེ་བུམ་གཏེར་གཞུང་ལྡེབ། ༡༩ ཁྱི་སྨྱོན་བཅོས་ཐབས་ཆགས་མེད་གསུང་དང་གནམ་ཆོས་གཏེར་བྱོན་བཅས་ལྡེབ། ༣ གནམ་ཆོས་གྲེ་ཐོར་དང་མིད་འབྱར་རིགས་བཅོས་ཐབས་སྔགས་མེ་རྫས་སྦྱོར་སྐོར་གནམ་ཆོས་མི་འགྱུར་རྡོ་རྗེའི་གསུང་ལྡེབ། ༩ གནམ་ཆོས་མནལ་ལམ་དག་སྣང་ཕན་བྱེད་གདམས་སྐོར་ལྡེབ། ༡ ཆགས་མེད་གསུང་ས་ནད་རྩ་འབུའི་སྲུང་བ་དང་བཅོས་ཀ་ལྡེབ། ༤ རྣམས་སོ།། ༈ གསུམ་པ་གདོན་ཞི་བའི་སྐོར་ལ། ཉང་གཏེར་ནམ་མཁའ་ལྡིང་དམར་པོའི་སྒྲུབ་ཐབས་ལས་ཚོགས་གཏེར་གཞུང་དང་རྗེས་གནང་འཇམ་མགོན་གསུང་ལྡེབ། ༦ བྱང་གཏེར་རང་ཤར་བྱ་ཁྱུང་ཡོངས་རྫོགས་གཏེར་གཞུང་ལྡེབ། ༤ དབང་ཆོག་འཇམ་མགོན་གསུང་ལྡེབ། ༤ བྱང་གཏེར་ཐུགས་སྒྲུབ་ལས་ཀྱི་བྱ་ཁྱུང་ནག་པོའི་གཏེར་གཞུང་ཆོས་སྐོར་ལྡེབ། ༨ ཕྲིན་ལས་རྒྱལ་བ་ལྔ་པ་དང་དབང་ཆོག་བྱིན་རླབས་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༧ པདྨ་ལས་འབྲེལ་རྩལ་གྱི་རྟ་མགྲིན་གཉེན་པོ་ལྷ་གསུམ་ལས་བྱང་དང་དབང་ཆོག་བཅས་ཁྲི་ཆེན་པདྨ་དབང་རྒྱལ་གསུང་ཁྲིགས་ལྡེབ། ༢༢ རྗེ་མཁྱེན་བརྩེའི་ཆོག་ཁྲིགས་ལྔ་པའི་དག་སྣང་རྒྱ་ཅན་ཆོས་སྡེ་རྟ་མགྲིན་གཉེན་པོ་ལྷ་བཞིའི་ཕྲིན་ལས་ལྡེབ། ༣ དང་། དེའི་དོན་དབང་མདོར་བསྡུས་ལྡེབ། ༤ བཅས། རཏ་གླིང་གུར་དྲག་ཁྱུང་ནག་ཡོན་ཏན་སྒྲུབ་པ་གཏེར་གཞུང་ལྡེབ། ༣ མཆོག་ལྡན་མགོན་པོའི་སྙན་བརྒྱུད་སླར་ཡང་ཀུན་གཟིགས་མཁྱེན་བརྩེའི་སྙན་བརྒྱུད་དག་སྣང་མ་གཉེན་པོ་ལྷ་ལྔ་གཏེར་གཞུང་ལྡེབ། ༦ བརྒྱུད་འདེབས་པདྨའི་ཕྲེང་མཛེས་རྗེ་ཆོས་ཀྱི་བློ་གྲོས་གསུང་ལྡེབ། ༡ སྒྲུབ་ཐབས་དང་བསྙེན་ཚུལ་དབང་ཆོག་བཅས་འཇམ་མགོན་རིན་པོ་ཆེའི་གསུང་ཁྲིགས་ལྡེབ། ༡༣ མ་ཏིའི་ཁྱུང་དམར་ལས་བྱང་དང་དབང་ཆོག་བཅས་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༤ ར་ཞི་པདྨ་རིག་འཛིན་གཏེར་མ་ཁྱུང་ཆེན་རིགས་ལྔ་གཏེར་གཞུང་ཆོས་སྐོར་ལྡེབ། ༥ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༤ སྟག་ཤམ་ཁྱུང་ཁྲ་གཏེར་གཞུང་ཕྱི་ནང་གསང་བའི་སྒྲུབ་ཐབས་དང་ལས་སྦྱོར་ལྡེབ། ༧ དང་། ལས་མཐའ་ཕ་ལམ་བདུན་པ་ལྡེབ། ༦ བཅས། ཕྲིན་ལས་དབང་ཆོག་བཅས་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༠ རོལ་རྡོར་གཏུམ་པོའི་ཁྱུང་ཁྲ་གཏེར་གཞུང་སྐོར་ལྡེབ། ༦ དེའི་གཏོར་དབང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༦ པདྨ་བདེ་ཆེན་གླིང་པའི་དྲག་པོ་ལྷ་གསུམ་གྱི་བརྒྱུད་འདེབས་ཆོས་སྐྱོང་དཔལ་ལྡན་གསུང་ལྡེབ། ༡ ལས་བྱང་ལྡེབ། ༡༠ དང་། གསང་སྒྲུབ་ལས་ཚོགས་བཅས་གཏེར་གཞུང་ལྡེབ། ༡༠ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༢ བདུད་འཇོམས་རོལ་པ་རྩལ་གྱི་ཁྱུང་དམར་སྒྲུབ་ཐབས་དང་དབང་ཆོག་བཅས་ཀཿཐོག་པ་ཆོས་ཀྱི་རྡོ་རྗེའི་གསུང་ཁྲིགས་ལྡེབ། ༥ འཇིགས་མེད་གླིང་པའི་ཀློང་སྙིང་དྲག་པོ་རྟ་ཁྱུང་གཏེར་གཞུང་སྒྲུབ་ཐབས་ལྡེབ། ༣ གདོན་ཁྲོལ་དང་དབང་དང་བསྙེན་པའི་གནད་ཡིག་བཅས་གཏེར་གཞུང་ལྡེབ། ༨ ལས་བྱང་ཁྲིགས་བཀོད་ལྡེབ། ༥ དང་། བྱིན་རླབས་ཀྱི་ཆོ་ག་ལྡེབ། ༦ བཅས་འཇམ་མགོན་ཆོག་ཁྲིགས། ཐུགས་རྡོར་དགོངས་གཏེར་གསང་བདག་ཉི་མ་མདུང་གང་མའི་སྒྲུབ་ཐབས་དང་དབང་ཆོག་གཟའི་གདོན་འགྲོལ་བཅས་གཏེར་གཞུང་ལྡེབ། ༨ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༥ མཆོག་གླིང་ཟབ་གཏེར་ཐུགས་སྒྲུབ་གསང་བདག་རྡོ་རྗེ་བེ་ཅོན་གཏེར་གཞུང་སྐོར་ལྡེབ། ༡༡ སྒྲུབ་ཐབས་དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༩ བཅས་བཞུགས།། ༄། གཏེར་མཛོད། ཙི༽པ་ལ། གཟའ་ཡུམ་སྒྲུབ་ཐབས་དང་རྗེས་གནང་ཁྲུས་ཆོག་བཅས་རིག་འཛིན་ཆོས་གྲགས་གསུང་ལྡེབ། ༦ གྲུབ་ཆེན་འདར་འཕྱར་ལུགས་ཀྱི་གཟའི་དུག་དབྱུང་དང་བྱད་ཁྲོལ་ལག་ལེན་བཅས་ལྡེབ། ༨ བྱ་ཁྱུང་པ་ངག་དབང་པདྨའི་ལུགས་ཀྱི་བཀའ་གཏེར་དུ་མའི་བཅུད་འདུས་གཟའ་བཅོས་བདུད་རྩི་བུམ་བཟང་ཆ་ལག་བཅས་ལྡེབ། ༣༠ པད་གླིང་ཕྱག་རྡོར་གཏུམ་པོའི་གཟའ་ཀླུའི་དུག་སྦྱོང་རྩ་ཐོ་གཏེར་གཞུང་ལྡེབ། ༡ དེའི་ལག་ལེན་བརྒྱུད་པའི་ཕྱག་སྲོལ་ལྟར་སྨིན་གླིང་གཏེར་ཆེན་གསུང་ལྡེབ། ༡༤ དེའི་ལྷན་ཐབས་ལོ་རྒྱུས་སྟོང་ཐུན་གསར་བྲིས་ལྡེབ། ༢ ཉང་གཏེར་ཀླུ་བདུད་ཞགས་པ་དགུ་འགྲོལ་གཏེར་གཞུང་དང་འདོན་སྒྲིག་བསྡུས་རྒྱས་བཅས་ལྡེབ། ༤ ཀློང་གསལ་རྡོར་སྙིང་སེང་གེ་སྒྲའི་སྒྲུབ་ཐབས་དབང་ཆོག་འཇམ་མགོན་ཆོག་ཁྲིགས་དང་ཀླུ་ཆོག་གདོན་ཁྲོལ་གཏེར་གཞུང་བཅས་ལྡེབ། ༩ ཡེ་འབར་ལས་མཐའ་ཞི་སྦྱོང་དང་དྲག་སྦྱོང་གཏེར་གཞུང་ལྡེབ། ༢ ཆོས་གླིང་གཏུམ་པོ་སེང་སྒྲོག་གསོལ་འདེབས་དང་ཕྲིན་དབང་བྱབ་ཁྲུས་གདོན་ཁྲོལ་བཅས་ཆོས་གླིང་ཉིད་ཀྱི་གསུང་ལྡེབ། ༨ ཆོས་གླིང་གཏུམ་པོའི་གཟའ་ཆོག་གཏེར་གཞུང་ལྡེབ། ༤ ཡང་དམ་སྲི་གསོན་འདྲེ་འདུལ་ཐབས་གཏེར་གཞུང་ལྡེབ། ༤ ཡང་ལྷ་དང་གཟའ་ཀླུའི་གདོན་ཁྲོལ་ངར་གླུད་ཀྱི་ཆོ་ག་དང་ལས་ཕྲན་ལྷན་ཐབས་བཅས་གཏེར་གཞུང་ལྡེབ། ༦ རྣམས་སོ།། ༈ བཞི་པ་གྲིབ་དང་མི་གཙང་བ་སོགས་ཞི་བའི་སྐོར་ལ། བི་མའི་ལུགས་ཀྱི་རྣམ་འཇོམས་དཀར་པོའི་གཟུངས་ཆོག་རྩ་བ་ཀརྨ་པ་རང་བྱུང་ཞབས་ཀྱི་གསུང་ལྡེབ། ༨ སྒྲུབ་ཐབས་གཟུངས་ཆོག་རིག་གཏད་དང་ཁྲུས་ཀྱི་ཆོ་ག་བཅས་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༤ བ་རི་ལུགས་རྣམ་འཇོམས་མཐིང་ག་དང་ལྗང་སྔོན་གྱི་སྒྲུབ་ཐབས་ཁྲུས་ཆོག་དང་བཅས་པ་སྨིན་ལུགས་ལ་འཇམ་མགོན་རིན་པོ་ཆེས་ཞལ་སྒྱུར་ཅན་ལྡེབ། ༡༠ གནམ་ཆོས་རྣམ་འཇོམས་ལྗང་གུ་གཏེར་གཞུང་ལྡེབ། ༡ གནམ་ཆོས་ཆོས་ལུགས་མི་གཙང་ཉེས་སྲུང་གཏེར་གཞུང་ལྡེབ། ༡ བདུད་འདུལ་རྡོ་རྗེའི་རྣམ་འཇོམས་ཁྲོ་ནག་བརྒྱུད་འདེབས་ཉིད་གསུང་ལྡེབ། ༡ གསང་སྒྲུབ་ཁྲོ་ནག་གི་ལས་བྱང་ལྡེབ། ༡༠ དང་། དབང་ཆོག་ལྡེབ། ༧ བཅས་འཇམ་མགོན་ཁྲིགས་བསྡེབས། ཀློང་གསལ་བི་མའི་ཆོས་སྡེའི་རྣམ་འཇོམས་དཀར་པོའི་གཏེར་གཞུང་ལྡེབ། ༣ སྒྲུབ་ཐབས་དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༥ ཉང་གཏེར་འཁོན་སྦྱོང་བྱིན་རླབས་ཅན་དང་འཁོན་སྦྱོང་ལག་པའི་འདུ་བྱེད་སོ་སོའི་དཔེའུ་རིས་བཅས་གཏེར་གཞུང་ལྡེབ། ༣ ཉང་ལུགས་ཁྲོ་མོ་སྨེ་བརྩེགས་ཀྱི་སྒྲུབ་ཐབས་དབང་ཁྲུས་བཅས་བོ་དོང་པདྨ་གར་དབང་གསུང་ལྡེབ། ༨ ཆོས་དབང་མཁའ་འགྲོ་སྨེ་བརྩེགས་སྒྲུབ་ཐབས་བུམ་ཁྲུས་ཅན་གཏེར་གཞུང་ལྡེབ། ༡ བླ་མ་གསང་འདུས་ཆ་ལག་མཁའ་འགྲོ་གྲིབ་སེལ་འཇམ་མགོན་གསུང་ཁྲིགས་ལྡེབ། ༡༥ པད་གླིང་ནོར་རྒྱམ་ཆ་ལག་སྨེ་བརྩེགས་ཕྱག་གཉིས་པའི་ཁྲུས་ཆོག་སྨིན་གཏེར་གསུང་ལྡེབ། ༧ ཤེར་འོད་གྲོལ་ཏིག་ཆ་ལག་དམ་གྲིབ་ཉེས་པ་ཀུན་སེལ་དང་གནས་ཁང་དང་སྐྱེད་རིམ་ཉམས་གྲིབ་སེལ་བྱེད་གཏེར་གཞུང་དང་། དེའི་ཁྲུས་ཆོག་བསྙེན་ཚུལ་གསལ་བྱེད་དང་གྲིབ་སེལ་མན་ངག་མང་བསྡུས་བཅས་ཀུན་གཟིགས་མཁྱེན་བརྩེས་ཁྲིགས་བཀོད་ལྡེབ། ༡༣ འཇའ་ཚོན་མ་ནིང་ཆ་ལག་མཁའ་འགྲོ་གྲིབ་སེལ་འཇམ་མགོན་ཆོག་ཁྲིགས་ལྡེབ། ༢༣ ཀློང་གསལ་རྡོར་སྙིང་ཁྲོ་བོ་དང་མཁའ་འགྲོ་སྨེ་བརྩེགས་གཉིས་ཀྱི་སྒྲུབ་རྗེས་གཏེར་གཞུང་ལྡེབ། ༥ ཡེ་ཤེས་རབ་འབར་ལས་གྲིབ་དང་མི་གཙང་སེལ་ཐབས་གཏེར་གཞུང་ལྡེབ། ༢ སྨེ་བརྩེགས་ཆོ་ག་ཆགས་མེད་གསུང་རང་གི་གྲིབ་སེལ་ལྡེབ། ༤ དང་། གཞན་གྱི་གྲིབ་སེལ་ལྡེབ། ༦ གྲིབ་སེལ་གསེར་གྱི་ཕ་ཝཾ་ལྡེབ། ༢ བཅས། རིག་འཛིན་ཚེ་ནོར་གསུང་ཕག་མོ་སྨེ་བརྩེགས་སྒོམ་བཟླས་ལྡེབ། ༣ ཨེ་ནེ་རིང་ནུབ་དགོན་པ་ངག་དབང་རྡོ་རྗེའི་སྨེ་བརྩེགས་སྒྲུབ་ལས་རིག་གཏད་གཏེར་གཞུང་ལྡེབ། ༤ མཆོག་གླིང་ཐུགས་སྒྲུབ་ཆ་ལག་སྨེ་བརྩེགས་གཏེར་གཞུང་སྐོར་ལྡེབ། ༡༠ དབང་སྒྲུབ་དང་དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༨ སྦྱིན་སྲེག་རྒྱལ་དབང་ཐེག་མཆོག་རྡོ་རྗེས་མཛད་པ་ལྡེབ། ༦ རྣམས་སོ།། ༈ ལྔ་པ་བྱད་ཕུར་རྦོད་གཏོང་ཞི་བའི་སྐོར་ལ། སྔ་འགྱུར་བི་མ་མི་ཏྲའི་ལུགས་ཀྱི་གདུགས་དཀར་རྩ་གཞུང་རྒྱལ་དབང་ཀརྨ་པ་རང་བྱུང་རྡོ་རྗེས་བཀའ་བབས་ཀྱི་ཡིག་ཆ་མཛད་པ་ལྡེབ། ༡༥ དེའི་རིག་གཏད་ཀྱི་ཆོ་ག་འཇམ་མགོན་གསུང་ལྡེབ། ༧ རྒྱ་ཞང་ཁྲོམ་རྡོ་རྗེ་འབར་གྱི་འཇམ་དཔལ་གཤིན་རྗེ་ཚེ་བདག་ལྕགས་འདྲའི་བྱད་འགྲོལ་གསེར་གྱི་ལྡེའུ་མིག་གི་གཞུང་རྩ་བ་ལྡེབ། ༡༣ དང་། སྐུ་གསུང་ཐུགས་འཁོར་མན་ངག་ལྡེབ། ༢ ཚེ་འཆི་སྲོག་བདག་གི་ཟ་ཡིག་རྫོང་ཆེན་མ་ལྡེབ། ༢ བཅས་གཏེར་གཞུང་། སྒྲུབ་ཐབས་ངག་འདོན་ཉམས་ལེན་སྨིན་གཏེར་གསུང་ལྡེབ། ༤ བྱིན་རླབས་དབང་ཆོག་སྙིང་པོ་བསྡུས་པ་སྨིན་གཏེར་གསུང་ངེས་ཉེར་བསྡུས་ཅན་འཇམ་མགོན་རིན་པོ་ཆེས་གསལ་རྒྱས་སུ་བསྡེབས་པ་ལྡེབ། ༤ རྒྱུན་ཁྱེར་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༢ བུམ་རྫས་སོགས་བཅས་གཤོམ་ཟུར་ཐོ་ལྡེབ། ༢ བྱད་འགྲོལ་ལག་ལེན་གཟུངས་རིང་ཐུང་དཀྱུས་སུ་བཀོད་པ་དང་བཅས་པ་ཨོ་རྒྱན་རྣམ་གྲོལ་གྱིས་མཛད་པ་ལྡེབ། ༢༡ ཨྱཻ་རིང་སོགས་སྔགས་བྱང་ལྡེབ། ༡ ཉང་གཏེར་དྲག་དམར་ལས་ཚོགས་ངག་འགྲོལ་གཏེར་གཞུང་ལྡེབ། ༡ རཏ་གླིང་གུར་དྲག་ལས་ཚོག་ཉེས་སེལ་དང་འཛུལ་ཆོག་ཚན་གཉིས་གཏེར་གཞུང་ལྡེབ། ༥ བཀའ་གཏེར་ཟུང་འཇུག་བྱས་པ་བཤིག་པའི་འཁོར་ལོ་གནུབས་དང་བ་རི་ཟུང་འབྲེལ་ལྡེབ། ༣ མཁའ་འགྲོ་མ་ཐུགས་རྗེ་ཀུན་གྲོལ་གྱིས་བླ་ཆེན་དྲན་པ་ནམ་མཁའ་ལ་གནང་བའི་བྱད་འགྲོལ་ཡིག་རྒོད་ཆང་ཁྲུས་གཞུང་ལག་ལེན་བཅས་ལྡེབ། ༣ ཀློང་གསལ་རྡོར་སྙིང་གདུགས་དཀར་སྒྲུབ་ཐབས་དབང་བཅས་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༠ མཆོག་གླིང་ཟབ་བདུན་ཆ་ལག་རྡོ་རྗེ་མཁའ་འགྲོ་གདུགས་དཀར་གཏེར་གཞུང་ལྡེབ། ༤ གཏོར་ཟློག་ཆོག་ཁྲིགས་ལྡེབ། ༡༥ དང་། དབང་ཆོག་ལྡེབ། ༤ བཅས་འཇམ་མགོན་ཆོག་ཁྲིགས། མཆོག་གླིང་ཐུགས་སྒྲུབ་རྡོ་རྗེ་གཙུག་ཏོར་གྱི་བྱད་འགྲོལ་དང་སྲུང་བ་གཏད་འགྲོལ་འཁོར་ལོའི་ལག་ལེན་བཅས་འཇམ་མགོན་གསུང་ཁྲིགས་ལྡེབ། ༨ བཅས་བཞུགས་པ་རྣམས་སོ།། ༄། གཏེར་མཛོད། ཚི༽པ་ལ། དྲུག་པ་སྣོད་བཅུད་ཀྱི་ཉེས་པ་ཞི་བའི་སྐོར་ལ། སངས་གླིང་བླ་མ་དགོངས་འདུས་ཉེས་པ་ཀུན་སེལ་བྱིན་རླབས་སྒྲོན་མེ་གཏེར་གཞུང་ལྡེབ། ༣ ཤེར་འོད་གྲོལ་ཏིག་གི་ས་བདག་ཉེས་པ་ཀུན་སེལ་གཏེར་གཞུང་ལྡེབ། ༡ རོལ་རྡོར་དག་སྣང་སྣང་སྲིད་ཞི་བ་དཀར་པོའི་ཆོ་ག་མི་མཐུན་ཞི་སྨན་རྩ་གཞུང་ལྡེབ། ༡༣ ཞི་དཀར་མགྲོན་གཤེགས་རོལ་རྡོར་ཉིད་མཛད་ལྡེབ། ༡ དེའི་ཟིན་བྲིས་གཏེར་དབོན་ཨོ་རྒྱན་ལྷུན་གྲུབ་དང་རིག་འཛིན་ཡོངས་གྲུབ་རྡོ་རྗེའི་གསུང་ལྡེབ། ༤ ཉང་གཏེར་བཀྲ་ཤིས་གཏེར་བུམ་མན་ངག་གཏེར་གཞུང་དང་བྱ་ཐབས་ཟིན་ཆུང་བཅས་ལྡེབ། ༣ བྱང་གཏེར་མངའ་དབང་རིན་འབར་ཆ་ལག་བུམ་གཏེར་ཡིད་བཞིན་བཅས་ཆོག་གཏེར་གཞུང་ལྡེབ། ༣ རཏ་ཕུར་ལས་ཚོགས་བཀྲ་ཤིས་རྟེན་འབྲེལ་ཆེན་མོའི་ཀླུ་བུམ་ལག་ལེན་འཇམ་མགོན་གསུང་ལྡེབ། ༨ ཀློང་གསལ་རྡོ་རྗེ་སྙིང་པོའི་བརྟན་བཞུགས་ནོར་བུ་བོད་ཁམས་བདེ་བྱེད་དང་། ཡེ་ཤེས་རབ་འབར་ལས་མཐའ་ལས་ཉེས་པ་ཀུན་སེལ་ཡིད་བཞིན་དབང་བུམ། རྫས་ཀྱི་ལས་མཇུག་རྟེན་འབྲེལ་སྤྱི་བཅོས། རི་དབང་སྤྱི་བཅོས། ནཱ་ག་སྤྱི་བཅོས་རྣམས་གཞུང་དང་མན་ངག་ལག་ལེན་ཕྱོགས་བསྡུས་ཀྱི་བེ་བུམ་འཇམ་མགོན་རིན་པོ་ཆེས་མཛད་པ་ལྡེབ། ༣༣ སྔགས་ཕྱག་དྲུག་དང་བདེན་བརྗོད་ཟུར་བྱང་མཁྱེན་བརྩེའི་གཏེར་བུམ་སྤྱི་སྒྲུབ་ལས་ཟུར་བཏོན་ལྡེབ། ༡ རྭ་སྟོན་ཐུགས་རྡོར་བཀྲ་ཤིས་གཏེར་བུམ་སྒྲུབ་པའི་མན་ངག་རྩ་གཞུང་ལྡེབ། ༩ དང་། དེའི་ལས་བྱང་སྤྱན་འདྲེན་མཆོད་བསྟོད་སོགས་ལྡེབ། ༡༣ སྔགས་བྱང་ལྡེབ། ༡ བཅས་གཏེར་གཞུང་། ས་སྙིང་བརྟན་མ་སྦྲགས་སྒྲུབ་ཀྱི་བུམ་གཏེར་འཇུག་ཚུལ་བསྡུས་པ་ལྡེབ། ༥ དང་། གནོད་སྦྱིན་ལྷ་དགུའི་གཏེར་བུམ་སྒྲུབ་པའི་མན་ངག་འདོད་རྒུའི་བུམ་བཟང་ལྡེབ། ༦ བུམ་གཏེར་སྒྲུབ་ཚུལ་སྤྱི་ལ་འཇུག་པ་མདོར་བསྡུས་ལྡེབ། ༦ བཅས་ཀུན་གཟིགས་མཁྱེན་བརྩེའི་གསུང་། གནམ་ཆོས་ས་བདག་འཁྲུགས་བཅོས་ལྡེབ། ༩ དང་། ས་སྙིང་དང་བརྟན་མའི་བསང་མཆོད་དང་ཤིང་རྩི་འབུལ་བ་སོགས་འཁྲུགས་བཅོས་ལྷན་ཐབས་ལྡེབ། ༥ བཅས་ཆགས་མེད་གསུང་རྣམས་སོ།། ༈ བདུན་པ་མཐར་ཐུག་སྡིག་སྒྲིབ་ཞི་བའི་སྐོར་ལ། ཆོས་དབང་གཏེར་བྱོན་བཀའ་འགྱུར་སྙིང་པོ་བསྡུས་པ་གཏེར་གཞུང་ལྡེབ། ༤ ཆོས་དབང་ཐུགས་ཆེན་འཁོར་བ་དོང་སྤྲུག་གཏེར་གཞུང་སྐོར་ལྡེབ། ༢༩ ལས་བྱང་ལྡེབ། ༨ དང་། རྒྱུན་གྱི་རྣལ་འབྱོར་ལྡེབ། ༥ དབང་ཆོག་ལྡེབ། ༡༠ བཅས་འཇམ་མགོན་གསུང་། ལམ་དབང་རྒྱུན་ཁྱེར་གནས་གསར་མཁྱེན་བརྩེའི་དབང་ཕྱུག་གི་ཕྱག་རྒྱུན་ལྟར་ལྡེབ། ༣ འཇའ་ཚོན་རྟ་ཕག་ཕྱི་སྒྲུབ་ལྟུང་བཤགས་ཆོ་ག་ལྡེབ། ༡༩ དང་། གནམ་ཆོས་དགོངས་གཏེར་ཀུན་རིག་ཆོ་ག་ལྡེབ། ༡༥ དབང་ཆོག་ལྡེབ། ༩ བཅས་ཆགས་མེད་གསུང་། ཀློང་གསལ་རྡོར་སྙིང་མི་འཁྲུག་པའི་ཆོ་ག་དང་དབང་ཆོག་གནས་ལུང་བཅས་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༦ རྫས་རྟགས་སྣ་བདུན་དབང་བྱང་རིགས་མཐུན་ལས་ཟུར་བཏོན་ལྡེབ། ༡ མངོན་དགའི་ཞིང་སྨོན་ལྡེབ། ༣ དང་། དེའི་ཡན་ལག་ཞི་སྲེག་དང་རུས་ཆོག་ཆུ་ཆོག་སྦ་སྐྱེལ་སཱཙྪའི་ཆོ་ག་བཅས་དཀྱུས་བཀོད་ལྡེབ། ༩ བཅས་རྗེ་ཆོས་ཀྱི་བློ་གྲོས་གསུང་། རིགས་དྲུག་སྲེག་སྦྱོང་རྒྱུད་ཀྱི་དགོངས་དོན་ཚེ་ནོར་གསུང་ལྡེབ། ༡ མཆོག་གླིང་གཏེར་མ་ཟུར་བཟའི་ཐུགས་དམ་རྡོར་སེམས་སྒྲིབ་སྦྱོང་ཡེ་ཤེས་ཆུ་རྒྱུན་གཏེར་གཞུང་སྐོར་ལྡེབ། ༡༠ དེའི་དབང་གི་མཚམས་སྦྱོར་ཟུར་འདེབས་འཇམ་མགོན་གསུང་ལྡེབ། ༤ ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས་བླ་མ་ལོངས་སྐུའི་ཕྲིན་ལས་དབང་བསྐུར་གནས་ལུང་བཅས་འཇམ་མགོན་ཆོག་ཁྲིགས་ལྡེབ། ༣༠ གཙོ་འཁོར་སྔགས་བྱང་ལྡེབ། ༡ ཐུགས་སྒྲུབ་ཛཔ྄་བཀོལ་ལས་རིགས་དྲུག་དོང་སྤྲུག་དམིགས་པ་ཟུར་བཀོད་གཏེར་གཞུང་ལྡེབ། ༡ མཆོག་གླིང་ཐུགས་སྒྲུབ་ཆ་ལག་བདེ་ཆེན་ཞིང་སྦྱོང་ཆོ་ག་དང་སྐུ་གསུམ་ཞིང་སྨོན་ལྡེབ། ༢༢ དང་། དེའི་དབང་ཆོག་དང་གནས་ལུང་ལྡེབ། ༡༤ བཅས་ཀུན་གཟིགས་མཁྱེན་བརྩེའི་གསུང་ཁྲིགས། མཆོག་གླིང་ཐུགས་ཆེན་འཁོར་བ་དོང་སྤྲུག་གཏེར་གཞུང་ཆོས་སྐོར་ལྡེབ། ༨ དབང་ཆོག་རྒྱས་པ་ལྡེབ། ༦ དང་། མགྱོགས་དབང་ལྡེབ། ༣ བྱང་ཆོག་ལྡེབ། ༣ བཅས་གཏེར་ཆེན་ཉིད་ཀྱི་གསུང་ཁྲིགས། དོང་སྤྲུག་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ སྡེ་གསུམ་རིགས་གསུམ་སྙིང་ཐིག་གི་པདྨ་གར་སྙིང་དོང་སྤྲུག་ཕྲིན་ལས་དང་དབང་ཆོག་གནས་ལུང་བཅས་འཇམ་དབྱངས་མཁྱེན་བརྩེའི་ཆོག་ཁྲིགས་ལྡེབ། ༡༡ རྣམས་སོ།། ༈ གསུམ་པ་རྒྱས་པའི་སྐོར་ལ། ཚེ། ཤེས་རབ། བསོད་ནམས། ལོ་ཏོག །རིགས་རྒྱུད། བསྟན་པ་རྒྱས་པ་དང་དྲུག །དང་པོ་ཡོན་ཏན་ཐམས་ཅད་ཀྱི་ཕྱི་མོ་ཚེ་རྒྱས་པར་བྱེད་པ་ལ། ཉང་གཏེར་ཚེའི་པྲ་རྟགས་བསྟན་པ་གཞུང་ལག་ལེན་བཅས་ལྡེབ། ༦ ཆོས་དབང་གཏེར་ཕྲན་ཚེ་དཔག་མེད་ཀྱི་སྒྲུབ་ཐབས་དང་སཱཙྪའི་ཚེ་བསྲིང་མན་ངག་གཏེར་གཞུང་ལྡེབ། ༢ ལྷ་བུ་ཚེ་འཛིན་འཁོར་ལོ་བྲི་ཐབས་བཀའ་གཏེར་མན་ངག་གཉིས་འདུས་ལྡེབ། ༡ སངས་གླིང་དགོངས་འདུས་ཚེ་སྒྲུབ་རྒྱུན་ཁྱེར་རྡོ་རྗེ་སྙིང་པོ་གཏེར་གཞུང་ལྡེབ། ༢ པད་གླིང་ཚེ་ཁྲིད་རྡོར་ཕྲེང་ལས་འཆི་ལྟས་བརྟག་པ། འཆི་བླུ། བཅུད་ལེན། ཚེ་འཁོར། ཚེ་པྲ་བརྟག་པ། ཚེ་གཏའ་སྡོམ་པ་རྣམས་གཏེར་གཞུང་ཁོལ་ཕྱུང་ལྡེབ། ༡༣ གྲུབ་ཆེན་དཔལ་ལྡན་རྡོ་རྗེའི་ཉེ་བརྒྱུད་ཚེ་ཁྲིད་འཆི་མེད་རྡོ་རྗེའི་སྲོག་ཤིང་ལྔ་པ་ཆེན་པོའི་ཁྲིགས་བཀོད་ལྡེབ། ༦ དེ་ཉིད་ཁྲིགས་བསྡེབས་སྒྲུབ་ཐབས་དབང་ཆོག་བསྙེན་ཚུལ་ཚོགས་མཆོད་དང་བཅས་པ་ཀུན་གཟིགས་མཁྱེན་བརྩེས་ཁྲིགས་བཀོད་ལྡེབ། ༡༧ གྲུབ་ཆེན་ཟླ་བ་པའི་ཉེ་བརྒྱུད་རྗེ་ཀརྨ་པ་དྲུག་པའི་བཞེད་གཞུང་སྒྲུབ་ཐབས་རྗེས་གནང་བཅས་འཇམ་མགོན་རིན་པོ་ཆེས་འཁོལ་བསྡེབས་ལྡེབ། ༡༣ ལེགས་ལྡན་རྡོ་རྗེའི་ཚེའི་དངོས་གྲུབ་སྒྲུབ་པའི་མན་ངག་ནམ་མཁའ་ཟས་ཟའི་རྩ་གཞུང་དང་བཅུད་ལེན་གསལ་བྱེད་མཁྱེན་བརྩེའི་གསུང་དང་བཅས་པ་ལྡེབ། ༦ འབྲི་གུང་ཆོས་གྲགས་ཉེ་བརྒྱུད་དག་སྣང་སྒྲ་མི་སྙན་གྱི་ཚེ་སྒྲུབ་སྐོར་ཉིད་གསུང་དང་བརྒྱུད་འདེབས་ཀུན་གཟིགས་མཁྱེན་དབང་གསུང་ལྡེབ། ༧ ཀློང་གསལ་རྡོར་སྙིང་ལས་རྣམ་རྒྱལ་མའི་ཕྲིན་ལས་དང་རྗེས་གནང་ཚེ་དབང་གི་ཆོག་ཁྲིགས་འཇམ་མགོན་ཆེན་པོས་མཛད་པ་ལྡེབ། ༡༡ དེའི་ཡན་ལག་གསོ་སྦྱོང་དང་གཟུངས་རིང་སྐུ་དང་མཆོད་རྟེན་གྱི་ལས་མཇུག་བཅས་གཏེར་གཞུང་ལྡེབ། ༦ ཀློང་གསལ་རྡོར་སྙིང་དབང་ཆེན་ཚེ་སྒྲུབ་ཉི་ཟླའི་གྭའུ་གཏེར་གཞུང་ལྡེབ། ༤ དེའི་སྒྲུབ་ཐབས་དང་དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༦ སྟག་ཤམ་ཐུགས་སྒྲུབ་པདྨ་གསང་ཐིག་ཚེ་དབང་ཆོས་གླིང་གསུང་ཁྲིགས་ལྡེབ། ༨ ཆོས་གླིང་དག་སྣང་དང་བཀའ་གཏེར་གསུམ་འདུས་ཐང་རྒྱལ་ཉེ་བརྒྱུད་ཚེ་སྒྲུབ་དབང་དང་བཅས་ཉིད་ཀྱིས་ཁྲིགས་བསྡེབས་ལྡེབ། ༧ རོལ་རྡོར་བྲག་གཏེར་གསང་སྔགས་སྤྱི་ཆིངས་གདམས་ཟབ་ལས་འཆི་བ་བརྟག་བླུ་དང་བཅུད་ལེན་མན་ངག་གཏེར་གཞུང་ལྡེབ། ༧ བཅས་བཞུགས།། ༄། གཏེར་མཛོད། ཛི༽པ་ལ། ལོང་པོ་གྲུབ་ཐོབ་བཀྲ་ཤིས་ཚེ་བརྟན་གྱི་ཚེ་སྒྲུབ་རྡོ་རྗེའི་སྙིང་པོ་གཏེར་གཞུང་ལྡེབ། ༥ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༤ ཟུར་མཁར་དྲི་མེད་གླིང་པའི་འཆི་མེད་ཀློང་གསལ་རྡོ་རྗེའི་སྲོག་སྒྲུབ་གཏེར་གཞུང་ལྡེབ། ༡༡ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༥ བྲག་གསུམ་བསྟན་འཛིན་ཟླ་འོད་རྡོ་རྗེའི་ཚེ་སྒྲུབ་འོད་ཀྱི་སྙིང་པོའི་ཕྲིན་ལས་དང་དབང་ཆོག་ལས་ཚོགས་དང་བཅས་པ་གཏེར་གཞུང་ལྡེབ། ༡༥ དཔལ་རི་པདྨ་ཆོས་འབྱོར་རྒྱ་མཚོའི་དག་སྣང་ཙཎྜ་ལཱིའི་རྩ་བསྙེན་འཆི་མེད་བཅུད་དྲིལ་གཏེར་གཞུང་ལྡེབ། ༤་་་་་་འདིའི་ནང་དབང་བཞིའི་ཆོ་ག་ཞིག་ཡོད་ཀྱང་རྒྱུན་ཡོད་མེད་ཀྱི་གསལ་ཁ་ཐོབ་ཡིག་སོགས་གཞན་ལ་ལྟ་ཅི་མཁའ་ཁྱབ་རྡོ་རྗེའི་དབང་ཟིན་ནང་ཡང་མེད་པས་དཔྱོད། མཆན། བརྒྱུད་འདེབས་ལྡེབ། ༡ དང་། ཕྲིན་ལས་བཅས་གཏེར་སྟོན་ཉིད་གསུང་ལྡེབ། ༩ དབང་ཆོག་ལྡེབ། ༣ རྡོར་བྲག་རིག་འཛིན་ལྔ་པ་རྡོ་རྗེ་ཐོགས་མེད་དག་སྣང་ཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད་རྩ་གཞུང་དང་བྱང་གཏེར་ལྕགས་སྡོང་མའི་ཚེ་འགུགས་བཅས་ལྡེབ། ༤ རིག་འཛིན་དྲུག་པ་ཁམས་གསུམ་ཟིལ་གནོན་གྱི་དག་སྣང་ཚེ་སྒྲུབ་ཉི་མའི་སྙིང་པོ་གཞུང་དང་སྨིན་བྱེད་འཇམ་མགོན་ཁྲིགས་ལྡེབ། ༥ རིག་འཛིན་བདུན་པ་ཀུན་བཟང་འགྱུར་མེད་ལྷུན་གྲུབ་དག་སྣང་གསང་སྐོར་ཚེ་སྒྲུབ་པདྨའི་རྒྱ་ཅན་རྩ་གཞུང་ལྡེབ། ༣ འབའ་ལག་ལྷུན་གྲུབ་རབ་བརྟན་ཟབ་གཏེར་ཚེ་སྒྲུབ་སྐུ་ལྔ་འདུས་པ་འཆི་བདག་དཔུང་འཇོམས་གཏེར་གཞུང་ལྡེབ། ༧ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༥ འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དགོངས་གཏེར་མཚོ་སྐྱེས་སྙིང་ཐིག་གི་ཡུམ་བཀའ་མཁའ་འགྲོ་མནྡཱ་རཿབའི་བརྒྱུད་འདེབས་དང་། སྒྲུབ་ཐབས་སོགས་གཏེར་གཞུང་གང་བཞུགས་དཀྱུས་བཀོད་ལྡེབ། ༡༡ སྨིན་གྲོལ་ཁྲིགས་བཀོད་མངྒ་ལས་མཛད་པ་ལྡེབ། ༡༠ འཇམ་དབྱངས་མཁྱེན་བརྩེ་པདྨ་འོད་གསལ་མདོ་སྔགས་གླིང་པའི་དག་སྣང་ཚེ་ཡུམ་ཙཎྜ་ལཱིའི་སྒྲུབ་ཐབས་སོགས་རྩ་གཞུང་ལྡེབ། ༦ བརྒྱུད་འདེབས་འཇམ་མགོན་གསུང་དང་། བརྒྱུད་བསྐུལ། སྐོང་བ་བཅས་མཁྱེན་བརྩེའི་དབང་པོ་ཉིད་ཀྱིས་ཕབ་མཛད་ལྡེབ། ༤ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༧ མཁྱེན་བརྩེའི་དབང་པོའི་དག་སྣང་མི་ཏྲའི་སྙིང་ཐིག་ཚེ་སྐོར་གཏེར་གཞུང་ལྡེབ། ༦ བརྒྱུད་འདེབས། རྒྱུན་ཁྱེར། བསྙེན་ཚུལ། བདག་འཇུག །མེ་མཆོད་བྱ་ཚུལ། ཚེ་འགུགས་ཟུར་ཕྱུང་། ཚོགས་མཆོད་བཅས་རིང་སྦྲེལ་རྗེ་ཆོས་ཀྱི་བློ་གྲོས་གསུང་ཁྲིགས་ལྡེབ། ༤ ལས་བྱང་དང་སྨིན་གྲོལ་སྐོར་ཆོག་ཁྲིགས་མཇུག་ཆད་དིལ་མཁྱེན་རིན་པོ་ཆེའི་གསུང་དུ་སྣང་བ་ལྡེབ། ༧ འཕགས་མའི་སྙིང་ཐིག་གི་ཆ་ལག་རྣམ་རྒྱལ་མའི་སྟོང་མཆོད་བྱ་ཐབས་འཇམ་མགོན་གསུང་ལྡེབ། ༡༠ གཟུངས་རིང་ཟུར་བྱང་ལྡེབ། ༡ ཚེ་ལྷ་རྣམ་གསུམ་གྱི་རྣལ་འབྱོར་དང་རྗེས་སུ་འབྲེལ་བར་ཚོགས་གཉིས་སྤེལ་བའི་ཆོ་ག་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༡༣ མཎྜལ་རིགས་གཉིས་ལྡེབ། ༡ གཟུངས་རིགས་དང་གསུང་མགུར་ཁྱད་འཕགས་རྣམ་གསུམ་མཁྱེན་བརྩེའི་གསུང་ལྡེབ། ༤ ཚེ་ལྷ་རྣམ་གསུམ་གྱི་རྒྱ་བོད་བསྟོད་ཚོགས་སྐོར་ལྡེབ། ༡༤ ཚེ་ལྷའི་རྣལ་འབྱོར་མཁྱེན་བརྩེའི་གསུང་ལྡེབ། ༤ བྱང་གཏེར་དགོངས་ཟང་གཤིན་རྗེ་འཆི་བདག་ཟློག་པའི་ཆོག་ཁྲིགས་པད་ཕྲིན་གསུང་ལྡེབ། ༡༦ མཆོག་གླིང་ཐུགས་སྒྲུབ་གཤིན་རྗེ་ཕ་རོལ་རྒོལ་འཇོམས་ལས་ཚོགས་འཆི་བླུ་ཉིད་ཀྱིས་ཆོག་ཁྲིགས་ལྡེབ། ༡༢ སྒེག་རྡོར་བླ་བླུ་གཞུང་གསལ་བྱེད་དང་བཅས་པ་འཇམ་མགོན་གསུང་ཁྲིགས་ལྡེབ། ༡༧ ཟློག་བྱང་རིགས་གཉིས་ལྡེབ། ༡ པདྨས་མངའ་བདག་ལ་གནང་བའི་སྔ་འགྱུར་བླ་བླུ་འཆི་བདག་གཡུལ་རྒྱལ་ལྡེབ། ༥ བླ་འགུགས་དམིགས་བཟླས་འབོད་བསྟིམ་ལྡེབ། ༡ ས་ལུགས་ཕྱག་ལེན་ལྡེབ། ༢ གུ་རུ་ཆོས་དབང་ཆོས་བདག་སྐལ་ལྡན་ཡར་ལུང་སྤྲུལ་སྐུས་མཛད་པའི་བླ་འགུགས་ཆོ་ག་ལྡེབ། ༥ བླ་འབོད་འཕྱོང་ལྡེབ། ༡ པད་གླིང་གཏེར་བྱོན་བླ་མ་ནོར་རྒྱམ་བླ་བླུ་གཏེར་གཞུང་ལྡེབ། ༨ ཆགས་མེད་གསུང་རཏ་གླིང་ཚེ་གསང་འཆི་བླུ་འཆི་བདག་ཞགས་གཅོད་ལྡེབ། ༡༢ འབྱུང་ལྔའི་འཁོར་ལོའི་དཔེའུ་རིས་ལྡེབ། ༡ རཏ་གླིང་གསུང་གླུད་རབས་སྣང་སྲིད་སྤྱི་སྐོང་ཆེན་མོ་ལྡེབ། ༡༠ ཆོས་དབང་བཀའ་བརྒྱད་གསང་རྫོགས་ཆ་ལག་འཆི་བླུ་ཆུ་སྦྱིན་སྟོང་ཟློག་དང་བསྡུས་པ་སློབ་དཔོན་པདྨའི་གསུང་སྒེག་རྡོར་ལུགས་ཀྱི་བླ་བླུའི་གླུད་བསྔོ་བཅས་ཚན་སྦྲེལ་ལྡེབ། ༤ འཇའ་ཚོན་མ་ནིང་ཞི་ལས་དང་སངས་གླིང་དགོངས་འདུས་ལས་ཚོགས་མཁའ་འགྲོའི་སུན་ཟློག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༢༡ ལྷ་བཙུན་རིན་འཛིན་སྲོག་སྒྲུབ་མཁའ་འགྲོའི་སུན་ཟློག་རྩ་གཞུང་ལྡེབ། ༧ དཀོན་སྤྱི་དང་འབྲེལ་བའི་ཞབས་པད་བརྟན་བཞུགས་ཆོ་ག་སྨིན་གླིང་རྒྱལ་སྲས་རིན་རྣམ་གསུང་ལྡེབ། ༧ རྟགས་བརྒྱད་འབུལ་ཚིག་ལྡེབ། ༡ འོད་འབར་ཚོགས་ཤམ་སྦྱར་རྒྱུའི་སུན་ཟློག་བསྡུས་པ་ཆགས་མེད་གསུང་ལྡེབ། ༡ སྤྱི་འགྲོའི་སུན་ཟློག་དང་ཞབས་བརྟན་ཁྱེར་བདེ་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེའི་གསུང་ལྡེབ། ༩ རྫས་རྟགས་བརྒྱད་དང་སྣ་བདུན་འབུལ་བ་ལྡེབ། ༣ བརྟན་བཞུགས་གསོལ་འདེབས་སྤྱི་འགྲོ་ཚན་གསུམ་པ་ལྔ་པ་ཆེན་པོ་དང་འཇམ་མགོན་རིན་པོ་ཆེའི་གསུང་ལྡེབ། ༤ སུན་ཟློག་ཉེར་བསྡུའི་ཀུན་གཟིགས་མཁྱེན་བརྩེའི་གསུང་ཟབ་ལྡེབ། ༢ མཆོག་གླིང་དང་ཀློང་གསལ་ཚེ་སྒྲུབ་ཟུང་བསྡུས་ཚེ་ཐར་གཏང་ཐབས་འཇམ་མགོན་གསུང་ལྡེབ། ༥ རྣམས་སོ།། ༈ གཉིས་པ་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཤེས་རབ་རྒྱས་པར་བྱེད་པ་ལ། ཉང་གཏེར་དྲག་དམར་གྱི་འཇམ་དཔལ་སྒོས་སྒྲུབ་གཏེར་གཞུང་ལྡེབ། ༢ ཆོས་དབང་བླ་མ་གསང་འདུས་ཀྱི་གུ་རུ་བློ་ལྡན་མཆོག་སྲེད་སྒོས་སྒྲུབ་གཏེར་གཞུང་ལྡེབ། ༣ རྡོར་གླིང་ལྟ་བ་ཀློངས་ཡང་ཆ་ལག་འཇམ་དཔལ་དམར་སེར་བློ་ཡི་མུན་སེལ་སྐོར་གཏེར་གཞུང་ལྡེབ། ༥ སངས་གླིང་དགོངས་འདུས་ཆོས་སྡེ་འཇམ་དབྱངས་དམར་སེར་བློ་འཕེལ་ཤེས་རབ་རལ་གྲི་གཏེར་གཞུང་སྐོར་ལྡེབ། ༡༢ བྱིན་རླབས་རྗེས་གནང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༥ མངའ་པཎ་རིག་འཛིན་ཡོངས་འདུས་ཀྱི་འཇམ་དཔལ་ཐུགས་སྒྲུབ་བསྐྱེད་རྫོགས་གཏེར་གཞུང་ལྡེབ། ༣ མཆོག་གླིང་ཐུགས་སྒྲུབ་བླ་མ་སྨྲ་བའི་སེང་གེའི་སྐོར་ཕྲིན་དབང་ལས་ཚོགས་བཅས་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༥ རྒྱུན་ཁྱེར་ལས་བྱང་མཆོག་གླིང་ཉིད་མཛད་ལྡེབ། ༤ རཏྣའི་གཏེར་ཕྲན་ཕག་དཀར་ཤེས་རབ་བློ་འཕེལ་གཏེར་གཞུང་ལྡེབ། ༣ རཏྣའི་དབྱངས་ཅན་མ་དཀར་མོ་གཏེར་གཞུང་དང་བསྟོད་པ་ཉིད་མཛད་གཏོར་འབུལ་འདོད་གསོལ་བཅས་ལྡེབ། ༥ ཤེར་འོད་གྲོལ་ཏིག་ཤེས་རབ་བློ་འཕེལ་གཏེར་གཞུང་དང་དགོངས་གཏེར་དབྱངས་ཅན་མའི་སྒྲུབ་ཐབས་ཉིད་གསུང་གཉིས་སྦྲེལ་ལྡེབ། ༥ ཀློང་གསལ་རྡོར་སྙིང་ཕག་དཀར་ཤེས་རབ་གསལ་བྱེད་གཏེར་གཞུང་ལྡེབ། ༤ སྒྲུབ་ཐབས་དབང་ཆོག་བཅས་འཇམ་མགོན་ཆོག་ཁྲིགས་ལྡེབ། ༧ ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཕག་དཀར་ཤེས་རབ་གསལ་བྱེད་རྩ་གཞུང་ལྡེབ། ༢ ལས་བྱང་ཆོག་ཁྲིགས་ལྡེབ། ༨ དང་། རྒྱུན་ཁྱེར་ལྡེབ། ༡ མེ་མཆོད་ལྡེབ། ༥ འདས་ལྷའི་བསྐྱེད་དྲང་སོགས་ལས་རིམ་ཟུར་བྱང་ལྡེབ། ༡ བཅས་ཀུན་གཟིགས་ཉིད་ཀྱི་གསུང་ཁྲིགས། དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༥ ཕག་དཀར་ཚེ་སྒྲུབ་དང་དབང་ཆོག་གཏེར་གཞུང་དང་ཆོག་ཁྲིགས་དིལ་མཁྱེན་རིན་པོ་ཆེའི་གསུང་དཀྱུས་བཀོད་ལྡེབ། ༦ ཕྱི་འགྱུར་པཎྜི་ཏ་མ་ཏིའི་འཇམ་དཀར་གྱི་སྒྲུབ་ཐབས་སྒེག་རྡོར་མཛད་པ་དང་བསྟོད་པ་མ་ཏི་ཉིད་ཀྱི་གསུང་། ལོ་རྒྱུས། རྗེས་གནང་ཁྲོ་ལོ་བྱམས་པའི་དཔལ་དང་། རྩ་སྒྲུབ་ལས་ཁ་ཚར་བཞི་རྒྱ་སྟོན་གསུང་། སྒྲུབ་ཐབས་ཤིན་ཏུ་བསྡུས་པ་དང་བསྟོད་ཚིག་ཁ་སྐོང་ཀུན་གཟིགས་མཁྱེན་བརྩེའི་གསུང་བཅས་གཞུང་གསལ་བྱེད་རྣམས་ལྡེབ། ༡༠ སྒྲུབས་ཐབས་གཏོར་ཆོག་ཅན་འཇམ་དབྱངས་མཁྱེན་བརྩེའི་གསུང་ལྡེབ། ༢ དམ་པ་རྒྱ་གར་གྱི་ལུགས་སྨྲ་སེང་སྒྲུབ་ཐབས་ལས་ཚོགས་རྩ་གཞུང་དང་། སྒྲུབ་ཐབས་ཉུང་གསལ་ཀུན་གཟིགས་མཁྱེན་བརྩེ་དང་སྒྲུབ་ཐབས་སྙན་པའི་རོལ་མོ་འཇམ་མགོན་གསུང་བཅས་གཞུང་གསལ་བྱེད་རྣམས་ལ་ལྡེབ། ༢༨ བྲམ་ཟེ་ཕུར་བུའི་ལུགས་དབྱངས་ཅན་དཀར་མོའི་སྒྲུབ་ཐབས་ཉིད་གསུང་། ལས་སྦྱོར་དྲང་སྲོང་མངོན་ཤེས་ཅན་དང་། བསྟོད་པ་བྲམ་ཟེ་ཕུར་བུ་ཉིད་ཀྱི་གསུང་། སྒྲུབ་ཐབས་དང་བསྟོད་པ་ཀུན་མཁྱེན་ཀློང་ཆེན་པའི་གསུང་། སྒྲུབ་ཐབས་རྗེས་གནང་་་་འདི་འདོད་བུམ་ནང་དང་གཅིག་པ་ཡིན་ཡང་བསྙེན་སྒྲུབ་ཉམས་ལེན་བྱེད་པ་ལ་སྟབས་བདེ་ཕྱིར་ལྷན་ཅིག་བཀོད་པར་བཤད།མཆན།དང་སྦྱིན་སྲེག་སྨིན་གཏེར་གསུང་། སྒྲུབ་ཐབས་ངག་འདོན་ཀུན་གཟིགས་མཁྱེན་བརྩེའི་གསུང་བཅས་གཞུང་གསལ་བྱེད་དང་བཅས་པ་རྣམས་ལ་ལྡེབ། ༢༢ བཅས་བཞུགས་པ་རྣམས་སོ།། ༄། གཏེར་མཛོད། ཝི༽པ་ལ། གསུམ་པ་ཡོན་ཏན་ཐམས་ཅད་ཀྱི་གཞི་བསོད་ནམས་དང་དཔལ་འབྱོར་ལོངས་སྤྱོད་སྙན་གྲགས་རྒྱས་པར་བྱེད་པ་ལ། རཏྣ་ཐོད་ཕྲེང་རྩལ་ལ་བསྟེན་ནས་ཚེ་གཡང་འགུགས་པའི་ཕྲིན་ལས་ལྷ་བཙུན་དག་སྣང་མ་ཀུན་གཟིགས་མཁྱེན་བརྩེའི་གསུང་ཁྲིགས་ལྡེབ། ༡༠ གཡང་བསང་ལྡེབ། ༢ དང་། གཡང་འགུགས་བསྡུས་པ་ལྡེབ། ༡ ཆོག་བྱང་བསྡུས་པ་ལྡེབ། ༣ བཅས་ཞེ་ཆེན་རྒྱལ་ཚབ་གསུང་། དབང་ཆོག་རྗེ་མཁྱེན་བརྩེའི་ཞལ་རྒྱུན་ལྟར་རྡོ་རྗེ་མཆོག་རབ་རྩལ་གྱིས་བཀོད་པ་ལྡེབ། ༨ ཟུར་མཁར་དྲི་མེད་གླིང་པའི་ཐུགས་སྒྲུབ་གསང་སྒྲུབ་པདྨ་རྒྱལ་པོའི་བརྒྱུད་འདེབས་དང་ལས་བྱང་བསེ་རག་རྫོངས་ཐབས་བཅས་ལྕགས་ཟམ་བདུན་པ་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་གསུང་དང་། སྤུ་གྲི་མཆེད་གསུམ་གཏེར་གཞུང་བཅས་རིང་སྦྲེལ་ལྡེབ། ༢༢ དབང་ཆོག་དང་བསྙེན་ཡིག་རྒྱས་པའི་སྦྱིན་སྲེག་བཅས་བསྟན་འཛིན་ཡེ་ལྷུན་གསུང་ཁྲིགས་དང་། ནོར་སྒྲུབ་གླང་འཁོར་བྲི་ཐབས་གཏེར་གཞུང་། གཡང་འགུགས་ཟིན་བྲིས་ཡེ་ལྷུན་གསུང་བཅས་རིང་སྦྲེལ་ལྡེབ། ༢༨ ཆགས་མེད་བཞི་པ་ཀརྨ་བསྟན་འཛིན་ཕྲིན་ལས་ཀྱི་དགོངས་གཏེར་པད་རྒྱལ་གཡང་སྐྱབས་ལྡེབ། ༤ མཆོག་གླིང་ཐུགས་སྒྲུབ་བླ་མ་ནོར་ལྷ་སྐྱེས་མཆོག་ཚུལ་བཟང་གི་བརྒྱུད་འདེབས་ཚན་གཉིས་ཀརྨའི་མཁན་ཆེན་དང་དིལ་མཁྱེན་མངྒ་ལའི་གསུང་གཉིས་སྡོམ་ལྡེབ་ཤར། ༢ གཡང་གླུད་མགྲོན་འགུགས་མཁན་པོ་རིན་ཆེན་དར་རྒྱས་གསུང་ལྡེབ། ༡ ནོར་སྒྲུབ་ལས་བྱང་གཏེར་ཆེན་ཉིད་ཁྲིགས་ལ་འཇམ་མགོན་རིན་པོ་ཆེས་གསལ་དག་མཛད་པ་ལྡེབ། ༢༡ བསང་མཆོད་འཇམ་མགོན་གསུང་ལྡེབ། ༢ སྐོང་བ་ཚན་གཉིས་ཀརྨ་མཁན་པོ་དང་དིལ་མཁྱེན་རིན་པོ་ཆེའི་གསུང་གཉིས་སྡོམ་ལྡེབ་ཤར། ༣ ལས་ཚོགས་གསལ་བྱེད་འཇམ་མགོན་གསུང་ཁྲིགས་ལྡེབ། ༡༠ བཀྲ་ཤིས་གཏེར་བུམ་སྒྲུབ་ཐབས་གཏེར་ཆེན་ཕྱག་སྲོལ་བྱང་འདྲེན་རྒན་བུ་རྣམས་ཀྱི་ཞལ་རྒྱུན་མཆོག་གི་མཚན་ཅན་པདྨ་བཛྲ་རྩལ་གྱིས་བརྗེད་ཐོར་བཀོད་པ་དང་། འཁོར་ལོའི་བྲི་ཡིག་ཀུན་གཟིགས་མཁྱེན་བརྩེའི་གསུང་དང་གཡང་བུམ་རྫས་ཐོ་ཞལ་གདམས་སྙིང་བྱང་ནས་བཏུས་རྣམས་དཀྱུས་བཀོད་ལྡེབ། ༢༥ ལྷ་བཙུན་དག་སྣང་གཡང་འགུགས་མེ་ཏོག་ཆར་སིལ་རྩ་གཞུང་ལྡེབ། ༣ མཆོག་གླིང་བླ་མ་ནོར་ལྷར་བསྟེན་པའི་མཚུན་བཅོས་མཆོག་གླིང་མཚན་འཆང་པདྨ་ཀུན་ཁྱབ་ཡེ་ཤེས་སྙིང་པོའི་གསུང་ལྡེབ། ༩ མཚུན་གཡང་འགུགས་བྱང་ཀརྨའི་མཁན་ཆེན་གསུང་ལྡེབ། ༡ དབང་ཆོག་མཆོག་གླིང་གཏེར་སྲས་ཚེ་དབང་ནོར་བུའི་གསུང་ལྡེབ། ༡༢ ཆོས་རྒྱལ་རྡོ་རྗེའི་ས་གནམ་དགོངས་གཏེར་འདུས་པ་ཨོ་རྒྱན་ནོར་ལྷ་ཛཾ་དཀར་ཚེ་གཡང་ཁ་སྦྱོར་སྔོན་འགྲོའི་ཟུར་རྒྱན་ལྡེབ། ༡ གཏེར་གཞུང་སྒྲུབ་ཐབས་ལྡེབ། ༡༩ གཏེར་སྲུང་མཆོད་ཐབས་ཉིད་གསུང་ཚན་གཉིས་ལྡེབ། ༥ ཚོགས་མཆོད་ངག་དབང་ཚོགས་གཉིས་གསུང་ལྡེབ། ༦ གཏོར་དབང་ཟླ་བཟང་སྤྲུལ་སྐུའི་གསུང་ལྡེབ། ༢ གྲྭ་མངོན་ཛཾ་དམར་སྒྲུབ་ཐབས་དང་ལས་ཚོགས་གཏེར་གཞུང་ལྡེབ། ༡༧ ལས་བྱང་དང་ཆུ་སྦྱིན་གཏོར་ཆོག་སྨིན་གཏེར་གསུང་དང་རྒྱུན་ཁྱེར་ཆུ་གཏོར་ཅན་པད་ཕྲིན་གསུང་དང་། རྒྱས་པ་དང་དབང་གི་སྦྱིན་སྲེག་སྨིན་ལོའི་གསུང་བཅས་དཀྱུས་བཀོད་ལྡེབ། ༡༠ སྐོང་བ་དང་གཡང་འགུགས་འཇམ་མགོན་པདྨ་གར་དབང་གསུང་ལྡེབ། ༤ བལ་པོའི་གཏེར་སྟོན་ཨ་ཧཱུྃ་གི་གླང་ཆེན་བཅས་ཆོག་རབ་ཟབ་གཏེར་གཞུང་ལྡེབ། ༤ བལ་པོ་ཨ་ཧཱུྃ་འབར་གྱི་ཡཀྵ་ཛཾ་ནག་ཀུན་གཟིགས་མཁྱེན་བརྩེའི་ཡང་གཏེར་དུ་བྱོན་པའི་གཏེར་གཞུང་སྐོར་ལྡེབ། ༣༢ བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ ལས་བྱང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༥ གཡང་འགུགས་འགྲེས་བྱང་ལྡེབ། ༡ གཏེར་སྲུང་མཆོད་ཐབས་ཞེ་ཆེན་རྒྱལ་ཚབ་གསུང་ལྡེབ། ༡ སྲོག་དབང་འཇམ་མགོན་གསུང་ཁྲིགས་ལྡེབ། ༨ ཀུན་གཟིགས་མཁྱེན་བརྩེའི་ས་གཏེར་རྩ་གསུམ་སྒྱུ་དྲྭའི་ནོར་རྒྱུན་མའི་གཏེར་གཞུང་སྐོར་ལྡེབ། ༥ རྒྱུན་ཁྱེར་མཁྱེན་བརྩེ་ཉིད་ཀྱི་གསུང་ཁྲིགས་ལྡེབ། ༢ ཕྲིན་དབང་དང་ལས་ཚོགས་ཀྱི་གསལ་བྱེད་ཟུར་རྒྱན་བཅས་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་ཆོག་ཁྲིགས་ལྡེབ། ༡༨ གུ་རུ་ཆོས་དབང་གི་པདྨ་གཡང་འབུམ་སྨོན་ལམ་བཀྲ་ཤིས་བཅས་གཏེར་གཞུང་ལྡེབ། ༡༣ གཡང་འབུམ་འགྲེས་བྱང་ལྡེབ། ༡ ཆོས་དབང་ཛཾ་དཀར་གཏེར་གཞུང་སྐོར་ལྡེབ། ༧ ཆོས་དབང་ཛཾ་དཀར་གཙོ་རྐྱང་ཕྱི་ནང་གསང་སྒྲུབ་དང་ལྷ་དགུའི་སྒྲུབ་ཐབས་ཀུན་གཟིགས་མཁྱེན་བརྩེའི་གསུང་ཁྲིགས་ལྡེབ། ༧ ཆོས་དབང་ཛཾ་དམར་གཏེར་གཞུང་སྐོར་ལྡེབ། ༥ ཆོས་དབང་ཛཾ་ནག་ཆུ་སྦྱིན་ཀུན་གཟིགས་མཁྱེན་བརྩེའི་གསུང་ཁྲིགས་ལྡེབ། ༤ ལས་འབྲེལ་པད་གླིང་གཉིས་འདུས་ཕྱག་རྡོར་དྲེགས་འདུལ་ལས་མཐའ་ཛཾ་དམར་གཏེར་གཞུང་སྐོར་ལྡེབ། ༥ བྱང་གཏེར་རང་ཤར་ནོར་ལྷ་ཡོངས་རྫོགས་གཏེར་གཞུང་སྐོར་ལྡེབ། ༧ ཆུ་སྦྱིན་འབུལ་རིམ་ཞེ་ཆེན་རྒྱལ་ཚབ་གསུང་ལྡེབ། ༤ དབང་དང་རྗེས་གནང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༦ བྱང་གཏེར་ཐུགས་སྒྲུབ་ཛཾ་ལྗང་གཏེར་གཞུང་སྐོར་ལྡེབ། ༨ གཏོར་འབུལ་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༢ རཏྣའི་ཀློང་གསལ་སྙིང་ཐིག་གི་ཕྱི་ཛཾ་སེར་དང་ནང་ཛཾ་དམར་གསང་བ་ཛཾ་ནག་དང་ཛཾ་ཁྲོ་རིན་ཆེན་གཏེར་སྒྲུབ་བསྟོད་གསོལ་བཅས་རིང་སྦྲེལ་གཏེར་གཞུང་ལྡེབ། ༦ ཀློང་གསལ་རྡོར་སྙིང་ཛཾ་སེར་གཏེར་གཞུང་ལྡེབ། ༣ བསྙེན་སྒྲུབ་ཆོ་ག་ཀུན་གཟིགས་མཁྱེན་བརྩེའི་གསུང་ཁྲིགས་ལྡེབ། ༤ གནམ་ཆོས་ཛཾ་ལྷ་རིགས་དགུ་སོ་སོ་དང་རིགས་དགུ་འཁོར་མང་གཅིག་བསྡུས་ཛཾ་སེར་བཅས་གཏེར་གཞུང་ལྡེབ། ༧ ཛཾ་ནག་བཀའ་རྒྱ་མ་གཏེར་གཞུང་ལྡེབ། ༡ ཛཾ་ལྷ་སྤྱིའི་ལས་བྱང་གཏེར་གཞུང་ལྡེབ། ༡ གནམ་ཆོས་ཛཾ་ལྷ་ཉེར་གཅིག་གི་གཡང་སྐྱབས་ཆགས་མེད་གསུང་ཁྲིགས་ལྡེབ། ༡༤ ནོར་ལྷ་སྤྱིའི་གཏོར་འབུལ་ཆགས་མེད་གསུང་ལྡེབ། ༡ གུ་རུས་ཁྲི་སྲོང་ལ་གདམས་བཀའ་མ་དང་གཉལ་པ་ཉི་ཤེས་གཏེར་བྱོན་རྣམ་སྲས་སེར་ཆེན་ལྷ་དགུ་སྤྲིན་གསེབ་མ་ཚར་ཆེན་ཡབ་སྲས་ཀྱི་བེ་བུམ་ལས་བྱུང་བ་ལོ་རྒྱུས་ནས་དམ་ཚིག་བསྟན་པའི་བར་ཅན་བཀའ་གཏེར་གཉིས་ལྡན་ལྡེབ། ༡༤ ཁྲོ་ཕུ་ལོ་ཙཱ་བ་དང་གཉལ་པ་ཉི་མ་ཤེས་རབ་ཀྱི་གཏེར་མ་ཡང་གསང་མདུང་དམར་ཅན་གྱི་རྒྱུད་དང་སྒྲུབ་སྐོར་གཉག་དབོན་གྱི་བེ་བུམ་ལྡེབ། ༤༠ རཏྣའི་རྟ་གསང་རྣམ་སྲས་མདུང་དམར་གྱི་ཕྲིན་ལས་དང་སྲོག་དབང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༩ པད་གླིང་ནོར་རྒྱམ་རྣམ་སྲས་ཡང་གསང་བླ་མེད་གཏེར་གཞུང་སྐོར་ལྡེབ། ༢༢ བཅས་བཞུགས།། ༄། གཏེར་མཛོད། ཞི༽པ་ལ། འཇའ་ཚོན་མ་ནིང་རྒྱས་ལས་སེར་པོ་སྐོར་གསུམ་གཡང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༩ བྱང་གཏེར་ཐུགས་སྒྲུབ་རྣམ་སྲས་སེར་ཆེན་ཕྱྭ་ཕྲིན་ནོར་བུ་མཆོག་རྒྱལ་གཏེར་གཞུང་ལྡེབ། ༡༦ དེའི་ལག་ལེན་ཟུར་འདེབས་འཇམ་མགོན་གསུང་ལྡེབ། ༩ གྲུབ་ཆེན་ཐང་རྒྱལ་ལུགས་ཀྱི་གཡང་འགུགས་རྗེ་མཁྱེན་བརྩེའི་གསུང་ངོ་མཚར་ཅན་དང་རྗེས་འབྲེལ་དབང་རྒྱས་ལྷའི་བསང་མཆོད་དཔོན་སློབ་ངག་ལེགས་གསུང་བཅས་ལྡེབ། ༡༣ མཆོག་གླིང་ཐུགས་སྒྲུབ་ཡིད་ནོར་རྣམ་སྲས་རིགས་གསུམ་གཏེར་གཞུང་སྐོར་ལྡེབ། ༢༡ སྲོག་འཁོར་བྲི་ཐབས་མཁྱེན་བརྩེའི་ཞལ་རྒྱུན་དང་གཏོར་མའི་ཟིན་བྲིས་འཇམ་མགོན་གསུང་ལྡེབ། ༣ གྲྭ་མངོན་ཞང་བློན་གཏོར་ཆོག་སྨིན་གཏེར་གསུང་ལྡེབ། ༢ གནམ་ཆོས་ཨ་པར་ཙིཏྟའི་སྒྲུབ་པ་དང་སྒྲུབ་ཐབས་གཏེར་གཞུང་ཚན་གཉིས་ལྡེབ། ༡ དང་། ཚོགས་བདག་གླང་སྣའི་སྒྲུབ་ཐབས་སྐོར་དང་གསོལ་ཁ་གཏེར་གཞུང་ལྡེབ། ༢ རྟ་ལྷ་རེ་མནྟའི་སྒྲུབ་པ་གཏེར་གཞུང་ལྡེབ། ༡ གསོལ་ཀ་གཏེར་གཞུང་ལྡེབ། ༡ རྟ་གཟུངས་ཆོ་ག་ལྡེབ། ༡༩ དང་། ཟིན་བྲིས་ལྡེབ། ༥ ཀུ་བེ་རའི་སྒྲུབ་ཐབས་དམིགས་ཟིན་ལྡེབ། ༥ ཀུ་བེ་རའི་བསྙེན་སྒྲུབ་མཆོད་བསྟོད་ལྡེབ། ༡ རྣམས་ཆགས་མེད་གསུང་། གནམ་ཆོས་རྟ་གཟུངས་གཏེར་གཞུང་ལྡེབ། ༡ རེ་མནྟའི་སྐོང་གསོ་ལྡེབ། ༢ དང་། རྟིལ་བསང་ལྡེབ། ༣ མངའ་གསོལ་ལྡེབ། ༢ གཏོར་འབུལ་ལྡེབ། ༡ རྣམས་ཆགས་མེད་གསུང་། རྟ་གླུད་ལག་ལེན་ཆགས་མེད་གསུང་དང་འདོན་ཆ་གཏེར་གཞུང་བཅས་ལྡེབ། ༤ རྟ་གླུད་བསྡུས་པ་ཆགས་མེད་གསུང་ལྡེབ། ༢ ཁམས་པ་ངག་དབང་ཀུན་དགའ་བསྟན་འཛིན་གྱི་རྨ་རྒྱལ་སྤོམ་ར་གཏེར་གཞུང་ལྡེབ། ༥ ཆགས་མེད་བཞི་པ་ཀརྨ་བསྟན་འཛིན་ཕྲིན་ལས་ལ་བཀའ་བབས་པའི་བཀའ་གཏེར་ཟུང་འཇུག་ཤ་ཟ་མཁའ་འགྲོ་དབྱུག་གུ་མཆེད་གསུམ་གྱི་སྒྲུབ་ཐབས་ཆེ་ཆུང་དང་བསང་། མཆོད་ཐབས་བསྟོད་པ་བསྐུལ་པ་རྣམས་ཉིད་ཀྱི་གསུང་། རྩ་གཞུང་གཏོར་ཆོག་ཆགས་མེད་གསུང་དང་། ཆུ་གཏོར་དེའི་ཟིན་བྲིས་ཉིད་ཀྱི་གསུང་བཅས་རིང་སྦྲེལ་ལྡེབ། ༡༦ གུད་སྦས་དང་ཟིན་བྲིས་ཉིད་ཀྱི་གསུང་ལྡེབ། ༧ བསྙེན་ཡིག་མན་ངག་གནད་ཡིག་བླ་མ་བསྟན་འཛིན་རྒྱ་མཚོའི་གསུང་ལྡེབ། ༣ སྲོག་གཏད་ཉིད་ཀྱི་གསུང་ལྡེབ། ༩ བསེ་རག་བཀར་ཡས་ཆགས་མེད་གསུང་ཚན་གཉིས་ལྡེབ། ༢ མཆོག་གླིང་ཟབ་བདུན་ཀུན་འཁྱིལ་མཆེད་གསུམ་གཏེར་གཞུང་སྐོར་ལྡེབ། ༣ རྗེས་གནང་བཀའ་གཏད་ཀུན་གཟིགས་མཁྱེན་བརྩེའི་གསུང་ཁྲིགས་ལྡེབ། ༧ གཏེར་སྟོན་གསུམ་ཚོགས་ཀྱི་བསོད་ནམས་གླང་པོ་སྟོབས་བསྐྱེད་འཁོར་ལོའི་མན་ངག་གཞུང་ལག་ལེན་བཅས་ལྡེབ། ༧ སངས་གླིང་བླ་མ་དགོངས་འདུས་ཐོད་བརྟག་ལྡེབ། ༤ དང་། ཐོད་སྒྲུབ་ལྡེབ། ༣ རཏྣའི་ཐུགས་སྒྲུབ་ཡང་འདུས་ཐོད་བརྟག་ཐོད་སྒྲུབ་ལྡེབ། ༤ རྣམས་གཏེར་གཞུང་། བྱང་གཏེར་མངའ་སྐྱེད་ནོར་བུའི་བང་མཛོད་ཀྱི་མངའ་དབང་རིན་ཆེན་འབར་བའི་གཏེར་གཞུང་སྐོར་ལྡེབ། ༢༤ མཐའ་དཔྱོད་བྱང་བདག་གསུང་ལྡེབ། ༦ དབང་ཆོག་ལག་ལེན་འཇམ་མགོན་གསུང་ཁྲིགས་ལྡེབ། ༡༠ སྲོག་ལུས་དབང་ཐང་ཀླུང་རྟ་སྐྱེད་པའི་གཏོ་ཆོག་འབྱུང་རྩིས་ལས་བཏུས་པ་ལྡེབ། ༧ རྣམས་བཞུགས་སོ།། ༈ བཞི་པ་ལོ་ཏོག་འབྲས་བུ་རྒྱས་བྱེད་ལ། པད་གླིང་བླ་མ་ནོར་རྒྱམ་ཆར་འབེབ་རྒྱ་ནག་ཆུ་འཁོར་མ་གཏེར་གཞུང་ལྡེབ། ༧ ཌོམྦྷི་ཧེ་རུ་ཀའི་ལུགས་ཀྱི་ཆར་འབེབ་ཞལ་ཤེས་བཅས་གཏེར་གཞུང་ལྡེབ། ༣ དྲག་རྫས་སྨིན་གཏེར་ཕྱག་བཞེས་མ་ལྡེབ། ༡ བྱང་གཏེར་ཐུགས་སྒྲུབ་ལས་ཚོགས་ལུད་སྦྱོར་དང་བྱི་སྲུང་གཏེར་གཞུང་ལྡེབ། ༣ གནམ་ཆོས་ས་སྙིང་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༡ གནམ་ཆོས་དགོངས་གཏེར་ཀླུ་རྒྱལ་དགའ་བོའི་སྒྲུབ་པ་གཏེར་གཞུང་དང་སྒྲུབ་ཐབས་དང་མཆོད་ཐབས་བཀའ་གཏད་བཅས་ཆགས་མེད་གསུང་ལྡེབ། ༢ གནམ་ཆོས་ཀླུ་མི་མགོན་དཀར་པོའི་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༡ གསོལ་ཀ་གཏེར་གཞུང་དང་སྒྲུབ་ཐབས་གསལ་བྱེད་སྐོང་གསོལ་གཡང་སྐྱབས་བཅས་ཆགས་མེད་གསུང་ལྡེབ། ༩ སངས་གླིང་དང་འཇའ་ཚོན་སོགས་ཀྱི་ཆར་འབེབ་མན་ངག་ཟབ་བསྡུས་བདུད་རྩིའི་བུམ་ཆུང་དགེ་ལེགས་རྒྱ་མཚོ་ཆགས་མེད་གསུང་ལྡེབ། ༣༠ ཀླུ་ལ་བདེ་བ་སྦྱིན་པའི་སྔགས་གཟུངས་བསྡུས་ཝཾ་པོད་ལས་བཤུས་པ་སོགས་ཆར་འབེབ་སྔགས་བྱང་ཟུར་བཀོད་ལྡེབ། ༡ ཆར་འབེབ་ཉེར་མཁོ་ཟབ་བསྡུས་དང་སྤྲིན་མདོའི་དོན་བསྡུས་གསོལ་འདེབས་བདེན་སྟོབས་བཅས་ཆགས་མེད་གསུང་ལྡེབ། ༧ འབུ་སྲིན་གདུག་པ་ཞི་བྱེད་བསང་རྒྱས་འབྲིང་བསྡུས་གསུམ་དང་ཁ་སྒྱུར་ཟིན་བྲིས་ཚན་འགའ་ཆགས་མེད་གསུང་དང་སྤྲིང་ཡིག་བཅས་རིང་སྦྲེལ་ལྡེབ། ༡༦ སྟག་ཤམ་བདུད་འདུལ་དྲག་མོའི་རྒྱས་ལས་སའི་ལྷ་མོ་བརྟན་མ་གཏེར་གཞུང་སྐོར་ལྡེབ། ༡༠ ལག་ལེན་གསལ་བྱེད་འཇམ་མགོན་གསུང་ལྡེབ། ༦ བཀའ་གཏེར་ཟུང་འཇུག་སེང་གེ་སྒྲའི་སྒྲུབ་ཐབས་དང་རྗེས་གནང་ཆར་འབེབ་བཅས་ཐུགས་རྡོར་དགོངས་གཏེར་རྩ་གཞུང་ལྡེབ། ༩ དེའི་ཆ་ལག་ལོ་གླུད་འགོང་པོ་གྲུ་འདེད་ཐུགས་རྡོར་ཉིད་གསུང་ལྡེབ། ༡ ཐུགས་རྡོར་དགོངས་གཏེར་རྟ་མགྲིན་ལས་ཚོགས་བཙའ་འདེད་མཚོན་འཁོར་ཉིད་བྲིས་ལྡེབ། ༥ མཆོག་གླིང་ཐུགས་སྒྲུབ་ཆར་འབེབ་ཆོས་བདག་རྡོ་རྗེ་མཆོག་རབ་རྩལ་གྱི་གསུང་དང་འཇམ་མགོན་མི་ཕམ་རིན་པོ་ཆེའི་གསུང་ཆར་བསང་བཅས་ལྡེབ། ༨ བཙའ་སྲུང་མན་ངག་དང་བསང་འཇམ་མགོན་རིན་པོ་ཆེའི་གསུང་ལྡེབ། ༡༢ ཞིང་ལྷ་བསྟོད་པའི་མཆོད་གསོལ་ཆགས་མེད་གསུང་ལྡེབ། ༦ ཆགས་མེད་བཞི་པ་ཀརྨ་བསྟན་འཛིན་ཕྲིན་ལས་ཀྱི་ཞིང་ལྷ་ཚངས་པའི་གཡང་སྐྱབས་དང་ཚོགས་མཆོད་ལྡེབ། ༢༣ དང་། གཏོར་མའི་དཔེའུ་རིས་ལྡེབ། ༡ ལོ་གླུད་ལྡེབ། ༦ བཅས་ཆགས་སྤྲུལ་ཉིད་མཛད། ལོ་ཐོག་ལ་ཕན་པའི་གདམས་པ་ཉེར་མཁོ་ཟབ་བསྡུས་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༦ ལོ་ཐོག་རྒྱས་པའི་སྨོན་ལམ་ཐང་རྒྱལ་དང་ཆགས་མེད་གསུང་ཚན་བསྡེབས་ལྡེབ། ༢ རྣམས་བཞུགས་སོ།། ༈ ལྔ་པ་ཡོན་ཏན་གྱི་སྣོད་དུ་གྱུར་པ་རིགས་རྒྱུད་རྒྱས་པར་བྱེད་པ་ལ། ཆོས་དབང་གསང་འདུས་ཀྱི་ཐེམ་མེད་ལྷ་བུ་བཙོན་འཛིན་སྲུང་བ་བྲི་ཐབས་གཏེར་གཞུང་ལྡེབ། ༣ རྡོར་གླིང་གཏེར་ཕྲན་གཅེས་ཕྲེང་ལྷ་མོ་བུ་རྫི་མའི་རྟེན་མདོས་གཏེར་གཞུང་ལྡེབ། ༤ སངས་གླིང་དགོངས་འདུས་རྨང་པོ་སྲིད་སྤེལ་གྱི་ཆོས་དྲུག་གི་སྲིད་འབེབ་ལྷའི་བུ་ལེན་ལྡེབ། ༡༠ དང་། སྲིད་འཚོ་སྒྱུར་སྲུང་དང་གནན་པ་ཆུང་དུར་ཚང་ཟློག་བཅས་ལྡེབ། ༡༣ རྣམས་གཏེར་གཞུང་། མཆོག་གླིང་ཟབ་བདུན་རིན་ཆེན་མཁའ་འགྲོ་སོ་སོར་འབྲང་མ་གཏེར་གཞུང་ལྡེབ། ༣ དབང་ཆོག་འཇམ་མགོན་གསུང་ཁྲིགས་ལྡེབ། ༤ བཅས་བཞུགས་པ་རྣམས་སོ།། ༄། གཏེར་མཛོད། ཟི༽པ་ལ། ༈ དྲུག་པ་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྒྱས་པར་བྱེད་པ་ལ། སངས་གླིང་གཏེར་བྱོན་ལུགས་ཀྱི་གནས་ཆོག་ཞིག་གླིང་ཆོག་སྒྲིག་ལྡེབ། ༩ དང་། རྗེས་གནང་ལྡེབ། ༣ བཅས། ཆོ་ག་རྒྱས་པ་ཆོག་ཁྲིགས་ཀུན་གཟིགས་མཁྱེན་བརྩེའི་དབང་པོས་མཛད་པ་ལྡེབ། ༡༨ འགྲེས་བྱང་ལྡེབ། ༣ གནས་བརྟན་ཆོ་ག་རྩེ་ལེའི་མཁས་མཆོག་པདྨ་ལེགས་གྲུབ་གསུང་ལྡེབ། ༨ གནས་བརྟན་ཕྱག་མཆོད་ཀུན་མཁྱེན་འཇིགས་གླིང་གསུང་ལྡེབ། ༣ ཟླ་བ་སྒྲོན་མེའི་མདོ་ལས་འབྱུང་བའི་བསྟན་འབར་མ་ལྡེབ། ༡ གནས་བརྟན་གྱི་བཀྲ་ཤིས་ཞེ་ཆེན་རྒྱལ་ཚབ་གསུང་ལྡེབ། ༣ མི་ཕམ་རིན་པོ་ཆེའི་གསུང་གནས་བརྟན་རྣམ་ཐར་ལོ་རྒྱུས་མདོར་བསྡུས་ལྡེབ། ༤ འཇའ་ཚོན་ཟབ་གཏེར་ལུགས་སཱཙྪ་ལ་བརྟེན་ནས་འགྲོ་འདུལ་བསྟན་པ་རྒྱས་པའི་མན་ངག་ལྡེབ། ༦ དང་། ཀློང་གསལ་རྡོར་སྙིང་རྒྱལ་ཚབ་བྱམས་པའི་སྒྲུབ་ཐབས་དབང་ཆོག་ལྡེབ། ༡༠ བཅས་འཇམ་མགོན་གསུང་ཁྲིགས། གནམ་ཆོས་ཐུབ་དབང་གནས་བཅུ་འཁོར་བཅས་ཀྱི་སྒྲུབ་ཐབས་ལས་ཚོགས་དབང་བཅས་གཏེར་གཞུང་ལྡེབ། ༡༣ དགེ་འདུན་འདུ་འཁོར་དང་མཐུན་འཁོར་བྲི་གཞུང་ཞལ་གདམས་བཅས་གཏེར་གཞུང་དང་བྲི་ཐབས་འདོད་གསོལ་སྔ་ཕྱི་འགའ་བཅས་ལྡེབ། ༨ དབང་སྒྲུབ་དང་དབང་བཤད་ཆགས་མེད་གསུང་ལྡེབ། ༡༠ ཆགས་མེད་གསུང་སྤྲུལ་ཀརྨ་བདེ་ཆེན་སྙིང་པོའི་གསུང་རྩ་གསུམ་འདུས་པའི་སྒྲུབ་མཆོད་ཆོ་ག་ལྡེབ། ༡༣ མང་དགེ་རྡོ་རྗེ་འཆང་གི་ཐུབ་ཆོག་གསེར་ཞུན་མ་རྩ་འགྲེལ་དགེ་ལེགས་ཡར་འཕེལ་ཉིད་གསུང་ལྡེབ། ༩ མི་ཕམ་རིན་པོ་ཆེའི་གསུང་ཐུབ་ཆོག་བྱིན་རླབས་གཏེར་མཛོད་ལྡེབ། ༤ སངས་རྒྱས་སྤྱི་བསྟོད་སེམས་བརྩེ་མ་ལྡེབ། ༡ ཐུབ་བསྟོད་དང་ཆོ་འཕྲུལ་བསྟོད་སྨོན་མི་ཕམ་རིན་པོ་ཆེའི་གསུང་ལྡེབ། ༨ མཛད་བཅུ་དབང་བཞིར་སྦྱར་བ་དང་དབང་ལེན་རྫོགས་སྨིན་སྦྱོང་སྨོན་བཅས་ཀུན་མཁྱེན་འཇིགས་གླིང་གསུང་ལྡེབ། ༢ གཟུངས་འབུལ་ལག་ལེན་སྨིན་ལོའི་གསུང་གནད་བསྡུས་རྩ་གཞུང་ལྡེབ། ༦ འཇམ་མགོན་གསུང་གཟུངས་འབུལ་ལག་ལེན་གསེར་འཕྲུའི་གཟུངས་འབུལ་དང་ཐ་འཁོར་བྲི་ཡིག་བཅས་ལྡེབ། ༢༥ དེའི་ནང་གསལ་ཉེར་མཁོའི་གཟུངས་རིགས་ལྷན་ཐབས་ཟུར་བྱང་ལྡེབ། ༤ གཟུངས་སྒྲུབ་བསྡུས་པ་ལྡེབ། ༢ དང་། འདུལ་བ་མདོ་རྩ་ལས་འབྱུང་བའི་རི་མོའི་བྲི་ཡིག་ལྡེབ། ༥ བཅས་འཇམ་མགོན་གསུང་། ཀཱ་ཝཱ་ཙིའི་རིལ་སྦྱོར་དམ་རྫས་དཀར་ཆག་ལས་ཁོལ་ཕྱུང་ལྡེབ། ༢ དང་། གཟུངས་དང་གནོད་སྦྱིན་འཕྲུལ་འཁོར་ཚོགས་བདག་འཁོར་ལོ་བང་མཛོད་རྫས་རྣམས་སྒྲུབ་ཐབས་སྨིན་ལུགས་ལྟར་བཀོད་པ་ལྡེབ། ༡༠ བཅས་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུང་རྣམས་བཞུགས་སོ།། ༈ བཞི་པ་དབང་གི་ལས་ཀྱི་སྐོར་ལ། ཆོས་དབང་བླ་མ་གསང་འདུས་ཀྱི་པདྨ་རྒྱལ་པོའི་སྒོས་སྒྲུབ་གཏེར་གཞུང་ལྡེབ། ༢ རོང་ཟོམ་པཎྜི་ཏ་ཆོས་ཀྱི་བཟང་པོའི་པདྨ་མཁའ་འགྲོ་རིགས་བྱེད་རྩལ་གྱི་མན་ངག་རྟོག་པ་ཀུན་གཟིགས་མཁྱེན་བརྩེའི་ཡང་གཏེར་གཏེར་གཞུང་སྐོར་ལྡེབ། ༢༦ ཕྲིན་ལས་དབང་བསྐུར་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༩ ཚེ་སྒྲུབ་དིལ་མཁྱེན་མངྒ་ལས་ཁྲིགས་བཀོད་ལྡེབ། ༡ བསང་མཆོད་རྒྱས་བསྡུས་དང་གཏོར་འབུལ་མི་ཕམ་གསུང་ལྡེབ། ༢ སྐོང་བ་བདེ་ཆེན་སྤྲིན་རོལ་ལྡེབ། ༣ དང་། བརྒྱུད་འདེབས་ཁ་སྐོང་ཅན་དང་རྒྱུན་བྱང་ལྡེབ། ༧ དིལ་མཁྱེན་མངྒ་ལའི་གསུང་། སྦྱིན་སྲེག་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུང་ཁྲིགས་ལྡེབ། ༤ བསྙེན་སྒྲུབ་ལས་གསུམ་ཞལ་ཤེས་མི་ཕམ་པས་མཛད་པ་ལྡེབ། ༨ སངས་གླིང་དབང་སྡུད་ནོར་བུ་སྐོར་གསུམ་གཞུང་སྐོར་དང་སེང་གདོང་དམར་མོ་རྩ་བ་གསུམ་གྱི་ཕྲིན་ལས་བྱང་བུ་གསལ་བྱེད་བཅས་ལྡེབ། ༡༦ གར་དབང་ཞིག་གླིང་བདེ་མཆོག་དམར་པོའི་གཏེར་གཞུང་ཆོས་སྐོར་ལྡེབ། ༣༣ གསོལ་འདེབས་ཉིད་ཀྱི་གསུང་ལྡེབ། ༡ དབང་ཟིན་འཇམ་མགོན་གསུང་ལྡེབ། ༧ ཚེ་དབང་ནོར་བུའི་ཟབ་གཏེར་སྒྲོལ་མ་དམར་མོ་ལུང་བྱང་བཅས་གཏེར་གཞུང་ལྡེབ། ༤ ངག་འདོན་འཇམ་མགོན་གསལ་བསྡེབས་ལྡེབ། ༣ ཐུགས་རྡོར་དགོངས་གཏེར་སྒྲོལ་མ་དམར་མོའི་གཞུང་གསལ་བྱེད་དང་བཅས་པ་ཉིད་ཀྱི་གསུང་དང་རླུང་འཁོར་ཟིན་བྲིས་གུ་རུ་མ་ཎིའི་གསུང་བཅས་ལྡེབ། ༡༧ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༧ མཆོག་གླིང་ཟབ་བདུན་པདྨ་མཁའ་འགྲོའི་ཕྱི་ནང་གསང་བའི་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༥ དང་། གཏོར་འབུལ་ལྡེབ། ༢ རྫས་དང་སཱཙྪ་རླུང་མེ་བཞིའི་ལས་སྦྱོར་ལྡེབ། ༣ དབང་བྱང་ལྡེབ། ༡ རྣམས་གཏེར་གཞུང་། ཕྲིན་ལས་སྔོན་འགྲོ་ལྷན་ཐབས་ལྡེབ། ༣ དང་། རྗེས་ཀྱི་ལས་རིམ་ལྡེབ། ༥ སྐོང་བ་ལྡེབ། ༣ སྦྱིན་སྲེག་ལྡེབ། ༦ ཕྱི་ནང་གསང་སྒྲུབ་བྱ་ཚུལ་བསྙེན་ཡིག་ལྡེབ། ༧ དབང་ཆོག་ལྷན་ཐབས་ལྡེབ། ༦ རྣམས་འཇམ་མགོན་གསུང་ཁྲིགས། ཆོས་གླིང་ཛཾ་དམར་གཏེར་གཞུང་ཆོས་སྐོར་ལྡེབ། ༡༣ གསང་སྒྲུབ་མཆོད་ཕྲིན་ཉིད་ཀྱི་གསུང་ལྡེབ། ༤ རྗེས་གནང་སྲོག་གཏད་འཇམ་མགོན་ཆོག་ཁྲིགས་ལྡེབ། ༨ ལས་མཁན་དབང་ཕྱུག་དམར་པོའི་རིག་གཏད་ཆོས་གླིང་ཉིད་མཛད་ལྡེབ། ༣ གུ་རུ་ཇོ་ཚེའི་དབང་ཕྱུག་ཆེན་པོ་རླུང་ཞགས་གཏེར་གཞུང་དཔེ་རིས་བཅས་ལྡེབ། ༣ རྣམས་བཞུགས།། ༄། གཏེར་མཛོད། འི༽པ་ལ། བྱང་གཏེར་རྟེན་འབྲེལ་ཆོས་བདུན་གྱི་ཁམས་གསུམ་དབང་སྡུད་ལྷ་ཆེན་བསོད་འབར་དང་རླུང་ཞགས་སྐོར་གཏེར་གཞུང་ལྡེབ། ༧༡ གཏེར་གཞུང་ཁ་སྐོང་གཉེན་པོ་སྟོབས་སྒྲུབ་དང་རྟགས་ཚད་བསྟན་པ་བཅས་ལྡེབ། ༣ ཆོ་གའི་ཁྲིགས་ཟིན་དང་མེ་མཆོད་རིག་འཛིན་ལྔ་པ་སྐལ་བཟང་པདྨ་དབང་ཕྱུག་ཆོག་ཁྲིགས་ལྡེབ། ༡༣ སྨིན་གླིང་པ་ཆེན་པོ་ཨོ་རྒྱན་གཏེར་བདག་གླིང་པའི་ཟབ་གཏེར་ཐུགས་ཆེན་བདེ་ཀུན་བཀའ་སྲུང་ལྷ་ཆེན་དབང་ཕྱུག་ཆེན་པོའི་གཏེར་གཞུང་ཆོས་སྐོར་ལྡེབ། ༢༡ རྗེས་གནང་ལྡེབ། ༦ དང་། མེ་མཆོད་ལྡེབ། ༦ བཅས་ཉིད་ཀྱི་གསུང་ཁྲིགས། མཆོག་གླིང་ཟབ་བདུན་པདྨ་མཁའ་འགྲོའི་བཀའ་སྲུང་ལྷ་ཆེན་གཏེར་གཞུང་ལྡེབ། ༦ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༥ མཆོག་གླིང་ཐུགས་ཆེན་པདྨ་སྒྱུ་འཕྲུལ་དྲྭ་བའི་བཀའ་སྲུང་ལྷ་ཆེན་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༤ བཀའ་གཏད་འཇམ་མགོན་ཆོག་ཁྲིགས་ལྡེབ། ༤ རྣམས་བཞུགས་སོ།། ༈ ལྔ་པ་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་སྤྱི་དང་བྱེ་བྲག་གཉིས། དང་པོ་སྤྱིར་འགྲོ་བ་ལ། བཀའ་གཏེར་གཉིས་ལྡན་གནུབས་ལུགས་ཧྲཱིཿདམར་གཤིན་རྗེའི་ཡང་སྙིང་གཞུང་བྱང་བདག་གསལ་བྱེད་དང་བཅས་ལྡེབ། ༡༣ གྲུ་གུ་ཡང་དབང་གཏེར་བྱོན་འཇོམས་བྱེད་རྩལ་ཆེན་ཉི་ཟླ་ནག་པོའི་གདམས་སྐོར་མ་བུ་ལྡེབ། ༡༥ བྱང་བདག་དབང་པོའི་སྡེས་གསལ་བྱེད་ཆོག་ཁྲིགས་སྐོར་ལྡེབ། ༡༥ བཀའ་གཏད་སྒོམ་ལུང་འཇམ་མགོན་ཁྲིགས་ལྡེབ། ༡༣ སྟག་སྡེའི་བོན་སྟོན་གུ་རུ་ཧཱུྃ་འབར་གྱི་གཟའ་བདུད་མོན་པ་ཀེ་ཏའི་གཞུང་གསལ་བྱེད་བཅས་ལྡེབ། ༣༤ བསྙེན་སྒྲུབ་ལས་ཀྱི་ཕྲིན་ལས་གྱེར་སྒོམ་འཇམ་མགོན་ཁྲིགས་བསྡེབས་ལྡེབ། ༡༡ རཏྣའི་རྟ་གསང་གི་གཤིན་རྗེ་ཚེ་བདག་ནག་པོའི་སྲུང་ཟློག་གསད་གསུམ་གྱི་མན་ངག་གཏེར་གཞུང་ལྡེབ། ༨ མཆོག་གླིང་ཟབ་བདུན་ལས་ཀྱི་མཁའ་འགྲོ་རྡོ་རྗེ་སྡེར་མོ་གཏེར་གཞུང་སྐོར་ལྡེབ། ༤་་་་་་འདིའི་མཐར་དུར་ཁྲོད་ལྷ་མོའི་ལས་ཚོགས་འདུག་ཀྱང་འཚུབ་ལྷོང་གིས་ཕབ་མ་ཐུབ་གསུང་། དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༥ འཇམ་མགོན་མི་ཕམ་གསུང་གཏོར་སྐུལ་གནམ་ལྕགས་ཐོག་མདའ་ལྡེབ། ༤ དང་། དགོངས་གསོལ་དཔའ་བོའི་འབྲུག་སྒྲ་ལྡེབ། ༥ བཅས་པ་རྣམས་སོ།། ༈ གཉིས་པ་མངོན་སྤྱོད་བྱེ་བྲག་ཏུ་སྒྲུབ་པ་ལ། སྲུང་བ། ཟློག་པ། གསད་པ། མཐའ་སྡུད་བཞི། དང་པོ་སྲུང་བ་རྡོ་རྗེའི་མཁར་དུ་གཞུག་པ་ལ། ཆོས་དབང་དག་སྣང་བྱད་མ་འབུམ་རྡུགས་སྲུང་འཁོར་ལག་ལེན་བཅས་ལྡེབ། ༤ རང་ཕྱོགས་སྲུང་བ་གནུབས་ལུགས་ཨ་པ་རཱ་ཛི་ཏའི་རྩོད་རྒྱལ་རྡོ་འཁོར་མན་ངག་ལབ་སྟོན་ནམ་མཁའ་རིན་ཆེན་གསུང་ལྡེབ། ༨ མན་ངག་ལས་མཐའ་ལྡེབ། ༡ རྩོད་རྒྱལ་འཁོར་ལོའི་དཔེའུ་རིས་ལྡེབ། ༡ རཏྣའི་གཏེར་ཕྲན་མཉམ་གཉིས་རྩལ་འགྲན་འཆིང་གསུམ་གནད་གདམས་གཏེར་གཞུང་ལྡེབ། ༢ གནུབས་ཀྱི་མན་ངག་རྩོད་རྒྱལ་ག་ཁ་ལྟག་སྤྲོད་ལྡེབ། ༢ ལྷ་ཆེན་དབང་ཕྱུག་ལ་བསྟེན་པའི་བཙན་པོ་ཁ་ཆིངས་ལྡེབ། ༡ རྣམས་སོ།། ༈ གཉིས་པ་ཟློག་པ་བྱད་མ་རང་གཤེད་འབེབ་པ་ལ། སྟག་ཤམ་ཟབ་གཏེར་གུ་རུ་ཞི་བའི་ཟློག་པ་བྱད་ཁ་འབུམ་ཐུབ་གཏེར་གཞུང་ལྡེབ། ༦ བཀའ་བརྒྱད་ཁྲོ་རོལ་གཏོར་ཟློག་བསྡུས་པ་ཆགས་མེད་གསུང་ལྡེབ། ༤ རཏ་གླིང་ཕུར་པའི་སྐོང་ཟློག་ཆགས་མེད་གསུང་ལ་ཀུན་གཟིགས་མཁྱེན་བརྩེས་དག་གསལ་འཇུག་བདེར་ཡང་སྡེབ་བྱས་པ་ལྡེབ། ༡༡ དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་ལྡེབ། ༦ དང་། བྷྱོ་གདབ་རྒྱས་བསྡུས་ལྡེབ། ༢ བཅས་ཆགས་མེད་གསུང་། མཆོག་གླིང་མཐའ་དམག་ཟློག་པའི་ཆོས་བཞི་ལས། གཤིན་རྗེ་འཇིགས་བྱེད་རོལ་པ། རྟ་མགྲིན་བསྐལ་པའི་མེ་ཕུང་། ཕུར་པ་ཁྲོ་རྒྱལ་སྟོབས་འདུས། མགོན་པོ་གནམ་ལྕགས་ཐོག་མདའ་བཅས་གཏེར་གཞུང་སྐོར་ལྡེབ། ༢༣ ཡང་ཟློག་ཕྲ་མོའི་སྐོར་ལ། ཡང་ཟློག་གནུབས་ཀྱི་གོང་ཁུག་མ་ལྡེབ། ༢ གནུབས་ལུགས་གཤིན་རྗེ་གཤེད་མཐུ་སྟོབས་དྲེགས་པའི་རྒྱལ་པོའི་སྲུང་ཟློག་གསད་གནན་རྒྱུན་གྱི་རྣལ་འབྱོར་བྱང་བདག་དབང་པོའི་གསུང་ལྡེབ། ༥ དེའི་སྟེང་འོག་བར་གསུམ་གྱི་འཁོར་ལོའི་དཔེའུ་རིས་ལྡེབ། ༡ རཏྣའི་ཐུགས་སྒྲུབ་ཡང་འདུས་མཁའ་འགྲོའི་ཡང་ཟློག་གནམ་ལྕགས་སྤུ་གྲི་དང་། ཡང་ཟློག་དུག་གི་སྤུ་གྲི། གནུབས་ལུགས་ཡང་ཟློག་ཨ་ཐུང་ནག་པོ། གུ་རུ་པདྨ་སིདྡྷིའི་ཡང་ཟློག་སྔགས་ཀྱི་ཤན་པ། ཤྲཱི་སིཾ་ཧའི་གཤིན་རྗེའི་ཡང་ཟློག་བཀའ་རྒྱ་མ་བཅས་ཚན་ལྔ་རིང་སྦྲེལ་ལྡེབ། ༦ རཏྣའི་རྟ་གསང་ཡང་ཟློག་རྡོར་ཕལ་སྲུང་ཟློག་གསད་པ་གཏེར་གཞུང་ལྡེབ། ༣ ཞལ་ཤེས་སྙན་བརྒྱུད་བཀའ་རྒྱ་མ་གཏེར་གཞུང་ལྡེབ། ༢ ཡང་ཟློག་རྡོ་རྗེ་ཕ་ལམ་གྱི་རྒྱུན་ཁྱེར་སྨིན་གཏེར་གསུང་ལྡེབ། ༢ ཡང་ཟློག་ཞལ་ཤེས་སྙན་བརྒྱུད་དང་རྒྱུན་བྱང་རིག་འཛིན་ཚེ་ནོར་གསུང་ལྡེབ། ༢ ཤེར་འོད་གྲོལ་ཏིག་གཤིན་རྗེའི་ཡང་ཟློག་གཏེར་གཞུང་སྐོར་ལྡེབ། ༣ ཞང་ཁྲོམ་ཚེ་བདག་ཡང་ཟློག་མེའི་སྤུ་གྲིའི་མན་ངག་སོག་ཟློག་པ་བློ་གྲོས་རྒྱལ་མཚན་གྱིས་མཛད་པ་ལྡེབ། ༩ ཚེ་དབང་ཀུན་ཁྱབ་གསུང་ཚེ་བདག་ནག་པོའི་ཡང་ཟློག་གི་མན་ངག་སི་ཏུ་ཆོས་འབྱུང་ཞལ་ལུང་ལྟར་བཀོད་ལྡེབ། ༥ གཏེར་ཁ་གསུམ་སོགས་ཚད་ལྡན་མན་ངག་ཀུན་འདུས་ཀྱི་ཡང་ཟློག་རྡོ་རྗེ་ཕ་ལམ་གྱི་སྲུང་ཟློག་གསད་པའི་ལག་ལེན་བཀླག་ཆོག་མ་འཇམ་མགོན་ཆོག་ཁྲིགས་ལྡེབ། ༢༩ ཉེར་མཁོ་སྔོན་ཆིངས་སྨིན་གཏེར་དྲེགས་འཇོམས་ལས་ཕྱུང་བ་ལྡེབ། ༡ དང་། ཚོགས་མཆོད་སོགས་རྗེས་ཆིངས་ལྡེབ། ༤ བཅས། འདོད་དོན་གསོལ་སྨོན་དགོངས་འདུས་རྟ་ནག་ཁ་སྒྱུར་བ་དང་འབྲི་གུང་རཏྣ་དང་ལྔ་པ་ཆེན་པོའི་གསུང་བཅས་ལྡེབ། ༡ མཆོག་གླིང་ཐུགས་སྒྲུབ་བླ་མ་སྨྲ་སེང་དྲག་ཁྲོས་ཕ་རོལ་རྒོལ་འཇོམས་ཀྱི་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ ཕྲིན་ལས་ཟློག་པ་དང་བཅས་གཏེར་ཆེན་ཉིད་ཁྲིགས་ལྡེབ། ༡༥ སྐོང་བ་འཇམ་མགོན་གསུང་ལྡེབ། ༢ རྒྱུན་གྱི་སྒོམ་བཟླས་ཀུན་གཟིགས་མཁྱེན་བརྩེའི་གསུང་ཁྲིགས་ལྡེབ། ༦ གཏོར་དབང་ལྡེབ། ༥ དང་། འཆི་བླུའི་བཀའ་གཏད་ལྡེབ། ༢ བཅས་འཇམ་མགོན་ཆོག་ཁྲིགས་རྣམས་བཞུགས།། ༄། གཏེར་མཛོད། ཡི༽པ་ལ། ལྷོ་བྲག་ཡང་དབེན་རི་ཁྲོད་པ་སེང་གེའི་ཟབ་གཏེར་ཕར་ཕྱིན་རྒྱལ་བའི་བཀའ་མཐུ་གཏེར་གཞུང་དང་། བདག་སྲུང་རྣལ་འབྱོར་བྱང་བདག་གསུང་། བ་རི་ནས་རིང་བརྒྱུད་བཀའ་གཏེར་ཟུང་འབྲེལ་ཆོས་སྐུ་འོད་འབར་མའི་སྲུང་ཟློག་གསད་པའི་ལག་ལེན་ཁྲིགས་ཆགས་དང་བཅས་པ་ལྡེབ། ༡༠ ཟངས་གླིང་དབང་ཕྱུག་དང་ཞང་ཁྲོམ་རྡོར་འབར་གཏེར་ཁ་ཟུང་འཇུག་གཏད་ཧྲུལ་སྦལ་པ་ཁ་སྦྱོར་གཞུང་ལག་ལེན་བཅས་ལྡེབ། ༦ གཏད་ཧྲུལ་ཟངས་གླིང་མའི་གཞུང་ལག་ལེན་ཞལ་ཤེས་ཅན་བཀའ་གཏེར་གཉིས་ལྡན་རིག་འཛིན་རྗེའི་ཕྱག་དཔེ་ལས་བཤུས་པ་ལྡེབ། ༦ རཏ་གླིང་གཏད་ཟློག་རྒྱལ་པོ་བཀའ་རྒྱ་མ་དང་གནུབས་ལུགས་གནམ་ལྕགས་ངུར་མོའི་གཏད་ཟློག་སྦལ་པ་དཀར་ནག །གཏད་ཧྲུལ་དམར་པོ་ཁྱུང་པོའི་མན་ངག་བཅས་ལྡེབ། ༤ གཏད་སྲུང་གི་དཔེའུ་རིས་གནུབས་ཀྱི་མན་ངག་ལྡེབ། ༡ བཀའ་གཏེར་ཟུང་འཇུག་བྱང་ལུགས་འདུན་བཤིག་གྭའུ་ཆུ་སྒྱུར་སྐོར་ལྡེབ། ༣ འདུན་བཤིག་པད་གནུབས་ཐུན་མོང་ལུགས་འབྲི་གུང་པའི་ཕྱག་བཞེས་མའི་སྐོར་ལྡེབ། ༦ ཐུགས་རྗེ་ཆེན་པོའི་སྒོ་ནས་མི་ཁ་ཟློག་པ་ཆགས་མེད་གསུང་། སྟག་ཤམ་གཤིན་རྗེའི་འཐབ་རྩོད་མི་ཁ་ཟློག་པ། ཉང་གཏེར་མི་ཁ་དགྲ་ཟློག །ཀློང་གསལ་ཡེ་འབར་སྨྲ་ངན་མི་ཁའི་ཟློག་པ། ཁྱུང་གྲགས་རྡོ་རྗེའི་མི་ཁ་ཐལ་རྡེབ། གནུབས་ལུགས་དབང་ཕྱུག་མི་ཁ་ཟློག་པ་བཅས་མི་ཁ་ཟློག་པའི་རིགས་མདོར་བསྡུས་ཚན་དྲུག་ལ་ལྡེབ། ༥ ཨ་ཡ་བོན་པོ་ལྷ་འབུམ་གྱི་གཏེར་མ་མི་ཁ་དགྲ་སྒྱུར་གཏོ་བཅོས་བཀླག་ཆོག་མ་ལྡེབ། ༥ མཆོག་གླིང་ཐུགས་སྒྲུབ་གཤིན་རྗེའི་བཀའ་སྡོད་མགོ་གསུམ་གྱི་མི་ཁ་སྲུང་ཟློག་སོགས་ཀྱི་ལག་ལེན་འཇམ་མགོན་ཁྲིགས་བཀོད་ལྡེབ། ༨ ལྟ་ངན་ཟློག་པའི་མན་ངག་ཆོས་དབང་ཕྱག་བཞེས་མ་ལྡེབ། ༡ ཐན་ཟློག་ཤིང་བྱང་དང་ཟ་ཡིག་སྒྱེ་ནག་རྡོག་སྒྲིལ་མ་བཅས་ལྡེབ། ༡ སྟག་ཤམ་ཡི་དགོངས་ཁྱུང་གི་ལྟས་ངན་བརྒྱད་ཅུའི་ཟློག་མདོས་རུས་ཁོག་མ་གཏེར་གཞུང་ལྡེབ། ༨ རྣམས་སོ།། ༈ གསུམ་པ་གསད་པ་ཉམས་པ་བདུན་བརྒྱུད་གཅོད་པ་ལ། བཀའ་མ་གནུབས་ལུགས་གཤིན་རྗེ་ཀིང་ནག་གསད་པ་མྱུར་མགྱོགས་སྟག་བྱང་མ་ལྔ་པའི་ཞལ་རྒྱུན་སྔགས་ནག་པདྨ་གར་དབང་གིས་བསྡེབས་པ་དང་། སྔགས་བྱང་གུད་སྦས། མཁྱེན་དགོངས་དམོད་བཅོལ་ཞལ་ཤེས་བཅས་ལྡེབ། ༡༡ དཔེའུ་རིས་ལྡེབ། ༡ བླ་མ་གྲུམ་པ་དང་། ཡོན་བདག་ནག་པོ་མཁར་གཉིས་ཀྱི་གཏེར་མ་གཟའ་བདུད་ནམ་མཁའི་ཧོམ་ཁུང་གི་ལོ་རྒྱུས། སྒྲུབ་ཐབས། ལས་མཐའ། མེ་ལོང་རྡོ་རྗེ་ལ་རཱ་ཧུ་ལས་ཕུལ་བ་ཞལ་གདམས་གནད་ཀྱི་ཤོག་དྲིལ་བླ་མ་ཕྱག་རྡོར་པའི་གཏེར་བྱོན། སྔགས་པ་པདྨ་དབང་ཆེན་གྱི་སྤུ་གྲི་ནག་པོ། དགེ་བཤེས་དབང་ཤག་གི་ངན་སྔགས་མུ་སྟེགས་རྡེའུ་ནག་པོ། ཤེས་རབ་མེ་འབར་གྱི་གཟའ་དང་རེ་ཏིའི་ཆོ་འཕྲུལ། ཁམས་པ་ཁྲ་མོའི་གཏེར་མ་སྙིང་རི་ལུགས་ཕྱི་ལམ་གཅད་པ། དྲང་སྲོང་ཆིག་ཤུར་བསྙེན་སྒྲུབ་ལས་གསུམ་ལག་ཁྲིད་བྱང་བདག་གསུང་བཅས་རིང་སྦྲེལ་ལྡེབ། ༢༤ རྣམས་སོ།། ༈ བཞི་པ་མཐའ་སྡུད་འབྱུང་བ་བཞི་ལ་གཏད་པ་ལ། ས་ཆུ་མེ་རླུང་བཞི། དང་པོ་སྲུང་བའི་མཐའ་སྡུད་ས་ལ་གནན་པའི་ལས་ལ། ཞང་ཁྲོམ་གཏེར་མ་ཀིང་དམར་རྩ་གཞུང་ལྡེབ། ༦ བཀའ་གཏེར་གཉིས་ལྡན་གཤིན་རྗེ་ཀིང་དམར་བྱང་ལུགས་ལས་བྱང་བྱང་བདག་གསུང་ལྡེབ། ༦ དམོད་བྱང་བྲི་བརྗོད་གཉིས་དགོས་ལྡེབ། ༡ དགེ་སྦྱོང་བློ་གསལ་རྒྱ་མཚོས་མཛད་པའི་དེའི་ལག་ལེན་དམིགས་སྐོར་གནད་དྲིལ་ལྡེབ། ༨ ཀིང་དམར་རླུང་སྒྲུབ་གཞུང་དང་ལག་ལེན་ཞལ་ཤེས་ཞིག་པོ་གླིང་པ་གར་གྱི་དབང་ཕྱུག་གིས་མཛད་པ་ལྡེབ། ༡༡ དེའི་གསལ་བྱེད་ལག་ལེན་ཨ་ལོ་བླ་མ་ཀརྨ་ཀུན་མཁྱེན་གསུང་ལྡེབ། ༦ ཀིང་དམར་འབྲི་གུང་ཆོས་གྲགས་གསུང་ལྡེབ། ༩ གནམ་ཆོས་ཀིང་ཀང་དམར་བྱེད་གཏེར་གཞུང་ལྡེབ། ༡ ཀིང་ཀང་དམར་པོའི་སྐོང་བ་ཆགས་མེད་གསུང་ལྡེབ། ༡ འགུགས་བྱང་རྩ་བརྒྱུད་མ་གནུབས་ལུགས་ལྡེབ། ༡ ཀིང་ནག་ཕ་རོལ་རྒོལ་འཇོམས་བཀའ་གཏེར་གཉིས་ལྡན་གྱི་དགྲ་བྲུབ་ལག་ལེན་ལྡེབ། ༢༡ དང་། དེའི་ཚོགས་མཆོད་སོགས་སྨད་ལས་ལྡེབ། ༦ བཅས་སོག་ཟློག་པ་བློ་གྲོས་རྒྱལ་མཚན་གསུང་། ཀིང་ནག་སྲུང་ཟློག་གསད་གནན་གྱི་ལས་གཞུང་ཕྲིན་ལས་འདོད་འཇོ་ལྡེབ། ༡༢ དང་། ཀིང་ཀང་དམར་ནག་གི་སྲུང་ཟློག་དགྲ་ཆིངས་མདོར་བསྡུས་གླང་རུ་མའི་རྒྱུན་ཁྱེར་ཟབ་དྲིལ་ལྡེབ། ༨ བཅས་ཚེ་དབང་ཀུན་ཁྱབ་གསུང་། དེའི་ཟིན་བྲིས་འཇམ་མགོན་གསུང་མན་ངག་གནད་དྲིལ་ལྡེབ། ༡༠ བྱང་གཏེར་ཐུགས་སྒྲུབ་ལས་ཚོགས་འགོང་པོ་ཨར་གཏད་གཏེར་གཞུང་ལྡེབ། ༥ དེའི་ལག་ལེན་ཆོག་སྒྲིག་འཇམ་མགོན་གསུང་ལྡེབ། ༡༥ བྱང་གཏེར་ཕུར་པའི་སྲི་གནན་ཡི་དམ་དྲག་པོ་སྤྱིར་འགྲོར་སྦྱར་ཆོག་གི་སྒྱུར་སོ་ཅན་འཇམ་མགོན་གསར་སྒྲིག་ལྡེབ། ༢༥ ཡི་དམ་སྤྱི་ལ་སྦྱོར་རུང་དགྲ་དུར་ཕུང་གསུམ་གནན་པ་སྤྱི་འགྲོ་གསར་སྒྲིག་འཇམ་མགོན་རིན་པོ་ཆེས་མཛད་པ་ལྡེབ། ༡༨ རྣམས་སོ།། ༈ གཉིས་པ་ཆུ་ལ་གཏད་པའི་ལས་ལ། ཆུ་གཏད་ལས་འབྲེལ་དྲེགས་འདུལ་ཐེམས་མེད་ཀྱི་གཏེར་གཞུང་དང་ལག་ལེན་དམར་བྱང་བཅས་ལྡེབ། ༧ ཙམ་མོ།། ༈ གསུམ་པ་གསད་པའི་མཐའ་སྡུད་མེར་ལ་སྲེག་པའི་ལས་ལ། མངོན་སྤྱོད་ཀྱི་ལས་མཐའ་དག་གི་ནུས་འབྱིན་སྲེག་པ་ཧོམ་གྱི་གཟེར་ཁ་སྤྱི་འགྲོ་འཇམ་མགོན་རིན་པོ་ཆེས་མཛད་པ་ལྡེབ། ༨ ཙམ་མོ།། ༈ བཞི་པ་ཟློག་པའི་མཐའ་སྡུད་རླུང་ལ་བསྐུར་བའི་ལས་ལ། ཞང་ཁྲོམ་རྡོ་རྗེ་འབར་གྱི་རླུང་འཁྲུག་འབུམ་གྱི་ཡང་སྙིང་གཤིན་རྗེའི་སྲོག་སྒྲུབ་གཏེར་གཞུང་ལྡེབ། ༤ དེའི་དཔེའུ་རིས་ལྡེབ། ༡ བཅས་བཞུགས། རྩ་བའི་ས་བཅད་དང་པོ་བསྐྱེད་པ་རྒྱུད་མ་ཧཱ་ཡོ་གའི་སྐོར་བཞུགས་པ་དེ་ཙམ་མོ།། །། ༄། གཏེར་མཛོད། རི༽པ་ལ། ༄། རྩ་བའི་ས་བཅད་སྤྱི་དོན་གཉིས་པ་ལུང་རྫོགས་པ་ཨ་ནུ་ཡོ་གའི་སྐོར་ལ། ཆོས་དབང་རིན་པོ་ཆེའི་གཏེར་བྱོན་མར་པའི་ཆོས་དྲུག་སྲས་མཁར་མ་གཏེར་གཞུང་སྐོར་ལྡེབ། ༦༧ མཁའ་འགྲོ་མ་ཀུན་དགའ་འབུམ་མའི་མ་རྒྱུད་གསང་བ་ལམ་ཁྱེར་ལོ་རྒྱུས་ལྡེབ། ༡༣་་་་འདི་གཏེར་ཆེན་མཆོག་གླིང་ལ་ཉེ་བརྒྱུད་དུའང་བྱོན་པ་ཡིན། གཏེར་གཞུང་གཏེར་བྱུང་དང་ཁྲིད་ཀྱི་སྐོར་ལྡེབ། ༤༦ གསང་དབང་ལག་ལེན་ལྡེབ། ༢ དང་། ཤོག་དྲིལ་ལྔ་ལས། ཞེ་སྡང་རྡོ་རྗེ་ལྡེབ། ༣ འདོད་ཆགས་རྡོ་རྗེ་ལྡེབ། ༢ གཏི་མུག་རྡོ་རྗེ་ལྡེབ། ༣ ཕྲག་དོག་རྡོ་རྗེ་ལྡེབ། ༢ ང་རྒྱལ་རྡོ་རྗེའི་ཤོག་དྲིལ་ལྡེབ། ༢ བཅས་གཏེར་གཞུང་། ལས་བྱང་ལྡེབ། ༡༨ དང་། དབང་ཆོག་ལྡེབ། ༡༡ བཅས་འཇམ་མགོན་ཆོག་ཁྲིགས། བདུད་འདུལ་རྡོ་རྗེ་དང་ཀློང་གསལ་སྙིང་པོའི་གཏེར་ཁ་ཟུང་འདུས་གཏུམ་མོའི་མེ་དབང་ཀཿཐོག་པ་ངེས་དོན་དབང་པོའི་གསུང་ལྡེབ། ༡༠ དེའི་རྩ་རླུང་ཐིག་ལེའི་ཁྲིད་ཟིན་མདོར་བསྡུས་འཇམ་མགོན་གསུང་ལྡེབ། ༡༥ མཆོག་གླིང་གཏེར་བྱོན་ལུང་ཆེན་རྡོ་རྗེ་བཀོད་པའི་བརྒྱུད་འདེབས་གཏེར་ཆེན་ཉིད་གསུང་ལྡེབ། ༡ སྔོན་ཆིངས་ཟུར་བྱང་ལྡེབ། ༡ སྒྲུབ་ཐབས་རྒྱུན་གྱི་ཉམས་ལེན་གཏེར་གཞུང་ལྡེབ། ༡༧ སྨན་མཆོད་ལྡེབ། ༡ རྒྱུན་གྱི་རྣལ་འབྱོར་གཏེར་གཞུང་ལྡེབ། ༨ དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༣༡ མདོ་ཡི་ལུང་ཆེན་ལྔའི་དགོངས་པ་རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་གཅིག་པ་གཏེར་གཞུང་ལྡེབ། ༢༠ ཕྱག་རྒྱ་གཅིག་པའི་དོན་དབང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༨ མཆོག་གླིང་ཟབ་བདུན་ཟངས་བྱང་མའི་ལུང་ལུགས་རྟ་མགྲིན་སྙིང་པོ་དོན་འདུས་གཏེར་གཞུང་ལྡེབ། ༣ གཏོར་དབང་འཇམ་མགོན་ཆོག་ཁྲིགས་ལྡེབ། ༧ མཆོག་གླིང་ལུང་ལུགས་མི་གཡོ་རྡོ་རྗེ་ཟམ་པ་གཏེར་གཞུང་ལྡེབ། ༡༡ ལས་བྱང་ལྡེབ། ༨ དང་། དབང་ཆོག་ལྡེབ། ༡༠ བཅས་འཇམ་མགོན་ཆོག་ཁྲིགས། མཆོག་གླིང་ལུང་ལུགས་ཐུགས་ཀྱི་ཕུར་གཅིག་གཏེར་གཞུང་སྐོར་ལྡེབ། ༡༠ བཅས་བཞུགས། རྩ་བའི་ས་བཅད་གཉིས་པ་རྫོགས་པ་ལུང་ཨ་ནུ་ཡོ་གའི་སྐོར་བཞུགས་པ་དེ་ཙམ་མོ།། །། ༄། རྩ་བའི་ས་བཅད་སྤྱི་དོན་གསུམ་པ་མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ་སེམས་སྡེ། ཀློང་སྡེ། མན་ངག་སྡེ་གསུམ་དང་། རྒྱུད་ལུང་མན་ངག་གི་སྙིང་པོའི་ཉམས་ལེན་གཅིག་དྲིལ་རིགས་གསུམ་སྙིང་ཐིག་བཅས་བཞི་ལས། དང་པོ་ཕྱི་སེམས་སྡེའི་སྐོར་ལ། ཀུན་གཟིགས་མཁྱེན་བརྩེའི་ཡང་གཏེར་དུ་བྱོན་པ་དྲི་མེད་ཀུན་དགའི་ཕྱག་ཆེན་གཏེར་གཞུང་ལྡེབ། ༤ རཏ་གླིང་ཕྱག་ཆེན་ཉི་མའི་སྙིང་པོའི་སྐོར་ལས་ཞུས་ལན་ལྡེབ། ༦ དང་། ཐེམ་བྱང་སོགས་གཏེར་གཞུང་དངོས་ཀྱི་སྐོར་ལྡེབ། ༢༡ བརྒྱུད་འདེབས་རཏ་གླིང་ཉིད་གསུང་ལྡེབ། ༡ མཆོག་གླིང་རྫོགས་ཆེན་སྡེ་གསུམ་ལས་སེམས་སྡེའི་ཕྱི་སྐོར་བླ་མའི་ལས་བྱང་ཁྲིགས་བསྡེབས་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༦ སྡེ་གསུམ་བསྐྱེད་རྫོགས་གནད་དྲིལ་ཞེས་པ་གཏེར་གཞུང་ལྡེབ། ༡་་་་འདིར་སེམས་སྡེའི་ཕྱི་སྐོར་བླ་མའི་ལས་བྱང་དང་སྡེ་གསུམ་གནད་དྲིལ་ལྡེབ་བྱང་ཙམ་བཅས་སྔོན་ཡོད་སོར་བཞག་བྱས། གཞན་དུ་ནི་འཇམ་མགོན་རིན་པོ་ཆེའི་བརྒྱུད་ཡིག་ལས་གསུངས་པ་ལྟར། མཆོག་གླིང་ཟབ་གཏེར་ཕྱི་སྐོར་སེམས་སྡེ་དང་། ནང་སྐོར་ཀློང་སྡེའི་ཕྱི་ནང་གསང་བའི་སྒྲུབ་བྱང་དང་། དབང་ཆོག །ཟབ་ཁྲིད་ཀྱི་བྱིན་རླབས་བཅས་སོ་སོའི་ས་ཁོངས་འདིར་བཞུགས་དགོས་པར་གསུངས་ཀྱང་། འོག་ཏུ་ཞལ་སྐོང་སྐབས་སྡེ་གསུམ་དཀྱུས་གཅིག་དབང་ཟིན་ཡན་ལག་དང་བཅས་འབྱུང་བས་འཐུས་པར་བྱས་པ་ཡིན་ནོ། །དེ་རྣམས་བཞུགས་སོ།། ༈ གཉིས་པ་ནང་ཀློང་སྡེ་ལ། གཏེར་མའི་ཕྱོགས་འདིར་རང་རྐང་ཐུབ་པ་སྔོན་ཆད་ཆེར་བྱོན་པ་མི་སྣང་ལ། མཆོག་གླིང་གཏེར་བྱོན་རྫོགས་ཆེན་སྡེ་གསུམ་གྱི་སྐོར་རྣམས་ཁྱབ་བདག་འཇམ་མགོན་རྡོ་རྗེ་འཆང་ཆེན་པོས་གསན་བཞེས་གྲུབ་པ་མ་བྱུང་བས། རེ་ཞིག་མ་བཞུགས་པར་སྣང་ལ། སླད་ནས་དེའི་སྨིན་གྲོལ་གྱི་རྒྱུན་དང་། གཞན་ཡང་གཏེར་བྱོན་ཁུངས་ཐུབ་རིགས་བྱུང་ན་འདིར་བཞུགས་དགོས་པའི་ཞལ་གདམས་རྗེས་སུ་བསྩལ་པར་མཛད་དོ།། ༈ གསུམ་པ་གསང་བ་མན་ངག་གི་སྡེ་ལ། ཨ་ཏི། སྤྱི་ཏི། ཡང་ཏི་སྟེ་སྙིང་ཐིག་སྐོར་གསུམ། དང་པོ་ཨ་ཏི་ཡོ་ག་མན་ངག་སྙིང་ཐིག་ལ། བི་མ། པདྨ། བཻ་རོ། རྣམ་གསུམ་དགོངས་པ་གཅིག་དྲིལ་ཏེ་བཞི། དང་པོ་སློབ་དཔོན་ཆེན་པོ་བི་མ་ལའི་བཀའ་སྲོལ་ལ། པཎ་ཆེན་བི་མའི་བཀའ་སྲོལ་ལྡང་མ་ལྷུན་རྒྱལ་སོགས་ཀྱི་ཟབ་གཏེར་རྫོགས་ཆེན་རྒྱུད་བཅུ་བདུན་གྱི་དབང་ཆོག་དང་བཀའ་སྲུང་ཁྲོས་མའི་དབང་ཆེན་ཞིག་གླིང་འོད་གསལ་སྒྱུ་མའི་ཆོག་ཁྲིགས་ལྡེབ། ༣༤་་་་འདི་ལ་ལུང་རྒྱུན་མེད། དབང་དུས་སུ་གང་བཀླགས་པ་དེ་ལས་ཟུར་དུ་ལུང་འདོན་སྲོལ་མི་འདུག་གུ་ཎས་གསུང་། སྔགས་སྲུང་སྐོང་གསོ་གཏེར་གཞུང་ལྡེབ། ༡ ཀརྨ་པ་རང་བྱུང་རྡོ་རྗེའི་བི་མའི་བཀའ་སྲོལ་ཀརྨ་སྙིང་ཐིག་གི་ཉམས་ལེན་ལག་ཁྲིད་མ་ལྡེབ། ༢༣ བཅས་བཞུགས།། ༄། གཏེར་མཛོད། ལི༽པ་ལ། གར་དབང་ཞིག་གླིང་འོད་གསལ་སྒྱུ་མ་གཏེར་བཞད་རྩལ་གྱི་རྫོགས་ཆེན་གསང་བ་སྙིང་ཐིག་གཏེར་གཞུང་ཆོས་སྐོར་ལྡེབ། ༩༧ དཀྱིལ་འཁོར་རྣམ་དག་ལྡེབ། ༣ དང་། གསོལ་འདེབས་ལྡེབ། ༢ ལས་བྱང་ལྡེབ། ༨ བཅས་ཞིག་གླིང་ཉིད་ཀྱི་གསུང་ཁྲིགས། ཀུན་མཁྱེན་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེའི་རྗེས་དྲན་ལྕེ་བཙུན་སྙིང་ཐིག་རྩ་གཞུང་ཀློང་ལྔའི་ཡི་གེ་དུམ་བུ་གསུམ་པ་ལྡེབ།༡༣ བརྒྱུད་འདེབས་ལྡེབ། ༡ དང་། དབང་ཆོག་ལྡེབ། ༨ ཁྲིད་ཡིག་ལྡེབ། ༣༢ བཅས་འཇམ་མགོན་གསུང་ཁྲིགས། སྔོན་འགྲོའི་ངག་འདོན་ཀུན་གཟིགས་ཉིད་ཀྱི་ཁྲིགས་ལྡེབ། ༥ སྨྲེ་བཤགས་སོགས་ཟུར་བྱང་ལྡེབ། ༣ ཀུན་མཁྱེན་ཀློང་ཆེན་པའི་བླ་མ་ཡང་ཏིག་ལས་ཕྱུང་མཎྜལ་སྐོར་ལྡེབ། ༦ ལྕེ་བཙུན་སྙིང་ཏིག་ཟབ་ཁྲིད་དཔལ་ལྡན་བླ་མའི་ཞལ་ལུང་བསླད་མེད་ཡིད་ལ་གང་ཟིན་གྱི་ཟིན་ཐོ་མཁན་བཀྲ་ཤིས་འོད་ཟེར་གསུང་ལྡེབ། ༢༤ རྣམས་སོ།། ༈ གཉིས་པ་སློབ་དཔོན་ཆེན་པོ་པདྨའི་བཀའ་སྲོལ་ལ། པདྨའི་བཀའ་སྲོལ་པདྨ་ལས་འབྲེལ་རྩལ་གྱི་ཟབ་གཏེར་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་དབང་ཆོག་ཀློང་ཆེན་གསུང་མཁའ་འགྲོ་ཡང་ཏིག་གི་ཡིག་ཆ་རིན་ཆེན་ཤོག་སྐྱའི་སྐོར་རིན་ཆེན་དབང་ཕྲེང་ལྡེབ། ༤༤ ཁྲིད་ཡིག་སྨིན་གླིང་གཏེར་ཆེན་རིན་པོ་ཆེས་མཛད་པ་ལྡེབ། ༤༤ བརྒྱུད་འདེབས་ལྡེབ། ༢ དང་། བཀའ་དང་གཏེར་སྲུང་མཆོད་གཏོར་ལྡེབ། ༣ བཅས་སྨིན་གཏེར་གསུང་། བྱང་གཏེར་རྫོགས་ཆེན་དགོངས་པ་ཟང་ཐལ་ཞི་ཁྲོའི་ལྷན་ཐབས་ཨ་འཛོམས་འགྲོ་འདུལ་དཔའ་བོ་རྡོ་རྗེའི་གསུང་ལྡེབ། ༢ ཞི་ཁྲོའི་ཕྲིན་ལས་སྐོར་གཏེར་གཞུང་ལྡེབ། ༡༨ ལས་བྱང་རྗེས་རིམ་གཏེར་གཞུང་ལྡེབ། ༣ བྱང་གཏེར་རྫོགས་ཆེན་ཀ་དག་རང་བྱུང་རང་ཤར་དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༡ རྡོར་གླིང་རྫོགས་ཆེན་ཕ་རྒྱུད་ལྟ་བ་ཀློང་ཡངས་ཞི་ཁྲོའི་ཕྲིན་ལས་དང་དབང་ཆོག་སྙིང་པོ་གཏོར་མའི་དབང་བཅས་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༢ རྡོར་གླིང་རྫོགས་ཆེན་ཧཱུྃ་སྐོར་སྙིང་ཐིག་ཀུན་གཟིགས་མཁྱེན་བརྩེའི་ཉེ་བརྒྱུད་ལས། བླ་མ་ཡི་དམ་མཁའ་འགྲོ་སྟེ་ཕོ་མོ་ཟུང་འཇུག་གི་སྒྲུབ་ཐབས་ཕྲིན་ལས་ཚན་གསུམ་རིང་སྦྲེལ་འཇམ་མགོན་ཆོག་ཁྲིགས་ལྡེབ། ༡༨ བླ་མ་དང་སློབ་མའི་བརྟག་པ་གཏེར་གཞུང་ལྡེབ། ༦ དབང་ཆོག་བུམ་གསང་ཤེར་ཡེ་བཀའ་གཏད་གཏོར་དབང་བཅས་རིང་སྦྲེལ་ལྡེབ། ༢༥ དང་། ཁྲིད་རྣམས་ཀྱི་འཆད་ཐབས་ཟུར་རྒྱན་ལྡེབ། ༣ བཅས་འཇམ་མགོན་གསུང་། ཉམས་ལེན་ཁྲིད་ཀྱི་སྔོན་འགྲོ་ལྡེབ། ༡༡ དང་། དངོས་གཞི་སེམས་རིག་དབྱེ་བ་དོན་གྱི་ངོ་སྤྲོད་ལྡེབ། ༤ ཐོད་རྒལ་ཁྲིད་ཟ་འོག་གུར་ཁྱིམ་ལྡེབ། ༦ རྟགས་ཚད་མུ་ཏིག་ཕྲེང་བ་ལྡེབ། ༦ བར་དོའི་མ་ཡིག་ལྡེབ། ༤ བར་དོའི་བུ་ཡིག་ལྡེབ། ༣ འཕོ་བ་དཔག་ཆེན་མདའ་མོ་ལྡེབ། ༢ གཅོད་ཡུལ་སྣང་བ་ལམ་ཁྱེར་ལྡེབ། ༣ ཞི་བྱེད་རིན་ཆེན་ཕྲ་བཀོད་ལྡེབ། ༣ གཏུམ་མོ་དྲན་ཆོག་མེ་འབར་ལྡེབ། ༢ འོད་གསལ་ཤེས་བྱ་བུམ་འཇུག་ལྡེབ། ༢ བཅས་གཏེར་གཞུང་རྣམས་བཞུགས།། ༄། གཏེར་མཛོད། ཤི༽པ་ལ། རིན་ཆེན་གླིང་པའི་གཏེར་བྱོན་རྫོགས་ཆེན་ཨ་ཏི་ཆིག་ཆོད་ཀུན་གྲོལ་ཐེམ་བྱང་ནས་ལུང་བསྟན་གཏད་རྒྱའི་བར་གཏེར་གཞུང་ཆོས་ཚན་བཅོ་ལྔ་རིང་སྦྲེལ་ལྡེབ། ༦༤ དབང་བཞིའི་བརྡ་ཁྲིད་ཆོ་ག་བཀླག་ཆོག་མ་ལྡེབ། ༨ དང་། སྔོན་དངོས་རྗེས་ཀྱི་ཁྲིད་ཡིག་ལྡེབ། ༡༦ མེས་སྒོམ་རིན་ཆེན་གླིང་པའི་གཏེར་བྱོན་ཕྱག་ཆེན་མུན་སེལ་སྒྲོན་མེ་ངོ་མཚར་ཅན་གཏེར་གཞུང་ལྡེབ། ༩ རཏྣའི་རྫོགས་ཆེན་ཀློང་གསལ་སྙིང་ཐིག་གི་རྟ་མགྲིན་ལས་བྱང་གཏེར་གཞུང་ལྡེབ། ༨ སྒོ་འབྱེད་རྩ་གསུམ་གཏོར་དབང་ལྡེབ། ༦ དང་། བསྐྱེད་རིམ་དང་འབྲེལ་དབང་གསུམ་བྱ་ཚུལ་ལྡེབ། ༢༣ རྫོགས་རིམ་དབང་སྐོར་ཇི་ལྟར་བསྐུར་ཚུལ་ལྡེབ། ༣༧ བཅས་འཇམ་མགོན་ཆོག་ཁྲིགས། ཆོས་སྤྱོད་དང་གསོལ་འདེབས་ལྡེབ། ༩ དང་། ཁྲིད་ཡིག་ལྡེབ། ༡༦ བཅས་གཏེར་ཆེན་ཉིད་ཀྱིས་མཛད། ཀུན་མཁྱེན་ཆེན་པོའི་ཟབ་གཏེར་ཡང་གཏེར་དུ་སྦས་པ་པད་གླིང་དངོས་གཏེར་མ་བུ་ཟུང་བསྡེབས་རྫོགས་ཆེན་ཀུན་བཟང་དགོངས་འདུས་ལས་བྱང་ལྡེབ། ༩ དང་། དོན་དབང་ལྡེབ། ༡༠ བཅས་འཇམ་མགོན་ཆོག་ཁྲིགས། ཁྲིད་ཡིག་པད་གླིང་གསུམ་པ་ཚུལ་ཁྲིམས་རྡོ་རྗེའི་གསུང་ལྡེབ། ༡༡ སྔོན་འགྲོ་ཆོས་སྤྱོད་ངག་འདོན་གཏེར་གཞུང་ནས་བཏུས་ལྡེབ། ༦ གནམ་ཆོས་ལུས་དཀྱིལ་སྐོར་གྱི་ཐུགས་རྗེ་ཆེན་པོ་བྷུ་སུ་ཀུའི་སྒྲུབ་ཐབས་ལས་ཚོགས་བཅས་གཏེར་གཞུང་ལྡེབ། ༣ གནམ་ཆོས་ལུས་དཀྱིལ་སྐོར་གྱི་རྫོགས་ཆེན་ཁྲིད་ཡིག་སངས་རྒྱས་ལག་འཆང་གཏེར་གཞུང་ལྡེབ། ༥ བདུད་འདུལ་སྤྲུལ་སྐུའི་སྙིང་ཐིག་གི་རྫོགས་རིམ་ཁྲིད་ཀྱི་སྔོན་འགྲོའི་ངག་འདོན་འཇམ་མགོན་གསུང་ལྡེབ། ༧ ཁྲིད་ཡིག་ཀུན་བཟང་འཇའ་སྐུ་གཏེར་ཆེན་ཉིད་གསུང་ལྡེབ། ༤༢ ཀློང་གསལ་རྡོ་རྗེ་སྙིང་པོའི་ཐུན་མོང་སྔོན་འགྲོའི་ངག་འདོན་དང་བརྒྱུད་འདེབས་གཏེར་གཞུང་ལྡེབ། ༥ འཕོ་བ་གཏེར་གཞུང་ལྡེབ། ༣ ཀློང་གསལ་རྫོགས་ཆེན་ཁྲིད་ཡིག་གནད་བསྡུས་འཇམ་མགོན་གསུང་ལྡེབ། ༤༡ དབང་པོ་རབ་འབྲིང་ཐ་དང་སྐྱེ་བོ་ཕལ་པར་གདམས་པའི་ངོ་སྤྲོད་གཏེར་གཞུང་ལྡེབ། ༤ འདིར་འཇམ་མགོན་བརྒྱུད་ཡིག་དཀར་ཆག་ནང་ཀློང་སྙིང་ཁྲིད་ཡིག་སྙིང་པོ་བསྡུས་པ་ཞེས་ཡོད་ཀྱང་དཔེ་དངོས་ད་ཕན་མ་རྙེད་དོ། །བཅས་བཞུགས།། ༄། གཏེར་མཛོད། སི༽པ་ལ། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྤྲུལ་སྐུ་པདྨ་འབྱུང་གནས་ཀྱི་དབང་ཆོག་ལྡེབ། ༡༤ དང་། རྫོགས་རིམ་འོད་གསལ་རྫོགས་ཆེན་ཁྲིད་ཡིག་ལྡེབ། ༡༣ བཅས་འཇམ་མགོན་གསུང་ཁྲིགས་རྣམས་སོ།། ༈ གསུམ་པ་སློབ་དཔོན་ཆེན་པོ་བཻ་རོ་ཙ་ནའི་བཀའ་སྲོལ་ལ། རྡོར་གླིང་དང་སྟག་ཤམ་གཉིས་འདུས་ཞུ་དག་ཕེར་བ་ཀུན་སྐྱོང་གླིང་པའི་རྡོར་སེམས་སྙིང་ཐིག་གཏེར་གཞུང་སྐོར་ལྡེབ། ༥༨ ཆོས་སྤྱོད་ངག་འདོན་ལྡེབ། ༦ དང་། རྡོ་རྗེ་སེམས་དཔའ་རྩ་བ་གསུམ་གྱི་ལས་བྱང་ལྡེབ། ༡༤ བཅས་རིག་འཛིན་ཚེ་ནོར་ཆོག་ཁྲིགས། གཏེར་ཁ་གསུམ་འདུས་དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༨ དབང་གོང་མ་གུད་སྦས་སྟག་ཤམ་ཟབ་གཏེར་རྩ་གཞུང་ལྡེབ། ༧ མཆོག་གླིང་རྫོགས་ཆེན་སྡེ་གསུམ་ལས་གསང་སྐོར་ཡི་དམ་བཀའ་བརྒྱད་རྫོང་འཕྲང་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ གསང་སྐོར་ཡི་དམ་བསྐྱེད་རིམ་བྱང་བུ་ཁྲིགས་བསྡེབས་ཀུན་གཟིགས་མཁྱེན་བརྩེས་མཛད་པ་ལྡེབ། ༧ དབང་བསྐུར་ཆོག་ཁྲིགས་འཇམ་མགོན་རིན་པོ་ཆེས་མཛད་པ་ལྡེབ། ༡༢ རྣམས་སོ།། ༈ བཞི་པ་སློབ་དཔོན་རྣམ་གསུམ་གྱི་དགོངས་ཉམས་གཅིག་ཏུ་དྲིལ་བ་ལ། བྱང་གཏེར་རྫོགས་ཆེན་ཀུན་བཟང་དགོངས་པ་ཟང་ཐལ་གྱི་དོན་ཁྲིད་བུ་འབོར་བཀྲ་ཤིས་རྒྱ་མཚོའི་གསུང་ལྡེབ། ༥༠ གཏེར་བདག་གླིང་པའི་ཟབ་གཏེར་ཨ་ཏི་ཟབ་དོན་སྙིང་པོའི་གཏེར་གཞུང་སྐོར་དཀྱུས་བཀོད་ལྡེབ། ༥༥ རིག་པའི་རྩལ་དབང་གཏེར་གཞུང་ལྡེབ། ༧ དེའི་ལྷན་ཐབས་རྗེ་བཙུན་མི་འགྱུར་དཔལ་སྒྲོན་གསུང་ལྡེབ། ༧ སྔགས་སྲུང་གཏོར་ཆོག་སྨིན་གཏེར་གསུང་ལྡེབ། ༡ ཁྲིད་ཡིག་མི་འགྱུར་དཔལ་སྒྲོན་ཞལ་རྒྱུན་སློབ་མ་ཁྱུང་རས་ཀྱིས་མཛད་པ་ལྡེབ། ༧༦ སྔོན་འགྲོའི་ངག་འདོན་ཟུར་ཕྱུང་དང་སྨོན་ལམ་མི་འགྱུར་དཔལ་སྒྲོན་གསུང་བཅས་ལྡེབ། ༡༠ མཆོག་གླིང་ཟབ་གཏེར་སྙིང་ཐིག་སྐོར་བདུན་གྱི་དང་པོ་དགའ་རབ་རྡོ་རྗེའི་སྙིང་ཐིག་ལས། ཡི་དམ་ཞི་བའི་སྒྲུབ་པ་གཏེར་གཞུང་སྐོར་ལྡེབ། ༦ བརྒྱུད་འདེབས་ལྡེབ། ༡ དང་། ཡི་དམ་ཞི་བའི་སྒྲུབ་ཐབས་དང་ཕྲིན་ལས་ཀྱི་བྱང་བུ་ཆོག་ཁྲིགས་ཀུན་གཟིགས་མཁྱེན་བརྩེས་མཛད་པ་ལྡེབ། ༡༠ ཞི་བའི་དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༦ ཞི་བའི་བསྐྱེད་རྫོགས་ཉམས་ལེན་ཁྲིད་ཡིག་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༨ ཁྲོ་བོའི་སྒྲུབ་པ་གཏེར་གཞུང་སྐོར་ལྡེབ། ༥ ཁྲོ་བོའི་དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༦ ཕྱི་རྡོར་སེམས། ནང་མཉམ་སྦྱོར། གསང་བ་ཡང་དག་གསུམ་ཀའི་སྨིན་གྲོལ་རྒྱབ་རྟེན་གྱི་ཟིན་ཐོ་ལྡེབ། ༢ རྣམས་སོ།། ༈ གཉིས་པ་མན་ངག་སྡེའི་རྒྱུད་དོན་ཟབ་མོ་སྤྱིའི་གནད་སྟོན་པ་སྤྱི་ཏི་ཡོ་གར་གྲགས་པ་ལ། སྤ་གྲོ་བ་ཚེ་རིང་རྡོ་རྗེའི་ཟབ་གཏེར་ཆོས་སྐོར་ཡོངས་རྫོགས་གཏེར་གཞུང་དཀྱུས་བཀོད་ལྡེབ། ༢༤ ཕྲིན་ལས་དང་དབང་ཆོག་འཇམ་མགོན་ཆོག་ཁྲིགས་ལྡེབ། ༩ བཅས་བཞུགས་པ་ཙམ་མོ།། ༄། གཏེར་མཛོད། ཧི༽པ་ལ། ༈ གསུམ་པ་ཡང་གསང་ཐུན་མོང་མ་ཡིན་པའི་སྙན་བརྒྱུད་སྟོན་པས་ཡང་ཏི་ཡོ་གར་གྲགས་པ་ལ། ཆོས་དབང་གཏེར་བྱོན་རྫོགས་ཆེན་ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་དབང་ཆོག་ལྡེབ། ༢༥ དང་། ཁྲིད་ཆེན་བརྒྱད་ཆིག་དྲིལ་གྱི་ཡི་གེ་ལྡེབ། ༤༣ ཁྲིད་ཀྱི་ཟུར་འདེབས་སྔོན་འགྲོའི་འདོན་ཆ་ཟུར་བཀོལ་ལྡེབ། ༨ བཅས་འཇམ་མགོན་གསུང་ཁྲིགས། དུང་མཚོ་རས་པའི་རྫོགས་ཆེན་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་གི་གཏེར་གཞུང་ཆོས་སྐོར་ལྡེབ། ༤༧ བརྒྱུད་འདེབས་སོག་ཟློག་པ་བློ་གྲོས་བཟང་པོའི་གསུང་ལྡེབ། ༣ ལས་བྱང་ལྡེབ། ༡༡ དང་། དབང་ཆོག་ཟུར་འདེབས་ལྡེབ། ༨ བཅས་འཇམ་མགོན་ཆོག་ཁྲིགས། དབང་གོང་མ་གུད་སྦས་མཆོག་གི་བརྡ་དབང་ངོ་སྤྲོད་བཅས་སོག་ཟློག་བློ་གྲོས་བཟང་པོའི་གསུང་ལྡེབ། ༡༡ དེའི་ངོ་སྤྲོད་དང་པོའི་སྐབས་ཞལ་འཕངས་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་སོགས་ལས་ཟུར་ཕྱུང་ལྷན་ཐབས་ལྡེབ། ༢ ཁྲིད་ཡིག་ལེགས་བཤད་སྙིང་དྲིལ་འཇམ་མགོན་གསུང་ལྡེབ། ༥༠ མུན་ཁྲིད་དམིགས་རིམ་ལྡེབ། ༢ མུན་ཁྲིད་ཀཿཐོག་ངེས་དོན་དབང་པོས་མཛད་པ་ལྡེབ། ༨ རྫོགས་ཆེན་ཡང་ཏི་ནག་པོའི་མུན་ཁྲིད་ཞལ་ཤེས་སྙན་བརྒྱུད་མན་ངག་འཇམ་མགོན་གསུང་ལྡེབ། ༥ རྣམས་བཞུགས་སོ།། ༈ བཞི་པ་རྒྱུད་ལུང་མན་ངག་གི་སྙིང་པོའི་ཉམས་ལེན་གཅིག་ཏུ་དྲིལ་བ་མཆོག་གླིང་ཟབ་གཏེར་རྫོགས་ཆེན་སྡེ་གསུམ་ཆ་ལག་རིགས་གསུམ་སྙིང་ཐིག་ལས། འཇམ་དཔལ་སྙིང་ཐིག་རྫོགས་ཆེན་གཏེར་གཞུང་སྐོར་ལྡེབ། ༡༣ རྒྱུད་ཀྱི་དུམ་བུ་རྫོགས་པ་ཆེན་པོ་ལྟར་བཀྲལ་པ་ཀུན་མཁྱེན་བླ་མ་མཁྱེན་བརྩེའི་གསུང་ལྡེབ། ༥ ཐུགས་ཆེན་པདྨ་གར་དབང་སྙིང་ཐིག་གཏེར་གཞུང་སྐོར་ལྡེབ། ༥ གསང་བའི་བདག་པོའི་སྙིང་ཐིག་གཏེར་གཞུང་སྐོར་ལྡེབ། ༨ རིགས་གསུམ་སྙིང་ཐིག་ཉམས་སུ་ལེན་ཐབས་ལས་ཐོའི་སྐོར་གཏེར་གཞུང་ལྡེབ། ༥ བསྐྱེད་རྫོགས་ཁོག་ཕུབ་གཏེར་གཞུང་ལྡེབ། ༧ འགྲོ་འདུལ་ཕྲིན་ལས་ཀྱི་རིམ་པའི་སྐོར་གཏེར་གཞུང་ལྡེབ། ༧ རིགས་གསུམ་ཕྱག་འཚལ་གཏེར་གཞུང་ལྡེབ། ༣ སྨྲེ་ཀློང་བཤགས་པ་གཞན་ལས་ཟུར་ཕྱུང་ལྡེབ། ༤ རིགས་གསུམ་བསྟོད་པ་གཞུང་གི་དགོངས་དོན་ལྟར་རྒྱུད་སྡེ་སོ་སོ་ནས་ཕྱུང་པ་ལྡེབ། ༢ སྲུང་མའི་མཆོད་བྱང་གཏེར་གཞུང་ལྡེབ། ༣ རིགས་གསུམ་སྤྱི་དང་བྱེ་བྲག་གི་དབང་སྒྲུབ་གཤོམ་དང་ཕྲིན་ལས་ཕྱོགས་གཅིག་ཏུ་བཀོད་པ་འཇམ་མགོན་གསུང་ཁྲིགས་ལྡེབ། ༢༤ དབང་སྒྲུབ་བསྐུར་གཉིས་མཁོའི་ལྷན་ཐབས་ཟུར་བྱང་ལྡེབ། ༤ རིགས་གསུམ་སྤྱི་དང་བྱེ་བྲག་གི་དབང་ཆོག་ཕྱོགས་གཅིག་ཏུ་བཀོད་པ་འཇམ་མགོན་རིན་པོ་ཆེའི་གསུང་ཁྲིགས་ལྡེབ། ༣༧ ཐེག་དགུའི་སྒོམ་རིམ་ཟིན་བྲིས་ཀརྨའི་མཁན་ཆེན་རིན་ཆེན་དར་རྒྱས་མཛད་པ་ལྡེབ། ༡༩ དང་། དེའི་སེམས་སྡེའི་བརྡ་ཁྲིད་ཟུར་བྱང་ལྡེབ། ༡ བཅས། གཏེར་ཆེན་ཉིད་ཀྱིས་མཛད་པའི་ཁྲེགས་ཆོད་ལྟ་བའི་དོན་ཁྲིད་ལྡེབ། ༡༡ དང་། ཐོད་རྒལ་སྦྱང་བའི་རིམ་པ་ལྡེབ། ༨ བཅས་བཞུགས། རྩ་བའི་ས་བཅད་གསུམ་པ་མན་ངག་རྫོགས་ཆེན་ཨ་ཏི་ཡོ་གའི་སྐོར་བཞུགས་པ་དེ་རྣམས་ཙམ་མོ།། །། ༄། རྩ་བའི་ས་བཅད་བཞི་པ་མཐའ་མར་དགེ་བའི་སླད་དུ་ཡོ་ག་གསུམ་སྒྲིལ་གྱི་སྐོར་དང་ཞལ་གདམས་སྨོན་ཤིས་ལ། སངས་གླིང་བླ་མ་དགོངས་འདུས་པུསྟི་ལུང་དབང་གི་ཆོ་ག་གཏེར་གཞུང་ལྡེབ། ༦ བཞུགས།། ༄། གཏེར་མཛོད། ཨི༽པ་ལ། ཡོ་ག་གསུམ་གྱི་སྙིང་པོ་ཆིག་དྲིལ་གསང་སྔགས་ལམ་གྱི་རིམ་པ་གུ་རུའི་གསུང་རྩ་བ་དང་ས་གཅད་གཏེར་གཞུང་དང་། ལོ་རྒྱུས་དང་བརྒྱུད་འདེབས་ཁྲིད་ཡིག་བཅས་ཇོ་ནང་ཀུན་དགའ་གྲོལ་མཆོག་གསུང་ལྡེབ། ༧ འགྲེལ་པ་རིན་ཆེན་ཕྲེང་བ་གུ་རུ་རིན་པོ་ཆེས་མཛད་པ་ལྡེབ།༦༣ དེའི་ལག་ཁྲིད་རྩ་གཞུང་སྐོར་ལྡེབ། ༤ བྲམ་པ་གྲུབ་ཆེན་ཀུན་དགའ་བཟང་པོའི་ཟབ་གཏེར་རྔོག་པ་བཀའ་བརྒྱུད་ལ་བཀའ་བབས་པ་ཕྱག་རྫོགས་ཟུང་འཇུག་ནོར་བུ་མཐོང་གྲོལ་ལོ་རྒྱུས་མདོར་བསྡུས་དང་བརྒྱུད་འདེབས་ཁྲིད་ཡིག་དང་བཅས་པ་ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གསུང་ལས་ཕྱུང་པ་ལྡེབ། ༣ ཉང་གཏེར་བླ་མ་དམར་ཁྲིད་དུ་གྲགས་པ་སྤྲོས་མེད་ཀུ་སཱ་ལིའི་ཉམས་ལེན་གསང་སྒྲུབ་ཞལ་གདམས་ཞུས་ལན་སྐོར་ཟབ་པའི་མཐར་ཐུག་ནང་གསེས་ཅན་གཏེར་གཞུང་ལྡེབ། ༢༢༤ རཏ་གླིང་གཏེར་ཕྲན་ཞལ་གདམས་གསལ་བའི་སྒྲོན་མ་གཏེར་གཞུང་ལྡེབ། ༣ མཆོག་གླིང་གཏེར་མ་སྙིང་པོ་སྐོར་ལྔ་ལས་ཞལ་གདམས་སྙིང་པོ་འདུས་པ་གཏེར་གཞུང་ལྡེབ། ༨ འཇམ་མགོན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པའི་ཟབ་གཏེར་གུ་རུའི་ཞལ་གདམས་སྙིང་གཏམ་ལེའུ་བཅུ་པ་གཏེར་གཞུང་ལྡེབ། ༩ མཆོག་གླིང་ཟབ་གཏེར་བསྟན་པ་སྤྱི་སྨོན་གཏེར་གཞུང་ལྡེབ།༢ བྱང་གཏེར་དགོངས་ཟང་ཀུན་བཟང་སྨོན་ལམ་གཏེར་གཞུང་ལྡེབ། ༤ ལྷོ་གཏེར་པད་གླིང་བླ་མ་ནོར་རྒྱམ་སྨོན་ལམ་གཏེར་གཞུང་ལྡེབ། ༢ ཤར་གཏེར་སངས་གླིང་བླ་མ་དགོངས་འདུས་ཀྱི་སྨོན་ལམ་བཀྲ་ཤིས་སྒྲོན་མེ་གཏེར་གཞུང་ལྡེབ། ༡༡ བཀྲ་ཤིས་དོན་ཀུན་གྲུབ་པའི་དབྱངས་སྙན་འཇམ་མགོན་མི་ཕམ་རིན་པོ་ཆེའི་གསུང་ལྡེབ། ༢ འཇམ་མགོན་རིན་པོ་ཆེའི་གསུང་རྒྱལ་བསྟན་སྤྱི་སྨོན་ཐར་པའི་གྲུ་ཆེན་ལྡེབ། ༨ འཇམ་མགོན་མི་ཕམ་རིན་པོ་ཆེའི་གསུང་མཚོ་སྐྱེས་རྒྱལ་བསྟན་དར་སྨོན་ཆོས་རྒྱལ་དགྱེས་པའི་ཞལ་ལུང་ལྡེབ། ༣ དིལ་མཁྱེན་རིན་པོ་ཆེའི་གསུང་རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་སྨོན་རྡོ་རྗེའི་བདེན་ཚིག་ལྡེབ། ༥ གཏེར་ཆེན་བདུད་འཇོམས་ནམ་མཁའི་རྡོ་རྗེའི་གསུང་ཡོངས་རྫོགས་བསྟན་པའི་མངའ་བདག་༧འཇམ་མགོན་བློ་གྲོས་མཐའ་ཡས་པའི་སྡེའི་རིང་ལུགས་དར་ཞིང་རྒྱས་སྨོན་དྲང་སྲོང་བདེན་སྨྲའི་དབྱངས་སྙན་ལྡེབ། ༣ རྒྱལ་དབང་ཐེག་མཆོག་རྡོ་རྗེ་དང་མཁན་ཆེན་བཀྲ་ཤིས་ཆོས་འཕེལ་ཟུང་སོ་སོས་རིན་ཆེན་གཏེར་མཛོད་ལ་ཆེད་དུ་བརྗོད་པ་ལྡེབ། ༥ བཅས་བཞུགས་པ་རྣམས་སོ།། །། ༄། རྩ་བའི་ས་བཅད་ལྔ་པ་རྩ་བ་རྒྱབ་རྟེན་དང་ཡན་ལག་ཉེར་མཁོའི་ཡིག་ཆ་སྔ་རྗེས་ཞལ་སྐོང་དུ་ཉེ་བར་བསྡེབས་པའི་སྐོར་ལ། ༄། གཏེར་མཛོད། ཨོཾ་པ་ལ། དེ་རྣམས་ཐམས་ཅད་ཀྱི་རྩ་བའི་ཁོག་དབུབ་སྨིན་གླིང་གཏེར་ཆེན་རིན་པོ་ཆེ་༧འགྲོ་འདུལ་ཨོ་རྒྱན་གཏེར་བདག་གླིང་པ་རིན་འཛིན་འགྱུར་མེད་རྡོ་རྗེས་བཀའ་བསྡུ་མཛད་པའི་སྔོན་བྱོན་བཀའ་གཏེར་རྣམས་ཀྱི་སྙིང་པོ་འདུས་པ་སྒྲུབ་ཐབས་འདོད་འཇོའི་བུམ་བཟང་གི་བརྒྱུད་ཡིག་ལྡེབ། ༡༦ རྩ་བ་གསུམ་དང་ཆོས་སྐྱོང་ནོར་ལྷས་བསྡུས་པའི་ལྷག་པའི་ལྷ་རབ་འབྱམས་ཀྱི་སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ལ་ནང་གསེས་སྤྱི་ཆིངས་ལྡེབ། ༤ དེས་བསྟན་པ་ལྟར། ༈ བླ་མ་ཞི་བའི་སྐོར་ལ། གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་བླ་མ་གསང་འདུས་ཀྱི་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་དང་ཟླུམ་པོ་བཞི་དབང་ལྡེབ། ༡༠ གསང་འདུས་གཏོར་དབང་གནད་ཀྱི་ཤོག་གཅིག་མར་གྲགས་པ་་་་པད་གླིང་དང་ཆུ་བོ་གཅིག་འདྲེས།ལྡེབ། ༥ ཉང་གཏེར་བླ་མ་ཡོངས་རྫོགས་ཀྱི་སྒྲུབ་ཐབས་དང་གཏོར་དབང་ལྡེབ། ༤ ༈ བླ་མ་དྲག་པོའི་སྐོར་ལ། ཉང་གཏེར་དྲག་དམར་བདེ་འདུས་ཀྱི་སྒྲུབ་ཐབས་དང་དབང་བཀའ་རྡོ་རྗེ་སྤྱི་བླུགས། དེ་ལ་ཉེར་མཁོའི་བསྟོད་གསོལ་གཏེར་གཞུང་ལས་ཟུར་ཕྱུང་ཞབས་བཏགས་མ་བཅས་་་་་རྡོར་གླིང་དང་པད་གླིང་ཆུ་བོ་གཅིག་འདྲེས།ལྡེབ། ༡༡ འབྲིང་པོ་མེའི་སྤུ་གྲིའི་སྒྲུབ་ཐབས་དང་དབང་ཆོག་ལྡེབ། ༥ ཆེ་འབྲིང་གཉིས་ཀ་དང་འབྲེལ་བའི་བྱིན་རླབས་ལུ་གུ་རྒྱུད་ལྡེབ། ༢ དྲག་དམར་བཀའ་མ་འོ་བྲན་ལུགས་སྒྲུབ་ཐབས་དང་དབང་ཆོག་ལྡེབ། ༧ བྱང་གཏེར་ཐུགས་སྒྲུབ་དྲག་པོ་རྩལ་གྱི་སྒྲུབ་ཐབས་དང་བྱིན་རླབས་ཐུགས་རྗེའི་དབང་བསྐུར་ལྡེབ། ༤ ༈ ཚེ་དཔག་མེད་ཀྱི་སྐོར་ལ། ཚེ་དཔག་མེད་ལུང་ལུགས་སངས་རྒྱས་གསང་བའི་མན་ངག་གི་སྒྲུབ་ཐབས་དང་དབང་ཆོག་ལྡེབ། ༩ ཆོས་དབང་གི་གཏེར་མ་་་་་ཉང་དང་ཟུང་འབྲེལ།བླ་མ་ལོངས་སྐུའི་རྫོང་ཆེན་ཚེའི་སྒྲུབ་ཐབས་དང་ཚེ་དབང་ལྡེབ། ༨ བྱང་གཏེར་ཚེ་སྒྲུབ་ལྕགས་སྡོང་མའི་སྒྲུབ་ཐབས་དང་ཚེ་དབང་ལྡེབ། ༧ པད་གླིང་ཚེ་སྒྲུབ་རྡོ་རྗེ་ཕྲེང་བའི་ཚེ་སྒྲུབ་དང་ཚེ་དབང་གསུང་རྒྱུན་བཞིན་བཀོད་པ་ལྡེབ། ༥ གྲུབ་ཐོབ་ཐང་སྟོང་པའི་གདམས་པ་འཆི་མེད་དཔལ་སྟེར་གྱི་ཚེ་སྒྲུབ་དང་དབང་ཆོག་ལྡེབ། ༦ ༈ སྤྱན་རས་གཟིགས་ཀྱི་སྐོར་ལ། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་འགྲོ་འདུལ་ཕྱག་བཞི་པའི་སྒྲུབ་ཐབས་དང་དབང་ཆོག་ལྡེབ། ༩ རྒྱལ་པོ་ལུགས་ཀྱི་བཅུ་གཅིག་ཞལ་ནམ་མཁའ་རྒྱལ་པོའི་སྒྲུབ་ཐབས་དང་དབང་བསྐུར་བྱ་ཚུལ་དང་སྒོམ་ལུང་བཅས་ལྡེབ། ༣ སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་བདེ་གཤེགས་བཞི་སྒྲིལ་གྱི་སྒྲུབ་ཐབས་དང་བྱིན་རླབས་ལྡེབ། ༥ ༈ འཇམ་དཔལ་གཤིན་རྗེའི་སྐོར་ལ། ཚེ་བདག་ཡང་ཟློག་མེའི་སྤུ་གྲིའི་རྣོན་པོ་ནང་གཅོད་ཀྱི་སྒྲུབ་ཐབས་དབང་བཀའ་བཅས་དང་། གཞུང་གི་བསྟོད་རིང་ཁོལ་ཕྱུང་དབང་གི་བསྒྱུར་ཁ་ཅན་ཞབས་བཏགས་བྱས་པ་བཅས་ལྡེབ། ༡༠ ༈ རྟ་མགྲིན་གྱི་སྐོར་ལ། རྟ་མགྲིན་གསང་སྒྲུབ་ཤངས་ལུགས་ཀྱི་སྒྲུབ་ཐབས་དང་དབང་ཆོག་ལྡེབ། ༥ ཉང་གཏེར་རྟ་ནག་ལྕགས་རལ་ཅན་གྱི་སྒྲུབ་ཐབས་དང་དབང་ཆོག་ལྡེབ། ༦ ཆོས་དབང་ལུགས་རྟ་ནག་གི་སྒྲུབ་ཐབས་དང་རྗེས་གནང་ལྡེབ། ༤ ༈ ཕྱག་རྡོར་གྱི་སྐོར་ལ། ལས་འབྲེལ་རྩལ་གྱི་ཕྱག་རྡོར་དྲེགས་འདུལ་ནང་སྒྲུབ་དང་རྗེས་འབྲེལ་བུམ་པ་དང་གཏོར་མའི་ལས་ཚོགས་ལ་བརྟེན་པའི་དབང་བྱིན་ཚན་ལ་་་་རྡོར་གླིང་དང་པད་གླིང་ཆུ་བོ་གཅིག་འདྲེས།ལྡེབ། ༨ བྱང་ཆུབ་གླིང་པའི་ཕྱག་རྡོར་གཏུམ་པོ་དྲག་པོའི་སྒྲུབ་ཐབས་དང་དབང་ཆོག་ལྡེབ། ༦ གྲྭ་པའི་གཏེར་མ་ཕྱག་རྡོར་ཁང་བརྩེགས་ཀྱི་སྒྲུབ་ཐབས་དང་དབང་ཆོག་ལྡེབ། ༤ ༈ ཕག་མོའི་སྐོར་ལ། ཉང་གཏེར་མཁའ་འགྲོ་ཆེན་མོར་གྲགས་པ་ཕག་མོ་ཞལ་གཉིས་མའི་སྒྲུབ་ཐབས་དང་དབང་ཆོག་ལྡེབ། ༡༢ རྡོ་རྗེ་ཕག་མོ་དོན་གྲུབ་མའི་སྒྲུབ་ཐབས་དང་བྱིན་རླབས་ལྡེབ། ༥ ཕག་མོ་དབུ་བཅད་མའི་སྒྲུབ་བྱིན་ལྡེབ། ༤ ཁྲོས་ནག་གི་སྒྲུབ་ཐབས་དང་བྱིན་རླབས་ལྡེབ། ༧ ༈ ཤེས་རབ་ཀྱི་ལྷའི་སྐོར་ལ། མ་ཏི་ལུགས་ཀྱི་འཇམ་དཔལ་དཀར་པོའི་སྒྲུབ་ཐབས་དང་རྗེས་གནང་ལྡེབ། ༦ དམ་པ་སངས་རྒྱས་ཀྱི་ལུགས་འཇམ་དཔལ་སྨྲ་སེང་གི་སྒྲུབ་རྗེས་ལྡེབ། ༥ འཕགས་མ་དབྱངས་ཅན་མའི་སྒྲུབ་ཐབས་དང་རྗེས་གནང་ལྡེབ། ༦ ༈ ཕྲིན་ལས་ཀྱི་ལྷའི་སྐོར་ལ། རྣམ་འཇོམས་སངས་རྒྱས་གསང་བའི་ལུགས་ཀྱི་སྒྲུབ་ཐབས་དང་ཁྲུས་ཀྱི་ཆོ་ག་ལྡེབ། ༦ རྣམ་འཇོམས་བ་རི་ལུགས་ཀྱི་སྒྲུབ་ཐབས་དང་ཁྲུས་ཆོག་ལྡེབ། ༣ རྣམ་འཇོམས་བ་རི་དང་སངས་རྒྱས་གསང་བའི་ལུགས་གཉིས་སོ་སོའི་རྗེས་གནང་བྱ་ཚུལ་ཟུང་ལ་ལྡེབ། ༤ ཆོས་དབང་ལུགས་ཀྱི་དྲང་སྲོང་ལོཀྟྲི་པཱ་ལའི་སྒྲུབ་ཐབས་དང་རིག་པ་གཏད་པ་ལྡེབ། ༨ རིན་ཆེན་གླིང་པའི་ནཱ་ག་རཀྴའི་སྒྲུབ་ཐབས་དང་རྗེས་གནང་ལྡེབ། ༥ ༈ བསྟན་སྲུང་མགོན་པོའི་སྐོར་ལ། དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་དང་རྗེས་གནང་། མཚོན་ཆ་གཏད་པ་ཡིག་རྙིང་ལས་ཕྱུང་པ་ཞབས་བཏགས་མ་བཅས་ལྡེབ། ༡༥ ཉང་གཏེར་དཔལ་མགོན་ཕྱག་བཞི་པའི་སྒྲུབ་ཐབས་དང་དབང་ཆོག་ལྡེབ། ༡༠ ཉང་གཏེར་མགོན་དཀར་ཚེ་ཡི་བདག་པོའི་སྒྲུབ་ཐབས་དང་ཚེ་དབང་ལྡེབ། ༤ ཆོས་དབང་ལུགས་ཀྱི་དཔལ་མགོན་མ་ནིང་གི་སྒྲུབ་ཐབས་དང་སྲོག་དབང་་་་འདི་ལ་རྡོར་གླིང་རཏ་གླིང་པད་གླིང་འཇའ་ཚོན་རྣམས་ཆུ་བོ་གཅིག་འདྲེས།ལྡེབ། ༩ གནུབས་ལུགས་ཀྱི་དཔལ་མགོན་སྟག་ཞོན་གྱི་སྒྲུབ་ཐབས་དང་དབང་ཆོག་ལྡེབ།༥ གནུབས་ལུགས་ཀྱི་མགོན་པོ་བེང་གི་སྒྲུབ་ཐབས་དང་དབང་ཆོག་ལྡེབ། ༢ ༈ བསྟན་སྲུང་སྣ་ཚོགས་པའི་སྐོར་ལ། སྙིང་ཐིག་བཀའ་སྲོལ་ཀུན་མཁྱེན་ཆེན་པོའི་ལུགས་ཡེ་ཤེས་མ་མོ་ཨེ་ཀ་ཛཱ་ཊི་སྡེ་བདུན་ནམ་སྡེ་ལྔའི་སྦྲགས་སྒྲུབ་དང་དབང་ཆོག་ལྡེབ། ༡༡ ཀུན་མཁྱེན་ཆེན་པོའི་ལུགས་སྙིང་ཐིག་མ་མོ་ཨེ་ཀ་ཛཱ་ཊི་གཙོ་རྐྱང་གི་སྒྲུབ་རྗེས་ལྡེབ། ༥ ཕུར་སྲུང་བདག་ཉིད་མ་བཞིའི་དང་པོ་རེ་ཏཱི་རང་བྱུང་མ་བཀའ་གཏེར་གཉིས་ལྡན་གྱི་སྒྲུབ་རྗེས་ལྡེབ། ༦ ཉང་གཏེར་རྡོ་རྗེ་གཤོག་རྒོད་མའི་སྒྲུབ་རྗེས་ལྡེབ། ༣ ལས་འབྲེལ་ལུགས་ལྷ་མོ་སྲོག་སྒྲུབ་མའི་སྒྲུབ་ཐབས་དང་དབང་ཆོག་ལྡེབ། ༣ ལས་འབྲེལ་ལུགས་གཟའ་རྒོད་དུག་གི་སྤུ་གྲིའི་སྒྲུབ་ཐབས་དང་དབང་ཆོག་ལྡེབ། ༩ ལས་འབྲེལ་དང་རཏྣའི་གཏེར་ཁ་གཉིས་འདུས་གནོད་སྦྱིན་བཤན་པ་དམར་ནག་སྒྲུབ་ཐབས་དང་དབང་ཆོག་ལྡེབ། ༥ རཏྣའི་རྡོར་ལེགས་ཀྱི་སྒྲུབ་ཐབས་་་་བྱང་གཏེར་དང་།གཏེར་བརྒྱུད་གཉིས་ལྡན་གྱི་སྒྲུབ་རྗེས་ལྡེབ། ༤ རྒྱལ་སྲས་ལེགས་ལྡན་པའི་གཏེར་བྱོན་བདུད་མགོན་ཞིང་སྐྱོང་སེང་གདོང་ཅན་གྱི་སྒྲུབ་ཐབས་དང་དབང་ཆོག་ལྡེབ། ༥ ཉང་གཏེར་དུར་ཁྲོད་མ་མོའི་སྒྲུབ་རྗེས་ལྡེབ། ༥ ཆོས་དབང་གི་གཏེར་མ་བརྟན་མ་བཅུ་གཉིས་ཀྱི་སྒྲུབ་ཐབས་དང་སྲོག་གཏད་ལྡེབ། ༨ ཉང་གཏེར་དཀོར་བདག་པེ་ཧ་རའི་སྒྲུབ་ཐབས་དང་སྲོག་གཏད་ལྡེབ། ༦ ༈ ནོར་ལྷའི་སྐོར་ལ། གཉལ་པ་ཉི་ཤེར་གཏེར་མ་རྣམ་སྲས་ཕྱི་སྒྲུབ་སེར་ཆེན་སྤྲིན་གསེབ་མའི་སྒྲུབ་རྗེས་ལྡེབ། ༦ གཉལ་པ་ཉི་ཤེར་གཏེར་མ་ནང་སྒྲུབ་མདུང་དམར་ཅན་རྟ་སྔོན་མའི་སྒྲུབ་རྗེས་ལྡེབ། ༤ གནུབས་ལུགས་གསང་སྒྲུབ་དྲག་པོ་རྟ་སྔོན་མའི་སྒྲུབ་རྗེས་ལྡེབ། ༥ མདུང་དམར་ཅན་ཡང་གསང་ཕྱག་མཚན་བཞི་པའི་སྒྲུབ་ཐབས་དང་རྗེས་གནང་བྱ་ཚུལ་ལྡེབ། ༢ གྲྭ་མངོན་གནོད་སྦྱིན་ཞང་བློན་རྡོ་རྗེ་བདུད་འདུལ་ཕྱི་ནང་གསང་བ་སྦྲགས་སྒྲུབ་བཞི་དང་རྗེས་གནང་ཆོ་ག །དེའི་ནང་དང་གསང་བ་སྦྲགས་སྒྲུབ་བཅས་ཀྱི་མངོན་རྟོག་གསུམ་གབ་དཀྲུགས་ནར་འགྲོས་སུ་བྲིས་པ་ཞབས་བཏགས་མ་བཅས་ལྡེབ།༩ གྲྭ་མངོན་ཛཾ་དམར་ཆགས་པ་རྡོ་རྗེའི་སྒྲུབ་རྗེས་ལྡེབ།༤ ལས་འབྲེལ་རྩལ་གྱི་ཟབ་གཏེར་ལྷ་ཆེན་སྒྲུབ་ཐབས་དང་རྗེས་གནང་། སྒྲུབ་ཐབས་འདོད་བུམ་མཇུག་གི་སྦྱར་བྱང་བཅས་ལྡེབ། ༧ བླ་མ་ཞི་དྲག་དང་རྟ་ཕྱག་སོགས་ཡི་དམ་ཆོས་སྐྱོང་རྣམས་ཀྱི་དབང་དང་བྱིན་རླབས་རྗེས་གནང་གི་བཀའ་བསྒོ་ལོ་ཆེན་རིན་པོ་ཆེའི་དྲིས་ལན་ལས་ཟུར་བཏོན་དཀྱུས་བཀོད་ལྡེབ། ༢ སྒྲུབ་ཐབས་འདོད་བུམ་གྱི་དཀའ་གནད་དྲིས་ལན་དྷརྨ་ཤྲཱིས་མཛད་པ་ལྡེབ། ༣༤ སྒྲུབ་ཐབས་འདོད་འཇོའི་བུམ་བཟང་གི་དབང་གི་གཏོར་མ་བཅའ་ཐབས་སྨིན་གླིང་ལོ་ཆེན་གསུང་ལྡེབ། ༧ བཅས་བཞུགས་སོ།། ༄། གཏེར་མཛོད། ཨཱཿཔ་ལ། སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པའི་བཀའ་བབ་ཆོས་མཛོད་ཆེན་པོ་བདུན་དུ་བཞུགས་པ་ལས། ཟབ་མོ་ས་ཡི་གཏེར་ལ་ཡང་གཏེར་ཁ་སོ་བརྒྱད་དུ་བཞུགས་པའི་གཏེར་ཁ་དགུ་པ་འཛོམ་ནང་པདྨ་ཤེལ་ཕུག་གི་གནམ་ཁུང་ནས་སྤྱན་དྲངས་པའི་སྡེ་གསུམ་ཀློང་དགུའི་མན་ངག་ལོ་ཆེན་བཻ་རོ་ཙ་ནའི་སྙིང་ཐིག །རྫོགས་ཆེན་སྡེ་གསུམ་སྐོར་ལ། འདིར་དབང་སྐུར་སོགས་ཀྱི་སྐབས་འཇུག་པ་བདེ་ཕྱིར་རྩ་བའི་གཏེར་གཞུང་དང་། ཡན་ལག་རྡོ་རྗེའི་རིག་འཛིན་རྣམས་ཀྱིས་ཞལ་སྐོང་ཞུས་པའི་ཡིག་ཆ་རྣམས་སྐབས་སོ་སོར་མཉམ་བསྲེས་འབའ་སམ་ལུགས་སུ་བྱས་ཡོད་པ་ཡིན་ཞིང་། གཏེར་གཞུང་དངོས་ནི་དུམ་དུམ་གྱི་ཁྲིགས་མང་བ་སེམས་ཀློང་མན་ངག་སྡེའི་གོ་རིམ་ཙམ་ལས་གཞན་དམིགས་བསལ་གོ་རིམ་གསུངས་པ་མ་མཇལ་བས་ཀྱང་ངོ་། །ཟབ་གཏེར་བཞེས་གནས་དབང་གི་གནས་མཆོག་པདྨ་ཤེལ་ཕུག་གི་དཀར་ཆག་ལྡེབ། ༣ འདིར་མཛད་པ་པོ་དངོས་སུ་མ་སྨྲོས་པ་རྣམས་གཏེར་གཞུང་རང་ཡིན་ནོ།མཆན། མདོ་བྱང་རབ་ཏུ་གསལ་བ་ལྡེབ། ༦ ལོ་རྒྱུས་སྙིང་གི་ཏི་ཀ་ལྡེབ། ༥ ལུང་བསྟན་གཅེས་པའི་ལྡེའུ་མིག་ལྡེབ། ༣ ཁ་བྱང་ལྡེབ། ༡ རྫོགས་ཆེན་སྡེ་གསུམ་བཀའ་གཏེར་སྤྱིའི་བརྒྱུད་འདེབས་འཇམ་མགོན་རིན་པོ་ཆེའི་གསུང་ལྡེབ། ༡ སྡེ་གསུམ་བརྒྱུད་འདེབས་བསྡུས་པ་མཁན་རཏྣའི་གསུང་ལྡེབ། ༡ བསང་ཆུ་སྒྲུབ་པ་དང་དཀར་བགེགས་བསྔོ་བ་བསྐྲད་སྲུང་འབེབ་བྱང་བཅས་རྗེ་ཆོས་བློའི་གསུང་ལྡེབ། ༡ སྡེ་གསུམ་ཕྲིན་ལས་གསལ་འདེབས་བྱང་བུའི་སྐོར་གཏེར་གཞུང་ལྡེབ། ༦ སྨན་མཆོད་རྗེ་ཆོས་བློའི་གསུང་ལྡེབ། ༡ ཛཔ྄་བསྐུལ་དིལ་མཁྱེན་རིན་པོ་ཆེའི་གསུང་ལྡེབ། ༡ བཀའ་སྲུང་གསོལ་མཆོད་མཁན་རཏྣའི་གསུང་ལྡེབ། ༤ བཀའ་གཏེར་སྲུང་མའི་ཟུར་རྒྱན་ལྡེབ། ༡ བཀའ་སྲུང་དྲེགས་པ་ཕོ་མོའི་སྒྲུབ་ཐབས་ལྡེབ། ༡ གཏེར་སྲུང་མཆོད་ཐབས་ལྡེབ། ༡ གཏེར་སྲུང་གཏོར་འབུལ་རྒྱུན་ཁྱེར་འཇམ་མགོན་གསུང་ལྡེབ། ༢ སྡེ་གསུམ་སྐོང་བ་ཆོས་བློའི་གསུང་ལྡེབ། ༡ བསྐང་བ་རྒྱས་པ་རིན་སྣང་བཀོད་སྤྲིན་ལྡེབ། ༣ དང་། བསྐང་བསྡུས་ལྡེབ། ༢ བཅས་དིལ་མཁྱེན་རིན་པོ་ཆེའི་གསུང་། སྡེ་གསུམ་སྨོན་ལམ་མཁན་རཏྣའི་གསུང་ལྡེབ། ༡ སྡེ་གསུམ་སྤྱི་སྐོར་མན་ངག་གདམས་པ་མ་བུ་ལྡེབ། ༡ སྡེ་གསུམ་སྤྱི་གཅེས་ཤྲཱི་སིཾ་བླ་སྒྲུབ་ལྡེབ། ༡ ?23-37 རྫོགས་ཆེན་སྡེ་གསུམ་ལས། ཕྱི་སྐོར་བླ་མའི་སྒྲུབ་ཐབས་ལྡེབ། ༡ ཕྱི་སྐོར་བླ་མའི་བསྐྱེད་རིམ་དང་བྱང་བུ་ཀུན་གཟིགས་མཁྱེན་བརྩེས་ཁྲིགས་སུ་བསྡེབས་པ་ལྡེབ། ༦ སྡེ་གསུམ་སྤྱི་གཅེས་རིག་འཛིན་བླ་མའི་ཟབ་དབང་དང་ཆོས་ཀྱི་སྒོ་འབྱེད་གཏོར་མ་དང་རྡོ་རྗེ་གསུམ་དབང་བཅས་ལྡེབ། ༧ ཕྱི་སྐོར་བླ་མའི་སྒྲུབ་དབང་དང་ཤྲཱི་སིཾ་ཧའི་དགོངས་ཉམས་སེམས་སྡེའི་རྡོ་རྗེའི་གླུ་ལྡེབ། ༢ ཕྱི་སྐོར་བླ་མ་རྣམས་ཀྱི་རྡོ་རྗེའི་གླུ་ལྡེབ། ༢ ཕྱི་སྐོར་ཡི་དམ་ཞི་བའི་སྒྲུབ་པ་ལྡེབ། ༢ ཡི་དམ་ཞི་བའི་དབང་བསྐུར་ལྡེབ། ༣ ཕྱི་སྐོར་ཁྲིད་ཀྱི་བྱིན་རླབས་ལྡེབ། ༣ ལྷ་སྲས་མུ་ཁྲི་དང་རྡོ་རྗེ་བདུད་འཇོམས་དགོངས་ཉམས་གླུ་བཀའ་ཐང་སྡེ་ལྔ་སོགས་ལས་བཏུས་པ་ལྡེབ། ༡ ཕྱི་སྐོར་དངོས་གཞིའི་ཁྲིད་རིམ་དང་བསྡུས་དོན་ལྡེབ། ༣ ?23-37 རྫོགས་ཆེན་སྡེ་གསུམ་ལས། ནང་སྐོར་རིག་འཛིན་བླ་མའི་སྒྲུབ་ཐབས་ལྡེབ། ༢ བོད་ཀྱི་རིག་འཛིན་རྣམས་ཀྱི་རྡོ་རྗེའི་གླུ་ལྡེབ། ༢ ཡང་ནང་སྐོར་བླ་མའི་བསྐྱེད་བཟླས་དང་དབང་ཆོག་ཀརྨའི་མཁན་ཆེན་གསུང་ལྡེབ། ༣ ནང་སྐོར་ཡི་དམ་ཞི་སྒྲུབ་ལྡེབ། ༡ ཡི་དམ་ཞི་བའི་དབང་བསྐུར་ལྡེབ། ༢ རྫོགས་ཆེན་སྟོན་པ་བཅུ་གསུམ་དབང་བསྐུར་ཟུར་རྒྱན་མཁན་རཏྣའི་གསུང་ལྡེབ། ༢ རྫོགས་ཆེན་སྟོན་པ་བཅུ་གསུམ་འདས་རྗེས་རྡོར་གླིང་ཕ་རྒྱུད་ལྟ་བ་ཀློང་ཡངས་ལས་ཁོལ་དུ་ཕྱུང་བ་ལྡེབ། ༡༤ ནང་སྐོར་ཡི་དམ་ཁྲོ་བོའི་སྒྲུབ་པ་ལྡེབ། ༡ སྔགས་དང་བཟླས་དམིགས་གཏེར་གཞུང་ལྡེབ། ༣ མངོན་རྟོགས་དགོངས་པ་ཕྱོགས་གཅིག་པ་ལྡེབ། ༡ ནང་སྐོར་ཡི་དམ་ཁྲོ་བོའི་བསྐྱེད་རིམ་དང་བྱང་བུ་ཀུན་གཟིགས་མཁྱེན་བརྩེས་ཁྲིགས་བསྡེབས་ལྡེབ། ༦ ཁྲོ་བོའི་སྔགས་བྱང་དང་བཟླས་དམིགས་རྗེ་ཆོས་བློས་ཁྲིགས་བཀོད་རྒྱས་པ་ལྡེབ། ༣ ཁྲོ་བོའི་ཛཔ྄་དམིགས་འབྲིང་པོ་མཁན་རཏྣའི་གསུང་ལྡེབ། ༡ ཁྲོ་བོའི་བཟླས་དམིགས་སྒྲུབ་ཐབས་དངོས་བསྟན་ལྟར་བསྡུས་ལྡེབ། ༡ ཛཔ྄་དམིགས་བསྡུས་པ་མཁན་རཏྣའི་གསུང་ལྡེབ། ༡ སྨན་སྒྲུབ་ངག་འདོན་ལྡེབ། ༡ མྱོང་གྲོལ་རྫས་ཀྱི་སྒྲུབ་པ་དང་དངོས་གྲུབ་ལེན་ཆོག་ལྡེབ། ༡ ནང་སྐོར་ཁྲོ་བོའི་བདག་འཇུག་ལྡེབ། ༡ བདུད་རྩི་སྨན་གྱི་ཚེ་ལུང་ལྡེབ། ༢ ནང་སྐོར་རྩ་བ་མངོན་རྫོགས་རྒྱལ་པོ་དང་ཡན་ལག་དགུ་བསྒྲིལ་དབང་ལྡེབ། ༡༥ ཀློང་སྡེའི་ཚུལ་ཤིང་ལ་བྲི་རྒྱུ་རྡོར་ཟམ་གཞུང་པོད་ལས་ཕྱུང་ལྡེབ། ༡ ནང་སྐོར་ཁྲིད་ཀྱི་བྱིན་རླབས་ལྡེབ། ༡ ནང་སྐོར་དངོས་གཞིའི་ཁྲིད་དང་རྗེས་འབྲེལ་བཅས་ལྡེབ། ༣ ནང་སྐོར་མཁའ་འགྲོའི་སྒྲུབ་ཐབས་དང་རྩ་གཞུང་ལྡེབ། ༥ ?23-37 རྫོགས་ཆེན་སྡེ་གསུམ་ལས། གསང་སྐོར་བླ་མའི་སྒྲུབ་ཐབས་ལྡེབ། ༣ གསང་སྐོར་བླ་མའི་བསྐྱེད་བྱང་བསྡུས་པ་ཕྱག་དཔེའི་ཁྲོད་ནས་མཁན་རཏྣས་རྙེད་པ་དང་སྔགས་བྱང་བཅས་ལྡེབ། ༡ གསང་སྐོར་བླ་མ་རིག་འཛིན་ཡོངས་རྫོགས་དབང་ཆོག་ལྡེབ། ༦ བཀའ་ཐང་ཤྲཱི་སིཾ་ཧའི་གླུའི་དགོངས་འགྲེལ་མཁན་རཏྣའི་གསུང་ལྡེབ། ༡ གསང་སྐོར་བླ་མ་རྣམས་ཀྱི་རྡོ་རྗེའི་གླུ་ལྡེབ། ༢ གསང་སྐོར་ཡི་དམ་ཞི་སྒྲུབ་ཀུན་བཟང་དོན་ཕྲིན་ལྡེབ། ༡ གསང་སྐོར་ཡི་དམ་ཞི་སྒྲུབ་དྲག་པོ་གནས་འགྱུར་བཅས་ལྡེབ། ༡ གསང་སྐོར་ཡི་དམ་ཞི་བ་དང་དྲག་པོ་གནས་འགྱུར་གྱི་དབང་བསྐུར་ལྡེབ། ༤ གསང་སྐོར་བཀའ་བརྒྱད་རྫོང་འཕྲང་གི་བརྒྱུད་འདེབས་འཇམ་མགོན་གསུང་ལྡེབ། ༡ གསང་སྐོར་ཡི་དམ་བཀའ་བརྒྱད་བསྐྱེད་རིམ་དང་བྱང་བུ་ཀུན་གཟིགས་མཁྱེན་བརྩེས་ཁྲིགས་བསྡེབས་ལྡེབ། ༧ སྨན་མཆོད་ལྡེབ། ༡ བཟླས་དམིགས་བདེ་གླིང་བཀའ་བརྒྱད་ལྟར་ཅུང་ཟད་སྤྲོས་པའི་ངག་འདོན་ལྡེབ། ༡ གསང་སྐོར་ཡི་དམ་བཀའ་བརྒྱད་ཀྱི་ཕྲིན་ལས་དང་རྗེས་སུ་འབྲེལ་བའི་མངོན་སྤྱོད་ཀྱི་གཟེར་ཀ་བྱ་ཚུལ་ཤིན་ཏུ་བསྡུས་པ་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༡༣ དེའི་ཟློག་པའི་འགྲེས་བྱང་ལྡེབ། ༡ ཟློག་བྱང་སྐབས་ཀྱི་ཉེར་མཁོའི་འགུགས་བསྒྲལ་སྟོབ་པའི་ཟུར་བྱང་ལྡེབ། ༡ གསང་སྐོར་ཡི་དམ་ཁྲོ་བོའི་དབང་ཆོག་ལྡེབ། ༧ གསང་སྐོར་ཡི་དམ་ཁྲོ་བོའི་དབང་བསྐུར་བལྟས་ཆོག་ཏུ་བཀོད་པ་ཡེ་ཤེས་ཀློང་ཡངས་འཇམ་མགོན་རིན་པོ་ཆེའི་ཆོག་ཁྲིགས་ལྡེབ། ༡༢ ཤྲཱི་སིཾ་ཧའི་མན་ངག་གནད་གདམས་ལྡེབ། ༡ བུམ་དབང་དག་བརྗོད་ལྡེབ། ༡ གསང་སྐོར་ཁྲིད་ཀྱི་བྱིན་རླབས་ལྡེབ། ༢ གསང་སྐོར་དངོས་གཞིའི་ཁྲིད་རིམ་དང་རྗེས་འབྲེལ་ལྡེབ། ༣ ?23-37 རྫོགས་ཆེན་སྡེ་གསུམ་ལས། བཀའ་སྲུང་ཡེ་ཤེས་པའི་སྒྲུབ་ཐབས་ལྡེབ། ༣ རབ་གནས་ལྡེབ། ༡ ཞི་རྒྱས་སྦྱིན་སྲེག་ངག་འདོན་ལྡེབ། ༡ གཤིན་པོ་རྗེས་འཛིན་ལྡེབ། ༢ སྡེ་གསུམ་ཆ་ལག་གནས་ལུང་གི་ཆོ་ག་ཁྲིགས་བསྡེབས་ལྡེབ། ༣ དང་། སྡེ་གསུམ་ཆ་ལག་བདུད་རྩི་སྨན་གྱི་སྒྲུབ་ཐབས་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཁྲིགས་བསྡེབས་ལྡེབ། ༤ སྡེ་གསུམ་བཀའ་གཏེར་སྲུང་མའི་གཏོར་དཔེ་ལྡེབ། ༡ ཕྱི་སྐོར་བླ་མའི་བློས་བསླང་ཆོས་འཁོར་ཚུལ་དང་ལྟེ་བའི་ལྷ་གནས་བཅས་ཀྱི་དཔེ་རིས་ལྡེབ། ༡ སེམས་སྡེའི་རིག་འཛིན་ཉེར་བརྒྱད་རྩ་འདབ་ལ་སྒོམ་ཚུལ་གྱི་དཔེ་རིས་ལྡེབ། ༡ ནང་སྐོར་ཁྲོ་བོའི་དཀྱིར་འཁོར་བསླང་ཐབས་དཔེ་རིས་ལྡེབ། ༡ ནང་སྐོར་ཁྲོ་བོའི་རྩ་ལག་གི་དཀྱིལ་འཁོར་དང་ལྷ་བཀོད་བསྡུས་པའི་དཔེ་རིས་ལྡེབ། ༡ ནང་སྐོར་ཁྲོ་བོའི་བསྙེན་དམིགས་སྐབས་ཐུགས་སྲོག་དང་སྔགས་ཕྲེང་ལུག་རྒྱུད་ཀྱི་དཔེ་རིས་ལྡེབ། ༡ ནང་སྐོར་མཁའ་འགྲོའི་སྒྲུབ་རྟེན་ནང་དཀྱིལ་ལུས་ལ་བཀོད་པའི་ཙཀྲའི་དཔེ་རིས་ལྡེབ། ༡་་་་དཔེ་རིས་རྣམས་མཁན་རཏྣའི་ཕྱག་རྒྱུན་ལ་སྒྲུབ་ཐབས་དང་གསལ་བྱེད་ཡིག་ཆར་གོ་བསྡུར་གྱིས་ཞིབ་བཀོད་མང་དུ་བྱས་པ་ཡིན་ནོ།མཆན། སེམས་སྡེའི་ཉམས་ལེན་ཨ་དོན་རབ་གསལ་དང་། ཀློང་སྡེ་བརྡ་བཞིའི་ཉམས་ལེན་བདེ་གསལ་མི་རྟོག་རབ་འབར། མན་ངག་སྡེའི་ཉམས་ལེན་སྙིང་པོ་སྒྲོན་མ་རབ་གསལ། བོགས་འདོན་ཉམས་དབྱངས་བྱིན་རླབས་ཆར་འབེབ། བླ་མ་ཆོས་སྐུའི་དོན་ཁྲིད་སྙིང་པོ་སངས་རྒྱས་མཛུབ་ཚུགས། ཤྲཱི་སིཾ་ཞལ་གདམས་ཀྱི་དྲིས་ལན་བཅས་དཀྱུས་བཀོད་ལྡེབ། ༩ རྣམས་མཁན་རཏྣའི་གསུང་། ཕྱི་སྐོར་སེམས་སྡེའི་རིག་འཛིན་ཉེར་བརྒྱད་ལུས་དཀྱིལ་ལྷའི་གསལ་བྱེད་དང་། ནང་སྐོར་ཡི་དམ་ཁྲོ་བོའི་བསྐྱེད་རིམ་ལྷ་ཁྲིད་ཟུར་རྒྱན་རིན་ཆེན་ཕྲ་ཚོམ། ནང་སྐོར་མཁའ་འགྲོའི་རེག་ཟིག་བཅས་དཀྱུས་བཀོད་ལྡེབ། ༧ རྣམས་མཁན་རཏྣའི་གསུང་། བཀའ་སྲུང་ཡེ་ཤེས་པའི་དབང་བསྐུར་ལྡེབ། ༤ དང་། སྡེ་གསུམ་སྲུང་མའི་བཀའ་གཏད་ལྡེབ། ༥ སྡེ་གསུམ་གཏེར་སྲུང་བཀའ་གཏད་རྣམ་གསུམ་ལྡེབ། ༣ སྡེ་གསུམ་དབང་ཟིན་བཅས་བཤམ་ལྡེབ། ༦ རྣམས་མཁན་རཏྣའི་གསུང་། སེམས་སྡེའི་མཁས་པ་བཅོ་བརྒྱད་ཀྱི་གླུ་རྡོར་གླིང་ལྟ་བ་ཀློང་ཡངས་དང་བཀའ་མ་ལས་བཏུས་ནས་ཕྱུང་བ་དང་དབང་ཟིན་ལྟ་བུ་རྗེ་ཆོས་བློའི་ཕྱག་བྲིས་དངོས་ལས་བྱུང་བ་ལྡེབ། ༤ རིག་པའི་མེ་ཏོག་དོར་བ་ལྡེབ། ༡ བགེགས་བསྐྲད་དང་སྲུང་འཁོར་ལྡེབ། ༡ དམ་ཆོས་རྫོགས་ཆེན་སྡེ་གསུམ་གྱི་དབང་བསྐུར་ཟིན་བྲིས་འོད་གསལ་སྙིང་པོའི་མཛེས་རྒྱན་རྗེ་ཆོས་ཀྱི་བློ་གྲོས་དང་དིལ་མཁྱེན་རིན་པོ་ཆེ་ཟུང་གིས་མཛད་པ་ལྡེབ། ༡༦༢ མཆོག་གཏེར་རྫོགས་ཆེན་སྡེ་གསུམ་གྱི་དབང་བསྐུར་ཡོངས་རྫོགས་ཁྲིགས་སུ་བསྡེབས་པ་ཀུན་བཟང་རིག་འཛིན་བླ་མའི་དགོངས་རྒྱན་ཞེས་བྱ་བ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མཛད་པ་ལྡེབ། ༡༤༡ བཅས་བཞུགས་སོ།། ༄། གཏེར་མཛོད། ཧཱུྃ་པ་ལ། འོད་གསལ་སྤྲུལ་པའི་རྡོ་རྗེའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཏིག་གི་ཆོས་སྐོར་གཏེར་གཞུང་རྩ་བ་སྔོན་བཞུགས་དང་ཡན་ལག་ཕྱིས་སུ་ཞལ་སྐོང་ཞུས་པ་སྟེ་་་་མཁའ་འགྲོའི་ཆོས་སྐོར་མ་གཏོགས།ཡོངས་རྫོགས་ཀྱི་བཞུགས་བྱང་ལ། རྩ་གསུམ་འོད་གསལ་སྙིང་ཏིག་གི་ཆོས་སྐོར་རྩ་ལག་ཡོངས་རྫོགས་ཀྱི་དཀར་ཆག་ལྡེབ། ༤ ཐོག་མར་གཏེར་གཞུང་རྩ་བ་དངོས་དང་དིལ་མཁྱེན་རིན་པོ་ཆེས་གཏེར་གཞུང་ཞལ་སྐོང་ཞུས་པ་ཡོངས་རྫོགས་དཀྱུས་བཀོད་ལྡེབ། ༡༢༡ སྔོན་འགྲོའི་ཟུར་འདེབས་བླ་མའི་རྣལ་འབྱོར་ཟབ་ལམ་སྙིང་པོ་ལྡེབ། ༣ དང་། ཕྱི་སྒྲུབ་སྤྲུལ་སྐུ་གསང་འདུས་ཐོད་ཕྲེང་རྩལ་གྱི་རྒྱུན་ཁྱེར་ལྡེབ། ༢ ནང་སྒྲུབ་ལོངས་སྐུ་ཐུགས་ཆེན་པདྨ་དྲྭ་བའི་རྒྱུན་ཁྱེར་ལྡེབ། ༢ ཡང་གསང་བླ་མ་དྲག་པོ་དགོངས་འདུས་རྒྱུན་ཁྱེར་ལྡེབ། ༢ རྡོ་རྗེ་རྣམ་པར་འཇོམས་པའི་རྒྱུན་ཁྱེར་ལྡེབ། ༢ བཀའ་སྲུང་ཕྲིན་ལས་རྒྱས་སྤྲོས་ལྡེབ། ༦ ཡང་གསོལ་མཆོད་ལྡེབ། ༢ རྩ་གསུམ་འོད་གསལ་སྙིང་ཏིག་གི་སྨིན་ལམ་དབང་གི་ཕྲེང་བ་ཡེ་ཤེས་བདུད་རྩིའི་གསང་མཛོད་ལྡེབ། ༡༧༩ མ་ཧཱའི་སྒོམ་ཁོག་ལྟར་གྱི་ཕུར་པ་འདུས་པའི་དྲིལ་སྒྲུབ་ཀྱི་དབང་གི་ཆོག་སྒྲིག་རྡོ་རྗེ་བདུད་རྩིའི་བུམ་བཟང་ལྡེབ། ༡༠ བཀའ་སྲུང་སྲོག་དབང་ཆོག་ཁྲིགས་མི་འགྱུར་རྡོ་རྗེའི་མདུད་རྒྱ་ལྡེབ། ༥ རྒྱུད་ལུང་མན་ངག་གི་དགོངས་དོན་འདུས་གསལ་དུ་བཤད་པ་འོད་གསལ་ཡེ་ཤེས་ཉིན་བྱེད་ལྡེབ། ༢༡ རྩ་གསུམ་འོད་གསལ་སྙིང་ཏིག་གི་རྩ་གསུམ་ཡོངས་རྫོགས་ཀྱི་བསྙེན་སྒྲུབ་ཟིན་ཆུང་ལྡེབ། ༤ དང་བཅས་པ་རྣམས་དིལ་མཁྱེན་རིན་པོ་ཆེའི་གསུང་ཁྲིགས་དང་། ?23-37 ལང་གྲོ་ལོ་ཙཱ་བ་ཆེན་པོ་དཀོན་མཆོག་འབྱུང་གནས་ཀྱི་རྣམ་འཕྲུལ་རྩོད་བྲལ་སྤྲུལ་པའི་གཏེར་ཆེན་རྗེ་དྲུང་ཕྲིན་ལས་བྱམས་པའི་འབྱུང་གནས་སམ། གསང་བའི་མཚན་བདུད་འཇོམས་ནམ་མཁའི་རྡོ་རྗེར་གྲགས་པ་གང་གིས། ཁམས་ཀྱི་གླ་བ་རྐང་གཅིག་ཡེ་རྒྱལ་ནམ་མཁའ་མཛོད་ནས་སྤྱན་དྲངས་པའི་ཟབ་ཆོས་རྩ་གསུམ་ཚེ་སྒྲུབ་པདྨ་གསང་ཐིག་གི་ཆོས་སྡེ་ཉིད། རྒྱ་ཆེན་བཀའི་སྡུད་པོ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་ཞལ་སྔ་ནས་ཀྱིས་རིན་ཆེན་གཏེར་མཛོད་དཀྱུས་སུ་བཞུགས་པར་བཞེད་ནའང་ཡུལ་དུས་ཀྱི་དབང་གིས་དགོངས་པ་ལམ་ལུས་སུ་གྱུར་པ་ཉིད། ད་ལམ་བསྟན་རྒྱུན་ལ་དམིགས་ཏེ་འདིར་དཀྱུས་གཅིག་ཏུ་དགོད་པ་ལ། ཟབ་ཆོས་པདྨ་གསང་ཐིག་གི་དཀར་ཆག་ལྡེབ། ༡ རྩ་རྒྱུད་པདྨ་ཟབ་པ་དང་མ་ཚང་བ་ཁ་སྐོང་མན་ངག་འཐོར་བུའི་རྒྱུད་བཅས་ལྡེབ། ༩ རྩ་རྒྱུད་པདྨ་ཟབ་པའི་བསྡུས་འགྲེལ་ལྡེབ། ༡༩ སྨིན་བྱེད་དབང་གི་བྱང་བུ་དང་ཚེ་དབང་གཏེར་གཞུང་ལྡེབ། ༤ སྔོན་འགྲོའི་ངག་འདོན་ཉུང་ངུར་བསྡུས་པ་ལྡེབ། ༤ བརྒྱུད་འདེབས་ལྡེབ། ༢ འཆི་མེད་ཚེ་ཡི་ཕྲིན་ལས་ཀྱི་བྱང་བུ་ལྡེབ། ༩ ཚེ་འགུགས་བསྐུལ་བྱང་ལྡེབ། ༡ ཆོས་སྲུང་རྣམས་ཀྱི་རྒྱུན་གསོལ་ལྡེབ། ༡ གཏེར་སྲུང་བཛྲ་ཀ་ཤའི་མཆོད་སྤྲིན་སྟག་ལུང་བཀྲ་ཤིས་དཔལ་གྲུབ་གསུང་ལྡེབ། ༡ ཚོགས་བསྡུས་ལྡེབ། ༡ བདག་འཇུག་གི་ཆོ་ག་ལྡེབ། ༦ ཞི་ཁྲོའི་ལུས་དཀྱིལ་སྐྱེད་བཟླས་དང་གཙོ་ལས་བུམ་སྒྲུབ་ལས་སྦྱོར་གྱི་བཟླས་པ་མཆོད་སྐོང་སྒྲིབ་སྦྱོང་སྨོན་ལམ་བཅས་ཀྱི་ཆོ་ག་ཀུན་བཟང་ཁྲུས་ཆབ་ལྡེབ། ༡༩ རིགས་དྲུག་གནས་སྦྱོང་དམིགས་བཟླས་ཟུར་བྱང་གསར་བྲིས་ལྡེབ། ༡ ཚེ་འདས་གནས་འདྲེན་ལྡེབ། ༤ གནས་འདྲེན་དབང་སྐབས་འབྱིན་འཇུག་མང་དགོས་སྟབས་བདེར་དཀྱུས་གཅིག་གསར་བྲིས་ལྡེབ། ༢ ཞི་ཁྲོའི་ལྷ་དབང་བཀོལ་བྱང་ལྡེབ། ༢ བླ་བླུ་བྱ་ཚུལ་ལྡེབ། ༢ ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབ་པའི་སྲེག་བླུག་གི་ཆོ་ག་ལྡེབ། ༡༤ རྩ་བའི་དབང་བསྐུར་རྒྱས་པའི་ཆོ་ག་བཀླག་ཆོག་ཏུ་བསྡེབས་པ་ལྡེབ། ༡༡ ཐུན་མོང་ཚེ་ཡི་དབང་བསྐུར་ལྡེབ། ༤ རྒྱུན་གྱི་རྣལ་འབྱོར་ལྡེབ། ༢ བསྙེན་སྒྲུབ་བྱ་ཚུལ་གྱི་ཡི་གེ་ལྡེབ། ༦ བཅས་བཞུགས་སོ།། ༄། གཏེར་མཛོད། སྭཱ་པ་ལ། སྤྱིར་རིན་ཆེན་གཏེར་མཛོད་ཆེན་པོའི་མཚོན་བསྐྱེད་རྫོགས་རབ་འབྱམས་ཀྱི་རྒྱབ་ཡིག་དམར་བྱང་གནད་བསྡུས་པ་སྟེ། བྱེ་བྲག་མཆོག་གླིང་ཐུགས་སྒྲུབ་རྣམ་བཞིའི་རྒྱབ་ཆོས་ལམ་རིམ་ཡེ་ཤེས་སྙིང་པོ་གཏེར་གཞུང་རྩ་བ་ལྡེབ། ༣༠ དེའི་འགྲེལ་བྱེད་དུ་གཏེར་གཞུང་རྡོ་རྗེའི་ལུང་གིས་བསྔགས་པ་༧འཇམ་མགོན་རིན་པོ་ཆེས་མཛད་པའི་འགྲེལ་པ་ཡེ་ཤེས་སྣང་བ་རབ་ཏུ་རྒྱས་པ་ལྡེབ། ༢༠༤ བཅས་བཞུགས་སོ།། ༄། གཏེར་མཛོད། ཧཱ་པ་ལ། རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་ཅིང་གཟིགས་པ་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་མདོར་བསྡུས་པ་ངོ་མཚར་ཨུུ་དུམྦ་རའི་དགའ་ཚལ་ཞེས་བྱ་བ་འཇམ་མགོན་བླ་མ་རིན་པོ་ཆེའི་གསུང་ལྡེབ།༡༤༧ སྤྲུལ་པའི་གཏེར་སྟོན་ཆེན་པོ་༧ཨོ་རྒྱན་མཆོག་གྱུར་གླིང་པའི་རྣམ་ཐར་གྱི་ས་བོན་དང་གཏེར་འབྱུང་འགའ་ཞིག་འབེལ་གཏམ་སྣ་ཚོགས་བཅས་ཕྱོགས་བསྡོམས་རྒྱལ་བསྟན་ཉིན་བྱེད་འོད་སྣང་ཞེས་བྱ་བ་ཞལ་གསུང་མ་ལྡེབ། ༨ མཆོག་གྱུར་གླིང་པའི་རྣམ་ཐར་གསོལ་འདེབས་བཀྲ་ཤིས་འཁྱིལ་པའི་དབྱངས་སྙན་ཞེས་བྱ་བ་མཆན་བུས་བརྒྱན་པ་འཇམ་མགོན་རིན་པོ་ཆེའི་གསུང་ལྡེབ། ༤ རྣམ་ཐར་གསོལ་འདེབས་ཀྱི་བསྡུས་དོན་བཀྲ་ཤིས་དབྱངས་ཀྱི་ཡན་ལག་ཅེས་བྱ་བ་མཁྱེན་བརྩེའི་དབང་པོའི་གསུང་ལྡེབ། ༢ རྣམ་ཐར་ལས་འཕྲོས་པའི་དྲིས་ལན་བཀྲ་ཤིས་དབྱངས་སྙན་བསྐུལ་བའི་དྲི་བཞོན་ཞེས་བྱ་བ་མཁྱེན་བརྩེའི་དབང་པོའི་གསུང་ལྡེབ། ༡༩ གཏེར་ཆེན་མཆོག་གྱུར་གླིང་པའི་ཐུན་མོང་ཕྱི་ཡི་རྣམ་ཐར་བཀྲ་ཤིས་སྐྱེ་བ་ལྔ་པའི་དབྱངས་སྙན་ཞེས་བྱ་བ་མཆོག་གླིང་རང་གྲྭ་རྒན་པོ་པདྨ་ཡེ་ཤེས་གསུང་ལྡེབ། ༣༤ བསྟན་པ་ཡོངས་རྫོགས་ཀྱི་སྒྲོན་མེ་འགྲོ་བའི་འདྲེན་མཆོག་རྡོ་རྗེ་འཆང་། ༧པདྨ་གར་དབང་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་མཆོག་གི་ཞལ་སྔ་ནས་བསྩལ་པ་ཐུན་མོང་ཕྱིའི་རྣམ་ཐར་ནོར་བུ་སྣ་ཚོགས་མདོག་ཅན་ལྡེབ། ༡༨༨ ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་དངོས་གང་གི་ཞལ་སྔ་ནས་སྐལ་ལྡན་རྣམས་ཀྱི་ངོར་འཁྲུངས་རབས་དང་འབྲེལ་ནང་གི་རྣམ་པར་ཐར་པའི་ཆ་ཤས་ཙམ་བསྟན་པའི་རྟོགས་པ་བརྗོད་པའི་དུམ་བུ་སྨིག་རྒྱུའི་བདུད་རྩི་ལྡེབ། ༣༦ མཛད་པ་ཐ་མའི་རྣམ་ཐར་མདོར་བསྡུས་མཁས་དབང་བླ་མ་ཀརྨ་བཀྲ་ཤིས་ཆོས་འཕེལ་གྱིས་སྤེལ་བ་ངོ་མཚར་ནོར་བུའི་སྣང་བ་ལྡེབ། ༢༢ བཅས་བཞུགས་སོ།། ༄། གཏེར་མཛོད། མངྒ་ལཾ་པ་ལ། རིན་ཆེན་གཏེར་མཛོད་ཆེན་མོ་ཐོག་མར་གདན་ས་དཔལ་སྤུངས་སུ་ཤིང་སྤར་དུ་ཇི་ལྟར་བསྒྲུབས་པའི་ཚུལ་དཔག་བསམ་གསར་པའི་འཁྲི་ཤིང་ཞེས་བྱ་བ་ལྷག་བསམ་བསྟན་པའི་རྒྱལ་མཚན་ནམ་ཀརྨ་སྨོན་ལམ་འོད་ཟེར་གྱིས་མཛད་པ་དང་། པོད་རེའི་དབུ་ཡི་ཆོས་ཚན་དཀར་ཆག་སྦྲེལ་ནས་ནར་བཀོད་བྱས་པ་ལྡེབ།༧༤་་་་་ཆོས་དཔེའི་བཞུགས་བྱང་དཀར་ཆག་འདི་ནི། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས། གཏེར་མཛོད་རྩོམ་སྒྲིག་རྗེས་སུ་པར་བརྐོས་མཛད་པའི་ཤིང་པར་དང་པོ་དང་། དེ་ལ་སི་ཏུ་པདྨ་དབང་མཆོག་རྒྱལ་པོས་ཆོས་ཚན་འགའ་ཤས་ཁ་སྐོང་གནང་བ་བཅས། གདན་ས་དཔལ་སྤུངས་ཀྱི་པར་དཔེའི་པོད་རེའི་དབུ་ཡི་བཞུགས་བྱང་བཅོས་མེད་མ་དཔེ་ཇི་བཞིན་དཀྱུས་གཅིག་ནར་འགྲོས་སུ་བཀོད་པ་སྟེ། དེའི་སྐབས་རིན་གཏེར་ལ་ཆོས་ཚན་ཇི་བཞུགས་ངེས་པར་བྱེད་པ་ཡང་ཡིན་ནོ་ཞུ་ཞུ།། བདེ་བར་གཤེགས་པའི་བསྟན་པའི་ཡང་སྙིང་རིག་འཛིན་གྱི་སྡེ་སྣོད་སྔ་འགྱུར་ཟབ་མོ་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་ཆོས་སྡེ་བར་དུ་གདན་ས་སྟོད་ལུང་མཚུར་ཕུར་ཤིང་སྤར་དུ་བསྒྲུབས་པའི་རྟོགས་བརྗོད་ལྷའི་རྔ་བོ་ཆེའི་སྒྲ་དབྱངས་རྒྱ་མཚོའི་སྤྲིན་གྱི་བླ་བྲེ་ཞེས་བྱ་བ་དང་། སྔ་འགྱུར་ཟབ་མོ་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་དཀར་ཆག་ནོར་བུའི་བང་མཛོད་ཅེས་བྱ་བ་རྒྱལ་དབང་མཁའ་ཁྱབ་རྡོ་རྗེས་མཛད་པ་བཅས་རིང་སྦྲེལ་ལྡེབ། ༡༢༥་་་་་འདིའི་ནང་ཡི་གེའི་འབྲུ་དག་དང་བཅད་མཚམས་འགར་ཅུང་ཟད་བཅོས་པ་ལས། གཞན་ནི་མ་བཅོས་སོར་བཞག་བྱས་ཡོད་པས། འདིའི་སྐབས་རིན་གཏེར་ཤིང་པར་འདི་ལ་ཡིག་ཆ་གང་བཞུགས་ངེས་པར་བྱེད་དོ་ཞུ།། རིན་ཆེན་གཏེར་མཛོད་ཆེན་པོའི་ཁ་སྐོང་དཀར་ཆག་རིན་ཆེན་ཕྲེང་བ་ཞེས་བྱ་བ་དིལ་མཁྱེན་རིན་པོ་ཆེས་མཛད་པ་ལྡེབ། ༨་་་་་རྒྱ་གར་དུ་འཕྲུལ་པར་དང་པོ་དིལ་མཁྱེན་རིན་པོ་ཆེས་བསྐྲུན་སྐབས་ཞལ་སྐོང་ཞུས་པའི་དཀར་ཆག་ཡིན་ནོ། །རིན་ཆེན་གཏེར་མཛོད་ཆེན་པོ་སྤར་དུ་བསྐྲུན་པའི་རྟོགས་བརྗོད་འཇིག་རྟེན་གསུམ་ཁྱབ་ལྷ་ཡི་རྔ་སྒྲ་ཞེས་བྱ་བ་དིལ་མཁྱེན་རིན་པོ་ཆེས་མཛད་པ་ལྡེབ། ༧་་་་་རྒྱ་གར་དུ་དིལ་མཁྱེན་རིན་པོ་ཆེས་འཕྲུལ་པ་དང་པོ་བསྐྲུན་པའི་བྱུང་བ་བརྗོད་པའོ། །གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་གསུང་རབ་ཟབ་མོ་ཉེ་བརྒྱུད་ཀྱི་ཆོས་སྡེ་རིན་ཆེན་གཏེར་མཛོད་ཆེན་མོའི་བཞུགས་བྱང་དཀར་ཆག་གསལ་བར་བཀོད་པ་འོད་གསལ་རྡོ་རྗེ་སྙིང་པོའི་གྲུ་གཟིངས་ཞེས་བྱ་བ་མངའ་རིས་གུ་གེ་པ་མཁན་ཆེན་ཚེ་དབང་རིག་འཛིན་པས་མཛད་པ་ལྡེབ། ༣༠༣ དེ་དང་རྗེས་འབྲེལ་པར་ཐེངས་འདིའི་སྐབས་ཉེར་མཁོ་གསར་བཞག་བྱས་པའི་མཚན་བྱང་ཟུར་ཐོ་རབ་གསལ་མེ་ལོང་ཞུ་དག་མཐའ་མ་པ་པད་བཀོད་སྒམ་པོའམ་དྭགས་པོ་སྤྲུལ་མིང་པས་བཀོད་པ་ལྡེབ། ༡༣ བཅས་བཞུགས་སོ།། ༄། གཏེར་མཛོད། སིདྡྷཾ་པ་ལ། བརྒྱུད་གསུམ་རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་ལ་གསོལ་བ་འདེབས་པ་བྱིན་རླབས་འདོད་འཇོ་ལྡེབ། ༢ དང་། གཏེར་བརྒྱའི་བླ་མཆོད་ཡིན།་་་རྩ་གསུམ་དགོངས་འདུས་བླ་མ་རིག་འཛིན་རྒྱ་མཚོའི་དཀྱིལ་འཁོར་གྱི་འཁོར་ལོ་སྒྲུབ་ཅིང་མཆོད་པའི་ཆོ་ག་དངོས་གྲུབ་འདོད་འཇོའི་དགའ་སྟོན་ལྡེབ། ༢༡ སྨན་མཆོད་ལྡེབ།༡ རྩ་གསུམ་སྤྱི་ཡི་སྐོང་བསྡུས་ལྡེབ། ༤ ཚོགས་བསྡུས་ལྡེབ།༡ དང་། ༈ བླ་མ་དགོངས་པ་འདུས་པའི་བརྒྱུད་འདེབས་དབང་བྱིན་ཆར་འབེབ་ལྡེབ། ༡ བླ་མ་དགོངས་པ་འདུས་པའི་སྐོང་ཆོག་ལས་བྱང་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཁྲིགས་སུ་བསྡེབས་པ་རིག་པ་འཛིན་པའི་ལམ་བཟང་ལྡེབ། ༧༨ གཏེར་གཞུང་ལས་བཏུས་ཛཔ྄་བསྐུལ་བསྡུས་པ་དང་ཛཔ྄་ཀྱི་སྔགས་བྱང་ལྡེབ། ༢ དང་། གསོལ་འདེབས་དང་མཎྜལ་བསྡུས་པ་ལྡེབ། ༢ བཅས། བཀའ་སྲུང་གསོལ་བྱང་མི་ཕམ་རིན་པོ་ཆེ་དང་ཞེ་ཆེན་རྒྱལ་ཚབ་གསུང་ལྡེབ། ༡ ཐུགས་རྗེ་བསྐུལ་བའི་སྐྱབས་གསོལ་གཏེར་གཞུང་ལྡེབ། ༢ བླ་མ་དགོངས་པ་འདུས་པའི་སྐོང་ཆོག་དང་འབྲེལ་བར་གཤིན་པོ་རྗེས་འཛིན་གནས་ལུང་གི་ཆོ་ག་ཐུགས་རྗེའི་ལྕགས་ཀྱུ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུང་ཁྲིགས་ལྡེབ། ༨ གཏེར་གཞུང་ལས་ཕྱུང་གཤིན་བསྔོ་དང་གཤིན་སྒབ་གཅོད་པ་ལྡེབ། ༡ ༈ རྡོ་རྗེ་ཐེག་པའི་དམ་ཚིག་གི་ཉེས་ལྟུང་ཕྱིར་བཅོས་པའི་ཆོ་ག་རིག་འཛིན་དབུགས་དབྱུང་གི་ཐེག་ལེ་འཇམ་མགོན་རིན་པོ་ཆེའི་གསུང་ལྡེབ། ༨ ༈ མཆོག་གླིང་སྔགས་གསོའི་སྐོར་ལ།་་་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་ལེའུ་བཅུ་བདུན་པ་ལས་གསུངས་པའི་རྩ་གཞུང་ལ་གཏེར་ཆེན་ཉིད་ཀྱི་མན་ངག་གིས་བརྒྱན་ནས་རྡོ་རྗེ་ཐེག་པ་སྔགས་ཀྱི་གསོ་སྦྱོང་བདུད་རྩིའི་རོལ་མཚོ་ཁྲིགས་བསྡེབས་ལྡེབ། ༧༡ སྔགས་ཀྱི་གསོ་སྦྱོང་དངོས་གཞིའི་ཉམས་ཆག་སྦྱོང་བའི་སྐབས་སུ་རིགས་དྲུག་གནས་སྦྱོང་བསྡུ་བར་འདོད་ན་བླ་མའི་ཞལ་ལུང་ལྟར་པདྨ་རང་གྲོལ་པས་བཀོད་པ་ལྡེབ། ༡ གསོ་སྦྱོང་གི་རེག་ཟིག་ཐེ་ཚོམ་ཀུན་སེལ་ཀརྨའི་མཁན་ཆེན་གསུང་ལྡེབ། ༤ སྔགས་ཀྱི་གསོ་སྦྱོང་དང་འབྲེལ་བའི་སྒྲུབ་ཆེན་བྱ་ཚུལ་འདོན་ཟིན་རེག་ཟིག་མཐོང་བས་ཁོང་ཆུད་གཏེར་སྲས་སྤྲུལ་སྐུ་ཚེ་དབང་བསྟན་འཕེལ་གསུང་ལྡེབ། ༥ རྡོ་རྗེ་ཐེག་པའི་སྔགས་ཀྱི་གསོ་སྦྱོང་བདུད་རྩིའི་རོལ་མཚོའི་སྨིན་བྱེད་འབོགས་པའི་མཚམས་སྦྱོར་ལག་ལེན་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༣ ༈ པད་གླིང་ཀློང་གསལ་ཞི་ཁྲོའི་སྔགས་གསོའི་སྐོར་ལ།་་་ཀློང་གསལ་ཞི་ཁྲོའི་གསོལ་འདེབས་གཏེར་གཞུང་ལས་ཟུར་ཕྱུང་ལྡེབ། ༡ བླ་སྒྲུབ་ནོར་རྒྱམ་བརྒྱུད་འདེབས་ལྡེབ། ༡ དང་། ལས་བྱང་པདྨའི་ལྗོན་ཤིང་ཁྲིགས་སུ་བསྡེབས་པ་རིག་འཛིན་དགོངས་རྒྱན་ལྡེབ། ༡༩ བཅས་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུངས། ཟབ་གསང་རྡོ་རྗེ་ཐེག་པའི་སྔགས་ཀྱི་གསོ་སྦྱོང་ཡེ་ཤེས་ཆུ་རྒྱུན་རིག་འཛིན་ཁམས་གསུམ་ཡོངས་གྲོལ་གསུང་ལྡེབ། ༥༩ པད་གླིང་མགོན་པོ་སྡེ་བརྒྱད་གསོལ་བྱང་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུང་ལྡེབ། ༡ རྩ་གསུམ་སྐོང་གསོ་རིག་འཛིན་པདྨ་གླིང་པ་རང་གིས་མཛད་པའི་ནོར་རྒྱམ་ལས་བྱང་ལས་ཁོལ་དུ་ཕྱུང་བ་ལྡེབ། ༤ ༈ བདུད་འཇོམས་ཆོག་ཁྲིགས་ཀར་གླིང་ཞི་ཁྲོའི་སྔགས་གསོའི་སྐོར་ལ།་་་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལས་བྱང་འབྲིང་པོའི་གཏེར་གཞུང་གསོལ་འདེབས་དུག་གསུམ་མ་སྤང་རང་གྲོལ་ལྡེབ། ༡ བླ་མ་བརྒྱུད་པའི་གསོལ་འདེབས་ཐུགས་དམ་གནད་བསྐུལ་བྱ་བྲལ་རིན་པོ་ཆེ་སངས་རྒྱས་རྡོ་རྗེས་མཛད་པ་ལྡེབ། ༢ གསང་ཆེན་སྔགས་ཀྱི་ཐེག་པའི་དམ་ཚིག་གསོ་སྦྱོང་གི་ཆོ་ག་ཀུན་ཏུ་བཟང་པོའི་དགོངས་རྒྱན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུང་ཁྲིགས་ལྡེབ། ༦༢ བརྒྱ་ཕྱག་སྡིག་སྒྲིབ་རང་གྲོལ་གཏེར་གཞུང་ལྡེབ། ༩ བཤགས་རྒྱུད་ནས་ཁོལ་ཕྱུང་ཕྱག་བྱང་རྒྱས་བསྡུས་གཉིས་ལ་ལྡེབ། ༡༤ སྤྲོས་པའི་ཚེ་ལྷན་ཐབས་གཏེར་གཞུང་ཀློང་བཤགས་སོགས་ནས་ཟུར་བཀོད་ལྡེབ། ༩ ཐེག་དགུའི་སྤྱི་སྐོང་རིག་འཛིན་འཇིགས་གླིང་དགོངས་གཏེར་རྡོ་རྗེའི་ཐོལ་གླུ་ལྡེབ། ༦ བཀའ་སྲུང་སྡེ་བདུན་གསོལ་བྱང་རྒྱས་པ་ལས་ཉེར་བསྡུས་ལྡེབ། ༡ དང་། གནས་ལུང་སྨིན་ལོའི་ཆོག་ཁྲིགས་ལས་བདུད་འཇོམས་རིན་པོ་ཆེས་ཟུར་བཀོལ་མཛད་པ་ལྡེབ། ༩ འཇམ་མགོན་མི་ཕམ་རིན་པོ་ཆེའི་གསུང་སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་གི་དོན་རྣམ་པར་བཤད་པ་བསྟན་པ་མི་ནུབ་པའིརྒྱལ་མཚན་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་པར་རྒྱལ་བའི་གསུང་ལྡེབ། ༡༠༤ བཅས་ལེགས་པར་བཞུགས་སོ།། ༄། གཏེར་མཛོད་སྨིན་གྲོལ་ཟུར་རྒྱན་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་གསུང་པོད་བཞི་ལས་དང་པོ། ༄། གཏེར་མཛོད། ཨེ་པ་ལ། རིན་ཆེན་གཏེར་མཛོད་ཆེན་པོའི་སྨིན་གྲོལ་འབོགས་པའི་སྐབས་ཀྱི་ཕྱག་ལེན་ཉེར་མཁོའི་ཟུར་འདེབས་མཚམས་སྦྱོར་རིགས་བཅས་ཉུང་གསལ་དུ་བཀོད་པ་འདོད་རྒུ་འཇོ་བའི་གཏེར་བུམ། པོད་དང་པོ་ལ་ལྡེབ། ༢༢༨ རིན་གཏེར་དཀྱུས་ཀྱི་ཞུ་དག་སྐབས་མ་ཤེས་ནས་འཛུད་རྒྱུ་ལུས་པ། འཇའ་ཚོན་ཟབ་གཏེར་ཉེར་མཁོ་དྭགས་པོའི་གསང་ལམ་བླ་སྒྲུབ་ངག་འདོན་འཕྲིན་བྱང་ཉི་མའི་སྙིང་པོ་ཡེ་ཤེས་རྒྱན་གྱི་བླ་བྲེ་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༢༡ བཅས་བཞུགས།། ༄། གཏེར་མཛོད། ཝཾ་པ་པོད་གཉིས་པ་ལ་ལྡེབ། ༢༣༥ བཞུགས།། ༄། གཏེར་མཛོད། མཱ་པ་པོད་གསུམ་པ་ལ་ལྡེབ། ༢༡༩ བཞུགས།། ༄། གཏེར་མཛོད། ཡཱ་པ་པོད་བཞི་པ་ལ་ལྡེབ། ༡༩༤ དེའི་མཇུག་འཐུད་ཤིས་སྨོན་རིགས་དང་ས་བཅད་དྲུག་པ་འཕྲོས་དོན་སྤང་བླང་གི་བསླབ་བྱ་བཅས་ལྡེབ། ༧༡ རྣམས་ལེགས་པར་བཞུགས་སོ།། །། ༄། དེ་ལྟར་སྔོན་ཡོད་པར་ཤིང་སྔ་ཕྱིའི་ཆོས་ཚན་གང་ཡོད་ཞིབ་དཔྱད་ཀྱིས་གོ་རིམ་ལེགས་བསྒྲིགས་སྟེང་། དིལ་མཁྱེན་རིན་པོ་ཆེའི་འཕྲུལ་པར་སྐབས་ཀྱི་ཞལ་སྐོང་དཀར་ཆག་རིན་ཆེན་ཕྲེང་བའི་ཆོས་ཚན་ཡང་ཁུངས་སོ་སོར་དཀྱུས་འཛུད་དང་། པར་ཐེངས་འདིར་གཞུང་གསལ་མེད་དུ་མི་རུང་བའི་ཡིག་ཕྲན་ལྷན་ཐབས་ཟུར་བྱང་ལྟ་བུའི་ཉེ་མཁོ་གང་འཚམ་ཆོས་ཚན་སོ་སོའི་རྗེས་སུ་གསར་འཛུད་ཀྱི་གསལ་བཤད་ཐོག་མར་འགའ་ཞིག་ལས་ཕལ་ཆེར་ལ་བཀོད་པ་རྣམས་ལས་གཞན་རང་འདོད་ཀྱིས་རང་བཟོ་ཁོ་ནའི་དྲི་མ་རྡུལ་ཙམ་མ་མཆིས་པར། ཨོ་རྒྱན་སངས་རྒྱས་གཉིས་པའི་རྗེས་ཞུགས་སྐལ་ལྡན་རིག་པ་འཛིན་པ་རྣམས་ཀྱི་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་ལོངས་སྤྱོད་མི་ཟད་ནམ་མཁའ་མཛོད་ཀྱི་འཁོར་ལོར་ལེགས་པར་གཏན་ལ་ཕབ་པའོ། །མཁན་སློབ་ཆོས་གསུམ་རིང་ལུགས་ཆེ། །འཛམ་གླིང་ས་གསུམ་ཁྱབ་པར་འཕེལ། །འགྲོ་རྒྱུད་མཆོག་གསུམ་སྣང་བ་དང་། །མི་འབྲལ་དུས་གསུམ་དགེ་ལེགས་ཤོག། །།
རྡོ་རྗེ་ཕུར་པའི་ལྟ་ཁྲིད་རྫོང་འཕྲང་ལྟ་དགོངས་ཀྱི་གདམས་པ་སངས་རྒྱས་ངོ་སྤྲོད་ (Volume 31, Text 7)
༄༅༔ རྡོ་རྗེ་ཕུར་པའི་ལྟ་ཁྲིད་རྫོང་འཕྲང་ལྟ་དགོངས་ཀྱི་གདམས་པ་སངས་རྒྱས་ངོ་སྤྲོད་བཞུགས་སོ༔ ྈྈྈྈྈྈྈྈ བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་པདྨ་ཐོད་ཕྲེང་ངས༔ མཁར་ཆེན་བཟའ་མཚོ་རྒྱལ་ལ་དགོས་པ་དྲུག་དང་ལྡན་པའི་རྡོ་རྗེ་ཕུར་བུའི་སྒྲུབ་པ་བསྟན༔ རང་སྒོ་ཐར་བར་མི་བྱ་བར༔ འཁོར་བ་སྐྱེ་ཐོགས་སུ་ཁྱེར་བའི་གདམས་ངག་ཅེས་བྱ་བ༔ སྣང་སྲིད་ཐམས་ཅད་ཕུར་པ་སྒྲུབ་པ་ཞེས་བྱ་བ༔ ཟབ་མོ་གནད་ཀྱི་གདམས་པ་འདི་ལ༔ དགོས་དོན་རྣམ་པ་དྲུག་སྟེ༔ ལྟ་བའི་མཚམས་གཅད་པ་དང་གཅིག༔ སྒོམ་པས་དྲོད་དང་ལྡན་པར་བྱ་བ་དང་གཉིས༔ སྤྱོད་པས་བོགས་དབྱུང་བ་དང་གསུམ༔ དབང་གི་གདིངས་བཙལ་བ་དང་བཞི༔ དམ་ཚིག་གི་དོན་ལས་མི་འདའ་བ་དང་ལྔ༔ འབྲས་བུ་ལ་བཟླ་བ་དང་དྲུག༔ ལྟ་བ་ནི༔ ངང་ཉིད་རྡོ་རྗེའི་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པས༔ ད་ལྟར་གྱི་སྣང་བ་འདི་ཡེ་ཤེས་དབྱིངས་རིག་པའི་རྩལ་མ་འགགས་པ༔ སྣ་ཚོགས་སུ་སྣང་བ་འདི༔ ཡེ་ཤེས་ཡིན་ཏེ་རྟགས་ལྷའི་དལ་དུ་རྫོགས༔ སྣང་བའི་དུས་རང་ཀ་ན་ངོ་བོ་སྟོང་པའི་དབྱིངས་ཏེ་དོན་ཆོས་ཉིད༔ སྤྲོས་དང་བྲལ་བར་གནས་པ་དེ༔ གཉིས་ཀ་དབྱེར་མེད་པའི་སྲས་བདེ་ཆེན་བྱང་ཆུབ་སེམས་ཀྱི་བདེ་བ་ཆེན་པོར་གནས་པ་དེ༔ དབྱིངས་དང་ཡེ་ཤེས་དབྱེ་རྒྱུ་མེད་པའི་ལྟ་བ་ཞེས་བྱ་བ་སྟེ༔ ཨ་ཏི་ཡོ་གའི་ལྟ་བ་ཞེས་བྱ་བ་མཐར་ཐུག་པའོ༔ སྒོམ་པ་ནི༔ སྲོག་གི་སྒོ་རུ་ཤར་བ་དང༔ སྙིང་གི་དཀྱིལ་དུ་བསྒོམ་པར་བྱ༔ ཞེས་དང༔ ཡང༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་སྒྲུབ་པར་མཛོད༔ ཅེས་པས་བསྟན་ཏེ༔ དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན༔ གོང་གི་དབྱིངས་ཡེ་ཤེས་དབྱེར་མེད་པའི་བདེ་བ་ཆེན་པོའི་ངང་ལས་མ་ཡེངས་པར་ཡེ་ཤེས་བསྒོམ་མོ༔ ཀུན་ཏུ་སྣང་བའི་ཏིང་ངེ་འཛིན༔ དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་སྐྱེས་ཏེ༔ སྙིང་རྗེས་རྐྱེན་བྱས་ནས༔ རང་གི་རིག་པ་འོད་ཁ་དོག་སྣ་ལྔ་དང་ལྡན་པས༔ གསལ་ལ་མ་འགགས་པར་བསྒོམ༔ དེ་ལས་རྒྱུའི་ཏིང་ངེ་འཛིན༔ རང་གི་རིག་པ་ཧཱུྃ་མཐིང་ག་འོད་འབར་བ་གཅིག་ཏུ་བསྒོམ༔ དེ་ལས་འོད་འཕྲོས་པས༔ ཕྱི་འབྱུང་བ་ལྔ་རུ་སྣང་བ་ནི༔ ཡེ་ཤེས་ཀྱི་རྩལ་མ་འགགས་པས༔ གཞལ་ཡས་ཁང་དུ་གསལ་བ་དེ༔ ཕྱིའི་དབྱིབས་ཕུར་པ་ལ༔ ནང་གཞལ་ཡས་ཁང་ངོ༔ དེ་ཡང་རྒྱུད་ཁྲོ་བོ་རོལ་པ་དུམ་བུ་གསུམ་པ་ལས༔ དབལ་ནི་ངན་སོང་འཁོར་བ་གནས་བཅུ་རྫོགས༔ རྒྱ་མདུད་འོག་མ་འདོད་ཁམས་གནས་རིགས་ཉི་ཤུ༔ ལྕིམ་གཞོག་སྨད་ལ་གཟུགས་ཁམས་སུ་སྣང་བ་གནས་རིགས་བཅུ་བདུན༔ སྟོད་ལ་གཟུགས་མེད་སྐྱེ་མཆེད་མུ་བཞིའི་ལྷ༔ རྒྱ་མདུད་བདེ་གཤེགས་གཞལ་ཡས་ཁང༔ དཀྱིལ་འཁོར་ཆེན་པོའི་རང་བཞིན་གནས༔ ཞེས་གསུངས་སོ༔ དེ་ལ་དང་པོ་འཕྲོ་འདུས་སྦྱོང་བའི་དགོངས་པ་ནི༔ དེ་ལྟར་སྟོང་གསུམ་ཕུར་བུར་གསལ་བའི་རྒྱ་མདུད་གོང་མ་རུ༔ གྲུ་གསུམ་དགུ་པ༔ དབུས་རྒྱ་མདུད་དཀྱིལ་འཁོར་དུ༔ བདག་ཉིད་ཆེ་མཆོག་ཁྲོ་བོའི་གཞལ་ཡས་ཁང་དུ་གསལ་བར་བསྒོམས་ལ༔ ལྕིམ་གཞོག་གི་སྟོད་ཡས་བཅད༔ གཟུགས་མེད་སྐྱེ་མཆེད་མུ་བཞི༔ སྨད་ལ་བསམ་གཏན་མུ་བཞི༔ རྒྱ་མདུད་འོག་མ་མར་བཅད༔ འདོད་ཁམས་གནས་རིགས་བཅུ་བདུན་ཏེ༔ དེ་ལྟར་གསལ་བ་དང༔ ཆོས་ཉིད་ཀྱི་དབྱིངས་ལས་ཡེ་ཤེས་ཀྱི་ཁྲོ་ཚོགས་ཀྱི་ཐུགས་རྗེ་འབྱུང་བའི་ཕྱིར་དུ༔ སྤྱན་དྲངས་རྒྱུ་མེད་ཀྱང་ཡེ་ཤེས་ཀྱི་ཁྲོ་བོ་བཀྲག་གསལ་དུ་བསྒོམ༔ བཞུགས་སུ་གསོལ་རྒྱུ་མེད་ཀྱང་འབྲལ་མེད་ཀྱི་ངང་དུ་བསྒོམ༔ ཕྱག་འཚལ་རྒྱུ་མེད་ཀྱང་འགྱུར་མེད་ཀྱི་ངང་ནས་མོས་པ་བྱ༔ མཆོད་པ་འབུལ་རྒྱུ་མེད་ཀྱང་ཞེན་མེད་ཀྱི་རོལ་པ་རྒྱུན་མི་གཅད༔ བསྒོམ་སྒྲུབ་བྱ་རྒྱུ་མེད་ཀྱང༔ རྩོལ་མེད་རྩོལ་བས་སེམས་མ་ཡེངས་པར་བསྒོམ༔ སྔགས་བཟླས་པའི་འོད་ཟེར་གྱིས༔ ཡེ་ཤེས་ཀྱི་ཁྲོ་བོ་རྣམས་ཀྱི༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཆུ་རྒྱུན་བྱུང་སྟེ༔ ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་ཐམས་ཅད་བསངས་སྦྱངས་ཏེ༔ ཟག་པ་མེད་པའི་སེམས་ཉིད་རང་སྣང་གི་ཡེ་ཤེས་འོད་ལམ་མེ་གནས་པ་དེ་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ ཛཿཧཱུྃ་ཨཱ༔ ཞེས་པས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ་རུ་གྱུར་ཏེ༔ སྣང་བཞིན་དུ་སྟོང༔ སྟོང་བཞིན་དུ་སྣང༔ སྣང་སྟོང་དབྱེར་མེད་ཀྱི་སྐུ༔ རྟག་ཆད་ལས་འདས་པར་བསྒོམས་ལ༔ རེས་འགའ་ཐམས་ཅད་རང་ལ་བསྡུ་ཞིང་བསྒོམ༔ རེས་འགར་སྤྲོས་ལ་བསྒོམ༔ དེ་རྟག་པ་མ་ཡིན་ཏེ༔ རང་གསལ་འོད་ཀྱི་ཡེ་ཤེས་རང་ལ་གསལ༔ གཅིག་པུ་མ་ཡིན་ཏེ༔ བདག་ཉིད་ཆེན་པོ་བདེ་བའི་ངང་དུ་དབྱེར་མེད་དེ༔ ཁམས་གསུམ་དུ་སྣང་བ་དེ་ཉིད་ཡེ་ནས་སངས་རྒྱས་ཀྱི་རང་བཞིན་ཡིན་པས༔ ཡིན་པར་ངོ་ཤེས་པར་བྱས་ལ་བསྒོམས་ཏེ༔ དེ་ལྟར་བསྒོམས་པས༔ གཞན་སྣང་རྐྱེན་གྱིས་མི་འཁྲུགས་ཏེ༔ རང་སྣང་ཐམས་ཅད་ཡེ་ཤེས་ཀྱི་རང་སོ་ལ་མ་ཡེངས་པར་བསྒོམ་མོ༔ སྤྱོད་པ་ནི༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ ཞེས་པས༔ ཕྱི་ནང་འབྱུང་བས་བསྡུས་པའི་སྣང་བ་ཐམས་ཅད་ཆེ་མཆོག་སྐུའི་དལ་དུ་གསལ༔ སྒྲ་སྐད་ཀཱི་ལ་ཡ༔ ཆོས་ཉིད་རང་སྒྲར་ཤར༔ དྲན་རྟོག་ཐམས་ཅད་ཡེ་ཤེས་ཀྱི་རང་འོད་དུ་གསལ་ཏེ༔ དེ་ལྟར་ཤེས་པས་མི་དགེ་བཅུ་སྐྱེ་བའི་ཡུལ་མེད༔ སྤྱོད་པ་ཐམས་ཅད་དགེ་བ་བཅུའི་ངང་དུ་སྤྱོད༔ སྣང་བ་ལྷར་ཤེས་པས༔ ཆགས་སྡང་དང་གཟུང་འཛིན་གྱི་ཡུལ་མེད༔ གྲགས་པ་ཐམས་ཅད་སྔགས་སུ་ཤེས་པས༔ སྒྲ་སྙན་མི་སྙན་ལས་གྲོལ༔ དྲན་རྟོག་ཐམས་ཅད་ཡེ་ཤེས་སུ་གསལ་བས༔ རྣམ་ཤེས་ཚོགས་བརྒྱད་ཀྱི་རྟོག་པས་མི་འཁྲུགས་ཏེ༔ ཡེ་ཤེས་མི་ཟད་རྒྱན་གྱི་འཁོར་ལོར་གསལ་ཏེ༔ ཅི་བྱེད་ཐམས་ཅད་དེའི་ངང་ནས་མ་ཡེངས་པར་སྤྱོད་དོ༔ དེ་ལྟར་མ་རྟོགས་པའི་སེམས་ཅན་ལ༔ སྙིང་རྗེ་བསྐྱེད་ཅིང་འཕྲོ་འདུས་གནས་པར་བྱ་བ་ནི་སྤྱོད་པའོ༔ དབང་གི་གདིང་བཙལ་བ་ནི༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས༔ དབང་དང་བྱིན་རླབས་འདིར་སྩོལ་ཅིག༔ ཅེས་པས་དབང་གི་གདིང་བཙལ༔ དེ་ལྟར་གོང་གི་ལྟ་སྒོམ་སྤྱོད་པ་གསུམ་པོ་དེ༔ རང་གི་རྒྱུད་ཐོག་ཏུ་གཅིག་ཁེལ་བས་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་དུས་གཅིག་ཏུ་རྫོགས་ཏེ༔ སྒོ་གསུམ་ཐམས་ཅད་ལྷའི་རང་བཞིན་དུ་གསལ་ཏེ་ཆོས་ཉིད་དུ་རྫོགས་ནས༔ གཉིས་སུ་མེད་པར་བདེ་བ་ཆེན་པོར་རྫོགས་པ་ནི༔ དབང་ཐམས་ཅད་ཀྱི་མཆོག་ཡིན་ནོ༔ ཆོས་ཉིད་བདེ་བ་ཆེན་པོའི་དབང་ངོ༔ ཕྱི་ནས་བསྐུར་བའི་དབང་ནི་བསྡུས་པ་དང་འདྲའོ༔ དམ་ཚིག་ནི༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ ཞེས་པ་གོང་ལྟར་རྟོགས་པ་དེ་སྙིང་རྗེའི་བློས་མཚམས་སྦྱར་ཏེ༔ དེ་དག་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བསྒྲལ་སྙམ་པར་སེམས་བསྐྱེད་དོ༔ དེ་ཡང་ཞེ་སྡང་གིས་བསད་ཅིང༔ གཏི་མུག་གིས་མནན་པ་མ་ཡིན་ཏེ༔ ཕུང་པོ་ཐམས་ཅད་རྡོ་རྗེའི་སྐུར་གྱུར་ཏེ༔ རྣམ་པར་ཤེས་པ་ཐམས་ཅད་ཆོས་ཉིད་དབྱིངས་སྤྲོས་པ་དང་བྲལ་བ༔ རྡོ་རྗེ་ལྟར་འཕོ་འགྱུར་མེད་པར་བསྒོམ་མོ༔ སྒོ་གསུམ་དེའི་དོན་ལས་མི་འདའ་བ་ནི༔ དམ་ཚིག་ཐམས་ཅད་ཀྱི་མཆོག་གོ༔ འབྲས་བུ་ནི༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ ཅེས་པ་སྣང་བ་ཐམས་ཅད་ལྷའི་དལ་དུ་ཡེ་ནས་རྫོགས་ནས༔ ཞིང་ཁམས་ཐམས་ཅད་ཡེ་ཤེས་སུ་དག་པའི་སྣང་བ་འཆར་ཏེ༔ ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་རང་གསལ་བ་དེ་ཀ་སྤྲུལ་པའི་སྐུ༔ གསལ་བའི་དུས་རང་ན་གསལ་བ་དང་བྲལ་བས་ཆོས་ཀྱི་སྐུ༔ དེ་གཉིས་དབྱེར་མེད་པ་བདེ་བ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ༔ དེ་གསུམ་ཡེ་ནས་མ་བཅོས་པའི་རང་བཞིན་དུ་བཞུགས་པས་ངོ་བོ་ཉིད་ཀྱི་སྐུའོ༔ དེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་འཕོ་འགྱུར་མེད་པར་གནས་པས་རྡོ་རྗེའི་སྐུའོ༔ དེ་ཉིད་རྟོགས་པ་དང་གོམས་པ་ལས་མཐར་ཕྱིན་པས་འབྲས་བུ་ཞེས་བྱའོ༔ སྔགས་ཕྱི་རྒྱུད་པའི་འབྲས་བུ་བཞིན་གཞན་ལས་རེ་བ་མ་ཡིན་ནོ༔ རང་རིག་རྩལ་དབང་ཐོབ་པའི་པདྨ་ཐོད་ཕྲེང་བདག་འདྲ་ཡིས༔ རྡོ་རྗེ་རིགས་མཆོག་གསང་བའི་རིགས་གཟུངས་མ༔ ལྷ་མོ་དཀར་མོའི་སྤྲུལ་པ་སྟེ༔ མཁར་ཆེན་བཟའ་ཡི་མཚོ་རྒྱལ་མ༔ ཚིག་ཉུང་དོན་གསལ་རྩ་བ་ཐུགས་ཀྱི་བཅུད༔ ཚེགས་ཆུང་དོན་ཆེ་བྱང་ཆུབ་རྡོ་རྗེའི་ལམ༔ གདམས་ངག་རྡོ་རྗེའི་རྫོང་འཕྲང་ལུང་གི་བཅུད༔ རབ་ཏུ་བརྣག་སྟེ་དྲིལ་ནས་མཁའ་འགྲོ་ཁྱེད་ལ་གཏད༔ པདྨས་གདམས་ངག་སྙན་དུ་བརྒྱུད་པའི་དོན༔ བདག་གིས་ཡི་གེར་བྲིས་པ་ཡིས༔ ཉེས་འགལ་མཆིས་ན་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ༔ མཐོལ་བཤགས་འབུལ་ལོ་ཚངས་པའི་དངོས་གྲུབ་སྩོལ༔ འདི་ལས་བྱུང་བའི་དགེ་བ་ཡིས༔ ཀུན་ཀྱང་རྡོ་རྗེ་འཛིན་ཐོབ་ཤོག༔ རྡོ་རྗེ་ཕུར་པ་སྲིད་པ་རང་གྲོལ་གྱི་གདམས་ངག་ཅེས་བྱ་བ༔ ཨོ་རྒྱན་པདྨ་ཐོད་ཕྲེང་གི་ཐུགས་ཀྱི་བཅུད༔ སྐྱེ་མེད་བྱང་ཆུབ་ཀྱི་སྒྲུབ་པ་ས་མ་ཡ་རྒྱ་རྒྱ་རྒྱ༔ ཕུར་ནི་སྐྱེ་བ་མེད་པའི་དབྱིངས་ཡིན་ཏེ༔ པ་ནི་འགག་པ་མེད་པའི་ཡེ་ཤེས་སོ༔ འདི་ལྟར་གྱི་སྣང་བ་ཐམས་ཅད་རྡོ་རྗེ་ཕུར་པའི་རང་བཞིན་དུ་སངས་རྒྱས་པས༔ དང་པོ་ལྟ་བའི་དོན་རྟོགས་པར་བྱ༔ གཉིས་པ་རྟོགས་པའི་དོན་ལ་ཏིང་ངེ་འཛིན་གྱིས་གསལ་གདབ་ཅིང་བསྒོམ༔ སྤྱོད་པས་བོགས་དབྱུང༔ དབང་གིས་གདིང་བཙལ༔ དམ་ཚིག་གི་དོན་ལས་མི་འགལ༔ འབྲས་བུ་གཉིས་མེད་ཀྱི་ཡེ་ཤེས་སུ་ཐག་བཅད་ནས༔ མཐར་ཕྱིན་པར་བྱ་སྟེ༔ དེ་ལྟར་དགོས་པ་གནད་ཀྱི་དོན་དྲུག་པོ་དེས༔ ཡིད་བཞིན་གྱི་ནོར་བུ་ལ་ལོངས་མི་སྤྱོད་ན༔ རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་གྲལ་དུ་མི་ཚུད་དེ༔ རྗེས་འཇུག་གི་རྣལ་འབྱོར་པ་རྣམས༔ དོན་དྲུག་པོ་དེའི་གདིང་དང་ལྡན་ན༔ རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་སྟེ༔ སྐུ་གསུང་ཐུགས་རྣམ་པར་སྨིན་པའི་རིག་འཛིན་གྱིས་ས་བཅུ་བགྲོད་པས་སྟོང་གསུམ་ཁམས་གསུམ་སྲིད་གསུམ་ཐམས་ཅད་རྡོ་རྗེ་ཕུར་པའི་རང་བཞིན་དུ་སངས་རྒྱས་པར་མཁྱེན་ནོ༔ རྡོ་རྗེ་ཕུར་པ་རྩ་བའི་ཡང་སྙིང་ངོ་སྤྲོད་ཐུགས་ཀྱི་ཉིང་ཁུ་ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ ཕུར་པ་རིག་པ་མཆོག་གི་རྒྱུད་ཀྱི་ནང་ནས༔ ཡང་གསང་སྤུ་གྲིའི་རྫོང་འཕྲང་བསྡུས་དོན་ཉམས་ལེན་དུ་དྲིལ་བ༔ ཕྱི་རབས་ལས་ཅན་དམ་ཚིག་ལྡན་པ་སྙིང་གི་བུ་ལ་སྦྱིན༔ དེ་ཀུན་ཁ་ནས་གཞན་གྱིས་མཐོང་བར་མི་བྱའོ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈ ྈྈྈ ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ ཐུགས་ཀྱི་ཡང་གཏེར་གནམ་སྐས་ཅན་དུ། ཀླུ་བདུད་མགོ་དགུའི་ཐུགས་ཀ་རུ་གསེར་གྱི་ཉག་ཐག་གིས་བསྡམས་ནས་སྦས་པ། གུ་རུ་ཆོས་ཀྱི་དབང་ཕྱུག་ལ་དངོས་གྲུབ་ཏུ་བབས་པའི་ཁྱད་པར་གྱི་གདམས་པ་ྀཨཚ།། །།
འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་སྐོང་བ་བསྡུས་པ་ཡང་རྫོང་མ་ (Volume 18, Text 7)
༄༅། །འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་སྐོང་བ་བསྡུས་པ་ཡང་རྫོང་མ་བཞུགས་སོ། ། ཧཱུྃ། རྒྱལ་ཀུན་ཡབ་གཅིག་བཅོམ་ལྡན་འཇམ་དཔལ་དབྱངས། །དྲག་ཏུ་ཁྲོས་པ་དཔལ་ཆེན་གཤིན་རྗེའི་གཤེད། །འཇིགས་བྱེད་ཁྲག་འཐུང་ཕྱག་རྒྱ་ཟིལ་གྱིས་གནོན། །དད་པ་དམ་ཚིག་དབང་གིས་སྤྱན་འདྲེན་ན། །འཁོར་བཅས་ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་ལ། །དུར་ཁྲོད་འབར་བའི་གནས་འདིར་གཤེགས་སུ་གསོལ། །སྣང་བ་སྣོད་ཀྱི་གཞལ་ཡས་ཁང་པ་རུ། །སྲིད་པ་བཅུད་ཀྱི་མཆོད་རྫས་ལྷུན་གྱིས་གྲུབ། །ཕུང་ཁམས་སྐྱེ་མཆེད་ལུས་ཀྱི་གཞོང་པ་རུ། །རང་བྱུང་དུར་ཁྲོད་དྲག་པོའི་དམ་རྫས་བཤམས། །རྟོག་མེད་མཚན་ལྡན་གསང་བའི་བམ་ཆེན་ལ། །དགྱེས་སྐོང་དམ་ཚིག་གཉན་པོ་ཡོངས་སུ་རྫོགས། །ཟབ་གསལ་ཆོས་ཀྱི་དབྱིངས་ཀྱི་སྣོད་ཡངས་པར། །མི་འགྱུར་ཡེ་ཤེས་རིག་པའི་བདུད་རྩིས་བཀང་། །སྣང་སྟོང་ལྷ་རྫས་ཕྱི་མཆོད་ཚར་དུ་དངར། །གསལ་སྟོང་རང་བྱུང་ནང་མཆོད་སྤྲིན་ལྟར་གཏིབས། །བདེ་སྟོང་ཕྱག་རྒྱ་གསང་མཆོད་གར་གྱིས་སྒེག །དངོས་འབྱོར་སྲིད་ཞིའི་དཔལ་འབྱོར་མཐའ་ཡས་ཤིང་། །ཡིད་སྤྲུལ་ཀུན་བཟང་མཆོད་པའི་སྤྲིན་ཕུང་གཏིབས། །མཉམ་ཉིད་ལྟ་བས་མཁའ་ཁྱབ་རོལ་མོར་སྤེལ། །འཁོར་འདས་ཀུན་ཁྱབ་རྨད་བྱུང་དམ་རྫས་འདིས། །རིག་འཛིན་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །འཇམ་དཔལ་གཞོན་ནུར་གྱུར་པའི་ཐུགས་དམ་བསྐང་། །བཅོམ་ལྡན་ཕྱག་རྒྱ་ཟིལ་གནོན་ཐུགས་དམ་བསྐང་། །སྦྱོར་སྒྲོལ་དབྱིངས་ཀྱི་ཡུམ་ཆེན་ཐུགས་དམ་བསྐང་། །གྱད་གནོན་ཆེན་པོ་བརྒྱད་ཀྱི་ཐུགས་དམ་བསྐང་། །ཚེ་བདག་འཆི་བདག་སྲོག་བདག་ཐུགས་དམ་བསྐང་། །གཤེད་ཆེན་ཡབ་ཡུམ་བཞི་ཡི་ཐུགས་དམ་བསྐང་། །ལས་བྱེད་མོན་པ་སྡེ་བཞིའི་ཐུགས་དམ་བསྐང་། །བདུད་པོ་ཆེན་པོ་སྡེ་བཞིའི་ཐུགས་དམ་བསྐང་། །ཟླ་བའི་འཆི་བདག་བཅུ་གཉིས་ཐུགས་དམ་བསྐང་། །ཞག་གི་གཤིན་རྗེ་སོ་གཉིས་ཐུགས་དམ་བསྐང་། །སྒོ་སྲུང་དྲེགས་པ་སྡེ་བཞིའི་ཐུགས་དམ་བསྐང་། །ཕྱི་འཁོར་བདུན་བརྒྱ་ཉི་ཤུའི་ཐུགས་དམ་བསྐང་། །མ་མོ་བྱེ་བ་ས་ཡའི་ཐུགས་དམ་བསྐང་། །བཀའ་སྡོད་ལས་གཤིན་ཡབ་ཡུམ་ཐུགས་དམ་བསྐང་། །འཁོར་ཚོགས་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་། །ཕྱག་རྒྱ་ལྷ་བསྒོམས་སྐུ་ཡི་ཐུགས་དམ་བསྐང། །ཕྱི་ཡི་དམ་ཚིག་ཉམས་ཆག་སོར་ཆུད་ནས། །ལུས་ལ་ཚེ་དབང་གཟི་བརྗིད་འབར་བར་མཛོད། །རླུང་སྔགས་བཟླས་པས་གསུང་གི་ཐུགས་དམ་བསྐང་། །ནང་གི་དམ་ཚིག་ཉམས་ཆག་སོར་ཆུད་ནས། །ངག་ལ་མཐུ་སྟོབས་ནུས་པ་ལྡན་པར་མཛོད། །ལྟ་སྒོམ་ཟབ་མོས་ཐུགས་ཀྱི་ཐུགས་དམ་བསྐང་། །གསང་བའི་དམ་ཚིག་ཉམས་ཆག་སོར་ཆུད་ནས། །ཡིད་ལ་རྟོགས་པའི་ཡེ་ཤེས་འཆར་བར་མཛོད། །བསྟན་ལ་འཚེ་བའི་དགྲ་བགེགས་རྡུལ་དུ་རློགས། །བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་བར་ཆད་ཟློག །བོད་ཁམས་ཕུང་བྱེད་དམ་སྲི་རྩད་ནས་ཆོམས། །སྙིང་པོའི་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་སྒྲེངས། །ཡེ་ཤེས་སྤྱན་གྱིས་དུས་གསུམ་ཀུན་ཏུ་གཟིགས། །སྒྲུབ་པོ་འཁོར་དང་བཅས་ལ་བྱིན་གྱིས་རློབས། །མི་མཐུན་བདུད་ཀྱི་གཡུལ་ལས་རྣམ་རྒྱལ་ཞིང་། །མཆོག་ཐུན་དངོས་གྲུབ་ཡིད་བཞིན་འགྲུབ་མཛད་གསོལ། །ཞེས་པའང་སྒྲུབ་གནས་ཆེན་པོ་སྦྲགས་ཀྱི་ཡང་རྫོང་གཤིན་རྗེ་རོལ་པའི་དཀྱིལ་འཁོར་དུ་ཚོགས་འཁོར་བརྒྱ་རྩ་བགྱིས་པའི་ཚེ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་ཡུད་ཙམ་ལ་ཤར་མར་བྲིས་པ་དགེ་ལེགས་འཕེལ།། །།
ཞིང་སྐྱོང་དུར་ཁྲོད་མ་མོའི་བེ་བུམ་གྱི་དཔེ་རིས་ (Volume 39, Text 8)
ནང་སྒྲུབ་དྲག་མོ་ཁྲོས་མ་སྐུ་མདོག་ཁམ་ནག་སྤྱན་གསུམ་ གསད་པའི་དུས་སུ་དྲག་མོ་གོང་དང་འདྲ་བ་ལ། རལ་པ་ ༈ དགྲ་ལ་ཐུན་འགྱེད་པའི་དུས་ རལ་པ་དམར་སེར་གྱེན་དུ་བརྫེས་པ། གཅེར་བུ་ནུ་མ་འཕྱང་ཞིང་། དར་གྱི་སྨད་ ཐུར་འཕྱང་གཡས་གྲི་གུག །གཡོན་ཐོད་ཁྲག ། དེ་དང་འདྲ་བ་ལས་སྐུ་མདོག་གཡོགས་ཅན། ཕྱག་གཡས་རལ་གྲི། གཡོན་ཐོད་ཁྲག་སྟོབ་པའི་ཚུལ། ཞབས་འདོར་སྟབས་དགྲ་བགེགས་བརྫིས་པ། དམར་ནག་རལ་པ་ཐུར་དུ་འཕྱང་ རིན་པོ་ཆེའི་དབུ་རྒྱན་སྙན་ཆ་ཕྱག་ཞབས་གདུ་བུ་འཁྲོལ་ཅིང་ཐོད་སྐམ་གྱིས་ ༈ འཁོར་ལོ་འདི་དང་མཚན་བླ་རྡོ། འཁོར་ལོ་ སྐུ་རྒྱབ་ཁེབས་པ། གཡས་ནད་དབུ་བརྒྱན་པ་བོང་བུ་སེར་ནག་གདོང་དམར་ལ་འཆིབ་པའོ།་་་སངས་རྒྱས་ འདི་རུ་གཞུག །མཆན་ཁུང་གཡོན་དུ་བཅང་། རྐྱལ་སྦྲུལ་གྱི་གདེངས་ཀ་གསུམ་ལྡན། སོ་གཉིས་ཀྱི་མཚན་དང་མཉམ་དུ་དྲིལ་ནས་ལུས་ལ་བཅང་ངོ་། ། གཡོན་ཐོད་ཁྲག་བསྣམས་པའོ།།
ཐུབ་དབང་གནས་བརྟན་བཅུ་དྲུག་གི་ཤིས་པ་བརྗོད་པ་བཀྲ་ཤིས་སྐྱེ་བ་ལྔ་པའི་སྒྲ་དབྱངས་ (Volume 52, Text 8)
ཐུབ་དབང་གནས་བརྟན་བཅུ་དྲུག་གི་ཤིས་པ་བརྗོད་པ་བཀྲ་ཤིས་སྐྱེ་བ་ལྔ་པའི་སྒྲ་དབྱངས་ཞེས་བྱ་བ། ཨོཾ་སྭསྟི་པྲ་ཛྙཱ་བྷྱཿ བཀྲ་ཤིས་ཡོན་ཏན་བྱེ་བས་བརྒྱན་པའི་སྐུ། །དྲན་པ་ཙམ་གྱིས་ཕན་བདེའི་རེ་སྐོང་བའི། །ཐུབ་དབང་སྲས་ཀྱིས་བསྐོར་བའི་མགོན་རྣམས་ཀྱིས། །དེང་འདིར་བཀྲ་ཤིས་བདེ་ལེགས་མཛད་པར་གྱུར། །བསྐལ་བཟང་སྒྲོན་མ་སྟོང་ལས་པད་དཀར་ལྟར། །ཆེར་བསྔགས་ཐུགས་བསྐྱེད་རྨད་བྱུང་དོན་ཀུན་གྲུབ། །དོན་གཉིས་བསམ་ཀུན་རྫོགས་བྱེད་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཤ་རཱིའི་བུ་ནི་ཤེས་རབ་ཅན་གྱི་མཆོག །མོའུ་གལ་མཐུ་སྟོབས་རྫུ་འཕྲུལ་འགྲན་ཟླ་བྲལ། །ཤེས་རབ་སྟོབས་དཔལ་སྐྱེད་པའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཡན་ལག་འབྱུང་ནི་སྤོས་ཕོར་རྔ་ཡབ་འཛིན། །དགྲ་བཅོམ་སྟོང་དང་སུམ་བརྒྱའི་འཁོར་གྱིས་བསྐོར། །འཆལ་སྤྱོད་དྲི་མ་གཞིལ་བའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །མ་ཕམ་པ་ནི་མཉམ་གཞག་ཕྱག་རྒྱ་མཛད། །དགྲ་བཅོམ་བརྒྱ་ཕྲག་གཅིག་གི་འཁོར་གྱིས་བསྐོར། །ཐོས་བསམ་ཡོན་ཏན་འཕེལ་བྱེད་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ནགས་ན་གནས་ནི་སྡིགས་མཛུབ་རྔ་ཡབ་འཛིན། །དགྲ་བཅོམ་སྟོང་དང་བཞི་བརྒྱའི་འཁོར་གྱིས་བསྐོར། །མི་མཐུན་གནོད་ཀུན་ཞི་བའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འཕགས་པ་དུས་ལྡན་གསེར་གྱི་རྣ་ཀོར་འཛིན། །དགྲ་བཅོམ་སྟོང་དང་ཆིག་བརྒྱའི་འཁོར་གྱིས་བསྐོར། །འཁོར་འདུ་སྤངས་རྟོགས་སྩོལ་བའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྡོ་རྗེ་མོའི་བུ་སྡིགས་མཛུབ་རྔ་ཡབ་འཛིན། །དགྲ་བཅོམ་སྟོང་ཕྲག་གཅིག་གི་འཁོར་གྱིས་བསྐོར། །དོན་རྣམས་འགྲུབ་པར་བྱེད་པའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འཕགས་པ་བཟང་པོ་ཆོས་འཆད་མཉམ་གཞག་མཛད། །དགྲ་བཅོམ་སྟོང་དང་ཉིས་བརྒྱའི་འཁོར་གྱིས་བསྐོར། །དོན་རྟོགས་ཏིང་འཛིན་གྲུབ་པའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གསེར་གྱི་བེ་འུ་རིན་ཆེན་ཞགས་པ་འཛིན། །དགྲ་བཅོམ་ཆེན་པོ་ལྔ་བརྒྱའི་འཁོར་གྱིས་བསྐོར། །གཟུངས་དང་སྤོབས་པ་སྦྱིན་པའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བྷཱ་ར་དྷྭ་ཛ་མཉམ་གཞག་ཕྱག་རྒྱ་མཛད། །དགྲ་བཅོམ་ཆེན་པོ་བདུན་བརྒྱའི་འཁོར་གྱིས་བསྐོར། །ངན་སོང་འཇིགས་ལས་སྒྲོལ་བའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྐུ་ལ་ནི་གཏེར་གྱི་ནེའུ་ལེ་འཛིན། །དགྲ་བཅོམ་ཆེན་པོ་དགུ་བརྒྱའི་འཁོར་གྱིས་བསྐོར། །ལོངས་སྤྱོད་འབྱོར་པ་རྒྱས་བྱེད་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྒྲ་གཅན་འཛིན་ནི་རིན་ཆེན་པྲོག་ཞུ་འཛིན། །དགྲ་བཅོམ་སྟོང་དང་ཆིག་བརྒྱའི་འཁོར་གྱིས་བསྐོར། །ལྟུང་གཞིལ་ཆོས་ཀུན་རྟོགས་བྱེད་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལམ་ཕྲན་བསྟན་ནི་མཉམ་གཞག་ཕྱག་རྒྱ་མཛད། །དགྲ་བཅོམ་སྟོང་དང་དྲུག་བརྒྱའི་འཁོར་གྱིས་བསྐོར། །ཉོན་མོངས་སྡུག་བསྔལ་ཞི་བྱེད་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བསོད་སྙོམས་ལེན་པ་གླེགས་བམ་ལྷུང་བཟེད་འཛིན། །དགྲ་བཅོམ་སྟོང་ཕྲག་གཅིག་གི་འཁོར་གྱིས་བསྐོར། །སྡུག་བསྔལ་མཐའ་དག་ཞི་བའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འཕགས་པ་ལམ་བསྟན་ཆོས་འཆད་གླེགས་བམ་འཛིན། །དགྲ་བཅོམ་ཆེན་པོ་དགུ་བརྒྱའི་འཁོར་གྱིས་བསྐོར། །བློ་མཆོག་སྤོབས་པ་སྐྱེད་པའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཀླུ་ཡི་སྡེ་ནི་བུམ་པ་འཁར་གསིལ་འཛིན། །དགྲ་བཅོམ་སྟོང་དང་ཉིས་བརྒྱའི་འཁོར་གྱིས་བསྐོར། །འདོད་འབྱུང་སྡུག་བསྔལ་ཞི་བའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གནས་བརྟན་སྦེད་བྱེད་ཆེན་པོ་གླེགས་བམ་འཛིན། །དགྲ་བཅོམ་སྟོང་དང་བཞི་བརྒྱའི་འཁོར་གྱིས་བསྐོར། །ལྔ་ཕྲག་རིགས་ལམ་རྟོགས་བྱེད་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །མི་ཕྱེད་པ་ནི་བྱང་ཆུབ་མཆོད་རྟེན་འཛིན། །དགྲ་བཅོམ་སྟོང་ཕྲག་གཅིག་གི་འཁོར་གྱིས་བསྐོར། །དོན་འགྲུབ་སྡིག་པ་ཞི་བའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དྷརྨ་ཏཱ་ཡིས་རྔ་ཡབ་བུམ་པ་འཛིན། །དགྲ་བཅོམ་ཆེན་པོ་ལྔ་བཅུའི་འཁོར་གྱིས་བསྐོར། །གདུལ་བྱ་སྨིན་ཅིང་གྲོལ་བའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འཕགས་པ་ཧཱ་ཤང་བྱེ་རུ་རྣམ་རྒྱལ་འཛིན། །གཞོན་མཛེས་བྱིས་པ་བཅུ་དྲུག་འཁོར་གྱིས་བསྐོར། །འགྲོ་བ་དབང་དུ་སྡུད་པའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྒྱལ་ཆེན་ཡུལ་འཁོར་སྲུང་ནི་པི་ཝཾ་སྒྲེང་། །དཀར་ཕྱོགས་དྲི་ཟ་མང་པོའི་འཁོར་གྱིས་བསྐོར། །ཕྱི་ནང་འཁྲུག་རྩོད་ཞི་བའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྒྱལ་ཆེན་འཕགས་སྐྱེས་པོ་ནི་རལ་གྲི་འཛིན། །དཀར་ཕྱོགས་གྲུལ་བུམ་མང་པོའི་འཁོར་གྱིས་བསྐོར། །དུས་མིན་འཆི་བ་ཟློག་པའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྒྱལ་ཆེན་སྤྱན་མི་བཟང་ནི་སྦྲུལ་ཞགས་འཛིན། །དཀར་ཕྱོགས་ཀླུ་ཕྲུག་མང་པོའི་འཁོར་གྱིས་བསྐོར། །ནོར་ཕྱུགས་དངོས་གྲུབ་སྤེལ་བའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྒྱལ་ཆེན་རྣམ་ཐོས་སྲས་ནི་རྒྱལ་མཚན་འཛིན། །འཁོར་དུ་དཀར་ཕྱོགས་གནོད་སྦྱིན་མང་པོས་བསྐོར། །ཐུན་མོང་འདོད་པ་འཇོ་བའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །མཆོག་གསུམ་བདེན་བྱིན་གདུལ་བྱའི་ཡུལ་ལ་ཞུགས། །ལྷ་ཀླུ་དགའ་བས་དུས་བཞིར་ཤིས་པ་སྒྲུབ། །མི་དབང་ཆོས་ལྡན་དགེ་བཅུའི་དཔལ་འབྱོར་རྒྱས། །རྫོགས་ལྡན་ལང་ཚོ་དར་བའི་བཀྲ་ཤིས་ཤོག །མཁས་གྲུབ་བཤེས་གཉེན་དུ་མས་ཕྱོགས་ཀུན་ཁྱབ། །རིགས་བཟང་བློ་གསལ་ཁྲིམས་ལྡན་འདུ་བ་རྒྱས། །བླ་སློབ་རྟེན་འབྲེལ་བཤད་སྒྲུབ་ཆོས་ཕྱོགས་འགྲིགས། །ལུང་རྟོགས་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག །མཁས་པའི་རྣམ་དཔྱོད་གྲགས་དཀར་ས་གསུམ་ཁྱབ། །གྲུབ་པའི་ཉམས་རྟོགས་བརྟུལ་ཞུགས་རྩལ་ཆེན་རྫོགས། །ཀུན་ཀྱང་བསྟན་ལ་ཕྱག་བཞེས་གཅིག་ཏུ་དཀར། །ཐེག་མཆོག་བསྟན་པ་དར་སྨིན་བཀྲ་ཤིས་ཤོག །མཆོད་གནས་ཡོན་ཏན་འབྱོར་ལྡན་ཡིད་དབང་འཕྲོག །འབྱོར་ལྡན་ནོར་གྱིས་མཆོད་འོས་མངའ་ཐང་བསྐྱེད། །ཡོན་མཆོད་རྟེན་འབྲེལ་ཐེག་ཆེན་ལམ་དུ་གཅིག །དོན་གཉིས་བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །རྟེན་འབྲེལ་ཆོས་ཀུན་སྟོང་ཉིད་ངོ་བོར་མཉམ། །སྟོང་པའི་རང་མདངས་རྟེན་འབྱུང་སྒྱུ་མར་ཤར། །ཟུང་འཇུག་ངོ་བོ་རྣམ་ཐར་བཞི་རུ་ཟླུམ། །རྩོལ་མེད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་མེ་རྟ་ལོ་གསར་ཚེས་ཆོས་འཕྲུལ་ཟླ་བའི་ཚེས་བཟང་རྒྱལ་དང་ཕུར་བུའི་སྦྱོར་བ་ཕུན་སུམ་ཚོགས་པའི་ཉིན་རང་གནས་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་པ་བཀྲ་ཤིས་ཀྱི་སྣང་བ་ཆེན་པོས་ཕྱོགས་ཀུན་ཏུ་ཁྱབ་པའི་རྒྱུར་གྱུར་ཅིག་གུ །དགེའོ། །དགེའོ། །དགེའོ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
དགོངས་གཏེར་བཀའ་བརྒྱད་ལུས་དཀྱིལ་གྱི་དབང་ (Volume 16, Text 8)
༄༅། །དགོངས་གཏེར་བཀའ་བརྒྱད་ལུས་དཀྱིལ་གྱི་དབང་བཞུགས་སོ། ། ན་མོ་གུ་རུ་པདྨ་ཡ། བཀའ་བརྒྱད་དབང་ནི། བུམ་པ་མཆོད་གཏོར་སྤྱི་ལྟར་བཤམས་ལ། སྐྱབས་སེམས་ད་ནངས་སྔོན་དུ་སོང་བས་འཐུས། བདག་མདུན་བུམ་ལྷ་གཏོར་མ་རྣམས་མངོན་རྟོགས་གཅིག་གིས་དུས་གཅིག་བསྐྱེད་དེ། རང་ཉིད་ཆེ་མཆོག་སྐུ་མདོག་མཐིང་ནག་རབ་ཏུ་ཁྲོས་པའི་ཚུལ་ཅན་ཞལ་གསུམ་གཡས་ཞལ་དཀར་བ། གཡོན་ཞལ་དམར་བ་དབུས་ཞལ་མཐིང་ནག་ཏུ་འདུག་པ། ཕྱག་དྲུག་གཡས་གསུམ་རྡོ་རྗེ་གཡོན་གསུམ་བྷནྡྷ་འཛིན་པ། དུར་ཁྲོད་ཀྱི་ཆས་བརྒྱད་དང་དཔལ་གྱི་ཆས་བཅུས་བརྒྱན་པ་མེ་དཔུང་གི་ཀློང་དུ་ཞབས་འདོར་སྟབས་སུ་བགྲད་པ། དེའི་གཡོན་ཕྱོགས་ནས་ཡུམ་མཆོག་སྐུ་མདོག་དུད་ཀ་ཞལ་གཅིག་ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན་པས་འཁྱུད་པ། ཡབ་ཀྱི་དཔྲལ་བར་འཇམ་དཔལ། མགྲིན་པར་རྟ་མགྲིན། ཐུགས་ཀར་ཡང་དག །ལྟེ་བར་བླ་མེད་ཧེ་རུ་ཀ །གསང་བར་ཕུར་པ། བརླ་གཡས་སྟོབས་ལྡན་ནག་པོ། བརླ་གཡོན་དྲེགས་པ་ཀུན་འདུལ། སྤྱི་གཙུག་ཏུ་རྡོ་རྗེ་ཆོས་རྣམས་གསལ་བར་བསྐྱེད། ཡང་དག་གི་ཐུགས་ཀར་ཡེ་ཤེས་སེམས་དཔའ་མཐིང་ག་ཞི་བའི་ཆ་བྱད་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཞབས་འདོར་ཐབས་སུ་བགྲད་པ་ཚོན་གང་བ་ཙམ། དེའི་ཐུགས་ཀར་ཧཱུྃ་མཐིང་ནག་ནས་འབྲུ་ཙམ་ལ་རྩ་བའི་སྔགས་ཀྱིས་བསྐོར་བར་བསྐྱེད་ལ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དཔལ་དགུའི་ལྷ་ཚོགས་སྤྱན་དྲངས། བདག་མདུན་བུམ་པ་རྣམས་ལ་ཐིམ་བུམ་པ་བདུད་རྩིས་གང་བར་གྱུར། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨཱ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ། ཅེས་ཅི་འགྲུབ་བཟླས་ནས་ཨརྒྷཾ་སོགས་དང་། ཨ་མྲྀཏ་བ་ལིཾ་ཏ་རཀྟ་ཁཱ་ཧི། ཧཱུྃ། ཀུན་བཟང་ཐུགས་ཀྱི་འོད་ཟེར་ཆོ་འཕྲུལ་ལས། །ལྷ་ཚོགས་བདུན་བརྒྱ་ཉི་ཤུའི་དཀྱིལ་འཁོར་ཤར། །མཐའ་ཡས་དཔག་མེད་ཡེ་ཤེས་མེ་འོད་འབར། །བར་ཆད་སྡིག་སྒྲིབ་བསྲེག་ལ་ཕྱག་འཚལ་བསྟོད། །དེ་ནས་སློབ་མ་འདུས་ཁྲུས་བྱས་མཎྜལ་ཕུལ་ནས། འོ་ན་འདིའི་ལོ་རྒྱུས་ནི་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡུམ་ཀུན་ཏུ་བཟང་མོ་དང་སྙོམས་པར་ཞུགས་ནས་སྤྲུལ་པའིི་ཁྲོ་བོ་རྣམས་སྤྲོས་ཏེ། གསང་བའི་བདག་པོ་རྡོ་རྗེ་ཆོས་ཀྱིས་བསྐུལ་བས། བདེ་གཤེགས་འདུས་པ་རྩ་བའི་རྒྱུད་ལ་སོགས་པ་ཞི་ཁྲོ་སྤྱིའི་རྒྱུད་ལྔ། གསང་བ་འདུས་པ་ལ་སོགས་འདུས་པ་བརྒྱད་བཀའ་བསྩལ་ཏོ། །དེ་རྣམས་ཕྱག་ན་རྡོ་རྗེས་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྱ་ཞུན་མས་བྲིས་ཏེ། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ་གཏད་དོ། །དེས་དུར་ཁྲོད་བསིལ་བ་ཚལ་དུ་རང་བྱུང་གི་མཆོད་རྟེན་ལ་གཏེར་དུ་སྦས་སོ། །སླར་སློབ་དཔོན་པདྨ་བྱོན་ནས་ཞི་ཁྲོ་ཡོངས་རྫོགས་ཀྱི་རྒྱུད་མན་ངག་རྣམས་ཕྱུང་། །ཀུན་ཏུ་བཟང་པོ་དང་རྡོ་རྗེ་སེམས་དཔའ་ལས་དབང་ལུང་མན་ངག་རྫོགས་པར་ཞུས། བལ་ཡུལ་ཡང་ལེ་ཤོད་སོགས་སུ་སྒྲུབ་པ་མཛད་པས་ཞི་ཁྲོའི་ལྷ་ཚོགས་ཞལ་་་གཟིགས། བོད་དུ་བྱོན་པས་རྒྱལ་པོས་དཀའ་བ་མེད་པར་མྱུར་དུ་འཚང་རྒྱ་བའི་གདམས་པ་ཞུས་པས། མཆིམས་ཕུར་རྗེ་འབངས་རྣམས་ལ་བཀའ་བརྒྱད་ཀྱི་དབང་མཛད་དེ། ཁྲོ་བོའི་ལྷ་ཚོགས་ཞལ་དངོས་སུ་བསྟན། ཉམས་སུ་བླངས་པས་གྲུབ་པ་ཐོབ་སྟེ། བཻ་རོ་ཙ་ནས་སྡེ་བརྒྱད་དབང་དུ་འདུས་ཤིང་ཡེ་ཤེས་ཀྱི་སྤྱན་ཐོབ། བདེ་གཤེགས་ཡོངས་རྫོགས་འདུས་པའི་ལུང་བསྟན་ལས། རྣམ་པར་སྣང་མཛད་དྲག་པོའི་སྔགས། །ནང་གི་ལྷ་དང་སྔགས་ལ་དད། །ད་ལྟའི་པདྨ་རྒྱལ་པོ་ནི། །བཻ་རོ་ཙ་ན་ཉིད་ཡིན་ཏེ། །ལས་སད་ཡེ་ཤེས་ལས་གྲུབ་པ། །དེ་བརྟེན་དེ་ཡི་དངོས་གྲུབ་ཐོབ། །ཅེས་གསུངས་པ་ལྟར། ཨོ་རྒྱན་ཉིད་དང་དབྱེར་མེད་པའི་ལོ་ཙཱ་བ་བཻ་རོ་ཙ་ནའི་སྤྲུལ་པའི་འོད་ཟེར་ལས་བྱུང་བ། རིག་འཛིན་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་བདུན་པ་ལ། སྔོན་བཻ་རོ་ཙ་ནའི་དུས་ཀྱི་བག་ཆགས་དྲན་ཏེ་དགོངས་གཏེར་ལས་ཕབ་པའོ། །འདིའི་དབང་ལུང་ཐོབ་ན་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། སྔོན་ལྷའི་བུ་དགེ་བའི་རྒྱལ་པོ་འཁོར་དང་བཅས་པས་ཆོས་འདི་སྤྱོད་པ་ལ། ལྷའི་བུ་རིན་ཆེན་འོད་ལྡན་དད་པ་སྐྱེས་ནས་ཡོ་བྱད་ཕུན་སུམ་ཚོགས་པ་དང་བཅས་ནས་མཇལ་ཏེ། དཀྱིལ་འཁོར་འདིར་ཞུགས་ཤིང་དཀྱིལ་འཁོར་མཐོང་བར་བྱས་པས་དེ་ཉིད་དུ་དངོས་གྲུབ་ཐམས་ཅད་ཡིད་བཞིན་དུ་ཐོབ་བོ། །དེས་ན་ཆོས་འཛིན་པའི་གང་ཟག་དེ་མཇལ་ཞིང་དབང་ཞུས་ན་ཕན་ཡོན་དེ་ལྟར་རོ། །སྔོན་བྲམ་ཟེའི་བུ་གསལ་སྦྱིན་གྱིས་འདིའི་བསྙེན་སྒྲུབ་བསླབ་པ་མཐར་ཕྱིན་ཏེ། བསྒོམས་པར་བྱས་པས། ལུང་བསྟན་ཐོབ་སྟེ་སངས་རྒྱས་སྨྲ་བའི་སེང་གེ་ཞེས་བྱ་བར་འགྱུར་བར་གསུངས། དེས་ན་འདི་ཞུས་ཤིང་ཉམས་སུ་བླངས་ན། ཐེག་པ་མཐའ་དག་གི་བསླབ་པ་མཐར་ཕྱིན་ནས། བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་ནས་མྱུར་དུ་འཚང་རྒྱའོ། །མདོར་ན་རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམ་གློག་ལས། གསང་བའི་ཐེག་པ་འདི་ཐོས་པའི་ཕན་ཡོན་ནི། མིང་ཙམ་ཐོས་པས་ཀྱང་ངན་འགྲོ་ལས་སྐྱོབ་པར་འགྱུར་རོ། །འདི་ལ་དགའ་ཞིང་མོས་པ་དང་འདུན་པ་བསྐྱེད་པའི་གང་ཟག་དམ་པ་དེ་ནི་རིག་འཛིན་རྒྱལ་བའི་སྲས་དམ་པར་གདོན་མི་ཟའོ། །ཞེས་དང་། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། སྒྲུབ་ཆེན་འདི་ཡི་མིང་ཙམ་སུས་གང་འཛིན། པདྨ་བདག་དང་སྙིང་ཁྲག་གཅིག་ཏུ་འདྲེས། །ཞེས་དང་། མ་ཅིག་མཚོ་རྒྱལ་གྱི་ཞལ་ནས། བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ཆོས་སྐོར་རྣམས་ནི་གཞན་ལས་ཁྱད་དུ་འཕགས་པའོ། །ཅིའི་ཕྱིར་ན། སློབ་དཔོན་ཆེན་པོ་པདྨའི་ཐུགས་དམ་གྱི་ལྷ་རྩོད་མེད་དུ་གྲགས་པ་ཡིན་ཞིང་། མ་འོངས་པ་ན་ཡང་རྗེས་འཇུག་ཐམས་ཅད་འདི་ལས་གྲུབ་པ་ཐོབ་པ་མང་བར་གསུངས་སོ། །དེས་ན་ཐེ་ཚོམ་ཡིད་གཉིས་མ་བྱེད་པར་སྒྲུབས་ཤིག །ཤོད་ཅིག །སྟོན་ཅིག །སྒོམས་ཤིག །ཅེས་གསུངས་སོ། །དེ་ལྟ་བུའི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །བཀའ་བརྒྱད་བླ་མ་དབྱེར་མེད་ལ། །གསོལ་བ་འདེབས་སོ་དབང་བསྐུར་སྩོལ། །གསུམ། བླ་མ་དཀོན་མཆོག་གསུམ་རྣམས་ལ། །བདག་ནི་རྟག་པར་སྐྱབས་སུ་མཆི། །མི་དགེ་བཅུ་དང་མཚམས་མེད་ལྔ། །སྡིག་བྱས་ཐམས་ཅད་མཐོལ་ལོ་བཤགས། །འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས། །དགེ་བྱས་ཀུན་ལ་རྗེས་ཡི་རང་། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །ཆོས་སྟོན་མཛད་པར་བདག་གིས་བསྐུལ། །རྫོགས་པའི་སངས་རྒྱས་ཐམས་ཅད་ནི། །མྱ་ངན་མི་འདའ་བཞུགས་པར་འཚལ། །བདག་གིས་དེ་ལྟར་གསོལ་བཏབ་པའི། །དགེ་བ་སེམས་ཅན་ཀུན་ལ་བསྔོ། །གསུམ། དེ་ནས་སློབ་མ་ལྷར་བསྐྱེད་པ་ནི། ལས་བུམ་གྱི་ཆུས་བྲན་ལ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཁྱེད་རང་རྣམས་ཆེ་མཆོག་སྐུ་མདོག་མཐིང་ནག་རབ་ཏུ་ཁྲོས་པའི་ཚུལ་ཅན། ཞལ་གསུམ་གཡས་ཞལ་དཀར་བ། གཡོན་ཞལ་དམར་བ། དབུས་ཞལ་མཐིང་ནག་ཏུ་འདུག་པ། ཕྱག་དྲུག་གཡས་གསུམ་རྡོ་རྗེ་གཡོན་གསུམ་བྷནྡྷ་འཛིན་པ། དུར་ཁྲོད་ཀྱི་ཆས་བརྒྱད་དང་དཔལ་གྱི་ཆས་བཅུས་བརྒྱན་པ་མེ་དཔུང་གི་ཀློང་དུ་ཞབས་འདོར་ཐབས་སུ་བགྲད་པ། དེའི་གཡོན་ཕྱོགས་ནས་ཡུམ་མཆོག་སྐུ་མདོག་དུད་ཁ་ཞལ་གཅིག་ཕྱག་གཉིས་ཐོད་ཁྲག་འཛིན་པས་འཁྱུད་པ། ཡབ་ཀྱི་དཔྲལ་བར་འཇམ་དཔལ། མགྲིན་པར་རྟ་མགྲིན། ཐུགས་ཀར་ཡང་དག །ལྟེ་བར་བླ་མེད་ཧེ་རུ་ཀ །གསང་བར་ཕུར་པ། བརླ་གཡས་སྟོབས་ལྡན་ནག་པོ། བརླ་གཡོན་དྲེགས་པ་ཀུན་འདུལ། སྤྱི་གཙུག་ཏུ་རྡོ་རྗེ་ཆོས་རྣམས་གསལ་བར་བསྐྱེད། ཡང་དག་གི་ཐུགས་ཀར་ཡེ་ཤེས་སེམས་དཔའ་མཐིང་ག་ཞི་བའི་ཆ་བྱད་རྡོ་རྗེ་དང་དྲིལ་བུ་འཛིན་ནས་ཞབས་འདོར་ཐབས་སུ་བགྲད་པ་ཚོན་གང་ཙམ། དེའི་ཐུགས་ཀར་ཧཱུྃ་མཐིང་ནག་ནས་འབྲུ་ཙམ་ལ་རྩ་བའི་སྔགས་ཀྱིས་བསྐོར་བར་བསྒོམ། དེ་ལས་འོད་ཟེར་འཕྲོས་པས་བཀའ་བརྒྱད་ཆེ་མཆོག་དཔལ་དགུའི་ལྷ་ཚོགས་ཁ་བ་བུ་ཡུག་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པར་སྒོམས། སྤོས་རོལ་མོ་དབྱངས་དང་བཅས། ཧཱུྃ། བཀའ་བརྒྱད་ཆེ་མཆོག་དཔལ་དགུའི་ལྷ་ཚོགས་རྣམས། །གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ། །སྐལ་ལྡན་བདག་ལ་དབང་མཆོག་བསྐུར་དུ་གསོལ། །ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ། །རྩ་སྔགས་དང་། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ རྡོ་རྗེ་སྤྱི་བོར་བཞག་ལ། ཏིཥྛ་བཛྲ། ཞེས་བརྟན་པར་བྱས་གཏོར་མ་སྤྱི་བོར་བཞག་ལ། ཧཱུྃ། རིག་འཛིན་རྡོ་རྗེ་ཐོད་པ་རྩལ། །སྐལ་ལྡན་ཁྱོད་དང་གཉིས་སུ་མེད། །ཚུལ་འདི་འཆང་དང་དབང་ཐོབ་འགྱུར། །བླ་མ་རིག་འཛིན་དབང་ཐོབ་ཤོག །སརྦ་གུ་རུ་ཧཱུྃ་ཧཱུྃ། བུམ་པ་དཔྲལ་བར་བཞག །ཧཱུྃ། སྐུ་མཆོག་འཇམ་དཔལ་ཁྲོ་བོའི་སྐུ། །སྐལ་ལྡན་ཁྱོད་དང་གཉིས་སུ་མེད། །ཚུལ་འདི་འཆང་དང་དབང་ཐོབ་འགྱུར། །འཇམ་དཔལ་སྐུ་དབང་ཐོབ་པར་ཤོག །ཡ་མཱནྟ་ཀ་ཧཱུྃ་ཧཱུྃ། བདུད་རྩི་མགྲིན་པར་བཞག་ལ། ཧཱུྃ། གསུང་མཆོག་རྟ་མགྲིན་ཁྲོས་པའི་རྒྱལ། །སྐལ་ལྡན་ཁྱོད་དང་གཉིས་སུ་མེད། །ཚུལ་འདི་འཆང་དང་དབང་ཐོབ་འགྱུར། །པདྨ་གསུང་དབང་ཐོབ་པར་ཤོག །ཧ་ཡ་གྲཱི་བ་ཧཱུྃ་ཧཱུྃ། སྙིང་ཁར་བདུད་རྩིའི་ཐིག་ལེ་བྱ། ཧཱུྃ། ཐུགས་མཆོག་བཛྲ་ཧེ་རུ་ཀ །སྐལ་ལྡན་ཁྱོད་དང་གཉིས་སུ་མེད། །ཚུལ་འདི་འཆང་དང་དབང་ཐོབ་འགྱུར། །ཡང་དག་ཐུགས་དབང་ཐོབ་པར་ཤོག །བཛྲ་ཧེ་རུ་ཀ་ཧཱུྃ་ཧཱུྃ། གཏོར་མ་ལྟེ་བར་བཞག་ལ། ཧཱུྃ། མངོན་རྫོགས་བླ་མེད་ཧེ་རུ་ཀ །སྐལ་ལྡན་ཁྱོད་དང་གཉིས་སུ་མེད། །ཚུལ་འདི་འཆང་དང་དབང་ཐོབ་འགྱུར། །མ་མོ་རྦོད་གཏོང་དབང་ཐོབ་ཤོག །གུ་ཧྱ་ཛྙཱ་ན་ཧཱུྃ་ཧཱུྃ། ཕུར་པ་གསང་བར་བཞག་ལ། ཧཱུྃ། དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །སྐལ་ལྡན་ཁྱོད་དང་གཉིས་སུ་མེད། །ཚུལ་འདི་འཆང་དང་དབང་ཐོབ་འགྱུར། །ཕུར་པ་ཕྲིན་ལས་དབང་ཐོབ་ཤོག །བཛྲ་ཀཱི་ལ་ཡ་ཧཱུྃ་ཧཱུྃ། བརླ་གཡས་སྡིགས་མཛུབ་གཏད་དེ། ཧཱུྃ། དཔལ་ཆེན་སྟོབས་ལྡན་ནག་པོ་ནི། །སྐལ་ལྡན་ཁྱོད་དང་གཉིས་སུ་མེད། །ཚུལ་འདི་འཆང་དང་དབང་ཐོབ་འགྱུར། །དམོད་པ་དྲག་སྔགས་དབང་ཐོབ་ཤོག །སརྦ་དུཥྚཱཾ་ཧཱུྃ་ཧཱུྃ། བརླ་གཡོན་སྡིགས་མཛུབ་གཏད་དེ། ཧཱུྃ། དཔལ་ཆེན་དྲེགས་པ་ཀུན་འདུལ་ནི། །སྐལ་ལྡན་ཁྱོད་དང་གཉིས་སུ་མེད། །ཚུལ་འདི་འཆང་དང་དབང་ཐོབ་འགྱུར། །འཇིག་རྟེན་མཆོད་བསྟོད་དབང་ཐོབ་ཤོག །བཛྲ་ཙཎྜ་ཧཱུྃ་ཧཱུྃ། དེ་ནས་གནས་གསུམ་དུ་གཏོར་མ་བཞག་ལ། ཧཱུྃ། ཆེ་མཆོག་ཡབ་ཡུམ་སྐུ་གསུང་ཐུགས། །སྐལ་ལྡན་འདི་ལ་བྱིན་གྱིས་རློབས། །རྡོ་རྗེ་ལྟ་བུའི་དབང་བསྐུར་གསོལ། །པདྨ་ལྟ་བུར་བྱིན་རླབས་སྩོལ། །འཁོར་ལོ་ལྟ་བུར་རྒྱས་འདེབས་འཚལ། །ཐམས་ཅད་ལྷུན་གྲུབ་དབང་ཐོབ་ཤོག །བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་ས་མ་ཡ་སཏྭཾ། དེ་ནས་ཆས་བཅུ་རིམ་པར། ཧཱུྃ། ང་རྒྱལ་མ་སྤངས་སྐུ་ལྔས་འགྲོ་དོན་མཛད། ཡེ་ཤེས་ལྔ་ལྡན་ཐོད་ཕྲེང་དབང་བསྐུར་རོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དྷརྨཱ་དྷཱ་ཏུ་ཛྙཱ་ན་ཨ་བྷིཉྩ་ཧཱུྃ། ཧཱུྃ། གཏི་མུག་མ་སྤངས་ཤེས་རབ་འགྲོ་དོན་མཛད། །སྤྲོས་བྲལ་གླང་ཆེན་ཀོ་རློན་དབང་བསྐུར་རོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དྷརྨཱ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཞེ་སྡང་མ་སྤངས་རང་གྲོལ་ཐབས་ཀྱིས་འགྲོ་དོན་མཛད། །ཀུན་གྲོལ་སྦྲུལ་གྱི་ཆུན་པོས་དབང་བསྐུར་རོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དྷརྨཱ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཕྲག་དོག་མ་སྤངས་ཚད་མེད་འགྲོ་དོན་མཛད། །ཕྲིན་ལས་བཞི་ལྡན་ཞིང་ཀོས་དབང་བསྐུར་རོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དྷརྨཱ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། འདོད་ཆགས་མ་སྤངས་དཔའ་བོས་འགྲོ་དོན་མཛད། ཁམས་གསུམ་སྒྲོལ་མཛད་སྟག་ཤམ་དབང་བསྐུར་རོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དྷརྨཱ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། མཁའ་དབྱིངས་རྣམ་དག་རཀྟས་གདུག་པ་སྒྲོལ། ཁམས་གསུམ་དབང་སྡུད་ཁྲག་ཆེན་དབང་བསྐུར་རོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དྷརྨཱ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། བསོད་ནམས་ཚོགས་ཆེན་རྒྱུ་དྲུག་འཁོར་བའི་བཅུད། །བྱང་ཆུུབ་ཞག་གི་ཟོ་རིས་དབང་བསྐུར་རོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དྷརྨཱ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སྐྱེ་འཆི་རྩད་གཅོད་འཁོར་བ་སྒྲོལ་མཛད་པའི། །གདུག་པ་ཀུན་འདུལ་ཐལ་ཆེན་དབང་བསྐུར་རོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དྷརྨཱ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། མི་འགྱུར་མི་ཤིགས་སྲིད་གསུམ་འཇོམས་མཛད་པའི། །ཅིས་ཀྱང་མི་ཚུགས་གོ་ཁྲབ་དབང་བསྐུར་རོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དྷརྨཱ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཡེ་ཤེས་མེ་འབར་འཁོར་བའི་རྒྱ་མཚོ་སྐེམ་པར་མཛད། །མ་རིག་མུན་སེལ་མེ་དཔུང་དབང་བསྐུར་རོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དྷརྨཱ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཕར་ཕྱིན་དྲུག་ལྡན་ཤེས་རབ་ཡུམ་དགུའི་རྒྱན། །རུས་པའི་རྒྱན་དྲུག་གཟིག་ཤམ་དབང་བསྐུར་རོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དྷརྨཱ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཞེས་ལུས་ལ་བཀོན། ད་གཏོར་མ་འདི་ཉིད་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས། སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་དང་བཅས་པ་ཁྱེད་རང་གི་སྤྱི་བོར་བྱོན་ནས་འོད་དུ་ཞུ་ཁྱེད་རང་རྣམས་ལ་ཐིམ་པར་སྒོམས་ཤིག །ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་རྡོ་རྗེ་སེམས་དཔའ། རིག་འཛིན་རྡོ་རྗེ་ཆོས། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ། རྒྱ་གར་གྱི་རིག་འཛིན་བརྒྱད། གུ་རུ་པདྨ་འབྱུང་གནས། བོད་ཀྱི་གྲུབ་ཐོབ་མི་དགུ །ཤུད་བུ་དཔལ་གྱི་སེང་གེ །མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ་ལ་སོགས་པ་བརྒྱུད་པའི་བླ་མ་རྣམས་དང་། བདེ་གཤེགས་ཞི་བའི་ལྷ་ཚོགས། ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས། འཇམ་དཔལ་སྐུ་ཡི་ལྷ་ཚོགས། པདྨ་གསུང་གི་ལྷ་ཚོགས། ཡང་དག་ཐུགས་ཀྱི་ལྷ་ཚོགས། ཆེ་མཆོག་ཡོན་ཏན་ལྷ་ཚོགས། ཕྲིན་ལས་ཕུར་པའི་ལྷ་ཚོགས། མ་མོ་རྦོད་གཏོང་ལྷ་ཚོགས། བླ་མ་རིག་འཛིན་ལྷ་ཚོགས། དམོད་པ་དྲག་སྔགས་ལྷ་ཚོགས། འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་རྣམས་ཀྱིས་བྱིན་གྱིས་རློབས་ཤིག ནད་གདོན་བར་ཆད་ཐམས་ཅད་ཞི་བར་བྱིན་གྱིས་རློབས་ཤིག ཚེ་དང་བསོད་ནམས་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱིན་གྱིས་རློབས་ཤིག ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས་ཤིག རྩ་སྔགས་དང་། ཀཱ་ཡ་ཝཱ་ཀ་ཙིཏྟ་བ་ལིཾ་ཏ་ཨ་བྷི་ཥིཉྩ་མཾ་རཀྵ་རཀྵ། འོ་དེས་དགོངས་གཏེར་བཀའ་བརྒྱད་ལུས་དཀྱིལ་གྱི་དབང་ལེགས་པར་ཐོབ་པ་ཡིན་པས་འདི་ཉིད་ཡི་དམ་དུ་འཛིན་པའི་མོས་པས། གཙོ་བོས་ཇི་ལྟར་སོགས། ས་གཞི་སྤོས་ཆུས་སོགས། ཞེས་པ་དགོངས་གཏེར་ལས་བྱུང་བའི་དབང་ཁ་གསལ་བར་ཡོད་ཀྱང་ལོ་རྒྱུས་དང་མཐའ་རྟེན་སོགས་ཀྱིས་བརྒྱན་ཏེ། རཱ་ག་ཨ་སྱས་བསྒྲིགས་པའི་ཡི་གེ་པ་ནི་བརྩོན་འགྲུས་ཏེ། འདི་ལ་ཉེས་འགལ་མཆིས་ན་བཤགས་ཤིང་དགེ་བས་ཨོ་རྒྱན་རིན་པོ་ཆེའི་ཐུགས་དགོངས་ཡོངས་སུ་རྫོགས་པར་གྱུར་ཅིག །སརྦ་མངྒ་ལཾ།། །།
ཀློང་གསལ་རྡོ་རྗེ་སྙིང་པོ་ལས། འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་སྒྲུབ་ཐབས་དང་དབང་ཆོག་ཀླུ་ཆོག་གདོན་ཁྲོལ་བཅས་པ་བདུད་རྩིའི་ཟིལ་ཐིགས་ (Volume 47, Text 8)
༄༅། །ཀློང་གསལ་རྡོ་རྗེ་སྙིང་པོ་ལས། འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་སྒྲུབ་ཐབས་དང་དབང་ཆོག་ཀླུ་ཆོག་གདོན་ཁྲོལ་བཅས་པ་བདུད་རྩིའི་ཟིལ་ཐིགས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་སིཾ་ཧ་ནཱ་ད་ཡ། བྱིན་རླབས་བདུད་རྩིའི་ཟིལ་དངར་གྱིས། །འགྲོ་ཀུན་འཚོ་མཛད་འཕགས་པ་མཆོག །སྤྱི་བོར་མཆོད་ནས་གང་དེ་ཡི། །སྒྲུབ་ཐབས་སྙིང་པོ་རབ་གསལ་བྱ། །འདི་ལ་གཉིས། རང་དོན་བདག་བསྐྱེད་བསྙེན་པ། གཞན་དོན་སྒྲུབ་མཆོད་དབང་ལ་སོགས་པའོ། །དང་པོ་ལ། སྐྱབས་སེམས་ནི། ན་མོ༔ སྒོ་གསུམ་ཐུགས་རྗེ་ཆེན་པོར་སྐྱབས་སུ་མཆི༔ མ་གྱུར་འགྲོ་བ་དྲང་ཕྱིར་སྒྲུབ་པ་བརྩམ༔ ལན་གསུམ། ཧྲཱི༔ ཆོས་རྣམས་གདོད་ནས་སྟོང་ཉིད་འོད་གསལ་ངང༔ སྣོད་བཅུད་རྣམ་དག་རང་བྱུང་གཞལ་ཡས་དབུས༔ སིཾ་ལས་སེང་གེ་དཀར་མོའི་གདན་སྟེང་དུ༔ ཧྲཱིཿཡིག་དཀར་པོའི་འཕྲོ་འདུ་ལས་བྱུང་བའི༔ བདག་ཉིད་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་གདན་གནོན་ཚུལ་དུ་ཁ་ཊྭཱཾ་འཛིན༔ ཁ་ཊྭཱཾ་ག་ལ་སྦྲུལ་གྱིས་རྣམ་པར་དཀྲིས༔ གཡོན་པས་པུས་མོའི་ཐད་དུ་སྦྲུལ་ཞགས་འཛིན༔ དར་ལྗང་སྟོད་གཡོགས་དམར་པོའི་ཤམ་ཐབས་ཅན༔ སྣ་ཚོགས་རིན་ཆེན་རྒྱན་གྱིས་རྣམ་པར་སྤྲས༔ ཞབས་གཉིས་ཕྱེད་སྐྱིལ་རོལ་པའི་སྟབས་ཀྱིས་བཞུགས༔ དེ་ལྟར་གསལ་བའི་གནས་གསུམ་ལས༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ བདེ་ཆེན་པོ་ཏ་ལ་ཡི་གནས་མཆོག་ནས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་གཉིས་མེད་ཐིམ༔ རང་གི་ཐུགས་ཀར་ཟླ་བའི་གདན་སྟེང་དུ༔ ཧྲཱིཿཡིག་དཀར་པོ་ཚེག་དྲག་བཅས་པའི་མཐར༔ རྩ་བའི་སྔགས་ཀྱིས་བསྐོར་བའི་འོད་ཟེར་འཕྲོས༔ འཕགས་པ་མཆོད་ཅིང་འགྲོ་ཀུན་སྒྲིབ་པ་སྦྱངས། །བྱིན་རླབས་ཚུར་འདུས་རང་གི་སྒོ་གསུམ་ཐིམ། །སྡིག་སྒྲིབ་ནད་གདོན་བར་ཆད་ཀུན་ཞི་ནས། །འཕགས་པ་སེང་གེ་སྒྲ་དང་དབྱེར་མེད་གྱུར། །ཅེས་པའི་དམིགས་པ་རྩེ་གཅིག་བསྒོམ་ལ། ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ༔ ཅེས་བཟླ། བསྙེན་པའི་གྲངས་ཚད་འབུམ་ཕྲག་དགུ་ཡིན་ལ། རྟགས་ནི། ཉི་ཟླ་ཤར་དང་ཤེལ་ཕྲེང་རྙེད༔ དར་ཕྱར་དུང་དཀར་འབུད་པ་སོགས༔ ཡ་མཚན་ལྟས་བཟང་དཔག་མེད་འབྱུང༔ ཞེས་གསུངས་པ་ལྟར་རོ། །ཐུན་མཐར། ལྷར་སྣང་གདོད་མའི་སྟོང་ཆེན་ངང་དུ་ཐིམ། །སླར་ཡང་མ་བཅོས་གཉུག་མའི་ཕྱག་རྒྱར་ཤར། །ཅེས་འོད་གསལ་དུ་འཇུག་ལྡང་བྱས་ལ། ཤིས་བརྗོད་བསྔོ་སྨོན་འོག་ནས་འབྱུང་བ་ལྟར་བརྗོད་དོ། ༈ །གཉིས་པ་གཞན་དོན་སྒྲུབ་མཆོད་དབང་སོགས་ལ། དཀྱིལ་འཁོར་མཎྜལ་མེ་ཏོག་དཀར་པོའི་ཚོམ་བུ་གཅིག་བཀོད་པའི་ཁར། བུམ་པ་ཉེར་ལྔའི་རྫས་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་བཅས་པ་བཀོད། དབང་དང་འབྲེལ་ན་ཤེལ་ཕྲེང་། སྔགས་བྱང་། ཤེལ་རྡོ། གཏོར་མ་དཀར་ཟླུམ་རྒྱན་ལྡན་རྣམས་བཀོད། ཕྱི་མཆོད་ཕྲེང་ཚར་བཤམ། ཀླུ་ཆོག་དང་གདོན་ཁྲོལ་ལ་དེ་དག་གི་སྐབས་སུ་འབྱུང་བའི་བཅས་བཤམ་བྱའོ། །སྐྱབས་སེམས་ནས་བདག་བསྐྱེད་བཟླས་པ་ཡན་གྲུབ་པ་དང་། མཆོད་པ་བྱིན་རླབས་ནི། ཧྲཱི༔ སྣང་སྲིད་དག་པ་ཆེན་པོའི་མཆོད་པའི་སྤྲིན༔ གཉིས་འཛིན་མཚན་བྲལ་ལྷ་ཡི་བདུད་རྩིར་གྱུར༔ བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ་གིས་མཆོད་རྫས་བྱིན་བརླབ། ཧྲཱི༔ ཆོས་རྣམས་གདོད་ནས་སྟོང་ཉིད་སོགས་གོང་ལྟར་ལ། བདག་ཉིད་ཅེས་པའི་མལ་དུ། འཕགས་མཆོག་ཐུགས་རྗེ་ཆེན་པོ་ཞེས་སྒྱུར་ལ། གཉིས་མེད་ཐིམ༔ ཞེས་པའི་བར་གྱིས་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་སྤྱན་དྲང་བསྟིམ་མཆོད་བསྟོད་དང་བཅས་པ་ནི། ཧྲཱི༔ འོག་མིན་བདེ་ཆེན་དབང་གི་ཕོ་བྲང་ནས༔ ཆོས་སྐུ་སྣང་མཐའ་འགྲོ་དོན་མཁྱེན་བརྩེའི་ལྷ༔ ཐུགས་རྗེ་ཆེན་པོ་གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཨཱརྻ་ལོ་ཀེ་ཤྭ་རཱ་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛཿཛ༔ ཧྲཱི༔ དད་པའི་ཕོ་བྲང་ཏིང་འཛིན་རྟེན་མཆོག་ལ༔ མཁྱེན་བརྩེའི་བདག་ཉིད་བཅོམ་ལྡན་བཞུགས་གསོལ་འཚལ༔ ས་མ་ཡ་ཏིཥྛ་ལྷན༔ སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་མཆི་ན༔ བཅོམ་ལྡན་དགྱེས་པའི་ཞལ་བཟང་བདག་ལ་སྟོན༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཧྲཱི༔ རྒྱལ་བ་རྣམས་ནི་འདོད་པའི་སྐྱོན་བྲལ་ཡང༔ བདག་སོགས་ཚོགས་གཉིས་བསོད་ནམས་བསྐུལ་སླད་དུ༔ རྣམ་པར་སྤྲུལ་པའི་ཕྱི་ནང་མཆོད་ཚོགས་ཀྱིས༔ འཕགས་མཆོག་དགྱེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱརྱ་ལོ་ཀེ་ཤྭ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས་ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པཱུ་ཛ་ཨཱཿཧཱུྃ༔ ཧྲཱི༔ མཁྱེན་བརྩེའི་བདག་ཉིད་འཕགས་པ་སྤྱན་རས་གཟིགས༔ གང་ལ་གང་འདུལ་མཛད་པའི་ཆ་ལུགས་རྫོགས༔ དེ་ལ་དེར་སྣང་སྤྲུལ་པ་འགྲོ་བའི་མགོན༔ འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ མདུན་བསྐྱེད་ཐུགས་ཀར་ཟླ་བའི་གདན་སྟེང་དུ༔ ཧྲཱིཿཡིག་དཀར་པོ་ཚེག་དྲག་སོགས་བཟླས་དམིགས་གསལ་བཏབ་ལ་བསྙེན་པ་ཅི་འགྲུབ་བཟླ། གཟུངས་ཐག་བླངས་ལ། བུམ་ནང་འཕགས་ཐུགས་ཧྲཱིཿལ་སྔགས་ཕྲེང་བསྐོར༔ བདག་སྲོག་འོད་ཀྱིས་རྒྱུད་བསྐུལ་དོན་གཉིས་བསྒྲུབས༔ ཁྱད་པར་ས་བདག་ཀླུ་གཉན་སྡུག་བསྔལ་སྦྱངས༔ སྐུ་ལས་བདུད་རྩིའི་རྒྱུན་བབས་བུམ་པ་གང༔ ཞེས་བསྒོམས་ལ་སྔགས་ཅི་འགྲུབ་བཟླ། མཐར་མཆོད་བསྟོད་བྱ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་བུམ་ལྷ་བདུད་རྩིར་ཞུ་བར་མོས། དབང་དང་ཀླུ་ཆོག་གདོན་བཀྲོལ་སོགས་གང་བྱེད་ཀྱང་སྐབས་འདིར་བྱ། མཐར་མཆོད་བསྟོད་དང་ནོངས་བཤགས་ཡིག་བརྒྱ་བརྗོད། མདུན་བསྐྱེད་ཡེ་ཤེས་པ་གཤེགས་བསྟིམ་གང་འོས་དང་བདག་བསྐྱེད་བསྡུ་ལྡང་གོང་སྨྲོས་ལྟར་བྱས་ལ། བཀྲ་ཤིས་ནི། ཧྲཱི༔ ཐུགས་རྗེ་ཆེན་པོ་འགྲོ་བ་འདུལ་བའི་ལྷ༔ གང་ལ་གང་འདུལ་མཛད་པ་ཕྲིན་ལས་ཀྱིས༔ ཡེ་ཤེས་སྟོང་ཉིད་སྙིང་རྗེ་ནུས་པའི་ཆར༔ ཁམས་གསུམ་སེམས་ཅན་ཀུན་ལ་བདེ་ལེགས་སྩོལ༔ བསྔོ་བ་ནི༔ འདུས་བྱས་འདུས་མ་བྱས་པའི་དགེ་བའི་ཚོགས༔ མཁའ་མཉམ་སེམས་ཅན་ཡོངས་ལ་ཁྱབ་པར་བསྔོ༔ སྨོན་ལམ་ནི༔ བདག་གིས་སེམས་བསྐྱེད་སྨོན་ལམ་ཁྱབ་བྱེད་འགྲོ༔ མྱུར་དུ་ཀུན་མཁྱེན་གོ་འཕང་མྱུར་ཐོབ་ཤོག༔ ཅེས་པས་གྲུབ་བོ། ༈ །དབང་བསྐུར་ན། བུམ་ལྷ་འོད་ཞུ་གྲུབ་པ་དང་ལས་བུམ་འཁྱིལ་བའི་སྔགས་ཀྱིས་བྱིན་བརླབས་པས་སློབ་མ་ལ་ཁྲུས་བྱ། བགེགས་གཏོར་བཏང་ལ་མཚམས་གཅད། སེམས་བསྐྱེད་གསལ་བཏབ་ལ། དེའང་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོ་གཟུགས་སུ་སྣང་བ་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་དེ་ཉིད་ཀྱིས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དང་འགྲོ་བ་དྲུག་གི་གནས་མཐའ་དང་མུ་མེད་པ་རྣམས་སུ་གང་ལ་གང་འདུལ་གྱི་མཚན་དང་སྐུའི་བཀོད་པ་ཚད་དང་དཔག་གིས་མི་ལང་པར་བསྟན་པ་རྣམས་ལས། འོག་གདོན་ཀླུ་དང་ས་བདག་གི་གནོད་པ་ཞི་བ་ལ་ཁྱད་པར་དུ་བསྔགས་པ་ཀླུའི་འཕགས་པ་བདུད་རྩི་སྨན་གྱི་སྐུ་ཅན་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་སྒྲུབ་ཐབས་རྒྱས་བསྡུས་མང་པོ་འཕགས་བོད་ཀྱི་ལྗོངས་སུ་བྱོན་པ་ལས། སྐབས་འདིར་གུ་རུ་རིན་པོ་ཆེ་པདྨ་སམྦྷ་ཝའི་ཞལ་ལུང་། རྙིང་མ་གཏེར་མའི་ཕྱོགས་ལས་ལང་གྲོའི་རྣམ་འཕྲུལ་གཏེར་ཆེན་མདོ་སྔགས་གླིང་པས་སྤྱན་དྲངས་པའི་ཀློང་གསལ་རྡོ་རྗེ་སྙིང་པོའི་ཡན་ལག་གི་ཆོས་སྡེ་འཕགས་པ་སེང་གེ་སྒྲའི་དབང་བསྐུར་བགྱིད་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་བླ་མ་ཐུགས་རྗེ་ཅན༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡི༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་སྣོད་དུ་རུང་བར་གྱུར་པ་ལ་གནང་བ་སྦྱིན་པ་ནི། ཧོ༔ དད་དམ་སྐལ་པ་ལྡན་ཡིན་ན༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་ནི༔ སེང་གེ་སྒྲ་ཡི་དབང་སྦྱིན་ནས༔ སྨིན་ཅིང་གྲོལ་བར་བདག་བགྱིད་དོ༔ རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། བླ་མ་དང་མདུན་བསྐྱེད་འཕགས་པ་སེང་གེ་སྒྲ་རྒྱལ་བ་སྲས་དང་བཅས་པའི་འཁོར་ཚོགས་བཅས་སྤྲིན་གཏིབས་པ་ལྟར་བཞུགས་པའི་སྤྱན་སྔར། བདག་གཞན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྒོ་གསུམ་རྩེ་གཅིག་གུས་པས་སྐྱབས་སུ་མཆི་ཞིང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ༔ སྒོ་གསུམ་ཐུགས་རྗེ་ཆེན་པོར་སྐྱབས་སུ་མཆི༔ མ་གྱུར་འགྲོ་བ་དྲང་ཕྱིར་སྒྲུབ་པ་བརྩམ༔ ལན་གསུམ། ཚོགས་ཞིང་དེ་དག་གི་སྤྱན་སྔར་བདུན་རྣམ་དག་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་གཟུང་བའི་བློས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་སོགས་གསུམ། དབང་གི་གཞི་དགོད་པ་ལ་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་ལྟར་དུ་མཛད་འཚལ། ཧྲཱི༔ ཆོས་རྣམས་གདོད་ནས་སོགས་བདག་བསྐྱེད་ལྟར་ལ། ཁྱེད་རང་ཐུགས་རྗེ་ཆེན་པོ་ཞེས་སྒྱུར་ལ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་གཉིས་སུ་མེད་པར་ཐིམ་པར་མོས་ཤིག །ཅེས་དང་སྙིང་པོའི་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བརྗོད་ལ་སྤོས་རོལ་བཅས་བྱིན་དབབ། ཡེ་ཤེས་པ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ་ཧཱུྃ༔ རྡོ་རྗེ་མེ་ཏོག་མགོར་བཞག །བུམ་པའི་གཞལ་ཡས་ཁང་དུ་འཕགས་མཆོག་སེང་གེ་སྒྲ་དངོས་སུ་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས། སྒྲིབ་གཉིས་བག་ཆགས་དང་བཅས་པ་བཀྲུས། ཁྱེད་རང་ཡེ་ཤེས་ཀྱི་སྐུ་དངོས་སུ་གྱུར་པར་མོས་ཤིག །ཧྲཱི༔ བུམ་པ་ལྷ་ཡི་གཞལ་ཡས་ན༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལྷ་དབང་ལུས་ལ་རྫོགས་གྱུར་ཅིག༔ རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་པ་མགོར་བཞག་བུམ་ཆུ་སྦྱིན། དེས་ལུས་ཀྱི་སྒྲིབ་པ་དག །སྐུའི་དབང་ཐོབ། འཕགས་པའི་སྐུ་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །ཧྲཱི༔ བདག་ཉིད་ཐུགས་རྗེ་ཆེན་པོ་ཡི༔ ཐུགས་ཀར་ཧྲཱིཿཡིག་མཐའ་མ་རུ༔ སྔགས་ཀྱི་ཕྲེང་བས་འཁོར་བའི་ཟེར༔ ཞལ་ནས་བརྒྱུད་དེ་ཁྱོད་ལ་ཐིམ༔ སློབ་མའི་ཐུགས་ཀར་སྔགས་ཕྲེང་བསྐོར༔ གསུང་གི་དབང་མཆོག་ཐོབ་པར་གྱུར༔ དེ་ལྟར་སྒོམས་ལ་སྙིང་པོའི་རྗེས་ཟློས་ལན་གསུམ་མཛོད། ཤེལ་ཕྲེང་གཏད་ལ་སྙིང་པོ་ལན་གསུམ་རྗེས་ཟློས། དེ་བརྟན་པར་བྱས་པར་མོས་ཤིག །ཕྲེང་བ་སྔགས་བྱང་མགྲིན་པར་བཞག་ལ། ཧྲཱི༔ སྣང་སྟོང་མ་འགགས་ཐུགས་རྗེ་ཆེན་པོ་ཡི༔ གྲགས་སྟོང་མ་འགགས་སྔགས་ཀྱི་ཕྲེང་བའི་རྒྱུན༔ སློབ་མ་བྱིན་གྱིས་བརླབ་ཕྱིར་འཕྲོ་བ་འདི༔ སྐལ་ལྡན་རིགས་ཀྱི་བུ་ལ་བརྟན་པར་མཛོད༔ རྩ་སྔགས། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཡེ་དྷརྨཱ་སོགས་བརྗོད། དེས་ངག་གི་སྒྲིབ་པ་དག །གསུང་གི་དབང་ཐོབ། གསུང་གསང་སྔགས་བཟླ་བ་ལ་དབང་བར་བྱས་པ་ཡིན་ནོ། །འཕགས་མཆོག་སེང་གེ་སྒྲའི་ཐུགས་ཀ་ནས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་འོད་ལྔའི་གོང་བུ་ཚོན་གང་བ་ཐུགས་ཀར་ཐིམ་པས་ཐུགས་ཀྱི་བྱིན་རླབས་འཕོས་པར་མོས་ལ་རིག་སྟོང་རྣམ་པར་མི་རྟོག་པའི་ངོ་བོར་མཉམ་པར་ཞོག་ཅིག །ཧྲཱི༔ ཕྱི་གསལ་ནང་གསལ་དྲི་མེད་ཤེལ་ལྟར་གསལ༔ གསལ་ཆ་འགག་མེད་ཡི་དམ་ལྷ་ཡི་ཐུགས༔ སྐལ་ལྡན་རིགས་ཀྱི་བུ་ལ་འདི་ཐིམ་པས༔ ཐུགས་རྗེ་ཆེན་པོའི་ཐུགས་དང་གཉིས་སུ་མེད༔ རྩ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཤེལ་རྡོ་སྙིང་གར་གཏུགས། དེས་ཡིད་ཀྱི་སྒྲིབ་པ་དག །ཐུགས་ཀྱི་དབང་ཐོབ། རྫོགས་པའི་རིམ་པ་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །གཏོར་མ་འཕགས་པ་སེང་གེ་སྒྲའི་རྟེན་དང་བརྟེན་པར་བཅས་པ་དངོས་སུ་གསལ་བ་ཁྱེད་རང་གི་སྤྱི་བོར་བྱོན། བྱིན་རླབས་བདུད་རྩི་འོད་ཟེར་གྱི་རྒྱུན་བབས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་དབྱེ་བ་མེད་པར་བྱིན་གྱིས་བརླབས་པར་མོས་ཤིག །ཧྲཱི༔ དམ་རྫས་གཏོར་ཆེན་ལྷ་ཡི་གཞལ་ཡས་ན༔ འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྷུན་གྲུབ་ཤོག༔ རྩ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་གཏོར་མ་གནས་ལྔར་བཞག །དེས་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག །ཡོངས་རྫོགས་ཆེན་པོའི་དབང་བསྐུར་ཐོབ། འཕགས་མཆོག་འདི་ཉིད་ལ་བསྟེན་པའི་དོན་གཉིས་བསྒྲུབ་པ་ལ་དབང་བར་བྱས་པ་ཡིན་ནོ། །ཤིས་པ་བརྗོད། འདི་ནས་བཟུང་སྟེ་བུ་ཁྱོད་ཀྱིས༔ ལྷ་བསྒོམ་སྔགས་བཟླས་དོན་བརྩོན་ཞིང༔ རྟག་ཏུ་འགྲོ་བའི་དོན་ལ་སྤྱོད༔ ཕྲིན་ལས་མ་དོར་ས་མ་ཡ༔ ཇི་སྐད་བསྒོས་པའི་དམ་ཚིག་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ་སོགས་སྤྱི་དང་མཚུངས་ཤིང་། མདུན་བསྐྱེད་ལ་མཆོད་བསྟོད་སོགས་རྗེས་ཆོག་རྣམས་ཀྱང་གོང་དུ་སྨྲོས་པ་ལྟར་རོ། །ཡོངས་གྲགས་གསལ་བྱེད་དོན་ཆུང་ཡང་། །དམན་ལ་ཕན་ཕྱིར་འདི་བྲིས་དགེས། །བྱིན་རླབས་ཟླ་འོད་བདུད་རྩི་འཇོ། །ཕན་བདེའི་ཆུ་གཏེར་གོང་འཕེལ་ཤོག །ཅེས་པའང་རིན་ཆེན་གཏེར་གྱི་མཛོད་དགོས་རྒུ་འཛད་པ་མེད་པའི་ཆ་རྐྱེན་དུ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ལེགས་པར་བསྡེབས་པ་དགེ་ལེགས་འཕེལ། སརྦ་དཱ་མངྒ་ལཾ།། །། ༁ྃ༔ འཕགས་མཆོག་སེང་གེ་སྒྲའི་དཀྱིལ་འཁོར་དུ་སྲུང་མ་ཀླུའི་སྒྲུབ་པ་བཞུགས་སོ༔ སྲུང་མ་ཀླུའི་ཆོ་ག་ལ་ཐོག་མར་བུམ་རྫས་ནི༔ བཟང་པོ་དྲུག༔ ཙནྡན་གཉིས༔ ཨུཏྤལ༔ གསེར་གྱི་མེ་ཏོག༔ པྲི་ཡང་ཀུ༔ སྙི་བའི་མེ་ཏོག༔ ཞོ་ཤའི་རིགས༔ མཚལ༔ གེ་སར་གསུམ༔ མངར་གསུམ༔ རྒྱ་མཚོ་ལྦུ་བ༔ ག་པུར༔ དབང་ལག་རྣམས་སོ༔ ཐོག་མར་དཀྱིལ་འཁོར་འདབ་བརྒྱད་གྲུ་བཞི་སྒོ་བཞིའི་ཕྱི་རོལ་སྦྲུལ་དཀར་སེར་དམར་ལྗང་གཉིས་གཉིས་ཏེ་མཚམས་བཞིར་མཇུག་མ་མདུད་པ་ཁོར་ཡུག་རྒྱ་མཚོས་བསྐོར་བའི་དབུས་སུ་མཉྫིའི་ཁར་བུམ་པ་མཚན་ཉིད་དང་ལྡན་པ་བཤམས་ལ༔ རྫས་རྣམས་བླུགས༔ འདབ་བརྒྱད་ལ་ཀླུ་ཆེན་བརྒྱད༔ སྦལ་སྦྲུལ་ལྕོང་མོ་ཁ་བརྒྱད་སོགས་ཀྱི་གཟུགས༔ གླ་བ་བྱ་ཁྱུང་ཕག་མ་གཏོགས་པ་བཤམ༔ སྲུང་མ་ཀླུའི་ཆོ་ག་ལ་འཇུག་པ་ནི༔ མདུན་དུ་མཐའ་ཡི་རྒྱ་མཚོ་ཆེན་པོའི་ནང་དུ་གཞལ་ཡས་ཁང་ཆེན་པོ་མཚན་ཉིད་ཐམས་ཅད་རྫོགས་པ༔ མཛེས་ཤིང་ལྟ་ན་སྡུག་པའི་དབུས་སུ༔ ཆུ་བདག་ཝ་རུ་ཎ༔ དེ་བཞིན་མཐའ་ཡས༔ འཇོག་པོ༔ སྟོབས་རྒྱུ༔ དུང་སྐྱོང༔ རིགས་ལྡན༔ པདྨ༔ པདྨ་ཆེན་པོ་ལ་སོགས་ཀླུ་དང་ས་བདག་གི་ཚོགས་དཔག་ཏུ་མེད་པས་བསྐོར་བར་བསྒོམས་ལ་རང་རང་གི་གནས་ནས་སྤྱན་དྲངས༔ གདེངས་ཀ་ནོར་བུའི་འོད་ཟེར་གྱིས༔ ཀླུ་ཡི་མུན་པ་སེལ་མཛད་ཅིང༔ བསྟན་ལ་དགའ་བའི་ཀླུ་རྒྱལ་ཀུན༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ མཐའ་ཡི་རྒྱ་མཚོ་ཆེན་པོ་དང༔ གཤེར་དང་འབྱུང་བར་རྟེན་བཅས་པའི༔ དད་དང་འབྱོར་ལྡན་ཀླུ་ཡི་ཚོགས༔ འཁོར་དང་བཅས་པ་སྤྱན་འདྲེན་ནོ༔ པདྨ་དཀར་པོའི་གདན་ལ་བཞུགས༔ སྨན་དང་དར་ཟབ་འབྲུ་ཡི་ཚོགས༔ ཀླུ་རྒྱལ་འཁོར་བཅས་དགྱེས་བྱེད་ཅིང༔ ཀླུ་ཡི་ནད་ཀུན་ཞི་བའི་སྨན༔ ཆོས་དང་གང་འདོད་ཆར་པ་བཞིན༔ ཀླུ་ལ་འབད་མེད་ལྷུན་གྲུབ་འབུལ༔ ཐུགས་ཀར་ཡི་གེ་ཕུཿཡི་མཐའ་སྐོར་དུ༔ སྔགས་ཀྱིས་བསྐོར་བར་བསྒོམས་ལ་སྔགས་འདི་བཟླ༔ ཨོཾ་ཕུཿཝ་རུ་ཎ་ཡེ་ནཱ་ག་རཱ་ཙ་ཕུ་ཧཱུྃ་ཕཊ༔ ཨོཾ་ཕུཿཨ་ནནྟ་ནཱ་ག་རཱ་ཙ་ཕུ་ཧཱུྃ་ཕཊ༔ ཨོཾ་ཕུཿབཱ་སུ་ཀཱི་ཡེ་ནཱ་ག་རཱ་ཙ་ཕུ་ཧཱུྃ་ཕཊ༔ ཨོཾ་ཕུཿཏཀྵ་ཀཱ་ཡེ་ནཱ་ག་རཱ་ཙ་ཕུ་ཧཱུྃ་ཕཊ༔ ཨོཾ་ཕུཿཀརྐོ་ཏ་ཡེ་ནཱ་ག་རཱ་ཙ་ཕུ་ཧཱུྃ་ཕཊ༔ ཨོཾ་ཕུཿཔདྨ་ཡེ་ནཱ་ག་རཱ་ཙ་ཕུ་ཧཱུྃ་ཕཊ༔ ཨོཾ་ཕུཿམ་ཧཱ་པདྨ་ཡེ་ནཱ་ག་རཱ་ཙ་ཕུ་ཧཱུྃ་ཕཊ༔ ཨོཾ་ཕུཿཤཾ་ཁ་པཱ་ལ་ཡེ་ནཱ་ག་རཱ་ཙ་ཕུ་ཧཱུྃ་ཕཊ༔ ཨོཾ་ཕུཿཀུ་ལི་ཀཱ་ཡེ་ནཱ་ག་རཱ་ཙ་ཕུ་ཧཱུྃ་ཕཊ༔ བརྒྱ་རྩ༔ ཨརྒྷཾ་སོགས་ཤབྡ་པཱུ་ཛ་ཨཱཿཧཱུྃ༔ ཨེ་མ་དད་དང་འབྱོར་ལྡན་ཀླུ་ཡི་ཚོགས༔ མ་ལུས་འཁོར་དང་བཅས་པ་ལ༔ དགྱེས་པ་བསྐང་ཕྱིར་འདོད་ཡོན་འབུལ༔ ནད་སེལ་སྨན་གྱི་རིགས་རྣམས་འབུལ༔ ཀླུ་རྒྱལ་འདོད་པ་ཚིམས་གྱུར་ཅིག༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ འཇིག་རྟེན་ཁམས་འདིར་ཆར་འབེབ་ཅིང༔ འབྲུ་དང་མི་ནོར་འཕེལ་བར་མཛོད༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ འདོད་ཡོན་འབྱོར་པ་འཕེལ་བ་དང༔ ཆེ་བཙུན་བཟང་དགུ་དབང་སྡུས་ཤིག༔ གྲགས་པའི་དཔལ་འབྱོར་ཐོབ་པ་དང༔ སྙན་པས་འཇིག་རྟེན་ཁྱབ་པར་མཛོད༔ འཇིག་རྟེན་ཁམས་ཀྱི་སྐྱེ་འགྲོ་ཡི༔ ལུས་སེམས་ཀླུ་ཡི་མཐུས་བསྐྱེད་པས༔ གཞན་སེམས་རང་དབང་མེད་པར་ཆོམས༔ མཆོད་ཅིང་སྒྲུབ་པའི་འདོད་དོན་སྩོལ༔ ཕྲིན་ལས་མྱུར་དུ་མ་བསྒྲུབ་ན༔ ཡེ་ཤེས་ལྷ་ཡི་ཐུགས་དང་འགལ༔ ཀླུ་རྒྱལ་དམ་ཚིག་ཉམས་ལ་རེ༔ དེ་བས་གང་བཅོལ་ཕྲིན་ལས་རྣམས༔ མྱུར་དུ་སྒྲུབས་ཤིག་ས་མ་ཡ༔ དེ་ལྟར་སྒྲུབ་པ་ཚར་ནས་ཀླུ་སྨན་འདོད་ཡོན་དང་བཅས་པ་ཁང་པའི་གྲྭ་བཞིར་བུམ་གཏེར་སྦ་བར་བྱའོ༔ ས་མ་ཡ༔ མ་མོ་གཟའ་དང་རྡོ་རྗེ་ལེགས་པས་སྲུངས་ཤིག༔ ཅེས་གྲོགས་པོ་པདྨ་མཁའ་སྤྱོད་ཀྱིས་བསྐུལ་བ་ལ་བརྟེན་ནས་བདག་ཉིད་ཀློང་གསལ་སྙིང་པོས་དག་པར་ཕབ་པའོ།། །། ༁ྃ༔ ཀློང་གསལ་རྡོ་རྗེ་སྙིང་པོ་ལས༔ འཕགས་པ་སེང་གེ་སྒྲའི་ལས་ཚོགས་གདོན་བཀྲོལ་གྱི་ལྷན་ཐབས་བལྟས་ཆོག་བཞུགས༔ འདིར་གདུལ་བྱ་ལ་ཀླུ་དང་ས་བདག་གི་གནོད་པ་ཤིན་ཏུ་ཐུ་བར་གྱུར་ན༔ ཐུགས་རྗེ་ཆེན་པོ་སེང་གེ་སྒྲའི་བསྙེན་པ་ཐོན་པའི་རྣལ་འབྱོར་པས༔ སྤྱན་རས་གཟིགས་སེང་གེ་སྒྲའི་སྒོ་ནས་གདོན་ཁྲུས་བྱེད་པར་འདོད་པའི་གང་ཟག་གིས༔ གནས་གཙང་མར་བྱས་ནས་བ་ཡི་ཆག་ཆག་བྱས་ལ༔ དབུས་སུ་ཐུགས་རྗེ་ཆེན་པོ་སེང་གེ་སྒྲའི་དཀྱིལ་འཁོར་བུམ་པ་དང་བཅས་པ་བཤམ༔ ལོགས་ཤིག་ཏུ་ཀླུ་མཆོད་ཐོག་རྩི་སྨན་གྱི་བུམ་པ་བཤམ༔ ལོགས་ཤིག་ཏུ་ས་བདག་གི་དཀྱིལ་འཁོར་རི་རབ་བང་རིམ་བཞི་པའི་ཐོག་ཏུ་གླང་ཆེན༔ མཐའ་སྐོར་དུ་གླ་བ་བྱ་ཁྱུང་ཕག་མ་གཏོགས་གཟུགས་འགྲོས་ཀྱིས་བསྐོར༔ ཕྱི་རོལ་དུ་སྦལ་པ་སྡོམ་སྡིག་པ་ཁ་བརྒྱད་རྣམས་བཞག༔ ཤིང་རྩིས་མི་མངོན་པར་བྱ༔ ཐུགས་རྗེ་ཆེན་པོའི་བསྙེན་པ་ལ་འབད༔ དེ་ནས་ཐོ་རངས་བྱ་བྱིས་ཀྱི་སྐད་མ་གྲགས་པའི་གོང་ནས་ནད་པ་ལ་ཁྲུས་བྱ་བ་ནི༔ ཇི་ལྟར་བལྟམས་པ་ཙམ་གྱིས་ནི༔ ནུས་ལྡན་བདུད་རྩིའི་ཆུ་འདི་ནི༔ སྤྱན་རས་གཟིགས་དབང་ཐུགས་རྗེའི་ཆུས༔ སྐལ་ལྡན་ཁྱོད་ལ་ཁྲུས་གསོལ་བས༔ ནད་གདོན་སྡིག་སྒྲིབ་དག་གྱུར་ཅིག༔ ཨོཾ་ན་མོ་རཏྣ་ཏྲ་ཡཱ་ཡ༔ ཨོཾ་ན་མོ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ༔ བོ་དྷི་སཏྭཱ་ཡ༔ མ་ཧཱ་སཏྭཱ་ཡ༔ མ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ ཏདྱ་ཐཱ༔ ཨོཾ་ཨ་ཀ་ཊི༔ བི་ཀ་ཊི༔ ནི་ཀ་ཊི༔ ཀ་ཊཾ་ཀ་ཊི༔ ཀ་རོ་ཊི་བྷིར་ཡ་སྭཱ་ཧཱ༔ གདེངས་ཀའི་ཕྱག་གིས༔ ཨོཾ་ནཱ་ག་ནན༔ ནཱ་ག་ནི་ནན༔ ནཱ་ག་ཀུ་མཱ་ར་ནན༔ ནཱ་ག་ཀུ་མཱ་ར་ནི་ནན༔ ཨ་གཙྪ་ཡ༔ ཨ་གཙྪ་ཡ༔ ལན་གཉིས། ཨོཾ་བྷཱུ་མི་པ་ཏི་ནན༔ བྷཱུ་མི་པ་ཏི་ནི་ནན༔ བྷཱུ་མི་པ་ཏི་ཀུ་མཱ་ར་ནན༔ བྷཱུ་མི་པ་ཏི་ཀུ་མཱ་ར་ནི་ནན༔ ཨ་གཙྪ་ཡ༔ ཨ་གཙྪ་ཡ༔ ལན་གསུམ༔ ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༔ སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ ཡི་དམ་ཐུགས་རྗེ་ཆེན་པོ་སེང་གེ་སྒྲའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང༔ བདེན་པ་ཆེན་པོའི་བྱིན་རླབས་ཀྱིས༔ ཆེ་གེ་ལ་གནོད་ཅིང་ཤ་གཉེར་བའི་ཀླུ་དང་ས་བདག་གི་རིགས་གང་ཡིན་པ་ཐམས་ཅད་ཞི་བའི་སེམས་དང་ལྡན་པར་གྱུར་ནས༔ སྐད་ཅིག་ཡུད་ཙམ་ལ་མཆོད་པའི་གནས་འདིར་མཆིས་པར་གྱུར་ཅིག༔ ཨོཾ་ན་མོ་རཏྣ་ཏྲ་ཡཱ་ཡ༔ ཨོཾ་ན་མོ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ༔ བོ་དྷི་སཏྭཱ་ཡ༔ མ་ཧཱ་སཏྭཱ་ཡ༔ མ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ ཏདྱ་ཐཱ༔ ཨོཾ་ཨ་ཀ་ཊི༔ བི་ཀ་ཊི༔ ནི་ཀ་ཊི༔ ཀ་ཊཾ་ཀ་ཊི༔ ཀ་རོ་ཊི་བྷིར་ཡ་སྭཱ་ཧཱ༔ ཨོཾ་ནཱ་ག་ནན༔ ནཱ་ག་ནི་ནན༔ ནཱ་ག་ཀུ་མཱ་ར་ནན༔ ནཱ་ག་ཀུ་མཱ་ར་ནི་ནན༔ ཨོཾ་བྷཱུ་མི་པ་ཏི་ནན༔ བྷཱུ་མི་པ་ཏི་ནི་ནན༔ བྷཱུ་མི་པ་ཏི་ཀུ་མཱ་ར་ནན༔ བྷཱུ་མི་པ་ཏི་ཀུ་མཱ་ར་ནི་ནན༔ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱ༔ སརྦ་མུ་ཁེ་བྷྱ༔ སརྦ་ནཱ་ག་ལེ་ལེ༔ རེ་རེ་ཙི་ན་ཕུད༔ ཊ་ཊ་ར་ཙི་ཏི༔ ཧེ་ཧེ་ཨ་གཙྪ་ཡ༔ ཨ་གཙྪ་ཡ༔ ཨོཾ་ནཱ་ག་ནན༔ ནཱ་ག་ནི་ནན༔ ནཱ་ག་ཀུ་མཱ་ར་ནན༔ ནཱ་ག་ཀུ་མཱ་ར་ནི་ནན༔ ཨོཾ་བྷཱུ་མི་པ་ཏི་ནན༔ བྷཱུ་མི་པ་ཏི་ནི་ནན༔ བྷཱུ་མི་པ་ཏི་ཀུ་མཱ་ར་ནན༔ བྷཱུ་མི་པ་ཏི་ཀུ་མཱ་ར་ནི་ནན༔ ཨ་གཙྪ་ཡ༔ ཨ་གཙྪ་ཡ༔ ལྕགས་ཀྱུའི་ཕྱག་རྒྱས༔ ཨོཾ་ཙུ་རུ་ཀུནྡ༔ ཙུ་རུ་ཀུནྡ༔ སརྦ་ནཱ་ག་ཨཱ་ཀརྵ་ཡ་ཧཱུྃ་ཛ༔ ཞེས་ལན་གསུམ་གྱིས་བཀུག༔ ཨོཾ་ནཱ་ག་ནན༔ ནཱ་ག་ནི་ནན༔ ནཱ་ག་ཀུ་མཱ་ར་ནན༔ ནཱ་ག་ཀུ་མཱ་ར་ནི་ནན༔ ཨོཾ་བྷཱུ་མི་པ་ཏི་ནན༔ བྷཱུ་མི་པ་ཏི་ནི་ནན༔ བྷཱུ་མི་པ་ཏི་ཀུ་མཱ་ར་ནན༔ བྷཱུ་མི་པ་ཏི་ཀུ་མཱ་ར་ནི་ནན༔ ཨ་གཙྪ་ཡ༔ ཨ་གཙྪ་ཡ༔ ཨོཾ་ནཱ་ག་ནན༔ ནཱ་ག་ནི་ནན༔ ནཱ་ག་ཀུ་མཱ་ར་ནན༔ ནཱ་ག་ཀུ་མཱ་ར་ནི་ནན༔ གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ༔ བདག་ལ་གནོད་པར་བྱེད་པའི་ཤ་གཉེར་བའི་རིགས་ཐམས་ཅད་ནཱ་ག་ནན༔ ནཱ་ག་ནི་ནན༔ ནཱ་ག་ཀུ་མཱ་ར་ནན༔ ནཱ་ག་ཀུ་མཱ་ར་ནི་ནན༔ གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ༔ བདག་ལ་གནོད་པར་བྱེད་པའི་ཤ་གཉེར་བའི་རིགས་ཐམས་ཅད་བྷཱུ་མི་པ་ཏི་ནན༔ བྷཱུ་མི་པ་ཏི་ནི་ནན༔ བྷཱུ་མི་པ་ཏི་ཀུ་མཱ་ར་ནན༔ བྷཱུ་མི་པ་ཏི་ཀུ་མཱ་ར་ནི་ནན༔ ཨརྒྷཾ་སོགས་བརྗོད༔ ཨོཾ་བྷུ་ཤྭ་རི་བྷྱཿནཱ་གི་བྷྱ༔ ན་མ༔ ཨོཾ་པྲ་ཤྭ་རི་བྷྱ༔ ནཱ་གི་བྷྱ༔ མ་ཐ་ཨོཾ༔ བྷུར་བྷུ་ཝ་སྭ་ཤྭ་རི་བྷྱ༔ ན་མ༔ ཨོཾ་མ་ཧཱ་ནཱ་ག་ཡ་བྷཱུ་མི་པ་ཏི་ཡ༔ བིད་མ་ཧཱ་དེ་ནཱ་ག་རཱུ་པ་ཡ་ཧེ༔ བྷཱུ་མི་པ་ཏི་རཱུ་པ་ཡ་ཧེ༔ མ་ཧེ༔ ཏནྟེ༔ ནཱ་ག་པྲ་བྷྱ༔ བྷཱུ་མི་པ་ཏི་པྲ་བྷྱ༔ ཏ་ན་ཡེ་སྭཱ་ཧཱ༔ ཞེས་དམ་ཚིག་བསྐུལ་ལོ༔ ཁྲུས་ཆུ་གཟུགས་བརྙན་མགོར་བླུགས་ལ། ན་མོ་དྲིན་ཆེན་རྩ་བ་དང་བརྒྱུད་པར་སོགས་ནས་བཀུག་གཞུག་བྱ།གྱུར་ཅིག༔ ནཱ་ག་ཨཱ་ཀརྵ་ཡ་ཛ༔ བྷཱུ་མི་པ་ཏི་ཨཱ་ཀརྵ་ཡ་ཛ༔ ཞེས་བཀུག་སྟེ་གཟུགས་ལ་བསྟིམ༔ རྩི་སྨན་གྱི་བུམ་ཆུ་ཀུ་ཤས་གཏོར་ལ༔ ཨོཾ་ནཱ་ག་ནན༔ ནཱ་ག་ནི་ནན༔ ནཱ་ག་ཀུ་མཱ་ར་ནན༔ ནཱ་ག་ཀུ་མཱ་ར་ནི་ནན༔ ཨོཾ་བྷཱུ་མི་པ་ཏི་ནན༔ བྷཱུ་མི་པ་ཏི་ནི་ནན༔ བྷཱུ་མི་པ་ཏི་ཀུ་མཱ་ར་ནན༔ བྷཱུ་མི་པ་ཏི་ཀུ་མཱ་ར་ནི་ནན༔ ལྡོག་པར་དོགས་ན་དབང་ནི༔ ཀླུ་བུམ་ནས་ཀུ་ཤས་གཟུགས་བརྙན་ལ་གཏོར༔ ཨོཾ་ན་མོ་རཏྣ་ཏྲ་ཡཱ་ཡ༔ ཨོཾ་ན་མོ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ༔ བྷོ་དྷི་སཏྭཱ་ཡ༔ མ་ཧཱ་སཏྭཱ་ཡ༔ མ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ ཏདྱ་ཐཱ༔ ཨོཾ་ཨ་ཀ་ཊི༔ བི་ཀ་ཊི༔ ནི་ཀ་ཊི༔ ཀ་ཊཾ་ཀ་ཊི༔ ཀ་རོ་ཊི་བྷིར་ཡ་སྭཱ་ཧཱ༔ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱ༔ སརྦ་མུ་ཁེ་བྷྱ༔ སརྦ་ནཱ་ག་ལེ་ལེ༔ རེ་རེ་ཙེ་ན་ཕུད༔ ཊ་ཊ་ར་ཙི་ཏི་ཧེ་ཧེ༔ ཨོཾ་ཕུཿཝ་རུ་ཎ་ཡེ་ནཱ་ག་རཱ་ཙ་ཕུ་ཧཱུྃ་ཕཊ༔ ཨོཾ་ཕུཿཨ་ནནྟ་ནཱ་ག་རཱ་ཙ་ཕུཿཧཱུྃ་ཕཊ༔ ཨོཾ་ཕུཿབཱ་སུ་ཀཱི་ཡེ་ནཱ་ག་རཱ་ཙ་ཕུ་ཧཱུྃ་ཕཊ༔ ཨོཾ་ཕུཿཏཀྵ་ཀ་ཡེ་ནཱ་ག་རཱ་ཙ་ཕུ་ཧཱུྃ་ཕཊ༔ ཨོཾ་ཕུཿཀརྐོ་ཏ་ཡེ་ནཱ་ག་རཱ་ཙ་ཕུ་ཧཱུྃ་ཕཊ༔ ཨོཾ་ཕུཿཔདྨ་ཡེ་ནཱ་ག་རཱ་ཙ་ཕུ་ཧཱུྃ་ཕཊ༔ ཨོཾ་ཕུཿམ་ཧཱ་པདྨ་ཡེ་ནཱ་ག་རཱ་ཙ་ཕུ་ཧཱུྃ་ཕཊ༔ ཨོཾ་ཕུཿཤཾ་ཁ་པཱ་ལ་ཡེ་ནཱ་ག་རཱ་ཙ་ཕུ་ཧཱུྃ་ཕཊ༔ ཨོཾ་ཕུཿཀུ་ལི་ཀ་ཡེ་ནཱ་ག་རཱ་ཙ་ཕུ་ཧཱུྃ་ཕཊ༔ ཨོཾ་བྷུ་ཤྭ་རི་བྷྱཿནཱ་གི་བྷྱ༔ ན་མ༔ ཨོཾ་པྲ་ཤྭ་རི་བྷྱ༔ ནཱ་གི་བྷྱ༔ མ་ཐ་ཨོཾ༔ བྷུར་བྷུ་ཝ་སྭ་ཤྭ་རི་བྷྱ༔ ན་མ༔ ཨོཾ་མ་ཧཱ་ནཱ་ག་ཡ་བིད༔ མ་ཧཱ་དེ་ནཱ་ག་རུ་པ་ཡ་ཧེ༔ མ་ཧེ་ཏན་ཏེ༔ ནཱ་ག་པྲ་བྷྱཿཏ་ན་ཡེ་སྭཱ་ཧཱ༔ སརྦ་ནཱ་ག་དུཿཁ་པྲ་ཤ་མ་ཎ་ཡེ་ཨ་བྷི་ཥིཉྩ་མཱཾ༔ བྷཱུ་མི་པ་ཏི་དུཿཁ་པྲ་ཤ་མ་ཎ་ཡེ་ཨ་བྷི་ཥིཉྩ་མཱཾ༔ ཨོཾ་ནཱ་ག་ནན༔ ནཱ་གི་ནི་ནན༔ ནཱ་ག་ཀུ་མཱ་ར་ནན༔ ནཱ་ག་ཀུ་མཱ་ར་ནི་ནན༔ ཨོཾ་བྷཱུ་མི་པ་ཏི་ནན༔ བྷཱུ་མི་པ་ཏི་ནི་ནན༔ བྷཱུ་མི་པ་ཏི་ཀུ་མཱ་ར་ནན༔ བྷཱུ་མི་པ་ཏི་ཀུ་མཱ་ར་ནི་ནན༔ དམ་བཞག་ནི༔ རྡོ་རྗེ་འདི་ནི་རྡོ་རྗེ་ཆེ༔ སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས༔ དམ་ཚིག་འདི་ལས་འདས་ན་ནི༔ མྱུར་དུ་རིགས་རྣམས་བརླག་པར་འགྱུར༔ ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ༔ སརྦ་ནཱ་ག་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ གསུམ་གསུམ་མོ༔ ཀླུ་དང་ས་བདག་རྣམས་རང་བཞིན་གྱི་གནས་སུ་གཤེགས༔ བཛྲ་མུ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཀྲ་ཤིས་བསྔོ་བ་སྨོན་ལམ་བྱའོ༔ ཞེས་སེང་གེ་སྒྲའི་སྒོར་ནད་པའི་གདོན་བཀྲོལ་ཟུར་དུ་བལྟས་ཆོག་ཏུ་ཀློང་གསལ་སྙིང་པོས་བསྒྲིགས་པའོ།། །།
བླ་མ་དགོངས་པ་འདུས་པའི་ལས་བྱང་མེ་ཏོག་ཕྲེང་མཛེས་ཀྱི་མངོན་རྟོགས་ཅུང་ཟད་སྤྲོས་པ་དང་ཉེར་མཁོའི་ཟུར་འདེབས་ཉུང་ངུ་རིན་ཆེན་སྙིང་པོའི་ཟེའུ་འབྲུ་ (Volume 7, Text 8)
༄༅། །བླ་མ་དགོངས་པ་འདུས་པའི་ལས་བྱང་མེ་ཏོག་ཕྲེང་མཛེས་ཀྱི་མངོན་རྟོགས་ཅུང་ཟད་སྤྲོས་པ་དང་ཉེར་མཁོའི་ཟུར་འདེབས་ཉུང་ངུ་ རིན་ཆེན་སྙིང་པོའི་ཟེའུ་འབྲུ་ཞེས་བྱ་བ་བཞུགས། ། གུ་རུ་ཤྲཱི་པདྨ་བཛྲ་ཡེ། མཁའ་ཁྱབ་རྒྱལ་བའི་སྐུ་རྡོ་རྗེ། །མཐའ་ཡས་གསུང་གི་རྡོ་རྗེའི་མཛོད། །གར་དབང་བདེ་མཆོག་ཐུགས་རྡོ་རྗེ། །རྡོ་རྗེ་ཅན་ཞབས་པདྨོར་འདུད། །དེ་ལ་འདིར་བླ་མ་དགོངས་འདུས་ལས་བྱང་མེ་ཏོག་ཕྲེང་མཛེས་ནི། ནང་ཨ་ནུའི་གཞུང་ལྟར་ལུས་དཀྱིལ་ལ་བརྟེན་ཅིང་། མདུན་བསྐྱེད་ལའང་སྒྲུབ་པར་རུང་བ་སྟེ། ཕྱི་ནང་གཞན་གསུམ་དོན་གྱི་དེ་ཉིད་གཅིག་ཏུ་འདུ་བའི་ཕྱིར་ཚིག་གཅིག་གིས་བདག་བསྒོམ་ལུས་དཀྱིལ་དང་། མདུན་བསྐྱེད་ཚོམ་བུའམ། རས་བྲིས་སོགས་ཀྱི་དཀྱིལ་འཁོར་དུ་བསྐྱེད་པས་འགྲུབ་ལ། དེའི་ཚུལ་མ་ཧཱ་གུ་རུ་རྡོ་རྗེ་འཆང་གིས་རང་གཞུང་ནི་སྒྲུབ་སྐོར་གཞན་དང་། འདི་ཉིད་ཡི་དམ་དུ་བྱེད་པའི་རྣལ་འབྱོར་པས་བཀའ་གཏེར་གྱི་དཀྱིལ་འཁོར་གང་གི་སྐབས་སུའང་སྦྱོར་དུ་རུང་བའི་ཆོ་ག །གཞུང་ཉུང་ངུའི་ཚིག་གིས་མདོར་དྲིལ་ཏེ་རྒྱུན་ཁྱེར་དུ་བྱ་བའི་ཆེད། མ་ཚང་ཁ་སྐོང་གི་ཚུལ་དུ་སྤེལ་བ་བསྒོམ་དོན་མངོན་རྟོགས་ཀྱི་ངག་འདོན་གཞུང་འདི་ཉིད་ཀྱི་དངོས་བསྟན། རྣལ་འབྱོར་པ་དགོངས་འདུས་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་ག་སྤྱི་བྱེ་བྲག་ཐམས་ཅད་ལ་རང་བྱན་ཚུད་པ་དག་ལ་བསྟན་ཏེ་དགོངས་པས། ཤིན་ཏུ་བསྡུས་པ་ལས་མ་བྱུང་ཞིང་། དེང་སང་མོས་པ་དང་ལྡན་ཡང་། ཤེས་བརྩོན་ལོང་ཁྱབ་ཐམས་ཅད་དབུལ་པོར་གྱུར་པ་དག་གིས་མངོན་རྟོགས་དང་། ལས་བྱང་ཆེན་མོ་ནས་བཀླག་མི་ཁོམས་ཤིང་། དཀྱིལ་འཁོར་དང་། ལྷའི་བཞུགས་ཚུལ་ཇི་བཞིན་པ་ཁོང་དུ་མ་ཆུད་བཞིན་ལས་བྱང་མེ་ཕྲེང་བཀླགས་པའང་དོན་དུ་མི་འགྱུར་བར་མཐོང་ནས། འདིར་ཅུང་ཟད་ཀྱི་གསལ་ཁ་བགྱིས་པའང་མེ་ཏོག་ཕྲེང་མཛེས་ཉིད་ལས། འདི་ལྟར་ཕྲིན་ལས་རིམ་པ་ནི༔ ལུས་དཀྱིལ་ཉིད་དང་འབྲེལ་བ་སྟེ༔ རྒྱས་བསྡུས་ལོང་ཁྱབ་ཚུལ་དང་བསྟུན༔ ཞེས་རྗེས་སུ་གནང་བ་བསྩལ་བ་ལ་བརྟེན་ནས་བརྗོད་པ་ལ། གཞལ་ཡས་ཁང་བསྐྱེད་པ་ལའང་ལུས་དཀྱིལ་ཅུང་ཟད་གོ་བ་ཆགས་པའི་དབང་དུ་བཏང་བས། འདིར་འདོན་ཆ་མང་དུ་དོགས་པས་མ་སྤྲོས་ལ། སྔོན་འགྲོ་ལ་སོགས་པའི་ཉེར་མཁོ་ཕྲན་བུ་དང་། སྐུ་བསྐྱེད་པའི་མངོན་རྟོགས་དོན་འདུས་ཤིག་བརྗོད་པ་ནི། དེའང་འདིར་གཞི་ལུས་དཀྱིལ་འཁོར་དུ་ཤེས་པའི་དག་སྦྱོར་འདི་ཉིད་ཀྱི་ཁྱད་ཆོས་ཀྱི་གོ་དོན་ནི། ལུས་སྐྱེས་བུ་གན་རྐྱལ་དུ་གནས་པའི་ཚུལ་ལས་བརྩམས་ནས་བསྒོམ་དགོས་པར་བཞེད་ལ། ཡང་གསང་ཐུགས་སྒྲུབ་ཉི་ཟླ་ཁ་སྦྱོར་ལས། ཕྱི་ཞི་བའི་དབྱིབས་ནི་གང་སྐྱེས་བུ་གན་རྐྱལ་དུ་ཉལ་བའི་རྣམ་པར་བལྟས་པའི་ནང་དུ༔ དྲག་པོ་དུར་ཁྲོད་ཀྱི་གཞལ་ཡས་ཁང༔ ལ་སོགས་པ་གསུངས་པ་བཞིན་དང་། ཡང་དེ་ཉིད་ལས༔ གཞལ་ཡས་ཁང་དེ་དག་གི་ནང་ཕོ་བྲང་ལིང་ཚེ་དགུར་གནས་པ་སྟེ༔ རྩ་ཆུང་གཉིས་ཚངས་པའི་རྩ་ལ་ཟུག༔ རྩ་བོ་ཆེ་དང་ལོང་རྩ་གཉིས༔ ལག་པའི་བལྟ་རྩ་གཉིས༔ བརླ་རྩ་གཉིས་ཕན་ཚུན་འབྲེལ་བའི་རྩ་གཉིས༔ དེ་བཞི་ཀའི་རྩ་བ་སྲོག་རྩ་ཉིད་ལས་གྱེས་པས༔ ལིང་ཚེ་དགུ་པོ་སྲོག་རྩ་ལ་ཚང་ངོ༔ སོགས་དང་། ཀུན་གཞིའི་སེམས་ཀྱི་རང་བཞིན་རྟེན་སྲོག་རྩ་གསེར་གྱི་སྦུ་གུ་ལ་གནས་ཏེ༔ དེ་ནི་ལུས་ཀྱི་སྲོག་ཤིང་ཡིན་པས༔ དེར་གཙོ་མཆོག་པདྨ་བཛྲ་རྩལ་ཡབ་ཡུམ་འཁོར་དང་བཅས་པ་བཞུགས་པར་གསལ་ལོ༔ སྲོག་རྩའི་ཤར་ཕྱོགས་སྙིང་ཡིན་ཏེ༔ སྙིང་ལ་བརྟེན་ནས་རིགས་ཐམས་ཅད་འཆར་བར་བྱེད་དོ༔ སྙིང་ག་ཆོས་ཀྱི་ཕོ་བྲང་དུ་བུདྡྷ་ཐོད་ཕྲེང་རྩལ་ཡབ་ཡུམ་འཁོར་དང་བཅས་པ་བཞུགས་པར་གསལ་ལོ༔ སྲོག་རྩའི་ལྷོ་ཕྱོགས་མགོ་ཡིན་པས༔ མགོ་ལ་དབང་པོ་ལྔ་ཚང་ཞིང༔ ཡོན་ཏན་རྒྱས་པས༔ སྤྱི་བོར་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་མི་བསྐྱོད་རྡོ་རྗེ་ཡབ་ཡུམ་འཁོར་དང་བཅས་པ་བཞུགས་པར་གསལ་ལོ༔ སྲོག་རྩའི་ནུབ་ཕྱོགས་མགྲིན་པ་སྟེ༔ མགྲིན་པར་ལས་མན་གྱི་རྩ་ཐམས་ཅད་འདུས་ཤིང་ནུབ་པས༔ མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་པདྨ་དབང་ཆེན་རྩལ་ཡབ་ཡུམ་འཁོར་དང་བཅས་པ་གསལ་ལོ། །སྲོག་རྩའི་བྱང་ཕྱོགས་ནི་ལྟེ་བ་ཡིན་ལ༔ སྲིད་པ་དང་པོ་ལྟེ་བ་ནས་ཆགས་པས༔ ལྟེ་བ་སྤྲུལ་པའི་འཁོར་ལོར་རིག་འཛིན་ཐོད་པ་རྩལ་ཡབ་ཡུམ་འཁོར་དང་བཅས་པ་གསལ་ལོ༔ སྲོག་རྩའི་ཤར་ལྷོ་གསང་བ་ཡིན་ཏེ༔ གསང་བ་རྩའི་གཙོ་བོ་ནས་སྒལ་ཚིག་མཁར་མ་ཞོན་ཅིང་གནས་པ་ཡིན་པས༔ གསང་གནས་བདེ་སྐྱོང་གི་འཁོར་ལོར་གུ་རུ་དྲག་པོ་རྩལ་ཡབ་ཡུམ་འཁོར་དང་བཅས་པ་གསལ་ལོ༔ སྲོག་རྩའི་ནུབ་བྱང་རྐང་པ་གཡས་པ་སྟེ༔ སྲོག་རྩའི་གཡས་ཀྱི་མཇུག་མ་རྩ་བོ་ཆེ་ནས༔ ལོང་རྩའི་གཡས་པའི་མཇུག་གི་བར་རྩ་བོ་ཆེ་ལ་ཐུག་ཅིང༔ རྐང་པ་ལོ་ཀའི་འཁོར་ལོར་དཔལ་རྟ་མགྲིན་ཡབ་ཡུམ་འཁོར་དང་བཅས་པ་གསལ་ལོ༔ སྲོག་རྩའི་བྱང་ཤར་རྐང་པ་གཡོན་པ་སྟེ༔ སྲོག་རྩ་གཡོན་པའི་མཇུག་རྩ་བོ་ཆེ༔ ལོང་རྩ་གཡོན་ནས་ཁྲིད་ནས༔ རྐང་པ་གཡོན་གྱི་གོང་ཁར་རྩ་ལ་ཐུག་ཅིང༔ རྐང་པ་རླུང་གི་འཁོར་ལོའི་སྟེང་དུ་དཔལ་གསང་བའི་བདག་པོ་ཡབ་ཡུམ་འཁོར་དང་བཅས་པ་གསལ་ལོ༔ སྲོག་རྩའི་ལྷོ་ནུབ་ནི་སྤྱི་བོ་སྟེ༔ ཚངས་པའི་རྩ་བཟང་གསེར་འདྲ་ལ་ཐུག་ཅིང་སངས་རྒྱས་དཔའ་བོ་ཐོད་པའི་དུམ་བུ་ཡབ་ཡུམ་འཁོར་བཅས་དང་ཐ་མ་རིགས་ལྔའི་བདག་ཉིད་གཟི་མདངས་དང་ལྡན་པར་གསལ་ཏེ༔ དེ་ཡང་ཚངས་པའི་རྩ་ནས་བྱིན་རླབས་འཇུག་ཅིང་ལུས་ཀུན་ལ་སྙོམས་པར་བྱེད་དོ༔ དཀྱིལ་འཁོར་གྱི་ཁ་ནི་པགས་པས་ལུས་ཁྱབ་པར་བཏུམ་པས༔ པགས་པའི་རྩ་ཕྲན་ལ༔ དཔའ་བོ་དཔའ་མོ་རྣམས་དང༔ མཁའ་འགྲོ༔ ཤུགས་འགྲོ༔ གིང་ཚོགས༔ དམ་ཅན་སྲུང་མ༔ ཕོ་ཉ་ལས་མཁན་དང་བཅས་པ་གསལ་ལོ༔ གསང་སྒོ་ལ་སོགས་པ་ནང་གི་སྒོ་བཞིར་བྱེད་གཟུགས་ཀྱི་ལྷ་མོ་བཞི༔ ལྟེ་བ་ལ་སོགས་པ་ཕྱིའི་སྒོ་བཞིར་ལྕགས་ཀྱུ༔ ཞགས་པ༔ ལྕགས་སྒྲོག༔ དྲིལ་ཁྲོལ་མ་བཞི་རྣམས་གསལ༔ དེ་ལྟར་གསལ་བ་རྣམས་ནི༔ བཞུགས་གནས་ཀྱི་རྩ་ཐམས་ཅད་གདོས་པོ་ཅན་ཤ་ཁྲག་རྩ་རྒྱུས་ཀྱི་ནར་ནུར་མ་ཡིན་པར༔ ཤེལ་གྱི་སྦུ་གུ་ལྟར་ཕྱི་ནང་མེད་པར་གསལ་ཞིང་དྭངས་བ་སྣང་ལ་རང་བཞིན་མ་གྲུབ་པའི་རྣམ་པ་ཅན༔ ལྷ་ཐམས་ཅད་ཀྱང་དབུ་མཐའ་ཡས༔ ཕྱག་མཐའ་ཡས༔ རྒྱན་ཆ་ལུགས་མཐའ་ཡས་པའི་རྣམ་པ་ཅན་ནམ༔ དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད་པའི་སྟངས་སྟབས་ཅན༔ མ་ཧཱ་ཡོ་ག་ལྟར་བསྟན་པའི་མངོན་རྟོགས་ནས་འབྱུང་བ་ལྟར་གྱི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཅན༔ ཞལ་གཅིག་ཕྱག་གཉིས་པ་ཕྱི་ནང་གསང་གསུམ་ཚུལ་ལྟར་རམ༔ གཞན་ཡང་ཞི་བའི་ཚུལ་ལམ༔ ཁྲོ་བོ་དང༔ ཞི་མ་ཁྲོ༔ ཡབ་རྐྱང༔ ཡུམ་རྐྱང་ལ་སོགས་པའི་ཚུལ་ལམ༔ བླ་མ་ཡི་དམ་མཁའ་འགྲོ་ལ་སོགས་པ་སྟེ༔ མདོར་ན་རང་རང་གི་བློ་ལ་ཇི་ལྟར་བབས་ཤིང་འཐད་ནས༔ བློས་གང་ལྕོགས་ལྕོགས་སུ་གསལ་གདབ་པས་ཆོག༔ དེ་ཅིའི་ཕྱིར་ན༔ ཡེ་ཤེས་ཀྱི་ལྷ་ཐམས་ཅད་རྣམ་པ་གཅིག་ཏུ་ཐེར་ཟུག་ཅིང་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་རྣམས་ངེས་ངེས་རྟག་རྟག་པོ་མེད་དེ༔ ཐམས་ཅད་ཀྱང་ཆོས་ཀྱི་སྐུའི་རྣམ་འཕྲུལ་ལས༔ སྤྲུལ་པ་དང་ཡང་སྤྲུལ་དུ་མས་གདུལ་བྱ་སེམས་ཅན་གྱི་དོན་མཛད་པས༔ སེམས་ཅན་རྣམས་ཀྱི་སྣང་ཚུལ་དང་བསྟུན་པའི་སྐུར་གང་ལ་གང་འདུལ་དུ་བསྟན་པའི་ཕྱིར་རོ༔ དེ་སྐད་དུ་ཡང༔ སེམས་ཅན་མོས་པ་དུ་མའི་བློ༔ འཐད་པར་རྫུ་འཕྲུལ་སྣ་ཚོགས་ཀྱི༔ སྐུ་དང་གསུང་དང་ཐུགས་མཐའ་ཡས༔ སྤྲུལ་དང་ཡང་སྤྲུལ་ཚད་བཟུང་མེད༔ ཅེས་འབྱུང་བའི་ཕྱིར༔ ཞེས་པ་ལ་སོགས་པ་གདམས་པར་མཛད་པ་བཞིན་རྗེས་སུ་གནང་བའི་དོན་ལ་བཞུགས་པས་རྒྱས་བསྡུས་ཅུང་ཟད་ཀྱིས་བསླད་པའི་རྐྱེན་དུ་མི་འགྱུར་བར་མཐོང་ནས། རྩ་བའི་དགོངས་པ་དང་བསྟུན་ནས་བཤད་པ་ལ། དབང་དང་། སྒྲུབ་ཆེན། སྐོང་ཆོག་ཆེ་ཆུང་སོགས་ཀྱི་སྐབས་སྔོན་འགྲོ་སོགས་ཡན་ལག་གི་ཉེར་མཁོ་སྦྱོར་ལུགས་དེ་དག་གི་ལག་ལེན་ཁྲིགས་བསྡེབས་ཀྱི་གཞུང་དུ་བཀའ་བསྩལ་པ་ཉིད་སོར་བཞག་ལས་སྤྲོས་པ་མི་དགོས་ཤིང་། འདིར་ཚེས་བཅུ་ལྟ་བུར་མེ་ཕྲེང་རྐྱང་པ་སྒེར་ཐུབས་སུ་གཏང་སྐབས། ཉེ་བར་མཁོ་བ་འགའ་ཞིག་དང་བཅས་སྤྲོ་བ་ལ། ཐོག་མར་ཚིག་བདུན་གསོལ་འདེབས་རྗེས། མཎྜལ་ལས་འབྱུང་བའི་གསོལ་འདེབས་བསྡུས་པ་ནི། ཧྲཱིཿ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ བྱིན་རླབས་རྩ་བ་ཨོ་རྒྱན་ཆོས་ཀྱི་རྗེ༔ འགྲོ་མགོན་པདྨ་འབྱུང་གནས་སྤྲུལ་པའི་སྐུ༔ དྲིན་ཆེན་བླ་མ་མཆོག་ལ་གསོལ་བ་འདེབས༔ ཧྲཱི༔ བདེ་གཤེགས་ཐུགས་རྗེ་རོལ་པའི་མཁའ་དབྱིངས་ལས། །མ་འགག་རང་རྩལ་ཚོམ་བུ་དགུ་ཡི་ལྷ། །པདྨ་བཛྲ་བུདྡྷ་ཐོད་ཕྲེང་རྩལ། །མི་བསྐྱོད་རྡོ་རྗེ་པདྨ་དབང་ཆེན་མགོན། །རིག་འཛིན་ཐོད་རྩལ་དྲག་པོ་མེ་ཕྲེང་ཅན། །སངས་རྒྱས་དཔའ་བོ་རྟ་མགྲིན་དབང་གི་རྒྱལ། །ལག་ན་རྡོ་རྗེ་ལ་སོགས་དཀྱིལ་འཁོར་ལྷ། །ཡབ་ཡུམ་སྤྲུལ་འཁོར་བཅས་ལ་གསོལ་བ་འདེབས། །ཧྲཱི༔ ཞི་ཁྲོ་ཡི་དམ་འདུས་པའི་རང་བཞིན་ཅན༔ དངོས་གྲུབ་རྩ་བ་ཐུགས་རྗེ་སྤྱན་རས་གཟིགས༔ རྟ་མགྲིན་དབང་ཆེན་འཁོར་འདས་སྤྱི་དཔལ་གཙོ༔ ཡི་དམ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས༔ ཧྲཱི༔ མ་མོ་མཁའ་འགྲོ་དབྱིངས་ཀྱི་གཙོ་མོ་སྟེ༔ བར་ཆད་སེལ་མཛད་རྡོ་རྗེ་ཕག་མོའི་སྐུ༔ རིགས་ཀྱི་ལྷ་མོ་གསང་བ་ཡེ་ཤེས་དབྱིངས༔ མ་སྲིང་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ལ༔ བདག་གཞན་རབ་གུས་གདུང་བས་གསོལ་བ་འདེབས༔ ཁྱེད་ཀྱི་ཡེ་ཤེས་ཐུགས་རྗེའི་བྱིན་རླབས་ཀྱིས༔ མི་རྟོག་ཏིང་འཛིན་ཡེ་ཤེས་བསྐྱེད་དུ་གསོལ༔ ཉམས་རྟོགས་རིག་པའི་རྩལ་ཆེན་སྦར་དུ་གསོལ༔ སྐུ་གསུམ་ཞིང་ཁམས་འབྱོངས་བར་མཛད་དུ་གསོལ༔ བསྐྱེད་རྫོགས་དོན་གཉིས་འབྲས་བུ་ཁོང་ཆུད་ཅིང༔ ཕྱིར་མི་ལྡོག་པའི་ས་ཆེན་ཐོབ་ནས་ཀྱང༔ སེམས་ཅན་ཐམས་ཅད་སངས་རྒྱས་མ་ཐོབ་བར༔ འགྲོ་བའི་དོན་གཉིས་ལྷུན་འགྲུབ་འབྱུང་བར་ཤོག༔ ཅེས་པས་གསོལ་བ་གདབ༔ ཕུར་ཚུགས་སུ་གསོལ་བ་གདབ་པ་ནི༔ མོས་གུས་རྩེ་གཅིག་པའི་སྒོ་ནས། ཧྲཱི༔ དུས་གསུམ་གྱི་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་ཅིང་མཛད་པའི་ཕྲིན་ལས་ལ་ཐ་དད་མི་མངའ་བར་གྱུར་པ༔ ཨོ་རྒྱན་ཆེན་པོ་གུ་རུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས་སོ༔ ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཞེས་ཕུར་ཚུགས་སུ་མི་ཕྱེད་པའི་དད་པ་མོས་གུས་ཐུན་མོང་མ་ཡིན་པ་རྒྱུད་ལ་ལྷང་ལྷང་མ་སྐྱེས་ཀྱི་བར་དུ་གསོལ་བ་གདབ་བོ༔ དེ་ནས་ལས་ཐམས་ཅད་པའི་བུམ་པ་དང་དུང་ཞལ་བསྒྲུབ་པ་ནི། བུམ་པའི་སྟེང་དུ་དུང་ཞལ། གཟུངས་རྡོར་བཅས་འདུ་བྱས་ལ། ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་ལས་ཕྱི་ནི་རིན་ཆེན་བུམ། །ནང་ནི་གཞལ་ཡས་མཚན་རྫོགས་པར། །བདུད་རྩིའི་མཚོ་དབུས་བཾ་ཡིག་དང་། །འདབ་སྟོང་ཟླ་བ་རྒྱས་པའི་སྟེང་། །ཧྲཱིཿདམར་ལས་བྱུང་རྟ་མཆོག་གི །ངོ་བོ་ཁྲོ་རྒྱལ་བདུད་རྩི་འཁྱིལ། །ལྗང་སྔོན་ཞལ་གཅིག་ཕྱག་གཉིས་ཀྱི། །ཐབས་སྦྱོར་ཕྱག་རྒྱས་བུམ་པ་བསྣམས། །ཞི་མ་ཁྲོ་འཛུམ་རིན་ཆེན་དང་། །རུས་པ་སྟག་ཤམ་ལ་སོགས་བརྒྱན། །བཞེངས་སྟབས་འཇའ་ཐིག་མེ་ཀློང་གསལ། །ཕྱི་རོལ་འདབ་བརྒྱད་ལ་གནས་པའི། ཁྲུས་ལྷ་དཀར་མོ་བུམ་འཛིན་མ། །ཞི་བའི་འཛུམ་དང་རྒྱན་མཛེས་བརྒྱད། །བཞེངས་སྟབས་གཙོ་དང་འཁོར་དུ་གསལ། །དུང་ཞལ་མི་དམིགས་སྟོང་པ་ལས། །པཾ་རཾ་པད་ཉིའི་གདན་ལ་ཧཱུྃ། །དེ་ལས་ཁྲོ་བོ་བགེགས་མཐར་བྱེད། །ལྗང་ནག་རབ་ཁྲོས་ཁྲོ་ཆས་རྫོགས། །གཡས་གཡོན་དབྱུག་པ་སྡིགས་མཛུབ་སྒྲེང་། །འདོར་སྟབས་པད་ཉི་མེ་དཔུང་འགྱིང་། །ཞི་ཁྲོ་གཉིས་ཀའི་གནས་གསུམ་དུ། །ཡིག་འབྲུ་གསུམ་མཚན་ལས་འོད་འཕྲོས། །ཡེ་ཤེས་མདུན་མཁར་སྤྱན་དྲངས་གྱུར། །བཛྲ་ས་མཱ་ཛཿཔདྨ་ཀཱ་མ་ལ་ཡ་སཏྭྃ། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿས་བསྟིམ། སླར་ཡང་དབང་ལྷ་སྤྱན་དྲངས་པར། །གསོལ་གདབ་དབང་བསྐུར་ཞི་བ་ལ། །རིགས་ལྔ་ཁྲོ་བོར་དོན་གྲུབ་ཀྱིས། །དབུ་བརྒྱན་ཡོན་ཏན་སྟོབས་རྫོགས་གྱུར། །ཨོཾ་བཛྲ་པུཥྤེ་དྷཱུ་པེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ་ས་མཆོད་ཅིང་། བསྟོད་པར་འོས་པ་ཐམས་ཅད་ལ། །སོགས་ཀྱིས་བསྟོད། འཁྱིལ་པའི་ཐུགས་ཀར་ཧྲཱིཿདམར་དང་། །མཐར་བྱེད་ཐུགས་ཀར་ཧཱུྃ་ལྗང་མཐར། །སོ་སོའི་སྔགས་ཀྱིས་གཡས་སུ་བསྐོར། །བཟླས་པས་རྒྱུད་བསྐུལ་བདུད་རྩིའི་རྒྱུན། །བབ་པས་བུམ་པ་གང་བར་གྱུར། །གཟུངས་ཐག་བླངས་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བརྒྱ་རྩ་ཙམ་དང་། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུྃ་ཕཊ། ཅེས་ལྔ་བཅུ་ཙམ་བཟླས་ལ། ཁྲོ་བོ་ཆེན་པོས་དཀྱིལ་འཁོར་གྱི་བྱ་བ་མཐར་ཕྱིན་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་ཕྲིན་ལས་བཅོལ། ལྷ་འོད་དུ་ཞུ་ནས་ཆུ་དང་དབྱེར་མེད་དུ་གྱུར་པས་ཆུ་ནུས་པ་དང་ལྡན་པར་གྱུར། ཅེས་མོས་ལ་ལས་བུམ་གྱི་ཆུ་དུང་ཞལ་དུ་བསྲེ་བའམ། དུང་ཆུ་ཕར་བསྲེས་ཀྱང་རུང་། སྟབས་བདེ་ཞིག་ཏུ་བཞག་ལ། ཕྱིན་ཆད་བསང་གཏོར་ཐམས་ཅད་དེས་བྱ་དགོས་སོ། །བགེགས་གཏོར་གཏང་བ་ནི། རང་ཉིད་སྐད་ཅིག་དབང་ཆེན་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཁྲོ་ཞིང་འཛུམ་པའི་ཉམས་ཅན། དར་དང་རིན་པོ་ཆེ་རུས་པ་དུར་ཁྲོད་ཆས་རྣམས་ཀྱིས་སྤྲས་པ། དབུ་གཙུག་རལ་པའི་ཁྲོད་ན་རྟ་མགོ་ལྗང་ཞུར་གྱིས་མཚན་པ། ཕྱག་གཡས་བེ་ཅོན་དང་། གཡོན་སྡིགས་མཛུབ་སྒྲེང་བ། རབ་ཏུ་བརྗིད་པ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་པད་ཉི་དགྲ་བགེགས་ཀྱི་གདན་ལ་འགྱིང་བའི་སྐུར་གྱུར། བགེགས་གཏོར། རཾ་ཡཾ་ཁཾ་གིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རང་རང་གི །ཡིད་མཐུན་སྣོད་དུ་ཁཾ་ཡིག་ལས། །གླུད་གཏོར་འདོད་ཡོན་ལྔ་ལྡན་པ། །སོ་སོའི་སྤྱོད་ཡུལ་བཞིན་དུ་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་བཛྲ་ཊཱ་ཀི་རཱ་ཛ་ཧཱུྃ་གིས་ཕོ་ཉ་སྤྲོས། བཛྲ་ཨཾ་ཀུ་ཤ་ཛཿས་བཀུག །ཨོཾ་སརྦ་བིགྷྣཱ་ན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ནས། བ་ལྱ་དི་སྭཱ་ཧཱཿ ལན་གསུམ་གྱིས་བསྔོས་ལ། ཧཱུྃ་ཧྲཱི༔ ཉོན་ཅིག་སོགས་མེ་ཕྲེང་གཞུང་ལྟར་ཀའ་བསྒོ་ནས། སེམས་བསྐྱེད་མཐའ་བར་བཏང་། མཆོད་པ་བྱིན་བརླབ་སྐབས་ཐོག་མར་དེ་ཉིད་ཀྱི་འོག་ནས་འབྱུང་བའི། ཕྱི་ནང་གསང་བའི་མཆོད་པ་འདི་དག་དང༔ སྨན་གཏོར་སོགས་ནས། སྣོད་བཅུད་རྒྱུ་རྐྱེན་རྟེན་འབྲེལ་ནུས་མཐུར་ལྡན༔ ཨོཾ་ཨཱཿཧཱུྃ༔ ཞེས་པའི་བར་ཡར་བླངས་པས་བསང་སྦྱང་སྤྱིར་བྱིན་གྱིས་བརླབས། དེ་ནས་གོང་གི །ཨོཾ༔ སྣང་སྲིད་འདོད་ཡོན་ལོངས་སྤྱོད་མཆོད་པའི་རྫས༔ སོགས་ནས། བ་ལིཾ་ཏེ་སྭཱ་ཧཱ༔ བར། ཨོཾ་ལས་འདོད་པའི་ཡོན་ཏན་རྣམ་པ་ལྔ༔ ཧཱུྃ་གིས་ཟག་མེད་ཡེ་ཤེས་བདུད་རྩིར་བསྒྱུར༔ ཏྲཱཾ་ལས་འཛད་མེད་ལོངས་སྤྱོད་ཕུན་སུམ་ཚོགས༔ ཧྲཱིཿཡིས་མགྲོན་རྣམས་རང་བཞིན་གནས་ནས་བཀུག༔ ཨཱཿཡིས་སོ་སོར་ཅི་འདོད་དགྱེས་པར་བསྐང༔ ཡེ་ཤེས་རྣམ་ལྔའི་ཆོ་འཕྲུལ་ཡི་གེ་ཡིས༔ རྒྱལ་བ་དགྱེས་པའི་མཆོད་པ་འབྱམས་ཀླས་སྤེལ༔ ཨོཾ་ཧཱུྃ་ཏྲཱཾ་སོགས་ལན་གསུམ་རྣམས་ཀྱིས་བྱེ་བྲག་སོ་སོར་བྱིན་གྱིས་བརླབས། འོག་གི་ཏིང་འཛིན་རྣམ་གསུམ་དང་། གཞི་ལུས་གཞལ་ཡས་ཁང་དུ་བསྐྱེད་པའི་མཐའི། བདེ་དྲོད་མེ་དཔུང་འཁྲིགས་པའི་དཀྱིལ་ཡངས་ནས༔ བར་བཏང་། དེ་ནས། ལིང་ཚེ་དགུ་ཡི་ལྷ་གནས་སོ་སོ་ལ། །རྣམ་ཤེས་འདབ་བརྒྱད་བརྡལ་བའི་གདན་གྱི་ལྟེར། །དགུ་རྫོགས་ཁྲི་དང་དབུས་ཕྱོགས་སྲོག་རྩ་ལ། །དྲེགས་པ་སེང་གླང་རྟ་མཆོག་རྨ་བྱ་དང་། །ཤང་ཤང་རྟེན་འབྲེལ་ལུགས་ལྡོག་གསེར་འཁོར་ཁྲི །འདབ་བརྒྱད་རྣམས་ལ་པདྨ་སྒོ་ཁྱམས་ལ། །ཞིང་རྐྱང་གདན་བཅས་གསལ་བའི་དབུས་ཀྱི་ལྟེར། །ཤེས་རིག་རྒྱལ་པོ་དཔལ་ཆེན་ཧེ་རུ་ཀ །དབང་ཆེན་དམར་སྨུག་དམར་དཀར་མཐིང་བའི་ཞལ། །དབུ་གཙུག་རྟ་གདོང་རྣམ་གསུམ་ཕྱོགས་བཅུར་རྔམས། །ཕྱག་དྲུག་གྲི་གུག་བེ་ཅོན་སྤུ་གྲི་གཡས། །ཐོད་ཁྲག་རི་རབ་རྒྱུ་ཞགས་གཡོན་གསུམ་ཕྱག །ཕོ་རྒྱུད་ཟིལ་གནོན་ཆེ་བཙན་ཟླ་མེད་པར། །རྡོ་རྗེ་ཕག་མོ་མཐིང་ནག་ཕག་ཞལ་ངུར། །གྲི་ཐོད་འཛིན་མ་མོ་རྒྱུད་ཟིལ་གནོན་འཁྱུད། །གཉིས་ཀ་མི་སྡུག་དྲག་པོའི་རྣམ་འགྱུར་ཉམས། །དཔལ་དང་དུར་ཁྲོད་ཆས་རྫོགས་མེ་ཀློང་བཞུགས། །ཡབ་ཡུམ་དབུ་གཙུག་པདྨ་ཉི་ཟླའི་སྟེང་། །དུས་གསུམ་སངས་རྒྱས་ཀུན་འདུས་ཨོ་རྒྱན་རྗེ། །སྣང་བའི་ངོ་བོ་པདྨ་བཛྲ་རྩལ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་འདོར་ཐབས་ཚུལ། །དམར་མཐིང་དཀར་དང་ཞི་ཁྲོ་ཕྱེད་མའི་ཞལ། །གཡས་གསུམ་རྡོ་རྗེ་རལ་གྲི་བདུད་རྩི་བུམ། །དྲིལ་བུ་བྷནྡྷ་ཁ་ཊྭཱཾ་གཡོན་གསུམ་ཕྱག །སྟོང་པའི་བདག་ཉིད་ལྷ་ལྕམ་གསང་བའི་ཡུམ། །དམར་མོ་ཌཱ་རུ་དུང་དམར་གཡས་གཡོན་འཁྱུད། །ཞབས་བཞི་བརྐྱང་བསྐུམ་དོར་སྟབས་གར་གྱིས་བགྲད། །ཡབ་ཡུམ་གཉིས་མེད་རུས་རྒྱན་དུར་ཁྲོད་ཆས། །ཞི་མ་ཁྲོ་འཛུམ་འཇའ་འོད་མེ་ཀློང་བཞུགས། །ཡབ་ཡུམ་གཉིས་མེད་རོལ་པའི་སྤྱི་གཙུག་ཏུ། །རིགས་བདག་འོད་དཔག་མེད་དང་བཅས་པ་གསལ། །ཧྲཱིཿ ཐབས་ཤེས་ཡབ་ཡུམ་བདེ་རོལ་ཆོ་འཕྲུལ་ལས། །ཅིར་ཡང་སྤྲུལ་པའི་ལྷ་ཚོགས་བསམ་མི་ཁྱབ། །ཞི་དང་ཁྲོ་ཚུལ་རྣམ་འགྱུར་བརྗོད་འདས་ཀྱང་། །རང་སྣང་བློ་ཡི་མོས་པས་གང་འདོད་གསལ། །ཧྲཱིཿ ཉོན་མོངས་ཚར་གཅོད་ཁྲོ་རྒྱལ་འབར་བ་དང་། །ཐུགས་རྗེ་འགྲོ་འདུལ་ཞི་ཚུལ་མཛེས་པའི་སྐུ །ཡབ་ཡུམ་སྲས་འཁོར་བཀའ་ཉན་བཅས་པ་སྟེ། །གདངས་གསལ་མ་འགག་རོལ་པའི་ཚུལ་བཞིན་བསྐྱེད། །ཕྱི་འཁོར་ཕྱོགས་མཚམས་པདྨ་འདབ་བརྒྱད་སྟེང་། །ཞེ་སྡང་རྡོ་རྗེ་མཐིང་ནག་རྡོར་དྲིལ་འཛིན། །བསྐྱེད་བྱེད་དམར་མོ་རྡོ་རྗེ་གྲི་གུག་འཁྱུད། །ང་རྒྱལ་རྡོ་རྗེ་རིན་ཆེན་རྡོར་དྲིལ་སེར། །འཇོམས་བྱེད་ལྗང་གུ་རིན་ཆེན་གྲི་ཐོད་འཁྱུད། །འདོད་ཆགས་རྡོ་རྗེ་པདྨ་རྡོར་དྲིལ་དམར། །བསྲེག་བྱེད་སྔོན་མོ་པདྨ་གྲི་ཐོད་འཁྱུད། །ཕྲག་དོག་རྡོ་རྗེ་རྒྱ་གྲམ་དྲིལ་བུ་ལྗང་། །ཙནྡྷ་སེར་མོ་རྒྱ་གྲམ་ཐོད་ཁྲག་འཁྱུད། །གཏི་མུག་རྡོ་རྗེ་འཁོར་ལོ་དྲིལ་འཛིན་སྨུག །རྨོངས་བྱེད་དཀར་མོ་ཁ་ཊྭཱཾ་ཐོད་ཁྲག་འཁྱུད། །བདེ་བའི་རྡོ་རྗེ་པད་ཞགས་དྲིལ་འཛིན་སེར། །ལཱ་མ་སྔོན་མོ་ལྕགས་ཀྱུ་ཐོད་ཁྲག་འཁྱུད། །མཚོ་སྐྱེས་རྡོ་རྗེ་བུམ་པ་དྲིལ་འཛིན་དམར། །མནྡྷ་ར་སྔོན་པདྨ་ཐོད་ཁྲག་འཁྱུད། ཁྲག་འཐུང་རྡོ་རྗེ་དགྲ་སཏྭ་དྲིལ་འཛིན་སྨུག །གསོད་བྱེད་ལྗང་གུ་སྤུ་གྲི་ཐོད་ཁྲག་འཁྱུད། །ཀུན་ཀྱང་སྤྱན་གསུམ་ཞི་མ་ཁྲོ་སྐྱིལ་ཀྲུང་། །དར་དང་རུས་པ་རིན་ཆེན་སྣ་ཚོགས་བརྒྱན། །ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་པདྨ་བཛྲ་ཧྲཱིཿ དྷཱུ་མ་གྷ་ཡེ་དྷཱ་ཀི་ནཱི་ན་མཿསྭཱ་ཧཱ། ཧྲཱིཿ ཤར་ཕྱོགས་སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས། །བུདྡྷ་ཐོད་ཕྲེང་དཀར་སྔོ་དམར་བའི་ཞལ། །འཁོར་ལོ་རྡོ་རྗེ་རྩེ་དགུ་ཞིང་དབྱུག་གཡས། །བུམ་པ་དྲིལ་བུ་ཞགས་པ་གཡོན་གསུམ་ཕྱག །དབྱིངས་ཕྱུག་སྔོན་མོ་རྒྱལ་མཚན་དུང་དམར་འཁྱུད། །ཞབས་བཞི་བརྐྱང་བསྐུམ་དོར་སྟབས་གར་གྱིས་བགྲད། །ཡབ་ཡུམ་རིན་ཆེན་རུས་པ་དུར་ཁྲོད་ཆས། ཁྲོ་ཆགས་མེ་ཡི་ཀློང་བཞུགས་ཕྱོགས་མཚམས་ལ། །བཛྲ་ཐོད་ཕྲེང་རྡོ་རྗེའི་ཐོ་གཡས་མཐིང་། །སྤྱན་མ་ཨུཏྤལ་ཟ་མ་ཏོག་དཀར་འཁྱུད། །རཏྣ་ཐོད་ཕྲེང་རིན་ཆེན་ཐོ་གཡས་སེར། །མ་མཱ་ཀི་སྔོན་གཡུ་ཡི་གྭ་འུ་འཁྱུད། །པདྨ་ཐོད་ཕྲེང་པདྨའི་ཐོ་གཡས་དམར། །གོས་དཀར་པདྨ་པད་སྡོང་འཛིན་མར་འཁྱུད། །ཀརྨ་ཐོད་ཕྲེང་རྒྱ་གྲམ་ཐོ་གཡས་ལྗང་། །སྒྲོལ་མ་བ་དན་དངུལ་བུམ་འཛིན་ལྗང་འཁྱུད། །རྡོ་རྗེ་མོས་པ་རྩལ་དཀར་བེ་ཅོན་གཡས། །བཻ་ཤྭ་དྷཱ་ཀི་ལྕགས་ཀྱུ་བྷན་འཁྱུད་མཐིང་། །རྡོ་རྗེ་མྱུ་གུ་དམར་སེར་རལ་གྲི་གཡས། །སརྦ་དྷཱ་ཀི་ཞགས་བྷན་ལྗང་སེར་འཁྱུད། །རྡོ་རྗེ་བཞད་པ་སྔོ་སྐྱ་མདའ་གཞུ་འགེངས། །ས་མ་དྷཱ་ཀི་ལྕགས་སྒྲོག་བྷན་མཐིང་འཁྱུད། །གར་དབང་དུད་ཁ་དགྲ་སཏྭ་གཡས་འཛིན་ལ། །ལོ་ཀ་དྷཱ་ཀི་དྲིལ་བྷན་ནག་མོས་འཁྱུད། །བཞད་པ་མ་གཏོགས་ཡབ་རྣམས་གཡོན་དྲིལ་བུ། །དར་དང་རིན་ཆེན་རུས་རྒྱན་སྐྱིལ་ཀྲུང་བཞུགས། །ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་བུདྡྷ་ཐོད་ཕྲེང་རྩལ་བཻ་རོ་ཙ་ན་ཨོཾ་སརྦ་བུདྡྷ་དྷཱ་ཀི་ནཱི་ཧཱུྃ། ཧྲཱིཿ ལྷོ་ཕྱོགས་མགོ་བོ་བདེ་ཆེན་འཁོར་ལོའི་དབུས། །མི་བསྐྱོད་རྡོ་རྗེ་སེར་དཀར་དམར་བའི་ཞལ། །གཡས་གསུམ་རལ་གྲི་མདུང་ཐུང་ཐོད་དབྱུག་ཕྱར། །སྟོང་གི་འཇིག་རྟེན་མེ་རླུང་གཡོན་གསུམ་ཕྱག༔ །བདེ་དབྱིངས་དམར་སེར་ཆོས་འབྱུང་དུང་དམར་སྟོབས། །ཞབས་བཞི་བརྐྱང་བསྐུམ་དོར་སྟབས་གར་གྱིས་བགྲད། །ཡབ་ཡུམ་རིན་ཆེན་རུས་པ་དུར་ཁྲོད་ཆས། ཁྲོ་འཛུམ་མེ་འོད་ཀློང་བཞུགས་ཕྱོག་མཚམས་ལ། །པད་འབྱུང་དཀར་དམར་རྡོར་བྷན་ཟ་ཧོར་ཆས། །གཡོན་ཕྱོགས་མཚོ་རྒྱལ་ཤེལ་གཞོང་བཅུད་བཀང་དཀར། །བློ་མཆོག་བེར་ཕོད་ཐོད་རྔ་པད་ཕོར་དཀར། །གཡོན་དུ་བདེ་འབྱོར་གསེར་གཞོང་ཟས་བཀང་སྔོ། །ཉི་འོད་དམར་སེར་ཁ་ཊྭཱཾ་ཉི་ཟེར་ཞགས། །རྒྱ་སྟག་ཁྲིར་བཞུགས་རྣལ་འབྱོར་སྤྱོད་པའི་ཆས། །གཡོན་ཕྱོགས་བདག་མེད་གཡུ་གཞོང་ཆང་བཀང་སེར། །སེང་སྒྲོག་མཐིང་ནག་རྡོ་རྗེ་སྡིགས་མཛུབ་སྒྲེང་། །དེ་གཡོན་ཕྲ་མེན་གཡུ་གཞོང་རྩིས་བཀང་སྔོ། །པད་སམ་བྷནྡྷ་མཆོག་སྦྱིན་དགེ་སློང་དཀར། །དེ་གཡོན་མཚོ་གླིང་མེ་ལོང་འཛིན་ལྗང་སྔོན། །པད་རྒྱལ་ཌ་རུ་མེ་ལོང་པད་ཕོར་དམར། །དེ་གཡོན་ཞི་མཚོ་མེ་ལོང་འཛིན་མ་དཀར། །ཤཱཀ་སེང་ས་གནོན་ལྷུང་བཟེད་ཐུབ་ཆེན་སེར། །གཡོན་དུ་དེ་མ་ཀཱ་ཤིའི་རས་འཛིན་དཀར། །གྲོ་ལོད་གཅེར་བུ་རུས་རྒྱན་རྡོར་ཕུར་སྨུག །དེ་གཡོན་བདུད་འདུལ་ཁྲོ་མོ་གྲི་ཐོད་མཐིང་། །བདུད་འདུལ་མ་གཏོགས་ཡུམ་རྣམས་ལྷ་མོའི་ཆས། །ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་ཨ་ཀྵོ་བྷྱཿབཛྲ་སུ་ཁ་དྷ་རི་ཧཱུྃ། ཧྲཱིཿ ནུབ་ཕྱོགས་མགྲིན་པ་ལོངས་སྤྱོད་འཁོར་ལོའི་དབུས། །པདྨ་དབང་ཆེན་དམར་དཀར་མཐིང་བའི་ཞལ། །གཡས་གསུམ་ཕྲེང་བ་རྔ་ཡབ་ལྕགས་ཀྱུ་འཛིན། །པད་སྡོང་གྭ་འུ་དབང་ཞགས་གཡོན་གསུམ་ཕྱག །རིག་བྱེད་དམར་སྐྱ་ཌཱ་རུ་ཐོད་ཁྲག་སྟོབས། །ཞབས་བཞི་བརྐྱང་བསྐུམ་དོར་སྟབས་གར་གྱིས་བགྲད། །ཡབ་ཡུམ་སྦྲུལ་སྟག་རིན་ཆེན་དུར་ཁྲོད་ཆས། ཁྲོ་ཆགས་མེ་ཀློང་རོལ་པའི་ཕྱོགས་མཚམས་ལ། །རྡོ་རྗེ་ཉི་མ་འཁོར་ལོ་དྲིལ་དམར་སེར། །ལེགས་སྐྱེས་སྔོན་མོ་མེ་ཏོག་ལྷན་འཛིན་འཁྱུད། །ཐོགས་མེད་རྒྱལ་པོ་དགྲ་སཏྭ་ཐོད་དབྱུག་མཐིང་། །ཕྲ་མེན་དབྱིངས་ཕྱུག་མགོ་ཕྲེང་ཐོད་འཁྱུད་དམར། །དབང་ཆེན་ཉི་མ་སྤུ་གྲི་ཞགས་འཛིན་དམར། །སྲིད་རྒྱལ་མི་སྙིང་བྷན་འཛིན་མཐིང་ནག་འཁྱུད། །གསེར་གྱི་ཉི་མ་རྒྱ་གྲམ་དྲིལ་ལྗང་ནག །ཉི་ཁྲོས་དམར་མོ་ལྕགས་སྒྲོག་བྷན་འཁྱུད་དམར། །རྡོ་རྗེ་ཁྲོ་བོ་མེ་དབལ་དབྱུག་ཐོགས་དཀར། །གར་དབང་ཕྲེང་བ་བྷན་འཛིན་དམར་ནག་འཁྱུད། །རྡོ་རྗེ་ཧཱུྃ་མཛད་རལ་གྲི་ཞགས་འཕེན་སྨུག །ལས་ཀྱི་དབང་ཆེན་གྲི་བྷན་ལྗང་ནག་འཁྱུད། །རོ་ལངས་སེར་ནག་བྷནྡྷ་རྔ་ཡབ་གདེངས། །ཆགས་བྱེད་རྡོ་རྗེ་ཐོད་ཁྲག་སྔོ་སྐྱས་འཁྱུད། །རྡོ་རྗེ་ཐོག་རྒོད་མཐིང་ནག་མདའ་གཞུ་འགེངས། །འབྱུང་ལྔའི་བདག་མོ་ཚོན་གྲུ་བྷན་འཁྱུད་དམར། །ཀུན་ཀྱང་རིན་ཆེན་རུས་རྒྱན་དོར་ཐབས་བཞེངས། །ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་པདྨེ་བྷ་ཤ་ཧ་དྷཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱཿ ཧྲཱིཿ བྱང་ཕྱོགས་ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས། །རིག་འཛིན་ཐོད་རྩལ་ལྗང་དཀར་དམར་བའི་ཞལ། །འཁོར་ལོ་རྡོ་རྗེ་རལ་གྲི་གཡས་གསུམ་ཕྱག །གཡོན་གསུམ་དྲིལ་བུ་ཞགས་པ་ཕུར་བུ་འཛིན། །ཉི་ཟླ་དམར་མོ་ཐོད་ཕྲེང་གྭ་འུ་སྟོབས། །ཞབས་བཞི་བརྐྱང་བསྐུམ་དོར་སྟབས་གར་གྱིས་བགྲད། །ཡབ་ཡུམ་རིན་ཆེན་རུས་རྒྱན་དུར་ཁྲོད་ཆས། ཁྲོ་ཆགས་མེ་འོད་ཀློང་འགྱིང་ཕྱོགས་མཚམས་ལ། །ལྷུན་གྲུབ་རིག་འཛིན་ཨ་རུ་བྷན་འཛིན་དཀར། །སྤྱན་གཅིག་དམར་སྐྱ་མེ་ཏོག་དྲིལ་འཛིན་འཁྱུད། །ཕྱག་ཆེན་རིག་འཛིན་ཁ་ཊྭཱཾ་ཐོད་ཆང་སེར། །དགྱེས་སྡེ་སྔོན་མོ་སྤོས་རེངས་དྲིལ་འཛིན་འཁྱུད། །ཚེ་དབང་རིག་འཛིན་བུམ་པ་ཐོད་འཛིན་དམར། །དབང་རྒྱལ་ལྗང་གུ་མར་མེ་དྲིལ་འཛིན་འཁྱུད། །རིག་པའི་རིག་འཛིན་ཌཱ་རུ་བྷན་འཛིན་ལྗང་། །རོ་ལངས་ནག་མོ་དུང་ཕོར་དྲིལ་འཛིན་འཁྱུད། །དམ་ཚིག་དབང་གི་སློབ་དཔོན་རྡོར་འཛིན་སྨུག །དམ་ཚིག་མཁའ་འགྲོ་ཞལ་ཟས་འཛིན་སྔོན་འཁྱུད། །མན་ངག་ལུང་གི་སློབ་དཔོན་པུསྟི་དམར། །བསྐུལ་བྱེད་ལྗང་གུ་གནྡྷེ་འཛིན་མས་འཁྱུད། །ཤེས་རབ་རྒྱུད་ཀྱི་སློབ་དཔོན་ནོར་འཛིན་ལྗང་། །བསྐྱེད་བྱེད་དཀར་མོ་ཤེལ་བུམ་འཛིན་མས་འཁྱུད། །ཉམས་སྐོང་སློབ་དཔོན་མཐིང་ནག་རྡོ་རྗེ་འཛིན། །ཚེ་འཛིན་དམར་མོ་ཞིང་གི་རྒྱལ་མཚན་འཁྱུད། །ཡབ་ཡུམ་གཡོན་ཕྱག་བྷནྡྷ་དྲིལ་བུ་བསྣམས། །རུས་པ་རིན་ཆེན་དར་རྒྱན་དོར་སྟབས་བཞེངས། །ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་ཨ་ཙརྻ་མ་ཧཱ་བཛྲ་ཤཱིནྟཾ་པདྨ་གྷུ་རུ་ཏི་བྷྱོ་དྷཱ་ཀི་ནི་ཧཱུྃ། ཧྲཱིཿ ཤར་ལྷོ་གསང་གནས་བདེ་སྐྱོང་འཁོར་ལོའི་དབུས། །མདོག་དམར་མེ་ཕྲེང་གཡས་དཀར་གཡོན་ཞལ་ལྗང་། །རྡོ་རྗེ་རྩེ་ལྔ་ཐོ་ལུམ་མེ་ཕུང་གཡས། །ཐོད་ཁྲག་སྡིག་པ་བམ་ཆེན་གཡོན་གསུམ་ཕྱག༔ སྲིད་པ་དམར་མོ་ཐོ་བ་བྷན་འཛིན་འཁྱུད། །ཞབས་བཞི་བརྐྱང་བསྐུམ་དོར་སྟབས་གར་གྱིས་བགྲད། །ཡབ་ཡུམ་རིན་ཆེན་རུས་རྒྱན་དུར་ཁྲོད་ཆས། །དབུ་གཙུག་ཁྱུང་དམར་སྤུ་གྲིའི་འདབ་གཤོག་གཡོ། །འདོམས་ནས་སྡིག་པ་མགོ་དགུ་རང་འདྲ་འཕྲོ། །མི་སྡུག་བསྐལ་མེའི་ཀློང་བཞུགས་ཕྱོགས་མཚམས་ལ། །ཡ་མ་ནག་པོ་བེ་ཅོན་ཐོད་ཁྲག་ཕྱར། །ཟ་བྱེད་ལྕགས་འཁོར་མཚོན་གྲུ་འཛིན་འཁྱུད་ནག །དྲང་དཀར་ནག་པོ་ཁྲམ་ཤིང་དགྲ་སཏྭ་གདེངས། །རེ་ཏི་ཁྲམ་ཤིང་ནད་རྐྱལ་འཛིན་འཁྱུད་མཐིང་། །སྲིན་པོ་གློག་ཕྲེང་ལྗང་ནག་ཐོག་སེར་འབེབ། ཁྲག་མིག་ཁྲག་ཕོར་ཁྲག་ཕུར་འཛིན་འཁྱུད་དམར། །མེ་དབལ་དམར་ནག་རལ་གྲི་རིན་ཆེན་འཛིན། །མོན་མོ་ཨུ་གྲི་ལྕགས་སྤྱང་འཛིན་འཁྱུད་ལྗང་། །གཟའ་བདུད་དུད་ཁ་མདའ་གཞུ་ཁྲམ་ཤིང་འཛིན། །ལྕམ་གཅིག་ནད་རྐྱལ་སྤུ་གྲི་འཛིན་འཁྱུད་དམར། །ཀླུ་བདུད་སེར་ནག་སྦྲུལ་ཞགས་ཆུ་སྲིན་གདེངས། །ཐོག་གི་བུ་ཡུག་ཐོག་དབལ་འཛིན་འཁྱུད་དམར། །ལྷ་ཆེན་དམར་པོ་རླུང་ཞགས་ལྕགས་ཀྱུ་བསྣམས། །ཨུ་མ་མེ་ལོང་གཏེར་སྒྲོམ་འཛིན་འཁྱུད་དམར། །མ་ཧཱ་ཀཱ་ལ་ཟངས་གྲི་ལྕགས་པར་མཐིང་། །དུང་སྐྱོང་རལ་གྲི་ནེའུ་རྐྱལ་འཛིན་འཁྱུད་ནག །ཐམས་ཅད་ཁྲོ་གཏུམ་ཆས་ལྡན་རྔམ་སྟབས་རོལ། །ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་བཛྲ་མ་ཧཱ་ཀྲོ་དྷ་ཨརྩིག་ནིརྩིག་མ་མ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧྲཱིཿ ལྷོ་ནུབ་སྤྱི་གཙུག་རིགས་འདུས་འཁོར་ལོའི་དབུས། །སངས་རྒྱས་དཔའ་བོ་མཐིང་དཀར་དམར་བའི་ཞལ། །འཁོར་ལོ་ཟླ་བ་མེ་ཕུང་གཡས་གསུམ་ཕྱག༔ གཡོན་གསུམ་གཤོལ་མདའ་ཉི་མ་རླུང་ནག་བསྣམས། །དཔའ་མོ་དཀར་མོ་འཁོར་ལོ་བདུད་རྩི་སྟོབས། །ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་གར་གྱིས་བགྲད། །ཡབ་ཡུམ་རིན་ཆེན་རུས་རྒྱན་དུར་ཁྲོད་ཆས། ཁྲོ་བཞད་མེ་འོད་ཀློང་རོལ་ཕྱོགས་མཚམས་སུ། །རྡོ་རྗེ་རིན་ཆེན་པདྨ་ལས་རབ་ཀྱི། །དཔའ་བོ་དཔའ་མོ་སྔོ་སེར་དམར་ལྗང་མདོག །ཡབ་རྣམས་རང་རྟགས་གཡས་ལ་དྲིལ་བུ་གཡོན། །ཡུམ་རྣམས་ཌཱ་རུ་ཕྲེང་བ་པད་སྡོང་དང་། །རལ་གྲི་གཡས་ཕྱག་གཡོན་རྣམས་བྷན་འཛིན་འཁྱུད། །རུས་པ་རིན་ཆེན་དར་བརྒྱན་བཞེངས་སྟབས་འགྱིང་། །འཛིན་སྒྲོལ་སྟོབ་རྒྱུག་གིང་ཆེན་མཐིང་སེར་དམར། །ལྗང་གུ་གཡས་རྣམས་ལྕགས་ཀྱུ་རལ་གྲི་དང་། །ཐོད་སྙིང་རྒྱུ་ཞགས་གཡོན་རྣམས་ཐོད་ཁྲག་རོལ། །རྡོ་རྗེ་རིན་ཆེན་པདྨ་ལས་གིང་མོ། །གཡས་རྣམས་རང་རྟགས་གཡོན་པས་དྲིལ་བུ་འཁྲོལ། །མདོག་གཟུགས་ཆ་ལུགས་རང་རང་ཡབ་དང་མཚུངས། །ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་བུདྡྷ་ཀ་པཱ་ལ་དཔའ་བོ་ཧཱུྃ་བུདྡྷི་པྲ་དྷཱ་ཀི་ནཱི་མ་མ་རུ་ལུ་སྭཱ་ཧཱ། ཧྲཱིཿ ནུབ་བྱང་རྐང་གཡས་ལོ་ཀའི་འཁོར་ལོའི་དབུས། །རྟ་མགྲིན་དམར་པོ་དཀར་དང་སྔོ་བའི་ཞལ། །གཡས་གསུམ་ཁ་ཊྭཱཾ་རྡོ་རྗེ་སྦྲུལ་ཞགས་འཛིན། །ཐོད་ཁྲག་དྲིལ་བུ་ལྕག་སྒྲོག་གཡོན་གསུམ་ཕྱག །ཙ་ཏི་སྨུག་ནག་ཏྲི་ཤུལ་དུང་དམར་སྟོབས། །ཞབས་བཞི་བརྐྱང་བསྐུམ་དོར་སྟབས་གར་གྱིས་བཞེངས། །ཡབ་ཡུམ་དུར་ཁྲོད་ཆས་བརྒྱན་མི་སྡུག་གཟུགས། །རབ་འབར་མེ་རིའི་ཀློང་བཞུགས་ཕྱོགས་མཚམས་ལ། །ཡེ་ཤེས་ཟིལ་གནོན་འཁོར་ལོ་རྡོ་རྗེ་དཀར། །མི་ཕམ་དམར་མོ་གྲི་གུག་ཐོད་འཛིན་འཁྱུད། །ལས་ཀྱི་ཟིལ་གནོན་དབྱུག་པ་དགྲ་སཏྭ་སེར། ཁྲོ་གཉེར་མ་སྔོན་ཨུཏྤལ་བྷན་འཛིན་འཁྱུད། །མ་མོ་ཟིལ་གནོན་ལྕགས་སྒྲོག་རྔེའུ་ཆུང་དམར། །སྤྱན་གཅིག་ལྗང་གུ་ལྕགས་སྒྲོག་བྷནྡྷ་འཁྲིལ། །བྱ་ཁྱུང་ཟིལ་གནོན་ལྗང་ནག་ཁྱུང་སྦྲུལ་འཛིན། །རྩ་འཇིབས་དམར་སེར་ལྕགས་ཕུར་བྷནྡྷ་འཁྱུད། །ཕོ་རྒྱུད་ཟིལ་གནོན་ཞིང་དབྱུག་རྒྱུ་ཞགས་སྨུག །རྡོ་རྗེ་ལས་དཀར་བེ་ཅོན་ཐོད་ཁྲག་འཁྱུད། །མོ་རྒྱུད་ཟིལ་གནོན་མཐིང་ནག་མདའ་གཞུ་འགེངས། །གཤིན་རྗེ་ལས་སེར་གསེར་གཞོང་བྷན་འཛིན་འཁྲིལ། །ཀླུ་འདུལ་དམར་པོ་དགྲ་སཏྭ་ཐོ་ལུམ་ཕྱར། །ཀླུ་མོ་ལས་ལྗང་སྦྲུལ་ཞགས་ཐོད་འཛིན་འཁྲིལ། །གནོད་སྦྱིན་འདུལ་བྱེད་ལྗང་དབྱུག་བམ་ཕུར་འཛིན། །གནོད་སྦྱིན་ལས་བྱེད་སྨུག་ནག་གྲི་བྷན་འཁྱུད། ཁྲོ་གཏུམ་རྒྱན་ཅན་མེ་དབུས་བཞེངས་སྟབས་རོལ། །ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་མ་མ་ཨེ་ཀ་ཛཱ་ཊི་ཧཱུྃ། ཧྲཱིཿ བྱང་ཤར་རྐང་གཡོན་རླུང་གི་འཁོར་ལོའི་དབུས། །ལག་ན་རྡོ་རྗེ་མཐིང་དཀར་དམར་བའི་ཞལ། །རྡོ་རྗེ་གྲི་གུག་སྦྲུལ་ཞགས་གཡས་གསུམ་ཕྱག །གཡོན་གསུམ་དྲིལ་བུ་ཐོད་ཁྲག་པདྨ་བསྣམས། །གསང་དབྱིངས་དམར་མོ་ཁ་ཊྭཱཾ་བྷན་དམར་སྟོབས། །ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་གར་གྱིས་བགྲད། །ཡབ་ཡུམ་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྗིད། །འཇིགས་རུང་གར་རོལ་ཕྱོགས་མཚམས་མདུན་རྒྱབ་ལ། །རྣམ་རྒྱལ་དཀར་པོ་འཁོར་ལོ་བེ་ཅོན་གདེངས། །མདའ་སྙེམས་སྔོ་སྐྱ་རྡོ་རྗེ་ཐོད་ཁྲག་འཁྱུད། །གཤིན་རྗེ་མཐིང་ནག་བེ་ཅོན་དགྲ་སཏྭ་འཛིན། །དུར་ཁྲོད་སེར་སྐྱ་རལ་གྲི་ཐོད་འཛིན་འཁྲིལ། །རྟ་མགྲིན་དམར་པོ་སྤུ་གྲི་ཞགས་པ་ཕྱར། །གཏུམ་མོ་དབྱུག་ཏོ་བྷནྡྷ་ལྗང་མོས་འཁྱུད། །འཁྱིལ་པ་ལྗང་གུ་རྒྱ་གྲམ་ཏྲི་ཤུལ་འཁྲོལ། །རླུང་འབྱིན་སྔོ་སྐྱ་རྔ་ཡབ་ཐོད་འཛིན་འཁྲིལ། །དབྱུག་སྔོན་དབྱུག་པ་མེ་ཐབ་འཛིན་མཐིང་ག །སྡེར་མོ་དམར་སེར་གྲི་ཐོད་བསྣམས་པས་འཁྱུད། །མི་གཡོ་ལྗང་ནག་རལ་གྲི་ཞགས་པ་འཛིན། །གཏུན་ཁུང་དམར་མོ་ཐོ་བ་ཐོད་ཁྲག་འཁྱུད། །འདོད་རྒྱལ་དམར་སྐྱ་བ་དན་རྔ་ཡབ་འཛིན། །སྙེམས་མ་ལྗང་གུ་བུམ་པ་ཐོད་ཁྲག་འཁྱུད། །སུམ་རྒྱལ་མཐིང་ནག་གྲི་གུག་སྦྲུལ་ཞགས་འཛིན། །སྐུལ་བྱེད་སེར་སྐྱ་རྩེ་གསུམ་ཐོད་ཁྲག་འཁྱུད། །ཧཱུྃ་དཀར་སྔོ་སྐྱ་ཐོ་བ་ཞགས་པ་འཛིན། །སྒྲ་འབྱིན་དཀར་མོ་འཁོར་ལོ་བྷནྡྷ་འཁྱུད། །སྟོབས་ཆེན་དུད་ཁ་ཐོ་བ་གཏུན་ཤིང་ཕྱར། །གསོད་བྱེད་སེར་མོ་དགྲ་སཏྭ་དུང་དམར་འཁྱུད། །ཐམས་ཅད་དྲག་གཏུམ་དུར་ཁྲོད་ཆས་ཀྱིས་བརྒྱན། །ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་བཛྲ་པཱ་ཎི་མ་ཧཱ་ཀྲོ་དྷཱ་མ་མ་སིདྡྷི་ཧཱུྃ། ཧྲཱིཿ ཕྱི་ཡི་ཤར་སྒོ་ལྟེ་བ་ལྷོ་ཡི་སྒོ །ནུ་གཡས་ནུབ་སྒོ་ཚངས་བུག་བྱང་གི་སྒོ །ནུ་གཡོན་རྣམས་སུ་སྒོ་མ་ཁ་གདོང་མ། །ཕག་ཁྱི་འུག་གདོང་དཀར་སེར་དམར་ལྗང་རྣམས། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཁྲོལ། །ནང་སྒོ་ཤར་ལྷོ་ཆུ་ལམ་ལྷོ་ནུབ་སྒོ །བཤང་ལམ་ནུབ་བྱང་ཁ་དང་བྱང་ཤར་སྒོ །སྣ་བུག་རྣམས་སུ་མཚམས་མ་བརྟན་བྱེད་མ། །ཕོ་ཉ་མཆེ་མ་འཇོམས་བྱེད་ཕྱེད་གཟུགས་ཅན། །རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་གྱིས། །མཚན་པའི་གྲི་གུག་གཡས་ལ་ཐོད་ཁྲག་གཡོན། །གཅེར་བུ་རུས་རྒྱན་གཡས་བསྐུམ་གཡོན་བརྐྱང་རོལ། །ཧྲཱིཿ སྟོད་སྨད་བར་ཁྱམས་བ་སྤུའི་གྲོང་ཁྱེར་དུ། །སྤྱི་མགྲིན་སྙིང་ལྟེའི་རྩ་འདབ་གྱེས་པ་ལས། །ཡུལ་ཆེན་ཉེར་བཞིའི་དཔའ་བོ་དཔའ་མོ་ནི། །ཐོད་དབྱུག་དཀར་པོ་རབ་གཏུམ་མ་དམར་མོ། །ཀེང་རུས་ཆེ་མཐིང་གཏུམ་མིག་དམར་སེར་མོ། །ཀེང་རུས་གཏུམ་ལྗང་འོད་ལྡན་མ་དམར་སེར། །ཐབས་ཤེས་གཡས་ན་རྡོ་རྗེ་ཌཱ་མ་རུ། །གཡོན་ཕྱག་ཐོད་ཁྲག་དྲིལ་བུ་ཤར་སྟོད་གནས། །མཆེ་གཙིགས་དཀར་མོ་སྣ་ཆེན་མ་དམར་མོ། །སུ་ར་བྷེ་སྔོན་བརྟན་མ་གསེར་གྱི་མདོག །འོད་དཔག་མེད་ལྗང་མིའུ་ཐུང་མ་དམར་སེར། །ཐབས་ཤེས་གཡས་ཕྱག་རིན་ཆེན་རལ་གྲི་འཛིན། །གཡོན་ཕྱག་ཐོད་ཁྲག་དྲིལ་འཛིན་ཤར་སྨད་གནས། །འོད་ལྡན་དཀར་མོ་ལང་ཀའི་བདག་མོ་དམར། །རྡོ་རྗེའི་སྐུ་མཐིང་ཤིང་གྲིབ་མ་སེར་མོ། །གཞོན་ནུ་ལྗང་གུ་ས་སྲུང་མ་དམར་སེར། །ཡབ་རྣམས་བགྲང་ཕྲེང་ཡུམ་རྣམས་ཌཱ་རུ་གཡས། །ཐོད་ཁྲག་དྲིལ་བུ་གཡོན་འཛིན་ལྟོ་སྟོད་གནས། །རྡོ་རྗེ་རལ་པ་དཀར་པོ་འོད་ཅན་དམར། །རབ་དགའ་སྔོན་པོ་རླུང་ཤུགས་མ་སེར་མོ། །ཧཱུྃ་མཛད་ལྗང་གུ་ཆང་འཐུང་མ་དམར་སེར། །ཐབས་ཤེས་ཕྱག་གཡས་བེ་ཅོན་ལྕགས་ཀྱུ་དང་། །གཡོན་པས་ཐོད་ཁྲག་དྲིལ་འཁྲོལ་ལྷོ་སྨད་བཞུགས། །རབ་བཟང་དཀར་པོ་གཙུག་ཕུད་མ་དམར་མོ། །རྡོ་རྗེ་བཟང་མཐིང་རབ་བཟང་མ་སེར་མོ། །འཇིགས་བྱེད་ལྗང་གུ་རྟ་རྣ་མ་དམར་སེར། །ཐབས་ཤེས་གཡས་ཕྱག་པདྨ་ཌཱ་རུ་འཛིན། །གཡོན་པས་ཐོད་ཁྲག་དྲིལ་འཁྲོལ་ནུབ་སྟོད་བརྟེན། །སྤྱན་མི་བཟང་དཀར་ཁ་གདོང་མ་དམར་མོ། །སྟོབས་ཆེན་སྔོན་པོ་འཁོར་ལོའི་ཤུགས་ཅན་སེར། །རིན་རྡོར་ལྗང་གུ་དུམ་སྐྱེས་མ་དམར་སེར། །ཡབ་ཕྱག་ཐོ་བ་ཡུམ་ཕྱག་དར་དཔྱངས་གཡས། །གཡོན་པས་ཐོད་ཁྲག་དྲིལ་འཛིན་ནུབ་སྨད་གནས། །རྟ་མགྲིན་དཀར་པོ་གླང་སྣ་མ་དམར་མོ། །ནམ་སྙིང་མཐིང་ནག་འཁོར་ལོའི་གོ་ཆ་སེར། །ཧེ་རུ་ཀ་ལྗང་རབ་དཔའ་མ་དམར་སེར། །ཐབས་ཤེས་གཡས་ཕྱག་རྒྱ་གྲམ་ཁ་ཊྭཱཾ་ག །གཡོན་པས་ཐོད་ཁྲག་དྲིལ་འཛིན་བྱང་སྟོད་བརྟེན། །པད་གར་དབང་དཀར་སྟོབས་ཆེན་མ་དམར་མོ། །སྣང་མཛད་སྔོན་པོ་འཁོར་ལོས་སྒྱུར་མ་སེར། །རྡོར་སེམས་ལྗང་གུ་བརྩོན་འགྲུས་མ་དམར་སེར། །ཡབ་ཡུམ་གཡས་ཕྱག་རྒྱ་གྲམ་ཌཱ་རུ་ཁྲོལ། །གཡོན་པས་ཐོད་ཁྲག་དྲིལ་འཛིན་བྱང་སྨད་བཞུགས། །ཐམས་ཅད་ཞི་ཚུལ་དར་གོས་རིན་ཆེན་རྒྱན། །གླུ་ལེན་ཐབས་ཤེས་གཉིས་གཉིས་གར་སྟབས་བཞེངས། །དེ་ལྟར་གྲངས་ཅན་གཞན་ཡང་གྲངས་འདས་འཁོར། །དཔའ་བོ་དཔའ་མོ་ལ་སོགས་དཔག་མེད་ཀྱང༔ །རྣམ་འགྱུར་ཆ་ལུགས་ཅིར་ཡང་སྟོན་བྱེད་ཅིང༔ །མ་འགག་ལྷུན་གྲུབ་རོལ་པའི་ཚལ་དུ་གསལ༔ །ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་ཡཀྵ་ས་མ་ཡ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཕཊ་ཡོ་གི་ནཱི་སརྦ་དུཥྚན་ཧཱུྃ་ཕཊཿ ཀུན་གྱི་གནས་གསུམ་འཁོར་ལོ་པདྨ་དང་། །རྡོ་རྗེ་འབྲུ་གསུམ་གྱིས་མཚན་དཀར་དམར་མཐིང་། །རྡོ་རྗེ་ལྟེ་སྦུབས་ཉི་དཀྱིལ་གདལ་བའི་སྟེང་། །ཧྲཱིཿས་མཚན་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་གྱུར། །དེ་ལྟར་བསྐྱེད་ལ་ཚིག་བདུན་སྤྱན་འདྲེན་སྔོན་འགྲོས། གཞུང་གི་སྤྱན་འདྲེན་ནས་ཕྱག་འཚལ་གྱི་མཐའ་བར་དང་། དེ་ནས་ཕྱི་མཆོད་ནི། ཧཱུྃ་ཧྲཱི༔ དངོས་སུ་འབྱོར་དང་སོགས། རྒྱལ་བ་རྣམས་ལ་འབུལ༔ ཞེས་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི། ཨརྒྷཾ། པཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱཱ། ཤབྡ་པཱུ་ཛཿཧོཿ ནང་མཆོད་ནི། ཧཱུྃ་ཧྲཱིཿ ལྷ་མིའི་མཆོད་རྫས་སོགས། འབུལ་བར་བགྱི༔ ཞེས་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་རཱུ་པ། ཤབྡ། གནྡྷེ། རཱ་ས། སྤརྴེ་པཱུ་ཛ་ཧོཿ གསང་མཆོད་ནི། ཧཱུྃ་ཧྲཱིཿ འདོད་ཆགས་སོགས་ནས། ཚོགས་ལ་འབུལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་མ་ཧཱ་མཱཾ་ས། རཀྟ། ཀིཾ་ནི་རི་ཏི། བྷ་སུ་ཏ། ཙིཏྟ་པཱུ་ཛཿཧོཿ དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། ཧཱུྃ་ཧྲཱིཿ ཡབ་ཡུམ་གཉིས་མེད་སོགས་ནས། ལྷ་ལ་འབུལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བྷོ་དྷི་ཙིཏྟ་མ་ཧཱ་པཱུ་ཛཿཧོཿ བདུད་རྩི་སྨན་མཆོད་ནི། ཧྲཱི༔ བྷནྡྷ་ཁོར་ཡུག་སོགས་ནས་བསྟོད་པའི་མཐའ་བར་མེ་ཕྲེང་རང་གཞུང་ལྟར་བཏང་། དེ་ནས་ལས་རླུང་ཡེ་ཤེས་སུ་སྨིན་པར་བྱེད་པའི་བཟླས་པ་ནི། སྐབས་འདིར་འབྲུ་གསུམ་རྡོར་བཟླས་མཛད་དེ། དེ་ཡང་ཉི་ཟླ་ཁ་སྦྱོར་ལས། ཨོཾ་ཨཱཿཧཱུྃ༔ ཞེས་པ་སྙིང་པོ་ཐམས་ཅད་འདུས་པའི་ཡི་གེ་གསུམ་པོ་དེ་གཞན་ལོག་ནས་འབྱུང་བའམ་བསྒྲུབ་རྒྱུ་ཅན་ཡོད་པ་མ་ཡིན་ཞིང་། རང་ལ་ཡེ་ནས་གནས། དེའི་ཆེད་དུ་མཆུ་སྦྱོར་གདངས་སྐད་ཕྲེད་གདང་བཅས་ནས་དུད་འགྲོ་དཀྲོགས་པ་ལྟར་བཟླ་མི་འཚལ། རང་བཞིན་རྒྱུན་འབྱུང་གིས་བཟླས་པས། རླུང་ནང་དུ་རྒྱུ་བ་ཨོཾ་གྱི་རང་བཞིན། ཁོང་དུ་གནས་པ་ཨཱཿཡི་ངོ་བོ། ཕྱིར་དབྱུང་བ་ཧཱུྃ་གི་རང་སྒྲར་འབྱུང་བ། རླུང་རྒྱུ་རྔུབ་གནས་གསུམ་འཁོར་གཅིག་ལ། ཨོཾ་ཨཱཿཧཱུྃ་འབྲུ་གསུམ་ཡོངས་འདུས་ཀྱི་བཟླས་པ་རྩོལ་བ་དང་བྲལ་བ་ཚར་རེ་རེ་འགྲུབ། དེ་ནས་རླུང་གི་རྒྱུ་བ་མ་ཆད་ཀྱི་བར་དུ་རང་བཞིན་གཤིས་ཀྱི་བཟླས་པ་ལ་རྒྱུན་ཆད་མེད་དེ། འགྲོ་འཆག་ཉལ་འདུག་ལ་སོགས་པའི་སྤྱོད་ལམ་གྱི་རྣམ་གྲངས་གང་བྱེད་ཀྱང་། འབྲུ་གསུམ་གྱི་བཟླས་པ་ལ་དབྲི་གཞོལ་རེས་འཇོག་ཐང་ལྷོད་ལ་སོགས་པ་གང་ཡང་མེད་པར་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་སྐྱེ་མེད་རང་བྱུང་རྡོ་རྗེའི་བཟླས་པ་བར་མཚམས་མེད་དོ། །དེ་ལྟར་ངོས་ཟིན་ཅིང་རྡོ་རྗེ་ཡེ་ཤེས་ཀྱི་བཟླས་པ་རྒྱུན་མ་ཆད་པས། མ་རིག་འཁོར་བ་ལས་ཀྱི་རླུང་ཞེས་ཐ་སྙད་ལས་འདས་ཏེ། དཔེར་ན་ཉི་མའི་སྙིང་པོ་ལ་མུན་པའི་སྐབས་མེད་པ་དང་འདྲའོ། །དེ་ཙམ་ན་འཁོང་བ་མ་སྤང་རང་སྤངས། ཐར་པ་མ་བགྲོད་རང་བགྲོད། སྒྲིབ་པ་མ་སྦྱང་རང་བྱང་། འགྲོ་དོན་མ་བྱས་རང་འགྲུབ། འབྲས་བུ་མ་བཙལ་རང་རྙེད། དམ་ཚིག་མ་བསྲུང་རང་བསྲུང་། སྤང་བླང་དགག་སྒྲུབ་འཁོར་འདས་ཐམས་ཅད་རང་སར་གྲོལ་ལོ། །རིམ་པ་དེས་ནི། འཁྲུལ་གཞིའི་རྩ་ལ་བེམ་རིག་གི་སྦྲེལ་ཐག་ལས་རླུང་འགྱུ་རྔུབ་འབྲུ་གསུམ་སྙིང་པོ་ཡེ་ཤེས་ཀྱི་སྲང་ལ་འཛུད་པར་བྱའོ། །ཞེས་སོགས་གསུངས་པ་ལྟར། འབྱིན་འཇུག་གནས་གསུམ་དུ་རང་བཞིན་ཤུགས་ཀྱིས་ཤེས་པས་རྡོར་བཟླས་ཇི་ལྟར་འོས་པ་བྱས་མཐར་། སྲུང་མའི་གཏོར་ཆོག་དང་། ཚོགས་མཆོད་སོགས་ལ་འཇུག །མདུན་བསྐྱེད་ཀྱིས་བཟླས་པ་དམིགས་གསལ་བྱ་དགོས་པ་ཡོད་ན། རྡོར་བཟླས་འཕྲོས་སུ་བཟླས་དམིགས་རྒྱས་པར་འདོད་ན་ཛཔ྄་དགོངས་ཚངས་པའི་ང་རོ་དང་། ལས་བྱང་ཆེན་མོ་སོགས་གུང་བསྒྲིགས་ཏེ་བྱ་དགོས་ལ། ས་བཅད་ཙམ་གྱིས་འཐུས་པར་འདོད་ན། ལྷ་ཚོགས་ཐུགས་ཀར་པད་སྟེང་ཧྲཱིཿ སྔགས་ཕྲེང་བསྐོར་བའི་འོད་ཀྱིས་དོན་གཉིས་བྱས། །སྣོད་བཅུད་རྩ་གསུམ་རྒྱལ་བའི་ཞིང་དུ་གྱུར། །ཚུར་འདུས་མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །ཞེས་བདག་མདུན་གཉིས་ཀར་དམིགས་པས་ཁྱབ་པར་བསྒོམས་ལ། གཙོ་དགུའི་སྔགས་གོང་གི་ལྷ་བསྐྱེད་སྐབས་ལྟར་དང་། སྤྱི་དྲིལ་ཆེན་མོ་ནི། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་དྷེ་ཝ་དྷཱ་ཀི་ནཱི༔ བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ༔ བཛྲ་མ་ཧཱ་ཀྲོ་ཏ་ཤཱིནྟ་ཀ༔ ཧྲཱི་མ་ཧ་རི་ནི་ས༔ར་ཙ་ཧྲི་སརྦ་སིདྡྷི༔ ཀཱ་ཡ་ཝཱ་ཀ་ཙིཏྟ༔ ཛྙཱ་ན་སཏྭ༔ ཨ་མི་དྷེ་ཝ༔ མ་མ་ཙིཏྟ་སཾ་བྷ་ཝ་ཨ་དྷིཥྛཱ་ནཾ༔ མ་མ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ སྤྱི་དྲིལ་འབྲིང་པོ་ནི། ཨོཾ་ཨཱཿཧཱུྃ་ཧྲཱི༔ བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པ་རྣམས་དལ་ཁོམས་སྤྲོས་པ་དང་བསྟུན་ཞིང་། སྤྱི་དྲིལ་གང་རུང་ཅི་ནུས་བཟླ། འདིར་བདག་བསྐྱེད་གཙོ་བོར་བྱེད་པའི་དབང་གི་བསྙེན་ལུགས་ཡིན་ལ། དབང་དོན་སྒྲུབ་མཆོད་སོགས་མདུན་བསྐྱེད་གཙོ་བོར་བྱེད་ན། ཚོགས་མཆོད་རྒྱས་པའི་སྐབས། མངོན་རྟོགས་གོང་གསལ་གྱིས་བདག་བསྐྱེད་གྲུབ་པའི་གནས་གསུམ་བྱིན་བརླབ་དབུར། མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསྒྲུབ་པ་ལ། ཐོག་མར་འབྱུང་བ་རིམ་བརྩེགས་ནི། ཨེཿ ཀུན་བཟང་མཁའ་ཀློང་ངང་དུ་དབྱེར་མེད་ཀྱང་། །ལོག་རྟོག་འཁོར་བའི་སྐྱེ་འགྲོ་བསྒྲལ་སླད་དུ། །འགག་མེད་ཡི་གེ་འབྲུ་ལྔའི་འཕྲོ་འདུ་ཡིས། །བདེ་གཤེགས་རིགས་ལྔའི་ཆོ་འཕྲུལ་འབྱུང་བ་ལྔ། །སྐུ་གསུམ་དབྱིངས་སུ་ཡེ་ནས་ལྷུན་གྲུབ་ཅིང་། །དཀྱིལ་འཁོར་ཕོ་བྲང་འདེགས་པའི་ཚུལ་དུ་ཤར། །ཨེ་ཡཾ་ར་སུཾ་ཀེཾ་རཾ། གཞལ་ཡས་ཁང་ནི། བྷྲཱུྃ། བྷྲཱུྃ་ལས་ཕོ་བྲང་རིན་ཆེན་གཞལ་ཡས་ཁང་། །ཡངས་ཤིང་རྒྱ་ཆེ་ཕྱི་ནང་མེད་པར་གསལ། །སྣ་ཚོགས་རིན་ཆེན་ལས་གྲུབ་ཉམས་རེ་དགའ། །ཟུར་བཞི་ལོགས་བཞི་རྟ་བབས་བང་རིམ་བཅས། །རྣམ་ཐར་སྒོ་བཞི་སྒོ་ཁང་ནོར་བུས་སྤྲས། །རིན་ཆེན་ལྔ་ལྡན་བརྩིག་པ་རིམ་ལྔ་ལས། །དཀར་སེར་དམར་ལྗང་ཕྱི་ནང་འོད་ཟེར་འཕྲོ། །རིན་ཆེན་ཕ་གུ་དུང་གི་སྤར་ཁབ་ཅན། །སྣ་ཚོགས་རཏྣའི་ཕྲེང་བ་ཟར་བུར་སྒྲེང་། །པུ་ཤུ་ཁོར་ཡུག་གདུགས་དང་རྒྱལ་མཚན་སོགས། །དར་དང་ལྷབ་ལྷུབ་ཅོད་པན་དུ་མས་བརྒྱན། །ཐུགས་རྗེ་ཞི་བའི་གཞལ་ཡས་ལྷུན་གྱིས་གྲུབ། །བྷྲཱུྃ་བི་ཤྭ་བི་ཤུདྡྷེ་རཏྣ་ཛྙཱ་ན་མཎྜལ་བྷྲཱུྃ། ཧཱུྃ། ཐུགས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །ཐབས་མཁས་ཐུགས་རྗེས་ལོག་རྟོག་ཚར་གཅོད་ཕྱིར། །པདྨ་དབང་ཆེན་ཁྲོས་པའི་དཀྱིལ་འཁོར་ནི། །སྐུ་གསུམ་བྷནྡྷ་སྐམ་རློན་ར་རིའི་མཁར། །ཕྲིན་ལས་རྣམ་བཞི་ཕྱོགས་བཞིར་སྒོ་བཞི་གསལ། །ཆོས་ཉིད་འགྱུར་མེད་གནམ་ལྕགས་གཟེར་ཆེན་གདབ། །ལྷ་ཀླུ་གཟའ་ཆེན་ཚངས་པ་རྒྱུ་སྐར་སོགས། །ཀ་བ་ཀ་ཞུ་གཞུ་གདུང་གྲལ་ཕྱམ་བྲེས། །ཞིང་པགས་ཉ་སྦྲུལ་ནང་ཁྲོལ་དབང་པོའི་ཚོགས། །བླ་བྲེ་འཕན་གདུགས་ཟར་ཚག་ཕོ་ལོང་འཕྱོ། །དམར་ཆེན་ཞམ་ཆུ་འབབ་ཅིང་རོ་ཚོགས་བཀྲམ། །ཕྱོགས་མཚམས་དུར་ཁྲོད་འབར་བའི་ར་བས་གཏམས། །མི་ཤིགས་སྲ་བརྟན་བསྲུང་བའི་གུར་ཁང་དབུས། །ཕོ་བྲང་རྩེ་མཐོན་པདྨ་རཱ་ག་དང་། །ནོར་བུ་རིན་ཆེན་དབང་གི་རྒྱལ་པོས་མཚན། །ལྟེ་བར་ལིང་ཚེ་དགུ་ཡི་དཀྱིལ་འཁོར་གསལ། །སྣ་ཚོགས་འདབ་བརྒྱད་ཉི་ཟླ་རིན་ཆེན་གདན། །ཕོ་བྲང་དགུ་བརྩེགས་དུར་ཁྲོད་གཞལ་ཡས་ཁང་། །རིམ་དགུའི་གནས་རྫོགས་དགུ་བརྩེགས་གདན་དང་བཅས། །དཀར་སེར་དམར་ལྗང་འཇའ་གུར་འོད་ཟེར་འཕྲོ། །དབང་ཆེན་འབར་བའི་ཕོ་བྲང་ལྷུན་གྱིས་གྲུབ། །བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཧེ་རུ་ཀ་ཛྙཱ་ན་མཎྜལ་ཧཱུྃ། པདྨ་སུརྻ་ཙནྡྲ་ཨ་ནྲྀ་ཏྲི་དེ་ཝ་དེ་ཝཱི་དྷཱ་ཀི་ནཱི་ཏི་ར་མཎྜ་ལ་ཧཱུྃ། ལྷ་ཚོགས་བསྐྱེད་པ་ནི། ཧཱུྃ་ཧྲཱིཿ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར། །དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ །ཕྲིན་ལས་མངའ་བདག་དཔའ་བོ་རྟ་མགྲིན་ཡབ། །དབང་ཆེན་དམར་སྨུག་དམར་དཀར་སོགས་གོང་གསལ་བཞིན། དྷཱུ་མ་གྷ་ཡེ་དྷཱ་ཀི་ནཱི་ན་མཿསྭཱ་ཧཱ། ཞེས་པའི་མཚམས་ཕྱོགས་མཚམས་ལྷ་བསྐྱེད་ཀྱི་ཚིག་རྐང་དང་པོ་དོར་བའི་མལ་དུ། ཧཱུྃ་ཧྲཱིཿ ཤར་ཕྱོགས་རྡོ་རྗེ་སྟོང་ལྡན་ཁྲི་སྟེང་དུ། །བུདྡྷ་ཐོད་ཕྲེང་དཀར་སྔོ་སོགས་འབྱིན་འཇུག་རིགས་འགྲེ་བས། ལྷོ་ཕྱོགས་རིན་ཆེན་སྟོང་ལྡན་ཁྲི་སྟེང་དུ། །ནུབ་ཕྱོགས་པདྨ་སྟོང་ལྡན་ཁྲི་སྟེང་དུ༔ བྱང་ཕྱོགས་རྒྱ་གྲམ་སྟོང་ལྡན་ཁྲི་སྟེང་དུ། །ཤར་ལྷོ་དགྲ་བགེགས་བསྣོལ་བའི་ཁྲི་སྟེང་དུ། །ལྷོ་ནུབ་ཤ་ཟ་མཁའ་འགྲོའི་ཁྲི་སྟེང་དུ། །ནུབ་བྱང་དྲེགས་པ་ཕོ་མོའི་ཁྲི་སྟེང་དུ། །བྱང་ཤར་ཀླུ་གདོན་ས་བདག་ཁྲི་སྟེང་དུ། །ཞེས་པ་རྣམས་སོ་སོར་བསྒྱུར་བ་དང་། ཧཱུྃ་ཧྲཱིཿ དཀྱིལ་འཁོར་ཆེན་པོའི་བར་མཚམས་ཕྱོགས་བཞི་ན། །ཞིང་ཆེན་གསར་རྙིང་བརྩེགས་པའི་ཁྲི་སྟེང་དུ། །དཔལ་གྱི་བཀའ་སྡོད་སྒོ་མ་ཁྲ་གདོང་དང་། །ཕག་ཁྱི་འུག་གདོང་དཀར་སེར་དམར་ལྗང་རྣམས། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཁྲོལ། །མཚམས་འཛིན་སྲུང་མ་གཤིན་རྗེ་བརྟན་བྱེད་མ། །ཕོ་ཉ་མཆེ་མ་འཇོམས་བྱེད་ཕྱེད་གཟུགས་ཅན། །རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་གྱིས། །མཚན་པའི་གྲི་གུག་གཡས་ལ་ཐོད་ཁྲག་གཡོན། །གཅེར་བུ་རུས་རྒྱན་གཡས་བསྐུམ་གཡོན་བརྐྱང་རོལ། ཁྱམས་ཀྱི་སྟོད་སྨད་དཔའ་བོ་དཔའ་མོ་ནི། །ཐོད་དབྱུག་དཀར་པོ་སོགས་ནས། སརྦ་དུཥྚན་ཧཱུྃ་ཕཊ༔བར་གྱིས་བསྐྱེད། དབང་དོན་དང་འབྲེལ་ན་སྐབས་འདིར་བུམ་པ་སྒྲུབ་ཚུལ་རྒྱས་འབྲིང་བསྡུས་པ་གོང་འོས་སྐབས་དང་བསྟུན་པའང་སྦྱར། གང་ལྟར་ཡང་ཐམས་ཅད་གྲུབ་པའི་མཐར། གནས་གསུམ་བྱིན་རླབས་ནི། ཀུན་གྱི་གནས་གསུམ་སོགས་གོང་གསལ་ལ་འཇུག་ཅིང་། སྤྱན་འདྲེན་ནས་བསྟོད་པའི་མཐའ་བར་གཞུང་མཐར་ཆགས་སུ་བཏང་རྗེས། བདག་བསྐྱེད་ལ་དམིགས་པའི་རྡོར་བཟླས་བརྒྱ་རྩ་ནས་ཉེར་ལྔའི་བར་དང་། སླར་བདག་མདུན་ཆབས་ཅིག་པས་བསྙེན་སྒྲུབ་ལ་འཇུག་པ་ནི། ཐོག་མར་ཛཔ྄་བསྐུལ་ནི། དངོས་ལྟར་ན། ཐོག་མར་ཀརྨ་ལས་བྱེད་པས་རྡོ་རྗེ་རྒྱལ་པོའི་གཙོས་འདུས་པ་རྣམས་བསྐུལ། དེ་ནས་མཆེད་ལྕམ་རྣམས་ཀྱིས་དཀྱིལ་འཁོར་པ་བསྐུལ་ཏེ་ཛཔ྄་ལ་འཇུག་པ་ཡིན་ནའང་། དེང་སང་འདྲ་འབག་གི་སྐབས་འདིར་འདུས་པ་རྣམས་ནས་ཆབས་ཅིག་མཛད་པའི་རྒྱུན་སྤྱི་འགྲེ་འཇགས་པ་ལྟར་ན། ཧཱུྃ་ཧྲཱིཿ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ། །སྐུ་ནི་གར་བསྒྱུར་རྫུ་འཕྲུལ་གློག་ལྟར་འཁྱུག །གསུང་ནི་ཆོས་སྒྲ་ཛཔ྄་དབྱངས་འབྲུག་ལྟར་སྒྲོག །ཐུགས་རྗེ་བརྩེ་བས་སྒྲུབ་མཆོག་རྣམས་ལ་དགོངས། །ཛཔ྄་ཀྱིས་རྒྱུད་བསྐུལ་རྡོ་རྗེའི་སྐུ་གསུང་ཐུགས། །བླ་མ་རྣམས་དང་ཡི་དམ་མཁའ་འགྲོའི་ཚོགས། །ཚོམ་བུ་དགུ་ཡི་ལྷ་ཚོགས་གཙོ་དང་འཁོར། །དམ་ཅན་ཆོས་སྐྱོང་རིག་འཛིན་ཚོམ་བུར་བཅས། །དངོས་དང་དངོས་མིན་འདུས་པ་རྒྱ་མཚོ་རྣམས། །ཐམས་ཅད་ཐུགས་དམ་བསྐུལ་ལོ་ཛཔ྄་ལ་བཞེངས། །རྩ་གསུམ་བྱིན་དབང་སྩོལ་ཕྱིར་ཛཔ྄་སྒྲ་སྒྲོགས། །སྲུང་མ་ནོར་ལྷ་འབྱུང་བ་གཞི་གནས་ལྷ། །ཕྲིན་ལས་ལེགས་འབྱོར་སྤེལ་ཕྱིར་ཛཔ྄་སྒྲ་སྒྲོགས། །སྒྲུབ་མཆོག་དང་དུ་ལེན་པའི་མཆེད་ལྕམ་རྣམས། །དེང་འདིར་ཛཔ྄་སྒྲ་སྒྲོག་པའི་དུས་ལ་བབས། །སྒོ་གསུམ་ཕྱག་རྒྱ་བསྒྱུར་བའི་དུས་ལ་བབས། །ཉོན་མོངས་དགྲ་བགེགས་འདུལ་བའི་དུས་ལ་བབས། །སྣ་ཚོགས་ཕྲིན་ལས་སྒྲུབ་པའི་དུས་ལ་བབས། །ཡེངས་མེད་ཏིང་འཛིན་སྒྲུབ་པའི་དུས་ལ་བབས། །མཛོད་ཅིག་སྔགས་ཀྱི་གླུ་གར་ད་མཛོད་ལ། །ཡེ་ཤེས་ལྷ་ཚོགས་འགྲུབ་པར་མཛད་དུ་གསོལ། །ཞེས་བསྐུལ་ནས་ཛཔ྄་བསྟོད་བྱ་བ་ནི། ཧཱུྃ་ཧྲཱིཿ དབང་ཆེན་ཟླ་གམ་གདེངས་པའི་དཀྱིལ་འཁོར་ན། །སྣ་ཚོགས་དར་ཟབ་རིན་ཆེན་བརྩེགས་པའི་ཁྲི །ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ། །ཆགས་བྲལ་པདྨ་འབར་བའི་གེ་སར་ལ། །སངས་རྒྱས་དགོངས་པ་ཡོངས་རྫོགས་གྲུབ་པའི་དཔལ། །བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས། །བརྗིད་པའི་སྐུ་ལ་རང་རང་ཆས་རྣམས་རྫོགས། །གསུང་གི་སྙིང་པོ་སྒྲ་སྒྲོག་སྔགས་ཀྱི་སྐད། །ཐུགས་ནི་སྒྲོལ་མཛད་འགྱུར་མེད་ཡེ་ཤེས་སེམས། །ཛཔ྄་ཀྱིས་རྒྱུད་བསྐུལ་རྡོ་རྗེའི་སྐུ་གསུང་ཐུགས། །ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་སྐུ་ཡིས་གང་། །མ་གསལ་བར་དུ་བསྐྱེད་ཅིང་འབད་པས་བསྒོམ། །མ་འགྲུབ་བར་དུ་ཏིང་འཛིན་མི་གཏང་ངོ་། །ཛཔ྄་དངོས་ཀྱི་ཐོག་མར་བསྙེན་པ་ལ། ཟླ་སྐར་ཕྲེང་བ་ལྟ་བུའི་དགོངས་པ་ནི། བདག་མདུན་གཙོ་མཆོག་རྣམས་ཀྱི་ཐུགས་རྩེ་མོ་གྱེན་ལ་བསྟན་པའི་ཙིཏྟ་མཆོང་གུར་ཕུབ་པ་ལྟ་བུའི་དབུས་ན། ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ནང་དུ་སོ་སོའི་ཕྱག་མཚན་གཙོ་བོ་པདྨ་བཛྲ་རྩལ་ལ་པདྨ་དམར་པོའི་ལྟེ་བར་ཧྲཱིཿ དེ་བཞིན་དུ་ཕོ་བྲང་ཕྱོགས་མཚམས་ཀྱི་གཙོ་བོ་བརྒྱད་པོ་རིམ་པ་བཞིན། གསེར་འཁོར་རྩིབས་བརྒྱད་པའི་ལྟེ་བར་ཨོཾ་དཀར་པོ། རིན་པོ་ཆེ་སེར་པོ་ཟུར་བརྒྱད་པའི་ལྟེ་བར་ཏྲཱཾ་སེར་པོ། པདྨ་དམར་པོའི་ལྟེ་བར་ཧྲཱིཿདམར་པོ། སྣ་ཚོགས་རྡོ་རྗེའི་ལྟེ་བར་ཨ་ལྗང་གུ །གསེར་གྱི་མཆོད་རྟེན་གྱི་བུམ་པར་ཧཱུྃ་དམར་སྨུག །གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་ཧཱུྃ་མཐིང་ནག །བེ་ཅོན་སྨུག་པོའི་ལྟེ་བར་ཧྲཱིཿདམར་པོ། གནམ་ལྕགས་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་སྔོན་པོ་རྣམས་ཀྱི་ཕྱི་རོལ་དུ། རང་རང་གི་སྙིང་པོས་བསྐོར་བ། རང་མདོག་གི་འོད་ཟླ་བ་ཉ་རྒྱས་པ་ལྟ་བུའི་ཟེར་དཔག་ཏུ་མེད་པ་འཕྲོ་བ། དེའི་མཐའ་སྐོར་དུ། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པའི་ཡིག་འབྲུ་རྣམས་སྐར་མའི་ཕྲེང་བ་ལྟ་བུར་བཀྲ་ལམ་མེར་བསྐོར་བ་ལ། མདུན་ཕྱོགས་ཡི་གེ་ཨོཾ་ནས་གཡས་སྐོར་དུ་བཀླག་པའི་ཚུལ་གྱིས་ཆུ་བོའི་རྒྱུན་བཞིན་དུ་བཟླ་བར་བྱའོ། །ཞེས་གསལ་བཏབ་ནས་གཙོ་དགུའི་སྙིང་པོ་རྣམས་གཙོ་འཁོར་གྱི་རྣམ་པ་ཕྱེད་པར་བཟླས་པའི་མཇུག་ཏུ། སྒོ་མཚམས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རང་རང་གི་སྲོག་ཡིག་གི་མཐར་བཟླ་བྱའི་སྔགས་ཀྱིས་གཡོན་སྐོར་དུ་འཁོར་བ། བདག་བསྐྱེད་ཐུགས་ཀའི་འོད་ཀྱིས་བསྐུལ་བས། སྔོན་གྱི་དམ་ཚིག་རྗེས་སུ་དྲན་ཏེ་ཕྲིན་ལས་ཐོགས་པ་མེད་པར་འགྲུབ་པར་མོས་ལ། སྲོག་གནད་ལ་དབབ་པའི་སྙིང་པོ་ཅུང་ཟད་བཟླའོ། །ཉེ་བསྙེན་འགལ་མེ་ཀླད་བསྐོར་གྱི་ཛཔ྄་ནི། བདག་མདུན་གྱི་ཐུགས་ཀའི་སྔགས་ཕྲེང་འཁོར་བཞིན་པ་ལས། སྔགས་ཀྱི་འོད་ཟེར་ཁྲ་ལམ་གྱིས་བྱུང་བ་རང་གི་ཞལ་ནས་ཐོན། མདུན་བསྐྱེད་ཀྱི་ཞལ་དུ་ཞུགས། ལྟེ་བ་ནས་ཚུར་བྱུང་། རང་གི་ལྟེ་བ་ནས་ཞུགས་ཏེ་འཁོར་བ་དང་། ཡབ་ཡུམ་འཁྲིལ་སྦྱོར་དུ་བཞུགས་པ་རྣམས་ཡབ་ཀྱི་ཞལ་ནས་ཐོན། ཡུམ་གྱི་ཞལ་དུ་ཞུགས། ཡུམ་གྱི་གསང་བ་ནས་བརྒྱུད། ཡབ་ཀྱི་གསང་བ་ནས་ཞུགས། སླར་ཐུགས་ཀ་ནས་བརྒྱུད། ཡབ་ཞལ་ནས་ཡུམ་ཞལ་དུ་ཞུགས་པ་ཅན་གྱི་འཁོར་ལོར་དམིགས་པས་སྤྱི་དྲིལ་འབྲིང་པོ་བཟླ། སྒྲུབ་པ་རྒྱལ་པོའི་ཕོ་ཉ་ལྟ་བུའི་ཛཔ྄་ནི། ལྷ་ཚོགས་ཐུགས་ཀར་ཉི་ཟླའི་དཀྱིལ་འཁོར་སྟེང་། །རྡོ་རྗེ་དཀར་པོའི་ལྟེ་བར་པདྨ་དམར། །དེ་ལྟེང་སྣང་བ་མཐའ་ཡས་དམར་ལ་དྭངས། །རྒྱན་མེད་སྐྱིལ་ཀྲུང་མཉམ་གཞག་བུམ་པའི་ནང་། །འབྲུ་གསུམ་བརྩེགས་བསྣམས་ཐུགས་ཀར་ཧྲཱིཿཡིས་མཚན། །སྐུ་ཡི་མདུན་ནས་སྔགས་ཕྲེང་གཡས་བཀོད་འཁོར། །བཟླས་པའི་སྒྲས་བསྐུལ་འོད་ཟེར་རང་སྒྲ་ཅན། །ཕར་འཕྲོས་ཕྱོགས་བཅུའི་རྒྱལ་མཆོད་ཐུགས་དམ་བསྐུལ། །སྔགས་འབྲུ་སྒྲ་འོད་དང་བཅས་སྤྱན་དྲངས་པ། །ཞལ་སྒོ་ནས་བྱུང་བསྐྱེད་པའི་སྔགས་ལ་ཐིམ། །སྒྲ་འོད་ཆེར་འབར་བུམ་ནང་འབྲུ་གསུམ་བསྐུལ། །དཔག་མེད་འོད་འཕྲོས་འཕགས་མཆོད་བྱིན་རླབས་དང་། །བརྟན་གཡོའི་བཅུད་བསྡུས་བུམ་ནང་བདུད་རྩིས་གང་། །བུམ་བཅོལ་ནས་ལུད་རྡོ་རྗེ་ལ་ཕོག་པས། །བདུད་རྩི་དཀར་པོར་བབ་པ་པདྨར་འཕྲོས། །དེ་ལས་དམར་པོའི་རྒྱུན་བབ་དཀར་དམར་རྒྱུན། །ཆེར་འཕེལ་ཡབ་ཡུམ་སྐུ་གང་བདེ་སྦྱོར་མཛད། །སྒྲ་འོད་གྱིས་བསྐུལ་རབ་འབྱམས་རྒྱལ་བ་རྣམས། །སྙོམས་ཞུགས་བདེ་རྒྱུན་བཀུག་ནས་སྒོ་གསུམ་ལ། །ཐིམ་པས་ཐུན་མོང་ཚེ་དཔལ་སྟོབས་འབྱོར་རྒྱས། །ཕྱག་ཆེན་མཆོག་དངོས་དཔལ་དང་རབ་འབྱམས་ལས། །གནས་སྐབས་མཐར་ཐུག་དོན་འབྲས་འགྲུབ་པར་གྱུར། །ཞེས་མོས་ལ་སྤྱི་དྲིལ་ཆེན་མོ་བཟླ། སླར་རིགས་དྲུག་གནས་སྦྱོང་ནི། དཀྱིལ་འཁོར་པའི་ཐུགས་ཀའི་འོད་ཟེར་རིགས་དྲུག་གི་གནས་སུ་འཕྲོས་པས་དེའི་བྱིན་རླབས་ཀྱིས། སོ་སོའི་སྡུག་བསྔལ་ཞི་ཞིང་སྡིག་སྒྲིབ་མ་ལུས་པ་བྱང་ནས། སྣོད་བཅུད་རྩ་གསུམ་ལྷ་དང་གཞལ་ཡས་སུ་གྱུར་པས། སྔགས་སྒྲ་ཏི་རི་རི་སྒྲོག་པར་བསམས་ལ། སྤྱི་དྲིལ་ཆེན་མོ་ཅུང་ཟད་བཟླ། སྒྲུབ་པ་ཆེན་པོ་བུང་བ་ཚང་ཞིག་གི་བཟླས་པ་ནི། དཀྱིལ་འཁོར་ལྷའི་ཐུགས་ཀའི་འོད་ཟེར་དཔག་ཏུ་མེད་ཅིང་བརྗོད་ཀྱིས་མི་ལངས་པ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་འཕྲོས་ཤིང་ཁམས་གསུམ་གྱི་སེམས་ཅན་ལ་ཕོག་པས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་མ་ལུས་པ་བྱང་ཞིང་དག་ནས། ཐམས་ཅད་དུས་གཅིག་ལ་བླ་མ་ཡི་དམ་མཁའ་འགྲོ་ཤ་སྟག་ཏུ་གྱུར་ཏེ། དེ་རྣམས་ཐམས་ཅད་ཀྱི་ཛཔ྄་སྔགས་ཏི་རི་རི་སྒྲོག་པར་བསམས་ལ། སྤྱི་དྲིལ་ཆུང་བ་ཅི་ནུས་བཟླ། མཐར། དབང་དང་འབྲེལ་ན་བུམ་བཟླས་རིགས་ཀྱང་འདིར་སྦྱར། གང་ལྟར་ཡང་། དབྱངས་གསལ། ཡིག་བརྒྱ། རྟེན་སྙིང་རྣམས་སྦྲེལ་བ་ལན་གསུམ་གྱིས་སྔགས་ཀྱི་ནུས་པ་བསྐྱེད་དེ། ལྷག་ཆད་ཁ་བསྐང་ཞིང་བྱིན་རླབས་དང་དངོས་གྲུབ་བརྟན་པར་བྱས་ནས། ཧཱུྃ་ཧྲཱི༔ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱི་ནང་གསང་བའི་ཛཔ྄་བསྙེན་མཆོད་པ་འབུལ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོད༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་མཐོལ་ལོ་བཤགས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པས་སྟོང་ཚིགས་ཕུལ་རྗེས་དབང་དོན་སྒྲུབ་མཆོད་སོགས་ཀྱི་སྐབས་ཕྲིན་ལས་བཅོལ་བ་ནི། ཧཱུྃ་ཧྲཱི༔ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ རྩ་གསུམ་བླ་མ་དགོངས་འདུས་བཀའ་སྲུང་བཅས༔ ཤ་ཁྲག་བདུད་རྩིའི་མཆོད་གཏོར་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ རྣམ་བཞིའི་མཐུ་སྩོལ་དམ་ཉམས་དགྲ་བགེགས་སྒྲོལ། །དུས་རྣམས་རྟག་ཏུ་སྲུང་དང་ལས་མཛོད་ཅིག༔ ཅེས་པས་ཕྲིན་ལས་གསོལ། བཀའ་སྲུང་དམ་ཅན་སྤྱི་གཏོར་སྦྱོར་ན་གཏེར་གཞིའི་གོང་དང་། མི་སྦྱོར་ན་སྐབས་འདིར་ཆགས་མེད་ཞབས་ཀྱིས་མཛད་པའི་རྟ་ཤ་བཙན་གསུམ་གྱི་གཏོར་འབུལ་དབུར་སྤྱི་འགྲོའི་འགུགས་པ་སྔོན་དུ་འགྲོ་བས། རྟ་ནག །ཤ་ཟ་ཁ་མོ་ཆེ། བཙན་རྒོད་གསུམ་གྱི་གསོལ་ཀ་གོ་རིམ་འདི་ལྟར་གཏང་ཞིང་། བཟླས་པ་རྣམས་བྱ་མི་དགོས། དམ་སྤྱི་འདོན་སྐབས་གཏེར་གཞི་བཏང་། དེ་ནས་ལས་རྡོར་གྱིས་ཕྱག་གསུམ་སྔོན་དུ་འགྲོ་བས། ཚོགས་བསང་སྦྱང་བྱིན་གྱིས་བརླབ་པ་ལ་ཐུགས་གཏད་པར་ཞུ། ཞེས་ཞུས་ནས། མེ་ཕྲེང་གི་ཚོགས་བསང་སྦྱང་བྱིན་རླབས་མཐར། ཧ་ཧོཿཧྲཱི༔འི་རྗེས། ལས་རྡོར་གྱིས་ཕྱག་སྔོན་འགྲོས། ཚོགས་ཕྱི་མཆོད་འདོད་ཡོན་རྒྱན་གྱི་འཁོར་ལོར་འབུལ་བ་ལ་ཐུགས་གཏད་པར་ཞུ། ཞེས་བསྐུལ་ནས། ལས་རྡོར་པས་དཀྱིལ་འཁོར་མདུན་དུ་ཐབས་ཤེས་ཀྱི་ཚོགས་སྣོད་བཅས་བཏེགས་ལ། ཧཱུྃ་ཧྲཱི༔ དུར་ཁྲོད་གསང་ཆེན་སོགས་ནས། པཱུ་ཛ་ཧོ༔བར། ཡང་ལས་རྡོར་གྱིས་ཕྱག་གསུམ་སྔོན་འགྲོས། ཚོགས་ནང་མཆོད་དུར་ཁྲོད་དྲག་པོའི་དགྱེས་མཆོད་འབུལ་བ་ལ་ཐུགས་གཏད་པར་ཞུ། ཞེས་བསྐུལ་ནས། ཚོགས་དེ་ཉིད་སྣོད་བཅས་སླར་སློབ་དཔོན་གྱི་མདུན་དུ་བཀོད་པར་རཀྟས་བྲན་ལ། ཚོགས་སྣོད་དེ་ཉིད་ལས་ཀྱི་གཤིན་རྗེ་འབར་བའི་ཧོམ་ཁུང་དུ། ཚོགས་རྫས་གནོད་བྱེད་དགྲ་བགེགས་དངོས་སུ་གསལ་པ། རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ་ལ་སོགས་པ་རྣམས་ཀྱིས། གནོད་བྱེད་དགྲ་བགེགས་རང་དབང་མེད་པར་བཀུག་ཅིང་གཟུགས་ལ་བསྟིམ་པར་གྱུར། ཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་འབར་བའི་ཚོགས༔ བཀའ་སྲུང་དམ་ཅན་ཆོས་སྐྱོང་བཅས་རྣམས་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དང༔ དགོངས་བརྒྱུད་རྣམ་པར་དག་པའི་བདེན་པ་དང༔ སྔགས་དང་ཕྱག་རྒྱ་ཏིང་འཛིན་བྱིན་རླབས་ཀྱི༔ བདེན་པ་དེ་ཡི་བཀའ་ལ་ཁྱོད་ཉོན་ཅིག༔ གལ་ཏེ་མི་ཉན་བཀའ་ལས་འདའ་བྱེད་ན༔ བདག་གཞན་ལྷ་དང་མཆེད་ལྕམ་ཐམས་ཅད་ལ༔ སྡང་བའི་དགྲ་དང་གནོད་པར་བྱེད་པའི་བགེགས༔ རུ་དྲ་ཟ་འདྲེ་ཕུང་འདྲེ་སྲི་རྣམས་ཀུན༔ སྐད་ཅིག་ཙམ་གྱིས་གཟུགས་ཕུང་འདི་ལ་ཁུག༔ བཛྲ་ཊཱཀྐི་རཱ་ཛ་ཧཱུྃ་ཛ༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ཨཾ་ཀུ་ཤཱ་ཛ༔ བཛྲ་པཱ་ཤཱ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷནྜེ་ཧོ༔ ཞེས་བཀུག༔ མཚོན་ཆ་དངོས་སུ་བཤམ་མི་དགོས་ཤིང་། འདོན་ཚིག་དང་བསྟུན་སོ་སོའི་ཕྱག་རྒྱས་འདེབས་པའི་ཚུལ་བྱས་ལ། ཧཱུྃ་ཧྲཱི༔ གནོད་བྱེད་དགྲ་བགེགས་རུ་དྲ་བདུད་དཔུང་ལ༔ འབར་བའི་མཚོན་ཆ་ལྔ་ཡི་ཆར་འབེབ་པ༔ འཇོམས་བྱེད་ཐོ་བ་གཅོད་པའི་རལ་གྲི་དང༔ བརྡུང་བའི་དབྱུག་ཏོ་འགུགས་པའི་ལྕགས་ཀྱུ་དང༔ གཏུབ་པའི་སཏྭ་རེ་ལྔ་ལ་སོགས་པ་ཡིས༔ བསམ་པའི་སྙིང་ལ་ཕོག་ན་དུམ་བུ་སྟོང༔ གདུག་པའི་ལུས་ལ་ཕོག་ན་ཕྱེ་མ་བརྒྱ༔ སྨྲ་བའི་ལྕེ་ལ་ཕོག་ན་ལྐུགས་སུ་ཆུགས༔ གཟུགས་ཕུང་རྣམ་ཤེས་གཞོབ་ཏུ་བསྲེགས་ནས་ཀྱང༔ རྡུལ་ཕྲན་བཞིན་དུ་ཕྱེ་མར་བརླག་པར་བྱོས༔ ལས་ཕུར་བསྒྲིལ་ཞིང་འདེབས་པའི་ཚུལ་བྱས་ལ། རྡུལ་ཕྲན་རྡུལ་ཕྲན༔ ཕྱེ་མ་ཕྱེ་མ༔ དུམ་བུ་དུམ་བུ༔ ཤག་ཤག༔ མཱ་ར་ཡ། ཚལ་པ་ཚལ་པ་རྦད༔ ཨོཾ་བཛྲ་ཏིཀྵྞ་ཁ་ཐམ་མཱ་ར་ཡ་ཛ༔ ཞེས་བསྒྲལ་ཚུལ་བྱས་མཐར། བདུད་རྩི་བྲན་པའི་ཚོགས་དེ་ཉིད་སླར་དཀྱིལ་འཁོར་གྱི་མདུན་དུ་བཏེགས་ལ། ཧྲཱི༔ བསྟབ་བོ་བསྟབ་བོ་སོགས་ནས། ཁ་རཾ་ཁཱ་ཧི༔ བར་བརྗོད། ཕྱག་སྔོན་འགྲོས། ཚོགས་དང་པོ་ཚོགས་ཕུད་འབུལ་བ་ལ་ཐུགས་གཏད་པར་ཞུ། ཞེས་བསྐུལ་ནས་ཚོགས་དང་པོ་སྤྲོས་ནས་ཡར་ཕུལ་ལ། རོལ་ཅིག་རོལ་ཅིག་སོགས་ནས། པཱུ་ཛ་ཁཱ་ཧི༔ སླར་ཡང་ཕྱག་སྔོན་འགྲོས། ཚོགས་བར་པས་བཤགས་པའི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཞེས་བསྐུལ་ནས། ཧོ༔ བདག་སོགས་མ་རིག་སོགས་ཡིག་བརྒྱ་བཅས་བརྗོད། ཡང་ཕྱག་སྔོན་འགྲོས། ཚོགས་ཐ་མས་བསྐང་བའི་རིམ་པ་ལ་ཐུགས་གཏད་པར་ཞུ། ཞེས་བསྐུལ་ནས། ཧཱུྃ་ཧྲཱི༔ བསྐང་ངོ་གསོལ་ལོ་སོགས་ནས། དངོས་གྲུབ་སྩོལ༔ བར་དང་། ཆགས་མེད་ཀྱི་གསུང་གཏོར་འབུལ་འཕྲོས་སུ་འབྱུང་བའི་སྐོང་བ་རྣམས་ཚང་བར་བཏང་། ལས་རྡོར་གྱིས་ཐབས་ཤེས་ཀྱིས་ཚོགས་བཏེགས་ལ། ཧོ༔ རྡོ་རྗེ་རྒྱལ་པོ་སོགས་བརྡ་ཡིས་འབུལ་ཞིང་། ལན་གནང་། མཆེད་བྱིངས་ལ་ཚོགས་བཏེགས་ནས་ཐམས་ཅད་ལ་བརྡའ་ཡིས་འབུལ་ལེན་སོགས་ཕྲེང་མཛེས་དཀྱུས་བཞིན་དང་། ལྷག་མའི་གོང་དུ། ལྷག་གཏོར་བྱིན་གྱིས་བརླབ་ཅིང་བསྔོ་བ་ལ་ཐུགས་གཏད་པར་ཞུ། ཞེས་བསྐུལ་ནས། ལྷག་གཏོར་ལ་བདུད་རྩི་བྲན་ཏེ། ཨོཾ་ཀ་པཱ་ལ་བ་སུ་ཏ་ར་ལི་ཀྲོཾ་ཀྲོཾ་དྷེ་ཝ་བྷྱོ། རུ་ལུ་རུ་ལུ་ཧཱུྃ། བ་ལིཾ་ཏ་མཎྜལ་ཧཱུྃ། ལྷག་མའི་གཏོར་མ་ངོ་བོ་རང་བཞིན་རྣམ་པར་དག་ཅིང་རྨད་དུ་བྱུང་བ། རྣམ་པ་ཤ་ཁྲག་རུས་པའི་རང་བཞིན་དམ་ཅན་རྒྱ་མཚོའི་དགྱེས་སྐོང་དམ་པར་གྱུར། ཨོཾ་ཨཱཿཧཱུྃ༔ ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབ། ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾཿཛཿཛཿ ཞེས་པས་ལྷག་མའི་མགྲོན་རྣམས་བཤུགས་པའི་སྒྲ་དྲག་པོས་སྤྱན་དྲངས་ལ། ཨོཾ་བཛྲ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མེ་ཏོག་ལ་སོགས་པས་མཆོད་ནས། ཧཱུྃ་ཧྲཱི༔ དུར་ཁྲོད་གསང་བ་སོགས་ཀྱིས་ལྷག་མ་བཏང་། གཞུང་དེར་འདིར་ཛཔ྄་བཟླས་གསལ་བ་དཔེར་བརྗོད་བཅས་བསྟན་པའི་དོན་ནི་དབང་དང་། རྒྱས་པ་སོགས་ཀྱི་ལས་སྦྱོར་བྱེ་བྲག་དགོས་ན་སྦྱོར་བའི་ཚུལ་ཡིན་པར་སེམས་ལ། དཀར་ཆེན་རབ་འབྱམས་པའི་ཡིག་ཆ་སོགས་སུ་འདིར་བསྟན་པ་ལས་འཕྲོས་ཏེ། མཆོག་སྒྲུབ་ཀྱི་ཛཔ྄་བཟླ་བར་གསུངས་པའང་ཡོད། བདག་གི་བླ་མ་རྡོ་རྗེ་འཆང་ཆེན་པོས་མཆོག་སྒྲུབ་ཀྱི་བཟླས་པ་འདི་རུ་མི་མཛད་པའི་རྗེས་སུ་འབྲང་ཞིང་། དོན་ལའང་འདི་ཉིད་གནས་པར་སེམས། དེ་ནས་དམ་སྤྱི་སྦྱར་ན། གཏོར་འགུགས་གཏོར་འབུལ་བཅས་འདིར་གཏང་། གང་ལྟར་ཡང་བསྐུལ་ཆད་བརྟན་བཅས་གྲུབ་མཚམས། གྲལ་མདོར་གཏོར་སྣོད་སྦུབས་པར། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། དཀོན་མཆོག་གསུམ་དང་ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། ཁྱད་པར་དུ་བླ་མ་དགོངས་པ་འདུས་པའི་དཀྱིལ་འཁོར་ཚོམ་བུ་དགུའི་ལྷ་ཚོགས། རྟ་ནག །དྲེགས་པ། ཤ་ཟ་མ་མོ། བཙན་རྒོད་འབར་བ་སྤུན་བདུན་འཁོར་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། གནོད་བྱེད་དམ་སྲི་རྒབ་འདྲེ་ཐམས་ཅད་གཏོར་གཞོང་རི་རབ་གསལ་བའི་འོག་ཏུ་ཁུག་ཅིག །ཅེས་པའི་འགུགས་པ་སྔོན་དུ་འགྲོ་བས། སློབ་དཔོན་གྱི་ཕྱག་གི་རྡོ་རྗེས་རྒྱ་གྲམ་དུ་བཀོད་ནས། རྟ་བྲོ་གྱེར་བས་གཏོར་གཞོང་ཁ་གྱེན་དུ་བསླངས་པར་འབྲུས་བཀང་ཞིང་འཐོར་བ་བཅས། བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས༔བཀྲ་ཤིས་དཔལ་འབྱོར་བདེ་ལེགས་ཕུན་ཚོགས་ཤིང༔ ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་ཡི༔ རྟག་ཏུ་ཐེག་ཆེན་ཆོས་ལ་སྤྱོད་པར་ཤོག༔ ཅེས་བརྗོད། ཚོགས་མཆོད་དཀྱུས་མ་ལྟར་ལ་རྗེས་ཀྱི་མཆོད་བསྟོད་མ་བྱས་ཀྱང་ཆོག་པར་མཛད་སྣང་། སྤྲོས་ཀྱང་མི་འགལ་ཞིང་། དབང་དོན་སྐབས་སུ་ཅིས་ཀྱང་མེད་དུ་མི་རུང་བས། ཧཱུྃ་ཧྲཱི༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ མེ་ཏོག་བདུག་སྤོས་མར་མེ་ཞལ་ཟས་དྲི༔ སྒྲ་དབྱངས་ཨརྒྷཾ་ལ་སོགས་མཆོད་པའི་སྤྲིན༔ ཕྱི་ནང་གསང་བ་བླ་མེད་དགྱེས་མཆོད་འབུལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཨརྒྷཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱཱ་ཤབྡ་པཱུ་ཛ་ཧོ༔ རུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་པཱུ་ཛ་ཧོ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་བ་སུ་ཏ་ཙིཏྟ་པཱུ་ཛ་ཧོ༔ བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་པས་མཆོད། ཧཱུྃ་ཧྲཱི༔ ཕྱི་ནང་གཞན་གསུམ་ལྷ་དང་ལྷ་མོའི་ཚོགས༔ བྱེད་པ་ཀུན་སྟོན་རྣམ་འཕྲུལ་ཡོངས་ཀྱི་མཛོད༔ འཁོར་འདས་རང་གྲོལ་བདེ་ཆེན་གཡུང་དྲུང་སྐུ༔ དཀྱིལ་འཁོར་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད༔ དངོས་གྲུབ་བླང་བ་སྦྱོར་མིན་སྐབས་དང་བསྟུན། དེ་ནས་ཉེས་བྱས་བཟོད་པར་གསོལ་ཞིང་ཡིག་བརྒྱ་ལན་གསུམ་སོགས་བཟླ། མདུན་བསྐྱེད་གཙོ་བོར་མི་བྱ་བའི་སྐབས་མི་དགོས་ཀྱང་། མདུན་བསྐྱེད་གཙོ་བོར་བྱེད་པའི་སྐབས། ཨོཾ། འདིར་ནི་རྟེན་དང་སོགས་ཀྱིས་བརྟན་བཞུགས་བྱ། བཀྲ་ཤིས་བརྗོད་པ་ནི། ཧཱུྃ་ཧྲཱི༔ རྒྱལ་བའི་སྐུ་ནི་སོགས་མེ་ཕྲེང་གཞུང་ལྟར་གྱེར། བསྡུ་རིམ། དམིགས་མེད་ལམ་ཁྱེར་གྱི་རྒྱུན་སྤྱོད། བསྔོ་བ། སྨོན་ལམ་བཅས་ཀྱི་མཐར། སྤྱི་བཞིན་སྨོན་ལམ་དང་ཤིས་བརྗོད་ཅི་རིགས་པས་མཐའ་བརྒྱན་པར་བྱའོ། ༈ །ཡང་འདིར་གསལ་འཁོར་གྱི་མངོན་རྟོགས་ལས་བྱང་ཚངས་སྒྲ་ལ་དམིགས་རྣམ་གསལ་བའི་ཆེད་དུ་སྦྱོར་བར་འདོད་ན། པདྨ་བཛྲ་ཡབ་ཡུམ་བསྐྱེད་ཟིན་པའི་ཚིག་མཚམས། ཕྱི་འཁོར་ཕྱོགས་མཚམས་པདྨ་འདབ་བརྒྱད་སྟེང༔ ཞེས་པའི་འཕྲོས་སུ། འདིར་གསལ། ཞེ་སྡང་རྡོ་རྗེ་མཐིང་ནག་རྡོར་དྲིལ་འཛིན༔ སོགས་ནས་བསྐྱེད་སྔགས་རྫོགས་ཀྱི་བར་བཏང་། དེ་ནས་ཚངས་སྒྲའི། ཧཱུྃ་ཧྲཱི༔ཤར་ཕྱོགས་རྡོ་རྗེ་སྟོང་ལྡན་སོགས་ནས། འདབ་བརྒྱད་པདྨའི་གདན་སྟེང་དུ༔ ཞེས་པའི་མཚམས། འདིར་གསལ། བཛྲ་ཐོད་ཕྲེང་བསྐྱེད་སྔགས་རྫོགས་ཀྱི་བར་བཏང་སྟེ། ཕྱོགས་མཚམས་ཀྱི་གཙོ་བོ་རྣམས་ཚངས་སྒྲ་དང་། འཁོར་རྣམས་འདིར་གསལ་ལྟར་སྦྱར་བ་ཐམས་ཅད་ལ་འགྲེ །སྒོ་མཚམས་པའི་སྐབས། ཧཱུྃ་ཧྲཱི༔ དཀྱིལ་འཁོར་ཆེན་པོའི་བར་མཚམས་སྒོ་བཞི་ན༔ ཞིང་ཆེན་གསར་རྙིང་བརྩེགས་པའི་ཁྲི་སྟེང་དུ༔ དཔལ་གྱི་བཀའ་སྡོད་སྒོ་མ་ཁྭ་གདོང་དང༔ ཕག་ཁྱི་འུག་གདོང་དཀར་སེར་དམར་ལྗང་རྣམས༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཁྲོལ༔ མཚམས་འཛིན་སྲུང་མ་གཤིན་རྗེ་བརྟན་བྱེད་མ༔ ཕོ་ཉ་མཆེ་མ་འཇོམས་བྱེད་ཕྱེད་གཟུགས་ཅན༔ རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་གྱིས༔ མཚན་པའི་གྲི་གུག་གཡས་ལ་ཐོད་ཁྲག་གཡོན༔ གཅེར་བུ་རུས་རྒྱན་གཡས་བསྐུམ་གཡོན་བརྐྱང་རོལ༔ ཁྱམས་ཀྱི་སྟོད་སྨད་དཔའ་བོ་དཔའ་མོ་ནི༔ ཐོད་དབྱུག་དཀར་པོ་སོགས་ནས། གཉིས་གཉིས་གར་སྟབས་བཞེངས། །བར་ཟུར་འདེབས་བཞིན་དང་། དེ་ནས་ཚངས་སྒྲ་ལས། སྣ་ཚོགས་གར་བསྒྱུར་ཆ་ལུགས་ཅིར་ཡང་སྟོན༔ སོགས་ཀྱིས་མཐར་དབྱུང་བས་འགྲུབ་བོ། །ཉི་ཟླའི་སྣང་བས་ཁྱོན་འདིར་བྱིན་རླབས་གཟིས། །སུས་ཀྱང་ཟླ་མེད་ད་ལྟའང་ཆེར་འབར་བའི། །བླ་མ་དགོངས་འདུས་ལས་བྱང་ཕྲེང་མཛེས་ཀྱི། །ཉེར་མཁོ་འདི་ཡང་ཀུན་ཕན་དཔྱིད་དུ་ཤོག །ཅེས་པ་འདིའང་འགྲོ་འདུལ་སྤྲུལ་པའི་གཏེར་ཆེན་ཁྱབ་བདག་བླ་མ་བདེ་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེའི་ཞལ་སྔ་ནས་དང་། མང་ཐོས་དགེ་སློང་འཇམ་དཔལ་ཚུལ་ཁྲིམས་ཀྱིས་ལས་བྱང་བསྡུས་པར་ཉེར་མཁོ་ཚང་ཞིང་། ཁྱད་པར་བསྐྱེད་རིམ་མངོན་རྟོགས་བཟླས་དམིགས་བཅས་ཁ་གསལ་འདུས་ཚང་ཞིག་སྦྱོར་ཅིག་པར་ཡང་ཡང་བསྐུལ་བ་ལ་བརྟེན་ནས། ཀུན་རྨོངས་འདུ་གསུམ་པ། དཔལ་རང་བྱུང་བདེ་བའི་རྡོ་རྗེ་ཞེས་འབོད་པའི་སྔགས་བན། སངས་རྒྱས་ཀརྨ་པའི་སྐྱེས་རབས་བཅོ་ལྔ་པའི་མཚན་འཛིན་པས་མེ་འབྲུག་ལོར་བསམ་སྦྱོར་དག་ཅིང་རང་བཟོའི་ཉེས་པས་མ་སྦགས་པའི་ཚུལ་དུ་སྦྱར་བ་ལ། མི་ཤེས་པའི་དབང་གྱུར་ནོངས་པ་གང་མཆིས་པདྨ་གར་དབང་མགོན་པོར་བཤགས་ཤིང་། དགེ་བས་གསང་བསྟན་ཉིན་མོར་བྱེད་པའི་སྣང་བ་ཡུན་རིང་དུ་འཕེལ་བའི་རྒྱུར་གྱུར་ཅིག། །།
རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ ཕྲག་དོག་རྡོ་རྗེའི་ཤོག་དྲིལ་ (Volume 55, Text 8)
རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ ཕྲག་དོག་རྡོ་རྗེའི་ཤོག་དྲིལ་བཞུགས་སོ༔ ན་མོ་ཀརྨ་ཌཱ་ཀི་ནཱི༔ དཔལ་ལས་ཀྱི་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ༔ ཕྲག་དོག་ལམ་དུ་ཁྱེར་བའི་གདམས་པ་འདི་ལ་གཉིས་ཏེ༔ རྒྱུ་དང་རྐྱེན་གཉིས་སོ༔ དེ་ལ་ཀུན་གཞི་རང་རྒྱུད་ལ་བརྟེན་པའི་སེམས་ཉོན་མོངས་ཀྱི་ཕྲག་དོག་དང༔ རྐྱེན་ཡུལ་སྣང་ལ་བརྟེན་པའི་འཁྲུལ་པ་མ་རིག་པའི་ཕྲག་དོག་གོ༔ དེ་ལ་རྒྱུ་ནི་རང་གི་སེམས་འདི་ཡིན་ཏེ༔ དུས་གསུམ་སངས་རྒྱས་ཀྱི་དགོངས་པ་སེམས་ཅན་ཀུན་ལ་ཁྱབ་པ་འདི་ཡིན་ཏེ༔ ཡར་སངས་རྒྱས་ཀྱིས་མ་བཅོས༔ མར་སེམས་ཅན་གྱིས་མ་བསླད༔ བར་གློ་བུར་གྱི་དྲི་མ་དང་བྲལ་བ་གཅིག་ཡིན་པ་ལ༔ དེ་ངོ་མ་ཤེས་པས་འཁྲུལ་པ་མ་རིག་པའི་ཕྲག་དོག་བྱུང་ངོ༔ དེ་ལ་བརྟེན་ནས་སེམས་འཁོར་བར་འཁྱམས་སོ༔ དེ་ལ་དང་པོ་གཞི་རང་གི་ཕྲག་དོག་རྩད་གཅད་པ་ནི༔ ཕྱིའི་ཡུལ་སྣང་དུ་རང་གི་གྲོགས་སྒོས་མཛའ་འམ༔ ཉེ་འབྲེལ་ལམ༔ ཉེ་རིང་ངམ༔ གཏམ་གང་ཡང་རུང་བ་གཅིག་ལ་བརྟེན་ནས༔ ཕྲག་དོག་ཚུབ་རིལ་གྱིས་བྱུང་བའི་དུས་སུ༔ ཕྲག་དོག་དེ་ལ་ངོ་བོ་ཅི་འདུག༔ གཟུགས་ཁ་དོག་དངོས་པོ་ཅི་འདུག་ལེགས་པར་ཐག་བཅད་དོ༔ དེ་ལ་དངོས་པོ་མ་རྙེད་ན་མ་རྙེད་པའི་ངང་ལ་དར་ཅིག་བཞག་གོ༔ དེ་ནས་ཡང་བལྟ་ཞིང་ཐག་བཅད་དོ༔ དེ་ནས་ཡང་དངོས་པོ་ཡོད་ནས་མ་རྙེད་པ་ཡིན་ནམ༔ མེད་པ་རང་གཅིག་ཡིན་བལྟས་པས༔ ངོ་བོ་རང་སྟོང་དུ་ཁྲོལ་གྱི་སོང་ནས༔ ངོས་གཟུང་མེད་པར་རང་གི་སེམས་སུ་ཐག་ཆོད་ཙ་ན་གཞི་རང་གི་ཕྲག་དོག་རྩད་ཆོད་པའོ༔ རང་རྒྱུད་ཀྱི་ཕྲག་དོག་རྩད་ཆོད་ཙ་ན༔ ཕྱི་ཡུལ་རྐྱེན་གྱི་ཕྲག་དོག་སྐྱེ་བའི་རྒྱུ་ཐམས་ཅད་རང་སར་དག་ནས༔ རང་སེམས་ཀྱི་ཆོ་འཕྲུལ་མ་གཏོགས་པ་དོན་ལ་ལོགས་ནས་ཅིས་ཀྱང་མེད་དོ༔ དགའ་མི་དགའ་དང༔ བདེ་སྡུག་ཐམས་ཅད་སེམས་ཀྱི་རྩལ་དུ་ངོ་ཤེས་ཙ་ན་ཕྲག་དོག་སྐྱེ་བའི་རྒྱུ་མེད་དོ༔ རྐྱེན་མེད་དོ༔ གང་སྐྱེས་ཀྱང་སྐྱེ་བའི་མཁན་པོ་རང་སྟོང་ཡིན་ནོ༔ དེ་ཙ་ན་རང་ལ་བརྟེན་པའི་ཕྲག་དོག་གི་མཁན་པོ་རྩད་ཆོད་པའོ༔ ད་འཁྲུལ་རྐྱེན་ཡུལ་སྣང་ལ་བརྟེན་པའི་ཕྲག་དོག་ནི༔ ཕྱི་འཁྲུལ་པ་མ་རིག་པའི་ཕྲག་དོག་རྩད་གཅད་པ་ལ༔ དེ་ཡང་གོང་དང་འདྲ་སྟེ༔ ཕྲག་དོག་གཅིག་ཡོང༔ དེ་བྱུང་བ་དང༔ དེའི་ངོ་བོ་ལ་དར་ཅིག་བལྟས་པས༔ ཕྲག་དོག་དེ་ཕྱི་ནས་བྱུང་ངམ་ནང་ནས་བྱུང༔ རང་ཡིན་ནམ༔ གཞན་ཡིན་བལྟས་པས་སྔར་མཁན་པོ་རྩད་ཆོད་པའི་སྟོབས་ཀྱིས༔ འདིར་ཡང་ཕྱི་ཡུལ་རྐྱེན་གྱི་ཕྲག་དོག་སྐྱེ་བའི་རྐྱེན་ཐམས་ཅད་ཀྱང༔ རང་གི་ཆོ་འཕྲུལ་དུ་ཤེས་ཏེ༔ རང་སར་གྲོལ་ནས་སྤང་རྒྱུ་སྐད་ཅིག་ཀྱང་མེད་དོ༔ དེ་ལྟར་ཤེས་ཙ་ན༔ ཕྲག་དོག་སྐྱེ་བའི་རྒྱུ་སྟོང༔ ཕྲག་དོག་སྐྱེ་བའི་རྐྱེན་ཡུལ་སྣང་ཐམས་ཅད་སྟོང༔ ནང་མཁན་པོ་སྟོང༔ ཕྱི་ཡུལ་རྐྱེན་སྟོང༔ བར་ངོ་བོ་སྟོང༔ སྤང་བླང་གི་མཐའ་དང་བྲལ༔ ཕྲག་དོག་གི་མཁན་པོ་མེད༔ དེ་ཙ་ན་ཕྲག་དོག་རླུང་ལྟར་འཚུབས་ཀྱང་ཨའུ་ཙི༔ ཕྲག་དོག་གི་ངོ་བོ་རང་སེམས༔ རང་སེམས་ཀྱི་ངོ་བོ་སྟོང་པ༔ སྟོང་པའི་ཆོས་སྐུ༔ དེ་ལྟར་ཤེས་ཙམ་ན༔ ཕྲག་དོག་སྐྱེས་ཚད་ཀྱི་ངོ་བོ་སྟོང༔ རང་བཞིན་གསལ༔ ཐུགས་རྗེ་འགགས་པ་མེད་པ་ལ་སལ་ལེ༔ སིང་ངེ༔ ངོས་བཟུང་མེད་པ་དེ་ཀ་ཆོས་སྐུ་ཡིན་ནོ༔ ནང་རིག་པ་ཆོས་སྐུར་ངོ་ཤེས་ཙ་ན༔ ཕྱི་ཡུལ་གྱི་ཕྲག་དོག་སྐྱེས་པ་ཐམས་ཅད་ནང་རིག་པ་ཆོས་སྐུའི་རྩལ་ཡིན་ནོ༔ དེ་ངོ་ཤེས་ཙ་ན་ཕྲག་དོག་ལམ་དུ་གྱུར་པ་ཡིན་ནོ༔ དེ་ལྟར་ངོ་ཤེས་ཙ་ན་གཞི་རང་ལ་བརྟེན་པའི་ཆོས་ཀྱི་སྐུ་ལ་བླང་རྒྱུ་མེད༔ ཕྱི་ཡུལ་རྐྱེན་ལ་བརྟེན་པའི་ཕྲག་དོག་ལ་སྤང་རྒྱུ་མེད༔ ཐམས་ཅད་རང་སེམས་ཆོས་སྐུའི་ཡོ་ལང་ཡིན༔ དུག་ལྔའི་ནང་ནས་ཕྲག་དོག་འདི༔ འབྱུང་བ་ལྔ་དང་སྦྱར་ན་རླུང་ཡིན་ནོ༔ ཁམས་ལྔའི་ནང་ནས་རླུང་གི་ཁམས་ཡིན་ནོ༔ སྐུ་ལྔའི་ནང་ནས་དོན་ཡོད་གྲུབ་པ་ཡིན་ནོ༔ སྟོང་པ་ལྔའི་ནང་ནས་གྲགས་སྟོང་དབྱེར་མེད་ཡིན་ནོ༔ ཡེ་ཤེས་ལྔའི་ནང་ནས་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་ནོ༔ འོད་ལྔའི་ནང་ནས་ལྗང་གུ་ཡིན་ནོ༔ ཞིང་ཁམས་ལྔའི་ནང་ནས་ལས་རབ་རྫོགས་པ་ཡིན་ནོ༔ ཕྲག་དོག་ལམ་དུ་ཁྱེར་བའི་གདམས་པ་འདི་ལམ་མྱུར་ཞིང་མ་བསྒོམ་པར་སངས་རྒྱ་བ༔ ངོ་ཤེས་པ་དང་གྲོལ་བ་དུས་མཉམ་པ་གདམས་པའི་ཁྱད་པར་རོ༔ གྲུབ་ཐོབ་རྒྱུན་ཁུག་ལ་འདི་ཀུན་ལ་མེད་པའི་ཁྱད་ཆོས་ཡིན་ནོ༔ ཀུན་ལ་ཡོད་ན་ངོ་མཚར་ཅིས་རེ་ཆེ༔ ཕྲག་དོག་རྡོ་རྗེའི་ཤོག་དྲིལ་ཞེས་བྱ་བ་ལགས་སོ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ནས་ཤོག་དྲིལ་ཁོལ་དུ་ཕྱུང་བའོ༔ ཡུམ་རྡོ་རྗེ་ཕག་མོས་དུར་ཁྲོད་ཆེན་པོ་སོ་སའི་གླིང་དུ་ཡེ་ཤེས་མཚོ་རྒྱལ་ལ་གནང༔ མཚོ་རྒྱལ་གྱིས་སྒྲགས་ཡང་རྫོང་ཤེལ་གྱི་འོད་གསལ་ཕུག་ཏུ་གཏེར་དུ་སྦས་སོ༔ བཀའ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ དེ་ནས་མཁའ་འགྲོའི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་དྲིན་ཆེན་མ་ཀུན་དགའ་འབུམ་གྱིས་གཏེར་ནས་བཏོན་པའོ། །སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག །ཤོག་སེར་གྱི་ཡང་ཚ་ལས་ཞལ་བཤུས་པའོ།། །།
ཐུགས་རྗེ་ཆེན་པོ་ས་ཡི་སྙིང་པོ་ཡིད་བཞིན་ནོར་བུ་ལས༔ སྦས་གནས་འགྲིམ་པའི་ཆ་རྐྱེན་གུ་རུ་ཡིད་བཞིན་རྣམ་བཞིའི་ལོ་རྒྱུས་ (Volume 43, Text 8)
ྈ ཐུགས་རྗེ་ཆེན་པོ་ས་ཡི་སྙིང་པོ་ཡིད་བཞིན་ནོར་བུ་ལས༔ སྦས་གནས་འགྲིམ་པའི་ཆ་རྐྱེན་གུ་རུ་ཡིད་བཞིན་རྣམ་བཞིའི་ལོ་རྒྱུས་བཞུགས༔ ྈྈྈྈྈྈྈྈྈྈྈྈྈ མ་འོངས་ལྔ་བརྒྱ་དུས་ཀྱི་མཐའ་མ་ལ༔ མཐའ་བཞིའི་དམག་མཚོན་དབུས་སུ་བརྡོལ་བའི་ཚེ༔ དབུས་མི་ཕལ་ཆེར་སྦས་གནས་འབྲོས་པའི་དུས༔ ཁ་ལ་ཤོད་དང་པདྨོ་བཀོད་ཆེན་པོར༔ འགྲོ་བའི་ལམ་ཡིག་རྟེན་འབྲེལ་བཅས་ཀ་རྣམས༔ དུས་གསུམ་མཁྱེན་པ་སྤྲུལ་སྐུའི་གསུང་བཞིན་དུ༔ དབྱངས་ཅན་མཚོ་རྒྱལ་མི་བརྗེད་གཟུངས་ཀྱིས་བཟུང༔ སྲིན་ཤོག་ལེབ་བཀོད་ས་ཡི་སྙིང་པོར་སྦས༔ མ་འོངས་སྦས་གནས་འགྲིམ་པའི་མཐུན་རྐྱེན་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ཡང་དུས་གསུམ་མཁྱེན་པ་མཆོག་གི་སྤྲུལ་པའི་སྐུ་གུ་རུ་རིན་པོ་ཆེ་དེ་ཉིད་ལྷོ་ནུབ་སྲིན་པོའི་ཡུལ་དུ་གཤེགས་པའི་དུས་དེའི་ཚེ༔ ལྷ་སྲས་མུ་ནེ་བཙན་པོ་ཡབ་སྲས་ཀྱིས་དབུ་མཛད་བོད་ཀྱི་རྗེ་འབངས་རྣམས་ཀྱིས་མང་ཡུལ་གུང་ཐང་ལ་ཁ་ཐུག་པར་ཞབས་སྐྱེལ་བྱས༔ གུ་རུ་རིན་པོ་ཆེ་ལ་ལྷ་སྲས་ཀྱིས་སྨྲེ་སྔགས་ཀྱི་སྒོ་ནས་ཕྱི་མཐའི་བླང་དོར་གྱི་ཞུ་བ་ཕུལ༔ གུ་རུ་རིན་པོ་ཆེས་ལྷ་སྲས་ཡབ་ཀྱིས་དབུ་མཛད་རྗེ་འབངས་ད་ལྟ་བ་དང་མ་འོངས་པ་ཡོངས་ལ་བརྩེ་བས་དགོངས་ཏེ་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་ཉོན་མོངས་སྡུག་བསྔལ་ཞི་བྱེད་བག་ཆགས་རང་གྲོལ་པདྨ་སྙིང་ཏིག་གི་ཟབ་ཆོས་གསུངས༔ ལྷ་སྲས་ཀྱིས་ཀྱང་མ་འོངས་པའི་རྗེ་འབངས་སྡུག་པའི་དུས་སུ་དགོས་པར་གཟིགས་ཏེ་བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད་པ་དང༔ བྲག་དམར་ཟང་ཡག་ནམ་མཁའ་རྫོང་གསུམ་དུ་གཏེར་དུ་སྦས༔ མ་འོངས་བུ་རྒྱུད་རྗེ་འབངས་སྡུག་བསྔལ་སྐྱོབ་པའི་སྨོན་ལམ་བཏབ༔ དེ་ལས་ཁྱད་པར་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་གྱི་ནང་ཚན་སྦས་གནས་འགྲིམ་པའི་ཆ་རྐྱེན་དུ་གྱུར་པ་གུ་རུ་ཡིད་བཞིན་ནོར་བུ་རྣམ་བཞིའི་སྒྲུབ་པ་ལས་ཁ་ཚར་དང་བཅས་པ་རྣམས༔ མཚོ་རྒྱལ་བདག་གིས་ཡི་གེའི་རིས་སུ་བྱས་ཏེ༔ ཡིད་བཞིན་འོད་མཆོག་གི་ཆ་ལག་ཏུ་སྦས་གནས་གསུམ་གྱི་ལམ་ཡིག་དང་ཆབས་ཅིག་པར་ཀོང་ཡུལ་བུ་ཆུ་ལྷ་ཁང་གི་རང་བྱུང་འཕགས་པའི་དྲུང་དུ་སྦས༔ ནམ་ཞིག་ལྔ་བརྒྱ་དུས་ཀྱི་མཐའ་མ་ལ༔ སངས་རྒྱས་ཀྱི་བསྟན་པ་དགོང་ཁའི་དམར་ཐག་ལྟར་གྱུར་ཅིང༔ སྣོད་བཅུད་ཐམས་ཅད་འཁྲུག་ཅིང་སྡུག་བསྔལ་གྱི་མཚོ་རྡོལ༔ སྨོན་ལམ་གྱི་མཐུ་སྟོབས་དང་ལྡན་པའི་དམ་སྲིའི་འགོང་པོ་མང་པོ་ཆེ་བཙུན་གྱི་སྙིང་ལ་ཞུགས་པའི་དབང་གིས་མཐའ་བཞིའི་དམག་སྡུད༔ བོད་བདེ་ཐབས་ཀྱི་བཅའ་ཀ་དང་རྟེན་འབྲེལ་ཐམས་ཅད་ལོག་པར་བསྒྱུར་ཞིང༔ དཀར་ཕྱོགས་རྣམས་མཐུ་ཆུང་ནག་ཕྱོགས་དམ་སྲི་བདུད་འགོང་རྣམས་དབང་བཙན་པས༔ ལོ་སྐོར་གྱི་བར་དུ་ཁྲག་དང་མཚོན་ཆའི་ཆར་པ་འབེབ༔ མདོ་སྟོད་མདོ་སྨད་རྣམས་ཧོར་སོག་གིས་འཛིན་ཅིང༔ རིམ་པས་དབུས་གཙང་དྭགས་ཀོང་སོགས་སར་ཁྲིམས་འཆའ༔ གནམ་ནས་ཆར་མེད་ཐན་པ་མེ་ལྟར་འབར༔ རྩི་ཤིང་འབྲུ་བཅུད་ཐམས་ཅད་སྐེམ༔ ནད་དུ་འབྲུམ་པ་དཀར་ནག༔ གཉན་ནད་ཏྲེ་ཏྲེ་ཧོ༔ ཚ་དབལ་གཟེར་ཐུང༔ གག་ལྷོག་གཉན་རྒོད་མ་གྲགས་པས་མི་ཐོག་འབུད༔ མི་སྨྱོན་དང་ཁྱི་སྨྱོན་མང༔ རྒྱ་འདྲེ་དང་འགོང་པོས་མི་ལ་གནོད་འཚེ་བྱེད་པ་འོང༔ ར་ས་དང་བསམ་ཡས་ཀྱི་གཙུག་ལག་ཕལ་ཆེར་སྤྲུལ་པ་སྡུད་པར་ཕྱོགས་པའི་ཕྱི་ནང་གི་རྟགས་ངན་པ་སྣ་ཚོགས་འོང༔ སྟོད་གོ་དཀར་གྱི་ཡུལ་ནས་བདུད་རྗེ་ནག་པོའི་དམག་མཚོ་བརྡོལ༔ མངའ་རིས་སྐོར་གསུམ་ལ་དབང་བྱེད༔ ཐོབ༔ དུས་དེའི་ཚེ་ང་སྤྲུལ་རྣལ་འབྱོར་པ་རྡོ་རྗེ་གྲོ་ལོད་རྩལ་བྱ་བ་གཉིས་འབྱུང་སྟེ༔ གཅིག་ནི་དབུས་གཙང་གི་མཚམས་སུ་ཁྱི་ཕག་ལོ་པ་དང་མཛོད་སྤུ་དང་སྨེ་བའི་རྒྱན་དྲུག་ཤ་མཚན་གྱི་སྟག་གི་རི་མོ་ཡོད་པ་ཧཱུྃ་ཆོས་ཉིད་ཉམས་སུ་ལེན་ཞིང་ཁྱུང་གི་ལྟ་བྲོ་དང་ལྡན་པ་ཟང་ཡག་ནམ་མཁའི་རྫོང་གསུམ་ནས་བོད་འབངས་སྐྱོབ་པའི་ཐུགས་གཏེར་འབྱེད་པ་གཅིག་འབྱུང་ཞིང༔ རྗེ་རིགས་དུང་ཅན་རྡོ་རྗེ་ཌཱ་ཀི་ཞིག་གིས་གྲོགས་བྱས་ཏེ་བལ་བོད་མཚམས་ཀྱི་ཁ་ལ་ཤོད་ཀྱི་གནས་སྒོ་འབྱེད༔ གཅིག་ནི་ཤར་མདོ་སྟོད་མདོ་སྨད་ཀྱི་ཕྱོགས་ནས་ལུག་གི་ལོ་པ་ཤ་མཚན་རྒྱན་དྲུག་སྟག་གི་རི་མོ་ཡོད་པ་བླ་མའི་ཐུགས་སྒྲུབ་ཉམས་སུ་ལེན་ཞིང་དབང་ཆེན་གྱི་ལྷ་བསྒོམ་དང་ལྡན་པས་ཐུགས་སྒྲུབ་དགོངས་པའི་གཏེར་ཁ་འབྱེད་པ་གཅིག་བྱ་བབས་པ་བཞིན་སྦས་གནས་སུ་འབྱུང༔ རྗེ་རིགས་རྡོ་རྗེ་མཁའ་འགྲོ་མངོན་པར་ཤེས་པ་དང་སྤྲུལ་བསྒྱུར་གྱི་རྩལ་དང་ལྡན་པ་བྱི་གླང་ལོ་པ་ཞིག་གིས་ལམ་གྱི་གྲོགས་བྱས་ཏེ༔ པདྨོ་བཀོད་ཆེ་ཆུང་དུ་བགྲོད་ཅིང་ལས་ཅན་རྣམས་ལ་སྦས་གནས་ཀྱི་སྒོ་དབྱེ་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེའི་ཚེ་ལམ་གྱི་བར་ཆད་ཞི་བའི་ཆེད༔ གུ་རུ་ཡིད་བཞིན་རྣམ་བཞིའི་ཆོས་བཀའ་འདི་རྣམས་སྦས་གནས་འགྲིམ་པ་རྣམས་ཀྱིས་ཉམས་སུ་བླངས་པས་ལམ་གྱི་བར་ཆད་ཞི་བ་དང་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བདེ་བླག་ཏུ་ཐོབ་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨོ་རྒྱན་ཆོས་རྗེ་གླིང་པས་མཆིམས་ཀྱི་ཡུལ་བུ་ཆུ་གཏེར་ཁང་ནས་སྤྱན་དྲངས་པའོ།། ྈ ཐུགས་རྗེ་ཆེན་པོ་ས་ཡི་སྙིང་པོ་ཡིད་བཞིན་ནོར་བུ་ལས༔ སྦས་གནས་འགྲིམ་པའི་ཆ་རྐྱེན་གུ་རུ་ཡི་དམ་ལྷར་སྒྲུབ་བཞུགས་སོ༔ ྈྈྈྈྈྈྈྈ མ་འོངས་བསྐལ་པ་མཐའ་མའི་ཚེ༔ ང་སྤྲུལ་གཏེར་འབྱིན་དེ་དག་ལ༔ ཆོས་དང་རྫས་ནོར་སྦས་གནས་སོགས༔ ལུང་ཐོབ་གཏེར་ཁ་འབྱེད་པ་ཡང༔ བོད་མི་བསོད་ནམས་ཆུང་བ་དང༔ ཐེ་ཚོམ་ལྟ་ལོག་དབང་སོང་ཞིང༔ ཡིད་གཉིས་བདུད་ཀྱིས་ཁྱེར་བ་ཡིས༔ དམ་ཚིག་གཡེལ་དང་སྲུང་མ་ཁྲོས༔ ལྟ་བསྒོམ་ཏིང་འཛིན་བུལ་བ་ཡིས༔ ཟབ་གཏེར་སྦས་གནས་འབྱེད་མི་ནུས༔ དེ་ཚེ་ང་ཉིད་དྲག་པོ་རྩལ༔ ཡི་དམ་ལྷ་དང་དབྱེར་མེད་བསྒྲུབ༔ ཕ་ནོར་བུ་ཡིས་ལོན་པ་དང༔ སྦས་གནས་འབྱེད་པར་ཐེ་ཚོམ་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ང་ཉིད་དཀོན་མཆོག་གསུམ་འདུས་སུ༔ ཁྱེད་ཤེས་སྐྱབས་སུ་འགྲོ་བ་དང༔ འགྲོ་དོན་ཟབ་གཏེར་སྦས་གནས་སོགས༔ འབྱེད་ཕྱིར་ང་ཉིད་དྲག་པོ་རྩལ༔ སྒྲུབ་པའི་སེམས་བསྐྱེད་སྔོན་བཏང་ནས༔ རང་ཉིད་ཐ་མལ་སྤྱི་གཙུག་ཏུ༔ པད་སྡོང་འདབ་བརྒྱད་གེ་སར་ལ༔ ཉི་མའི་སྟེང་དུ་ཧཱུྃ་མཐིང་ནག༔ འོད་ཟེར་སྤྲོ་བསྡུས་དྲན་རྫོགས་སུ༔ མ་ཧཱ་གུ་རུ་དྲག་པོ་རྩལ༔ སྨུག་མཐིང་སྤྱན་གསུམ་བཞད་པའི་ཞལ༔ གཅེར་བུ་རུས་པའི་རྒྱན་དྲུག་དང༔ སྙན་ལ་དུང་གི་ཝང་མིག་མཛེས༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཕྱག་གཡས་རྡོ་རྗེ་ནམ་མཁར་གདེངས༔ གཡོན་པས་ལྕགས་ཕུར་ཐུར་དུ་བསྒྲིལ༔ ཞབས་གཉིས་གཡོན་བརྐྱང་སྟག་སྟེང་བཞེངས༔ ཞལ་ནས་ཧཱུྃ་ཕེཾ་ཨཱ་རལླི༔ སྐུ་ལས་ཁྲོ་ཆུང་མེ་ཆར་འཕྲོ༔ སྟོང་ཁམས་གྲགས་སྟོང་ཧཱུྃ་ཕེཾ་སྒྲ༔ སྣང་སྟོང་ཁྲོ་ཚོགས་སྤྲོ་བསྡུ་འགྱེད༔ བླ་མ་རིག་འཛིན་སྟེང་ནས་འཐིབ༔ ཡི་དམ་ཞི་ཁྲོ་འཁོར་གྱིས་བསྐོར༔ མཁའ་འགྲོ་སྡེ་ལྔ་རོལ་དུ་ཁྲིད༔ དཔའ་བོ་བྲོ་བརྡུང་ཁྲབས་སེ་ཁྲབ༔ དཔའ་མོ་གླུ་ལེན་ཀྱུ་རུ་རུ༔ ཆོས་སྐྱོང་སྡེ་བརྒྱད་ཤ་ར་ར༔ དེ་ལྟར་གསལ་བའི་གནས་གསུམ་ལས༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམ༔ ཧཱུྃ༔ བདེ་གཤེགས་ཀུན་འདུས་རྡོ་རྗེ་དྲག་པོ་རྩལ༔ ལོག་འདྲེན་འཇོམས་མཛད་རྡོ་རྗེ་གྲོ་བོ་ལོད༔ ཐུགས་རྗེ་ཐུགས་དམ་དབང་གིས་སྐུར་བཞེངས་ལ༔ སྒྲུབ་མཆོག་བདག་ལ་དབང་སྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ༔ བགེགས་དང་ལོག་འདྲེན་བར་ཆད་སོལ་མཛོད་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྟོང་ཧཱུྃ་གི་འཕྲོ་འདུ་དང༔ གྲགས་སྟོང་ཧཱུྃ་གི་རང་གདངས་ཀྱིས༔ བདེ་གཤེགས་རྩ་གསུམ་ཐུགས་རྒྱུད་བསྐུལ༔ ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ན༔ དམ་ཚིག་ཟོལ་ཟོག་མེད་པའི་དཔའ་གདིང་གིས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཁྱེད་ཉིད་ཡི་དམ་ལྷ་དང་དབྱེར་མེད་པས༔ ཕ་ནོར་བུ་ཡིས་ལོན་པར་ཐེ་ཚོམ་མེད༔ གུ་རུ་ཡིད་བཞིན་ནོར་བུ་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རྩེ་གཅིག་གདུང་བས་གསོལ་བ་འདེབས༔ ང་ཉིད་ཡི་དམ་ལྷར་བསྟན་ཏེ༔ ཅི་འདོད་དངོས་གྲུབ་སྩོལ་བ་ཡི༔ མཚན་མ་སྟོན་པར་ཐེ་ཚོམ་མེད༔ ང་ཉིད་རྡོ་རྗེ་དྲག་པོ་རྩལ༔ ཡི་དམ་ཞི་ཁྲོ་འདུས་པའི་སྐུ༔ སྤྱི་གཙུག་བསྒོམ་ཞིང་གསོལ་བ་འདེབས༔ སྡེ་བརྒྱད་སྲུང་མ་མི་མ་ཡིན༔ ལྷ་སྲིན་ཟེར་གྱིས་ཞུད་བྱུང་ན༔ དྲག་པོ་རྩལ་གྱི་སྐུ་རུ་བསྒོམ༔ སྐུ་ཡིས་ཞིང་ཁམས་ཡོངས་ལ་ཁྱབ༔ འཇིགས་ཟིལ་བཟོད་མེད་རབ་ཏུ་འབར༔ ཞལ་ནས་ཧཱུྃ་སྒྲ་འབྲུག་སྟོང་ལྡིར༔ ཞབས་གཉིས་རྡོ་རྗེའི་གར་བསྒྱུར་བས༔ སྟོང་གསུམ་འུར་ལྡེག་ཆེམ་ཆེམ་བསྒོམ༔ ལྷ་སྲིན་ཟེར་གྱིས་ཞུད་བྱུང་ན༔ དངངས་སྐྲག་འདིར་འགྱེལ་ཁོང་ཁྲག་ལུད༔ ཅི་བགྱིའི་བཀའ་ཉན་གསུང་སྡོད་བསྒོམ༔ འཕྲལ་དུ་ལུས་ཀྱི་སྟངས་སྟབས་དང༔ ཏིང་འཛིན་དམིགས་པའི་འཕྲོ་འདུར་བཅས༔ དྲེགས་པ་གཟིར་བའི་ཤམ་བུ་འདི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རྡོ་རྗེ་ཁྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་སརྦ་དུཥྚཱཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ གནམ་རྡོ་ལྷུང་བ་ལྟ་བུར་བཟླ༔ སྡེ་བརྒྱད་ལྷ་འདྲེའི་ཟེར་མི་ཚུགས༔ དབང་ལུང་བཀའ་བསྒོ་སྒྲུབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་རུ་ཡི་དམ་ལྷ་སྒྲུབ་ཡིད་བཞིན་ནོར་བུ་གཙོ་བོ། མཆིམས་ཀྱི་ཡུལ་ནས་ཆོས་རྗེ་གླིང་པས་སྤྱན་དྲངས་པའོ།། ྈ ཐུགས་རྗེ་ཆེན་པོ་ས་ཡི་སྙིང་པོ་ཡིད་བཞིན་ནོར་བུ་ལས༔ སྦས་གནས་འགྲིམ་པའི་ཆ་རྐྱེན་ཕྱག་རྒྱ་བཞི་སྒྲུབ་བཞུགས༔ ྈྈྈྈྈྈྈྈྈྈ མ་འོངས་བསྐལ་པ་མཐའ་མ་ལ༔ ཧོར་སོག་དམག་དཔུང་འུར་སྐད་ཆེམས༔ མི་རྣམས་ཞེ་ཞུམ་ཞེ་ཞུམ་བྱེད༔ བྱང་ནས་འཁྲུག་ཅིང་ནུབ་ནས་འཛེམ༔ དབུས་མི་བསིལ་བུར་སྦས་ཡུལ་འཐོར༔ དེ་ཚེ་འབྲུ་བཅུད་ཐམས་ཅད་སྐེམ༔ རྟ་ཕྱུགས་རྐང་བཞི་ཐམས་ཅད་གུམ༔ བོད་འབངས་མི་ཕྱེད་མུ་གེས་འཆི༔ དབེན་གནས་ལམ་སྲང་འགྲིམ་འགྲུལ་རྣམས༔ མི་ངན་ཨར་ཇག་ཆོམ་པོས་བརྡུང༔ ལམ་མི་བགྲོད་ཅིང་སྲོག་དང་བྲལ༔ དེ་དུས་ང་ཉིད་དྲག་པོ་རྩལ༔ ཕྱག་རྒྱ་སྒོ་མ་བཞི་དང་བཅས༔ གསོལ་བཏབ་འཇིགས་པ་དེ་ཡིས་སེལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་བཏང་ནས༔ སྤྱི་གཙུག་གུ་རུ་དྲག་པོ་བསྒོམ༔ ཤར་དུ་འགུགས་བྱེད་ཕྱག་རྒྱ་དཀར༔ གཞོན་མཛེས་ཕྱག་གཡས་ལྕགས་ཀྱུ་བསྣམས༔ ལྷོ་རུ་འཆིང་བྱེད་ཕྱག་རྒྱ་སེར༔ སྒེག་བཞད་ཕྱག་གཡས་ཞགས་པ་བསྣམས༔ ནུབ་ཏུ་སྡོམ་བྱེད་ཕྱག་རྒྱ་དམར༔ ཁྲོ་ཆས་ཕྱག་གཡས་ལྕགས་སྒྲོག་བསྣམས༔ བྱང་དུ་མྱོས་བྱེད་ཕྱག་རྒྱ་ལྗང༔ གཏུམ་རྔམ་ཕྱག་གཡས་དྲིལ་བུ་བསྣམས༔ ཀུན་ཀྱང་གཡོན་པ་ཀ་པཱ་ལ༔ གཅེར་བུ་བྷ་ག་ནུ་མ་རྒྱས༔ རུས་པའི་རྒྱན་དྲུག་མེ་ཏོག་ཕོག༔ གཡོན་བརྐྱང་གར་གྱིས་བཞུགས་པར་བསྒོམ༔ མི་རྒོད་ཨར་ཇག་ཆོམ་པོ་རྣམས༔ འགུགས་འཆིང་སྡོམ་མྱོས་བརྟན་བྲལ་བསྒོམ༔ གྲགས་སྟོང་ཧཱུྃ་དང་ཧ་རི་ནི་ས༔ བྱིན་ཕབ་གསོལ་བ་སྙིང་ནས་གདབ༔ ལམ་སྲང་འཇིགས་དང་དབེན་རི་འགྲིམ་པའི་ཚེ༔ བསད་ཁྱེར་ཇག་པ་ཆོམ་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཁྱེད་ཉིད་ཕྱག་རྒྱ་བཞི་ཡི་སྒོ་མར་བཅས༔ ཙོ་ར་མི་རྒོད་བརླག་པར་ཐེ་ཚོམ་མེད༔ གུ་རུ་ཡིད་བཞིན་ནོར་བུ་ལ་གསོལ་བ་འདེབས་སོ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་པས་གསོལ་གདབ་མི་རྒོད་དང༔ ཆོམ་རྐུན་བཅིང་བའི་རྟེན་འབྲེལ་ནི༔ ཁམ་ཕོར་གསར་པའི་ནང་དུ་ནི༔ བྱ་རྒོད་གླ་བ་སྤྱང་ཀི་ཡི༔ རྒྱུས་སྐུད་གསུམ་བསྒྲིལ་བྱས་པ་ལ༔ བཙན་དུག་གཡེར་མ་ཐང་ཕྲོམ་བྱུགས༔ དྲི་མ་མ་ཕོག་རྫ་ཕོར་གཞུག༔ སིཾ་ཧ་མུ་ཁ༔ སི་ན་ར་མ་ཏྲི་ཧྲིང༔ མི་ཧ་ར༔ ཐར་ནི་ཐར་ནི༔ མི་རྒོད་ཆོམ་པོ་ཆིངས་ཡ༔ ཞེས་བཟླས་མདུད་པ་ལན་གསུམ་བོར༔ རང་སྲུང་ཤུ་དག་ནག་པོ་བྱུགས༔ ཆོམ་པོ་བྱུང་དུས་མེ་ལ་བསྲེག༔ རྒྱུས་པ་གུམ་དང་དགྲ་ཇག་རེངས༔ མཉམ་དུ་འགྱུར་ཏེ་ཐེབ་པ་ཡི༔ འགྲོལ་ན་ཕག་གི་ཚིལ་བུ་བྱུག༔ གུ་གུལ་བདུག་ན་ཕན་པ་ཡིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་རུ་ཕྱག་རྒྱ་བཞི་སྐོར་ཡིད་བཞིན་ནོར་བུ་གཙོ་བོ། ཆོས་རྗེ་གླིང་པས་མཆིམས་ཀྱི་ཡུལ་ནས་སྤྱན་དྲངས་པའོ།། ྈ ཐུགས་རྗེ་ཆེན་པོ་ས་ཡི་སྙིང་པོ་ཡིད་བཞིན་ནོར་བུ་ལས༔ སྦས་གནས་འགྲིམ་པའི་ཆ་རྐྱེན་གུ་རུ་གཞི་བདག་ལམ་འདྲེན་བཞུགས༔ ྈྈྈྈྈྈྈྈྈ མ་འོངས་བསྐལ་པ་ཐ་མ་ལ༔ ཧོར་སོག་མཐའ་དག་བརྡོལ་བའི་ཚེ༔ བོད་མི་ཕལ་ཆེར་སྦས་གནས་འབྲོས༔ བྱིན་རླབས་ལུང་བསྟན་མ་ཐོབ་ཅིང༔ དད་དང་དམ་ཚིག་མེད་པ་དང༔ ལྷག་པར་དམ་ལོག་མི་སྲུན་རིགས༔ སྦས་པའི་གནས་ལ་འཇུག་པར་བྱེད༔ དེ་ཚེ་སྦས་ཡུལ་གནས་སྲུང་ཁྲོས༔ ཁ་ཆར་བུ་ཡུག་འཚུབ་མར་འཁྱིལ༔ ལམ་མི་ཆོད་ཅིང་ལྟོག་འཁྱགས་འཆི༔ སྦས་ཡུལ་མི་རྙོག་སྡུག་རེ་བསྔལ༔ དེ་དུས་ང་ཉིད་དྲག་པོ་རྩལ༔ སྦས་གནས་སྲུང་མའི་ཚོགས་དང་བཅས༔ མཆོད་ཅིང་གསོལ་བཏབ་འདི་བྱས་པས༔ སྦས་ཡུལ་བགྲོད་པར་ཐེ་ཚོམ་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་འགྲོ་བས༔ སྤྱི་གཙུག་གུ་རུ་དྲག་པོ་བསྒོམ༔ གྲགས་སྟོང་ཧཱུྃ་གི་བྱིན་ཆེན་ཕོབ༔ སྦས་ཡུལ་ནགས་ཁྲོད་དབེན་ས་སྙོག་པའི་ཚེ༔ ཁ་ཆར་བུ་ཡུག་འཚུབ་ཅིང་ལམ་འགགས་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཁྱེད་ཉིད་གཞི་བདག་གཉན་པོའི་ཚོགས་བཅས་ཏེ༔ བདག་ཅག་ལམ་སྣ་འདྲེན་པར་ཐེ་ཚོམ་མེད༔ གུ་རུ་ཡིད་བཞིན་ནོར་བུ་ལ་གསོལ་བ་འདེབས་སོ༔ བསམ་པ་ལྷུན་གྱི་འགྲུབ་པར་བྱིན་གྱིས་རློབས༔ ཚིག་ཙམ་མིན་པར་གསོལ་བ་འདེབས༔ དམ་ཚིག་སྡོམ་པ་ཉམས་པ་རྣམས༔ ཚོགས་མཆོད་མེ་མཆོད་བརྒྱ་རྩ་དང༔ གཏོར་མ་སྐོང་བ་བརྒྱ་རྩས་བཤགས༔ སྒྲིབ་སྦྱོང་ཡི་གེ་བརྒྱ་པ་འདོན༔ སྦས་ཡུལ་གཞི་བདག་གཉན་པོ་ལ༔ གཏོར་མ་བསང་དང་གསེར་སྐྱེམས་དང༔ དཀར་གསུམ་ཤ་ཁྲག་དབུགས་ལ་སོགས༔ རང་རང་མཐུན་པའི་རྫས་ཀྱིས་མཆོད༔ རང་ཉིད་དྲག་པོ་རྩལ་དུ་བསྒོམ༔ ལྷ་བསྒོམ་ཏིང་འཛིན་མི་གཡེལ་བས༔ གཞན་ཕན་བྱང་ཆུབ་སེམས་ཀྱིས་ནི༔ ཆོས་ཉིད་བདེན་པའི་ཆད་ཐོ་བསྒྲག༔ ཧཱུྃ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ དམ་ལ་བཏགས་པའི་ལྷ་འདྲེ་རྣམས༔ ཆོས་ཉིད་བདེན་པའི་བཀའ་ལ་ཉོན༔ རིན་ཆེན་གསེར་སྐྱེམས་མཆོད་པ་དང༔ རྒྱགས་བརྔན་བསང་མཆོད་དགྱེས་པར་བཞེས༔ བདག་ནི་ཨོ་རྒྱན་ཆེན་པོའི་རྒྱུད༔ ཁྱོད་ནི་ལྷ་འདྲེ་གཡར་དམ་ཅན༔ དམ་ཚིག་འབྲེལ་པས་སྔོན་ནས་འབྲེལ༔ སྦས་གནས་ཟབ་གཏེར་འདི་དག་ཀུན༔ སྔོན་ཙམ་དུས་ནས་ཁྱོད་ལ་བཅོལ༔ ད་ཙམ་བདག་ལ་ལེན་པར་བསྐོས༔ གཡར་པོ་བདག་ཏུ་མ་བཟུང་ཞིག༔ མདོ་མེད་ཅོལ་ཆུང་མ་མཛད་པར༔ ཕ་ཡིས་ས་མཁར་བུ་ལ་ཕོག༔ ཕ་ནོར་བུ་ལ་ཅིས་མི་སྦྱིན༔ ལམ་གྱི་བར་ཆད་ཐམས་ཅད་སོལ༔ མཐུན་རྐྱེན་བསམ་པ་ཐམས་ཅད་སྒྲུབས༔ སྔོན་གྱི་ཐ་ཚིག་མ་གཡེལ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་པའི་བདེན་བདར་རྒྱགས་བརྔན་བྱ༔ ལམ་གྱི་བར་ཆད་སེལ་བ་དང༔ མཐུན་རྐྱེན་ལམ་སྣ་འདྲེན་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་རུ་གཞི་བདག་ལམ་འདྲེན་ཡིད་བཞིན་ནོར་བུ་གཙོ་བོ༔ ཆོས་རྗེ་གླིང་པས་མཆིམས་ཀྱི་ཡུལ་ནས་བཏོན་པའོ།། ྈ ཐུགས་རྗེ་ཆེན་པོ་ས་ཡི་སྙིང་པོ་ཡིད་བཞིན་ནོར་བུ་ལས༔ སྦས་གནས་འགྲིམ་པའི་ཆ་རྐྱེན་གུ་རུ་དཔའ་བོ་གིང་བཞིའི་སྒྲུབ་ཐབས་བཞུགས༔ ྈྈྈྈྈྈྈྈྈྈྈ མ་འོངས་བསྐལ་པ་མཐའ་མ་ལ༔ མཐའ་མིས་དབུས་འཛིན་དབུས་མི་རྣམས༔ སྦས་མཐའ་དབེན་གནས་སྙོག་པའི་ཚེ༔ སྟག་གཟིག་དོམ་དྲེད་དུག་སྦྲུལ་སོགས༔ མཆེ་བ་ཅན་དང་སྦྲང་མ་ནི༔ ཏྲེ་ལ་ཀ་དང་ཏྲེ་ཀ་སོགས༔ དུག་གི་མཆུ་ཅན་རྣམས་ཀྱིས་འཚེ༔ ང་ཉིད་དཔའ་བོ་གིང་བཞི་བསྒྲུབ༔ གདུག་པའི་སེམས་ཅན་གནོད་འཚེ་ཞི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་བཏང་ནས༔ སྤྱི་གཙུག་གུ་རུ་དྲག་པོ་བསྒོམ༔ ཕྱོགས་བཞིར་དཔའ་བོ་གིང་བཞི་སྟེ༔ ཤར་དུ་འཛིན་གིང་འགུགས་བྱེད་མཐིང༔ རྡོ་རྗེ་ལྕགས་ཀྱུ་གཡས་ན་བསྣམས༔ ཡུམ་ཆེན་རྡོ་རྗེ་གིང་མོས་འཁྱུད༔ ལྷོ་རུ་སྒྲོལ་མའི་གིང་ཆེན་སེར༔ ཕྱག་གཡས་རིན་ཆེན་རལ་གྲི་བསྣམས༔ ཡུམ་ཆེན་རིན་ཆེན་གིང་མོས་འཁྱུད༔ ནུབ་ཏུ་སྟོབས་མཛད་གིང་ཆེན་དམར༔ ཕྱག་གཡས་པད་དམར་མི་སྙིང་བསྣམས༔ ཡུམ་ཆེན་པདྨ་གིང་མོས་འཁྱུད༔ བྱང་དུ་རྒྱུག་གིང་ཕོ་ཉ་ལྗང༔ ཕྱག་གཡས་རྒྱ་གྲམ་རྒྱུ་ཞགས་བསྣམས༔ ཡུམ་ཆེན་ལས་རབ་གིང་མོས་འཁྱུད༔ གཡོན་རྣམས་གསང་བའི་རྔེའུ་ཆུང་བརྡུང༔ དབུ་ལ་རུ་མཚོན་ལྷབས་སེ་ལྷབ༔ སྟག་ལྤགས་ཤམ་ཐབས་སྐུ་ལ་དཀྲིས༔ དར་གྱི་ཅོད་པན་པུ་རུ་རུ༔ རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ དྲིལ་ཆུང་གཡེར་ཁ་སི་ལི་ལི༔ བྲོ་བརྡུང་བཤུག་གླུ་ཀྱུ་རུ་རུ༔ གཞན་ཡང་སྐྱོབ་བྱེད་སྲུང་མ་བཅས༔ གྲགས་སྟོང་ཧཱུྃ་དང་ཨཱ་རལླི༔ བྱིན་དབབ་གདུང་བས་གསོལ་བ་འདེབས༔ སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན༔ འབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཁྱེད་ཉིད་དཔའ་བོའི་གིང་དང་སྲུང་མར་བཅས༔ གདུག་པའི་སེམས་ཅན་སྐྲོད་པར་ཐེ་ཚོམ་མེད༔ གུ་རུ་ཡིད་བཞིན་ནོར་བུ་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་པས་གསོལ་གདབ་རྟེན་འབྲེལ་རྫས༔ སྦྲང་བུ་དུག་སྦྲུལ་དུག་བསྲུང་ཕྱིར༔ མུ་ཟི་གླ་རྩི་སྒོག་སྐྱ་སོགས༔ སྟག་གཟིག་དོམ་དྲེད་མཆེ་ཅན་རིགས༔ ཁ་འཆིང་ཕྱིར་དུ་ཙཀྲ་ནི༔ གཅན་གཟན་གཟུགས་དོད་ལྕེ་ཕྱིར་ཕྱུང༔ རྡོ་རྗེ་རྒྱ་གྲམ་ཕྱི་སྐོར་དུ༔ ཧཱུྃ་ཨཱ་རལླི་སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན་གྱི་མཆུ་ཆིངས་གྲེ་སྡོམས༔ ཞེས་པའོ༔ སྔགས་ཀྱིས་བསྐོར་ཞིང་སྤྱི་གཙུག་ཏུ༔ མཆོད་རྟེན་ནག་པོས་མནན་པར་བྲི༔ མགོ་ནས་དྲིལ་ཏེ་སྐུད་པས་བཅིང༔ སཱཙྪ་ནག་པོའི་འོག་ཏུ་མནན༔ རང་སྔགས་བཟླས་ཤིང་གཅན་གཟན་གྱི༔ ཁ་བཅིང་དཔའ་རྩལ་ཉམས་པར་བསྒོམ༔ དེས་ནི་མཆེ་བ་དུག་མཆུ་ཅན༔ གནོད་པ་རྣམས་ལས་བསྲུང་བར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཞན་ཡང་སྦས་ཡུལ་གནས་པའི་སྐྱེས་བུ་རྣམས༔ བར་ཆད་བསྲུང་ཞིང་མཐུ་ཆེན་སྒྲུབ་པའི་ཆོས༔ ང་ཉིད་རྡོ་རྗེ་དྲག་པོ་རྩལ་དང་ནི༔ ཡེ་ཤེས་མཚོ་རྒྱལ་བདུད་འདུལ་དྲག་མོའི་སྐོར༔ དང་མ་འོད་མཚོ་འཇའ་ཚོན་འཁྱིལ་བ་ཡི༔ བདུད་རི་ནག་པོ་རྔ་སྒྲའི་འདབས་ན་ཡོད༔ ནམ་ཞིག་བསྐལ་པ་དུས་ཀྱི་མཐའ་མ་ལ༔ རྗེ་ཡི་མངའ་ཐང་གློ་བུར་རྒྱལ་པོས་འཕྲོག༔ རུ་བཞིའི་བསྟན་པ་མཐའ་མིས་འཛིན་པའི་དུས༔ འབངས་ལ་ཁྲེལ་མེད་སྡེ་རིགས་སིལ་བུ་འཐོར༔ ཆོས་བྱེད་རྣམས་ཀྱང་ཡིད་འབྱུང་སྐྱེ་བའི་དུས༔ པདྨ་བདག་དང་རྒྱལ་སྲས་ཆོས་རྗེ་ཡི༔ སྨོན་ལམ་ལས་འབྲས་རྡོ་རྗེ་བདེ་བ་རྩལ༔ ཆོས་རྗེ་གླིང་པ་དེ་ཡིས་འབྱིན་པར་འགྱུར༔ ཇི་བཞིན་ཉམས་སུ་བླངས་ན་བར་ཆད་ཞི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་རུ་ཡིད་བཞིན་ནོར་བུ་རྣམ་བཞིའི་སྒྲུབ་ཐབས་ཁ་ཚར་དང་བཅས་པ་མཚོ་རྒྱལ་གྱིས་བཀོད་དེ༔ རང་བྱུང་ཐུགས་རྗེ་ཆེན་པོའི་མདུན་དུ་སྦས་པའོ༔ ྈྈྈ ྈྈ ཆོས་རྗེ་གླིང་པས་མཆིམས་ཀྱི་ཡུལ་ནས་སྤྱན་དྲངས་ཏེ་སྦས་པའི་ཚལ་དུ་ཤོག་སེར་ལས་བསྒྱུར་པའོ།། །།
གླིང་བཞི་སྤྱི་མདོས་ཀྱི་ལས་འགྲིགས་ (Volume 44, Text 8)
གླིང་བཞི་སྤྱི་མདོས་ཀྱི་ལས་འགྲིགས་ནི། དང་པོ་སྔོན་འགྲོའི་བཅས་རྣམས་གྲུབ་ནས། སྐྱབས་སེམས་ནས་གཟུང་། ཡི་དམ་གཞུང་ལྟར་ཚོགས་སྐོང་ཡན་ཚར་ནས། གླིང་བཞིའི་འདོན་འགྲིགས་ནི། བདག་ཉིད་ཆེ་མཆོག་ཧེ་རུ་ཀ༔ སོགས་ནས། སྲིད་པའི་མདོས་ཀྱི་གཟུ་དཔང་མཛོད༔ ཡན། སྲིད་པ་ཁོད་སྙོམ་ནས། ཀྱཻ༔ རང་བཞིན་རྣམ་དག་འཕྲུལ་གྱི་མདོས༔ ཅེས་སོགས་ནས། ཚིམ་ནི་སོ་སོའི་དབང་པོ་ཚིམ༔ ཡན། སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ནས། གླིང་བཞི་ནས། གཟི་བྱིན་བསྐྱེད་པ་ནི། ཧཱུྃ༔ ང་ནི་ཁྲག་འཐུང་ཆེན་པོ་སྟེ༔ ཅེས་སོགས་ནས། གླུད་བདག་ནི་གླུད་ལོངས་ཤིག༔ ཡན། ཁོད་སྙོམ་ནས། ཀྱཻ༔ སྲིད་པ་རླུང་ལ་རྟེན་བཅས་པའི༔ ཅེས་སོགས་ནས། མཚན་མ་མེད་པའི་དོན་ལ་གནས་པར་གྱིས༔ ཡན། གླིང་བཞི་ནས། ཀྱཻ༔ ཆོ་ག་འདི་ལ་བརྟེན་ནས་ནི༔ ཅེས་སོགས་ནས། འདི་ལ་ཡོན་ཏན་བརྗོད་མི་ལངས༔ ཡན། ཁོད་སྙོམ་ནས། རང་བཞིན་མདོས་ཀྱི་ནུས་པ་དང༔ ཅེས་སོགས་ནས། བགེགས་ཀྱིས་རྒྱུ་བར་མི་སྐབས་སོ༔ ཡན། ཆད་མདོ་བརྟན་སྐྱོང་གཞུང་ལྟར་སོགས། ཕྱིར་ལམ་གཅད་པ་ནི། ཀྱཻ༔ གནས་འདི་སྔགས་པས་བྱིན་བརླབས་ནས༔ ཅེས་སོགས་ནས། དེ་ཕྱིར་བགེགས་ཚོགས་མཚམས་ཆོད་ཅིག༔ འདྲེ་ལས་རྒྱལ་ནས་ལྷ་ངོ་བསྟོད་པ་ནི། ཀྱཻ༔ སྔགས་ཀྱི་བདེན་པ་ཆེན་པོ་ཡིས༔ ཅེས་སོགས་ནས། ད་ནི་བར་ཆད་བདུད་ལས་རྒྱལ༔ ཡན། ཚེ་འགུགས་པ་ནི། ཀྱཻ༔ ད་ནི་བདུད་ལས་རྒྱལ་བའི་མཐུས༔ ཞེས་སོགས་ནས། སྦྱིན་བདག་དཔལ་དང་ཚེ་གཡང་ཁུག༔ ཅེས་བཀྲ་ཤིས་བསྔོ་བ་སྨོན་ལམ་ཡི་དམ་གཞུང་ལྟར་བརྗོད། མདོས་གཉིས་ཀྱི་བཅའ་ཐབས་གླིང་བཞིའི་མགོ་ཡི་ཡིག་ཆུང་ལྟར་རོ། །གཞན་ཡང་སྐུ་གླུད། བྱད་ཐག །དམུ་ཐག །འབྲང་རྒྱས། ཤྭ་དཀར་ནག །གླང་ཆེན། རྔ་མོང་ཁལ་བཀལ། སྲིན་མོ་ཟ་ལམ། གླུད་སྣོད་སྒྱེའུ། ཤང་ཤང་ཏེའུ། རྩ་ནག །སྤོམ་ནག་ཁྲམ་ཤིང་། སྤྱི་བོའི་རྡོ་ལེབ། སྟག་པའི་གཉའ་ཤིང་ལ་སོགས་པ་གཞན་མཁོའི་བཅས་རྣམས་མདོས་གཞུང་ནས་ཇི་ལྟར་གསུངས་བཞིན་ཚོགས་པར་གསག་གོ །གཞན་འདིར་འདོན་བྱ་བཤམ་བཀོད་རྣམས་བླ་མའི་ཞལ་ལ་ཞུ་ཞིང་མཐར་ཆགས་བྱའོ། །ཅེས་པ་འདི་ནི་ཀཿཐོག་རྡོ་རྗེའི་གདན་དུ་དབོན་པོ་ཨོ་རྒྱན་རྣམ་གྲོལ་གྱི་ཞལ་རྒྱུན་ལྟར་བླ་མ་སྦྱིན་པ་རྒྱལ་མཚན་གྱིས་སྦྱར་བའོ།། །།
དབང་གོང་མ་གུད་དུ་སྦས་པ་དོན་དམ་སྤྲོས་མེད་བརྡ་ཡི་དབང་གི་དོན་བཤད་པ་བརྡ་དོན་གསལ་བ་ (Volume 59, Text 8)
༄༅། །དབང་གོང་མ་གུད་དུ་སྦས་པ་དོན་དམ་སྤྲོས་མེད་བརྡ་ཡི་དབང་གི་དོན་བཤད་པ་བརྡ་དོན་གསལ་བ་བཞུགས་སོ། ། དེ་ནས་ཤེལ་གྱི་འོད་བསྟན་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ མི་ཟད་རྒྱན་གྱི་འཁོར་ལོའི་སྐུ༔ སྐུ་དབང་མན་ཤེལ་འོད་ཀྱིས་བསྐུར༔ སྣང་སྟོང་ཟུང་འཇུག་ངོ་སྤྲོད་བྱ༔ ཞེས་གསུངས་པས། ཞི་ཁྲོ་དམ་པ་རིགས་བརྒྱ་ལ་སོགས་པ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་ནི་ས་རྡོ་དང་ཤ་ཁྲག་གི་ལུས་ལྟར་གདོས་བཅས་སུ་མི་བལྟ་སྟེ། སྣང་ལ་རང་བཞིན་མེད་པ་ཤེལ་གྱི་འོད་དང་འཇའ་ཚོན་འདིའི་དཔེས་མཚོན་ནས་ངོ་སྤྲོད་པ་ཡིན། དེ་ཡང་ངོ་བོ་སྟོང་པའི་ཆ་ནས་དངོས་པོ་མེད་པ། རང་བཞིན་གསལ་བའི་ཆ་ནས་ཡེ་ཤེས་ལྔའི་རང་མདངས་འཇའ་འོད་དུ་གསལ་བ། ཐུགས་རྗེ་གོ་མ་འགགས་པའི་ཆ་ནས་སྣ་ཚོགས་སུ་སྣང་བ་སྟེ། དེ་ལྟར་སྣང་དུས་ན་སྟོང་པ། སྟོང་དུས་ན་སྣང་བ། དེ་ཉིད་དབྱེར་མི་ཕྱེད་པ་ནི་སྣང་སྟོང་ཟུང་འཇུག་ཅེས་བྱ་སྟེ། ཤེར་ཕྱིན་ལས་ཀྱང་། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་པའི་དོན་ཡང་ཡིན་ལ། འདི་ལ་ཡང་ཐེག་པ་ཐུན་མོང་པ་དག་ནི། སངས་རྒྱས་ཆོས་ཀྱི་སྐུ་དམིགས་སུ་མེད་པའི་ནམ་མཁའ་ལྟ་བུ་ལ་འདོད་ཀྱང་། གསང་སྔགས་བླ་ན་མེད་པ་དང་། རྫོགས་པ་ཆེན་པོ་དག་དང་། ཁྱད་པར་རང་ཅག་ཡང་ཏི་ཐེག་པའི་ལུགས་ཀྱིས་ཡེ་ཤེས་འོད་ཀྱི་སྐུ་སྣང་སྟོང་དབྱེར་མེད་པ་འཇའ་ཚོན་ལྟ་བུ་ལ་བྱ་སྟེ། རིམ་ལྔ་ལས། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་ཀྱང་མེད། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། ཁྱོད་ཀྱིས་སྐུ་ནི་སྟོན་པར་མཛད། །ཅེས་དང་། གཉིས་མེད་རྣམ་རྒྱལ་ལས། རང་འོད་ཡེ་ཤེས་ལྡན་པའི་སྐུ། །འཇའ་ཚོན་བཞིན་དུ་གསལ་བའི་བདག །སྟོང་པ་གསུམ་ལས་འདས་པ་པོ། །ཐོགས་མེད་ཡེ་ཤེས་འཕྲོ་བར་འགྱུར། །ཞེས་དང་། སམྦུ་ཊི་ལས་ཀྱང་། རྩ་ཡི་མཛེས་སྤྱིལ་ལས་བྱུང་བའི། །དེ་ནི་རྡུལ་བྲལ་རབ་ཏུ་གྲགས། །དག་པ་ཤེལ་གྱི་འོད་དང་མཉམ། །བྱང་ཆུབ་སེམས་ནི་འོད་གསལ་བ། །ཡེ་ཤེས་ལྔ་ཡི་དངོས་དེ་ཉིད། །ཡུངས་དཀར་སྦོམ་པའི་ཚད་ཙམ་དག །དེ་ཡི་དབུས་ན་གནས་པའི་ལྷ། །མི་གསལ་གསལ་བའི་བདག་ཉིད་ཅན། །ཆ་མེད་མཆོག་ཏུ་ཕྲ་བ་སྟེ། །ཐིག་ལེའི་གཟུགས་ཅན་ཡིད་ཀྱི་དངོས། །གཟི་བརྗིད་ཆེན་པོའི་འོད་དང་ལྡན། །ཞེས་པས་གསང་སྔགས་གསར་མའི་རྒྱུད་གཞུང་ནས་ཀྱང་བཤད་མོད། ཀུན་བཟང་དགོངས་པ་ཟང་ཐལ་གྱི་རྒྱུད་ལས། ཐེག་པ་ཐུན་མོང་ཆོས་རྣམས་ཀྱིས༔ ཆོས་སྐུ་སྟོང་པ་བདག་མེད་སྟོན༔ སེམས་ཀྱི་གནས་ཚུལ་བསྟན་པ་ཙམ༔ སངས་རྒྱས་ཐོབ་པའི་སྐལ་པ་མེད༔ ངེས་པར་སངས་རྒྱས་ཐོབ་འདོད་ན༔ ཐོག་མའི་སངས་རྒྱས་ཀུན་ཏུ་བཟང༔ མཚན་དང་དཔེ་བྱད་ལྡན་པར་ཡོད༔ སྟོན་པ་འོད་མི་འགྱུར་བ་དེ༔ ཡེ་ཤེས་འོད་ལྔའི་ཕུང་པོར་ཡོད༔ ཐམས་ཅད་མཁྱེན་པ་མ་འགགས་པས༔ སྤྲུལ་པ་བྱེ་བ་ས་ཡ་འགྱེད༔ ཅེས་པ་དང་། པདྨ་སྙིང་ཐིག་ལས། རྟགས་ཀྱི་སངས་རྒྱས་ལོངས་སྤྱོད་རྫོགས་སྐུ་དང༔ དོན་གྱི་སངས་རྒྱས་ཆོས་སྐུ་གང་ཡིན་པ༔ ཆོས་ཉིད་རིག་པ་མངོན་སུམ་ཉིད་ཡིན་པས༔ སངས་རྒྱས་གཞན་ནས་མ་འཚོལ་རྗེ་འབངས་རྣམས༔ ཞེས་དང་། སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས་ཀྱང་། སྟོང་པའི་ངང་ལས་གསལ་བའི་མདངས། །འོད་ཀྱི་ལུས་ལ་སྤྲུལ་པའི་ཟེར། །ཞེས་གསུངས་པས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་ནི་སྣང་སྟོང་འཇའ་འོད་ཀྱི་ཕུང་པོར་ཡེ་ནས་གནས་སོ། །དེ་ལ་ཡང་དག་གསང་བའི་དཀྱིལ་འཁོར་འདིར་དབང་བསྐུར་ནས་དབང་དོན་བླ་མས་ངོ་སྤྲད་པ་ལ་བརྟེན་ནས། དེ་བཞིན་གཤེགས་པ་ཞི་བ་དང་ཁྲོ་བོའི་སྐུ་བསམ་ལས་འདས་པ་རྣམས་གདོས་བཅས་སུ་འཛིན་པའི་སེམས་བོར་ལ་སྣང་ལ་དངོས་པོ་མེད་པ་འཇའ་ལུས་འོད་ཀྱི་རང་བཞིན་དུ་ལྟོས་ཤིག །དེ་ལྟར་ཡང་སྒྱུ་འཕྲུལ་དྲྭ་བ་ལས། ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཞེས་དང་། རྒྱུད་ཉི་ཟླ་ཁ་སྦྱོར་ལས། ངོ་བོ་ཀ་ནས་དག་པའི་ཆ། །སྟོང་གསལ་འདུས་པ་སྐུ་ཡི་མདངས། །ཞལ་ཕྱག་རྫོགས་པ་བུམ་པའི་སྐུ། །ལྷུན་གྲུབ་འོད་ཀྱི་གོང་བུར་གནས། །ཐུགས་རྗེའི་ཁ་དོག་སོ་སོར་གསལ། །ཞེས་གསུངས་ལ། གནས་རྒྱུད་ལས་ཀྱང་། ཀུན་གཞི་མཁའ་ལྟར་ཡངས་པའི་གནས་མཆོག་ན། །རང་བྱུང་ཡེ་ཤེས་ཆེན་པོའི་གཞལ་ཡས་སུ། །རང་རིག་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གསལ། །བདེ་གཤེགས་རང་སྣང་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་སོ། །དེ་ལྟར་རང་སྣང་སྟོང་པ་ཡིན་པར་ཅིས་མངོན་ན། བྱང་ཆུབ་སེམས་འགྲེལ་ལས། མེ་ཡི་རང་བཞིན་ཚ་བ་དང་། །བུ་རམ་རང་བཞིན་མངར་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང་། །རང་བཞིན་སྟོང་པ་ཉིད་དུ་གཅིག །ཅེས་སོགས་དོན་རྒྱས་པར་ངོ་སྤྲོད་དོ། འདི་ལ་ཁ་ཅིག་འོད་དང་ཁ་དོག་མཚན་མ་དོན་དམ་དུ་སྨྲ་བ་མི་རིགས་སོ་སྙམ་ན། དུས་འཁོར་ལས། ས་ཡི་རྣམ་པ་སྲ་བ་མིན་ཞིང་ཞུ་བ་ཆུ་ལུས་ཁུ་བ་མིན་ཏེ་གཤེར་བ་ཉིད་མིན་ཕྱིར། །མེ་ཡི་རྣམ་པ་མེ་མིན་གཡོ་བ་རླུང་གི་ལུས་ནི་གང་ཞིག་གཡོ་བ་མིན་པས་རླུང་མ་ཡིན། །སྟོང་པའི་རྣམ་པ་ཡིན་ཡང་བལྟ་བྱ་དཀར་དང་ལྗང་དང་ཁ་དོག་སྣ་ཚོགས་ཆེན་པོ་ཁ་དོག་མིན། །རྣམ་པ་ཐམས་ཅད་པ་ཡང་བལྟ་བྱ་མིན་ཏེ་རང་སྙིང་དྲི་མ་ཉོན་མོངས་བདུད་ཀྱི་མཐུ་ལས་སོ། །ཞེས་བྱ་བའི་དོན་འགྲེལ་ཆེན་དྲི་མེད་འོད་དུ་བཀྲལ་པ་ཡང་རྒྱས་པར་བཤད་དོ། །དེ་ལྟར་ངོ་སྤྲད་པས་ཡུལ་ལྔ་དང་དབང་པོ་ལྔ་དང་ཁ་དོག་ལ་སོགས་པ་གཟུགས་སུ་སྣང་བ་ཐམས་ཅད་སྣང་སྟོང་དབྱེར་མེད་དུ་ཤེས་པ་དང་། བར་དོར་ཡང་ཁྲོ་བོ་འཇིགས་པའི་སྐུ་དང་། འོད་མཚོན་ཆ་ལྟ་བུའི་ཆར་འབབས་པ་ལ་སོགས་པ་འཇིགས་སྣང་ཐམས་ཅད་རང་སྣང་སྟོང་གཟུགས་ཀྱི་ཀློང་དུ་གྲོལ་ནས་བར་དོར་ལོངས་སྤྱོད་རྫོགས་པར་འཚང་རྒྱ་བ་ལགས་པས་རྒྱུད་ལ་སྦྱར་འཚལ། རྔའམ་དྲིལ་བུ་གཏད་ལ་དཀྲོལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ མི་ཟད་རྒྱན་གྱི་འཁོར་ལོའི་གསུང༔ གསུང་དབང་འུར་ལྡིར་སྒྲ་ཡིས་བསྐུར༔ གྲགས་སྟོང་ཟུང་འཇུག་ངོ་སྤྲོད་བྱ༔ ཞེས་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ནི་གྲགས་སྟོང་དབྱེར་མེད་པ་ཚིག་དང་ཡི་གེ་ལས་འདས་པ་སྟེ། རྔའམ་དྲིལ་བུ་འདིའི་སྒྲ་ལ་བརྟེན་ནས་ངོ་སྤྲོད་པ་ཡིན། དེ་ཡང་རྒྱུད་བླ་མ་ལས། རྒྱལ་བ་རྣམས་ཀྱི་གསུང་དེ་ནི། །བྲག་ཆ་བཞིན་ཏེ་ཡི་གེ་མེད། །ཅེས་དང་། སྒྱུ་འཕྲུལ་དྲྭ་བ་ལས། ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་ཡི་གེ་མེད། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཟབ་དང་རྒྱ་ཆེ་སྒྲ་སྒྲོག་པ། །ཞེས་དང་། རྒྱུད་སེང་གེ་རྩལ་རྫོགས་ལས། གསུང་གི་ངོ་བོ་གྲགས་པས་སྟོང་། །ཞེས་སོ། །དེ་ལྟར་སྟོང་པ་མཚན་མ་མེད་པ་ནམ་མཁའ་ལྟ་བུའི་ངང་ནས་གྲགས་སྟོང་གསུང་དབྱངས་ཡན་ལག་དྲུག་ཅུས་ཟབ་པ་དང་རྒྱ་ཆེ་བའི་ཆོས་གང་ལ་གང་འཚམ་པར་གསུངས་པ་ནི། དྲི་མེད་འོད་ལས། ངག་ནི་སྨོན་མེད་ཡེ་ཤེས་ཀྱིས། །དག་པ་གསང་སྔགས་མི་ཟད་སྒྲ། །ཞེས་པ་སྟེ། དེ་ལྟ་བུ་རྒྱུ་དགེ་བ་རྒྱ་ཆེན་པོ་རྫོགས་པའི་ཡོན་ཏན་གྱི་སྟོབས་དང་། རྐྱེན་གདུལ་བྱའི་རྣམ་རིག་ཚོགས་པ་ལས་བྱུང་ཡང་། རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་གང་དུའང་མི་གནས་པའི་སྟོང་པ་ཉིད་དེ། རྒྱུད་བླ་མ་ལས། ཇི་ལྟར་སྒྲ་བརྙན་གྱི་ནི་སྒྲ། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་ཅིང་བཟོ་མེད་པ། །དེ་ལྟར་དེ་བཞིན་གཤེགས་པའི་གསུང་། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་ཅིང་བཟོ་མེད་པ། །ཕྱི་དང་ནང་ན་གནས་མ་ཡིན། །ཞེས་པ་ལྟར་ཡིན་ལ། འོ་ན་ཆོས་ཀྱི་ཚིག་རྣམས་གང་ནས་བྱུང་སྙམ་ན། མདོ་ལས། བྲག་ཆའི་སྒྲ་དང་མཚུངས་འདི་ལས། །ཆོས་ཀྱི་ཚིག་རྣམས་རབ་ཏུ་བྱུང་། །ཞེས་གསུངས་པ་སྟེ། བྲག་ཆ་ནི་སྟོང་པ་གར་ཡང་མ་གྲུབ་པ་ཡིན་ཏེ། མདོ་ལས། ཇི་ལྟར་མི་དག་ནགས་རིའི་ཁྲོད་འདི་ན། །གླུ་ལེན་རྒོད་དང་ངུ་དང་སྒྲ་ལ་སོགས། །བྲག་ཆ་སྣང་ཡང་བདེན་པ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་གྱིས། །ཞེས་གསུངས། དེ་ལྟར་གསུང་གི་ངོ་བོ་དེ་ནི་གནས་གང་ནས་ཀྱང་མ་བྱུང་། གར་ཡང་མི་གནས། གང་དུ་ཡང་མི་འགྲོ་སྟེ། འཕགས་པ་བརྒྱད་སྟོང་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་པི་ཝང་གི་སྒྲ་བྱུང་བ་ཡང་གང་ནས་ཀྱང་མ་འོངས། འགག་པའང་གང་དུའང་མི་འགྲོ། གང་དུའང་མི་འཕོ་སྟེ། བརྟེན་ནས་བྱུང་བ། རྒྱུ་ལ་རག་ལས་པ། རྐྱེན་ལ་རག་ལས་པའོ། །འདི་ལྟ་སྟེ། པི་ཝང་གི་ཁོག་པ་ལ་བརྟེན། པགས་པ་ལ་བརྟེན། རྒྱུད་ལ་བརྟེན། ཤིང་བུ་ལ་བརྟེན། རྒྱུད་རྟེན་ལ་བརྟེན། མི་དེ་ལས་སྐྱེས་པའི་རྩོལ་བ་ལ་བརྟེན་ནས་པི་ཝང་དེ་ལས་སྒྲ་བྱུང་སྟེ། སྒྲ་དེ་ཡང་པི་ཝང་གི་ཁོག་པ་ལས་མ་བྱུང་། ལྤགས་པ་ལས་མ་བྱུང་། རྒྱུད་ལས་མ་བྱུང་། ཤིང་བུ་ལས་མ་བྱུང་། རྒྱུད་རྟེན་ལས་མ་བྱུང་། མི་དེ་ལས་སྐྱེས་པའི་རྩོལ་བ་ལས་སྒྲ་མ་བྱུང་མོད་ཀྱི། དེ་དག་ཐམས་ཅད་འདུས་པ་ལས་སྒྲ་གྲགས་ལ། སྒྲ་དེ་འགགས་པའང་གང་དུ་མི་འགྲོ་བ་དེ་བཞིན་དུ། རིགས་ཀྱི་བུ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀྱང་དེ་ལྟར་དུ་ཁོང་དུ་ཆུད་པར་གྱིས་ཤིག །རིགས་ཀྱི་བུ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྒྲ་ཡོངས་སུ་གྲུབ་པ་ཡང་རྒྱུ་ལ་རག་ལས་པ། དགེ་བའི་རྩ་བ་དུ་མས་ཡོངས་སུ་གྲུབ་པ་ཡིན་ཏེ། རྒྱུ་གཅིག་གིས་མ་ཡིན། རྐྱེན་གཅིག་གིས་མ་ཡིན། དགེ་བའི་རྩ་བ་གཅིག་གིས་སངས་རྒྱས་ཀྱི་རབ་ཏུ་དབྱེ་བ་མ་ཡིན་ཏེ། རྒྱུ་མེད་པའང་མ་ཡིན་ནོ། །རྒྱུད་དང་རྐྱེན་མང་པོ་ཚོགས་པ་ལས་བྱུང་བ་ཡིན་ཏེ། དེ་ནི་གང་ནས་ཀྱང་མ་བྱུང་ངོ་། །ཞེས་པ་དེ་ལྟར་རྔ་ཤིང་དང་། པགས་པ་དང་། རྔ་བརྡུང་ལག་པའི་རྩོལ་བ་ལ་ཡང་སྦྱར་རོ། །དྲིལ་བུ་ཡིན་ན། དེ་ལ་ཡང་ཁོག་པ་དང་ལྕེ་དང་ལག་པའི་རྩོལ་བ་ལ་སོགས་པ་ལ་སྦྱོར་ཏེ་དེ་ལྟར་དུ་ངོ་སྤྲད་དོ། །དེ་ལྟར་ངོ་སྤྲད་པས་རྒྱལ་བའི་གསུང་དབྱངས་དང་། འབྱུང་བཞིའི་སྒྲ་དང་། རིགས་དྲུག་གི་སྐད་རྣམས་གྲགས་སྟོང་དུ་ཤེས་ཤིང་། བར་དོར་ཆོས་ཉིད་ཀྱི་རང་སྒྲ་གྲགས་དུས་སུ་གྲོལ་བས་རྒྱུད་ལ་སྦྱར་འཚལ། མར་མེ་གཏད་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ མི་ཟད་རྒྱན་གྱི་འཁོར་ལོའི་ཐུགས༔ ཐུགས་དབང་ཞུན་མར་མར་མེས་བསྐུར༔ རིག་སྟོང་ཟུང་འཇུག་ངོ་སྤྲོད་བྱ༔ ཞེས་པས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་དྭངས་ཤིང་གསལ་ལ་རྙོག་པ་དང་བྲལ་བ། མ་རིག་པའི་སྦུབས་བཅོམ་པས་ཡེ་ཤེས་ཀྱི་རང་འོད་ཡེ་ནས་རང་གསལ་དུ་གནས་པ། གསལ་ལ་རྟོག་པ་མེད་པ་དཔེ་མར་མེ་ལྟ་བུ་ཡིན་པས་འདིའི་དོན་ཁོང་དུ་ཆུད་པར་གྱིས་ཤིག །དེའང་ཁྲོ་བོ་རྡོ་རྗེ་ཐེམ་སྐས་ལས། སྣང་གསལ་འོད་ལྡན་མར་མེ་འདི། །ཡེ་ཤེས་ལྔ་དང་འོད་ལྔ་དང་། །ཡབ་ལྔ་དང་ནི་ཡུམ་ལྔ་དང་། །ཡེ་ཤེས་རང་ལུས་དཀྱིལ་འཁོར་ལྡན། །རྡོ་རྗེའི་དོན་དང་གཉིས་མེད་པའི། །འགྱུར་མེད་བརྗིད་ལྡན་རིག་པའི་དབང་། །དབང་གི་ཡེ་ཤེས་འོད་མཆོག་དང་། །རང་གི་སྙིང་ན་གནས་པའི་འོད། །ངས་བསྟན་ཁྱོད་ཀྱིས་ཉེ་བར་ལོངས། །ཞེས་པ་སྟེ། རིག་པའི་ཡེ་ཤེས་གསལ་འགྲིབ་མེད་པ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་ཡེ་ཤེས་ཀྱི་རང་འོད་རང་ཆས་སུ་གནས་པ་འདི་ནི། རིག་སྟོང་དབྱེར་མེད་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་དེ་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་ཀྱི་སེམས་ཞེས་བྱ་ན། དབང་མདོར་བསྟན་ལས། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་སུ་དེ་བརྗོད་དོ། །ཞེས་སོ། །དེར་མ་ཟད་སེམས་ཅན་ཐམས་ཅད་ལ་བདེ་བར་གཤེགས་པའི་སྙིང་པོ་གོས་ངན་པའི་ནང་ན་ནོར་བུ་རིན་པོ་ཆེ་ཡོད་པའི་དཔེ་ལྟར་གནས་པས། སེམས་རྒྱུད་དྲི་མ་གློ་བུར་པ་དང་བྲལ་བའི་ཚེ་འདི་ལྟར་དུ་གསལ་ལ་རྟོག་པ་མེད་པར་གནས་ཏེ། གསལ་བ་ནི་སེམས་ཀྱི་མཚན་ཉིད་ཡིན་ལ། དེ་ལ་བརྟགས་ན་ངོས་གཟུང་འཛིན་པ་དང་བྲལ་བ་སྟོང་པ་སེམས་ཀྱི་རང་བཞིན་ཡིན་ལ། དེ་གཉིས་དབྱེར་མེད་པ་ནི་བཅོས་མིན་སེམས་ཀྱི་ངོ་བོ་ཞེས་བྱ་སྟེ་རྒྱལ་བ་ཐམས་ཅད་ཀྱི་དགོངས་པའོ། །དེ་ནི་རིག་པའི་ཡེ་ཤེས་རང་ལ་ཤར་བ་ཞེས་བྱའོ། །དེ་བས་ན་དབང་རྟེན་གྱི་མར་མེ་འདི་གསལ་ལ་རྟོག་པ་མེད་པ་སེམས་ཀྱི་མཚོན་དཔེར་སྟོན་པ་ཡིན་ཏེ། ཞི་བྱེད་ཀ་ཆེན་དོན་གསལ་ལས། ནམ་མཁའི་རང་བཞིན་མར་མེ་མེ་ལོང་བཞིན། །དངོས་མིན་མཚོན་ཕྱོགས་འདྲ་བའི་དཔེ་ནས་མཚོན། །དོན་ལ་སེམས་ཡིན་དེ་ལ་འདི་ཞེས་མེད། །ཅེས་སོ། །དེ་ལྟར་མཚོན་དཔེས་ཡེ་ཤེས་རྗེན་པར་གཏན་ལ་ཕབ། སེམས་ཀྱི་འགྱུ་རྩལ་ཐམས་ཅད་རིག་སྟོང་རྒྱལ་བའི་ཐུགས་སུ་ངོ་ཕྲོད། ཚེ་འདི་དང་བར་དོ་སོགས་གནས་སྐབས་ཐམས་ཅད་དུ་ཡེ་ཤེས་ཆེན་པོ་ལས་མི་འདའ་བར་རང་ཤར་རང་གྲོལ་ཆེན་པོའི་གདམས་པ་ཟབ་མོ་འདི་ལྟ་བུ་རྒྱུད་ལ་བརྟེན་འཚལ། འདི་ལྟ་བུ་ནི་ཇི་སྐད་དུ། གང་དེ་མཚོན་བྱེད་དཔེ་ཡི་ཡེ་ཤེས་ཏེ། །རང་རིག་ཡེ་ཤེས་རྟོག་བྲལ་མ་འཁྲུལ་པ། །བྱད་བཞིན་བལྟ་ལ་མེ་ལོང་གཟུགས་བརྙན་བཞིན། །དོན་གྱི་ཡེ་ཤེས་མིན་ཀྱང་དོན་དང་འདྲ། །ཞེས་པ་ལྟར། དཔེ་ལ་བརྟེན་ནས་དོན་ངོ་སྤྲད་པ་ལགས་ཏེ། ཁ་ཅིག་འདི་ལྟར་ནགས་གསེབ་ན་སྟག་ཡོད། དེ་འདི་འདྲ་ཞིག་ཡོད་པ་འདུག་ཟེར་ཆ་མེད་ཀྱིས་རྒྱུས་གཏམ་སྨྲ་བ་དང་མི་མཚུངས་པར་ད་ལྟ་ཉིད་དུ་མངོན་སུམ་དུ་སྟོན་ནུས་པས་གཞན་ལས་ཆེས་ཁྱད་པར་འཕགས་ཏེ། དཔེ་དོན་རྟགས་གསུམ་གྱི་ངོ་སྤྲོད་ཅེས་བྱ་བ་རྫོགས་པ་ཆེན་པོའི་ཁྱད་ཆོས་ཤིག་ལགས་སོ། །མེ་ལོང་ལ་བཞིན་རས་འཆར་དུ་བཅུག་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ མི་ཟད་རྒྱན་གྱི་ཡོན་ཏན་ལྷ༔ ཡོན་ཏན་དབང་ནི་མེ་ལོང་གཟུགས་བརྙན་འཆར་བས་བསྐུར༔ ཡོན་ཏན་ལྷུན་གྲུབ་ངོ་སྤྲོད་བྱ༔ ཞེས་པས། སངས་རྒྱས་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཆེན་པོ་དེ་ལ། གདུལ་བྱའི་རེ་བ་སྐོང་བ་ལ་སོགས་པའི་རྣམ་པར་རྟོག་པ་མི་མངའ་ཡང་། སངས་རྒྱས་པ་དེའི་རང་བཞིན་གྱི་ཡོན་ཏན་གྱི་སྟོབས་ལས་འགྲོ་བའི་དགོས་འདོད་ཡིད་བཞིན་དུ་འབྱུང་བ་ནི། དཔེར་ན་ནོར་བུ་དང་། བུམ་པ་བཟང་པོ་དང་། དཔག་བསམ་གྱི་ཤིང་དང་། འདོད་འཇོའི་བ་རྣམས་ལ་སེམས་ཅན་གྱི་རེ་བ་སྐོང་བའི་རྟོག་པ་མེད་ཀྱང་རང་བཞིན་གྱི་ཡོན་ཏན་གྱི་མཐུ་ལས་འགྲོ་བའི་དགོས་འདོད་ཡིད་བཞིན་དུ་འབྱུང་བ་དང་། ཉི་མ་ལ་མུན་པ་བསལ་བའི་རྟོག་པ་མེད་ཀྱང་ཡོན་ཏན་གྱི་མཐུས་འོད་ཀྱིས་མུན་པ་འཇོམས་པ་དང་། ལྷའི་རྔ་བོ་ཆེ་ལ་རྟོག་པ་མེད་ཀྱང་ཡོན་ཏན་གྱི་མཐུ་ལས་ཆོས་ཀྱི་སྡོམ་བཞི་སྟོན་པའི་སྒྲ་འབྱུང་བ་ལྟར། སངས་རྒྱས་རྣམ་པར་རྟོག་པ་དང་བྲལ་བ་དེའང་ཡོན་ཏན་གྱི་མཐུས་གདུལ་བྱའི་སྣང་ངོར་གང་ལ་གང་འདུལ་དུ་སྣང་ནས་དོན་མཛད་པ་ནི། རྫོགས་ཆེན་ལས། རྣམ་རྟོག་མི་མངའ་ཅི་ཡང་ས་ལེར་མཁྱེན། །ཞེས་པ་སྟེ། འགྲོ་བའི་དོན་མཛད་པ་དེ་ཡང་། མེ་ལོང་གི་ནང་དུ་རང་རང་སོ་སོའི་གཟུགས་བརྙན་ཤར་བའམ། ཟླ་གཟུགས་ཆུ་སྣོད་སོ་སོར་སྣང་བ་ལྟར་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་འགྲོ་དོན་མཛད་པ་ནི། མདོ་སྡེ་རྒྱན་ལས། ཆུ་དང་ནམ་མཁའི་ཟླ་གཟུགས་བཞིན། །ཞེས་གསུངས་ཤིང་། དེ་ལྟ་བུའི་ཡོན་ཏན་གྱི་སྟོབས་ནི་བཟང་པོ་སྤྱོད་པ་ལས། ཀུན་ཏུ་ཡོན་ཏན་སྤྱོད་པའི་སྟོབས་རྣམས་དང་། །ཀུན་ཏུ་ཁྱབ་པ་བྱམས་པ་དག་གི་སྟོབས། །ཀུན་ནས་དགེ་བའི་བསོད་ནམས་སྟོབས་རྣམས་དང་། །ཆགས་པ་མེད་པར་གྱུར་པའི་ཡེ་ཤེས་སྟོབས། །ཞེས་སོགས་མཐའ་ཡས་ཡོད་དེ། འགྲོ་བ་མུ་མེད་པ་དག་གི་སྣང་ངོར་གང་ལ་གང་མོས་པ་དེ་དང་དེ་ལ་དེ་དང་དེར་སྟོན་པ་སྤྲུལ་སྐུ་ཐུབ་པ་དྲུག་དང་། གཞན་ཡང་སེངྒེ་དང་། སྟག་དང་། གླང་པོ་ཆེ་དང་། ཁྱུ་མཆོག་དང་། གྲུ་གཟིངས་ལ་སོགས་པའི་བར་དུ་སྣང་ཞིང་། གདུལ་བྱ་བསམ་པ་མཐའ་ཡས་པའི་ཕྱིར། ཞི་བ་དང་ཁྲོ་བོ་དང་བགེགས་གདོན་དང་སྐྱེ་དགུ་དང་རི་བོ་དང་ས་གཞི་ལ་སོགས་པར་སྣང་བ་སྟེ། སངས་རྒྱས་མཉམ་སྦྱོར་ལས། རེས་འགའ་ཞི་ལ་རེས་འགའ་ཁྲོ། །རེས་འགའ་བགེགས་ཆེན་གདོན་མཛད་ཅིང་། །སྐྱེ་དང་རི་བོ་ཐམས་ཅད་དོ། །ཞེས་གསུངས། དེ་ལྟར་སྣང་བ་ནི་མེ་ལོང་ལ་གཟུགས་བརྙན་ལྟར་རམ། རྣམ་པར་རྒྱལ་བའི་ཁང་བཟང་དུ་བཻ་ཌཱུརྻའི་ས་གཞི་ལ་ལྷའི་དབང་པོའི་གཟུགས་བརྙན་འཆར་བ་ལྟ་བུ་ཡིན་ཏེ། རྒྱུད་བླ་མ་ལས། ཇི་ལྟར་བཻ་ཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་འཆར་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་སོ། །དེ་ལྟར་མེ་ལོང་གཡའ་དང་བྲལ་བ་ལ་གཟུགས་བརྙན་འཆར་རུང་གི་ཡོན་ཏན་རང་ཆས་སུ་ཡོད་པ་ལྟར། བདེ་བར་གཤེགས་པ་འཁྲུལ་པའི་རྒྱུན་ཆད་པ་རྣམས་ལ་སེམས་ཅན་གྱི་དོན་འབད་མེད་ཤུགས་འབྱུང་དུ་འབྱུང་ཞིང་། ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པར་ངོ་སྤྲད་པ་ཡིན་ནོ། །རླུང་གཡབ་གཡབ་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོ་ཡི༔ དྲག་པོའི་དབང་ནི་རླུང་གིས་བསྐུར༔ ཕྲིན་ལས་རྩལ་རྫོགས་ངོ་སྤྲོད་བྱ༔ ཞེས་པས། བདེ་བར་གཤེགས་པ་རྣམས་ཀྱི་ཕྲིན་ལས་ནི་རླུང་གི་ཤུགས་ལྟར་ཐོགས་པ་མེད་པ་སྟེ། དེ་ཡང་། རླུང་ཞེས་བྱ་བས་ལས་ཀུན་བྱེད། །ཅེས་པ་ལྟར་སྣོད་ཀྱི་འཇིག་རྟེན་རླུང་གིས་འདེགས་པའི་རྟེན་བྱེད་པ་དང་། བཅུད་ཀྱི་སེམས་ཅན་རྣམས་ཀྱང་རླུང་ལ་བརྟེན་པས་ཇི་སྲིད་རླུང་དང་མ་བྲལ་གྱི་བར་དུ་སྲོག་གནས་ལ་རླུང་དང་ནམ་བྲལ་བ་ན་ཚེའི་དུས་བྱེད་པས་ཤིན་ཏུ་སྟོབས་ཆེ་ཞིང་། འབྱུང་བའི་ཁམས་ལ་མེ་ཆུ་ལ་སོགས་པ་གཞན་གྱི་གྲོགས་སུ་གྱུར་ནའང་སྟོབས་ཆེན་པོར་འགྱུར་བའི་ཕྱིར། འཇིག་རྟེན་འདི་ན་འབྱུང་བ་རླུང་དབང་ཆེ། །ཞེས་འབྱུང་ཞིང་། དེ་ལྟར་ཐམས་ཅད་ལ་ཁྱབ་ཅིང་ཤུགས་དྲག་པོ་རླུང་ལྟ་བུའི་ཕྲིན་ལས་ལ་དབང་འབྱོར་པ་ཡིན་ནོ། །དེ་ལྟར་ཡང་། ཆོས་རྒྱལ་སྲོང་བཙན་སྒམ་པོས། རླུང་ལྟར་ཐུགས་རྗེས་སེམས་ཅན་ལ་ཐོགས་རྡུགས་མེད་པའི་དོན་བྱེད་པ་དང་། རླུང་ལྟར་ཐུགས་རྗེས་སེམས་ཅན་ལ་དམིགས་པ་དང་། དངོས་པོ་མཚན་མར་མི་འཛིན་པ་དང་། རླུང་ལྟར་རྣམ་པར་རྟོག་པའི་དྭངས་སྙིགས་ཕྱེ་ནས་ཆོས་ཉིད་གསལ་བར་བྱེད་པ་ཡིན་ནོ། །དེ་ཡང་ལོགས་ན་ཡོད་པ་མ་ཡིན་ཏེ། སྙིང་རྗེ་དང་སྟོང་པ་དབྱེར་མེད་པས་སེམས་ཅན་གྱི་དོན་བྱེད་པ་ལ་བྱའོ། །ཞེས་གསུངས་ཤིང་། དེ་ལ་ཆོས་སྐུ་དང་ལོངས་སྐུའི་ཕྲིན་ལས་དངོས་ཀྱི་བསྟན་པ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་འོད་གསལ་སྟུག་པོ་བཀོད་པ་གཉིས་ན་རྟག་པ་རྒྱུན་གྱི་འཁོར་ལོར་ཡོད་ཅིང་། སྤྲུལ་པ་སྐུའི་ཕྲིན་ལས་ཀྱི་བསྟན་པ་ཐུན་མོང་པ་མདོ་དང་རྒྱུད་ཀྱི་བསྟན་པ་དང་། ཐུན་མོང་མ་ཡིན་པ་གསང་ཆེན་ངེས་པའི་ཐེག་པ་དམ་པ་གཉིས་ལྷ་མི་བསོད་ནམས་ཁྱད་པར་ཅན་གྱི་གནས་རིས་ལས་གཞན་ན་མེད་ཀྱང་། གཟུགས་བརྙན་ཕྲིན་ལས་ཀྱི་བསྟན་པ་ནི་འགྲོ་བའི་མོས་པ་དང་སྟོན་པའི་བྱིན་གྱིས་རླབས་ལས་འགྲོ་དྲུག་གང་ལའང་ཁྱབ་པས་འཕྲིན་ལས་ཀྱི་རྩལ་རྫོགས་པའོ། །དེ་ལྟར་རླུང་གི་ཤུགས་དྲག་པོ་གང་གིས་ཀྱང་ཟློག་པར་དཀའ་བ་དཔེར་བརྗོད་ནས། བདེ་བར་གཤེགས་པ་རྣམས་ཀྱི་ཕྲིན་ལས་ཐོགས་པ་མེད་པར་རྩལ་རྫོགས་པ་ངོ་སྤྲོད་པ་ལགས་སོ། །འདི་དག་ནི་འདིར་ཨོ་རྒྱན་ཆེན་པོས་གསུངས་པ་དང་། རྫོགས་ཆེན་སྙན་བརྒྱུད་ཨཿཧཱུྃ་མར་པཎ་ཆེན་བི་མ་ལས་གསུངས་པ་ལས། དེང་སང་ནི་བླ་མ་ཆེན་པོ་རྣམས་ཀྱིས་ཀྱང་ཤེལ་དང་དྲིལ་བུ་སོགས་མགོ་ཐོག་ཏུ་འཇོག་པ་ཙམ་ལས་ངོ་སྤྲོད་མི་མཛད་པ་འདུག་པས། དབང་གི་དོན་ངོ་འཕྲོད་པ་གལ་ཆེ་བའི་ཕྱིར་ཅུང་ཟད་སྤྲོས་ནས་སྨྲས་པ་ཡིན་ནོ། །འདི་ཡི་དགོས་དོན་ནི། སྐུ་དབང་མན་ཤེལ་འོད་ཀྱིས་བསྐུར༔ སྣང་སྟོང་ཟུང་འཇུག་ངོ་སྤྲོད་བྱ༔ ཞེས་སོགས་ཀྱིས་ངོ་སྤྲོད་པར་གསུངས་པ་ཡིན་གྱིས། ཤེལ་ལ་སོགས་པ་མགོ་ཐོག་ཏུ་འཇོག་པར་མ་གསུངས་སོ། །འདི་ནི་ཞར་འཕྲོས་སུ་ཤེས་པར་བྱའོ། ༈ །དེ་ནས་ཤིན་ཏུ་རྣམ་པར་དག་པའི་དབང་ནི༔ མེ་ལོང་གཡའ་བྲལ་བསྟན་ལ། ཧཱུྃ༔ བཅོམ་ལྡན་བཛྲ་ཧེ་རུ་ཀ༔ ཆོས་ཀྱི་དབྱིངས་ནས་འདི་སྐད་གསུངས༔ ཐོག་མར་ལྷུན་གྱིས་གྲུབ་གནས་སུ༔ སྟོན་པ་ཐིག་ལེ་ཉག་གཅིག་སྐུ༔ འཁོར་ནི་རྣམ་རྟོག་རང་བྱུང་ཉིད༔ རྣམ་རྟོག་བཀག་པས་མི་ཁེགས་ཀྱི༔ ཐིག་ལེའི་ངང་ལ་ལྷན་གྱིས་ཞོག༔ ཤེས་རབ་ཆེན་པོ་གཅིག་ཏུ་གསལ༔ རང་གྲོལ་ཉིད་དུ་མངོན་སངས་རྒྱ༔ ཞེས་པའི་དོན་ནི། ཐོག་མ་སངས་རྒྱས་དང་སེམས་ཅན་གང་དུའང་མ་གྲུབ་པ་དུས་གསུམ་མཉམ་པ་ཉིད་ཀྱི་དུས། སྟོན་པ་རང་རིག་ཀུན་ཏུ་བཟང་པོ་ཐིག་ལེ་ཉག་གཅིག་དེ་ཉིད་རང་གི་རང་མདངས་མ་འགགས་པར་རང་རྩལ་སྣ་ཚོགས་སུ་ཤར་བ་ལས། ཐམས་ཅད་རང་བྱུང་ཉིད་དུ་ཤེས་པས་གྲོལ་པ་ལྟར། ཁྱོད་ཀྱང་རྣམ་རྟོག་བཀག་པས་མི་ཁེགས་ཀྱི། རྣམ་རྟོག་དེ་ཀ་རིག་པའི་ཡེ་ཤེས་ཐིག་ལེ་ཉག་གཅིག་ཡིན་པས། རྣམ་རྟོག་དེ་རང་གི་ངང་དུ་ལྷོད་དེ་སྐྱུར་ལ་ཞོག །གང་གིས་ཀྱང་བཟོ་བཅོས་མ་བྱེད་པར་རྣམ་རྟོག་དེ་རང་གི་ངང་དུ་ཞོག །དེ་ལྟར་བཞག་པས་རྣམ་རྟོག་རང་ཤར་རང་གྲོལ་དུ་འགྱུར་ཏེ། མ་བཅོས་ལྷུན་གྲུབ་ཆོས་སྐུ་སྤྲོས་དང་བྲལ། །ཞེས་པའི་དོན་ཡིན། ཤེས་རབ་ཆེན་པོ་གཅིག་ཏུ་གསལ༔ རང་གྲོལ་ཉིད་དུ་མངོན་སངས་རྒྱ༔ ཞེས་པ་ལྟ་བ་དེ་རྟོགས་ན་སྐད་ཅིག་ལ་གྲོལ་བ་ཡིན་ཏེ། སྒྱུ་འཕྲུལ་དྲྭ་བ་ལས། ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཆོས་ཀུན་མངོན་པར་རྟོགས་པ་སྟེ། །ཐུབ་པ་བློ་མཆོག་འབྱུང་པོའི་མཐའ། །མི་གཡོ་རབ་ཏུ་དང་བའི་བདག །རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་། །ཞེས་སོ། །ཡང་དེ་ནི། ཡང་ཏི་གསེར་གྱི་འབྲུ་གཅིག་ཡིན༔ ལྟ་བ་རང་བྱུང་ཆེན་པོ་ལ༔ སྒོམ་པ་རང་གྲོལ་ཆེན་པོ་ཡིན༔ སྤྱོད་པ་ཚོགས་དྲུག་ལྷུག་པ་ལ༔ འབྲས་བུ་ཡུལ་སྣང་ཆེན་པོ་ཡིན༔ བཛྲ་ཧེ་རུ་ཀ་ཨ་ཏི་པཱུ་ཧོ༔ པྲ་ཏཱི་ཛ་ཧོ༔ ཞེས་པ་ནི་རང་ངོ་ཤེས་པ་ལ་བརྡའི་ཕྱག་འཚལ་བ་ཡིན་ཏེ། ཇི་སྐད་དུ། རིག་པ་རང་བྱུང་ཡེ་ཤེས་ལྷ། །མ་རིག་རྟོག་པའི་རྐྱེན་དབང་གིས། །ཡེ་ནས་རང་དང་གཉིས་མེད་པ། །རང་ངོ་ཤེས་པའི་བརྡ་ཕྱག་འཚལ། །ཞེས་པ་དང་། གསང་བ་འདུས་པའི་རིམ་ལྔ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་གམ། །ཇི་ལྟར་མར་ལ་མར་བཞིན་ཏེ། །རང་གིས་རང་གི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་པའོ། །དེ་ནས་མེ་ལོང་ལ་བྱད་བཞིན་འཆར་བ་བསྟན་ལ། བུ་ཇི་ཙམ་རིག་པ་གསལ་ལ་མ་འགགས་པར་འཆར་བ་འདི་ལ་བཅོས་བསླད་མ་བྱེད་པར་ལུས་སེམས་ལྷོད་ཀྱིས་གློད་ལ་ཞོག༔ ཅེས་པ་ནི་མེ་ལོང་ནང་དུ་བཞིན་སྣང་ཞིང་དེ་ལ་དབང་པོ་སྒོ་ལྔ་ཚང་ཡང་ཁོས་གང་ལའང་འཛིན་པ་མེད་པ་ལྟར། ཁྱེད་རང་ཡང་ཆོས་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་གསལ་ལ་འཛིན་པ་མེད་པར་ཞོག་ཅིག །ཅེས་པའི་དོན་ཡིན་ཏེ། རྒྱུད་ལས། སྒོ་ལྔའི་རྣམ་ཤེས་གསལ་བ་ལ། །ཡིད་ཀྱིས་འཛིན་རྟོག་མ་ཞུགས་ན། །རྒྱལ་བའི་དགོངས་པ་དེ་ཀ་རང་། །ཞེས་སོ། །གསལ་ལ་ངོས་གཟུང་མེད་པ་ཡི༔ མེ་ལོང་ལྟ་བུའི་ཡེ་ཤེས་རྟོགས་པར་ཤོག༔ ཅེས་མེ་ཏོག་གཏོར། ཨེ་མ༔ བདེ་གཤེགས་ལྷུན་གྲུབ་གནས་མཆོག་ན༔ བདེ་ཆེན་རང་བྱུང་ཡེ་ཤེས་ནི༔ ཅིར་ཡང་མི་རྟོག་ས་ལེར་གསལ༔ རྩ་བ་གསུམ་དང་གཉིས་སུ་མེད༔ གཞན་ནས་མ་བཙལ་ཆོས་སྐུ་སྐྱེ་བ་མེད༔ རང་བྱུང་སེམས་ལ་རང་དབང་ཐོབ་པར་ཤོག༔ ཅེས་བརྗོད་དོ། །དེ་ནས་མེ་ལོང་གི་ཁར་ཤེལ་བཞག་ལ། རིག་པ་དྲི་མ་མེད་པ་ཤེལ་ལྟ་བུ༔ གསལ་ལ་མ་བསྒྲིབས་ཉི་མ་འདྲ༔ འོད་ཟེར་སྣ་ཚོགས་ཤར་ཡང་ཤེལ་ལས་མ་གཡོས་ལྟར༔ རང་སེམས་ཆོས་སྐུའི་ངང་ལས་གཡོས་པ་མེད༔ ཅེས་པ་ནི་རིག་པ་དྲི་མ་མེད་པ་ཤེལ་ལྟ་བུ། གསལ་ལ་སྒྲིབ་གཡོགས་མེད་པ་ཉི་མ་ལྟ་བུ། དེ་ལས་འོད་ཟེར་སྣ་ཚོགས་སུ་ཤར་ཡང་ཤེལ་དང་ཉི་མ་ལས་མ་གཡོས་པ་ལྟར། ཁྱེད་རང་གི་སེམས་རྣམ་རྟོག་གི་སྤྲོ་བསྡུ་གང་དུ་ཤར་ཡང་ཆོས་སྐུའི་ངང་ལས་གཡོས་པ་མེད་པས་རྣམ་རྟོག་གང་བདེར་ཞོག་ཅིག །དེ་ཀ་ཡེ་ཤེས་ཡིན་ནོ། །དེ་ལྟར་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོས། ཉི་མའི་སྙིང་པོ་ལྟར་སེམས་ཉིད་སྟོང་པ་ཆོས་སྐུ་ཡིན་པ་ལ། ཉི་མའི་འོད་ཟེར་ཕྱོགས་བཅུར་གསལ་བ་ལྟར། སེམས་ཉིད་ལས་རིག་པའི་རྩལ་དུ་ཤར་བས་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པ་དང་། ཉི་མའི་འོད་ཀུན་ལ་སྙོམས་ནས་དྲོ་བ་ལྟར། རིག་པའི་རྩལ་ཁ་རྣམ་རྟོག་རང་ཤར་རང་གྲོལ་བས་སྤྲུལ་པའི་སྐུ་ཡིན་ནོ། །དེ་ཡང་ལོགས་ན་ཡོད་པ་མ་ཡིན་ཏེ་རང་གི་རིག་པ་སྐུ་གསུམ་དུ་གནས་པ་ལ་བྱའོ། །ཤེལ་གོང་དྲི་མ་མེད་པ་ལྟར་རྣམ་རྟོག་དང་དུག་ལྔའི་དྲི་མ་མི་འཇོག་པའོ། །ཤེལ་གོང་ལ་ཕྱི་ནང་མེད་པ་ལྟར་སེམས་དང་ནམ་མཁའ་གཉིས་སོ་སོ་མེད་པས་ཁོང་སྐྱོན་མེད་པའོ། །ཤེལ་གོང་ལ་སྒྲིབ་པ་མེད་པ་ལྟར་རང་སེམས་གསལ་ལ་མ་བསྒྲིབས་པ་རང་ལ་ཡོད་པ་དེ་གཞན་ལ་སྟོན་ཅིང་གསལ་བར་བྱེད་པའོ། །ཞེས་གསུངས་པས། རང་སེམས་སྐྱེ་མེད་ཆོས་སྐུ་ལས༔ འགག་མེད་ལོངས་སྐུ་སྤྲུལ་སྐུར་ཤར༔ བདེ་བ་ཆེན་པོའི་ངང་དུ་གཅིག༔ རྡོ་རྗེའི་སྐུ་ལ་འགྱུར་བ་མེད༔ ཅེས་པས་སེམས་ཉིད་མ་བཅོས་པ་ཆོས་ཀྱི་སྐུ་སྐྱེ་བ་མེད་པའི་ངང་ལས་འགག་མེད་ཀྱི་རྩལ་སྣང་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་དང་། འཇའ་དང་འོད་དང་ཐིག་ལེ་དང་ཞིང་ཁམས་ལ་སོགས་པ་རང་མདངས་སྣ་ཚོགས་སུ་ཤར་ཡང་བདེ་བ་ཆེན་པོ་ཆོས་ཀྱི་སྐུ་དེའི་ངང་དུ་གཅིག་གོ །མི་ཆོད་མི་ཤིགས་མི་འགྱུར་བས། །སྟོང་པ་ཉིད་ལ་རྡོ་རྗེར་བཤད། །ཅེས་པ་ལྟར། མི་ཆོད་པ་མི་ཤིགས་པ་འགྱུར་བ་མེད་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེའི་སྐུ་འདི་ལ་འགྱུར་བ་ནམ་དུ་ཡང་མེད་དོ། །དེ་ལྟར་ཤེས་པར་གྱིས་ཤིག །ཅེས་ངོ་སྤྲོད་དོ།། ࿊ །།བཀྲ་ཤིས།་་་གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་དང་། །ད་ལྟ་མངོན་བཞུགས་རྩ་བའི་བླ་མའི་བར། །དབང་བཞི་བྱིན་རླབས་བརྒྱུད་པའི་སྤྲིན་ཕུང་འཁྲིགས། །བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཡེ་ཤེས་ལྔ་ལྡན་འོད་ལྔའི་ཕོ་བྲང་དུ། །དུས་གསུམ་འགྱུར་མེད་ལྷུན་གྲུབ་བཀོད་པ་བཀྲ། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཐུགས་དམ་ཅན། །ཡི་དམ་ཞི་ཁྲོ་རབ་འབྱམས་བཀྲ་ཤིས་ཤོག །གནས་ཡུལ་མཁའ་སྤྱོད་སྤྲུལ་པའི་ཞིང་ཁམས་སུ། །གང་འདུལ་ཐབས་ཀྱིས་འགྲོ་བའི་གདུལ་བྱ་ལ། །དཔའ་བོ་ཞིང་སྐྱོང་མཁའ་འགྲོའི་སྐུར་སྣང་བ། །མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག །རྒྱལ་བའི་དགོངས་པ་ཡེ་ཤེས་མངོན་སུམ་སྟོན། །ཞག་གྲངས་བདུན་གྱིས་སངས་རྒྱས་ས་ལ་སྦྱོར། །ཐེག་ཆེན་མཐར་ཐུག་ཡང་ཏི་སྙིང་པོའི་བཅུད། །གསང་ཆེན་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་སོགས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་མང་པོ་བརྗོད། དེ་ནས། ཆོས་སྐུ་ཀུན་ཏུ་བཟང་པོ་ཡངས་པ་ཆེན་པོའི་ཀློང་ལས་སོགས་ནས། དགོས་པ་ཡོད་དོ༔ ཞེས་པའི་བར་གཞུང་ལྟར་ལ། དེ་ལྟར་སྨིན་བྱེད་ཀྱི་དབང་ཟབ་མོ་ཐོབ་པས་གྲོལ་བྱེད་ཀྱི་གདམས་པ་ཉམས་སུ་ལེན་པའི་སྣོད་རུང་དུ་གྱུར། ཆོས་གཞན་ལྟར་ལོ་ཟླ་མང་པོའི་བར་དུ་འབད་མི་དགོས་པར་ཞག་བདུན་གྱིས་ཏིང་ངེ་འཛིན་གྱི་སྒོ་དུ་མ་མངོན་དུ་འགྱུར་ཏེ། དེ་ཡང་འཕགས་པ་བརྒྱད་སྟོང་པ་ལས། འཇིག་རྟེན་གསུམ་ལ་མངོན་པར་མ་ཞེན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཟེར་སྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དེ་བཞིན་གཤེགས་པ་མཐོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་རྣམས་མངོན་དུ་གྱུར་ཏེ་ཞེས་པ་དང་། ཡུམ་བར་མ་ལས། ཉི་མ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བ་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྒྲོན་མ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གདུང་བ་མེད་པ་གློག་གི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སྤྱི་གཙུག་བལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཞེས་པ་ལ་སོགས་པའི་ཏིང་འཛིན་གྱི་སྒོ་མང་པོ་སྐྱེ། འཁྲུལ་པའི་སྣང་བ་དག་ནས་སྐུ་དང་ཡེ་ཤེས་ཀྱི་ཞིང་ཁམས་རྒྱ་ཆེན་པོ་མཐོང་། བརྩོན་འགྲུས་དང་ལྡན་ན་ཚེ་འདི་ཉིད་ལ་བཅོམ་ལྡན་འདས་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ཟུང་འཇུག་འོད་ཕུང་ཆེན་པོའི་སྐུ་འགྲུབ། གལ་ཏེ་བརྩོན་འགྲུས་དང་མི་ལྡན་ན་ཡང་ཆོས་ཉིད་ཀྱི་བར་དོ་ལ་རང་སྣང་ཞི་ཁྲོའི་ཀློང་དུ་འཚང་རྒྱ་བ་ལགས་པས་སྤྲོ་བ་བསྐྱེད་འཚལ་ལོ།། །།ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་བསྡུས་པ་ལས། །རིམ་དགུ་ཡན་ལག་བཅུ་གཉིས་སྡེ་སྣོད་གསུམ། །ཀུན་གྱི་རྩེ་མོ་ཨ་ཏི་སྤྱི་ཏི་ལས། །ཆེས་ཆེར་འཕགས་པའི་ཐེག་མཆོག་ཡང་ཏིའི་ལམ། །དེ་ཡི་ཡང་བཅུད་སངས་རྒྱས་ཞག་བདུན་མའི། །སྨིན་བྱེད་གསང་དབང་སྦས་པའི་བཀའ་རྒྱ་ཅན། །དབང་དོན་ཚུལ་བཞིན་སྟོན་པ་ཆེས་ཉུང་བས། །སེམས་ཀྱིས་མ་བཟོད་ཡི་གེར་བཏབ་པ་ལ། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བཟོད་མཛོད་ལ། །འགྲོ་ཀུན་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །ཚུལ་འདི་ཡོངས་འཛིན་སྤྲུལ་སྐུ་སངས་རྒྱས་དངོས། །རྗེ་བཙུན་ངག་གྲགས་པ་ཡི་བཀའ་དྲིན་ལས། །ངེས་པའི་དོན་ལ་བརྟོན་པའི་བློ་གྲོས་ཅན། །གསང་ཆེན་བསྟན་པའི་རྒྱལ་མཚན་ལེགས་འཛིན་པ། །དཔལ་ལྡན་སྐལ་པ་བཟང་པོ་དེས་སྨྲས་སོ། །དེ་ལྟར་ལྷག་པའི་བསམ་པས་བཀོད་པ་ལ། །ང་རྒྱལ་རློམས་སེམས་མེད་ཕྱིར་དགེ་བ་དེས། །ཟབ་ཡངས་ངེས་དོན་འཆད་པའི་བློ་གྲོས་ཀྱིས། །མི་ནུབ་བསྟན་པའི་རྒྱལ་མཚན་ཁུར་ཁྱེར་ཏེ། །དང་པོའི་སངས་རྒྱས་དགྱེས་པའི་ལམ་བཟང་པོར། །འགྲོ་ཀུན་ཞུགས་ཏེ་ཀུན་བཟང་ས་ནོན་ཤོག །རྫོགས་པ་ཆེན་པོ་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པའི་མཆོག་གི་བརྡ་དབང་གུད་དུ་སྦས་པའི་དོན་བཤད་བརྡ་དོན་གསལ་བ་ཞེས་བྱ་བ་ལྷ་རྗེ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་བྲིས་པའོ། །འདིས་ཀྱང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མྱུར་དུ་སྐེམ་པར་གྱུར་ཅིག །འདི་ནི་ཆོས་འདི་འཆང་བ་པོ་རྣམས་ཀྱིས་ཐུགས་ལ་བཟུང་ནས་དབང་དུས་སུ་འདི་ལྟར་ངོ་སྤྲོད་མཛོད་ཅིག །དེ་ལྟར་མ་མཛད་ནས་དཀྱུས་སུ་བྲིས་ན་བདག་གིས་བྱས་པ་འདིས་གཏེར་ཆོས་བསླད་པར་དོགས་སོ། །ྀཨཚ།། །།
གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་གསུང་རབ་ཟབ་མོ་ཉེ་བརྒྱུད་ཀྱི་ཆོས་སྡེ་རིན་ཆེན་གཏེར་མཛོད་ཆེན་པོའི་བཞུགས་བྱང་དཀར་ཆག་གསལ་བར་བཀོད་པ་འོད་གསལ་རྡོ་རྗེ་སྙིང་པོའི་གྲུ་གཟིངས་ (Volume 66, Text 8)
བཞི་པ་བཀའ་གཏེར་མདོ་རྒྱུད་རྣམས་ལ་འཇུག་ཚུལ་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་ཆོས་དང་གང་ཟག་གང་ལའང་གཤེ་སྐུར་མི་འདེབས་པར་གདམས་པ་གཉིས་ལས། དང་པོ་ལ་གང་ཞིག་ཤེས་ནས་སྤང་བར་བྱ་བ་འཁོར་བའི་ཆོས་དང་། གང་ཤེས་ནས་བླང་བར་བྱ་བ་མྱ་ངན་ལས་འདས་པའི་ཆོས་སོ། །དང་པོ་ནི། དྲན་པ་ཉེ་བར་བཞག་པ་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །འཁོར་བར་ཁབ་ཀྱི་རྩེ་ཙམ་ཡང་། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང་། དཔལ་གསང་བའི་སྙིང་པོ་ལས། སྲིད་རྩེའི་ཉེས་དམིགས་བདག་ཏུ་རྟོག་ལས་འཕྲོས། །རྒྱུད་དྲུག་སྐྱེ་འགག་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་འཁྲུལ་འཁོར་ལ་སོགས་པ། །ལོག་རྟོག་ཉིད་ལས་གཞན་དུ་ཅི་ཡང་མེད། །ཅེས་པ་ལྟར་ཁམས་གསུམ་རིགས་དྲུག་གི་གནས་རིས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་ལས་མ་འདས་ཤིང་། ཚུལ་མིན་ཡིད་བྱེད་ཀྱི་བློས་བསྐྱེད་པའི་སྒོ་གསུམ་གྱི་བྱ་བ་གང་བརྩམས་པ་ཐམས་ཅད་ལས་དང་ཉོན་མོངས་པའི་གཞན་དབང་དུ་འཕྱན། འཁྲུལ་པའི་གཟེབ་ཏུ་ཚུད། སྡུག་བསྔལ་གྱི་ཁ་སྣོན་དུ་སོང་ནས་ཁམས་གསུམ་ལས་འདའ་བའི་དུས་མེད་པ་སོགས་མདོ་དང་བསྟན་བཅོས་རྣམས་ལས། འཁོར་བའི་ཉེས་དམིགས་མང་དུ་བསྟན་པ་རྣམས་ལ་ཡང་ཡང་སེམས་ཞིང་སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པའི་ངེས་འབྱུང་བཅོས་མིན་གྱི་བློ་སྐྱེ་བར་འབད་པ་དང་བརྩོན་པ་རྟག་ཏུ་བརྟེན་དགོས་པའོ། ༧ །གཉིས་པ་གང་ཤེས་ནས་བླང་བར་བྱ་བ་མྱང་འདས་ཀྱི་ཆོས་ནི་འཁོར་བ་ཐོག་མཐའ་མེད་པའི་རང་བཞིན་ལས་ཐར་པའི་ཐབས་ནི་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ཤིང་དམ་ཆོས་བསྒྲུབ་པ་ཁོ་ན་ལ་རག་ལས་པར་མཐོང་ནས། བཅོམ་ལྡན་འདས་ཀྱི་གསུང་རབ་ཐར་པ་དང་རྣམ་མཁྱེན་གྱི་ལམ་ཕྱིན་ཅི་མ་ལོག་པར་བསྟན་པ་ལ་ཡིད་ཆེས་ཀྱི་དད་པས་བསྙེན་ཅིང་། ཐ་ན་ཚིག་བཞིའི་ཚིགས་སུ་བཅད་པ་ཙམ་ལ་ཡང་སོ་སོར་རྟོག་པའི་ཤེས་རབ་བསྐྱེད་པ་དང་། སྟོན་པ་བཅོམ་ལྡན་འདས་ནི་ལྐོག་འགྱུར་གྱི་གནས་མཐའ་དག་མངོན་སུམ་དུ་མཁྱེན་ཅིང་། གསུང་རབ་ཀྱང་རྡུལ་མེད་ཅིང་དྲི་མ་དང་བྲལ་བ། ཐར་པ་བྱང་ཆུབ་ཀྱི་ལམ་ལ་གཞོལ་བར་བྱེད་པ། ཕྱི་རོལ་པའི་དྲང་སྲོང་མངོན་ཤེས་ལྔ་དང་ལྡན་པ་གང་གིས་ཀྱང་སྤྱོད་ཡུལ་དུ་མ་གྱུར་པའོ་སྙམ་དུ་རང་རྒྱུད་ལ་བརྟེན་ཅིང་ཀུན་ཆུབ་པར་བྱ་བ་ཉིད་དེ། མདོ་ལས། ཡན་ལག་བཞི་དང་ལྡན་པའི་སྨན་པ་ཟུག་རྔུ་འབྱིན་པ་ནི་རྒྱལ་པོར་འོས་ཏེ། བཞི་གང་ཞེ་ན། ནད་ལ་མཁས་པ་ཡིན། ནད་ཀྱི་གཞི་ལ་མཁས་པ་ཡིན། ནད་སྤོང་བ་ལ་མཁས་པ་ཡིན། ནད་སྤངས་ནས་སླར་མི་སྐྱེ་བ་ལ་མཁས་པ་ཡིན། དེ་བཞིན་དུ་ཡན་ལག་བཞི་དང་ལྡན་པའི་དེ་བཞིན་གཤེགས་པ་ཡང་སྨན་པ་ཟུག་རྔུ་འབྱིན་པ་བླ་ན་མེད་པའོ། །བཞི་གང་དག་ཅེ་ན། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཞེས་དང་། ལུང་ལས་ཀྱང་། རྒྱ་མཚོ་བཞི་ཡི་ཆུ་ནི་སྐམ་གྱུར་ཅིང་། །རི་དང་ནགས་ཚལ་ས་ནི་གས་གྱུར་ལ། །ཉི་མ་ཟླ་བ་ས་ལ་ལྷུང་གྱུར་ཀྱང་། །ཐུབ་པས་བཤད་པ་རྣམ་པ་གཞན་མི་འགྱུར། །ཞེས་གསུངས་པ་བཞིན་བསྟན་པ་དམ་པའི་ཆོས་ནི། ཐོག་མར་དགེ་བ། བར་དུ་དགེ་བ། མཐའ་མར་དགེ་བ། ཞེས་སོགས་གསུངས་པའི་དོན་རྗེ་བཙུན་ས་བཟང་པས་བཀྲལ་པ་ལྟར། དེ་ཡང་ཐོས་པ་ལས་དད་པ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་ཐོག་མར་དགེ་བ། བསམ་པ་ལས་དགའ་བ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་བར་དུ་དགེ་བ། སྒོམ་པ་ལས་ཇི་ལྟ་བ་རྟོགས་པའི་བློ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་མཐའ་མར་དགེ་བ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སྟོན་པའི་ཕྱིར་དོན་བཟང་པོ། ཚིག་དང་ཡི་གེར་གྲགས་པའི་བརྗོད་པ་གཟུང་སླ་བའི་ཕྱིར་ཚིག་འབྲུ་བཟང་པོ། ཕྱི་རོལ་པ་དང་ཐུན་མོང་མ་ཡིན་པ་སྟོན་པའི་ཕྱིར་མ་འདྲེས་པ། ཉོན་མོངས་པ་ཐམས་ཅད་སྤོང་བར་བྱེད་པའི་ཕྱིར་ཡོངས་སུ་རྫོགས་པ། རང་བཞིན་གྱིས་རྣམ་པར་དག་པ་སྟོན་པའི་ཕྱིརཡོངས་སུ་དག་པ། གློ་བུར་གྱི་དྲི་མས་ཀྱང་དག་པ་སྟོན་པའི་ཕྱིར་ཡོངས་སུ་བྱང་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་སྟེ། ཞེས་སོགས་རྒྱ་ཆེར་བསྟན་པ་བཞིན་ནོ། །དེ་ལྟར་མདོ་རྒྱུད་གསུང་རབ་རྣམས་ལ་ཇི་ལྟར་འཇུག་པའི་ཚུལ་ཡང་ལུང་གི་ཆོས་ལ་ཐོས་བསམ་གྱི་སྦྱོར་བ་བརྟེན་པ་དང་། རྟོགས་པའི་ཆོས་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་སྦྱོར་བ་བརྟེན་པའོ། །དང་པོ་ལ་སྤྱི་དང་། བྱེ་བྲག་སོ་སོར་བཤད་པ་གཉིས་སོ། །དང་པོ་སྤྱི་ལ་བཀའ་དང་། རྒྱུ་མཐུན་བསྟན་བཅོས་གཉིས་ལས། དང་པོ་བཀའ་ནི། རྒྱལ་ཚབ་བྱམས་པས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། ཁམས་གསུམ་དག་ན་ཉོན་མོངས་སྤོང་བྱེད་གསུང་། །ཞི་བའི་ཡོན་ཏན་བརྗོད་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་ལྡོག་པ་གཞན། །ཞེས་པ་ལྟར་སྟོན་པའི་བདག་རྐྱེན་ལས་བྱུང་བའི་ངག་གང་ཞིག །བརྗོད་བྱ་དོན་ཕུན་སུམ་ཚོགས་པ་དང་འབྲེལ་ཞིང་། རྗོད་བྱེད་ཚིག་རྣམ་པར་དག་པ་དང་ལྡན་ལ། བྱེད་ལས་ཁམས་གསུམ་གྱི་ཉོན་མོངས་སྤོང་བ་དང་ཞི་བའི་ཡོན་ཏན་སྟོན་པ་སྟེ་ཚངས་སྤྱོད་ཡོན་ཏན་བཞི་ལྡན་ནམ་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པ་སྟེ། ཇི་སྐད་དུ། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོ་སྲིད་ལས་སྐྱོབ་བྱེད་གང་ཡིན་པ། །ཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་པ་ལྟར་ཞལ་ནས་གསུངས་པའི་བཀའ་དང་། བྱིན་གྱིས་བརླབས་པའི་བཀའ་དང་། རྗེས་སུ་གནང་བའི་བཀར་གཏོགས་པ་འཁོར་ལོ་རིན་པོ་ཆེ་རྣམ་པ་གསུམ་གྱི་བདག་ཉིད་དྲང་ངེས་ཀྱི་མདོ་སྡེ་སྣ་ཚོགས་པ་གདུལ་བྱ་རྣམས་ཀྱི་ཉོན་མོངས་པའི་འཆིང་བ་གཅོད་བྱེད་ཀྱི་གཉེན་པོར་གསུངས་པ་རྣམས་ཏེ། དཔལ་གསང་བའི་སྙིང་པོ་ལས། མ་རིག་པའི་རྣམ་པར་རྟོག་པ་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར། ཆོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །ཞེས་སོ། །ཆོས་ཕུང་དེ་དག་ཀྱང་གསུང་རབ་ཡན་ལག་བཅུ་གཉིས་སུ་འདུ་བ་ནི། བརྒྱད་སྟོང་འགྲེལ་ཆེན་ལས། མདོ་སྡེ་དབྱངས་བསྙད་ལུང་བསྟན་དང་། །ཚིགས་བཅད་ཆེད་བརྗོད་རྟོགས་པ་བརྗོད། །དེ་ལྟར་བྱུང་དང་གླེང་གཞི་དང་། །ཤིན་ཏུ་རྒྱས་དང་སྐྱེས་རབས་བཅས། །གཏན་ཕབ་རྨད་དུ་བྱུང་བའི་སྡེ། །དེ་ལྟར་རྣམ་པ་བཅུ་གཉིས་ནི། །གསུང་རབ་ཡན་ལག་བཅུ་གཉིས་སོ། །ཞེས་འབྱུང་ངོ་། །དེ་དག་སྡེ་སྣོད་གསུམ་དུ་འདུ་བའི་ཚུལ་ནི། ཀུན་བྱེད་རྒྱལ་པོ་ལས། ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་རུ། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་པ་ལྟར། མདོ་ཡི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་ལྔ་ནི་འདུལ་བའི་སྡེ་སྣོད་དང་། ཉོན་མོངས་ཞེ་སྡང་འདུལ་བའི་གཉེན་པོར་ནི། མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་པ་ལྟར་རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟར་འབྱུང་བའི་སྡེ་དང་། གླེང་གཞིའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་བཞི་ནི་མདོ་སྡེར་གཏོགས་པ་དང་། ཉོན་མོངས་གཏི་མུག་འདུལ་བའི་གཉེན་པོར་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་པ་བཞིན། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་སྡེ་དང་། གཏན་ལ་ཕབ་པའི་སྡེ་གསུམ་ནི་མངོན་པའི་སྡེ་སྣོད་དུ་གཟུང་བར་བྱའོ། །ཐམས་ཅད་འདུལ་བའི་གཉེན་པོར་གསུངས་པ་ནི། སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་པ་ལ། སྔ་རབས་པའི་མཁས་པ་ཁ་ཅིག་ཐེག་པ་ཆེན་པོ་གསང་སྔགས་ཀྱི་རྒྱུད་རྣམས་གསུང་རབ་ཡན་ལག་བཅུ་གཉིས་ལས་ཤིན་ཏུ་རྒྱས་པའི་སྡེའོ་གསུངས། མཁས་པ་སྣར་སྟོན་སེང་གེ་འོད་ནི་རྨད་དུ་བྱུང་བའམ་གཏན་ལ་ཕབ་པའི་སྡེ་ཡིན་གསུངས། པཎ་ཆེན་དྲི་མེད་བཤེས་གཉེན་ནི་མངོན་པའི་སྡེ་སྣོད་དུ་གསུངས་སོ། །སྐྱི་རོང་ཉི་མ་རྡོ་རྗེ་ནི་མངོན་པ་ལ་ཕྱི་ནང་གཉིས་ལས་སྔགས་ནི་ནང་གི་མངོན་པའོ་གསུང་། སློབ་དཔོན་ཤཱནྟི་པ་དང་། སྣར་སྟོན་སོགས་ནི་མདོ་སྡེའི་སྡེ་སྣོད་དུ་གཟུང་བར་མཛད་ཀྱང་སློབ་དཔོན་ཨཱརྱ་དེ་བ་དང་། རོག་བདེ་གཤེགས་ཆེན་པོ། ཀུན་མཁྱེན་དྲི་མེད་འོད་ཟེར་རྣམས་ནི་རིག་པ་འཛིན་པའི་སྡེ་སྣོད་དམ་སྡེ་སྣོད་བཞི་པ་ཞེས་ལོགས་སུ་དབྱེ་བར་མཛད་དོ། ༧ །གཉིས་པ་རྒྱུད་མཐུན་བསྟན་བཅོས་ནི། རྒྱུད་བླ་མ་ལས། གང་ཞིག་རྒྱལ་བ་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་དམ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་། །ཞེས་གསུངས་པ་བཞིན་རྩོམ་པ་པོ་ཚད་མར་གྱུར་པས་བཀའི་དགོངས་འགྲེལ་དུ་བྱས་པའི་ངག་གང་ཞིག །བརྗོད་བྱའི་དོན་ཕུན་སུམ་ཚོགས་པ་དང་ལྡན་ཞིང་། རྗོད་བྱེད་ཚིག་དྲི་མ་མེད་པ་དང་འབྲེལ་བ། བྱེད་ལས་ཁམས་གསུམ་གྱི་ཉོན་མོངས་པའི་གཉེན་པོར་གྱུར་པ་དང་ཐར་པ་ཞི་བའི་ཐབས་སུ་གནས་པ་ནི་བསྟན་བཅོས་རྣམ་དག་ཅེས་བྱ་སྟེ། སངས་རྒྱས་ཀྱི་བཀའ་དང་རྣམ་དབྱེར་མ་མཆིས་པ་གུས་པས་བརྟེན་པར་བྱ་བ་ཉིད་དོ། །དེས་ན་སྔ་འགྱུར་གྱི་རྒྱུད་དང་བསྟན་བཅོས་དུ་མར་རྒྱ་གཞུང་ཡིན་མིན་སྒྲོ་སྐུར་གྱི་ངལ་བ་སྣ་ཚོགས་ཁུར་དུ་བླངས་ཏེ། ངན་སོང་གི་གཡང་སར་གོམ་པ་ཇི་མི་སྙམ་པར་དོར་བའང་ལུང་འདིས་སེལ་བ་ཡིན་ཞིང་། པཎ་ཆེན་གསེར་ཏོག་ཅན་པས་ཀྱང་། རྙིང་མའི་ཆོས་རྣམས་འཕགས་ཡུལ་ནས། །བསྒྱུར་བར་འབད་པས་བསྒྲུབ་མི་དགོས། །སློབ་དཔོན་སྤྲུལ་པའི་སྐུ་ཉིད་ཀྱིས། །གསུངས་པ་ཉིད་དུ་སྒྲུབ་པས་ཆོག །འཕགས་པའི་ཡུལ་ནས་ཕྱིས་བསྒྱུར་བའི། །སྔགས་དང་བརྡ་སྐད་མ་མཐུན་ཡང་། །མཆོག་དང་ཐུན་མོང་སྒྲུབ་པ་ལ། །མི་བསླུ་གྲུབ་ཕྱིར་དེ་ཚད་མ། །ཞེས་གསུངས་པ་ལྟར་གཟུར་གནས་མཁས་གྲུབ་རྣམས་ཀྱི་རྗེས་སུ་ཕྱོགས་ཏེ་རང་གཞན་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལ་གཞོལ་ཞིང་བཀྲི་བའི་ཐབས་ཚུལ་ལས་བརྩམས་ཏེ། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་སོགས་འཕགས་ཡུལ་པཎ་གྲུབ་རིག་པ་འཛིན་པ་རྣམས་དང་། གངས་ཅན་པའི་མཁས་གྲུབ་ཚད་མ་རྣམས་ཀྱི་གསུང་རབ་དགོངས་འགྲེལ་རྣམས་ལ་བརྟེན་ཅིང་ཆགས་སྡང་གི་དྲི་མས་མ་སྦགས་པར་དལ་བའི་རྟེན་ལ་སྙིང་པོ་ལེན་པར་བྱ་བ་ལས། བསྟན་པའི་སྒོར་ཞུགས་ཀྱང་འཇིག་རྟེན་ཆོས་བརྒྱད་ཀྱིས་ལོག་འཚོ་ཁོ་ན་སྒྲུབ་པ་ནི་སངས་རྒྱས་ཀྱི་བླ་འཚོང་། ཆོས་ཀྱི་རྐང་འདྲེན། དགེ་འདུན་གྱི་སྒབ་འདུ་བ་ཞེས་བྱ་སྟེ་དལ་འབྱོར་ཆུད་ཟོས་པ་ཡིན་ནོ། །དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བཅུ་པ་ལས། རབ་འབྱོར་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་ཏམ། འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་ན་དེས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་གཟུང་བ་ཡིན་ནོ། །རབ་འབྱོར་དེ་ལྟ་བས་ན་ཞེས་པ་ནས་ལྷག་པའི་བསམ་པ་ཕུམ་སུམ་ཚོགས་པ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་རྒྱུན་མི་འཆད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ་སྟེ། དེས་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་རོ། །ཞེས་གསུངས་པ་བཞིན་བསླབ་པར་བྱའོོ། ༈ །གཉིས་པ་བྱེ་བྲག་སོ་སོར་བཤད་པ་ལ། འཆད་པ་པོ་སློབ་དཔོན་གྱི་མཚན་ཉིད། ཉན་བྱེད་སློབ་མའི་མཚན་ཉིད། གཉིས་ཀས་འཆད་ཉན་ཇི་ལྟར་བགྱི་བའི་ཚུལ། དེ་དག་གི་ཕན་ཡོན་བསྟན་པ་དང་བཞི་ལས། དང་པོ་ནི། རྒྱན་ལས། བཤེས་གཉེན་དུལ་བ་ཞི་ཞིང་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་བྱས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས་ལ་བསྟེན། །ཞེས་པ་ལྟར་རང་རྒྱུད་བསླབ་པ་གསུམ་གྱི་ཡོན་ཏན་དང་ལྡན་པ། ཆོས་འཆད་པ་ལ་ལུང་རིགས་མན་ངག་གིས་ཕྱུག་པ། གཞན་དོན་དུ་ཟང་ཟིང་ལ་མི་ལྟ་ཞིང་བརྩོན་པ་དང་བཅས་པ། རྟག་ཏུ་བྱམས་པ་དང་སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་དང་ལྡན་པ་རྣམས་དགོས་པར་བསྟན་པའོ། །དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ནི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་གསུངས་ཏེ། བྱམས་པས་ཞུས་པའི་མདོ་དག་ལས། གང་ཉན་ཐོས་དང་། རང་སངས་རྒྱས་དང་། བླ་ན་མེད་པའི་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བ་དང་། ཡེ་ཤེས་མཐོང་བའི་ཕུང་པོ་ཇི་སྙེད་པ་དེ་ཐམས་ཅད་ཀྱང་། དགེ་བའི་བཤེས་གཉེན་ཡོངས་སུ་བརྟེན་པ་ལས་བྱུང་བར་རིག་པར་བྱའོ། །ཞེས་སོ། །དེ་ལས་ལྡོག་པ་མི་དགེ་བའི་བཤེས་གཉེན་ནམ་སྡིག་པའི་གྲོགས་པོ་ལ་བརྟེན་ན་ཉེས་པ་སྣ་ཚོགས་བསྐྱེད་པའི་ཚུལ་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་གསུང་ལས། བླ་མ་དང་ཆོས་ལ་དད་པ་མེད་པ་དང་འགྲོགས་ན་བྱིན་རླབས་ཀྱི་ན་བུན་ཡལ་བས་ཐར་པའི་ལམ་དང་བྲལ་བའི་ཉེས་པ་ཡོད། སོས་དལ་ལེ་ལོ་ཅན་དང་འགྲོགས་ན་དགེ་བ་འགྲིབ་ཅིང་མི་དགེ་བ་འཕེལ་བའི་ཉེས་པ་ཡོད། དཀོན་མཆོག་ལ་དད་བརྩོན་གྱིས་མཆོད་པ་མི་བྱེད་པ་དང་འགྲོགས་ན་བསྟན་པའི་སྤྱི་སྲོལ་ཉམས་པའི་ཉེས་པ་ཡོད། ཆོས་ལ་དད་བརྩོན་གྱིས་སྒྲུབ་པ་མི་བྱེད་པ་དང་འགྲོགས་ན་ཚོགས་གཉིས་ཀྱི་འཕེལ་སྒོ་ཆད་པའི་ཉེས་པ་ཡོད། དགེ་འདུན་ལ་དད་བརྩོན་གྱིས་མི་བསྟེན་པ་དང་འགྲོགས་ན་ཐ་མལ་གྱི་ཉེས་པས་ནོན་པའི་ཉེས་པ་ཡོད། ཡི་དམ་ལ་དད་བརྩོན་གྱིས་སྒྲུབ་པ་མི་བྱེད་པ་དང་འགྲོགས་ན་དངོས་གྲུབ་ཡིད་སྨོན་ལ་རེ་བའི་ཉེས་པ་ཡོད། མཁའ་འགྲོ་ལ་དད་བརྩོན་གྱིས་མཆོད་སྒྲུབ་མི་བྱེད་པ་དང་འགྲོགས་ན་འཕྲིན་ལས་ཀྱི་ཕོ་ཉ་མི་འགྲུབ་པའི་ཉེས་པ་འགོ་བས་སྤང་བར་གདམས་ཏེ། ཞེས་དང་། ལྟ་སྒོམ་གྱི་དགོངས་པ་མེད་པ་དང་འགྲོགས་ན་ཆོས་ཉིད་ཀྱི་དོན་ལས་རིང་བའི་ཉེས་པ་འགོ །དམ་ཚིག་དང་སྡོམ་པ་འཆལ་བ་དང་འགྲོགས་ན་ཉམས་སྒྲིབ་ཀྱིས་སྲུང་སྡོམ་འཆོར་བའི་ཉེས་པ་འགོ །བཤེས་གཉེན་རྙེད་འཚོལ་བ་དང་འགྲོགས་ན་ལྟོ་གོས་ཀྱི་ཁོལ་པོར་འཆོར་བའི་ཉེས་པ་འགོ །གནས་དབེན་པར་མི་དགའ་བ་དང་འགྲོགས་ན་སངས་རྒྱས་ཀྱི་ཆོས་ལས་ཉམས་པའི་ཉེས་པ་འགོ །སྟོང་པ་ཁ་འབྱམས་སུ་སྨྲ་བ་དང་འགྲོགས་ན་རྒྱུ་འབྲས་ཁྱད་དུ་གསོད་པའི་ཉེས་པ་འགོ །ཉམས་མེད་ཐ་སྙད་མཁན་དང་འགྲོགས་ན་དོན་མེད་ཚིག་ལ་དགའ་བའི་ཉེས་པ་འགོ །རྟོག་གེ་ཐ་སྙད་པ་དང་འགྲོགས་ན་ཉམས་ལེན་དྲེད་པོར་འཆོར་བའི་ཉེས་པ་འགོ །སེམས་བསྐྱེད་བསླབ་བྱ་མེད་པ་དང་འགྲོགས་ན་བསྡུ་དངོས་གཞན་དོན་མེད་པའི་ཉེས་པ་འགོ །ཞེས་དང་། གཞན་ཡང་ནང་རིག་པའི་གནས་ལ་རྨོངས་པ་དང་འགྲོགས་པས་མངོན་པར་མཐོ་བ་གནས་སྐབས་མཐོ་རིས་ཀྱི་བདེ་བ་དང་། མཐར་ཐུག་ལེགས་པ་ཐར་པ་བྱང་ཆུབ་ཀྱི་ལམ་བཟང་སྒྲུབ་མི་ཤེས་པའི་ཉེས་པ་འགོ །ཕྱོགས་རེའི་གཞུང་ལུགས་ལ་ཞེན་པ་དང་འགྲོགས་ན་གྲུབ་མཐའ་ཕྱོགས་འཛིན་གྱི་ཉེས་པ་འགོ་བས་མཐའ་དག་བློར་མི་ཤོང་། ཐོས་བསམ་ཕྱོགས་མེད་དུ་མ་སྦྱང་པ་དང་འགྲོགས་ན་ཐར་ལམ་བྱང་ཆུབ་མི་རྙེད་པས་གཏན་གྱི་འདུན་མ་འཆུགས་པའི་ཉེས་པ་ཡོད་པའི་ཕྱིར། ཐར་པ་འདོད་ན་བླ་མ་མཁས་པ་མདོ་རྒྱུད་ཀྱི་དགོངས་པ་ཁྲོལ་བ་ལ་བསྟེན་པར་བྱའོ། །ཞེས་དང་། ཁྱད་པར་དུ་ཡང་ཆོས་ལ་དབང་ཟ་ཞིང་རང་གི་རྒྱུད་ཚོད་མ་བསྟུན་པར་བསྟན་འཛིན་གྱི་སྐྱེས་བུར་རློམ་པས་མདོ་རྒྱུད་ཀྱི་ཆོས་བཤད་པ་རྣམས་ནི་ཉེས་པ་ཤིན་ཏུ་ལྕི་བར་གསུངས་ཏེ། མདོ་ལས། རང་གི་ལས་ཀྱང་མི་ཤེས་པར་གཞན་ལ་ཆོས་སྟོན་པ་ནི་སེམས་ཅན་དམྱལ་བར་ལྟུང་ངོ་། །དགྲས་འཕྲོགས་པ་ནི་ལུས་གཅིག་པུ་གཏོར་བ་ཙམ་དུ་ཟད་ཀྱིས། འདི་ལྟ་བུ་གཏི་མུག་ཅན་གྱིས་ཆོས་བཤད་པ་མི་གཙང་བས་ནི་བསྐལ་པ་སྟོང་ཕྲག་ཁྲི་འབུམ་གྱི་བར་དུ་སེམས་ཅན་དམྱལ་བ་ཆེན་པོ་རྣམས་ཀྱི་རྐུན་པོས་མྱ་ངན་བྱས་སོ། །ཞེས་གསུངས་པ་ལྟར་བག་ཡོད་པའི་རྣལ་འབྱོར་ལ་བསླབ་པ་ལས་ལོངས་སྤྱོད་ཀྱི་ཕྱིར་འབྲངས་པས་ཕྱི་མ་རླུང་ལ་བསྐྱུར་བ་ནི་ཆེས་མི་རིགས་པ་དག་གོ ༧ །གཉིས་པ་ཉན་བྱེད་སློབ་མའི་མཚན་ཉིད་ནི། བཞི་བརྒྱ་པ་ལས། གཟུར་གནས་བློ་ལྡན་དོན་གཉེར་བའི། །ཉན་པོ་སྣོད་ཅེས་བྱ་བར་འདོད། །ཅེས་པ་ལྟར་གཡོ་དང་སྒྱུ་མེད་པས་གཟུ་བོར་གནས་པ། ཆོས་རྣམས་ལ་དཔྱོད་པའི་སོ་སོར་རྟོག་པའི་ཤེས་རབ་དང་ལྡན་པ། ལུང་རྟོགས་ཀྱི་ཆོས་ལ་རྟག་ཏུ་དོན་གཉེར་མི་གཏོང་བའི་བརྩོན་འགྲུས་དང་ལྡན་པ་རྣམས་སོ། །གསང་བའི་སྙིང་པོ་ལས། ཀུན་གྱི་ཕྱག་རྒྱ་ཆེན་པོ་མཆོག །ཐོས་བསམ་སྒོམ་ལ་རབ་གནས་པའི། །ཤེས་རབ་མིག་ལྡན་རྣམས་ཀྱིས་གཟུང་། །བློ་ལྡན་ངང་ཚུལ་བཟང་ལ་བསྟན། །ལུས་དང་ལོངས་སྤྱོད་གཏོང་ལ་བྱིན། །གཞན་དུ་ནམ་ཡང་བྱིན་མི་བྱ། །རྨོངས་ལ་འཕྱར་བས་གལ་ཏེ་བྱིན། །དུས་མིན་པར་ནི་སྲོག་ཟད་ནས། །བསྲེག་དང་སྦྲེབ་ལ་ཡུན་རིང་གནས། །ཞེས་གསུངས་པ་ལྟར་རོ། ༧ །གསུམ་པ་འཆད་ཉན་ཇི་ལྟར་བགྱི་བའི་ཚུལ་ནི། མཛོད་ལས། ཚུལ་གནས་ཐོས་དང་བསམ་བརྟན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་འབྱུང་བ་ལྟར་མདོ་སྔགས་ཀྱི་ལམ་གང་ལ་ཞུགས་ཀྱང་ཐོག་མར་སྡོམ་པ་གསུམ་གྱི་གནང་བཀག་སོགས་ལ་སྒྲོ་འདོགས་ལེགས་པར་བཅད་དེ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་ལྡན་པ་ནི་ཐོས་བསམ་སྒོམ་པའི་གནས་སྐབས་ཀུན་ཏུ་གལ་ཆེ་བ་སྟེ། ཡུམ་ལས། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྤྱོད་པའི་དགེ་སློང་ཕའམ། དགེ་སློང་མའམ། དགེ་བསྙེན་ཕའམ། དགེ་བསྙེན་མ་གང་ལ་ལ་ཞིག་ཅེས་སོགས་མང་དུ་གསུངས་པ་ལྟར། གསང་སྔགས་པ་ཁྱིམ་པའི་རྟེན་ཅན་རྣམས་ཀྱང་ཡོངས་རྫོགས་དགེ་བསྙེན་དང་གསོ་སྦྱོང་ཡན་ལག་བརྒྱད་པ་ལ་ངེས་པར་གནས་པ་དགོས་ཀྱི། གཞན་དུ་ཉེས་སྤྱོད་རང་མཚན་པ་ལས་བློ་མ་ལྡོག་པ་རྣམས་ལ་བསླབ་པ་གསུམ་མམ་བསྐྱེད་རྫོགས་ཀྱི་ཡོན་ཏན་གང་ཡང་བསྐྱེད་དུ་མེད་ཅིང་། སྡོམ་པ་དང་དམ་ཚིག་གི་རྣམ་གཞག་ཐམས་ཅད་ཡོན་ཏན་མ་ལུས་པའི་གཞིར་གསུངས་པ་དག་ལ་རྒྱུ་མཚན་ཤེས་པས་སྲུང་སྡོམ་དང་མ་བྲལ་བར་དགོས་པ་ནི། ཏིང་འཛིན་རྒྱལ་པོའི་མདོ་ལས། ཚུལ་ཁྲིམས་འཆལ་བས་ངན་འགྲོ་དེར་འགྲོ་སྟེ། །དེ་ལ་ཐོས་པ་མང་པོས་སྐྱོབ་མི་ནུས། །ཞེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། བདག་ཀྱང་ཚུལ་ཁྲིམས་སྲུང་བ་ཡིན། གཞན་ཡང་ཚུལ་ཁྲིམས་སྲུང་བ་ལ་ཡང་དག་པར་བསྐུལ་བ་ཡིན། ཚུལ་ཁྲིམས་ཀྱི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་ཚུལ་ཁྲིམས་སྲུང་བ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། ཞེས་དང་། བདག་ཀྱང་བསླབ་པའི་གནས་ལྔ་ཡང་དག་པར་འཛིན་པ་ཡིན། གཞན་ཡང་བསླབ་པའི་གནས་ལྔ་ལ་བསྐུལ་བ་ཡིན། བསླབ་པའི་གནས་ལྔའི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་བསླབ་པའི་གནས་ལྔ་ཡང་དག་པར་འཛིན་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། ཞེས་དང་། བདག་ཀྱང་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་ལ་ཉེ་བར་གནས་པ་ཡིན། གཞན་ཡང་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་ལ་ཡང་དག་པར་བསྐུལ་བ་ཡིན། ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་གི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་ལ་ཉེ་བར་གནས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། ཞེས་དང་། བདག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན། གཞན་ཡང་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་བསྐུལ་བ་ཡིན། དགེ་བ་བཅུའི་ལས་ཀྱི་ལམ་གྱི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། ཞེས་དང་། བདག་ཉིད་ཀྱང་འདོད་པས་ལོག་པར་སྤྱོད་པ་སྤངས། གཞན་ཡང་འདོད་པས་ལོག་པར་སྤྱོད་པ་སྤོང་བ་ལ་ཡང་དག་པར་འགོད་དོ། །བདག་ཉིད་ཀྱང་འབྲུའི་ཆང་དང་བཅོས་པའི་ཆང་བག་མེད་པའི་གནས་སྤངས་ཤིང་། །གཞན་ཡང་འབྲུའི་ཆང་དང་བཅོས་པའི་ཆང་བག་མེད་པའི་གནས་སྤོང་བ་ལ་ཡང་དག་པར་འགོད་དོ། །ཞེས་སོགས་རྒྱ་ཆེར་གསུངས་པ་ཡིན་ནོ། །དེ་ལྟར་རྟེན་གྱི་གང་ཟག་ཚུལ་ཁྲིམས་ཀྱིས་རྒྱུད་ལེགས་པར་བསྡམས་པ་དགེ་བའི་བཤེས་གཉེན་སློབ་མར་བཅས་པ་རྣམས་འདུ་ཞིང་རབ་ཏུ་གུས་པའི་ཕྱག་དང་བཅས་མདོ་སྔགས་ཀྱི་གཞུང་ལུགས་རྣམས་ལ་འཆད་ཉན་བཟང་པོས་དུས་འདའ་བར་བྱ་སྟེ། མདོ་ལས། དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྗེས་སུ་བསྐོར་བ་བྱེད་པའི་གང་ཟག་ནི་གཉིས་ཏེ། གང་ཞིག་གུས་པར་ཆོས་འཆད་པ་དང་། གང་ཞིག་གུས་པར་ཆོས་ཉན་པའོ། །ཞེས་པ་ལྟར་སྒོ་གསུམ་གྱི་སྤྱོད་པ་རྣམས་ཕར་ཕྱིན་དྲུག་དང་འདུ་ཤེས་བཞི་རྣམས་ལྡན་པས་འཇུག་གོ །ཇི་སྐད་དུ་རྣམ་བཤད་རིག་པ་ལས། མེ་ཏོག་སྟན་སོགས་རབ་ཕུལ་ཞིང་། །ས་ཕྱོགས་སྤྱོད་ལམ་སྡོམ་པ་དང་། །སྲོག་ཆགས་ཀུན་ལ་འཚེ་མི་བྱ། །དགའ་དང་ལྡན་པའི་མིག་གིས་བལྟ། །མ་གཡེངས་བླ་མའི་གདམས་ངག་ཉན། །ཚིག་གི་བདུད་རྩི་འཐུང་བ་བཞིན། །ཉན་པོ་ཡན་ལག་དྲུག་དང་ལྡན། །ཞེས་པ་ལྟར། ཆོས་ཀྱི་ཚིག་དོན་བློ་དང་འཚམ་པར་བཤད་པ་སྦྱིན་པ་དང་། ཉོན་མོངས་པས་རྒྱུད་མི་འཁྲུག་པར་འཆད་ཅིང་ཉན་པ་ཚུལ་ཁྲིམས། ཚ་གྲང་བཀྲེས་སྐོམ་སོགས་སྐྱོ་ངལ་ཐེག་པ་བཟོད་པ། འཆད་ཉན་ལ་སྤྲོ་བས་གཟེངས་བསྟོད་པ་བརྩོན་འགྲུས། སེམས་གཞན་དུ་མ་གཡེངས་པར་གནས་པ་བསམ་གཏན། ཆོས་ཀྱི་ཚིག་དོན་ལ་ལེགས་པར་དཔྱད་པ་ཤེས་རབ་བོ། །གཞན་ཡང་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་བླངས་པ་ལས་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་གསུངས་པ་བཞིན་དག་པའི་འདུ་ཤེས་བརྟེན་པ་ལས་མི་མཐུན་པའི་ཕྱོགས་རྣམས་སྤང་བར་བྱ་སྟེ། གང་ཞེ་ན། སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག །མི་འཛིིན་པ་ལྔ་སོགས་སེམས་ཉིད་ངལ་གསོའི་སྤྱི་དོན་ལེགས་བཤད་རྒྱ་མཚོ་ལས་གསལ་བ་བཞིན་སྣོད་ཀྱི་སྐྱོན་གསུམ་ནི། རྣ་བ་མི་གཏད་པ་སྣོད་ཁ་སྦུབས་པ་ལྟ་བུ་དང་། ཆོས་ཀྱི་ཚིག་དོན་ཡིད་ལ་མི་བྱེད་པ་སྣོད་ཞབས་བརྡོལ་ལྟ་བུ་དང་། ཉོན་མོངས་པ་དང་འདྲེས་པ་སྣོད་དུག་ཅན་ལྟ་བུ་རྣམས་སོ། །དྲི་མ་དྲུག་ནི། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེངས་ནང་དུ་སྡུད། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་སོ། །མི་འཛིན་པ་ལྔ་ནི། ཚིག་འཛིན་ལ་དོན་མི་འཛིན་པ་དང་། དོན་འཛིན་ལ་ཚིག་མི་འཛིན་པ་དང་། བརྡ་མ་འཕྲོད་པར་འཛིན་པ་དང་། གོང་འོག་ནོར་ནས་འཛིན་པ་དང་། དོན་ལོག་པར་འཛིན་པ་རྣམས་སོ། །དེ་དག་གི་དོན་གང་ཞེ་ན། ཚིག་ལ་རྟོན་ཅིང་དོན་ལ་མི་རྟོན་པ་ནི་རང་གཞན་གཉིས་ཀ་ལ་ཕན་མི་ཐོགས་ཤིང་ཐ་སྙད་ལ་མཁས་ཀྱང་ཡུལ་དམ་པ་རྣམས་ལ་མི་འདུད་པ་སོགས་ཉེས་པ་མང་དུ་འབྱུང་ངོ་། །དོན་ལ་རྟོན་ཀྱང་ཚིག་ལ་མི་མཁས་པས་ནི་གདུལ་བྱ་གཞན་ལ་ཕན་པ་མི་འབྱུང་ངོ་། །བརྡ་མ་འཕྲོད་པ་ནི་སེམས་ཉིད་སངས་རྒྱས་སུ་བཤད་པ་ལ་སེམས་སེམས་བྱུང་དུ་འཛིན་པ་ལྟ་བུ་རྣམ་ཤེས་ལ་རྟོན་ཅིང་ཡེ་ཤེས་ལ་མི་རྟོན་པ་སོགས་སོ། །གོང་འོག་ནོར་བ་ནི་ཐེག་པ་དང་གྲུབ་མཐའ་གོང་འོག་དང་སྡོམ་པ་གསུམ་གྱི་གནང་བཀག་གི་བབས་འཁྲུགས་པ་ལ་བྱ་སྟེ། ཚིག་གི་གོང་འོག་ཙམ་ནི་བསལ་སླ་བས་མ་བཤད་དོ། །དོན་ལོག་པར་འཛིན་པ་ནི་དྲང་དོན་ངེས་དོན་དུ་གཟུང་བ་སྟེ། ཕ་དང་མ་ནི་གསད་བྱ་ཞིང་། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་། །ཡུལ་འཁོར་འཁོར་བཅས་བཅོམ་པས་ནི། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་པ་ལྟ་བུ་དགོངས་ལྡེམ་དགོངས་ཀྱི་ཚུལ་རྣམས་མ་ཤེས་པར་ཕྱིན་ཅི་ལོག་ཏུ་བཟུང་བ་སྟེ་ཤ་ཆང་བུད་མེད་ལ་རང་དགར་བསྟེན་པ་སོགས་མང་དུ་སྣང་ཡང་སྨྲོས་པས་ཅི་བྱ་སྟེ། རྣམ་ངེས་ལས། ལོག་པའི་ལམ་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་པ་ལྟར་རོ། །ཆོས་འཆད་པའི་ཚུལ་ལའང་། སྟོན་པ་བཅོམ་ལྡན་འདས་རྣམས་ནི་ཆོ་འཕྲུལ་རྣམ་པ་གསུམ་གྱིས་སོ། །འཕགས་པ་དགྲ་བཅོམ་པ་རྣམས་ནི་དག་པ་གསུམ་གྱིས་སོ། །དཔལ་ན་ལེནྡྲའི་མཁས་པ་རྣམས་ནི་བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔ་དང་། བསྟན་བཅོས་ཐམས་ཅད་རྩིས་འགོ་རྣམ་པ་ལྔ་ལ་བརྟེན་པས་འཆད་དོ། །བི་ཀྲ་མ་ཤཱི་ལའི་པཎྜི་ཏ་རྣམས་ནི་ཉན་པ་པོ་སྣོད་རུང་དུ་བྱེད་པ་དང་། བསྟན་པའི་རྣམ་གཞག་ངེས་པ་གཉིས་ཀྱིས་འཆད་པར་གྲགས་སོ། །སྤྱིར་ན་འཕགས་ཡུལ་པ་རྣམས་ནི། རྣམ་བཤད་རིག་པ་ལས། མདོ་དོན་སྨྲ་བར་འདོད་རྣམས་ཀྱིས། །དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་པ་ལྟར་དང་པོ་གཉིས་དང་མཐའ་མ་ནི་སྐབས་ཀྱི་སྟོབས་ལས་འཆད་ཅིང་། ཚིག་དོན་རྒྱས་པར་བསྟན་པ་རྣམས་ལ་བར་བར་དུ་མཚམས་སྦྱོར་སྤེལ་བས་འཆད་པ་ནི་གཙོ་བོར་ངེས་པའོ། །བོད་གངས་ཅན་པའི་མཁས་པ་རྣམས་ནི་མདོ་སྔགས་གཞུང་གང་ཡང་དབུ་ཞབས་ཀུན་ཏུ་ཡན་ལག་དང་ཡན་ལག་ཅན་གྱི་ས་བཅད་སོ་སོར་སྤྲོས་ཏེ་འཆད་པར་མཛད་དོ། ༧ །གསང་སྔགས་ཀྱི་གཞུང་རྣམས་ལས་ཕྱི་རྒྱུད་རྣམས་ནི་དབང་བསྐུར་བཀླག་ལུང་ཙམ་ལས་གཞུང་འཁྲིད་དངོས་ནི་རྩལ་བཤད་བྱེད་པ་མ་གཏོགས་ལུགས་ཀྱི་འཆད་སྲོལ་གསལ་བར་རེ་འགའ་ཙམ་ལས་གཞག་ཏུ་མེད་ལ། བླ་མེད་ཀྱི་ལུགས་ལ་ཕ་མ་གཉིས་མེད་ཀྱི་རྒྱུད་རྣམས་ལ་འཆད་སྲོལ་སོ་སོར་བྱུང་བ་ནི། དཔལ་མ་ཧཱ་ཡོ་ག་ལྟར་ན་རྒྱན་བདུན་དང་། ཨ་ནུ་ཡོ་ག་རྣམས་ལ་ལུང་བདུན། ཨ་ཏི་ཡོ་གའི་རྒྱུད་རྣམས་སྤྱི་དོན་དྲུག་གིས་འཆད་ཅེས་གྲགས་ལ། སྤྱི་མདོ་དགོངས་པ་འདུས་པ་ལས། མེ་ལོང་བཅུ་དང་མཐུན་སྦྱར་བས། །ཚིག་དོན་རྣམ་པར་སྦྱར་བ་ཡིན། །ཞེས་པ་ལྟར་རང་བཞིན་ལྟ་བའི་ཚིག་ཁྱུང་ནམ་མཁའ་ལ་ལྡིང་བ་ལྟར་བཤད་པ། རྣམ་པར་འབྱེད་པའི་ཚིག་སྟག་མོའི་མཆོངས་ལྟར་བཤད་པ། སྤྱི་དོན་སྡུད་པའི་ཚིག་སེང་གེའི་འགྱིང་ཚུལ་ལྟར་བཤད་པ། འབྲེལ་བ་མཚམས་སྦྱོར་བའི་ཚིག་ངང་མོའི་འགྲོས་ལྟར་བཤད་པ། རང་རྐྱེན་གཉེར་གྱི་ཚིག་རུས་སྦལ་གྱི་ནུར་འགྲོས་ལྟར་བཤད་པ། ལྡེམ་དགོངས་མན་ངག་གི་ཚིག་རྣ་ཕྲུག་བྲག་ལ་འཛེགས་པ་ལྟར་བཤད་པ། གཏར་ཁ་གེགས་སེལ་གྱི་ཚིག་བྱ་གླག་ཕྲ་མོ་གཟན་ལ་བཅུམ་པ་ལྟར་བཤད་པ། ཚད་མ་བཀའ་གཞུང་གི་ཚིག་དུས་ཀྱི་འབྲུག་སྒྲ་ལྟར་བཤད་པ། མཚོན་པ་དཔེའི་ཚིག་མེ་ལོང་གཡའ་དག་པ་ལྟར་བཤད་པ། བསྣོོལ་མཚམས་འཕེན་སྡུད་ཀྱི་ཚིག་སེང་ཕྲུག་རྩལ་སྦྱོང་བ་ལྟར་བཤད་པ་རྣམས་སོ། ཁྱད་པར་གསང་བ་སྒྱུ་འཕྲུལ་གྱི་ལུགས་ལ། རྒྱུད་གནས་སྐབས་དངོས་པོ་རེ་རེ་འཆད་ཐབས་དང་། རྒྱུད་གཞུང་སྤྱིའི་ཚིག་དོན་འཆད་ཐབས་གཉིས། དང་པོ་ནི་ཇི་སྐད་དུ། ལྟ་སྤྱོད་དཀྱིལ་འཁོར་དབང་དམ་ཚིག །མཆོད་སྔགས་ཏིང་འཛིན་འཕྲིན་སྒྲུབ་ཀྱིས། །གསང་སྔགས་རྒྱུད་ཀྱི་དབྱེ་བ་བྱ། །ཞེས་གསུངས་པ་ལྟར། ལམ་གྱི་ཆ་རྐྱེན་རྒྱུད་ཀྱི་དངོས་པོ་རྣམས་ལ་འཆད་ཚུལ་ཐ་དད་དུ་བསྟན་པ་ནི། ལྟ་བ་བརྒལ་བརྟག་གིས། སྤྱོད་པ་འཇུག་ཐབས་ཀྱིས། དཀྱིལ་འཁོར་དོན་རྟགས་ཀྱིས། དབང་གདམས་ངག་གིས། དམ་ཚིག་རྣམ་གྲངས་ཀྱིས། ཕྲིན་ལས་ཆོག་སྒྲིག་གིས། སྒྲུབ་པ་ཕྱག་བཞེས་ཀྱིས། ཏིང་འཛིན་བསྐྱེད་རྫོགས་ཀྱིས། མཆོད་པ་ཕྱི་ནང་གིས། སྔགས་སྒྲ་དག་སྡེབ་ཀྱིས། ཕྱག་རྒྱ་བསྐྱེད་རིམ་གྱིས་བཤད་པ་དང་བཅུ་གཅིག་ཏུ་གསུངས་སོ། །གཉིས་པ་རྒྱུད་གཞུང་སྤྱིའི་འཆད་ཐབས་ལ། བོད་སྔ་རབས་པའི་བཤད་སྲོལ་དང་། བཀའ་སྡེ་ཟུར་པའི་འཆད་སྲོལ་གཉིས་ལས། དང་པོ་ལ་རྒྱུད་དང་མན་ངག་གི་འཆད་སྲོལ་གཉིས་སོ། །དང་པོ་རྒྱུད་ཀྱི་འཆད་སྲོལ་ནི། སློབ་དཔོན་བི་མ་ལའི་ཁོག་གཞུང་གསལ་སྒྲོན་ལས་འབྱུང་བ་ལྟར། སྤྱི་དོན་གྱིས་ཁོག་དབུབ། དཀྱུས་ཀྱི་ས་བཅད། ཚིག་གི་འབྲུ་སྣོན། ཁྲི་འུར་བརྒལ་ལན་གྱིས་གཏན་ལ་ཕབ་པ་དང་བཞིའོ། །དཀྱུས་ཀྱི་ས་བཅད་པ་ལའང་། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མར་འབྲུ་གཉེར་དགྲོལ་བ་འོ། །ཞེས་པ་ལྟར། གདུལ་བྱ་དབང་པོ་རབ་ལ་མཚན་བསྟན་པ་ཙམ་དང་། འབྲིང་ལ་སྤྱི་དོན་རྣམ་པར་དབྱེ་བ་དང་། ཐ་མར་འབྲུ་རེ་གཉེར་རེས་འཆད་པ་འོ། །འབྲིང་ལ་སྤྱི་དོན་རྣམ་པར་དབྱེ་བ་ལ་ཚིག་དོན་གཉིས་ཀྱི་གཙོ་བོ་དོན་གྱི་རྣམ་གྲངས་དབྱེ་བ་ལ། རྒྱུད་འབྱུང་བའི་རྒྱུ་གླེང་གཞི། རྐྱེན་གླེང་བསླང་བ། འབྲས་བུ་ཡོངས་སུ་ཤེས་པར་བྱ་བའི་རྒྱུད་དོན། རྒྱུད་ཀྱི་དགོས་འབྲེལ། འཁོར་ལ་གདམས་ཤིང་གཏད་པ་རྣམས་སོ། །གཉིས་པ་མན་ངག་གི་འཆད་ཚུལ་དངོས་ནི། ལུང་མཆོག་བླ་མ་ལས། ཐོས་ཆུང་གསར་བུ་ཡིད་ཆེས་བྱ་བའི་ཕྱིར། །མན་ངག་སྤྱི་དོན་རྩིས་འགོ་ཀླད་ནས་གཞོམ། །ཞེས་པ་ལྟར་རྩིས་འགོ་ལྔས་བཤད་པ་ནི། གང་གིས་མཛད་པ་དང་། རྒྱུད་གང་ནས་བཏུས་པ་དང་། ཕྱོགས་གང་དུ་གཏོགས་པ་དང་། དབུ་ཞབས་ཀྱི་བསྡུས་དོན་དང་། དགོས་བྱེད་གང་གི་དོན་དུ་མཛད་པ་རྣམས་སོ། །ཀུན་མཁྱེན་ཀློང་ཆེན་པས་ཐེག་པ་ཆེན་པོའི་རིགས་ཅན་དབང་རྣོན་ཅིག་ཆར་བ་དང་རིམ་གྱིས་པ་འབྲིང་དང་བརྟུལ་པོ་རྣམས་ལ་འཁྲིད་ལུགས་གསུམ་དུ་གསུངས་ཏེ། བྱ་ཁྱུང་ལྟར་ཡས་འབེབ་པ་བྱ་རྩོལ་མེད་པའི་ལམ་དང་། སྤྲེའུ་ལྟར་མས་འཛེགས་པ་མཚན་བཅས་རིམ་པའི་ལམ་དང་། ཆོས་སྤྱོད་ཀྱི་རྟེན་གོང་འཕེལ་དུ་སྒྲུབ་པ་བློ་ཚོད་གསེབ་ལམ་ནས་འཁྲིད་པ་དང་གསུམ་དུ་བཞེད་དོ། །གཉིས་པ་བདེ་གཤེགས་ཟུར་པོ་ཆེ་བཀའ་སྡེ་པ་ནི། མཚོན་དཔེ་དང་སྦྱར་ཏེ་བཤད་པ་དང་། རྒྱུད་འགྲེལ་མན་ངག་དང་མི་འགལ་བར་འཆད་པ་གཉིས་སོ། །དང་པོ་ནི། མདའ་ལྟར་རྩེ་མོ་ནས་བཟུང་སྟེ་བཤད་པ་། མདུང་ལྟར་རྐེད་པ་ནས་བཟུང་སྟེ་བཤད་པ། རལ་གྲི་ལྟར་ཡུ་བ་ནས་བཟུང་སྟེ་འཆད་པ་དང་གསུམ་མོ། །དང་པོ་ནི་མཚན་དོན་ཙམ་གྱི་སྟེང་ནས་ཆོས་ཐམས་ཅད་གཞི་ལམ་འབྲས་བུ་གསུམ་དུ་བསྡུས་ཏེ་འཆད། གཉིས་པ་ནི་རྩ་རྒྱུད་ལེའུ་ལྔ་པའི་ཁོངས་སུ་ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་དྲིལ་ཏེ་འཆད། དེ་ལ་མཚན་ཉིད་གསུམ་ནི། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། ལམ་གྱུར་གྱི་འབྲས་བུ་རིག་འཛིན་བཞི་རྣམས་སོ། །གསུམ་པ་ནི་ལེའུ་མཐའ་མའི་ཁོངས་སུ་ཆོས་ཐམས་ཅད་སྣང་བ་བཞིར་བསྡུས་ཏེ་འཆད་པའོ། །དེ་ལ་སྣང་བ་བཞི་ནི། རང་བཞིན་གཞི་ཡི་སྣང་བ་ཤེས་བྱར་གདམས་པ། ལོག་རྟོག་འཁྲུལ་པའི་སྣང་བ་དག་བྱར་གདམས་པ། གདུལ་བྱ་ལམ་གྱི་སྣང་བ་བགྲོད་བྱར་གདམས་པ། འབྲས་བུ་བདེ་གཤེགས་ཀྱི་སྣང་བ་འཐོབ་བྱར་གདམས་པ་རྣམས་སོ། །གཉིས་པ་རྒྱུད་འགྲེལ་མན་ངག་དང་མི་འགལ་བར་འཆད་པ་ནི། རྒྱུད་རྒྱུད་ཀྱིས་འཆད་པ། རྒྱུད་འགྲེལ་པས་འཆད་པ། རྒྱུད་སྒྲུབ་ཐབས་ཀྱིས་འཆད་པ། རྒྱུད་མན་ངག་གིས་འཆད་པ་རྣམས་སོ། །ཟུར་ཚོ་ཕྱི་རབས་པ་བཀའ་སྡེ་ཟུར་པའི་ལུགས་ཀྱི་འཆད་སྲོལ་ནི་ཆོས་ལྔའི་སྒོ་ནས་ཏེ། རང་བཞིན་དངོས་པོའི་གནས་ཚུལ། མ་རྟོགས་འཁྲུལ་པའི་སྣང་ཚུལ། ཐམས་ཅད་མཁྱེན་པས་གཟིགས་ཚུལ། བརྩེ་བའི་ཐུགས་རྗེ་སྐྱེས་ཚུལ། འགྲོ་དོན་ཇི་ལྟར་བྱེད་ཚུལ་དང་ལྔའོ། །དེ་ལྟར་ཆོས་འཆད་པའི་ཚེ་སྐབས་འཆོལ་བ་དང་། བརྡ་མ་འཕྲོད་པ་དང་། ཚིག་དོན་ནོར་བ་དང་། ཉོན་མོངས་པས་ཀུན་ནས་བསླངས་པའི་སེམས་དང་ངག་སྤྲོ་བ་དང་། ཚིག་མི་གསལ་བ་དང་། ལྷག་ཆད་དུ་གྱུར་པ་དང་། དམ་བཅས་པ་སྔ་མ་ཕྱི་མས་སུན་འབྱིན་པ་ལྟ་བུ་དང་། ཆོས་ཀྱི་གསེབ་ཏུ་ཟུར་གྱིས་རང་གི་འཁོར་དང་གཞན་ལ་འཕྱ་བ་དང་། ཡུལ་གྱི་བརྡ་སྐད་ངན་པ་འདྲེས་པ་དང་། གདུལ་བྱའི་བློ་དང་མི་འཚམ་པའི་སྐྱོན་དུ་གྱུར་པ་རྣམས་སྤངས་ཏེ། ཚིག་སྦྱོར་ཕུན་སུམ་ཚོགས་པས་བརྡ་གསལ་བར་སྟོན་པ་འཁོར་གྱི་འཁྱམས་སུ་ཁྱབ་པ་དང་། རྣ་བར་སྙན་པས་ཀུན་གྱིས་ཉན་པར་སྤྲོ་བ་དང་། ཚིག་དོན་ངེས་པས་ཐེ་ཚོམ་གཅོད་པ་དང་། དཔེ་དོན་ལ་མཁས་པས་ཡིད་ལ་འཐད་ཅིང་རྟོགས་སླ་བ་དང་། བློ་དང་འཚམ་པས་དོན་དུ་འགྱུར་བ་དང་། སྐབས་སུ་གཏམ་རྒྱུད་སྤེལ་བས་ཉན་པར་མི་སྐྱོ་བ་དང་། ལུང་རིག་གི་སྒྲོམ་ནས་སྟོན་པས་ཡིད་ཆེས་པར་འགྱུར་བ་དང་། ཕྱོགས་སྔ་བཀོད་ཅིང་བརྒལ་ལན་ལ་མཁས་པས་ཉེས་པ་ལས་བཟློག་པར་ནུས་པ་དང་། ཐེག་པ་དང་གྲུབ་མཐའི་བཞེད་པ་ལ་མཁས་པས་ཀུན་ལ་འཐད་པ་དང་། གོ་བདེ་ཞིང་ཡུལ་སྐད་ངན་པ་དང་མ་འདྲེས་པས་ཚིག་གཟུང་བར་འོས་པ་དང་། སྤྲོས་ཤིང་སྡུད་པ་ལ་མཁས་པས་བཤད་པ་རང་དབང་དུ་གྱུར་པ་དང་། སོས་དལ་ཁོངས་ཡངས་པས་ཐོགས་རྡུགས་དང་ངལ་དུབ་ལྟར་མི་སྣང་བའི་ཚུལ་རྣམས་ནི། ཡོན་ཏན་འབྱོར་ལྡན་གྱི་བཤད་པ་ཞེས་གསུངས་ཏེ་འདི་ཁོ་ན་བཞིན་བསླབ་པར་བྱའོ། །མཐར་བསྔོ་བ་དང་སྨོན་ལམ་གྱི་ཚུལ་རྒྱས་བསྡུས་ཅི་རིགས་པ་ལ་འཇུག་ཅིང་། ད་རེས་དམ་པའི་ཆོས་ལ་སྤྱད་དུ་ཡོད་པ་འདི་བླ་མ་དགེ་བའི་བཤེས་གཉེན་ལས་བྱུང་བས། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་བཀའ་དྲིན་ཆེ་སྙམ་པ་དང་། དམ་པའི་ཆོས་ནི་སངས་རྒྱས་ཀྱི་གསུང་ཡིན་པས་སངས་རྒྱས་བཀའ་དྲིན་ཆེ་སྙམ་པ་དང་། གྲོགས་དམ་པ་རྣམས་དང་ལྷན་ཅིག་ཐོས་ཤིང་དགེ་བ་ལ་འདུན་པས་གྲོགས་རྣམས་བཀའ་དྲིན་ཆེ་སྙམ་པ་དང་། ཆོས་ལ་བར་ཆད་མེད་པ་འདི་མཁའ་འགྲོ་དམ་ཅན་རྒྱ་མཚོའི་དྲིན་ཡིན་པས་དམ་ཅན་ཆོས་སྲུང་བཀའ་དྲིན་ཆེ་སྙམ་པ་དང་། ཆོས་ལ་སྤྱོད་པའི་ལུས་གསོ་བསྐྱེད་བྱེད་པའི་ཕ་མ་བཀའ་དྲིན་ཆེ་སྙམ་པ་དང་། ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་དམ་པའི་བཀའ་དྲིན་ཡིན་པས། ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བཀའ་དྲིན་ཆེ་བས་ཡུན་རིང་དུ་གནས་པར་གྱུར་ཅིག་སྙམ་དུ་བསམ་ཞིང་བསྔོ་བ་བྱའོ། །ཞེས་ཀྱང་གསུངས་། དེ་ལྟར་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་ལ་ཞུགས་སོ་ཅོག་དབང་པོ་ཅིག་ཆར་བ་ཤ་སྟག་ཏུ་མ་ངེས་ཤིང་། རིམ་གྱིས་པ་རྣམས་ནི་གཞུང་ལུགས་དུ་མ་ལ་ཐོས་བསམ་གྱིས་སྒྲོ་འདོགས་སེལ་བ་སྔོན་དུ་ངེས་པར་འགྲོ་དགོས་པ་ནི། བཞི་བརྒྱ་པ་ལས། གང་ཞིག་གང་ལ་གང་དགའ་བ། །དེ་ཡིས་དེ་དེ་སྔར་དཔྱད་བྱ། །ཉམས་པར་གྱུར་པ་དམ་ཆོས་ཀྱི། །སྣོད་ནི་ཅིས་ཀྱང་མ་ཡིན་ནོ། །ཞེས་དང་། རྒྱུད་བརྟག་པ་གཉིས་པ་ལས། དང་པོ་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པའང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བསྟན། །ཞེས་དང་། ཕུར་པ་ཞེ་སྡང་ཁྲོས་པའི་རྒྱུད་ལས་ཀྱང་། སོ་སོར་ཐར་པ་དང་པོ་བྱིན། །དེ་ལ་ཉན་ཐོས་ཆོས་རྣམས་བསྟན། །དེ་ནས་བྱང་ཆུབ་སྡོམ་ཆེན་བྱིན། །དེ་ལ་དབུ་མའི་ཆོས་རྣམས་བཤད། །མཐར་ནི་འབྲས་བུ་ཐེག་ཆེན་གྱི། །དབང་བྱིན་འབྲས་བུའི་ཆོས་འདི་བཤད། །ཅེས་ཐེག་པའི་གོ་རིམ་བཞིན་བསླབ་པ་ལས་རང་དགར་འཇུག་པས་ནི་འོག་མ་གོང་མའི་ལམ་སྟེགས་སུ་གནས་ཤིང་གཞུང་ལུགས་ཐམས་ཅད་གདམས་པར་ཤར་བ་དང་འགལ་མེད་གྲུ་བཞིའི་ལམ་དུ་འཁྱེར་བའི་རྣམ་དཔྱོད་ཀྱི་གོ་སྐབས་དབེན་པའི་ཁར། ངེས་ཤེས་ཀྱི་གཏད་སོ་ཅི་ཡང་མེད་པར་ལྕི་བ་བཞི་ལ་སོགས་པའི་ལྟུང་བ་སྣ་ཚོགས་འབྱུང་བར་གསུངས་ཏེ། ཀུན་མཁྱེན་ཀློང་ཆེན་ཞབས་ཀྱིས། གང་ཡང་འདི་ལྟར་ལས་དང་པོ་པ་ལམ་དུ་འཇུག་པ་ན། མི་ཤེས་པའི་བློ་ཅན་དག་གིས་དང་པོར་འོག་མ་ནས་རིམ་གྱིས་མ་བསླབ་པར། ཐོག་མ་ནས་ངེས་དོན་ཅིག་ཆར་བསྟན་པས་ཉེས་དམིགས་ཤིན་ཏུ་ཆེ་ཞིང་སྐྱོན་མང་པོ་འབྱུང་སྟེ། དང་པོ་ཁོ་ནར་སངས་རྒྱས་ཀྱི་བསྟན་པའི་སྤྱི་སྲོལ་ལས་ཉམས་པའི་ཉེས་པ་ཡོད། བློ་ཆུང་དངངས་སྐྲག་སྐྱེས་ནས་བླ་མ་དང་ཆོས་སྤོང་བའི་ཉེས་པ་ཡོད། ངེས་དོན་མི་གོ་བའི་ཉེས་པ་ཡོད། གོ་ཡང་ཟབ་མོར་མི་རྟོགས་པའི་ཉེས་པ་ཡོད། མཚན་བཅས་ཚོགས་གཉིས་ཀྱི་དགེ་བ་ཁྱད་དུ་གསོད་པའི་ཉེས་པ་ཡོད། བློ་དམན་གྱིས་སྒྲོ་སྐུར་འདེབས་པའི་ཉེས་པ་ཡོད། ཤེས་བྱའི་གནས་ལ་རྨོངས་པའི་ཉེས་པ་ཡོད། དགེ་སྡིག་བླང་དོར་འཛོལ་བའི་ཉེས་པ་ཡོད། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤོང་བའི་ཉེས་པ་ཡོད། །ཅེས་གསུངས་པ་བཞིན་ནོ། །དེ་ལྟར་མདོ་རྒྱུད་བསྟན་བཅོས་རྣམས་ལ་ཐོས་བསམ་གྱི་ཤེས་རབ་བསྐྱེད་པའི་ཕྱིར་དུས་ཀུན་ཏུ་ཅུང་ཟད་ཙམ་གྱིས་ངོམས་མི་སྐྱེན་པར་བརྩོན་པ་ནི་བསྟན་པ་ཡུན་རིང་དུ་གནས་པའི་རྩ་བ་ལྟ་བུར་གྱུར་པས་དམ་པའི་ཆོས་ཡོངས་སུ་བཟུང་བའང་ཡིན་ཏེ། ཕལ་པོ་ཆེ་ལས། གཡོ་དང་སྒྱུ་མེད་པར་བསམ་པ་ཐག་པ་ནས་ཆོས་འཚོལ་བ་དང་། རང་གི་ཆེད་མ་ཡིན་པར་ཀུན་ལ་ཕན་པའི་ཆེད་དུ་འཚོལ་བ་དང་། རྙེད་པ་དང་བཀུར་སྟི་མི་འདོད་པར་འགྲོ་བའི་ཉོན་མོངས་པ་སྤོང་བར་འདོད་པས་འཚོལ་བ་དང་། གཟུ་ལུམ་མ་ཡིན་པར་ཤེས་རབ་ཀྱི་འཇུག་པས་འཚོལ་བ་དང་། ཡིད་གཉིས་མེད་པར་ཀུན་གྱི་ཐེ་ཚོམ་གཅོད་པའི་ཕྱིར་འཚོལ་བ་དང་། རློམ་སེམས་དང་འདོད་པ་མེད་པར་སངས་རྒྱས་ཀྱི་ཆོས་རྫོགས་པར་བྱ་བའི་ཕྱིར་འཚོལ་བ་སྟེ། ཡོངས་སུ་འཚོལ་བ་དེ་ལྟ་བུས་བཙལ་བར་བྱའོ། །ཞེས་སོགས་རྒྱ་ཆེར་བསྟན་པ་བཞིན་ནོ། ༧ །བཞི་པ་ཕན་ཡོན་བསྟན་པ་ནི། འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས། མདོ་སྡེ་དམ་པ་འདི་ཐོས་ན། །མ་འོངས་པ་ཡི་བསྐལ་པ་ནི། །གྲངས་མེད་བདུན་ཅུ་རྩ་གསུམ་དུ། །ངན་འགྲོ་རྣམས་སུ་ཡོངས་མི་འགྲོ། །བསྟན་པ་ཟད་དུ་ཉེ་བའི་ཚེ། །གང་གིས་མདོ་སྡེ་འདི་གཟུང་ན། །མྱུར་དུ་སྤོབས་པ་འཐོབ་པར་འགྱུར། །ཚིགས་བཅད་གཅིག་ཙམ་བཟུང་བས་ཀྱང་། །བསོད་ནམས་ཕུང་པོ་བསམ་ཡས་ན། །ཉན་པརའདོད་པས་མདོ་སྡེ་ཡང་། །ཐམས་ཅད་གཟུང་བ་ཅི་ཞིག་སྨྲོས། །ཞེས་དང་། མདོ་གཞན་དག་ལས། གང་ཆོས་ཉན་པའི་རྒྱུའམ་ཆོས་བསྟན་པའི་རྒྱུར་ཐ་ན་གོམ་པ་གཅིག་དོར་རམ། ཐ་ན་དབུགས་གཅིག་འབྱིན་ནམ་རྔུབ་ཀྱང་རུང་སྟེ། འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །ཞེས་གསུངས་པ་དང་། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས་ཀྱང་། གང་ཞིག་བྱང་ཆུབ་དོན་དུ་གཉེར་བས་གསེར་ཞིང་ནོར་བུས་སྤྲས་པ་ནི། །སངས་རྒྱས་ཞིང་རྡུལ་མཉམ་པར་ཉིན་རེར་ཆོས་རྒྱལ་རྣམས་ལ་རྟག་འབུལ་ན། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །སྦྱིན་པ་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །ཞེས་དང་། གང་ཞིག་བླ་ན་མེད་པའི་བྱང་ཆུབ་འདོད་པས་བསྐལ་པ་དུ་མར་ཡང་། །ལུས་ངག་ཡིད་ཀྱི་འབད་པ་མེད་པར་ཚུལ་ཁྲིམས་དྲི་མེད་སྲུང་བྱེད་ལ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །ཚུལ་ཁྲིམས་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །ཞེས་དང་། གང་ཞིག་འདི་ན་སྲིད་པ་གསུམ་གྱི་ཉོན་མོངས་མེ་འཇིལ་བསམ་གཏན་ནི། །ལྷ་དང་ཚངས་གནས་མཐར་སོན་རྫོགས་པའི་བྱང་ཆུབ་འཕོ་མེད་ཐབས་སྒོམ་ལ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །བསམ་གཏན་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །ཞེས་སོགས་མང་དུ་གསུངས་པའོ། ༈ །གཉིས་པ་རྟོགས་པའི་ཆོས་ལ་རྩེ་གཅིག་པའི་ཏིང་འཛིན་རྣལ་འབྱོར་དུ་བྱ་བ་ནི། ཇི་སྐད་དུ། བཟོད་བྱ་ཐོས་པ་བཙལ་བར་བྱ། །དེ་ནས་ནགས་སུ་འགྲོ་བར་བྱ། །ཞེས་གསུངས་པ་བཞིན་ཐོས་བསམ་གྱི་སྒྲོ་འདོགས་ལེགས་པར་བཅད་དེ་ཐུན་མོང་གཞུང་ལུགས་རྣམས་ཀྱི་གཞི་ལམ་འབྲས་བུའི་རྣམ་གཞག་མ་ནོར་བར་རྟོགས་ཤིང་ངེས་ཤེས་གཏིང་ཚུགས་པ་རྒྱུད་ལ་ནམ་སྐྱེས་པ་དེའི་ཚེ། ཐོག་མེད་ནས་བསགས་པའི་སྒྲིབ་གཉིས་བག་ཆགས་ཐམས་ཅད་གཞོམ་པའི་ཕྱིར་ལུས་འདུ་འཛི་དང་སེམས་རྣམ་རྟོག་ལས་དབེན་པའི་བསྲིངས་པ་གཉིས་དང་ལྡན་པས་དགེ་བའི་བཤེས་གཉེན་གྱི་མན་ངག་བཞིན། ཞི་ལྷག་ཟུང་འཇུག་གི་ཏིང་ངེ་འཛིན་བསྒོམ་པའི་ཚུལ་ཀུན་མཁྱེན་བསམ་ཡས་པ་ཆེན་པོའི་གསུང་ཤིང་རྟ་རྣམ་དག་ལས་གསལ་བ་བཞིན་བསླབ་པར་བྱའོ། །དམ་པའི་ཆོས་མངོན་པ་མཛོད་ལས་ཀྱང་། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་དང་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་འོ། །ཞེས་སོ། །དེ་ལྟར་ཐོས་བསམ་ཕྱོགས་རེ་ཙམ་ཡང་སྔོན་དུ་མ་སོང་ཞིང་ཐུན་མོང་བློ་སྦྱོང་གིས་རང་རྒྱུད་མ་ཐུལ་བར་འཁོར་བར་སུན་པ་སྐྱེས་ཁུལ་གྱིས་སྒོམ་སྒྲུབ་བྱེད་པ་ནི་ཉམས་རྟོགས་ཡོན་ཏན་གང་ཡང་བསྐྱེད་དུ་མེད་དེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་དགོན་པ་པར་གྱུར་ནས་བས་མཐར་གནས་ཏེ་མངོན་པར་དགའ་ཞིང་འདོད་པ་ཆུང་ལ་ཆོག་ཤེས་པ་ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་དང་མི་འདྲེས་ལོ། དོན་དང་བྱ་བ་ཉུང་བར་གནས་ཀྱང་མང་དུ་ཐོས་པ་མི་འཚོལ། སེམས་ཅན་ཡོངས་སུ་སྨིན་པར་མི་བྱེད། ཆོས་ཉན་པ་ལ་མི་བརྩོན། ཆོས་ཀྱི་གཏམ་རྒྱུན་གཅོད། ཡོངས་སུ་འདྲི་བར་མི་བྱེད། དོན་རྣམ་པར་ངེས་པའི་གཏམ་རྒྱུན་གཅོད། དགེ་བ་ཅི་ཡིན་ཞེས་འཚོལ་བ་ལ་མི་བརྩོན་པར། བདག་གཅིག་པུ་དགོན་པ་ལ་གནས་པས་ཉོན་མོངས་པ་ཆུང་ཞིང་། ཀུན་ནས་ལྡང་བ་ནོན་པ་ཙམ་གྱིས་དགའ་བ་ཐོབ་ཅིང་། བག་ལ་ཉལ་སྤང་བའི་སླད་དུ་ལམ་སྒོམ་པར་མི་བྱེད། བདག་དང་གཞན་གྱི་དོན་ལ་མི་བརྩོན་པ་འདི་ནི། དགོན་པ་ལ་གནས་པའི་བདུད་ཀྱི་ལྕགས་ཀྱུ་སྟེ། དགེ་བའི་བཤེས་གཉེན་ལྟར་བཅོས་པའི་སྡིག་པའི་གྲོགས་པོའོ། །ཞེས་གསུངས་པ་དེ་བས་ན་སྔོན་གྱི་མཁས་གྲུབ་གོང་མ་རྣམས་ཀྱི་གཤེགས་ཤུལ་བཞིན་ཡུལ་གོང་མ་རྣམས་ལས་ནི་ཐོས་བསམ་གྱི་ཡོན་ཏན་བཙལ་བར་བྱ་ཞིང་། འོག་མ་རྣམས་ལ་ནི་ཐོས་བསམ་གྱི་ཡོན་ཏན་སྤེལ་བར་བྱ་སྟེ། གཉིས་ཀས་ཀྱང་དཔྱད་འཇོག་གི་དོན་ལ་རིམ་བཞིན་མཉམ་པར་བཞག་པས་གཟོད་ཏིང་ངེ་འཛིན་ཕུལ་དུ་ཕྱིན་པའི་བར་གོང་ནས་གོང་དུ་བསྐྱེད་པ་ལ་བསླབ་པར་བྱ་སྟེ། རྒྱན་ལས། དེ་ལྟར་རྣལ་འབྱོར་ཅན་གྱི་བསྒོམ་པ་གང་ཡིན་དེ་ཡང་དོན་མེད་མིན། །དེ་ལྟར་བདེ་བར་གཤེགས་པའི་བསྟན་པ་གང་ཡིན་དེ་ཡང་དོན་མེད་མིན། །གལ་ཏེ་ཐོས་པ་ཙམ་གྱིས་དོན་མཐོང་འགྱུར་ན་སྒོམ་པ་དོན་མེད་འགྱུར། །གལ་ཏེ་མ་ཐོས་པར་ཡང་བསྒོམ་འཇུག་གྱུར་ན་བསྟན་པ་དོན་མེད་འགྱུར། །ཞེས་དང་། མངོན་པ་ཀུན་ལས་བཏུས་པར་ཡང་། སྒོམ་པ་ལ་མ་བརྟེན་པར་ཐོས་པ་དང་སེམས་པའི་སྦྱོར་བ་འབའ་ཞིག་གིས་ཀྱང་ཆོས་ལ་གནས་པ་མ་ཡིན། ཐོས་པ་དང་སེམས་པ་ལ་མ་བརྟེན་པར་སྒོམ་པའི་སྦྱོར་བ་འབའ་ཞིག་གིས་ཀྱང་ཆོས་ལ་གནས་པ་མ་ཡིན་གྱི་གཉི་ག་ལ་བརྟེན་ཏེ་གཉི་ག་ལ་གནས་ན་ཆོས་ལ་གནས་པ་ཡིན་ནོ། །ཞེས་པ་ལྟར། མདོར་ན་ལུང་གི་ཆོས་ལ་ཐོས་བསམ་གྱི་རྣམ་དཔྱོད་སྐྱེས་སྟོབས་ཀྱིས་རྟོགས་པའི་ཆོས་རང་རྒྱུད་ལ་འབྱོར་བའི་ཕྱིར་དགའ་བ་དང་གུས་པ་སྐྱེའོ། །དེ་ལ་འདུལ་བའི་སྡེ་སྣོད་ཀྱི་བསྟན་དོན་ལ་ངེས་པ་སྐྱེས་པས་འགྱོད་པ་མེད་པའི་ཚུལ་ཁྲིམས་དང་དམ་ཚིག་ལ་གནས་པ་འབྱུང་ངོ་། །མདོ་སྡེའི་སྡེ་སྣོད་ལ་ཐེ་མི་ཚོམ་པའི་ཤེས་རབ་སྐྱེས་པས་སེམས་ཞི་བར་གནས་པའི་ཏིང་ངེ་འཛིན་ལ་གནས་པ་འབྱུང་ངོ་། །མངོན་པའི་སྡེ་སྣོད་ལ་ཕྱིན་ཅི་མ་ལོག་པའི་ངེས་པ་རྙེད་པས་སེམས་རྣམ་པར་གྲོལ་བའི་ཤེས་རབ་ཀྱི་བསླབ་པ་ལ་གནས་པ་འབྱུང་ཞིང་། དེ་ལྟར་བསླབ་པ་གསུམ་མམ་བསྐྱེད་རྫོགས་དམ་ཚིག་གི་ཡོན་ཏན་རིམ་གྱིས་སྨིན་པ་ལས་ས་ལམ་སྤངས་རྟོགས་ཀྱི་ཡོན་ཏན་རྣམས་མངོན་དུ་གྱུར་པས་མཐར་གྱིས་མི་སློབ་ཟུང་འཇུག་གི་ཡེ་ཤེས་འཐོབ་པར་འགྱུར་བ་ཡིན་ནོ། །དེ་ལྟར་ཐོས་བསམ་ལ་བརྟེན་ནས་སྤང་བླང་གི་གནས་རྣམས་ཚུལ་བཞིན་གཏན་ལ་ཕབ་པས་ལྟ་སྒོམ་སྤྱོད་གསུམ་ཕྱིན་ཅི་མ་ལོག་པ་འདུལ་བ་ལ་སྣང་། མདོ་སྡེ་ལ་འཇུག །མངོན་པའི་ཆོས་ཉིད་དང་མི་འགལ་བར་ཆོས་སྤྱོད་བཅུའི་བྱ་བ་ལ་འཇུག་ཅིང་། སྒོ་གསུམ་གྱི་བགྱི་བ་ཐམས་ཅད་བྱང་ཆུབ་ཀྱི་ལམ་དུ་འགྲོ་ཞིང་བསོད་ནམས་ཀྱི་ཞིང་དུ་གྲུབ་པ་སོགས་ཡོན་ཏན་ཚད་མེད་པའི་འཇུག་ངོགས་སུ་གསུངས་པ་ལྟར་འབད་པར་བྱ་ཞིང་། རིམ་གྱིས་ངེས་དོན་དབུ་མ་ཆེན་པོ་དང་། གསང་སྔགས་ཀྱི་གཞུང་ལས་བསྟན་པ་བཞིན་སྒྲིབ་པ་མཐའ་དག་གི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་བམ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བ་ལ་བསླབ་པར་བྱ་སྟེ། མགོན་པོ་བྱམས་པས། རང་བཞིན་གྱིས་ནི་མ་གྲུབ་དང་། ཁྱབ་དང་གློ་བུར་བ་ཉིད་ཀྱིས། །ཉོན་མོངས་ཤེས་བྱའི་སྒྲིབ་པ་དེར། །སྤྲིན་དང་འདྲ་བར་བརྗོད་པ་ཡིན། །ཞེས་པ་ལྟར། དྲི་མ་གཤིས་ལ་མ་ཞུགས་པས་སྤངས་རུང་དང་། སྤོང་བྱེད་ཀྱི་གཉེན་པོ་གྲུབ་པ་དང་། ལན་ཅིག་སྤངས་ནས་སླར་མི་ལྡོག་པའི་ཚུལ་མདོ་རྒྱུད་རྣམས་ལས་བྱུང་བ་བཞིན་འཇིག་རྟེན་པའི་བསམ་གཟུགས་ཀྱི་ཏིང་ངེ་འཛིན་ཙམ་དང་བསྐྱེད་རྫོགས་མོས་སྒོམ་ཙམ་ནི་རེ་ཞིག་མགོ་ནོན་གྱི་གཉེན་པོ་ལས་བག་ཆགས་ཟད་པར་སྤོང་མི་ནུས་པའི་ཕྱིར། ལས་དང་པོ་བས་དཔྱད་འཇོག་མོས་སྒོམ་སྤེལ་མའི་ཚུལ་གྱིས་མཐར་ངེས་རྫོགས་ཀྱི་ཏིང་ངེ་འཛིན་རྣམ་ཐར་སྒོ་གསུམ་གྱི་གནས་ལུགས་དེ་བཞིན་ཉིད་དམ། རྣམ་ཀུན་མཆོག་ལྡན་གྱི་ཡེ་ཤེས་ལ་གཞོལ་ཞིང་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ཟབ་མོ་རྒྱུད་དང་སྒྲུབ་ཐབས་ཀྱི་དགོངས་པ་བཞིན་སྒྲིབ་གཉིས་བག་ཆགས་ཀྱི་གཉེན་པོར་གྱུར་པ་ལ་བརྟེན་པས། གདོད་རིམ་གྱིས་དྲི་མ་མེད་པའི་རྫིང་བུ་པདྨས་ཁེབས་པ་ལྟར་འདོད་ཆགས་ལས་གྲོལ་བ་དང་། སྒྲ་གཅན་ཁ་ནས་ཐར་པའི་ཟླ་བ་ཉ་པ་ལྟ་བུ་ཞེ་སྡང་ལས་གྲོལ་བ་དང་། སྤྲིན་རུམ་སྟུག་པོ་ལས་ཐར་པའི་ཉི་མ་ལྟ་བུ་གཏི་མུག་ལས་གྲོལ་བའི་ཡེ་ཤེས་ཐོབ་པ་དང་། ཤེས་བྱའི་སྒྲིབ་པ་སྐོར་དགུ་དང་བྲལ་བའི་རང་བཞིན་རྣམ་གྲོལ་ཆོས་ཀྱི་སྐུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་གྱུར་པ་ཡིན་ནོ། །ཇི་སྐད་དུ་རྒྱུད་བླ་མ་ལས། སྒྲིབ་པ་གཉིས་དང་བྲལ་བ་ཡི། །རྒྱུ་ནི་ཡེ་ཤེས་གཉིས་ཡིན་ཏེ། །མི་རྟོག་པ་དང་དེ་ཡི་ནི། །རྗེས་ཐོབ་དེ་ནི་ཡེ་ཤེས་འདོད། །ཅེས་དང། ཐུབ་པ་ཁྱུ་མཆོག་སྦྲང་རྩི་སྙིང་པོ་དང་། །རིན་ཆེན་གསེར་དང་གཏེར་དང་ལྗོན་པ་བཞིན། །དྲི་མེད་རིན་ཆེན་བདེ་གཤེགས་སྐུ་དང་ནི། །ས་བདག་གསེར་གྱི་གཟུགས་འདྲ་རྒྱལ་བ་ཉིད། །ཅེས་སོ། །དེ་ལྟར་སྒོམ་པའི་ཤེས་རབ་ཀྱི་རང་བཞིན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་ནི་མཐའ་ཐམས་ཅད་དང་བྲལ་བ་མིང་དང་ཚིག་དང་མཚན་མའི་སྤྱོད་ཡུལ་ལས་འདས་པ། སེམས་དང་སེམས་བྱུང་གི་ཡུལ་མ་ཡིན་པ་བདེ་བར་གཤེགས་པའི་སྙིང་པོའི་རང་བཞིན་ནམ་དཔལ་གསང་བའི་སྙིང་པོའི་འགྲེལ་པ་རྣམས་སུ་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་ཞེས་གསུངས་པ་ཉིད་དེ། ཇི་སྐད་དུ། ཨེ་མ་ཧོ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། །གཞན་དུ་མིན་ལས་ཤིན་ཏུ་གསང་། །ཞེས་པ་ལྟར་རྒྱུད་བླ་མ་ལས་ཀྱང་། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་དང་། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །རང་བཞིན་དྲི་མེད་དེ་ནི་གཉིས་མེད་དེ། །སངས་རྒྱས་རིགས་ལ་དེ་སྒྲས་ཉེར་བཏགས་ཤིང་། །འགྲོ་ཀུན་སངས་རྒྱས་སྙིང་པོ་ཅན་དུ་གསུངས། །ཞེས་པ་ལྟར། རྒྱུ་མཚན་ཆེན་པོ་གསུམ་གྱིས་ལུས་ཅན་ཐམས་ཅད་བདེ་བར་གཤེགས་པའི་སྙིང་པོ་ཅན་དུ་བསྟན་པའི་དོན་ཀུན་མཁྱེན་ཆེན་པོ་དང་། ཆོས་རྗེ་མི་ཕམ་པ། བོད་སྤྲུལ་བསྟན་པའི་ཉི་མ་རྣམས་ཀྱི་ལེགས་བཤད་མི་མཇེད་འཇིག་རྟེན་གྱི་ཁམས་ཀྱི་གཅེས་ནོར་ལས་བྱུང་བ་བཞིན་སྨྲོས་ན། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། ཞེས་པ་ནི་འབྲས་བུ་ལྟོས་པའི་རིགས་པས་རྒྱུ་ཆོས་ཅན་རང་བཞིན་གནས་རིགས་བསྟན་པ་ཡིན་ལ། ཇི་ལྟར་ན་ཆོས་ཅན་རང་བཞིན་གནས་རིགས་ཡོད་པས་ལམ་དུས་སུ་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང་། ལྷག་པའི་ཤེས་རབ་དང་། ཏིང་ངེ་འཛིན་དང་། སྙིང་རྗེ་ཆེན་པོ་རྣམས་སྐྱེས་པས་རིགས་སད་ཅིང་། ལམ་བསྒོམས་པས་དྲི་མ་གློ་བུར་བ་མཐའ་དག་སྤངས་པ་ན་མཐར་གཞི་ལ་བཞུགས་པའི་ཆོས་སྐུ་རང་བཞིན་གསལ་བའི་ཡེ་ཤེས་མངོན་དུ་བྱེད་པས་ཆོས་སྐུ་དྲི་བྲལ་ལས་གཟུགས་སྐུ་གཉིས་འཕྲོ་བར་སྣང་བའི་ཕྱིར། གང་ལ་སྣང་ན་གདུལ་བྱ་དག་པ་རྣམས་ལ་ལོངས་སྐུ་དང་མ་དག་པ་རྣམས་ལ་སྤྲུལ་སྐུ་སྣང་བའི་ཕྱིར། ཞེས་པ་སྟེ། གང་ལས་འཕྲོ་ན་ཆོས་སྐུ་ལས། གང་འཕྲོ་ན་གཟུགས་སྐུ་གཉིས། ཇི་ལྟར་འཕྲོ་ན་མཚན་དང་དཔེ་བྱད་ཀྱི་རྣམ་པ་སྣ་ཚོགས་སུ་ཤར་བ་ཞེས་བཟུང་ཞིང་། ཅི་སྟེ་ཆོས་ཅན་རང་བཞིན་གནས་རིགས་དྲང་དོན་ཙམ་ལས་གཞི་ལ་མེད་ན་རིགས་སད་པ་མེད་པ་དང་། མཐར་ཐུག་ཆོས་སྐུ་མངོན་དུ་འགྱུར་བ་མེད་པས། གཟུགས་སྐུ་གཉིས་ཀྱང་མི་འབྱུང་བ་ནི་ལྡོག་ཁྱབ་བོ། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །ཞེས་པ་ནི་ཆོས་ཉིད་ཀྱི་རིགས་པས་རྒྱུ་ཆོས་ཉིད་རང་བཞིན་གནས་རིགས་བསྟན་པ་ཡིན་ལ། ཇི་ལྟར་ན་ཆོས་ཉིད་འཕོ་འགྱུར་མེད་པའི་དབྱིངས་ཡེ་ནས་གནས་པ་གང་ཞིག་འཁོར་འདས་གཉིས་ཀའི་གཞིར་གྱུར་པའི་རང་བཞིན་ཇི་ལྟ་བ་བཞིན་རྟོགས་ན་གྲོལ་བ་ཐོབ་རུང་དང་། མ་རྟོགས་ན་འཁོར་བར་འཁྲུལ་ངེས་པ་སྟེ། དེ་ཉིད་ལས། ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །ཞེས་དང་། གསང་སྙིང་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་གསུངས་པ་བཞིན། གཞིར་གནས་ཆོས་ཉིད་ངོ་བོ་སྟོང་པའི་ཡེ་ཤེས་ལུས་ཅན་ཀུན་ལ་ཁྱབ་པར་བཞུགས་པ་ལས། ལམ་དུས་སུ་སྟོང་པ་ཉིད་ཀྱི་གནས་ལུགས་ཐོས་པས་དགའ་བ་དང་སྤྲོ་བ་སྐྱེས་ཤིང་། དབུ་མ་ཆེན་པོའི་གཏན་ཚིགས་རྣམས་ཀྱིས་ཤེས་བྱའི་ཆོས་རྣམས་ལ་གཞལ་བས་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་ལ་ངེས་པ་འདྲོངས་ཤིང་། མཉམ་གཞག་སྣང་མེད་ཀྱི་རྣལ་འབྱོར་རྒྱུད་ལ་བརྟེན་པས་ངོ་བོ་ཉིད་སྐུ་ལ་སྒྲིབ་བྱེད་ཀྱི་དྲི་མ་ཇི་སྙེད་པའི་གཉེན་པོར་གྱུར་པ་ཡིན་ནོ། །འཇུག་པ་ལས། སོ་སོ་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ཤིང་། །ནང་དུ་རབ་ཏུ་དགའ་བ་ཡང་ནས་ཡང་དུ་ལྡང་། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང་། །ལུས་ཀྱི་བ་སྤུ་ལྡང་བར་གྱུར་པ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །ཅེས་སོ། ཁ་ཅིག་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་གསལ་རིག་ཙམ་དེ་ཆོས་ཅན་རང་བཞིན་གནས་རིགས་དང་། དེ་རང་བཞིན་མ་གྲུབ་པ་ཆོས་ཉིད་རང་བཞིན་གནས་རིགས་སུ་འཇོག་པ་ལྟ་བུ་མ་ཡིན་ཏེ། དེ་ལྟ་ན་གཉི་ག་འདུས་བྱས་སུ་ཐལ་ལོ། །མང་པོ་ཞིག་ནི་ལམ་དུས་སུ་སྟོང་ཉིད་བསྒོམས་པའི་བློ་ལ་བྱེད་ཀྱང་གཞི་འབྲས་འདུས་མ་བྱས་དང་ལམ་བདེན་འདུས་བྱས་སུ་གསུངས་ཤིང་། ལམ་དུས་ཀྱི་བདག་མེད་གཉིས་ནི་གློ་བུར་དྲི་མའི་གཉེན་པོ་ཙམ་དང་སྟོང་ཉིད་གོམས་པའི་བག་ཆགས་ཀུན་གཞི་ལ་གནས་ཤིང་། མཐར་ཀུན་གཞི་དང་ལྷན་ཅིག་གནས་ཡོངས་སུ་འགྱུར་བ་ལས་ངོ་བོ་ཉིད་སྐུ་བསྐྱེད་པའི་རྐྱེན་དུ་བཞག་པ་ཙམ་ཡིན་ནོ། །དེ་ལ་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་གནས་འགྱུར་བའི་ས་མཚམས་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས་གསུངས་པའི་དོན་བསྡུས་ཏེ། ས་དང་པོ་ནས་བདུན་པའི་བར་ཉོན་ཡིད་ལོག་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། ས་བརྒྱད་པར་ཡིད་ཤེས་ལོག་པས་སོ་སོར་རྟོག་པའི་ཡེ་ཤེས་དང་། ས་དགུ་པར་སྒོ་ལྔའི་རྣམ་ཤེས་ལོག་པས་བྱ་བ་གྲུབ་པའི་ཡེ་ཤེས་དང་། ས་བཅུ་པར་ཀུན་གཞིའི་རྣམ་ཤེས་ལོག་པས་མེ་ལོང་ལྟ་བུའི་ཡེ་ཤེས་དང་། རྒྱུན་མཐར་སེམས་སེམས་བྱུང་གི་བག་ཆགས་ཀུན་གཞི་དང་བཅས་པ་ལོག་པས་ཆོས་དབྱིངས་ཡེ་ཤེས་སུ་བཞག་གོ །མདོར་ན་ཆོས་ཉིད་རང་བཞིན་གནས་རིགས་ནི། མདོ་དག་ལས། རབ་འབྱོར་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་བྱུང་ཡང་རུང་མ་བྱུང་ཡང་རུང་། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ནི་ཡེ་ནས་གནས་པ་ཡིན་ནོ། །ཞེས་དང་། རྒྱུད་བླ་མ་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པ་ལྟར་བཅོས་མིན་གྱི་གནས་ལུགས་ལ་བཞག་པ་ལས་གཏན་ཚིགས་ཀྱིས་གསར་དུ་བྱས་པའི་བདེན་སྟོང་ལ་བཤད་པ་མེད་དོ། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་པས་རྒྱུ་བྱ་བ་བྱེད་པའི་རིགས་པ་ལ་བརྟེན་ནས་རྒྱས་འགྱུར་གྱི་རིགས་གཞི་ལ་ཡོད་པའི་ཐུགས་རྗེ་བསྟན་པ་ཡིན་ལ། ཇི་ལྟར་ན་གཞི་ལ་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཡོད་པས་ལམ་དུས་སུ་རིམ་བཞིན་སེམས་ཅན་ལ་དམིགས་པའི་སྙིང་རྗེ། ཆོས་ལ་དམིགས་པའི་སྙིང་རྗེ། དམིགས་པ་མེད་པའི་སྙིང་རྗེ་རྣམས་གོམས་པ་ལས་མཐར་མངོན་པར་རྫོགས་པ་སངས་རྒྱས་པའི་ཚེ་གཟུགས་སྐུ་གཉིས་ཀྱི་རོལ་པ་འགག་མེད་དུ་ཤར་བས་འཁོར་བ་མ་སྟོངས་ཀྱི་བར་ཕྲིན་ལས་སྣ་ཚོགས་ལྷུན་གྲུབ་ཏུ་འབྱུང་བ་སྟེ། རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་ནི། །བསོད་ནམས་ཚོགས་ལས་འབྱུང་བ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་སོ། །ལམ་དུས་སུ་རྒྱས་འགྱུར་རིགས་སད་པའི་ཚུལ་ཡང་། རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་ལ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཡང་དག་བཤད། །ཅེས་སོ། །གཞན་དག་རང་བཞིན་གནས་རིགས་འདུས་མ་བྱས་དང་། རྒྱས་འགྱུར་རིགས་འདུས་བྱས་སུ་བཤད་པ་དང་། མཐར་ཐུག་ཆོས་སྐུའི་ཡོན་ཏན་རྣམས་ཡེ་ནས་ལྷུན་གྲུབ་ཏུ་བཞུགས་པ་མངོན་དུ་གྱུར་པ་ཙམ་དང་། གཟུགས་སྐུའི་ཡོན་ཏན་རྣམས་སྔར་མེད་གསར་སྐྱེ་ལ་འདོད་པ་རྣམས་ནི་རྒྱུད་བླ་མའི་དགོངས་པ་ཕྱོགས་རེར་ཤོར་བ་ཡིན་ཏེ། དེ་ཉིད་ནས། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ལས། །ཡོན་ཏན་དབྱེ་བ་དྲུག་ཅུ་བཞི་འདི་དག །ཅེས་པ་ལྟར་རིགས་གཉིས་ཀ་འདུས་མ་བྱས་པའི་རང་བཞིན་ལས་མཐར་ཐུག་གི་འབྲས་བུ་སྐུ་གཉིས་ཀྱི་ཡོན་ཏན་ཀུན་ཀྱང་སྔར་མེད་གསར་དུ་སྐྱེ་བ་མིན་ཏེ། དཀོན་མཆོག་གི་ཡོན་ཏན་བསྟན་པའི་སྐབས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་སོ། །ཞེས་དང་། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་པ་ལྟར་སྦྱང་བྱ་གློ་བུར་འཁོར་བའི་ཆོས་རྣམས་ནི་སྦྱང་གཞི་སྙིང་པོའི་རང་བཞིན་མ་ཡིན་པས་བྲལ་རུང་དང་། དྲི་མ་སྦྱོང་བྱེད་མཉམ་རྗེས་ཀྱི་ཡེ་ཤེས་དག་གིས་ཀུན་རྟོག་གློ་བུར་བ་ཐམས་ཅད་ཟད་པར་སྤངས་པ་ན་མེ་དང་བུད་ཤིང་ལྟར་གཉི་ཀ་ལྟོས་པ་ཅན་ཉིད་ཀྱིས་འདུས་བྱས་ཡིན་ལ། སྦྱངས་འབྲས་སྐུ་གསུམ་གྱི་ཡོན་ཏན་རྣམས་ནི་སྙིང་པོའི་ངོ་བོ་དང་འབྲལ་མི་ཤེས་པའི་རང་བཞིན་ཡིན་པས་གསར་དུ་ཐོབ་པའི་ཡོན་ཏན་འགའ་ཡང་མེད་ཅེས་བསྟན་པ་ཡིན་ནོ། །དེས་ན་ངེས་དོན་མདོ་རྒྱུད་རྣམས་ཀྱི་བསྟན་དོན་བཞིན་བདེ་གཤེགས་སྙིང་པོ་ངེས་དོན་དུ་ཁས་མི་ལེན་པའི་ཕྱོགས་ལ་སྦྱང་གཞི་དང་གནས་འགྱུར་གྱི་ཡོན་ཏན་རྣམས་ཀྱང་བཞག་ཏུ་མེད་དོ། །འདི་དང་མཐུན་པར་རྒྱན་ལས་ཀྱང་། རང་བཞིན་དང་ནི་རྒྱས་པ་དང་། །དེ་ནི་རྟེན་དང་བརྟེན་པ་དང་། །ཡོད་མེད་ཉིད་དང་ཡོན་ཏན་ནི། །སྒྲོལ་བའི་དོན་དུ་ཤེས་པར་བྱ། །ཞེས་པ་ལྟར། རང་བཞིན་དུ་གནས་པའི་རིགས་ནི་ཆོས་ཅན་དང་ཆོས་ཉིད་འབྲལ་རྒྱུའི་ཚུལ་དུ་ཡོད་ལ་བྲལ་འབྲས་ལྟར་མེད་པ་དང་། རྒྱས་འགྱུར་གྱི་རིགས་ནི་ལམ་ཚོགས་གཉིས་ཀྱི་རྐྱེན་སྨིན་པ་ལས་གཟུགས་སྐུ་ཐོབ་པ་མ་གཏོགས་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ལྟར་མིན་པ་དྲི་མ་དག་བྱེད་གཉེན་པོའི་ཚུལ་དུ་ཡོད་པ་བཅས་སེམས་ཉིད་ངལ་གསོའི་འགྲེལ་པ་ཤིང་རྟ་ཆེན་པོ་ལས་གསལ་བ་བཞིན་ནོ། །དེ་ལྟར་གངས་ཅན་པའི་ལྗོངས་སུ་རིགས་ཀྱི་ངོས་འཛིན་ལ་ཁ་ཅིག་སྟོང་རྐྱང་མེད་དགག་ལ་འདོད་པ་ནི་ཀུན་མཁྱེན་ཆེན་པོས་ཡིད་བཞིན་མཛོད་དང་སེམས་དང་ཡེ་ཤེས་ཀྱི་ཤན་འབྱེད་ལས་མི་འཐད་པར་གསུངས་སོ། ཁ་ཅིག་མི་སྟོང་པར་བདེན་གྲུབ་ལ་རིགས་སུ་འདོད་པ་ནི་རྗེ་བཙུན་རེ་མདའ་བའི་འཇུག་ཊཱིཀ་སོགས་ལས་ཤིན་ཏུ་མི་འཐད་པར་བསྟན་ཏོ། ཁ་ཅིག་སེམས་ཀྱི་གསལ་བ་འདུས་བྱས་དང་དེའི་ཆོས་ཉིད་འདུས་མ་བྱས་ཟུང་འཇུག་ལ་རིགས་སུ་འདོད་པ་ནི་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མས་ལྟ་གྲུབ་ཤན་འབྱེད་སོགས་ལས་བཀག་གོ །ལ་ལ་འབྱུང་རུང་རྒྱུ་ཡི་ཚུལ་དུ་བཞག་པ་ཡང་ཀུན་མཁྱེན་ཆེན་པོའི་སེམས་ཉིད་ངལ་གསོའི་འགྲེལ་པ་དང་ལྟ་གྲུབ་ཤན་འབྱེད་ལས་ངེས་དོན་གྱི་མདོ་དང་བསྟན་བཅོས་ཆེན་པོ་རྣམས་ཀྱི་དགོངས་པ་དང་འགལ་བར་གསུངས་སོ། །མདོར་ན་དོན་གྱི་སྙིང་པོ་ནི་ཆོས་རྗེ་དྲི་མེད་འོད་ཟེར་གྱིས། རྒྱལ་བའི་འཁོར་ལོ་བར་པ་རྣམ་ཐར་གསུམ། །བསྟན་བྱའི་ངོ་བོ་སོ་སོ་རང་རིག་ལ། །སེམས་ཅན་ཁམས་ན་བདེ་གཤེགས་སྙིང་པོའི་སྐུ། །རང་བཞིན་བཞུགས་ལ་རྫོགས་པ་ཆེན་པོར་གྲགས། །ཞེས་པ་ལྟར་ངོ་བོ་སྟོང་པའི་ཡེ་ཤེས། རང་བཞིན་གསལ་བའི་ཡེ་ཤེས། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཏེ་རང་བཞིན་གཞིར་གནས་ཀྱི་ཡེ་ཤེས་གསུམ་བརྩེགས་མཐའ་ཐམས་ཅད་དང་བྲལ་བ་རང་བྱུང་གཉུག་མའི་ངོ་བོ་འཕོ་འགྱུར་མེད་པ་སྐུ་གསུམ་གྱི་ཡོན་ཏན་མཐའ་དག་ལྷུན་གྲུབ་ཡེ་རྫོགས་སུ་གནས་པ་ལ་བདེ་བར་གཤེགས་པའི་སྙིང་པོ་དང་། གཞི་རྒྱུད་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཞེས་བྱའོ། །དེ་ལྟར་ངེས་དོན་གྱི་མདོ་དང་བསྟན་བཅོས་རྣམས་ཀྱི་དགོངས་པ་ཡང་དག་པར་ངེས་པས། གཟོད་གསང་སྔགས་བཀའ་གཏེར་གྱི་སྒྲུབ་ཐབས་བཞིན་བསྐྱེད་རྫོགས་ཟུང་དུ་འཇུག་པའི་གནས་ལུགས་བསམ་བརྗོད་ལས་འདས་པའི་རང་བཞིན་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམ་པ་ལ་འཇུག་གོ །ཡུལ་ཆོས་དབྱིངས་དང་ཡུལ་ཅན་ཡེ་ཤེས་གཉིས་སུ་མེད་པའི་རང་བཞིན་མཐར་ཐུག་པ་ནི་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ལས། ས་བཅུའི་སེམས་དཔའ་རྣམས་ཀྱིས་ཀྱང་ཇི་ལྟ་བ་བཞིན་རྫོགས་པར་རྟོགས་པ་མེད་ན་སོ་སོ་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ནི་ལྟ་ཅི་སྨྲོས་ཏེ། རྒྱུད་བླ་མ་ལས། ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཕྱིར། །དོན་དམ་ཡིན་ཕྱིར་བསམ་བྱ་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པས། །བསྒོམ་པ་ལ་སོགས་ཡུལ་མ་ཡིན། །ཞེས་དང་། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཡོན་ཏན་སངས་རྒྱས་ཕྲིན་ལས་ཏེ། །དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན། །འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་བསྒོམས་པའི་ཕན་ཡོན་བསྟན་པ་ནི། མདོ་ལས། ཆོས་འདི་བསྒོམས་པར་མ་གྱུར་ན། །ཆོས་ཉིད་མཐོང་བར་མི་འགྱུར་ཏེ། །ཆུ་ནི་མཐོང་དང་ཐོས་པ་ཡིས། །མ་འཐུངས་སྐོམ་པ་ཇི་ལྟར་སེལ། །ཞེས་དང་། ཇི་ལྟར་བསྐལ་པ་བྱེ་བ་སྟོང་བརྗོད་ཀྱང་། །སངས་རྒྱས་ཡེ་ཤེས་མཐའ་ཡོད་མ་ཡིན་ལྟར། །དེ་བཞིན་གཤེགས་ཀྱི་དམ་པའི་ཆོས་འཛིན་པའི། །བསོད་ནམས་དེ་ཡང་ཚད་ཡོད་མ་ཡིན་ནོ། །ཞེས་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། །བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན། །དེ་ལས་བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །དེ་ལས་དངོས་གྲུབ་བླ་ན་མེད་པ་འབྱུང་། །ཞེས་དང་། དཔལ་གསང་བ་སྙིང་པོ་ལས། གང་གིས་གླང་ཆེན་སྨྱོས་འདྲའི་སེམས། །མཉམ་པར་བཞག་པས་བཏུལ་ནས་སུ། །སྔགས་དང་ཕྱག་རྒྱ་རབ་བརྟེན་ན། །དངོས་གྲུབ་ཡ་མཚན་ཆེན་པོ་འབྱུང་། །ཞེས་སོགས་རྒྱ་ཆེར་བསྟན་པ་བཞིན་ནོ། །མདོར་ན་མཁན་སློབ་ཆོས་གསུམ་གྱི་རིང་ལུགས་ལ་ཞུགས་པའི་རྟེན་གྱི་གང་ཟག་སྐལ་པ་མཆོག་ལྡན་རྣམས་ཀྱིས་བཀའ་གཏེར་གྱི་ཆོས་རྣམས་ལ་འཇུག་ཚུལ་བསྡུས་ཏེ་བསྟན་པ་ལ་གསང་སྔགས་བསླབ་པའི་མཐའ་བཅུའམ་དྲུག་ཏུ་གསུངས་པ་ནི། རྒྱུད་ཐོས་པས་གྲོལ་བ། སྒོ་ཀུན་ནས་སྡུད་པ། མདོ་གཅིག་ཏུ་བསྡུས་པ། མཁས་པ་ཕུལ་དུ་ཕྱིན་པར་སྒྲོ་འདོགས་བཅད་དེ། ཉམས་ལེན་དངོས་བཞིའི་སྐབས་རིམ་པ་དབང་གིས་བགྲོད། གཞི་དམ་ཚིག་གིས་གཟུང་། ཐག་ལྟ་བས་གཅད། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་། ལ་སྤྱོད་པས་དོར། དོན་མན་ངག་གིས་སྒྲུབ་པས་གདེང་དང་ལྡན་པར་བསླབ་བོ། །གཞན་ཡང་མན་ངག་གི་ཡི་གེ་རྣམས་ལས་བཤད་པ་བཞིན། ལྟ་བ་ལུང་རིགས་དང་འབྲེལ་བ། སྒོམ་པ་ཉམས་མྱོང་དང་འབྲེལ་བ། སྤྱོད་པ་དུས་ཚོད་དང་འབྲེལ་བར་བརྟག་ཅིང་འཇུག་པ་དང་། བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་སྒོམ་པའི་ཚེ། མན་ངག་གི་གནད་དང་ལྡན་མི་ལྡན་ལས་རྣལ་འབྱོར་རབ་ལ་ཤར་བ་རྣམ་པ་ལྔ་དང་། འབྲིང་ལ་གསལ་བ་རྣམ་པ་ལྔ་དང་། ཐ་མ་ལ་གཟུང་བ་རྣམ་པ་ལྔ་ཞེས་ཐང་ཡིག་དང་ངེས་དོན་འབྲུག་སྒྲ་ལས་གསུངས་པ་རྣམས་ལ་སྤང་བླང་དང་། བྱེ་བྲག་ཏུ་ཆོ་ག་ལ་འཇུག་པའི་ཚེ་བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲང་ཞིང་། རྡོ་རྗེ་སློབ་དཔོན་ནས་གཟུང་རྡོ་རྗེ་རྡུལ་ཕྱིས་སོགས་རྣལ་འབྱོར་ཕོ་མོ་ཐམས་ཅད་གསང་སྔགས་བོན་གྱེར་མི་བྱ་བར་ལུང་གི་སྒོ་བཞི་དང་ལྡན་པར་འཇུག་སྟེ། ཇི་ལྟར་ན། དོན་དམ་གསལ་འདེབས་བརྗོད་པ་ཚིག་གི་སྒོ། །ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ། །ཏིང་འཛིན་རྩེ་གཅིག་དམིགས་པ་ཡིད་ཀྱི་སྒོ། །མཚོན་པ་བརྡར་བཏགས་ཕྱག་རྒྱ་གར་གྱི་སྒོ། །ཞེས་པ་ལྟར་འདོན་སྒོམ་ཟུང་འཇུག་ཚིག་རྗེས་དོན་དྲན་ལ་སློབ་ཅིང་། གཞན་ཡང་རྣལ་འབྱོར་པ་རབ་རྣམས་ཀྱིས་དགོངས་འདུས་དང་བཀའ་བརྒྱད་རྣམ་བཤད་སོགས་ལས་བསྟན་པ་ལྟར་བཀའ་གཏེར་གྱི་ཆོ་ག་གང་ཡང་ལུང་གི་སྡེབ་ལྔ་དང་སྒྲུབ་ཐབས་ཀྱི་སྦྱོར་སོ་ལྔ་རྣམས་ལྡན་པས་འཇུག་གོ །དང་པོ་ནི་རྒྱུད་ལུང་དང་སྡེབ་པ། ལུང་སྒྲུབ་ཐབས་དང་སྡེབ་པ། སྒྲུབ་ཐབས་ཕྲིན་ལས་དང་སྡེབ་པ། ཕྲིན་ལས་ལག་ལེན་དང་སྡེབ་པ། ལག་ལེན་མན་ངག་དང་སྡེབ་པ་རྣམས་སོ། །ཕྱི་མ་ནི་རྩ་བ་སྒྲུབ་ཐབས་དང་སྦྱོར་བ། སྒྲུབ་ཐབས་ཕྲིན་ལས་དང་སྦྱོར་བ། ཕྲིན་ལས་སྒོམ་ཁོག་དང་སྦྱོར་བ། སྒོམ་ཁོག་ཏིང་ངེ་འཛིན་དང་སྦྱོར་བ། ཏིང་ངེ་འཛིན་མན་ངག་དང་སྦྱོར་བ་རྣམས་སོ།། རྒྱུན་དུ་སོ་བྱང་སྔགས་གསུམ་གྱི་སྡོམ་པ་དང་དམ་ཚིག་ལ་སྤྱོད་པའི་ཚུལ་ཡང་། ཨོ་རྒྱན་སངས་རྒྱས་གཉིས་པས། ཕྱི་ལྟར་ལག་ལེན་མདོ་སྡེའི་ལུགས་སུ་སྤྱོད། །རྒྱུ་འབྲས་སྤང་བླང་ཞིབ་པའི་དགོས་པ་ཡོད། །ནང་ལྟར་གསང་སྔགས་ཐུན་མོང་ལུགས་སུ་སྤྱོད། །བསྐྱེད་རྫོགས་དོན་དང་འབྲེལ་བའི་དགོས་པ་ཡོད། །གསང་བ་བླ་མེད་ཨ་ཏིའི་ལུགས་སུ་སྤྱོད། །ཚེ་གཅིག་འོད་སྐུར་གྲོལ་བའི་དགོས་པ་ཡོད། །ཅེས་པ་ལྟར་སྡོམ་གསུམ་འགལ་མེད་ཉམས་སུ་ལེན་པའི་རིམ་པ་བསམ་གཏན་ངལ་གསོ་དང་འགྲེལ་པ་ཤིང་རྟ་རྣམ་དག་གི་གཞུང་ནས་འབྱུང་བ་བཞིན། ངོ་བོ་གནས་འགྱུར། ཡོན་ཏན་ཡར་ལྡན། རང་ལྡོག་མ་འདྲེས། དགག་དགོས་ཡོངས་རྫོགས། གནད་ཀྱིས་མི་འགལ་བ། དུས་སྐབས་གང་གཙོར་སྤྱོད་པ་ལ་བསླབ་པར་བྱའོ། །དེ་ལྟར་ཉམས་སུ་ལེན་པ་ལས་འབྲས་བུ་ལ་སྦྱོར་བའི་ཚུལ་ཡང་། གཤིན་རྗེ་གཤེད་ཀྱི་རྒྱུད་ལས། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། །དོན་ལ་ཐེ་ཚོམ་མེད་པ་ཡི། །མཁས་པ་ལ་ནི་དངོས་གྲུབ་ཉེ། །ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །རྟོག་ཅིང་དཔྱོད་པའི་རྟོག་གེ་བ། །དེ་ལ་སྦྱོར་བའི་དངོས་གྲུབ་རིང་། །ཞེས་པ་བཞིན་ནོ། ཁ་ཅིག་འདི་སྙམ་དུ་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱི་ཚུལ་ནན་ཏན་གྱིས་སྨྲོས་པས་ཅི་བྱ། རང་དོན་རང་གིས་མཛེས་པ་མ་ཡིན་ནམ་ཞེ་ན། སྤྱིར་ནི་གཞུང་ལུགས་མང་པོར་ཐོས་བསམ་གྱི་ཤེས་རབ་བསྐྱེད་པར་གདམས་པ་ཡོད་ཀྱང་། འདིར་བཤད་པའི་དགོས་པ་ནི། རང་ཅག་སྔ་འགྱུར་བ་རྣམས་ལས་ཐོས་བསམ་པ་དག་གིས་གྲོང་ཆོག་པ་ལ་མི་མགུ་ཞིང་། གྲོང་ཆོག་པ་སོགས་ཆེ་ཕྲ་མང་པོ་ཞིག་ནི་ཐོས་བསམ་པ་ལ་སྡང་ཞིང་ཆོས་འཆད་ཉན་གྱི་གོ་སྐབས་འཇིག་ལ་ཉེ་བ་དང་། ཅུང་ཟད་ཤེས་པ་རྣམས་ཀྱང་འདི་སྣང་འཚོ་རྩིས་དང་ལོག་འཚོའི་བྱ་བཞག་སྒྲུབ་པ་མང་དུ་མཐོང་བ་སོགས་རྒྱུ་རྐྱེན་དུ་མས་ཡིད་བསྐུལ་ཏེ། གསུང་རབ་གླེགས་བམ་པར་དུ་བསྐྲུན་ཀྱང་མཇལ་རྟོག་ཚུལ་བཞིན་བྱེད་པ་ནི་ཉིན་མོའི་སྐར་མ་ཙམ་དུ་ཟད། དབང་བསྐུར་ཞུ་གྲངས་མང་རབས་ལ་ཆོས་པ་རབ་ཏུ་བརྩིས་པ་ལས་ལུང་གི་བསྟན་པ་རྣལ་མ་དག་ནི་འཇའ་ཚོན་གྱི་རྗེས་སུ་བསྙེགས་ལ་ཕྱོགས་པ་ལྟར་འདུག་པ་དང་། སྒྲུབ་པའི་བསྟན་པ་དངོས་ནི་དུས་ཀྱི་དབང་གིས་རི་མོའི་མར་མེ་ལྟར་འགྱུར་ལ་ཉེ་བའི་ཚེ། དགོན་སྡེ་ཆེ་ཕྲ་ཀུན་གྱི་བླ་ན་བཞུགས་པའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་ནས་ཐུགས་བསྐྱེད་ལྷག་པར་གཡོ་བའི་ཁུར་གྱིས་ཆོས་བརྒྱད་དང་ངོ་བསྲུང་གི་འཛེམ་བག་ཡ་མ་བརླ་རྣམས་ཐབས་མཁས་ཀྱིས་རྩད་ནས་བཅོམ་སྟེ། ཕྱོགས་ཀུན་ཏུ་འཆད་ཉན་སྒོམ་སྒྲུབ་ངོ་མཚར་བས་བརྒྱན་པ། བདུད་སྡེ་སྤ་བཀོང་བར་ནུས་པ། དཀར་ཕྱོགས་ལྷ་མི་དགའ་བའི་དགའ་སྟོན་ལ་ངོམས་པ་མེད་པར་ལོངས་སུ་སྤྱོད་པ་སོགས། རིས་མེད་མཁས་གྲུབ་སྔ་མ་རྣམས་ཀྱི་བཞེད་གཞུང་དྲི་མ་མེད་པ་དག་ཡུན་རིང་དུ་གནས་པ་སོགས་རྣམ་པ་ཀུན་ཏུ་མཛད་རྗེས་བཟང་པོ་རྒྱ་མི་ཆུང་བ་ཞིག་བདག་གིར་བཞེས་སུ་གསོལ་བའི་སླད་ཞེན་བསྐུལ་དུ་སྨྲས་པ་ཡིན་ནོ། །དེས་ན་སྐྱེས་ཆེན་གོང་མ་རྣམས་ནས་བཤད་སྒྲུབ་ལ་མི་བརྩོན་པའི་ཕྱོགས་ལ་ཐུགས་སུན་སྐྱེ་བའི་ཚུལ་མདོ་ཙམ་ནི། མཁའ་རིའི་ཞུ་ལན་ལས། ཆོས་པས་མན་ངག་མ་ཐུབ་པར༔ མན་ངག་ཟབ་མོ་ཟོང་དུ་འཚོང༔ རང་ཉམས་མ་ལོན་མི་ལ་བཤད༔ ཅེས་པའི་ལུང་ལ་བརྟེན་ནས་རྡོར་བྲག་རིག་འཛིན་ཆེན་པོའི་བཀའ་བརྒྱད་རྣམ་བཤད་ལས། རང་ཅག་སྔ་འགྱུར་བ་རྣམས་ཀྱང་འདི་ལྟ་བུའི་གཞུང་ཆེན་ཟབ་མོ་རྣམས་ཐོས་བསམ་སྒོམ་གསུམ་གྱི་ནར་བོར་ཏེ། གྲོང་ཆོག་ཙམ་དང་། འདྲེ་འདུལ་ངན་སྔགས་ཁོ་ན་ལ་གཙོ་བོར་བྱེད་པ་དང་། གདམས་པ་ཐོབ་ཀྱང་ཉམས་སུ་མི་ལེན་པར་འཚོང་བཞིན་འཆད་པར་རིགས་པ་སོགས་མང་དག་སྣང་སྟེ། ཞེས་དང་། རིག་འཛིན་འཇིགས་མེད་གླིང་པའི་དགོངས་འདུས་རྣམ་བཤད་ལས་ཀྱང་། དེ་ལྟར་བསྐྱེད་རྫོགས་ཀྱི་ལམ་ལ་ཞུགས་ཕྱིན་ཆད་ཐུན་མཚམས་ཐམས་ཅད་དུ་ཅིར་སྣང་ལྷ་སྐུ་སྒྱུ་མའི་རྣམ་རོལ། སྒྲར་གྲགས་སྔགས་ཀྱི་རང་སྒྲ། དྲན་རིག་ཡེ་ཤེས་ཀྱི་འཁོར་ལོར་རྒྱས་བཏབ་ཅིང་། བླ་མ་ལ་སངས་རྒྱས་སུ་མཐོང་བ། གདམས་ངག་བདུད་རྩིར་མཐོང་བ། དམ་ཚིག་ལ་སྲོག་ཏུ་མཐོང་བ་སྟེ། མཐོང་བ་གསུམ་ལས་མི་གཡོ་བར་བྱེད་ཅིང་། དེ་ལྟ་མ་ཡིན་པར་དབང་བསྐུར་དང་ལུང་ཁྲིད་ལ་ཐོབ་གྲངས་གཙོ་བོར་བྱས་ཀྱང་སྐྱོན་ལས་ཡོན་ཏན་ཅི་ལ་སྲིད་དེ། གྲུབ་ཐོབ་གོང་མས་དམ་ཚིག་མེད་ན་དབང་མང་དུ་ཐོབ་ཀྱང་དམྱལ་བར་ཡུན་རིང་རོགས་བྱེད་གསུངས་པ་ལྟར་བླང་དོར་གོ་མ་འཛོལ་བར་བྱེད་ཅིང་། ཞེས་སོགས་གསུངས་པའང་ཐུགས་མད་དོ། །ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱིས་ཀྱང་། རྙིང་མ་ལ་ལུགས་མཐུན་ཞིག་བྱེད་ན་གསང་སྔགས་སྔ་འགྱུར་རང་གི་བསྟན་པའི་བབས་ལ། བཀའ་གཏེར་ཟུང་གཅིག་ཡིན་པས། བཀའ་མ་ནི་མདོ་སྒྱུ་སེམས་གསུམ་ལ་སྔ་འགྱུར་བཀའ་བབས་ཀྱི་ཆུ་བོ་བཞིའི་སྒོ་ནས་བཤད་རྒྱུན་རྣམ་པར་དག་པ་བཞིན་བཤད་པ་ལག་ལེན་དང་བཅས་པ་བཀའ་མ་ལྟར་བྱེད་དགོས། ཆོས་ཀྱི་ཟབ་གནད་རྣམས་ནི་བརྒྱུད་པ་ལ་སེལ་མེད་ཅིང་མཁའ་འགྲོའི་ཁ་རླངས་ཆི་ལེ་བ་དེ་གཏེར་མ་ཡིན་པས་གཏེར་ཆོས་ཚད་ལྡན་ལྟར་བྱེད་དགོས། དེ་ལྟར་བྱས་ན་རྙིང་མ་ལུགས་དང་མཐུན་པ་ཞིག་ཡོང་ཞེས་སོགས་གསུངས་པ་དང་། ས་པཎ་གྱི་ཐུབ་པ་དགོངས་གསལ་ལས་ཀྱང་། ཐབས་རྒྱ་ཆེན་པོ་ལ་འབད་མི་ནུས་པར་སེམས་ངོ་འཕྲོད་པ་ཙམ་གྱིས་ཆོག་པར་འཛིན་ན་ཐེག་ཆེན་སེམས་བསྐྱེད་ཉམས་པར་གསུངས་པའང་། དེང་སང་ཕྱོགས་མང་པོར་བཀའ་བསྟན་གྱི་ལུང་ཚད་མ་དང་། དགེ་བའི་བཤེས་གཉེན་གྱི་མན་ངག་ཚད་མ། རང་གི་དངོས་སྟོབས་ཀྱི་རིགས་པ་ཚད་མ་རྣམས་ཀྱིས་ཐེག་པ་དང་གྲུབ་མཐའི་རྣམ་གཞག་འཆད་པ་ན་ཚིག་སྐམ་པོ་ལ་སྙིང་པོ་མེད་ཅེས་འགོག་ཅིང་། གཞུང་ལུགས་གཞན་ལྟ་ཅི་རང་ལུགས་བཀའ་གཏེར་གྱི་མན་ངག་ཡིག་ཆ་རྣམས་ལ་ཡང་ངལ་བ་མི་བརྟེན་པར་ཅི་བདེར་གནས་པ་རྣམས་ལ་དགོངས་ཏེ་གསུངས་པ་དག་གོ །དེས་ན་ཆོས་རྗེ་མི་ཕམ་པའི་ཞལ་ནས། མཁན་སློབ་ཆོས་གསུམ་གྱི་རྗེས་འཇུག་སྔ་འགྱུར་པ་རྣམས། རྒྱལ་བའི་བཀའ་དྲི་མེད་དང་། རྒྱན་དྲུག་རྗེས་འབྲངས་དང་བཅས་པའི་གཞུང་བཟང་པོ་སྔ་འགྱུར་འདི་ཙམ་གདའ་བས། ཐོས་བསམ་དེ་ལ་བྱས་པས་ཆོག་གི །གཞན་ཟེར་རྗེས་བརྗོད་ལ་དགའ་བ་ཙམ་གྱིས་ཅི་བྱ་སྟེ། བླ་མ་དང་ལྷག་པའི་ལྷ་དང་དམ་པའི་གཞུང་གི་སྣང་བ་དང་རྟག་ཏུ་འགྲོགས་པར་མཛོད་ཅིག །ཅེས་གསུངས་པ་ལྟར་བསླབ་པར་བྱའོ། ༈ །གཉིས་པ་ཆོས་དང་གང་ཟག་ལ་སྨོད་མི་རིགས་པར་བསྟན་པ་ནི། དེ་ལྟར་རང་རྒྱུད་ཆོས་དང་སྦྱོར་ཞིང་ཐོས་བསམ་སྒོམ་གསུམ་སྤེལ་མར་བྱེད། གདུལ་བྱ་འཁོར་དུ་ཉེ་བ་རྣམས་ཡལ་བར་མི་འདོར་ཞིང་ཚེ་རབས་བརྒྱུད་མར་ཕན་པའི་ལམ་ལ་བཀྲི་ཞིང་། དོན་དང་མི་ལྡན་ཞིང་དགེ་ཚོགས་ཆུད་གསན་པ་དང་། བུད་ཤིང་སྐམ་པོ་ལ་མར་གྱིས་བྲན་པ་ལྟར་དུས་ངན་ཉོན་མོངས་རགས་ལ་འདི་སྣང་དོན་གཉེར་གྱི་བྱ་བཞག་མི་ཚེ་ཉི་མ་གང་འཕུལ་ལ་རྟག་ཏུ་གནས་པའི་ཁྲོད། ཆོས་བྱེད་གང་ཟག་ཉམ་ཆུང་ལ་ཁྱད་གསོད་དང་སྐུར་འདེབས་མི་བྱ་ཞིང་། དབང་ཡོད་ངན་པ་ཁ་བསྡུམས་ཀྱིས་གནོད་པ་མི་བསྐྱལ་བར་སྐྱབས་འགྲོའི་བསླབ་བྱ་དང་མི་འགལ་བར་བྱ། གང་ཟག་གི་བྱ་སྤྱོད་མི་མཛེས་ཤིང་བག་མེད་པ་ཙམ་རྒྱུ་མཚན་དུ་བཟུང་ནས་གྲུབ་མཐའ་དང་ཐེག་པ་གཞན་ལ་སྨོད་ཅིང་ཆོས་སྤོང་གི་ལས་ངན་མི་གསོག །རང་ཕྱོགས་རྙེད་བཀུར་མཆོག་འཛིན་གྱི་རེ་བས་ཆོས་ལུགས་གཞན་གྱི་ལམ་སྲོལ་ལ་ཁ་སྨྲས་དང་སྐྱོན་འདོགས་མི་བྱ་ཞིང་། ནམ་འཆི་ཁ་མའི་དུས་ཀྱི་ཚེ་རྣལ་འབྱོར་པ་རབ་འཆི་བ་ལ་བྲོད་པ་སྐྱེས། འབྲིང་འཆི་བ་ལ་མི་འཇིགས། ཐ་མ་འཆི་ཡང་འགྱོད་པ་མེད་པའི་གནས་ལ་ད་ལྟ་ནས་གཞོལ་དགོས་པ་ལས། སྐུར་འདེབས་ཀྱི་རྣམ་སྨིན་མི་བཟད་པ་དག་ནི་རང་ཉིད་གཅིག་པུས་བསྐལ་པ་ནས་བསྐལ་པར་ཉམས་སུ་མྱོང་བ་ལས་གང་གིས་ཀྱང་བཟློག་ཏུ་མེད་པ་སོགས། ལས་འབྲས་ཀྱི་རྣམ་པ་ལྐོག་གྱུར་ཇི་སྙེད་པ་རྣམས་ལུང་གི་རྗེས་སུ་འབྲངས་ཏེ་དད་པ་དང་དག་སྣང་ཡངས་པོའི་བློ་མིག་བསྐྱེད་པ་ལ་འབད་པ་དང་རྩོལ་བ་བརྟེན་རིགས་པ་ནི། དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་ངའམ་ང་དང་འདྲ་བས་ཆོས་དང་གང་ཟག་གི་ཚོད་གཟུང་བར་རུང་གིས། གཞན་དག་གིས་ནི་མ་ཡིན་ཏེ་ལོག་པར་ལྟུང་བའི་ཕྱིར་རོ། །ཞེས་གསུངས་ཏེ། སྟོན་པ་བཅོམ་ལྡན་འདས་ནི་གནས་དང་གནས་མ་ཡིན་པའི་ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་ཡེ་ཤེས་མངའ་བའི་ཕྱིར་གང་བསྟན་པ་རྣམས་ཚད་མར་གྱུར་པའོ། །སྟོན་པ་དང་འདྲ་བ་ནི་རྒྱལ་བའི་ལུང་གིས་ཟིན་པའམ་མ་ཟིན་ཀྱང་ཚད་མའི་སྐྱེས་བུར་གྱུར་པ་འཕགས་བོད་ཀྱི་མཁས་གྲུབ་རྩོད་པ་དང་བྲལ་བ། གསུང་རབ་ཀྱི་དགོངས་པ་རང་སྟོབས་དང་གཞན་སྟོབས་ཀྱིས་ཕྱིན་ཅི་མ་ལོག་པར་བཀྲལ་ནུས་པ་རྣམས་ཏེ་དེ་དག་གིས་དགག་སྒྲུབ་གང་མཛད་པ་ནི་དོན་དང་ལྡན་པ་ཁོ་ན་སྟེ། བསྟན་པ་གསལ་བར་བྱེད་པའི་ཕྱིར་གུས་པས་བླང་བར་བྱ་བ་ཉིད་དོ། །གཞན་དག་ནི་བདུད་ཀྱིས་བྱིན་གྱིས་བརླབས་པའི་གང་ཟག་བསྟན་པ་ལ་བར་དུ་གཅོད་ཅིང་སེམས་ཅན་མང་པོ་ངན་སོང་གི་གནས་སུ་ལྷུང་བར་བྱེད་ཅིང་། དོན་མེད་པའི་སྨྲ་བ་བྲེ་མོའི་གཏམ་གྱི་སྦྱོར་བ་ལས་བརྩམས་ཏེ་རྙེད་བཀུར་དོན་དུ་གཉེར་བ་དང་། ལོངས་སྤྱོད་དང་མངའ་ཐང་དོན་དུ་གཉེར་བ་དང་། གོ་ས་དང་གྲགས་པ་དོན་དུ་གཉེར་བ་དང་། ཐོས་བསམ་སྒོམ་པའི་ཤེས་རབ་ལ་རྒྱབ་ཀྱིས་ཕྱོགས་པ། བུད་མེད་དོན་དུ་གཉེར་བ། མཛའ་བཤེས་དང་འཁོར་གཡོག་དོན་དུ་གཉེར་བ། བསླབ་པ་གསུམ་ཡལ་བར་དོར་བ་ཁོ་ནའི་ཕྱིར་ལོག་པའི་ཕུང་པོར་འཁྱམས་པ་དག་གོ །ཐེག་པ་ཆེན་པོ་རྒྱུད་བླ་མའི་ལེའུ་ལྔ་པ་ལས། ཉོན་མོངས་རྨོངས་བདག་རྣམས་ཀྱིས་འཕགས་ལ་སྐུར་པ་དང་། །དེས་གསུང་ཆོས་ལ་བརྙས་གང་དེ་ཀུན་ཞེན་ལྟས་བྱས། །དེས་ན་ཞེན་ལྟའི་དྲི་ཅན་དེ་ལ་བློ་མི་སྦྱར། །གོས་གཙང་ཚོན་གྱིས་རྣམ་འགྱུར་སྣུམ་གྱིས་གོས་པ་མིན། །ཞེས་དང་། བློ་དམན་ཕྱིར་དང་དཀར་མོས་བྲལ་ཕྱིར་ལོག་པའི་ང་རྒྱལ་ལ་བརྟེན་ཕྱིར། །དམ་ཆོས་ཕོངས་པས་བསྒྲིབས་པའི་བདག་ཕྱིར་དྲང་དོན་དེ་ཉིད་ངེས་འཛིན་ཕྱིར། །རྙེད་ལ་བརྐམ་ཕྱིར་ལྟ་བའི་དབང་ཕྱིར་ཆོས་སུན་འབྱིན་པ་བརྟེན་པའི་ཕྱིར། །ཆོས་འཛིན་བསྲིངས་ཕྱིར་མོས་པ་དམན་ཕྱིར་དགྲ་བཅོམ་རྣམས་ཀྱི་ཆོས་སྤོང་བྱེད། །ཅེས་སོགས་ཆོས་སྤོང་གི་ལས་ལ་འཇུག་པའི་གང་ཟག་གི་སེམས་དང་ལྟ་བ་དང་འདུ་ཤེས་ཕྱིན་ཅི་ལོག་གི་གནས་རྣམས་ལ་ཉེས་དམིགས་བསམ་གྱིས་མི་ཁྱབ་པའི་ཚུལ་གསུངས་པ་རྣམས་ངེས་ཤིང་། སྡིག་པའི་གྲོགས་པོ་དང་མི་དགེ་བའི་བཤེས་གཉེན་དག་དུག་གི་སྡོང་པོ་བཞིན་བལྟ་བར་བྱ་སྟེ། དེ་ཉིད་ལས། གང་ཞིག་ཡང་ཡང་སྡིག་གྲོགས་ལ་བརྟེན་སངས་རྒྱས་ངན་སེམས་ལྡན་འགྱུར་དང་། །ཕ་མ་དགྲ་བཅོམ་གསོད་པ་བྱ་བ་མིན་བྱེད་ཚོགས་མཆོག་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམ་ན་མྱུར་དུ་དེ་ལས་ཐར་འགྱུར་གྱི། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་སོགས་ཡང་ཡང་བསྟན་པ་བཞིན་ཐར་པ་ཆེན་པོའི་གྲོང་ཁྱེར་དོན་དུ་གཉེར་བ་རྣམས་ཀྱིས་སྡེ་སྣོད་སྤྱི་དང་། གསང་སྔགས་བཀའ་གཞུང་གི་དམ་ཚིག་ལ་ལེགས་པར་གནས་ཤིང་གཡག་རྔའི་རྩེ་མོ་གྱེན་དུ་གཡོ་བ་ལྟར་ས་ལམ་བསྐྱེད་རྫོགས་ཟབ་མོའི་ཡོན་ཏན་མཐའ་ཡས་པ་རྣམས་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་པ་མི་སྤོང་བར་སླར་ལ་སྤེལ་བ་དང་། སྡིག་ཏོ་ཐ་མལ་གྱི་སྣང་ཞེན་དང་ཁ་ན་མ་ཐོ་བའི་ཕྱོགས་རྣམས་མ་སྐྱེས་པ་མི་བསྐྱེད་པ་དང་། སྐྱེས་པ་རིང་དུ་སྤོང་བ་ལ་བསླབ་པར་བསྟན་པ་ནི། འཇམ་མགོན་ཡོན་ཏན་རྒྱ་མཚོའི་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྟོང་ཐུན་ལས་དགག་སྒྲུབ་ཀྱི་རིམ་པ་གཉིས་སུ་གསུངས་ཏེ། དང་པོ་ནི་ཆོས་སྤྱོད་ལ་བརྩོན་འགྲུས་ཆུང་བ་ལུས་ཀྱི་སྐྱོན་དང་། སྨྲ་བ་མང་ཞིང་བཟླས་བརྗོད་ལ་མི་བརྩོན་པ་ངག་གི་སྐྱོན་དང་། ཞེ་སྡང་ཆེ་ཞིང་བྱམས་པ་ཆུང་བ་ཡིད་ཀྱི་སྐྱོན་དང་། བརྗེད་ངས་ཆེ་ཞིང་བག་ཟོན་ཆུང་བ་དམ་ཚིག་གི་སྐྱོན་དང་། ཆང་ལ་དགའ་ཞིང་གཉིད་ལ་སྲེད་པ་ཏིང་ངེ་འཛིན་གྱི་སྐྱོན་དང་། གཡེངས་པ་ལ་དགའ་ཞིང་སྒོམ་སྒྲུབ་ལ་སྐྱོ་བ་དད་པའི་སྐྱོན་ཏེ་སྐྱོན་དྲུག་པོ་དག་སྤང་བྱར་བསྟན་པ་དང་། གཉིས་པ་མི་ཕྱེད་པའི་ཡོན་ཏན་དགུ་ནི། རྟོགས་པ་ཆེ་བས་ཆོས་ཉིད་དང་མི་ཕྱེད་པ། དད་གུས་ཆེ་བས་བླ་མ་དང་མི་ཕྱེད་པ། དམ་ཚིག་ཆེ་བས་ཡི་དམ་དང་མི་ཕྱེད་པ། བརྩེ་གདུང་ཆེ་བས་མཆེད་ལྕམ་དང་མི་ཕྱེད་པ། སྦྱོར་སྒྲོལ་ཆེ་བས་གཟུངས་མ་དང་མི་ཕྱེད་པ། སྙིང་རྗེ་ཆེ་བས་སེམས་ཅན་དང་མི་ཕྱེད་པ། བརྟུལ་ཞུགས་ཆེ་བས་དམ་རྫས་དང་མི་ཕྱེད་པ། ཏིང་འཛིན་གསལ་བས་དངོས་གྲུབ་དང་མི་ཕྱེད་པ། སྐྱོན་དང་བྲལ་བས་འབྲས་བུ་སངས་རྒྱས་དང་མི་ཕྱེད་པ། ཞེས་གསུངས་པ་ལྟར་གཉེན་པོ་ལམ་འཁྱེར་འདི་དག་དང་ལྡན་པས་ཡུལ་དུས་གང་དུའང་བསྐྱེད་རྫོགས་རྫོགས་ཆེན་གྱི་ལམ་ལས་མཐར་ཟུང་འཇུག་ཀུན་ཏུ་འོད་དང་། མ་ཆགས་པདྨ་ཅན་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་མཆོག་མངོན་དུ་གྱུར་ཏེ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ་རྡོ་རྗེ་ཁྲོ་རྒྱལ་རྣམས་ཀྱི་ཞལ་མཐོང་ཞིང་ཁམས་གསུམ་འཁོར་བའི་རྒྱ་མཚོ་དོང་ནས་སྤྲུག་པའི་ཕྲིན་ལས་རབ་འབྱམས་རྒྱ་མཚོའི་ཞིང་ཀུན་ཏུ་ཁྱབ་པ་སོགས་འབྲས་ཆོས་མཐའ་དག་ལ་དབང་བསྒྱུར་བ་ཡིན་ནོ། ༈ །ལྔ་པ་བསྟན་པའི་སྦྱིན་བདག་དང་སྲི་ཞུ་བ་རྣམས་ཀྱིས་བྱ་བ་ལས་ཀྱི་འཁོར་ལོར་ཇི་ལྟར་གཞོལ་བའི་ཚུལ་ནི། ད་ལྟར་སྐུ་འཚོ་ཞིང་གཞེས་པ་བསྟན་འགྲོའི་དཔལ་མགོན་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་བདུན་པ་འགྱུར་མེད་ཆོས་ཀྱི་སེང་གེ་མཆོག་དང་། རྗེ་གོང་མའི་ཉེ་གནས་དང་ཐུགས་སྲས་ཀྱི་ཐུ་བོ་ཕ་རན་སིའི་དགེ་སློང་མི་ཐུའམ་དཀོན་མཆོག་བསྟན་འཛིན་ཟུང་གི་བཞེད་པ་རྒྱ་མཚོ་གཏིང་མཐའ་མི་མངོན་པ། སྙིགས་དུས་འགྲོ་བ་འདུལ་དཀའ་བ་རྣམས་མཐོ་རིས་དང་བྱང་ཆུབ་ཀྱི་ལམ་ཡངས་པོར་འགོད་པའི་ཐུགས་བསྐྱེད་ལྗོན་པ་བཟང་པོའི་རྩ་བ་རབ་ཏུ་བརྟན་ཅིང་། ཡལ་འདབ་གྲིབ་བསིལ་སྣུམ་པོའི་ཕྲིན་ལས་གཞན་དོན་འབའ་ཞིག་ཐུགས་ལ་བཏགས་པ་སོགས་བྱང་སེམས་རིག་འཛིན་སྔོན་བྱོན་ཡོངས་ཀྱི་ཕྱིར་མི་ལྡོག་པའི་མཛད་སྤྱོད་བདག་གིར་བཞེས་པ་ནི། བསྐལ་པ་དུ་མར་རྫོགས་སྨིན་སྦྱངས་པའི་མངོན་རྟོགས་དང་ཐབས་མཁས་ཕུལ་དུ་བྱུང་བ་ཡིན་ཏེ། འཕགས་པ་བརྒྱད་སྟོང་པ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འཇིག་རྟེན་ལ་ཕན་པའི་ཕྱིར་ཞུགས་པ་དང་། འཇིག་རྟེན་ལ་བདེ་བའི་ཕྱིར་ཞུགས་པ་དང་། འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར་ཞུགས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། འཇིག་རྟེན་གྱི་སྐྱོབ་པར་འགྱུར་བར་བྱའོ། །འཇིག་རྟེན་གྱི་སྐྱབས་སུ་འགྱུར་བར་བྱའོ། །འཇིག་རྟེན་གྱི་གནས་སུ་འགྱུར་བར་བྱའོ། །འཇིག་རྟེན་གྱི་དཔུང་གཉེན་དུ་འགྱུར་བར་བྱའོ། །འཇིག་རྟེན་གྱི་གླིང་དུ་འགྱུར་བར་བྱའོ། །འཇིག་རྟེན་གྱི་སྣང་བར་འགྱུར་བར་བྱའོ། །འཇིག་རྟེན་གྱི་ཡོངས་སུ་འདྲེན་པར་འགྱུར་བར་བྱའོ། །འཇིག་རྟེན་གྱི་རྟེན་དུ་འགྱུར་བར་བྱའོ་སྙམ་སྟེ། དེ་ལྟ་བུའི་ངོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བརྩོན་འགྲུས་རྩོམ་པ་དེ་ནི་དཀའ་བ་བྱེད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རབ་བྱུང་བཅུ་བདུན་པའི་ནང་འཕྲུལ་པར་གྱི་མཐུན་རྐྱེན་སྔར་ལྷག་ཇེ་རྒྱས་སུ་སྣང་ཞིང་། ཕྱོགས་མཐའ་ཀུན་ནས་གསུང་རབ་གླེགས་བམ་གྱི་སྡེ་ཚན་མང་པོ་སུག་ལས་དང་ཤིང་པར་ལྕགས་འབྲུ་སོགས་སྔ་རབས་ཀྱི་ངལ་བ་བཞིན་ཡུན་རིང་གཞོལ་མ་དགོས་པར། ཞུས་དག་སླེབ་པ་ཙམ་གྱིས་འཕྲུལ་ཡིག་ཐལ་མར་མཛུབ་འཁྲིད་ཀྱི་ལམ་ནས་པུསྟ་ཀ་གཅིག་གི་གཞི་ལས་དུ་མར་སྤྲོ་ན་འཕྲོ་བའི་དགའ་སྟོན་ངོམས་མེད་དུ་འགྱེད་བཞིན། ཀླུ་རྒྱལ་ལྷག་མ་ཅན་གྱི་ཁུར་དུའང་བཟོད་དཀའ་བ་ཙམ་དུ་གྱུར་པའི་ཚེ། མཆོག་སྤྲུལ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེའི་གཙོས་གཟུར་གནས་རྣམ་དཔྱོད་མངའ་བ་དུ་མས། རིན་ཆེན་གཏེར་གྱི་མཛོད་ཆེན་མོ་ལ་ཞུས་དག་ངེས་འདྲོངས་དང་འབྲེལ་འཕྲུལ་ཡིག་ལེགས་མཉམ་སྤུས་ལྡན་གྱི་ལམ་ནས་སླར་ཡང་གསར་བཞེངས་དགོས་པའི་བསྐུལ་མ་རིམ་པར་བྱུང་བ་ལ་བརྟེན། སྙིགས་དུས་འགྲོ་བའི་དཔལ་མགོན། ལུང་རྟོགས་ཆོས་ཚུལ་ཀུན་ལ་འཁོར་ལོས་སྒྱུར་བའི་མཁྱེན་རབ་ཀྱི་ཆ་ཤས་ཡོངས་སུ་རྫོགས་པ། གདུལ་བྱ་ཐམས་ཅད་སྨིན་གྲོལ་གྱི་ལམ་བཟང་པོར་འགོད་པའི་ཕྲིན་ལས་མཚུངས་ཟླ་མ་མཆིས་པ་གང་དང་། ཐུགས་སྲས་དགེ་སློང་ཟུང་ནས། རྒྱལ་བསྟན་སྤྱི་དང་གསང་ཆེན་བཀའ་གཏེར་གྱི་རིང་ལུགས་ཕྱོགས་ཀུན་ཏུ་མི་ཉམས་ཤིང་ཡུན་དུ་བརྟན་པ་དང་། བསྟན་འཛིན་གྱི་སྐྱེས་བུ་བགྲང་བྱའི་ཁུར་གྱིས་བརྩེགས་ཤིང་ཐུན་མོང་སྣང་ངོར་བགྲེས་པར་བཞུགས་པ་ཐམས་ཅད་དང་། གསར་བྱོན་ཡང་སྲིད་སློབ་གཉེར་ལ་ཞུགས་པ་གཞོན་ནུའི་ཚུལ་ཅན་རྣམས་ལེགས་མཛད་དང་སྐུ་ཚེ་གེགས་མེད་ཚེ་མཐའ་ཡས་པའི་ངོ་བོར་འཚོ་ཞིང་གཞེས་པ་དང་། ཁྱད་པར་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག །ས་གསུམ་འགྲོ་བའི་དེད་དཔོན་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་དངོས་ནས་སྨྲོས་ན། སྐྱབས་རྗེ་རྡོ་རྗེ་འཆང་༧མཁྱེན་བརྩེ་རབ་གསལ་ཟླ་བའམ་ཡོངས་གྲགས་སུ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཞེས་མཚན་སྙན་བ་དན་ས་གསུམ་དུ་མངོན་པར་གསལ་ཞིང་། གདུལ་བྱ་མ་བསྒྲལ་བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམས་གྲོལ་བ་དང་། དབུགས་མ་དབྱུང་བ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་པའི་སར་བཀོད་པའི་ཕྲིན་ལས་འཛམ་གླིང་མཐའ་གྲུ་ཀུན་ཏུ་ཁྱབ་པ་གང་གི་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་བཀའ་དྲིན་རྗེས་སུ་དྲན་པས། དུས་ཀྱི་ཁོར་ཡུག་ཀུན་ཏུ་ཆོས་སྤྱོད་བཅུ་ཡི་བྱ་བ་ཕྲ་མོ་ཚུན་ཆད་མཉམ་ཉིད་འོད་གསལ་ཆེན་པོའི་དགོངས་ཀློང་ཡོངས་སུ་རྫོགས་པའི་སླད་དུ་ཐུགས་བསྐྱེད་རྣམ་པར་དག་པས་གཞི་བཟུང་། དངོས་གཞི་ཡེ་གྲོལ་ཆེན་པོས་རྒྱས་བཏབ། མཐའ་དག་བསྔོ་བ་བཟང་པོས་མཚམས་སྦྱོར་ལ་འབུངས་བཞིན་རིན་ཆེན་གཏེར་མཛོད་ཆེན་མོའི་གླེགས་བམ་རྣམས་འཕྲུལ་གྱི་ཡི་གེར་གསར་དུ་བཞེངས་པའི་ཁུར་ཆེན་ཕྲག་གོང་ཡངས་པོར་བཞེས་ཏེ། དད་གཏོང་ལྷག་བསམ་ནོར་གྱིས་མངོན་པར་ཕྱུག་པ་རྣམས་ལ་ཁ་གསག་དང་ཐོབ་འཇལ་རྙེད་འཚོལ་སོགས་ལོག་འཚོའི་རྙོག་པས་མ་འབགས་པར་བཀའ་བགྲོ་བར་བྱས་སོ། །དེ་ལྟར་གཅམ་བུ་མིན་པར་བསྟོད་བཀུར་བསྔགས་པའི་ཡོན་ཏན་རང་ཆས་སུ་མངའ་བ་དམ་པ་ཟུང་གི་བསྟན་འགྲོར་སྨན་པའི་བཞེད་སྐོང་དུས་ལས་མི་ཡོལ་བའི་སླད། བསྟན་པའི་སྦྱིན་བདག་རྣམས་ཀྱང་གཏོང་ཕོད་ཀྱི་ཡོན་ཏན་དུ་མས་ཕྱུག་ལ་ཀུན་ཕན་རྣམ་དཀར་གྱི་བློ་གྲོས་བརྟས་ཤིང་། གསུང་རབ་གཅིག་ལས་དུ་མར་འཇོ་བས་རྒྱལ་བསྟན་སྙིང་པོ་ཡུན་དུ་གནས་པའི་ལྷག་བསམ་གྱི་ཆུ་འཛིན་གཡོ་བས། སྒྱུ་མ་ལྟ་བུའི་ནོར་རྫས་ལས་ཚེ་རབས་དུ་མར་རང་གཞན་ཀུན་ལ་ཕན་པའི་སྙིང་པོ་ལེན་པར་འདོད་པའི་ཀུན་སློང་བསྔགས་འོས་རྒྱུན་ཆགས་ཤིང་། སྔོན་གྱི་བསགས་རྒྱབ་ཕུན་སུམ་ཚོགས་པ། འདུ་འཛི་རྣམ་གཡེང་དང་ལོག་འཚོའི་ཕྱོགས་སུ་ལོངས་སྤྱོད་རྣམས་ཆུད་གཟན་པར་མི་བྱེད་པ། རྟག་ཏུ་དཀོན་མཆོག་གསུམ་ལ་བླ་མར་བྱེད་ཅིང་བསྙེན་བཀུར་བར་མཆོག་ཏུ་སྤྲོ་བ། རྒྱུ་འབྲས་སྤང་བླང་གི་གནས་ལ་དཔྱོད་པའི་བློ་གྲོས་དང་ལྡན་པ་སོགས་འཇིག་རྟེན་ཡང་དག་གི་ལྟ་བ་དང་དཀར་ཆོས་ཀྱི་ཡོན་ཏན་བཟང་རྒུས་བརྒྱན་པ་སྟེ། སློབ་དཔོན་ཟླ་བས། སྐྱེ་བོ་འདི་ཀུན་བདེ་བ་མངོན་འདོད་ཅིང་། །མི་རྣམས་བདེ་བའང་ལོངས་སྤྱོད་མེད་མིན་ལ། །ལོངས་སྤྱོད་ཀྱང་ནི་སྦྱིན་ལས་འབྱུང་མཁྱེན་ནས། །ཐུབ་པས་དང་པོར་སྦྱིན་པའི་གཏམ་མཛད་དོ། །ཞེས་དང་། སྤྲིང་ཡིག་ལས། ལོངས་སྤྱོད་གཡོ་བ་སྙིང་པོ་མེད་མཁྱེན་ནས། །དགེ་སློང་བྲམ་ཟེ་བཀྲེན་དང་བཤེས་རྣམས་ལ། །སྦྱིན་པ་ཚུལ་བཞིན་བསྩལ་བགྱི་ཕ་རོལ་ཏུ། །སྦྱིན་ལས་གཞན་པའི་གཉེན་མཆོག་མ་མཆིས་སོ། །ཞེས་གསུངས་པ་ལྟར། ངན་འགྲོ་དང་མི་ཁོམ་པའི་གཡང་ས་ལས་ལྡོག་ཅིང་། མངོན་མཐོ་དང་ངེས་ལེགས་ཀྱི་བབས་སྟེགས་ལ་གཞོལ་བས། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་ལྡན་པ། རིས་སུ་མ་ཆད་པའི་བསྟན་པ་ལ་དད་ཅིང་འདུན་པའི་དཔུང་ཚོགས་མཐོ་རིས་ཡོན་ཏན་བདུན་གྱིས་ཕྱུག་པ། ཁྱད་པར་སྙིགས་དུས་འགྲོ་བ་ཡོངས་ཀྱི་སྤྱི་དཔལ་བླ་ན་མ་མཆིས་པ་ཨོ་རྒྱན་སངས་རྒྱས་གཉིས་པའི་བདག་རྐྱེན་ལས་འཕོས་པ་ཟབ་གཏེར་གྱི་རིང་ལུགས་ལ་མཆོག་ཏུ་དད་པའི་སྤྱན་རས་ཡངས་པ། སྐྱེས་བུ་དམ་པ་རྣམས་དང་འགྲོགས་ཤིང་དགེ་བསྐུལ་རམ་འདེགས་གང་ལ་ཡང་ཕྱི་བཤོལ་བཏང་སྙོམས་སུ་མི་བོར་བ། དགེ་ཚོགས་དང་དུ་ལེན་པའི་སྙིང་སྟོབས་ཞུམ་པ་མེད་པས་ཐོག་མཐའ་ཀུན་ཏུ་གཞུ་འགེངས་པ་ལྟ་བུའི་བརྩོན་འགྲུས་ཀྱི་འཇུག་སྒོ་མཆོག་ཏུ་ཡངས་པ་ (TSADRA FOUNDATION) ཙ་འདྲ་རིན་ཆེན་བྲག་གི་ཐེབས་རྩའམ་ཚོགས་པ་ནས་འཇིག་རྟེན་ཚེ་འདིའི་སྙན་པ་དང་གྲགས་པ་དོན་དུ་གཉེར་བ་མིན་པར། ཚེ་རབས་དུ་མ་ནས་བསགས་པའི་ཉེས་ལྟུང་གི་གཉེན་པོར་གྱུར་པ་དང་། བྱང་ཆུབ་སྙིང་པོའི་གོ་འཕང་ལ་མ་རེག་པ་དེ་སྲིད་ཐར་པ་ཆ་མཐུན་གྱི་དགེ་ཚོགས་དང་དཔལ་ཡོན་དབྱར་གྱི་ཆུ་གཏེར་བཞིན་གོང་འཕེལ་དུ་བསྐྱོད་པ་ཁོ་ནའི་ཆེད། སྔ་འགྱུར་བསྟན་པའི་ཤིང་རྟ་༧ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་དཔོན་སློབ་ཀྱི་བཀའ་ལུང་སྤྱི་བོའི་རྒྱན་དུ་བབས་པ་བཞིན་གཏེར་མཛོད་ཆེན་མོ་ཁ་སྐོང་སྔ་ཕྱི་དང་བཅས་པའི་གླེགས་བམ་ཞལ་གྲངས་དོན་གཅིག་བཞུགས་པ་རྣམས་སླར་ཡང་འཕྲུལ་པར་དུ་བཞེངས་པ་ལ་ཡིད་སྤྲོ་བས་མངོན་པར་ཕྱོགས་པ་སྟེ། འཕྲུལ་པར་ཚར་ལྔ་བརྒྱའི་ཡོན་དུ་མ་ཚད། ཞུ་དག་པ་གཙོ་ཕལ་སྔ་ཕྱི་རྣམས་ལ་པོད་རེའི་རྩིས་ཀྱི་འབུལ་མཚོན། ཡིག་འཛུད་པ་སོགས་ལ་ཟླ་རེའི་བརྔན་པ་མཚོན་པ། ཞུ་དག་མཐའ་མ་བ་དྭགས་སྤྲུལ་རིན་པོ་ཆེ་ལ་ཐོག་མར་ཟླ་རེར་བལ་སྒོར་ཉི་ཁྲི་བཞི་སྟོང་དང་། རྗེས་སུ་ལོ་བཞི་ཙམ་ལ་ལྡབ་འཕར་བཞི་ཁྲི་བརྒྱད་སྟོང་འཕུལ་བ་བཅས། གཏོང་བའི་སྒོ་འཕར་ཡངས་པོར་ཕྱེས་པའི་སོང་རྩིས་ཡོངས་བསྡོམས་ཨ་སྒོར་༢༥༠,༠༠༠སོང་ཞིང་དེ་ཙམ་གྱི་བསྟན་པའི་ཞབས་འདེགས་བཀའ་དྲིན་གནང་བའོ། །ཡང་རྒྱལ་བསྟན་གསལ་བྱེད་བསྟན་འགྲོའི་དཔལ་མགོན། ༧སྐྱབས་རྗེ་རྫོང་སར་མཁྱེན་སྤྲུལ་རིན་པོ་ཆེ་ནས་ལྷོ་མོན་སྨན་ལྗོངས་འབྲུག་ཡུལ་དུ་མེ་སྤྲེལ་ལོ་རིན་གཏེར་དབང་ལུང་བསྩལ་མཛད། པར་གསར་འདི་མཇུག་པོད་ཁ་ཤས་ལས་ཕལ་ཆེར་གྲུབ་ཟིན་པའི་དཔེའི་སྟེང་ནས་གནང་བ་ཞིབ་གཟིགས་ཀྱིས་ཐུགས་དགྱེས་ཚོར་ཆེན་པོས་ཧིན་སྒོར་ཆིག་འབུམ་དང་། གནས་བརྟན་མཆོག་གླིང་རིན་པོ་ཆེ་ནས་བལ་སྒོར་དྲུག་ཁྲི། ཆོས་ཀྱི་ཉི་མ་རིན་པོ་ཆེ་ནས་བལ་སྒོར་ཆིག་འབུམ། འཕགས་མཆོག་རིན་པོ་ཆེ་ནས་བལ་སྒོར་འབུམ་གཅིག་བཅས་ཞུ་དག་ཐ་མ་པ་དྭགས་སྤྲུལ་རིན་པོ་ཆེ་ལ་སྐུ་ངལ་སྐྱོན་པའི་ལེགས་བྱས་སུ་སྐྱབས་མཆོག་སོ་སོ་ནས་དངོས་སུ་ལེགས་སྐྱེས་གནང་བ་དང་། ཁྱད་པར་དུ་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་དངོས་སློབ་ཉེ་བར་གནས་པ་གཙོ་བོ་ཕྱི་གླིང་པའི་དགེ་སློང་མི་ཐུའམ་དཀོན་མཆོག་བསྟན་འཛིན་མཆོག་ནས། པར་བསྐྲུན་བགྱི་སྒོ་མཐའ་དག་ལ་འགན་ལེན་ཕྱི་བཤོལ་མེད་པར་ཐུགས་ཁུར་གཟིགས་རྟོག་ནན་ཏན་གྱིས་ཡུན་རིང་ངལ་བ་ཁྱད་དུ་བསད་དེ་ཞབས་ཞུ་ཕུལ་དུ་ཕྱིན་པ་མཛད་ཅིང་། རྒྱུན་གཏན་ནས་ཞེ་ཆེན་དགོན་གྱི་ཕྱི་ནང་ཁོར་ཡུག་གི་ལས་དོན་གལ་ཆེ་ཀུན་ལ་ཐུགས་བསྐྱེད་ལྷག་བསམ་དག་པས་མ་ཁྱབ་པ་མེད་པ་བཏང་འགྲོ་བཞག་སྡོད་འཕེར་བའི་སྲི་ཞུ་བཅོས་མིན་སྒྲུབ་བཞིན་པ་སྨྲོས་མེད་ཁར། བལ་ཡུལ་དང་རྒྱ་གར་གཞིས་ལུས་བོད་ཀྱི་ས་ཁུལ་གང་སར་ཡང་ལན་མང་ཆེད་བསྐྱོད་ཀྱིས་གནས་གཞི་ཉམས་གསོ་དང་། འདུས་སྡེའི་བསྙེན་བཀུར། གཙུག་ལག་སློབ་གཉེར་ཁང་དང་། མཐུན་རྐྱེན་སྲང་ལམ་ཟམ་པ་ཆུ་གློག་སྨན་ཁང་དང་རྒས་འཁོགས་ཉམ་ཐག་གི་རིགས་ལ་གནས་མལ་འཚོ་སྦྱོར་གཟིགས་སྐྱོང་སོགས་ཕན་བདེའི་དཔལ་ཡོན་ལ་སྦྱོར་བའི་རོགས་དན་བཟང་པོ་རྒྱལ་སྲས་ཀྱི་སྤྱོད་པ་ཁོ་ན་བདག་གིར་བཞེས། སྤྱིར་ན་ཕྱི་གླིང་པའི་ཤེས་ཡོན་གང་ལའང་རྣམ་དཔྱོད་གཞན་དྲིང་མི་འཇོག་པ་མངའ་ཞིང་། བོད་ཀྱི་སྐད་ཡིག་རིགས་གཞུང་སྤྱི་དང་། ནང་པའི་ལྟ་གྲུབ་ཀྱི་གནད་ཀུན་ལ་མཁྱེན་རྟོགས་ཟབ་ཅིང་སྐྱེ་བོ་མཆོག་དམན་ཀུན་ལ་རིས་སུ་མི་བཅད་པར་མཐུན་པར་གནས་ཤིང་འགྲོགས་ན་གཞུང་བཟང་བ། ཁྱད་པར་བཀའ་གཏེར་གྱི་ཆུ་བོ་གྲགས་ཆེ་བ་རྣམས་ཀྱི་དབང་དང་ཁྲིད་ལུང་གི་རིམ་པ་མེད་དུ་མི་རུང་བ་རྣམས་ལ་དད་གུས་སྤྲོ་གསུམ་གྱིས་གསན་བསམ་རྒྱ་གང་ཆེ་མཛད། དེ་ལྟར་རང་དོན་ཟོས་བདེ་དོན་གཉེར་ལ་བསམས་ན། ཕྱི་གླིང་ཡུལ་གྲུའི་ནང་འཚོ་ཐབས་ཀྱི་བྱ་བ་ཅི་རིགས་ལ་སོས་དལ་ཐོག་ཅི་བདེར་གཞོལ་མི་ནུས་པ་མིན་ཞིང་འཛམ་གླིང་ན་སྙན་གྲགས་ཀྱང་ཆེ་མོད། འོན་ཀྱང་སོ་བྱང་སྔགས་གསུམ་གྱི་ཉམས་ལེན་དང་འབྲེལ་རྒྱུན་དུ་ནང་ཆོས་ལ་མི་འཕྲོག་པའི་དད་པ་ཐོབ་ཅིང་། བསྟན་འགྲོའི་དོན་ཆེན་ཁོ་ན་ཐུགས་སུ་བཅགས་པ་ལས་འདི་སྣང་འཚོ་རྩིས་དང་། སྲིད་པའི་ཕུན་ཚོགས་ལ་རྒྱབ་ཀྱིས་ཕྱོགས་པ་སོགས་བསྔགས་འོས་ཀྱི་ཡོན་ཏན་དུ་མ་དང་ལྡན་པ། ཆོས་བྱེད་དགེ་འདུན་རྣམས་ཀྱི་མིག་དཔེ་དང་མཚན་གཞི་བཟང་པོར་བཞུགས་པ་ཡིན་ལ། སླད་མར་ཡང་སྐུ་ཚེ་ཡུན་དུ་བརྟན་ཅིང་སྐྱབས་རྗེ་མཁྱེན་བརྩེ་རབ་གསལ་ཟླ་བའི་ཐུགས་བཞེད་བཞིན་བསྟན་འགྲོར་སྨིན་པའི་ཕྱག་རྗེས་བཟང་པོ་རྒྱུན་མི་འཆད་པར་འབྱུང་བར་གྱུར་ཅིག ༈ །གཞན་ཡང་སྲི་ཞུ་བ་སྣེ་མོ་ལས་བྱེད་གོང་འོག་བཀའ་ལ་གཏོགས་པ་རྣམས་ཀྱིས་ཀྱང་ཕྱི་རབས་གདུལ་བྱའི་དོན་ཆེན་པོ་ཉེ་བར་བརྩམ་པ་ལ་ཐུགས་བསྐྱེད་ལྷག་པར་གཡོ་བ་ནི། ཕལ་པོ་ཆེ་ལས། ཀྱེ་རིགས་ཀྱི་བུ་སེམས་ཅན་གྱི་ཁམས་ལ་དམིགས་ནས་ལུས་དང་ངག་དང་ཡིད་ཀྱི་རྩོམ་པ་ཐམས་ཅད་ནི་འཁོར་བ་ན་རྒྱུ་བ་རྣམས་ཡང་དག་པར་འདྲེན་པའི་ཕྱིར་ཚད་མེད་པའི་སྙིང་རྗེ་ཆེན་པོ་སྟེ། འཇིག་རྟེན་པའི་གཙུག་ལག་གམ། འཇིག་རྟེན་ལས་འདས་པའི་གཙུག་ལག་གི་སྦྱོར་བས་ཡང་དག་པར་བརྩོན་ཞིང་། དགེ་བ་ལ་བསྐུལ་བ་ནི། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱེད་པའོ། །དེ་བཞིན་གཤེགས་པ་མཆོད་པའོ། །ཆོས་ཀྱི་རྒྱལ་མཚན་སྒྲེང་བའོ། །ཐར་པའི་ལམ་པོ་ཆེ་སྲོལ་གཏོད་པའོ། །སྐྱེས་བུ་དམ་པའོ། །རིན་པོ་ཆེའི་ཏོག་གོ །ཞེས་དང་། བརྒྱད་སྟོང་འགྲེལ་ཆེན་ལས། གཞན་དོན་བརྩེ་བ་ཅན་རྣམས་སྲོག་ཕྱིར་ཡང་། །རང་གི་ནུས་པ་ལྷོད་པོར་མི་བྱེད་དེ། །སྐྱེས་བུ་དམ་པ་ཁུར་ལྕི་ཁུར་བ་དག །ཉམ་ངའི་གནས་སུ་ནམ་ཡང་འདོར་མི་བྱེད། །ཅེས་དང་། པུཎྜ་རཱི་ཀའི་རྒྱུད་ལས། སྲིད་པ་ལས་དང་རྐྱེན་གྱི་དབང་གྱུར་ཏེ། །གང་དང་གང་དུ་དམ་ཆོས་འཇིག་པ་དེར། །མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་གཟུང་། །ཞེས་པ་ལྟར། ལུང་རྟོགས་ཡོན་ཏན་གྱི་དཔལ་ལ་དབང་འབྱོར་ཞིང་མདོ་རྒྱུད་གསུང་རབ་ཀྱི་ཚིག་དོན་གང་ལའང་སོ་སོར་རྟོག་པའི་ཤེས་རབ་ཀྱི་ཟོང་དང་ལྡན་པ། ཐུབ་དབང་ཉི་མའི་གཉེན་གྱི་བསྟན་པ་རིན་པོ་ཆེ་འཇིག་རྟེན་གྱི་ཁམས་སུ་ཡུན་དུ་བརྟན་ཅིང་སྔ་འགྱུར་མཁན་སློབ་ཆོས་གསུམ་གྱི་རིང་ལུགས་ཕྱོགས་ཀུན་ཏུ་སྤེལ་བའི་ཁུར་ཆེན་པོ་ཕྲག་པར་ཐོགས་པ་ཤ་སྟག་སྟེ། ཞུ་དག་འགན་གཙོ་བཀའ་གཏེར་གསུང་རབ་རྒྱ་མཚོར་མངའ་དབང་འབྱོར་བ་མཆོག་སྤྲུལ་རིག་འཛིན་པདྨ་རིན་པོ་ཆེ་མཆོག་གི་དབུས། བསླབ་གསུམ་ནོར་བུའི་མཛོད་མངའ་མང་ཐོས་བརྟན་མཁས་ཡོན་ཏན་གྱིས་ཐུགས་རྒྱུད་རབ་ཏུ་ཕྱུག་པ་མཁན་པོ་དང་། ངུར་སྨྲིག་འཛིན་པ་རིག་གྲོལ་ཡོན་ཏན་གྱི་མཁྱེན་རབ་མཆོག་ཏུ་ཡངས་པ་སློབ་དཔོན་ཏེ་མཁན་སློབ་ཞུ་དག་པར་དམིགས་སུ་བཀར་པ་མེད་ཀྱང་དགོས་དུས་སུ་ཐུགས་གང་ལྕོགས་ནས་མཛད་པ་རྣམས་དང་། གཞན་ཡང་དངོས་སུ་ཆེད་བསྐོས་འཕྲུལ་ཡིག་འཛུད་པོ་དང་ཞུ་དག་གི་སྣེར་གཏོགས་སོགས་ལས་སྣེ་རྣམས་ཀྱི་མཚན་ནི། བསོད་ནམས་དབང་པོ། ཨོ་རྒྱན་ཕུན་ཚོགས། ཚེ་དབང་རིག་འཛིན། བསྟན་འཛིན་རྒྱལ་མཚན། པདྨ་ཐེག་མཆོག་རྡོ་རྗེ། མདོ་སྔགས་བསྟན་འཛིན། ཀརྨ་བསྟན་འཛིན། བསྟན་འཛིན་དབང་པོ། ཕུར་པ་ཚེ་རིང་། འགྱུར་མེད་བསྟན་པ། ཀརྨ་ཚེ་རིང་། རབ་དབྱངས། ཨ་མདོ་ཞོ་འོང་པ་སློབ་དཔོན་བསྟན་འཕེལ་རྣམས་དང་། དབུ་ལྷ་དང་སུམ་ཕབ་བརྡ་ཡིག་དཔེ་རིས་སོགས་རྗེ་གོང་མའི་ཞལ་སློབ་ལྷ་བྲིས་དགེ་རྒན་མཁས་དབང་དཀོན་མཆོག་ལགས་དང་། པར་ལས་དངོས་ཀྱི་དོ་དམ་པ་རབ་འབྱམས་རིན་པོ་ཆེ་སྐུ་ཆུང་དུས་ནས་ཞབས་འབྲིང་བ་བསམ་འགྲུབ་ཚེ་རིང་། དགོན་གཞུང་དཔེ་མཛོད་དོ་དམ་པ། པདྨ་རྣམ་རྒྱལ་དང་དཔལ་ལྡན་རྡོ་རྗེ། ནང་ཁུལ་སྤྱི་སྡོམ་གཟིགས་རྟོག་པ་དང་པོ་ལོ་ངོ་ཙམ་སློབ་དཔོན་རིག་འཛིན་དབང་ཕྱུག་དང་རྗེས་སུ་ཕལ་ཆེར་གྲྭ་བསམ་གཏན་རྡོ་རྗེ་རྣམས་ནས། འགན་འཁྲིས་ཆེ་ཆུང་གི་བཀོད་རྒྱ་པའི་ངག་ལྟར་བྱ་བ་ལས་ཀྱི་འཁོར་ལོར་འོས་འཚམ་གྱི་ཁུར་མཉམ་བསྐྱེད་ལ་གཡར་དམ་མི་ཡོལ་བ། ཀུན་ཀྱང་མདོ་རྒྱུད་གསུང་རབ་རྒྱ་མཚོའི་ཚིག་དོན་ལ་གཞན་གྱི་ཁ་ན་མ་ལས་པའི་རྣམ་དཔྱོད་ཕུན་སུམ་ཚོགས་ཤིང་མོད་མི་དམའ་བ། རྟག་ཏུ་ཞི་དུལ་བག་ཡོད་པས་འགྲོགས་པར་བདེ་ཞིང་བརྩེ་གདུང་དམ་ཚིག་གི་དཔྱང་ཐག་ནམ་ཡང་མི་ལྷོད་པ། ཐུན་མོང་དུ་བོད་གངས་ཅན་པའི་བརྡ་སྤྲོད་གཙུག་ལག་གི་གཞུང་བཞིན་མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་དང་། ཕྲད་དང་རྣམ་དབྱེ་ལ་ལྟོས་པའི་བྱིངས་དང་རྐྱེན་དང་རྣམ་འགྱུར་དང་། ཚིགས་སུ་བཅད་པ་དང་། ལྷུག་པ་དང་། སྤེལ་མའི་ཚུལ་གྱིས་སྡེབ་སྦྱོར་དང་། མིང་གི་མངོན་བརྗོད་དང་སྙན་ངག་གི་རིམ་པ་སོགས་གང་ལའང་ཐོས་པ་མི་དམན་པ། ཁྱད་པར་སྔ་འགྱུར་གྱི་བརྡ་ཆད་གཞན་ལ་མ་གྲགས་པ་དུ་མར་སྣང་བ་ལ་སོ་སོར་རྟོག་པའི་བློ་གྲོས་ཀྱི་པད་ཚལ་རབ་ཏུ་བཞད་པ་རྣམས་ཀྱིས་དཔེ་གཟུགས་མ་བྱས་པར་ཐོག་མའི་ཞུ་དག་ལན་གཉིས་མཁན་སློབ་གང་ལྕོགས་ནས་དང་། བར་དུ་སྤྲུལ་སྐུ་རིག་འཛིན་པདྨ་རིན་པོ་ཆེ་ནས་ཞུས་དག་གསུམ་པ་པོད་ཞེ་ལྔ་བར་ནར་མར་མཛད། དེ་རྗེས་མི་ཟད་པ་ཞེས་མེ་ཕོ་ཁྱི། སྤྱི་ལོ་ ༢༠༠༦ ལོར། སླར་ཡང་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་དང་དགེ་སློང་མི་ཐུ་རྣམ་གཉིས་ནས་ཡང་ཡང་རེ་བསྐུལ་གནང་བ་བཞིན། འཕགས་ཡུལ་སྨིན་གླིང་ནས་དྭགས་སྤྲུལ་རིན་པོ་ཆེ་བཤད་སྒྲུབ་ལུང་རྟོགས་ཡོན་ཏན་རྒྱ་མཚོ་མཆོག་བལ་ཡུལ་དུ་ཆེད་བསྐྱོད་ཀྱིས་ཉིན་མཚན་ལྟོས་མེད་དུ་སྔར་བཞུགས་མཚུར་ཕུ་དང་དཔལ་སྤུངས་ཀྱི་མ་དཔེ་རྣམས་ལ་ཞིབ་འཇུག་དང་། དཔེ་གཟུགས་སུ་བཀོད་ནས། ཐོག་མའི་འཛུད་དཔེ་དཔལ་སྤུངས་པར་མར་སོང་རྐྱེན། པོད་ཆ་༽པ་མན་མཚུར་པར་ཞིབ་བཅོས་ཅན་དང་ཨ་མདོ་བ་སྐལ་བཟང་ནས་སླར་ཡང་བསྡུར་འདོན་དང་འབྲེལ། གློ་བུར་མཁོ་བའི་ཆོ་ག་མང་པོ་གབ་འཁྲུགས་དང་བསྐུངས་ཡིག་ཏུ་ཚུད་པ་རྣམས་ཕྱིས་འབྱུང་གདུལ་བྱ་ཡོངས་ལ་ཕན་པའི་སླད་ངལ་བ་ལ་ལྟོས་མ་དགོས་པར་སྐབས་སོ་སོར་ཕྱེས་ཏེ་འཇུག་བདེའི་ཚུལ་དུ་སྤེལ་བར་མཛད། གཞན་ཡང་ཐུན་མོང་གི་བརྡ་དང་ཐ་སྙད། སྔོན་རྗེས་མིང་གསུམ་ལ་བརྟེན་པའི་ཕྲད་དང་རྣམ་དབྱེ་དོད་ཚུལ། བྱ་བྱེད་བདག་གཞན་དུས་གསུམ་གྱི་འཇུག་ཚུལ་རྣམས་དང་། ཁྱད་པར་གསང་སྔགས་ཀྱི་བརྡ་ཆད་མི་གསལ་བ་དང་། བཅད་ལྷུག་སྤེལ་མའི་ཚུལ་རྣམས་ཕན་ཚུན་ཚིག་སྣ་ཤོར་བ། དཀྱུས་དང་ཡིག་ཆུང་སོ་སོར་མི་ཕྱེད་པ་འདྲེས་མར་སྣང་བ། དབང་ཆོག་དངོས་དང་ས་བཅད་ཀྱི་རིམ་པ་ཁ་གསལ་མི་མངོན་པ། ཐོག་མཐའ་བར་གསུམ་དུ་བརྡ་ཡིག་དང་གཏེར་ཚག །རྣམ་བཅད། ཤད་ཀྱི་རིམ་པ་མི་གསལ་བ་སོགས་ནོར་བ་རྒྱུན་འབྱམས་སུ་སོང་བ་རྣམས་གཏེར་གཞུང་དཔེ་རྒྱུན་གཞན་དང་ཁུངས་ལྡན་དཔེ་ཚོགས་གང་རྙེད་ལ་ཞིབ་བསྡུར་ལེགས་དཔྱད་ཀྱིས་མ་འདྲེས་པར་སོ་སོར་ཕྱེས་ཏེ། ཞུས་དག་དངོས་ཀྱི་སྦྱོར་བ་ལ་མཁས་རློམ་གཡམ་རྒྱུགས་ཀྱིས་སླ་ཆོས་སུ་མ་སོང་བར། འཇམ་མགོན་བློ་གྲོས་མཐའ་ཡས་པའི་བརྒྱུད་ཡིག་དངོས་གྲུབ་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་དང་། དངོས་སློབ་ཐུགས་སྲས་གཙོ་བོ་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་ཟུར་རྒྱན་རྨད་དུ་བྱུང་བ་པོད་ཆེན་བཞི་དང་དཀར་ཆག་ནོར་བུའི་བང་མཛོད་རྣམས་གཞི་གཟུང་བ་ལས་རང་བཟོ་ཁོ་ནའི་རྙོག་པའི་དྲི་མ་རྡུལ་ཙམ་མ་མཆིས་པར་འཕྲུལ་ཡིག་གི་འཛུད་བཅོས་གྲོགས་དན། པར་ལས་འདིའི་ཐོག་མཐར་འཁྱོལ་བའི་ཞེ་ཆེན་གྲྭ་རིགས་ཚེ་དབང་རིག་འཛིན་དང་བཅས་གཏན་ལ་ཕབ། དེ་ལྟར་དཀྱུས་ཀྱི་སྡེ་ཚན་བྱིངས་རྣམས་ཀྱང་བཞེད་གཞུང་སྔ་མ་ལྟར་མ་འཁྲུགས་པར་ཕྱོགས་སོ་སོར་ལེགས་པར་བཅད་དེ་བསྡེབས་པ་སྟག་མོ་མཆོངས་སྟབས་ཀྱི་ཚུལ་དང་། ཐེ་ཚོམ་དང་དཀའ་བའི་གནས་རྣམས་ལ་གཟུ་ལུམ་དང་རྩིང་ཆོས་ཀྱིས་དུས་དང་བློ་གྲོས་ཆུད་མི་གསན་པར། ཕན་ཚུན་རྣལ་ཕབ་གོ་བསྡུར་གྱིས་དོགས་གནས་སེལ་བ་རུས་སྦལ་ནུར་འགྲོས་ཀྱི་ཚུལ་དང་། ཆོས་ཚན་རེ་རེར་ཡང་མ་ཕྱི་དང་ལེགས་པར་སྦྱར་ཏེ་ཡི་གེ་མི་གསལ་བ་དང་། ཆེ་ཆུང་སོགས་གཅོད་མཚམས་ཉམས་པ་དང་། བརྡ་ཡིག་གཏེར་ཚག་རྣམ་བཅད་ཚེག་ཤད་སོགས་ལ་ཤར་དེད་མ་ཡིན་པར་སྐབས་མཚམས་ལྷོད་ཆགས་ཀྱིས་སྤྱན་རས་ལེགས་པར་ཕབ་པ་སེང་གེའི་འགྱིངས་ཚུལ་བཞིན་ཞུས་བཅོས་ཚེམ་ལུས་སུ་མ་སོང་བར་ཐོག་མཐའ་བར་གསུམ་དུ་དལ་བབས་ཆུ་བོའི་རྒྱུན་བཞིན་བར་མ་ཆད་པར། ངལ་བ་དང་རྣམ་གཡེང་འབྲེལ་གཏུགས་ཐམས་ཅད་རིང་དུ་སྤངས་ནས། བསྟན་པ་མི་ནུབ་པའི་བཙས་སུ་གསུང་རབ་རིན་པོ་ཆེ་ལེགས་པར་བསྐྲུན་པ་ལ་ཐུགས་གཏད་པར་མཛད་ནས། གཟུར་གནས་མཁས་པ་དགྱེས་པའི་མཆོད་སྤྲིན་དུ་གསལ་བར་མཛད། གཞན་ཡང་མཁྱེན་བརྩེ་རྡོ་རྗེ་འཆང་རབ་གསལ་ཟླ་བས་ཞལ་སྐོང་དང་ལྗགས་སྒྲིག་མཛད་པའི་ཆོས་སྐོར་རྣམས་རྩ་བ་གསུམ་གྱི་ཕྱོགས་གཏོགས་དཀྱུས་ཀྱི་གླེགས་བམ་དང་དཀར་ཆག་སོ་སོའི་གསེབ་ཏུ་དགོངས་བཞེད་བཞིན་བཙུད་པ་དང་། སྔོན་མེད་པར་ཐེངས་འདིར་ཉེར་མཁོའི་ཡིག་ཆ་ཁུངས་ལྡན་འགའ་ཡང་དཔེ་ཚན་སོ་སོའི་རྗེས་གསར་བཞག་གི་གསལ་བཤད་ཡིག་ཆུང་ཕལ་ཆེར་ལ་བཀོད་པ་བཅས་བཞག་པ་སོགས་ཞུས་དག་མཐའ་མའི་མཛད་ཁུར་ལ་སོས་དལ་གྱི་གོ་སྐབས་ཡེ་མི་བཞེས་ཤིང་། གང་བྱུང་དེས་ཆོག་མི་གནང་བར་ངལ་བ་ཁྱད་དུ་བསད་དེ་ལོ་རིལ་པོ་བཅུ་ཙམ་ཟབ་གཏེར་ཆོས་སྡེ་རྣམས་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་ཕན་བདེའི་མཆོད་སྡོང་དུ་གྱུར་པའི་ཐུགས་བསྐྱེད་དང་། པཎ་གྲུབ་རིག་འཛིན་རྣམས་ཀྱི་མཛད་སྤྱོད་བདག་གིར་བཞེས་པའི་ཚུལ་རང་ཅག་སྔ་འགྱུར་པ་རྣམས་ཀྱིས་ནམ་ཡང་བསྙེལ་བ་མི་མཛད་པར་བྱས་པ་ཤེས་ཤིང་དྲིན་དུ་ཚོར་བ་ནི་ཡ་རབས་དམ་པའི་ངང་ཚུལ་ཡིན་པས། དགེ་ཚོགས་རྨད་པོ་ཆེ་ལ་ཡི་རང་ཕུལ་བར་བྱ་ཞིང་། སླད་དུའང་སྐུ་ཚེ་ཡུན་དུ་བརྟན་ཅིང་། སྔ་འགྱུར་བསྟན་པའི་རྒྱལ་མཚན་གོང་ནས་གོང་དུ་སྤེལ་བ་ལ་ཐུགས་ཀྱི་བཞེད་དོན་ཡོད་དོ་ཅོག་གེགས་མེད་ལྷུན་གྱིས་འགྲུབ་པར་གྱུར་ཅིག །གཞན་ཡང་བླ་མ་ངག་དབང་བཟང་པོ། སློབ་དཔོན་བསོད་ནམས། ཉི་མ་ཚེ་རིང་དང་། འགྱུར་མེད་ཆོས་འགྲུབ། རྟ་མང་པ་སྐྱེས་པ་ནའོ་རཱ་རྫི་སོགས་མཛོད་གཉེར་དང་ཞལ་ཏ་བ་དང་བྲོ་གཡོག་པ་རྣམས་ཀྱང་མཛངས་ལ་ཡིད་གཞུངས་ཤིང་། དུས་སུ་འོས་པའི་ཞབས་ཏོག་ལ་རེམ་པ། སྒོ་གསུམ་ཐ་མལ་དུ་མི་ཤོར་བར་ལེགས་ཚོགས་ཀྱི་ལམ་ལ་སྤྲོ་བས་རྒྱུན་བསྲིངས་པ། རང་དོན་ཕྲན་ཚེགས་ཀྱི་བགྱིད་སྒོ་ལ་མི་འཇུག་ཅིང་། དགེ་བའི་བཤེས་གཉེན་ཞུས་དག་པ་རྣམས་ཀྱི་གནས་མལ་རིམ་གྲོ་དང་། ཚ་ཁོལ་ཐོག་གསུམ་གྱི་བསྙེན་བཀུར། བསྙུན་གྱི་གསོས་སྨན་སོགས་ཡོ་བྱད་གང་ལ་གང་མཁོ། གླེགས་བམ་བསྡུ་ལེན་བདག་གཉེར་སོགས་འགལ་སྤོང་མཐུན་སྒྲུབ་ཀྱི་བྱ་བ་ཀུན་ལ་གཡས་ཁག་གཡོན་དཀྲི་མེད་པ། ཉི་མ་གང་འཕུལ་གྱིས་གཡེས་ཆུང་དུ་མི་འཇོག་པ་སོགས་བསྟན་པའི་ལྷག་ཞབས་ཅུང་ཟད་གནས་པའི་མངོན་རྟགས་ཡི་རངས་བསྔགས་འོས་ཀྱི་ཡུལ་དུ་གྱུར་པ་སྟེ། མདོར་ན་སྐབས་བབས་ཀྱི་ཁུར་མཐའ་དག་དང་བ་ཆེན་པོས་ཀུན་ནས་བསླངས་ཏེ་བག་མ་གསར་པའི་བརྟུལ་ཞུགས་བཞིན་ཚུལ་མཐུན་བག་ཡོད་པས་བསྒྲུབས་པར་བྱས་སོ། །སྐབས་དང་སྐབས་སུ་འབྲེལ་ཐོགས་སྦྱིན་པའི་བདག་པོ་རྣམས་ཀྱིས་ཚེ་རབས་དུ་མ་ནས་བསགས་པའི་ལེགས་བྱས་མྱུ་གུ་གསར་དུ་སྨིན་པ་ལས་བྱུང་བའི་རྣམ་དཀར་གྱི་དགེ་ཚོགས་རྒྱ་ཆེན་པོ་སྒྲུབ་པ་ལ་བར་ཆད་མི་མཐུན་པའི་རྐྱེན་གྱིས་མི་འཕྲོག་པའི་ཕྱིར་དང་། ཞུས་དག་མཛད་ཁུར་ཕུལ་དུ་བྱུང་བ་ཕྲག་པར་ཐོགས་པའི་བཤེས་གཉེན་གྱི་སྐྱེས་བུ་ཆེན་པོ། སྔར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོར་ལོ་པཎ་བརྒྱ་རྩ་ཞལ་འཛོམས་པ་བཞིན། མཁས་བཙུན་བཟང་གསུམ་གྱི་གཞན་དོན་ཕྲིན་ལས་གང་ལ་ཡང་བདུད་ཀྱི་བར་དུ་གཅོད་པས་གླགས་ལྟ་བ་ནི། འཕགས་པ་བརྒྱད་སྟོང་པ་ལས། བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་ཆེན་པོ་གང་ལགས་པ་དེ་དག་ལ་དགྲ་མང་ངོ་། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟ་སྟེ། རྙེད་པར་དཀའ་ཞིང་རིན་ཆེ་བའི་སླད་དུ་སྟེ། དེ་དག་དབྱིག་ལགས་པས་ན་དེའི་སླད་དུ་དེ་དག་ལ་དགྲ་མང་བར་འགྱུར་རོ། །དེ་བཞིན་དུ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཡང་ཕལ་ཆེར་བར་དུ་གཅོད་པ་མང་དུ་འབྱུང་ངོ་། །ཞེས་པ་ལྟར། སྐུ་ཚེ་དུ་མར་སྨོན་ལམ་གྱི་མཚམས་སྦྱོར་མངའ་བ་རྣམས་ཉེས་ཚོགས་ཀྱི་གཡུལ་ལས་རྒྱལ་ཞིང་། གསུང་རབ་པར་དུ་བཞེངས་པའི་བགྱི་སྒོ་མཐའ་དག་གེགས་མེད་ལམ་དུ་ལྷོངས་པའི་ཕྱིར། བསྙེན་སྒྲུབ་ཚད་དུ་ཕྱིན་པའི་འདུས་སྡེ་རྣམས་ནས་གདན་གསུམ་ཚོགས་ཀྱི་འཁོར་ལོའི་མཆོད་སྤྲིན། སྲིད་པ་ཕོ་རྒྱུད་མོ་རྒྱུད་ཀྱི་སྲུང་མའི་དབང་པོ་ཕྱག་བརྙན་དང་བཅས་པ་རྣམས་ཀྱིས་སྡོང་གྲོགས་ཕྲིན་ལས་རྣམ་བཞི་དུས་ལས་མི་ཡོལ་བའི་སླད་གསོལ་མཆོད་སྐོང་འཕྲིན་གཟབ་འབུལ། མགོན་མཛད་དགྲ་བླ་བཅུ་གསུམ། དགེ་བསྙེན་ཉེར་གཅིག །སྲིད་པ་ཆགས་པའི་ལྷ་དགུ། རྗེ་ཡི་མགུར་ལྷ་བཅུ་གསུམ། བོད་སྐྱོང་བརྟན་མ་བཅུ་གཉིས་སོགས་སྔ་འགྱུར་བསྟན་པའི་བཀའ་སྲུང་གཏེར་བདག་གཉུག་མར་གནས་པ་དགྲ་བླ་ཝེར་མའི་ཚོགས་ལ་འཁོར་འདས་སྤྱི་གསོལ་ཆེན་མོ་དང་། བརྒྱགས་བརྔན་གྱི་མཆོད་པས་དཔུང་བསྐྱེད། བདེ་བར་གཤེགས་པ་སྲས་དང་བཅས་པའི་སྣང་བརྙན་སོགས་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ་ན་བཟའ་དང་སྣང་གསལ་མར་མེའི་མཆོད་པ་ཚར་དུ་དངར་བའི་མཆོད་སྤྲིན་བསྟར་ཆགས་སུ་ཕུལ་བ་སོགས། བསམ་སྦྱོར་དངོས་པོ་དག་པའི་མཆོད་འབུལ་བློས་འཁྱུད་ཚད་ཀྱིས་མཚམས་སྦྱར་ཏེ། རབ་བྱུང་བཅུ་བདུན་པའི་ཉི་སྒྲོལ་བྱེད་ཅེས་བྱ་བ་ཤིང་ཕོ་སྤྲེལ་ལོའི་བུམ་ཁྱིམ་མཆུ་ཟླའི་ཡར་ཚེས་ ༡༡ སྤྱི་ལོ་ ༢༠༠༤ ཟླ་བ་ ༣ ཚེས་ ༢ ལ་དབུ་བཟུང་སྟེ། གདོང་ངན་ཞེས་པ་འབྱུང་བ་བཞི་ལྡན་མེ་ཕོ་སྤྲེལ་ལོའི་རྒྱལ་ཟླའི་དཀར་ཕྱོགས་ཀྱི་རྫོགས་པ་གསུམ་པ་ཨོ་རྒྱན་དུས་གསུམ་མཁྱེན་པ་ལྷོ་ནུབ་འོ་མ་ཅན་གྱི་མཚོ་གླིང་དུ་སྐུ་འཁྲུངས་ནས། བགྲང་བྱ་ཉིས་སྟོང་བརྒྱད་བརྒྱ་གོ་གཉིས་འཁོར་བའི་དུས་བཟང་གི་སྐབས་དཔའ་བོ་མཁའ་འགྲོ་སྤྲིན་བཞིན་འདུ་བའི་ཚེ། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གཙུག་ལག་ཁང་ཆེན་པོར་རིས་མེད་དགེ་འདུན་འདུས་པ་ཡོངས་ནས་བཀྲ་ཤིས་པའི་གསོ་སྦྱོང་དང་། གཏང་རག་ཚོགས་འཁོར་གྱི་དགའ་སྟོན་ཕུན་སུམ་ཚོགས་པས་མཐའ་བརྒྱན་ཏེ་རིན་ཆེན་གཏེར་མཛོད་ཆེན་མོ་ལེགས་པར་བཞེངས་པའི་བགྱི་བ་མཐའ་དག་རེ་ཞིག་རྫོགས་པར་བྱས་སོ།། །། ༈ རྩ་བའི་ས་བཅད་གསུམ་པ་མཐའ་མར་དགེ་བ་མཇུག་ཡོངས་སུ་རྫོགས་པའི་ཆིངས་ཡོངས་འདུས་རྡོ་རྗེ་རྩེ་མོའི་གྲུ་གཟིངས་བཤད་པ་ལ། བསྟན་པ་གནས་པའི་ཚད། ཟབ་གཏེར་གསུང་རབ་བསྐྲུན་པའི་ཕན་ཡོན། སེམས་བསྐྱེད་དག་པའི་བསྔོ་བ་དང་གསུམ་ལས། དང་པོ་བསྟན་པའི་གནས་ཚད་བཤད་པ་ལ། མདོ་སྔགས་གཉིས་ལས་དང་པོ་ནི། འདུལ་བ་ལུང་ཕྲན་ཚེགས་ལས། ཀུན་དགའ་བོ་བུད་མེད་རྣམས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་མ་བྱུང་ན་ནི་ད་དུང་ངའི་བསྟན་པ་ལོ་སྟོང་ཚང་བར་ཉེས་པ་མེད་ཅིང་ཉམས་པ་མེད་པར་གནས་པར་འགྱུར་རོ་ཞེས་དང་། སློབ་དཔོན་དབྱིག་གཉེན་གྱི་མངོན་པ་མཛོད་ཀྱི་རང་འགྲེལ་ལས། ལུང་འཛིན་པར་བྱེད་པ་ནི་སྨྲ་བ་བྱེད་པའོ། །རྟོགས་པ་འཛིན་པར་བྱེད་པ་ནི་སྒྲུབ་པ་བྱེད་པ་ཡིན་ཏེ། དེའི་ཕྱིར་དེ་གཉིས་ཇི་སྲིད་དུ་གནས་པ་དེ་སྲིད་དུ་དམ་པའི་ཆོས་གནས་པར་རིག་པར་བྱའོ། །དེ་དག་ཀྱང་ལོ་སྟོང་དུ་གནས་སོ་ཞེས་བཤད་དོ། །གཞན་དག་ན་རེ། རྟོགས་པ་ནི་དེ་ལྟ་བུ་ཡིན་གྱི། ལུང་ནི་ཡུན་རིང་དུ་གནས་སོ་ཞེས་ཟེར་རོ། །མདོ་སྡེ་བསྐལ་པ་བཟང་པོ་ལས་ཀྱང་། དམ་པའི་ཆོས་ནི་ལོ་ལྔ་བརྒྱའི་བར་དུ་གནས་སོ། །ལོ་ལྔ་བརྒྱའི་བར་དུ་ནི་དམ་པའི་ཆོས་ལྟར་སྣང་ངོ་། །ཞེས་དང་། མདོ་སྡེ་ལས་བརྒྱ་པར། དབང་པོ་དག་ལོ་སྟོང་འདས་པའི་འོག་ཏུ་བསྟན་པ་ནུབ་ཏུ་ཉེ་བའི་ཚེ། འཇིག་རྟེན་ཆོས་མ་ཡིན་པ་ཤས་ཆེ་ཞིང་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་ཉམས་པར་འགྱུར་རོ་ཞེས་དང་། ཡང་བསྟན་པ་ལོ་ཆིག་སྟོང་ཆིག་བརྒྱ་གནས་པར་བཤད་པ་ནི། མདོ་མྱང་འདས་ལས་ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་སྟོང་ཆིག་བརྒྱ་ན། དགེ་སློང་ཚུལ་ཁྲིམས་འཆལ་བ་རྣམས་འབྱུང་བར་འགྱུར་བ་ནི་འཁོར་དང་གཡོག་མང་བར་འགྱུར་རོ། །ཚུལ་ཁྲིམས་དང་ལྡན་པ་རྣམས་ནི་འཁོར་ཉུང་ཞིང་གཡོག་ཉུང་བར་འགྱུར་རོ་ཞེས་པའི་བར་རྒྱ་ཆེར་འབྱུང་ལ། བསྟན་པ་ནམ་ཞིག་ནུབ་པའི་མཐའ་གསལ་བར་མ་བསྟན་ན་ཡང་། གནས་པའི་ཡུན་ནི་ལོ་སྟོང་ཕྲག་གཅིག་དང་ཆིག་བརྒྱར་གསལ་བར་བསྟན་ཏོ། །དེ་བཞིན་དུ་བསྟན་པ་ལོ་གྲངས་ཆིག་སྟོང་དང་ལྔ་བརྒྱར་གནས་པར་བཤད་པ་ཡང་། སྙིང་རྗེ་པདྨ་དཀར་པོ་ལས། བདག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་ལོ་སྟོང་དུ་དམ་པའི་ཆོས་གནས་པར་གྱུར་ཅིག །ཡང་ལོ་ལྔ་བརྒྱར་ནི་དམ་པའི་ཆོས་ཀྱི་གཟུགས་བརྙན་གནས་པར་གྱུར་ཅིག །ཅེས་དང་། ལོ་ཉིས་སྟོང་དུ་གནས་པར་བཤད་པ་ནི། ཟླ་བའི་སྙིང་པོས་ཞུས་པའི་མདོ་ལས། ང་མྱ་ངན་ལས་འདས་ནས་དམ་པའི་ཆོས་ཀྱི་གཟུགས་བརྙན་ལོ་ཉིས་སྟོང་དུ་གནས་པར་འགྱུར་རོ། །ཞེས་དང་། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་འཕགས་པ་རྡོ་རྗེ་གཅོད་པའི་འགྲེལ་པ་ལས། ལྔ་བརྒྱ་མཐའ་མ་ཞེས་བྱ་བ་ལ། བརྒྱ་ཕྲག་ལྔའི་ཚོགས་ནི་ལྔ་བརྒྱ་སྟེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ལྔ་བརྒྱ་ཕྲག་ལྔའི་བར་དུ་གནས་ཞེས་གྲགས་པས་དེའི་ཕྱིར་མཐའ་མ་ཞེས་བྱེ་བྲག་ཏུ་མཛད་དེ། དེའི་ཚེ་སྙིགས་མ་ལྔ་པོ་དག་ཤས་ཆེ་བའི་ཕྱིར་རོ། །ཞེས་གསུངས་པ་དང་། ཡང་སློབ་དཔོན་དཾཥྚ་སེ་ནཱས་མཛད་པའི་འབུམ་ཊཱིཀ་དང་། དབྱིག་གཉེན་ཞབས་ཀྱིས་མཛད་པར་གྲགས་པའི་ཡུམ་གསུམ་གནོད་འཇོམས་དང་། སློབ་དཔོན་འཇམ་དཔལ་གྲགས་པའི་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོའི་འགྲེལ་པ་རྣམས་ལས་བསྟན་པ་ལོ་ལྔ་སྟོང་དུ་གནས་པར་གསུངས་ཤིང་། དེ་ལ་ལྔ་བརྒྱ་ཕྲག་བཅུ་ཡོད་དེ། མངོན་པར་རྟོགས་པའི་དུས་གསུམ་དང་། སྒྲུབ་པའི་དུས་གསུམ་དང་། ལུང་གི་དུས་གསུམ་དང་། རྟགས་ཙམ་འཛིན་པའི་དུས་གཅིག་སྟེ་བཅུའོ། །དང་པོ་གསུམ་ནི། དགྲ་བཅོམ་པ་དང་། ཕྱིར་མི་འོང་བ་དང་། རྒྱུན་དུ་ཞུགས་པའི་དུས་སོ། །གཉིས་པ་སྒྲུབ་པའི་ནི། ལྷག་མཐོང་དང་། ཏིང་ངེ་འཛིན་དང་། ཚུལ་ཁྲིམས་ཀྱི་དུས་སོ། །གསུམ་པ་ལུང་གི་ནི། མངོན་པ་དང་། མདོ་སྡེ་དང་། འདུལ་བའི་སྡེ་སྣོད་ཀྱི་དུས་སོ། །ལྔ་བརྒྱ་ཕྲག་བཅུ་པ་ལ་ནི་རབ་ཏུ་བྱུང་བའི་རྟགས་ཙམ་ལས། ལྟ་སྤྱོད་རྣལ་མ་མི་ལྡན་པས་ན་བསྟན་པའི་མཐའ་ལ་ཐུག་པ་ཞེས་བྱའོ། །སྤྱིར་བསྟན་པ་ནུབ་པའི་རྒྱུ་ལ་བུ་སྟོན་རིན་ཆེན་གྲུབ་ནི། སངས་རྒྱས་ཀྱི་སྨོན་ལམ་གྱི་འཕེན་པ་ཟད་པ་དང་། བསྟན་པའི་གདུལ་བྱ་ཟད་པ་ཡིན་ལ། རྐྱེན་ནི་མདོ་དག་ལས་དགེ་སྦྱོང་རྣམས་རང་གི་ལྟ་སྤྱོད་ལས་ཉམས་པ་དང་། སྦྱིན་བདག་རྣམས་བསྟན་པ་ལ་དད་པ་བྲི་བ་དང་། བདུད་དང་བདུད་ཀྱི་རིས་ཀྱི་ལྷ་དང་ཡི་དྭགས་ཀྱིས་བར་ཆད་བྱས་པ་གསུམ་གྱིས་ནུབ་པར་འགྱུར་བར་གསུངས་པ་ལ་སྟོན་པ་འདིའི་བསྟན་པ་འཇིག་པའི་རྐྱེན་ནི་དང་པོ་གཉིས་སུ་གསལ་ལོ་ཞེས་བཞེད་པ་བཀོད་པར་མཛད་དོ། །རོང་ཟོམ་ཆོས་ཀྱི་བཟང་པོ་ནི། དེ་ལ་དམ་པའི་ཆོས་གཟུང་བ་ནི་ཡན་ལག་བཞི་དང་ལྡན་པ་སྟེ་། དེ་ལས་གཅིག་ཉམས་ཀྱང་དམ་པའི་ཆོས་ཉམས་པ་ཡིན་ནོ། །བཞི་གང་ཞེ་ན། འདི་ལྟར་བན་དེ་དང་གླེགས་བམ་ཡོད་ཀྱང་རྟོགས་པ་རང་གི་རྒྱུད་ལ་མི་བརྟེན་ཅིང་རྩོལ་བ་མི་བྱེད་པ་དང་། རྩོལ་བ་ཙམ་ཡོད་ཀྱང་སྡོམ་པ་དང་དམ་ཚིག་ལ་གནས་པར་མི་བྱེད་པ་དང་། ཆོས་ཀྱི་མངའ་ཐང་ཆུང་ཞིང་བརྩིགས་སུ་མི་སྟེར་བ་དང་། དམ་པའི་ཆོས་དང་ཆོས་པའི་གང་ཟག་ལ་ཕྱི་རོལ་སྐྱེ་བོ་རྣམས་ཀྱིས་བཙུན་པར་མི་བྱེད་ལ་ཚད་མི་འཛུགས་ན་ཡང་ཆོས་ནུབ་པའི་ཆར་གཏོགས་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་བསྟན་པའི་གནས་ཚད་ལོ་ལྔ་སྟོང་ལས། རྒྱལ་བ་འདས་ནས་ད་ལྟའི་རབ་བྱུང་བཅུ་བདུན་པའི་ཆུ་ཕོ་འབྲུག་གི་བར་ཉིས་སྟོང་བརྒྱད་བརྒྱ་དགུ་བཅུ་རྩ་བཞི་སོང་བས་ན། འབྲས་དུས་ལྔ་བརྒྱ་ཕྲག་གསུམ་དང་། སྒྲུབ་དུས་ལྔ་བརྒྱ་ཕྲག་གསུམ་ལས་ཤེས་རབ་དང་ཏིང་ངེ་འཛིན་གྱི་ལེའུ་རྫོགས་ནས། ཚུལ་ཁྲིམས་ཀྱི་དུས་ལྔ་བརྒྱ་ལས་སུམ་བརྒྱ་གོ་ལྔ་འདས་ནས། ལྷག་མ་བརྒྱ་དང་ལྔ་ཙམ་ལུས་པའི་སྟེང་། ལུང་གི་ལྔ་བརྒྱ་ཕྲག་གསུམ་བསྡོམས་པས་བསྟན་པ་རྣལ་མའི་ཚད་ཆིག་སྟོང་དྲུག་བརྒྱ་ལྔ་དང་། རྟགས་ཙམ་འཛིན་པ་ལྔ་བརྒྱ་ཕྲག་གཅིག་བཅས་ཉིས་སྟོང་ཆིག་བརྒྱ་དང་ཉག་མ་ལྔའི་གྲངས་ཙམ་ཞིག་ནི་ལུས་སོ། །ཚུལ་དེ་དག་ལས་བསྟན་པ་དམ་པའི་ཆོས་ལོ་སྟོང་དུ་གནས་པ་དང་། སྟོང་དང་ཆིག་བརྒྱ་དང་། སྟོང་དང་སུམ་བརྒྱ་དང་། སྟོང་དང་ལྔ་བརྒྱ་དང་། ཉིས་སྟོང་དང་། ཉིས་སྟོང་ལྔ་བརྒྱའི་བར་དུ་གནས་པ་སྟེ། དེ་ལས་རིང་དུ་མི་གནས་པར་གསུངས་པ་རྣམས་ནི་དྲང་དོན་དགོངས་པ་ཅན་དུ་གསལ་ཏེ། དགོངས་གཞི་ནི་འབྲས་བུའི་དུས་ཀྱི་བསྟན་པ་དང་སྒྲུབ་པའི་དུས་ཀྱི་བསྟན་པ་ཙམ་ལ་དགོངས་སོ། །ཚེ་ལོ་བདུན་བརྒྱ་པའི་བར་དུ་གནས་པར་གསུངས་པ་ནི། དེ་བཞིན་གཤེགས་པའི་སྐུ་གདུང་དང་གླེགས་བམ་ལ་སོགས་པ་རིང་དུ་གནས་པ་ཙམ་ལ་དགོངས་སོ། །ཡུན་ཐུང་ངུ་ལས་མི་གནས་པར་བཤད་པ་ནི། གདུལ་བྱ་རྣམས་ཆོས་ལ་བསྐུལ་བའི་ཆེད་དུའོ། །ཧ་ཅང་རིང་པོར་གནས་པར་བཤད་པ་ནི། ཞུམ་པ་གཟེངས་བསྟོད་དེ་རྩོམ་པ་ཆེན་པོས་འཇུག་པ་ལ་དགོངས་སོ། །དངོས་ལ་གནོད་བྱེད་ནི། ལྷ་མོ་དྲི་མ་མེད་པའི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། །ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །དེས་ན་ལོ་ལྔ་སྟོང་དུ་གནས་པར་བཤད་པ་ཉིད་ངེས་པའི་དོན་གྱི་ཚིག་ཡིན་ཏེ། ཕུག་པ་ཡབ་སྲས་དང་ལོ་ཆེན་དྷརྨ་ཤྲཱི་ལ་སོགས་པ་མཁས་གྲུབ་ཀྱི་སྐྱེས་བུ་ཚད་མ་ཕལ་མོ་ཆེས་བཞེད་པ་ཉིད་དོ། །ཡང་སིང་ག་ལའི་གནས་བརྟན་སྡེ་པའི་ལུགས་ལྟར་ན། སྟོན་པ་འདས་ནས་ད་ལྟའི་ཆུ་འབྲུག་གི་བར་ཉིས་སྟོང་ལྔ་བརྒྱ་ལྔ་བཅུ་རྩ་དྲུག་སོང་བ་ཡིན་ནོ། །རྒྱ་གར་གྱི་སློབ་དཔོན་ཨ་བྷ་ཡ་ཀ་ར། ཕྱ་པ་ཆོས་ཀྱི་སེང་གེ །དབུས་པ་བློ་གསལ། ལོ་ཙཱ་བ་ནམ་མཁའ་བཟང་པོ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་རྣམས་ནི། ཤིང་འབྲུག་ལ་ལྷུམས་སུ་ཞུགས། ཤིང་སྦྲུལ་ལ་སྐུ་བལྟམས། ས་བྱ་ལ་རབ་ཏུ་བྱུང་། ཤིང་ཡོས་ལ་སངས་རྒྱས། ཤིང་གླང་ལ་མྱ་ངན་ལས་འདས་པར་འདོད་པ་ལྟར་ན་ད་ལྟའི་ཆུ་འབྲུག་བར་ལོ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུ་རྩ་བརྒྱད་སོང་བ་ཡིན་ནོ། །ཀུན་མཁྱེན་ཀློང་ཆེན་རབ་འབྱམས། བན་དེ་ཆོས་ཀྱི་བློ་གྲོས། རྗེ་བཙུན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་རྣམས་ནི། སྟོན་པ་ས་མོ་ཡོས་ལ་ལྷུམས་སུ་ཞུགས། ས་ཕོ་འབྲུག་ལ་སྐུ་བལྟམས། མེ་ཕོ་སྤྲེལ་ལ་རབ་ཏུ་བྱུང་། ཆུ་ཕོ་སྟག་ལ་སངས་རྒྱས། མེ་ཕོ་ཕག་ལ་མྱ་ངན་ལས་འདས་པར་བཞེད་པ་ལྟར་ན་ད་ལྟའི་ཆུ་འབྲུག་བར་ལོ་བཞི་སྟོང་ཆིག་བརྒྱ་བཞི་བཅུ་རྩ་བརྒྱད་སོང་བ་ཡིན་ནོ། །བུ་སྟོན་རིན་ཆེན་གྲུབ་ཀྱི་བཞེད་པ་ལྟར་རབ་བྱུང་ལྔ་པའི་ཆུ་ཁྱི་ཡན་ཆད་ལ་ལོ་ཉིས་སྟོང་ཆིག་བརྒྱ་དགུ་བཅུ་རྩ་བརྒྱད་འདས་པར་བཞེད་པ་ལྟར་ན་ད་ལྟའི་ཆུ་འབྲུག་བར་ལོ་ཉིས་སྟོང་བརྒྱད་བརྒྱ་དགུ་བཅུ་ཐམ་པ་འགྲོ་བ་ཡིན་ནོ། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནི། སྟོན་པ་ཤིང་ཕོ་བྱི་བ་ལ་ལྷུམས་སུ་ཞུགས། ཤིང་མོ་གླང་ལ་སྐུ་བལྟམས། ཆུ་མོ་སྦྲུལ་ལ་རབ་ཏུ་བྱུང་། ས་མོ་ཕག་ལ་སངས་རྒྱས། ཤིང་ཕོ་སྤྲེལ་ལ་མྱ་ངན་ལས་འདས་པར་འདོད་པ་ལྟར་ན་ད་ལྟའི་ཆུ་འབྲུག་གི་བར་ཉིས་སྟོང་ཆིག་བརྒྱ་བཞི་བཅུ་རྩ་དྲུག་འགྲོ་བ་ཡིན་ནོ། །ཕུག་པ་ཡབ་སྲས་དང་ལོ་ཆེན་དྷརྨ་ཤྲཱི་སོགས་མཁས་གྲུབ་ཀྱི་སྐྱེས་བུ་ཕལ་ཆེ་བ་ནི། ས་མོ་ལུག་ལ་ལྷུམས་སུ་ཞུགས། ལྕགས་ཕོ་སྤྲེལ་ལ་སྐུ་བལྟམས། ས་ཕོ་ཁྱི་ལ་རབ་ཏུ་བྱུང་། ཤིང་ཕོ་རྟ་ལ་སངས་རྒྱས། ལྕགས་ཕོ་འབྲུག་ལ་མྱ་ངན་ལས་འདས་པར་བཞེད་པ་ལྟར་ན་ལོ་ཉིས་སྟོང་བརྒྱད་བརྒྱ་དགུ་བཅུ་རྩ་བཞིར་སླེབས་པ་ཡིན་ནོ། །དེ་ཡང་ངེས་པའི་དོན་དུ་བསྟན་པ་ལ་དར་ནུབ་ཀྱི་རྣམ་གཞག་གང་ཡང་མ་མཆིས་པ་ནི། མདོ་གསེར་འོད་དམ་པ་ལས། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། །ཡོངས་སུ་མྱ་ངན་འདའ་བར་སྟོན། །ཞེས་འབྱུང་ངོ་། ༧ །གཉིས་པ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་བསྟན་པའི་གནས་ཚད་ལ། བཀའ་གཏེར་གཉིས་ལས། དང་པོ་ནི། བྱ་སྤྱོད་རྣལ་འབྱོར་བླ་མེད་ཕ་རྒྱུད་རྣམས་ནི་གནས་ཚད་སྤྱི་དང་མཐུན་པར་འཇམ་དཔལ་རྩ་བའི་རྒྱུད་དང་སྒྲོན་གསལ་སོགས་ལས་གསུངས་པར་གྲགས་ལ། མ་རྒྱུད་རྣམས་ནི་མཁའ་འགྲོ་རྒྱ་མཚོ་ལས། ཤེས་རབ་རྒྱུད་ནི་རང་བྱུང་ཉིད། །རང་གི་རང་བཞིན་རྟག་ཏུ་གནས། །བྱང་ཆུབ་མཆོག་གི་ཆོས་རྣམས་སུ། །མི་འཇིག་གོ་འཕང་རྗེས་འགྲོ་བ། །བསྐལ་པ་བསྲེག་པའི་དུས་སུ་ནི། །གཞན་དུ་སོང་ནས་ཡང་དག་གནས། །ཞེས་ནམ་དུའང་མི་ནུབ་པར་གསུངས་པ་དང་། ཨ་ཏི་ཡོ་གའི་བསྟན་པ་ནི། ཐལ་འགྱུར་ལས། སྙིང་པོ་ལྡན་དང་རྫོགས་ལྡན་དང་། །རྫོགས་ལྡན་དག་ནི་ཆེན་པོ་དང་། །དེ་བཞིན་གཉིས་དང་གསུམ་ལྡན་པ། །རྩོད་ལྡན་དང་ནི་རྩོད་ལྡན་ཆེ། །དེ་དག་རེ་རེའི་བར་དག་ཏུ། །མུན་པའི་བསྐལ་པ་དྲུག་ཅུ་ལ། །བསྟན་པའི་བཙས་ནི་གཞན་དུ་འགྱུར། །ཞེས་པ་ལྟར་བསྟན་པའི་བཙས་གསུམ་ཕྱོགས་དང་ཕྱོགས་སུ་འཕར་བས་དར་ནུབ་བདུན་བདུན་བྱེད་པར་གསུངས་ལ། དོན་དུ་ཚེ་ལོ་དཔག་མེད་ནས་ཚེ་ལོ་སྟོང་གི་བར་སྐུའི་བསྟན་པའི་དུས། སྟོང་ནས་བདུན་ཅུའི་བར་གསུང་གི་བསྟན་པ་དང་། ཚེ་ལོ་བདུན་ཅུ་ནས་བཅུ་པའི་བར་ཐུགས་ཀྱི་བསྟན་པའི་དུས་ཞེས་སྤྱིར་བཏང་ལ། བྱེ་བྲག་ཏུ་སྐུའི་བསྟན་པ་ལོ་ལྔ་བརྒྱ་ལྔ་སྟོང་ཕྲག་གསུམ། གསུང་དང་ཐུགས་ཀྱི་བསྟན་པ་ལོ་ལྔ་བརྒྱ་སྟོང་ཕྲག་རེ་རེར་གནས་པར་གསུངས་སོ། ༧ །གཉིས་པ་གཏེར་མའི་ཕྱོགས་ནི། སངས་རྒྱས་གླིང་པའི་གཏེར་ལུང་ལས། མདོར་ན་སངས་རྒྱས་བསྟན་པ་སྟོང་གི་བར༔ ཨོ་རྒྱན་བདག་ཀྱང་དེ་བཞིན་རེ་རེ་སྟེ༔ སངས་རྒྱས་བསྟན་གཞུག་བདག་གིས་གཏེར་གྱིས་བསྐྱང༔ ཞེས་དང་། དྲི་མེད་ལྷུན་པོའི་གཏེར་གྱི་ཤོག་དྲིལ་ལས། སངས་རྒྱས་སྟོང་གི་བསྟན་པ་མ་རྫོགས་བར༔ ཨོ་རྒྱན་ང་ཡི་སྤྲུལ་པ་ཟད་མི་ཤེས༔ ས་འོག་གཏེར་ལ་དེ་བས་སྨྲོས་ཅི་དགོས༔ ཞེས་སངས་རྒྱས་སྟོང་གི་བསྟན་པ་གནས་ཀྱི་བར་པདྨའི་གཏེར་ཆོས་ཀྱང་མི་ནུབ་པར་གསུངས་སོ། །ལས་འཕྲོ་གཏེར་གྱི་རྣམ་བཤད་ལས་ནི། དེ་ཡང་གཏེར་སྟོན་ཆོས་བདག་གི་སྐུ་རིང་ལྟ་བུ་ཅི་རིགས་པར་བསྒྲུབས་འབྲས་མཐོང་ཆོས་སུ་འབྱིན་པ་འབྲས་བུའི་དུས་དང་། དེ་ནས་རིམ་གྱིས་ཉམས་ལེན་ཚད་ལྡན་བྱེད་པ་སྒྲུབ་པའི་དུས་དང་། དབང་ལུང་ཁྲིད་གསུམ་རྣལ་མའི་རྒྱུན་ཙམ་ཡོད་པ་ལུང་གི་དུས་དང་། དེའང་ཉམས་པ་རྟགས་ཙམ་འཛིན་པའི་དུས་ཀྱི་རིམ་པར་འགྱུར་ཞེས་གཏེར་ཁ་གོང་འོག་དང་། བྱང་གཏེར། མཁའ་འགྲོ་སྙིང་ཐིག་གི་ལོ་རྒྱུས་སོགས་ལས་གསལ་བ་ལྟར་བཞེད་དོ། །མདོར་ན་འབྲས་བུའི་བསྟན་པ་ནི། བསྙེན་སྒྲུབ་ཚད་ལྡན་ལ་བརྟེན་ནས་ཚེ་ལུས་དེ་ཉིད་ལ་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་པ་སྟེ། ཇི་སྐད་དུ། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །ཞེས་སོ། །སྒྲུབ་པའི་བསྟན་པ་ནི། ཐབས་ལམ་བརྟུལ་ཞུགས་དང་གྲོལ་ལམ་བག་ཡོད་ཀྱི་རྣལ་འབྱོར་ལ་བརྟེན་ནས་རང་དོན་དུ་ཚོགས་སྦྱོར་གྱི་མངོན་རྟོགས་དང་ལྡན་པས་གཞན་དོན་ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ་བ་ལ་བྱ་སྟེ། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་བསམ་སྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་སྐུ་འམ་ལྷུན་གྱིས་འགྲུབ། །ཅེས་སོ། །ལུང་གི་བསྟན་པ་ནི། བསྐྱེད་རྫོགས་ཀྱི་དོན་ལ་མོས་སྒོམ་གཙོ་བོར་བྱེད་ཅིང་རྒྱུད་ལུང་མན་ངག་གི་འཆད་ཉན་གནས་པ་ཙམ་གྱིས་ཐོས་བསམ་ལྷུར་ལེན་པའོ། །དཔལ་གསང་བ་སྙིང་པོ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །ཞེས་དང་། ཇོ་བོ་རྗེས། རྒྱུད་འཆད་པ་དང་ཉན་པ་དང་། །སྦྱིན་སྲེག་མཆོད་སྦྱིན་ལ་སོགས་པ། །སློབ་དཔོན་དབང་བསྐུར་བརྙེས་པ་དང་། །དེ་ཉིད་རིག་ལ་ཉེས་པ་མེད། །ཅེས་པ་ལྟར་རོ། །རྟགས་ཙམ་འཛིན་པ་ནི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་། ཕྱག་མཆོད་བསྙེན་བཀུར་ལ་གཙོ་བོར་འཇུག་པ་ལས་མན་ངག་སྟོན་པའི་དགེ་བའི་བཤེས་གཉེན་མི་བཞུགས་པ་དང་། རེ་འགའ་བཞུགས་ཀྱང་སྲི་ཞུས་མི་འདུད་ཅིང་ཐོས་བསམ་གྱི་སྐལ་བ་ཉམས་པའོ། །དེ་ལྟར་ལུང་རྟོགས་ཀྱི་བསྟན་པ་རྣལ་མ་ནུབ་ཀྱང་དཀོན་མཆོག་གི་རྟེན་ལ་གུས་པས་མཆོད་ཅིང་བླ་མར་བྱེད་པ་དག་ལ་བསོད་ནམས་ཀྱི་ཕུང་པོ་མང་དུ་བསྐྱེད་པའི་ཚུལ་ནི། དམ་ཆོས་པདྨ་དཀར་པོ་ལས། བདེ་གཤེགས་སྐུ་ནི་རྩིག་ངོས་བྲིས་པ་ལ། །དང་བའི་སེམས་ཀྱིས་ཐལ་མོ་སྦྱར་བ་འམ། །མེ་ཏོག་གཅིག་ཙམ་གྱིས་ནི་མཆོད་པ་དང་། །འཁྲུགས་བཞིན་པ་ཡི་སེམས་ཀྱིས་བལྟ་ན་ཡང་། དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་མཐོང་། །ཞེས་སོ། །དེ་ལས་དང་པོ་འབྲས་བསྟན་ནི་རྣམ་ཤེས་ལ་མི་རྟོན་པར་ཡེ་ཤེས་ལ་རྟོན་པའོ། །གཉིས་པ་སྒྲུབ་བསྟན་ནི་དྲང་དོན་ལ་མི་རྟོན་པར་ངེས་དོན་ལ་རྟོན་པའོ། །གསུམ་པ་ལུང་བསྟན་ནི་ཚིག་ལ་མི་རྟོན་པར་དོན་ལ་རྟོན་པའོ། །འདི་གསུམ་ནི་རྟོན་ཚུལ་ཕྱིན་ཅི་མ་ལོག་པ་ཡིན་ལ། བཞི་པ་རྟགས་ཙམ་འཛིན་པ་ནི་ཆོས་ལ་མི་རྟོན་པར་གང་ཟག་ལ་རྟོན་ཅིང་གྲགས་པའི་རྗེས་སུ་འབྲངས་པ་བསླབ་པ་གསུམ་ཡལ་བར་འདོར་བ་བསྟན་པ་རྣལ་མ་ནུབ་པ་ཞེས་བྱ་སྟེ། ཨོ་རྒྱན་ཆེན་པོའི་ལུང་བསྟན་ལས། བུད་མེད་ཀྱིས་ལུས་མི་ཐུབ། སྐྱེ་བོས་མནའ་མི་ཐུབ། སྔགས་པས་དམ་ཚིག་མི་ཐུབ། བཙུན་པས་འདུལ་ཁྲིམས་མི་ཐུབ། ས་ཡིས་བཅུད་མི་ཐུབ། ཅེས་དང་། སྐྱེས་པའི་སྙིང་ལ་ཕོ་འདྲེ་ཞུགས། བུད་མེད་སྙིང་ལ་མོ་འདྲེ་ཞུགས། བྱིས་པའི་སྙིང་ལ་ཐེའུ་རང་ཞུགས། བཙུན་པའི་སྙིང་ལ་རྒྱལ་འགོང་ཞུགས། སྔགས་པའི་སྙིང་ལ་དམ་སྲི་ཞུགས། ཐེའུ་རང་ལྷ་རུ་མཐོང་བའི་ཚེ་བོད་སྡུག་པའི་དུས་ལ་བབས་པ་ཡིན་གསུངས་པ་བཞིན་ནོ། །གཞན་ཡང་གཏེར་ལུང་ལས་འབྱུང་བ་ལྟར། ཐུབ་པའི་དབང་པོའི་བསྟན་པ་ཐུན་མོང་དུ་ནུབ་པ་ལྟར་སྣང་བའི་དུས་སུ་གཏེར་ཆོས་རྣམས་ཀླུ་ཡུལ་དུ་དར་བར་བཤད་དེ། ཐུབ་པ་ཆེན་པོའི་བསྟན་པའི་མཇུག་ཚེ་ལོ་བཅུ་པ་དང་ཉེ་བའི་ཚེ། གཏེར་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་ཀླུ་ཡུལ་དུ་གདན་དྲངས་ཤིང་། ཨོ་རྒྱན་བདག་གི་སྤྲུལ་པ་ཀླུའི་བཅོམ་ལྡན་འདས་དྲི་མེད་དཔལ་ཕྲེང་དུ་གྲགས་པ་བསྐལ་པ་རྫོགས་ལྡན་བར་དུ་བཞུགས་ཤིང་ཀླུའི་དོན་བྱེད་པར་འགྱུར་རོ། །ཞེས་གསུངས་པའང་། སློབ་དཔོན་ཙནྡྲ་གཽ་མིས། བསྟན་པ་རིན་ཆེན་མཆོག་ལྟར་བཟང་ལ་འཕེན་མེད་པ། །རྣམ་པར་དག་ཚུལ་གང་ཡིན་ཀླུ་མགོ་གདེངས་ཀ་ཅན། །ཆེན་པོ་རྣམས་ཀྱི་གཙུག་གི་རྒྱན་བཞིན་གུས་མཆོད་ནས། །ས་ཡི་གཏིང་ན་གནས་པའི་རབ་རིབ་བསལ་བར་བྱེད། །ཅེས་པ་ལྟར་དམ་པའི་ཆོས་མང་པོ་ཀླུའི་རྒྱལ་པོ་རྣམས་ཀྱི་མཆོད་པའི་རྟེན་དུ་བཞུགས་པར་བཤད་པ་དང་ཚུལ་མཐུན་པའོ། །ཞེས་གུ་རུ་བཀྲ་ཤིས་གསུང་ངོ་། །སྙིང་རྗེ་པདྨ་དཀར་པོ་ལས་ཀྱང་། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་དམ་པའི་ཆོས་ནུབ་པའི་རྗེས་ལ་སྐུ་གདུང་རྣམས་འོག་ཏུ་གསེར་གྱི་ས་གཞིའི་མཐར་ཐུག་པར་འགྲོ་ཞིང་། ནམ་མི་མཇེད་འཇིག་རྟེན་དུ་རིན་པོ་ཆེས་འཕོངས་པའི་ཚེ། སྐུ་གདུང་དེ་དག་ནོར་བུ་བཻ་ཌཱུརྱ་ཏོག་གི་བློ་གྲོས་ཞེས་བྱ་བར་འགྱུར་ནས་དབུལ་བ་སེལ་བ་དང་། དེ་ནས་ཡང་སྐུ་གདུང་དེ་དག་སྟེང་དུ་འོག་མིན་གྱི་བར་དུ་འཕགས་ནས་མེ་ཏོག་སྣ་ཚོགས་ཀྱི་ཆར་འབེབ་ལ། མེ་ཏོག་གི་ཆར་པ་དེ་དག་ལས་དཀོན་མཆོག་གསུམ་གྱི་སྒྲ་ལ་སོགས་པ་ཆོས་ཀྱི་སྒྲ་སྣ་ཚོགས་འབྱུང་ཞིང་། ཆོས་ཀྱི་སྒྲ་དེ་རྣམས་འདོད་གཟུགས་ཀྱི་ལྷ་རྣམས་ཀྱིས་ཐོས་པས་སྔོན་བྱས་པའི་དགེ་བ་དྲན་ནས། དེ་དག་འཛམ་བུའི་གླིང་དུ་བབས་ཏེ། མི་རྣམས་དགེ་བ་བཅུ་ལ་འགོད་པར་འགྱུར་བ་དང་། ཡང་ནམ་མཁའ་ལ་མེ་ཏོག་རིན་པོ་ཆེ་སྣ་ཚོགས་སུ་གྱུར་ནས་མི་མཇེད་དུ་བབ་ཅིང་། མི་མཇེད་ཀྱི་སེམས་ཅན་རྣམས་ཀྱི་འཐབ་རྩོད་ལ་སོགས་པ་རྣམས་ཞི་ཞིང་ནད་མེད་པ་དང་ལོ་ལེགས་པ་ལ་སོགས་པ་དང་། སེམས་ཅན་གང་གིས་རིན་པོ་ཆེ་དེ་དག་མཐོང་བ་དང་རེག་པ་དང་ལོངས་སྤྱོད་པ་དེ་དག་ཀྱང་། ཐེག་པ་གསུམ་ལས་ཕྱིར་མི་ལྡོག་པར་བྱས་ཏེ། སླར་ཡང་སྐུ་གདུང་དེ་དག་གསེར་གྱི་ས་གཞིའི་མཐར་ཐུག་པར་གནས་པར་འགྱུར་རོ། །དེ་བཞིན་དུ་མཚོན་དང་མུ་གེ་དང་ནད་ཀྱི་བསྐལ་པ་བར་མ་གསུམ་འབྱུང་བའི་དུས་སུའང་སྐུ་གདུང་དེ་དག་ནོར་བུ་རིན་པོ་ཆེ་ཨིནྡྲ་རྙིལ་དུ་གྱུར་ནས་སྟེང་དུ་འོག་མིན་གྱི་བར་རིམ་གྱིས་འཕགས་ནས་གནས་ཏེ་སྔ་མ་ལྟར་མེ་ཏོག་གི་ཆར་འབེབ་ཅིང་ཆོས་ཀྱི་སྒྲ་སྒྲོག་པ་དང་། རིན་པོ་ཆེའི་ཆར་འབེབ་པ་དང་། མི་མཐུན་པའི་ཕྱོགས་རྣམས་ཞི་བར་བྱས་ཏེ། སླར་ཡང་གསེར་གྱི་ས་གཞིའི་མཐར་ཐུག་པར་གནས་པར་འགྱུར་བར་གསུངས་སོ། ༈ །གཉིས་པ་ཟབ་གཏེར་གསུང་རབ་བཞེངས་པའི་རྣམ་དཀར་ལེགས་ཚོགས་ཀྱི་ཕན་ཡོན་མདོ་ཙམ་བསྟན་པ་ནི། བདེ་བར་གཤེགས་པ་རྣམས་འཇིག་རྟེན་དུ་བྱུང་བ་རྙེད་པར་དཀའ་བ་དང་། ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་རྙེད་པར་དཀའ་ཞིང་། བསྟན་པའི་སྒོར་ཞུགས་ཏེ་དམ་པའི་ཆོས་ཚུལ་བཞིན་འཛིན་པའི་དགེ་འདུན་དག་ཀྱང་རྙེད་པར་དཀའ་བས་ན། སྟོན་པ་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་བྱོན་ཏེ་མཛད་པ་སྣ་ཚོགས་མངའ་ཡང་གཙོ་བོ་དང་། རབ་དང་། མཆོག་དང་། ཕུལ་དུ་བྱུང་བ་ནི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའམ་གསུང་རྣམ་པ་ཐམས་ཅད་པའམ་གསུང་རྗེས་སུ་བསྟན་པའི་ཕྲིན་ལས་ཁོ་ན་སྟེ། ཇི་སྐད་དུ། ཐུབ་རྣམས་དྲི་མ་ཆུ་ཡིས་མི་བཀྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་ཀྱང་མི་བསལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་པར། །ཆོས་ཉིད་ཞི་བ་བསྟན་པས་གྲོལ་བར་འགྱུར། །ཞེས་གསུངས་པ་ལྟར། མཐའ་མེད་པའི་འགྲོ་བ་སྡུག་བསྔལ་སྣ་ཚོགས་པའི་བཙོན་རྭར་ཚུད་པ། ཐར་པའི་དུས་མེད་པ། ཉིན་རེ་བཞིན་ཟོ་ཆུན་འཁྱུད་མོ་ལྟར་འགྱུར་ཞིང་མི་རྟག་པའི་གཞན་དབང་ཅན། ཀུན་རྟོག་གི་ཐ་གུས་སྒོ་གསུམ་ཀུན་ནས་བཅིངས་པ། མགོན་དང་སྐྱབས་དང་དཔུང་གཉེན་གྱི་རེ་ལྟོས་དང་བྲལ་བ། མ་རིག་པའི་ལིང་ཏོག་གིས་བློ་མིག་བསྒྲིབས་པ། གནས་དོན་ལུས་གསུམ་གྱི་བག་ཆགས་སྣ་ཚོགས་ཀུན་གཞི་ལ་འགོས་པས། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་ཁམས་སུ་ཡང་ཡང་ཉིང་མཚམས་སྦྱོར་བ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པས་བདག་དང་བདག་གིར་གཟུང་། ལས་ཀྱི་ཀུན་ནས་ཉོན་མོངས་པས་ཡང་སྲིད་ཀྱི་ས་བོན་འདེབས། སྐྱེ་བའི་ཀུན་ནས་ཉོན་མོངས་པས་སྣོད་བཅུད་དུཿཁའི་རང་བཞིན་ལ་རྟག་ཏུ་ལོངས་སུ་སྤྱོད་ཅིང་མུན་ནག་སྟུག་པོར་འཁྱམས་པ་སོགས་ལེགས་པར་ཡོངས་སུ་བརྟགས་པས་སྙིང་རྗེ་ཤས་མི་གཟོད་པའི་ཡུལ་དུ་གྱུར་པ་ནི། འཇུག་པ་ལས། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཞིང་། །བདག་གིས་འདི་ཞེས་དངོས་ལ་ཆགས་སྐྱེས་པ། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། །ཞེས་གསུངས་པ་ལྟར་རོ། །དེ་བས་ན་ཁམས་གསུམ་རིགས་དྲུག་གི་སྡུག་བསྔལ་ལས་ཐར་པའི་ཐབས་ནི། སངས་རྒྱས་ཀྱི་བསྟན་པ་ལ་ལེགས་པར་ཞུགས་ཤིང་དམ་པའི་ཆོས་མདོ་རྒྱུད་བསྟན་བཅོས་རྣམས་ཀྱི་དོན་ཚུལ་བཞིན་ཡིད་ལ་བྱེད་པ་སྟེ་བསོད་ནམས་དང་ལྡན་པའི་འཇུག་ངོགས་བླ་ན་མ་མཆིས་པར་གསུངས་ཏེ། སློབ་དཔོན་དབྱིག་གཉེན་ཞབས་ཀྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་དང་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་འོ། །ཞེས་དང་། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང་། །དེ་ཡི་རྒྱུ་མཐུན་ཟབ་པ་དང་། །སྣ་ཚོགས་ཚུལ་ནི་སྟོན་པ་འོ། །ཞེས་འབྱུང་བ་བཞིན། ཐར་པ་དང་རྣམ་མཁྱེན་ཐོབ་པའི་དངོས་རྒྱུ་ནི་ཐེག་པ་ཆེ་ཆུང་གི་ས་ལམ་མངོན་རྟོགས་ཁྱད་པར་བ་བསླབ་པ་གསུམ་གྱི་ཡོན་ཏན་ལ་རག་ལས་ཤིང་། དེ་དག་ཀྱང་ཐོག་མར་སྡེ་སྣོད་གསུང་རབ་རིན་པོ་ཆེ་མིང་ཚིག་ཡི་གེའི་ཚོགས་སུ་སྣང་བའི་རང་བཞིན་ལས་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་བསྐྱེད་པ་ཁོ་ན་ལ་ལྟོས་དགོས་ཤིང་། གསུང་རབ་དེ་དག་ཀྱང་གླེགས་བམ་གྱི་གཟུགས་སུ་གནས་པའི་ཕྱིར། མདོ་རྒྱུད་བཀའ་གཏེར་གྱི་གསུང་རབ་བཞེངས་པ་ལ་བསོད་ནམས་ཀྱི་ཕུང་པོ་གཞལ་དུ་མེད་པ་ནི་དཔྱད་གསུམ་དག་པའི་ལུང་ཚད་མ་རྣམས་ལས་ཡིད་ཆེས་པར་འགྱུར་རོ། །དེ་ཡང་ཕྱོགས་གང་དུ་མདོ་རྒྱུད་གླེགས་བམ་བཞུགས་པ་དེར་འཆད་ཉན་འབྱུང་ངོ་། །འཆད་ཉན་གྱི་མཚམས་སྦྱོར་ཕུན་སུམ་ཚོགས་པ་ལས་རྗོད་བྱེད་སྡེ་སྣོད་ཀྱི་ཚུལ་ལ་མ་རྨོངས་པའི་ཆོས་རབ་རྣམ་འབྱེད་དམ་སོ་སོར་རྟོག་པའི་ཤེས་རབ་སྐྱེའོ། །སྡེ་སྣོད་ཀྱི་ཚུལ་ལ་མཁས་པས་བརྗོད་བྱའི་དོན་བསླབ་པ་གསུམ་མམ་ཐེག་པ་སོ་སོའི་གཞི་དང་ལམ་དང་འབྲས་བུའི་རྣམ་པར་གཞག་པ་དྲང་ངེས་དང་དགོངས་ལྡེམ་དགོངས་དང་། སྒྲ་ཇི་བཞིན་པ་ཡིན་མིན་དང་། ཚིག་གི་དོན་དང་། སྤྱིའི་དོན་དང། སྦས་པའི་དོན་དང་། མཐར་ཐུག་པའི་དོན་རྣམས་མ་ནོར་བར་རྟོགས་པས་འཆད་པ་དང་རྩོད་པ་དང་རྩོམ་པ་ལ་བདེ་བླག་གིས་འཇུག་ཅིང་ཕྱོགས་སུ་མ་ལྷུང་བའི་མཁས་པ་གཟུ་བོར་གནས་པའི་གོ་འཕང་ལ་རེག་པར་འགྱུར་རོ། །གང་ལ་ཐོས་བསམ་གྱི་ཤེས་རབ་དྲི་མ་མེད་པ་དང་ལྡན་པས་ནི་འདོད་པ་ཆུང་ཞིང་ཆོག་ཤེས་པ་སོགས་སྦྱངས་པའི་ཡོན་ཏན་ལ་གནས་ཤིང་ནང་དུ་ཡང་དག་འཇོག་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་གྱི་ཡོན་ཏན་མཐའ་མེད་པ་རྣམས་འབྱུང་བའི་དོན་གྱིས་ངལ་བ་ཁྱད་དུ་བསད་དེ་གསུང་རབ་གླེགས་བམ་བཞེངས་པ་ལ་ཕན་ཡོན་ཚད་མེད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པ་ལ་མཆོད་པའི་ཕྱིར་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་མཆོད་རྟེན་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་བྱེ་བ་དུ་མ་བྱེད་དུ་བཅུག་སྟེ། བྱས་ནས་ཀྱང་དེ་ལ་ནམ་འཚོ་བའི་བར་དུ་ལྷའི་མེ་ཏོག་དང་སོགས་ནས་ལྷའི་མཆོད་པ་རྣམ་པ་མང་པོ་དག་གིས་མཆོད་པར་བྱེད་དེ། བཀུར་སྟིར་བྱེད་བླ་མར་བྱེད་རྗེད་པར་བྱེད་མཆོད་པར་བྱེད་རི་མོར་བྱེད་བསྙེན་བཀུར་བྱེད་ན། ཀཽ་ཤི་ཀ་དེ་ཅི་སྙམ་དུ་སེམས། ཅི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་མང་དུ་བསྐྱེད་དམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདི་བསོད་ནམས་མང་དུ་བསྐྱེད་དེ། གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་མངོན་པར་དད་དེ་རྟོག་ཅིང་མོས་ལ་སེམས་དང་བས་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ལྷག་པའི་བསམ་པས་ཉན་པ་དང་སོགས་ནས་སངས་རྒྱས་ཀྱི་ཚུལ་རྒྱུན་ཆད་པར་མ་གྱུར་ཅིག །དམ་པའི་ཆོས་ནུབ་པར་མ་གྱུར་ཅིག་ཅེས་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བ་དང་། ཚུལ་དང་མ་བྲལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཕན་གདགས་པ་བསྒྲུབ་པ་བྱས་པར་འགྱུར་བར་ཆུང་ངུ་ན་གླེགས་བམ་དུ་ཆུད་པར་བྱས་ཏེ་འཆང་ངམ་བཞག་ལ། ཞེས་དང་། བཀུར་སྟིར་བྱེད་བླ་མར་བྱེད་རྗེད་པར་བྱེད་མཆོད་པར་བྱེད་རི་མོར་བྱེད་བསྙེན་བཀུར་བྱེད་ན། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདི་ཉིད་དེ་བས་བསོད་ནམས་ཀྱི་ཕུང་པོ་མང་དུ་བསྐྱེད་དོ། །ཞེས་དང་། ཀཽ་ཤི་ཀ་གཞན་ཡང་གང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆུང་ངུ་ན་བྲིས་ཏེ་གླེགས་བམ་དུ་ཆུད་པར་བྱས་ཤིང་མཆོད་པ་སྔོན་དུ་བྱས་ཏེ་བཞག་ནས་བཀུར་སྟིར་བྱེད་ལ། མི་འཛིན་མི་འཆང་མི་ཀློག་ཀུན་ཆུབ་པར་མི་བྱེད་རབ་ཏུ་འདོན་པར་མི་བྱེད་སྟོན་པར་མི་བྱེད་ཉེ་བར་སྟོན་པར་མི་བྱེད་ལུང་འབོགས་པར་མི་བྱེད་ཁ་ཏོན་མི་བྱེད་པ་དེར་ཡང་། ཀཽ་ཤི་ཀ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པར་སེམས་ཅན་རྣམས་ལ་མི་དང་མི་མ་ཡིན་པ་གླགས་ལྟ་བ་དག་གིས་གླགས་བལྟས་ཀྱང་གླགས་རྙེད་པར་མི་འགྱུར་ཏེ་དེ་ནི་གནས་མེད་དོ། །ཅེས་དང་། ཀཽ་ཤི་ཀ་གལ་ཏེ་ཁྱོད་ལ་འཛམ་བུའི་གླིང་འདི་དེ་བཞིན་གཤེགས་པའི་སྐུས་བྱུར་བུར་ཡོངས་སུ་བཀང་སྟེ་བྱིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་བྲིས་ཏེ་གཏད་ནས། དེ་ལས་ཆ་གང་རུང་ཅིག་བསྟབས་ན། ཆ་བཞག་པ་དེ་གཉིས་ལས་ཀཽ་ཤི་ཀ་ཁྱོད་ཆ་གང་ཞིག་ལེན། བརྒྱ་སྦྱིན་གྱིས་གསོལ་བ། བཅོམ་ལྡན་འདས་གལ་ཏེ་འཛམ་བུའི་གླིང་འདི་དེ་བཞིན་གཤེགས་པའི་སྐུས་བྱུར་བུར་གཏམས་ཏེ་བསྩལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་བྲིས་ཏེ་གཏད་ནས། དེ་ལས་ཆ་གང་རུང་ཅིག་བསྟབས་ན། ཆ་བཞག་པ་དེ་གཉིས་ལས་བཅོམ་ལྡན་འདས་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལེན་ཏོ། །ཞེས་དང་། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཆོད་པས་དེ་བཞིན་གཤེགས་པའི་སྐུ་དེ་རྣམས་ལ་ཡང་མཆོད་པ་ཡོངས་སུ་རྫོགས་པར་བགྱིས་པར་འགྱུར་རོ། །ཞེས་འབྱུང་བ་དང་། འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང་། དེ་ལ་ཤཱ་རིའི་བུ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པས། འདི་ལྟ་བུ་མི་བཟད་པ་དང་མི་བསྔགས་པ་དང་དམ་པའི་ཆོས་རབ་ཏུ་འཇིག་པ་མཐོང་ནས་བརྩོན་འགྲུས་ཆེན་པོའི་ཤུགས་རབ་ཏུ་བསྐྱེད་དེ། ཅེས་དང་། གང་གི་ཕྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེས་བསྐལ་པ་གྲངས་མེད་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་ནས་བཟུང་སྟེ། དཀའ་བ་སྤྱད་པ་ཡིན་ན་དེའི་ཕྱིར་རབ་ཏུ་འཇིག་པར་མི་འགྱུར་བར་གཟུང་བར་བྱ་ཀུན་ཆུབ་པར་བྱ་སྟེ། ཆུད་མི་ཟ་བར་བྱའོ། །བརྩོན་འགྲུས་བརྩམ་མོ། །ཞེས་དང་། ཤཱ་རིའི་བུ་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ཡོངས་སུ་སྤོང་བ་ལ་ཡང་རྗེས་སུ་ཡི་རང་བར་མི་བྱེད་ཅིང་རྩོད་པར་བྱེད་ལ་འདི་ནི་སངས་རྒྱས་ཀྱིས་བཤད་པའོ་ཞེས་སྐྱེ་བོ་མང་པོ་ལ་སྒྲོག་ཅིང་ཤེས་པར་བྱས་ན། དེ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ལེགས་པར་བཤད་པ་ལ་རྗེས་སུ་ཡི་རང་བ་སྟེ། ཤཱ་རིའི་བུ་དེ་ལྟ་བུའི་གང་ཟག་རྣམས་ལ་བསོད་ནམས་ཀྱི་རྣམ་པར་སྨིན་པ་ཆུང་ངོ་ཞེས་ང་མི་འཆད་དེ་ནམ་མཁའ་དང་མཉམ་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་རོ། །ཞེས་དང་། ཤཱ་རིའི་བུ་སྐྱེས་བུ་དམ་པ་དེ་ལྟ་བུ་ནི་ཤིན་ཏུ་དཀོན་ཏེ་སྐྱེས་བུ་མཆོག་ཅེས་བརྗོད་དོ། །སྐྱེས་བུ་རབ་ཅེས་བརྗོད་དོ། །སྐྱེས་བུ་དཔའ་བོ་ཞེས་བརྗོད་དོ། །སྐྱེས་བུ་ཆེན་པོ་ཞེས་བརྗོད་དོ། །ཞེས་གསུངས་པ་ལྟར། འཇིག་རྟེན་གྱི་ཁམས་སུ་དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་འབྱུང་བ་དང་། སྐྱེ་འགྲོ་རྣམས་ཕན་བདེའི་ལམ་བཟང་པོ་ལ་སྦྱོར་བའི་གཞིར་གྱུར་པ་དང་། སྣང་ནས་སྣང་བའི་མཐར་ཐུག་པར་འགྲོ་ཞིང་བསོད་ནམས་ལྡན་པ་རྣམས་ཀྱི་ཉེ་བར་འཚོ་བའི་རྐྱེན་དུ་གྱུར་པ་དང་། དམ་པའི་སྐྱེས་བུ་ཀུན་གྱི་ཐུགས་དགྱེས་པའི་མཆོད་སྤྲིན་དུ་གནས་ཤིང་བསྔགས་པའི་འོས་སུ་གྱུར་པ། ས་བླའི་ལྷ་རྣམས་དགའ་ཞིང་དགེ་ཚོགས་ཀྱི་མྱུ་གུ་སླར་ལ་འཕེལ་བའི་རྐྱེན་དམ་པར་གསལ་བ། སྙིགས་དུས་བསྐལ་པ་ངན་པའི་འཇིག་ཚོགས་ཀྱི་ཕུང་པོ་ཆེན་པོ་སྐད་ཅིག་ལ་ཞི་བར་བྱེད་པ། ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་དཔལ་ཡོན་ཕུན་ཚོགས་དཔྱིད་ཀྱི་རྒྱལ་མོའི་ལང་ཚོ་མཐའ་དག་དགུག་པར་བྱེད་པ། ཁྱད་པར་དུ་དད་པ་དང་ཆོས་ཀྱི་རྗེས་སུ་འབྲངས་པའམ་ལུང་དང་རིགས་པའི་རྗེས་སུ་འབྲངས་པའི་བློ་ལྡན་རྣམས་ལ་ཤེས་རབ་གསུམ་གྱི་སྣང་བ་སྟེར་བར་བྱེད་པ། གཞན་ཡང་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་ལས་ཀྱི་རྣམ་པར་སྨིན་པ་སྤྱི་དང་། བྱེ་བྲག་ཏུ་རྟེན་འདི་ལ་མཐོང་ཆོས་མྱོང་འགྱུར་དང་། སྐྱེས་ནས་མྱོང་འགྱུར་དང་། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་སྣ་ཚོགས་པ་དཀོན་མཆོག་གསུམ་ལ་བླ་མར་མ་བྱས་པ་དང་། བླ་མ་དང་དགེ་བའི་བཤེས་གཉེན་ལ་མ་གུས་ཤིང་ཐུགས་དཀྲུགས་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཁྱད་དུ་བསད་དེ་གཡོག་ཏུ་བཀོལ་བ་དང་། དགེ་སྦྱོང་དང་བྲམ་ཟེ་དང་ཕ་དང་མ་ལ་གུས་པ་དང་སྲི་ཞུ་མ་ཕུལ་བ་དང་། ལེ་ལོ་དང་རྣམ་གཡེངས་ཀྱི་གཞན་དབང་དུ་སོང་ཞིང་འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བ་ལང་ལོང་ལ་བརྟེན་ནས་སྡིག་པ་ཅན་ལ་བསྟོད་པ་དང་། དགེ་བ་ཅན་གྱི་ཚོགས་བཅག་པ་སོགས་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བའི་ལས་རང་གིས་བསགས་པ་དང་། གཞན་ལ་བསྐུལ་ཞིང་གསོག་པ་ལ་རྗེས་སུ་ཡི་རང་བ་དང་། རྒྱུ་ནོར་ལོངས་སྤྱོད་ལ་ཆོག་མི་ཤེས་པས་རྔམས་སེམས་ཀྱི་གཞན་དབང་དུ་སོང་སྟེ་གཡོ་དང་སྒྱུ་ལ་བརྟེན་ནས་ཁ་གསག །ངོ་ལྐོག །ཐོབ་འཇལ། རྙེད་འཚོལ། གཞོགས་སློང་གིས་ལོག་འཚོ་འབའ་ཞིག་ལ་སྤྱད་པ་དང་། དཀོན་མཆོག་གི་དཀོར་ལ་ཇོལ་ཉོག་ཏུ་སྤྱད་པ་དང་། སོ་ཐར་བྱང་སེམས་གསང་སྔགས་ཀྱི་སྡོམ་པ་དང་དམ་ཚིག་ལ་ཚོད་ཡོད་བྱས་པ་དང་། ཐེག་པ་དང་གྲུབ་མཐའ་གཞན་ལ་ཆགས་པ་དང་སྡང་བས་སྒྲོ་སྐུར་འདེབས་པ་སོགས་འཁོར་བ་དང་ངན་སོང་གི་གནས་ནས་ཐར་བའི་དུས་མེད་ཅིང་། ངེས་པར་ལེགས་པའི་གོ་འཕང་ཐོབ་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་ཐམས་ཅད་ཀྱང་དགེ་ཚོགས་འདི་ལ་བརྟེན་ནས་བྱང་ཞིང་དག་པ་དང་། ཚེ་རབས་ཕྱི་མ་རྣམས་སུ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང་། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་ནས་ཐེག་པ་ཆེན་པོའི་ས་དང་ལམ་དང་གཟུངས་དང་ཏིང་ངེ་འཛིན་བརྒྱ་ཕྲག་དུ་མ་ལ་དབང་འབྱོར་བའི་སྒོ་ནས་བྱང་ཆུབ་སྙིང་པོའི་གོ་འཕང་མ་རེག་པའི་བར། སེམས་ཅན་རེ་རེའི་ཕྱིར་ཡང་བསྡུ་བའི་དངོས་པོ་བཞིས་བྱ་དཀའ་བའི་སྤྱོད་པ་མཐའ་ཡས་མུ་མེད་པ་ལ་བསླབ་པ་སོགས། བྱང་སེམས་ཕྱིར་མི་ལྡོག་པའི་ཡོན་ཏན་གྱིས་ལྷག་པའི་བསམ་པས་སྨོན་ལམ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། གདུལ་བྱའི་རྒྱུད་ཡོངས་སུ་སྨིན་པ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མངོན་རྟོགས་ཀྱིས་མཐར་སྦྱོར་བའི་ལམ་དང་བར་ཆད་མེད་པའི་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་མ་རིག་བག་ཆགས་ཀྱི་ས་དང་། ཟག་པ་མེད་པའི་ལས་ཀྱི་རྒྱུ་དང་རྐྱེན་དག་གིས་ཡིད་ཀྱི་རང་བཞིན་གྱི་ལུས་དང་། བསམ་མི་ཁྱབ་འགྱུར་གྱི་འཆི་འཕོ་བའི་བག་ཆགས་ཀྱི་མཚམས་སྦྱོར་བ་དང་བྲལ་ཞིང་། རྟག་བརྟན་ཞི་བ་གཡུང་དྲུང་གི་སྐུར་གྱུར་ནས་མཐའ་ཡས་པའི་སེམས་ཅན་ཀུན་གྱི་མགོན་པོ་དམ་པར་གྱུར་པ་སོགས་ལྐོག་འགྱུར་གྱི་ཕན་ཡོན་ཚད་མེད་པ་དག་ཐོབ་པར་ངེས་པ་ནི། ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས། ཇི་ལྟར་བསྐལ་པ་བྱེ་བ་སྟོང་བརྗོད་ཀྱང་། །སངས་རྒྱས་ཡེ་ཤེས་མཐའ་ཡོད་མ་ཡིན་ལྟར། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པའི། །བསོད་ནམས་དེ་ཡང་ཚད་ཡོད་མ་ཡིན་ནོ། །ཞེས་དང་། ཧེ་རུ་ཀཿགལ་པོ་ལས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །རྣལ་འབྱོར་འདིར་གྱུར་ཕྱིན་ཆད་ནི། །ཀློག་གམ་ཡང་ན་སེམས་ཀྱང་རུང་། །དེ་ཡང་རྡོ་རྗེ་འཛིིན་འདྲར་འགྱུར། །ཞེས་སོགས་མདོ་རྒྱུད་རྣམས་ནས་ལན་ཅིག་མ་ཡིན་པར་བསྔགས་པ་དང་གཟེངས་བསྟོད་པ་དང་། ཕན་ཡོན་ཚད་མེད་པར་བསྟན་པ་བཞིན་ཐོས་བསམ་སྒོམ་པའི་ཤེས་རབ་བམ། སྤོང་བ་བསམ་གཏན། ཀློག་པ་ཐོས་བསམ། བྱ་བ་ལས་ཀྱི་འཁོར་ལོ་འཆད་རྩོད་རྩོམ་པའི་བགྱི་བ་ཀུན་ཀྱང་དོན་དང་ལྡན་པ་སོགས་རང་གཞན་གཏན་བདེའི་དཔལ་ལ་སྦྱོར་བའི་ལེགས་ཚོགས་ཐམས་ཅད་གསུང་རབ་རིན་པོ་ཆེ་གླེགས་བམ་གྱི་གཟུགས་སུ་གནས་པ་དག་ལས་འབྱུང་བར་རིག་ནས་བློ་ལྡན་དག་གིས་ལུས་སྲོག་ལོངས་སྤྱོད་ཀུན་ལས་གཅེས་པར་གཟུང་དགོས་པ་སྟེ། ཇི་སྐད་དུ། བདག་གིས་ནོར་རྣམས་བཏང་ནས་ལུས་བསྲུང་ངོ་། །བདག་གིས་ལུས་ཀྱང་བཏང་ནས་སྲོག་བསྲུང་ངོ་། །བདག་གི་ནོར་དང་ལུས་དང་སྲོག་དག་ཀྱང་། །ཐམས་ཅད་བཏང་ནས་བདག་གིས་ཆོས་བསྲུང་ངོ་། །ཞེས་པ་ལ་སོགས་པ་རྒྱ་ཆེར་འབྱུང་བ་བཞིན་ནོ། ༈ །གསུམ་པ་ལེགས་སྤྱད་རྣམ་དཀར་གྱི་ཕུང་པོ་མཐའ་དག་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་བསྔོ་བ་ལ། གང་བསྔོ་བའི་དགེ་ཚོགས། གང་ལ་བསྔོ་བའི་ཡུལ། དགོས་ཆེད་གང་གི་ཕྱིར་བསྔོ་བ། ཇི་ལྟར་བསྔོ་བའི་ཚུལ་དང་བཞི་ལས། དང་པོ་ནི། རྒྱལ་སྲས་ཞི་བ་ལྷས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་རྒྱ་ལམ་ན། འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །ཞེས་གསུངས་པ་ལྟར། དུས་ཀྱི་སྙིགས་མ། ཚེ་ཡི་སྙིགས་མ། ལོངས་སྤྱོད་ཀྱི་སྙིགས་མ། ལྟ་བའི་སྙིགས་མ། མི་ཡི་སྙིགས་མར་གྱུར་ཅིང་ཕྱོགས་ཀུན་ཏུ་ཀླ་ཀློའི་བསྟན་པ་ནི་ཉིན་རེ་བཞིན་སྤང་ལས་ཤྭ་མོང་བརྡོལ་བ་བཞིན་བྱུང་ལ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་འདི་སྣུམ་ཟད་པའི་མར་མེ་བཞིན་འཇིག་ལ་ཉེ་བའི་དུས་སུ་བཀའ་བསྟན་གྱི་གསུང་རབ་རིན་པོ་ཆེ་སྤྱི་དང་། ཁྱད་པར་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་ཚུལ་ཟབ་མོ་ཨོ་རྒྱན་སངས་རྒྱས་གཉིས་པ་འཁོར་རྗེ་འབངས་རིག་འཛིན་རྣམས་ཀྱི་ཐུགས་བསྐྱེད་ཆུ་གཏེར་ལས་འཕོས་པའི་གཏེར་ཁ་གསར་རྙིང་གི་ཆོས་སྡེ་རྣམས་སླར་ཁམས་གསུམ་འགྲོ་བ་ཡོངས་ཀྱི་མཆོད་སྡོང་དུ་བཞེངས་པའི་དགེ་ཚོགས་རིན་པོ་ཆེའི་ཕུང་པོ་གསར་དུ་སྤུངས་པ་འདིས་མཚོན། དུས་གསུམ་གྱི་ལེགས་སྤྱད་ཐམས་ཅད་དེ། ལམ་མ་ཞུགས་པ་རྣམས་ཀྱི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ། ཚུལ་ཁྲིམས་དང་། བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཇི་སྙེད་མཆིས་པ་རྣམས་དང་། ངེས་འབྱུང་གི་ལམ་གྱིས་ཟིན་པ་ཐེག་པ་གསུམ་གྱི་ཚོགས་ལམ་པའི་དྲན་པ་ཉེ་བར་བཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བརྟེན་པའི་དགེ་ཚོགས་ཐར་པའི་ཆ་དང་མཐུན་པ་ཀུན་དང་། སྦྱོར་ལམ་པའི་རྒྱུད་ཀྱི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་སྟེ་དབང་པོ་ལྔ་དང་སྟོབས་ལྔ་ལས་བྱུང་བའི་ངེས་འབྱེད་ཆ་མཐུན་གྱི་དགེ་རྩ་དང་། མཐོང་ལམ་སྐད་ཅིག་བཅུ་དྲུག་གིས་བསྡུས་པའི་དགེ་རྩ་བྱང་ཆུབ་ཀྱི་ཡན་ལག་བདུན་དང་། སྒོམ་པའི་ལམ་གྱི་ཡེ་ཤེས་ས་དགུ་ལ་བརྟེན་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་གྱི་སྒོ་དཔག་ཏུ་མེད་པ་འཕགས་ལམ་ཡན་ལག་བརྒྱད་ཀྱིས་བསྡུས་པ་མཐའ་དག་དང་། དུས་གསུམ་གྱི་སངས་རྒྱས་རྐང་གཉིས་རྣམས་ཀྱི་ཁྱུ་མཆོག་ཏུ་གནས་པ་རྡུལ་ཕྲ་རབ་ཀྱི་གྲངས་ལས་འདས་པ་རྣམས་ཀྱིས་ཐོག་མར་ཐུགས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་ཐུག་གི་བར་བསྐལ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པར་སྦྱིན་པ་དང་ཚུལ་ཁྲིམས་དང་། བཟོད་པ་དང་བརྩོན་འགྲུས་དང་། བསམ་གཏན་དང་ཤེས་རབ་དང་། ཐབས་དང་སྟོབས་དང་། སྨོན་ལམ་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགེ་ཚོགས་མཐའ་དག་དང་། གང་གི་ཐོ་རངས་མངོན་པར་རྫོགས་པའི་བྱང་ཆུབ་བརྙེས་ཤིང་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་མངོན་དུ་བྱས་པ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ། ཏིང་ངེ་འཛིན་གྱི་ཕུང་པོ། ཤེས་རབ་ཀྱི་ཕུང་པོ། རྣམ་པར་གྲོལ་བའི་ཕུང་པོ། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ལ་དབང་འབྱོར་ཞིང་། སྐྱེས་བུ་ཆེན་པོའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ། སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པའི་ཆོས་བཅོ་བརྒྱད་སོགས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་བརྟེན་ནས། ཆོ་འཕྲུལ་རྣམ་པ་གསུམ་གྱིས་གདུལ་བྱ་མཐའ་ཡས་མུ་མེད་པ་རྣམས་ཀྱི་དབང་པོ་དང་འཚམ་པར་ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་བསྐོར་བ་སོགས་ཆོས་སྐུའི་མཛད་པ་སྣ་ཚོགས་སྲིད་པ་མ་སྟོངས་ཀྱི་བར་རྟག་ཁྱབ་ལྷུན་གྲུབ་ཏུ་བྱུང་བ་རྣམས་ཏེེ། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། གཞན་འགྱུར་མིན་བདག་མི་ཟད་ཆོས་ལྡན་ཕྱིར། །འགྲོ་སྐྱབས་ཕྱི་མའི་མཐའ་མེད་མུར་ཐུག་ཕྱིར། །དེ་ནི་རྟག་ཏུ་གཉིས་མེད་མི་རྟོག་ཕྱིར། །འཇིག་མེད་ཆོས་ཀྱང་མ་བྱས་རང་བཞིན་ཕྱིར། །ཞེས་དང་། རྒྱུ་མཐའ་ཡས་དང་སེམས་ཅན་ཚད་མེད་དང་། །བརྩེ་དང་འཕྲུལ་དང་མཁྱེན་དང་ཕུན་ཚོགས་ལྡན། །ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་པ། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོ་རྟག །ཅེས་བྱ་བ་བཞིན་ནོ། ༧ །གཉིས་པ་གང་ལ་བསྔོ་བའི་ཡུལ་ནི། དེ་ལྟར་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་དགེ་རྩ་ཇི་སྙེད་མཆིས་པ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་བསྡོམས་ཤིང་གནས་སྐབས་ལྷ་མིའི་བདེ་འབྲས་དང་ཐེག་པ་གསུམ་གྱི་ལམ་དང་འབྲས་བུར་ཡང་བསྔོ་ལ། མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་སར་བསྔོ་བ་སྟེ། ཇི་ལྟར་ན་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཕྲིན་ལས་འདི་ཙམ་ཞེས་ཚད་གཟུང་དུ་མེད་པ་བཞིན་བསྔོ་བའི་ཚུལ་ཡང་སྣ་ཚོགས་པ་ཞིག་མེད་ན་བདེ་བར་གཤེགས་པའི་མཛད་པ་ཡང་གདུལ་བྱ་ཐམས་ཅད་ལ་ཅིག་ཅར་ཁོ་ནས་འཇུག་པར་འགྱུར་རོ། །དེ་ལྟ་ནི་མ་ཡིན་ཏེ། རིམ་ཅིག་ཆར་གཉིས་ཀྱིས་ཕན་བདེ་ལ་སྦྱོར་བ་ནི་མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པ་མ་རྨད་པ་སྟེ། རྒྱུད་བླ་མ་ལས། ཇི་ལྟར་ཉི་མ་རྟོག་མེད་པར། །རང་འོད་ཅིག་ཅར་སྤྲོས་པ་ཡིས། །པདྨ་རྒྱས་པར་བྱེད་པ་དང་། །གཞན་དག་སྨིན་པར་བྱེད་པ་ལྟར། །དེ་བཞིན་དེ་བཞིན་གཤེགས་པ་ཡི། །ཉི་མ་དམ་ཆོས་འོད་ཟེར་དག །གདུལ་བྱའི་སྐྱེ་བོའི་པདྨ་ལ། །རྣམ་པར་རྟོག་པ་མེད་པར་འཇུག །ཅེས་དང་། ཇི་ལྟར་རྒྱ་ཆེན་འོད་ཟེར་སྟོང་ལྡན་ཉི་ཤར་འདི། །འཇིག་རྟེན་ཀུན་ཏུ་སྣང་བར་བྱས་ནས་རིམ་གྱིས་ནི། །མཆོག་དང་བར་མ་དམན་པའི་རི་ལ་འབབ་དེ་བཞིན། །རྒྱལ་བའི་ཉི་མ་སེམས་ཅན་ཚོགས་ལ་རིམ་གྱིས་འབབ། །ཅེས་འབྱུང་ངོ་། །གཞན་ཁ་ཅིག་མདོ་ལས། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོར་མི་འཇུག་པའོ། །ཞེས་གསུངས་པའི་ཕྱིར་རྣམ་མཁྱེན་ཁོ་ནར་བསྔོའོ་ཞེ་ན། མདོ་ལས་དེ་ལྟར་གསུངས་པ་ནི་མཐར་ཐུག་ལ་དགོངས་པ་ཡིན་གྱི་གནས་སྐབས་སུ་ནི་སེམས་ཅན་གྱི་མོས་པ་ཇི་ལྟ་བ་བཞིན་དོན་དུ་གཉེར་བའི་འབྲས་བུ་ཅི་ལ་ཡང་བསྔོ་མི་རིགས་པ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རྣམས་ལས། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །རང་སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་གསུངས་པ་བཞིན་ཕྲིན་ལས་རིམ་འཇུག་དང་མཐུན་པར་བསྔོ་དགོས་ལ། དེ་ལྟ་མིན་ན་རྒྱལ་སྲས་ཞི་བ་ལྷ་དགེ་རྩ་བསྔོ་བ་ལ་མི་མཁས་པར་འགྱུར་ཏེ། བསྔོ་བའི་ལེའུ་ལས། རིགས་དྲུག་གི་སྡུག་བསྔལ་རེ་རེ་ལས་ཐར་པའི་དོན་དུ་བསྔོ་བ་དང་། བྱེ་བྲག་མིར་གྱུར་པ་རྣམས་ལས་ནད་པ་དང་དབུལ་ཕོངས་ལ་སོགས་པར་དམིགས་ཏེ་དགག་ཕྱོགས་སྒྲུབ་ཕྱོགས་ཀྱི་བསྔོ་བ་གཉིས་སུ་མཛད་པ་ཡང་བསྔོ་ཚུལ་ཕྱིན་ཅི་ལོག་ཏུ་ཐལ་ལོ། །དེས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གདུལ་བྱ་མ་སྨིན་པ་སྨིན་པ་དང་། སྨིན་པ་གྲོལ་བ་དང་། གྲོལ་བ་མཐར་ཐུག་པ་ལ་སྦྱོར་བའི་ཕྲིན་ལས་ཀྱི་རིམ་པ་བཞིན་མངོན་མཐོ་ལྷ་མིའི་རྟེན་དང་ཐེག་པ་གསུམ་གྱི་ལམ་དང་འབྲས་བུ་ལ་འགོད་ཅིང་། མཐར་གྱིས་རྣམ་པ་ཐམས་ཅད་མཁྱེན་པའི་སར་བསྔོ་བར་བྱ་སྟེ། མདོ་ལས། དེ་བཞིན་གཤེགས་པའི་གསུང་རྣམས་ནི་དེ་ཁོ་ཉིད་ལ་གཞོལ་བ། དེ་ཁོ་ན་ཉིད་ལ་འབབ་པ། དེ་ཁོ་ན་ཉིད་ལ་མངོན་པར་ཕྱོགས་པ། ཞེས་སོགས་རྒྱ་ཆེར་འབྱུང་བ་བཞིན་ནོ། ༧ །གསུམ་པ་དགོས་ཆེད་གང་ཕྱིར་བསྔོ་བ་ནི། ནམ་མཁའི་ཁམས་ལ་མཐའ་མེད་པ་བཞིན་སྣོད་ཀྱི་འཇིག་རྟེན་ཡང་མཐའ་མེད་ལ། སྣོད་ཇི་ལྟ་བ་བཞིན་བཅུད་ཀྱི་སེམས་ཅན་ལ་ཡང་མཐའ་མེད་ཅིང་ལས་དང་ཉོན་མོངས་པ་ཡང་ཚད་གཟུང་དུ་མེད་ལ། ལས་ཉོན་གྱིས་བསྐྱེད་པའི་ཉེར་ལེན་གྱི་ཕུང་པོ་ཡང་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ་སྡུག་བསྔལ་གསུམ་གྱི་རང་བཞིན་ལ་ཡང་མཐའ་ཡོད་པ་མིན་ཏེ། རྩ་བ་ཤེས་རབ་ཀྱི་སྔོན་དང་ཕྱི་མའི་མཐའ་བརྟག་པ་ལས། གལ་ཏེ་སྐྱེ་བ་སྔ་འགྱུར་ལ། །རྒ་ཤི་ཕྱི་མ་ཡིན་ན་ནི། །སྐྱེ་བ་རྒ་ཤི་མེད་པ་དང་། །མ་ཤི་བར་ཡང་སྐྱེ་བར་འགྱུར། །གལ་ཏེ་སྐྱེ་བ་ཕྱི་འགྱུར་ལ། །རྒ་ཤི་སྔ་བ་ཡིན་ན་ནི། །སྐྱེ་བ་མེད་པའི་རྒ་ཤི་ནི། །རྒྱུ་མེད་པར་ནི་ཇི་ལྟར་འགྱུར། །ཞེས་བྱ་བ་གསུངས་སོ། །དེ་ལྟར་མཐའ་མེད་པའི་སེམས་ཅན་ཚེ་རབས་ཐོག་མེད་ནས་ཕ་མར་གྱུར་པ་ཐམས་ཅད་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་ནས། མཐར་ཐུག་རྣམ་མཁྱེན་གྱི་གོ་འཕང་ལ་རེག་པ་སོགས་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པའམ། ཐེག་ཆེན་སེམས་བསྐྱེད་ཀྱིས་འཕངས་པའི་བསྔོ་བ་ལས་དགེ་རྩ་ཉུང་ཞིང་ཆུང་བ་ཡང་རྣམ་སྨིན་ཡངས་ཤིང་རྒྱ་ཆེ་བར་འགྱུར་ཞིང་དཔལ་ཡོན་ལེགས་ཚོགས་གོང་འཕེལ་དུ་སྦྱོར་བཟོད་པ་ནི་དགོས་པ་བླ་ན་མེད་པའོ། ༧ །བཞི་པ་ཇི་ལྟར་བསྔོ་ཚུལ་ནི། དུས་གསུམ་གྱི་དགེ་ཚོགས་ཟག་བཅས་དང་ཟག་མེད་ཀྱིས་བསྡུས་པ་དག་ལན་དང་རྣམ་སྨིན་ལ་རེ་བ་མེད་པར་སེམས་ཅན་ཐམས་ཅད་ལ་ཐུན་མོང་དུ་བྱས་ཏེ་གནས་སྐབས་ངན་སོང་གི་སྐྱེ་འགྲོ་རྣམས་མཐོ་རིས་འཐོབ་པ་དང་། ལྷ་མིའི་བདེ་འབྲས་ལ་ལོངས་སུ་སྤྱོད་བཞིན་པ་རྣམས་ལོག་པར་མི་ལྟུང་ཞིང་ཐེག་པ་གསུམ་གྱི་ལམ་དང་འབྲས་བུ་ལ་ཅི་བདེར་གཞོལ་བའི་རྐྱེན་དུ་འགྱུར་བ་དང་། མཐར་ཐུག་ཉན་རང་གི་ཐར་པ་ནི་ཚོང་པ་རིན་ཆེན་གླིང་དུ་ངལ་གསོ་བ་ལྟར་ལམ་སྟེགས་ཙམ་ལས་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་མ་སྤངས་ཤིང་བླ་ན་མེད་པའི་ཡེ་ཤེས་དང་མི་ལྡན་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པའི་ཕྱིར་འཁོར་གསུམ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་ཡོངས་སུ་བསྔོ་བར་བྱ་སྟེ། ཕུང་པོ་གསུམ་པའི་མདོ་ལས། བདག་གི་བླ་ན་མེད་པའི་ཡེ་ཤེས་ཀྱི་དགེ་བའི་རྩ་བ་གང་ལགས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་ནས། བླ་ན་མ་མཆིས་པ་དང་གོང་ན་མ་མཆིས་པ་དང་། གོང་མའི་ཡང་གོང་མ། བླ་མའི་ཡང་བླ་མར་ཡོངས་སུ་བསྔོ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །ཞེས་དང་། བྱམས་པས་ཞུས་པ་ལས། བྱམས་པ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བསྔོ་བ་ལ་མཁས་པ་ཡིན་ཞེ་ན། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལུས་དང་། ངག་དང་། ཡིད་ཀྱིས་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་དེ། བྱམས་པ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བསྔོ་བ་ལ་མཁས་པ་ཡིན་ནོ། །ཞེས་པ་ལྟར། དགེ་རྩ་མཐའ་དག་བློས་བསླངས་ཏེ་སྒྱུ་མ་ལྟ་བུའི་ཚུལ་གྱིས་གང་བསྔོ་བའི་དགེ་ཚོགས། གང་ལ་བསྔོ་བའི་ཡུལ། ཇི་ལྟར་བསྔོ་བའི་ཚུལ་སེམས་དང་སེམས་ལས་བྱུང་བའི་འཛིན་སྟངས་རྣམས་ཐ་སྙད་དུ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཅན་དང་། དོན་དམ་པར་སྐྱེ་འགག་འགྲོ་འོང་མེད་པའི་རང་བཞིན་ནམ་ཆོས་ཉིད་དུ་ཤེས་པས་རྣམ་མཁྱེན་ལ་བསྔོ་བ་ཞེས་བྱ་སྟེ། ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རྣམས་ལས། དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་བྱོན་ཀྱང་རུང་། མ་བྱོན་ཀྱང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་ནི་ཡེ་ནས་གནས་པ་ཉིད་དོ། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བློ་གྲོས་རྒྱ་མཚོ་གཞན་ཡང་འཁོར་གསུམ་ཡོངས་སུ་དག་པ་གང་ཞེ་ན། གང་ལ་བདག་ཏུ་འཛིན་པ་མེད་པ་དང་། སེམས་ཅན་དུ་འཛིན་པ་མེད་པ་དང་། ཆོས་སུ་འཛིན་པ་མེད་པའོ། །ཞེས་དང་། གཞན་ཡང་འཁོར་གསུམ་ཡོངས་སུ་དག་པ་ནི། སྟོང་པ་ཉིད་ལ་མོས་པ་དང་། མཚན་མ་མེད་པ་ལ་ཡིད་ཆེས་པ་དང་། སྨོན་པ་མེད་པ་ལ་སོམ་ཉི་མེད་པ་སྟེ། བློ་གྲོས་རྒྱ་མཚོ་འཁོར་གསུམ་ཡོངས་སུ་དག་པས་ནི་ཆོས་ཐམས་ཅད་ཡོངས་སུ་དག་པར་འགྱུར་བའོ། །ཞེས་སོགས་མང་དུ་འབྱུང་ཞིང་མངོན་པར་རྟོགས་པའི་རྒྱན་ལས་ཀྱང་། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །དེ་ནི་མི་དམིགས་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ཐེག་པ་ཆེན་པོའི་རིགས་ཅན་སངས་རྒྱས་ལ་དམིགས་པའི་དད་པ། སེམས་ཅན་ལ་དམིགས་པའི་སྙིང་རྗེ། བྱང་ཆུབ་སེམས་ཀྱི་ཕན་ཡོན་ཐོས་པ་ལས་ཐེག་ཆེན་གྱི་ལམ་ལ་སྤྲོ་བ་མཆོག་ཏུ་བརྟས་ཤིང་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པ་དང་། དགེ་བའི་རྩ་བ་ཇི་སྙེད་པ་མཐའ་དག་གཞན་དོན་དུ་བསྔོ་བ་ནི་ཐེག་ཆེན་གྱི་ཁྱད་ཆོས་སུ་གསུངས་ཏེ། རིན་ཆེན་ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་དེ། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། །ཞེས་གསུངས་སོ། །སྤྱིར་གདུལ་བྱ་ཕྱོགས་རེ་ལ་དམིགས་པའི་སྙིང་རྗེ་དང་བསྔོ་བ་ཙམ་ཞིག་ཉན་རང་རྣམས་ལ་ཡང་ཡོད་དེ། མདོ་ལས། ཀུན་དགའ་བོ་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི། འཁོར་བར་ཟད་པར་མི་འགྱུར་ཞིང་། ཡོངས་སུ་གཏུགས་པར་མི་འགྱུར་ལ། ཟད་མི་ཤེས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ཡིན་ནོ། །དགེ་བའི་རྩ་བ་ཆོས་ལ་བསྐྱེད་པ་དང་། དགེ་འདུན་ལ་བསྐྱེད་པ་ནི་འཁོར་བར་ཟད་པར་མི་འགྱུར་ཞིང་། ཡོངས་སུ་གཏུགས་པར་མི་འགྱུར་ལ། ཟད་མི་ཤེས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ཡིན་ནོ། །ཞེས་དང་། སློབ་དཔོན་མཐོ་བཙུན་གྱིས། བསོད་ནམས་བྱ་བའི་ཚོགས་དག་ནི། །སེམས་ཅན་རྣམས་ལ་ཡོངས་བསྔོ་བ། །བཅོམ་ལྡན་ཁྱོད་ཀྱིས་གང་གསུངས་པ། །དེ་གཞན་བསྟན་བཅོས་ལས་མ་བཤད། །ཅེས་སོ། །དགེ་རྩ་གང་ཡང་བསྔོ་བས་མ་ཟིན་ན་ལོག་ལྟ་དང་ཁོང་ཁྲོ་བ་ལ་སོགས་པ་ཀུན་ཏུ་རྟོག་པའི་གཞན་དབང་གིས་དགེ་བའི་རྩ་བ་ཆད་པ་དང་ཟིལ་གྱིས་ནོན་པ་སོགས་རྐྱེན་གང་ཡང་རུང་བས་ཆུད་གཟན་པར་གསུངས་ཏེ། མདོ་ལས། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པ་རྣམས་ཀྱི་སྦྱིན་པ་ཟད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཡོངས་སུ་མ་བསྔོས་པ་དང་། ཐབས་མི་མཁས་པ་དང་། དམའ་བར་སྐྱེ་བར་འདོད་པ་དང་། སྡིག་པའི་གྲོགས་པོ་ལ་བསྟེན་པ་སྟེ། རིགས་ཀྱི་བུ་ཆོས་བཞི་པོ་དེ་དག་དང་ལྡན་པ་རྣམས་ཀྱི་སྦྱིན་པ་ནི་ཡོངས་སུ་ཟད་པར་འགྱུར་རོ། །ཞེས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། གང་ཟག་ལོག་པར་ལྟ་བའི་ལེགས་སྤྱད་ཀྱང་། །ཐམས་ཅད་རྣམ་པར་སྨིན་པ་མི་ཟད་ལྡན། །ཞེས་སོགས་གསུངས་པ་བཞིན་ནོ། །བསྔོ་བའི་ཕན་ཡོན་ནི། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་བསྐམ་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོའི་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་དང་། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན་མཆིལ་མའི་ཐལ་བ་ཞིག་བྱེ་མའི་སྟེང་དུ་བོར་ན་མྱུར་དུ་སྐམ་པར་འགྱུར་རོ། །དེ་ཉིད་རྒྱ་མཚོ་ཆེན་པོར་བོར་ན་ནི་ཇི་སྲིད་རྒྱ་མཚོ་དེ་ཉིད་ཟད་ཅིང་སྐམ་པར་མ་གྱུར་པ་དེ་སྲིད་དུ་མཆིལ་མའི་ཐལ་བ་དེ་ཡང་མི་བསྐམ་མོ། །ཞེས་སོགས་ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་ལས་རྒྱ་ཆེར་གསུངས་པ་བཞིན་བདག་ལེགས་སུ་འདོད་པ་རྣམས་ཀྱི་འཇུག་ངོགས། དུས་རྟག་ཏུ་དལ་འབྱོར་གྱི་རྟེན་བཟང་པོ་རྙེད་པར་དཀའ་བ་དང་། འདུས་བྱས་ཀྱི་དངོས་པོ་མཐའ་དག་སྐད་ཅིག་མའི་རང་བཞིན་མི་རྟག་ཅིང་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པ་དང་། ཆོས་བཞིན་འདུལ་བ་བཞིན་བསླབ་པ་སོགས་སོ་ཐར། བྱང་སེམས། གསང་སྔགས་ལ་སྤྱོད་པའི་དུས་བཟང་པོ་ཕྱིན་ཆད་འཕྲད་པར་དཀའ་བ་དང་། སྲིད་པའི་ཕུན་ཚོགས་དང་འཇིག་རྟེན་ཆོས་བརྒྱད་ལ་རེ་ལྟོས་མི་འཆའ་ཞིང་ཡིད་བརྟན་མི་རུང་བ་དང་། ཐར་པ་དང་རྣམ་མཁྱེན་གྱི་གོ་འཕང་ལ་སྐོམ་པ་ཆུ་འདོད་པ་ལྟ་བུས་དད་འདུན་བསྐྱེད་པ་དང་། དགེ་བའི་བཤེས་གཉེན་ནི་མངོན་མཐོ་དང་ངེས་ལེགས་ཀྱི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་སུ་མཐོང་བས། མཉེས་པ་གསུམ་གྱིས་རྟག་ཏུ་བསྟེན་པར་བྱ་སྙམ་པས་གསུང་རབ་པར་དུ་བཞེངས་པ་སོགས་ཆོས་སྤྱོད་བཅུ་ཡི་བྱ་བ་ལ་ཐང་ལྷོད་མེད་པར་ཆུ་བོའི་རྒྱུན་བཞིན་འཇུག་པ་དང་། དགེ་ཚོགས་ཕྲ་མོ་ཚུན་ཆད་གཞན་དོན་ཁོ་ནར་བསྔོ་ཞིང་ཚིག་གིས་ཀྱང་རྒྱལ་བ་སྲས་དང་སློབ་མར་བཅས་པ་རྣམས་དཔང་པོར་གསོལ་ཏེ། ལེགས་ཚོགས་རྒྱ་མཚོ་ལྟ་བུ་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དུ་སྤེལ་བའི་སྨོན་ལམ་དྲི་མ་མེད་པས་མཐའ་བརྒྱན་པར་བྱས་སོ།། །། ༈ སླར་སྨོན་པའི་ཚིགས་སུ་བཅད་པ། སེམས་ཅན་གང་དག་འཚོ་བས་རབ་ཉེན་མྱ་ངན་མགོན་མེད་ཐང་དུ་ཉལ། །རྒྱས་སྲས་རབ་དགའི་སྦྱིན་པ་ལས་བྱུང་ཕར་ཕྱིན་དམ་པའི་དགེ་ཚོགས་དང་། །ལྷག་བསམ་རླུང་གི་ཤིང་རྟས་ལེགས་དྲངས་དམ་ཆོས་རིན་ཆེན་གྲུ་ཆར་འདིས། །མཐའ་ཡས་སྐྱེ་རྒུའི་དབུལ་བའི་ཉེས་སེལ་ངལ་གསོའི་མཛོད་ལ་དབང་གྱུར་ཅིག །རྟེན་འབྱུང་མི་ཤེས་ཀླ་ཀློའི་ལམ་ཞུགས་འཚེ་བ་ཆོས་སུ་སྨྲ་བ་གང་། །རྒྱལ་སྲས་དྲི་མེད་ཚུལ་ཁྲིམས་ལས་འོངས་ལྗོན་པ་བཟང་པོའི་གྲིབ་བསིལ་དང་། །ལྷན་ཅིག་རྣམ་དཀར་རིན་ཆེན་འོད་འཕྲོའི་ཟ་མ་ཏོག་གང་བསྐྲུན་པའི་དགེས། །འཛིན་མའི་ཁྱོན་ཀུན་དགེ་བཅུའི་ཁྲིམས་ཀྱི་བདེ་སྐྱིད་འབྲས་བུ་གཡུར་ཟ་ལྡེམ། །སེམས་ཅན་གང་དག་ཁྲོ་དང་འཁོན་འཛིན་གདེངས་ཅན་གདུག་པའི་བརྟུལ་ཞུགས་ཅན། །རྒྱལ་སྲས་འོད་བྱེད་བཟོད་པ་ལས་སྐྱེས་བསོད་ནམས་འཁོར་ལོའི་མུ་འཁྱུད་དང་། །རིན་ཆེན་རྡུལ་མང་བརྩེགས་པའི་གསུང་རབ་ཟ་མ་ཏོག་ཏུ་འཕོས་པའི་དགེས། །མཐའ་དག་སྐྱེ་རྒུའི་རྙོགས་པའི་གདུང་བྲལ་མ་དྲོས་མཚོ་བཞིན་བརླིང་གྱུར་ཅིག །ཐ་མལ་སྒོ་གསུམ་ལེ་ལོའི་སྲད་བུས་ཀུན་དཀྲིས་མུན་པའི་གཡང་སར་ཕྱོགས། །རྒྱལ་སྲས་འོད་འཕྲོའི་བརྩོན་པ་ལས་འཕེལ་ཡན་ལག་བརྒྱད་ལྡན་ཆུ་ཀླུང་དང་། །རྣམ་དཀར་ལེགས་བསྐྱེད་རིན་ཆེན་འོད་འཕྲོའི་ཟ་མ་ཏོག་གང་འཁྲུངས་པའི་དགེས། །དུས་བཞིའི་ཁོར་ཡུག་རྒྱལ་སྲས་སྤྱོད་ལ་དཔག་མེད་སྤྲོ་བས་གཞོལ་གྱུར་ཅིག །སེམས་ཅན་གང་དག་སྒྱུ་མའི་ནོར་ལ་ཆོག་པར་མི་ཤེས་སྲེད་ཅིང་གཡེངས། །སྦྱང་དཀའི་ས་ཡི་རྒྱལ་སྲས་འཕགས་པའི་ཏིང་འཛིན་བདེ་བའི་རོལ་མོ་དང་། །ལེགས་བྱས་དྲི་མེད་རིན་ཆེན་འོད་འཕྲོའི་ཟ་མ་ཏོག་གང་སྤུངས་པའི་དགེས། །སྲིད་གསུམ་ལུས་ཅན་ཡང་དག་འཇོག་ལས་ཤིན་སྦྱངས་བདེ་བས་ཁྱབ་གྱུར་ཅིག །ཡུན་རིང་མུན་ནག་འཁོར་བའི་འདམ་བྱིང་རྣམ་དཔྱོད་མར་མེའི་འོད་དང་བྲལ། །སྲིད་ལས་རིང་སོང་རྒྱལ་སྲས་ལམ་བཟང་རབ་འབར་ཡེ་ཤེས་སྒྲོན་མེ་དང་། །ངོ་མཚར་ཕུལ་བྱུང་རིན་ཆེན་འོད་འཕྲོའི་ཟ་མ་ཏོག་གང་སྤྲོས་པའི་དགེས། །འགྲོ་ཀུན་སྙིང་གི་མུན་པ་རབ་སེལ་རྣམ་དཔྱོད་རྒྱ་མཚོས་བརྒྱན་གྱུར་ཅིག །ཐོག་མེད་དུག་ལྔའི་རྦ་ཀློང་ལས་སྐྱེས་མྱོང་འགྱུར་ནད་ཀྱིས་གཟིར་བ་ཀུན། །བཻ་ཌཱུར་རྒྱལ་པོའི་རྨད་བྱུང་ཐུགས་བསྐྱེད་ཆུ་འཛིན་ཕྲེང་བའི་བླ་བྲེ་བྲེས། །བརྡ་ཡིག་གཙུག་ལག་རིན་ཆེན་སྒྲོམ་བུ་ཁམས་གསུམ་བླ་ན་བཀོད་པའི་དགེས། །འབྱུང་འདུས་འཁྲུགས་པའི་གདུང་བ་ཇི་སྙེད་བདུད་རྩི་སྨན་གྱིས་སོས་གྱུར་ཅིག །ལྷ་མིན་གཡུལ་བཞིན་སྙིགས་མར་ལྷུང་བའི་མཚོན་ཆའི་ཆར་གྱི་རྣོ་དབལ་ཡང་། །ཤོག་སེར་ལས་འཕོས་པདྨའི་ཟབ་གཏེར་རང་ཞལ་སླར་ལ་ངོམས་པའི་དགེས། །འཇིགས་རུང་མཚོན་གྱི་གཡུལ་ངོ་ལས་གྲོལ་འཐབ་བྲལ་ལྷ་ཡི་དགའ་ཚལ་བཞིན། །མི་བསྲུན་བརྟན་པ་འཕྲོག་དང་ལྷན་ཅིག་མཛའ་བརྩེའི་དཔལ་ལ་སྤྱོད་གྱུར་ཅིག །ཟས་སྐོམ་མི་རྙེད་ངལ་བའི་ཁུར་བརྩེགས་མུ་གེས་བསྐལ་པས་ཉེན་གྱུར་གང་། །འཕྲུལ་ཡིག་ལས་འཁྲུངས་བཀའ་རྟགས་ཕྱག་རྒྱའི་རི་མོ་འབར་བའི་དགེ་མཚན་གྱིས། །སྒྲ་མི་སྙན་བཞིན་ཚེ་དང་ལོངས་སྤྱོད་རྩོལ་བ་མེད་པར་ལྷུན་གྲུབ་ཅིང་། །དབུལ་ཕོངས་ཉམ་ངའི་ཉེས་ཚུལ་ཀུན་ཞི་དཔལ་ཡོན་རྒྱ་ཆེན་རྙེད་གྱུར་ཅིག །པདྨའི་འདྲ་འབག་ཟབ་གཏེར་ཆོས་ཚུལ་གང་དུ་བཞུགས་པའི་དབྱིག་འཛིན་ཁྱོན། །མི་ཤིས་རྒུད་པའི་མིང་ཡང་མི་གྲགས་བདེ་ལྡན་ཞིང་ལ་ཅོ་འདྲི་བྱེད། །འཆད་ཉན་སྒོམ་སྒྲུབ་བསྙེན་བཀུར་རྣམ་དག་རིན་ཆེན་སྤུངས་པའི་གྲུ་བོ་ཆེས། །ཚེ་རབས་ཕྲེང་བར་དལ་བའི་རྟེན་སོན་རྔ་ཡབ་གླིང་དུ་ཕྱིན་པར་ཤོག །གཙུག་ལག་འདི་ཀོར་ལོངས་སྤྱོད་དག་དང་སྒོ་གསུམ་སྲི་ཞུའི་འབྲེལ་བ་ཀུན། །ཀུན་གཞིའི་ཁམས་ཀྱི་བག་ཆགས་ཕྲ་མོས་ཡང་སྲིད་ཕྱི་མཐའ་ཐུག་གི་བར། །བར་ཆད་མེད་པར་དམ་ཆོས་ཡོངས་གཟུང་བསྟན་འགྲོའི་དོན་ལ་རྟག་སྤྱོད་ཅིང་། ཁ་འབབས་ཀླུང་བཞིན་ཕུན་ཚོགས་སྡེ་བཞིའི་མངའ་ཐང་དཔལ་གྱིས་ཕྱུག་གྱུར་ཅིག །མདོར་ན་སྲིད་མཚོ་སྒྱུ་མའི་འཁྲུལ་འཁོར་ཟོ་ཆུན་འཁྱུད་མོའི་སྣང་བ་ཀུན། །མདོ་རྒྱུད་དམ་ཆོས་ཚངས་པའི་འཁོར་ལོ་ལུ་གུ་རྒྱུད་ཀྱིས་རྒྱུན་བཅད་དེ། །དྲང་སྲོང་རྗེས་ཞུགས་རྣམ་གྲོལ་ལམ་བཟང་ཡེ་ཤེས་འོད་ཀྱི་དྲྭ་བ་མཛེས། །འཁོར་འདས་ཀུན་དག་མཉམ་པ་ཆེན་པོ་གདོད་མའི་ས་ལ་རེག་གྱུར་ཅིག །དེ་ལྟར་གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་གསུང་རབ་ཟབ་མོ་ཉེ་བརྒྱུད་ཀྱི་ཆོས་སྡེ་རིན་ཆེན་གཏེར་མཛོད་ཆེན་མོའི་བཞུགས་བྱང་དཀར་ཆག་གི་ཐོག་མཐའི་གསལ་བྱེད་ཞིབ་མོའི་ལུགས་སུ་བཀོད་པ་འོད་གསལ་རྡོ་རྗེ་སྙིང་པོའི་གྲུ་གཟིངས་ཞེས་བྱ་བ་འདི་ནི། ༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་དངོས་སློབ་མཁས་བཙུན་གྲུབ་པའི་སྐྱེས་མཆོག་བཀའ་གཏེར་མདོ་རྒྱུད་ཡོངས་ལ་མཁྱེན་རབ་ཀྱི་འདབ་རྒྱ་མངོན་པར་གྲོལ་བ། དྭགས་པོ་སྤྲུལ་སྐུ་བཤད་སྒྲུབ་ལུང་རྟོགས་ཡོན་ཏན་རྒྱ་མཚོ་འམ་པད་བཀོད་སྒམ་སྤྲུལ་འགྱུར་མེད་ཨོ་རྒྱན་བསྟན་འཛིན་ཉི་མ་རྣམ་པར་རྒྱལ་བའི་སྡེས་ཁུར་དུ་ལྕི་བའི་བཀའ་ནན་ལྡོག་ཏུ་མེད་པས་བསྐུལ་བ་ལྟར། སྐྱེས་སྦྱངས་ཀྱི་ཡོན་ཏན་ཕྲ་མོས་ཀྱང་མ་གོས་ཤིང་ཚུལ་འདི་བགྱི་བར་འོས་པའི་མཚམས་ལས་ཀྱང་དཔག་ཚད་ཀྱིས་རིང་དུ་བརྒལ་ཡང་། ལྷོ་འབྲུག་སྨན་ལྗོངས་ཀྱི་སྤྲུལ་སྐུ་ཡེ་ཤེས་རྡོ་རྗེ་ནས་བསྟན་འགྲོའི་དོན་ཆེན་ཐུགས་ལ་བརྣག་པའི་མཚམས་སྦྱོར་བཟང་པོས་ཡི་གེ་གཉིས་པའི་འདུ་བྱེད་འཕྲུལ་ཡིག་ཕབ་བསྒྱུར་གསང་རྒྱ་བཅས་མཐུན་འགྱུར་གྱ་ནོམ་པའི་བདག་རྐྱེན་ལ་བརྟེན། མངའ་རིས་པ་ཚེ་དབང་རིག་འཛིན་ཞེས་སྔ་འགྱུར་རྙིང་མ་ཡོངས་ཀྱི་གྲལ་མཐར་གྱི་ནའི་ཟས་གོས་ཀྱིས་འཚོ་བ་གང་གིས་འཕགས་ཡུལ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་གདན་སར། སློབ་དཔོན་ཆེན་པོ་དྷ་ན་ཀོ་ཤའི་མཚོ་གླིང་དུ་སྐུ་འཁྲུངས་ནས་བགྲང་བྱ་ཉིས་སྟོང་བརྒྱད་བརྒྱ་བརྒྱད་ཅུ་རྩ་བརྒྱད་སོན་པ། བོད་རབ་བྱུང་བཅུ་བདུན་པའི་དགའ་བ་ཞེས་པ་ཆུ་འབྲུག་གི་ལོའི་རྒྱལ་ཟླའི་དཀར་ཕྱོགས་ཀྱི་དགའ་བ་གཉིས་པའི་སྔ་དྲོ་བདུད་རྩིའི་ཐུན་མཚམས་ལ་འགོ་བཟུང་སྟེ། ནག་ཟླའི་ཡར་ཚེས་བཅུ་ཨོ་རྒྱན་དུས་གསུམ་མཁྱེན་པས་མེ་དཔུང་མཚོ་རུ་བསྒྱུར་བའི་རྫུ་འཕྲུལ་གྱིས་ཟ་ཧོར་ཡུལ་ཁམས་ཆོས་ལ་བཀོད་པའི་དུས་ཆེན་མ་སྲིང་མཁའ་འགྲོ་སྤྲིན་བཞིན་འདུ་བའི་ཉིན་མཇུག་ཡོངས་སུ་རྫོགས་པར་བགྱིས་པ་སྟེ། མཁན་སློབ་ཆོས་གསུམ་གྱི་རིང་ལུགས་ནུབ་པ་མེད་པར་ཕྱོགས་དུས་གནས་སྐབས་ཐམས་ཅད་ནས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག། །། ཨོཾ། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏ྄། ཏེ་ཥཱཉྩ་ཡོ་ནི་རོ་དྷ། ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། ཨཱཿ ཨོཾ་བཛྲ་ཀུ་ཤ་མྲི་ཏི་ཨུ་ཏ་ས་སཾམྱཀ་ཨ་རི་ཏི་ཨི་ཏྲ་པ་ཡཱ་བོ་ད་ཨང་ག་ར་ཏྱ་ཨ་ཏྱ་བ་ཏི་ཨུརྣ་མ་རུ་ཕྱེ་ཏི་ཀུ་རུ་སྭཱ་ཧཱ། ཧཱུྃ། ཨོཾ་བཛྲ་ཛྙཱ་ན་པཉྩ་ཀཱ་ཡ་གུ་ཎ་གརྦྷ་བུ་མི་ཏྲ་ཤ་ཀྲ་ནི་ཀ་རུ་སྭཱ་བྷཱ་བ་ཛྙཱ་ན་ཝཱ་ག་ས་མནྟ་ཨ་མོ་གྷ་ཡ་སྭཱ་ཧཱ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ།
ཕུར་པ་ཡང་གསང་སྤུ་གྲིའི་བརྒྱུད་འདེབས་ (Volume 31, Text 8)
ཕུར་པ་ཡང་གསང་སྤུ་གྲིའི་བརྒྱུད་འདེབས་ནི། ཀུན་བཟང་རིགས་ལྔ་རིག་འཛིན་རྡོ་རྗེ་ཆོས། །ལས་ཀྱི་དབང་ཆེན་རྡོ་རྗེ་ཐོད་ཕྲེང་རྩལ། །མཁར་ཆེན་མཚོ་རྒྱལ་གཏེར་སྟོན་ཆོས་དབང་ལ། །གསོལ་བ་འདེབས་སོ་བདུད་དཔུང་འཇོམས་པར་ཤོག །མི་བསྐྱོད་རྡོ་རྗེ་དྭགས་སྟོན་གཉན་སྟོན་དང་། །སེ་ལྡིང་ཡབ་སྲས་ཆོས་སྐུ་འོད་ཟེར་ཞབས། །དཔལ་འབྱོར་དབང་ཕྱུག་ཆོས་ཀྱི་དབང་པོ་ལ། །གསོལ་བ་འདེབས་སོ་བདུད་དཔུང་འཇོམས་པར་ཤོག །རིག་འཛིན་ལེགས་ལྡན་ཞབས་དང་མཁྱེན་བརྩེའི་དབང་། །དབང་ཕྱུག་རབ་བརྟན་བསོད་ནམས་མཆོག་ལྡན་དཔལ། །འཕྲིན་ལས་ལྷུན་གྲུབ་གཏེར་བརྒྱུད་དང་པོ་ལ། །གསོལ་བ་འདེབས་སོ་བདུད་དཔུང་འཇོམས་པར་ཤོག །པད་གླིང་རྒྱལ་བ་དོན་གྲུབ་རང་གྲོལ་མཚན། །བསྟན་འཛིན་གྲགས་པ་མདོ་སྔགས་བསྟན་འཛིན་བཟང་། །ཕྲིན་ལས་ལྷུན་གྲུབ་གཏེར་བརྒྱུད་གཉིས་པ་ལ། །གསོལ་བ་འདེབས་སོ་བདུད་དཔུང་འཇོམས་པར་ཤོག །ཁ་སྐོང་། བརྒྱུད་སྲོལ་ཀུན་འདུས་གཏེར་ཆེན་ཆོས་ཀྱི་རྒྱལ། །རིན་ཆེན་རྣམ་རྒྱལ་ཀློང་ཡངས་འོད་གསལ་ཞབས། །མཆོག་སྤྲུལ་པད་དབང་ཁྲི་ཆེན་པད་རྒྱལ་ལ། །གསོལ་བ་འདེབས་སོ་བདུད་དཔུང་འཇོམས་པར་ཤོག །འཕྲིན་ལས་ཆོས་སྒྲོན་སངས་རྒྱས་ཀུན་དགའི་མཚན། །ཡོངས་རྫོགས་བསྟན་པའི་སྲོག་འཛིན་འཇམ་པའི་དབྱངས། །འཕྲིན་ལས་ཡོངས་གྲུབ་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བདུད་དཔུང་འཇོམས་པར་ཤོག །བརྒྱུད་འདེབས་ཁ་སྐོང་གུ་ཎས་སོ། །གཞི་དུས་ཏིང་འཛིན་གསུམ་གྱི་རོལ་པ་ལས། །དཀྱིལ་འཁོར་གསུམ་གྱི་རྣམ་པར་ཡོངས་ཤར་བས། །སྒོ་གསུམ་ལས་ཉོན་མུན་པ་དབྱིངས་སྦྱངས་ནས། །འབྲས་བུ་སྐུ་གསུམ་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་རྒྱལ་ཁམས་པ་འགྱུར་མེད་རྡོ་རྗེས་སོ།།
མཆོག་གླིང་གཤིན་རྗེ་ཚེ་བདག་འགུགས་བྱང་ (Volume 18, Text 8)
ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། དཀོན་མཆོག་གསུམ་དང་ཡི་དམ་རྒྱུད་སྡེ་དྲུག་གི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བཀའ་བདེན་པ་དང་། སྨན་དང་རྫས་དང་དམོད་པའི་འཁྲུལ་འཁོར་རྣམས་ཀྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག་ཅིང་ཆོས་ཅན་རྟེན་འབྲེལ་མི་བསླུ་བའི་བདེན་པ་དང་། ཁྱད་པར་དུ་བཅོམ་ལྡན་འདས་དཔལ་ཆེན་གཤིན་རྗེའི་གཤེད་པོ་ཕྱག་རྒྱ་ཟིལ་གྱིས་གནོན་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། འཆི་བདག་ལས་ཀྱི་གཤིན་རྗེ་ལ་སོགས་པ་བཀའ་སྡོད་དམ་ཅན་རྒྱ་མཚོའི་དམག་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། སྤྱིར་བསྟན་དང་འགྲོ་བའི་སྤྱི་དགྲ་ཐར་པ་དང་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ལ་དངོས་དང་བརྒྱུད་ནས་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གདོན་བགེགས་འབྱུང་པོ། བྱད་ཕུར་རྦོད་གཏོང་གི་རྒྱབ་རྟེན་པ། ལོ་ཟླ་ཞག་ཀག་གི་སྣ་འདྲེན་པ། སྲོག་ལུས་དབང་ཐང་ལ་བར་དུ་གཅོད་པ་ཐམས་ཅད་ས་བླ་ས་འོག་ས་སྟེང་གང་དུ་གནས་ཀྱང་། སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ལས་ཤམ་དུ་འགུགས་ཐུན་སྦྲེལ་བས་ལན་གསུམ་བཀུག་པར་བྱའོ། །ཞེས་པའང་འོག་མིན་མཚུར་ཕུར་ཞབས་བརྟན་པུ་རིའི་སྒྲུབ་པ་བགྱིས་སྐབས་ཉེ་བར་མཁོ་བས་མཚམས་སྦྱར་ཏེ། པདྨ་གར་དབང་གིས་བྲིས་པའོ།། །།
འཆི་མེད་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ལས་གླུད་རབས་ལྷའི་གཎ་ཌེ་ (Volume 20, Text 8)
༄༅། །འཆི་མེད་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ལས་གླུད་རབས་ལྷའི་གཎ་ཌེ་བཞུགས་སོ། ། ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ཡཻ། སྦྱིན་བདག་གི་ཚེ་སྲོག་གླུད་དུ་ངར་ཕྱེའི་མི་གཟུགས་གཏང་བ་ལ། གླུད་བསྔོ་གཙོར་བཏོན་པ་དང་། མདོས་ཟོར་གཞན་གྱི་ཞར་བྱུང་དུ་གླུད་བསྔོ་བའི་ཚུལ་གཉིས། སྔ་མ་ལའང་གླུད་མདོས་ཐབས་སུ་གཏང་བ་དང་ཡས་ཐབས་སུ་གཏང་བ་སོགས་རྣམ་དབྱེ་མང་དུ་མཆིས་པ་ལས། འདིར་གཙོར་བཏོན་ཞར་བྱུང་གཉིས་ཀ་ལ་སྦྱར་ཆོག་པ་གླུད་རྐྱང་ཙམ་བསྔོ་བའི་ཚུལ་ནི། འབྲུ་སྣའི་ངར་ཕྱེ་ལ་བསྒྲུབ་བྱ་བན་བོན་ཕོ་མོ་གང་ཡིན་པའི་འདྲ་གཟུགས་སྐྱེ་མཆེད་དོད་པ། རབ་ཁྲུ་གང་ལས་མི་ཆུང་བ། འབྲིང་རྐང་གང་། ཐ་མ་མཐོ་གང་བ་ལ་ལུང་ཏང་མིག །ཟེར་མོའི་སྒྲོའི་སྐྲ་སོགས་གཞུང་ནས་འབྱུང་བ་རྣམས་གནས་སོ་སོར་སྦྱར་བ་འཛོམ་ན་ལེགས། མ་འཛོམ་ནའང་རྫས་རྣམས་ཕྱོགས་བསྡུས་ཀྱི་ཕྱེ་མ་ཙམ་འདྲེས་དགོས་ཤིང་། ཞྭ་གོས་ལྷམ་དང་རྒྱན་སོགས་འབྱོར་པ་དང་བསྟུན་ནས་ཤིན་ཏུ་གཟབ་པར་བྱས་པའི་རྒྱབ་ཕྱོགས་སུ་ནམ་མཁའ་འཇའ་རིས་བལ་ཚོན་ནམ་བྱ་སྤུས་བརྒྱན་པ། གཡས་ཕྱོགས་སུ་ཕོ་ཏང་མདའ་བཀྲ །གཡོན་ཕྱོགས་སུ་མོ་ཏང་འཕང་བཀྲ །མདུན་ཕྱོགས་སུ་བུ་ཏང་རྒྱང་བུ་རྣམས་དང་། ཕོ་ལ་སྟག་པ་སོགས་ཕོ་ཤིང་ལ་ཁྲམ་ལོ་གྲངས་བྲིས་པ་ཕྲག་གཡས་སུ་གཟུག །མོ་ལ་གླང་མ་སོགས་མོ་ཤིང་ལ་ཁྲམ་ལོ་གྲངས་བཏབ་པ་ཕྲག་གཡོན་དུ་གཟུག །མཐའ་སྐོར་དུ་ཡུལ་མཁར་དཀོར་ནོར། ཁལ་བཀལ། གཏོར་ཆུང་། འབྲང་རྒྱས། ཏིང་ལོ། ཆངས་བུ། མདུན་དུ་མར་མེ། གཞན་ཡང་དར་རས་འབྲུ་སྨན་ཟས་སྣ་རིན་ཆེན་སོགས་གང་འབྱོར་གྱིས་བསྐོར། ཉེ་ལོགས་གང་བདེར་སྣོད་གཙང་མར་དམར་གཏོར་རྒྱན་ལྡན་ཞིག་ཀྱང་བཞག །ནད་པ་དང་། འཆི་བསླུ། གྲིབ་གླུད་སོགས་དང་འབྲེལ་ན་བསྒྲུབ་བྱའི་ལུས་ལ་ལས་བུམ་གྱི་ཆུས་བཀྲུས་པའི་དྲི་ཁུ་གླུད་ལ་བསྲེ། སུན་ཟློག་ལ་གཙང་སྦྲ་དང་ལྡན་པར་དགོས་ཀྱི་དྲི་ཁུ་འདྲེས་མི་རུང་། བླ་གླུད་ལའང་རུང་མི་རུང་གཉིས་ཡོད་པ་སོགས་བྱེ་བྲག་ཕྱེད་པར་བྱ། གླུད་རྐྱང་ཙམ་ལ་ནམ་མཁའ་ཤིང་སོགས་རྣམས་མ་འཛོམ་ཡང་ཆོག་གོ །བྱིན་གྱིས་བརླབ་པ་ནི། སྤྱིར་སྔགས་དྲུག་ཕྱག་དྲུག་བཏང་ཡང་ལེགས་མོད། གོང་དུ་སྤྱིའི་བྱིན་རླབས་སུ་སོང་བའི་སྐབས་ལྟ་བུར་འདིར་དམིགས་བསལ་དུ། ཆབ་བྲན་ལ་བསང་སྦྱང་། སྟོང་པའི་ངང་ལས་ངར་གྱི་མི། །མུ་ཏིག་ཀླད་པ་ལུང་ཏང་མིག །བྱེ་རུའི་ལྗགས་ལ་མགྲོན་བུའི་སོ། །ཟེར་མང་སྐྲ་ལ་བསྭེ་ཡི་ཤ །རིན་ཆེན་འབྲུ་སྣའི་ཁོག་བཅུད་ཅན། །ཞོ་ཤའི་སྙིང་ལ་མཁལ་སྲན་མཁལ། །གླ་སྒང་གྲོད་པ་དར་སྣའི་ལྤགས། །ལག་གཡས་གསེར་ལ་ལག་གཡོན་དངུལ། །རྐང་གཡས་ཟངས་ལ་གཡོན་པ་དངུལ། ཁམས་དང་སྐྱེ་མཆེད་ཡོངས་སུ་རྫོགས། །གཅིག་ལས་བརྒྱ་སྟོང་བྱེ་བ་འཕྲོ། །སྨྲ་མཁས་ལྗག་ལྗག་འགྲོས་ལྡེམ་ལྡེམ། །སྣང་སྲིད་ལྷ་འདྲེའི་སྤྱན་ལམ་དུ། །མི་བས་གླུད་བཟང་ལྷ་ཕྲུག་འདྲ། །ཡུལ་མཁར་དཀོར་ནོར་ཕུན་སུམ་ཚོགས། །གཡོག་འཁོར་རྟ་ཕྱུགས་ས་གཞི་གང་། །ཆངས་བུ་སོ་སོའི་འདོད་ཡོན་ལྡན། །སྒང་ལྔ་འདོད་པའི་ཡོན་ཏན་ལྔ། །གཤོང་དྲུག་རིགས་དྲུག་རེ་བ་སྐོང་། །འབུར་ཆུང་བཅུ་གཉིས་ལོ་བདུད་ཚིམ། །ཨོཾ་བྷྲཱུྃ་ཏྲཱཾ་ཧྲཱིཿཨཱཿཁཾ་ཧཱུྃ། ལན་གསུམ། ཨོཾ་གྱིས་མགྲོན་རིགས་ཀུན་ལ་ཁྱབ། །བྷྲཱུྃ་གྱིས་རིན་ཆེན་གཞལ་ཡས་ཁང་། །ཏྲཱཾ་གྱིས་རཏྣའི་ཆར་པ་འབེབ། །ཧྲཱིཿཡིས་གསུང་དབྱངས་དྲུག་ཅུ་ལྡན། །ཨཱཿཡིས་གདོན་རིགས་བྱམས་སེམས་ལྡན། ཁཾ་གྱིས་བདུད་རྩིའི་ཆར་རྒྱུན་བབས། །ཧཱུྃ་གིས་ཉོན་མོངས་དུག་ལྔ་སངས། དགོས་འདོད་རེ་སྐོང་ནམ་མཁའ་མཛོད། །རྒྱ་ཆེན་ཟད་མི་ཤེས་པར་གྱུར། །བདག་གི་བསམ་པའི་སྟོབས་སོགས་བདེན་བརྗོད་ཀྱང་བྱས་ལ། འདི་སྐད་གྱེར་ཏེ་དབྱངས་སུ་བྱའོ། །ཀྱཻ༔ དང་པོ་གླུད་བྱུང་གང་ནས་བྱུང༔ གླུད་ཀྱི་དེ་ནི་རབས་སྨོས་ན༔ གླུད་ཀྱི་ཕ་ནི་གནམ་ཡང་ཡིན༔ གླུད་ཀྱི་མ་ནི་ས་ཡང་ཡིན༔ གནམ་ས་གཉིས་ཀྱིས་བྱིན་བརླབས་ལས༔ འབྲུ་སྣ་ཉི་ཤུ་རྩ་གཅིག་དེ༔ རྒྱ་ཡུལ་སྐྱེ་ཞིང་ཁྲི་སྒོར་འཁྲུངས༔ སྟོན་པ་དགའ་རབ་རྡོ་རྗེ་ཡིས༔ འབྲུ་སྣ་ཉི་ཤུ་རྩ་གཅིག་དེ༔ མོན་པ་ཕོ་མོའི་ལག་ཏུ་གཏད༔ བརྔོ་ཞིང་བཏགས་པར་གྱིས་ཤིག་གསུངས༔ མོན་པ་ཕོ་མོ་ལྔ་བརྒྱ་ཡིས༔ བརྔོ་འམ་དེ་ནི་མ་བརྔོས་ན༔ རྒྱ་སླང་མོན་སླང་ནང་དུ་བརྔོས༔ མོན་ཕྲུག་ཕོ་མོ་ལྔ་བརྒྱ་ཡིས༔ བཏག་གམ་དེ་ནི་མ་བཏག་ན༔ རྒྱ་བཏག་མོན་བཏག་ཁ་ལ་བཏགས༔ སྟོན་པ་དགའ་རབ་ཕྱག་ཏུ་ཕུལ༔ སྟོན་པ་དགའ་རབ་རྡོ་རྗེ་ཡིས༔ རིན་ཆེན་སྣ་ལྔའི་ཕྱེ་བསྲེས་ནས༔ མི་དང་མཉམ་པའི་གླུད་དུ་བྱས༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས༔ གླུད་ནི་ངར་གླུད་ལ༔ ཤ་ནི་མ་མཆིས་ན༔ བསྭེ་ལ་ཤ་ཡང་བྱས༔ ཁྲག་ནི་མ་མཆིས་ན༔ མཚལ་ཆེན་ལྕོག་ལས་བྱས༔ རུས་པ་མ་མཆིས་ན༔ དཔལ་ཆེན་དུང་ལ་བྱས༔ ལྤགས་པ་མ་མཆིས་ན༔ གྲུམ་ཤུན་ལྤགས་ལ་བྱས༔ སྙིང་ནི་མ་མཆིས་ན༔ ཞོ་ཤའི་སྙིང་དུ་བྱས༔ གློ་བ་མ་མཆིས་ན༔ གླ་གོར་ཞོ་ཤས་བྱས༔ མཆིན་པ་མ་མཆིས་ན༔ བ་མཆིན་སྨུག་པོས་བྱས༔ མཚེར་པ་མ་མཆིས་ན༔ མཁལ་སྲན་བྱིའུས་བྱས༔ མཁལ་མ་མ་མཆིས་ན༔ མཁལ་མ་ཞོ་ཤས་བྱས༔ རྒྱུས་པ་མ་མཆིས་ན༔ ཐང་དཀར་སྤུ་རྒྱུས་བྱས༔ རྩ་རྒྱུས་མ་མཆིས་ན༔ པུ་ཤེལ་རྩེ་ལ་བྱས༔ སོ་ནི་མ་མཆིས་ན༔ མགྲོན་བུའི་སོ་ཡང་བྱས༔ ལྕེ་ནི་མ་མཆིས་ན༔ ལེ་བརྒན་དར་ལ་བྱས༔ མིག་ནི་མ་མཆིས་ན༔ ལུང་ཐང་མིག་ཏུ་བྱས༔ སྣ་ནི་མ་མཆིས་ན༔ ཟངས་མའི་སྣ་རུ་བྱས༔ རྣ་བ་མ་མཆིས་ན༔ གྲོ་གའི་རྣ་བ་བྱས༔ སྐྲ་ནི་མ་མཆིས་ན༔ ཟེར་མོའི་སྤུ་ལ་བྱས༔ དབུགས་ནི་མ་མཆིས་ན༔ འབྱུང་བ་རླུང་ལ་བྱས༔ དྲོད་ནི་མ་མཆིས་ན༔ འབྱུང་བ་མེ་ལ་བྱས༔ སེམས་ནི་མ་མཆིས་ན༔ ནམ་མཁའ་ཡངས་པས་བྱས༔ ཡན་ལག་མ་མཆིས་ན༔ དབང་པོ་ལག་པས་བྱས༔ རིན་ཆེན་ངར་གླུད་འདི་ཡི་ནི༔ ཕྲག་པ་གཡས་པ་ནི༔ རིན་ཆེན་གསེར་ལ་བྱས༔ ཕྲག་པ་གཡོན་པ་ནི༔ རིན་ཆེན་དངུལ་ལས་བྱས༔ རྐང་པ་གཡས་པ་ནི༔ ཐབས་ཆེན་ལྕགས་ལ་བྱས༔ རྐང་པ་གཡོན་པ་ནི༔ ཤེས་རབ་ཟངས་ལ་བྱས༔ སྟོན་པའི་ཞལ་ན་རེ༔ གླུད་ཀྱི་ངར་གླུད་ལ༔ ཁྱོད་མི་ཡི་གླུད་དུ་སོང་ཞིག་གསུངས༔ ངར་གླུད་དེ་ཡི་ཞལ་ན་རེ༔ ང་མི་ཡི་གླུད་དུ་འགྲོ་བ་ལ༔ ང་ལ་ཡོན་ཏན་ཅི་ཙམ་ཡོད༔ སྐྱེས་པ་ཕོ་ཡི་གླུད་དུ་ཇི་ལྟར་འགྲོ༔ ཟ་མ་མོ་ཡི་གླུད་དུ་ཇི་ལྟར་འགྲོ༔ བྱིས་པ་ཆུང་གི་གླུད་དུ་ཇི་ལྟར་འགྲོ༔ ཡུལ་དང་མཁར་གྱི་གླུད་དུ་ཇི་ལྟར་འགྲོ༔ དེ་སྐད་ཙམ་ཞིག་ཞུས་པ་ལས༔ སྟོན་པའི་ཞལ་ནས་འདི་སྐད་གསུངས༔ གླུད་ཀྱི་ངར་གླུད་ཚུར་ཉོན་དང༔ ཁྱོད་མི་ཡི་གླུད་དུ་འགྲོ་བ་ལ༔ ཡོན་ཏན་བགྲང་ན་བསམ་མི་ཁྱབ༔ སྐྱེ་མཆེད་བཅུ་གཉིས་ཁྱོད་ལ་ཚང༔ རྣམ་ཤེས་ཚོགས་བརྒྱད་ཁྱོད་ལ་ཚང༔ ཁམས་ཆེན་བཅོ་བརྒྱད་ཁྱོད་ལ་ཚང༔ ཕྱག་གཡས་གསེར་ལས་བྱས་པ་དེ༔ སྐྱེས་པ་ཕོ་ཡི་གླུད་དུ་སོང༔ ཕྱག་གཡོན་དངུལ་ལས་བྱས་པ་དེ༔ ཟ་མ་མོ་ཡི་གླུད་དུ་སོང༔ རྐང་གཡས་ལྕགས་ལས་བྱས་པ་དེ༔ བྱིས་པ་ཕོ་ཡི་གླུད་དུ་སོང༔ རྐང་གཡོན་ཟངས་ལས་བྱས་པ་དེ༔ བྱིས་པ་མོ་ཡི་གླུད་དུ་སོང༔ ཕུང་པོ་གཟུགས་དང་བཅས་པ་དེ༔ ཡུལ་མཁར་ཁྱིམ་གྱི་གླུད་དུ་སོང༔ ཞལ་རས་མཚལ་གྱིས་བྱུགས་པ་དེ༔ རྣལ་འབྱོར་འཁོར་བཅས་གླུད་དུ་སོང༔ སྨྲ་བ་ངག་སྙན་ཀྱུ་རུ་རུ༔ མི་ཆུང་དེ་ནི་ཐོད་ཀྱིས་བསྟོད༔ འགྲོ་ན་སྟབས་སྡུག་ཁྲིགས་སེ་འགྲོ༔ གླུད་ཀྱི་ངར་གླུད་ཆས་ཏེ་འགྲོ༔ ལྷ་སྲིན་སྡེ་བརྒྱད་སྤྱན་སྔ་རུ༔ ངར་གླུད་མི་སྐད་ཐོལ་གྱིས་སྨྲོས༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ༔ ང་མི་ཡི་གླུད་དུ་བཏང་བ་ལགས༔ མི་དང་གླུད་དུ་བརྗེ་བར་ཞུ༔ དེ་སྐད་ཙམ་ཅིག་གླེང་བ་ལ༔ ལྷ་སྲིན་སྡེ་བརྒྱད་ཞལ་ན་རེ༔ སྟོན་པ་དགའ་རབ་བཀའ་དྲིན་ཆེ༔ མི་དང་གླུད་གཉིས་བརྗེ་འོ་ཟེར༔ ལྷ་སྲིན་སྡེ་བརྒྱད་དགྱེས་ཏེ་སོང༔ ཧཱུྃཿ སྔོན་ནི་སུ་དང་སུ་ཡི་གླུད༔ ཨ་ཤོ་ཀ་ཡི་རྒྱལ་པོའི་གླུད༔ མཚམས་མེད་སྡིག་པའི་ལས་བྱས་པས༔ མ་མོ་ལྷ་སྲིན་སྡེ་བརྒྱད་ཁྲོས༔ མུ་གེ་དུས་འཁྲུགས་ཡམས་ནད་བྱུང༔ སློབ་དཔོན་རོ་ལངས་བདེ་བ་ཡིས༔ སྐུ་གླུད་དམར་གཏོར་བཤམས་ནས་ནི༔ སྣང་སྲིད་མ་མོའི་ཕྱག་ཏུ་ཕུལ༔ བསད་པ་ལུས་ཀྱི་གླུད་དུ་འབུལ༔ ཕྲོགས་པ་ནོར་གྱི་སྐྱིན་པར་འབུལ༔ ན་མི་ཕོད་པའི་གླུད་དུ་འབུལ༔ འཆི་མི་ཕོད་པའི་གླུད་དུ་འབུལ༔ ཧཱུྃ༔ བར་དུ་སུ་དང་སུ་ཡི་གླུད༔ བཙད་པོ་ཁྲི་སྲོང་ལྡེའུ་བཙན་ལ༔ མ་མོ་ཁྲོས་པའི་ལྟས་བྱུང་ནས༔ མི་དགེ་མི་རུངས་སྣ་ཚོགས་བྱུང༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ རྒྱལ་པོའི་སྐུ་ཡི་ཚད་དུ་བྱས༔ སྐུ་གླུད་དམར་གཏོར་བཤམས་ནས་ནི༔ སྣང་སྲིད་མ་མོའི་ཕྱག་ཏུ་ཕུལ༔ བསད་པ་ལུས་ཀྱི་གླུད་དུ་འབུལ༔ ཕྲོགས་པ་ནོར་གྱི་སྐྱིན་པར་འབུལ༔ ན་མི་ཕོད་པའི་གླུད་དུ་འབུལ༔ འཆི་མི་ཕོད་པའི་གླུད་དུ་འབུལ༔ ཧཱུྃཿ དེ་རིང་སུ་དང་སུ་ཡི་གླུད༔ བདག་ཅག་མི་ནོར་འཁོར་བཅས་ལ༔ མཁའ་འགྲོ་འཁྲུགས་པའི་ལྟས་བྱུང་ནས༔ མུ་གེ་དུས་འཁྲུགས་ཡམས་ནད་བྱུང༔ རིག་འཛིན་སྔགས་འཆང་བདག་གིས་ནི༔ སྐུ་གླུད་དར་ཟབ་རྒྱན་དང་ལྡན༔ དཔལ་གྱི་གཏོར་མ་དམར་གྱིས་བརྒྱན༔ སྣང་སྲིད་མ་མོའི་ཕྱག་ཏུ་ཕུལ༔ བསད་པ་ལུས་ཀྱི་གླུད་དུ་འབུལ༔ ཕྲོགས་པ་ནོར་གྱི་སྐྱིན་དུ་འབུལ༔ ན་མི་ཕོད་པའི་གླུད་དུ་འབུལ༔ འཆི་མི་ཕོད་པའི་གླུད་དུ་འབུལ༔ ཡུམ་ཆེན་མཁའ་འགྲོ་སྡེ་ལྔ་ནས༔ མ་ཡམས་བརྟན་མ་ཡན་ཆད་དུ༔ སྐུ་གླུད་དམར་གཏོར་རྒྱན་དང་ལྡན༔ སྲིད་པ་མ་མོའི་ཕྱག་ཏུ་ཕུལ༔ བསད་པ་ལུས་ཀྱི་གླུད་དུ་འབུལ༔ ཕྲོགས་པ་ནོར་གྱི་སྐྱིན་པར་འབུལ༔ ན་མི་ཕོད་པའི་གླུད་དུ་འབུལ༔ འཆི་མི་ཕོད་པའི་གླུད་དུ་འབུལ༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང༔ སྲིད་པར་གནས་པའི་ལྷ་འདྲེ་ལ༔ སྐུ་གླུད་དམར་གཏོར་རྒྱན་དང་ལྡན༔ སྣང་སྲིད་ལྷ་འདྲེའི་ཕྱག་ཏུ་ཕུལ༔ བསད་པ་ལུས་ཀྱི་གླུད་དུ་འབུལ༔ ཕྲོགས་པ་ནོར་གྱི་སྐྱིད་དུ་འབུལ༔ ན་མི་ཕོད་པའི་གླུད་དུ་འབུལ༔ འཆི་མི་ཕོད་པའི་གླུད་དུ་འབུལ༔ མཁའ་འགྲོ་གཏོར་མས་མཉེས་གྱུར་ཅིག༔ ལྷ་འདྲེ་གླུད་ཀྱིས་མཉེས་གྱུར་ཅིག༔ ལན་ཆགས་བུ་ལོན་འཁོར་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམས་གྱུར་ཅིག༔ དེ་རིང་རྒྱུ་སྦྱོར་ཡོན་བདག་གི༔ ཁྱིམ་སྒོ་ལམ་སྲང་འདི་རྣམས་སུ༔ གནོད་ཅིང་འགལ་བ་མ་མཛད་ཅིག༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ གདམས་པ་ཀློད་ལ་ཟོས་པ་སྐྱུགས༔ བརྩམས་པ་བཤོལ་ལ་མནན་པ་ཐེགས༔ ལན་ཆགས་བདག་པོ་ཁྱེད་རྣམས་ལ༔ མི་བས་གླུད་བཟང་ད་འབུལ་ལོ༔ བྱ་བས་སྤུ་མཚར་ད་འབུལ་ལོ༔ ཆེ་གེ་འདི་ཞེས་བྱ་བ་ཡི༔ ཤ་ཡི་གླུད་དུ་འདི་འབུལ་ལོ༔ ཁྲག་གི་གླུད་དུ་འདི་འབུལ་ལོ༔ རུས་པའི་གླུད་དུ་འདི་འབུལ་ལོ༔ དབང་པོ་སྒོ་ལྔའི་གླུད་དུ་འདི་འབུལ་ལོ༔ རྣམ་ཤེས་ཚོགས་བརྒྱད་གླུད་དུ་འདི་འབུལ་ལོ༔ སྐྱེ་མཆེད་བཅུ་གཉིས་གླུད་དུ་འདི་འབུལ་ལོ༔ ཁམས་ཆེན་བཅོ་བརྒྱད་གླུད་དུ་འདི་འབུལ་ལོ༔ མི་བས་གླུད་བཟང་འདི་ཁྱེར་ལ༔ ཕྱིན་ཆད་གནོད་འཚེ་མ་མཛད་པར༔ ཞི་བ་བྱང་ཆུབ་སེམས་དང་ལྡན་པར་མཛོད༔ ཧཱུྃ༔ ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས༔ སྔགས་དང་ཕྱག་རྒྱས་ཡོངས་བཀྲོལ་ཏེ༔ དམིགས་པ་དག་གིས་འབུལ་ཡང་འབུལ༔ འབུལ་བ་བདག་གིས་མ་ནོར་རོ༔ བཞེས་པ་ཁྱེད་རྣམས་མ་འཁྲུལ་ཅིག༔ གསེར་ལས་དེ་ནི་རིན་ཆེ་མེད༔ ཆང་བས་དེ་ནི་ངོ་ཆེ་མེད༔ འཛམ་གླིང་རྒྱན་དུ་རིན་ཆེན་གླུད་འབུལ་ལོ༔ སྲིད་པའི་རྩེ་མོ་མན་ཆད་ནས༔ ན་རག་དམྱལ་བ་ཡན་ཆད་དུ༔ རིན་ཆེན་གླུད་གཏོར་འདི་འབུལ་ལོ༔ བསྔོས་པ་ཙམ་གྱིས་ཚིམས་གྱུར་ཅིག༔ བསམ་པ་བཞིན་དུ་འགྲུབ་གྱུར་ཅིག༔ སོ་སོའི་ཐུགས་དམ་བསྐངས་གྱུར་ཅིག༔ ཁྱེད་རྣམས་ཡུལ་གྱི་ལྷ་འདྲེ་ཡིན༔ ང་ནི་ཡུལ་གྱི་སྔགས་པ་ཡིན༔ གཅིག་ལ་གཅིག་བསྟོད་ཧ་འོའི་གངས་ལས་དཀར༔ གཅིག་གིས་གཅིག་སྨོད་རོག་པོའི་རྫ་ལས་ནག༔ ཧ་འོའི་གངས་ལས་དཀར་བར་མཛོད༔ རོག་པོའི་རྫ་ལས་མ་ནག་ཅིག༔ སོ་སོ་རང་རང་གནས་སུ་གཤེགས༔ ཞེས་བརྗོད་ལ་ནད་པ་སོགས་དོ་གལ་ཆེ་ན་གོང་གི་ཤའི་གླུད་དུ་སོགས་བརྗོད་པའི་སྐབས་བསྒྲུབ་བྱ་ལ་གཡས་སྐོར་གསུམ་གཡོན་སྐོར་གསུམ་བྱ། གཤེགས་གསོལ་སྐབས་མདོས་མདུན་དུ་བསྐྱལ། མདོས་ཟོར་གང་ཡིན་ཡང་གཏང་བའི་སྐབས་གླུད་ཀྱིས་སྣ་དྲངས་ལ་བོར་ཕྱོགས་སུ་བསྐྱལ། གླུད་བསྔོ་རྐྱང་པ་དང་ནད་པ་སོགས་ལ་ལོ་བདུད་དམ་འདྲེ་ལྔ་བདུད་གཅོད་ཕྱོགས་སུ་བོར་རོ། །འདི་ཉིད་ཁོལ་འདོན་དུ་བྱས་ཀྱང་ཆོག་པས་དེ་ལ་བདག་བསྐྱེད་རྒྱས་བསྡུས་གང་རུང་ཞིག་ལ་བརྟེན་དགོས་སོ། །ཞེས་པའང་སྔགས་རིག་འཛིན་པའི་གཟུགས་བརྙན་པ་པདྨ་གར་དབང་གིས་གཏེར་གཞུང་ལ་གོང་གཤམ་གསལ་བྱེད་དུ་བགྱིས་པ་དགེ་ལེགས་འཕེལ།། །།
གྲི་འགྲོལ་གསང་བའི་མན་ངག་ (Volume 42, Text 8)
༄༅༔ གྲི་འགྲོལ་གསང་བའི་མན་ངག་བཞུགས་སོ༔ ཀུན་བཟང་ཐུགས་གཏེར༔ ྈྈྈྈྈྈྈྈྈྈྈྈྈྈ དངོས་པོར་འཛིན་པའི་བག་ཆགས་ཀྱིས༔ མེད་ལ་ཡོད་བཟུང་དངོས་པོས་བཅིངས༔ རྒྱུན་དུ་སྔངས་སྐྲག་འཇིགས་པ་ཡིས༔ ཉེན་པའི་བར་དོ་སྐྱབས་པའི་ཕྱིར༔ གྲི་འགྲོལ་གསང་བའི་མན་ངག་ནི༔ གཞུང་བཞིན་དཀྱིལ་འཁོར་རྟེན་བྱས་ལ༔ དགུག་གཞུག་བསྟིམ་སོགས་གཞུང་ལྟར་བྱ༔ འཆི་རྐྱེན་བྱུང་བ།་་་གྲི་བཞི་གང་བྱུང་བའི༔ རང་གཟུགས་སྟེང་དུ་དམིགས་རྟེན་བཅའ༔ དེ་ནས་དམིགས་པ་འདི་ལྟར་བསྒོམ༔ ལུས་ནི་ཀྵ་ཡི་དྲྭ་བས་འབྲེལ༔ རྣམ་ཤེས་དབུས་ན་ཎི་རུ་གནས༔ དྲྭ་མིག་བརྒྱངས་པ་བཞིན་བསམ་ལ༔ ཚིག་འདིས་བརྡ་སྤྲད་གྲི་འདུལ་བྱ༔ ཀྱེ་མ་ལུས་དང་སེམས་བྲལ་ནས༔ བར་དོར་གནས་པའི་ཚེ་འདས་ཁྱོད༔ མེད་ལ་ཡོད་འཛིན་བག་ཆགས་ཀྱིས༔ སྔོན་བྱུང་ཤ་ཚུགས་ཚུལ་བཟུང་ནས༔ དངོས་མེད་སྡུག་བསྔལ་སྣ་ཚོགས་མྱོང༔ གཤེད་མས་འདེད་ཅིང་མཚོན་ཆས་འདེབས༔ ཡང་ཡང་བསད་ཅིང་སླར་འཚོ་བའི༔ སྡུག་བསྔལ་མི་བཟད་མྱོང་བ་ན༔ ཁྱོད་ཀྱི་མགོན་དང་སྐྱབས་གྱུར་པ༔ དེ་བཞིན་གཤེགས་པ་དགྲ་བཅོམ་པ༔ ཡང་དག་རྫོགས་པའི་སངས་རྒྱས་ནི༔ མཚོན་ཆས་མི་འཇིགས་རྒྱལ་པོ་བཞུགས༔ སུ་ཞིག་དེ་ཡི་མཚན་ཐོས་པ༔ དེ་ཡི་མོད་ལ་སྡུག་བསྔལ་སེལ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང༔ སངས་རྒྱས་དེ་ལ་སྐྱབས་སུ་སོང༔ མཚན་ནས་བརྗོད་ལ་ཕྱག་ཀྱང་འཚོལ༔ ཁྱོད་ཉིད་སྡུག་བསྔལ་ཞི་བར་འགྱུར༔ མཚོན་གྱིས་འཚེ་བའི་བསྐལ་པར་ནི༔ ནམ་ཡང་སྐྱེ་བར་འགྱུར་མ་ཡིན༔་་་སྐབས་འདིར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚོན་ཆས་མི་འཇིགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ཞེས་བརྗོད་ཅིང་། ཕྱག་འཚལ་གྱི་སྐབས་གཞན་དུའང་བྱའོ། །མཆན། ཁྱོད་ལུས་སྒྱུ་མའི་འཁྲུལ་འཁོར་ཏེ༔ སྒྱུ་མའི་མཚོན་གྱིས་བཅོམ་གྱུར་ན༔ སྒྱུ་མའི་ལུས་ཞིག་སྒྱུ་མའི་མཚོན་གར་སོང༔ ཀུན་རྫོབ་འཁྲུལ་པའི་བྱེད་སྤྱོད་ལ༔ དོན་དམ་སྐྱེས་བུ་ཅི་ལ་ཞེན༔ ཁྱོད་ཀྱི་རིག་པ་དྲི་བྲལ་ལ༔ སྲིད་གསུམ་འགྲོ་བ་དགྲར་ལངས་ཀྱང༔ གཟུང་ཞིང་གཅད་དུ་ཅི་ཞིག་ཡོད༔ རྩི་ཤིང་ནགས་ཚལ་མཚོན་གྱུར་ཀྱང༔ གང་གིས་གསོད་ཅིང་གང་ཞིག་གསད༔ གསོད་བྱེད་གསད་བྱ་གཉིས་མ་གྲུབ༔ གསོད་སྣང་འཁྲུལ་པའི་རྟོག་པ་ཡིན༔ འཁྲུལ་རྟོག་ཆོས་དབྱིངས་ངང་དུ་གཞོམ༔ གྲིར་འཛིན་མར་མེ་བསྟན།་་་ཡེ་ཤེས་མེ་ཡིས་སྲེག༔ གྲིར་འཛིན་རླུང་གཡབ།་་་སྐྱོད་བྱེད་རླུང་གིས་གཏོར༔ གྲིར་འཛིན་བུམ་ཆུ་འཐོར།་་་རྣམ་དག་ཆུ་ཡིས་བཀྲུ༔ གྲིར་འཛིན་ནམ་མཁའི་ཀློང་དུ་སྟིམ༔ ཨོཾ་རྣོར་སོད་ཟློག་ཆུམ་དྲིལ་སྭཱ་ཧཱ༔ གྲིར་འཛིན་རང་སར་དགྲོལ་གྱུར་ཅིག༔ ཎི་ཀྵ་ཧཱུྃ་ཕཊ༔ ལག་གི་འདུ་བྱེད་སྦྱོར་བ་ཡིས༔ མཚོན་སྤྲོས་ཀྵ་བརྟོལ་ཎི་ཕྱུངས་ཏེ༔ ཟླ་སྟེང་མདུན་དུ་དྲང་བྱ་ཞིང༔་་་ལག་གཡས་ཀྱི་སོར་མོ་ལྔ་ལ་ཡབ་ལྔ། གཡོན་ལྔ་ལ་ཡུམ་ལྔ་བཀོད། བསྣོལ་བས་སྦྱོར་མཚམས་ནས་མཚོན་ཆ་ལྔ་སྤྲོས། ལུས་ཀྵའི་དྲྭ་བ་གཏོར། རྣམ་ཤེས་ཎི་རུ་གནས་པ་ཕྱུང་ནས་མདུན་དུ་དྲངས་ལ་ཟླ་དཀྱིལ་གྱི་སྟེང་དུ་འོད་ལམ་མེ་གནས་པར་བསམ་ཞིང་སྔགས་བརྗོད། མཆན། དངོས་སུ་དམིགས་རྟེན་བཤིག་བྱས་ལ༔ མཚོན་སོགས་བསྲེག་སྦྱོང་མནན་སོགས་བྱ༔་་་དངོས་སུ་བསྡུས་ཏེ་སྦྱིན་སྲེག་ཏུ་བསྲེག་པའམ། ཆུ་བོར་དོར་བའམ། མནན་པའི་ཆོ་ག་བྱ་སྟེ། དེས་གསོན་པོའི་སྲི་མནན་དུའང་འགྲོའོ། །མཆན། དེ་ནས་རྟེན་ལ་ཎི་དེ་བསྟིམ༔ ཟས་སྦྱིན་ངོ་སྤྲད་ཆོས་བཤད་སོགས༔ གཞུང་བཞིན་བྱས་ལ་གནས་སྤར་རོ༔ དེ་ཡིས་གྲིར་བསད་ལ་སོགས་པའི༔ བག་ཆགས་ངན་པ་གྲོལ་འགྱུར་བས༔ སྙིགས་དུས་གྲི་མཚོན་བསྐལ་པ་དར༔ དེ་དུས་སེམས་ཅན་ཐུགས་རྗེས་ཟུངས༔ དེ་ཕྱིར་ས་ཡི་གཏེར་དུ་སྦ༔ ཞེས་གསུངས་ཏེ་ལ་སྟོད་དཔལ་མོ་ཞེས་བྱར་སྦས་སོ༔ དེ་ཉིད་ཛོ་ཀི་ཤྲཱི་དྷྭ་ཛས་བཏོན་ཏེ་ཤོག་སེར་ལས་བཤུས་སོ༔ གྲི་འགྲོལ་གསང་བའི་མན་ངག་སློབ་དཔོན་པདྨའི་གསུང་བཞིན༔ ནམ་མཁའི་སྙིང་པོས་མཛད་པའོ༔ འདིས་མཚོན་གྱི་འཇིགས་པ་དང་སྡུག་བསྔལ་ཐམས་ཅད་རང་སར་གྲོལ་ཏེ༔ སྣང་བ་དག་པར་གྱུར་ཅིག༔ ྈྈྈ ྈྈྈྈྈྈྈྈ ྈྈྈ ༈ ཀུན་བཟང་ཐུགས་གཏེར།་་་སྦུབས་གོན་བཤིག་པའི་མན་ངག་ལོག་པ་མཐའ་སེལ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ མ་འོངས་སྙིགས་དུས་ཐ་མ་ལ༔ གསང་སྔགས་དར་ལ་མ་སྨིན་པས༔ རྣལ་འབྱོར་སྦུབས་ཆུད་བདུད་དབང་འགྱུར༔ ཀྱེ་མ་ང་རྒྱལ་ཐོ་ཅོ་ཅན༔ དམ་མེད་ངན་སྨྲ་ཡ་ག་དང༔ གཞན་ཐུགས་དཀྲུགས་པའི་ལག་མཐུ་དང༔ ངན་ལན་སྲོག་གཅོད་ཡི་དྭགས་སོགས༔ ཕ་རོལ་གསོན་པོའི་ཚུལ་མིང་གཟུང༔ འཇིག་རྟེན་བསླུ་བྲིད་སྡིགས་པར་བྱེད༔ འགའ་ཞིག་ངན་རྟོག་མཐུ་བརྟས་པས༔ བར་དོའི་འཁྲུལ་སྣང་རགས་གྱུར་ནས༔ ལས་ཀྱིས་མཁའ་རྒྱུའི་ཡི་དྭགས་འགྱུར༔ གང་ཡིན་རིག་པས་བརྟགས་ལ་དབྱེ༔་་་སྦུབས་འཇུག་ཡིན་ན་གཞན་གསལ་པོ་ངོ་ཤེས་ཀྱང་། བླ་མས་གནང་བའི་གསང་མཚན་དང་ལྷའི་སྙིང་པོ་དྲིས་པས་ངོ་མི་ཤེས་ན་སྦུབས་གོན་ཡིན་པས་རྒྱབ་ཕྲལ་ལ་སྦུབས་འཇུག་བཤིག་པའི་ཆོ་ག་ལ་འབད་པར་བྱའོ། །དེས་ཐེ་ཚོམ་མེད་པར་ཟ་འདྲེ་ཕྲལ་ཏེ་སྐད་མེད་པར་འགྲོའོ། ཁོ་རང་སྐྱེས་པ་ཡིན་ན་གོང་བཞིན་དྲིས་པས་ཤེས་ཤིང་། ངོ་དམའ་ན་མཁའ་ལ་རྒྱུ་བའི་ཡི་དྭགས་ཡིན་པས་དགེ་བའི་ལས་ལ་འབད་པ་གལ་ཆེའོ། །མཆན། སྦུབས་འཇུག་ཡིན་ན་བཤིག་པ་ནི༔ ཟ་འདྲེའི་གནས་སམ་ཕུང་ཤུལ་ས༔ རོ་ཁུང་ས་དང་འདྲེ་འཚུབས་ས༔ ཁྲོམ་འདུས་སྲང་ཁའི་ས་དག་ལ༔ མཆོད་རྟེན་ནམ་སཱཙྪ།་་་ཙཻ་ཏྱ་ཟུར་གསུམ་ཆག་གང་བྱ༔ དེ་ནང་ཟ་འདྲེའི་གཟུགས་གཞུག་སྟེ༔ གྲོ་ཤོག་དུག་ཆུས་བྱུག་པ་ལ༔ གཟུགས་བྲི་དཔྲལ་བར་མི་ཏྲིག་ནན༔ སྙིང་གར་སྲོག་མཐར་ཧུར་ཐུམས་ཛ༔ ཡན་ལག་བཞི་ལ་མཱ་ར་ཡ༔ རྦད་ཅེས་བྲིས་ལ་དགུག་གཞུག་བྱ༔ ཤི་བའི་བླ་རུས་དག་ཀྱང་རུང༔ སྐེ་ཚེ་ཡུངས་དཀར་དུག་ཁྲག་ལ༔ དྲག་སྔགས་བཟླས་ཤིང་ཐུན་གྱིས་བྲབ༔ ཨེ་བཛྲ་སརྦ་དུཥྚཱན༔ ཟ་འདྲེ་དབུགས་ལེན་ཧུར་ཐུམས་ཛ༔ ཟ་འདྲེ་སྦུབས་གོན་ཏྲིག་ནན༔ མིང་འཛིན་སྲོག་ཕྲོགས་སརྦ་ཙིཏྟ་གཏུབས༔ སྙིང་གཟིར་སྤུར་ནན༔ ཧྲཱིཿཕྱུངས༔ ཧྲི་ཤག་རྦད༔ དབུགས་ལེན་མཱ་ར་ཡ་རྦད༔ ཅེས་པས་བྲབ༔ ཚོན་སྐུད་དང་ཡུགས་མོའི་སྐྲས་བཅིངས་ལ༔ ཙཻ་ཏྱའི་ནང་དུ་གཞུག༔ དེ་ལ་ཐུན་བྲབ༔ སྐྱེར་པའམ་མི་རུས་ཀྱི་ཕུར་པ་གཅིག་ཁྲོ་བོར་བསམས་ལ་གདབ༔ ཁ་ལེགས་པར་བསྡམ༔ ལམ་རྒྱ་གྲམ་དུ་ཙཻཏྱ་རོ་སོལ་གྱིས་ནག་པོར་བྱས་ཏེ་སྤྱི་ཚུགས་སུ་སྦས་ལ་ཕུར་པ་སྟེང་དུ་ཡོང་བར་བྱ༔ དེའི་སྟེང་དུ་སས་བྱིབས་ཏེ་རི་གསུམ་གྱི་རྡོ་བས་མནན༔་་་བསྐལ་པའི་རི་གསུམ་དུ་བསམ། ལུང་གསུམ་གྱི་ཆུ་བླུགས༔་་་བསྐལ་པའི་ཆུ་གསུམ་གྱིས་མནན་པར་བསམ། སྟེང་དུ་རྡོ་ལ་རི་རབ་་་གླིང་བཞི།བཅས་པས་མནན་ཏེ༔ བྲོ་བརྡུང་མནན་པའི་ཁྲོ་བོའི།་་་ཆོ་ག་བྱའོ༔ དེ་ལྟར་བྱེད་པ་པོ་ནི་རྣལ་འབྱོར་པ་་་་ཏིང་འཛིན་ཉམ་ཆུང་ན་རང་ལ་གནོད།རྩོལ་བ་སྟོབས་སུ་གྱུར་པ་གཅིག་གིས་མཛད་པ་གལ་ཆེའོ༔་་་དེས་ཟ་འདྲེའི་སྟོབས་གཞོམ་ནས་། ཚེ་འདས་ཀྱི་བསོད་ནམས་སྐྱེད་པའི་ཆོ་ག་ནི།་་་ཤིས་པའི་ས་བཟང་པོ་ལ༔ ཙཻཏྱ་བཞེངས་ལུགས་ཚུལ་བཞིན་བྱས་ལ༔ དེའི་ནང་དུ་གཟུངས་སྔགས་་་ཚེ་ལས་འདས་པའི་སྡིག་སྒྲིབ་དག་པར་གྱུར་ཅིག་པའི་མིང་སྤེལ་དང་བཅས་པ།མང་པོ་དང༔ ཚེ་ལས་འདས་པའི་རུས་པ་གཟུངས་སྔགས་ཀྱིས་སྦྱངས་པ་དང༔ སྨན་དང༔ རིན་ཆེན་ལྔ་དང༔ འབྲུ་ལ་སོགས་པ་གཞུག་སྟེ༔ མཆོད་པ་རྒྱ་ཆེན་པོ་ཕུལ་ལ༔ མཆོད་པའི་གནས་བཟང་པོར་ཤིས་པ་བརྗོད་ལ་བཞུགས་སུ་གསོལ་ལོ༔ དེ་ལྟར་བྱས་པས་སྦུབས་ཞུགས་ཀྱི་ཡི་དྭགས་དེའི་ནུས་པ་ཉམས་ཤིང་ཁ་ཆིངས༔ ཚེ་འདས་དེའི་བསོད་ནམས་འཕེལ་ཏེ༔ ཡི་དྭགས་སུ་རྒྱུ་ཞེས་པའི་སྒྲ་མི་འབྱུང་ངོ༔ འདི་བྱེད་དུས་སུ་ཆུ་གཏོར་ལ་སོགས་གཏང༔ མཆོད་སྦྱིན་བྱ༔ བདེན་པ་བདར་ལ་དཔང་གཟུག་སོགས་མང་དུ་བྱ་བ་གལ་ཆེ༔ ལྷ་འདྲེ་ངོས་མ་ཟིན་ན་གང་རུང་རུང་དུ་མི་བྱ༔ བྱས་ན་ཤིན་ཏུ་སྡིག་ཆེའོ༔ སྦུབས་ཞུགས་ཡིན་ངེས་ན་ཚེ་འདས་ལ་ཕན་ཡོན་དང་བསོད་ནམས་ཆེ་བས་ཞིབ་པར་བརྟགས་ལ་བྱའོ༔ ྈྈྈ ྈྈྈ ྈྈྈ དམ་སྡོམ་ཞིག་སོགས་ལས་ངན་གྱི༔ མཁའ་ལ་རྒྱུར་ངེས་དེ་ལ་ནི༔ བསོད་ནམས་དཔུང་བསྐྱེད་སྐོང་གསོ་བྱ༔ གནས་ངན་སྦྱོང་བའི་ལས་ལ་འབད༔ ཐུགས་རྗེས་རིགས་དྲུག་གནས་ནས་དྲང༔ དྲག་པོའི་ལས་ཀྱིས་ཚར་ཡང་གཅད༔ གནས་སྤར་ཚད་ལ་ཕེབས་པར་བྱ༔ དེ་ལས་མ་གཏོགས་ཐབས་གཞན་མེད༔ དེ་ལྟར་བྱས་པས་གནས་ངན་ལས༔ གྲོལ་བར་ཐེ་ཚོམ་མེད་པར་གསུངས༔ གཤིན་དོན་ཐུགས་རྗེའི་ལྕགས་ཀྱུའི་ཆ་ལག༔ སྦུབས་གོན་བཤིག་པའི་མན་ངག་ལོག་པ་མཐའ་སེལ་ཞེས་བྱ་བ༔ ཨོ་རྒྱན་པདྨའི་ཞལ་ལུང་བཞིན༔ ནམ་མཁའི་སྙིང་པོས་མཛད་དེ་ལ་སྟོད་དཔལ་འབར་དུ།་་་གཏེར་དུ་སྦས་པའོ༔ ྈྈྈ ྈྈྈ ྈྈྈ དེ་ཉིད་བཛྲ་དྷཱ་ར་ཤྲཱི་དྷྭ་ཛས་་་བྱང་ཆུབ་གླིང་པ་རྡོ་རྗེ་འཛིན་པ་དཔལ་རྒྱལ་མཚན།གདན་དྲངས་ཏེ་ཤོག་སེར་ལས་སྙེ་ནམ་གསེར་ཕུག་མོར།་་་བསྒྱུར་བའོ། །མངྒ་ལཾ།། །།
ལྷ་བྲག་ཐུགས་སྒྲུབ་དྲག་པོ་རྩལ་གྱི་སྨིན་ལམ་དབང་གི་ཆུ་བོ་ཆེན་མོ་ཁྱེར་བདེར་བསྡེབས་པ་རིན་ཆེན་ཕྲ་མཛེས་ (Volume 12, Text 8)
༄༅། །ལྷ་བྲག་ཐུགས་སྒྲུབ་དྲག་པོ་རྩལ་གྱི་སྨིན་ལམ་དབང་གི་ཆུ་བོ་ཆེན་མོ་ཁྱེར་བདེར་བསྡེབས་པ་རིན་ཆེན་ཕྲ་མཛེས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཀྲོ་དྷ་ཤྲཱི་ཧེ་རུ་ཀཱ་ཡ། རིག་རྩལ་དབང་ཐོབ་རྡོ་རྗེ་དྲག་པོ་རྩལ། །དཀོན་མཆོག་རྩ་གསུམ་ཡོངས་འདུས་ཞབས་པདྨོ། །མི་འབྲལ་སྙིང་གི་ཐིག་ལེར་བཀོད་པ་ལ། །རྡོ་རྗེའི་བྱིན་ཕོབ་བཀའ་ཡི་གནང་བ་སྩོལ། །བོད་ཁམས་སྐྱོབ་བྱེད་མཛོད་ལྔའི་ལྷོ་ཕྱོགས་བཅུད། །དྲག་རྩལ་ཐུགས་སྒྲུབ་ཆོས་ཚན་ཉེར་ལྔ་པའི། །བདུན་པ་ལས་ཅན་སྨིན་ལམ་ཐེམས་མེད་ཀྱི། །དབང་ཆུ་ཆེན་མོར་བསྡེབས་འདི་བཤད་བྱ་ཡིན། །བླ་མ་ཧེ་རུ་ཀ་དྲག་པོ་རྩལ་ཐུགས་ཀྱི་སྒྲུབ་པའི་དཀྱིལ་འཁོར་དུ་དབང་བསྐུར་བར་འདོད་པས་དཔོན་སློབ་གནས་དུས་ཀྱི་རྟེན་འབྲེལ་ལེགས་པར་འགྲིགས་ནས་རྒྱས་པར་རྡུལ་ཚོན་ལ་བརྟེན་ཅིང་སྒྲུབ་ཆེན་དང་འབྲེལ་བ་ཡིན་ཡང་། དཀྱུས་ལ་ཕྱག་ལེན་མི་ཐེབས་པས་འདིར་རས་བྲིས་ལ་བརྟེན་པའི་དབང་རྐྱང་ཙམ་འཆད་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་ལས་རིམ་མོ། དང་པོ་ལ་གསུམ། སའི་ཆོ་ག །ལྷ་དང་བུམ་པ། སློབ་མ་སྟ་གོན་ནོ། །དང་པོ་ནི། སྒྲུབ་གནས་རྙིང་པ་སོགས་སུ་རྒྱས་པར་མི་དགོས་ཀྱང་མདོར་བསྡུས་ཙམ་མཛད་པ་ཕྱག་ལེན་དུ་གདའ་བས། དེ་ལྟར་ན་བདག་བསྐྱེད་མཆོད་པ་སྤྲོ་ན་བཤམ། མི་སྤྲོ་ན་ཏིང་ངེ་འཛིན་ཁོ་ན་ལ་བརྟེན་པས་ཆོག་ཅིང་། བདག་བསྐྱེད་སྔགས་ཀྱི་ཕྲིན་ལས་ཀྱི་སྒོ་ནས་གཞུང་བསྲང་བཟླས་པ་དོན་བསྟོད་ཀྱི་བར་བྱ། དེ་ནས་ས་སློང་བ་ནི། གཏོར་མ་དཀར་དམར་གཉིས་བཤམ། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར། མཆོད་གཏོར་རྣམས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབ། སརྦ་བྷཱུ་མི་པ་ཏི་ཨཱ་ཀརྵ་ཡ་ཧཱུྃ་ཛཿ ཞེས་བཀུག་སྟེ་རྡོར་དྲིལ་འཛིན་པས། ཧཱུྃ༔ ས་འདི་རྣམས་ལ་དབང་མཛད་པའི༔ ལྷ་ཀླུ་གནོད་སྦྱིན་ནམ་མཁའ་ལྡིང༔ དྲི་ཟ་ལྷ་མིན་མི་འམ་ཅི༔ འབྱུང་པོ་མཐུ་ཆེན་ལྡན་པ་རྣམས༔ འདོད་ཡོན་གཏོར་མ་འདི་བཞེས་ལ༔ བདག་གི་སྒྲུབ་པ་མ་ཐོན་བར༔ ཁྱེད་ལ་གནས་འདི་བདག་གཡར་གྱིས༔ འདི་རུ་བར་གཅོད་མ་བྱེད་པར༔ ཅི་བདེ་བར་ནི་གཞན་དུ་ཟུར༔ ཅེས་བརྗོད་ལ་གཏོར་མ་བཏང་། ས་བཟུང་བ་ནི། བདག་ཉིད་རྡོ་རྗེ་དྲག་པོ་རྩལ་དུ་གསལ་བའི་མིག་གཉིས་ཉི་མའི་དཀྱིལ་འཁོར་ཧཱུྃ་གིས་མཚན་པ་ལས་མེ་འབར་བ། རྐང་པ་གཉིས་སྣ་ཚོགས་རྡོ་རྗེས་མཚན་པར་གྱུར། རྡོར་དྲིལ་བཅས་སྟེགས་བུའི་དབུས་སུ་འདུག་སྟེ། ཧཱུྃ༔ སེམས་ཅན་ཀུན་ལ་ཕན་ཕྱིར་དུ༔ སློབ་དཔོན་ང་ཡིས་དཀྱིལ་འཁོར་བྲི༔ ལྷ་ཀླུ་གནོད་སྦྱིན་ཤ་ཟ་དང༔ སྲིན་པོ་ཡི་དྭགས་འབྱུང་པོ་དང༔ མཁའ་འགྲོ་རྣོན་པོ་ནམ་མཁའ་ལྡིང༔ རིག་སྔགས་གྲུབ་པ་མི་འམ་ཅི༔ གཡོག་དང་འཁོར་དུ་བཅས་པ་རྣམས༔ རྡོ་རྗེ་འཆང་གི་བཀའ་བྱུང་གིས༔ འདི་རུ་མ་འདུག་གཞན་དུ་དེངས༔ གང་དག་མི་འགྲོ་འདུག་གྱུར་ན༔ ཕྱག་ན་རྡོ་རྗེས་ཧཱུྃ་ཞེས་པས༔ ཀླད་པ་ཚལ་པ་བརྒྱ་རུ་འགེམས༔ ཧཱུྃ་ཧཱུྃ་ཧཱུྃ༔ སྤྲོ་ན་ཧཱུྃ་སྒྲ་དང་བཅས་པས་རྡོ་རྗེའི་འགྲོས་བྱ། བདག་གི་ཐུགས་ལས་འཕྲོས་པ་ཡི༔ སྤྲུལ་པའི་ཁྲོ་བོས་འཇིག་རྟེན་ཁེངས༔ བགེགས་རྣམས་དཔག་ཚད་འདས་པར་བསྐྲད༔ ཕྱོགས་མཚམས་ཁྲོ་བོའི་གུར་དུ་གཏམས༔ ཞེས་དང་། དྲི་ཆབ་འཐོར་ཞིང་། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ༔ ཞེས་བརྗོད། ས་སྦྱོང་བ་ནི། རང་ལྷར་གསལ་བའི་སྤྱན་གཡས་ཉི་མ་ལས་མེ་བྱུང་བས་དངོས་འཛིན་ཐམས་ཅད་བསྲེགས། སྤྱན་གཡོན་ཟླ་བ་ལས་ཆུ་བྱུང་སྟེ་བཀྲུས། ཤངས་བུག་ནས་རླུང་བྱུང་བས་གཏོར་བར་གྱུར། རཾ་ཡཾ་ཁཾ། ཞེས་བརྗོད་དོ། །གཉིས་པ་ལྷ་དང་བུམ་པ་སྟ་གོན་ནི། སྟེགས་བུ་ལ་མཎྜལ་གྱི་སྟེང་དུ་དྲི་བཟང་གི་ཐིག་ལེ་ལྷ་གྲངས་བྱས་པའི་སྟེང་དུ་འབྲུའི་ཚོམ་བུ་བཀོད་དེ། དེའང་དབུས་སུ་གཙོ་བོ་གཉིས་སྦྲེལ། དེ་རྒྱབ་བཀའ་བརྒྱད་ལ་བརྒྱད། གྲུ་ཆད་བཞིར་མཆོད་པའི་ལྷ་མོ་བརྒྱད། ནང་ཁྱམས་ལ་མཁའ་འགྲོ་ལྔ། ཕྱི་ཁྱམས་ལ་དབང་མོ་ཉེར་བརྒྱད་ཕྱོགས་རེར་བདུན་རེ། སྒོ་ཕྱི་ནང་དུ་ནང་སྒོར་ཏ་ཀྲྀཏ་བཞི་ཡབ་ཡུམ་དང་། དེའི་རྒྱབ་ཏུ་རྒྱལ་ཆེན་བཞིའི་ཚོམ་བུ་རྣམས་བཀོད། དཀྱིལ་འཁོར་གྱི་གཡས་སུ་བདུད་རྩི། གཡོན་དུ་རཀྟ། རྒྱབ་ཏུ་གཏོར་མ། མཐའ་སྐོར་དུ་ཕྱི་ནང་གི་མཆོད་པ་བཤམ། དབུས་སུ་མཉྫིའི་ཁར་བུམ་པ་རྫས་ལྡན་ཁ་རྒྱན་མགུལ་ཆིངས་དུང་ཆོས་གཟུངས་རྡོར་སོགས་ཚང་བ་བཀོད། རང་གི་མདུན་ནམ། བྱང་ཤར་དུ་ལས་བུམ་ཡང་བཤམ་མོ། །དེ་ནས་ཐུགས་སྒྲུབ་འབྲིང་པོའི་ཆོ་ག་ཕྱག་ལེན་ལྟར་སྔོན་འགྲོ་གཟེར་ལྔ། བླ་མའི་རྣལ་འབྱོར། བདག་བསྐྱེད། རྒྱལ་ཆེན་མཆོད་པ། བགེགས་བསྐྲད། བཤགས་པ་བྱིན་འབེབ། སྨན་རཀྟ་གཏོར་མཆོད་བྱིན་རླབས་རྣམས་སྔོན་དུ་འགྲོ་བས་ཏིང་འཛིན་རྣམ་གསུམ་ནས། ཕྱོགས་སྐྱོང་སྡེ་བརྒྱད་དྲེགས་པའི་སྲོག་རྩ་འདུས༔ ཞེས་པའི་བར་གྱིས་བདག་བསྐྱེད་ལུས་དཀྱིལ་དང་བཅས་པ་གསལ་གདབ། དེ་ནས་ཚོམ་བུའི་དཀྱིལ་འཁོར་ལ་དམིགས་ཏེ། གཅེས་འཛིན་སེམས་ནི་སྟོང་པར་བསྒོམ༔ སྤྲོས་བྲལ་དེ་ཡི་ངང་ཉིད་ལས༔ སྐྱེ་མེད་ངང་ལས་ཡི་གེ་ཧཱུྃ༔ ཞེས་སོགས་ནས། ཉི་མ་དང་ནི་འོད་ཟེར་ལྟར༔ ཆུ་ནང་ཟླ་བ་ལྟ་བུར་བསྐྱེད༔ ཅེས་མདུན་བསྐྱེད་གསལ་གདབ། དེ་ནས་བུམ་པ་གཉིས་ལ་དམིགས་ཏེ། ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ༔ རཾ་ཡཾ་ཁཾ༔ བགེགས་བསྐྲད་དག་པར་སྦྱངས་པ་ཡིས༔ པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང༔ བྷྲཱུྃ་ལས་རིན་ཆེན་བུམ་པ་ནི༔ ལྟོ་ལྡིར་ཞབས་ཞུམ་མགྲིན་པ་ཕྲ༔ ཁ་གཡེལ་མཆུ་འཕྱང་རྫས་ཀྱིས་བཀང༔ གཙང་མའི་གོས་ཀྱི་མགུལ་དཀྲིས་ཅན༔ དཔག་བསམ་སྡོང་པོས་ཁ་བརྒྱན་པ༔ བྱང་ཆུབ་སེམས་ཀྱི་རྡོ་རྗེ་དང༔ དུང་ཆོས་དྲི་ཆུས་གང་བས་མཚན༔ ཐུགས་རྗེའི་རྒྱུན་གྱི་གཟུངས་ཐག་དྲངས༔ ནང་ནི་འབར་བའི་གཞལ་ཡས་ཁང༔ དབུས་སུ་པདྨ་ཉི་ཟླ་དང༔ རུ་དྲའི་གདན་ལ་རྩ་བའི་ལྷ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་གཡས་ལ་མེ་དཔུང་གཡོན༔ འཁོར་ལོ་རྒྱས་འདེབས་མ་དང་སྦྱོར༔ ཡབ་ཡུམ་གཉིས་སུ་མེད་པ་ཡི༔ སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ༔ དེ་ཡི་སྤྱི་བོའི་གདན་སྟེང་དུ༔ མ་ཧཱ་གུ་རུ་དྲག་པོ་རྩལ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་པ་གནམ་ལྕགས་རྡོ་རྗེ་འཛིན༔ གཡོན་པས་གསེར་གྱི་དྲིལ་བུ་བསྣམས༔ ཞབས་གཉིས་གྱད་ཀྱི་དོར་སྟབས་མཛད༔ དབུ་སྐྲའི་ཐོར་ཚུགས་རུས་པས་བརྒྱན༔ སྤྱན་གསུམ་དམར་ཟླུམ་མཆེ་བ་གཙིགས༔ ཟབ་ཆེན་བེར་སྨུག་རུས་རྒྱན་ཅན༔ དུར་ཁྲོད་ཆས་བརྒྱད་རྒྱན་གྱིས་སྤྲས༔ ཡུམ་ནི་རྡོ་རྗེ་ཕག་མོ་མཐིང༔ གཡས་གཡོན་རྡོ་རྗེ་ཐོད་ཁྲག་འཛིན༔ ཁྲོ་མོའི་ཞལ་ལ་མཛེས་པའི་སྐུ༔ སྤྱི་གཙུག་ཕག་ཞལ་ངུར་སྒྲ་སྒྲོག༔ རུས་པའི་རྒྱན་དྲུག་སྐུ་ལ་གསོལ༔ ཡབ་ཡུམ་གཉིས་སུ་མེད་པ་ཡི༔ ཕྱོགས་མཚམས་པདྨ་འདབ་བརྒྱད་ལ༔ ཤར་དུ་དཔལ་ཆེན་ཧེ་རུ་ཀ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་གཡོན་རྡོ་རྗེ་དྲིལ་བུ་འཛིན༔ ཡུམ་ཆེན་ཀྲོ་དྷཱི་ཤྭ་རི་འཁྲིལ༔ ཤར་ལྷོར་ཆེ་མཆོག་ཧེ་རུ་ཀ༔ སྨུག་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་གཡོན་རྡོ་རྗེ་ཐོད་ཁྲག་བསྣམས༔ ཡུམ་ཆེན་གནམ་ཞལ་སྐུ་ལ་འཁྲིལ༔ ལྷོ་རུ་འཇམ་དཔལ་གཤིན་རྗེ་གཤེད༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ འཁོར་ལོ་གཡས་ལ་སྡིགས་མཛུབ་གཡོན༔ ཡུམ་ཆེན་བེ་ཏཱ་ལི་དང་འཁྲིལ༔ ལྷོ་ནུབ་མངོན་རྫོགས་རྒྱལ་པོའི་སྐུ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་གཡོན་རྡོ་རྗེ་ཐོད་ཁྲག་འཛིན༔ ཡུམ་ཆེན་མུ་ཁ་ལེ་དང་འཁྲིལ༔ ནུབ་ཏུ་པདྨ་དབང་ཆེན་ནི༔ དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ པདྨ་དྲིལ་བུ་གཡས་དང་གཡོན༔ ཡུམ་ཆེན་པདྨ་གཟི་ལྡན་འཁྲིལ༔ ནུབ་བྱང་དྲེགས་པ་ཀུན་འདུལ་ནི༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་གཡོན་རྡོ་རྗེ་ཐོད་ཁྲག་འཛིན༔ ཡུམ་ཆེན་སྲིད་པ་སྤྱི་འདུལ་འཁྲིལ༔ བྱང་དུ་རྡོ་རྗེ་གཞོན་ནུའི་སྐུ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་གཡོན་རྡོ་རྗེ་ཕུར་བུ་བསྣམས༔ ཡུམ་ཆེན་ཁྲོ་མོ་རྒྱས་འདེབས་འཁྲིལ༔ བྱང་ཤར་སྟོབས་ལྡན་ནག་པོའི་སྐུ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་གཡོན་རྡོ་རྗེ་ཙིཏྟ་བསྣམས༔ ཡུམ་ཆེན་འབྱུང་བ་ལྔ་བདག་འཁྲིལ༔ ཀུན་ཀྱང་དུར་ཁྲོད་ཆས་བརྒྱད་ལྡན༔ དྲེགས་པ་བརྫིས་པའི་གདན་སྟེང་དུ༔ རྔམ་བརྗིད་རོལ་པའི་སྟངས་སྟབས་ཀྱིས༔ ཡེ་ཤེས་མེ་དཔུང་ཀློང་ན་བཞུགས༔ གྲུ་བཞིར་པད་ཟླའི་གདན་སྟེང་དུ༔ མཆོད་པའི་ལྷ་མོ་མཛེས་མ་བརྒྱད༔ ཡོན་ཏན་བར་ཁྱམས་སེར་པོ་ལ༔ རིགས་ལྔ་མཁའ་འགྲོའི་ཚོགས་རྣམས་དང༔ དབང་དྲག་ལྷ་སྣམ་དམར་པོ་ལ༔ བཀའ་སྲུང་མ་ལུས་ཁྱབ་པར་གནས༔ སྒོ་བཞིར་ཡ་མཱནྟ་ཀྲྀཏ་སོགས༔ ཤེས་རབ་ལྕགས་ཀྱུ་མ་སོགས་འཁྲིལ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང༔ དྲིལ་བུ་ཐོགས་ནས་བར་གཅོད་བསྲུང༔ ལས་བུམ་ནང་དུ་པད་ཉི་ལ༔ ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ནི༔ ལྗང་ནག་རྡོ་རྗེ་མཆེ་བ་འཛིན༔ ཁྲོ་བོའི་རྒྱན་ཆས་ཀུན་གྱིས་སྤྲས༔ ཀུན་གྱི་གནས་གསུམ་ཡི་གེ་གསུམ༔ ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས༔ ཡེ་ཤེས་པ་ནི་སྤྱན་དྲངས་བསྟིམ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ དབང་བསྐུར་བྱིན་གྱིས་བརླབས་པ་ལྟར༔ རིགས་ཀྱི་བདག་པོས་དབང་བསྐུར་རོ༔ སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་བདག་མདུན་བུམ་གསུམ་སོ་སོར་ཚིག་གིས་གསལ་བཏབ་ནས་གསུམ་ཀ་ཐུན་མོང་དུ་སྤྱན་འདྲེན་མན་ལྷན་ཅིག་ཏུ་མཛད་པས། ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཞེས་སོགས་ནས་རྟགས་བསྟོད་ཀྱི། རྡོ་རྗེ་དྲག་པོ་རྩལ་ལ་ཕྱག་འཚལ་བསྟོད༔ ཅེས་པའི་བར་གྱི་སྤྱན་འདྲེན་མཆོད་བསྟོད་རྣམས་བྱ། འཛབ་སུམ་བརྒྱ་ཉེར་གཅིག་དང་མདུན་བསྐྱེད་དང་བུམ་པ་ལ་དམིགས་པའི་བཀའ་བརྒྱད་ལྟར་ལྷ་སོ་སོའི་བཟླས་པ་དང་། ཁྱད་པར་གཟུངས་ཐག་ནས་བཟུང་སྟེ་བདག་མདུན་བུམ་གསུམ་ལ་དམིགས་པའི་ཧཱུྃ་འཛབ་ཅི་མང་བགྲང་། མདུན་བསྐྱེད་གསལ་འདེབས་སྐབས་ནུབ་བྱང་དུ་ཚེ་དཔག་མེད་སྤྲུལ་སྐུ་བཞུགས་པར་གསུངས་པས་དེའི་འཛབ་བཟླ་བར་སྤྲོ་ན། ཨོཾ་ཨཱཿཧཱུྃ་ནྲྀ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཨཱཿཛྙཱ་ན་སིདྡྷི་ཨཱཿཧཱུྃ༔ ཞེས་བཟླ། བུམ་ནང་གི་ནུབ་བྱང་དྲེགས་པའི་སྔགས་ཀྱང་། ཨོཾ་ནཱི་ལཾ་བྷ་ར་དྷ་ར་ཧཱུྃ༔ ཞེས་བཟླས་ན་འཇུག་པ་བདེའོ། །ལས་བུམ་དུ། ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བརྒྱའམ་ཉེར་གཅིག་བཟླ། དེ་དག་གི་འཕྲོ་འདུའི་དམིགས་པ་རྣམས་གསང་སྔགས་སྤྱི་ལྟར་བྱའོ། །དེ་ལྟར་བཟླས་པ་ནུས་ལྡན་དུ་གྲུབ་རྗེས་ལས་བྱང་ལྟར་ཛཔ྄་བསྐུལ་ཆོས་དབྱིངས་མ་བྱ། གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཉེར་སྤྱོད། མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཙ་ཁཱ་ཧི༔ ཞེས་ནང་མཆོད་འབུལ། ཧཱུྃ༔ སྐྱེ་འགག་མེད་པ་ཆོས་ཀྱི་དབྱིངས་ཀྱི་ངང༔ ཞེས་སོགས་དོན་བསྟོད་བྱ། ཨོཾ་ཨཱཿཧཱུྃ་ཞེས་དུང་ཆོས་ཀྱི་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་གཙོ་ལས་ཀྱི་བུམ་པའི་ལྷ་རྣམས་ཆུར་ཞུ་བར་བསམ་མོ། །དངོས་སྟ་ཞག་གིས་ཆོད་ན་འདིར་བཀའ་སྲུང་གཏོར་འབུལ་དང་ཚོགས་མཆོད་བྱ། སྦྲེལ་ན་འདིར་མི་དགོས་སོ། །གསུམ་པ་སློབ་མ་སྟ་གོན་ནི། དཀྱིལ་འཁོར་ཡོལ་བས་བསྒྲིབས་པའི་ཕྱི་རོལ་དུ་ཁྲུས་བུམ། བགེགས་གཏོར། ཉེར་སྤྱོད་ལྔ། རྫས་བཞི་སོགས་འདུ་བྱས་ལ། སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱ། བགེགས་གཏོར་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་གཏོར་མ་ཟག་པ་མེད་པ་བདུད་རྩིའི་རྒྱ་མཚོ་ཆེན་པོ་དང་ལྡན་པར་གྱུར། འབྲུ་གསུམ་གྱིས་བྱིན་གྱིས་བརླབ། མཆོག་སྦྱིན་གྱི་ཕྱག་རྒྱ་བསྐོར་ཞིང་མཐར་སེ་གོལ་དང་བཅས་ཏེ། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ཀྱི་མཐར་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏ་ཡེ་སྭཱ་ཧཱ༔ ཞེས་བདུན་ནམ་གསུམ་གྱིས་བསྔོ། ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅས་ལ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ བདེ་གཤེགས་རིག་འཛིན་རྡོ་རྗེ་དྲག་པོ་རྩལ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་དེང་འདིར་རྡོ་རྗེའི་སློབ་མ་རྣམས་ལྷག་པར་གནས་པའི་ཆོ་ག་བསྒྲུབ་པ་ལ་་་དངོས་གཞིའི་སྐབས། གསང་སྔགས་ཟབ་མོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ། ཞེས་བསྒྱུར། མཆན། བར་དུ་གཅོད་པའི་འབྱུང་པོ་གདོན་གྱི་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་རང་རང་གི་གནས་སུ་སོང་ཞིག །གང་དག་མི་འགྲོ་ཞིང་བར་དུ་གཅོད་པའི་ཚོགས་རྣམས་ཀྱི་ལུས་ངག་ཡིད་གསུམ་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར་རོ། །བགེགས་གཏོར་ཕྱིར་དོར། ཧཱུྃ༔ ཕྱི་ནང་སྣོད་བཅུད་སོགས་དང་། གྷཱ་ཏཱ་ཡ་དང་སུམྦྷའི་དྲག་སྔགས་བཟླས་པའི་ཡུངས་ཐུན་གྱིས་བྲབས་ཤིང་གུ་གུལ་གྱིས་བདུག་གོ །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ༔ ཅེས་སོགས་ཀྱིས་སྲུང་འཁོར་བསྒོམ། མཎྜལ་བཀྱེ་བསྡུ་བྱས། ནུས་ཤིང་སྤྲོ་ན་ཆོས་བཤད་རྒྱས་པར་བྱ། མདོར་བསྡུ་ན། སེམས་བསྐྱེད་གསལ་བཏབ་ལ། གསན་བྱ་ཆོས་ཀྱི་ངོ་བོ་ནི་སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་བསྡུ་ན་མདོ་སྔགས་གཉིས་སུ་འདུས་ཤིང་། དེ་ཡང་ཐེག་པ་རིམ་པ་དགུར་འདོད་པ་ཡིན་ཏེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པ་འོ། །ཞེས་རེ་རེ་ལའང་ནང་ཚན་གསུམ་དུ་དབྱེ་བའི་དགུར་མཆིས་པ་ལས། འདིར་གསང་སྔགས་ནང་པ་ཡོ་ག་རྣམ་པ་གསུམ་མམ་རྒྱུད་ལུང་མན་ངག་གསུམ་དང་འབྲེལ་བ་སྟེ་ཕྱི་དཀྱིལ་མ་ཧཱ་ཡོ་ག །ལུས་དཀྱིལ་ཨ་ནུ་ཡོ་ག །མཐར་ཐུག་ཨ་ཏི་ཡོ་ག །ཡང་ཏིག་གཅེས་པའི་སྒྲོན་མེ་སོགས་ཀྱི་སྒོ་ནས་ལམ་ལ་བཀྲི་བར་བྱེད་པའི་ཟབ་ཆོས་ཁྱད་པར་དུ་འཕགས་པ་སྟེ། དེའང་བྱང་ཕྱོགས་གཉན་ཡུལ་ཟང་ཟང་ལྷ་བྲག་གི་ཟབ་གཏེར་རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་གྱིས་གདན་དྲངས་པའི་བླ་མ་རིག་འཛིན་རྡོ་རྗེ་དྲག་པོ་རྩལ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སྐབས་སུ་བབས་པ་ཡིན། དེ་ལ་ཡང་དངོས་སྟ་གཉིས་ལས་འདིར་སློབ་མ་སྟ་གོན་ནམ་ལྷག་པར་གནས་པའི་ཆོ་ག་བྱ་བ་ཡིན་པས། དེ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་མཛོད། ཅེས་འབུལ་དུ་གཞུག །བླ་མ་རྡོ་རྗེ་དྲག་པོ་རྩལ་ཡབ་ཡུམ་དུ་གསལ་བའི་སྐུ་གསུང་ཐུགས་ལས་འོད་ཟེར་མེའི་ཚྭ་ཚྭ་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་རྟོག་སྒྲིབ་དང་བཅས་པ་གཞོབ་ཐུལ་གྱིས་བསྲེགས། རྣམ་ཤེས་ཀྱི་ངོ་བོ་ཧཱུྃ་ཡིག་སྔོན་པོར་གྱུར་པ་བླ་མའི་ཞལ་དུ་ཞུགས་སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་ཧཱུྃ་དེ་ཡོངས་སུ་གྱུར་པ་ལས་རྩ་བའི་ལྷ་རྡོ་རྗེ་དྲག་པོ་རྩལ་གྱི་སྐུར་ལམ་གྱིས་གྱུར་པའི་གནས་གསུམ་བྱིན་རླབས་ཀྱི་འབྲུ་གསུམ་ལས་འོད་འཕྲོས། ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་སྤྱན་དྲངས་ཡབ་ཀྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་ཡུམ་གྱི་མཁའ་གསང་དུ་ཞུགས་པ་དམ་ཚིག་པའི་སྤྱི་བོར་ཐིམ། སླར་ཡང་མཁའ་གསང་ནས་ཕྱིར་ཕྱུངས་ཏེ་རང་རང་གི་སྟན་ལ་འཁོད་པར་མོས་མཛོད། བུ་ཚུར་ཐེག་པ་ཆེན་པོ་ཡི༔ ཁྱོད་ནི་ཚུལ་ཆེན་སྣོད་ཡིན་པས༔ གསང་སྔགས་སྤྱོད་ཚུལ་ཆོ་ག་འདི༔ ཁྱོད་ལ་ཡང་དག་བསྟན་པར་བྱ༔ དུས་གསུམ་བཞུགས་པའི་སངས་རྒྱས་ཀྱང༔ གསང་སྔགས་ཆོ་ག་འདི་མཁྱེན་པས༔ ཐམས་ཅད་མཁྱེན་པ་མཉམ་མེད་བརྙེས༔ ཧེ་རུ་ཀ་དཔལ་དཔའ་བོ་ཡིས༔ བདུད་སྡེ་དཔུང་ཆེན་མི་བཟད་པ༔ དྲག་ཆེན་དག་ཀྱང་འདིས་བཅོམ་ནས༔ འཁོར་ལོ་བསྐོར་ནས་མྱ་ངན་འདའ༔ དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར༔ བུ་ཡི་བློ་གྲོས་འདི་གྱིས་ཤིག༔ དེ་ནས་ཁྱད་པར་ཅན་གྱི་དོན་ཞུ་བའི་ཕྱིར་སྙིམས་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་སློབ་དཔོན་དགོངས་སུ་གསོལ༔ གསང་བ་མཆོག་གི་དཀྱིལ་འཁོར་དུ༔ སྐུ་གསུང་ཐུགས་ཀྱིས་ཡོངས་བཟུང་ཕྱིར༔ ལྷག་པར་གནས་པར་མཛད་དུ་གསོལ༔ ལན་གསུམ། གནང་བ་སྦྱིན་པ་ནི། ཉོན་ཅིག་སྐལ་ལྡན་བུ་མཆོག་ཁྱོད༔ གསང་བ་མཆོག་གི་དཀྱིལ་འཁོར་དུ༔ དབང་བསྐུར་བྱིན་གྱིས་བརླབ་པའི་ཕྱིར༔ ཇི་ལྟར་འདོད་པ་ཚུལ་བཞིན་བྱ༔ ཞེས་བརྗོད། ཚོགས་གསག་པའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་རྒྱལ་བ་ཞི་ཁྲོ་དམ་ཅན་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པ་དམིགས་ཏེ་ཡན་ལག་བཅུ་པ་འདིའི་དོན་དྲན་བཞིན་དུ་རྗེས་ཟློས། བླ་མ་བདེ་གཤེགས་མཁའ་འགྲོ་གནས་འདིར་གཤེགས༔ ཉི་ཟླ་པད་གདན་མཛེས་ལ་དགྱེས་པར་བཞུགས༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་སྤྲིན་ཀུན་གྱིས་མཆོད༔ སྔོན་ནས་ད་བར་མི་དགེ་བཅུ་བསགས་བཤགས༔ དུས་གསུམ་དགེ་ཚོགས་སྤྱོད་ལ་རྗེས་ཡི་རང༔ བདག་གཞན་ཡོངས་གྲོལ་ཆོས་འཁོར་བསྐོར་བར་བསྐུལ༔ འགྲོ་དོན་མྱ་ངན་མི་འདར་བཞུགས་གསོལ་འདེབས༔ སྒོ་གསུམ་དགེ་སྤྱད་མ་ལུས་བྱང་ཆུབ་བསྔོ༔ མཁའ་མཉམ་འགྲོ་རྣམས་སྐུ་གསུམ་མངོན་གྱུར་ཤོག༔ ནང་པའི་ཐེག་པ་ཐམས་ཅད་ཀྱི་གཞི་རྟེན་དང་འཇུག་སྒོར་གྱུར་པ་སྐྱབས་སུ་འགྲོ་བའི་སྡོམ་པ་བླང་བ་འདིའི་རྗེས་ཟློས། ཐུགས་རྗེའི་དབང་གིས་འགྲོ་དོན་མཛད༔ བླ་མ་རྣམས་ལ་སྐྱབས་སུ་མཆི༔ རྩེ་གཅིག་བྱིན་གྱིས་རློབ་མཛད་པའི༔ ཡི་དམ་ལྷ་ལ༴ ལེགས་ཉེས་སྟངས་འཛིན་དངོས་གྲུབ་སྟེར༔ མཁའ་འགྲོའི་ཚོགས་ལ༴ ལན་གསུམ། དབང་གི་ཡེ་ཤེས་སྐྱེ་བ་ལ་རྒྱུད་སྡོམ་ལྡན་དུ་བསྒྲུབ་དགོས་ལ་དེའང་སྡོམ་གསུམ་རིམ་ཅན་འབོགས་པ་ཡིན་པས་ཐོག་མར་སོ་སོ་ཐར་པའི་སྡོམ་པ་བླངས་ཏེ་བསྲུང་སྙམ་པས་འདིའི་རྗེས་ཟློས། ཧོ༔ བླ་མ་ཀུན་བཟང་རྡོ་རྗེ་འཛིན༔ རྒྱལ་བ་ཞི་ཁྲོ་སྤྲུལ་འཁོར་བཅས༔ ཆོས་སྐྱོང་དམ་ཅན་སྲུང་མའི་ཚོགས༔ ཐམས་ཅད་འདུས་པའི་སྤྱན་སྔ་རུ༔ ལུས་ཀྱི་སྒོ་ནས་སྲོག་གཅོད་དང༔ རྐུ་འཕྲོག་གནོད་སྤངས་དགེ་བཅུ་བསྒྲུབ༔ ངག་གི་སྒོ་ནས་ཚིག་རྩུབ་དང༔ སྐུར་འདེབས་རྫུན་སྤངས་དགེ་བཅུ་བསྒྲུབ༔ ཡིད་ཀྱི་སྒོ་ནས་གནོད་སེམས་དང༔ ལོག་སེམས་སྤངས་ནས་དགེ་བ་བསྒྲུབ༔ དགེ་ཚུལ་དགེ་སློང་བྱང་ཆུབ་སེམས༔ སོ་སོ་ཐར་པའི་སྡོམ་པ་ལ༔ བདག་གིས་རྒྱུན་དུ་གནས་ཤིང་བསྲུང༔ ལན་གསུམ། བྱང་ཆུབ་སེམས་དཔའི་བསླབ་པ་ལ་སྨོན་འཇུག་གཉིས་ལས་ཚུལ་ཁྲིམས་གསུམ་ཀའི་གཞི་རྟེན་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོ༔ དཀོན་མཆོག་གསུམ་པོ་དགོངས་སུ་གསོལ༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ མ་དང་བུ་ཡི་འདུ་ཤེས་ཀྱིས༔ མ་བརྒལ་བ་རྣམས་བསྒྲལ་བ་དང༔ མ་གྲོལ་བ་རྣམས་དགྲོལ་བ་དང༔ དབུགས་མ་ཕྱུང་བ་དབུགས་དབྱུང་ཕྱིར༔ སྨོན་པ་བྱང་ཆུབ་སེམས་བསྐྱེད་དོ༔ ལན་གསུམ། འཇུག་པའི་སེམས་བསྐྱེད་ཅིང་ཚུལ་ཁྲིམས་རྣམ་པ་གསུམ་ལ་བསླབ་ཅིང་བསྒྲུབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང༔ སྡོམ་པ་ལ་ནི་གནས་པ་ལྟར༔ དེང་ནས་འཁོར་བ་མ་སྟོངས་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི༔ ཕར་ཕྱིན་དྲུག་ལ་སློབ་ཅིང་བསྒྲུབ༔ བརྩོན་འགྲུས་དག་གིས་ཐམས་ཅད་བསྒྲལ༔ ཀུན་དོན་ཚུལ་ཁྲིམས་གསུམ་ཡང་བསྲུང༔ བདག་གིས་སེམས་བསྐྱེད་སྡོམ་བཟུང་ནས༔ མ་བསྒྲལ་བསྒྲལ་དང་མ་གྲོལ་སྒྲོལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ ལན་གསུམ། དོན་དམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟོགས་དགོངས་ཀྱིས་མ་ཟིན་པའི་བསླབ་པ་དུག་བཅས་སུ་འགྱུར་བས་རྒྱས་འདེབས་ཀྱི་ལྟ་བ་དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། བདག་དང་མཐའ་ཡས་སེམས་ཅན་རྣམས༔ ཡེ་ནས་སངས་རྒྱས་ཡིན་པ་ལ༔ ཡིན་པར་ཤེས་པའི་བདག་ཉིད་ཀྱིས༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ། གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་གསུམ་སྟེ་བསྡུས་པ་རིགས་ལྔ་སྤྱི་དང་བྱེ་བྲག་གི་སྡོམ་པ་བཟུང་སྙམ་པས་འདིའི་རྗེས་ཟློས། ཧོ༔ དཀོན་མཆོག་གསུམ་བཟུང་མི་གཏང་ངོ༔ བླ་མ་ཡི་དམ་མི་སྤང་ངོ་༔ སངས་རྒྱས་དཀོན་མཆོག་དམ་ཚིག་ཏུ༔ ཡང་དག་སྙིང་པོའི་དོན་ལ་འཇུག༔ དམ་ཆོས་དཀོན་མཆོག་དམ་ཚིག་ཏུ༔ འཕགས་པའི་གསུང་རྣམས་དང་དུ་བླང༔ དགེ་འདུན་དཀོན་མཆོག་དམ་ཚིག་ཏུ༔ འཕགས་མཆོག་རྣམས་ནི་སྤྱི་བོར་འཁུར༔ བླ་མ་ཡི་དམ་དམ་ཚིག་ཏུ༔ རང་སེམས་གཙང་མ་དཔང་དུ་འཛུགས༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་དུས་རྣམས་རྟག་ཏུ་གཏང༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་གྱི་ཆོས་རྣམས་བཤད༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་རབ་བརྩོན་བྱ༔ བདེ་གཤེགས་རིགས་ཀྱི་དམ་ཚིག་ཏུ༔ ངོ་བོའི་དོན་ལས་འདའ་མི་བྱ༔ ཐམས་ཅད་འདུས་པའི་དམ་ཚིག་ཏུ༔ ཀུན་ལ་ཡིན་ཕྱིར་དེ་དག་བཟུང༔ ལན་གསུམ་བྱ། དེ་ལྟར་སྡོམ་པ་བཟུང་བ་དེ་དག་ཐོབ་ཅིང་བརྟན་པར་བྱ་བའི་སླད་དུ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབ་པ་ལ་མོས་པ་འདི་བཞིན་དུ་མཛོད། བླ་མ་རྡོ་རྗེ་དྲག་པོ་རྩལ་དུ་གསལ་བའི་སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས་སློབ་མ་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་དུ་འཛིན་པའི་རྟོག་པ་སྦྱངས། རྣམ་པར་ཤེས་པ་གསེར་ཞུན་མ་ལྟ་བུར་དག་པ་ལས། སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་དཔྲལ་བར་ཟླ་བའི་གདན་ལ་ཨོཾ་དཀར་པོ། མགྲིན་པར་པདྨའི་གདན་ལ་ཨཱཿདམར་པོ། ཐུགས་ཀར་ཉི་མའི་གདན་ལ་ཧཱུྃ་སྔོན་པོ་རྣམས་ཡོངས་སུ་གྱུར་པ་ལས། དཔྲལ་བར་སྐུ་རྡོ་རྗེ་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ། མགྲིན་པར་གསུང་རྡོ་རྗེ་དམར་པོ་པདྨ་དང་དྲིལ་བུ་འཛིན་པ། ཐུགས་ཀར་ཐུགས་རྡོ་རྗེ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་གནས་གསུམ་ལས་འོད་ཟེར་འཕྲོས། ཕྱོགས་དུས་ཀྱི་རྒྱལ་བ་འཁོར་བཅས་སྤྱན་དྲངས་ཏེ་གནས་གསུམ་དུ་ཐིམ་པས་སློབ་མ་རྣམས་ཀྱི་སྒོ་གསུམ་རང་རྒྱུད་དུ་འཛིན་པའི་སྣང་གྲགས་འགྱུ་རྟོག་སྦྱངས། གདོད་མ་ནས་དག་པའི་ངོ་བོ་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་གྱུར། བླ་མའི་ཕྱག་གཡས་ཀྱིས་གནས་གསུམ་དུ་དྲིའི་ཐིག་ལེ་བཀོད་ཅིང་འབྲུ་གསུམ་བརྗོད་པས་གདན་གསུམ་དང་། མས་ཡར་རེག་ཅིང་འབྲུ་གསུམ་ལྡོག་སྟེ་བརྗོད་པས་ཡི་གེ་གསུམ་གསལ་གདབ། སླར་ཡང་རྡོ་རྗེས་ཡས་མར་རེག་ཅིང་འབྲུ་གསུམ་བརྗོད་པས་ལྷ་གསུམ་གསལ་གདབ། དེ་བརྟན་པར་བྱ་བའི་ཕྱིར། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཁྱེད་རང་རྣམས་ཀྱི་སྒོ་གསུམ་སྐུ་གསུང་ཐུགས་སུ་ཤེས་པ་ལ་བརྟེན་ནས་རྡོ་རྗེ་གསུམ་གྱི་དམ་ཚིག་ལས་མི་འདའ་བར་གྱིས་ཤིག །དེ་ལྟར་སྒོ་གསུམ་ལྷར་ཤེས་པས་འདོད་པའི་ཡོན་ཏན་ཐམས་ཅད་སྤང་དུ་མེད་པར་ལོངས་སྤྱོད་པའི་ཕྱིར་ཕྱི་ནང་གསང་བའི་མཆོད་པས་གནས་སོ་སོར་མཆོད་པའི་མོས་པ་མཛོད། ཉེར་སྤྱོད་གནས་སོ་སོར་འབུལ་བའི་ཚུལ་ལམ་ཆབས་ཅིག་བཏེགས་ལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ནས། ཤབྡའི་བར་དང་། མ་ཧཱ་པཉྩ་ཨ་མྲྀཏ་བ་ལིཾ་ཏ་རཀྟ་པཱུ་ཛ་ཁཱ་ཧི༔ ཞེས་ནང་མཆོད་དང་། ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་གུ་ཧྱ་པཱུ་ཛ་ཨཱཿཧཱུྃཿ ཞེས་གསང་མཆོད་ཕུལ་ལ། དེ་ལྟར་མཆོད་པས་ཆགས་སོགས་དུག་ལྔ་ཡེ་ཤེས་ལྔ་དང་དུག་གསུམ་སྐུ་གསུང་ཐུགས་སུ་གྱུར། སྣང་ཞིང་སྲིད་པའི་གཟུགས་སྣང་ཐམས་ཅད་སྐུའི་ཕྱག་རྒྱ། སྒྲ་གྲགས་པ་ཐམས་ཅད་གསུང་གི་ཕྱག་རྒྱ། དྲན་རྟོག་ཐམས་ཅད་ཐུགས་ཀྱི་ཕྱག་རྒྱ། དེ་ཐམས་ཅད་ཟུང་འཇུག་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ་ཕྱག་རྒྱ་བཞིར་ངོ་ཤེས་པ་ནི་གསང་སྔགས་ཀྱི་རྟེན་འབྲེལ་ཐོག་མར་བསྒྲིགས་པ་ལགས་སོ། །སོ་ཤིང་བསང་སྦྱང་། སྟོང་པའི་ངང་ལས་སོ་ཤིང་ཚད་དང་མཚན་ཉིད་ཐམས་ཅད་ཚང་བ་སློབ་མ་རྣམས་ཀྱི་ལས་དང་དངོས་གྲུབ་བརྟགས་པའི་ནུས་ལྡན་དུ་གྱུར། སོ་ཤིང་གི་ར་བར་ས་ལ་པདྨ་འདབ་བརྒྱད་བྲིས་པ་ལ་དྲིའི་ཐིག་ལེ་དང་ནས་ཀྱི་ཚོམ་བུ་བཀོད་པ་མདུན་དུ་བཞག །ཁྱེད་རང་རྣམས་ཐལ་སྦྱར་གྱི་བར་དུ་སོ་ཤིང་བཟུང་ལ་འདོར་བའི་ཚེ་མཐེབ་ཆེན་གཉིས་སྤྲད་པས་རྩ་བ་བཟུང་ཞིང་སོས་འཆའ་བའི་ཚུལ་བྱ། མཛུབ་མོས་རྩེ་མོ་མནན། ཁོང་པའི་ནང་ནས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྐྱུགས་སྨན་བཏང་བ་བཞིན་ཕྱིར་འཐོན། རྩེའི་མེ་ཏོག་སོ་ཤིང་གི་ར་བར་ལྟོས་མེད་དུ་དོར་བ་དང་ལྷན་ཅིག་པར་འདིའི་རྗེས་ཟློས་མཛོད། ཧོ༔ བླ་མས་གནང་བའི་སོ་ཤིང་འདི༔ ལྷ་དང་དངོས་གྲུབ་བརྟག་པའི་ཕྱིར༔ མཎྜལ་དབུས་སུ་བདག་འདོར་གྱི༔ གང་ཡིན་སྐལ་ལྡན་དེར་འབབ་ཤོག༔ བཛྲ་ཧཱ་ས་ཧ། ཞེས་འདོར་རོ། །དེ་ལྟར་དོར་བའི་མཚན་མའང་། གཞུང་ལས། དྲིས་བྱུགས་ཚོམ་བུ་དགུ་ཡི་དབུས༔ གཙོ་དང་འཁོར་བརྒྱད་རིགས་ངེས་ཤིང༔ སྟེང་འོག་ས་འམ་མཁའ་ལ་སྤྱོད༔ ཕྱོགས་བཞིར་ཞི་རྒྱས་དབང་དྲག་ལ༔ མཚམས་བཞིར་བུམ་བཟང་དཔག་བསམ་ཤིང༔ བ་དང་ལོ་ཏོག་ལ་སོགས་འགྲུབ༔ རང་ངམ་སློབ་དཔོན་ཕྱོགས་བསྟན་ན༔ ཕྱག་རྒྱ་ཆེན་པོ་མཆོག་ཐོབ་བོ༔ ཞེས་གསུངས་པ་ལྟར་ངེས་པར་མཛོད་ཅིག །དུང་ཆུ་བསང་སྦྱང་། སློབ་མའི་རྩ་ཁམས་ཀྱི་དྲི་མ་སྦྱོང་བའི་ནུས་ལྡན་དུ་གྱུར། ཡིག་བརྒྱ་ཁ་ཤས་བཟླས་ལ་བྱིན་བརླབ། ཁྱོར་ཆུ་ལན་གསུམ་འཐུང་ཞིང་ལྷག་མ་རྒྱབ་ཏུ་དོར་བས་རྩ་ཁམས་ཀྱི་དྲི་མ་མཐའ་དག་དག་ནས་ལུས་ཤེལ་གོང་ཕྱིས་པ་ལྟར་གྱུར་པར་མོས་ཤིག །དེས་རྩ་ཁམས་ཀྱི་དྲི་མ་དང་ངག་གི་སྒྲིབ་པ་དག་རྨི་ལམ་གསལ་བར་བྱས་པ་ཡིན་ནོ། །སྲུང་སྐུད་ལྔ་བསྒྲིལ་ལུས་ཚད་སུམ་ལྟེབ་རྡོ་རྗེའི་མདུད་པ་གསུམ་བྱས་པ་ལས་ཆུས་བསང་སྦྱང་། ཡེ་ཤེས་ཀྱི་ཁ་དོག་ལྔ་དང་ལྡན་པའི་སྲད་བུ་ལུས་འདོམ་གང་གྲུ་བཞིས་སྒོ་གསུམ་གྱི་བར་གཅོད་བསྲུང་ཕྱིར་འདོམ་གང་པ། སྐུ་གསུང་ཐུགས་མཚོན་པའི་མདུད་པ་གསུམ་ལྡན། རྩ་ཁམས་ཀྱི་བར་གཅོད་ཉིན་མཚན་དུ་བསྲུང་ཕྱིར་ཉིས་བསྐོར་གྱིས་འཆིང་བའི་ནུས་ལྡན་དུ་གྱུར། རྩ་སྔགས་ཧཱུྃ་དང་ལས་སྔགས་སོ་ལྔ་པ་འགའ་ཞིག་བཟླས་ཏེ་ལག་གཉིས་ཀྱི་སྙིམ་པར་འཕུར་ཞིང་སྔགས་ཀྱིས་བཏབ་སྟེ་ཕོའི་དཔུང་པ་གཡོན་དང་མོའི་གཡས་སུ་ཉིས་བསྐོར་གྱིས་འཆིང་ཞིང་། ཕྱག་བཞེས་ལྟར་རྡོ་རྗེའི་མདུད་པས་དཀྲིས་པའི་སྟེང་ལས་བུམ་གྱི་ཆུས་བརླན་ཅིང་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ཧཱུྃ༔ ཡེ་ཤེས་ལྔ་ལྡན་སྲད་བུ་འདི༔ སྐུ་གསུང་ཐུགས་ཀྱི་མདུད་པར་ལྡན༔ གཡོན་གྱི་དཔུང་པར་བཅིངས་པ་ཡིས༔ སྒོ་གསུམ་བར་གཅོད་བགེགས་སྲུང་ཤོག༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་རཀྵ་རཀྵ་ཧཱུྃ་ཕཊ། ཀུ་ཤའི་ཕོན་པོ་ཆེ་ཆུང་གཉིས་བསང་སྦྱང་། སྟོང་པའི་ངང་ལས་དྷཱིཿལས་ཀུ་ཤ་ཆེ་བ། ཧཱུྃ་ལས་ཆུང་བ་སྔོ་ལྗང་རེག་ན་བདེ་བའི་གཙང་བྱེད་དུ་གྱུར། ཧཱུྃ་དང་དྷཱིཿཧཱུྃ་བཟླ། བླ་མས་ཕྱག་རྒྱ་བསྣོལ་ཞིང་གཡས་སུ་ཀུ་ཤ་ཆེ་བ་དང་གཡོན་གྱིས་ཆུང་བ་བཟུང་། སློབ་མས་མ་བསྣོལ་བར་བླངས་ཏེ། ཧཱུྃ༔ ལས་འཕྲོ་སྐལ་ལྡན་རིགས་ཀྱི་བུ༔ ཀུ་ཤ་གཙང་མའི་རྩྭ་མཆོག་འདི༔ དངོས་གྲུབ་མཚན་རྟགས་གསལ་བའི་ཕྱིར༔ ཁྱོད་ཉིད་ཉལ་བའི་སྔས་སྟན་གྱིས༔ དྷཱིཿཧཱུྃ། དེ་ལྟར་ཀུ་ཤའི་སྔས་སྟན་སྦྱིན་པ་དེ་ཉིད་ལས་ཆེ་བ་གདན་འོག་ཏུ་རྩེ་མོ་སྔས་སུ་བསྟན། ཆུང་བ་སྔས་འོག་ཏུ་རྩེ་མོ་མདུན་བསྟན་དུ་འཇོག་ལ། གཞུང་ལས། དེ་ནས་སེང་གེའི་ཉལ་སྟབས་ཀྱིས༔ མགོ་ཤར་ཁ་བྱང་ཕྱོགས་པར་ཉལ༔ སྙིང་གར་ཧཱུྃ་དཀར་གསལ་ལ་འཚེར༔ དེ་ཡི་འོད་ཀྱིས་སྙིང་ནང་གི༔ མུན་པ་མ་ལུས་སེལ་བར་བསམ༔ ཧཱུྃ་ཡིག་ཡི་གེ་བརྒྱ་པ་དང༔ རྨི་ལམ་གསལ་བའི་སྔགས་འདི་བཟླ༔ ཏདྱ་ཐཱ༔ ཨོཾ་མུ་ཙི་ལི་མ་ཧཱ་ནི་དན་དྷི་རི་སྭཱ་ཧཱ༔ བརྒྱའམ་ཉེར་གཅིག་ལ་སོགས་བཟླ༔ སྒོ་གསུམ་འཁྲུལ་རྟོག་སྤངས་ལ་ཉལ༔ ཞེས་འབྱུང་བ་ལྟར་བྱ་དགོས་སོ། །ཀྱེ་ཧོ༔ སྐལ་ལྡན་རིགས་ཀྱི་བུ༔ དེང་ནུབ་མཚན་མ་བཟང་མཐོང་ན༔ དེང་ནས་རྒྱལ་བའི་དཀྱིལ་འཁོར་མཐོང༔ དགའ་དང་འདུན་པ་ལེགས་གྱིས་ལ༔ གང་བྱུང་ང་ལ་དྲང་པོར་སྨྲོས༔ ཞེས་བརྗོད། འཇིག་རྟེན་དུ་སངས་རྒྱས་བྱོན་ཏེ་ཆོས་གསུང་པ་ནི་མཆོག་ཏུ་དཀོན་ཏེ་ཨུ་དུམྦཱ་རའི་མེ་ཏོག་དང་ཆོས་མཚུངས། དེ་བས་ཀྱང་ཐེག་ཆེན་སྔགས་ལམ་གསུང་བ་ནི་མཆོག་ཏུ་དཀོན་པ་སྟེ། གུ་རུ་ཉིད་ཀྱིས། སངས་རྒྱས་བསྟན་པ་རྨད་བྱུང་བསམ་ཡས་ལ༔ ཁྱད་པར་འཕགས་པའི་བསྟན་པ་རྣམ་གསུམ་བྱོན༔ སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་ཁམས་འདིར༔ གསང་སྔགས་ཐེག་པ་ཆེན་པོའི་བསྟན་པ་བྱོན༔ ཞེས་གསུངས་པའི་ཕྱིར། དེ་ལྟ་བས་ན་བསྐལ་བཟང་སྒྲོན་མེ་བཞི་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་དར་སྨིན་རྒྱས་པའི་ཚུལ་གྱིས་བྱོན་པ་ལས། བསྟན་པའི་ཡང་སྙིང་སྔ་འགྱུར་རྡོ་རྗེ་ཐེག་པའི་ལམ་བཟང་པོར་ཞུགས་ཏེ་སྨིན་བྱེད་ཀྱི་དབང་ནོས་ཤིང་གྲོལ་བྱེད་ཀྱི་ལམ་ཉམས་སུ་ལེན་པ་འདི་སྐལ་བ་ཆེས་བཟང་ལ། ཁྱད་པར་སང་ཉིན་དཀྱིལ་འཁོར་ཆེན་པོ་མཐོང་བར་འགྱུར་རོ་སྙམ་སྟེ་སྤྲོ་དགའ་ཕུན་སུམ་ཚོགས་པའི་སྒོ་ནས་དོ་ནུབ་བླ་མས་ཇི་ལྟར་བསྟན་པ་བཞིན་ཉལ་བའི་རྣལ་འབྱོར་ལ་གནས་པར་མཛད་དགོས་ཤིང་། སློབ་མ་ལྷག་པར་གནས་པའི་རིམ་པ་ལེགས་པར་གྲུབ་པའི་དགེ་བ་སེམས་ཅན་གྱི་དོན་དུ་བསྔོ་བར་ཞུ། བསོད་ནམས་འདི་ཡིས་སོགས་ཆོས་བསྔོ་བྱས་ལ་སློབ་མ་གྱེས། དཀྱིལ་འཁོར་གྱི་མཆོད་པ་རྣམས་ཁ་གསོ། སྤྲོ་ན་ལས་བྱང་ལྟར་ཕྱི་ནང་གསང་མཆོད་འབུལ། བསྡུ་ན། གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ས་པ་རི་བཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། མ་ཧཱ་པཉྩ་ཨ་མྲྀཏ་བ་ལིཾ་ཏ་རཀྟ་སརྦ་པཱུ་ཛ་ཁཱ་ཧི༔ ཞེས་སྨན་གཏོར་རཀྟ་འབུལ། ཡིག་བརྒྱ་ལན་གསུམ་བརྗོད། རྡོར་དྲིལ་ཐོགས་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་འདུས་པའི་གཙོ༔ ཐུགས་རྗེའི་བྱིན་རླབས་བྱང་སེམས་ལྡན༔ དགོངས་པ་རྣ་བརྒྱུད་ཐུགས་བཅུད་མངའ༔ རྒྱུད་གྲོལ་བྱང་ཆུབ་ལམ་ལ་འཛུད༔ དུས་གསུམ་བླ་མ་བཀའ་དྲིན་ཅན༔ ཐམས་ཅད་གསན་ཅིང་དགོངས་སུ་གསོལ༔ རང་བཞིན་ལྷུན་གྲུབ་ཕོ་བྲང་ནས༔ བླ་མ་རྒྱལ་བ་ཡོངས་རྫོགས་ལྷ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང༔ མ་མོ་རིག་འཛིན་འཇིག་རྟེན་ལྷ༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ མ་མོ་མཁའ་འགྲོ་དམ་ཚིག་ཅན༔ སངས་རྒྱས་བསྟན་པ་འཛིན་སྐྱོང་སྲུང༔ དམོད་པ་དྲག་སྔགས་མཐུ་དང་ལྡན༔ སྒྲུབ་མཆོག་སྐྱོང་མཛད་རྣམས་ཀྱང་དགོངས༔ དཀྱིལ་འཁོར་བཟང་པོ་སང་བྲིས་ནས༔ བདག་ཅག་བསྙེན་སྒྲུབ་ལས་གཞུང་སྲོང༔ སྟ་གོན་ལ་ནི་གནས་པར་མཛོད༔ ལན་གསུམ་བརྗོད་མཐར། རྡོ་རྗེ་ཁུ་ཚུར་གན་རྐྱལ་གྱི་མཐེའུ་ཆུང་གཉིས་སྦྲེལ་ཞིང་མཛུབ་མོ་མདུད་པ་སྨིན་མཚམས་སུ་ལྡོག་སྟེ། ཧཱུྃ་བཛྲོཏྟིཥྛ༔ ཞེས་བརྗོད་པས་རྟེན་དང་བརྟེན་པར་བཅས་པའི་སྟ་གོན་གྱི་ལྷ་ནམ་མཁར་བཏེགས་པ་ཉི་ཟླའི་གའུ་ཁ་སྦྱར་བའི་བར་འོད་ཀྱི་དྲྭ་གུར་ནང་དུ་བཞུགས་པར་བསམ། དེ་ལ་ཨཱ་ལི་ཀཱ་ལིའི་ཕྲེང་བས་རྒྱ་གྲམ་དུ་རྒྱས་བཏབ་པར་མོས་ལ་དབྱངས་གསལ་ལན་གཅིག་བརྗོད་ལ་ཚོམ་བུ་བུམ་པ་མཆོད་གཏོར་རྣམས་ལོགས་སུ་བཞག་གོ །དེ་ནས་དཀྱིལ་འཁོར་བཀོད་པའི་དབུས་སུ་ཁྲིའུ་ལ་སྔར་སྟ་གོན་བྱས་པའི་རྣམ་བུམ་དང་གཏོར་ཆེན། སྐུ་རྟེན་རྣམས་བུམ་པའི་ཁ་ཚང་ངམ་མདུན་དུ་འཇོག །དབུས་སུ་གནམ་ལྕགས་རྡོ་རྗེ་རྩེ་དགུ་དང་དྲིལ་བུ། ཤར་དུ་རྡོར་དྲིལ། ཤར་ལྷོར་རྡོ་རྗེ་བནྡྷ། ལྷོར་འཁོར་ལོ་བེ་ཅོན། ལྷོ་ནུབ་ཏུ་བདུད་རྩིའི་གའུ། ནུབ་ཏུ་པདྨ་རྔེའུ་ཆུང་། ནུབ་བྱང་ཐོད་པ་བུམ་རིལ། བྱང་དུ་ལྕགས་ཕུར། བྱང་ཤར་སྙིང་ཕྲེང་རྣམས་དང་རིགས་ལྔའི་དབུ་རྒྱན། རྡོར་དྲིལ། དུར་ཁྲོད་ཀྱི་ཆས། ཤར་དུ་ཐོད་པ་བདུད་རྩིས་བཀང་བ་དང་མར་མེ། ལྷོར་མེ་ལོང་ལ་སིནྡྷུ་རའི་ཐིག་ལེ་བཀོད་པ་དང་རིག་མའི་གཟུགས་བརྙན། སྨན་ཐོད། ནུབ་ཏུ་ཚེའི་འབྲང་རྒྱས་དང་རཀྟ། བྱང་དུ་མན་ཤེལ་མེ་ལོང་མཆོད་ཡོན་རྣམས་བཀོད། བྱང་ཤར་དུ་མཚམས་འཛིན་ནས་གཡས་སྐོར་གྱིས་ཆུ་གཉིས་ཉེར་སྤྱོད་བཀོད། དབང་ལྔའི་མེ་ཏོག་སོགས་དྲག་མཆོད་ཕྲེང་ཚར་དུ་བཤམ། དཀྱིལ་འཁོར་གྱི་ཕྱོགས་གང་བདེར་གཏེར་སྲུང་གི་མཆོད་གཏོར་རྣམས་དང་ཚོགས་ཀྱི་འཁོར་ལོ། སྔོན་རྗེས་ཀྱི་གཏོར་འབུལ་བྱ་རྒྱུ་རྣམས་དང་། མིག་དར། ཅོད་པན། མིག་ཐུར། དམ་ཆུའི་སྣོད་དུ་ཆང་ལ་ཆོས་སྨན་བཏབ་པ། སློབ་མའི་ཉེར་སྤྱོད་སོགས་ཀྱང་མི་བྲེལ་བར་གསག་གོ །གཉིས་པ་དངོས་གཞི་ལ་གཉིས། དཀྱིལ་འཁོར་སྒྲུབ་མཆོད་དང་། དབང་བསྐུར་བའོ། དང་པོ་ནི། སྔོན་འགྲོ་གཟེར་ལྔ། བདག་བསྐྱེད་རྒྱལ་ཆེན་མཆོད་པ་སོགས་ཟུར་རྒྱན་དང་ཕྲིན་ལས་དངོས་ལ་ཞུགས་ནས་བགེགས་གཏོར། བཤགས་པ། བྱིན་འབེབ། སྨན་རཀ་གཏོར་མཆོད་བྱིན་རླབས། ཏིང་འཛིན་གསུམ་ནས་སྤྱན་འདྲེན་བར་གྱི་ལུས་དཀྱིལ་སྒོམ་ཚུལ། རྒྱུད་་་ཡང་གསང་འདུས་པ་་་སྒྲུབ་ཐབས་་་སྒོམ་བྱང་གསལ་སྒྲོན་་་མན་ངག་་་བླ་མའི་གསུང་རྒྱུན་ཕྱག་བཞེས་་་ལྟར་དང་། མདུན་བསྐྱེད་དཀྱིལ་འཁོར་གསལ་འདེབས་སྒྲུབ་ཆེན་ལོགས་སུ་བཀོལ་བ་སྔར་ལྷ་སྟ་གོན་སྐབས་དྲངས་པ་ལྟར་དང་། བུམ་བསྐྱེད་ཟུར་བཀོལ་ལྟར་བསྐྱེད་པ་གྲུབ་རྗེས་བདག་མདུན་བུམ་གསུམ། ཐུན་མོང་དུ་སྤྱན་འདྲེན་ནས་རྟགས་བསྟོད་ཀྱི་བར་ལས་བྱང་གི་དཀྱུས་དང་། འཛབ་བཟླས་བྱ་ཚུལ་སོགས་ལྷ་སྟ་གོན་གྱི་སྐབས་ལྟར་རྒྱས་པར་བྱ། འཛབ་བསྐུལ་དང་དོན་བསྟོད་གཉིས་ཀྱི་བར་དུ་སྤྲོ་ན་ལེའུ་བདུན་མ་སོགས་གསོལ་འདེབས་བྱ། དོན་བསྟོད་ཀྱི་རྗེས་སུ་མགོན་པོ་བསྟན་སྲུང་ཡོངས་རྫོགས་གཏང་། སྔགས་སྲུང་མ་སོགས་མཛོད་ལྔའི་སྲུང་མ་གཞན་རྣམས་རྒྱས་མཆོད་གྲུབ་ན་ལེགས་ཤིང་མ་གྲུབ་ན་བསྡུས་མཆོད་བྱ། ཚོགས་འཁོར་ཆབ་དང་བདུད་རྩིས་བྲན་ཏེ། བྱིན་རླབས་ནས་དམ་ཅན་སྲུང་མའི་ཐུགས་དམ་སྐོང་གྱུར་ཅིག༔ ཅེས་པའི་བར་ཕྲིན་ལས་ལྟར་དང་། རྩ་གསུམ་སྐོང་གསོ་ཡང་བཏང་། སྐབས་དེར་སྤྲོ་ན་བདག་འཇུག་རྒྱས་པར་བླང་། ཡང་ན་སྒྱུ་འཕྲུལ་ལྟར་རིག་པའི་མེ་ཏོག་དོར་ལ། དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །གཉིས་པ་དབང་བསྐུར་བ་ལ་གཉིས། དཀྱིལ་འཁོར་དུ་འཇུག་པ་དང་། དབང་དངོས་སོ། །དང་པོ་ནི། སྟ་གོན་ལ་གནས་པའི་སློབ་མ་རྣམས་ལ་ལས་བུམ་གྱི་ཆུས་ཁྲུས་བྱ། བགེགས་གཏོར་གཏང་ཞིང་མཚམས་གཅོད་སྲུང་འཁོར་སྟ་གོན་སྐབས་ལྟར་བྱ། སེམས་བསྐྱེད་གསལ་བཏབ་ལ། དེའང་མངའ་བདག་ཉང་རིན་པོ་ཆེའི་གཏེར་ལུང་ལས། འདི་ནས་ནུབ་བྱང་བྲག་ནག་རྩར༔ རྡོ་རྗེ་བདུད་འཇོམས་ལས་འཕྲོས་ནས༔ མངའ་རིས་རྒྱལ་པོ་སྐྱོབ་པར་འགྱུར༔ ཞེས་དང་། རང་གཏེར་ལས། རི་བོ་བཀྲ་བཟང་ཤར་འདབས་སུ༔ སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི༔ སྤྲུལ་པ་རྒོད་ཀྱི་ལྡེམ་འཕྲུ་ཅན༔ སྦས་ཚུལ་སྙིང་རྗེར་ལྡན་པ་འབྱུང༔ ཞེས་གསུངས་པ་ལྟར་བྱང་ཕྱོགས་ཐོ་ཡོར་ནག་པོའི་ཡུལ་རི་བོ་བཀྲ་བཟང་གི་ཤར་མདུན་དུ་གུར་སེར་ཧོར་གྱི་རིགས་ལས། གཏེར་སྟོན་རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་གླང་ལོ་ལ་སྐུ་བལྟམས། ལུང་ནས་བཤད་པའི་ཁྱད་པར་གྱི་མཚན་རྟགས་རྣམས་ཚང་ཞིང་དགུང་ལོ་བཅུ་གཉིས་པ་ལ་དབུ་གཙུག་ཏུ་རྒོད་ཀྱི་སྒྲོ་གསུམ་སྐྱེས་པ་སོགས་བྱུང་། ཉེར་ལྔ་པ་ལ་བདུད་རྩིའི་ཆུ་མིག་ནས་ཀླུའི་མན་ཤེལ་རྙེད། རྒྱང་ནས་རི་ཁྲོད་པ་བཟང་པོ་གྲགས་པའི་ཁ་བྱང་ལ་བརྟེན་ནས་དགུང་ལོ་ཉེར་དགུ་པ་རྟའི་ལོ་ལ་བཀྲ་བཟང་རྩེ་ནས་གཏེར་གྱི་ལྡེ་མིག་སྤྱན་དྲངས། སུམ་ཅུ་པ་ལ་ཟང་ཟང་ལྷ་བྲག་ནས་གཏེར་ཆེན་སྤྱན་དྲངས་ཏེ། དེ་ཡང་མཛོད་ལྔ་ཐུན་མོང་དུ་ལྔ་བརྒྱ་ཕྲག་གཅིག་གི་ཆོས་གཏེར་ཟབ་མོ་འགྲན་ཟླ་དང་བྲལ་བའི་གཏེར་སྒོ་ཕྱེས་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པ་ཡིན་ལ། དེ་དག་ལས་སྐབས་སུ་བབས་པ་ནི་ཇི་སྐད་དུ། ལྷོ་ཕྱོགས་གསེར་མཛོད་སེར་པོ་ན༔ བླ་མ་དཔལ་ཆེན་ཧེ་རུ་ཀ༔ ཁྲོ་བོའི་ཚུལ་དུ་སྒྲུབ་ཐབས་ཡོད༔ ཅེས་གསུངས་པ་ལྟར་ལྷོ་གསེར་མཛོད་སེར་པོ་ནས་བྱོན་པའི་ཐུགས་སྒྲུབ་དྲག་པོ་རྩལ་ཆོས་ཚན་ཉེར་ལྔ་པ་འདི་ནི་ཕྱི་ནང་གསང་བའི་ཐུགས་སྒྲུབ་སྐོར་གསུམ་གྱི་ཡང་བཅུད་ཡིན་ཅིང་། འདི་ལའང་སྲས་བརྒྱུད། སློབ་བརྒྱུད། ཡུམ་བརྒྱུད་དང་གསུམ་ལས། འདིར་སྐུ་སྲས་རྣམ་རྒྱལ་མགོན་པོ་ནས་བརྒྱུད་པས་སྲས་བརྒྱུད་གཙོ་ཆེ་ཞིང་གཞན་དུ་སློབ་བརྒྱུད་ཀྱི་ཆུ་བོ་ཡང་གཅིག་ཏུ་འདྲེས་པ་སྟེ། གནམ་ལ་རྡོ་རྗེའི་རྭ་མ་ཞིག །ས་ལ་དཀྱིལ་འཁོར་གྱི་བཀྲག་མ་ཡལ། བར་ན་སྨན་རཀ་གི་མཚོ་མ་སྐམ། དམ་ཉམས་འདྲེས་ཁྱེར་གྱི་སེལ་མ་ཞུགས། མི་བར་དུ་ཁྱིས་མ་ཆོད། བྱིན་རླབས་ཀྱི་དྲོད་མ་ཡལ་བ་འདི་ཉིད་ཀྱི་དབང་བསྐུར་བ་བགྱི་བ་ལ་སློབ་དཔོན་གྱི་བྱ་བ་རྣམས་ལེགས་པར་གྲུབ་ཟིན་པས། ད་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ། རྡོ་རྗེ་དྲག་པོ་རྩལ་གྱི་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། སྙིམ་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧེ་རུ་ཀ་དཔལ་ཁྱོད་ལ་འདུད༔ ཐར་ལམ་ཆེན་པོ་བདག་འདོད་དེ༔ དེ་ཉིད་དབང་དང་དམ་ཚིག་དང༔ མགོན་པོ་དཔའ་བོར་སྐྱབས་སོང་ནས༔ ཐེག་ཆེན་ཁང་བུར་འཇུག་པ་དང༔ མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ༔ ཅེས་དང་། ཀྱེ་ཧོ༔ ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར༔ སངས་རྒྱས་ཀུན་དང་གཉིས་མེད་དཔལ༔ བླ་མ་རྡོ་རྗེ་སློབ་དཔོན་དགོངས༔ བདག་ཅག་སྒོ་འདིར་འཇུག་པར་ཞུ༔ ལན་གསུམ་བྱ། དེའི་ལན་དུ། སྔོན་སྦྱངས་སྐལ་པར་མི་ལྡན་ན༔ འཇུག་པར་དཀའ་ལ་ཉེས་དམིགས་ཆེ༔ བཀའ་འདས་འདིར་སྡུག་ཕྱི་མར་བརླག༔ ལས་འཕྲོ་མེད་ན་ཕྱིར་དེངས་ཤིག༔ ཅེས་བརྗོད་པའི་ལན་གསོལ་བར་མོས་ནས་འདིའི་རྗེས་ཟློས། ཧོ༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ བྱང་ཆུབ་སྙིང་པོར་མཆིས་བར་དུ༔ བཀའ་བསྒྲུབ་དབང་ཞུ་དམ་སྲུང་ལགས༔ གསང་བའི་དཀྱིལ་འཁོར་འཇུག་པར་ཞུ༔ ལན་གསུམ། བླ་མས་རྗེས་གནང་ནི། ཧོ༔ བླ་མ་ཞི་ཁྲོ་གསང་བའི་ལྷ༔ དུས་གསུམ་འགྲོ་སྐྱོབ་འདྲེན་པའི་དཔལ༔ བསྙེན་ཅིང་བསྒྲུབས་ནས་ཚོགས་བསྒྲུབ་ཕྱིར༔ སྣོད་ལྡན་ཁྱོད་ལ་འབོག་པར་བྱའོ༔ ཨོཾ་ཨཱཿཧཱུྃ༔ དཀྱིལ་འཁོར་དུ་དབང་བསྐུར་བ་ལ་མ་རིག་གིས་བསྒྲིབས་པ་མཚོན་ཕྱིར་འབྲུ་ལྔས་མིག་དར་བཀབ་པར་མོས་མཛོད། ཨཱ་ཁཾ་ཝཱི་ར་ཧཱུྃ། ཞེས་གདོང་དགབ། རང་རིག་བྱང་ཆུབ་སེམས་དེ་ཉིད་རྟེན་དང་བརྟེན་པར་ཕྱི་རོལ་ཏུ་ཤར་བ་ལ་ལག་སྟོང་དུ་མཇལ་མི་རུང་བས་ཕྱག་རྟེན་དུ་མེ་ཏོག་གི་ཕྲེང་བ་རེ་སྦྱིན་པར་མོས་མཛོད། ཅོད་པན་གཏད་ལ། ཨུ་དུམྦཱ་ར་མནྡཱ་ར༔ ཡོངས་འདུ་དང་ནི་མཱལླི་ཀ༔ ཀརྞི་ཀཱ་ཡི་ཕྲེང་བ་འདི༔ ལེགས་པར་མནོས་ལ་བུས་ཟུངས་ཤིག༔ ཨཱ་ཁཾ་ཝཱི་ར་ཧཱུྃ། དེ་ནས་མདུན་གྱི་ནམ་མཁར་སོགས་ཚོགས་ཞིང་གསལ་བཏབ་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ཀྱིས་རྒྱུན་བཤགས་བྱ། སྐྱབས་སེམས་སྡོམ་ལུང་རྣམས་ཀྱང་སྟ་གོན་སྐབས་ལྟར་བླང་། དེ་ནས་སྡོམ་པ་བསྒྲག་པ་ནི། དུར་ཁྲོད་གསང་བའི་དཀྱིལ་འཁོར་འདིར༔ འཇུག་སྤྲོ་དངོས་གྲུབ་འཚལ་བ་ན༔ ལྷ་དང་སྙིང་པོ་བསྒྲུབ་པ་ཡི༔ དམ་ཚིག་གཉན་པོ་བསྲུང་ནུས་སམ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། བླ་མས་གང་གསུངས་བཀའ་བཞིན་དུ༔ ཡི་དམ་གསང་བའི་དཀྱིལ་འཁོར་གྱི༔ དངོས་གྲུབ་རྣམ་གཉིས་ནོད་འཚལ་གྱི༔ དམ་ཚིག་གཉན་པོ་ཤིན་ཏུ་བསྲུང༔ ཞེས་ཞུ། དེ་ནས་ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པའི་སླད་དུ། བྱང་ཆུབ་སེམས་གཉིས་རང་ལ་གནས་པའི་ཕྱིར་ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་སེམས་གྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་དོན་དམ་བྱང་སེམས་ཀྱི་ངོ་བོ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ་ཞིག་གསལ་ཐོབ་ལ། དེ་ལྟ་བུའི་བདེན་གཉིས་ཀྱི་ངོ་བོ་བྱང་ཆུབ་སེམས་གཉིས་བཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི༔ སྙིང་གར་དྲི་བཟང་ཆུས་བརླན་པའི་སྟེང་རྡོ་རྗེ་གྱེན་དུ་བཞག །དྲི་བཟང་ཆུས་སྙིང་གར་བརླན་པ་ནི་བྱང་ཆུབ་སེམས་ཀྱི་རླན་དང་མི་འབྲལ་བའི་དོན་དང་། རྡོ་རྗེ་སྙིང་གར་བཞག་པས་དོན་དམ་བྱང་སེམས་དང་མི་འབྲལ་བར་ཟུངས་ཤིག་པའི་དོན་རྡོ་རྗེ་དེ་ལས་ཡེ་ཤེས་ལྔ་ལྡན་འོད་ཟེར་གྱི་རྣམ་པ་འཕྲོས་ཏེ་སྙིང་གའི་མུན་པ་མཐའ་དག་བསལ་ཏེ་ཕྱོགས་ལྷུང་མེད་པའི་བདེན་གཉིས་ཀྱི་དོན་རྒྱུད་ལ་སྐྱེས་པར་མོས་མཛོད། ཨོཾ་སུ་ར་ཏེ་ས་མ་ཡ་སཏྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ༔ ཞེས་བརྗོད། མདུན་བསྐྱེད་ཀྱི་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་དང་སློབ་དཔོན་གྱི་ཐུགས་ལས་སྤྲུལ་པའི་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་ནམ་མཁའ་གང་བར་སྤྲོས། བྱང་ཆུབ་ཀྱི་སེམས་ལམ་དུ་བྱེད་པ་ལ་བར་དུ་གཅོད་པའི་བགེགས་རྣམས་དཔག་ཚད་བརྒྱའི་མཐར་བསྐྲད་པར་མོས་མཛོད། ལས་བུམ་གྱི་ཆུ་འཐོར་ཞིང་། ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་ཅི་རིགས་བརྗོད། དེ་ནས་བླ་མས། བུ་ཁྱོད་སུ་ཡིན་ཅི་ལ་དགའ༔ ཞེས་འདུན་པ་ངེས་པ་དྲིས་པའི་ལན་དུ་འདིའི་རྗེས་ཟློས། སྐལ་བཟང་བདག་ལགས་བདེ་ཆེན་ལ༔ ཞེས་བརྗོད། དེ་ཡིས་ཅི་བྱེད་བུ་ཁྱོད་ལ༔ ཞེས་རིགས་ངེས་པ་དྲིས་པའི་ལན་དུ། སངས་རྒྱས་མཆོག་གི་དམ་ཚིག་གོ༔ ཞེས་བརྗོད། དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དྲིན་ལན་དུ་བླ་མ་དང་བྱང་ཆུབ་སེམས་དཔའ་མཁའ་ཁྱབ་ཀྱི་སེམས་ཅན་དང་བཅས་པར་ལུས་ཕུལ་བར་དམིགས་ཏེ་འདིའི་རྗེས་ཟློས། ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭཱ་ཡ་པཱུ་ཙ་བ་ཙ་ནཾ་ཨཱཏྨ་ནཾ་ནིརྱ་ཏ་ཡཱ་མི༔ ལན་གསུམ། དེའི་དགེ་བའི་རྩ་བ་བསྔོ་བའི་དོན་དུ་རྗེས་ཟློས་ལན་གསུམ་གྱིས་མེ་ཏོག་འདོར་བར་མཛོད། བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ༔ དག་པ་གསུམ་གྱི་ལུས་འབུལ་ལོ༔ ཚེ་རབས་བགྲངས་པའི་དགེ་བ་རྣམས༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ལན་གསུམ། དཀྱིལ་འཁོར་གྱི་གཙོ་བོ་དང་བླ་མ་གཉིས་སུ་མེད་པའི་ཐུགས་ཀ་ནས་ལས་ཀྱི་རྡོ་རྗེ་ཞིག་འཕྲོས་ཏེ། དེས་ཁྱེད་རང་རྣམས་ཀྱི་ལག་ཏུ་རྡོ་རྗེ་ཕྱེད་སྦྱིན་པ་ནས་བཟུང་སྟེ་ཡོལ་བའི་ཕྱི་ནས་ནང་དུ་དྲངས་པར་མོས་མཛོད། སློབ་མའི་གཙོ་བོ་ཞིག་ལ་རྡོ་རྗེ་ཕྱེད་འཇུར་བཅུག་ལ། ཧཱུྃ༔ ཁམས་གསུམ་འཁོར་བའི་སེམས་ཅན་རྣམས༔ རྒྱུད་དྲུག་ལམ་གྱི་སྒོ་བཅད་པས༔ མཐོ་རིས་ཐར་པའི་སྒོ་ཕྱེ་སྟེ༔ དཔའ་བོ་ཡང་སྙིང་འབྲུ་ལྔ་ཡིས༔ བླ་མེད་མཆོག་གི་གནས་སུ་དྲངས༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཛཿཛཿཧཱུྃ་ཛ༔ ཞེས་བརྗོད་པས་བླ་མའི་གནས་ལྔར་དཔའ་བོ་འབྲུ་ལྔ་གསལ་བ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས་ཏེ་དཀྱིལ་འཁོར་ཁང་པའི་ནང་དུ་དྲངས་པར་མོས་མཛོད། དེ་རྣམས་ཀྱིས་དཀྱིལ་འཁོར་ཕྱི་འཇུག་གི་རིམ་པ་གྲུབ་པ་ལགས་སོ། །བུ་འདིར་ཤོག་ཅིག་ཅི་བདེ་བར༔ ལས་བརྗོད་རིམ་པས་འགྲོ་བ་ལ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེར་བཟུང༔ རྫོགས་པའི་ཡེ་ཤེས་བདེ་ཆེན་པོ༔ སེར་སྣ་མེད་པར་གནས་པའི་ཕྱིར༔ སྟོང་ཞིང་རང་སེམས་བརྟན་པོར་བཟུང༔ གསང་བ་མཆོག་གི་དབང་བསྐུར་སྦྱིན༔ ཅེས་བརྗོད་པའི་ལན་དང་ནང་འཇུག་གི་སླད་དུ་འདིའི་རྗེས་ཟློས་མཛོད། ཧོ༔ ཡེ་ཤེས་ཀྱི་དཀྱིལ་འཁོར་སྒོ་བཞི་རུ༔ བདག་ཅག་འཇུག་པར་འཚལ་ལགས་ཀྱི༔ ཡོངས་རྫོགས་ལྷ་དང་ཞལ་མཇལ་ཞིང༔ དབང་ཆེན་རབ་འབྱམས་བསྐུར་དུ་གསོལ༔ ལན་གསུམ། ཁྱེད་རང་རྣམས་ལས་ཀྱི་རྡོ་རྗེས་སྣ་དྲངས་ཏེ་དཀྱིལ་འཁོར་ལ་འདོད་སྣམ་གྱི་སྟེང་ནས་བསྐོར་བ་ལན་གསུམ་བྱས། ཕྱོགས་ཀྱི་སྒོ་བཞི་ནས་ཕྱག་ཕུལ་ཏེ་ཤར་སྒོར་འཁོད་པར་མོས་མཛོད། དེ་ནས་བླ་མ་བཞེངས་ཏེ་དཀྱིལ་འཁོར་ལ་ཕྱོགས་པས་དྲིལ་བུ་གསིལ་ཞིང་། སྐྱེ་འགག་འགྱུར་མེད་ཕྲིན་ལས་ཐམས་ཅད་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་དྲུག་སྒྲོལ་བར་མཛད༔ ཡིད་བཞིན་ནོར་བུའི་དངོས་གྲུབ་ཆར་ལྟར་འབེབ༔ རྡོ་རྗེ་དྲག་པོ་རྩལ་ལ་ཕྱག་འཚལ་བསྟོད༔ ཅེས་དཀྱིལ་འཁོར་ལ་བསྟོད་ནས། ཧཱུྃ༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་དགོངས༔ སེམས་ཅན་སྡུག་བསྔལ་སེལ་བྱའི་ཕྱིར༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ ཕོ་བྲང་དཀྱིལ་འཁོར་ཡོངས་རྫོགས་འདིར༔ བདག་གི་སློབ་མ་གཞུག་པར་བགྱི༔ སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས༔ ཞེས་གསོལ་བས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་འཛུམ་པའི་མདངས་དང་ལྡན་ཏེ། ཧཱུྃ༔ གསང་བ་མཆོག་གི་དཀྱིལ་འཁོར་དུ༔ བྱང་སེམས་ལྡན་པའི་བུ་དག་ལ༔ རང་རིག་སྐུ་དང་ཡེ་ཤེས་ཀྱི༔ དབང་དང་གདམས་པ་ཁྱོད་ཀྱིས་སྟོན༔ ཨོཾ་ཨཱཿཧཱུྃ་ཞེས་གནང་བ་བསྩལ་བར་གྱུར། དེ་ནས་བརྡའི་སྒོ་དབྱེ་བ་ནི་དཔོན་སློབ་ཐམས་ཅད་སོར་མོ་ནང་བསྡམས་ཀྱི་ཕྱག་རྒྱ་དང་བཅས་ཏེ་རྗེས་ཟློས། ཧཱུྃ༔ རིག་པ་རང་ངོ་ཤེས་པ་ཡིས༔ ཐིམ་ལ་མ་རྨུགས་རང་སོར་གནས༔ ཕྱོགས་རིས་མེད་པར་མཉམ་པ་ལ༔ སོ་སོར་མ་འདྲེས་འོད་ལྔ་གསལ༔ དེ་ལ་ཕྲིན་ལས་ཐོགས་པ་མེད༔ རང་བྱུང་ཡེ་ཤེས་ཆེན་པོ་ཡི༔ ཕྱོགས་བཞིའི་སྒོ་བཞི་དབྱེ་རུ་གསོལ༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ཕྱག་རྒྱ་བཀྲོལ་ཞིང་ཤར་སྒོའི་ནང་དུ་སླེབས་པས། དེའི་ཚེ་དཀྱིལ་འཁོར་གྱི་ལྷ་ཚོགས་ལས་འོད་བྱུང་རང་གི་སྨིན་མཚམས་ནས་ཞུགས་ལུས་གང་བས་ཚད་མེད་བཞིའི་དོན་རྒྱུད་ལ་སྐྱེས་པར་མོས་ལ། ཐལ་མོ་སྦྱར་ཏེ་བརྡ་ཕྱག་འཚལ་བའི་རྗེས་ཟློས། ཧཱུྃ༔ རང་རིག་སངས་རྒྱས་འབྱུང་བའི་རྒྱུ༔ དེ་ཉིད་སྟོན་པ་བླ་མའི་མཆོག༔ ཡང་དག་དོན་སྟོན་སངས་རྒྱས་ལ༔ དུས་གསུམ་རྒྱུན་དུ་ཕྱག་འཚལ་ལོ༔ ཧཱུྃ་ཧེ་རུ་ཀ་ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ དམ་ཚིག་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་བཅས་ལ་དམ་བཅའ་བཟུང་བའི་རྗེས་ཟློས། ཧཱུྃ༔ ཆོས་རྣམས་སྣ་ཚོགས་འདུལ་བའི་དོན༔ ཀུན་གྱི་ལམ་ལ་འཇུག་མི་དགོས༔ རིག་པ་རང་ངོ་ཤེས་པ་ལ༔ མ་ཡེངས་གནས་པ་ཆོས་ཉིད་ལམ༔ མི་འཕྲོ་མ་རྨུགས་རང་གསལ་བ༔ འདུ་འབྲལ་མེད་པར་དམ་བཅའ་འོ༔ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ༔ དེ་ནས་ཡེ་ཤེས་པ་དབབ་པའི་སྔོན་འགྲོ་དམ་ལ་བཞག་པ་བཞི་པོ་རིམ་པར་འབྱུང་བ་ལ་སྙན་གཏོད་ཅིང་དོན་ཡིད་ལ་ཟུངས་ཤིག །རྡོ་རྗེ་སྤྱི་བོར་བཞག་ལ། དེང་འདིར་དེ་བཞིན་གཤེགས་པ་རྣམས༔ ཁྱོད་ལ་བྱིན་གྱིས་བརླབ་པར་འགྱུར༔ དེ་ཡི་ཕྱིར་ན་གཞན་དག་ལ༔ ཅུང་ཟད་ཙམ་ཡང་མ་སྨྲ་ཞིག༔ རྡོ་རྗེ་སྙིང་གར་བཞག་ལ། དེ་བཞིན་ཧེ་རུ་ཀ་དཔལ་གང༔ ཁྱོད་ཀྱི་སྙིང་ལ་གནས་པར་གྱུར༔ ཚུལ་དེ་གཞན་ལ་མ་སྨྲ་ཞིག༔ སྨྲས་ན་གཞན་དུ་དྲལ་ཏེ་གཤེགས༔ བདུད་རྩིའི་དམ་ཆུ་སྦྱིན་ཏེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ༔ འདས་ན་མྱུར་དུ་བརླག་པར་འགྱུར༔ རྡོ་རྗེ་བདུད་རྩིའི་ཆུ་ཐུངས་ཤིག༔ ས་མ་ཡ་ཨི་དནྟེ་ན་ར་ཀན༔ སློབ་དཔོན་གྱི་ཕྱག་གཡས་པ་རྡོ་རྗེ་དང་བཅས་སློབ་མའི་སྤྱི་བོར་བཞག་ལ། ཧོ༔ དེ་རིང་ཕན་ཆད་བུ་ཁྱོད་ཀྱི༔ རྡོ་རྗེ་སེམས་དཔའ་ང་ཡིན་གྱིས༔ ང་ལ་བརྙས་པར་མ་བྱེད་ཅིག༔ ཅི་བསྒོ་བ་ལ་ཉན་པར་བྱོས༔ ཞེས་སོ། །ཡེ་ཤེས་དབབ་པ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོ༔ དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད༔ བརྩེ་བས་དགོངས་ཏེ་བདག་ལ་ཡང༔ དབང་བསྐུར་བདུད་རྩི་ཆེན་པོ་ཉིད༔ དེང་འདིར་རབ་ཏུ་སྩོལ་བར་མཛོད༔ ལན་གསུམ། དེ་ནས་ཐུགས་གཞན་དུ་མ་ཡེངས་པར་དམིགས་པ་འདི་ལྟར་མཛོད། ལས་བུམ་གྱི་ཆུ་སློབ་མར་འཐོར་ཞིང་། ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ༔ཀྱིས་བསང་། བརྟན་གཡོ་སྣོད་བཅུད་དང་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མི་དམིགས་པ་སྟོང་པར་གྱུར། དེའི་ངང་ལས་གནས་ཁང་འདི་ཉིད་འོག་མིན་དང་གཉིས་སུ་མེད་པའི་དུར་ཁྲོད་འབར་བའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ཁྱེད་རང་གི་གཞི་ལུས་སྐད་ཅིག་གིས་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞལ་གཡས་དཀར་གཡོན་དམར་དབུས་མཐིང་བ། ཕྱག་གཡས་གཉིས་རྡོ་རྗེ་རྩེ་དགུ་དང་རྩེ་ལྔ། གཡོན་གཉིས་མེ་དཔུང་དང་ཁ་ཊྭཱཾ་ག །མཐའ་མ་གཉིས་ཀྱིས་རི་རབ་ཕུར་བུ་འདྲིལ་ཞིང་ཞབས་བཞི་བརྐྱང་བསྐུམ་དུ་བགྲད་པས་རུ་དྲ་ཕོ་མོ་ཉི་ཟླ་པདྨའི་གདན་ལ་འགྱིང་བ། རྡོ་རྗེའི་གཤོག་པ་ཅན་ཡུམ་འཁོར་ལོ་རྒྱས་འདེབས་མ་སྔོན་མོ་རྡོ་རྗེ་དང་ཐོད་ཁྲག་འཛིན་པ་ཁྲོ་མོའི་རྒྱན་ཆས་ཅན་དང་མཉམ་པར་སྦྱོར་བ། དཔལ་དང་དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་པ་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པར་གསལ་བཏབ་པའི་ཐུགས་ཀར་པདྨ་འདབ་བརྒྱད་ཀྱི་སྟེང་དུ་ལྷ་འདི་རྣམས་གསལ་འདེབས་པར་མཛོད། རང་གི་སྙིང་གའི་དབུས་ཉིད་དུ༔ བདེ་གཤེགས་ཀུན་འདུས་དྲག་པོ་རྩལ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་པ་གནམ་ལྕགས་རྡོ་རྗེ་འཛིན༔ གཡོན་པ་གསེར་གྱི་དྲིལ་བུ་བསྣམས༔ ཞབས་གཉིས་གྱད་ཀྱི་དོར་སྟབས་མཛད༔ དབུ་སྐྲ་ཐོར་ཚུགས་རིགས་ལྔས་བརྒྱན༔ སྤྱན་གསུམ་འོད་འཕྲོ་མཆེ་བ་གཙིགས༔ ཟབ་ཆེན་བེར་སྨུག་རུས་རྒྱན་ཅན༔ དུར་ཁྲོད་ཆས་བརྒྱད་རྒྱན་གྱིས་མཛེས༔ ཡུམ་ནི་རྡོ་རྗེ་ཕག་མོ་མཐིང༔ གཡས་གཡོན་གྲི་གུག་ཐོད་ཁྲག་བསྣམས༔ ཁྲོ་མོའི་ཞལ་ལ་མཛེས་པའི་གཟུགས༔ སྤྱི་གཙུག་ཕག་ཞལ་ངུར་སྒྲ་སྒྲོག༔ རུས་པའི་རྒྱན་དྲུག་སྐུ་ལ་གསོལ༔ ཡབ་ཡུམ་གཉིས་སུ་མེད་པར་བསྒོམ༔ ཕྱོགས་མཚམས་པདྨ་འདབ་བརྒྱད་ལ༔ ཤར་དུ་དཔལ་ཆེན་ཧེ་རུ་ཀ༔ མཐིང་ནག་རྡོ་རྗེ་དུང་དམར་འཛིན༔ ཡུམ་ཆེན་ཀྲོ་དྷཱི་ཤྭ་རི་མ༔ ཤར་ལྷོར་མངོན་རྫོགས་ཧེ་རུ་ཀ༔ མཐིང་ནག་རྡོ་རྗེ་ཐོད་ཁྲག་བསྣམས༔ ཡུམ་ཆེན་ཉིད་བཞི་མུ་ཁ་ལེ༔ ལྷོ་རུ་འཇམ་དཔལ་གཤིན་རྗེ་གཤེད༔ མཐིང་ནག་འཁོར་ལོ་སྡིགས་མཛུབ་ཅན༔ ཡུམ་ཆེན་བེ་ཏ་ལཱི་དང་འཁྲིལ༔ ལྷོ་ནུབ་ཆེ་མཆོག་ཧེ་རུ་ཀ༔ སྨུག་ནག་རྡོ་རྗེ་དྲིལ་བུ་བསྣམས༔ ཡུམ་ཆེན་ཁྲོ་མོ་གནམ་ཞལ་མ༔ ནུབ་ཏུ་པདྨ་ཧེ་རུ་ཀ༔ དམར་ནག་པདྨ་དྲིལ་བུ་བསྣམས༔ ཡུམ་ཆེན་པདྨ་གཟི་ལྡན་མ༔ ནུབ་བྱང་དྲེགས་པ་ཀུན་འདུལ་ནི༔ མཐིང་ནག་རྡོ་རྗེ་ཐོད་ཁྲག་བསྣམས༔ ཡུམ་ཆེན་སྲིད་པ་སྤྱི་འདུལ་མ༔ བྱང་དུ་རྡོ་རྗེ་གཞོན་ནུའི་སྐུ༔ མཐིང་ནག་རྡོ་རྗེ་ཕུར་པ་བསྣམས༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ བྱང་ཤར་སྟོབས་ལྡན་ནག་པོ་ནི༔ མཐིང་ནག་རྡོ་རྗེ་ཙིཏྟ་བསྣམས༔ ཡུམ་ཆེན་འབྱུང་བ་ལྔ་ཡི་བདག༔ ཀུན་ཀྱང་དྲེགས་པ་བརྫིས་པའི་གདན༔ རྔམ་བརྗིད་རོལ་པའི་སྟབས་སུ་བཞུགས༔ ལུས་ཀྱི་རྩ་ནང་ཐམས་ཅད་དུ༔ དཔའ་བོ་མཁའ་འགྲོ་ཡབ་ཡུམ་བཞུགས༔ སྟེང་འོག་རྒྱུན་ལམ་སྒོ་བཞི་ན༔ སྒོ་སྲུང་ཁྲོ་མོ་ཆེན་མོ་བཞི༔ ཁ་སྒོར་དཀར་མོ་ལྕགས་ཀྱུ་འཛིན༔ སྣ་སྒོར་སྔོན་མོ་ཞགས་པ་འཛིན༔ གསང་སྒོར་དམར་མོ་ལྕགས་སྒྲོག་འཛིན༔ རླུང་སྒོར་ལྗང་མོ་དྲིལ་བུ་འཛིན༔ དེ་ལྟར་ལྷ་རྣམས་གསལ་བར་བསྒོམ༔ དེ་ལྟར་ཁྱེད་རང་རྣམས་བསྐྱེད་རིམ་དང་ལྡན་པའི་ངང་ནས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་གུས་འདུད་དུང་བར་བྱས་པའི་རྐྱེན་གྱིས་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་དང། ཁྱེད་རང་རྣམས་ཀྱི་གནས་གསུམ་གྱི་ཡིག་འབྲུ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་ཞིང་ཁམས་ནས་རྒྱལ་བ་སྲས་དང་བཅས་པ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་དང་། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་སྐུ་གསུམ་བརྒྱུད་པའི་བླ་མ་རྣམས་དང་། ཁྱད་པར་ལྷོ་ནུབ་ཟངས་མདོག་དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོ་ནས། རིག་འཛིན་ཆེན་པོ་པདྨ་འབྱུང་གནས་བཞུགས་པའི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་བླ་མ་ཀུན་འདུས་རིག་འཛིན་རྡོ་རྗེ་དྲག་པོ་རྩལ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་ཀྱིས་བསྐོར་བ་ཚད་མེད་གྲངས་མེད་་་པ་ཐམས་ཅད་ནམ་མཁའ་ལ་སྤྲིན་ཕུང་བཞིན་དུ་འཐིབ། ས་གཞི་ལས་ན་བུན་བཞིན་དུ་ཕྱུར། བར་སྣང་ལས་ཆར་ལྟར་བབས་ཏེ་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་རྡོ་ཚ་མོ་ལ་ཁ་བ་བབས་པ་བཞིན་དུ་སིབ་སིབ་ཐིམ་པའི་མོས་པ་མཛོད། འབེབ་པའི་རྫས་བདུག །རོལ་མོ་དབྱངས་དང་བཅས་པས། ཧཱུྃ༔ བཞེངས་ཤིག་པདྨ་འབྱུང་གནས་མཁའ་འགྲོའི་ཚོགས༔ ཞེས་སོགས་ཀྱིས་བཞེངས་བསྐུལ་ཚང་མའི་མཇུག །བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཞེས་པའི་ཚབ་ཏུ། བདག་དང་ལས་ཅན་ཆོས་ལ་སྤྱོད་པ་རྣམས༔ ཞེས་བསྒྱུར། ཐུགས་རྗེས་གཟིགས་ལ་གནས་འདིར་གཤེགས་སུ་གསོལ༔ ཞེས་པས་སྤྱན་དྲངས། ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་བཛྲ་ཨཱ་རལླི་ཧཱུྃ་ཛ༔ མ་ཧཱ་སུ་ཁ་ནི༔ དེ་བ་དཏྟ་ཧཱུྃ་ཧཱུྃ༔ ཞེས་དབབ། དེ་ལྟ་བུའི་ཡེ་ཤེས་པ་བརྟན་པར་བྱ་བའི་ཕྱིར་དུ་སྤྱི་གཙུག་ཏུ་རྡོ་རྗེ་རྒྱ་གྲམ་བཞག་པར་མོས་མཛོད། ཏིཥྛ་བཛྲ་ལན་གཉིས་བརྗོད་ཅིང་རྒྱ་གྲམ་དུ་བཞག་གོ །དེ་ནས་ཁྱེད་རང་རྣམས་མིག་དར་དང་བཅས་ཏེ་དཀྱིལ་འཁོར་གྱི་ནམ་མཁར་ལྟོས་ལ་ཁ་དོག་ཇི་ལྟར་མཐོང་བ་སྨྲོས་ཤིག །ཅེས་དྲིས་ལ་གང་མཐོང་སྨྲར་གཞུག །དཀར་པོས་ཞི་བ། སེར་པོས་རྒྱས་པ། དམར་པོས་དབང་། ལྗང་གུའམ་ནག་པོས་དྲག་པོ། ཁྲ་བོས་ལས་སྣ་ཚོགས་འགྲུབ་པ་ཡིན་ནོ། །ཞེས་ལུང་སྟོན་བྱ། མེ་ཏོག་འདོར་བ་ནི། ཁྱེད་རང་རྣམས་ལག་གཉིས་ཐལ་སྦྱར་གྱི་བར་དུ་མེ་ཏོག་གི་ཅོད་པན་བཟུང་སྟེ། དཀྱིལ་འཁོར་གྱི་ལྷ་ལ་བཟང་ངན་མེད་ཀྱང་ལས་དང་རིགས་མཐུན་གྱི་ལྷ་ཞིག་ལ་འབབ་པར་ཤོག་སྙམ་པས་དཀྱིལ་འཁོར་དུ་མེ་ཏོག་དོར་བ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ རིན་ཆེན་བྱང་ཆུབ་སེམས་ཀྱི་མེ་ཏོག་འདི༔ སྐུ་གསུང་ཐུགས་ཀྱི་དབྱིངས་སུ་བདག་འབུལ་གྱིས༔ དངོས་གྲུབ་རྣམ་གཉིས་བདག་ལ་བསྩལ་དུ་གསོལ༔ བོ་དྷི་ཙིཏྟ་པྲ་ཏཱི་པཱུ་ཛ་ཧོ༔ གསང་མཚན་གསར་དུ་འདོགས་དགོས་ན་སོ་ཤིང་གི་ར་བ་ལྟ་བུའི་འདབ་བརྒྱད་སྟེང་དུ་དོར་ལ་ཕྱོགས་མཚམས་དབུས་སོགས་གར་བབས་ངོས་བཟུང་སྟེ་མ་བརྗེད་པར་བྱས་ལ། རིགས་དང་མཐུན་པའི་གསང་མཚན་འོག་ཏུ་མིང་དབང་གི་སྐབས་སུ་འདོགས། དེ་ལྟར་མིན་ན་དཀྱིལ་འཁོར་དུ་དོར་བའི་སྟངས་ཀ་ཙམ་བྱ། དེ་ལྟར་ཕུལ་བའི་མེ་ཏོག་གི་ཕྲེང་བ་དེ་དཀྱིལ་འཁོར་ནས་སློབ་དཔོན་གྱིས་བླངས་ཏེ་ཁྱེད་རང་རྣམས་ཀྱི་མགོ་བོར་ལན་གསུམ་དཀྲིས་ཏེ་སྤྱི་བོར་བཞག་པས་དབང་དང་པོ་མེ་ཏོག་གི་ཕྲེང་བའི་དབང་ཐོབ་པར་མོས་མཛོད། ཨོཾ་པྲ་ཏི་གྲྀཧྞ་སཏྭཾ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ ཞེས་མེ་ཏོག་ཅོད་པན་མགོ་བོར་ལན་གསུམ་བསྐོར་ཏེ་སྤྱི་བོར་བཞག་གོ །དེ་ནས་བླ་མ་བཞེངས་ལ་དཀྱིལ་འཁོར་གྱི་ཤར་སྒོར་ཕྱོགས་པས་རྡོ་རྗེ་དཔྲལ་བར་ལན་གསུམ་གསོར་ཐུགས་ཀར་བརྟེན་པ། ཐབས་མཆོག་སྟོང་པ་ཉིད་ཀྱི་རྡོ་རྗེ་སྐུ་གསུམ་རང་ལ་འཆར་བའི་དོན་དང་། གཡོན་པས་དྲིལ་བུ་ལན་གསུམ་དཀྲོལ་ཏེ་སྟ་ཟུར་གཡོན་དུ་གྱེན་ལ་བསྟན་ཏེ་བཟུང་བ་ནི། ཤེས་རབ་སྟོང་པ་ཉིད་ཀྱི་སྒྲ་མཐར་སྟོང་པའི་རང་མདངས་སྙིང་རྗེ་དང་ལྡན་པའི་དོན། རྡོར་དྲིལ་དང་བཅས་པད་སྐོར་བྱས་ལ་ཐུགས་ཀར་བསྣོལ་ཏེ་བཟུང་ལ། གླུ་ཡེ་ཤེས་ཀྱི་མཆོད་པ་ནི། ཧཱུྃ༔ ཁྲོ་ཚོགས་ཧཱུྃ་སྒྲ་ཏི་རི་རི༔ དྲག་པོའི་སྒྲ་ལ་སྙན་པའི་གདངས༔ འོག་མིན་ཆོས་དབྱིངས་ཕོ་བྲང་དུ༔ ཀུན་ཏུ་བཟང་པོའི་མཆོད་པ་འབུལ༔ མ་ཧཱ་ཛྙཱ་ན་ཏེ་ཏེ་ཧཱུྃ༔ ཏེ་ན་ཏེ་ཏེ་ཧཱུྃ༔ ཞེས་བརྗོད། བླ་མ་དང་དཀྱིལ་འཁོར་གྱི་ལྷས་སྒྲུབ་ལུང་ཕོག་པར་མོས་མཛོད། དཀྱིལ་འཁོར་བདག་མཉམ་རྟོགས་པ་ལ༔ རང་བྱུང་ཡེ་ཤེས་རང་རྩལ་དུ༔ སྒྱུ་མ་ལྟ་བུའི་སེམས་ཅན་ལ༔ སྒྱུ་མ་ལྟ་བུའི་ཆོས་བསྟན་དང༔ སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་པ༔ བྱང་ཆུབ་ཅི་ནས་ཐོབ་པར་བྱོས༔ མིག་ཐུར་ཐོགས་ལ། ཧཱུྃ༔ སྔོན་གྱི་རྒྱལ་བ་མིག་མཁན་གྱིས༔ གཟུང་འཛིན་རབ་རིབ་བསལ་བ་ལྟར༔ བུ་ཁྱོད་ཀྱི་ནི་མི་ཤེས་པའི༔ རབ་རིབ་ང་ཡིས་བསལ་བར་བྱ༔ བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད་ལ་མིག་དར་བསལ། རྡོ་རྗེའི་ཕྱག་ཤིང་གིས་དཀྱིལ་འཁོར་བསྟན་ལ། ཧོ༔ བུ་ཁྱོད་རྩོལ་སེམས་མ་ཆུང་ཞིག༔ རང་བྱུང་ཡེ་ཤེས་ཕྱི་ནང་མེད༔ ཟང་ཐལ་བླ་མ་ཡི་དམ་ལྷ༔ རང་ལ་རྟག་ཏུ་གནས་པའི་ཕྱིར༔ ཕྱི་ནང་གསང་བ་དེ་ཁོ་ནའི༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ སྔགས་དང་ཕྱག་རྒྱའི་དངོས་གྲུབ་ཐོབ༔ རྟག་ཏུ་དམ་ཚིག་གཉན་པོ་སྲུངས༔ ས་མ་ཡ་ཨི་དནྟེ་ན་ར་ཀན༔ དེའང་མཚོན་བྱེད་དཔེའི་དཀྱིལ་འཁོར་འདི་ཉིད་རས་བྲིས་ལ་བརྟེན་པ་སྟེ། རྟེན་གྱི་དཀྱིལ་འཁོར་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་དཔུང་ཁ་དོག་ལྔ་འབར་ཞིང་འཁྲུགས་པ། མཚོན་ཆ་ལྔ་འཕྲོ་ཞིང་མཚམས་ཀྱི་རོལ་པ་ཆེན་པོའི་སྲུང་བའི་འཁོར་ལོ། དེའི་ནང་དུ་གཏུམ་དྲག་ལ་སོགས་པའི་དུར་ཁྲོད་ཆེན་པོ་བརྒྱད་དུར་ཁྲོད་ཀྱི་ཆོས་རྣམས་ཀྱིས་འཇིགས་པར་བྱས་པ། སྣ་ཚོགས་པདྨས་ཁོར་ཡུག་ཏུ་བསྐོར་བའི་ཟེའུ་འབྲུར་ཉི་མའི་དཀྱིལ་འཁོར་དང་། རྡོ་རྗེ་རྒྱ་གྲམ་གྱི་སྟེགས་བུ་ལ་གནས་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ནང་པདྨ་འདབ་བརྒྱད་གློ་འབུར་གྱི་གྲུ་ཆད་བཞི་ཁྱམས་དང་བཅས་པའི་དབུས་ཀྱི་ལྟེ་བར་པད་ཉི་རུ་དྲའི་གདན། ཕྱོགས་མཚམས་ཀྱི་འདབ་བརྒྱད་སོགས་ལ་རང་རང་གི་ལྷ་གནས་ཀྱི་གདན་དང་བཅས་པའི་གཞལ་ཡས་ཁང་དང་། བརྟེན་པ་ལྷ་ནི་དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཡབ་ཡུམ། དེའི་དབུ་གཙུག་ཏུ་བླ་མ་རིག་འཛིན་རྡོ་རྗེ་དྲག་པོ་རྩལ་ཡུམ་ཁྲོས་མ་ནག་མོ་དང་སྦྱོར་ཞིང་། ནང་འཁོར་ལོ་ལྔའི་གནས་སུ་ཐོད་ཕྲེང་རྩལ་རིགས་ལྔ་ཡབ་ཡུམ་མཁའ་འགྲོའི་ཚོགས་དང་བཅས་པ་སྟེ་ཟབ་མོ་ལུས་ཀྱི་དཀྱིལ་འཁོར། དཀྱིལ་འཁོར་ཆེན་པོའི་ཕྱོགས་མཚམས་བརྒྱད་ཀྱི་པད་འདབ་བརྒྱད་ལ་ཤར་དུ་དཔལ་ཆེན་པོ་ཡང་དག་བཛྲ་ཧེ་རུ་ཀ །ཤར་ལྷོར་ཆེ་མཆོག་ཧེ་རུ་ཀ །ལྷོར་འཇམ་དཔལ་གཤིན་རྗེ་གཤེད། ལྷོ་ནུབ་ཏུ་མངོན་རྫོགས་མ་མོ། ནུབ་ཏུ་རྟ་མགྲིན་དབང་ཆེན། ནུབ་བྱང་དུ་མགོན་པོ་ཚེ་དཔག་མེད་སྤྲུལ་སྐུ །བྱང་དུ་རྡོ་རྗེ་གཞོན་ནུ། བྱང་ཤར་དུ་ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ། གློ་འབུར་གྱི་གྲུ་ཆད་བཞིར་མཆོད་པའི་ལྷ་མོ་སྒེག་སོགས་བརྒྱད། ནང་ཁྱམས་སེར་པོ་ལ་མཁའ་འགྲོ་སྡེ་ལྔ། ཕྱི་ཁྱམས་ཁྲག་མཚོ་དམར་པོ་ལ་དབང་མོ་ཉེར་བརྒྱད། སྒོ་བཞིར་མཐར་བྱེད་ཡབ་ཡུམ་དང་རྒྱལ་ཆེན་སྡེ་བཞི། གཞལ་ཡས་ཁང་གི་ཕྱི་ནང་ཀུན་ཁྱབ་ཏུ་འབུམ་ཕྲག་ཡངས་པའི་མཁའ་འགྲོ་བཀའ་སྡོད་དྲེགས་པའི་ཚོགས་དང་བཅས་པ་མངོན་སུམ་ལྟ་བུར་མཐོང་བྱུང་སྙམ་པ་མོས་མཛོད། ཅེས་བརྡ་སྤྲད། དེ་ལྟར་མཐོང་བའི་ལྷ་རྣམས་ཀྱིས་དོན་རྟགས་ཡོ་ག་གསུམ་ལྟར་ངོ་སྤྲོད་པ་ལས་ཐོག་མར་མ་ཧཱ་ཡོ་ག་ཕྱི་དཀྱིལ་གྱི་བརྡ་དོན་ངོ་སྤྲད་པ་ནི་འདི་ལ་སྙན་གཏོད་པར་ཞུ། ཧཱུྃ༔ ཕྱི་རོལ་ཡེ་ཤེས་མེ་དཔུང་གིས༔ གཟུང་འཛིན་ནགས་ཚལ་བདུད་དཔུང་འཇོམས༔ མཚོན་ཆ་ལྔ་དང་ཁྲོ་ཚོགས་ཀྱིས༔ འཇིག་ཚོགས་ལྟ་བའི་བདུད་དཔུང་འཇོམས༔ རབ་འཇིགས་དུར་ཁྲོད་གནས་བརྒྱད་ཀྱིས༔ འཇིག་རྟེན་ཆོས་བརྒྱད་རྟོག་ཚོགས་འཇོམས༔ པདྨ་རྡོ་རྗེ་མཉམ་སྦྱོར་བས༔ ཐབས་ཤེས་ཕྲིན་ལས་ལྷུན་གྱིས་གྲུབ༔ ཉི་མའི་དཀྱིལ་འཁོར་རབ་རྒྱས་པས༔ ཡེ་ཤེས་འོད་ཀྱིས་མ་རིག་འཇོམས༔ རྭ་ཆེན་བཅུ་གཉིས་བགྲད་པ་ལས༔ རྟེན་འབྲེལ་བཅུ་གཉིས་ཡོངས་སུ་རྫོགས༔ ལྟེ་བ་མཐིང་ནག་ཟླུམ་པོ་ཡི༔ རྣམ་ཤེས་ཚོགས་བརྒྱད་རྣམ་པར་དག༔ ཤར་གྱི་རྭ་གསུམ་དཀར་བ་ཡིས༔ གཟུགས་ཕུང་ལྦུ་བ་བརྡོས་པ་འཇོམས༔ ལྷོ་ཡི་རྭ་གསུམ་སེར་བ་ཡིས༔ ཚོར་བ་རྣམ་གཉིས་དག་པར་བྱེད༔ ནུབ་ཀྱི་རྭ་གསུམ་དམར་བ་ཡིས༔ ཡུལ་དང་ཡུལ་ཅན་སོ་སོར་རྟོག༔ བྱང་གི་རྭ་གསུམ་ལྗང་གུ་ཡིས༔ ཚོགས་དྲུག་འདུས་པའི་བྱ་བ་དག༔ རྩིག་པ་ཡེ་ཤེས་ལྔ་ལྡན་ཏེ༔ སྒོ་བཞི་ཚངས་པའི་གནས་པ་བཞི༔ རྟ་བབས་ཕྲིན་ལས་བསྡུ་བ་འོ༔ ཕ་གུ་ཡོན་ཏན་རྒྱས་པ་སྟེ༔ དྲྭ་བ་རྣམ་རྟོག་བདུད་ལས་རྒྱལ༔ དྲ་ཕྱེད་མཐར་འཛིན་གཅོད་པ་སྟེ༔ མེ་ཏོག་ཕྲེང་བ་ནོར་བདུན་ལྡན༔ ཀ་བ་རྣམ་པར་ཐར་པ་བརྒྱད༔ སྒོ་ཁྱུད་རྫུ་འཕྲུལ་རྐང་པ་བཞི༔ འདོད་སྣམ་ཡུལ་དྲུག་ཡེ་ཤེས་རྩལ༔ རྒྱན་ཕྲེང་ཚུལ་ཁྲིམས་ཕུང་པོ་དང༔ རྔ་ཡབ་ལམ་གྱི་ཡེ་ཤེས་སོ༔ ཀ་བཞི་ཡང་དག་སྤོང་བ་བཞི༔ འཕགས་ལམ་བརྒྱད་ཀྱི་ཀ་བ་བརྒྱད༔ དྲན་པ་ཉེར་གཞག་ཁ་ཁྱེར་བཞི༔ རྣམ་ཤེས་ཚོགས་བརྒྱད་པདྨ་བརྒྱད༔ ཆོས་སྐུ་རབ་མཛེས་མུ་ཁྱུད་ཟླུམ༔ ཉག་གཅིག་སངས་རྒྱས་རྩེ་མོ་གཅིག༔ མ་རིག་མུན་སེལ་ཟླ་བས་ཁྱབ༔ ཆགས་མེད་པདྨའི་ཁེབས་དང་བཅས༔ རྣམ་པར་ཐར་བརྒྱད་བུམ་པས་མཛེས༔ ཕྲིན་ལས་བཞི་རྫོགས་གྲུ་ཆད་དང༔ ཡོན་ཏན་ཀུན་རྫོགས་བར་ཁྱམས་སེར༔ དབང་དྲག་ཁྱམས་ལྡན་ཁྲག་གི་མཚོ༔ ཡུལ་བརྒྱད་རྣམ་དག་པདྨའི་གདན༔ བསོད་ནམས་ཡེ་ཤེས་ཟླ་བས་མཛེས༔ ང་བདག་རུ་དྲའི་གདན་སྟེང་ན༔ རང་བྱུང་ཡེ་ཤེས་ཧེ་རུ་ཀ༔ ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས༔ རང་བྱུང་གཙོ་དང་འཁོར་དུ་གསལ༔ ཨ་ནུ་ཡོ་ག་ལུས་ཀྱི་དཀྱིལ་འཁོར་ལྟར་ངོ་སྤྲད་པའང་འདི་ལ་གསན་པར་ཞུ། དེ་ལྟར་འགྲོ་བ་རེ་རེ་ཡང༔ དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཉིད༔ འདོམ་གང་ཕྱོགས་བཞི་གྲུ་བཞི་པ༔ མཉམ་པ་ཉིད་ཀྱི་བདག་ཉིད་ཅན༔ ཀུན་གཞི་དྲན་མེད་ནམ་མཁའི་ཁམས༔ མཉམ་བྱེད་ཚོར་བ་རླུང་ཆེན་འཁྱིལ༔ ཀུན་བརྟགས་འཛིན་པ་དྲོད་ཆེན་མེ༔ སྣོད་བཅུད་ཞེན་རྟོག་ཁྲག་མཚོ་ཆུ༔ ཆགས་པ་རབ་འཐས་ཤ་ཆེན་ས༔ སྲ་བྱེད་རུས་པ་ལྷུན་པོ་འོ༔ ཀུན་ཀྱང་འབྱུང་བ་ཆེན་པོ་ལྔ༔ རྣམ་དག་ཡུམ་གྱི་མཁའ་ཀློང་འཁྱིལ༔ རང་བྱུང་ལུས་འདི་གཞལ་ཡས་ཁང༔ སྙིང་ག་དབུས་ལ་སྤྱི་བོ་ཤར༔ མགྲིན་པ་ལྷོ་ལ་ལྟེ་བ་ནུབ༔ གསང་བ་བྱང་ཕྱོགས་སངས་རྒྱས་ཞིང༔ རྩ་མདུད་ཀ་ཞུ་རྣམ་པར་བརྒྱན༔ རགས་པ་རྩ་ཆེན་བཅུ་གཉིས་གདུང༔ རྩ་ཕྲན་བཅུ་དྲུག་ཕྱི་འཕྱར་གདུང༔ ཕལ་རྩ་ཉེར་བརྒྱད་གྲལ་ཆུང་བཀྲམ༔ ཤ་ལྤགས་ཐོག་ཕུབ་ཁ་བད་བཏང༔ མིག་གཉིས་མུན་སེལ་ཉི་ཟླའི་མཐོང༔ མགོ་བོ་ཆོས་འཁོར་བཅུ་གསུམ་བརྩེགས༔ ཐོད་ལྤགས་གདུགས་དང་སྐྲ་ཡི་དར༔ ཚངས་བུག་ཏོག་ཏུ་རྣམ་པར་གསལ༔ རྣ་བ་དྲིལ་བུ་ཆོས་ཀྱི་སྒྲ༔ ཤ་ཁྲག་རུས་གོང་གྲུ་ཆད་བཞི༔ ཁྲག་གི་ཞལ་ཞལ་ཆག་ཆག་གདབ༔ མཆིན་པ་མཁྲིས་པའི་དར་ཁང་མཛེས༔ རྒྱུ་མའི་འཕྱང་འཕྲུལ་མཛེས་པ་ལ༔ ཁ་རྣ་གསང་བཤང་ཕྱོགས་ཀྱི་སྒོ༔ སྙིང་གི་བུ་ག་ནང་སྒོ་བཞི༔ མིག་དང་སྣ་བུག་གསང་སྒོ་བཞི༔ ཤ་ཡི་ནང་འཁྱམས་ཁོར་ཡུག་བསྐོར༔ ཁ་དོག་རང་བྱུང་ལྔ་ལྡན་རྩིག༔ ཤ་ཆེན་འདོད་སྣམ་ཁྱམས་སུ་ཆགས༔ ཚིལ་བུ་རིན་ཆེན་ཕ་གུ་མཛེས༔ རྩ་རྣམས་དྲྭ་བ་དྲྭ་ཕྱེད་བརྒྱན༔ རུས་དུམ་ཐམས་ཅད་མདའ་ཡབ་བརྩེགས༔ རྩིབ་མ་ཀུན་ཀྱང་རྟ་བབས་སོ༔ རྣ་འདབ་རི་དྭགས་བྱ་རུ་སྨིན༔ རྐང་བཞི་རྡོ་རྗེ་རྒྱ་གྲམ་གསལ༔ སྙིང་ནང་སྟོང་གསལ་ལྟེ་བ་ཟླུམ༔ རྩ་འདབ་གྱེས་པ་པད་འདབ་བོ༔ ཁམས་ཀྱི་རྣམ་པ་དཀར་དམར་གཉིས༔ ཉི་མ་ཟླ་བའི་གདན་དུ་གནས༔ ང་བདག་གཟུང་འཛིན་རྟོག་ཚོགས་བརྒྱད༔ རུ་དྲ་ཕྱོགས་སྐྱོང་བསྒྱེལ་བ་འོ༔ ཀུན་གཞི་ཆོས་ཅན་དབུས་ཀྱི་གཙོ༔ རང་རིག་བླ་མ་དྲག་པོ་རྩལ༔ རང་རྩལ་རྣམ་ཤེས་ཚོགས་བརྒྱད་འཁོར༔ ཡུལ་དུས་ལྷ་མོ་རེག་ཚོར་རྣམས༔ མུ་བཞི་དང་བཅས་སྒོ་བར་གསལ༔ དེ་དག་རེ་རེའམ་རྩ་ཡི་དངོས༔ སྣ་ཚོགས་སྤྲུལ་སྐུ་རྡོ་རྗེ་སེམས༔ རྩ་རྣམས་ཨཱ་ལི་ཀཱ་ལིའི་དབྱིབས༔ རང་སྒྲ་ལོངས་སྐུ་རྡོ་རྗེ་སེམས༔ ཀུན་ཀྱང་ཁམས་ཀྱི་ཏི་ལ་ནི༔ བདེ་ཆེན་ཡེ་ཤེས་ཆོས་ཀྱི་སྐུ༔ གདན་ལ་རྫོགས་དང་སེམས་དཔའི་ཚུལ༔ དཀྱིལ་འཁོར་གཙོ་བོ་ཡབ་ཡུམ་དང༔ རང་རང་རིགས་དང་རིགས་ཆུང་དང༔ ལྷ་མོ་ཁྲོ་བོ་ཡབ་ཡུམ་དུ༔ ལྷུན་གྱིས་གྲུབ་པའི་བདག་ཉིད་ཅན༔ ཏིལ་གྱི་གོང་བུ་གང་བ་བཞིན༔ རྡུལ་གཅིག་སྟེང་ན་རྡུལ་སྙེད་ཀྱི༔ རྒྱལ་བ་ངོ་བོ་སྟོང་པ་ལ༔ རང་བཞིན་གསལ་གདངས་ཐུགས་རྗེ་ནི༔ ཀུན་ཏུ་བཟང་པོས་ཀུན་ལ་ཁྱབ༔ བྱང་ཆུབ་སེམས་སུ་གདོད་ནས་གྲུབ༔ ཨ་ཏི་ཡོ་ག་སེམས་ཀྱི་དཀྱིལ་འཁོར་ལྟར་ངོ་སྤྲད་པའང་འདི་ལ་གསན་འཚལ། ཨེ་མ་ཧོ་འདི་ནི་སེམས་དཔའ་ཆེ༔ རྡོ་རྗེ་ཡེ་ཤེས་ཡེ་ཤེས་ཆེ༔ རང་བྱུང་ལྷུན་གྲུབ་འདི་ལ་ལྟོས༔ བལྟས་པས་མཐོང་བ་བདེ་བ་ཆེ༔ ཡངས་དོགས་མེད་པའི་དཀྱིལ་འཁོར་དུ༔ ཨ་ལ་ལ་ཧོ་ཁྱོད་ཀྱིས་ཞུགས༔ ཨེ་མ་ཧོ་ཁྱོད་ཀྱིས་མཐོང་བ་ཡི༔ དོན་དེ་ནམ་དུའང་མ་བརྗེད་ཅིག༔ ཆོས་སྐུ་ཡེ་ཤེས་ལྔ་ཡི་བདག༔ མ་བྲིས་པ་ཡི་རང་བྱུང་མཐོང༔ སྐུ་གསུང་ཐུགས་སུ་རྟགས་མཉམ་སྦྱོར༔ བསྐལ་པ་བྱེ་བར་གང་བྱས་པའི༔ ལས་དང་ལས་ཀྱི་རྣམ་སྨིན་ཡང༔ འདི་མཐོང་འདི་དོན་ཤེས་པས་བྱང༔ རྫོགས་པའི་བྱང་ཆུབ་བདེ་ཆེན་པོ༔ ཚུལ་འདིར་གནས་པས་ཐོབ་པར་འགྱུར༔ དེ་རྣམས་ཀྱིས་དཀྱིལ་འཁོར་ནང་དུ་འཇུག་པའི་རིམ་པ་གྲུབ་པ་སྟེ། འཇུག་པའི་ཆོ་ག་དེ་རྣམས་ཀྱིས་ནི་ཚོགས་སྦྱོར་མཐོང་བའི་ལམ་རིམ་པར་བགྲོད་པའི་དོན་ཡིན་ནོ། །གཉིས་པ་དབང་དངོས་བསྐུར་བ་ནི། དེ་ནས་སྒོམ་པ་དང་མི་སློབ་པའི་ལམ་ལ་འཇུག་པའི་ཕྱིར་དུ་དངོས་གཞིའི་དབང་བསྐུར་བ་ལ་རྣམ་པ་བཞི་རུ་ཡོད་པའི་དང་པོ་བུམ་པའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། སྤྲོ་ན་སྐབས་འདིར་སློབ་དཔོན་ཆས་འཇུག་ཨོ་རྒྱན་ཟ་ཧོར་མ་ལྟར་དང་། དབང་གོང་མ་རྣམས་ལ་ཧེ་རུ་ཀའི་ཆས་ཞུགས་མཛད། སློབ་མ་རྣམས་ལའང་དབང་སྟེགས་སོགས་འདུ་བྱའོ། །གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ བླ་མ་ཀུན་བཟང་རྡོ་རྗེ་འཆང༔ ཡེ་ཤེས་ལྔ་ནི་ཐོབ་བྱའི་ཕྱིར༔ རིགས་ལྔའི་དབང་མཆོག་དམ་པ་གཅིག༔ བདག་ལ་ངེས་པར་བསྐུར་དུ་གསོལ༔ ལན་གསུམ། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་པདྨ་འདབ་བརྒྱད་རྡོ་རྗེའི་གདན་དང་བཅས་པ་ལ་འཁོད་པའི་སྟེང་དུ་གདུགས་དཀར་པོ་གསེར་གྱི་ཏོག་ཅན་དབུབ། པད་འདབ་བརྒྱད་ལ་བཀྲ་ཤིས་པའི་བུམ་པ་རྫས་རྟགས་ཀྱིས་བརྒྱན་པ་དང་ཕྱི་རོལ་དུ་མཆོད་པའི་བཀོད་པ་རྣམ་པ་དུ་མ་དང་ལྡན་པས་འཁོད་པར་གྱུར་པར་མོས་ཤིག །ལས་བུམ་གྱི་ཆུས་སློབ་མ་དང་རྣམ་བུམ་མདུན་དུ་བཞག་ལ་འཐོར་ཞིང་། ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ། སྭ་བྷཱ་ཝས་སྦྱང་། སློབ་མའི་རྣམ་ཤེས་ཀྱི་ཕུང་པོ། ཞེ་སྡང་ནམ་མཁའི་ཁམས། དབང་རྫས་རྣམ་རྒྱལ་བུམ་པའི་ཆུ་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་སློབ་མ་དང་རྣམ་བུམ་མི་བསྐྱོད་པ་སྔོན་པོ་རྡོར་དྲིལ་འཛིན་པ་ཡུམ་དབྱིངས་ཕྱུག་མ་དང་མཉམ་པར་སྦྱོར་བ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་གནས་གསུམ་དུ་འཁོར་ལོ་པདྨ་རྡོ་རྗེ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ཚར་གཉིས་ཀྱིས་དང་པོས་སློབ་མ་དང་། གཉིས་པས་དབང་རྫས་ལ་ཐིམ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་འཕྲོས་ཏེ་མདུན་གྱི་ནམ་མཁར་རིགས་ལྔ་ཡབ་ཡུམ་སེམས་དཔའ་ལྕམ་དྲལ་ཁྲོ་བོ་ཁྲོ་མོ་དང་བཅས་པའི་དབང་ལྷའི་དཀྱིལ་འཁོར་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། དེ་རྣམས་ཀྱིས་ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་རྫས་ཀྱི་ལྷ་ལ་དབང་བསྐུར་བར་མོས་ལ་རྣམ་བུམ་ཁ་རྒྱན་འཐོན་ཙམ་བྱ། མི་བསྐྱོད་པ་འོད་དུ་ཞུ་བ་ཆུར་གྱུར། སློབ་མའི་བྱུར་བསལ་བ་ནི་ཏིལ་དང་མེ་ཆུ་འདུ་བྱས་ལ། སློབ་མ་རྣམས་ཀྱི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྙིང་གར་འདུས་པ་ཀཾ་ཡིག་གི་རྣམ་པས་སྣ་སྒོ་ནས་འཐོན་ནས་ཏིལ་ལ་ཐིམ་པ་ལས་ཀྱི་ཧེ་རུ་ཀས་མེར་བསྲེགས་ཤིང་ཆུར་དོར་བར་གྱུར། མཆོད་གཡོག་གིས་ཕྱག་ལེན་ལྟར་ཏིལ་མེ་ཆུར་དོར། སློབ་དཔོན་གྱིས་ཨོཾ་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ ལན་གསུམ་བརྗོད། ཤིས་པ་བརྗོད་པ་ན་མཆོད་གཡོག་གིས་རྣམ་བུམ་རྟེན་ཁེབས་ཀྱིས་ལྕིབས་པ་བཏེག །བླ་མས་རྡོར་དྲིལ་དང་བཅས་ཏེ་མེ་ཏོག་འཐོར་ཞིང་། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་སོགས་བརྗོད། གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ ཡེ་ཤེས་རྒྱལ་པོའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཆེས་འབྱུང་བ༔ ད་ལྟ་ཉིད་དུ་མཉམ་སྦྱོར་ཕྱིར༔ ནམ་མཁའི་རྡོ་རྗེ་བདག་ལ་སྩོལ༔ ལན་གཅིག །འདི་ལྟར་དབང་བསྐུར་བའི་ཚེ་སྣང་སྲིད་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་དུ་གསལ་བ་དང་། ཁྱད་པར་དཀྱིལ་འཁོར་གྱི་ལྷ་ནམ་མཁའི་དབང་ལྷར་བཅས་པའི་མི་བསྐྱོད་པ་ལ་སོགས་རིགས་ལྔ་ཡབ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སེམས་དཔའ་རྣམས་ཀྱིས་དབང་གི་མཐུན་འགྱུར་དང་ཤིས་པ་བརྗོད། ལྷ་མོ་རྣམས་ཀྱིས་གླུ་ལེན་གར་བསྒྱུར་བ་སོགས་ཀྱིས་མཆོད། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་དང་བར་གཅོད་བསྐྲད་ཅིང་སྒྲོལ། ནམ་མཁའི་ལྷ་རྣམས་ཀྱིས་བདུད་རྩིའི་ཆར་འབེབས་ཤིང་མེ་ཏོག་སིལ་མ་འཐོར། ཀླུ་ཆེན་བརྒྱད་ཀྱིས་རིན་པོ་ཆེ་དང་བདུད་རྩིས་མཆོད། བསྟན་པ་ལ་དགའ་བའི་གནོད་སྦྱིན་དང་དྲི་ཟ་མིའམ་ཅི་ལ་སོགས་པ་རབ་ཏུ་དགའ་ཞིང་མགུ་བ་དང་ལྷན་ཅིག་པར་དབང་བསྐུར་བར་མོས་མཛོད། སྤྲོ་ན་ལས་སློབ་རྣམས་ཀྱིས་རོལ་མོ་དང་འཛབ་དབྱངས་གྱེར། སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པས་བུམ་པ་བཟུང་སྟེ་དྲིལ་བུ་གསིལ་ཞིང་། ཧཱུྃ༔ སྐུ་གསུམ་དམ་ཚིག་ལས་བྱུང་བའི༔ ཞེ་སྡང་ལས་བྱུང་འཇོམས་མཛད་པ༔ ལྷ་ཡི་བདུད་རྩི་དག་པ་ཡིས༔ མི་བསྐྱོད་རྡོ་རྗེར་དབང་བསྐུར་རོ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ བརྟན་བྱེད་ཆུ་དབང་ནི། རྣམ་བུམ་གྱི་ཀུ་ཤས་བུམ་ཆུ་སྤྱི་བོར་འཐོར་ཙམ་བྱས་ལ། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད། ཨོཾ་བཛྲ་པུཥྤེ་སོགས་ཀྱིས་མཆོད། སུ་པྲ་ཏིཥྛས་མེ་ཏོག་འཐོར་ཅིང་རབ་ཏུ་གནས། དེ་ལྟར་མི་བསྐྱོད་པའི་སྒོ་ནས་ཆུའི་དབང་ཐོབ། ཞེ་སྡང་དག །རྣམ་ཤེས་ཀྱི་ཕུང་པོ་གནས་འགྱུར། ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །དེས་རིག་དབང་ཕྱི་མ་རྣམས་ལ་འགྲེས་ཏེ་དབུ་རྒྱན་ཐོགས་ལ། བསང་སྦྱང་། སློབ་མའི་ཚོར་བའི་ཕུང་པོ། ང་རྒྱལ་དང་ཆུའི་ཁམས། དབང་རྫས་དབུ་རྒྱན་རྣམས་མི་དམིགས་ཏེ་སྟོང་པའི་ངང་ལས་སྭཱ་ལས་རིན་པོ་ཆེ་སྭཱས་མཚན་པ་ལས་སློབ་མ་དང་དབུ་རྒྱན་རིན་འབྱུང་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ། ཡུམ་མཱ་མ་ཀཱི་དང་མཉམ་པར་སྦྱོར་བ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་གནས་གསུམ་དུ་འཁོར་ལོ་པདྨ་རྡོ་རྗེ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་སློབ་མ་དང་དབང་རྫས་ལ་ཐིམ། རྣམ་བུམ་གྱི་ཀུ་ཤས་དབུ་རྒྱན་ལ་འཐོར་ཞིང་། ནམ་མཁའི་ལྷས་ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔གིས་དབང་རྫས་ཀྱི་ལྷ་ལ་དབང་བསྐུར། རིན་འབྱུང་འོད་དུ་ཞུ་བ་དབུ་རྒྱན་ཅོད་པན་དུ་གྱུར། དབུ་རྒྱན་འཆིང་ཞིང་། ཧཱུྃ༔ སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ༔ སེར་སྣའི་རྟོག་པ་རྣམ་པར་འཇོམས༔ གཏན་དུ་ཆགས་མེད་སྦྱིན་པ་འདིས༔ རྫོགས་སངས་རྒྱས་སུ་དབང་བསྐུར་རོ༔ ཨོཾ་མ་ཧཱ་སཱ་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ རཏྣ་ཨ་བྷི་ཥིཉྩ་ཨཱ༔ མེ་ཏོག་གི་རྩ་ཆིངས་བཅིངས་ཤིང་། ཏྲཱཾ་རཏྣ་མཎྜལ་ཨ་བྷི་ཥིཉྩ་ཧཱུྃ༔ ཅོད་པན་བཏགས་ལ། རཏྣ་མཱ་ལེ་པཊྚ་ལཾ༔ རྣམ་བུམ་ཆུ་འཐོར་ལ། ཧྲཱིཿརཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ པུཥྤེ་སོགས་གྱིས་མཆོད། སུ་པྲ་ཏིཥྛས་མེ་ཏོག་འཐོར། དེ་ལྟར་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་ཅོད་པན་གྱི་དབང་ཐོབ། ང་རྒྱལ་དག །ཚོར་བའི་ཕུང་པོ་གནས་འགྱུར། མཉམ་ཉིད་ཡེ་ཤེས་མངོན་དུ་བྱས། རིན་འབྱུང་གི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །རྡོ་རྗེ་ཐོགས་ལ་བསང་སྦྱང་། སློབ་མའི་འདུ་ཤེས་ཀྱི་ཕུང་པོ། འདོད་ཆགས་དང་མེའི་ཁམས། དབང་རྫས་རྡོ་རྗེ་རྣམས་མི་དམིགས་ཏེ་སྟོང་པའི་ངང་ལས་ཨཱཾཿལས་པདྨ་དམར་པོ་ཨཱཾཿགིས་མཚན་པ་ལས་གཉིས་ཀའང་སྣང་མཐའ་དམར་པོ་པདྨ་དང་དྲིལ་བུ་འཛིན་པ། ཡུམ་གོས་དཀར་མོ་དང་མཉམ་པར་སྦྱོར་བ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་གནས་གསུམ་དུ་འཁོར་ལོ་པདྨ་རྡོ་རྗེ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་སློབ་མ་དང་དབང་རྫས་ལ་ཐིམ། ནམ་མཁའི་ལྷས་ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔གིས་དབང་རྫས་ཀྱི་ལྷ་ལ་དབང་བསྐུར། སྣང་མཐའ་འོད་དུ་ཞུ་བ་རྡོ་རྗེར་གྱུར། རྡོ་རྗེ་ལག་པ་གཡས་སུ་གཏད་ཅིང་གསོར་དུ་བཅུག་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༔ མི་ཕྱེད་རྡོ་རྗེའི་གསང་བ་ལས༔ འདོད་ཆགས་རྡོ་རྗེ་རྣམ་པར་འཇོམས༔ རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ༔ ཨོཾ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ བུམ་ཆུ་འཐོར་ལ། ཨོཾ་པདྨ་ཨ་བྷི་ཥིཉྩ་ཧཱུྃ༔ མཆོད་པ་དང་རབ་གནས་བྱ། དེ་ལྟར་འོད་དཔག་མེད་ཀྱི་སྒོ་ནས་རྡོ་རྗེའི་དབང་ཐོབ། འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་གནས་འགྱུར། སོར་རྟོག་ཡེ་ཤེས་མངོན་དུ་བྱས། སྣང་བ་མཐའ་ཡས་ཀྱི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་པའོ། །དྲིལ་བུ་ཐོགས་ལ་བསང་སྦྱང་། སློབ་མའི་འདུ་བྱེད་ཀྱི་ཕུང་པོ། སྲོག་དང་རླུང་གི་ཁམས། དབང་རྫས་དྲིལ་བུ་རྣམས་མི་དམིགས་ཏེ་སྟོང་པའི་ངང་ལས། ཧཱ་ལས་རྒྱ་གྲམ་ཧཱཿས་མཚན་པ་ལས་གཉིས་ཀའང་དོན་ཡོད་གྲུབ་པ་ལྗང་གུ་རྒྱ་གྲམ་དང་དྲིལ་བུ་འཛིན་པ། ཡུམ་དམ་ཚིག་སྒྲོལ་མ་དང་མཉམ་པར་སྦྱོར་བ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་གནས་གསུམ་དུ་འཁོར་ལོ་པདྨ་རྡོ་རྗེ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་སློབ་མ་དང་དབང་རྫས་ལ་ཐིམ། ནམ་མཁའི་ལྷས་ཨོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ༔ཞེས་དབང་རྫས་ཀྱི་ལྷ་ལ་དབང་བསྐུར། དོན་གྲུབ་འོད་དུ་ཞུ་བ་དྲིལ་བུར་གྱུར། དྲིལ་བུ་གཡོན་དུ་གཏད་ཅིང་དཀྲོལ་དུ་བཅུག་ལ། ཧཱུྃ༔ ཐབས་དང་ཤེས་རབ་ལྡན་པ་ཡིས༔ ཕྲག་དོག་མཉམ་མེད་བྱེད་པས་ཏེ༔ ཕྲག་དོག་རྟོག་པ་རྣམ་པར་འཇོམས༔ གཉིས་སུ་མེད་པར་དབང་བསྐུར་རོ༔ ཨོཾ་མ་ཧཱ་ཀྲྀཏྱཱནུཥྛཱ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ བུམ་ཆུ་འཐོར་ལ། ཧཱ་ཀརྨ་སཏྭ་ཨ་བྷི་ཥིཉྩ་ཧཱུྃ༔ མཆོད་པ་དང་རབ་གནས་བྱ། དེ་ལྟར་དོན་ཡོད་གྲུབ་པའི་སྒོ་ནས་དྲིལ་བུའི་དབང་ཐོབ། ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་གནས་འགྱུར། བྱ་གྲུབ་ཡེ་ཤེས་མངོན་དུ་བྱས། དོན་ཡོད་གྲུབ་པའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་པའོ། །རྡོར་དྲིལ་ཐོགས་ལ་བསང་སྦྱང་། སློབ་མའི་གཟུགས་ཀྱི་ཕུང་པོ། གཏི་མུག་དང་སའི་ཁམས་དང་། དབང་རྫས་རྡོར་དྲིལ་མི་དམིགས་ཏེ་སྟོང་པའི་ངང་ལས་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས་གཉིས་ཀའང་རྣམ་སྣང་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་གནས་གསུམ་དུ་འཁོར་ལོ་པདྨ་རྡོ་རྗེ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་སློབ་མ་དང་དབང་རྫས་ལ་ཐིམ། ནམ་མཁའི་ལྷས་ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ཞེས་དབང་རྫས་ཀྱི་ལྷ་ལ་དབང་བསྐུར། རྣམ་སྣང་འོད་དུ་ཞུ་བ་རྡོར་དྲིལ་ཟུང་དུ་གྱུར། དེ་ནས་རྡོ་རྗེ་དྲིལ་བུ་སྤྱི་བོར་བཟུང་ལ། ཧཱུྃ༔ རྡོ་རྗེ་མིང་གི་དབང་བསྐུར་བས༔ གཏི་མུག་རྟོག་པ་རྣམ་པར་འཇོམས༔ ཅིས་ཀྱང་མི་ཕྱེད་མི་ཤིགས་པའི༔ རྡོ་རྗེའི་མིང་དུ་རབ་ཏུ་གྲགས༔ ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ དྲིལ་བུ་དཀྲོལ་ལ། མེ་ཏོག་གང་དུ་ཕོག་པའི་གསང་མཚན་རིགས་ཀྱི་ངེས་པ་དང་མཐུན་པའམ་སྤྱི་ཙམ་དུ། ཀྱེ་དཔལ་རྡོ་རྗེ་དྲག་པོ་རྩལ་ཞེས་བྱའོ། །བུམ་ཆུ་འཐོར་ལ། ཨོཾ་བུདྡྷ་སཏྭ་ཨ་བྷི་ཥིཉྩ་ཧཱུྃ༔ མཆོད་པ་དང་རབ་ཏུ་གནས། དེ་ལྟར་རྣམ་པར་སྣང་མཛད་ཀྱི་སྒོ་ནས་མིང་གི་དབང་ཐོབ། གཏི་མུག་དག །གཟུགས་ཀྱི་ཕུང་པོ་གནས་འགྱུར། མེ་ལོང་ཡེ་ཤེས་མངོན་དུ་བྱས། རྣམ་པར་སྣང་མཛད་ཀྱི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་པའོ། །དེ་ལྟར་རིག་པའི་དབང་ལྔའི་རྟོགས་པ་བསྐྱེད་པ་ནི། དེས་ནི་མ་རིག་ལྔ་ལས་ལོག༔ ཡང་དག་རིག་པ་ཡེ་ཤེས་ལྔ༔ ཐམས་ཅད་རྒྱལ་བའི་ཞིང་དུ་ངེས༔ ཞེས་གསུངས་པ་ཡིན་ནོ། །དེ་དག་གི་མཐའ་རྟེན་རྡོ་རྗེའི་བརྟུལ་ཞུགས་ཀྱི་དབང་གི་སླད་དུ་མོས་པ་འདི་ལྟར་དུ་མཛོད་ཅིག །བསང་སྦྱང་། སྟོང་པའི་ངང་ལས་སློབ་མ་རྣམས་གཞིའི་ཀུན་ཏུ་བཟང་པོ་རྒྱུ་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་བསྣོལ་ཏེ་འཛིན་པ། ཨཱཿལས་བྱུང་བའི་ཆོས་ཉིད་བཟང་མོ་དཀར་མོ་དང་མཉམ་པར་སྦྱོར་བ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་གནས་གསུམ་དུ་འཁོར་ལོ་པདྨ་རྡོ་རྗེ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་འཕྲོས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་སློབ་མ་ལ་བསྟིམ། ནམ་མཁའི་ལྷས་ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔གིས་སློབ་མ་ལ་དབང་བསྐུར་བར་མོས་ཏེ་རྣམ་བུམ་གྱི་ཆུ་གཏོར། བླ་མའི་སྐུ་གསུང་ཐུགས་རྡོ་རྗེ་དང་མཉམ་པར་སྦྱོར་བར་སོམས་ཤིག །ཅེས་བརྗོད་ལ། ཧཱུྃ་ལས་བྱུང་བའི་རྡོ་རྗེ་གཡས་དང་ཨཱཿལས་བྱུང་བའི་དྲིལ་བུ་གཡོན་དུ་སྦྱིན་པར་མོས་ཤིག །ཨོཾ་ཨཱཿཧཱུྃ༔ ཐབས་དང་ཤེས་རབ་གཉིས་མེད་པའི༔ སྣང་སྟོང་གཉིས་མེད་འདི་ཟུངས་ལ༔ སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན༔ ཀུན་བཟང་རྡོ་རྗེ་སེམས་དཔའ་སོགས༔ ཁྱོད་ཡིན་འགྲོ་ཀུན་རྗེས་སུ་ཟུངས༔ མ་ཧཱ་བཛྲ་ཧཱུྃ༔ དྷརྨ་བཛྲ་ཧཱུྃ༔ ཁྱེད་རང་རྣམས་ཀྱི་ཐུགས་ཀར་རྡོ་རྗེ་སེམས་དཔའ་དཀར་པོ་ཞིག་གསལ་བཏབ་སྟེ། དེ་ཉིད་རིག་སྟོང་འདུས་མ་བྱས་པའི་ངོ་བོ་ཡིན་ནོ་སྙམ་དུ་ང་རྒྱལ་བཟུང་མཛོད། ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ དེ་ནི་རྡོ་རྗེ་སློབ་མ་སྟེ༔ སྲིད་གསུམ་དག་པ་ཆེན་པོའི་དབང༔ ཐམས་ཅད་མཁྱེན་པའི་ས་བོན་དབང༔ མ་སྤངས་སྣང་བ་དག་པའི་དབང༔ འགྲོ་དོན་དཔག་མེད་འགྲུབ་པར་འགྱུར༔ དེ་དག་གིས་རྒྱུའི་རིག་དབང་རྡོ་རྗེ་སློབ་མའི་དབང་མཐའ་རྟེན་དང་བཅས་པ་གྲུབ་ནས། རྡོ་རྗེ་སློབ་དཔོན་གྱི་དབང་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་འདེབས་རྗེས་ཟློས། ཧཱུྃ༔ ཡེ་ཤེས་རྒྱལ་པོའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཆེས་འབྱུང་བ༔ ད་ལྟ་ཉིད་དུ་མཉམ་སྦྱོར་ཕྱིར༔ ནམ་མཁའི་རྡོ་རྗེ་བདག་ལ་སྩོལ༔ ཞེས་ལན་གསུམ། ཧོ༔ རིགས་ཀྱི་བུ་མཆོག་ཁྱེད་རྣམས་ཀྱིས༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་དང་ནི་རྡོ་རྗེའི་མཆེད༔ ཚོགས་མཆོད་ཡོན་གྱིས་མཉེས་ནུས་སམ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། ཀྱེ༔ ཇི་ལྟར་ཐུགས་ཀྱི་དགོངས་མཛད་པ༔ བདག་གིས་མ་ལུས་བསྒྲུབ་ལགས་པས༔ རྡོ་རྗེ་སློབ་དཔོན་ཆེན་པོའི་དབང༔ དཔའ་བོས་བདག་ལ་གནང་དུ་གསོལ༔ ལན་གསུམ། ཁྱེད་རང་རྣམས་རྒྱུའི་ཀུན་བཟང་དེ་ཉིད་གནས་འགྱུར་ཏེ་ཁྲག་འཐུང་ཧེ་རུ་ཀ་རྡོ་རྗེ་གཞོན་ནུར་གསལ་བའི་ཐུགས་ཀར་བླ་མ་རྡོ་རྗེ་དྲག་པོ་རྩལ་སྒྲུབ་སྡེ་བརྒྱད་དང་བཅས་པ་གསལ་ལམ་གྱིས་གྱུར་པར་སྒོམས་ཤིག །རྣམ་བུམ་ཐོགས་ལ། སྐད་ཅིག་གིས་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་དུ་གསལ་བའི་བུམ་བཅུད་གཙོ་བོ་རྡོ་རྗེ་གཞོན་ནུ་རིགས་བདག་བླ་མ་རྡོ་རྗེ་དྲག་པོ་རྩལ་ལུས་དཀྱིལ་དང་བཅས་པ་ཕྱོགས་མཚམས་སྒྲུབ་སྡེ་བརྒྱད་སོགས་མདོར་ན་བུམ་སྒྲུབ་ཀྱི་ལྷ་རྣམས་ཞལ་མངོན་སུམ་ལམ་མེར་བཞུགས་པས་དབང་བསྐུར་བས། ལྷ་རྣམས་ཀྱི་སྦྱོར་མཚམས་ནས་བྱང་སེམས་དབང་གི་ཆུ་རྒྱུན་བྱུང་བ་བུམ་པའི་ཁར་ཞམ་གྱིས་ལུད་དེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་དབང་བསྐུར་བས་ཕྱི་ནང་གི་དྲི་མ་བཀྲུས། འཁོར་ལོའི་གནས་བཞི་གང་། སྒྲིབ་བཞི་དག །དབང་བཞི་ཐོབ་པར་མོས་མཛོད། ཧོ༔ དབང་གི་ངོ་བོ་ནི་རང་རིག་པ་གཞན་དབང་དུ་མ་ཤོར་བ་ཆོས་ཀྱི་སྐུ་ཡིན་པས་རང་དབང་ཐོབ་པའོ༔ དབང་གི་ངེས་ཚིག་ནི་རང་གི་རིག་པ་ལ་རང་བྱན་ཚུད་པའི་དུས་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་དབང་བསྒྱུར་ནུས་པའི་ཕྱིར་རོ༔ དབང་གི་དབྱེ་བ་ནི་བསམ་གྱིས་མི་ཁྱབ་སྟེ་ཕྱི་བུམ་པ་རྫས་ཀྱི་དབང་དང༔ ནང་རྩ་དང་རླུང་གི་དབང་དང༔ གསང་བ་ཐིག་ལེ་བྱང་ཆུབ་སེམས་ཀྱི་དབང་དང༔ ཡང་གསང་བླ་ན་མེད་པ་རིག་པའི་རྩལ་དབང་བསྐུར་བ་དང་བཞི་རུ་ཡོད་པར་གསུངས་པ་ལས་སྐབས་འདིར་ཕྱིའི་བུམ་དབང་བསྐུར་བ་ཡིན་པས་དབང་དོན་བརྡ་འཕྲོད་པར་གྱིས་ཤིག །ཧཱུྃ༔ བུམ་པ་དབང་གི་རྒྱལ་པོ་ཡི༔ ཟླུམ་པོ་ཆོས་ཀྱི་དབྱིངས་ཀྱི་རྟགས༔ ཆུ་གཙང་བྱང་ཆུབ་སེམས་ཀྱི་རྒྱུན༔ འབྲུ་ལྔ་རྣམ་པར་སྣང་མཛད་དེ༔ སྙིང་པོ་ལྔ་ནི་རྡོ་རྗེ་སེམས༔ རིན་ཆེན་ལྔ་པོ་འབྱུང་ལྡན་རྫས༔ སྤོས་ལྔ་སྣང་བ་མཐའ་ཡས་མཚོན༔ སྨན་ལྔ་དོན་ཡོད་གྲུབ་པ་འོ༔ མགུལ་ཆིངས་སྒོ་མའི་ཕྱག་རྒྱར་གསལ༔ ཁ་རྒྱན་ལོངས་སྤྱོད་རྫོགས་པའི་སྐུ༔ གཟུངས་ཐག་སྤྲུལ་སྐུའི་འོད་ཟེར་བརྒྱུད༔ ལུས་ལ་རེག་པས་དྲི་མ་དག༔ སེམས་ལ་རྟོགས་པས་རྟོག་པ་དག༔ ཨོཾ༔ ཆོས་སྐུ་སྐྱེ་བ་མེད་པས་ཉོན་མོངས་སངས༔ རིག་པ་རང་ངོ་ཤེས་པས་ཡེ་ཤེས་རྒྱས༔ ཐུགས་རྗེ་རྒྱུན་ཆད་མེད་པས་སྤྲུལ་སྐུ་འབྱུང༔ རང་བྱུང་རང་ངོ་ཤེས་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ མགོ་བོའི་གནས་ལྔར་བཞག་ལ། བུདྡྷ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨོཾ༔ བཛྲ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ རཏྣ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཏྲཱཾ༔ པདྨ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧྲཱི༔ ཀརྨ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱ༔ མེ་ཏོག་འཐོར་ཞིང་། རིགས་ཀྱི་བུ་ལ་བུམ་པས་དབང་བསྐུར་བས་ཆོས་སྐུ་སྐྱེ་བ་མེད་པའི་དབྱིངས་ནས་རང་སྣང་ལོངས་སྤྱོད་རྫོགས་པའི་སྐུར་ཤར་ཏེ་སྤྲུལ་སྐུ་གང་ལ་གང་འདུལ་གྱི་དབང་བསྐུར་ནུས་པར་གྱུར་ཅིག །དེ་ལྟར་དབང་བསྐུར་བའི་ཆུ་ཞབས་གྱེན་དུ་འཁྱིལ་པ་ལས་རིགས་ལྔས་དབུར་བརྒྱན་པར་མོས་མཛོད། རིགས་ལྔའི་དབུ་རྒྱན་ཐོགས་ལ། ཧཱུྃ༔ སངས་རྒྱས་ལྔ་ཡི་བཞུགས་གནས་ནི༔ སྐལ་ལྡན་མོས་པའི་སྤྱི་གཙུག་ཏུ༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ པདྨ་རྡོ་རྗེ་རྒྱ་གྲམ་ལྔ༔ རྒྱལ་བ་རིགས་ལྔའི་ཕྱག་རྒྱ་འདི༔ བཞག་པས་ཡེ་ཤེས་ལྔ་ཐོབ་ཤོག༔ ཨོཾ་བཛྲ་བུདྡྷ་རཏྣ་པདྨ་ཀརྨ་མུ་ཀུཊ་ཨ་བྷི་ཥིཉྩ་ཨཱ༔ དེ་བརྟན་བྱེད་སླར་ཡང་རྣམ་བུམ་གྱི་ཆུས་དབང་བསྐུར་ཞིང་། ཧཱུྃ༔ རྡོ་རྗེ་སེམས་དཔའ་རྣམ་སྣང་མཛད༔ རིན་ཆེན་འབྱུང་ལྡན་སྣང་མཐའ་ཡས༔ དོན་ཡོད་གྲུབ་པ་རྒྱལ་བ་ལྔའི༔ ཤེས་རབ་ཡུམ་གྱི་ཆ་འཛིན་པ༔ ནམ་མཁའི་དབྱིངས་ཕྱུག་སངས་རྒྱས་སྤྱན༔ མཱ་མ་ཀི་དང་གོས་དཀར་མོ༔ དམ་ཚིག་སྒྲོལ་མ་ཡུམ་ཆེན་ལྔ༔ གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུ༔ བདུད་རྩིའི་རང་བཞིན་རྣམ་པ་ལྔས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨ་ཧ་རི་ནི་ས་ཨ་བྷི་ཥིཉྩ་ཧཱུྃ༔ སིདྡྷི་ཕ་ལ་ཧོ༔ རྟོགས་པ་བསྐྱེད་པ་ནི། ཧོ༔ རིགས་ཀྱི་བུ་ཁྱོད་བུམ་པའི་དབང༔ བསྐུར་བ་གང་ཡིན་ཐོབ་པས་ན༔ སྣོད་བཅུད་དག་པ་གཞལ་ཡས་ཁང༔ ལུས་དང་གཟུགས་སྣང་ལྷ་ཚོགས་ཉིད༔ དེ་ཕྱིར་ཕྱོགས་རིས་མ་བྱེད་པར༔ སངས་རྒྱས་སེམས་ཅན་མཉམ་པར་སྦྱོར༔ ཆགས་སྡང་མ་བྱེད་བྱས་ན་གོལ༔ མ་བྱས་གཉིས་མེད་ཡེ་ཤེས་སྐྱེ༔ ཕྱི་ལྟར་བུམ་པ་ལྷ་ཡི་དབང༔ བྱང་ཆུབ་སེམས་དཔའི་རིགས་ལ་བསྐུར༔ གཙོ་བོར་ལུས་ཀྱི་དྲི་མ་དག༔ བསྐྱེད་རིམ་བསྒོམ་པའི་སྐལ་པ་ཐོབ༔ ཕྱི་མཆོད་ཞི་བ་ས་དྲུག་དང༔ འབྲས་བུ་སྤྲུལ་སྐུ་ཐོབ་པ་ཡིན༔ ཞེས་བརྗོད། དེ་ནས་ནང་ལྷ་དབང་མཐའ་རྟེན་དང་བཅས་པ་བསྐུར་བ་ལ་ཁྱེད་རང་རྣམས་གཞི་ལུས་རྡོ་རྗེ་གཞོན་ནུར་གསལ་བའི་སྙིང་ག་པདྨ་འདབ་བརྒྱད་ཀྱི་དབུས་སུ། རང་རིག་བླ་མ་རྡོ་རྗེ་དྲག་པོ་རྩལ་བཞུགས་པའི་ཕྱོགས་མཚམས་སྒྲུབ་སྡེ་བརྒྱད་ཀྱི་ལྷ་རྣམས་བཞུགས་པར་གསལ་བཏབ་པའི་དམ་ཚིག་པ་ལ། དཀྱིལ་འཁོར་གྱི་ཡེ་ཤེས་ལྷ་རྣམས་མར་མེ་གཅིག་ལས་གཉིས་ཆད་ལྟར་བྱོན་ཏེ་ལྷ་སོ་སོ་ལ་ཐིམ་པས་དམ་ཚིག་ཡེ་ཤེས་གཉིས་མེད་དུ་གྱུར་པའི་མོས་པ་མཛོད། གཙོ་བོའི་སྐུ་སྤྱི་གཙུག་ཏུ་བཞག་སྟེ། ཧཱུྃ༔ བདེ་གཤེགས་ཀུན་འདུས་རྡོ་རྗེ་དྲག་པོ་རྩལ༔ སངས་རྒྱས་ཀུན་གྱི་ཐུགས་ཀྱི་སྤྲུལ་པ་སྟེ༔ རྒྱ་མཚོ་དྭངས་པའི་ཀློང་ནས་བརྡ་ཡིས་བསྐྱེད༔ སངས་རྒྱས་ཀུན་གྱི་སྐུ་ཡི་སྤྲུལ་པ་སྟེ༔ རང་བྱུང་མཚན་དང་དཔེ་བྱད་ལྡན་པར་བྱོན༔ པདྨ་འབྱུང་གནས་ཞེས་སུ་མཚན་ཡང་གྲགས༔ དཔལ་ཆེན་ཁྲག་འཐུང་ཆེན་པོའི་ཐུགས་ཀྱི་སྲས༔ མ་ཧཱ་གུ་རུ་རྡོ་རྗེ་དྲག་པོ་རྩལ༔ རྡོ་རྗེ་ཕག་མོ་ཡུམ་དང་གཉིས་སུ་མེད༔ རིགས་ཀྱི་བདག་པོ་བླ་མའི་དབང་ཐོབ་ཤོག༔ ཨོཾ་བཛྲ་མ་ཧཱ་གུ་རུ་པདྨ་སིདྡྷི་ས་མ་ཡ་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱ༔ དཀྱིལ་འཁོར་དབུས་ཀྱི་རྡོ་རྗེ་རྩེ་དགུ་དང་དྲིལ་བུ་གཏད་ལ་སྔགས་དེ་ཉིད་ལན་གཅིག་བརྗོད། ཤར་གྱི་རྡོར་དྲིལ་བླངས་ལ་ཡང་དག་སྔགས་ཀྱིས་གཏད། དེའི་སྐུ་སྙིང་གར་བཞག་ལ། ཧཱུྃ༔ ཞེ་སྡང་གནས་གྱུར་མེ་ལོང་ཡེ་ཤེས་ཤར༔ ཡེ་ཤེས་གསལ་བ་བཛྲ་ཧེ་རུ་ཀ༔ ཀྲོ་དྷཱི་ཤྭ་རཱི་ཡུམ་དང་གཉིས་སུ་མེད༔ རྡོ་རྗེ་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱ༔ ཤར་ལྷོའི་རྡོ་རྗེ་བྷནྡྷ་མ་མོའི་སྔགས་ཀྱིས་གཏད། དེའི་སྐུ་གསང་བར་བཞག་ལ། ཧཱུྃ༔ མ་ཆགས་རོལ་པའི་ཡེ་ཤེས་ཤར་བ་ལ༔ འབྱུང་བའི་བདག་མོ་རྟགས་ཀྱི་རྒྱལ་མོ་ལྔ༔ མངོན་རྫོགས་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀ༔ ཡུམ་ཆེན་མུ་ཁ་ལེ་དང་གཉིས་སུ་མེད༔ བདེ་ཆེན་ཡུམ་གྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཧཱུྃ་ཧ་ཧེ་ཕཊ་བྷྱོ་སརྦ་ས་མ་ཡ༔ ཨ་བྷི་ཥིཉྩ་ཨཱ༔ ལྷོའི་འཁོར་ལོ་བེ་ཅོན་གཤིན་རྗེའི་སྔགས་ཀྱིས་གཏད། དེའི་སྐུ་དཔྲལ་བར་བཞག་ལ། ཧཱུྃ༔ ང་རྒྱལ་གནས་གྱུར་མཉམ་ཉིད་ཡེ་ཤེས་ཤར༔ ཡེ་ཤེས་ཡོངས་རྫོགས་འཇམ་དཔལ་གཤིན་རྗེ་གཤེད༔ ཡུམ་ཆེན་བེ་ཏཱ་ལཱི་དང་གཉིས་སུ་མེད༔ འཇམ་དཔལ་སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཨཱ༔ ལྷོ་ནུབ་ཐོད་པ་ཁ་སྦྱོར་ཆེ་མཆོག་སྔགས་ཀྱིས་གཏད། དེའི་སྐུ་སྤྱི་བོར་བཞག་ལ། ཧཱུྃ༔ ཆོས་སྐུ་མཉམ་ཉིད་ངང་ལས་མ་གཡོས་ཀྱང༔ ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ༔ ཁྲོ་མོ་གནམ་ཞལ་མ་དང་གཉིས་སུ་མེད༔ ཡོན་ཏན་ལྷུན་གྱིས་གྲུབ་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཨཱ༔ ནུབ་ཀྱི་པདྨ་རྔེའུ་ཆུང་རྟ་མགྲིན་སྔགས་ཀྱིས་གཏད། དེའི་སྐུ་མགྲིན་པར་བཞག་ལ། ཧཱུྃ༔ འདོད་ཆགས་གནས་གྱུར་ཀུན་རྟོག་ཡེ་ཤེས་ཤར༔ ཡེ་ཤེས་རྒྱས་པ་པདྨ་ཧེ་རུ་ཀ༔ པདྨ་གཟི་ལྡན་མ་དང་གཉིས་སུ་མེད༔ པདྨ་གསུང་གི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་པདྨཱནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཨཱ༔ ནུབ་བྱང་རྡོ་རྗེ་དང་ཐོད་པ་བུམ་རིལ་དྲེགས་པའི་སྔགས་ཀྱིས་གཏད། དེའི་སྐུ་པུས་མོ་གཡས་སུ་བཞག་ལ། ཧཱུྃ༔ དྲག་པོ་ཁྲོ་བོའི་སྐུ་ལས་དཔའ་བོར་བཞེངས༔ དྲེགས་པ་ཀུན་འདུལ་ཕྱག་ན་རྡོ་རྗེའི་སྐུ༔ སྲིད་པ་སྤྱི་འདུལ་ཡུམ་དང་གཉིས་སུ་མེད༔ ཆོས་སྐྱོང་ལས་ལ་འཁོལ་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཨཱ༔ བྱང་གི་ལྕགས་ཕུར་ཕུར་པའི་སྔགས་ཀྱིས་གཏད། དེའི་སྐུ་ལྟེ་བར་བཞག་ལ། ཧཱུྃ༔ ཕྲག་དོག་རྣམ་དག་བྱ་བ་གྲུབ་པའི་ངང༔ ཡེ་ཤེས་མཐར་ཕྱིན་རྡོ་རྗེ་གཞོན་ནུའི་སྐུ༔ འཁོར་ལོ་རྒྱས་འདེབས་མ་དང་གཉིས་སུ་མེད༔ ཕྲིན་ལས་ཕུར་པའི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཨཱ༔ བྱང་ཤར་རྡོ་རྗེ་ཙིཏྟ་དྲག་སྔགས་ཛཔ྄་ཀྱིས་གཏད། དེའི་སྐུ་པུས་མོ་གཡོན་དུ་བཞག་ལ། ཧཱུྃ༔ ཉོན་མོངས་འཚུབས་པའི་སེམས་ཅན་འདུལ་བའི་ཕྱིར༔ ཞེ་སྡང་ཁྲོས་པའི་སྟོབས་ལྡན་ནག་པོ་བཞེངས༔ འབྱུང་བ་ལྔ་ཡི་བདག་མོ་ཡུམ་དང་སྦྱོར༔ དམོད་པ་དྲག་སྔགས་གྲུབ་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་དུཥྚཱཾ་ཨེ་ཛཿབྷྱོ༔ ཨ་བྷི་ཥིཉྩ་ཨཱ༔ དེ་ལྟར་ལྷ་དབང་གྲུབ་ནས་མཐའ་རྟེན་དུར་ཁྲོད་དྲག་པོའི་རྒྱན་ཆས་རྣམས་ཀྱིས་མངའ་གསོལ་བར་མོས་ཤིག །ཆས་རྣམས་གནས་སོ་སོར་བགོ་བའི་ཚུལ་བྱས་ལ། ཧཱུྃ༔ ང་རྒྱལ་མ་སྤངས་རང་གྲོལ་བ༔ ཐོད་པའི་ཕྲེང་བས་དབང་བསྐུར་རོ༔ ཧཱུྃ༔ གཏི་མུག་མ་སྤངས་རང་གྲོལ་བ༔ གླང་ཆེན་ཀོ་རློན་དབང་བསྐུར་རོ༔ ཧཱུྃ༔ ཞེ་སྡང་མ་སྤངས་རང་གྲོལ་བ༔ སྦྲུལ་གྱི་ཆུན་པོས་དབང་བསྐུར་རོ༔ ཧཱུྃ༔ འདོད་ཆགས་མ་སྤངས་རང་གྲོལ་བ༔ ཞིང་ཆེན་གཡང་གཞིས་དབང་བསྐུར་རོ༔ ཧཱུྃ༔ ཕྲག་དོག་མ་སྤངས་རང་གྲོལ་བ༔ སྟག་གི་ཤམ་ཐབས་དབང་བསྐུར་རོ༔ ཧཱུྃ༔ ཁམས་གསུམ་དབང་དུ་སྡུད་པའི་ཕྱིར༔ རཀྟའི་ཐིག་ལེས་དབང་བསྐུར་རོ༔ ཧཱུྃ༔ བསོད་ནམས་ཚོགས་ཆེན་རྫོགས་པའི་ཕྱིར༔ ཞག་གི་ཟོ་རིས་དབང་བསྐུར་རོ༔ ཧཱུྃ༔ གདུག་པ་མ་ལུས་འདུལ་བའི་ཕྱིར༔ ཐལ་ཆེན་ཚོམ་བུས་དབང་བསྐུར་རོ༔ ཧཱུྃ༔ མི་ཤིགས་རྡོ་རྗེ་སྲ་བའི་གོ༔ རྡོ་རྗེའི་གོ་ཁྲབ་དབང་བསྐུར་རོ༔ ཧཱུྃ༔ མ་རིག་འཁོར་བའི་མུན་པ་སེལ༔ ཡེ་ཤེས་མེ་དཔུང་དབང་བསྐུར་རོ༔ ཧཱུྃ༔ ཕ་རོལ་ཕྱིན་དྲུག་ཡུམ་གྱི་རྒྱན༔ རུས་པའི་ཕྱག་རྒྱས་དབང་བསྐུར་རོ༔ ཨོཾ་ཤྲཱི་ཧེ་རུ་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུྃ་སྭཱ་ཧཱ༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ་ཨཱ༔ སྔགས་འདི་གོང་གི་རྒྱན་དབང་ཀུན་གྱི་མཐར་སྦྱར་ཡང་རུང་ངོ་། །དེ་ནས་འགྲོ་དོན་ཕྲིན་ལས་ཀྱི་དབང་བསྐུར་བ་ལ་ཁྱེད་རང་རྣམས་ཀྱི་ཕྱག་གཡས་གཡོན་ཏུ་རྡོ་རྗེ་དང་དྲིལ་བུ། མཆན་ཁུང་རྒྱལ་མཚན། རོལ་མོ་ཕྱག་ཏུ་གཏད་པ་རྣམས་འབུད་བརྡུང་བྱས་ཏེ་སྙིང་རྗེ་ཆེན་པོའི་སྒོ་ནས་གཞན་དོན་དཔག་མེད་བསྒྲུབ་པའི་འདུན་པ་མཛོད་ཅིག །ཧཱུྃ༔ རྡོ་རྗེ་རྩེ་ལྔ་ཡེ་ཤེས་ལྔ༔ ཉོན་མོངས་དུག་ལྔ་འཇོམས་པའི་རྫས༔ ཐབས་ཀྱི་ཕྱག་རྒྱ་རབ་ཏུ་བཟུང༔ རྡོ་རྗེའི་དབང་མཆོག་ཐོབ་པར་ཤོག༔ ཛྙཱ་ན་པཉྩ་བཛྲ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ཆོས་དབྱིངས་སྒྲ་སྒྲོག་དྲིལ་བུ་འདིས༔ གསུང་རབ་བཅུ་གཉིས་སྒྲ་བསྒྲགས་པས༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ༔ ཤེས་རབ་ཕྱག་རྒྱ་ལེན་པར་ཤོག༔ དྷརྨ་དྷཱ་ཏུ་ཤབྡ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ འཇིག་རྟེན་གསུམ་གྱི་མགོན་པོ་གྱིས༔ ཆོས་ཀྱི་རྒྱལ་མཚན་ལེགས་པར་ཟུངས༔ གསང་སྔགས་སྙིང་པོས་སྨིན་པར་བྱོས༔ རྒྱལ་མཚན་རྟགས་ཀྱི་དབང་བསྐུར་རོ༔ ཨོཾ་ཛྙཱ་ན་ཀེ་ཏུ་རཱ་ཛ་དྷརྨེ་ཤྭ་ར་ཧཱུྃ༔ ཧཱུྃ༔ ཆོས་རྣམས་སྒྲ་ལས་འབྱུང་བའི་ཕྱིར༔ དུང་དཀར་གཡས་སུ་འཁྱིལ་བ་འདི༔ སྟོང་གསུམ་གྲགས་པར་རབ་ཏུ་བུས༔ ཐམས་ཅད་འདུལ་བར་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤབྡ་དྷརྨ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཧཱུྃ༔ རྔ་ཆེན་དབང་གི་རོལ་མོ་འདི༔ ཐམས་ཅད་དབང་དུ་བསྡུ་བའི་ཕྱིར༔ ཁམས་གསུམ་སྒྲ་ཡིས་གང་བར་གྱིས༔ དབང་གི་རྒྱལ་པོར་དབང་བསྐུར་རོ༔ ཨོཾ་བཛྲ་ཛྙཱ་ན་བིདྱཱ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ སྣང་གསལ་སྒྲོན་མེ་རྣམ་པ་གསུམ༔ ཁྱོད་ཀྱིས་སྤོར་ལ་སྲིད་གསུམ་གྱི༔ མ་རིག་མུན་པ་སེལ་བར་གྱིས༔ གསལ་བའི་སྒྲོན་མེས་དབང་བསྐུར་རོ༔ ཨོཾ་ཛྙཱ་ན་ཙཀྵུ་སཱུརྻ་ཨཱ་ལོ་ཀེ་ཨ་བྷི་ཥིཉྩ་ཨཱ༔ ཞེས་མར་མེ་སྦར་ལ་གཏད། དེ་ལྟར་བུམ་དབང་འཁོར་བཅས་ཐོབ་པས་ལུས་ཀྱི་སྒྲིབ་པ་དག །བསྐྱེད་རིམ་བསྒོམ་པ་དང་ཕྱི་མཆོད་ལ་དབང་། ཞི་བའི་ལས་འགྲུབ། ས་དྲུག་ནོན། སྤྲུལ་སྐུ་ཐོབ་པའི་སྐལ་ལྡན་དུ་བྱས་པ་ཡིན་ནོ། །ཞེས་དབང་གི་རྟོགས་པ་བསྐྱེད་དོ། །གཉིས་པ་གསང་བའི་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ་བླ་མ་གསང་བའི་བདག༔ བདག་ལ་གཉིས་མེད་རོལ་པ་ཡི༔ བདེ་བ་ཆེན་པོའི་དངོས་གྲུབ་ཞུ༔ གསང་བའི་དབང་བསྐུར་མཛད་དུ་གསོལ༔ ལན་གསུམ། གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་མིག་དར་བཅིང་བའམ་འཆིང་བར་མོས་མཛོད། དེ་ཡང་བླ་མ་དཀྱིལ་འཁོར་གཙོ་བོ་དང་གཉིས་སུ་མེད་པ་གུ་རུ་དྲག་པོ་རྩལ་ཡུམ་ཁྲོས་མ་ནག་མོ་དང་མཉམ་པར་སྦྱར་བའི་བདེ་བའི་སྒྲས་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས་འཁོར་ལོ་བཞིའི་གནས་སུ་རྗེས་སུ་ཆགས་པ་དང་གཏུམ་མོའི་མེས་ཞུ་བྱང་སེམས་སུ་གྱུར་པ་ཡུམ་གྱི་མཁར་བབ་སྟེ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་གྱི་རྒྱུན་གསང་རྫས་དང་འདྲེས་པ་ངག་ཏུ་སྟེར་བར་མོས་མཛོད། ཐོད་པའི་བདུད་རྩི་ཐོགས་ལ། ཧཱུྃ༔ དྲི་མེད་ཡབ་ཀྱི་བྱང་ཆུབ་སེམས༔ ཆགས་མེད་ཡུམ་གྱི་རཀྟ་དམར༔ དབྱེར་མེད་བྱང་ཆུབ་བདེ་བའི་ལམ༔ བྱང་སེམས་གསང་བའི་དབང་བསྐུར་རོ༔ ཨོཾ་བོ་དྷི་ཙིཏྟ་ཀ་མ་ལ་སིདྡྷི་ཧཱུྃ་ཧཱུྃ༔ མ་ཧཱ་སུ་ཁ་ཧོ༔ ཞེས་ལྕེ་སྟེང་དུ་བླུད་དེ། ཧོཿ ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དོན་རྟོགས་ནས་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་དབང་ཐོབ་པར་གྱུར་ཅིག །དེའི་རྗེས་འབྲེལ་གཏུམ་མོའི་མེ་དབང་ནི། བྱང་སེམས་དཀར་དམར། སུགྨེལ། ཚ་བ་གསུམ། ཚྭ་སྣ་གསུམ་རྣམས་སྦྱར་བའི་རིལ་བུ་ཐོད་ཆང་དང་སྦྱར་བ་བྱིན་ལ། ཧཱུྃ༔ ལུས་འདི་རྩ་རླུང་ཐིག་ལེའི་གནས༔ རྩ་འདུལ་རླུང་སྦྱོངས་ཐིག་ལེ་བཟུང༔ དབུ་མར་རླུང་སེམས་ཆུད་པ་དང༔ བསྒོམ་བྱ་སྒོམ་བྱེད་གཉིས་སྣང་གྲོལ༔ རྩ་རླུང་ཐིག་ལེ་དྲོད་ཀྱི་དབང༔ སྐལ་ལྡན་ཁྱོད་ལ་བསྐུར་བར་བྱ༔ ཨོཾ་བཛྲ་ཙཎྜ་ལཱི་རཾ་སརྦ་ཏ་ཐཱ་ག་ཏ་ཤ་རཱི་རཾ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ གསང་དབང་ཐོབ་པའི་བརྡར་མིག་དར་སོལ་ཅིག །རྟོགས་པ་བསྐྱེད་པ་ནི། དེ་ལྟར་གསང་དབང་ཐོབ་པས་ངག་གི་སྒྲིབ་པ་དག །ལམ་རྫོགས་རིམ་རླུང་དང་གཏུམ་མོ་མཚན་བཅས་ཀྱི་རིམ་པ་བསྒོམ་པ་དང་ཤ་ལྔ་བདུད་རྩི་སོགས་ནང་མཆོད་ལ་དབང་། རྒྱས་པའི་ལས་འགྲུབ། ས་བརྒྱད་པ་ནོན། ལོངས་སྐུ་ཐོབ་པའི་སྐལ་ལྡན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བཏབ་རྗེས་ཟློས་གསང་དབང་དེ་བླངས་ལ། ཤེར་ཡེའི་དབང་བསྐུར་ཞེས་ཁ་བསྒྱུར། བྷ་གའི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་བའམ་བཅིངས་པར་མོས་མཛོད། ཤེས་རབ་མའི་ཙཀླི་ཐོགས་ལ། དགའ་བ་ཆེན་མོའི་ལྷ་མོ་འདི༔ མཛེས་སྡུག་ཡིད་འོང་གསང་བའི་ཡུམ༔ ཟུངས་ཤིག་ཟུངས་ཤིག་སྐལ་པ་ཅན༔ བདེ་ཆེན་རོལ་པས་མཆོད་པར་གྱིས༔ ཞེས་བརྗོད་པས་སློབ་བུའི་ལག་པ་གཡས་སུ་གཏད་པ་ལ། ཕྱག་རྒྱ་དེས་སྤྲོ་བ་དྲིས་པར་མོས་མཛོད། བཤང་གཅིའི་རྫས་ལ་ཟ་ནུས་སམ༔ ཁྲག་དང་ཁུ་བ་བསྟེན་ནུས་སམ༔ བུད་མེད་ཡོངས་ལ་སྤྲོ་བྱེད་དམ༔ བྷ་ག་པདྨར་འོ་བྱེད་དམ༔ རྟོག་པ་ཐམས་ཅད་འཇོམས་ནུས་སམ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས་མཛོད། བཤང་གཅིའི་རྫས་ལ་ཟ་ནུས་སོ༔ ཁྲག་དང་ཁུ་བ་བསྟེན་ནུས་སོ༔ བུད་མེད་ཡོངས་ལ་སྤྲོ་བྱེད་དོ༔ བྷ་ག་པདྨར་འོ་བྱེད་དོ༔ རྟོག་པ་ཐམས་ཅད་འཇོམས་ནུས་སོ༔ དེ་ལྟར་ལན་བཏབ་པས། ཕྱག་རྒྱ་དེས་གོས་ཕུད་ཅིང་ཆུ་སྐྱེས་གུར་གུམ་སོགས་ཀྱིས་དྲི་ཞིམ་པར་བྱས། རྩ་མཆོག་ཏུ་རྒྱས་པའི་པདྨ་སྟོན་ཅིང་འདི་ལྟར་གསུངས་པར་མོས་མཛོད། ཨེ་མ་ཧོ་བདག་གི་པདྨ་འདི༔ བདེ་བ་ཐམས་ཅད་འབྱུང་བའི་གནས༔ ཐེ་ཚོམ་མེད་པར་འདི་བསྟེན་ན༔ དངོས་གྲུབ་ཐམས་ཅད་འདི་ལས་འབྱུང༔ སྐྱེ་བོ་མ་རིག་རང་གར་སྤྱོད༔ ཐེ་ཚོམ་ཅན་རྣམས་འདི་སྤོང་བ༔ དེ་ལ་མཆོག་གི་དངོས་གྲུབ་མེད༔ ཅེས་བརྗོད། དེ་པང་དུ་བྱོན་པ་ལས། ཁྱེད་རང་རྣམས་རྡོ་རྗེ་དྲག་པོ་རྩལ་དང་ཡུམ་ཁྲོས་ནག་ཏུ་བསྐྱེད་པ་ནི་ཡབ་ཡུམ་ལྷར་འདུ་ཤེས་པ་སྤྲུལ་སྐུ་ལམ་བྱེད། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་བུ་གར་ཕཊ་ཀྱིས་བཀག་པ་དང་། ཡུམ་གྱི་ཆུ་སྐྱེས་ཨཱཿལས་པདྨ་འདབ་བརྒྱད་ཟེའུ་འབྲུར་ཨཱཿས་མཚན་པ་མཁའ་གསང་རྡོ་རྗེ་དང་པདྨར་འདུ་ཤེས་པ་ལོངས་སྐུ་ལམ་བྱེད། བདག་ཉིད་ཆོས་སྐུར་མཚོན་པ་ཡིད་ཆོས་ཉིད་དུ་འདུ་ཤེས་པའི་སྒོ་ནས་སྙོམས་འཇུག་ཆོས་སྐུ་ལམ་བྱེད། ཕྱག་རྒྱའི་གཟུགས་ལ་བལྟ་བ་དང་ངག་ལ་ཉན་པ་དང་དྲི་ལ་སྣོམ་པ་དང་། རེག་བྱ་ཙུམྦྷ་ན་དང་འཁྱུད་པའི་སྦྱོར་བ་སོགས་ལ་བརྟེན་ནས་དགའ་བ་ཆེར་རྒྱས་བསྲུབ་པ་དང་སྲུབ་པའི་སྦྱོར་བ་ལ་བརྟེན་ནས་ཡབ་ཡུམ་གྱི་ཁམས་དྭངས་མ་བདེ་དྲོད་ཀྱི་ཞུ་བདེ་ཨ་ཝ་དྷཱུ་ཏིའི་ལམ་བརྒྱུད་སྤྱི་བོ་ནས་མགྲིན་པར་བབས་པ་དགའ་བ། སྙིང་གར་མཆོག་དགའ། ལྟེ་བར་དགའ་བྲལ། གསང་བ་མཁའ་གསང་དུ་ཐིག་ལེ་དཀར་དམར་གཅིག་ཏུ་འདྲེས་པ་ནི་ཡས་བབས་ཀྱི་དགའ་བ་བཞི། སླར་ཡང་ཧཱུྃ་ཞེས་རླུང་འཕོ་བ་མེད་པའི་སྟོབས་ཀྱིས་ཡུམ་གྱི་དམར་ཆ་དང་ལྷན་ཅིག་པར་ལྟེ་བར་དྲངས་པས་དགའ་བ། སྙིང་གར་མཆོག་དགའ། མགྲིན་པར་དགའ་བྲལ། སྤྱི་བོར་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ་མས་བརྟན་གྱི་དགའ་བ་བཞི་སྐྱེས། ཐ་མལ་གྱི་འཛིན་རྟོག་ཆོས་སྐུར་གྲོལ། བདེ་སྟོང་གི་རྟོགས་པ་ཁྱད་པར་ཅན་སྐྱེས་པར་མོས་མཛོད། རིགས་ཀྱི་བུ་ཁྱོད་ཀྱིས་བྷ་ག་བདེ་བ་ཆེན་པོའི་དཀྱིལ་འཁོར་མཐོང་ཞིང་གཟུང་འཛིན་གྱི་རྟོག་པ་ཕྲ་རགས་ཐམས་ཅད་འགགས་ཏེ་སེམས་ཉིད་ཀྱི་དྲི་མ་དག་པ་ཡིན་ནོ། །དབང་གསུམ་པ་ཐོབ་པའི་བརྡར་གདོང་གཡོགས་སོལ་ཅིག །རྟོགས་པ་བསྐྱེད་པ་ནི། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པས་སེམས་ཀྱི་དྲི་མ་དག །ལམ་བདེ་སྟོང་ཕྱག་རྒྱ་བསྟེན་པ་དང་གསང་མཆོད་ལ་དབང་། དབང་གི་ལས་འགྲུབ། ས་བཅུ་གཉིས་པ་ནོན། ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དབང་བཞི་པ་ཡེ་ཤེས་ཀྱི་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་བཏབ་པ་འདིའི་རྗེས་ཟློས། ཧོ༔ གསང་ཆེན་རོལ་པའི་དཀྱིལ་འཁོར་འདིར༔ བཀའ་དྲིན་ཆེན་པོའི་བླ་མ་ལ༔ གཡོ་སྒྱུ་མེད་པར་ལོངས་སྤྱོད་འབུལ༔ ཡང་དག་སྙིང་པོ་བསྟན་དུ་གསོལ༔ ལན་གསུམ། བླ་མས་བུའི་ལག་ཏུ་རྡོ་རྗེ་དང་དྲིལ་བུ་གཏད་དེ་མདུན་དུ་མེ་ལོང་དང་མན་ཤེལ་ཕྱར་ལ་འདི་སྐད་དོ། །ཧཱུྃ༔ ཁྱོད་ཉིད་ང་ཡི་སྲས་བྱེད་ན༔ རྡོ་རྗེ་དྲིལ་བུ་ལག་ཏུ་ཟུངས༔ རང་རིག་སེམས་ལ་ཅེར་གྱིས་ལྟོས༔ མི་བརྟན་འདུ་འཕྲོ་བྱེད་པའི་སེམས༔ བྱིང་རྨུགས་འཐིབས་པ་འཁྲུལ་པའི་གཞི༔ དེ་ལ་བུ་ཁྱོད་མ་ཞེན་པར༔ སེམས་དེ་ཀློད་པས་སྡུག་བསྔལ་གྲོལ༔ རིག་པ་རང་བྱུང་རྗེན་པར་འཆར༔ དེ་ལ་ཤེས་རབ་རང་བྱུང་ཟེར༔ ཡེ་ཤེས་འཆར་བའི་གཞི་ཡིན་པས༔ བུ་ཁྱོད་མ་ཡེངས་ངང་ལ་ཞོག༔ རང་སར་གསལ་ལ་འཛིན་པ་མེད༔ མེ་ལོང་གཡའ་དང་བྲལ་བ་འདྲ༔ དེ་ལ་ཡེ་ཤེས་འཆར་བའི་དཔེ༔ ཤེལ་ལ་འོད་ལྔ་འཆར་པ་འདྲ༔ དེ་ལ་བརྟན་པ་ཐོབ་པ་དང༔ རྡོ་རྗེ་འཆང་དང་རིག་འཛིན་དང༔ སྐལ་ལྡན་བུ་ཁྱོད་དབྱེར་མེད་འགྱུར༔ བིདྱཱ་ཛྙཱ་ན་མ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ལ་རིག་པ་ཡེ་ཤེས་ཀྱི་དབང་བསྐུར་བས་སྐུ་གསུམ་དང་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པར་གྱུར་ཅིག །ཅེས་དང་། དེའང་མན་ཤེལ་ཆོས་སྐུ །མེ་ལོང་ལོངས་སྐུ །རྡོར་དྲིལ་སྤྲུལ་སྐུ་མཚོན་པར་བྱེད་པའི་བརྡ་ཡིན་ལ། ཟག་མེད་དོན་དམ་གྱི་ཡེ་ཤེས་མཚན་མའི་སྤྱོད་ཡུལ་ལས་འདས་པ་བྱིང་རྨུགས་འཐིབས་པ་མ་ཡིན་པར་གསལ་འཚེར་དྭངས་མ་རིག་པ་རང་བྱུང་གི་ཡེ་ཤེས་སོ་མ་ལྷུག་པ་རང་མདངས་མ་འགགས་པ་སོ་སོར་གསལ་ཡང་འཛིན་མེད་མ་བཅོས་བདེ་བ་ཆེན་པོ་ཡེ་ཤེས་ལྔའི་གདངས་གསལ་ཕྱོགས་བཅུར་འཆར་ཞིང་རྩིས་གདབ་མེད་པ་བློ་འདས་གདོད་མའི་རང་བཞིན་སྤྲོས་པའི་མཐའ་དང་བྲལ་བ་ཡེ་གྲོལ་ལྷུག་པ་བཟོ་བཅོས་དང་བྲལ་བ་་ཀ་དག་རྫོགས་པ་ཆེན་པོའི་ཀློང་དུ་རང་བབས་སུ་མཉམ་པར་འཇོག་པར་ཞུ། དེ་ལྟར་དབང་བཞི་པ་ཐོབ་པས་སྒོ་གསུམ་གྱི་དྲི་མ་དག །ལམ་བློ་འདས་རྫོགས་པ་ཆེན་པོ་བསྒོམ་པ་དང་སྦྱོར་སྒྲོལ་གྱི་མཆོད་པ་ལ་དབང་། དྲག་པོའི་ལས་འགྲུབ། ས་བཅུ་བཞི་པ་ནོན། ངོ་བོ་ཉིད་སྐུ་དང་མངོན་བྱང་རྡོ་རྗེའི་སྐུ་ཐོབ་པའི་སྐལ་ལྡན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། དེ་ལྟར་ཟབ་མོའི་དབང་བསྐུར་རྫོགས་པར་ཐོབ་པས་གསང་སྔགས་ཀྱི་དམ་ཚིག་རྒྱུད་དང་མན་ངག་ནས་ལེགས་པར་བཤད་པ་རྣམས་ཀྱང་ཚུལ་བཞིན་བསྲུང་དགོས་སོ། །ཞེས་གདམས། ཕྱག་སློབ་མའི་སྤྱི་བོར་བཞག་ལ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ཀྱི༔ སྙིང་ལ་བླ་མ་རྡོ་རྗེ་འཆང༔ རིག་འཛིན་ང་དང་དབྱེར་མེད་གནས༔ དེ་ཕྱིར་མོས་པ་རྒྱུན་མ་གཅོད༔ ཁྱོད་ཀྱི་གསང་བའི་མིང་འདི་ཡིན༔ ཐོག་མ་རང་བྱུང་རིག་པ་རྩལ༔ གཉིས་པ་ཡེ་ཤེས་རང་ཤར་རྩལ༔ གསུམ་པ་ཡེ་ཤེས་རྫོགས་པའི་རྩལ༔ བཞི་པ་བདེ་ཆེན་དགྱེས་པའི་རྩལ༔ ལྔ་པ་ཕྲིན་ལས་གྲུབ་པའི་རྩལ༔ སྐལ་ལྡན་རྣམས་ལ་དབང་བསྐུར་ཚེ༔ གསང་མཚན་གདགས་པར་བྱ་བ་ནི༔ དང་པོ་མཁའ་འགྲོ་བདེ་ཆེན་མ༔ གཉིས་པ་མཁའ་འགྲོ་སྐལ་ལྡན་མ༔ གསུམ་པ་མཁའ་འགྲོ་གསལ་འབར་མ༔ བཞི་པ་མཁའ་འགྲོ་དོན་གྲུབ་མ༔ ལྔ་པ་ཌཱ་ཀི་དབང་ཆེན་མ༔ དེ་ལྟར་བཏགས་པ་ལས་གཉེར་གཏད༔ དང་པོ་དམ་ཚིག་གཉན་པོ་སྲུངས༔ གཉིས་པ་རྡོ་རྗེ་རྩེ་ལྔ་དང༔ ཐོད་པ་བཟང་པོ་རྟག་ཏུ་འཆང༔ གསུམ་པ་ཚེས་བཅུའི་མཆོད་པ་བཟུང༔ དེ་གསུམ་ཚེ་འདིར་མ་ཉམས་ན༔ བླ་མ་ལྷ་དང་ཁྱོད་དང་གསུམ༔ འབྲལ་བར་མི་སྲིད་མངོན་སངས་རྒྱ༔ པདྨ་འབྱུང་གནས་བདག་དང་མཉམ༔ མ་ཧཱ་ས་མ་ཡ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ དེ་ནས་ཚེ་ཡི་དངོས་གྲུབ་དང་ཚོགས་ཀྱི་ཡོ་བྱད་ལ་ལོངས་སྤྱད། གཏོར་མ་དགོས་འདོད་ཐམས་ཅད་འབྱུང་བ་རིན་པོ་ཆེར་གྱུར་པར་བསམས་ལ་མཐའ་རྟེན་གཏོར་དབང་བསྐུར་ཏེ། ཧཱུྃ༔ འདོད་ཡོན་ཆེན་པོའི་གཏོར་མ་འདི༔ དང་པོ་མཆོད་པའི་རྫས་སུ་ཕུལ༔ བར་དུ་དགྱེས་པའི་ཚུལ་གྱིས་བཞེས༔ ད་ལྟ་དངོས་གྲུབ་བདག་ལ་སྩོལ༔ སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་བསྐུར་ལ་དངོས་གྲུབ་བསྐུལ་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ལས་སྤྲུལ་པའི་སྐུར་བཞེངས་ལ༔ བདག་ལ་དངོས་གྲུབ་ཐམས་ཅད་སྩོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ འཛད་མེད་ནོར་གྱི་དངོས་གྲུབ་སྩོལ༔ བཅུད་ལྡན་ཟས་ཀྱི་དངོས་གྲུབ་སྩོལ༔ ཆོས་སྐུ་རང་བྱུང་ཡེ་ཤེས་ངང༔ ལོངས་སྤྱོད་རང་ལ་རྒྱས་པ་དང༔ སྤྲུལ་པ་ཕྱོགས་བཅུར་འགྱེད་ནུས་པའི༔ དངོས་གྲུབ་བདག་ལ་བསྩལ་དུ་གསོལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ གཏོར་མའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདུད་རྩིར་ཞུ་བར་བསམས་ལ་ཁམ་རེ་འགྱེད་ཅིང་གསང་རྫས་ཀྱི་ལྷག་གི་བདུད་རྩི་ཡང་སྦྱིན། གཏོར་ཕུད་དང་པོ་སྦྱིན་སྲེག་ཏུ་དབུལ་བར་ཡང་བཤད་པས་རྒྱས་པར་སྤྲོ་ན་མེ་མཆོད་བྱ་ཞིང་དེང་སང་དཀྱུས་ཀྱི་ཕྱག་ལེན་དུ་མི་མཛད་པར་སྣང་ངོ་། །དེ་ལྟར་དབང་བསྐུར་བ་ལེགས་པར་གྲུབ་པའི་དམ་ཚིག་སྲུང་སྡོམ་གྱི་སླད་དུ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ། ལུས་དང་ལོངས་སྤྱོད་འབུལ་བ། དགེ་བསྔོ་རྣམས་བྱས་ལ་སློབ་མ་གྱེས་སོ། །གསུམ་པ་རྗེས་ནི། ལས་བྱང་ལྟར་ལྷག་མ་གཏང་། ཆད་ཐོས་གཏེར་སྲུང་གི་གཏོར་མ་ཕུལ། བཤལ་ཆུས་བརྟན་མ་བསྐྱང་། གཏོར་མའི་དངོས་གྲུབ་གོང་དུ་བླངས་ཟིན་པས་དཀྱིལ་འཁོར་ལ་དངོས་གྲུབ་བླང་བའི་བསྐུལ་ཚིག །བསྟན་པ་འདི་ལ་ངོ་མཚར་རྨད་བྱུང་བའི༔ སོགས་ལས་བྱང་ལྟར་བྱ། དཀྱིལ་འཁོར་གྱི་མཆོད་པ་རྣམས་གསར་དུ་བཤམ་པའམ་ཁ་གསོས་ལ་ལས་བྱང་ལྟར་ཕྱི་ནང་གསང་མཆོད་ཕུལ། སྐྱེ་འགག་འགྱུར་མེད་མས་བསྟོད། ལྷག་ཆད་བསྐང་ཕྱིར་བཛྲ་གུ་རུ་ས་མ་ཡ། མ་ནུ་པཱ་ལ་ཡ་ཞེས་སོགས་བཞི་སྤེལ་སྦྱར་བའི་ཡིག་བརྒྱ་ཁ་ཤས་དང་། མ་འབྱོར་པ་དང་ཉམས་པ་དང་། །སོགས་ཀྱིས་བཟོད་པར་གསོལ། རས་བྲིས་དང་རྟེན་ལ་དམིགས་ཏེ། ཨོཾ། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཞེས་དང་། སུ་པྲ་ཏིཥྛས་མེ་ཏོག་འཐོར་ཞིང་བརྟན་བཞུགས་བྱ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་བུམ་པའི་ཡེ་ཤེས་པ་གཤེགས། ཛཿཧཱུྃ་བཾ་ཧོཿས་དམ་ཚིག་པ་བདག་ལ་བསྡུ། ད་ནི་དཀྱིལ་འཁོར་གསལ་བཏབ་ལ༔ ཞེས་སོགས་ཀྱི་སྒོ་ནས་རྟག་མཐའ་བསལ་ཕྱིར་རྫོགས་རིམ་དུ་བསྡུ། ཆད་མཐའ་བསལ་ཕྱིར་ལྷར་ལྡང་བསྔོ་སྨོན་དང་བཀྲ་ཤིས་རྒྱས་པར་བརྗོད་པར་བྱའོ། །སྔོན་དུས་རྩ་བ་ལད་དོགས་གཞུང་རྣམས་བསྡེབས། །སྐལ་བཟང་མཁས་གྲུབ་རྣམས་ཀྱི་མཛད་པ་ཡིན། །དེང་སང་དབང་རྒྱུན་ཙམ་ཡང་ཆད་ལ་ཉེ། །བསྟན་ཞབས་རྨོངས་པའི་ལག་ཁྱེར་འདི་ལྟར་ཟབ། །རྒྱུ་ཡི་དབང་གིས་རང་རྒྱུད་ལེགས་སྨིན་ནས། །རྡོ་རྗེ་ཁྲག་འཐུང་གསང་བའི་དཀྱིལ་འཁོར་དུ། འབྲས་བུའི་དབང་རྫོགས་ཡེ་ཤེས་བླ་མའི་གར། །དྲག་པོ་རྩལ་གྱི་གསང་བ་གསུམ་འགྲུབ་ཤོག །ཅེས་པའང་རང་འདྲའི་སྐལ་མཉམ་ལ་ལུང་རིགས་རྒྱས་བཤད་ཀྱི་ལོ་མ་མང་ན་རྩ་བའི་སྒོམ་དོན་བསྒྲིབས་ཏེ་སྟོར་བ་ཉམས་སུ་མྱོང་བས་ཁྱེར་བདེ་བའི་སླད་བྱང་པ་རིག་འཛིན་པདྨའི་མཚན་ཅན་གྱི་གསུང་རབ་གཅེས་བཏུས་ཀྱི་ཚུལ་དུ། པདྨ་གར་གྱི་དབང་ཕྱུག་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བསྡེབས་པ་དགེ་ལེགས་འཕེལ།། །།
གནམ་ཆོས་ལས་ནོར་བདག་ཨ་པ་ར་ཙིཏྟའི་སྒྲུབ་པ་ (Volume 51, Text 8)
གནམ་ཆོས་ལས་ནོར་བདག་ཨ་པ་ར་ཙིཏྟའི་སྒྲུབ་པ་བཞུགས་སོ༔ རྒྱ་གར་སྐད་དུ༔ ཡཀྵ་ཙིཏྟ་ཨ་པར་སཱ་དྷ༔ བོད་སྐད་དུ༔ གནོད་སྦྱིན་སྙིང་པོ་གཞན་གྱིས་མི་ཐུབ་པའི་སྒྲུབ་ཐབས༔ གསང་བདག་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ༔ ཡང་ཨ་པར་ཙིཏྟ་བསྒྲུབ་ན༔ གཏོར་མ་དཔེའུ་རིས་ལྟར་བཅས་ལ༔ དེ་ནས་ཛཾ་ལུཾ་གཉིས་ཀྱིས་བསྐོར༔ དེ་ལ་ནོར་བུ་བཞིས་བསྐོར༔ དེ་ལ་ཨ་པར་ཙིཏྟའི་སྐུ་རབ་བླུགས༔ འབྲིང་གནས་ཆེན་ས་སྣ་ལ་བཟོ༔ ཐ་མ་ཤིང་ལ་བཟོ༔ ཡང་ཐ་བྲི༔ སྐུ་དེ་རྟེན་རྫས་ལ་བཞག༔ དེ་ནས་སྒྲུབ་པ་ནི༔ རང་ཉིད་རྣམ་སྲས་སེར་པོ་བསྒོམ༔ མདུན་དུ་ཨ་པར་ཙིཏྟ་བསམ༔ དེ་ནས་འདི་སྐད་བརྗོད༔ ཨོཾ་བཛྲ་ཏྲིག་ཏྲིག་ཏྲིག་རུམ་ས་མ་ཡ་སཏྭ་སཾ་སཏྭ་ཡེ་སྭཱ་ཧཱ༔ དེ་ཅི་ཐོན་བརྗོད༔ དེའི་རྟགས་ལ་མི་ཆེན་གྱིས་བདག་ལ་འབུལ་བ་བཏང་བ་དང༔ ནོར་བུ་རིན་པོ་ཆེ་རྙེད་པ་དང༔ ཐམས་ཅད་ཀྱིས་དད་གུས་བྱེད་པ་དང༔ དངོས་གྲུབ་སྣ་ཚོགས་འབྱུང་བ་དང༔ དེ་དངོས་སམ་ཉམས་སམ་རྨི་ལམ་མམ་གང་བྱུང་འདྲ༔ དེ་ནས་འདི་སྐད་བརྗོད༔ ཧཱུྃ༔ དཔག་ཏུ་མེད་པའི་གོང་རོལ་ནས༔ ཀུན་ཏུ་བཟང་པོ་ཞེས་བྱ་བའི༔ སྤྲུལ་པ་ཐུགས་རྗེ་ཆེན་པོ་འཁྲུངས༔ དེ་ཡི་སྤྲུལ་པ་ཨ་པ་ར༔ ཙིཏྟ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཨ་ཏི་པཱུ་ཧོ༔ དེ་ནས་དངོས་གྲུབ་ཅི་འདོད་པ་འབྱུང་ངོ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་པ་རྒྱལ་ཟླ་བའི་བཅུ་གཅིག་སྔ་དྲོ་ལ་ཨ་པར་ཙིཏྟ་དམར་པོ་གཡས་པས་ལྕགས་ཀྱུ་གཡོན་ནེའུ་ལེ། གཅེར་བུ་སྟག་ཤམ་དང་རིན་པོ་ཆེའི་རྒྱན་དང་དར་དམར་གྱི་སྟོད་གཡོགས་ཅན་མིག་འབུར་བ་སྤྱན་གཉིས་ཁྲོ་འཛུམ་ཅན་གཅིག་གིས་དངོས་སུ་གསུངས་པའོ།། །། ༁ྃ༔ གནམ་ཆོས་ལས་ཨ་པར་ཙིཏྟའི་སྒྲུབ་ཐབས་གཉིས་པའི་དབུའོ༔ ྈྈྈ བཅོམ་ལྡན་རིན་ཆེན་མང་ལ་ཕྱག་འཚལ་ལོ༔ ཨ་པར་ཙིཏྟའི་སྒྲུབ་པ་ནི༔ རང་ཉིད་རྣམ་ཐོས་སྲས་དམར་པོ༔ གཡས་པས་རྒྱལ་མཚན་ལྕགས་ཀྱུ་དང༔ གཡོན་པས་ནེའུ་ལེ་མདུང་དར་འཛིན༔ དེ་མདུན་ཨ་པར་ཙིཏྟ་ནི༔ སྐུ་མདོག་དམར་སྔོ་ཞལ་གཅིག་པ༔ ཕྱག་གཉིས་ཕྱག་མཚན་འདི་ལྟར་རོ༔ ལྕགས་ཀྱུ་ཞགས་པ་ནེའུ་ལེ་འཛིན༔ ཨོཾ་བཛྲ་ཨ་པར་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛ༔ སིདྡྷི་ཕ་ལ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ་ཁ་ཐཾ༔ ྈྈྈ འདིའི་ཞལ་ཁྲིད་ནི་རང་རྣམ་སྲས་ཕྱག་གཉིས་པ༔ ཨ་པར་ནི་དར་སྔོན་པོའི་སྨད་གཡོགས་དམར་པོའི་སྟོད་གཡོགས༔ རིན་པོ་ཆེའི་རྒྱན་ཅན་ཞབས་ཕྱེད་སྐྱིལ༔ འདི་བསྒྲུབས་པས་དངོས་གྲུབ་ཐམས་ཅད་འབྱུང༔ རྒྱས་པའི་ལས་འགྲུབ༔ ཐམས་ཅད་དབང་དུ་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱཿ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་མེ་སྤྲེལ་ཐ་སྐར་ཟླ་བའི་ཚེས་བརྒྱད་ནུབ་ཉམས་སྣང་ལ་རྣམ་སྲས་དམར་པོ་ཞལ་གཟིགས་ཏེ་གསུངས་སོ།། །། འདིའི་དབང་གཟུངས་དབང་ལྟར་རོ།།
ཁྱུང་ནག་པོའི་སྡུད་སྤུར་གསད་པའི་སྔགས་ (Volume 46, Text 8)
ཁྱུང་ནག་པོའི་སྡུད་སྤུར་གསད་པའི་སྔགས་བཞུགས་སོ༔ དཔལ་རྡོ་རྗེ་ཁྱུང་ནག་ལ་ཕྱག་འཚལ་ལོ༔ ལྷོག་རྒོད་དྲག་པོ་འདུལ་བ་ལ༔ སྡུད་པའི་སྔགས་དང་སྤུར་བའི་སྔགས༔ གསད་པའི་སྔགས་ལ་ནན་ཏན་བསྐྱེད༔ ཨཱོྃ་ལྷང་ལྷང་ཚེར་ཚེར་ཏྲི་ཏ་ཤག་ཤག་ཐུཾ༔ ཤེལ་ཤིང་སྤུ་གེ་བ་བསྡུས་བསྡུས༔ ལྷོག་པའི་བུ་སྤུན་དགུ་པོ་སྡུད་པའི་སྔགས་འདིས་བསྡུས་ནས་ཀྱང༔ སྤུར་བའི་སྔགས་འདིས་དྲག་ཏུ་སྤུར༔ ཨཱོྃ་ཐིམ་སྤུར་ནད་སྤུར་རྒོད་སྤུར་བྱ་སྤུར༔ བཛྲ་ག་རུ་ཎ་སྤུར་སྭཱ་ཧཱ༔ དེ་ནས་གསད་པའི་སྔགས་འདི་བཟླས༔ ཨཱོྃ་དཾ་བྷྱོ༔ ཡག་བྷྱོ༔ སྙིང་གཟེར་བྷྱོ༔ ལྷོག་གཟེར་བྷྱོ༔ འབྲས་གཟེར་བྷྱོ༔ འབྲུམ་གཟེར་བྷྱོ༔ རྒྱུ་གཟེར་བྷྱོ༔ གཉན་ནད་སོད་སོད༔ མཱ་ར་ཡ་ཁ་ཐཾ༔ ལྷང་ལྷང་རྦད་རྦད༔ ཧུར་ཧུར་བྷྱོཿབྷྱོ༔ ཤིན་ཏུ་སོད་པར་དཀའ་ན་འདི་ཡང་བཟླས༔ ཨཱོྃ་ཏིས་ཏིས་ཀས་ཀས༔ ཙེར་ཙེར་ཤག་ཤག་རྦད་རྦད་སྭཱ་ཧཱ༔ དེས་ནི་རྣལ་འབྱོར་དོན་ཀུན་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ བྱང་ཟང་ཟང་ལྷ་བྲག་སྐེད་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ། །ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཁྱུང་ནག་འཁོར་ལོའི་བྲི་ཡིག་བཞུགས་སོ༔ ན་མོ༔ བྱ་ཁྱུང་ནག་པོའི་བསྲུང་བ་བྲི༔ ཁྱུང་གི་གཟུགས་བྲིས་ལ༔ རྭ་གཡས་པ་དག་ལ་སྔགས་འདི་བྲི༔ ཨཱོྃ་ཚི་རྟུལ་རྟུལ་རྨུག་ཤི་ཤི་ཧྲཱིཿཏྲཾ་ཙཀྲི་སད་རྦད་ཧ་ལ་བྷ་ཡེ་སརྦ་མཱ་ར་ཡ་རྦད༔ རྭ་གཡོན་པ་ལ༔ ཧ་ས་བྷ་ས་ཡི་རྦད་ཏྲི་རྦད་ས་རི་རྦད་སྭཱ་ཧཱ༔ ལག་པ་གཡས་པ་ལ༔ ཨཱོྃ་མ་ར་བྷ་ཏྲཾ་སརྦ་རྟུཾ་ཁྱུར་ཐུབ་ཐུབ་སྭཱ་ཧཱ༔ གཡོན་པ་ལ། རཱ་ཙ་ཧྱ་ཤི་མ་ར་ཏྲི་ཡཾ་རྦད་ཤ་ནེ་དུ་ཡ་ཁྲོཾ་རྦད་བྷྱོ༔ ཐུགས་ཀ་ལྟེ་བའི་བར་དག་ལ༔ ཏདྱ་ཐཱ༔ ཨཱོྃ་ཨི་ལ་མ་ཏི་ལི་མེ་ཧ་ལ་ནི༔ ཨུ་ཧ་ནེ་ཡ་ཏྱན་ཛྙཱ་ར་བྷ་ན་དྷ༔ མ་ཨེ་ཀ་ཏེ་ཀ་ན་ཙ་ཐ་ཀུ་ནི་ར་མ་ཛྷ་ན་ཧཱུྃ་ཕཊ་སྭཱ་ཧཱ༔ འཆང་བ་ལ་རིམས་ནད་རྒྱུ་གཟེར་གྱི་ནད་སྲུངས་ཤིག་རཀྵ༔ བརླ་གཡས་ལ༔ ཨཱོྃ་ཚལ་དུ་ཚལ་དུ་ས་ཏ་བྷ་ཧ་ཡ་ན་ཤ་ཡ་ཏྲཾ་ཛ་བྷནྡྷ་ཡ་ཕཊ་སྭཱ་ཧཱ༔ བརླ་གཡོན་ལ། ཨཱོྃ་ནཱ་ག་ས་དུ་ས་ཙ་ཏ་སེ་བེས་སོད༔ གྷ་ལ་ཧུར་ཁཾ་ཁྱུར་རྦད༔ མཇུག་མ་ལ༔ ཧ་ཌ་བྷེ་རླ་མ་རཱ་ཙ་དུ་ཤཾ་ཤི་ཁས་སྱ༔ ཀརྨ་དྷ་ན་དྷི་མུ་ག་རྦད་རྦད༔ ཐུགས་ཀར་ཧཱུྃ་ལ་ནྲྀ་བཞིས་བསྐོར་བ་བྲི༔ ཤུ་དག་ཤིང་ཀུན་གླ་བ་དང༔ མུ་ཟི་གུ་གུལ་སྨན་ཆེན་དང༔ སྤྲུ་ནག་ག་པུར་གུར་གུམ་དང༔ ཕག་ཁྲག་ར་ཁྲག་རྣམས་ཀྱིས་བྱུགས༔ རབ་གནས་གཞུང་བཞིན་བྱས་ལ་གདགས༔ སརྦ་མངྒ་ལཾ།། ༁ྃ༔ འཁོར་ལོའི་བཅང་ཐབས་ནད་རིམས་སྲུང་བ་བཞུགས༔ བྱ་ཁྱུང་ནག་པོའི་རྭ་གཉིས༔ ཡན་ལག་བཞི་དང་མཇུག་མ་སྟེ་བདུན་ལ་ནད་སྲུང་ཟློག་གི་སྔགས་འདི་བྲི༔ རྭ་གཡས་ལ༔ ཨཱོྃ་ཨཱཿཧཱུྃ་ཚི་རྟུལ་རྟུལ་རྨུག་ཤི་ཤི་ཧྲཱིཿཏྲཾ་ཙཀྲི་སད་རྦད་ཧ་ལ་བྷ་ཡེ་སརྦ་མཱ་ར་ཡ་རྦད༔ བྷྲཱུྃ་ཧཱུྃ་བྷྲཱུྃ་ཧཱུྃ༔ རྭ་གཡོན་ལ༔ ཧ་ས་བྷ་ས་ཡཾ་རྦད༔ ཏྲིཾ་རྦད་ས་རི་རྦད་སྭཱ་ཧཱ༔ ཏདྱ་ཐཱ༔ ཨཱོྃ་ཨི་ལ་མ་ཏ་ལི་མེ་ཧཱ་ལ་ནི༔ ཨུ་ཧ་ནི༔ ཡ་རྒྱ་ན་ཛྙཱ་ར་བྷནྡྷ་མེ་ཨེ་ཀ་ཏི་ཀ་ཙ་ཐ༔ ཀུ་ནི་ར་ཡ་ཛྙཱ་ར་ན་ཧཱུྃ་ཕཊ྄་སྭཱ་ཧཱ༔ ལག་པ་གཡས་ལ༔ ཨཱོྃ་མ་ར་བྷ་ཏྲཾ་སརྦ་རྫུཾ་ཁྱུང་ཐུབ་ཐུབ་སྭཱ་ཧཱ༔ ལག་པ་གཡོན་ལ༔ ར་ཙ་ཧཱ་ཤི་མ་ར་ཏྲི་ཡང་རྦད་ཤ་ནེ༔ རུ་པ་ཡ་ཁྲོཾ་རྦད་བྷྱོ༔ ཐུགས་ཁ་ལ། ཨཱོྃ་ནྲྀ་བཞི་བྲི། ལྟོ་བ་ལ། ཨཱོྃ་དྲུང་དྲུང་དུར་དུར་ཆེམ་ཆེམ་ཁཾ་ཁཾ་སོད་སོད་རྦད་རྦད་སྭཱ་ཧཱ༔ བརླ་གཡས་པ་ལ༔ ཨཱོྃ་ཚལ་དུ་ཚལ་དུ༔ སད་བྷ་ཧཱ་ན་ཤ་ཡ་ཏྲིཾ་ཛ་བྷནྡྷ་ཡ་ཕཊ་སྭཱ་ཧཱ༔ བརླ་གཡོན་ལ། ཨཱོྃ་ནཱ་ག་ས་རུ་ས་ཙ་ལ་ཕེ་སོ་གྷ་ལ་ཧུར་ཁཾ་ཁྱུར་རྦད༔ མཇུག་མ་ལ། ཧ་ར་བྷེ་བླ་མ་རཱ་ཙ་དུར་ཤཾ་རྦད༔ ཤི་ཁས་སྱ་ཀརྨ་བྷ་དྷི་སུག་རྦད་རྦད༔ འཆང་བ་ལ་རིམས་ནད་སྲུངས་ཤིག༔ དེ་ལྟར་བྲིས་པའི་འཁོར་ལོ་དེ༔ ཤུ་དག་ཤིང་ཀུན་གླ་བ་དང༔ མུ་ཟི་གུ་གུལ་སྨན་ཆེན་བྱུགས༔ རབ་གནས་གོང་ལྟར་རྒྱས་པར་བྱ༔ མཁར་རམ་རི་བོའི་རྩེ་ལ་གཟུག༔ ནད་རིམས་ཟློག་ཅིང་ངེས་པར་ཐུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སརྦ་མངྒ་ལཾ༔ ༔
ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་འཆི་མེད་འདོད་འཇོ་ (Volume 9, Text 8)
༄༅། །ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་འཆི་མེད་འདོད་འཇོ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི་སིདྡྷི་རསྟུ། ཚེ༵་དང་ཡེ་ཤེས་དཔ༵ག་མེ༵ད་དྭངས༵་མ༵འི་བཅུ༵ད། །སྲོག་གི་ཟུངས་སུ་འདྲེ༵ན་མཛད་བླ་མ་ལྷར། །བཏུད་ནས་དེ་ཡི་ཕྲིན་ལས་ཆོ་ག་ནི། །འཆི་མེད་འདོད་པ་འཇོ་བའི་དཔྱིད་དུ་བསྐྲུན། །འདི་ལ་གསུམ་སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཆོ་གར་མ་གཏོགས་པའི་སྦྱོར་བ་དང་། ཆོ་གར་གཏོགས་པའི་སྦྱོར་བའོ། །དང་པོ་ནི། གནས་དབེན་ཞིང་ཉམས་དགའ་བ། བཀྲ་ཤིས་ཤིང་དགེ་མཚན་དང་ལྡན་པར་སྟེགས་བུའི་དབུས་སུ་པདྨ་འདབ་བརྒྱད་ཕྱོགས་བཞི་དམར། མེ་རླུང་སེར། དབང་ལྡན་སྔོ། ལྟེ་བ་དང་བདེན་བྲལ་ལྗང་གུར་བྱས་པའི་སྟེང་དུ་མཉྫིའི་ཁར་བུམ་པ་བུམ་རྫས་ཉེར་ལྔ་དང་། ཆོས་སྨན་ཚེ་རྫས་སོགས་ཀྱི་བཅུད་དང་ལྡན་པའི་ཁ་རྒྱན་གཙོ་བོའི་སྐུ་ཙག་གིས་མཚན་པ། མདུན་གྱི་གཡས་སུ་གཞུང་རྩ་བར། བཟང་དྲུག་འབྲས་གསུམ་རྟག་ཏུ་ངུ་། །ཅོང་ཞི་བྲག་ཞུན་སྦྱར་བ་ཡི། །རིལ་བུ་ཁ་དོག་སྣ་ལྔར་བསྒྱུར། །སོ་སོར་བསྐྱེད་བསྟིམས་སྔགས་བཟླས་ནས། །ཟོས་ན་ཚེ་ཡི་བཅུད་ལེན་འགྱུར། །ཞེས་གསུངས་པའི་ཚེ་རྫས་བཅུད་ལེན་གྱི་རིལ་བུ་དང་། དེའི་གཡོན་དུ་ཀ་པཱ་ལར་ཚེའི་བདུད་རྩི། དེ་དག་གི་མདུན་དུ་གཏོར་ཟླུམ་དམར་པོ་པད་འདབ་ཅན་གསུམ་དང་། སྨན་རཀ །ཉེར་སྤྱོད་སོགས་བཀོད་པས་མཛེས་པར་བཤམ་པ་སྟེ། བསྙེན་སྒྲུབ་སོགས་ཀྱི་སྐབས་སུ་འདི་ཙམ་གྱིས་འཐུས། དབང་གི་སྐབས་དབང་རྫས་རྣམས་གོ་རིམ་དབང་ཆོག་ལས་འབྱུང་བ་ལྟར་བཤམ། རང་གི་མདུན་དུ་ནང་མཆོད། རྡོ་རྗེ། དྲིལ་བུ། ཌཱ་མ་རུ། ལས་བུམ། ཚེ་མདའ། མེ་ཏོག་གི་སྣོད། ཉེ་ལོགས་གང་བདེར་བརྟན་མའི་གཏོར་མ་དང་སྔོན་གཏོར། ཚོགས་ཀྱི་དམ་རྫས་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱའོ། །གཉིས་པ་ལ། སྐྱབས་སེམས་བགེགས་བསྐྲད་སྲུང་འཁོར་བསྒོམ། །བྱིན་དབབ་མཆོད་པ་བྱིན་གྱིས་བརླབ། །ཅེས་དྲུག་ལས་དང་པོ་ནི། བླ་མ་དང་མགོན་པོ་ཚེ་དཔག་མེད་པའི་དཀྱིལ་འཁོར་མཁའ་ཁྱབ་ཏུ་སད་པ་རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བར་བསམས་ལ། ཧཱུྃ། རང་བྱུང་ལྷུན་གྱིས་གྲུབ་པའི་སྐུ །འོད་གསལ་ཆེན་པོའི་དགོངས་པ་ཅན། །ཐུགས་རྗེའི་དབང་གིས་འགྲོ་དོན་མཛད། །བླ་མ་རྣམས་ལ་སྐྱབས་སུ་མཆི། །རང་ལས་ཡེ་ཤེས་ཤར་བའི་སྐུ །མི་འབྲལ་རྩེ་གཅིག་དགོངས་པ་ཅན། །བྱིན་གྱིས་རློབ་ཅིང་བར་ཆད་སེལ། །ཡི་དམ་ལྷ་ལ་སྐྱབས་སུ་མཆི། །དམ་ཚིག་རྣམ་པར་དག་པའི་སྐུ །བརྩེ་གདུང་བྱམས་པའི་དགོངས་པ་ཅན། །ལེགས་ཉེས་སྟངས་འཛིན་དངོས་གྲུབ་སྟེར། །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །ཞེས་ལན་གྲངས་ཅི་ནུས་དང་། གཉིས་པ་ནི། རྒྱུན་བཤགས་སྔོན་དུ་འགྲོ་བས་སྨོན་པ་དང་འཇུག་པའི་སེམས་བསྐྱེད་ཅིང་གསང་སྔགས་ཀྱི་སྤྱོད་པ་ལ་བསླབ་པ་དང་། དོན་དམ་བྱང་ཆུབ་ཀྱི་སེམས་ཀྱང་བསྒོམ་པའི་སྟོབས་ཀྱིས་བསྐྱེད་པར་བགྱིའོ་སྙམ་དུ་ལྷག་པའི་བསམ་པ་རྩེ་གཅིག་པས། སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །ལན་གསུམ་གྱི་མཐར། ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། གསུམ་པ་ལ། ཐོག་མར་མཚམས་ལྷ་བསྐྱེད་པ་ནི། ཧྲཱིཿ རང་སེམས་སྐད་ཅིག་ཧྲཱིཿཡིག་ཡོངས་གྱུར་ལས། ཁྲོ་རྒྱལ་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པ། །བེ་ཅོན་སྡིགས་མཛུབ་རྩེ་ལས་མེ་ཕུང་འབར། །དུར་ཁྲོད་ཆས་རྫོགས་རྟ་སྐད་ཕྱོགས་བཅུར་སྒྲོག །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་ང་རྒྱལ་བཟུང་ལ། གཏོར་མ་རཾ་ཡཾ་ཁཾ་གིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམས། ཨོཾ་ཨཱཿཧཱུྃ་ཧོཿལན་གསུམ་གྱིས་བརླབ། ཨོཾ་སརྦ་བྷཱུཏ་ཨཱ་ཀརྵཱ་ཡ་ཛཿས་མགྲོན་དགུག །ཨོཾ་སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱཾ་དེ་སྭཱ་ཧཱ་ལན་གསུམ་གྱིས་བསྔོས་ལ། ཧཱུྃ། འཆི་མེད་སྒྲུབ་པའི་དཀྱིལ་འཁོར་འདིར། །འདུ་བའི་ལྷ་ནི་མ་གཏོགས་པ། །ཚེ་སྲོག་འཕྲོག་པའི་གདོན་བགེགས་སོགས། །མི་དང་མི་མིན་འབྱུང་པོའི་ཚོགས། །མཆོད་སྦྱིན་གཏོར་མས་ཚིམས་བྱོས་ལ། །འདི་རུ་མ་འདུག་གཞན་དུ་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །རྟ་མཆོག་རྒྱལ་པོའི་ཐུགས་ཀ་ནས། །སྤྲུལ་པའི་ཁྲོ་མཚོན་མེ་ཕུང་གིས། །ཐལ་བའི་རྡུལ་དུ་བརླག་པར་གྱུར། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། གནོད་བྱེད་འབྱུང་པོ་ཨུ་ཙ་ཏཱ་ཡ་ཕཊ། ཅེས་བཀའ་བསྒོས་ཤིང་དྲག་སྔགས་དང་བཅས་གུ་གུལ་བདུག །ཡུངས་ཀར་བྲབ། རོལ་མོའི་ཚམ་རྔམ་གྱིས་གཏོར་མ་ཕྱིར་དོར། བཞི་པ་ནི། རང་གི་ཐུགས་ཀ་ནས་སྤྲོས་པའི་ཁྲོ་མཚོན་མེ་ཕུང་གིས་བགེགས་རྣམས་བསྐྲད། སླར་འདུས་པ་ལས་མཚོན་ཆའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ཕྱི་རོལ་དུ་རྡོ་རྗེའི་སྲུང་འཁོར་མེ་འབར་བ་དང་བཅས་པས་མཚམས་བཅིངས་པར་བསམས་ལ། ཧྲཱིཿ དབང་གི་རྟ་སྐད་རབ་འཚེར་ཞིང་། །འཁོར་ལོ་རྡོ་རྗེ་མེ་ཕུང་གིས། །སྟེང་འོག་ཕྱོགས་མཚམས་མེད་པར་གཏམས། །སྲུང་བའི་གུར་ཁང་ཆེན་པོར་གྱུར། །ཨོཾ་བཛྲ་ཙཀྲ་ཛྭ་ལ་རཾ་ཧཱུྃ་བྷྲཱུྃ་ཧཱུྃ། ལྔ་པ་ནི། རང་གི་སྙིང་ག་ནས་ལྕགས་ཀྱུ་ལྟ་བུའི་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་མཁའ་ཁྱབ་ཏུ་སྤྱན་དྲངས་ཏེ་བདག་གནས་ཡོ་བྱད་རྣམས་ལ་ཐིམ་པས་བྱིན་རླབས་ཀྱི་གཟི་བྱིན་འབར་བར་བསམས་ལ། སྤོས་རོལ་དང་དབྱངས་ཀྱི་འགྱུར་བ་སྙན་པོ་དང་བཅས། ཧྲཱིཿ ཆོས་དབྱིངས་རྣམ་དག་ཕོ་བྲང་ནས། །ཚེ་དཔག་མེད་མགོན་ལྷ་ཚོགས་རྣམས། །གནས་མཆོག་འདིར་གཤེགས་དབང་ཆེན་སྐུར། །བྱིན་ཕོབ་དངོས་གྲུབ་མ་ལུས་སྩོལ། །ཨོཾ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུརྫྙཱ་ན་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ དྲུག་པ་ནི། ཧྲཱིཿ འཆི་མེད་རིག་འཛིན་དཀྱིལ་འཁོར་སྒྲུབ་པའི་རྫས། །ཕྱི་ནང་གསང་བའི་རང་བྱུང་མཆོད་པ་རྣམས། །མ་དག་ལོག་འཁྲུལ་ཉེས་པའི་ཚོགས་རྣམས་ཀུན། །ཡེ་ཤེས་འབྲུ་གསུམ་སྦྱངས་ཤིང་བྱིན་གྱིས་བརླབས། །རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། མ་ཧཱ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཿ མ་ཧཱ་བ་ལིངྟ་ཨཱཿཧཱུྃ། མ་ཧཱ་རཀྟ་ཨཱཿཧཱུྃ། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ་གི་བར་གྱིས་ཚེ་རྫས་དང་། སྨན་གཏོར་རཀྟ་ཉེར་སྤྱོད་དང་བཅས་པ་འཆི་མེད་བདེ་བ་ཆེན་པོའི་ཡེ་ཤེས་རྣམ་པ་ཐམས་ཅད་པར་འཆར་བའི་རང་བཞིན་དུ་བྱིན་གྱིས་བརླབ་བོ། །གཉིས་པ་དངོས་གཞི་ལ། ལྷ་བསྐྱེད་སྤྱན་དྲངས་བཞུགས་སུ་གསོལ། །མཆོད་ཅིང་ཛཔ྄་བཟླས་ཚེ་འགུགས་བསྐུལ། ཞེས་དྲུག་ལས་དང་པོ་ནི། བདག་མདུན་བུམ་གསུམ་འཇུག་པ་གཅིག་པའི་ཚུལ་གྱིས་འོད་གསལ་སྟོང་ཉིད་ཀྱི་ངང་ལས་རང་བྱུང་རིག་པ་ལྷའི་སྐུར་ལྡང་བ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། འཛིན་མེད་སྟོང་པའི་དབྱིངས་ཉིད་ལས། །ཆུ་ལས་ཆུ་ལྦུར་བརྡོལ་བ་བཞིན། །པདྨའི་སྡོང་པོ་རྒྱས་པའི་སྟེང་། །ཟླ་བའི་དཀྱིལ་འཁོར་ཉ་གང་བར། །རང་བྱུང་པདྨ་ཚེ་དཔག་མེད། །དཀར་པོ་མཚན་དང་དཔེ་བྱད་ལྡན། །ཕྱག་གཡས་གསེར་གྱི་རྡོ་རྗེ་དང་། །གཡོན་པས་འཆི་མེད་ཚེའི་བུམ་པ། །འཛིན་པས་ཡུམ་གྱི་མགུལ་ནས་འཁྱུད། །པང་དུ་ཡེ་ཤེས་མཁའ་འགྲོའི་གཙོ། །མནྡཱ་ར་བ་གོས་དཀར་མོ། །དམར་མོ་བཅུ་དྲུག་ལོན་པའི་ཚུལ། །ནུ་མ་འབུར་ཞིང་བྷ་ག་རྒྱས། །གཡས་གཡོན་པདྨ་བདུད་རྩི་ཡིས། །གང་བའི་ཐོད་འཛིན་ཡབ་ལ་འཁྲིལ། །ཡབ་ཡུམ་གཉིས་ཀའང་ལོངས་སྐུའི་ཆས། །དར་དང་རིན་ཆེན་རུས་པས་སྤྲས། །འཇའ་ཚོན་སྣ་ལྔའི་གུར་ཁྱིམ་དབུས། །རྡོ་རྗེ་པདྨའི་སྐྱིལ་ཀྲུང་བཞུགས། །རྩ་གསུམ་འཁོར་ལོ་ལྔ་ལྡན་པའི། །སྤྱི་བོ་བདེ་ཆེན་འཁོར་ལོའི་དབུས། །རིག་འཛིན་བུདྡྷ་ཐོད་ཕྲེང་རྩལ། །དཀར་པོ་ཞལ་གཅིག་ཕྱག་གཉིས་པ། །གསང་གོས་སྣམ་སྦྱར་མཉེན་ཞུ་གསོལ། །འཁོར་ལོ་བུམ་འཛིན་ཡུམ་ལ་འཁྲིལ། །མནྡཱ་ར་བ་སངས་རྒྱས་སྤྱན། །འཁོར་ལོ་ཐོད་པ་འཛིན་པས་འཁྱུད། །མགྲིན་པ་ལོངས་སྤྱོད་འཁོར་ལོའི་དབུས། །རིག་འཛིན་པདྨ་ཐོད་ཕྲེང་རྩལ། །དམར་པོ་ཞལ་གཅིག་ཕྱག་གཉིས་པ། །གསང་གོས་སྣམ་སྦྱར་མཉེན་ཞུ་གསོལ། །པདྨ་བུམ་འཛིན་ཡུམ་ལ་འཁྲིལ། །ཤཱཀྱ་དེ་ཝཱི་གོས་དཀར་མོ། །པདྨ་ཐོད་འཛིན་ཡབ་ལ་འཁྱུད། །སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས། །རིག་འཛིན་བཛྲ་ཐོད་ཕྲེང་རྩལ། །སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། །གསང་གོས་སྣམ་སྦྱར་མཉེན་ཞུ་གསོལ། །རྡོ་རྗེ་བུམ་འཛིན་ཡུམ་ལ་འཁྱུད། །ཡེ་ཤེས་མཚོ་རྒྱལ་མཱ་མ་ཀི །རྡོ་རྗེ་ཐོད་པ་འཛིན་པས་འཁྱུད། །ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས། །རིག་འཛིན་རཏྣ་ཐོད་ཕྲེང་རྩལ། །སེར་པོ་ཞལ་གཅིག་ཕྱག་གཉིས་པ། །གསང་གོས་སྣམ་སྦྱར་མཉེན་ཞུ་གསོལ། །རིན་ཆེན་བུམ་འཛིན་ཡུམ་ལ་འཁྲིལ། །ཀཱ་ལ་སིདྡྷི་རིན་ཆེན་སྒྲོལ། །རིན་ཆེན་ཐོད་པ་འཛིན་པས་འཁྱུད། །གསང་གནས་བདེ་སྐྱོང་འཁོར་ལོའི་དབུས། །རིག་འཛིན་ཀརྨ་ཐོད་ཕྲེང་རྩལ། །ལྗང་གུ་ཞལ་གཅིག་ཕྱག་གཉིས་པ། །གསང་གོས་སྣམ་སྦྱར་མཉེན་ཞུ་གསོལ། །རྒྱ་གྲམ་བུམ་འཛིན་ཡུམ་ལ་འཁྲིལ། །བཀྲ་ཤིས་ཁྱེའུ་འདྲེན་དམ་ཚིག་སྒྲོལ། །རྒྱ་གྲམ་ཐོད་པ་འཛིན་པས་འཁྱུད། །ཡུམ་རྣམས་གཅེར་མོ་སྐྲ་གྲོལ་བ། །རུས་པའི་རྒྱན་དང་ལང་ཚོས་སྤྲས། །མཛེས་སྡུག་བདེ་བ་སྐྱེད་པའི་ཉམས། །ཡབ་ཡུམ་རྡོ་རྗེ་པདྨ་ཡི། །སྐྱིལ་ཀྲུང་འཇའ་འོད་ཀློང་ན་བཞུགས། །ཞེས་དམ་ཚིག་གི་འཁོར་ལོ་གསལ་གདབ། གཉིས་པ་ནི། ཧྲཱིཿ རང་བཞིན་རྣམ་དག་ཞིང་ཁམས་ནས། །པདྨ་ཐོད་ཕྲེང་ཚེ་དབང་རྩལ། །རིགས་ལྔ་ཡབ་ཡུམ་འཁོར་དང་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོཿ ཞེས་པས་ཡེ་ཤེས་པའི་འཁོར་ལོ་ནམ་མཁའ་གང་བར་སྤྱན་དྲངས་ཏེ་དམ་ཚིག་གི་ཕྱག་རྒྱར་དགུག་གཞུག་བཅིང་ཞིང་དགྱེས་པ་བསྐྱེད། གསུམ་པ་ནི། ཧྲཱིཿ ལྷུན་གྲུབ་བདེ་ཆེན་གཞལ་ཡས་འདིར། །དབྱིངས་ཀྱི་ཐིག་ལེ་འོད་ཕུང་འཁྱིལ། །རིག་པ་རང་ཤར་ཚེ་ཡི་ལྷ། །མཉམ་ཉིད་དབྱིངས་སུ་བརྟན་པར་བཞུགས། །ཨོཾ་བཛྲ་ས་མ་ཡ་ཏིཥྛནྟུུ། བཞི་པ་ལ་ལྔ་ལས། དང་པོ་ཕྱག་གི་མཆོད་པ་ནི། ཧྲཱིཿ རང་རིག་ཚེ་ཡི་ལྷ་ཚོགས་ལ། །སྣང་སྟོང་སྐྱེ་འགག་མེད་པའི་དབྱིངས། །བཟང་ངན་གཉིས་འཛིན་བྲལ་བ་ཡི། །མཉམ་ཉིད་ངང་དུ་ཕྱག་འཚལ་ལོ། །ན་མོ་པུ་རུ་ཤ་ཡ་ཧོཿ གཉིས་པ་ཕྱི་མཆོད་ནི། ཧྲཱིཿ རིག་གདངས་ཚེ་ཡི་ལྷ་ཚོགས་ལ། །མཆོད་པའི་བྱེ་བྲག་འབུལ་བ་ནི། །ལྷ་རྫས་མཆོད་ཡོན་ཞབས་བསིལ་དང་། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་སྒྲ་སྙན་ལྷ་མོ་རྣམས། །སོ་སོའི་ཁ་དོག་ཕྱག་རྒྱར་བསྒྱུར། །རབ་འབྱམས་ནམ་མཁའི་ཁམས་བཀང་ནས། །རྒྱལ་བའི་དཀྱིལ་འཁོར་མཆོད་པར་བྱ། །ཨོཾ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། གསུམ་པ་ནང་བདུད་རྩི་གཙོ་བོར་གྱུར་པའི་སྨན་གཏོར་རཀྟའི་མཆོད་པ་ནི། ཧྲཱིཿ ཚེ་དཔག་མེད་མགོན་ལྷ་ཚོགས་ལ། །རྩ་བརྒྱད་བདུད་རྩིའི་མཆོད་པ་དང་། །དམ་རྫས་གཏོར་མའི་མཆོད་པ་དང་། །བདེ་ཆེན་རཀྟའི་མཆོད་པ་རྣམས། །དོན་དམ་དབྱིངས་ཀྱི་མཆོད་པར་འབུལ། །ཟུང་འཇུག་མཆོག་གི་མཆོད་པར་བཞེས། །ཨོཾ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་སྤྱིར་ཕུལ་ནས། སྤྲོ་ན། སྣང་མཐའ་འཆི་མེད་མགོན་པོ་པདྨ་འབྱུང་། །ཡེ་ཤེས་མཚོ་རྒྱལ་རྡོ་རྗེ་ཐོགས་མེད་རྩལ། །སྨིན་གྲོལ་མཆོག་སྩོལ་རྩ་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་དངོས་གྲུབ་སྩོལ། མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། དཀྱིལ་འཁོར་གཙོ་མཆོག་པདྨ་ཚེ་དཔག་མེད། །རིགས་ལྔ་ཐོད་ཕྲེང་ཡབ་ཡུམ་སྤྲུལ་པའི་གར། །ཡི་དམ་མཁའ་འགྲོ་ཆོས་སྲུང་གཏེར་བདག་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་བླ་མ་དང་ལྷག་པའི་ལྷའི་འཁོར་ལོ་ལ་འབུལ་ཞིང་། བཛྲ་ཨ་མྲྀཏ་སྭ་དཾ་ཀུ་རུ་ཥ་མེ་ཞེས་རྡོ་རྗེ་ལྕེའི་དམ་ཚིག་གིས་མྱངས་པས་དངོས་གྲུབ་ཐོབ་པར་བསམ། བཞི་པ་གསང་བ་བདེ་ཆེན་གྱི་མཆོད་པ་ནི། ཧྲཱིཿ ཚེ་དཔག་མེད་མགོན་ལྷ་ཚོགས་ལ། །སྣང་སྟོང་བདེ་ཆེན་ཡབ་ཡུམ་མཁར། །དགའ་བཞིའི་ཡེ་ཤེས་ཐིག་ལེར་འཁྱིལ། །ཟུང་འཇུག་བདེ་ཆེན་མཆོད་པར་བཞེས། །ཨོཾ་བྷོ་དྷི་ཙིཏྟ་པཱུ་ཛ་ཧོཿ ཞེས་ཡབ་ཡུམ་སྙོམས་འཇུག་གི་བདེ་བ་ཆེན་པོས་ཐུགས་རྒྱུད་ཡོངས་སུ་གང་བར་གྱུར་པར་བསམ་མོ། །ལྔ་པ་བསྟོད་པའི་མཆོད་པ་ནི། ཧྲཱིཿ དྲན་པ་ཙམ་གྱིས་འཆི་བདག་བདུད། །མཐར་མཛད་པད་འབྱུང་ཚེ་དཔག་མེད། །ཨེ་ཝཾ་ཟུང་འཇུག་ལྷ་ཚོགས་ལ། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །དྲུག་པ་ལ་གཉིས། སྤྱི་དང་བྱེ་བྲག་གོ །དང་པོ་ནི། ཐུགས་ཀར་ཟླ་བའི་སྟེང་དུ་མི་འགྱུར་བའི་ཐུགས་སྲོག་ཧྲཱིཿཡིག་དཀར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། འབྱུང་བ་བཞིའི་དྭངས་བཅུད། རང་དང་བསྒྲུབ་བྱའི་བླ་ཚེ་ཆད་ཉམས་ཡར་བ། འཁོར་འདས་ཀྱི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་འོད་ཟེར་ཁ་དོག་སྣ་ལྔའི་རྣམ་པར་སྤྱན་དྲངས། ལུས་དཀྱིལ་གྱི་ལྷ་ཡབ་ཡུམ་རྣམས་ཀྱི་དབུ་གཙུག་ནས་ཞུགས། སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་རྣམ་པར་བབས་པས་རྩ་འཁོར་ཐམས་ཅད་ཁེངས་ཏེ་ཚེ་ཡར་བ་ཁུག །ཉམས་པ་སོས། གནས་པ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པས་འཆི་མེད་ཚེའི་རིག་འཛིན་ཐོབ་པར་གྱུར་པའི་མོས་པས། ཨོཾ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛཿ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ༡༠༠༠ ཞེས་གཙོ་བོར་བཟླ། གཉིས་པ་ལ་གཉིས། རིགས་སོ་སོའི་བཟླས་པས་ཚེ་འགུགས་ཤིང་གསོ་བ་དང་། ལས་སྣ་ཚོགས་ཀྱི་ཁ་བསྒྱུར་རོ། །དང་པོ་ནི། གནས་ལྔའི་ཐོད་ཕྲེང་རིགས་ལྔའི་ཐུགས་ཀར་ཟླ་བའི་སྟེང་དུ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་དཀར་དམར་མཐིང་སེར་ལྗང་གུའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་འབྱུང་བ་ཆེན་པོ་ས་དང་། མེ་དང་། ཆུའི་བཅུད་དང་། རང་གི་བླ་ཚེ་ཆད་ཉམས་ཡར་བ་དང་། འཁོར་འདས་ཀྱི་དྭངས་མ། རླུང་གི་བཅུད་རྣམས་འོད་ཟེར་དཀར་དམར་མཐིང་སེར་ལྗང་གུའི་རྣམ་པར་སྤྱན་དྲངས། ཡབ་ཡུམ་སོ་སོའི་དབུ་གཙུག་ནས་ཞུགས། སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྣམ་པར་བབས་པས་རྩ་གསུམ་འཁོར་ལོ་ལྔ་དང་བཅས་པ་ལྟེམ་གྱིས་ཁེངས་ཏེ་ཚེ་ཡར་བ་ཁུག །ཉམས་པ་སོས། གནས་པ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པས་འཆི་མེད་ཚེའི་རིག་འཛིན་ཐོབ་པར་གྱུར་པའི་མོས་པས། ལྷ་སོ་སོར་རིམ་བཞིན་དུ་གསོལ་བ་གདབ་ཅིང་། དམིགས་པའི་བྱེ་བྲག་ལ་སེམས་འཛིན་པས། ཨོཾ་བཻ་རོ་ཙ་ན་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧཱུྃ། ༡༠༠ དེ་བཞིན་དུ་ཨོཾ་བཻ་རོ་ཙ་ནའི་མལ་དུ། ཨཱཿཔདྨ་དྷཱ་ར། ཧཱུྃ་ཨཀྵོ་བྷྱ། སྭ་རཏྣ་སམྦྷ་ཝ། ཧཱ་ཨ་མོ་གྷ་སིདྡྷི། ཞེས་སྦྱར་བའི་བཟླས་པ་ཇི་ལྟར་རིགས་པ་བྱའོ། །གསུམ་པ་ནི། གཞུང་རྩ་བ་ལས། ཁྱད་པར་སྤྱི་བོའི་ཡབ་ཡུམ་ལས། །འོད་དཀར་འཕྲོས་པས་དུས་མིན་ཚེའི། །བར་གཅོད་ཐམས་ཅད་སངས་ཀྱིས་དག །མགྲིན་པའི་འོད་དམར་ལྕགས་ཀྱུ་ཡིས། །ཚེ་ཡི་དངོས་གྲུབ་ཐམས་ཅད་བཀུག །སྙིང་གའི་འོད་སྔོན་འཕྲོས་པ་ཡིས། །སྟོང་སངས་མཁའ་དབྱིངས་ཚེ་སྲོག་སྦ། །ལྟེ་བའི་སེར་པོས་ལུས་ཁེངས་པས། །བསོད་ནམས་རྣམ་ཐོས་བུ་ལྟར་རྒྱས། །གསང་བའི་ལྗང་གུས་ཁྱབ་པ་ཡིས། །ཕྲིན་ལས་མ་ལུས་གྲུབ་པར་གྱུར། །ཅེས་བརྗོད་ཅིང་བསམས་ལ་བྱེ་བྲག་སོ་སོའི་བཟླས་པ་<!TCC Tibetan character 4,52 undefined in unicode!><!TCC Tibetan character 4,51 undefined in unicode!>ཅུང་ཟད་བྱའོ། །འདི་རྣམས་ཀྱི་དམིགས་པའི་བྱེ་བྲག་ཞིབ་པར་ཁྲིད་དང་། བསྙེན་པའི་ཡི་གེ་ལས་ཤེས་ཤིང་སྤྱིར་གཏང་རྩ་བའི་དམིགས་བཟླས་ཁོ་ནས་ཀྱང་དོན་གྲུབ་པ་ཡིན་ནོ། །ཐུན་ལས་ལྡང་བར་བརྩམ་པ་ན། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བརྗོད་པས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་ནུས་པ་སྤེལ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། ཞེས་སྟོང་ཚིགས་ཀྱི་མཆོད་བསྟོད་ཀྱང་བྱའོ། །དབང་དོན་སོགས་ཀྱི་ཚེ་བུམ་བཟླས་དམིགས་བསལ་བྱེད་ན། བུམ་པ་རང་བྱུང་གི་གཞལ་ཡས་ཁང་ཆེན་པོའི་སྟོད་ཀྱི་ཆར་པདྨ་ཚེ་དཔག་མེད་ལུས་དཀྱིལ་གྱི་ལྷ་དང་བཅས་པ་ལྷག་པར་གསལ་བར་མོས་ཏེ། གཟུངས་ཐག་ནས་འཇུས་ཏེ། བདག་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་རྒྱུད་བསྐུལ། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཅེས་དང་། སྔར་གྱི་རྩ་བའི་བཟླས་དམིགས་བུམ་པའི་ལྷ་ལ་སྦྱར་བའི་འོད་ཟེར་སྤྲོ་བསྡུས་བདུད་རྩི་འབེབ་པའི་དམིགས་པ་དང་བཅས་པས་རྩ་སྔགས་ཅི་ནུས་སུ་བཟླ། ལས་ཐམས་ཅད་པའི་བུམ་པར་རྟ་མགྲིན་དམར་པོ་བེ་ཅོན་དང་སྡིགས་མཛུབ་མཛད་པ་ཁྲོ་བོའི་རྒྱན་དང་ཉམས་འགྱུར་ཡོངས་སུ་རྫོགས་པའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧྲཱིཿདམར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར་པའི་མོས་པས། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་ཅི་རིགས་པ་བཟླས་མཐར། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ། ཧཱུྃ་ཞེས་བརྗོད་པས། རྣམ་རྒྱལ་བུམ་པའི་ལྷ་རྣམས་འོད་དུ་ཞུ་ནས་བྱང་ཆུབ་སེམས་ཀྱི་བདུད་རྩིས་བུམ་པ་གར་བར་བསམ། ལས་བུམ་གྱི་ལྷ་ལ། ལས་ཀྱི་ལྷས་དཀྱིལ་འཁོར་གྱི་བྱ་བ་མཐར་མ་ཕྱིན་པའི་བར་བགེགས་ཟློག་པའི་ཕྲིན་ལས་མཛོད་ཅིག་ཅེས་གསོལ་ལ། ཧཱུྃ་ཞེས་བརྗོད་པས། ལྷ་འོད་དུ་ཞུ་བའི་དབང་དྲག་གི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་མོ། །དྲུག་པ་ནི། གནས་ལྔའི་ལྷའི་ཐུགས་ཀ་ནས་འབྱུང་བ་ལྔའི་ལྷ་མོ་གཡས་མདའ་དར་དང་། གཡོན་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག །དྲིལ་བུ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་སླར་ཡང་བསྡུས། བདག་དང་སྒྲུབ་པའི་རྫས་ལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམས་ལ་མདའ་དར་གཡོབ་ཅིང་། ཧྲཱིཿ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད། །འབྱུང་བ་ལྔ་ལ་དབང་བསྒྱུར་ལྷ་མོའི་ཚོགས། །རྣལ་འབྱོར་བདག་གི་ཚེ་དང་གཡང་སྤེལ་ཅིག །སྟེང་འོག་ཕྱོགས་བཅུ་སྣོད་ཀྱི་འཇིག་རྟེན་ལ། །བྲོས་དང་འཁྱམས་དང་ཡར་བའི་ཚེ་ཁུག་ཅིག །སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱི་ཚོགས་རྣམས་ཀྱིས། །བརྐུས་དང་ཕྲོགས་དང་གཞོམས་པའི་ཚེ་ཁུག་ཅིག །འབྱུང་བ་དགྲ་གཤེད་འཁྲུགས་པའི་ལས་སྦྱོར་གྱིས། །ཉམས་དང་ཟད་དང་འཐོར་བའི་ཚེ་གསོས་ཤིག །ཡེད་ཀྱིས་སྔངས་དང་ཧད་ཀྱིས་བརྒྱལ་བ་དང་། །ཡུད་ཀྱིས་འདྲོགས་པའི་ཚེ་དང་གཡང་སྤེལ་ཅིག །ཚེ་ཁུག་གཡང་སྐྱོབས་དངོས་གྲུབ་བདག་ལ་སྩོལ། །འབྱུང་ལྔ་འོད་ལྔ་འབར་བའི་ཚེ་བཅུད་སྡུས། །འཆི་མེད་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ། །ཨཱ་ཡུརྫྙཱ་ན་བིནྡུ་བྷྲཱུྃ། རྣིྲ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ། ཨཱ་ཡུརྫྙཱ་ན་སིདྡྷི་ཨཱཿཧཱུྃ། ཞེས་བརྗོད། བར་འདིར་བཀའ་གཏེར་སྲུང་མ་སྤྱི་དང་། ཁྱད་པར་གཏེར་སྲུང་བརྟན་མ་བཅུ་གཉིས་ཀྱི་གཏོར་བསྔོ་རྒྱས་བསྡུས་གང་རིགས་བྱ། གསུམ་པ་རྗེས་ལ། ཚོགས་མཆོད་བརྟན་བསྐྱང་དངོས་གྲུབ་གསོལ། །ཉེར་བསྡུ་བསྔོ་སྨོན་ཤིས་པ་བརྗོད། །ཅེས་དྲུག་ལས་དང་པོ་ནི། དམ་རྫས་སུ་འོས་པའི་ཡོ་བྱད་རྣམས་བཤམས་པ་བསང་ཆུས་བྲན། ཨོཾ་སརྦ་དྲ་བྱཾ་སཾ་ཤོ་དྷ་ནི་ཧཱུྃ་ཕཊ་ཀྱིས་བསང་། རཾ་ཡཾ་ཁཾ་གིས་སྦྱང་། སྟོང་པའི་ངང་ལས་ཚོགས་གཞོང་བྷཉྫ་འབར་བར་ཚོགས་རྫས་ཡེ་ཤེས་ཀྱི་བདུད་རྩི་འདོད་ཡོན་གྱི་སྤྲིན་ཕུང་འཕྲོ་བར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཞེས་པས་བྱིན་གྱིས་བརླབ། ཚོགས་ཞིང་སྤྱན་འདྲེན་པ་ནི། ཧྲཱིཿ རང་བཞིན་རྣམ་དག་གཞལ་ཡས་ནས། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །རིགས་ལྔ་ཡབ་ཡུམ་འཁོར་དང་བཅས། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ས་མཱ་ཛཿ ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས། དང་པོ་མཆོད་པ་ནི། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །ནམ་མཁའ་མཛོད་ཀྱི་སྒོ་ཕྱེ་སྟེ། །འབུལ་གྱིས་བཞེས་ལ་དངོས་གྲུབ་སྩོལ། །ཨོཾ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བར་པ་བཤགས་པ་ནི། མ་རིག་ལས་དང་ཉོན་མོངས་ཀྱིས། །རྩ་བ་ཡན་ལག་དམ་ཚིག་གི །ནོངས་པར་གྱུར་པའི་ཉེས་པ་ཀུན། །གནོང་འགྱོད་སེམས་ཀྱིས་མཐོལ་ཞིང་བཤགས། །ཞེས་དང་། ཨོཾ་པདྨ་སཏྭ་ས་མ་ཡ་སོགས་སྣང་བ་མཐའ་ཡས་ཀྱི་ཡི་གེ་བརྒྱ་པ་བཟླ། ཐ་མ་བསྒྲལ་བ་ནི། ཨེ་ནྲྀ་ཏྲི་ཛཿ ཞེས་པས་རྟེན་དང་དམིགས་བྱ་བསྐྱེད་བསྟིམ་སྔོན་དུ་འགྲོ་བས། ཕུར་པ་ཐོགས་ལ། སྐུ་སྟོད་དབང་ཆེན་ཁྲོས་པའི་གཟུགས། །སྐུ་སྨད་གནམ་ལྕགས་ཕུར་པའི་དབལ། །དགྲ་བགེགས་ལོག་འདྲེན་དམ་སྲི་ཡི། །སྙིང་ལ་བཏབ་བོ་མཱ་ར་ཡ། །ཤ་ཁྲག་རུས་པ་རྡུལ་དུ་རློག །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། གནོད་བྱེད་དགྲ་བགེགས་ཤ་ཏྲུཾ་མཱ་ར་ཡ་རྦད། ཅེས་ཕུར་བུ་བཏབ་པས་ཚེ་བསོད་རང་ལ་བསྟིམ། རྣམ་ཤེས་ཆོས་དབྱིངས་སུ་སྤར། ཕུང་ཁམས་བདུད་རྩིའི་སྤྲིན་གྱིས་ལྷ་ཚོགས་རྣམས་མཉེས་པར་བསམས་ལ་སྨན་རག་སྦྲེང་ཞིང་། ཨོཾ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་མ་ཧཱ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧི། ཞེས་བསྟབས་མཐར་རང་ཉིད་ཚེ་དཔག་མེད་ལུས་དཀྱིལ་གྱི་ལྷ་དང་བཅས་པར་གསལ་བས་ཚོགས་རྫས་ཀྱི་བདུད་རྩི་ལ་ལོངས་སྤྱད་ཅིང་། འཆི་མེད་ཚེ་ཡི་དཀྱིལ་འཁོར་དུ། །ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ། ལྷག་མ་བདུད་རྩིས་བསང་། པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོཿཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར་པར་བསམ། ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་ཞེས་པས་ལྷག་མའི་དམ་ཚིག་ལ་གནས་པ་རྣམས་སྤྲིན་གཏིབས་པ་བཞིན་བྱོན་པར་བསམས་ལ། ཧྲཱིཿ ཚེ་དཔག་མེད་མགོན་བཀའ་འཁོར་ན། །དམ་པའི་ཆོས་ཀྱི་སྲུང་མ་རྣམས། །ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད། །གཟའ་ཆེན་བརྒྱད་དང་གནོད་སྦྱིན་བརྒྱད། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། །ཧ་རི་ཀ་དང་པཉྩི་ཐོག །འཕྲོག་མ་མ་བུར་བཅས་པ་དང་། །དཔལ་ལྡན་མགོན་པོ་ལྕམ་དྲལ་དང་། །ལྷ་དང་ལྷ་མིན་མི་འམ་ཅི། །དྲི་ཟ་གནོད་སྦྱིན་འབྱུང་པོ་དང་། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ། །མཆོད་སྦྱིན་གཏོར་མ་འདི་བསྔོས་པས། །ཅི་འདོད་ཕུན་སུམ་ཚོགས་པར་ཤོག །ཅི་ལྟར་ནུས་པའི་ཕྲིན་ལས་མཛོད། །བ་ལིཾ་ཏ་པཱུ་ཛ་ཧོཿ ཞེས་བསྔོའོ། །གཉིས་པ་ནི། བརྟན་མའི་གཏོར་མ་ཨོཾ་ཨཱཿཧཱུྃ་གིས་བརླབས་ལ། ཧཱུྃ། ཨ་སུ་ར་ཡི་བྲག་ཕུག་ཏུ། །ཨོ་རྒྱན་པདྨ་འབྱུང་གནས་ཀྱི། །སྤྱན་སྔར་ཁས་བླངས་དམ་བཅས་པའི། །བོད་ཡུལ་བརྟན་མ་བཅུ་གཉིས་དང། །ཕྱི་གཏོར་དབང་བར་ཁས་བླངས་རྣམས། །མཆོད་སྦྱིན་གཏོར་མ་འདི་ལོངས་ལ། །བདུད་དཔུང་ཐུལ་ལ་ཞིང་བཅུ་སྒྲོལ། །དལ་ཁ་ཆིངས་ལ་འབྲུ་བཅུད་སྤེལ། །དམག་དཔུང་ཆོམས་ལ་མཚོན་རྩེ་རྟུལ། །བཅོལ་པའི་དམ་ཚིག་དྲན་པར་མཛོད། གསུམ་པ་ནི། བསྙེན་སྒྲུབ་སོགས་ཀྱི་སྐབས་དབང་དང་དངོས་གྲུབ་རྒྱས་པར་བླང་བ་ནི་བསྙེན་ཡིག་ཏུ་ཤེས། རྒྱུན་གྱི་དངོས་གྲུབ་མདོར་བསྡུས་ཏེ་བླང་བར་མོས་ན། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་རང་གི་གནས་གསུམ་དུ་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་བསམས་ལ། ཧྲཱིཿ སྐྱེ་མེད་ཆོས་དབྱིངས་ཕོ་བྲང་ནས། །ཐུགས་རྗེ་འགག་མེད་ཚེ་ཡི་ལྷ། །མཉམ་ཉིད་དབྱིངས་ནས་སྐུར་བཞེངས་ལ། །སྐུ་གསུམ་ཡོངས་རྫོགས་དངོས་གྲུབ་སྩོལ། །ཨོཾ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ནྲྀ་བྷྲཱུྃ་ཛཿ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་མ་ཧཱ་སིདྡྷི་ཧཱུྃ། ཞེས་བརྗོད། གཏོང་རག་གི་མཆོད་པ་ཞལ་གསོས་ལ། ཨོཾ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་པས་མཆོད། ཧྲཱིཿ དྲན་པ་ཙམ་གྱིས་འཆི་བདག་བདུད། །མཐར་མཛད་པད་འབྱུང་ཚེ་དཔག་མེད། །ཨེ་ཝཾ་ཟུང་འཇུག་ལྷ་ཚོགས་ལ། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཞེས་པས་བསྟོད། ཡིག་བརྒྱ། དབྱངས་གསལ། རྟེན་འབྲེལ་སྙིང་པོ་བཟླ་ཞིང་ལྷག་ཆད་ཁ་བསྐང་། ཐལ་མོ་སྦྱར་ཏེ། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་ནོངས་པ་བཤགས། བཞི་པ་ནི། མདུན་བསྐྱེད་ཀྱི་རྟེན་ཡོད་ན། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱས་བརྟན་བཞུགས་བྱ། མེད་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་དབྱིངས་སུ་གཤེགས་པར་བསམ། ཏིང་ངེ་འཛིན་དམ་ཚིག་གི་དཀྱིལ་འཁོར། ཧྲཱིཿ སྣོད་བཅུད་ཐམས་ཅད་འོད་ཞུ་རང་ལ་ཐིམ། །རང་ཉིད་ལུས་དཀྱིལ་ལྷ་དང་བཅས་པ་ཀུན། །མི་དམིགས་འོད་གསལ་སྟོང་པའི་ངང་ཉིད་ལས། །སླར་ཡང་འཇའ་ཚོན་བཞིན་དུ་གསལ་བར་གྱུར། །ཅེས་བརྗོད་ཅིང་བསམ། ལྔ་པ་ནི། དགེ་བ་འདི་ཡིས་བདག་སོགས་འགྲོ་བ་ཀུན། །འཆི་བདག་ལ་སོགས་བདུད་བཞི་རྣམ་བཅོམ་སྟེ། །སྐྱེ་རྒ་ན་འཆིའི་མཚོ་ཆེན་ལས་བརྒལ་བའི། །མགོན་པོ་ཚེ་མཐའ་ཡས་པ་ཐོབ་པར་ཤོག །དྲུག་པ་ནི། ཆོས་སྐུ་སྣང་མཐའ་ལོངས་སྐུ་ཚེ་དཔག་མེད། །སྤྲུལ་པའི་སྐུ་མཆོག་པདྨ་ཐོད་ཕྲེང་སྟེ། །སྐུ་གསུམ་དབྱེར་མེད་ཚེ་ཡི་ལྷ་ཚོགས་ཀྱི། །བཀྲ་ཤིས་ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག །འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་། །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང་། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །དེ་ཀུན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ལུས་ནི་སྣང་སྟོང་དབྱེར་མེད་ལྷ་ཡི་སྐུ །ངག་ནི་གྲགས་སྟོང་འགག་མེད་ཚངས་པའི་གསུང་། །ཡིད་ནི་བདེ་སྟོང་འགྱུར་མེད་རྡོ་རྗེའི་ཐུགས། །ལེགས་ཤར་དོན་གཉིས་ལྷུན་གྲུབ་བཀྲ་ཤིས་ཤོག །ཅེས་སོགས་བཀྲ་ཤིས་ཀྱི་དབྱངས་སྙན་པོ་བརྗོད་ཅིང་མེ་ཏོག་གི་ཆར་སིལ་མར་བསྙིལ་བས་དགེ་ལེགས་སུ་བྱའོ། །ཚེ་དཔག་མེད་མགོན་སྲིད་ཞིའི་དྭངས་མ་ཀུན། །བཅུད་དུ་འདྲེན་པའི་ཕྲིན་ལས་རྨད་བྱུང་འདིས། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དར། །འགྲོ་རྣམས་འཆི་མེད་དབང་པོ་མྱུར་འགྲུབ་ཤོག །ཅེས་ཀུན་མཁྱེན་རྒྱལ་བའི་དབང་པོ་རྡོ་རྗེ་ཐོགས་མེད་རྩལ་གྱི་དག་པ་ཡེ་ཤེས་ཆེན་པོའི་གཟིགས་ངོར་སྣང་བའི་ཡང་གསང་རྒྱ་ཅན་གྱི་ཆོས་སྡེ་ཉི་ཤུ་རྩ་ལྔའི་ནང་ཚན། བྷྲཱུྃ་མཚན་རྡོ་རྗེའི་རྭ་གདེངས་ཐོག་མདའི་རྒྱ་ཅན་ལས་བྱུང་བའི་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་འདིའང་། དག་སྣང་རྩ་བའི་གཞུང་དང་ལྗགས་བསྒྲིགས་ལ་རིགས་མཐུན་རྡོ་རྗེའི་གསུང་གིས་མཚམས་སྦྱར་ཏེ་བཀླགས་པས་གྲུབ་པར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོ་རྡོ་རྗེ་གཟི་བརྗིད་ཀྱིས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །དགེའོ།། །།
ཟབ་བདུན་རྩ་གསུམ་ཚེ་ཟབ་ལས། པདྨ་མཁའ་འགྲོའི་བཀའ་སྲུང་ལྷ་ཆེན་གྱི་དབང་ཆོག་སིནྡྷུ་བ་རའི་ཆུ་རྒྱུན་ (Volume 53, Text 8)
༄༅། །ཟབ་བདུན་རྩ་གསུམ་ཚེ་ཟབ་ལས། པདྨ་མཁའ་འགྲོའི་བཀའ་སྲུང་ལྷ་ཆེན་གྱི་དབང་ཆོག་སིནྡྷུ་བ་རའི་ཆུ་རྒྱུན་ཞེས་བྱ་བ་བཀའ་རྒྱ་ཅན་བཞུགས་སོ། ། ན་མོ་གུ་རུ་མ་ཧཱ་དེ་བ་ཡ། འཇིག་རྟེན་དབང་ཕྱུག་གདུལ་བྱའི་ངོར། །ཆགས་ཆེན་དཔའ་བོའི་སྐུར་བཞེངས་པས། །སྣང་སེམས་དབང་མཛད་དངོས་གྲུབ་ཀྱིས། །འདི་དང་གཏན་དུ་ཤིས་པ་སྩོལ། །ལྷ་ཆེན་པོའི་སྒྲུབ་ཐབས་ཡང་ཟབ་སྙིང་པོར་གྱུར་པ་འདིའི་དབང་བསྐུར་ཐུན་མོང་མ་ཡིན་པ་དམ་ཚིག་དང་ལྡན་པའི་སློབ་མ་ལ་གཅིག་བརྒྱུད་ཀྱི་ཚུལ་དུ་སྦྱིན་པ་ལ། སྟེགས་བུ་དམར་པོའི་སྟེང་དུ་དཀྱིལ་འཁོར་ཟླ་གམ་སྒོ་གཅིག་པའི་ནང་དུ་པདྨ་འདབ་བཞིའི་ཟེའུ་འབྲུར་ཉི་གདན་ལ་ལྕགས་ཀྱུ་དང་ཞགས་པ་དམར་པོ་རྟགས་ཀྱིས་མཚན་པར་བྲིས་པའི་དབུས་སུ། མཉྫིའི་ཁར་བུམ་པ་བཅུད་ལྡན་མགུལ་ཆིངས་དམར་པོས་སྤྲས་པའི་སྟེང་ཐོད་པ་མཚན་ལྡན་མྱོས་བྱེད་དང་མངར་གསུམ་སྦྱར་བས་བཀང་བའི་ཁར། མེ་ལོང་ཆང་གིས་བྱུགས་ཤིང་སིནྡྷུ་ར་བརྡལ་བ་ལ་ཧྲིཾ་ཡིག་བྲིས་པས་བཀབ་ལ་དར་དམར་གྱི་གུར་ཕུབ། ཟངས་སྣོད་དུ་གཏོར་མ་ཤིང་ཏོག་ལྟ་བུ་དམར་པོ་རྒྱན་ལྡན་སྤོད་ཀྱིས་བྲན་ཅིང་སྲིད་པའི་ལིངྒའི་རྟགས་ཀྱིས་སྤྲས་པའི་རྩེར་སྐུ་ཙཀ་དར་དམར་གྱི་ཅོད་པན་ཅན་མེ་ལོང་གི་སྟེང་དུ་བརྩེགས་པའམ་མི་བདེ་ན་མདུན་ཕྱོགས་སུ་བཀོད། རྒྱབ་ངོས་སུ་པདྨ་མཁའ་འགྲོའི་མཆོད་གཏོར་དང་འབུལ་གཏོར་དམར་ཟླུམ་གྱི་གཡས་གཡོན་སྨན་རཀ །ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཤམ། ཕྲིན་ལས་ལ་དགོས་པའི་གཏོར་མཆོད་ཚོགས་ཀྱི་ཡོ་བྱད་སོགས་ཚང་བར་བསྡོག་གོ །དེ་ནས་པདྨ་མཁའ་འགྲོའི་ཕྲིན་ལས་བཟླས་པ་དང་བཅས་པ་གྲུབ་ནས། སླར་ཡང་མཆོད་པ་ཁ་གསོས་ལ་བྱིན་རླབས་བྱ། མདུན་དུ་ལྷ་ཡི་ཞིང་ཁམས་དབུས༔ སོགས་འདི་ཉིད་ཀྱི་ལས་བྱང་གཏང་ལ་བཟླས་པ་ཅི་འགྲུབ་མཐར། པདྨ་མཁའ་འགྲོའི་གཏོར་འབུལ་བྱ། འདི་ཉིད་ཀྱི་གཏོར་མ་བྱིན་རླབས་དང་སྔགས་བསྔོས་ལན་གསུམ་གྱིས་ཕུལ་ལ་གཞུང་ལྟར་ཕྲིན་ལས་བཅོལ། ཚོགས་ཡོད་ན་བྱིན་རླབས་ནས་བསྒྲལ་བསྟབ་ཀྱི་བར་དུ་གཏང་། ལས་བུམ་རྟ་སྔགས་ཀྱིས་བྱིན་བརླབ། སློབ་མ་གཞུག་པར་གནང་བ་ནོད་དོ། །དེ་ནས་དབང་དངོས་ལ་སློབ་མ་ཁྲུས་ནས་དབྱུང་། བགེགས་གཏོར་བསྔོས་ལ་བསྐྲད། སྲུང་བའི་འཁོར་ལོས་མཚམས་གཅད། སེམས་བསྐྱེད་གསལ་བཏབ་ལ་མཚམས་སྦྱོར་གྱི་ཁྱད་པར། འདིར་དགོས་པ་ཁྱད་པར་ཅན་དང་འབྲེལ་བའི་འཆད་པར་བྱ་བ། ཁམས་གསུམ་དབང་དུ་སྡུད་པ་ལ་མཐུ་སྟོབས་གཟི་བརྗིད་ཐོགས་པ་མེད་ཅིང་ནུས་པའི་རྩལ་ཆེན་གློག་ལྟར་མྱུར་བ་ལྷ་ཆེན་པདྨ་གར་གྱི་དབང་ཕྱུག་འདི་ཉིད། འཕགས་པ་སྤྱན་རས་གཟིགས་དབང་སྙིང་རྗེ་ཆེན་པོས་འགྲོ་ལ་ཕྱོགས་མེད་དུ་དགོངས་པའི་རྩལ་ལས། ཕྱི་པ་མུ་སྟེགས་བྱེད་དང་ནང་པ་སངས་རྒྱས་པ་གཉིས་ཀ་ལ་གང་འདུལ་སྤྲུལ་པའི་རོལ་གར་འདོད་རྒུར་སྒྱུར་བར་མཛད་པས། ཕྲིན་ལས་ཕྱོགས་མེད་དུ་ཁྱབ་ཅིང་བརྡལ་པ་གང་འདིའི་སྒྲུབ་ཐབས་ཀྱི་བཀའ་སྲོལ་བྱང་གཏེར་དང་ལས་འབྲེལ་རྩལ་གཙོ་བོར་གྱུར་པའི་གཏེར་ཁ་གསར་རྙིང་རྣམས་སུ་རྒྱས་བསྡུས་ཀྱི་རིམ་པ་མཐའ་ཡས་པ་བྱོན་པ་ལས། འདིར་སྤྲུལ་པའི་གཏེར་སྟོན་ཆེན་པོ་༧ཨོ་རྒྱན་མཆོག་གྱུར་གླིང་པས་མདོ་ཁམས་གནས་ཆེན་ཉེར་ལྔའི་བྱེ་བྲག་འོག་མིན་ཀརྨའི་གནས་ནས་སྤྱན་དྲངས་པའི་དམ་ཆོས་ཟབ་པ་སྐོར་བདུན་གྱི་བྱེ་བྲག །རྩ་གསུམ་ཚེའི་ཟབ་པའི་ཆ་ལག་དབང་གི་ལས་མཛད་པདྨ་མཁའ་འགྲོའི་བཀའ་སྡོད་ལྷ་ཆེན་ལྕམ་དྲལ་གྱི་དབང་བསྐུར་སྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་གསེར་གྱི་མཎྜལ་འབུལ་དུ་གཞུག །སློབ་དཔོན་པདྨ་མཁའ་འགྲོར་གསལ་བ་ལ་མོས་གུས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་སངས་རྒྱས་དགོངས་སུ་གསོལ༔ བདག་ལ་ལྷ་ཆེན་ལྕམ་དྲལ་གྱི༔ སྐུ་གསུང་ཐུགས་ཀྱི་རྗེས་གནང་སྩོལ༔ གསང་བ་གསུམ་དུ་འགྲུབ་པར་མཛོད༔ ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་སློབ་དཔོན་དབང་མཛད་པདྨ་མཁའ་འགྲོ་དངོས་སུ་གསལ་བ་ལ། རྩ་གསུམ་དམ་ཅན་སྲུང་མའི་ཚོགས་དང་བཅས་ཏེ་བཞུགས་པའི་སྤྱན་སྔར་གསག་སྦྱོང་ཡན་ལག་བརྒྱད་པའི་བསྒོམ་དོན་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་ལན་གསུམ། དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་རྩེ་གཅིག་ཏུ་མཛད་འཚལ། རྟ་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། དངོས་འཛིན་གྱི་སྣང་བ་མི་དམིགས་སྟོང་པར་གྱུར་པའི་ངང་ལས། ས་ཕྱོགས་ཀུན་ལྷ་གནས་ཀྱི་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་གདན་ལ། ཁྱེད་རང་གི་རིག་པ་ཧྲིཾ་ཡིག་དམར་པོ་འོད་ཟེར་རབ་ཏུ་འབར་བས་ཁམས་གསུམ་གྱི་སྣོད་བཅུད་ལ་ཁྱབ་ཅིང་དབང་དུ་བསྡུས། ཚུར་འདུས་ཏེ་ཐིམ་པས་ཁྱེད་རང་སྐད་ཅིག་གིས་ལྷ་ཆེན་དབང་ཕྱུག་ཆེན་པོ་ཞལ་གཅིག་ཞི་འཛུམ་ཆགས་པའི་ཉམས་རྒྱས་པ། ཕྱག་གཉིས་ཀྱིས་གཡས་ཁམས་གསུམ་འགུགས་པའི་ལྕགས་ཀྱུ་དང་གཡོན་སྲིད་གསུམ་འཆིང་བར་བྱེད་པའི་རླུང་ཞགས་བསྣམས་པ། ཨུཏྤལ་དམར་པོ་དང་དར་དམར་གྱི་ཅོད་པན་ལྷབ་ལྷུབ་གཡོ་བ། རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་ཅིང་རལ་པའི་ཐོར་ཚུགས་ཀྱི་ངོས་སུ་སྣ་ཚོགས་རྡོ་རྗེ་དང་ཟླ་ཚེས་ཀྱིས་སྤྲས་པ། གསང་རྟགས་འོད་འབར་བ་གྱེན་དུ་སྒྲེང་ཞིང་ཞབས་བཞེངས་ཐབས་འོད་དམར་འབར་བའི་ཀློང་ན་འགྱིང་བའི་གནས་གསུམ་འབྲུ་གསུམ་དང་། ཐུགས་ཀར་ཧྲིཾ་ཡིག་དམར་པོས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་ལྕགས་ཀྱུ་ལྟ་བུའི་འོད་ཟེར་འཕྲོས་པས་རྩ་གསུམ་ལྷའི་གནས། གངས་ཅན་ཏི་སེ། རྒྱ་མཚོ་ཆེན་པོའི་འགྲམ་ལ་སོགས་པ་ནས་དབང་ཕྱུག་ལྕམ་དྲལ་འཁོར་དང་བཅས་པ་ནམ་མཁའ་གང་བ་ཙམ་དུ་བྱོན་ནས་ཁྱེད་རང་ལ་ཐིམ་པར་མོས་ཤིག །སྦྱར་བའི་སྤོས་བདུག །རོལ་མོ་འཁྲོལ་ལ་སྙིང་པོའི་སྔགས་བརྗོད། སླར་ཡང་སྤོག་པའི་སླད་དུ་དམིགས་པ་འདི་བཞིན་དུ་སྒོམས་ཤིག ཁྱེད་རང་རྣམས་མ་ཧཱ་དེ་བར་དངོས་སུ་གསལ་བ་དང་། ཡུམ་ཨུ་མཱཿདེ་བཱི་དང་མཉམ་པར་སྦྱོར་བའི་བདེ་བའི་སྒྲ་དང་ཆགས་པའི་འོད་ཟེར་གྱིས་འཁོར་འདས་ཐམས་ཅད་ལ་ཁྱབ་ཅིང་དབང་དུ་སྡུད། ཐམས་ཅད་ཀྱང་འོད་དམར་པོའི་རྣམ་པར་ཞུ་ནས་རང་ཉིད་ལ་ཐིམ་པས་བདེ་བ་བཟོད་མེད་དུ་འབར་བར་སྒོམས་ཤིག །སྔགས་སོགས་སྔར་ལྟར་བྱ། ཡེ་ཤེས་པ་བརྟན་པར་གྱུར་ཅིག །ཅེས་བརྗོད་རྡོ་རྗེ་མགོར་བཞག །བུམ་པ་ཟླ་གམ་དབང་གི་ཕོ་བྲང་འོད་དམར་འཁྲིགས་པའི་ཀློང་དུ་དབང་ཕྱུག་ལྷ་ཆེན་ཡབ་ཡུམ་སྙོམས་པར་ཞུགས་པའི་བདུད་རྩིའི་རྒྱུན་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་གང་། གཟུགས་སྣང་ལྷ་རུ་ཤར། སྲིད་པ་གསུམ་གྱི་ལུས་དང་ཁྱད་པར་འདོད་པའི་ཁམས་ལ་དབང་སྒྱུར་བའི་མཐུ་རྩལ་རྫོགས་པར་མོས་ཤིག །རྣམ་བུམ་གྱིས་དབང་བསྐུར་ལ། ཧྲཱི༔ དོན་དམ་མི་གཡོ་ངང་ཉིད་ལས༔ སྣ་ཚོགས་སྣང་བ་སྤྲུལ་པའི་སྐུ༔ ལུས་སྣང་ལྷ་རུ་འགྱུར་བའི་ཕྱིར༔ སྐུ་ཡི་ནུས་དབང་ཡོངས་རྫོགས་ཤོག༔ རྩ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བྷཉྫ་ཟླ་གམ་དབང་གི་ཕོ་བྲང་འོད་དམར་འཁྲིགས་པའི་ཀློང་དུ་དབང་ཕྱུག་མ་ཧཱ་དེ་བ་ཨུ་མཱཿདེ་བཱི་དང་མཉམ་པར་སྦྱར་པའི་བྱང་སེམས་དཀར་དམར་གྱི་རྒྱུན་ཁྱེད་རང་གི་མགྲིན་པར་མྱང་བས་ལུས་ཐམས་ཅད་བྱང་སེམས་ཀྱིས་གང་། སྒྲ་སྐད་སྔགས་སུ་དག །སྲིད་པ་གསུམ་གྱི་ངག་དང་ཁྱད་པར་གཟུགས་ཀྱི་ཁམས་ལ་དབང་སྒྱུར་བའི་ནུས་རྩལ་རྫོགས་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཧྲཱི༔ དོན་དམ་མི་གཡོ་ངང་ཉིད་ལས༔ མ་འགགས་ལོངས་སྤྱོད་རྫོགས་པའི་གསུང༔ སྔགས་རླུང་ནུས་པ་བསྐྱེད་པའི་ཕྱིར༔ གསུང་གི་ནུས་དབང་ཡོངས་རྫོགས་ཤོག༔ རྩ་སྔགས། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེའི་རྗེས་འབྲེལ་དུ་བཟླས་པའི་ལུང་འབོགས་པ་ལས། སློབ་དཔོན་ལ་མོས་གུས་བྱས་པས་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་བསྐྱེད་བསྐུལ། དབང་ཕྱུག་ཆེན་པོའི་ཐུགས་སྲོག་ཧྲིཾ་ཡིག་སྔགས་ཕྲེང་གིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་པདྨ་རཱ་གའི་ཕྲེང་བ་ལྟ་བུ་འཕྲོས། ཞལ་ནས་ཐོན་ཏེ་ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཉི་སྟེང་ཧྲིཾ་ཡིག་དམར་པོའི་མཐར་འཁོད་པ་ལས་འོད་དམར་པོས་འཁོར་འདས་དབང་དུ་བྱས་པར་མོས་ལ་རྗེས་ཟློས། སྙིང་པོ་ལན་གསུམ་བརྗོད། སིནྡྷུ་རའི་དཀྱིལ་འཁོར་གྱི་སྟེང་དུ་ལྷ་ཆེན་ཡབ་ཡུམ་དམར་ཕུང་ངེར་བཞུགས་པ་དེ་ཉིད་ཁྱེད་རང་ལ་ཐིམ་པས་བདེ་བ་ཆེར་སྐྱེས། ཡུམ་དང་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བདེ་བའི་སྒྲ་དང་འོད་ཟེར་གྱིས་འཁོར་འདས་གཉིས་ཀྱི་བཅུད་དང་དྭངས་མ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་འུབས་ཀྱིས་བསྡུས། སྦྱོར་མཚམས་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བའི་དྭངས་བཅུད་ཀྱི་སྙིང་པོ་སྨིན་མཚམས་སུ་ཐིག་ལེ་དམར་པོར་འཁྱིལ་ཏེ་འཁོར། ཀུན་རྟོག་ཡེ་ཤེས་སུ་ཐིམ། སྲིད་པ་གསུམ་གྱི་ཡིད་དང་ཁྱད་པར་གཟུགས་མེད་ཁམས་དབང་དུ་བྱེད་པའི་ནུས་རྩལ་རྫོགས་པར་མོས་ཤིག །སིནྡྷུ་རའི་མེ་ལོང་མགོར་བཞག །དཔྲལ་བར་ཐིག་ལེ་བྱས་ལ། ཧྲཱི༔ དོན་དམ་མི་གཡོ་སྤྲོས་དང་བྲལ༔ ལྷུན་གྱིས་གྲུབ་པ་ཆོས་ཀྱི་སྐུ༔ སེམས་ཉིད་ཀ་དག་རྟོགས་པའི་ཕྱིར༔ ཐུགས་དབང་སེམས་ལ་ཡོངས་རྫོགས་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་སྣོད་ཟླ་གམ་དབང་གི་ཕོ་བྲང་འོད་དམར་འབར་བའི་ཀློང་དུ་གཏོར་མ་ལྷ་ཆེན་ལྕམ་དྲལ་འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པ་དངོས་སུ་གསལ་བ་ཁྱེད་རང་གི་སྤྱི་བོར་བྱོན་སྐུ་གསུང་ཐུགས་ལས་བདུད་རྩིའི་འོད་ཟེར་སྣ་ལྔའི་རྒྱུན་བབས། ལུས་ངག་ཡིད་གསུམ་ལ་ཐིམ། ཞུ་བདེ་འགྱུར་མེད་དུ་བརྟན། རླུང་སེམས་སྣང་བ་ཐམས་ཅད་ལ་རང་དབང་སྒྱུར་བའི་ནུས་སྟོབས་རྩལ་ཆེན་ཕྱོགས་མེད་དུ་རྒྱས་པར་གྱུར་པའི་མོས་པ་མཛོད། གཏོར་མ་མགོར་བཞག་ལ། ཧྲཱི༔ དོན་དམ་མི་གཡོ་ཆོས་ཀྱི་སྐུ༔ རང་བཞིན་ལྷུན་གྲུབ་ལོངས་སྤྱོད་རྫོགས༔ ཅིར་ཡང་སྣང་བ་སྤྲུལ་པའི་སྐུ༔ ཐམས་ཅད་དབྱེར་མེད་ངོ་བོ་ཉིད༔ སྐུ་བཞི་ལྷུན་གྲུབ་དབང་བསྐུར་བས༔ ལྷ་ཆེན་ལྕམ་དྲལ་གོ་འཕང་ཐོབ༔ མཆོག་ཐུན་དངོས་གྲུབ་འགྲུབ་པར་ཤོག༔ རྩ་སྔགས། སརྦ་ཨ་བྷི་ཥིཉྩ་ཧྲཱི༔ ཤིས་པ་བརྗོད་ཅིང་མེ་ཏོག་འཐོར། དེས་དབང་མཛད་པདྨ་མཁའ་འགྲོའི་བཀའ་སྡོད་ལྷ་ཆེན་ལྕམ་དྲལ་གྱི་དབང་བསྐུར་ཐུན་མོང་མ་ཡིན་པའི་བཀའ་རྒྱ་ཅན་ལེགས་པར་ཐོབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ནས། དམ་ཚིག་ཁས་ལེན། གཏང་རག་མཎྜལ་སོགས་དབང་གི་རྗེས་བྱ་དང་། སློབ་དཔོན་གྱིས་ཚོགས་ཡོད་ན་རོལ་ཞིང་ལྷག་མ་གཏང་བ་སོགས་དང་། མེད་ན་གཏང་རག་མཆོད་བསྟོད་ཕྱིན་ཆད་པདྨ་མཁའ་འགྲོའི་རྗེས་ཆོག་ལྟར་བྱ་ཞིང་། མདུན་བསྐྱེད་སྐུ་རྟེན་ལ་བརྟན་བཞུགས་སམ་གཤེགས་སུ་གསོལ་བ་གང་འཐད་བྱའོ། །སྣང་བ་མ་ཧཱ་དེ་བ་དང་། །སྟོང་ཉིད་ཨུ་མཱཿསྙོམས་ཞུགས་པའི། །ཕྱག་རྒྱས་འཁོར་འདས་ཀུན་ཐེབས་ནས། །རང་རིག་དབྱིངས་སུ་དབང་སྒྱུར་ཤོག །ཅེས་པའང་གཏེར་ཆེན་ཉིད་ཀྱིས་ཇི་ལྟར་གནང་བའི་ཕྱག་བཞེས་ལ་བཅོས་བསླད་ནོར་འཁྲུལ་མེད་པར་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བཀོད་པ་འདི་ལ་བཀའ་རྒྱ་དམ་པོ་ཡོད་པས་འཆད་སྤེལ་མཁན་རྣམས་ཀྱིས་གལ་ཆུང་མི་མཛད་པར་འདི་རིགས་ཀུན་ལ་ངེས་དགོས་སོ། །དགེ་ལེགས་འཕེལ།། །།
གསང་ཏིག་སྙིང་པོའི་སྐོར་ལས་བྱུང་བའི་དཔལ་ཡང་དག་ཧེ་རུ་ཀའི་དཀྱིལ་འཁོར་དུ་དབང་བསྐུར་བའི་རིམ་པ་བདེ་ཆེན་སྙིང་པོ་ (Volume 28, Text 8)
༄༅། །གསང་ཏིག་སྙིང་པོའི་སྐོར་ལས་བྱུང་བའི་དཔལ་ཡང་དག་ཧེ་རུ་ཀའི་དཀྱིལ་འཁོར་དུ་དབང་བསྐུར་བའི་རིམ་པ་བདེ་ཆེན་སྙིང་པོ་ཞེས་བྱ་བ་བཞུགས་སོ།། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་ཏུ་གསོལ། །དེ་ལ་འདིར་འཇམ་མགོན་རྡོ་རྗེ་འཆང་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པའི་ཟབ་གཏེར་གསང་ཏིག་སྙིང་པོའི་སྐོར་ལས་བྱུང་བའི་དཔལ་ཡང་དག་ཧེ་རུ་ཀའི་དཀྱིལ་འཁོར་དུ་སློབ་མ་རྗེས་སུ་བཟུང་བའི་རིམ་པ་ལ་གསུམ། སྒྲུབ་གཞི་དབང་གི་རྫས་བཤམ་པ། སྒྲུབ་བྱེད་དབང་དོན་དཀྱིལ་འཁོར་སྒྲུབ་པ། བསྒྲུབས་པའི་འབྲས་བུ་དབང་བསྐུར་བའི་ཆོ་ག་དངོས་སོ། །དང་པོ་ནི། དམ་མེད་སོགས་འདུ་བར་མི་འོས་པས་དབེན་པའི་གནས་སུ་དམ་ཚིག་གི་བྲིས་སྐུ་གཙོར་གྱུར་རྟེན་གྱི་དྲུང་དུ་སྟེགས་གཙང་མར་བདུད་རྩི་ལྔས་ཆག་ཆག་བཏབ་པ་ལ་དཀྱིལ་འཁོར་སྒོ་རྫོགས་རྟ་བབས་བཞི་ལྡན་ལྟེ་བ་ཟླ་གམ་དམར་པོ་སྒོ་གཅིག་ལྷ་མཚན་ཅན་གྱི་རས་བྲིས་བཀྲམ། མ་འབྱོར་ན་མཎྜ་ལར་མེ་ཏོག་མཐིང་གའི་ཚོམ་བུ་གཅིག་བཀོད་པའི་ཁར་མཉྫིའི་སྟེང་འབྲུའི་གཞོང་པ་བཞག་པའི་དབུས་སུ་ཕོ་ཐོད་མཚན་ལྡན་གྱི་ནང་དུ་རབ་གསེར་རམ། ཡང་ན་ཁྲག་ཆེན་གྱིས་ཁྲོ་སྐུ་མངོན་རྟོགས་ལྟར་བྲིས་པའི་སྐུ་རྟེན་ནམ། མ་འབྱོར་ན་ཐོད་པར་རྫས་གོང་ལྟར་གྱིས་འཁོར་ལོ་རྩིབས་བརྒྱད་ཀྱི་ལྟེ་བར་ཧཱུྃ། རྩིབས་བརྒྱད་ལ་རུ་ལུ་འབྲུ་བརྒྱད་བཀོད་པ་བཞག །དེའི་མདུན་དུ་བུམ་པ་སོ་ལྔའི་བཅུད་ལྡན་དར་མཐིང་གའི་མགུལ་ཆིངས་ཁ་རྒྱན་ཅན་དང་། གཡས་སུ་ཐོད་པར་བདུད་རྩི་བཏབ་པའི་གསང་སྣོད། རྒྱབ་ཏུ་སྔགས་བྱང་གསེར་རམ་མཚལ་གྱིས་རུ་ལུ་བྲིས་པ། གཡོན་དུ་རིག་ཙཀ་བཀོད། མདུན་རྒྱབ་གང་བདེར་སྨན་གཏོར་རཀྟ་དང་སྲུང་མའི་གཏོར་མ། མཐའ་སྐོར་དུ་མཆོད་ཡོན་སོགས་ཉེར་སྤྱོད་གཡས་སྐོར་དུ་བཤམས། གཞན་ཡང་ཚོགས་དང་དཀར་བགེགས། ཆད་བརྟན། ལས་བུམ། མེ་ཏོག །རོལ་མོའི་རིགས་སོགས་ཉེ་བར་མཁོ་བ་རྣམས་ཚང་བར་འདུ་བྱའོ། །གཉིས་པ་དབང་སྒྲུབ་ནི། ཚིག་བདུན་གསོལ་འདེབས་དང་བརྒྱུད་པའི་གསོལ་འདེབས་བཏང་ནས། ཚོགས་ཞིང་གསལ་བཏབ་ལ། སྤྱི་ལྟར་འབྲེལ་བསྡེབས་ཏེ་རྩ་བའི་མཆོག་སྒྲུབ་ལྟར་སྐྱབས་སེམས་ལན་གསུམ་རེའི་མཐར། དཀར་གཏོར་སྨིན་ལུགས་སྤྱི་ལྟར་སྔོན་དུ་བཏང་། དེ་ནས་བགེགས་གཏོར་བྱིན་གྱིས་བརླབས་ཤིང་སྔགས་ཀྱིས་འགུགས་པ་དང་བསྔོ་བ་སྤྱི་ལྟར་བྱས་ནས། ལས་བྱང་དོན་གྱི་སྙིང་པོ་ལྟར་བགེགས་བསྐྲད་སྲུང་འཁོར་བསྒོམ་པ་སོགས་དང་སྔོན་འགྲོའི་ཆོས་རྣམས་རྫོགས་པར་བྱ། དངོས་གཞི་བདག་མདུན་བུམ་པས་མཚོན་སྣོད་བཅུད་ཐམས་ཅད་ཡེ་ནས་ལྷ་སྔགས་ཡེ་ཤེས་ཀྱི་རང་བཞིན་དུ་ཤེས་པར་བྱས་ནས་སྣང་སྲིད་གཞིར་རྫོགས་ཀྱི་དཀྱིལ་འཁོར་ཆེན་པོ་གཅིག་ཏུ་གསལ་བཏབ་ལ་མཆོག་སྒྲུབ་ལྟར། ཆོས་རྣམས་རང་བཞིན་དག་པའི་ངང༔ སོགས་ཞི་བ་བསྙེན་ལ་སྔགས་ཇི་ལྟར་ནུས་པ་དང་། དེའི་ཐུགས་མི་རྟོག་པའི་ཡེ་ཤེས་དེ་བཞིན་ཉིད་ལས་རྡོ་རྗེའི་ཆོ་ག་གསུམ་གྱིས་ཁྲོ་བོའི་རྟེན་དང་བརྟེན་པ་སྒོམ་པ། ཆོས་རྣམས་སྐྱེ་མེད་འོད་གསལ་བ༔ སོགས་ནས། བདེ་སྟོང་འདུ་འབྲལ་མེད་པར་བསྒོམ༔ ཞེས་པའི་བར་གསལ་བཏབ། ལས་བྱང་ལྟར། གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་གསལ༔ སོགས་ནས་ལས་ཀྱི་ཡན་ལག་རྣམས་རྫོགས་པར་བྱས་ལ། རྟོགས་དགོངས་དམན་ན་དབང་དོན་དུ་མདུན་བསྐྱེད་ཀྱི་གོ་སར་བཞིན་ལས་གཟུགས་བརྙན་ཤར་བ་ལྟར། རྩ་སྔགས་ལ་ཕཊ་ཛཿབཏགས་པས་དཀྱིལ་འཁོར་གསལ་བཏབ་ལ་མཆོག་སྒྲུབ་ལྟར། ཡབ་ཀྱི་ཙིཏྟའི་འོད་ཀློང་དུ༔ སོགས་སྤྲོ་བསྡུ་རྣམས་བདག་མདུན་གཉིས་ཀ་ལ་བྱས་ཏེ་རྩ་སྔགས་ཅི་ནུས་དང་། བུམ་ལྷར་གསལ་བཏབ་ལ་གཟུངས་ཐག་ལ་བརྟེན་ནས་རྩ་སྔགས་ཅི་ནུས་བཟླས་པས་ནུས་ལྡན་དུ་བསྒྲུབས་ནས། མཆོད་བསྟོད་ཕུལ། ཡིག་བརྒྱས་ནོངས་པ་བཤགས་ལ་བུམ་ལྷ་འོད་ཞུ་བྱ། ལས་བུམ་དུ་འཁྱིལ་བའི་བསྐྱེད་བཟླས་སམ་སྔགས་ཀྱིས་བྱིན་གྱིས་བརླབས། སྔགས་ཀྱི་སྲུང་མ་སོགས་ལ་གཏོར་མ་འབུལ་བ་དང་། ཚོགས་ཀྱི་ཆོ་ག་བསྒྲལ་བསྟབ་ཡན་གྲུབ་པར་བྱས་ནས། རིག་པའི་མེ་ཏོག་དོར་ལ་སློབ་མའི་དོན་དུ་གནང་བ་ནོད་པར་བྱའོ། །གསུམ་པ་དབང་ལའང་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། སྣོད་ལྡན་གྱི་སློབ་མ་རྣམས་ལ་ཁྲུས་དང་བགེགས་བསྐྲད་སྲུང་འཁོར་བསྒོམ་པ་སྔོན་དུ་བཏང་ནས། འོ་ན་སྲིད་པའི་རྒྱ་མཚོར་སྡུག་བསྔལ་གསུམ་གྱིས་གཡེང་བའི་འགྲོ་བ་མཐའ་དག་གདོད་ནས་རང་བྱུང་གི་ཧེ་རུ་ཀ་ཡང་དག་གྲུབ་པ་གཅིག་པུའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་དཔལ་སྒྱུ་མ་བདེ་མཆོག་ཧེ་རུ་ཀའི་དཀྱིལ་འཁོར་དུ་ཞུགས་ནས་སྨིན་བྱེད་ཀྱི་དབང་ནོད། ལམ་གྱི་རིམ་པ་ལ་ཚུལ་བཞིན་དུ་བརྩོན་པར་བྱ་བ་དང་། གནས་ཡུལ་སྣོད་བཅུད་སྟོན་འཁོར་རྣམས་རྣམ་པར་དག་པ་ཕུན་སུམ་ཚོགས་པ་ལྔའི་རང་བཞིན་དུ་དག་པ་ཡིན་ནོ་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་ལ། ཆོས་ཉན་པའི་ཀུན་སྤྱོད་ཀྱང་སྤང་བླང་མ་འཛོལ་བར་བགྱིས་ཏེ་གསན་པར་ཞུ། གང་གསན་པར་བྱ་བའི་ཆོས་ནི། དེའང་གསང་སྔགས་རྡོ་རྗེ་ཐེག་པ་སྔ་འགྱུར་གྱི་རིང་ལུགས་ལ་ཐེག་པ་རིམ་པ་དགུར་གྲགས་པ་ལས། མཐར་ཐུག་བླ་མེད་ནང་རྒྱུད་སྡེ་གསུམ་ཞེས་རྒྱུད་ལུང་མན་ངག་གི་དོན་ཟབ་སྙིང་པོར་སྟོན་པའི་ཡ་གྱལ་མ་ཧཱ་ཡོ་ག་ལ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་སུ་ཡོད་པ་ལས། འདིར་རྒྱུད་ལྟར་ན་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་ནང་ཚན་སྒྲུབ་པ་ལག་ལེན་དུ་སྟོན་པ་རོལ་པའི་རྒྱུད་སྡེ་ལྔ་ལས་ཐུགས་ཀྱི་ཏནྟྲ་ཧེ་རུ་ཀ་རོལ་པའི་རྒྱུད་གལ་པོ་ཆེ་ཆུང་སོགས་ལ་བརྟེན་ཅིང་། སྒྲུབ་སྡེ་ལྟར་ན་ཡང་དག་ཐུགས་ཀྱི་སྒྲུབ་ལུགས་ཧེ་རུ་ཀའི་སྤྱི་རྒྱུད་དང་། སྒོས་རྒྱུད་གསང་བ་ཐུགས་ཀྱི་ཏནྟྲ་སོགས་ལ་བརྟེན་ཅིང་ཕྱུང་བ་དང་། གཞན་ཡང་འཇིག་རྟེན་ལས་འདས་པའི་མདོ་ལུང་སོགས་ཨ་ནུ་ལུང་གི་དགོངས་བཅུད་ཀྱང་འདྲིལ་བས། མདོར་ན་རྒྱུད་ལུང་གཉིས་ཀའི་བཅུད་ཕྱུང་ཞིང་གྲུབ་པའི་སློབ་དཔོན་བསམ་གྱིས་མི་ཁྱབ་པ་དང་། ཁྱད་པར་སློབ་དཔོན་རྡོ་རྗེ་ཧཱུྃ་མཛད་དང་། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨས་ཐུགས་ཉམས་སུ་བཞེས་པས་མཆོག་གི་གྲུབ་པ་མཐར་ཕྱིན། ཕྱིས་གུ་རུ་རིན་པོ་ཆེས་བོད་ཡུལ་དུ་ཇོ་མོ་མཚོ་རྒྱལ། གནུབས་ནམ་སྙིང་དང་། ལོ་ཆེན་བཻ་རོ། གནུབས་སངས་རྒྱས་ཡེ་ཤེས་སོགས་ལ་གདམས་ངག་གི་བཅུད་བསྡུས་ཏེ་མནོག་ཆོས་སུ་བསྩལ་པས་སོ་སོས་ཀྱང་གྲུབ་པའི་འབྲས་བུ་ཐོབ། དེ་དག་གིས་ཀྱང་ཕྱི་རབས་ཀྱི་དོན་ལ་དགོངས་ཏེ། སློབ་དཔོན་ཆེན་པོའི་དགོངས་པ་ལྟར་གཏེར་གནས་སོ་སོར་ཟབ་མོའི་གཏེར་དུ་སྦས་པ་ལས། ཕྱིས་བསྟན་འགྲོའི་ཕན་བདེ་བསྐྱེད་པའི་དུས་ལ་བབས་པའི་ཚེ་གདམས་ཟབ་ཕུན་སུམ་ཚོགས་པའི་ཆོས་འདི་ནི་རྣམ་སྣང་ལོ་ཙཱ་བ་ཆེན་པོའི་གསང་གསུམ་གཅིག་བསྡུས་རྒྱལ་བས་མདོ་རྒྱུད་ཀུན་ནས་ལུང་བསྟན་ཅིང་། ལུང་བསྟན་པའི་བདེན་དོན་འཛམ་བུའི་གླིང་ན་བསྟན་པ་རྒྱ་མཚོའི་ཤིང་རྟ་རྨད་དུ་བྱུང་བ་གསར་དུ་འདྲེན་པ་ལ་སུས་ཀྱང་འགྲན་ཟླ་དང་བྲལ་བ་མངོན་དུ་གྱུར་པ་༧འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ཞེས་སྟོན་པ་ཕུན་སུམ་ཚོགས་པ་དེ་ཉིད་ཀྱིས། གནས་ཕུན་སུམ་ཚོགས་པ་དེ་ཝཱི་ཀོ་ཊི་གསུམ་པ་ཡོན་ཏན་ཐུགས་ཀྱི་གནས་མཆོག་ཙ་འདྲ་རིན་ཆེན་བྲག་གི་གནས་ཀྱི་སྙིང་པོ། དཔལ་དེའུའི་ཨོ་རྒྱན་མཁའ་འགྲོའི་གསང་ཕུག་ཤིན་ཏུ་གཉན་པ་ནས་གསང་གཏེར་དུ་བར་ཆད་མེད་པར་སྤྱན་དྲངས་ཏེ། སྐལ་ལྡན་ཕུན་སུམ་ཚོགས་པའི་འཁོར་རྣམས་ལ། དུས་ཕུན་སུམ་ཚོགས་པའི་སྐབས་སུ་རིམ་པར་བརྒྱུད་ཅིང་སྨིན་གྲོལ་བྱིན་རླབས་གསེར་གྱི་ཉག་ཐག་མ་ཆད་པ་གུ་རུའི་ཐུགས་དམ་རྣམ་གསུམ་གྱི་གཙོ་བོར་གྱུར་པ། དཔལ་ཡང་དག་ཧེ་རུ་ཀའི་གསང་ཏིག་དང་འབྲེལ་བའི་དབང་བསྐུར་བདེ་ཆེན་སྙིང་པོ་བསྒྲུབ་པར་བགྱི་བ་ལ་བདག་ཉིད་ཀྱིས་བྱ་བ་རྣམས་ལེགས་པར་གྲུབ་ནས། ཁྱེད་རང་རྣམས་ཀྱིས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །དེ་ནས་སློབ་དཔོན་དཔལ་ཆེན་ཡང་དག་ཧེ་རུ་ཀ་དངོས་སུ་གསལ་བ་ལ་མོས་གུས་དྲག་པོས་བདག་ལ་དབང་བསྐུར་གྱི་རིམ་པ་ཟབ་མོ་བསྩལ་དུ་གསོལ་སྙམ་པའི་ཐུགས་འདུན་དང་ཐལ་མོ་མེ་ཏོག་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དངོས་གྲུབ་ཀུན་གྱི་བདག་པོ་ནི༔ བདེ་ཆེན་རྡོ་རྗེ་སློབ་དཔོན་མཆོག༔ ཁྱེད་ལ་བདག་ནི་འབུལ་ལགས་ན༔ རྗེས་སུ་བཟུང་ཞིང་དབང་མཆོག་སྩོལ༔ ལན་གསུམ། དེ་ལྟར་རྩེ་གཅིག་གུས་པས་གསོལ་བ་བཏབ་པས་ཐུགས་རྗེ་ཡུལ་ལ་འཇུག་པའི་སྒོ་ནས་སྣོད་དུ་རུང་བའི་གནང་བ་བསྩལ་བར་མོས་ཤིག །ཧོ༔ སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་དང་རབ་ལྡན་པའི༔ བདེ་ཆེན་གསང་ལམ་བླ་མེད་འདིར༔ བུ་ཁྱོད་དད་པས་འཇུག་པར་གྱིས༔ དབང་བསྐུར་དམ་པ་བདག་གིས་སྦྱིན༔ དེ་ནས། ཐོག་མར་དཔལ་ཆེན་ཡང་དག་ཧེ་རུ་ཀ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་རྩ་གསུམ་རྒྱལ་བ་ཆོས་སྲུང་དང་བཅས་པ་མཁའ་ཁྱབ་ཏུ་བཞུགས་པ་ལ། བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྩེ་གཅིག་གུས་པ་ཆེན་པོས་དམ་བཅའ་དང་ལྡན་པས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ཧོ༔ སངས་རྒྱས་རྡོ་རྗེ་སློབ་དཔོན་དང༔ ཡང་དག་དཔའ་བོ་བདེ་གཤེགས་གཙོ༔ དཔང་གྱུར་སྐྱབས་མཆོག་མ་ལུས་པར༔ ཀུན་ནས་དད་པས་བདག་སྐྱབས་མཆི༔ ཞེས་ལན་གསུམ། ཕ་མར་གྱུར་པའི་མཁའ་མཉམ་གྱི་འགྲོ་བ་མཐའ་དག་དཔལ་ཡང་དག་ཧེ་རུ་ཀའི་གོ་འཕང་མཆོག་ལ་འགོད་པར་བྱ། དེའི་ཆེད་དུ་གསང་བའི་དཀྱིལ་འཁོར་གཉན་པོར་སྨིན་བྱེད་ཟབ་མོའི་སྒོ་ནས་ཞུགས་ཤིང་། ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པར་བགྱིའོ་སྙམ་དུ་སྨོན་འཇུག་གི་སེམས་བསྐྱེད་པ་གསལ་ཐོབ་ལ་འདིའི་རྗེས་ཟློས། སངས་རྒྱས་བདེ་བ་བླ་ན་མེད༔ འགྲོ་བའི་དོན་ཕྱིར་བདག་གིས་བསྒྲུབ༔ གསང་བ་གསང་མཆོག་བདེ་བའི་ལམ༔ ཚུལ་བཞིན་ཉམས་སུ་བླང་བར་བགྱི༔ ཞེས་ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་ཞིང་མཆོག་དམ་པ་དེ་དག་གི་སྤྱན་སྔར་ཚོགས་གཉིས་གསག་ཅིང་སྡིག་སྒྲིབ་སྦྱང་བ་དང་། དགེ་རྩ་ཡོངས་སུ་སྤེལ་བར་བྱེད་པའི་དོན་དང་ཏིང་ངེ་འཛིན་རྗེས་སུ་དྲན་པས་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་གསུམ། དབང་གི་ཡེ་ཤེས་རང་རྒྱུད་ལ་བཟུང་བ་དམ་ཚིག་རྣམ་པར་དག་པ་བསྲུང་བ་ཁོ་ན་ལ་རག་ལས་པས་ལྷ་དང་བླ་མ་དཔང་པོར་བྱས་པའི་དྲུང་དུ། སྔོན་གྱི་རྒྱལ་བ་སྲས་བཅས་ཀྱིས་དམ་ཚིག་དང་སྡོམ་པའི་གནས་ལ་ཇི་ལྟར་བསླབ་པ་ལྟར་བདག་གིས་ཀྱང་སྡོམ་པ་དང་དམ་ཚིག་རྣམས་བཟུང་ནས་ཚུལ་བཞིན་དུ་བསླབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཧོ༔ ཇི་ལྟར་རྒྱལ་བ་སྲས་བཅས་ཀྱིས༔ ཡང་དག་དམ་ཚིག་རབ་བཟུང་ནས༔ རང་གཞན་དོན་ནི་རབ་བསྒྲུབས་བཞིན༔ བདག་ཀྱང་དམ་ལ་གནས་པར་བགྱི༔ བཛྲ་ཙིཏྟ་ས་མ་ཡ་ཧོ༔ ཞེས་ལན་གསུམ་བཅའ། དེ་རྣམས་ཀྱིས་སྔོན་འགྲོ་གྲུབ། དངོས་གཞིའི་ཐོག་མར་དབང་གི་གཞི་འགོད་ཅིང་ཡེ་ཤེས་པའི་བྱིན་རླབས་དབབ་པའི་སླད་དུ་ཁྱེད་རང་རྣམས་ཀྱིས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་སེམས་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་རྩེ་གཅིག་ཏུ་སྒོམས་ཤིག །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བརྗོད་པ་ཙམ་གྱིས་སྣོད་རྣམ་པར་དག་པ་ཡུམ་ལྔའི་མཁའ་ཀློང་འཁྱིལ་པའི་གཞལ་མེད་ཁང་ཆེན་པོའི་དབུས་སུ་པདྨ་ཉི་ཟླ་དྲེགས་པ་ལྷ་ཆེན་ཕོ་མོའི་གདན་ལ། བཅུད་རྣམ་པར་དག་པ་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་རྡོ་རྗེ་ཁྲག་འཐུང་མཐིང་སྔོན་ནམ་མཁའི་མདངས་ཅན། ཞལ་གསུམ་གཡས་ཞལ་དཀར་ལ་གཡོན་ཞལ་དམར་བ། ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་། གཡོན་གསུམ་དྲིལ་བུ་བྷན་དམར་རྒྱུ་ཞགས་འཛིན་པ། གར་དགུའི་ཉམས་ཅན་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན་པ། ཞབས་བཞི་འདོར་ཐབས་སུ་བགྲད་ཅིང་ཡུམ་བཛྲ་ཀྲོ་དྷཱི་རྡོ་རྗེ་དང་དུང་ཁྲག་བསྣམས་པས་འཁྲིལ་བ། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྫོགས་པའི་སྐུར་གསལ་ཐོབ་ཅིག །སློབ་དཔོན་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་གྱི་སྣང་བ་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པ་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་དང་། རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱང་དཔལ་ཆེན་བཛྲ་ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་བྱིན་གྱིས་བརླབས་པའི་མོས་འདུན་དྲག་ཏུ་མཛོད་ཅིག །སྤོས་རོལ་དང་། རུ་ལུའི་སྔགས་མཐར། ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད་ལ་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་རྒྱ་གྲམ་མགོར་བཞག །དབང་དངོས་ལ་བུམ་པ་གསང་བ་ཤེར་ཡེ་བཞི་པ་བཅས་ཡོད་པ་ལས། དང་པོ་བུམ་དབང་གི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། སློབ་དཔོན་དཔལ་ཧེ་རུ་ཀའི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱི་སྣང་བས་དབང་གི་ལྷ་ནམ་མཁའ་གང་བར་སད་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས། བུམ་པ་དཔལ་ཆེན་ཧེ་རུ་ཀའི་རྟེན་དང་བརྟེན་པ་ཡོངས་སུ་རྫོགས་པའི་ངོ་བོ་སྐུ་ལས་བདུད་རྩིའི་རྒྱུན་འབབ་པ་དང་བཅས་པས་དབང་བསྐུར་བས། ཁྱེད་རང་གི་ཕུང་ཁམས་སྐྱེ་མཆེད་ལྷ་སྐུ་ཕྱག་རྒྱ་ཆེན་པོར་གནས་འགྱུར། ཅིར་སྣང་ལྷའི་འཁོར་ལོར་འཆར་བར་གྱུར་པའི་མོས་པ་མཛོད། རྣམ་བུམ་གྱིས་དབང་བསྐུར་ལ། ཧཱུྃ༔ རྣམ་དག་བདེ་ཆེན་བྱང་ཆུབ་སེམས༔ མཆོག་ཏུ་བདེ་བ་འབྱུང་བའི་གནས༔ རིན་ཆེན་བུམ་པའི་བཅུད་དུ་བསྐྱིལ༔ དེང་འདིར་བུ་ལ་དབང་བསྐུར་རོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན། དེ་ནས། དེའི་རྗེས་འབྲེལ་དུ་དང་པོ་དཔལ་ཆེན་པོའི་རྡོ་རྗེའི་གསང་བ་གསུམ་ཡོངས་སུ་རྫོགས་པའི་ཐོད་པའི་སྐུ་བརྙན་གྱི་དབང་བསྐུར་བས་སྣང་སྟོང་ཟུང་འཇུག་གི་དགོངས་པ་མངོན་དུ་གྱུར། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་དང་བྱིན་རླབས་རྩལ་རྫོགས་སུ་ཐོབ་པར་གྱུར་སྙམ་པའི་མོས་པ་མཛོད། ཐོད་སྐུ་སྤྱི་བོར་བཞག་ལ། ཧཱུྃ༔ སྣང་སྟོང་བདེ་ཆེན་ཡེ་ཤེས་སྐུ༔ འདིར་ནི་སངས་རྒྱས་ཐམས་ཅད་འདུས༔ ཕྱག་རྒྱ་ཆེན་པོ་རྨད་བྱུང་བའི༔ ཐབས་ཆེན་དབང་མཆོག་སྦྱིན་པར་བྱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཛྙཱ་ན་ཀྲོ་དྷ་ཀཱ་ཡ་བཛྲ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ཕྱིན་ཆད་སྣོད་བཅུད་ཐམས་ཅད་དཔལ་ཧེ་རུ་ཀའི་རྟེན་དང་བརྟེན་པར་སྣང་སྟོང་ཡེ་ཤེས་ཆེན་པོའི་རང་བཞིན་དུ་རྒྱས་ཐོབས་ལ། ཐ་མལ་གྱི་སྣང་ཞེན་ལ་ལྷ་སྐུ་ཕྱག་རྒྱའི་གཟེར་ཐེབས་པར་གྱིས་ཤིག །གཉིས་པ་གསུང་སྔགས་དབང་གི་སླད་དུ་དཀྱིལ་འཁོར་གྱི་ལྷའི་ཐུགས་ཀ་ན་ས་བོན་སྔགས་ཕྲེང་དང་བཅས་པ་གསལ་བ་ལས། སྔགས་ཕྲེང་གཉིས་པ་བར་མ་ཆད་པར་འཕྲོས། ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་ནས་ཞུགས། ཐུགས་ཀར་ཉི་མའི་གདན་ལ་ཡེ་ཤེས་སེམས་དཔའ་རྡོར་སེམས་སྔོན་པོ་རྡོར་དྲིལ་འཛིན་ཅིང་རྒྱན་མེད་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་རིན་པོ་ཆེ་ཟུར་བརྒྱད་པའི་སྟེང་དུ་ཉི་གདན་ལ་གཡས་སྐོར་དུ་འཁོད། བཟླས་པའི་རྐྱེན་གྱིས་སྔགས་ཕྲེང་བར་མ་ཆད་པ་ལུ་གུ་རྒྱུད་དུ་ཡབ་ཡུམ་གྱི་སྐུའི་འཁོར་ལོར་མགལ་མེ་ལྟར་འཁོར་བས་འགྱུ་བའི་རླུང་ཁམས་ཐམས་ཅད་གྲགས་སྟོང་སྔགས་ཀྱི་ངོ་བོར་རྫོགས་པར་མོས་ལ་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་དང་བྱིན་རླབས་ཐོབ་པའི་འདུན་པས་སྔགས་འདིའི་རྗེས་ཟློས། རུ་ལུ་ལན་གསུམ་བརྗོད། དེ་བརྟན་པའི་ཆེད་དུ་སྔགས་ཀྱི་བྱང་བུ་མགྲིན་པར་བཞག་སྟེ་དབང་བསྐུར་བའི་མོས་པ་གྱིས། ཧོ༔ བརྗོད་པ་ཀུན་གྱི་རྒྱལ་པོ་ནི༔ འབྲུ་བརྒྱད་གསེར་ཕྲེང་རིན་པོ་ཆེ༔ བཟླས་པས་དངོས་གྲུབ་ཡོངས་རྫོགས་ཕྱིར༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ མ་ཧཱ་ཛྙཱ་ན་ཀྲོ་དྷ་ཝཱ་ཀ་བཛྲ་མ་ཧཱ་སུ་ཁ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧོ༔ དེང་ཕྱིན་ཆད་སྲོག་རྩོལ་གྱི་རྒྱུ་བ་དང་སྒྲ་གྲགས་ཐམས་ཅད་རང་བྱུང་རྡོ་རྗེའི་གསང་སྔགས་རུ་ལུ་འབྲུ་བརྒྱད་ཀྱི་རང་སྒྲར་ཤེས་པའི་བཟླས་བརྗོད་འཕྲོ་འདུའི་ཏིང་ངེ་འཛིན་དང་མ་བྲལ་བས་སྒྲ་སྐད་ཐམས་ཅད་ལ་སྔགས་དང་། རྟོག་ཚོགས་ལ་ཏིང་ངེ་འཛིན་གྱིས་གཟེར་ཐེབས་པར་གྱིས་ཤིག །དེས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་པ་ཐོབ། ལུས་རྩའི་སྒྲིབ་པ་དག །བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། ཞི་བའི་ལས་དང་རྣམ་སྨིན་རིག་འཛིན་འགྲུབ། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་གི་སླད་དུ། བླ་མ་དཔལ་ཆེན་པོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱུན་པདྨ་བྷཉྫའི་བཅུད་དུ་བསྐྱིལ་བ། ཁྱེད་རང་རྣམས་ཀྱི་མགྲིན་པར་མྱངས་པས་སྲོག་རྩོལ་རླུང་གི་རྒྱུ་བ་ཐམས་ཅད་རྡོ་རྗེའི་སྔགས་སུ་གནས་གྱུར། སྒྲ་གྲགས་ཐམས་ཅད་མི་ཤིགས་ནཱ་དའི་རང་སྒྲར་འཆར་བར་གྱུར་པའི་མོས་པ་མཛོད། གསང་ཐོད་ཀྱི་བདུད་རྩི་སྦྱིན་ལ། ཧོ༔ བདེ་དང་སྟོང་པ་མཉམ་སྦྱོར་བའི༔ བཅུད་འདི་ཡེ་ཤེས་བསྐྱེད་པའི་རྟེན༔ གང་ཞིག་གུས་པས་འདི་བླངས་ན༔ དེ་ལ་དངོས་གྲུབ་ཕུན་སུམ་ཚོགས༔ མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧོ༔ དེས་ནང་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་གསང་བའི་དབང་བསྐུར་པ་ཐོབ། ངག་རླུང་གི་སྒྲིབ་པ་དག །བདག་བྱིན་བརླབ་པའི་རྣལ་འབྱོར་བསྒོམ་པ་ལ་དབང་། རྒྱས་པའི་ལས་དང་ཚེ་དབང་རིག་འཛིན་འགྲུབ། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། རྣམ་མེད་བདེ་བ་ཆེན་པོའི་ཡེ་ཤེས་རྣམ་བཅས་ཕྱག་རྒྱའི་གཟུགས་སུ་ཤར་བ་རིགས་ཅན་མཆོག་གི་མཚན་ཉིད་རྫོགས་པའི་ཕོ་ཉ་གཞོན་ནུ་མ་གཏད་པ་དང་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་ཁ་སྦྱོར་གསུམ་གྱི་སྟོབས་ཀྱིས་ཐིག་ལེ་བདེ་བ་ཆེན་པོའི་རང་བཞིན་དུ་གནས་གྱུར། རྟོག་ཚོགས་ཐམས་ཅད་ཡེ་ཤེས་ཆེན་པོའི་འཁོར་ལོར་འཆར་བར་མོས་ཤིག །རིག་ཙཀ་གཏད་ལ། ཧོ༔ ལྷན་ཅིག་སྐྱེས་པ་བདེ་བའི་མཆོག༔ དགའ་བདེའི་ཐབས་ཀྱིས་ཉེར་མཚོན་ཏེ༔ རིག་འཛིན་རྒྱལ་བའི་སྐུ་ཐོབ་ཕྱིར༔ ལས་ཀྱི་ཕྱག་རྒྱས་དབང་བསྐུར་རོ༔ མ་ཧཱ་མུ་དྲ་ཨ་བྷི་ཥིཉྩ་ས་མ་ཡ་ཧོ༔ ཨ་ལ་ལ་ཧོ༔ དེས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པ་ཐོབ། ཡིད་ཐིག་ལེའི་སྒྲིབ་པ་དག །གཞན་ལུས་ཕོ་ཉའི་མྱུར་ལམ་བསྟེན་པ་ལ་དབང་། དབང་གི་ལས་དང་ཕྱག་རྒྱའི་རིག་འཛིན་འགྲུབ། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་ཚིག་དབང་རིན་པོ་ཆེ་ཐུགས་རིག་པ་རྩལ་གྱི་དབང་གི་སླད་དུ། དབང་དུས་སུ་སྐྱེས་པའི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་ངོར་བསལ་བཞག་དང་བྲལ་བར་རྩོལ་མེད་དུ་མཉམ་པར་བཞག་པས། སེམས་ཀྱི་རྣམ་རྟོག་ཐམས་ཅད་མ་སྤང་རང་སར་གྲོལ་ནས་རྟོག་མེད་འོད་གསལ་བའི་ངང་ལ་ཞོག་ཅིག །ཅེས་ཅུང་ཟད་མཉམ་པར་བཞག་ཏུ་གཞུག །དེ་ཡང་རང་སེམས་ཡོད་མེད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་བརྗོད་བྲལ་རང་བྱུང་གི་ཡེ་ཤེས་འདི་ཉིད་བླ་མས་བསྟན་དུ་མེད། སློབ་མས་བསྒོམ་དུ་མེད། གཞི་དམིགས་སུ་མེད། ལམ་བགྲོད་དུ་མེད། འབྲས་བུ་ཐོབ་ཏུ་མེད་པ་འདི་ཀ །དོན་དམ་པའི་འོད་གསལ་ཆེན་པོ་ཡང་དག་བདེ་མཆོག་ཧེ་རུ་ཀ་ཕྱག་རྒྱ་ཆེན་པོའི་ངོ་བོ་ཡིན་ནོ། །ཞེས་ངོ་སྤྲད། དེང་ཕྱིན་ཆད་ཆོས་ཐམས་ཅད་རང་སེམས་གདོད་ནས་མ་སྐྱེས་པའི་དབྱིངས་དང་དབྱེར་མེད་པའི་རང་བྱུང་གི་ཡེ་ཤེས་རྩོལ་སྒྲུབ་དང་བྲལ་བར་རྟོགས་པས་འཁོར་འདས་ཀྱི་རྟོག་ཚོགས་ཐམས་ཅད་ལ་དགོངས་པ་མི་འགྱུར་བའི་གཟེར་གྱིས་ཐེབས་པར་གྱིས་ཤིག །དེས་སྣང་སྲིད་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ་པ་ཡིན་པས། ཆ་མཉམ་ཤེས་བྱའི་སྒྲིབ་པ་དག །འོད་གསལ་རྡོ་རྗེ་སྙིང་པོའི་དོན་བསྒོམ་པ་ལ་དབང་། དྲག་པོའི་ལས་དང་ལྷུན་གྲུབ་རིག་འཛིན་འགྲུབ། འབྲས་བུ་མི་འགྱུར་རྡོ་རྗེ་མངོན་པར་བྱང་ཆུབ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །རྗེས་ལ། ཡེ་དྷརྨ་དང་ཤིས་བརྗོད་རྒྱས་པར་བྱ་ཞིང་མེ་ཏོག་འཐོར། དེ་དག་རྣམས་ཀྱིས་དཔལ་ཡང་དག་ཧེ་རུ་ཀ་གྲུབ་པ་གཅིག་པུའི་སྨིན་བྱེད་ལེགས་པར་གྲུབ་པ་ལགས་པས་ཅི་ལྟར་ཐོབ་པའི་དམ་ཚིག་རྣམས་མི་ཉམས་པར་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ལན་གསུམ། དབང་བསྐུར་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་སླད་དུ་མཎྜལ་ཕུལ་མཛོད། ཅེས་འབུལ་དུ་གཞུག །དེ་ཙམ་དུ་མ་ཟད་ལུས་ལོངས་སྤྱོད་འབུལ་ཞིང་རྡོ་རྗེའི་བྲན་དུ་ཁས་བླངས་ན་རྗེས་སུ་འཛིན་པར་མཛད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བརྩམ་སྟེ་སོགས་ལན་གསུམ་དང་བསྔོ་སྨོན་གྱིས་རྒྱས་བཏབ་ནས་སློབ་མ་རྣམས་གྱེས་པས་དབང་གི་རྗེས་རིམ་གྲུབ། སློབ་དཔོན་གྱིས་ཆོ་གའི་རྗེས་ཆོག་ལ། ཚོགས་ལ་རོལ་ཞིང་ལྷག་མ་བྱིན་རླབས་དང་ལྷག་མགྲོན་དྲངས་ལ་མཆོད་ཅིང་ལྷག་མ་བསྔོས་ལ། ཕྲིན་བཅོལ། གཏོར་སྐྱོང་། བྲོ་བརྡུང་རྣམས་ཚོགས་ཀྱི་ཆོ་ག་ལྟར་སོང་ནས། དཀྱིལ་འཁོར་ལ་གཏང་རག་གི་མཆོད་བསྟོད་དང་། ལས་བྱང་དོན་སྙིང་ལྟར། ཧོ༔ ཐུགས་རྗེའི་དབང་བསྒྱུར་སོགས་ཀྱིས་དངོས་གྲུབ་བླང་། ནོངས་བཤགས་སྤྱི་ལྟར་དང་། མདུན་བསྐྱེད་རྟེན་ཡོད་མེད་དང་བསྟུན་གཤེགས་བསྟིམ་གང་འོས་བྱ། འདི་ལྟར་ལྷར་སྣང་སོགས་བསྡུ་ལྡང་དང་བསྔོ་སྨོན་ཤིས་བརྗོད་བར་གསང་བ་སྤྱིའི་འགྲོས་བཞིན་བཞུགས་པ་ལེགས་པར་བྱས་ཏེ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །སྣང་གྲགས་རྟོག་ཚོགས་གསང་གསུམ་ཕྱག་རྒྱར་རྣམ་དག་པས། །གཞི་ལམ་འབྲས་གསུམ་རུ་ལུ་འབྲུ་བརྒྱད་སྲོག་ཏུ་གྲུབ། །སྣང་ཞེན་གློ་བུར་རྟོག་སྒྲིབ་རབ་བསལ་རང་གནས་ཀྱི། །སྐུ་དང་ཡེ་ཤེས་དབྱེར་མེད་མངོན་བྱས་དོན་གཉིས་མཐར་ཕྱིན་ཤོག །ཅེས་པ་འདི་ཡང་མཚུངས་པ་མེད་པའི་བཀའ་དྲིན་ཅན་བླ་མ་རིན་པོ་ཆེ་བཀྲ་ཤིས་འོད་ཟེར་གྱིས་བཀའ་བསྩལ་ལ་བརྟེན་ནས། འཇམ་མགོན་རྡོ་རྗེ་འཆང་གི་ཟབ་གཏེར་ཕྲན་ཚེགས་ཡོད་རིགས་གཏེར་མཛོད་དུ་ཚང་བར་བཞུགས་ན་དགོས་གལ་ཆེ་རབ་བསམ་སྟེ། དེའི་ཆ་རྐྱེན་དུ་དམིགས་ཏེ་བླ་མའི་དྲིན་ཁོ་ན་ལས་འདི་ཕྱིའི་ཕན་བདེ་རེ་བའི་བཙུན་པའི་གཟུགས་བརྙན་ཙམ་འཆང་བ་ཐུབ་བསྟན་རྒྱལ་མཚན་འོད་ཟེར་གྱིས་གདན་ས་ཆེན་པོ་དཔལ་སྤུངས་ཡིད་དགའ་ཆོས་འཛིན་གྱི་ཆོས་གྲལ་དུ་བྲིས་པ་དགེ་ལེགས་འཕེལ།། ༈ །།འདི་ནི་འཇམ་མགོན་རིན་པོ་ཆེ་དང་རིགས་བདག་བླ་མ་རྣམས་ཀྱི་དགོངས་རྫོགས་ཕྱིར་དུ་ཁ་བསྐངས་ཏེ་སྤར་གསར་དུ་བསྒྲུབས་པ་ཡིན་པས་དབང་ལུང་སོགས་ལ་ཞིབ་ཅ་བྱ་དགོས་པ་ཡོད་དོ། །ཞེས་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་ཁོ་བོས་ཆེད་དུ་གདམས་པའོ།།
གུ་རུ་པདྨ་རྒྱལ་པོའི་གཡང་སྐྱབས་དབང་གི་ལྕགས་ཀྱུ་ (Volume 50, Text 8)
༄༅། །གུ་རུ་པདྨ་རྒྱལ་པོའི་གཡང་སྐྱབས་དབང་གི་ལྕགས་ཀྱུ་བཞུགས་སོ། ། ན་མོ་པདྨ་རཱ་ཛཱ་ཡ། འདིར་གུ་རུ་མཚན་བརྒྱད་ལས་པདྨ་རྒྱལ་པོ་ལ་བསྟེན་པའི་ཚེ་དང་བསོད་ནམས་ལོངས་སྤྱོད་འཕེལ་བའི་ཐབས་ནི། རིན་པོ་ཆེའི་སྣོད་དུ་པདྨ་འདབ་བརྒྱད་དང་ཉི་ཟླའི་གདན། དེ་སྟེང་གཞལ་ཡས་ཁང་གྲུ་བཞི་དང་གཏོར་མ་རིན་ཆེན་འབར་བའི་དབྱིབས་བྱས་ལ། མཐའ་སྐོར་དུ་ཟས་སྣ་དང་སྨན་སྣ་ཚོགས་བཟའ་བཅའ་སྣ་ཚོགས་བསྐོར། དར་དམར་གྱི་ཁུག་མར་གཡང་རྫས་སྣ་ཚོགས། མདའ་དར་ལ་མེ་ལོང་སྐུ་གཟུགས་བྲིས་པ་བཏགས་ལ། སྐྱབས་སེམས་མཆོད་པ་བྱིན་རླབས། གཞི་བདག་དཀར་གཏོར། བགེགས་ལ་གླུད་སོགས་གཞན་ནས་འབྱུང་བ་བཞིན་བཏང་ནས། ཐུགས་སྒྲུབ་ལས་བྱང་གི་བདག་ཉིད་ལྷ་བསྐྱེད་བསྙེན་སྒྲུབ་བྱས་ཏེ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མདུན་དུ་རིན་པོ་ཆེའི་གཞལ་ཡས་ཁང་སྒོ་གྲུ་རྟ་བབས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པདྨ་དང་ཟླ་བ་ཉི་མའི་གདན་ལ་ཡི་གེ་ཧྲཱིཿལས་འོད་ཟེར་འཕྲོས། རྒྱལ་བ་རྣམས་ལ་མཆོད་པ་ཕུལ། སྣོད་བཅུད་ཀྱི་དཔལ་འབྱོར་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཚུར་འདུས་ཧྲཱིཿལ་ཐིམ། ཡོངས་སུ་གྱུར་པ་ལས་གུ་རུ་པདྨ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། སྤྱན་གཉིས་འབུར་ཚུགས་སུ་གཟིགས་ཤིང་ཆགས་པའི་ཉམས་དུ་མ་དང་ལྡན་པ། ཕྱག་གཡས་པདྨས་མཚན་པའི་ལྕགས་ཀྱུ་འདེབས་ཐབས་སུ་འཛིན་ཅིང་། གཡོན་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་བསྣམས་པ། སྐུ་ཤ་རྒྱས་ཤིང་རིན་པོ་ཆེའི་པྲོག་ཞུ་དང་། ཟ་འོག་གི་བེར་ཕྱམ་ལྷབ་ལྷུབ་ཏུ་གསོལ་བ། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པའོ། །དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀའི་ཆ་སྨད་དུ་ཧཱུྃ། ཐུགས་ཀའི་དབུས་སུ་ཧྲཱིཿ དེ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས། ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཤར་ཕྱོགས་མཁའ་འགྲོ་འདུ་བའི་གནས༔ དགའ་བ་ཚལ་གྱི་དུར་ཁྲོད་དུ༔ ཁམས་གསུམ་དབང་སྡུད་དངོས་གྲུབ་བརྙེས༔ པདྨ་རྒྱལ་པོ་ཞེས་སུ་གྲགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ད་ལྟ་སྙིགས་དུས་བསྐལ་པ་ལ༔ སངས་རྒྱས་བྱང་སེམས་གཞན་ལས་ཀྱང༔ ཐུགས་རྗེའི་བྱིན་མཐུ་མྱུར་གསུངས་ན༔ ཐུགས་དམ་བསྐུལ་ལོ་ཐུགས་མ་གཡེལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གུ་རུ་པདྨའི་ལྷ་ཚོགས་རྣམས༔ ཆོས་ཀྱི་དབྱིངས་ནས་གཤེགས་པའི་ཚེ༔ དབུ་སྐྲ་ཐོར་ཅོག་ལྡེམས་སེ་ལྡེམ༔ དར་དམར་ཅོད་པན་པུ་རུ་རུ༔ རྒྱན་ཆ་མང་པོ་སི་ལི་ལི༔ རོལ་མོ་སྒྲ་དབྱངས་ཏི་རི་རི༔ ཕྱག་རྒྱ་གར་སྟབས་ཤིགས་སེ་ཤིག༔ བྱིན་རླབས་ཆར་འབེབ་བུན་ནེ་བུན༔ འཇའ་ཚོན་སྣ་ལྔ་ཐིབས་སེ་ཐིབ༔ གཡང་གི་རྒྱ་མཚོ་མེ་རེ་རེ༔ གནས་འདིར་བྱིན་ཆེན་འབེབས་སུ་གསོལ༔ ཚེ་དཔལ་སྤེལ་ཕྱིར་གཤེགས་སུ་གསོལ༔ ལོངས་སྤྱོད་སྤེལ་ཕྱིར་གཤེགས་སུ་གསོལ༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ བར་ཆད་བསལ་ཕྱིར་གཤེགས་སུ་གསོལ༔ གློག་ལྟར་མྱུར་བའི་རྫུ་འཕྲུལ་གྱིས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་པདྨ་རཱ་ཛ་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཧྲཱི༔ རིན་ཆེན་ཕོ་བྲང་བཀོད་མཛེས་དབུས༔ པདྨ་ཉི་ཟླ་བརྩེགས་པའི་སྟེང༔ དགྱེས་པའི་ཚུལ་གྱིས་བཞུགས་ནས་ཀྱང༔ སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ༔ མ་ཧཱ་གུ་རུ་པདྨ་རཱ་ཛ་ཏིཥྛ་ལྷན༔ པདྨའི་རིགས་ཏེ་འགྲོ་བའི་མགོན༔ སྣང་བ་མཐའ་ཡས་སྒྱུ་འཕྲུལ་གར༔ པདྨ་ལས་འཁྲུངས་པདྨའི་རྒྱལ༔ དབང་བྱེད་ལྷ་ལ་ཕྱག་འཚལ་ལོ༔ གུ་རུ་ན་མོ་ཧཱུྃ༔ ཧཱུྃ༔ གུ་རུ་པདྨ་རྒྱལ་པོ་ལ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས༔ མཆོད་ཡོན་མེ་ཏོག་བདུག་སྤོས་དང༔ སྣང་གསལ་དྲི་ཆབ་ཞལ་ཟས་རོལ༔ ཕྱི་ཡི་མཆོད་པ་འབུལ་གྱིས་བཞེས༔ ཨོཾ་ཨཱཿཧཱུྃ་གུ་རུ་པདྨ་རཱ་ཛ་ཨརྒྷཾ་སོགས། ཤབྡ་ཨཱཿཧཱུྃ༔ ཤིན་ཏུ་རབ་མཛེས་གཟུགས་རྣམས་དང༔ སྒྲ་སྙན་རོལ་མོ་དྲི་རོ་རེག༔ འདོད་ཡོན་མཆོད་པ་འབུལ་གྱིས་བཞེས༔ ཨོཾ་གུ་རུ་པདྨ་རཱ་ཛ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ རིན་ཆེན་གདུགས་ཉ་པདྨ་དུང༔ བུམ་པ་དཔལ་བེའུ་འཁོར་ལོ་འབར༔ རྒྱལ་མཚན་ལ་སོགས་བཀྲམ་པ་ནི༔ ངོ་མཚར་རྟགས་བརྒྱད་འབུལ་བར་བགྱི༔ ཨོཾ་གུ་རུ་པདྨ་རཱ་ཛ་ཨཥྚ་མངྒ་ལཾ་ཧེ་ཏུ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཡུངས་དཀར་དཱུརྦཱ་བིལྦ་ཞོ༔ མེ་ལོང་ལི་ཁྲི་དུང་དཀར་དང༔ གི་ཝཾ་ལ་སོགས་རྫས་བརྒྱད་པོ༔ འབུལ་ལོ་དགྱེས་བཞེས་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་པདྨ་རཱ་ཛ་ཨཥྚ་མངྒ་ལཾ་དྲ་བྱ་རཏྣ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ འཁོར་ལོ་ནོར་བུ་བཙུན་མོ་དང༔ བློན་པོ་གླང་རྟ་དམག་དཔོན་སོགས༔ རིན་ཆེན་བདུན་པོ་འབུལ་བར་བགྱི༔ ཨོཾ་གུ་རུ་པདྨ་རཱ་ཛ་སཔྟ་རཏྣ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ གསེར་གྱི་ས་གཞི་རོལ་མཚོ་བདུན༔ གསེར་གྱི་རི་བདུན་རི་རབ་བདུན༔ གླིང་བཞི་གླིང་ཕྲན་ཁང་བཟང་སོགས༔ ལྷ་མིའི་བཀོད་པ་ལོངས་སྤྱོད་འབུལ༔ ཨོཾ་གུ་རུ་པདྨ་རཱ་ཛ་རཏྣ་མཎྜལ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཨཱཿལས་དུང་ཆེན་སྣོད་ནང་དུ༔ ཤ་ལྔ་བདུད་རྩི་ལྔ་ལ་སོགས༔ སྦྱངས་བསྒྱུར་སྤེལ་པའི་བདུད་རྩིའི་མཚོ༔ དམ་རྫས་གཏོར་ཆེན་འདོད་ཡོན་ཚོགས༔ དམར་ཆེན་རཀྟ་ཆགས་པ་ཆེ༔ སྦྱོར་སྒྲོལ་དེ་བཞིན་ཉིད་ཀྱིས་མཆོད༔ ཨོཾ་གུ་རུ་པདྨ་རཱ་ཛ་ཨ་མྲྀཏ་བ་ལིཾ་ཏ་རཀྟ་བོ་དྷི་ཙིཏྟ་སརྦ་པཱུ་ཛ་ཧོ༔ རུ་དྲ་སརྦ་མཱ་ར་ཡ་ཁཱ་ཧི༔ ཧྲཱི༔ མ་བཅོས་སྤྲོལ་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་བྱོན་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་གུ་རུ་རྗེ་ལ་ཕྱག་འཚལ་བསྟོད༔ ལྷག་པའི་ལྷ་མཆོག་མ་ཧཱ་གུ་རུ་རྗེ༔ གང་འདུལ་དེར་སྣང་བཀོད་པ་བསམ་མི་ཁྱབ༔ སྣང་སྲིད་དབང་སྒྱུར་པདྨ་རྒྱལ་ལ་བསྟོད༔ རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ མ་འོངས་ལྔ་བརྒྱ་ཐ་མའི་དུས་སྐབས་འདིར༔ ཐུགས་བསྐྱེད་མ་བསྙེལ་དམ་བཅའ་དུས་ལ་བབས༔ དབང་སྐུར་བྱིན་རློབས་མཆོག་གི་དངོས་གྲུབ་སྩོལ༔ ནད་གདོན་བར་ཆད་མི་མཐུན་ཞི་བ་དང༔ ཚེ་དང་བསོད་ནམས་དཔལ་འབྱོར་འཕེལ་ཞིང་རྒྱས༔ སྣང་སྲིད་འདོད་དགུའི་ཚོགས་རྣམས་དབང་དུ་སྡུས༔ བཀྲེས་སྐོམ་མུ་གེ་གོད་ཁ་སྙིང་སྟོང་དང༔ ནད་མཚོན་རྒྱ་འདྲེ་འགོང་པོའི་གནོད་པ་ཟློགས༔ བཤད་སྒྲུབ་དགེ་འདུན་དམ་ཆོས་དར་ཞིང་རྒྱས༔ འགྲོ་དོན་ཕྲིན་ལས་ཕྱོགས་མཐར་ཁྱབ་པར་མཛོད༔ ཐུགས་ཀར་པདྨ་དམར་པོ་འདབ་བརྒྱད་པའི། །ཟེའུ་འབྲུར་ཉི་མར་ཧྲཱིཿཡིག་བྱེ་རུའི་མདོག །སྔགས་ཕྲེང་གཡོན་དུ་བཀོད་ནས་གཡས་སུ་འཁོར། །འོད་ཟེར་དམར་པོས་རྒྱལ་བ་ཀུན་མཆོད་ཅིང་། །དེ་ཀུན་དབང་བྱེད་ལྷ་ཡི་རྣམ་པར་བྱོན། །རང་ཐིམ་གཟི་བརྗིད་ནུས་མཐུ་ཕུན་སུམ་ཚོགས། །ཕྱིར་འཕྲོས་དབུལ་ཕོངས་སྐྱོན་བསལ་སྣང་སྲིད་ཀྱི། །དྭངས་བཅུད་ཐམས་ཅད་ཐུགས་སྲོག་ཧྲཱིཿལ་ཐིམ། །དངོས་གྲུབ་ཐམས་ཅད་ཆར་ལྟར་འབེབ་པར་བསྒོམ། །བཛྲ་གུ་རུ་ཅུང་ཟད་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་ཅི་ནུས་བཟླ། སྔགས་ཤམ་ནི། ཨོཾ་ཨཱཿཧཱུྃ་གུ་རུ་པདྨ་རཱ་ཛ་ཨ་ནྲི་ནཱ་ག་ཨཱ་ཡུཿཔུཎྱེ་བཱ་སུ་ནཱ་ནཱ་ཁ་དྷེ་རཏྣ་སིདྡྷི་ཛཿཧཱུྃ༔ ཞེས་ཅི་མང་བཟླས་པས་རྟགས་ཁྱད་པར་ཅན་འབྱུང་ངོ་། །མཐར་ཐུགས་སྒྲུབ་བརྒྱ་སྐོང་དང་། གཏོར་འབུལ་སོགས་གཞུང་ལྟར་བྱ་ཞིང་། རྗེས་ཀྱི་ལས་རིམ་རྣམས་སྤྱི་དང་མཐུན་ནོ། །དེ་ལྟར་གུ་རུ་པདྨ་རྒྱལ་པོ་ལ་བསྟེན་པའི་ཚེ་དང་བསོད་ནམས་འཕེལ་བའི་ཐབས་སྙིགས་དུས་ཤིན་ཏུ་བྱིན་རླབས་ཆེ་བའི་མན་ངག་འདི་བཞིན་དད་ལྡན་བཀྲ་ནོར་གྱིས་ཤོག་བུ་ཕུལ་ནས་རྟེན་འབྲེལ་ལེགས་ཚོགས་མཚུངས་པས་བྱས་སོ། །འདི་ལ་རྒྱས་པར་སྐོང་བརྒྱ་དང་ཚོགས་འཁོར་ཡང་བྱས་ན་དངོས་གྲུབ་ཆར་ལྟར་འབེབ་པར་འགྱུར་རོ། །མང་དུ་སྤེལ་ན་ཡིད་བཞིན་ནོར་བུ་གཞན་ལ་བཙོང་པ་དང་མཚུངས་པས་གུད་དུ་སྦོས་ཤིག །སྤྲེལ་ཟླ་བའི་ཚེས་དགུ་དང་ཉི་ཤུ་ལྔ་ཚེས་བརྒྱད་ཟླ་བ་གང་བྱུང་གི་ཡར་མར་ཚེས་བཅུ་རྣམས་ལ་ནན་ཏན་བྱས་ན་གནད་ཆེ་བ་ཡིན་ནོ། །ཞེས་ཀརྨ་བསྟན་འཛིན་ཕྲིན་ལས་ཀྱིས་བྲིས་པ་དགེ་ལེགས་འཕེལ། མངྒ་ལཾ།། །།
སློབ་དཔོན་ཆེན་པོ་སྤྲུལ་སྐུ་པདྨ་འབྱུང་གནས་ཀྱི་བཀའ་འབུམ་བཞུགས་པའི་དབུའི་ཕྱོགས༔ ཆོས་འདི་ཉམས་སུ་ལེན་པའི་སྙིང་གཏམ་གྱི་ཆོས་ཡིན་པས༔ ཐུགས་སུ་ལེན་པར་མཛོད་ལེགས་སྷོ༔ (Volume 60, Text 8)
ལྡན་པའི་རྣལ་འབྱོར་པས་ཀྱང་ལྟ་བའི་རྩིས་ཟིན་པས་ཐམས་ཅད་ཡེ་ཤེས་སུ་འཆར་བར་འགྱུར་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཆོས་ཉིད་ཀྱི་ཚད་ནི་གང་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཚད་བསྟན་པ་ལ་གསུམ་ཡིན་གསུངས༔ ༡ གསལ་བའི་ཚད་ཏིལ་གྱི་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་ཡིན༔ ༢ མི་གཡོ་བའི་ཚད་རྒྱ་མཚོའི་གཏིང་གི་ཆུ་ལྟ་བུ༔ ༣ ཡང་ཞིང་འཇམ་པའི་ཚད་ཤིང་བལ་གྱི་འདབ་མ་ལྟ་བུའོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ དྲོད་རྟགས་ཀྱི་ཚད་ནི་གང་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ གསུམ་ཡོད་གསུངས༔ ཕྱིའི་དྲོད་རྟགས་ལུས་ཡོད་དུ་མི་ཚོར་བ་དང༔ ནང་གི་བརྟགས་ཉོན་མོངས་པ་མི་སྐྱེ་བ་འབྱུང༔ གསང་བའི་དྲོད་རྟགས་ཡུལ་ཅི་ལ་ཡང་མི་དམིགས་པ་འབྱུང་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ འབྲས་བུ་ཐོབ་ཚུལ་ཇི་ལྟར་འཐོབ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྐུ་གསུམ་ཡེ་ཤེས་བཞིའི་བདག་ཉིད་རྣལ་འབྱོར་པ་ལུས་ཀྱི་རྒྱ་དང་བྲལ་མ་ཐག་ཏུ་འཐོབ་པ་ཡིན་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གང་ཟག་དབང་པོ་རབ་ཀྱིས་ལྟ་བའི་ཐག་ཇི་ལྟར་གཅད་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཀློང་དགུ་སེམས་ཀྱི་དཔེས་ཡེ་ཤེས་ལྟ་བའི་ཐག་གཅད་དེ༔ ༡ ཆོས་ཐམས་ཅད་སེམས་ཀྱི་ཀློང་རིན་པོ་ཆེ་ལྟ་བུ་ཕྱོགས་རིས་མེད་པའོ༔ ༢ སེམས་འདུས་མ་བྱས་པའི་ཀློང་རྡོ་རྗེ་ལྟ་བུར་མི་འགྱུར་བའོ༔ ༣ སེམས་ལ་མཚན་མ་མེད་པའི་ཀློང་མུན་པའི་སྨག་ལྟ་བུར་ངོ་བོ་མི་མཐོང་བའོ༔ ༤ སེམས་ལ་གཟུགས་བརྙན་འཆར་བའི་ཀློང་རྒྱ་མཚོ་ལ་བབས་པའི་གཟུགས་བརྙན་ལྟར་ངོས་གཟུང་མེད་པའོ༔ ༥ སེམས་ཀུན་ལ་ཁྱབ་པའི་ཀློང་ནམ་མཁའ་ལྟ་བུར་རྒྱ་ཆེ་བའོ༔ ༦ སེམས་མ་ཡིན་པ་མེད་པའི་ཀློང་ཟ་འོག་གི་གཟུགས་བརྙན་ལྟ་བུར་ཅི་སྣང་སེམས་དང་ཐ་མི་དད་པའོ༔ ༧ སེམས་ཡེ་ནས་སངས་རྒྱས་ཡིན་པའི་ཀློང་རྒྱལ་པོའི་ཕྲུ་གུ་ལྟ་བུ་སྟེ་གཞན་གྱིས་ཐེ་ཚོམ་མི་ཟ་བའོ༔ ༨ སེམས་ལས་ཅིར་སྣང་ཡང་སྣང་བའི་ཀློང་ནོར་བུ་ཨིནྡྲ་ནཱི་ལ་ལྟ་བུ་སྟེ་གང་ལྟར་ཡང་སྣང་བའོ༔ ༩ སེམས་ལ་འགྱུར་བ་མེད་པའི་ཀློང་རིན་པོ་ཆེ་གསེར་ལྟ་བུ་སྟེ་གང་ན་གནས་ཀྱང་སེམས་ཉིད་ལས་མི་འགྱུར་བའོ༔ ཐམས་ཅད་སེམས་སུ་འདུས་པས་ཀློང་དགུ་ལ་ཐག་གཅད་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྤྱོད་པའི་ལ་གར་དོར་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ མ་ཆགས་ཐབས་ཀྱིས་རོལ་པའི་དཔེས་སྤྱོད་པའི་ལ་དོར་བར་བྱ་སྟེ༔ རྒྱ་མཚོ་དྭངས་པ་ལ་གཟུགས་བརྙན་ཐབས་ཀྱིས་རོལ༔ ནམ་མཁའ་དྭངས་པ་ལ་སྐར་ཚོགས་ཐབས་ཀྱིས་རོལ༔ བྱང་ཆུབ་སེམས་ལ་སྣང་སྲིད་ཐབས་ཀྱིས་རོལ་པར་ཤར༔ འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་ཀྱང་ལྟ་བས་ཟིན་ན་སྐྱོན་གྱིས་མི་གོས་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ དགོངས་པ་མཉམ་པར་ཇི་ལྟར་གཞག་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དགོངས་པ་ཀློང་འབྱམས་ཐོགས་པ་མེད་པ་གསུམ་གྱིས་མཉམ་པ་ལ་གཞག་པར་བྱ་སྟེ༔ དབང་པོ་ཀློང་འབྱམས་ཐོགས་མེད་ནམ་མཁའི་དགོངས་པ་དང༔ ཆོས་ཉིད་སྐྱེ་བ་མེད་པའི་ཀློང་འབྱམས་འཛིན་ཆགས་མེད་པའི་དགོངས་པ་དང༔ ཡེ་ཤེས་རང་གསལ་མ་གཡོས་པའི་ཀློང་འབྱམས་ཡུལ་མེད་ཀྱི་དགོངས་པའོ༔ དེ་གསུམ་ཡང་མ་བཅོས་པ་ལ་དགོངས་ནས་མཉམ་པར་བཞག་པ་ཡིན་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ འབྲས་བུའི་གདེང་གར་བཅའ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ གང་ཤར་སེམས་ཉིད་འབྲས་བུར་ཤར་བའི་དཔེས་འབྲས་བུ་ལོགས་ནས་བཙལ་དུ་མེད་པར་བསྟན་ཏེ༔ དཔེར་ན་རྒྱ་མཚོ་ལ་གཟུགས་བརྙན་ཤར་བ་དང༔ ནམ་མཁའ་ལ་སྐར་ཚོགས་ཤར་ཡང༔ དེ་ལོགས་ནས་མ་ཤར༔ དེ་ཉིད་རང་ལས་ཤར་པ་ལྟར་རང་གི་སེམས་ཉིད་འབྲས་བུར་ཤར་ནས༔ རང་བྱུང་ཞིང་ཡེ་ནས་སྣང་བ་ལ་རང་ཡིན་པར་སྣང་འབྲས་བུ་རང་ལ་ཤར་བ་ཡིན་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ རྣམ་རྟོག་གི་རྩད་ཅིས་གཅད་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བཅོས་སུ་མེད་པའི་བཅོས་ཐབས་གསུམ་གྱིས་རྣམ་རྟོག་རང་ཞིར་འགྱུར་བ་བསྟན་ཏེ༔ དབང་པོ་ཡུལ་ལ་གསལ་བས་བཅོས་སུ་མེད༔ ཆོས་ཉིད་སྐྱེ་བ་མེད་པས་བཅོས་སུ་མེད༔ རྣམ་རྟོག་ཡེ་ཤེས་སུ་གསལ་བས་བཅོས་སུ་མེད༔ དེ་ཡང་ཅིའི་ཕྱིར་ན་སེམས་མ་ཡིན་པ་མེད་པས་ཐམས་ཅད་ཡེ་ཤེས་སུ་རྟོགས་པར་བྱའོ༔ དེ་ལྟར་རྣམ་རྟོག་ཆོས་ཉིད་དུ་གསལ་བས་རང་ཞིར་འགྱུར་རོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཡུལ་སྣང་དགག་མི་དགོས་པའི་གནད་ཅིས་བྱེད་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ རང་གྲོལ་སེམས་ཀྱི་ལུང་ལས་ཐམས་ཅད་གསལ་བས་དགག་མི་དགོས་པའི་དཔེ་དྲུག་གིས་བསྟན་ཏེ༔ ༡ དབང་པོ་ཡུལ་ལ་རོལ་ཏེ་ཆོས་ཉིད་དུ་གསལ་བས་དགག་མི་དགོས་ཏེ་རིན་ཆེན་གསེར་གླིང་ལྟ་བུ༔ ༢ རྣམ་རྟོག་ཡེ་ཤེས་སུ་གསལ་བས་རྟོག་པ་དགག་མི་དགོས་ཏེ་མེ་འབར་བ་ལ་ཤིང་བསྣན་པ་ལྟ་བུ༔ ༣ ཆོས་ཉིད་ལ་དངོས་པོ་སྤང་མི་དགོས་ཏེ་མ་སྤང་པར་གྲོལ་བ་ཁྱུང་ཆེན་སྒོ་ངར་གཤོག་སྒྲོ་རྫོགས་པ་ལྟ་བུ༔ ༤ མཉམ་བཞག་རྗེས་ཐོབ་གཉིས་མེད་པས་མཉམ་པར་གཞག་རྒྱུ་མེད་དེ་བྱ་ནམ་མཁའ་ལ་གནས་པ་ལྟ་བུ༔ ༥ ཐམས་ཅད་སེམས་མ་ཡིན་པ་མེད་པས་ཉོན་མོངས་པ་སྤང་ཞིང་སྒྲིབ་པ་སྦྱང་དུ་མེད་དེ་ཉི་མའི་སྙིང་པོ་ལ་མུན་པ་སྦྱང་དུ་མེད་པ་ལྟ་བུ༔ ༦ ཡུལ་སེམས་གཉིས་སུ་མེད་པར་གསལ་བས་སོ་སོར་དབྱེ་མི་དགོས་ཏེ་ནམ་མཁའ་ལ་དབྱེ་བ་མེད་པ་ལྟ་བུའོ༔ ཡང་ན་དགག་མི་དགོས་པ་དྲུག་གི་སྤྱོད་ཡུལ་ཏེ༔ བཀག་པས་མི་ཁེགས་པས་མ་བཀག་ཆོས་ཉིད་དུ་གསལ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སེམས་དང་ཆོས་ཉིད་དབྱེར་མི་ཕྱེད་པའི་གནད་ཅིས་བྱེད་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དབྱེར་མེད་དྲུག་གི་དཔེས་སེམས་དང་ཆོས་སུ་དབྱེར་མེད་པར་སྟོན་ཏེ༔ ༡ ཆུ་དང་རླན་དབྱེར་མེད༔ ༢ མེ་དང་ཚ་བ་དབྱེར་མེད༔ ༣ དུང་དང་དཀར་པོ་དབྱེར་མེད༔ ༤ ཟ་འོག་དང་ཟ་འོག་གི་གཟུགས་བརྙན་དབྱེར་མེད༔ ༥ གསེར་དང་གསེར་གླིང་དུ་དབྱེར་མེད༔ ༦ འཁོར་བ་དང་མྱ་ངན་ལས་འདས་པ་དབྱེར་མེད༔ དེ་བཞིན་དུ་ཆོས་དང་སེམས་ཅན་ཐམས་ཅད་ཐིག་ལེ་ཆེན་པོ་གཅིག་གི་ངང་དུ་དབྱེར་མེད༔ ཡོད་པ་དང་མེད་པ་མི་དབྱེ་བར་སེམས་སུ་གསལ་བས་ཡེ་ཤེས་དངོས་སོ༔ ཆོས་ཀྱང་སེམས་ལ་སེམས་ཀྱང་ཆོས་ཡིན་དབྱེར་མེད་ཅིང་ཐ་མི་དད་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྣང་སྲིད་རང་བྱུང་དུ་འཆར་བའི་དཔེ་གང་གིས་བྱེད་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྔ་ཕྱི་མེད་པའི་དཔེ་དྲུག་གིས་སྣང་སྲིད་རང་བྱུང་གི་ཡེ་ཤེས་སུ་བསྟན་ཏེ༔ གོང་མའི་དཔེ་ཆུ་ལ་སོགས་པ་དྲུག་ལ་དབྱེར་མེད་ཅིང་སྔ་ཕྱི་མེད་པ་བཞིན་དུ༔ སྣང་སྲིད་ཀྱི་ཆོས་ཐམས་ཅད་དང་ཆོས་ཉིད་ལ་སྔ་ཕྱི་མེད་དེ༔ ཡེ་ཤེས་ཆེན་པོ་པ་རང་བྱུང་རང་ཤར་ཡིན་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ རྣལ་འབྱོར་གྱི་སེམས་ཀྱི་གེགས་བརྒྱད་དང་འཕྲང་ཅིས་བསལ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ རྣལ་འབྱོར་སེམས་ཀྱི་ལམ་དུ་འགྲོ་བའི་གེགས་བརྒྱད་དང་འཕྲང་བསལ་བ་ནི༔ རྟོགས་པས་བསལ་ཏེ༔ ༡ གཉིས་འཛིན་གྱི་འཕྲང་བསལ་ནས་གཉིས་སུ་མེད་པ་ལྟ་བའི་རྫོང་དང༔ ༢ རྟོག་པའི་འཕྲང་བསལ་ནས་མི་རྟོག་པའི་རྫོང་དང༔ ༣ ལྟ་བའི་འཕྲང་བསལ་ནས་ལྟ་རུ་མེད་པའི་རྫོང་དང༔ ༤ བླང་དོར་གྱི་འཕྲང་བསལ་ནས་དགག་སྒྲུབ་མེད་པའི་རྫོང་དང༔ ༥ གཟུང་འཛིན་གྱི་འཕྲང་བསལ་ནས་གཟུང་འཛིན་དང་བྲལ་བའི་རྫོང་དང༔ ༦ རེ་དོགས་ཀྱི་འཕྲང་བསལ་ནས་བྱང་ཆུབ་རང་ལ་གསལ་བའི་རྫོང་དང༔ ༧ ཞེན་པའི་འཕྲང་བསལ་ནས་ཞེན་ཆགས་མེད་པའི་རྫོང་དང༔ ༨ རྩོལ་སྒྲུབ་ཀྱི་འཕྲང་བསལ་ནས་ལྷུན་གྱིས་གྲུབ་པའི་རྫོང་དང༔ རྫོང་བརྒྱད་ལ་གནས་ནས་ཆོས་ཐམས་ཅད་བྱང་ཆུབ་སེམས་སུ་དྲིལ་ཏེ་དགག་སྒྲུབ་མེད་པར་བསལ་ལོ༔ ཐམས་ཅད་སེམས་སུ་གསལ་བས་དོག་བསལ་ནས་ཡངས་ཤིང་ཤོང་ཆེ་བ་ཡིན་ནོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཉམས་ཡིད་ཆེས་པའི་ཚད་ཅིས་གཟུང་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཚད་མ་གསུམ་གྱིས་ཡིད་ཆེས་ན་ཉམས་བརྟན་ཏེ༔ གོང་མའི་དོན་དེ་དག་རྟོགས་པར་བྱས་ནས༔ ལུང་དང་གདམས་ངག་དང་རང་རིག་པའི་ཉམས་ལ་ཡིད་ཆེས་པས་རྟོགས་ཏེ༔ དེ་ཡང་བློའི་གཏིང་དུ་ཡིད་ཆེས་པར་བྱས་ནས་བསྒོམས་ན་ཉམས་མྱོང་གསལ་བར་འགྱུར་བ་སྟེ༔ དེ་ཡང་ལུས་ཡང་བ་དང༔ གསལ་བ་དང༔ ལྐོག་ཏུ་གྱུར་པ་མཐོང་བ་དང༔ རྟོག་པ་ཆུང་བ་ལ་སོགས་པ་བྱུང་བ་དང༔ བྲོད་པ་དང་རེ་དོགས་མེད་པར་བསྒོམ་སྟེ༔ དེ་བས་ན་དྲོད་རྟགས་རང་བཞིན་གྱིས་བྱུང་ཡང་དགའ་བྲོད་ཀྱིས་སྐྱེད་ཕྱིས་མི་འབྱུང་བ་ཡིན་ནོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གོལ་ས་དང་འཛིན་པའི་མཐའ་གང་གིས་སེལ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ འཛིན་པ་དགུ་དང་བརྒྱད་ཀྱི་ཤུལ་མི་འབྲེང་སྟེ༔ ཐེག་པ་དགུ་དང༔ འགྲོ་བ་དྲུག་དང་མུ་སྟེགས་རྟག་ཆད་ཀྱི་རྗེས་སུ་མ་འབྲེང༔ རྣལ་འབྱོར་པ་སྒོམ་པའི་དུས་ན་ཡུལ་སེམས་སོ་སོར་ཡོད་པར་ཡང་མི་གཟུང༔ རྟེན་འབྲེལ་མི་དགག༔ སྟོང་པ་མི་བསྒོམ༔ གཉིས་སུ་མི་བསྒོམ་པ་ལ་སོགས་པ་བྱ་སྟེ༔ དེ་ཡང་ཐེག་པ་རིམ་པ་དགུ་ནི་གྲུབ་མཐས་བསྒྱུར་བ་ཡིན༔ འགྲོ་བ་རིགས་དྲུག་ནི་མཐོང་སྣང་མ་བསྒྱུར་ཞིང་གྲུབ་མཐའ་རང་ཁ་མ་ཡིན༔ མུ་སྟེགས་རྟག་ཆད་གཉིས་ནི་གྲུབ་མཐའ་ཕྱིན་ཅི་ལོག་གི་འཛིན་པའོ༔ དེ་རྣམས་ཀྱི་རྗེས་སུ་མ་འབྲངས་ནས་ཕྱོགས་ལྷུང་རྒྱ་ཆད་མེད་པ་ཞིག་བྱུང་ན་ཆོས་ཉིད་ཡིན་ནོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཞེན་ཆགས་ངང་གིས་བྲལ་བའི་གནད་གང་ཡིན་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྣང་བ་རང་སྣང་ཞེན་མེད་རང་གྲོལ་ཏེ༔ སྣང་བ་ནི་རང་གི་བྱང་ཆུབ་སེམས་ཀྱི་རོལ་པར་སྣང་བའོ༔ དེ་ལྟར་ཡིན་ཡང་ཡུལ་མེད་ལ་ཆགས་ཤིང་ཞེན་པ་ནི༔ རྟོག་པ་ཀློང་དུ་གྱུར་ནས་ཞེན་ཆགས་ཤུགས་ཀྱིས་འབྲལ་བར་འགྱུར་རོ༔ སྣང་བ་རང་སྣང༔ སྟོང་པ་རང་སྟོང་ལ་ཞེན་ཆགས་ནམ་མཁའ་ལྟར་དག་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཐེག་པ་དགུའི་ཤན་ཅིས་འབྱེད་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ འདོད་པ་ཡོད་མེད་དགུས་ཐེག་པའི་ཤན་དབྱེ་སྟེ༔ ༡ དེ་ཡང་ཡུལ་སེམས་སོ་སོར་འདོད་པ་ལ༔ ཡུལ་རྡུལ་ཕྲ་རབ་ལས་གྲུབ༔ རྡུལ་ཕྲ་རབ་རྫས་སུ་འདོད་པ་ནི་ཉན་ཐོས་ཀྱི་གྲུབ་མཐའ་འོ༔ ༢ ཕྱིའི་ཡུལ་སྒྱུ་མ་ཡིན་ལ༔ སྒྱུ་མ་རྟེན་འབྲེལ་ཡིན་པས་མི་བདེན་ཞིང༔ དེ་ལ་འཛིན་པའི་ཤེས་པ་བདེན་པ་རང་སངས་རྒྱས་འདོད༔ ༣ རྟེན་འབྲེལ་སྟོང་ཉིད་དང་སྟོང་ཉིད་སྤྲོས་བྲལ་དུ་དབུ་མ་པ་འདོད༔ ༤ གསང་སྔགས་ཕྱི་པ་གསུམ་གྱིས་དོན་དམ་སྟོང་པ༔ ཀུན་རྫོབ་ཏུ་རིགས་གསུམ་དག་པ་གསུམ་གྱིས་སྒྲུབ་པར་འདོད་པ་དང༔ ༥ ལྟ་བ་གོང་མ་སྤྱོད་པ་འོག་མ་དེ་གཉིས་ལ་བརྟེན་ནས་སྒྲུབ་པར་འདོད་པ་དང༔ ༦ བླང་དོར་ཕྱག་རྒྱ་བཞི་དང༔ ཏིང་ངེ་འཛིན་གྱིས་ལྷའི་སྐུ་སྒྲུབ་པར་འདོད་དོ༔ ༧ ནང་པ་ལ་གསུམ་སྟེ༔ མ་ཧཱ་ཡོ་ག་དོན་དམ་པར་སྐྱེ་བ་མེད་པ་དང༔ ཀུན་རྫོབ་སྒྱུ་མ་དེ་དག་པ་གསུམ་མམ་མཉམ་པ་ཉིད་རྣམ་པ་བཞིའི་ཚུལ་དུ་འདོད༔ ༨ ཨ་ནུ་ཡོ་ག་ནི་དག་པ་དབྱིངས་ཀྱི་རང་བཞིན་རྒྱུ་རུ་འདོད༔ འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འདོད༔ ཡེ་ཤེས་ཀྱིས་དབྱིངས་རྟོགས་པའི་དུས་ན་སྲས་བདེ་བ་ཆེན་པོ་སྟེ་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་རྫོགས་པར་འདོད་དོ༔ དེ་ཡང་མ་བསྐྱེད་རྫོགས་པའི་ཚུལ་དུ་སྒོམ་མོ༔ ༩ ཨ་ཏི་ཡོ་ག་ལ་འདོད་པ་དང་ཞེན་པ་མེད་པ་ལ༔ ཨ་ནུ་མན་ཆད་ལ་འདོད་པ་དང་ཞེན་པ་ཡོད་དོ༔ དེ་ཡང་ཇི་ལྟར་ཨ་ཏི་ཡོ་ག་འདོད་ཞེན་མེད་ཅེ་ན༔ བྱང་ཆུབ་ཡེ་ནས་གསལ་བས་བསྒྲུབ་པར་འདོད་པ་མེད༔ མཚན་མའི་ཆོས་ལ་ཞེན་པ་མེད་པས་ཞེན་པ་གང་ཡང་མེད་དོ༔ དེ་ནི་ཐེག་པ་ལ་ཤན་མ་ཕྱེ་ན་གོང་འོག་གི་དོན་མི་མཐོང་བས་ཐེག་པ་དགུའི་ཤན་ཕྱེ་བ་ཡིན་གསུངས་སོ༔ ༔ ྈ སློབ་དཔོན་པདྨ་འབྱུང་གནས་ཀྱིས་གང་ཟག་དབང་པོ་རབ་ཀྱི་དོན་དུ་གནང་བའི་མན་ངག་ཞལ་ཐོན་དུ་གནང་བ་འདི་ཤིན་དུ་གསང་ངོ༔ ༔དཔལ་རྟ་མགྲིན་གྱིས་སེམས་ཀྱི་སྒོ་བསྲུངས་ནས་གནས༔ འུབས་ཀྱིས་བསྡུས་པས་ཀློང་དགུ་སེམས་ཀྱི་དཔེ་ཡིས་ལྟ་བའི་ཐག་བཅད༔ མ་ཆགས་ཐབས་ཀྱི་རོལ་པས་སྤྱོད་པའི་ལ་དོར༔ དགོངས་པ་ཀློང་འབྱམས་ཐོགས་པ་མེད་པ་གསུམ་གྱིས་མཉམ་པ་ལ་བཞག༔ རང་ཤར་སེམས་ཉིད་འབྲས་བུར་ཤར་བའི་དཔེས་འབྲས་བུ་ལོགས་ནས་བཙལ་དུ་མེད་པར་བསྟན༔ བཅོས་སུ་མེད་པའི་འཆོས་ཐབས་གསུམ་གྱིས་རྣམ་རྟོག་རང་ཞིར་འགྱུར༔ རང་གྲོལ་སེམས་ཀྱི་ལུང་ལས་ཐམས་ཅད་གསལ་བས་དགག་མི་དགོས་པའི་དཔེ་དྲུག་གིས་ཡུལ་སྣང་དགག་མི་དགོས་པར་བསྟན༔ དབྱེར་མེད་དྲུག་གི་དཔེས་སེམས་དང་ཆོས་སུ་དབྱེར་མེད་པར་བསྟན༔ སྔ་ཕྱི་མེད་པའི་དཔེ་དྲུག་གིས་སྣང་སྲིད་རང་བྱུང་གི་ཡེ་ཤེས་སུ་བསྟན༔ རྣལ་འབྱོར་སེམས་ཀྱི་ལམ་དུ་འགྲོ་བའི་གེགས་བརྒྱད་ཀྱི་འཕྲང་བསལ་ནས༔ རྫོང་བརྒྱད་ལ་གནས་པས་རྣལ་འབྱོར་པའི་ལམ་གཅིག་ཏུ་དྲིལ༔ ཚད་མ་གསུམ་གྱིས་ཡིད་ཆེས་པར་བྱས་ལ་ཉམས་རྟགས་དྲོད་རྟགས་རང་བཞིན་གྱིས་བྱུང་ཡང་བྲོད་པ་མི་སྐྱེད༔ འཛིན་པ་དགུ་དང་བརྒྱད་ཀྱི་ཤུལ་དུ་མི་འབྲེང༔ སྣང་བ་རང་སྣང་ལ་ཞེན་པ་མེད་པར་དགྲོལ༔ འདོད་པ་ཡོད་མེད་དགུ་ཡིས་ཐེག་པའི་ཤན་དབྱེ༔ དབང་པོ་ཡང་རབ་ཏུ་གྱུར་པ་རྣམས་ཀྱི་དོན་དུ་ཆོས་ཉིད་དགོངས་པ་ཀློང་བརྡོལ་བའོ༔ ༔སློབ་དཔོན་པདྨ་ལ་ཇོ་མོས་ཞུས་པ༔ དབང་པོ་རབ་འབྲིང་ཐ་མ་གང་གིས་ཀྱང་སངས་རྒྱས་ཀྱི་དགོངས་པ་ད་ལྟ་ཉིད་དུ་གཏན་ལ་དབབ་པ་ཞིག་ཞུ་དང་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ ཆོས་ཐམས་ཅད་ཀྱི་རྩ་བ་རང་གི་སེམས་སུ་འདུས༔ བྱང་ཆུབ་ཀྱི་སེམས་དེ་སྐྱེ་འགྲོ་སྲོག་གིས་བསྡུས་པ་ཐམས་ཅད་ལ་ཁྱབ་པར་གནས་སོ༔ དེ་ཡང་ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན་ཏེ༔ སེམས་དེ་ཁ་དོག་དང་དབྱིབས་སུ་མ་གྲུབ༔ དངོས་པོ་དང་མཚན་མར་མ་གྲུབ་པ༔ མ་བཅོས་ཡེ་ནས་སྟོང་གསལ་ཆེན་པོར་གནས་ཏེ༔ རང་བྱུང་དུ་ཤར་བ་དེ་ངོས་ཟིན་པ་དེ་ནི་ལྟ་བ་ཀུན་ཏུ་བཟང་པོ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཅེས་སོ༔ ཐིག་ལེ་ཉག་གཅིག་ཆོས་ཉིད་བྱང་ཆུབ་སེམས་ཅིར་ཡང་མ་གྲུབ་པ༔ ངོ་བོ་སྟོང་པ་རང་བཞིན་གསལ་བ་དེའི་ངང་ལ་གནས་པ་དེ་ནི་སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་སྒོམ་པ་ཞེས་བྱའོ༔ དེ་ལ་སྒོམ་དུ་ཡང་མེད་ཡེངས་སུ་ཡང་མེད་པར་གནས་པས་སྤྱོད་པ་རང་བྱུང་འདུ་འབྲལ་མེད་པ་ཞེས་བྱའོ༔ ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ་དེར་སངས་མ་རྒྱས་པ་མེད་དེ༔ ཡ་ཐ་རྒྱལ་བའི་དཀྱིལ་འཁོར་ནས་མ་ཐ་དམྱལ་བའི་འཇིག་རྟེན་ཡན་ཆད་མཉམ་པར་སངས་རྒྱས་པས་སྡུག་བསྔལ་དང་བྱང་ཆུབ་ཏུ་མཉམ༔ སངས་རྒྱས་དང་སེམས་ཅན་དུ་མཉམ༔ དེ་ཡང་ད་ལྟར་བྱས་པ་ལྟ་བུ་མ་ཡིན་ཏེ༔ ཡེ་ནས་ལྷུན་གྱིས་གྲུབ་པས་འབྲས་བུ་ཆོས་སྐུ་རང་རིག་པའི་ཡེ་ཤེས་ཞེས་བྱའོ༔ དེ་ནི་ད་ལྟ་ཉིད་དུ་བླ་མའི་གདམས་པས་མཐོང༔ སྒོམ་ཞིང་སྒྲུབ་ཏུ་མེད་དེ་སངས་རྒྱས་པ་ཡིན་ནོ༔ དེ་ལས་བདག་ལ་བསྟན་དུ་མེད་དོ༔ མཁར་ཆེན་བཟའི་ཐུགས་ལ་ཞོག་ཅེས་གསུངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ལ་ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས༔ གང་ཟག་དབང་པོ་རབ་འབྲིང་ཐ་གསུམ་གྱི་དོན་དུ་སྒོམ་ཁྲིད་རྣམ་གསུམ་ཞུས༔ ཕྱི་རབས་དོན་དུ་དཀར་ཆག་ཡི་གེར་བཏབ༔ སྤེལ་བའི་གནས་མེད་རིན་ཆེན་སའི་གཏེར་དུ་སྦས༔ རྣལ་འབྱོར་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ཕྱི་རབས་སྐལ་ལྡན་གཅིག་དང་འདི་འཕྲད་ནས༔ ལྟ་བ་རྒྱ་མཚོ་ཡངས་པའི་དོན་རྟོགས་ཀྱང༔ སྤྱོད་པ་ཀུན་རྫོབ་ལས་འབྲས་ཞིབ་ཏུ་གཟོབས༔ ཆོས་ཉིད་རྒྱ་མཚོ་ཡངས་པའི་དོན་རྟོགས་ཀྱང༔ སྒོམ་པ་མ་ཡེངས་གསེར་ཕུར་བཞིན་དུ་ཐོབས༔ སེམས་ཉིད་ཡངས་པ་རྣལ་མའི་དོན་རྟོགས་ཀྱང༔ དམ་ཚིག་སྡོམ་ཁྲིམས་གཏན་ནས་མ་ཉམས་སྲུངས༔ རྟོགས་པ་རྒྱ་མཚོ་ཆོས་ཉིད་དོན་རྟོགས་ཀྱང༔ བླ་མ་དམ་པ་སྤྱི་བོའི་ཕུད་དུ་ཁུར༔ ཕྱོགས་རིས་མེད་པའི་བྱམས་པའི་སེམས་ཡོད་ཀྱང༔ མཆེད་གྲོགས་ཆོས་གྲོགས་རྣམས་ཀྱི་སེམས་ཀྱང་ཟུངས༔ སངས་རྒྱས་སེམས་ཅན་མཉམ་པའི་དོན་རྟོགས་ཀྱང༔ ལས་འབྲས་མི་དགེ་བཅུ་པོ་དུག་བཞིན་སྤོངས༔ རང་སེམས་སངས་རྒྱས་ཡིན་པའི་དོན་རྟོགས་ཀྱང༔ ཡི་དམ་ལྷ་མཆོག་རང་གི་སྙིང་ལྟར་ཆོངས༔ སྡུག་བསྔལ་བདེ་བ་ཆེན་པོར་གནས་གྱུར་ཀྱང༔ འདུ་འཛི་བྱ་བྱེད་སྡུག་བསྔལ་རྒྱུ་གསོག་སྤོངས༔ ཉོན་མོངས་ཡེ་ཤེས་ཆེན་པོར་གནས་གྱུར་ཀྱང༔ དུག་ལྔ་དུག་གསུམ་མེ་ཡིས་རྒྱུད་མ་སྲེགས༔ བྱར་མེད་བདེ་བ་ཆེན་པོའི་དོན་རྟོགས་ཀྱང༔ བརྩོན་འགྲུས་སྟོབས་ཀྱིས་དགེ་བའི་ཕྱོགས་ལ་འབོད༔ ཕྱི་རབས་སྒོམ་ཆེན་ཡིན་པར་ཁས་ལེན་རྣམས༔ ལྟ་བ་འཕང་དམའ་སྤྱོད་པ་རྩིང་མུ་སྟེགས་རྒྱང་འཕེན་གྱི་ལྟ་བར་གོལ་བར་མཆིའོ༔ སྟོང་པ་ཟེར་ནས་མེད་པར་བཟུང་བས་མུ་སྟེགས་ཆད་པར་གོལ་བར་མཆིའོ༔ མི་རྟོག་གླེན་སྒོམ་བྱས་ནས་ཤེས་པ་བཙོན་དུ་བཟུང་བས་ཉན་ཐོས་འགོག་པར་གོལ་བར་མཆིའོ༔ ཐམས་ཅད་སེམས་ཡིན་ཟེར་ནས་སྤྱོད་པ་བབ་ཅོལ་བྱེད་ན་ངན་སོང་གསུམ་དུ་གོལ་བར་མཆིའོ༔ ལྟ་བ་མཐོན་པོ་ལ་ཞེན་ནས་ཆོས་སྤྱོད་ཁྱད་དུ་བསད་པས་གཏན་སྡུག་དམྱལ་བའི་གནས་སུ་གོལ་བར་མཆིའོ༔ བསྒོམ་པ་མེད་པའི་རིག་པའི་བཙན་ས་མ་ཟིན་ན་འབྲས་བུ་འགྲོ་དྲུག་གནས་སུ་གོལ་བར་མཆིའོ༔ སྒོམ་ཡོད་བྱས་ནས་སེམས་སུ་རྟག་པར་བཟུང་བས་མུ་སྟེགས་རྟག་པར་གོལ་བར་མཆིའོ༔ རང་སེམས་མ་རྟོགས་སྒོམ་པ་ཡོད་རྫུན་བཏབ་པས་འཆི་ཀར་ལོག་པའི་ལམ་དུ་གོལ་བར་མཆིའོ༔ ཆོས་སྒོར་ཞུགས་ནས་ཅི་བྱེད་འཇིག་རྟེན་འདིའི་ཆེད་དུ་བྱས་ན་ཆོས་པ་རང་ཉིད་སོ་སྐྱེར་གོལ་བར་མཆིའོ༔ ཞེས་གདམས་སོ༔ སྒོམ་ཁྲིད་རིན་པོ་ཆེ་གསེར་ཕྲེང་གི་སྐོར༔ གང་ཟག་དབང་པོ་རབ་འབྲིང་ཐ་གསུམ་ལ་གདམས་པ༔ འབྲུག་གི་ལོ་སྟོན་ཟླ་འབྲིང་པོའི་ཚེས་བརྒྱད་ལ་བྲག་དམར་གཡའ་མ་ལུང་དུ་གདམས་པའོ༔ རྒྱ་རྒྱ་རྒྱ༔༔ ༔༔ ྈ ༄༅༔ སྙིང་གཏམ་བཀའ་རྒྱའི་སྐོར༔ ྈ ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ༔ དགོངས་པ་སངས་རྒྱས་དང་མཉམ་པ༔ སྐུ་ལ་སྐྱེ་ཤི་མེད་པ་སྤྲུལ་པའི་སྐུར་གྱུར་པ་དེ་ལ༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་ཞུས་པ༔ ཨེ་མ་ཧོ༔ སློབ་དཔོན་ཆེན་པོ་ལགས༔ སངས་རྒྱས་དང་སེམས་ཅན་གཉིས་ཀྱི་སོ་མཚམས་གང་ལགས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ མཚོ་རྒྱལ་སངས་རྒྱས་ཞེས་བྱ་བ་ནི་མ་རིག་པ་སངས་པས་ཡེ་ཤེས་མཐར་རྒྱས་པ་ལ་ཟེར་བ་ཡིན༔ མ་རིག་པ་མ་རིག་པར་མ་རྟོགས་པས་སེམས་ཅན་དུ་སོང་བ་ཡིན༔ དེ་རྒྱུད་ལ་འགེལ་བའི་དུས་སུ་རང་གི་སེམས་ཉིད་ལ་བལྟས་པས༔ སེམས་ཉིད་ཅིའི་ངོ་བོར་མ་གྲུབ་པ་སྟོང་པ་རྣམ་རྟོག་རང་དྭངས་སུ་རྟོགས་ཤིང་རིག་ན༔ སེམས་ཅན་སངས་རྒྱས་སུ་རང་སར་དག་པའི་གནད་ཡིན༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་པདྨ་ལ་ཇོ་མོས་ཞུས་པ༔ འཁོར་བ་དང་མྱ་ངན་ལས་འདས་པའི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ འཁོར་བ་ཞེས་བྱ་བ་ནི་གཅིག་ནས་གཅིག་ཏུ་འཁོར་བའོ༔ མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་འཁོར་བའི་གདོས་ཐག་བཅད་པའོ༔ དེ་རྒྱུད་ལ་འགེལ་བའི་དུས་སུ་རང་གི་སེམས་ཉིད་འདི་གཞི་ལ་དངོས་པོའི་སྐྱོན་གྱིས་མི་གོས་པར་སྐྱེ་མེད་རང་བྱུང་དུ་མཐོང་བས་འཁོར་བའི་ས་མེད༔ འཁོར་བ་ཀ་ནས་དག་པས་སངས་པ་ལ་མྱ་ངན་ལས་འདས་པ་ཞེས་བྱའོ༔ འཁོར་བ་མྱ་ངན་ལས་འདས་པར་རང་སར་དག་པའི་གནད་ཡིན༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་པདྨ་ལ་ཇོ་མོས་ཞུས་པ༔ མ་རིག་པ་དང་རིག་པའི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ མ་རིག་པ་ཞེས་བྱ་བ་ནི་སེམས་ཀྱི་དངོས་པོ་མ་ཤེས་པའོ༔ རིག་པ་ཅེས་བྱ་བ་ནི་སེམས་ཀྱི་དངོས་པོ་དེ་མཐོང་བའོ༔ དེ་རྒྱུད་ལ་འགེལ་བའི་དུས་སུ་རང་སེམས་དངོས་པོ་དོན་གྱི་གནས་ལུགས་ལྷང་ངེ་ལྷན་ནེ་བ་འདི་ལ་བལྟས་པས༔ སེམས་དེ་ལྟར་མཐོང་བ་ཁོ་ལ་མ་རིག་པ་རང་སར་དག་པ་ཞེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སེམས་དང་སེམས་ཉིད་ཀྱི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ སེམས་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་ཅིང་དྲན་པའོ༔ སེམས་ཉིད་ཅེས་བྱ་བ་དྲན་པ་མེད་ཅིང་ཡིད་ལ་མི་བྱེད་པའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་སེམས་རྟོག་པའི་རྒྱུ་བ་བཅད་ལ་མ་བཅོས་པར་རང་བཞིན་དུ་བཞག་ལ༔ གང་ཡང་ཡིད་ལ་མི་བྱེད་ཅིང་ལྷམ་མེ་ལྷན་ནེ་བ་དེ་ལ་སེམས་ཉིད་རང་སར་དག་པའི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཀུན་གཞི་དང་ཀུན་གཞིའི་རྣམ་པར་ཤེས་པའི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ ཀུན་གཞི་ཞེས་བྱ་བ་ནི་ཀུན་རྣམ་པར་རྟོག་པ་དང་གཞི་ཞེས་པ་ཆོས་ཉིད་ཀྱི་སྐུ་འདྲེས་པས་བག་ཆགས་བཟང་ངན་གྱི་སྣོད་དོ༔ ཀུན་གཞིའི་རྣམ་པར་ཤེས་པ་ནི་ཡིད་ཀྱིས་ཀུན་གཞི་ལས་བསྐྱོད་ནས་དྲན་རིག་ཏུ་ཤར་བའོ༔ དེ་ཉམས་སུ་ལེན་པའི་དུས་སུ་གཞི་དངོས་པོ་དོན་གྱི་གནས་ལུགས་མ་བཅོས་པ་དེ་ལ་ཡིད་ཀྱི་དྲན་པས་མ་བསྐྱོད་པར་ལྷང་ངེ་ལྷན་ནེ་རྟོག་མེད་དུ་གནས་པ་དེ་ཁོ་ན་ལ༔ ཀུན་གཞི་དང་རྣམ་ཤེས་དང་དངོས་པོ་ཡི་དོན་གྱི་གཞིར་ཤེས་པས་ཆོས་ཀྱི་སྐུར་རང་སར་དག་པའི་གནད་ཅེས་བྱ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པའི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ ཡིད་ཅེས་བྱ་བ་ནི་དྲན་པ་ཐམས་ཅད་ཀྱི་གཞིའོ༔ ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་དེ་ལ་སྐྱོད་པར་བྱེད་པའི་རླུང་སྟེ་མི་དྲན་དགུ་དྲན་ནོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་ཡིད་དྲན་པ་མེད་ཅིང་གང་གི་ངོ་བོར་ཡང་མ་གྲུབ་པ་དེ་ལ་སྐྱོད་བྱེད་ཀྱི་རླུང་གིས་མ་བསྐྱོད་པ༔ མར་མེ་རླུང་གིས་མ་བསྐྱོད་པ་དེ་ལྟ་བུ་གསལ་ལ་རྟོག་པ་མེད་པ་དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་ཆོས་ཉིད་དུ་རང་གསལ་དག་པའི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ དོན་དམ་དང་ཀུན་རྫོབ་ཀྱི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ དོན་དམ་པ་ཞེས་བྱ་བ་ནི་བློའི་སྤྱོད་ཡུལ་དུ་མ་གྱུར་པའོ༔ ཀུན་རྫོབ་ཅེས་བྱ་བ་ནི་བློ་འཁྲུལ་པའི་ངོ་བོར་གང་ལ་ཡང་མ་འགགས་པར་སྣང་བའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་ཀུན་རྫོབ་ལ་བལྟས་ན༔ ཀུན་རྫོབ་བློའི་སྤྱོད་ཡུལ་དུ་མ་གྲུབ་པར་སྣང་བཞིན་གྱིས་སྟོང་པ་ཅིར་ཡང་མ་གྲུབ་པར་འདུག༔ དེ་ཁོ་ན་ཉིད་ལ་ཀུན་རྫོབ་དོན་དམ་དུ་རང་སར་དག་པའི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཕ་རོལ་དང་ཚུ་རོལ་གྱི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ ཕ་རོལ་ཞེས་བྱ་བ་ནི་འཁོར་བ་ལས་འདས་པའོ༔ ཚུར་རོལ་ཞེས་བྱ་བ་ནི་འཁོར་བའི་ཆོས་སོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་སེམས་རང་རྒྱུད་པ་ཚུར་རོལ་པ་འདི་ལ་བལྟས་པས༔ དངོས་པོ་ཅི་ཡང་མེད་ཅིང་ཡིད་ལ་བྱར་མེད་པ་གསལ་ལ་དག་པར་འདུག་པ་དེ་ཁོ་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ༔ ཚུར་རོལ་ཕ་རོལ་ཏུ་ཕྱིན་པར་དག་པའི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གཏི་མུག་དང་ཡེ་ཤེས་ཀྱི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ གཏི་མུག་ཅེས་བྱ་བ་ནི་བློའི་སྒྲིབ་པ་འཐུག་པོས་གང་ཡང་མི་གོ་བའོ༔ ཡེ་ཤེས་ཞེས་བྱ་བ་ནི་ཡེ་ཇི་བཞིན་པའི་གནས་ལུགས་གསལ་བའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་མི་གོ་ཞིང་མི་ཤེས་པའི་སེམས་ལ་བལྟས་པས༔ སེམས་ལ་ཤེས་པ་དང་མི་ཤེས་པའི་དཔྱོད་པ་མི་འཇུག་པ་གང་གི་ངོ་བོར་ཡང་མ་གྲུབ་པ་གསལ་ལ་མ་བསྒྲིབས་པར་འདུག་པ་དེ་ཁོ་ན་ལ་གཏི་མུག་རང་སར་དག་པའི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཞེ་སྡང་དང་བྱམས་པའི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ ཞེ་སྡང་ཞེས་བྱ་བ་ནི་ཕ་རོལ་གྱི་ཡུལ་ཡིད་ཀྱིས་གཅོད་པའོ༔ བྱམས་པ་ཞེས་བྱ་བ་ནི་ཕ་རོལ་གྱི་ཡུལ་ལ་ཡིད་གདུང་བའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་ཞེ་སྡང་སྐྱེ་བའི་ཡུལ་ལ་བལྟས་པས་ཀྱང་ངོ་བོར་མ་གྲུབ་སྟེ་སྟོང་པར་འདུག༔ སྙིང་རྗེ་སྐྱེ་བའི་ཡུལ་ལ་བལྟས་པས་ཀྱང་ངོ་བོར་མ་གྲུབ་སྟེ་སྟོང་པར་འདུག༔ སྡང་བ་དགྲ་ཡང་སེམས་བྱམས་པ་གཉེན་ཡང་སེམས་སུ་འདུག་གོ༔ སེམས་སྟོང་པ་གང་ཡང་མ་གྲུབ་པར་གོ་བས་ཞེ་སྡང་དང་སྙིང་རྗེ་རང་སར་དག་པའི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ འདོད་ཆགས་དང་དགའ་བའི་ཁྱད་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ འདོད་ཆགས་ཞེས་བྱ་བ་ནི་ཡུལ་དངོས་པོ་ཉིད་འདོད་ཅིང་ཆགས་པའོ༔ དགའ་བ་ཞེས་བྱ་བ་ནི་ཡིད་བདེ་བ་སྐྱེད་པའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་འདོད་ཆགས་སྐྱེས་པའི་དུས་དེ་ཉིད་ལ་བལྟས་པས༔ ཡུལ་སྡུག་པ་དང་ནོར་ལེན་པ་ལ་སོགས་པ་མཐོང་བའི་དུས་སུ༔ ཡིད་ལ་ཡོད་ན་དགའ་བ་ཁོ་ན་བདེ་བ་ཡིན༔ དེ་གཉིས་ཀ་སེམས༔ སེམས་གང་དུ་ཡང་མ་གྲུབ་པས་འདོད་ཆགས་བདེ་བ་རང་སར་དག་པའི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ བདག་དང་གཞན་གྱི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ བདག་ཅེས་བྱ་བ་ནི་མངོན་ཞེན་དུ་བཟུང་བའོ༔ གཞན་ཞེས་བྱ་བ་ནི་ཕྱོགས་རིས་སུ་བཅད་པའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་བདག་ལ་བལྟས་པས་བདག་ཏུ་བཟུང་བ་ཡང་མ་གྲུབ༔ གཞན་ལ་བལྟས་པས་གཞན་ཕྱོགས་རིས་སུ་འཛིན་པ་ཡང་མ་གྲུབ་སྟེ༔ བདག་གཞན་གཉིས་ཀ་སེམས༔ སེམས་སྟོང་པ་བདག་དང་གཞན་དུ་དབྱེར་མེད་པར་རང་སར་དག་པའི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྡུག་བསྔལ་དང་བདེ་བའི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ སྡུག་བསྔལ་ཞེས་བྱ་བ་ནི་ཡིད་མི་བདེ་བ༔ བདེ་བ་ཞེས་བྱ་བ་ནི་ཡིད་བདེ་བའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་སྡུག་བསྔལ་ཡིད་མི་བདེ་བ་དེ་ལ་བལྟས་པས་དངོས་པོར་མ་གྲུབ་སེམས་སུ་འདུག༔ སེམས་སྟོང་པར་འདུག༔ སྟོང་པ་བདེ་བར་འདུག༔ དེ་ཁོ་ན་སྡུག་བསྔལ་བདེ་བར་ཚུད་པའི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ དགེ་བ་དང་སྡིག་པའི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ དགེ་བ་ཞེས་བྱ་བ་ནི་རྣམ་པར་དཀར་བའི་ཕྱོགས་སོ༔ སྡིག་པ་ཞེས་བྱ་བ་ནི་ནག་པོའི་རྣམ་པར་སྨིན་པའི་ཕྱོགས་སོ༔ དེ་ཡང་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ༔ ལས་དང་ལས་ཀྱི་རྣམ་པར་སྨིན་པ་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང་དུ་གཅིག་སྟེ༔ སེམས་ཡེ་ནས་རྣམ་པར་དག་པ་ལ་ལས་དཀར་ནག་གི་སྐྱོན་ཡོན་གྱིས་མ་གོས་ཤིང༔ སེམས་སྟོང་པ་ལ་རྣམ་སྨིན་བསགས་པ་མེད་པས༔ སྡིག་པ་དགེ་བའི་གནད་དུ་ཚུད་པ་ཞེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སངས་རྒྱས་ཀྱི་ཐུགས་དང་སེམས་ཅན་གྱི་སེམས་ཀྱི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ སངས་རྒྱས་ཀྱི་ཐུགས་ངོ་བོ་ལས་མི་གཡོ་བའོ༔ སེམས་ཅན་གྱི་སེམས་འགྱུ་བ་དང་བཅས་པའོ༔ དེ་ཉམས་སུ་ལེན་པའི་དུས་སུ་སེམས་ཅན་གྱི་སེམས་འགྱུ་བ་དང་བཅས་པ་དེ་སེམས་ཉིད་ཀྱིས་མ་བཅོས་པས་གཞི་ཅིའི་ངོ་བོར་ཡང་མ་གྲུབ་པ༔ རྣལ་མ་གཉུག་མ་རང་བྱུང་ཆེན་པོའོ༔ དེའི་ངང་ལ་བཞག་པའི་དུས་སུ་སངས་རྒྱས་ཀྱི་དགོངས་པ་ལ་གནས་པ་ཞེས་བྱའོ༔ སེམས་ཅན་གྱི་སེམས་སངས་རྒྱས་ཀྱི་དགོངས་པར་དག་པའི་གནད་འདི༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ལྷ་དང་འདྲེའི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ ལྷ་ཞེས་བྱ་བ་གནོད་སེམས་སྤངས་པ་ཡོད་དོ༔ འདྲེ་ཞེས་བྱ་བ་ནི་གནོད་སེམས་དང་བཅས་པའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་ལྷ་དང་འདྲེར་འཛིན་པའི་ཤེས་པ་དེ་རང་གི་ཡིད་རྣམ་རྟོག་དང་བཅས་པར་འདུག༔ ཡིད་ལ་བལྟས་པས་དངོས་པོར་མ་གྲུབ་སྟོང་པར་འདུག༔ དེ་ཀ་ལ་ལྷ་འདྲེའི་ཡིད་ཀྱི་རྒྱུ་བ་ཆོད་པས་ལྷ་འདྲེ་རང་སར་གྲོལ་བའི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ དགྲ་དང་བུའི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ དགྲ་ཞེས་བྱ་བ་ལོག་པར་བཟུང་བའོ༔ བུ་ཞེས་བྱ་བ་གདུང་བ་དང་བཅས་པས་གཅེས་པར་འཛིན་པའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་གཡས་སུ་བལྟས་པས་དགྲ་རུ་མཐོང༔ གཡོན་དུ་བལྟས་པས་བུ་རུ་མཐོང༔ སེམས་ལ་བལྟས་པས་དགྲ་རུ་འཛིན་པ་ཡང་སེམས༔ བུར་འཛིན་པ་ཡང་སེམས༔ གཟུང་འཛིན་ལ་བལྟས་པས་དགྲ་དང་བུའི་གཞི་དང་དངོས་པོར་གྲུབ་པ་མེད༔ དངོས་མེད་དེ་ཁོ་ན་དགྲ་ཟུན་རང་སར་གྲོལ་བའི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ནོར་དང་ནོར་མིན་གྱི་སོ་མཚམས་གང་ལགས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ ནོར་ཞེས་བྱ་བ་ནི་དགོས་ཤིང་ཆགས་པར་འཛིན་པ་དང༔ ནོར་མིན་ཞེས་པ་ནི་མི་དགོས་ཤིང་ཆགས་པ་མེད་པར་གཅོད་པའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་གཡས་སུ་བལྟས་པས་གསེར་དུ་མཐོང༔ གཡོན་དུ་བལྟས་པས་བོང་བར་མཉམ༔ གསེར་དུ་འཛིན་པ་དང་བོང་བར་གཅོད་པ་གཉིས་ཀ་རང་གི་སེམས་ལ་འདུས༔ སེམས་ཉིད་ལ་དངོས་པོ་མེད་པས་གསེར་དང་བོང་བར་མཉམ༔ དེ་ཁོ་ན་གསེར་དང་བོང་བ་ཐ་མི་དད་དུ་རྟོགས་པའི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གཟུང་བ་དང་འཛིན་པའི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ གཟུང་བ་ཞེས་བྱ་བ་ནི་ཕྱིའི་དངོས་པོའི་ཡུལ་བདེན་པར་འཛིན་པའོ༔ འཛིན་པ་ཞེས་བྱ་བ་ནི་ནང་གི་སེམས་ལ་ལོག་པར་འཛིན་པའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་ཕྱི་གཟུང་བའི་ཡུལ་ལ་བལྟས་པས་སྣང་བ་རང་སར་སྟོང༔ ནང་འཛིན་པའི་སེམས་ལ་བལྟས་པས་སེམས་དངོས་མེད་དུ་སྟོང༔ དེ་ལྟར་རྟོགས་ཙམ་ན་གཟུང་འཛིན་སྣང་སྟོང་དབྱེར་མེད་དུ་ཚུད་པའི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ བླང་བ་དང་དོར་བའི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ བླང་བ་ཞེས་བྱ་བ་ནི་བློས་མ་སྤང་བར་ཡིད་ལ་བྱེད་པའོ༔ དོར་བ་ཞེས་བྱ་བ་ནི་ཡིད་ཀྱིས་ཕྱིར་གཅོད་པའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་འཁོར་བའི་སྡུག་བསྔལ་སེམས་སུ་ཤེས་པས༔ གང་ལ་ཡང་དགོས་མེད་དུ་ཤེས་ནས་འཇིག་རྟེན་པའི་བྱ་བློ་དང་བྲལ༔ འཁོར་བ་ལ་བློ་ལོག་པས་གང་ལ་ཡང་དགོས་མེད་དུ་ཤེས༔ དེ་ལྟར་བླང་དོར་མེད་པར་ཤེས་པས་བླང་དོར་རང་སར་གྲོལ་བའི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ རྣམ་པར་རྟོག་པ་དང་མི་རྟོག་པའི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ རྣམ་པར་རྟོག་པ་ཞེས་པ་ནི་དྲན་ཞིང་ཡིད་ལ་བྱེད་པའོ༔ མི་རྟོག་པ་ཞེས་བྱ་བ་གང་ཡང་ཡིད་ལ་མི་བྱེད་པའོ༔ མི་རྟོག་སྟེ་འགྱུ་བ་རང་དག་ཏུ་འཛིན་པའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་རྣམ་རྟོག་གང་སྐྱེས་ཀྱང་དེ་ཉིད་མི་སྤོང་མི་བསྒྱུར་བར་རང་དྭངས་སུ་ངོ་བོ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་རྗེས་མེད་པ་ནི༔ རྣམ་པར་རྟོག་པ་དེ་མི་རྟོག་པའི་གནད་དུ་ཚུད་པ་ཞེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ རྒྱུ་བསོད་ནམས་ཀྱི་ཚོགས་དང་འབྲས་བུ་ཡེ་ཤེས་ཀྱི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ རྒྱུ་བསོད་ནམས་ཞེས་བྱ་བ་བསྐྱེད་རིམ༔ བཟླས་བརྗོད་མཆོད་གཏོར༔ སྦྱིན་པ་ཚུལ་ཁྲིམས་བཟོད་པ༔ བརྩོན་འགྲུས་ལ་སོགས་རྣམས་རྒྱུ་བསོད་ནམས་ཚོགས་ཡིན༔ བསམ་གཏན་དང་ཤེས་རབ་སྟེ་ཆོས་ཉིད་སྟོང་པ་ཉིད་ཀྱི་དོན་སྒོམ་པ་ནི་འབྲས་བུ་ཡེ་ཤེས་ཚོགས་ཡིན༔ དེ་རྣམས་གང་སྒོམ་ཡང་བྱེད་པོ་དང་བྱ་བ་པོ་གང་ཡང་དམིགས་པ་མེད་པར་རྒྱས་ཐེབས་པ་ནི༔ བསོད་ནམས་འབྲས་བུ་ཡེ་ཤེས་སུ་རྫོགས་པའི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཞི་གནས་དང་ལྷག་མཐོང་གི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ ཞི་གནས་ཞེས་བྱ་བ་ནི་རྣམ་པར་རྟོག་པ་བགས་ཀྱིས་ཞི་ནས་སེམས་གཡོ་འགུལ་དང་བྲལ་བར་གནས་པའོ༔ ལྷག་མཐོང་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་དོན་གཅིག་ཆར་ལྷག་གིས་མཐོང་བའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་ཆོས་ཉིད་མཉམ་པ་ཉིད་ཀྱི་དོན་ལ་བཞག་ནས༔ རྗེས་ལ་ཅི་མཐོང་ཅི་དྲན་ཡང་དངོས་པོའི་དོན་སྟོང་ཉིད་དུ་ལྷག་གིས་སྐྱེ་བ་ནི༔ ཞི་གནས་དང་ལྷག་མཐོང་གཉིས་མེད་ཀྱི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཐབས་ཤེས་ཀྱི་ཁྱད་པར་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ ཐབས་ཞེས་བྱ་བ་ནི་མཁས་ཤིང་རྟོགས་པའོ༔ ཤེས་རབ་ཅེས་བྱ་བ་ནི་ཤེས་ཤིང་རིག་པའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་སེམས་ཉིད་སྐྱེ་བ་མེད་པའི་དོན་ཅིའི་ཡང་ངོ་བོར་མ་གྲུབ་པའི་སྟོང་པ་དེ་ཐབས་ཀྱིས་རྟོགས༔ ཤེས་རབ་ཀྱིས་ཤེས་ཤིང་རིག༔ དེ་གཉིས་སྟོང་པ་སྐྱེ་མེད་དང་ཆོས་ཉིད་ཤེས་རབ་གཉིས་མེད་དུ་རྟོགས་པ་གནད་དུ་ཚུད་པ་ཞེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ མཉམ་གཞག་དང་རྗེས་ཐོབ་ཀྱི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ མཉམ་གཞག་ནི་ལུས་ངག་ཡིད་གསུམ་མཉམ་པར་བཞག་ནས་སེམས་མི་གནས་པ་རང་སར་གནས་པར་བྱེད༔ གནས་པ་བརྟན་པར་བྱེད་པའོ༔ རྗེས་ཐོབ་ནི་མཉམ་བཞག་ལས་ལངས་པའི་རྗེས་ལ་གོང་གི་དོན་དེ་ལམ་དུ་ཁྱེར་ནས་བོགས་འབྱིན་པའོ༔ དེ་རྒྱུད་ལ་འགེལ་བའི་དུས་སུ་མཉམ་བཞག་ལ་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བའི་ནམ་མཁའ་ལྟ་བུར་བསྒོམ༔ རྗེས་ཀྱི་ཤེས་པ་ལ་སྤྱོད་ལམ་རྣམ་བཞིར་སྣང་བ་སྤྲོས་བྲལ་ལམ་དུ་ཁྱེར་བའོ༔ མཉམ་གཞག་རྗེས་ཐོབ་གཉིས་མེད་ཀྱི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ དབྱིངས་ཡེ་ཤེས་ཀྱི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ དབྱིངས་ཞེས་བྱ་བ་ནི་ཆོས་ཉིད་གཏིང་ཕྱིན་པའི་དྭངས་མའོ༔ ཡེ་ཤེས་ནི་དེ་ཉིད་རང་ལ་ཡོད་པར་ཤེས་པའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་སེམས་ཉིད་ཀྱི་དོན་ཡང་དག་པའི་ཆོས་ཉིད་དངོས་པོར་མ་གྲུབ་པ༔ གཏིང་དཔག་དཀའ་བ༔ དྭངས་པ༔ ཆོས་ཀྱི་སྐུ་དེ་རང་རིག་པའི་ཡེ་ཤེས་ཀྱིས་མཐོང་བ་ནི་ཆོས་ཉིད་གཏིང་ཕྱིན་པའོ༔ དེའི་ངང་ལ་གནས་པ་ནི་དབྱིངས་ཡེ་ཤེས་གཉིས་སུ་མེད་པར་གནད་དུ་ཚུད་པ་ཞེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཆོས་དང་ཆོས་ཉིད་ཀྱི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ ཆོས་ཞེས་བྱ་བ་ནི་རྣམ་པར་དཀར་བའི་ཆོས་དང༔ རྣམ་པར་གནག་པའི་ཆོས་དང༔ ལུང་དུ་མ་བསྟན་པའི་ཆོས་དང༔ འདི་ལྟར་བརྗོད་པ་དང་མཚོན་དུ་བཏུབ་པ་ཐམས་ཅད་དོ༔ ཆོས་ཉིད་ཅེས་བྱ་བ་ནི་དེ་རྣམས་ཐམས་ཅད་ངོ་བོ་སྟོང༔ རང་བཞིན་སྟོང༔ མཚན་ཉིད་སྟོང་པའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་ཆོས་ཐམས་ཅད་སེམས་ལས་བྱུང༔ སེམས་སྟོང་པ་ཉིད་དུ་རྟོགས་པ་དེ་ཆོས་ཉིད་དེ༔ དེ་ཁོ་ན་ཉིད་ལ་ཆོས་ཉིད་གཉིས་སུ་མེད་པར་གནད་དུ་ཚུད་པ་ཞེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ བལྟ་བྱ་ལྟ་བྱེད་ཀྱི་ཁྱད་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ ལྟ་བ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པའོ༔ ལྟ་བྱེད་ཅེས་བྱ་བ་སེམས་ཅན་གྱི་སེམས་སོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་ལྟ་བ་ལོགས་ན་ཡོད་པ་མ་ཡིན་ཏེ༔ རང་གི་སེམས་ཉིད་མ་བཅོས་པ་ཕྱོགས་ལྷུང་མཐའ་དབུས་མེད་པའི་ཁྱབ་གདལ་ཆེན་པོ་དེ་ལྟ་བ་ཡིན༔ དེ་ལ་རང་སེམས་ཀྱིས་བལྟས་པས་གཞན་དུ་མ་མཐོང་བར༔ ཡེ་ནས་རང་ལ་གནས་པར་མཐོང་བ་དེ་ལ་བལྟ་བྱ་དང་ལྟ་བྱེད་གཉིས་སུ་མེད་པར་གནད་དུ་ཚུད་པ་ཞེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ བསྒོམ་པ་དང་སྒོམ་བྱེད་ཀྱི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ བསྒོམ་པ་ཞེས་བྱ་བ་ནི་ཆོས་ཉིད་བསམ་དུ་མེད་པ་ལ་མ་བསླད་མ་བཅོས་པའི་ངང་དུ་འཇོག་པའོ༔ སྒོམ་བྱེད་ནི་རྣལ་འབྱོར་པའི་བློའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་ལུས་སེམས་ཁོང་དུ་གློད་ལ་ཐ་མལ་གྱི་སེམས་ཉིད་མ་བཅོས་པ་རང་བྱུང་རྟོག་པས་མ་བསླད་པ་རང་གསལ་གྱི་ངང་ལ་གཞག་གོ༔ དེ་ཉིད་ལ་སྒོམ་བྱེད་གཞན་མ་རྙེད་པས༔ བསྒོམ་བྱ་སྒོམ་བྱེད་ཐ་མི་དད་པར་གནད་དུ་ཚུད་པ་ཞེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྤྱོད་པ་དང་སྤྱད་བྱའི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ སྤྱོད་པ་ནི་གང་ལྟར་ཡང་བྱེད་པའོ༔ སྤྱད་བྱ་ནི་གང་བྱེད་དེའི་རྗེས་སུ་སྒྲུབ་པའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་འགྲོ་འཆག་ཉལ་འདུག་ལས་དང་བྱ་བ་ཆོས་སྤྱོད་ལ་སོགས་པ་ཅི་བྱེད་པ་ཤེས་བཞིན་གྱི་བྱ་ར་བས་ཟིན་པར་བྱས་ནས༔ ཐ་མལ་གྱི་སྤྱོད་པའི་རྗེས་སུ་མི་འབྲེང་བར་སྤྱད་བྱ་ཆོས་ཉིད་ཀྱི་རྩིས་ཟིན་པར་བྱའོ༔ དེ་ལ་སྤྱད་བྱ་དང་སྤྱོད་བྱེད་ཐ་མི་དད་པར་གནད་དུ་ཚུད་པ་ཞེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ འབྲས་བུ་འཐོབ་བྱ་དང་ཐོབ་བྱེད་ཀྱི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ འབྲས་བུ་འཐོབ་བྱ་སྐུ་གསུམ་མོ༔ ཐོབ་བྱེད་ནི་དེ་སྒྲུབ་པའི་བློའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་སྐུ་གསུམ་ལོགས་ན་ཡོད་པ་མ་ཡིན་ཏེ༔ ཆོས་ཉིད་ཀྱི་དོན་དབྱེར་མེད་པ་སྟོང་པ་ཆོས་ཀྱི་སྐུ༔ གསལ་ལ་མ་འགགས་པར་ཉམས་སུ་མྱོང་བ་ལོངས་སྐུ༔ སྣ་ཚོགས་རིག་རྩལ་དུ་འཆར་བ་སྤྲུལ་སྐུ༔ ཐོབ་བྱེད་ཀྱིས་ལོགས་ནས་བསྒྲུབ་ཏུ་མེད་པར་རང་ལ་གནས་པར་ཤེས་པ་ནི༔ འབྲས་བུ་འཐོབ་བྱ་མེད་པར་ད་ལྟ་ཉིད་དུ་གྲུབ་པར་གནད་དུ་ཚུད་པ་ཞེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ དམ་ཚིག་བསྲུང་བྱ་དང་སྲུང་བྱེད་གཉིས་ཀྱི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ དམ་ཚིག་བསྲུང་བྱ་ནི་རྩ་བ་དང་ཡན་ལག་ལ་སོགས་པའོ༔ སྲུང་བྱེད་ནི་ལུས་ངག་ཡིད་གསུམ་གྱིས་མ་ཉམས་པར་སྲུང་བའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་རྩ་བའི་དམ་ཚིག་སྐུ་གསུང་ཐུགས་དང་ཡན་ལག་གི་དམ་ཚིག་རྩ་བ་བཞི་ལ་སོགས་པ་བསྲུང་བྱ་དང་སྲུང་བྱེད་ཐམས་ཅད་སེམས་ཉིད་ཀྱི་ངང་ལ་མ་གྲུབ་སྟེ༔ རང་སེམས་དྲི་མ་མེད་པར་ཤེས་པ་ལ་དམ་ཚིག་གནད་དུ་ཚུད་པ་ཞེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ བདག་འདྲ་བློ་དམན་མཚོ་རྒྱལ་བུད་མེད་ཀྱིས༔ སྤྲུལ་སྐུའི་སློབ་དཔོན་པདྨ་འབྱུང་གནས་ལ༔ ལུས་ངག་ཡིད་གསུམ་གུས་པས་གསོལ་བཏབ་ནས༔ གདམས་པ་གལ་འགག་གནད་ཀྱི་ཚིག་འགའ་ཞུས༔ ཕྱི་རབས་དོན་དུ་ཚིག་དང་ཡི་གེར་བྲིས༔ སྤེལ་བའི་གནས་མེད་རིན་ཆེན་གཏེར་དུ་སྦས༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་གྱུར་ནས༔ བློ་གྲོས་སྒྲིབ་བྱང་རིག་འཛིན་ས་ཐོབ་ཤོག༔ གལ་པོ་ཆེ་གནད་ཀྱི་གདམས་ངག་གཏད་རྒྱའི་སྐོར༔ ཡོས་བུའི་ལོའི་དབྱར་ཟླ་ཐ་ཆུང་གི་ཉི་ཤུ་ལྔ་ལ་མུ་ཏིག་ཤེལ་གྱི་སྤ་མ་གོང་དུ་ཡི་གེར་བཏབ་པའོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ༄༅༔ ྈ སྐྱེ་འཆི་མེད་པ་རྡོ་རྗེ་ལྟ་བུ་ཡི༔ སྐུ་གསུམ་ཡེ་ཤེས་ལྔ་ཡི་ངོ་བོ་ཉིད༔ སངས་རྒྱས་དགོངས་པ་མ་ལུས་ཐུགས་ལ་ཤར༔ སློབ་དཔོན་པདྨའི་སྐུ་ལ་ཕྱག་འཚལ་ལོ༔ བདག་འདྲ་བུད་མེད་སྐྱེ་བ་དམན་གྱུར་ཀྱང༔ ལས་དང་སྐལ་ལྡན་དམ་པའི་རྗེ་དང་མཇལ༔ ཐུགས་ལ་བཏགས་པས་དགོངས་པ་མཐའ་དག་གནང༔ དམ་པ་རྗེ་ཡི་བཀའ་རྒྱས་བཏབ་གྱུར་ཀྱང༔ དགོངས་སྤྱོད་ཟབ་མོ་བཀའ་ཆད་ཕངས་པ་དང༔ ཕྱི་རབས་ལས་ཅན་རྣམས་ཀྱི་དོན་གྱི་ཕྱིར༔ སློབ་དཔོན་སྤྲུལ་པའི་སྐུ་ལ་ལུང་ཞུས་ནས༔ ཕྱི་རབས་སྐལ་ལྡན་དོན་དུ་ཡི་གེར་བཀོད༔ སྤེལ་བའི་གནས་མེད་རིན་ཆེན་གཏེར་དུ་སྦས༔ སྣོད་མེད་དམ་མེད་རྣམས་ལ་ཤོར་ར་རེ༔ སློབ་དཔོན་པདྨའི་ཞལ་ནས༔ སངས་རྒྱས་དང་སེམས་ཅན་གྱི་རྩ་བ༔ འཁོར་འདས་གཉིས་ཀྱི་དངོས་གཞི་རྩད་གཅོད་པའི་གདམས་ངག་ཅིག་ཡོད་གསུངས༔ ཇོ་མོ་མཁར་ཆེན་བཟས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ སྤྱིར་ཆོས་ཐམས་ཅད་རང་གི་སེམས་སུ་འདུས༔ སེམས་ཀྱི་རང་བཞིན་ནི་གཞི་རྩ་ཐམས་ཅད་དང་བྲལ་བ་དང༔ གཅིག་དང་དུ་མ་དང་བྲལ་བ་དང༔ རང་གི་ངོ་བོར་ཡང་མ་གྲུབ་པ༔ དེ་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པའི་དུས་ན༔ སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་མྱ་ངན་ལས་འདས་པའི་ཆོས་སྐུར་སྣང་ཞིང༔ མ་རྟོགས་པའི་དུས་ན་སེམས་ཅན་གྱི་ལུས་དང་འཁོར་བའི་སྡུག་བསྔལ་སྣ་ཚོགས་སུ་སྣང་སྟེ༔ དེ་དག་ཐམས་ཅད་སྣང་ལ་རང་བཞིན་མེད་པར་ཤེས་པ་ནི་ཤེས་རབ༔ སྣང་བ་མི་འགོགས་པ་ནི་ཐབས་སོ༔ དེ་ལྟར་རྟོགས་པའི་དུས་ན་དབྱིངས་དང་རིག་པར་ལྡན༔ རིག་པ་སྤྲོས་པ་དང་བྲལ༔ དེ་ཁོ་ན་ཆོས་ཉིད་བྱང་ཆུབ་ཀྱི་སེམས༔ དེ་རྟོགས་ན་སངས་རྒྱས་ལ༔ མ་རྟོགས་ན་སེམས་ཅན༔ བསྒོམས་ན་མྱ་ངན་ལས་འདས་པ༔ མ་བསྒོམ་ན་འཁོར་བའོ༔ མཚོ་རྒྱལ་འཁོར་འདས་ཤན་འབྱེད་ཀྱི་གདམས་ངག་འདི༔ ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྒྲོ་འདོགས་འཕྲལ་ལ་གཅད་པས་ཆོག་པའི་གདམས་ངག་ཡོད་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ སྣང་བ་སེམས་སུ་ཤེས་པས་ཕྱིའི་སྒྲོ་འདོགས་ཆོད༔ སེམས་དངོས་པོ་རུ་མ་གྲུབ་པས་ནང་གི་སྒྲོ་འདོགས་ཆོད༔ ཕྱི་ནང་གཉིས་སུ་མེད་པར་ངོ་བོ་སྟོང་པར་རྟོགས་པས་ལྟ་བའི་སྒྲོ་འདོགས་ཆོད༔ གསལ་ལ་མ་འགགས་པར་འདུག་པས་སྒོམ་པའི་སྒྲོ་འདོགས་ཆོད༔ བཟང་ངན་རེ་དོགས་མེད་པར་ཤེས་པས་སྤྱོད་པའི་སྒྲོ་འདོགས་ཆོད༔ ཡར་སངས་རྒྱས་ལ་མི་རེ༔ མར་འཁོར་བ་ལ་མི་དོགས༔ རེ་དོགས་མེད་པར་ཤེས་པས་འབྲས་བུའི་སྒྲོ་འདོགས་ཆོད༔ བུན་ནེ་ལོང་ངེ་ཤིག་གེ་འདུག་པས་ཉམས་ཀྱི་སྒྲོ་འདོགས་ཆོད༔ སྒྲོ་འདོགས་བཙན་ཆོད་ཀྱི་གདམས་ངག་འདི༔ མཚོ་རྒྱལ་ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུ་སྐད་ཅིག་ལ་རྫོགས་པའི་གདམས་ངག་ཡོད་གསུངས༔ ཇོ་མོས་དེ་བཞིན་དུ་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ བྱ་བ་ཐམས་ཅད་བཏང་བའི་སེམས་ཉིད་ལ་གང་ཡང་འཛིན་པ་མེད་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས༔ སྐྱེ་བ་མེད་པར་གནས་པས་སེམས་ཉིད་ལ་བསྲུང་བྱ་མེད༔ ཉམས་པ་མེད་པར་གནས་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས༔ སེམས་ཉིད་མ་བཅོས་རང་སོ་ལ་ཁོང་ཁྲོ་མེད་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས༔ བྱིང་རྒོད་ལ་སྐད་ཅིག་ཙམ་ཡང་མི་ཡེངས་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས༔ སེམས་ཉིད་ཀྱི་དོན་ལ་གཡོ་བ་མེད་པར་གནས་པས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྫོགས༔ ཐ་སྙད་གདགས་གཞི་དང་བྲལ་བས༔ དེ་ཉིད་ཀྱི་དོན་ལ་མ་འཁྲུལ་པར་ཤེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས༔ འདི་ཡིན་སྒྲུབ་ཏུ་མེད་པར་ངང་གསལ་བས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས༔ རེ་དོགས་གཉིས་ལས་མ་འདས་ན་ལྟུང་བས་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་རྫོགས༔ ཡིད་ལ་བྱེད་པ་མེད་པས་སེམས་ཉིད་རང་བྱུང་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས༔ གང་ལ་ཡང་ཉམ་ང་མེད་ཅིང་ཀློང་དུ་གྱུར་པས་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས༔ ཕ་རོལ་ཏུ་ཕྱིན་པ་བཅུ་རྫོགས་པའི་གདམས་ངག་འདི༔ མཚོ་རྒྱལ་ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ལམ་ལྔ་སྐད་ཅིག་ལ་བགྲོད་པའི་གདམས་ངག་ཡོད་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ སེམས་ཉིད་སྐྱེ་འགག་མེད་པར་རྟོགས་པས་ཚོགས་ལམ་བགྲོད་དུ་མེད་པར་རྫོགས༔ སེམས་ལ་གོལ་སྒྲིབ་མེད་པས་སྦྱོར་ལམ་བགྲོད་དུ་མེད་པར་རྫོགས༔ སེམས་ལ་ཡུལ་མེད་པས་སྒོམ་ལམ་བགྲོད་དུ་མེད་པར་རྫོགས༔ སེམས་ལ་གསལ་འགྲིབ་མེད་པས་མཐོང་ལམ་བགྲོད་དུ་མེད་པར་རྫོགས༔ སེམས་ལས་སངས་རྒྱས་གཞན་དུ་སྒྲུབ་ཏུ་མེད་པས་མཐར་ཕྱིན་པའི་ལམ་རྫོགས༔ ལམ་ལྔ་མ་བགྲོད་པར་ཕྱིན་པའི་གདམས་ངག་འདི༔ མཚོ་རྒྱལ་ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྐུ་གསུམ་རང་ལ་རྫོགས་པའི་གདམས་ངག་ང་ལ་ཡོད་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ སེམས་ཉིད་ནམ་མཁའ་ལྟ་བུ་གཡོ་འགུལ་མེད་པར་གནས་པས་ཆོས་ཀྱི་སྐུ་ཡིན༔ བྱང་ཆུབ་སེམས་སྐྱེ་འགག་མེད་པར་རྟོགས་ནས་ཡེ་ཤེས་བྱ་བ་མེད་པར་ལྷུན་གྱིས་གྲུབ་པ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན༔ སེམས་ཉིད་མ་འགགས་རོལ་པ་ཆེན་པོ་ལ་རིག་པ་ཕྱོགས་མེད་དུ་ཤར་བ་སྤྲུལ་པའི་སྐུའོ༔ སྐུ་གསུམ་བདེ་བའི་གནས་སུ་མ་བགྲོད་པར་ཕྱིན་པའི་གདམས་ངག་འདི༔ མཚོ་རྒྱལ་ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ གཞི་ལམ་འབྲས་བུ་གསུམ་ཆིག་ཆོད་ཀྱི་གདམས་ངག་ཅིག་ཡོད་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ གཞི་རང་བཞིན་མ་བཅོས་རང་ལ་ཡོད་པར་ལྷུན་གྱིས་གྲུབ་པས་གཞི་ཡེ་སངས་རྒྱས༔ ལམ་རིམ་པ་མ་ཡེངས་གསལ་ལ་མ་འགགས་པས་བསམ་ངོ་ལ་ལྷུན་གྱིས་གྲུབ་པས་ལམ་མངོན་སངས་རྒྱས༔ འབྲས་བུ་མ་བསྒྲུབ་མ་སྤང་སྐུ་གསུམ་རང་ལ་ལྷུན་གྱིས་གྲུབ་པས་འབྲས་བུ་མངོན་སངས་རྒྱས༔ གཞི་ལམ་འབྲས་བུ་གསུམ་གཅིག་ཆོད་ཀྱི་གདམས་ངག༔ མཚོ་རྒྱལ་ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཐེག་པ་རིམ་པ་དགུ་མ་སྤང་པའི་གདམས་ངག་ཅིག་ཡོད་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ ཞེན་ལོག་གཟུང་འཛིན་གྱི་རྩོལ་བ་རང་སར་དག་ནས་སེམས་ཉིད་འགྲོ་དྲུག་རང་སར་དག༔ རྟག་ཆད་མཐར་འཛིན་གྱི་རྩོལ་བ་རང་སར་དག་ནས་སེམས་ཉིད་མུ་སྟེགས་རྟག་ཆད་རང་སར་དག༔ གཟུང་འཛིན་ཆོས་ཅན་རང་སར་དག་ནས་སེམས་ཉིད་ཉན་ཐོས་རང་སར་དག༔ རྟེན་འབྲེལ་ཆོས་ཀྱི་རྩོལ་སྒོམ་རང་སར་དག་ནས་སེམས་ཉིད་རང་སངས་རྒྱས་རང་སར་དག༔ རང་རིག་དོན་དམ་གྱི་རྩོལ་བ་རང་སར་དག་ནས་སེམས་ཙམ་ཡང་རང་སར་དག༔ བདེན་པ་འཇོག་པ་རང་སར་དག་ནས་སེམས་ཉིད་དབུ་མ་རང་སར་དག༔ ངག་ཆོས་ཉིད་ཀྱི་རྩོལ་བ་རང་སར་དག་ནས་སེམས་ཉིད་ཀྲི་ཡ་རང་སར་དག༔ བྱིན་རླབས་ཚུལ་ཁྲིམས་ཀྱི་རྩོལ་བ་རང་སར་དག་ནས་སེམས་ཉིད་ཡོ་ག་རང་སར་དག༔ ལྟ་སྤྱོད་ཐ་དད་ཀྱི་རྩོལ་བ་རང་སར་དག་ནས་སེམས་ཉིད་ཨུ་པ་ཡ་རང་སར་དག༔ ཏིང་ངེ་འཛིན་རིམ་འཇུག་རང་སར་དག་ནས་སེམས་ཉིད་མ་ཧཱ་ཡོ་ག་རང་སར་དག༔ ཏིང་འཛིན་རིམ་འཇུག་དབྱིངས་ཡེ་ཤེས་ཀྱི་རྩོལ་སྒོམ་རང་སར་དག་ནས་སེམས་ཉིད་ཨ་ནུ་ཡོ་ག་རང་སར་དག༔ ཆོས་ཀུན་མ་རྩོལ་མ་བཅོས་བྱང་ཆུབ་སེམས་སུ་རང་སར་དག་པས་ཅི་སྤྱད་ཐམས་ཅད་མ་བཅོས་སངས་རྒྱས་དགོངས་པ་ཡིན༔ ཐེག་པ་མ་སྤང་རང་སར་གྲོལ་བའི་མན་ངག་འདི༔ མཚོ་རྒྱལ་ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ལྟ་བ་ཡན་ཐུབ་པ༔ སྒོམ་པ་ཡེངས་ཐུབ་པ༔ སྤྱོད་པ་རྣལ་ཐུབ་པ་གསུམ་གྱི་གདམས་ངག་ཡོད་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ རྣམ་རྟོག་ངོ་བོ་སྟོང་པས་ཆོས་སྐུར་གོ༔ སྡུག་བསྔལ་སེམས་ལས་བྱུང་བས་ཆོས་ཉིད་དུ་ཤེས༔ འཁོར་བ་སེམས་སུ་ཤེས་པས་མ་སྤང་སངས་རྒྱས་སུ་ཤེས་པའི་དུས་ན་ལྟ་བ་ཡན་ཐུབ་པ་ཡིན༔ རྣམ་རྟོག་ཡེ་ཤེས་སུ་འབར༔ དུག་ལྔ་རང་སར་དག༔ སེམས་ལ་དངོས་པོ་མེད་སྒོམ་མེད་དུ་ཤེས་ན་སྒོམ་པ་ཡེངས་ཐུབ་པ་ཡིན༔ སྡང་བ་དགྲ་ལ་ཞེ་སྡང་མེད༔ བྱམས་པ་གཉེན་ལ་ངོ་སྲུང་མེད༔ ཟང་ཟིང་ནོར་ལ་འཛིན་ཆགས་མེད་པའི་དུས་ན་སྤྱོད་པ་རྣལ་ཐུབ་པ་ཡིན༔ ལྟ་བ་ཡན་ཐུབ་པར་འདོད་ན་ཅིར་སྣང་ཆོས་སྐུར་རྟོགས་པར་གྱིས༔ སྒོམ་པ་ཡེངས་ཐུབ་པར་འདོད་ན་སེམས་ལ་ཟོལ་མ་བྱེད༔ སྤྱོད་པ་རྣལ་ཐུབ་པར་འདོད་ན་ཆགས་སྡང་གི་ཞེན་པ་ཆོད༔ ལྟ་སྒོམ་སྤྱོད་པའི་གལ་འགགས་ཀྱི་མན་ངག་འདི༔ མཚོ་རྒྱལ་ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཕུང་པོ་ལྷག་མེད་དུ་སངས་རྒྱས་པའི་མན་ངག་ཡོད་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ སྐྱེ་མེད་འཆི་མེད་ཀྱི་བར་དོར་སྐྱེས་ནས་ད་ལྟ་མ་ཤི་བའི་བར་འདི༔ བསྐྱེད་རིམ་ཡི་དམ་ལྷ་སྣང་ལ་རང་བཞིན་མེད་པར་བསྒོམ་གསུངས༔ དེ་གོམས་ནས་མཉམ་བཞག་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན༔ རྗེས་ཐོབ་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྒོམ༔ དེ་ནས་མཉམ་བཞག་དང་རྗེས་ཐོབ་གཉིས་མེད་དུ་གྱུར་ནས༔ རང་གི་ཕུང་པོ་རྒྱུ་ངན་པས་བསྐྱེད་པ་འདི་ཡང་རོ་མེད་སྲོག་མེད་དུ་གྱུར་ཏེ་ཤ་ཁྲག་ལ་སོགས་པ་མེད་པར་འཇའ་ཚོན་ལྟ་བུར་འགྱུར་རོ༔ དེ་ནས་ལུས་འདི་ཆོས་ཀྱི་དབྱིངས་སུ་ཐིམ་ནས་ཕུང་པོ་ལྷག་མེད་དུ་སངས་རྒྱས་པའོ༔ ཕུང་པོ་ལྷག་མེད་ཀྱི་མན་ངག་འདི༔ མཚོ་རྒྱལ་ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཕུང་པོ་ལྷག་བཅས་ཀྱི་སངས་རྒྱས་སླ་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ ད་ལྟའི་དུས་འདིར་མཉམ་བཞག་གི་དུས་སུ་ཆོས་ཉིད་སྤྲོས་བྲལ་བདེ་གསལ་དུ་སྒོམ༔ རྗེས་ཐོབ་དུས་སུ་སྒྱུ་མ་ལྟ་བུར་སྒོམ་པས༔ དེ་ལ་གོམས་པས་མཉམ་གཞག་དང་རྗེས་ཐོབ་གཉིས་སུ་མེད་པ་དེ་འོད་གསལ་ཡིན༔ འཆི་བའི་དུས་སུ་ཕྱི་དབུགས་ཆད༔ ནང་དབུགས་མ་ཆད་ཙམ་ན༔ ཆོས་ཉིད་འོད་གསལ་དང་བསམ་གཏན་གྱི་འོད་གསལ་གཉིས་བསྲེས་ཏེ་ཕུང་པོ་བོར་ནས་སངས་རྒྱའོ༔ དེར་སངས་རྒྱས་མ་ནུས་ན་སྲིད་པ་བར་དོ་ལ་བར་དོར་ངོ་ཤེས་ནས་སྔར་གྱི་གོམས་པའི་སྟོབས་ཀྱིས་བག་ཆགས་སད་ནས་ཆོས་ཉིད་ཀྱི་དོན་དྲན་ཏེ་སངས་རྒྱ༔ དེར་སངས་མ་རྒྱས་ཀྱང་མངལ་གྱི་གྲོང་ཁྱེར་དུ་ཤེས་ནས་སྐྱེ་བ་གཅིག་ལ་ལས་ཀྱི་འཕྲོ་བླངས་ཏེ་སངས་མི་རྒྱ་མི་སྲིད་དེ༔ མཚོ་རྒྱལ་ཕུང་པོ་ལྷག་བཅས་ཀྱི་མན་ངག་འདི་ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ བར་དོ་མེད་པར་སངས་རྒྱ་བའི་གདམས་ངག་ཡོད་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ ཤེས་པ་སྔ་ཕྱིའི་བར་དོ་ནི༔ ཤེས་པ་སྔ་མ་ནི་འགགས་ཕྱི་མ་མ་སྐྱེས་པའི་བར་དུ་ཆོས་ཉིད་འཆར༔ རྨི་ལམ་བར་དོ་ནི༔ དེ་རིང་གི་རྣམ་རྟོག་ནི་འགགས་རྨི་ལམ་མ་བྱུང་བར་དུ་ཆོས་ཉིད་གཉིད་ལོག་གོ༔ སྐྱེ་ཤིའི་བར་དོ་ནི༔ འཇིག་རྟེན་འདིའི་སྣང་བ་ནི་ནུབ་ཕྱི་མའི་ལུས་མ་བླངས་བར་ལ་ཆོས་ཉིད་ཀྱི་འོད་གསལ་འཆར་བས༔ དེ་ངོ་ཤེས་པར་བྱས་ལ་བསྡད་པའི་བསམ་པ་དྲག་པོ་བཏང་བས༔ བསྒོམས་པའི་འོད་གསལ་དང་འཆི་ཀ་མའི་འོད་གསལ་གཉིས་བསྲེས་པས་བར་དོ་མེད་པར་སངས་རྒྱ་བའོ༔ མཚོ་རྒྱལ་བར་དོ་མེད་པའི་གདམས་ངག་འདི༔ ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་རྣམས་ལ་འབྲེལ་བ་དགུ་དང་ལྡན་དགོས་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ ལྟ་བ་ལུང་རིགས་དང་འབྲེལ་བར་རྟོགས་པས་གང་དང་ཡང་མི་འགལ༔ སྒོམ་པ་ཉམས་མྱོང་དང་འབྲེལ་བས་རྒྱུད་ལ་ཉམས་དང་ལྡན་པ༔ གསང་སྔགས་དབང་དང་འབྲེལ་བས་རིམ་པ་རྫོགས་པར་ནོད༔ བྱིན་རླབས་མོས་གུས་དང་འབྲེལ་བས་བླ་མ་ལ་སངས་རྒྱས་སུ་མཐོང༔ ཉམས་མྱོང་རྟོགས་པ་དང་འབྲེལ་ཏེ་གཞི་ལམ་དུ་སློང༔ སྤྱོད་པ་དུས་ཚོད་དང་འབྲེལ་ཏེ་ཐོག་འགེལ་དུ་གཅོད༔ དངོས་གྲུབ་དམ་ཚིག་དང་འབྲེལ་ཏེ་ཅི་བསམ་འགྲུབ༔ འབྲས་བུ་གཞན་དོན་དང་འབྲེལ་ཏེ་ལས་ཅན་དྲང་བར་ནུས༔ གདམས་ངག་བླ་མ་དང་འབྲེལ་ཏེ་རྒྱུད་ལ་ངོ་སྤྲོད་ཐེབས༔ འབྲེལ་པ་རྣམ་དགུ་དང་ལྡན་ན་ཆོས་ཇི་ལྟར་བྱས་ཀྱང་འོང་གསུངས༔ མཚོ་རྒྱལ་འབྲེལ་པ་དགུ་ལྡན་གྱི་མན་ངག་འདི༔ ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཐུན་མོང་མ་ཡིན་པའི་ཆོས་དྲུག་ཡོད་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ ཆོས་ཉིད་སྟོང་པ་ལ་དངོས་པོའི་ཁོང་འཚང་གིས་མི་བཙང་སྟེ་སྟོང་ངོ་སྙམ་པའི་བློ་མི་བསྒོམ༔ རིག་པ་གཅེར་བུ་ལ་མཚན་མའི་གོས་ཀྱིས་མི་བཀྲི་སྟེ་ཡུལ་ལ་ཆགས་སེམས་སྤང༔ སེམས་ཉིད་གཉུག་མ་ལ་ཆགས་སྡང་གི་རྟེན་མི་འཆའ་སྟེ་ཞེན་པ་དང་རློམ་སེམས་མི་བྱ༔ ཡེ་ཤེས་རྣམ་དག་ལ་དགེ་སྡིག་གི་བློ་མི་བསྒྲུབ༔ སྤང་བླང་མེད་པར་རང་སར་དག་པར་ཤེས་པར་བྱ༔ མཚན་མ་རང་གྲོལ་ལ་ང་བདག་གི་མདུད་པས་མི་བཅིང་སྟེ༔ ཡེ་སྟོང་ཡེ་བྲལ་ལ་དངོས་པོ་དང་མཚན་མར་མི་བཟུང་རང་སར་རང་དག་ཏུ་གཞག༔ མཚོ་རྒྱལ་ཐུན་མོང་མ་ཡིན་པའི་ཆོས་དྲུག་འདི༔ ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ སངས་རྒྱས་ངོ་སྤྲོད་པས་ཆོག་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ སྣང་བ་སྟོང་པར་འདུག་པས་སེམས་སུ་ངོ་སྤྲད༔ སེམས་དོན་དམ་པ་ཅིར་ཡང་མ་གྲུབ་པས་བློ་ལས་འདས་པ་དེ་ཆོས་སྐུ་ཡིན་པར་ངོ་སྤྲད༔ སེམས་དེ་ཉིད་འོད་གསལ་བ་དེ་བདེ་བ་ཆེན་པོ༔ སྐྱེ་བ་མེད་པ་དེ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པར་ངོ་སྤྲད༔ རིག་པ་འདི་ཉིད་ལ་ཇི་ལྟ་བ་བཞིན་སྣང་ཞིང་ཤེས་པ་དེ་སྤྲུལ་སྐུ་ཡིན་པར་ངོ་སྤྲད༔ སྐུ་གསུམ་རང་ལ་ཡོད་པར་ཤེས་པས༔ བསྟན་ན་བསྟན་པ་ཙམ་གྱིས་ཆོག༔ བལྟས་ན་བལྟས་པ་ཙམ་གྱིས་མཐོང༔ དུས་དེ་ཉིད་དུ་མངོན་དུ་གྱུར༔ འབྲས་བུ་ཡང་ནི་ལྷུན་གྱིས་གྲུབ༔ རེ་དོགས་མེད་པས་ལུས་མི་ལེན༔ ནམ་ཤི་སངས་རྒྱས་ཞེས་བྱ༔ མཚོ་རྒྱལ་སངས་རྒྱས་ངོ་སྤྲོད་ཀྱི་གདམས་ངག་འདི་ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ སངས་རྒྱས་ངོས་འཛིན་པའི་གདམས་ངག་ཅིག་ཡོད་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ སེམས་ཉིད་ཡེ་གདོད་མ་ནས་སངས་རྒྱས་པ་ཡིན་ཏེ་འདུ་འབྲལ་མེད་པར་སྤྲོས་པ་ཐམས་ཅད་དང་བྲལ་བར་ཤེས་པ་དེ་ལྟ་བའོ༔ དེའི་ངང་ལས་སྤྱོད་ལམ་རྣམ་བཞི་ཅི་བྱེད་ཀྱང་མ་བཅོས་པ་རྣལ་མ་གཉུག་མ་མ་བཅོས་པའི་ངང་ལ་འཇོག་པ་དེ་སྒོམ་པའོ༔ དེའི་ངང་ལས་ཆོས་སྤྱོད་ཅི་བྱེད་ཀྱང་དེ་དང་མི་འབྲལ་ཞིང་གང་ཡང་མི་དམིགས་པར་སྤྱོད་པ་དེ་སྤྱོད་པའོ༔ ཡར་སངས་རྒྱས་ལ་རེ་བ་མེད༔ མར་འཁོར་བ་ལ་དོགས་པ་མེད་པར་རང་བྱུང་ལྷུན་གྲུབ་སྐྱེ་བ་མེད་པར་རྟོགས་པ་དེ་འབྲས་བུའོ༔ མཚོ་རྒྱལ་སངས་རྒྱས་ངོས་འཛིན་པའི་གདམས་ངག་དེ་ཡིན༔ ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ མ་བསྒོམ་པར་སངས་རྒྱ་བའི་ཐབས་ཡོད་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ རང་གི་སེམས་འདི་གཞི་དངོས་པོ་ཅིར་ཡང་མ་གྲུབ་པས་ཅིར་ཡང་སྒོམ་དུ་མེད་དོ༔ གཞན་ཡང་སེམས་ཉིད་ལ་གཞི་མེད༔ དངོས་པོ་དང་མཚན་མའི་ཐ་སྙད་ལས་འདས༔ སྒོམ་དུ་རྡུལ་ཙམ་ཡང་མེད་ལ་དངོས་པོའམ་མཚན་མའི་ཡུལ་ལ་ཡེངས་སུ་སྐད་ཅིག་ཙམ་ཡང་མེད༔ སངས་རྒྱས་ཞེས་ཡོན་ཏན་དུ་མི་ལྟ༔ འཁོར་བ་ཞེས་སྐྱོན་དུ་མི་ལྟའོ༔ མཚོ་རྒྱལ་མ་བསྒོམ་པར་སངས་རྒྱ་བའི་མན་ངག་འདི་ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྡིག་པོ་ཆེ་སྔོན་ལ་སངས་རྒྱ་བའི་གདམས་ངག་ཡོད་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ རང་གི་སེམས་འདི་ཅིའི་ངོ་བོར་ཡང་མ་གྲུབ་གཞན་ལ་འདི་འདྲ་ཞེས་བྱ་བར་བསྟན་དུ་མ་བཏུབ༔ ངོ་བོ་རང་སྟོང་དུ་འདུག་པ་འདི་ལ་དགེ་སྡིག་གི་སྐྱོན་གྱིས་མ་གོས་པ་ལ༔ ཀུན་གཞི་ལ་ཡིད་ཀྱིས་ཁ་ནང་བལྟས་ནས་དགེ་སྡིག་གི་བག་ཆགས་བཞག་པས་མཐོ་རིས་དང་ངན་སོང་གི་རྒྱུ་བྱེད༔ དེ་ལ་སེམས་ཉིད་ལ་སྒོམ་དུ་མེད་པས་ནམ་མཁའ་འདྲ༔ བརྗོད་དུ་མེད་པས་རྣམ་ཤེས་གཟུགས་དང་བྲལ༔ དབྱིངས་སུ་མེད་དེ་ཆོས་ཀྱི་དབྱིངས་སུ་ཐིམ༔ བརྗོད་དུ་མེད་དེ་བྱ་རྩོལ་ཡུལ་ལས་འདས༔ སྐྱེ་ཤི་མེད་དེ་བྱང་ཆུབ་སེམས༔ དགེ་སྡིག་མེད་དེ་ཀུན་གཞི་ཡིད་ལས་འདས༔ དེའི་ངང་ལས་སྒོམ་དུ་ནི་གྱད་ཀྱི་སེ་གོལ་གཏོགས་ཙམ་དུ་ཡང་མེད་ལ༔ ཡེངས་སུ་ནི་སྐྱེས་བུའི་ལག་པ་བརྐྱང་སྐུམ་ཙམ་ཡང་མེད་པར་སྒོམ་མེད་གཞི་གཞག་རང་ལུགས་སུ་ཙེན་གྱིས་ཞོག༔ དེའི་ངང་ལ་འཆི་ཀར་བག་ཙམ་ཞིག་གནས་ཀྱང་མཚམས་མེད་པ་ལྔ་བྱས་པ་ཡང་ལུས་ལེན་མི་སྲིད་དོ༔ ཆོས་སྐུ་སྤྲོས་བྲལ་གྱི་ངང་ལ་རིག་པ་ཡལ་ནས་སངས་རྒྱ་བ་ཡིན༔ སྡིག་པོ་ཆེ་གསེབ་ལམ་ལ་འགྲོ་བའི་གདམས་ངག་འདི༔ མཚོ་རྒྱལ་ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཐ་མལ་གྱི་ཤེས་པ་འདི་འཕྲལ་ལ་སྒྱུར་དུ་བཏུབ་པའི་གདམས་ངག་ཡོད་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ རྒྱ་མཚོ་ཆེན་པོ་རླུང་གིས་མ་བསྐྱོད་པ་བཞིན་དུ་ཆོས་ཉིད་གཡོ་འགུལ་མེད་པའི་ངང་ལ༔ སེམས་ཉིད་ཀྱང་གཡོ་འགུལ་མེད་པར་ཙེན་གྱིས་ཞོག༔ ནམ་མཁའ་ལ་བྱ་འཕུར་བ་བཞིན་རྗེས་མེད་དུ་ཙེན་གྱིས་ཞོག༔ ཆུ་ལ་རལ་གྲི་བརྒྱབ་པ་བཞིན་དུ་སེམས་ལ་རྗེས་མེད་དུ་ཝལ་གྱིས་ཞོག༔ སྣང་ངོ་ཅོག་སེམས་ཡིན་པས་གཞན་དུ་སྒོམ་དུ་མེད༔ སེམས་ལ་དངོས་པོ་མེད་པས་སེམས་ཉིད་ལ་སྒོམ་དུ་མེད༔ སྣང་བ་དང་སེམས་གཉིས་ཀའི་མཚན་མ་ལ་བརྟག་མི་བཟོད་པས་སྣང་སེམས་གཉིས་ཀ་སྒོམ་དུ་མེད་དོ༔ སྒོམ་དུ་མེད་པ་དེ་ཁོ་ན་སེམས་ཅན་གྱི་སེམས་མ་ཡིན་ཏེ་སངས་རྒྱས་ཀྱི་ཐུགས་ཡིན་ནོ༔ ཐ་མལ་གྱི་ཤེས་པ་སངས་རྒྱས་ཀྱི་ཐུགས་སུ་བསྒྱུར་པའི་མན་ངག་འདི༔ མཚོ་རྒྱལ་ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ སངས་རྒྱས་ཀྱི་དགོངས་པ་དང་སེམས་ཅན་གྱི་སེམས་བསྲེ་བ་ལ་བདེ་བ་བཅོ་ལྔ་དང་ལྡན་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ སྣང་སྲིད་སེམས་སུ་ཤེས་པས་ཕྱོགས་རིས་མེད་པར་བདེ༔ སེམས་ཉིད་ཅིར་ཡང་ཤེས་པས་གང་ལྟར་བཏགས་པ་བདེ༔ དེ་ལ་སྤང་བླང་མེད་པས་མཉམ་པ་ཉིད་དུ་བདེ༔ ཕྱོགས་དང་རིས་སུ་མེད་པས་གཉིས་མེད་ཀུན་ཏུ་བདེ༔ ལྷུན་གྱིས་གྲུབ་པས་བཙལ་མེད་ཀུན་ཏུ་བདེ༔ དེ་ལ་དགག་སྒྲུབ་མེད་པས་མཉམ་ཉིད་ངང་དུ་བདེ༔ སྣང་སྲིད་ཡེ་སངས་རྒྱས་པས་བདག་ཉིད་ཆེན་པོར་བདེ༔ རང་བཞིན་ལྷུན་གྱིས་གྲུབ་པས་འཐོབ་བྱ་མེད་པར་བདེ༔ མ་བཅོས་ངང་ལ་གནས་པས་རང་བཞིན་ཀུན་ཏུ་བདེ༔ གཟུང་འཛིན་རྟོག་པ་དང་བྲལ་བས་རྣམ་དག་ངང་ལ་བདེ༔ དེ་ལ་དམིགས་གཏད་མེད་པས་མཉམ་ཉིད་ངང་ལ་བདེ༔ གཞན་ནས་བླང་དུ་མེད་པས་ཐོབ་མེད་ཆེན་པོར་བདེ༔ ལམ་ལ་སྒོ་ཕུགས་མེད་པས་མ་བཀོད་གནས་ན་བདེ༔ གནས་ལ་མཐོ་དམན་མེད་པས་མ་བཙལ་ས་ན་བདེ༔ གཞི་ལ་འཕོ་འགྱུར་མེད་པས་རང་བཞིན་གནས་ན་བདེ༔ བདེ་བ་བཅོ་ལྔ་དང་ལྡན་པའི་གདམས་ངག་འདི༔ མཚོ་རྒྱལ་ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ སངས་རྒྱས་ལོགས་ན་མེད་དོ་རང་སེམས་རྟོགས་པར་གྱིས་ཤིག་མཚོ་རྒྱལ༔ རྟོགས་པས་མི་ཕན་སྒོམ་དགོས་པས་སྒྲུབ་ལ་ནན་ཏན་སྐྱེད་ཅིག་མཚོ་རྒྱལ༔ སྒྲུབ་ལོས་མི་ཕན་དྲོད་རྟགས་ཕྱིན་པར་གྱིས་ཤིག་མཚོ་རྒྱལ༔ བར་ཆོད་བདུད་ཀྱིས་ཁྱེར་ཡོང་བས་ཆོས་ལས་ལྡོག་ན་སློབ་དཔོན་ཡིན་ཡང་མ་ཉན་ཅིག་མཚོ་རྒྱལ༔ ཚེ་འདིའི་བཙན་ཕྱུག་འཛོམ་ཡང་སྒྱུ་མ་དང་འདྲ་བར་ཤེས་པར་གྱིས་ཤིག་མཚོ་རྒྱལ༔ འདི་བས་ཕྱི་མ་རིང་བས་ཆོས་ལ་ནན་ཏན་སྐྱེད་ཅིག་མཚོ་རྒྱལ༔ འདི་ལ་མཛངས་དྲག་ལྡན་ཀྱང་ལག་སྟོང་ཡིན་ནོ་བླ་མའི་གདམས་ངག་ཉམས་སུ་ལོངས་ཤིག་མཚོ་རྒྱལ༔ ཐར་པའི་ལམ་སྣ་འདྲེན་པར་བྱེད་པས་རྟག་ཏུ་བླ་མ་སྟེན་ཅིག་མཚོ་རྒྱལ༔ ཆོས་མེད་སྟོང་ལོག་ཡིན་ནོ་མི་ཚེ་ཆོས་ལ་སྐྱོལ་ཅིག་མཚོ་རྒྱལ༔ ངའི་སྙིང་གཏམ་འདི་རྣམས་ལས་ཟབ་པ་གཞན་ན་མེད་དོ་མཚོ་རྒྱལ་སེམས་ལ་ཞོག་ཅིག་གསུངས་སོ༔ བདག་འདྲ་མཁར་ཆེན་མཚོ་རྒྱལ་གྱིས༔ བཅུ་གསུམ་ལོན་ནས་ཕྱག་ཕྱིར་འབྲངས༔ དམ་པའི་གདམས་ངག་བཀའ་བསྩལ་མང་དུ་ཐོས༔ ཁྱད་པར་འཕགས་པའི་ཐུགས་དམ་འགའ་ཙམ་གསུངས༔ བཀའ་རྒྱས་བཏབ་ནས་ཐུགས་ལ་གབ་གྱུར་ཀྱང༔ སྤྲུལ་སྐུའི་གསུང་བགྲོས་བཀའ་ཆད་ཕངས་པ་དང༔ ཁེ་གྲགས་མ་ལགས་སེམས་ཅན་དོན་སླད་དུ༔ དམ་པའི་རྗེ་ལ་ཐེངས་གསུམ་ལུང་ཞུས་ནས༔ དཀར་ཆག་ཡི་གེར་བཏབ་ནས་གཏེར་དུ་སྦས༔ ལས་འཕྲོ་སྐལ་ལྡན་གཅིག་དང་འཕྲད་པར་ཤོག༔ སྣོད་ངན་དམ་མེད་རྣམས་ལ་ཤོར་ར་རེ༔ དམ་ཉམས་བཀའ་རྐུན་བྱེད་ལ་ཤོར་ར་རེ༔ དྲེད་པོ་ཆོས་རྒྱུས་ཅན་ལ་ཤོར་ར་རེ༔ མི་ཤེས་སྒྲོ་སྐུར་མཁན་ལ་ཤོར་ར་རེ༔ ཟ་ཕྱིད་ཆོས་ལ་བྱེད་པའི་ལོག་འཚོ་མཁན་ལ་ཤོར་ར་རེ༔ ཁ་ཆོས་ཞེ་ནག་པོ་ལ་ཤོར་ར་རེ༔ གདམས་ངག་ཟོང་དུ་འཚོང་བའི་ལོག་ཆོས་མཁན་ལ་ཤོར་ར་རེ༔ མ་རྟོགས་ཐོ་ཅོ་མཁན་ལ་ཤོར་ར་རེ༔ འོག་བྲུས་དཔེ་སྲེད་མཁན་ལ་ཤོར་ར་རེ༔ རྒྱུད་བཟང་རིགས་བཙུན་ཞིག་དང་འཕྲད་པར་ཤོག༔ ཁོང་ཡངས་ངག་འཇམ་ཞིག་དང་འཕྲད་པར་ཤོག༔ གཡོ་སྒྱུ་ཡིད་གཉིས་མེད་དང་འཕྲད་པར་ཤོག༔ བློ་ལྡན་ཤེས་རབ་ལྡན་དང་འཕྲད་པར་ཤོག༔ སྔོན་སྦྱངས་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ སྐལ་ལྡན་རྣལ་འབྱོར་གཅིག་དང་འཕྲད་པར་ཤོག༔ སྒྲུབ་བརྩོན་ཐེ་ཚོམ་མེད་དང་འཕྲད་པར་ཤོག༔ དད་ལྡན་བརྩོན་འགྲུས་ཅན་དང་འཕྲད་པར་ཤོག༔ ལས་འཕྲོ་ལྡན་པའི་སྐྱེས་བུ་དམ་པ་དེས༔ ལོ་ནི་བཅུ་གསུམ་མི་ལ་མ་སྟོན་ཅིག༔ དེ་ནས་བླ་མ་མཁའ་འགྲོ་འཁོར་བཅས་ལ༔ གསོལ་བ་བཏབ་ལ་ཚོགས་འཁོར་མཆོད་བྱས་ལ༔ རང་གཞན་ཉམས་སུ་བླངས་ན་དངོས་གྲུབ་མྱུར་དུ་ཐོབ༔ སྣོད་དང་ལྡན་པའི་སློབ་མ་བྱུང་བའི་ཚེ༔ རིམ་པས་དཔྱད་ཅིང་བརྟགས་ལ་སྦྱིན་པར་བྱ༔ རས་ཆོད་ཅིག་ཅར་སྤེལ་ན་མཁའ་འགྲོའི་བཀའ་ཆད་འོང༔ དེ་བས་ཤིན་ཏུ་སྲ་ཞིང་བསྡམ་པར་བྱ༔ སྙིང་གཏམ་བཀའ་རྒྱའི་སྐོར༔ མུ་ཏིག་ཤེལ་གྱི་སྤ་མ་གོང་དུ་ཡོས་བུའི་ལོ་ལ་དབྱར་ཟླ་འབྲིང་པོའི་ཉི་ཤུ་བདུན་ལ་ཡི་གེར་བཏབ་པའོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ༄༅༔ ཆོས་སྤྱོད་ལམ་ཁྱེར་སྐོར༔ སློབ་དཔོན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༔ སློབ་དཔོན་པདྨ་འབྱུང་གནས་ལ༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ དགེ་སྦྱོར་རྒྱུན་དུ་བྱེད་པ་ལ་ཞག་གཅིག་ལ་དགེ་སྦྱོར་གྱི་ཡན་ལག་དུ་དང་ལྡན་པར་བགྱིད་འཚལ༔ ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དགེ་སྦྱོར་ཉམས་སུ་ལེན་པའི་གང་ཟག་གིས་ཞག་གཅིག་ལ་དགེ་སྦྱོར་གྱི་ཡན་ལག་ཉི་ཤུ་རྩ་གཅིག་ལྡན་པར་བྱེད་དགོས་གསུངས༔ ྈ ༡ ༔སློབ་དཔོན་པདྨའི་ཞལ་ནས༔ རང་འཁོར་བར་མི་འཁྱམ་ཞིང་གཞན་འཁོར་བ་ལས་སྒྲོལ་བར་བྱེད་པ་ལ༔ རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་བྱེད་དགོས༔ དེ་ཐོབ་པར་བྱེད་པ་ལ་ཆོས་སྤྱོད་དང་དགེ་སྦྱོར་གྱིས་ལམ་དུ་སློང་དགོས༔ དེ་ཡང་ཐོག་མར་ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས༔ སེམས་བསྐྱེད་དང་མ་འབྲེལ་བའི་དགེ་སྦྱོར་ཐམས་ཅད་སྡོང་པོ་རྩ་བ་རུལ་པ་ལ་ཡལ་ག་མི་སྐྱེ་བ་དང་འདྲ་གསུངས༔ དེ་ཡང་སེམས་བསྐྱེད་པ་ལ་ཕྱི་ནང་གསང་བ་གསུམ་ཡིན་ཏེ༔ ཕྱིའི་སེམས་བསྐྱེད་པ་ནི༔ དགེ་སྦྱོར་གང་བྱེད་ཀྱང༔ ཐོག་མར་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་འཐོབ་པར་བྱ༔ དེའི་ཆེད་དུ་ཚོགས་གསག༔ སྒྲིབ་པ་སྦྱང༔ ལྷའི་སྐུ་བསྒོམ་སྙམ་པ་ལ་སོགས་པས་ཐོག་དྲངས༔ བར་དུ་དགེ་སྦྱོར་ཅི་བྱེད་ཀྱང་རྨི་ལམ་མམ་སྒྱུ་མ་ལྟ་བུའི་ཚུལ་དུ་བརྟེན༔ མཇུག་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་བྱ་བ་གལ་ཆེ་གསུངས༔ ནང་ལྟར་སེམས་བསྐྱེད་པ་ནི༔ ཆོས་ཉིད་ཡང་དག་པའི་དོན་སྤྲོས་པ་དང་བྲལ་བ་ཡིན་པ་ལ་འདི་ལྟར་མ་རྟོགས་པ་རྣམས་སྙིང་རེ་རྗེ་སྙམ་པའི་སྙིང་རྗེ་དང༔ དེ་ཡང་ཀུན་ལ་ཁྱབ་པའི་བྱམས་པ་དང༔ དེའི་དོན་ཐོབ་པར་བྱེད་པའི་དགའ་བ་དང༔ དེའི་དོན་ཐོབ་ནས་མ་བྲལ་བར་གྱུར་ཅིག་སྙམ་པའི་བཏང་སྙོམས་ཏེ་ཚད་མེད་བཞིས་ཐོག་དྲངས༔ བར་དུ་དགེ་སྦྱོར་ཅི་བྱེད་ཀྱང་སྣང་སྟོང་དབྱེར་མེད་ཆུ་ཟླའམ་འཇའ་ཚོན་ལྟ་བུའི་ཚུལ་བརྟེན༔ ཐ་མ་མི་དམིགས་པའི་རྒྱས་བཏབ་གསུངས༔ གསང་བའི་སེམས་བསྐྱེད་པ་ནི༔ སེམས་ཉིད་ཡང་དག་པའི་དོན་ལ་བདག་གཞན་ཕྱོགས་རིས་མེད་པར་སེམས་བསྐྱེད༔ བར་དུ་ཆོས་ཉིད་ཀྱི་དོན་སྟོང་པ་ཉིད་ནམ་མཁའ་ལྟ་བུའི་ཚུལ་བརྟེན༔ མ་ཞེན་མ་ཆགས་བཅིང་གྲོལ་མེད་པར་རྒྱས་བཏབ་གསུངས༔ དེ་ཡང་སེམས་བསྐྱེད་དངོས་ཀྱི་ལག་ལེན་ནི༔ ནངས་པར་ཐོ་རངས་ཁར་སེམས་བསྐྱེད་གསུམ་དོན་གཅིག་གི་ངོ་བོར་སེམས་བསྐྱེད་ལ༔ སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ༔ བྱང་ཆུབ་བར་དུ་བདག་ཉིད་སྐྱབས་སུ་མཆི༔ བདག་གིས་སྦྱིན་སོགས་བགྱིས་པའི་དགེ་བ་འདིས༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་བསྒྲུབ་པར་བགྱི༔ ཞེས་བརྗོད༔ མཇུག་དགེ་སྦྱོར་རྫོགས་པའི་དུས་སུ༔ བདག་གི་དགེ་བའི་རྩ་བ་འདིས་འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ ལན་གསུམ་བརྗོད༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ༔ དང་པོ་སེམས་བསྐྱེད་པས་དགེ་བའི་རྩ་བ་འཕེལ་ཞིང་ཆུད་མི་ཟ་བ་ཡིན༔ སེམས་བསྐྱེད་རྒྱུན་གྱི་རྣལ་འབྱོར་བྱ་བ་ཡིན་ཏེ༔ ཤིན་ཏུ་གལ་ཆེ་གསུངས་སོ༔ ྈ ༢ ༔སྐྱབས་འགྲོ་རྒྱུན་གྱི་རྣལ་འབྱོར༔ སློབ་དཔོན་པདྨའི་ཞལ་ནས༔ བདག་འཁོར་བ་ལས་འཇིགས་པའི་སྐྱེལ་མ་སྐྱབས་སུ་འགྲོ་བ་ལ་བརྟེན་ནས་འགྲོ་དགོས་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ དེ་ལ་ཆོས་ཐམས་ཅད་ཀྱི་རྩ་བ་སྐྱབས་འགྲོ་ཡིན་པས༔ སྐྱབས་འགྲོ་མ་ཆག་ན་ས་རྒོད་ལ་ཅི་བཏབ་ཀྱང་སྐྱེ་བ་དང་འདྲ་གསུངས༔ དེ་ཡང་སྐྱབས་འགྲོ་ལ་ཕྱི་ནང་གསང་བ་གསུམ་ཡིན་ཏེ༔ ཕྱིའི་སྐྱབས་འགྲོའི་གནས་སུ་སངས་རྒྱས་ཆོས་དང་དགེ་འདུན་གསུམ༔ ནང་གི་སྐྱབས་འགྲོའི་གནས་བླ་མ་ཡི་དམ་མཁའ་འགྲོ་གསུམ༔ གསང་བའི་སྐྱབས་འགྲོའི་གནས་ལྟ་བ་སྒོམ་པ་སྤྱོད་པ་གསུམ་ཡིན་ཏེ༔ དེ་དངོས་ཀྱི་ལག་ལེན་ནི༔ མདུན་གྱི་ནམ་མཁའ་ལ་སྐད་ཅིག་གིས་མོས་པའི་རྟེན་གསུམ་བསམ་ལ༔ སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆི་འོ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆི་འོ༔ ལྟ་བ་སྒོམ་པ་སྤྱོད་པ་གསུམ་ལ་སྐྱབས་སུ་མཆི་འོ༔ ཞེས་ལན་གསུམ་བརྗོད༔ དེ་ཕྱིའི་དབང་དུ་བྱས་ན་ཚོགས་གསོག་དུ་འགྲོ༔ ནང་གི་དབང་དུ་བྱས་ན་དབང་བསྐུར་དུ་འགྲོ༔ གསང་བའི་དབང་དུ་བྱས་ན་ཆད་ལྟ་འགོག་པར་འགྲོ་བས༔ དགེ་སྦྱོར་གང་བྱེད་ཀྱི་ཐོག་མར་བྱ་བ་གལ་ཆེའོ༔ སྐྱབས་འགྲོ་རྒྱུན་གྱི་རྣལ་འབྱོར་བྱ་བ་ཡིན་ནོ་གསུངས་སོ༔ ྈ ༣ ༔སློབ་དཔོན་པདྨའི་ཞལ་ནས༔ ལུས་ཀྱི་སྒྲིབ་པ་སྦྱོང་བ་ལ་ཕྱག་འཚལ་བ་ཁོ་ན་བསོད་ནམས་ཆེ་གསུངས༔ དེ་ཡང་ཕྱག་ལ་ཕྱི་ནང་གསང་བ་གསུམ་སྟེ༔ ཕྱིའི་ཕྱག་གི་ཡུལ་སྐུ་གསུམ་ཡེ་ཤེས་ལྔའི་རང་བཞིན་སངས་རྒྱས་ཆོས་དང་དགེ་འདུན་གསུམ༔ ནང་གི་ཕྱག་གི་ཡུལ་བླ་མ་ཡི་དམ་མཁའ་འགྲོ་གསུམ༔ གསང་བའི་ཕྱག་གི་ཡུལ་བླ་མ་སྐུ་ལྔ་ཡེ་ཤེས་ལྔའི་རང་བཞིན་ཡིན་གསུངས༔ དེ་ཡང་བྲིས་སྐུ་ལུགས་སྐུ་ལ་སོགས་པ་སྐུའི་རྟེན༔ པོ་ཏི་གླེགས་བམ་ལ་སོགས་པ་གསུང་གི་རྟེན༔ དགེ་སློང་དགེ་འདུན་ལ་སོགས་པ་ཐུགས་ཀྱི་རྟེན༔ དེ་ནི་ཕྱིའི་རྟེན་གསུམ་ཡིན༔ ནང་གི་བླ་མ་དངོས་སམ་སྐུ་འབག་གམ་ཡི་དམ་གྱི་ལུགས་སྐུའམ་རས་རིས་ལ་སོགས་པ་དང་མཁའ་འགྲོ་ཆོས་སྐྱོང་བྲིས་སྐུའམ་ལྡེར་སོ་ལ་སོགས་པ་སྐུའི་རྟེན༔ དེ་རྣམས་ཀྱི་བཀའ་རྒྱུད་གསུང་གི་རྟེན༔ ཕྱག་མཚན་གྱི་རྣམ་པ་ཐུགས་ཀྱི་རྟེན༔ གསང་བའི་རྟེན་གསུམ་ནི་རིགས་ལྔས་བསྡུས་པའི་གཟུགས་སྐུའི་སྣང་བ་ཐམས་ཅད་སྐུའི་རྟེན༔ ཨཱོྃ་ཨཱཿཧཱུྃ་གིས་བསྡུས་པ་ཐམས་ཅད་གསུང་གི་རྟེན༔ རྡོ་རྗེ་དང་དྲིལ་བུ་ཐུགས་ཀྱི་རྟེན་ཡིན་གསུངས༔ དེ་ལ་ཕྱག་དངོས་ཀྱི་ལག་ལེན་ནི༔ རྟེན་དེ་རྣམས་དངོས་སུ་བཞུགས་པའམ༔ ཡང་ན་ཡིད་ཀྱིས་མདུན་གྱི་ནམ་མཁའ་ལ་བསམ་ལ༔ ལུས་ཀྱི་སྒོ་ནས་ཡན་ལག་སྨད་ལྔ་ས་ལ་བཙུགས༔ ངག་གི་སྒོ་ནས་ཕྱག་འཚལ་བའི་ཚིག་བརྗོད༔ ཡིད་ཀྱིས་རྟེན་དེ་རྣམས་ཀྱི་ཞབས་སྤྱི་བོར་བླངས་པས་རེག་པ་ཙམ་གྱིས་བདག་གི་སྒྲིབ་པ་དཀར་སངས་ཀྱིས་སོང་བར་བསམ་མོ༔ དེ་ཡང་ཕྱི་ལྟར་ན་ཐ་མལ་གྱི་ལུས་འདི་ཉིད་ཀྱིས་ཕྱག་འཚལ༔ ནང་ལྟར་ལུས་དཔག་ཏུ་མེད་པར་སྤྲུལ་ལ་ཕྱག་འཚལ༔ གསང་བ་ལྟར་སེམས་ཉིད་ཀྱི་ངང་དུ་ཕྱག་འཚལ༔ ཚིག་ཏུ་འདི་སྐད་བརྗོད་དོ༔ སྐྱོབ་པ་བླ་མེད་སངས་རྒྱས་རིན་པོ་ཆེ༔ སྒྲུབ་པ་བླ་མེད་དམ་ཆོས་རིན་པོ་ཆེ༔ འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ༔ མཆོད་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ བརྒྱུད་པའི་རྩ་བ་བླ་མ་རིན་པོ་ཆེ༔ དངོས་གྲུབ་འབྱུང་བར་བྱེད་པའི་ཡི་དམ་ལྷ༔ ལེགས་པར་བྱིན་གྱིས་རློབ་པའི་མཁའ་འགྲོ་མ༔ རྩ་བ་གསུམ་ལ་གུས་པར་ཕྱག་འཚལ་ལོ༔ དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ༔ ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ༔ ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ༔ མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ༔ ཚོགས་གཉིས་རྫོགས་ཤིང་ཡོན་ཏན་མཐར་ཕྱིན་པ༔ སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ༔ ཞེས་བརྗོད་དོ༔ ཕྱག་འདི་ལ་ལུས་ངག་ཡིད་གསུམ་གྱི་བྱ་བ་ཚང་བས་སྒྲིབ་པ་སྦྱོང་བ་ལ་འདི་ཁོ་ན་གཅེས་ཏེ༔ ཕྱག་འཚལ་བ་རྒྱུན་གྱི་རྣལ་འབྱོར་བྱ་བ་ཡིན་གསུངས་སོ༔ ྈ ༤ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་སྤྱོད་བསྡུས་པ་བདུན་རྣམ་དག་ཡིན་པས་འདི་ཤིན་ཏུ་གལ་ཆེ་བ་ཡིན་གསུངས༔ དེ་ཡང་དང་པོར་མཁྱེན་པར་གསོལ་བ་དང༔ ལུས་འབུལ་བ་དང༔ སྡིག་པ་བཤགས་པ་དང༔ རྗེས་སུ་ཡི་རང་བ་དང༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༔ མྱ་ངན་ལས་མི་འདའ་བར་གསོལ་བ་དང༔ དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བའོ༔ དེ་ལ་བདུན་གྱི་རྣམ་གྲངས་ཀྱང་ནམ༔ རྣམ་པ་ཏིང་ངེ་འཛིན་གྱི་ཚུལ་ལོ༔ དགོས་པ་ནི་དང་པོ་གསུམ་ནི་བདག་གི་དོན་ལ༔ ཕྱི་མ་བཞི་ནི་གཞན་དོན་དུ་བསྒོམ༔ དེ་ནི་ཕྱིའི་ཡན་ལག་བདུན་པ་ཡིན་ནོ་གསུངས༔ ནང་གི་ཡན་ལག་བདུན་ནི༔ དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱིས་བདག་ལ་ཐུགས་རྗེས་གཟུང་དུ་གསོལ་སྙམ་པ་དང༔ བདག་གི་ལུས་འདི་ཕུལ་བས་ཡེ་ཤེས་ཀྱི་ལུས་སུ་བྱིན་གྱིས་རློབ་པ་དང༔ བདག་ལ་སྡིག་པ་དང་སྒྲིབ་པ་ཅི་མཆིས་པ་ཡི་དམ་ལྷའི་སྤྱན་སྔར་བཤགས་པ་དང༔ ཡི་དམ་ལྷས་འགྲོ་བའི་དོན་མཛད་དུ་གསོལ་སྙམ་པ་དང༔ ཡི་དམ་གྱི་ལྷས་འགྲོ་བའི་དོན་དུ་ཆོས་བཤད་དུ་གསོལ་སྙམ་པ་དང༔ དེ་ལྟར་མཛད་པ་ལ་རེ་ཡིན་རེ་ལེགས་སྙམ་པ་དང༔ དགེ་བའི་རྩ་བ་འདི་བདག་གཅིག་པུའི་དོན་དུ་མ་ཡིན་པར་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག་སྙམ་པ་ནི་ནང་གི་འོ༔ གསང་བའི་ཡན་ལག་བདུན་པ་ནི༔ ཐ་དད་དམིགས་པ་མེད་པར་མཁྱེན་པར་གསོལ་བ་དང༔ ལུས་ལ་ཆགས་པ་མེད་པར་འབུལ་བ་དང༔ བཤགས་པ་བྱ་བ་དང་བཤགས་བྱེད་རང་བཞིན་མེད་པར་བཤགས་པ་དང༔ བདག་གཞན་མེད་པར་རྗེས་སུ་ཡི་རང་བ་དང༔ སྒྱུ་མ་སྤྲུལ་པ་ལྟ་བུའི་སངས་རྒྱས་ལ་བྲག་ཆ་ལྟ་བུའི་ཆོས་སྟོན་པར་བསྐུལ་བ་དང༔ འཁོར་བར་སྤྲུལ་པ་བཞིན་དུ་སྒྱུ་མའི་ཆོས་དོན་དུ་གསོལ་བ་དང༔ ཆོས་དབྱིངས་དཔག་ཏུ་མེད་པའི་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྔོ་བའོ༔ དེ་ཡང་བདུན་རྣམ་དག་དངོས་ཀྱི་ལག་ལེན་ནི༔ བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་སུ་ཁྱབ༔ འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད༔ བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ༔ དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ལྷ༔ སེམས་ཅན་དོན་ལ་དགོངས་པའི་བླ་མེད་དཀོན་མཆོག་གསུམ༔ ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདི་རུ༔ མ་ལུས་འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ བདག་གིས་དུས་འདི་ནས་གཟུང་སྟེ༔ མགོན་ཁྱེད་ཀྱི་བཀའ་བཞིན་བགྱིད་པས་བྱིན་གྱིས་བརླབ་ཏུ་གསོལ༔ དཀོན་མཆོག་གསུམ་དང་བླ་མ་ཡི་དམ་ལ༔ ལུས་ངག་ཡིད་གསུམ་དང་བས་ཕྱག་འཚལ་ལོ༔ མཆོད་པ་བླ་ན་ཡོད་དང་མེད་པའི་ཚོགས༔ རྒྱ་ཆེན་ཐམས་ཅད་དཀོན་མཆོག་གསུམ་ལ་འབུལ༔ སྡིག་པའི་ལས་ལས་ལྡོག་བགྱིད་ཅིང༔ བསོད་ནམས་དགེ་བའི་ལས་རྣམས་ཡོངས་སུ་གཟུང༔ ལུས་ཅན་རྣམས་ཀྱི་དགེ་བ་ལ༔ བདག་གིས་དང་བས་རྗེས་སུ་ཡི་རང་ངོ༔ བདེ་གཤེགས་རྣམས་ལ་བདག་གིས་གུས་པ་ཡིས༔ ཆོས་ཀྱི་འཁོར་ལོ་བླ་མེད་བསྐོར་བར་གསོལ༔ རྒྱལ་སྲས་མྱ་ངན་འདའ་བཞེད་གང་དག་ལ༔ འགྲོ་བའི་དོན་དུ་བཞུགས་པར་གསོལ་བ་འདེབས༔ དེ་ལྟར་བདག་གཞན་བསོད་ནམས་ཀུན༔ སེམས་ཅན་དོན་དུ་བྱང་ཆུབ་ཆེན་པོར་བསྔོ༔ ཞེས་བརྗོད་དོ༔ བདུན་རྣམ་དག་གི་སྒོ་ནས་ཚོགས་གསོག་རྣལ་འབྱོར་བྱ་བ་ཡིན་ཏེ༔ ཤིན་ཏུ་གལ་ཆེའོ་གསུངས་སོ༔ ྈ ༥ ༔སློབ་དཔོན་པདྨའི་ཞལ་ནས༔ བདེ་བར་གཤེགས་པའི་བཀའ་འདོན་པ་ཤིན་ཏུ་གལ་ཆེ་གསུངས༔ དེ་ཡང་བཀའ་ལ་ཕྱི་ནང་གསང་བ་གསུམ་མདོ་སྡེ་རྒྱུད་སྡེ་ལུང་གི་སྡེ་རྣམ་པ་གསུམ་དུ་འདུས༔ དེ་རྣམས་ཀྱང་ཡི་གེ་ཨ་ལ་འདུས༔ ཨ་སྐྱེ་བ་མེད་པ་ཡི་གེ་ཐམས་ཅད་ཀྱི་ཕྱི་མོ་ཡིན་པས་འདི་ཁོ་ནས་ཆོག་གསུངས༔ དེ་ལ་ཕྱི་མདོ་སྡེ་ལྟར་ཨ་འདོན་པ༔ ནང་རྒྱུད་སྡེ་ལྟར་ཨ་བཀླག་པ༔ གསང་བ་ལུང་གི་སྡེ་ལྟར་ཨ་སྒོམ་པ་གསུམ་ཡིན་ཏེ༔ དེ་ཡང་ཕྱི་མདོ་སྡེ་ལྟར་ཨ་འདོན་པ་ནི༔ མདོ་སྡེ་ལ་དྲང་དོན་དང་ངེས་དོན་གཉིས་ལས༔ དེ་གཉིས་ཀྱང་ཕ་རོལ་ཏུ་ཕྱིན་པར་འདུས༔ ཕ་རོལ་ཏུ་ཕྱིན་པ་ཡུམ་ཡི་གེ་གཅིག་མ་ལ་འདུས་གསུངས་པ་ཡིན་པས༔ དེས་ན་ཨ་འདོན་པ་གལ་ཆེ་གསུངས༔ དེ་ཡང་ངེས་པ་རྣམ་པ་གསུམ་དང༔ གཞག་ཐབས་རྣམ་པ་གསུམ་སྟེ༔ དང་པོ་དུས་ངེས་པ་དྲོ་གོང༔ དབུགས་ངེས་པ་གཅིག༔ གྲངས་ངེས་པ་ཉེར་གཅིག༔ གཞག་ཐབས་གསུམ་ནི་སེམས་སྐྱེ་མེད་ལ་གཞག༔ ངག་གྲགས་སྟོང་ལ་གཞག༔ ལུས་མཉམ་པ་ཉིད་ལ་གཞག༔ དེ་ལྟར་བྱས་པའི་ཨ་ཉི་ཤུ་རྩ་གཅིག་པོ་འདི་ཡུམ་རྒྱས་པ་ཚར་གཅིག་དང་བསོད་ནམས་མཉམ་གསུངས༔ ཚེ་འདི་ལ་ཆག་ཆེ་བ་དང་རྨི་ལམ་ངན་པ་དང་ལྟས་ངན་པ་དང༔ བགེགས་ཀྱི་སྦྱོར་བ་ཐམས་ཅད་ཀྱིས་མི་ཚུགས་གསུངས༔ ཕྱི་མ་ལ་ཡང་མཚམས་མེད་ལྔ་ལ་སོགས་པ་དང་ཆོས་ལ་བརྟེན་པའི་སྡིག་སྒྲིབ་ཐམས་ཅད་བྱང་བ་ཡིན་གསུངས༔ གཉིས་པ་ནང་གསང་སྔགས་རྒྱུད་སྡེ་ལྟར་ཨ་བཀླག་པ་ལ་དམིགས་པ་གསུམ་སྟེ༔ དེ་ཡང་ཡིད་ཀྱིས་མདུན་གྱི་ནམ་མཁའ་ལ་ཨ་གསལ་བར་དམིགས་ལ༔ ངག་བརྗོད་པ་ཐམས་ཅད་ཨའི་སྒྲར་རང་བྱུང་དུ་དམིགས་ལ༔ སྣང་སྟོང་རང་གསལ་ཨའི་ངོ་བོར་དམིགས་ལ་ཨ་བརྒྱ་རྩ་བརྒྱད་བཟླའོ༔ དེས་ལུས་ངག་ཡིད་ཀྱི་སྡིག་པ་ཅི་བྱས་པ་ཐམས་ཅད་འདག༔ དེ་ཡང་གསང་བའི་སྙིང་པོ་ལས༔ ཤིན་ཏུ་ཕྲ་བའི་ཨ་རྣམས་ཏེ༔ བསྡུས་ཤིང་འཕེལ་འགྲིབ་མེད་ཅེས་འབྱུང་བའོ༔ དེ་ནི་གསང་སྔགས་ཨར་བཀླག་པའོ༔ གསུམ་པ་གསང་བ་མན་ངག་ལུང་གི་སྡེ་ལྟར་སྒོམ་པ་ལ་ཚུལ་གསུམ་ཏེ༔ ལུས་མི་གཡོ་བའི་ཚུལ༔ སེམས་སྟོང་པ་ཉིད་ཀྱི་ཚུལ༔ ངག་སྨྲ་བརྗོད་དང་བྲལ་བའི་ཚུལ་དུ་ཨའི་ངོ་བོ་ཁོ་ནར་གཞག༔ དེ་ནས་བསྒོམ་གཏོང་བར་འདོད་ན༔ ཨ་རིམ་གྱིས་ཁོག་པ་ལ༔ ཁོག་པ་མགོ་བོ་ལ༔ དེའང་ནམ་མཁའ་ལ་སྤྲིན་དེངས་པའམ་མེ་ལོང་ལ་ཧུས་བཏབ་པ་བཞིན་སྟོང་པར་བསམ༔ དེ་ནི་ཨ་སྒོམ་པའི་མན་ངག་སྟེ༔ དེ་ཡང་མཚན་བརྗོད་ལས༔ ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག༔ རྫོགས་པའི་སངས་རྒྱས་ཨ་ལས་བྱུང༔ ཞེས་པ་ལ་སོགས་པ་གསུངས་པ་དང༔ མདོ་རྒྱུད་ཀུན་གྱི་སྙིང་པོ་ཨ་འདོན་པའི་རྣལ་འབྱོར་འདི་ཤིན་ཏུ་གལ་ཆེ་གསུངས་སོ༔ ྈ ༦ ༔སློབ་དཔོན་པདྨའི་ཞལ་ནས༔ ཟས་ཚོགས་ཀྱི་རྣལ་འབྱོར་འདི་བསོད་ནམས་ཤུགས་ཀྱིས་སོག་པ་ཡིན་ཏེ་ཤིན་ཏུ་གལ་ཆེ་གསུངས༔ དེ་ཡང་ཕྱི་ནང་གསང་བ་གསུམ་སྟེ༔ ཕྱི་ལྟར་ཟས་ཀྱི་དངོས་པོ་དེ་ཨཱོྃ་ཨཱཿཧཱུྃ་གསུམ་གྱིས་དག་པར་སྦྱངས་ནས༔ དང་པོ་བཤོས་བཅད་དེ་དཀོན་མཆོག་གསུམ་ལ་འབུལ༔ བར་དུ་གཏོར་མ་བླ་མ་དང་ཡི་དམ་མཁའ་འགྲོ་ལ་འབུལ༔ ཐ་མ་རང་ལོངས་སྤྱད་པར་བྱ༔ དེའི་ལྷག་མ་ཅི་རིགས་པ་གཏོར་མར་གཏོང༔ ནང་ལྟར་ཟས་འབྲུ་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས་ནས་ལག་པ་འདོད་ཡོན་གྱི་ལྷ་མོར་བསམ༔ ལྟོ་བའི་ནང་གཞལ་ཡས་ཁང་ལྷ་དང་བཅས་པ་བསམ༔ མགྲིན་པ་བྱང་ཆུབ་ཀྱི་ལམ་ན་མར་བདུད་རྩིའི་མཆོད་པ་སྒྲེང་པས་མཉེས་པར་བསམ་མོ༔ གསང་བ་ལྟར་ན་སྐུ་གསུང་ཐུགས་སྣང་ལ་རང་བཞིན་མེད་པར་ཆོས་ཉིད་བདེ་བ་ཆེན་པོའི་རོས་གང་ལ་གང་དགྱེས་པའི་རྒྱུར་གྱུར་པར་བསམ་སྟེ༔ འདི་ནི་ཚོགས་རང་བཞིན་གྱིས་རྫོགས་པ་ཟས་ཀྱི་རྣལ་འབྱོར་ཡིན་ཏེ༔ ཤིན་ཏུ་གལ་ཆེ་གསུངས་སོ༔ ྈ ༧ ༔སློབ་དཔོན་པདྨའི་ཞལ་ནས༔ སྐོམ་ལ་རོལ་པའི་དུས་སུ་བཏུང་བ་སྐོམ་གྱི་རྣལ་འབྱོར་འདི་ཤིན་ཏུ་གལ་ཆེ་གསུངས༔ དེ་ཡང་དང་པོ་ཡི་དམ་གྱི་ལྷར་བསྒོམས་པའི་ཐུགས་ཀ་ནས་བཏུང་བའི་སྟེང་དུ་ཡི་གེ་བཾ་དམར་སེར་འཕྲོས་པ་འོད་དུ་ཞུ་བ་ལས༔ ཨཱོྃ་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་བརྗོད་པས༔ ཕྱི་ལྟར་བདུད་རྩིའི་རྒྱུན་མི་ཟད་པས་གང་བར་བསམ༔ ནང་ལྟར་ན་ཡེ་ཤེས་ཀྱི་བདུད་རྩི་ལྷག་པའི་བྱང་ཆུབ་སེམས་ཀྱིས་གང་བར་བསམ༔ གསང་བ་ལྟར་ན་ཆོས་ཉིད་རྣམ་པར་དག་པའི་རོ་དང་ལྡན་པའི་བདུད་རྩིས་གང་བར་བསམ༔ དེ་ནས་རང་ཡི་དམ་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་བླ་མ་ཡི་དམ་དཀོན་མཆོག་མཁའ་འགྲོ་རྣམས་སྤྱན་དྲངས་ལ༔ ཕྱི་ལྟར་བདུད་རྩི་མཐེབ་སྲིན་གྱིས་བླངས་ཏེ༔ དཀོན་མཆོག་ནམ་མཁའ་ལ་མཆོད༔ བླ་མ་སྤྱི་བོར་མཆོད༔ ཡི་དམ་སྙིང་གར་མཆོད༔ མཁའ་འགྲོ་ཆོས་སྐྱོང་ཕྲག་པ་གཡས་གཡོན་དུ་མཆོད༔ ནང་ལྟར་ན་ཡི་དམ་ལྷ་རང་ལ་ཐིམ་པར་བསམ་ལ་མཆོད༔ གསང་བ་ལྟར་ན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ན་བདེ་བར་གཤེགས་པ་དེ་དག་མཉེས་པར་བསམ་ཞིང༔ འདི་སྐད་དུ༔ ཡེ་ཤེས་ཀྱི་བདུད་རྩི་ཆེན་པོའི་མཆོད་པ༔ འཕགས་པ་དཀོན་མཆོག་གསུམ་ལ་འབུལ་ལོ༔ མཆོད་པ་དམ་པར་བཞེས་ཤིག༔ ཅེས་བཏུང་བར་བྱའོ༔ འདི་ནི་ཤིན་ཏུ་བསོད་ནམས་ཆེ་ལ་དངོས་གྲུབ་མྱུར་བས་ཤིན་ཏུ་གལ་ཆེའོ༔ བཏུང་བ་ཟས་སྐོམ་གྱི་རྣལ་འབྱོར་ཡིན་གསུངས་སོ༔ ྈ ༨ ༔སློབ་དཔོན་པདྨའི་ཞལ་ནས༔ གཏོར་མའི་རྣལ་འབྱོར་ཤིན་ཏུ་གལ་ཆེ་གསུངས༔ དེ་ལ་དོན་ལྔ་སྟེ༔ རང་ལྷར་སྐྱེད་པ་དང༔ གཏོར་མ་སྣོད་དང་བཅས་པ་བྱིན་གྱིས་བརླབ་པ་དང༔ མགྲོན་དགུག་པ་དང༔ གཏོར་མ་འབུལ་བ་དང༔ བསྔོ་བ་བྱ་བའོ༔ དང་པོ་ནི་རང་ཡི་དམ་ལྷར་བསྐྱེད་ལ༔ ལུས་ངག་ཡིད་གསུམ་ཨཱོྃ་ཨཱཿཧཱུྃ་དུ་བྱིན་གྱིས་བརླབ༔ ཐུགས་ཀ་ནས་བཾ་དམར་སེར་འཕྲོས་པས་འོད་དུ་ཞུ་བ་ལས་རིན་པོ་ཆེའི་སྣོད་དཔག་ཏུ་མེད་པར་བསམ༔ དེའི་སྟེང་དུ་ཨ་འོད་དུ་ཞུ་བ་ལས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པར་བསམ༔ དེ་ནས་གཏོར་མ་བྱིན་གྱིས་བརླབ་པ་ནི༔ རང་གི་ཐུགས་ཀའི་ས་བོན་ལས་ཨཱོྃ་ཨཱཿཧཱུྃ་འཕྲོས་པས་བདུད་རྩིར་གྱུར་པར་བསམ༔ དེ་ནས༔ ཨཱོྃ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཨཱོྃ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་ལན་གསུམ་བརྗོད་པས༔ ཕྱི་ལྟར་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་མང་ཞིང་རྒྱ་ཆེ་བར་བསམ༔ ནང་ལྟར་བདུད་རྩིའི་རྒྱུན་མི་འཛད་པས་སྣོད་གང་བར་བསམ༔ གསང་བ་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་ལ་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་གཏོར་མར་བསམ༔ མགྲོན་དགུག་པ་ནི༔ བདག་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བཀུག་ནས་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་པས་ལྷའི་རང་བཞིན་དུ་གྱུར་པར་བསམ་ལ༔ གཏོར་མ་འབུལ་བ་ནི༔ ཕྱི་ལྟར་ན་མགྲོན་དེ་དག་གི་ལྗགས་རྡོ་རྗེའི་སྦུ་གུས་དྲངས་ནས་གསོལ་བར་བསམ༔ ༼ནང་ལྟར་འབུལ་བ་མ་ཚང་།མཆན།༽ གསང་བ་ལྟར་ན་དེ་དག་གིས་རྣམ་པར་མི་རྟོག་པ་གཉིས་སུ་མེད་པའི་ཏིང་ངེ་འཛིན་ཐོབ་པར་བསམ༔ ཚིག་ཏུ༔ འཕགས་པ་དཀོན་མཆོག་གསུམ་ལ་འབུལ་ལོ༔ བླ་མ་དམ་པ་རྣམས་ལ་འབུལ་ལོ༔ ཡི་དམ་ལྷ་ཚོགས་རྣམས་ལ་འབུལ་ལོ༔ མ་དང་མཁའ་འགྲོ་རྣམས་ལ་འབུལ་ལོ༔ ཆོས་སྐྱོང་རྣམས་ལ་འབུལ་ལོ༔ ཕྱིའི་མཆོད་པ་དམ་པར་བཞེས་སུ་གསོལ༔ ནང་གི་མཆོད་པ་དམ་པར་བཞེས་སུ་གསོལ༔ གསང་བའི་མཆོད་པ་དམ་པར་བཞེས་སུ་གསོལ༔ ཞེས་འབུལ་ལོ༔ བསྔོ་བ་ནི༔ རྒྱལ་བ་མཆོད་པས་མཉེས་གྱུར་ཅིག༔ དམ་ཅན་ཐུགས་དམ་བསྐངས་གྱུར་ཅིག༔ ཕ་མ་ལ་སོགས་འགྲོ་དྲུག་ལ༔ ཚད་མེད་གཏོར་མ་འདི་བསྔོས་པས༔ ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས༔ ཐམས་ཅད་མྱུར་དུ་སངས་རྒྱས་ཤོག༔ ཨཱོྃ་ཨཱཿཧཱུྃ་མུ༔ ཞེས་པས་གཤེགས་སུ་གསོལ༔ བསོད་ནམས་མ་ཚོར་བར་སོག་པ་ཟ་གཏོར་གྱི་རྣལ་འབྱོར་བྱ་བ་ཡིན་ཏེ༔ ཤིན་ཏུ་གལ་ཆེ་གསུངས་སོ༔ ྈ ༩ ༔སློབ་དཔོན་པདྨའི་ཞལ་ནས༔ རྒྱུ་སླ་ལ་ཕན་ཡོན་ཆེ་བ་ཆུ་གཏོར་འདི་ཡིན་གསུངས༔ དེ་ཡང་དང་པོར་སྐད་ཅིག་གིས་ལྷར་བསྐྱེད་ལ༔ ཨཱོྃ་ཨཱཿཧཱུྃ་གསུམ་གྱིས་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ༔ ཐུགས་ཀའི་ཡི་དམ་གྱི་ས་བོན་ལས་འོད་ཟེར་འཕྲོས་པས༔ གཏོར་མ་མཚོ་ལ་བྱེད་ན་སུམ་ཆ་བདག་པོ་ལ་གཞག༔ སུམ་གཉིས་བྱིན་གྱིས་བརླབ༔ འབབ་ཆུ་ལ་བྱེད་ན༔ མིག་གིས་མཐོང་ཚད་ལ་བྱ༔ དེ་ལ༔ ཨཱོྃ་བཛྲ་ས་མ་ཡ་ཧཱུྃ༔ ཞེས་ལན་བདུན་བརྗོད་པས༔ ཕྱི་ལྟར་ན་གཏོར་མའི་སྟེང་དུ་རང་ཡི་དམ་གྱི་ས་བོན་ལས་འོད་ནག་པོ་འཕྲོས་པས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་སྦྱངས༔ དམར་པོ་འཕྲོས་པས་བྱོལ་སོང་བཀོལ་སྤྱོད་ཀྱི་སྡུག་བསྔལ་སྦྱངས༔ སེར་པོ་འཕྲོས་པས་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་སྦྱངས༔ དཀར་པོ་འཕྲོས་པས་ལྷ་དང་ལྷ་མ་ཡིན་མི་གསུམ་གྱི་སྡུག་བསྔལ་སྦྱངས་ནས༔ འགྲོ་དྲུག་ཆུ་འཐུང་བ་ཐམས་ཅད་ངོམས་ཤིང་ཚིམས་པར་བསམ་མོ༔ ནང་ལྟར་ན་བདུད་རྩི་དྲི་མེད་དཀར་པོས་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་མཆོད༔ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་གང་ལ་ཅི་མོས་པ་ཐམས་ཅད་རང་དབང་ཅན་དུ་ཐོབ་པར་བསམ་མོ༔ གསང་བ་ལྟར་ན་དེ་དག་གིས་རྣམ་པར་མི་རྟོག་པ་གཉིས་མེད་ཡེ་ཤེས་ཀྱི་རང་བཞིན་གྱི་ཏིང་ངེ་འཛིན་ཐོབ་པར་བསམ་མོ༔ དེ་ནས་བསྔོ་བ་བྱ་སྟེ༔ ཁམས་གསུམ་དག་པའི་ཞིང༔ སྲིད་གསུམ་ཐུགས་རྗེའི་མགྲོན༔ མ་ལུས་ཁྱབ་པའི་ཟས༔ ཆོས་ཉིད་རྟོགས་པའི་མཐུས༔ མི་ཟད་གཏེར་དུ་བསྔོ༔ ཞེས་བརྗོད་དོ༔ འདིས་ནི་ཚོགས་སོག་བར་ཆད་སེལ༔ བྱ་སླ་ཕན་ཡོན་ཆེ་བ་ལམ་དུ་ཞུགས་ནས་ཀྱང་བྱས་པས་ཆོག་པས༔ ཆབ་གཏོར་རྒྱུན་གྱི་རྣལ་འབྱོར་བྱ་བ་ཡིན༔ ཤིན་ཏུ་གལ་ཆེ་གསུངས་སོ༔ ྈ ༡༠ ༔སློབ་དཔོན་པདྨའི་ཞལ་ནས༔ ཚེ་སྲིང་ཚོགས་གསོག་པ་ལ་ཁྱད་པར་དུ་སཱཙྪ་འདི་བསྔགས་པ་ཡིན་གསུངས༔ དེ་ཡང་རང་སྐད་ཅིག་གིས་ཡི་དམ་གྱི་ལྷར་བསྐྱེད་ལ་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ༔ ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས་རྣམ་སྣང་འཁོར་དང་བཅས་པ་འོག་མིན་ནས་སྤྱན་དྲངས་ལ༔ དེ་ལ་ཕྱག་འཚལ་བར་བསམ་ཞིང༔ སྔགས་འདི་ལན་བདུན་འཇིམ་པ་ལ་བཟླས་ཏེ་བཏབ་བོ༔ ན་མོ་བྷ་ག་བ་ཏེ༔ བཻ་རོ་ཙ་ན་ཡ༔ པྲ་བྷ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨར་ཧ་ཏེ་སམྱཀྶཾ་བུདྡྷ་ཡ༔ ཨ་ན་ལམ་བྷེ༔ ཏ་རཾ་བྷེ་ཡ་ཤོ་མ་ཧཱ་ཏེ་ཙོ༔ ནིར་ཀུ་ལེ་ནིར་བ་ཎེ༔ སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ༔ ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ༔ ཞེས་པས་འོད་ཀྱི་གོང་བུར་གྱུར་ཏེ༔ ཆོས་ཀྱི་སྐུའི་གཟུགས་བརྙན་དུ་བསམ་མོ༔ དེ་ལས་འོད་ཟེར་རང་བྱུང་བས་སྣོད་བཅུད་ཐམས་ཅད་སྦྱངས་ནས་ཡི་དམ་གྱི་ལྷར་གྱུར་ཏེ༔ འོད་ཀྱི་གོང་བུ་དེ་ཉིད་ལ་ཐིམ་པར་བསམ་མོ༔ དེ་ནས་ཡི་དམ་གྱི་སྙིང་པོ་ཟློས་ཤིང་གདབ༔ དེ་ཕྱུང་པ་དང་གཟུགས་སྐུ་གཉིས་མེད་ཀྱི་རང་བཞིན་དུ་བསམ་མོ༔ དེ་ནས་རབ་གནས་བྱ་བ་ནི༔ ཨཱོྃ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏ྄་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿཡ་སྭཱ་ཧཱ༔ ཞེས་པ་ལན་བདུན་བཟླས་ཏེ་མེ་ཏོག་གཏོར་བས༔ སཱཙྪ་ལས་འོད་འཕྲོས་པས་ཡི་དམ་གྱི་ལྷར་གྱུར་ནས༔ སླར་མཆོད་རྟེན་ལ་ཐིམ་པར་བསམ་མོ༔ ཡང་རྡོ་ཤིང་འཇིམ་པ་གང་ཡང་རུང་བར༔ ཨཱོྃ་རཏྣ་ཙཻ་ཏྱཾ་པཉྩ་ཏི་ཡ་བྷི་བྷི་ས་རཱ་ཡ་སྭཱ་ཧཱ༔ ཞེས་བཏབ་ན་ཐམས་ཅད་མཆོད་རྟེན་དུ་འགྱུར་རོ༔ ཡང་ན་གདབ་ལུགས་ཕྱི་ནང་གསང་བ་གསུམ་སྟེ༔ ཕྱི་ལྟར་ན་འཇིམ་པ་ལ་སྔགས་ཉི་ཤུ་རྩ་གཅིག་བཟླས་པས་འོད་ཀྱི་གོང་བུར་གྱུར་ནས་འཇིམ་པའི་གོང་བུ་ལ་ཐིམ་པས་ཆོས་སྐུ༔ བྷི་བྷི་བྱས་ནས་ཡི་དམ་ལྷའི་སྔགས་ཀྱིས་བཏབ་པས་ལོངས་སྐུ༔ དེ་ནས་མེ་ཏོག་ལ་རྟེན་འབྲེལ་བཟླས་པས་སྤྲུལ་སྐུའོ༔ དེ་ནས་ཐ་མི་དད་པས་རབ་གནས་སོ༔ ནང་ལྟར་ན་རང་དང་སེམས་ཅན་ཐམས་ཅད་མཆོད་རྟེན་གྱི་རྣམ་པ༔ ཡི་དམ་ལྷའི་རང་བཞིན་དུ་མོས་པ་བྱས་ལ༔ ཨཱོྃ་ཨཱཿཧཱུྃ་གིས་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ལ་ཡི་དམ་གྱི་ལྷ་འབའ་ཞིག་ཏུ་བསམ་མོ༔ གསང་བ་ནི་བརྐོས་ཕོར་ཕྱོགས་བཅུ་ཀུན་ཏུ་བསྟན་ཏེ་སྔགས་བརྗོད་པས༔ འབྱུང་བ་བཞིའམ་ལྔས་བསྡུས་པའི་དངོས་པོ་ཐམས་ཅད་མཆོད་རྟེན་གྱི་རང་བཞིན་དུ་གྱུར་པར་བསམ༔ འདིས་ནི་ཚོགས་གཉིས་མྱུར་དུ་རྫོགས་པར་བྱེད་པ་སཱཙྪ་རྒྱུན་གྱི་རྣལ་འབྱོར་བྱ་བ་ཡིན་ཏེ༔ ཤིན་ཏུ་གལ་ཆེའོ་གསུངས་སོ༔ ྈ ༡༡ ༔སློབ་དཔོན་པདྨའི་ཞལ་ནས༔ ཏིང་ངེ་འཛིན་གསལ་བར་བྱེད་པ་དང༔ ཚོགས་གསོག་པ་ལ་མ་དྷལ་འབུལ་བ་གལ་ཆེ་བ་ཡིན་གསུངས༔ དེ་ཡང་དང་པོ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་ནས་བདེ་བ་ཁྱད་པར་ཅན་འཐོབ་པར་བྱ་བའི་ཕྱིར༔ ཡི་དམ་ལྷ་མཆོད་པར་བྱ་སྙམ་དུ་སེམས་བསྐྱེད༔ དེ་ཡང་ཕྱི་ནང་གསང་བ་གསུམ་སྟེ༔ ཕྱི་ལྟར་ན་ས་གཞི་ལ་བྱས་པའི་མ་ངྷལ་ལ་དངོས་སུ་བྱུང་བའི་རྒྱུ་སྦྱོར་བ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ༔ ལེགས་པར་བྱུགས་པ་ཚུལ་ཁྲིམས་ཀྱི༔ གྲང་བ་དང་རྩུབ་པ་ལ་བཟོད་པ་བཟོད་པའི༔ སྤྲོ་ཞིང་ལེ་ལོ་མེད་པར་བྱེད་པ་བརྩོན་འགྲུས་ཀྱི༔ སེམས་མི་གཡེང་བ་བསམ་གཏན་གྱི༔ རི་མོ་ལེགས་པར་གླིང་བཞི་རི་རབ་དང་བཅས་པ་བྲིས་ནས་འབུལ་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ༔ ནང་ལྟར་ན་རིན་པོ་ཆེའི་མ་དྷལ་ལ་མེ་ཏོག་གི་ཚོམ་བུ་བཀྲམ་ལ༔ ཨཱོྃ་བཛྲ་རེ་ཁཱ་པུཥྤེ༔ ཞེས་པས་ལྷའི་ལོངས་སྤྱོད་ཀྱི་གཞལ་ཡས་ཁང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ༔ འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་མདུན་དུ་བསམ་ལ་འབུལ་ལོ༔ གསང་བ་ལྟར་ན་ཡི་དམ་ལྷའི་འཁོར་ལོ་བསམ་ལ་མཆོད་པ་བྱ་སྟེ༔ དེ་ནས་སྨོན་ལམ་བཏབ་ལ་མེ་ཏོག་དབུས་སུ་བསྡུ༔ ལྷ་གཤེགས་སུ་གསོལ༔ འདིས་ནི་ཏིང་ངེ་འཛིན་གསལ་ཞིང་ཞིང་ཁམས་དག་པར་སྐྱེ་བའི་རྒྱུ་ཡིན་པས༔ ཤིན་ཏུ་གལ་ཆེ་གསུངས༔ ྈ ༡༢ ༔སློབ་དཔོན་པདྨའི་ཞལ་ནས༔ རིན་པོ་ཆེ་རྒྱུན་མཆོད་འདི་སྐུ་ལྔ་ཡེ་ཤེས་ལྔ་ཐོབ་པར་བྱེད་པ་ཡིན་པས་ཤིན་ཏུ་གལ་ཆེ་གསུངས༔ དེ་ཡང་དཀོན་མཆོག་གི་སྤྱན་སྔར་རིན་པོ་ཆེ་བདར་ཞིང་སྔགས་འདི་ལན་བདུན་བཟླའོ༔ ཨཱོྃ་སྨ་ར་སྨ་ར་བི་མཱ་ན་སྐ་ར་མ་ཧཱ་ཛམ་བྷ་ཧཱུྃ༔ ཞེས་འབུལ་ལོ༔ དེ་ཡང་ཕྱི་ལྟར་ན་དཀོན་མཆོག་གི་སྤྱན་སྔར་རིན་པོ་ཆེའི་གདུགས་དང་རྒྱལ་མཚན་དང་བ་དན་དང་རོལ་མོ་ལ་སོགས་པའི་ཡན་ལག་དཔག་ཏུ་མེད་པ་འབྱུང་བར་བསམ་ལ་འབུལ་ལོ༔ ནང་ལྟར་ན་འཕགས་པ་དང་སེམས་ཅན་ཐམས་ཅད་ལ་འདོད་ཡོན་གྱི་མཆོད་པ་དང་སྦྱིན་པར་གྱུར་པར་བསམ་མོ༔ གསང་བ་ལྟར་ན་སྐུ་ལྔ་ཡེ་ཤེས་ལྔའི་ངོ་བོའམ་རྣམ་པར་གྱུར་པར་བསམ་ཞིང་ཚིག་འདི་བརྗོད་དོ༔ དཀོན་མཆོག་གསུམ་ལ་ཕྱག་འཚལ་མཆོད་པར་བགྱི༔ འབྱུང་བ་ཆེན་པོ་ལྔ་ཡི་སྙིང་པོ་མཆོག༔ རིགས་ལྔའི་སྐུ་དང་མཉམ་པའི་ཁ་དོག་ལྔ༔ རིན་ཆེན་གསེར་དངུལ་བྱེ་རུ་ཟངས་དང་ལྕགས༔ མུ་ཏིག་ཤེལ་ལ་སོགས་པ་རིན་ཆེན་བརྒྱད༔ དག་ཅིང་རྒྱུ་རྐྱེན་ཚོགས་པའི་ནུས་མཐུ་ལས༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས༔ རིན་ཆེན་སྣ་བརྒྱད་མཆོད་པའི་ཆར་ཕབ་པས༔ སྐུ་གསུང་ཐུགས་ལ་མཆོད་པས་མཉེས་གྱུར་ཅིག༔ བསོད་ནམས་ཚོགས་ཆེན་བདག་ལ་བསྩལ་དུ་གསོལ༔ ཞེས་བརྗོད་དོ༔ འདིས་ལོངས་སྤྱོད་འཕེལ་བ་དང༔ སྐུ་ལྔའི་དངོས་གྲུབ་འཐོབ་པའི་རྒྱུ་ཡིན་པས་ཤིན་ཏུ་གལ་ཆེ་གསུངས་སོ༔ ྈ ༡༣ ༔སློབ་དཔོན་པདྨའི་ཞལ་ནས༔ རང་གི་ཉམས་གྲིབ་དག་པར་བྱེད་པ་དང༔ མི་རྟོག་པ་ཁོང་ནས་སྐྱེད་པ་ལ་སྐུ་ཁྲུས་གསོལ་བ་གལ་ཆེ་གསུངས༔ དེ་ཡང་རང་ཡི་དམ་དུ་སྒོམ་པའི་ཐུགས་ཀའི་ས་བོན་ལས་འོད་ཟེར་བྱུང་བས་ཕྱོགས་བཅུའི་རྟེན་ཁྱད་པར་ཅན་རྣམས་སྤྱན་དྲངས་ལ༔ དེ་མདུན་དུ་བཞུགས་པའི་རྟེན་གང་ཡང་རུང་བ་ལ་ཐིམ་པར་བསམ༔ དེ་ནས་མེ་ལོང་ངོས་ལ་སྐུ་ཁྲུས་གསོལ་ཏེ༔ དང་པོ་དྲི་ཆབ་གསོལ་ཞིང༔ ཨཱོྃ་སྭ་བྷཱ་བ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་བི་ཤུདྡྷོ྅་ཧཾ༔ ཞེས་པས་ཆུ་གཙང་མས་རྒྱུན་མ་ཆད་པར་སྐོར་བ་བྱེད་པ་བཞིན་དུ་བླུགས་ལ༔ དེ་ཡང་ཕྱི་ལྟར་ན་རྟེན་བདེ་བར་གཤེགས་པ་རྣམས་ཀྱི་ངོ་བོ་ལ༔ ཆུ་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པས་སྐུ་ཁྲུས་གསོལ་བར་བསམ༔ ནང་ལྟར་ན་རྟེན་ཡི་དམ་ལྷའི་ངོ་བོ་ལ༔ ཆུ་བྱང་ཆུབ་སེམས་ཀྱི་བདུད་རྩི་བབ་པས་བདག་གི་སྡིག་སྒྲིབ་དག་པར་བསམ་ལ་བཀྲུའོ༔ གསང་བ་ལྟར་ན་རྟེན་ཆུ་ཟླ་བཞིན་སྣང་སྟོང་དབྱེར་མེད་དུ་དག་པར་བསམ་མོ༔ དེ་ནས་ཆུས་བདག་ལ་ཁྲུས་བྱ་སྟེ༔ བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད༔ ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ༔ སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི༔ སྲིད་པའི་མཚོ་ལས་འགྲོ་བ་འདོན་པར་ཤོག༔ འདིས་ནི་ཉམས་གྲིབ་དག་པ་དང༔ ཚོགས་སོག་སྒྲིབ་པ་སྦྱོང་བ་དང༔ ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བ་དང༔ སྐུ་ཁྲུས་གསོལ་བའི་རྣལ་འབྱོར་ཡིན་ཏེ་ཤིན་ཏུ་གལ་ཆེ་གསུངས་སོ༔ ྈ ༡༤ ༔སློབ་དཔོན་པདྨའི་ཞལ་ནས༔ རང་གི་ཚོགས་རྫོགས་པར་བྱེད་པ་ལ་མཆོད་པ་འདི་ཤིན་ཏུ་གལ་ཆེ་གསུངས༔ དེ་ཡང་བླ་མ་ཡི་དམ་དཀོན་མཆོག་ལ་སོགས་པའི་རྟེན་གྱི་སྤྱན་སྔར་མཆོད་པ་དངོས་སུ་འབྱོར་ན་ལེགས༔ མ་འབྱོར་ཡང་ཏིང་ངེ་འཛིན་གྱིས་སྤྲུལ་པའམ༔ ཡང་འཇིག་རྟེན་ན་བདག་པོས་ཡོངས་སུ་མ་བཟུང་བའི་རྫས་ཀྱི་དངོས་པོ་ཅི་ཡོད་པ་ཐམས་ཅད་ཕུལ་ཏེ༔ དེ་ཡང༔ ཨཱོྃ་ན་མཿསརྦ་བོ་དྷི་སཏྭ་ནཾ་སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ན་ཧི་མཾ་ག་ག་ན་ཁཾ༔ ཞེས་བརྗོད་པས༔ ཕྱི་ལྟར་མེ་ལོང་ལ་སོགས་པའི་མཆོད་རྫས་ཀྱིས་ནམ་མཁའི་ཁམས་གང་བར་བསམ་ལ་མཆོད༔ ནང་ལྟར་ན་འདོད་ཡོན་གྱི་ལྷ་མོ་མཆོད་པའི་རྫས་ཐོགས་པས་མཆོད༔ གསང་བ་ལྟར་ན་ཕྱི་ནང་སྣོད་བཅུད་ཐམས་ཅད་ལྷ་དང་ལྷ་མོ་མཆོད་པའི་རྫས་སུ་གྱུར་ཏེ་གཉིས་སུ་མེད་པའི་ངང་དུ་མཆོད་དོ༔ ངག་ཏུ་ཡང་འདི་སྐད་བརྗོད་དོ༔ བླ་མེད་དཀོན་མཆོག་གསུམ་པོ་དང༔ བླ་མ་ཡི་དམ་འཁོར་དང་བཅས༔ འཇིག་རྟེན་འདིའམ་གཞན་དག་ན༔ མཆོད་པའི་རྫས་རྣམས་ཇི་སྙེད་པ༔ དངོས་དང་ཡིད་ཀྱིས་སྤྲུལ་པ་རྣམས༔ དག་པའི་མཆོད་པར་བཞེས་སུ་གསོལ༔ ཞེས་བརྗོད་དོ༔ མཆོད་པ་རྒྱུན་གྱི་རྣལ་འབྱོར་བྱ་བ་ཡིན་ཏེ་ཤིན་ཏུ་གལ་ཆེ་གསུངས་སོ༔ ྈ ༡༥ ༔སློབ་དཔོན་པདྨའི་ཞལ་ནས༔ བསྐོར་བ་བྱེད་པ་འདི་ལ་ལུས་ངག་ཡིད་གསུམ་གྱི་བྱ་བ་ཚང་བས་བསོད་ནམས་ཁྱད་པར་དུ་ཆེའོ༔ དེ་ལ་གང་ཟག་བློ་ཆེ་ན་གཞལ་ཡས་ཁང་རྒྱ་ཆེན་པོའི་ནང་དུ༔ དབུས་སུ་བླ་མ་ཡི་དམ་ཐ་མི་དད་དུ་བསམ༔ ཕྱི་རོལ་དུ་དཀྱིལ་འཁོར་ཕྱི་ནང་གི་ལྷ་ཚོགས་དང༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་འབག་གཡས་སུ་བཞུགས་པར་བསམ་ལ༔ དེ་ལ་བསྐོར་བ་བྱ་གསུངས༔ བློ་ཆུང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་དང༔ བླ་མ་ཡི་དམ་གྱི་སྐུ་གསུང་ཐུགས་དངོས་སུ་བཞུགས་པ་ལ་བསྐོར་བ་བྱ་སྟེ༔ དེ་ཡང་ཕྱི་ནང་གསང་བ་གསུམ་ལས༔ ཕྱི་ལྟར་ན་རང་ཐ་མལ་གྱི་ལུས་ཀྱིས་རྟེན་དེ་དག་ལ་བསྐོར་བ་བྱས་པས༔ རྟེན་ལས་འོད་བྱུང་ནས་བདག་ལ་ཕོག་སྟེ་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་པར་བསམ༔ ནང་ལྟར་ན་རྟེན་ལས་འོད་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག་པས་ལྷའི་སྐུར་གྱུར་ཏེ་དེ་ཉིད་ལ་ཐིམ་པར་བསམ་མོ༔ གསང་བ་ལྟར་ན་སྣང་སྲིད་ཡེ་ནས་སངས་རྒྱས་པར་བསྐོར་བ་བྱ་བ་དང་སྐོར་བྱེད་གཉིས་སུ་མེད་པའི་ངང་དུ་བསྐོར་བ་བྱའོ༔ ངག་ཏུ་ཡང་འདི་སྐད་བརྗོད་དོ༔ བླ་མ་བཤེས་གཉེན་དམ་པ་ཁྱོད༔ བདག་ཅག་རྣམས་ཀྱི་མགོན་ལགས་སོ༔ མི་ཤེས་རྨོངས་པའི་བློ་གྲོས་ཏེ༔ མུན་པར་འཁྱམ་པའི་སྒྲོན་མེ་ལགས༔ གདུང་བ་སེལ་བའི་རིན་པོ་ཆེ༔ ཉི་མའི་ཞབས་ལ་ཕྱག་འཚལ་འདུད༔ འདི་ལྟར་དགའ་དང་གུས་པ་ཡིས༔ བསྔགས་དང་འདུད་པས་བསྐོར་བ་བགྱིད༔ ཅེས་བརྗོད་ལ་བསྐོར་བ་བྱའོ༔ བསྐོར་བ་རྒྱུན་གྱི་རྣལ་འབྱོར་ཡིན་ཏེ་ཤིན་ཏུ་གལ་ཆེའོ་གསུངས་སོ༔ ྈ ༡༦ ༔སློབ་དཔོན་པདྨའི་ཞལ་ནས༔ སྤྱོད་ལམ་རྒྱུན་གྱི་ཏིང་ངེ་འཛིན་འདི་རྣམས་གལ་ཆེ་གསུངས༔ དེ་ཡང་དང་པོ་འདུག་པ་རྒྱུན་གྱི་རྣལ་འབྱོར་ནི༔ རང་གནས་གང་ན་འདུག་ཀྱང་རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་ན་འདུག་པར་བསམ༔ གདན་གྱི་རྣམ་པ་གང་ཡིན་ཡང་ཉི་ཟླ་ཁ་སྦྱོར་དུ་བསམ༔ འདུག་པ་ནི་རང་བཞིན་གྱི་ཕྱག་རྒྱ་ལྔ་དང་ལྡན་པས་འདུག་སྟེ༔ ཕྱག་ཞབས་ཀྱི་ཕྱག་རྒྱ་ནི་མཉམ་གཞག་དང་སྐྱིལ་ཀྲུང༔ སྒལ་ཚིགས་དོང་ཙེ་བརྩེགས་པ་བཞིན་དུ་བྱ༔ མགོ་བོ་གཡས་གཡོན་དུ་མི་ཡོ་བར་བྱ༔ མིག་ཧ་ཅང་ཕྱེ་བ་ཡང་མ་ཡིན་ཧ་ཅང་བཙུམས་པ་ཡང་མ་ཡིན༔ ལྕེ་ཡང་རྐན་དང་གང་ལ་ཡང་མ་རེག་པ༔ ནང་ལྟར་ན་སེམས་མ་བཅོས་པར་ལྷོད་དེ༔ འབོལ་ལེ༔ ཤིག་གེ་ལྷན་ནེ་གཞག༔ དབུགས་འགྲོ་འོང་གི་ཕྱག་རྒྱ་རྡོ་རྗེའི་བཟླས་པ་ལས་མི་ཡེངས་པར་བྱ་གསུངས༔ གསང་བ་ལྟར་ན་བགེགས་དང་ཉོན་མོངས་པ་ཟིལ་གྱིས་གནོན་པའི་ཕྱིར་ཏེ༔ འདུག་པ་རྒྱུན་གྱི་རྣལ་འབྱོར་བྱ་བ་ཡིན་ཏེ་ཤིན་ཏུ་གལ་ཆེ་གསུངས་སོ༔ ྈ ༡༧ ༔སློབ་དཔོན་པདྨའི་ཞལ་ནས༔ ཉལ་བ་རྒྱུན་གྱི་རྣལ་འབྱོར་འདི་ལྟར་བྱ་གསུངས༔ དེ་ཡང་གོས་ཕུད་པས་ཉོན་མོངས་པའི་དྲི་མ་བྲལ་བར་བསམ་ཏེ༔ བདག་གི་ལུས་འདི་སེམས་ཅན་རྣམས་ལ་ལྟོས་པ་མེད་པར་སྦྱིན་པར་བཏང༔ སྟན་བཏིང་བས་ཉོན་མོངས་པའི་བདུད་མནན་པར་བསམ༔ སྔས་ཐབས་དང་ཤེས་རབ་གཉིས་སུ་མེད་པར་བཅུག་པར་བསམ༔ བློ་གཡས་པ་ཕབ་སྟེ་ཉལ་བས་དྲན་པ་དང་ཤེས་བཞིན་དུ་ལྡན་ཏེ༔ གཉིད་ལོག་པའི་ཚེ་ན་འོད་ཀྱི་གོང་བུ་བཞིན་དུ་སྣང་ལ་རང་བཞིན་མེད་པར་བསམ༔ གཉིད་སད་པའི་དུས་ན་ཉོན་མོངས་པ་ཤོར་རམ་མ་ཤོར་བལྟ་གསུངས༔ ྈ ༡༨ ༔དེ་ནས་ལང་བ་རྒྱུན་གྱི་རྣལ་འབྱོར་ནི༔ ནམ་ལངས་ནས་ཆོ་འཕྲུལ་ཆེན་པོར་བཞེངས་པའམ༔ ནམ་ལངས་པས་ལྷམ་རྡོ་རྗེའི་རྐང་གཡབ་ཀྱིས་གཏམས་པར་བསམ༔ སྨད་གཡོགས་སྟོད་གཡོགས་གོན་པས་ཐབས་ཤེས་རབ་གཉིས་མེད་ཀྱི་གོས་གོན་པར་བསམ༔ སྐ་རགས་ནི་རྡོ་རྗེ་ལུ་གུ་རྒྱུད་ཀྱིས་བསྡམས་པར་བསམ༔ གོམ་པ་བོར་བས་བྱང་ཆུབ་ཀྱི་ལམ་ལ་བགྲོད་པར་བསམ༔ ཡང་ན་ལྡང་བ་ནི་ངན་སོང་གི་གནས་ནས་ལངས་པར་བསམ༔ རེ་བཞི་ལ་འཛུལ་བས་བག་ཆགས་ཀྱི་དྲི་མ་ཕྱིས་པར་བསམ༔ སྒོ་བཅད་པས་ངན་སོང་དུ་འགྲོ་བའི་སྒོ་བཅད་པར་བསམ༔ ཕྱིར་བྱུང་བས་ཡེ་ཤེས་ཀྱི་ཉི་མ་ཤར་བར་བསམ༔ ནང་དུ་ཞུགས་པས་ཆོས་ཀྱི་དབྱིངས་ཀྱི་ཁང་པར་འདུག་པར་བསམ༔ དེ་ནི་ལང་བའི་རྣལ་འབྱོར་ཡིན་ནོ༔ ྈ ༡༩ ༔དེ་ནས་འགྲོ་བ་རྒྱུན་གྱི་རྣལ་འབྱོར་ནི་གར་འགྲོ་ཡང་རུང་སྟེ༔ དུས་གསུམ་གྱི་བདེ་བར་གཤེགས་པ་དང་བླ་མ་ཡི་དམ་རྣམས་ལ་བསྐོར་བ་བྱེད་པར་བསམ༔ རྐང་པ་གཡས་པའི་མཐིལ་དུ་འཁོར་ལོ་རྩིབས་བརྒྱད༔ གཡོན་པའི་མཐིལ་དུ་པདྨ་འདབ་བརྒྱད་བསམ༔ གོམ་པ་བོར་བས་གཡས་ཀྱི་རྗེས་ལ་ཡབ་ལྔ༔ གཡོན་གྱི་རྗེས་ལ་ཡུམ་ལྔ་བསམ༔ དེའི་རྗེས་ཀྱིས་སེམས་ཅན་ལ་མི་གནོད་ཅིང་ཕན་འདོགས་པར་བསམ་གསུངས༔ ྈ ༢༠ ༔དེ་ནས་འཆག་པ་རྒྱུན་གྱི་རྣལ་འབྱོར་གྱི་ཏིང་ངེ་འཛིན་ནི༔ བཤང་གཅི་དོར་བ་ན་དེ་ཡང་ཕོ་བ་རིན་པོ་ཆེའི་གཞལ་ཡས་ཁང་ན་ཡེ་ཤེས་ཀྱི་བདུད་རྩིར་གནས་པར་བསམ༔ གཏོང་བའི་དུས༔ ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་པས་བྱིན་གྱིས་བརླབས་ཏེ་རྩེ་མོ་ནས་ཕུད་བཅད་པ་ལ་ཡེ་ཤེས་པ་མཆོད༔ དེ་ནས་རང་བཟའ༔ དེས་ཡེ་ཤེས་ཀྱི་བདུད་རྩིའི་དངོས་གྲུབ་ཐོབ་པར་བསམ༔ དེ་ནས་ལྷག་མ་དེ་ཟ་བའི་ཡི་དྭགས་ལ་བསྔོ༔ དྲི་ཆུ་ཡང་དེ་དང་འདྲ་བར་བྱིན་གྱིས་བརླབས་ལ་ཕུད་སྔར་ལྟར་མཆོད༔ བར་དུ་རང་བཏུང༔ ཐ་མ་ཡི་དྭགས་ལ་བསྔོ༔ དེས་ནི་རྣལ་འབྱོར་པ་རྟོག་པ་ཆོམས་པ་དང་བགེགས་ཀྱིས་མི་ཚུགས་འགོ་བའི་ནད་མི་འོང་ཟས་ཀྱི་ཞེན་པ་གཅོད༔ དངོས་གྲུབ་ཐག་ཉེ་བ་ཡིན་ནོ༔ སྤྱོད་ལམ་བཞི་པོ་འདིས་ཕྱི་ལྟར་ན་ཐ་མལ་པའི་ཞེན་པ་ལྡོག༔ ནང་ལྟར་ན་ལུས་ཀྱི་སྲུང་བ་ཡིན༔ གསང་བ་ལྟར་ན་རིག་སྣ་ཁ་བསྒྱུར་བ་ཡིན་པས་ཤིན་ཏུ་གལ་ཆེ་གསུངས་སོ༔ ྈ ༢༡ ༔སློབ་དཔོན་པདྨའི་ཞལ་ནས༔ རང་འཆི་བའི་དུས་བྱུང་ཙམ་ན་རོ་སྲེག་དང་སྟོན་མོ་གཞན་གྱིས་བྱས་ཀྱང་ཕན་སྐྱེད་ཆུང་བས༔ རང་གི་སྟོན་མོ་རོ་སྲེག་བདུན་ཚིགས་རང་གིས་བྱ་དགོས་གསུངས་སོ༔ ཇོ་མོས་དེའི་མན་ངག་ཐུགས་ལ་གདགས་དགོས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ དེ་ལ་གང་བྱེད་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད༔ བར་དུ་བདུན་རྣམ་དག་བྱ་སྟེ༔ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ དཀོན་མཆོག་གསུམ་ལ་མཆོད་པ་འབུལ༔ སྡིག་པ་ཐམས་ཅད་སོ་སོར་བཤགས༔ དགེ་བ་ཀུན་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བར་སྐུལ༔ མྱ་ངན་མི་འདའ་བཞུགས་པར་གསོལ༔ སེམས་ཅན་བྱང་ཆུབ་འཐོབ་པར་ཤོག༔ ཅེས་བརྗོད་དོ༔ དེ་ནས་དང་པོར་རང་གི་རོ་སྲེག་རང་གིས་བྱ་བ་ནི༔ ལ་ཁ་མཐོན་པོར་ཕྱིན་ཏེ༔ མདུན་དུ་སེམས་ཅན་ཐམས་ཅད་དམིགས་ལ༔ རང་གི་ལུས་ཁུ་ཚུར་གྱིས་རང་གཤགས་ལ་ལྷུ་དང་དུམ་དུ་གསིལ་ཏེ༔ ཤ་ཟ་བ་ལ་ཤ༔ ཁྲག་འཐུང་བ་ལ་ཁྲག༔ རྐང་ཟ་བ་ལ་རྐང༔ ཀླད་པ་ཟ་བ་ལ་ཀླད་པ༔ རང་རང་ཅི་འདོད་པ་བསྔོས་ལ་གཏང༔ དེ་ནི་ཞེན་ཆགས་ཀྱི་མཚན་མ་ཚོགས་སུ་སྦྱོང་བ་ཡིན་ཏེ༔ དེ་ཡང་ཆགས་ཞེན་མེད་པ་གལ་ཆེ་གསུངས༔ དེ་ལྟ་དགོངས་པ་ཅན་གྱིས་རོ་སྲེག་པ་བསོད་ནམས་ཆེ་སྟེ༔ དེས་བརྒྱ་སྟོང་གི་ཆར་ཡང་མི་ཉེའོ༔ རང་གི་སྟོན་མོ་རང་གིས་བྱ་བ་ནི༔ ནམ་ཟླ་སྟོན་ཁའི་དུས་སུ་ལོ་ཐོག་ཤིང་ཐོག་རྒྱས་པ་དེ་ལ༔ སེམས་ཅན་རྣམས་གང་ཅི་ལ་ཅི་མོས་པར་ལོངས་སྤྱོད་པར་གྱུར་ཅིག༔ ཅེས་བསྔོའོ༔ དེས་ནི་དམིགས་སྣང་གི་མཚན་མ་ཐམས་ཅད་ཚོགས་སུ་བསྔོ་བར་འགྲོ་སྟེ༔ རང་ཤི་ནས་ཟན་སྐལ་ལ་སྟོན་མོ་བྱེད་པ་བས་བསོད་ནམས་ཀྱི་ཁྱད་པར་འདི་ཆེ་གསུངས༔ རང་གི་བདུན་ཚིགས་རང་གིས་བྱ་བ་ནི༔ ཆུ་གཙང་ཡིད་དུ་འོང་བའམ་གཏོར་མ་ཅུང་ཟད་ཙམ་ལ༔ སྟེང་ལྷའི་བདུད་རྩི་འོག་ཀླུའི་བདུད་རྩི༔ ཡིད་བཞིན་ནོར་བུ་རིན་པོ་ཆེ༔ བར་མིའི་འདོད་པའི་ཡོན་ཏན་ལྔས་ཁེངས་པར་བྱས་ལ་བླ་མ་ཡི་དམ་མཁའ་འགྲོ་རྣམས་ལ་དབུལ་ཏེ༔ དཀོན་མཆོག་དང་བླ་མ་ནམ་མཁའ་གང་སྙམ་དུ་བསམ་ལ༔ བདུད་རྩི་སྲི་ཞུའི་མགྲོན་གྱིས་གསོལ་བས་མཉེས་ཏེ་བྱིན་རླབས་དངོས་གྲུབ་སྩོལ་བར་བསམ༔ ཆོས་སྐྱོང་དཔལ་མགོན་གྱིས་ནམ་མཁའ་གང་སྙམ་དུ་བསམ་ལ༔ བདུད་རྩི་ཡོན་ཏན་མགྲོན་གྱིས་གསོལ་བར་བསམ༔ དགྱེས་ནས་སྡོང་གྲོགས་བྱེད་པར་བསམ༔ འགྲོ་དྲུག་ནམ་མཁའ་གང་སྙམ་དུ་བསམ་སྟེ༔ སྙིང་རྗེའི་མགྲོན་གྱིས་གསོལ་བར་བསམ༔ སོ་སོའི་མོས་པ་ཚིམས་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བསམ༔ འཇིག་རྟེན་གྱི་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་ནམ་མཁའ་གང་སྙམ་དུ་བསམ་ལ༔ ལན་ཆགས་མགྲོན་གྱིས་བདུད་རྩི་ནམ་མཁའ་གང་བ་གསོལ་བས་སོ་སོའི་ཅི་འདོད་པ་ངོམས་ཤིང་ཚིམས་པར་བསམ༔ ཚེ་རབས་ལན་ཆགས་ཐམས་ཅད་འཁོར་བར་བསམ༔ དེ་ལྟར་བློས་བླངས་ལ་དབུལ་ཏེ༔ འཇིག་རྟེན་ན་ཤི་ནས་བདུན་ཚིགས་བྱེད་པ་བསོད་ནམས་ཆེ་སྟེ༔ དེ་བས་འདི་བརྒྱ་སྟོང་གི་ཆར་ཡང་མི་ཉེ་གསུངས༔ འདི་གསུམ་སྤྱིར་བསྔོ་བ་ནི༔ ཁམས་གསུམ་དག་པའི་ཞིང༔ སྲིད་གསུམ་ཐུགས་རྗེའི་མགྲོན༔ མ་ལུས་ཁྱབ་པའི་ཟས༔ ཆོས་ཉིད་རྟོགས་པའི་མཐུས༔ མི་ཟད་པའི་གཏེར་དུ་བསྔོ༔ ཞེས་བརྗོད་དོ༔ ནང་ལྟར་ན་དངོས་པོ་ལ་ཞེན་པ་གཅོད་པ༔ གསང་བ་ལྟར་ན་རྣམ་རྟོག་ཚོགས་ལམ་དུ་རྫོགས་པའོ༔ འདི་རང་དོན་རྣམ་པ་གསུམ་གྱི་རྣལ་འབྱོར་བྱ་བ་ཡིན་ཏེ་ཤིན་ཏུ་གལ་ཆེའོ་གསུངས་སོ༔ ྈ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་གཙོ་བོར་བྱེད་པའི་རྣལ་འབྱོར་གྱིས་ཞག་གཅིག་གི་དགེ་སྦྱོར་ལ༔ ཆོས་སྤྱོད་ཀྱི་ཡན་ལག་ཉི་ཤུ་རྩ་གཅིག་པོ་འདི་དང་ལྡན་པར་བྱས་ན་ཚོགས་རྫོགས་བར་ཆད་སེལ༔ བྱང་ཆུབ་ཀྱི་དངོས་གྲུབ་མྱུར༔ བྱ་སླ་ཚེགས་ཆུང་དོན་ཆེ་བ་ཡིན་པས་ཤིན་ཏུ་འབད་པས་དང་དུ་བླང་བར་བྱ་སྟེ༔ འདི་ལྟར་བྱས་པས་སངས་མ་རྒྱས་བྱང་མ་ཆུབ་ན་ངས་བསླུས་པ་ཡིན་གྱི་གསུངས༔ སྤྱིར་ཆོས་སྤྱི་དང་ལྡན་པ་དཀའ་སྟེ༔ ལ་ལས་འདོན་ཟློས་ལ་སྡུག་བསྔལ་དུ་ཁུར་ནས་བྱེད༔ ལ་ལས་ལྟ་བ་མཐོ་རུ་རེ་ནས་ཆོས་སྤྱོད་ཁྱད་དུ་གསོད༔ ལ་ལས་ནི་མི་ཚེ་ལ་རོ་ཉལ་བྱེད༔ ཆོས་ཚུལ་བཞིན་དུ་སྤྱོད་པ་ཉུང་བ་གདའ་བས༔ དེ་མ་ཡིན་པར་ལྟ་སྒོམ་ལ་རྒྱབ་གཏད་ནས་ཆོས་སྤྱོད་ཀྱིས་མདུན་བསུ༔ ཆོས་དཔེ་ལ་མ་བཞག་པར་སེམས་ལ་གླན༔ ལྟ་སྒོམ་གྱིས་ཡས་ཕུབ༔ ཆོས་སྤྱོད་ཀྱིས་མས་འཛེགས་ན༔ སངས་རྒྱས་མི་འོང་ནས་འགྲོ་ས་མེད་ཀྱི་གསུངས༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་ལ་གདམས་པ་ཆོས་སྤྱོད་རྒྱུན་གྱི་སྐོར༔ ཡོས་བུའི་ལོའི་དབྱར་ཟླ་འབྲིང་པོའི་ཚེས་གཅིག་ལ་མཆིམས་ཕུའི་བྲག་གི་ཡང་དབེན་དུ་བྲིས་པའོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ྈ ༄༅༔ ན་མོ་གུ་རུ༔ སློབ་དཔོན་སྤྲུལ་པའི་སྐུ་པདྨ་འབྱུང་གནས་ཀྱིས༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་ལ༔ འཁོར་བ་འབྱུང་ཟློག་གི་གདམས་པ་བསྟན་པ༔ འཁོར་བ་ལ་ཐོག་མ་དང་ཐ་མ་མེད༔ དང་པོ་འཁོར་བའི་ཐོག་མ་འདི་ཙམ་ནས་འཁོར་ཞེས་བྱ་བ་ཡང་མེད༔ ཐ་མ་འཁོར་བ་འདི་ཙམ་ན་སྟོངས་འགྲོ་བྱ་བ་ཡང་མེད༔ འཁོར་བའི་རང་བཞིན་སྡུག་བསྔལ་དུ་འཁོར་བ་ཡིན༔ འཁོར་ས་རིགས་དྲུག་ཡིན༔ འཁོར་ལུགས་སྐྱེ་རྒ་ན་འཆི་བཞིར་འཁོར་བ་ཡིན༔ འཁོར་བའི་མཐུས་སྡུག་བསྔལ་ལུ་གུ་རྒྱུད་ཡིན༔ འཁོར་བ་ལས་ཟློག་ཐབས་དམ་པའི་ཆོས་ཚུལ་བཞིན་དུ་སྤྱད་ན་ཟློག་པ་ཡིན་གསུངས་སོ༔ ༔ཡང་སློབ་དཔོན་པདྨའི་ཞལ་ནས༔ མཚོ་རྒྱལ་ཉོན་དང༔ མི་འཆི་བ་མ་དྲན་པ་རྣམས་ཀྱིས་ཆོས་ཡེ་མི་འོང༔ འཆི་བ་རྗེས་སུ་དྲན་པ་སྒོམ་དགོས་པར་འདུག་གསུངས༔ འཆི་བ་མ་དྲན་པས་འཇིག་རྟེན་འདི་ལ་མངོན་པར་ཞེན་པ་ཡིན༔ དེ་ལ་དང་པོ་ཕྱིའི་མི་རྟག་པ་ནི༔ ཡུལ་གང་ན་གཅེས་པའི་མི་ཞིག་ལ་བལྟས་པས༔ མི་ན་བའི་གནས་སྐབས་ནས་ན་བའི་གནས་སྐབས་ཇི་ལྟར་སོང༔ མི་ན་བའི་དུས་མདངས་ཡ་ལེ་ཡོད་པ་ལས༔ ན་ཙམ་ན་སོ་དྲེག་མཆུ་དྲེག་ཆགས་ཤིང་མདངས་ཡལ་ནས་ནག་ཆོམས་ཀྱིས་སོང༔ དེ་ཚུར་བདག་ལ་སྦྱར་ཏེ་བདག་ལའང་འདི་ལྟ་བུ་འོང་ངེས༔ དེ་ནས་གསོན་པའི་གནས་སྐབས་ན་ཀུན་ལ་གཅེས་པར་ཡོད་པས་ཉེ་འབྲེལ་ཐམས་ཅད་ཀྱིས་བསྐོར་ནས་ཁ་ཟས་སྟེར་ཞིང་གནས་པ་ལས༔ ཤི་ནས་སུ་ལ་ཡང་མི་མཁོ༔ གཟུགས་ཀྱི་ཕུང་པོ་དེ་ཕྱིར་མྱུར་དུ་ཐོན་ན་དགའ༔ དེ་ལྟར་ཤི་བ་དེ་ལ་བལྟ་ཞིང༔ བདག་ཀྱང་དེ་ལས་མ་འདས་པ་ཡིན་སྙམ་དུ༔ དེ་ནས་རོ་དེ་ཕྱིར་ཕྱུངས་ནས་དུར་ཁྲོད་དུ་བསྐྱལ་བའི་གནས་སྐབས་ན་ཡང་ཕུང་པོ་ཞིག་པོ་དང་རུལ་པ་དང་མ་རུལ་བའི་རྣམ་པ་ལ་སོགས་པ་ལ་བལྟས་པས༔ བདག་ཀྱང་དེ་ལས་མ་འདས༔ གཞན་ཡང་རང་གི་ཉེ་འབྲེལ་དང་ཡུལ་མི་ཁྱིམ་མཚེས་ན་ཟླ་ལ་སོགས་པ་ཤི་བ་མཐོང་བའི་དུས་ན་ཡང་རང་ལ་སྦྱར་བས་རང་ཡང་དེ་ལས་མ་འདས་པ་ཡིན་ནོ་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྟོན་དཔྱིད་ལ་སོགས་པ་དུས་འགྱུར་བ་ལ་བརྟེན་ནས་ཚེ་ཟད་པར་རྟོགས་པར་རིགས་ཏེ༔ དེ་ལྟར་མ་རིག་པ་རྣམས་ལ་འཆི་བའི་རྣམ་པར་རྟོག་པ་བློ་ལ་མ་སྐྱེས་པ་ཡིན་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ མཚོ་རྒྱལ་མིས་སྐད་ཅིག་མའི་མི་རྟག་པ་ཡང་མ་ཚོར་བར་འདུག་གསུངས༔ བདག་སྐྱེས་ནས་ད་ལྟ་ཕན་ཆད་དུ་སྐད་ཅིག་མ་རེ་རེ་ནས་ཚེ་ཟད་པས༔ སྔ་མ་ཡང་ཚེ་དེ་ཙམ་ཞིག་ཟད་དེ་རང་གིས་ལོ་དེ་ཙམ་ཞིག་ལོན༔ ད་ཡང་ཚེ་ཚད་བཅས་པར་ཐུབ་ཀྱང༔ དེ་བས་ལྷག་པར་ཐུབ་ཀྱང༔ སྐད་ཅིག་མ་རེ་རེ་ནས་འཛད་པ་ཡིན་གསུངས༔ སྐད་ཅིག་མ་རེ་སོང་ཞིང་འཆི་བ་ལ་ཉེར་འགྲོ་བས་བདག་མྱུར་དུ་འཆི་བར་འགྱུར་བ་ཡིན༔ དུད་འགྲོ་ལ་སོགས་པའི་སྲོག་ཆགས་གསོད་པའི་སར་ཁྲིད་ན་གོམ་པ་རེ་བོར་ཞིང་འཆི་བ་ལ་ཉེར་འགྲོ་བ་བཞིན་དུ༔ བདག་ཀྱང་འཆི་བ་ལ་ཉེར་འགྲོ་བ་ཡིན་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ལར་སྐད་ཅིག་མ་ཉི་མའི་གྲིབ་སོ་ཙམ་དུ་ཚེ་འགྲོ་བ་ཡིན་ཏེ༔ ཡུད་ཙམ་ཡང་མི་སྡོད་པར་འདི་ཁམ་ཆེ་བར་འདུག་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ མཚོ་རྒྱལ་མི་ཐམས་ཅད་ཀྱིས་རྒྱུན་གྱི་མི་རྟག་པ་ཡང་མ་ཚོར་བར་འདུག་གསུངས་སོ༔ བདག་མ་ལ་སྐྱེས་ནས་ད་ལྟ་ཕན་ཆད་ལ་ཉིན་མཚན་གཉིས་ཀྱི་ཚེ་ཟད་ཨང༔ སྔ་མ་ཡང་ཚེ་དེ་ཙམ་ཞིག་ཟད༔ དེ་བས་ལྷག་པ་ཐུབ་ཀྱང་ཉིན་མཚན་ཙམ་གྱིས་ཚེ་འཛད་པ་ཡིན་གསུངས༔ དེ་རིང་སོང་དོ་ནུབ་སོང༔ ཞག་གཅིག་སོང་གཅིག་འུད༔ གཉིས་སོང་གཉིས་འུད༔ དེ་བཞིན་དུ་ཉིན་མཚན་འུད་འུད་འཛད་པས་བདག་རིང་པོར་མི་ཐོགས་པར་འཆི་བར་འགྱུར་བ་ཡིན་གསུངས༔ ལར་ཚེ་ཉིན་ཞག་གཅིག་གིས་འཛད་པར་འདུག་པ་ལ༔ ཉི་མ་རིང་ཐུང་དང་ནམ་རིང་ཐུང་བརྩི་བར་འདུག་སྟེ༔ ཉི་མ་དང་ནམ་རིང་བས་བདག་གི་ཚེ་ལ་མི་ཕན་གསུངས༔ ༔ཡང་སློབ་དཔོན་པདྨའི་ཞལ་ནས༔ མི་རྣམས་ཀྱིས་མི་རྟག་པ་ཡང་མ་ཚོར་བར་འདུག་གསུངས༔ རང་གི་ཚེ་འདི་སྐྱ་བ་མེད་པའི་རྒྱ་མཚོའི་གྲུ་དང་འདྲ༔ འཆི་བདག་གི་བདུད་རྒྱ་མཚོའི་ཆུ་བོ་དང་འདྲ༔ རང་ནི་གད་ཁའི་ཤིང་བུ་དང་འདྲ༔ འཆི་བདག་གི་བདུད་གད་རྩའི་ཆུ་རྒྱུན་དང་འདྲ་བས་རྒྱུན་དུ་རྐོ༔ རང་གི་ཚེ་ཐོ་ཡོར་ཁར་བྱ་སྒྲོ་བཙུགས་པ་དང་འདྲ༔ འཆི་བདག་གི་བདུད་སྐྱི་སེར་གྱི་རླུང་དང་འདྲ་བས་གཡོ༔ རང་གི་ཚེ་ཤ་བ་རྨས་མ་དང་འདྲ་བར་འབྲོས༔ འཆི་བདག་གི་བདུད་ཤ་ཁྱིས་ཉུལ་མ་དང་འདྲ་སྟེ་འདེད་པ་ཡིན༔ ལར་རང་གི་ཚེའི་འགྲིབ་ལུགས་མི་མཐོང་བར་གཞན་དག་ཤི་བར་མྱ་ངན་ཆེན་པོ་བྱེད་པར་འདུག༔ ཇི་ལྟར་ཡིན་ནམ་གསུངས་སོ༔ ༔སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ མཚོ་རྒྱལ་མིས་གློ་བུར་དུ་མི་རྟག་པ་ཡང་མ་ཚོར་བར་འདུག་གསུངས༔ ཇི་ལྟར་གདའ་ཞུས་པས༔ ཚེ་ཚད་དང་ལྡན་པར་ཐུབ་ཀྱང་ནམ་ཡང་འཆི་བ་ལས་མ་འདས༔ དེ་རིང་འཆིའམ་དོ་ནུབ་འཆི་རང་ཡང་ངེས་པར་རང་དབང་ཐོབ་པ་མེད༔ རང་གི་ལུས་ཀྱིས་ཀྱང་ལྕེབ་ནས་འཆི༔ ལུས་འབྱུང་བ་བཞིས་བསྐྱེད་དེ༔ འབྱུང་བ་བཞི་རླུང་མཁྲིས་བད་ཀན་འདུས་པ་ཆ་མ་སྙོམས་པ་ལས་འཆི་རྐྱེན་བྱེད༔ ལུས་ཟས་ཀྱིས་གསོ་བ་ཡིན་ཏེ༔ སུབས་པ་དང་བརྣངས་པས་ཀྱང་འཆི༔ ཆུ་རྩལ་ཅན་ཆུ་གྲིར་འཆི༔ གཟོབ་པོ་ལྕེབ་གྲིར་འཆི༔ ཤ་དུག་དང་ཟས་མ་འཕྲོད་པས་ཀྱང་འཆི༔ རྟ་རྩལ་ཅན་རྟ་གྲིར་འཆི༔ དཔའ་བོ་མཚོན་གྲིར་འཆི༔ དྲང་པོ་དུར་གྲིར་འཆི༔ ལར་འཆི་རྐྱེན་དུ་མ་སོང་བ་མེད༔ རང་གིས་ཞག་གཅིག་ཀྱང་མི་འཆི་བའི་གཡོན་ཡང་མི་ལོན་པར༔ རང་ལ་རང་རྫུན་ཟེར་བ་ཤ་སྟག་འདུག་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ མཚོ་རྒྱལ་འཆི་རྐྱེན་གྱིས་ནམ་འཆི་ཆ་མེད༔ འཆི་རྐྱེན་ཅི་འོང་ཆ་མེད༔ ཚེ་ལ་ཡིད་བརྟན་དུ་མེད༔ བདག་འཆི་ངེས་པ་ཡིན་གསུངས༔ གཞོན་པ་མི་འཆི་བ་མེད༔ རྒས་པ་ཐར་པ་མེད༔ ན་བ་གཅིག་གི་སྔོན་ལ་མི་ན་བ་བརྒྱ་འཆི༔ ནད་ཚབས་ཆེན་པོ་ཞིག་ཐང་ཅིག་སོས་ཀྱང་དེས་འཆི་བ་དང་ན་བ་ལས་ཐར་པ་མེད༔ འཆི་བ་ལ་མི་དགའ་བས་ཕན་པ་མེད༔ ཤི་མོད་རང་གཅིག་པུ་མི་འཆི༔ ཐམས་ཅད་འཆི་བ་ལ་ཟེར་བས་ཀྱང་མི་ཕན༔ ཤི་ནས་ལུས་མི་ལེན་ན་དེ་ཉིད་ཡིན་ཏེ༔ སྐྱེ་གནས་ལ་རང་དབང་མེད༔ ཤི་ཙ་ན་དགེ་སྡིག་གི་ལས་འབའ་ཞིག་རྗེས་སུ་འབྲང་བ་ཡིན༔ ལར་འཆི་བར་ཤེས༔ དགེ་སྡིག་ཆ་ཡོད་བཞིན་དུ་སྡིག་པ་བྱེད་པ་འདི་ཀུན་ལ་བསམ་པ་ཅི་ཡོད་དམ་གསུངས་སོ༔ ༔སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ མཚོ་རྒྱལ་ཤི་ནས་མེད་ནས་མི་འགྲོ༔ ཡང་ལས་ཀྱིས་སྐྱེ་དགོས་པ་ཡིན༔ ལས་དགེ་མི་དགེ་ལུང་མ་བསྟན་གསུམ་ལས༔ དགེ་བའི་འབྲས་བུ་མཐོ་རིས་ལ་སོགས་བདེ་བ་ཡིན༔ མི་དགེ་བའི་འབྲས་བུ་ངན་སོང་གསུམ་ལ་སོགས་པའི་སྡུག་བསྔལ་ཡིན༔ ལུང་དུ་མ་བསྟན་པ་ས་བོན་རུལ་བ་དང་འདྲ་བར་འབྲས་བུ་འབྱིན་མི་ནུས་གསུངས༔ ལར་ངན་སོང་གསུམ་དུ་སྐྱེ་བའི་རྒྱུ་སྡིག་པ་དང་ཞེན་པ་ཡིན༔ དེ་ཡང་སྡིག་པའི་ལས་ཀྱིས་དམྱལ་བ་ཡིན༔ ཞེན་པས་ཡི་དྭགས་དང་དུད་འགྲོར་སྐྱེ་བ་ཡིན་གསུངས༔ སྐྱེ་ཙམ་ན་མི་དགེ་བ་རབ་སྤྱད་པས་དམྱལ་ཁམས་བཅོ་བརྒྱད་པོ་གང་རུང་ཞིག་ཏུ་སྐྱེ་བ་ཡིན༔ དེར་སྐྱེས་ནས་ཀྱང་ལྕགས་ཀྱི་ཁང་སྒྲོམ་འབར་བར་སྲེག་པ་དང༔ ལྕགས་བསྲེགས་པའི་ས་གཞི་འབར་བ་ལ་འགྲོ་བ་དང༔ མེ་མ་མུར་ལ་འགྲོ་བ་དང༔ ལྕགས་ཀྱི་སོག་ལེ་འབར་བས་གཤོག་པ་དང༔ ལྕགས་ཀྱི་གཏུན་བུས་རྡུང་བ་དང༔ ཟངས་ཁོལ་ཚད་མའི་ནང་དུ་འཚོད་པ་དང༔ མ་ཤི་བར་ལྕགས་ཀྱི་བྱ་དམར་པོས་ཟ་བ་དང༔ རལ་གྲིའི་ཆར་འབབ་པ་དང༔ སྤུ་གྲིའི་ལམ་ལ་འགྲོ་བ་དང༔ རོ་མྱགས་ཀྱི་འདམ་ལ་འདྲུད་པ་དང༔ བྲག་བར་དུ་འཇོམས་པ་དང༔ ལྕེ་ལ་ཞིང་རྨོད་པ་དང༔ དེ་ལ་སོགས་པའི་སྡུག་བསྔལ་སྐད་ཅིག་ཀྱང་མི་བཟོད་པ་ཡོད་པ་ཡིན་གསུངས༔ གྲང་བའི་དམྱལ་བར་སྐྱེས་ན་ཡང་ཆུ་བུར་ཅན་ཆུ་བུར་བརྡོལ་པ་ཅན་དང༔ སོ་ཐམ་ཐམ་དང༔ པདྨ་ལྟར་གས་པ་དང༔ ཨུཏྤལ་ལྟར་གས་པ་དང༔ ལུས་འཁྱག་པ་ལྟར་གས་པ་དང༔ མནར་མེད་པའོ༔ དེ་རྣམས་ཀྱི་སྡུག་བསྔལ་བཟོད་པ་མེད་པ་ཡིན་གསུངས༔ གྲང་བའི་དམྱལ་བ་བས་ཚ་བའི་དམྱལ་བ་སྡུག་བསྔལ་ཆེ་སྟེ༔ མནར་མེད་པའི་ཚ་བའི་དམྱལ་བ་ཡིན༔ མནར་མེད་པའི་སྡུག་བསྔལ་དེ་བས་ཆེར་མི་བཏུབ་པས་མནར་མེད་པའོ༔ དམྱལ་བ་དེ་རྣམས་ཤི་ན་དགའ་ཡང་འཆིར་མི་བཏུབ༔ སྡུག་བསྔལ་མྱོང་ཞིང་སོས་ནས་འོང་བ་ཡིན༔ མནར་མེད་དུ་སྐྱེ་བའི་རྒྱུ་ནི་མཚམས་མེད་པ་ལྔ་དང་བཀའ་ལ་ཉོ་ཚོང་བྱས་པས་སྐྱེ་བ་ཡིན་གསུངས༔ གཞན་སྲོག་གཅོད་པའི་ལས་གཙོ་བོར་བྱས་པས་དམྱལ་བ་གཞན་རྣམས་སུ་སྐྱེ་བ་ཡིན་གསུངས་སོ༔ ༔སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ མི་དགེ་བ་འབྲིང་དུ་སྤྱད་པས་ཡི་དྭགས་ཀྱི་རིགས་སུམ་ཅུ་རྩ་དྲུག་གང་རུང་དུ་སྐྱེ་བ་སྟེ༔ དེར་སྐྱེས་ན་དུས་རྟག་ཏུ་མུན་ཁུང་ནང་དུ་འདུག་པ་དང༔ རང་གི་ལག་པ་བརྐྱང་སྐུམ་མི་མཐོང་བ་དང༔ བཀྲེས་སྐོམ་གྱིས་གདུངས་ནས་རུས་པ་འཁྲོག་ཙམ་ན་ཚིགས་དམིགས་ནས་མེ་སྟག་ཕྲོ་ཕྲོ་བ་དང༔ དུས་དང་བསྐལ་པ་ཡང་བརྒྱ་སྟོང་མང་པོར་ཟས་སྐོམ་གྱི་མིང་ཡང་མི་ཐོས་ན་བཟའ་བ་དང་བཏུང་བ་རྙེད་པ་ལྟ་སྨྲོས་ཀྱང་ཅི་དགོས་པ་དང༔ ཟས་རྣག་ཁྲག་ཏུ་མཐོང་བ་དང༔ མེ་མ་མུར་དུ་མཐོང་བ་དང༔ གཞན་གྱིས་བཟའ་དབང་མེད་པར་མཐོང་བ་དང༔ སྲུང་བ་ལ་སོགས་པ་སྡུག་བསྔལ་ལ་བཟོད་པའི་གླགས་མེད་པར་སྐྱེ་བ་ཡིན་གསུངས༔ དེར་སྐྱེ་བའི་རྒྱུ་སེར་སྣ་དང་འཇུར་གེགས་ཡིན་ནོ༔ སེར་སྣ་ནི་རང་གིས་སྦྱིན་པ་གཏོང་མི་ཕོད་པ་ཡིན༔ འཇུར་གེགས་བྱ་བ་གཞན་གཏོང་བའི་གེགས་བྱེད་པ་ལ་ཟེར་བ་ཡིན་གསུངས༔ སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ མི་དགེ་བ་ཆུང་ངུ་སྤྱད་པས་དུད་འགྲོའི་རིགས་བྱེ་བྲག་སུམ་ཅུ་སོ་དྲུག་གང་རུང་དུ་སྐྱེ་བ་ཡིན་གསུངས་སོ༔ དེར་སྐྱེས་ན་གླེན་ཞིང་གཏི་མུག་པ་དང༔ རང་ལ་རང་དབང་མེད་པར་གཞན་གྱིས་འཁོལ་བ་དང༔ སྡུག་ཀྱང་རང་སྡུག་སྟེ་མགོན་བྱེད་པ་མེད་པ་དང༔ དུས་རྟག་ཏུ་གཞན་གྱིས་གསོད་ཀྱིས་དོགས་ནས་འཇིགས་པ་དང༔ མ་ཤི་བར་གཞན་གྱིས་ཤ་ཁྲག་ཟ་འཐུང་བྱེད་པ་དང༔ དེ་ལ་སོགས་དུད་འགྲོ་ལ་ཡང་སྡུག་བསྔལ་སྣ་ཚོགས་པ་སྐྱི་གཡའ་བ་ཡོད༔ དུད་འགྲོ་ཁ་འཐོར་བ་མི་ལ་བསྟེན་པ་འདི་རྣམས་སྡུག་བསྔལ་ཆུང་ཤོས་ཡིན༔ གནས་ན་གནས་པའི་དུད་འགྲོ་བྱིངས་ཆེན་པོ་ཕྱིའི་རྒྱ་མཚོ་ལ་སོགས་པ་ན་ཡོད་དེ༔ སྡུག་བསྔལ་ཤིན་ཏུ་ཆེ་གསུངས༔ དེར་སྐྱེ་བའི་རྒྱུ་ནི་སྡིག་པ་ཕྲ་མོ་ལ་མི་འཛེམ་པ་སྐྱེ་བ་ཡིན་གསུངས༔ ཡུལ་མཐའ་འཁོབ་ལ་སོགས་པའི་གནས་ལྔར་སྐྱེས་ན༔ དེ་ནི་ཆོས་མེད་པས་ཚེ་ཕྱི་མ་འགྲོ་ས་ངན་སོང་ལས་མེད་དེ༔ དེར་སྐྱེས་ན་ངན་སོང་གསུམ་གྱི་སྡུག་བསྔལ་གོང་བཞིན་མྱོང་བ་ཡིན་གསུངས་སོ༔ ༔སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ མཐོ་རིས་བདེ་བ་སྐད་བཤད་དེ༔ དེ་ངན་སོང་གསུམ་གྱི་སྡུག་བསྔལ་ལ་ལྟོས་ན་སྡུག་བསྔལ་ཤས་ཆུང་བ་ཙམ་ལ་དགོངས་ནས་མཐོ་རིས་བདེ་བ་སྐད་བཤད་པ་ཡིན༔ དངོས་པོ་མཐོ་རིས་ཉིད་ན་ཡང་བདེ་བ་མེད༔ སྡུག་བསྔལ་འབའ་ཞིག་ཡིན༔ མི་ལ་སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་པ་ཡོད་པ་ཡིན༔ དེ་ལ་དང་པོ་སྐྱེ་བའི་སྡུག་བསྔལ་ནི༔ དང་པོ་ཀུན་གཞི་ཕ་མའི་ཁུ་ཁྲག་ཏུ་འཐུམས་པའི་དུས་སུ་མུན་པའི་གླིང་དུ་ཚུད་པ་སྙམ་པའམ༔ རི་ཆེན་པོའི་འོག་ཏུ་མནན་པ་སྙམ་བྱེད༔ དེ་ནས་གཟུགས་དོད་འགུལ་འཕྲིག་གི་དུས་སུ་མ་ཟས་ཀྱིས་འགྲངས་པའི་དུས་སུ་བྲག་བར་དུ་བཙིར་བར་སྙམ་བྱེད༔ མ་ལྟོགས་པའི་དུས་སུ་དཔྱང་ལ་བཏགས་པ་སྙམ་བྱེད༔ དྲག་ཤུལ་བྱས་པའི་དུས་སུ་བྲག་བར་དུ་བཙིར་བར་སྙམ་བྱེད༔ དེ་ནས་སྐྱེ་བའི་དུས་སུ་བྲག་བར་དུ་བཙིར་ནས་འདོན་པ་དང་འདྲ༔ ཐང་ལ་ལྷུང་བ་ན་པགས་པ་བཤུས་ནས་ཚེར་མའི་དོང་ནང་དུ་བསྐྱུར་བའི་སྡུག་བསྔལ་ལམ༔ རྨིག་པས་བརྫིས་པ་སྙམ་བྱེད༔ སྡུག་བསྔལ་ཤིན་ཏུ་ཆེའོ༔ དེ་ནས་ཆུང་གི་བར་དུ་བཀྲེས་པ་དང༔ སྐོམ་པ་དང༔ རྐང་ལག་ན་བ་དང༔ ཤིན་ཏུ་སྡུག་བསྔལ་བ་ཡོད་དོ༔ དེ་ནས་ཆེ་བར་སྐྱེས་ནས་ཀྱང༔ མེད་པ་ཤ་ཐང་ཆད་པར་བཙལ་གྱིས་མི་རྙེད་པའི་སྡུག་བསྔལ་སྣ་ཚོགས་པ་དང༔ ཡོད་པ་རྐུ་འཕྲོག་ལ་སོགས་པ་ཤོར་གྱི་དོགས་པའི་སྡུག་བསྔལ་སྣ་ཚོགས་པ་དང༔ དགྲ་སྡང་བ་དང་འཕྲད་ཀྱི་དོགས་པའི་སྡུག་བསྔལ་སྣ་ཚོགས་པ་དང༔ གཉེན་བྱམས་པ་དང་བྲལ་གྱི་དོགས་པའི་སྡུག་བསྔལ་སྣ་ཚོགས་པ་དང༔ འདུ་བྱེད་ཀྱི་སྡུག་བསྔལ་ཕུང་པོ་འདི་བླངས་པ་ཙམ་གྱིས་སྡུག་བསྔལ་གྱི་ཁུར་ཆེན་པོ་ཡིན་ཏེ༔ ཚ་མི་བཟོད༔ གྲང་མི་བཟོད༔ བཀྲེས་མི་བཟོད༔ སྐོམ་མི་བཟོད་པ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་ཡོད་པ་ཡིན་གསུངས༔ དེ་ནས་རྒས་པའི་སྡུག་བསྔལ་སྣ་ཚོགས༔ རྒས་འཁོགས་པས་དབང་པོ་དང་ལུས་ཀྱི་ནུས་པ་ཐམས་ཅད་ཤོར༔ འགྲོ་ན་བུབ་པར་འདུག༔ ལངས་ན་ལྡང་མི་ནུས་པར་འདུག༔ སྤྱི་བོ་ཐེར་བ་དང་ལུས་ནག་པོར་ཐལ་པའི་ཐིག་ལེས་ཁེངས༔ སྐྲ་དཀར་དང་གཉེར་མ་མང་བས་ཀུན་གྱི་ཡིད་དུ་མི་འོང༔ ཁྱིམ་མཚེས་ཀྱི་བྱིས་པ་ལ་སྡིགས་མོར་འགྱུར་བ་འོང་སྟེ་ཡ་ཆ་གསུངས༔ ན་བའི་སྡུག་བསྔལ་མི་བཟོད་པ་སྣ་ཚོགས་ཡོད་དེ༔ ལུས་ཀྱི་དབང་པོ་ལྔ་གང་ན་ཡང༔ མིག་ལྟ་བུ་ཞིག་ན་ན༔ མིག་མ་ཡིན་པའི་གཞན་ཞིག་ན་ན་ཅི་མ་རུང་སྙམ༔ གང་ཡང་མི་བཟོད༔ ལུས་ཀྱི་མདངས་ཉམས༔ དབང་པོ་དང་སྟོབས་ཉམས༔ ནོར་དང་འབྲུ་དང་ནོར་ཆེར་ཐ་མར་ཟད་པར་བྱེད་པས་ཤིན་ཏུ་སྡུག་བསྔལ་ལོ༔ འཆི་བའི་སྡུག་བསྔལ་ནི་འཆི་བའི་དུས་སུ་གནད་གཅོད་པའི་སྡུག་བསྔལ་གྱིས་མཚོན་གྱིས་གཏུབས་པ་སྙམ་བྱེད༔ ལུས་ཞན་སེམས་མི་གསལ་དྲོད་ཞན༔ དབུགས་སྡུད་མི་ཤེས་གསུངས་སོ༔ སློབ་དཔོན་པདྨའི་ཞལ་ནས༔ འཆི་བའི་སྡུག་བསྔལ་འདི་དམྱལ་བའི་སྡུག་བསྔལ་ལས་ཀྱང་འཇིགས་སུ་རུང་གསུངས་སོ༔ ༔སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ མཚོ་རྒྱལ་ལྷ་ཡུལ་ན་བདེ་སྐྱིད་འཛོམ་པ་སྐད་ཟེར་ཏེ༔ དེ་ན་ཡང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས༔ ལྷ་དང་ལྷ་མ་ཡིན་འཐབ་རྩོད་ཀྱིས་སྡུག་བསྔལ༔ རིན་པོ་ཆེའི་རི་ཕར་འཕེན་ཚུར་འཕེན་བྱེད་པ་དང༔ གསོད་གཅོད་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་པ་ཡིན་གསུངས༔ ལྷ་ལ་ལྟུང་བའི་སྡུག་བསྔལ༔ རིམས་ཚ་བས་བཏབ་པའི་སྡུག་བསྔལ་ཡོད༔ ལྟུང་བའི་སྡུག་བསྔལ་འདི་ནི་ཁྱད་པར་ཆེ་སྟེ༔ འཆི་ལྟས་རྣམ་པ་གསུམ་ནི་བྱུང༔ ལུས་ཀྱི་ཁ་དོག་ནི་འགྱུར༔ སྟན་ལ་མི་དགའ་སྟེ་མེ་ཏོག་གི་ཕྲེང་བ་རྙིང༔ གོས་ལ་དྲི་མ་ཆགས༔ སྔོན་ཆད་མེད་པའི་སྡུག་བསྔལ་བྱུང༔ ངན་སོང་རྣམ་པ་གསུམ་དུ་སྐྱེ་བ་ནི་མངོན་ཤེས་ལ་སོགས་པས་མཐོང་ཙམ་ན༔ ཉ་སྐམ་ལ་བཏོན་པའམ༔ ཀླུ་ཕྲུག་ནམ་མཁའ་ལྡིང་གིས་ཁྱེར་བའམ༔ རྔ་མོང་བུ་སྟོར་བའམ༔ རྒྱ་མཚོ་ཆེན་པོར་གྲུ་ནུབ་པ་ཙམ་ཡོད་གསུངས༔ རིམས་ཚ་བས་བཏབ་པའི་སྡུག་བསྔལ་ནི་མནར་མེད་པའི་སེམས་ཅན་དམྱལ་བ་ལས་བདུན་འགྱུར་རམ་བཅུ་དྲུག་འགྱུར་གྱིས་སྡུག་བསྔལ་ཆེ་བ་ཡོད་པ་ཡིན་གསུངས༔ ལར་མཐོ་རིས་སུ་སྐྱེས་ཀྱང་སྡུག་བསྔལ་དེ་ལ་སོགས་པ་དཔག་ཏུ་མེད་པ་ཡོད་པ་ཡིན་གསུངས༔ མཐོ་རིས་པའི་རྩེ་མོ་ནས་དམའ་མནར་མེད་པའི་དམྱལ་བ་ཡན་ཆད་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་གསུངས་སོ༔ ༔སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ མཚོ་རྒྱལ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་འཁོར་བ་ལ་ཐུག་པ་མེད་པས༔ སྔ་མ་ཡང་འགྲོ་བ་རིགས་དྲུག་ཏུ་ཅི་འདྲ་བ་ཞིག་འཁྱམས༔ ད་ཕན་ཆད་ཀྱང་ཅི་འདྲ་ཞིག་འཁྱམས༔ འཁོར་བ་ལ་དུས་འདི་ཕན་ཆད་འཁོར་བའི་ཐོག་མ་ཡིན་བྱ་བའམ༔ དུས་འདི་ཚུན་ཆད་ཐ་མ་ཡིན་བྱ་བ་མེད་དེ༔ སྐྱེ་རྒ་ན་འཆི་བཞི་ལ་གཏིང་མཐའ་མེད་དོ༔ ད་འཁོར་བ་ལ་མཐར་ཟད་པ་ནི་མེད༔ རང་ལོག་ཏུ་ནི་མི་འགྲོ་བས༔ འཁོར་བ་མཐའ་མེད་དུ་བདག་ད་བཟོད་འཁྱམས་དགོས་པ་ཡིན་གསུངས༔ ལར་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པས་དེ་ལས་བློ་མ་ལོག་ན་ཅིས་ཀྱང་ཕན་པ་མེད་གསུངས་སོ༔ ༔སློབ་དཔོན་སྤྲུལ་སྐུ་པདྨའི་ཞལ་ནས༔ འཁོར་བ་སྡུག་བསྔལ་གྱི་རང་བཞིན་དེ་ལྡོག་དགོས་ཏེ༔ དེ་ལ་ད་རེས་དལ་འབྱོར་གྱི་ལུས་འདིས་མ་བཟློག་ན༔ དེ་ནས་མི་བཟློག་སྟེ༔ དེ་ཡང་རང་འབྱོར་ལྔ་དང་གཞན་འབྱོར་ལྔ་ལས་རང་འབྱོར་ལྔ་ནི༔ ཡུལ་དབུས་སུ་སྐྱེས་པ་དང༔ མི་ལུས་ཐོབ་པ་དང༔ དབང་པོ་ཚང་བ་དང༔ གནས་ལ་དད་པ་དང༔ ལས་ཀྱི་མཐའ་མ་ལོག་པའོ༔ གཞན་འབྱོར་ལྔ་ནི༔ སངས་རྒྱས་འཇིག་རྟེན་ཏུ་བྱོན་པ་དང༔ དེས་ཆོས་གསུངས་པ་དང༔ དེའི་བསྟན་པ་ཡུན་རིང་དུ་གནས་པ་དང༔ གཞན་དེའི་རྗེས་སུ་འཇུག་པའི་གྲོགས་ཡོད་པ་དང༔ གཞན་གྱི་ཕྱིར་སྙིང་བརྩེ་བ་ལ་ཞུགས་པའོ༔ འོ་ན་དལ་འབྱོར་འདི་ཡང་དང་ཡང་དུ་ཐོབ་བམ་ཞེ་ན༔ མི་ཐོབ་སྟེ༔ དལ་འབྱོར་འདི་ནི་ཤིན་དུ་རྙེད་པར་དཀའ༔ སྐྱེས་བུས་དོན་གྲུབ་ཐོབ་པར་གྱུར་པ་ལ༔ གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན༔ ཕྱིས་ནི་ཡང་དག་འབྱོར་པར་ག་ལ་འགྱུར༔ ཞེས་པའི་དུས་ད་རེས་ཡིན་ནོ༔ ཡར་འགྲོ་མར་འགྲོའི་དུས་ད་རེས་ཡིན་ནོ༔ སྐྱིད་སྡུག་གཉིས་ཀྱི་ཤན་འབྱེད་དུས་ད་རེས་ཡིན་ནོ༔ འཁོར་འདས་གཉིས་ཤན་འབྱེད་དུས་ད་རེས་ཡིན་ནོ༔ དུས་ད་རེས་ཤན་མ་ཕྱེ་ན༔ ཕྱིས་འཁོར་བ་ནས་ཐོན་པ་ཤིན་ཏུ་དཀའ་འོ༔ ད་རེས་ཀྱི་འཁོར་བ་འདི་སྲིད་པ་ལུགས་ནས་བཟློགས་ན་གཏན་དུ་ལུས་བླང་མི་དགོས༔ ལུས་མ་བླང་ཙམ་ན་འཁོར་འདས་ཤན་འབྱེད་པ་ཡིན་ནོ༔ ཕོ་མདོ་ཆེ་ཆུང་དང༔ མོ་སྒྲིན་གླེན་དུས་ད་རེས་ལ་བལྟའོ༔ རང་དོན་ཕྱལ་བར་བཏང་ནས་མི་ཚེ་སྟོང་སྐྱེལ་མ་བྱེད་ཅིག༔ ནོར་བུ་རིན་པོ་ཆེའི་གླིང་དུ་ཕྱིན་ནས་སྟོང་ལོག་མ་བྱེད་ཅིག་གསུངས་སོ༔ ༔སློབ་དཔོན་པདྨ་ལ་ཇོ་མོས་ཞུས་པ༔ འཁོར་བ་ལུགས་ནས་ཟློག་པ་ལ༔ གཞི་གནས་པའི་གནས་ལུགས་ཇི་ལྟར་ལགས་ཞེས་ཞུས་པས༔ སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ ཐོག་མར་རྒྱུས་མ་བསྐྱེད༔ བར་དུ་རྐྱེན་གྱིས་མི་འགྱུར༔ ཐ་མ་གཉེན་པོས་མི་ཆོམས༔ སངས་རྒྱས་སྒམ་སྟེ་མ་མཛད༔ སེམས་ཅན་སྒྲིན་པོས་མ་བཅོས༔ འཁྲུལ་ཏེ་སེམས་ཅན༔ གྲོལ་ཏེ་སངས་རྒྱས་ལ༔ གཞི་གནས་པའི་གནས་ལུགས་ཞེས་བྱ༔ གསང་སྔགས་རང་བྱུང་གི་ཡེ་ཤེས་ཞེས་བྱ༔ གསང་སྔགས་དེ་ཁོ་ན་ཉིད་ཅེས་བྱ༔ གསང་སྔགས་བདེན་པ་གཉིས་སུ་མེད་ཅེས་བྱ༔ དེ་ལ་གཞི་ལ་གནས་པའི་གནས་ཚུལ་ཅེས་བྱ༔ དེ་ནི་འཁོར་འདས་གཉིས་ཀྱི་གཉིས་གཞི་ཡིན་གསུངས་སོ༔ ༔དེ་ནས་ཇོ་མོས་ཞུས་པ༔ འཁྲུལ་པའི་འཁྲུལ་ཚུལ་གང་ལགས༔ ཞེས་ཞུས་པས༔ གཞི་ཅི་ཡང་མ་ཡིན་པ་དེ་ལས་སྒྲིབ་པ་རྣམ་གསུམ་གྱིས་འཁྲུལ་ལོ༔ ཡིད་ཀྱི་སྒྲིབ་པ་ནི་སྟོང་པ་ཉིད་ཀྱི་ངང་ལས་ངར་འཛིན་གྱི་ཤེས་པ་ཝལ་གྱིས་ཤར་བའི་དཔེ་ནི་སྐམ་གློག་ལྟ་བུའོ༔ ངག་གི་སྒྲིབ་པ་ངའི་ཡུལ་དུ་གཅོད་པའི་དཔེ་ནི་སྦྲང་ཆར་གྱི་གློག་ལྟ་བུའོ༔ ལུས་ཀྱི་སྒྲིབ་པ་ཆགས་སྡང་དང་འཁྲུག་དཔེ་ནི་ཐོག་སེར་གྱི་གློག་ལྟ་བུའོ༔ ཡིད་ཀྱི་སྒྲིབ་པའི་དུས་སུ་ངར་འཛིན་པ་དེ་ནི་ཉོན་མོངས་པ་འདོད་ཆགས་སོ༔ ངག་གི་སྒྲིབ་པའི་དུས་སུ་ངའི་ཡུལ་དུ་གཅོད་པ་ནི་ཉོན་མོངས་པ་ཞེ་སྡང༔ ལུས་ཀྱི་སྒྲིབ་པའི་དུས་སུ་ཆགས་སྡང་འཁྲུགས་པ་དེ་ནི་ང་དང་ངའི་གཉིས་སུ་མེད་པ་ལས་གཉིས་སུ་བཟུང་བས་གཏི་མུག་གོ༔ དུག་གསུམ་དེ་ནི་འཁོར་བ་སྐྱེད་པའི་རྒྱུ་ཡིན་ནོ༔ རྐྱེན་ནི་ང་རྒྱལ་དང་ཕྲག་དོག་གཉིས་སོ༔ འཛིན་པ་བསགས་པའི་ཀུན་གཞི་དེ་ཁ་ནང་དུ་བལྟས་པའི་དུས་སུ༔ རང་དགར་འཛིན་པས་ང་རྒྱལ་ལོ༔ ཕར་ལ་དཔྱད་པའི་དུས་སུ་མི་དགར་ཤོར་བས་ཕྲག་དོག་གོ༔ ཉོན་མོངས་པ་ལྔ་པོ་དེ་ལས་འབྱུང་བ་ལྔ་ཆད་དེ༔ ཞེ་སྡང་ལས་གྱུར་པ་ས༔ འདོད་ཆགས་ལས་གྱུར་པ་ཆུ༔ ང་རྒྱལ་ལས་གྱུར་པ་མེ༔ ཕྲག་དོག་ལས་གྱུར་པ་རླུང༔ གཏི་མུག་ལས་གྱུར་པ་ནམ་མཁའ༔ དེ་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་སོ༔ དེ་ལ་བརྟན་པ་ཐོབ་པས་ནང་གི་འབྱུང་བ་ལྔ་ཆགས་ཏེ༔ ཞེ་སྡང་ལས་རུས་པ༔ འདོད་ཆགས་ལས་ཁྲག༔ གཏི་མུག་ལས་ཤ༔ ང་རྒྱལ་ལས་དྲོད༔ ཕྲག་དོག་ལས་དབུགས༔ དེ་ལྟར་ཆགས་ཤིང་ཞེན་པས་སྐྱེ་བ་རྣམ་བཞིའི་ཚུལ་དུ་ལུས་བླངས་པ་སྟེ༔ གཏི་མུག་གིས་ནང་བརྫུས་ཏེ་སྐྱེ༔ ང་རྒྱལ་གྱིས་ནང་སྒོ་ང་ལས་སྐྱེ༔ ཞེ་སྡང་གིས་ནང་དྲོད་གཤེར་ལས་སྐྱེ༔ འདོད་ཆགས་ཀྱིས་ནང་མངལ་ལས་སྐྱེའོ༔ དེར་རྣམ་པར་སྨིན་པའི་ལུས་བླངས་ནས་རྣམ་པར་སྨིན་པའི་རྟོག་པ་བསྲེལ་ནས༔ ངའི་ཕ་དང་ངའི་མ་དང་གཉེན་འདུན་རྩ་ལག་དང་ཡུལ་དང་ཁམས་དང་ཁྱིམ་དུ་འབུང་སྟེ༔ འཁོར་བའི་རྩ་བ་ལས་སྡོང་པོ་ཡལ་ག་འབྲས་བུར་སྨིན་ནོ༔ དེ་ལ་ཞེན་ཅིང་ཆགས་པའི་དབང་གིས་སྲིད་པ་བར་དོ་ཞེས་བྱ༔ སྔར་གྱི་ལུས་དེ་ནི་བོར་ཕྱི་མའི་ལུས་མ་བླང་གི་བར་དུ༔ རྨི་ལམ་དང་འདྲ་བར་དབང་པོ་ཀུན་ཚང་བས་ས་རྡོ་རི་བྲག་ལ་ཐོགས་པ་མེད་པས༔ སྔོན་གཟུགས་སྲིད་པའི་ཤ་ཚུགས་ཅན༔ འཁྲུལ་པ་མཐུད་རྒྱུན་མ་ཆོད་པས་སངས་རྒྱས་སུ་མིང་མ་ཐོགས༔ རྒྱུ་ཤ་ཁྲག་གི་ཕུང་པོ་མེད་པས་སེམས་ཅན་དུ་མིང་མ་ཐོགས༔ འབྱུང་བའི་མིང་ཡང་མ་ཐོགས་ཏེ༔ སྔར་གྱི་བཞིན་དུ་བརྟན་པོ་མེད༔ བན་བུན་བྱེད་དེ་རྨི་ལམ་དང་འདྲ༔ འོ་ན་དེ་ལ་མིང་བཏགས་ན་ཀུན་གཞི་འཁྱམས་པོ་ཞེས་བྱའོ༔ སྔར་འདོད་པ་ལ་ཞེན་པའི་དབང་གིས༔ ལས་ཀྱི་རླུང་དམར་གྱིས་རྒྱབ་ནས་འཕུལ༔ བསྐལ་པའི་མུན་ནག་གིས་མདུན་ནས་བསུས་ནས་ཡོང༔ རྒྱོབ་སོད་ཅེས་བྱ་བའམ༔ སྒྲ་མི་མཐུན་པ་དཔག་ཏུ་མེད་པ་སྒྲོག་པ་ལ་སོགས་པ་འབྱུང་ངོ༔ དེར་སྣང་བ་འགྲོ་བ་རིགས་དྲུག་གི་འཁོར་བའི་གྲོང་ཁྱེར་དུ་མཐོང་ནས༔ རྟེན་གཅིག་འདོད་པ་དེས་ཕ་མ་དང་གཉེན་འདུན་ཡིད་དུ་འོང་བ་སྙམ་བྱེད་པའམ༔ རང་གི་ཁང་ཁྱིམ་ཡིན་པ་སྙམ་པའམ༔ དེར་འགྲོ་སྙིང་འདོད་པ་སྙམ་བྱེད་པ་བྱུང་ནས༔ རྟེན་གཅིག་ཏུ་ཕྱིན་པས་ལས་བཟང་ངན་གྱི་དབང་གིས་རིགས་དྲུག་གི་ཁོང་པར་ཚུད་དེ་ལུས་བླངས་ནས་ཟོ་ཆུའི་ཁྱུད་མོ་བཞིན་དུ་གཅིག་ནས་གཅིག་ཏུ་འཁོར་རོ༔ འཁོར་བའི་འཁོར་ཚུལ་དེ་ཡིན་ནོ་ཞེས་གསུངས་སོ༔ ༔སློབ་དཔོན་སྤྲུལ་སྐུ་ལ་ཇོ་མོས་ཞུས་པ༔ གྲོལ་བའི་གྲོལ་ལུགས་གང་ལགས་ཞེས་ཞུས་པས༔ དེ་གྲོལ་བར་བྱ་བའི་ཕྱིར་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་པས་ཀྱང་གྲོལ་བའི་ཐབས་སུ་མ་སོང་སྟེ༔ གནས་ལུགས་དེ་སྒོམ་པར་འདོད༔ རྟོགས་པར་འདོད༔ ཉམས་སུ་བླང་བར་འདོད༔ ཤེས་པར་འདོད༔ གཏན་ལ་ཕེབས་པར་འདོད་པས༔ བྱེད་པའི་གཞི་ལ་ལུས་ཏེ༔ དོན་བྱེད་པ་མེད་པ་དང་འགལ་ལོ༔ ཉོན་མོངས་པ་ལྔ་པོ་དེ་ཡང་ཉན་ཐོས་སྤོང་བར་འདོད༔ རང་སངས་རྒྱས་འགེགས་པར་འདོད༔ སེམས་ཙམ་མམ་དབུ་མ་པ་ནི་སྦྱོང་བར་འདོད༔ སྔགས་ཕྱི་ནང་གཉིས་རྒྱུ་རུ་འདོད་པས༔ དེ་བྱེད་པ་པོ་གཞི་ལུས་ཏེ༔ ཐམས་ཅད་ཉོན་མོངས་པའི་སྟེང་དུ་ཤེས་བྱའི་སྒྲིབ་པ་བསགས༔ དང་པོ་ཡིད་ཀྱི་སྒྲིབ་པ་ནས་ཐ་མ་ཤེས་བྱའི་སྒྲིབ་པ་ཡན་ཆད་འཁྲུལ་ཚུལ་དུ་ཤེས་པར་བྱའོ་གསུངས་སོ༔ དེ་ནས་གྲོལ་ཚུལ་ལ་ཆོས་གསུམ༔ ལམ་གྱི་གྲོལ་ཐབས་དང༔ དུས་ཀྱི་གྲོལ་ཐབས་དང༔ བར་དོའི་གྲོལ་ཐབས་གསུམ་ཡིན་གསུངས༔ དེ་ལ་ལམ་གྱི་གྲོལ་ཐབས་ནི་རྫོགས་པ་ཆེན་པོའི་ལུགས་ཀྱིས་ཐོས་པའི་ཤེས་རབ་ཀྱི་དུས་སུ༔ གནས་ལུགས་ཀྱི་དོན་དེ་གོ་བར་མི་བྱེད༔ རྟོགས་པར་མི་བྱེད་ཤེས་པར་མི་བྱེད༔ གཏན་ལ་ཡང་མི་ཕེབ༔ ཉན་ཐོས་ལྟར་ཉོན་མོངས་པ་སྤོང་ཡང་མི་སྤོང༔ རང་སངས་རྒྱས་ལྟར་འགེགས་ཀྱང་མི་འགེགས༔ བྱང་ཆུབ་སེམས་དཔའ་ལྟར་སྦྱོང་ཡང་མི་སྦྱོང༔ སྔགས་ཕྱི་ནང་ལྟར་སྒྱུར་ཡང་མི་སྒྱུར༔ སྐྱེ་བོ་ལྟར་རང་གར་ཡང་མི་ཁྱེར་རོ༔ འོ་ན་ཉན་བཤད་ལ་དགོས་པ་མེད་དམ་ཞེ་ན༔ ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་བཀའ་བསྩལ་པ་དང་མི་འགལ་ཏེ༔ ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་རྩ་བ་དུག་ལྔ༔ དུག་ལྔའི་རྩ་བ་དུག་གསུམ༔ དེའི་རྩ་བ་གཟུང་འཛིན་གཉིས༔ དེའི་རྩ་བ་ངར་འཛིན་གྱི་ཤེས་པ༔ དེའི་གཞི་མ་མེད་པའི་ཆོས་གཅིག་པོ༔ མྱ་ངན་ལས་འདས་པའི་ཆོས་གཅིག་པོ༔ མཉམ་པ་ཉིད་ཀྱི་ཆོས་གཅིག་པོ༔ གཉིས་སུ་མེད་པའི་དབྱིངས་གཅིག་པོ་ཡིན་པས༔ བློ་རྫོགས་པ་ཆེན་པོའི་དུས་སུ་རྒྱུད་ལུང༔ བླ་མ་ཆེན་པོའི་གདམས་ངག་གིས་འཁྲུལ་པ་དང་མི་བདེན་པར་མཚོན་པས༔ སྐྱོན་ལ་སྐྱོན་དུ་ངོ་ཤེས་ན་སྐྱོན་ཕྱིར་མི་འབྲང་སྟེ༔ དང་པོ་ཡིད་ཕྲ་བ་ནས་ཆགས༔ ལྡོག་པ་ལུས་རགས་པ་ནས་ལྡོག་པ་ཡིན་གསུངས་སོ༔ སྒོ་ལྔ་སྣང་ལ་ཞེན་པ་མེད་པར་ཤེས་ཙམ་ན༔ ཆགས་སྡང་ངོ་བོ་གྲོལ་ཙམ་ན་སྐྱུག་ནད་ཅན་གྱིས་ཟས་མཐོང་བ་དང་འདྲ༔ རྟག་པར་ངར་འཛིན་ལ་ཞེན་པ་མེད་ཙམ་ན་སློོག་རུལ་ཐང་ལ་བོར་བ་དང་འདྲ༔ སྣང་བ་ལ་ཞེན་པ་མེད་པར་སྣང་བའི་ངོ་བོ་སྟོང་པ་ཉིད་རང་སར་གྲོལ་ཙམ་ན་ན་བུན་ཡུལ་དུ་སྣང་བ་འདྲ༔ དྲན་པའི་ངོ་བོ་ཞི་ནས་དྲན་མེད་དུ་རང་སར་གྲོལ་ཙམ་ན་སྐྱི་སེར་མཐུ་ཆད་པ་དང་འདྲ༔ སྒོ་ལྔའི་རྣམ་པར་ཤེས་པའི་ཆགས་སྡང་སྙན་མི་སྙན་སྡུག་མི་སྡུག་ལ་སོགས་པ་ལྡོག༔ ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་གཅོད་པ་ལས་ལོག་པའམ༔ ཉོན་མོངས་པ་ཅན་གྱི་ཡིད་བདག་ཏུ་འཛིན་པ་ལས་ངར་འཛིན་པའམ་ང་རྒྱལ་བའམ་ངར་རློམ་པ་ལས་ལོག་པ་ལ༔ ཀུན་གཞིའི་རྣམ་པར་ཤེས་པ་དྲན་པ་ཕྲ་མོ་དང་པོ་ཚོར་བ་ལས་ལོག་ནས་མཐུ་རྒྱུན་ཆོད་པ་དེ་ཕན་ཆོད་སངས་རྒྱས་ཞེས་བྱའོ༔ དེ་དབང་པོ་ཡང་རབ་ཀྱི་གྲོལ་ཐབས་ཡིན་གསུངས་སོ༔ དུས་ཀྱི་གྲོལ་ཐབས་ནི༔ འཆི་བའམ་ནད་ཀྱིས་བཏབ་ནས༔ འབྱུང་བ་ས་ཆེ་བས་ལུས་མི་ཐེག༔ ས་ཆུ་ལ་ཐིམ་པའི་དུས་སུ་དབུགས་ཕྱིར་སྲིང་ནང་དུ་སྡུད་མི་ཤེས༔ ཆུ་མེ་ལ་ཐིམ་པའི་དུས་སུ་ཁ་སྣ་སྐམ༔ དབུགས་ཕྱི་ནང་གཉིས་ཀ་ཐུང༔ མེ་རླུང་ལ་ཐིམ་པའི་དུས་སུ་ཤེས་པ་འཆོལ་ནས་འཆལ་གཏམ་སྨྲར་འོང༔ རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་དུས་སུ་ཤེས་པ་བར་དོར་ཡེར་གྱིས་འོང་ངོ༔ དེའི་དུས་སུ་གྲོལ་བའི་ཐབས་ནི་སློབ་དཔོན་ནམ་ཆོས་གྲོགས་ཤིག་གིས་གདམས་ངག་ཤེས་པ་ཡོད་ན་བརྡ་སྦྱར༔ མེད་ན་རང་གིས་ཆགས་སྡང་གཅད༔ དང་པོ་ཆགས་སྡང་འགགས་པས་རྟོགས་པ་འགག༔ སྣང་བ་འགགས་པས་དྲན་པ་འགག༔ དེ་ནི་དབང་པོ་འབྲིང་གི་གྲོལ་ལུགས་ཡིན་གསུངས་སོ༔ བར་དོའི་གྲོལ་ལུགས་ནི༔ དཔེར་ན་གཉིད་དང་འདྲའོ་གསུངས༔ གཉིད་ལྷན་གྱིས་ལོག་ནས་ཤེས་པ་ར་རིབ་དོར་ཡེར་གྱིས་འོང་བ་དང་འདྲ་བར༔ དབུགས་ཉལ་གྱིས་དྭངས་ནས་བར་དོར་ཤེས་པ་ཡེར་གྱིས་འོང་བ་དང་འདྲའོ༔ དེ་ཙམ་ན་སློབ་དཔོན་དང་ཆོས་གྲོགས་ཀྱིས་རོ་དེ་ལ་སྐད་དྲག་པོ་བསྐྱེད་ལ་གདམས་ངག་བཏབ༔ དེར་སྔར་གྱི་ཉམས་གོང་མའི་སྟོབས་ཡོད་པ་ལ་བརྡ་ཡི་སྒྲ་དེས༔ བདག་འཛིན་མི་བདེན་པར་ཤེས་ཏེ༔ ཤ་ཁྲག་གི་ཕུང་པོ་མེད་པས་ཤིན་ཏུ་གྲོལ་སླའོ༔ བདག་འཛིན་གྲོལ་པས་གཞན་སྣང་མི་འཆར༔ གཞན་སྣང་མ་ཤར་བས་ཆགས་སྡང་མི་སྐྱེའོ༔ ཆགས་སྡང་མ་སྐྱེས་པས་ལུས་མི་ལེན༔ ལུས་མ་བླང་པས་ཤི་བ་དང་ཆད་པ་མེད་དོ༔ དེ་ལ་སངས་རྒྱས་ཀྱི་དགོངས་པ་ཞེས་བྱའོ༔ དེ་ནི་བར་དོའི་གྲོལ་ཐབས་ཡིན་གསུངས་སོ༔ དེ་ལྟར་གྲོལ་ཐབས་གསུམ་གྱིས་རིགས་དྲུག་གི་གྲོང་ཁྱེར་ནས་བཟློགས་ནས་འཁོར་བའི་འབྲེལ་བ་ཟློག་པས་འཁོར་བ་ལུགས་ནས་ཟློག་བྱ་བ་ཡིན་གསུངས་སོ༔ སློབ་དཔོན་པདྨས་ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་ལ་གདམས་པ༔ འཁོར་བ་འབྱུང་ལྡོག་གི་སྐོར་རྫོགས་སྷོ༔ གཏེར་རྒྱ༔ སྦས་རྒྱས༔ གཏད་རྒྱ༔༔ ༔༔ ྈ ༄༅༔ ྈ སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ༔ སྐུ་སྣ་ཚོགས་པའི་ཆ་ལུགས་སུ་བཞུགས་ནས༔ ཉན་ཐོས་ཀྱི་འདུལ་ཁྲིམས་ནས་རིག་འཛིན་སྔགས་ཀྱི་སྡོམ་པ་མན་ཆད་དུ་སྲུང་བ་མེད་པའི་ཚུལ་གྱིས་སྲུང༔ གསུང་ཐེག་པ་རིམ་པ་དགུ་ཞལ་ནས་གསུང་པས་ལྟ་བ་ཡས་འབུབས་དང་སྤྱོད་པ་མས་འཇུག་ལྟ་སྤྱོད་ཟུང་དུ་བརྟེན་པ༔ ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་དགོངས་པ་དང་ལྡན་པས་སེམས་ཅན་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་རང་བས་ཀྱང་གཞན་གཅེས་པར་འཛིན་པ༔ སྤྲུལ་སྐུ་མངོན་སུམ་དུ་བྱོན་པའི་རྗེ་སངས་རྒྱས་དེའི་ཞལ་ནས༔ སྤྱོད་པའི་གདམས་པ་ཅི་གསུངས་ཇོ་མོ་མཚོ་རྒྱལ་གྱིས་ཡི་གེར་བཏབ་པའོ༔ སློབ་དཔོན་པདྨའི་ཞལ་ནས༔ ཆོས་གང་བྱེད་ཀྱང་དང་པོ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་སྔོན་དུ་སོང་བས༔ བསླབ་པའི་གཞི་ཡང་དག་པར་བླངས་པ་རྣམས་ཀྱིས༔ ཕྱོགས་གང་དང་གང་དུ་འགྲོ་ཡང་དེའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སྐྱབས་འགྲོ་བྱ་ཞིང་འགྲོ༔ རྟག་ཏུ་དཀོན་མཆོག་ལ་དད་གུས་རྒྱུན་མི་ཆད་པར་བྱ༔ དེ་ལྟར་བྱ་ཞིང་ལས་ཀྱི་འབྲེལ་བ་ད་ལྟ་བཞག་པས་མ་འོངས་པ་ན་སངས་རྒྱས་ཀྱི་གདུལ་བྱར་འགྱུར་བས༔ དུས་རྟག་ཏུ་དཀོན་མཆོག་མཆོད་པ་དང༔ གསོལ་བ་གདབ་པ་ཁོ་ན་གལ་ཆེ་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་དགེ་བ་བཅུ་ཉམས་སུ་བླང་ཞིང་ལས་འབྲས་ལ་ཡིད་ཆེས་པར་བྱ༔ ལས་ལས་མཐུ་འབྱུང་ཞིང་བདེན་པ་མཐུ་ཆེ་བས་སྡིག་པ་སྤང་ཞིང་ཉོན་མོངས་པའི་གཉེན་པོ་བརྟེན༔ བསོད་ནམས་ཀྱི་ལས་ལ་འབད་པ་དྲག་ཏུ་བྱ༔ བསོད་ནམས་མ་གསག་པ་ལ་སེམས་བཟང་པོ་མི་འོང༔ བསོད་ནམས་བསགས་པ་ལས་སེམས་བཟང་པོ་འབྱུང༔ སེམས་བཟང་པོ་ཞིག་ཡོད་ཕན་ཆད་དགེ་ལ་བརྩོན་པ༔ སྡིག་པ་ལ་འཛེམ་པར་འགྱུར་བ་ཡིན་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་ཐམས་ཅད་ཀྱི་སྔོན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་གལ་ཆེ༔ སེམས་བསྐྱེད་པའི་གང་ཟག་གིས་སེམས་ཅན་བསྙེན་བཀུར་བྱ་བའི་ཆོས་ལ་འབད་པའི་ཕྱིར་སེམས་ཅན་ཐམས་ཅད་མར་མཉམ་པ་ཉིད་བསྒོམ༔ སེམས་ཅན་ཐམས་ཅད་ཕ་དང་མར་མ་གྱུར་པ་མེད་པས༔ སེམས་ཅན་ཐམས་ཅད་ལ་ཕན་གདགས་པ་ལ་ཞུགས་པར་བྱའོ༔ སེམས་ཅན་ཐམས་ཅད་ལ་བྱམས་དང་སྙིང་རྗེ་བསྒོམ༔ བྱང་ཆུབ་ཀྱི་སེམས་རྟག་ཏུ་སྦྱང་བར་བྱ༔ བྱ་བ་ཅི་དང་ཅི་བྱེད་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསླབ༔ རང་བས་སེམས་ཅན་ལ་གཅེས་པར་བསླབ༔ བྱང་ཆུབ་ཀྱི་སེམས་བསྐྱེད་པ་འདི་ཀ་ཆོས་ཀྱི་རྩ་བ་ཡིན་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཐམས་ཅད་མཁྱེན་པའི་སངས་རྒྱས་འཐོབ་པར་འདོད་པ་ལ་བདག་ཏུ་འཛིན་པ་དང་ཆོས་སུ་འཛིན་པ་རྣམས་རང་བཞིན་མེད་པར་བསླབ༔ བསོད་ནམས་ཀྱི་ལས་ཅི་བྱེད་ཀྱང༔ ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུར་ཤེས་པར་བྱའོ༔ མན་ངག་ཏུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་སྙིང་རྗེ་ཆེན་པོ་ལ་མ་ཞེན་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ༔ སྟོང་པ་ཉིད་བསྒོམས་པའི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་སྙིང་རྗེ་ཆེན་པོ་སྐྱེས་པ་ཡང་སྒྱུ་མ་ལྟ་བུར་ཤེས་པར་བྱའོ༔ སྟོང་པ་ཉིད་བསྒོམས་པས་ཀྱང་དཀར་པོའི་ཆོས་ཐམས་ཅད་ཀྱི་གྲོགས་སུ་འགྲོ་བ་དང༔ ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོར་འགྲོ་བ་བྱ༔ དགེ་བའི་རྩ་བ་ཅི་བྱེད་ཀྱང་བྱང་ཆུབ་ཀྱི་སེམས་ཀྱིས་འཕངས་ཏེ༔ ཕ་རོལ་ཏུ་ཕྱིན་པ་དྲུག་དང་མ་བྲལ་བར་བྱ༔ ཇི་ལྟར་བྱས་ན་དགེ་བ་འཕེལ་བ་དང༔ ཇི་ལྟར་བྱས་ན་མི་དགེ་བ་རྒྱུན་དུ་འགྲིབ་པར་བསམ༔ ལུས་བྱ་བ་ཅི་བྱེད་དགེ་བར་འགྲོ་བར་བྱ༔ ངག་གིས་ཅི་སྨྲས་པ་དགེ་བར་འགྲོ་བར་བརྗོད༔ ཡིད་ཀྱིས་ཅི་བསམ་དགེ་བར་འགྲོ་བར་བྱ༔ མི་དགེ་བར་འགྲོ་བའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཆུང་ངུ་ཡང་བསྡམ༔ ལར་དྲན་པ་དང་ཤེས་བཞིན་གྱི་གོ་ཆས་ལུས་མ་བསྲུང་ན༔ ཉོན་མོངས་པའི་མཚོན་གྱིས་མཐོ་རིས་ཐར་པའི་སྲོག་ཆད་པས༔ སྤྱོད་ལམ་རྣམ་བཞིར་དྲན་པ་དང་ཤེས་བཞིན་གྱིས་བསྲུང་བ་གལ་ཆེ་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ དང་པོ་ལས་རྒྱུ་འབྲས་ལ་ཡིད་ཆེས་པར་བྱ༔ ངེས་པར་རིང་པོར་མི་ཐོགས་པར་འཆི་བར་བསམ༔ ཚེ་འདི་ཡུན་ཐུང་དལ་ཅིག་པས་ཚེ་འདིའི་ཆེད་དུ་མི་བྱ༔ ཚེ་ཕྱི་མ་རིང་བས་ཕྱི་མའི་དོན་བསམ༔ རང་གིས་ཚེ་ཕྱི་མའི་རྡོག་པ་ད་རེས་མ་འདྲེད་པར་བྱ༔ ཅི་ལ་ཡང་ང་རྒྱལ་མ་བྱེད༔ ང་མཁས་སྙམ་པའི་ང་རྒྱལ་ཡོད་ན་ཡོན་ཏན་མི་འབྱུང་བས༔ ང་རྒྱལ་སྤང་ཞིང་སྐད་ཅིག་གཅིག་ཀྱང་ཆོས་ལ་གོམས་པར་བྱ༔ སྡིག་པ་མི་དགེ་བ་སྤོང་བའི་གཉེན་པོ་བརྟེན༔ ཉོན་མོངས་པ་དང་སྡིག་པ་མི་དགེ་བ་རང་གི་རྒྱུད་ལ་ཅུང་ཟད་ཙམ་སྐྱེ་ན་ཡང༔ སྡུག་བསྔལ་བསྲན་མི་བཟོད་པ་རི་རབ་ཙམ་དུ་བསམ༔ ཐེ་ཚོམ་ཟ་བའི་ལག་ལ་དེ་ཙམ་གྱིས་ཅི་ཡང་མི་འགྲུབ་པས་ཐེ་ཚོམ་ཅུང་ཟད་ཀྱང་མི་བྱ༔ ལར་བདག་འཛིན་མ་སྤང་གི་བར་དུ་སྡིག་པ་ཤིན་ཏུ་ཕྲ་བ་ཡང་འབྲས་བུ་འབྱིན་པས་སྡིག་པ་ལ་འཛེམ་པ་ཁོ་ན་གལ་ཆེ་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཐེག་པ་ཆེ་ཆུང་གི་སྡོམ་པ་བླངས་ནས་སྲོག་གི་ཕྱིར་ཡང་མི་གཏང༔ བརྒྱ་ལ་ཉམས་ན་ཡང་འགྱོད་པའི་བསམ་པས་མོད་ལ་བཤགས་པ་དང་བསྡམ་པ་གལ་ཆེ༔ ཁ་ཅིག་སྡོམ་པ་ཐམས་ཅད་ཉམས་ནས་དེ་ནས་ཉམས་པའི་ལས་བྱེད་དེ༔ རྐང་པ་ངན་འཇིམ་ལ་འདྲེད་པ་བཀྲུས་ནས་དྲིས་བྱུགས་ན་འདག་པ་དང་འདྲ་བས་ཡེ་མི་གསག་པར་སྦྱང༔ ཚུལ་ཁྲིམས་དང་དམ་ཚིག་ཉམས་པ་དང་སྐད་ཅིག་ཙམ་ཡང་མི་འདྲེས་པར་བྱ༔ གོས་དཀར་པོ་གོན་ནས་ཆ་བྱད་ནག་པོའི་གསེབ་ཏུ་སོང་བས་ནག་པོ་ཅི་ནས་ཀྱང་འགོ་བ་དང་འདྲ་བས༔ རང་དམ་ཚིག་གཙང་ན་ནི་ཅི་ནས་ཀྱང་ཉམས་གྲིབ་འཕོག༔ རང་དམ་ཚིག་མི་གཙང་ན་ནག་པོ་ལ་ནག་པོས་མི་ཚུགས་པ་དང་འདྲ་བས་ཤིན་ཏུ་གཟབ༔ ལར་རང་ལ་རང་ཞེ་མ་ཁྲེལ་བ་ཞིག་དགོས་པ་ཡིན་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཇི་ལྟར་བྱ་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་འགྲོ་བའི་ཆོས་མིན་པ་ཅི་ཡང་མི་བྱ༔ རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་འདོད་པ་དང་སེམས་ཅན་གྱི་དོན་ལས་གཞན་ཅི་ཡང་མ་འདོད་པར་བྱ༔ དངོས་པོ་གང་ལ་ཡང་མ་ཆགས་པར་བྱ༔ ཆགས་པ་ཁོ་ན་འཆིང་བའི་རྩ་བ་ཡིན༔ ཆོས་དང་གང་ཟག་ལ་མ་སྨད༔ ཆོས་ཐམས་ཅད་དོན་དང་འབྲས་བུར་དབྱེར་མེད་ལན་ཚྭའི་རོ་དང་འདྲ༔ ཐེག་པ་གང་ལ་ཡང་མི་སྨད༔ སྐས་ཀའི་གདང་བུ་དང་འདྲ་དོན་གཅིག་པ་ཡིན༔ གང་ཟག་གི་ཚོད་མངོན་ཤེས་མེད་པས་མི་རྟོགས་པས་གཞན་ལ་གཤེ་སྐུར་མ་འདེབས༔ སྤྱིར་སེམས་ཅན་ཐམས་ཅད་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཡིན་བྱང་ཆུབ་ཀྱི་སྙིང་པོ་ཅན་ཡིན༔ གཞན་གྱི་ཉེས་པ་དང་འཁྲུལ་པ་ལ་མི་རྟོགས༔ གཞན་གྱི་མཐའ་ལ་མ་རྟོག་པར་རང་གི་མཐའ་ཅིར་འགྱུར་རྟོགས༔ གཞན་གྱི་སྐྱོན་ལ་མ་རྟོག་པར་རང་གི་སྐྱོན་ལ་རྟོགས༔ ལར་སྡིག་པ་ལ་ཆོས་ཀྱི་ཁ་འཛིན་དང་གང་ཟག་གི་གཤེ་སྐུར་གཉིས་ཆེ་བ་ཡིན་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཚེ་ཐོག་མ་མེད་པ་ནས་ཇི་ཙམ་པའི་ལུས་བླངས་ཀྱང་རང་དང་གཞན་གྱི་དོན་མ་གྲུབ་པས༔ ད་རེས་ལུས་འདིས་རང་གཞན་གྱི་དོན་སྒྲུབ་དགོས༔ སྐྱེ་བ་སྔ་མ་ལུས་ཇི་ཙམ་ཞིག་བླངས་ཀྱང་ཆོས་གོམས་པ་བྱེད་མ་ཁོམ་པས༔ ད་རེས་ཆོས་དང་འཕྲད་པ་དང་བརྩོན་འགྲུས་ལ་འབད༔ དགེ་བ་འཕེལ་བའི་གྲོགས་བསྟེན༔ སྡིག་པ་འཕེལ་བའི་གྲོགས་སྤང༔ ཁྱི་དང་ཡི་དྭགས་ཀྱི་སེམས་བཞིན་ཙིག་ཙིག་མ་བྱེད༔ རང་གིས་གཉེན་པོའི་སྒོ་ནས་ལྷོད་ཀྱིས་མ་བྱས་ན༔ རང་རྒྱུད་ངན་པས་རང་གཞན་གཉིས་ཀའི་རྒྱུད་སྲེག་སྡིག་པ་གསོག་པ་ཡིན༔ ཅུང་ཟད་མི་བདེན་པ་དེ་ལ་སྡུག་བསྔལ་བར་བསམས་ན་ཇེ་སྡུག་ལ་འགྲོ༔ རང་སེམས་ཀློད་ནས་མ་བཏང་ན་བདེ་བ་མི་རྙེད༔ སྔ་མ་འདས་པའི་སྡུག་བསྔལ་རྗེས་མི་གཅད༔ མ་འོངས་པ་སྔུན་མི་བསུ༔ ད་ལྟར་བའི་སྡུག་བསྔལ་ཅི་བྱུང་ཡང་རྐྱེན་ཁར་མི་གཏང༔ རང་གི་སེམས་ལ་སྐྱེད་ཡང་དང་ཡང་དུ་བཙལ༔ ལར་སེམས་ལ་གཉེན་པོ་མ་ཚུད་ན་སྡུག་བསྔལ་ལ་རྒྱུན་མི་ཆད༔ སེམས་ཀྱི་སྣ་ཁ་འགྱུར་བ་གལ་ཆེ་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་ནན་ཏན་བྱེད་ན་དགེ་བའི་རྩ་བ་ཅི་བྱེད་རྟག་ཏུ་གཞན་དོན་ལ་བསླབ་པ་གལ་ཆེའོ༔ ཐེག་པ་ཆེ་ཆུང་གི་ཁྱད་པར་ཡང་ལྟ་བས་ཕྱེ་བ་མིན༔ སྙིང་རྗེས་ཕྱེ་བ་ཡིན༔ དེ་བས་སྙིང་རྗེ་ཆེན་པོ་ལ་གོམས་པར་བྱ༔ བདག་དང་གཞན་གྱི་དོན་དུ་འཁོར་བའི་སྡུག་བསྔལ་སྤང་བར་བྱ་བ་ལས་མི་ལྡོག་པར་བྱ༔ འཁོར་བ་ལས་ཡིད་འབྱུང་བ་ལ་གོམས་པར་བྱ༔ གཞན་དོན་དུ་སྙིང་རྗེ་ལ་གོམས་པར་བྱ༔ དང་པོ་སེམས་ཅན་ཐམས་ཅད་རང་དང་འདྲ་བ་ལ་གོམས་པར་བྱ༔ གཞན་སྡུག་བསྔལ་བས་རང་སྡུག་བསྔལ་དུ་འགྱུར་བ་ལ་གོམས་པར་བྱ༔ དེ་ནས་རང་བས་སེམས་ཅན་ཐམས་ཅད་གཅེས་པ་ལ་གོམས་པར་བྱ༔ གཞན་དོན་དུ་རང་དབང་མེད་པར་འཇུག་པའི་སྙིང་རྗེ་ཆེན་པོ་ལ་གོམས་པར་བྱ༔ ལར་རང་བས་སེམས་ཅན་གཅེས་པར་འཛིན་ཙམ་ན་ཐེག་པ་ཆེན་པོའི་མིང་འཐོབ་པ་ཡིན་ཏེ༔ སེམས་ཅན་གྱི་སྡུག་བསྔལ་མ་དྲན་པར་རང་ཉིད་བདེ་བར་འཚོ་ཞིང་རང་གཅེས་པར་འཛིན་པ་ལ་ཐེག་པ་ཆེན་པོ་མི་འོང་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་གོམས་པར་བྱས་ན་ངན་སོང་གསུམ་དུ་མི་སྐྱེ་ཞིང༔ ད་ལྟ་ནས་ཕྱིར་མི་ལྡོག་པ་ཡིན་པས་འདི་ཁོ་ན་མན་ངག་ཡིན༔ ས་ཕྱོགས་གང་དུ་འགྲོ་ཡང་བྱང་ཆུབ་སེམས་ཡིད་ལ་བྱ་བ་དང་མི་འབྲལ་བར་འགྲོགས་པར་བྱ༔ བྱ་བ་ཅི་དང་ཅི་བྱེད་ཀྱང་སེམས་ཅན་གྱི་དོན་དུ་བསླབ༔ རང་བས་གཞན་གཅེས་པ་ལ་བསླབ༔ དམ་ཚིག་སྲུང་སྡོམ་སྦྱངས་པའི་ཡོན་ཏན་མང་པོ་དང་ལྡན༔ སྔགས་ཀྱི་ནུས་པ་བྱུང་ནས་མཐུ་ཆེ་བ་ཡིན་ཀྱང༔ བྱང་ཆུབ་ཀྱི་སེམས་མ་བསྒོམ་ན་སངས་མི་རྒྱ༔ ལར་བྱང་ཆུབ་སེམས་ཤིག་རྒྱུད་ལ་སྐྱེས་ན༔ ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་ཐམས་ཅད་འདི་ནས་འབྱུང་བས༔ འདི་ཁོ་ན་མན་ངག་ཡིན་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྟོང་པ་ཉིད་སྒོམ་པའམ་གང་སྒོམ་ཡང་ཉོན་མོངས་པ་དང་ཐ་མལ་པའི་གཉེན་པོར་མི་འགྲོ་ན་སྒོམ་པ་མ་ཡིན༔ ཉོན་མོངས་པའི་གཉེན་པོར་མ་སོང་ན་འཁོར་བར་ལྷུང་བའི་རྒྱུར་འགྲོ༔ ཆོས་ཐོས་བསམ་བཤད་པ་ཐམས་ཅད་ཉོན་མོངས་པའི་གཉེན་པོར་འགྲོ་ཞིང་རྣམ་པར་དག་པའི་ཆོས་རྒྱུད་ལ་སྐྱེ་བའི་གྲོགས་སུ་སོང་ན༔ ཐེག་པ་ཆེན་པོའི་བསྟན་པ་བྱ་བ་ཡིན་ཏེ་མ་ནོར༔ ཉན་བཤད་འགྲོ་དོན་སྒོམ་པ་ཇི་ལྟར་མཁས་ཟེར་ཡང༔ འཇིག་རྟེན་ཆོས་བརྒྱད་ཀྱི་ཆེད་དུ་སོང་ན་ནག་པོའི་བསྟན་པ་བྱ་བ་ཡིན༔ ལར་སྣང་སྲིད་སྒྱུ་མར་བསྒོམས་ནས་ཞེན་ཆགས་ཇེ་ཆེ་ཇེ་ཆེ་ལ་མི་གཏོང་བ་གལ་ཆེ༔ ཞེན་ཆགས་དང་བྲལ་ཙམ་ན་རྣལ་འབྱོར་པ་ཆེན་པོ་ཟེར་བ་ཡིན་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ སེམས་ཅན་ཐམས་ཅད་ཀྱི་ཕན་པ་དང་བདེ་བ་སངས་རྒྱས་ཀྱི་བསྟན་པ་ལས་འབྱུང་བས་རྒྱུད་ལུང་མདོ་སྡེ་ལ་བལྟ་རྟོག་མཉན་པར་བྱ༔ ལས་དང་འབྲས་བུ་བདེ་སྡུག་ས་བོན་ལྟར་འབྱིན་པས་དགེ་སྡིག་ལ་ཤན་དབྱེ༔ སྲུང་སྡོམ་མེད་ན་ཆོས་ཀྱི་རྩ་བ་རུལ་བས་དམ་ཚིག་སྲུང་སྡོམ་མིག་གི་འབྲས་བུ་བཞིན་དུ་བསྲུང༔ ལར་ཆོས་བྱེད་པ་ལ་ཡིད་མ་ཆེས་ན་ཆུད་ཟོས་པ་ཡིན༔ ཅི་བྱས་ཀྱང་དོན་མེད༔ གང་བྱེད་ཀྱང་ཡིད་གཉིས་ཐེ་ཚོམ་མེད་པ་གལ་ཆེ་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཁ་ཅིག་གསང་སྔགས་པ་ཡིན་པར་གསོལ་ནས་སྤྱོད་པ་རྩིང་པོར་སྤྱོད་པ་འདི་གསང་སྔགས་པ་མིན༔ ཐེག་པ་ཆེན་པོ་བྱ་བ་སེམས་ཅན་ཐམས་ཅད་ལ་གཅེས་པར་འཛིན་པ་སྙིང་རྗེ་ཕྱོགས་རིས་མེད་པ་ལ་ཟེར་བ་ཡིན༔ གསང་སྔགས་པར་ཁས་བླངས་ནས་ལས་མི་དགེ་བ་ལ་མི་འཛེམ་པ་འདིས་ནི་མི་བཏུབ་པས༔ གསང་སྔགས་པ་ལ་སྙིང་རྗེ་ཆེན་པོ་རྒྱུད་ལ་སྤྱོད་པ་གལ་ཆེ༔ སྙིང་རྗེ་རྒྱུད་ལ་མ་སྐྱེས་ན་གསང་སྔགས་པར་ཁས་བླངས་ཀྱང༔ མུ་སྟེགས་ལོག་ལྟར་འགྲོ་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ གསང་སྔགས་བྱ་བ་ཐེག་པ་ཆེན་པོ་ཡིན༔ ཐེག་པ་ཆེན་པོ་བྱ་བ་གཞན་དོན་བྱེད་པ་ཡིན༔ གཞན་དོན་བྱེད་པ་ལ་འབྲས་བུ་སྐུ་གསུམ་འཐོབ་དགོས༔ སྐུ་གསུམ་ཐོབ་པ་ལ་ཚོགས་གཉིས་གསོག་དགོས༔ ཚོགས་གཉིས་གསོག་པ་ལ་བྱང་ཆུབ་ཀྱི་སེམས་སྦྱོང་དགོས༔ ལམ་བསྐྱེད་རྫོགས་ཟུང་འཇུག་བསྒོམ་དགོས༔ ལར་བྱང་ཆུབ་ཀྱི་སེམས་མེད་པའི་གསང་སྔགས་འདི་ཅི་ཡང་མི་རུང༔ ཐེག་པ་ཆེན་པོ་མི་རུང་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྔགས་དང་མཚན་ཉིད་གཉིས་ཟེར་ཡང་ཕུགས་གཅིག༔ ལྟ་སྤྱོད་གཉིས་མེད་ན་ཉན་ཐོས་སུ་འགྲོ་བས༔ ལྟ་བ་ཡས་འབུབས་ལ་སྤྱོད་པ་མས་འཇུག་པ་འདི་ངའི་གདམས་ངག་ཡིན་གསུངས༔ མཁར་ཆེན་བཟས་ཀྱང་སངས་རྒྱས་འཆོལ་མེད་འདི་ལྟར་གྱིས་ཤིག་གསུངས༔ སྤྱོད་པ་མས་འཇུག་གི་སྐོར་རྫོགས་སྷོ༔ ཡོས་བུའི་ལོའི་དཔྱིད་ཟླ་ར་བའི་ཚེས་བརྒྱད་ཀྱི་ཉིན་པར་མཆིམས་ཕུའི་ཡང་དབེན་དུ་བྲིས་པའོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ྈ ༄༅༔ ན་མོ་གུ་རུ༔ སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ༔ སྣང་སྲིད་ཐམས་ཅད་གཏོར་མའི་རང་བཞིན་དུ་ཤེས་པ༔ སྐྱེ་འགྲོ་ཐམས་ཅད་ལྷ་དང་ལྷ་མོར་གསལ་བ༔ ཐུགས་དགོངས་སྤྱོད་པ་ཐམས་ཅད་ལ་མ་འགགས་པ༔ རང་གྲོལ་དུ་གསལ་བ་དེ་ལ༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས༔ བླ་མ་ཡི་དམ་དཀོན་མཆོག་མཆོད་པས་མཉེས་པར་བྱ་བ་དང༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང་བ་དང༔ རིགས་དྲུག་སེམས་ཅན་ལ་མཆོད་སྦྱིན་བྱ་བ་དང༔ ཚོགས་གསག་ཅིང་བསོད་ནམས་སྤེལ་བ་དང༔ བར་ཆད་བསལ་ཞིང་རྐྱེན་བཟློག་པ་དང༔ ལོངས་སྤྱོད་སྤེལ་ཞིང་དངོས་གྲུབ་འཐོབ་པར་བྱ་བའི་ཕྱིར༔ གཏོར་མ་ལམ་ཁྱེར་གྱི་གདམས་ངག་ཞུས་པའོ༔ ཨེ་མ་ཧོ༔ སློབ་དཔོན་ཆེན་པོ་ལགས༔ གཏོར་མ་ལམ་དུ་བྱེད་པའི་གདམས་ངག་ཞུ་དགོས་ན༔ བླ་མ་དཀོན་མཆོག་ཡི་དམ་རྒྱལ་བ་རྒྱ་མཚོ་མཆོད་པ་ཡང་གཏོར་མས་མཆོད༔ མཁའ་འགྲོ་ཆོས་སྐྱོང་དམ་ཚིག་ཅན་སྐོང་བ་ཡང་གཏོར་མས་བསྐང༔ འགྲོ་དྲུག་སེམས་ཅན་དུས་གསུམ་ཕ་མ་ལ་སྦྱིན་པ་ཡང་གཏོར་མས་སྦྱིན༔ ལན་ཆགས་གདོན་བགེགས་ཀྱི་བར་ཆད་ཀྱང་གཏོར་མས་སེལ༔ བསོད་ནམས་སྤེལ་ཞིང་ཚོགས་ཀྱང་གཏོར་མས་གསོག༔ ལོངས་སྤྱོད་དང་དངོས་གྲུབ་ཀྱང་གཏོར་མ་ལས་འབྱུང་བར་གདའ་བས༔ སྤྱིར་གཏོར་མའི་ངོ་བོ་གང་ཡིན༔ གཏོར་མའི་ངེས་ཚིག་གང་ཡིན༔ གཏོར་མའི་དབྱེ་བ་གང་ཡིན༔ གཏོར་མའི་སྣོད་གང་ཡིན༔ གཏོར་མའི་རྒྱུ་གང་ཡིན༔ གཏོར་མའི་དགོངས་པ་གང་ཡིན༔ གཏོར་མའི་རྟགས་གང་ཡིན༔ གཏོར་མ་གཏོང་བའི་དཀྱིལ་འཁོར་གང་ལགས༔ གཏོར་མ་གཏོང་བའི་དུས་གང་ལགས༔ གཏོར་མ་གཏང་བའི་གནས་གང་ལགས༔ གཏོར་མ་བཏང་བའི་ཕན་ཡོན་གང་ལགས༔ གཏོར་མ་གཏོང་བའི་ལས་གང་ལགས༔ གཏོར་མ་གཏོང་བའི་ཐབས་དུ་ཡོད་ལགས༔ སློབ་དཔོན་ཆེན་པོ་ནས་བཤད་དུ་གསོལ་ཞེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ ཉོན་ཅིག་དད་ལྡན་དགེ་སེམས་མ༔ གཏོར་མ་ལས་རབ་ཀུན་གྱི་མཆོག༔ ལས་རྣམས་ཀུན་གྱི་སྔོན་ལ་འགྲོ༔ དེ་ཕྱིར་གཏོར་མའི་ལས་བརྩོན་གཅེས༔ གཏོར་མའི་ངོ་བོ་ནི༔ གཏོར་མ་གཏང་བ་ནི་ཆོས་ཀྱི་དབྱིངས༔ གཏོར་མ་ནི་རིག་པ་ཡེ་ཤེས་ཡིན༔ གཏོར་མ་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རྟགས་ཡིན༔ གཏོར་གཞོང་ནི་ཕྱི་སྣོད་ཀྱི་འཇིག་རྟེན་རྣམ་པར་དག་པའི་རང་བཞིན་ཡིན་ཏེ་ཆོས་ཀྱི་དབྱིངས་ཡིན་ལ༔ གཏོར་མ་ནི་ནང་བཅུད་ཀྱི་སེམས་ཅན་རྣམ་པར་དག་པའི་རང་བཞིན་ཡིན་པས༔ དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་རྟོགས་པ་གཏོར་མའི་ངོ་བོ་ཡིན་གསུངས༔ གཏོར་མའི་ངེས་ཚིག་ནི༔ མི་འཛིན་གཏོར་བས་གཏོར་ཞེས་བྱ༔ ཡོངས་ལ་ཁྱབ་པས་མ་ཞེས་བྱ༔ སེམས་ལ་འཛིན་རྟོག་མེད་པས་གཏོར༔ མགྲོན་བཞིའི་སྤྱན་ལམ་དུ་འདོད་པའི་ཡོན་ཏན་ལྔ་ཆར་བཞིན་འབབ་པས་མ་ཞེས་བྱའོ༔ གཏོར་མ་ལ་དབྱེ་ན་རྣམ་པ་དྲུག༔ ཕྱིའི་གཏོར་མ་དང༔ ནང་གི་གཏོར་མ་དང༔ གསང་བའི་གཏོར་མ་དང༔ དོན་གྱི་གཏོར་མ་དང༔ རྟགས་ཀྱི་གཏོར་མ་དང༔ མཚོན་པའི་གཏོར་མ་དང་དྲུག་ཡོད་གསུངས༔ གཏོར་མ་གཏོང་བའི་སྣོད་ལ་གསུམ་མམ༔ ལར་དྲུག་ཡོད་གསུངས༔ དེ་ལ་ཕྱིའི་གཏོར་མའི་སྣོད་རིན་པོ་ཆེ་རྣམ་པ་ལྔ༔ ནང་གི་གཏོར་མའི་སྣོད་ཀ་པཱ་ལ་མཚན་དང་ལྡན་པ༔ གསང་བའི་གཏོར་མའི་སྣོད་རུས་སྦལ་ཁོག་པ༔ དོན་གྱི་གཏོར་མའི་སྣོད་ནམ་མཁའ༔ རྟགས་ཀྱི་གཏོར་མའི་སྣོད་ཕྱི་སྣོད་ཀྱི་འཇིག་རྟེན༔ མཚོན་པའི་གཏོར་མའི་སྣོད་གང་འབྱོར་གྱི་སྣོད་ལ་བྱའོ་གསུངས༔ གཏོར་མའི་རྒྱུ་ནི༔ རྒྱུ་ཡི་གཙོ་བོ་དགུ་སྟེ༔ དཀར་གསུམ་མངར་གསུམ་ཤ་ཆེན་གསུམ་མོ༔ ཕྱིའི་དཀར་གསུམ་ལ་འོ་མ་ཞོ་མར་གསུམ་མོ༔ མངར་གསུམ་ལ་སྦྲང་རྩི་ཀ་ར་བུ་རམ་མེ་ཏོག་བཅས་པ་ཡིན་ནོ༔ ནང་གི་དཀར་གསུམ་ལ་ཚིལ་ཞག་རུས་པ་གསུམ་མོ༔ མངར་གསུམ་ལ་དྲི་ཆེན་ཚིལ་ཆེན་གསུར་གྱི་དུད་པ༔ སྐྱོབས་ལ་དྲི་ཆུ་ཨ་མྲྀ་ཏ་ཆང་དང་སྦྱར་བ༔ ཤ་ཆེན་ལ་སོགས་ཏེ་ཞལ་ཟས་སྣ་ཚོགས༔ གསང་བའི་དཀར་གསུམ་ནི་རྐང་དང་ཀླད་པ་བྱང་ཆུབ་སེམས་དང་གསུམ་མོ༔ དམར་རྩི་གསུམ་ནི་བུད་མེད་ཀྱི་མཚལ་ཆེན་དང་དྭངས་མ་སྙིགས་མ་གསུམ༔ དྲི་ཆུ་ནི་དངོས་པོ༔ ཤ་ཆེན་ནི་དཔའ་བོ་གྲི་རུ་ཤི་བའི་ཤ༔ རོ་ཆེན་ནི་དངོས་ལ་བྱའོ་གསུངས༔ གཏོར་མའི་དགོངས་པ་བཞི་ནི༔ བདག་ཡི་དམ་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་བསྒོམ༔ ནམ་མཁའ་ལྷའི་གཞལ་ཡས་ཁང་དུ་བསྒོམ༔ སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོར་བསྒོམ༔ གཏོར་མའི་རྫས་བདུད་རྩིའི་རྒྱ་མཚོར་བསྒོམ་པ་དང་བཞི་ཡིན་གསུངས༔ གཏོར་མའི་རྟགས་ནི༔ སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན༔ ཡིག་འབྲུ་ཡ་མ་ཟུང་ཡིན་ནོ་གསུངས་སོ༔ གཏོར་མའི་དཀྱིལ་འཁོར་ནི༔ ཕྱིའི་གཏོར་མའི་སྐབས་ན༔ སྲི་ཞུའི་མགྲོན་གྱི་གཙོ་བོ་ཤཱཀྱ་ཐུབ་པ་ལ་འཁོར་ཉན་ཐོས་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བའོ༔ ཡོན་ཏན་གྱི་མགྲོན་གྱི་གཙོ་བོ་ཕྱག་ན་རྡོ་རྗེ་ལ་འཁོར་གཙང་རིགས་ཀྱི་མགོན་པོ་སྲུང་མ་ཐུགས་དམ་ཅན་བདུན་ཅུ་རྩ་གཉིས་ཀྱིས་བསྐོར་བའོ༔ སྙིང་རྗེའི་མགྲོན་གྱི་གཙོ་བོ་སྤྱན་རས་གཟིགས་དབང་ཕྱུག་ལ་འཁོར་རིགས་དྲུག་གི་སེམས་ཅན་གྱིས་བསྐོར་བའོ༔ ལན་ཆགས་ཀྱི་མགྲོན་གྱི་གཙོ་བོ་དཔལ་རྟ་མགྲིན་ལ་འཁོར་བགེགས་རིགས་སྟོང་ཕྲག་བརྒྱད་ཅུས་བསྐོར་བ་ཡིན་ནོ་གསུངས༔ ནང་གི་གཏོར་མ་དང་གསང་བའི་གཏོར་མའི་སྐབས་ན༔ སྲི་ཞུའི་མགྲོན་གྱི་གཙོ་བོ་བླ་མ་ཡི་དམ་ལ་དཀྱིལ་འཁོར་ཕྱི་ནང་གི་ལྷ་ཚོགས་ཀྱིས་བསྐོར་བའོ༔ ཡོན་ཏན་མགྲོན་གྱི་གཙོ་བོ་མཁའ་འགྲོ་སྡེ་བཞི་ལ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཀྱིས་བསྐོར་བའོ༔ སྙིང་རྗེའི་མགྲོན་དུས་གསུམ་ཕ་མ་ལ་རིགས་དྲུག་སེམས་ཅན་གྱིས་བསྐོར་བའོ༔ ལན་ཆགས་ཀྱི་མགྲོན་གྱི་གཙོ་བོ་རང་གི་སྲུང་མ་ལ་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་བསྐོར་བ་རྣམས་ལ་དབུལ་བར་བྱའོ་གསུངས༔ གཏོར་མ་གཏོང་བའི་དུས་ནི༔ ཉ་སྟོང་བརྒྱད་གསུམ་ཉི་ཤུ་གཉིས་དང་བཞིའོ༔ ཡང་རིགས་གཅིག་ལ་གཙང་རིགས་མགོན་པོའི་གཏོར་མ་ཉིན་མོ་གཏང༔ མཁའ་འགྲོ་མ་ལྕམ་དྲལ་གྱི་གཏོར་མ་སྲོད་དང་ཐོ་རངས་གཏང༔ ཤ་ཟ་འབྱུང་པོའི་གཏོར་མ་ནུབ་མོ་གཏང༔ འགྲོ་བ་རིགས་དྲུག་གི་གཏོར་མ་དུས་མེད་དུ་གཏང༔ ཡི་དྭགས་རྣམས་ལ་གཏོར་མ་དུས་ཀྱི་དགོང་ཁ་གཏང་གསུངས་སོ༔ གཏོར་མ་གཏོང་བའི་གནས་ནི༔ འཇིག་རྟེན་ལས་འདས་པ་ཡེ་ཤེས་ལྷ་དང༔ འཇིག་རྟེན་པའི་མགྲོན་ཡིན་གསུངས༔ གཏོར་མའི་ཡོན་ཏན་ནམ་ཕན་ཡོན་གཉིས་ཡིན་ཏེ༔ འཇིག་རྟེན་འདི་ལ་ཚེ་རིང་ནད་མེད་བུ་ཚ་འཕེལ་ལོངས་སྤྱོད་དང་ལྡན༔ ཕྱི་མ་ལ་སྒྲིབ་པ་འབྱང་ཚོགས་ཆེན་པོ་གཉིས་རྫོགས་ཏེ་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ཡིན་གསུངས༔ གཏོར་མའི་ལས་ནི་བགེགས་སེལ༔ བགེགས་ལ་དོན་རྟགས་མཚོན་པ་གསུམ༔ མཚོན་པའི་བགེགས་ཀྱིས་ཚེ་འདི་ལ་བར་དུ་གཅོད་དེ༔ སྲོག་དང་ལོངས་སྤྱོད་ལ་བར་དུ་གཅོད་དོ༔ སྒྱུ་མ་མངོན་དུ་བྱུང་བའི་བགེགས་ཞེས་བྱ༔ རྟགས་ཀྱི་བགེགས་ནི་ཉོན་མོངས་པ་རྣམ་པ་ལྔ་དེས་ནི་གཟུགས་ཀྱི་སྐུ་ལ་བར་དུ་གཅོད་དོ༔ དོན་གྱི་བགེགས་ནི་མ་རིག་པ་སྟེ་ཆོས་ཀྱི་སྐུ་ལ་བར་དུ་གཅོད༔ ཧྲིལ་གྱིས་དྲིལ་ན་བགེགས་དེ་རྣམས་རྣམ་པར་རྟོག་པ་སྟེ༔ བླ་ན་མེད་པའི་བྱང་ཆུབ་ལ་བར་དུ་གཅོད༔ བར་གཅོད་ཐམས་ཅད་གཏོར་མ་འདིས་སེལ་བས་གཏོར་མའི་ལས་ལ་བརྩོན་དགོས་པ་ཡིན་ནོ་གསུངས་སོ༔ གཏོར་མ་གཏོང་བའི་ཐབས་ནི༔ བཟུང་ལ་གཏང་སྟེ༔ རྒྱུན་གྱིས་བཟུང་ལ་གཏང་བ་ནི༔ རྣལ་འབྱོར་པས་དགོང་མོ་བཟུང་ལ་ནངས་པར་གཏང༔ ནངས་པར་བཟུང་ལ་དགོང་མོ་གཏང༔ གནས་སྐབས་ཀྱིས་བཟུང་ལ་གཏང་བ་ནི༔ སྒྲུབ་པ་གཉན་པོ་བྱེད་པའི་དུས་སུ་དཔལ་གྱི་གཏོར་མ་བཟུང་བས་ལྷ་སྲུང་འདུ་ཞིང་དངོས་གྲུབ་འགྲུབ༔ ཆོས་སྐྱོང་གཏོར་མ་གཏོང་བས་ལས་རྣམས་མྱུར་ཞིང་དངོས་གྲུབ་སྟེར༔ སྒྲུབ་པ་མ་ཐོན་བར་དུ་གཏོར་གཞོང་མི་བཤལ༔ དེས་ཆོས་སྐྱོང་འདུ༔ གཏོར་མ་ཁ་ཕྱིར་བསྟན་ནས་མི་འབོ་དངོས་གྲུབ་ཟློག༔ གཏོར་གཞོང་ནང་དུ་བསྟན་ན་དངོས་གྲུབ་འདུ༔ གཏོར་མ་གཏོང་ཁར་མ་སྒུལ་ན་མགྲོན་གྱིས་ལེན་མི་ནུས་སོ༔ དེ་རྣམས་ནི་གཏོར་མ་གཏོང་བའི་ཐབས་ཡིན་ནོ་གསུངས༔ ༔ཡང་ཇོ་མོས་ཞུས་པ༔ གཏོར་བྱ་བའི་དོན་ཇི་ལྟ་བུ་ལགས༔ མ་ཞེས་བྱ་བའི་དོན་ཇི་ལྟ་བུ་ལགས༔ གཏོར་མའི་སྒོམ་ཐབས་ཇི་ལྟ་བུ་ལགས༔ གཏོར་མའི་སྤྱོད་པ་གང་ལགས༔ གཏོར་མའི་དམ་ཚིག་གང་ལགས༔ གཏོར་མ་བཏང་བའི་འབྲས་བུ་གང་ལགས༔ གཏོར་མ་བྱིན་གྱིས་མ་བརླབ་ན་ཇི་ལྟར་འགྱུར༔ གཏོར་མ་མ་ཐེངས་ན་ཇི་ལྟར་འགྱུར༔ གཏོར་མ་བསྔོ་བ་མ་དག་ན་ཇི་ལྟར་འགྱུར༔ གཏོར་མའི་བསྔོ་བ་ལོག་ན་ཇི་ལྟར་འགྱུར༔ གཏོར་མ་མ་རྫོགས་ན་ཇི་ལྟར་འགྱུར༔ གཏོར་མའི་རྒྱུ་རྐྱེན་མ་འཚོགས་ན་སྐྱོན་ཅི་ཡོད༔ གཏོར་མའི་རྫས་མ་འཚོགས་ན་སྐྱོན་ཅི་ཡོད༔ གཏོར་མའི་དམ་རྫས་ངོ་མ་ཤེས་ན་སྐྱོན་ཅི་ཡོད༔ གཏོར་མའི་ཕུད་ཉམས་ན་སྐྱོན་ཅི་ཡོད༔ གཏོར་མའི་ཆོ་ག་གཞུང་མ་བསྲང་ན་སྐྱོན་ཅི་ཡོད༔ གཏོར་མའི་སྔགས་དང་ཕྱག་རྒྱ་ནོར་ན་ཅིར་འགྱུར༔ གཞན་ཡང་གཏོར་མའི་གཏོང་ཐབས་དང་མགྲོན་རྣམས་གང་ལགས༔ སློབ་དཔོན་ཆེན་པོ་ནས་བཤད་དུ་གསོལ་ཞེས་ཞུས་པ༔ སློབ་དཔོན་གྱིས་གསུང་པ༔ འཛིན་པ་མེད་པས་གཏོར་ཞེས་བྱ༔ ཀུན་ལ་ཁྱབ་པས་མ་ཞེས་བྱ༔ རང་བཞིན་མེད་པས་གཏོར་ཞེས་བྱ༔ ཡོངས་ལ་སྙོམས་པས་མ་ཞེས་བྱའོ་གསུངས༔ གཏོར་མ་ཇི་ལྟར་སྒོམ་པ་ནི༔ ཀུན་རྫོབ་ཏུ་གཏོར་གཞོང་ཡེ་ཤེས་ཀྱི་གཞལ་ཡས་ཁང་དཔག་ཏུ་མེད་པར་བསྒོམ༔ ནང་གི་གཏོར་མ་ནི་དུག་ལྔའི་གསོས༔ ཡེ་ཤེས་ལྔའི་རང་བཞིན་འདོད་པའི་ཡོན་ཏན་ལྔ་ལས༔ ས་གཞི་ལས་འཁྲུངས་པ་ལོ་ཐོག་སྐྱེ་ཞིང་འབྱུང་བ་ལྟར་ལ༔ བར་སྣང་ལ་སྤྲིན་ལྟར་གཏིབས༔ ནམ་མཁའ་ལ་ནི་ཆར་གྱི་རྒྱུན་ལྟར་འབྱུང་བར་བསམ་མོ༔ དོན་དམ་པར་གཏོར་གཞོང་ནི་ཆོས་ཀྱི་དབྱིངས་སྐྱེ་བ་མེད་པའི་དོན་ཡིན་ནོ༔ གཏོར་མ་ནི་རིག་པའི་ཡེ་ཤེས་ཀྱི་ཆོ་འཕྲུལ་ཡིན་ནོ༔ དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་འོད་ཟེར་འཕྲོས་པས་འགྲོ་བ་རིགས་དྲུག་གི་དོན་བྱེད་པར་བསྒོམ༔ གཏོར་མའི་སྤྱོད་པ་ནི་གོང་མ་ལྟར་མ་སྤྱོད་ཅེས་པ་སྟེ༔ འབགས་པ་དང་དམེ་བ་མེད་པ༔ བོ་དང་ཟག་པ་དང་འབག་འབོག་མེད་པའོ༔ གཏོར་མའི་དམ་ཚིག་ནི༔ དྲི་མ་དང་མི་གཙང་བས་མ་གོས་པའོ༔ ཆུ་མི་བླུག་ཏུ་མི་རུང༔ ཆུ་མ་བླུག་ན་སྤེལ་མི་ནུས་པའོ༔ གཏོར་མ་གཏོང་བའི་འབྲས་བུ་ནི༔ ཐར་པ་མྱ་ངན་ལས་འདས་པའི་གནས་སུ་ཕྱིན་པ་དང༔ འཇིག་རྟེན་འདིར་ནད་མེད་པ་དང༔ ནོར་ཕྱུགས་འཕེལ་བ་དང༔ ཚེ་རིང་བའོ༔ གཏོར་མ་བྱིན་གྱིས་མ་བརླབ་ན༔ འཕགས་པའི་བཀའ་ཆད་འོང༔ ཅི་ལ་ཡང་མི་ཕན་ནོ༔ གཏོར་མ་མ་ཐེངས་ན་རྣལ་འབྱོར་པས་ཅི་ཡང་མི་འགྲུབ་པའོ༔ བསྔོ་བ་མ་དག་ན་མགྲོན་རྣམས་ལ་མི་ཐོབ༔ གཏོར་མ་བསྔོ་བ་ལོག་ན༔ སྔགས་མཁན་ལས་ཀྱི་སྒྲིབ་པ་ཅན་དུ་འགྱུར་རོ༔ གཏོར་མ་མ་རྫོགས་ན་རི་སྐམ་གྱི་ཡི་དྭགས་སུ་སྐྱེའོ༔ གཏོར་མའི་རྒྱུ་རྐྱེན་མ་འཚོགས་ན་གཏོར་མའི་མགྲོན་རྣམས་མི་འཚོགས༔ མགྲོན་མ་འཚོགས་ན་བཏང་བའི་འབྲས་བུ་མེད་པར་འགྱུར་རོ༔ གཏོར་མའི་དམ་རྫས་མ་འཚོགས་ན༔ སྤྱན་དྲངས་པའི་མགྲོན་རྣམས་མི་འབྱོན་ལ་བྱིན་གྱིས་མ་བརླབ་ན་ཐུགས་མི་མཉེས་པའོ༔ དམ་རྫས་ངོ་མི་ཤེས་ན་སྔགས་མཁན་ལ་ལྷའི་ཆད་པ་འོང༔ གཏོར་མའི་ཕུད་ཉམས་ན་རྣལ་འབྱོར་པ་ལ་རྐྱེན་འོང༔ གཏོར་མའི་ཆོ་ག་གཞུང་མ་བསྲང་ན་ལས་ཀྱི་སྒྲིབ་པར་འགྱུར་རོ༔ གཏོར་མའི་སྔགས་དང་ཕྱག་རྒྱ་ནོར་ན་རིགས་ཆད་པའི་ནང་དུ་སྐྱེ༔ གཏོར་མ་གཏོང་བའི་ཐབས་ནི༔ སྲི་ཞུའི་མགྲོན་ལ་རྒྱལ་པོ་ལ་དཔྱ་འབུལ་བའི་ཚུལ་དུ་གཏོང༔ ཡོན་ཏན་གྱི་མགྲོན་ལ་གྲོགས་པོ་མཉམ་གཉིས་ལ་མགྲོན་བྱེད་པའི་ཚུལ་དུ་གཏོང༔ སྙིང་རྗེའི་མགྲོན་ལ་དགེ་རྩ་སྟོན་མོ་བྱེད་པའི་ཚུལ་དུ་གཏོང༔ ལན་ཆགས་ཀྱི་མགྲོན་ལ་བུ་ལོན་ལ་ཞུ་བ་བྱེད་པའི་ཚུལ་དུ་གཏོང༔ གཏོར་མའི་མགྲོན་ནི༔ སྲི་ཞུའི་མགྲོན་བླ་མ་དཀོན་མཆོག་ཡི་དམ་དངོས་ལ་གཏང༔ ཡོན་ཏན་གྱི་མགྲོན་ལ་ཕྱི་གཙང་རིགས་ཀྱི་མགོན་པོ་ནང་མཁའ་འགྲོ་དམ་ཅན་ཆོས་སྐྱོང་སྲུང་མ་ལྷ་མ་སྲིན་སྡེ་བརྒྱད༔ སྙིང་རྗེའི་མགྲོན་ལ་དུས་གསུམ་རིགས་དྲུག་སེམས་ཅན༔ ལན་ཆགས་ཀྱི་མགྲོན་ལ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའོ༔ དེ་རྣམས་ལ་བསྔོས་ལ་གཏོང་གསུངས་སོ༔ ྈ ༔ཇོ་མོས་ཞུས་པ༔ མི་འཛིན་ཡོངས་སུ་གཏོང་བའི་གཏོར་མ་གང་ལགས༔ འགྱུར་མེད་ཡེ་ཤེས་རྒྱན་གྱི་གཏོར་མ་གང་ལགས༔ བདེ་ཆེན་ཀློང་དུ་འཁྱིལ་བའི་གཏོར་མ་གང་ལགས༔ འགྱུར་མེད་རྒྱ་ཡིས་བཏབ་པའི་གཏོར་མ་གང་ལགས༔ དག་པ་ཆོས་ཉིད་ཀྱི་གཏོར་མ་གང་ལགས༔ ཡོངས་ལ་ཁྱབ་པའི་གཏོར་མ་གང་ལགས༔ དམིགས་པ་རྩེ་གཅིག་པའི་གཏོར་མ་གང་ལགས༔ སློབ་དཔོན་ཆེན་པོ་ནས་བཤད་དུ་གསོལ༔ ཞེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ མི་འཛིན་ཡོངས་སུ་གཏོང་བའི་གཏོར་མ་ནི༔ ཏིང་ངེ་འཛིན་གསལ་པོར་བྱས་ནས་དུས་གསུམ་བདེ་བར་གཤེགས་པ་མཆོད་པ་དང༔ ཁམས་གསུམ་གྱི་སེམས་ཅན་ལ་སྦྱིན་པ་དང༔ ཏིང་ངེ་འཛིན་གྱིས་དམིགས་པ་བསམ་གྱིས་མི་ཁྱབ་པར་གཏོང་བའོ༔ འགྱུར་མེད་ཡེ་ཤེས་རྒྱན་གྱི་གཏོར་མ་ནི༔ སྣང་སྲིད་སེམས་ཅན་ཐམས་ཅད་གཏོར་མའི་རང་བཞིན་ལ་གཏོར་མ་ཉིད་དུ་དམིགས་ལ་དུས་གསུམ་བདེ་བར་གཤེགས་པ་མཆོད༔ དུག་གསུམ་རྩད་ནས་བཅད་ནས་ངན་སོང་ཕྱགས་མས་བཏབ་སྟེ༔ ཆོས་ཉིད་བདེ་བ་ཆེན་པོའི་ངང་ལས་མི་འགྱུར་བའོ༔ བདེ་ཆེན་ཀློང་དུ་འཁྱིལ་བའི་གཏོར་མ་ནི༔ གོང་མ་ལྟར་དམིགས་པ་མེད་པར་སྣང་སྲིད་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་ནམ་ལྷུན་གྱིས་གྲུབ་པ༔ ངང་གིས་འདུ་འབྲལ་མེད་པ༔ བྱ་རྩོལ་མེད་པར་ལྷུན་གྱིས་གྲུབ་སྟེ༔ སངས་རྒྱས་དང་སེམས་ཅན་གཉིས་སུ་མེད་ཅིང་ལྷུན་གྱིས་མ་གྲུབ་པ་མེད་པའོ༔ འགྱུར་མེད་རྒྱས་བཏབ་པའི་གཏོར་མ་ནི༔ འཛིན་པ་དང་རྟོག་པ་མེད་པའི་དུས་ན༔ རྟོགས་ན་བྱང་ཆུབ་སེམས་དེ་ལས་མི་འགྱུར་ཞིང་རྒྱས་བཏབ་པའོ༔ དག་པ་ཆོས་ཉིད་ཀྱི་གཏོར་མ་ནི༔ གཏོར་མའི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མ་བྱུང་མ་སྐྱེས་སྐྱེ་བ་མེད་པར་ཁྱབ་པར་ཁྱབ་པ་ལ་བྱའོ༔ ཡོངས་ལ་ཁྱབ་པའི་གཏོར་མ་ནི༔ ཡོངས་ལ་ཁྱབ་ཅིང་གཏོར་བས་མ་ཞེས་བྱའོ༔ ཕྱི་སྣོད་ཀྱི་འཇིག་རྟེན་གྱིས་གང་ཁྱབ་པ་ན༔ ནང་བཅུད་ཀྱི་སེམས་ཅན་གྱིས་ཁྱབ་པའོ༔ དེས་གར་ཁྱབ་པ་ན་གཏོར་མས་ཁྱབ་པའོ༔ དེ་དེས་གར་ཁྱབ་པ་ན་ཆོས་ཉིད་བྱང་ཆུབ་སེམས་ཀྱིས་ཁྱབ་པའོ༔ དམིགས་པ་རྩེ་གཅིག་པའི་གཏོར་མ་ནི༔ སེམས་ཉིད་དམིགས་པ་རྩེ་གཅིག་པ་ལས་མི་འགྱུར་བས་གང་ལ་བསྔོས་པའི་མགྲོན་ལ་རྩེ་གཅིག་ཏུ་ཏིང་ངེ་འཛིན་གྱིས་བསྔོས་ལ་གཏོང་བ་ཡིན་ནོ་གསུངས་སོ༔ ྈ ༔ཇོ་མོས་ཞུས་པ༔ གཏོར་མ་ལམ་དུ་ཁྱེར་བ་ལ༔ ཕྱི་སྣང་བ་ཚོགས་ལམ་གྱི་གཏོར་མ་བཤད་དུ་གསོལ་ཞེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ ཕྱི་སྣང་བ་ཚོགས་ལམ་གྱི་གཏོར་མ་ལ་གསུམ༔ ཕྱི་ནང་གསང་བ་གསུམ་མོ༔ དེ་ལ་ཕྱི་སྣང་བ་ཚོགས་ལམ་གྱི་གཏོར་མ་ལ་དོན་བདུན་གྱིས་བསྟན༔ སྣོད་བསྟན་པ༔ རྫས་བསྟན་པ༔ གཏོར་མ་བྱིན་གྱིས་བརླབ་པ༔ གཏོར་མའི་མགྲོན་དགུག་པ༔ མཆོད་ཅིང་བསྟབ་པ༔ བསྔོ་ཞིང་ཕྲིན་ལས་བཅོལ་བ༔ གཤེགས་ཤིང་གཏོར་མ་གཏང་བ་དང་བདུན་ནོ༔ དང་པོ་གཏོར་མ་གཏང་བའི་སྣོད་ནི༔ རིན་པོ་ཆེ་ཆེ་ཆུང་ཅི་འབྱོར་བའོ༔ རྫས་ནི་ཞལ་ཟས་སྣ་ཚོགས་དཀར་གསུམ་མངར་གསུམ་གྱིས་བརྒྱན་པའོ༔ ཆེ་ཆུང་ནི་ཅི་འབྱོར་པའོ༔ བྱིན་གྱིས་བརླབ་པ་ནི༔ བདག་བྱིན་གྱིས་བརླབ་པ་དང༔ གཏོར་མ་བྱིན་གྱིས་བརླབ་པའོ༔ བདག་བྱིན་གྱིས་བརླབ་པ་ནི༔ སྐད་ཅིག་མའི་ངང་ལས་ཧཱུྃ་ཞེས་བརྗོད་པ་ཙམ་གྱིས་བདག་ཡི་དམ་ལྷར་སྐད་ཅིག་མས་བསྐྱེད༔ དེ་ནས་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པ༔ ཨཱོྃ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་སྤྱི་བོ་མགྲིན་པ་སྙིང་ག་གསུམ་དུ་པདྨ་ཟླ་བ་ཉི་མའི་སྟེང་དུ་སྤྱི་བོར་ཨཱོྃཿམགྲིན་པར་ཨཱཿསྙིང་གར་ཧཱུྃ་བསམ་མོ༔ དེ་ནས་གཏོར་མ་བྱིན་གྱིས་བརླབ་པ་ནི༔ ཨཱོྃ་ཨཱཿཧཱུྃ་ལན་བདུན་བརྗོད་པས༔ བདག་གི་གནས་གསུམ་ནས་ཡིག་འབྲུ་གསུམ་ལས་ཡིག་འབྲུ་གསུམ་མཆེད་ནས་གཏོར་མའི་སྟེང་དུ་འཕྲོས་གཙང་དམེ་ཐམས་ཅད་སྦྱངས༔ ཡང་ལན་བདུན་གྱིས་བདུད་རྩི་མུ་ཏིག་དཀར་པོ་ལྟ་བུས་ནམ་མཁའ་ཁྱབ་པར་འཕེལ༔ ཡང་ལན་བདུན་གྱིས་སོ་སོའི་ཡིད་ལ་ཇི་ལྟར་མོས་པར་བསྒྱུར་རོ༔ དེ་ནས་མགྲོན་དགུག་པ་ནི༔ རང་གི་གནས་གསུམ་ནས་འོད་ཟེར་འཕྲོས་པས་མགྲོན་རྣམ་བཞི་སྤྱན་དྲང་ཞིང་ཡན་ལག་བདུན་པ་ཚུལ་དང་མཐུན་པར་བྱའོ༔ དུས་གསུམ་བདེ་གཤེགས་འཁོར་བཅས་གཤེགས་སུ་གསོལ༔ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ མ་ཆགས་པདྨའི་གདན་ལ་བཞུགས་སུ་གསོལ༔ མཆོད་པ་རྣམས་ཀྱིས་མཆོད་པར་བགྱི༔ སྡིག་པ་མི་དགེ་སོ་སོར་བཤགས༔ དགེ་བ་བགྱིད་ལ་རྗེས་ཡི་རང༔ མྱ་ངན་མི་འདའ་གསོལ་བ་འདེབས༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ སེམས་ཅན་མ་ལུས་བྱང་ཆུབ་མཆོག་ཐོབ་ཤོག༔ ཅེས་བརྗོད་པས༔ སྲི་ཞུའི་མགྲོན་རྒྱལ་བ་ཤཱཀྱ་ཐུབ་པ་དང་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལ༔ འཁོར་དུས་གསུམ་གྱི་བདེ་བར་གཤེགས་པ་དང་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ་དང༔ ཡོན་ཏན་གྱི་མགྲོན་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ལ༔ འཁོར་གཙང་རིགས་ཀྱི་མགོན་པོ་བདུན་ཅུ་རྩ་གཉིས་ཆོས་སྐྱོང་བའི་སྲུང་མ་དམ་ཚིག་ཅན་རྣམས་ཀྱིས་བསྐོར་བ་དང༔ སྙིང་རྗེའི་མགྲོན་ཐུགས་རྗེའི་བདག་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ༔ འཁོར་ཁམས་གསུམ་ས་དགུ་ལ་གནས་པའི་རིགས་དྲུག་གི་སེམས་ཅན་དང་དུས་གསུམ་གྱི་ཕ་མས་བསྐོར་བ༔ ལན་ཆགས་ཀྱི་མགྲོན་ཡེ་ཤེས་ཧ་ཡ་གྲཱི་བ་དཔལ་རྟ་མགྲིན་ལ༔ འཁོར་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་བསྐོར་བ༔ དེ་རྣམས་མདུན་གྱི་ནམ་མཁའ་ལ་པདྨ་སྟོང་ལྡན་གྱི་སྟེང་དུ་བཞུགས་པར་བསམ་མོ༔ མཆོད་ཅིང་གསོལ་བ་གདབ་པ་ནི༔ སྲི་ཞུའི་མགྲོན་ཤཱཀྱ་ཐུབ་པ་དང་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ༔ འཁོར་དུས་གསུམ་གྱི་བདེ་བར་གཤེགས་པ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཆོད་པ་བཞེས་ཤིག༔ ཡོན་ཏན་གྱི་མགྲོན་མཐུ་སྟོབས་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ལ༔ འཁོར་གཙང་རིགས་ཀྱི་མགོན་པོ་བདུན་ཅུ་རྩ་གཉིས་དང་རྡོ་རྗེ་རིགས་ཀྱི་སྲུང་མ་འཁོར་དང་བཅས་པས་མཆོད་པ་བཞེས་ཤིག༔ སྙིང་རྗེའི་མགྲོན་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ༔ འཁོར་ཁམས་གསུམ་ས་དགུ་ལ་གནས་པའི་རིགས་དྲུག་གི་སེམས་ཅན་དུས་གསུམ་གྱི་ཕ་མ་དང་བཅས་པས་མཆོད་པ་བཞེས་ཤིག༔ ལན་ཆགས་ཀྱི་མགྲོན་ཡེ་ཤེས་ཧ་ཡ་གྲཱི་བ་ལ༔ འཁོར་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་ལྷ་མ་སྲིན་སྡེ་བརྒྱད་དང་བཅས་པས་མཆོད་པ་བཞེས་ཤིག༔ ཅེས་བརྗོད་ལ་སེ་གོལ་ལན་གསུམ་གདབ༔ མགྲོན་རྣམ་བཞིས་གཏོར་མ་བདུད་རྩིར་གྱུར་པ་དེ་གསོལ་ནས་དགྱེས་ཏེ་བདག་ལ་དངོས་གྲུབ་སྩོལ་བར་བསམ་མོ༔ བསྔོ་ཞིང་འཕྲིན་ལས་བཅོལ་བ་ནི༔ རིན་ཆེན་རྒྱ་ཆེན་སྣོད་ནང་དུ༔ ཞལ་ཟས་སྣ་ཚོགས་གཏོར་མའི་རྒྱུ༔ དཀར་གསུམ་མངར་གསུམ་གཏོར་མའི་རྒྱན༔ འབྲུ་གསུམ་སྔགས་ཀྱིས་བྱིན་བརླབས་ནས༔ མི་མཉེས་པ་དག་གང་ཡང་མེད༔ རྒྱལ་བ་མཆོད་པས་མཉེས་གྱུར་ཅིག༔ དམ་ཅན་ཐུགས་དམ་སྐོང་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམས་གྱུར་ཅིག༔ ལན་ཆགས་བུ་ལོན་བྱང་གྱུར་ཅིག༔ རྣམ་བཞིའི་མགྲོན་གྱི་རིགས་རྣམས་ལ༔ ཚད་མེད་གཏོར་མ་འདི་བསྔོས་པས༔ བདག་དང་སེམས་ཅན་ཐམས་ཅད་ཀྱང༔ ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས༔ ཐམས་ཅད་མྱུར་དུ་སངས་རྒྱས་ཤོག༔ ཅེས་པས་བསྔོའོ༔ གཏོར་མ་ལག་པས་བཏེགས་ལ་འབུལ་ལོ༔ ཕྲིན་ལས་བཅོལ་བ་ནི༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་མཛད་དུ་གསོལ༔ ཚེ་དང་ལོངས་སྤྱོད་ཐམས་ཅད་རྒྱས་པར་མཛད་དུ་གསོལ༔ ལོག་པར་ལྟ་བ་ཐམས་ཅད་དབང་དུ་བསྡུ་རུ་གསོལ༔ བསྟན་པ་འཇིག་པ་ཐམས་ཅད་མྱུར་དུ་བསྒྲལ་དུ་གསོལ༔ རྐྱེན་དང་དུས་མིན་འཆི་བ་ཐམས་ཅད་ཟློག་ཏུ་གསོལ༔ ཞེས་ཕྲིན་ལས་བཅོལ༔ ཐལ་མོ་བརྡབ༔ གཤེགས་ཤིང་གཏོར་མ་གཏོང་བ་ནི༔ ཨཱོྃ་ཨཱཿཧཱུྃ་མུ༔ ཞེས་བརྗོད་པས་མགྲོན་རྣམས་རང་བཞིན་གནས་སུ་གཤེགས༔ ས་གཙང་སར་གཏོར་མའི་ཁ་ནང་དུ་བསྟན་ལ་བླུགས༔ དེས་ནི་དངོས་གྲུབ་མྱུར་དུ་འོང༔ དགྲ་ལ་བྱེད་ན་གཏོར་མ་ཁ་ཕྱིར་བསྟན་ལ་འཕང༔ དེས་ནི་གཏོར་མ་ཟོར་དུ་འགྲོའོ༔ དགྲ་བགེགས་ཐམས་ཅད་ཚར་གཅོད་པ་ཡིན་ནོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ནང་སྣང་བ་ཚོགས་ལམ་གྱི་གཏོར་མ་བཤད་དུ་གསོལ༔ ཞེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ ནང་སྣང་བ་ཚོགས་ལམ་གྱི་གཏོར་མ་ལ་བདུན༔ སྣོད་བསྟན་པ༔ རྫས་བསྟན་པ༔ གཏོར་མའི་བྱིན་རླབས་བསྟན་པ༔ གཏོར་མའི་མགྲོན་དགུག་པ༔ མཆོད་ཅིང་བསྟབ་པ༔ བསྔོ་ཞིང་འཕྲིན་ལས་བཅོལ་བ༔ གཤེགས་ཤིང་གཏོར་མ་གཏང་བ་དང་བདུན་ནོ༔ དང་པོ་གཏོར་མའི་སྣོད་བསྟན་པ་ནི༔ ཀ་པཱ་ལའི་སྣོད་མཚན་དང་ལྡན་པའོ༔ རྫས་ནི་ཞལ་ཟས་སྣ་ཚོགས་ལ་བདུད་རྩི་རྣམ་པ་ལྔས་སྤྲས་པའོ༔ ཆེ་ཆུང་ནི་ཅི་འབྱོར་པའོ༔ བྱིན་གྱིས་བརླབ་པ་ལ་གཉིས༔ བདག་བྱིན་གྱིས་བརླབ་པ་ནི༔ བདག་ཡི་དམ་གྱི་ལྷར་སྐད་ཅིག་གིས་ལུས་ངག་ཡིད་གསུམ་ཡི་གེ་འབྲུ་གསུམ་གྱིས་བརླབ༔ གཏོར་མ་བྱིན་གྱིས་བརླབ་པ་ནི༔ བདག་གི་གནས་གསུམ་ནས་ཡི་གེ་འབྲུ་གསུམ་ལས་འོད་ཡིག་འབྲུ་གཏོར་མ་ལ་འཕྲོས༔ ཨཱོྃ་ཨཱཿཧཱུྃ་ལན་བདུན་གྱིས་གཏོར་མ་འོད་དུ་ཞུ༔ ཡང་ལན་བདུན་གྱིས་ཤ་ཁྲག་དམར་གྱི་གཏོར་མ་བདུད་རྩི་སྨན་གྱིས་བྲན་པ་ནམ་མཁའི་མཐའ་དང་མཉམ་པར་སྤེལ༔ ཡང་ལན་བདུན་བརྗོད་པས་འདོད་པའི་ཡོན་ཏན་ལྔའི་ལྷ་མོ་མང་པོ་གཏོར་མ་ལས་བྱུང་ནས་སོ་སོ་ཇི་ལྟར་མོས་པ་ལྟར་མཆོད་པར་བསམ་མོ༔ དེ་ནས་མགྲོན་དགུག་པ་ནི༔ རང་གི་ཐུགས་ཀའི་ཧཱུྃ་ལས་ཛཿལས་ལྷ་མོ་ལྕགས་ཀྱུ་མ་མང་པོ་སྤྲོས་ཏེ་སྤྱན་དྲངས་ལ༔ ཡན་ལག་བདུན་པ་ཚུལ་དང་མཐུན་པར་བྱའོ༔ བླ་མ་རྡོར་འཆང་འཁོར་བཅས་གཤེགས་སུ་གསོལ༔ བླ་མ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ༔ མི་འཇིགས་པདྨའི་གདན་ལ་བཞུགས་སུ་གསོལ༔ བླ་མ་ཡི་དམ་མཁའ་འགྲོ་རྣམས་ལ་འབུལ༔ ཉམས་ཆག་སྡིག་སྒྲིབ་ཐམས་ཅད་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔ མྱ་ངན་མི་འདའ་འགྲོ་དོན་མཛོད༔ གསང་སྔགས་འཁོར་ལོ་བསྐོར་དུ་གསོལ༔ ཕྱི་ནང་སྒྲིབ་པ་སྦྱང་དུ་གསོལ༔ ཡིད་འོང་སྙིང་པོ་འཐོབ་པར་སྨོན༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་བརྗོད་པས༔ བླ་མ་ཡི་དམ་མཁའ་འགྲོ་རྣམས་བྱོན་པར་བསམ་མོ༔ བླ་མ་ཡི་དམ་ལ་བརྒྱུད་པའི་བླ་མ་ཡི་དམ་དཀྱིལ་འཁོར་ཕྱི་ནང་གི་ལྷ་ཚོགས་ཀྱིས་བསྐོར་བར་བསམ་མོ༔ མཁའ་འགྲོ་སྡེ་བཞི་ལ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཀྱིས་བསྐོར་བར་བསམ་མོ༔ མཆོད་ཅིང་བསྟབ་པ་ནི༔ བླ་མ་ཡི་དམ་རྗེ་བཙུན་ཐུགས་རྗེ་ཅན་བརྒྱུད་པའི་བླ་མ་དང་བཅས་པ་རྣམས་མཆོད་པ་དམ་པ་བཞེས་ཤིག༔ ཡི་དམ་ལྷ་དང་དཀྱིལ་འཁོར་ཕྱི་ནང་ལྷ་ཚོགས་རྣམས་མཆོད་པ་དམ་པ་བཞེས་ཤིག༔ མཁའ་འགྲོ་སྡེ་བཞི་ལ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཀྱིས་བསྐོར་བ་རྣམས་མཆོད་པ་དམ་པ་བཞེས་ཤིག༔ ཅེས་བརྗོད་ལ་སེ་གོལ་ལན་གསུམ་བརྡབ༔ བླ་མ་ཡི་དམ་མཁའ་འགྲོ་འཁོར་བཅས་དགྱེས་ནས་བདག་ལ་དངོས་གྲུབ་སྩོལ་བར་བསམ་མོ༔ བསྔོ་ཞིང་ཕྲིན་ལས་བཅོལ་བ་ནི༔ ཀ་པཱ་ལ་ཡི་སྣོད་ནང་དུ༔ ཞལ་ཟས་སྣ་ཚོགས་གཏོར་མའི་རྒྱུ༔ བདུད་རྩི་རྣམ་ལྔ་གཏོར་མའི་རྒྱན༔ འབྲུ་གསུམ་སྔགས་ཀྱིས་བྱིན་བརླབས་ནས༔ མི་མཉེས་པ་དག་གང་ཡང་མེད༔ བླ་མའི་དགོངས་པ་ལོན་གྱུར་ཅིག༔ ཡི་དམ་ཐུགས་དམ་སྐོང་གྱུར་ཅིག༔ མཁའ་འགྲོ་ཐུགས་དམ་སྐོང་གྱུར་ཅིག༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ཚད་མེད་གཏོར་མ་འདི་བསྔོས་པས༔ བདག་དང་སེམས་ཅན་ཐམས་ཅད་ཀྱང༔ ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས༔ ཐམས་ཅད་མྱུར་དུ་སངས་རྒྱས་ཤོག༔ ཅེས་སྨྲས་པས་བསྔོའོ༔ གཏོར་མ་ལག་པས་བཏེགས་ལ་འབུལ་ལོ༔ ཕྲིན་ལས་བཅོལ་བ་ནི༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་མཛད་དུ་གསོལ༔ ཚེ་དབང་ལོངས་སྤྱོད་ཐམས་ཅད་རྒྱས་པར་མཛད་དུ་གསོལ༔ ལོག་པར་ལྟ་བ་ཐམས་ཅད་དབང་དུ་བསྡུ་རུ་གསོལ༔ བསྟན་པ་འཇིག་པ་ཐམས་ཅད་མྱུར་དུ་བསྒྲལ་དུ་གསོལ༔ རྐྱེན་ངན་དུས་མིན་འཆི་བ་ཐམས་ཅད་ཟློག་ཏུ་གསོལ༔ ཞེས་ཕྲིན་ལས་བཅོལ༔ ཐལ་མོ་བརྡབ༔ གཤེགས་ཤིང་གཏོར་མ་གཏང་བ་ནི༔ ཨཱོྃ་ཨཱཿཧཱུྃ་མུ༔ ཞེས་བརྗོད་པས་མགྲོན་རྣམས་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ༔ གཏོར་སྟེགས་ཀྱི་ཁར་གཏོར་མ་ཁ་ནང་དུ་བསྟན་ལ་བླུགས༔ དེས་དངོས་གྲུབ་རང་ལ་འོང༔ དགྲ་བགེགས་ཟློག་པ་ལ་ཁ་ཕྱིར་བསྟན་ལ་འཕང་ངོ༔ དེས་ནི་གཏོར་མ་ཟོར་དུ་འགྲོའོ༔ དགྲ་བགེགས་ཐམས་ཅད་ཚར་གཅོད་པ་ཡིན་གསུངས་སོ༔ ༔སློབ་དཔོན་པདྨ་ལ་ཇོ་མོས་ཞུས་པ༔ གསང་བ་སྣང་བ་ཚོགས་ལམ་གྱི་གཏོར་མ་བཤད་དུ་གསོལ༔ ཞེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ གསང་བ་སྣང་བ་ཚོགས་ལམ་གྱི་གཏོར་མ་ལ་དོན་བདུན་ཏེ༔ སྣོད་བསྟན་པ༔ རྫས་བསྟན་པ༔ བྱིན་གྱིས་བརླབ་པ༔ གཏོར་མའི་མགྲོན་དགུག་པ༔ མཆོད་ཅིང་བསྟབ་པ༔ བསྔོ་ཞིང་ཕྲིན་ལས་བཅོལ་བ༔ གཤེགས་ཤིང་གཏོར་མ་གཏང་བའོ༔ དང་པོ་སྣོད་བསྟན་པ་ལ་གཉིས༔ ཐུན་མོང་གི་སྣོད་དང་ཁྱད་པར་གྱི་སྣོད་གཉིས༔ ཐུན་མོང་གི་སྣོད་ནི་རིན་པོ་ཆེ་ལ་སོགས་པའོ༔ ཁྱད་པར་གྱི་སྣོད་ནི་སྣོད་ཀྱི་འཇིག་རྟེན་ནམ་མཁས་གར་ཁྱབ་པའོ༔ རྫས་ལ་ཡང་གཉིས༔ ཐུན་མོང་གི་རྫས་ནི་བཟའ་བཏུང་དག་གོ༔ ཁྱད་པར་གྱི་རྫས་ནི་ནང་བཅུད་ཀྱི་སེམས་ཅན་ནོ༔ བྱིན་གྱིས་བརླབ་པ་ནི་གཉིས༔ བདག་དང་གཏོར་མའོ༔ བདག་བྱིན་གྱིས་བརླབ་པ་ནི་གཉིས༔ ཐུན་མོང་གིས་བདག་ཡི་དམ་ལྷར་སྐད་ཅིག་གིས་བསྐྱེད༔ ཁྱད་པར་དུ་བདག་རང་བཞིན་མེད་པར་བསྐྱེད་པའོ༔ གཏོར་མ་བྱིན་གྱིས་བརླབ་པ་ལ་གཉིས༔ ཐུན་མོང་དུ་གཏོར་མའི་རྫས་ལ་དམིགས་པ་གཏད་དེ་གཏོར་མ་དེ་ཆོས་ཉིད་ཀྱི་བདུད་རྩིར་གྱུར་ནས༔ གཏོར་མ་ཇེ་ཆེ་ཇེ་ཆེ་ལ་ཆོས་ཉིད་ནམ་མཁའི་མཐའ་དང་མཉམ་པར་བསམ་ལ་བླ་མ་ཡི་དམ་དཀོན་མཆོག་མཆོད༔ གཏོར་མ་ཇེ་ཆེ་ཇེ་ཆེ་ལ་ཆོས་ཉིད་ནམ་མཁའི་མཐའ་དང་མཉམ་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་བསམ་ལ་མཁའ་འགྲོ་ཆོས་སྐྱོང་དམ་ཚིག་ཅན་རྣམས་མཆོད༔ ཡང་གཏོར་མ་ཇེ་ཆེ་ཇེ་ཆེ་ལ་བདུད་རྩི་བསིལ་མངར་གྱི་རོ་དང་ལྡན་པས་ནམ་མཁའི་ཁམས་གང་བར་བསམ་ལ་ཕ་མ་ལ་སོགས་པའི་རིགས་དྲུག་གི་སེམས་ཅན་རྣམས་ལ་མཆོད༔ བགེགས་དང་ལན་ཆགས་འབྱུང་པོའི་རིགས་ལ་ཡང༔ སོ་སོར་ཅི་འདོད་ཟད་མེད་གྱུར་དམིགས་མཆོད༔ ཁྱད་པར་དུ་གཏོར་མ་བྱིན་གྱིས་བརླབ་པ་ནི༔ ནང་བཅུད་ཀྱི་སེམས་ཅན་དང་རྩི་ཤིང་ནགས་ཚལ་གོང་བཞིན་བྱིན་གྱིས་བརླབས་ལ་མཆོད༔ གཏོར་མའི་མགྲོན་དགུག་པ་ནི༔ ཐུན་མོང་དུ་བླ་མ་དཀོན་མཆོག་ཡི་དམ་མཁའ་འགྲོ་ཕྱི་ནང་གི་ཆོས་སྐྱོང་དུས་གསུམ་ཕ་མ་རིགས་དྲུག་སེམས་ཅན་གྱིས་ནམ་མཁའ་གང་བར་བསམ་ལ་མཆོད༔ ཁྱད་པར་དུ་མགྲོན་གོང་མ་རྣམས་ཆོས་ཉིད་ཀྱི་རོལ་པར་བསམ་ལ་མཆོད༔ མཆོད་ཅིང་བསྟབ་པ་ནི༔ དང་པོ་བླ་མ་དཀོན་མཆོག་རིན་པོ་ཆེ་རྣམས་མཉེས་པར་གྱུར་ཅིག༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ མཁའ་འགྲོ་ཆོས་སྐྱོང་དམ་ཚིག་ཅན་རྣམས་མཉེས་ཤིང་ཚིམས་པར་གྱུར་ཅིག༔ ཕ་མ་ལ་སོགས་པ་རིགས་དྲུག་སེམས་ཅན་རྣམས་མཉེས་ཤིང་ཚིམས་པར་གྱུར་ཅིག༔ ཅེས་བསྔོའོ༔ བླ་མ་ཆོས་སྐྱོང་དམ་ཚིག་ཅན་རྣམས་ལ་ཐེངས་རེ་བསྔོའོ༔ རིགས་དྲུག་ལ་ཐེངས་གསུམ་བསྔོའོ༔ བསྔོ་བ་རེ་ལ་སེ་གོལ་ལན་རེ་བརྡབ༔ ཁྱད་པར་དུ་མགྲོན་རྣམས་ཆོས་ཉིད་ཀྱི་རོལ་པ་ལས་ཡེ་ཤེས་ཀྱི་ལོངས་སྤྱོད་རྒྱུན་མི་ཆད་པར་བསམ་ལ་ཡང་ནས་ཡང་དུ་བསྔོའོ༔ བསྔོ་ཞིང་ཕྲིན་ལས་བཅོལ་བ་ནི༔ བླ་མའི་དགོངས་པ་སྐོང་གྱུར་ཅིག༔ རྒྱལ་བ་མཆོད་པས་མཉེས་གྱུར་ཅིག༔ དམ་ཅན་ཐུགས་དམ་སྐོང་གྱུར་ཅིག༔ ཕ་མ་ལ་སོགས་འགྲོ་དྲུག་ལ༔ ཚད་མེད་གཏོར་མ་འདི་བསྔོས་པས༔ བདག་དང་སེམས་ཅན་ཐམས་ཅད་ཀྱང༔ ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས༔ ཐམས་ཅད་མྱུར་དུ་སངས་རྒྱ་ཤོག༔ ཅེས་ཐུན་མོང་དང་ཁྱད་པར་གཉིས་ཀ་ལ་བསྔོའོ༔ ཕྲིན་ལས་བཅོལ་བ་ནི༔ སྲི་ཞུའི་བླ་མ་རྒྱལ་བ་འཁོར་དང་བཅས༔ ཡོན་ཏན་ཕྱི་ནང་ཆོས་སྐྱོང་འཁོར་དང་བཅས༔ སྙིང་རྗེ་འགྲོ་དྲུག་དུས་གསུམ་ཕ་མ་དང༔ ལན་ཆགས་བགེགས་རིགས་ལྷ་མགོན་བཏགས་ཆགས་ལ༔ ཆོས་ཉིད་གཏོར་མ་རྒྱ་ཆེན་འདི་བསྔོས་པས༔ རྐྱེན་ཟློག་སྡུག་བསྔལ་བྱང་བ་དང༔ ལན་ཆགས་ཕྱི་ནང་སྒྲིབ་པ་བྱང་ནས་སུ༔ ཀུན་གྱིས་ཡང་དག་དོན་རྟོགས་ཤོག༔ ཅེས་ཐུན་མོང་དང་ཁྱད་པར་གཉིས་ཀ་ལ་བྱའོ༔ གཤེགས་ཤིང་གཏོར་མ་གཏོང་བ་ནི༔ ཐུན་མོང་དུ་མགྲོན་རྣམས་མི་དམིགས་པར་བསམ༔ ཁྱད་པར་དུ་མགྲོན་རྣམས་ཆོས་ཀྱི་དབྱིངས་སུ་ཐིམ་པར་བསམ༔ གཏོར་མ་གཏོང་བ་ནི༔ ཐུན་མོང་དུ་གཏོར་མ་ཆེ་ཆུང་ཅི་འབྱོར་པ་ཞིག་བཤམས་ལ༔ མི་གཏང་བར་དུ་ཡང་བྱིན་གྱིས་བརླབས་ལ་མགྲོན་རྣམས་ཡང་ཡང་མཆོད༔ ནམ་གཏོང་ཙམ་ན་བསྔོ་བ་བྱས་ནས་གཏང་ངོ༔ རང་གནས་སུ་མི་མི་སྡོད་ན་ཡང་གཏོར་མ་གནས་སུ་བཅས་ལ་ནམ་དྲན་དྲན་གྱི་གཏོར་མ་བྱས་ལ་ནམ་གཏོང་ཙ་ན་བསྔོ་བ་བྱས་ལ་གཏང་ངོ༔ ཁྱད་པར་གྱི་གཏོར་མ་ནི༔ ནང་བཅུད་ཀྱི་སེམས་ཅན་དང་རྩི་ཤིང་ནགས་ཚལ་ལོ་ཐོག་མེ་ཏོག་འབྲས་བུ་ཐམས་ཅད་གང་མཐོང་བ་ལ་བསྔོ་བ་བྱས་ལ་གཏང༔ གཏོར་མ་གོང་ལྟར་བྱས་ན་སྦྱིན་པ་རྒྱུན་མི་ཆད༔ བསོད་ནམས་རྒྱུན་མི་ཆད༔ གཏོར་མ་རྒྱུན་མི་ཆད༔ གསང་བ་སྣང་བ་ཚོགས་ལམ་གྱི་གཏོར་མ་ཡིན་ནོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ དེ་ཁོ་ན་ཉིད་སྣང་བ་ཚོགས་ལམ་གྱི་གཏོར་མ་ཞུ་འཚལ་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ ཕྱིའི་གཏོར་མ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་གཏོར་སྣོད༔ ནང་བཅུད་ཀྱི་སེམས་ཅན་གཏོར་རྒྱུ༔ རྩི་ཤིང་ནགས་ཚལ་ནི་གཏོར་རྒྱན༔ ས་ཆུ་མེ་རླུང་ཤིང་དང་ལྔ་ནི་བདུད་རྩི་རྣམ་པ་ལྔ༔ ཡང་ན་ནམ་མཁའ་ནི་གཏོར་སྣོད༔ འབྱུང་བ་བཞི་ནི་གཏོར་རྒྱུ༔ མེ་ཤེལ་ཉི་མ་ནི་མངར་གསུམ༔ ཆུ་ཤེལ་ཟླ་བ་ནི་དཀར་གསུམ༔ རླུང་ནི་དྲི་ཆེན༔ སྤྲིན་དང་ཁུ་རླངས་ནི་དྲི་ཆུ༔ ས་ནི་ཤ་ཆེན༔ གཏོར་མ་གསོག་པ་ནི་དཔྱིད་ཀྱི་ལྷ་མོ༔ གཏོར་མ་སྤེལ་བ་ནི་དབྱར་གྱི་ལྷ་མོ༔ སྨིན་པར་བྱེད་པ་ནི་སྟོན་གྱི་ལྷ་མོ༔ གཏོར་མ་གཏོང་བར་བྱེད་པ་ནི་དགུན་གྱི་ལྷ་མོའོ༔ ༔ནང་དོན་གྱི་གཏོར་མ་ནི༔ ལུས་ཀྱི་ཕུང་པོ་ནི་གཏོར་སྣོད༔ ཤ་ཁྲག་རུས་པ་ནི་གཏོར་རྒྱུ༔ དབྱིབས་དང་ཁ་དོག་གཏོར་མའི་རྒྱན༔ སྙིང་ཁོག་སྟོང་འོད་གསལ་གྱི་གཏོར་མའི་སྣོད༔ འབྱུང་བ་བཞི་གཏོར་མའི་རྒྱུ༔ དོན་སྙིང་ཆེན་པོ་བཞི་ནི་གཏོར་སྣོད༔ དྲན་པའི་རྒྱུ་ཐམས་ཅད་གཏོར་རྒྱུ༔ སྤྱི་བོ་ཀླད་པ་དུང་ཁང་གཏོར་སྣོད༔ གཏི་མུག་ནི་གཏོར་རྒྱུ༔ མགྲིན་པ་ནི་གཏོར་སྣོད༔ འདོད་ཆགས་ནི་གཏོར་རྒྱུ༔ ཙིཏྟ་རིན་ཆེན་འབར་བ་ནི་གཏོར་སྣོད༔ ཞེ་སྡང་ནི་གཏོར་མ༔ ལྟེ་བ་སྲིད་པའི་གནས་གཏོར་སྣོད༔ ང་རྒྱལ་གཏོར་མ༔ གསང་གནས་གཏོར་སྣོད༔ ཕྲག་དོག་གཏོར་མའི་རྒྱུ༔ བུས་པའི་དུས་ནི་གཏོར་མ་གསོག་པ༔ དར་མའི་དུས་ནི་གཏོར་མ་རྒྱས་པ༔ རྒས་པའི་དུས་ནི་གཏོར་མ་སྨིན་པ༔ ཤི་བའི་དུས་ནི་གཏོར་མ་གཏོང་བའོ༔ ༔གསང་བའི་དུས་ཀྱི་གཏོར་མ་ནི༔ རང་བཞིན་སྟོང་པ་ཐམས་ཅད་ནི་གཏོར་མའི་སྣོད༔ རང་བཞིན་སྣང་བ་ཐམས་ཅད་གཏོར་རྒྱུ༔ མཉམ་ཉིད་གཉིས་སུ་མེད་པ་ཐམས་ཅད་གཏོར་མ་གཏོང་བའོ༔ ཀུན་གཞི་ནི་གཏོར་སྣོད༔ ཆགས་སྡང་ནི་གཏོར་རྒྱུ༔ རང་རིག་པའི་ཡེ་ཤེས་ནི་གཏོར་མ་གཏོང་བའོ༔ སྒོ་ལྔའི་དབང་པོ་ནི་གཏོར་མ་གསོག་པ༔ ཡིད་ཀྱི་རྣམ་ཤེས་ནི་གཏོར་མ་སྤེལ་བ༔ ཉོན་མོངས་པ་ཅན་གྱི་ཡིད་ནི་གཏོར་མ་སྨིན་པ༔ ཀུན་གཞིའི་རྣམ་པར་ཤེས་པ་ནི་གཏོར་མ་གཏོང་བའོ༔ གཏོར་མའི་ཡུལ་ནི་ཆོས་ཀྱི་སྐུ༔ མ་རིག་པ་ནི་གཏོར་སྣོད༔ ཉོན་མོངས་པ་ལྔ་ནི་གཏོར་རྒྱུ༔ ཡེ་ཤེས་ལྔ་ནི་གཏོར་མ་གཏོང་བའོ༔ གཏོར་མའི་ཡུལ་ནི་ལོངས་སྤྱོད་རྫོགས་སྐུ༔ དབང་པོ་ལྔ་པོ་གཏོར་སྣོད༔ གཟུང་འཛིན་རྣམ་པར་རྟོག་པ་ནི་གཏོར་རྒྱུ༔ ཐམས་ཅད་ཐུགས་རྗེ་ཆེན་པོར་གཏོར་མ་གཏོང་བའོ༔ གཏོར་མའི་ཡུལ་ནི་སྤྲུལ་སྐུ༔ ཉོན་མོངས་པ་ཐམས་ཅད་གཏོར་སྣོད༔ དྲན་པ་ཐམས་ཅད་གཏོར་རྒྱུ༔ རྣམ་པར་མི་རྟོག་པ་ཐམས་ཅད་གཏོར་མ་གཏོང་བའོ༔ སྐུ་གསུམ་གང་ཡང་བྱང་ཆུབ་སྙིང་པོ་སྟེ༔ བདེ་བ་གསལ་བ་མི་རྟོག་པ་གསུམ་མོ༔ དེ་རང་ལས་མ་ཡེངས་པས་ཉོན་མོངས་པ་སྤངས༔ འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ་པ་ཡིན༔ དེ་ཁོ་ན་ཉིད་སྣང་བ་ཚོགས་ལམ་གྱི་གཏོར་མའོ༔ གཏོར་མའི་མགྲོན་སྤྱན་དྲང་བ་ནི༔ སྣང་བ་ཆོས་སྐུའི་གཞལ་ཡས་ནས༔ བརྒྱུད་པའི་བླ་མ་གཤེགས་སུ་གསོལ༔ སྐུ་དང་ཡེ་ཤེས་གཞལ་ཡས་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ དག་པ་འཕྲུལ་གྱི་ཞིང་ཁམས་ནས༔ མ་དང་མཁའ་འགྲོ་གཤེགས་སུ་གསོལ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ཆོས་ཉིད་མ་བཅོས་དོན་འདི་མ་ཤེས་ན༔ ཇི་ལྟར་བསྒོམས་པ་སྡུག་བསྔལ་ཉིད་དུ་འགྱུར༔ ལྟ་བ་ཀུན་ཏུ་བཟང་ལ་མཐོལ་ལོ་བཤགས༔ ཕུང་པོ་གཏོར་མའི་རང་བཞིན་མཆོད་པ་བཞེས་སུ་གསོལ༔ སེམས་ཉིད་གདོད་ནས་དག་པར་མ་ཤེས་ན༔ ཇི་ལྟར་བསྐྱེད་པ་སྡུག་བསྔལ་ཉིད་དུ་འགྱུར༔ སྤྱོད་པ་ཀུན་ཏུ་བཟང་ལ་མཐོལ་ལོ་བཤགས༔ རྣམ་ཤེས་གཏོར་མའི་མཆོད་པ་བཞེས་སུ་གསོལ༔ ཐིག་ལེ་གྲྭ་ཟུར་མེད་པར་མ་ཤེས་ན༔ ཇི་ལྟར་བཙལ་པ་སྡུག་བསྔལ་ཉིད་དུ་འགྱུར༔ ཕྲིན་ལས་ཀུན་ཏུ་བཟང་ལ་མཐོལ་ལོ་བཤགས༔ སྲོག་དབུགས་གཏོར་མའི་མཆོད་པ་བཞེས་སུ་གསོལ༔ རང་བྱུང་རྩོལ་བ་མེད་པར་མ་ཤེས་ན༔ ཇི་ལྟར་བརྩལ་པ་སྡུག་བསྔལ་ཉིད་དུ་འགྱུར༔ དམ་ཚིག་ཀུན་ཏུ་བཟང་ལ་མཐོལ་ལོ་བཤགས༔ དུག་ལྔ་གཏོར་མའི་མཆོད་པ་བཞེས་སུ་གསོལ༔ མ་རིག་འཁྲུལ་པའི་རྫས་སུ་སྣང་བ་ལ༔ འཛིན་ཆགས་མེད་པའི་སྤྱོད་པ་སོ་སོར་སྣང༔ བག་ཆགས་བརྟས་པའི་དབང་གིས་བཅིངས་པ་རྣམས༔ འབར་བ་ཆེན་པོའི་ཀློང་དུ་བཞེས་སུ་གསོལ༔ ཞེས་འབུལ་ཞིང་དོན་ལ་ཡིད་དང་ལྡན་པར་བྱའོ༔ སློབ་དཔོན་པདྨས་ཇོ་མོ་མཁར་ཆེན་བཟའ་ལ་གདམས་པ༔ གཏོར་མ་ལམ་དུ་ཁྱེར་བའི་མན་ངག༔ དམ་ཚིག་སྐོང་ཞིང་དངོས་གྲུབ་མྱུར༔ བྱིན་རླབས་ཆེ་ཞིང་ཟས་ནོར་འདུ༔ ཚོགས་གསོག་ཅིང་རྐྱེན་ཟློག་པ༔ ཆོས་སྤྱོད་ལས་རིམ་བདུན་པ་གཏོར་མའི་རིམ་པ་ལམ་ཁྱེར་གྱི་སྐོར་རོ༔ སྣང་བ་རྒྱན་གྱི་གཏོར་མ་འདི༔ སྟག་གི་ལོ་དཔྱིད་ཟླ་ར་བའི་ཚེས་བརྒྱད་ལ་མཆིམས་ཕུའི་ཡང་དབེན་དུ་ཡི་གེར་བཏབ་པའོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ༄༅༔ སློབ་དཔོན་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ བདག་འདྲ་མཚོ་རྒྱལ་བློ་དམན་བུད་མེད་བུས༔ བླ་མའི་བྱིན་རླབས་མོས་པས་ཕྱི་རབས་དོན་ཕྱིར་བྲི༔ བླ་མ་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ༔ ཕྱི་རབས་ཀྱི་རྣལ་འབྱོར་པ་རྒྱུད་ལ་བྱིན་རླབས་འཇུག་པར་འདོད་ཅིང༔ བླ་མའི་དགོངས་པ་ལོན་པར་འདོད་ན༔ བླ་མ་སློབ་དཔོན་མཆོད་པ་ལ་བརྩོན་པར་བྱ༔ དེ་ཡང་ཅི་སྟེ་ཞེ་ན༔ རྒྱུད་མཁའ་འགྲོ་དྲྭ་བ་སྡོམ་པ་ནས༔ མཆོད་པ་ཐམས་ཅད་ཡོངས་སྤངས་ནས༔ བླ་མ་མཆོད་པ་ཡང་དག་བརྩམ༔ དེ་མཉེས་པས་ནི་ཀུན་མཁྱེན་པའི༔ ཡེ་ཤེས་མཆོག་ནི་འཐོབ་པར་འགྱུར༔ ཞེས་གསུངས་སོ༔ མདོ་དགོངས་པ་འདུས་པ་ནས༔ བསྐལ་པ་སྟོང་གི་སངས་རྒྱས་བས༔ བླ་མ་གཉན་པར་ཤེས་པར་བྱ༔ ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས༔ བླ་མ་དག་ལ་བསྟེན་ཏེ་འབྱུང༔ བླ་མ་མེད་པའི་སྔོན་རོལ་ན༔ སངས་རྒྱས་བྱ་བའི་མིང་ཡང་མེད༔ ཅེས་གསུངས་སོ༔ ཡང༔ བླ་མ་སངས་རྒྱས་བླ་མ་ཆོས༔ དེ་བཞིན་བླ་མ་དགེ་འདུན་ཡིན༔ ཞེས་པའང་གསུངས་སོ༔ དེ་བས་བླ་མ་མཆོད་ཅིང་སྒྲུབ་པ་འདི་ཁོ་ན་བྱིན་རླབས་ཀྱི་རྩ་བ་ཡིན་ནོ༔ དེ་ཡང་བླ་མ་གང་ཐོད་ཐོད་ཀྱི་བླ་མས་མི་ཕན་ཏེ༔ ཞ་ཉེ་ལ་དངུལ་ཡིན་བྱས་ནས་དངུལ་གྱི་བྱ་བ་བྱ་འདོད་པ་ལྟ་བུའོ༔ དེ་ལ་བླ་མ་མཚན་ཉིད་དང་ལྡན་པ་ནི༔ སློབ་དཔོན་པདྨ་འབྱུང་གནས་ཡིན༔ དེ་ཡང་དུས་གསུམ་གྱི་སངས་རྒྱས་བས་ལྷག་པའི་ཡོན་ཏན་གསུམ་དང་ལྡན་ཏེ༔ སངས་རྒྱས་རྣམས་ནི་ཡབ་དང་ཡུམ་ལ་བསྟེན་པ་ཡིན་པ་ལ༔ སློབ་དཔོན་ནི་ཡབ་ཡུམ་གྱི་རྒྱུས་མ་བསྐྱེད༔ པདྨའི་སྡོང་པོ་ལས་སྐུ་འཁྲུངས་པས་སྐྱེ་བ་སངས་རྒྱས་བས་ལྷག་པའོ༔ སངས་རྒྱས་རྣམས་ཀྱིས་ཆོས་ཐེག་པ་རིམ་པར་སྦྱར་ནས་སྟོན་པ་ཡིན་པ་ལ༔ སློབ་དཔོན་གྱིས་སངས་རྒྱས་ཀྱི་དགོངས་པས་ཚེ་འདི་ཉིད་ལ་སངས་རྒྱས་པ་སྟོན་པས་དགོངས་པ་སངས་རྒྱས་བས་ལྷག་པའོ༔ སངས་རྒྱས་རྣམས་ནི་སྐུ་ཡོངས་སུ་མྱ་ངན་ལས་འདའ་བ་ཡིན་པ་ལ༔ སློབ་དཔོན་གྱི་སྐུ་ལ་འདས་གྲོངས་མེད་པར་བཞུགས་པས་སྤྲུལ་པ་སངས་རྒྱས་ཀྱི་གདུལ་བྱ་ལས་ལྷག་པ་ཡིན་ནོ༔ དེ་ལྟ་བུའི་སློབ་དཔོན་པདྨ་འབྱུང་གནས་དེ་འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པ༔ དྲེགས་པ་ཅན་ཐམས་ཅད་བྲན་དུ་འཁོལ་བ་དེ་ལ་མོས་པ་དང་དད་པས་གང་གིས་གསོལ་བ་བཏབ་པ་ལ་བྱིན་རླབས་དངོས་སུ་འབྱུང་བ་ཡིན་ནོ༔ དེ་བས་གསོལ་བ་འདེབས་པ་འདི་བྱིན་རླབས་ཀྱི་རྩ་བར་གསུངས་སོ༔ དེ་ནས་སློབ་དཔོན་སྤྲུལ་སྐུ་འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པ་ལ་གསོལ་བ་བཏབ་པ་ནི༔ དང་པོ་ཁོ་ནར་རང་ཡི་དམ་གྱི་ལྷར་བསྐྱེད་ལ་མདུན་དུ་པདྨའི་སྡོང་པོ་ཞིག་བསྐྱེད༔ དེའི་སྟེང་དུ་པདྨ་འདབ་མ་བཞི་པ་ཞིག་བསྐྱེད༔ ཤར་དཀར༔ ལྷོ་སེར༔ ནུབ་དམར༔ བྱང་ལྗང་གུར་བསམ་མོ༔ པདྨའི་འདབ་མ་དེའི་ལྟེ་བའི་དབུས་སུ་སྐད་ཅིག་གིས་མོས་པ་བྱས་ལ་བསམས་པ་ཙམ་གྱིས༔ སློབ་དཔོན་པདྨ་སྐུ་མདོག་དཀར་པོ་གཞོན་ཚུལ་ཅན༔ སྐུ་ལ་ཟ་འོག་གི་བེར་གསོལ་བ༔ དབུ་ལ་ཤ་བའི་གཉེན་ཞུ་གསོལ་བ༔ ཕྱག་ན་ཐོད་པའི་འཁར་བ་བསྣམས་པ༔ ཞབས་མཉམ་པའི་སྐྱིལ་ཀྲུང་དུ་བཞུགས་པར་བསྒོམ་མོ༔ འཁོར་མཁའ་འགྲོ་སྡེ་བཞིས་བསྐོར་བར་སྐད་ཅིག་གིས་བསམ་ལ༔ སྤྱན་དྲང་ལ་བྱོན་པར་བསམ་མོ༔ དེས་བདག་ལ་ཞལ་བསྟན་ནས་བཞུགས་པའམ༔ ཐུགས་བརྩེ་བས་དགོངས་པར་བསམ་མོ༔ དེ་ཡང་ཕྱི་འདོད་པའི་ཡོན་ཏན་ལྔ་དང༔ ནང་གི་དུག་གསུམ་ཤ་ཁྲག་ལ་སོགས་པ་དང༔ དངོས་སུ་བཤམས་པ་དང་ཡིད་ཀྱིས་སྤྲུལ་ནས་མཆོད༔ དེ་ནས་བསྟོད་པའམ་གསོལ་བ་བཏབ་པས༔ སློབ་དཔོན་གྱི་དབུའི་གཙུག་གམ་སྨིན་མཚམས་ནས༔ ཡི་གེ་ཨཱོྃ་དཀར་པོ་ལས་འོད་དཀར་པོ་བྱུང་ནས༔ བདག་གི་སྨིན་མཚམས་སུ་ཕོག་པས་ལུས་ཀྱི་སྒོ་ནས་སྲོག་བཅད་པ་དང༔ མ་བྱིན་པར་བླངས་པ་དང༔ མི་ཚངས་པར་སྤྱད་པ་དང༔ ལུས་ཀྱི་སྒྲིབ་པ་རྣམས་དཀར་སངས་ལ་དག༔ སྐུའི་བྱིན་རླབས་ལུས་ལ་ཞུགས་པར་བསམ་མོ༔ སློབ་དཔོན་གྱི་ལྗགས་ཀྱི་ཨཱཿདམར་པོ་ལས་འོད་དམར་པོ་བྱུང་ནས༔ བདག་གི་ཁར་ཞུགས་ནས་ངག་གི་སྒོ་ནས་རྫུན་དང་ངག་འཁྱལ་པ་དང༔ ཚིག་རྩུབ་མོ་སྨྲས་པ་དང༔ ཕྲ་མ་དང༔ ངག་གི་སྒྲིབ་པ་རྣམས་དཀར་སངས་ལ་དག༔ གསུང་གི་བྱིན་རླབས་ངག་ལ་ཞུགས་པར་བསམ་མོ༔ སློབ་དཔོན་གྱི་ཐུགས་ཀ་ནས་ཧཱུྃ་མཐིང་ནག་ལས་འོད་མཐིང་ནག་བྱུང་ནས༔ བདག་གི་སྙིང་གར་ཕོག་ནས་ཡིད་ཀྱི་སྒོ་ནས་བརྣབ་སེམས་དང༔ གནོད་སེམས་དང༔ ལོག་པར་ལྟ་བ་དང༔ ཡིད་ཀྱི་སྒྲིབ་པ་རྣམས་དཀར་སངས་ལ་དག༔ ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས་པར་བསམ་མོ༔ དེ་ནས༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བཟླས་ཏེ་གསོལ་བ་བཏབ༔ དེ་ནས་ཐུན་འཇོག་ཁར་བླ་མ་མི་དམིགས་པར་བསམ་མོ༔ དེ་ནི་ཕྱི་ལྟར་གསོལ་བ་བཏབ་པ་ཡིན་ནོ༔ ༔ནང་ལྟར་གསོལ་བ་གདབ་པ་ནི༔ སྤྱི་བོར་པདྨ་འདབ་མ་བཞི་པ་ཞིག་བསམ༔ དེའི་དབུས་སུ་སློབ་དཔོན་རྡོ་རྗེ་འཆང་གི་ཆ་ལུགས་སྐུ་མདོག་མཐིང་ནག་གཡས་རྡོ་རྗེ་གཡོན་དྲིལ་བུ༔ ཡུམ་གཡས་ཡབ་ལ་འཁྱུད་པ༔ གཡོན་དྲིལ་བུས་ཡབ་ཀྱི་དཀུ་ལ་བརྟེན་པ༔ ཡབ་ཡུམ་གཉིས་སུ་མེད་པར་བཞུགས་པར་བསམ་མོ༔ འཁོར་མཁའ་འགྲོ་སྡེ་བཞི་ཡང་ཡབ་ཡུམ་འཁྲིལ་སྦྱོར་དུ་བསྒོམ་མོ༔ དེ་ནས་ཡབ་ཡུམ་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་ཞབས་གཡས་པ་ལ་འཁྲིལ་ནས༔ ཞབས་གཡས་པའི་མཐེ་བོང་ཁ་ནས་ཚངས་པའི་བུ་ག་ནས་མར་སོང་བས་སྤྱི་བོར་ཡི་གེ་ཨཱོྃ་ལ་ཕོག༔ སྐུའི་བྱིན་རླབས་ཀྱིས་ལུས་ལ་བདེ་བ་རྒྱས༔ ཕྱི་བུམ་པའི་དབང་བསྐུར༔ དེ་ནས་བྱང་ཆུབ་སེམས་མགྲིན་པར་ཨཱཿལ་བབས༔ གསུང་གི་བྱིན་རླབས་ཀྱིས་ངག་ལ་ནུས་པ་བྱུང་བྱིན་གྱིས་བརླབས་ནས༔ གསང་བའི་དབང་བསྐུར༔ དེ་ནས་བྱང་ཆུབ་སེམས་སྙིང་གའི་ཧཱུྃ་ལ་ཕོག༔ ཐུགས་ཀྱི་བྱིན་རླབས་ཀྱིས་སེམས་ལ་རྟོགས་པ་བསྐྱེད༔ ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར༔ བྱང་ཆུབ་སེམས་ལྟེ་བར་བབས༔ གསང་བའི་ལམ་ནས་ཐོན་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ནས༔ དབང་བཞི་པ་ཐོབ༔ སེམས་ཀྱི་འདུན་པ་སློད་དེ༔ བདེ་བ་གསལ་བ་མི་རྟོག་པའི་ཉམས་འཆར་བས༔ དེ་ལ་ཇི་ལྟར་གནས་པའི་ཉམས་བསྐྱང༔ དེ་ནས་བླ་མ་འཁོར་བཅས་ཚངས་པའི་བུ་ག་ནས་མར་ཐིམ་པར་བསམ་མོ༔ དེ་ནི་དབང་བཞི་པ་དང་སྦྱར་བ་སྟེ༔ ཉམས་བདེ་གསལ་དུ་འཆར་བར་བྱེད་པས་ན་ནང་ལྟར་གསོལ་བ་འདེབས་པ་ཡིན་ནོ༔ ༔གསང་བ་ལྟར་གསོལ་བ་གདབ་པ་ནི༔ སྤྱི་བོར་བླ་མ་དང་ཡི་དམ་ལྷ་ཐ་མི་དད་དུ་བསྒོམ༔ འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པ་གདན་ལ་བཞུགས་པར་བསྒོམ༔ དེ་ནས༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་གསོལ་བ་བཏབ་པས༔ སྙིང་གའི་ཧཱུྃ་སེམས་ཀྱི་མཚན་ཉིད་ལས༔ ཧཱུྃ་དེ་ལས་རང་གི་གཟུགས་ཚོན་གང་བ་ཞིག་ཡར་མགྲིན་པར་ཞུགས༔ ཨཱཿལ་བསྐོར་བ་ལན་གསུམ་བྱས༔ དེ་ནས་ཡང་ཡར་སོང་ནས་སྤྱི་བོར་ཨཱོྃ་ལ་བསྐོར་བ་ལན་གསུམ་བྱས་ནས༔ དེ་ནས་བླ་མ་ཡི་དམ་མཁའ་འགྲོ་ལ་བསྐོར་བ་བྱས་ནས༔ བླ་མ་ཡི་དམ་མཁའ་འགྲོའི་འོད་ཟེར་གྱིས་རང་གི་སེམས་ཀྱི་གཟུགས་དེ་ལ་ཕོག་པས༔ དེ་འོད་དུ་ཞུ་ལ་ཁད་ཐིགས་ལ་ཁད་མར་ལ་ཚངས་པའི་བུ་ག་ན་མར་ལ་ཞུགས་པས་ཨཱོྃ་ལ་ཞུགས༔ མགྲིན་པར་ཨཱཿལ་ཞུགས༔ སྙིང་ཁར་ཧཱུྃ་ལ་ཞུགས༔ དེའི་ངང་ལས་བླ་མ་ཡི་དམ་མཁའ་འགྲོ་འོད་དུ་ཞུ༔ ཚངས་པའི་བུ་ག་ནས་མར་ཐིམ༔ རང་གི་ལུས་འོད་དུ་ཞུ༔ དེའི་ངང་ལ་སྤྲོས་བྲལ་དུ་བསྒོམ་མོ༔ དེའི་ངང་ལ་ཇི་ཙམ་གནས་པ་བསྒོམ་མོ༔ དེ་ནི་གསང་བའི་གསོལ་བ་བཏབ་པའོ༔ དེས་ནི་སེམས་ལ་རྟོགས་པ་སྐྱེ་བ་ཡིན་ནོ༔ ཕྱི་ནང་གསང་བ་གསུམ་གྱི་གསོལ་བ་གདབ་པའི་ལེའུ་སྟེ་དང་པོའོ༔ ྈ ༔སློབ་དཔོན་སྤྲུལ་པའི་སྐུ་འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པ་ལ༔ མ་དྷལ་དང་མཆོད་པ་འབུལ་བ་ནི༔ རབ་རིན་པོ་ཆེ༔ འབྲིང་ཤིང་ལ་སོགས་པ༔ ཐ་མ་ས་ལས་བྱས་པ༔ ཕྱི་བདར་དང་རི་མོ་བྱུག་པ་ལ་སོགས་པ་བྱས་པ༔ དེ་ཡང་ཕྱི་ལྟར་འབུལ་བ་ནི༔ དབུས་སུ་མེ་ཏོག་སྤུངས་པ་ཉི་ཟླ་པདྨའི་གདན་དུ་བསམ་མོ༔ ཕྱོགས་བཞི་མཚམས་བཞིར་མེ་ཏོག་རེ་རེ་བཀྲམ་ལ་རིན་པོ་ཆེ་སྣ་བདུན་གཏེར་ཆེན་པོའི་བུམ་པ་དང་བརྒྱད་དུ་བསམ་ལ་འབུལ་བ་སྟེ༔ ཤར་དུ་བཙུན་མོ་རིན་པོ་ཆེ༔ ལྷོར་བློན་པོ༔ ནུབ་ཏུ་དམག་དཔོན༔ བྱང་དུ་ནོར་བུ༔ ཤར་ལྷོར་རྟ་མཆོག༔ ལྷོ་ནུབ་ཏུ་གླང་པོ༔ ནུབ་བྱང་དུ་འཁོར་ལོ༔ བྱང་ཤར་དུ་གཏེར་གྱི་བུམ་པ༔ དབུས་ཀྱི་གདན་སྟེང་དུ་བླ་མ་ཡི་དམ་ཐ་མི་དད་པ་འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པ་བཞུགས་པར་བསམ་ལ་འབུལ་ལོ༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ མ་ཧཱ་རཏྣ་པཱུ་ཙ་ཧཱུྃ༔ ཞེས་དབུལ་ལོ༔ ༔ནང་ལྟར་མ་དྷལ་དབུལ་བ་ནི༔ མ་དྷལ་ལ་མེ་ཏོག་དབུས་དང༔ དེ་ནས་ཕྱོགས་བཞིར་དགྲམ༔ དེའི་ཕྱི་ན་ཕར་ལ་ཕྱོགས་བཞི་མཚམས་བཞིར་མེ་ཏོག་རེ་བཀྲམ་ལ༔ དབུས་སུ་བླ་མ་ཡི་དམ་ཐ་མི་དད་པ༔ ཕྱོགས་བཞིར་པདྨ་འདབ་བཞི་ལ་མཁའ་འགྲོ་སྡེ་བཞི༔ མཐའི་མེ་ཏོག་ཚོམ་བུ་བརྒྱད་ལ༔ མཆོད་པའི་ལྷ་མོ་ཁྲུས་མ་དང༔ ཡོན་ཆབ་མ་དང༔ དྲི་ཆབ་མ་དང༔ མེ་ཏོག་མ་དང༔ སྤོས་མ་དང༔ ཞལ་ཟས་མ་དང༔ མར་མེ་མ་དང༔ རོལ་མོ་མ་དང་བརྒྱད་ཀྱིས་མཆོད་པ་བྱེད་པར་བསམ་ལ་འབུལ་ལོ༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དེ་བཱི་ཤུདྡྷ༔ ཨཱ་ཧ་ར༔ གྷན་དྷེ༔ པུཥྤ༔ དྷཱུ་པ༔ ནཻ་བི་དྱ༔ ཨཱ་ལོ་ཀེ༔ ཤབྡ་པཱུ་ཙ་ཧཱུྃ༔ ཞེས་དབུལ་ལོ༔ དེ་ནས་མ་དྷལ་སྡུད་ཙམ་ན༔ རྟེན་དང་བརྟེན་པ་མི་དམིགས་པར་བསམ་མོ༔ ༔གསང་བ་ལྟར་མ་དྷལ་དབུལ་བ་ནི༔ མ་དྷལ་དབུས་ནས་ཕྱོགས་བཞིར་པདྨ་འདབ་བཞི་དགྲམ༔ དེ་ནས་མ་དྷལ་དེའི་ཕྱི་རིམ་དུ་ཚོམ་བུ་བཞི་བཀོད་ལ༔ མ་དྷལ་གཞལ་ཡས་ཁང་གི་ནང་དུ༔ དབུས་སུ་བླ་མ་ཡི་དམ་ཐ་མི་དད་པ༔ པདྨ་འདབ་བཞི་ལ་མཁའ་འགྲོ་སྡེ་བཞི༔ དེའི་ཕྱི་ལ་མེ་ཏོག་གི་ཚོམ་བུ་བཞི་པོ༔ གཏོར་མ་དང་སྨན་དང་རཀྟ་དང་དམ་རྫས་དང་བཞིར་བསམ་ལ་མཆོད་དེ༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨཱོྃ་ཨི་དཾ་བྷ་ལིཾ་ཏ༔ ཨ་མྲིཏ༔ རཀྟ་པི་པ༔ ས་མ་ཡ་ཁཱ་ཧི་ཁཱ་ཧི༔ ཞེས་དབུལ་ལོ༔ དེ་ནས་མ་དྷལ་སྡུད་ཙམ་ན༔ རྟེན་དང་བརྟེན་པ་མི་དམིགས་པར་བསམ་མོ༔ དེ་ནི་བླ་མ་མཆོད་པ་མ་དྷལ་ཕྱི་ནང་གསང་བ་གསུམ་གྱི་ཆོས་སྤྱོད་ཀྱི་རིམ་པའི་ལེའུ་སྟེ་གཉིས་པའོ༔ ྈ ༔སློབ་དཔོན་སྤྲུལ་པའི་སྐུ་འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པ་ལ་བསྐོར་བའི་སྒོ་ནས་ཚོགས་གསག་པ་ནི༔ སློབ་དཔོན་གྱི་སྐུ་འབག་གམ་གདུང་རྟེན་ནམ༔ ཆོས་སམ༔ སྐུ་གསུང་ཐུགས་ཀྱི་རྟེན་གསུམ་ག་ཚང་ན་ལེགས༔ མ་འཛོམ་ན་ཡང་གང་རུང་ཞིག་བཞུགས་པ་དེ་ལ་བསྐོར་བ་བྱའོ༔ དེ་ལ་དང་པོ་སྐོར་བ་ཕྱི་ལྟར་བྱེད་ན༔ རྟེན་དེ་མི་དམིགས་པ་ལས་ས་ཕྱོགས་དེ་པདྨ་འདབ་མ་བཞི་པར་བསམ༔ དབུས་སུ་བླ་མ་ཡི་དམ་ཐ་མི་དད་པ༔ པདྨ་འདབ་བཞི་དེ་ལ་འཁོར་མཁའ་འགྲོ་སྡེ་བཞི་དཔའ་བོ་དཔའ་མོ་དང་བཅས་པ་བསམ༔ དེ་ལ་རང་ཐ་མལ་པས་གསོལ་བ་འདེབས་ཤིང་བསྐོར་བ་བྱས་པས༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་སྐུ་གསུང་ཐུགས་ཀྱི་གནས་གསུམ་ནས་འོད་བྱུང་ནས༔ ཁ་དོག་གསུམ་གྱི་འོད་ཟེར་གྱིས་བདག་གི་གནས་གསུམ་དུ་ཕོག་པས༔ ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བ་མོ་ལ་ཉི་མ་ཕོག་པ་ལྟར་ལྷམ་ལྷམ་ཞུ་བར་བསམ་ལ་བསྐོར་བ་བྱའོ༔ དེས་ནི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་འབྱང་བར་བྱེད་པའོ༔ ༔ནང་གི་སྐོར་བ་ནི༔ བདག་གི་སྤྱི་བོར་པདྨ་འདབ་མ་བཞི་པའི་སྟེང་དུ༔ བླ་མ་ཡི་དམ་མཁའ་འགྲོ་ཐ་མི་དད་པ་བསམ་ལ༔ རང་གི་རིག་པའི་གཟུགས་ཚོན་གང་བ་ཞིག་སྟག་བུང་མེ་ཏོག་ཚོལ་བ་ལྟར་ལྡིང་ཞིང༔ བུང་བ་སྐད་དང་བཅས་པ་འབྱུང་བ་ལྟར༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་པ་དི་རི་རི་ཟློས་པར་བསམ་ལ་བསྐོར་བ་བྱའོ༔ དེ་ནས་འཕྲོ་གཅོད་ཙམ་ན༔ རང་གི་གཟུགས་བླ་མའི་ཐུགས་ཀར་ཐིམ༔ བླ་མ་དང་མཁའ་འགྲོ་འོད་དུ་ཞུ་ནས་ཚངས་པའི་བུ་ག་ན་མར་ཐིམ༔ རང་འོད་དུ་ཞུ་ནས་མི་དམིགས་པར་བསྒོམ་མོ༔ ལུས་ལ་བདེ་བ་འབྱུང༔ ངག་ལ་ནུས་པ་འབྱུང༔ སེམས་ལ་རྟོག་པ་འབྱུང་ངོ༔ ༔གསང་བའི་བསྐོར་བ་ནི༔ བདག་ཉིད་འགྲོ་འདུག་བྱེད་པའི་དུས་སུ༔ རང་གི་སྤྱི་བོར་ཉི་ཟླ་པདྨའི་གདན་སྟེང་དུ༔ བླ་མ་ཡི་དམ་མཁའ་འགྲོ་དང་བཅས་པ་སྤྱི་བོར་བསམ་ལ༔ ལས་དང་བྱ་བ་དང་འགྲོ་འདུག་གང་བྱེད་ཀྱང༔ གོམ་པ་བོར་ནས་བསྐོར་བ་བྱེད་པར་བསམ་མོ༔ ཕྱོགས་གར་འགྲོ་ཡང་བླ་མ་ཡི་དམ་མཁའ་འགྲོ་ལ་བསྐོར་བ་བྱེད་པར་བསམ་ལ༔ གསོལ་བ་འདེབས་ཤིང་དཔའ་བོ་དང་དཔའ་མོའི་དབུས་སུ་བཞུགས་ནས༔ དེ་དག་གིས་དགྲ་བགེགས་ཀྱི་དཔུང་འཇོམས་ཤིང༔ བདག་ལ་སྐྱོབ་པར་བསམ༔ དེས་ནི་ལམ་གྱི་དགྲ་དང་བར་ཆད་ཀྱི་བགེགས་ལས་སྐྱོབ་པ་ཡིན་ནོ༔ དུས་རྟག་ཏུ་བླ་མ་སྤྱི་བོར་བསྒོམས་ནས་གསོལ་བ་བཏབ་པས༔ བར་ཆད་ཀྱང་འདིས་སེལ༔ ཚོགས་ཀྱང་འདིས་སོག༔ བྱིན་རླབས་ཀྱང་འདི་ལས་འབྱུང༔ བླ་མའི་ཐུགས་དགོངས་ཀྱང་འདིས་རྫོགས༔ བླ་མ་སྤྱི་བོར་བསྒོམས་པས་གོམས་ནས་བསྒོམ་མི་དགོས་པར་ཤུགས་ལ་འབྱུང་ངོ༔ གསང་བའི་བསྐོར་བ་བྱ་བའི་ཐབས་སོ༔ བསྐོར་བ་ཕྱི་ནང་གསང་བ་གསུམ་གྱི་ཆོས་སྤྱོད་ཀྱི་ལམ་རིམ་གྱི་ལེའུ་སྟེ་གསུམ་པའོ༔ ྈ ༔སློབ་དཔོན་སྤྲུལ་པའི་སྐུ་འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པ་ལ༔ ཟས་ཚོགས་ཀྱི་སྒོ་ནས་ཚོགས་གསག་པའི་མན་ངག་ལ༔ དེ་ཡང་ནངས་ནུབ་ཀྱི་ཟས་ཀྱི་འཚོ་བ་ལ༔ ཕྱིའི་ཟས་ཚོགས་བྱ་བ་ནི༔ དེ་ཡང་དང་པོ་རང་ཡི་དམ་གྱི་ལྷའི་རྣལ་འབྱོར་གྱིས༔ ཨཱོྃ་ཨཱཿཧཱུྃ་ལན་གསུམ་གྱིས༔ དང་པོས་ཟས་དེའི་མི་གཙང་བ་སྦྱངས༔ གཉིས་པས་མང་དུ་སྤེལ༔ གསུམ་པས་བདུད་རྩིར་དཀར་མེར་ལ་གྱུར་པར་བསམ་མོ༔ དེ་ནས་ལག་གཡས་པའི་མཐིལ་དུ་བླ་མ་དང་དཔའ་བོ་ལྔ་བསམ༔ ལག་པ་གཡོན་པའི་མཐིལ་དུ་ཡི་དམ་དང་དཔའ་མོ་ལྔ་བསམ༔ ཟས་སྐོམ་ལ་ལག་པ་གཡས་པ་བཀབ་པས༔ བླ་མ་དང་དཔའ་བོ་ལྔ་མཉེས༔ གཡོན་པ་བཀབ་པས་ཡི་དམ་དང་དཔའ་མོ་ལྔ་མཉེས༔ ལག་པ་གཉིས་ཐལ་མོ་སྦྱར་བས་དཔའ་བོ་དང་དཔའ་མོ་གཉིས་སུ་མེད་པའི་སྦྱོར་བ་བྱས༔ མཉེས་པར་བྱས༔ དེ་ནས་ཟས་ལ་ཕུད་གསུམ་བཅད་ལ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་མཆོད་པ་འབུལ༔ དེ་ནི་ཕྱིའི་ཟས་ཚོགས་ཡིན་ནོ༔ ༔ནང་གི་ཟས་ཚོགས་ནི༔ ཡར་རྐན་ལ་བླ་མ་དང་དཔའ་བོ་ལྔ༔ མར་རྐན་ལ་ཡི་དམ་དང་དཔའ་མོ་ལྔ༔ ལག་པ་གཡོན་པ་འདོད་ཡོན་གྱི་ལྷ་མོ་ལྔས་བདུད་རྩི་གཡོས༔ གཡས་པ་འདོད་ཡོན་གྱི་ལྷ་མོ་ལྔས་ཟས་བདུད་རྩི་ཆེན་པོའི་མཆོད་པ་ཕུལ་བས༔ ཁའི་བླ་མ་ཡི་དམ་མཁའ་འགྲོ་མཉེས་ཤིང་ཚིམས་པའི་རོ་བསྟར་བར་བསམ་མོ༔ དེ་ནི་ཟས་ཀྱི་རྣལ་འབྱོར་རོ༔ ༔དེ་ནས་གསང་བའི་ཟས་ཚོགས་བྱ་བ་ནི༔ ཁར་བདུད་རྩི་ཆེན་པོ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ལྕེ་རོའི་ལྷ་མོ་མཉེས༔ མགྲིན་པ་ལོངས་སྤྱོད་འཁོར་ལོར་བདུད་རྩིས་རྒྱས༔ དགྱེས་པའི་རོ་བསྟར༔ ཕོ་བ་ཀུན་འབྱུང་འཁོར་ལོར་བདུད་རྩིའི་རྒྱ་མཚོར་འཁྱིལ༔ ཡེ་ཤེས་ཀྱི་བདུད་རྩིས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་ཁྱབ་པས༔ ལུས་གནད་རྩའི་ཕོ་བྲང་ན་བླ་མ་ཡི་དམ་མཁའ་འགྲོ་མཆོད༔ སྙིང་རྣམ་པར་ཤེས་པའི་འཁོར་ལོ་ན༔ སེམས་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མཆོད༔ གསལ་ལ་མ་འགགས་མཆོད་པ་ཕུལ་བས༔ རིག་པ་ལས་སུ་རུང་བ་ནས་ཟས་བདུད་རྩིར་གྱུར་ཚེ་རིང་བར་འགྱུར་རོ༔ ཟས་ཚོགས་ཕྱི་ནང་གསང་གསུམ་གྱི་སྒོ་ནས་ཚོགས་གསག་པའི་རིམ་པའི་ལེའུ་སྟེ་བཞི་པའོ༔ ྈ ༔སློབ་དཔོན་སྤྲུལ་པའི་སྐུ་འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པ་ལ༔ གཏོར་མའི་སྒོ་ནས་ཐུགས་དམ་སྐོང་བ་ནི༔ ཀ་པཱ་ལ་མཚན་དང་ལྡན་པར་གཏོར་མ་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པས་བྲན་ལ༔ ནངས་ནུབ་དུས་སུ་ཟས་གཏོར་ལ་ཡང་བྱའོ༔ དེ་ལ་གཏོར་མ་བྱིན་གྱིས་བརླབ་པ་ནི༔ རང་ཡི་དམ་ལྷའི་རྣལ་འབྱོར་དུ་བསྒོམས་ལ༔ དང་པོ༔ ཨཱོྃ་ཨཱཿཧཱུྃ༔ ལན་ཉི་ཤུ་རྩ་གཅིག་བརྗོད་པས༔ ལན་བདུན་གྱིས་གཏོར་མའི་སྣོད་ཀ་པཱ་ལ་ཕྱི་སྣོད་ཀྱི་འཇིག་རྟེན་ཙམ་དུ་བསམ༔ ལན་བདུན་གྱིས་བདུད་རྩི་རྨད་དུ་བྱུང་བས་སྣོད་དཀར་མེར་ལ་ཁེངས་པར་བསམ༔ ལན་བདུན་བརྗོད་པས་བླ་མ་དང་ཡི་དམ་མཁའ་འགྲོ་རྣམས་ནམ་མཁའ་ལ་སྤུངས་ཀྱིས་བྱོན་པར་བསམ༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་བདུན་གྱིས་ལྗགས་རྡོ་རྗེའི་སྦུ་གུས་གསོལ་བས་བདུད་རྩིའི་རོ་བསྟར་ཏེ་དགྱེས་པར་བསམ་མོ༔ དེ་ནས༔ ཨཱོྃ་ཨཱཿཧཱུྃ་མུ༔ ཞེས་པས་གཤེགས་སུ་གསོལ་བར་བྱའོ༔ དེས་ནི་གཏོར་མ་ཕྱི་ལྟར་འབུལ་བའོ༔ ༔ནང་ལྟར་གཏོར་མ་འབུལ་བ་ནི༔ ཨཱོྃ་ཨཱཿཧཱུྃ༔ ལན་གསུམ་གྱིས་གཏོར་སྣོད་དུར་ཁྲོད་ཀྱི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབ༔ ལན་གསུམ་གྱིས་གཏོར་མ་ཤ་ཁྲག་གི་མཆོད་པ་རི་རབ་ཙམ་དུ་བྱིན་གྱིས་བརླབ༔ ལན་གསུམ་གྱིས་བླ་མ་ཡི་དམ་མཁའ་འགྲོ་སྤྲིན་གཏིབས་པ་ཙམ་བྱོན་ནས༔ གོང་གི་སྔགས་ལན་གསུམ་བརྗོད་པས་དགྱེས་པ་ཆེན་པོའི་རྐན་སྒྲ་དང་བཅས་པས་དུས་གཅིག་ལ་གསོལ་བར་བསམ་མོ༔ དེ་ནས་གོང་ལྟར་གཤེགས་སུ་གསོལ༔ ནང་ལྟར་གཏོར་ཚོགས་དབུལ་བའོ༔ ༔གསང་བའི་གཏོར་ཚོགས་འབུལ་བ་ནི༔ ཨཱོྃ་ཨཱཿཧཱུྃ༔ ལན་ཉི་ཤུ་རྩ་གཅིག་གིས་གཏོར་སྣོད་བྲུབ་པའི་ཁང་པ་གྲུ་གསུམ་འབར་བའི་གནས་སུ་བསམ༔ ལན་ཉི་ཤུ་རྩ་གཅིག་གིས་གཏོར་མ་དགྲ་བགེགས་གང་ལ་བྱ་བ་དངོས་སུ་གསལ་བར་བསམ༔ ལན་ཉི་ཤུ་རྩ་གཅིག་གིས་བླ་མ་ཡི་དམ་མཁའ་འགྲོ་རྣམས་བྱ་ཁྱུ་ཐང་ལ་ལྷགས་པ་ལྟར་སྐད་ཅིག་གིས་བྱོན་ནས༔ མ་མོ་དང་མཁའ་འགྲོ་རྣམས་ཀྱིས་མངོན་སྤྱོད་ཀྱི་ཚུལ་གྱིས་དགྲ་བགེགས་བསྒྲལ་ནས༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ མཱ་ར་ཡ་མཱཾཿས་ཁཱ་ཧི༔ རཀྟ་ཁཱ་ཧི༔ ཀེཾ་ནི་རི་ཏི་ཁཱ་ཧི༔ ཞེས་སྔགས་ལན་ཉེར་གཅིག་བརྗོད་པས་གཏི་མུག་ཤ་ལ་རོལ༔ འདོད་ཆགས་ཁྲག་ལ་རོལ༔ ཞེ་སྡང་རུས་པ་ལ་ཆེམས་ཆེམས་བཞེས་ནས༔ དགྲ་བགེགས་གང་ལ་བྱ་བ་གནས་སྦྱངས་ནས་མི་སྣང་བའི་དབྱིངས་སུ་གཤེགས་པར་བསམ་མོ༔ གསང་བའི་གཏོར་མས་དགྲ་བགེགས་བསྒྲལ་བ་ཡིན་ནོ༔ གཏོར་མ་ཕྱི་ནང་གསང་གསུམ་གྱི་ལམ་གྱི་རིམ་པའི་ལེའུ་སྟེ་ལྔ་པའོ༔ ྈ ༔སློབ་དཔོན་སྤྲུལ་པའི་སྐུ་འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པ་ལ་གསོལ་བ་བཏབ་སྟེ་སཱཙྪ་གདབ་པ་ནི༔ དེ་ཡང་ཕྱིའི་སཱཙྪས་ཚོགས་གསག་པ་ནི༔ དང་པོ་རང་ཡི་དམ་ལྷའི་རྣལ་འབྱོར་དུ་བྱས་ལ་འདག་པ་ལ༔ ཨཱོྃ་ཨཱཿཧཱུྃ༔ ལན་ཉི་ཤུ་རྩ་གཅིག་གིས་ས་དེ་རིན་པོ་ཆེ་སྣ་ལྔར་བྱིན་གྱིས་བརླབས་ལ༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི༔ བཛྲ་རཏྣ་ཀ་ནི་ཀ་སྭཱ་ཧཱ༔ ཞེས་བརྗོད་པས་ཕྱི་རིན་པོ་ཆེའི་མཆོད་རྟེན་ལ༔ ནང་པདྨ་འདབ་བཞིའི་གཞལ་ཡས་ཁང་ན་བླ་མ་ཡི་དམ་མཁའ་འགྲོ་བཞུགས་པར་བསམ་མོ༔ སྔགས་ལན་གསུམ་བརྗོད་ལ་གདབ་བོ༔ ལན་གསུམ་གྱིས་རབ་གནས་བྱའོ༔ ཕྱིའི་སཱཙྪ་གདབ་པའི་ཐབས་སོ༔ ༔ནང་གི་སཱཙྪ་ནི༔ རང་གིས་ཟས་ཟ་བའི་ཚེ་ཟས་ཀྱི་ཕུད་ཀྱིས་བླ་མ་ཡི་དམ་མཁའ་འགྲོ་མཆོད༔ དེའི་རྗེས་ལ་སཱཙྪ་གོང་གི་སྔགས་ལན་གསུམ་གྱིས་བཏབ་ལ༔ སཱཙྪ་བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་ངོ་བོར་བསམ༔ དེ་རྣམས་ཀྱི་བདུད་རྩི་ཆེན་པོ་ཟས་ལ་ཕོག་པས་སེམས་ཅན་ཐམས་ཅད་ཀྱི་གསོས་སུ་བསྒོམ༔ དེ་རང་གི་མཆོད་རྟེན་དུ་འགྱུར༔ རང་གི་སྤྱི་བོར་བཞག་པས་སཱཙྪའི་རྩ་གསུམ་གྱི་བདུད་རྩི་ཚངས་པའི་བུ་ག་ནས་མར་བབས་པས་ལུས་གང་ནས་ཚེ་བསྲིངས་པར་བསམ་མོ༔ ལུས་རྡོ་རྗེའི་མཆོད་རྟེན་བཞིན་དུ་སྲ་བར་འགྱུར་རོ༔ སཱཙྪ་དེ་མི་ཁྱིས་མི་འགོང་བའི་སར་བཞུགས་སུ་གསོལ་ལོ༔ ༔དེ་ནས་གསང་བའི་སཱཙྪ་ནི༔ འདག་པ་ལ༔ ཨཱོྃ་ཨཱཿཧཱུྃ༔ ལན་ཉི་ཤུ་རྩ་གཅིག་གིས་བརྐོས་ཕོར་ནང་དུ་དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་བཀུག་ལ་སཱཙྪའི་ནང་དུ་ཚུད་པར་བསམ་མོ༔ ཕྱི་མཆོད་རྟེན་ལ་ནང་དགྲ་བགེགས་མནན་པར་བསམ་ལ་སཱཙྪ་དབེན་པར་བསྐྱལ་ན༔ བར་ཆད་དགྲ་བགེགས་ཀྱིས་མི་ཚུགས་སོ༔ དགྲ་བགེགས་དམ་སྲི་མཱ་ར་ཡ་ནན༔ ཞེས་བཟླ་ཞིང་སཱཙྪ་གདབ་བོ༔ ལམ་དུ་ཞུགས་པ་ལ་དགྲ་དང་བགེགས་བར་ཆོད་བྱེད་པ་ཐམས་ཅད་སཱཙྪར་བཀུག་ལ༔ སཱཙྪ་ལམ་དུ་མནན་ན་དགྲ་མི་ཡོང་ངོ༔ སཱཙྪ་ཕྱི་ནང་གསང་བ་གསུམ་གྱི་ལས་ཀྱི་རིམ་པའི་ལེའུ་སྟེ་དྲུག་པའོ༔ ྈ ༔སློབ་དཔོན་སྤྲུལ་སྐུ་འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པའི་ཁྲུས་ཀྱི་བྱ་ཐབས་ལ༔ བུམ་པ་བཟང་པོ་དྲི་དང་ཆུ་ཡིས་བཀང་ལ་མ་དྷལ་དབུས་སུ་བཞག་སྟེ༔ རང་ལྷའི་རྣལ་འབྱོར་གྱིས་བུམ་པ་པདྨ་འདབ་བཞིའི་གཞལ་ཡས་ཁང་ན༔ སློབ་དཔོན་མཁའ་འགྲོ་སྡེ་བཞི་དང་བཅས་པ་ངོ་བོ་ཆུ་ལ་རྣམ་པ་དེ་ལྟར་གསལ་བ་དང༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་བཟླས་པས༔ སློབ་དཔོན་མཁའ་འགྲོ་སྡེ་བཞི་ཆུའི་ངོ་བོར་ཞུ་བར་བསམ་ལ༔ དེས་ཁྲུས་བྱས་པས་རང་དང་གཞན་གྱི་སྡིག་པ་དང་སྒྲིབ་པ་དག་པར་བསམ་མོ༔ འདིས་ནི་མི་གཙང་བ་དང་ཉམས་གྲིབ་དང་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བྱེད་དོ༔ ཕྱིའི་ཁྲུས་སོ༔ ༔ནང་གི་ཁྲུས་ནི༔ ཀ་པཱ་ལར་རང་གི་བདུད་རྩི་བླུགས་ལ་གྲུངས་སུ་བཅུག་ལ༔ སྣོད་བྷནྡྷའི་གཞལ་ཡས་ཁང་ན་ངོ་བོ་དྲི་ཆུ་ལ་རྣམ་པ་སློབ་དཔོན་དང་མཁའ་འགྲོར་བསམ་མོ༔ གོང་གི་སྔགས་བརྒྱའམ་ཉི་ཤུ་རྩ་གཅིག་བཟླས༔ སློབ་དཔོན་འཁོར་དང་བཅས་པ་འོད་དུ་ཞུ་ནས་ཆུ་བདུད་རྩིར་བསམ༔ ཁའི་ཞག་གིས་བླ་མ་ཡི་དམ་མཁའ་འགྲོ་མཆོད༔ བར་གྱི་དེས་བཏུང་བ་དང་ཁྲུས་བྱ༔ འདིས་ནི་ནད་དང་གདོན་ཐམས་ཅད་ཐུབ༔ ལུས་གཞོན་ཤ་ཅན་དུ་འགྱུར༔ བར་ཆད་ཐམས་ཅད་ཐུབ༔ ལྷག་ཞབས་ཀྱིས་ཡི་དྭགས་ལ་བསྔོ༔ ནང་དྲི་ཆུའི་ཁྲུས་ཡིན་ནོ༔ ༔གསང་བའི་ཁྲུས་ནི༔ རང་གི་སྤྱི་བོར་པདྨ་འདབ་བཞིའི་སྟེང་དུ་བླ་མ་ཡི་དམ་མཁའ་འགྲོ་བསྒོམས་པའི་ཞབས་ཀྱི་མཐེ་བོང་ལས་བདུད་རྩི་འཛགས་པས༔ ཚངས་པའི་བུ་ག་ན་མར་སོང་ནས་སྡིག་པ་དང་སྒྲིབ་པ་ཉམས་གྲིབ་དང་མི་གཙང་བ་དང་ཉམས་ཆག་གི་དྲི་མ་ཐམས་ཅད་ནག་ཉི་ལི་ལི་བཤང་ལམ་དང་རྐང་མཐིལ་ནས་མར་སོང་བར་བསམ་མོ༔ དེ་ནས་བླ་མ་ཡི་དམ་མཁའ་འགྲོ་འོད་དུ་ཞུ་ནས་ཚངས་པའི་བུ་ག་ནས་མར་ཐིམ་པར་བསམ་མོ༔ དེ་ནས་སེམས་གློད་ལ་བདེ་གསལ་རྒྱུད་ལ་སྐྱེ་བས་ཉམས་ངོས་གཟུང་ལ་གནས་ཚད་ཅིག་གཞག་གོ༔ འདིས་ནི་ཉམས་གྲིབ་དང་མི་གཙང་བ་ཐམས་ཅད་འབྱང་ངོ༔ དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་ཉམས་རྒྱུད་ལ་སྐྱེ་བ་ཡིན་ནོ༔ གསང་བའི་ཁྲུས་སོ༔ ཕྱི་ནང་གསང་གསུམ་ཁྲུས་ཀྱི་ལས་ཀྱི་རིམ་པའི་ལེའུ་སྟེ་བདུན་པའོ༔ སློབ་དཔོན་པདྨའི་ཆོས་སྤྱོད་ལས་རིམ་བདུན་པ་ཇོ་མོས་མཛད་པའོ༔ ྀཨཚ༔ གུ་ཧྱ༔ རྒྱ་རྒྱ་རྒྱ༔༔ ༔༔ ༄༅༔ སློབ་དཔོན་པདྨའི་སྐུ་ལ་ཕྱག་འཚལ་ལོ༔ སློབ་དཔོན་པདྨ་འབྱུང་གནས་འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པའི་བྱིན་རླབས་ཀྱི་གནད་རྣམ་པ་གསུམ་དང་བཅས་པའི་གདམས་པའོ༔ དེ་ལ་ཕྱི་གདོན་གནོད་སྦྱིན་ཕོ་མོ་ཞི་བ་དང༔ བར་ནད་འདུ་བ་རྣམ་བཞི་ཞི་བ་དང༔ ནང་དུག་ལྔ་རྣམ་རྟོག་ཞི་བར་བྱ་བའོ༔ ཕྱི་གདོན་གནོད་སྦྱིན་ཕོ་མོ་ཞི་བའི་གནད་ནི༔ ཕྱི་ལྟར་ཞི་བར་བྱ་བ་ནི་སྙིང་རྗེས་ཞི་བར་བྱ་བ་སྟེ༔ རང་ངམ་གཞན་ལ་གནོད་པར་བྱེད་པའི་བགེགས་དེ་ལ་ལས་ངན་གྱི་དབང་གིས་བསམ་སྦྱོར་ངན་པར་བྱེད་པ་འདི་དག་སྙིང་རེ་རྗེ༔ འདི་རྣམས་གནོད་པའི་བསམ་སྦྱོར་དང་བྲལ་ན་ཅི་མ་རུང་སྙམ་དུ་བསམ་ལ༔ སློབ་དཔོན་འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པ་སྤྱི་བོར་བསྒོམས་ལ༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་གསོལ་བ་བཏབ་པས་བླ་མའི་སྐུ་གསུང་ཐུགས་ཀྱི་གནས་ནས་འོད་གསུམ་འཕྲོས་པས༔ གདོན་ལ་ཕོག་སྟེ་བསམ་སྦྱོར་ངན་པ་ཞི་བར་བྱས་ནས་གནོད་པ་མི་བྱེད་པར་ཕན་པ་སྒྲུབ་པར་བསམ་མོ༔ རང་གི་ལུས་ལ་ཡང་ཆགས་པ་དང་ཞེན་པ་མེད་པར་ཤ་དང་ཁྲག་དང་རུས་པ་ལ་སོགས་པ་ཡང་སྔོན་ལ་བླ་མ་ཡི་དམ་མཁའ་འགྲོ་མཆོད༔ དེ་ནས་གདོན་དེ་ལ་ཤ་དང་ཁྲག་དང་རུས་པ་དང་ནང་ཁྲོལ་གློ་སྙིང་ལ་སོགས་གང་ལ་ཡང་ཆགས་པ་དང་ཞེན་པ་མེད་པར་སྦྱིན་པར་བྱའོ༔ དེ་ཡང་ཆགས་ཞེན་བྱུང་ན་རང་ལ་གནོད༔ ཆགས་ཞེན་མེད་ན་གནོད་པའི་བསམ་པ་ངན་པ་ཞི་བར་འགྱུར་རོ༔ ཕྱི་སྙིང་རྗེས་གདོན་ཞི་བར་བྱ་བའོ༔ ༔ནང་བླ་མའི་བྱིན་རླབས་ཀྱིས་གདོན་ཞི་བར་བྱ་བ་ནི༔ སློབ་དཔོན་པདྨ་འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པ་སྤྱི་བོར་བཞུགས་པར་བསམ་ལ༔ དེ་ལ་གོང་བཞིན་གསོལ་བ་བཏབ་པས༔ སྟེང་ནས་བླ་མས་བྱིན་གྱིས་རློབ༔ མདུན་ནས་མཁའ་འགྲོས་བྱིན་གྱིས་རློབ༔ རྒྱབ་ནས་ཆོས་སྐྱོང་སྲུང་མས་བྱིན་གྱིས་རློབ༔ གཡས་ནས་དཔའ་བོས་བྱིན་གྱིས་རློབ༔ གཡོན་ནས་དཔའ་མོས་བྱིན་གྱིས་རློབ༔ དེ་རྣམས་ཀྱིས་ནི་བྱིན་རླབས་ཀྱིས༔ ལུས་ལ་བདེ་བར་བྱིན་གྱིས་བརླབས༔ ངག་ལ་ནུས་པར་བྱིན་གྱིས་བརླབས༔ སེམས་ལ་རྟོགས་པ་འཆར་བར་བྱིན་གྱིས་བརླབས་པར་བསམས་པས༔ གདོན་དང་བར་གཅོད་ཀྱི་མིང་ཡང་མི་གྲགས་པར་ལྷ་སྲིན་སྡེ་བརྒྱད་བྲན་བཞིན་དུ་བསྒོ་བ་ཉན༔ བྱིན་རླབས་དང་དངོས་གྲུབ་བྱིན་འཐིབ་འཐིབ་བག་དྲོ་འུར་འུར་ཤེས་པ་དགའ་ཡལ་ཡལ་འོང་ངོ༔ དད་པ་མོས་པ་གུས་པ་མ་ཤོར་བས་གསོལ་བ་འདེབས་པ་གལ་ཆེའོ༔ གཞན་ལ་བྱིན་རླབས་བྱས་པས་གདོན་དང་བར་ཆད་གང་ཡང་ཞི་བར་འགྱུར་རོ༔ ནང་བྱིན་རླབས་ཀྱིས་ཞི་བར་བྱ་བའོ༔ ༔གསང་བ་ལྟ་བས་བར་ཆད་ཞི་བར་བྱ་བ་ནི༔ དང་པོ་ཁོ་ནར་བླ་མ་ཡི་དམ་མཁའ་འགྲོ་ལ་གསོལ་བ་དྲག་པོ་བཏབ་ལ༔ བློ་རབ་ཀྱིས་མི་མ་ཡིན་དེ་སེམས་ཀྱི་རྟོག་པ་ཡིན་ཏེ་སེམས་ཉིད་ཅིའི་ངོ་བོར་ཡང་མ་གྲུབ་པ་གཞི་རྩ་དང་བྲལ་བ་སྟོང་པ་འདི་ལ་ལྷ་ཡང་མེད་ལ་འདྲེ་ཡང་མེད༔ ནད་ཀྱང་མེད་ལ་གནོད་པར་བྱ་བའི་མིང་ཙམ་ཡང་མེད་པར་ཤེས་པར་བྱའོ༔ བློ་འབྲིང་གིས་མི་མ་ཡིན་དེས་སེམས་ལ་གནོད་དམ་ལུས་ལ་གནོད་བརྟགས་པས༔ ལུས་ལ་གནོད་ན་ལུས་འབྱུང་བ་ལས་གྲུབ་པའི་བེམ་པོ་འདི་མི་ཁྱེར་བར་འདུག༔ སེམས་ལ་གནོད་ན་སེམས་སྟོང་པ་ཉིད་ལ་གནོད་པ་བྱ་ས་མི་འདུག་པས༔ གནོད་བྱ་དང་གནོད་བྱེད་གཉིས་ཀ་མ་གྲུབ་པ་དེ་ཁོ་ན་སེམས་སྟོང་པ་ཉིད་ཀྱི་དོན་ཤེས་པ་ཡིན་པས་དེ་ལ་བློ་གཞག་གོ༔ བློ་ཆུང་བ་ཡིན་ན་བླ་མ་ཡི་དམ་མཁའ་འགྲོ་ལ་གསོལ་བ་བཏབ་ནས༔ ལུས་ལ་ཆགས་པ་དང་ཞེན་པ་མེད་པར་བྱས་ལ༔ གདོན་དེ་རང་ལ་ཡང་དངོས་པོ་མི་འདུག༔ ངའི་སེམས་ལ་ཡང་དངོས་པོ་མི་འདུག་པས་ང་ལ་གནོད་ན་ཡང་གནོད༔ མ་གནོད་ན་ཡང་མ་གནོད་སྙམ་དུ་བློས་བོར་ལ་གཞག༔ དེས་ཞི་བར་འགྱུར་རོ༔ དེས་རང་གི་བར་ཆད་སེལ་ཞིང་གཞན་ལ་དེ་ལྟར་གདམས་པས་སེལ་བ་ཡིན་ནོ༔ གསང་བ་ལྟ་བས་ཞི་བར་བྱ་ཐབས་ཏེ༔ ཕྱི་གདོན་གནོད་སྦྱིན་ཕོ་མོ་ཞི་བར་བྱ་བའི་ཐབས་ཡིན་ནོ༔ ྈ ༔བར་ནད་འདུ་བ་རྣམ་བཞི་ཞི་བར་བྱ་བ་ལ༔ ཕྱི་སྙིང་རྗེས་ཞི་བར་བྱ་བ་ནི༔ རང་ངམ་གཞན་ནད་པ་ལ་བྱིན་རླབས་བྱེད་པ་གང་ཡིན་ཡང༔ སྤྱིར་ནད་པ་ཐམས་ཅད་སྙིང་རྗེ་བར་འདུག༔ སྒོས་རང་ངམ་གང་ན་བ་དེ་ལ་སྙིང་རྗེ་བསྒོམ༔ དེ་ནས་བླ་མ་ཡི་དམ་མཁའ་འགྲོ་གསུམ་སྤྱི་བོར་བཞུགས་པར་བསམ་ལ་གསོལ་བ་གདབ༔ དེ་ནས་རང་གི་ལག་པ་གཡས་པའི་མཐིལ་དུ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་ངོ་བོ་ཡི་གེ་ཧཾ་དཀར་པོ་ཞིག་བསམ༔ ནད་ཀྱི་དངོས་པོ་དེ་ཀཾ་ནག་པོར་བསམ་ལ༔ ཧཾ་དེས་ཀཾ་དེ་བཙིར་བས་ནད་དེ་བ་མོ་ལ་ཉི་མ་ཕོག་པ་ལྟར་ལྷན་གྱིས་ཞུ་ནས་ལྷན་ལྷན་སོང་བར་བསམ་ལ་དྲག་ཏུ་གནན་ནོ༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་གསོལ་བ་གདབ་བོ༔ དེས་ནད་མང་ཞི་བར་འགྱུར་རོ༔ དམིགས་པ་མ་ཡེངས་པར་བྱའོ༔ དེ་ནི་ཕྱི་སྙིང་རྗེས་ཞི་བར་བྱ་བའོ༔ ༔ནང་བླ་མ་ཡི་དམ་མཁའ་འགྲོས་ནད་ཞི་བར་བྱ་བ་ནི༔ རང་གི་སྤྱི་བོར་བླ་མ་ཡི་དམ་མཁའ་འགྲོ་བསྒོམས་ལ་བླ་མ་ཡི་དམ་མཁའ་འགྲོ་ལ་གསོལ་བ་དྲག་པོ་བཏབ༔ བླ་མའི་ཐུགས་ཀ་ནས་འོད་བྱུང་བ་ནད་ལ་ཕོག་པས༔ བླ་མའི་བྱིན་རླབས་ཀྱིས་ནད་དེ་བ་མོ་ལ་ཉི་མ་ཕོག་པ་ལྟར་ལྷན་ལྷན་ཞི་བར་བསམ་མོ༔ ཡང་ན་ན་སར་བླ་མ་བསྒོམ༔ ཡང་ན་ན་ས་དེར་ཨཱོྃ་ཨཱཿཧཱུྃ་གསུམ་ཕར་ཟང་ཚུརཟང་ཡོད་པར་བསྒོམ༔ དད་པ་མོས་པ་གུས་པ་གསུམ་གྱིས་བླ་མ་ཡི་དམ་མཁའ་འགྲོ་ལ་གསོལ་བ་དྲག་པོ་བཏབ་ནས༔ བདག་གཞན་གྱི་ནད་འདི་བསལ་དུ་གསོལ༔ ཞེས་ངག་ཏུ་ཡང་བརྗོད༔ དེས་མི་ཞི་མི་སྲིད་དོ༔ དེ་ནི་ནང་བླ་མ་ཡི་དམ་མཁའ་འགྲོའི་བྱིན་རླབས་ཀྱིས་ནད་ཞི་བའི་ཐབས་ཡིན་ནོ༔ ༔གསང་བ་རིག་པ་སེམས་ཀྱིས་ནད་ཞི་བར་བྱ་བའི་ཐབས་ནི༔ དང་པོ་བླ་མ་ཡི་དམ་མཁའ་འགྲོ་ལ་གསོལ་བ་གདབ་བོ༔ དེ་ནས་དང་པོ་ནད་བཙལ་ཏེ་ལུས་ནའམ་སེམས་ན་ལྟ༔ ལུས་ན་ན་རོ་ཡང་ན་བར་རིགས་ཏེ་རོ་ལ་ན་ཚ་མེད༔ སེམས་ན་ན་སེམས་དངོས་པོ་འོང་བར་རིགས་ཏེ་སེམས་ལ་དངོས་པོ་མེད་སྟོང་པ་ཡིན༔ སྟོང་པ་ལ་ན་རྒྱུ་མེད༔ འོ་ན་གང་ན་ན་རང་གི་རྟོག་པ་ན་བ་ཡིན༔ ནད་དེ་རྟོག་པ་ཡིན་པར་ཐག་ཆོད༔ རྟོག་པའི་གཉེན་པར་རྟོག་པར་གཏང་སྟེ༔ རང་དང་གཞན་གང་ན་ཡང༔ རླུང་མནན་ཏེ་རིག་པ་བསྒྲིམས་ལ་ན་ས་དེར་གཏད༔ རང་དང་ནད་གཉིས་ཀ་མ་གྲུབ་པ༔ རིག་པ་གང་གི་ངོ་བོར་ཡང་མ་གྲུབ་པར་གཞག་གོ༔ ཡང་ཚད་པའི་ནད་ལ༔ རླུང་ཧ་དྲག་ལ་རིང་བར་འདོན་ཞིང་ནད་ཐུལ་ལུ་ལུ་བྱུང་བར་བསམ་མོ༔ མགོ་ན་ན་ཚངས་པའི་བུ་ག་ཁ་ཕྱེ་ལ་ནད་ཀྱི་རླངས་པ་སྔོན་དམར་ཀྱུག་ཀྱུག་གདོན༔ ཕོ་བ་ན་ན་སྟེང་རླུང་མནན་འོག་རླུང་འཐེན་ལ་དཀྲུགས༔ སྒྲེགས་པ་འདོན༔ སྨད་ན་ན་སྟེང་རླུང་གནན༔ འོག་རླུང་ཕྱེ་ལ་ནད་སེར་ཉོག་ཉོག་འོག་སྒོ་ན་མར་སོང་བ་དང་བཤང་ལམ་ནས་མར་ཐོན་པར་བསམ་མོ༔ ཁོལ་བུར་ན་ན་གང་ན་སར་ཧར་པོར་བསྒོམ༔ རླུང་ལྟ་བུས་ལུས་སེམས་འཁྲུགས་པ་ལ༔ རིག་པ་རང་སོ་ལ་མེར་གྱིས་གཞག་གོ༔ དེ་ལྟར་ལན་གཅིག་གིས་མ་བྱུང་ན་ཡང་ཡང་བསྐྱར་ལ་བྱའོ༔ མི་ཞི་མི་སྲིད་དོ༔ གསང་བ་རིག་པ་སེམས་ཀྱིས་ནད་ཞི་བའི་ཐབས་ཏེ༔ བར་འབྱུང་བ་ན་ཚ་ཞི་བའི་ཐབས་སོ༔ ྈ ༔ནང་དུག་ལྔ་དང་རྣམ་རྟོག་ཞི་བར་བྱ་བའི་ཐབས་ནི༔ ཕྱི་དུག་ལྔ་གཉེན་པོས་ཞི་བར་བྱ་བ་ནི༔ དུག་རྣམ་པ་ལྔ་ལ༔ གཏི་མུག་དང༔ ཞེ་སྡང་དང༔ འདོད་ཆགས་དང༔ ང་རྒྱལ་དང༔ ཕྲག་དོག་གོ༔ དང་པོ་གཏི་མུག་གང་ལས་བྱུང་ན༔ གཏི་མུག་ནི་མ་ཤེས་མ་རིག་པ་སྟེ༔ དེའི་གཉེན་པོ་ཤེས་རབ་ཡིན་པས༔ ཤེས་རབ་གང་ལ་བྱ་ན་ཆོས་ཐམས་ཅད་རང་བཞིན་མེད་པ་བདག་མེད་པར་ཤེས་པ་སྟེ༔ བདག་བཙལ་བས་བདག་དང་བདག་གིར་འཛིན་པ་གང་ཡང་མ་གྲུབ་པར་ཤེས་པ་ནི༔ དེ་ལྟར་གཏི་མུག་ཤེས་རབ་ཀྱིས་ཆོམས་པའོ༔ ཞེ་སྡང་ནི་གཞན་ལ་ཞེ་གནོན་ཅིང་སྡང་བར་བྱེད་པའོ༔ དེའི་གཉེན་པོ་ནི་བྱམས་པ་ཡིན་ཏེ༔ བྱམས་པ་གང་ལ་བྱ་ན་སེམས་ཅན་རྣམས་ལ་སྙིང་རྗེ་བར་གནས་པ་སྟེ༔ བདག་མེད་པར་མ་རྟོགས་པ་རྣམས་ལ་སྙིང་རྗེ་སྐྱེ་བ་ནི༔ ཞེ་སྡང་བྱམས་པས་ཆོམས་པའོ༔ འདོད་ཆགས་ནི་ཡུལ་གང་ལ་ཆགས་ཤིང་ཞེན་པ་སྟེ༔ དེའི་གཉེན་པོ་རང་བཞིན་མེད་པར་ཤེས་པ་ཡིན་པས༔ ཡུལ་རང་བཞིན་མེད་པར་ཤེས་པས་ཆགས་ཞེན་ལས་གྲོལ་བ་ནི༔ འདོད་ཆགས་རང་བཞིན་མེད་པར་ཆོམས་པའོ༔ ང་རྒྱལ་ནི་བདག་གཅིག་པུ་ཆེ་བར་འཛིན་པ་སྟེ༔ དེའི་གཉེན་པོར་བདག་མེད་པ་ཡིན་པས༔ བདག་ལ་རང་བཞིན་མེད་པར་ཤེས་པས༔ ང་རྒྱལ་བདག་མེད་པར་ཆོམས་པའོ༔ ཕྲག་དོག་ནི་གཞན་ལ་ལོག་པར་དོགས་པ་སྟེ༔ དེའི་གཉེན་པོར་བདག་གཞན་མེད་པའི་དོན་རྟོགས་དགོས་པས༔ བདག་མ་གྲུབ་པས་གཞན་མ་གྲུབ་པ་སྟེ༔ བདག་གཞན་གཉིས་མེད་ཀྱིས་ཆོམས་པའོ༔ དེ་ལྟར་དུག་ལྔ་གཉེན་པོས་འཇོམས་པ་སྟེ༔ བླ་མའི་ཞལ་ལ་རག་ལུས་པས༔ བླ་མའི་གདམས་ངག་གིས་བདག་ཏུ་གཟུང་བ་དང་བདག་གིར་འཛིན་པ་བཙལ་བས་བདག་དང་བདག་འཛིན་མི་རྙེད༔ བདག་འཛིན་པ་མ་རྙེད་པས་བདག་དང་གཟུང་འཛིན་གྱི་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པས་ལྟ་བ་དབུ་མར་སླེབ་བོ༔ དེ་ནི་ཕྱི་དུག་ལྔ་གཉེན་པོས་སྦྱོང་བའོ༔ ༔ནང་དུག་ལྔ་ཡེ་ཤེས་ལྔར་བསྒྱུར་ལ་ཞི་བར་བྱ་སྟེ༔ དེ་ཡང་ཕྱིར་ཞེ་སྡང་རམ་པ་སྐྱེས་པ་དེ་ཞེ་སྡང་རང་ག་མ༔ ཁ་ནང་དུ་ལོག་ལ་ཞེ་སྡང་ལ་བལྟས་པས༔ ཞེ་སྡང་ལ་གཟུགས་དང་ཁ་དོག་ཏུ་གང་ཡང་མ་གྲུབ་པས༔ གསལ་ལ་མ་འགགས་པ་ཞེ་སྡང་མེ་ལོང་ལྟ་བུའི་ཡེ་ཤེས༔ ཕྱིར་ང་རྒྱལ་རམ་པ་སྐྱེས་པ་དེ་ང་རྒྱལ་རང་ག་མ༔ ཁ་ནང་དུ་ལོག་སྟེ་ང་རྒྱལ་ལ་བལྟས་པས་ང་རྒྱལ་མ་གྲུབ་པས༔ བདག་གཞན་མཉམ་ལ་མ་འདྲེས་པ་ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ༔ ཕྱིར་འདོད་ཆགས་དུང་པ་སྐྱེས་པ་དེ་འདོད་ཆགས་རང་ག་མ༔ ཁ་ནང་དུ་ལོག་ནས་བལྟས་པས་འདོད་ཆགས་ལ་འཛིན་པའི་མཁན་པོ་མ་གྲུབ༔ སོ་སོར་གསལ་ལ་མ་འདྲེས་བདེ་བར་ཉམས་སུ་མྱོང་བས་འདོད་ཆགས་སོ་སོར་རྟོག་པའི་ཡེ་ཤེས༔ ཕྱིར་ཕྲག་དོག་གཞན་ལ་ལོག་པ་ལྟར་སྐྱེས་པ༔ ནང་དུ་བལྟས་པས་ཕྲག་དོག་ངོ་བོར་མ་གྲུབ་པར༔ རང་བཞིན་དག་པས་ན་ཕྲག་དོག་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ༔ ཕྱིར་བལྟས་པས་མ་རིག་པ་བདག་ཏུ་འཛིན་པར་བརྟས་པ་གཏི་མུག༔ ནང་དུ་བལྟས་པས་བདག་འཛིན་མ་གྲུབ༔ ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པ༔ གཏི་མུག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ༔ དེ་ལྟར་ཤེས་པར་བྱེད་པ་དེ་བླ་མའི་ཞལ་ལ་རག་ལས་ཏེ༔ བླ་མའི་གདམས་ངག་གིས་དུག་ལྔ་ཕྱིར་སྐྱེས་པའི་དུས་སུ་སེམས་ལ་ནང་དུ་བལྟས་པས༔ དུག་ལྔ་ལ་ངོ་བོ་རང་བཞིན་མ་གྲུབ༔ སྟོང་གསལ་ཡེ་ཤེས་ལྔར་ཤར་བའོ༔ དེས་ལྟ་བ་སྔགས་སུ་སླེབ༔ དུག་ལྔ་ཡེ་ཤེས་ལྔར་སྒྱུར་བ་ཡིན་ནོ༔ ༔གསང་བ་དུག་ལྔ་མ་སྤང་ལ་མི་གནས་པར་ལམ་དུ་ཁྱེར་བ་ཤེས་པར་བྱ་སྟེ༔ དེ་ཡང་ཉོན་མོངས་པ་ཞེ་སྡང༔ གཏི་མུག༔ ང་རྒྱལ༔ འདོད་ཆགས༔ ཕྲག་དོག་ལྔ༔ དང་པོ་རང་དང་ལྷན་ཅིག་ཏུ་དུས་མཉམ་དུ་སྐྱེས་པས་སྤང་བ་དཀའ༔ བར་དུ་རང་དང་དུས་མཉམ་དུ་གནས་པས་བསྒྱུར་དཀའ༔ དུག་ལྔ་གང་ཡང་སྐྱེས་པའི་དུས་སུ་དུག་ལྔ་གང་ཡང་མི་སྤང༔ སྒྱུར་ཡང་མི་བསྒྱུར༔ སེམས་ཉིད་བཅོས་བསྒྱུར་མེད་པར་སེམས་གསལ་ལ་མ་འགགས་པར་བཞག་པས༔ དུག་ལྔ་རང་དག་རང་གྲོལ་དུ་སོང་སྟེ༔ ཆུ་ལ་ཆུ་བུར་ཐིམ་པའམ་རྒྱ་མཚོ་ལ་ཁ་བ་བབས་པ་བཞིན་དུག་ལྔ་གཉེན་པོས་མ་སྤང་ལ་ཐ་མལ་དུ་མི་གནས་པར་རང་གྲོལ་བའོ༔ དེ་ཡང་བླ་མའི་ཞལ་ལ་རག་ལས་ཏེ༔ བླ་མའི་གདམས་ངག་གིས་དུག་ལྔ་རང་བཞིན་མེད་པར་ཤེས་ནས༔ སེམས་ཉིད་ལ་རང་བཞིན་མེད་པར་རྟོགས་པས༔ ལྟ་བ་རྫོགས་པ་ཆེན་པོར་སླེབ༔ དེ་ལ་ཕྱག་རྒྱ་ཆེན་པོ་ཡང་ཟེར༔ མཚན་ཉིད་ལས་དབུ་མ་ཟེར༔ ཤེས་རབ་ཕ་རོལ་ཕྱིན་པ་ཟེར༔ དུག་ལྔ་མ་སྤང་ལ་མི་གནས་པ་རང་སར་གྲོལ་བའི་གདམས་པ་ཟེར་རོ༔ དེ་ལྟར་དུག་ལྔ་ཕྱི་ནང་གསང་བ་གསུམ་གྱིས་ཞི་བར་བྱེད་པ་ལ་དུག་ལྔ་ལམ་དུ་ཁྱེར་བའི་མན་ངག་ཅེས་ཀྱང་བྱ༔ དུག་ལྔ་ཆོས་ཉིད་དུ་ཁྱེར་བའི་མན་ངག་ཅེས་བྱའོ༔ སློབ་དཔོན་པདྨའི་ཞལ་གདམས༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་གདམས་པ་ཡི་གེ་རིས་སུ་བཀོད༔ ཞི་བྱེད་རྣམ་པ་གསུམ་གྱི་མན་ངག་ཕྱི་རབས་ཀྱི་དོན་དུ་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ྀཨཚ༔ གུ་ཧྱ༔ རྒྱ་རྒྱ་རྒྱ༔༔ ༔༔ དང་པོ་སློབ་དཔོན་པདྨས་མཛད། དེ་ནས་མཚོ་རྒྱལ་ཐུགས་ལ་གསལ། བར་དུ་མྱང་གིས་རྙེད། དེ་ནས་མྱོས་ལ་བརྒྱུད་པའོ། །དགེའོ། །བཀྲ་ཤིས་སོ།། །། གུ་རུའི་དམར་ཁྲིད་ཟབ་མོ་མྱང་ཉི་མ་འོད་ཟེར་གྱིས་གཏེར་ནས་སྤྱན་དྲངས་པའོ།། །། དཔེ་རྙིང་གཞན་ཞིག་དང་བསྡུར་བལྟས་ཀྱིས་ཞུ་བཅོས་ཆད་འཛུད་གང་ནུས་ཞེ་ཆེན་པར་གསར་སྐབས་འདིར་བྱས་པ་ཡིན། ད་དུང་གདམས་ཚན་མང་པོ་ཕན་ཚུན་ཡོད་མེད་འདུག་ཀྱང་ཆོས་ཚན་གསར་འཛུད་གང་ཡང་བྱས་པ་མེད་དོ།།
ཐུགས་རྗེ་ཆེན་པོ་ལ་བསྟེན་ནས་མི་ཁ་ཟློག་པའི་གདམས་ངག་ཟབ་མོ་ (Volume 54, Text 8)
༄༅། །ཐུགས་རྗེ་ཆེན་པོ་ལ་བསྟེན་ནས་མི་ཁ་ཟློག་པའི་གདམས་ངག་ཟབ་མོ་བཞུགས་སོ། ། ན་མོ་མ་ཧཱ་ཀཱ་རུ་ཎི་ཀ་ཡ། ཐུགས་རྗེ་ཆེན་པོ་ལ་བསྟེན་ནས་མི་ཁ་ཟློག་པ་ནི། རྒྱལ་བ་རྒྱ་མཚོ་སོགས་ཐུགས་རྗེ་ཆེན་པོ་གང་རུང་གི་བདག་བསྐྱེད་ལ་གནས་པས་འདི་ལྟར་སྒོམ་བཟླས་བྱའོ། །རང་ཉིད་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་ལྗང་གུ་འཕྲོས། གཏམ་ངན་མི་ཁ་ཐམས་ཅད་ཟློག་པར་གྱུར། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཧུར་ཐུམས་མི་ཁ་གཏམ་ངན་ཐམས་ཅད་ཟློག །རི་ལི་རི་ལི། ཨོཾ་མ་ཧཱ་དེ་བ་དགྲ་བོ་ནྲྀ་ཏྲི་ནི་སྲོག་ལ་རྦད་ཆོད། བྷྱོ་མི་ཁ་ངན་པ་སྒྱུར། མི་ཁ་དགྲ་བོ་མཱ་ར་ཡ་ཐུམས་ཐུམས། རྦད་རྦད། དྲིལ་དྲིལ། བྷྱོ་བྷྱོ། ཟློག་ཟློག །བརྒྱ་ཡི་མི་ཁ་ཟློག །སྟོང་གི་བྲ་མཆུ་ཟློག །བརྒྱ་ཁ་ཡེར་ཡེར་ཟློག །སྟོང་ཁ་མེར་མེར་ཟློག །ནད་སྣ་ཟློག །གདོན་སྣ་ཟློག །ཡམས་སྣ་ཟློག །རིམས་སྣ་ཟློག །དགྲ་སྣ་ཟློག །གྱོད་སྣ་ཟློག །རྐུན་སྣ་ཟློག །དམག་སྣ་ཟློག །ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་མི་ཁ་གཏམ་ངན་ཟློག །ངན་སེམས་ཚུར་ལ་འཆང་བའི་དགྲ་བོ་ཐམས་ཅད་རྦད་རྦད། དྲིལ་དྲིལ། ཐུམས་ཐུམས། ཤིག་ཤིག །བྷྱོ་བྷྱོ། ཟློག་ཟློག་ཅིག །ཅེས་བཟླས་ལ་ཐལ་མོ་བརྡབ་བོ། །ཞེས་ཀརྨ་ཨ་རཱ་གས་སོ།། །། ༄༅༔ འཇམ་དཔལ་གཤིན་རྗེའི་ལས་མཐའ་རྩོད་དང་མི་ཁ་ཟློག་པ་ཟབ་མོ་བཞུགས་སོ༔ ན་མོ་ཡ་མཱནྟ་ཀ་ཡ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ སྟོང་ཉིད་ཀ་དག་སྤྲོས་པ་བྲལ་བའི་ངང༔ རང་ཉིད་བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ དགྲ་དཔུང་འཇོམས་མཛད་རཀྴ་ནག་པོའི་ལས༔ མཐར་བྱེད་སྐུ་མདོག་དམར་པོ་ཁྲོ་བོའི་ཞལ༔ ངོ་བོ་གཅིག་ལས་འགྱུར་མེད་གཤིན་རྗེ་གཤེད༔ ཐབས་ཤེས་ཟུང་འབྲེལ་སྡིགས་མཛུབ་ཕྱག་གཉིས་པ༔ མཆེ་བ་བཞི་དཀར་རབ་གཙིགས་སྤྱན་གསུམ་ལྡོག༔ སྨིན་ཕྲག་ཁྲོ་གཉེར་བཞི་གཙིགས་རྔམས་ཤིང་བསྒྲད༔ དབུ་སྐྲ་སྨ་ར་སྨིན་མ་དམར་སེར་མདོག༔ མེ་ལྟར་གཡོ་ཞིང་རལ་པ་གྱེན་དུ་འབར༔ སྐུ་སྨད་གསང་བའི་གནས་ནས་གནམ་ལྕགས་ཀྱི༔ ཟུར་གསུམ་དབལ་ལྡན་ཕུར་པས་དགྲ་དང་བགེགས༔ གནོད་བྱེད་ཉམས་པའི་སྙིང་ལ་དྲག་ཏུ་གཟིར༔ ཕྱག་གཡས་རལ་གྲིས་དགྲ་བགེགས་བསྒྲལ་བའི་ཕྱིར༔ ནམ་མཁར་འཕྱར་བས་སྲོག་རྩ་རྩད་ནས་གཅོད༔ ཕྱག་གཡོན་ལྕགས་ཀྱུས་དགྲ་བོའི་དོན་སྙིང་ལ༔ བཟུང་ནས་ཤོར་བ་མེད་པར་འགུགས་ཤིང་གཟུང༔ ཞབས་གཉིས་གཡས་བརྐྱང་མཐིལ་ལ་གནམ་ལྕགས་དང༔ གཡོན་བསྐུམ་ཟངས་ཀྱི་སོག་ལེ་རྣོ་ངར་ཅན༔ དེ་གཉིས་བར་དུ་དགྲ་བགེགས་མགོ་ལུས་སོགས༔ ཤ་ཁྲག་དུམ་བུ་དུམ་བུར་དམར་ཉིལ་ཉིལ༔ གཏུབས་ཕྱིར་དྲག་པོའི་གདོང་བསྟན་ཚུལ་དུ་འགྱིང༔ འཇིགས་པའི་སྐུ་ལ་བསྐལ་པའི་མེ་ཆེན་པོ༔ རི་ལྟར་བ་སྤུ་རེ་ལས་འབར་བ་ཡིས༔ གནོད་པར་བྱེད་པའི་དགྲ་དང་བགེགས་ལ་སོགས༔ ཐམས་ཅད་གཞོབ་ཐུལ་བསྲེག་ཅིང་ཐལ་བར་གཏོར༔ ཕྲིན་ལས་ཐོགས་མེད་ཁྲོ་རྒྱལ་སྐུར་གྱུར་ཏོ༔ ཏྲག་རཀྴ་བྷྱོཿ ཧུར་ཐུཾ་མི་ཁ་ཐུཾ་དྲིལ་རྦད་ནན༔ ས་མ་ཡ་དགྲ་ལ་བྷྱོ་བྷྱོ༔ ཟློག་ཟློག༔ མི་ཁ་ཐུཾ་རིལ་རྦུད་ལིང་ཐུཾ་རིལ་ལི་དགྲ་ལ་བྷྱོ་བྷྱོ་ཟློག་ཟློག༔ དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད་རྦད་ཛ༔ མ་ཧཱ་དེ་བ་དགྲ་ལ་བྷྱོ༔ ཨུ་མཱཿདེ་བཱི་དགྲ་ལ་བྷྱོ༔ ལྷ་སྲིན་སྡེ་བརྒྱད་དགྲ་ལ་བྷྱོ༔ བྷྱོ་མཱ་ར་ཡ་མི་ཁ་ཧུར་ཐུཾ༔ རྦད་དྲིལ་ཐུན་ཐུཾ་ཐུཾ་ཤིག་ཤིག་རྦད་རྦད་དྲིལ་དྲིལ་ནན་ནན་བྷྱོ་བྷྱོ་ཟློག་ཟློག་མི་ཁ་ཟློག་ཟློག༔ མི་ཁ་ཟློག་མི་ཁ་སྒྱུར༔ མི་ཁ་ཏྲི་ལིང་ཤག་མཱ་ར་ཡ་རྦད༔ ཅེས་ཅི་ནུས་མཐར༔ རང་ཉིད་འཇམ་དཔལ་ཁྲོ་བོ་ཡོངས་གྱུར་ལས༔ སྐད་ཅིག་དབང་ཕྱུག་ཆེན་པོ་ཞལ་གཅིག་ཕྱག་གཉིས་པ༔ སྐུ་མདོག་སྔོ་ནག་རི་རབ་བང་རིམ་དགུ་པ་བསྣམས༔ དགྲ་བགེགས་བྱད་མ་ལྷ་སྲུང་ལ་བརྒྱབས་པས༔ ལུས་ངག་ཡིད་གསུམ་ནག་ཆོམ་སོང་བར་གྱུར༔ མ་ཧཱ་དེ་བ་བྷ་ག་ཏུ་ཨུ་ནི་ནྲྀ་ཛ་ཐུཾ་ལཾ་ཧུར་ཧུར་ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅུ་ནས་བདག་ལ་གནོད་པའི་དགྲ་བགེགས་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་སཏྭམྦྷ་ཡ་ནན༔ ལོ་དང་ཟླ་བ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཞག་དང་ཟ་མ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ སྲོག་ལུས་དབང་ཐང་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཁ་རྗེ་དང་ཀླུང་རྟ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཟ་ལམ་དུ་དུག་གཡོས་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ འགྲོ་ལམ་དུ་རྩང་བཙུགས་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ བསད་ཤོམ་འཕྲོག་ཤོམ་རྐུ་ཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ བྱད་ཁ་ཕུར་ཁ་མོ་ངན་ཚེར་རྩུབ་ཐམས་ཅད་མཱ་ར་ཡ་རྦད་ནན༔ བྱུར་མི་ཁ་སྙིང་སྟོང་ངན་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ དགྲ་ཤོམ་དམག་ཤོོམ་བསམ་ངན་འདུན་མ་ངན་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཨོཾ་ཀིང་ཀཾ་ཧཱུྃ་ཧྲཱིཿདགྲ་བོ་སཏྭཾ་བྷ་ཡ་རཀྴ་ནན་ཧཱུྃ་ཧཱུྃ་ལཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན་སྭཱ་ཧཱ༔ ཞེས་བཟླས་ལ་ཐལ་མོ་བརྡབ་བོ༔ གཟའ་དང་སྐར་མ་དར་བ་དང༔ དགུ་གསུམ་དུས་སོགས་ཅི་མང་བཟླ༔ ཕ་རོལ་རྩོད་ལས་རྒྱལ་བར་འགྱུར༔ སེང་ལྡེང་ཕུར་པ་ཚོན་གང་བ༔་་་ཕུར་དར་ནག་པོ་དགོས། གོང་བ་གཡོན་དུ་བཙུགས་ནས་བཟླ༔ ཕ་རོལ་རྩོད་ལས་རྒྱལ་བར་འགྱུར༔ མི་ཁ་བྱད་མ་ལ་སོགས་ཟློག༔ ཅེས་སྤྲུལ་སྐུ་སྟག་ཤམ་ནུས་ལྡན་རྡོ་རྗེའི་ཟབ་གཏེར་ལས་བྱུང་བའི་ཨུ་པ་དྷེ་ཤའོ། །ས་མ་ཡ། གུ་ཧྱ། གཞན་ལ་སྲུང་བ་བྱེད་ན། སྔགས་གོང་འོག་སྦྲེལ་ནས་དར་ནག་ལ་གསེར་རམ་མཚལ་གྱིས་བྲི། ཐལ་ཆེན། པདྨ་རཀྟ། གྲི་ཁྲག་གིས་བྱུགས་ནས་དྲིལ་ལ་ཕུར་པའི་མགུལ་དུ་གདགས། ལྷ་བསྐྱེད་བསྟིམ་དང་སྔགས་སྟོང་རྩས་རབ་གནས་བྱས་ལ་གདགས་པ་ཞལ་ཤེས་ཡིན་གསུངས་སོ།། །། ༄༅། །མི་ཁའི་དགྲ་ཟློག་ཐབས་ནི། ན་མོ་གུ་རུ༔ མི་ཁ་རྟག་ཏུ་སྡང་བ་ལ༔ འདིས་ཟློག་གོ༔ ཤིང་སྟག་པ་དང་གླང་མ་གཉིས་མཐོ་རེ་ཡོད་པ༔ ར་བལ་ཁྱི་བལ་གྱི་ཐི་གུ་གཉིས་བསྒྲིལ་བྱས་པས་ཤིང་གཉིས་རྒྱ་གྲམ་དུ་བཅིངས་ལ༔ སྣ་ལ་དབྱི་མང་གི་མགལ་བ་ཁ་ནག་གཅིག་བཏགས་ཏེ༔ འཕགས་པ་སྡུད་པའི་ཆོས་གཅིག་གམ༔ རྟེན་གང་རུང་གཅིག་ལ་ཕྱི་སྐོར་ལན་གསུམ་བྱས་ལ༔ རིག་སྔགས་འདི་ལན་བདུན་འདོན༔ ཨོཾ་ཀ་ཀ་རཱ་ཙ་ཧཱུྃ་ཕཊ༔ ཅེས་ལན་བདུན་ཚར་བ་དང་སླ་ང་ལ་ཕྱིར་བསྐོར་ཞིང་ཚིག་འདི་བརྗོད༔ མི་ཁ་བྲག་བཤིག་པ་ཟློག༔ མི་ཁ་ཆུ་གཅོད་པ་ཟློག༔ མི་ཁ་རླུང་ཞི་བ་ཟློག༔ སྡང་བ་དགྲ་ཡི་མི་ཁ་ཟློག༔ བྱམས་པ་གཉེན་གྱི་མི་ཁ་སྡང་བ་ཟློག༔ ཡུལ་མི་ཁྱིམ་མཚེས་ཀྱི་མི་ཁ་ཟ་བ་ཟློག༔ གུར་སའི་དར་ཆགས་ཀྱི་མི་ཁ་ཟ་བ་ཟློག༔ མི་ཁ་མི་ལ་ཟ་བ་ཟློག༔ མི་ཁ་ཕྱུགས་ལ་ཟ་བ་ཟློག༔ མི་ཁ་ནོར་ལ་ཟ་བ་ཟློག༔ མི་ཁ་བྲ་མཆུ་ཐམས་ཅད་ཟློག༔ མི་མང་པོ་ཚོགས་པའི་མི་ཁ་ཟ་བ་ཟློག༔ མདུན་སར་མི་ཁ་ཟ་བ་ཟློག༔ ཟུག་སར་མི་ཁ་ཟ་བ་ཟློག༔ རྒྱ་སྒོ་ཁར་མི་ཁ་ཟ་བ་ཟློག༔ འཕང་རར་མི་ཁ་ཟ་བ་ཟློག༔ རྒྱལ་པོའི་ཐབ་ཁང་མི་ཁ་ཟ་བ་ཟློག༔ བཙུན་པའི་ཇ་གྲལ་དུ་མི་ཁ་ཟ་བ་ཟློག༔ སྔགས་པའི་ཚོགས་གྲལ་དུ་མི་ཁ་ཟ་བ་ཟློག༔ མགར་བའི་སོ་མལ་དུ་མི་ཁ་ཟ་བ་ཟློག༔ སྐྱེས་པའི་ཆང་སར་མི་ཁ་ཟ་བ་ཟློག༔ བྱུར་དང་མི་ཁ་གླེང་གཞི་ཐམས་ཅད་ཟློག༔ བསམ་སྦྱོར་ངན་པར་ལྟ་བ་ཐམས་ཅད་ཟློག༔ ཅེས་ལན་གསུམ་བྱ༔ གྲུབ་ན་འབྲུ་སྣའི་ཡོས་དང༔ སྦང་མ་དང་ཚྭ་དང་བྲ་བོ་དང༔ རང་གི་གླུད་དང་བཅས་པ་ལམ་རྒྱ་གྲམ་དུ་བསྐྱལ་ལོ༔ དེས་མི་ཁ་ཐམས་ཅད་ཟློག་གོ༔ ནོར་ལ་སོགས་པར་མི་ཁའི་དོགས་ཡོད་ན་དེའི་མིང་བཅུགས་ལ་ནོར་འདི་ལ་མི་ཁ་ཟ་བ་ཟློག་ཅེས་བྱའོ༔ མི་ཁ་བྱུང་གི་དོགས་པ་ཐམས་ཅད་མེད་པར་བསམ་ཞིང་མི་ཁ་མེད་དོ་བྱས་པས་ཟློག་པར་ངེས་སོ༔ ཨོ་རྒྱན་པདྨས་བསམ་ཡས་མཆོད་རྟེན་ནག་པོར་གཏེར་དུ་སྦས་སོ༔ མངའ་བདག་ཉང་གིས་གཏེར་ནས་གདན་དྲངས་པའོ།། །། ༄༅༔ ཡེ་ཤེས་རབ་འབར་ལས༔ ངན་སྨྲ་མི་ཁའི་ཟློག་པ་ཟབ་མོ་བཞུགས་སོ༔ ཡེ་ཤེས་རབ་འབར་ལས༔ ྈྈྈྈྈ སྨྲ་ངན་མི་ཁའི་ཟློག་པ་ཟབ་མོ༔ ཕྲིན་ལས་རླུང་གི་འཁོར་ལོ་ནི༔ བདག་ཉིད་པདྨ་དྲག་པོ་རྩལ་དུ་གསལ་བའི་སྤྱི་བོར་རལ་པའི་རྩེ་ལ་པདྨ་འབྱུང་གནས་སྣང་སྲིད་ཟིལ་གནོན་གྱི་ཆ་བྱད་ཅན༔ མགྲིན་པའི་འཁོར་ལོ་ན་དཔའ་བོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས༔ གཡས་དབྱུག་ཏོ་མེ་འབར་བ་ནམ་མཁའི་དབྱིངས་སུ་ཕྱར་ཞིང༔ གཡོན་པ་དབང་གི་ཞགས་པ་འཛིན་པ༔ སྐུ་ལ་དཔལ་དང་དུར་ཁྲོད་ཀྱི་ཆས་ཐམས་ཅད་རྫོགས་པར་གསལ་བའི་དབང་ཆེན་གྱི་ཐུགས་ཀ་ནས་ཡེ་ཤེས་དབང་གི་འོད་ཟེར་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་འཕྲོས་པས༔ བཀའ་ཡི་ལྷ་མ་སྲིན་སྡེ་བརྒྱད་མི་དང་མི་མ་ཡིན་གང་དག་བདག་ལ་ངན་སྨྲའི་གླེང་མོ་ལོག་པར་ལྟ་བ་ཐམས་ཅད་ལ་ཕོག་པས༔ ལོག་འདྲེན་གྱི་བསམ་སྦྱོར་ངན་པ་ཞི་ནས༔ དད་པ་མོས་གུས་ཀྱི་དྭངས་བ་བསྐྱེད་པའི་བདག་ཉིད་ཅན་དུ་གྱུར་པར་བསམ་ལ༔ རྩ་སྔགས་ཤམ་དུ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་བཀའི་ལྷ་མ་སྲིན་སྡེ་བརྒྱད་མི་དང་མི་མ་ཡིན་པའི་བསམ་སྦྱོར་ངན་པ་སརྦ་རྣྲི་ཏྲི་བྷྱོཿབྷྱོཿཟློག་ཟློག༔ ལོག་ལྟ་སྐུར་འདེབས་ཀྱི་བསམ་སྦྱོར་ངན་པ་ཐམས་ཅད་མཱ་ར་ཡ་ཟློག་ཟློག༔ ཅེས་བརྗོད་པས་ཐལ་མོ་བརྡབ༔ ཡི་དམ་ལྷའི་ང་རྒྱལ་དང་ལྡན་པར་གཅེས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༅། །མི་ཁ་ཐལ་རྡེབ་བྱ་ཐབས་བཞུགས། དབང་ཕྱུག་མ་ཧཱ་དེ་ཝ་ལ་ཕྱག་འཚལ་ལོ༔ འདིའི་སྒྲུབ་ཐབས་ནི༔ རང་ཉིད་དབང་ཕྱུག་ཆེན་པོ་སྐུ་མདོག་སྔོ་སྐྱ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་ཟླ་བ་དང་གཡོན་ཉི་མ་བསྣམས་པ༔ ཉི་ཟླ་གཉིས་ཆ་ལང་བརྡབ་པའི་བར་དུ༔ ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་བགེགས་འབྱུང་པོ་ཐམས་ཅད་དང༔ ཁྱད་པར་ཇག་རྐུན་གནོད་བྱེད་མི་ཁ་སྨྲ་གླེང་བསམ་ངན་ཤོམ་པའི་བསྟན་དགྲ་ཐམས་ཅད་རྡོ་ཡི་བར་མཆིན་པ་བཙིར་བ་བཞིན་དུ༔ དམར་ཐར་ཐར་རྡུལ་དུ་བརླག་པར་བསམ་མོ༔ སྔགས་འདི་བཟླས་ཤིང་ཐལ་མོ་བརྡབ་བོ༔ ཨོཾ་མ་ཧཱ་དེ་ཝ་དགྲ་ལ་བྷྱོ༔ ཨུ་མཱཿདེ་བཱི་དགྲ་ལ་བྷྱོ༔ མི་ཁ་བྷྱོ༔ མི་ཁ་སྒྱུར༔ མི་ཁ་རེངས༔ མཱ་ར་ཡ་ཧུར་ཐུཾ་རྦད་རྦད༔ དྲིལ་དྲིལ༔ ནན་ནན༔ བྷྱོ་བྷྱོ༔ ཟློག་ཟློག༔ བརྒྱ་ཡི་མི་ཁ་ཟློག༔ སྟོང་གི་བྲ་མཆུ་ཟློག༔ ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་སྣ་སྒྱུར༔ རྐུན་སྣ་སྒྱུར༔ ཇག་སྣ་སྒྱུར༔ རྐྱེན་ངན་ཁ་མཆུ་རྣམས་ཀྱི་སྣ་སྒྱུར༔ ཆུང་འདྲེ་ཆུང་སྲི་ཟློག༔ གོད་འདྲེ་གོད་སྲི་ཟློག༔ རྨི་ལམ་ངན་པ་ཟློག༔ ནད་སྣ་ཟློག༔ རིམས་སྣ་ཟློག༔ གོད་སྣ་ཟློག༔ དགྲ་སྣ་ཟློག༔ གྱོད་སྣ་ཟློག༔ རྐྱེན་སྣ་ཟློག༔ ཅེས་བརྒྱ་རེ་བཟླ་འོ༔ བརྒྱ་རེ་བས་མང་བ་བཟླས་ན་རྣལ་འབྱོར་པ་བཀྲག་མདངས་ཉམས་ནས་འགྲོ་མི་ཤེས་པ་འོང༔ བསྙེན་པ་བརྒྱ་རེ་བས་མང་མི་རུང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁྱུང་གྲགས་རྡོ་རྗེའི་གཏེར་མའོ། །སརྦ་མངྒ་ལཾ།། །། ༄༅། །དབང་ཕྱུག་ཆེན་པོའི་མི་ཁ་ཟློག་པའི་གདམས་པ་གནུབས་ཀྱི་ཨུ་པ་དྷེ་ཤའོ། །ཨོཾ་མ་ཧཱ་དེ་བ་ཨུ་མཱཿདེ་བཱི་ཧཱུྃ་བྷྱོ་ཧཱུྃ། མི་ཁ་དྲིལ་དྲིལ་ཐུཾ་ཐུཾ་ནན་ནན་བྷྱོ་བྷྱོ་ཟློག་ཟློག །གོང་བས་མ་ཚོར་བར་བཟླ། ཉི་མ་དམར་ཐག་ཆད་དུས་ཐལ་མོ་བརྡབ། མི་ཁ་བཏང་མཁན་ཐམས་ཅད་བརླག་པར་འགྱུར་རོ། །ཙཀྲ་བྱེད་ན། ཤོག་བུ་ལ་མུ་ཁྱུད་གསུམ་བསྐོར། ལྟེ་བར། ཧཱུྃ་བྷྱོ་ཧཱུྃ། མུ་ཁྱུད་གཉིས་པར་འཁོར་ལོ་རྩིབས་བཞི་ལ་གོང་གི་སྔགས་ཚན་བཞི་བྲི། གཉིས་པར་མི་ཁ་ཟློག་སྔགས་གཞན་དང་དམོད་མོ་གང་ཤེས་བཀོད། གསུམ་པར། བྷྱོ྾ ཟློག྾ ཅེས་བྷྱོ་ཁྲམ་དང་ཟློག་ཁྲམ་ཡིག་མགོ་ནང་བསྟན་དུ་བསྐོར། མི་ཁའི་རྫས་གང་རྙེད་དང་བཅས་རྫ་སོ་བཏང་བའི་སྲུབས་མེད་ཀྱི་སྦུབས་སུ་བཅུགས་ལ། རང་ཡུལ་དུ་མི་ལྡོག་ངེས་པའི་འབབ་ཆུ་དྲག་པོ་ལ་འཕང་། དམོད་མོ་བརྗོད། ཐལ་མོ་བརྡབ། ཕྱི་མིག་མི་བལྟ་བར་ལོག་པས་མི་ཁ་ཐམས་ཅད་ཆུས་ཁྱེར་བར་འགྱུར་རོ། །ཡང་ན་མི་ཁའི་རྫས་ལ་སྔགས་བཏབ་ནས་མེ་ལ་བསྲེག་གོ །ཡང་ན་ཁྲོམ་མང་དུ་འདུ་བའི་སར་མཆོད་རྟེན་ནག་པོའི་བུམ་པར་འཁོར་ལོ་གཞུག་པས་མི་ཁ་ཁྲོམ་ཚོགས་ལ་བསྒྱུར་བ་ཡིན་ནོ། །གནུབས་ཀྱི་ཨུ་པ་དྷེ་ཤ་ཟབ་པར་གདམས་པ་ྀཨཚ། རྒྱ་རྒྱ་རྒྱ།
ཨོ་རྒྱན་རྗེ་འབངས་ཉེར་ལྔའི་ལས་བྱང་བྱིན་རླབས་སྤྲིན་ཕྲེང་དང་འབྲེལ་བའི་དབང་བསྐུར་བྱིན་རླབས་ཆར་རྒྱུན་ (Volume 10, Text 8)
༄༅། །ཨོ་རྒྱན་རྗེ་འབངས་ཉེར་ལྔའི་ལས་བྱང་བྱིན་རླབས་སྤྲིན་ཕྲེང་དང་འབྲེལ་བའི་དབང་བསྐུར་བྱིན་རླབས་ཆར་རྒྱུན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་དི་པཱ་ཀ་རེནྡྲཱ་ཡ། ཞི་ལ་མི་གནས་སྲིད་པའི་ཟློས་གར་སྒྱུར། །སྲིད་པས་མ་གོས་ཞི་བའི་བདུད་རྩིས་དགྱེས། །ཟུང་འཇུག་ཡེ་ཤེས་པ༵དྨ་༵དངོས་སྣང་བ། །མཆོག་བསྟན་ཉིན༵་བྱེ༵ད་དབ༵ང་པོ༵ར་གུས་ཕྱག་འཚལ། །གང་གི་དགོངས་གཏེར་བསྟན་བཅོས་ཚུལ་བསྩལ་པ། །བྱིན་རླབས་སྤྲིན་ཕྲེང་གྲུབ་གཉིས་ཆར་འབེབ་པའི། །སྨིན་བྱེད་དཔལ་ལྡན་བླ་མའི་བཀས་གནང་ཕྱིར། །སྐལ་ལྡན་རྣམས་ཀྱི་སྙིང་གི་བདུད་རྩིར་སྦྱིན། ཁྱད་པར་དུ་འཕགས་པའི་བླ་སྒྲུབ་ཁྱེར་བདེ་ཡང་ཟབ་འདི་དང་འབྲེལ་བའི་དབང་བསྐུར་བགྱི་བ་ལ་གཉིས། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་བསྒྲུབ་ཅིང་དབང་བསྐུར་བའོ། །དང་པོ་ནི། ཡིད་དང་མཐུན་པའི་གནས་སུ་མཎྜལ་པདྨ་འདབ་བརྒྱད་ལ་འོད་ལྔའི་མུ་ཁྱུད་དང་རྡོ་རྗེའི་ཕྲེང་བ་མེ་རིས་བསྐོར་ཞིང་ལྟེ་བར་ཉི་ཟླ་རྡོ་རྗེ་ཐོད་པའམ་ཧྲཱིཿཡིག་ཐིག་ལེ་གང་བདེ་བཀོད། དེ་ཙམ་མ་ལྕོགས་ན་འབྲུ་དཀར་གྱི་ཚོམ་བུ་དབུས་སུ་གཅིག །མདུན་ངོས་དེ་ལས་ཆུང་གཅིག །མཐའ་སྐོར་དུ་ཉེར་ལྔ་བཀོད་པའི་དབུས་ཀྱི་སྟེགས་བུར་ལྔ་ཚན་བདུན་གྱིས་བཀང་བའི་བུམ་པ་མགུལ་ཆིངས་དཀར་པོ་ཁ་རྒྱན་ཅན། མདུན་དུ་གཙོ་འཁོར་ཉེར་བདུན་གྱི་ལྷ་ཙཀ་བདུན། སྔགས་ཕྲེང་། མེ་ལོང་། གཡས་གཡོན་རྣམས་སུ་གསང་ཐོད་ཆང་དང་ཆོས་སྨན་སྦྱར་བ། ཁ་ཊྭཱཾ་ག །ཤེལ་རྡོ་བཅས་བཀོད། རྒྱབ་ངོས་སུ་བླ་མའི་གཏོར་ཆེན་རིན་ཆེན་ཟུར་བརྒྱད་ལ་སོགས་གང་འགྲུབ་སྐུ་ཙཀ་དར་གདུགས་བཅས་བཀོད། གཞན་ཡང་མཆོད་གཏོར་སྨན་རཀ་ཉེར་སྤྱོད་ཕྱི་ནང་གི་མཆོད་པ་ཚོགས་ཀྱི་འཁོར་ལོ་སོགས་ཇི་ལྟར་དགོས་པ་ཐམས་ཅད་བཀོད་བཤམ་ཚོགས་པར་བྱའོ། །གཉིས་པ་ཐོག་མར་དབང་དོན་སྒྲུབ་མཆོད་ནི། སྐྱབས་སེམས་ནས་བརྩམ་སྟེ་བཟླས་པའི་བར་རྩ་བའི་ལས་བྱང་བཞིན་བདག་མདུན་ཕྱོགས་གཅིག་ཏུ་བསྒྲུབས་ནས་བཟླས་པ་ཅི་ནུས་མཐར། ལས་བུམ་ཡང་རྡོར་སེམས་སམ་རྟ་མགྲིན་ལྟ་བུ་བསྐྱེད་ལ་སྔགས་ཀྱི་བྱིན་གྱིས་བརླབ། ཚོགས་ཕུད་ཕུལ། སྐོང་བ་བྱ། གྲུབ་ན་འོག་ཏུ་སློབ་མ་ལ་བྱ་བ་བཞིན་ཏིང་ངེ་འཛིན་གསལ་པོས་བདག་འཇུག་ལེགས་པར་བླང་། བསྡུ་ན་འོད་ཟེར་ཆུ་རྒྱུན་གཅིག་མ་ཙམ་མམ། སྤྱི་འགྲོ་རིག་པའི་མེ་ཏོག་དོར་ལ་གནང་བ་ཞུའོ། །དེ་ནས་སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་ལ་གཏོར་མ་བྱིན་ཏེ་བཀའ་བསྒོ་མཚམས་བཅད་སྲུང་བའི་འཁོར་ལོ་བསྒོམ། སེམས་བསྐྱེད་གསལ་གདབ། ཆོས་བཤད་ཅི་རིགས་པ་དང་། བྱེ་བྲག་ཏུ། དེའང་སངས་རྒྱས་ཀྱི་བསྟན་པའི་ཆོས་ཚུལ་མཐའ་དག་གི་སྙིང་པོ་མཆོག་རབ་ཕུལ་དུ་གྱུར་པ་ནི་གསང་སྔགས་རྡོ་རྗེ་ཐེག་པ་དང་། དེ་ལས་ཀྱང་ནང་པ་དབང་སྒྱུར་ཐབས་ཀྱི་ཐེག་པ་གསུམ་པོ་ཡིན་ལ། དེ་ཉིད་ཀྱང་ཟབ་མོ་བླ་མའི་ལམ་ཁོ་ན་ལ་ལྟོས་པས་སྤྱིར་རྡོ་རྗེ་སློབ་དཔོན་ནི། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཏུ་གྲུབ་པས་རྡོ་རྗེ་ཐེག་པ་ལ་རྣལ་འབྱོར་དུ་བྱེད་པ་རྣམས་ཀྱིས་བླ་མའི་རིམ་པ་ཁོ་ན་རྩ་བར་བཟུང་དགོས་ཤིང་། ཁྱད་པར་མ་ཧཱ་གུ་རུ་པདྨ་འབྱུང་གནས་ནི་རྫོགས་པའི་སངས་རྒྱས་ཉིད་སློབ་དཔོན་ཆེན་པོའི་རྣམ་པར་རོལ་པས་སྙིགས་དུས་ཀྱི་མི་དང་མི་མིན་གདུལ་དཀའི་གདུག་པ་ཅན་ཐམས་ཅད་རྣམ་པར་གྲོལ་བའི་ཕྲིན་ལས་ཀྱི་སྟོབས་འཆང་བ་ཡིན་པས། ཕྱོགས་དུས་ཀྱི་རྩ་གསུམ་རྒྱལ་བ་མ་ལུས་པ་འདུས་པའི་ངོ་བོར་གྲུབ་པའི་ཕྱིར་ཐམས་ཅད་ལས་ཀྱང་བྱིན་རླབས་ཀྱི་སྟོབས་ཆེ་ཞིང་དངོས་གྲུབ་ཀྱི་རྩལ་མྱུར་བ་སྟེ། དེ་ཉིད་སྒྲུབ་པའི་ཐབས་ཀྱི་རིམ་པའང་ཟབ་རྒྱས་རྒྱ་མཚོ་ལྟ་བུ་བཞུགས་པ་ལས། སྐབས་སུ་བབས་པ་འདི་ནི། བླ་མ་དགོངས་པ་འདུས་པའི་ལུང་བསྟན་བཀའ་རྒྱ་མ་ལས། ཆོས་ཀྱི་སྤྱན་ཅན་དྲུག་དང་པདྨའི་ལྗགས་ལྡན་དྲུག་རིམ་པར་བྱོན་པར་ལུང་བསྟན་པའི་སྔ་མ་རྣམས་ཏཱའི་སི་ཏུ་ཆོས་ཀྱི་རྒྱལ་མཚན་ནས་ཆོས་ཀྱི་འབྱུང་གནས་ཀྱི་བར་རིམ་པར་ཡོངས་གྲགས་བྱོན་ཟིན་པའི་པདྨ་དྲུག་གི་ཐོག་མ་པདྨ་དབང་ཆེན་ཞེས་གངས་ཅན་གྱི་ལྗོངས་ན་ཡོངས་སུ་གྲགས་པ་དང་། མི་འགྱུར་རྡོ་རྗེའི་གཏེར་ལུང་དུ་པདྨ་བཛྲ་ཞེས་པའི་མཚན་དུ་བསྟན་ཅིང། རོལ་རྡོར་ལུང་བྱང་ལས། ཡིད་ལྷུང་ཕྱོགས་ནས་ཉི་མའི་མིང་ཅན་འབྱུང༔ ཞེས་དང་། ཨོ་རྒྱན་མཆོག་གྱུར་གླིང་པའི་གལ་བྱང་དུ། གུ་རུ་རིན་པོ་ཆེའི་གསུང་གི་སྤྲུལ་པར་བསྟན་ཅིང་མཐོང་ཐོས་དྲན་རེག་གྲོལ་བ་སོགས་ཆེ་བའི་ཡོན་ཏན་རྒྱ་ཆེར་བསྔགས་པ་དོན་དང་ལྡན་པའི་ས་བཅུའི་དབང་ཕྱུག་ཆེན་པོ། ཏཱའི་སི་ཏུའི་མཚན་ཅན་རིམ་པར་བྱོན་པ་ལས་སྐྱེས་རབས་ཀྱི་ཕྲེང་བ་དགུ་པར་གྱུར་པ་རྡོ་རྗེ་འཆང་དངོས་པདྨ་ཉིན་བྱེད་དབང་པོའི་ཞལ་སྔ་ནས་དགོངས་གཏེར་བསྟན་བཅོས་གྱི་ཚུལ་དུ་བསྩལ་པའི་ཨོ་རྒྱན་རྗེ་འབངས་ཉེར་ལྔའི་སྒྲུབ་ཐབས་ཟབ་མོ་དང་འབྲེལ་བའི་སྨིན་བྱེད་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །གསོལ་བ་གདབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད། རང་རེ་རྣམས་ཀྱི་གནས་འདི་ནི་ཐ་མལ་པ་མ་ཡིན་པ་དག་པའི་ཞིང་ཁམས་འོག་མིན་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོ་དང་། སློབ་དཔོན་སངས་རྒྱས་ཀུན་འདུས་ཀྱི་སྤྱི་དཔལ་མ་ཧཱ་གུ་རུ་པདྨ་འོད་འབར་དངོས་སུ་གསལ་བ་ལ་མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། ཨེ་མ་ཧོཿ དཀོན་མཆོག་སྤྱི་འདུས་བླ་མ་ནི། །རིགས་རྣམས་ཀུན་བདག་ཆེ་བའི་མཆོག །དཔའ་བོ་ཆེན་པོས་རྗེས་སུ་བཟུང་། །དབང་གི་སྨིན་གྲོལ་དངོས་གྲུབ་སྩོལ། །ལན་གསུམ། དེ་ལྟར་གསོལ་བ་ལ་སྣོད་དུ་རིག་སྟེ་གནང་བ་སྦྱིན་ཞིང་དམ་ཚིག་བསྒྲག་པ་ཡིན་པས་གསན་འཚལ། རྡོ་རྗེ་སྤྱི་བོར་བཞག །དེ་ལྟར་ཡིན་ན་ཧེ་རུ་ཀའི། །དལ་དུ་སུ་ཞུགས་སྨིན་པར་བྱའོ། །བླ་མེད་ཡང་གསང་བྱིན་རླབས་འདི། །གནས་ཁང་འདི་ཡི་ཕྱི་རོལ་དུ། །དམ་མེད་པ་ལ་སྨྲ་མི་རུང་། །དེ་ཕྱིར་སྙིང་ནས་བྲོ་བོར་ཅིག །ཇི་སྐད་བསྒོས་པ་ལས་འདའ་བར་མི་བྱ་སྙམ་པས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། རྡོ་རྗེ་སྙིང་གར་རེག་ལ། བཛྲ་རཀྵ་སི་ཧཱུྃ་ས་མ་ཡ་ཨི་དཾ་ན་ར་ཀནཿ ཞེས་བརྗོད། ཁྱེད་རང་རྣམས་ཀྱི་མདུན་གྱི་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གུ་རུ་པདྨ་འོད་འབར་དབྱེར་མེད་པ་ལ་འཁོར་བརྒྱུད་པའི་བླ་མ་ཡི་དམ་ཞི་ཁྲོ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་མངོན་སུམ་དུ་བཞུགས་པ་ལ་སྐྱབས་སུ་འགྲོ་ཞིང་། ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཆེད་དུ་ཡང་ཟབ་བླ་མའི་དཀྱིལ་འཁོར་དུ་འཇུག་ཅིང་བསྒྲུབ་པར་བྱ་སྙམ་པས་འདིའི་རྗེས་ཟློས། ལས་བྱང་ལྟར་རམ་སྤྱི་འགྲེ་ཞིག་བྱས་ཀྱང་ཆོག །དེ་ནས་དབང་གི་གཞི་བསྒྲུབ་པའི་ཕྱིར་ཡེ་ཤེས་པ་དབབ་པ་ཡིན་པས་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། ལས་ཆུས་བསང་། ཤཱུནྱ་ཏཱས་སྦྱང་། བདག་གཞན་དངོས་འཛིན་གྱི་རྟོག་པ་ཐ་དག་སྟོང་པ་དེ་ལས་སྐད་ཅིག་གིས་པདྨ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཉི་ཟླའི་གདན་ལ་ཁྱེད་རང་རྣམས་ཀྱི་རང་སེམས་རིག་པའི་ངོ་བོ་ཧྲཱིཿཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་ཏེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་མ་ཧཱ་གུ་རུ་པདྨ་འོད་འབར་དཀར་གསལ་གཞོན་མཛེས་ཡེ་ཤེས་ལྔའི་འོད་མདངས་འཕྲོ་བ། དབུ་ལ་པད་ཞྭ་དང་སྐུ་ལ་གསང་གོས་ཕོད་ཀ་ཆོས་གོས་བེར་ཕྱམ་རྣམས་བརྩེགས་མར་གསོལ་བ། ཕྱག་གཡས་པས་རྡོ་རྗེ་ཐུགས་ཀར་བསྣམས་ཤིང་གཡོན་མཉམ་གཞག་གི་སྟེང་དུ་ཐོད་པ་ཚེ་བུམ་དང་བཅས་པ། གྲུ་མོ་གཡོན་ན་ཁ་ཊྭཱཾ་ག་བརྟེན་ཅིང་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྣང་སྲིད་འཇའ་ཟེར་འོད་ཕུར་འཁྲིགས་པའི་ཀློང་ན་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ། སློབ་དཔོན་དང་གུ་རུ་པདྨ་འབྱུང་གནས་དབྱེར་མ་མཆིས་པའི་ཐུགས་ཀའི་འོད་ཟེར་གྱིས་ནམ་མཁའི་ཁམས་ཁེངས། དུས་གསུམ་གྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མ་ལུས་ཤིང་ལུས་པ་མེད་པར་སྤྱན་དྲངས། དེ་ཐམས་ཅད་གུ་རུ་པདྨའི་སྐུ་ཕྱག་རྒྱ། གསུང་སྔགས་ཕྲེང་། ཐུགས་ཕྱག་མཚན་འོད་ཟེར་དང་བཅས་པའི་རྣམ་པར་སྟེང་འོག་བར་གསུམ་ཐེམ་མེ་ནེམ་མེར་ཏིལ་གྱི་གོང་བུ་ལྟར་གང་ཞིང་ཉི་ཟེར་གྱི་རྡུལ་འཁྲིགས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པའི་མོས་འདུན་དྲག་པོ་མཛོད་ཅིག །སྤོས་དང་རོལ་མོ་དབྱངས་བཅས། སྔོན་བསྐལ་མ་བྱིན་འབེབ་ཤློ་ཀའི་ཤམ་ཅན་དང་། ཐོད་ཕྲེང་རྩལ་གྱི་ཛཔ྄་སྔགས་ལ། ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་ཡེ་ཤེས་ཕེབས་པའི་རྟགས་མ་བྱུང་བར་བསྐྱར་ནས་འབེབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ་གྱིས་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་ནས་བརྟན་པར་བྱའོ། །དེ་ནས་དབང་དངོས་གཞི་ཞུ་བར་སྐབས་ཕྱེད་པའི་ཕྱིར་དུ་མཎྜལ་འབུལ་དུ་གཞུག་ལ། དངོས་གཞི་བུམ་གསང་ཤེར་ཡེ་ཚིག་དབང་རྣམས་རིམ་པར་བསྐུར་བའི་ཐོག་མར་བུམ་པའི་དབང་ལ་དངོས་དང་རྗེས་འབྲེལ་གཉིས་ལས་དང་པོ་བུམ་དབང་དངོས་ལ་འདུན་པ་འདི་བཞིན་དུ་མཛོད། དེ་ཡང་སྐུར་མཁན་གྱི་བླ་མ་ནི་པདྨ་འབྱུང་གནས་སྤྲུལ་པའི་སྐུའི་བདག་ཉིད། བསྐུར་བའི་གནས་ནི་ཁྱེད་རང་རྣམས་ཀྱི་སྤྱི་བོར། ཇི་ལྟར་སྐུར་བའི་ཚུལ་ནི་བླ་མའི་སྨིན་མཚམས་ཀྱི་ཨོཾ་དཀར་པོ་ལས་འོད་ཟེར་དཀར་པོ་སྐར་མདའ་ཆད་པ་ལྟར་འཕྲོས་ཁྱེད་རང་གི་དཔྲལ་བར་ཐིམ་པས་ལུས་སྣང་སྟོང་པདྨ་འབྱུང་གནས་ཀྱི་སྐུ་དང་དབྱེར་མེད་དུ་གྱུར་པར་མོས་པ་བྱེད་པ་རྩ་བ་དང་། དེ་མཚོན་བྱེད་དུ་རྫས་ཀྱི་རྣམ་པ་བུམ་པ་འདི་ཡང་ཕྱི་བུམ་པ་མཚན་ཉིད་ཀུན་ཚང་། ནང་དཀོན་མཆོག་རྩ་གསུམ་ཀུན་འདུས་གུ་རུ་རྒྱལ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་གྱུར་པས་ཁྱེད་རང་རྣམས་ཀྱི་དྲི་མ་འཁྲུད་ཅིང་དབང་བསྐུར་ཐོབ་པའི་འདུན་པ་མཛོད་ཅིག །ཅེས་བརྡ་སྤྲད་ལ་བུམ་པ་ཐོགས་ཏེ། ཧྲཱིཿ དཀོན་མཆོག་སྤྱི་འདུས་རིགས་ཀྱི་བདག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་མཆོག་རིན་པོ་ཆེ། །བྱིན་རླབས་ཀློང་ཡངས་རང་བཞིན་འབར། །ཨོཾ་ཨཱཿཧཱུྃ། སྐུ་ཡི་སྨིན་མཚམས་ཨོཾ་དཀར་ལས། །འོད་ཟེར་སྐར་མདའ་ཆད་པ་ལྟར། །སྐལ་ལྡན་བུ་ལ་གཉིས་མེད་ཐིམ། །བུམ་དབང་ཐོབ་ནས་སྣང་སྟོང་བསྒོམ། །པདྨ་འབྱུང་གནས་སྐུ་ཡི་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཞེས་བུམ་པས་དབང་བསྐུར། བུམ་ཆུ་སྦྱིན་ནོ། །དེས་ཕྱི་ཕན་པའི་དབང་གི་ངོ་བོ་གྲུབ་ནས་གཉིས་པ་ནང་ནུས་པ་འཇུག་པ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ཡིན་པས་རིམ་པར་དམིགས་པ་འདི་ལྟར་དུ་མཛོད་ཅིག །བླ་མ་པདྨ་འོད་འབར་རིག་འཛིན་གྲུབ་ཐོབ་འཁོར་དང་བཅས་པའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ལ་སོགས་པའི་གནས་ལྔར་ཐིམ་པས་སྐུ་གསུང་་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་དབྱེར་མེད་དུ་བྱིན་གྱིས་བརླབས་པར་མོས་ཤིག །སྐུ་ཙཀ་རྣམས་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་བཞག་ལ། ཧྲཱིཿ སྣང་བ་མཐའ་ཡས་འོད་གསལ་ཆོས་ཀྱི་དབྱིངས། །ཐུགས་རྗེའི་རང་སྣང་སྤྱན་རས་གཟིགས་སུ་ཤར། །གང་འདུལ་སྤྲུལ་པའི་སྐུར་བཞེངས་བླ་མ་རྗེ། །བདེ་ཆེན་རྒྱལ་པོ་པདྨ་འོད་འབར་རྩལ། །སྐུ་གཅིག་མཚན་བརྒྱད་རྣམ་འགྱུར་དུ་མར་སྟོན། །སྣང་བའི་ཆ་ལ་ཞི་ཁྲོའི་དཀྱིལ་འཁོར་རྫོགས། །མཁའ་འགྲོ་དམ་ཅན་ཡེ་ཤེས་རྩལ་ལས་འཕྲོ། །ཐོགས་མེད་ལས་མཛད་ཚེ་ཡི་དངོས་གྲུབ་སྟེར། །བྱིན་རླབས་གཟི་བརྗིད་བརྟན་གཡོ་ཀུན་ལ་ཁྱབ། །དཀོན་མཆོག་སྤྱི་འདུས་མ་ཧཱ་གུ་རུའི་དབང། །སྐལ་ལྡན་བུ་ཡི་ལུས་ངག་ཡིད་ལ་སྐུར། །མི་ཕྱེད་རྡོ་རྗེ་གསུམ་གྱི་རྩལ་རྫོགས་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ བདེ་གཤེགས་ཀུན་འདུས་པདྨ་འོད་འབར་གྱི། །དྭངས་མ་ཡེ་ཤེས་འོད་ལྔའི་ཆོ་འཕྲུལ་ལས། །རྗེ་འབངས་རིག་འཛིན་མཁའ་འགྲོའི་ཚོགས་སུ་ཤར། །ཀུན་གྱི་སྤྱི་རྗེ་མཁྱེན་བརྩེ་ནུས་པའི་གཟུགས། །རིགས་གསུམ་འདུས་པ་དཔལ་ཆེན་ཧེ་རུ་ཀ །ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་རྩལ། །རྡོ་རྗེ་ཡེ་ཤེས་ཆེན་པོའི་བྱིན་རླབས་ཀྱིས། །སྒོ་གསུམ་སྐུ་གསུང་ཐུགས་སུ་སྨིན་པར་མཛོད། །སྔགས་གོང་ལྟར་བརྗོད། ཧྲཱིཿ རིགས་བརྒྱའི་ཁྱབ་བདག་པདྨ་འོད་འབར་གྱི། །ཆོས་དབྱིངས་ཡེ་ཤེས་སྐུ་ཡི་རང་རྩལ་ལས། །འགྲོ་བའི་གཏི་མུག་སྦྱོང་མཛད་གྲུབ་ཆེན་ལྔ། །སངས་རྒྱས་ཡེ་ཤེས་ཉི་ཟླ་གདན་དུ་བཏིང་། །སྐ་བ་དཔལ་བརྩེགས་གཞན་སེམས་ས་ལེར་མཁྱེན། །རྒྱལ་བའི་བློ་གྲོས་རོ་ལངས་གསེར་དུ་བསྒྱུར། །དཔལ་གྱི་སེངྒེ་དྲེགས་པ་ཕོ་ཉར་འགྱེད། །དྲན་པ་ནམ་མཁའ་བྱང་ནས་གཡག་རྒོད་འགུགས། །རིག་འཛིན་རྩལ་འཆང་རྣམ་ལྔས་དབང་བསྐུར་བས། །ལུས་ཀྱི་སྒྲིབ་བྱང་རྩ་ཁམས་ལྷ་རུ་གསལ། །འགྱུར་མེད་སྐུ་ལྔའི་དབང་མཆོག་ཐོབ་པར་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ རིགས་བརྒྱའི་ཁྱབ་བདག་པདྨ་འོད་འབར་གྱི། །སོར་རྟོག་ཡེ་ཤེས་གསུང་གི་རིག་རྩལ་ལས། །འགྲོ་བའི་འདོད་ཆགས་སྦྱོང་མཛད་གྲུབ་ཆེན་ལྔ། །རྒྱལ་བ་མཆོག་དབྱངས་རྟ་ཞལ་སྤྱི་བོར་ཐོན། །བཻ་རོ་ཙ་ན་ཡེ་ཤེས་སྤྱན་དང་ལྡན། །ལྡན་མ་རྩེ་མང་མི་བརྗེད་གཟུངས་རྣམས་ཐོབ། །ཤུད་བུ་དཔལ་སེང་ཆུ་བོ་གྱེན་དུ་ལྡོག །གཡུ་སྒྲ་སྙིང་པོས་གསེར་གྱི་རྡོ་རྗེར་སྤྲུལ། །རིག་འཛིན་རྩལ་འཆང་རྣམ་ལྔས་དབང་བསྐུར་བས། །ངག་གི་སྒྲིབ་བྱང་སྲོག་རྩོལ་སྔགས་སུ་དག །འགག་མེད་གསུང་གི་དབང་མཆོག་ཐོབ་པར་ཤོག །སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ། རིགས་བརྒྱའི་ཁྱབ་བདག་པདྨ་འོད་འབར་གྱི། །མེ་ལོང་ཡེ་ཤེས་ཐུགས་ཀྱི་རང་རྩལ་ལས། །འགྲོ་བའི་ཞེ་སྡང་སྦྱོང་མཛད་གྲུབ་ཆེན་ལྔ། །ནམ་མཁའི་སྙིང་པོ་ཉི་མའི་ཟེར་ལ་གཤེགས། །རྨ་ཐོག་རིན་ཆེན་ཕ་ཝང་ཟན་ལྟར་གསོལ། །རྒྱལ་བ་བྱང་ཆུབ་ནམ་མཁར་སྐྱིལ་ཀྲུང་བཞུགས། །ལང་གྲོ་དཀོན་མཆོག་ཐོག་ཆེན་མདའ་ལྟར་འཕེན། །དཔལ་གྱི་དབང་ཕྱུག་ཕུར་བུས་གདེངས་ཚད་བསྒྲལ། །རིག་འཛིན་རྩལ་འཆང་རྣམ་ལྔས་དབང་བསྐུར་བས། །ཡིད་ཀྱི་སྒྲིབ་བྱང་ཐིག་ལེ་བདེ་བར་སྨིན། །འཁྲུལ་མེད་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག །སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ རིགས་བརྒྱའི་ཁྱབ་བདག་པདྨ་འོད་འབར་གྱི། །མཉམ་ཉིད་ཡེ་ཤེས་ཡོན་ཏན་རང་རྩལ་ལས། །འགྲོ་བའི་ང་རྒྱལ་སྦྱོང་མཛད་གྲུབ་ཆེན་ལྔ། །གཉགས་ཆེན་ཛྙཱ་ན་བྲག་ལས་བདུད་རྩི་འབྱིན། །སྣ་ནམ་ཡེ་ཤེས་མཁའ་ལ་བྱ་ལྟར་ལྡིང། ཁྱེའུ་ཆུང་ལོ་ཙཱས་ནམ་མཁའི་བྱ་ཕྱག་འཛིན། །དཔལ་གྱི་ཡེ་ཤེས་མ་མོ་བྲན་དུ་ཁོལ། །འོ་བྲན་དབང་ཕྱུག་ཆུ་ལ་ཉ་ལྟར་འཕྱོ། །རིག་འཛིན་རྩལ་འཆང་རྣམ་ལྔས་དབང་བསྐུར་བས། །སྙོམས་འཇུག་སྒྲིབ་བྱང་དབྱིངས་རིག་ཚད་ལ་ཕེབས། །རྩོལ་མེད་ཡོན་ཏན་དབང་མཆོག་ཐོབ་པར་ཤོག །སྔགས་མཐར། གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ རིགས་བརྒྱའི་ཁྱབ་བདག་པདྨ་འོད་འབར་གྱི། །བྱ་གྲུབ་ཡེ་ཤེས་ཕྲིན་ལས་རང་རྩལ་ལས། །འགྲོ་བའི་ཕྲག་དོག་སྦྱོང་མཛད་གྲུབ་ཆེན་ལྔ། །ཡེ་ཤེས་མཚོ་རྒྱལ་བསད་པའི་མི་རོ་བསླངས། །ཡེ་ཤེས་དབྱངས་ཆེན་མཁའ་སྤྱོད་གནས་རྣམས་བགྲོད། །རྡོ་རྗེ་བདུད་འཇོམས་བར་སྣང་རླུང་ལྟར་རྒྱུ། །སོག་པོ་ལྷ་དཔལ་གཅན་གཟན་གཉའ་ནས་འཛིན། །དཔལ་གྱི་རྡོ་རྗེ་རི་བྲག་ཐོགས་མེད་རྒྱུག །རིག་འཛིན་རྩལ་འཆང་རྣམ་ལྔས་དབང་བསྐུར་བས། །བྱ་བྱེད་སྒྲིབ་དག་ཡེ་ཤེས་རང་རྩལ་རྫོགས། །ཐོགས་མེད་ཕྲིན་ལས་དབང་མཆོག་ཐོབ་པར་ཤོག །སྔགས་མཐར། ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། དེས་ལུས་ལྷ་བསྒོམ་པ་ལ་དབང་བ་ཡིན་པས་དེང་ཕྱིན་ཆད་སྣང་བ་ཐམས་ཅད་བླ་མ་སྐུའི་དཀྱིལ་འཁོར་དུ་ཤེས་པས་རང་གསལ་ལྷུན་གྲུབ་ཀྱི་བསྐྱེད་རིམ་དང་མ་བྲལ་བར་གྱིས་ཤིག །བླ་མ་པདྨ་འོད་འབར་གྱི་ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་སྔགས་ཕྲེང་གིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་འོད་ཟེར་དང་བཅས་པ་འཕྲོས། ཞལ་ནས་ཐོན་ཏེ་ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གར་ཟླ་སྟེང་ཧྲཱིཿཡིག་གི་མཐར་འཁོད་པ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་སྒྲུབ་པར་མོས་ལ་འདིའི་རྗེས་ཟློས། བཛྲ་གུ་རུ་ལན་གསུམ། ཕྲེང་བ་མགྲིན་པར་བཞག་པས་དེ་ཉིད་བརྟན་པར་བྱས་པར་མོས་ཤིག །ཨཱཿ གསུང་རབ་ཡན་ལག་བཅུ་གཉིས་འདུས་པའི་བཅུད། །སྙིང་པོ་སྔགས་ཀྱིས་ངག་ལ་བྱིན་བརླབས་པས། །གཡོ་རྩོལ་རླུང་གི་འགྲོ་འོང་དབུ་མར་ཐིམ། །གྲགས་པ་ཆོས་ཉིད་རང་སྒྲར་རྟོགས་པར་ཤོག །སྔགས་མཐར། མནྟྲ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ། དེས་སྔགས་བཟླ་བ་ལ་དབང་བ་ཡིན་པས་དེང་ཕྱིན་ཆད་སྒྲ་གྲགས་ཐམས་ཅད་བླ་མ་གསུང་གི་དཀྱིལ་འཁོར་དུ་ཤེས་པས་རང་བྱུང་རྩོལ་མེད་རྡོ་རྗེའི་བཟླས་པ་དང་མ་བྲལ་བར་གྱིས་ཤིག །ལྷ་སྔགས་ཀྱིས་མཚོན་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་རང་སེམས་རིག་པའི་རྩལ་མདངས། སེམས་ཀྱི་ངོ་བོ་སྟོང་པ་ཆོས་སྐུ །རང་བཞིན་གསལ་བ་ལོངས་སྐུ། །ཟུང་འཇུག་རོལ་རྩལ་མ་འགག་པ་སྤྲུལ་པའི་སྐུར་ངོ་ཤེས་པར་གྱིས་ཤིག །མེ་ལོང་སྙིང་གར་བཞག་ལ། ཧྲཱིཿ སེམས་ཀྱི་ཆོས་ཉིད་འོད་གསལ་རྫོགས་པ་ཆེ། །ངོ་བོ་ཀ་ནས་དག་པ་ཆོས་ཀྱི་སྐུ །རང་བཞིན་ངང་གིས་གསལ་བ་ལོངས་སྤྱོད་རྫོགས། །ཐུགས་རྗེའི་རང་རྩལ་སྤྲུལ་སྐུར་རྟོགས་པར་གྱིས། །ཨ་ཨ་ཨ། དེས་སེམས་ཏིང་ངེ་འཛིན་བསྒོམ་པ་ལ་དབང་བ་ཡིན་པས་དེང་ཕྱིན་ཆད་རྟོག་ཚོགས་ཐམས་ཅད་བླ་མ་ཐུགས་ཀྱི་དཀྱིལ་འཁོར་དུ་ཤེས་པས་རང་བཞིན་གནས་ལུགས་ངང་བཞག་གི་སྒོམ་པ་དང་མ་བྲལ་བར་གྱིས་ཤིག །དེ་ལྟར་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །ས་བརྒྱད་པ་མི་གཡོ་བ་ནོན། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། ལམ་དུས་སུ་བསྐྱེད་རིམ་མ་ཧཱ་ཡོ་གའི་རྣལ་འབྱོར་བསྒོམ་པ་ལ་དབང་བ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། གཉིས་པ་གསང་བའི་དབང་ལ། སྐུར་བ་པོ་བླ་མ་ནི་པདྨ་འབྱུང་གནས་ལོངས་སྤྱོད་རྫོགས་སྐུར་ཤེས་པས། བསྐུར་བའི་གནས་ཁྱེད་རང་རྣམས་ཀྱི་མགྲིན་པ། ཇི་ལྟར་སྐུར་བའི་ཚུལ་ནི། གུ་རུའི་ལྗགས་སྟེང་གི་ཨཱཿདམར་པོ་ལས་འོད་ཟེར་དམར་པོ་མར་མེའི་རྩེ་མོ་ལྟ་བུ་བྱུང་། ཁྱོད་རང་གི་མགྲིན་པར་ཐིམ་པས་ངག་གྲགས་སྟོང་གུ་རུ་པདྨའི་གསུང་དང་དབྱེར་མེད་དུ་གྱུར་པའི་མོས་པ་བྱེད་པ་རྩ་བ་དང་། མཚོན་བྱེད་དུ་རྫས་ཀྱི་རྣམ་པ་ཐོད་པའི་བདུད་རྩི་འདི་ཡང་བླ་མ་དཀྱིལ་འཁོར་གྱི་གཙོ་བོ་པདྨ་འབྱུང་གནས་ཀྱི་ཁ་ཊྭཱཾ་ག་ཡང་ཡུམ་ཡེ་ཤེས་མཁའ་འགྲོ་མར་གྱུར་པ་དང་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས། ཞལ་དུ་ཞུགས་སྐུའི་རྩ་གནས་རྣམས་བརྒྱུད། རྗེས་སུ་ཆགས་པའི་མེས་ཞུ་དཀར་དམར་བྱང་སེམས་བདུད་རྩིའི་རང་བཞིན་དུ་མཁའ་གསང་ལས་བབས། ཐོད་པའི་བདུད་རྩི་དང་རོ་གཅིག་པ་ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་པ་དེ་ལྕེ་ཐོག་ཏུ་མྱོང་བས་དབང་བསྐུར་ཐོབ་པའི་འདུན་པ་མཛོད་ཅིག །བྱས་ལ་ཐོད་པའི་བདུད་རྩི་ཐོགས་ཏེ། ཧྲཱིཿ དཀོན་མཆོག་སྤྱི་འདུས་རིགས་ཀྱི་བདག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་མཆོག་རིན་པོ་ཆེ། །བྱིན་རླབས་ཀློང་ཡངས་རང་བཞིན་འབར། །ཨོཾ་ཨཱཿཧཱུྃ། གསུང་གི་ལྗགས་སྟེང་ཨཱཿདམར་ལས། །འོད་ཟེར་མར་མེའི་རྩེ་མོ་ལྟར། །སྐལ་ལྡན་ལྕེ་ལ་གཉིས་མེད་ཐིམ། །གསང་དབང་ཐོབ་ནས་ངག་རླུང་བསྒོམ། །པདྨ་འབྱུང་གནས་གསུང་གི་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཞེས་བདུད་རྩི་བྱིན་པ་མྱང་། དེ་ལྟར་གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག །ས་དགུ་པ་ལེགས་པའི་བློ་གྲོས་ནོན། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། ལམ་དུས་སུ་རྫོགས་རིམ་ཨ་ནུ་ཡོ་ག་སྟེ་རང་བྱིན་གྱིས་བརླབ་པ་བསྒོམ་པ་ལ་དབང་བ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ། སྐུར་བ་པོ་བླ་མ་པདྨ་འབྱུང་གནས་ཆོས་སྐུ་སྤྲོས་བྲལ་གྱི་བདག་ཉིད་ཅན་དུ་ངེས་པ། བསྐུར་བའི་གནས་ཁྱེད་རང་རྣམས་ཀྱི་སྙིང་ག །ཇི་ལྟར་སྐུར་བའི་ཚུལ་ནི། གུ་རུའི་ཐུགས་ཀའི་ཧཱུྃ་ཡིག་སྔོན་པོ་ལས་འོད་ཟེར་སྔོན་པོ་སྤོས་རེང་དུ་བ་ལྟ་བུ་བྱུང་། ཁྱེད་རང་གི་སྙིང་གར་ཐིམ་པས་ཡིད་གསལ་སྟོང་པདྨ་འབྱུང་གནས་ཀྱི་ཐུགས་དང་དབྱེར་མེད་དུ་གྱུར་པའི་མོས་པ་བྱེད་པ་རྩ་བ་དང་། མཚོན་བྱེད་ཁ་ཊྭཱཾ་ག་འདི་ཡང་ཡེ་ཤེས་ཀྱི་མཁའ་འགྲོ་མར་ཤེས་ནས་འདོད་ཆགས་ཆེན་པོ་བཞི་ཡོངས་སུ་བསྐྱེད་དེ། ཡས་བརྟན་དང་མས་བརྟན་གྱི་དགའ་བ་བཞི་ཉམས་སུ་བླང་བར་བྱེད་པའི་དབང་བསྐུར་ཐོབ་པའི་མོས་པ་མཛོད་ཅིག །ཅེས་བརྡ་སྤྲད་ནས་ཁ་ཊྭཱཾ་ག་ཐོགས་ལ། ཧྲཱིཿ དཀོན་མཆོག་སྤྱི་འདུས་རིགས་ཀྱི་བདག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་མཆོག་རིན་པོ་ཆེ། །བྱིན་རླབས་ཀློང་ཡངས་རང་བཞིན་འབར། །ཨོཾ་ཨཱཿཧཱུྃ། ཐུགས་ཀའི་ཧཱུྃ་སྔོན་འོད་འབར་ལས། །འོད་ཟེར་སྤོས་རེང་དུ་བ་ལྟར། །སྐལ་ལྡན་སེམས་ལ་གཉིས་མེད་ཐིམ། །ཤེར་ཡེའི་དབང་ཐོབ་གསལ་སྟོང་བསྒོམ། །པདྨ་འབྱུང་གནས་ཐུགས་ཀྱི་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་ཁ་ཊྭཱཾ་ག་སྙིང་དཀར་ནག་མཚམས་སུ་བཞག །དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ས་བཅུ་པ་ཆོས་ཀྱི་སྤྲིན་ནོན། འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། ལམ་དུས་སུ་ཨ་ཏི་ཡོ་ག་སྟེ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བསྒོམ་པ་ལ་དབང་བ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། བཞི་པ་ཚིག་ཙམ་གྱིས་དཔེ་དོན་སྦྱར་བའི་ངོ་སྤྲོད་པ་ལ། དབང་སྐུར་བ་པོ་བླ་མ་པདྨ་འབྱུང་གནས་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་སྐུའི་བདག་ཉིད་ཅན། བསྐུར་བའི་གནས་ནི་ཁྱེད་རང་རྣམས་ཀྱི་ལྟེ་བ་སོགས་གནས་ལྔ། ཇི་ལྟར་སྐུར་བའི་ཚུལ་ནི་གུ་རུའི་ལྟེ་བ་ལ་སོགས་གནས་ལྔ་ནས་འོད་ཟེར་ཆུ་ལ་འཇའ་ཚོན་ཤར་བ་ལྟ་བུ་བྱུང་། ཁྱེད་རང་གི་གནས་དེ་དག་ཏུ་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་རྫོགས་ཀྱི་དབང་ཐོབ་པར་མོས་པ་རྩ་བ་དང་། མཚོན་བྱེད་རྫས་ཀྱི་རྣམ་པ་ཤེལ་རྡོ་འདི་ཡི་བརྡ་ལ་བརྟེན་ནས་ངོ་སྤྲད་པས་བརྡ་དོན་ཐབས་ཤེས་ཟུང་འཇུག་གཉིས་མེད་ཡེ་ཤེས་ཚིག་ལས་འདས་པ་ཆོས་ཀྱི་སྐུ་རུ་ངོ་ཤེས་པར་བྱེད་པ་དབང་བཞི་རྩལ་རྫོགས་སུ་ཐོབ་པར་བྱས་བྱུང་སྙམ་པའི་མོས་འདུན་མཛོད་ཅིག །ཅེས་བརྡ་སྤྲད་ལ་ཤེལ་རྡོ་ཐོགས་ཏེ། ཧྲཱིཿ དཀོན་མཆོག་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་འདུས་པའི་འོད་ཟེར་ནི། །ནམ་མཁའ་ཆུ་ལ་འཇའ་ཤར་ལྟར། །སྐལ་ལྡན་གནས་ལྔར་གཉིས་མེད་ཐིམ། །དབང་བཞི་ཡེ་ཤེས་རྫོགས་ཆེན་བསྒོམ། །པདྨ་འབྱུང་གནས་རང་བཞིན་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ སརྦ་དྷརྨ་ཨ་བྷི་ཥིཉྩ་ཧོཿ དེ་ལྟར་དབང་བསྐུར་པས་སྒོ་གསུམ་གྱི་སྒྲིབ་པ་དག །ཐོབ་བྱ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་དང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། ལམ་དུས་སུ་ཨ་ཏི་ཡང་གསང་རྡོ་རྗེ་སྙིང་པོ་རྫོགས་ཆེན་བྱ་རྩོལ་བྲལ་བའི་དོན་ཀ་དག་ལྷུན་གྲུབ་ཀྱི་ཡེ་ཤེས་བསྒོམ་པ་ལ་དབང་བ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། དེ་ལྟར་ཕན་ནུས་ཟབ་མོའི་དབང་བཞིའི་རིམ་པས་དབང་བསྐུར་གྲུབ་ནས་མཐའ་རྟེན་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ཡིན་པས་འདུན་པ་འདི་ལྟར་དུ་མཛོད། གཏོར་སྣོད་རང་སྣང་ཡེ་ཤེས་འཇའ་ཟེར་འོད་ཕུང་འཁྲིགས་པའི་གཞལ་མེད་ཁང་དུ། གཏོར་མ་དཀོན་མཆོག་རྩ་གསུམ་སྤྱི་འདུས་གུ་རུ་པདྨ་འོད་འབར་ལ་གྲུབ་ཐོབ་རྗེ་འབངས་ཉེར་ལྔ། གཞན་ཡང་རྩ་གསུམ་རྒྱལ་བ་རྒྱ་མཚོས་བསྐོར་ཏེ་བཞུགས་པ་རྣམས་ཀྱི་གནས་གསུམ་ལས་བྱིན་རླབས་འོད་ཟེར་བདུད་རྩིའི་རྒྱུན་བར་མ་ཆད་པར་བྱོན། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས། རྟོག་སྒྲིབ་བག་ཆགས་མ་ལུས་པ་སང་གིས་དག །རྡོ་རྗེ་བཞིའི་བྱིན་རླབས་རྒྱུད་ལ་ཞུགས། དབང་བཞིའི་ཡེ་ཤེས་རྩལ་རྫོགས་སུ་ཐོབ་པར་གྱུར་པའི་མོས་པ་མཛོད་ཅིག །ཨོཾ་ཨཱཿཧཱུྃ་ཧྲཱིཿ འགྲོ་བ་འདྲེན་མཛད་ཨོ་རྒྱན་ཐོད་ཕྲེང་རྩལ། །ཨོ་རྒྱན་ཡུལ་བྱོན་འགྲོ་ཀུན་ལམ་སྣ་དྲངས། །རྒྱ་གར་ཡུལ་བྱོན་ཐོས་བསམ་སྒྲོན་མེ་སྦར། །བོད་ཀྱི་ཡུལ་བྱོན་གདུག་པ་མ་ལུས་བཏུལ། །སྐུ་ཚབ་ལུང་བསྟན་གསུང་ཚབ་གཏེར་དུ་སྦས། །ཐུགས་ཀྱི་དགོངས་པ་དད་ལྡན་ཀུན་ལ་འབེབ། །སྨིན་གྲོལ་དབང་དང་གདམས་པ་མ་ལུས་ཀུན། །སྐལ་ལྡན་བུ་མཆོག་འདི་ལ་བསྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿཧཱ། གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་དབྱེར་མེད་པར་གྱུར། གཏོར་མ་བདུད་རྩིའི་བཅུད་དུ་འཁྱིལ་བ་ལོངས་སྤྱོད་པས་དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་ཐོབ་པར་མོས་ཤིག །ཅེས་དང་ཐོད་ཕྲེང་རྩལ་གྱི་ཛཔ྄་དབྱངས་བྱས་ལ་གཏོར་མའི་ཆ་ཤས་དང་བདུད་རྩི་སྦྱིན། མེ་ཏོག་འཐོར་ལ་ཤིས་བརྗོད་དང་རོལ་མོ་བྱ། དམ་ཚིག་བསྒྲག་བཟུང་། གཏང་རག་མཎྜལ་སོགས་དབང་རྗེས་སྤྱི་ལྟར་བྱས་པས་འགྲུབ་ལ། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་ཆོག་ནས་ཤིས་བརྗོད་ཀྱི་བར་ཡང་ལས་བྱང་ཉིད་དང་བླ་སྒྲུབ་སྤྱིའི་རིག་པས་རྟོགས་པར་བྱའོ། །མི་ཕྱེད་རྡོ་རྗེ་བཞི་ཡི་ཡེ་ཤེས་བྱིན། །བདག་རྒྱུད་ལ་ཞུགས་དེས་ཀྱང་སྐྱེ་དགུ་རྣམས། །སྨིན་གྲོལ་ཕྲིན་ལས་སྣང་བའི་མུ་ཁྱུད་ནི། །ཉི་ཟླའི་དཀྱིལ་འཁོར་བཞིན་དུ་ཁྱབ་གདལ་ཤོག །ཅེས་པ་འདི་ནི་གཉགས་ལོ་ཆེན་པོའི་རྣམ་རོལ་མཁན་ཆེན་བླ་མ་ཟླ་བ་བཟང་པོའི་ཞལ་སྔ་ནས་གསུང་བསྐུལ་གནང་ཡང་དུས་རིང་འདས་པ། རིན་པོ་ཆེ་གཏེར་གྱི་མཛོད་དུ་དབྱིག་གི་མཆོག་རྣམས་རྩོལ་བས་སྡུད་པའི་སྐབས་སུ། རྗེ་དེ་ཉིད་ཀྱིས་ཐུན་མོང་མིན་པར་རྗེས་སུ་བཟུང་བའི་རིག་པ་འཛིན་པ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བསྡེབས་པ་དགེ་ལེགས་འཕེལ།། །།
སད་སྲུང་གི་མན་ངག་ཟབ་དགུ་ཁྱེར་བདེ་བསྡུས་པ་ལོ་ཏོག་ཀུན་ཏུ་དགེ་བའི་སྤྲིན་ཆེན་ (Volume 45, Text 8)
༄༅། །སད་སྲུང་གི་མན་ངག་ཟབ་དགུ་ཁྱེར་བདེ་བསྡུས་པ་ལོ་ཏོག་ཀུན་ཏུ་དགེ་བའི་སྤྲིན་ཆེན་ཅེས་བྱ་བ་བཞུགས་སོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ཚོགས་གཉིས་ཕུན་ཚོགས་ཡངས་པའི་ནམ་མཁའ་ལ། །མཁྱེན་གཉིས་སྙིང་རྗེའི་སྤྲིན་ཚོགས་རབ་ཏུ་འཁྲིགས། །སྒྲིབ་གཉིས་ཚ་གདུང་སེལ་བའི་ཆོས་ཆར་འབེབ། །དོན་གཉིས་ལོ་ཏོག་ཕུན་ཚོགས་སྐྲུན་བྱེད་པ། །སངས་རྒྱས་ཆོས་དང་དགེ་འདུན་རིན་ཆེན་གསུམ། །རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ཚོགས། །བྱང་སེམས་ཉན་ཐོས་རང་རྒྱལ་དགྲ་བཅོམ་པ། །ལྷ་དང་དྲང་སྲོང་གྲུབ་པ་རིག་པ་འཛིན། །མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཞི་བདག་བཅས། །ཀུན་ལ་ཕྱག་འཚལ་མཆོད་བསྟོད་དངོས་གྲུབ་སྩོལ། །སངས་རྒྱས་བསྟན་དར་འགྲོ་ཀུན་བདེ་ཞིང་སྐྱིད། །ཆར་ཆུ་དུས་འབབ་ལོ་ཏོག་ཕུན་སུམ་ཚོགས། །ལྷག་བསམ་བཞེད་པའི་དོན་ཀུན་འགྲུབ་པར་མཛོད། །ལོ་ཏོག་སྨན་འབྲུ་རྩི་ཤིང་ས་བོན་ལ། །གནོད་པ་སྲུང་ཞིང་ཕན་པ་སྤེལ་བྱེད་པའི། །ལོ་ཏོག་དགེ་བའི་ཡི་གེ་ཉུང་ངུ་ཞིག །ལྷག་བསམ་རབ་དཀར་དྲི་མ་མེད་པའི་བློས། །འགྲོ་བ་ཀུན་ལ་ཕན་ཕྱིར་འདིར་བྲི་འོ། །དེ་ཡང་ཨོ་རྒྱན་ཆེན་པོའི་ཟབ་གཏེར་རྣམས་ཀྱི་ནང་དུ་ལོ་ཏོག་ལ་གནོད་པ་སྲུང་ཞིང་ཕན་པ་སྤེལ་བའི་སད་སྲུང་སོགས་གདམས་པ་མང་དུ་མཆིས་པ་ལས། འདིར་བྱང་གཏེར་ཐུགས་སྒྲུབ་ཀྱི་གསང་མཚན་ཐུགས་སྒྲུབ་དང་། ལས་ཚོགས་རིན་ཆེན་ཁང་བུ་དང་། བླ་མ་དགོངས་འདུས་ཀྱི་འབྲས་བུ་ལོ་ཏོག་ལ་ཕན་བྱེད་དང་། མདོ་ལུགས་ཀྱི་སད་སྲུང་ཉི་ཟླ་འོད་སྤྲིན་ལ་སོགས་བཀའ་དུ་མའི་ནང་ནས་ཐུན་མོང་དུ་གདམས་པ་གོ་བདེ་ཞིང་བྱ་སླ་བའི་སད་སྲུང་གི་རིམ་པ་བསྟན་པ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ། །དེ་ཡང་དང་པོ་སད་སོགས་འབྱུང་བའི་རྒྱུ་དང་སྲུང་བ་བརྩམ་དགོས་པ་ནི། སློབ་དཔོན་པདྨ་ཉིད་ཀྱི་ཞལ་ནས། སྤྱིར་ཡང་ལྷ་སྲིན་འཁྲུགས་པ་དང༔ ཁྱད་པར་སྡིག་ཆེན་དམ་ལོག་དང༔ བསོད་ནམས་དམན་པའི་འགྲོ་བ་རྣམས༔ དུས་མིན་ཚེ་ཡི་དུས་བྱས་པས༔ སྐྱ་མོ་སད་ཀྱི་འཇིགས་པ་འབྱུང༔ ཐུགས་སྒྲུབ་བསྙེན་པ་ཐེམས་པ་ཡིས༔ དེ་དུས་སྲུང་བའི་ལས་འདི་བརྩམ༔ ཞེས་དང་། མ་འོངས་ལྔ་བརྒྱ་ཐ་མ་ལ༔ མཐའ་དམག་གདུག་པའི་ཁ་རླངས་དང༔ སེམས་ཅན་སྤྱོད་ངན་ཉམས་གྲིབ་ཀྱིས༔ ལོ་ཏོག་དགྲ་མང་སད་ཀྱིས་ཁྱེར༔ མུ་གེས་འགྲོ་བ་ཕོངས་པའི་དུས༔ བོད་ཁམས་སེམས་ཅན་དོན་ཕྱིར་དུ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སད་སྲུང་ཟབ་མོའི་མན་ངག་དང༔ གང་དགོས་ལས་ཚོགས་མ་ལུས་པ༔ ལས་ཅན་བུ་ཡི་དོན་དུ་བཞག༔ སེམས་བསྐྱེད་ལྡན་པས་འགྲོ་དོན་མཛོད༔ ཅེས་གསུངས་སོ། །སྲུང་བའི་རིམ་པ་དགོས་པ་ནི། དེ་ཡང་སློབ་དཔོན་གྱི་གསུང་ལས། སད་སྲུང་སྤྲིན་གྱི་ཆོ་ག་ལ༔ ཐུན་མོང་ཕྱི་ལྟར་སྲུང་བ་དང༔ ཁྱད་པར་ནང་ལྟར་སྲུང་ཐབས་དང༔ ཡང་གསང་གནད་ཀྱི་སྲུང་ཐབས་སོ༔ ཞེས་གསུངས་པ་བཞིན་ཡང་གསང་གནད་སྲུང་སོགས་རྫས་དང་བཅས་དཀའ་བས་གཞན་དུ་ཤེས་སོ། །འདིར་ཐུན་མོང་གི་སྒོ་ནས་གདམས་པ་གཅེས་བསྡུས་སིལ་བུར་བཤད་པའོ། །དེ་ཡང་སློབ་དཔོན་གྱི་ལུང་ལས། ཐུན་མོང་ཕྱི་ཡི་སྲུང་བ་ནི༔ ཡུལ་ཕྱོགས་གང་སྲུང་དགེ་ཁྲིམས་བཅའ༔ གསུང་རབ་ཀློག་ཅིང་ཆུ་གཏོར་གཏང༔ སྤྲིན་ཆེན་ཀླུ་གཟུངས་འདོན་བྱ་ཞིང༔ ཡུལ་ལྷ་མཆོད་ཅིང་ཕྲིན་ལས་གཞོལ༔ དེ་ལྟར་བྱས་ན་སད་ལས་སྐྱོབ༔ ཅེས་གསུངས་ཤིང་འདི་རྣམས་སླ་ཆོས་སུ་མ་སོང་བར་ལག་ཏུ་ལོན་པ་ཤིན་ཏུ་གཅེས། དེ་ཡང་དང་པོ་རྫས་གསག་ཅིང་བཅའ་གཞི་བསྡུ་བ་ནི། ཧོར་ཟླ་དྲུག་པ་ཆུ་སྟོད་ཟླ་བའི་ཡར་ངོའི་ཚེས་གསུམ། ལྔ། བདུན། བརྒྱད། བཅུ། བཅུ་གཅིག །བཅུ་གསུམ་གང་རུང་ནས་རྫས་གསག །ཞི་གཟའ་ཟླ་བ་ལྷག་པ་དར་བའི་དུས་དང་། སྔགས་བོན་ལ་དགེ་བའི་གཟའ་ཕུར་བུ་དར་བ་ལ་གཅེས། སྐར་མ་ཡང་ནབས་སོ། །རྒྱལ་སྟོད་སྨད་དང་ས་ཆུ་གཉིས་ཀྱི་སྐར་མ་དགོས། བཀྲ་ཤིས་པའི་ཉི་མ་དང་འགྲུབ་སྦྱོར་སྦྱོར་ཉི་བདུད་རྩི་སྦྱོར་བ་དང་ལོངས་སྤྱོད་སྦྱོར་བ་འཛོམས་པ་སོགས་དང་བསྟུན་ནོ། །ཡང་ན་ཀླུ་ཐེབས་དང་བསྟུན། ཀླུ་ལྡོག་དུས་འཛེམ་པར་བྱ། ཟིན་ཕུང་ཁྲ་ཚ་པི་ལིང་ཀིང་ཀང་ཉི་ནག་སོགས་ས་བདག་རྒྱུ་བ་ངན་པ་སོགས་ལ་ཤིན་ཏུ་འཛེམ་པར་བྱའོ། །ཀླུ་སྨན་གསག་པ་ནི། བལ་དཀར་མེ་ཏོག །ཐང་ལོ། སྨྱུག་ལོ། རྨ་བྱའི་མདོངས། རེ་རལ་དཀར་ནག །དབང་ལག །ཆུ་སྲིན་སྡེར་མོ། ཛཱ་ཏི། རྒྱ་སྤོས། རྒྱ་མཚོའི་ལྦུ་བ། ཨུཏྤལ་སྔོན་པོ། རྒྱ་མཚལ། དུང་ཕོར། སྤོས་དཀར། སྙིང་ཞོ་ཤ །ཟླ་གོར་ཞོ་ཤ །མཁལ་མ་ཞོ་ཤ །པུ་ཤེལ་ཙེ། ཆུ་དག་དཀར་པོ། སུག་སྨེལ། རས་སྐུད་དམར་པོ། སྦྲུལ་གྱི་པགས་པ། རྡོ་རྒྱུས། ནཱ་ག་གེ་སར། ཏིལ་དཀར་ནག །གུ་གུལ། ཙནྡན་དཀར་དམར། ཀ་ར། བུ་རམ། སྦྲང་རྩི། གསེར། དངུལ། དུང་། ཟངས། མུ་ཏིག །འབྲུ་སྣ་ཚོགས། དར་སྣ་ཚོགས། འདི་རྣམས་ལྕགས་སྣོད་དང་བསེ་ལ་སོགས་པའི་སྣོད་དུ་མི་རུང་ངོ་། །ཟངས་སྣོད་དུ་བསགས་ལ་ཞིབ་པར་བཏགས་ནས། གྲོ་རྗེན་གྱི་ཕྱེ་ཞིབ་མོ་ལ་གཞི་བླང་། བ་དམར་མོ། ར་དཀར་མོ། འབྲི་ཟལ་མོ་གསུམ་གྱི་འོ་མས་སྦྲུས་ལ། རིལ་བུ་སྣུམ་གྱིས་མ་གོས་པ་ལུག་རིལ་ཙམ་བྱའོ། །ནམ་མཁའ་དང་མེ་ཉིས་མ་ཕོག་པ་བྱའོ། །རས་དཀར་གྱི་ཁུད་དུ་གྲིབ་སྐམ་བྱ། ནམ་དུ་ཡང་ཤ་ཆང་སྒོག་ཙོང་གི་དྲི་དང་། གླ་རྩི། གུ་གུལ་སོགས་ཀླུ་མི་དགའ་བའི་དྲི་ཙམ་ཡང་མ་སོང་བར་ཤིན་ཏུ་གཙང་སྦྲ་དང་ལྡན་པ་གལ་ཆེའོ། །སྐམ་ནས་རས་དཀར་གྱི་ཁུག་མར་བླུག །འདི་ལྟ་བུའི་རིལ་བུ་ནི་ཆར་འབོད་སད་སྲུང་འཁྲུགས་བཅོས་སོགས་ཀུན་ལ་མཁོ་བས། རིལ་བུ་བླང་དུས་ནམ་བསིང་དུས་ལག་རྗེན་གྱིས་མ་རེག་པར་དགོས་དུས་བླང་ངོ་། །སད་སྲུང་རང་ལ་མཁོ་བའི་སྒེར་རྫས་ནི། ཅུ་གང་། གུརྒུམ། ལི་ཤི །ག་པུར། ཛཱ་ཏི། ཀ་ཀོ་ལ། ཀ་ར། བུ་རམ། སྦྲང་རྩི། དབང་ལག །སྔོ་རྟག་ངུ། ཆུ་ཤིང་། རིན་པོ་ཆེ་གང་འཛོམ་བྱས་བཅང་ངོ་། །དེ་ནས་སྣོད་གསག་པ་ནི། ཟངས་གསར་པ་སྔར་མ་སྤྱད་པའམ། རྫ་མ་གསར་པ་དམར་པོ་ཆེ་བ་ཞིག་ཁ་ཆོད་བཅས་སྟ་གོན་བྱས་ལ། གོང་གི་གཟའ་སྐར་དགེ་བའི་དུས་སུ། མི་འབྱུང་བ་ཆུ་ཁམས་པ་མིང་བཟང་བ་ཅན་གྱིས་ཀླུ་གནས་ངེས་ཀྱི་ཆུ་མིག་ལུང་པ་བཅུ་གསུམ་གྱི་ཆུ་སྣ་ཤིང་རྩི་བཅས་བསྡུའོ། །ཀླུ་ཁང་གསར་པ་བཟོས་ལ་ནང་དུ་དཀར་གསུམ་མངར་གསུམ་གྱི་གཏོར་མ་དགུ་སོ་སོར་བཅས་ལ་ཀླུ་ཆེན་བརྒྱད་ཀྱི་ཙཀླི་བཙུག །མཐའ་ཤིང་ཏོག་དང་འབྲུ་སྣ་སྨན་སྣ་དཀར་མངར་གྱིས་བརྒྱན་པའོ། །ཟངས་རྫ་མ་གང་ལོན་ནང་དུ་ཆུ་སྣ་རྣམས་བླུག །སྐུ་གསུང་ཐུགས་རྟེན་བྱིན་རླབས་ཅན་ལ་ཁྲུས་གསོལ་གྱི་ཆུ་ཡང་བསྲེ། བ་དམར་ར་དཀར་གྱི་འོ་མ་ཅུང་ཟད་བླུགས་ལ་གོང་གི་སད་སྲུང་རྫས་དང་ཀླུ་སྨན་རིལ་བུ་ཡང་ལྔ་བདུན་སོགས་བཏབ་ནས་ཁ་ཆོད་དང་ལྡན་པར་བྱའོ། །ཤུག་པ་རྩེ་རྒྱལ་མདའ་གང་ལ་ཡིག་འབྲུ་ཡཾ་ཁཾ་བཾ་ལཾ་ཨེ་བྲིས་ལ་ཆུ་དཀྲུག་པར་བྱའོ། །དེ་ཡང་སློབ་དཔོན་གྱི་གསུང་ལས། སྔོན་འགྲོ་གཙང་མས་ཁྲུས་ཆོག་བྱ༔ ལྷ་ཀླུ་གཞི་བདག་གྲིབ་ནས་བཏོན༔ ཀླུ་གནས་རི་རྩེ་དབེན་ཁང་སྟེང༔ ཁྲོ་འམ་ཟངས་སམ་རྫ་མ་གསར༔ ལོངས་མ་སྤྱད་པའི་སྣོད་ནང་དུ༔ རབ་ཏུ་ལུང་པ་བཅུ་གསུམ་ཆུ༔ འབྲིང་བདུན་ཐ་མ་ལུང་གསུམ་ཆུ༔ བླུགས་ནས་བཟང་དྲུག་ཀླུ་སྨན་དང༔ དཀར་གསུམ་མངར་གསུམ་ཆུ་ཤིང་དང༔ རིན་ཆེན་ལྔ་དང་དར་སྣ་ལྔ༔ འབྲུ་སྣ་ཚོགས་ཚད་བླུག་པར་བྱ༔ བྱིན་རླབས་ལྡན་པའི་རྟེན་གསུམ་ལ༔ ཁྲུས་གསོལ་ཆུ་ཡང་དེ་ལ་བསྲེ༔ ཞེས་གསུངས་པ་བཞིན་ནོ། །ཀླུ་ཁང་སོགས་སྒྲུབ་ཁང་གི་ཡང་སྟེང་དབེན་པ་ནམ་མཁའ་རྒྱ་ཆེ་ཞིང་ཡུལ་མཐོ་སར་བྱེད་པ་གནད་ཡིན། ཀླུ་ཁང་གི་ཉེ་ཕྱོགས་སུ་ཟངས་རྫ་འཛུགས་པའི་བསང་ཐབ་སྒྱེད་པུ་ལེགས་པར་བཅའ་ཞིང་བལ་དཀར་དང་ཤིང་རྩི་སོགས་འོག་ཏུ་དགོས་པའི་རྫས་རྣམས་ཀྱང་ཤིན་ཏུ་ཚང་བར་གསག་གོ །སད་སྲུང་སོགས་ལ་ཕན་པའི་ཡིག་ཆ་ནི། ཀླུ་གཏོར་གདེངས་ཅན་འདོད་འཇོ། ཀརྨ་ཆགས་མེད་ཀྱིས་བྱས་པའི་འཁྲུགས་བཅོས་བསྡུས་པ། ལོ་གླུད་ཡི་གེ །ཆ་གསུམ་གཏོར་ཆོག །སྤྲིན་མདོ། སྣང་བརྒྱད། བཀྲ་ཤིས་བརྩེགས་པ། རྡོ་རྗེ་གནམ་ལྕགས་མཆུ་ལ་སོགས་པའི་ཡིག་ཆ་འདི་རྣམས་འཛོམ་པར་བྱ། དེ་ནས་ཀུན་གྱི་སྔོན་དུ་ཀུན་མཁྱེན་ཀློང་ཆེན་པའམ། གསང་བདག་ཕྲིན་ལས་ལྷུན་གྲུབ་ཀྱིས་མཛད་པའི་བསང་བརྔན་ཆེན་པོའང་སྔ་དྲོ་གཞུང་བཞིན་རྒྱས་པར་གཏང་། ཕྱི་དྲོ་ཆ་གསུམ་གཏོར་མ་གཏང་། ལོ་གླུད་འཇལ། བཀའ་བསྒོ་འདོད་གསོལ་རྒྱས་པར་བྱའོ། །དེ་ནས་དངོས་གཞི་ལ་འཇུག་པ་ནི། གཟའ་སྐར་བཟང་བ་བཞིན་སྔ་དྲོ། དུས་རྒྱུན་དུ་ནངས་ཞོགས་པར་ལངས་ཏེ་ཆུ་གཙང་གིས་ཁ་ལག་གདོང་གསུམ་བཀྲུས་ལ་སྟན་བདེ་བར་འཁོད་དེ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་ཏིང་ཤག་བརྡུང་ཞིང་སྔོན་འགྲོ་ཆོས་སྤྱོད་ལ་འདི་ལྟར་འཇུག་གོ །བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་འགྲོ་ཀུན་གུས་པས་སྐྱབས་སུ་མཆི། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་བརྗོད། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །ལན་གསུམ་བརྗོད། ས་གཞི་བྱིན་གྱིས་བརླབ་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེང་འདིར་ཁོར་ཡུག་གི་ས་གཞི་འདི་དག་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པས་མཛེས་ཤིང་ཡིད་དུ་འོང་བ་བསམ་གྱིས་མི་ཁྱབ་པར་གྱུར། མཆོད་པ་བྱིན་གྱིས་བརླབ་པ་ནི། ཕུན་སུམ་ཚོགས་པའི་ཞིང་འདི་དག་ཏུ་ལྷ་དང་མིའི་ཡོ་བྱད་དམ་པ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ལ་སོགས་པ་རྣམ་པར་དག་ཅིང་ཡིད་དུ་འོང་བའི་མཆོད་པའི་སྤྲིན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། དེ་ནས་རྒྱལ་བ་འཁོར་བཅས་བསོད་ནམས་ཀྱི་ཞིང་དུ་སྤྱན་དྲང་བ་ནི། ཕྱོགས་དུས་ཀུན་ནས་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ཏེ། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང་། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་བཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་ཞི་དག་ལ། །ཐུབ་པ་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །དེ་ནས་ཁྲུས་གསོལ་བའི་ཐོག་མར་ཁྲུས་ཁང་བསྐྱེད་ཅིང་སྙན་གསན་དབབ་པ་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡི་འོང་ལྡན། །མུ་ཏིག་འོད་ཆགས་བླ་བྲེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་པ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་ཁྲུས་བགྱི་འོ། །ཁྲུས་གསོལ་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱི་འོ། །འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་སྒྲིབ་པ་མི་མངའ་ཡང་། །སེམས་ཅན་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱིས་ཁྲུས་བགྱི་འོ། །སྐུ་ཕྱི་བ་ནི། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱི་འོ། །དེ་ནས་གོས་འབུལ་བ་ནི། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་པའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱོང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །དྲི་མེད་མཚན་ལ་སྒྲིབ་བསལ་མི་མངའ་ཡང་། །དད་པས་ངུར་སྨྲིག་རྒྱལ་མཚན་ཕུལ་བ་ཡིས། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་བརྟུལ་ཞུགས་མཆོག་ལ་སྤྱོད་པར་ཤོག །བཞུགས་སུ་གསོལ་བ་ནི། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །དེ་ནས་ཡན་ལག་བདུན་པ་ནི། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་ཚང་བར་བརྗོད། མཎྜལ་འབུལ་བ་ནི། ས་གཞི་སྤོས་ཆུས་བྱུགས་ཤིང་སོགས། མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་པས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །དུས་གསུམ་བདེ་གཤེགས་དགོངས་པ་རྟོགས་པ་དང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང་། །ནམ་མཁའ་མཉམ་པའི་འགྲོ་རྣམས་སྒྲོལ་བར་ཤོག །དེ་ནས་བདག་བསྐྱེད་བྱ་བ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་ཉིད་ཕྱག་ན་རྡོ་རྗེ་སྐུ་མདོག་དཀར་པོ་ཞི་ཞིང་འཛུམ་པ་གངས་རི་ལ་ཉི་མ་ཤར་བ་ལྟ་བུ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་བཞུགས་པའི་གཡས་སུ་སྤྱན་རས་གཟིགས་དབང་། གཡོན་དུ་འཕགས་པ་འཇམ་དཔལ་གཉིས་ཀྱང་སྐུ་མདོག་དཀར་པོ་ཞི་བའི་ཆ་ལུགས་ཅན་ལ། འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རབ་འབྱམས་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས། སངས་རྒྱས་ཀྱི་ཞིང་ཁམས་རབ་འབྱམས་དཔག་ཏུ་མེད་པ་ནས་རིགས་གསུམ་མགོན་པོ་ལ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་སྤྱན་དྲངས་བཛྲ་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་འོད་འཕྲོས་རིགས་ལྔ་འཁོར་བཅས་སྤྱན་དྲངས་དབང་བསྐུར་བྱིན་གྱིས་བརླབས་པར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་སོགས། ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། མ་ཧཱ་སརྦ་པཱུ་ཛ་ཧོཿ ཞེས་མཆོད་ཅིང་བསྟོད་པ་ནི། རྒྱལ་བ་ཀུན་གྱི་མཐུ་སྟོབས་རྡོ་རྗེ་འཛིན། །ཐུགས་རྗེའི་གཏེར་ཆེན་འཕགས་པ་སྤྱན་རས་གཟིགས། །མཁྱེན་རབ་བདག་ཉིད་རྗེ་བཙུན་འཇམ་པའི་དབྱངས། །སྲས་བཅས་རྒྱལ་བ་མ་ལུས་ཀུན་ལ་བསྟོད། ཁྱེད་ལ་རྩེ་གཅིག་དད་པས་གསོལ་བཏབ་ཅིང་། །གསང་སྔགས་རྒྱལ་པོ་མཆོག་གི་སྙིང་པོ་འདི། །བཟླ་འོ་བདག་གཞན་སྒྲིབ་པ་ཀུན་སྦྱངས་ནས། །དབང་སྐུར་བྱིན་རློབས་སྨིན་ཅིང་གྲོལ་བར་གསོལ། །ཞེས་གསོལ་བཏབ་འདུན་པ་རྩེ་གཅིག་པའི་སྒོ་ནས། ཨོཾ་བཛྲ་པཱ་ཎི་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་ཝཱ་གཱི་ཤྭ་རི་མུཾ། ཞེས་སྔགས་རེ་ལ་སོ་སོར་ཕྲེང་སྐོར་ལྔ་རེ་མི་ཚིག་གིས་བར་མ་ཆོད་པར་བཟླས་ལ། བཅོམ་ལྡན་རིགས་གསུམ་མགོན་པོའི་ལྷ་ཚོགས་ལ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་སྣ་ཚོགས་དང་། །གསང་སྔགས་སྙིང་པོ་ཛཔ྄་ཀྱི་མཆོད་པ་འབུལ། ཁྱེད་རྣམས་མཆོད་བསྟོད་གསོལ་བ་བཏབ་པའི་མཐུས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་དང་། །དགེ་རྩ་མཁའ་མཉམ་འགྲོ་བའི་དོན་དུ་བསྔོ། །དེ་ཡང་རིགས་གསུམ་མགོན་པོ་ནི་རྩ་བ་གསུམ་སྟེ་བླ་མ་ཐུགས་རྗེ་ཆེན་པོ། ཡི་དམ་འཕགས་པ་འཇམ་དཔལ་དབྱངས། མཁའ་འགྲོ་ལག་ན་རྡོ་རྗེའི་བདག་ཉིད་དོ། །འདི་ཡན་ཞོག་པ་ལ་གྲུབ་ནས་སྐབས་འདིར་བཟའ་བཏུང་སོགས་ལ་འཇུག་གོ། དེ་ནས་ཉི་མ་རྩེ་ཤར་ལ་མདུན་བསྐྱེད་ལ་ཀླུ་ཡི་བསྙེན་སྒྲུབ་ནི། ཀླུ་ཁང་གི་མདུན་དུ་ཀླུ་སྨན་དཀར་གསུམ་མངར་གསུམ་སྤོས་དང་མར་མེ་སོགས་མཆོད་རྫས་ཐམས་ཅད་ཚོགས་པར་བཤམས་ལ། ཨ་མྲྀཏ་དང་། སྭ་བྷཱ་ཝས་སྦྱང་། མདུན་གྱི་ཀླུ་ཁང་མི་དམིགས་པར་སྟོང་པར་གྱུར་པའི་ངང་ལས་བྷྲཱུྃ་འོད་དུ་ཞུ་བ་ལས་མཚོ་དང་རྫིང་བུ་ནེའུ་གསིང་སྐྱེད་མོས་ཚལ་ལ་སོགས་པས་བསྐོར་བ། མཛེས་ཤིང་ཡིད་དུ་འོང་བའི་ནང་དུ་པདྨ་དཀར་པོ་འདབ་མ་བརྒྱད་པ་རྒྱ་ཆེ་བའི་དབུས་སུ་ཀླུའི་རྒྱལ་པོ་ཝ་རུ་ཎ་དཀར་པོ། ཤར་དུ་མཐའ་ཡས་སྔོན་པོ། ལྷོར་པདྨ་དཀར་པོ། ནུབ་ཏུ་འཇོག་པོ་དཀར་པོ། བྱང་དུ་ནོར་རྒྱས་ལྗང་གུ །ཤར་ལྷོར་དུང་སྐྱོང་དཀར་པོ། ལྷོ་ནུབ་ཏུ་སྟོབས་རྒྱུ་ལྗང་གུ །ནུབ་བྱང་དུ་རིགས་ལྡན་སྔོན་པོ། བྱང་ཤར་དུ་པད་ཆེན་སེར་པོ་སྟེ་ཐམས་ཅད་ཀྱང་སྟོད་ལྷའི་ལུས་ཅན་མཛེས་འཛུམ་སྦྲུལ་མགོའི་གདེངས་ཀ་ཅན་ཕྱག་གཉིས་ཐལ་མོ་སྦྱར་བ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྐུ་སྨད་སྦྲུལ་དུ་འཁྱིལ་ཞིང་འཁོར་དུ་ཀླུ་རིགས་བསམ་གྱིས་མི་ཁྱབ་པ་དང་ནོར་བུའི་རིགས་དང་དཀོར་ནོར་སྣ་ཚོགས་པས་བསྐོར་བའོ། །རང་ཉིད་ཡི་དམ་ཕྱག་ན་རྡོ་རྗེ་སྐུ་མདོག་དཀར་པོ་ཞི་ཞིང་འཛུམ་པར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ་མདུན་གྱི་ཀླུ་རྒྱལ་རྣམས་ཀྱི་ཐུགས་སྲོག་ཕུཿདཀར་པོ་ལ་ཕོག་པས། འོད་འཕྲོས་ཏེ་སྟོང་གསུམ་འཇིག་རྟེན་ཁམས་ཀྱི་ཀླུ་རིགས་འཁོར་བཅས་གྲངས་མེད་པ་བྱོན་ནས་ཐིམ་པར་གྱུར། ཨོཾ་ནཱ་ག་རཱ་ཙ་བཛྲ་ས་མ་ཡ་ཛ་ཛཿ ཞེས་ལན་གསུམ་གྱིས་བཀུག །ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་གྱིས་བསྟིམ། ཀླུ་རྣམས་དངོས་སུ་བཞུགས་པར་མོས་ལ། དེ་ནས་ཀླུའི་མཆོད་གཏོར་ཟླུམ་པོ་འབྲུ་སྣ་དཀར་གསུམ་གྱིས་བརྒྱན་པ་དང་། འོ་ཕུད་བཅས་བཤམས་ལ་ཆུ་གཙང་གིས་བྲན་ནས། ཨོཾ་བཛྲ་ཡཀྴ་ཧཱུྃ། ཨ་མྲྀཏ་དང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཀླུ་རྣམས་དགའ་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། ཨོཾ་ནཱ་ག་རཱ་ཙ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ནཱ་ག་ལེ་ལཱེ་དུཾ་པ་ལེ་ལཱེ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་འབུལ་ལ་ཕྲིན་ལས་བཅོལ་བ་ནི། ཀླུ་ཡི་རྒྱལ་པོ་འཁོར་དང་བཅས་པ་རྣམས་དང་སྣང་ཞིང་སྲིད་པའི་ལྷ་ཀླུ་གཞི་བདག་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་དར་བ་དང་སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་མཛད་དུ་གསོལ། བདག་ཅག་རྣལ་འབྱོར་སྒྲུབ་པ་པོ་འཁོར་དང་བཅས་པ་ལ་ཟས་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པའི་དངོས་གྲུབ་སྩོལ་ཅིག །ཁྱད་པར་དུ་ཆར་ཆུ་དུས་སུ་ཕོབ་ཅིག །ས་ཕྱོགས་ཡུལ་རིས་རྒྱལ་ཁམས་ཐམས་ཅད་དང་། ཁྱད་པར་ཡུལ་འདི་ཕྱོགས་སུ་བཙའ་སད་སེར་གསུམ་སོགས་ལོ་ཏོག་གི་འཚེ་བ་ཐམས་ཅད་ལས་སྲུང་ཞིང་སྐྱོབ་པར་མཛད་དུ་གསོལ། འབྲས་བུ་ལོ་ཏོག་གི་རིགས་སྨིན་ཞིང་རྒྱས་པར་མཛད་དུ་གསོལ། ཧ་ཅང་ཆར་ཆེ་བ་དང་། ཞོད་རྒྱས་པ་དང་། ཆུའི་འཇིགས་པ་མ་གཏང་། དཀོན་མཆོག་གསུམ་གྱི་བཀའ་དང་དམ་ཚིག་དྲན་པར་མཛོད་ཅིག །ཅེས་བྱས་ལ་བཟླས་པ་ནི། རང་ཡི་དམ་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་ཀླུ་རྣམས་ཀྱི་ཐུགས་སྲོག་ཕུཿལ་ཕོག་པས། འདོད་དོན་གསོལ་བ་ལྟར་གྱི་ཕྲིན་ལས་སྒྲུབ་ཅིང་ཁྱད་པར་དུ་ཀླུའི་སྦྲུལ་མཇུག་རྣམས་ཀྱིས་རྒྱ་མཚོ་དཀྲུགས་པས་རྦ་རླབས་ཆི་ལི་ལི་འཕྱོ་ཞིང་ཟེགས་མ་ཆར་དུ་བབས། ས་དང་བར་སྣང་ཐམས་ཅད་སྤྲིན་དང་ན་བུན་གྱིས་གཏིབས་ནས་རྩི་ཤིང་ལོ་འབྲས་རྣམས་སྔོ་ལྷུབས་ལྷུབས་སྐྱེས་པར་བསམ་ལ། ཨོཾ་ནཱ་ག་ལེ་ལཱེ། དུམ་པ་ལེ་ལཱེ། ནཱ་ག་རཱ་ཙ་ཧཱུྃ་ཕཊ། ཅེས་སྨྲ་བ་བཅད་དེ་ལྔ་བརྒྱ་བཟླ་འོ། །མཐར། ཨོཾ་ནཱ་ག་རཱ་ཙ་སརྦ་བ་སུ་སིདྡྷི་སྭཱ་ཧཱ། ཞེས་ཉེར་གཅིག་བཟླ་འོ། །མཐར་དབྱངས་གསལ་ཡེ་དྷར་ཚར་གསུམ་བརྗོད། སྣང་ཞིང་སྲིད་པའི་ལྷ་ཀླུ་གཞི་བདག་ནོར་ལྷ་འཁོར་དང་བཅས། ཛམ་ལྷ་ཁྱེད་རྣམས་ལོ་ཏོག་འབྲུ་སྨན་རྣམས་ཁྱིམ་དུ་མ་འདུས་ཀྱི་བར་དུ་སྐུ་གཟུགས་རྟེན་རྫས་རྣམས་དང་དབྱེར་མེད་དུ་བརྟན་པར་བཞུགས་སུ་གསོལ། བཞུགས་ནས་བཀྲ་ཤིས་བྱིན་ཆགས་པར་མཛད་དུ་གསོལ། ཕུན་སུམ་ཚོགས་པའི་ལོངས་སྤྱོད་ཐམས་ཅད་འདུ་བར་མཛད་དུ་གསོལ། ཞེས་བརྟན་བཞུགས་བྱའོ། །འདི་ཡན་ཆར་འབོད་སད་སྲུང་གང་ལའང་གྱིས། །དེ་ནས་ཉི་མ་རྩེ་ཤར་ལ་བསང་བཏང་ནས་འབྲུ་སྣ་སྨན་སྤོས་ཀྱི་ཕྱེ་མ་མཆོད། ཀློང་ཆེན་པས་མཛད་པའི་བརྔན་བསང་གིས་ཁོག་ཕུབ། འཁྲུགས་བཅོས་བསྡུས་པ་ཆགས་མེད་ལུགས་སོགས་རྒྱས་པར་འདོན། བསང་གྲུབ་འཕྲལ་ནས་ཀླུ་གཏོར་རྒྱས་པ་གཏང་གྲུབ་པར་བྱེད། དེ་ནས་སླར་ཡང་བསང་ཁ་གསོས་ལ། བླ་མ་དགོངས་འདུས་ལས་བྱུང་བའི་ཡུལ་ལྷ་མཆོད་པ་འདི་ཡང་གྱེར་དགོས་ཏེ། དེ་ནས་གཞི་བདག་ལ་བལ་ཤུག་ལ་སོགས་པའི་ཤིང་སྣའི་དུད་པ་རྒྱ་ཆེར་གཏང་། ཆང་ཕུད་གསེར་སྐྱེམས་གཡག་ལུག་ར་གསུམ་སོགས་ཀྱི་གཟུགས་ཁྲ་ཡག་བཅས་བཤམས་ལ་ཆུ་གཙང་བྲན། ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས། ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས་ཏེ་ཆང་ཕུད་ཕྱོགས་མཚམས་མཆོད་ལ་འདི་སྐད་དོ། །ཀྱེ། སྟོང་གསུམ་འཇིག་རྟེན་ཁམས་འདི་ན། །གནས་ཤིང་རྟེན་བཅས་ས་བདག་ཀླུ། །ལྷ་མོ་བརྟན་མས་གཙོ་བྱས་པའི། །ལྷ་ཀླུ་དགེ་བསྙེན་ས་བདག་དང་། །ཡུལ་ལྷ་གཞི་བདག་མ་ལུས་པ། །རྣལ་འབྱོར་བདག་གིས་སྤྱན་འདྲེན་གྱིས། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །རང་རང་དགྱེས་པའི་གདན་ལ་བཞུགས། ཁྱེད་རྣམས་རྫུ་འཕྲུལ་སྟོབས་དང་ལྡན། །རྒྱ་མཚོ་ཆུ་ཀླུང་བྲག་རི་ནགས། །ས་དང་བར་སྣང་ཀུན་གྱི་བདག །ལེགས་ཉེས་གཉིས་ཀྱི་ཤན་འབྱེད་ཅིང་། །འགྲོ་བ་མི་དང་ལྷན་ཅིག་གནས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །དཀར་གསུམ་རྫས་ཀྱི་མཆོད་པ་འབུལ། །མངར་གསུམ་རྫས་ཀྱི་མཆོད་པ་འབུལ། །རང་རང་དགྱེས་པའི་མཆོད་པ་འབུལ། ཁྱད་པར་ཡུལ་བདག་གཉན་དང་ཀླུ། །ཡུལ་ལྷ་ས་བདག་འཁོར་དང་བཅས། །འདིར་གཤེགས་དཀར་མངར་མཆོད་པ་བཞེས། །འབྲས་དཀར་གཡག་ལུག་ར་གསུམ་འབུལ། །སྨྱུག་རྒོད་དར་སྣ་རིན་ཆེན་འབུལ། །གསེར་གཡུ་མདའ་དར་དར་ཚོན་འབུལ། །ཕྱེ་མར་ཆང་ཕུད་འབྲུ་སྣ་འབུལ། །མཁན་ཤུག་སུར་དཀར་བསང་དུད་འབུལ། །གཞི་བདག་ཁྱེད་རྣམས་སྤྱན་ལམ་དུ། །ཅི་འདོད་མཁོ་དགུར་ལྡན་གྱུར་ཅིག །ཁྱེད་ཀྱི་འདོད་པ་ཚིམས་ནས་ཀྱང་། །བདག་གི་འདོད་པའི་དོན་རྣམས་སྒྲུབས། །ཟས་ནོར་ལོངས་སྤྱོད་དངོས་གྲུབ་སྩོལ། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་དང་། ཧོཿ ས་ཡི་ལྷ་མོ་བརྟན་མ། ས་བདག་དབང་ཆེན། ས་འཛིན་ལག་པ་ཆེན་པོ། སྟོང་གསུམ་ཛམ་བུ་གླིང་ལ་གནས་པའི་ལྷ་ཀླུ་གཞི་བདག་མཐུ་བོ་ཆེ་རྣམས་དང་། ཁྱད་པར་དུའང་ཡུལ་ཕྱོགས་འདི་སྐོར་ལ་གནས་ཤིང་བདག་ཅག་སྒྲུབ་པ་པོ་ལ་འགོ་ཞིང་སྡོང་གྲོགས་བྱེད་པའི་ལྷ་ཀླུ་གཞི་བདག་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། གསེར་སྐྱེམས་བདུད་རྩིའི་མཆོད་པ་དང་བདུད་རྩི་བསང་གི་མཆོད་པ་འདོད་ཡོན་གཏོར་མའི་མཆོད་པ་འདི་རྣམས་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། སེམས་ཅན་ལ་བདེ་སྐྱིད་འབྱུང་བའི་ཕྲིན་ལས་དམ་པ་མཛོད། འཇིག་རྟེན་གྱི་ཁམས་ཐམས་ཅད་དང་ཁྱད་པར་དུ་ཡུལ་ཕྱོགས་འདི་རུ་བཙའ་སད་སེར་གསུམ་འབུ་སྲིན་སོགས་ལོ་ཏོག་ལ་གནོད་ཅིང་འཚེ་བ་མཐའ་དག་སྲུངས་ཤིག །མ་གཏང་ཞིག །གཞན་ཡང་ནད་མུག་འཁྲུག་རྩོད་ཐམས་ཅད་ཞི་ཞིང་མི་འབྱུང་བར་མཛོད་ཅིག །ཆར་ཆུ་དུས་འབབ་ལོ་ཕྱུགས་ལེགས་ཤིང་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་འབྱུང་བར་མཛད་དུ་གསོལ། ཞེས་ཕྲིན་ལས་བཅོལ་ལོ། །གཞི་བདག་མིང་ཆེ་བ་གདུག་རྩུབ་ཅན་ཡིན་ན་དམར་གཏོར་ཤ་ཁྲག་བྲན། འཛོམ་ན་བཤོས་ཟླུམ་དཀར་གསུམ་འབྲུ་སྣས་བརྒྱན་པ་སོ་སོར་གང་དགྱེས་སུ་མཆོད་དགོས་པ་དང་། བསང་གསེར་སྐྱེམས་ནི། སྤྱི་མཆོད་ཡིན་ན་དགོངས་འདུས་ནས་གསུངས་པའི་ལག་ལེན་འདིར་བྱ། ཞི་བའི་རིགས་ལ་དཀར་གཏོར་མར་ཐུད་འབྲུ་སྣས་བརྒྱན་པ་དང་། གསེར་སྐྱེམས་གཙང་མ། དྲག་པོའི་རིགས་ལ་སྣོད་གཅིག་ཏུ་དམར་གཏོར་ཤ་ཁྲག་གིས་བརྒྱན་པ་དང་། ཡང་སྣོད་གཅིག་ཏུ་བགེགས་རིགས་ལན་ཆགས་སྤྱི་ལ་བགེགས་གཏོར་ཏིང་ལོ་ཆངས་བུ་ཤ་དུམ་ལ་ཕུག་འབྲུ་སྣ་དྲུག་གིས་བརྒྱན་པ་བཤམ། ཡོ་བྱད་ཡོད་པ་བཞིན་སེར་སྣ་དང་བྱས་ཆོག་ཏུ་མ་སོང་བར་གཏོར་མ་བཟང་མང་ཆེ་བར་བྱས་ན་རྟེན་འབྲེལ་བཟང་ངོ་། །དེ་རྣམས་བཤམས་ནས་སྤྱི་ཁྱབ་ཏུ་བྱིན་བརླབ་པ་ནི། ཨ་མྲྀཏ་དང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་གཏོར་མ་འདོད་ཡོན་སྣང་ཞིང་སྲིད་པའི་ལྷ་ཀླུ་མི་མ་ཡིན་གཉུག་མར་གནས་པ་དང་། འདྲེ་སྲིན་ལན་ཆགས་དང་བཅས་པའི་འདོད་འབྱུང་གི་ཇི་ལྟར་མཁོ་བའི་མཆོད་སྦྱིན་དུ་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཨ་ཝ་སོགས་ལན་གསུམ། ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ། མཆོད་སྦྱིན་གཏོར་མ་དམ་པ་འདི། །མང་པོར་ཏིང་ངེ་འཛིན་གྱིས་སྤེལ། །སོ་སོར་ཐོབ་པ་སྔགས་ཀྱིས་བྱས། །ཕྱག་རྒྱས་ཕམ་རྒྱལ་འཐབ་རྩོད་མེད། །ཡོན་བཞེས་འདོད་པའི་བསམ་པ་སྒྲུབས། །ཞེས་ལན་གསུམ་གྱིས་བསྔོས་ལ་ཕྲིན་ལས་བཅོལ་བ་ནི། ཧཱུྃ་ཧྲཱིཿ ཕྲིན་ལས་འདི་ལ་དད་དང་མ་དད་པའི། །འདས་དང་མ་འདས་སྡེ་བརྒྱད་མི་མིན་ཚོགས། །མགོན་སྐྱབས་གྲོགས་མཛད་སྲུང་ཕྱིར་མཆོད་པ་བཞེས། །མ་དད་བགེགས་རིགས་ལན་ཆགས་འདོད་ཡོན་ཁྱེར། །ཡོངས་ཁྱབ་ལྷ་སྲིན་སྒྲུབ་པའི་གྲོགས་མཛོད་ཅིག །གང་བསམ་འདོད་དོན་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་ལན་གསུམ་བརྗོད། འདི་ནི་ཀློང་གསལ་གཏེར་བྱོན་གུར་དྲག་ཡེ་ཤེས་རབ་འབར་ལས་བྱུང་བའོ། །ཆ་གསུམ་བསྡུས་པའི་གོ་ཡང་འདིས་ཆོད་སྙམས་ཤིང་ཕྱི་དྲོ་སད་རྟགས་བྱུང་ན། ཡང་དགོང་ཀ་གཏོར་མ་འདི་དགོས་ངེས་ཅན་ཡིན་ནོ། ༈ །རྒྱས་པར་སོ་སོར་བསྔོ་བ་ལ་ཐོག་མར་གསེར་སྐྱེམས་འབུལ་བ་ནི། གསེར་སྐྱེམས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། རང་ཉིད་སྐད་ཅིག་གིས་པདྨ་འབྱུང་གནས་སུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་དཔལ་མགོན་བདུན་ཅུ་ལྷ་མོ་བརྟན་མ་སོགས་ལྷ་ཀླུ་གཞི་བདག་ཐམས་ཅད་མདུན་དུ་འཁོད་པར་མོས། ཧཱུྃ་ཧྲཱི༔ ལྷ་ཀླུ་གནོད་སྦྱིན་རྒྱལ་པོ་གཟའ་བཙན་དང༔ དྲི་ཟ་གྲུལ་བུམ་མིའམ་ཅི་ལ་སོགས༔ བདུདདང་སྲིན་པོ་མ་མོ་གཟེད་སྨན་དང༔ དམུ་དང་ཐེའུ་རང་གྲོང་སྲིན་འདྲེ་མོར་བཅས༔ ཡུལ་ལྷ་བཞི་བདག་གནས་བདག་གཏེར་བདག་དང༔ དཀོར་བདག་ལ་སོགས་ལྷ་སྲིན་འབྱུང་པོའི་ཚོགས༔ བཀའ་དང་དམ་ལ་གནས་པའི་དགེ་བསྙེན་རྣམས༔ གཙང་སྦྱར་བདུད་རྩིའི་གསེར་སྐྱེམས་དི་སྣོམས་ལ༔ གནོད་ཅིང་གདུག་པའི་བསམ་པ་རབ་ཞི་ནས༔ རྟག་ཏུ་བདག་གི་དགེ་བའི་སྟོངས་གྲོགས་མཛོད༔ ཡུལ་རིས་རྒྱལ་ཁམས་ས་ཕྱོགས་འདི་དག་ཏུ༔ བདག་ནི་བླ་མེད་བྱང་ཆུབ་མཆོག་བསྒྲུབ་ཅིང༔ སེམས་ཅན་རྣམས་ཀྱི་དོན་རབ་བརྩོན་པ་ལ༔ ཁྱེད་རྣམས་བདག་གི་མཐུན་རྐྱེན་བསྒྲུབ་ཏུ་གསོལ༔ ས་ཡི་ལྷ་མོ་བརྟན་མ་ལ་སོགས་པའི༔ ས་བདག་རྗེ་བློན་འཁོར་དང་བཅས་རྣམས་ཀྱང༔ གཙང་སྦྱར་བདུད་རྩིའི་གསེར་སྐྱེམས་འདི་སྣོམས་ལ༔ བདག་གི་བསམ་པའི་དོན་འདི་མ་འགྲུབ་བར༔ ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར༔ རིན་ཆེན་གཏེར་གྱི་ས་འདི་བསྩལ་དུ་གསོལ༔ ཁྱེད་ཅག་བསམ་པ་བསྒྲུབས་ལ་རེ་བ་བསྐངས༔ བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཅེས་དགོངས་འདུས་ལྟར་དང་། ཁྱད་པར་ཡངས་པའི་རྒྱལ་ཁམས་ཐམས་ཅད་དང་། །ཡུལ་ཕྱོགས་འདི་ཡི་ཕུ་མདའ་ཉིན་སྲིབ་ལ། །བཙའ་དང་སད་སེར་གནོད་འཚེ་མ་གཏང་ཞིག །ལོ་ཏོག་འབྲུ་སྨན་འཕེལ་ཞིང་རྒྱས་པར་མཛོད། །ནད་མུག་འཁྲུག་རྩོད་ཐམས་ཅད་ཞི་བར་མཛོད། །བཅོལ་པའི་འཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར། པྲྀ་ཐི་དེ་ཝཱི་ལོ་ཀ་པཱ་ལ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨརྒྷཾ་ནས་ཤབྡའི་བར་དུ་མཆོད། དེ་ནས་དཀར་གཏོར་མཆོད་པ་ནི། ཧཱུྃ་ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ། །རིག་འཛིན་པདྨ་འབྱུང་གནས་ཀྱིས། །བཀའ་དང་དམ་ལ་བཏགས་པ་ཡི། །འཇིག་རྟེན་ཆོས་སྐྱོང་དམ་ཚིག་ཅན། །ཚངས་པ་དང་ནི་བརྒྱ་བྱིན་དང་། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད། གཟའ་ཆེན་བརྒྱད་དང་ནོར་སྲུང་བརྒྱད། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། །བོད་ཁམས་སྐྱོང་བའི་སྐྱོང་མ་དང་། །བརྟན་མ་ཆེན་མོ་བཅུ་གཉིས་དང་། །མ་མོ་འབྱུང་པོ་ཤ་ཟའི་ཚོགས། །སྲིན་པོ་ཡི་དྭགས་སྨྱོ་བྱེད་དང་། །ཡུལ་ཕྱོགས་འདི་ལ་གནས་པ་ཡི། །གཞི་བདག་ཚོགས་རྣམས་ཐམས་ཅད་དང་། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །དེ་ནས་དྲིལ་བུ་གསུམ་དུ་བརྡུང་བར་བྱས་ལ། མཆོད་སྦྱིན་གཏོར་མ་སོགས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཁྱད་པར་ཡངས་པའི་རྒྱལ་ཁམས་སོགས་གོང་ལྟར་བྱ། དེ་ནས་ཆོས་ཀྱི་སྦྱིན་པ་ནི། ཡེ་དྷརྨཱ་སོགས། སྡིག་པ་ཅི་ཡང་མི་བྱ་སོགས། ཞེས་པས་གཏོར་མ་གཙང་སར་འབུལ། དེ་ནས་དམར་གཏོར་བཤམས་ལ་འབུལ་བ་ནི། ཨ་མྲྀཏ་དང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨཱཿལས་བྷནྡྷའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཤ་ཁྲག་རུས་པའི་ཕུང་པོ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཤ་ཁྲག་དམར་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་གདུག་རྩུབ་ཅན་གྱི་རིགས་སུ་གྱུར་པ་མཐུ་ཆེ་ཁ་དྲག་དབང་བཙན་རྣམས་དང་། ཁྱད་པར་ཡུལ་ཕྱོགས་འདིར་གནས་ཀྱི་རྒྱལ་བཙན་བདུད་སོགས་སྡེ་བརྒྱད་མཐུ་བོ་ཆེ་སྡེ་དགོན་དབེན་གནས་གཉན་པོའི་སྲུང་མ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །དགྱེས་པར་བཞེས་ལ་ཀོ་ལོང་དང་རུ་ང་ཕྲག་དོག་གདུག་སེམས་མ་མཛད་ཅིག །ཅེས་དང་གཏོར་མ་གཙང་སར་གཤེགས། ལན་ཆགས་བགེགས་རིགས་ཀྱི་གཏོར་འབུལ་ནི། རང་ཉིད་པདྨ་དྲག་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་འཕྲོས་པས་བགེགས་རིགས་ལན་ཆགས་འབྱུང་པོ་ཐམས་ཅད་སྐད་ཅིག་གིས་མདུན་དུ་འུབ་ཀྱིས་འདུས་པར་གྱུར། སརྦ་བྷཱུ་ཏ་ཨཱ་ཀརྴ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཉིད་བསྔོ་ཞིང་སྦྱིན་པའི་གནས་སུ་གྱུར་པ་ནི། དཀར་པོ་དགེ་བའི་ལས་སྒྲུབ་པ་དང་སྐྱེ་འགྲོ་སེམས་ཅན་ཀུན་ལ་གནོད་ཅིང་འཚེ་བར་བྱེད་པའི་བགེགས་རིགས་ལན་ཆགས་འབྱུང་པོའི་རིགས་སུ་གྱུར་པ་ཐམས་ཅད་ལ་བསྔོ་འོ།། སྦྱིན་ནོ། །ཚིམ་པར་གྱུར་ཅིག །ཁྱད་པར་དུ་ཡང་ས་ཕྱོགས་ཡུལ་རིས་འདི་དག་ཏུ་འབྲས་བུ་ལོ་ཏོག་ལ་གནོད་ཅིང་འཚེ་བར་བྱེད་པ་གཏོང་མཁན་རྒྱ་འདྲེ་དམ་སྲི་འབྱུང་པོ་བསེ་རག་གི་རིགས་སུ་གྱུར་པ་རྣམས་དང་། གནམ་ས་བར་གསུམ་གྱི་འགོང་པོ་སྤུན་དགུ་སོགས་སད་འདྲེའི་རིགས་ཐམས་ཅད་ལ་བསྔོ་འོ། །སྦྱིན་ནོ། །ཚིམ་པར་གྱུར་ཅིག །འགོང་པོ་སད་འདྲེ་ཁྱེད་རྣམས་ཀྱི་ཟ་ཁ་བསྟན་དགྲའི་ཡུལ་ཞིང་འབྲོག་གསུམ་ལ་ཐོབས་ཤིག །བཏུང་སྣ་དགྲ་བོ་ཐམས་ཅད་ཀྱི་ཡུལ་ཞིང་འབྲོག་གསུམ་རྩ་ཆུ་ཤིང་གསུམ་ལ་ཟ་ཁ་སྟོན་ལ་གནས་ཆོས་ཤིག །བདག་ཅག་དཔོན་སློབ་བསྲུང་བྱ་དམིགས་ཡུལ་རྣམས་ལ་གནོད་འཚེ་མ་གཏང་ཞིག །བཀའ་དང་དམ་ལས་མ་འདའ་ཞིག །དེ་བས་གླུད་ཀྱི་གཏོར་མས་ཚིམས་པར་གྱིས་ལ་སོ་སོ་རང་རང་གི་གནས་སུ་སོང་ཞིག །བྱེར་ཅིག །དེངས་ཤིག །བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག །སྲིད་པ་སྤྱི་ནས་བཤིག་ཅིག །སྲིད་གསུམ་རྨང་ནས་སྒྱེལ་ཅིག །འཁོར་བའི་གཏིང་ནས་ཕྱུངས་ཤིག །བསྐལ་པའི་མེས་སྲེགས་ཤིག །དམ་ཚིག་དམོད་པས་སྡིགས་ཤིག །བཀའི་ཆད་པས་ཆོད་ཅིག །གནམ་ལྕགས་རལ་གྲིས་སྤྱི་བོའི་གཙུག་ནས་ཁོས་ཤིག །སུམྦྷ་ནིས་ནོན་ཅིག །སྲིད་གསུམ་གར་སྐྱེས་གར་གནས་ཀྱང་སྡིག་ཅན་འདིའི་སྟེང་དུ་གནམ་ལྕགས་རྡོ་རྗེའི་ཆར་ཆེན་པོ་ཕོབ་ཅིག །རྒྱལ་འགོང་བསེན་མོ་དམ་སྲི་ཤ་ཏྲཱུན་མཱ་ར་ཡ་རྦད་ནན། བསམ་སྦྱོར་ངན་པ་ཐམས་ཅད་འདིས་ཐུལ་ཅིག །ཅེས་བདེན་སྟོབས་བརྗོད། དམར་གཏོར་དང་བགེགས་གཏོར་འདི་ཕྱི་དྲོ་སད་རྟགས་སོགས་བྱུང་དུས་ཤིན་ཏུ་གཅེས་པས་བྱའོ། །བསང་ཀླུ་གཏོར་དཀར་གཏོར་གསེར་སྐྱེམས་དམར་གཏོར་བགེགས་གཏོར་སོགས་གཞུང་འདིར་ཡོད་པ་རྣམས་ཡོད་བཞིན་དུ་སེམས་བསྐྱེད་ལྡན་པས་བརྩོན་པར་བྱས་ན་འདི་ཁོ་ནས་ཀྱང་སད་ལས་སྐྱོབ་བོ། །དེ་བས་གཅེས་པར་གྱིས་ཤིག །དེ་ནས་སྤྲིན་མདོ་དང་སྣང་བརྒྱད་བཀླག །གཞན་ཡང་ཉེས་པ་ཀུན་སེལ་སོགས་ལོང་ཁྱབ་དང་བསྟུན་ནོ། འདི་ཡན་ཕྱི་དྲོ་དང་སྔ་དྲོའང་བྱ་བ་སྟེ་ཉིན་བཞིན་མ་ཆག་པ་གལ་ཆེའོ། །དེ་ནས་སྤྲིན་མདོ་ཚར་རེ་དང་སྣང་བརྒྱད་ཚར་རེ་བཀླག་གོ །དེ་ནི་ཉི་དྲོས་ཡན་ཆད་ཀྱི་འདོན་བསྒོམ་རྣམས་ཏེ་ཤིན་ཏུ་གལ་ཆེ་ཞིང་ཉིན་བཞིན་དུ་ཆག་མེད་བྱའོ། ༈ དེ་ནས་སྔགས་བསྒྲང་བ་ནི། ཆར་འབོད་ཀྱི་དུས་ཡིན་ན་སྔགས་ཐོག་མར་འདི་བཟླ་འོ། །ཨོཾ་ནཱ་ག་ལེ་ལཱེ། དུམ་པ་ལེ་ལཱེ། ནཱ་ག་རཱ་ཙ་ཧཱུྃ་ཕཊ། ཞེས་མང་དུ་བཟླས་ལ་ཆར་འབེབ་ཀྱི་སྔགས་ནི། ཨོཾ་ནཱ་ག་རཱ་ཛ་ས་མ་ཡ་ཛ་ཛཿ ཕྲོཾ་ཕྲོཾ། ཕོབ་ཕོབ། ནཱ་ག་རཱ་ཙ་ཆར་ཕོབ་ཕོབ། ནཱ་ག་རཱ་ཙ་རྦུད་རྦད་ཆར་ཡ་རྦད། ནཱ་ག་རཱ་ཙ་རྦུད་ཆར་ཡ་རྦུད། ནཱ་ག་རཱ་ཙ་བསྐུལ་ཆར་ཡ་བསྐུལ། ནཱ་ག་རཱ་ཙ་ཕྲོཾ་ཕྲོཾ། ཧྲིལ་ཧྲིལ་ཤར་ཤར་ཕོབ་ཕོབ། ཅེས་དྲག་ལ་མང་བར་བཟླ་ཞིང་སད་སྲུང་དུས་འདི་མི་དགོས། ༈ དེ་ནས་སད་སྲུང་དངོས་གཞི་ལ་འཇུག་པ་ནི། ཐོག་མར་སྔ་དྲོའི་སྐབས་སུ་ལྷོ་སྤྲིན་རྟོད་ལ་མནན་པའི་སྔགས་ནི། ཨོཾ་ནཱ་ག་རཱ་ཙ་ཕུ་རཏྣ་ས་མ་ཡ་ཛ་ཛཿ ལན་བདུན། ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་ཁྱོད་ལྷོ་སྤྲིན་ཡལ་དུ་མ་འཇུག་པར་སད་ཀྱི་འཇིགས་པ་ལས་སྐྱོབས་ཤིག །ཨོཾ་ནཱ་ག་རཱ་ཙ་བ་སུ་ཀི་མཾ་ས་མ་ཡ་ཛ་ཛཿ ལན་ལྔ། ཤར་གྱི་ཀླུ་རྒྱལ་བ་སུ་ཀི །ལྷོ་སྤྲིན་རྟོད་ལ་མནན་ནས་ཀྱང་། །སྤྲིན་ཚོགས་ཡལ་དུ་མ་འཇུག་པར། །སད་ཀྱི་འཇིགས་པ་ལས་སྐྱོབས་ཤིག །ཨོཾ་ནཱ་ག་རཱ་ཙ་པདྨ་ས་མ་ཡ་ཛ་ཛཿ ལན་བདུན། ཤར་ལྷོའི་ཀླུ་རྒྱལ་པདྨ་ཡིས། །ལྷོ་སྤྲིན༴ འགྲེའོ། །ཨོཾ་ནཱ་ག་རཱ་ཙ་ཕུ་ཨུ་ལི་ཀ་ས་མ་ཡ་ཛ་ཛཿ ལན་ལྔ། ལྷོ་ཡི་ཀླུ་རྒྱལ་པད་དཀར་གྱིས། །ལྷོ་སྤྲིན༴ ཨོཾ་ནཱ་ག་རཱ་ཛ་ཕུ་དྷུ་ན་ས་མ་ཡ་ཛ་ཛཿ ལན་བདུན། ལྷོ་ནུབ་ཀླུ་རྒྱལ་མཐའ་ཡས་ཀྱིས། །ལྷོ་སྤྲིན༴ ཨོཾ་ནཱ་ག་རཱ་ཙ་ཕུ་ཀརྐོ་ཊ་ས་མ་ཡ་ཛ་ཛཿ ལན་བདུན། ནུབ་ཏུ་ཀླུ་རྒྱལ་ཀརྐོ་ཊས། །ལྷོ་སྤྲིན༴ ཨོཾ་ན་ག་རཱ་ཙ་ཕུ་ཙན་དུ་ས་མ་ཡ་ཛ་ཛཿ ལན་ལྔ། ནུབ་བྱང་ཀླུ་རྒྱལ་རིགས་ལྡན་གྱིས། །ལྷོ་སྤྲིན༴ ཨོཾ་ནཱ་ག་རཱ་ཙ་ཕུ་ཏཀྵ་ཀ་ས་མ་ཡ་ཛ་ཛཿ ལན་ལྔ། བྱང་གི་ཀླུ་རྒྱལ་འཇོག་པོ་ཡིས། །ལྷོ་སྤྲིན༴ ཨོཾ་ནཱ་ག་རཱ་ཙ་ཕུ་ཧུ་ལ་ཕུ་ས་མ་ཡ་ཛ་ཛཿ ལན་བདུན། བྱང་ཤར་ཀླུ་རྒྱལ་དུང་སྐྱོང་གིས། །ལྷོ་སྤྲིན་རྟོད་ལ་མནན་ནས་ཀྱང་། །སྤྲིན་ཚོགས་ཡལ་དུ་མ་འཇུག་པར། །སད་ཀྱི་འཇིགས་པ་ལས་སྐྱོབས་ཤིག །ཅེས་ལེགས་པར་བཟླ་འོ། ༈ །དེ་ནས་ས་གཞི་དྲོད་འབེབ་ཀྱི་སྔགས་ནི། དེ་ཡང་སད་འོང་བའི་རྐྱེན་ནི། མི་རྣམས་ཀྱི་བག་མེད་དང་སྤྱོད་པ་རྩིང་པོས་རི་གཉན་ཆུ་མིག་གཉན་པོར་ཐབ་ཤོར་བ་དང་། འཁྲུག་རྩོད་བྱས་པ་དང་སྡིག་ཅན་བསོད་ནམས་ཞན་པའི་མི་རྣམས་གུམ་པའི་རྐྱེན་གྱིས་སད་འབྱུང་བར་གསུངས་པས། ཡུལ་ཕྱོགས་རི་རྒྱ་དང་ཀླུང་རྒྱ་བསྡམ། དགེ་ཁྲིམས་བཅའ། གཞི་བདག་ལ་ཕོག་ཐུག་མི་འགྲོ་བའི་བསླབ་བྱ་བྱའོ། །ཕྱི་དྲོ་དང་དགོང་ཀ་སད་འོང་བའི་རྟགས་ནི། ཕྱི་དྲོ་སད་མདའ་འོང་བ་དང་། སྤྲིན་དང་ན་བུན་ཡལ། སྐར་མ་འདར། བྱང་ནས་རླུང་སི་རི་རི་འོང་ན་ངེས་པར་སད་འོང་བས་སྔགས་རྒྱུན་ལ་འབད་པར་བྱའོ། །བྱང་སྤྲིན་རྣམས་ལྷོར་འགྲོ་བ་དང་། སད་བླ་རླུང་དང་བུ་ཡུག་འཚུབ་པ་དང་། སྤྲིན་ནག་པོ་མི་མགོ་འདྲ་འུར་འུར་རྡུལ་རྡུལ་ལྷོར་འགྲོ་བ་དང་། རླུང་དང་ལྷགས་པ་ངད་གྲང་ཤར་དང་བྱང་ནས་འོང་ཞིང་ལྷགས་པ་ཚ། དགུ་ཚིགས་དྲི་མ་དང་བྲལ་ན་ངེས་པར་སད་འོང་བས་མཚན་དེ་ལ་ཆུ་སྣའི་ཟངས་ཞབས་སུ་མེ་དུད་རྒྱུན་ཆད་མེད་པར་བྱ། སྔགས་དང་དམིགས་པ་དཔོན་སློབ་གཉིས་གསུམ་གྱིས་ནན་ཏན་བྱས་པས་ངེས་པར་ཐུབ་བོ། །སད་རྟགས་འདི་བརྟག་པར་ཤིན་ཏུ་གཅེས་པར་བྱའོ། །ལེ་ལོ་སྙོམ་ལས་བྱས་ན་འབྲས་བུ་འབྱུང་དཀའ། བསམ་པ་སེམས་བསྐྱེད་ཀྱིས་ཁོག་ཕུབ། དཀོན་མཆོག་ལ་གསོལ་བ་བཏབ་ཅིང་བཀའ་བསྒོ་བདེན་པ་བརྗོད་ལ་ནན་ཏན་བྱའོ། ༈ །ས་གཞི་དྲོད་འབེབ་སོགས་སད་སྲུང་དངོས་གཞིའི་རྫ་མ་ཟངས་ཆུའི་སྔགས་དང་དམིགས་པ་ནི། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རྫ་ཟངས་བྷྲཱུྃ་འོད་དུ་ཞུ་བ་ལས་རིན་པོ་ཆེའི་སྣོད་རྒྱ་ཁྱོན་སྟོང་གསུམ་དང་མཉམ་པའི་ནང་དུ་འོ་མའི་རྒྱ་མཚོ་ཆེན་པོ་ཀླུའི་ཕོ་བྲང་ཆེན་པོར་གྱུར་པའི་ནང་དུ། ཀླུ་ཆེན་བརྒྱད་སྦྲུལ་མགོའི་གདེངས་ཀ་ཅན་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པ། འཁོར་དུ་ཀླུ་རིགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་རྣམས་ཀྱི་སྦྲུལ་མཇུག་གིས་རྒྱ་མཚོ་དཀྲུགས་པས་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་སྤྲིན་དང་ན་བུན་གྱིས་གཏིབས། འོག་ཏུ་མེ་ཡི་དྲོད་ཀྱིས་གཡོས་པས་ནང་གི་ཆུ་ལས་སྨུག་པ་མཆེད། དེ་ལས་ནམ་མཁའ་ལ་སྤྲིན་འཁྲིགས་པར་གྱུར། དམིགས་པ་ནན་ཏན་བྱ་ཞིང་སྔགས་འདི་བཟླ། ཨོཾ་ནཱ་ག་ཀཱ་ལ་ཧཱུྃ༔ ནཱ་ག་ལེ་ལཱེ༔ དུམ་པ་ལེ་ལཱེ༔ ནཱ་ག་རཱ་ཙ་ཧཱུྃ་ཕཊ༔ ཨོཾ་སརྦ་མེ་གྷ་སྡུས་སྭཱ་ཧཱ༔ ཉིན་མཚན་ཀུན་ཏུ་མང་དུ་བཟླ་འོ། །དེ་ནས་རྫ་ཟངས་ཆུ་སྣ་ཞབས་སུ་མེ་བཏང་ནས་ཆུ་དཀྲུགས་རིང་སྔགས་འདི་བཟླ་འོ། །ཨོཾ་བྷི་ཏ་ལིང་ཐིབ་ཐིབ༔ བྷ་ཐ་ལིང་ཐིབ་ཐིབ༔ སེ་བ་ལི་ཐིབ་ཐིབ༔ སེར་འདུས༔ རླངས་འདུས༔ སྤྲིན་འདུས༔ སོ་ཏ་པ་ལ་སོ་ཏ་པ་ལ༔ དེ་ནས་ནམ་ཕྱེད་ནས་ཉི་མ་རྩེ་ཤར་བར་དུ་སྔགས་འདི་བཟླ་སྟེ། ཟངས་ཆུའི་ཞབས་སུ་ཤིང་སྤ་མ་སོགས་ཤིང་སྣའི་མེ་འབུད་ལ་ཆུ་སྔགས་ཐུན་བཟུང་གིས་བཟླས་པ་ནི། དྷེ་ཝ་རར་སྡུས་རྣྲི་འུབས་སྡུས༔ སྤྲིན་སྡུས༔ རཀྴ་སྡུས་སྭཱ་ཧཱ༔ ཞེས་བརྒྱ་སྟོང་བཟླ། ཆུ་ལྷོག་བུད་ནས་སྔགས་འདི་བཟླ། ཨོཾ་ཨ་མ་ཧཱུྃ༔ ཐུམ་རིལ་སྡུས༔ པྲ་ཏི་པྲ་ཏི་བྷ་རི་སྭཱ་ཧཱ༔ ཨོཾ་ནཱ་ག་མུ་ལ༔ བྷ་རི་ཤ་ཡ༔ གྲི་ན་ཡ་བྷི་རི༔ ནག་པོ་ཐིབ་ཐིབ༔ འདྲེ་ཡ་ཡེ༔ སྤྲིན་སྡུས་སྡུས༔ སྔགས་འདི་ནི་དགོང་མོ་ནས་ཉི་མ་མ་ཤར་བར་དུ་བཟླ། ཁྱད་པར་ཐོ་རངས་དུས་བརྩོན་འགྲུས་བསྐྱེད་ལ་བཟླས་ན་སད་ངེས་པར་ཐུབ་པ་གལ་ཆེན་གནད་དམ་པ་ཡིན་ནོ། །ས་གཞི་དྲོད་འབེབ་ཀྱི་སྐབས་སུ་བྱིས་པ་ལོ་བཅུ་གསུམ་མན་ཆད་ཀྱི་གཙང་མས་ཆུ་མིག་ལུ་མ་དགུན་མི་འཁྱགས་དབྱར་བསིལ་བ་ནས་ཆུ་གཙང་མ་མང་ཙམ་བླངས་ལ་ཆུ་སྣ་རྫ་མ་ནང་དུ་བླུགས་ཞབས་སུ་ཤིང་སྣའི་དུད་པ་བཏང་ནས་ཀླུ་ཆེན་བརྒྱད་བསྐྱེད་བསྒོམ་མོ། །སྔགས་གོང་གི །ཨོཾ་ནཱ་ག་ཀཱ་ལ་སོགས་དང་། སརྦ་མེ་གྷ་སྡུས་སོགས་ཅི་མང་བསྒྲང་བ་གནད་ཡིན། ࿊ རཏྣའི་གཏེར་བྱོན་གུར་དྲག་གི་ལས་ཚོགས་ལས་བྱུང་བའི་སད་སྲུང་ནི། ནམ་མཁའ་རྒྱ་ཆེ་ཞིང་ཡུལ་མཐོང་ཞིང་གཙང་སར་བྱ། སྣོད་ནི་ཟངས་ཆེན་པོའམ་རྫ་མ་དམར་པོ་མ་སྤྱད་པ་ཆེན་པོའི་ནང་དུ་གཙང་པོའི་ཆུ་དང་ཀླུ་གནས་ཀྱི་ཆུ་བླངས་ལ་བཀང་། རྫས་ནི། རྟག་ངུ་། དཀར་གསུམ་མངར་གསུམ། བ་དམར་མོ་དང་ར་དཀར་མོའི་འོ་མ་བླུག །དེ་འོ་མའི་རྒྱ་མཚོ་ཆེན་པོར་བསྒོམ། ནམ་མཁའ་རྒྱ་ཆེ་ཞིང་མཐོང་སར་འོག་ཏུ་སྒྱེད་བུ་བཙུགས་ལ། བོང་བའི་མེ་དུག་གིས་རླངས་ཐུལ་བྱ།་་་འདི་ངེས་ངེས་མ་བྱུང་ཡང་ཤུག་པ་སྤ་མས་ཆོག །སྔོན་འགྲོ་བརྔན་བསང་གསེར་སྐྱེམས་གཏོར་མ་སོགས་རྒྱས་པར་བཏང་ལ། ནུས་པ་ཅན་མི་ལྔས་སྔགས་འདི་ནན་ཏན་བྱས་ལ་བཟླ། མདུན་གྱི་ཆུ་སྣའི་རྫ་མ་དྲོས་པ་ལས་རླངས་པ་བྱུང་བས་སྨུག་པ་མཆེད། དེ་ལས་ནམ་མཁའ་ལ་སྤྲིན་གྱིས་གང་བར་གྱུར། སྔགས་ལ། ཨོཾ་ཨཱཿཧཱུྃ། ཨེ་ཧུར་ཐུཾ་དྲིལ། སྡུས་སྣ་ཐི་ར་ཐཾ་བམ་སྭཱ་ཧཱ། ཞེས་སྔགས་རྒྱུན་བྱས་པས་སད་ལས་ཐུབ་པར་འགྱུར་རོ། །ཞེས་དྲག་པོའི་བསྙེན་སྒྲུབ་ཐེམས་པ་རྣམས་ཀྱིས་སྟོན་ཟླ་འབྲིང་པོའི་གཟའ་ཚེས་དགེ་བ་ནས་མགོ་བརྩམ་སྟེ་བསྒྲུབ། ལོ་དུས་ཀྱི་ཚེས་གྲངས་སྐར་མ་སོགས་སད་སྲི་ཞུགས་པ་སོགས་ཡོད་དུས་དང་དུས་ལ་བབས་ཚེ་བྱ་འོ། །ཡང་འདིའི་འཕྲོ་ལས་བྱུང་བའི་བཙའ་སོགས་ལོ་ནད་ཐུབ་པའི་སྲུང་བ་ནི། ཆུ་འགྲམ་ཀྱི་བྱེ་མ་ལ་སྔགས་འདི་བཟླ་འོ། །མེ་ཁུ་ཆུ་སོད་ཕུ་ཤེལ་ཀ་ལི་ནན། བྷྲཱུྃ་བཾ་ལཾ་རཾ་ན་སོད། ཅེས་མང་དུ་བཟླས་ལ་ནངས་ཞོགས་སྔ་མོ་ཞིང་ལ་ཁྱབ་པར་གཏོར་བས་ཐུབ་ངེས་སོ། །ཞེས་གསུངས་སོ། ༈ དེ་ནས་རླུང་སད་བསྲུང་བ་སོགས་རླུང་གནོན་པ་ནི། གྲོ་ག་ལ་རླུང་ལྷ་ཤ་བ་ཡུ་མོ་ཉལ་བ་ལ་ཞོན་པ་སྐུ་མདོག་དུད་ཁ་ལག་ཏུ་བ་དན་བསྙལ་ནས་འཛིན་པ་བྲིས་པའི་སྙིང་ཁར། རླུང་ལྷ་རླུང་དང་བཅས་ནོན་ནོན་སཏྭམ་བྷ་རཀྵ་ཧཱུྃ༔ ཞེས་པའི་མཐར། ཡཾ་བརྒྱ་རྩ་བརྒྱད་ཀྱིས་བསྐོར། ཨོཾ་བྷ་ཡ་བྷེ༔ ཨ་ཏཾ༔ ཨི་སཏྭཾ༔ བྷ་ཡུ་སཏྭཾ་བྷ་ཡ་ནན༔ རླུང་ལྷ་སཏྭཾ་བྷ་ཡ་ནན༔ བྷ་ཡ་བྷེ༔ བྷནྡྷ་བྷནྡྷ༔ བྷནྡྷ་ཡ་བྷནྡྷ་ཡ༔ སཏྭཾ་བྷ་སཏྭཾ་བྷ༔ སཏྭཾ་བྷ་ཡ་སཏྭཾ་བྷ་ཡ༔ ཡཾ་ཡཾ་ནན་ལཾ་ལཾ་ནན༔ ཧཱུྃ་ཧཱུྃ་བྷ་ཡུ་སཏྭཾ་བྷ་ཡ་ཛ་ཛ༔ ནན་ནན༔ ཕཊ་ཕཊ༔ རླུང་སད་གཏོང་མཁན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་སཏྭཾ་བྷ་ཡ་ནན༔ ཞེས་ཚར་གསུམ་བྲིས་ལ་མཐའ་བསྐོར། །དེ་ནི་རླུང་གནོན་གྱི་ཙཀྲ་འོ། །དེ་ནས་ལུས་བྱ་མགོ་ཅན། སྤྲེལ་མགོ་ཅན། སྦྲུལ་མགོ་ཅན་གསུམ་བྲི། སྙིང་གར་ཏྲི་རེ་བྲི། དེ་ཡི་མཐར་བགེགས་རིགས་འགོང་པོ་སྤུན་དགུ་ནན་བྲི། དེའི་མཐར། བསྟན་པ་དང་སེམས་ཅན་ཡོངས་ལ་གནོད་ཅིང་འཚེ་བར་བྱེད་པའི་གནམ་ས་བར་གསུམ་གྱི་འགོང་པོ་སྤུན་དགུ་རྒྱ་འདྲེ་དམ་སྲི་བསེན་མོ་བསེ་རག་འབྱུང་པོའི་རིགས་སུ་གྱུར་པ་རྣམས་ཀྱི་ལུས་ངག་ཡིད་གསུམ་སཏྭཾ་བྷ་ཡ་ནན༔ ཞེས་བྲིས་མཐར་ཛཿཁྲོམ་གྱིས་བསྐོར་ལིང་ག་རྣམས་ལ་རང་གི་དྲ་དྲི་མ་སོང་བར་སྦྱོང་བ་བྱས་ནས། མདུན་དུ་ལྕགས་སྣོད་ནང་དུ་བཞག་ལ། ན་མོ། མཆོག་གསུམ་རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བཀའ་བདེན་པ་དང་། རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདག་གི་ལྷག་བསམ་རྣམ་པར་དག་པའི་བདེན་སྟོབས་ཀྱིས། རླུང་དང་རླུང་ལྷ་རླུང་སད་གཏོང་མཁན་ཐམས་ཅད་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཅེས་ལན་གསུམ་གྱིས་བཀུག །ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་གྱིས་བསྟིམ་སྟེ་སོ་སོར་ལྟེབ། ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་ལ། རྫ་མའི་གྭའུ་གྲུ་གསུམ་དུ་བཅུག །ནང་ཐམས་ཅད་ཚ་ཚཱ་ཞིག་པའམ་སས་བཀང་སྟེ་གྭའུ་ཡང་ཚོན་སྐུད་ཀྱིས་དཀྲིས་ལ་སྒྲུབ་ཁང་གི་ནུབ་བྱང་དུ་དོང་བྲུས་ལ་ནང་ན་མནན། སྟེང་ན་རྡོ་ལེབ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད། དེའི་སྟེང་དུ་ཐོ་བརྩེགས་ལ་ཚ་ཚཱ་རབ་གནས་ཅན་གྱིས་མནན་པར་བྱའོ། །འགོང་པོའི་ལིངྒ་ཡང་ཚོན་སྐུད་ཀྱིས་བཅིངས་གྭའུ་གྲུ་གསུམ་ནང་དུ་བཅུག་ལ་མཆོད་རྟེན་ནམ་ལྷ་ཁང་ཐེམ་འོག་ཏུ་མནན་ནོ། །དེ་ནས་རླུང་འོང་བའི་དུས་སུ་འདི་ལྟར་བྱའོ། །རི་ཡི་རྒྱལ་པོ་རི་རབ་ཀྱི་འོག་ཏུ་རླུང་དང་རླུང་ལྷ་རླུང་བདག་རླུང་སད་གཏང་མཁན་ཐམས་ཅད་ཆིལ་གྱིས་མནན་པར་གྱུར། ཨོཾ་ཆར་ཡ་ཆུར་ཡ་བྷ་ཡུ་སཏྭཾ་བྷ་ཡ་ནན༔ ཞེས་ལྔ་བརྒྱ་བཟླ། ཡང་། ཨོཾ་ཌྷྲིཥྚ་རས་ཊ་ཡ་སྭཱ་ཧཱ༔ ཨོཾ་བི་རུ་པཱཀྵཱ་ཡ་སྭཱ་ཧཱ༔ ཨོཾ་བྷི་རུ་ཌྷ་ཀ་ཡ་སྭཱ་ཧཱ༔ ཨོཾ་བྷཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ སད་སྲུང་བ་ལ་བར་དུ་གཅོད་པར་བྱེད་པའི་རླུང་སད་གཏོང་མཁན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་སཏྭམ་བྷ་ཡ་ནན། ཞེས་ཉེར་གཅིག་བརྗོད། སྲི་མཱ་ར་ཡ་སད་བྱེད་པྲ་མ་ནན། སྲི་མཱ་ར་ཡ་སད་སྨུ་ཙི་ནན། སྲི་མཱ་ར་ཡ་སད་བྱེད་ས་མ་ཤག་ཙེ་ནན། མཁའ་ལ་རྒྱུ་བའི་ཡི་དྭགས་འབྱུང་པོ་ནན། མུ་སྟེགས་ཀྱི་བུ་མོ་སད་འདྲེ་སྤུན་གསུམ་སཏྭཾ་བྷ་ཡ་ནན། འབྲས་བུ་ལོ་ཏོག་ལ་བར་དུ་གཅོད་པའི་འགོང་པོ་བྱ་སྤྲེལ་སྦྲུལ་མགོ་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་སཏྭམ་བྷ་ཡ་ནན་ནན། ཞེས་མང་དུ་བཟླ་ཞིང་སྟེང་ནས་ཐུན་སོགས་ཀྱིས་བྲབ་བོ། །འདི་ཡན་བྱང་གཏེར་དང་བླ་མ་དགོངས་འདུས་སོགས་ཀྱིས་ཁོག་ཕུབ། ཞལ་ཤེས་མན་ངག་རིགས་ཁ་སྐོང་དང་བཅས་སྦ་བསྲི་མེད་པར་བཀོད་པའོ།། ༈ །།ཡང་ནམ་མཁའ་མཛོད་ཀྱི་སྒོ་ནས་སད་སྲུང་ལུགས་གཅིག་ནི། བཅས་དང་རྫས་བསགས་ནས་རྒྱུན་གྱི་དུས་སུ་སྒྲུབ་ཅིང་དགོས་དུས་ལས་ལ་སྦྱར་བར་གསུངས་པའི་ཁྱད་པར་ཅན་མཆིས་པ་ལས། བཅས་སོགས་རྒྱས་པ་ནི་ཉི་ཟླ་འོད་སྤྲིན་སད་སྲུང་རང་གཞུང་དུ་གསལ། འདིར་ཀླུ་བུམ་ནང་དུ་ཆུ་སྣ་དྲི་བཟང་སྨན་སྣ་ཀླུ་སྨན་གྱིས་བཀང་བ་ཤིང་རྩིའི་ཁ་རྒྱན་དང་བཅས་བཤམས་ལ། ཕྱི་དྲོ་དགོང་ཀ་ཆ་གསུམ་སོགས་བཏང་གྲུབ་ནས་སྐྱབས་སེམས་བསྡུས་པ་ཞིག་བྱ། བདག་བསྐྱེད་ནི། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རང་རིག་ཡི་གེ་མུཾ། །དེ་ལས་འོད་ཕྲོས་འཕགས་མཆོད་དོན་གཉིས་བྱས། །ཚུར་འདུས་འཇམ་དཔལ་སྐུ་མདོག་དམར་སེར་མདོག །ཞལ་གཅིག་ཕྱག་གཉིས་གཡས་པས་ཤེས་རབ་ཀྱི། །རལ་གྲི་འོད་འབར་འོད་ཀྱིས་བར་ཆད་སྲུང་། །ཕྱག་གཡོན་ཨུཏྤལ་དམར་སེར་སྟེང་ཉིད་དུ། །ཆོས་སྐུ་ཡུམ་ཆེན་དབྱེར་མེད་གླེགས་བམ་ལ། །སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར། །དེ་དག་རྣམས་ལས་ཐུགས་རྗེ་ཡེ་ཤེས་ཀྱི། །མེ་འོད་འབར་བས་ཕྱོགས་མཚམས་ཐམས་ཅད་ཁྱབ། །སད་ཀྱི་གནོད་པ་མ་ལུས་བསྲུང་བར་གྱུར། །ཐུགས་ཀར་ཟླ་སྟེང་མུཾ་ལས་སྔགས་ཕྲེང་འཁོར། །དར་དང་རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཡོངས་སུ་རྫོགས། །སྣང་སྟོང་དབྱེར་མེད་ཆུ་ཟླ་འཇའ་ཚོན་བཞིན། །སྣང་སྲིད་མ་ལུས་སྐུ་ཡི་བཀོད་པས་ཁྱབ། །དེ་ལྟར་བདག་ཉིད་འཇམ་དཔལ་གསལ་བ་ཡི། །སྤྱི་བོར་ཕྱག་ན་རྡོ་རྗེ་མཐིང་། །མགྲིན་པར་སྤྱན་རས་གཟིགས་དབང་དཀར། །སྤྱན་གཟིགས་ཕྱག་མཚན་བུམ་པའི་ནང་། །པད་འདབ་དབུས་སུ་འོད་དཔག་མེད། །འདབ་མར་རྟ་མགྲིན་དམར་པོ་གསལ། །འཇམ་དཔལ་ཐུགས་ཀར་གཤིན་རྗེ་གཤེད། །སྐུ་མདོག་མཐིང་ནག་འཇིགས་པར་བསྒོམ། །མདུན་གྱི་ནམ་མཁར་སེང་ཁྲིའི་སྟེང་། །བླ་མ་ཤཱཀྱ་ཐུབ་པ་ལ། །སངས་རྒྱས་བྱང་སེམས་རྣམས་ཀྱིས་བསྐོར། །ལྷ་ཚོགས་རྣམས་ཀྱི་མཐའ་སྐོར་དུ། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བསྐོར། །ལྷ་རྣམས་གནས་གསུམ་འབྲུ་གསུམ་ལས། །འོད་འཕྲོས་མཆོག་གསུམ་རྩ་གསུམ་དང་། །མཁའ་འགྲོ་ཆོས་སྐྱོང་སྐྱབས་གནས་རྣམས། །སྤྱན་དྲངས་དབྱེར་མེད་བཞུགས་བྱིན་བརླབས། །ཕྱི་ནང་གསང་མཆོད་སྣ་ཚོགས་འབུལ། །རིགས་གསུམ་མགོན་པོའི་ལྷ་ཚོགས་ལ། །ཕྱག་འཚལ་མཆོད་བསྟོད་གསོལ་བ་འདེབས། །ཐུགས་རྗེས་གཟིགས་ལ་བྱིན་གྱིས་རློབས། །སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །འབྲས་བུ་ལོ་ཏོག་བསྲུང་བྱ་རྣམས། ཁྱེད་ལ་འབུལ་ལོ་སྐྱབས་སུ་གསོལ། །དཀོན་མཆོག་ཐུགས་རྗེའི་སྐྱབས་འོག་ནས། །སད་ཀྱི་འཇིགས་པ་བསྐྱབ་ཏུ་གསོལ། །ཞེས་གསོལ་བ་བཏབ་ལ་སྔགས་འདི་བཟླ། ལྷ་རྣམས་ཐུགས་ཀར་ཉི་ཟླའི་སྟེང་། །ས་བོན་རྣམས་ལ་སྔགས་ཀྱིས་བསྐོར། །འོད་འཕྲོས་རང་གཞན་དོན་གཉིས་བྱས། །སད་ཀྱི་འཇིགས་པ་སྐྱོབ་པར་གྱུར། །ཨོཾ་ཝཱ་གཱི་ཤྭ་རི་མུཾ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་བཛྲ་པཱ་ཎི་ཧཱུྃ། ཨོཾ་ཧྱ་གྷྲཱི་ཝ་ཧཱུྃ། ཨོཾ་ཡ་མཱནྟ་ཀ་ཧཱུྃ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཅི་ནུས་བཟླ། མདུན་དུ་བུམ་བསྐྱེད་ནི། མདུན་དུ་བྷྲཱུྃ་ཡིག་ལས་བྱུང་བུམ་པའི་བཅུད། །མཐའ་ཡི་རྒྱ་མཚོའི་དབུས་ཉིད་དུ། །རྒྱ་མཚོ་ལྦུ་བ་རི་རབ་ཙམ་གྱི་དབུས། །པད་དཀར་འདབ་བརྒྱད་དབུས་ཀྱི་ཟེ་འབྲུའི་སྟེང་། །ཤ་བ་ཡུ་མོའི་ཁྲི་སྟེང་ཡིག་འབྲུ་ཨེ། །བདག་ཉིད་ཡི་དམ་ཐུགས་ནས་འོད་ཟེར་འཕྲོས། །མདུན་དུ་ཡིག་འབྲུ་ཨེ་དཀར་དེ་ལ་ཕོག །འོད་ཟེར་སྣ་ཚོགས་འཕྲོས་པས་ཨེ་ལ་ཐིམ། །སྣང་སྲིད་ལྷ་ཀླུ་བཞི་བདག་ཐམས་ཅད་ཀྱི། །ནུས་མཐུ་གཅིག་བསྡུས་སྲིད་པ་ཆགས་བྱེད་པ། །ལྷ་མོ་དཀར་མོ་མཛེས་འཛུམ་རྒྱན་གྱིས་སྤྲས། །ཞལ་གཅིག་ཕྱག་གཉིས་གསེར་གྱི་བུམ་པ་བསྣམས། །དར་ཟབ་གསེར་གཡུ་རིན་ཆེན་རྒྱན་ཆས་སྤྲས། །བུམ་པའི་ཁ་རྒྱན་དཔག་བསམ་ཤིང་ཆེན་ལས། །དགོས་འདོད་སྤྲིན་འཁྲིགས་ཡིད་བཞིན་ཆར་པ་འབེབ། །ཕྱེད་སྐྱིལ་ཤ་བ་ཡུ་མོའི་ཁྲི་ལ་བཞུགས། ཁྲི་ཟུར་ལྔ་ལ་འབྱུང་ལྔའི་ལྷ་མོ་ནི། །དཀར་སེར་དམར་ལྗང་མཐིང་མདོག་རིན་ཆེན་བརྒྱན། །དར་ཟབ་གོས་བཀླུབས་མཛེས་པའི་ཚུལ་གྱིས་བཞུགས། །བཞུགས་ཁྲིའི་ཞབས་འོག་པད་འདབ་བརྒྱད་པོ་ལ། །སོག་མ་མེད་སོགས་ཀླུ་རྒྱལ་བརྒྱད་པོ་བཞུགས། །འཁོར་དུ་ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་། །སྡེ་བརྒྱད་མཐུ་རྩལ་ཅན་དང་གཞི་བདག་སོགས། །སྣང་སྲིད་ལྷ་ཀླུ་གཞི་བདག་ཡོད་ཚད་གསལ། །གཙོ་འཁོར་ཀུན་གྱི་ཕྱག་གཉིས་ཐལ་སྦྱར་དབུས། །བདུད་རྩིའི་བུམ་པ་བསྣམས་ཏེ་དགྱེས་པར་བཞུགས། །བདག་ཉིད་ཡི་དམ་ཐུགས་ལས་འོད་ཟེར་འཕྲོས། །སྲིད་པ་ཆགས་བྱེད་ལྷ་མོའི་ཐུགས་སྲོག་གི །ཨེ་ལ་ཕོག་པས་སྣང་སྲིད་འབྱུང་ལྔའི་བཅུད། །མ་ལུས་བསྡུས་ཤིང་དངོས་གྲུབ་བསྩལ་བར་གྱུར། །ཤ་བ་ཡུ་མོའི་མཁའ་གསང་ལམ་གསུམ་ནས། །ཆར་སྤྲིན་བྱུང་བས་བར་སྣང་ཁེབས་པར་གྱུར། །ཅེས་རིགས་གསུམ་མགོན་པོའི་སྙིང་པོ་བཟླས་ཤིང་། ཨོཾ་ཨ་ལ་ཐུ། ཐུམ་རིལ་སྡུས། པྲ་ཏི་པྲ་ཏི་བྷ་རམ་སྭཱ་ཧཱ། རྒྱུན་བསྙེན་བྱའོ། །སད་སྲུང་དངོས་ལ་ནམ་མཁའ་དབང་སྡུད་དང་། ཆུ་རྟ་ཀླུ་འབྲུག་བར་སྣང་སྤྲིན་སྡུད། ས་གཞི་དྲོད་འབེབ་རྣམས་ལས། དགོང་མོ་སད་ཀྱི་རྟགས་བྱུང་ན་འདི་ལྟར་རོ། །ཡུལ་ཕྱོགས་འདི་ཡི་ཞིང་ཐོག་འབྲུ་ཡི་སྟེང་། །སེང་ཆེན་བརྒྱད་དང་རིན་ཆེན་ཁྲི་སྟེང་དུ། །སངས་རྒྱས་བྱང་སེམས་རྒྱལ་བ་སྲས་བཅས་བཞུགས། །ཆོས་ཀྱི་སྒྲ་དབྱངས་ནམ་མཁའ་གང་བར་སྒྲོག །བགེགས་རིགས་འབྱུང་པོའི་གནོད་སེམས་ཀུན་ཞི་ནས། །བྱང་ཆུབ་སེམས་ལྡན་ངང་དུ་འཁོད་པར་གྱུར། །ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་བརྒྱ་རྩ་བསྒྲང་། ཡང་། རང་ཉིད་སྤྱན་རས་གཟིགས་སུ་གསལ་བ་ཡི། །ཐུགས་ཀའི་ཧྲཱིཿལས་དཔལ་ཆེན་རྟ་མགྲིན་ཁྲོས། །ནམ་མཁའ་བར་སྣང་ས་གཞི་ཀུན་ཁྱབ་སྟེ། །རྒྱལ་འགོང་འབྱུང་པོ་སད་འདྲེ་རྡུལ་བརླག་གྱུར། །ཨོཾ་ཧྱ་གྷྲཱི་ཝ་ཧཱུྃ། བརྒྱ་བསྒྲང་ནས། ཨེ་ཡཾ་བཾ་རཾ་ལཾ་སྤྲིན་སྡུས་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་དང་། ཡང་། ཨོཾ་བཛྲ་པཱ་ཎི་ཧཱུྃ། ནཱ་ག་ཕུ་མི་ཤོག༔ ཕུ་ནཱ་ག་ཀུ་རུ་ཤོག་གོ་གྷིར་ཏ་ནཱ་ག་ལེ་ལཱེ་བཾ་བཾ་སྭཱ་ཧཱ། ཅི་མང་བཟླ། ཡང་། བདག་ཉིད་འཕགས་པ་འཇམ་དཔལ་གཞོན་ནུར་གསལ། །ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ་རུ་གསལ། །སྒྲ་གྲགས་ཐམས་ཅད་ཡིག་འབྲུ་འུར་དིར་སྒྲོག །ལོ་ཏོག་སྙེ་མ་རེ་རེའི་སྟེང་དུ་ནི། །འཇམ་དཔལ་སྒྲོལ་མ་སྤྱན་རས་གཟིགས་དབང་དང་། །རྟ་མགྲིན་གཤིན་རྗེ་གཤེད་དང་གསང་ཡེ་རྣམས། །ཐབས་ཤེས་ཟུང་འཇུག་བདེ་སྟོང་མེ་འོད་འབར། །དེ་ཡི་འོད་ཀྱིས་ལོ་ཏོག་ས་གཞི་དང་། །རྒྱ་མཚོ་ཆུ་མིག་མ་ལུས་ཀུན་དྲོས་ནས། །བདུད་རྩིའི་སྤྲིན་འཁྲིགས་ན་བུན་ཆར་རྒྱུན་འབེབ། །མེ་ལྕེའི་ཟེར་གྱིས་འབྱུང་པོ་ཀུན་བསྲེགས་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་ཨ་ཡཾ་ནན་ཧུར་དྲིལ་ལཾ་སྭཱ་ཧཱ། ཞེས་དང་། ཨོཾ་ཝཱ་གཱི་ཤྭ་རི་མུཾ། ཨོཾ་ཧྲཱིཿཔུ་ཁམ་པྲ་ཏི་པ་རཾ་སྭཱ་ཧཱ། ཨོཾ་ཧྱ་གྷྲཱི་ཝ་ཧཱུྃ། ཨེ་ཧུར་ཐུམས་དྲིལ་སྤྲིན་སྡུས་པྲ་ཏི་བཾ་སྭཱ་ཧཱ། ཞེས་སྔགས་རྣམས་རེས་མོས་སུ་བརྒྱ་སྟོང་བགྲང་། དམིགས་པ་ཡང་ཡང་གསལ་གདབ། གཞན་ཡང་ཀླུའི་རྒྱལ་པོ་རྒྱལ་མོ་བྱང་ཆུབ་སེམས་དང་ལྡན་པ་ཁྱེད་རྣམས་ཀྱིས། ལྷོ་སྤྲིན་ལྷོ་ནས་སྡུས། ནུབ་སྤྲིན་ནུབ་ནས་སྡུས། བྱང་སྤྲིན་བྱང་ནས་སྡུས། ཤར་སྤྲིན་ཤར་ནས་སྡུས། ཆར་ཆེན་པོ་ཕོབ་ཅིག །ཅེས་བརྗོད་དོ། །གཞན་ཡང་ཕྱི་ནང་གསང་བའི་དམིགས་པ་འགའ་མཆིས་ཀྱང་འདིར་དེ་ཙམ་མོ། །འདི་ཡང་ནམ་མཁའ་མཛོད་ལུགས་ཀྱི་སྲུང་བ་གོ་སླ་ཁྱེར་བདེ་ཤིན་ཏུ་ཟབ་པ་གཅིག་གོ། ༈ །།ཡང་བྱང་གཏེར་ཐུགས་སྒྲུབ་ལས་བྱུང་བའི་སྤྲིན་སྒྲོག་ཏུ་གཞུག་པའི་མན་ངག་ནི། དགོང་མོ་སྤྲིན་གྱིས་སད་འདྲ་ན། རྟ་གྲོ་དཀར་གཅིག་ལ་ཆུ་གཙང་གཏོར། ཤུག་པ་དང་ཤིང་སྣའི་བསང་དུད་ཀྱིས་བདུག །ཨ་མྲྀཏ་དང་། སྭ་བྷཱ་ཝས་སྦྱང་། ན་མོ་དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་སྤྲིན་དང་ན་བུན་གྱི་ལྷ་ཐམས་ཅད་གཟུགས་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཅེས་ལན་གསུམ་གྱིས་བཀུག །ཛཿཧཱུྃ་བཾ་ཧོཿ དེ་ནས་སྒྲོག་ལ་སྔགས་འདི་བཏབ། ཨོཾ་ནཱ་ག་ཀ་ཁོ་ཧཱུྃ་ཡ་ཕཊ༔ ཅེས་མང་དུ་བཟླས་ཏེ་བཏབ། སྒྲོག་དེ་རྟ་ལ་བརྒྱབས་ནས། སྤྲིན་དང་ན་བུན་གྱི་རྟ་སྒྲོག་ཏུ་བཅུགས་པར་བསམ། སྤྲིན་རྟོད་ལ་མནན་པའི་མན་ངག་ཟབ་བོ། །རྟ་དངོས་མ་འབྱོར་ན་འདི་ས་གཙང་མ་ལ་སྨན་སྤོས་རིན་པོ་ཆེ་བསྲེས་ནས་རྟ་གཟུགས་བྱས་ལ་བསང་སྦྱང་བྱིན་རླབས་གོང་ལྟར་བྱའོ། །ཟབ་བོ། ༈ །ཡང་བྱང་གཏེར་སད་སྲུང་གི་ཞལ་ཤེས་ཟིན་བྲིས་ལས། ཅིས་ཀྱང་སྤྲིན་མ་འདུས་ཤིང་གཡེར་ན། ནམ་མཁའ་རྒྱ་ཆེར་མཐོང་སར་ཉལ་མར་བཅའ། སྟན་མཐུག་པོ་བཏིང་ལ་དཀོན་མཆོག་གསུམ་དང་རྩ་བ་གསུམ་ལ་བློ་ལིང་གིས་བཀལ། མཁའ་འགྲོ་ཆོས་སྐྱོང་ལ་བཀའ་བསྒོ་བདེན་པ་བརྡར། སྒྲུབ་པ་པོ་རང་ཉིད་སྟེང་གོས་ནག་པོ་ཡོད་ནའང་བཟང་། གོས་དྲོ་བར་བྱས་ལ་ཡིད་གཉིས་ཐེ་ཚོམ་མེད་པར་རྟོག་མེད་ཀྱི་ངང་དུ་ཉི་མ་མ་ཤར་བར་དུ་ཉལ་བས་ལུས་ལ་རྔུལ་བྱུང་ཚེ་གསང་བའི་རྟགས་ཡིན་པས་ཐེ་ཚོམ་མེད་པར་ཐུབ་ཅེས་གསུངས་སོ། །སྔགས་སོགས་ཡིད་བཟླས་བྱས་ན་རུང་བར་སེམས་སོ། །བསང་ཀླུ་གཏོར་ཆ་གསུམ་སྔ་རྒྱུན་ལྟར་ལ་ཐུན་འཇོག་པའི་སྐབས་སུ་སེམས་ཅན་ལ་ཕན་པའི་བསྔོ་བ་སྨོན་ལམ་བཀྲ་ཤིས་ཚིགས་བཅད་རྒྱ་ཆེར་བྱ། ༈ དེ་ནས་སད་འདི་ལ་འགོང་པོ་ཁ་བསྒྱུར་མ་ཤེས་ན་རང་ལ་གནོད་པར་གསུངས་པས། གོང་དུ་བགེགས་གཏོར་སྐབས་བཤད་པའི་གཏོར་མ་བཞིན་གསར་ཐོག་སྲུས་དང་ཤ་དུམ་སོགས་ཟས་སྣའི་རིགས་མང་པོས་བརྒྱན་ལ་ཡང་ཡང་བསྔོས་ན་རང་ལ་མི་ལྡོག་གོ །དེ་མ་བྱས་ན་གསར་བུ་བྱིས་པ་རྣམས་ལ་ངེས་པར་གནོད། ཁྱབ་གདལ་གྱིས་མཛད་པའི་སྒྲུབ་ཆེན་དམ་སྲི་མནན་པ་བཞིན་དུ་ལག་ལེན་ཐེམ་པ་བྱས་ན་ཤིན་ཏུ་བཟང་། །དེའི་དམོད་མོའི་སྐབས་སུ་འགོང་པོ་སད་འདྲེ་རྣམས་ཞེས་པ་འཛུད་པར་བྱའོ། །ཟླ་བའི་ཡར་ངོ་མར་ངོ་དང་གལ་ཆེན་གྱི་དུས་ཐམས་ཅད་དུ་ལོ་གླུད་དང་ཆ་གསུམ་གཏང་། དགོང་མོའི་དུས་སུ་ནམ་མཁའ་རླུང་དང་གྲང་ངར་འོང་ཕྱོགས་ཀྱི་ཕྱོགས་མཚམས་རྣམས་སུ་ཕུར་པས་གཟིར། པདྨ་དྲག་པོའི་ཏིང་ངེ་འཛིན་གྱིས་དྲག་སྔགས་སོ་ལྔ་དང་དྲག་པོའི་སྔགས་མང་དུ་བཟླས་ཤིང་ཡུངས་དཀར་དང་ཐུན་ཕྱོགས་མཚམས་སུ་འཕང་། རྫས་རྒོད་བདུག །སྔགས་རྒྱུན་ལེ་ལོ་བཏང་སྙོམས་སུ་མ་སོང་བར་བརྩོན་འགྲུས་བསྐྱེད། འདི་ཤིན་ཏུ་གནད་ཆེའོ། །ཀླུའི་སྨན་རྫས་ཆུ་སྣ་ཀླུ་ཁང་ཡོད་ཕྱོགས་སུ་བུད་མེད་དང་མི་གྲིབ་ཅན་འཛེམ། ཤ་ཆང་སྒོག་ཙོང་མུ་ཟི་གླ་རྩིའི་དྲི་སོགས་ལ་འཛེམ་པ་གལ་ཆེ། མཐར་ལོ་ཏོག་བར་ཆད་ལས་གྲོལ་ནས་རླུང་ལྷའི་མནན་པ་སོགས་འདོན། ཀླུ་དང་གཞི་བདག་རྣམས་ལ་གཏང་རག་གི་མཆོད་པ་རྒྱ་ཆེར་བྱས་པས་ཕྱིས་སུ་ཡང་སད་སྲུང་སླ་བའི་དགོས་པ་ཡོད་དོ། །ཆུ་རྟ་ཆུ་སྣ་ཀླུ་ཐེབས་དང་བསྟུན་ལ་གཙང་སར་གཤེགས། བསྔོ་སྨོན་བཀྲ་ཤིས་སོགས་རྒྱ་ཆེར་བྱའོ། །དེ་ལྟར་རང་འདོད་མེད་པའི་ལྷག་བསམ་བཟང་པོས་རྒྱལ་བའི་བཀའ་དང་འཁྲུལ་མེད་ཀྱི་ཡི་གེ་བཞིན་དུ་སད་སྲུང་བ་ལ་འབད་དགོས་ཏེ། དེ་ཡང་རྒྱལ་ཁམས་སྤྱི་ལ་གནོད་ཅིང་འཚེ་བར་བྱེད་པ་ནི། དམག་དང་མུ་གེ་འཁྲུག་རྩོད་ནད་ཡམས་ཡིན་ཏེ། ཐང་ཡིག་ལས། རྒྱལ་ཁམས་སྤྱི་ལ་དམག་དང་མུ་གེས་སྡུག །གསུངས་པ་ལྟར་ཡིན་ནོ། །དེ་རྣམས་འོང་བའི་རྐྱེན་ནི་ལྷ་ཀླུ་གཞི་བདག་འཁྲུགས་པ་ལས་བྱུང་བ་ཡིན། དེ་བསྲུངས་པའི་ཕན་ཡོན་ནི། འདིར་མིང་སད་སྲུང་དུ་བཏགས་ཀྱང་། དོན་ལ་ལྷ་ཀླུ་གཞི་བདག་དགའ་བའི་མཆོད་སྐོང་བཤགས་པ་བརྔན་ཁོ་ན་ཡིན་ཅིང་རྒྱལ་ཁམས་སྤྱི་བཅོས་ཀྱི་རིམ་གྲོ་ཁྱད་འཕགས་ཡིན་ནོ། །འདི་ལྟ་བུ་ལ་རྒྱུན་ལྡན་བྱས་པའི་བྱིན་རླབས་གཞི་བདག་ཐམས་ཅད་དགྱེས་ནས་ཆར་ཆུ་དུས་སུ་འབེབ་ཅིང་ལོ་ལེགས་པ་དང་། འཁྲུག་རྩོད་ཞི་བ་དང་ནད་ཡམས་མི་འབྱུང་བ་སོགས་གནས་སྐབས་མཐར་ཐུག་ཀུན་ཏུ་ཕན་ཡོན་དཔག་ཏུ་མེད་ཅིང་། སྒྲུབ་པ་པོ་རྣམས་ལ་ཡང་འདི་ཕྱི་ཤིན་ཏུ་ལེགས་པའི་ཡོན་ཏན་བརྗོད་ཀྱིས་མི་ལང་བ་ཡིན་གྱིས་སེམས་བསྐྱེད་ལྡན་པའི་སྐྱེས་བུས་འབད་པར་བྱའོ། །འདིར་སྨྲས་པ། ཨེ་མ་བདག་བློའི་མཁའ་དབྱིངས་ཡངས་པ་ལ། །གཞན་ཕན་ལྷག་བསམ་སྙིང་རྗེའི་སྤྲིན་འཁྲིགས་ནས། །རྒྱལ་ཁམས་ཡོངས་ལ་ཕན་པའི་སད་སྲུང་གི །ཡིག་ཆ་དགོས་འདོད་ཆར་འབེབ་འདིར་བྲིས་སོ། །འགྲོ་ཕན་ལྷག་བསམ་ལྡན་པའི་སྐྱེས་བུ་རྣམས། །རང་འདོད་མེད་པར་གཞན་ཕན་བསམ་པ་ཡིས། །ཡི་གེ་འདི་བཞིན་ལག་ཏུ་ལོངས་མཛོད་དང་། །རང་གཞན་དོན་གཉིས་འགྲུབ་པ་ཆོས་ཉིད་ལགས། །འདི་ནི་ཀུན་གྱིས་ལག་ལེན་འཇུག་བདེ་སྟེ། །ཐུན་མོང་མ་ཡིན་ཡང་གསང་བཙན་ཐབས་ཀྱིས། །སྲུང་བ་ཟབ་མོ་མཆིས་ཀྱང་དེང་སང་སྐབས། །ཕལ་ཆེར་སྤྱོད་ཡངས་རྫས་ཀྱང་འཛོམ་པར་དཀའ། ཁེ་ཉེན་ཆེ་བས་འདི་རུ་མ་བྲིས་སོ། །དད་བརྩོན་ཤེས་རབ་ལག་ཏུ་ལོན་བསམ་རྣམས། །དགོངས་འདུས་སད་སྲུང་ནཱ་ག་འབྲུག་སྒྲོག་དང་། །བྱང་གཏེར་རིན་ཆེན་ཁང་བུའི་ལས་ཚོགས་དང་། །གསང་མཚན་ཐུགས་སྒྲུབ་གསུམ་པོ་གང་རུང་གི །ཡིག་ཆ་གཟིགས་ལ་གཞན་ཕན་རྒྱ་ཆེར་མཛོད། །སྟོང་ཉིད་སྙིང་རྗེ་ལས་བྱུང་ལྷག་བསམ་གྱི། །རྨད་བྱུང་དགེ་བའི་སྤྲིན་ཕུང་རྒྱ་ཆེན་འདིས། །འགྲོ་ཀུན་ལས་ཉོན་ཉེར་འཚེའི་གྲང་རེག་ཀུན། །སྐྱོབ་པའི་གྲིབ་བསིལ་ཆེན་པོ་འབྱུང་བར་ཤོག །ཡངས་པའི་རྒྱལ་ཁམས་མ་ལུས་ཐམས་ཅད་དུ། །ནད་མུག་འཁྲུག་རྩོད་མི་དགེ་ཀུན་ཞི་ནས། །བསྟན་པ་དར་ཞིང་སེམས་ཅན་བདེ་སྐྱིད་ལྡན། །ཀུན་ཀྱང་ཀུན་མཁྱེན་གོ་འཕང་མྱུར་ཐོབ་ཤོག །ཅེས་སད་སྲུང་གི་རིམ་པ་གཏེར་ཁ་གོང་འོག་དང་ཡིག་ཆ་དུ་མ་ཞིག་ལས་བཏུས་ཤིང་། མཚམས་སྦྱོར་འོས་རིགས་རྣམས་རང་གིས་ཁ་སྐོང་བྱས་ཏེ་སྦྱོར་དངོས་རྗེས་གསུམ་གྱི་ལག་ལེན་འདོན་བྱ་ཐམས་ཅད་ཚང་ཞིང་། མན་ངག་ཞལ་ཤེས་རྣམས་གབ་སྦས་སྦ་བསྲི་མེད་པར་ཡི་གེ་འདི་གཅིག་པུས་ཆོག་པའི་བལྟས་ཆོག་ནག་པོ་འགྲོ་ཤེས་སུ་བྲིས་ན་རིས་མེད་པའི་འགྲོ་བ་རྣམས་ལ་ཕན་དུ་རེ་བའི་ལྷག་བསམ་བཟང་པོས། སྣ་ཚོགས་དབྱིག་ཅེས་ཤིང་མོ་སྦྲུལ་ལོ་གྲོ་ཞུན་ཟླ་བའི་ཡར་ཚེས་དགེ་བར་གླིང་གཤིས་བཀྲ་ཤིས་མཐོང་སྨོན་གྱི་གཙུག་ལག་ཁང་དུ་ཤཱཀྱའི་དགེ་སྦྱོང་ཀུན་བཟང་བློ་གྲོས་པས་སྦྱར་བའི་ཉེས་འགལ་ནོར་འཁྲུལ་དུ་གྱུར་པ་རྣམས་མཁའ་འགྲོ་ཆོས་སྐྱོང་ཚོགས་ཀྱིས་བཟོད་པར་མཛད་དུ་གསོལ། དགེ་བས་སེམས་ཅན་ཐམས་ཅད་ལ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།
བླ་མ་དྲག་པོ་མཐིང་ནག་ཡང་ཁྲོས་ཀྱི་སྨིན་བྱེད་གཏོར་མ་ལ་བརྟེན་པའི་བྱིན་རླབས་གཟི་བརྗིད་དཔལ་འབར་ (Volume 14, Text 8)
༄༅། །བླ་མ་དྲག་པོ་མཐིང་ནག་ཡང་ཁྲོས་ཀྱི་སྨིན་བྱེད་གཏོར་མ་ལ་བརྟེན་པའི་བྱིན་རླབས་གཟི་བརྗིད་དཔལ་འབར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཀྲོ་དྷ་ཀཱ་ལཱ་ཡ། མུན་པ་ཆེན་པོའི་མདངས་འཛིན་ཀྱང་། །ཡེ་ཤེས་མཆོག་ཏུ་གསལ་མཛད་པ། །བདུད་དགྲའི་དཔུང་འཇོམས་དེར་བཏུད་ནས། །བྱིན་རླབས་སྙིང་པོའི་ལག་ལེན་བཤད། །དྲག་པོ་མཐིང་གའི་དབང་བསྐུར་སྙིང་པོ་གཏོར་མ་ལ་བརྟེན་པའི་བྱིན་རླབས་བྱ་བར་འདོད་པས། སྟེགས་བུའི་ཁར་མཎྜལ་ལ་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པའི་ཁར་རྐང་གསུམ་གྱི་ཁྲིའུ་བཞག །དེ་སྟེང་ཐོད་པའམ་ཟངས་ལྕགས་ཀྱི་སྣོད་དུ་དཔལ་གཏོར་བརྗིད་ལྡན་འཁོར་གྲུ་གསུམ་བཞི་དང་མཐེབ་ཀྱུ་བཅུས་བསྐོར་བ་རྒྱན་སྤྲོས་སྐུ་ཙཀ་དར་གདུགས་སྔོན་པོས་སྤྲས་པ་བཀོད། མདུན་དུ་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་བཤམ། ཕྲིན་ལས་རྒྱས་བསྡུས་གང་བྱེད་དང་མཐུན་པའི་གཏོར་ཚོགས་འདུ་བྱ། དེ་ནས་ལས་བྱང་རྒྱས་པ་བཏང་ན་བདག་དང་གཏོར་མ་དྲག་པོའི་དཀྱིལ་འཁོར་དུ་ལྷག་པར་གསལ་བ་ལས་འཕྲོ་འདུའི་ཏིང་འཛིན་གྱིས་བཟླས་པ་བྱ་ཞིང་། ཚོགས་ཀྱི་བསྒྲལ་སྟོབ་ཡན་གྲུབ་པ་དང་ལས་བྱང་གཤམ་ནས་འབྱུང་བའི་དངོས་གྲུབ་ལེན་པའི་ཚིག་བརྗོད་ལ་བདག་འཇུག་བླང་། ལས་བུམ་འཁྱིལ་པའི་སྔགས་ཀྱིས་བྱིན་བརླབས་ནས་དབང་ལ་འཇུག །འོན་ཀྱང་གཏོར་དབང་ཁ་རྐྱང་ཙམ་གྱི་དཀྱུས་ལ་ཕྲིན་ལས་མདོར་བསྡུས་ཉིད་ལེགས་པས་དེ་ལྟར་ན་ལས་བྱང་ཕྲིན་ལས་མྱུར་འགྲུབ་ཀྱི་དབུ་ནས། ན་མོ༔ བླ་མ་བདེ་གཤེགས་སོགས་སྐྱབས་འགྲོ་སེམས་བསྐྱེད། ཧཱུྃ༔ ཡེ་ནས་རང་རིག་སོགས་དོན་དམ་སྲུང་འཁོར། མཆོད་པ་བྱིན་རླབས་ཚིག་ལྷུག་མཐར་སྨན་རག་གཏོར་གསུམ་སྔགས་ཙམ་གྱིས་བྱིན་བརླབས། ལྷ་བསྐྱེད་ནས་བསྟོད་པའི་བར་གཞུང་ལྟར་ལ་དེ་མཚམས། ཧཱུྃ༔ ཐུགས་དམ་མཆོག་གི་སོགས། ཛཔ྄་ཁང་ཕྱེས་ལ། བདག་མདུན་གཉིས་ཀར་དམིགས་པའི་སྤྲོ་བསྡུའི་བཟླས་པ་ཅི་འགྲུབ་མཐར་སྟོང་ཚིག་མཆོད་བསྟོད། གཤམ་གྱི་དབང་ལེན་སོགས་བྱས་པས་འགྲུབ་བོ། །དེ་ལྟར་དབང་སྒྲུབ་ཟིན་ནས་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་བྱིན་བརླབས་ནས་ལས་བྱང་གི །ཧཱུྃ༔ ང་ནི་དབང་དྲག་སོགས་ཀྱིས་བསྔོས་ལ་དྲག་སྔགས་ཡུངས་ཐུན་སོགས་ཀྱིས་བགེགས་བསྐྲད། ཧཱུྃ༔ ཡེ་ནས་རང་རིག་སོགས་ཀྱིས་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། དེའང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་གདོད་མའི་ཧེ་རུ་ཀ་སངས་རྒྱས་ཐོད་པ་རྩལ་དེ་ཉིད་ཀྱིས་ཞི་བས་མི་འདུལ་བའི་གདུལ་བྱ་གདུག་པ་ཅན་རྣམས་ཀྱི་ངོར་འབར་བ་ཆེན་པོ་ཤིན་ཏུ་ཁྲོས་པའི་ཕྱག་རྒྱར་བཞེངས་པ། པདྨ་ཧེ་རུ་ཀ །དཔལ་ཆེན་རྟ་མཆོག་རོལ་པ། ནཱ་ག་ཀླུ་འདུལ། ཁྲོ་རྒྱལ་འཇིག་རྟེན་མཆོག །གུ་རུ་དྲག་པོ་རིགས་ལྔ་ལ་སོགས་པ་མཚན་དང་དཀྱིལ་འཁོར་གྱི་བཀོད་པ་མཐའ་ཡས་རྣམ་པར་རོལ་པའི་སྤྲིན་ཆེན་པོས་ཆོས་ཀྱི་དབྱིངས་ཀུན་ཁྱབ་ཅིང་བརྡལ་བ་ལས། སྙིགས་དུས་ཀྱི་མི་སྲུན་པའི་དམ་འགོང་གདུག་འདྲེ་འབྱུང་པོ་རྣམས་ཀྱི་གཉེན་པོར་ཆེད་དུ་ཁྲོས་པ་དྲག་པོ་རིགས་ལྔ་ལས་ཀརྨ་དྲག་པོ་མཐིང་ནག་གི་སྒྲུབ་སྐོར་དང་མན་ངག་མང་པོ་གངས་ཅན་བོད་ཡུལ་གྱི་རྗེ་འབངས་སྐལ་ལྡན་རྣམས་ལ་བསྩལ་པ་མ་འོངས་པའི་དོན་དུ་ཟབ་མོའི་གཏེར་ཁ་མང་པོར་རྒྱས་བཏབ་པ་ཉིད། བལ་པོ་བཛྲ་མ་ཏི། གཏེར་ཆེན་བསམ་གཏན་གླིང་པ། རིག་འཛིན་རོལ་པའི་རྡོ་རྗེ་སོགས་ཀྱིས་སྤྱན་དྲངས་ཏེ་སྙིགས་དུས་ཀྱི་འགྲོ་སྐྱོབ་སྲོག་གི་གོ་ཆ་ཟླ་མེད་པར་གྱུར་ཅིང་། དེ་དག་ལས་སྐབས་སུ་བབ་པ་ལྷ་སྲས་མུ་ཁྲི་བཙད་པོ་ལ་ཆེད་དུ་བསྩལ་པ་ཀརྨ་དྲག་པོ་གནམ་ལྕགས་ཐོག་གི་སྤུ་གྲི་ཞེས་ཤིན་ཏུ་ཟབ་ཅིང་གཉན་པ་འདི་ཉིད་ལྷ་སྲས་ཉིད་ཀྱི་རྣམ་འཕྲུལ་རིག་འཛིན་གྲུབ་པའི་དབང་ཕྱུག་ཆོས་རྒྱལ་རྡོ་རྗེས་ཟབ་མོ་གཏེར་གྱི་རྒྱ་བཀྲོལ་བར་མཛད་པ་སྟེ། དེའི་སྨིན་བྱེད་སྙིང་པོ་བསྡུས་པ་གཏོར་མ་ལ་བརྟེན་པའི་དབང་བསྐུར་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །དེ་ལྟར་མཎྜལ་ཕུལ་བ་སྔོན་དུ་སོང་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧེ་རུ་ཀ་དཔལ་བླ་མ་དགོངས༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུར༔ ཀརྨ་ཁྲག་འཐུང་ཆེན་པོ་ཡི༔ བྱིན་རླབས་དབང་བསྐུར་བསྩལ་དུ་གསོལ༔ ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། ཀརྨ་དྲག་པོ་རྩལ་གྱི་དཀྱིལ་འཁོར་རྩ་གསུམ་ཆོས་སྲུང་རྒྱ་མཚོས་སྤྲིན་གཏིབ་པ་ལྟར་བསྐོར་ཏེ་བཞུགས་པའི་སྤྱན་སྔར་བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྩེ་གཅིག་གུས་པའི་ཡིད་ཀྱིས་སྐྱབས་སུ་འགྲོ་བའི་བློས་འདིའི་རྗེས་ཟློས། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་ལྷ༔ དཀོན་མཆོག་གསུམ་དངོས་པདྨ་འབྱུང༔ ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང༔ བྱང་ཆུབ་སེམས་དཔའ་ཐམས་ཅད་ལ༔ བདག་དང་འགྲོ་བ་མ་ལུས་པ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ན་མོ༔ རྒྱལ་བ་དགོངས་བརྒྱུད་བླ་མ་དང༔ རིག་འཛིན་བརྡ་བརྒྱུད་བླ་མ་དང༔ གང་ཟག་སྙན་བརྒྱུད་བླ་མ་དང༔ ཤོག་སེར་གཏེར་གྱི་བརྒྱུད་པ་དང༔ མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་དང༔ སྨོན་ལམ་དབང་བསྐུར་བརྒྱུད་པ་ཡི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ལ༔ བདག་དང་འགྲོ་བ་མ་ལུས་པ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ ཡེ་ནས་སངས་རྒྱས་ཡིན་པ་ལ༔ ཡིན་པར་ཤེས་པའི་རང་བཞིན་དུ༔ རང་རིག་ངང་དུ་སྐྱབས་སུ་མཆི༔ ཀུན་བཟང་ཀློང་དུ་སངས་རྒྱས་ཤོག༔ ལན་གསུམ་བརྗོད། ན་མོ༔ བདག་དང་མཁའ་མཉམ་འགྲོ་བ་དང༔ དུས་གསུམ་དུས་མེད་སེམས་ཅན་རྣམས༔ ཕ་མ་དྲིན་ཅན་ཡིན་པའི་ཕྱིར༔ དུས་འདི་ནས་བཟུང་བྱང་ཆུབ་བར༔ སྡུག་བསྔལ་མཚོ་ལས་རབ་བསྒྲལ་ཏེ༔ སངས་རྒྱས་སར་འགོད་སེམས་བསྐྱེད་དོ༔ རིགས་དྲུག་འཁོར་བ་དོང་སྤྲུགས་ཤོག༔ ལན་གསུམ། དེ་ནས་དབང་དང་བྱིན་རླབས་ཀྱི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་རྩེ་གཅིག་པའི་ཡིད་ཀྱིས་དམིགས་པ་འདི་བཞིན་དུ་མཛོད་ཅིག །ལས་བུམ་ཆུ་དང་། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། ཁྱེད་རང་རྣམས་མི་དམིགས་པར་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་སེམས་ཉིད་ཀ་དག་རྫོགས་པ་ཆེན་པོའི་ཀློང་ལས༔ གུ་རུ་དྲག་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཁྲོ་ཞིང་གཏུམ་པ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་པ་མེ་དཔུང་མཚོན་ཆའི་ཐོག་སེར་འབེབ་པ༔ གནོད་བྱེད་རྒྱལ་འགོང་དམ་སྲི་དགྲ་བགེགས་རྡུལ་དུ་བརླག་པ༔ གཡོན་གནམ་ལྕགས་ཀྱི་སྡིག་པ་མགོ་དགུ་རྭ་བཅོ་བརྒྱད་དང་ལྡན་པས་དགྲ་བགེགས་དམ་སྲི་ཧབ་ཧབ་ཏུ་ཞལ་དུ་གསོལ་ཞིང་རྗེས་མེད་དུ་བརླག་པ༔ ཞེ་སྡང་མེ་ལྟར་འབར་བ་འཛིན་པ༔ དབུ་སྐྲ་རལ་པ་དམར་པོས་བར་སྣང་ཁེངས་པའི་གསེབ་ནས་ཁྲོ་ཚོགས་མཚོན་ཆ་ལྟར་འབེབ་པ་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པའོ༔ སྐུ་ལ་དུར་ཁྲོད་ཆས་བརྒྱད་དང་ལྡན་པ༔ ཞབས་གཉིས་རྒྱལ་བསེན་ཕོ་མོ་མནན་པ༔ བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་བཞུགས་པ༔ ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ༔ བདུད་དང་ལོག་འདྲེན་ཚར་གཅོད་པ༔ གནས་ལྔར་གོ་ཆ་ལྷ་ལྔ༔ གཞན་ཡང་རིགས་བདག་སྤྲུལ་པའི་འཁོར་ཚོགས་དང་བཅས་པ་སྣང་སྟོང་འཇའ་ཚོན་ལྟ་བུ་སྣང་ལ་རང་བཞིན་མེད་པའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ་དང་སོ་སོའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་གཞལ་ཡས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ནས་ནམ་མཁའ་ནས་ཆར་བབས་པ་ལྟར་བྱོན་ཏེ་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་མོས་ཤིག །སྤོས་སྦྱོར་རོལ་མོ་སོགས་ཀྱིས་བསྐུལ་ཏེ། ཧཱུྃ་ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༔ བདེ་ཆེན་མི་འགྱུར་ཆོས་དབྱིངས་ཞིང་ཁམས་ནས༔ མ་འགགས་རང་ཤར་ཀརྨ་དྲག་པོ་རྩལ༔ བདེ་གཤེགས་ཀུན་འདུས་བདུད་འདུལ་དྲག་པོ་རྩལ༔ ལྷ་ཚོགས་འཁོར་དང་བཅས་པ་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ཨཱ་བེ་ཤ་ཡ་ཨཱ༔ ཞེས་བྱིན་དབབ། ཡེ་ཤེས་པ་དེ་ཉིད་མི་ཉམས་པར་བརྟན་པའི་མོས་པ་མཛོད༔ ཏིཥྛ་བཛྲ༔ ཞེས་རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་བཞག །དེ་ནས་དབང་དངོས་གཞིའི་དོན་དུ་ཁྱད་པར་གྱི་གསོལ་བ་གདབ་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དཔལ་ལྡན་བླ་མའི་བཀའ་དྲིན་གྱིས༔ བདག་ལ་གུ་རུ་དྲག་པོ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ། གཏོར་ཆེན་ཐོགས་ལ། གཏོར་སྣོད་མཐིང་ནག་གྲུ་གསུམ་འབར་བའི་གཞལ་ཡས་ཁང་དུ། གཏོར་མ་བདུད་འདུལ་ཧེ་རུ་ཀ་གུ་རུ་ཀརྨ་དྲག་པོ་གཙོ་འཁོར་ཡོངས་སུ་རྫོགས་པར་གསལ་བའི། དཔྲལ་བའི་ཨོཾ་ཡིག་དཀར་པོ་ལས་ཁྲོ་ཆུང་དང་འོད་ཟེར་དཀར་པོའི་ཚོགས་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པར་མོས་ཤིག །ཧཱུྃ༔ ཕྱི་ནི་དམ་རྫས་བ་ལིཾ་ཏ༔ ནང་ན་དབང་དྲག་ལྷ་ཚོགས་བཞུགས༔ འགྱུར་མེད་སྐུ་ཡི་དཀྱིལ་འཁོར་ནས༔ དབང་མཆོག་དམ་པ་བསྐུར་བ་ཡིས༔ ལུས་ཀྱི་ལས་ཉོན་དྲི་མ་སྦྱངས༔ སྣང་སྲིད་ལྷ་ཡི་འཁོར་ལོར་ཤར༔ སྐུ་ཡི་རྡོ་རྗེ་འགྲུབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གཏོར་མ་དཔྲལ་བར་བཞག །གཏོར་སྣོད་མཐིང་ནག་སོགས་གོང་བཞིན་ལས། མགྲིན་པའི་ཨཱཿཡིག་དམར་པོ་ལས་ཁྲོ་ཆུང་དང་འོད་ཟེར་དམར་པོའི་ཚོགས་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པར་མོས་ཤིག །ཧཱུྃ༔ ཕྱི་ནི་དམ་རྫས་བ་ལིཾ་ཏ༔ ནང་ན་དབང་དྲག་ལྷ་ཚོགས་བཞུགས༔ འགག་མེད་གསུང་གི་དཀྱིལ་འཁོར་ནས༔ དབང་མཆོག་དམ་པ་བསྐུར་བ་ཡིས༔ ངག་གི་ལས་ཉོན་དྲི་མ་སྦྱངས༔ གྲགས་པ་སྔགས་ཀྱི་རང་སྒྲར་ཤར༔ གསུང་གི་རྡོ་རྗེ་འགྲུབ་པར་ཤོག༔ རྩ་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ གཏོར་མ་མགྲིན་པར་བཞག །གཏོར་སྣོད་མཐིང་ནག་སོགས་ནས། ཐུགས་ཀའི་ཧཱུྃ་ཡིག་སྔོན་པོ་ལས་ཁྲོ་ཆུང་དང་འོད་ཟེར་སྔོན་པོའི་ཚོགས་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཐིམ་པར་མོས་ཤིག །ཧཱུྃ༔ ཕྱི་ནི་དམ་རྫས་བ་ལིཾ་ཏ༔ ནང་ན་དབང་དྲག་ལྷ་ཚོགས་བཞུགས༔ འཁྲུལ་མེད་ཐུགས་ཀྱི་དཀྱིལ་འཁོར་ནས༔ དབང་མཆོག་དམ་པ་བསྐུར་བ་ཡིས༔ ཡིད་ཀྱི་ལས་ཉོན་དྲི་མ་སྦྱངས༔ རྟོག་ཚོགས་རིག་སྟོང་ཆོས་སྐུར་ཤར༔ ཐུགས་ཀྱི་རྡོ་རྗེ་འགྲུབ་པར་ཤོག༔ རྩ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་སྙིང་གར་བཞག །གཏོར་སྣོད་མཐིང་ནག་སོགས་ནས། ལྟེ་བའི་སྭཱ་ཡིག་སེར་པོ་ལས་ཁྲོ་ཆུང་དང་འོད་ཟེར་སེར་པོའི་ཚོགས་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་ལྟེ་བར་ཐིམ་པར་མོས་ཤིག །ཧཱུྃ༔ ཕྱི་ནི་དམ་རྫས་བ་ལིཾ་ཏ༔ ནང་ན་དབང་དྲག་ལྷ་ཚོགས་བཞུགས༔ རྩོལ་མེད་ཡོན་ཏན་དཀྱིལ་འཁོར་ནས༔ དབང་མཆོག་དམ་པ་བསྐུར་བ་ཡིས༔ སྙོམས་འཇུག་འཕོ་བའི་དྲི་མ་སྦྱངས༔ འགྱུར་མེད་བདེ་སྟོང་ཕྱག་རྒྱས་ཐེབས༔ ཡེ་ཤེས་རྡོ་རྗེ་འགྲུབ་པར་ཤོག༔ རྩ་སྔགས་མཐར། གུ་ཎ་ཨ་བྷི་ཥིཉྩ་སྭཱ༔ གཏོར་མ་ལྟེ་བར་བཞག །གཏོར་སྣོད་མཐིང་ནག་སོགས་ནས། གསང་བའི་ཧཱ་ཡིག་ལྗང་གུ་ལས་ཁྲོ་ཆུང་དང་འོད་ཟེར་ལྗང་གུའི་ཚོགས་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་གསང་བར་ཐིམ་པར་མོས་ཤིག །ཧཱུྃ༔ ཕྱི་ནི་དམ་རྫས་བ་ལིཾ་ཏ༔ ནང་ན་དབང་དྲག་ལྷ་ཚོགས་བཞུགས༔ ཐོགས་མེད་ཕྲིན་ལས་དཀྱིལ་འཁོར་ནས༔ དབང་མཆོག་དམ་པ་བསྐུར་བ་ཡིས༔ ལས་དབང་ཡུལ་གྱི་དྲི་མ་སྦྱངས༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ མི་འགྱུར་རྡོ་རྗེའི་སྐུ་འགྲུབ་ཤོག༔ རྩ་སྔགས་མཐར། ཀརྨ་ཨ་བྷི་ཥིཉྩ་ཧཱ༔ གཏོར་མ་གསང་གནས་སུ་བཞག །དེ་དག་རྣམས་ཀྱིས་གུ་རུ་ཀརྨ་དྲག་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་དང་བྱིན་རླབས་ཐོབ། སྒོ་གསུམ་གྱི་ལས་ཉོན་ཤེས་བྱ་ཆགས་རྟོག་བྱ་བྱེད་དང་བཅས་པའི་དྲི་མ་དག །ལྷ་སྔགས་ཏིང་འཛིན་བདེ་ཆེན་གྱི་ཡེ་ཤེས་བསྒོམ་པ་དང་ཕྲིན་ལས་མཐའ་དག་བསྒྲུབ་པ་ལ་དབང་། འབྲས་བུ་སྐུ་ལྔ་མངོན་དུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །སླར་ཡང་དཔལ་གྱི་གཏོར་ཆེན་འདི་ཉིད་བདུད་འདུལ་ཧེ་རུ་ཀ་གུ་རུ་ཀརྨ་དྲག་པོ་རྩལ་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་དངོས་སུ་གསལ་བའི། སྟེང་གི་ཆ་ལ་བཀའ་བརྒྱུད་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་སྤྲིན་འཁྲིགས་པ་ལྟར་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་དབང་བཞིའི་ཡེ་ཤེས་རྩལ་རྫོགས་སུ་བསྐྱེད། རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབ་པ་ཡིན་སྙམ་དུ་དད་མོས་རྩེ་གཅིག་ཏུ་བསྐྱེད་མཛོད། ཨོཾ་ཨཱཿཧཱུྃ༔ གཏོར་མ་རིན་ཆེན་འབར་བ་འདི༔ ཕྱི་ལྟར་ལྷ་ཡི་གཞལ་ཡས་ཁང༔ ནང་ལྟར་དྲག་པོ་རྩལ་ལྷ་ཚོགས༔ གསང་བ་བླ་མའི་ཐུགས་དཀྱིལ་ལྷ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ ཞི་ཆགས་ཁྲོ་བོའི་རྣམ་རོལ་པའི༔ ལྷ་ཚོགས་འཁོར་དང་བཅས་པ་ཡིས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དབང་མཆོག་དམ་པ་འདི་ལ་སྩོལ༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ རང་སེམས་ཆོས་སྐུ་མངོན་གྱུར་པའི༔ བཀའ་བརྒྱུད་བླ་མའི་དབང་ཐོབ་ཤོག༔ ཚེ་འདིར་མཁའ་སྤྱོད་མྱུར་འགྲུབ་པའི༔ པད་འབྱུང་ཡབ་ཡུམ་དབང་ཐོབ་ཤོག༔ དུག་ལྔ་རྣམ་པར་དག་པ་ཡི༔ ཐོད་ཕྲེང་རྩལ་ལྔའི་དབང་ཐོབ་ཤོག༔ སྣང་སྲིད་འཁོར་འདས་དབང་སྒྱུར་བའི༔ དྲག་པོ་རྩལ་གྱི་དབང༴ ལུས་ལ་གཟི་བརྗིད་བསྐྱེད་པའི་ཕྱིར༔ འཇམ་དཔལ་སྐུ་ཡི་དབང༴ ངག་ལ་ནུས་པ་བསྐྱེད་པའི་ཕྱིར༔ གསུང་མཆོག་རྟ་མགྲིན་དབང༴ སེམས་ལ་རྟོགས་པ་བསྐྱེད་པའི་ཕྱིར༔ ཐུགས་མཆོག་ཕྱག་རྡོར་དབང༴ ཡོན་ཏན་ལྷུན་གྱིས་གྲུབ་པའི་ཕྱིར༔ ཁྲོས་མ་ལྷ་ལྔའི་དབང༴ ཕྲིན་ལས་མ་ལུས་མྱུར་འགྲུབ་པའི༔ རྡོ་རྗེ་གཞོན་ནུའི་དབང༴ བདུད་བཞིའི་དགྲ་དཔུང་གཞོམ་པའི་ཕྱིར༔ རིགས་བཞི་ཕོ་ཉའི་དབང༴ ཕྱོགས་བཅུའི་གདོན་བགེགས་འདུལ་བའི་ཕྱིར༔ ཁྲོ་བོ་བཅུ་ཡི་དབང༴ ལས་བཞིའི་ཕྲིན་ལས་འགྲུབ་པའི་ཕྱིར༔ སྒོ་བཞི་སྲུང་མའི་དབང༴ ས་ལམ་བར་ཆད་ཀུན་སེལ་བའི༔ ཆོས་སྐྱོང་སྲུང་མའི་དབང༴ སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན༔ བླ་མ་ལྷ་ཡི་རྣམ་རོལ་དུ༔ གཅིག་དང་དུ་མར་གང་ཤར་བ༔ ཡེ་ཤེས་པ་དང་དམ་ཚིག་པ༔ རང་སེམས་ངོ་བོར་རོ་གཅིག་པའི༔ འཕོ་མེད་དོན་དམ་དབང་ཐོབ་ཤོག༔ ཀ་དག་ཀློང་ན་སྐྱེ་འཆི་བྲལ༔ ཀུན་བཟང་ཀློང་ལ་འཕོ་འགྱུར་མེད༔ རང་བཞིན་གཉུག་མ་འགྲོ་འོང་བྲལ༔ རང་གསལ་ལྷུན་གྲུབ་འགག་པ་མེད༔ གདོད་ནས་རང་སེམས་ཡེ་སངས་རྒྱས༔ གཉིས་སྣང་འཁྲུལ་རྟོག་ཀུན་ཟད་པའི༔ ཕྱག་རྒྱ་ཆེན་པོའི་དབང་ཐོབ་ཤོག༔ དུས་གསུམ་དུས་མེད་སྐྱེ་འགྲོ་དང༔ དེང་འདིར་སྐལ་ལྡན་བུ་སློབ་རྣམས༔ ཨོ་རྒྱན་ཁྱེད་དང་དབྱེར་མེད་ཤོག༔ རྩ་སྔགས་དང་། ཨོཾ་ཤྲཱི་ཀརྨ་ཧེ་རུ་ཀ་ཡ་མ་རཱ་ཛ་ཧ་ཡ་གྲཱི་བ་བཛྲ་པཱ་ཎི་ཌཱ་ཀི་ནཱི་ཧ་རི་ནི་ས་བཛྲ་ཀཱི་ལི་ཀཱི་ལ་ཡ་ཁྲོཾ་ག་རུ་ཊ་ཧཱུྃ་ཕཊ༔ ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལྷ་སྲས་མུ་ཁྲི་བཙན་པོ། རིག་འཛིན་མི་འགྱུར་རྡོ་རྗེ། གཏེར་སྟོན་རིག་འཛིན་ཆོས་རྒྱལ་རྡོ་རྗེ། གཏེར་ཆེན་བརྒྱ་དང་རྩ་བརྒྱད། གཏེར་ཕྲན་སྟོང་དང་རྩ་གཉིས། ཡང་སྤྲུལ་བྱེ་བ་གྲངས་ལས་འདས་པའི་རིག་འཛིན་དཔའ་བོ་མཁའ་འགྲོ །བཀའ་བབ་རིག་འཛིན་གྲུབ་ཐོབ། ཆོས་བདག་སྦས་པའི་རྣལ་འབྱོར། བརྒྱུད་འཛིན་ལས་ཅན་སྟོང་དང་རྩ་བརྒྱད། སྡོང་པོ་ལྟ་བུ། ཡལ་ག་ལྟ་བུ། འབྲས་བུ་ལྟ་བུ། མེ་ཏོག་ལྟ་བུ་འབྲེལ་ཚད་དོན་ལྡན། མཐོང་ཐོས་དྲན་གྲོལ་གྱི་བླ་མ་སངས་རྒྱས་བསམ་གྱིས་མི་ཁྱབ་པ་གྲངས་ལས་འདས་པ་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་གུ་རུ་དྲག་པོ་དབང་དྲག་འབར་བའི་ལྷ་ཚོགས། རིགས་བདག་ཐོད་ཕྲེང་སྡེ་ལྔ། ཁྲོ་རྒྱལ་བྱ་ཁྱུང་ག་རུ་ཊ། སྐུ་མཆོག་འཇམ་དཔལ། གསུང་མཆོག་རྟ་མགྲིན། ཐུགས་མཆོག་ཕྱག་རྡོར། ཡོན་ཏན་མཁའ་འགྲོ་སྡེ་ལྔ། ཕྲིན་ལས་ཡཀྴ་མེ་དབལ། སྤྲུལ་པ་རིགས་བཞིའི་ཁྲོ་རྒྱལ། རྩ་བའི་ལྷ་བཞི། ཐུགས་སྤྲུལ་ཁྲོ་བཅུ་ཡབ་ཡུམ། སྒོ་སྲུང་བཞི་དང་སྤྲུལ་པ་ཡང་སྤྲུལ་ལྷ་ཚོགས། ཡེ་ཤེས་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པས་རྡོ་རྗེའི་སློབ་མ་འདི་རྣམས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས་བྱིན་གྱིས་བརླབ་པ་དང་དབང་བསྐུར་བར་མཛད་དུ་གསོལ། གཟའ་ཀླུ་རྒྱལ་བསེན་དམ་སྲི་ཕོ་མོའི་གནོད་པས་མི་ཚུགས་པར་སྲུངས་ཤིག །མི་ནད་དང་། ཡམས་ནད་དང་། སྡང་དགྲ་གནོད་བྱེད། བྱད་མ་རྦོད་གཏོང་། རྣོ་བའི་མཚོན། སྦྱོར་བའི་དུག །རྨིས་ལྟས་མཚན་ངན། གློ་བུར་ཡེ་འདྲོག །མི་ཁ་བྲ་མཆུ། འཇིགས་པ་བརྒྱད་དང་བཅུ་དྲུག་གི་འཚེ་བ་ཐམས་ཅད་ཞི་བ་དང་བྱང་བར་གྱུར་ཅིག །བསྲུང་བ་དང་སྐྱོབ་པ་དང་ཚེ་དང་བསོད་ནམས་དབང་ཐང་དཔལ་འབྱོར་སྙན་གྲགས་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ནམ་འཆི་བའི་ཚེ་གནད་གཅོད་དྲག་པོ་མི་འབྱུང་ཞིང་སངས་རྒྱས་སྣང་བ་མཐའ་ཡས་དང་དབྱེར་མ་མཆིས་པར་བདེ་ཆེན་ཞིང་དུ་སངས་རྒྱས་པར་གྱུར་ཅིག །ཉམས་དང་རྟོགས་པ་རྩ་ཐིག་རླུང་གསུམ་མཐུ་དང་ནུས་པ་ས་ལམ་ཡོན་ཏན་ཐམས་ཅད་མཐར་ཕྱིན་ནས་ཡི་དམ་གུ་རུ་དྲག་པོ་རྩལ་དང་དབྱེར་མེད་པར་གྱུར་ཅིག །ཅེས་བརྗོད་ལ་གཏོར་མ་སྤྱི་བོར་བཞག་ཅིང་གོང་གསལ་རྩ་སྔགས་དང་སྤྱི་དྲིལ་གཉིས་ཀྱི་གཤམ་དུ། ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཕཊ༔ ས་མ་ཡ་རཀྵ་རཀྵ་རཀྵ༔ གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་གུ་རུ་ཀརྨ་དྲག་པོའི་ལྷ་ཚོགས་རྣམས་ཀྱི་གསང་བ་གསུམ་དང་ཁྱེད་རང་རྣམས་ཀྱི་སྒོ་གསུམ་དབྱེར་མི་ཕྱེད་པར་གྱུར་པའི་མོས་པ་མཛོད། ཧཱུྃ༔ རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་དང༔ ཡི་དམ་གུ་རུ་དྲག་པོའི་བདེན་པ་ཡིས༔ སྐལ་ལྡན་འདི་ལ་བདག་གིས་བསྲུངས་ཟིན་གྱིས༔ འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག༔ བཛྲ་རཀྵ་རཀྵ༔ ཅེས་བརྗོད་ལ་རྡོ་རྗེ་མགོར་བཞག །གཏོར་མ་སྨན་རཀ་ལྷ་ཚོགས་རྣམས་ཀྱི་བྱིན་གྱིས་བརླབས་པའི་སྲིད་ཞིའི་དྭངས་བཅུད་ཆེན་པོར་འཁྱིལ་པ་དེ་ཉིད་ལོངས་སྤྱོད་པ་ཙམ་གྱིས་ཐུན་མོང་དང་མཆོག་གི་དངོས་གྲུབ་མ་ལུས་པ་འབད་མེད་ཡིད་བཞིན་དུ་ཐོབ་པའི་མོས་འདུན་གྱིས་ཤིག །ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ལ་གཏོར་མའི་ཆ་ཤས་དངོས་གྲུབ་ཏུ་སྦྱིན། བདུད་རྩི་དཔྲལ་བ། རཀྟ་མགྲིན་པར་བྱུག་པ་དང་འཐུང་དུ་གཞུག །དེ་ནས་མཚམས་སྦྱོར་བཅས་ཤིས་བརྗོད་ཅི་རིགས་པ་བརྗོད། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ་ཕྱིན་ཆད་སྤྱི་ལྟར་བྱ། གཏོར་མ་སླར་ཡང་སྐད་ཅིག་གིས་དཀྱིལ་འཁོར་པར་གསལ་བཏབ་ལ་ཕྲིན་ལས་རྒྱས་པ་བཏང་ན་ཚོགས་ལ་རོལ་ཞིང་ལྷག་མ་ནས་བཀྲ་ཤིས་ཀྱི་བར་གཏང་དགོས་ཀྱང་། མདོར་བསྡུས་པའི་སྐབས་སུ་མཆོད་པ་ཁ་གསོས། ལས་བྱང་མཇུག་གི་མཆོད་བསྟོད། བཟོད་གསོལ། བསྡུ་ལྡང་། དགེ་བསྔོ། བཀྲ་ཤིས་ཙམ་བྱས་པས་འགྲུབ་བོ། །ལོག་སྤྱོད་རླུང་གིས་སྤར་བའི་ཞུགས། །མཐའ་འདྲེ་དམ་འགོང་ཚ་ངར་ཀུན། །མཐུ་སྟོབས་དུས་མཐའི་ཆར་པས་བསྙིལ། །འགྲོ་སེམས་ཞི་བའི་རྩལ་རྒྱས་ཤོག །ཅེས་གཏེར་ཆེན་མཆོག་གྱུར་གླིང་པའི་བཀའ་ལྟར་རིག་འཛིན་ཆོས་རྒྱལ་རྡོ་རྗེའི་མདུན་དུ་ཉིད་ཀྱི་གཏེར་ཆོས་རྣམས་ཀྱི་དབང་ལུང་ཆེད་དུ་ཞུས་པའི་སྐབས་སུ་འདི་ལྟར་བགྱིད་དགོས་པའི་བཀའ་བསྐུལ་ཆེད་དུ་བསྩལ་ཀྱང་ཡུན་རིང་ལུས་པ་ལ། སླད་ཆར་རིན་པོ་ཆེ་གཏེར་གྱི་མཛོད་འགེངས་པའི་ཆ་རྐྱེན་དུ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་བསྡེབས་པ་དགེ་ལེགས་འཕེལ།།
ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས༔ བྱིན་འབེབས་དངོས་གྲུབ་ཆར་འབེབས་ (Volume 3, Text 8)
ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས༔ བྱིན་འབེབས་དངོས་གྲུབ་ཆར་འབེབས་བཞུགས་སོ༔ ༁ོཾ༁ོཾ༔ རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས༔ བྱིན་འབེབས་རིམ་པ་བསྟན་པ་ནི༔ ཕྲིན་ལས་ལས་སྦྱོར་གང་བྱེད་ཀྱང༔ འདི་ཉིད་བྱ་བ་གནད་དུ་ཆེ༔ སཱ་མཱ་ཡཱ༔ དེ་ལ་སྨྱུག་རྒོད་ཚིགས་གསུམ་མདའི༔ མགུལ་དུ་དར་ཚོན་ཅོད་པན་བཏགས༔ གུ་གུལ་སྐྲ་སེན་སྦྱར་སྤོས་བསྲེགས༔ རོལ་མོ་སྦིར་ཞིང་མདའ་དར་གཡོབ༔ གདུང་དབྱངས་སྙན་པོས་འདི་སྐད་བརྗོད༔ ཧྲཱི༔ ཆོས་དབྱིངས་ཁྱབ་བརྡལ་ཡངས་པ་རྒྱལ་བའི་ཞིང༔ འཇའ་འོད་ཟེར་མདངས་འཁྲུགས་པའི་གུར་ཁང་ནས༔ དགོངས་བརྡའ་སྙན་བརྒྱུད་རྩ་བ་བརྒྱུད་བཅས་ཀྱི༔ རིག་འཛིན་བླ་མ་རྣམས་ཀྱིས་བྱིན་ཕོབ་ཅིག༔ འོག་མིན་རྡོ་རྗེ་དབྱིངས་ཀྱི་ཞིང་ཁམས་ནས༔ བདེ་གཤེགས་རིགས་ལྔ་ཕྱི་ནང་ཞི་ཁྲོ་དང༔ ཐེག་དགུའི་ཡི་དམ་ལྷ་ཡི་ཚོགས་རྣམས་ཀྱིས༔ མཆོག་དང་ཐུན་མོང་དངོས་གྲུབ་བྱིན་ཕོབ་ཅིག༔ ཉི་ཤུ་རྩ་བཞི་གནས་ཡུལ་དུར་ཁྲོད་ནས༔ དཔའ་བོ་མཁའ་འགྲོ་གིང་དང་ལངྐ་དང༔ ཆོས་སྲུང་བསྟན་སྐྱོང་དམ་ཅན་རྒྱ་མཚོ་ཡིས༔ ཕྲིན་ལས་རྣམ་བཞི་འགྲུབ་པའི་བྱིན་ཕོབ་ཅིག༔ རྩ་བརྒྱུད་བླ་མ་སངས་རྒྱས་བྱང་སེམས་དང༔ ཡི་དམ་མཁའ་འགྲོ་ཆོས་སྲུང་འཁོར་དང་བཅས༔ རབ་འབྱམས་ཕྱོགས་བཅུའི་ཞིང་ནས་སྐུར་བཞེངས་ལ༔ ཐུགས་རྗེས་བརྩེར་དགོངས་དབང་སྐུར་བྱིན་ཕོབ་ཅིག༔ སྣང་སྲིད་ཕྱི་ནང་གསང་བའི་མཆོད་པ་འབུལ༔ བརྗོད་བྲལ་དག་པ་རབ་འབྱམས་ཀློང་ཕྱག་འཚལ༔ རྣམ་དག་རང་བྱུང་རིག་པའི་ལྷ་ཚོགས་རྣམས༔ མ་གཡེལ་འདིར་གཤེགས་དབང་སྐུར་བྱིན་ཕོབ་ཅིག༔ གནས་ཁང་འདི་ལ་བྱིན་ཕོབ་གཟི་བརྗིད་སྩོལ༔ ཚོགས་གཏོར་ལོངས་སྤྱོད་འདི་ལ་བཅུད་ཅིག་ཕོབ༔ སྲིད་ཞིའི་ཡོན་ཏན་ཀུན་སྤུངས་རྫས་འདི་ལ༔ ཚེ་བཅུད་ནུས་སྤོར་དངོས་གྲུབ་ཆར་ཆེན་ཕོབ༔ འདི་ཉིད་རེག་མྱང་མཐོང་བ་ཙམ་གྱིས་ཀྱང༔ འགྲོ་ཀུན་ཟག་མེད་དྭངས་མ་འོད་སྐུར་ཡལ༔ ས་ཕྱོགས་ཀུན་ཏུ་བཀྲ་ཤིས་བདེ་ལེགས་ལྡན༔ མཆོག་ཐུན་དངོས་གྲུབ་མ་ལུས་གྲུབ་པ་ཡི༔ བྱིན་རླབས་ནུས་པ་ད་ལྟ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པས་བྱིན་དབབ་པར་བྱའོ༔ ཕེབས་རྟགས་བདེ་གསལ་རྟོགས་པ་སྐྱེ༔ ཉམས་འུར་བརྡ་དང་གླུ་དབྱངས་ལེན༔ འཁྲབ་ལྡིང་གསང་བའི་བརྡ་སྐད་སྨྲ༔ སྒོ་གསུམ་འཇུག་འགྱུར་གནས་ཁང་རྣམས༔ བྱིན་ཆེ་གཟི་འབར་བག་དྲོ་འབྱུང༔ སྱི་མྱི་ཡྱི༔ བདག་འདྲ་པདྨ་ཐོད་ཕྲེང་གིས༔ རིག་འཛིན་ཐུགས་ཐིག་ཆ་རྐྱེན་དུ༔ བྱིན་འབེབས་ཆོ་ག་འདི་ཉིད་བཀོད༔ མ་འོངས་འགྲོ་བ་འདྲེན་པར་ཤོག༔ སཱ་མཱ་ཡཱ༔ སློབ་དཔོན་གྱི་གསུང་བཞིན་ལོ་ཙཱ་བ་བདག་གིས་ཡི་གེར་བྲིས་ནས་གཏེར་དུ་སྦས་པ་དམ་ཅན་དྲག་པོ་ལྔ་ལ་གཏད་དོ༔ ཐུབ་པར་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་འགྱུར་མེད་རྡོ་རྗེས་བྲག་དམར་གཡའ་མ་ལུང་ནས་སྤྱན་དྲངས་པའོ།། །།
ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་ལྷ་དགུའི་དབང་གི་ཆོ་ག་འཕགས་མཆོག་དགྱེས་པའི་འཇུག་ངོགས་ (Volume 24, Text 8)
༄༅། །ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་ལྷ་དགུའི་དབང་གི་ཆོ་ག་འཕགས་མཆོག་དགྱེས་པའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། དམིགས་མེད་སྙིང་བརྩེའི་ཡེ་ཤེས་གཅིག་བསྡུས་པ། །འཇིག་རྟེན་དབང་ཕྱུག་ཁྱབ་བདག་བླ་མ་ལ། །བཏུད་ནས་སྨིན་བྱེད་བདུད་རྩིའི་ཀླུང་ཆེན་པོ། །འཕགས་མཆོག་དགྱེས་པའི་འཇུག་ངོགས་དེང་འདིར་འབེབ། །འདི་ལ་གསུམ། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་འདུ་བྱ་བ། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ། སྨིན་བྱེད་དབང་གི་ཆོ་ག་རྒྱས་པར་དབྱེ་བའོ། །དང་པོ་ནི། སྤྲོ་ན་སའི་ཆོ་ག་དང་། ལྷ་དང་བུམ་པ། སློབ་མ་སྟ་གོན་རྣམས་སྔོན་དུ་འགྲོ་བའི་སྒོ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཤིང་། སྒྲུབ་ཅིང་མཆོད་པ་དང་བཅས་དབང་བཞི་རྫོགས་པར་བསྐུར་བའི་ཚུལ་རིག་འཛིན་འགྱུར་མེད་རྡོ་རྗེས་མཛད་པའི་དཀྱིལ་ཆོག་ངོ་མཚར་སྣང་བ་དང་། བཀའ་བརྒྱད་རིག་འཛིན་ཞལ་ལུང་སོགས་ཕན་ཚུན་ལྟོ་སྦྱར་ཏེ་བརྒྱུད་ལྡན་བླ་མའི་ཕྱག་བཞེས་ལྟར་བྱ་བ་ཡིན་ལ། འདིར་རྩ་བའི་ཡི་གེའི་དགོངས་པ་དེང་སང་དཀྱུས་ཀྱི་ཕྱག་ལེན་ལྟར་རས་བྲིས་སམ་ཚོམ་བུའི་དཀྱིལ་འཁོར་དུ་སྨིན་བྱེད་འཇུག་པ་དང་དངོས་གཞི་བཅས་བསྐུར་བའི་དབང་དུ་བྱས་ཏེ། སྟེགས་བུའི་ཁར་འདི་ཉིད་ཀྱི་དཀྱིལ་ཐང་མཚན་ཉིད་དང་ལྡན་པའམ། མཎྜ་ལར་ཚོམ་བུ་ལྷ་གྲངས་དང་མཉམ་པ་བཀོད་པའི་དབུས་སུ་མཉྫིའི་སྟེང་དུ་རྣམ་བུམ་བཅུད་ལྡན་གཟུངས་རྡོར་ལྷ་ཙཀ་དང་བཅས་པ། ཤར་དུ་སྨན་གཏོར་རཀྟ། ལྷོར་རིགས་ལྔ་དར་དཔྱང་དང་བཅས་པ། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། ཤར་ལྷོར་ཆོས་དབྱུག །ལྷོ་ནུབ་ཏུ་རྐང་འོག་གི་འཁོར་ལོ་དང་དུང་། ནུབ་ཏུ་དབང་སྟེགས་གདུགས་དང་བཅས་པ། ནུབ་བྱང་དུ་པུསྟི་དང་རྡོར་དྲིལ། བྱང་ཤར་དུ་གསང་རྫས་ཀྱི་སྣོད་བདུད་རྩིའི་ཐོད་པ། མཐར་མཚམས་འཛིན་གྱི་མེ་ཏོག་དང་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། སྲུང་མའི་གཏོར་མ། ཉེ་ལོགས་ཅི་བདེ་བར་སྔོན་འགྲོའི་གཏོར་མ་དཀར་དམར། ཚོགས་ཀྱི་ཡོ་བྱད། མཎྜལ་དང་མིག་དར་མེ་ཏོག་སོགས། སློབ་དཔོན་གྱི་མདུན་དུ་ལས་བུམ། ནང་མཆོད། རྡོ་རྗེ་དྲིལ་བུ། ཌཱ་མ་རུ་མེ་ཏོག་གི་སྣོད་རྣམས་བཞག །གཞན་ཡང་ཇི་ལྟར་དགོས་པའི་ཡོ་བྱད་ཐམས་ཅད་མངོན་པར་འདུ་བྱའོ། །གཉིས་པ་སྒྲུབ་མཆོད་ནི། བརྒྱུད་འདེབས་དང་སྐྱབས་སེམས་ནས་བཟུང་། ཚོགས་ཐ་མའི་བར་ཕྲིན་ལས་ཀྱི་ཆོ་ག་འཕགས་མཆོག་དགྱེས་པའི་འཇུག་ངོགས་ལྟར་བཏང་། གསུམ་པ་སྨིན་བྱེད་ལ་གཉིས། སློབ་དཔོན་བདག་ཉིད་འཇུག་པ་དང་། སློབ་མ་གཞུག་ཅིང་དབང་བསྐུར་བའོ། །དང་པོ་ནི། སློབ་མ་ལ་ཇི་ཙམ་བསྐུར་བའི་དབང་རྣམས་བདག་འཇུག་གི་ཚུལ་དུ་རྒྱས་པར་ལེན་པའམ། མི་ནུས་ན་རིག་པའི་མེ་ཏོག་དོར་བ་ཙམ་གྱི་སྒོ་ནས་འཇུག་ཅིང་གནང་བ་ནོད་པ་ནི། དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པས་མེ་ཏོག་འཐོར་བ་དང་བཅས། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཾཿབཛྲ་ས་མ་ཡ་ཨཱཾ། ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་མེ་ཏོག་ཕུལ་བས། བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་སུ་མེད་པར་གྱུར་པར་བསམ་སྟེ། འཇུག་བྱའི་དཀྱིལ་འཁོར་དང་བདག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་འབྲས་ཆོས་ལྔ་པོ་དབྱེར་མེད་རོ་གཅིག་ཏུ་བསམ་པའོ། །ཨོཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་སཏྭཾ། ཨོཾ་བཛྲ་ས་མ་ཡ་ཧོཿ ཞེས་དངོས་གྲུབ་བསྐུལ་ཞིང་བསྟིམ། དཀྱིལ་འཁོར་གྱི་ལྷ་ལ་ཐལ་མོ་སྦྱར་བས་བཏུད་དེ། ཨོཾ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གིས་སློབ་མ་འཇུག་པར་འཚལ། །ཅེས་གསོལ་བ་བཏབ་པས་གནང་བ་བྱིན་པར་བསམ་མོ། །གཉིས་པ་སློབ་མ་གཞུག་ཅིང་དབང་བསྐུར་བ་ལ་གཉིས། དཀྱིལ་འཁོར་དུ་འཇུག་པ་དང་། ཞུགས་པའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བའོ། །དང་པོ་ནི། སྔར་མཚན་མའི་དཀྱིལ་འཁོར་མ་མཐོང་བ་མཚོན་བྱེད་དཀྱིལ་འཁོར་ཡོལ་བས་བསྒྲིབས། དེ་ནས་སློབ་མ་རྣམས་ཁང་པའི་སྒོར་འཇུག་པ་དང་མཉམ་དུ་ལས་ཀྱི་རྡོ་རྗེས་ལས་བུམ་གྱི་ཆུས་བཀྲུ །གུ་གུལ་བདུག་ཅིང་རོལ་མོའི་སྒྲ་སྦྱར། སློབ་དཔོན་གྱིས། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བཟླ་ཞིང་དྲིལ་བུ་རྒྱུན་ཆགས་སུ་དཀྲོལ། སློབ་མ་ནང་དུ་འཇུག་ཅིང་ཕྱག་བྱས་གྲལ་ལ་འཁོད་པ་དང་སློབ་དཔོན་གྱིས་འདི་སྐད་ཅེས་བརྡ་སྦྱར་ཏེ། དེའང་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་ནས་འཇུག་དགོས་པ་ཡིན་ཡང་འདིར་དཀྱིལ་འཁོར་ཡོལ་བས་ཆོད་པ་རུང་མཐུན་གྱི་དབང་དུ་བྱས་པ་ཡིན་པས། ཕྱག་གཉིས་ཐལ་མོ་སྦྱར་ཏེ་སྒོ་སྲུང་ཕོ་ཉའི་ཚོགས་ལ་དཀྱིལ་འཁོར་དུ་འཇུག་པར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ། ཡཀྴ་མེ་དབལ་ལྕགས་སྡིག་ནག །སྣ་ཚོགས་ཁྲོ་བོའི་ཚྭ་ཚྭ་འཕྲོ། །གཏུམ་ཆེན་གིང་གི་ཕོ་ཉར་བཅས། །མ་རིག་སྒོ་ཕྱེས་བདག་སོགས་རྣམས། །སྲིད་པའི་མཚོ་ལས་བསྒྲལ་བའི་ཕྱིར། ཁྱེད་ཀྱིས་ནང་དུ་གཏོང་བར་གསོལ། །ཞེས་ལན་གསུམ། ལན་ནི། དེ་ལྟར་གསོལ་བ་བཏབ་པ་ལ་དཀྱིལ་འཁོར་ཆེན་པོ་འདིར་སྐལ་མེད་རྣམས་བལྟ་བར་མི་རུང་བས་རིགས་དང་སྐལ་པ་འདྲི་བ་འདི་ལ་གསན་པས་ཁྱབ་པར་གདའ། བདུད་དང་མུ་སྟེགས་ཐེག་དམན་སོགས། །སྣོད་མིན་ལྷ་དང་ཕྱག་རྒྱ་རྫས། །གསང་སྤྱོད་བལྟ་བར་མི་རུང་བ། །ཡིན་ན་མ་བདུག་ཕྱིར་དེངས་ཤིག །ཅེས་བརྗོད། ཅེས་དྲིས་པ་ལ་དེ་ལྟ་བུའི་སྣོད་ཀྱི་སྐྱོན་དང་ལྡན་པ་མ་ལགས་ཤིང་རིགས་དང་སྐལ་བར་ལྡན་པ་ཡིན་པས་ཐུགས་བརྩེ་བས་དགོངས་ནས་འཇུག་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛད་པར་ཞུ། བདག་ཅག་སྙིང་རྗེ་ཆེན་པོའི་མཐུས། །འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །ཐེག་མཆོག་སྨིན་གྲོལ་དོན་གཉེར་ན། །དེ་དོན་བདག་ལ་གནང་བར་མཛོད། །ཅེས་ལན་གསུམ། དེ་ལྟར་གནང་བ་ནོད་ནས་ལྷག་པའི་བསམ་པ་བརྟན་པོས་འཁོད་པའི་མོས་པ་མཛོད། ཅེས་བརྡ་སྦྱར། དེ་ནས་བགེགས་བསྐྲད་པའི་ཕྱིར། སློབ་དཔོན་རང་ཉིད་སྐད་ཅིག་གིས་པདྨ་ཐོད་ཕྲེང་རྩལ་ཟ་ཧོར་མའི་སྐུར་གྱུར་པར་བསམ། ལས་རྡོར་གྱིས་བགེགས་གཏོར་བཤམས་ལ། ལས་བུམ་གྱི་ཆུས་འཐོར་ཞིང་། རཾ་ཡཾ་ཁཾ་གིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ལས་གཏོར་མ་འདོད་ཡོན་ལྔའི་ཕུང་པོ་ཟད་མི་ཤེས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་པས་བྱིན་གྱིས་བརླབ། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿ ཞེས་མགྲོན་དགུག །སློབ་དཔོན་གྱིས་རྡོར་དྲིལ་དང་བཅས་པས་བགེགས་གཏོར་བསྐོར་བཞིན་དུ། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོས་ནས་གཏོར་མ་ལས་རྡོར་ལ་གཏད་དེ་སློབ་དཔོན་གྱིས་གཡས་རྡོ་རྗེ་སྙེམས་པ་དང་བཅས་པས་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བསྟན་ཏེ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི༴ དགེ་འདུན་གྱི༴ ཆོས་ཉིད་རྣམ་པར་དག་པའི་བདེན༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན༴ ཁྱད་པར་འཇིག་རྟེན་དབང་ཕྱུག་ལྷ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་གྱུར་ཏ་རེ། སུམྦྷའི་དྲག་སྔགས་དང་། སྤོས་རོལ་ཚམ་རྔམ་དང་བཅས་པས་བགེགས་གཏོར་ཕྱིར་བསྐྱལ་ཞིང་བགེགས་བསྐྲད། སློབ་དཔོན་གྱིས། བཛྲ་རཀྵ་རཀྵ་ཧཱུྃ། ཞེས་བརྗོད་པས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འཕྲོ་བས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པའི་མོས་པ་མཛོད། ཅེས་བརྗོད། དེ་ནས་ལས་རྡོར་གྱིས་ཕྱག་གསུམ་བྱས། མེ་ཏོག་འགྱེད། ཡང་ཕྱག་གསུམ་བྱས་ནས་མེ་ཏོག་བསྡུ། སློབ་དཔོན་གྱིས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ལ་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་མདོ་རྒྱུད་རྣམས་ལས་ཇི་སྐད་གསུངས་པ་ལྟར་ལེགས་པར་གསལ་བཏབ་སྟེ་གསན་པར་ཞུ། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་མངའ་བ་དེ་ཉིད་ཀྱིས་སེམས་ཅན་རྣམས་ཀྱི་བསམ་པ་དང་དབང་པོ་དང་སྐལ་པའི་ཁྱད་པར་དང་རྗེས་སུ་མཐུན་པར། ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་ཐམས་ཅད་ཀྱང་དབྱེ་བའི་སྒོ་ནས་ཐེག་པ་རིམ་དགུར་གནས་ཀྱང་། བསྡུ་བའི་སྒོ་ནས་ཐེག་པ་ཆེ་ཆུང་གཉིས་སུ་འདུས་པ་ལས་འདིར་ཐེག་པ་ཆེན་པོ། དེ་ལའང་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ལས་འདིར་རྒྱུའི་ཐེག་པ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་ཚུལ་གསུམ་སྒྲོན་མེར་གསུངས་པ་ལྟར་འཕགས་ཆོས་བཞིས་ཁྱད་པར་དུ་གྱུར་པ་འབྲས་བུ་རྡོ་རྗེའི་ཐེག་པ་ཡིན། དེ་ལའང་ཕྱི་ཀྲི་ཡོག་སྡེ་གསུམ་གྱི་ཐེག་པ་དང་ནང་བླ་ན་མེད་པའི་ཐེག་པ་གཉིས་ལས་འདིར་ཕྱི་མ། དེ་ལའང་སྔགས་གསར་རྙིང་གཉིས་ལས་འདིར་གསར་མ་ལས་ཁྱད་པར་དུ་གྱུར་པ་གསང་སྔགས་རྙིང་མ། དེ་ལའང་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གི་བཀའ་སྲོལ་ཆེན་པོ་གསུམ་དུ་ཡོད་པ་ལས་འདིར་ཟབ་མོ་དག་སྣང་གི་གདམས་པ་དང་འབྲེལ་བ་སྟེ། དེ་ལའང་བཀའ་སྲོལ་མི་འདྲ་བ་དུ་མ་ཞིག་ཡོད་པ་ལས། འདིར་ནི་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོས་རྡོ་རྗེའི་ལུང་གིས་ལན་གཅིག་མ་ཡིན་པར་ཡང་ཡང་བསྔགས་པ་ལྟར། འཇམ་པའི་དབྱངས་དངོས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་འབྲས་བུ་མཐར་ཕྱིན་པའི་ཕྲིན་ལས་ཀྱི་སྤྲུལ་པ་ཀུན་མཁྱེན་རྒྱལ་བའི་དབང་པོ་རྡོ་རྗེ་ཐོགས་མེད་རྩལ་གྱི་ཟབ་མོ་དག་སྣང་ལས་བྱུང་བའི་ཆོས་སྡེ་སྟེ། དེ་ལ་སྤྱིར་དག་པའི་སྣང་བ་ལ་དངོས་དང་། ཉམས་དང་། རྨི་ལམ་གྱི་དག་སྣང་གསུམ་ལས། ཁྱད་པར་དུ་གྱུར་པ་སྣང་སྤྱོད་ཐམས་ཅད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་རོལ་པར་རྟག་ཏུ་གཟིགས་པ་ལས་གཞན་དུ་མ་གྱུར་པ་ཞིང་ཡོངས་སུ་སྦྱོང་བའི་འཕགས་ཆེན་རྣམས་ཀྱི་རྣམ་པར་ཐར་པ་རྒྱ་མཚོ་དང་རྗེས་སུ་འབྲེལ་བ་མངོན་སུམ་པའི་དག་པའི་སྣང་བ་སྟེ། དེ་ལྟ་བུའི་རྣམ་པར་རོལ་པ་གདུལ་བྱ་སྐལ་ལྡན་རྣམས་ཀྱི་སྣང་བ་དང་མཐུན་པར་སྟོན་པར་མཛད་ཅིང་སྐལ་མེད་རྣམས་ལ་འཆོལ་བར་མི་སྤྱོད་པའི་དོན་དུ། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྒྱ་བདུན་གྱིས་བཏབ་པ་བཞིན་དུ་ཕྱག་རྒྱ་སོ་སོས་རྒྱས་བཏབ་པའི་མཚན་ལས་ཟབ་མོ་རྒྱ་ཅན་དུ་གྲགས་པ་ལ་ཟབ་རྒྱས་ཀྱི་གདམས་པ་ཇི་སྙེད་ཅིག་ཡོད་པ་ལས། འདི་ནི་སྙིང་གི་རྒྱ་ཅན་ལས་བྱུང་བ་འཇིག་རྟེན་དབང་ཕྱུག་ལྷ་དགུའི་སྒྲུབ་ཐབས་དང་འབྲེལ་བ་སྟེ། དེའང་ཀུན་མཁྱེན་བླ་མ་ཉིད་དགུང་གྲངས་བཞི་བཅུར་སོན་པ་མེ་སྤྲེལ་ཟླ་བ་དྲུག་པའི་ཚེས་ཉེར་དྲུག་ནས་བཟུང་རང་བྱུང་འཕགས་པའི་གཞལ་མེད་ཁང་དུ་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་བསྙེན་སྒྲུབ་ལ་བཞུགས་པའི་སྐབས་སུ། མདུན་དུ་ཤེལ་ལྟར་དྭངས་པའི་དཀྱིལ་འཁོར་མཚན་ཉིད་ཚང་བའི་སྒོ་དྲུང་དུ་སློབ་དཔོན་རིན་པོ་ཆེ་ཟ་ཧོར་མའི་ཚུལ་དུ་བཞུགས་པའི་ཐུགས་ཀ་ནས་གུ་རུ་དྲག་དམར་གྱི་ཚོགས་སྤྲོས་པས་བགེགས་བསྐྲད། རྒྱ་མོ་བཟའ་ཀོང་ཇོའི་ཆ་བྱད་ཅན་གྱིས་སྒོ་ཕྱེ་བ་དང་ལྷན་དུ་སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོའི་རྣམ་པས་ནང་དུ་ཁྲིད་དེ། འཕགས་པ་འཇིག་རྟེན་དབང་ཕྱུག་ལྷ་དགུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་སྣང་བ་ལ་བརྟེན་ནས་དབང་བཞི་རྫོགས་པར་བསྐུར་པས་ཐུགས་རྒྱུད་བྱིན་གྱིས་བརླབས་པའི་ཚུལ་བསྟན་པར་མ་ཟད། ངེས་པའི་དོན་དུ་རིག་འཛིན་གཏེར་བདག་གླིང་པས་རྒྱལ་བའི་དབང་པོ་ཉིད་འཕགས་མཆོག་སེམས་ཉིད་ངལ་གསོར་དངོས་སུ་གཟིགས་པས་མཚོན། དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མ་མཆིས་པ་དེ་ཉིད་ཀྱིས་རིག་འཛིན་མཆོག་གི་སྤྲུལ་པའི་སྐུ་པདྨ་ཕྲིན་ལས་དང་། ཆོས་རྒྱལ་གཏེར་བདག་གླིང་པ་ཟུང་ལ་གནང་བ་ནས་བཟུང་སྟེ་བདག་ཅག་གི་བླ་མ་དམ་པའི་བར་བརྒྱུད་པ་བར་མ་ཆད་པ་ལས་བྱོན་པ་ཡིན་ལ། དེ་ལྟ་བུའི་ཟབ་མོའི་གདམས་པ་དེ་ལའང་རྒྱུད་མ་སྨིན་པ་སྨིན་པར་བྱེད་པ་དང་། སྨིན་ཟིན་གྲོལ་བར་བྱེད་པ་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་སུ་ཡོད་པ་ལས། འདིར་དབང་བསྐུར་བའི་རིམ་པ་དེ་སྒྲུབ་པ་སྐབས་སུ་བབ་པ་ཡིན། དེ་ལའང་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། རྡོ་རྗེ་སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱི་བྱ་བ་བདག་མདུན་བུམ་གསུམ་དབྱེར་མེད་ཀྱི་སྒོ་ནས་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་དང་། སློབ་དཔོན་བདག་ཉིད་རིག་པའི་མེ་ཏོག་དོར་བས་ལྷ་དང་སྐལ་པ་མཉམ་པར་བསྒྲུབ་པའི་ཕྱིར་དཀྱིལ་འཁོར་དུ་འཇུག་པ་རྣམས་བླ་མ་དམ་པའི་ཕྱག་བཞེས་ལས་ཇི་ལྟར་འབྱུང་བ་ལྟར་ལྷག་ཆད་མེད་པར་སྔོན་དུ་སོང་གྲུབ། ད་རྡོ་རྗེའི་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་དང་། ཞུགས་ནས་དབང་བསྐུར་བའི་ཆོ་ག་གཉིས་ལས་འདིར་འཇུག་པའི་སྐབས་ཡིན། དེ་ལའང་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པ་དང་། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པ་གཉིས་ལས། ཕྱི་འཇུག་གི་ཡན་ལག་ཁྲུས་དང་། རིགས་དང་སྐལ་བ་དྲི་ཞིང་གནང་བ་ནོད་པ། བགེགས་བསལ་བ་རྣམས་སོང་ནས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་མཚམས་སྦྱར་ལ། སློབ་མ་རྣམས་ཀྱིས་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས། ཆས་སུ་འཇུག་པ་འོག་ཏུ་གསུངས་ནའང་འབྲེལ་བ་བསྡེབས་ནས་སྐབས་འདིར་མཛད་པ་ཕྱག་ལེན་ཡིན་པས། ཁྱེད་རང་རྣམས་སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་འཐུག་པོས་ལྡོངས་ཏེ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའམ། མཇལ་ནའང་དཀྱིལ་འཁོར་སོ་མ་འདི་ཉིད་མ་མཇལ་བ་མཚོན་བྱེད་དུ་སྤྱན་དར་དམར་པོ་རེས་གདོང་བཅིང་པའི་མོས་པ་མཛོད། ཨོཾ་ཙཀྵུ་བྷནྡྷ་ཝཱ་ར་མ་ན་ཡ་ཧཱུྃ། ཞེས་མིག་དར་བཅིང་། དཀྱིལ་འཁོར་ལྷ་རྣམས་ཕྱག་སྟོང་དུ་མཇལ་མི་རུང་བས་ཕྱག་རྟེན་དུ་ཨུ་དུམྦཱ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་རེ་བྱིན་པའི་མོས་པ་མཛོད། ཨོཾ་པུཥྤ་སིདྡྷི་ཧཱུྃ། ཞེས་མེ་ཏོག་གཏད། དེ་ནས་གསོལ་བ་གདབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ས་ཕྱོགས་འདི་ཉིད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་ནང་དུ། སློབ་དཔོན་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་འཕགས་པ་འཇིག་རྟེན་དབང་ཕྱུག་གི་རྣམ་པར་བཞུགས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རྒྱལ་བ་ཀུན་གྱི་སྙིང་རྗེའི་ལྷ། །འཇིག་རྟེན་དབང་ཕྱུག་དཀྱིལ་འཁོར་དུ། །བདག་སོགས་སྣོད་ལྡན་ལེགས་དྲངས་ནས། །སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། སྐྱབས་སུ་འགྲོ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་རྣམ་པར་བཞུགས་པ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར། དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོའོ་སྙམ་པས་འདིའི་རྗེས་ཟློས་མཛོད། བདག་སོགས་མཁའ་མཉམ་སེམས་ཅན་མ་ལུས་པ། །རྩ་བ་གསུམ་གྱི་དཀྱིལ་འཁོར་ལྷ་ཚོགས་ལ། །རང་རིག་དཔལ་ལྡན་རྡོ་རྗེ་སེམས་དཔའི་ཞལ། །རང་ངོ་མ་འཕྲོད་དེ་སྲིད་སྐྱབས་སུ་མཆི། །ཞེས་ལན་གསུམ། མཁའ་མཉམ་གྱི་སེམས་ཅན་སྡུག་བསྔལ་གྱི་རྒྱུ་འབྲས་ལ་རྟག་ཏུ་སྤྱོད་པ་འདི་རྣམས་སྡུག་བསྔལ་ལས་བསྒྲལ་ནས་བྱང་ཆུབ་མཆོག་གི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སེམས་བསྐྱེད་པར་བགྱིའོ་སྙམས་པས་འདིའི་རྗེས་ཟློས་མཛོད། རང་ལ་གདོད་ནས་ཡོད་པའི་རྫོགས་སངས་རྒྱས། །གཅེར་མཐོང་ངོ་སྤྲད་འགྲོ་ཀུན་སྒྲོལ་བའི་ཆེད། །བདག་གིས་བླ་ན་མེད་པའི་རྣལ་འབྱོར་མཆོག །ཉམས་བླངས་གཞན་དོན་བྱེད་པར་སེམས་བསྐྱེད་དོ། །ཞེས་ལན་གསུམ། དེ་ནས་ཚོགས་གསག་པའི་ཕྱིར། ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་འཁོད་དེ་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ། མཆོད་སྤྲིན་སྤྲོ་བ། སྡིག་པ་བཤགས་པ། དགེ་བ་ལ་རྗེས་སུ་ཡི་རང་བ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ། དགེ་བ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོ་བ་རྣམས་ཚིག་ཕྱིར་ཐུགས་གཞོལ་བའི་སྒོ་ནས་འདིའི་རྗེས་ཟློས་མཛོད། བླ་མ་ཡི་དམ་མཁའ་འགྲོ་གཤེགས། །ཉི་ཟླ་པདྨའི་གདན་ལ་བཞུགས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཉམས་ཆག་སྡིག་སྒྲིབ་ཐམས་ཅད་བཤགས། །གསང་སྔགས་བསྒྲུབས་ལ་རྗེས་ཡི་རང་། །སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར། །མྱ་ངན་མི་འདའ་གསོལ་བ་འདེབས། །སྙིང་པོ་སེམས་ཅན་དོན་དུ་བསྔོ། །ཡང་དག་རྡོ་རྗེའི་དོན་རྟོགས་ཤོག །ཅེས་ལན་གསུམ། དེ་ནས་དབང་བསྐུར་བ་དེའང་རྟེན་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་ནའང་། དབང་འཛིན་པ་ནི་དམ་ཚིག་དང་སྡོམ་པ་ལ་རག་ལས་པས་སྨིན་བྱེད་ཀྱི་རྟེན་སྡོམ་ལྡན་དུ་བསྒྲུབ་པའི་ཕྱིར། ཐུན་མོང་དུ་རིགས་ལྔའི་དམ་ཚིག །ཁྱད་པར་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག །ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ་སྟེ་བླ་ན་མེད་པའི་དམ་ཚིག་དང་སྡོམ་པ་མ་ལུས་པ་ཡོངས་སུ་གཟུང་བར་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧོཿ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་རྣམས། །རང་བྱུང་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ། །རིགས་འདུས་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས། །བདག་ལ་བརྩེ་བས་གསན་ཅིང་དགོངས་སུ་གསོལ། །བདག་ཅག་དུས་འདི་ནས་བཟུང་བྱང་ཆུབ་བར། །བླ་མེད་དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང་། །བྱང་ཆུབ་སེམས་མཆོག་མི་ཉམས་བཟུང་བར་བགྱི། །རྡོ་རྗེ་སྙིང་པོ་རྩ་བ་རིགས་ལྔ་ཡི། །དམ་ཚིག་མ་ལུས་བདག་གིས་གཟུང་བར་བགྱི། །ལྷུན་གྲུབ་དེ་བཞིན་རིགས་ཀྱི་དམ་ཚིག་ཏུ། །སྐྱབས་གསུམ་ཁྲིམས་གསུམ་མ་ལུས་གཟུང་བར་བགྱི། །མི་འགྱུར་རྡོ་རྗེའི་རིགས་ཀྱི་དམ་ཚིག་ཏུ། །ཕྱག་རྒྱ་རྣམ་གསུམ་མི་འབྲལ་གཟུང་བར་བགྱི། །འདོད་འབྱུང་རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་རྣམ་བཞིའི་ལས་ལ་བརྩོན་པར་བྱ། །སྐྱོན་བྲལ་པདྨ་རིགས་ཀྱི་དམ་ཚིག་ཏུ། །དམ་ཆོས་མ་ལུས་ཡོངས་སུ་བཟུང་བར་བྱ། །སྣ་ཚོགས་ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། །སྡོམ་ལྡན་མཆོད་པའི་ལས་ལ་བརྩོན་པར་བྱ། ཁྱད་པར་ལྷ་སྔགས་བདེ་ཆེན་རྡོ་རྗེ་གསུམ། །བདག་གི་སྒོ་གསུམ་མཉམ་སྦྱོར་སྒྲུབ་པ་དང་། །ཤེས་དང་མི་སྤང་དང་དུ་བླང་བ་དང་། །བསྒྲུབ་དང་སྤྱད་པར་བྱ་བ་ལྔ་ལྔ་སྟེ། །ཉི་ཤུ་རྩ་བརྒྱད་རྩ་བ་ཡན་ལག་བཅས། །གསང་སྔགས་རྡོ་རྗེ་སྙིང་པོའི་སྡོམ་པ་ཀུན། །བདག་གིས་མ་ལུས་ཡོངས་སུ་གཟུང་བར་བྱ། །དེ་ཡིས་འགྲོ་ཀུན་སྲིད་མཚོ་ལས་བསྒྲལ་ཏེ། །བླ་མེད་རྡོ་རྗེ་འཆང་གི་ས་ཐོབ་ཤོག །ཅེས་ལན་གསུམ། གཞི་ལུས་བྱིན་གྱིས་བརླབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ལ་ཕོག་པས། རྣམ་སྨིན་གདོས་བཅས་ཤ་ཁྲག་གི་ལུས་འདིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མེ་ལོང་གི་རླངས་ཡལ་བ་ལྟར་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཆུ་ལས་ཉ་ལྡང་བ་ལྟར་ཁྱེད་རང་རྣམས་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་མི་བསྐྱོད་འཇིག་རྟེན་དབང་ཕྱུག་གི་སྐུར་ལམ་གྱིས་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་རྒྱས་བཏབ་པས་གཉུག་མ་ཡེ་ཤེས་ཀྱི་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་གྱུར་པ་ལ་སློབ་དཔོན་གྱིས་མཆོད་པའི་མོས་པ་མཛོད། ལས་རྡོར་གྱིས་མཆོད་པ་བཏེགས་ཤིང་སློབ་དཔོན་གྱིས་སོ་སོའི་ཕྱག་རྒྱ་བཅས་པས། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་པུཥྤེའི་གནས་སུ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱཱ། ཞེས་བཅུག་པས་མཆོད། དེ་ནས་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་སྒོ་དྲུང་ན་གནས་པས་ཕྱོགས་ཀྱི་སྒོ་སྲུང་རྣམས་ལ་དཀྱིལ་འཁོར་དུ་འཇུག་པར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཕྲིན་ལས་རྣམ་བཞིའི་ལས་མཛད་པའི། །དཀར་སེར་དམར་ལྗང་སྒོ་མ་བཞིས། །དཀྱིལ་འཁོར་གསང་བའི་སྒོ་ཕྱེས་ལ། །བདག་སོགས་ནང་དུ་གཏོང་བར་གསོལ། །ཞེས་ལན་གསུམ། ལས་རྡོར་གྱིས་དཀྱིལ་འཁོར་གྱི་ཡོལ་བ་བསལ་ལ། དཀྱིལ་འཁོར་གྱི་སྒོ་ཤག་གིས་ཕྱེ་བར་གྱུར་པའི་ནང་ནས། སློབ་དཔོན་གཙོ་བོའི་རྣམ་པ་ཉིད་ལས་སྲོང་བཙན་སྒམ་པོའི་རྣམ་པར་བྱོན་ནས་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ་དཀྱིལ་འཁོར་གྱི་ནང་དུ་ཁྲིད་ནས་ཁྱམས་ལ་གནས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕྱག་བྱས་པའི་མོས་པ་དང་བཅས་ཏེ་ཐལ་མོ་སྦྱར་ནས་འདིའི་རྗེས་ཟློས་མཛོད། ཧོཿ རང་སེམས་དོན་གྱི་སྤྱན་རས་གཟིགས། །གདོད་ནས་ལྷུན་གྱིས་གྲུབ་པའི་གཟུགས། །མངོན་སུམ་ལོགས་སུ་གསལ་མཐོང་བར། །གཉིས་མེད་དོན་གྱི་ཕྱག་འཚལ་ལོ། །ན་མོ་པུ་རུ་ཤ་ཡ་ཧོཿ དེ་དག་གིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པ་སོང་ནས། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སླད་དུ་སྦྱོར་བ་དམ་ལ་བཞག་པ་ལ་གསུམ་ལས། དང་པོ་གསང་བ་གཞན་ལ་མི་བསྒྲག་པར་གདམས་པའི་སྒོ་ནས་དམ་ལ་བཞག་པ་ནི། སློབ་དཔོན་གྱིས་མགོ་བོར་རྡོ་རྗེ་བཞག་ལ། ཧོཿ ཤིན་ཏུ་གཉན་པའི་དཀྱིལ་འཁོར་འདིར། ཁྱོད་ཀྱིས་དངོས་གྲུབ་མྱུར་ཐོབ་པར། །གེགས་བྱེད་གསང་བ་གཞན་དག་ལ། །སྨྲས་ན་དམ་ཚིག་ཉམས་པར་འགྱུར། །ཨོཾ་བཛྲ་ས་མ་ཡ་ཧཱུྃ། གཉིས་པ་ཕན་ཡོན་དང་ཉེས་དམིགས་གཉིས་ལྡན་གྱི་སྒོ་ནས་དམ་ལ་བཞག་པ་ནི། དུང་ཆོས་ཀྱི་ཆུ་བྱིན་ལ། ཧོཿ རྡོ་རྗེའི་དམ་ཚིག་ཉེར་བསྲུངས་ན། །དངོས་གྲུབ་མ་ལུས་མྱུར་དུ་ཐོབ། །འདས་ན་དཔག་མེད་དུཿཁའི་རྒྱུ། །དེ་ཕྱིར་དམ་སྲུངས་འདི་ཐུངས་ཤིག །ཨོཾ་བཛྲ་ཨུ་ད་ཀ་ཋ་ཋ་ཋ། གསུམ་པ་རྡོ་རྗེ་སློབ་དཔོན་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྤྱི་བོར་བཞག་སྟེ། ཧོཿ ཁྱེད་ཀྱི་ཐུགས་རྗེ་ཆེན་པོ་དེ། །དེང་ནས་བརྩམ་སྟེ་ང་ཡིན་པས། །ང་ཡིས་བསྒོ་བ་ལས་འདས་ན། །མནར་མེད་དམྱལ་བར་ལྟུང་ཏ་རེ། །ཨོཾ་བཛྲ་ས་མ་ཡ་ཧཱུྃ། དེ་ལྟར་དམ་བཞག་གསུམ་གྱི་སྒོ་ནས་རྒྱུད་བརྟན་པར་བྱས་པ་ལ། ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོཿ རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས། །དུས་འདིར་བདག་ལ་དབབ་ཏུ་གསོལ། །ཞེས་ལན་གསུམ། དེ་ནས་ཡེ་ཤེས་དབབ་པའི་སླད་དུ། ཁྱེད་རང་རྣམས་ལུས་གནད་སྐྱིལ་ཀྲུང་དྲང་པོར་བསྲང་། ངག་གི་གནད་རླུང་ཁ་སྦྱོར་དུ་ཆིངས། སེམས་ཀྱི་གནད་གཞན་དུ་མ་ཡེངས་པས་དམིགས་པ་འདི་བཞིན་དུ་མཛོད། སྔར་དཀྱིལ་འཁོར་གྱི་གཙོ་བོར་བསྐྱེད་པ་དེ་ཉིད་འདིར་སླར་ཡང་གསལ་འདེབས་ཀྱི་ཚུལ་དུ་སྐད་ཅིག་གིས་མི་བསྐྱོད་འཇིག་རྟེན་དབང་ཕྱུག་གི་སྐུར་གྱུར་པ་ནི། སྐུ་མདོག་གངས་རི་ལ་ཉི་མ་ཤར་བ་ལྟར་དཀར་བ། ནོར་བུ་ཆུ་ཤེལ་ལྟར་དྭངས་པ། ཞི་ཞིང་འཛུམ་ལ་ལང་ཚོ་རྒྱས་པ། སྤྱན་གཉིས་འགྲོ་ལ་ལྷག་པར་གཟིགས་པ། དབུ་སྐྲ་རལ་པའི་ཐོར་ཚུགས་བཅིངས་པའི་ལྷག་མ་ཐུར་དུ་འཕྱང་བ། ཕྱག་གཡས་བརྐྱངས་པའི་མཆོག་སྦྱིན་དང་། གཡོན་སྟ་ཟུར་ངོས་སུ་དཀུར་བརྟེན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟས་བཀླུབས་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། སྐུ་ལས་དྲི་མ་མེད་པའི་འོད་ཟེར་འཕྲོ་བ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རི་བོ་པོ་ཏ་ལ་སོགས་དག་པའི་ཞིང་ཁམས་རབ་འབྱམས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད། འཕགས་པ་འཇིག་རྟེན་དབང་ཕྱུག་གི་རྣམ་པར་ཁ་བ་དང་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་གཉིས་མེད་དུ་གྱུར་པའི་མོས་པ་མཛོད། ཁྱད་པར་གྱི་སྤོས་བདུག །ཌཱ་དྲིལ་སོགས་རོལ་མོའི་སྒྲ་འཁྲོལ་ཞིང་ཡི་གེ་དྲུག་པའི་མཐར། ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་དྲག་ཏུ་བཟླ་ཞིང་དབབ། བྱིན་ཕེབས་པ་ན། དེ་ལྟར་བྱིན་ཕེབས་པའི་ཡེ་ཤེས་པ་རྣམས་བརྟན་པར་གྱུར་སྙམ་པའི་མོས་པ་མཛོད། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ། ཨོཾ་བཛྲ་ཏིཥྛནྟུ། དངོས་གྲུབ་བརྟག་པའི་སླད་དུ་མིག་དར་དང་བཅས་པས་དཀྱིལ་འཁོར་གྱི་སྟེང་གི་ནམ་མཁའ་ལ་ལྟོས་ལ་ཁ་དོག་ཅི་མཐོང་། ཞེས་དྲི། སོ་སོས་མཐོང་བ་དང་བསྟུན་ཏེ་འདི་སྐད་ཅེས། དེ་ནས་དཀར་པོར་མཐོང་ན་གཙོ་བོ་རྡོ་རྗེའི་རིགས། སྔོན་པོར་མཐོང་ན་དེ་བཞིན་གཤེགས་པའི་རིགས། སེར་པོ་རིན་ཆེན། དམར་པོ་པདྨ། ལྗང་གུ་ལས་ཀྱི་རིགས་ཀྱི་ལས་དང་དངོས་གྲུབ་ཐོབ་པ་ཡིན་ནོ། །ཞེས་བརྡ་སྤྲད། དེ་ནས་རིགས་བརྟག་པའི་ཕྱིར་མེ་ཏོག་དོར་བ་ནི། འདི་ན་འཕགས་པ་འཇིག་རྟེན་དབང་ཕྱུག་ལྷ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཞུགས་པ་ཡིན་པས། ངོ་བོ་ཡེ་ཤེས་ཀྱི་རོལ་པ་ལ་བཟང་ངན་མེད་ཀྱང་། རང་གི་ལས་འབྲེལ་ཡོད་པའི་ལྷ་དེ་ལ་འབབ་པར་ཤོག་ཅིག་སྙམ་དུ་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་དེ་ཉིད་ལྟོས་པ་མེད་པར་དོར་མཛོད། ཧོཿ འཇིག་རྟེན་དབང་ཕྱུག་དཀྱིལ་འཁོར་དུ། །རིན་ཐང་མེད་པའི་མེ་ཏོག་འབུལ། །རིགས་ཀྱི་ལས་འཕྲོ་གང་སད་པའི། །ཡི་དམ་ལྷ་ལ་འབབ་པར་ཤོག །ཨོཾ་པུཥྤེ་པཱུ་ཛ་ཧོཿ ཞེས་དངོས་སུ་དཀྱིལ་འཁོར་ལ་དོར་རྒྱུ་ཡིན་ནའང་། རྡུལ་ཚོན་ལ་དོར་མི་ཐུབ་ཅིང་། རས་བྲིས་ལའང་དབང་མང་པོའི་ཚེ་མི་བདེ་བས། ཕྱག་ལེན་ལ་མཎྜལ་ཚོམ་བུ་ལྔ་པ་བཤམས་པ་དཀྱིལ་འཁོར་དང་རོ་གཅིག་ཏུ་མོས་ནས་དེར་དོར་བ་ཡིན་ནོ། །དེའང་མེ་ཏོག་དབུས་ཀྱི་ཚོམ་བུ་ལ་བབས་ན་གསང་མཚན་བཛྲ་འཇིག་རྟེན་དབང་ཕྱུག །ཤར་དུ་སྣང་མཛད་འཇིག་རྟེན་དབང་ཕྱུག །ལྷོར་རིན་འབྱུང་འཇིག་རྟེན་དབང་ཕྱུག །ནུབ་ཏུ་སྣང་མཐའ་འཇིག་རྟེན་དབང་ཕྱུག །བྱང་དུ་དོན་གྲུབ་འཇིག་རྟེན་དབང་ཕྱུག་ཅེས་བཏགས་པ་ཡིན་པས་མ་བརྗེད་པར་གྱིས་ཤིག །ཅེས་བཏགས་ནས། རང་གིས་ཕུལ་བའི་མེ་ཏོག་གི་ཕྲེང་བ་དེ་རིགས་གང་གིས་བཞེས་པའི་ལྷ་དེས་སླར་ཡང་རང་གི་སྤྱི་བོར་བཅིངས་པའི་མོས་པ་མཛོད། ཧཱུྃ། མཐུ་སྟོབས་དབང་ཕྱུག་སེམས་དཔའ་ཆེ། ཁྱོད་ཀྱིས་རྡོ་རྗེ་སློབ་མ་འདི། །བླ་ན་མེད་པའི་བྱང་ཆུབ་མཆོག །མ་ཐོབ་དེ་སྲིད་རྗེས་ཟུངས་ཤིག །པུཥྤེ་མུ་ཀུཊ་ཨ་བྷི་ཥིཉྩ་མི། ཞེས་མེ་ཏོག་སྤྱི་བོར་བཞག །དེ་ནས་མ་རིག་པའི་ལིང་ཏོག་མིག་དར་དང་ལྷན་ཅིག་བསལ་བའི་མོས་པ་མཛོད། ཧོཿ ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊཿ ཅེས་མིག་རས་བསལ། དེ་ལྟར་མ་རིག་པའི་ལིང་ཏོག་མིག་དར་གྱིས་མཚོན་པ་བསལ་བའི་ཤུལ་ནས་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་དེས་འཕགས་པ་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་པ་ལྟར་མཐོང་བའི་མོས་པ་མཛོད། དེ་ཡང་གཉིས་འཛིན་གྱི་རྟོག་པ་སྲེག་པའི་བརྡར་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ། དེའི་ནང་དུ་མི་རྟོག་པའི་ཡེ་ཤེས་ལ་ཅིས་ཀྱང་མི་ཤིགས་པའི་བརྡར་རྡོ་རྗེའི་ར་བ། རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་པའི་བརྡར་དུར་ཁྲོད་ཆེན་པོ་བརྒྱད། ཉེས་སྐྱོན་གྱིས་མ་གོས་པའི་བརྡར་པད་ཕྲེང་། རང་བཞིན་གྱིས་འོད་གསལ་བའི་བརྡར་ཉི་གདན། རྟེན་འབྲེལ་བཅུ་གཉིས་དག་པའི་བརྡར་འོག་གཞི་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པ། སངས་རྒྱས་ཀྱི་ཡེ་ཤེས་ཉིད་དབྱིབས་དང་ཁ་དོག་ཏུ་སྣང་བས་གདུལ་བྱའི་རེ་བ་སྐོང་བའི་བརྡར་གཞལ་ཡས་ཁང་རྒྱུ་རིན་པོ་ཆེ་ལས་གྲུབ་པ། བྱང་ཕྱོགས་སོ་བདུན་དང་མ་འདྲེས་པའི་ཡོན་ཏན་སོགས་འབྲས་བུའི་ཆོས་ཐམས་ཅད་མ་འདྲེས་ཡོངས་རྫོགས་སུ་དག་པའི་བརྡར་དཀྱིལ་འཁོར་གྱི་དབྱིབས་དང་རྒྱན་གྱི་བྱེ་བྲག་ལ་སོགས་ཏེ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས། ཡེ་ཤེས་ལྔ་མཚོན་པའི་པདྨ་འདབ་བཞི་ལྟེ་བ་དང་བཅས་པའི་རིགས་ལྔའི་གནས་སུ་གདན་པདྨ་དང་ཟླ་བའི་དཀྱིལ་འཁོར། སྒོ་བཞིར་ཟླ་བའི་གདན་རེ་རེ། བརྟེན་པ་ལྷ་ནི་དཀྱིལ་འཁོར་དབུས་སུ་ཞེ་སྡང་གནས་སུ་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་མི་བསྐྱོད་འཇིག་རྟེན་དབང་ཕྱུག་སྐུ་མདོག་དཀར་པོ། འདབ་བཞིའི་ཤར་དུ་གཏི་མུག་གནས་སུ་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་རྣམ་སྣང་འཇིག་རྟེན་དབང་ཕྱུག་སྔོན་པོ། ལྷོར་སེར་སྣ་དག་པ་མཉམ་ཉིད་ཡེ་ཤེས་ཀྱི་བདག་ཉིད་རིན་འབྱུང་འཇིག་རྟེན་དབང་ཕྱུག་སེར་པོ། ནུབ་ཏུ་འདོད་ཆགས་དག་པ་སོར་རྟོག་ཡེ་ཤེས་ཀྱི་བདག་ཉིད་སྣང་མཐའ་འཇིག་རྟེན་དབང་ཕྱུག་དམར་པོ། བྱང་དུ་ཕྲག་དོག་དག་པ་བྱ་གྲུབ་ཡེ་ཤེས་ཀྱི་བདག་ཉིད་དོན་གྲུབ་འཇིག་རྟེན་དབང་ཕྱུག་ལྗང་གུ །དེ་ལྔ་ཀ་ཞི་ཞིང་འཛུམ་པ་ཕྱག་གཡས་མཆོག་སྦྱིན་དང་གཡོན་དཀུར་བརྟེན་པ་དར་དང་རིན་པོ་ཆེས་བརྒྱན་ཅིང་། མཉམ་པའི་སྟབས་ཀྱིས་བཞེངས་པ། སྒོ་བཞིར་ཚད་མེད་བཞིས་འགྲོ་བ་འདུལ་བས་ཕྲིན་ལས་བཞིའི་བདག་ཉིད་སྒོ་མ་བཞི་སྟེ། ཤར་སྒོར་ལྕགས་ཀྱུ་མ་དཀར་མོ། ལྷོ་སྒོར་ཞགས་པ་མ་སེར་མོ། ནུབ་སྒོར་ལྕགས་སྒྲོག་མ་དམར་མོ། བྱང་སྒོར་དྲིལ་བུ་མ་ལྗང་གུ །བཞི་ཀ་གཡོན་སྡིགས་མཛུབ་དང་། ཞབས་དོར་སྟབས། དར་དང་རིན་པོ་ཆེས་བརྒྱན་པ། ལྷ་ཚོགས་དེ་ཐམས་ཅད་ཀྱང་སེམས་ཉིད་རང་བྱུང་གི་ཡེ་ཤེས་འགག་མེད་སྒྱུ་འཕྲུལ་གྱི་རོལ་པར་འཆར་བའི་ཡེ་ཤེས་ཀྱི་སྣང་བརྙན་ཉིད། ད་རེས་མཚན་མའི་རྟགས་འདིས་མཚོན་ནས་མཐོང་བར་གྱུར་སྙམ་དུ་མོས་པ་ཡང་དག་པར་མཛོད། ཅེས་ངོ་སྤྲད། དེ་ལྟར་ཕྱི་ནང་གི་འཇུག་པའི་རིམ་པ་རྣམས་སོང་ནས། གཉིས་པ་ཞུགས་པའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་ལའང་ཐོག་མར་བླ་མ་སྐུ་རྡོ་རྗེའི་བདག་ཉིད་ཅན་དུ་གསལ་བ་ལ་བུམ་པའི་དབང་བསྐུར་བ་ཞུ་བའི་དོན་དུ་མཎྜལ་ཕུལ་མཛོད། ཅེས་སློབ་མ་རྣམས་ཀྱིས་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རྒྱལ་བ་ཀུན་གྱི་སྙིང་རྗེའི་ལྷ། །འཇིག་རྟེན་དབང་ཕྱུག་དཀྱིལ་འཁོར་འདིར། །སྣོད་ལྡན་བདག་ལ་དབང་བསྐུར་ཏེ། །སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །ལན་གསུམ། ཞེས་པས་གསོལ་བ་གདབ་ནས། དངོས་གཞིའི་དབང་བསྐུར་བ་ལ། སྤྱིར་དབང་གི་ངོ་བོ་ནི། ཐོབ་བྱའི་འབྲས་བུ་ཁྱད་པར་ཅན་མངོན་དུ་སྐྱེས་པའམ། སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པ་སྟེ། དཔེར་ན་ཆུ་ལུད་དྲོད་གཤེར་འཛོམ་པའི་དུས་སུ་ཞིང་ལ་ས་བོན་ཐེབས་པ་བཞིན་ནོ། །ངེས་ཚིག་ནི། ཨ་བྷི་ཥིཉྩ་ཞེས་པའི་སྒྲ་ལས་དྲངས་ན། མངོན་པར་གཏོར་བའམ་བླུགས་པ་སྟེ། དབང་བཞིས་རང་སྐལ་གྱི་དྲི་མ་འཁྲུད་ཅིང་། སྐུ་བཞིའི་ས་བོན་ཁྱད་པར་ཅན་གྱི་སྐལ་པ་འཇོག་པས་ན་དབང་ངོ་། །དེའང་སྤྱིར་དབང་གི་སྦྱང་གཞི་ནི། ཐོབ་བྱ་རང་གནས་ཀྱི་གཉུག་མའི་རྡོ་རྗེ་བཞིའོ། །སྦྱང་བྱ་ནི། དེ་ཉིད་སྒྲིབ་བྱེད་གློ་བུར་གྱི་དྲི་མ་ཕྲ་རགས་རྣམས་སོ། །སྦྱོང་བྱེད་སློབ་བུའི་བློའི་ཐེག་ཚད་དང་སྦྱར་བའི་དབང་བསྐུར་བས། དེ་དང་རྗེས་སུ་མཐུན་པའི་ལམ་སྒོམ་རུང་དང་། འབྲས་བུ་ཐོབ་རུང་དུ་སྨིན་པར་བྱེད་པ་ཡིན། སྦྱངས་འབྲས་ནི་སྐུ་བཞིའི་ས་བོན་ནམ་ནུས་པ་ཁྱད་པར་ཅན་གསོས་ཐེབས་པའོ། །བསྐུར་བྱའི་དབང་ལ་དབྱེ་ན་སྦྱང་གཞི་རྡོ་རྗེ་བཞི་དང་། སྦྱངས་འབྲས་སྐུ་བཞི་ལ་ལྟོས་ནས་དབང་བཞི་ལས། ཐོག་མར་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་སྐབས་སུ་བབས་པ་ཡིན། དེ་ལའང་ཕན་དབང་ངམ་སློབ་མའི་དབང་དང་། ནུས་དབང་ངམ་རྡོ་རྗེ་སློབ་དཔོན་གྱི་དབང་གཉིས་ལས། དང་པོ་དད་པ་ཅན་རྗེས་སུ་གཟུང་བར་བྱ་བའི་ཕྱིར་ཕན་པའི་དབང་ངམ་རིག་པའི་དབང་ལྔ་བསྐུར་བ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ཀྱི་རྣམ་པར་སྤྲིན་ཕུང་གཏིབས་པ་བཞིན་དུ་མདུན་གྱི་ནམ་མཁར་སད་པར་གྱུར། ལས་བུམ་གྱི་ཆུ་འཐོར་ཞིང་། སྭ་བྷཱ་བས་སྦྱང་། སློབ་མ་དང་དབང་རྫས་རྣམ་རྒྱལ་བུམ་པའི་ཆུ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་ཟླ་བའི་གདན་ལ་ཧཱུྃ་དཀར་པོ་ལས་མི་བསྐྱོད་འཇིག་རྟེན་དབང་ཕྱུག་སྐུ་མདོག་དཀར་པོ་གཡས་མཆོག་སྦྱིན་དང་གཡོན་དཀུར་བརྟེན་པ་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། དར་དང་རིན་པོ་ཆེས་བརྒྱན་པའི་སྐུར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོཿས་བསྟིམ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧྭ། ནས། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱཱ། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། མི་བསྐྱོད་འཇིག་རྟེན་དབང་ཕྱུག་ཞུ་བ་ལས་དབང་རྫས་བུམ་པར་གྱུར་པ་ནམ་མཁའི་དབང་ལྷ་རྣམས་ཀྱིས་ཐོགས་ནས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་དབང་བསྐུར་བའི་མོས་པ་མཛོད། མི་བསྐྱོད་འཇིག་རྟེན་དབང་ཕྱུག་གི །གསང་བ་གསུམ་ལས་བྱུང་བ་ཡི། །བུམ་པའི་དབང་བསྐུར་ཆེན་པོ་འདི། །སྐལ་ལྡན་བུ་ལ་སྦྱིན་པར་བྱ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བཛྲ་ལོ་ཀེ་ཤྭ་ར་ཀ་ལ་ཤ་ཨ་བྷི་ཥིཉྩཱ་མི། བུམ་པ་མགོ་བོར་བཞག་ཅིང་བུམ་ཆུ་བླུད། དེ་ལྟར་བུམ་པའི་ཆུས་དབང་བསྐུར་པས་ཞེ་སྡང་དག་སྟེ། རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པའི་ངོ་བོར་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །ལས་བུམ་གྱི་ཆུ་དང་། སྭ་བྷཱ་བའི་སྔགས་ཀྱིས། སློབ་མ་དང་དབུ་རྒྱན་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཛྲིཾ་ལས་རིན་འབྱུང་འཇིག་རྟེན་དབང་ཕྱུག་སེར་པོ་གཡས་མཆོག་སྦྱིན་དང་། གཡོན་དཀུར་བརྟེན་པའི་ཕྱག་རྒྱ་ཅན་མཉམ་པའི་སྟབས་ཀྱིས་བཞེངས་པ། དར་དང་རིན་པོ་ཆེས་བརྒྱན་པའི་སྐུར་གྱུར་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿས་བསྟིམ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་མཆོད། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱིས་རིན་འབྱུང་འཇིག་རྟེན་དབང་ཕྱུག་ཞུ་བ་ལས་བྱུང་བའི་དབང་རྫས་དབུ་རྒྱན་ཐོགས་ནས་དབང་བསྐུར་བའི་མོས་པ་མཛོད། རིན་འབྱུང་འཇིག་རྟེན་དབང་ཕྱུག་གི །གསང་བ་གསུམ་ལས་བྱུང་བ་ཡི། །ཅོད་པན་དབང་བསྐུར་ཆེན་པོ་འདི། །སྐལ་ལྡན་བུ་ལ་སྦྱིན་པར་བྱ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ རཏྣ་ལོ་ཀེ་ཤྭ་ར་རཏྣ་མུ་ཀུཊ་ཨ་བྷི་ཥིཉྩཱ་མི། ཞེས་དབུ་རྒྱན་མགོ་བོར་བཅིང་། དེ་ལྟར་རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་པས་སེར་སྣ་དག་སྟེ། ཚོར་བའི་ཕུང་པོ་རིན་ཆེན་འབྱུང་གནས་ཀྱི་ངོ་བོར་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །ལས་བུམ་ཆུ་དང་། སྭ་བྷཱ་བས་སྦྱང་། སློབ་མ་དང་རྡོ་རྗེ་མི་དམིགས་པ་སྟོང་པར་གྱུར། སྟོང་པའི་ངང་ལས་ཨཾ་ལས་སྣང་མཐའ་འཇིག་རྟེན་དབང་ཕྱུག་དམར་པོ་གཡས་མཆོག་སྦྱིན་དང་། གཡོན་དཀུར་བརྟེན་པའི་ཕྱག་རྒྱ་ཅན། མཉམ་པའི་སྟབས་ཀྱིས་བཞེངས་པ་དར་དང་རིན་པོ་ཆེས་བརྒྱན་པའི་སྐུར་གྱུར་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿས་བསྟིམ། ཨོཾ་བཛྲ་པུཥྤེ་སོགས་ཀྱིས་མཆོད། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱིས་སྣང་མཐའ་འཇིག་རྟེན་དབང་ཕྱུག་ཞུ་བ་ལས་བྱུང་བའི་དབང་རྫས་རྡོ་རྗེ་ཐོགས་ནས་དབང་བསྐུར་བའི་མོས་པ་མཛོད། སྣང་མཐའ་འཇིག་རྟེན་དབང་ཕྱུག་གི །གསང་བ་གསུམ་ལས་བྱུང་བ་ཡི། །རྡོ་རྗེའི་དབང་བསྐུར་ཆེན་པོ་འདི། །སྐལ་ལྡན་བུ་ལ་སྦྱིན་པར་བྱ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ པདྨ་ལོ་ཀེ་ཤྭ་ར་མ་ཧཱ་བཛྲ་ཨ་བྷི་ཥིཉྩཱ་མི། ཞེས་རྡོ་རྗེ་ལག་གཡས་སུ་གཏད་ཅིང་སྙིང་གར་འཛིན་དུ་བཅུག །དེ་ལྟར་རྡོ་རྗེའི་དབང་བསྐུར་པས་འདོད་ཆགས་དག་སྟེ། འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་ཀྱི་ངོ་བོར་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །ལས་བུམ་གྱི་ཆུ་དང་། སྭ་བྷཱ་ཝས་སྦྱང་། སློབ་མ་དང་དྲིལ་བུ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཁཾ་ལས་དོན་ཡོད་འཇིག་རྟེན་དབང་ཕྱུག་ལྗང་གུ་གཡས་མཆོག་སྦྱིན་དང་། གཡོན་དཀུར་བརྟེན་པའི་ཕྱག་རྒྱ་ཅན། མཉམ་པའི་སྟབས་ཀྱིས་བཞེངས་པ། དར་དང་རིན་པོ་ཆེས་བརྒྱན་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོ། ཨོཾ་བཛྲ་པུཥྤེ་སོགས་ཀྱིས་མཆོད། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱིས་དོན་ཡོད་འཇིག་རྟེན་དབང་ཕྱུག་ཞུ་བ་ལས་བྱུང་བའི་དབང་རྫས་དྲིལ་བུ་ཐོགས་ནས་དབང་བསྐུར་བའི་མོས་པ་མཛོད། དོན་ཡོད་འཇིག་རྟེན་དབང་ཕྱུག་གི །གསང་བ་གསུམ་ལས་བྱུང་བ་ཡི། །དྲིལ་བུའི་དབང་བསྐུར་ཆེན་པོ་འདི། །སྐལ་ལྡན་བུ་ལ་སྦྱིན་པར་བྱ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀརྨ་ལོ་ཀེ་ཤྭ་ར་དྷརྨ་གཎྜེ་ཨ་བྷི་ཥིཉྩཱ་མི། ཞེས་དྲིལ་བུ་ལག་གཡོན་དུ་གཏད་ཅིང་དཀུར་འཛིན་དུ་བཅུག །དེ་ལྟར་དྲིལ་བུའི་དབང་བསྐུར་པས་ཕྲག་དོག་དག་སྟེ། འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པའི་ངོ་བོར་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །ལས་བུམ་གྱི་ཆུ་དང་། སྭ་བྷཱ་བས་སྦྱང་། སློབ་མ་དང་རྡོར་དྲིལ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་སྣང་མཛད་འཇིག་རྟེན་དབང་ཕྱུག་སྔོན་པོ་གཡས་མཆོག་སྦྱིན་དང་། གཡོན་དཀུར་བརྟེན་པའི་ཕྱག་རྒྱ་ཅན། མཉམ་པའི་སྟབས་ཀྱིས་བཞེངས་པ། དར་དང་རིན་པོ་ཆེས་བརྒྱན་པའི་སྐུར་གྱུར་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ བཛྲ་པུཥྤེ་སོགས་ཀྱིས་མཆོད། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱིས་སྣང་མཛད་འཇིག་རྟེན་དབང་ཕྱུག་ཞུ་བ་ལས་བྱུང་བའི་དབང་རྫས་རྡོར་དྲིལ་ཐོགས་ནས་རྣམ་པར་སྣང་མཛད་མིང་གི་དབང་བསྐུར་བའི་མོས་པ་མཛོད། སྣང་མཛད་འཇིག་རྟེན་དབང་ཕྱུག་གི །གསང་བ་གསུམ་ལས་བྱུང་བ་ཡི། །མིང་གི་དབང་བསྐུར་ཆེན་པོ་འདི། །སྐལ་ལྡན་བུ་ལ་སྦྱིན་པར་བྱ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བུདྡྷ་ལོ་ཀེ་ཤྭ་ར་བཛྲ་ཨ་བྷི་ཥིཉྩཱ་མི། རྡོར་དྲིལ་སྤྱི་བོར་ལྷན་ཅིག་བཟུང་ནས་དཀྲོལ་ཞིང་། ཀྱཻ་བཛྲ་འཇིག་རྟེན་དབང་ཕྱུག་ཅེས་བྱ་བའི་དེ་བཞིན་གཤེགས་པའོ། །དེ་བཞིན་དུ། སྣང་མཛད་དབང་ཕྱུག །སོགས་སྔར་སོ་སོའི་གསང་མིང་བཏགས་པ་བརྗོད་པར་བྱ་སྟེ་མི་མང་བས་མི་ངེས་ན། སློབ་དཔོན་གྱིས་ཀྱེ་དཔལ་ཞེས་དྲིས་པས། སློབ་མས་རང་རང་གི་མིང་ཞུས་ནས། བཛྲ་འཇིག་རྟེན་དབང་ཕྱུག་སོགས་གང་ཡིན་བརྗོད་དོ། །དེ་ལྟར་མིང་གི་དབང་བསྐུར་པས་གཏི་མུག་དག་སྟེ། གཟུགས་ཀྱི་ཕུང་པོ་རྣམ་སྣང་གི་ངོ་བོར་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །དེ་ལྟར་དབང་ལྔ་པོ་ཐོབ་པས་ནི་སྤང་བྱ་མ་རིག་པ་ལྔ་སྤངས་ནས་ཐོབ་བྱ་རིག་པའི་ཡེ་ཤེས་ལྔའི་ནུས་པ་འཇོག་པར་བྱེད་པས་རིག་པའི་དབང་ངམ། རིགས་ལྔ་སོ་སོ་དང་འབྲེལ་བའི་ཕྱི་དཀྱིལ་དྲང་དོན་གྱི་བསྐྱེད་རིམ་རྣམས་ཉན་དུ་རུང་བ་ཙམ་ལས། ད་ལྟ་ཉིད་ནས་རང་གཞན་གྱི་དོན་གཉིས་སྒྲུབ་པའི་ནུས་པ་སོ་སོར་བཞག་ཏུ་མེད་པས་ན་ཕན་པའི་དབང་ངམ་རྡོ་རྗེ་སློབ་མའི་དབང་ཞེས་བྱ་བ་ཡིན་ནོ། །དེ་ནས་གདུལ་བྱ་བརྩོན་འགྲུས་ཅན་རྗེས་སུ་འཛིན་པར་བྱེད་པ་ནང་ནུས་པའི་དབང་ལ། རྡོ་རྗེ་སློབ་དཔོན་གྱི་དབང་དང་དེའི་རྗེས་འབྲེལ་ནང་ལྷའི་དབང་སྦྱིན་པ་གཉིས་ལས། དང་པོ་ཕྱིར་མི་ལྡོག་པ་རྡོ་རྗེ་སློབ་དཔོན་གྱི་དབང་ཞུ་བའི་དོན་དུ་མཎྜལ་ཕུལ་མཛོད། ཅེས་བརྡ་སྦྱར་ལ་སློབ་མ་རྣམས་ཀྱིས་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོཿ ཕྱིར་མི་ལྡོག་པ་སློབ་དཔོན་གྱི། །དབང་བསྐུར་དམ་པ་བསྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་སྔོན་འགྲོ་དབང་སྟེགས་ལ་བཞག་པ་ནི། དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་རྡོ་རྗེ་སློབ་དཔོན་མཆོག་ཏུ་མངའ་གསོལ་བའི་ཕྱིར་དཀྱིལ་འཁོར་གྱི་ཤར་སྒོར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་ལ་གནས་པའི་སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ཕུབ་ཅིང་མཐའ་སྐོར་དུ་མཆོད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར་པ་ལས། རིགས་དྲུག་པ་འཇིག་རྟེན་དབང་ཕྱུག་གི་སྐུར་གྱུར་པའི་མོས་པ་མཛོད། དེ་ཉིད་ལ་དངོས་གཞི་དམ་ཚིག་གསུམ་སྦྱིན་ཞིང་གཞན་དོན་འཆད་ཉན་བསྒོམ་པའི་གནང་བ་སྦྱིན་པ་ནི་གཙོ་བོ་འཇིག་རྟེན་དབང་ཕྱུག་བདེ་བ་ཆེན་པོའི་ངོ་བོ་རྡོ་རྗེ་ལག་གཡས་དང་། དེའི་ཡུམ་སྟོང་པ་ཉིད་ཀྱི་ངོ་བོ་དྲིལ་བུ་ལག་གཡོན་དུ་གཏད་པ་སྙིང་གར་བསྣོལ་ཏེ་འཁྱུད་རྒྱ་བྱས་པས། ཁྱེད་རང་རྣམས་རིགས་འདུས་འཕགས་པ་འཇིག་རྟེན་དབང་ཕྱུག་ཏུ་གསལ་བའི་པང་དུ་རང་སྣང་ཡེ་ཤེས་ཀྱི་ཕྱག་རྒྱ་མ་རེ་རེས་ཡང་དག་པར་འཁྱུད་པས་ཐུགས་རྒྱུད་བདེ་བས་ཡོངས་སུ་ཁྱབ་པར་གྱུར་པ་ལ། རྐང་འོག་ཏུ་འཁོར་ལོ་བཞག་ཅིང་དུང་དང་གླེགས་བམ་གཏད་པས་བདེ་སྟོང་ཟུང་འཇུག་གི་ངང་ནས་གཞན་དོན་བྱེད་པའི་གནང་བ་ཐོབ་པར་གྱུར་སྙམ་པའི་མོས་པ་མཛོད། ཅེས་ལག་གཉིས་རྡོར་དྲིལ་རྐང་འོག་ཏུ་འཁོར་ལོ་པང་དུ་གླེགས་བམ་དང་དུང་། སྤྱི་བོའི་སྟེང་དུ་གདུགས་བསྐོར་ཞིང་། ཧོཿ རིགས་རྣམས་ཀུན་གྱི་བདག་ཉིད་ཆེ། །རྡོ་རྗེ་སློབ་དཔོན་དབང་བསྐུར་བས། །སྨིན་གྲོལ་རྒྱུད་དང་མན་ངག་རྣམས། །འཆད་ཉན་བསྒོམ་པའི་དབང་ཐོབ་ཤོག །དེ་ལྟར་རྡོ་རྗེ་ཐུགས་ཀྱི་དམ་ཚིག །དྲིལ་བུ་གསུང་གི་དམ་ཚིག །ཕྱག་རྒྱ་སྐུའི་དམ་ཚིག་གསུམ་སྦྱིན་པས་ཕྱི་ནང་གི་རྡོར་དྲིལ་ཁ་སྦྱོར་ལས་བྱུང་བའི་བདེ་སྟོང་གིས་རྒྱུད་གང་བས་དོན་གཉིས་སྒྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་ཅིང་། དེའི་བྱེད་ལས་ཉན་བསྒོམ་འཆད་པའི་གནང་བ་ཐོབ་པས་སློབ་མ་རྗེས་འཛིན་ལ་སོགས་པའི་ཕྲིན་ལས་ལ་དབང་འབྱོར་བར་བྱས་པ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་ཡིན་ནོ། །དེ་ཉིད་བརྟན་པར་བྱ་བའི་ཕྱིར་སངས་རྒྱས་ཀུན་གྱིས་རྡོ་རྗེ་མི་ཤིགས་པའི་བདག་ཉིད་ཅན་གྱི་བུམ་པའི་ཆུས་དབང་བསྐུར་བའི་མོས་པ་མཛོད། རིགས་འདུས་འཇིག་རྟེན་དབང་ཕྱུག་གི །གསང་བ་གསུམ་ལས་བྱུང་བ་ཡི། །བུམ་པའི་དབང་བསྐུར་ཆེན་པོ་ནི། །སྐལ་ལྡན་བུ་ལ་སྦྱིན་པར་བྱ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བཛྲ་ལོ་ཀེ་ཤྭ་ར་ཀ་ལ་ཤ་ཨ་བྷི་ཥིཉྩཱ་མི། ཞེས་བུམ་པའི་ཆུས་དབང་བསྐུར་པས་སྐུ་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་པ་ལས་རིགས་ཀྱི་བདག་པོས་དབུ་བརྒྱན་པ་ལ། ནམ་མཁར་བཞུགས་པའི་གདན་གསུམ་ཚང་བའི་ལྷ་ཐམས་ཅད་ཀྱང་ཐིམ་པར་གྱུར་པ་ལ། དཀྱིལ་འཁོར་གྱི་ལྷ་དང་སློབ་དཔོན་ལྷན་ཅིག་པས་ཤིས་བརྗོད་མེ་ཏོག་གཏོར་བས་རབ་ཏུ་གནས་པར་བྱས་པའི་མོས་པ་མཛོད། ཅེས་མེ་ཏོག་འཐོར་བཞིན་དུ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད། དེ་ལྟར་ཁྱེད་རང་རྣམས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་བྱིན་གྱིས་བརླབས་པ་ལ་མངའ་དབུལ་བའི་ཕྱིར་མཆོད་པར་གྱུར་སྙམ་པའི་མོས་པ་མཛོད། ལས་རྡོར་གྱིས་མཆོད་པ་བཏེག་ཅིང་སློབ་དཔོན་གྱིས་ཕྱག་རྒྱ་དང་བཅས་པས། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། ནས། ཤབྡའི་བར་གྱིས་མཆོད། དེ་ལྟར་ཐོབ་པས་ནི་རིགས་དྲུག་དང་འབྲེལ་བའི་ཕྱི་དཀྱིལ་ཉན་བསྒོམ་འཆད་པ་དང་ལས་ཚོགས་སྒྲུབ་པ་སོགས་ལ་དབང་བར་བྱས་པ་ཡིན་ནོ། །དེ་ནས་ནང་ལུས་དཀྱིལ་གྱི་བསྐྱེད་རིམ་ལ་དབང་བའི་སླད་དུ་ཐ་མལ་གྱི་སྣང་ཞེན་སྦྱོང་བ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུའི་དབང་སྦྱིན་པ་ནི། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་གཙོ་བོར་གསལ་བར་གྱུར་པ་ལ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མར་མེ་གཅིག་ལས་གཉིས་མཆེད་ལྟར་བྱོན་ནས་རང་རང་གི་བསྐུར་གནས་སོ་སོར་ཐིམ་པས་ཅིར་སྣང་ལྷ་སྐུ་སྒྱུ་མ་ལྟ་བུའི་རོལ་པས་རང་གཞན་གྱི་དོན་སྒྲུབ་པའི་ནུས་པ་ཁྱད་པར་ཅན་ཐོབ་པའི་མོས་པ་མཛོད། གཙོ་བོའི་ཙཀ་ལི་སྙིང་གར་བཞག་སྟེ། ཧྲཱིཿ བཛྲ་ཐུགས་རྗེ་ཆེན་པོ་ཡིས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །རྣམ་ཤེས་ཕུང་པོ་གནས་གྱུར་ནས། །ཆོས་དབྱིངས་ཡེ་ཤེས་ཐོབ་པར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བཛྲ་ལོ་ཀེ་ཤྭ་ར་ཨ་བྷི་ཥིཉྩཱ་མི། སྣང་མཛད་འཇིག་རྟེན་དབང་ཕྱུག་གི་ཙཀ་ལི་སྤྱི་བོར་བཞག་སྟེ། ཧྲཱིཿ བུདྡྷ་ཐུགས་རྗེ་ཆེན་པོ་ཡིས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །གཟུགས་ཀྱི་ཕུང་པོ་གནས་གྱུར་ནས། །མེ་ལོང་ཡེ་ཤེས་ཐོབ་པར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བུདྡྷ་ལོ་ཀེ་ཤྭ་ར་ཨ་བྷི་ཥིཉྩཱ་མི། རིན་འབྱུང་འཇིག་རྟེན་དབང་ཕྱུག་གི་ཙཀ་ལི་ལྟེ་བར་བཞག་སྟེ། ཧྲཱིཿ རཏྣ་འཇིག་རྟེན་དབང་ཕྱུག་གིས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །ཚོར་བའི་ཕུང་པོ་གནས་གྱུར་ནས། །མཉམ་ཉིད་ཡེ་ཤེས་ཐོབ་པར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ རཏྣ་ལོ་ཀེ་ཤྭ་ར་ཨ་བྷི་ཥིཉྩཱ་མི། སྣང་མཐའ་འཇིག་རྟེན་དབང་ཕྱུག་གི་ཙཀ་ལི་མགྲིན་པར་བཞག་སྟེ། ཧྲཱིཿ པདྨ་འཇིག་རྟེན་དབང་ཕྱུག་གིས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །འདུ་ཤེས་ཕུང་པོ་གནས་གྱུར་ནས། །སོར་རྟོག་ཡེ་ཤེས་ཐོབ་པར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ པདྨ་ལོ་ཀེ་ཤྭ་ར་ཨ་བྷི་ཥིཉྩཱ་མི། དོན་གྲུབ་འཇིག་རྟེན་དབང་ཕྱུག་གི་ཙཀ་ལི་གསང་གནས་སུ་བཞག་སྟེ། ཧྲཱིཿ ཀརྨ་འཇིག་རྟེན་དབང་ཕྱུག་གིས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །འདུ་བྱེད་ཕུང་པོ་གནས་གྱུར་ནས། །བྱ་གྲུབ་ཡེ་ཤེས་ཐོབ་པར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀརྨ་ལོ་ཀེ་ཤྭ་ར་ཨ་བྷི་ཥིཉྩཱ་མི། ཤར་གྱི་སྒོ་མའི་ཙཀ་ལི་ལག་གཡས་སུ་བཞག་སྟེ། ཧྲཱིཿ ལྷ་མོ་ལྕགས་ཀྱུ་མ་ཡི་དབང་། །སྐལ་ལྡན་འདི་ལ་བསྐུར་བ་ཡིས། །ཞི་བའི་ཕྲིན་ལས་མཐར་ཕྱིན་ནས། །བྱམས་པ་ཆེན་པོའི་དབང་ཐོབ་ཤོག །ཨོཾ་བཛྲ་ཨང་ཀུ་ཤ་ཨ་བྷི་ཥིཉྩཱ་མི། ལྷོ་ཡི་སྒོ་མའི་ཙཀ་ལི་ལག་གཡོན་པར་བཞག་སྟེ། ཧྲཱིཿ ལྷ་མོ་ཞགས་པ་མ་ཡི་དབང་། །སྐལ་ལྡན་འདི་ལ་བསྐུར་བ་ཡིས། །རྒྱས་པའི་ཕྲིན་ལས་མཐར་ཕྱིན་ནས། །སྙིང་རྗེ་ཆེན་པོའི་དབང་ཐོབ་ཤོག །ཨོཾ་བཛྲ་པཱ་ཤ་ཨ་བྷི་ཥིཉྩཱ་མི། ནུབ་ཀྱི་སྒོ་མའི་ཙཀ་ལི་པུས་མོ་གཡས་པར་བཞག་སྟེ། ཧྲཱིཿ ལྷ་མོ་ལྕགས་སྒྲོག་མ་ཡི་དབང་། །སྐལ་ལྡན་འདི་ལ་བསྐུར་བ་ཡིས། །དབང་གི་ཕྲིན་ལས་མཐར་ཕྱིན་ནས། །དགའ་བ་ཆེན་པོའི་དབང་ཐོབ་ཤོག །ཨོཾ་བཛྲ་སྥོ་ཊ་ཨ་བྷི་ཥིཉྩཱ་མི། བྱང་གི་སྒོ་མའི་ཙཀ་ལི་པུས་མོ་གཡོན་དུ་བཞག་སྟེ། ཧྲཱིཿ ལྷ་མོ་དྲིལ་བུ་མ་ཡི་དབང་། །སྐལ་ལྡན་འདི་ལ་བསྐུར་བ་ཡིས། །དྲག་པོའི་ཕྲིན་ལས་མཐར་ཕྱིན་ནས། །བཏང་སྙོམས་ཆེན་པོའི་དབང་ཐོབ་ཤོག །ཨོཾ་བཛྲ་གཎྜེ་ཨ་བྷི་ཥིཉྩཱ་མི། དེ་ལྟར་ནང་ལྷའི་དབང་བསྐུར་པས་འཁོར་འདས་ཀྱི་རྟོག་ཚོགས་ཐམས་ཅད་སྣང་སྟོང་ལྷའི་རོལ་པར་ཡོངས་སུ་དག་པས། ནང་དཀྱིལ་ཟབ་མོའི་བསྐྱེད་རིམ་འཁོར་བཅས་ལ་དབང་འབྱོར་བར་བྱས་པ་ཡིན་ནོ། །དེ་ལྟར་ན་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། ཇི་ལྟར་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་འཆར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད་དོ། །དེ་ནས་གསང་བ་ཟབ་མོའི་དབང་ལ་གསུམ་ཡོད་པ་ལས། རྩ་བའི་ས་བཅད་གཉིས་པ་བླ་མ་གསུང་རྡོ་རྗེའི་བདག་ཉིད་ཅན་ལ་གསང་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། སློབ་མས་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱཻ། དགའ་ཆེན་བདག་ཉིད་སློབ་དཔོན་ཆེ། །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས། །བདག་ལུས་རྩ་ཁམས་ཀུན་ཁྱབ་ནས། །གཏུམ་མོའི་ཡེ་ཤེས་བསྐྱེད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། སྔོན་ཆད་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མ་མཇལ་བ་མཚོན་བྱེད་དུ་སྤྱན་དར་འཆིང་བར་ཞུ། ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ན་ཡ་ཧཱུྃ། དེ་ནས་སློབ་དཔོན་མི་བསྐྱོད་ཐུགས་རྗེ་ཆེན་པོ་རང་སྣང་གི་ཡུམ་མཱ་མ་ཀཱི་དང་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་རྟེན་དུ་གྱུར་པ་དྷུ་ཏིའི་ལམ་ནས་བརྒྱུད་འཁོར་ལོ་བཞིར་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བ། ཡུམ་གྱི་པདྨོར་འཁྱིལ་བས་ཉི་ཟླ་གཉིས་འདྲེས་དེ་ཉིད་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་གྱུར་པས་བདུད་རྩི་བྱང་ཆུབ་ཀྱི་སེམས་རྒྱུན་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། ཧཱུྃ། དཀར་དམར་བྱང་ཆུབ་སེམས་ཀྱི་རྒྱུན། །སྐལ་ལྡན་བུ་ལ་བྱིན་པ་ཡིས། །རྩ་ཁམས་བདེ་བས་ཡོངས་ཁྱབ་པའི། །གསང་བའི་དབང་མཆོག་ཐོབ་པར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨ་མྲྀཏ་གུ་ཧྱ་ཨ་བྷི་ཥིཉྩཱ་མི། ཞེས་བརྗོད་ནས་བདུད་རྩི་ཆོས་སྨན་གྱི་ཕབས་ལྡན་བུ་རམ་གྱི་འཕྲད་དང་སྦྱར་བ་ལྕེར་བྱིན་ལ་མྱོང་དུ་བཅུག །དེ་ནས་མགྲིན་པ་ནས་ཐིག་ལེ་འཕེལ་བས། ལུས་ཐམས་ཅད་རྩས་ཁྱབ། དེ་བྱང་ཆུབ་ཀྱི་སེམས་ཀྱིས་གང་ཞིང་ཁྱབ། དུས་གསུམ་གྱི་རྟོག་པ་འགགས། བྱང་ཆུབ་ཀྱི་སེམས་ཀྱིས་ཁྱབ་པ་དེ་ཐམས་ཅད་ལ་བདེ་བས་ཁྱབ་སྟེ་ཞུ་བདེས་ཁྱད་པར་དུ་བྱས་པས་སེམས་གསལ་སྟོང་གི་ཡེ་ཤེས་ཉམས་སུ་མྱོང་བ་ནི་གསང་དབང་གི་ཡེ་ཤེས་ཏེ། དེ་ཉིད་མཇལ་བའི་བརྡར་སྤྱན་དར་བསལ་བར་ཞུ། དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་གཏུམ་མོའི་རྣལ་འབྱོར་བསྒོམ་པ་ལ་དབང་། སྒྱུ་མ་ཆུ་ཟླ་ལྟ་བུར་བདག་བྱིན་གྱིས་བརླབ་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། གསུམ་པ་བླ་མ་ཐུགས་རྡོ་རྗེའི་བདག་ཉིད་ཅན་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་ཞུ་བའི་དོན་དུ་མཎྜལ་ཕུལ་མཛོད། སློབ་མས་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧཱུྃ། མཚན་ལྡན་ཡིད་འོང་གཟུངས་མ་ལ། །བསྟེན་ནས་བཅུ་དྲུག་དགའ་བ་བཞི། །ཤེས་རབ་ཡེ་ཤེས་བདེ་ཆེན་གྱི། །དབང་བསྐུར་དམ་པ་བསྩལ་དུ་གསོལ། །ཞེས་ལན་གསུམ། སྔོན་ཆད་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་མ་མཇལ་བ་མཚོན་བྱེད་དུ་སྤྱན་དར་འཆིང་བར་ཞུ། ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ན་ཡ་ཧཱུྃ། བླ་མས་མཚན་ཉིད་དང་ལྡན་པའི་རིག་མ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པས་བརྒྱན་པ་ཞིག་ལག་པ་གཡས་ནས་བཟུང་སྟེ་ཁྱེད་རང་རྣམས་ཀྱི་ལག་གཡོན་དུ་གཏད་པའི་མོས་པ་མཛོད། རིགས་བཟང་བཅུ་དྲུག་ན་ཚོད་ཅན། །མཐོང་བས་བདེ་བ་སྟེར་བ་འདི། །བུ་ཁྱོད་ཀྱིས་བསྟེན་གཉིས་འཛིན་གྱི། །རྟོག་བྲལ་ལྷན་སྐྱེས་བདེ་ཆེན་མྱོངས། །ཨོཾ་པྲ་ཛྙཱ་ཛྙཱ་ན་ཀརྨ་མུ་དྲ་ཨ་བྷི་ཥིཉྩཱ་མི། ཞེས་རིག་མའི་ཙཀ་ལིའམ་དྲིལ་བུ་གང་རིགས་སློབ་མའི་ལག་གཡོན་དུ་གཏད། དེ་ནས་ཁྱེད་རང་རྣམས་མི་བསྐྱོད་ཐུགས་རྗེ་ཆེན་པོ་དང་། གཏད་པའི་རིག་མ་དེ་ཡུམ་མཱ་མ་ཀཱིར་གསལ་བ་ནི་ལྷའི་འདུ་ཤེས། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེའི་ལྟེ་བར་བྱང་ཆུབ་སེམས་ཀྱི་ངོ་བོ་ཧཱུྃ། བུ་གར་ཕཊ་ཀྱིས་མཚན་པ། ཡུམ་གྱི་མཁའ་ཨཱཿལས་པདྨ་ཟེའུ་འབྲུར་ཨཱཿས་མཚན་པར་བསམ་པ་ནི་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་བདེ་སྟོང་གི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། དེ་ལྟར་འདུ་ཤེས་གསུམ་གྱི་སྒོ་ནས་སྙོམས་པར་ཞུགས་པ་རྗེས་ཆགས་ཀྱི་མེས་ཧཾ་ཡིག་ཞུ་བས་བྱང་ཆུབ་སེམས་ཀྱི་རྒྱུན་མགྲིན་པ་སོགས་འཁོར་ལོ་བཞིར་ལུགས་འབྱུང་གི་དགའ་བ་དང་། མཆོག་དགའ་དང་ཁྱད་པར་གྱི་དགའ་བ་དང་། དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བཞི་རིམ་པར་ཉམས་སུ་མྱོང་ནས། སླར་ཡང་མཁའ་གསང་གི་རྩེར་འཛག་མེད་དུ་བཟུང་བ་དེ་ཉིད་གྱེན་དུ་དྲངས་པས་ལྟེ་བ་སོགས་འཁོར་ལོ་བཞིར་མས་བརྟན་གྱི་དགའ་བ་དང་། མཆོག་དགའ་དང་། ཁྱད་པར་གྱི་དགའ་བ་དང་། རང་བཞིན་ལྷན་ཅིག་སྐྱེས་པའི་དགའ་བ་བཞི་རིམ་པར་ཉམས་སུ་མྱོང་སྟེ། རང་བཞིན་ལྷན་སྐྱེས་འོད་གསལ་བ་ཆེན་པོ་རང་རིག་གི་ངོ་བོར་ཆོས་ཐམས་ཅད་རོ་གཅིག་པར་མཐོང་བ་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་བོ་སྟེ། དེ་ཉིད་མཇལ་བའི་བརྡར་སྤྱན་དར་བསལ་བར་ཞུ། དེ་ལྟར་ན་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ཕོ་ཉའི་ལམ་བསྒོམ་པ་ལ་དབང་། ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། བཞི་པ་བླ་མ་ཡེ་ཤེས་རྡོ་རྗེའི་བདག་ཉིད་ཅན་ལ་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཞུ་བའི་དོན་དུ་མཎྜལ་ཕུལ། སློབ་མས་མཎྜལ་འབུལ། དེ་ནས་ཤིན་ཏུ་དད་ཅིང་གུས་པས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱཻ་མ་རྡོ་རྗེ་སློབ་དཔོན་གྱིས། །གདོད་ནས་རང་བྱུང་བདེ་བ་ཆེའི། །ཡེ་ཤེས་གཅེར་མཐོང་རིག་པའི་རྩལ། །བཞི་པའི་དབང་བསྐུར་བསྩལ་དུ་གསོལ། །ཞེས་ལན་གསུམ། དེ་ནས་ཁྱེད་རང་རྣམས་ལུས་གནད་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དྲང་པོར་བསྲང་། ངག་གནད་རླུང་རྩོལ་མེད་རང་བབས་སུ་བཞག །ཡིད་ཀྱི་གནད་བུམ་དབང་དང་གསང་དབང་དུས་ཀྱི་ལུས་དང་རིག་པ་གསལ་སྟོང་། དབང་གསུམ་པའི་དུས་ཀྱི་རིག་པ་བདེ་སྟོང་སྟེ། དེ་ལྟར་བདེ་གསལ་གྱི་ངང་དེར་རང་རིག་པའི་ངོ་བོ་ལ་ཆེར་གྱིས་ལྟོས་ལ་བསལ་བཞག་གིས་མ་བསླད་པར་རང་བབས་སུ་ཤིགས་སེ་ཞོག་ཅིག །དེའི་དོན་ཚིག་གིས་ངོ་སྤྲད་པ་འདི་ལ་གསན་པས་ཁྱབ་པར་གདའ། ཧཱུྃ། ལུགས་འབྱུང་ལུགས་ལྡོག་བདེ་བའི་གཤིས། །བརྗོད་བྲལ་སྟོང་གསལ་ཡེ་ཤེས་ལྔའི། །ཀློང་དུ་འགྱུར་མེད་ཀུན་ཏུ་བཟང་། །ཀུན་ཁྱབ་རང་ངོ་འཕྲོད་པར་ཤོག །ཨོཾ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩཱ་མི། ཞེས་བརྗོད། དེ་ལྟར་བཞག་པས་སྣང་རིག་ངོས་གཟུང་དང་བྲལ་བའི་ཡེ་ཤེས་བདེ་གསལ་རྣམ་པར་མི་རྟོག་པ་ནམ་མཁའ་ལྟ་བུའི་ངང་ལ་ཁྲེས་སེ་བཞག་པ་ནི་རང་བཞིན་རྫོགས་པ་ཆེན་པོའི་དོན་ཡིན་ནོ། །དེ་ནས་སློབ་དཔོན་སྲོང་བཙན་སྒམ་པོའི་རྣམ་པར་གྱུར། དེ་ཡང་འཇའ་དང་འོད་ཀྱི་རྣམ་པ། དེའི་ངང་ལས་ཆོས་རྒྱལ་གྱི་སྐུ་ཇི་ལྟ་བ་ལ་འཇའ་ཚོན་ལྟར་ཁྲ་ཤིག་གེ་བ་ཕྱག་ན་ཆོས་དབྱུག་སྦ་མཁར་ཚིགས་གསུམ་པ་བཟུང་བ་ཁྱེད་རང་རྣམས་ཀྱི་སྙིང་གར་གཏད་དེ་ངོ་སྤྲད་པའི་མོས་པ་མཛོད། སྦ་མཁར་སློབ་མའི་གཙོ་བོ་ཞིག་གི་སྙིང་གར་བཙུག་ལ། ཆོས་དབྱུག་གཅིག་པུར་སྐྱེས་པ་ནི། །ཆོས་ཉིད་ཐིག་ལེ་ཉག་གཅིག་བརྡ། །དྲང་པོ་ལྷུན་གྲུབ་གཉུག་མའི་གཤིས། །དཀར་བ་བག་ཆགས་དྲི་མ་མེད། །འཇམ་མཛེས་ལས་དང་ཉོན་མོངས་བྲལ། །སྣུམ་འདྲིལ་ཟག་མེད་བདེ་བས་ཁྱབ། །ཟང་ཐལ་ཡེ་ཤེས་རྒྱུན་ཆད་མེད། །ཚིགས་གསུམ་སྐུ་གསུམ་ལྷུན་གྱིས་གྲུབ། །ནམ་ཡང་འགྱུར་མེད་རང་ངོ་ཤེས། །དབང་ཡུལ་ཉོན་མོངས་སྐུ་དང་ཡེ་ཤེས་གྲུབ། །རང་ཤར་རང་གྲོལ་ཆོས་ཉིད་རོལ་པ་ཡིས། །ཀུན་གཞིའི་སྒྲིབ་པ་བག་ཆགས་ཀུན་སྦྱངས་ནས། །ཐུགས་རྗེ་ཆེན་པོའི་ཐུགས་དང་དབྱེར་མེད་ཤོག །ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་ཆོས་དབྱུག་གི་བརྡས་མཚོན་ཏེ། སེམས་ཉིད་གཉུག་མའི་གཤིས་གང་དུའང་མ་གྲུབ་པའི་རང་སངས་རང་རིག་སེམས་བྱུང་གི་སྤྲོས་པ་ཐམས་ཅད་དང་བྲལ་བ་རྣམ་པར་མི་རྟོག་པ། མདངས་བདེ་བ་ཆེན་པོ་རོལ་པ་མ་འགགས་པ། རྩལ་ཅིར་ཡང་འཆར་བ། དྭངས་གསལ་མི་གཡོ་ལ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ་དེ་ནི་རང་བྱུང་གི་ཡེ་ཤེས་ཏེ་དབང་བཞི་པའི་ཡེ་ཤེས་ཡིན་ནོ། །ཞེས་ངོ་སྤྲོད། དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ཕྲ་བའི་སྒོ་གསུམ་སྣང་གསུམ་གྱི་དྲི་མ་དག །ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་བདེ་ཆེན་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། དེ་ལྟར་འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དཀྱིལ་འཁོར་བཞིར་དབང་བཞི་བསྐུར་བའི་བྱ་བ་རྣམས་ལེགས་པར་གྲུབ་ཟིན་པ་ཡིན་པས། གནས་སྐབས་དེ་དག་ཏུ་ཁས་བླངས་པའི་དམ་ཚིག་རྣམས་མི་ཉམས་པར་རྟག་ཏུ་བསྲུང་བར་བགྱིའོ་སྙམ་པའི་འདུན་པ་དྲག་པོས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ཁས་བླང་། དེ་ལྟར་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་དོན་དུ་མཎྜལ་ཕུལ་མཛོད། ཅེས་མཎྜལ་འབུལ་དུ་གཞུག །སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ཏེ་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སྟེ་བདག་བྲན་དུ། ཁྱེད་ལ་བདག་ནི་འབུལ་ལགས་ན། ཁྱེད་ཀྱིས་སློབ་མར་གཟུང་བ་དང་། །ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ། །དེ་ལྟར་དབང་ཐོབ་པ་ལས་བྱུང་བའི་དགེ་བའི་རྩ་བས་མཚོན་དུས་གསུམ་དུ་བསགས་པའི་དགེ་ཚོགས་རྒྱ་མཚོ་ཐམས་ཅད་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བ་འདི་ལྷན་ཅིག་ཏུ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་ཀུན་སྒྲོལ་བར་ཤོག །སོགས་བརྗོད། ཚོགས་ཀྱི་དགའ་སྟོན་ལ་ལོངས་སྤྱོད་ཅིང་སློབ་མ་རྣམས་གྱེས། སློབ་དཔོན་གྱིས་ལྷག་མ་ནས་བརྩམ་སྟེ་བཀྲ་ཤིས་ཀྱི་བར་ལས་བྱང་ལྟར་བྱའོ། །འཕགས་མཆོག་དགྱེས་པའི་འཇུག་ངོགས་སྨིན་བྱེད་ཀྱི། །བདུད་རྩིའི་མཆོད་སྦྱིན་གཏན་པ་མེད་པ་འདིས། །འགྲོ་ཀུན་སྒྲིབ་གཉིས་གདུང་བ་ཀུན་ཞི་ཞིང་། །རྣམ་གྲོལ་སྐུ་བཞིའི་ངལ་འཚོ་རྒྱས་གྱུར་ཅིག །ཅེས་པའང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གཏེར་བདག་གླིང་པས་མཛད་པར་གྲགས་པའི་དབང་ཆོག་ཉིད་གཞིར་བཞག་དག་ཅིང་གསལ་བ་བཀླགས་པས་གྲུབ་པར་བྱ་བྲལ་མ་ཎི་བ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོ་རྡོ་རྗེ་གཟི་བརྗིད་ཀྱིས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །དགེ་འོ།། །།
སྒྲུབ་པ་དང་ལས་བྱང་སྤྱི་ལ་དགོས་པ་ཁོང་པའི་སྙིང་ལྟ་བུ་གནད་ཀྱི་མན་ངག་བྱིན་ཆེན་དབབ་ཐབས་ངོ་མཚར་ཅན་ (Volume 41, Text 8)
ྈ སྒྲུབ་པ་དང་ལས་བྱང་སྤྱི་ལ་དགོས་པ་ཁོང་པའི་སྙིང་ལྟ་བུ་གནད་ཀྱི་མན་ངག་བྱིན་ཆེན་དབབ་ཐབས་ངོ་མཚར་ཅན་བཞུགས་སོ༔ ྈྈྈྈྈྈྈྈྈ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་རྣལ་འབྱོར་དོན་ཆེད་དུ༔ རྩ་བ་གསུམ་གྱི་ལས་བྱང་གི༔ ཆ་ལག་བྱིན་ཆེན་དབབ་པའི་ཐབས༔ བྱིན་རླབས་ཆར་རྒྱུན་འདི་ལྟར་བསྟན༔ ས་མ་ཡ་རྒྱ་རྒྱ་རྒྱ༔ རྩ་གསུམ་བྱིན་ཆེན་དབབ་པ་ནི༔ རྣལ་འབྱོར་སྒྲུབ་ཆེན་བྱེད་པ་འམ༔ གཞན་ལ་དབང་ཆེན་བསྐུར་བ་དང༔ རྟེན་ལ་རབ་ཏུ་གནས་པ་སོགས༔ གལ་ལ་ཐུག་པ་གང་བྱེད་ཀྱང༔ དམ་ཚིག་ལྡན་པས་འདི་ལ་འབད༔ རྣལ་འབྱོར་ཧེ་རུ་ཀ་ཆས་བརྒྱན༔ རོལ་མོའི་རིགས་བྱེད་ཐམས་ཅད་འཁྲོལ༔ ཁྱད་པར་ལྟག་སྤྲོད་རྔ་བརྡུང་ཞིང༔ ཤ་ཆེན་ཚིལ་ཆེན་དུད་པ་བཏང༔ མདའ་དར་མེ་ལོང་བཏགས་པ་གཡབ༔ བདུད་རྩི་དང་ནི་རཀྟ་ཕྱར༔ དཔལ་གཏོར་མཆོད་རྫས་ཐམས་ཅད་བཏེག༔ ཞུན་ཆེན་མར་མེ་སྤར་བྱས་ནས༔ ཏིང་འཛིན་དམིགས་པ་གསལ་བའི་ངང༔ གར་དང་སྟངས་སྟབས་བསྒྱུར་ནས་སུ༔ དབྱངས་སྙན་ངག་གིས་འདི་སྐད་དོ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ སྤྲོས་བྲལ་བདེ་ཆེན་ཆོས་སྐུའི་ཞིང་མཆོག་ན༔ སྐྱེ་མེད་ཡེ་ཤེས་ཆེན་པོའི་རོལ་པར་བཞུགས༔ ཀ་དག་ཀུན་ཏུ་བཟང་པོའི་ལྷ་ཚོགས་ཀུན༔ འགྲོ་བློ་མོས་པའི་ཚུལ་སྣང་སྐུར་བཞེངས་ལ༔ ངོ་མཚར་མཆོག་གི་གནས་འདིར་བྱིན་ཕོབ་ཅིག༔ རྒྱལ་བ་ཐམས་ཅད་གཅིག་བསྡུས་རིགས་ཀྱི་བདག༔ ཞིང་གི་བཀོད་པ་རབ་འཛིན་ཞི་རྒྱས་དང༔ དབང་དྲག་སྤྲུལ་པ་ཕྱོགས་བཅུ་ཀུན་ཏུ་འགྱེད༔ བླ་མེད་སྟོན་པ་རྡོ་རྗེ་འཛིན་ཆེན་པོ༔ འགྲོ་བློ་མོས་པའི་ཚུལ་སྣང་སྐུར་བཞེངས་ལ༔ ངོ་མཚར་མཆོག་གི་གནས་འདིར་བྱིན་ཕོབ་ཅིག༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔ་ལྡན་སྐུ༔ འོད་ལྔའི་ཁ་དོག་གསལ་འཚེར་ལྷུན་གྱིས་གྲུབ༔ རྒྱལ་བའི་དཀྱིལ་འཁོར་གྲངས་མེད་སྤྲུལ་པར་འགྱེད༔ རིགས་ལྔ་ཡབ་ཡུམ་དང་ནི་དེས་སྤྲུལ་རྣམས༔ འགྲོ་བློ་མོས་པའི་ཚུལ་སྣང་སྐུར་བཞེངས་ལ༔ ངོ་མཚར་མཆོག་གི་གནས་འདིར་བྱིན་ཕོབ་ཅིག༔ ཕྱོགས་བཅུ་རབ་འབྱམས་དག་ཅིང་གྲངས་མེད་ནས༔ ཐབས་མཁས་ཐུགས་རྗེས་འགྲོ་བའི་དོན་ལ་བརྩོན༔ རྒྱལ་བ་རྒྱལ་སྲས་ཞི་ཁྲོ་གར་སྟོན་རྣམས༔ འགྲོ་བློ་མོས་པའི་ཚུལ་སྣང་སྐུར་བཞེངས་ལ༔ ངོ་མཚར་མཆོག་གི་གནས་འདིར་བྱིན་ཕོབ་ཅིག༔ ཧཱུྃ་ཧྲཱི༔ མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་དང༔ མཛད་པའི་ཕྲིན་ལས་སྐྱོབ་པའི་ནུས་མཐུ་མངའ༔ རྒྱལ་བ་དགོངས་པ་བརྒྱུད་པའི་བླ་མ་རྣམས༔ འགྲོ་བློ་མོས་པའི་ཚུལ་སྣང་སྐུར་བཞེངས་ལ༔ ངོ་མཚར་མཆོག་གི་གནས་འདིར་བྱིན་ཕོབ་ཅིག༔ ཞི་རྒྱས་དབང་དང་དྲག་པོ་སོ་སོ་ཡི༔ ཐུགས་རྗེའི་སྤྲུལ་བསྒྱུར་སྣ་ཚོགས་གློག་ལྟར་འཁྱུགས༔ འགྲོ་བའི་སྡུག་བསྔལ་སེལ་བའི་ཐབས་ལ་མཁས༔ རིག་འཛིན་བརྡ་ཡི་བརྒྱུད་པའི་བླ་མ་རྣམས༔ འགྲོ་བློ་མོས་པའི་ཚུལ་སྣང་སྐུར་བཞེངས་ལ༔ ངོ་མཚར་མཆོག་གི་གནས་འདིར་བྱིན་ཕོབ་ཅིག༔ རྒྱལ་བའི་བཀའ་ལུང་རྒྱུན་ཆད་མེད་པར་འཛིན༔ ཕྱི་ནང་གསང་བ་ཡང་གསང་དེ་ཉིད་མཁྱེན༔ བསྟན་པའི་སྲོག་ཤིང་འགྲོ་བའི་མིག་གཅིག་པུ༔ གང་ཟག་སྙན་ཁུང་བརྒྱུད་པའི་བླ་མ་རྣམས༔ འགྲོ་བློ་མོས་པའི་ཚུལ་སྣང་སྐུར་བཞེངས་ལ༔ ངོ་མཚར་མཆོག་གི་གནས་འདིར་བྱིན་ཕོབ་ཅིག༔ ཐར་པའི་ལམ་སྟོན་རྒྱལ་བའི་གདུང་འཚོབ་མཆོག༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་སྟོན་པ་ཆེ༔ རྒྱལ་བ་རྒྱལ་སྲས་ཐུགས་ཀྱི་ངོ་བོ་སྟེ༔ དྲིན་ཆེན་རྩ་བར་བརྒྱུད་པའི་བླ་མ་རྣམས༔ འགྲོ་བློ་མོས་པའི་ཚུལ་སྣང་སྐུར་བཞེངས་ལ༔ ངོ་མཚར་མཆོག་གི་གནས་འདིར་བྱིན་ཕོབ་ཅིག༔ ཧཱུྃ་ཧྲཱི༔ བདེ་ལྡན་ཡེ་ཤེས་དྲྭ་བའི་དཀྱིལ་འཁོར་ནས༔ རིགས་ཀྱི་བདག་པོ་མགོན་པོ་འོད་དཔག་མེད༔ འཆི་མེད་ཚེ་ལ་དབང་བའི་ལྷ་ཚོགས་རྣམས༔ འགྲོ་བློ་མོས་པའི་ཚུལ་སྣང་སྐུར་བཞེངས་ལ༔ ངོ་མཚར་མཆོག་གི་གནས་འདིར་བྱིན་ཕོབ་ཅིག༔ འགྲོ་འདུལ་པོ་ཊ་ལ་ཡི་ཞིང་ཁམས་ནས༔ ཐུགས་རྗེའི་མངའ་བདག་འཕགས་མཆོག་སྤྱན་རས་གཟིགས༔ འཁོར་བ་དོང་ནས་སྤྲུག་པའི་ལྷ་ཚོགས་རྣམས༔ འགྲོ་བློ་མོས་པའི་ཚུལ་སྣང་སྐུར་བཞེངས་ལ༔ ངོ་མཚར་མཆོག་གི་གནས་འདིར་བྱིན་ཕོབ་ཅིག༔ རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་རི་ནས༔ སྐྱེ་འཆི་གཉིས་མེད་སངས་རྒྱས་འདུས་མ་བྱས༔ རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་དང་བཅས་རྣམས༔ འགྲོ་བློ་མོས་པའི་ཚུལ་སྣང་སྐུར་བཞེངས་ལ༔ ངོ་མཚར་མཆོག་གི་གནས་འདིར་བྱིན་ཕོབ་ཅིག༔ ཧཱུྃ་ཧྲཱི༔ ཉོན་མོངས་དུག་ལྔ་སྲེག་པའི་མེ་ཆེན་འབར༔ འཇིགས་རུང་ཆོས་དབྱིངས་རོལ་པའི་གཞལ་ཡས་ནས༔ ཆེ་མཆོག་ཁྲག་འཐུང་ཁྲོ་བོ་ཡབ་ཡུམ་སྐུ༔ སངས་རྒྱས་རིགས་ཀྱི་ཁྲོ་བོ་ཁྲོ་མོའི་ཚོགས༔ འགྲོ་བློ་མོས་པའི་ཚུལ་སྣང་སྐུར་བཞེངས་ལ༔ ངོ་མཚར་མཆོག་གི་གནས་འདིར་བྱིན་ཕོབ་ཅིག༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ བཅོམ་ལྡན་ཐུགས་ཀྱི་བདག་ཉིད་ཁྲག་འཐུང་ཆེ༔ ཡང་དག་ཐུགས་ཀྱི་ཁྲོ་བོ་ཁྲོ་མོའི་ཚོགས༔ འགྲོ་བློ་མོས་པའི་ཚུལ་སྣང་སྐུར་བཞེངས་ལ༔ ངོ་མཚར་མཆོག་གི་གནས་འདིར་བྱིན་ཕོབ་ཅིག༔ སེར་ནག་གྲུ་གསུམ་འབར་བའི་གཞལ་ཡས་ནས༔ འཆི་བདག་གཤིན་རྗེའི་གཤེད་གྱུར་ཧེ་རུ་ཀ༔ སྐུ་ཡི་ཁྲོ་བོ་ཁྲོ་མོ་མ་ལུས་ཀུན༔ འགྲོ་བློ་མོས་པའི་ཚུལ་སྣང་སྐུར་བཞེངས་ལ༔ ངོ་མཚར་མཆོག་གི་གནས་འདིར་བྱིན་ཕོབ་ཅིག༔ དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ དབང་ཆེན་ཧ་ཡ་གྲཱི་ཝ་ཧེ་རུ་ཀ༔ གསུང་གི་ཁྲོ་བོ་ཁྲོ་མོ་མ་ལུས་ཀུན༔ འགྲོ་བློ་མོས་པའི་ཚུལ་སྣང་སྐུར་བཞེངས་ལ༔ ངོ་མཚར་མཆོག་གི་གནས་འདིར་བྱིན་ཕོབ་ཅིག༔ ལྗང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ བདུད་འདུལ་རྡོ་རྗེ་གཞོན་ནུ་ཧེ་རུ་ཀ༔ ཕྲིན་ལས་ཁྲོ་བོ་ཁྲོ་མོ་མ་ལུས་ཀུན༔ འགྲོ་བློ་མོས་པའི་ཚུལ་སྣང་སྐུར་བཞེངས་ལ༔ ངོ་མཚར་མཆོག་གི་གནས་འདིར་བྱིན་ཕོབ་ཅིག༔ བསྐལ་མེ་རབ་འབར་རྔམ་བརྗིད་གཞལ་ཡས་ནས༔ བླ་ན་མེད་པའི་ཧེ་རུ་ཀ་དཔལ་ཆེ༔ རྦོད་གཏོང་ཁྲོ་བོ་ཁྲོ་མོ་མ་ལུས་ཀུན༔ འགྲོ་བློ་མོས་པའི་ཚུལ་སྣང་སྐུར་བཞེངས་ལ༔ ངོ་མཚར་མཆོག་གི་གནས་འདིར་བྱིན་ཕོབ་ཅིག༔ འཇའ་འོད་ཟེར་གསུམ་འཁྲིགས་པའི་ཕོ་བྲང་ནས༔ རིག་འཛིན་ཆེན་པོ་སངས་རྒྱས་ཐོད་པ་རྩལ༔ རིག་འཛིན་ཕོ་མོའི་ལྷ་ཚོགས་འཁོར་བཅས་རྣམས༔ འགྲོ་བློ་མོས་པའི་ཚུལ་སྣང་སྐུར་བཞེངས་ལ༔ ངོ་མཚར་མཆོག་གི་གནས་འདིར་བྱིན་ཕོབ་ཅིག༔ མེ་དཔུང་མཚོན་ཆ་འཁྲུགས་པའི་ཀློང་དཀྱིལ་ནས༔ བཅོམ་ལྡན་དྲེགས་པ་ཀུན་འདུལ་ཧེ་རུ་ཀ༔ འཇིག་རྟེན་མཆོད་བསྟོད་ཁྲོ་བོ་ཁྲོ་མོ་རྣམས༔ འགྲོ་བློ་མོས་པའི་ཚུལ་སྣང་སྐུར་བཞེངས་ལ༔ ངོ་མཚར་མཆོག་གི་གནས་འདིར་བྱིན་ཕོབ་ཅིག༔ ཤ་ཁྲག་དོན་སྙིང་སྤུངས་པའི་དཀྱིལ་འཁོར་ནས༔ བཅོམ་ལྡན་སྟོབས་ལྡན་ནག་པོ་ཧེ་རུ་ཀ༔ དམོད་པ་དྲག་སྔགས་ཁྲོ་བོ་ཁྲོ་མོ་ཀུན༔ འགྲོ་བློ་མོས་པའི་ཚུལ་སྣང་སྐུར་བཞེངས་ལ༔ ངོ་མཚར་མཆོག་གི་གནས་འདིར་བྱིན་ཕོབ་ཅིག༔ ཧཱུྃ་ཧྲཱི༔ དུར་ཁྲོད་གསང་བ་མཆོག་གི་གནས་མཆོག་ནས༔ རྒྱལ་བའི་ཡུམ་གྱུར་རྡོ་རྗེ་ཕག་མོ་ཆེ༔ མོ་རྒྱུད་ཡེ་ཤེས་ལས་གྲུབ་མཁའ་འགྲོ་རྣམས༔ འགྲོ་བློ་མོས་པའི་ཚུལ་སྣང་སྐུར་བཞེངས་ལ༔ ངོ་མཚར་མཆོག་གི་གནས་འདིར་བྱིན་ཕོབ་ཅིག༔ ཧཱུྃ་ཧྲཱི༔ དུར་ཁྲོད་བསིལ་ཚལ་ལ་སོགས་འཇིགས་རུང་ནས༔ བདུད་འདུལ་མ་ཧཱ་ཀཱ་ལ་ཡབ་དང་ཡུམ༔ བཀའ་སྲུང་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཀུན༔ འགྲོ་བློ་མོས་པའི་ཚུལ་སྣང་སྐུར་བཞེངས་ལ༔ ངོ་མཚར་མཆོག་གི་གནས་འདིར་བྱིན་ཕོབ་ཅིག༔ ཧཱུྃ་ཧྲཱི༔ རྩ་བ་གསུམ་པོས་བྱིན་ཆེན་དབབ་པའི་ཚེ༔ ཐུགས་རྗེ་ནུས་པའི་སྤྲིན་ཕུང་ཐིབས་སེ་ཐིབ༔ བྱིན་རླབས་དངོས་གྲུབ་ཆར་བབ་སི་ལི་ལི༔ རྫུ་འཕྲུལ་སྤྲུལ་པའི་གློག་འགྱུ་ཁྱུགས་སེ་ཁྱུག༔ འཇའ་དང་འོད་ཀྱི་གུར་ཁང་ཀྱི་ལི་ལི༔ གསལ་སྟོང་ཡེ་ཤེས་ཐིག་ལེ་ཤིགས་སེ་ཤིག༔ ཆོས་ཉིད་རང་སྒྲ་འབྲུག་སྟོང་ལྡི་རི་རི༔ དཔའ་བོ་མང་པོས་གར་བྱེད་ཁྱུགས་སེ་ཁྱུག༔ མཁའ་འགྲོ་མང་པོས་གླུ་ལེན་ཀྱུ་རུ་རུ༔ གསང་སྔགས་བརྡ་ཡི་རང་སྒྲ་ལྡི་རི་རི༔ དབུ་ལ་མཛེས་པའི་ཐོར་ཚུགས་ལྡེམས་སེ་ལྡེམ༔ སྐུ་ལ་རུས་པའི་རྒྱན་ཆ་ཁྲ་ལ་ལ༔ སྣ་ཚོགས་དར་གྱི་ཅོད་པན་པུ་རུ་རུ༔ རོལ་མོ་དབྱངས་ཀྱི་སྒྲ་སྐད་འུ་རུ་རུ༔ མཆོད་པའི་ལྷ་མོས་སྟངས་སྟབས་ཁྲིགས་སེ་ཁྲིག༔ དྲི་ཞིམ་སྤོས་ཀྱི་དུད་པ་ཐུ་ལུ་ལུ༔ ཧཱུྃ་སྒྲ་ཕེཾ་སྒྲ་ཕཊ་སྒྲ་ལྡི་རི་རི༔ ཡེ་ཤེས་མེ་ཡི་གུར་ཁང་ཀྱི་ལི་ལི༔ ཁྲོས་པའི་གད་རྒྱངས་རྔམ་སྐད་ལྷངས་སེ་ལྷང༔ བགེགས་འདུལ་ཐུན་གྱི་སེར་བ་ཤ་ར་ར༔ དགྲ་འདུལ་མཚོན་ཆའི་བརྡེག་ཆར་ཚུབས་སེ་ཚུབ༔ རྣལ་འབྱོར་ལ་དགྱེས་འཛུམ་མདངས་ཡ་ལ་ལ༔ ཐུགས་རྗེ་མྱུར་བའི་བཞད་གད་ལྷངས་སེ་ལྷང༔ མི་མངོན་ནམ་མཁའི་དབྱིངས་ནས་སྐུ་སྐྱོད་ལ༔ ངོ་མཚར་མཆོག་གི་གནས་འདིར་བྱིན་ཕོབ་ཅིག༔ ཧཱུྃ་ཧྲཱི༔ བྱིན་ཆེན་ངོ་མཚར་མཆོག་གི་གདན་འདི་རུ༔ ཞི་དང་ཁྲོ་བོའི་སྐུ་གསུང་ཐུགས་རྟེན་བཤམས༔ དགྱེས་པའི་མཆོད་པ་སྣ་ཚོགས་རི་ལྟར་སྤུངས༔ རྣལ་འབྱོར་ཕོ་མོ་དམ་གཙང་ལྟ་སྤྱོད་མཐུན༔ ཁྱད་པར་བྱིན་ཆེན་དབབ་པའི་རྫས་མཆོག་ནི༔ གར་དང་སྟངས་སྟབས་བསྒྱུར་ཞིང་ཁྱུགས་སེ་ཁྱུག༔ ཤ་ཆེན་གསུར་དང་སྤོས་དུད་ཆི་ལི་ལི༔ ཐོད་པ་ལྟག་སྤྲོད་རྔ་སྒྲ་ཏི་རི་རི༔ རོལ་མོ་སྣ་ཚོགས་སྒྲ་སྐད་འུ་རུ་རུ༔ མདའ་དར་གཡབ་མོ་གཡབ་དར་ལིངས་སེ་ལིང༔ མེ་ལོང་གསལ་བའི་འོད་མདངས་ཡ་ལ་ལ༔ སྙན་པའི་གླུ་དབྱངས་དུ་མ་ཀྱུ་རུ་རུ༔ བདུད་རྩི་སྨན་གྱི་ངད་པ་ཆི་ལི་ལི༔ རཀྟ་དམར་གྱི་རྦ་རླབས་ཕྱ་ར་ར༔ བ་ལིན་གཏོར་མ་རི་ལྟར་སྤུངས་སེ་སྤུང༔ ཞུན་ཆེན་སྣང་གསལ་མེ་འོད་ཏ་ལ་ལ༔ ག་ཎ་ཚོགས་ཀྱི་ལོངས་སྤྱོད་འོད་ཕུང་འབར༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཞི་ཁྲོའི་ཚོགས༔ བྱིན་ཆེན་ཕོབ་ལ་དབང་མཆོག་བསྐུར་དུ་གསོལ༔ བགེགས་དང་ལོག་འདྲེན་བར་ཆད་ཀུན་ཞི་ཞིང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ་ཧྲཱི༔ ཞི་རྒྱས་དབང་དྲག་ཆ་ལུགས་སོ་སོ་ཡི༔ སྐུ་ཡི་བཀོད་པ་ངོ་མཚར་རྒྱན་དང་ལྡན༔ འགྱུར་མེད་སྣང་སྟོང་འཇའ་ཚོན་ལྟ་བུར་གསལ༔ རྣལ་འབྱོར་ལུས་དང་རང་རང་སྐུ་གཟུགས་ལ༔ བྱིན་ཆེན་ཕོབ་ལ་དབང་ཆེན་བསྐུར་དུ་གསོལ༔ ལྷ་ཀླུ་ལ་སོགས་འགྲོ་བ་སོ་སོོ་ཡི༔ སྐད་མཐུན་དེ་དག་ཡིད་འོང་ཚངས་པའི་དབྱངས༔ ཡན་ལག་དྲུག་ཅུ་ལྡན་ཞིང་ཞི་རྒྱས་དང༔ དབང་དྲག་ལ་སོགས་གང་ལ་གང་འདུལ་ཚུལ༔ དེ་ལྟར་སྟོན་པའི་འགག་མེད་རྡོ་རྗེའི་གསུང༔ རྣལ་འབྱོར་ངག་དང་སོ་སོའི་གསུང་རྟེན་ལ༔ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ༔ སྨྲ་བསམ་བརྗོད་འདས་ཡེ་ཤེས་ཆེན་པོའི་ཀློང༔ སྣང་སྲིད་ཆོས་སྐུར་འཆར་བའི་བདེ་བ་ཆེ༔ སྟོང་གསལ་སྐྱེ་འགག་གཉིས་མེད་འདུས་མ་བྱས༔ ཡེ་ཤེས་ལྔ་ལྡན་སྐུ་གསུམ་ལྷུན་གྱིས་གྲུབ༔ རྟག་ཆད་བྲལ་བ་བདེ་སྟོང་རྒྱལ་བའི་ཐུགས༔ རྣལ་འབྱོར་ཡིད་དང་སོ་སོའི་ཐུགས་རྟེན་ལ༔ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ༔ དགོས་འདོད་བསམ་འབྱུང་ཀུན་ཡིད་རེ་བ་བསྐང༔ འཛད་མེད་གདུལ་བྱའི་སྣང་ངོར་ཚུལ་མཐུན་པའི༔ རྫུ་འཕྲུལ་སྤྲུལ་བསྒྱུར་གློག་ལྟར་འཁྱུགས་མཛད་ཅིང༔ འཁོར་བ་དོང་སྤྲུག་ཐབས་དང་ཤེས་རབ་འབྲེལ༔ གཉིས་མེད་ཟུང་འཇུག་རྒྱལ་བའི་ཡོན་ཏན་གྱིས༔ རྣལ་འབྱོར་ཕུང་ལྔ་དང་ནི་རྫས་མཆོག་ལ༔ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ༔ ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་བཞི་དང༔ ཐབས་མཁས་སྣ་ཚོགས་བསམ་འདས་ཕྲིན་ལས་ཀྱི༔ འགྲོ་ཀུན་དུག་ལྔའི་གཡང་ལས་ཐར་མཛད་ཅིང༔ སྡུག་བསྔལ་ཀུན་བྲལ་བདེ་བའི་ལམ་ལ་བཀོད༔ ཟབ་ཡངས་བླ་མེད་རྒྱལ་བའི་ཕྲིན་ལས་ཆེ༔ རྣལ་འབྱོར་སྒོ་གསུམ་མ་འགགས་སྤྱོད་པ་ལ༔ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ༔ ཕྱི་སྣོད་ཐམས་ཅད་ལྷ་ཡི་གཞལ་ཡས་ཁང༔ གསལ་འགྲིབ་མེད་པ་འོད་ཀྱི་རང་བཞིན་ཅན༔ ད་ལྟ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ༔ ནང་བཅུད་ཐམས་ཅད་ལྷ་དང་ལྷ་མོའི་སྐུ༔ མེ་ལོང་གཟུགས་བརྙན་ལྟ་བུར་སྣང་ཡང་སྟོང༔ ད་ལྟ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ༔ སྒྲ་རུ་གྲགས་པ་ཐམས་ཅད་ལྷ་ཡི་གསུང༔ གྲགས་ཀྱང་སྟོང་པ་སྔགས་ཀྱི་རང་བཞིན་ཅན༔ ད་ལྟ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ༔ དྲན་རྟོག་ཐམས་ཅད་ཉག་གཅིག་ཆོས་སྐུའི་ཀློང༔ མ་འགགས་ཤར་གྲོལ་འཛིན་མེད་ཟང་ཐལ་གསལ༔ ད་ལྟ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ༔ མཆོད་པའི་ཡོ་བྱད་དང་ནི་བཟའ་བཅའ་ཀུན༔ ཆགས་ཞེན་མེད་པ་ཚོགས་ཀྱི་འཁོར་ལོ་ཆེ༔ ད་ལྟ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ༔ ཧཱུྃ་ཧྲཱི༔ རྣལ་འབྱོར་བསྐྱེད་པའི་རིམ་པ་བསྒོམ་ཙ་ན༔ སྐུ་མཆོག་འགྱུར་མེད་རྡོ་རྗེའི་རྒྱས་ཐོབས་ཤིག༔ རྣལ་འབྱོར་སྔགས་ཀྱི་རིམ་པ་བཟླས་ཙ་ན༔ གསུང་མཆོག་འགག་མེད་རྡོ་རྗེའི་རྒྱས་ཐོབས་ཤིག༔ རྣལ་འབྱོར་རྫོགས་པའི་རིམ་པ་བསྒོམ་ཙ་ན༔ ཐུགས་མཆོག་གཡོ་མེད་རྡོ་རྗེའི་རྒྱས་ཐོབས་ཤིག༔ རྣལ་འབྱོར་ཐབས་དང་ཤེས་རབ་སྤྱོད་ཙ་ན༔ ཡོན་ཏན་ཀུན་འབྱུང་རྡོ་རྗེའི་རྒྱས་ཐོབས་ཤིག༔ རྣལ་འབྱོར་གང་ལ་གང་འདུལ་བསྒྲུབ་ཙ་ན༔ ཕྲིན་ལས་འཛད་མེད་རྡོ་རྗེའི་རྒྱས་ཐོབས་ཤིག༔ སྤྲུལ་སྐུ་འགྲོ་བ་འདུལ་བའི་འབྲས་སྨིན་མཛོད༔ ལོངས་སྐུ་མ་འགགས་བདེ་ཆེན་འབྲས་སྨིན་མཛོད༔ ཆོས་སྐུ་སྐྱེ་བ་མེད་པའི་འབྲས་སྨིན་མཛོད༔ ལྷུན་གྲུབ་ཀ་དག་འཛིན་བྲལ་འབྲས་སྨིན་མཛོད༔ འདིར་འདུས་རྣལ་འབྱོར་དམ་ལྡན་འཁོར་བཅས་ཀུན༔ མི་མཐུན་ཀུན་ཞི་ཚེ་དཔལ་ལོངས་སྤྱོད་རྒྱས༔ ཀུན་སྣང་དབང་སྒྱུར་དགྲ་བགེགས་ཐལ་བར་བརླག༔ གང་བརྩམ་ཕྲིན་ལས་ཐོགས་མེད་འགྲུབ་པ་དང༔ འཇའ་ལུས་མཁའ་སྤྱོད་མྱུར་དུ་ཐོབ་མཛད་གསོལ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོཿཧཱུྃ༔ སརྦ་ས་མ་ཡ་པྲ་ཝེ་ཤ་ཡ་ཨ་ཨཱ༔ དེ་ལྟར་བྱིན་དབབ་ལྷ་རྣམས་ཀྱི༔ རང་སྔགས་དབྱངས་སུ་ལེན་པར་བྱ༔ གར་དང་སྟངས་སྟབས་བསྒྱུར་ནས་ནི༔ སྨན་དང་རཀྟ་གཏོར་མ་འབུལ༔ དེ་ཡི་དམིགས་པ་འདི་ལྟ་སྟེ༔ ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ནས༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཆོས་སྐྱོང་དམ་ཅན་སྲུང་མར་བཅས༔ ཉི་ཟེར་རྡུལ་ཕྲན་འཁྲུགས་པ་བཞིན༔ ནམ་མཁའ་ས་གཞི་བར་སྣང་ཁེངས༔ རང་དང་བརྟེན་པའི་རྫས་མཆོག་ལ༔ མཚོ་ལ་ཆར་པ་ཇི་བཞིན་དུ༔ དབྱེར་མེད་སིབ་སིབ་ཐིམ་པར་བསམ༔ རང་གི་ལུས་ལ་ཕེབས་པའི་རྟགས༔ བག་དྲོ་བྱིན་ཆགས་ཉམས་འུར་ཞིང༔ རྡུལ་དང་བདེ་དྲོད་འབར་བ་འོངས༔ ངག་ལ་ཕེབས་རྟགས་འདི་ལྟ་སྟེ༔ སྐད་ནི་སྙན་པར་འགྱུར་བ་དང༔ ཉམས་ཀྱི་གླུ་དབྱངས་ལེན་སྙིང་འདོད༔ སྨྲ་བ་དག་ཅིང་ལྕེ་བདེ་འགྱུར༔ རང་གིས་ཡིད་ལ་ཕེབས་པའི་རྟགས༔ བདེ་ལ་སྟོང་པ་གསལ་འགྲིབ་མེད༔ སྣང་སྲིད་སྒྱུ་མར་རྟོགས་པ་དང༔ མི་རྟོག་ཡེ་ཤེས་ལྷན་ནེ་འཆར༔ ཕྱི་ཡི་ཡུལ་དང་ནང་གི་སེམས༔ ངོ་བོ་སྟོང་པས་གཉིས་མ་གྲུབ༔ སྐྱེ་འགག་གནས་གསུམ་བྲལ་བ་ཡི༔ ཡེ་ཤེས་ཆེན་པོ་ངང་གིས་འཆར༔ རྟེན་སོགས་གང་ལའང་བབས་པའི་ཚེ༔ དེ་དག་འོད་དང་བཀྲག་མདངས་གསལ༔ ལྷུན་ཆགས་གཟི་བརྗིད་ལྡན་པ་འབྱུང༔ དེ་ཡི་དུས་སུ་དགའ་སྟོན་གྱི༔ སྨན་གཏོར་རཀྟ་རྒྱས་པ་འབུལ༔ ཚོགས་ཀྱི་འཁོར་ལོ་བསྐོར་ནས་སུ༔ རྣལ་འབྱོར་རིག་པ་བརྟུལ་ཞུགས་སྐྱོངས༔ བྲོ་དང་གླུ་ལ་སོགས་པ་འང་བྱ༔ ཨེ་མ་བདག་འདྲ་པདྨ་འབྱུང༔ གསང་སྔགས་བླ་མ་ཆེན་པོ་ངས༔ སྒྲུབ་པ་ལས་བྱང་ཀུན་གྱི་ནི༔ ཁོག་པའི་ནང་གི་སྙིང་འདྲ་བའི༔ གནད་ཀྱི་མན་ངག་ཟབ་མོ་མཆོག༔ བྱིན་ཆེན་དབབ་ཐབས་འདི་བསྟན་པས༔ ཀུན་གྱིས་གཅེས་པར་ཟུངས་ཤིག་དང༔ གང་བསམ་ཐོགས་མེད་འགྲུབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་རོལ་པའི་རྡོ་རྗེ་ངས། །ཀེ་རོང་རྡོ་རྗེ་ཅོང་ཕུག་གི །སྲ་མཁྲེགས་བྲག་གི་དཀྱིལ་ནས་བཏོན། །ཤོག་དྲིལ་གཉིས་པ་ལས་བཤུས་སོ།། ༈ །།ཨ་ལ་ལ་སེམས་ཀྱི་བདེ་བ་ལ། །བདེ་སྟོང་གི་ཉམས་དེ་ཕྱི་རུ་ཤར། །གནད་གསུམ་གྱི་གར་སྟབས་མཁའ་ལ་བསྒྱུར། །སྤྲིན་འཁྲིགས་སྡོད་འགྲོ་འོང་ངོ་རེ་མཚར། །འདི་ཐོས་མཐོང་གོའམ་སྐྱེ་དགུ་ཚོ། །རོལ་པའི་རྡོ་རྗེ་རང་ཉིད་ཀྱིས་སྨྲས་སོ།།
ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་སྒྲུབ་ཆེན་དཀྱུས་མ་དང་བུམ་སྒྲུབ་གཉིས་ཀའི་ཐུན་བཟུང་ཛཔ྄་དགོངས་ཀྱི་རིམ་པ་ (Volume 23, Text 8)
ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་སྒྲུབ་ཆེན་དཀྱུས་མ་དང་བུམ་སྒྲུབ་གཉིས་ཀའི་ཐུན་བཟུང་ཛཔ྄་དགོངས་ཀྱི་རིམ་པ་བཞུགས་སོ། །རང་ཉིད་ཐུགས་རྗེ་ཆེན་པོ་བསྒོམ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ ཕྱག་གཡས་པད་ཕྲེང་ཐུགས་ཀར་འཛིན༔ ཕྱག་གཡོན་པད་སྡོང་བདུད་རྩིའི་བུམ༔ རྡོ་རྗེ་སྐྱིལ་ཀྲུང་རང་འདྲའི་ཡུམ༔ གསང་བ་ཡེ་ཤེས་མདངས་ལྡན་མ༔ མཉེན་ལྕུག་འཁྲིལ་ཞིང་དབྱེར་མེད་བསྒོམ༔ དེ་ནས་ཕྱི་མདོ་ལུགས་ལྟར་བཟླ་བ་ནི། སྐུ་ཡི་ཚད་ནི་རི་རབ་ཙམ། །ཞལ་རས་ཚངས་པའི་གནས་སུ་སླེབ། །སྔགས་དབྱངས་འབྲུག་སྒྲ་ལྟར་བསྒྲགས་པས། །སྲིད་པ་གསུམ་དང་ཁྱད་པར་དུ། །འགྲོ་དྲུག་གནས་སུ་འུར་འུར་བྱུང་། །སྡུག་བསྔལ་ཐམས་ཅད་སྐད་ཅིག་བྱང་། །ཐུགས་རྗེ་ཆེན་པོའི་ཞིང་དུ་གྱུར། ཛཔ྄་སྒྲ་དིར་དིར་སྒྲོག་པར་གྱུར། །ནང་སྔགས་ཀྱི་ལུགས་སུ་བཟླ་བ་ནི། ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས། རིགས་དྲུག་སེམས་ཅན་སྐད་ཅིག་བསྡུས། །འཇིག་རྟེན་གང་བར་འཁོར་དུ་བསྐོར། །བདག་ཉིད་ཐུགས་རྗེ་ཆེན་པོ་ཡི། །ཡ་རྐན་གནམ་ལ་མ་རྐན་ས། །བར་ནས་སྔགས་ཀྱི་འབྲུག་ལྡིར་བས། །ཀུན་ཀྱང་བུང་བ་ཚང་ཞིག་ལྟར། །ཛཔ྄་སྒྲ་དིར་དིར་བསྒྲགས་པ་ཡིས། །རིགས་དྲུག་ལས་དང་སྡུལ་བསྔལ་དག །ཐུགས་རྗེ་ཆེན་པོའི་ཞིང་དུ་གྱུར། །ཡང་གསང་སྙིང་པོའི་ལུགས་སུ་བཟླ་བ་ནི་སྒྲུབ་རྐྱང་དང་བུམ་སྒྲུབ་གཉིས་ཀའི་གཙོ་བོ་ཡིན་ཏེ། དེའང་སྒྲུབ་རྐྱང་སྐབས། བདག་ཉིད་ཐུགས་རྗེ་གསང་བ་འདུས། །ཡབ་ཡུམ་རྒྱན་དང་ཆ་ལུགས་རྫོགས། །སྤྱི་གཙུག་རིགས་བདག་སྤྲུལ་སྐུའི་ཆས། །ཐུགས་ཀར་རྟ་མགྲིན་རྔམ་བརྗིད་འཇིགས། །ཞེས་པ་ནས། བདག་དང་མཐའ་ཡས་སོགས་ལ་འཇུག །བུམ་སྒྲུབ་ཡིན་ན། བུམ་པ་མི་དམིགས་སྟོང་པའི་ངང་། །བྷྲཱུྃ་ལས་ཡེ་ཤེས་གཞལ་ཡས་ཁང་། །སྒོ་གྲུ་རྟ་བབས་མཚན་ཉིད་རྫོགས། །ཡེ་ཤེས་རང་སྣང་ལས་གྲུབ་པ། །རྒྱ་ཆེ་དཔངས་སུ་མཐོ་བ་ཡི། །ནང་དུ་རིལ་བུ་རེ་རེ་བཞིན། །ཐུགས་རྗེ་ཆེན་པོ་ཡབ་ཡུམ་ནི། །སྟོད་གཡོགས་སེར་པོ་རིན་ཆེན་གྱི། །རྒྱན་ལྡན་འོད་ཟེར་འབར་བའི་སྐུ །རིགས་བདག་ཡེ་ཤེས་སེམས་དཔར་བཅས། །ཐུགས་སྲོག་ཧྲཱིཿཡིས་མཚན་པ་ལས། །འོད་འཕྲོས་ནུབ་ཕྱོགས་བདེ་ཆེན་དང་། །པོ་ཏ་ལ་ནས་ཡེ་ཤེས་པ། །དཔག་མེད་སྤྱན་དྲངས་སིབ་སིབ་ཐིམ། །དམ་ཚིག་ཡེ་ཤེས་དབྱེར་མེད་གྱུར། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ བདག་དང་མཐའ་ཡས་རྟ་མགྲིན་གསུམ༔ ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་མཐར༔ ཡིག་དྲུག་གཡས་སུ་བསྐོར་བར་བསམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སྔགས་ལས་འོད་ཟེར་དཀར་པོ་འཕྲོས༔ རྒྱལ་བའི་སྐུ་ལ་མཉེས་མཆོད་ཕུལ༔ དངོས་གྲུབ་མ་ལུས་བདག་ལ་བསྡུས༔ ཁམས་གསུམ་སེམས་ཅན་ལུས་སྒྲིབ་སྦྱངས༔ མ་ལུས་སྡུག་བསྔལ་ཞི་བར་བསམ༔ མཐའ་ཡས་ཐུགས་ཀའི་སྔགས་ཕྲེང་ལས༔ འོད་ཟེར་དམར་པོ་དཔག་མེད་འཕྲོས༔ རྒྱལ་བའི་གསུང་ལ་མཉེས་མཆོད་ཕུལ༔ གསུང་གི་དངོས་གྲུབ་བདག་ལ་བསྡུས༔ སེམས་ཅན་ཀུན་གྱི་ངག་སྒྲིབ་སྦྱངས༔ ཀུན་ཀྱང་བདག་གི་དབང་འདུས་བསམ༔ རྟ་མགྲིན་ཐུགས་ཀའི་སྔགས་ཕྲེང་ལས༔ འོད་ཟེར་མཐིང་ཁ་རབ་འཕྲོས་པས༔ རྒྱལ་བའི་ཐུགས་ལ་མཉེས་མཆོད་ཕུལ༔ ཐུགས་ཀྱི་དངོས་གྲུབ་བདག་ལ་ཐིམ༔ སེམས་ཅན་ཀུན་གྱི་ཡིད་སྒྲིབ་སྦྱངས༔ སྣང་བ་ཐམས་ཅད་དབང་བསྡུས་བསམ༔ ཕྱི་སྣོད་ནང་བཅུད་མ་ལུས་པ༔ ཐུགས་རྗེ་ཆེན་པོའི་ཞིང་དང་སྐུ༔ སྒྲ་གྲགས་ཡི་གེ་བདུན་པའི་དབྱངས༔ དྲན་རྟོག་ཡེ་ཤེས་རོལ་པར་གྱུར༔ དགོང་ཐུན་གཤམ་དུ། དྲེགས་པ་ཚར་གཅོད་དྲག་པོ་ནི། ལྷ་གསུམ་ཐུགས་ཀའི་སྔགས་ཕྲེང་ལས༔ ཁྲོ་ཆུང་མཚོན་ཐོགས་དཔག་མེད་འཁྲུགས༔ ཧཱུྃ་དང་ཕཊ་ཀྱི་སྒྲ་སྒྲོག་ཅིང་། དེ་སྒྲས་སྟོང་གསུམ་ཡོངས་གང་ནས༔ བདུད་དང་དམ་སྲི་འབྱུང་པོའི་ཚོགས༔ གང་དག་ཞི་བས་མི་ཐུལ་བ༔ མ་ལུས་ཚར་བཅད་དག་ཏུ་གྱུར༔ ཆེ་བཙན་འགྲན་ཟླ་བྲལ་བར་བསམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཕཊ༔ ངར་དང་ལྡན་པའི་སྒྲ་དབྱངས་ཀྱིས་ཅུང་ཟད་རེ་བཟླའོ། །སྐྱེ་བདུན་སྒྲུབ་པའི་དམིགས་པ་རྒྱ་ཅན་གྱི་སྔགས་ཤམ་གུད་སྤྲོས་ནི། ཐུགས་སྲོག་ཧྲཱིཿལས་འོད་ཟེར་འཕྲོས། །རྒྱལ་བའི་ཞིང་ཁམས་རབ་འབྱམས་ཁྱབ། །བླ་མ་རིག་འཛིན་སངས་རྒྱས་དང་། །བྱང་སེམས་ཡི་དམ་དཀྱིལ་འཁོར་ལྷ། །ཚེ་ལ་དབང་བའི་དྲང་སྲོང་ཚོགས༔ མཁའ་འགྲོ་ཆོས་སྐྱོང་ཐུགས་ཀ་ནས། །མཆོག་ཐུན་དངོས་གྲུབ་བྱིན་རླབས་ཀུན། །བདུད་རྩི་འོ་རྒྱུན་རྣམ་པར་བཀུག །རིལ་བུ་ལྷར་གསལ་སྤྱི་བོར་ཐིམ། །སྐུ་གང་ཡབ་ཡུམ་སྦྱོར་མཚམས་ནས། །བདུད་རྩིའི་རྒྱུན་བབ་རིལ་བུར་འདྲེས། །མྱང་གྲོལ་ཡེ་ཤེས་རྫས་མཆོག་གྱུར། །ཡིག་བདུན་ཤམ་དུ། ཨ་ར་པ་ཙ་མི་ཏ་ཧྲྀ་ད་ཡ་སྭཱ་ཧཱ༔ བཏགས་པས་ལས་ལ་སྦྱོར་བ་ཕུང་པོ་སྐུ་ལྔར་སྦྱར་ཞིང་ཚེའི་རིག་འཛིན་སྒྲུབ་པའི་སྙིང་པོ་ནི། ཡིག་བདུན་ཤམ་དུ། ཨཱོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨཱོཾ༔ ཨ་ཡུརྫྙཱ་ན་མ་ཧཱ་པུཎྱེ་ཏིཥྛ་ཨཱོཾ༔ ཞེས་གདགས་ལ་ཚད་སོགས་སྒྲུབ་ཁོག་ཏུ་ཤེས་པར་བྱའོ།། །།
མགོན་པོ་ཚོགས་ཀྱི་བདག་པོའི་མངོན་རྟོགས་དྲག་སྔགས་གསང་བ་སྤུ་གྲིའི་རྒྱུད་ (Volume 38, Text 8)
༄༅། །མགོན་པོ་ཚོགས་ཀྱི་བདག་པོའི་མངོན་རྟོགས་དྲག་སྔགས་གསང་བ་སྤུ་གྲིའི་རྒྱུད་བཞུགས་སོ། ། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དེ་ཡི་སྤྱན་སྔར་དམ་བཅས་པའི། །ཆོས་སྐྱོང་ཚོགས་བདག་ལེགས་ལྡན་སྲས། །འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །ལས་ཀྱིས་སྡང་བའི་བསྟན་དགྲ་རྣམས། །ཚར་གཅད་བཀུག་གསད་བརླག་པའི་ཐབས། །བཻ་རོ་ཙ་ནའི་སྙན་བརྒྱུད་པ། །དྲག་སྔགས་གསང་བའི་སྤུ་གྲི་ཡི། །སྒྲུབ་ཐབས་སྦྱོར་དངོས་རྗེས་གསུམ་མོ། །དང་པོ་སྦྱོར་བ་བཅས་ཀྱི་རིམ་པ་ནི། ས་སྣ་གདུག་པ་ཅན་ལ་མདུན་དུ་མཎྜལ་གྲུ་བཞི་ཚད་དང་ལྡན་པ་བཅས་ལ། དེའི་སྟེང་དུ་མི་ཤིས་པའི་ས་སྣ་ཚོགས་ལ་གྲུ་གསུམ་རྒྱར་ཁྲུ་གང་བ། ཟབས་སུ་ཁྲུ་ཕྱེད་པ། དེའི་ནང་དུ་དུག་ཁྲག་སྣ་ཚོགས་ཀྱིས་བྱུག །རྒྱབ་ཏུ་རོ་སོལ་གྱིས་ནག་པོར་བྱུགས་ལ་མཎྜལ་གྱི་སྟེང་དུ་བཞག །དེ་ནས་ལིངྒ་ཚུལ་བཞིན་དུ་བྲིས་ལ་འབོད་རྦད་གསད་གསུམ་གྱི་སྔགས་ཀྱིས་བསྐོར། གནས་གསུམ་དུ་སྐྱེར་ཕུར་གསུམ་བཙུགས། དབྱེ་དགུག་གསད་གསུམ་རྒྱས་པར་བྱས་ལ་རོ་ལྟེབ་བྱེད། གྲུ་གུ་སྔོན་དམར་གྱིས་བཅིང་། ཁྱི་ར་ཕག་གསུམ་གང་རུང་གི་ཐོད་པར་བཅུག་ལ་ཐུན་ཁུང་ནང་དུ་བཞག །མགོན་པོའི་ཙཀ་ལི་རབ་གནས་དང་ལྡན་པ་དབུས་སུ་བཙུགས། གཡས་ཟུར་དུ་སྐུ་མཆོག་ཙཀ་ལི། གཡོན་ཟུར་དུ་གསུང་མཆོག་ཙཀ་ལི། རྒྱབ་ཏུ་ཐུགས་མཆོག་ཙཀ་ལི་བཅས་ཟུར་གསུམ་དུ་བཙུགས། ཡུམ་གྱི་ཙཀ་ལི་ཡབ་ཀྱི་གཡོན་ཟུར་དུ་བཙུགས། དེའི་ཕྱི་རོལ་དུ་མགོ་བརྙན་གྱི་ཚོགས་ཀྱིས་བསྐོར། དེར་མ་ཚུད་ན་གྲུ་གསུམ་གྱི་རྒྱབ་ཏུ་བསྐོར། ཐུན་ཐག་མདུན་དུ་ཕུར་པ་ལ་བསྟོད། དེ་རྒྱབ་དྲག་པོའི་རྩང་སུམ་ཅུ་རྩ་དགུའམ་ཉེར་གཅིག་གིས་སྲིན་མོའི་འགྲོས་སུ་བསྐོར། དེ་རྒྱབ་དྲག་པོའི་ཤིང་གི་རྐང་གསུམ་དང་། དར་ནག་གམ་རེ་བའི་གུར་ཕུབ། དེ་ནས་ཡི་དམ་ཆོས་སྐྱོང་གི་མཆོད་གཏོར་རྒྱས་པར་བཤམ། མགོན་པོའི་གཏོར་མ་གཡག་སྙིང་ལྟ་བུ་ལ་སྡོང་སོལ་གྱིས་ནག་པོར་བྱུགས་ལ་སྣོད་དུ་བཤམ། ངོས་གསུམ་དུ་བཤོས་ཕྲན་གསུམ་བཤམ། གཡག་ལུག་གི་སྟོད་ཤས་བརྒྱན་ལ་རྐང་གསུམ་གྱི་ཁར་བཞག །སྲོག་རྟེན་དར་ནག་པོ་ལ་མ་ཧཱ་ཀཱ་ལའི་སྐུའམ་སྙིང་པོ་བྲིས་ལ་བཙུགས། ཙནྡན་གྱི་བིང་ལ་དར་སྣ་ཚོགས་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ལ་རྟེན་དུ་བཙུགས། སྐུ་མཆོག་གི་རྟེན་དུ་རྟ་ནག་གི་ཙིཏྟ། གསུང་མཆོག་གི་རྟེན་དུ་ལུག་ནག་གི་ཙིཏྟ། ཐུགས་མཆོག་གི་རྟེན་དུ་གཡག་ནག་གི་ཙིཏྟ། ཕྱོགས་བཅུ་མགོན་པོའི་རྟེན་དུ་བྱ་རྒོད་མདའ་དར། རྐང་གསུམ་གྱི་ཁར་རམ་གང་བདེར་གཟུགས་འགྲོས་བཤམ་པ་ནི། བྱ་རྒྱལ་ཁྱུང་ཆེན་ལ་སོགས་པའི་འདབ་ཆགས། གཅན་གཟན་གྱི་རིགས། རི་དྭགས། གཡུང་དྭགས། ཆུ་གནས། གཞན་ཡང་གཞུང་ལས་གང་གྲགས་རྣམས་བཤམ། ཐུན་རྫས་ནི་ཡུངས་དཀར་ནག་ལ་སོགས་པའི་དུག་རིགས་སྣ་ཚོགས་དང་། ཟངས་ཕྱེ་ལྕགས་ཕྱེ་སྣ་ཚོགས་བསགས། གཞན་ཡང་སྒྲུབ་པ་མ་རྫོགས་ཀྱི་བར་དུ་མཁོ་བའི་ཡོ་བྱད་རྣམས་བཤམ། དེ་ནི་སྦྱོར་བ་བཅས་ཀྱི་རིམ་པའོ། །སྤྱི་དོན་གཉིས་པ་དངོས་གཞི་ཉམས་སུ་ལེན་པའི་རིམ་པ་ལ་བཅུའི། དང་པོ་རྟེན་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ་ནི། དང་པོ་བསང་མཆོད་དང་ཆབ་གཏོར་རྒྱས་པར་བསྔོ་ལ། བར་ཆད་ཐམས་ཅད་སོལ། མཐུན་རྐྱེན་མྱུར་དུ་འགྲུབ་པའི་སྡོངས་གྲོགས་མཛོད་ཅིག །ཅེས་སོགས་བཀའ་བསྒོ། ཕྱི་རིགས་ལ་ཡང་དཀར་གཏོར་བསྔོ་ལ། བཀའ་བསྒོ་ལེགས་པར་བྱེད། སྲུང་མ་ཕོ་རྒྱུད་མོ་རྒྱུད་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་གཟུ་དཔང་མཛོད། ལེགས་ཉེས་ཀྱི་སྟངས་འཛིན། དམ་ཚིག་གི་རྗེས་གཅོད། བདེན་རྫུན་གྱི་ཤན་འབྱེད། བདག་གི་ཁ་འཛིན་མཛོད་ཅིག །ཉེས་བྱེད་ལ་ཆད་པས་ཆོད་ཅིག །ཅེས་བཀའ་བསྒོའོ། །ཕུར་པ་མ་ཧཱ་ཀཱ་ལར་བསྒོམ། དམ་འདོགས་ལ་སོགས་རྒྱས་པར་བྱེད། ནམ་མཁའ་བར་སྣང་ས་གཞི་བརྟག་པ་རྣམས་བྱའོ། །དེ་ནས་ཡི་དམ་ཆོས་སྐྱོང་གི་བསྙེན་མཆོད་དང་། སྐོང་བཤགས་ཚོགས་མཆོད་རྣམས་རྒྱས་པར་བྱའོ། །དེ་ནས། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། མདུན་གྱི་བཅས་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་ཏྲཱཾ་གཅིག་འཕྲོས་པ་འོད་དུ་ཞུ་བ་ལས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ་དབྱིབས་གྲུ་བཞི་བང་རིམ་གསུམ་དང་ལྡན་པ། དེའི་སྟེང་དུ་པདྨ་རཱ་གའི་ཐིག་བཀྱེས་པའི་ཐོག་ཏུ་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་སྒོ་ཁྱུད་དང་ལྡན་པ། གསེར་གྱི་ཀ་བ་ལ་གཡུ་ཡི་གདུང་མ་བྲེས་པ། རྒྱན་རྟ་བབས་ཆོས་འཁོར་བང་རིམ་ཏོག་དང་རི་དྭགས་གདུགས་དང་བཅས་པའོ། །དེའི་ནང་དུ་ཆོས་བཟང་ལྷའི་འདུན་ས་ཨ་མོ་ལི་ཀའི་རྡོ་ལེབ་མདོག་ཉ་ཕྱིས་ལྟ་བུ། དེའི་དབུས་སུ་གྲུ་གསུམ་མཐིང་ནག་ཡངས་ཤིང་རྒྱ་ཆེ་བ། ནག་ལ་གཏིང་ཟབ་པ། ནད་ཀྱི་ན་བུན་འཐིབས་པ། དུག་གི་རླངས་པ་འཕྱོ་བ། མཚོན་ཆའི་ཆར་འབབ་པ། སོད་སོད་དང་ཆོད་ཆོད་ཀྱི་སྒྲ་སྒྲོག་པ། མ་མོ་དང་མཁའ་འགྲོ་མ་རྣམས་ཀྱི་འདུ་ས། བཀའི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་རྒྱུ་སྲང་། སྟོད་ན་ཞེ་སྡང་གི་མེ་འབར་བ། སྨད་ན་འདོད་ཆགས་ཀྱི་ཁྲག་མཚོ་འཁྱིལ་བ། བར་ན་ཕྲག་དོག་གི་རླུང་ནག་འཚུབས་པ། གཤིན་རྗེའི་བཤས་ཁང་ནག་པོ། རྔམས་མཐུག་ལ་བོངས་མཐོ་བ་ལོགས་གཟར་བ། དེའི་ནང་དུ་ལྕགས་སྲེག་ངར་མའི་ས་གཞི་ཆེན་པོའི་སྟེང་དུ། ནྲྀ་ཡོངས་སུ་གྱུར་པ་ལས་དགྲ་བོ་གན་རྐྱལ་དུ་མགོ་ཚུར་བསྟན་ཏེ་རྐང་པ་ཕྱིར་བརྐྱངས་པ། ཁ་ནས་སྨྲེ་སྔགས་སྣ་ཚོགས་འདོན་པ། གཅེར་བུ་མགོན་སྐྱབས་མེད་པ་འདར་ཕྲི་ལི་ལི་བྱེད་པ། དེའི་ཐོག་ཏུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་དམར་ལྷང་ངེ་བས་བཀབ་པ་ལས་མཚོན་ཆ་སྣ་ཚོགས་ཀྱི་ཆར་མགར་གྱི་ཚྭ་ཚྭ་ལྟར་འབབ་པ། དེའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་ནག་པོས་མནན་པའི་ལྟེ་བའི་སྟེང་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་སཏྭཾ་བྷ་ཡ་ནན། རྭ་བཞི་ལ་ཨོཾ་ལཾ་ཧཱུྃ་ལཾ་སུཾ་ལཾ་སཏྭཾ་བྷ་ཡ་ནན་གྱིས་མཚན་པའོ། །དེའི་སྟེང་དུ་པཾ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསིལ་ཟེར་དང་ལྡན་པ། དེའི་སྟེང་དུ་མ་ལས་ཉི་མའི་དཀྱིལ་འཁོར་ཚ་ངར་དང་ལྡན་པ། གྲུ་གསུམ་གྱི་རྒྱབ་ཏུ་ཁྲག་གི་ཟླ་གམ་དམར་པོ་གསུམ་དང་ལྡན་པ་ལས་གྲི་གུག་གི་ཕྲེང་བས་བསྐོར་བ། དེའི་ཕྱི་རོལ་དུ་འཁོར་ལོ་སྔོན་པོ་རྩིབས་བཅུ་པ་མུ་ཁྱུད་དམར་པོས་བསྐོར་བ། དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བརྒྱད་པ་མུ་ཁྱུད་སེར་པོས་བསྐོར་བ། དེ་རྒྱབ་གྲུ་ཆད་བཞི་ནི། ཤར་གྱི་གྲུ་ཆད་དམར་པོ། ལྷོ་སེར་པོ། ནུབ་དཀར་པོ། བྱང་ལྗང་གུ །མུ་ཁྱུད་དམར་པོས་བསྐོར་བ། དེའི་དབུས་སུ་བི་ནཱ་ཡ་ག་ཕོ་མོ་བྱི་ཆིངས་སུ་བསྣོལ་བའི་སྟེང་དུ། གཉིས་པ་དམ་ཚིག་དཀྱིལ་འཁོར་བསྐྱེད་པ་ནི། རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་ཧཱུྃ་མཐིང་ནག་གཅིག་སྤྲོས་ཏེ་བབས། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་དགྲ་བགེགས་གདུག་པ་ཅན་རྣམས་ཚར་བཅད། སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལ་མཉེས་པའི་མཆོད་པ་འབུལ། འཇིག་རྟེན་འཇིག་རྟེན་ལས་འདས་པའི་སྲུང་མ་ཕོ་རྒྱུད་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ནས། དེ་དག་ཐམས་ཅད་ཀྱི་བྱིན་རླབས་ནུས་མཐུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་སྲོག་གི་སྙིང་པོ་དང་བཅས་པ་བསྡུས་ནས་ཚུར་འདུས་ཧཱུྃ་ལ་ཐིམ། ཧཱུྃ་ཡོངས་སུ་གྱུར་པ་ལས་ཙནྡན་གྱི་བིང་སྔོན་པོ་ཟུར་བརྒྱད་པའི་ལྟེ་བ་ལ་ཧཱུྃ་མཐིང་ནག་གིས་མཚན་པ། ཡར་རྩེ་ལ་འབྲུག་སྟོང་ལྡིར་བ། མར་རྩེ་ལ་གློག་སྟོང་འགྱུ་བ། ལྕིམ་གཞོག་བརྒྱད་ལ་ལྷ་དམག་བྱེ་བ་དུང་ཕྱུར་ཤོང་བ་གཅིག་ཏུ་གྱུར། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཅེས་བརྗོད་པ་ན། བིང་ཡོངས་སུ་གྱུར་པ་ལས། མགོན་པོ་ལེགས་ལྡན་གྱི་སྲས་མ་ཧཱ་ཀཱ་ལ་མཐུ་བོ་ཆེ་སྐུ་མདོག་མཐིང་ནག་ཆར་སྤྲིན་ནག་པོའི་མདོག་ལྟ་བུ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། ལྗགས་འདྲིལ་སྨ་ར་སྨིན་མ་ཨག་ཚོམ་མེ་ལྟར་འབར་བ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྐུ་གཏུམ་ལ་ཞལ་རྔམས་པ། སྐུ་ལས་མཚོན་ཆའི་བ་སྤུ་སྐྱེས་པ། གཟི་བརྗིད་དང་ལྡན་པ། ལྟེ་བ་ཟུར་གསུམ་ཟབ་པ། དབུ་སྐྲའི་མཚམས་སུ་ཐོད་སྐམ་ལྔ་དང་སྦྲུལ་དང་རིན་པོ་ཆེས་བརྒྱན་པ། སྟག་ལྤགས་རློན་པའི་ཤམ་ཐབས་བྱས་པ། སྐུ་ལ་དར་ནག་གི་འཇོལ་བེར་གསོལ་བ་ལ་གཡུང་དྲུང་རིས་དང་ཚོམ་བུ་རིས་ཀྱི་མེ་ཏོག་བཀྲ་བ། གསེར་དང་རིན་པོ་ཆེའི་སྐ་རགས་བཅིངས་པ། ཞབས་ལ་སྭག་ཏིའི་ལྷྭམ་པོ་ཆེ་མནབས་པ། ཐོད་རློན་ལྔ་བཅུ་རྩ་གཅིག་གི་ཕྲེང་བ་སེ་རལ་ཁར་ཐོགས་པ། ཕྱག་གཡས་ཙནྡན་གྱི་བིང་སྔོན་པོ་ཟུར་བརྒྱད་པ་ཕྱར་ཐབས་སུ་བསྣམས་པ། གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་པ། བསྐལ་པའི་མེ་རླུང་འཚུབས་པའི་ཀློང་ན་འགྱིང་བག་གི་ཚུལ་དུ་བཞུགས་པ། དེའི་དུང་ཁང་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་དཀར་པོ། མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ། ཐུགས་ཀར་ཉི་མའི་སྟེང་དུ་ཙནྡན་གྱི་བིང་སྔོན་པོ་ཚོན་གང་བའི་ལྟེ་བ་ལ་ཧཱུྃ་མཐིང་ནག་གིས་མཚན་པ། དེའི་མཐའ་སྐོར་དུ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། མ་ཧཱ་ཀཱ་ལ་སིདྡྷི་ཡཾ་དུ་ཛཿ ཅེས་པས་གཡས་སུ་འཁོར་བའོ། །སྤྱི་བོར་པཾ་ལས་པདྨ། ཨཱཿལས་ཟླ་བ། མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་དགོངས་འདུས་པོ་ཏི་དང་ཕྱག་ན་རྡོ་རྗེ་བཞུགས་པའོ། །དེའི་སྤྱི་བོར་པཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྤྱན་རས་གཟིགས་བཞུགས་པའོ། །མགོན་པོའི་ཐུགས་ཀའི་ཧཱུྃ་ལས་བྷྱོ་སྨུག་ནག་གཅིག་འཕྲོས་ཏེ། གཡོན་ཕྱོགས་སུ་རླུང་ནག་འཚུབས་མའི་དབུས་སུ། དགྲ་བོ་གན་རྐྱལ་དུ་བསྒྱེལ་ནས་ཡོད་པའི་སྟེང་དུ་བབས། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མ་མོ་དང་མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ནས། དེ་དག་ཐམས་ཅད་ཀྱི་བྱིན་རླབས་ནུས་མཐུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་སྲོག་གི་སྙིང་པོ་དང་བཅས་པ་ཐམས་ཅད་བསྡུས་ནས་ཚུར་འདུས་བྷྱོ་ལ་ཐིམ། ཨོཾ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུྃ། ཞེས་བརྗོད་པས། བྷྱོ་ཡོངས་སུ་གྱུར་པ་ལས། ཡུམ་ཡཀྴ་བཻ་ཏ་ལི་སྐུ་མདོག་ནག་མོ་ཆར་སྤྲིན་གྱི་མདོག་ལྟ་བུ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་གཙིགས་པ། དབུ་སྐྲ་ཁམ་ནག་ས་ལ་བཤལ་བ། སྤྱི་བོར་ཟླ་བ་ཚེས་ཤིང་ལྟེ་བར་ཉི་མ་ཤར་བ། སྐུ་ལ་མཁའ་འགྲོ་མའི་ཆས་ཀྱིས་བརྒྱན་པ། ཕྱག་གཡས་གྲི་གུག་ནམ་མཁར་ཕྱར་བ། གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་པ། རླུང་ནག་འཚུབས་མའི་ནང་དུ་ཆིབས་སུ་དྲེལ་རྟ་གྭ་པ་ལ་ཞོན་པ་རྒྱན་ཆ་ལུགས་དང་ལྡན་པར་བསྐྱེད་དོ། །ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བྷྱོ་སྨུག་ནག་ལ། ཨོཾ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུྃ། ཏྲག་རཀྴ་རག་མོ་ཐུཾ་རིལ་སྙིང་ལ་འདུས་འདུས། སྲོག་ལ་བྲིང་བྲིང་ཤཾ་ཤཾ་ཁྱེར་བྷྱོ། ཞེས་པས་གཡོན་དུ་འཁོར་བའོ། །འཁོར་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མ་མོ་དང་མཁའ་འགྲོ་མའི་ཚོགས་ཀྱིས་བསྐོར་ནས་བཞུགས་པའོ། །མགོན་པོའི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་གསུམ་འཕྲོས་ཏེ། ཟླ་གམ་གསུམ་གྱི་སྟེང་དུ་བབས། དེ་ཡོངས་སུ་གྱུར་པ་ལས། གཡས་ཀྱི་ཟླ་གམ་གྱི་སྟེང་དུ་མགོན་པོ་སྐུ་མཆོག་སྐུ་མདོག་སྔོ་སྐྱ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྐུ་གཏུམ་ལ་ཞལ་རྔམས་པ་གཟི་བརྗིད་དང་ལྡན་པ། ཕྱག་གཡས་པས་ཏྲི་ཤུལ་རྩེ་གསུམ། གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་པ། རྒྱན་ཆ་ལུགས་གཙོ་བོ་དང་མཐུན་པ། འཁོར་ནི་སྐུའི་རིགས་ཀྱི་མགོན་པོ་དང་ཁྲོ་བོ་དང་ཁྲོ་མོའི་ཚོགས་ཀྱིས་བསྐོར་བའོ། །གཡོན་གྱི་ཟླ་གམ་གྱི་སྟེང་དུ་མགོན་པོ་གསུང་མཆོག་སྐུ་མདོག་དམར་སྐྱ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྐུ་གཏུམ་ལ་ཞལ་རྔམས་པ་གཟི་བརྗིད་དང་ལྡན་པ། ཕྱག་གཡས་ན་ཙན་དན་གྱི་བིང་ཆེན་པོ། གཡོན་པས་ཐོད་ཁྲག་ཞལ་དུ་གསོལ་བ། རྒྱན་ཆ་ལུགས་གཙོ་བོ་དང་མཐུན་པ། འཁོར་ནི་གསུང་གི་རིགས་ཀྱི་མགོན་པོ་དང་ལྷ་དམག་གི་ཚོགས་ཀྱིས་བསྐོར་བའོ། །མདུན་གྱི་ཟླ་གམ་གྱི་སྟེང་དུ་མགོན་པོ་ཐུགས་མཆོག་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། དབུ་སྐྲ་དམར་སེར་མེ་ལྟར་འབར་བ། སྐུ་གཏུམ་ལ་ཞལ་རྔམས་པ་གཟི་བརྗིད་དང་ལྡན་པ། ཕྱག་གཡས་པས་གྲི་གུག་ནམ་མཁར་ཕྱར་བ། གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་པ། རྒྱན་ཆ་ལུགས་གཙོ་བོ་དང་མཐུན་པ། འཁོར་ནི་ཐུགས་ཀྱི་རིགས་ཀྱི་མགོན་པོ་དང་ནག་པོ་སྟོང་ཤ་ཟ་འབུམ་གྱིས་བསྐོར་བ། དེ་གསུམ་གྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཅེས་པས་གཡས་སུ་འཁོར་བའོ། །གཙོ་འཁོར་དེ་དག་བསྐལ་པའི་མེ་དཔུང་འབར་བའི་ནང་དུ་ཞབས་གཉིས་འདོར་ཐབས་སུ་བཞུགས་པའོ། །དེའི་ཕྱི་རོལ་དུ་འཁོར་ལོ་སྔོན་པོ་རྩིབས་བཅུའི་སྟེང་དུ། ཤར་དུ་དཔའ་རབ་འཆང་བའི་མགོན་པོ་སྐུ་མདོག་སྨུག་ནག་ཕྱག་ན་ཉི་ཟེར་གྱི་ཞགས་པ་བསྣམས་པ། ལྷོར་ལེགས་ལྡན་གྱི་མགོན་པོ་སྐུ་མདོག་མཐིང་ནག་ཕྱག་ན་ཙན་དན་གྱི་བིང་སྔོན་པོ་ཟུར་བརྒྱད་པ་ཕྱར་ཐབས་སུ་བསྣམས་པ། ནུབ་ཏུ་བྲག་ལྷ་མགོན་པོ་སྐུ་མདོག་དམར་ནག་ཕྱག་ན་ཙན་དན་གྱི་བིང་གྲུ་ཚལ་བསྣམས་པ། བྱང་དུ་མགོན་པོ་རྣམ་སྲས་སྐུ་མདོག་སེར་པོ་ཕྱག་ན་རྒྱལ་མཚན་དང་ནེའུ་ལེ་བསྣམས་པ། ཤར་ལྷོར་དཔལ་ཨཱརྻ་ཛཾ་བྷ་ལ་སྐུ་མདོག་སྔོན་པོ་བཻ་ཌཱུརྻ་ཡི་མདོག་ལྟ་བུ་ཕྱག་ན་ནེའུ་ལེ་དང་རྒྱལ་མཚན་བསྣམས་པ། ལྷོ་ནུབ་ཏུ་ཉི་མའི་སྲས་པོ་རེ་མནྟ་སྐུ་མདོག་སེར་ནག་ཕྱག་ན་རུ་མཚོན་འབར་བ་བསྣམས་པ། ནུབ་བྱང་དུ་ནག་པོ་ཆེན་པོ་ཤ་བ་རི་སྐུ་མདོག་ལྗང་གུ་འཇིགས་པའི་གཟུགས་ཅན་ཕྱག་ན་རྨ་བྱའི་རྒྱལ་མཚན་ཕྱར་བ། བྱང་ཤར་དུ་རྣམ་པར་སྣང་མཛད་དབུ་རྒྱན་ཅན་སྐུ་མདོག་དཀར་པོ་འོད་ཟེར་འཕྲོ་བ་ཕྱག་ན་རུ་མཚོན་དཀར་པོ་བསྣམས་པ། ཤར་སྟོད་དུ་སྟེང་གི་མགོན་པོ་དུང་གི་ཐོར་ཚུགས་ཅན་ཕྱག་ན་གནམ་ལྕགས་ཀྱི་རལ་གྲི་འདེབས་པ། ནུབ་སྨད་དུ་འོག་ཕྱོགས་ཀྱི་མགོན་པོ་རཀྴ་ཤྲཱི་ཡ་བཻ་ཏ་ལི་སྐུ་མདོག་ནག་པོ་ཕྱག་ན་གནམ་ལྕགས་ཀྱི་སཏྭ་རེ་ཕྱར་བ། ཐམས་ཅད་ཀྱང་རྒྱན་ཆ་ལུགས་སོ་སོར་ལྡན་ཞིང་རང་རང་གི་སྲས་དང་བཙུན་མོ་གཡོག་འཁོར་བཅས་པའོ། །དེའི་ཕྱི་རོལ་དུ་འཁོར་ལོ་སྔོན་པོ་རྩིབས་བརྒྱད་ལ། ཤར་ཕྱོགས་སུ་སྲིད་པ་ལྷའི་གཙོ་བོ་སྐུ་མདོག་དཀར་པོ་སྐུ་ལ་དར་དཀར་གྱི་གོ་ཟུ་གསོལ་བ། གཡས་ན་ཤེས་རབ་ཀྱི་རལ་གྲི་ཕྱར་བ། གཡོན་པས་དར་མདུང་དཀར་པོ་བསྣམས་པ། ཆིབས་སུ་ལྷ་གཡག་དཀར་པོ་ལ་འཆིབ་པ། ལྷ་དམག་འབུམ་གྱི་འཁོར་གྱིས་བསྐོར་བ། ལྷོ་ཕྱོགས་སུ་གཤིན་རྗེ་ཡ་མ་རཱ་ཛ་སྐུ་མདོག་ནག་པོ་སྟག་ལྤགས་གྱོན་པ། གཡས་བེ་ཅོན་གཡོན་ཐོད་དབྱུག་འཛིན་པ། ཆིབས་སུ་མ་ཧེ་སྔོན་པོ་ལ་འཆིབ་པ། གཤིན་རྗེ་འབུམ་གྱི་འཁོར་གྱིས་བསྐོར་བ། ནུབ་ཕྱོགས་སུ་མ་མོ་སྲིད་པའི་རྒྱལ་མོ་སྐུ་མདོག་དཀར་མོ་བརྗིད་པའི་ཞལ་ཅན། སྐུ་ལ་དར་དཀར་གྱི་རལ་ག་གསོལ་བ། གཡས་པས་མདའ་དར་གཡོན་པས་མེ་ལོང་བསྣམས་པ། ཆིབས་སུ་གཡུ་འབྲུག་སྔོན་པོ་ལ་འཆིབ་པ། མ་མོ་འབུམ་གྱི་འཁོར་གྱིས་བསྐོར་བ། བྱང་ཕྱོགས་སུ་བདུད་ཕོ་སྐོས་རྗེ་བྲང་དཀར་སྐུ་མདོག་མཐིང་ནག་འབར་བ། སྐུ་ལ་དར་ནག་གི་འཇོལ་བེར་མནབས་པ། གཡས་པས་ཁྲམ་ཤིང་གཡོན་པས་དགྲ་སཏྭ་བསྣམས་པ། ཆིབས་སུ་བདུད་རྟ་རྟིང་དཀར་ལ་འཆིབ་པ། བདུད་དམག་འབུམ་གྱི་འཁོར་གྱིས་བསྐོར་བ། ཤར་ལྷོ་མཚམས་ན་བཙན་རྗེ་སྲོག་ཟན་སྐུ་མདོག་དམར་པོ་སྐུ་ལ་དར་དམར་ལེ་བརྒན་གསོལ་བ། གཡས་པས་མདུང་དར་གཡོན་པས་མདའ་གཞུ་བསྣམས་པ། ཆིབས་སུ་བཙན་རྟ་དམར་པོ་ལ་འཆིབ་པ། འཁོར་དུ་བཙན་དམག་འབུམ་གྱིས་བསྐོར་བ། ལྷོ་ནུབ་མཚམས་ན་དགྲ་བླའི་རྒྱལ་པོ་པེ་ཧར་སྐུ་མདོག་དཀར་པོ་བརྗིད་པའི་ཞལ་མངའ་བ། ཆོས་གོས་ངུར་སྨྲིག་སྐུ་ལ་གསོལ་བ། གཡས་གསེག་ཤང་གཡོན་ལྷུང་བཟེད་བསྣམས་པ། ཆིབས་སུ་སེང་གེ་དཀར་མོ་ལ་འཆིབ་པ། འཁོར་དུ་འགོང་པོ་འབུམ་གྱིས་བསྐོར་བ། ནུབ་བྱང་མཚམས་ན་གནོད་སྦྱིན་ཀཱ་ལ་ཡཀྴ་མདོག་སྔོན་པོ་གཡུ་འོད་འབར་བ། ཟ་འོག་སློག་པ་སྐུ་ལ་གསོལ་བ། གཡས་པས་རལ་གྲི་གཡོན་པས་ནོར་བུ་འཛིན་པ། ཆིབས་སུ་སྟག་མོ་དྲུས་མ་ལ་འཆིབ་པ། འཁོར་དུ་གནོད་སྦྱིན་འབུམ་གྱིས་བསྐོར་བ། བྱང་ཤར་མཚམས་ན་ཀླུ་བདུད་འཆི་བདག་མགོ་དགུ་པ་སྐུ་མདོག་དུད་ཁ་འཇིགས་པའི་གཟུགས་ཅན། སྐུ་ལ་སྦྲུལ་གྱི་པགས་པ་གྱོན་པ། གཡས་པས་སྦྲུལ་ཞགས་གཡོན་པས་ནད་རྐྱལ་བསྣམས་པ། ཆིབས་སུ་ཆུ་སྲིན་འབར་བ་ལ་འཆིབ་པ། འཁོར་དུ་ཀླུ་བདུད་འབུམ་གྱིས་བསྐོར་བ། དེའི་ཕྱི་རོལ་དུ་གྲུ་ཆད་བཞི་ལ་ལྷ་དམག་བྱེ་བ་དུང་ཕྱུར་གྱིས་བསྐོར་བ། ཐམས་ཅད་ཀྱི་ལུས་ལ་གོ་དང་མཚོན་གྱིས་བརྒྱན་པའོ། །དེའི་ཕྱི་རོལ་དུ་དགྲ་བླའི་དམག་ཚོགས་བསམ་ལས་འདས་པས་བསྐོར་བ། སྒོ་བཞིར་རྒྱལ་པོ་ཆེན་པོ་སྡེ་བཞི་གཡས་པ་ཐམས་ཅད་ཀྱིས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་བསྣམས་པ། གཡོན་པ་ཐམས་ཅད་ཀྱིས་རང་རང་གི་རྟགས་འཛིན་པའོ། །རི་རབ་ཤར་གྱི་བང་རིམ་དང་པོ་ལ་དྲི་ཟའི་དམག་ཚོགས། ལྷོའི་བང་རིམ་དང་པོ་ལ་གཤིན་རྗེའི་དམག་ཚོགས། ནུབ་ཀྱི་བང་རིམ་དང་པོ་ལ་ཆུ་ལྷའི་དམག་ཚོགས། བྱང་གི་བང་རིམ་དང་པོ་ལ་གནོད་སྦྱིན་གྱི་དམག་ཚོགས་ཀྱིས་བསྐོར་བ། བང་རིམ་བར་མ་བཞི་ལ་དཔལ་མགོན་བདུན་ཅུ་ལ་སོགས་པའི་གཙང་རིགས་ཀྱི་མགོན་པོ་རྣམས་ཀྱིས་བསྐོར་བ། བང་རིམ་ཐ་མ་བཞི་ལ་མགོན་པོའི་བཀའ་སྡོད། དྲི་ཟ། མེ་ལྷ། གཤིན་རྗེ། བདེན་བྲལ། ཆུ་ལྷ། རླུང་ལྷ། གནོད་སྦྱིན། དབང་ལྡན། ས་བདག །ཉི་ཟླ་གཟའ་སྐར་གྱི་ཚོགས་དང་། ལྷའི་ཚོགས་དང་། ཀླུའི་ཚོགས་དང་། སྲིན་པོའི་ཚོགས་དང་། རོ་ལངས་ཀྱི་ཚོགས་དང་། ཤ་ཟའི་ཚོགས་དང་། མཁའ་འགྲོའི་ཚོགས་དང་། ཤུགས་འགྲོའི་ཚོགས་དང་། མ་སྲིང་གི་ཚོགས་དང་། ཕྲ་མེན་མགོ་བརྙན་གྱི་ཚོགས་དང་། གཞན་ཡང་སྤྲུལ་པ་ཡང་སྤྲུལ་གྱི་ཚོགས་ཀྱིས་བསྐོར་ནས་བཞུགས་པར་གྱུར། དེ་དག་ཐམས་ཅད་ཀྱང་སྐུ་མདོག་སྣ་ཚོགས་པ་ཕྱག་ན་མཚོན་ཆ་སྣ་ཚོགས་འཛིན་པ། ལུས་ཐམས་ཅད་གོ་དང་མཚོན་གྱིས་བརྒྱན་ནས་དམ་ཉམས་པའི་དགྲ་བོའི་ཚེ་སྲོག་ལ་རྔམས་ཤིང་རྒྱུག་པའི་ཚུལ་དུ་གནས་པའོ། །གསུམ་པ་སྤྱན་དྲང་ཞིང་ཕྱག་དང་མཆོད་པ་འབུལ་བ་ལ་བཞི་སྟེ། དང་པོ་སྙན་གསན་དབབ་པ་ནི། བདག་གི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཕྱོགས་དུས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་སྐུ་ཞི་བ་ཆེན་པོར་བཞུགས་པ་དེ། གཟུགས་སྐུ་མ་ཧཱ་ཀཱ་ལའི་ཚུལ་དུ་བཞེངས་ནས་བྱོན་མ་རག་པར་བསམ་ལ། སྤོས་དང་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅའ་ལ་འདི་སྐད་དོ། །ཧོ་དགོངས་སུ་གསོལ། ཧོ་དགོངས་སུ་གསོལ། ཧོ་དགོངས་སུ་གསོལ། ན་མོ་སྐྱབས་དམ་པ་རྣམས་ཀྱི་མཆོག །མགོན་དམ་པ་རྣམས་ཀྱི་གླིང་། བསོད་ནམས་ཐམས་ཅད་ཀྱི་དཔལ་ཞིང་། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས། འཕགས་པ་བླ་ན་མ་མཆིས་པའི་དཀོན་མཆོག་གསུམ་པོ་རྣམས་དང་། ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། དམ་པ་ཆོས་སྐྱོང་བའི་སྲུང་མའི་ཚོགས་མ་ལུས་པ་རྣམས་གསན་ཅིང་དགོངས་སུ་གསོལ། དེང་གི་གནས་མཆོག་དམ་པ་ཁྱད་པར་ཅན་འདིར་སྤྱན་འདྲེན་ཅིང་མཆོད་པ་འབུལ། ཐུགས་དམ་བསྐུལ། ཕྲིན་ལས་བཅོལ་ལོ། །མགོན་པོ་ཚོགས་བདག །མཐུ་ཆེན་ནག་པོ་ཤྲཱི་མ་ཧཱ་ཀཱ་ལ། དུག་གསུམ་ནད་ཀྱི་སྨན་པ། རིག་འཛིན་ཡོངས་ཀྱི་སྲོག་ཤིང་། རྣལ་འབྱོར་ཀུན་གྱི་དགྲ་བླ། བདུད་འདུལ་ལས་ཀྱི་དབང་ཕྱུག་ཆེན་པོ། སྲིན་པོ་ལང་ཀ་པུ་རིའི་གྲོང་ཁྱེར་ཆེན་པོ་གཏན་ནས་བརླག་པར་མཛད་པ་ཞལ་གྱིས་བཞེས་པ། ཕྱག་ན་ཙན་དན་གྱི་བིང་ཆེན་པོ་ཟུར་བརྒྱད་པ་བསྣམས་པའི་ནང་ནས་ལྷ་དམག་བྱེ་བ་དུང་ཕྱུར་འཕྲོ་བ། ལྷ་མ་ཡིན་གྱི་གཡུལ་ངོ་ཟློག་པར་མཛད་ཅིང་། བདུད་འདུལ་ལྷ་དམག་ཉིས་ཁྲི་ཆིག་སྟོང་འབྱུང་བ། ཕྱོགས་མཚམས་དང་སྟེང་འོག་ཐམས་ཅད་ལ་མངའ་མཛད་པའི་ལྷ་མགོན་པོ་མ་ཧཱ་ཀཱ་ལའི་ཚོགས་རྣམས་ལ་ཐུགས་དམ་བསྐུལ། ཕྲིན་ལས་བཅོལ། སྙན་ཆར་གསོལ། འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། བདག་གི་ཅི་རེ་བ་དང་ཅི་སྨོན་པ་ཐམས་ཅད་ལས་ཀྱི་འབྲས་བུ་མཆིས་པར་མཛད་དུ་གསོལ། གཉིས་པ་སྤྱན་དྲང་ཞིང་བཞུགས་སུ་གསོལ་བ་ནི། བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་ནས་མདུན་གྱི་མགོན་པོ་ལ་ཕོག །མགོན་པོའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་ཚོགས་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས། བྱང་ཤར་མཚམས་རང་བཞིན་གྱི་གནས་དང་། འོག་མིན་དང་། དུར་ཁྲོད་ཆེན་པོ་དང་། སྐུ་གསུང་ཐུགས་ཀྱི་ཕོ་བྲང་ན་བཞུགས་པའི་མགོན་པོ་དང་། མདུང་དང་རལ་གྲི་གཤིབས་པའི་ཕོ་བྲང་ན་མགོན་པོ་འཁོར་དང་བཅས་པ་ལ་ཕོག་པས་སྔོན་གྱི་དམ་ཚིག་དྲན་ནས་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་དུས་ལ་བབ་པར་དགོངས་ནས། སྐད་ཅིག་གིས་མདུན་གྱི་ནམ་མཁར་བྱོན་པར་བསམ་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་མ་ཡ་ཕེཾ་ཕེཾ་ཕེཾ། ཅེས་བརྒྱ་རྩ་བརྒྱད་བརྗོད་ལ་སྤྱན་དྲང་བ་ནི་རོལ་མོ་དང་བཅས་པས་འདི་སྐད་དོ། །ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །མ་ཧཱ་ཀཱ་ལ་སྤྱན་འདྲེན་ནོ། །ཚུར་གཤེགས་ཚུར་བྱོན་མགོན་པོའི་ཚོགས། །དཔལ་ཆེན་ཆོས་འཁོར་སྲུང་མ་ཁྱེད། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །བསྟན་པ་སྲུང་ཕྱིར་གཤེགས་སུ་གསོལ། །འཇིགས་བྱེད་ཆེན་པོ་གཤེགས་སུ༴ སྤྱོད་པ་རླབས་ཆེན་གཤེགས༴ དྲག་ཤུལ་མཐུ་ཆེན་གཤེགས༴ དགྲ་བླའི་རྒྱལ་པོ་གཤེགས༴ དུས་མཐའ་སྟོངས་བྱེད་གཤེགས༴ འཆི་བདག་ཟློག་བྱེད་གཤེགས༴ ཁྲག་འཐུང་ཆེན་པོ་གཤེགས༴ ལེགས་ལྡན་སྲས་པོ་གཤེགས༴ རྣལ་འབྱོར་དགྲ་བླ་གཤེགས༴ དབང་ཕྱུག་ཆེན་པོ་གཤེགས༴ ཚོགས་རྗེ་ཚོགས་བདག་གཤེགས༴ དགེ་བསྙེན་དམ་ཅན་གཤེགས༴ འཇིག་རྟེན་མགོན་པོ་གཤེགས༴ དམ་ཚིག་ཉེ་བར་གཤེགས༴ སེམས་ཅན་དོན་ཕྱིར་གཤེགས༴ བཅོམ་ལྡན་ཐུགས་རྗེ་ལས་བྱུང་བའི། །སྤྱན་རས་གཟིགས་ཀྱི་ཐུགས་རྗེ་ཆེ། །མ་ཧཱ་ཀཱ་ལ་མཐུ་ཆེན་ཁྱེད། །སྲིད་པའི་མ་མོའི་ཚོགས་དང་བཅས། །སྲིད་གསུམ་གྲོང་ཁྱེར་སུམ་བརྩེགས་ནི། །འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས། ཁམས་གསུམ་གྲོང་ཁྱེར་སུམ་བརྩེགས་ནས། །སྐྱེ་འཆི་འཇོམས་ཕྱིར་གཤེགས་སུ་གསོལ། །གནས་ལ་ཆགས་པའི་རྨོངས་པ་སེལ། །མ་རིག་མུན་པའི་མདངས་ཅན་ལ། །ཕྱིན་ཅི་ལོག་ལྟ་བསལ་བའི་ཕྱིར། །མུན་པ་སེལ་ཕྱིར་ནག་པོར་སྟོན། །མཐུ་སྟོབས་ལྡན་ཞིང་དབང་ཕྱུག་ཆེ། །སྲེད་མེད་བུ་དང་སྟོབས་ཆེན་དང་། །གཞོན་ནུ་སྨིན་དྲུག་བུ་ལ་སོགས། ཁྱོད་ཀྱི་འཁོར་དང་ཉེ་གནས་ཡིན། །འཇིག་རྟེན་འདི་ན་གང་མཁས་པ། །ཚངས་པ་ལ་སོགས་དབང་ཕྱུག་རྣམས། །མཐུ་དང་དམ་ཚིག་ལྡན་ན་ཡང་། ཁྱོད་ཀྱི་སྤྱོད་ཡུལ་འདྲ་བ་མེད། །འཕགས་པ་གསུམ་གྱིས་རྗེས་བསྒྲུབ་ཅིང་། །ཞིང་དང་སྤྱོད་ཡུལ་དག་པ་ཡིས། །འགྲོ་བ་འདུལ་བའི་ཕྲིན་ལས་ལ། །ཐུགས་དམ་བཞིན་དུ་བྱིན་གྱིས་རློབས། །མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །རྣལ་འབྱོར་དགྲ་བླར་གཤེགས་པའི་ཚེ། །དུས་གསུམ་སངས་རྒྱས་དབང་བསྐུར་རྟགས། །སྐུ་ཡི་ཆ་བྱད་གསུམ་དང་ལྡན། རིགས་གསུམ་མགོན་པོས་དབང་བསྐུར་རྟགས། །དཔྲལ་བར་ཁྲོ་གཉེར་གསུམ་དང་ལྡན། །དུས་གསུམ་ཁྲོ་བོས་དབང་བསྐུར་རྟགས། །ཞལ་གྱི་གདོང་ངར་གསུམ་དང་ལྡན། །དྲང་སྲོང་རྣམས་ཀྱིས་མངའ་གསོལ་རྟགས། །ཆོས་གོས་ཤམ་ཐབས་སྐུ་ལ་གསོལ། །ལྷ་ཆེན་རྣམས་ཀྱིས་མངའ་གསོལ་རྟགས། །རིན་ཆེན་འབར་བའི་ཐོར་ཚུགས་ཅན། །ཀླུ་ཆེན་རྣམས་ཀྱིས་མངའ་གསོལ་རྟགས། །ཡན་ལག་སྦྲུལ་ཆུན་ཆུན་པོས་བརྒྱན། །གཟའ་ཆེན་རྣམས་ཀྱིས་མངའ་གསོལ༴ རལ་པ་དམར་སེར་མེ་ལྟར་འབར། །ལྷ་རྣམས་ཀུན་གྱིས་མངའ༴ བསྭོ་སྒྲ་དྲག་པོ་གསུམ་དང་ལྡན། །རྒྱུ་སྐར་རྣམས་ཀྱིས་མངའ༴ ཚེ་ལོ་སྨེ་བ་སེ་རལ་ཁ། །ལྷ་མ་ཡིན་གྱིས་མངའ༴ ཆ་སྒྲ་དྲག་པོ་གསུམ་དང་ལྡན། །བྱོལ་སོང་རྣམས་ཀྱིས་མངའ༴ འདོད་དགུ་ཕུན་སུམ་ཚོགས་པས་བརྒྱན། །ཡི་དྭགས་རྣམས་ཀྱིས་མངའ༴ རིན་ཆེན་འབར་བའི་དོ་ཤལ་ཅན། །མི་རྣམས་ཀུན་གྱིས་མངའ༴ རིན་ཆེན་སྣ་ལྔས་སྐུ་ལ་བརྒྱན། །དམྱལ་བ་རྣམས་ཀྱིས་མངའ༴ ཐོད་པའི་ཕྲེང་བས་སྐུ་ལ་བརྒྱན། །ཨགྣི་རཱ་ཛས་མངའ༴ སྤྱན་ནས་བསྐལ་པའི་མེ་ཆེན་འབར། །བི་ནཱ་ཡ་ཀས་མངའ༴ ཞལ་ནས་བསྐལ་པའི་ཆུ་ཆེན་འཁྱིལ། །བཱ་ཡུ་རཱ་ཛས་མངའ༴ ཤངས་ནས་བསྐལ་པའི་རླུང་ནག་འཚུབས། །བདུད་རྣམས་ཀུན་གྱིས་མངའ༴ རྒྱ་བེར་ནག་པོ་སྐུ་ལ་མནབས། །གཤིན་རྗེ་རྣམས་ཀྱིས་མངའ༴ ཕྱག་ན་ཙན་དན་བིང་ཆེན་བསྣམས། །མ་མོ་རྣམས་ཀྱིས་མངའ༴ ཐོད་པའི་ཕྲེང་བ་སེ་རལ་ཁ། །སྲིད་པ་གསུམ་གྱིས་མངའ་གསོལ་རྟགས། །སྐུ་ཡི་ལྟེ་བ་ཟུར་གསུམ་ཟབ། །ལྷ་ཆེན་དཔལ་འབར་གཤེགས་སུ་གསོལ། །རི་རབ་ཟོམ་ལ་ལྗུར་གྱིས་བྱོན། །ཙན་དན་བིང་ཆེན་ཀླད་ལ་བསྐོར། །བསྭོ་སྒྲ་ཐངས་གསུམ་གནམ་དུ་བཏང་། །ལྷ་རྣམས་གཡུལ་ལས་རྒྱལ་བར་བྱེད། །ལྷ་མིན་གཡུལ་རྣམས་ཕམ་པར་བྱེད། །བྱང་ཤར་མཚམས་ནས་སྤྱན་འདྲེན་ན། །རླུང་ནག་འཚུབས་མའི་ནང་ནས་གཤེགས། །སྤྲིན་ཕུང་འདུས་པའི་ནང་ན་བཞུགས། །མ་ཧཱ་ཀཱ་ལ་འཁོར་བཅས་རྣམས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །དམ་ཚིག་དབང་གིས་གཤེགས་སུ་གསོལ། །ཞེས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མ་ཧཱ་ཀཱ་ལའི་ཚོགས་སུ་གྱུར་ནས། དམ་ཚིག་དབང་གིས་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པར་བྱེད་པའི་དགྲ་བོ་ཐམས་ཅད་བསྒྲལ་བར་བྱས་ནས། མདུན་གྱི་ནམ་མཁར་བྱོན་པར་བསམ་ལ། ཨོཾ་ཨེ་ཧྱེ་ཧི་ཤྲཱི་མ་ཧཱ་ཀཱ་ལ་ཛཿཧཱུྃ་བཾ་ཧོཿ ཨཱ་གཙྪ་ཡ་ཨཱ་གཙྪ་ཡ། ཏིཥྛ་བཛྲ་ས་མ་ཡ་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་བརྗོད། ཡེ་ཤེས་པ་རྣམས་དམ་ཚིག་པ་ལ་མཚོ་ལ་ཁ་བ་བབ་པ་བཞིན་དུ་ཡང་ཡང་བསྟིམ་མོ། །དེ་ནས་བྱིན་གྱིས་བརླབ་པ་དང་དབང་བསྐུར་ནི། ཨོཾ་ཨཱཿཧཱུྃ་གིས་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཨེ་རྔུབ་ཨེ་བཛྲ་སནྟ་ཧྲིལ་པ་ཧྲཱིཿ ཨུ་ནི་ནི་ཨེ་ལཾ་མི་ནི་ཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩནྟུ་མཱཾ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལྷ་ཚོགས་རྣམས་ཀྱི་སྤྱི་བོར་དབང་བསྐུར། ལུས་ངག་ཡིད་གསུམ་གྱི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། ཚོགས་བདག་ལ་ཐོ་རངས་སྐར་ཆེན་ལྟར་སྤྱན་རས་གཟིགས་ཀྱིས་དབུ་བརྒྱན། གཙོ་བོ་ལ་རིགས་ལྔས་དབུ་བརྒྱན། ཡུམ་ལ་ཡུམ་ལྔས་དབུ་བརྒྱན། སྤྱན་རས་གཟིགས་ལ་འོད་དཔག་མེད་ཀྱིས་དབུ་བརྒྱན། སྐུ་མཆོག་ལ་གཤིན་རྗེའི་གཤེད་ཀྱིས་དབུ་བརྒྱན། གསུང་མཆོག་ལ་རྟ་མགྲིན་གྱིས་དབུ་བརྒྱན། ཐུགས་མཆོག་ལ་ཕྱག་ན་རྡོ་རྗེས་དབུ་བརྒྱན་པའོ། །དེ་ནས། ལྷ་མི་ཐམས་ཅད་ཀྱི་དེད་དཔོན་དུ་དབང་བསྐུར་བས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་ནུས་མཐུ་ཐམས་ཅད་བསྡུས་ནས་བཀྲག་མདངས་དང་ལྡན་པར་བསམ་མོ། །གསུམ་པ་ཕྱག་འཚལ་བ་ནི། རང་གི་ཐུགས་ཀ་ནས་ཤེས་པ་གཉིས་སུ་ཕྱེས་ལ་ཆ་གཅིག་ལ་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་པས། སངས་རྒྱས་ཀྱི་བསྟན་པ་སྲུང་བ་དང་། དགྲ་བགེགས་གདུག་པ་ཅན་བསྒྲལ་བ་དང་། རྣལ་འབྱོར་པ་བདག་ལ་དངོས་གྲུབ་སྩོལ་བའི་དོན་དུ་ལྷ་དམག་གིས་གཙོ་བྱས་འཁོར་རྣམས་ལ་ཕྱག་འཚལ། འཁོར་རྣམས་ཀྱིས་ཚོགས་བདག་འཁོར་བཅས་ལ་སྒོ་གསུམ་གུས་པའི་ཚུལ་དུ་ཕྱག་འཚལ་བར་བསམ་ཞིང་འདི་སྐད་དོ། །ཧཱུྃ། ལྷ་མིན་དམག་ཚོགས་གཡུལ་ཟློག་ཅིང་། །ལྷ་དམག་དཀར་པོ་དབུགས་འབྱིན་པ། །མ་ཧཱ་ཀཱ་ལ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་འཚལ་ལོ། །ཟླ་བའི་འོད་ལྟར་ཞལ་གསལ་བ། །མ་རིག་སྒྲིབ་པ་སྤང་བའི་ཕྱིར། །འཇིག་རྟེན་འདི་ན་གང་སྟོན་པ། །ཚོགས་བདག་ཁྱེད་ལ་ཕྱག་འཚལ་ལོ། །ལྷ་རྣམས་ཀུན་གྱིས་མ་མཆོད་ཚེ། །ལྷ་རྣམས་གཡུལ་ལས་རྒྱལ་མ་གྱུར། །མཆོད་ནས་གཡུལ་ལས་རྒྱལ་བ་ཐོབ། །ཚོགས་བདག་ཁྱེད་ལ་ཕྱག༴ ལྷ་རྣམས་ཀུན་ལས་ཁྱད་པར་འཕགས། ཁྱེད་ལ་ལྷས་ཀྱང་ཐོག་མར་མཆོད། །མཆོད་འོས་རྣམས་ཀྱིས་མཆོད་མཛད་པ། །ཚོགས་བདག་ཁྱེད་ལ་ཕྱག༴ དཀོན་མཆོག་གསུམ་གྱི་གཟུངས་བཟླས་པས། །དོན་དམ་ཕུན་སུམ་ཚོགས་འགྲུབ་ཅིང་། །རྒྱལ་བ་རྣམས་ཀྱིས་ལུང་བསྟན་པ། །ཚོགས་བདག་ཁྱེད་ལ་ཕྱག༴ སྟོན་པའི་བསྟན་པ་བསྲུང་བའི་ཕྱིར། །མཚན་དུ་རྡོ་རྗེ་འཆང་ངོ་ཞེས། །དབང་བསྐུར་གང་གིས་གཙོར་གྱུར་པ། །ཚོགས་བདག་ཁྱེད་ལ་ཕྱག་འཚལ་ལོ། །ཡོན་ཏན་བསམ་འདས་བརྗོད་མི་ལང་། །སེམས་ཅན་མ་རིག་དོན་སླད་དུ། །མཆོད་བསྟོད་ཚོགས་བདག་མཉེས་གྱུར་ཅིག །ཚོགས་རྗེ་ཚོགས་བདག་ཆེན་པོ་ཁྱེད། །མགོན་པོ་བཞུགས་གནས་དཀྱིལ་འཁོར་དུ། །བླ་མེད་མཆོད་པའི་སྤྲིན་འབྱུང་ཞིང་། །ཡོན་ཏན་བརྒྱད་ལྡན་ཐམས་ཅད་ཀྱིས། །ཞབས་ལ་སྤྱི་བོས་གཏུགས་གྱུར་ཅིག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ བཞི་པ་མཆོད་པ་འབུལ་བ་ནི། ཕྱི་མཆོད་རྣམ་ལྔ་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། ནང་མཆོད་རྣམ་ལྔ་སྨན་རཀ་གཏོར་གསུམ་ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབས་ལ། རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་པས། བཤམས་པའི་མཆོད་རྫས་ཐམས་ཅད་འདོད་ཡོན་དཔག་ཏུ་མེད་པས་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་གང་ནས། མགོན་པོ་འཁོར་དང་བཅས་པ་ལ་ཕུལ་བས་མཉེས་ཤིང་ཚིམས་པར་བསམ་ལ། ཧཱུྃ། དཔལ་ལྡན་མགོན་པོ་མཐུ་ཆེན་ཁྱོད། །ཡོན་ཏན་བྱིན་རླབས་རྨད་པོ་ཆེ། །འཕགས་པའི་ཐུགས་རྗེར་མངའ་བརྙེས་ཀྱང་། །དུས་ངན་སེམས་ཅན་འདུལ་སླད་དུ། །དཀོན་མཆོག་གསུམ་གྱི་སྐུ་སྲུང་ཞིང་། །སྐྱེ་འགྲོ་ཡོངས་ཀྱི་སྐྱབས་ཀྱང་མཛད། །ཕྱག་ན་བདུད་འདུལ་བིང་ཆེན་བསྣམས། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །ཡུན་གྱི་མགོན་དང་མཐུར་བསྟེན་གྱིས། །རྒྱུན་དུ་འཚོ་བའི་མཆོད་པ་འབུལ། །རྟག་ཏུ་སྲུང་ཞིང་བསྐྱབ་ཏུ་གསོལ། །དཀྱིལ་འཁོར་མཛེས་པ་དམ་པ་དང་། །མེ་ཏོག་ཕྲེང་བ་རིན་ཆེན་དབྱིག །ཡོན་ཆབ་བདུག་སྤོས་མར་མེ་དང་། །དྲི་དང་ལྷ་བཤོས་བྱུག་པ་གོས། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་། །རོ་དང་རེག་བྱ་འཇམ་ལ་སོགས། །སྣ་ཚོགས་མཆོད་པ་འདི་དག་བཞེས། །ཐུགས་རྗེས་འགྲོ་བའི་དོན་ལ་དགོངས། །བདག་ཅག་རེ་ཞིང་སྨོན་པ་རྣམས། །འཕགས་མགོན་ཁྱེད་ཀྱིས་འགྲུབ་པར་མཛོད། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་བཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་ཨི་དཾ་བ་ལིཾ་ཏ་ཡེ་སྭཱ་ཧཱ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྴ་བཻ་ཏ་ལི་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི། དགྲ་བགེགས་མིང་དང་གཟུགས་སུ་བྲིས་པ་རྣམས་ཀྱི་མ་ཧཱ་མཱཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ༴ མ་ཧཱ་བ་སུ་ཏ་ལ༴ མ་ཧཱ་གོ་རོ་ཙ་ན་ལ༴ མ་ཧཱ་ཀིཾ་ནི་རི་ཏི་ལ༴ དབང་པོ་རྣམ་ལྔ་ལ༴ དོན་སྙིང་ནང་རོལ་ལ༴ ཤ་ཁྲག་སྲོག་དབུགས་ལ༴ རྣམ་ཤེས་ཚོགས་བརྒྱད་ལ༴ སྐྱེ་མཆེད་བཅུ་གཉིས་ལ༴ ལྷག་མ་རྗེས་ཤུལ་ལ་ཁཱ་ཧི། བཛྲ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱ། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། སྡང་བའི་དགྲ་དང་གནོད་པའི་བགེགས། །ནག་པོ་ཆེན་པོའི་ཞལ་དུ་སྟོབ། །སློབ་དཔོན་སྐུ་ལ་བསྡོ་བ་དང་། །རྣལ་འབྱོར་བདག་ལ་སྡང་བ་དང་། །རྡོ་རྗེ་སྤུན་ལ་འཁུ་བ་དང་། །བདག་གི་འཁོར་ལ་གནོད་པ་དང་། །མིང་དང་གཟུགས་སུ་བྲིས་པ་འདི། །ནག་པོ་ཆེན་པོའི་ཞལ་དུ་སྟོབ། །ཡན་ལག་རྣམས་ཀྱི་ཤ་ཆོད་ལ། །མགོན་པོ་ཆེན་པོའི་ཞལ་དུ་རོལ། །ཚེ་སྲོག་དམར་པོ་རྩད་ནས་ཆོད། ཁྲག་གི་རྒྱུན་ཡང་འཐུང་བར་བྱེད། །སྙིང་ཁྲག་དྲོན་མོ་ཞལ་དུ་གསོལ། །ཏིལ་འབྲུ་ཙམ་ཡང་མེད་པར་མཛོད། །ཨོཾ་ཨཱཿཧཱུྃ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་མཆོད་ཅིང་འབུལ་བའི་གནས་ནི། དཔལ་མགོན་པོ་ནག་པོ། ཤྲཱི་མ་ཧཱ་ཀཱ་ལ། དུག་གསུམ་ནད་ཀྱི་སྨན་པ། བདུད་འདུལ་ལས་ཀྱི་དབང་ཕྱུག །རིག་འཛིན་ཡོངས་ཀྱི་སྲོག་ཤིང་། རྣལ་འབྱོར་ཡོངས་ཀྱི་དགྲ་བླ། ཕྱི་ནང་གཉིས་ཀྱི་ཚོགས་བདག །ཡུམ་ཡཀྴ་བཻ་ཏ་ལི། སྐུ་གསུང་ཐུགས་ཀྱི་མགོན་པོ། ཕྱོགས་བཅུའི་མགོན་པོ། སྡེ་བརྒྱད་ཀྱི་མགོན་པོ། ནག་པོ་སྟོང་། ཤ་ཟ་འབུམ། ལྷ་དམག་བྱེ་བ་དུང་ཕྱུར་དང་བཅས་པ་རྣམས་ལ་མཆོད་དོ། །འབུལ་ལོ། །གསོལ་ལོ། །འདོན་ཏོ། །མཉེས་རབ་ཀྱི་མཆོག །དགྱེས་རབ་ཀྱི་ཕུལ། འདོད་པའི་ཡོན་ཏན་གྱི་ཚོགས་ཀྱིས་མཉེས་པར་མཛོད། བདག་ཅག་འཁོར་དང་བཅས་པ་རྣམས་ལ་བསྲུང་ཞིང་བསྐྱབ་པ་དང་། བསམ་སྨོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཕྲིན་ལས་སུ་བཅོལ་བའི་མདོ་ནི། ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་བགེགས་གདུག་པ་ཅན་སྡང་སེམས་དང་ལྡན་པ་མིང་གཟུགས་སུ་བྲིས་པ་རྣམས་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་མཛོད་ཅིག །ཅེས་བརྗོད་པ་ཙམ་གྱིས་སྨན་རཀ་གཏོར་མ་ལ་སོགས་མཆོད་རྫས་ཐམས་ཅད་འདོད་ཡོན་གྱི་ཚོགས་སུ་གྱུར་ནས། མགོན་པོའི་ལྷ་ཚོགས་རྣམས་ལ་ཕུལ་བས་མཉེས་ནས། ལྗགས་གྲི་གུག་གི་སྦུ་གུར་གྱུར་ནས་གསོལ་བར་བསམ་ལ་འབུལ་ལོ། །བཞི་པ་བསྟོད་པ་བྱ་བ་ནི། མགོན་པོའི་རྒྱན་ཆ་ལུགས་ཇི་ལྟ་བ་བཞིན་དུ་གསལ་གདབ་ལ། འཁོར་རྣམས་ཀྱིས་གཙོ་བོ་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཕྱག་དང་བསྟོད་པ་བྱེད་པར་བསམ་ལ། རྔ་དྲག་རྡུང་གསུམ་དང་ལྡན་པར་བྱས་ལ་འདི་སྐད་དོ། །ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་དབུས། །དུར་ཁྲོད་ཆེན་པོའི་གནས་མཆོག་ན། །དཔལ་ལྡན་མགོན་པོ་ནག་པོ་ནི། །སྐུ་མདོག་མཐིང་ནག་ཆར་སྤྲིན་མདོག །བམ་ཆེན་སྟེང་ན་འགྱིང་བག་ཅན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དམར། །རལ་པ་དམར་སེར་མཆེ་བ་གཙིགས། །སྐུ་ལ་དར་ནག་འཇོལ་བེར་མནབས། །ཕྱག་གཡས་ཙནྡན་བིང་ཆེན་ཕྱར། །གཡོན་པས་ཐོད་པ་ཁྲག་བཀང་གསོལ། །གསེར་སྐ་སེར་པོའི་སྐ་རགས་བཅིངས། །ཞབས་ལ་སག་ཏིའི་ལྷྭམ་སྔོན་མནབས། །བསྐལ་པའི་མེ་རིའི་ཀློང་ནས་བཞེངས། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །དཔལ་ལྡན་མགོན་པོ་ནག་པོ་ཆེ། །རལ་པ་གྱེན་དུ་འབར་བ་ཡིས། །སྟེང་གི་ལྷ་བདུད་ཟློག་པར་བྱེད། །དཔྲལ་བར་ཁྲོ་གཉེར་གསུམ་ལྡན་པས། །སྲིད་གསུམ་བགེགས་རྣམས་ཟློག་པར་བྱེད། །མཆེ་བ་ཟུར་གསུམ་གཙིགས་པ་ཡིས། །བདུད་བཞིའི་བར་ཆད་ཟློག་པར་བྱེད། །དར་ནག་འཇོལ་བེར་གསོལ་བ་ཡིས། །ཚེ་བདུད་ནག་པོ་ཟློག་པར་བྱེད། །ཙནྡན་བིང་ཆེན་ཕྱར་བ་ཡིས། །ལྷ་མིན་གཡུལ་ངོ་ཟློག་པར་བྱེད། །གཡོན་པས་ཐོད་ཁྲག་བསྣམས་པ་ཡིས། །དགྲ་བགེགས་སྙིང་ཁྲག་འཐུང་བར་བྱེད། །གསེར་སྐ་སེར་པོས་སྐ་རགས་བཅིངས་པ་ནི། །རྣལ་འབྱོར་བར་ཆད་ཟློག་པར་བྱེད། །གཡས་བསྐུམ་གཡོན་བརྐྱང་བྱེད་པ་ནི། །འཆི་བདག་གཤིན་རྗེ་ཟློག་པར་བྱེད། །བམ་ཆེན་སྟེང་ན་འགྱིང་བ་ནི། །ས་བདག་ཀླུ་གཉན་ཟློག་པར་བྱེད། །བསྐལ་པའི་མེ་དཔུང་ཀློང་ན་འགྱིང་བ་ནི། །ཉོན་མོངས་བག་ཆགས་མ་ལུས་སྲེག་པར་བྱེད། །ཟློག་བྱེད་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཟློག་བྱེད་ནག་པོ་འཁོར་བཅས་ལ། །བདག་གིས་མཆོད་ཅིང་བསྟོད་ནས་ནི། །བཀའ་འཁོར་སྲུངས་ལ་བར་ཆད་ཟློག །སངས་རྒྱས་བསྟན་པ་བཤིག་པ་དང་། །དཀོན་མཆོག་དབུ་འཕང་སྨད་པ་དང་། །སློབ་དཔོན་སྐུ་ལ་བསྡོ་བ་དང་། །བདག་ལ་བར་དུ་གཅོད་པ་ཡི། །སྡང་བའི་དགྲ་དང་གནོད་པའི་བགེགས། །ཐམས་ཅད་མ་ལུས་རྡུལ་དུ་རློགས། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །བྷྱོ། བསྐལ་པ་མེ་རླུང་འཚུབས་མའི་ཀློང་དཀྱིལ་ནས། །སྨོན་ལམ་སྟོབས་ཀྱིས་སངས་རྒྱས་བསྟན་པ་སྲུང་། །དཔལ་ལྡན་ལྷ་མོ་ནག་མོ་ནི། །སྐུ་མདོག་མཐིང་ནག་མུན་ལྟར་གཏིབས། ཁྲག་གི་རལ་པ་གཡས་གཡོན་འཁྱིལ། །ཕྱག་གཡས་གཅོད་བྱེད་གྲི་གུག་ཕྱར། །གཡོན་པས་ཐོད་ཁྲག་ནད་རྐྱལ་བསྣམས། །ཆིབས་སུ་དྲེའུ་ནག་གྭ་པ་འཆིབ། །འཁོར་ནི་མ་མོ་འབུམ་གྱིས་བསྐོར། །དམ་རྫས་རྒྱན་གྱི་གཏོར་མ་བཞེས། །དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད། །ཧཱུྃ། སྐུ་ཡི་མགོན་པོ་གཏུམ་བྱེད་ནི། །སྐུ་མདོག་མཐིང་ནག་ཆར་སྤྲིན་འདྲ། །ཕྱག་གཉིས་རྩེ་གསུམ་ཐོད་ཁྲག་བསྣམས། །དགྲ་བོའི་སྙིང་ཁྲག་ཞལ་དུ་གསོལ། །བགེགས་དང་ལོག་འདྲེན་འདུལ་མཛད་པ། །སྐུ་མཆོག་ཁྱེད་ལ་ཕྱག་འཚལ་བསྟོད། །ཧཱུྃ། གསུང་གི་མགོན་པོ་གསོད་བྱེད་ནི། །སྐུ་ལ་དར་ནག་བེར་ཆེན་བརྒྱན། །ཕྱག་གཉིས་བིང་དང་ཐོད་ཁྲག་བསྣམས། །དགྲ་བོའི་སྲོག་རྩ་གཅོད་པར་བྱེད། །གཤིན་རྗེའི་ཚོགས་ཀྱི་གདུག་པ་འདུལ། །གསུང་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུྃ། ཐུགས་ཀྱི་མགོན་པོ་སྒྲོལ་བྱེད་ནི། །སྐུ་ནི་རྔམ་བརྗིད་མཐིང་ནག་ལ། །ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམས། །སྡང་བྱེད་དགྲ་བགེགས་དགུག་ཅིང་གསོད། །མ་མོའི་ཚོགས་ཀྱི་གདུག་པ་འདུལ། །ཐུགས་མཆོག་ཁྱེད་ལ་ཕྱག་འཚལ་བསྟོད། །ཧཱུྃ། ལྷ་དམག་བྱེ་བའི་ཚོགས་རྣམས་ནི། །དགྲ་བགེགས་འདུལ་བའི་དོན་ཆེད་དུ། །ཞལ་ནས་ཆ་སྒྲ་དི་རི་རི། །དགྲ་བགེགས་བཟློག་པའི་ལས་མཛོད་ཅིག །ཧཱུྃ། ཕྱོགས་སྐྱོང་བཅུ་པོ་འཁོར་དང་བཅས། །བཀའ་ཡི་ལྷ་སྲིན་སྡེ་བརྒྱད་དང་། །མཁའ་ལ་རྒྱུ་བ་མ་མོའི་ཚོགས། །འགལ་རྐྱེན་ཟློག་ལ་དངོས་གྲུབ་སྩོལ། །ཧཱུྃ། ཡང་སྤྲུལ་ཕོ་ཉའི་ཚོགས་རྣམས་ནི། །མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །དགྲ་བགེགས་སྲོག་རྩ་གཅོད་ཅིང་གཏུབས། །མི་མཐུན་རྐྱེན་དང་བར་ཆད་ཟློག །མཐུན་པའི་དངོས་གྲུབ་བདག་ལ་སྩོལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཧཱུྃ། བདེ་གཤེགས་མགོན་པོ་བསྟན་པའི་དཔལ། །ཚོགས་བདག་དགྱེས་པའི་བྱིན་རླབས་ལས། །སྡུག་བསྔལ་ནད་སེལ་ཐུགས་རྗེ་ཆེ། །ཐམས་ཅད་སྤྲུལ་པའི་ཆོ་འཕྲུལ་དཔལ། །ཚོགས་རྗེ་ཚོགས་ཀྱི་བདག་པོ་སྟེ། །དེ་བཞིན་གཤེགས་པས་བཞེད་པར་སྟོན། ཁམས་གསུམ་ཁེངས་པའི་སེམས་ཅན་རྣམས། །ཚེ་དང་སྲོག་ལ་དབང་བ་སྟེ། །ཤེས་རབ་མཚོན་གྱིས་སྒྱུ་མར་སྟོན། །བླུན་རྨོངས་ཁེངས་པ་ཐལ་བར་མཛོད། །མི་མཐུན་ཕྱོགས་རྣམས་ཟད་པར་སྟོན། །བྱང་ཆུབ་ཆེན་པོར་ཁྱེད་ཀྱིས་སྒྲོལ། །དཔལ་གྱི་སྙིང་པོ་དཔལ་ཕྲེང་མ། །དཔལ་གྱི་ཚོགས་ལ་ཕྱག་འཚལ་བསྟོད། །དེ་ནས་སྨོན་ལམ་གདབ་པ་ནི། ཡོན་མཆོད་ཀུན་གྱིས་ཐལ་མོ་སྦྱར་བའི་བར་དུ་མེ་ཏོག་ཐོགས་ལ། བིང་གི་རྩེ་མོ་ལས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཆར་བབས་པས། གནས་ཁང་ཐམས་ཅད་གང་བར་བསྒོམ། གཞུང་ནས་ཇི་ལྟར་བཤད་བཞིན་སྨོན་པའི་དོན་ཐམས་ཅད་ལྷ་ཚོགས་རྣམས་ཀྱིས་སྒྲུབ་པར་བསམ་ལ་འདི་སྐད་དོ། །ཧཱུྃ། མགོན་པོ་ཁྱེད་མཆོད་བྱིན་རླབས་ཀྱིས། །ཕྱོགས་དང་དུས་ཀུན་ཐམས་ཅད་དུ། །བདག་ཅག་འཁོར་དང་བཅས་པ་རྣམས། །ཕྱོགས་བཅུ་གང་དུ་འགྲོ་ན་ཡང་། །གནོད་བྱེད་དགྲ་བགེགས་མེད་པར་མཛོད། །ནད་དང་གནོད་པ་ཀུན་བྲལ་ནས། །བགེགས་ཀྱི་གནོད་པ་ཀུན་མེད་ཤོག །རྟ་དང་བ་གླང་ནོར་དང་འབྲུ། །བུ་དང་བུ་མོ་གཉེན་བཤེས་རྣམས། །དགེ་ཞིང་ཚེ་རིང་བདེར་སྤྱོད་པའི། །ལོངས་སྤྱོད་ཕུན་སུམ་ཚོགས་པར་ཤོག །རྒྱལ་པོ་མྱ་ངན་མེད་པ་བཞིན། །ཆོས་ཀྱི་རྒྱལ་སྲིད་སྐྱོང་བར་ཤོག །བདེ་བར་གཤེགས་པའི་བསྟན་པ་འདི། །ཕྱོགས་བཅུ་ཀུན་ཏུ་དར་བ་དང་། །མྱུར་དུ་སེམས་ཅན་ཐམས་ཅད་ཀྱང་། །བདུད་རྩིའི་སྣོད་དུ་འགྱུར་བར་ཤོག །དགེ་བ་ཐམས་ཅད་ཕྱིར་བསྔོས་དང་། །མགོན་པོ་ཁྱེད་མཆོད་བྱིན་རླབས་ཀྱིས། །བདག་ཅག་འཁོར་དང་བཅས་པ་ཡི། །ལོངས་སྤྱོད་ཐམས་ཅད་རྫོགས་པར་ཤོག །བདག་ཀྱང་བྱང་ཆུབ་མཆོག་ཐོབ་ནས། །མགོན་པོ་ཁྱེད་དང་མི་འབྲལ་འགྲོགས་པར་ཤོག །ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏཱ། ཏེ་ཥཱཉྩ་ཡོ་ནི་རོ་དྷ། ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། ཚོགས་བདག་ལ་ཕོག་པས་ཚོགས་བདག་གཙོ་འཁོར་ལས་འོད་ཟེར་སེར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས་ནས་བྱུང་བ། བདག་ཅག་ལ་ཕོག་པ་ཙམ་གྱིས་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་བཀྲ་ཤིས་པའི་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་ལ་སོགས་འདོད་ཡོན་སྣ་ཚོགས་ཀྱི་ཆར་བབས་ནས། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་བསམ། སྒྲུབ་པ་བྱེད་ན། རང་ཉིད་ཡི་དམ་གྱི་ཐུགས་ཀའི་སྔགས་ཕྲེང་གི་ཕྱི་རོལ་དུ་མགོན་པོའི་སྔགས་ཀྱིས་འཁོར་བར་དམིགས། ཡུམ་ལ་ཡང་དེ་ལྟར་དམིགས་ལ། ཐོག་མར་དབང་དུ་བསྡུ་ཞིང་ཟིལ་གྱིས་གནོན་པའི་སྔགས་འདི་བགྲང་ངོ་། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཏི་ཀ་མ་ལ་ཤྲཱི་ནག་མོ་ཏི་ལ་བྷྱོ། ཞེས་བརྒྱ་རྩ་བརྒྱད་ལ་སོགས་པ་མང་དུ་བཟླས་པས་སྲོག་གི་སྙིང་པོ་ཕུལ་བར་བསྒོམ་མོ། །དེ་ནས་བསྙེན་པ་བྱ་བ་ནི། དེ་ཡང་གནད་ཀྱི་མན་ངག་དམ་པ་དགོས་ཏེ། རྒྱུད་ལས། ལྔ་འདུས་དང་པོ་འོད་ཀྱི་གོང་བུ་ན། །རྩ་འདུས་ལས་ཀྱི་འབྲེལ་བའི་སྲོག་སྙིང་ཕུལ། །ཅེས་པ་ནི་འདི་ཡིན་ཏེ། བདག་ཧེ་རུ་ཀའི་ཐུགས་ཀའི་ཧཱུྃ་གི་རྒྱབ་ཏུ་སྔགས་འཁོར་ལས་འོད་ཟེར་ཁ་དོག་སྣ་ལྔའི་གུར་ཆེ་ཆུང་བྱ་མ་སར་གྱི་སྒོ་ང་ཙམ་གཅིག་བསམ། དེ་ལས་འོད་ཟེར་འཕྲོས་པས་ཚོགས་བདག་གི་སྤྱི་བོར་སྤྱན་རས་གཟིགས་ལ་ཕོག །དེ་ལས་འོད་ཟེར་མར་འཕྲོས་ནས་ཚོགས་བདག་ལ་ཕོག་པས་སྔོན་གྱི་དམ་ཚིག་དྲན་ནས། དེའི་འོད་ཟེར་འཁོར་ཐམས་ཅད་ལ་རིམ་བཞིན་དུ་ཕོག །འཁོར་རྣམས་ཀྱི་སྔོན་གྱི་དམ་ཚིག་དྲན་ནས་འདར་ཕྲི་ལི་ལི་བྱེད་ཅིང་དྲན་པ་བསྐུལ་ནས། དེ་རྣམས་ཀྱི་སྲོག་སྙིང་དེ་འོད་ཁ་དོག་སྣ་ལྔའི་ཚུལ་དུ་གཅིག་གིས་གཅིག་བསྐུལ་ནས་ཡར་ཕུལ་ནས་ལས་མགོན་གསུམ་ལ་ཕུལ། ལས་མགོན་གསུམ་གྱིས་དེ་རྣམས་ཀྱིས་ཕུལ་བའི་སྲོག་སྙིང་ཐམས་ཅད་དང་། རང་རང་གི་སྲོག་གི་སྙིང་པོ་འོད་ཀྱི་རྣམ་པ་དེ་ཡང་རིམ་པ་བཞིན་དུ་བརྒྱུད་ནས་མགོན་པོ་ལ་ཕུལ། མགོན་པོས་སྔོན་གྱི་དམ་ཚིག་དྲན་ནས་བདག་གི་བཀའ་ཉན་གསུང་སྡོད་ཅིང་བཅོལ་བའི་ལས་ཐམས་ཅད་མྱུར་དུ་བྱེད་པར་ཁས་བླངས་དམ་བཅས་ནས། སྲོག་གི་སྙིང་པོ་ཡི་གེ་ཧཱུྃ་གི་ཚུལ་དུ་བདག་ལ་ཕུལ་ནས་ཐུགས་ཀའི་ཧཱུྃ་གི་ཞབས་ཀྱུ་ནང་དུ་ཆུད་པར་བསམ་ལ། སྲོག་སྙིང་གཏའ་རུ་གཟུང་བའི་མན་ངག་གོ །ཡང་བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས། མགོན་པོ་འཁོར་དང་བཅས་པའི་ཐུགས་ཀར་ཕོག་པས་དེ་རྣམས་ཀྱི་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་བ་ནི་ཉི་མའི་ཟེར་རམ་གདུགས་རྩིབས་བཞིན་དུ་བདག་གི་ཐུགས་ཀར་འདུས་པར་བསམ་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། འདི་ནི་ཡབ་ཀྱི་བསྙེན་པའམ་འབོད་པའོ། །མ་ཧཱ་ཀཱ་ལ་སིདྡྷི་ཡཾ་དུ་ཛཿ བསྙེན་པ་འདི་ནི་རང་ལ་མྱུར་བར་འདུག་གོ །རླུང་ལྟར་མགྱོགས་པའི་དངོས་གྲུབ་ཀྱི་རྩེ་མོའོ། །ཨོཾ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུྃ། འདི་ནི་ཡུམ་གྱི་བསྙེན་པའོ། །ཏྲག་རཀྴ་རཀྨོ་ཐུམས་ལིཾ་སྙིང་ལ་འདུས་འདུས། སྲོག་ལ་བྲིང་བྲིང་ཤཾ་ཤཾ་ཁྱེར་བྷྱོཿ དྲག་སྔགས་འདིས་ནི་འཇིག་རྟེན་གསུམ་གྱི་མ་མོ་འདུའོ། །ཡབ་ཀྱི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་གི་མཐའ་མར་སྔགས་ཀྱིས་འཁོར་བའོ། །ཡུམ་ལ་བྷྱོའི་མཐའ་མར་སྔགས་ཀྱིས་འཁོར་བའོ། །ལས་མགོན་གསུམ་ཡང་དེས་འགྲེས། ཡབ་ཡུམ་འཁོར་དང་བཅས་པའི་ཞལ་ནས་རང་སྔགས་ཏི་རི་རི་བརྗོད་པར་བསམ་ལ། ཡབ་ལ་སྟོང་བསྙེན་ན་ཡུམ་ལ་བརྒྱ། ཡབ་ལ་ཁྲི་བསྙེན་ན་ཡུམ་ལ་སྟོང་། ཡབ་ལ་འབུམ་བསྙེན་ན་ཡུམ་ལ་ཁྲི་བསྙེན་ནོ། །ཉིན་པར་ཡབ་ཀྱི་བསྙེན་པ་བྱ། ནུབ་མོ་ཡུམ་གྱི་བསྙེན་པ་བྱེད་དོ། །ཐུན་བཞག་པའི་ཐུན་མཚམས་སུ་ཕྱི་ནང་གི་མཆོད་པས་མཆོད་ལ། བསྟོད་པ་ནི། ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་དབུས། །དུར་ཁྲོད་ཆེན་པོའི་གནས་མཆོག་ནས། །བམ་ཆེན་སྟེང་ན་འགྱིང་བག་ཅན། །དཔལ་ལྡན་མགོན་པོ་ནག་པོ་ནི། །བདུད་དང་དགྲ་བགེགས་བཟློག་པའི་ཕྱིར། །བྱམས་པའི་སེམས་ཀྱིས་མཆོད་འབུལ་བསྟོད། །དེ་ལྟར་བསྙེན་པའི་རྟགས་ནི། རྣལ་འབྱོར་པ་རབ་ལ་མངོན་སུམ་དུ་འོང་སྟེ། ཞལ་དངོས་སུ་བསྟན་པ་དང་། སྐུ་དང་འོད་ཆེན་པོ་དང་། མུན་པ་ནག་པོ་དང་། བན་དེ་ནག་པོ་དང་། མི་ནག་པོ་དང་། རྡོ་རྗེ་སློབ་དཔོན་འོང་བ་དང་། དགེ་བཤེས་ཆེན་པོ་འོང་བ་དང་། ས་གཡོ་བ་དང་། དེ་ལ་སོགས་པ་རྟགས་དང་ཆོ་འཕྲུལ་དངོས་སུ་འོང་། འབྲིང་ཉམས་སྣང་དུ་འོང་། ཐ་མ་རྨི་ལམ་དུ་འོང་། རྟགས་མེད་ན་དམ་ཚིག་ཉམས་པ་ཡིན་པས་བ་ལིཾ་བཟང་དུ་བཤམ། སྐོང་བ་མང་དུ་བྱ། ཚོགས་མཆོད་དང་སྤང་སྐོང་ཞི་ཁྲོ་འདོན། བསྙེན་པ་ནམ་བཞག་པའི་དུས་སུ་ཕྱི་ནང་གི་མཆོད་པ་འབུལ་ལ་བསྟོད་པ་བྱེད། འདིར་སྐོང་བ་བྱ། དེ་ཡན་ཆད་སྟོད་ལས་བྱང་ཆུབ་བསྒྲུབ་པའོ། །འདིར་སྨད་ལས་དགྲ་བགེགས་བསྒྲལ་བའི་ལས་རིམ་ནི་གཞན་དུ་ཤེས་པར་བྱ། དེ་ནས་འཁོར་རྣམས་རིམ་པ་བཞིན་དུ་ལས་མགོན་གསུམ་ལ་བསྡུ། ལས་མགོན་རྣམས་གཙོ་བོ་ཡབ་ཡུམ་ལ་བསྡུ། གཙོ་བོ་ཡབ་ཡུམ་བིང་ལ་བསྡུ། བིང་ཧཱུྃ་ལ་བསྡུ། ཧཱུྃ་རང་ཉིད་ཡི་དམ་གྱི་ལྟེ་བར་ཐིམ་པར་བསྒོམ། ཡི་དམ་འཁོར་བཅས་རིམ་གྱིས་བསྡུ་ལ། ས་བོན་ཧཱུྃ་ལ་བསྡུ། དེ་ནས་རིམ་པ་བཞིན་དུ་མི་དམིགས་པའི་རྒྱས་གདབ། དེའི་ངང་ལ་ཧཱུྃ་བརྗོད་པ་ཙམ་གྱིས། སྐད་ཅིག་གིས་རང་ཉིད་ཡི་དམ་ཞལ་གཅིག་ཕྱག་གཉིས་པ་གཅིག་གསལ་བར་བསྐྱེད་དོ། །དེ་ལྟར་བྱས་པས་ཆོས་སྐྱོང་འགྲུབ་ཐག་ཉེ་བ་དང་། བཀྲ་ཤིས་པ་དང་། ཚེ་རིང་ལོངས་སྤྱོད་འཕེལ་བར་བྱེད་དོ། །མགོན་པོ་ལེགས་ལྡན་འདི་ལ་སྐུ་གསུང་ཐུགས་ཀྱི་རྒྱུད་གསུམ་ཡོད་པ་དེ་ལ། སྐུ་ཡི་རྒྱུད་བིང་ཆེན་བརྩེགས་པའི་རྒྱུད། གསུང་རྒྱུད་ཁྲག་མཚོ་ཁོལ་མའི་རྒྱུད། ཐུགས་རྒྱུད་གྲི་གུག་བསྣོལ་མའི་རྒྱུད་དང་གསུམ་ལས། འདི་ནི་བིང་ཆེན་བརྩེགས་པའི་རྒྱུད་དོ། །དེའི་ནང་ནས་དྲག་སྔགས་གསང་བའི་སྤུ་གྲི་འདི་ཟབ་ཟེར་ནས་གནང་ངོ་། །འདིའི་བརྒྱུད་པ་ནི། མགོན་པོ་སྤྱན་རས་གཟིགས། རྣམ་ཐོས་སྲས། དྷ་ན་སཾསྐྲྀ་ཏ། བེ་རོ་ཙ་ན། དེའི་སློབ་མ་དྲུག །བསམ་ཡས་སུ་བཙད་པོ་ཁྲི་སྲོང་ལྡེའུ་བཙན། སྐུ་ལྷ་སྟོད་བཀྲ་ཤིས་ཀྱི་དགོན་པ་ན་སློབ་དཔོན་བཻ་རོ་ཙ་ན་བྱོན་པའི་ཚེ་ན། རྣལ་འབྱོར་པ་ཉང་ཤ་མི་གོ་ཆ་བྱ་བ་གཅིག་གིས་གསེར་སྲང་བདུན་ཕུལ་ནས་བསྟན་པ་སྲུང་བའི་ཆོས་སྐྱོང་གཅིག་ཞུ་འཚལ་ཞེས་ཞུས་པ་ལས། དེར་ཡང་དྲག་སྔགས་གསང་བའི་སྤུ་གྲི་འདི་ཉིད་གནང་། རྣལ་འབྱོར་པ་དེས་ཀྱང་དེ་མ་ཐག་ཏུ་སྒྲུབ་པ་མཛད་པས་ཞག་བདུན་ནས་ཚོགས་བདག་ཞལ་མཇལ་ནས་ཡི་དམ་གྱི་ལྷར་གྱུར། སྲོ་ཐོག་རྒྱལ་བའི་དབེན་གནས་སུ་སློབ་དཔོན་ཕྱིན་ཙམ་ན། ལྡི་རི་ཆོས་ཀྱི་གྲགས་པས་ཆོས་སྐྱོང་གཅིག་ཞུས་པས། འདི་གནང་ནས་དེས་ཀྱང་དེ་མ་ཐག་ཏུ་སྒྲུབ་པས་ཞལ་མཐོང་ནས་ཤིན་ཏུ་མཉེས་ནས་བཻ་རོ་ཙ་ན་ལ་གསེར་སྲང་བཅུ་ཕུལ་སྐད། ཡང་སློབ་དཔོན་བ་ཐང་ཤིང་རྒྱལ་བའི་དབེན་གནས་སུ་ཕྱིན་ཙམ་ན། མཁའ་འགྲོ་མ་བྷ་རཀ་སི་བྱ་བ་གཅིག་གིས་ཆོས་སྐྱོང་གཅིག་ཞུ་བྱས་པས་ནག་པོ་ཆེན་པོ་འདི་གནང་སྐད། དེ་མ་ཐག་ཏུ་བསྒྲུབས་ནས་ཞལ་མཐོང་བར་གདའ། གསེར་སྲང་བཅུ་ཕུལ་ནས་ཤིན་ཏུ་མཉེས་སྐད། དེ་ནས་རྩེ་སྒོང་སྐྱེས་ཀྱི་ཡང་དགོན་དུ་ཕྱིན་ཙམ་ན། གཡུ་སྒྲ་སྙིང་པོ་དང་སྙིང་མོ་གཉིས་ཀྱིས་སློབ་དཔོན་ལ་ཕྲིན་ལས་ཀྱི་ལྷ་གཅིག་ཞུ་བྱས་པ་ལ་ནག་པོ་ཆེན་པོ་འདི་གནང་སྐད། མ་ཧཱ་ཀཱ་ལའི་ཞལ་མཐོང་ནས་རྗེས་སུ་ཡི་རང་ངོ་། །དེ་ནས་སོ་སོར་རིམ་པར་བརྒྱུད་དེ་བདག་ལའོ། །བཻ་རོ་ཙ་ནའི་སྙན་བརྒྱུད་དྲག་སྔགས་གསང་བའི་སྤུ་གྲི། ས་མ་ཡ། དྷ་ཐིམ། འདི་བྲིས་ཉེས་འགལ་སྐྱོན་དུ་གང་གྱུར་པ། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི། །དམ་ཅན་སྲུང་མ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །བཟོད་པར་བཞེས་ནས་ཚངས་པར་བསྩལ་དུ་གསོལ། །འདི་བྲིས་དགེ་བས་མཁའ་ཁྱབ་སེམས་ཅན་རྣམས། །ས་ལམ་སྟན་ཐོག་གཅིག་ཏུ་བགྲོད་ནས་ཀྱང་། །འཕགས་མགོན་ཁྱེད་ཀྱི་ས་ལ་གནས་པ་དང་། །སྐུ་ལྔ་ལྷུན་གྲུབ་སངས་རྒྱས་མྱུར་ཐོབ་ཤོག །གཙང་ལེགས་གྲུབ་དང་། བཻ་རོ་ཙ་ན་གཉིས་ཀྱི་སྙན་བརྒྱུད། སློབ་དཔོན་བཻ་རོ་ཙ་ནས་ཅི་བཤད་བཞིན་དུ་བདག་ལྡི་རི་ཆོས་ཀྱི་གྲགས་པས་གསང་བ་སྤུ་གྲིའི་རྒྱུད་དང་། ལས་རིམ་ལ་བརྟེན་ནས་ཉམས་སུ་ལེན་ཐབས་དབྲི་བསྣན་མེད་པར་གོང་འོག་བསྡེབས་ནས་ཡི་གེར་བཀོད་པ་རྫོགས་སོ།། །།
བསང་ཆུ་སྒྲུབ་པ་དང་དཀར་བགེགས་བསྔོ་བ་བསྐྲད་སྲུང་འབེབ་བྱང་བཅས་ (Volume 62, Text 8)
བསང་ཆུ་སྒྲུབ་པ་ནི། བསང་ཆུའི་ནང་དུ་ཨ་ཙནྡྲ་མཎྜ་ལ་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོ་སྥ་ར་ཎ་ཕཊ྄ཿ སཾ་ཧ་ར་ཎ་ཧཱུྃ། འཕྲོས་འདུས་ཡོངས་སུ་གྱུར་པ་ལས་ཨཱོྃ་བཛྲ་སཏྭ་ཨཱཿ དཔལ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རང་འོད་ཀྱི་ཡུམ་སྙེམས་མ་དཀར་མོ་དང་མཉམ་པར་སྦྱོར་བའི་སྐུར་གྱུར་པར་བསམ་ལ། ཡིག་དྲུག་ཅི་ནུས་བཟླ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་བ་ཆུའི་རྡུལ་ཕྲ་རབ་ཏུ་གྱུར། ཅེས་བརྗོད་ལ་བསང་གཏོར་བྱའོ།། ༈ དཀར་བགེགས་དགའ་རབ་སྙིང་ཐིག་ལས་ཟུར་བཀོལ་ནི། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨཱོྃ་ཨཱཿཧཱུྃ་གིས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲང་། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་ལན་གསུམ་གྱིས་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ཞེས་གསོལ། ཨཱོྃ་སརྦ་བིགྷྣཱཾ་ན་མཿསརྦ་སོགས། ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ རྒྱལ་བ་རྟག་པ་རྡོ་རྗེ་འཛིན༔ ཧེ་རུ་ཀཿདང་གར་དབང་ཆེ༔ ཉི་མ་རྟ་མཆོག་སྣང་མཛད་པའི༔ ཁྲོ་བོའི་རྒྱལ་པོ་ང་ཡིན་གྱི༔ ང་ཡི་བཀའ་ལས་འདའ་མ་བྱེད༔ དངོས་གྲུབ་ཆུ་ལ་རྡུལ་འཇུག་པའི༔ ལོག་འདྲེན་བདུད་རྣམས་ཕྱིར་དེངས་ཤིག༔ ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ྄་ཕཊ྄་ཕཊ྄་ཧ་ལ་ཧ་ལ་ཧ་ལ་ཧཱུྃ༔ ཞེས་བརྗོད་ཅིང་དྲག་པོའི་ཚམ་རྔམ་དང་བཅས་བགེགས་བསྐྲད་དེ་གཏོར་མ་ཕྱི་རོལ་དུ་དོར། ཧཱུྃ༔ ཡང་དག་གསང་བའི་དཀྱིལ་འཁོར་དུ༔ དཔལ་ཆེན་དཔལ་འབར་ཁྲོ་བོའི་རྒྱལ༔ གཉིས་མེད་ཡུམ་དང་རོལ་པ་ཡི༔ རྡོ་རྗེའི་ཞུགས་ནི་ཕྱོགས་བཅུར་འཕྲོ༔ མཚོན་ཆ་མེ་ཕུང་གུར་དུ་འཁྲིགས༔ ལས་ཀྱི་ཁྲོ་བོའི་དམག་དཔུང་གིས༔ ཕྱོགས་བཅུའི་འབྱུང་པོ་རྡུལ་དུ་རློག༔ ཧཱུྃ་ཧཱུྃ་བཛྲ་ཏཱིཀྵྞ་ཛྭ་ལ་རཾ་རཀྵ་རཀྵ༔ ཞེས་སྲུང་བའི་འཁོར་ལོས་མཚམས་གཅད་པར་བྱའོ། །རྫོགས་པ་ཆེན་པོ་སྡེ་གསུམ་གྱི་བྱང་བུ་དང་དབང་ལ་ཉེ་བར་མཁོ་བས་འཇམ་དབྱངས་བློ་གྲོས་རྒྱ་མཚོས་རིགས་མཐུན་ལས་ཕྱུང་པའོ།། ༈ བྱིན་དབབ་པ་ནི། ཡེ་ཤེས་ཀྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པར་བྱས་ལ། ཨཱོྃ་ཧཱུྃ་ཨ་ལ་ལ་ཧོཿབྷ་ག་ཝཱན་ས་མ་ཡ་ཧོཿས་མ་ཡ་སཏྭཾ། ཧཱུྃ༔ ཕྱོགས་བཅུའི་ཞིང་ན་བཞུགས་པའི་རྒྱལ་བ་སྲས༔ འགྲོ་བའི་མགོན་པོ་གང་ན་སུ་བཞུགས་པ༔ གསང་བའི་དཀྱིལ་འཁོར་ཆེན་པོར་སྤྱན་འདྲེན་ན༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ གཉིས་མེད་མཉམ་པར་རོལ་པའི་སྐུ་གསུང་ཐུགས༔ ལུས་ངག་ཡིད་ལ་རབ་ཏུ་བརྟན་པར་མཛོད༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨཱ༔ ཞེས་སྤོས་དང་རོལ་མོའི་མཚོན་པས་བྱིན་དབབ་ཅིང་། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་པས་བྱིན་བསྡུས་ལ། ནམ་མཁའ་གང་བའི་ལྷ་ཚོགས་རྣམས་བདག་གནས་ཡོ་བྱད་རྣམས་ལ་ཐིམ་པས་བྱིན་རླབས་ཀྱི་གཟི་བྱིན་མཆོག་ཏུ་འབར་བར་བསམ་མོ།། །།
མ་རྒྱུད་སྙིང་པོ་དོན་གསུམ་གྱི་མཆོད་པའི་ལས་རིམ་གྱི་ཟུར་འདེབས་མདོར་བསྡུས་ (Volume 5, Text 8)
མ་རྒྱུད་སྙིང་པོ་དོན་གསུམ་གྱི་མཆོད་པའི་ལས་རིམ་གྱི་ཟུར་འདེབས་མདོར་བསྡུས་ལས། ཐོག་མར་བརྒྱུད་འདེབས་ནི། ཁྱབ་བདག་ཀུན་བཟང་དཔལ་ལྡན་རྡོ་རྗེ་སེམས། །ལས་ཀྱི་དབང་མོ་རྗེ་བཙུན་ཐོད་ཕྲེང་རྩལ། །ཡེ་ཤེས་མཚོ་རྒྱལ་འཇམ་མགོན་ཁྲི་ལྡེའི་ཞབས། །བཀྲ་ཤིས་སྟོབས་རྒྱལ་རིག་འཛིན་ངག་གི་དབང་། །དོན་གྲུབ་བཀྲ་ཤིས་ཆོས་དབྱིངས་རང་སར་གྲོལ། །རྡོ་རྗེ་ཐོགས་མེད་པདྨ་ཕྲིན་ལས་ནས། །གསང་བ་ཀུན་བདག་མདོ་སྔགས་གླིང་པའི་བར། །རིམ་བྱོན་རྩ་བརྒྱུད་བླ་མ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་གཏེར་སྲུང་ལ། །གསོལ་བ་འདེབས་སོ་མ་རྒྱུད་གསང་བའི་ལམ། །སྙིང་པོ་དོན་གསུམ་ཉམས་ལེན་མཐར་ཕྱིན་ནས། །ཚེ་འདིར་རྩ་གསུམ་ཀུན་འདུས་མཆོག་ལ་རེག །སྲིད་གསུམ་རྡོ་རྗེ་གསུམ་དུ་སྦྱོར་བྱེད་ཤོག །བགེགས་བསྐྲད་སྤྲོ་ན། ཧྲཱི༔ གཉིས་འཛིན་སྣང་བའི་ལོག་འདྲེན་འབྱུང་པོའི་ཚོགས༔ འདི་རུ་མ་གནས་རང་རང་སོ་སོར་དེངས༔ གང་དག་མི་འགྲོ་ཁྲོ་ཚོགས་འབར་བ་ཡིས༔ བརླག་འགྱུར་གསང་བ་ཆོས་སྐུའི་ཡེ་མཚམས་བཅད༔ ཧྲཱིཿཕཊ༔ སྐྱབས་སེམས་རྗེས་སུ་མཆོད་པ་བྱིན་རླབས་སྤྲོ་ན། སྙིང་པོ་ཀུན་འདུས་དཀྱིལ་འཁོར་སྒྲུབ་པའི་རྫས༔ ཕྱི་ནང་གསང་བའི་རང་བྱུང་མཆོད་པ་རྣམས༔ མ་དག་ལོག་འཁྲུལ་ཉེས་པའི་ཚོགས་རྣམས་ཀུན༔ ཡེ་ཤེས་འབྲུ་གསུམ་སྦྱངས་ཞིང་བྱིན་གྱིས་བརླབས༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ། དེ་ནས་བྱིན་འབེབས་ལ་འཇུག་གོ །ཚོགས་རྫས་བསང་ཆུ་དང་བདུད་རྩིས་བྲན་ལ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་གསུམ་བརྗོད། ཧཱུྃ། པདྨ་འོད་དང་འོག་མིན་གནས། །ཟླ་གམ་དབང་གི་ཕོ་བྲང་ནས། །སྙིང་པོ་དོན་གྱི་རྩ་གསུམ་ལྷ། །འཁོར་བཅས་ཚོགས་ལ་སྤྱན་འདྲེན་གཤེགས། ཛཿཧཱུྃ་བཾ་ཧོཿ ཧཱུྃ། འདོད་ཡོན་ལྔ་ལྡན་ཚོགས་མཆོད་སྤྲིན། །ནམ་མཁའ་གང་བ་ལེགས་སྤྲོས་ཏེ། །རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ། །མཆོད་བཞེས་དབང་དང་དངོས་གྲུབ་སྩོལ། གུ་རུ་དྷེ་བ་ཌཱ་ཀི་ནཱི་ཙཎྜ་ལཱི་ཡཻ་དེ་བ་ཌཱ་ཀི་ནཱི་སརྦ་དྷརྨཱ་པཱ་ལ་ས་པ་རི་བཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། རྩ་གསུམ་སྐོང་གསོ་སྤྱི་འགྲེ་གཏང་ཞིང་ཚོགས་ལ་རོལ། ལྷག་མ་ནི། བྱིན་བརླབས་ལ། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་ཡི། །སྤྱན་སྔར་ཁས་བླངས་དམ་བཅས་པ། །གསང་སྔགས་བཀའ་ཡི་སྲུང་མ་རྣམས། །ལྷག་མའི་གཏོར་མ་འདི་བཞེས་ལ། །བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵེ་བྷྱཿསྭཱ་ཧཱ། ཆད་ཐོ་ནི། ཧཱུྃ། སྔོན་ཚེ་དཔལ་གྱི་གནས་རྣམས་སུ། །རྩ་བ་གསུམ་གྱི་སྤྱན་སྔ་རུ། ཁས་བླངས་དམ་ནོས་སྲུང་མའི་ཚོགས། །སྔོན་གྱི་ཞལ་བཞེས་ཇི་བཞིན་དུ། །རྗེས་འཇུག་རིག་འཛིན་སྒྲུབ་པ་པོས། །ཇི་ལྟར་བསྒོ་བའི་ལས་བསྒྲུབ་ཅིང་། །མཆོད་གཏོར་འདི་བཞེས་ཕྲིན་ལས་མཛོད། །བརྟན་སྐྱོང་ནི། བོད་སྐྱོང་བརྟན་མ་འཁོར་བཅས་རྣམས། །བཤལ་ཆུ་བཀའ་ཡི་ཕམ་ཕབ་བཅས། །བདུད་རྩིར་བྱིན་བརླབས་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །དངོས་གྲུབ་བླང་བ་ནི། ཧཱུྃ། རྩ་གསུམ་ཀུན་འདུས་སྙིང་པོའི་ལྷ་ཚོགས་ཀྱིས། །འདིར་འདུས་རིག་འཛིན་རྣལ་འབྱོར་བདག་ཅག་ལ། །ཐུན་མོང་ཡིད་བཞིན་ཚེ་དང་བླ་མེད་མཆོག །འདོད་དགུར་སྤྱོད་པའི་དངོས་གྲུབ་བསྩལ་དུ་གསོལ། སིདྡྷི་ཕ་ལ་ཧཱུྃ་ཨཱཿ རྗེས་མཆོད་བསྟོད་ནི། ཧཱུྃ། རྩ་གསུམ་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་མཆོད་ཚོགས་འབུལ། །ཉམས་ཆག་འགལ་འཁྲུལ་མཐོལ་ལོ་བཤགས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི། ནོངས་བཤགས། བརྟན་བཞུགས། བསྡུ་ལྡང་། ཤིས་བརྗོད། བསྔོ་སྨོན་སྤྱི་ལྟར་བྱ། ཞེས་པའང་བློ་གྲོས་མཐའ་ཡས་ཀྱིས་སྟབས་བདེར་བཏུས་པ་དགེ་ལེགས་འཕེལ།། །།
འཆི་མེད་ཙཎྜ་ལཱིའི་སྒོ་ནས་ཚེའི་སྒྲུབ་ཐབས་ཚ་ཟེར་འོད་བརྒྱ་འཆི་བདག་གཡུལ་འཇོམས་ (Volume 49, Text 8)
ྈ འཆི་མེད་ཙཎྜ་ལཱིའི་སྒོ་ནས་ཚེའི་སྒྲུབ་ཐབས་ཚ་ཟེར་འོད་བརྒྱ་འཆི་བདག་གཡུལ་འཇོམས་ཞེས་བྱ་བ་བཞུགས་སོ༔ མ་མ་ཨཱ་ཡུརྫྙཱ་ན་སིདྡྷི་ཧྲཱི༔ དབང་ཆེན་དབང་སྡུད་པདྨ་ཧེ་རུ་ཀ༔ སྟོང་ཉིད་སྙིང་རྗེས་ཁམས་གསུམ་མ་ལུས་འགུགས༔ ཐུགས་རྗེའི་ཆགས་ཡུམ་མཆོག་གི་ཙཎྜ་ལཱི༔ འཆི་མེད་མཆོག་སྩོལ་ཡབ་ཡུམ་གཉིས་ལ་འདུད༔ དེ་ལ་འདིར་ཚེའི་ལྷ་མོ་ཙཎྜ་ལཱིའི་སྒོ་ནས་འཆི་མེད་ཚེའི་སྒྲུབ་པ་བྱ་བར་འདོད་པ་དག་གིས༔ གནས་ཕུན་སུམ་ཚོགས་པར་དཀྱིལ་འཁོར་སྒོ་རྫོགས་དབུས་སུ་ཟླ་གམ་ཕྱག་མཚན་གྱིས་མཚན་པ་བྲི༔ དེའི་ཁར་མཉྫི་ཁྲི་རྐང་གི་སྟེང་དུ་བུམ་པ་ཚད་ལྡན་མགུལ་ཆིངས་དམར་པོས་བརྒྱན་པ་རྒྱ་ཤུག་གི་ལྗོན་པ་དང་རྨ་བྱའི་མདོངས་ཀྱི་ཁ་རྒྱན་གཟུངས་རྡོར་དུང་ཆོས་བཅས་པར་བུམ་རྫས་ཉེར་ལྔ་གི་ཝཾ་གུར་གུམ་བཏབ་པ༔ མདུན་དུ་ཚེའི་འབྲང་རྒྱས་རྩེར་ལྕགས་ཀྱུས་མཚན་པ༔ གཡས་སུ་ཚེ་རིལ་དཀར་གསུམ་ཤེལ་དཀར་གྱི་ཁ་ཚར་བཏབ་པར་ཚེ་རྫས་བྱིན་ལྡན་བསྲེས་པ༔ གཡོན་དུ་བྷནྡྷ་མཚན་ལྡན་དུ་ཚེ་ཆང་རྒྱལ་ཁབ་ཆེན་པོའི་ཆང༔ རབས་ཆད་མ་ཡིན་པའི་ཆང་མའི་ཆང༔ ཕྱུག་པོའི་ཆང་སྣ་གསུམ་འཛོམ་དང་མངར་གསུམ་ལ་བདུད་རྩིའི་ཕུར་མ་བཏབ་པ༔ རྒྱབ་ཏུ་ཚེ་མདའ་རྒོད་སྒྲོ་དར་དམར་མེ་ལོང་བླ་གཡུས་བརྒྱན་པ༔ མདུན་དུ་སྒྲུབ་གཏོར་རི་རབ་གསུམ་པ་དེ་སྟེང་པདྨ་འདབ་བཞི་ཟེའུ་འབྲུ་དང་བཅས་པ་དེའི་ཁར་ཉི་ཟླ་དང་ཟླ་གམ་དམར་པོའི་སྟེང་འཁོར་བཞི་མཚོན་པའི་རིལ་བུ་བཞི་མཁའ་འགྲོའི་དཔལ་གཏོར་རྩེར་ནོར་བུ་འབར་བ་དང་རྟ་མགོས་མཚན་པ༔ གཡས་སུ་ལྷ་ཆེན་ཚངས་པའི་གཏོར་མ༔ གཡོན་དུ་རིག་འཛིན་ཨུ་མའི་གཏོར་མ༔ མཆོད་པ་རྣམ་ལྔ་སོགས་སྤྱི་ལྟར་བཤམ༔ ཆད་བརྟན་བགེགས་གཏོར་རྡོར་དྲིལ་ཐོད་རྔ་འཐོར་ནས་སོགས་མ་ཚང་བ་མེད་པར་འདུ་བྱ་ཞིང་ཚོགས་ཞིང་གསལ་འདེབས་པ་ནི༔ མདུན་གྱི་ནམ་མཁར་མཆོག་གསུམ་བདེ་གཤེགས་འདུས་པ་དང་ཚེའི་ལྷ་ཚོགས་སྤྲིན་ཕུང་གཏིབས་པ་ལྟ་བུར་གསལ་བར་མོས་ལ་སྐྱབས་སུ་འགྲོ་བ་ནི༔ ཧོ༔ སྐྱབས་ཀྱི་མཆོག་གྱུར་རྩ་གསུམ་མཆོག་གསུམ་ལྷ༔ མཐའ་མེད་དུཿཁས་མནར་བའི་འགྲོ་བ་ཀུན༔ སྐྱེ་འཆི་ཟོ་ཆུའི་རྒྱུད་ལས་སྒྲོལ་བའི་ཕྱིར༔ འཆི་མེད་དཀྱིལ་འཁོར་ལྷ་ལ་སྐྱབས་སུ་མཆི༔ ལན་གསུམ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི༔ ཀྱེ་མ༔ མཐའ་མེད་རྒྱ་མཚོར་བྱིང་པའི་སེམས་ཅན་ཀུན༔ བདག་གིས་སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་མཐུས༔ ཚད་མེད་བཞི་ལམ་ཕར་ཕྱིན་གྲུས་བསྒྲལ་ཏེ༔ འགྲོ་ཀུན་འཆི་མེད་ཐོབ་པར་སེམས་བསྐྱེད་དོ༔ ཡན་ལག་བདུན་པ་འབུལ་བ་ནི༔ ཧོ༔ འཆི་མེད་ལྷ་ཚོགས་སྤྱན་འདྲེན་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ཕྱག་འཚལ་མཆོད་འབུལ་ཉེས་བྱས་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐོར༔ བཞུགས་གསོལ་དགེ་རྩ་ཆོས་ཀློང་བསྔོ༔ འཆི་མེད་འཇའ་ལུས་སྐུ་འགྲུབ་ཤོག༔ དེ་ནས་བགེགས་གཏོར་བསྔོ་བ་ནི༔ ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ འདི་རུ་མ་འདུག་གཞན་དུ་དེངས༔ སོགས་དང་ཧཱུྃ་བཞི་བརྗོད་ཅིང་བསྐྲད༔ བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་སྲུང་བ་རྡོ་རྗེའི་གུར་དུ་བསྒོམ༔ མཆོད་རྫས་བརླབ་པ་ནི༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཕྱི་ནང་གསང་གསུམ་མི་ཟད་མཆོད་པའི་སྤྲིན༔ རྣམ་མང་ཀུན་བཟང་མཆོད་པའི་ཚོགས་སྤྲུལ་ཏེ༔ ཉེས་སྐྱོན་ཀུན་སྦྱངས་སོ་སོའི་རྫས་སུ་གྱུར༔ ཨོཾ་བཛྲ་ཨརྒྷཾ་སོགས་དང་སརྦ་པཉྩ་དང་ མ་ཧཱ་རཀྟ་དང་ མ་ཧཱ་བ་ལིཾ་ཏ་སོགས་ཀྱིས་བརླབ༔ དེ་ནས་རྟེན་བསྐྱེད་པ་ནི༔ ཨ་མྲྀཏས་བསང༔ སྭ་བྷཱ་ཝས་སྦྱང༔ ཆོས་རྣམས་མི་དམིགས་སྟོང་པ་ཉིད་དུ་གྱུར༔ སྟོང་ཉིད་ངང་ལས་ཨེ་ཡཾ་རཾ་སུཾ་འཕྲོས༔ ནམ་མཁའ་རླུང་ཆུ་ས་མེའི་དཀྱིལ་འཁོར་ཆགས༔ དེ་དབུས་བྷྲཱུྃ་ལས་ཕོ་བྲང་གཞལ་ཡས་ཁང༔ ཚད་དང་མཚན་ཉིད་ཐམས་ཅད་རྫོགས་པའི་དཀྱིལ༔ ཟླ་གམ་དབུས་སུ་པདྨ་ཉི་ཟླའི་སྟེང༔ ཧྲཱིཿལས་འཆི་མེད་སྩོལ་མཛད་ཙཎྜ་ལཱི༔ དམར་གསལ་གཅེར་མོ་ཞལ་གཅིག་ཁྲོ་འཛུམ་ལྡན༔ ཞབས་གཉིས་འདོར་སྟབས་བདུད་བཞི་ཕོ་མོ་བརྫིས༔ གཡས་ཀྱི་ཕྱག་བརྒྱད་དང་པོས་ལྕགས་ཀྱུ་དང༔ འོག་མས་མདའ་དང་ཚེ་བུམ་ལྕགས་སྒྲོག་ནོར༔ དབང་རྒྱལ་ཉི་ཟླའི་གྭ་འུ་ཙིཏྟའི་ཕྲེང༔ མེ་ལོང་བསྣམས་ཏེ་ཁམས་གསུམ་དབང་དུ་སྡུད༔ གཡོན་བརྒྱད་རིན་ཆེན་ཞགས་པ་གཞུ་རི་གླིང༔ མེ་ཏོག་མདའ་དར་བྷནྡྷ་ཅང་ཏེ་འུ༔ གྲི་གུག་འཛིན་ཅིང་འབྱུང་ལྔའི་ཚེ་བཅུད་སྡུད༔ དབུ་ལ་ཐོད་སྐམ་རྩེ་བྲན་མེ་ཏོག་བརྒྱན༔ སྤྱི་བོར་རལ་པའི་ཐོར་ཅོག་ཏོག་གིས་མཛེས༔ མི་མགོ་མེ་ཏོག་སྤེལ་མའི་དོ་ཤལ་མཛེས༔ རུས་པའི་རྒྱན་ཅན་ནུ་འབུར་བྷ་ག་རྒྱས༔ བདེ་ཆེན་འོད་ལྔའི་ཟེར་གྱི་ཀློང་དུ་གསལ༔ དེ་ཡི་ཤར་དུ་ལྷ་མོ་སྐུ་མདོག་དཀར༔ བཅུ་དྲུག་ནུ་འབུར་བདེ་ཆེན་རབ་ཏུ་རྒྱས༔ དབུ་ལ་རིགས་ལྔའི་ཐོར་ཅོག་སྙན་རྒྱན་མཛེས༔ གཅེར་བུ་སྨད་ལ་དར་སྔོན་ཤམ་ཐབས་ཅན༔ ཕྱེད་སྐྱིལ་གཡས་ན་མདའ་དར་ལྔ་ལྡན་དང༔ གཡོན་ན་ཚེ་རིལ་མགུལ་རྒྱན་བཅུ་གསུམ་ཆས༔ ལྷོ་རུ་ལྷ་མོ་སེར་མོ་དར་ཐོད་ཅན༔ མེ་ཏོག་རྒྱན་ལྡན་རྒྱས་མཛད་ནོར་བུ་དང༔ གཡོན་དུ་འབྲང་རྒྱས་དཔལ་འབྱོར་ལོངས་སྤྱོད་སྡུད༔ རིན་ཆེན་རྒྱན་ལྡན་མཛེས་ཕོད་སྐྱིལ་ཀྲུང་བཞུགས༔ ནུབ་ཏུ་ལྷ་མོ་དམར་མོ་གཅེར་མོ་འཛུམ༔ སྐྲ་གྲོལ་བྷ་ག་རྒྱས་ཤིང་ཆགས་ཉམས་ཅན༔ གཡས་སུ་ཁམས་གསུམ་མྱུར་འགུགས་ལྕགས་ཀྱུ་དང༔ གཡོན་དུ་བྷནྡྷར་འཆི་མེད་བདུད་རྩིས་གཏམས༔ མེ་ཏོག་རྒྱན་ལྡན་དྲིལ་གཡེར་འཁྲོལ་ཞིང་འགྱིང༔ བྱང་དུ་ལྷ་མོ་ལྗང་མོ་ཁྲོ་འཛུམ་ལྡན༔ ལོངས་སྐུའི་ཆས་སྤྲས་གཡས་སུ་ལྗོན་ཤིང་དང༔ གཡོན་པ་རླུང་གཡབ་གར་གྱི་ཉམས་དགུར་ལྡན༔ ལ་ལ་པད་གདན་ལ་ལ་བམ་རོར་བཞུགས༔ གཙོ་མོའི་སྤྱི་བོར་དབང་ཆེན་རྟ་མཆོག་དཔལ༔ དམར་པོ་སྤྱན་གསུམ་རྫི་སྨིན་ཨག་ཚོམ་འབར༔ ཞལ་གདངས་ལྗགས་འདྲིལ་སྤྱི་བོར་ལྗང་ཞུར་གྱི༔ རྟ་མགོས་མཚན་ཞིང་ཕྱག་དྲུག་དང་པོ་ན༔ ལྕགས་ཀྱུ་ཐོད་དབྱུག་སྡིགས་མཛུབ་ལྕགས་སྡིག་འགྱེད༔ མེ་སྟག་ཚྭ་འཕྲོ་གཡོན་གྱི་དང་པོ་ན༔ ཐོ་བ་བྷན་དམར་བེ་ཅོན་དཔལ་ཆས་དང༔ དུར་ཁྲོད་རྒྱན་གསོལ་པད་ཉི་བམ་གྱི་སྟེང༔ མེ་དཔུང་དབུས་སུ་ཁམས་གསུམ་གཡོ་བར་བཞུགས༔ སྒོ་བཞིར་སྒོ་མ་རིགས་བཞི་བར་ཁྱམས་སུ༔ ཚེ་བཅུད་འགུགས་པའི་ཌཱ་ཀི་གྲངས་མེད་གསལ༔ གཙོ་མོའི་སྤྱི་མགྲིན་སྙིང་ག་གནས་གསུམ་ནས༔ འབྲུ་གསུམ་འོད་འཕྲོས་ཨོ་རྒྱན་མཁའ་འགྲོའི་ཞིང༔ དུརཁྲོད་ཌཱ་ཀིའི་འདུ་གླིང་གར་བཞུགས་ནས༔ ཙཎྜ་ལཱི་དང་དབང་ཆེན་རྟ་མཆོག་དཔལ༔ ལྷ་མོ་བཞི་བཅས་སྤྱན་འདྲེན་གནས་འདིར་ཛ༔ དེ་ནས་སྤྱན་འདྲེན་དངོས་པོ་གདུང་ཤུགས་དྲག་པོའི་ངར་དང་བཅས༔ ཧྲཱིཿམ༔ ནུབ་ཕྱོགས་ཨུ་རྒྱན་ཡུལ་གྱི་ཕོ་བྲང་ནས༔ གསང་བ་ཡེ་ཤེས་སྲིན་རྒྱལ་རཀྴའི་ཕྲེང༔ མཐིང་འོད་མཁའ་འགྲོ་མནྡཱ་ར་དང་བཅས༔ འདིར་གཤེགས་སྒྲུབ་མཆོག་རྣམས་ལ་བྱིན་ཆེན་ཕོབ༔ སིནྡྷུ་རྒྱ་མཚོར་མཚོ་སྐྱེས་སྤྲུལ་པའི་སྐུ༔ མཱ་ར་ཏི་ཀར་ཟླ་གམ་དལ་ཞལ་ཕྱེ༔ ཚེ་འཛིན་ལྷ་མོ་བདེ་ཆེན་ཙཎྜ་ལཱི༔ འདིར་གཤེགས་སྒྲུབ་མཆོག་རྣམས་ལ་བྱིན་ཆེན་ཕོབ༔ བསམ་ཡས་བྲག་དམར་དཔལ་གྱི་གཡའ་མ་ལུང༔ ཚེ་ཡི་དཀྱིལ་འཁོར་འབྱེད་མཛད་མ་ཧཱ་གུ་རུ༔ གསང་བའི་ཡུམ་ཆེན་དབྱངས་ཅན་ཡེ་ཤེས་མཚོ༔ འདིར་གཤེགས་སྒྲུབ་མཆོག་རྣམས་ལ་བྱིན་ཆེན་ཕོབ༔ མཁའ་སྤྱོད་དག་པའི་ཞིང་དང་ཉེར་བཞིའི་ཡུལ༔ དུར་ཁྲོད་བརྒྱད་དང་ཌཱ་ཀིའི་འདུ་གླིང་ནས༔ རྟ་མཆོག་དཔལ་དང་ཡེ་ཤེས་མཁའ་འགྲོའི་ཚོགས༔ འདིར་གཤེགས་སྒྲུབ་མཆོག་རྣམས་ལ་བྱིན་ཆེན་ཕོབ༔ སྣང་བ་ཐམས་ཅད་སྐུ་རུ་སྒྱུར་ཞིང་གཤེགས༔ གྲགས་པ་ཐམས་ཅད་ཧྲཱིཿནྲྀར་སྒྲོག་ཅིང་གཤེགས༔ དྲན་རྟོག་ཐམས་ཅད་ཉམས་འབར་བྱིན་འབེབ་གཤེགས༔ མཆོག་ཐུན་དངོས་གྲུབ་སྩོལ་ཕྱིར་སྤྱན་འདྲེན་གཤེགས༔ ཧྲཱིཿཛྙཱ་ན་ཌཱ་ཀི་ནཱི་ཙཎྜ་ལཱི་ཨེ་ཨ་རལླི་ཕེཾ་ཕེཾ་ཛཿཧཱུྃ་བཾ་ཧོ༔ བཛྲ་ས་མཱ་ཛ༔ བཞུགས་སུ་གསོལ་བ་ནི༔ ཧྲཱིཿམ༔ རིན་ཆེན་གཞལ་ཡས་ཕོ་བྲང་དམ་པ་འདིར༔ ཉི་ཟླ་པདྨ་ཟབ་འབོལ་ཁྲི་ཡི་སྟེང༔ ཟླ་གམ་དབང་ཆེན་ཚེ་ཡི་ལྷ་ཚོགས་རྣམས༔ མཆོག་ཐུན་དངོས་གྲུབ་སྩོལ་ཕྱིར་བརྟན་པར་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཧྲཱི༔ ཚེ་བདག་འཇའ་ལུས་ལྔ་ལྡན་སྐུ༔ གྲགས་སྟོང་སྔགས་སྒྲ་སྒྲོག་པའི་གསུང༔ འཁོར་འདས་མཉམ་པར་བརྡལ་བའི་ཐུགས༔ འཆི་བདག་གཞོམ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ བརྡ་དང་གར་གྱི་མཆོད་པ་ནི༔ ཧོ༔ འཆི་མེད་ལྷ་མོ་འཇོ་སྒེག་སྒྱུར༔ བརྡ་དང་བརྡ་ཡིས་རབ་མཚོན་ཏེ༔ སྤྲོ་དང་བསྡུ་བའི་ཡིད་སྤྲུལ་གྱི༔ ཕྱག་རྒྱ་གར་གྱི་བརྡ་ཡིས་མཆོད༔ མ་ཧཱ་མུ་དྲ་པཱུ་ཛ་ཧོ༔ མཆོད་པ་འབུལ་བ་ནི༔ ཧྲཱི༔ འཇིག་རྟེན་འདི་འམ་གཞན་དག་གི༔ སྨན་མཆོག་མཆོད་ཡོན་ཇི་སྙེད་ཀུན༔ དངོས་སམ་ཡིད་ཀྱིས་རབ་སྤྲུལ་ཏེ༔ ཚེ་བདག་ལྷ་མོའི་ཚོགས་ལ་འབུལ༔ ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ༔ འཇིག་རྟེན་འདི་འམ་གཞན་དག་གི༔ ལྷ་ཡི་ཞབས་བསིལ་ཇི་སྙེད་ཀུན༔ དངོས་སམ་ཡིད་ཀྱིས་རབ་སྤྲུལ་ཏེ༔ ཚེ་བདག་ལྷ་མོའི་ཚོགས་ལ་འབུལ༔ ཨོཾ་བཛྲ་པཱ་དྱཾ་པྲ་ཏཱིཙྪ་ཧཱུྃ༔ འཇིག་རྟེན་འདི་འམ་གཞན་དག་གི༔ ལྷ་ཡི་མེ་ཏོག་ཇི་སྙེད་ཀུན༔ དངོས་སམ་ཡིད་ཀྱིས་རབ་སྤྲུལ་ཏེ༔ ཚེ་བདག་ལྷ་མོའི་ཚོགས་ལ་འབུལ༔ ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧཱུྃ༔ འཇིག་རྟེན་འདི་འམ་གཞན་དག་གི༔ དྲི་ཞིམ་བདུག་སྤོས་ཇི་སྙེད་ཀུན༔ དངོས་སམ་ཡིད་ཀྱིས་རབ་སྤྲུལ་ཏེ༔ ཚེ་བདག་ལྷ་མོའི་ཚོགས་ལ་འབུལ༔ ཨོཾ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་ཧཱུྃ༔ འཇིག་རྟེན་འདི་འམ་གཞན་དག་གི༔ མར་མེའི་འོད་མདངས་ཇི་སྙེད་ཀུན༔ དངོས་སམ་ཡིད་ཀྱིས་རབ་སྤྲུལ་ཏེ༔ ཚེ་བདག་ལྷ་མོའི་ཚོགས་ལ་འབུལ༔ ཨོཾ་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཧཱུྃ༔ འཇིག་རྟེན་འདི་འམ་གཞན་དག་གི༔ དྲི་ཞིམ་བྱུགས་པ་ཇི་སྙེད་ཀུན༔ དངོས་སམ་ཡིད་ཀྱིས་རབ་སྤྲུལ་ཏེ༔ ཚེ་བདག་ལྷ་མོའི་ཚོགས་ལ་འབུལ༔ ཨོཾ་བཛྲ་གནྡྷེ་པྲ་ཏཱིཙྪ་ཧཱུྃ༔ འཇིག་རྟེན་འདི་འམ་གཞན་དག་གི༔ རོ་བརྒྱའི་ཞལ་ཟས་ཇི་སྙེད་ཀུན༔ དངོས་སམ་ཡིད་ཀྱིས་རབ་སྤྲུལ་ཏེ༔ ཚེ་བདག་ལྷ་མོའི་ཚོགས་ལ་འབུལ༔ ཨོཾ་བཛྲ་ནཻ་བིདྱཱ་པྲ་ཏཱིཙྪ་ཧཱུྃ༔ འཇིག་རྟེན་འདི་འམ་གཞན་དག་གི༔ རོལ་མོ་སྒྲ་སྙན་ཇི་སྙེད་ཀུན༔ དངོས་སམ་ཡིད་ཀྱིས་རབ་སྤྲུལ་ཏེ༔ ཚེ་བདག་ལྷ་མོའི་ཚོགས་ལ་འབུལ༔ ཨོཾ་བཛྲ་ཤབྡ་པྲ་ཏཱིཙྪ་ཧཱུྃ༔ སྨན་གྱི་མཆོད་པ་ནི༔ ཧྲཱི༔ རང་བྱུང་གདོད་ནས་དག་པའི་རྫས༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན༔ དུག་ལྔ་སེལ་བའི་བདུད་རྩི་འདི༔ ཚེ་བདག་ལྷ་མོའི་ཚོགས་ལ་འབུལ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ རཀྟའི་མཆོད་པ་ནི༔ ཧྲཱི༔ པདྨ་རཀྟ་རྒྱུད་དྲུག་བསྒྲལ་པའི་ཁྲག༔ རྩི་ཤིང་སྣོད་བཅུད་རཀྟའི་མཆོད་ཆེན་པོ༔ འདོད་ཆགས་འཁོར་རྒྱུན་རྩད་ནས་གཅོད་པའི་ཕྱིར༔ ཚེ་བདག་ལྷ་མོའི་ཚོགས་ལ་འབུལ་བར་བགྱི༔ ཨོཾ་མ་ཧཱ་རཀྟ་ལ་ཁཱ་ཧི༔ གཏོར་མ་འབུལ་བ་ནི༔ ཧྲཱི༔ སྲིད་གསུམ་ཡེ་དག་གཏོར་གཞོང་དུ༔ སྐྱེ་འགྲོ་འབྱོར་ཚོགས་གཏོར་མར་བཤམས༔ ཚོགས་གཉིས་ཡོངས་སུ་རྫོགས་བྱའི་ཕྱིར༔ ཚེ་བདག་ལྷ་མོའི་ཚོགས་ལ་འབུལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་བསྟོད་པ་ནི༔ ཧྲཱི༔ དབྱིངས་ཀྱི་ངང་ལས་ལོངས་སྤྱོད་རྫོགས་པའི་སྐུ༔ ཚེ་བདག་ལྷ་མོ་བདེ་ཆེན་ཙཎྜ་ལཱི༔ ཞལ་གཅིག་དོན་དམ་ཉག་གཅིག་རྩད་ནས་གཅོད༔ བཅུ་དྲུག་ཕྱག་གིས་ཚེ་བཅུད་དཔལ་གཡང་སྡུད༔ ཕྱག་མཚན་སྣ་ཚོགས་བརྡ་རྟགས་བརྗོད་ལས་འདས༔ ཞབས་གཉིས་བདུད་བཞིའི་སྤྱི་ནས་གནོན་མཛད་དེ༔ དབང་མཛད་འོད་ཟེར་སྤུངས་པའི་གཞལ་ཡས་ན༔ ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པས༔ འཁོར་འདས་ཡོངས་སྒྲོལ་ཚེ་ཡི་ལྷ་མོར་བསྟོད༔ སྤྱི་བོའི་གཙུག་ཏུ་རིགས་འདུས་རྟ་མཆོག་དཔལ༔ རྟ་སྐད་སྒྲོག་སྟེ་སྡེ་བརྒྱད་བྲན་དུ་བཀོལ༔ མེ་དཔུང་ཀློང་དུ་ཚེ་བདག་དཔའ་བོ་འགྱིང༔ རིགས་བདག་དྲུག་འདུས་ཧེ་རུ་ཀ་ལ་བསྟོད༔ ཕྱོགས་བཞིའི་ལྷ་མོ་རིགས་བཞིའི་ཡུམ་ཆེན་མོ༔ འབྱུང་བཞིའི་བཅུད་སྡུད་ཤ་ཁྲག་དྲོད་དབུགས་གསོ༔ སྒོ་མ་བཞི་ཡིས་བླ་ཉམས་ཚེ་ཉམས་འགུགས༔ ཚེ་བདག་ལྷ་མོ་འབུམ་ཕྲག་མང་པོར་བཅས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཛཔ྄་བཟླ་བ་ནི༔ ཚེ་བདག་ལྷ་མོའི་ཐུགས་ཀ་རུ༔ དམར་གསལ་ཉི་མའི་དཀྱིལ་འཁོར་དབུས༔ བཅོམ་ལྡན་ཚེ་དཔག་མེད་ཡབ་ཡུམ༔ དེ་ཡི་ཐུགས་ཀར་ཉི་ཟླ་ཡི༔ གྭ་འུ་ཁ་སྦྱོར་སྲན་ཙམ་ནང༔ ཚེ་སྲོག་ཧྲཱིཿནྲྀའི་མཐའ་སྐོར་དུ༔ སྔགས་ཕྲེང་སྦྲུལ་ལྟར་འཁོར་བ་ལས༔ འོད་འཕྲོས་རྒྱལ་བ་མཆོད་པས་མཉེས༔ ཚུར་འདུས་ཐུགས་རྗེ་གཟི་བྱིན་བསྡུས༔ ཕར་འཕྲོས་འགྲོ་དྲུག་སྡིག་སྒྲིབ་སྦྱངས༔ ཚེ་བཅུད་འོད་ལྔ་གསལ་འཚེར་ལྡན༔ མེར་མེར་ཆིལ་ཆིལ་ཐུགས་ཀར་བསྡུས༔ ཚེ་སྲོག་གཡུང་དྲུང་ལྟར་བརྟན་གྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿཌཱ་ཀི་ནཱི་ཙཎྜ་ལཱི་པུཎྱེ་ཛྙཱ་ན་ཚེ་བྷྲཱུྃ་ཧྲཱིཿནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ༔ ཞེས་བདག་བསྐྱེད་རྐྱང་པ་ཡིན་ཚེ་བཟླས་དམིགས་ལྟར་དང་མཉམ་སྒྲུབ་ཀྱི་ཚེ་རྫས་ལ་ཡང་བསྟིམ་པར་བྱའོ༔ ཐུན་མཐར་མཆོད་བསྟོད་དང་། ཡི་གེ་བརྒྱ་པ་བརྗོད། དེ་ནས་ཚེ་འགུགས་ནི༔ ཧྲཱི༔ ནུབ་ཕྱོགས་བདེ་ཆེན་དབང་གི་དཀྱིལ་འཁོར་ནས༔ སྣང་བ་མཐའ་ཡས་ཚེ་བདག་ཆོས་ཀྱི་སྐུ༔ འགྲོ་དོན་སྐུར་བཞེངས་ཚེ་ཡི་དངོས་གྲུབ་རྣམས༔ དེང་འདིར་སྐལ་ལྡན་རྣལ་འབྱོར་བདག་ཅག་དང༔ སྒྲུབ་རྫས་དཀྱིལ་འཁོར་འདི་ལ་བསྩལ་དུ་གསོལ༔ རྩ་སྔགས་བརྗོད། ཟླ་གམ་དབང་ཕུག་མཱ་ར་ཏི་ཀ་ནས༔ ལོངས་སྤྱོད་རྫོགས་སྐུ་ཚེ་ཡུམ་ཙཎྜ་ལཱིས༔ བརྟན་གཡོའི་ཁམས་དང་སྟོབས་བཅུའི་ཚེ་དཔལ་རྣམས༔ དེང་འདིར་སྐལ་ལྡན་རྣལ་འབྱོར་བདག་ཅག་དང༔ སྒྲུབ་རྫས་དཀྱིལ་འཁོར་འདི་ལ་བསྩལ་དུ་གསོལ༔ རྩ་སྔགས་བརྗོད། དཀྱིལ་འཁོར་ཕྱོགས་ཀྱི་སྤྲུལ་སྐུ་རིགས་བཞིའི་ཡུམ༔ འབྱུང་བཞིའི་ཁམས་ཀྱི་དྭངས་བཅུད་མ་ལུས་ཀུན༔ དེང་འདིར་སྐལ་ལྡན་རྣལ་འབྱོར་བདག་ཅག་དང༔ སྒྲུབ་རྫས་དཀྱིལ་འཁོར་འདི་ལ་བསྩལ་དུ་གསོལ༔ རྩ་སྔགས་བརྗོད། སྒོ་བཞིའི་སྒོ་མ་ལས་མདོག་ཚད་མེད་བཞིས༔ འཁྱམས་དང་ཡར་པའི་བླ་དང་སྲོག་ཚེ་ཀུན༔ དེང་འདིར་སྐལ་ལྡན་བདག་དང་དམིགས་བྱར་སྟིམས༔ ཚེ་བཅུད་དྲང་སྲོང་རིག་འཛིན་ཐམས་ཅད་ཀྱི༔ དངོས་གྲུབ་མ་ལུས་སྒྲུབ་པའི་རྫས་ལ་སྟིམས༔ ཡར་པ་ཁུག་ལ་ཉམས་པ་ཐམས་ཅད་གསོས༔ མི་འགྱུར་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ མི་ཤིགས་ཚེ་ཡི་གཡུང་དྲུང་རྟག་བརྟན་སྩོལ༔ གཞོམ་བྲལ་ཚེ་ཡི་སྲོག་རྩ་བརྟན་པར་མཛོད༔ ཚེ་ཡི་རྒྱ་མདུད་སྡོམས་ཤིག་སྲུང་མའི་ཚོགས༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཅེས་བརྗོད་ལ༔ དེ་རྗེས་རྒྱས་གདབ་པ་ནི༔ ཧྲཱི༔ གཅིག་ནི་ཆོས་སྐུ་ཉག་གཅིག་རྒྱ༔ གཉིས་ནི་ཐབས་དང་ཤེས་རབ་རྒྱ༔ གསུམ་ནི་སྐུ་གསུམ་འབྲུ་ཡི་རྒྱ༔ བཞི་ནི་ཚད་མེད་བཞི་ཡི་རྒྱ༔ ལྔ་ནི་རྒྱལ་བ་རིགས་ལྔའི་རྒྱ༔ ཕྱག་རྒྱ་ལྔ་ཡིས་རྒྱས་གདབ་པས༔ བདེ་གཤེགས་རྒྱལ་བས་ཀྱང་མི་གཟིགས༔ ཆོས་ཀྱི་དབྱིངས་སུ་ཚེ་སྦ་འོ༔ བཛྲ་ཀཱ་ཝཱ་ཙི་རཀྵ་བྷྲཱུྃ༔ དེ་ནས་རྗེས་ཀྱི་བྱ་བ་ནི༔ ཚོགས་རྫས་བཟའ་བཏུང་བྱེ་བྲག་བཤམས༔ ཨོཾ་སརྦ་དྲ་བྱཾ་ཤོ་དྷ་ན་ཡེ་སྭཱ་ཧཱ༔ རང་ཉིད་ལྷར་གསལ་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་འཕྲོས་མེ་རླུང་ཆུས༔ དངོས་འཛིན་བཀྲུས་ནས་བདུད་རྩིར་གྱུར༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཚོགས་ལ་སྤྱན་འདྲེན་པ་ནི༔ ཧྲཱི༔ ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང༔ གནས་ཡུལ་དུར་ཁྲོད་འདུ་གླིང་སོགས༔ རང་བཞིན་གར་བཞུགས་གནས་མཆོག་ནས༔ ཚོགས་ལ་རོལ་ཕྱིར་སྤྱན་འདྲེན་གཤེགས༔ བཛྲ་ས་མ་ཡ་ཛ༔ དེ་ནས་ཚོགས་ཕུད་དང་པོ་ཕུལ་ཏེ༔ ཧྲཱི༔ འདོད་ཡོན་ལོངས་སྤྱོད་ག་ཎའི་ཚོགས༔ ཤ་ལྔ་བདུད་རྩི་བཏུང་བའི་མཚོ༔ ཏིང་འཛིན་ཚོགས་ཀྱི་ལོངས་སྤྱོད་འདི༔ འཆི་མེད་ཌཱ་ཀིའི་ཚོགས་ལ་འབུལ༔ ག་ཎ་ཙཀྲ་པཱུ་ཙ་ཁཱ་ཧི༔ གཉིས་པ་བཤགས་པ་ནི༔ ཧོ༔ ཐོག་མེད་དུས་ནས་ད་བར་དུ༔ རིགས་དྲུག་ཨ་འཐས་ཁ་འཁོར་ཏེ༔ བག་མེད་ངན་སྤྱོད་ལས་བགྱིས་པ༔ ཐུགས་དང་འགལ་གྱུར་བཟོད་པར་གསོལ༔ ཚངས་མཆོག་ཚེ་ཡི་དངོས་གྲུབ་སྩོལ༔ བཛྲ་སཏྭ་ཨཱ༔ ཐ་མ་བསྒྲལ་བ་ནི༔ ཟན་དང་ཤ་དུམ་བཅས་ལ་རཀྟ་བྲན༔ ན་མོ༔ རྩ་གསུམ་མཆོག་གསུམ་བདེན་པའི་བྱིན་རླབས་དང༔ ཏིང་འཛིན་སྔགས་དང་རྫས་ཀྱི་འཕྲུལ་འཁོར་གྱིས༔ གནོད་བྱེད་སྡང་དགྲ་རྒྱབ་རྟེན་དཔུང་དང་བཅས༔ འདིར་ཁུག་དབང་ཆེན་གསང་བའི་གནས་ཆེན་ནས༔ སྲས་མཆོག་ཕུར་བུས་ཚེ་ཁྲུས་དུག་གསུམ་སྦྱངས༔ བསྒྲལ་པའི་ཤ་ཁྲག་དུག་ལྔའི་མཆོད་པ་འདི༔ འཆི་མེད་དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབ༔ མ་ཧཱ་མཱཾ་ས་རཀྟ་གོ་རོ་ཙ་ན་ཀེཾ་ནི་རི་ཏི་བ་སུ་ཏ་ཙིཏྟ་ཁ་རཾ་ཁཱ་ཧི༔ དེ་ནས་ལྷག་མ་ཁ་ཆུས་བྲན་ལ་བསྔོ་བ་ནི༔ བྷྱོ༔ དཔལ་གྱི་བཀའ་ཉན་ལྷག་སྡུད་མ༔ དཀྱིལ་འཁོར་མུ་རན་སྐྱོང་བའི་ཚོགས༔ འདིར་བྱོན་བཀའ་ཡི་ལྷག་གཏོར་བཞེས༔ དམ་ཚིག་རྗེས་སྐྱོང་ཕྲིན་ལས་མཛོད༔ ཨུ་ཙྪིཥྚ་བྷཀྵ་སི་སྭཱ་ཧཱ༔ དེ་ནས་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ མི་མངོན་དབྱིངས་བཞུགས་རྒྱལ་བ་ཞི་ཁྲོ་དང༔ ཚེ་བདག་མཁའ་འགྲོ་བཀའ་སྲུང་དམ་ཅན་ཚོགས༔ རང་རང་ཐུགས་དམ་གནས་ནས་སྐུར་བཞེངས་ལ༔ ཐུགས་དམ་ཐུགས་རྗེས་མ་གཡེལ་ཕྲིན་ལས་མཛོད༔ ཅེས་བརྗོད་ཆད་མདོ་ནི༔ ཧཱུྃ༔ སྔོན་ཚེ་འོག་མིན་ཆོས་དབྱིངས་སུ༔ ཀུན་བཟང་ཆོས་སྐུ་འོད་མི་འགྱུར༔ ལོངས་སྤྱོད་རྫོགས་སྐུའི་འཁོར་དང་བཅས༔ འཆི་མེད་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ རིགས་ལྔའི་མཁའ་འགྲོས་དངོས་གཟུགས་བསྟན༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ མཆོད་གཏོར་བཞེས་ལ་ཕྲིན་ལས་མཛོད༔ དེ་འོག་མཱ་ར་ཏི་ཀ་རུ༔ པད་འབྱུང་ཚེ་ཡུམ་མནྡཱ་རས༔ ཟླ་གམ་ཚེ་དཀྱིལ་ཞལ་ཕྱེས་ཚེ༔ སེང་ཧ་དབང་ཕྱུག་ཉེར་བརྒྱད་དང༔ སྒོ་མ་བཞི་སོགས་ཚེའི་ཌཱ་ཀིས༔ གཟུགས་བསྟན་སོ་སོའི་ཆད་བོར་བཞིན༔ མཆོད་གཏོར་བཞེས་ལ་ཕྲིན་ལས་མཛོད༔ ཐ་མ་བྲག་དམར་གཡའ་ལུང་དུ༔ ཐོད་ཕྲེང་རྒྱལ་ཡུམ་མཁར་ཆེན་བཟས༔ འཆི་མེད་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ མངའ་བདག་སྡེ་དཔོན་སུམ་ཅུ་ཡིས༔ སོ་སོའི་གཟུགས་བསྟན་ཁས་བླངས་བཞིན༔ མཆོད་གཏོར་བཞེས་ལ་ཕྲིན་ལས་མཛོད༔ ཡང་མཐའ་དག་པའི་རྩལ་གྱི་ཞིང༔ ཙཎྜ་ལཱི་དང་ཧེ་རུ་ཀས༔ ཉམས་སྣང་ཚེ་བདག་བྱིན་བརླབས་ཚེ༔ ཚངས་པ་ཡབ་ཡུམ་དྲེགས་སྡེ་བརྒྱད༔ གཟུགས་བསྟན་ཆོས་འཁོར་སྐྱོང་བར་ཆད༔ མཆོད་གཏོར་བཞེས་ལ་ཕྲིན་ལས་མཛོད༔ ཅེས་བརྗོད༔ བརྟན་མ་སྐྱོང་བ་ནི༔ ཧཱུྃ༔ ཁས་བླངས་དམ་བཅས་མ་དང་སྲིང༔ བརྟན་མ་ཡ་མ་སྐྱོང་མའི་ཚོགས༔ གཏོར་མ་བཤལ་ཆུ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ མ་མ་སྲིང་འགྲོ་མ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཞེས་གཏོར་གཞོང་ཁ་སྦུབ་སྟེ༔ ཧཱུྃ༔ ང་བདག་བདག་འཛིན་རུ་དྲ་དང༔ སྒྲུབ་ལ་བར་གཅོད་སྒབ་འདྲེ་ཀུན༔ མནན་ནོ་ཐེག་རིམ་དགུ་ཡིས་མནན༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ དེ་ནས་དངོས་གྲུབ་ལེན་ཆོག་ནི༔ ཧྲཱི༔ འཆི་མེད་ལྷ་མོ་བདེ་ཆེན་དཔལ་སྟེར་མ༔ ཐུགས་རྗེའི་དབྱིངས་ནས་ཐུགས་དམ་ཐུགས་རྗེ་སྐྱེད༔ འཆི་མེད་ཚེ་ཡི་སྒྲུབ་པ་ད་ནངས་ཐེངས༔ བསྙེན་སྒྲུབ་ཚད་འཁྱོལ་ཚེ་ལ་མངའ་དབང་བརྙེས༔ དངོས་གྲུབ་འབྱུང་བའི་དུས་ལ་བབ་ལགས་པས༔ མགོན་པོ་ཁྱོད་ཀྱི་ཚེ་བཞག་དུས་འདིར་ལགས༔ ཐུགས་ལ་ལེ་ལོ་བཏང་སྙོམས་མ་མཛད་པར༔ རྡོ་རྗེའི་ནམ་ལངས་ཉི་ཟླ་ནམ་མཁར་ཤར༔ སྐལ་ལྡན་བདག་ལ་ཚེ་ཡི་དབང་མཆོག་སྐུར༔ སྐྱེ་འཆི་མེད་པའི་ཚེ་དབང་ཐོབ་པར་ཤོག༔ རྩ་སྔགས་ཀྱི་མཐར༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་སྒྲུབ་རྫས་རྣམས་དངོས་གྲུབ་ཏུ་རོལ༔ རྗེས་ལ་མཆོད་བསྟོད་བྱ་ཞིང་ནོངས་བཤགས་ནི༔ ཧོ༔ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་རྣམས༔ མཆོད་རྫས་མ་འབྱོར་ཏིང་འཛིན་གཡེངས༔ བྱིང་རྨུགས་ལེ་ལོས་གོས་པ་དང༔ བཟླས་བརྗོད་མ་དག་ཆོ་ག་ཆད༔ འགལ་འཁྲུལ་ནོངས་པ་ཅི་མཆིས་པ༔ མཐོལ་བཤགས་བཟོད་པར་མཛད་དུ་གསོལ༔ ཞེས་ཡི་གེ་བརྒྱ་པས་ནོངས་པ་བཤགས༔ ཧྲཱི༔ རང་རིག་ཐིག་ལེ་གཅིག་ཏུ་གསལ་བ་ལ༔ སྤྲོ་དང་བསྡུ་བའི་བྱ་བ་མ་མཆིས་ཀྱང༔ མ་རྟོགས་འཁྲུལ་པའི་རྟག་མཐའ་སྦྱང་བའི་ཕྱིར༔ ཐམས་ཅད་ཐིག་ལེ་ཆེན་པོར་བསྡུ་བར་བྱ༔ བཛྲ་མུཿས་ཡེ་ཤེས་པ་གཤེགས༔ སླར་ཡང་རྫོགས་རིམ་སྒྱུ་མའི་ལྷ་སྐུར་ལྡང་བ་ནི༔ རྟག་ཏུ་མི་འགྱུར་ཐིག་ལེ་ཆེན་པོའི་ངང༔ བསྐྱེད་དང་རྫོགས་པའི་ཐ་སྙད་བྲལ་བ་ལ༔ ཆད་པའི་སྟོང་མེད་པ་ལས་གྲོལ་བའི་ཕྱིར༔ རྫོགས་རིམ་ལྷ་སྐུ་འཆི་མེད་མཆོག་གི་ལྷ༔ སྣང་ལ་མ་གྲུབ་འཇའ་ཚོན་ལྟ་བུར་ཤར༔ ཧྲཱི༔ དུས་གསུམ་མི་དམིགས་སྒྱུ་མར་སྣང་བའི་ཆོས༔ མིག་འཕྲུལ་ཇི་བཞིན་དགེ་ཚོགས་བྱང་ཆུབ་ཏུ༔ ཡོངས་སུ་བསྔོས་པས་འཆི་མེད་དཀྱིལ་འཁོར་གྱི༔ གོ་འཕང་མཆོག་ལ་འགྲོ་ཀུན་སྦྱོར་གྱུར་ཅིག༔ ཅེས་བསྔོ་བ་བྱ༔ རྗེས་ལ་ཤིས་པ་བརྗོད་པ་ནི༔ བཀྲ་ཤིས་གང་ཞིག་འཆི་མེད་ཙཎྜ་ལཱི༔ འཁོར་བཅས་དགྱེས་ཤིང་བྱིན་གྱིས་རློབ་པ་དང༔ འཆི་མེད་མཁའ་འགྲོས་ཚེ་གཡང་སྤེལ་བྱེད་པའི༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་རིགས་བདག་རྟ་མཆོག་དཔལ༔ འཁོར་བཅས་དགྱེས་ཤིང་བྱིན་གྱིས་རློབ་པ་དང༔ དབང་ཆེན་རྟ་མཆོག་ཚེ་གཡང་སྤེལ་བྱེད་པའི༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་རྡོ་རྗེ་་་སོགས་གསང་ཡེའི་ཤིས་བརྗོད་ཇི་བཞིན་བྱའོ་གསུངས་འདུག་ཀྱང་། དཔེ་མ་འབྱོར་བའི་ཚབ་ཏུ་འདི་ལྟར་རང་བློས་བྲིས་པའོ།མཁའ་འགྲོ་ཡི། །འཁོར་བཅས་དགྱེས་ཤིང་བྱིན་གྱིས་རློབ་པ་དང༔ ཞི་བའི་མཁའ་འགྲོས་མི་མཐུན་ཕྱོགས་གཞིལ་བའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་གང་ཞིག་རིན་ཆེན་མཁའ་འགྲོ་ཡི། །འཁོར་བཅས་དགྱེས་ཤིང་བྱིན་གྱིས་རློབ་པ་དང་། །རྒྱས་པའི་མཁའ་འགྲོས་ལེགས་ཚོགས་སྤེལ་མཛད་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་གང་ཞིག་པདྨ་མཁའ་འགྲོ་ཡི། །འཁོར་བཅས་དགྱེས་ཤིང་བྱིན་གྱིས་རློབ་པ་དང་། །དབང་གི་མཁའ་འགྲོས་འཁོར་འདས་དབང་སྡུད་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་གང་ཞིག་ཀརྨ་མཁའ་འགྲོ་ཡི། །འཁོར་བཅས་དགྱེས་ཤིང་བྱིན་གྱིས་རློབ་པ་དང་། །ལས་ཀྱི་མཁའ་འགྲོས་མངོན་སྤྱོད་ལས་སྒྲུབ་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྨོན་ལམ་ནི༔ ཧོ༔ འཆི་བའི་ཚེ་ན་འཆི་མེད་ཌཱ་ཀི་མས༔ མེ་ཏོག་ལ་སོགས་གདུགས་དང་རྒྱལ་མཚན་དང༔ རོལ་མོ་གླུ་གར་དབྱངས་ཀྱིས་མདུན་བསུས་ཏེ༔ ཟངས་མདོག་དཔལ་གྱི་རི་བོར་བསུ་བར་ཤོག༔ སྣང་ཆ་བདེ་ཆེན་དཔའ་བོ་རྟ་མགྲིན་དཔལ༔ སྟོང་ཆ་རྣམ་ཀུན་མཆོག་ལྡན་ཙཎྜ་ལཱི༔ ཟུང་འཇུག་དབྱེར་མི་ཕྱེད་པའི་བདེན་པ་དེས༔ བདག་ཅག་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག༔ ཅེས་སྨོན་ལམ་བྱའོ༔ དེ་ཡང་འདི་ཉིད་དཔལ་གྱི་མཆིམས་ཕུར་འབྲུག་ལོ་ཧོར་ཟླ་བཞི་པའི་ཡར་ཚེས་བཅོ་ལྔའི་ཞོགས་པར་ཐུན་གྱི་ངང་ལ་འོད་གསལ་གྱི་རྨི་ལམ་དུ་འཆི་མེད་ཙཎྜ་ལཱི་དང་། རིགས་བདག་ཧེ་རུ་ཀ་བཅས་ཀྱི་ཞལ་མཇལ་ཏེ། གཙོ་མོའི་གནས་ལྔ་ནས་འོད་ཕྲེང་རང་གི་གནས་ལྔར་ཐིམ་པས། དབང་བཞི་ཐོབ་ཉམས་ཤར་ཞིང་འདི་གའི་ཚེ་ཆོས་རྣམས་བློ་ལ་ལམ་ལམ་གསལ་བཞིན་པ་བྱུང་ཡང་། དེ་འཕྲལ་བྲེལ་བས་འབྲི་མ་ཐུབ་ཅིང་། ཕྱིས་སུ་རང་ཉིད་ཀྱི་ཚེའི་རྟེན་འབྲེལ་ལ་ཕན་རེའི་བསམ་པས་བྲིས་པ་ཡིན་གྱི། འདི་ལ་ནོར་འཁྲུལ་མཆིས་ན་བླ་མ་ལྷ་ཡི་སྤྱན་སྔར་བཤགས། རྗེས་ལ་སྒྲིབ་པར་མི་འགྱུར་བར་འཆི་མེད་འཇའ་ལུས་འགྲུབ་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །འཆི་མེད་ལྷ་མོའི་རྒྱ༔ ྈ་་་་་་མཚོན་བྱ་དོན་གྱི་རྒྱ༔ ྈ་་་་་་མཚོན་བྱེད་དཔེའི་རྒྱ༔ ྈ་་་་་་་མཚན་མེད་རང་བྱུང་གི་རྒྱ༔ རྒྱ་གསུམ་གྱིས་བཏབ་བོ༔ མངྒ་ལཾ།། །།
ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་སྒྲུབ་ཆེན་གྱི་ཁོག་དབུབ་གཞན་ཕན་བདུད་རྩིའི་ཆུ་གཏེར་ (Volume 22, Text 8)
༄༅། །ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་སྒྲུབ་ཆེན་གྱི་ཁོག་དབུབ་གཞན་ཕན་བདུད་རྩིའི་ཆུ་གཏེར་ཞེས་བྱ་བ་བཞུགས་སོ། ། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་སྒྲུབ་ཆེན་གྱི་ཁོག་དབུབ་གཞན་ཕན་བདུད་རྩིའི་ཆུ་གཏེར་ཞེས་བྱ་བ། བླ་མ་དང་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྐུ་དང་ཞིང་ཁམས་རྒྱ་མཚོའི་སྤྲོ་བསྡུ་ཀུན། །བ་སྤུའི་ཁུང་བུ་གཅིག་ན་གནས་པ་ཡིས། །འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་ཅན། །བླ་མ་ཐུགས་རྗེའི་དབང་ཕྱུག་ཞབས་ལ་འདུད། །གང་དེ་བོད་ཡུལ་ལྷ་གཅིག་ཉིད་ཀྱི་ཕྱིར། །སྒྲུབ་ཐབས་ཆེ་ཆུང་བྱེ་བ་བསམ་ཡས་ལས། །བླ་མེད་ཡང་སྙིང་ཟབ་གཏེར་མ་ལུས་པའི། །ཕྱི་མོ་གཏེར་ཁ་འོག་མའི་ལུགས་འདི་འཕགས། །གནའ་དུས་གཞན་ཕན་རྒྱ་མཚོའི་མཐར་ཁྱབ་ཀྱང་། །དེང་སང་ཚད་ལྡན་བྱེད་པ་ཉུང་བ་དང་། །འཇིག་རྟེན་མགོན་དང་དབྱེར་མེད་བླ་མའི་བཀའ། །རྗེས་སུ་བསྒྲུབ་ཕྱིར་ཁོག་དབུབ་ཉུང་གསལ་འབྲི། །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་སྒྲུབ་པ་ཆེན་པོ་ཉམས་སུ་བླང་བ་ལ་སྤྱི་དོན་རྣམ་པ་ལྔ་སྟེ། སྒྲུབ་པ་པོ་ངེས་ཤེས་བསྐྱེད་ཕྱིར་སྤྱིའི་ཁོག་དབུབ་པ། ཕུན་སུམ་ཚོགས་པ་བདུན་གྱིས་སྒྲུབ་པའི་གཞི་བཟུང་བ། སྔོན་འགྲོ་སྟ་གོན་གྱི་རིམ་པས་སྒྲུབ་ཆེན་སྒྲོམ་དུ་གཞུག་པ། དངོས་གཞི་བསྙེན་སྒྲུབ་ཁྲིགས་ཆགས་ཀྱིས་སྒྲུབ་པའི་གཞུང་གཟུག་པ། མཐའ་རྒྱས་ལས་ཀྱི་རིམ་པས་སྒྲུབ་པའི་རྗེས་བསྐྱང་བ་རྣམས་སོ། །དང་པོ་ནི། བསྒྲུབ་གཞི་རང་བཞིན་རྣམ་དག་ཁྱབ་བདག་པདྨ་གར་གྱི་དབང་ཕྱུག་བརྟན་གཡོ་འཁོར་འདས་ཀུན་གྱི་སྲོག་ཏུ་བཞུགས་པ་དེ་ཉིད། སྒྲུབ་བྱེད་ཐུན་མོང་གི་ཚུལ་ལས་ཁྱད་པར་དུ་མས་འཕགས་པ་བླ་མེད་རྡོ་རྗེ་ཐེག་པའི་ལམ་ཟབ་ཡོ་ག་རྣམ་པ་གསུམ་གྱི་དགོངས་པ་གཅིག་ཏུ་དྲིལ་བའི་ཚོམ་བུ་ཚོགས་སྒྲུབ་ཀྱི་མྱུར་ལམ་ལས། གྲུབ་པའི་འབྲས་བུ་ཚེ་འདི་འམ་རིང་པོར་མི་ཐོགས་པར་སྐུ་ལྔའི་བདག་ཉིད་ཅན་གྱི་གདོད་མའི་མགོན་པོའི་ས་ལ་ལྷུན་གྱིས་རྫོགས་པར་འགྱུར་བ་ཡིན་པའི་ཕྱིར་ན། དགོངས་བརྡ་སྙན་བརྒྱུད་ཀྱི་བླ་མ་སྤྱི་དང་ཁྱད་པར་གསུང་རྡོ་རྗེ་བདེ་བ་ཆེན་པོ་ཨོ་རྒྱན་གྱི་སློབ་དཔོན་པདྨཱ་ཀ་རས་སྔོན་བྱུང་སྟོན་པའི་རྣམ་ཐར་དང་མཐུན་པར་རྗེས་འཇུག་གདུལ་བྱ་འདུལ་བའི་ཐབས་ལ་མཁས་པས། རྒྱུད་ལུང་མན་ངག་ཀུན་གྱི་གནད་ལག་ལེན་དུ་དྲིལ་ཏེ་སྤྲོས་བཅས་གྲོལ་བ་བཞི་ལྡན་བསྟན་པ་འདི་ཉིད་མོས་སློབ་ཙམ་གྱིས་འབྲེལ་བས་ཀྱང་འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་རྒྱ་ཆེ་ལ་རྒྱུན་མི་འཆད་པ་མངའ་བ་ཡིན་ནོ། །གཉིས་པ་ཕུན་ཚོགས་བདུན་གྱིས་སྒྲུབ་གཞི་བཟུང་བ་ནི། སྒྲུབ་པའི་སྟོན་པ་ལྟ་སྒོམ་གྱིས་རང་རྒྱུད་གྲོལ་ཅིང་སྤྱོད་པས་གདུལ་བྱ་འདུལ་བ་ལ་མཁས་པ། སྒྲུབ་པ་པོ་སློབ་མ་དད་བརྩོན་ཤེས་རབ་དམ་ཚིག་དང་ལྡན་པ། སྒྲུབ་གནས་གྲུབ་ཐོབ་གོང་མས་བྱིན་གྱིས་བརླབས་པའམ་ཕྲིན་ལས་བཞི་དང་ལྷུན་གྲུབ་ཀྱི་རྟགས་མཚན་ཚང་བ། སྒྲུབ་པའི་གྲོགས་འཁོར་རྒྱུད་འཇམ་བློ་གསལ་གསང་ཐུབ་མཚན་དང་ལྡན་པ། སྒྲུབ་པའི་ཡོ་བྱད་སྐུ་གསུང་ཐུགས་ཀྱི་སྒྲུབ་རྟེན། ཕྱི་ནང་གསང་བའི་མཆོད་རྫས། ཚེ་གལ་ལ་སོགས་དངོས་གྲུབ་ཀྱི་རྫས། འཚོ་བ་ཟས། རྐྱེན་ཟློག་གོ་མཚོན་སྨན་སྔགས་སྲུང་འཁོར། ཉེ་བར་མཁོ་བའི་ཡོ་བྱད་སོགས་ཅིས་ཀྱང་མ་ཤོལ་བ། སྒྲུབ་པའི་དུས་ལོ་ཟླའི་སྟོད་གཟའ་སྐར་འཕྲོད་སྦྱོར་གྲུབ་པའི་ཉི་མ་སོགས་བཟང་ཞིང་བྱེ་བྲག་ལས་བཞིའི་དུས་དང་མཐུན་པ། སྒྲུབ་པའི་མན་ངག་མ་ཧཱའི་རྒྱུད། ཨ་ནུའི་ལུང་། ཨ་ཏིའི་མན་ངག་དང་འབྲེལ་ཞིང་དེ་དག་སོ་སོའི་དགོངས་དོན་རྣམ་པར་འབྱེད་པས་ཉམས་ལེན་གཅིག་ཏུ་དྲིལ་བ་ལ་མཁས་པའོ། །གསུམ་པ་སྔོན་འགྲོ་སྟ་གོན་གྱི་རིམ་པས་སྒྲུབ་ཆེན་སྒྲོམ་དུ་གཞུག་པ་ནི། ས་ཆོག་དལ་བརྩིགས་ལྷག་པར་གནས། །ཕྱི་བཤགས་བྱ་དང་མཚམས་གསུམ་བཅད། །ཐིག་ཚོན་རྒྱན་བཀོད་མངའ་གསོལ་ཞིང་། །བསྲེ་བསྣན་བརྡ་བསྐོས་བྱིན་དབབ་བོ། །ཞེས་པ་རྣམས་ལས། ཐོག་མར་སའི་ཆོ་ག་ལ་བཞི། ས་བརྟག་པ་ནི། སྒྲུབ་གནས་རྙིང་པ་ལ་མི་དགོས་ཤིང་ཉེ་བར་མཁོ་ན་གཞན་ནས་འབྱུང་བ་ལྟར་བྱའོ། །ས་སློང་བ་ནི། སྣང་བ་མིས་བདག་ཏུ་བཟུང་ན་རིན་དང་བདེན་པའི་ཚིག་གིས་བཀྲོལ། མི་སྣང་བ་ལ་སློང་བ་ནི། སྟེགས་ཇི་ལྟར་རིགས་པའི་བང་རིམ་དང་པོར་བདག་བསྐྱེད་བླ་གཏོར་དམར་པོ་པད་འདབ་བཞི་རིལ་བུས་མཚན་པའི་གཡས་གཡོན་དུ་སྨན་རཀ བང་རིམ་གཉིས་པར་ཕྱི་མཆོད་ཕྲེང་ཚར་དུ་བཀོད། དཀྱིལ་འཁོར་གང་དུ་བྱ་བའི་སྟེགས་བུའི་དབུས་སུ་མེ་ཏོག་གི་ཚོམ་བུ་གཅིག་བཀོད་པའི་མདུན་དུ་ས་ལྷའི་གཏོར་མ་དཀར་ཟླུམ་མདུན་དུ་མཐེབ་སྐྱུ་དང་རིལ་བུས་མཚན་པ་བཀོད། མཐར་བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག་ནས་བརྩམ་སྟེ་ཆུ་གཉིས་ཉེར་སྤྱོད་ལྔ་དང་བཅས་པས་གཡས་སུ་བསྐོར། གཞན་ཡང་། ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། ཚིག་བདུན་གསོལ་འདེབས་བརྒྱུད་འདེབས། སྐྱབས་སེམས་སྔོན་དུ་འགྲོ་བའི་བདག་གི་རྣལ་འབྱོར་བཟླས་པ་བསྡུ་ལྡང་བར་དུ་གཏང་དགོས་པ་ལ། སྐབས་འདིར་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་པོའི་གསུང་རབ་ལས་འབྱུང་བའི་རྒྱུན་གྱི་རྣལ་འབྱོར་བཟླས་པ་བསྡུ་ལྡང་གི་བར་དུ་གཏང་ན་མང་ཉུང་འཚམ་ཞིང་ཤིན་ཏུ་འབྲེལ་ཆགས་པར་འགྱུར་རོ། །དེ་ནས་ས་ལྷའི་མཆོད་པ་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་བརླབ་སྟེ། ཆོས་ཉིད་རྣམ་པར་དག་པའི་སྔགས་རྒྱས་སྦྱོང་བ་ནི། ཐལ་མོ་ཁོང་སྟོང་སྙིང་ཁར་སྦྱར་ལ། ཨོཾ་སྭཱ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ་བ་ནི། ཐལ་མོའི་ཚིགས་དང་པོ་བཅག་པ་རིན་ཆེན་སྒྲོམ་བུའི་རྒྱ་སྨིན་མཚམས་སུ་བསྐོར་ཞིང་། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བདུད་རྩི་ཐབ་སྦྱོར་གྱི་སྔགས་རྒྱས་བསྒྱུར་བ་ནི། ཐལ་མོ་བརྐྱང་པའི་མཐེ་བོང་སྦྲེལ་བ་པདྨའི་ཕྱག་རྒྱ་ཁའི་ཐད་དུ་བཞག་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། རྒྱ་ཆེན་ཤུགས་ལྡན་གྱི་སྔགས་རྒྱས་ཚིམ་པར་བྱེད་པ་ནི། ལག་པ་གཡོན་ཁུ་ཚུར་ལས་མཛུབ་མོ་བསྒྲེངས་པ་སྙིང་གར་བཞག །གཡས་པ་དེ་བཞིན་ལས་བརྐྱངས་ནས་བསྐོར་བའི་ཚུལ་བྱས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཡེ་ཤེས་སྐར་མདའི་སྔགས་རྒྱས་ཐོབ་པར་བྱེད་པ་ནི། གཡས་ཁུ་ཚུར་སྙིང་ཁར་བཞག །གཡོན་མཆོག་སྦྱིན་བསྐོར་ཞིང་བརྐྱངས་ལ། ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲཱྀ་ད་ཡ་ཛྭ་ལ་ནི་ཧཱུྃ། དབང་སྒྱུར་འཁོར་ལོའི་སྔགས་རྒྱས་དབང་དུ་བྱེད་པ་ནི། སོར་མོ་རྣམས་ནང་དུ་བཀུག་ནས་བསྣོལ་བའི་ཐལ་མོ་སྤྱི་བོར་བསྐོར་ཏེ། ན་མཿས་མནྟ་བུདྡྷཱ་ནཱཾ་གྲ་ཧེ་ཤཱ་རི་པྲ་བྷཉྫ་ཏི་མ་ཧཱ་ས་མ་ཡ་སྭཱ་ཧཱ། ཞེས་སྔགས་རྒྱ་རྣམས་ལན་གསུམ་གསུམ་གྱིས་བྱིན་བརླབས་ཤིང་སོ་སོའི་མཐར་སེ་གོལ་གཏོག་གོ །དེ་ནས་སློབ་དཔོན་རྡོ་རྗེ་དང་བཅས་པའི་ཕྱག་གཡས་ས་ལ་རྡེག་པའི་ཚུལ་བྱ་ཞིང་། ཧཱུྃ་ཧཱུྃ་ཧྲཱིཿཧྲཱི༔ ས་དེ་བརྡོལ་བ་ལས་སའི་ལྷ་མོ་བརྟན་མ་སྐུ་མདོག་སེར་མོ་ཕྱག་གཡས་མཆོག་སྦྱིན་དང་གཡོན་གཏེར་གྱི་བུམ་པ་བསྣམས་པ༔ ལྟེ་བ་ཡན་ཆད་ས་སྟེང་དུ་ཐོན་པ་དམ་ཡེ་དབྱེར་མེད་དུ་སྣང་བ་ས་བདག་གི་ཚོགས་ཀྱིས་བསྐོར་བར་གྱུར༔ ཧཱུྃ༔ ཇི་ལྟར་སྔོན་གྱི་དཔང་མཛད་ལྟར༔ སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར༔ བདག་གིས་བྱང་ཆུབ་ངེས་སྒྲུབ་པའི༔ མཆོད་འབུལ་དཔང་མཛོད་ས་འདི་ཞུ༔ བཅུ་གཉིས་ལོ་ཡི་རྟ་ལ་ཞོན༔ ཀོ་ལོང་སྡོམ་པའི་ལྷ་དགུ་སོགས༔ འབྱུང་པོའི་ཚོགས་རྣམས་མ་ལུས་ཀུན༔ ས་གླུད་མཆོད་སྦྱིན་འདི་བཞེས་ལ༔ ས་འདི་བདག་ལ་གནང་བར་མཛོད༔ འབྱུང་པོ་ས་ཡི་བདག་པོ་ཀུན༔ གནས་རྟེན་གཞན་དུ་ཁྱོད་སྤོས་ལ༔ ས་འདི་བཀྲ་ཤིས་མཛད་དུ་གསོལ༔ སརྦ་བྷཱུཏ་པཱུ་ཛ་གྲྀཧྞ་ཧོ༔ ལན་གསུམ། ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལྷ་མོ་འཁོར་བཅས་ཀྱིས་གནང་བ་བྱིན་ནས་ས་ལ་ཐིམ་པར་གྱུར༔ ཞི་རོལ་རིང་པོའི་འོག་གཏོར་མ་རྒྱབ་ཏུ་ཕུལ། མཆོད་པ་བསལ། སྒྲུབ་གནས་གསར་པ་ལྟ་བུ་ལ་སྐབས་འདིར་གཏེར་གཞུག་འགྲུབ་ན་ལེགས་ཏེ་དེའི་ཚུལ་ནི་རཏྣའི་ཐུགས་གསང་སྒྲུབ་ཁོག་ལྟར་རོ། །སྤྲོས་པ་བསྡུ་བ་དང་སྒྲུབ་གནས་རྙིང་པ་སོགས་ལ་མེད་ཀྱང་ཆོག་པས་འདིར་མ་བྲིས་སོ། །ས་བཟུང་བ་ནི། སློབ་དཔོན་ཞྭ་ཆོས་བཅས་སྟེགས་བུའི་ཤར་ནས་ནུབ་ཏུ་ཕྱོགས་པ་ལ་དབང་མཆོག་ཕུར་བུ་ཕུལ། དབུས་སུ་ཕུར་གདན་བཀོད། བདག་གི་ཐུགས་ཀ་ནས་ཁྲོ་བོ་བཅུ་སྤྲོས་པའི་ཚོགས་ཀྱིས་ས་གཞི་གང་བར་གྱུར༔ ཕུར་བུ་རྣམས་སྟོད་ཞལ་གསུམ་ཕྱག་དྲུག་ཕུར་བུ་འདྲིལ་བ༔ སྨད་ལྕགས་ཕུར་མེའི་ཚྭ་ཚྭ་འཕྲོ་བར་གྱུར༔ ཕུར་བུ་བསྒྲིལ་ཞིང་། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱན་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ༔ ལན་གསུམ་མཐར་སྟེགས་བུའི་དབུས་སུ་གདབ། ཕུར་བུ་ལས་འཕྲོས་པའི་ཁྲོ་ཆུང་དང་མེའི་འོད་ཀྱིས་ས་གཞི་ཁེངས་པར་གྱུར༔ ས་སྦྱོང་བ་ནི། བདག་དབང་ཆེན་གྱི་ཐུགས་ཀའི་ཡི་གེ་བྷྲཱུྃ་སྨུག་ནག་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ རྒྱལ་བ་རྣམས་ལ་ཕོག་པས་སྲས་སུ་དགོངས༔ ཞི་ཁྲོ་ལྕམ་དྲལ་ལ་ཕོག་པས་སྤུན་དང་གྲོགས་སུ་དགོངས༔ མ་མོ་མཁའ་འགྲོ་ལ་ཕོག་པས་རང་རང་གི་རིགས་ཀྱི་གཙོ་བོར་མཐོང༔ སེམས་ཅན་རྣམས་ལ་ཕོག་པས་སྒྲིབ་པ་སྦྱངས་ནས༔ འོད་ཟེར་སླར་ཚུར་འདུས་པ་བདག་དང་ས་གཞི་ལ་ཕོག་པས༔ དབང་ཆེན་གསེར་གྱི་ས་གཞི་སྲ་བརྟན་བདེ་བའི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་དུ་གྱུར༔ གཉིས་པ་དཀྱིལ་འཁོར་བརྩིག་པ་ནི། རྒྱར་འདོམ་གང་གྲུ་བཞི། དཔངས་སུ་ཁྲུ་གང་བ། མཆོད་སྟེགས་འཁོར་ཡུག་ཁྲུ་གང་། དཔངས་སུ་ཆག་གང་བ་ནི་ཚད་ཡིན་ལ། གཞན་ཆེ་ཆུང་གནས་ཁང་དང་སྦྱར་བའི་ཇི་ལྟར་རིགས་པས་ཆོག་ཅིང། བའི་རྣམ་ལྔ། བདུད་རྩི་ལྔ། དྲི་བཟང་པོས་བྱུགས་ཏེ་མེ་ལོང་ལྟར་འཇམ་པ་དབུས་མཐོ་ཞིང་བྱང་ཤར་གདོན་གྱི་གནས་དམའ་བར་བྱའོ། །གསུམ་པ་ལྷག་པར་གནས་པ་ལ་གཉིས། ལྷ་དང་བུམ་པ་སྟ་གོན་ནོ། །དང་པོ་ནི། དཀྱིལ་འཁོར་གྱི་གཞི་ལ་ལྷ་གནས་མི་འཆོལ་བའི་མཚན་མ་བྱས་ལ། བདུད་རྩི་ལྔ་དང་སྦྱར་བའི་དྲི་བཟང་གིས་གཙོ་བོའི་གནས་སུ་དབང་ལྡན་ནས་བརྩམ་པའི་ཐིག་ལེ་གྲུ་བཞི། འཁོར་རྣམས་ཀྱི་གནས་སུ་ཟླུམ་པོ་བྱས་པ་ལ་ཡིག་དྲུག་བརྗོད་ཅིང་མེ་ཏོག་གི་ཚོམ་བུ་བཀོད། བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམ་ཕྱི་མཆོད་གཡས་སྐོར་དུ་བཤམས་ལ། རྒྱས་པར་སྤྲོ་ན་ལས་བྱང་མཆོད་པ་བྱིན་རླབས་ནས་བསྟོད་པའི་བར་མཐར་ཆགས་སུ་གཏང་། དེ་ལྟར་ན་སྨན་རཀ་གཏོར་གསུམ་ཡང་བཤམ་དགོས་སོ། །སྤྲོས་པ་བསྡུ་ན། མཆོད་པ་རྣམས། ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་བས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པ་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཛ་ས་མ་ཡ་ཧཱུྃ༔ ཞེས་པས་བརླབ། མི་དམིགས་སྟོང་པའི་ངང་ཉིད་ལས། །མཚན་རྫོགས་ཡེ་ཤེས་གཞལ་ཡས་ཁང་། །དྭངས་གསལ་སྒྲིབ་མེད་འོད་ལྔའི་ཀློང། །པདྨ་ཉི་ཟླའི་དཀྱིལ་འཁོར་སྟེང་། །ཧྲཱིཿལས་བདེ་གཤེགས་ཐུགས་རྗེའི་སྐུ །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །ཕྱག་གཡས་པད་ཕྲེང་ཐུགས་ཀར་འདྲེན། །ཕྱག་གཡོན་པད་སྟེང་བདུད་རྩིའི་བུམ། །རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །པང་དུ་གསང་བ་ཡེ་ཤེས་ཡུམ། །ཐུགས་ཀར་དཔའ་བོ་རྟ་མགྲིན་དང་། །སྤྱི་བོར་རིགས་བདག་འོད་དཔག་མེད། །གཡས་སུ་ནོར་བུ་འཛིན་པ་དང་། །གཡོན་དུ་གསང་སྔགས་འཛིན་མས་འདུད། །འཁོར་དུ་འགྲོ་འདུལ་ཐུབ་པ་དྲུག །བསྐལ་བཟང་སངས་རྒྱས་སྟོང་རྩ་གཉིས། །སྒོ་སྐྱོང་ལས་བཞིའི་ཧེ་རུ་ཀ །ཐམས་ཅད་ཆུ་ཟླའི་ཚུལ་དུ་གསལ། །ལྷ་ཚོགས་ཀུན་གྱི་གནས་གསུམ་དུ། །འབྲུ་གསུམ་མཚན་ལས་འོད་འཕྲོས་པས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར། །ཧྲཱི༔ ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྲས་འཁོར་བཅས༔ རྒྱལ་བའི་ཐུགས་ལ་གཤེགས་བཞུགས་མི་མངའ་ཡང༔ འགྲོ་བའི་ཚོགས་གསག་བསྙེན་སྒྲུབ་བགྱི་སླད་དུ༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་འདིར་གཤེགས་ཤིག༔ ཨོཾ་མ་ཧཱ་ཀཱ་རུ་ཎཱ་པདྨ་ནཱིརྟཱི་ཤྭ་ར་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་དྲངས་ཤིང་བསྟིམས་ལ། ཧྲཱི༔ ཀུན་འབྱུང་ནམ་མཁའི་ཀློང་ཡངས་ལས༔ བདུག་སྤོས་མེ་ཏོག་མར་མེ་དྲི༔ བཤོས་གཙང་སིལ་སྙན་རོལ་མོ་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ རང་བྱུང་རྣམ་དག་བདུད་རྩི་དང༔ འཛིན་ཆགས་བྲལ་བའི་གཏོར་མ་དང༔ རིགས་དྲུག་བསྒྲལ་པའི་རཀྟ་དང༔ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་ན་མསྶརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་རུ་ཎི་ཀཱ་གུ་ཧྱ་ཛྙཱ་ན་སརྦ་ཡོ་གི་ནཱི་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བིདྱ་ཤབྡ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ཎ་དྷརྨ་དྷཱ་ཏུ་སརྦ་པཱུ་ཛ་ཧོ༔ ཞེས་མཆོད་ཅིང་བསྟོད་པ་ནི། ཧྲཱི༔ བདེ་གཤེགས་རྒྱལ་བ་འདུས་པའི་སྐུ༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ ཡེ་ནས་རང་བྱུང་ཐུགས་རྗེའི་སྐུ༔ འཇིག་རྟེན་མགོན་ལ་ཕྱག་འཚལ་བསྟོད༔ རིགས་འདུས་རང་ལས་སྤྲུལ་འཁོར་རྣམས༔ འགྲོ་འདུལ་ཕྲིན་ལས་ཅིར་ཡང་སྟོན༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདག༔ བདུད་བཞི་འཇོམས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་ནས། སྙན་གསན་དབབ་པའི་ཆེད་དུ་ཐམས་ཅད་ཀྱིས་སྤོས་དང་བཅས་པའི་རྡོར་དྲིལ་འཛིན་པས། ཧོ༔ དུས་གསུམ་བླ་མ་ཡི་དམ་ལྷ༔ ཡི་དམ་རྒྱལ་བ་རྒྱ་མཚོའི་ཚོགས༔ མཁའ་འགྲོ་དམ་ཅན་མ་ལུས་དགོངས༔ དཀྱིལ་འཁོར་བཟང་པོ་ལེགས་བྲིས་ནས༔ བདག་ཅག་བསྙེན་སྒྲུབ་ལས་སྦྱོར་བསྲང༔ སྟ་གོན་ལ་ནི་གནས་པར་མཛོད༔ ལན་གསུམ་བརྗོད། རྡོ་རྗེ་སློབ་དཔོན་གྱིས་སེ་གོལ་གསུམ་བྱས་ལ་ལྷ་རྣམས་བར་སྣང་འོད་ཀྱི་དྲྭ་བར་བཞུགས་པར་མོས། གཉིས་པ་བུམ་པ་སྟ་གོན་ནི། དཀྱིལ་འཁོར་དབུས་སུ་མཉྫི་མཐོ་བ་ལ་མཚན་ཉིད་དང་ལྡན་པའི་རྣམ་རྒྱལ་བུམ་པ་གཙང་ཞིང་དག་པར་རྫས་སོ་ལྔའི་བཅུད་དང་དྲི་བཟང་གི་ཆུས་སུམ་གཉིས་བཀང་བ་དྲག་སྔགས་བཟླ་ཞིང་གུ་གུལ་གྱིས་བདུག་ཡུངས་དཀར་གྱིས་བྲབས་པའི་ཁར་དུང་ཆོས་སྟེང་གཟུངས་རྡོར་བཀོད་པ་དང་། བྱང་ཤར་མཚམས་སུ་མཉྫི་དམའ་བ་ལ་ལས་བུམ་བཤམ། མཆོད་པ་ཁ་གསོས་ལ། བསང་སྦྱང་། མི་དམིགས་སྟོང་པའི་ངང་ཉིད་ལས། །པདྨ་ཟླའི་བའི་དཀྱིལ་འཁོར་སྟེང་། །བྷྲཱུྃ་ལས་རིན་ཆེན་བུམ་པ་ནི། །ཕྱི་ནི་བུམ་པའི་རྣམ་པ་ལ། །ནང་ནི་ཡེ་ཤེས་གཞལ་ཡས་ཁང་། །དྭངས་གསལ་སྒྲིབ་མེད་འོད་ལྔའི་ཀློང་། །པདྨ་ཉི་ཟླའི་དཀྱིལ་འཁོར་སྟེང་། །ཧྲཱིཿལས་བདེ་གཤེགས་ཐུགས་རྗེའི་སྐུ །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །ཕྱག་གཡས་པད་ཕྲེང་ཐུགས་ཀར་འདྲེན། །ཕྱག་གཡོན་པད་སྟེང་བདུད་རྩིའི་བུམ། །རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །པང་དུ་གསང་བ་ཡེ་ཤེས་ཡུམ། །ཐུགས་ཀར་དཔའ་བོ་རྟ་མགྲིན་དང་། །སྤྱི་བོར་རིགས་བདག་འོད་དཔག་མེད། །གཡས་སུ་ནོར་བུ་འཛིན་པ་དང་། །གཡོན་དུ་གསང་སྔགས་འཛིན་མས་འདུད། །འཁོར་དུ་འགྲོ་འདུལ་ཐུབ་པ་དྲུག །བསྐལ་བཟང་སངས་རྒྱས་སྟོང་རྩ་གཉིས། །སྒོ་སྐྱོང་ལས་བཞིའི་ཧེ་རུ་ཀ །ཐམས་ཅད་ཆུ་ཟླའི་ཚུལ་དུ་གསལ། །ལས་བུམ་ནང་དུ་ཁྲོ་བོའི་རྒྱལ། །རྟ་མགྲིན་དམར་པོ་རྟ་སྐད་འཚེར། །དབང་སྡུད་རྒྱ་དང་ཞགས་པ་བསྣམས། །དུར་ཁྲོད་ཆས་གསོལ་བརྐྱང་བསྐུམ་བཞུགས། །ལྷ་ཚོགས་ཀུན་གྱི་གནས་གསུམ་དུ། །འབྲུ་གསུམ་མཚན་ལས་འོད་འཕྲོས་པས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར། །ཨོཾ་མ་ཧཱ་ཀཱ་རུ་ཎཱ་པདྨ་ནཱིརྟཱི་ཤྭ་ར་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿས་དྲངས་ཤིང་བསྟིམ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་རུ་ཎཱ་དེ་ཝ་སརྦ་ཡོ་གི་ནཱི་པུཥྤེ་ དྷུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་ཝིདྱ་ ཤབྡ་སརྦ་པཱུ་ཛ་ཧོཿས་མཆོད། ཧྲཱི༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ སྣང་སྟོང་གཉིས་མེད་ཐུགས་རྗེ་ཆེ༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ༔ གཉིས་མེད་ཚུལ་གྱིས་ཕྱག་འཚལ་བསྟོད༔ ཅེས་བསྟོད། ལས་རྡོར་གྱིས་མེ་ཏོག་འཐོར་ལ་པད་ཀོར་གྱིས་གཟུངས་ཐག་བླངས་ཏེ་སློབ་དཔོན་ལ་ཕུལ། དེས་ཀྱང་པད་ཀོར་བྱེད་བཞིན་པས་བླངས་ཏེ་གཡོན་པའི་ཁུ་ཚུར་གྱིས་བཟུང་ལ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཞེས་པས་རྣམ་རྒྱལ་བུམ་པར་གཙོ་སྔགས་ཡི་གེ་བདུན་པ་སྟོང་རྩ་སོགས་ཅི་འགྲུབ་དང་། ལས་བུམ་ལ་དམིགས་ནས། ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ ཞེས་བརྒྱ་རྩ་སོགས་བཟླས་ནས་ལས་རྡོར་གྱི་པད་ཀོར་སྔོན་འགྲོས་མེ་ཏོག་གི་ཕྲེང་བ་བསྡུས་ལ། ཡང་པད་ཀོར་སྔོན་འགྲོས་དུང་ཞལ་བླངས་ཏེ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས། ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་ནས་གཙང་མའི་སྟེགས་ལ་བཞག ཚོམ་བུ་དང་མཆོད་པ་རྣམས་བསྡུའོ། །སྒྲུབ་པ་དངོས་གཞིའི་སྐབས་མི་མང་འདུས་པའི་གྲིབ་གུང་གཉིས་ལ་འོང་བས་ཁྲུས་གལ་ཆེ་བར་གསུངས་པ་དེ་ལྟར་འགྲུབ་ན་སྐབས་འདིར་བུམ་པ་བཅུད་ལྡན་ཞིག་ལ་རྡོ་རྗེ་རྣམ་འཇོམས་མཐིང་ཁ་བསྐྱེད་ནས་གཟུངས་རིང་ཐུང་ཅི་འགྲུབ་བཟླས་ལ་ཕྱིས་སྐབས་སུ་བབས་པ་དང་རྒྱལ་ཐེབས་ཤིག་གིས་མཆེད་རྣམས་ལ་ཁྲུས་བྱའོ། །བཞི་པ་ཕྱི་བཤགས་བྱ་བ་ནི། སཱཙྪ་གདབ་པ། སྲོག་བསླུ། ཉེའུ་འདོན། བཤགས་སྐོང་། སྦྱིན་སྲེག །ཆུ་གཏོར་བསང་བརྔན་སོགས་མགྲོན་བཞི་ལ་མཆོད་སྦྱིན་ཅི་འབྱོར། གཟུངས་མདོ་སྒྲོག་པ་སོགས་དགེ་བའི་དཔུང་སྐྱེད་ཅི་ལྟར་ནུས་པ་རང་ངམ་གཞན་གྱིས་བསྒྲུབ་པར་བྱ་དགོས་ཤིང་། ཁྱད་པར་གནས་ཁང་གི་ཤར་དུ་ཤེར་ཕྱིན། ལྷོར་སྟོབས་པོ་ཆེ། ནུབ་ཏུ་ལང་གཤེགས། བྱང་དུ་ཏོག་གཟུངས་རྣམས་བཀླག་པ་དང་། དམ་སྲི་གླུད་མདོས་ལྟ་བུའི་གླུད་དང་ལན་ཆགས་སྦྱིན་པ་བྱ། སྤྲོས་པ་བསྡུ་བའི་དབང་གིས་དེ་དག་མི་འགྲུབ་པའི་སྐབས་སུའང་འདིར་ས་ཁོངས་བཟུང་བྱེད་ཙམ་དུ། ཆ་གསུམ་གཞན་ནས་འབྱུང་བ་ལྟར་གཏང་ཞིང་། ཚོགས་གསག་ཡན་ལག་བཅུ་པ་ནི། བླ་མ་ཡི་དམ་མཁའ་འགྲོ་གནས་འདིར་གཤེགས༔ ཉི་ཟླ་པད་གདན་མཛེས་ལ་དགྱེས་པར་བཞུགས༔ བདག་གཞན་འགྲོ་ཀུན་སྒོ་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་སྤྲིན་ཀུན་གྱིས་མཆོད༔ སྔོན་ནས་ད་བར་མི་དགེ་ཅི་བསགས་བཤགས༔ དུས་གསུམ་དགེ་སྤྱོད་མཛད་ལ་ཡི་རང་འབུལ༔ བདག་གཞན་ཡོངས་གྲོལ་ཆོས་འཁོར་བསྐོར་དུ་གསོལ༔ འགྲོ་མགོན་མྱ་ངན་མི་འདའ་བཞུགས་སུ་གསོལ༔ སྒོ་གསུམ་དགེ་སྤྱོད་མ་ལུས་བྱང་ཆུབ་བསྔོ༔ མཁའ་མཉམ་འགྲོ་ཀུན་སྐུ་གསུམ་མངོན་གྱུར་ཤོག༔ ཅེས་ལན་གསུམ་བྱའོ། །ལྔ་པ་མཚམས་བཅད་པ་ལ་གསུམ། དང་པོ་ཕྱི་མཚམས་ནི། དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་གྱི་ཕྱོགས་བཞིར་ཐོ་བཞི་ལ་རྒྱལ་ཆེན་སོ་སོའི་སྐུའམ་སྔགས་བྱང་རྒྱལ་མཚན་དང་བཅས་པ་བཙུགས་ལ་སོ་སོའི་མདུན་དུ་སྟེགས་གཙང་མར་གཏོར་མ་དཀར་ཟླུམ་མདུན་དུ་མཐེབ་སྐྱུ་རིལ་བུས་མཚན་པ་རེ་དང་། དེའི་མདུན་དུ་གཡོན་ཕྱོགས་ནས་བརྩམ་པའི་ཆུ་གཉིས་ཉེར་སྤྱོད་ལྔ་བཅས་བཤམ། སྒྲུབ་པ་པོ་རྣམས་རོལ་ཆས་སོགས་སེར་སྦྲེང་གི་ཚུལ་གྱིས་སྒྲུབ་ཁང་ནས་དོན་ཏེ་ཤར་གྱི་ཐོ་མདུན་དུ་འཁོད་ལ། རཾ་ཡཾ་ཁཾ། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པ་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཛ་ས་མ་ཡ་ཧཱུྃ༔ ཞེས་མཆོད་པ་དང་། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱིས་གཏོར་མ་བྱིན་བརླབ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ཧཱུྃ། གསང་བདག་སྤྱན་སྔར་དམ་མནོས་ཤིང་། །བསྟན་པ་བསྲུང་བར་ཞལ་བཞེས་པ། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། །བཛྲ་ས་མཱ་ཛཿས་སྤྱན་དྲང། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཨོཾ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། རྩ་སྔགས་མཐར། ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུྃ། དྲི་ཟའི་མངའ་བདག་ཡུལ་འཁོར་སྲུང་། །ཞི་བའི་ལས་མཛད་སྐུ་མདོག་དཀར། །ལྷ་ཡི་ཐུགས་དམ་པིི་ཝཾ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱིས། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། ཨོཾ་དྷྲྀཥྚ་རཱཥྚྲཱ་ཡ་སྭཱ་ཧཱ། ཏིཥྛ་བཛྲ་ཞེས་བརྟན་བཞུགས་བྱ། ལྷོ་ལ་སོགས་པའི་ཕྱོགས་གཞན་གསུམ་དུ་རིམ་བཞིན་སོང་སྟེ་ཆོ་ག་གཞན་སྔ་མ་ལྟ་བུ་ལས་ཡུལ་འཁོར་སྲུང་ཞེས་པའི་ཚབ་ཏུ། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམ་ཐོས་སྲས་ཞེས་བསྒྱུར་པས་སྤྱན་འདྲེན་མཆོད་གཏོར་འབུལ་བ་རྣམས་ཤེས་པར་བྱས་ལ། བསྟོད་པའི་ཚེ། ཧཱུྃ། གཤིན་རྗེའི་མངའ་བདག་འཕགས་སྐྱེས་པོ། །མངོན་སྤྱོད་ལས་མཛད་སྐུ་མདོག་སྔོ། །ཚར་གཅོད་བེ་ཅོན་རལ་གྲི་བསྣམས། དེ་ལ་བསྟོད་དེ་སོགས་དང་། ཨོཾ་བཻ་རཱུ་ཌྷ་ཀཱ་ཡ་སྭཱ་ཧཱ། ཧཱུྃ། ཀླུ་ཡི་མངའ་བདག་སྤྱན་མི་བཟང་། །དབང་གི་ལས་མཛད་སྐུ་མདོག་དམར། །ཚོགས་རྫོགས་མཆོད་རྟེན་སྦྲུལ་ཞགས་བསྣམས། །དེ་ལ་བསྟོད་དེ་སོགས་དང་། ཨོཾ་བི་རཱུ་པཱཀྵཱ་ཡ་སྭཱ་ཧཱ། ཧཱུྃ། གནོད་སྦྱིན་མངའ་བདག་རྣམ་ཐོས་སྲས། །རྒྱས་པའི་ལས་མཛད་ལྗང་སེར་སྐུ། གཏེར་འཆང་བེ་ཅོན་ནེའུ་ལེ་བསྣམས། །དེ་ལ་བསྟོད་དེ་སོགས་དང་། ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ཕྲིན་ལས་བཅོལ་བ་སོགས་གོང་བཞིན་དུ་བྱ་ཞིང་། ཁོར་ཡུག་ཐམས་ཅད་དུ་རྒྱལ་ཐབས་བཞིས་རྡོ་རྗེའི་གུར་ཕུབ་པར་བསམ་མོ། །གཉིས་པ་བར་མཚམས་ལ་གཉིས་ཀྱི་དང་པོ་དམ་སྲི་མནན་པ་ནི། གསེར་སྐྱེམས་ཆས། མནན་ལིང་། སྐྱེར་པའི་ཕུར་ཆུང་། ལྕགས་ཟངས་རྡོ་ཕྱེ་ཡུངས་དཀར་སོགས་ཀྱི་ཐུན་རྫས། གུ་གུལ། དུར་རྡོ་རི་གླིང་དང་རྒྱབ་ཏུ་རྡོ་རྗེ་རྒྱ་གྲམ་བྲིས་པ། ས་ཆུ་མེ་རླུང་། སཱཙྪ་ནག་པོ་སོགས་ཉེར་མཁོའི་ཡོ་བྱད་འདུ་བྱ། སྒོའི་ཕྱི་རོལ་དུ་དོང་གྲུ་གསུམ་བྲུས་པར། དུག་ཤོག་ལ་དམ་སྲིའི་ལིངྒ་བྱ་མཆུ་ཅན་ཡན་ལག་ལྕགས་སྒྲོག་གིས་བསྡམས་པའི་སྙིང་གར་ཛ་ཏྲི<!TCC Tibetan character 4,146 undefined in unicode!>་ཁ་སྤྲོད་ཀྱི་མཐར་མགྲིན་པ་ནས་བརྩམ་སྟེ་མགོ་ཕྱིར་བསྟན་པས། ཡ་མ་དམ་སྲི་གཾ་པ་རི་མཱ་ར་ཡ་ཛཿཛཿནན༔ ཏྲིའུ་ཏྲིའུ་མཱ་ར་ཡ་ན་མ་ཤོ་ཛཿཁུག་ནན༔ ཞེས་དང་། གཟུགས་ཀྱི་མཐར་ཡིག་མགོ་ནང་དུ་བསྟན་ལ། དུས་དྲུག་དང་བཅུར་རྒྱུ་བའི་ཉུལ་ལེ་དམ་སྲི་རྒྱལ་འགོང་འབྱུང་པོའི་ཚོགས་དང་བཅས་པའི་ལུས་ངག་ཡིད་གསུམ་མཐུ་སྟོབས་རྫུ་འཕྲུལ་ནུས་སྟོབས་ཐམས་ཅད་ནོན་ཅིག༔ བསྐལ་པ་མ་སྟོང་གི་བར་དུ་མ་ལྡངས་ཤིག༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནན༔ ཞེས་པ་རྣམས་ཀྱི་མཐར་ཛ་ཁྲོམ་གྱིས་བསྐོར་ལ་གན་རྐྱལ་དུ་བཞག །གསེར་སྐྱེམས། རཾ་ཡཾ་ཁཾ། གཅིག །ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ གསུམ་གྱིས་བྱིན་བརླབ། དབྱངས་རོལ་བཅས། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། ཁྱད་པར་པདྨ་ཞི་ཁྲོའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོག་མངག་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་སོགས་ཡུལ་གཞི་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །ཅེས་པའི་ཚིག་མཚམས་གསུམ་པོར་གསེར་སྐྱེམས་ཕུལ། ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ། ཅེས་རང་ཉིད་དབང་ཆེན་ཡོངས་རྫོགས་ཀྱི་ང་རྒྱལ་བཟུང་། ཨེ་ཡཾ་རཾ། ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དམ་སྲི་ཕོ་མོ་གཟུགས་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་འཇིག་རྟེན་དབང་ཕྱུག་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་དངོས་གྲུབ་ལ་བར་དུ་གཅོད་པའི་ཡ་མ་དམ་སྲི་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག ཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ལན་གསུམ་གྱིས་འགུགས་གཞུག་བྱ། འོག་གི་འདོན་ཚིག་དང་བསྒྲིགས་ཏེ་སྐྱེར་ཕུར་འདེབས། ཐུན་བྲབ་གུ་གུལ་བདུག་པ་སོགས་བྱ་ཞིང་། ཧཱུྃ༔ དམ་སྲི་བྱ་བའི་ལས་ངན་ཁྱོད༔ རྡོ་རྗེ་སློབ་དཔོན་སྐུ་ལ་བསྡོས། རྡོ་རྗེ་མཆེད་ལ་བར་ཆོད་བྱས༔ རྣལ་འབྱོར་བདག་ལ་གནོད་བྱེད་ཅིང༔ རྒྱལ་ཁམས་ཡོངས་སུ་གནོད་བྱས་པས༔ སྦྱོར་སྒྲོལ་མང་པོའི་སྒོ་ཡང་བཀག༔ བཀའ་ལས་འདའ་བྱེད་དམ་སྲི་རྣམས༔ ནམ་ཡང་གཏང་བར་མ་གསུངས་པས༔ རྡོ་རྗེ་ཁྲོ་བོའི་ཕུར་པས་གདབ༔ ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེས་བྲབས༔ གུ་གུལ་སྦྱར་བའི་དུད་པས་བདུག༔ ཐུན་གྱིས་བྲབ་ཅིང་མཚོན་ཆས་གཏུབ༔ རྡོ་རྗེ་སྲིན་པོའི་ཞལ་དུ་བསྟབ༔ མ་མོ་མཁའ་འགྲོའི་ཚོགས་ལ་སྦྱིན༔ རི་རབ་བརྗིད་པའི་འོག་ཏུ་མནན༔ ཞེས་དུར་རྡོ་ས་ཆུ་མེ་རླུང་རིམ་པ་བཅུ་གསུམ་སྭཙྪ་ནག་པོ་རྣམས་ཀྱིས་མནན། སློབ་དཔོན་གྱི་རྡོ་རྗེས་རྒྱ་གྲམ་དུ་རྒྱས་བཏབ་སྟེ་བསྐལ་པའི་བར་དུ་མི་ཐར་བར་བསམ་ལ། ཧཱུྃ༔ གཅིག་ནི་ཏིང་འཛིན་རྩེ་གཅིག་རྒྱ༔ གཉིས་ནི་ཐབས་དང་ཤེས་རབ་རྒྱ༔ གསུམ་ནི་སྐུ་གསུང་ཐུགས་ཀྱི་རྒྱ༔ བཞི་ནི་ཚད་མེད་བཞི་ཡི་རྒྱ༔ ལྔ་ནི་ཡེ་ཤེས་ལྔ་ཡི་རྒྱ༔ དྲུག་ནི་ཕ་རོལ་ཕྱིན་དྲུག་རྒྱ༔ བདུན་ནི་ཡན་ལག་བདུན་གྱི་རྒྱ༔ བརྒྱད་ནི་རྣམ་ཐར་བརྒྱད་ཀྱི་རྒྱ༔ དགུ་ནི་ཐེག་པ་དགུ་ཡི་རྒྱ༔ བཅུ་ནི་ས་བཅུ་དབང་བཅུའི་རྒྱ༔ དོན་དང་བརྡ་སྦྱར་རྟགས་ཀྱི་ཚུལ༔ གཉིས་སུ་མེད་པའི་རྒྱས་གདབ་བོ༔ ཨོཾ་ལཾ༔ ཧཱུྃ་ལཾ༔ སཏྭཾ་བྷ་ཡ་ནན༔ སུམྦྷ་ནིའི་སྔགས་བརྗོད་ཅིང་མཆེད་རྣམས་སྲིན་ལག་ལུ་གུ་རྒྱུད་དུ་སྦྲེལ་ལ། ཧྲཱིཿཧཱུྃ༔ ཐུགས་རྗེས་འགྲོ་འདུལ་དཀྱིལ་འཁོར་འདིར༔ བར་གཅོད་དམ་སྲི་འདུལ་བའི་ལྷ༔ ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ༔ གཏུམ་ཆེན་རྔམ་པའི་སྒྲ་སྒྲོག་ཅིང༔ དཔལ་གྱི་རྟ་སྐད་ཙེ་རེ་རེ༔ ཁྲོ་བོའི་འབྲུག་སྒྲ་འུ་རུ་རུ༔ རོལ་པའི་རྟ་བྲོ་ཆེམས་སེ་ཆེམ༔ བདུད་དང་དམ་སྲི་རྡུལ་དུ་རློག༔ ཧྲཱིཿཔདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཡ་མ་དམ་སྲི་སཏྭམྦྷ་ཡ་ནན༔ ཞེས་བྲོ་བརྡུང་། གཉིས་པ་སྒོ་བྱང་གདགས་པ་ནི། སྒོ་ཕྱི་མར་ར་སོག་གམ་རོ་རས་ལ་གཤིན་རྗེ་གཤེད་ཀྱི་སྐུ་སྙིང་པོ་འདོད་གསོལ་བྲིས་པ་དང་སྐྱེར་ཕུར་ལ་སྙིང་པོ་བྲིས་ཏེ་རྒྱབ་ཏུ་བཏགས་པ་བཀོད། དམར་གཏོར་དང་མཆོད་ཡོན་སོགས་བཤམ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། གསུམ། པདྨཱནྟ་ཀྲིཏ་སོགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ལས་ཀྱི་གཤིན་རྗེ་ནག་པོ་བེ་ཅོན་དང་འཁོར་ལོ་ཐོགས་པ་ཁྲོ་བོའི་ཆས་ལྡན་མ་ཧེ་ཉི་ཟླ་པདྨའི་གདན་ལ་བཞེངས་པའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་འཕྲོས། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཀརྨ་ཡ་མ་རཱ་ཛ་ཧཱུྃ༔ བདུན་དང་། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཀྲོ་དྷ་ཡ་མ་རཱ་ཛ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གསུམ་གྱིས་གཏོར་མ་ཕུལ། ཧཱུྃ༔ གསང་ཆེན་ལྷུན་གྲུབ་ཕོ་བྲང་ནས༔ བཅོམ་ལྡན་ཆོས་རྗེས་བཀའ་བསྩལ་ལྟར༔ བདག་ཅག་རིག་འཛིན་སྒྲུབ་པ་པོས༔ བཀའ་གསང་གཞུང་ཆེན་འདི་སྒྲུབ་པས༔ འདི་ལ་གནོད་ཅིང་བར་གཅོད་རྣམས༔ ས་འདི་ཡན་ཆད་མ་གཏང་ཞིག༔ ཕྱི་འཁོར་སྐྱོང་བའི་མུ་རན་ལ༔ རྡོ་རྗེའི་ཡལ་གམ་ཐུབ་པར་མཛོད༔ ཨོཾ་བཛྲ་ཡ་མ་རཱ་ཛ་ས་མ་ཡ་སཏྭཾ༔ ཞེས་ལན་གསུམ་བཟླས་ནས་མེ་ཏོག་གཏོར་ཞིང་ཏིཥྛ་བཛྲས་བརྟན་བཞུགས་བྱ། ནང་སྒོར་ར་སོག་གམ་ཤིང་བྱང་ལ་བདུད་རྩི་འཁྱིལ་པའི་སྐུ་སྔགས་འདོད་གསོལ་སྐྱེར་ཕུར་སྔགས་ལྡན་དང་མཆོད་གཏོར་གོང་ལྟར་བཀོད་ལ། འབྲུ་གསུམ་དང་། བསང་སྦྱང་སྔར་ལྟར། སྟོང་པའི་ངང་ལས་པད་ཉིའི་གདན་ལ་བདུད་རྩི་འཁྱིལ་པ་ལྗང་ནག་རྒྱ་གྲམ་དང་དགྲ་སཏྭ་ཐོགས་ཏེ་བཞེངས་པའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ༔ ལན་བདུན། ཨརྒྷཾ་སོགས་ཀྱིས་མཆོད། བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ། ཧཱུྃ༔ ཁྲོ་བོ་བདུད་རྩི་འཁྱིལ་པའི་སྐུ༔ སྤྲུལ་པའི་འོད་ཟེར་དགྲ་བགེགས་འདུལ༔ དངོས་གྲུབ་བདུད་རྩིའི་རྒྱ་མཚོ་སྐྱིལ༔ དམ་སྲི་ཐལ་བ་རྡུལ་དུ་རློགས༔ ཨོཾ་ཨ་མྲྀཏ་ཀུཎྜ་ལཱི་ཚིནྡྷ་ཚིནྡྷ་དམ་སྲི་མཱ་ར་ཡ་ཕཊ༔ ཅེས་དང་། ཏིཥྛ་བཛྲས་བརྟན་བཞུགས་བྱའོ། །གསུམ་པ་ནང་མཚམས་ལ་གཉིས་ཀྱི་དང་པོ་མ་ཏྲཾ་བསྒྲལ་བ་ནི། དཀྱིལ་འཁོར་གྱི་གཞི་ལ་མ་ཏྲཾ་གི་གཟུགས་མགོ་ལྷོ་ནུབ་ཏུ་བསྟན་པ་གན་རྐྱལ་དུ་བཞག་ལ། སྟེགས་བུའི་ཤར་ངོས་སུ་སློབ་དཔོན་ཞལ་ནུབ་བསྟན་གྱིས་གནས་པས་ཆོས་ཉིད་ཀྱི་དགོངས་པས་སྒྲོལ་བ་ནི། ཨོཾ་པདྨཱནྟ་ཀྲྀཏ་སོགས་ཀྱིས་རྟ་མཆོག་གི་ང་རྒྱལ་ལྷག་པར་གསལ་བས། ཧཱུྃ༔ མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད༔ སྔོན་ཡང་སྒྲུབ་པ་ཀུན་ལ་བསྒྲིབས༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས༔ བསྒྲལ་ནས་དུར་ཁྲོད་ཆེན་པོར་བྱས༔ ཁུངས་དང་རྫས་བཅས་གང་ལས་བྱུང༔ ཁུངས་དང་རྫས་བཅས་བདག་ལས་བྱུང༔ བདག་མེད་སྟོང་པའི་ཐོ་བས་གཞོམ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཆོ་གས་བསྒྲལ་བ་ནི། མ་ཏྲཾ་ཀ་རུ་ཏྲ་ཛཿ ཨཱ་ཀརྴ་རུ་དྲ་ཛཿ ཁ་ཏང་རུ་དྲ་ཛཿ ཞེས་ལན་བདུན་བརྗོད་པས། དངོས་གྲུབ་ལ་བར་དུ་གཅོད་པ་ཐམས་ཅད་ལིངྒ་ལ་བསྟིམ། དེ་ཉིད་རང་རྟ་མཆོག་ཧེ་རུ་ཀའི་ཞབས་དོར་སྟབས་ཀྱིས་མནན་པར་བསམ་ཞིང་། ཧཱུྃ༔ མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད༔ རོལ་པའི་སྟབས་ཀྱིས་མནན་པ་ནི༔ དབང་ཆེན་རྟ་མཆོག་ཧེ་རུ་ཀས༔ མགོ་ནི་ལྷོ་ནུབ་མཚམས་སུ་བསྟན༔ རྐང་པ་བྱང་ཤར་མཚམས་སུ་བསྟན༔ ཁྲོ་རྒྱལ་ཞབས་ནི་གཡས་གཡོན་གྱིས༔ གྱད་ཀྱི་དོར་སྟབས་ཚུལ་དུ་མནན༔ ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་སཏྭཾ༔ མ་ཧཱ་དེ་ཝ་རུ་དྲ་ཛ༔ ཛཿཧཱུྃ༔ ཞེས་ལན་བདུན་བཟླས་ཏེ། ཐམས་ཅད་ཀྱི་ལག་གཡས་སོར་མོ་གསུམ་སྦྲེང་བ་ཁ་ཊྭཱཾ་གའི་རྒྱས་སྙིང་གར་བསྣུན་ཚུལ་བྱས་ལ། གཟུགས་ཕུང་ཧྲུལ་གྱིས་ཞིག །མ་རིག་སྒོ་ལྔའི་སྦུབས་དྲལ། རྣམ་ཤེས་ཏྲི་ནག་པོར་གནས་པ་ཐུགས་ཀའི་འོད་ཀྱིས་སྦྱངས་པས་ཧཱུྃ་ཡིག་དཀར་པོར་གྱུར་པ་བདག་གི་ཐུགས་ཀར་ཐིམ་ནས་གཉིས་སུ་མེད་པར་གྱུར། དེ་ནས་སུམྦྷ་ནིའི་སྔགས་སྔོན་དུ་འགྲོ་བས་མཆེད་རྣམས་ལག་པ་ལུ་གུ་རྒྱུད་དུ་སྦྲེལ་ནས། ཧྲཱིཿཧཱུྃ༔ ཐུགས་རྗེས་འགྲོ་འདུལ་དཀྱིལ་འཁོར་འདིར༔ སོགས་ཀྱིས་བྲོ་བརྡུང་། ལས་ཀྱི་རྡོ་རྗེས་མ་ཏྲཾ་གི་ལྷུ་ཚིགས་སོ་སོར་ཕྲལ་ནས་སྟེགས་བུའི་ལྷོ་ནུབ་ཏུ་མགོ་བོ། ནུབ་ཏུ་སྙིང་། ནུབ་བྱང་དུ་ལག་གཡོན། བྱང་དུ་རྐང་གཡོན། བྱང་ཤར་དུ་གསང་གནས། ཤར་དུ་རྐང་གཡས། ཤར་ལྷོར་ལག་གཡས། ལྷོར་གློ་བ་སྟེ་ཕྱོགས་མཚམས་རྣམས་སོ་སོར་བཀོད། སློབ་དཔོན་ཤར་དུ་གནས་པས། བྷྲཱུྃ་ཛྙཱ་ན་མཎྜ་ལ་བྷྲཱུྃ༔ བདག་གི་ཐུགས་ཀ་ནས་བྷྲཱུྃ་འཕྲོས་ཁོག་པ་ལ་ཐིམ་པས་ཁོག་པ་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་དུར་ཁྲོད་བརྒྱད་རྭ་བ་མེ་དང་བཅས་པས་བསྐོར་བར་གྱུར་པར་བསམ་ལ། ཐམས་ཅད་ཀྱི་ལག་གཉིས་ཁུ་ཚུར་དཔུང་མགོར་བསྣོལ་ལ། བྷྲཱུྃ་པྲ་ཝེ་ཤ་ཡ་ཕཊ༔ ལན་བདུན་བརྗོད་པས། དཀྱིལ་འཁོར་གྱི་སྒོ་ཤག་གིས་ཕྱེ་བར་གྱུར་པར་བསམ་ལ། སློབ་དཔོན་རྡོ་རྗེའི་འགྲོས་གར་གྱིས་དཀྱིལ་འཁོར་ལ་གཡས་སུ་ལན་གསུམ་བསྐོར་ཞིང་། ཧཱུྃ་ཧཱུྃ་ཧཱུྃ། ཧ་ཧ་ཧ། ཕཊ་ཕཊ་ཕཊ། ཅེས་བརྗོད་ཅིང་། དཀྱིལ་འཁོར་གྱི་དབུས་སུ་ཚུད་པར་བསམ་མོ། །གཉིས་པ་ཕུར་བུ་གདབ་ཅིང་སྲུང་འཁོར་བསྒོམ་པ་ནི། དཀྱིལ་འཁོར་གྱི་ཕྱོགས་མཚམས་བརྒྱད་དང་ཤར་ནུབ་ཀྱི་ཕྱི་རྣམས་སུ་ཕུར་གདན་བཅུ་བཀོད་ལ། སློབ་དཔོན་ཤར་དུ་ཕྱོགས་པའི་མདུན་དུ་སེང་ལྡེང་གི་ཕུར་བུ་ཙནྡན་དམར་པོས་ཁ་དོག་བསྒྱུར་ཞིང་རྩེ་མོར་མེ་ཏོག་ཕྲེང་བ་བཅིངས་པ་བཅུ་བཤམས་ལ། རང་གི་ཐུགས་ཀ་ནས་ཧཱུྃ་ཡིག་བཅུ་སྤྲོས་ཕུར་བུ་རྣམས་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས་སྟོད་ཁྲོ་བོའི་གཟུགས་ཅན་སྨད་ཕུར་བུ་འབར་བའི་རྣམ་པ་ཅན་དུ་གྱུར་པར་བསམ་ལ། ཐམས་ཅད་ཧཱུྃ་མཛད་ཀྱི་རྒྱ་དང་། སུམྦྷ་ནིའི་སྔགས་ཀྱིས་ཕྱོགས་བཅུའི་བགེགས་རྣམས་བཀུག་པ་ལ། སློབ་དཔོན་གྱིས་ལག་གཡས་ཀྱིས་ཐོ་བ་དང་། གཡོན་པས་ཕུར་བུ་བཟུང་ལ། ཧཱུྃ༔ སྟེང་འོག་ཕྱོགས་མཚམས་འཇིག་རྟེན་ཀུན༔ ཞེ་སྡང་རྡོ་རྗེ་བླ་ན་མེད༔ སྐུ་གསུང་ཐུགས་སྤྲུལ་སྟོབས་དང་ལྡན༔ ཏ་ཀྲྀཏ་ཁྲག་འཐུང་ཁྲོ་རྒྱལ་བཅུ༔ འཇིགས་ཚུལ་རྔམ་པའི་སྟངས་སྟབས་ཀྱིས༔ གདུག་པའི་ཚོགས་རྣམས་བརླག་པར་མཛོད༔ དུར་ཁྲོད་གསང་བའི་གནས་མཆོག་འདིར༔ རང་བྱུང་ཁྲོ་རྒྱལ་ཆེན་པོ་བཅུ༔ ལོག་འདྲེན་བདུད་དང་མཚམས་གཅད་ཕྱིར༔ ཁྲོ་བཅུའི་ཕུར་པ་གདབ་པར་བྱ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གནོད་བྱེད་འབྱུང་པོ་གརྫ་གརྫ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་སོགས་དེ་བཞིན་དུ་སྦྱར་ཏེ། བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཡ་མཱན་ཏ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ཨཱརྻ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཧ་ཡ་གྲཱི་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨ་པཱ་ར་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ མ་ཧཱ་བཱ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ཅེས་འབར་བའི་སྟངས་སྟབས་དང་བཅས་སྟེང་གི་ཕུར་བུ་ཤར་གྱི་ཤར་དང་། ཕྱོགས་བཞི་ཤར་ནས་གཡས་སྐོར་དང་། མཚམས་བཞི་བྱང་ཤར་ནས་གཡོན་སྐོར་དང་། འོག་གི་ཕུར་བུ་ནུབ་ཀྱི་ནུབ་ཏུ་གདབ་པས། བགེགས་རྣམས་ཀྱི་སྙིང་ཕུག་ནས་གཡོ་འགུལ་མེད་ཅིང་འོད་གསལ་བར་གྱུར་པར་བསམ་ཞིང་། ཕུར་བུ་ལས་བྱུང་བའི་འོད་ཟེར་སྲུང་བའི་འཁོར་ལོར་འཁྲིགས་པས་ཕྱོགས་མཚམས་ཐམས་ཅད་ཁྱབ་པར་གྱུར། ཞེས་དང་། ཧྲཱིཿཧཱུྃ༔ ང་ནི་ཁྲོ་རྒྱལ་རྟ་མགྲིན་ཏེ༔ རྟ་སྐད་རྔམ་སྒྲོག་བར་ཆད་སེལ༔ སྐུ་ཡི་འོད་ཟེར་མཚོན་ཆའི་གུར༔ མེ་རི་འབར་བས་ཕྱོགས་མཚམས་གཅོད༔ མ་རྟོགས་འཁྲུལ་པའི་སེམས་ཅན་རྣམས༔ རྣམ་རྟོག་མ་རིག་བག་ཆགས་ཀྱིས༔ ལྷ་དང་འདྲེ་བགེགས་གཉིས་སྣང་ཡང༔ རྣམ་པར་རྟོག་པ་བགེགས་ཡིན་ཕྱིར༔ འདྲེ་བགེགས་རང་གི་སེམས་ལས་བྱུང༔ སེམས་ཉིད་ཡེ་ནས་ཆོས་སྐུ་ལ༔ བགེགས་དང་བར་ཆོད་ག་ལ་ཡོད༔ ཐམས་ཅད་རང་གྲོལ་ཆོས་སྐུའི་མཚམས༔ འདི་ལས་སུ་ཡང་འདའ་མ་བྱེད༔ ཧྲཱིཿཧཱུྃ་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་སྲུང་འཁོར་བསྒོམས་ལ་བསྲུང་བྱ་སྲུང་བྱེད་ཐམས་ཅད་ལས་འདས་པ་དེ་ཁོ་ན་ཉིད་ཀྱི་སྲུང་འཁོར་ཡང་བྱ། མ་ཏྲཾ་དང་ཕུར་བུ་དེ་དག་རེ་ཞིག་ཕྱོགས་སུ་བསྡུ་ནས་རྒྱན་བཀོད་སྐབས་སུ་སླར་དགྲམ་པར་བྱའོ། །དྲུག་པ་ཐིག་གདབ་པའི་ཐོག་མར་གོ་མ་ཡེ་གཏང་བ་ནི། བདུད་རྩི་རྣམ་པ་ལྔ་སྦྱར་བའི་དྲི་བཟང་གི་ཆུས་དཀྱིལ་འཁོར་གྱི་གཞི་ལ་རྡོ་རྗེ་ཁུ་ཚུར་གྱིས་བྱང་ཤར་ནས་གཡས་སྐོར་དུ་ཁྱབ་པར་ཁྱེམ་མེད་པར་བྱུག་ཅིང་། ཧཱུྃ༔ དྲི་ཆེན་དྲི་ཆུ་པདྨ་རཀྟ་དང༔ བྱང་སེམས་དཀར་དམར་ལ་སོགས་བདུད་རྩི་ལྔ༔ ཉོན་མོངས་དུག་ལྔ་ཡེ་ཤེས་ལྔར་སྦྱང་ཕྱིར༔ གསང་བའི་དཀྱིལ་འཁོར་ཆེན་པོར་ཆག་ཆག་འདེབས༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཤུདྡྷེ་མཎྜ་ལ་ཧཱུྃ༔ ཞེས་བརྗོད་ཅིང་ཞི་རོལ་བྱ། དེ་ནས་ཐིག་གི་ལས་དངོས་ནི། དཀྱིལ་འཁོར་གྱི་གཞིའི་དབུས་སུ་ཐིག་སྐུད་སྒྲིལ་མ་ཚར་ན་ཁ་དོག་ལྔ་པོ་ལྔ་ཚོམ་རིགས་མཐུན་དང་། སྒྲིལ་ཚར་ན་དབུས་ཉིད་དུ་བཞག་ལ། བདག་དང་ཐིག་གཡོག་དཀྱིལ་འཁོར་གྱི་བདག་པོ་ཡབ་ཡུམ་དུ་གསལ་བ་ལས་ཐིག་སྐུད་རྣམས། ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལས་ཐིག་སྐུད་རྣམས་དེ་བཞིན་གཤེགས་པ་རིགས་ལྔའི་ངོ་བོར་གནས་པར་གྱུར་པ་བདག་ཉིད་ཀྱི་སྐུ་ལ་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་ཐིག་སྐུད་དང་རོ་གཅིག་པ་ཡུམ་གྱི་མཁའ་ལ་སྤྲོས་པར་གྱུར་པར་བསམ་ཞིང་། ཛཿཛཿཛཿ ཞེས་རླུང་ཕྱིར་འགྲོ་བ་དང་བསྟུན་སློབ་དཔོན་ལངས་ཏེ་ནུབ་ནས་ཤར་དུ་ལྟ་བས་གཡོན་པའི་ཁུ་ཚུར་གྱིས་ཐིག་སྐུད་ལྟེ་བའི་ཐད་དུ་བཟུང་བའི་སྣེ་མོ་ཡུམ་གྱི་ལག་ཏུ་གཏད་དེ། དེས་ཀྱང་རླུང་ནང་དུ་འདྲེན་པས། ཛཿཛཿཛཿ ཞེས་སྐུད་སྣ་དྲངས་ལ་ལྟེ་བར་བཟུང་ནས་སྔར་སྒྲིལ་གྲུབ་ནའང་སྒྲིལ་བའི་སྟངས་ཀ་ཙམ་བྱས་ལ། ཧཱུྃ༔ ང་ནི་ཐབས་ཀྱི་རྡོ་རྗེ་སྟེ༔ ཁྱོད་ནི་གསང་ཡེ་མཁའ་དབྱིངས་སུ༔ ཐབས་དང་ཤེས་རབ་ཐིག་བཏབ་པས༔ ཐུགས་རྗེའི་དཀྱིལ་འཁོར་ཡིད་བཞིན་ཤར༔ ཛྙཱ་ན་ཀཱ་རུ་བྷྲཱུྃ༔ ཞེས་བརྗོད་དེ། རྡོ་རྗེ་དང་བཅས་པའི་མཐེ་བོང་དང་གུང་མོས་ཐིག་སྐུད་བཟུང་བ་འོག་ནས་གྱེན་དུ་བཅུས་ཏེ་སེ་གོལ་གྱིས། ནུབ་ཤར་ལྷོ་བྱང་ཚངས་ཐིག་གཉིས། །མེ་རླུང་སྲིན་དབང་ཟུར་གྱི་ཐིག །མེ་དབང་རླུང་སྲིན་ཤར་ནུབ་གྲྭ །རླུང་དབང་མེ་སྲིན་བྱང་དང་ལྷོའི། །གྲྭ་ཡི་ཐིག་ཡིན་སློབ་དཔོན་དང་། །སློབ་མའི་གནས་ཏེ་རིམ་བཞིན་ནོ།། ཞེས་སྡོམ་ཚིག་ལྟར་ཐིག་ཆེན་བརྒྱད་གདབ་ཅིང་། འགྲོ་ཚུལ་སྤྱི་ལྟར་ཚངས་ལོག་རྒྱབ་འགྲོས་དང་། ཟུར་ཐིག་ལ་རྒྱབ་འགྲོས་སྤངས་ཏེ་གཡས་ཁོ་ནས་ཏེ། དེའི་ཚེ། དཀྱིལ་འཁོར་གྱི་སྟེང་གི་ནམ་མཁའ་ལ་རང་བཞིན་གྱི་དཀྱིལ་འཁོར་བཀྲ་ལམ་གྱིས་གསལ་བར་བསམ་ཞིང་སྔགས་ནི། བྷྲཱུྃ་ཛྙཱ་ན་མཎྜལ་ཧཱུྃ་བྷྲཱུྃ༔ ཞེས་པ་ཁོ་ན་བརྗོད་ཅིང་གནམ་ཐིག་གདབ་བོ། །དེ་ནས་སློབ་དཔོན་ནུབ་ཏུ་གནས་པས་སྲད་བུ་བསྡུ་ཞིང་། ཨོཾ་བཛྲ་མུཿས་ཡེ་ཐིག་གི་ཡེ་ཤེས་པ་གཤེགས། དེ་ནས་ཐིག་སྐུད་གཞན་ཡོད་ན་དང་མེད་ཀྱང་ཡེ་ཐིག་དེ་ཉིད་ཀྱིས་གདབ་སྟེ། དང་པོ་ཤར་ནུབ་ཚངས་ཐིག་གདབ། །དབུས་ནས་ཕྱོགས་བཞིར་མཚན་མ་བྱ། །ཤར་ནུབ་ཚད་ནས་གཉིས་པ་དང་། །ཕྱོགས་བཞིའི་ཚད་ནས་ཟུར་ཐིག་བཙལ། །ཚངས་པའི་ཐིག་གི་ཕྱོགས་བཞི་རུ། །ཆ་ཆེན་དགུ་དགུ་བཅོ་བརྒྱད་ལས། །རྩ་བའི་བརྒྱད་ཆ་སྒོ་ཡིན་ཏེ། །སྒོ་ཡི་བཞི་ཆ་ཆ་ཕྲན་ནོ། །ཆ་ཆེན་དྲུག་པའི་ཕྱི་མཐའ་ནས། །ལོགས་ཐིག་བཞི་གདབ་མདའ་ཡབ་ཐིག །མདའ་ཐིག་ནས་ནི་ལྟེ་བའི་བར། །ཟུར་ཐིག་བཞི་པོ་ཆ་གསུམ་བགོས། །སུམ་ཆ་ཕྱི་མའི་སྟེང་བཟུང་ནས། །ལོགས་ཐིག་བཞི་གདབ་རྩ་བའི་ཐིག །མདའ་ཐིག་དང་ནི་རྩ་བའི་བར། །ཕྱེད་བསྒོས་རེ་རེའང་བཞི་བཞིར་བསྒོས། །ནང་མ་དབུས་དོར་མཐའ་གཉིས་གདབ། །རྩིག་པ་འདོད་སྣམ་ཕ་གུ་འབྱུང་། །ཕྱི་མ་ཕྱེད་གདབ་ཕྱི་མ་བསིལ། །དྲ་ཕྱེད་ཤར་བུ་མདའ་ཡབ་འབྱུང་། །དེ་ནས་ནང་གི་རྩ་ཐིག་ནས། །རྟ་བབས་ཕྱི་ཐིག་བར་དུ་ནི། །ཕྱོགས་བཞིའི་ཚངས་ཐིག་གཡས་གཡོན་དུ། །ཆ་ཆེན་གཉིས་གཉིས་བགོ་བར་བྱ། །ནང་མ་ཕྱེད་གདབ་ཕྱི་མ་ཕྱེད༔ །ཕྱི་མ་ཆ་བཞིར་བགོ་བར་བྱ། །སྒོ་ཁྱུད་སྒོ་འགྲམ་སྒོ་ལོགས་དང་། །མུན་པ་ཀ་བ་ཀ་རྒྱན་འབྱུང་། །རྟ་བབས་སྣམ་བུ་བརྒྱད་མ་ནི། །མདའ་ཕྱིར་ཆ་ཆེན་གསུམ་བཅད་པའི། །ནང་མ་གཉིས་པོ་བཞི་བཞིར་བགོས། །རྟ་བབས་སྣམ་བུ་བརྒྱད་ཡིན་ནོ། །ཕྱི་མ་དབུས་དོར་མཐའ་གཉིས་གདབ། །པདྨ་ཆོས་འཁོར་གདུགས་ཀྱི་ས། །རྟ་བབས་ཕྱི་མའི་རིམ་པ་ནི། །ཀ་རྒྱན་མཐའ་རུ་ཆ་ཕྲན་བསྣན། །རྟ་རྐང་ཀ་རྒྱན་མཐའ་དང་མཉམ། །ཆུ་སྐྱེས་དང་ནི་སྒྲོམ་བུ་གཉིས། །དེ་ལས་ཆ་ཕྲན་གཅིག་གིས་རིང་། །ཟར་ཚགས་དེ་ལས་གཉིས་ཀྱིས་ཐུང་། །སྣ་འཕྱང་དེ་ལས་གཅིག་གིས་རིང་། །ཆུན་འཕྱང་དེ་ལས་གཉིས་ཀྱིས་ཐུང་། །ཤར་བུ་དེ་ལས་གཅིག་གིས་རིང་། །དེ་ཡང་ཁྱུང་མགོ་གཅིག་འཕྱར་རོ། །པདྨ་འཁོར་ལོ་གདུགས་གསུམ་པོའི། །རྒྱ་ཚད་ཆ་ཕྲན་གཉིས་རེ་སྟེ། །པདྨའི་གཡས་གཡོན་ཆ་ཕྲན་ཕྱེད། །དོར་སར་རི་དྭགས་རེ་རེ་བྲི། །གླང་རྒྱབ་མིག་གསུམ་བསྐོར་ཚུལ་ནི། །སྣམ་བུ་གསུམ་པའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་པ་ནས་བཟུང་སྟེ། །ཆ་ཕྲན་གཉིས་ཀྱིས་དབུས་མ་བསྐོར། །མུན་པ་པ་ཏིའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་པའི་གཡས་གཡོན་དུ། །ཆ་ཕྲན་གཉིས་རེ་ཕྱིན་པ་ནས། །ཆ་ཕྲན་གཉིས་ཀྱིས་གཡས་གཡོན་བསྐོར། །དེ་རྣམས་ཕྱི་རུ་ཆ་རེ་བསྐོར། །སྣ་ཚོགས་རྡོ་རྗེའི་རྭ་བསྐོར་ཚུལ། །སྣམ་བུ་གསུམ་པའི་ཕྱི་ཐིག་དང་། །ཚངས་ཕྱིར་གཉིས་ཕྱིན་འཛོམ་ས་ནས། །བཟུང་སྟེ་ཀ་རྒྱན་རྩེ་ནས་བསྐོར། །དེ་ནས་འཕྲེད་གཉིས་ཕྱི་རུ་གཅིག །ཕྱིན་ཏེ་སྔ་མའི་ཚད་དེས་བསྐོར། །དབུས་རྭ་རྩ་བའི་རྒྱ་ཚད་དུ། །ཆ་ཆེན་གཅིག་ཡིན་མི་མཐོང་ཡང་། །རིམ་ཕྲ་རྩེ་མོ་ཆ་ཕྲན་གཉིས། །པད་འཁོར་གདུགས་ཀྱི་འོག་ཏུ་བྲི། །དེ་ཡི་ཕྱི་རོལ་ཆ་ཕྲན་གཉིས། །ཆ་ཆེན་གཅིག་དང་ཆ་ཕྲན་གཅིག །ཆ་ཆེན་གཅིག་རྣམས་རིམ་པར་བསྐོར། །ནང་ནས་པདྨ་དུར་ཁྲོད་དང་། །རྡོར་རྭ་མེ་རི་རྣམས་ཀྱི་ས། །ལྟེ་བའི་ལྷ་གནས་བསྐོར་ཚུལ་ནི། །རྩ་ཐིག་ནས་ནི་ལྟེ་བའི་བར། །ཆ་ཆེན་བཞིར་བཅད་ནང་མ་དང་། །ནང་མའི་ནང་དུ་ཆ་ཕྲན་གཅིག །བསྐོར་བ་ལྟེ་བའི་ཕྱིའི་མུ་ཁྱུད། །བར་པའི་ཆ་ཆེན་གཉིས་ཀྱི་སར། །བསྐོར་བ་པདྨ་འདབ་དྲུག་བགོ །ཕྱི་མ་ཆ་ཕྲན་བཞིར་བགོས་པའི། །མུ་ཁྱུད་བཞི་ལ་པད་འདབ་སྟོང་། །མ་འཆོལ་བགོ་བ་ཁྱམས་ཡིན་ནོ། །ཞེས་པ་ལྟར་མ་འཁྲུལ་པར་གདབ་བོ། །བདུན་པ་ཚོན་དགྱེ་བ་ནི། ཚོན་སྣ་ལྔ་ལ་འབྲུ་ལྔ་བྲིས་པ་ཐིག་གི་དབུས་སུ་ལྔ་ཚོམ་རིགས་མཐུན་དུ་བཞག་སྟེ། ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལས་ཚོན་སྣ་ལྔ་དེ་བཞིན་གཤེགས་པ་རིགས་ལྔའི་ངོ་བོར་གནས་པ་བདག་ཉིད་ཀྱི་སྐུ་ལ་ཞུགས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་རྡུལ་ཚོན་དང་རོ་གཅིག་ཏུ་གྱུར་པར་བསམ་ཞིང་། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་ས་བོན་ལྔ་བཟླས་ཏེ། སློབ་དཔོན་གྱི་ལག་སོར་ལའང་འབྲུ་ལྔ་བཀོད་དེ། ཐོག་མར་དབང་ལྡན་དུ་ནང་ནས་རིམ་བཞིན་དམར་དཀར་སེར་སྔོ་ལྗང་བའི་རྩིག་པའི་རེ་ཁཱ་ལྔ་སྒོ་ཚད་ཙམ་དུ། སྦོམ་པ་དང་། ཕྲ་བ་དང་། ཡོན་པོ་དང་། ཆད་པ་དང་། དམའ་བ་སོགས་ཀྱི་སྐྱོན་མེད་པར་མཉམ་ཞིང་དྲང་ལ་མཐོ་བར་དབུས་ནས་ཤར་དུ་ཕྱོགས་པར་འདུག་སྟེ་སློབ་དཔོན་གྱིས་བྲིས་པ་ཐོད་པས་བཀབ་པའི་མཐའ་ཟན་གྱིས་གཏེམས། ཕྱིས་དེའི་མཐའ་སྦྲེལ་མ་རན་པར་ཁ་མི་དབྱེ་ཞིང་། སྦྲེལ་རན་པ་དང་ཁ་ཕྱེ་ལ་ཚོན་པྲ་བརྟག །དེ་ཡང་བྱང་ཤར་གྱི་རེ་ཁཱ་བྲིས་གྲུབ་པ་དང་། ཤར་དུ་ལྟ་བའི་ཕུར་ཁུངས་རྣམས་ཚོན་མཐིང་ག །ལྗང་གུ །དམར་པོ། དཀར་པོ། སེར་པོ་ལྔ་སོ་སོ་དང་། ཚོན་སྣ་ལྔ་གཡོན་པའི་ལག་མཐིལ་དུ་བསྲེས་པ་རྣམས་ཀྱིས་རིམ་བཞིན་བཀང་ལ་འབྱུང་ལྔ་རིམ་བརྩེགས་རི་རབ་དང་བཅས་པར་བསམ་ཞིང་། དེ་ནས་གྲོགས་གཞན་དང་བཅས་པས་བྲི་བར་བྱ་སྟེ། ལྟེ་བ་དམར་ལ་མུ་ཁྱུད་གེ་སར་སེར། །ཟེའུ་འབྲུ་དམར་སྐྱ་དེ་རྒྱབ་པད་འདབ་དྲུག །མདུན་ནས་དཀར་སྔོ་སེར་དང་སེར་ལྗང་ནག །དེ་རྒྱབ་བར་ཁྱམས་མུ་ཁྱུད་བཞིའི་ནང་མར། །པད་འདབ་བརྒྱ་དང་རྩ་གཉིས་གཞན་གསུམ་པོ། །ཉིས་བརྒྱ་སུམ་བརྒྱ་བཞི་བརྒྱ་མཛེས་ཚོན་བཀྲ །གྲུ་ཆད་དམར་ལ་སྒོ་ཀ་ཕྱོགས་ཀྱི་མདོག །ཀ་རྒྱན་མཛེས་ཚོན་རྩིག་པ་ནང་རིམ་བཞིན། །དམར་དཀར་སེར་སྔོ་ལྗང་ལ་འདོད་སྣམ་དམར། །ཕ་གུ་སེར་པོ་དྲྭ་བ་ཟར་ཚགས་དཀར། །དྲྭ་བའི་གཞི་དང་མུན་པ་གླང་རྒྱབ་ནག །ཤར་བུའི་གཞི་སྔོ་མདའ་ཡབ་མཆོད་རྟེན་དཀར། །རྟ་བབས་སྣམ་བརྒྱད་རྟ་རྐང་གཞི་སྔོན་པོར། །རྡོ་རྗེ་སེར་པོ་འགྲེང་ཞིང་ཆུ་སྐྱེས་དམར། །སྒྲོམ་ལེབ་མཛེས་ཚོན་ཟར་ཚགས་ནག་ལ་དཀར། །སྣ་འཕྱང་སེར་པོ་སྒྲིལ་འཕྱང་དྲྭ་བ་དཀར། །ཤར་བུ་སྔོན་པོའི་གཞིར་བསྒྲིབས་རྒྱ་ཕུབ་མཐིང། །པདྨ་དམར་པོ་འཁོར་ལོ་རི་དྭགས་སེར། །གདུགས་དཀར་སྣ་ཚོགས་རྡོ་རྗེ་ཕྱོགས་ཀྱི་མདོག །ཁྱམས་ལྗང་གེ་སར་སེར་ལ་པད་འདབ་ནི། །སོ་གཉིས་དུར་ཁྲོད་ལ་སོགས་སྤྱི་དང་མཚུངས། །སྒོ་མཚམས་ཟླ་ཕྱེད་རྡོ་རྗེ་ཁོར་ཡུག་སྟེང་། །གདུགས་དང་རྒྱལ་མཚན་བ་དན་སྒོའི་ཕྱི་རོལ། །དཔག་བསམ་ཏཱ་ལའི་ལྗོན་པ་ཁྲུས་ཀྱི་རྫིང་། །རིན་ཆེན་ཕུང་པོ་ཕྱོགས་རེར་གཉིས་གཉིས་བྲི། །བསྡུ་ན་རྟ་བབ་སྣམ་བུ་བཞི་མ་བྱ། །དབུས་སུ་སྐུ་འམ་ཨུཏྤལ་ཧྲཱིཿདམར་མཚན། །འདབ་དྲུག་མདུན་ནས་བརྩམ་སྟེ་ཡི་གེ་དྲུག །དཀར་སྔོ་སེར་ནག་ལྗང་ལ་མཐིང་ནག་བྲི། །པད་འདབ་སྟོང་ལ་ཐིག་ལེ་གསེར་གྱི་མདོག །སྒོ་བཞིར་ཧྲཱིཿཡིག་དཀར་སེར་དམར་ལྗང་བྲི། །དེ་ལྟར་དཀྱིལ་འཁོར་རྫོགས་པར་བྲི་ཚར་བ་དང་ཚོན་ལྷག་གི་ཡེ་ཤེས་པ་བཛྲ་མུཿས་གཤེགས་ནས་ལྷག་མ་དབེན་པར་བཞག་གོ །གལ་ཏེ་གནས་སྐབས་གཞན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་མ་གྲུབ་པའི་ཚེ་རས་བྲིས་བཀྲམ་པས་ཀྱང་རུང་སྟེ། དེའི་ཚེ་ཐིག་ཚོན་གྱི་ལས་འདི་དག་མི་དགོས་སོ། །དེ་ཡན་ཆད་ཀྱིས་ཉིན་དང་པོའི་བྱ་བ་ཟིན་ནས་དགེ་བ་བསྔོ་ཞིང་སྤྱོད་ལམ་ལ་འཇུག །བརྒྱད་པ་རྒྱན་བཀོད་པ་ནི། གནས་ཁང་ཐམས་ཅད་རྒྱན་གྱིས་མཛེས་པར་བྱས་ལ། བདག་བསྐྱེད་གཏོར་མ་མཆོད་པ་དང་བཅས་པ་སྔར་ས་ཆོག་སྐབས་ལྟར་བཤམས་ལ་བདག་གི་རྣལ་འབྱོར་བཟླས་པའི་བར་སོང་ནས། སློབ་དཔོན་གྱིས་དྲིལ་སྤོས་དང་བཅས་པས་སྣ་དྲངས་ཏེ། སྔར་ལྷག་གནས་བྱས་པའི་རྣམ་རྒྱལ་བུམ་པ་དང་། ཐོད་པ་བཟང་པོ་ཨ་མྲྀཏ་དང་ཆང་གིས་བཀང་བའི་ཁ་དར་དམར་བརྒྱད་བལྟེབས་ཀྱིས་གཡོགས་པའི་སྟེང་མེ་ལོང་གཡའ་དང་བྲལ་བ། ཁྱད་པར་སྐྱེ་བདུན་གྱི་སྐུ་ཤ་དངོས་རྙེད་ན་དང་། མ་རྙེད་ན་གོང་མའི་སྒྲུབ་རྫས་སེལ་མེད་ཀྱི་སྐྱེ་བདུན་རིལ་བུའི་ཕབས་རྒྱུན་དང་། འབྲས་གཙང་མའི་ཕྱེ་བྲེ་གསུམ་ཙམ་གྱིས་གཞི་བྱས་པའི་ཚོད་ལ། ཨ་རུ་ར་རྡོག་སུམ་ཅུ། བ་རུ་ར་རྡོག་བཅུ། སྐྱུ་རུ་ར་སུམ་ཅུ། ཛཱ་ཏི། ལི་ཤི །སུགྨེལ། གུར་གུམ། ཀ་ཀོ་ལ། ཅུ་གང་རྣམས་ཞོ་དོ་ཙམ་རེ་དང་། གླ་རྩི་དུལ་མ་དྲི་ཙམ། གྲུབ་པ་ཐོབ་པའི་སྐུ་ཤ་དང་། གསང་ཆེན་གསང་ཆབ་ཅུང་ཟད་རེ། སྔོ་རྟག་ཏུ་ངུ་ཨ་རུ་ར་དང་མཉམ་པ་རྣམས་རྡོ་གཏུན་དུ་ཞིབ་པར་བཏགས་ཤིང་འདྲེས་པར་བྱས་པ་ལ། དབང་ལག་དང་ཤེལ་ཀ་ར་བུར་སྦྲང་རྣམས་ཀྱི་ཕྱེ་མའི་ཁ་ཚར་ཅུང་ཟད་བཏབ་སྟེ། ཆང་གར་མ་དང་སྦྱར་བའི་ཟན་གྱི་གོང་བུར་བྱས་པ་ལས་རིལ་བུ་ཆེ་ཆུང་སྲན་མ་འབྲིང་པོ་ཙམ་དང་ཡུངས་དཀར་ཙམ་གང་འོས་སྒྲིལ་ནས་གྲིབ་སྐམ་བྱས་པ། མཚལ་བཟང་པོས་ཁ་དོག་དམར་པོར་བསྒྱུར་བ་འདུ་བྱས་པ་གསེར་དངུལ་སོགས་རིན་པོ་ཆེའི་བུམ་པའི་ནང་དུ་བླུགས་པ་དར་དཀར་དམར་མཐིང་གསུམ་གྱིས་ལེགས་པར་དྲིལ་བ་དང་། རལ་གྲི་བཞི། ཕུར་བུ་བཞི། མདའ་དར་མེ་ལོང་ཅན་བཞི། གདུགས་འཕན་བཞི། རྒྱལ་མཚན་བཞི་སོགས་ཡོ་བྱད་ཐམས་ཅད་ཐོགས་པའི་སེར་སྦྲེང་གིས་དཀྱིལ་འཁོར་ལ་གཡས་སུ་ལན་གསུམ་བསྐོར་ཏེ། ཧཱུྃ༔ བུམ་པ་རིན་ཆེན་མེ་ལོང་བདུད་རྩིར་བཅས༔ ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་རྟེན༔ སྨན་རཀ་གཏོར་གསུམ་དུག་གསུམ་དབྱིངས་སུ་མཆོད༔ ཚོགས་ཀྱི་འཁོར་ལོས་རྟོག་ཚོགས་ཡེ་ཤེས་རོལ༔ ཤེས་རབ་རལ་གྲིས་བདུད་བཞི་དབྱིངས་སུ་བསྒྲལ༔ ཕུར་བུ་རྣམ་བཞིས་སྐྱེ་རྒ་ན་འཆི་འཇོམས༔ མདའ་བཞི་ཚད་མེད་རྣམ་བཞིས་འགྲོ་བ་འདུལ༔ མེ་ལོང་ཡེ་ཤེས་བཞི་ལྡན་རང་ངོ་སྤྲོད༔ ཚོན་སྐུད་དྲྭ་བས་རྒྱུད་ལྔ་གནས་ནས་འདྲེན༔ གཞུང་བཞིན་དཀྱིལ་འཁོར་མ་ཉམས་མ་འདྲེས་གསལ༔ འགྲོ་བ་འདུལ་བའི་དཀྱིལ་འཁོར་ངོ་མཚར་ཆེ༔ དར་གུར་ཁྱབ་པའི་སེམས་ཅན་ཐུགས་རྗེས་སྐྱབས༔ སྟག་ཤམ་གང་ལ་དཔའ་རྣམས་སྤྱོད་པར་མཛད༔ ཛྙཱ་ན་མཎྜ་ལ་སརྦ་བྷྲཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་སྐུ་རྟེན་རྣམ་རྒྱལ་བུམ་པ་དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁྲི་ལ་བཀོད། དེའི་སྟེང་དུ་གསུང་རྟེན་ཐོད་པ་དར་དམར་གྱིས་བཀབ་པའི་སྟེང་ཐུགས་རྟེན་མེ་ལོང་བཞག །དེའི་མདུན་དུ་མཉྫིའི་སྟེགས་ལ་སྐྱེ་བདུན་རིལ་བུའི་བུམ་པ་གཟུངས་ཐག་རྡོ་རྗེ་དང་བཅས་པ་རིལ་བུ་བུངས་མང་བས་བུམ་པ་ལྔ་ལ་སོགས་པ་ཡོད་ན་ཕྱོགས་བཞི་དབུས་ལྔར་བཞག་པ་སོགས་རིགས་པས་དཔག །རྡོར་རྭའི་སྟེང་སྔར་བཏབ་པའི་ཁྲོ་བཅུའི་ཕུར་པ་དང་། དཀྱིལ་འཁོར་གྱི་ཕྱོགས་བཞིར་རལ་གྲི་བཞི། ཟུར་བཞིར་མདའ་དར་མེ་ལོང་དང་བཅས་པ་བཞི། སྒོ་བཞིར་ཕུར་པ་བཞི། གྲ་བཞིར་འཕན་བཞི། ཟུར་བཞིར་རྒྱལ་མཚན་བཞི་རྣམས་བཙུགས་པ་ཚོན་སྐུད་སྣ་ལྔའི་དྲྭ་བས་སྦྲེལ། སྟེང་ནས་དར་གྱི་གདུགས་ཕུབ་ཅིང་། སྟག་གི་པགས་པ་དངོས་སམ་རས་ལ་སྟག་རིས་བྲིས་པས་དཀྱིལ་འཁོར་གྱི་སྒབ་དཀྲིས་ཁོར་ཡུག་ཏུ་བསྐོར་བའི་ནང་ངོས་ཀྱི་ཤར་དུ་མཆོད་ཡོན། ཤར་ལྷོར་ཞབས་བསིལ། ལྷོར་མེ་ཏོག །ལྷོ་ནུབ་ཏུ་བདུག་སྤོས། ནུབ་ཏུ་མར་མེ། ནུབ་བྱང་དུ་དྲི་ཆབ། བྱང་དུ་ཞལ་ཟས། བྱང་ཤར་དུ་མཚམས་འཛིན་མེ་ཏོག་རྣམས་བཤམ། སྔར་བཏབ་པའི་ཁྲོ་བཅུའི་ཕུར་བུ་དང་མ་ཏྲཾ་རྣམས་ཀྱང་སྔར་དང་གོ་རིམ་མཚུངས་པར་ཅི་བདེར་བཀོད། དཀྱིལ་འཁོར་གྱི་མདུན་དུ་མཆོད་སྟེགས་བང་རིམ་ཅན་གྱི་སྟེགས་དང་པོའི་དབུས་སུ་རྩ་བའི་སྒྲུབ་གཏོར། གཡས་སུ་ཆོས་སྐྱོང་ཕོ་རྒྱུད་རྣམས་ཀྱི་གཏོར་སྤུངས་དང་། ཆད་ཐོ། སྨན། གཡོན་དུ་ཆོས་སྐྱོང་མོ་རྒྱུད་རྣམས་ཀྱི་གཏོར་སྤུངས་དང་། བརྟན་མ། རཀྟ། བང་རིམ་འོག་མ་ལ་མདུན་བསྐྱེད་ཀྱི་གཡས་ནས་བརྩམ་པའི་ཞི་མཆོད། གཡོན་ནས་བརྩམ་པའི་དྲག་མཆོད་གཉིས་སྣེ་སྦྲེལ། གཞན་ཡང་ཉིན་རེ་བཞིན་འབུལ་རྒྱུའི་ཆོས་སྐྱོང་གཏོར་འབུལ། ཆད་ཐོ། བརྟན་མ་སོགས་ཀྱང་གོ་རིམ་མ་འཛོལ་བར་གནས་ཇི་ལྟ་བར་རོལ་མོ་འཁྲོལ་བཞིན་པར་བཀོད། བྱང་ཕྱོགས་སུ་ལྕགས་ཧོམ་དུ་ཉུལ་ལེའི་ལིངྒ་དང་། ཐུན་རྫས། ཡུངས་དཀར། རྟ་མགྲིན་གྱི་ཕུར་པ་ཕུར་གདན་བཅས་འདུ་བྱ། སློབ་དཔོན་གྱི་མདུན་དུ་གཡོན་ནས་བརྩམ་སྟེ་ནང་མཆོད། རྡོར་དྲིལ། ཅང་ཏེའུ། མེ་ཏོག་གི་སྣོད། ལས་བུམ། རྣམས་བཞག །གཞན་ཡང་ཚོགས་ཀྱི་ཡོ་བྱད། རོལ་མོའི་ཁྱད་པར་སོགས་ཉེ་བར་མཁོ་བའི་ཆ་རྐྱེན་ཐམས་ཅད་ཕུན་སུམ་ཚོགས་པར་བཤམ་མོ། །དགུ་པ་ཚོམ་བུར་སྒྲུབ་པའི་ལས་ལ་འཇུག་རུང་གི་བྱ་བའི་ཐོག་མར་མངའ་གསོལ་བ་ནི། ལས་རྡོར་གྱིས་ཐོད་ཆང་མར་ཟེགས་ཅན་དང་ཕུད་སྐྱོགས་ཐོགས། ཐམས་ཅད་ཞྭ་ཆོས་བཅས་རྒྱལ་ཐེབས་ཀྱི་གཙོ་བོས་གྲལ་གཤམ་དུ་བཞེངས་ཏེ་གཏོང་ཐུན་སྔོན་དུ་འགྲོ་བའི་དབྱངས་སྙན་བོར་ལེན་ཚུལ་གྱིས། ཧཱུྃ༔ སངས་རྒྱས་གདུང་འཚོབ་རྡོ་རྗེ་རྒྱལ་པོ་ཉིད༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྫོགས༔ དུག་ལྔ་རྩད་གཅོད་དངོས་གྲུབ་ཀུན་འབྱུང་གནས༔ སྟོན་པའི་སྒྲོན་མེར་མངའ་གསོལ་དགྱེས་པར་བཞུགས༔ ཞེས་རེ་རེ་བཞིན་སྐྱེམས་དྲང་བ་ཐམས་ཅད་ལ་འགྲེ །ཧཱུྃ༔ བླ་མའི་གདུང་གསོབ་སྐུ་དང་ཐུགས་ཀྱི་སྲས༔ དམ་ཆོས་ཆར་འབེབ་ཚེ་དང་བསོད་ནམས་སྤེལ༔ དབང་བསྐུར་ཕྲིན་ལས་རྣམ་བཞི་མཐར་ཕྱིན་པ༔ རྒྱལ་ཐེབས་སྟོན་པར་མངའ་གསོལ་དགྱེས་པར་བཞུགས༔ གཉིས་མེད་བདེ་སྐྱེད་མཚན་ཉིད་རབ་ཏུ་བཟང༔ ཀུན་བཟང་ཡུམ་དུ་མངའ་གསོལ་དགྱེས་པར་བཞུགས༔ ཕྱི་ནང་མཚམས་གཅོད་བར་གཅོད་ཐམས་ཅད་སྲུང༔ རྡོ་རྗེ་མཚམས་པར་མངའ་གསོལ་དགྱེས་པར་བཞུགས༔ ཕྲིན་ལས་གཞུང་སྲོང་གཟུགས་ཕུང་ལྷ་ལ་སྟོབ༔ རྡོ་རྗེ་གིང་ཆེན་མངའ་གསོལ་དགྱེས་པར་བཞུགས༔ དངོས་གྲུབ་བགེགས་གཉིས་དུས་ཀྱི་དྲོད་ཚད་མཁྱེན༔ རྡོ་རྗེ་སྤྱན་པར་མངའ་གསོལ་དགྱེས་པར་བཞུགས༔ ཕུད་གཙང་བགོས་མཁན་ནང་མ་བྱ་བྱེད་མཁས༔ ཕྱི་གིང་ཕྱག་ཚང་ཆེན་པོར་མངའ་གསོལ་ལོ༔ གཡོས་མཁན་ཆད་ལྷག་མེད་ཅིང་གཙང་སྦྲ་ལྡན༔ རྡོ་རྗེ་བྱན་མོར་མངའ་གསོལ་དགྱེས་པར་བཞུགས༔ གསལ་དག་ཛཔ྄་མཁས་ཡི་དམ་བརྩོན་པས་སྒྲུབ༔ གསེར་ཕྲེང་མཆེད་རྣམས་མངའ་གསོལ་དགྱེས་པར་བཞུགས༔ ཀུན་གྱི་བཀའ་སྒྲུབ་ཕྱི་ཡི་ཉུལ་ལེ་སྐྲོད༔ རྡུལ་ཕྱགས་སྐྱེས་བུར་མངའ་གསོལ་བརྟན་པར་བཞུགས༔ ཞེས་སྐྱེམས་དྲངས་ལ་གྲལ་བཤམ་པར་བྱའོ། །བཅུ་པ་བསྲེ་བསྣན་ནི། མཆེད་གསར་བུ་བ་ལྟ་སྤྱོད་དམ་ཚིག་མ་འདྲེས་པ་རྣམས་དང་བསྲེ་ཞིང་། འདྲེས་ཟིན་པ་རྣམས་མཆེད་རྙིང་པ་ལ་བསྣན་པའི་ཆོ་ག་ཡིན་ཏེ། སྔར་སྒྲུབ་པ་ལ་མ་འདུས་པའི་མཆེད་གསར་པ་རྣམས་གུད་དུ་ཕྱེ། རྡོ་རྗེ་རྒྱལ་པོས་བདུད་རྩི་བྱིན་བརླབས་ཤིང་ལས་བྱང་ལྟར་སྨན་མཆོད་དང་། བགེགས་བསྐྲད་པ་སྔོན་དུ་འགྲོ་བས། མདུན་གྱི་ནམ་མཁར་ཐུགས་རྗེ་ཆེན་པོ་རྒྱལ་བ་སྲས་དང་བཅས་པའི་དཀྱིལ་འཁོར་པ་རྣམས་མངོན་སུམ་དུ་བཞུགས་པའི་དྲུང་དུ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ཚུལ་བཞིན་དུ་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཅེས་བརྡ་སྦྱར་ལ། བླ་མ་སངས་རྒྱས་འཁོར་དང་བཅས༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ བླ་མ་དཀོན་མཆོག་རྣམ་གསུམ་པོ༔ བྱང་ཆུབ་མ་ཐོབ་བར་དུ་ནི༔ སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་ནི་བསྐྱེད༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ འཇུག་པའི་བྱང་ཆུབ་སེམས་བསྐྱེད་དེ༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ཞེས་ལན་གསུམ། ཧཱུྃ༔ རྒྱུ་ལམ་འབྲས་བུ་དབྱེར་མེད་པའི༔ རིན་ཆེན་གྲུ་གཟིངས་ལྟ་བུའི་ལམ༔ ཐེག་ཆེན་སྒོ་འདིར་འདུས་པས་ཆོག༔ ལྟ་སྤྱོད་དྲི་མེད་དམ་ཚིག་བསྲེའོ༔ མཆེད་གསར་པ་རྣམས་ཀྱི་ལྕེ་ལ་བདུད་རྩི་བཞག་སྟེ། ཧོ༔ ཇི་སྙེད་སངས་རྒྱས་ཐམས་ཅད་དང༔ བྱང་ཆུབ་སེམས་དང་རྡོ་རྗེ་འཛིན༔ དེ་བཞིན་སྒྲུབ་པའི་རྣལ་འབྱོར་ལ༔ གལ་ཏེ་སྙིང་རིང་བརྙས་གྱུར་ན༔ ཡཀྴ་རྡོ་རྗེ་གནོད་སྦྱིན་གྱིས༔ ཁྱོད་ཀྱི་སྙིང་ཁྲག་གཞོམ་སྟེ་འཐུང༔ སྙིང་ལ་ཡང་དག་རབ་གནས་པའི༔ འདི་ནི་སེམས་ཅན་དམྱལ་བའི་ཆུ༔ དམ་བསྲུང་མཆོག་ཐོབ་ཉམས་ན་བརླག༔ ས་མ་ཡ་ཨི་དན་ན་ར་ཀན་བཀྴ་སི་ཡཀྴ་ཧཱུྃ༔ གསར་རྙིང་གྲལ་བསྲེས་ལ། ཧཱུྃ༔ རྣམ་དག་ལྟ་སྤྱོད་བླ་མའི་བཀའ༔ བརྒྱུད་པར་མི་འགལ་དམ་ཚིག་ནོད༔ འདི་ནས་ཀུན་མཁྱེན་མ་ཐོབ་བར༔ སྲོག་ཕྱིར་མི་གཏོང་བསྒྲུབ་ལགས་སོ༔ སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཧཱུྃ༔ སླར་ཡང་གསར་རྙིང་ཐམས་ཅད་ལ་བདུད་རྩི་སྦྱིན་ལ་དམ་ཚིག་གི་བསླབ་བྱ་རྒྱས་པར་བྱའོ། །བཅུ་གཅིག་པ་བརྡ་སྦྱར་བ་ནི། གདོད་ནས་རང་བྱུང་ལྷུན་གྱིས་གྲུབ་པའི་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་མཇལ་བའི་སྒོ་གློ་བུར་འཁྲུལ་པའི་དྲི་མས་བཅད་པ་རིག་པ་ཡེ་ཤེས་ཀྱི་བརྡ་མཇལ་བས་ལྷག་གེར་ཕྱེས་པར་བསམ་ལ། བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ཅེས་བརྡ་སྒོ་དབྱེ། རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཅི་ལྟར་ཤར་ཡང་རང་རིག་ལས་གུད་དུ་མེད་པའི་གནས་ལུགས་ཆུ་ལ་ཆུ་བཞག་པ་ལྟ་བུར་རྟོགས་པས། ཨ་ཏི་བྷཱུ་ཧོ༔ པྲ་ཏི་བྷཱུ་ཧོ༔ ཞེས་བརྡ་ཕྱག་འཚལ། བཅུ་གཉིས་པ་ལྷ་བསྐོས་ལ་གདབ་པ་ནི། གདོད་ནས་གྲུབ་པའི་དཀྱིལ་འཁོར་པ་རྣམས་བྲིས་པའི་དཀྱིལ་འཁོར་གྱི་བར་སྣང་དུ་འཇའ་ཚོན་ལྟ་བུར་གསལ་བར་མོས་ལ། འདུས་པ་རྣམས་དབུ་ཞྭ་བཅས་བཞེངས་ལ། ཧཱུྃ༔ རང་བཞིན་ལྷུན་གྲུབ་གཞལ་ཡས་ཁང༔ པདྨ་ཉི་ཟླ་འོད་ཀྱི་ཀློང༔ རང་བཞིན་ལྷུན་གྱིས་གྲུབ་པའི་ལྷ༔ ཐུགས་རྗེ་ཆེན་པོ་གསང་ཡེ་ཡུམ༔ ནོར་འཛིན་གསང་འཛིན་རིགས་ཀྱི་བདག༔ སྒོ་སྐྱོང་ཁྲོ་རྒྱལ་བཞི་རྣམས་དང༔ སྤྲུལ་སྐུ་ཐུབ་དྲུག་སངས་རྒྱས་སྟོང༔ ཉི་མ་དང་ནི་འོད་ཟེར་བཞིན༔ དབང་ཆེན་ཁྲོ་རྒྱལ་ཚོགས་དང་བཅས༔ ཐམས་ཅད་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་པས་གོང་དུ་གསལ་གདབ་པ་དང་། སྔར་སྟ་གོན་སྐབས་ཀྱི་དཀྱིལ་འཁོར་པ་རྣམས་གཟུགས་བརྙན་གྱི་དཀྱིལ་འཁོར་སྒྲུབ་པའི་རྫས་ལ་དབྱེར་མེད་བརྟན་པར་བཞུགས་པར་མོས། བཅུ་གསུམ་པ་བྱིན་རླབས་པ་ནི། སློབ་དཔོན་སོགས་ཀྱིས་དཀྱིལ་འཁོར་བསྐོར། འདུས་པ་རྣམས་ཀྱང་བཞེངས་ལ་ཞྭ་ཆོས་བསྟར། དབྱངས་རོལ་གཡབ་དར་ཌཱ་དྲིལ་བཅས། རང་ཉིད་ལྷར་གསལ་བའི་ཐུགས་སྲོག་ཧཱུྃ་ལས་འོད་འཕྲོས་བླ་མ་རིག་འཛིན་རྩ་བ་གསུམ་གྱི་ཐུགས་རྒྱུད་བསྐུལ། ཐམས་ཅད་སྤྲིན་གཏིབས་པ་ལྟར་བྱོན་ནས་བྱིན་བརླབས་དབང་བསྐུར། དངོས་གྲུབ་སྩོལ་ཞིང་ཕྲིན་ལས་སྒྲུབ་པར་བསམ་ལ། ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ཕྱོགས་བཅུ་སྟོང་གི་འཇིག་རྟེན་ཁམས༔ རང་བཞིན་དཀྱིལ་འཁོར་ཆེན་པོ་ནས༔ གསུང་མཆོག་ཡོངས་རྫོགས་གཤེགས་སུ་གསོལ༔ དཀྱིལ་འཁོར་བྱིན་རློབས་བདག་དབང་སྐུར༔ ཧེ་རུ་ཀ་ཡི་གནས་བཅུ་དང༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་དང༔ འོག་མིན་ལྷུན་གྲུབ་གནས་མཆོག་ནས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདག༔ ལྷ་དང་རིག་འཛིན་དམ་ཅན་གྱིས༔ དཀྱིལ་འཁོར་བྱིན་རློབས་བདག་དབང་སྐུར༔ ཞི་ཚོགས་འོད་དང་ལམས་སེ་ལམ༔ ཁྲོ་ཚོགས་ཧཱུྃ་སྒྲ་དི་རི་རི༔ རིག་འཛིན་བྱིན་ཆེན་ཐིབས་སེ་ཐིབ༔ མཁའ་འགྲོའི་གར་སྟབས་ཤིགས་སེ་ཤིག༔ ཆོས་སྐྱོང་རུ་མཚོན་ལྷབས་སེ་ལྷབ༔ རྟགས་དང་མཚན་མ་བསྟན་པ་དང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨ་ལ་ལ་ཧོ༔ ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་མོས་གུས་དྲག་པོས་བྱིན་དབབ་ཅིང་མཐར་རྒྱུད་གསུམ་རོལ་མོ་དང་འབེབ་རིང་འོག་དཀྱིལ་འཁོར་ལན་གསུམ་བསྐོར་ཞིང་རང་གནས་སུ་བཞུགས་ལ་རྒྱུན་སྤྱོད་དང་བསྔོ་སྨོན་བྱ། དེ་དག་གིས་སྔོན་འགྲོ་སྟ་གོན་གྱི་རིམ་པ་གྲུབ། བཞི་པ་དངོས་གཞི་བསྙེན་སྒྲུབ་ཁྲིགས་ཆགས་ཀྱིས་སྒྲུབ་པའི་གཞུང་འཛུག་པ་ལ་གསུམ། དངོས་གྲུབ་བསྒྲུབ་ཅིང་བར་ཆད་བསལ། །དངོས་གྲུབ་མཚན་མ་བརྟགས་པ་འོ། །དང་པོ་ཕྲིན་ལས་ཛཔ྄་བསྙེན་དང་བཅས་པས་དངོས་གྲུབ་སྒྲུབ་པ་ལ། སྤྱི་དོན་བཤད་པ། སྒྲུབ་ཐབས་དངོས་བསྟན་པའོ། །དང་པོ་ནི། དེའང་ཡིག་བདུན་རྐྱང་སྒྲུབ་ཙམ་ལའང་ཡོན་ཏན་ཚད་མེད་པ་གཞུང་གི་དངོས་བསྟན་ཡིན་མོད། འགྲོ་བ་འདུལ་བའི་ཕྱག་བཞེས་ཀྱི་གཙོ་བོ་སྐྱེ་བདུན་རིལ་སྒྲུབ་ལ་མཛད་པ་དེའི་དོན་ཅུང་ཟད་འཆད་པ་ལ་གཉིས། གདམས་ངག་གི་ངོ་བོ། དེ་ཉིད་ལག་ཏུ་བླང་ཚུལ་བཤད་པའོ། །དང་པོ་ནི། དེའང་གདུལ་བྱ་རྣམས་ཇི་ཙམ་ཉོན་མོངས་པ་རགས་ཤིང་གདུལ་དཀའ་བ་དེ་ཙམ་དུ་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་སྟོབས་ཆེར་བསྐྱེད་ནས་དངོས་དང་བརྒྱུད་ནས་འགྲོ་བ་རྣམས་ཐར་པ་ལས་ཕྱིར་མི་ལྡོག་པའི་ས་ལ་སྦྱོར་བར་མཛད་ཅིང་། ཁྱད་པར་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་དེའི་ཐུགས་རྗེ་ཚད་མེད་པའི་ཆ་ལས་རྩོད་པའི་དུས་མཐར་ཀུན་བཟང་ཐུགས་ཀྱི་བསྟན་པ་ཁྱབ་བརྡལ་དུ་སྣང་བའི་དུས་འདིར་མཐོང་ཐོས་དྲན་རེག་གྲོལ་བ་བཞི་ལྡན་གྱི་གདམས་ཟབ་རྒྱ་མཚོ་ཙམ་བྱོན་པས། སྐལ་ལྡན་མཐའ་ཡས་པ་གདོད་མའི་གྲོལ་སར་རྩོལ་མེད་དུ་དེངས་པའི་ཕྲིན་ལས་ངོ་མཚར་ཞིང་ངེས་ཤེས་སྐྱེད་པའི་རྟགས་མངོན་གྱུར་ཏུ་གསལ་བ་དུས་གསུམ་དུ་ནུབ་པ་མེད་པ་རྣམས་ཀྱང་མདོར་བསྡུ་ན། ཇི་སྐད་དུ། མ་བསྒྲུབ་སངས་རྒྱས་ཐོབ་ཐབས་ལྔ༔ སྔོན་སྦྱངས་ལས་སད་རྟོགས་གྲོལ་དང༔ རང་བྱུང་རྒྱུད་མཆོག་བཏགས་གྲོལ་དང༔ མཚན་ལྡན་པད་ཅན་རྩ་ཡི་གནད༔ གསང་ལམ་ཟབ་མོ་འཕོ་བ་དང༔ ངོ་མཚར་རྫས་མཆོག་སྐྱེ་བདུན་ནོ༔ ཞེས་འབྱུང་བ་ལྟར་མ་བསྒོམ་སངས་རྒྱས་ཐོབ་པའི་གདམས་ངག་གི་གཙོ་བོ་ལྔ་ལས་ཀྱང་ཁྱད་པར་དུ་གྱུར་པ་ནི་མྱང་གྲོལ་སྐྱེ་བདུན་རྫས་ཀྱི་སྒྲུབ་པ་འདི་ཉིད་དབང་པོ་མཆོག་དམན་ཀུན་དང་འཚམ་ཞིང་ཀུན་ལ་ཁྱབ་པའི་ཕྲིན་ལས་རྨད་དུ་བྱུང་བ་ཡིན་ཞིང་། སྐྱེ་བདུན་ལ་བརྟེན་ཏེ་མཁའ་སྤྱོད་རིག་པ་འཛིན་པ་དང་། བླ་མེད་བྱང་ཆུབ་ཀྱི་གོ་འཕང་སྒྲུབ་པ་གཉིས་སུ་བཤད་པ་ལས། སྔ་མ་ནི་གཙོ་བོར་རྒྱུད་ཆེན་རྡོ་རྗེ་གུར་དང་རྡོ་རྗེ་མཁའ་འགྲོ་སོགས་ལས་ཅི་རིགས་པར་བསྟན་ཀྱང་བོད་ཡུལ་འདིར་ཕྱག་བཞེས་སུ་བཏབ་པ་ཆེར་མ་བྱུང་ལ། ཕྱི་མ་ནི་གཙོ་བོར་གུ་རུའི་གཏེར་ཁ་ཀུན་ལས་བསྒྲུབ་བྱའི་དམ་རྫས་དང་སྒྲུབ་བྱེད་ཀྱི་ཐབས་མཆོག་མཐའ་ཡས་པ་བྱོན་དང་འབྱོན་དང་འབྱོན་པར་འགྱུར་བ་རྣམས་ཡིན་ལ། གཏེར་བྱོན་རྣམས་ཀྱི་ཡང་རྩ་བའི་ཤིང་རྟ་ནི་ཆོས་དབང་རིན་པོ་ཆེའི་བཀའ་སྲོལ་འདི་ཁོ་ན་ཡིན་པས་ཤེས་ནས་གཅེས་སྤྲས་སུ་བྱ་བར་རིགས་སོ། །གཉིས་པ་དེ་ཉིད་ལག་ཏུ་བླང་ཚུལ་ལ་བདུན། སྐྱེ་བདུན་བརྟག་པ། རིལ་བུ་སྦྱོར་ཚུལ། སྒྲུབ་པ་དངོས། དངོས་གྲུབ་བླངས་བ། གཞན་དོན་བྱ་བ། སྒོས་ཀྱི་དམ་ཚིག །དགོས་ཆེད་ཕན་ཡོན་བསྟན་པའོ། །དང་པོ་ནི། རྒྱས་པར་རྒྱུད་ནས་བཤད་ཀྱང་ལག་ཏུ་ལོན་པར་དཀའ་བས་འདིར་མ་བྲིས་ལ་མདོར་ན་དལ་འབྱོར་ཆོས་ལྡན་གྱི་སྐྱེ་བ་བདུན་བརྒྱུད་བླངས་པ་རང་ཉིད་ཀྱིས་དྲན་ཅིང་དེའི་རྟགས་གསལ་བའི་གང་ཟག་གི་གདུང་ཉིད་བསྒྲུབ་པའི་གཞི་ཡིན་ཡང་། ཚད་ལྡན་མ་རྙེད་ན་གཏེར་བྱོན་བྲམ་ཟེའི་གདུང་རུས་སམ། ཤ་རིལ་ལམ། རིང་བསྲེལ་སོགས་གང་ཡང་རུང་བ་རྙེད་ན་མཆོག་ཏུ་གྱུར་ཅིང་། དེའང་དངོས་སུ་མ་རྙེད་ན་དེའི་རྒྱུན་འདྲེས་པར་ངེས་པའི་ཕབས་གཏའ་ཡང་ནས་ཡང་བསིང་མ་ཡིན་པ་རྩ་བའི་གཏའ་སྤེལ་ལྟ་བུ་ལ་གཞི་བཅོལ་ནས་སྨན་དང་དམ་རྫས་གཞུང་མཐུན་སེལ་མེད་ཀྱི་སྐྱོབས་སྦྱར་དགོས་ཀྱི། རྩ་བའི་སྒྲུབ་རྫས་སྐྱེ་བདུན་གྱི་གདུང་མེད་པའི་གང་ཟག་རྣམས་ཀྱི་གདུང་རིང་བསྲེལ་ཅི་རིགས་ཀྱི་རིལ་བུ་བསྒྲུབ་པ་ནི་རྟེན་འདུས་ཙམ་དུ་ཟད་ཀྱི་མྱོང་གྲོལ་རྫས་མཆོག་མ་ཡིན་ལ། དེ་བཞིན་རིལ་བུ་ཡང་ནས་ཡང་བསིང་བྱས་པའང་ནུས་པ་དམན་པས། ཐོག་མར་རྩ་བའི་ཕབས་གཏའ་བུམ་སྙིང་རིལ་བུ་བརྒྱ་དོ་བཅུ་དོ་སོགས་མང་དུ་གཞུག་ནས། ལོ་བསྟར་རྒྱུན་སྒྲུབ་ཀྱི་རིལ་བུ་སྒྲིལ་སྦྱོར་གྱི་སྐབས་སུའང་བུམ་སྙིང་རིལ་བུའི་ཕབས་གཏའ་མཛད་པ་སྔོན་གྱི་གང་ཟག་མཆོག་རྣམས་ཀྱི་ཕྱག་བཞེས་ཡིན་པས་ཤིན་ཏུ་ལེགས་སོ། །གཉིས་པ་རིལ་བུ་སྦྱོར་ཚུལ་ནི། སྐྱེ་བདུན་སྒྲུབ་ཐབས་བསམ་ཡས་མ་ལས། སྐྱེ་བདུན་ཤ་ནི་སྲན་ཚད་ལ༔ བཟང་དྲུག་གླ་རྩི་ཨ་མྲྀ་ཏ༔ གྲུབ་ཐོབ་ཤ་ནི་ཚོགས་ཚད་ནང༔ བྱིན་རླབས་རྫས་དང་རྟག་ཏུ་ངུ༔ སྨན་དང་དབང་ལག་འབྲས་ཕྱེ་ནི༔ ཕུལ་རེ་ཕུལ་རེ་སྦྱར་བར་བྱ༔ རྒྱལ་རིགས་བུ་ཆུང་བྱ་རྒོད་ཀྱི༔ ཤ་ཡང་ཡོད་ན་མཐེབ་ཙམ་རེ༔ སྐྱོབས་སུ་སྦྱོར་ན་བཟང་བར་བཤད༔ དེ་ནས་རྟོགས་ལྡན་གྲུབ་ཐོབ་དང༔ ཁྲིམས་ལྡན་དགེ་སློང་དྲི་ཆུས་སྦྱར༔ རིལ་བུ་སྙོམས་ཤིང་དཔག་མེད་བྱ༔ མཚལ་དང་སྐྱེར་པའི་ཁཎྜ་དང༔ གུར་གུམ་སྦྱར་ཏེ་ཁ་དོག་བསྒྱུར༔ རིན་ཆེན་བུམ་པ་མཚན་ལྡན་ལ༔ གུ་གུལ་བདུག་ཅིང་གེགས་བསྐྲད་བྱ༔ རིལ་བུས་བཀང་སྟེ་ཁ་རྒྱན་དང༔ མགུལ་ཆིངས་གཟུངས་ཐག་རྡོ་རྗེ་སོགས༔ ཆས་རྣམས་ལེགས་པར་རྫོགས་བྱས་ཏེ༔ བུམ་རྫས་ཉེར་ལྔ་དག་ཀྱང་བྲུབ༔ དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ༔ ཞེས་འབྱུང་བ་ལྟར་ཏེ་ཕྱག་ལེན་ཞིབ་པ་གོང་དུ་སོང་གྲུབ་ལ། དེའང་སྐྱེ་བདུན་གྱི་སྙིང་དང་ཀླད་པ་ཡོད་ན་སྲན་ཚད། གདུང་གཞན་ནི་བྱིའུའི་སྒོ་ང་གང་ཙམ་དགོས་པར་གསུངས་ཤིང་། རྒྱལ་རིགས་སྐྱེ་བ་བདུན་པའི་ཤ་དང་བྱ་རྒོད་མགོ་སྙིང་འབྱར་བ་བཅས་མཁའ་སྤྱོད་གཙོ་བོར་སྒྲུབ་ན་སྐྱོབས་སུ་མེད་ཐབས་མེད་ཅིང་། མཆོག་སྒྲུབ་ཀྱི་སྐབས་འདིར་དེ་དག་མ་འཛོམ་ཀྱང་ཆེད་དུ་བཙལ་མི་དགོས་སོ། །གསུམ་པ་སྒྲུབ་ཐབས་དངོས་ལའང་དོན་བཞི་རུ་ཡོད་པའོ། །དང་པོ་སྒྲུབ་པ་པོའི་གྲངས་ནི། ཡེ་ཤེས་རིགས་མཆོག་གི་རྒྱུད་ལས། རྣལ་འབྱོར་ལྔ་ཡིས་གཟུངས་ཐག་བཟུང༔ ཇི་སྲིད་གཟུངས་འཛིན་མང་ན་མཆོག༔ ཅེས་གསུངས་པས་འཛོམ་ན་དཀྱིལ་འཁོར་གྱི་ཕྱོགས་བཞིར་སློབ་དཔོན་བཞི། རྡོ་རྗེ་སློབ་དཔོན་དང་ལྔ་ཡིས་གཟུངས་ཐག་འཛིན་ཅིང་། པདྨ་གསུང་གི་སྒྲུབ་པ་ཡིན་པའི་ཕྱིར་བཟླས་པ་གཙོ་ཆེ་བས་སྔགས་ཟློ་མཁན་ཇི་ཙམ་མང་བཞིན་ལེགས་ལ། མ་འཛོམ་ན་གཟུངས་ཐག་འཛིན་པའི་སློབ་དཔོན་དང་ཐུན་དཔོན་གཉིས། སྔགས་གསུང་མི་འཆད་དུ་ཟློ་མཁན་གྱི་ཐུན་པ་ངེས་པར་དགོས་སོ། །གཉིས་པ་བསྒོམ་བྱའི་ཏིང་ངེ་འཛིན་ནི། སྒྲུབ་པ་པོ་རེ་རེ་བཞིན་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀའི་འོད་ཀྱིས་དོན་གཉིས་བྱས་ནས་ཚུར་འདུས་བསྒྲུབ་རྫས་ལ་ཐིམ་པས་རིལ་བུ་རེ་རེ་བཞིན་ཐུགས་རྗེ་ཆེན་པོར་གསལ་བ་དང་། གཞན་ཡང་འོག་ནས་འབྱུང་བའི་ཏིང་ངེ་འཛིན་ལ་ནན་ཏན་དུ་བྱའོ། །གསུམ་པ་བཟླ་བྱའི་སྙིང་པོ་ནི། བསྒྲུབ་བྱའི་དམ་རྫས་དེ་ངེས་པར་འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ལས་བྱུང་བར་གསུངས་པས་དེ་དང་འབྲེལ་བའི་དབང་གིས་སྒྲུབ་བྱེད་ཀྱང་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ཁོ་ན་ལ་བརྟེན་པར་སྣང་ཞིང་། དེའང་ཡི་གེ་བདུན་པས་རིལ་བུ་དམ་ཚིག་དང་ཡེ་ཤེས་དབྱེར་མེད་པར་བསྙེན་ཅིང་བྱིན་གྱིས་བརླབས། མ་བསྒོམ་སངས་རྒྱས་ཐོབ་པའི་སྔགས་ཨ་ར་པ་ཙའི་ཤམ་བུ་སྦྲེལ་བས་སྣང་གྲགས་རྟོག་གསུམ་ལྷ་སྔགས་ཆོས་ཉིད་དུ་གསལ་བའི་གཟི་བརྗིད་ཀྱིས་བྱིན་རླབས་དངོས་གྲུབ་ཐམས་ཅད་བསྡུས་ཏེ་མྱང་གྲོལ་ཡེ་ཤེས་ཀྱི་བདུད་རྩིར་བསྒྲུབ། རྟགས་རྫོགས་ནས་ཡེ་ཤེས་ལྔ་སྒྲུབ་ཀྱི་སྔགས་ཤམས་ཆེན་མོ་སྦྲེལ་བས་གདུལ་བྱའི་དུག་ལྔ་ཡེ་ཤེས་ལྔར་སྦྱོང་ཞིང་འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་ཀྱི་ནུས་པ་འབྱིན་པས་ལས་ལ་སྦྱོར་བའོ། །བཞི་པ་གྲུབ་པའི་རྟགས་ནི། བསྙེན་པའི་རྟགས་སྤྱི་དང་མཚུངས་ལ། སྒྲུབ་པའི་རྟགས། འོད་དང་དུ་བ་སྒྲ་དང་དྲི༔ ཞལ་མཐོང་དག་སྣང་དཔག་མེད་འབྱུང༔ ཞེས་པ་ལྟར་དང་། དངོས་སུ་རིལ་བུ་འཕེལ་བ། འཕུར་བ། བདུད་རྩི་མེ་ཏོག་གི་ཆར་འབེབ་པ། འཇིག་རྟེན་དགེ་བའི་ལྟས་བཀྲ་ཤིས་པ་གང་ཡང་རུང་བ་མཐོང་བ་ལ་སོགས་པ་དང་། ལས་སྦྱོར་གྱི་ལྟས། རང་གཞན་གྱི་སྒྲིབ་པ་དག་པ། བསོད་ནམས་རྒྱས་པ། ཉམས་རྟོགས་འཕེལ་བའི་ལྟས་སྣ་ཚོགས་འབྱུང་བའོ། །བཞི་པ་དངོས་གྲུབ་བླང་བ་ནི། བདུན་ནམ་བཅུ་བཞི་ཉེར་གཅིག་དག་ཏུ་བསྒྲུབ༔ ཞེས་གསུངས་པའི་དུས་སམ། རྟགས་ཀྱི་ཚད་གང་རུང་རྫོགས་པའི་ཐོ་རངས་ཁར་དངོས་གྲུབ་ཀྱི་རྫས་རྣམས་ལ་རིལ་བུ་ཅུང་ཟད་བསྲེས་ཏེ་དེ་ཉིད་ངོ་བོ་བདེ་གཤེགས་ཀུན་གྱི་རང་བཞིན་ལ་རྣམ་པ་ཡེ་ཤེས་བདུད་རྩིར་མོས་ཤིང་ཆོ་ག་དང་ལྡན་པས་རོལ་པས། ལུས་ཀྱི་ཕྱི་གཞལ་ཡས་ཁང་ལ་ནང་དོན་སྙིང་རྣམས་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་ལམ་གྱིས་གྲུབ་པར་མོས་པས་དེ་ལྟར་ཐེ་ཚོམ་མེད་པར་འགྱུར་བར་ངེས་སོ། །ལྔ་པ་གཞན་དོན་བྱ་བ་ནི། རྒྱུད་ལས། གདུལ་བྱ་སྦྱང་ཕྱིར་ཁྲུས་ཀྱང་བྱ༔ ཞག་བདུན་ཁ་གསོ་རྗེས་གནང་སྦྱིན༔ ཞེས་གསུངས་པ་ལྟར་གདུལ་བྱ་ནི་འགྲོ་བ་གང་ཡང་རུང་བ་སྟེ་སྔོན་ལ་ཁྲུས་སོགས་ཀྱིས་དག་པར་བྱས་པའི་གསེར་སྣོད་ལྟ་བུར་རིལ་བུམ་གྱི་དབང་བསྐུར་ཞིང་བཅུད་སེང་གེའི་འོ་མ་ལྟ་བུའི་རིལ་བུ་བྱིན་པ་ཙམ་གྱིས། ལུས་གཞལ་ཡས་ཁང་སྙིང་པདྨ་འདབ་དྲུག་ཟླ་བ་དང་བཅས་པའི་ལྟེ་བར། རིལ་བུ་ཐུགས་རྗེ་ཆེན་པོ་ཉིད་ཁ་གཞལ་ཡས་ཁང་གི་སྒོ་ནས་བྱོན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མི་འབྲལ་བརྟན་པར་བཞུགས་པར་མོས་ཏེ་ཕྱོགས་རིས་མེད་པའི་འགྲོ་བ་མཐའ་དག་པ་རྗེས་སུ་བཟུང་ངོ་། །དྲུག་པ་སྒོས་ཀྱི་དམ་་ཚིག་ནི། དེ་ལྟར་དབང་ཐོབ་ཅིང་རིལ་བུ་ལྟོར་སོང་ཕན་ཆད་ལྟར་སྣང་ཐ་མལ་དུ་འདུག་ཀྱང་ངོ་བོ་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པ་ཡིན་པའི་ཕྱིར་དམངས་རིགས་རྒྱལ་སར་ཕྱུང་པ་དང་འདྲ་བས། རྒྱལ་སྲིད་ཐོབ་ནས་རྒྱལ་ཁྲིམས་སྐྱོང་བ་དང་ཆོས་མཚུངས་པར་ཐུགས་རྗེ་ཆེན་པོའི་བསླབ་པའི་དམ་ཚིག་བདག་བས་གཞན་གཅེས་ཀྱི་སེམས་བསྐྱེད་དང་ལྡན་པས་སྤྱིར་འགྲོ་དོན་ཇི་ལྟར་ནུས་པ་བསྒྲུབ་ཅིང་རང་གི་ལུས་ངག་ཡིད་གསུམ་གཞན་དོན་འབའ་ཞིག་པར་བསྔོ། ཁྱད་པར་ཉིན་མཚན་ཐུན་དྲུག་གམ་ཐ་ན་ཉིན་རེར་ལན་རེ་ཐུགས་རྗེ་ཆེན་པོའི་བཟླས་བསྒོམ་སྙིང་རྗེའི་སེམས་དང་མ་བྲལ་བར་བྱའོ། །བདུན་པ་དགོས་ཆེད་ཕན་ཡོན་ནི། བསམ་ཡས་མ་ལས། རིལ་བུ་སུ་ཡི་ལྟོར་སོང་བ༔ ཚེ་རབས་གང་དང་གར་སྐྱེས་ཀྱང༔ སྤྱན་རས་གཟིགས་དང་འབྲལ་མི་སྲིད༔ ཅེས་པས་རིལ་བུ་སུས་ཐོབ་པ༔ ཐུགས་རྗེ་ཆེན་པོའི་ཞིང་དུ་འགྲོ༔ འདི་ལ་ཐེ་ཚོམ་མི་འཚལ་ལོ༔ ཞེས་གསུངས་ཏེ་མཐེབ་དང་གཞུ་ཡི་ནུས་པས་མདའ་གང་འདོད་ཀྱི་གནས་སུ་འགྲོ་བ་ལྟར་སངས་རྒྱས་ཀྱི་ཐུགས་རྗེ་དང་རྒྱུ་རྐྱེན་རྟེན་འབྲེལ་བསམ་གྱིས་མི་ཁྱབ་པའི་མཐུ་ཡིན་པས་ཇི་སྐད་བཤད་པ་དེ་དག་ནི་ངེས་པའི་དོན་ཁོ་ན་ཡིན་ལ། དེ་དག་གི་ལག་ལེན་རྒྱས་པ་འོག་ནས་འབྱུང་བར་འགྱུར་རོ། །གཉིས་པ་སྒྲུབ་པའི་ཐབས་དངོས་ལག་ཏུ་ལེན་པ་ལ་སྔོན་འགྲོའི་ལས་རིམ་བདུན། དངོས་གཞིའི་ལས་རིམ་བདུན། རྗེས་ཀྱི་ལས་རིམ་བདུན་གྱིས་སྒྲུབ་པའི་གཞུང་བསྲང་བ་ནི་ལས་བྱང་གི་དཀྱུས་སུ་བསྟན་པ་ལྟར་ལ། དེའང་སྒྲུབ་པ་པོ་ཐམས་ཅད་ཁྲུས་བྱས་དྲིས་བྱུགས། རྒྱན་བཟང་པོ་དར་ཆས་གོས་དམར་པོ་བསྟར་ཏེ། སློབ་དཔོན་ཤར་ནས་དཀྱིལ་འཁོར་ལ་ཕྱོགས་པ་དང་། གཞན་རྣམས་ཀྱང་ཇི་ལྟར་འོས་པར་འདུག་ནས། སྔོན་འགྲོ་གཞི་བགེགས་ལ་གཏོར་མ་བྱིན་ནས་མཚམས་གཅད་པ་དང་། སྐྱབས་འགྲོ །སེམས་བསྐྱེད། ཚད་མེད་བཞི། ཚོགས་གསག་པ། བྱིན་དབབ་པ། མཆོད་རྫས་བྱིན་གྱིས་བརླབ་པ་རྣམས་བྱའོ། །དངོས་གཞིའི་སྒོམ་རྒྱུད་ནི། བདག་མདུན་བུམ་གསུམ་དབྱེར་མེད་དུ་ཤེས་པས་གྱེར་ཚིག་གཅིག་གིས་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་ཏུ་བསྡུས་ནས་བསྒོམས་པའི་འཛིན་སེམས་རྩེ་གཅིག་པ་ལས་གཞན་དུ་མི་གཡེང་བར་བྱས་ནས། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་ཅིང་བྱིན་གྱིས་བརླབ་པ། ཕྱག་མཆོད་བསྟོད་པ་སོགས་ལས་བྱང་གི་གཞུང་བསྲང་ཞིང་། ཛཔ྄་དགོངས་ནི། རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་སྣང་ལ་རང་བཞིན་མེད་པར་གསལ་བཏབ་ལ། ཕྱི་སྐུ་གསུང་ཐུགས་ལ་དམིགས་པའི་སྤྲོ་བསྡུ། ནང་དྲེགས་པ་ཚར་གཅོད་ལ་དམིགས་པའི་འཕྲོ་འདུ། གསང་བ་ཐུགས་དམིགས་མེད་མཁའ་ལྟར་དག་པའི་ཀློང་དུ་དཀྱིལ་འཁོར་ཐམས་ཅད་རྫོགས་པའི་དབྱིངས་ལས་རྩལ་འགག་མེད་དུ་འཆར་བར་རྒྱས་བཏབ་སྟེ་རླུང་སྔགས་དབྱེར་མེད་དུ་བསྲེ་བ། དེ་ལས་སྣང་བ་ཐམས་ཅད་རང་སྣང་ཐུགས་རྗེ་ཆེན་པོའི་སྐུར་རྒྱས་འདེབས་པ། སྒྲར་གྲགས་ཐམས་ཅད་གྲགས་སྟོང་གཞོམ་མེད་ཀྱི་རང་སྒྲ་ཐུགས་རྗེ་ཆེན་པོའི་གསུང་། དྲན་རྟོག་ཐམས་ཅད་ཡེ་ཤེས་ཟང་ཐལ་རང་ཤར་རང་གྲོལ་ཐུགས་རྗེའི་ངང་དུ་ལ་བཟླ་བ། དེ་ཉིད་ཡེ་ནས་ལྷ་ཡིན་པ་ཡིན་པར་ངོ་ཤེས་པས་གཉིས་སུ་འཛིན་པའི་ཐེ་ཚོམ་མེད་པའི་ངང་ལ་འཇོག་པ། བསྒྲུབ་བྱའི་ལྷ་རང་སེམས་ལས་གུད་ན་མེད་པའི་ལྟ་བས་ཐག་གཅོད་པ། ལྷ་ཚོགས་ཐམས་ཅད་རང་ལས་བྱུང་ཞིང་རང་གི་རང་བཞིན་འོད་གསལ་བའི་ངང་དུ་ལྟ་བ། མདོར་ན་དེ་ཐམས་ཅད་སྐུ་གསུམ་དབྱེར་མེད་ཀྱི་ཀློང་ལས་མི་འདའ་བའི་དགོངས་པ་བསྐྱང་བ་སྟེ་ཛཔ྄་དགོངས་བཅུ་པོའི་དོན་ལ་དམིགས་པ་རྩེ་གཅིག་པས་བཟླ་བྱའི་སྔགས་བརྒྱ་སྟོང་ལ་སོགས་པ་ཇི་ལྟར་རིགས་པ་བཟླ་ཞིང་། ཁྱད་པར་སྐྱེ་བདུན་སྒྲུབ་རིལ་ལ་དམིགས་ཏེ་གཟུངས་ཐག་ནས་འཇུས་ལ། བུམ་པ་རང་བྱུང་གི་ཕོ་བྲང་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་བུམ་བཅུད་འཁོར་བ་དོང་སྤྲུགས་འཇིག་རྟེན་དབང་ཕྱུག་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་གསལ་བར་གྱུར། རང་གི་ཐུགས་ཀའི་ཧྲཱིཿལས་མཁའ་ཁྱབ་ཏུ། །འོད་ལྔའི་ཟེར་འཕྲོས་ཕྱོགས་བཅུའི་བདེ་གཤེགས་མཆོད། །གང་ལ་དམིགས་པའི་ཡུལ་དེས་ཐོག་དྲངས་པའི། །འགྲོ་དྲུག་སྡུག་བསྔལ་ལས་ཉོན་སྡིག་སྒྲིབ་སྦྱངས། །འཁོར་འདས་སྣང་སྲིད་སྣོད་བཅུད་ཐམས་ཅད་ཀྱི། །དྭངས་མའི་རྩི་བཅུད་བུམ་བཅུད་རྫས་ལ་བསྟིམ། །ཟེར་རླངས་ཐུགས་རྗེ་ཆེན་པོའི་སྐུར་གསལ་བས། །ལྷ་སྔགས་ཡོམ་ཡོམ་ཤིག་ཤིག་ལྟ་བུར་གྱུར། །ཅེས་གསལ་བཏབ་སྟེ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་ར་པ་ཙ་མི་ཏ་ཧྲི་ད་ཡ་སྭཱ་ཧཱ༔ ཞེས་བཏགས་པའང་བཟླ་ཞིང་། དེ་ལྟར་སྔགས་སྒྲ་རྒྱུན་མི་ཆད་པའི་སྒོ་ནས་ཛཔ྄་དབྱངས་དང་བཅས་ཐུན་བཞིའི་རིམ་པས་བཟླས་བརྗོད་ཁོ་ན་གཙོ་བོར་བྱའོ། །ཐུན་མཚམས་རྣམས་སུ་སྟོང་ཚིགས་ཀྱི་མཆོད་པ་བྱ་བ་ནི། ཧཱུྃ༔ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས༔ སོགས་ཀྱིས་མཆོད། དེ་ཡང་ཉིན་མོའི་སྔ་ཐུན་ལ་ཆོ་ག་སྔོན་འགྲོ་བཅས་རྒྱས་པ་དང་། ཉིན་མོའི་ཕྱི་ཐུན་དང་། མཚན་ཐུན་སྔ་ཕྱི་གཉིས་ལ་མཚམས་གཅོད་ནས་བཟུང་སྨན་མཆོད་ཀྱི་དགོངས་པ་བརྡ་སོགས་མཚན་དོན་ཁཱ་ཧི་དོར་བ་མ་གཏོགས་བཟླས་པའི་བར་ལས་བྱང་དཀྱུས་ལྟར་བྱ། ཉིན་མོའི་ཕྱི་ཐུན་གྱི་མཇུག་ཏུ་ཆོས་སྐྱོང་གཏོར་བསྔོ་དང་། ཚོགས་མཆོད་བྱེད། ལྷག་མ་དཀྱིལ་འཁོར་གྱི་བྱང་ཤར་དུ་བརྩོན་དུ་བཟུང་ཞིང་བསྔོ། ཆོས་སྐྱོང་གི་གཏོར་འབུལ་རྗེས་ཆོག །ཆད་ཐོ་དང་། བརྟན་མ་བསྐྱང་། རྟ་བྲོ་བརྡུང་། གཏང་རག་མཆོད་བསྟོད་ནི། ཧྲཱི༔ ཀུན་འབྱུང་ནམ་མཁའི་ཀློང་ཡངས་ནས༔ བདུག་སྤོས་མེ་ཏོག་མར་མེ་དྲི༔ བཤོས་གཙང་སིལ་སྙན་རོལ་མོ་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ རང་བྱུང་རྣམ་དག་བདུད་རྩི་དང༔ འཛིན་ཆགས་བྲལ་བའི་གཏོར་མ་དང༔ རིགས་དྲུག་བསྒྲལ་པའི་རཀྟ་དང༔ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་ན་མསྶརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་རུ་ཎི་ཀཱ་གུ་ཧྱ་ཛྙཱ་ན་སརྦ་ཡོ་གི་ནཱི་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བིདྱ་ཤབྡ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ཎ་དྷརྨ་དྷཱ་ཏུ་སརྦ་པཱུ་ཛ་ཧོ༔ ཞེས་མཆོད། ཧྲཱི༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ སྣང་སྟོང་གཉིས་མེད་ཐུགས་རྗེ་ཆེ༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ༔ གཉིས་མེད་ཚུལ་གྱིས་ཕྱག་འཚལ་བསྟོད༔ ཅེས་བསྟོད། དབྱངས་གསལ་ཡིག་བརྒྱ། ལས་བྱང་ལྟར་ནོངས་བཤགས་དང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུའང་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་ཐམས་ཅད་ཇི་སྲིད་གཤེགས་གསོལ་གྱི་ཆོ་ག་མ་བྱས་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱཿ ཞེས་བརྗོད་ཅིང་མེ་ཏོག་འཐོར་ཏེ་བརྟན་བཞུགས་བྱ། ཧཱུྃ་ཞེས་བརྗོད་པས། རང་གི་སྙིང་གའི་འོད་ཀྱིས་ཕོག་པས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་སོགས་ཀྱིས་ཉེར་བསྡུ་བྱས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་ཡི་གེ་བདུན་པའི་སྒྲས་ཐུན་མཚམས་ཀྱི་ལྷར་ལངས་ནས། རྒྱུན་སྤྱོད། བསྔོ་སྨོན། ཡེ་དྷར་སྔོན་དུ་འགྲོ་བའི་བཀྲ་ཤིས་བརྗོད་པར་བྱའོ། །ད་ལྟའི་ཕྱག་ལེན་ཕལ་མོ་ཆེར་དངོས་གཞི་ཞག་བདུན་བྱེད་ན་ཞག་དང་པོ་གསུམ་ཡིག་བདུན་རྐྱང་པ། དེ་རྗེས་ཞག་གསུམ་ལ་མྱང་གྲོལ་སྔགས་ཤམ་ཅན། མཐའི་ཞག་གཅིག་ལ་སྔགས་ཤམ་རིང་བ་སྦྲེལ་བའི་ཕྱག་བཞེས་ཀྱང་སྣང་རུང་འདིར་མྱང་གྲོལ་སྔགས་ཤམ་ཐོག་མ་ནས་སྦྲེལ་བ་བསྙེན་སྒྲུབ་གཅིག་ཆོད་ལེགས་པར་མངོན་ཞིང་། སྒྲུབ་ཞག་རྫོགས་པའི་ཉིན་གསུམ་མམ་གཅིག་ལ་གདུལ་བྱའི་སྣོད་སྦྱོང་ཕྱིར་ཚེའི་སྙིང་པོ་ནི། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ། ཨོཾ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་ཏིཥྛ་ཨཱོཾ། ཞེས་བཏགས་པ་བཟླ་སྟེ། སྒྲུབ་ཐབས་བསམ་ཡས་མ་ལས། རྒྱལ་བ་རིགས་ལྔས་ཡེ་ཤེས་སྐུ་ལྔར་སྦྱོར༔ ཡེ་ཤེས་བདུད་རྩིའི་སྔགས་ཀྱིས་འཆི་མེད་ཚེ༔ རྣམ་རྟོག་བག་ཆགས་སྦྱོང་ཞིང་མངོན་སངས་རྒྱས༔ རྨི་ལམ་དག་ཏུ་རྟགས་བཟང་འབྱུང་བར་ངེས༔ ཐུགས་རྗེ་ཆེན་པོས་འཁོར་བ་མྱང་འདས་སྦྱོར༔ སྐྱེ་བདུན་སྙིང་པོ་མ་བསྒྲུབ་སངས་རྒྱས་ཐོབ༔ ཅེས་འབྱུང་ངོ་། །གཉིས་པ་བར་ཆད་ཉུལ་ལེ་འདུལ་ཞིང་བསྐྲད་པ་ནི། གོང་གི་བཀྲ་ཤིས་རྫོགས་པའི་རྗེས་འབྲེལ་དུ། ཚོགས་པ་ཐམས་ཅད་ཞྭ་བཅས་བཞེངས། སློབ་དཔོན་ཆས་ཞུགས་མཛད་པ་དཀྱིལ་འཁོར་གྱི་མདུན་དུ་འཁོད་པའི་དྲུང་དུ་ཉུལ་ལེའི་ལིངྒ་བཀོད། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲིཿལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་བལྟ་བའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར་པར་བསམ་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག ཏྲི་ཡཾ་ཛཿཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿས་དགུག་གཞུག་བྱས་ནས་གིང་དཀར་ནག་ལས་ཀྱི་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་ཕོ་ཉ་མཚོན་ཆའི་ཆར་འབེབ་པས་རྡུལ་དུ་བརླག་པར་བསམ་ལ། རྟ་མགྲིན་གྱི་ཕུར་པ་འདྲིལ་ཞིང་། ཧཱུྃ། ང་ནི་དབང་ཆེན་པདྨའི་སྐུ །སྲས་དང་སྤྲུལ་པ་བྱེ་བ་འབུམ། །བཀའ་སྡོད་རབ་འཇིགས་ཕོ་ཉར་འགྱེད། །རྟ་མགྲིན་ལྷ་ཚོགས་དུས་ལ་བབས། །གཡས་ཀྱི་ཕྱག་ན་ཕུར་བུ་འདྲིལ། །གཡོན་གྱི་ཕྱག་ན་ལྕགས་ཀྱུ་བསྣམས། །ལྕགས་ཀྱུས་ཟུངས་ལ་ཕུར་བུས་ཐོབས། །གནོད་བྱེད་འབྱུང་པོ་རྡུལ་དུ་རློགས། །ཞེས་ཕུར་བུས་གནས་རྣམས་སུ་གདབ། ཐུན་གྱིས་བྲབ་ཅིང་། ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ ཅེས་གཟིར། ཁྱད་པར་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བ་ནི། ཧཱུྃ༔ ཤར་ཕྱོགས་དཀར་མོ་དུང་གི་གཞལ་ཡས་ནས༔ ཁྲག་མདོག་དམར་མོ་བསེ་ཡི་ལན་ཕྲན་ཅན༔ སྤྱན་རྩ་དམར་པོ་ཉི་ཟླ་སྐར་ལྟར་འཕྲོ༔ སྨིན་མ་གློག་འགྱུ་མུན་པའི་གོ་སྐབས་འབྱེད༔ བུ་ཡུག་ཐོག་འབེབ་ཤངས་ནས་རྡོ་རྗེ་འཁྲུགས༔ བཞད་པ་ཧེ་དང་དཔལ་གྱི་སྤུ་གྲིས་གཏམས༔ རྔམ་པའི་ལྗགས་འདྲིལ་བསྐལ་པའི་མེ་ཆེན་འབར༔ ཨག་ཚོམས་མེ་འབར་རབ་འབྱམས་སྲིད་པ་སྲེག༔ བསྐལ་པའི་འབྲུག་སྒྲ་སྙན་ནས་གསུང་སྒྲ་སྒྲོག༔ ལག་པ་དམར་པོ་སྤུ་གྲི་འབུམ་གྱིས་གཏམས༔ སེན་མོ་ལྕགས་ཀྱུའི་རྩེ་ལས་བསྐལ་པའི་མེ་ཆེན་འབར༔ བ་སྤུ་རྡོ་རྗེ་གནམ་ལྕགས་ཞུན་མ་འཁྲུགས༔ སྨིན་མ་ལྕགས་ཀྱི་ཁྲོ་ཆུང་ཆར་འབེབས་ཤིང༔ ཞབས་ཀྱི་ཕུར་པས་སྲིན་མོ་ལྔ་བརྒྱ་གཟིར༔ རལ་པ་བསེ་ཁྲབ་ཁྲག་གི་ཁུ་ཆར་འབེབ༔ ཤིན་ཏུ་མི་བཟད་གཏུམ་ཆེན་ཁྲག་འཐུང་མ༔ སྲིན་མོའི་སྙིང་འབྱིན་ཆངས་པར་བཅུག་ནས་གསོལ༔ ཤིན་ཏུ་མི་བཟད་འབར་བའི་སྐུ་གཅིག་མ༔ དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་ཀླུ་སྲིན་མ་ལུས་སྒྲོལ༔ ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ༔ ན་བཟའ་དམར་པོ་སྲིན་གྱི་གཡང་གཞི་གསོལ༔ ཕྱོགས་བཅུར་ཁ་བལྟས་ཕྱོགས་སྐྱོང་ཞབས་ཀྱིས་གནོན༔ བདུད་ལ་བབས་ན་སྙིང་ཁྲག་དྲོན་མོ་འཐུང༔ སྲིན་ལ་བབས་ན་སྲོག་རྩ་དམར་པོ་གཅོད༔ དགྲ་ལ་བབས་ན་དུག་གི་ཁ་ཆུ་འདེབས༔ བགེགས་ལ་བབས་ན་རཱུ་པ་རྡུལ་དུ་རློག༔ དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལས་བྱུང༔ དམ་ཚིག་དགྲ་དང་འབྱུང་པོ་བགེགས་ཀྱི་ཚོགས༔ ཕུང་པོ་དུམ་བུར་གཏུབ་ཅིང་དོན་སྙིང་མ་ལུས་བསྲེག༔ བྲུ་བུ་བྲུ་ཨ་པ་ཙེ་རུ་པ་ཙེ་ནི་ཙེ་ར་ཎ་ཐུན་དུ་ཐུན་ན་ཤ་སཏྭཾ་བྷ་ཡ་ཡཀྴ་འབྱིན་ཡཀྴ་འབྱིན་ཡ་ཕྱེ་མ་ཕྱེ་མ༔ རྡུལ་ཕྲན་རྡུལ་ཕྲན༔ ཞེས་དྲག་སྔགས་སྤོས་རོལ་དང་གིང་དཀར་ནག་རྒྱུག་ཤར་དྲག་པོས་འདོན་ཅིང་། དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོས་ཁྱད་པར་གྱི་དབྱུག་པས་བསྡིགས་ཤིང་ཐུན་གྱིས་བྲབ་པ་སོགས་དྲག་པོའི་ཚམ་རྔམ་དང་བཅས་གཟིར་བར་བྱའོ། །དེ་ནས་སྤོས་བཏུལ་ཞིང་དར་ཚོན་སྣ་ལྔ་གཡབ། གདུང་བའི་དབྱངས་དང་བཅས་པས། ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ཕྱོགས་བཅུ་སྟོང་གི་འཇིག་རྟེན་ཁམས༔ རང་བཞིན་དཀྱིལ་འཁོར་ཆེན་པོ་ནས༔ གསུང་མཆོག་ཡོངས་རྫོགས་གཤེགས་སུ་གསོལ༔ དཀྱིལ་འཁོར་བྱིན་རློབས་བདག་དབང་སྐུར༔ ཧེ་རུ་ཀ་ཡི་གནས་བཅུ་དང༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་དང༔ འོག་མིན་ལྷུན་གྲུབ་གནས་མཆོག་ནས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདག༔ ལྷ་དང་རིག་འཛིན་དམ་ཅན་གྱིས༔ དཀྱིལ་འཁོར་བྱིན་རློབས་བདག་དབང་སྐུར༔ ཞི་ཚོགས་འོད་དང་ལམས་སེ་ལམ༔ ཁྲོ་ཚོགས་ཧཱུྃ་སྒྲ་དི་རི་རི༔ རིག་འཛིན་བྱིན་ཆེན་ཐིབས་སེ་ཐིབ༔ མཁའ་འགྲོའི་གར་སྟབས་ཤིགས་སེ་ཤིག༔ ཆོས་སྐྱོང་རུ་མཚོན་ལྷབས་སེ་ལྷབ༔ རྟགས་དང་མཚན་མ་བསྟན་པ་དང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨ་ལ་ལ་ཧོ༔ ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་བདག་གནས་ཡོ་བྱད་སྒྲུབ་རྫས་ཐམས་ཅད་ལ་བྱིན་དབབ་པ་ནན་ཏན་དུ་བྱས་པས་བར་ཆད་སེལ་ཞིང་དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར་རོ། །གསུམ་པ་དངོས་གྲུབ་ཀྱི་མཚན་མ་བརྟག་པ་ནི། ཡི་དམ་ལྷའི་ཞལ་མཐོང་བ་དང་། དམ་ཅན་མཁའ་འགྲོས་ལུང་སྟོན་པ་དང་། བུམ་ཆུ་ཁོལ་བ་དང་། སྒྲུབ་རྫས་འཕེལ་ཞིང་འོད་འཕྲོ་བ་དང་། སྙན་པའི་སྒྲ་དང་དྲི་བཟང་འཐུལ་བ། ཉི་ཟླ་ཤར་བ། རི་བོ་ལ་འཛེག་པ། མཁའ་ལ་འཕུར་བ། ལོངས་སྤྱོད་ཀྱི་གཏེར་ཐོབ་པ་སོགས་ཉམས་དངོས་རྨི་ལམ་གང་རུང་དུ་འབྱུང་བ་དང་། ཁྱད་པར་རིལ་བུ་གྲུབ་རྟགས་ནི། བུམ་པ་ལས་འོད་འབྱུང་བ། སྒྲུབ་གནས་སུ་འཇའ་འོད་ཤར་བ། རིལ་བུ་ལས་དུ་བ་དང་སྒྲ་སྙན་དང་དྲི་ཞིམ་འབྱུང་བ། ལྷ་དང་ལྷ་མོའི་གཟུགས་མཐོང་བ། ལྷས་ཆར་འབེབ་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དགེ་ཞིང་བཀྲ་ཤིས་པ་དང་། སྒོམ་ཉམས་གསལ་ཞིང་རྟོགས་པ་འཕེལ་བ་སོགས་བྱུང་ན་དེ་མ་ཐག་ཏུ་དངོས་གྲུབ་བླང་བ་གནད་ཡིན་པས། བནྡྷ་མཚན་ལྡན་དུ་ཨ་མྲྀཏ་སྒྲུབ་པའི་རིལ་བུ་སྦྱར་བའི་ཆང་གིས་བཀང་ལ། ཧཱུྃ༔ བདེ་གཤེགས་རྒྱལ་བ་ཀུན་གྱི་ཐུགས་དམ་དང༔ སྦྱོར་ལམ་ཚོགས་ལམ་གནས་པའི་དམ་ཅན་ཚོགས༔ རྣལ་འབྱོར་བདག་ལ་སྔོན་གྱི་ཐུགས་དམ་གྱིས༔ ཚེ་དང་ཆོས་དང་ལས་བཞི་མྱུར་འགྲུབ་དང༔ རྐང་མགྱོགས་མིག་སྨན་རིལ་བུ་མཁའ་སྤྱོད་དང༔ སྲིད་ནོར་ཟས་གོས་མཐུ་རྩལ་དངོས་གྲུབ་སྩོལ༔ ཨ་ལ་ལ་ཧོ༔ ཞེས་བརྗོད་ལ་བདུད་རྩི་རོལ། རྟགས་མཚན་དམིགས་སུ་མ་བྱུང་ན་འདི་ཉིད་དམིགས་སུ་མི་དགོས་ཤིང་། གལ་ཏེ་བར་ཆད་རྟགས་དམིགས་སུ་བསལ་བ་བྱུང་ན་དེ་མ་ཐག་ཏུ་ཉུལ་ལེ་བསྐྲད་པའི་ཆོ་ག་དགོས་ཀྱང་མ་འགྲུབ་ན་རྟའི་དྲག་སྔགས་བརྗོད་ཅིང་ཡུངས་གུལ་གྱིས་བྲབ་བདུག་བྱ། ཅིས་ཀྱང་ལྟས་ངན་ན་མཆེད་ལྕམ་རྣམས་དཀྱིལ་འཁོར་གྱི་མཐར་ལག་པ་ལུ་གུ་རྒྱུད་དུ་སྦྲེལ་ཏེ་ལྟ་བའི་གདིང་བསྐྱེད་ལ་ལས་བྱང་ལྟར་བྲོ་བརྡུང་བྱ། གཞན་ཡང་འགྲུབ་ཏུ་རུང་ན་ཚེ་འགུགས་པ་པོ་དང་། བར་ཆད་བསལ་བའི་རྡོ་རྗེ་མཚམས་པ་དང་། གུང་གཉིས་ལ་ཁྲུས་ཀྱི་ཆོ་ག་དང་། ཐུན་དྲུག་གམ་ནང་ནུབ་ཏུ་དངོས་གྲུབ་བསྐུལ་བ་དང་། ཁྱད་པར་ཉམས་ཆག་སྐོང་བའི་ཆོ་ག་ནི་ཀུན་ལ་གཅེས་པས་སྐོང་ཆོག་མཛད་པ་པོ་རྣམས་ཀྱིས་སོ་སོའི་ཆོ་ག་ལ་བརྩོན་པར་བྱ་ཞིང་། དེ་དག་ཟུར་དུ་མི་འཛོམ་ན་དཀྱུས་སུ་བསྟན་པ་འདི་ཙམ་ལ་གཞུང་གི་དོན་ཚང་ཞིང། བར་ཆད་མི་འབྱུང་བར་དངོས་གྲུབ་འགྲུབ་པའི་རྒྱུའི་གཙོ་བོ་སྒྲུབ་པ་པོ་རྣམས་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ། རྡོ་རྗེ་སློབ་དཔོན་ཏིང་ངེ་འཛིན་གསལ་བ། ཐམས་ཅད་དད་མོས་དག་སྣང་རྩེ་གཅིག་པ་གལ་ཆེ་བ་དང་། དམ་ཚིག་གི་གནད་ནི་ཤིན་ཏུ་ཕྲ་བས་མ་ཚོར་བར་ཉམས་ཆག་འབྱུང་བའི་ཕྱིར་རྟག་ཏུ་ཡི་གེ་བརྒྱ་པའི་བཟླས་བསྒོམ་ལ་འབད་པ་ཅི་ནས་གལ་ཆེའོ། །ལྔ་པ་སྒྲུབ་པའི་རྗེས་བསྐྱང་མཐའ་རྒྱས་ལས་ཀྱི་རིམ་པ་ནི། བདག་དོན་གཞན་དོན་ཚེ་འགུགས་ཤིང་། །གཏེར་སྦེད་རྗེས་རིམ་རྒྱུན་སྤྱོད་དང་། །ཕྱི་མཚམས་བཀྲོལ་ཞིང་དཀྱིལ་འཁོར་བསྡུ། །བཟོད་གསོལ་སྨོན་ལམ་བཀྲ་ཤིས་བརྗོད། །རྡུལ་ཚོན་ཆུར་གཤེགས་གནས་སྲུང་ངོ་། །ཞེས་པའི་དང་པོ་བདག་དོན་དུ་དུས་ཀྱི་དངོས་གྲུབ་བླང་བ་ནི། ལྟས་བཟང་གཏན་ལ་ཕེབ་པའམ། ཞག་དང་དུས་གྲངས་ཀྱི་ངེས་པ་ཅན་གང་ཡིན་ནའང་རུང་སྟེ། སང་གྲོལ་རྒྱུའི་དེ་རིང་གི་དགོང་ཐུན་ནས་དངོས་གྲུབ་བླང་བའི་རྫས་བཤམ་སྟེ། དཀྱིལ་འཁོར་གྱི་མདུན་དུ་གཞི་དཀར་པོའི་སྟེང་དུ་གྲོའི་གཡུང་དྲུང་གཡས་འཁྱིལ་དུ་བྲིས་པའི་དབུས་སུ། རིན་པོ་ཆེའི་སྣོད་དུ་འབྲུ་བཟང་གི་ཕྱེ་མངར་གསུམ་དང་ཞོ་མར་འོ་མས་སྦྲུས་པའི་ནོར་བུ་འབར་བའི་གཟུགས་དང་ཕྱོགས་བཞིར་ལས་བཞིའི་འབྲང་རྒྱས་བཟའ་བཅའ་སྣ་ཚོགས་པས་བསྐོར་བ། གཡས་སུ་མངར་གསུམ་ཐུད་དང་བསྲེས་པའི་རིལ་བུ་དང་། གཡོན་དུ་བྷཉྫ་བཟང་པོར་འབྲུ་བཅུད་བདུད་རྩི་ལ་ཨ་མྲྀཏ་བཏབ་པའང་བཤམ། ནུབ་ཐ་མའི་ཐོར་ཐུན་ལ་བབ་པ་ན་ལས་གཞུང་བཟླས་པའི་བར་དང། གཏོར་བསྔོ། ཚོགས་མཆོད་སོགས་རྒྱས་པར་བྱེད། ཚོགས་ཐ་མའི་སྐབས་ཉུལ་ལེའི་ལིངྒ་མེར་བསྲེག །སྔར་བཙོན་འཛིན་བྱས་པའི་ཚོགས་ལྷག་མཆོད་པའི་རས་མ་དང་བཅས་པ་ཕྱི་རོལ་དུ་གཏང་། ཆོས་སྐྱོང་གི་གཏོར་འབུལ་སྐབས་སྲུང་མའི་གཏོར་མ་རྣམས་འབུལ་ཞིང་རྗེས་ཆོག་བྱ། ལས་བྱང་གི་ཆད་ཐོ། བརྟན་མ། བྲོ་རྡུང་བཅས་སོང་མཚམས། ཧྲཱིཿཧཱུྃ༔ ང་ནི་ཁྲོ་རྒྱལ་རྟ་མགྲིན་ཏེ༔ རྟ་སྐད་རྔམ་སྒྲོག་བར་ཆད་སེལ༔ སྐུ་ཡི་འོད་ཟེར་མཚོན་ཆའི་གུར༔ མེ་རི་འབར་བས་ཕྱོགས་མཚམས་གཅོད༔ མ་རྟོགས་འཁྲུལ་པའི་སེམས་ཅན་རྣམས༔ རྣམ་རྟོག་མ་རིག་བག་ཆགས་ཀྱིས༔ ལྷ་དང་འདྲེ་བགེགས་གཉིས་སྣང་ཡང༔ རྣམ་པར་རྟོག་པ་བགེགས་ཡིན་ཕྱིར༔ འདྲེ་བགེགས་རང་གི་སེམས་ལས་བྱུང༔ སེམས་ཉིད་ཡེ་ནས་ཆོས་སྐུ་ལ༔ བགེགས་དང་བར་ཆོད་ག་ལ་ཡོད༔ ཐམས་ཅད་རང་གྲོལ་ཆོས་སྐུའི་མཚམས༔ འདི་ལས་སུ་ཡང་འདའ་མ་བྱེད༔ ཧྲཱིཿཧཱུྃ་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བགེགས་བསྐྲད། ཧཱུྃ་ཧྲཱི༔ རྣམ་དག་སྤྲོས་དང་བྲལ་བའི་ངང་ཉིད་ལས༔ མ་འགགས་ཐུགས་རྗེའི་རང་རྩལ་གཙོ་དང་འཁོར༔ གནས་འདིར་སྐུ་གསུང་ཐུགས་ཀྱི་བྱིན་ཕོབ་ལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མ་ཧཱ་ཀཱ་རུ་ནི་ཀཱ་ཡ༔ སརྦ་ས་མ་ཡ༔ ཨཱ་བེ་ཤ་ཡ་ཨཿཨཱ༔ ཞེས་བྱིན་དབབ། ཨོཾ་ཨཱཿཧཱུྃ༔ རྒྱལ་བ་ཞི་ཁྲོ་རྡོ་རྗེ་སློབ་དཔོན་དང༔ བདེ་གཤེགས་ཡོངས་རྫོགས་སྲུང་མ་དམ་ཚིག་ཅན༔ སྐུ་གསུམ་གདུང་གསོབ་རྡོ་རྗེ་ལྕམ་དྲལ་མཆེད༔ དཔང་གྱུར་དཀོན་མཆོག་མ་ལུས་དགོངས་སུ་གསོལ༔ བདག་ནི་མ་རིག་ལུས་དང་ངག་སེམས་ཀྱིས༔ རྡོ་རྗེ་སློབ་དཔོན་མཆེད་ལ་ངན་སྨྲས་ཤིང༔ ཡི་དམ་སྔགས་དང་ཕྱག་རྒྱ་གསང་བ་བསྒྲགས༔ རྩ་བའི་དམ་ལས་འགལ་གྱུར་མཐོལ་ཞིང་བཤགས༔ ཤེས་བྱ་ལྔ་དང་སྤྱད་པར་བྱ་བ་ལྔ༔ མི་སྤང་ལྔ་དང་བསྒྲུབ་པར་བྱ་རྒྱུ་ལྔ༔ དང་ལེན་ལྔ་སོགས་ཡན་ལག་དམ་ཚིག་ཀུན༔ ཉམས་གྱུར་རང་གནོང་འགྱོད་པས་མཐོལ་ཞིང་བཤགས༔ སྔགས་ལ་ཐེ་ཚོམ་བླ་མེད་ཐེག་པ་སྨད༔ ལྟ་སྒོམ་ཡ་བྲལ་བསྙེན་སྒྲུབ་གཞུང་མ་བསྲང༔ ལོང་ཡོད་ལེ་ལོས་དུས་ཀྱི་མཆོད་པ་ཆག༔ སྒོ་གསུམ་ཐུན་མོང་དམ་ཉམས་མཐོལ་ཞིང་བཤགས༔ རིག་པའི་རྩལ་ཆུང་སྙིང་པོའི་དོན་མ་རྟོགས༔ སྒོམ་པའི་བསྲན་ཆུང་གནས་ལུགས་སོ་མ་ཐུབ༔ བློ་ཡི་སྟོབས་ཆུང་སྤྱོད་པ་བོགས་མ་ཐོན༔ ལེགས་བསམ་སྤྱད་ཀྱང་དོན་ལོག་ཐུགས་འགལ་བསགས༔ འབྲས་བུ་ཡིད་སྨོན་གྱུར་པ་མཐོལ་ལོ་བཤགས༔ ཞེས་ནོངས་པ་བཤགས། དངོས་གྲུབ་བསྡུ་བའི་དམིགས་པ་ནི། རྩ་བའི་དཀྱིལ་འཁོར་ལྷ་རྣམས་མཉམ་སྦྱོར་བའི། །སྦྱོར་མཚམས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། །འགྲོ་དྲུག་སེམས་ཅན་རྒྱུད་སྦྱངས་མཁའ་ཁྱབ་ཀྱི། །བདེ་བར་གཤེགས་པ་རྣམས་ལ་དགྱེས་པ་བསྐྱེད། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །དངོས་གྲུབ་ཚུར་བསྡུས་བདག་དང་སྒྲུབ་རྫས་ལ། །ཐིམ་པས་འཆི་མེད་བདུད་རྩིའི་དྭངས་མ་ཆེ། །དངོས་གྲུབ་ཀུན་གྱི་སྙིང་པོར་འཁྱིལ་བར་གྱུར། །ཅེས་གསལ་བཏབ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཧཱུྃ་ཧཱུྃ་ཨཱཿ ཞེས་ཅི་ནུས་བཟླའོ། །དེ་ནས་སྐྱ་རེངས་འཆར་བ་དང་མཉམ་དུ་རྣམ་རྒྱལ་བུམ་པ། ཐོད་པ། མེ་ལོང་། སྐྱེ་བདུན་བུམ་རིལ། དངོས་གྲུབ་ཀྱི་རྫས་འབྲང་རྒྱས་དང་བཅས་པ། ཚེ་རིལ། ཚེ་ཆང་སོགས་ལག་ཏུ་ཐོགས་ལ། ཧཱུྃ༔ ནམ་མཁའི་མཐའ་དང་མཉམ་པའི་འཇིག་རྟེན་ན༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་འཁོར་དང་བཅས༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང༔ གཟུགས་སྐུ་རྣམ་བཞི་འཇའ་ཚོན་ལྟ་བུར་གསལ༔ སྒྲུབ་པའི་ལྷ་མཆོག་ཐུགས་རྗེའི་སྐུ་གསུང་ཐུགས༔ གསང་བ་ཡེ་ཤེས་སངས་རྒྱས་ཀུན་གྱི་ཡུམ༔ ནོར་འཛིན་གསང་སྔགས་འཛིན་མ་སྲས་དང་བཅས༔ རྒྱལ་བ་རིགས་དྲུག་སྤྲུལ་སྐུ་ཐུབ་པ་དྲུག༔ དུས་གསུམ་སངས་རྒྱས་སྟོང་རྩ་ཐུགས་རྗེའི་བདག༔ སྒོ་སྐྱོང་བདུད་འདུལ་ཡེ་ཤེས་ཁྲོ་བོ་བཞི༔ བླ་མ་ལྷ་མཆེད་རིག་འཛིན་ཆོས་སྐྱོང་ཚོགས༔ ཧཱུྃ༔ ནམ་མཁའི་སྐུ་མངའ་འགྲན་དུ་མེད་པ་ཡི༔ འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ འགྲོ་དྲུག་སྒྲོལ་མཛད་ཆོས་ཀྱི་འབྲུག་སྒྲ་སྒྲོག༔ འགག་མེད་གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ ཡེ་ཤེས་ཐུགས་ཀྱི་རྡོ་རྗེ་འགྱུར་བ་མེད༔ འཆི་མེད་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ས་གཞིའི་དྲོད་ལྟར་ཡོན་ཏན་ཟད་མི་ཤེས༔ ཡོན་ཏན་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ༔ ཆོ་འཕྲུལ་སྣ་ཚོགས་འགྲན་མེད་ཉི་ཟླའི་ཚུལ༔ ཕྲིན་ལས་འགྲོ་དོན་མཐར་ཕྱིན་དངོས་གྲུབ་སྩོལ༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ༔ བླ་མེད་ཐར་པའི་དངོས་གྲུབ་བསྩལ་དུ་གསོལ༔ དམ་ཅན་མཁའ་འགྲོས་དངོས་གྲུབ་བསྩལ་དུ་གསོལ༔ དང་པོ་བསྒྲུབས་ནས་དེང་གི་ཞག་གྲངས་ཐེམས༔ དུས་ལས་མི་འདའ་ཐུགས་རྗེས་དངོས་གྲུབ་སྩོལ༔ སརྦ་སིདྡྷི་ཧཱུྃ་ཨཱ༔ ཞེས་དངོས་གྲུབ་བསྐུལ་མཐར། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་སྐྱེ་བདུན་བུམ་རིལ་གནས་གསུམ་དུ་བཞག་ཅིང་། རིལ་བུ་ཅུང་ཟད་བདུད་རྩི་ཨ་མྲྀཏ་དང་སྦྱར་ལ་དེ་ཉིད་ངོ་བོ་བདེ་གཤེགས་ཀུན་གྱི་རང་བཞིན་ལ་རྣམ་པ་བདུད་རྩི་དཀར་མེར་གྱིས་འཁྱིལ་བར་བསམ་ལ། སྤྱི་མགྲིན་སྙིང་གར་ཐིག་ལེ་བྱ། སརྦ་སིདྡྷི་ཕ་ལ་ཧོཿས་ལྕེ་ཐོག་ཏུ་མྱངས་པས་ལུས་ཕྱི་གཞལ་ཡས་ཁང་ནང་རྩ་ཁམས་ཐམས་ཅད་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་བསམ་ལ་དངོས་གྲུབ་བླང་ངོ་། །དེ་ནས་དངོས་གྲུབ་ཀྱི་རྫས་ལྷག་མ་རྣམས་ཀྱང་འདུས་པ་ཐམས་ཅད་ལ་འགྱེད་ཅིང་དབང་བསྐུར་རྒྱས་པར་མི་བྱེད་ན་སྐབས་འདིར་ཛཔ྄་དབྱངས་དང་བཅས་ཏེ་འདུས་པ་རྣམས་ལ་བུམ་རིལ་གྱི་དབང་ཡང་བསྐུར་བར་བྱའོ། །གཉིས་པ་གཞན་དོན་དབང་སྐུར་བའི་ཚུལ་ནི་དབང་གི་ཆོ་ག་ལས་འབྱུང་བ་ལྟར་རྒྱས་བསྡུས་སྐབས་ཕྱེད་པར་བྱའོ། །གསུམ་པ་ཚེ་འགུགས་ནི་སྐབས་འདིར་ཚེ་འགུགས་བསྟིམ་ཙམ་གྱིས་ཆོག་ཀྱང་། སྤྲོས་པ་ལ་དགའ་ཞིང་སྤྲོ་ན་ཚེ་བུམ་དང་ཚེ་རིལ་ཚེ་ཆང་ཡང་འདུ་བྱས་ལ་ཚེ་དཔག་མེད་རིགས་ལྔ་ཡུམ་ལྔ་མགྱོགས་མ་སྒོ་མ་དང་བཅས་པ་གསལ་བའི་འོད་ཟེར་སྤྲོ་བསྡུས་ཚེ་བཅུད་བསྡུ་བསྟིམ་གྱི་ཏིང་ངེ་འཛིན་དང་ལྡན་པས། ཧཱུྃ་བྷྲཱུྃ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ སྭཱ་བྷྲཱུྃ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ ཨཱཿབྷྲཱུྃ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ ཧཱ་བྷྲཱུྃ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ ཞེས་བཟླ། མདའ་དར་གཡབ་ཅིང་། ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དམར་འཚེར་འོད་ཟེར་འབར༔ ཕྱག་གཡས་རྡོ་རྗེ་ཚེ་དར་འཛིན༔ གཡོན་པས་ཚེ་ཡི་བུམ་པ་བསྣམས༔ ཡང་གསང་ཐུགས་ཀྱི་གྭ་འུ་ནས༔ སྙིང་པོ་ཐུགས་ཀྱི་ཨཱ་ཡུཿསྩོལ༔ མགོན་པོའི་ཚེ་བཞག་གནས་འདི་ཡིན༔ བདག་ཅག་ཚེ་སྲོག་བརྟན་པར་མཛོད༔ ཧཱུྃ༔ མགྱོགས་མ་རྣམས་ཀྱིས་ཚེ་དྲོངས་ལ༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ དབང་ཆེན་རྣམས་ཀྱིས་དབང་སྐུར་ཅིག༔ གསང་བ་བཞི་ཡིས་རྒྱས་ཐོབས་ཤིག༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཛཿ ཨཱ་ཡུ་ཤེ་ཛྙཱ་ན་ཛཿཛཿ ཞེས་སྔགས་ལན་གསུམ་བརྗོད་ལ་ཚེ་འགུགས། དེ་ནས་ཚེ་བརྟན་པར་བྱ་བ་ནི། ཧཱུྃ་ཏྲ་ཏྲ་ཤག༔ མུ་ཏྲ་ཧོ༔ ཏིཥྛ་ལྷན༔ བདུན་ནམ་ཉེར་གཅིག་བཟླས་ལ། ཧཱུྃ༔ སྙིང་པོ་བསྟན་པར་མི་ནུས་ཏེ༔ རྡོ་རྗེ་འཆང་གི་ཚེ་ཡང་ཚེ༔ སྤྲོས་པས་ཁམས་གསུམ་བཀྲག་མདངས་ལྡན༔ བསྡུས་པས་ལུས་ལ་གཟི་མདངས་ལྡན༔ བཅིངས་པས་རྡོ་རྗེ་ལུ་གུ་རྒྱུད༔ བརྟན་པས་མི་འགྱུར་རྡོ་རྗེ་འདྲ༔ བདག་ཅག་རྡོ་རྗེའི་དམ་ཚིག་ཅན༔ སྐུ་གསུང་ཐུགས་ཀྱི་ཚེ་མཆོག་སྩོལ༔ ཚེ་མཆོག་རྡོ་རྗེའི་དོན་རྟོགས་ཤོག༔ དེ་ནས་ཚེ་དབང་སྐུར་བར་སྤྲོ་ན་བུམ་པ་མགོའི་གནས་ལྔར་བཞག་སྟེ། ཧཱུྃ་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྭཱ་རཏྣ་ཀཱ་ཡ་ཨ་བྷི་ཥིཉྩ་སྭཱ༔ ཨཱཾཿཔདྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཨཱཾ༔ ཧཱ་ཀརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱ༔ ཞེས་པའི་རྗེས་འབྲེལ་དུ་ཚེའི་སྙིང་པོ་བརྗོད་བཞིན་དུ་ཚེ་རིལ་ཆང་ཡང་བཀྱེ། དེ་ནས་མེ་ཏོག་འཐོར་ལ། ཨོཾ༔ སྐུ་ཡི་སྐུ་སྟེ་སྐུ་ལ་ཐིམ༔ ཕུང་པོ་ལྔ་ལ་རབ་ཏུ་ཐིམ༔ ཨཱ༔ གསུང་གི་གསུང་སྟེ་གསུང་ལ་ཐིམ༔ ལྗགས་ཀྱི་དབང་པོ་མཆོག་ལ་ཐིམ༔ ཧཱུྃ༔ ཐུགས་ཀྱི་ཐུགས་ཏེ་ཐུགས་ལ་ཐིམ༔ རང་བྱུང་ཡེ་ཤེས་ཐུགས་ལ་ཐིམ༔ ཉིན་མོ་བཀྲ་ཤིས་མཚན་བཀྲ་ཤིས༔ ཉིན་མཚན་རྒྱུན་དུ་བཀྲ་ཤིས་པ༔ སྐལ་ལྡན་རྣམས་ལ་བཀྲ་ཤིས་ཤོག༔ སྙིང་པོ་ཉི་ཟླ་གསལ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ཛྙཱ་ན་ཧཱུྃ་ཧོ༔ ཞེས་ཚེ་བརྟན་པའི་བཀྲ་ཤིས་བརྗོད། བཞི་པ་གཏེར་སྦེད་པའང་བསྡུས་པའི་སྐབས་ཕྱག་ལེན་མི་མཛད་པས་འདིར་མ་བྲིས་ལ་སྤྲོ་ན་ཐུགས་གསང་སྒྲུབ་ཁོག་ལྟར་རོ། །ལྔ་པ་དཀྱིལ་འཁོར་གྱི་རྗེས་རིམ་ནི། དཀྱིལ་འཁོར་པ་ལ་གཏང་རག་གི་མཆོད་བསྟོད་ནོངས་བཤགས་བཟོད་གསོལ་བཅས་བྱ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱི་མཐར། ཛྙཱ་ན་མཎྜལ་བཛྲ་མུཿས་ཡེ་ཤེས་ཀྱི་འཁོར་ལོ་ཆོས་ཀྱི་དབྱིངས་སུ་གཤེགས། ཧཱུྃ། རང་གི་སྙིང་གའི་འོད་ཀྱིས་ཕོག་པས་སྣོད་བཅུད་ཐམས་ཅད་སོགས་ཀྱིས་དམ་ཚིག་གི་འཁོར་ལོ་བསྡུས་ནས་མི་དམིགས་པའི་ངང་མཉམ་པར་བཞག་ལ། སླར་ཡང་། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་ཡི་གེ་བདུན་པས་ཐུན་མཚམས་ཀྱི་ལྷར་ལྡང་ངོ་། །དྲུག་པ་རྒྱུན་སྤྱོད་ནི་ལས་བྱང་གི་དཀྱུས་སུ་གསལ་བ་ལྟར་རོ། །བདུན་པ་ཕྱི་མཚམས་བཀྲོལ་བ་ནི། སེར་སྦྲེང་དང་བཅས་ཏེ་ཕྱི་རོལ་གྱི་ཤར་ལ་སོགས་པར་རིམ་བཞིན་སོང་ལ་རྒྱལ་ཐོ་བཞིའི་མདུན་མཆོད་གཏོར་བཤམས་ནས་བྱིན་བརླབ་མཆོད་བསྟོད་རྣམས་སྔར་ལྟར་ལས། ཕྲིན་བཅོལ་མཇུག་གི །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །ཅེས་པའི་ཚབ་ཏུ། བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་བསྒྱུར་ཞིང་། སྐུ་རྟེན་ལ་བརྟན་བཞུགས་བྱ། སྒོ་བྱང་གཉིས་ལའང་སྔར་ལྟར་ལས། ཧཱུྃ། གསང་ཆེན་ལྷུན་གྲུབ་ཅེས་སོགས་ཀྱི་ཚབ་ཏུ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་དང་སྐུ་རྟེན་ལ་བརྟན་བཞུགས་བྱའོ། །བརྒྱད་པ་དཀྱིལ་འཁོར་བསྡུ་བ་ནི། ནང་དུ་ཕྱིན་ལ་སློབ་དཔོན་གྱིས་ཧཱུྃ་མཛད་རྒྱ་དང་བཅས། ཨོཾ་བཛྲ་ཀཱི་ལ་ཡ་ཨུཏྐཱི་ལི་ཡ་སརྦ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་ཕུར་བུ་རྣམས་དང་པོར་གདབ་རིམ་ལས་ལྡོག་ཕྱོགས་སུ་ཕྱུང་སྟེ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ་ས་ཕུར་རྩེ་རྣམས་འོ་མས་བཀྲུ །ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་ཡིད་ལ་བྱས་ཏེ་དྲིལ་བུ་དཀྲོལ་ཞིང་། ཨ་ཀཱ་རོའི་སྔགས་བརྗོད་བཞིན་པར་གཡས་པའི་རྡོ་རྗེས་ཤར་གྱི་ཚངས་ཐིག་གི་ལམ་ནས་གཙོ་བོའི་གནས་ཀྱི་བར་དབྱི་ཞིང་། ལྷག་མ་རྣམས་ཀྱང་རྗེས་མི་མངོན་པར་ཕྱགས་ལ། དོན་དུ་གཉེར་བ་རྣམས་ལ་ཅུང་ཟད་བྱིན་ནས་གཞན་རྣམས་བུམ་པར་བླུགས་ལ་བཀུར་སྟི་ཆེན་པོས་མཆོད། ཐིག་ཤུལ་དྲི་བཟང་གིས་དབྱིའོ། །དགུ་པ་བཟོད་གསོལ་ལ་དང་པོ་མཆེད་ལྕམ་རྣམས་ཕན་ཚུན་དུ་ཕྱག་བྱས་ལ་ནོངས་པ་བཤགས་པ་ནི། ཧོ༔ ཐམས་ཅད་རྡོ་རྗེ་མཆེད་དང་ལྕམ་དྲལ་ཏེ༔ བདེ་བར་གཤེགས་པའི་སློབ་མར་དམ་མནོས་ནས༔ ཀུན་ཀྱང་མཐུན་པར་སྤྱོད་པའི་དམ་ཚིག་ལ༔ མཉམ་ཉིད་ངང་ལས་ལེགས་ཉེས་དབྱེར་མེད་ཀྱང༔ ལུས་ངག་རྣམ་པར་དག་པའི་ཚུལ་ཙམ་དུ༔ གཞུང་ལས་ཉམས་ཤིང་ཐུགས་དང་འགལ་བ་རྣམས༔ རྣམ་དག་བསམ་པས་མི་གནས་ཚིག་འདིས་བཤགས༔ འཛིན་མེད་ངང་དུ་བཟོད་པར་བཞེས་མཛོད་ལ༔ རང་བཞིན་དག་པའི་ཚངས་པ་བསྩལ་དུ་གསོལ༔ ཨ་ཨ་ཨ༔ དེ་ནས་རྡོ་རྗེ་སློབ་དཔོན་ལ་གཏང་རག་འབུལ་ཞིང་བཟོད་པར་གསོལ་བ་ནི་ཐམས་ཅད་ཀྱིས་ཕྱག་བྱ། ལུས་ལོངས་སྤྱོད་འབུལ་བའི་བློས། ཧོ༔ རྡོ་རྗེ་སློབ་དཔོན་ཆེན་པོ་དཔལ་མཆོག་ལྡན༔ གསུང་རབ་རྒྱ་མཚོ་ལྷ་མིའི་འདྲེན་པའི་དཔལ༔ ཡང་དག་དོན་སྟོན་འཁོར་བའི་སྡུག་བསྔལ་སྐྱོབ༔ འཇིག་རྟེན་འདི་ན་ཕ་མའི་ཚུལ་དུ་གནས༔ བཀའ་དྲིན་བཟང་ཡང་བསྙེན་བསྐུར་རྔོ་མ་ཐོགས༔ སྡོམ་གསུམ་བསྲུང་བྱ་དམ་ཚིག་གང་ཉམས་ཀྱང༔ ཉེས་ལྟུང་སྒྲིབ་པར་མི་འགྱུར་དག་བྱའི་ཕྱིར༔ མཐོལ་བཤགས་བཟོད་པར་གསོལ་གྱིས་ཚངས་པར་མཛོད༔ ཅེས་ཞབས་སྤྱི་བོར་བླངས་ཤིང་བླ་མ་སྤྱི་གཙུག་ཏུ་འབྲལ་མེད་བཟུང་ངོ་། །བཅུ་པ་མར་མེའི་སྨོན་ལམ་གྱིས་དགེ་བའི་རྩ་བ་བླ་ན་མེད་པའི་རྒྱུར་བསྔོ་བ་ནི། དཔོན་སློབ་ཐམས་ཅད་ལག་བསྣོལ་བས་སྲིན་ལག་སྦྲེལ་ཏེ་གཡོན་པས་མར་མེ་བཟུང་ཞིང་། རྡོ་རྗེ་རྒྱལ་ཐེབས་ཀྱིས་རྣམ་སྦྱར་དང་བཅས་བཞེངས་ཏེ་མར་མེའི་སྨོན་ལམ་གྱི་གཏོང་ཐུན་སྔོན་དུ་འགྲོ་བས། ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་མཆོག་གིས་དབུ་བཟུང་ནས༔ རྒྱལ་བའི་གདུང་གསོབ་མཆེད་དང་ལྕམ་དྲལ་རྣམས༔ ནམ་ཞིག་བྱང་ཆུབ་མཆོག་ཏུ་ཞུགས་པའི་ཚེ༔ འཁོར་བའི་གཡང་ས་ཆེན་པོར་མི་ལྟུང་དང༔ མ་རིག་མུན་པའི་དབང་དུ་མི་གཏང་ཞིང༔ གཅོང་རོང་ཟབ་མོའི་གནས་སུ་མི་སྐྱེ་དང༔ དམྱལ་བའི་ཟངས་ཁར་ནང་དུ་མི་ལྟུང་ཞིང༔ གཅན་གཟན་གདུག་པའི་སྒྲ་སྐད་མི་གྲགས་དང༔ མཚོན་རྣོན་གདུག་པའི་དབལ་གྱིས་མི་ཕོག་ཤོག༔ དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བ་དང༔ དམ་ཚིག་གཅིག་པའི་རྡོ་རྗེ་མཆེད་ལྕམ་རྣམས༔ དབང་གིས་འབྲེལ་པའི་མཚན་ལྡན་གཟུངས་མ་རྣམས༔ ཚེ་རབས་འདི་དང་ཚེ་རྒྱུད་ཐམས་ཅད་དུ༔ མི་འབྲལ་འགྲོག་པའི་ཏིང་འཛིན་རྩེ་གཅིག་གིས༔ ས་བཅུ་རིམ་གྱིས་ཁྱད་པར་བགྲོད་པར་ཤོག༔ ནམ་ཞིག་ཚེ་འཕོས་ལུས་བརྗེས་དུས་བྱུང་ཚེ༔ མ་རིག་དབང་གིས་འཁོར་བར་ལྟུང་སྲིད་ན༔ སྣང་གསལ་མར་མེས་འཁོར་བའི་སྡུག་བསྔལ་སེལ༔ ཕྲག་དོག་དབང་གིས་ལྷ་མིན་ཡུལ་འཁྱམས་ན༔ སྣང་གསལ་མར་མེས་གདུག་པའི་མཚོན་ཁ་སྙིལ༔ འདོད་ཆགས་དབང་གིས་ཀླ་ཀློ་མིར་སྐྱེས་ན༔ སྣང་གསལ་མར་མེས་ཤེས་རབ་གསུམ་ལ་སྦྱོར༔ ང་རྒྱལ་དབང་གིས་ཚེ་རིང་ལྷར་སྐྱེས་ན༔ སྣང་གསལ་མར་མེས་གདུག་པའི་སྡུག་བསྔལ་ཆོམས༔ གཏི་མུག་དབང་གིས་བྱོལ་སོང་གནས་བསྒྲིབས་ན༔ སྣང་གསལ་མར་མེས་ཤེས་རིག་སྒྲོན་མེ་ཐེགས༔ སེར་སྣའི་དབང་གིས་ཡི་དྭགས་གནས་སྐྱེ་ན༔ སྣང་གསལ་མར་མེས་བཀྲེས་སྐོམ་གདུང་བ་སོལ༔ རྒྱུ་མཆོག་འདི་ཡིས་ས་བཅུ་ཡོངས་བགྲོད་དེ༔ ཤེས་བྱའི་སྒྲིབ་བྱང་ཕྱིར་མི་ལྡོག་པར་ཤོག༔ སྣང་བའི་གོ་འབྱེད་ཞུན་མར་མདངས་ལྡན་འདི༔ བདེ་གཤེགས་ཡོངས་ལ་ཕུལ་བའི་མཐུ་བྱིན་གྱིས༔ ས་བཅུ་འདས་ཏེ་ས་རྣམས་ཡོངས་བགྲོད་ཤོག༔ ཀུན་ཏུ་འོད་དང་མ་ཆགས་པདྨ་སྤྱན༔ འཁོར་ལོ་ཚོགས་ཆེན་སྟུག་པོ་བཀོད་ལ་སོགས༔ དེ་བ་ཀོ་ས་ཀུན་བཟང་དབྱེར་མེད་སར༔ རྡོ་རྗེ་སེམས་མིང་ལྕང་ལོ་ཅན་གྱི་ས༔ བླ་མེད་ས་དང་སྲིད་གསུམ་ངང་རྫོགས་ས༔ རྩོལ་བྲལ་ཐིག་ལེའི་ས་ལ་ལྷུན་གྲུབ་ནས༔ གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་ཡོངས་རྫོགས་ཤོག༔ ཅེས་ཐམས་ཅད་ཀྱིས་རྗེས་ཟློས་དང་བཅས་ཏེ་སྨོན་ལམ་རྩེ་གཅིག་ཏུ་གདབ། གཞན་ཡང་ལས་བྱང་གི་དཀྱུས་སུ་བསྟན་པ་ཉིད་དང་། ཧོ༔ དགེ་བ་དྲི་མེད་རྒྱ་ཆེན་འདིས༔ མཐའ་ཡས་སེམས་ཅན་མ་ལུས་ཀུན༔ སྒྲིབ་པ་ཀུན་བྲལ་ཚོགས་རྫོགས་ཏེ༔ ས་ལམ་མ་ལུས་ཡོངས་རྫོགས་ཏེ༔ སྐུ་གསུམ་དབྱེར་མེད་ལྷུན་གྲུབ་སྟེ༔ བྱང་ཆུབ་མྱ་ངན་འདས་པའི་ས༔ མཆོག་གི་དངོས་གྲུབ་མྱུར་ཐོབ་ཤོག༔ ཨོཾ་སྭསྟི་བྷྲཱུྃ་བྷྲཱུྃ་བྷྲཱུྃ༔ ཞེས་པའང་བརྗོད་དོ། །བཅུ་གཅིག་པ་ཤིས་བརྗོད་ནི། འདུས་པ་ཐམས་ཅད་ཀྱིས་ཞྭ་གསོལ་ཞིང་ཡེ་དྷར་སྔོན་དུ་འགྲོ་བས་དྲིལ་གསིལ་དང་མེ་ཏོག་འཐོར་བཞིན་ལས་བྱང་དུ་བཤད་པ་དང་གཞན་ཡང་ཤིས་བརྗོད་རྒྱས་པར་བྱའོ། །བཅུ་གཉིས་པ་རྡུལ་ཚོན་ཉིད་སློབ་དཔོན་སློབ་མར་བཅས་པས་བཀྲ་ཤིས་པའི་གླུ་དང་རོལ་མོ། རྣམ་པར་བཀྲ་བའི་ལྟད་མོ་སྣ་ཚོགས་དང་བཅས་ཆུ་ཀླུང་ཆེན་པོའམ། རྒྱུན་མི་ཆད་པའི་ཆུ་བོ་ལྟ་བུའི་འགྲམ་དུ་ཁྱེར་ནས། དེར་དྲིའི་མཎྜལ་དཀར་པོ་འདབ་མ་བརྒྱད་པའི་དབུས་དང་ཕྱོགས་མཚམས་བརྒྱད་ལ་འབྲུ་ཚོམ་བཀོད། སྟེགས་མཐོ་བར་རྡུལ་ཚོན་བཞུགས་སུ་གསོལ། མཐར་ཉེར་སྤྱོད་དཀར་གཏོར་བཤམ། པདྨཱནྟ་ཀྲྀཏ་བསང་། སྭ་བྷཱ་ཝས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ ཞེས་སོགས་དང་། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ སོགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་ཧོཿས་བྱིན་གྱིས་བརླབ། རྟེན་པདྨཱནྟ་ཀྲྀཏ་བསང་། སྭ་བྷཱ་ཝས་སྦྱང་། མཎྜལ་གྱི་དབུས་སུ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཀླུ་ཆེན་བརྒྱད་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། འདབ་མ་བརྒྱད་ལ་འཁོད་པ་ནི། སྟོད་ལྷའི་ལུས་ཅན་སྦྲུལ་མགོའི་གདེངས་ཀ་ཅན་ཐལ་མོ་སྦྱར་བ་སྨད་སྦྲུལ་མཇུག་ཏུ་འཁྱིལ་པ་དར་དང་རིན་པོ་ཆེས་བརྒྱན་པ་འཁོར་དང་བཅས་པར་གྱུར། ཨོཾ་བཛྲ་སཏྭ་ཨཥྚ་མ་ཧཱ་ནཱ་ག་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཨ་ཀཱ་རོ་ལན་གསུམ་གྱིས་གཏོར་མ་འབུལ། གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པའི་ཚོགས་རྣམས་རབ་འཇོམས་ཤིང་། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །རྡུལ་ཚོན་གཏད་དེ་ཆུར་སྦྱང་། དེང་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་རྡུལ་ཚོན་རིན་པོ་ཆེའི་རང་བཞིན་འདི་རྣམས་བདག་གིར་མཛད་ནས་མཆོད་པ་དང་། འཇིག་རྟེན་གྱི་ཁམས་སྤྱི་དང་ཁྱད་པར་ས་ཕྱོགས་འདི་དག་ཏུ་བདེ་ལེགས་ཀྱི་དཔལ་ཕུན་སུམ་ཚོགས་པ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་དང་བཀྲ་ཤིས་བརྗོད། སླར་ཡང་། ཨོཾ་བཛྲ་སཏྭ་ཨཥྚ་མ་ཧཱ་ནཱ་ག་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། གདེངས་ཀ་ནོར་བུ་འབར་བའི་སོགས་ཀྱིས་བསྟོད། ཡི་གེ་བརྒྱ་པས་ནོངས་པ་བཤགས། ཨོཾ་མ་ཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་ས་པ་རི་ཝཱ་ར་གཙྪས་ཀླུ་རྣམས་གཤེགས། ཛཿཧཱུྃ་བཾ་ཧོཿརྡོ་རྗེ་སེམས་དཔའ་རང་ལ་ཐིམ་པར་བསམ་ལ། གང་དུ་རྡུལ་ཚོན་བླུགས་པའི་བུམ་པ་དེ་ཆུས་བཀང་ནས་སྔར་བཞིན་ཁྱེར་ཏེ། ཨོཾ་རུ་རུ་སྥུ་རུ་སོགས་སྤྱན་མའི་སྔགས་བཟླ་བཞིན་དུ་དཀྱིལ་འཁོར་ཁང་པ་སོགས་ལ་འཐོར། བཅུ་གསུམ་པ་གནས་སྲུང་བ་ནི། གྲུབ་ནས་ཉིན་གསུམ་ལ་སོགས་པར་ལས་བྱང་གི་གཞུང་བསྲང་ཞིང་ཚོགས་གཏོར་འབུལ་བ། ཟབ་མོའི་རྒྱུད་བཀླག་ཅིང་དམ་ཆོས་བཤད་ཉན་གྱིས་མཚོན་པའི་དགའ་སྟོན་ཇི་ཙམ་བྱས་པ་དེ་ཙམ་དུ་བསྟན་པ་དང་འགྲོ་བ་ཡོངས་ལ་འཕྲལ་དང་ཡུན་དུ་བདེ་ལེགས་ཀྱི་སྣང་བ་ཟད་མི་ཤེས་པས་ཁྱབ་ཅིང་རྟག་པར་འགྱུར་རོ། །གསང་བ་ཡོངས་རྫོགས་ཀྱི་སྒྲུབ་འབུམ་ཆེན་མོ་ལས། སྤྱིར་གསང་སྔགས་སྒྲུབ་ཆེན་འདི་ཞི་ཁྲོ་བཀའ་བརྒྱད་ཐམས་ཅད་ཀྱི་སྤྱི་ཁོག་སྐྱེད་བྱེད་མ་ལྟ་བུ་ཡིན་ཕྱིར༔ སྔོན་རྗེས་ཆོག་ཁྲིགས་འདི་བཞིན་ལ༔ འདོད་ལྷའི་མཚན་དང་རྫས་བཅས་གར་དགོས་སུ་བཅུག་སྟེ༔ བར་འདིར་རང་རང་གི་སྒྲུབ་གཞུང་ཞི་ཁྲོ༔ ཡང་དག༔ ཕུར་པ༔ བདུད་རྩི༔ མ་མོ༔ པདྨ༔ ཐུགས་རྗེ་ཆེན་པོ༔ ཕྱག་རྡོར་གང་བྱེད་འདིའི་སྒོ་ནས་བཏོན་པས་ཁྱད་པར་མཆོག་ཏུ་འགྱུར་རོ༔ ཞེས་གསུངས་པ་ལྟར་ཡོངས་རྫོགས་ཉིད་ཆོས་དབང་རིན་པོ་ཆེའི་ཟབ་གཏེར་ཐམས་ཅད་ཀྱི་སྤྱིའི་ཆིངས་ཆེན་པོ་ཡིན་པས་རྩ་བའི་ས་ཁོངས་དང་འདོན་བྱ་ཡང་འདུས་རང་གཞུང་དུ་མི་གསལ་བ་རྣམས་དེ་ཉིད་ནས་བླངས། མཁན་ཆེན་ཨཽ་ཌཱི་ཡ་ནའི་ཡིག་ཆ་ལས་ལེགས་པའི་བཅུད་བསྡུས་ཏེ་འདུས་གསལ་དུ་བཀོད་པའོ། །ཡང་རས་བྲིས་ཀྱི་ཕྱོགས་ལྟ་བུར་ཤིན་ཏུ་ཟོར་ཡང་བ་བྱེད་ན། བདག་བསྐྱེད་སྔོན་དུ་འགྲོ་བའི་ས་ལྷ་ལ་གཏོར་འབུལ། ལས་བྱང་གི་མཚམས་གཅོད་ཙམ་གྱིས་ས་བཟུང་། ལྷ་དང་བུམ་པ་སྟ་གོན། རྒྱན་བཀོད་ཙམ་བྱས་པས་སྔོན་འགྲོའི་དོན་ཚང་། མངའ་གསོལ་སོགས་མི་དགོས། དེ་ནས་ཕྱི་ནང་བར་གྱི་མཚམས་གཅོད་འདིར་བསྟན་རྫོགས་པར་བྱས་ཏེ་དངོས་གཞི་ལ་འཇུག་ཅིང་། རྗེས་ཀྱི་སྐབས་སུའང་ཚེ་འགུགས་སློབ་དཔོན་དང་མཆེད་ཀྱི་ནོངས་བཤགས་རྡུལ་ཚོན་ཆུར་གཤེགས་གནས་སྲུང་གི་ས་བཅད་རྣམས་དོར་བས་ཀྱང་ལེགས་པར་འགྲུབ་བོ། །གྲོལ་བ་བཞི་ལྡན་ཐབས་མཆོག་ཉེ་བའི་ལམ། །གསང་སྔགས་སྔ་འགྱུར་བ་ཡི་ཁྱད་ཆོས་གང་། །དེང་དུས་འགྲོ་བློར་ལྷག་པར་འཚམ་པའི་ཕྱིར། །འདི་ལྟར་བཤད་པའང་དོན་དང་ལྡན་པ་ཉིད། །ཡང་འདུས་སྒྲུབ་པའི་ཚོམ་བུས་ས་གཞིའི་ཁོངས། ཁྱབ་ཅིང་དེར་འབྲེལ་འཇིག་རྟེན་དབང་ཕྱུག་གི །གོ་འཕང་ཐོབ་ནས་སྲིད་པའི་ཁམས་འདི་ཉིད། །རྣམ་དག་བདེ་ལྡན་ཞིང་ཁམས་དངོས་འགྱུར་ཤོག །བཟླས་པས་གྲོལ་བ་བོད་ཀྱི་ཆོས་གཅིག་མ། །ཐེག་རྩེའི་རྣལ་འབྱོར་གསུམ་གྱིས་ཟློ་བའི་ཐབས། །སྤྲོས་བཅས་འདི་ཡི་གོང་ན་གཞན་མེད་པས། །ས་གསུམ་རྡོ་རྗེའི་རང་སྒྲས་འགེངས་གྱུར་ཅིག །ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་སྐྱེ་བདུན་མྱང་གྲོལ་ཆེན་མོའི་ཚོམ་བུ་ཚོགས་སུ་སྒྲུབ་པའི་ཁོག་དབུབ་འདི་ལྟར། སྤྱན་རས་གཟིགས་དངོས་ཆོས་དབང་རིན་པོ་ཆེ་བདག་ཅག་གི་འདྲེན་པར་སྣང་བ་༧ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་རྩལ་གྱིས་བཀའ་བསྩལ་ཡང་ཡང་ཕེབ་པ་རྗེས་སུ་སྒྲུབ་པའི་གུས་འདུན་གྱི་བློས། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་རྒྱལ་བ་ལྷ་ལས་བབས་པའི་དུས་བཟང་པོར་གྲུབ་པར་སྦྱར་བའི་དགེ་བས་དཔལ་ལྡན་བླ་མའི་ཞབས་པད་ཡུན་རིང་དུ་བརྟན་ཞིང་བསྟན་འགྲོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །དགེ་ལེགས་འཕེལ།། །།
རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་ལས་གསུངས་པའི་ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་སྒྲུབ་ཐབས་ (Volume 4, Text 8)
༄༅། །རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་ལས་གསུངས་པའི་ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་སྒྲུབ་ཐབས་བཞུགས་སོ། ། བླ་མ་རྒྱལ་བ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། །རྟག་ཅིང་ཁྱབ་པའི་ངོ་བོ་ཉིད་ཀྱི་དབྱིངས། །སྐུ་གསུམ་སྣང་ཆ་མ་འདྲེས་ཡོངས་སུ་རྫོགས། །སྨོན་ལམ་དབང་གིས་འགྲོ་དོན་རྒྱུན་མི་འཆད། །བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འདུད། །ངན་འགྲོའི་མུན་ནག་སྟུག་པོར་འཁྱམས་པའི་འགྲོ །སྐྱོབ་ཕྱིར་བླ་མའི་མན་ངག་ཟབ་མོའི་འོད། །བརྩེ་བའི་ཤིང་རྟ་ཡིས་དྲངས་ཟེར་འཕྲོས་པས། །ངན་འགྲོའི་མུན་པ་འཇོམས་བྱེད་འདི་ན་བཤད། །དེ་ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱུད་ལུང་དུ་མའི་དགོངས་པ་བཀྲལ་བའི་མན་ངག་ན་རཀ་དོང་སྤྲུགས་ཀྱི་སྒྲུབ་ཐབས་འདི་ནི་སྒྲིབ་པ་སྦྱོང་ཞིང་ཚོགས་རྫོགས་པའི་ཐབས་དུ་མའི་ནང་ནས་ཁྱད་པར་དུ་འཕགས་པ་ཡིན་པས། རང་དང་གཞན་གྱི་དོན་དུ་འདི་ལ་འཇུག་པ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ་དྲུག་ལས། དང་པོ་ཡོ་བྱད་བཤམ་པ་ནི། གང་དུ་བྱ་བའི་གནས་སུ་བདག་བསྐྱེད་བསྙེན་པའི་སྐབས་སྨན་རཀ་གཏོར་གསུམ་ཙམ་ལ་བརྟེན། མདུན་བསྐྱེད་སྒྲུབ་པའི་སྐབས་སུ་དཀྱིལ་འཁོར་ས་ཐིག་ཆོག་དང་བཅས་འབྲི་བའམ་རས་བྲིས་བཀྲམ་ལ་སྐུ་གཟུགས་གང་འབྱོར་བཤམ་པའི་མཐར་མཆོད་གཏོར་གྱིས་བསྐོར་ཞིང་སྐོང་ཆོག་བྱེད་ན་དཀྱིལ་འཁོར་གྱི་མཐར་སྨན་རཀ་གཏོར་གསུམ་མར་མེ་ལྷ་གྲངས་ཚོགས་ཀྱི་འཁོར་ལོ་བཅས་བཤམ། དབང་དང་འབྲེལ་ན་དབུས་སུ་བུམ་པ་བཅུད་ལྡན་ཆས་ཀྱིས་སྤྲས་པ་བྱང་ཤར་དུ་ཁྲུས་བུམ་དབང་རྫས་སོགས་འོག་ཏུ་དགོས་པའི་ཡོ་བྱད་འདུ་བྱ། ཚོགས་གསག་པ་ནི་སྒྲུབ་པ་པོ་རྣམས་སྟན་བདེ་བར་འཁོད་ལ་དད་པ་དང་ངེས་འབྱུང་སྙིང་རྗེ་དང་ལྡན་པས་བརྒྱུད་པའི་བླ་མ་ལ་གསོལ་བ་བཏབ། བྱིན་རླབས་བཅུ་གཅིག་སྐབས་སུ་གང་བབ་སོང་རྗེས་གཞི་བདག་གཏོར་མ་གཏོང་ལ་ཚོགས་ཞིང་སྤྱན་དྲང་། ཡན་ལག་བརྒྱད་པ་སོང་རྗེས་བགེགས་གཏོར་བཏང་ལ་བཀའ་བསྒོ་ཞིང་ཕྱིར་བསྐྲད། གཉིས་པ་སྲུང་འཁོར་སྒོམ་པ་ནི། ཧཱུྃ༔ ཡང་དག་ལྟ་བའི་ངང་ཉིད་ལས༔ ཁྲོ་བོའི་སྤྲིན་ཀུན་འདུས་པ་ཡིས༔ བགེགས་དང་ལོག་འདྲེན་ཚར་བཅད་ནས༔ ཚུར་འདུས་རྡོ་རྗེའི་གུར་ཁང་ཆེ༔ མེ་རླུང་ཆུ་ཡི་རིམ་པས་བསྐོར༔ ཀུན་ཀྱང་གཞོམ་དུ་མེད་པར་བསམ༔ བཛྲ་རཾ་ཡཾ་ཁཾ་རཀྵ༔ གསུམ་པ་བཤགས་པ་བྱ་བ་ནི། བཤགས་ཡུལ་གསལ་བཏབ་ལ། ཧཱུྃ༔ ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལ༔ མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ༔ བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན༔ དེ་ལྡོག་དོན་ཕྱིར་རྒྱལ་བའི་དམ་མནོས་ཏེ༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱི༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ བཞི་པ་དམ་བཅའ་བཟུང་བ་ནི། ཧཱུྃ༔ ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི༔ བྱང་ཆུབ་མཆོག་ཏུ་བདག་ནི་སེམས་བསྐྱེད་དོ༔ དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས༔ བླ་མ་ལྷ་ཁྱོད་རྟག་ཏུ་བཟུང་བར་བགྱི༔ རྒྱས་པར་ཡེ་ཤེས་སྐུ་མཆོག་དང་རྣལ་འབྱོར་དབང་པོ་སོགས་བྱ། ལྔ་པ་བྱིན་འབེབས་པ་ནི། མོས་གུས་གདུང་ཤུགས་དྲག་པོས། ཧཱུྃ་ཨ་ལ་ལ་ཧོ༔ བྷ་ག་ཝཱན་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ འཕགས་མཆོག་ཐུགས་རྗེའི་དུས་ལ་བབ༔ ཁྱད་པར་བསྟན་པའི་དུས་ལ་བབ༔ མཐུ་རྩལ་ཕྱུང་བའི་དུས་ལ་བབ༔ བྱིན་གྱིས་རློབ་པའི་དུས་ལ་བབ༔ དབང་མཆོག་བསྐུར་བའི་དུས་ལ་བབ༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ མཐུ་ཆེན་བདུད་ཐུལ་བཅོམ་ལྡན་འདས༔ བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས༔ དབང་ཆེན་དབང་སྐུར་བཅོམ་ལྡན་འདས༔ བདག་ཅག་ལས་འབྲས་མཆིས་པར་མཛོད༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ དྲུག་པ་མཆོད་རྫས་བྱིན་རླབས་ནི། རཾ་ཡཾ་ཁཾ་གིས་བསྲེག་གཏོར་བཀྲུས༔ བདུད་རྩིའི་སྣོད་ནི་གཞལ་ཡས་ཁང༔ འཁོར་ལོ་རྩིབས་བཞིར་དམ་རྫས་བཅུ༔ ས་བོན་ཕྱག་མཚན་རིགས་ལྔའི་སྐུ༔ ཡབ་ཡུམ་མཉམ་སྦྱོར་བདུད་རྩིར་ཞུ༔ བྷནྡྷ་བདུད་རྩིར་ཨོཾ་གྱིས་མཚན༔ རྒྱ་གྲམ་རྟ་མགྲིན་ཡུམ་བཞིས་མནན༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ སྦྱོར་བའི་འོད་ཀྱིས་བདུད་རྩི་བསྐུལ༔ འོད་ཞུ་བདུད་རྩིར་དབྱེར་མེད་འདྲེས༔ གཏོར་གཞོང་བྷནྡྷའི་ནང་དུ་ནི༔ གཏོར་མ་ཨོཾ་ལས་འདོད་ཡོན་འཕྲོ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་ཧཱུྃ་ཧྲཱིཿཋཱ༔ པདྨ་བྷཉྫའི་སྣོད་ནང་དུ༔ ར་ལས་རཀྟའི་རྒྱ་མཚོ་འཁྱིལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ སྣོད་མཆོག་ཞིང་ཁམས་ཕུན་ཚོགས་པ༔ མཆོད་པའི་ལྷ་མོའི་རོལ་པར་བསམ༔ ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ༔ ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གན༔ སྤྱི་དོན་གཉིས་པ་དངོས་གཞི་བསྐྱེད་རིམ་སྒོམ་པ་ལ་བདུན་ལས། དང་པོ་བྱང་ཆུབ་སེམས་གཉིས་བསྐྱེད་པ་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས༔ ཡེ་ནས་སངས་རྒྱས་ཡིན་མོད་ཀྱང༔ རྟོག་པའི་དབང་གིས་འཁོར་བ་ལས༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས༔ རྫོགས་པའི་སངས་རྒྱས་ཀུན་གྱི་གསང༔ སྐྱེ་འགག་གནས་དམིགས་འགྲོ་འོང་བྲལ༔ གཉིས་པ་ཏིང་འཛིན་གསུམ་གྱིས་ཁོག་ཕུབ་སྟེ་བསྐྱེད་རིམ་བསྒོམ་པ་ནི། རང་བཞིན་རྣམ་པར་དག་པའི་དབྱིངས༔ ཡེ་ཤེས་འོད་གསལ་ཀུན་ལ་ཁྱབ༔ ཟུང་འཇུག་ངོ་བོ་ཨ་རུ་གསལ༔ ཆོ་འཕྲུལ་ཨེ་ཡཾ་བཾ་སུཾ་རཾ༔ ནམ་མཁའ་རླུང་ཆུ་ས་གཞི་རི༔ འབར་བའི་གནས་སུ་བྷྲཱུྃ་འཕྲོས་པས༔ ཞི་ཁྲོ་འབར་བའི་གཞལ་ཡས་ཁང༔ ཕྱི་ནང་རིམ་གཉིས་རྒྱན་གྱིས་མཛེས༔ གྲུ་ཆད་གླིང་དགུ་འཁོར་ལོ་གསུམ༔ གཙོ་འཁོར་འཚམས་པའི་གདན་དང་བཅས༔ རང་གསལ་འོད་ཀྱི་ཚུལ་དུ་བསྒོམ༔ རང་བྱུང་ཨ་ཡི་ཆོ་འཕྲུལ་ལས༔ ཞི་ཁྲོ་ཡི་གེ་འཁོར་ལོ་འཕྲོས༔ སོ་སོའི་གནས་སུ་འཁོད་པར་གྱུར༔ ཨོཾ་ཨཱ༔ ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཀྵཱིཾ་ཏྲཱཾ་ཧྲཱིཿཛྲིཾ་མཻཾ་ཐིཾལྷ་ཧཱུྃ་མཱུཾ༔ ཧཱུྃ་ཏྲཱཾ་ཧྲཱིཿཨཱ་ཛཿཧཱུྃ་བཾ་ཧོ༔ ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ༔ ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ༔ ཀྲེཾ་ཏྲཱུཾ་སྲུཾ་བྲཾ་ཀྵཾ་ཡེ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ཕཊ་ཕཊ་ཕཊ་ཕཊ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ༔ ཨ་ནི་ཀུན་ལ་ཁྱབ་པར་ཐིམ༔ འོད་ཟེར་ཚོགས་འཕྲོས་རྒྱལ་བ་མཆོད༔ བྱིན་རླབས་ཀུན་བསྡུས་གཉིས་མེད་ཐིམ༔ ཞི་ཁྲོ་འབར་བའི་སྐུ་རུ་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨོཾ༔ ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨཱ༔ དབུས་སུ་རྒྱལ་བ་ཀུན་ཏུ་བཟང༔ མཐིང་གསལ་གཡས་དཀར་གཡོན་དམར་ཞལ༔ དང་པོས་རྡོ་རྗེ་དྲིལ་བུ་འཛིན༔ བར་པས་བྱང་ཆུབ་མཆོག་གི་རྒྱ༔ ཐ་མས་མཉམ་གཞག་ཕྱག་རྒྱ་མཛད༔ རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས༔ མཚན་དཔེ་རང་རྫོགས་ཚུལ་དགུ་ལྡན༔ རྒྱན་ཆས་བཅུ་གསུམ་དག་གིས་མཛེས༔ ཀུན་ཏུ་བཟང་མོ་སྐུ་མདོག་མཐིང༔ ཕྱག་དང་ཞབས་ནི་ཡབ་དང་འཁྲིལ༔ བདེ་སྟོང་ཉམས་རྒྱས་འོད་ཟེར་འབར༔ སེང་ཁྲི་པདྨ་ཉི་ཟླའི་སྟེང༔ ཀུན་འདུས་བདག་ཉིད་ཆེན་པོར་བསྒོམ༔ ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ༔ མདུན་དུ་ཆེ་མཆོག་ཧེ་རུ་ཀ༔ མཐིང་ནག་གཡས་དཀར་གཡོན་དམར་ཞལ༔ རྩེ་དགུ་རྩེ་ལྔ་རྩེ་གསུམ་གཡས༔ དུང་དམར་གཡོན་པའི་ཕྱག་གིས་འཛིན༔ ཞབས་བཞི་གཡས་བརྐྱང་གཡོན་བསྐུམ་ཚུལ༔ དུར་ཁྲོད་ཆས་བརྒྱད་དཔལ་ཆས་བཅུ༔ གནམ་ཞལ་དབྱིངས་ཕྱུག་ནམ་མཁའི་མདངས༔ དྲིལ་བུ་དུང་དམར་འཛིན་ནས་འཁྲིལ༔ པད་ཉི་དྲེགས་པ་ཁྱོ་ཤུག་སྟེང༔ གར་དགུའི་ཉམས་དང་ལྡན་པར་འགྱིང༔ ཡེ་ཤེས་མེ་ཡི་འོད་འབུམ་འཕྲོ༔ གཙོ་བོའི་གཡས་དང་ཕྱོགས་བཞི་རུ༔ སེང་གེའི་ཁྲི་དང་གླང་པོ་ཆེ༔ རྟ་མཆོག་རྨ་བྱ་ཤང་ཤང་དང༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧཱུྃ་བཛྲ་དྷྲྀཀ྄་མཱུཾ་དྷཱ་ཏྭཱི་ཤྭ་རཱི༔ ཨོཾ་ཛི་ན་ཛིཀ྄་ལཱཾ་དྭེ་ཥ་རཱ་ཏི༔ སྭཱ་རཏྣ་དྷྲྀཀ྄་མཱཾ་མོ་ཧ་རཱ་ཏི༔ ཨཱཾཿཨ་རོ་ལྀཀ྄་པཱཾ་རཱ་ག་རཱ་ཏི༔ ཧཱ་པྲ་ཛྙཱ་དྷྲྀཀ྄་ཏཱཾ་བཛྲ་རཱ་ཏི༔ རྡོ་རྗེ་སེམས་དཔའ་མཐིང་དཀར་དམར་བའི་ཞལ༔ ཕྱག་དྲུག་རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ དྲིལ་བུ་པདྨ་རལ་གྲི་གཡོན་ན་འཛིན༔ དབྱིངས་ཕྱུག་སྔོན་མོ་རྡོ་རྗེ་དྲིལ་འཛིན་འཁྲིལ༔ རྣམ་པར་སྣང་མཛད་དཀར་སྔོ་དམར་བའི་ཞལ༔ འཁོར་ལོ་རྡོ་རྗེ་རིན་ཆེན་གཡས་ན་བསྣམས༔ དྲིལ་བུ་པདྨ་རལ་གྲི་གཡོན་ན་འཛིན༔ སྤྱན་མ་དཀར་མོ་འཁོར་ལོ་དྲིལ་འཛིན་འཁྲིལ༔ རིན་ཆེན་འབྱུང་ལྡན་སེར་སྔོ་དམར་བའི་ཞལ༔ རིན་ཆེན་རྡོ་རྗེ་འཁོར་ལོ་གཡས་ན་བསྣམས༔ དྲིལ་བུ་པདྨ་རལ་གྲི་གཡོན་ན་འཛིན༔ མཱ་མ་ཀི་སེར་རིན་ཆེན་དྲིལ་འཛིན་འཁྲིལ༔ སྣང་བ་མཐའ་ཡས་དམར་དཀར་སྔོ་བའི་ཞལ༔ པདྨ་རྡོ་རྗེ་འཁོར་ལོ་གཡས་ན་བསྣམས༔ དྲིལ་བུ་རིན་ཆེན་རལ་གྲི་གཡོན་ན་འཛིན༔ གོས་དཀར་དམར་མོ་པདྨ་དྲིལ་འཛིན་འཁྲིལ༔ དོན་ཡོད་གྲུབ་པ་ལྗང་དཀར་དམར་བའི་ཞལ༔ རལ་གྲི་རྡོ་རྗེ་འཁོར་ལོ་གཡས་ན་བསྣམས༔ དྲིལ་བུ་རིན་ཆེན་པདྨ་གཡོན་ན་འཛིན༔ སྒྲོལ་མ་ལྗང་གུ་རལ་གྲི་དྲིལ་འཛིན་འཁྲིལ༔ ཕུང་པོ་ཁམས་ལྔ་དག་པའི་སྐུ་རུ་གསལ༔ ཡབ་ཡུམ་རྡོ་རྗེ་པདྨའི་སྐྱིལ་ཀྲུང་བཞུགས༔ གཙོ་བོའི་གཡོན་དང་འཁོར་ལོ་ནང་མ་ཡི༔ ཕྱོགས་བཞིར་པད་ཉི་དྲེགས་པ་ཁྱོ་ཤུག་སྟེང༔ ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ༔ ཨོཾ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ༔ ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ༔ ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ༔ ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ༔ བཛྲ་ཁྲག་འཐུང་མཐིང་དཀར་དམར་བའི་ཞལ༔ རྡོ་རྗེ་རལ་གྲི་དགྲ་སཏྭ་གཡས་ན་འཛིན༔ ཞགས་པ་ལྕགས་སྒྲོག་ཐོང་གཤོལ་གཡོན་ན་བསྣམས༔ བཛྲ་ཀྲོ་དྷཱི་རྡོ་རྗེ་དུང་དམར་སྟོབ༔ བུདྡྷ་ཁྲག་འཐུང་སྨུག་དཀར་དམར་བའི་ཞལ༔ འཁོར་ལོ་རྒྱུ་ཞགས་དུང་ཁྲག་གཡས་ན་འཛིན༔ ཐོད་ཁྲག་ཞགས་པ་མི་མགོ་གཡོན་ན་བསྣམས༔ བུདྡྷ་ཀྲོ་དྷཱི་འཁོར་ལོ་དུང་ཁྲག་སྟོབ༔ རཏྣ་ཁྲག་འཐུང་སེར་སྔོ་དམར་བའི་ཞལ༔ རིན་ཆེན་དགྲ་སཏྭ་འཇིག་རྟེན་གཡས་ན་འཛིན༔ བྷན་དམར་རྒྱུ་ཞགས་རི་རབ་གཡོན་ན་བསྣམས༔ རཏྣ་ཀྲོ་དྷཱི་རིན་ཆེན་དུང་དམར་སྟོབ༔ པདྨ་ཁྲག་འཐུང་དམར་དཀར་སྔོ་བའི་ཞལ༔ པདྨ་དགྲ་སཏྭ་བེ་ཅོན་གཡས་ན་འཛིན༔ བྷན་དམར་ཐོང་གཤོལ་འཇིག་རྟེན་གཡོན་ན་བསྣམས༔ ཀརྨ་ཀྲོ་དྷཱི་པདྨ་ཐོད་ཁྲག་སྟོབ༔ ཀརྨ་ཁྲག་འཐུང་ལྗང་དཀར་དམར་བའི་ཞལ༔ རྒྱ་གྲམ་རལ་གྲི་དགྲ་སཏྭ་གཡས་ན་འཛིན༔ བྷན་དམར་ཐོང་གཤོལ་ཞགས་པ་གཡོན་ན་བསྣམས༔ པདྨ་ཀྲོ་དྷཱི་རྒྱ་གྲམ་འཛིན་པ་འཁྲིལ༔ མཚམས་བཞིར་པདྨ་ཉི་ཟླ་དྲེགས་པའི་སྟེང༔ ཨོཾ་རཀྴ་ཤྲཱི་ཧེ་རུ་ཀ་རཀྴ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ༔ ཨོཾ་ས་ནུ་ཤྲཱི་ཧེ་རུ་ཀ་ས་ནུ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ༔ ཨོཾ་གུ་ཧྱ་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ༔ ཨོཾ་ཡཀྴ་ཤྲཱི་ཧེ་རུ་ཀ་ཡཀྴ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ༔ རཀྴ་ཁྲག་འཐུང་མཐིང་དཀར་དམར་བའི་ཞལ༔ རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས་ན་འཛིན༔ བྷན་དམར་ཐོ་བ་ཞགས་པ་གཡོན་ན་བསྣམས༔ རཀྴ་དབྱིངས་ཕྱུག་རྡོ་རྗེ་དུང་ཁྲག་འཛིན༔ ས་ནུ་ཁྲག་འཐུང་སེར་དཀར་དམར་བའི་ཞལ༔ ཁ་ཊྭཱཾ་རྩེ་གསུམ་ཐོད་རྔ་གཡས་ན་འཛིན༔ བྷན་དམར་ཐོད་དབྱུག་མི་མགོ་གཡོན་ན་བསྣམས༔ ས་ནུ་དབྱིངས་ཕྱུག་ཁ་ཊྭཱཾ་འཛིན་པ་འཁྲིལ༔ གུ་ཧྱ་ཁྲག་འཐུང་དུད་ཁ་དཀར་དམར་ཞལ༔ གྲི་གུག་ཁ་ཊྭཱཾ་དབྱུག་ཏོ་གཡས་ན་འཛིན༔ བྷན་དམར་མདུང་ཐུང་རྔ་ཡབ་གཡོན་ན་བསྣམས༔ གུ་ཧྱ་དབྱིངས་ཕྱུག་གྲི་གུག་འཛིན་པ་འཁྲིལ༔ ཡཀྴ་ཁྲག་འཐུང་ལྗང་དཀར་དམར་བའི་ཞལ༔ རྒྱ་གྲམ་ཁ་ཊྭཱཾ་དགྲ་སཏྭ་གཡས་ན་འཛིན༔ བྷན་དམར་རལ་གྲི་ཞིང་དབྱུག་གཡོན་ན་བསྣམས༔ ཡཀྴ་དབྱིངས་ཕྱུག་རལ་གྲི་འཛིན་པ་འཁྲིལ༔ དེ་ཀུན་གར་དགུ་དུར་ཁྲོད་ཆས་དང་ལྡན༔ རྡོ་རྗེ་གཤོག་བརྒྱང་ཞབས་བཞི་འདོར་བའི་སྟབས༔ ཡབ་ཡུམ་འཁྲིལ་སྦྱོར་མེ་ཡི་ཀློང་དུ་བཞུགས༔ ཡེ་ཤེས་ཐིག་ལེ་དགུ་ཡི་ངོ་བོར་གསལ༔ འཁོར་ལོ་བར་པའི་ཕྱོགས་ཀྱི་རྩིབས་རྣམས་སུ༔ ཀྵིཾ་ཧི་རཱ་ཛ་ཡ༔ ཧཱུྃ་ལཱ་སྱེ་ས་མ་ཡ་སཏྭཾ༔ ཏྲཱཾ་ཨཱ་གརྦྷ་ཡ༔ ཏྲཱཾ་མཱ་ལྱེ་ས་མ་ཡ་ཧོ༔ ཧྲཱིཿཧ་ཧཱུྃ་པདྨ་པྲ་དཱ་མ༔ ཧྲཱིཿགཱིརྟི་རཱ་ག་ཧོ༔ ཛྲིཾ་ཀུ་རུ་པཱ་ཎི༔ ཨཱ་ནཱིརྟི་རཱ་ག་ཡ་མི༔ ས་སྙིང་དཀར་པོ་མྱུ་གུ་དྲིལ་བུ་འཛིན༔ ལཱ་སྱ་དཀར་མོ་མེ་ལོང་དྲིལ་འཛིན་འཁྲིལ༔ ནམ་སྙིང་སེར་པོ་རལ་གྲི་དྲིལ་བུ་འཛིན༔ མཱ་ལྱེ་སེར་མོ་ཕྲེང་བ་དྲིལ་འཛིན་འཁྲིལ༔ སྤྱན་རས་གཟིགས་དམར་པདྨ་དྲིལ་བུ་འཛིན༔ གླུ་མ་དཀར་མོ་པི་ཝཾ་དྲིལ་འཛིན་འཁྲིལ༔ ཕྱག་ན་རྡོ་རྗེ་མཐིང་ག་རྡོར་དྲིལ་བསྣམས༔ གར་མ་ལྗང་གུ་གར་བསྒྱུར་ཡབ་དང་འཁྲིལ༔ པདྨ་ཉི་མ་ཟླ་བའི་གདན་ལ་བཞུགས༔ རྣམ་ཤེས་ཡུལ་བཞི་དག་པའི་སྐུ་རུ་གསལ༔ འཁོར་ལོ་བར་པའི་མཚམས་ཀྱི་རྩིབས་རྣམས་སུ༔ མཻ་དྷ་ར་ཎི་སྭཱ་ཧཱ༔ ཛཿདྷཱུ་པེ་པྲ་བེ་ཤ༔ ཐིཾལྷ་ནིསྶ་རཾ་བྷ་ཡ་སྭཱ་ཧཱ༔ ཧཱུྃ་པུཥྤེ་ཨཱ་བེ་ཤ༔ ཧཱུྃ་སྭ་རཱ་ཛ་ཡ་སྭཱ་ཧཱ༔ བཾ་དཱི་པ་སུ་གི་རི༔ མཱུཾ་ཤྲཱི་ཨ་རཱ་ག་ཡ་སྭཱ་ཧཱ༔ ཧོ་གནྡྷེ་ཙིཏྟ༔ བྱམས་པ་དཀར་སེར་ཀླུ་ཤིང་དྲིལ་བུ་བསྣམས༔ སྤོས་མ་དཀར་སེར་སྤོས་ཁང་དྲིལ་འཛིན་འཁྲིལ༔ སྒྲིབ་སེལ་དམར་སེར་འཁོར་ལོ་དྲིལ་བུ་བསྣམས༔ མེ་ཏོག་དམར་སེར་མེ་ཏོག་དྲིལ་འཛིན་འཁྲིལ༔ ཀུན་བཟང་དམར་ལྗང་སྙེ་མ་དྲིལ་བུ་བསྣམས༔ མར་མེ་དམར་ལྗང་མར་མེ་དྲིལ་འཛིན་འཁྲིལ༔ འཇམ་དཔལ་དཀར་ལྗང་ཨུཏྤལ་དྲིལ་བུ་བསྣམས༔ དྲི་ཆབ་དཀར་ལྗང་དུང་ཕོར་དྲིལ་བུ་འཛིན༔ ཡབ་རྣམས་སེམས་སྐྱིལ་ཡུམ་རྣམས་བརྟུལ་ཞུགས་ཀྱིས༔ འཁྲིལ་སྦྱོར་པདྨ་ཉི་ཟླའི་གདན་ལ་བཞུགས༔ དབང་པོ་དུས་བཞི་དག་པའི་སྐུ་རུ་གསལ༔ ཞི་བ་ཡབ་ཡུམ་རྒྱན་ཆས་བཅུ་གསུམ་མཛེས༔ འཁོར་ལོ་ཕྱི་མའི་ཕྱོགས་མཚམས་གཡས་རྩིབས་ལ༔ ཨོཾ་བཛྲ་གཽ་རཱི་ཧ༔ ཨོཾ་བཛྲ་ཙཽ་རཱི་ཧ༔ ཨོཾ་བཛྲ་པྲ་མོ་ཧེ་ཧ༔ ཨོཾ་བཛྲ་བཻ་ཏ་ལཱི་ཧ༔ ཨོཾ་བཛྲ་པུཀྐ་སཱི་ཧ༔ ཨོཾ་བཛྲ་གྷསྨ་རཱི་ཧ༔ ཨོཾ་བཛྲ་སྨེ་ཤ་ནཱི་ཧ༔ ཨོཾ་བཛྲ་ཙཎྜ་ལཱི་ཧ༔ མཛོད་ལྡན་ནག་མོ་ཞིང་དབྱུག་བྷནྡྷ་འཛིན༔ ཆོམ་རྐུན་སེར་མོ་མདའ་གཞུ་འགེངས་ཤིང་འཕེན༔ རབ་རྨོངས་དམར་མོ་ཆུ་སྲིན་རྒྱལ་མཚན་ཕྱར༔ རོ་ལངས་ནག་མོ་རྡོ་རྗེ་ཞིང་ཆུང་ཐོགས༔ སྦོས་མོ་དམར་སེར་རྒྱུ་མ་འདྲེན་ཅིང་ཟ༔ དྲེད་མོ་ལྗང་གུ་དུང་ཁྲག་རྡོ་རྗེས་དཀྲུག༔ དུར་ཁྲོད་མཐིང་ནག་ཞིང་ཆུང་གློ་སྙིང་ཟ༔ གཏུམ་མོ་སེར་མོ་ཞིང་ཆུང་མགོ་ལུས་ཕྲལ༔ ཁྲོ་མོའི་ཆས་ཅན་ཞིང་གི་གདན་ལ་རོལ༔ རྣམ་ཤེས་བརྒྱད་པོ་དག་པའི་སྐུ་རུ་གསལ༔ འཁོར་ལོ་ཕྱི་མའི་ཕྱོགས་མཚམས་གཡོན་རྩིབས་ལ༔ ཨོཾ་བཛྲ་སིཾ་ཧ་མུ་ཁ་ཧེ༔ ཨོཾ་བཛྲ་བྱཱ་གྲྀ་མུ་ཁ་ཧེ༔ ཨོཾ་བཛྲ་སྲྀ་ལ་མུ་ཁ་ཧེ༔ ཨོཾ་བཛྲ་ཤྭ་ན་མུ་ཁ་ཧེ༔ ཨོཾ་བཛྲ་གྲྀ་ཌྷ་མུ་ཁ་ཧེ༔ ཨོཾ་བཛྲ་ཀཾ་ཀ་མུ་ཁ་ཧེ༔ ཨོཾ་བཛྲ་ཁཱ་ཁ་མུ་ཁ་ཧེ༔ ཨོཾ་བཛྲ་ཨཱུ་ལུ་ཀ་མུ་ཁ་ཧེ༔ སེང་གདོང་སེར་མོ་རོ་ཟ་ལག་གཉིས་བསྣོལ༔ སྟག་གདོང་དམར་མོ་ལག་གཉིས་ཐུར་དུ་བསྣོལ༔ ཝ་གདོང་ནག་མོ་ཞིང་ཆུང་ལྕེ་ཡིས་ལྡག༔ ཁྱི་གདོང་མཐིང་ནག་ཞིང་གི་ཁོག་པ་ཕྲལ༔ རྒོད་གདོང་དམར་མོ་ཞིང་གི་རྒྱུ་མ་འདྲེན༔ དུར་བྱའི་གདོང་མ་དམར་མོ་ཞིང་ཕྲག་ཁུར༔ ཁྭ་གདོང་ནག་མོ་རལ་གྲི་བྷནྡྷ་འཛིན༔ འུག་གདོང་མཐིང་ནག་རྡོ་རྗེ་དབྱུག་པ་ཕྱར༔ ཞིང་ལྤགས་གོས་དང་ཐོད་རྒྱན་བམ་གྱི་གདན༔ ཡུལ་བརྒྱད་གནས་སུ་དག་པའི་སྐུ་རུ་གསལ༔ ཕོ་བྲང་ནང་མའི་ཁྱམས་ཀྱི་ཕྱོགས་བཞི་ལ༔ ཨོཾ་མུ་ནེ་ཀྲེཾ་སྭཱ་ཧཱ༔ ཨོཾ་མུ་ནེ་ཏྲུཾ་སྭཱ་ཧཱ༔ ཨོཾ་མུ་ནེ་སྲུཾ་སྭཱ་ཧཱ༔ ཨོཾ་མུ་ནེ་བྲཾ་སྭཱ་ཧཱ༔ ཨོཾ་མུ་ནེ་ཀྵཾ་སྭཱ་ཧཱ༔ ཨོཾ་མུ་ནེ་ཡེ་སྭཱ་ཧཱ༔ ཤར་ལྷོར་བརྒྱ་བྱིན་དཀར་པོ་པི་ཝཾ་འཛིན༔ བྱང་དུ་ཐགས་བཟང་མཐིང་ག་གོ་མཚོན་འཛིན༔ ལྷོ་རུ་ཤཱཀ་ཐུབ་སེར་པོ་གསེག་པར་བསྣམས༔ ནུབ་བྱང་སེང་རབ་དམར་ནག་པུསྟི་འཛིན༔ ལྷོ་ནུབ་ཁ་འབར་སེར་ནག་སྒྲོམ་བུ་འཛིན༔ བྱང་ཤར་ཆོས་རྒྱལ་ནག་པོ་མེ་ཆུ་འཛིན༔ ཆགས་བྲལ་མཆོག་གི་སྤྲུལ་སྐུའི་ཆ་ལུགས་ཅན༔ འགྲོ་བའི་དོན་མཛད་པདྨའི་གདན་ལ་བཞེངས༔ འགྲོ་དྲུག་ཡུལ་འཛིན་དག་པའི་སྐུ་རུ་གསལ༔ ཕོ་བྲང་ཤར་ལྷོ་ནུབ་བྱང་སྒོ་བཞི་རུ༔ ཧཱུྃ་ཡ་མཱནྟ་ཀྲྀཏ་ཕཊ༔ ཨོཾ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལི་ནི་ཧཱུྃ་ཕཊ༔ ཧཱུྃ་པྲ་ཛྙཱནྟ་ཀྲྀཏ་ཕཊ༔ ཨོཾ་རཏྣ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལི་ནི་ཧཱུྃ་ཕཊ༔ ཧཱུྃ་པདྨཱནྟ་ཀྲྀཏ་ཕཊ༔ ཨོཾ་པདྨ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལི་ནི་ཧཱུྃ་ཕཊ༔ ཧཱུྃ་བིགྷྣཱནྟ་ཀྲྀཏ་ཕཊ༔ ཨོཾ་ཀརྨ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལི་ནི་ཧཱུྃ་ཕཊ༔ གཤིན་རྗེ་སྨུག་ནག་ནྲྀ་མགོ་གདེངས་པ་ཐོགས༔ ཁྲོ་མོ་སྨུག་ནག་ལྕགས་ཀྱུ་འཛིན་པ་འཁྲིལ༔ སྟོབས་ཆེན་སེར་ནག་རྡོ་རྗེ་དབྱུག་པ་ཕྱར༔ ཁྲོ་མོ་སེར་ནག་ཞགས་པ་འཛིན་པ་འཁྲིལ༔ རྟ་མགྲིན་དམར་ནག་ཐོད་དབྱུག་སྦྲུལ་དཀྲིས་ཕྱར༔ ཁྲོ་མོ་དམར་ནག་ལྕགས་སྒྲོག་འཛིན་པ་འཁྲིལ༔ བདུད་རྩི་འཁྱིལ་ལྗང་རྒྱ་གྲམ་དབྱུག་པ་ཕྱར༔ ཁྲོ་མོ་ལྗང་ནག་དྲིལ་བུ་འཛིན་པ་འཁྲིལ༔ དུར་ཁྲོད་ཆས་རྫོགས་འདོར་སྟབས་ཉི་མའི་གདན༔ ལོག་རྟོག་མཐའ་བཞི་བྲལ་བའི་སྐུ་རུ་གསལ༔ ཕོ་བྲང་ནང་མའི་སྒོ་ཁྱམས་རྣམས་སུ་ནི༔ ཨོཾ་བཛྲ་ཨཱརྻ་ཏེ་ཛ་ཏེ་ང་ཛ༔ ཨོཾ་བཛྲ་ཨ་མུ་ཁེ་ཧཱུྃ༔ ཨོཾ་བཛྲ་ལོ་ཀ་བཾ༔ ཨོཾ་བཛྲ་བྷསྨིཾ་པཱ་ལ་ཡ་བ་ཏུ་ཧོ༔ ཤར་སྒོར་རྟ་གདོང་དཀར་མོ་ལྕགས་ཀྱུ་འཛིན༔ ལྷོ་སྒོར་ཕག་གདོང་སེར་མོ་ཞགས་པ་བསྣམས༔ ནུབ་སྒོར་སྤྲེལ་གདོང་དམར་མོ་ལྕགས་སྒྲོག་འཛིན༔ བྱང་སྒོར་སྤྱང་གདོང་ལྗང་མོ་དྲིལ་བུ་ཐོགས༔ སྐྱེ་རྒ་ན་འཆི་དག་པའི་སྐུ་རུ་གསལ༔ ཕྱི་སྒོའི་ཕོ་བྲང་བར་གྱི་ཁྲག་ཁྱམས་ལ༔ མ་ནུ་རཀྴ་སཱི་བྷྱོ༔ བྲཧྨ་ཎཱི་བྷྱོ༔ རཽ་ཏྲཱི་བྷྱོ༔ བཻཥྞ་བཱི་བྷྱོ༔ ཀུ་མཱ་རཱི་བྷྱོ༔ ཨིནྡྲ་ནཱི་བྷྱོ༔ ཤར་དུ་ཞི་བའི་ལས་མཛད་དབང་ཕྱུག་དྲུག༔ སྲིན་མོ་སྨུག་ནག་གཡག་གདོང་རྩེ་གསུམ་འཛིན༔ ཚངས་པ་དམར་སེར་སྦྲུལ་གདོང་རྩེ་ལྔ་ཕྱར༔ འཁྲུགས་མོ་དམར་སེར་གཟིག་གདོང་དབྱུག་ཏོ་འཛིན༔ ཁྱབ་འཇུག་དམར་སེར་ཕ་ཝཾ་འཁོར་ལོ་བསྐོར༔ དབང་མོ་དམར་སྐྱ་དྲེད་གདོང་བམ་དབྱུག་ཕྱར༔ བརྒྱ་བྱིན་དཀར་དམར་སྲེ་གདོང་ཐོད་ཁྲག་འཐུང༔ བཛྲ་སིངྒ་ལཾ་བྷྱོ༔ ཨ་མྲྀཏཾ་བྷྱོ༔ སཽ་མ་བྷྱོ༔ དཎྜ་དཾ་བྷྱོ༔ རཀྴ་སཱི་བྷྱོ༔ བྷཀྴ་སཱི་བྷྱོ༔ ལྷོ་རུ་རྒྱས་པའི་ལས་མཛད་དབང་ཕྱུག་དྲུག༔ ཞི་བ་དམར་མོ་དོམ་མགོ་རྒྱུ་ཞགས་འཛིན༔ བདུད་རྩི་ཆུ་སྲིན་སྔོན་མོ་བུམ་པ་འཛིན༔ ཞི་བ་སྔོ་སྐྱ་སྡིག་གདོང་བམ་རིལ་འཛིན༔ བེ་ཅོན་ནག་མོ་ཁྲ་མགོ་ཐོད་རློན་ཐོགས༔ སྲིན་མོ་དམར་ནག་ཝ་གདོང་ཞིང་རྒྱུ་འདྲེན༔ ཟ་བྱེད་ནག་མོ་སྟག་མགོ་བཾ་སྙིང་འབྱིན༔ རཱ་ཏི་བཛྲ་བྷྱོ༔ རུ་དྷི་ར་མཏྟཱ་བྷྱོ༔ ཨེ་ཀ་ཙ་རི་ཎཱི་བྷྱོ༔ མ་ནོ་ཧ་རཾ་བྷྱོ༔ སིདྡྷི་ཀཾ་བྷྱོ༔ བཱ་ཡ་བཱི་བྷྱོ༔ ནུབ་ཏུ་དབང་གི་ལས་བྱེད་དབང་ཕྱུག་དྲུག༔ དགའ་བྱེད་དམར་མོ་རྒོད་གདོང་འཁོར་ལོ་འཛིན༔ ཁྲག་འཐུང་དམར་མོ་རྟ་གདོང་རྡོ་རྗེ་འཛིན༔ རྡོ་རྗེ་སེར་མོ་ཁྱུང་གདོང་རྡོ་རྗེ་འཛིན༔ འདོད་པ་དམར་མོ་ཁྱི་གདོང་ཞིང་ཆེན་ཟ༔ ནོར་སྲུང་དཀར་དམར་པུ་ཤུད་པདྨ་འཛིན༔ རླུང་མོ་དམར་སྐྱ་ཤ་མགོ་བཾ་རོ་ཟ༔ མ་ཧཱ་མཱ་ར་ཎཱི་བྷྱོ༔ ཨགྣ་ཡེ་བྷྱོ༔ བཱ་རཱ་ཧཱི་བྷྱོ༔ ཙ་མུཎྚཱི་བྷྱོ༔ སུ་ཏ་ནཱཾ་བྷྱོ༔ བཱ་རུ་ཎཱི་བྷྱོ༔ བྱང་དུ་དྲག་པོའི་ལས་མཛད་དབང་ཕྱུག་དྲུག༔ གསོད་བྱེད་ལྗང་ནག་སྤྱང་མོ་རྔེའུ་ཆུང་བསྣམས༔ མེ་མོ་ལྗང་དམར་སྐྱིན་གདོང་གསལ་ཤིང་ཐོགས༔ མ་མོ་ལྗང་སེར་ཕག་གདོང་རྩེ་གསུམ་འཛིན༔ རྒན་བྱེད་ལྗང་སྔོན་ཁྲ་མགོ་རྒྱུ་མ་འདྲེན༔ སྣ་ཆེན་ལྗང་དམར་གླང་མགོ་བམ་རོ་ཐོགས༔ ཆུ་ལྷ་ལྗང་ནག་སྦྲུལ་གདོང་སྦྲུལ་ཞགས་འཛིན༔ བཛྲ་མ་ཧཱ་ཀཱ་ལི་བྷྱོ༔ བཛྲ་ཙ་ཀ་ལཱ་བྷྱོ༔ བཛྲ་ཀུམྦྷ་ཀརྞཱ་བྷྱོ༔ བཛྲ་ལམྦོ་དྷ་རཱ་བྷྱོ༔ ཤར་སྒོར་ཁུ་བྱུག་ནག་མོ་ལྕགས་ཀྱུ་འཛིན༔ ལྷོ་སྒོར་ར་གདོང་དམར་མོ་རྒྱུ་ཞགས་འཛིན༔ ནུབ་སྒོར་སེང་གདོང་དམར་མོ་ལྕགས་སྒྲོག་འཛིན༔ བྱང་སྒོར་སྐྱ་ག་ལྗང་ནག་དྲིལ་བུ་འཛིན༔ ཀུན་ཀྱང་དུར་ཁྲོད་ཆས་ལྡན་ཞིང་རྐྱང་གདན༔ སྟེང་དུ་རིག་འཛིན་རྩ་བརྒྱུད་བླ་མ་དང༔ ཕྱི་རོལ་དམ་ཅན་རྒྱ་མཚོ་སྤྲིན་ལྟར་གཏིབས༔ ཉི་མ་ལས་ནི་འོད་ཟེར་ཇི་བཞིན་དུ༔ རྟོག་ཚོགས་མཁའ་ཁྱབ་ལྷ་རུ་ངང་གིས་རྫོགས༔ ཆོས་དབྱིངས་མཁའ་ཀློང་ཡོངས་སུ་གང་བར་བསམ༔ གསུམ་པ་དབང་བསྐུར་བྱིན་རླབས་ནི། རིགས་ལྔའི་དབང་རྒྱ་སྤྱི་བོའི་གནས་ལྔར་བཅིངས་ཤིང་། སྤྱི་བོར་རིགས་ལྔ་སྙོམས་འཇུག་ཆུས༔ དུག་ལྔའི་སྒྲིབ་སྦྱངས་ཕུང་པོ་ལྔ༔ གནས་གྱུར་རིགས་ལྔས་དབུ་བརྒྱན་གྱུར༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ས་མཱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་པྲ་ཏྱཱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ཀྲྀ་ཏྱཱ་ནུཥྛཱན་ཛྙཱ་ན་བཛྲཱ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾཾཾ༔ གནས་གསུམ་ཟླ་བ་པད་ཉི་ལ༔ ཨོཾ་ཨཱཿཧཱུྃ་གི་འོད་ཟེར་གྱིས༔ རྒྱལ་བའི་རྡོ་རྗེ་གསུམ་སྤྱན་དྲངས༔ ཐིམ་པས་རྣམ་སྣང་འོད་དཔག་མེད༔ མི་བསྐྱོད་པ་ཡི་སྐུ་རུ་གྱུར༔ གནས་གསུམ་རྡོ་རྗེའི་རྒྱ་བཅིངས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ བཞི་པ་ཡེ་ཤེས་དགུག་པ་ནི། རང་རིག་ཧཱུྃ་སྔོན་རྟག་འཆར་བའི༔ འོད་ཀྱིས་ཆོས་དབྱིངས་མཐར་ཐུག་ཁྱབ༔ ཆོས་སྐུ་གཟུགས་སྐུའི་སྐུར་བཞེངས་གྱུར༔ ཧཱུྃ༔ ཚོགས་ཆེན་གཉིས་རྫོགས་ཐུགས་དམ་དབྱིངས་ཀྱི་ལྷ༔ ལོངས་སྤྱོད་རྫོགས་མཛད་རོལ་པ་ཆེན་པོའི་སྐུ༔ རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག༔ ཐུགས་ཀྱི་རོལ་པས་བདེ་ཆེན་དབྱིངས་ནས་བཞེངས༔ བཛྲ་ས་མཱ་ཛ༔ ནམ་མཁའ་གང་བར་བྱོན་པར་བསམ༔ ཧཱུྃ༔ ཆོས་སྐུ་རིག་པ་རང་སྣང་བ༔ རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་དང༔ ཁམས་གསུམ་མ་ལུས་འདུལ་བ་ཡི༔ ཁྲག་འཐུང་དཀྱིལ་འཁོར་འཁོར་བཅས་པ༔ རྡོ་རྗེ་འཆང་གྲལ་རིམ་བརྙེས་པའི༔ རྣལ་འབྱོར་ཆེན་པོའི་རིག་འཛིན་རྣམས༔ སྨོན་ལམ་དམ་ཚིག་ཚུལ་བཞིན་དུ༔ གནས་འདིར་མ་ལུས་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོཿ ཨེ་ཧྱེ་ཧི༔ རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཛ་ཛ༔ ལྔ་པ་དམ་ཚིག་གཉིས་མེད་བསྲེ་བ་ནི། ཧཱུྃ༔ ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང༔ བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན༔ ལྕགས་སྒྲོག་བཀའ་ཡི་ཕོ་ཉས་གནས་བསྐྱོད་ལ༔ བདེ་གཤེགས་བཞུགས་ཤིང་རྣམ་གྲོལ་དགྱེས་པ་བསྐྱེད༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ས་མ་ཡ་མུ་དྲ་ཨཱ༔ བཛྲ་ཧེ་རུ་ཀ་ཏིཥྛ་ས་མ་ཡ་ལྷན༔ དྲུག་པ་མཆོད་བསྟོད་ནི། རྡོ་རྗེ་རྐང་ལག་མཛེས་པའི་གར༔ ནམ་མཁའི་རྡུལ་སྙེད་རབ་སྤྲུལ་ཏེ༔ འབར་བའི་དཀྱིལ་འཁོར་མཉེས་བྱའི་ཕྱིར༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཨ་ཏི་པུ་ཧོ༔ པྲ་ཏཱིཙྪ་ཧོ༔ རྒྱས་པར་ཕྱག་རྒྱ་བཞི་ཡིས་མཆོད་པར་བྱའོ། །དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱང༔ ལྷ་ལ་ལྷ་རོལ་ཚུལ་གྱིས་ནི༔ ཧཱུྃ༔ བདེ་བར་གཤེགས་སོ་བཅོམ་ལྡན་འདས༔ རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས༔ སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན༔ ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཨོཾ་པ་ན་པེཾ་པེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧཱུྃ༔ ས་མ་ཡོ་ཏ་མུ༔ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧཱུ༔ ཡང་དག་དོན་དུ་དག་མོད་ཀྱང༔ འགྲོ་བ་ཡོངས་ཀྱི་དོན་སླད་དུ༔ ཕྱག་དང་ཞབས་ནི་བསིལ་ནས་ཀྱང༔ རྡོ་རྗེའི་གདན་ལ་བཞུགས་སུ་གསོལ༔ ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ༔ ཧཱུྃ༔ སྤོས་ཀྱི་སྤྲིན་ལྡིང་བདུག་པ་མོ༔ རྒྱལ་བའི་དཀྱིལ་འཁོར་གདུགས་ཀྱིས་འགེབས༔ བྱམས་པ་ཐབས་དང་ཤེས་རབ་ལས༔ བཛྲ་དྷཱུ་པེའི་མཆོད་པ་རོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷུཔེ་དྷཱུ༔ ཨུཏྤལ་མཐིང་ག་མེ་ཏོག་འཐོར༔ སྣ་ཚོགས་རིན་ཆེན་འོད་དུ་འཕྲོ༔ སྙིང་རྗེ་ཐབས་དང་ཤེས་རབ་ལས༔ བཛྲ་པུཥྤེའི་མཆོད་པ་རོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ༔ ཧྲཱི༔ དབང་གི་ཕྱག་ན་སྒྲོན་མེ་བསྣམས༔ ཆོས་ཀྱི་རྒྱལ་པོ་འབར་བ་འཛིན༔ དགའ་བ་ཐབས་དང་ཤེས་རབ་ལས༔ བཛྲ་ཨཱ་ལོ་ཀེའི་མཆོད་པ་རོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱི༔ ཙནྡན་བདུད་རྩིའི་ཆར་འབེབས་མ༔ དཀྱིལ་འཁོར་གསལ་བའི་ཐིག་ལེ་འབེབས༔ བཏང་སྙོམས་ཐབས་དང་ཤེས་རབ་ལས༔ བཛྲ་གནྡྷེའི་མཆོད་པ་རོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གན༔ ཧཱུྃ༔ རང་བྱུང་གདོད་ནས་རྣམ་དག་པའི༔ བདུད་རྩི་རྩ་བརྒྱད་སྟོང་ལ་སྦྱར༔ དུག་ལྔ་སེལ་བ་སྨན་གྱི་མཆོག༔ རྨད་བྱུང་མཆོད་པ་བཞེས་སུ་གསོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ ཁམས་གསུམ་ཆགས་པའི་འཛིན་པ་བསྒྲལ༔ ཆགས་མེད་ཆགས་བྲལ་དམར་ཆེན་པོ༔ དུག་གསུམ་རྣམ་པར་སྦྱོང་བའི་ཕྱིར༔ དཀྱིལ་འཁོར་ལྷ་རྣམས་བཞེས་སུ་གསོལ༔ མ་ཧཱ་རཀྟ་པྲ་ཏཱིཙྪ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ འདོད་པའི་ཡོན་ཏན་ལྔ་ལྡན་པ༔ ཡེ་ཤེས་ལྔ་ཡི་མཆོད་སྤྲིན་ཆེ༔ བྱིན་རླབས་གཏོར་མའི་མཆོད་སྤྲིན་འདི༔ མཆོད་དོ་བཞེས་ཤིག་དགྱེས་པར་མཛོད༔ མ་ཧཱ་བ་ལིཾ་ཏ་པྲ་ཏཱིཙྪ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཐབས་ཤེས་མཉམ་སྦྱོར་བདེ་ཆེན་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་ཀུན་མཆོད་དེ༔ འཁོར་བའི་འཁྲུལ་རྟོག་ཐམས་ཅད་བསྒྲལ༔ མཉམ་ཉིད་སྤྲོས་བྲལ་ཡེ་མཆོད་འབུལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ༔ དྷརྨ་དྷཱ་ཏུ་ཤུདྡྷ་ཨཱ༔ ཨོཾ༔ ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི༔ ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ༔ བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས༔ སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས་ཧོ༔ ཨོཾ༔ རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ༔ རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན༔ རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ༔ རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཧོ༔ ཨོཾ༔ སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ༔ ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས༔ ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང༔ འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ་ཧོ༔ ཨོཾ༔ མི་དམིགས་རྫུ་འཕྲུལ་མཉམ་པའི་དབྱིངས༔ མཐའ་ཡས་ཀུན་ནས་ལྷ་ཚོགས་སྤྲོ༔ མཐའ་ཡས་ཀུན་ནས་ཀུན་གྱིས་ཐིམ༔ སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ་ཧོཿ ཨོཾ༔ ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ༔ རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད༔ སྤྲུལ་པའི་རྡུལ་ཕྲན་བསམ་ཡས་ཀྱིས༔ སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ་ཧོ༔ ཨོཾ༔ ཐམས་ཅད་མ་ལུས་སྐུ་གསུང་ཐུགས༔ སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ༔ སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ༔ སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོ༔ ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ འོད་ཟེར་ཉི་མ་འབུམ་གྱི་གཟི༔ ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན༔ མཆེ་བ་ཟང་ཡག་ཟ་བྱེད་ཆེ་ཧོ༔ ཧཱུྃ༔ རྔམ་པའི་ང་རོ་འབྲུག་སྟོང་ལྡིར༔ གཏུམ་ཆེན་རི་རབ་འབུམ་བསྙིལ་སྐད༔ ཨ་ལ་ལ་ཡི་གད་རྒྱངས་ཆེ༔ བཤུགས་པའི་འཐོར་རླུང་གཡེང་བ་ཆེ་ཧོ༔ ཧཱུྃ༔ ཁྲོ་བོ་ཤེས་རབ་འོད་པོ་ཆེ༔ ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ༔ འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས༔ སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོ༔ ཧཱུྃ༔ ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ༔ འཕྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབས༔ དཀྱིལ་འཁོར་ཡེ་ཤེས་འབྱུང་བའི་གཏེར༔ སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ་ཧོ༔ ཧཱུྃ༔ བདུད་ཀུན་གྱི་ནི་བདུད་ཆེན་པོ༔ བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས༔ འཇིགས་པའི་ཚོགས་རྣམས་འཇིགས་བྱེད་པ༔ འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོ༔ ཧཱུྃ༔ རྡོ་རྗེ་བྲག་ཆེན་སྲ་བ་པོ༔ རྡོ་རྗེ་ཆུ་སྟེ་སྡུད་ཆེན་པོ༔ རྡོ་རྗེ་མེ་སྟེ་ཀུན་འབར་ཆེ༔ རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོཿ སྤྲོ་ན་མཆོད་པ་བཅུ་དྲུག་འབུལ་ཞིང་བཤགས་པ་དམ་བཅའ་དངོས་གྲུབ་གསོལ་བ་རྣམས་ཀྱང་བྱའོ། །བདུན་པ་འཛབ་བཟླ་བ་ལ། ཛཔ྄་ཁང་དབྱེ་བ་ནི། དབྱེ་གཞིའི་དཀྱིལ་འཁོར་གསལ་བཏབ་ལ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཕཊ་ཛ༔ ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱཾ་ཕཊ་ཛ༔ ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾ་ཕཊ་ཛ༔ ཞེས་ཡེ་ཤེས་ཀྱི་དཀྱིལ་འཁོར་མདུན་དུ་བཞུགས་པར་བསམ། བཟླས་དམིགས་ནི། མཁའ་ཁྱབ་དཀྱིལ་འཁོར་ཆེན་པོ་ནི༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད༔ སེམས་དཔའ་སུམ་བརྩེགས་གསལ་བ་ཡི༔ དཔེར་ན་ཤེལ་ལྟར་འཚེར་བ་ཡི༔ འོད་ཟེར་ཕར་འཕྲོས་སྒྲིབ་སྦྱང་བསྐུལ༔ ཚུར་འཕྲོས་རྟོག་སྒྲིབ་མ་ལུས་སྦྱངས༔ དངོས་གྲུབ་སྒྲུབ་པའི་སྣོད་དུ་གྱུར༔ འོད་ཟེར་དམར་པོ་རཱ་གའི་མདངས༔ ཕར་འཕྲོས་ཡེ་ཤེས་མཆོད་ཅིང་བསྐུལ༔ ཚུར་འཕྲོས་དངོས་གྲུབ་རྣམ་པ་གཉིས༔ འོད་ཟེར་ཚུལ་དུ་བདག་ལ་ཐིམ༔ སྔགས་སྒྲ་འབྲུག་སྟོང་ལྡིར་བ་ལྟར༔ གྲགས་སྟོང་བརྗོད་བྲལ་རང་སྒྲར་གྲགས༔ མཐིང་ཞུན་ལྟ་བུའི་འོད་ཟེར་ནི༔ ཕར་འཕྲོས་རྒྱལ་བའི་ཐུགས་རྒྱུད་བསྐུལ༔ ཚུར་འཕྲོས་དངོས་གྲུབ་ཆེན་པོ་ནི༔ བདག་ལ་བསྩལ་ཞིང་བརྟན་པར་མཛད༔ ཡེ་ནས་གཉིས་མེད་ལྷུན་གྲུབ་པའི༔ ལྷག་པའི་ཆོས་སྐུ་ཆེན་པོར་འགྲུབ༔ ཡབ་ཡུམ་ཞལ་ནས་ཞལ་དུ་ཞུགས༔ མཁའ་ནས་མཁར་དྲངས་བདེ་བ་ཆེ༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད༔ ས་ལམ་དུས་གཅིག་དེར་རྫོགས་གྱུར༔ ཕྱག་རྒྱ་སྐུ་མཆོག་ཡི་གེ་འབྲུ༔ ཕྱག་མཚན་ཤིན་ཏུ་ཕྲ་བའི་གཟུགས༔ མཐའ་ཡས་སྤྲོ་བསྡུས་དོན་ཀུན་མཛད༔ ལྷག་པའི་ཏིང་འཛིན་འབྱོངས་པའི་ཚད༔ རླུང་སྔགས་སེམས་གསུམ་དབྱེར་མེད་པ༔ རྡོ་རྗེའི་བཟླས་པ་མཆོག་ཏུ་བཤད༔ ཅེས་བཟླས་ནས་ལྷ་སོ་སོའི་བསྐྱེད་སྔགས་བཟླས་མཐར། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཞེས་ཞི་བ་སྤྱི་སྔགས་དང་། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་ཁྲོ་བོ་སྤྱི་སྔགས་བཟླས་ལ། ལས་དང་པོ་པས་འཛབ་ཁང་དབྱེ་བ་བསྐྱེད་བདེ་ཡང་། བསྐྱེད་རྫོགས་བྱང་པས་ནི། ཧཱུྃ༔ འཁོར་བ་ཆོས་ཀྱི་དབྱིངས་ཉིད་ལས༔ སེམས་ཅན་སངས་རྒྱས་སྙིང་པོ་ཤར༔ སྒྲ་སྐད་བསམ་གྱིས་མི་ཁྱབ་པ༔ ཐམས་ཅད་བཟླས་བརྗོད་སྔགས་ཀྱི་ཚིག༔ ལུས་ཀྱི་འགུལ་བསྐྱོད་ཐམས་ཅད་ནི༔ དམ་ཚིག་ཕྱག་རྒྱའི་ངང་དུ་གནས༔ རང་རིག་བྱང་ཆུབ་སེམས་ཀྱི་ངང༔ བསམ་བརྗོད་བྲལ་བའི་ངང་ལ་གནས༔ སྣང་སྲིད་ཆོས་རྣམས་མ་ལུས་པ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དཀྱིལ་འཁོར་འབྱམས་ཀླས་ངང་དུ་བསྒོམ༔ ཞེས་པའི་དགོངས་པ་སྐྱོང་ལ་ཞི་ཁྲོའི་སྤྱི་སྔགས་བཟླ་བར་བྱའོ། །ལས་སྦྱོར་གྱི་བཟླས་པ་བྱེད་པར་སྤྲོ་ན། དཀྱིལ་འཁོར་གྱི་ལྷའི་ཞལ་ནས་སྔགས་ཀྱི་སྒྲ་དང་ཐུགས་རྗེའི་འོད་ཟེར་འཕྲོས་པས། ཁམས་གསུམ་ཐམས་ཅད་སྣང་བར་བྱས། ངན་སོང་རྣམས་སྦྱངས། དམིགས་ཡུལ་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་བསྒྲལ་བར་བསམས་ལ། ཡི་གེ་བརྒྱ་པའི་ཤམ་བུར། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་མ་ཐ་མ་ཐ་སརྦ་ཏཱིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཅེས་བཏགས་པ་བཟླས་ལ། གཙོ་བོ་རྡོ་རྗེ་སེམས་དཔའི་ཞལ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་ཡི་གེ་བརྒྱ་པ་ཞེས་བྱ་བ་ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་སྦྱོང་བར་བྱེད་པ་འདི་བཟླས་པས་རྣལ་འབྱོར་པ་རྟོག་སྒྲིབ་ཅན། ཉམས་ཆག་ཅན། གསོག་འཇོག་ཅན་བག་ཆགས་ངན་པ་ཅན་ཁྱེད་རྣམས་ཀྱི་ཉམས་ཆག་ཐམས་ཅད་བསྐངས་ཏེ་ངན་སོང་དུ་ལྟུང་བའི་ལས་ཀྱི་སྒྲིབ་པ་ལས་ཐར་བར་འགྱུར་རོ། །ཚེ་འདི་ལ་ཡང་སངས་རྒྱས་ཐམས་ཅད་ཀྱིས་སྲས་ཀྱི་དམ་པར་དགོངས་ནས་སྲུང་ཞིང་སྐྱོབ་པར་མཛད་ལ། ཤི་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་ཐུ་བོར་འགྱུར་བ་གདོན་མི་ཟའོ། །ཞེས་གནང་བ་བྱིན་པར་བསམ་མོ། །དབང་བསྐུར་གནས་ལུང་སོགས་དང་སྦྲེལ་ན་བུམ་པའི་འཛབ་བྱ་སྟེ། རྣམ་རྒྱལ་བུམ་པའི་བསྐྱེད་ཆོག་ནི་མདུན་བསྐྱེད་དང་དབྱེར་མེད་ཡིན་པས་ཟུར་དུ་མི་དགོས་ལ། ཁྲུས་བུམ་ནི། རིན་ཆེན་བུམ་པ་གཞལ་ཡས་ཁང༔ པདྨ་འདབ་བརྒྱ་གེ་སར་ལ༔ ཨཿལས་ཡི་གེའི་འཁོར་ལོ་སྤྲོས༔ ཨོཾཿབཿཛྲཿསཿཏྭཿསཿམཿཡཿམཿནུཿཔཱཿལཿཡཿབཿཛྲཿསཿཏྭཿཏྭེཿནོཿཔཿཏིཥཿཋཿདྲྀཿཌྷོཿམེཿབྷཿཝཿསུཿཏོཿཥྱོཿམེཿབྷཿཝཿསུཿཔོཿཥྱོཿམེཿབྷཿཝཿཨཿནུཿརཀཿཏོཿམེཿབྷཿཝཿསརཿབཿསིདཿདྷིཿམྨེཿཔྲཿཡཙཿཚཿསརཿབཿཀརཿམཿསུཿཙཿམེཿཙིཏཿཏཾཿཤྲེཿཡཿཀུཿརུཿཧཱུྃཿཧཿཧཿཧཿཧཿཧོཿབྷཿགཿཝཱནཿསརཿབཿཏཿཐཱཿགཿཏཿབཿཛྲཿམཱཿམེཿམུཉཿཙཿབཿཛྲཱིཿབྷཿབཿམཿཧཱཿསཿམཿཡཿསཿཏྭཿཨཱཿཧཱུྃཿཕཊཿ འཕྲོ་འདུས་དོན་གཉིས་བྱས་པ་ལས༔ དབུས་སུ་བཅོམ་ལྡན་རྡོ་རྗེ་སེམས༔ འདབ་མར་དམ་པ་རིགས་བརྒྱ་གསལ༔ བཟླས་པ་ནི། བུམ་པའི་གཟུངས་ཐག་ནས་བཟུང་སྟེ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་། གཟུངས་ཐག་ལ་འཁྲིལ་ཏེ་བུམ་པའི་ནང་དུ་སོང་། ལྷ་ཡབ་ཡུམ་གྱི་ཐུགས་རྒྱུད་བསྐུལ། འོད་ཟེར་སྤྲོ་བསྡུས་དོན་གཉིས་མཛད། སྐུའི་ཆ་ཐམས་ཅད་ནས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ། ཞི་ཁྲོའི་སྤྱི་སྔགས་དང་། ཡིག་བརྒྱ་ཅི་ནུས་བཟླ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་ལྷ་འོད་དུ་ཞུ་བའི་བུམ་ཆུ་བདུད་རྩིར་བསམ་མོ། །འཛབ་ཁང་བསྡུ་བ་ནི། སྤྲོ་ན་མཆོད་བསྟོད་ནོངས་བཤགས་རྒྱས་པ་གོང་ལྟར་བྱ། བསྡུ་ན། ཧཱུྃ༔ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས༔ ཕྱི་ནང་གསང་སོགས་ནས། ཁཱ་ཧི༔ ཨོཾ་བཛྲ་ས་མ་ཡ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ དམ་ཚིག་ཡེ་ཤེས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་མེད་དུ་གྱུར་པར་བསམ། ཨོཾ་བཛྲ་ས་མ་ཡ་ཧཱུྃ་སཏྭཾ་ཧོ༔ དབང་བསྐུར་སྐབས་སུ། ཨོཾ༔ རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར༔ བདག་གིས་སློབ་མ་འཇུག་པར་འཚལ༔ ཞེས་ཐལ་མོ་སྦྱར་ཏེ་གསོལ་བ་བཏབ་པས་གནང་བ་བསྩལ་བར་བསམ་མོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་བདུན། དང་པོ་ཚོགས་ཀྱི་འཁོར་ལོ་ནི། ཚོགས་ཀྱི་ཡོ་བྱད་རྣམས་ལ་བསང་ཆུ་གཏོར་ལ། ཨོཾ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཤོ་དྷ་ནེ་ཧཱུྃ་ཕཊ༔ རཾ་ཡཾ་ཁཾ༔ ཧཱུྃ༔ ཡེ་ཤེས་མེ་རླུང་ཆུ་འཕྲོས་པས༔ དངོས་འཛིན་རྣམ་རྟོག་ཐམས་ཅད་སྦྱང༔ ཚོགས་གཞོང་བྷནྡྷའི་སྣོད་ནང་དུ༔ ཤ་ལྔ་བདུད་རྩི་ཡེ་ཤེས་ལྔ༔ འདོད་ཡོན་མཆོད་སྤྲིན་འཕྲོ་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང༔ རང་རིག་མཐའ་དབུས་མེད་པའི་དཀྱིལ༔ ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ༔ ཚོགས་མཆོག་དཀྱིལ་འཁོར་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ཨེ་ཧྱེ་ཧི༔ རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཛ་ཛ༔ མཆོད་པ་གཞན་ཡང་སྤྲོ་བར་བྱ། ཨོཾ༔ དགྱེས་པར་ཚིམ་པའི་ལོངས་སྤྱོད་དག༔ ཇི་ལྟར་ཡིད་བཞིན་ནོར་བུ་ལྟར༔ དཔག་བསམ་ཤིང་ཆེན་འདོད་འཇོའི་བ༔ མ་རྨོས་ལོ་ཏོག་རྒྱས་པ་ལྟར༔ རྣལ་འབྱོར་ལོངས་སྤྱོད་ཆེན་པོ་དག༔ ནམ་མཁའི་ཁམས་སུ་གཏིབས་ནས་ཀྱང༔ རྡོ་རྗེ་དགྱེས་ཚོགས་ཀུན་འདུས་ནས༔ སྐལ་ལྡན་ཚོགས་ཀྱིས་རབ་སྤྲུལ་ཅིང༔ རྡོ་རྗེ་གར་གྱིས་དབང་བསྒྱུར་ནས༔ སྒེག་སོགས་ལྷ་མོའི་འཇོ་ཚུལ་དག༔ འདུད་ཅིང་བསྟོད་པའི་ཚུལ་གྱིས་ནི༔ རོལ་མོའི་ཚོགས་ཀྱིས་དགྱེས་པར་མཛོད༔ ཛཿཧཱུྃ་བཾ་ཧོ༔ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ༔ ཨི་དཾ་དྷཱུ་པེ་པུཥྤེ་དཱི་པཾ་གནྡྷེ་བ་ལིཾ་ཏ་པྲ་ཏཱིཙྪ་ཧོ༔ ཤྲཱི་མཱཾ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཚེ་རབས་ཐོག་མ་མེད་པ་ཚུན་ཆད་ནས༔ ད་ལྟའི་ལུས་འདི་བླངས་པ་ཡན་ཆད་དུ༔ ལུས་ཀྱིས་སྡིག་བྱས་སྤྱོད་པ་ངན་དུ་སྤྱད༔ ངག་གིས་ཚིག་འཁྱལ་སྨྲ་བ་ངན་དུ་བརྗོད༔ སེམས་ཀྱིས་བློ་ནོར་ལོག་པར་སེམས་པ་སོགས༔ འདོད་ཁྲོ་གཏི་མུག་དབང་གིས་ནོངས་བགྱིས་པ༔ བཀྲམ་པའི་ལྷ་ཚོགས་རྣམས་ལ་བཟོད་པར་གསོལ༔ ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང༔ དེ་ཡི་འཁོར་དུ་གཏོགས་པའི་ལྷ་སྲིན་རྣམས༔ མི་ཡི་སྐྱོན་མཐོང་ཙམ་ནས་བར་ཆད་རྩོམ༔ ནོངས་ཤིང་འགལ་འཁྲུལ་ཅི་བགྱིས་མཐོལ་ལོ་བཤགས༔ ཡིག་བརྒྱ་བཟླས་ཤིང་དག་པར་བསམ༔ མིང་གཟུགས་ལ་བྲིས་དགྲ་བགེགས་བཀུག༔ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ འབར་བ་གཏུམ་ཆེན་རྔམས་པ་རྣམས༔ ཁྲོས་པའི་ཡིད་ཀྱིས་བསྐུལ་བྱས་ན༔ སངས་རྒྱས་བསོད་ནམས་སྐུ་ཡང་འཇིག༔ བདུད་རྩི་ལྔ་དང་ཟས་ལྔ་ལ༔ མཚན་མ་མིང་དང་བཅས་པ་བྱ༔ བཀུག་སྟེ་རྡོ་རྗེ་ཕུར་པས་བསྒྲལ༔ རྡུལ་དུ་བརླགས་ནས་ཚོགས་སུ་འབུལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཕཊ༔ ལོག་འདྲེན་བདུད་རྩིར་སྦར་ནས་འབུལ༔ ཧཱུྃ༔ རྡོ་རྗེ་འབར་བའི་ཚོགས་མཆོད་འདི༔ མཆོད་སྤྲིན་ཀུན་ཏུ་རྒྱས་གྱུར་ཅིག༔ དུག་གསུམ་བརྩེགས་པའི་རི་བོ་འདི༔ སྐུ་གསུང་ཐུགས་ཀྱི་ཀློང་དུ་སྟོབ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ བརྡ་དང་བརྡ་ཡི་འབུལ་ལེན་གྱིས༔ ལུས་དཀྱིལ་ལྷ་ཚོགས་ཚོགས་ཀྱིས་མཆོད༔ རྣལ་འབྱོར་གསང་བའི་སྤྱོད་པ་བསྐྱང༔ གཙང་སྨེ་མཆོད་རས་མར་མེ་བཅས༔ ཤར་ལྷོར་མཎྜལ་སྟེང་དུ་བཞག༔ ཨོཾ་བྷྲཱུྃ༔ ལྷག་མའི་དཀྱིལ་འཁོར་གདན་བཅས་པ༔ ཧཱུྃ་ཧ་ཧེ་ཕཊ༔ ཚོགས་ཀྱི་དཀྱིལ་འཁོར་ཐམས་ཅད་གསལ༔ སྣོད་ནི་ཟླ་བ་བཅུད་ཧྲཱིཿདམར༔ མཐེབ་སྲིན་ཕྱག་རྒྱས་རེག་ནས་སུ༔ ཨོཾ་བཛྲ་ཨ་མྲྀཏ་ཨ་དྷིཥྛཱ་མཱཾ་ཧཱུྃ་ཧྲཱིཿཋཱ༔ དམ་རྒྱས་གཏོར་མར་དམར་ཆེན་འབེབས༔ ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ༔ ཨཱ་གཙྪ་ཡ༔ ཨཱ་གཙྪ་ཡ༔ པྲ་བེ་ཤ་ཡ༔ པྲ་བེ་ཤ་ཡ༔ བྷནྡྷ་ཡ༔ བྷནྡྷ་ཡ༔ ཏོ་ཥ་ཡ༔ ཏོ་ཥ་ཡ༔ སརྦ་བཛྲ་ཌཱ་ཀི་ནཱི་ནཱཾ༔ ཧྲྀ་ད་ཡ་ཧཱུྃ་ཧཱུྃ་ཕཊ༔ བཤུགས་གླུ་བྱ་ཞིང་ལྷག་མགྲོན་འབོད༔ དམ་རྒྱ་དཔྲལ་བར་གཡོན་གསུམ་བསྐོར༔ སོ་སོའི་གནས་སུ་འཁོད་པར་བསམ༔ ཨོཾ་ཌཱ་ཀི་ཨཱ་ཀརྵ་ཡ༔ ཨཱ་ཀརྵ་ཡ༔ པྲ་བེ་ཤ་ཡ༔ པྲ་བེ་ཤ་ཡ༔ བྷནྡྷ་ཡ༔ བྷནྡྷ་ཡ༔ ཏོ་ཥ་ཡ༔ ཏོ་ཥ་ཡ༔ མོ་ཧ་ཡ༔ མོ་ཧ་ཡ༔ བཛྲ་ཌཱ་ཀི་ནཱི་ནཱཾ༔ ཧྲྀ་ད་ཡ་ཧཱུྃ་ཕཊ༔ ཨོཾ་ཌཱ་ཀི་ཧཱུྃ་ཕཊ༔ འདོད་པའི་ལས་རྣམས་བྱེད་པར་བསམ༔ རྟ་གདོང་སྙེམས་པས་ཕྱག་རྒྱ་བྱ༔ ཧྲཱིཿཔདྨ་བ་ཌ་བཱ་མུ་ཁ༔ ཨཱ་ཀརྵ་ཡ༔ ཨཱ་ཀརྵ་ཡ༔ པྲ་བེ་ཤ་ཡ༔ པྲ་བེ་ཤ་ཡ༔ བྷནྡྷ་ཡ༔ བྷནྡྷ་ཡ༔ ཏོ་ཥ་ཡ༔ ཏོ་ཥ་ཡ༔ མོ་ཧ་ཡ༔ མོ་ཧ་ཡ༔ བཛྲ་ཌཱ་ཀི་ནཱི་ནཱཾ༔ ཧྲྀ་ད་ཡ་ཧཱུྃ་ཕཊ༔ ཧ་ཧ་ཧི་ཧི༔ དབང་དུ་འདུས་ཤིང་བཀའ་སྡོད་བསམ༔ མགྲོན་རྣམས་རིགས་ལྔའི་ཚོམ་བུ་རུ༔ བཞུགས་ཤིང་གཏོར་མ་བཞེས་པར་བསམ༔ ཧེ་རུ་ཀ་ཡི་ཐོད་རྒྱ་བྱ༔ ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཏ་ཧཱུྃ་ཕཊ༔ ཨོཾ་བུདྡྷ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཏ་ཨོཾ་ཕཊ༔ ཨོཾ་རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཏ་ཏྲཱཾ་ཕཊ༔ ཨོཾ་པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཏ་ཧྲཱིཿཕཊ༔ ཨོཾ་ཀརྨ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཏ་ཨཱཿཕཊ༔ གཏོར་མ་ཕུད་བཅས་སྨེ་བར་བླུགས༔ ལྕེ་ནི་རྟ་མགྲིན་ཡབ་ཡུམ་གཉིས༔ སྦྱོར་བའི་བྱང་སེམས་ཛ་གད་ཀྱི༔ ཁ་ཕྲུ་དམ་རྒྱས་འདེབས་པར་བྱ༔ ཨོཾ་གུ་རུ་ཀྲོ་དྷ་རཏྣ་ས་མ་ཡ་པྲི་ཤ་སརྦ་བུདྡྷ་ཀྵེ་ཏྲ་པཱ་ལ་ཀྵོ་བྷ་ཀཱ་ར་ཧཱུྃ་ཕཊ༔ ཧཱུྃ༔ རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་རྣམས༔ རིགས་ལྔ་དཔལ་ཆེན་ཧེ་རུ་ཀ༔ ཁྲོ་མོ་གཽ་རཱི་སིཾ་ཧ་དང༔ འབར་མ་སྒོ་སྐྱོང་གསང་བའི་ཡུམ༔ མཁའ་འགྲོ་གིང་གི་ཚོགས་སུ་སྤྲུལ༔ དྲེགས་པ་སྲིན་མོའི་ཚོགས་རྣམས་བཏུལ༔ ལྷག་མ་བྱིན་ནས་དམ་ལ་བཏགས༔ སྔོན་གྱི་དམ་ལས་མ་འདའ་བར༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ སྨན་དང་རཀྟ་གཏོར་མས་མཆོད༔ ཧོ༔ ལྷག་མའི་ལྷ་ཚོགས་དགོངས་སུ་གསོལ༔ ཕུད་དང་གཏོར་མ་བཞེས་སུ་གསོལ༔ དམ་ཚིག་ཉམས་ཆག་སྐོང་བར་མཛོད༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཕྲིན་ལས་རྒྱ་མཚོ་འགྲུབ་པར་མཛོད༔ ཡ་ཧི་གཙྪས་རང་གནས་གཤེགས༔ ལྷག་གཏོར་ཁོར་ཡུག་ཕྱི་རོལ་དོར༔ ལྷག་དཀྱིལ་ཧཱུྃ་གིས་རང་ལ་བསྡུ༔ གཉིས་པ་གཏོར་སྐྱོང་ནི། བཀའ་སྲུང་གཏོར་མ་རཾ་ཡཾ་ཁཾ་གིས་སྦྱང་། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་སྤེལ་ལ། ཧཱུྃ༔ སྔོན་ཚེ་འོག་མིན་གསང་བའི་གནས་མཆོག་ཏུ༔ ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀས༔ གསང་སྔགས་རྒྱུད་ལུང་མང་པོ་བསྟན་པ་དང༔ འོག་མིན་འཐུག་པོ་བཀོད་པའི་ཞིང་ཁམས་དང༔ ལྷ་གནས་གསུམ་དུ་གྲགས་པའི་གནས་མཆོག་ཏུ༔ རིགས་ལྔ་ཡབ་ཡུམ་སེམས་དཔའ་ལྕམ་དྲལ་གྱིས༔ གསང་སྔགས་རྒྱུད་ལུང་བསྡུ་བ་མཛད་པ་དང༔ དེ་འོག་ལྷ་ཀླུ་མི་ཡི་ཡུལ་རྣམས་སུ༔ ཤཱཀྱ་ཐུབ་པ་རིགས་གསུམ་མགོན་པོ་ཡིས༔ གསང་སྔགས་ཕྱི་ནང་ཆོས་རྣམས་གསུངས་པ་དང༔ དེ་རྗེས་ལས་ཅན་དྲྭ་མ་ལྔ་རྣམས་དང༔ རྒྱལ་བས་ལུང་བསྟན་སྐལ་ལྡན་རྒྱལ་པོ་ཛཿ ཨིནྡྲ་བྷཱུ་ཏི་ནཱ་ག་པུ་ཏྲ་དང༔ དགའ་རབ་རྡོ་རྗེ་རྡོ་རྗེ་བཞད་པ་རྩལ༔ པྲ་བྷ་ཧསྟི་ཤཱཀྱ་སེང་གེ་སོགས༔ གྲུབ་པ་བརྙེས་པའི་སློབ་དཔོན་ཐམས་ཅད་ཀྱིས༔ གསང་སྔགས་བསྟན་པ་རྒྱ་ཆེར་སྤེལ་བ་དང༔ ཁྱད་པར་ཡང་ལེ་ཤོད་ཀྱི་གནས་མཆོག་ཏུ༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་གིས༔ དཔལ་ཆེན་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས་ནས༔ མ་མོ་མཁའ་འགྲོ་དྲེགས་པ་དབང་དུ་བསྡུས༔ བརྒྱུད་གསུམ་བླ་མའི་སྤྱན་སྔར་ཞལ་བཞེས་པའི༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བཞིན་དུ་བཅོལ་པའི་ཕྲིན་ལས་མཛོད༔ གཏོར་མ་ཕུད་ཀྱིས་བྲན་ནས་སུ༔ ཏྲཱཾ་རཏྣ་ཏྲཻ་ལོ་ཀྱ་ཕཊ༔ གཏོར་མའི་རྡུལ་ཕྲན་རེ་རེ་བཞིན༔ རིན་ཆེན་གུར་ཁྱིམ་ལོངས་སྤྱོད་གྱུར༔ འབྲུ་གསུམ་དག་གིས་བྱིན་གྱིས་བརླབ། ཧཱུྃ༔ ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད༔ ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ༔ ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས༔ སློབ་དཔོན་པདྨ་འབྱུང་གནས་དང༔ རླངས་ཆེན་དཔལ་གྱི་སེང་གེ་ཡི༔ སྤྱན་སྔར་ཁས་བླངས་དམ་བཅས་བཞིན༔ དམ་རྫས་བཀའ་ཡི་གཏོར་མ་ལོངས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ལ་ལཱ༔ ལེ་ལེ༔ ཏཾ་ཏཾ༔ ཏེ་ཏེ༔ ཁ་རཀྨ༔ མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ་ཧཱུྃ༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ གསུམ་པ་བྲོ་བརྡུང་བ་ནི། བྲོ་ར་ལས་བཞིའི་དབྱིབས་སུ་བྱས་ནས། ཡཱ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ ཡེ་ཤེས་ཞི་བ་ཆེན་པོ་རྣམས༔ ཐུགས་རྗེ་ཆེན་པོས་བྲོ་བརྡུངསཔས༔ གཏི་མུག་རྡོ་རྗེ་འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན༔ ཉོན་མོངས་བདུད་དང་མི་མཐུན་ཚོགས༔ ཡུད་ཙམ་གྱིས་ནི་ཞི་མཛད་པ༔ ཞི་བའི་ལས་རྣམས་འགྲུབ་པར་མཛོད༔ མཱ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ ངོ་མཚར་བརྗིད་པ་ཆེན་པོ་རྣམས༔ རྔམས་པའི་ཡིད་ཀྱིས་བྲོ་བརྡུངས་པས༔ ང་རྒྱལ་རྡོ་རྗེ་འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན༔ དཔལ་དང་གཟི་བརྗིད་ཆེན་པོ་རྣམས༔ ཡུད་ཙམ་གྱིས་ནི་རྒྱས་པར་མཛད༔ རྒྱས་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཝཾ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ༔ བདེ་བ་ཆེན་པོའི་གར་བསྒྱུར་རྣམས༔ ཆགས་པའི་ཡིད་ཀྱིས་བྲོ་བརྡུངས་པས༔ འདོད་ཆགས་རྡོ་རྗེ་འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན༔ རྒྱལ་བློན་ཕོ་མོ་འབྲུ་ནོར་རྣམས༔ ཡུད་ཙམ་གྱིས་ནི་དབང་དུ་སྡུད༔ དབང་གི་ཕྲིན་ལས་འགྲུབ་པར་མཛོད༔ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ འབར་བ་གཏུམ་ཆེན་རྔམ་པ་རྣམས༔ ཁྲོས་པའི་ཡིད་ཀྱིས་བྲོ་བརྡུངས་པས༔ ཞེ་སྡང་རྡོ་རྗེ་འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན༔ རུ་དྲ་དགྲ་བགེགས་མ་ལུས་པ༔ ཡུད་ཙམ་གྱིས་ནི་བརླག་པར་མཛད༔ དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་བཞིའི་སྔགས་བཟླས་བྲོ་བརྡུང་ངོ༔ བཞི་པ་དངོས་གྲུབ་ལེན་པ་ནི་བདུད་རྩི་བཏུང་ཞིང་། ཧཱུྃ༔ སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་དེ༔ ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང༔ མཆོག་དང་ཐུན་མོང་དངོས་གྲུབ་དམ་པ་རྣམས༔ བདག་ལ་བསྩལ་ཅིང་བརྟན་པར་བཞུགས་སུ་གསོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ༔ ཞེས་དངོས་གྲུབ་གསོལ་ཞིང་དབང་བླང་ངོ་། །ལྔ་པ་ཉེར་བསྡུ་ནི། མཆོད་བསྟོད་ནོངས་བཤགས་གོང་ལྟར་བྱས་ལ་རྟེན་ཡོད་ན་བརྟན་བཞུགས་བྱ། མེད་ན་ཡེ་ཤེས་པ་གཤེགས་སམ་རང་ལ་བསྡུ། ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་དཀྱིལ་འཁོར་རང་ལ་ཐིམ༔ སེམས་དཔའ་གསུམ་ཡང་ཧཱུྃ་ལ་འདུས༔ དེ་ཡང་དབྱིངས་ཡེ་གཉིས་མེད་པའི༔ བྱང་ཆུབ་ཐིག་ལེའི་ཀློང་དུ་བཞག༔ དྲུག་པ་རྒྱུན་གྱི་སྤྱོད་ལམ་ནི། ཕཊ་ཕཊ་ཕཊ༔ སྔགས་ཀྱི་རྐྱེན་གྱིས་སད་པ་ལས༔ དཔལ་ཆེན་ཞལ་གཅིག་ཕྱག་གཉིས་པ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ༔ ལུས་ནི་རྡོ་རྗེའི་གོ་ཡིས་གཡོགས། བཛྲ་ཀ་པཱ་ལ་མཱ་ལཱ་ཨ་བྷི་ཥིཉྩ་ཏྲཱཾ་ཏྲཱཾ༔ ཨོཾ་ཨཱརྻ་ལམྦོ་དྷ་ར་ཨ་བྷི་ཥིཉྩ་ཧྲཱི༔ དབུ་རྒྱན་ཅོད་པན་ལ་སོགས་བཅིང་། ཨོཾ་གུ་ཧྱ་ས་མ་ཡ་སཏྭཾ༔ བདུན་པ་བསྔོ་བ་དང་བཀྲ་ཤིས་སྤྱི་ལྟར་བྱའོ། །ཀུན་ཏུ་བཟང་པོའི་རྒྱལ་ཐབས་ནས་འོངས་པའི། །ཞི་ཁྲོ་ན་རཀ་དོང་སྤྲུགས་སྒྲུབ་པའི་ཐབས། །རྒྱུད་ལུང་མན་ངག་རྩིབས་སྟོང་མུ་ཁྱུད་ཅན། །བྱིན་རླབས་འོད་ཟེར་མཐའ་ཡས་སྤྲོ་བ་འདི། །རྒྱལ་སྲས་སྤྱོད་པ་ཅན་གྱིས་ཐོགས་ཙམ་གྱིས། །ངན་འགྲོ་སྲིད་པའི་རྒུད་མུན་ལས་གྲོལ་ཏེ། །རྡོ་རྗེ་སེམས་དཔའི་རྒྱལ་སྲིད་རབ་ཏུ་ཐོབ། །འགྲོ་རྣམས་ཕན་བདེའི་དཔལ་ལ་དཀྲི་བར་ཤོག། །།
འདུ་ཤེས་གསུམ་ལྡན་སྤོང་བ་པའི་གཟུགས་བརྙན་པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱི་རྟོགས་པ་བརྗོད་པའི་དུམ་བུ་སྨིག་རྒྱུའི་བདུད་རྩི་ (Volume 65, Text 8)
༄༅། །ཏྲི སཾ ཛྙཱ བཱཾ བྷཻ ཀྵུ ཀ པྲ ཏི བི མྦ པ དྨ ན རྟྟེ ཤྭ ར ཀ རྨ ག ཏ ད མ ཀ བི ཀྲཱ ནྟ སྱཱ བ དཱ ན ཤ ལྐ མ རཱི ཙཱ མྲྀ ཏ ནཱ མ བི ཧ ར ཏི སྨ །། ༄༅། །འདུ་ཤེས་གསུམ་ལྡན་སྤོང་བ་པའི་གཟུགས་བརྙན་པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱི་རྟོགས་པ་བརྗོད་པའི་དུམ་བུ་སྨིག་རྒྱུའི་བདུད་རྩི་ཞེས་བྱ་བ་བཞུགས་སོ།།
༄༅། །ནམོབཛྲདྷརཔདྨདིཔཱཀརནྡྲསྱཔཱདཽཏྲིམུཁམཧཱབནྡཻཿ ༄༅། །རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོའི་ཞབས་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ།།
༄༅། །བྷྲཱནྟིརྨནྨཐྱརཎཱདྦཻཛཡནྟྱཾ། སཾསྠཱབྲྀཏྱཱབྷྲམཏཱདྷརྨཀཱཡཾ། ། ༄༅། །འཁྲུལ་སྣང་ཡིད་སྲུབ་གཡུལ་ལས་རྣམ་རྒྱལ་ཏེ། །འཁྲུལ་མེད་ཆོས་སྐུའི་གནས་ལུགས་རྗེན་ཅར་དུ། །
དྲྀཥྚཻརུདྒྷཱིཡུགཔདྦུདྡྷམོཀྵཱ། ཛྙཱཔཾཀྟྱདྷིཥྛིཏརཏྣེནདེཧི། གཟིགས་པས་རྟོགས་གྲོལ་དུས་མཉམ་མཆོག་བརྙེས་པ། །བཀའ་བརྒྱུད་རིན་ཆེན་རྣམས་ཀྱིས་བྱིན་རླབས་སྩོལ། །
སྐྱེ་བས་ཐོབ་དང་སྦྱོར་བརྩོན་མཐར་ཕྱིན་པས། །ས་ལམ་ཡོན་ཏན་ཇི་བཞིན་བརྙེས་རྣམས་ཀྱི། །མངོན་ཤེས་སྟོབས་ཀྱིས་གདུལ་བྱའི་ཁམས་གཟིགས་ནས། །རྣམ་ཐར་ཕྱོགས་ཙམ་མཚོན་དེས་འགྲོ་མང་འདུལ། །སོ་སྐྱེ་རང་བློ་ཙམ་ཡང་ལྐོག་གྱུར་པས། །ཆོས་བརྒྱད་དབང་གིས་ཡོན་ཏན་མེད་བཞིན་དུ། །ཡོད་པར་རློམས་དང་གཞན་གྱི་མཐུར་བརྟེན་ནས། །རང་ཉིད་སྒྲོག་རྣམས་ཆོས་འགལ་ཁུར་པོ་ལྕི། །སྙིགས་དུས་ལོག་ལྟའི་ཤུགས་བརྡོལ་བླུན་པོའི་བློ། །དྲང་དོན་དགོས་པ་གཟིགས་ནས་སྙིང་རྗེ་ཡི། །སྟོབས་ལྡན་དམ་པ་འགའ་ཡིས་ཉིང་འཁྲུལ་གྱི། །རྟོགས་པ་བརྗོད་པའི་རེ་ཁཱ་གསལ་བར་མཛད། །དེ་འདྲའི་རྗེས་སུ་ཕྱིན་པའི་མཐུ་མེད་ཀྱང་། །རྩ་གསུམ་བྱིན་རླབས་མི་བསླུ་མཚོན་པ་དང་། །གྲུབ་མཆོག་གཞན་གྱི་ཡོན་ཏན་ཞར་བྱུང་དུ། །ཕྱོགས་ཙམ་གསལ་ཕྱིར་སྦ་འོས་ཅུང་ཟད་བརྗོད། །དེ་ལ་མིའི་ཆོས་བླ་མའི་ཡོན་ཏན་དང་ལྡན་ངེས་པ་དག་གིས་ཀྱང་སྐབས་སུ་མ་བབས་པར་རང་ཉིད་ཀྱིས་བསྒྲག་པར་བྱ་བ་མ་ཡིན་ཏེ། རྒྱལ་སྲས་འཕགས་པའི་ས་ཆེན་པོ་ལ་བཞུགས་པ་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པས་མ་གནང་བར་དུ་རང་ཉིད་ཀྱི་ཡེ་ཤེས་དང་ཏིང་ངེ་འཛིན་དང་སྨོན་ལམ་དང་རྫུ་འཕྲུལ་གྱི་སྟོབས་ལ་སོགས་པ་ཐུན་མོང་དུ་སྟོན་པར་མི་མཛད་པ་དང་། རྡོ་རྗེ་ཐེག་པའི་ལམ་རིམ་པ་གཉིས་ལས་དྲོད་ཐོབ་པའི་རྟགས་ནི་དེ་ལས་ཀྱང་གསང་ཞིང་སྦ་བར་རྡོ་རྗེ་འཆང་གི་བཀས་བཅད་པས་ཆོས་ཉིད་ཀྱི་བདེན་པ་གཟིགས་པ་རྣམས་ཀྱིས་སྐལ་ལྡན་གྱི་གདུལ་བྱ་འདུལ་བའི་ཆེད་དུ་ཕྱོགས་ཙམ་སྟོན་པ་ལས། སྦྱོར་ལམ་ལ་གནས་པ་མན་ཆད་ཀྱིས་ཁྱབ་བརྡལ་དུ་མི་བསྒྲག་པའི་དམ་ཚིག་ཡིན་པ་དང་འགལ། ཡོན་ཏན་མེད་པ་ལ་ཡོད་པར་བརྫུ་བའི་ལྷ་མཐོང་འདྲེ་མཐོང་མངོན་ཤེས་རྫས་སྔགས་ཀྱི་གྲུབ་རྟགས་ལ་སོགས་པ་སྡོམ་ལྡན་གྱིས་བྱས་ན་སྡོམ་པ་རྩད་ནས་འཇིག་པས་དངོས་གྲུབ་ཀྱི་སྐལ་པ་ཆད་ཅིང་ཚ་དམྱལ་གྱི་སྡུག་བསྔལ་ཚད་མེད་པ་མྱོང་དགོས་པའི་ཕྱིར་ལས་འབྲས་ཤེས་པ་དག་གིས་སྲོག་ལ་བབས་ཀྱང་སྨྲ་སྤོབས་པར་མི་སྣང་ཞིང་། ཕལ་པ་སྡོམ་པ་ཉམས་རྒྱུ་མེད་ཀྱང་རྫུན་སྨྲ་བ་ཉིད་རང་བཞིན་གྱིས་ཁ་ན་མ་ཐོ་བ་མི་དགེ་བའི་ལས་ཡིན་པའི་ཕྱིར་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཁྲེལ་ཞིང་ངན་སོང་གི་སྡུག་བསྔལ་མྱོང་དགོས་པ་དང་། སྔོན་ལས་བསོད་ནམས་ཀྱི་འཕྲོ་སྨིན་པ་ཁ་ཅིག་ནག་ཕྱོགས་འབྱུང་པོས་གྲོགས་བྱས་ཏེ་རེ་ཞིག་རྫུན་ཚིག་ཐོག་ཏུ་ཁེལ་ནས་སྐལ་དམན་བསོད་ནམས་ཆུང་བའི་སྐྱེ་བོ་དང་ཟས་གོས་འདུ་བ་ལྟར་སྣང་ཡང་། མཐར་སྨྲ་བ་པོའི་རྫུན་མཚང་བརྡོལ། རང་དང་འབྲེལ་ཚད་འདི་ཕྱི་གཉིས་ཀར་ཕུང་ལ་སྦྱོར་བ་མཐོང་ཆོས་སུ་གྲུབ་པས། མིན་པ་ལ་ཡིན་པ་དང་མེད་པ་ལ་ཡོད་པར་བརྫུ་བ་ལྟ་ཅི་སྨྲོས། བདེན་པའི་དངོས་པོ་བརྗོད་པ་ལའང་དུས་དང་སྐབས་ཕྱེད་དགོས་པར་སྣང་བས། བདག་ལྟ་བུའི་སོ་སྐྱེ་ཤིན་ཏུ་ཐ་ཤལ་བ་ཚོགས་ལམ་ཙམ་གྱི་སྣེ་ལེགས་པར་མ་ཟིན་པ་ཞིག་ལ་འཕགས་པའི་ཆོས་ཀྱི་ཡོན་ཏན་གསང་འོས་པ་ནི་གང་ཡང་མི་སྣང་བས་དབུལ་པོའི་མཛོད་དུ་དཀོར་ནོར་བཞིན་ཡེ་གསང་ཐབས་ཀྱིས་ཆོད། སྟབས་ལེགས་ཀྱིས་ལྟས་བཟང་ཕྲན་ཚེགས་དང་རྨི་ལམ་ཟ་ཟི་ཙམ་རེ་ནི་ལམ་གྱི་དྲོད་རྟགས་སམ་སྐྱོན་ཡོན་གང་ཡང་མ་ཡིན་པས་དེ་ལྟ་བུ་གསང་ན་དངོས་གྲུབ་ཐོབ་པའི་རེ་བའང་མེད་ལ། བཤད་པས་གོ་འཕང་ཉམས་པའི་དོགས་པའང་མ་མཆིས་པ་དང་། སྐྱེ་བ་དང་རྣམ་འཕྲུལ་དུ་གྲགས་པ་ལ་རང་ཉིད་ཀྱིས་ནི་སྐྱེ་བ་སྔ་མ་ལྟ་ཅི་སྨྲོས། ཚེ་འདིའི་འདུན་སྤྱོད་ཀྱང་ཉིན་རེ་བཞིན་དུ་སྔ་མ་ཅི་བྱས་དང་གང་སྨྲས་ཕལ་ཆེར་བརྗེད་ངས་སུ་སོང་ནས་དྲན་ལམ་དུ་མི་སྣང་བས་སྐྱེ་བ་དྲན་པའི་རེ་བ་ཟད་ཅིང་། གལ་ཏེ་དྲན་དུ་ཟིན་ནའང་། འཕགས་པ་དང་དམ་པའི་རྣམ་ཐར་འཛིན་པའི་གང་ཟག་མཆོག་གི་སྐྱེ་བ་ནི་དྲན་རྒྱུས་ཕོངས་པར་སྣང་སྟེ། སྔ་མ་གང་བྱས་ད་ལྟའི་ལུས་ལ་ལྟོས། །ཕྱི་མ་ཅི་འགྱུར་ད་ལྟའི་ལས་ཀྱིས་བྱེད། །ལས་ནི་ལུས་དང་གྲིབ་མ་བཞིན་དུ་འབྲང་། །ཞེས་གསུངས་པ་ལྟར་སྔོན་གྱི་ཚེ་རབས་མང་པོ་ལ་དགེ་བའི་རྩ་བ་བསགས་པས་ད་ལྟ་ཆོས་ལྡན་གྱི་མི་ལུས་རྣམ་པར་དག་པ་ཐོབ་ཏུ་ཟིན་ཀྱང་རྒྱུད་ཉོན་མོངས་པའི་གཞན་དབང་ཁོ་ནར་འཆེལ་བ་ལས་རྗེས་སུ་དཔག་པའི་རིག་པས་གཞལ་ན། སོ་སྐྱེ་འཁོར་བ་ཐོག་མེད་ནས་བག་ཆགས་ཁ་བརྒྱུད་དེ་ཁམས་གསུམ་དུ་འཁོར་ཞིང་། ད་དུང་འཁོར་བ་མཐའ་མེད་དུ་འཁོར་ཞིང་འཁྱམས་པའི་རང་བཞིན་ཅན་ཉིད་དུ་ངེས་པ་རྙེད་ཀྱང་། མི་བསླུ་ངེས་པའི་དཔལ་ལྡན་བླ་མ་ཆོས་དང་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་ཀྱིས་རང་རང་གི་དགོངས་པ་དང་། ཨོ་རྒྱན་སངས་རྒྱས་གཉིས་པ་སོགས་རྩ་བ་གསུམ་གྱི་བརྡ་དང་ལུང་ལ་བརྟེན་ནས་འཕགས་ཆེན་རྣམས་ཀྱི་རྣམ་འཕྲུལ་དུ་ལྐོག་ན་མོར་མ་ཡིན་པར་ཡོངས་གྲགས་ཁྱབ་བརྡལ་དུ་ལུང་བསྟན་རྗེས་སུ་གནང་བས་དབུགས་དབྱུང་བསྩལ་བ་ཐོབ་པ་ལ་བརྟེན། མཆོག་དམན་ཕལ་མོ་ཆེས་གང་ཟག་དམ་པར་བཟུང་སྟེ་བསོད་ནམས་སྤེལ་བའི་གནས་སུ་བྱེད་པ་དང་། དག་སྣང་གི་སྤྱན་རས་ཡངས་ཤིང་རང་ཉིད་ལ་བླ་མར་འཛིན་པ་རྣམས་ཀྱིས་དྲང་དོན་ཉིད་ངེས་པའི་དོན་དུ་བཟུང་ནས་རེ་འདུན་ཆེ་བ་དང་། ཁྱད་པར་ཚེ་རབས་སྔ་མར་ཡབ་སྲས་གོང་མ་རྣམས་སོགས་སྐྱེས་ཆེན་རྣམས་ལ་བཟང་འབྲེལ་ཐོགས་པའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་འཕེན་ཤུགས་ལྟ་བུས། རྒྱལ་བ་ཀར་འབྲུག་སི་ཏུ་ཡབ་སྲས་གཙོས་སྐྱེས་ཆེན་ཡོངས་གྲགས་མང་པོ་ལ་རྡོ་རྗེ་ཐེག་པའི་སྨིན་གྲོལ་དང་གཞུང་ལུགས་རིག་གནས་ཡན་ཆད་ཀྱི་ཞབས་འདེགས་ཞུ་བ་པོར་ཡང་གྱུར་གཤིས། གཅིག་ཏུ་རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་དང་ལྡན་པ་རྣམས་ཀྱིས་བརྩེ་བས་རྗེས་སུ་བཟུང་བའི་བཀའ་ལུང་གཡས་ཆུང་རས་ཆོད་ཆུད་ཟོས་སུ་བཏང་བ་མི་རིགས་ཤིང་། དེ་ཙམ་ལ་ས་བོན་དུ་བྱས་ནས་དོན་དམ་དུ་བཟུང་ན་རྡོ་རྗེའི་གསུང་ལ་བསླུ་བ་མི་སྲིད་པས་མ་འོངས་པར་ངེས་དོན་དུ་འགྱུར་བའི་རྟེན་འབྲེལ་འགྲིགས་པར་འགྱུར་བ་དང་། གཉིས་སུ་མོས་ལྡན་རྣམས་ཀྱིས་ཀྱང་དད་པ་བྱས་ན་ཁྱི་སོ་ལ་རིང་བསྲེལ་གྱི་དཔེ་བཞིན་དམ་པ་དེ་དག་གི་རྣམ་འཕྲུལ་དུ་ཡིད་ཆེས་པས་གསོལ་བ་བཏབ་ན་ཚེ་རབས་ཀུན་ཏུ་དམ་པ་རྣམས་ཀྱིས་རྗེས་སུ་འཛིན་པའི་རྒྱུར་འགྱུར་བ་དང་། གསུམ་དུ་ཐ་མལ་པའི་སོ་སྐྱེ་མངོན་རྗེས་ཚད་མས་གྲུབ་པའི་མཚན་ཉིད་དང་ཡོན་ཏན་གང་ཡང་མེད་པ་ཞིག་ཡབ་སྲས་སྐྱེས་ཆེན་དེ་དག་གིས་སྟེས་དབང་ཙམ་གྱིས་བླ་མར་བསྟེན་ན་ཆོས་དང་མི་མཐུན་པའི་རྣམ་ཐར་དུ་འགྱུར་བས་ཡུལ་མཆོག་དེ་རྣམས་ཀྱིའང་ཞབས་འདེགས་སུ་འགྱུར་བའི་ཕྱིར་འདིར་བརྗོད་པར་བྱ་བ་ལ་གསུམ། དམ་པ་རྣམས་ཀྱི་སྐྱེས་རབས། ལུང་བསྟན་རྣམས་ནས་ཟིན་ཚུལ། ཟབ་མོ་གཏེར་གྱི་དངོས་གྲུབ་ཆ་ཤས་ཙམ་ཐོབ་པའི་ཚུལ་བརྗོད་པའོ། །དང་པོ་ནི། དེའང་ཁོ་བོ་ཅག་ཐོག་མ་མེད་པའི་དུས་ནས་གཟུང་འཛིན་གྱི་རྣམ་པར་རྟོག་པ་སྐད་ཅིག་མ་ལ་བརྟེན་ནས་འཁྲུལ་པའི་གཞན་དབང་དུ་འཕྱན་ཏེ་ཁམས་གསུམ་གྱི་གནས་རིས་ཀུན་ཏུ་ལུས་གྲངས་མེད་པ་བླངས། ཉོན་མོངས་པས་བསྐྱེད་པའི་ལས་བསམ་གྱིས་མི་ཁྱབ་པ་བསགས། མཐའ་མེད་པའི་འཁོར་བའི་རྒྱ་མཚོ་ཆེན་པོར་སྡུག་བསྔལ་གསུམ་གྱི་རྦ་རླབས་ཀྱིས་རྟག་ཏུ་གཡེང་བཞིན་པར་གནས་པས་ད་དུང་དུའང་ལམ་སྣ་ཙམ་ཡང་མ་ཟིན་པ་ལ། འཕགས་པ་དང་དམ་པའི་སྐྱེ་བ་དང་སྤྲུལ་པ་སོགས་རང་བློ་ལྐོག་ཏུ་མ་གྱུར་པས་རེ་བ་ག་ལ་ཡོད་ཅིང་། མཁས་པ་རྣམས་ཀྱིས་བརྟགས་ཀྱང་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་ཚད་མས་མ་གྲུབ་པས་མིན་པ་ལ་ཡིན་པ་དང་། མེད་པ་ལ་ཡོད་པར་བརྫུས་པའི་མི་ཆོས་བླ་མའི་རྫུན་གྱིས་དམྱལ་བའི་ས་བོན་ཆེད་དུ་བསྒྲུབ་པ་ནི་སེམས་ལྡན་སུ་ཞིག་གིས་སྤོབས། འོན་ཀྱང་ཡེ་ཤེས་ཀྱི་སྤྱན་ལྡན་དཔལ་ལྡན་བླ་མ་རྣམས་དང་། ཚད་མར་གྱུར་པའི་སྐྱེས་ཆེན་རྣམས་ཀྱིས་ངོ་བསྟོད་དང་གཅམ་བུ་ཙམ་མ་ཡིན་པར་ལུང་བསྟན་དང་། ཁྱད་པར་ལྐོག་གྱུར་གྱི་གནས་ལ་སངས་རྒྱས་གཉིས་པ་པདྨཱཀ་རའི་གཏེར་ལུང་ལ་མཆོག་དམན་ཀུན་གྱིས་ཚད་མར་གྱུར་པས་དེའི་དབང་དུ་བྱས་ཏེ་ཕྱོགས་ཙམ་འགོད་པ་ཡིན་ནོ། །དེའང་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོ་དང་། རྒྱལ་དབང་བཅུ་བཞི་པ་ཐེག་མཆོག་རྡོ་རྗེས་སྨིན་གླིང་གཏེར་ཆེན་གྱི་རྣམ་འཕྲུལ་ཡིན་པར་གསུངས་ཤིང་སྔ་མས་ཞབས་བརྟན་དང་ཕྱི་མས་སྐྱེས་རབས་གསོལ་འདེབས་མཛད་པ་ལས་རྟོགས་པར་ནུས། མཁན་ཆེན་ཟླ་བཟང་སྤྲུལ་པའི་སྐུས་ཐུགས་དམ་བརྟགས་པར་དེ་དོན་ཤིན་ཏུ་གསལ་བར་གཟིགས། ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཐུགས་དམ་བརྟགས་པར། ཀུན་དགའ་བོ། བཻ་རོ། ཀླུ་མེས། ཟུར་ཆེན་རྣམས་དང་། འཕྲང་མགོ་གཏེར་སྟོན་ཤེས་རབ་འོད་ཟེར་རྣམས་ཡིན་པར་གཟིགས་ཤིང་། མནལ་ལམ་ཞིག་ཏུ་མུས་ཆེན་སངས་རྒྱས་རིན་ཆེན་དང་བ་ཡོ་ཆོས་བཟང་ཡིན་པ་དང་། སྙེ་མདོ་ཀུན་དགའ་དོན་གྲུབ་ཡིན་པ་གསལ་བར་དྲན་གསུངས། དགོངས་པའི་གསལ་སྣང་ངམ་རྒྱུ་མཚན་མ་གསུངས་ཀྱང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐ་དང་། རྩེ་ལེ་སྣ་ཚོགས་རང་གྲོལ་ཡིན་པར་དུས་རྒྱུན་ཐུགས་ཐག་བཅད། གཏེར་ཆེན་མཆོག་གྱུར་གླིང་པས་བཻ་རོའི་རྣམ་འཕྲུལ་ཡིན་པའི་རྟགས་དང་རྒྱུ་མཚན་འབྲེལ་ཆགས་པ་དང་། བ་ཡོ་ཆོས་ཀྱི་བློ་གྲོས་ཡིན་པའི་གསལ་སྣང་ཤར། འོན་ཀྱང་དམ་པ་རྣམས་ཀྱི་གསུང་ལ་དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་དུ་མཆིས་ཏེ། དགོངས་གཞི་ནི། མདོ་སྡེ་རྒྱན་ལས། དེ་བཞིན་ཉིད་ནི་ཐམས་ཅད་ལ། ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་དང་། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཅེས་སོགས་རྒྱས་པར་བསྟན་པ་ལྟར་ཡ་གི་ཐོག་མའི་མགོན་པོ་ནས་མ་ཀི་འཇག་མིག་གི་སྲིན་བུ་ཡན་གྱི་རྒྱུད་ལ་བདེ་བར་གཤེགས་པའི་སྙིང་པོ་ལ་ཆེ་ཆུང་བཟང་ངན་འཕེལ་འགྲིབ་མེད་པར་བཞུགས་པས་བཻ་རོ་ཙམ་དུ་མ་ཟད་རྣམ་པར་སྣང་མཛད་ཡིན་བྱས་ཀྱང་གཞི་མ་གྲུབ་པའི་རྫུན་གསུང་བར་མི་འགྱུར་ལ། རྣམ་པ་གཅིག་ཏུ་ན། ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་གྱི་ཞལ་ནས། མ་འོངས་གཏེར་གྱི་ཆོས་ལ་མོས་པ་ཀུན། །དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་བཏབ། །ཐམས་ཅད་ལས་ཅན་ཡིན་པས་དགའ་བ་སྒོམས། ཁོ་མོའི་ཚིག་འདི་རིན་ཆེན་གསེར་ལས་དཀོན། །ཞེས་གསུངས་པས་གུ་རུ་རིན་པོ་ཆེ་དང་ལོ་ཆེན་བཻ་རོ་རྣམས་བོད་ཡུལ་དུ་ཞལ་བཞུགས་པའི་སྐབས་མི་ལུས་ཐོབ་ནས་ཞལ་མཐོང་འབྲེལ་བ་ཅུང་ཟད་ཐོབ་པའི་ཐུགས་རྗེ་ལ་བརྟེན་ནས། ད་ལྟ་དལ་འབྱོར་ཐོབ་ཅིང་རྡོ་རྗེ་ཐེག་པ་སྤྱི་དང་ཁྱད་པར་བ་རྣམས་བདེ་བླག་ཏུ་མཇལ་ཞིང་དམ་པ་དེ་དག་གི་བྱིན་རླབས་འཇུག་པའི་སྣོད་རུང་ཙམ་ཡིན་པར་བྱས་ནའང་མི་འཐད་པ་མེད་ལ། དགོས་པ་ནི། རྒྱན་ལས། གང་ཞིག་སེམས་ཅན་མིར་གྱུར་པས། །ཚད་མེད་སྐད་ཅིག་རེ་རེ་ལ། །རྫོགས་པའི་སངས་རྒྱས་ཐོབ་དེའི་ཕྱིར། །ཞུམ་པ་དང་དུ་བླང་མི་བྱ། །ཞེས་གསུངས་པ་ལྟར་སེམས་ཞུམ་པ་བསལ་བས་རང་གཞན་གྱི་དོན་སྒྲུབ་པ་ལ་སྤྲོ་བའི་མཐུ་བསྐྱེད་པ་དང་། ཐོས་བསམ་སྒོམ་པའི་ཡོན་ཏན་ཅུང་ཟད་ཡོད་ན་བསྟན་པ་ལ་ཕན་པའི་ལག་རྗེས་འགྲུབ་པ་དང་། སྐལ་མཉམ་གཞན་དག་གིས་དམ་པའི་སྐྱེ་བ་དང་སྤྲུལ་པའི་སྐུར་གྲགས་པ་ལ་དད་མོས་བསྙེན་བཀུར་གྱིས་བཟང་པོའི་འབྲེལ་བ་ཐོགས་ཤིང་མི་མཐུན་པའི་བར་ཆད་ཉུང་བར་འགྱུར་བ་དང་། ཇི་ལྟར་རྨ་དང་ཟས་ལ་དེ་དག་གི །གཟག་དང་སྤྱད་དུ་རུང་བར་སྨིན་འདོད་པ། །དེ་བཞིན་རྟེན་འདིར་ཕྱོགས་གཉིས་ཞི་བ་དང་། །དེ་བཞིན་སྤྱད་པ་ཉིད་དུ་སྨིན་པར་བསྟན། །ཅེས་གསུངས་པ་ལྟར་བཟང་པོའི་བག་ཆགས་འདི་ཙམ་གྱི་ས་བོན་ལ་བརྟེན་ནས་མ་འོངས་པ་ན་དམ་པ་དེ་དག་གི་དགོངས་པ་སྐོང་བའི་ཕྲིན་ལས་ཀྱི་བྱེད་པོར་ཡང་འགྱུར་བར་རུང་བས་སོ། །དངོས་ལ་གནོད་བྱེད་ནི། བདག་ལྟ་བུའི་སོ་སྐྱེ་ཐ་ཤལ་བ་ཉོན་མོངས་པའི་འདམ་རྫབ་ཏུ་ཆུད་པ་ཞིག་དམ་པ་དེ་དག་གི་སྐྱེ་བའམ་རྣམ་འཕྲུལ་དུ་སོན་པ་ལྟ་ཅི། བྱིན་གྱིས་བརླབས་པ་ཙམ་ཡིན་པའི་རེ་བ་རྨི་ལམ་དུའང་མེད་མོད། གོང་དུ་སྨྲོས་པ་ལྟར་རྡོ་རྗེའི་གསུང་རྣམས་ལ་དགོས་པ་སོ་སོར་མཆིས་པས་གཡས་ཆུང་དུ་མི་བོར་བར་རགས་བསྡུས་སུ་འགོད་ན། ལོ་ཆེན་བཻ་རོ་ཙ་ན་ནི་ཨོ་རྒྱན་གུ་རུ་རིན་པོ་ཆེ་དང་དགོངས་པ་མཉམ་ཉིད་དུ་བཞུགས་ཤིང་སྐུ་ཚེ་དེ་ཉིད་ཀྱིས་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་ནས་གཞོན་ནུ་བུམ་པ་སྐུར་བྱང་ཆུབ་སྟེ་ཁྱབ་བདག་རྣམ་པར་སྣང་མཛད་དང་དགོངས་པ་རོ་གཅིག་ཏུ་འཁྱིལ་ཀྱང་། སེམས་ཅན་གྱི་ཁམས་ལ་ཟད་པ་མི་མངའ་བས་གང་ལ་གང་འདུལ་གྱི་རྣམ་པར་འཁྲུལ་པ་རྒྱུན་ཆད་མི་མངའ་སྟེ། རྒྱན་ལས། རྒྱལ་སྲས་བརྩོན་འགྲུས་མཆོག་ལ་བརྟེན་པ་དེ། །སེམས་ཅན་ཚོགས་རབ་སྨིན་པར་བྱེད་པ་ན། །ཕ་རོལ་སེམས་དགེ་གཅིག་གི་ཕྱིར་ཡང་ནི། །བསྐལ་པ་བྱེ་བ་སྟོང་དུའང་སྐྱོ་མི་འགྱུར། །ཅེས་གསུངས་པ་དང་། དེ་ནི་མཆོག་ཚོགས་ནང་དུ་ཏིང་ངེ་འཛིན། །དཔག་མེད་རྣམ་པར་རོལ་པ་ཀུན་སྟོན་ཅིང་། །བཟོ་དང་སྐྱེ་བར་མཆོག་གི་སྤྲུལ་པ་ཡིས། །སེམས་ཅན་རྣམས་ཀྱི་དོན་དུ་དུས་ཀུན་གནས། །ཞེས་བཟོ་དང་སྐྱེ་བ་དང་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དཔག་ཏུ་མེད་པ་ཅིག་ཅར་དུ་སྟོན་པ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་དུ་ངེས་པ་སྟེ། ཇི་ལྟར་ཉི་མ་འབད་མེད་ཕྱོགས་ཕྱོགས་ཀུན་ཏུ་འོད་ཟེར་དག །རབ་འབྱམས་གསལ་བ་མང་པོས་ལོ་ཏོག་རྣམ་སྨིན་བྱེད་པ་ལྟར། །དེ་བཞིན་ཆོས་ལྡན་ཉི་མའང་རབ་ཞིར་བྱེད་པ་ཆོས་ཀྱི་འོད། །རབ་འབྱམས་དག་གིས་ཕྱོགས་ཕྱོགས་ཀུན་ཏུ་སེམས་ཅན་རྣམ་སྨིན་མཛད། །ཅེས་གསུངས་པ་ལྟར་གདོད་མའི་མགོན་པོའི་རྒྱལ་སར་མངོན་པར་བྱང་ཆུབ་ནས་གདུལ་བྱ་འདུལ་བའི་རྣམ་འཕྲུལ་གཅིག་ལས་དུ་མར་སྤྲུལ་པ་དང་། དུ་མ་གཅིག་ཏུ་སྡུད་པ་སོགས་སོ་སོ་སྐྱེ་བོའི་བློས་ཚད་གཟུང་མི་ནུས་པས་བཻ་རོའི་རྣམ་འཕྲུལ་ཡོངས་སུ་གྲགས་པ་རྣམས་ཀྱང་དུས་གཅིག་ལ་མང་དུ་བྱོན་པ་དང་། མི་ཚེ་གཅིག་གི་ཐོག་མཐའ་བར་གསུམ་དུ་བྱོན་པ་སོགས་མང་བས་ཚུར་མཐོང་གི་བློས་དཔྱད་པར་དཀའ་ཡང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་ཚུལ་རྟོགས་པ་རྣམས་ནི་ངོ་མཚར་བསྐྱེད་པར་འགྱུར་བས་འོག་ཏུ་འབྱུང་བ་འདི་རྣམས་ཀྱང་རྒྱུ་མཚན་དེ་ལྟར་ཤེས་པར་བྱ་དགོས་སོ། །དེ་ལ་གཏེར་སྟོན་ཤེས་རབ་འོད་ཟེར་སྔོན་དུ་བྱོན། དེ་རྗེས་མི་རབས་གཉིས་ཙམ་གྱི་སྐབས་སྐུ་སྤྲུལ་སྣ་ཚོགས་རང་གྲོལ། གསུང་སྤྲུལ་གཏེར་བདག་གླིང་པ། ཐུགས་སྤྲུལ་པདྨ་བདེ་ཆེན་གླིང་པ་རྣམས་གཅིག་གི་སྐུ་ཚེའི་སྨད་ལ་གཅིག་བྱོན་པ་ལྟར་མི་ཚེ་གཅིག་ལ་བྱོན། དེ་བཞི་པོའི་སྐྱེས་རབས་ཀྱང་གཞི་གཅིག་ལ་མི་འདྲ་བའི་ཁྱད་པར་མང་དུ་སྣང་། དེ་ལས་ཤེས་རབ་འོད་ཟེར་འགྲོ་འདུལ་གླིང་པ་ནི། ཤཱནྟ་པུ་རིར་བཞུགས་པའི་དཔའ་བོ་ཐོད་པ་རྩལ་གྱི་ཐུགས་ལས་སྤྲུལ་པར་གསུངས་ཤིང་དེའང་ལོ་ཆེན་བཻ་རོ་ཙ་ན་ཉིད་འབྲས་བུ་མཐར་ཕྱིན་པའི་རྣམ་འཕྲུལ་གྱི་བཀོད་པ་གཅིག་ཏུ་མངོན། འདིའི་འཁྲུངས་རབས་སུ། སྤྲུལ་གཞི་རྣམ་སྣང་། སྤྲུལ་པ་རྡོ་རྗེ་ཆོས། ཀུན་དགའ་བོ། རྒྱལ་པོ་ཛཿ ཨིནྡྲ་བོ་དྷི། ཐུ་མི་སཾ་བྷོ་ཊ། བཻ་རོ་ཙ་ན། ཙ་མི་སངས་རྒྱས་གྲགས། ལོ་ཙཱ་རིན་ཆེན་བཟང་པོ། རྔོག་བློ་ལྡན་ཤེས་རབ། བྱ་འདུལ་བ་འཛིན་པ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། ཞང་བརྩོན་འགྲུས་གྲགས་པ། དཔལ་ཆེན་ཆོས་ཡེ། རོག་དོལ་པ་ཤེས་རབ་རྒྱ་མཚོ། གཡག་སྡེ་པཎ་ཆེན། པཎ་ཆེན་འབུམ་ཕྲག་གསུམ་པ་རྣམས་ཡིན་པར་གསུངས་ལ། སྨིན་གླིང་གཏེར་ཆེན་གྱི་སྐྱེས་རབས་ཡོངས་གྲགས་བཅུ་བཞི་མ་ནི་གཙོ་བོ་རགས་བསྡུས་ཡིན་པར་འདུག་ཅིང་། གཏེར་གཞུང་དང་རང་ཉིད་ཀྱི་མཁྱེན་ངོར་གསལ་བ་ནི་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོས་མཛད་པ་ལས་འདི་ལྟར་འབྱུང་སྟེ། ཀུན་དགའ་བོ་ཡན་ཆད་སྔ་མ་ལྟར་ལ། དེ་ནས་ཨིནྡྲ་བྷཱུ་ཏི་ཆེན་པོ། ཆོས་རྒྱལ་ཟླ་བ་བཟང་པོ། རྒྱལ་པོ་ཛཿའམ་ལུང་བསྟན་རྡོ་རྗེ། ཤཱནྟིཾ་གརྦྷ། ཐུ་མི་སཾ་བྷོ་ཊ། གྲུབ་ཆེན་ནག་པོ་སྤྱོད་པ། རྒྱལ་མོ་རོང་དགེ་སློང་པཱུརྞ། ལོ་ཆེན་བཻ་རོ། ཟུར་ཆེན་ཤཱཀྱ་འབྱུང་གནས། གྲྭ་མངོན་དབང་ཕྱུག་འབར། རོང་ཟོམ་ཆོས་ཀྱི་བཟང་པོ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། རྟ་ནག་བོན་པོ་ལྷ་འབུམ་མམ་གུ་རུ་རྣོན་རྩེ། སྤྲུལ་སྐུ་ར་ཤག་ཆེན་པོ། གྲུབ་ཐོབ་དངོས་གྲུབ། ཞིག་པོ་ཉི་མ་སེང་གེ །བསྟན་པ་གཞུང་འཛིན། དགེ་བཤེས་ཉམས་བྲོ་བ། གུ་རུ་ཇོ་དར། ཡེ་ཤེས་ཁྱུང་གྲགས། ས་སྐྱ་པཎ་ཆེན། ཀློང་ཆེན་རབ་འབྱམས། དབུས་པ་སངས་རྒྱས་འབུམ། གཡག་སྡེ་པཎ་ཆེན། རྡོ་རྗེ་གླིང་པ། ཀུན་སྐྱོང་གླིང་པ། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། བྲག་ཐོག་པ་བསོད་ནམས་བཟང་པོ། སོག་ཟློག་པ་བློ་གྲོས་རྒྱལ་མཚན། རྗེ་བཙུན་ཏཱ་ར་ནཱ་ཐ། སྤྲུལ་སྐུ་མཆོག་ལྡན་མགོན་པོ། སྲིན་པོ་ཆོས་ཀྱི་གོ་ཆ། ཨོ་རྒྱན་གཏེར་བདག་གླིང་པ་ཞེས་བཀོད་པར་སྣང་། རྩེ་ལེའི་སྐྱེས་རབས་ཀྱང་ཕྱོགས་མཚུངས་ཤིང་གང་ཟག་གཞན་ཡང་སྣང་། ཁྱད་པར་ཉིད་ཀྱི་གོང་མ་དངོས་ནི་རྩེ་ལེ་ཨོ་རྒྱན་བསྟན་འཛིན་ཞལ་སློབ་མཚུངས་མེད་བསྟན་འཛིན་རྡོ་རྗེ་ཞེས་རྩེ་ལེའི་གདན་ས་ཐོག་མར་འདེབས་པ་པོ་དེ་ཡིན་པར་འདུག །པདྨ་བདེ་ཆེན་གླིང་པའི་སྐྱེས་རབས་སྤྱི་ཁོག་དེ་དག་དང་མཚུངས་པ་ལས་ལ་སྟོན་ནམ་མཁའ་རིན་ཆེན་སོགས་ལྷག་པོ་འགའ་ཞིག་དང་། སྐྱེ་བའི་གོང་མ་དངོས་ནི་ཀཿཐོག་བླ་རབས་བཅུ་གསུམ་གྱི་ཕྱི་མ་བུ་འབོར་བཀྲ་ཤིས་རྒྱ་མཚོ་ཡིན་པར་གསུངས་སོ། །ཇོ་ནང་རྗེ་བཙུན་གྱི་སྐྱེས་རབས་ཐོག་མར་ཐུགས་བསྐྱེད་པ་ནས་བརྩམ། སྐྱེ་བ་དང་སྤྲུལ་པ་མང་དུ་བྱོན་པ་ལས་གཙོ་བོ་སྤྲུལ་སྐུ་བཅུ་གསུམ་དུ་གྲགས་པ་སྟེ། འཕགས་ཡུལ་དུ་གྲུབ་ཆེན་ནག་པོ་སྤྱོད་པ་དང་། ར་ཏན་བྷ་ཧུ་ལ། བོད་དུ་རོང་ཟོམ་ཆོས་བཟང་། འབའ་རོམ་པ་དར་མ་དབང་ཕྱུག །ས་སྐྱ་གྲགས་རྒྱལ་སློབ་མ་ཨ་བ་དྷཱུ་ཏི་ར། ཞང་སྟོན་འབྲུག་སྒྲ་རྒྱལ་མཚན། གཉོས་སངས་རྒྱས་རས་ཆེན། གཉོས་སཾ་གྷ་བྷ་དྲ། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན། སིངྒ་ལའི་པཎ་ཆེན་ཆོས་ཀྱི་ཉིན་བྱེད། རྗེ་བཙུན་ཀུན་དགའ་གྲོལ་མཆོག །འཕགས་ཡུལ་དུ་དགའ་བྱེད་ས་སྐྱོང་། དེ་ནས་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་ཞེས་བགྲང་བར་མཛད་དོ། །དེ་དག་ལས་གསར་རྙིང་གཉིས་སུ་ཡོངས་སུ་གྲགས་པ་རྣམས་ནི་སྨྲོས་མ་དགོས་ལ། གཏེར་ཆེན་སྐྱེས་རབས་སུ་བསྟན་པ་གཞུང་འཛིན་དང་དགེ་བཤེས་ཉམས་བྲོ་བ་གཉིས་ཀྱི་ལོ་རྒྱུས་ནི་མ་འཚལ། གུ་རུ་ཇོ་དར་ནི། གཏེར་སྟོན་གུ་རུ་ཇོ་རྩེའི་མཚན་ཇོ་བོ་ཚེ་དབང་དར་པོ་ཡིན་པས་དེ་ཉིད་ཡིན་ནམ་སྙམ། དེ་དག་སྤྲུལ་གཞི་རྣམ་པར་སྣང་མཛད་ནི། སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུར་མཉམ་པ་ཉིད་དུ་བྱང་ཆུབ་པ་ལས་འོག་མིན་སྟུག་པོ་བཀོད་པར་ངེས་པ་ལྔ་ལྡན་གྱི་ལོངས་སྐུ་རྣམ་སྣང་ཡེ་ཤེས་གང་ཆེན་མཚོའི་ཞིང་དང་སྐུའི་བཀོད་པ་དཔག་ཏུ་མེད་པར་སྣང་བའི་ནང་ཚན། མི་མཇེད་ཀྱི་འཇིག་རྟེན་འདིའི་སྟོང་གསུམ་གྱི་གཟུགས་ཁམས་ཀྱི་འོག་མིན་རྣམས་སུ་བཞུགས་པའི་རྣམ་སྣང་ནི། རྒྱུད་ལས། འོག་མིན་གནས་ནི་ཉམས་དགའ་བར། །གཙང་མའི་གནས་ཀྱི་སྟེང་བཞུགས་ཏེ། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་སངས་རྒྱས། །ཞེས་དང་ལངྐར་གཤེགས་པ་ལས་ཀྱང་དེ་དང་མཐུན་པར་གསུངས་ཤིང་དབུ་མ་པ་ཆོས་བཤེས་ཀྱིས། བྱང་སེམས་མཐོང་ལམ་པ་ཡན་ཆད་ཀྱི་སྤྱོད་ཡུལ་སྤྲུལ་སྐུ་ཁྱད་པར་བ་ལ་ལོངས་སྐུར་བཏགས་པ་ཡོད་པར་བཤད་པ་དབང་ཕྱུག་ཆེན་པོ་རྣམས་ཀྱི་དབུས་སུ་ཆོས་བསྟན་པར་མཛད་པའི་སྤྲུལ་པ་རྒྱ་ཆེན་པོའི་སྐུ་འདི་ཉིད་དོན་ལ་རྣམ་སྣང་ཆེན་པོའི་རོལ་པ་ཡིན་ཀྱང་། རྣམ་པ་དུ་མར་སྟོན་པ་ཉིད་སྤྲུལ་གཞིར་འཐད་ཅིང་། སྔ་འགྱུར་ལུགས་སུའང་། ཆོས་ཀྱི་སྐུ་ནང་གསལ་ཆོས་ཉིད་དུ་བཞུགས་པ་དེ་ཉིད་རང་སྣང་གི་ཡུལ་ལ་ཕྱིར་གསལ་དུ་མཆེད་པའི་ཡེ་ཤེས་ཀྱི་སྣང་ཆ་སྐུ་དང་ཡེ་ཤེས་ཚད་མེད་པ་ལ་ལོངས་སྤྱོད་པའི་རང་སྣང་ལོངས་སྐུའི་སྟོན་པ་རྣམ་པར་སྣང་མཛད་གང་ཆེན་མཚོ་དེ་ཉིད། ཅུང་ཟད་དག་པའི་གདུལ་བྱ་ས་བཅུའི་དབང་ཕྱུག་རྣམས་ལ་རིགས་ལྔའི་ཞིང་ཁམས་སུ་སྣང་བ་ཕྱེད་སྣང་། རང་བཞིན་སྤྲུལ་པ་དང་། དེ་ལས་འགྲོ་བ་འདུལ་བའི་སྤྲུལ་པའི་སྐུ་གདུལ་བྱའི་ཁམས་དང་མཐུན་པར་བསམ་གྱིས་མི་ཁྱབ་པའི་ཚུལ་སྟོན་པར་བཤད་པ་དང་དགོངས་པ་གཅིག་པའི་ཕྱིར་རོ། །རྡོ་རྗེ་ཆོས་ནི། གསང་བ་འདུས་པ་ལས་རྡོ་རྗེ་ཆོས་ལ་རྒྱུད་གཏད་པར་གསུངས་ཤིང་དེ་ནི་ཕྱག་ན་རྡོ་རྗེ་ལ་རྒྱུད་གཏད་ཅིང་དབང་བསྐུར་བའི་མཚན་ཡིན་པར་བཞེད། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ནི། བདེ་བར་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྙན་གཅིག་ཏུ་བསྡུས་པའི་རང་གཟུགས་སུ་དཔལ་དུས་འཁོར་ལས་གསུངས་པ་དང་། ཡེ་ཤེས་ཐིག་ལེ་ལས། ལྟ་བ་ཀུན་ནི་བསྲུང་དོན་ཕྱིར། །སྣ་ཚོགས་པ་ཡི་གཟུགས་སུ་སྤྱོད། །ལ་ལར་རྡོ་རྗེ་འཛིན་པ་དང་། །ལ་ལར་སངས་རྒྱས་ཀྱི་ནི་གཟུགས། །ལ་ལར་ཧེ་རུ་ཀཿཡི་གཟུགས། །ལ་ལར་དེ་བཞིན་གཤེགས་པ་དང་། །ལ་ལར་བྱང་ཆུབ་སེམས་དཔའི་གཟུགས། །ལ་ལར་ཉན་པ་ལྟ་བུར་བཞུགས། །ལ་ལར་འཆད་དོ་དགྱེས་པདྨ། །ལ་ལར་ཀློག་པའི་ཚུལ་དུ་བཞུགས། །ལ་ལར་རྒྱུད་དང་བསྟན་བཅོས་ནི། །མཛད་པ་དང་ནི་ལ་ལར་འཛིན། །མང་དུ་བརྗོད་ལྟ་ཅི་ཞིག་དགོས། །དེ་སྟོན་ཕྱག་ན་རྡོ་རྗེ་རྒྱལ། །ཞེས་བདེ་བར་གཤེགས་པའི་བསྟན་པ་མཐའ་དག་འཛིན་པ་པོར་གསུངས་ཤིང་། ཨ་ཏི་ཡོ་ག་ལས་རྡོ་རྗེ་སེམས་དཔའ། ཨ་ནུ་ལས་རིག་འཛིན་གྱི་རྒྱལ་པོ་ཀུཉྫ་ར། མ་ཧཱ་ལས་རྡོ་རྗེ་ཆོས། དགྱེས་རྡོར་ལས་རྡོ་རྗེ་སྙིང་པོ། དུས་འཁོར་སྡུད་པ་པོ་ཟླ་བ་བཟང་པོ་སོགས་ཡེ་ཤེས་གཅིག་ཉིད་དུ་མའི་རོལ་གར་བསྒྱུར་བ་ཡིན་ལ། དོན་དམ་པར་ནི། དཔལ་གསང་བ་གྲུབ་པའི་རྒྱུད་ལས། འདི་ཡི་སྡུད་པར་བྱེད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཅེས། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །རྒྱུད་མཛད་པ་ནི་ཐུགས་རྡོ་རྗེ། །ཞེས་གསང་བའི་བདག་པོ་སྡུད་པ་པོའི་རྣམ་པར་བསྟན་ཀྱང་སངས་རྒྱས་རྣམས་ཀྱི་ཐུགས་རྡོ་རྗེ་ལས་ལོགས་སུ་གཞག་པར་བྱ་བ་མེད་པར་བཤད་ཅིང་། དེ་མཚུངས་དགྱེས་རྡོར་སོགས་གཞན་ལས་ཀྱང་འབྱུང་ངོ་། །ཀུན་དགའ་བོ་ནི། གསང་བའི་བདག་པོའི་རྣམ་པར་འཕྲུལ་པ་ཤཱཀྱའི་རིགས་ཀྱི་སྲས་སུ་འཁྲུངས་ནས་བསྙེན་པར་རྫོགས། ཤཱཀྱའི་དབང་པོའི་ཉེ་བར་གནས་པའི་ཞབས་འབྲིང་བ་མཛད་ཅིང་ཐོས་པ་འཛིན་པའི་མཆོག་ཏུ་ལུང་བསྟན། སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ་དགྲ་བཅོམ་པར་གྱུར་ནས་མདོ་སྡེ་རྣམས་ཀྱི་བཀའི་བསྡུ་བ་དང་གཏད་རབས་གཉིས་པའི་མཛད་པ་སྐྱོང་སྐབས་སངས་རྒྱས་དང་མཚུངས་པའི་ཉན་ཐོས་ཆེན་པོ་ཞེས་བསྔགས་པར་མཛད་པ་དེའོ། །ཨིནྡྲ་བྷཱུ་ཏི་ནི། སངས་རྒྱས་ཉིད་བཞུགས་པའི་སྐབས་སུ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་བྱུང་། བཅོམ་ལྡན་འདས་ཀྱི་མཚན་ཐོས་པས་དད་གུས་ཀྱིས་ཕྱག་འཚལ་ཞིང་ཡིད་ཀྱིས་གསོལ་བ་བཏབ་པས་བཅོམ་ལྡན་འདས་མངོན་དུ་བྱོན། གསང་འདུས་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་སྤྲུལ་ནས་དབང་གནང་། འདོད་ཡོན་མི་སྤོང་བར་ལམ་དུ་བྱེད་པའི་ཐབས་ཞུས་པ་བཞིན་རྒྱུད་བསྟན་ཅིང་གདམས་པས་རྗེས་སུ་བཟུང་། རྒྱལ་པོས་ཀྱང་དོན་རྣམས་ཐུགས་སུ་ཆུད་ནས་སྤྲོས་བཅས་ཀྱི་སྤྱོད་པ་རྒྱ་ཆེན་པོ་བརྩམས་པས་འཁོར་དང་བཅས་པས་རིག་པ་འཛིན་པའི་ས་བརྙེས་སོ། །ཆོས་རྒྱལ་ཟླ་བ་བཟང་པོ་ནི། ཤམྦྷ་ལའི་རྒྱལ་པོ་ཉི་མའི་འོད་ཀྱི་སྲས་སུ་འཁྲུངས་ནས་དགུང་ལོ་དགུ་བཅུ་རྩ་དགུ་བཞེས་པའི་སྐབས། བཅོམ་ལྡན་འདས་འཕགས་ཡུལ་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་རྡོ་རྗེ་སེང་གེའི་ཁྲིར་བཞུགས་པའི་སྤྱན་སྔར་འཁོར་དཔག་ཏུ་མེད་པ་དང་བཅས་རྫུ་འཕྲུལ་གྱིས་བྱོན་ནས། རྒྱུད་ཐམས་ཅད་ཀྱི་རྡོ་རྗེའི་ཚིག་མ་ལུས་པ་གསལ་བ་སངས་རྒྱས་རིན་པོ་ཆེའི་ཟ་མ་ཏོག་ཁ་འབྱེད་པ་སྟོན་པར་གསོལ་བ་བཏབ་པས། འོག་ཏུ་ཆོས་དབྱིངས་གསུང་གི་དབང་ཕྱུག་དང་སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་སྤྲུལ་ནས་དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་བསྟན། རྒྱུད་གཞན་རྣམས་ཀྱི་རྩ་རྒྱུད་ཀྱང་ཞུ་བ་པོ་སོ་སོའི་ངོར་གསུངས། ཟླ་བ་བཟང་པོས་སྤྱིར་རྒྱུད་ཐམས་ཅད་དང་། ཁྱད་པར་དུས་ཀྱི་འཁོར་ལོའི་རྩ་རྒྱུད་ཀྱི་འགྲེལ་ཆེན་སྟོང་ཕྲག་དྲུག་ཅུ་པ་མཛད། གྲོང་ཁྱེར་བྱེ་བ་དགུ་བཅུ་རྩ་དྲུག་གི་སྐྱེ་བོ་སྐལ་ལྡན་རྣམས་ལ་དབང་བསྐུར་ཅིང་རྒྱུད་བཤད། ཀ་ལཱ་པའི་གྲོང་གི་ལྷོ་ཕྱོགས་མ་ལ་ཡའི་སྐྱེད་མོས་ཚལ་དུ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཆེན་པོ་བཞེངས། སྲས་ལྷ་དབང་སེང་གེ་ཁྲིར་བཀོད་ནས་ཆོས་སྟོན་པར་དབང་བསྐུར་ཏེ་ལོངས་སྐུར་བཞེངས་སོ། །རྒྱལ་པོ་ཛཿནི། སྤྱི་མདོ་དགོངས་འདུས་སོགས་ལས། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་གྲངས་བརྒྱད་དམ་བཅུ་གཉིས་ནས་རྒྱལ་པོ་ཛཿཞེས་བྱ་བ་འབྱོན་པར་འགྱུར་བ་ལུང་བསྟན་པ་ལྟར། ས་ཧོ་རའི་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཞེས་བྱ་བ་ཨིནྡྲ་བྷཱུ་ཏི་བར་པའམ་མཚན་གྱི་རྣམ་གྲངས་རྒྱལ་པོ་ཛཿར་གྲགས་པ་དེ་རྒྱུད་སྡེ་འོག་མའི་རྣལ་འབྱོར་ལ་བཞུགས་པའི་ཚེ་ངོ་མཚར་བའི་རྨིས་ལྟས་བདུན་བྱུང་བ་དང་མཐུན་པར་མ་ཧཱ་ཡོ་གའི་རྒྱུད་སྡེའི་གླེགས་བམ་རྣམས་ཆར་དུ་བབས། སྒྲུབ་པ་མཛད་པས་རྒྱུད་དོན་མཁྱེན་ཀྱང་སློབ་དཔོན་མེད་པར་རང་གར་འཇུག་པ་དགག་པའི་ཕྱིར། རྡོ་རྗེ་སེམས་དཔས་རྗེས་སུ་བཟུང་བའི་སློབ་དཔོན་ཀུ་ཀུ་རཱ་ཛ་སྤྱན་དྲངས་ཏེ་རྒྱུད་རྣམས་གསན། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྟར་བསྒོམས་པས་འཁོར་སྟོང་ཕྲག་དང་བཅས་པ་རིག་པ་འཛིན་པའི་ས་གྲུབ་པའོ། །སློབ་དཔོན་ཨཱརྻ་དེ་བ་ནི་སིངྒ་གླིང་གི་རྒྱལ་པོ་པཉྩ་ཤྲྀ་གའི་སྲས། མཁན་པོ་ཧེ་མ་དེ་བ་ལས་རབ་ཏུ་བྱུང་བ། སྡེ་སྣོད་གསུམ་ལ་མཁས་པ་ཞིག་ཕྱིས་ཀླུ་སྒྲུབ་ལ་བརྟེན་ཏེ་དངོས་གྲུབ་མང་པོ་བརྙེས། སྙིང་པོ་དོན་གྱི་བསྟན་པ་གཏད། བྲམ་ཟེ་མ་ཁོལ་བཏུལ་བ་སློབ་དཔོན་དཔའ་བོར་གྲགས། ཆོས་གཞི་མང་དུ་བཙུགས་ཤིང་བཤད་ཉན་རྒྱ་ཆེན་པོས་བསྟན་པ་སྤེལ་བས་ཛམ་གླིང་རྒྱན་དྲུག་ཏུ་གྲགས་པའི་ཡ་གྱལ་དེའོ། །གྲུབ་ཆེན་ནག་པོ་སྤྱོད་པ་ནི། རྒྱལ་པོས་དངོས་གྲུབ་འགྲུབ་ཅིང་བར་དོར་འཚང་རྒྱ་བར་ལུང་བསྟན་པ་སྟེ། གྲུབ་ཆེན་ཛ་ལནྡྷ་རཱི་བས་རྗེས་སུ་བཟུང་ཞིང་དངོས་གྲུབ་བརྙེས། རྡོ་རྗེ་ཐེག་པའི་བསྟན་པ་སྤྱི་དང་ཁྱད་པར་བདེ་མཆོག་གི་སྒྲུབ་པའི་རྒྱུན་རྒྱ་ཆེར་སྤེལ། ཡི་དམ་གྱིས་ལུང་བསྟན་པ་བཞིན་ནག་པོ་གཞུང་དྲུག་མཛད་པས་ཤིང་རྟའི་སྲོལ་འབྱེད་ཆེན་པོར་གྲགས། དེ་རྗེས་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པའི་ནག་པོ་སྤྱོད་པ་ཆུང་བར་གྲགས་པ་ཞིག་ཀྱང་བྱོན་ནོ། །ཤཱནྟིཾ་གརྦྷ་ནི། སྔ་འགྱུར་བཀའ་བབས་ཀྱི་རིག་འཛིན་ཆེན་པོ་བརྒྱད་ཀྱི་ནང་ཚན་དམོད་པ་དྲག་སྔགས་ཀྱི་བཀའ་བབས། བསམ་ཡས་ས་འདུལ་གྱི་སྐབས་བོད་དུ་བྱོན་པར་བཤད་ལ། དཔལ་ཆེན་སྟོབས་ལྡན་ནག་པོའི་ཕྱག་རྒྱའི་མཆོག་གྲུབ་པ་ཞིག་གོ །ཐུ་མི་སཾ་བྷོ་ཊ་ནི། འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ནང་བློན་གྱི་ཚུལ་འཛིན། རྒྱ་གར་དུ་བྱོན་ནས་པཎྜི་ཏ་རྣམས་ལས་སྒྲ་སོགས་རིག་པའི་གནས་རྣམས་བསླབས། བོད་ཀྱི་ཡི་གེ་དང་བརྡ་དག །ཀློག་ལ་སྦྱོར་བ་སོགས་ཐོག་མར་སྲོལ་གཏོད་པ་པོ་ཡིན་པས་བོད་ལ་བཀའ་དྲིན་དང་ངོ་མཚར་ཆེ་བ་འདི་ལྟ་བུ་ནི་སུའང་མ་བྱུང་བར་སྣང་ངོ་། །སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་ནི། འདྲ་འབག་དང་ཐང་ཡིག་དང་སྙན་བརྒྱུད་རྡོ་རྗེ་ཟམ་པའི་ལོ་རྒྱུས་རྣམས་སུ་མི་མཐུན་པ་ཅི་རིགས་ཡོད་འདུག་ཀྱང་འདྲ་འབག་ཞལ་གསུང་མ་ཡིན་པར་གསུངས་པས་དག་པར་བྱེད་དགོས་པས་དེ་ལྟར་ན། ཉང་ཆབ་དང་གཙང་ཆབ་འཛོམ་པའི་འགྲམ་དུ་ཡབ་པ་གོར་རྡོ་རྗེ་རྒྱལ་པོ་དང་ཡུམ་སྒྲོན་སྐྱིད་ཀྱི་སྲས་སུ་འཁྲུངས་ཤིང་མཚན་གན་ཇག་ཐང་ཏར་གསོལ། པ་གོར་ཧེ་འདོད་ཨ་ཁུ་ཡིན་པས་ཡབ་འདས་རྗེས་སུ་དེས་བསྐྱངས་པའང་བཤད། དགུང་ལོ་བརྒྱད་ལོན་པའི་སྐབས་སུ་ཉི་ཟེར་ལ་ཞོན་ནས་ཕེབས་པ་དང་། སྒྲ་བསྒྱུར་སུམ་བརྒྱ་དྲུག་ཅུ་མ་བསླབ་པར་མཁྱེན་པ་སོགས་རྟགས་ངོ་མཚར་ཅན་བསྟན། ཆོས་རྒྱལ་ཁྲི་སྲོང་གིས་ཆོས་སྒྱུར་བའི་ལོ་ཙཱ་བ་སྡུད་པའི་སྐབས། གུ་རུ་རིན་པོ་ཆེས་ཀུན་དགའ་བོའི་སྐྱེ་བ་བཻ་རོ་དང་སྐ་ཅོག་རྣམས་ལུང་བསྟན་པ་ལྟར་སྤྱན་སྔར་བོས་ཏེ་སྒྲ་སྐད་སོགས་བསླབ་སྦྱོང་མཛད། མཁན་ཆེན་བོ་དྷི་སཏྭ་ལས་བོད་མི་རབ་ཏུ་བྱུང་བའི་ཐོག་མ་སད་མི་མི་བདུན་གྱི་ནང་ཚན་ཡིན་ཅིང་། མཚན་ཡང་བཻ་རོ་ཙ་ན་རཀྵི་ཏ་ཞེས་གསོལ། དགུང་ལོ་བཅོ་ལྔ་པར་རྒྱལ་པོས་རྒྱུ་འབྲས་ལས་འདས་པའི་ཆོས་ཤིག་རྒྱ་གར་དུ་ཡོད་པར་གསན་ནས་དེ་ཚོལ་བའི་ཕྱིར་བཻ་རོ་གཙང་སྔོན་ལེགས་གྲུབ་གཉིས་བཏང་། སྲོག་ལ་ཐུག་པའི་དཀའ་བ་ཆེན་པོ་བཅུ་དྲུག་སྤྱད་ནས་རྒྱ་གར་དུ་བརྟོལ། མན་ངག་གི་ཆོས་སུ་མཁས་དང་གྲུབ་པ་ཐོབ་པ་སུ་ཡོད་རྩད་བཅད་པས། དྷ་ཧེ་ནའི་འདུ་ཁང་དུ་སློབ་དཔོན་ཤྲཱི་སེང་ཧ་བཞུགས་པ་ཉིད་མཁས་གྲུབ་འཛོམ་པར་ཁ་མཐུན་པས་ཐབས་དུ་མས་བཙལ་ནས་དེར་སླེབས་པ་ན་ཆུ་ལེན་རྣལ་འབྱོར་མས་གྲོགས་བྱས། སློབ་དཔོན་དང་མཇལ་ནས་གསེར་གྱི་མཎྜལ་ཕུལ་ཏེ་ཚེ་འདི་ཉིད་ལ་འཚང་རྒྱ་བའི་རྩོལ་མེད་ཨ་ཏི་ཡོ་ག་གནང་བར་ཞུས། དེའི་གོང་དུ་བོད་ལ་རྩོལ་མེད་ཀྱི་ཆོས་འཆོར་བའི་ལྟས་མང་དུ་བྱུང་བས་སུས་ཀྱང་མན་ངག་སྟེར་དུ་མེད་པའི་ཁྲིམས་བསྡམས། ཐུན་མོང་མ་ཡིན་པའི་རྒྱུད་མན་ངག་པཎ་གྲུབ་རྣམས་ཀྱི་ཐུགས་ལ་བཞུགས་པ་མ་གཏོགས། ཐུན་མོང་བའི་རྒྱུད་སྡེ་མན་ངག་དང་བཅས་པ་རྡོ་རྗེ་གདན་གྱི་འོག་ཏུ་པཎྜི་དང་རྒྱལ་པོས་རྒྱ་རུ་སྤྲོད་ཀྱིས་བཏབ་པས། ཤིན་ཏུ་མ་གསང་ན་སྲོག་ལ་ཉེན་ཡོང་བའི་ཚུལ་གསུངས་པས་ཉིན་པར་པཎྜི་ཏ་རྣམས་ལས་རྒྱུ་འབྲས་ཀྱི་ཆོས་གསན། མཚན་མོ་གཞན་གྱིས་མི་རྟོགས་པའི་ཐབས་དང་རྟེན་འབྲེལ་མཛད་ནས་སེམས་ཀློང་མན་ངག་གི་སྡེ་རྣམས་རིམ་པར་གནང་། སློབ་དཔོན་དགའ་རབ་རྡོ་རྗེའི་ཡེ་ཤེས་ཀྱི་སྐུ་ཡང་མཇལ་ནས་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་དོན་བརྒྱུད་ཐོབ་ཅིང་རྟོགས་གྲོལ་དུས་མཉམ་དུ་གྱུར། དེ་ནས་རྐང་མགྱོགས་བསྒྲུབས་ནས་བོད་དུ་བྱོན་ཏེ་ཉིན་མོ་ཐུན་མོང་དུ་རྒྱུ་འབྲས་ཀྱི་ཆོས་དང་། མཚན་མོ་རྒྱལ་པོ་ལ་རྫོགས་པ་ཆེན་པོའི་སྐོར་ལྐོག་ཆོས་སུ་གསུངས། སེམས་སྡེ་སྔ་འགྱུར་ལྔ་བསྒྱུར། རྒྱ་གར་བས་གདམས་ངག་བོད་དུ་ཤོར་བ་ལ་ཕྲག་དོག་གི་ཕྲ་མ་དང་བཙུན་མོ་དང་བློན་པོ་ཆོས་ལ་གནག་པ་རྣམས་ཀྱི་གཞན་དབང་གི་རྐྱེན་གྱིས་རྒྱལ་མོ་ཚ་བ་རོང་དུ་བྱོན་དགོས་པར་བྱུང་། དེར་བྲག་ལྷ་མགོན་པོའི་དགོན་པར་གཡུ་སྒྲ་སྙིང་པོ་རྗེས་སུ་གཟུང་བ་སོགས་འགྲོ་བ་མང་པོ་སྨིན་གྲོལ་ལ་བཀོད། ཚ་རོང་སྟག་རྩེ་མཁར་དུ་གསང་སྟོན་ཡེ་ཤེས་བླ་མ་ལ་རྫོགས་པ་ཆེན་པོའི་སྐོར་གསུངས། སྟོང་ཁུད་རོང་གི་བྲག་དམར་དགོན་རྫོང་དུ་སྤང་སངས་རྒྱས་མགོན་པོ་ལ་རྣ་བརྒྱུད་རྡོ་རྗེ་ཟམ་པ་གནང་། སླར་བོད་དུ་ཕེབས་ནས་པཎ་ཆེན་བི་མ་མི་ཏྲ་དང་ཞལ་འཛོམ། བོད་ཀྱི་རྒྱལ་བློན་འབངས་འཁོར་དང་བཅས་པས་ཡོན་ཏན་དྲན་པའི་གུས་པ་ཆེན་པོས་མཆོད་བསྟོད་བསྙེན་བཀུར་བསམ་གྱིས་མི་ཁྱབ་པ་ཕུལ། གཉགས་ཛྙཱ་ན་ཀུ་མཱ་ར་དང་ལི་བཟའ་ཚུལ་ཁྲིམས་སྒྲོན་མར་རྫོགས་པ་ཆེན་པོ་གནང་བ་དང་སྔ་མ་གསུམ་བཅས་རིམ་པ་ལྔར་གྲགས། ཆོས་ཐམས་ཅད་བསྒྱུར་བའི་ཞུ་ཆེན་པ་མཛད་ཅིང་རྫོགས་པ་ཆེན་པོའི་སྐོར་ནི་ཉིད་ཁོ་ནས་བསྒྱུར། དེ་དུས་ལོ་ཙཱ་མང་དུ་འཚོགས་པའི་ཁྱད་པར་འབྱེད་པ་ལ་བྱེ་བྲག་བཤད་མཛོད་ཆེན་མོའི་རྒྱ་དཔེ་ཤིན་ཏུ་བསྒྱུར་དཀའ་བས་དུམ་བུར་བགོས་ཏེ་བསྒྱུར་བཅུག་པས་བཻ་རོས་བསྒྱུར། གཞན་རྣམས་ཀྱིས་བསྒྱུར་མ་ཐུབ་པར་ལུས་པར་གྲགས། མཐར་འཁོར་རྣམས་ལ་གདམས་ངག་ཞལ་ཆེམས་མང་དུ་བསྩལ། སྦྲགས་ཡང་རྫོང་གི་རི་རྩེར་ཕེབས་ནས་འོད་ཀྱི་ཕུང་པོར་གཤེགས་པས་དེང་སང་ཡང་བཻ་རོ་འོད་ལུས་སུ་གཤེགས་པའི་ཕུག་པ་མཇལ་དུ་ཡོད་པ་དང་། འདྲ་འབག་ལས་ལི་བཟའ་ཚུལ་ཁྲིམས་སྒྲོན་མ་དང་ལྷན་ཅིག་ཏུ་ལི་ཡུལ་དུ་གཤེགས། དགོངས་པ་ལ་ཡུན་རིང་དུ་བཞུགས་ནས་མཐར་སྤྲུལ་པ་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་བསྡུས་སོ། །ཞེས་གསུངས་ཏེ་མདོར་ན་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པའོ། །ལོ་ཆེན་བཻ་རོའི་རྣམ་འཕྲུལ་བོད་ཀྱི་ལྗོངས་འདིར་དགེ་བའི་བཤེས་གཉེན་མཁས་པ་དང་བཙུན་པ་དང་གྲུབ་པ་ཐོབ་པ་དང་། ཁྱད་པར་གཏེར་སྟོན་རིག་པ་འཛིན་པ་མང་དུ་བྱོན་ཅིང་སྦས་པའི་ཚུལ་གྱིས་འགྲོ་བའི་དོན་མཛད་པའང་མཐའ་ཡས་པ་དེ་དག་ཐམས་ཅད་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པ་ལས་སོ་སོའི་སྐྱེ་བོའི་ལས་དང་བག་ཆགས་ཀྱི་ལུས་ལྟར་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་མ་ཡིན་པས། ཆུ་སྣོད་ཟླ་གཟུགས་ཀྱི་ཚུལ་དུ་ཤར་བ་མཐའ་དག་བརྗོད་པར་ག་ལ་སྤོབས་ཀྱང་འདིར་བླ་མ་དྲི་མེད་ཡེ་ཤེས་ཀྱི་སྤྱན་ལྡན་ནས་རང་ལ་དམིགས་བསལ་དུ་ལུང་བསྟན་པ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ནི། སྡིག་སྤྱོད་རྒྱལ་པོ་གླང་དར་མས་བསྟན་པ་བསྣུབས་ནས་བོད་ཡུལ་དུ་དགེ་སློང་གི་སྡེ་མེད་པའི་སྐབས་དབུས་གཙང་མི་བཅུས་མདོ་སྨད་དུ་མཁན་སློབ་ཀྱི་བཀའ་བརྒྱུད་མ་ཆད་པར་ཡོད་པར་ཐོས་ནས་ཁམས་སུ་ཕྱིན་ཏེ་བླ་ཆེན་དགོངས་པ་རབ་གསལ་ལས་བསྙེན་པར་རྫོགས། སྡེ་སྣོད་ཀྱི་གཞུང་ལུགས་དང་འདུལ་བའི་ལག་ལེན་ལ་མཁས་པར་སྦྱངས། གདམས་ངག་མང་པོའང་ནོས། མཁན་པོའི་ཞལ་ནས་ཀླུ་མེས་བཙུན་པས་མཁན་པོ་གྱིས། ཞེས་སོགས་ཁོང་རྣམས་བསྐོས་བཞག་སོ་སོར་མཛད། ཡར་ལོག་ཁར་མཆོད་གནས་ཞིག་ཞུས་པས་དབུ་ཞྭ་ཕུད་ནས། འདི་གྱོན་ལ་ང་མ་བརྗེད་པར་རྗེས་སུ་དྲན་པར་གྱིས་ཤིག་གསུངས་ཏེ་དབུ་ལ་བཀོན། བསམ་ཡས་སུ་སྣ་གཏད་ནས་ཕྱིན་པས་དེར་བཞུགས་པའི་བཙད་པོས་ཀྱང་སྣ་ལེན་བྱས། ཁྱེད་རྣམས་ཀྱི་དཔོན་གང་ཡིན་དྲིས་པ་ལ་ཀླུ་མེས་ཡིན་སྨྲས་པས་དབུ་རྩེ་སོགས་ཀྱི་ལྡེའུ་མིག་གཏད་ཀྱང་། ང་མཁན་པོར་མངགས་པས་མཁན་པོ་དཀོར་ལ་འབགས་པ་མི་རིགས་གསུངས་ནས་མ་བཞེས་ཤིང་ཀ་ཆུ་ཁོ་ན་བཞེས། ཕྱིས་ཡོ་བྱད་མང་པོ་སྟ་གོན་བྱས་ཏེ་དབུ་རྩེའི་ཞིག་གསོས་ལེགས་པར་མཛད། ལ་མོ་ཆག་དེའུ་སོགས་གནས་གཞི་མང་པོ་བརྩིགས། ཕྱིས་སློབ་བརྒྱུད་ཀྱིས་རིམ་པར་བརྩིགས་པས་ས་སྟེང་ཐམས་ཅད་ཀླུ་མེས་དཔོན་སློབ་ཀྱི་གནས་གཞིས་ཁྱབ་པ་ལྟར་གྱུར། སྔོན་འགྱུར་བའི་བཀའ་བསྟན་གྱི་གླེགས་བམ་སྔགས་འཆང་ཇོ་སྲས་རྣམས་ཀྱིས་སྦས་ཏེ་བཟུང་བ་རྣམས་དེ་དག་ཏུ་སྤྱན་དྲངས། དད་ལྡན་མང་པོ་འདུས་ནས་རབ་ཏུ་བྱུང་བས་དགེ་འདུན་གྱི་སྡེ་མང་པོ་འཕེལ། སློབ་མ་ཀ་བ་བཞི། གདུང་མ་བརྒྱད། ཕྱམ་སོ་གཉིས། དྲལ་མ་གྲངས་ལས་འདས་པ་བྱུང་སྟེ་འདུལ་བའི་བསྟན་པ་ཕྱི་དར་གྱི་རྩ་བ་བཙུགས་ཏེ་མྱ་ངན་ལས་འདས་པའི་སྐུ་གདུང་མ་ཉམས་པར་མཆོད་རྟེན་འོད་ཅན་ན་བཞུགས་པར་བཤད་དོ། །དེ་ནས་འགྲོ་འདུལ་ཤེས་རབ་འོད་ཟེར་གྱི་སྐྱེས་རབས་སྔགས་གསར་མའི་མཁས་གྲུབ་རྣམས་ཀྱི་རྣམ་ཐར་ཡོངས་སུ་གྲགས་ཀྱང་མཚོན་ཙམ་བརྗོད་ན། བོད་དུ་བསྟན་པ་དངོས་གཞི་ཉམས། སྔགས་ལོག་དར་བར་གྱུར་པའི་སྐབས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བསྟན་པ་སྤེལ་བའི་ཆེད་དུ་རྒྱ་གར་དུ་བཏང་བ་ལོ་ཆེན་རིན་ཆེན་བཟང་པོས་མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན། མཁས་པའི་མཐར་ཐུག་པར་གྱུར། མཚན་ཉིད་ཐེག་པ་དང་རྒྱུད་སྡེ་བཞི་ཀ་ནས་བསྒྱུར། ཁྱད་པར་ཡོ་ག་དང་གསང་འདུས་ཀྱི་སྐོར་བསྒྱུར་བཤད་ཀྱིས་གཏན་ལ་ཕབ། སྔགས་ལོག་སུན་འབྱིན་མཛད་ནས་སྦྱོར་སྒྲོལ་དུས་མིན་དུ་སྤྱོད་པ་བཀག །ནག་ཕྱོགས་ཀླུ་སྐར་རྒྱལ་གྱིས་བརླམས་པའི་ར་རྫི་རྫུ་འཕྲུལ་ཅན་བཏུལ་ནས་ཆོས་ལོག་ཐམས་ཅད་བསྣུབས། བསྟན་པ་ཕྱི་དར་གྱི་འགྱུར་འགོ་ཚུགས། ཕྱིས་སྒྲུབ་ཁང་རིམ་པ་གསུམ་པར་སྒྲུབ་པ་མཛད་ནས་མཁའ་སྤྱོད་དུ་འོད་ཀྱི་གོང་བུར་གཤེགས། ངོ་མཚར་གྱི་ལྟས་དཔག་ཏུ་མེད་པ་བྱུང་། ཤུལ་དུ་རིང་བསྲེལ་འོལ་མ་སེའི་མདོག་ལྟ་བུ་གསུམ་བྱུང་བའང་རེ་ཞིག་ནས་འབྲུག་སྒྲ་ལྟ་བུ་དང་བཅས་ཏེ་ནམ་མཁར་སོང་ངོ་། །རྔོག་ལོ་བསྟན་པའི་ཉི་མ་བློ་ལྡན་ཤེས་རབ་ནི། རྒྱལ་བས་ལུང་བསྟན་པར་ཡང་གྲགས་ཤིང་། ཇོ་བོ་རྗེའི་སློབ་མ་རྔོག་ལེགས་པའི་ཤེས་རབ་ཀྱི་དབོན་དུ་འཁྲུངས། ཤེས་རབ་ཀྱི་རྩལ་ཕུལ་དུ་བྱུང་། ཁ་ཆེར་ལོ་བཅུ་བདུན་ཙམ་བཞུགས། མདོ་སྔགས་ལ་གསན་པ་རྒྱ་ཆེར་མཛད། འགྱུར་མཛད་པ་ཤིན་ཏུ་མང་ཞིང་དག་ཅིང་དོན་བཟང་བའི་ཚད་དུ་འཇོག །བཤད་གྲྭ་མང་དུ་མཛད་པས་སྲས་ཀྱི་ཐུ་བོ་བཞི་སོགས་སློབ་མ་ཉིས་ཁྲི་སུམ་སྟོང་བྱུང་བར་གྲགས། གསང་ཕུའི་གདན་སར་སེང་ཆེན་བརྒྱད་སོགས་རིམ་པར་བྱོན་ཅིང་ཕྱིས་གླིང་སྟོད་ཀྱི་གདན་རབས་ཀྱང་བྱོན་ཏེ་བཤད་གྲྭའི་ཆུ་འགོ་ཡོངས་གྲགས་སུ་གྱུར་པའོ། །བྱ་འདུལ་བ་འཛིན་པ་བརྩོན་འགྲུས་འབར་ནི། འབྲེ་ཤེས་འབར་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སོག་ཚུལ་ཁྲིམས་བླ་མ་ལས་འདུལ་བ་གསན། ཁོང་གཤེགས་རྟིང་རྒྱ་འདུལ་དང་རྨ་ཚོ་བླ་ཟུར་དུ་བྱས་པའི་དྲུང་དུ་སྦྱངས་པས་མཁས་པར་མཁྱེན་ཏེ། འདུལ་བ་བྱ་ལ་ཐུག་ཅེས་པའི་ཁ་སྐད་ཀྱང་བྱུང་། གཞན་ཡང་ཞང་གཡེངས་ལས་དབུ་ཚད། ཟངས་དཀར་ལོ་ཙཱ་བ་དང་སྟོད་ལུང་པ་ཆེན་པོ་ལས་བཀའ་གདམས་རྣམས་གསན། དེ་རྗེས་ཟུལ་ཕུར་བཤད་གྲྭ་བཙུགས། པེ་ཧར་གྱིས་བཙུན་ཆུང་དུ་སྤྲུལ་ནས་ཞབས་ཏོག་བྱས་པས་འདུལ་བ་དང་འགལ་བ་ན་བཟའི་སྤུ་ཕྱིར་བསྟན་གཅིག་པུ་ལས་མ་མཐོང་བས་དད་དེ་བྱ་ཊཱིཀ་ལ་བསླབ་གཉེར་བྱེད་པ་རྣམས་ཀྱི་གྲོགས་བྱེད་པར་ཁས་བླངས། ལོ་དགུར་འཚོགས་པ་བསྐྱངས་རྗེས་སྒྲུབ་པ་ལ་བཞུགས། སློབ་མ་འགྲོ་དོན་ནུས་པ་བདུན་ཅུ་རྩ་དྲུག་ཙམ་བྱུང་བར་འདུག །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ནི། ཐོག་མར་ཡབ་ཆོས་བོན་ལ་མཁས། སློབ་མ་བདུན་བརྒྱ་ཙམ་བྱུང་། ཡི་དམ་གྱི་ལྷ་མང་པོ་གཟིགས་ཀྱང་ཐུགས་ལ་མ་སོང་སྟེ། རྫོགས་ཆེན་དང་ཕྱག་རྒྱ་ཆེན་པོའི་གདམས་ངག་གསན། དེ་དག་གིས་ཀྱང་ཐུགས་མ་ཚིམས་པར་འཕགས་ཡུལ་དུ་ལན་གསུམ་བྱོན། མཁས་གྲུབ་བརྒྱ་དང་ལྔ་བཅུ་བསྟེན། མདོ་སྔགས་ཀྱི་ཆོས་མ་ལུས་པ་གསན། རྡོ་རྗེ་གདན་པ་བར་པ་ལས་རབ་ཏུ་བྱུང་། ཁྱད་པར་རྡོ་རྗེ་འཆང་དངོས་ལ་ཐུག་ཅིང་ཟག་མེད་ཡེ་ཤེས་ཀྱི་སྐུ་བརྙེས་པ་མཁའ་འགྲོ་ནི་གུ་དང་སུ་ཁ་སིདྡྷིས་རྗེས་སུ་བཟུང་སྟེ་གསེར་ཆོས་ལྔའི་གདམས་པ་གསན། བོད་དུ་གླང་རི་ཐང་པ་ལས་བསྙེན་པར་རྫོགས། རྒྱལ་བ་མཻ་ཏྲི་པ་དང་གྲུབ་ཆེན་རཱ་ཧུ་ལ་རྣམས་ལས་མགོན་པོ་དཀར་མཐིང་གི་གདམས་ངག་གསན། སྐུའི་གནས་ལྔར་རྒྱུད་སྡེ་ལྔ་དངོས་སུ་བཀོད་པ་སོགས་གྲུབ་པའི་རྟགས་མཚན་བསམ་གྱིས་མི་ཁྱབ་པ་བསྟན། སློབ་མ་ཁྲི་ཚོ་བཅོ་བརྒྱད་སྨིན་པར་མཛད་པའི་གཙོ་བོ་སྔ་བུ་ལྔ་དང་ཕྱི་བུ་ཆིག་བརྒྱུད་ཀྱི་བཀའ་བབས་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་རྣམས་བྱོན། དགུང་ལོ་བརྒྱ་དང་ལྔ་བཅུ་བཞུགས་པར་གྲགས་ཤིང་རིན་ཆེན་བདུན་བརྒྱུད་སྔ་ཕྱི་གཉིས་ཀ་སྲིད་མཐའི་བྱང་སེམས་ཀྱི་ཕྲེང་བ་དང་། ཆོས་བརྒྱུད་ཀྱིས་འཛམ་བུའི་གླིང་ཁྱབ་པར་མཛད་དེ་འདིའི་བརྒྱུད་འཛིན་རྣམས་ལ་ཤངས་པ་བཀའ་བརྒྱུད་དུ་གྲགས་སོ། །ཙ་མི་ལོ་ཙཱ་བ་སངས་རྒྱས་གྲགས་ནི། མི་ཉག་འགའི་ཡུལ་དུ་འཁྲུངས། གཞོན་ནུ་ནས་རྒྱ་གར་དུ་ཐེག་སྟེ། དུས་ཞབས་པ་དང་། ཨ་བྷཱ་ཡ་སོགས་པཎ་གྲུབ་མང་པོ་བསྟེན་ནས་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུ་ལ་མངའ་བརྙེས་པས་རྒྱ་གར་ཤར་ནུབ་ཐམས་ཅད་དུ་མཁས་པར་གྲགས་ཤིང་འགྲན་ཟླ་མ་མཆིས་པར་ཀུན་གྱིས་ཚད་མར་འཛིན། པཎྜི་ཏ་ཐམས་ཅད་ཀྱིས་འདྲི་གཏུགས་དང་། འབེལ་བའི་གཏམ་གྱི་དཔང་པོ་དང་མན་ངག་ལེན་པའི་གནས་སུ་བྱེད། བསྙེན་པར་རྫོགས་པའི་མཚན་སངས་རྒྱས་གྲགས་སུ་བཏགས། རྒྱུད་སྡེ་མཐའ་དག་གི་མཛོད་འཛིན་པ། མཆོག་གི་དངོས་གྲུབ་བརྙེས་ཤིང་ཚེ་ཡི་རིག་འཛིན་གྲུབ་པས། ཨ་བྷཱ་ཡ་ལས་ཀྱང་རྟོགས་པ་མཐོ་བར་གྲགས། རྡོ་རྗེ་གདན་དང་། ནཱ་ལེནྡྲའི་མཁན་པོ་མཛད་དེ་བོད་ཀྱི་སློབ་མ་རྣམས་ལ་ལྷག་པར་ཡང་ཐུགས་བརྩེ་བས་དུས་འཁོར་འགྲེལ་ཆེན་ལ་རང་འགྱུར་མཛད་ནས་འཁྲིད་པར་མཛད་དེ། མདོར་ན་བོད་ཀྱི་གང་ཟག་གིས་འཕགས་ཡུལ་རྡོ་རྗེ་གདན་གྱི་ཆོས་ཀྱི་ཁྲི་སྲུང་བ་འདི་ཉིད་ཙམ་སྟེ་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་ནོ། །ཞང་བརྩོན་འགྲུས་གྲགས་པ་ནི། སྐུ་ཆུང་ངུ་ནས་ཆོས་ལ་བག་ཆགས་སད་པས་བསགས་སྦྱོང་མང་དུ་མཛད། དྭགས་པོ་རིན་པོ་ཆེའི་དབོན་སྒོམ་ཚུལ་ཁྲིམས་སྙིང་པོ། དཔལ་ཆེན་རྒྭ་ལོ། མལ་ཡེར་པ་བ། དངུལ་ཆུ་བཻ་རོ་བ་སྟེ་ཡིན་ངེས་ཀྱི་བླ་མ་རྣམ་བཞི་ལས་གདམས་པ་གསན་ཅིང་སྦྱངས་པ་མཐར་ཕྱིན། ཁྱད་པར་དབོན་སྒོམ་ལས་རྟོགས་པ་དོན་གྱི་ཡེ་ཤེས་བརྙེས་ཏེ་གྲུབ་པ་ཆེན་པོའི་སར་གཤེགས། གནས་བརྒྱད་དུ་སྐུ་བརྒྱད་མཚན་བརྒྱད་དུ་བསྟན་པ་སོགས་ཐུན་མོང་མ་ཡིན་པ་དང་། ཐུན་མོང་བ་རྣམས་ཀྱི་ངོར་གྲུབ་པའི་སྤྱོད་པ་བློར་མི་ཤོང་བ་མང་པོས་གཞན་དོན་རླབས་ཆེན་མཛད། གུང་ཐང་གི་གཙུག་ལག་ཁང་དུ་འབུམ་མོ་ཆེ་རྣམས་བཞེངས། སློབ་མ་འོད་བཞི་ལ་སོགས་པས་གཞན་དོན་རྒྱ་ཆེར་བསྐྱངས། མཉམ་མེད་ཤཱཀྱ་ཡེ་ཤེས་ནས་གདན་རབས་རིམ་པར་བྱོན་པ་རྣམས་ལ་ཚལ་པ་བཀའ་བརྒྱུད་དུ་གྲགས་སོ། །རོག་དོལ་པ་དམར་ཞུར་བ་ཤེས་རབ་རྒྱ་མཚོ་ནི། འབྲོམ་སྟོན་གྱི་སློབ་མ་སྐུ་མཆེད་གསུམ་ལས་པུ་ཏོ་བའི་སློབ་མ་བཀའ་གདམས་གཞུང་པའི་བརྒྱུད་འཛིན་ཡིན་ཅིང་། རྒྱ་འདུལ་ལས་འདུལ་བའང་གསན། གྲྭ་པ་སྟོང་ཕྲག་ཙམ་བསྐྱངས། པུ་ཏོ་བའི་གསུང་སྒྲོས་སྐྱེས་བུ་གསུམ་གྱི་ལམ་རིམ་བེ་བུམ་སྔོན་པོ་ཞེས་པའང་མཛད་དོ། །དཔལ་ཆེན་ཆོས་ཡེ་ནི། འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་སློབ་མ་གྲུབ་ཐོབ་གཉོས་མགར་ཆོས་གསུམ་དུ་གྲགས་པའི་ཡ་གྱལ་ཏེ། ཐོག་མར་ཆོས་རྗེའི་ཉེ་གནས་ཡུན་རིང་མཛད། ཉམས་རྟོགས་ལ་བོགས་དབྱུང་བའི་ཕྱིར་ཙ་རི་ཏྲར་གསང་སྔགས་ཀྱི་ཀུན་སྤྱོད་མཛད་པས་ཡོན་ཏན་ཁྱད་པར་ཅན་མང་པོ་སྐྱེས། རིན་པོ་ཆེ་བཞི་འགྲོས་བྱ་བ་ལ་སོགས་པའི་བསྟན་བཅོས་མང་དུ་མཛད། འདི་ལ་འབྲི་གུང་ནག་ཚང་བར་གྲགས། གཡག་སྡེ་པཎ་ཆེན་ནི། གསང་ཕུ་བ་བློ་གྲོས་མཚུངས་མེད། རིག་འཛིན་ཀུ་མཱ་རཱ་ཛ། གཡུང་སྟོན་པ། ཞུ་དོལ་གཉིས་སོགས་བླ་མ་བརྒྱ་རྩ་བསྟེན། མདོ་སྔགས་གསར་རྙིང་ཐམས་ཅད་ལ་མཁྱེན་པ་རྒྱས། མངོན་པར་ཤེས་པ་དང་ལྡན་པས་གཞན་དོན་རྒྱ་ཆེར་མཛད། ཨེ་ཝཾ་གྱི་དགོན་པ་བཏབ། རི་ཁྲོད་པ་མགོན་པོ་ཡེ་ཤེས་སོགས་ཕྲིན་ལས་ཅན་གྱི་སློབ་མ་མང་དུ་བྱོན། པཎྜི་ཏ་འབུམ་ཕྲག་གསུམ་པའི་མཚན་ཅན་སྔ་རྗེས་གཉིས་ཙམ་བྱོན་པར་སྣང་ཡང་འདི་ནི་བོ་དོང་ཨེར་ཕེབས་པ་དེ་ཡིན་འདྲའང་རྣམ་ཐར་ཞིབ་པ་མ་མཐོང་ངོ་། །དེ་ནས་སྨིན་གླིང་གཏེར་ཆེན་གྱི་སྐྱེས་རབས་ལྟར་ན། ཟུར་ཆེན་ཤཱཀྱ་འབྱུང་གནས་ནི། ཉང་ཡེ་ཤེས་འབྱུང་གནས། རོག་ཤཱཀྱ་འབྱུང་གནས་སོགས་མཁས་གྲུབ་མང་པོའི་མན་ངག་བླངས། གདམས་ངག་ཉམས་འོག་ཏུ་ཆུད། མདོ་སྔགས་དང་རྒྱུད་སྡེའི་གྲུབ་མཐའ་ཀུན་ལ་མཁས་ཤིང་བྱང་ཆུབ། སློབ་མ་རྣམས་ལ་མདོ་དང་སྒྱུ་འཕྲུལ་གྱི་འཆད་ཉན་མཛད། སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་དཔལ་ཆེན་པོ་དང་རྣམ་དབྱེར་མེད་པའི་གྲུབ་པ་བརྙེས། གཞན་དོན་དུ་ཤངས་མདར་དཔལ་ཆེན་ཡང་དག་གི་སྐུ་རྫུ་འཕྲུལ་གྱིས་བཞེངས་ནས་མཐར་ཉིད་ཀྱང་དེའི་ཐུགས་ཀར་འོད་ཀྱི་གོང་བུར་ཐིམ། སློབ་མ་རྩེ་མོ་བཞི། རྩེ་ལྐོག་དང་ལྔ། སྒོམ་ཆེན་བརྒྱ་རྩ་ཐམས་ཅད་ཀྱང་གྲུབ་པ་ཐོབ་པའི་རྟགས་མངོན་དུ་སྟོན་པ་ཤ་སྟག་བྱུང་། བསྟན་པ་ཕྱི་དར་ལ་སྔ་འགྱུར་བསྟན་པའི་རྩ་བ་བཙུགས། ཟུར་མེས་དབོན་རྣམ་གསུམ་དུ་གྲགས་པའི་ཐོག་མའོ། །གྲྭ་པ་མངོན་ཤེས་ནི། འཁྲུངས་ཡུལ་གྲྭ། མངོན་པ་ལ་མཁས་པས་མངོན་ཤེས། རབ་ཏུ་བྱུང་བའི་མཚན་དབང་ཕྱུག་འབར། ཛཾ་དམར་དང་ཞང་བློན་སྐོར། གསོ་རིག་རྒྱུད་བཞི་རྣམས་གཏེར་ནས་སྤྱན་དྲངས། ཛམྦྷ་ལའི་དངོས་གྲུབ་ལ་བརྟེན་ནས་གྲྭ་ཐང་གི་ཆོས་སྡེ་གཙོར་བྱས་གནས་གཞི་མང་དུ་བཞེངས། གྲྭ་ཐང་དང་བསམ་ཡས་ཀྱི་ཆོས་གྲྭའི་བདག་པོའང་མཛད་པས་དགེ་བཤེས་ཆེན་པོར་གྲགས། རོང་ཟོམ་ཆོས་ཀྱི་བཟང་པོ་ནི། སྤྲུལ་པའི་སྐུར་རྩོད་མེད་དུ་གྲགས་པའི་པཎྜི་ཏ། གནས་སྐབས་དེར་བྱོན་པའི་མཁས་པ་ཐམས་ཅད་ཀྱིས་བསྟོད་ཅིང་འདུད་པའི་གནས། རྒྱ་གར་གྱི་པཎ་ཆེན་མང་དུ་བསྟེན་ནས་རྒྱུད་སྡེ་མང་པོ་བསྒྱུར་པའང་འགྱུར་ཤིན་ཏུ་བཟང་བས་གསར་འགྱུར་གྱི་དཔེར་འོས་ཤིང་པཎ་ཆེན་རྣམས་ཀྱིས་ཀྱང་བསྔགས། མདོ་རྒྱུད་བསྟན་བཅོས་མཐའ་དག་ཐུགས་སུ་ཆུད་ནས་མི་མཁྱེན་པ་གང་ཡང་མི་སྲིད་པས་བསླབ་པ་གསུམ་ལ་བརྟེན་པའི་མན་ངག་སོགས་གཏིང་ཟབ་ལ་གོ་དོན་སློང་ཆེ་བའི་བསྟན་བཅོས་མཐའ་ཡས་པ་མཛད། ཇོ་བོ་རྗེ་དང་མཇལ་བའི་ཚེ་ཞལ་ནས། རྒྱ་གར་གྱི་ཨཱ་ཙརྻ་ནག་པོ་སྤྱོད་པ་དེ་ཉིད་ཚེ་འཕོས་པ་འདི་ཁོ་ན་ཡིན་པས་ཁོ་བོས་འདི་དང་ཆོས་གཏམ་ག་ལ་ནུས་ཞེས་རྩོད་མེད་དུ་གྲགས། མངོན་ཤེས་དང་གྲུབ་པའི་རྟགས་མཐུན་སྣང་དུ་གྲུབ་པར་བསྟན། དགུང་ལོ་བརྒྱ་དང་བཅུ་དགུ་བཞུགས། སྲས་རྒྱུད་ཕུར་པའི་གྲུབ་བརྙེས་བརྒྱུད་མར་བྱོན། སློབ་མ་ལོ་ཙཱ་བ་ཆེན་པོ་བཅུ་བདུན། གྲུབ་ཐོབ་སུམ་ཅུ་རྩ་ལྔ། རྣལ་འབྱོར་དབང་པོ་བརྒྱ་བརྒྱད་ཅུ། གདུགས་ཐོགས་ལྔ་བརྒྱ་སོགས་བྱོན་པར་གྲགས། བོན་པོ་ལྷ་འབུམ་ནི། གཙང་རྟ་ནག་ཏུ་འཁྲུངས་ཤིང་རྟ་ནག་དུང་ཕོར་བྲག་ནས་ཆོས་བོན་སྨན་རྩིས་ཀྱི་སྐོར་གཏེར་ཁ་རྒྱ་ཆེར་སྤྱན་དྲངས་ཀྱང་གཞན་རྣམས་རྒྱུན་མ་བཞུགས། བོན་པོ་རྣམས་ལ་གུ་རུ་རྣོན་རྩེར་གྲགས་ཤིང་མ་རྒྱུད་ཐུགས་རྗེ་ཉི་མའི་བསྐྱེད་རྫོགས་ཀྱི་སྐོར་དེང་སང་ཡང་བཞུགས་པར་སྣང་། སྤྲུལ་སྐུ་ར་ཤག་ཆེན་པོ་ནི། བཻ་རོ་དང་འབྲོག་མི་དཔལ་ཡེ་ཟུང་དུ་འཇུག་པའི་རྣམ་འཕྲུལ་ཡར་འབྲོག་སྒང་དུ་བྱོན། ཆུང་ངུ་ནས་མདོས་དང་གསོ་རིག་ལ་མཁས། འཆི་མེད་རིག་འཛིན་བརྙེས་པའི་སྔགས་ཀྱི་རྣལ་འབྱོར་ཆེན་པོར་བཞུགས། སྤ་གྲོ་བཅལ་གྱི་བྲག་ནས་མ་མོ་སྒང་ཤར་དང་། བོན་དང་མདོས་ཆོག་སྨན་དཔྱད་སོགས་གཏེར་ཁ་རྒྱ་ཆེར་བཞེས། གྲུབ་ཐོབ་དངོས་གྲུབ་གཙང་དུ་འཁྲུངས། རྟེན་སྔགས་འཆང་རྡོ་རྗེ་འཛིན་པ། ཚེའི་དངོས་གྲུབ་བརྙེས་པས་ལོ་སུམ་བརྒྱ་ལྷག་པ་བཞུགས། མངའ་བདག་ཉང་གིས་བཀའ་བརྒྱད་བཀའ་མ་རྫོང་འཕྲང་འདི་ལས་གསན། ར་ས་འཕྲུལ་སྣང་ནས་རྒྱལ་པོ་བཀའ་ཆེམས་གཏེར་ནས་བཞེས་པས་ཕྲིན་ལས་རྒྱ་ཆེ་ལ་རྒྱུན་ཆགས་པར་བྱུང་། ཞིག་པོ་ཉི་མ་སེང་གེ་ནི། དམ་པའི་ཞི་བྱེད་ཀྱི་བརྒྱུད་པ་འཛིན་པའི་གྲུབ་ཐོབ། ཞི་བྱེད་ལ་བསྟན་བཅོས་ཀྱང་མང་དུ་མཛད་པར་སྣང་། གུ་རུ་ཇོ་རྩེས་ཟང་ཡག་བྲག་ནས་ཆོས་གཏེར་དང་གཏེར་རྫས་རྒྱ་ཆེར་སྤྱན་དྲངས། རིང་བསྲེལ་དང་གཏེར་རྫས་རྣམས་ཀྱིས་དེང་སང་བར་འགྲོ་དོན་མཛད་པར་སྣང་། ཡེ་ཤེས་ཁྱུང་གྲགས་ཀྱིས་སྤོས་དཀར་དང་སྦྲང་རྩི་ལ་བརྟེན་པའི་སྣང་བ་དབང་སྡུད་ཀྱི་གཏེར་ཕྲན་བཏོན་པ་ཙམ་ལས་ལོ་རྒྱུས་ཞིབ་པར་མ་མཐོང་། ས་སྐྱ་པཎ་ཆེན་དང་ཀློང་ཆེན་རབ་འབྱམས་རྣམས་ཀྱི་རྣམ་ཐར་ནི་ཡོངས་སུ་གྲགས་པས་འདིར་སྨྲོས་མ་དགོས། དབུས་པ་སངས་རྒྱས་འབུམ་ནི། སྣར་ཐང་པ་རིག་པའི་རལ་གྲི་དང་འཇམ་དབྱངས་རལ་གྲི་གཉིས་ལ་བསྟེན་པས་མཁས་པར་གྱུར། དེ་གཉིས་ཀྱི་བཀས་བསྐུལ་ཏེ་བློ་གསལ་བྱང་ཆུབ་ཡེ་ཤེས། ལོ་ཙཱ་བསོད་ནམས་འོད་ཟེར། རྒྱང་རོ་བྱང་ཆུབ་འབུམ་གྱིས་འབད་པ་ཆེན་པོས་བཀའ་འགྱུར་བསྟན་འགྱུར་གཉིས་ཀྱི་ཕྱི་མོ་ཡོད་དོ་ཅོག་བཙལ་ནས་ལེགས་པར་བཞེངས་ཏེ་འཇམ་ལྷ་ཁང་དུ་བཞུགས་པ་ལས་རིམ་པར་འཕེལ་ཏེ་དབུས་གཙང་ཁམས་གསུམ་དུ་རྒྱ་ཆེར་འཕེལ་ཞིང་ལུང་གི་རྒྱུན་ལའང་བློ་གསལ་ཁོ་ན་བཀའ་དྲིན་ཆེ་བར་སྣང་། རྡོ་རྗེ་གླིང་པ་ནི། གཏེར་སྟོན་རྒྱལ་པོ་ལྔ་ལ་བྲན་བརྒྱས་བསྐོར། །ཅེས་ལུང་བསྟན་པའི་གསུམ་པ་སྟེ། བཻ་རོའི་དུས་ཀྱི་བག་ཆགས་སད་པས་སྒྲ་སྐད་ཡིག་རིགས་སུམ་བརྒྱ་དྲུག་ཅུ་མཁྱེན་པར་གྲགས། མདོ་སྔགས་གསར་རྙིང་གི་ཆོས་མང་དུ་གསན་པས་མཁྱེན་པ་རྒྱས། དགུང་ལོ་བཅོ་ལྔ་པར་བྱིང་མདའ་ཨོ་དཀར་བྲག་གི་གཏེར་སྒོ་ཕྱེས་པའི་སྐབས་སྒྲུབ་ཕུག་ཤིན་ཏུ་ཡངས་པར་སོང་བའི་ནང་དུ་གུ་རུ་རིན་པོ་ཆེ་དངོས་སུ་བྱོན་ནས་དཀྱིལ་འཁོར་དང་དབང་རྫས་བཀོད་པས་དབང་བསྐུར། ཤོག་སེར་རེ་རེའི་དབུ་ནས་ལུང་བསྩལ། སྐུ་ཚབ་བཞི། བླ་དཔེ་པུསྟི་བཞི། ཤོག་དྲིལ་བརྒྱ་ཐམ་པ། ཚེ་ཆུ་བུམ་པ་བཞི། དམ་རྫས་གྭའུ་བཅས་ཕྱག་གིས་གནང་བས་མཚོན། གཏེར་ཁ་ཆེན་པོ་བཞི་བཅུ་རྩ་གསུམ། ཕྲ་མོ་དང་ནང་གསེས་བརྒྱ་དང་བརྒྱད་བཞེས། གཏེར་སྤྱན་དྲངས་པའི་སྐབས་གུ་རུ་རིན་པོ་ཆེ། མཚོ་རྒྱལ། བཻ་རོ་རྣམས་དངོས་སུ་བྱོན་ནས་བྱིན་གྱིས་བརླབས་པ་དང་རྫུ་འཕྲུལ་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་བསྟན་པ་སོགས་རྣམ་ཐར་གཏེར་འབྱུང་རྣམས་སུ་གསལ་བ་ལྟར་རོ། །ཀུན་སྐྱོང་གླིང་པ་ནི། རྡོ་རྗེ་གླིང་པའི་སྐྱེ་བ་དེ་མ་ཐག་པ་སྟེ། ཤངས་ཟབ་བུ་ལུང་གི་མདའ་མ་ཚོར་རྡོ་རྗེ་སྐྱེ་བྲག་གི་གཡང་ལ་ཁྲོམ་འཚོགས་མང་པོའི་དབུས་ནས་བྱ་འཕུར་བ་བཞིན་བྱོན། སྒྲུབ་ཕུག་ཕན་ཚུན་ནས་གཏེར་རྒྱ་ཆེར་བཞེས། སྔགས་སྲུང་མ་དང་དམ་ཅན་སོགས་གཏེར་སྲུང་རྣམས་ཀྱིས་བུད་མེད། ཨཱ་ཙ་ར། སྤྲེའུ། མོན་པ་ལ་སོགས་པར་སྤྲུལ་ནས་གཏེར་རྫས་རྣམས་ཁྲོམ་དཀྱིལ་དུ་དངོས་སུ་སྐྱེལ་བའི་ཞབས་ཕྱི་ཞུས་པས་སྙན་གྲགས་ཀྱིས་ཕྱོགས་ཐམས་ཅད་དུ་ཁྱབ་ཅིང་གདུལ་བྱ་ཕྲིན་ལས་ཤིན་ཏུ་རྒྱས། མངོན་ཤེས་ཆགས་ཐོགས་མེད། གྲུབ་མཐའ་རིས་མེད་ཀྱི་དམ་པ་རྣམས་ཀྱིས་ཀྱང་ཆོས་དང་དམ་རྫས་ཅི་ཐོབ་ཏུ་ཞུས་པར་སྣང་། བོ་དོང་པཎ་ཆེན་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་ནི། མཁྱེན་རབ་ཀྱི་རྩལ་ཁ་ཕྱོགས་མེད་དུ་རྒྱས་ཤིང་མི་བརྗེད་པའི་གཟུངས་ཐོབ། གྲུབ་པ་ཆེན་པོའི་སར་གཤེགས་པས་མངོན་ཤེས་དང་རྫུ་འཕྲུལ་ལ་མངའ་དབང་བསྒྱུར། རྡོ་རྗེ་སེམས་དཔའ་ཕག་མོ་དབྱངས་ཅན་མ་སོགས་ཀྱིས་བྱིན་གྱིས་བརླབས་ཤིང་གནང་བ་བསྩལ་བས་དེ་ཉིད་འདུས་པ་ཆེན་པོ་གླེགས་བམ་སངས་རྒྱས་ཀྱི་མཚན་དཔེའི་གྲངས་ཀྱི་བརྒྱ་དང་བཅུ་གཉིས་མཛད། གདན་ས་རིམ་བརྒྱུད་རྣམས་ཀྱང་མཁས་གྲུབ་དུ་མ་བྱོན་པར་སྣང་། བྲག་ཐོག་པ་བསོད་ནམས་བཟང་པོ་ནི། དཔལ་ལྡན་ས་སྐྱ་པའི་བརྒྱུད་འཛིན་མཁས་བཙུན་བཟང་པོའི་མཐར་སོན་པ་དང་། བློ་གྲོས་རྒྱལ་མཚན་ནི། མཁྱེན་རྟོགས་ཀྱི་རྩལ་རྫོགས་ཤིང་ནུས་པས་བོད་ཁམས་ལ་འཚེ་བའི་མཐའ་དམག་བཟློགས་པས་སོག་ཟློག་པ་ཞེས་ཡོངས་སུ་གྲགས། སྔ་འགྱུར་རྙིང་མའི་ཆོས་རྒྱུན་ལའང་ཕྲིན་ལས་རྒྱ་ཆེར་མཛད། མཆོག་ལྡན་མགོན་པོ་ནི། ཀུན་སྐྱོང་གླིང་པའི་ཡང་སྲིད་དེ་ངོ་མཚར་བའི་རྣམ་ཐར་མཐའ་ཡས། པདྨ་གླིང་པས་ཐུགས་བརྩེ་ཆེན་པོས་བསྐྱངས། མངའ་རིས་གུང་ཐང་རྒྱལ་པོ་དང་དབུས་གཙང་གི་སྡེ་དཔོན་ཕལ་ཆེར་གྱིས་ཞབས་ནས་བཏེགས། ལྷ་སར་མཐའ་དམག་ཟློག་པ་བཙུགས་པས་གཏོར་མར་མེ་འབར་ཞིང་ནམ་མཁར་སོང་བའི་ཆོ་འཕྲུལ་བསྟན་པ་སོགས་ཀྱིས་ཆོས་དང་ཟང་ཟིང་གི་ཕྲིན་ལས་ཤིན་ཏུ་རྒྱས་པར་བྱུང་། བཀའ་ཐང་དུ་ལུང་བསྟན་པའི་མདོ་སྔགས་གླིང་པ་འདི་ལ་ངོས་བཟུང་ཡང་རྩ་བའི་རྟེན་འབྲེལ་འཆུགས་པའི་དབང་གིས་གཏེར་མ་ཐོན་ཅིང་རྐྱེན་ངན་གློ་བུར་བས་སྐུ་གཤེགས་པར་སྣང་། དེའི་རྣམ་པར་འཕྲུལ་པ་ནི་ད་ལྟའི་བར་དུ་བརྒྱུད་མར་བྱོན་པར་སྣང་ལ། སྤྲུལ་གཞི་ཟངས་མདོག་དཔལ་རིར་སྲིན་པོའི་རིགས་ལས་གུ་རུ་རིན་པོ་ཆེས་རྗེས་སུ་བཟུང་བའི་རིག་འཛིན་ཆོས་ཀྱི་གོ་ཆ་ཞེས་པའི་སྐྱེ་བ་འཛིན་པར་གསུངས། ཨོ་རྒྱན་གཏེར་བདག་གླིང་པའམ་པདྨ་གར་དབང་འགྱུར་མེད་རྡོ་རྗེ་ནི། སྨྱོས་རིགས་རྡོ་རྗེ་འཛིན་པའི་ཕྲེང་བ་བར་མ་ཆད་པའི་རིགས་སུ་འཁྲུངས། ཡབ་རྗེ་གསང་བདག་ཕྲིན་ལས་ལྷུན་གྲུབ། རྒྱལ་དབང་ལྔ་པ་རིན་པོ་ཆེ་སོགས་ཡོངས་འཛིན་སུམ་ཅུ་རྩ་གྲངས་ལས་གསར་རྙིང་བཀའ་གཏེར་སྤྱི་དང་ཁྱད་པར་རྒྱུན་ཕྲ་བ་རྣམས་འབད་པ་དུ་མས་གསན། སྒོམ་སྒྲུབ་ཉམས་བཞེས་མཐར་ཕྱིན་པར་མཛད་པས་དབང་བཞིའི་རྟོགས་པ་གོང་འཕེལ་དུ་གྱུར་ནས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། ཤ་འུག་སྟག་སྒོ་ནས་བདེ་གཤེགས་ཀུན་འདུས་གཙོས་གཏེར་ཁ་ལྔ་ཙམ་སྤྱན་དྲངས་ཤིང་ཐུགས་ཉམས་སུ་ཚུལ་བཞིན་བཞེས། ཇོ་ཤངས་ཞི་གཅོད་བོ་དོང་པ་སོགས་ཆོས་རྒྱུན་ཕྲ་བ་རྣམས་རང་སྟོབས་དང་གཞན་བསྐུལ་ལ་བརྟེན་གདམས་ངག་གི་སྲོག་རྩ་མཐུད། ཁྱད་པར་སྔ་འགྱུར་རྙིང་མ་མདོ་སྒྱུ་སེམས་གསུམ་གཙོས་བཀའ་མ་རྣམས་དང་། གཏེར་ཁ་གོང་འོག་གཙོས་གཏེར་རྙིང་རྣམས་དང་ཉིད་ཀྱི་གཏེར་གསར་རྣམས་ལ་སྒྲུབ་དཀྱིལ་ཁྲིད་ཡིག་གིས་མཚོན་སྔོན་མེད་པའི་ལེགས་བཤད་དུ་མ་གསར་སྤེལ། སྨིན་གྲོལ་འཆད་སྤེལ་འབྱམས་ཀླས། ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་སྡེ་ཆེན་པོ་བཙུགས་པས་སྔ་འགྱུར་བཤད་སྒྲུབ་ཀྱི་ཆུ་འགོ་གཅིག་པུ་པར་གྱུར་པ་སོགས་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བསྟན་པ་སྤེལ་བའི་ཕྲིན་ལས་འགྲན་ཟླ་དང་བྲལ། ཆོས་བདག་སློབ་མའི་ཚོགས་ཀྱང་གངས་ཅན་ན་ཡོངས་སུ་གྲགས་པའི་བླ་ཆེན་ཕལ་མོ་ཆེ། མདོ་ཁམས་རྙིང་ལུགས་ཀྱི་བསྟན་འཛིན་རྣམས་དང་། གདན་སར་བཞུགས་པའི་ཞལ་ངོ་རྣམས་སོགས་བཟང་ལ་གྲངས་མང་བ་བྱོན་ཅིང་སྔ་འགྱུར་བཀའ་གཏེར་གྱི་རྒྱུན་ཁུངས་བཙུན་ཐམས་ཅད་ཕྱོགས་འདི་ནས་མ་བརྒྱུད་པ་མེད་པ་ལྟ་བུར་སྣང་། སྐྱེ་བ་འདིའི་འོག་ཏུ་དག་པའི་ཞིང་ཁམས་པདྨས་བརྒྱན་པར་རྣམ་རོལ་མཐའ་ཡས་ཞེས་བྱ་བར་འཚང་རྒྱ་བ་རྒྱལ་ཚབ་མ་ཕམ་པས་ལུང་བསྟན་ཅིང་། སྤྱིར་བཻ་རོ་ཉིད་བསྐལ་བཟང་སངས་རྒྱས་སྟོང་གི་ཕྱི་མ་དེ་བཞིན་གཤེགས་པ་མོས་པའམ་སྣང་མཛད་དུ་འགྱུར་བ་གཏེར་ལུང་རྣམས་སུ་གསལ་བར་གསུངས་པས་ས་བཅུའི་དབང་ཕྱུག་གི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པའི་གནས་སོ། །ཇོ་ནང་རྗེ་བཙུན་གྱི་སྐྱེས་རབས་སྤྲུལ་སྐུ་བཅུ་གསུམ་ཞེས་ཡོངས་སུ་གྲགས་པ་སྟེ། དང་པོ་གྲུབ་ཆེན་ནག་པོ་སྤྱོད་པ་ནི་གོང་དུ་སོང་། གཉིས་པ་འཕགས་ཡུལ་རྒྱལ་པོ་ཞིག་གི་སྲས་ར་ཏན་བྷ་ཧུ་ལ་ཞེས་གྲུབ་པའི་དབང་ཕྱུག་ཆེན་པོ་ཞིག་བྱུང་། གསུམ་པ་རོང་ཟོམ་ལོ་ཙཱ་བ་ཆོས་ཀྱི་བཟང་པོའང་གོང་དུ་སོང་། བཞི་པ་མཉམ་མེད་དྭགས་པོ་རིན་པོ་ཆེའི་ཐུགས་སྲས་བཀའ་བརྒྱུད་ཆེ་བཞིར་གྲགས་པའི་ནང་ཚན་འབའ་རོམ་པ་དར་མ་དབང་ཕྱུག །ལྔ་པ་ས་སྐྱའི་གྲགས་པ་རྒྱལ་མཚན་གྱི་ཞལ་སློབ་གྲུབ་པའི་དབང་ཕྱུག་ཨ་བ་དྷཱུ་ཏི་པ། དྲུག་པ་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་བབས་ཞང་སྟོན་འཁྲུལ་ཞིག་ཆེན་པོ་འབྲུག་སྒྲ་རྒྱལ་མཚན། བདུན་པ་སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོའི་ཐུགས་སྲས་གཉོས་སངས་རྒྱས་རས་ཆེན་ནམ་རྒྱལ་བ་ལྷ་ནང་པ། བརྒྱད་པ་དེ་ཉིད་བསམ་བཞིན་དུ་སྐྱེ་བ་བཞེས་པའི་མཁས་གྲུབ་ཆེན་པོ་གཉོས་སངྒ་བྷ་དྲ། དགུ་པ་རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་ཞལ་སློབ་གཞུང་བརྒྱ་སྨྲ་བའི་དབང་ཕྱུག་དཔལ་ལྡན་འབྲས་སྤུངས་ཀྱི་ཆོས་སྡེ་འདེབས་པ་པོ་འཇམ་དབྱངས་བཀྲ་ཤིས་དཔལ་ལྡན། བཅུ་པ་སིངྒ་ལའི་གླིང་དུ་སྐུ་འཁྲུངས་ཤིང་བོད་ཡུལ་འདིར་ཡང་ཞབས་གཅགས་པའི་པཎྜི་ཏ་ཆོས་ཀྱི་ཉིན་བྱེད། བཅུ་གཅིག་པ་སྤྱོད་འཆང་དབང་པོའི་ཡང་སྲིད་ཡོངས་སུ་གྲགས་ཤིང་མཐོང་ཐོས་དྲན་རེག་ཐམས་ཅད་ངན་འགྲོ་ལས་སྐྱོབ་པར་ཞལ་གྱིས་བཞེས་པ། འགྲན་ཟླ་དང་བྲལ་བའི་མཁས་གྲུབ་ཀྱི་སྐྱེས་བུ་ཆེན་པོ་དཔལ་ཇོ་མོ་ནང་གི་གདན་ས་མཛད་པ་རྗེ་བཙུན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའི་སྡེ། བཅུ་གཉིས་པ་འཕགས་ཡུལ་རྒྱལ་པོའི་སྲས་སུ་བལྟམས་ཤིང་། ཆུང་ངུའི་དུས་ནས་རང་བྱུང་རྣལ་འབྱོར་དབང་ཕྱུག་ཏུ་སྣང་བ་རྒྱལ་བུ་དགའ་བྱེད་ས་སྐྱོང་། བཅུ་གསུམ་པ་རྗེ་བཙུན་རིན་པོ་ཆེ་ཞེས་འདྲེན་པར་སྣང་ངོ་། །རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་ནི། སྔོན་ཚེ་སངས་རྒྱས་རྣམ་གཟིགས་ཀྱི་དྲུང་དུ་བྱང་ཆུབ་ཏུ་ཐུགས་བསྐྱེད། བདག་ཅག་གི་སྟོན་པའི་སྤྱན་སྔར་བྱང་སེམས་ལྔ་བརྒྱའི་དབུས་སུ་བློ་གྲོས་ཤིན་ཏུ་རྣམ་པར་དག་པ་གྱུར་ནས་ངེས་དོན་སྙིང་པོའི་བསྟན་པ་ཕྱོགས་མེད་དུ་སྤེལ་བའི་གོ་ཆ་བཞེས། དེ་ནས་སྤྲུལ་པ་སྣ་ཚོགས་ཀྱིས་འགྲོ་བ་འདུལ་བ་ལས་སྐབས་འདིར་ཡང་། ཤར་ཕྱོགས་ཀྱི་ཞིང་ཁམས་མྱ་ངན་བྲལ་བར་དེ་བཞིན་གཤེགས་པ་ཙམྦྷ་ཀའི་དྲུང་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་རི་བོའི་རྩེ་མོ་སོགས་སྐུའི་བཀོད་པ་བརྒྱད་ཀྱིས་མཚོན། འཇིག་རྟེན་གཞན་དང་བོད་ཡུལ་འདིར་ཡང་སྤྲུལ་པ་མང་དུ་ཡོད་པར་གསུངས། དངོས་ཀྱི་སྤྲུལ་གཞི་ཨོ་རྒྱན་དཔའ་བོ་བིཥྞུ་རཱ་ཛ་ལས་སྤྲུལ་པའི་སྐུར་བསྟན་ཏེ་གཙང་དུ་རྭ་ལོ་ཙཱ་བའི་གདུང་རྒྱུད་དུ་འཁྲུངས། བྱིས་པའི་སྐབས་སྐུ་ཁམས་ཤིན་ཏུ་འཁྲུགས་པའི་ཚེ་འཕགས་ཡུལ་ནས་གྲུབ་ཆེན་ཛྭ་ལ་ནཱ་ཐ་དངོས་སུ་བྱོན་ནས་བར་ཆད་བསལ། སྐུ་ཆུང་ངུ་ནས་ཐེག་པ་ཆེན་པོ་དང་ལྷག་པར་རྡོ་རྗེ་ཐེག་པའི་རིགས་སད་པས་སྔགས་ཀྱི་ལྷ་དང་སྒྲུབ་ཐབས་མང་པོ་སུས་ཀྱང་མ་བསླབ་པར་ཐོལ་གྱིས་གསུངས། རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་སྔོན་གནས་གསལ་བར་གསུངས་པས་ཇོ་ནང་དུ་སྤྱན་དྲངས། ཡོངས་འཛིན་དམ་པ་རྣམས་ལས་སྡོམ་པ་གསུམ་རིམ་པར་ནོད་ཅིང་མདོ་རྒྱུད་ཀྱི་བཀའ་དང་བསྟན་བཅོས་ཐམས་ཅད་གསན་པ་ཙམ་གྱིས་ཐུགས་སུ་ཆུད། འཆད་རྩོད་རྩོམ་གསུམ་གྱི་གནས་ལ་འགྲན་པའི་ཟླ་དང་བྲལ། སློབ་དཔོན་པདྨཱཀ་རས་ཧེ་རུ་ཀའི་དཀྱིལ་འཁོར་དུ་བཅུག །ཡེ་ཤེས་མཚོ་རྒྱལ་གྱིས་ཟབ་མོའི་བརྡ་དབང་བསྐུར་བ་ལ་བརྟེན། ཕྲེང་བ་སྐོར་བཞི་ཞེས་གསང་བ་སྒྱུ་འཕྲུལ་གྱི་ལམ་རིམ་ཆེན་མོའི་གཏེར་ཁ་བབས་ཀྱང་གཞན་རྐྱེན་གྱིས་ཕྱག་ཏུ་བཞེས་པ་མ་གྲུབ་ཀྱང་། རྒྱུད་སྡེ་རྒྱ་མཚོའི་ཤིང་རྟ་ཆེན་པོ་དྲངས་ཏེ་ཟབ་གསང་རྡོ་རྗེ་ཐེག་པའི་བསྟན་པ་ལ་མཛད་པ་རླབས་སུ་ཆེ་བ་འདི་རེ་རེའང་གཏེར་ཆོས་ཚམ་ཚེམ་དུ་མ་ལས་དགའ་བས་གཏེར་ཁ་ཕྱག་ཏུ་མ་སོན་ཀྱང་མི་ནོངས་པར་འདུག །བླ་མེད་རྒྱུད་སྡེ་རྣམས་ཀྱི་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་མཐར་ཕྱིན། ཆོས་སྐུ་ལྷ་དབང་གྲགས་པ་ལས་བདེ་སྟོང་འགྱུར་མེད་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་མཛད། གྲུབ་ཆེན་ཞི་བ་སྦས་པའི་ཞལ་སློབ་འཕགས་ཡུལ་གྱི་སློབ་དཔོན་སངས་རྒྱས་སྦས་པའི་མགོན་པོ་སོགས་རྣམ་པ་གསུམ་ལས་གདམས་ངག་གི་བཅུད་གསོལ་ཏེ་རྒྱུད་སྡེ་རྣམས་ཀྱི་དགོངས་པའི་གཏིང་ཕྱིན། དཔལ་ཧེ་རུ་ཀཿགསང་བའི་མཛོད་གཏད། ཐུབ་པའི་དབང་པོས་ཆོས་ཀུན་གྱི་བདག་པོར་རྗེས་སུ་གནང་། ཉེ་བའི་སྲས་བརྒྱད་ཀྱིས་མདོ་རྒྱུད་མ་ལུས་པའི་འབྱུང་གནས་སུ་བྱིན་གྱིས་བརླབས། རྗེ་བཙུན་སྒྲོལ་མས་རྟག་ཏུ་ཞལ་སྟོན་ཅིང་ལུང་བསྟན་པ་དང་ཡེ་ཤེས་སྤོར་བར་མཛད། འཕགས་ཡུལ་ཤིང་རྟ་ཆེན་པོ་བཅུ་དྲུག །གྲུབ་ཐོབ་རྣལ་འབྱོར་གྱི་དབང་ཕྱུག་མ་ལུས་པས་བྱིན་གྱིས་བརླབས་ཤིང་གསོལ་བ་བཏབ་རེས་དངོས་སུ་གདམས་པ་དང་རྗེས་སུ་གདམས་པ་བསྩལ། དེ་བཱི་ཀོ་ཊིར་ཡེ་ཤེས་མཁའ་འགྲོ་ནི་གུ་མས་བྱིན་གྱིས་བརླབས་ཤིང་གནང་བ་བསྩལ་པ་ལྟར་ཆོས་དྲུག་ཁྲིད་ཡིག་ཟབ་དོན་ཐང་བརྡལ་མ་མཛད། ཨོ་ཌཱི་ཡ་ནར་ཨིནྡྲ་བོ་དྷི། ཟངས་མདོག་དཔལ་རིར་པད་འབྱུང་། ཤམྦྷ་ལར་རིགས་ལྡན་རྒྱལ་པོ་རྣམས་དང་མཇལ་ནས་ཞལ་ལུང་བདུད་རྩི་གསོལ། དུས་འཁོར་གསང་འདུས་རྡོ་རྗེ་ཕག་མོ་རྣམས་ཀྱིས་འོད་ཟེར་ཆེན་པོའི་དབང་བསྐུར་ཅིང་རྒྱུད་སྡེའི་དོན་རྣམ་པར་འགྲེལ་བ་ལ་ལེགས་སོའི་དབུགས་དབྱུང་བསྩལ། རྡོ་རྗེ་ཐེག་པའི་རིང་ལུགས་རྣམས་ལ་འཁྲུལ་པས་བསླད་པ་ཐམས་ཅད་བསལ། ཤིང་རྟ་ཆེན་པོའི་ལུགས་སྲོལ་གང་ཡིན་པ་དེ་ཉིད་མ་ཉམས་པར་སྤེལ་བའི་བསྟན་བཅོས་རྒྱ་ཆེར་མཛད་པས་འཕགས་ཡུལ་དུ་ཨ་བྷཱ་ཡ་དང་མཚུངས་པར་བོད་འདིར་རྡོ་རྗེ་ཐེག་པའི་བསྟན་པ་འཆི་ཀ་མའི་སྲོག་མཐུད་པ་ལྟ་བུའི་བཀའ་དྲིན་ཉི་མ་གསལ་བ་ལྟར་མཛད། ཆོས་འཁོར་བསྐོར་བ་དང་དབང་དང་ཚོགས་འཁོར་རབ་གནས་མཛད་པ་སོགས་ཀྱི་སྐབས་འཇའ་འོད་དང་མེ་ཏོག་ཆར་པ། མཁའ་འགྲོའི་བརྡ་གླུ། དྲི་བཟང་ངད་པས་ཁྱབ་པ་སོགས་རྟག་ཏུ་འབྱུང་། སྤྱིར་བསྟན་འགྲོའི་དོན་རྒྱ་ཆེར་མཛད། སྒོས་སུ་རྟག་བརྟན་ཕུན་ཚོགས་གླིང་གི་རྟེན་བརྟེན་པར་བཅས་པ་གསར་དུ་བསྐྲུན། རྒྱལ་ཚབ་རྒྱ་མཚོ་རྣམ་གཉིས་སོགས་མཁས་གྲུབ་ཀྱི་སློབ་མ་མང་དུ་བྱོན། དུས་སྐབས་དེའི་བསྟན་འཛིན་གྱི་སྐྱེས་ཆེན་མཐའ་དག་གིས་ཞབས་ཀྱི་པདྨོར་བཏུད་པར་སྣང་། རེ་ཞིག་མཛད་པ་མཐར་ཕྱིན་ནས་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྤྲུལ་པའི་བཀོད་པ་བསྡུས། ཕྱི་མར་ཨོ་རྒྱན་གྱི་གནས་སུ་བཱིརྻ་རཱ་ཛ། བཻ་ཌཱུརྻ་དང་བདེ་བ་ཅན་དུ་ས་བཅུའི་དབང་ཕྱུག །འགྲོ་ལྡིང་གི་གནས་སུ་བདེ་བའི་མགོན་པོ་ཞེས་པས་མདོ་སྒྱུ་སེམས་གསུམ་སོགས་ཀྱི་བསྟན་པ་སྤེལ་ཞིང་བོད་ཡུལ་འདིར་ཡང་སྤྲུལ་པ་དང་བྱིན་གྱིས་བརླབས་པ་འགའ་ཞིག་འབྱུང་བར་གསུངས་ཤིང་། དངོས་ཀྱི་སྐྱེ་བ་གསུམ་ནས་འཇིག་རྟེན་འོད་ལྡན་ཞེས་པར་དེ་བཞིན་གཤེགས་པ་ནམ་མཁའི་ཐིག་ལེར་འཚང་རྒྱ་བའི་ལུང་བསྟན་བརྙེས་པར་སྣང་ངོ་། །དམ་པ་དེ་དག་གི་སྐྱེས་པ་རབས་ཀྱི་རྣམ་པར་ཐར་པ་མདོ་ཙམ་མོས་ལྡན་སྤྲོ་བ་བསྐྱེད་པའི་ཕྱིར་རང་བཞིན་བྲིས་པ་ཡིན་ལ། ད་ནི་དམ་པ་དེ་གསུམ་དང་བཟང་འབྲེལ་ཙམ་ཐོབ་པར་མོས་པའི་ཐ་ཤལ་བ་རང་ཉིད་ལ་ཀུན་མཁྱེན་བླ་མ་དམ་པས་བཀའ་བསྩལ་དམིགས་སུ་གནང་བ་རྣམས་ལས་ཀླུ་མེས་སྔར་བརྗོད་ཟིན། སྙེ་མདོ་ཐམས་ཅད་མཁྱེན་པ་ཀུན་དགའ་དོན་གྲུབ་ནི། རོག་ཐམས་ཅད་མཁྱེན་པ་བསོད་ནམས་དཔལ་བའི་སྲས་ཆུང་བར་འཁྲུངས། ཡབ་དང་གཅེན་པོ་རྣམས་ལས་གསར་རྙིང་གི་རྒྱུད་གདམས་ངག་ཡོངས་རྫོགས། ཞི་བྱེད་སྐོར་གསུམ་རྣམས་གསན། ཀརྨ་པཀྴི། ཐར་ལོ་གྲགས་པ་སོགས་དམ་པ་མང་པོ་བསྟེན་ནས་རིག་པའི་གནས་ལྔ་དང་མདོ་རྒྱུད་མཐའ་དག་མཁས་པར་སྦྱངས། ཁྱད་པར་གྲུབ་ཆེན་ཨོ་རྒྱན་པ་ལས་དུས་ཀྱི་འཁོར་ལོའི་དབང་རྒྱུད་བཤད་མན་ངག་དང་བཅས་པ་ཚར་གཉིས་གསན། སྦྱོར་དྲུག་ཞི་ཕྱག་རྫོགས་གསུམ་རྣམས་ལ་རྡོ་རུས་འཕྲོད་པའི་སྒྲུབ་པ་ཉམས་བཞེས་མཛད་པས་མཉམ་རྗེས་མེད་པའི་རྟོགས་པ་འཁྲུངས། ཡི་དམ་གྱི་ལྷ་མང་པོས་ཞལ་གཟིགས། རྗེ་རང་བྱུང་རྡོ་རྗེ་ལ་དུས་ཀྱི་འཁོར་ལོའི་དབང་རྒྱུད་བཤད་མན་ངག་དང་བཅས་གཙོ་བོར་གྱུར་པའི་རྒྱུད་སྡེ་བཞི། སྔ་འགྱུར་རྙིང་མ། ཞི་བྱེད། ལམ་འབྲས། མདོ་ཕྱོགས་ཀྱི་སྐོར་བཅས་རྫོགས་པར་ཕུལ། དེ་དག་གི་སྐབས་སུ་རྗེ་རང་བྱུང་བ་ལ་དག་སྣང་ཁྱད་པར་ཅན་མང་དུ་ཤར། གཞན་ཡང་མཁས་བཙུན་དཔོན་རིགས་ཆེ་རྒུ་མང་པོ་ལ་དུས་ཀྱི་འཁོར་ལོའི་གཙོས་པའི་ཆོས་འཁོར་རྒྱ་ཆེར་བསྐོར། བསྟན་བཅོས་ཀྱང་འགའ་ཞིག་མཛད་པར་སྣང་། བཀའ་བཞི་པ་རཏྣ་བྷ་དྲའམ་རིག་པའི་རལ་གྲི་ནི། རྗེ་དྲུག་པ་མཐོང་བ་དོན་ལྡན་གྱི་ཡོངས་འཛིན་དུ་ཕེབས་ཏེ་བཀའ་བརྒྱུད་གསེར་གྱི་ཕྲེང་བར་བཞུགས་པ་སྟེ་རྣམ་ཐར་རེའུ་མིག་བརྒྱ་རྩ་བརྒྱད་རྗེ་དྲུག་པ་ཉིད་ཀྱིས་བཀོད་པ་ལས་གསལ། དེའི་གོང་མ་གཉན་རས་དགེ་འདུན་འབུམ་ནི། གྲུབ་ཆེན་ཀརྨ་པཀྴིའི་ཞལ་སློབ་ཀུན་མཁྱེན་རང་བྱུང་རྡོ་རྗེས་ཀརྨ་པའི་ཆོས་སྐོར་ཡོངས་རྫོགས་གསན་པའི་ཡུལ་ལོ། །བ་ཡོ་ཆོས་ཀྱི་བློ་གྲོས་ནི། ཀོང་པོ་བ་ཡོའི་གདན་ས་བ་རྟོགས་ལྡན་མཁའ་སྤྱོད་དབང་པོ་དང་རྗེ་རོལ་པའི་རྡོ་རྗེའི་ཞབས་ཟིན། གཏེར་ཆེན་སངས་རྒྱས་གླིང་པ་སྐུ་ཆུང་ངུའི་དུས་ཀྱི་གཉེར་སྐྱོང་དང་བླ་མ་མཛད་ཅིང་ཕྱིས་བླ་མ་དགོངས་འདུས་ཀྱི་ཆོས་བདག་བུམ་འཛིན་ཉེར་གཅིག་གི་གཙོ་བོར་ལུང་ནས་ཟིན་པ་ལྟར་ཕྲིན་ལས་བསྐྱངས། བ་ཡོ་ཆོས་ཀྱི་བཟང་པོ་དེའི་སྐྱེ་བ་དེ་མ་ཐག་པ་ཡིན་པ་འདྲ། ཞྭ་དམར་གསུམ་པ་ཆོས་དཔལ་ཡེ་ཤེས་ཀྱི་སློབ་མར་གྱུར་ཅིང་བ་ཡོ་དང་སྟག་རྩེ་གཉིས་ཀའི་གདན་ས་བསྐྱངས། ཕྱིས་སུ་ཞྭ་དམར་བརྒྱད་པའི་ཡོངས་འཛིན་གོ་ཤྲཱི་དོན་གྲུབ་སྙིང་པོའང་འདིའི་སྐྱེ་བ་ཡིན་པར་གསུངས། མུས་ཆེན་སངས་རྒྱས་རིན་ཆེན་ནི། མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་གྱི་དབོན་དུ་འཁྲུངས། སེམས་དཔའ་ཆེན་པོ་དེ་ཉིད་དང་གྲུབ་ཆེན་དཀོན་མཆོག་བློ་གྲོས། ཀུན་མཁྱེན་བསོད་ནམས་སེང་གེ་རྒྱལ་ཚབ་ཀུན་དགའ་དབང་ཕྱུག་སོགས་ལས་ཚུལ་ཁྲིམས་རྣམ་པ་གསུམ་གྱིས་རྒྱུད་བསྡམས། མདོ་སྔགས་ཀྱི་གསན་བསམ་མཐར་ཕྱིན་པར་མཛད། རྒྱལ་དབང་ཆོས་གྲགས་རྒྱ་མཚོ་ལས་སྐུ་གསུམ་ངོ་སྤྲོད་གསན། ན་ལེནྡྲའི་གདན་ས་ཡུན་རིང་མཛད། ངོར་གྱི་གདན་སར་ཡང་ཕེབས་ཏེ་རྗེ་ལྷ་མཆོག་སེང་གེ་རྒྱལ་ཚབ་ཏུ་དབང་བསྐུར། ཐུགས་དམ་གྱི་རིམ་པ་དང་བསོད་ནམས་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པ་མཛད། གསུང་ངག་རིན་པོ་ཆེ་ལན་ལྔ་བཅུ་ང་གཅིག་གིས་མཚོན་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར། སྤྱན་རས་གཟིགས་ཀྱི་ཞལ་རྟག་ཏུ་མཐོང་བའི་སྨྱུང་གནས་པ་བྱམས་པ་ཆོས་འོད་ལ་འཕགས་པས་རྗེ་འདི་ས་བཅུ་པ་ལ་གནས་པའི་བྱང་སེམས་ཡིན་པར་ལུང་བསྟན། དུས་རྒྱུན་དུ་མངོན་པར་ཤེས་པ་སྒྲིབ་མེད་དུ་མངའ་ཞིང་བདུད་རྩི་རིལ་བུ་ལན་གཉིས་སྒྲུབ་པའི་སྐབས་ངོ་མཚར་བའི་རྟགས་བསམ་གྱིས་མི་ཁྱབ་པར་བྱུང་བ་སྣང་། སློབ་མའི་ཚོགས་ཀྱང་། ས་སྐྱ་བདག་ཆེན་བཅུ་གཅིག །ངོར་གྱི་ཁྲི་བཞུགས་གསུམ། རྡོ་རིང་ཀུན་སྤངས་པ་སོགས་དབུས་གཙང་ཁམས་གསུམ་གྱི་དཔལ་ལྡན་ས་སྐྱ་པར་གཏོགས་ཚད་ཀྱི་བསྟན་འཛིན་རྣམས་དང་། ངམ་རིང་། སྣར་ཐང་། ཇོ་ནང་སོགས་ཀྱི་གདན་ས་པ། སྨྱུག་ལ་པཎ་ཆེན། ཀརྨ་ཕྲིན་ལས་པ་སོགས་ཡང་སློབ་བརྒྱུད་འཛིན་བགྲང་བ་ལས་འདས་པ་བྱོན། སྐུའི་སྐྱེ་བ་ཕྱི་མ་མུས་ཆེན་སངས་རྒྱས་རྒྱལ་མཚན་ཡིན་པར་སྣང་ངོ་། །རྩེ་ལེ་མཁས་མཆོག་པདྨ་ལེགས་གྲུབ་སྣ་ཚོགས་རང་གྲོལ་ནི། ལོ་ཆེན་བཻ་རོ་ཙ་ནའི་སྐུའི་རྣམ་འཕྲུལ་དུ་ལུང་གིས་ཟིན། མཚུངས་མེད་བསྟན་འཛིན་རྡོ་རྗེའི་ཡང་སྲིད་དུ་གྲགས་པས་དེས་བཏབ་པའི་ཐང་འབྲོག་གྲྭ་ཚང་དུ་སྤྱན་དྲངས། གངས་ར་ལོ་ཆེན་སོགས་མཁས་གྲུབ་མང་པོ་བསྟེན་ནས་མདོ་སྔགས་གསར་རྙིང་གི་གཞུང་ལུགས་གདམས་པ་ཐུགས་སུ་ཆུད་པར་མཛད། སྐུ་ཤིན་ཏུ་བཙུན་པས་ཚོགས་ཆང་ལའང་ཆུ་དང་བུ་རམ་བསྲེས་པ་ལས་ལྗགས་ལ་མི་རེག །སྐུ་ཚེའི་སྨད་དུ་དཔལ་རི་རྒོད་ཚང་དང་ལྷོ་བདེ་གཤེགས་ཚེའི་ཕུག་པ་སོགས་སུ་བཞུགས། ཕྱག་རྫོགས་ཀྱི་རྟོགས་པ་མཐར་ཕྱིན། ཞལ་སློབ་ཀྱང་སྒམ་པོ་པ་བཟང་པོ་རྡོ་རྗེ། བམ་སྟེང་ཆོས་རྗེ་མི་ཕམ་པ། ཏའུ་པདྨ་བློ་གྲོས་སོགས་བྱོན་པར་སྣང་ངོ་། །ལོ་ཆེན་བཻ་རོའི་ཐུགས་ཀྱི་སྤྲུལ་པ་རོང་སྟོན་ལྕགས་རྣ་ཅན་དུ་གྲགས་པ་པདྨ་བདེ་ཆེན་གླིང་པ་ནི། གསེར་ཐར་དུ་སྐུ་འཁྲུངས། ཐོག་མར་གསེར་པ་ཡེ་ཤེས་རྒྱལ་མཚན་ལ་བརྟེན་ནས་ཕྱག་ཆེན་གྱི་ཉམས་རྟོགས་ཕུལ་དུ་ཕྱིན་པར་མཛད། པེ་ཧར་གྱིས་བར་གཅོད་བརྩམས་ནས་དགོངས་གཏེར་དང་གནམ་ཆོས་མང་དུ་བྱུང་། རིག་འཛིན་ཀློང་གསལ་སྙིང་པོ་མཇལ་བས་ཕ་བུ་འཕྲད་པ་ལྟ་བུའི་བརྩེ་བས་བསྐྱངས། གུར་དྲག་ཡེ་ཤེས་རབ་འབར་གནང་ནས་སྒྲུབ་པ་མཛད་དུ་བཅོལ་བས་སྔར་གྱི་བར་ཆད་ལས་གྲོལ་ནས་ས་གཏེར་གྱི་ཁ་བྱང་དང་ལུང་བསྟན་ཐོབ། རྨུ་རྡོ་བྲག་ནས་མཁའ་འགྲོ་སྙིང་ཐིག་དང་། བཙན་རི་ནས་བཀའ་འདུས་ཡིད་བཞིན་ནོར་བུ་སོགས་སྤྱན་དྲངས། ཉིད་ཀྱི་དབང་སྐལ་དངོས་རི་བོ་ཕག་ཞལ་དུ་མཁའ་འགྲོ་དགོངས་འདུས་བཞུགས་པར་འདུག་ཀྱང་ཕྱག་ཏུ་མ་སོན། ཀློང་གསལ་ནས་ཉིད་ཀྱི་རྒྱལ་ཚབ་ཏུ་ཀཿཐོག་གདན་སར་མངའ་གསོལ་བར་བཞེད་ཀྱང་དབོན་པོ་སོགས་ཀྱིས་ཆགས་སྡང་ཆེ་བར་གཟིགས་ནས་དགོངས་ཁྲོལ་ཞུས་ཏེ་བཙན་རི་གནས་ནང་དུ་གདན་ས་མཛད། བརྒྱུད་འཛིན་སློབ་མ་རིག་འཛིན་ཚེ་དབང་ནོར་བུ་དང་། སྐུའི་སྲས་མཆེད་སོགས་ཁྱད་པར་ཅན་བྱོན། དེའི་སྐུའི་སྐྱེ་བ་དེ་མ་ཐག་པ་ནི་རྟའུ་རོག་རྗེ་གླིང་པ་དང་། དེ་རྗེས་ཞེ་ཆེན་རི་ཁྲོད་དུ་བཞུགས་པའི་བླ་མ་ཤེས་རབ་ཡར་འཕེལ་བྱ་བ། དགུང་ལོ་བཅུ་དགུའི་སྐབས་ནས་ཡིག་དྲུག་དུང་ཕྱུར་འགྲུབ་པས་ཐུགས་རྗེ་ཆེན་པོས་ཞལ་གཟིགས། བརྒྱད་སྟོང་པ་སྟོང་ཕྲག་གཅིག་དང་བརྒྱ་རྩ་གསུངས་པས་ཤེས་རབ་ཕར་ཕྱིན་རྟོགས་པ་མངོན་དུ་གྱུར་ནས་འདིར་སྣང་གི་འཁྲུལ་པ་ཞིག་པ་ཞིག་བཞུགས་པ་དེས་ཁོང་རོང་སྟོན་ལྕགས་རྣ་ཅན་གྱི་སྐྱེ་བ་ཡིན་པ་གསལ་བར་དྲན་གསུངས་ཀྱང་དེ་ཕྱོགས་རོང་སྟོན་གྱི་རྒྱུས་མེད་པས་སུ་ཡིན་མ་འཚལ་བར་སྣང་། དེ་ཉིད་ཞི་བར་གཤེགས་པའི་ཕྱི་ལོ་དེར་ཁོ་བོ་བཙས་པར་སྣང་བས་བླ་རྒན་དེའི་སྐྱེ་བ་ཙམ་ཡིན་རྒྱུར་བྱས་ན་གུང་འགྲིགས་ཤིང་སྟབས་ལེགས་ཙམ་གྱི་རྒྱུ་མཚན་ཕྲན་བུའང་འདུག་གོ། །།གཉིས་པ་ལུང་གིས་ཟིན་ཚུལ་ནི། སྤྱིར་རྒྱལ་བས་ལུང་བསྟན་པ་ནི་འཕགས་ཡུལ་དུ་རྒྱན་དྲུག་གཙོས་སློབ་དཔོན་ཁ་ཤས། བོད་འདིར་མཉམ་མེད་དྭགས་པོ་རིན་པོ་ཆེ་དང་འབྲོམ་སྟོན་རྣམས་གསལ་བར་ལུང་བསྟན་པ་ལ་སུས་ཀྱང་བསྙོན་དུ་མེད། འཇམ་དཔལ་རྩ་བའི་རྒྱུད་ལས་བོད་ཀྱི་རྒྱལ་པོ་རྣམས་ཁྲིགས་ཆགས་སུ་འབྱུང་། དགའ་ལྡན་དང་བློ་བཟང་གི་མིང་རྣམས་ཀྱང་གསལ་བར་འབྱུང་། གཞན་བསྟན་པ་གསལ་བར་བྱེད་པའི་སྐྱེས་ཆེན་ཤིང་རྟའི་སྲོལ་འབྱེད་རྣམས་ཀྱང་དེང་སང་བོད་དུ་བཞུགས་པའི་མདོ་རྒྱུད་རྣམས་ལས་ལུང་བསྟན་གསལ་བར་མ་མཐོང་། སོ་སོའི་རྗེས་འཇུག་རྣམས་ནས་མཚན་སྒྲ་མཐུན་པ་ཙམ་དང་། འཇམ་དཔལ་རྩ་རྒྱུད་ལས་ཡི་གེའི་མགོ་འབོད་གསུངས་པ་རྣམས་རྡོ་ཆག་ལྷུ་གཏུགས་ཀྱིས་བསྒྲིགས་པ་དང་། ཁ་ཅིག་གིས་ནི་བོད་དུ་མ་བྱོན་པའི་མདོ་རྒྱུད་ལས་ལུང་བསྟན་ནོ་སྐད་པའི་བོད་རྩོམ་གཤའ་མའི་ཚིགས་བཅད་ཁ་ཤས་ལུང་འདྲེན་བྱེད་པ་སོགས་ཀྱང་སྣང་ཞིང་། ཁོ་བོ་ལྟ་བུ་ལ་ནི་སངས་རྒྱས་ཀྱིས་ལུང་བསྟན་པའི་རེ་བ་རྨི་ལམ་དུའང་ག་ལ་ཡོད་ཅིང་། གཏེར་ལུང་རྣམས་ཀྱང་གོང་དུ་སྨྲོས་པ་ལྟར་དགོངས་པ་ཅན་གྱི་གསུང་ལོས་ཡིན་སྙམ་པ་ལས་ངེས་དོན་ཡིན་པའི་ཐག་ཆོད་དང་རློམས་སེམས་གཏན་ནས་མེད་ངེས་ཅན་ཡང་། སངས་རྒྱས་ལས་ཀྱང་བཀའ་དྲིན་ལྷག་པའི་དཔལ་ལྡན་བླ་མ་དམ་པས་འཁོར་བ་ལས་སྒྲོལ་བའི་དབུགས་འབྱིན་བསྩལ་བ་དེ་སོ་སྐྱེའི་བློ་རྟོག་གིས་རས་ཆོད་བྱེད་པ་ཆོས་ལུགས་སྤྱིར་འགལ་བ་དང་། ཁྱད་པར་མཉམ་མེད་དྭགས་པོ་བཀའ་བརྒྱུད་པའི་ལུགས་སུ་རྩ་བའི་བླ་མས་མེ་ལ་ཆུ་དང་ཆུ་ལ་མེ་ཡིན་གསུངས་ཀྱང་དེ་ལ་ཐེ་ཚོམ་དང་ལོག་ལྟ་སྤུ་ཙམ་མི་བྱེད་པར་རྡོ་རྗེའི་གསུང་དུ་གོ་ན་རྟེན་འབྲེལ་འགྲིགས་པར་གསུངས་པས་དེའི་དབང་དུ་བྱས་ཏེ་དགོད་ན། ཏིང་འཛིན་རྒྱལ་པོའི་མདོ་ལས། གང་གི་ལག་ན་ཏིང་འཛིན་མཆོག་ཡོད་པ། །རྒྱལ་བ་བྱམས་པ་གྲགས་པ་མཐའ་ཡས་བཞིན། །སེམས་ཅན་རྣམས་ཀྱི་དོན་མང་བྱེད་འགྱུར་ཞེས། །བློ་གྲོས་མཐའ་ཡས་དེ་ནི་ངས་ལུང་བསྟན། །ཞེས་དང་། འཕགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཕྱག་རྒྱའི་མདོ་ལས། འདི་དང་ལྡན་པ་འདྲེན་པར་འགྱུར་ཏེ་བློ་གྲོས་མཐའ་ཡས་བློ་གྲོས་མཆོག །ཕྱོགས་བཅུའི་སངས་རྒྱས་བྱེ་བ་ཕྲག་བརྒྱ་མང་པོ་དག་གིས་དགོངས་པར་འགྱུར། །མདོ་སྡེ་བརྒྱ་ཡི་ཚུལ་དག་ཤིན་ཏུ་རབ་འབྱེད་བསམ་ཡས་དཔག་མེད་དེ། །མདོ་སྡེ་འདི་ལ་རབ་ཏུ་སྦྱོར་བ་མི་ཟད་གཟུངས་ཐོབ་རྙེད་པར་འགྱུར། །ཞེས་གསུངས་པའི་དོན་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནས་འཕགས་བོད་གཉིས་ཀར་བློ་གྲོས་མཚན་ཅན་གྱི་སློབ་དཔོན་མང་དུ་བྱོན་ཀྱང་མཐའ་ཡས་དང་འབྲེལ་བ་ཅན་བཀའ་གཏེར་ལོ་རྒྱུས་གང་ནས་ཀྱང་མ་གཟིགས་པས་ཁྱེད་རང་གི་མིང་དང་ཤིན་ཏུ་འབྲེལ་གསུངས་ནས་མཛད་བྱང་མང་པོ་ཡང་དེ་ལྟར་གནང་འདུག་པ་དང་། སྤྱིར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡུལ་འཁོར་སྲུང་གི་སྲས་སྟོང་བསྐལ་བཟང་སངས་རྒྱས་རྣམས་སུ་ལུང་བསྟན་པའི་རྗེས་མ་གཞོན་ནུ་བློ་གྲོས་མཐའ་ཡས་སངས་རྒྱས་མོས་པ་སྣང་མཛད་དུ་འགྱུར་བ་དེ་ལོ་ཆེན་བཻ་རོ་ཡིན་པར་སྣང་བས་སྔོན་ལུང་བསྟན་པའི་མཚན་དེ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་གནས་སྐབས་ཐམས་ཅད་དུ་ཡོད་པར་སྨྲ་བ་ཙམ་ལ་ནི་འབྲེལ་མི་ཆགས་པའང་མི་སྣང་ངོ་། །འཕགས་པ་ལངྐར་གཤེགས་པ་ལས། དེ་ཡི་འོག་ཏུ་བྱས་དུས་ལ། །འདྲེན་པ་བློ་གྲོས་ཞེས་བྱ་བ། །ཤེས་བྱ་ལྔ་རྣམས་སྟོན་པ་པོ། །དཔའ་བོ་ཆེན་པོ་འབྱུང་བར་འགྱུར། །ཞེས་གསུངས་པའི་ཤེས་བྱ་ལྔ་རིག་པའི་གནས་ལྔ་སོགས་ལ་བྱས་ན་རྒྱ་བོད་མཁས་པ་ཀུན་གྱིས་སྤྱི་ནོར་ཡིན་པས་ལུང་བསྟན་ཡུལ་གྱི་ཁྱད་ཆོས་སུ་མི་འགྱུར་བས་མཛོད་ཆེན་ལྔ་པོ་སྔར་མ་བྱུང་བའི་ཁྱད་པར་ཅན་གྱི་ཕྱིར་འདིའང་ཤིན་ཏུ་འབྲེལ་ཅེས་རྗེ་རིན་པོ་ཆེ་དེ་ཉིད་བཞེད་པར་མཛད་ཀྱང་། རྒྱལ་བའི་གསུང་རྣམ་པ་ཐམས་ཅད་པ་ཞེས་སྒྲ་ཤིན་ཏུ་ཡངས་པས་འབྲེལ་གང་དུ་ཆགས་པ་དེར་ཁྱེར་ཆོག་པས་འདི་ལ་མི་འོས་སྙམ་པ་དང་གཞན་ཞིག་ལ་འཐད་ཀྱང་འདིར་འཐེན་ཁྱེར་བྱས་འདུག་སྙམ་པའི་ཁོང་ཁྲོ་དང་གུ་དོག་གཏན་ནས་མི་དགོས་སོ། །སྔ་འགྱུར་སྒྱུ་འཕྲུལ་ཀལྤ་དུམ་བུའི་རྒྱུད་ལས་ཀྱང་། འཇིག་རྟེན་ཁ་བ་ཅན་ཞེས་སུ༔ པདྨའི་སྙིང་པོ་ཀུན་དགའ་དང༔ བློ་གྲོས་མཐའ་ཡས་ལ་སོགས་པས༔ འཛིན་པས་བསྟན་པ་རྒྱས་པར་འགྱུར༔ ཞེས་དང་། གཏེར་ཆེན་པདྨ་གླིང་པའི་ལུང་བསྟན་ལས། ལྕགས་རྟ་ལོ་ལ་མཐའ་དམག་བོད་དུ་བརྡོལ༔ ང་ཡི་སྤྲུལ་པ་དགེ་སློང་བློ་གྲོས་མིང༔ ཁམས་ཕྱོགས་གསེར་ལྡན་འབབ་པའི་འགྲམ་ནས་འབྱུང༔ སྨོན་ལམ་དབང་གིས་དུས་ཀྱི་འཁྲུགས་པ་ཟློག༔ ལྕགས་ལུག་ལོ་ལ་སྐྱིད་པའི་ཉི་མ་ཤར༔ ཞེས་གསུངས་པ་ལྕགས་རྟ་ལོར་གཡུ་ལུང་གངས་ར་གཉིས་པ་བཀྲ་ཤིས་ཉི་ཟླ་དཔལ་ཕུག་ཏུ་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྨན་སྒྲུབ་བགྱིས་པ་སོགས་དང་དུས་འགྲིགས་ཤིང་། རིན་ཆེན་གླིང་པའི་རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་ལས། མ་འོངས་དུས་མཐར་བཀའ་བརྒྱུད་ཡལ་བའི་ཚེ༔ བི་མས་བྱིན་བརླབས་ཆོས་འདི་སྤྱོད་པ་ན༔ བཻ་རོའི་ཐུགས་བསྐྱེད་རྒན་གཞོན་བྱིས་པའི་ཚུལ༔ གསུམ་གྱིས་འཆད་ནས་ཅུང་ཟད་དར་ཡང་སྲིད༔ ཅེས་ཟབ་ཆོས་འདིའི་རྒྱུན་ཆད་པ་རྗེ་བླ་མར་བཀའ་བབས་ནས་ཐོག་མར་སྤེལ་བའི་སྣོད། བཻ་རོའི་སྤྲུལ་པ་རྒན་པོར་ངོས་བཟུང་། རྡོ་རྗེ་གླིང་པ་དང་བདུད་འདུལ་རྡོ་རྗེ་སོགས་གཏེར་ཁ་སྔར་བྱོན་རྣམས་སུའང་ཐོར་བུ་ཅི་རིགས་སྣང་ཞིང་། ཁྱད་པར་རྗེ་བླ་མ་རིན་པོ་ཆེ་དང་མཆོག་གླིང་ལྷན་རྒྱས་ཀྱི་གཏེར་བྱོན་ཞལ་གདམས་ལམ་རིམ་ཡེ་ཤེས་སྙིང་པོ་ལས། དེ་ཚེ་ཐོག་མའི་སྐལ་ལྡན་ནི༔ རྣམ་པར་སྣང་མཛད་ལོ་ཙཱ་བས༔ བྱིན་བརླབས་ཞི་བའི་བློ་གྲོས་ཀྱིས༔ ཟབ་རྒྱས་ཚིག་དོན་གཏན་ལ་འབེབ༔ ཅེས་གསུངས་པ་ལྟར་རྩ་བའི་སྟེང་ནས་ལྗགས་བཤད་ཞིབ་པར་བསྩལ། འགྲེལ་པ་ཞིག་ཅིས་ཀྱང་བགྱིད་དགོས་པར་དངོས་དང་བརྒྱུད་ནས་བཀའ་གནང་བ་ལྟར་ཚིག་འགྲེལ་ཞིག་ཀྱང་བྲིས། ཇོ་མོ་སྨན་མོའི་ཡང་གཏེར་མཁའ་འགྲོ་གསང་བ་ཀུན་འདུས་ལུང་བྱང་ལས། སླར་ཡང་བོད་ཁམས་སྡུག་པའི་དུས༔ ཆོས་ཀྱི་རྒྱལ་པོའི་སྐྱེ་བའི་མཐའ༔ མཚོ་རྒྱལ་ཁྱོད་ཀྱིས་བྱིན་བརླབས་པ༔ སུས་ཀྱང་བརྟག་པར་དཀའ་བ་ཡི༔ མ་ངེས་འགྲོ་འདུལ་རིག་པ་འཛིན༔ སྒྱུ་མ་ལྟ་བུའི་སྐྱེས་བུ་ཞིག༔ མདོ་ཁམས་ཤར་ནས་འབྱུང་དང་འཕྲད༔ ལོ་ཙཱ་ཆེན་པོའི་ཡེ་ཤེས་དང༔ གཉིས་མེད་གཉིས་སུ་སྣང་བའི་ཚུལ༔ སྔགས་ཀྱི་གདུང་མཐའ་བྱང་ཆུབ་སེམས༔ བློ་གྲོས་མི་ཟད་གཏེར་ལ་གཏད༔ གཉིས་ཀའི་སྨོན་ལམ་ལ་བརྟེན་ནས༔ སྐལ་ལྡན་འགའ་ཡི་ཉམས་ཆག་སྦྱོང༔ ལ་ལ་སྔགས་ཀྱི་བརྟུལ་ཞུགས་སྤྱོད༔ འགའ་ཞིག་བདེ་ཆེན་ཡེ་ཤེས་རྙེད༔ དངོས་གྲུབ་དགའ་སྟོན་རྒྱས་པར་འགྱུར༔ ཅེས་འབྱུང་བའི་དོན་ཐོག་མར་ཁོ་བོས་ཡི་གེ་པ་ཞུས་ཤིང་སྨིན་གྲོལ་ཆིག་རྫོགས་སུ་བསྩལ། ཕྱིས་ནས་རང་གིས་བསྙེན་སྒྲུབ་སྐོང་ཆོག་སྒྲུབ་ཆེན་སོགས་དང་གཞན་ལའང་འཆད་སྤེལ་ཅི་ནུས་བགྱིས་པ་ཡིན་ཅིང་། གཞན་ཡང་དགོངས་གཏེར་སྙན་བརྒྱུད་ཡང་གཏེར་རྣམས་སུ་རྗེ་འབངས་རྣམས་ཀྱི་སྤྲུལ་པ་འབྱུང་བར་བསྡམས་ནས་བསྟན་པ་རྣམས་ཀྱི་ནང་ནས་བཻ་རོ་གར་བཞུགས་ཁོ་བོ་ལ་ངོས་འཛིན་མཛད་ནས་སྨིན་གྲོལ་ཐོག་མར་བཀའ་དྲིན་དུ་བསྩལ་བ་ཐོབ་པས་སྐལ་པ་ནི་ཤིན་ཏུ་བཟང་བར་སེམས། མཆོག་གྱུར་གླིང་པའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ལུང་བྱང་ལས། བཻ་རོའི་སྤྲུལ་པ་བློ་གྲོས་མིང༔ འཆད་རྩོམ་མཐའ་ཡས་བཀའ་བབས་འབྱུང༔ ཀླུ་གདོན་གྲོལ་བའི་རྐྱེན་དུ་བྱེད༔ ཅེས་གསུངས་པ་དེ་སྐབས་འཆད་རྩོམ་གྱི་བྱ་བ་ཆེར་མེད་ཀྱང་ཕྱིས་སུ་མངོན་དུ་གྱུར་པ་དང་། འོག་གདོན་གྱི་ནད་གཞི་གྲོལ་བའི་རྐྱེན་ཆོས་འདི་ལས་བྱུང་བ་རྣམས་ནི་ཐོག་ཏུ་ཁེལ། ཆོས་འདིའི་བཀའ་སྲུང་ཚེ་རིང་མཆེད་ལྔའི་སྒྲུབ་ཐབས་གཤམ་དུའང་། བཻ་རོའི་སྐྱེ་མཐའ་གཡུང་དྲུང་མིང༔ བློ་གྲོས་མཐའ་ཡས་རྩལ་འཆང་བ༔ དེ་ཡིས་སྙིང་པོའི་བསྟན་པ་ལ༔ ཕན་པའི་བཙས་སུ་སྣང་བར་བྱེད༔ ཅེས་གསུངས་པའང་ཆུང་ངུའི་དུས་སྨན་རིའི་མཁན་པོས་བསྟན་འཛིན་གཡུང་དྲུང་དུ་བཏགས་པ་དེ་ཉིད་ཕྱིས་དཔལ་སྤུངས་སུ་མ་ཕྱིན་བར་མིང་བླ་དྭགས་སུ་ཆགས་པ་ཡིན་ལ། དེ་བཞིན་དུ་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ལོ་རྒྱུས་ཤེལ་གྱི་ཕྲེང་བ་ལས། ནུབ་ནས་བཻ་རོའི་སྐྱེ་མཐའ་བློ་གྲོས་ཅན༔ བསྟན་འཛིན་མིང་ཅན་རྒྱལ་བའི་བསྟན་ལ་ཕན༔ ཟབ་རྒྱས་མཛོད་ལ་རང་དབང་བསྒྱུར་བ་འབྱུང༔ ཞེས་གསུངས་པའི་ཕྱོགས་ནི་གཏེར་ཁ་འདི་ཉིད་གཏན་ལ་འབེབ་པའི་གནས་སྡེ་དགེ་ལྷུན་གྲུབ་སྟེང་ཡིན་པས་དེའི་ནུབ་དྲང་པོར་རང་ཉིད་སྐྱེས་པའི་ཡུལ་ཡོད་པ་ལ་དགོངས་པ་རེད་ཅེས་གཏེར་ཆེན་ཉིད་ནས་གསུངས་ཤིང་མིང་སྒྲ་ནི་སྨྲོས་མ་ཐག་པ་ལྟར་རོ། །ཟབ་པ་སྐོར་བདུན་གྱི་ལུང་བྱང་ལས། གཤིན་རྗེའི་གཤེད་འདི་བསྟན་པའི་ལྕགས་རི་སྟེ༔ བཻ་རོའི་སྤྲུལ་པ་རབ་བྱུང་བྱ་ཡི་ལོ༔ དབང་གི་མིང་ཅན་གནས་ལྔའི་རིག་པར་མཁས༔ ཞེ་དྲུག་དུས་སུ་ཤིན་ཏུ་འཕྲང་དམ་པས༔ འདི་ཉིད་ཉམས་བླང་ཁྱད་པར་ཕྱག་རྡོར་བསྒྲུབ༔ ལྔ་བཅུའི་བར་དུ་སྒྲུབ་པ་སྙིང་པོར་བྱེད༔ དེ་ནས་མདོ་ཁམས་ཕྱོགས་སུ་བསྟན་པ་སྤེལ༔ ཅེས་གསུངས་པའང་རབ་བྱུང་གི་མིང་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཞེས་དང་། སྔགས་ཀྱི་གསང་མཚན་པདྨ་གར་དབང་ཞེས་པ་རྣམས་ཀྱི་མིང་ཟུར་ཡིན་པར་གསུངས། རྫོགས་ཆེན་སྡེ་གསུམ་ལུང་བྱང་ལས། བཻ་རོའི་ཡང་སྤྲུལ་བློ་གྲོས་མིང༔ དེ་ལ་ཡང་དག་འཕྲོད་པར་གྱིས༔ ཞེས་དང་ཕན་ཚུན་གབ་སྤྲད། བཻ་རོའི་སྐྱེ་བ་ནི༔ བློ་གྲོས་མིང་ཅན་དེ་ལ་བདག་པོར་སྤྲོད༔ ཅེས་གསུངས་པས་གཏེར་ཆེན་ཉིད་ནས་ཁོང་གི་གཏེར་གསར་ཐམས་ཅད་ལ་ཆོག་སྒྲིག་གིས་མཚོན་ཡིག་ཆ་གང་དགོས་ཐམས་ཅད་ཁྱོད་ནས་བགྱིད་དགོས་པར་ལན་མང་དུ་གསུངས་པ་ཡིན། རིག་འཛིན་ཀུན་གྲོལ་གསང་བ་རྩལ་གྱི་སྲིད་པ་བར་ཁུག་གི་ཁ་བྱང་ལས། ཁྱུང་པོའི་གདུང་རྒྱུད་འབྱུང་ཚུལ་བཤད་པའི་རྗེས་སུ། དེ་ལས་ལྡེའུ་མིག་ཟབ་གཏེར་འདི༔ ས་སྟེང་འབྱུང་བའི་དུས་མཉམ་དུ༔ ཁྱད་པར་འཕགས་པའི་སྐྱེས་བུ་ནི༔ དགེ་སློང་ཀུན་དགའི་སྤྲུལ་པ་སྟེ༔ བློ་གྲོས་རྒྱ་མཚོ་ལྟ་བུ་ཡི༔ ཤེས་བྱ་མཐའ་ཡས་ཅན་དུ་འབྱུང༔ འབུམ་ཕྲག་ལྔ་ཡི་འགྲོ་བ་འདྲེན༔ གང་མཇལ་ཐར་པའི་ལམ་བྱེད་འགྱུར༔ མཐའ་མི་དབུས་སུ་མི་ཉེ་བའི༔ བརྟུལ་ཞུགས་སྤྱོད་པ་རྒྱུན་དུ་སྐྱོང༔ སྐུ་ཚེ་མཐར་ཕྱིན་འགྲོ་དོན་མཛད༔ ཅེས་དང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་བསྡེབས་ནས་བཀའ་གཏེར་གྱི་བསྟན་པ་ལ་བྱ་བ་བྱེད་པའི་ཚུལ་སོགས་རྒྱས་པར་སྣང་ངོ་།། །།གསུམ་པ་ཟབ་མོ་གཏེར་གྱི་བཀའ་བབ་པ་ཕྱོགས་མཚོན་ཙམ་བྱུང་བའི་ཚུལ་ནི། ལོ་གྲངས་བཅོ་ལྔ་པར་རྨི་ལམ་དུ་གུ་རུ་རིན་པོ་ཆེ་མཇལ་ཞིང་བྱིན་རླབས་ཐོབ། དེ་རྗེས་རིམ་པར་སྒྲུབ་ཐབས་སོགས་བྲི་རྒྱུ་མང་པོ་ཞིག་དྲན་པ་བྱུང་བ་ལས། ཞེ་ཆེན་སྡོད་སྐབས་དཔལ་ལྡན་ལྷ་མོའི་སྐོང་མདོས་སྐོར་སོགས་མི་བྲི་ཀ་མེད་བྱུང་བས་དབུ་བཞག་ཙམ་བྲིས་པར། དེ་སྐབས་དཔྱིད་ཀ་ཡིན་ཡང་ཉེ་སྐོར་དུ་ཐོག་ལྷུང་བ་སོགས་འཚུབས་ལྟས་ཆེ་ཙམ་བྱུང་། དེ་རྣམས་གྲུབ་རྗེས་རྡོ་རྗེ་བེ་ཅོན་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། བཙན་རྒོད་མཆེད་གསུམ་གྱི་སྒྲུབ་སྐོར་རྣམས་ཀྱང་བྲིས། དབོན་སྤྲུལ་རིན་པོ་ཆེར་གཟིགས་ཕུལ་བ་ཁོང་ཉིད་དག་སྣང་གི་སྤྱན་རས་ཤིན་ཏུ་ཡངས་པའི་སྟབས་ལེགས་སོའི་བསྔགས་བརྗོད་གནང་། ལུང་གསན་ནས་ཐུགས་ཉམས་སུ་ཅུང་ཟད་བཞེས་པས་དགེ་མཚན་གསལ་བར་གཟིགས། ལྷ་མོའི་སྐོར་དེ་དེང་སང་གི་མི་ཕྱུགས་ནད་རིགས་ལ་ཕན་པ་དང་། རྡོ་རྗེ་བེ་ཅོན་སྙིགས་དུས་ཀྱི་དམ་གྲིབ་སེལ་བ་ལ་ཟབ་པར་འདུག་ཅེས་ཀྱང་གསུངས། དེ་སྐབས་བསླབ་གཉེར་སྦྱོང་བརྩོན་ཁོ་ན་དོན་གཉེར་དུ་སོང་བས་ཉམས་ལེན་གཙོས་དགོས་བྱའི་རིགས་དུས་ལས་ཡོལ། དེ་གའི་གནས་ནང་སྐོར་དུ་གཏེར་སྒོ་ཆེས་གསལ་བར་མཐོང་ཡང་བཏང་སྙོམས་སུ་བཞག །དེ་རྗེས་དཔལ་སྤུངས་སུ་ཕྱིན་ཏེ་རབ་བྱུང་ཞུས། བཀའ་བརྒྱུད་རིན་པོ་ཆེའི་ཆོས་སྒོར་ཞུགས་པ་ནས་བརྩམ་བླ་མ་དང་མཆེད་གྲོགས་རྣམས་ཀྱི་བཀའ་བསླབ་གཙོར་བཟུང་ནས་གསར་མའི་ཞེན་ཕྱོགས་ཇེ་ཆེར་སོང་། དགོངས་གཏེར་སོགས་ལའང་ཡི་ག་ལྡོག་པ་ལྟར་གྱུར། སྔར་བྲིས་པ་དེ་དག་གཟིགས་པའི་ཆེན་པོ་འགའ་ཞིག་ནས་ཀྱང་སྒྲོ་སྐུར་གྱི་གླེང་གཞི་བྱུང་བས་དཔེ་རྣམས་མེ་ལ་བསྲེགས་པ་དང་ཆབས་ཅིག་དམ་བཅའ་སྨོན་ལམ་བྲིས་པ་རྩོམ་པོད་ཐོར་བུར་གསལ། དེ་ཀས་རྐྱེན་བྱས་ཏེ་རིམ་པར་རྨིས་ལྟས་འཁྲུགས་པ་དང་བགྲང་བྱ་སུམ་ཅུ་པར་ངོས་མི་ཟིན་པའི་བྲོ་ནད་ཤིན་ཏུ་ལྕི་བས་ཟིན། ད་རེས་འཆི་བ་རེད་སྙམ་པ་ཉིན་རེ་བཞིན་དུ་རྟག་ཏུ་བྱུང་། དེ་སྐབས་ནུབ་ཅིག་དངོས་སམ་རྨི་ལམ་མི་འབྱེད་པར་སྐྱེ་བ་འཕོས་ཏེ་གུ་རུ་ཡབ་ཡུམ་མཇལ་ནས་ཞུ་ལན་འགའ་ཞིག་གི་མཐར་སླར་ཡང་སྐྱེ་སྲིད་གཟུང་དགོས་པའི་བཀའ་ནན་བསྩལ་བ་ལྟར་རང་མལ་དུ་ཞུགས་པའི་སྣང་བ་བྱུང་བའི་ཕྱིར་ཉིན་ཞག་ཁ་ཤས་བར་དོའི་སྐབས་ཡིན་སྙམ་པའི་འདུན་པ་ཡུད་དེ་བའང་བྱུང་། བཅའ་ཁ་ཕྲན་བུ་གང་ཡོད་སྤང་དག་བྱས་ནས་བླ་མ་དགོངས་འདུས་ཀྱི་ཞལ་ཐང་གྲ་ཚར་བཅུ་གསུམ་གཙོས་སྐུ་གསུང་ཐུགས་རྟེན་བཞེངས་པ་སོགས་ཀྱིས་རིམ་པར་ནད་ཁམས་དྭངས་ནས་རི་ཁྲོད་དུ་སྒྲུབ་པ་ལ་ཞུགས་པས་ལུས་ཁམས་རླུང་ནད་ཀྱིས་བཟུང་བས་ཞན་ཀྱང་ཉམས་རྨིས་ལེགས། ད་དུང་སྐབས་སུ་འཚུབས་རེའང་འབྱུང་འདུག་པས་རྫོང་སར་ནས་རྗེ་བླ་མ་རིན་པོ་ཆེས་ལྷ་མོའི་སྐོང་མདོས་དེ་གལ་ཆེ་འདྲ་གསུངས་པ་དང་། རང་གི་རྨི་ལམ་དུ་དམ་ལྡན་སློབ་མ་ཀརྨ་ཉི་འོད་ནས་ཁྱོད་ཀྱིས་ལྷ་མོའི་སྐོང་མདོས་དེ་མ་བཅས་ན་ནད་འདི་ཇི་ལྟར་བྱས་ཀྱང་དྲག་དཀའ་བ་རེད་ཟེར་བ་རྨིས་ཀྱང་སྐོང་མདོས་ནི་དེར་ཟད། བཀའ་དྲིན་ལྷ་མོའི་གསོལ་ཁ་ཟེར་བ་ཞིག་ཡིད་ལ་ཤར་ནས་བྲིས་པ་དེ་ཉིན་ནམ་མཁའ་མཐིང་ནག་གི་ནང་དུ་འཇའ་ཚོན་གུར་ཁྱིམ་ཟླུམ་པོ་བཀྲག་མདངས་ཅན་ཤར་བའི་བཀྲ་ལྟས་ལེགས། གསོལ་ཁ་དེ་ཚར་གྲངས་ཁ་ཤས་བཏོན་པས་དེ་ཕྱིན་ཇེ་དྭངས་སུ་སོང་། ཕྱིས་སུ་གཏེར་སྟོན་ཀུན་གྲོལ་གསང་བ་རྩལ་ལམ་ཡོངས་གྲགས་ཚེ་དབང་གྲགས་པར་འབོད་པ་ཉིད་ཉེ་སྐོར་དུ་ཕེབས་སྐབས་ཕ་ཡུལ་གཅིག་པའི་སྟབས་ཀྱིས་གཏུགས་འགྲུལ་བྱུང་ན་ཅི་འོས་རྗེ་མཁྱེན་བརྩེ་རིན་པོ་ཆེར་བཀའ་བརྟགས་ཞུས་པ། གཏེར་སྟོན་ཚད་མ་ཡིན་འདུག་ཀྱང་འཚུབས་ཆ་ཆེ་བས་སྤྱིར་འབྲིང་ཙམ་ལས་མི་འབྱུང་ཡང་ཁྱེད་རང་དང་འཕྲད་ན་སྔོན་གྱི་རྟེན་འབྲེལ་ཉམས་པ་དེ་སོར་ཆུད་པར་འདུག་གསུངས་ཀྱང་དེ་རེས་མཇལ་འཕྲད་མ་བྱུང་། རང་ལོ་སོ་བདུན་པར་གེགས་འཕྲང་ཆེ་ཞིང་ནད་ཁམས་འགའ་ཞིག་ཀྱང་བྱུང་བར་བསྙེན་སྒྲུབ་མང་པོ་དང་ཁྱད་པར་བླ་མ་དགོངས་འདུས་ཀྱི་བསྙེན་སྒྲུབ་སྐབས་རྨི་ལམ་དུ་ཨོ་རྒྱན་རིན་པོ་ཆེ་མཇལ་བ་ལ་གུས་པ་ཆེན་པོས་བཏུད་དེ་བྱིན་རླབས་ཞུས་པར་སྔགས་ཚིག་འགའ་ཞིག་གིས་བྱིན་རླབས་བསྩལ་ནས། ཁྱོད་ཀྱི་ད་ལོའི་ཚེ་ཀེག་སེལ་བ་ཡིན། ཕྱིན་ཆད་ལོ་ཤས་མཚམས་ངེད་རང་དངོས་དང་འཕྲད་འོང་བས་བསླབ་བྱ་རིམ་པར་བྱེད་ཆོག་གསུངས་པ་ཞིག་བྱུང་། དེ་རྗེས་རང་ལོ་བཞི་བཅུ་པར་གཏེར་ཆེན་མཆོག་གྱུར་གླིང་པ་ཐོག་མར་མཇལ་བ་ཙམ་ནས་ཕ་བུ་འཕྲད་པ་ལྟར་གྱུར། རིམ་པར་གཏེར་སྟོན་ཉིད་རྩོད་མེད་ཡོངས་གྲགས་སུ་གྱུར་པ་ནས་སྤང་བླང་གི་ལུང་བྱང་སྔ་རྗེས་མང་པོ་བྱུང་བ་རྣམས་གནང་བར་མཛད། འདི་སྐོར་ནས་རིན་ཆེན་གཏེར་མཛོད་སྡུད་རྩོལ་གྱི་དབུ་ཚུགས་ཀྱང་ཚེ་འཕྲང་དོགས་གཞི་ཆེ་བར་ཚོགས་ཀྱི་འདུ་བ་རྒྱ་གང་ཆེ་དང་མི་ཁ་མ་ཁྱོགས་པ་ཞིག་བྱུང་ན་ཚེ་ཚད་མཐར་ཕྱིན་པའི་ལུང་དོན་རྣམས་ཀྱང་ཞུམ་མེད་དུ་བསྒྲུབས། ཁྱད་པར་རྫོང་ཤོད་གནས་སྒོ་ཐོག་མར་འབྱེད་པའི་སྐབས་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། གཏེར་ཆེན་མཆོག་གླིང་། བདག་ཅག་དང་བཅས་པས་བཀའ་བརྒྱད་སྒྲུབ་ཆེན་གྲུབ་པའི་རྗེས་ཐོག་དེར། གཏེར་ཆེན་རྣམ་པ་གཉིས་ནས་ཙིཏྟ་གསང་ཕུག་ཏུ་རྡོའི་ཁྲི་མཐོན་པོ་བརྩིགས། གདན་བཏིང་བ་ལ་བཀོད། སྐུ་གསུང་ཐུགས་རྟེན། རིན་ཆེན་དང་པོའི་མཎྜལ་བཅས་བསྩལ་ནས་ཉིད་ལ་གུ་རུ་རིན་པོ་ཆེས་གསོལ་བའི་མཚན་ཨོ་རྒྱན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ཡིན་པས་ཕྱིན་ཆད་མཚན་དེ་ལྟར་འདོགས་པ་དང་ཟབ་གཏེར་གྱི་རྟེན་འབྲེལ་ཉམས་པ་སོར་ཆུད་དགོས་པའི་གསུང་ནན་བཅས་ཞབས་བརྟན་གནང་བར་མཛད། དེ་རྗེས་ཀུན་གཟིགས་བླ་མས་གཏེར་སྟོན་ཀུན་གྲོལ་གསང་བ་རྩལ་ལ་བཀའ་བསླབ་གནང་བ་ལྟར་ཁོང་ནས་ལྷ་མདོ་འབུར་མོ་བྲག་གི་ཁ་བྱང་བཞེས་ཏེ་རང་ཉིད་ལ་སྤྲད། རང་གི་ཡིད་ངོར་ཡང་གསལ་སྣང་མང་དུ་བྱུང་བ་ལྟར་རང་ལོ་ང་བརྒྱད་པར་ལྷ་མདོ་འབུར་མོ་བདེ་ཆེན་པདྨོ་བཀོད་པ་ནས་རྩ་གསུམ་དགོངས་པ་འདུས་པའི་ཆོས་སྡེ། འཕགས་པ་ཀུན་དགའ་བོའི་སྐུ་ཆོས། སློབ་དཔོན་ཧཱུྃ་ཀ་རའི་གསང་གོས་སོགས་སྤྱན་དྲངས། དེ་རྗེས་རིམ་པར་ཨ་ཏཱ་རོང་གི་གཡོན་ཕྱོགས་སྐུ་མཆོག་བདེ་ཆེན་ཕུག་ནས་སངས་རྒྱས་དཔའ་བོ་བདུན་གྱི་རིང་བསྲེལ། གུ་རུ་ཐོད་ཕྲེང་སྡེ་ལྔའི་ཕྱག་ཕྲེང་རྡོག་ལྔ། རྩ་གསུམ་དགོངས་འདུས་ཀྱི་རྒྱབ་ཆོས་ཤོག་སེར། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གསང་གོས། གཏེར་རྒྱ་ལས་གུ་རུ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་བཅས་ཐོན། འདི་སྐབས་གཏེར་ཕུག་བྲག་སྐམ་པོ་ལས་བདུད་རྩིའི་ཟིལ་ཐིག་ཆེས་མང་དུ་བབས་པའི་ངོ་མཚར་ཡང་བྱུང་། ཕྲིན་ལས་འགྲོ་བ་འདུལ་བའི་གནས་ཆེན་བརྒྱད་ཀྱི་ནང་ཚན་པདྨ་རིགས་ཀྱིས་འདུལ་བའི་གནས་མཆོག་པདྨ་ལྷ་རྩེའི་དབུས་རི་རྗེ་བཙུན་ཕུག་ནས་བླ་སྒྲུབ་སྐོར་བཞིའི་སྐུ་རྟེན་ཁྱད་པར་དུ་འཕགས་པ་གུ་རུའི་སྐུ་ཚབ་བཀྲ་ཤིས་དཔལ་འབར། རྩ་གསུམ་དགོངས་འདུས་བླ་མའི་སྒྲུབ་སྐོར་གྱི་རྒྱབ་ཆོས། གུ་རུ་རིན་པོ་ཆེའི་དབུ་ལྗོན་རྩ་གསུམ་ཡོངས་རྫོགས་ཉག་མ་བདུན། ཆོས་འཁོར་ནོར་བུའི་རྡུལ། བྲག་ཕུག་མཱ་ར་ཏི་ཀར་གུ་རུ་རིན་པོ་ཆེ་ལ་ཚེ་དཔག་མེད་ཀྱིས་འཆི་མེད་བདུད་རྩི་བསྩལ་པ་ལ་ཕྱག་སོར་ལྔ་ཡིས་རིལ་བུར་བསྒྲིལ་པ་རྡོག་ལྔ། མཁན་ཆེན་བོ་དྷི་སཏྭའི་སྐུ་ཆོས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་རེགས། ཕྱོགས་བཅུའི་སངས་རྒྱས་སྟོང་གི་གདུང་རིལ། ལོ་ཆེན་བཻ་རོའི་ཐུགས་དམ་རྟེན་འཇམ་དབྱངས་སྐུ་ཚོན་གང་བ། བཻ་རོའི་ཐུགས་ཏིག་སྡེ་ལྔའི་ཤོག་སེར་བཅས། རྨ་རོང་གྲུ་གུ་བཀྲ་ཤིས་གཏེར་རྫོང་ནས་གཙོ་བོ་རྫོགས་པའི་སངས་རྒྱས་ཀྱི་ཚེམས་དང་སྐུ་མཚལ་བཞུགས་པའི་སྒྲོམ་བུ་སྤྱན་དྲངས་ཀྱང་རྟེན་འབྲེལ་གནད་གཅིག་མ་བྱུང་བས་གཏེར་སྲུང་གིས་སླར་ཁྱེར། རྩ་གསུམ་དགོངས་འདུས་མཁའ་འགྲོའི་རྒྱབ་ཆོས། ཚེ་ཡུམ་མགྱོགས་མ་ཙཎྜ་ལཱིའི་སྒྲུབ་སྐོར། ཡེ་ཤེས་མཚོ་རྒྱལ་དབུ་ལྗོན་འཇའ་འོད་མ་ལན་བུ་གཅིག །ལྷ་ལྕམ་མནྡཱ་རཿབའི་གསང་གོས། ཐོད་ཕྲེང་སྡེ་ལྔའི་བྱང་སེམས་རིལ་བུ། འཕགས་ཡུལ་རིག་འཛིན་བརྒྱད་ཀྱི་ཆོས་སྨན་བཅས། རོང་ཁ་ཤེལ་བྲག་འོད་རྫོང་ནས་ཚེ་དཔག་མེད་དང་རྟ་མགྲིན་གྱི་སྒྲུབ་སྐོར་ཤོག་སེར། མནྡཱ་རཿབའི་ཚེ་རིལ། དྲེགས་པ་ཀུན་འཇོམས་རྫས་རྒོད་ཀྱི་ཕབས་གཏའ་བཅས། གཙང་རོང་བཀྲ་ཤིས་བརྩེགས་པའི་རྫོང་ནས་ཉེ་བའི་སྲས་ཆེན་བརྒྱད་སོ་སོའི་བྱིན་རླབས་ཀྱི་རྫས་ཁྱད་པར་ཅན་དང་། སྒྲུབ་ཐབས་ཤོག་སེར་བཅས། ཆོས་བཀའ་འདི་ནི་རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཟབ་གཏེར་ཐུགས་ཆེན་སེམས་ཉིད་ངལ་གསོའི་ཆ་ལག་ཡིན་པར་སྣང་། ཙ་འདྲ་རིན་ཆེན་བྲག་གི་མཚོ་རྒྱལ་གསང་ཕུག་ནས་གསང་ཐིག་སྐོར་བདུན་ལས་བླ་སྒྲུབ་འོད་ཀྱི་ཐིག་ལེ། མཁའ་འགྲོ་བདེ་ཆེན་རྒྱ་མཚོའི་སྒྲུབ་སྐོར་གྱི་ཤོག་སེར་མཚན་ལྡན་མཁའ་འགྲོ་རྣམ་ལྔའི་དར་ཤམ་གྱིས་དྲིལ་བ་བཅས། བླ་མའི་དམ་རྫས་བྱིན་རླབས་སྤྲིན་ཕུང་། བྲམ་ཟེ་ཨཱརྻ་སིདྡྷིའི་སྐུ་ཤ །འཆི་མེད་རིག་འཛིན་ཆེན་པོ་བཅུ་གསུམ་གྱིས་བསྒྲུབས་པའི་ཚེ་རིལ་སོགས་དམ་རྫས་ཁྱད་པར་ཅན་མང་ཞིག་ཀྱང་ལག་ཏུ་སོན། རྫོང་ཤོད་བདེ་གཤེགས་འདུས་པའི་གནས་ནང་དུ་ཐོག་མར་བགྲོད་སྐབས་གསུང་གནས་རྟ་མགྲིན་ཕུག་ནས་གུ་རུ་རིན་པོ་ཆེས་བམ་སྒྲུབ་མཛད་པའི་མྱང་གྲོལ་སྨན་མཆོག་ལག་ཏུ་སོན། རིག་འཛིན་བརྒྱད་ཀྱི་བྱིན་རྫས་སོགས་བཞུགས་པ་སྔ་ཕྱི་མང་དུ་གསལ་སྣང་ལ་ཤར་ཡང་ཐོག་མར་བཏང་སྙོམས་སོང་སྟབས་དུས་ཚོད་འཕྱུགས་པས་ཕྱིས་ནས་ཐོན་ཇེ་དཀའ་སོང་བ། རྨིས་ལྟས་ལ་བརྟེན་གཏེར་སྟོན་ལས་རབ་གླིང་པ་ལ་གྲོགས་དན་བཅོལ་ཞིང་། རྗེ་མཁྱེན་བརྩེ་རིན་པོ་ཆེས་གཏེར་སྲུང་ལ་དམ་བསྒྲགས་དང་ལས་རབ་གླིང་པར་བསླབ་སྟོན་བསྩལ་བ་ལྟར། རང་ཉིད་དང་ལས་གླིང་ལྷན་འཛོམ་གྱིས་དཔལ་དེའུ་ནས་འཕགས་ཡུལ་རིག་འཛིན་བརྒྱད་སོ་སོའི་སྒྲུབ་ཐབས། དམ་རྫས་རིགས་དེ་མཚུངས་བཅས་སྤྱན་དྲངས། འདིའང་རྗེ་བླ་མ་རིན་པོ་ཆེའི་རྩ་གསུམ་བཀའ་འདུས་བཞེས་གྲུབ་ན་དེའི་ཆ་ལག་ཡིན་པར་འདུག །ཐུགས་གནས་ནས་རིག་འཛིན་བརྒྱད་ཀྱི་ན་བཟའ་དང་ཐུགས་རྟེན་ཁྱད་པར་ཅན། གསུང་གནས་ནས་བོད་ཀྱི་བཀའ་བབས་གྲུབ་ཆེན་མི་དགུའི་དབུ་ལྗོན། ཤར་གནས་ཡང་ལེ་ཤོད་ནས་རིག་འཛིན་བརྒྱད་ཀྱི་སྐུ་ཚབ་དང་སྐྱེ་བདུན་བརྒྱ་རྩ་བརྒྱད་ཀྱི་གདུང་རིལ། རྩ་གསུམ་དགོངས་འདུས་ཀྱི་བཅུད་ཕུར་བརྒྱུད་གསུམ་ཀུན་འདུས་དམ་རྫས་ཡིད་བཞིན་འཕྲུལ་གྱི་སྙིང་པོ་རྣམས་ཐོན། གཞན་ཡང་རང་ཉིད་ཀྱི་དབང་སྐལ་དུ་གྱུར་ཀྱང་གནས་དུས་ཀྱི་ལག་ཏུ་མ་ལོན་པ། ཡེལ་ཕུག་ནམ་མཁའ་མཛོད་ནས་གསང་མགོན་སྨུག་པོའི་སྐུ་བརྙན་མེ་འབར་མ། མགོན་པོ་ཕྱག་དྲུག་པའི་སྒྲུབ་སྐོར་རྣམས་གཏེར་ཆེན་མཆོག་གྱུར་གླིང་པས་སྤྱན་དྲངས་ཏེ་རང་ཉིད་ལ་གནང་། ཙི་ཀེ་ནོར་བུ་སྤུན་གསུམ་ནས་གུ་རུ་རིན་པོ་ཆེའི་སྐུ་ཚབ། ཟབ་ཆོས་ནོར་བུ་སྐོར་བདུན། རང་གི་སྒོས་ལུང་རྣམས་མཆོག་གླིང་ནས་སྤྱན་དྲངས་པ་ལས་ལུང་བྱང་གཏན་ལ་ཕབ་ནས་ཡིག་བརྒྱུད་ཀྱིས་ཕྱིར་འབྱོར། གཞན་རྣམས་དངོས་མཇལ་སྐབས་གནང་རྩིས་མཛད་ཀྱང་གཏེར་སྟོན་ཞི་བར་གཤེགས་ནས་ལག་ཏུ་སོན་པ་མ་བྱུང་། ལུང་བསྟན་ནི་མཆོག་གླིང་རྟེན་འབྲེལ་ཆོས་སྐོར་ལུང་བྱང་ལས། ལོ་ཙཱ་ཆེན་པོ་ཡེ་ཤེས་སྤྱན་དང་ལྡནཿ དེ་ཡི་ཆེ་བ་ནོར་བུའི་མགུལ་དུ་སྦས༔ མ་གཡེལ་ཐོན་ལ་དད་ལྡན་ཡོངས་ལ་ཤོད༔ ཅེས་གསུངས་པ་དེ་ཡིན་པར་སྣང་། ཙ་འདྲ་རིན་ཆེན་བྲག་གི་གུ་རུའི་གསང་ཕུག་ནས་མཆོག་གྱུར་གླིང་པས་སྤྱན་དྲངས་པ་གསང་ཐིག་ཡི་དམ་སྐོར་གསུམ་ཡང་རང་ཉིད་ཀྱི་སྐལ་བ་ཡིན་པར་འདུག །གཏེར་ཁ་ཆེ་ཕྲ་དེ་ཐམས་ཅད་ཡིད་ཆེས་ཁུངས་བཙུན་འཁྲུལ་པའི་དྲིས་མ་གོས་པ་ཡིན་པར་རློམས་ཏེ་རང་ཉིད་ལ་དག་སྣང་བྱུང་བ་དང་སྒོ་མཐུན་པར་ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ལ་བླ་མ་ལྷ་ཡིས་ལུང་བསྟན་དང་གསལ་སྣང་ཤར་བ་ལྟར་ཐོག་མར་ཚོགས་སྐོང་སོགས་སྣ་སེལ་དགོས་རིགས་རྣམས་རང་དང་ལྷན་ཅིག་མཛད། ཟབ་གཏེར་ལག་ཏུ་ལོན་པ་ཐམས་ཅད་རྗེ་མཁྱེན་བརྩེ་རིན་པོ་ཆེའི་སྤྱན་སྔར་ཕུལ་བས་ལེགས་སོའི་གཟེངས་བསྟོད་བསྩལ་ཞིང་མངའ་གསོལ་ཚོགས་མཆོད་སོགས་ཀྱང་རྒྱས་པར་གནང་། ཁྱད་པར་རྩ་གསུམ་དགོངས་འདུས་ཉིད་མཛོད་ལྔ་ཡོངས་སུ་རྫོགས་པའི་ཆོས་སྡེ་ཟབ་ཅིང་རྒྱ་ཆེ་བར་བཞུགས་ཤིང་། བརྡ་ཡིག་ཀྱང་དེ་མཚུངས་རིགས་མང་དུ་བཞུགས་པར་འདུག་པས་ཡིད་ཆེས་ཤིང་ཐེ་ཚོམ་གྱི་དྲི་མ་བསལ་བའི་སླད་དུ་རྗེ་བླ་མ་རིན་པོ་ཆེའི་སྤྱན་སྔར་གཟིགས་འབུལ་དུ་ཕྱིན་པར། གདན་ཆེས་མཐོ་བ་ལ་སྡོད་དུ་བསྩལ་ཞིང་སྦ་དར་གནང་། སྔོན་མཆོག་གྱུར་གླིང་པས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཤོག་སེར་ཕྱག་ཏུ་བྱུང་ཡང་ཅི་མཛད་མ་བྱུང་བར་ལུས་ཤོར་འདུག་པ་ཁོང་ནས་གཏན་ལ་འབེབ་གྲོགས་བྱས་པས་གོ་ཆོད་པ་བྱུང་སོང་། ད་རེས་ཁྱོད་ཀྱི་འདིའང་ཁོང་ནས་གཏན་ལ་འབེབ་པའི་གྲོགས་དན་བྱེད་གསུངས། དེ་ཉིན་ཟླ་བ་བཅུ་པའི་ཚེས་བཅུར་ཁེལ་བས་ཚོགས་འཁོར་མཛད། དེ་ནས་རིམ་བཞིན་གཟིགས་སྣང་དུ་སྔགས་སྲུང་མས་བརྡ་འགྲོལ་ལན་གཉིས་དང་བཀའ་རྒྱ་སྡོམ་འགྲོལ་གྱི་དུས་སོགས་གསལ་བར་བྱུང་འདུག་ཅིང་། ཁྱད་པར་ཚེས་ཉེར་དགུའི་ནུབ་འོད་གསལ་གྱི་སྣང་ཆར་རྒྱ་གར་གྱི་ཡུལ་ཡིན་སྙམ་བྱེད་པའི་རྒྱ་ཡངས་ཤིག་ཏུ་རྩྭ་ཁང་དང་བུད་མེད་དུང་རྒྱན་ཅན་ཁོ་ནས་གང་བའི་སྲང་ཞིག་ནས་ཕེབས་པས་བུད་མེད་རྣམས་ཀྱིས་ཆུ་རྫིང་ནས་ཉ་འགའ་རེ་ཕུལ་བ་མང་དུ་སྣང་། དེ་འཕྲལ་དཔལ་སྤུངས་རི་ཁྲོད་དུ་ཕེབས། དེར་ཡང་བུད་མེད་ཁོ་ན་འདུག །ལྷ་ཁང་དུ་ཕེབས་པས་དེར་རྡོ་ཁྲི་བརྟན་ཅིང་ལེགས་པའི་སྟེང་རྩྭའི་སྟན་དང་དེ་སྟེང་ཀྲྀཥྞ་སཱ་རའི་པགས་པའི་སྟེང་དུ་བདག་གུ་ཎ་ས་མུ་དྲ་འདུག །རེ་ཞིག་ནས་གནས་འགྱུར་ཏེ་བླ་མ་དར་ཡོལ་ཨག་ཚོམ་ཅུང་ཟད་ཡོད་པ། པད་ཞྭ་དམར་སྨུག་དང་བེར་མནབས་པ་ཞིག་གིས་རྒྱ་སྐད་མང་དུ་གསུངས་ཀྱང་དོན་བརྡ་མ་འཕྲོད་པས། བུད་མེད་ཅིག་གིས་ལོ་ཙཱ་བྱས་ནས། ཁོང་རིག་འཛིན་ཧཱུྃ་ཀ་ར་ཡིན་ཚུལ་སོགས་ལོ་རྒྱུས་བྱུང་བར་དད་གུས་ཀྱིས་གསོལ་བ་བཏབ་པས་རྩ་གསུམ་དགོངས་འདུས་རིག་འཛིན་མཆོག་སྒྲུབ་ཆུ་བོ་བཞིའི་རྩ་དབང་ས་ཆོག་ནས་བཟུང་ཡོངས་རྫོགས་ལུང་དང་ཁྲིད་ལྟ་བུ་མཐར་ཆགས་སུ་གསུངས། དབང་རྫས་དཀྱིལ་འཁོར་བར་སྣང་ལ་ཡོད་པ་འདྲ་བས་དབང་ཚིག་ནམ་བྱུང་དབང་བསྐུར་གྱི་ཕྱག་ལེན་བཅས་གནང་། ཤེར་དབང་སོགས་དཀྱུས་འགྲེ་ལས་དངོས་རིག་ལྟ་བུ་མ་ཐོབ་གསུངས། དེ་ནས་ལྷག་པར་ཤོག་སེར་གྱི་དོན་ཚང་མ་ཐུགས་ལ་གསལ་བར་ཤར་འདུག་གསུངས་ནས་མཛོད་རྣམ་པ་ལྔའི་ནང་ནས་གལ་ཆེ་བ་ལུང་གཏེར་གྱི་མཛོད་ལ་རྩ་གསུམ་ཆོས་སྐྱོང་གི་སྐོར་བཞི་བཞུགས་པ་ལས། བླ་མ་རིག་འཛིན་མཆོག་སྒྲུབ་ཀྱི་ཆོས་སྡེའི་ཐོ་བཀོད་ཀྱང་གནང་། འདི་ལ་མཁའ་འགྲོའི་བརྡ་སྒྱུར་ཆེན་མོའི་དབང་དུ་བྱས་ན་སངས་གླིང་བླ་མ་དགོངས་འདུས་ཙམ་ཞིག་འབྱུང་བར་སྣང་ཡང་བརྡ་སྒྱུར་འབྲིང་པོའི་དབང་དུ་བྱས་པའི་རྒྱས་བསྡུས་འཚམ་པ་ཞིག་ལེགས་གསུངས་ནས་ཆོས་ཚན་དྲུག་ཙམ་གཏན་ལ་ཕབ་འཕྲོས། ཆེན་པོ་འགའ་ཞིག་གི་འགྲུལ་རྐྱེན་གྱིས་སྐུ་ཁམས་རྙོགས་ནས་འཕྲོས་རིམ་ལུས་ཀྱིས་དུས་ཚོད་ཡོལ་སོང་བ་སྤྱི་མཐུན་བསོད་ནམས་ཀྱི་སྐལ་པའང་དེ་ཙམ་ཡིན་པར་གོ །དེ་སྐབས་རང་ལའང་སྔ་མ་བྲིས་རིམ་བཞིན་ཕྱི་མ་བློ་ལ་ཡོད་པ་ལྟར་ཤར་བ་དང་རྨི་ལམ་དུའང་ཌཱ་ཀིའི་འདུ་བ་མང་པོ་དང་། ལན་གཅིག་རྗེ་བླ་མ་དང་རེས་དེ་མིན་པ་ཞིག་གིས་ཤོག་སེར་ལས་དཔོད། རང་གིས་ཀྱང་མང་པོ་དྲན་པས་ཟད་མཐའ་མེད་པ་ཞིག་བྲིས་པའི་མཐར་མཆོད་རྟེན་ཆེན་པོ་ཞིག་ལ་རང་གིས་ཐོག་དྲངས་ཏེ་མི་མང་པོ་གཡས་སྐོར་དུ་ཁྲིད། བཟང་སྤྱོད་ཀྱི་ཡན་ལག་བདུན་པ་དབྱངས་བཅས་འདོན་ཅིང་མང་དུ་བསྐོར། ཕྱག་འཚལ་བ་དང་སོགས་ནས་ཐམས་ཅད་བྱེར་བ་རྨིས། སྐབས་ཤིག་ཏུ་རང་གི་ལུས་འདི་རི་བོ་ཆེན་པོ་ལྟ་བུར་གྱུར་པའི་སྤྱི་མགྲིན་སྙིང་ལྟེ་བཞི་ནས་ཆུ་མིག་བཞི་འབབ། ལྟེ་བའི་ཆུ་དེ་བྱེ་ཉོབ་ལྟ་བུའི་དཀར་པོ་ཞིག་དང་འདྲེས་པར་འབབས་པ་ལས་རིམ་བཞིན་བླ་མ་སྐུ་རྡོ་རྗེ། ཡི་དམ་གསུང་རྡོ་རྗེ། མཁའ་འགྲོ་ཐུགས་རྡོ་རྗེ། རྩ་གསུམ་ཡོངས་རྫོགས་ཡེ་ཤེས་རྡོ་རྗེའི་རྒྱུད་སྒྲུབ་ཐབས་མན་ངག་དུ་མ་ལམ་ལམ་འཆར། དེ་སད་མ་ཐག་ཚིགས་བཅད་མང་པོ་ཤུགས་འབྱུང་དུ་གསལ་ཞིང་ཕྱིན་ཆད་ཉི་ཟེར་རྡུལ་འཚུབས་ལྟ་བུ་ཞིབ་པར་བསམ་མནོ་བཏང་ཚེ་སྤུ་རིས་མི་འབྱེད་ལ། རགས་པར་བལྟས་ན་ཟད་མཐའ་མེད་པ་ལང་ལང་དུ་ཤར། དེ་ལས་སད་ནས་ཀྱང་དེ་དག་ཕལ་ཆེར་ཡིད་ལ་འཆར་སྙམ་བྱེད་པའང་བྱུང་། ཟླ་བ་བཅུ་གཉིས་པའི་ཚེས་བདུན་གྱི་ཐོ་རངས་ཉམས་སྣང་གསལ་བ་ཞིག་ལ། བཀོད་པ་ཕུན་སུམ་ཚོགས་པའི་ལྷ་ཁང་ཞིག་ཏུ། ངོ་བོ་གུ་རུ་རིན་པོ་ཆེ་ཡིན་སྙམ་པ་ལ་རྣམ་པ་རྗེ་བླ་མ་རིན་པོ་ཆེ་ཉིད་སྣང་སྟོང་འོད་ཀྱི་སྐུ་ཅན་རྣམ་འགྱུར་མ་ངེས་པ་ཞིག་ཏུ་བཞུགས་པ་ལ་གུས་པས་བཏུད་པར། རིག་འཛིན་རྒྱུན་གྱི་རྣལ་འབྱོར་ལྟར་སྐྱབས་སེམས་ཡན་ལག་བདུན་པ་རྣམས་རྗེས་ཟློས། ལྷ་བསྐྱེད་བཅས་བྱིན་འབེབ་མཛད། བུམ་པ་ཞིག་བླངས་ནས་སྤྱི་བོར་བཞག །གསང་དབང་ཡུམ་དང་སྦྱོར་བའི་བྱང་སེམས་གནང་། ཤེར་དབང་ལ་རིག་མ་སྤྲད། དེ་གསུམ་ཀར་སྔགས་རེ་གསུངས་པ་ལས་སྐུར་ཚིག་གཞན་མ་གསུངས། ཐུགས་ཀ་ནས་ཤེལ་རྡོ་ཞིག་བླངས་ནས་བསྟན་ཏེ་ཆོས་ཐམས་ཅད་ཀ་དག་གཏིང་གསལ་ཤེལ་སྒང་ལྟ་བུ། ལྷུན་གྲུབ་ཀྱི་གདངས་རྩལ་ཅིར་ཡང་འཆར་བ་ཤེལ་འོད་ཕྱི་རུ་གསལ་བ་ལྟ་བུའོ། །ཞེས་ངོ་སྤྲད་ནས་སྐུ་མི་སྣང་བར་གྱུར། ཡང་ལམ་གྱིས་གསལ་བས་བཀའ་གཏེར་སྲུང་མ་རྣམས་སྐད་ཅིག་གིས་བཀུག་ནས་དངོས་སུ་ལང་ལང་ཡོད་པ་ལྟ་བུར་བཀའ་བསྒོས་ནས་བཀའ་གཏད་དང་། རྗེས་གནང་གདམས་གཏད་ཀྱི་རྣམ་པ་བསྩལ་བའི་མཐར་ལུང་བྱང་ལྟ་བུའི་ཚིགས་བཅད་མང་ཞིག་ཀྱང་ཐོས་ནས་ཉམས་དེ་སད་དོ། །ལས་བྱང་ཕབ་གྲུབ་ནས་ཚར་གཅིག་བཏང་ཞིང་ཚོགས་འཁོར་མཛད་པའི་རྡོ་རྗེའི་གླུའི་སྐབས་བདེ་དྲོད་བཙན་ཐབས་སུ་འབར་ཞིང་ཉམས་འུར་བའི་བྱིན་རླབས་ཀྱི་བབས་ཀྱང་ཆེ་བར་སྣང་། གསང་ཐིག་བླ་སྒྲུབ་དང་མཁའ་འགྲོའི་སྐོར་གྱི་ཤོག་སེར་གཟིགས་སུ་ཕུལ་བ་རྗེ་རིན་པོ་ཆེ་ཉིད་ཁོ་ནས་གཏན་ལ་འབེབ་པར་གནང་། དམ་རྫས་རིགས་ཀྱང་རྗེ་ཉིད་ནས་ཕྱེད་ཀ་རེ་བཞེས། ལམ་ཟབ་ལེའུ་བདུན་མ་རང་ཉིད་ནས་གཏན་ལ་ཕབ་ཟིན་པའི་རྨི་ལམ་དུ་གུ་རུ་པདྨ་སཾ་བྷ་བའི་ཆས་མཚན་པདྨ་རིག་འཛིན་ཅེས་པས་བཀླག་ལུང་ལན་གསུམ་མཛད་པའི་སྣང་བ་བྱུང་། ཟླ་གམ་དབང་ཕུག་ནས་ཚིག་བདུན་གསོལ་འདེབས་ཀྱི་ཆོས་སྐོར་དག་སྣང་སྙན་བརྒྱུད་ཚུལ་དུ་བྱུང་བའི་རྒྱུ་མཚན་རྗེ་བླ་མ་རིན་པོ་ཆེར་སྙན་སྒྲོན་ཕུལ་བར། མི་ཟད་རྒྱན་འཁོར་ལྔ་མཚོན་པའི་རྟེན་དང་འབྲི་གཞི་ཤོག་བུ་བཅས་བསྩལ་ནས་འབེབ་པའི་བསྐུལ་མ་གནང་བ་ལྟར་གཏན་ལ་ཕབ་ནས་རྗེ་དང་ལྷན་ཅིག་སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེའི་ཚོགས་འཁོར་མཛད་པས། རྗེ་མཁྱེན་བརྩེ་རིན་པོ་ཆེར་གཟིགས་སྣང་ཁྱད་པར་ཅན་ཤར། མཁའ་འགྲོ་བདེ་ཆེན་རྒྱལ་མོས་འདི་ལ་རྩ་བའི་ཆོས་ཚན་ལྔ་ཡོད། ཡན་ལག་གཉིས་ད་རུང་མ་ཚང་ཞེས་བརྡའི་སྒོ་ནས་ལུང་བསྟན་པ་བྱུང་བ་ལྟར་དབང་ལུང་ཡོངས་རྫོགས་ཀྱང་གསན་པར་མཛད། རོང་མེ་དཀར་མོ་སྟག་ཚང་གི་གྲོ་ལོད་སྒྲུབ་ཐབས་དེ་ལ་བརྟེན་ནས་བདག་དང་ལྷན་ཅིག་ཚོགས་སྐོང་མཛད་སྐབས། རྗེ་བླ་མའི་གཟིགས་སྣང་དུ་སྡིག་པ་རྭ་ཙ་དཀར་ནག་ཆེན་པོ་གཉིས་བྱུང་བས་འདི་ཤིན་ཏུ་གཉན་པའི་ལྟས་སུ་འདུག་གསུངས། ཙ་འདྲ་རིན་ཆེན་བྲག་དང་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་གཉིས་ཀྱང་ཐོག་མར་རང་ཉིད་ལ་གནས་ཡིན་པའི་གསལ་སྣང་བྱུང་ཡང་སྐབས་སུ་མ་བབས་པས་ཕྱིས་མཆོག་གླིང་ལ་གནས་ཡིག་དང་གནས་སྒོ་འབྱེད་པར་བསྐུལ་བ་ལྟར་གནས་ཆེན་ཉེར་ལྔའི་མདོ་བྱང་དཔའ་བྲག་ནས་བཞེས་པའི་རྐྱེན་དང་གནས་སྒོ་འབྱེད་པ་སོགས་ཀྱང་བྱུང་། རྫོང་ཆེན་ཁམས་ཕུག །ཨ་ལོའི་དཔལ་དེའུ། ཙ་འདྲའི་གནས་ལག་དཔེ་ཝར་གནས་ཆེན་གསུམ་པོ་རྣམས་ཀྱང་རྗེ་བླ་མ་མཁྱེན་བརྩེའི་ཞབས་ཀྱི་བཀའ་ལྟར་རང་ནས་གནས་སྒོ་ཕྱེས་ཤིང་ཀུན་ལ་མཚོན་པར་བྱས། དེ་དག་གི་ཕྲིན་ལས་ཀྱང་ཆོས་ཚན་གཏན་ལ་ཕབ་གྲུབ་པ་རྣམས་ཀྱི་དབང་ལུང་རྒྱལ་དབང་ཐམས་ཅད་མཁྱེན་པ་ཀརྨ་པ་གཙོས་བསྟན་འཛིན་གྱི་སྐྱེས་ཆེན་དུ་མས་གསན་ཅིང་ཀུན་ཏུ་ཁྱབ་པ་དང་ཉམས་བཞེས་མཛད་པའང་མང་དུ་བྱུང་། བྱིན་རྟེན་རིགས་གཏའ་སྤེལ་གྱིས་འགྲོ་དོན་བྱས་པས་ཁམས་དབུས་གཙང་གསུམ་གང་ལའང་ཁྱབ་པར་བྱུང་། གཏེར་གྱི་སྐོར་འདི་རྣམས་ཀྱང་སྐལ་པ་བཟང་བ་ཙམ་དུ་རློམས་ནས་འདིར་ཡང་ཁྱུགས་ཙམ་བཀོད་པ་ལས། དམ་རྫས་རྣམས་ཇི་ལྟར་བྱས་ཀྱང་འགྲོ་ཕན་འབྱུང་བའི་རྩིས་དགོས་འདུག །ཆོས་གཏེར་རིགས་གནས་དུས་རྟེན་འབྲེལ་དབང་གིས་གོ་ཆོད་པ་འབྱུང་དཀའ་བ་དང་། རང་ནས་ཐོག་མཐའ་ཀུན་ཏུ་སྔོན་བྱོན་གཏེར་རྙིང་རྩོད་མེད་རྣམས་ལ་འབད་རྩོལ་ཆེན་པོས་སྲི་ཞུ་ཅི་འགྲུབ་བགྱིས་པ་ལས་རང་གཞན་གྱི་གཏེར་གསར་ཕལ་མོ་ཆེ་བཏང་སྙོམས་སུ་འཇོག་པ་ཡིན་ཏེ། ཇི་སྐད་དུ། མི་རིགས་པ་ཡི་གཟུགས་ལའང་མི་རིགས་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨྲོས་ཅི་དགོས། །དེ་ཕྱིར་བཏང་སྙོམས་བཞག་ལེགས་ཉེས་པ་མེད། །ཅེས་གསུངས་པ་ལྟར་རོ། །རྨི་ལམ་ལྟ་བུའི་དཔལ་འབྱོར་སྙན་གྲགས་ལ། །གསོབ་དང་སྒྱུ་མར་སྙིང་ནས་མཐོང་བའི་ཕྱིར། །མི་རྗེས་ཨི་སླེབ་སྙམ་པའི་རེ་བ་དང་། །མ་སླེབ་དོགས་པ་སངས་ནས་རིང་ཞིག་ཐལ། །དེ་ཕྱིར་འདི་ཡང་རང་ལ་ཟོལ་བསྟོད་དང་། །གཞན་གྱི་ཆེ་བས་རང་ཆེ་བསྒྲུབ་ཕྱིར་མིན། །སྒྲོ་སྐུར་མེད་པའི་རང་བཞིན་བརྗོད་པ་ལ། །འགལ་བ་ཅི་ཡོད་སྙམ་ནས་མདོ་ཙམ་བྲིས། །དད་ལྡན་ཡོད་ན་བྱང་ཆུབ་ས་བོན་ཐེབས། །མ་དད་པ་ལའང་སྒྲིབ་པར་མི་འགྱུར་བར། །འབྲེལ་ཚད་དོན་ལྡན་བཟང་པོ་སྤྱོད་པ་ཡི། །མཐར་སོན་ཡེ་ཤེས་བླ་མའི་སར་བགྲོད་ཤོག །སརྦ་དིཀྵྱ་ཀཱ་ལེ་མངྒ་ལཾ་སྭསྟི་བྷ་བནྟུ།། །། ༈ ཨོཾ་སྭསྟི། མི་འགྱུར་རྟག་པའི་རྡོ་རྗེ་གངས་ཅན་མཚོ། །རྣམ་པར་སྣང་མཛད་ཡེ་ཤེས་རྒྱ་མཚོའི་འཕྲུལ། །འགྲོ་སྙེད་མོས་པ་ཇི་བཞིན་མཚུངས་འཇུག་པའི། །གར་མཁན་བླ་མ་ཡེ་སངས་རྒྱས་དེར་འདུད། །རྡོ་རྗེ་ཅན་དང་ཀུན་དགའ་བོ་སོགས་ནས། །རྒྱལ་བས་ཡོངས་བསྔགས་བློ་གྲོས་མཐའ་ཡས་བར། །རྒྱལ་སྲས་བྱང་སེམས་མཁས་གྲུབ་ཚུལ་བསྟན་པའི། །ངོ་མཚར་གཞལ་དུ་མེད་པའི་ཕྲིན་ལས་ཅན། །རྗེ་བཙུན་བླ་མའི་རྟོགས་བརྗོད་རྡོ་རྗེའི་གསུང་། །རྣམ་ཐར་བསམ་ཡས་མཁའ་དང་མཉམ་པ་ལས། །བྱིས་པའི་བློ་གྲོས་རྒྱ་ཁབ་མིག་བུ་རུ། །ཤར་བའི་ཚུལ་ཡང་ཕལ་ཆེར་སྦ་བར་མཛད། །འདི་ན་རྗེས་འཇུག་རེ་བ་རྫོགས་པའི་སླད། །ས་བོན་ཙམ་ཞིག་དད་པའི་གསོས་སུ་བསྩལ། །དེ་ཚུལ་སྐལ་ལྡན་བུང་བའི་དགའ་སྟོན་བཅུད། །དོན་བཟང་སྦྲང་རྩིའི་འབྱུང་གནས་པདྨའི་ཚལ། །སྤར་དུ་བཞེངས་དགེས་བདག་སོགས་མགོན་དེ་ཡི། །གསང་བའི་མཛོད་ལ་ཅི་དགར་ལོངས་སྤྱོད་བཞིན། །ཡོངས་རྫོགས་བསྟན་ལ་བྱ་བ་བྱེད་ནུས་ཤོག །ཅེས་པའང་རྒྱལ་བ་མཆོག་གི་བཀའ་འབངས་མཁའ་ཁྱབ་རྡོ་རྗེས་རབ་ཏུ་གུས་པས་ཐལ་མོ་སྦྱར་བས་བཏུད་དེ་བརྗོད་པ་དགེ་ལེགས་འཕེལ།། །།
བཀའ་བརྒྱད་རང་བྱུང་རང་ཤར་གྱི་ཕྲིན་ལས་འབྲིང་པོ་ཁྱེར་བདེ་ལག་ལེན་དུ་བསྡེབས་པ་ (Volume 15, Text 8)
༄༅། །བཀའ་བརྒྱད་རང་བྱུང་རང་ཤར་གྱི་ཕྲིན་ལས་འབྲིང་པོ་ཁྱེར་བདེ་ལག་ལེན་དུ་བསྡེབས་པ་བཞུགས་སོ། ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ༔ ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཕུན་སུམ་ཚོགས་པ་དྲུག་ལྡན་པས༔ སྔོན་འགྲོའི་རིམ་པ་ཚུལ་བཞིན་བྱ༔ དངོས་གཞི་བསྙེན་སྒྲུབ་བྱ་བ་ལ༔ དང་པོ་ཕྱི་མཚམས་བཅད་པ་ནི། ཧཱུྃ༔ སྟོན་པའི་བཀའ་ཉན་འཇིག་རྟེན་འདུལ༔ ཐུགས་རྗེའི་ཐབས་ཀྱིས་བགེགས་རིགས་འཇོམས༔ སྤྲུལ་སྐུ་རྒྱལ་ཆེན་སྡེ་བཞི་པོ༔ ཕྱི་མཚམས་བསྲུང་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ཆོས་སྐྱོང་རྒྱལ་པོ་ཡུལ་འཁོར་སྲུང༔ ཞི་བའི་ལས་མཛད་སྐུ་མདོག་དཀར༔ ཡང་དག་དོན་སྟོན་པི་ཝཾ་སྒྲོག༔ ཤར་ཕྱོགས་གདོན་རྣམས་བསྲུང་དུ་གསོལ༔ ཧཱུྃ༔ ཆོས་སྐྱོང་རྒྱལ་པོ་འཕགས་སྐྱེས་པོ༔ རྒྱས་པའི་ལས་མཛད་སྐུ་མདོག་སེར༔ མཐའ་གཉིས་གཅོད་པའི་རལ་གྲི་བསྣམས༔ ལྷོ་ཕྱོགས་གདོན་རྣམས་བསྲུང་དུ་གསོལ༔ ཧཱུྃ༔ ཆོས་སྐྱོང་རྒྱལ་པོ་སྤྱན་མི་བཟང༔ དབང་གི་ལས་མཛད་སྐུ་མདོག་དམར༔ འཁོར་བ་གནས་འདྲེན་ཞགས་པ་བསྣམས༔ ནུབ་ཕྱོགས་གདོན་རྣམས་བསྲུང་དུ་གསོལ༔ ཧཱུྃ༔ ཆོས་སྐྱོང་རྒྱལ་པོ་རྣམ་ཐོས་སྲས༔ བྱ་བ་མཐར་ཕྱིན་སྐུ་མདོག་ལྗང༔ འཁོར་བ་འཇོམས་པའི་བེ་ཅོན་བསྣམས༔ བྱང་ཕྱོགས་གདོན་རྣམས་བསྲུང་དུ་གསོལ༔ ཧཱུྃ༔ སྤྲུལ་སྐུ་རྒྱལ་ཆེན་སྡེ་བཞི་པོ༔ དོན་གྱི་སངས་རྒྱས་ཡིན་མོད་ཀྱང༔ གསང་སྔགས་བསྟན་པ་བསྲུང་བའི་ཕྱིར༔ བར་ཆད་འདུལ་བར་མཛད་དུ་གསོལ༔ ཨོཾ་དྷྲྀཥྚ་རཱཥྚཱ་ཡ་སྭཱ་ཧཱ༔ ཨོཾ་བཻ་རུ་ཌྷ་ཀཱ་ཡ་སྭཱ་ཧཱ༔ ཨོཾ་བི་རཱུ་པཱཀྵཱ་ཡ་སྭཱ་ཧཱ༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ ཅེས་བརྗོད་གཏོར་མ་འབུལ་བར་བྱ༔ གཉིས་པ་བར་མཚམས་བཅད་པ་ནི༔ ཧཱུྃ༔ ཆོས་ཀུན་ཡེ་ནས་འདུས་མ་བྱས༔ སངས་རྒྱས་སེམས་ཅན་གཉིས་སུ་མེད༔ མ་རྟོགས་པ་དང་ལོག་པར་རྟོག༔ ཕྱོགས་རྟོགས་ཡང་དག་དོན་མ་རྟོགས༔ ལོག་འདྲེན་བགེགས་དང་དམ་སྲི་རྣམས༔ འདི་རུ་འདུ་བའི་གནས་མེད་ཀྱི༔ འདི་ནས་དཔག་ཚད་བརྒྱད་ཁྲི་ན༔ ལྷོ་ཕྱོགས་གཤིན་ཐང་ནག་པོ་ན༔ གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཡིས༔ ལས་ཀྱི་དཀར་ནག་ཆོས་བཤད་ཀྱིས༔ ཁྱོད་ཀྱི་ཆོས་སྐལ་དེ་རུ་ཉོན༔ འདི་རུ་མ་འདུག་དེ་རུ་སོང༔ ཧཱུྃ༔ ང་ནི་ཆོས་ཉིད་ཆོས་སྐུའི་ངང༔ ཁྱོད་ཀྱིས་བར་ཆད་ག་ལ་ནུས༔ མ་འདུག་རང་རང་གནས་སུ་དེངས༔ ཏྲི་ཡཾ་ཕཊ༔ ཅེས་བརྗོད་དམིགས་པས་རྒྱང་གྲགས་འཕང༔ རང་ཡང་ཆོས་ཉིད་ངང་ལ་གནས༔ གསུམ་པ་གསང་མཚམས་བཅད་པ་ནི༔ ཧཱུྃ༔ རང་རིག་མི་འགྱུར་རྡོ་རྗེ་ཡི༔ ཐུགས་ཀར་རྡོ་རྗེའི་དཀྱིལ་འཁོར་གནས༔ ལྗགས་ལ་རྡོ་རྗེའི་སྒྲ་ཆེན་སྒྲོག༔ མིག་ལ་རྡོ་རྗེའི་ཚྭ་ཚྭ་འཕྲོ༔ སྤྱི་གཙུག་རྡོ་རྗེའི་གུར་དུ་འཁྱིལ༔ སྟེང་ཡང་རྡོ་རྗེའི་བླ་བྲེ་ལ༔ རྡོ་རྗེའི་ཐོག་ཆེན་ཐོག་ལྟར་འབེབ༔ འོག་ཀྱང་རྡོ་རྗེའི་ས་གཞི་ལ༔ ཕྱོགས་མཚམས་རྡོ་རྗེའི་ར་བས་གཏམས༔ རྡོ་རྗེའི་ཚྭ་ཚྭ་སྐར་ལྟར་འཕྲོ༔ རླུང་ཡང་འགྱུ་བའི་སྐབས་མེད་པས༔ རྡོ་རྗེའི་མཚམས་ལས་བགེགས་མ་འདའ༔ གལ་ཏེ་མི་ཉན་འདུག་གྱུར་ན༔ ཁྲོ་བོ་མང་པོའི་ནུས་མཐུ་ཡིས༔ དམ་ཉམས་བགེགས་ཀྱི་མགོ་ལུས་ཕྲོལ༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ དེ་ནས་བཤགས་པ་བྱ་བའི་ཡུལ༔ འོག་མིན་གནས་ནས་སྤྱན་དྲངས་ལ༔ སྡིག་སྒྲིབ་ཉམས་ཆག་དག་པར་བསམ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ས་མ་ཡ་ཛ༔ ཧཱུྃ༔ གཞི་ལ་ཅིར་ཡང་མ་གྲུབ་པས༔ རང་ངོ་མ་ཤེས་མ་རིག་བྱུང༔ གཉིས་སུ་བཏགས་པས་ཀུན་བརྟགས་འཁྲུལ༔ དེ་ལས་ཉོན་མོངས་དུག་ལྔ་བྱུང༔ སྟོང་པའི་སྣང་བ་རང་སར་བརྟས༔ རྒྱུ་མེད་བག་ཆགས་ངན་པའི་ལས༔ ངན་སོང་གསུམ་གྱི་ལས་བསགས་པ༔ ཡི་དམ་ལྷ་ཚོགས་སྤྱན་སྔར་བཤགས༔ ན་ར་ཀ༔ པྲེ་ཏ་ཀ༔ ཏིར་ཡ་ཀ༔ མ་ནུ་ཤ༔ དྷེ་ཝ་ཧྲཱི༔ དེ་ཝ་ཨ༔ ལི་བི་ཤུདྡྷེ༔ དག་ཤ་ཀ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ དེ་ནས་བརྡ་སྒོ་དབྱེ་བ་ནི༔ ཧཱུྃ༔ རིག་པ་རང་ངོ་ཤེས་པ་ཡིས༔ ཐིམ་ལ་མ་རྨུགས་རང་སོར་གནས༔ ཕྱོགས་རིས་མེད་པར་མཉམ་པ་ལ༔ སོ་སོར་མ་འདྲེས་འོད་ལྔ་གསལ༔ དེ་ལ་ཕྲིན་ལས་ཐོགས་པ་མེད༔ རང་བྱུང་ཡེ་ཤེས་ཆེན་པོ་ཡི༔ ཕྱོགས་བཞིའི་སྒོ་བཞི་དབྱེ་རུ་གསོལ༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ དེ་ནས་བརྡ་ཕྱག་འཚལ་བ་ནི༔ ཧཱུྃ༔ རང་རིག་སངས་རྒྱས་འབྱུང་བའི་རྒྱུ༔ དེ་ཉིད་སྟོན་པ་བླ་མའི་མཆོག༔ ཡང་དག་དོན་སྟོན་སངས་རྒྱས་ལ༔ དུས་གསུམ་རྒྱུན་དུ་ཕྱག་འཚལ་ལོ༔ ཧཱུྃ་ཧེ་རུ་ཀ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ དེ་ནས་དམ་བཅའ་ཡོངས་སུ་བཟུང༔ ཧཱུྃ༔ ཆོས་རྣམས་སྣ་ཚོགས་འདུལ་བའི་དོན༔ ཀུན་གྱི་ལམ་ལ་འཇུག་མི་དགོས༔ རིག་པ་རང་ངོ་ཤེས་པ་ལ༔ མ་ཡེངས་གནས་པ་ཆོས་ཉིད་ལམ༔ མི་འཕྲོ་མ་རྨུགས་རང་གསལ་བ༔ འདུ་འབྲལ་མེད་པར་དམ་བཅའ་འོ༔ ཧཱུྃ་བཛྲ་ཙིཏྟ་ས་མ་ཡ་ཧཱུྃ༔ དེ་ནས་དཀྱིལ་འཁོར་བྱིན་དབབ་བྱ༔ ཧཱུྃ་ཨ་ལ་ལ་ཧོ༔ བྷ་ག་ཝཱན༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་དག་པ་ནས༔ འགག་མེད་ཡེ་ཤེས་ལྷ་ཡི་ལྷ༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་རྣམས༔ འོག་མིན་དབྱིངས་ནས་གཤེགས་སུ་གསོལ༔ དཀྱིལ་འཁོར་འདི་ལ་བྱིན་ཅིག་ཕོབ༔ ཧཱུྃ༔ སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་དང༔ ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་རྣམས༔ དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས༔ སྐུ་གསུང་ཐུགས་ཀྱི་སིདྡྷི་སྟིམས༔ ཕོ་བྲང་འདི་ལ་བཞུགས་སུ་གསོལ༔ ཨོཾ་ཤྲཱི་བཛྲ་ཀྲོ་དྷ༔ དེ་ཝ་སརྦ་དུཥྚཱན་ཌཱ་ཀི་ནཱི་ས་མ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ དེ་ནས་མཆོད་པ་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ ཐམས་ཅད་ཡེ་ཤེས་ཆོ་འཕྲུལ་ཡིན༔ དྲི་ཞིམ་བདུག་སྤོས་དྷཱུ་ལས་བྱུང༔ བཀྲག་མདངས་མེ་ཏོག་པུ་ལས་བྱུང༔ གསལ་བའི་མར་མེ་ཨཱ་ལས་བྱུང༔ གཙང་མའི་དྲི་ཆབ་གྷ་ལས་བྱུང༔ བཅུད་ལྡན་ལྷ་བཤོས་ན་ལས་བྱུང༔ སྙན་པའི་རོལ་མོ་ཤ་ལས་བྱུང༔ ཐམས་ཅད་ཡེ་ཤེས་མཆོད་པའི་རྫས༔ བཛྲ་དྷཱུ་པེ་ཧཱུྃ༔ བཛྲ་པུཥྤེ་ཧཱུྃ༔ བཛྲ་ཨཱ་ལོ་ཀེ་ཧཱུྃ༔ བཛྲ་གནྡྷེ་ཧཱུྃ༔ བཛྲ་ནཻ་བིདྱ་ཧཱུྃ༔ བཛྲ་ཤབྡ་ཨཱཿཧཱུྃ༔ བཛྲ་སརྦ་པཱུ་ཛ་མེ་གྷ་ཧཱུྃ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཕཊ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་ཨ་ཧོ་སུ་ཁ་ས་མ་ཡེ་སྭཱ་ཧཱ༔ ཧཱུྃ༔ གདོད་ནས་དག་པའི་བདུད་རྩི་དང༔ རོ་དྲུག་ལྡན་པའི་གཏོར་མ་དང༔ དབང་གི་དམ་རྫས་རཀྟ་གསུམ༔ གསང་བའི་དཀྱིལ་འཁོར་མཆོད་པའི་རྫས༔ དམ་སྲི་དམར་པོ་སྒྲོལ་བའི་དུག༔ དམ་ཉམས་བགེགས་རིགས་སོ་སོར་དེངས༔ ཨོཾ་བཛྲ་ཀྲོ་དྷ་དམ་སྲི་དམར་པོ་ན་ར་ཀན༔ མཱ་ར་ཡ་ཧཱུྃ་ཕཊ༔ དེ་ནས་དང་པོ་ཏིང་ངེ་འཛིན་གསུམ་བསྒོམ་པ༔ དངོས་གཞི་སྐུ་གསུམ་དགོངས་པ་ཡིན༔ ཧཱུྃ༔ རྟོག་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས༔ རང་བྱུང་ལྷུན་གྲུབ་འདུས་མ་བྱས༔ ཐ་སྙད་ཀུན་བྲལ་དམིགས་སུ་མེད༔ ངང་གི་བདེ་བར་གནས་པར་བྱའོ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཧཱུྃ༔ ཡེ་ནས་དག་པའི་ངོ་བོ་ལ༔ དམིགས་པར་བྱ་བའི་ཡུལ་མེད་ཀྱང༔ མ་རིག་འཁྲུལ་པའི་སེམས་ཅན་རྣམས༔ རྒྱུ་མེད་འཁྲུལ་པ་སྙིང་རེ་རྗེ༔ ཨཱཿདྷརྨ་དྷཱ་ཏུ་མཎྜལ་ཧཱུྃ༔ ཧཱུྃ༔ ཆོས་རྣམས་རང་བྱུང་རྟེན་འབྲེལ་ཏེ༔ རྒྱུ་ལས་མ་བྱུང་གང་ཡང་མེད༔ ཧཱུྃ་ནི་ཁྲོ་བོ་བསྐྱེད་པའི་རྒྱུ༔ རང་གི་རིག་པ་ཧཱུྃ་དུ་གསལ༔ ཧཱུྃ་བོ་དྷི་ཙིཏྟ་མཎྜ་ལ་བཛྲ་ཧཱུྃ༔ རཾ་ཡཾ་ཁཾ༔ ཡི་གེ་གསུམ་ལས་སྲིད་པ་ཆགས༔ ད་ལྟ་གནས་ཀྱང་དེ་ལ་གནས༔ ཐ་མ་འཇིག་ཀྱང་དེ་ཡིས་འཇིག༔ དེ་ཕྱིར་དངོས་འཛིན་བག་ཆགས་སྦྱངས༔ ཨེཿཡཾཿརཿསུཾཿཀེཾཿརཾཿབྷྲཱུྃ༔ ཨེ་ལས་ནམ་མཁའ་མཐའ་དབུས་མེད༔ ཡཾ་ལས་རླུང་གི་དཀྱིལ་འཁོར་གཡོས༔ ར་ལས་རཀྟའི་རྒྱ་མཚོ་འཁྱིལ༔ སུཾ་ལས་ཞིང་ཆེན་ས་གཞི་བརྡལ༔ ཀེཾ་ལས་རི་རབ་ལྷུན་པོ་བརྗིད༔ རཾ་ལས་བསྐལ་པའི་མེ་དཔུང་འབར༔ དེ་སྟེང་བྷྲཱུྃ་ལས་གཞལ་ཡས་ཁང༔ ཡེ་ཤེས་ཆེན་པོའི་ཕོ་བྲང་བསྐྱེད༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བྷནྡྷ་ཛྙཱ་ན་ཨེ་ཙཀྲ་མཎྜ་ལ་བྷྲཱུྃ༔ ཧཱུྃ༔ ཟླ་གམ་ཡེ་ཤེས་འཆར་སྒོའི་དབུས༔ ཆོས་སྐུ་འགྱུར་མེད་དབྱིངས་སུ་གསལ༔ རིན་ཆེན་ཕོ་བྲང་དབུས་མཐིང་ལ༔ འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས༔ གྲུ་ཆད་བར་ཁྱམས་སྒོ་ཁྱུད་རྫོགས༔ དེ་འདྲ་ཕྱོགས་བཞི་མཚམས་བརྒྱད་དུ༔ གཙོ་བོ་ལྟ་བུའི་གཞལ་ཡས་སུ༔ རང་བྱུང་ལྷུན་གྲུབ་ཡོད་པར་གསལ༔ དེ་རྣམས་དབུས་དང་རྩིབས་བཞི་ལ༔ དྲེགས་པ་པདྨ་ཉི་ཟླའི་གདན༔ རུ་དྲ་ཀྲོ་ཏི་ཏི་ར་བཾ༔ མ་སཱུརྱ་མཎྜ་ལ༔ ཨ་ཙནྡྲ་མཎྜ་ལ༔ པཾ་པདྨ་མཎྜ་ལ་ཧཱུྃ༔ ཧཱུྃ༔ རྒྱུ་ཡི་ཡི་གེ་གདན་ལ་བབ༔ དེ་ལས་ཆེ་མཆོག་ཧེ་རུ་ཀ༔ སྨུག་ནག་དབུ་ནི་ཉི་ཤུ་གཅིག༔ ཕྱག་ནི་བཞི་བཅུ་རྩ་གཉིས་ན༔ སངས་རྒྱས་བཞི་བཅུ་རྩ་གཉིས་བསྣམས༔ ཞབས་བརྒྱད་ཆེ་བའི་གདན་ལ་བཞུགས༔ དུར་ཁྲོད་ཆས་ཀྱིས་སྐུ་ལ་སྤྲས༔ ཡུམ་ཆེན་གནམ་ཞལ་སྐུ་ལ་འཁྲིལ༔ བསྐལ་པའི་མེ་དཔུང་ཀློང་ན་བཞུགས༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མ་ཧཱ་ཀྲོ་དྷཱི་ཤྭ་རི་སཏྭཾ༔ ཧཱུྃ༔ ཆེ་མཆོག་ཡབ་ཡུམ་ཐུགས་ཀ་ནས༔ ཕྱོགས་མཚམས་བརྒྱད་ཀྱི་དཀྱིལ་འཁོར་དུ༔ ཡི་གེ་ཧཱུྃ་ཟུང་བརྒྱད་འཕྲོས་པས༔ ཁྲག་འཐུང་ཡབ་ཡུམ་འཁོར་བཅས་བསྐྱེད༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཨོཾ་པདྨཱནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨོཾ་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རི་སཏྭཾ་ཧཱུྃ་ཧ་ཧེ་ཕཊ༔ མ་མ་ཡོ་གི་ནཱི་རུ་ལུ་བྷྱོ༔ ཨོཾ་ཨཱཿཧཱུྃ་བཛྲ་ས་མ་ཡ༔ མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧྲིལ་མྱག་ཧྲྀ་ད་ཡ་ཧཱུྃ་ཕཊ༔ ཨོཾ་བཛྲ་སརྦ་དུཥྚཱན་ཨ་མུ་ཀ་ཤ་ཏྲཱུཾ་ཏྲིག་ནན་མྱག་ཐུམ་རིལ་ཧུར་ཐུམ་ཛ་མཱ་ར་ཡ་རྦད༔ ཧཱུྃ༔ རྒྱུ་ལས་བསྐྱེད་པའི་སྔགས་བརྗོད་པས༔ ཁྲག་འཐུང་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ བསྐལ་པའི་མེ་རི་ལྟར་འབར་ནས༔ རང་བྱུང་ཡེ་ཤེས་ཁྲོ་ཚོགས་ཤར༔ ཤར་དུ་བཛྲ་ཧེ་རུ་ཀ༔ ཡུམ་ཆེན་ཀྲོ་དྷཱི་ཤྭ་རི་དང༔ རིགས་བཞི་ཁྲོ་ཚོགས་ཐམས་ཅད་ཤར༔ ལྷོ་རུ་འཇམ་དཔལ་གཤིན་རྗེ་གཤེད༔ ཟ་བྱེད་ནག་མོ་བེ་ཏཱ་ལི༔ གཤེད་པོ་བཞི་དང་འཁོར་རྣམས་གསལ༔ ནུབ་ཏུ་དབང་ཆེན་རྟ་མཆོག་དཔལ༔ ཁྲོ་མོ་པདྨ་གཟི་ལྡན་ཡུམ༔ དབང་གི་ཁྲོ་ཚོགས་ཐམས་ཅད་ཤར༔ བྱང་དུ་རྡོ་རྗེ་གཞོན་ནུ་དང༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ སྲས་མཆོག་བཞི་དང་ཁྲོ་ཚོགས་ཤར༔ ཤར་ལྷོར་བླ་མེད་ཧེ་རུ་ཀ༔ ཡུམ་ཆེན་ཉིད་བཞི་བདེ་མཆོག་དང༔ རྟག་རྒྱལ་ལྔ་དང་མ་ཚོགས་ཤར༔ ལྷོ་ནུབ་རིག་འཛིན་ཐོད་པ་རྩལ༔ ཡུམ་ཆེན་རྡོ་རྗེ་ཕག་མོ་དང༔ རིག་འཛིན་རིགས་བཞི་འཁོར་བཅས་གསལ༔ ནུབ་བྱང་ཕྱག་ན་རྡོ་རྗེ་དང༔ ཡུམ་ཆེན་སྲིད་པ་སྤྱི་འདུལ་མ༔ དྲེགས་པ་རིགས་བཞི་འཁོར་བཅས་གསལ༔ བྱང་ཤར་སྟོབས་ལྡན་ནག་པོ་དང༔ ཡུམ་ཆེན་འབྱུང་བའི་མངའ་བདག་མོ༔ སྔགས་བདག་བཞི་དང་འཁོར་ཀུན་གསལ༔ ཉི་མ་དང་ནི་འོད་ཟེར་བཞིན༔ ཁྲག་འཐུང་གཙོ་འཁོར་མ་ལུས་དང༔ ཕོ་བྲང་ཕྱོགས་བཞི་སྒོ་བཞི་རུ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང༔ དྲིལ་བུ་ཐོགས་པའི་ལྷ་བཞི་བསྐྱེད༔ སྐུ་མདོག་ཕྱག་མཚན་རྒྱན་རྣམས་ཀུན༔ མ་འདྲེས་ཡོངས་སུ་རྫོགས་པར་གསལ༔ དེ་ནས་དབྱིངས་ཀྱི་དབང་བསྐུར་བྱ༔ ཧཱུྃ༔ རང་བྱུང་དཀྱིལ་འཁོར་བཀའ་བརྒྱད་ཀྱི༔ མཐུ་རྩལ་ཡོངས་སུ་རྫོགས་བྱའི་ཕྱིར༔ འོག་མིན་ཡེ་ཤེས་ཆེན་པོ་ནས༔ རིགས་ཀྱི་བདག་པོས་དབང་བསྐུར་རོ༔ ཨོཾ་ཧཱུྃ་སྭཱ་ཧྲཱིཿཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རང་བཞིན་སྤྱན་དྲངས་ཏེ༔ ཧཱུྃ༔ འོག་མིན་ཡེ་ཤེས་གཞལ་ཡས་ནས༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་དང༔ སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་རྣམས༔ འགྲོ་དྲུག་སེམས་ཅན་དོན་མཛད་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཨེ་ཧྱེ་ཧི༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཧྲིཾ་ཧྲིཾ་ཛཿཛ༔ དེ་ནས་དམ་ཚིག་ལྷ་ལ་བསྟིམ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ བདག་གིས་བཀའ་བཞིན་བསྐྱེད་པའི་ལྷ༔ དབྱིངས་ནས་སྤྱན་དྲངས་ཡེ་ཤེས་ལྷ༔ ཕོ་བྲང་དམ་ཚིག་དཀྱིལ་འཁོར་འདིར༔ གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཨཱ་བེ་ཤ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་དང་ཕྱག་རྒྱ་དང༔ ཡེ་ཤེས་གླུ་ཡི་མཆོད་པ་འབུལ༔ ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་དག་པ་ལས༔ འགྲོ་དྲུག་སྣ་ཚོགས་འདུལ་བའི་དོན༔ སྐུ་མདོག་ཕྱག་མཚན་སྣ་ཚོགས་སྟོན༔ ཡེ་ཤེས་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ ཧཱུྃ༔ སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་ནི༔ ཁྲག་འཐུང་ཁྲོ་བོ་རྔམ་བརྗིད་ཆེ༔ དབུ་དང་ཕྱག་རྒྱ་གྲངས་ལས་འདས༔ ཐམས་ཅད་འགྲོ་བ་འདུལ་བའི་དོན༔ མ་ཧཱ་མུ་དྲ་པཱུ་ཛ་ཧོ༔ ཧཱུྃ༔ ཁྲོ་ཚོགས་ཧཱུྃ་སྒྲ་ཏི་རི་རི༔ དྲག་པོའི་སྒྲ་ལ་སྙན་པའི་གདངས༔ འོག་མིན་ཆོས་དབྱིངས་ཕོ་བྲང་དུ༔ ཀུན་ཏུ་བཟང་པོའི་མཆོད་པ་འབུལ༔ མ་ཧཱ་ཛྙཱ་ན་ཏེ་ཏེ་ཧཱུྃ་ཏེ་ན་ཏེ་ཏེ་ཧཱུྃ༔ དེ་ནས་ཕྱི་ཡི་མཆོད་པ་འབུལ༔ ཧཱུྃ༔ འདོད་ཡོན་མང་པོས་བདེ་གཤེགས་མཆོད༔ དྲི་ཞིམ་སྤོས་རྣམས་ཤངས་ལ་འབུལ༔ མེ་ཏོག་མཛེས་པ་སྤྱན་ལ་འབུལ༔ གསལ་བའི་སྒྲོན་མེ་ཐུགས་ལ་འབུལ༔ གཙང་མའི་དྲི་ཆབ་སྐུ་ལ་འབུལ༔ བཅུད་ལྡན་ལྷ་བཤོས་ལྗགས་ལ་འབུལ༔ སྙན་པའི་རོལ་མོ་སྙན་ལ་འབུལ༔ ཨོཾ་པ་ན་པེཾ་པེ་ནུ་སུ་ར་ཏོ་ཏི་པུ་པ་ར་མུམ༔ སརྦ་ཏ་ཐཱ་ག་ཏ༔ སིདྡྷི་ས་མ་ཡ་ཧོཿ ཨོཾ་ཤྲཱི་རཱ་ག་བཛྲ་དྷཱུ་པེ་དྷཱུ༔ པུཥྤེ་ཏྲཱཾ༔ ཨཱ་ལོ་ཀེ་ཧྲཱི༔ གནྡྷེ་གན༔ ནཻ་བིདྱ་ཨཱ༔ གཱིརྟི་ཧྲཱི༔ དེ་ནས་ནང་གི་མཆོད་པ་འབུལ༔ ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བའི༔ དུག་ལྔ་སེལ་བའི་བདུད་རྩི་འདི༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང༔ སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་ལ༔ རྣམ་དག་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་ཆེར་དགོངས་དངོས་གྲུབ་སྩོལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི་ཁཱ་ཧི༔ རྒྱལ་བ་དགོངས་བརྒྱུད་རིག་འཛིན་རིག༔ གང་ཟག་སྙན་བརྒྱུད་བཀའ་བབས་ལུང༔ རྩ་བརྒྱུད་བླ་མ་ཐམས་ཅད་ལ༔ རྣམ་དག་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་ཆེར་དགོངས་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི་ཁཱ་ཧི༔ ཆེ་མཆོག་ཡོན་ཏན་འཇམ་དཔལ་སྐུ༔ པདྨ་གསུང་དང་ཡང་དག་ཐུགས༔ ཕྲིན་ལས་ཕུར་པའི་ལྷ་ཚོགས་ལ༔ རྣམ་དག་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་ཆེར་དགོངས་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི་ཁཱ་ཧི༔ མ་མོ་རྦོད་གཏོང་རིག་འཛིན་དང༔ དྲེགས་འདུལ་དྲག་སྔགས་ལྷ་ཚོགས་ལ༔ རྣམ་དག་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་ཆེར་དགོངས་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི་ཁཱ་ཧི༔ རྒྱལ་སྲས་ཁྱུང་གི་ལྷ་ཚོགས་དང༔ ཆོས་སྐྱོང་བཀའ་སྲུང་ཐམས་ཅད་ལ༔ རྣམ་དག་བདུད་རྩིའི་མཉེས་མཆོད་འབུལ༔ དུག་གསུམ་འཇོམས་པའི་དངོས་གྲུབ་སྩོལ༔ བཀའ་བཞིན་སྒྲུབ་པའི་གྲོགས་མཛོད་ཅིག༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི་ཁཱ་ཧི༔ དེ་ནས་བདུད་རྩིའི་དངོས་གྲུབ་བླང༔ ཧཱུྃ༔ སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི༔ ལྷ་རྣམས་མཉེས་ཏེ་ཡི་གེ་གསུམ༔ བདུད་རྩིའི་ནང་དུ་བབས་པ་ལས༔ བླངས་པས་དངོས་གྲུབ་ཐོབ་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ དེ་ནས་བདུད་རྩིའི་གསང་བསྣན་འབུལ༔ ཧཱུྃ༔ བདུད་རྩི་ཆེན་པོ་རོ་བརྒྱ་ལྡན༔ ལྗགས་ལ་བདུད་རྩི་འདི་འབུལ་བས༔ རྒྱལ་བ་ཀུན་གྱིས་བཞེས་སུ་གསོལ༔ སྐུ་གསུང་ཐུགས་མཆོག་མཉེས་པར་མཛོད༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི་ཁཱ་ཧི༔ དེ་ནས་གཏོར་མའི་མཆོད་པ་འབུལ༔ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་འདི༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ འདོད་ཡོན་རྣམ་ལྔས་རབ་བརྒྱན་ཏེ༔ ཐུགས་དམ་བཞིན་དུ་བཞེས་སུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་རཀྟ་འབུལ་བ་ནི༔ ཧཱུྃ༔ རཀྟ་མ་ཆགས་པདྨའི་མདོག༔ འགྲོ་བའི་ཉོན་མོངས་དག་བྱའི་ཕྱིར༔ ཁྲག་འཐུང་ཆེན་པོས་འདི་གསོལ་ལ༔ སྐྱེ་མེད་དགོངས་པ་བསྟན་དུ་གསོལ༔ མ་ཧཱ་རཀྟ་ཁཱ་ཧི༔ དེ་ནས་སྦྱོར་བའི་མཆོད་པ་འབུལ༔ ཧཱུྃ༔ ཡབ་རྣམས་ཐབས་ཀྱི་ངོ་བོ་སྟེ༔ ཡུམ་རྣམས་ཤེས་རབ་འཆར་བའི་གཞི༔ གཉིས་མེད་རོལ་པས་བདེ་བ་རྒྱས༔ བདེ་ཆེན་ཕྱག་རྒྱ་ཆེན་པོའི་ངང༔ ཛཿཧཱུྃ་བཾ་ཧོ༔ པདྨ་ཡོ་གི་ནཱི་ས་མ་ཡ་ཨཱ་བེ་ཤ་ཡ་ཨཱ༔ དེ་ནས་སྒྲོལ་བའི་མཆོད་པ་འབུལ༔ ཧཱུྃ༔ ང་དང་བདག་ཏུ་འཛིན་པ་ནི༔ ཉོན་མོངས་བརྟས་པའི་རུ་དྲ་ཡིན༔ ཁྲག་འཐུང་ཁྲོ་བོའི་ནུས་མཐུ་ཡིས༔ ང་བདག་མེད་པར་དབྱིངས་སུ་སྒྲོལ༔ ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ༔ མ་ཏྲཾ་རུ་ཏྲ་པྲ་བྷན་ཙཀྲ་ཧཱུྃ་ཕཊ༔ པྲ་བེ་ཤ་ཡ་ཧཱུྃ་ཕཊ༔ ཏི་ཧཱུྃ་ཨ་ཡཾ་སྥ་ར་ཎ་ཧཱུྃ་ཕཊ༔ དེ་ནས་བསྟོད་པ་འདི་ལྟར་བརྗོད༔ ཧཱུྃ༔ ཆོས་དབྱིངས་མཉམ་པ་ཆེན་པོ་ལ༔ བདེ་གཤེགས་ཐམས་ཅད་དགོངས་པ་ནི༔ མི་གཡོ་མི་འགག་རྒྱུན་མི་ཆད༔ སྐྱེ་མེད་འགག་མེད་ཡེ་ཤེས་གསལ༔ སྐུ་ནི་མཚན་དང་དཔེ་བྱད་ལྡན༔ གསུང་ནི་མི་འགག་རིག་པའི་གསུང༔ ཐུགས་ནི་འགྱུར་མེད་གསལ་ལ་དྭངས༔ ཡོན་ཏན་རང་རྩལ་ལྷུན་གྱིས་གྲུབ༔ ཕྲིན་ལས་ཐོགས་མེད་བདུད་བཞི་འཇོམས༔ ཐབས་མཁས་ཐུགས་རྗེ་ཅིར་ཡང་སྟོན༔ སྒྲུབ་ཆེན་བཀའ་བརྒྱད་དཀྱིལ་འཁོར་ལ༔ རང་སྣང་ཤེས་པས་ཕྱག་འཚལ་བསྟོད༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ན་མོ་ཧྲྀ་ད་ཡ༔ དེ་ནས་འཛབ་ཏུ་སྙིང་པོ་བཟླ༔ འདིར་ཞི་བར་བསྙེན་ཅིང་ཁྲོ་བོར་སྒྲུབ་པ་གཞུང་གསལ་ཕྱག་ལེན་དུ་མཛད་པས། ཧཱུྃ༔ གསང་བ་ཡོངས་རྫོགས་དཀྱིལ་འཁོར་དུ༔ ཆེ་མཆོག་དཔལ་དགུའི་དབུ་རྒྱན་ནང༔ ཐབས་ཤེས་ཉི་ཟླ་པདྨའི་སྟེང༔ མི་བསྐྱོད་རྣམ་པར་སྣང་མཛད་དང༔ རིན་འབྱུང་མཐའ་ཡས་དོན་ཡོད་གྲུབ༔ ཡུམ་ཆེན་ཀུན་བཟང་སངས་རྒྱས་སྤྱན༔ མཱ་མ་གོས་དཀར་དམ་ཚིག་སྒྲོལ༔ རྒྱལ་བ་ཡབ་ཡུམ་ཕྱག་མཚན་བཅས༔ ཀུན་བཟང་ཡབ་ཡུམ་དགྱེས་པར་རོལ༔ སྲས་མཆོག་སེམས་དཔའ་སེམས་མར་བཅས༔ སྤྲུལ་སྐུ་ཐུབ་དྲུག་མཐར་བྱེད་བརྒྱད༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་དང༔ དབུ་རྒྱན་ཅོད་པན་ཕྲེང་བ་དང༔ དོ་ཤལ་དཔུང་རྒྱན་སེ་མོ་དོ༔ རིན་ཆེན་དར་དཔྱང་ཆས་རྣམས་རྫོགས༔ སྐུ་ནི་ཞི་ཚུལ་དགུ་དང་ལྡན༔ གསུང་ནི་ཡང་སྙིང་སྔགས་སྒྲ་སྒྲོག༔ ཐུགས་ནི་རང་བྱུང་ཡེ་ཤེས་གསལ༔ འཛབ་ཀྱིས་སྐུ་གསུང་ཐུགས་རྒྱུད་བསྐུལ༔ འཕྲོས་པས་སྟོང་གསུམ་སྐུ་ཡིས་གང༔ སྐུ་ལས་གསུང་བྱོན་སྔགས་འབྲུག་ལྡིར༔ བསྡུས་པས་ཆོས་དབྱིངས་མཁའ་ལ་ཐིམ༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་གཏང་ངོ༔ ཞི་བ་རིགས་འདུས་བསྙེན་པ།་་་ཨོཾ་ཨཱ་ལི་ཀཱ་ལི་ཛྙཱ་ན་པཉྩ་སཏྭ་ཀྲོ་ཏ་མུ་ན་ཡེ་སྭཱ་ཧཱ༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཁྲོ་བོ་ལ་གྲུབ་ན་ཛཔ྄་བྱང་བཀོལ་བ་ལྟར་སོ་སོ་ནས་འཛབ་བསྐུལ་བཟླས་པ་སྟོང་ཚིགས་བྱ། མི་ལྕོགས་ན་ཕྲིན་ལས་གཞུང་གསལ་གཙོ་བོའི་ཛཔ྄་སྐུལ་དང་སྟོང་ཚིགས་སོ་སོར་སྦྱར་བ་ཙམ་གྱིས་དཀྱུས་མཐུན་རུང་བས། ཧཱུྃ༔ དབུས་ཕྱོགས་འཁོར་ལོའི་གཞལ་ཡས་སུ༔ ཟླ་གམ་དབང་གི་ཕོ་བྲང་ན༔ མཐིང་ནག་གྲུ་གསུམ་འབར་བ་ལ༔ བྱོལ་སོང་གཙོ་བརྒྱད་དྲེགས་པའི་སྟེང༔ ཐབས་ཤེས་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨའི་གེ་སར་ལ༔ བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ༔ ཡུམ་ཆེན་ཁྲོ་མོ་གནམ་ཞལ་མ༔ གཉིས་མེད་རོལ་པའི་འོད་ཟེར་ལས༔ ཧེ་རུ་ཀ་ཡི་ལྷ་ཚོགས་ཤར༔ སྒེག་པ་དཔའ་བ་འཇིགས་སུ་རུང༔ རྒོད་དང་གཤེ་དང་སྙིང་རྗེ་རྔམ༔ འབར་བའི་སྐུ་ལ་ཞི་བའི་ཐུགས༔ གར་དགུ་ལྡན་པ་ཁྲོ་བོའི་སྐུ༔ སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན༔ གསུང་ནི་དྲག་པོའི་ངར་ལྡན་སྒྲོག༔ ཐུགས་ནི་མི་གཡོ་ཆོས་ཉིད་ངང༔ ཕཊ་ཀྱིས་སྤྲོས་ན་སྟོང་གསུམ་གང༔ ཧཱུྃ་གིས་བསྡུ་ན་ཐིག་ལེར་འདུས༔ འདི་ནི་རང་ཉིད་རྩ་བའི་ལྷ༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་འགྲུབ་བར་དུ་འབད་དེ་བསྒྲུབ༔ གྲུབ་པའི་ཚེ་ན་རང་ཉིད་ལྷ༔ ད་ལྟ་ཉིད་དུ་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མུཾ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཛྭ་ལ་ནཱི་ཧཱུྃ་ཕཊ༔ བརྒྱ་སྟོང་ཁྲི་འབུམ་བྱེ་བ་གཅིག༔ བསྙེན་པའི་ཚད་ཡིན་ཐོག་ལྟར་བཟླས༔ སྟོང་སྟོང་ཚིགས་ལ་ཚོགས་ཀྱིས་བསྐང༔ དེ་བཞིན་ཁྲོ་རྒྱལ་ཀུན་ལ་སྦྱར༔ ཧཱུྃ༔ བདེ་གཤེགས་ཡོངས་རྫོགས་སྤྱན་འདྲེན་གཤེགས༔ ཕྱི་ནང་གསང་བའི་མཆོད་ཚོགས་འབུལ༔ ཉམས་ཆག་འགལ་འཁྲུལ་མཐོལ་ལོ་བཤགས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཨོཾ་པདྨཱནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨོཾ་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རི་སཏྭཾ་ཧཱུྃ་ཧ་ཧེ་ཕཊ༔ མ་མ་ཡོ་གི་ནཱི་རུ་ལུ་བྷྱོ༔ ཨོཾ་ཨཱཿཧཱུྃ༔ བཛྲ་ས་མ་ཡ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧྲིལ་མྱག་ཧྲྀ་ད་ཡ་ཧཱུྃ་ཕཊ༔་་་་འཇིག་རྟེན་དང་དྲེགས་པ་གཉིས་ཆོས་དབང་དང་མི་འདྲ་བར་འདུག་གོ་་་་ཨོཾ་བཛྲ་སརྦ་དུཥྚཱན་ཨ་མུ་ཀ་ཤ་ཏྲཱུཾ་ཏྲིག་ནན་མྱག་ཐུམ་ལ་ཐུམ་རིལ་ཧུར་ཛཿམཱ་ར་ཡ་རྦད༔ ཨོཾ་བཛྲ་ག་རུ་ཌ་ཧཱུྃ་ཕཊ༔ སརྦ་ཌཱ་ཀི་ས་མ་ཡ་ཧཱུྃ་ཧཱུྃ་ཕཊ༔ དུས་དྲུག་ཚོགས་ཀྱི་འཁོར་ལོ་བསྐོར༔ རེ་བ་མེད་པའི་སེམས་ཀྱིས་བསྒྲུབ༔ འདིར་དྲིལ་སྒྲུབ་ཀྱི་ཚུལ་དུ་གཙོ་འཁོར་ཀུན་ལ་དམིགས་པའི་ཧཱུྃ་གི་བཟླས་པ་བྱ། བདེ་གཤེགས་སྤྱི་དྲིལ་ལམ་དྲག་སྔགས་བརྒྱད་ཅུ་པ་བཟླ་བའང་ཕྱག་ལེན་དུ་སྣང་བས། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མུཾ་ཧྲཱིཿཧཱུྃ་ཨཱ༔ ཨོཾ་བཛྲ་ཤྲཱི་མ་ཧཱ་ཀྲོ་དྷ༔ ཧཱུྃ་ཤྲཱི་ཧེ་རུ་ཀ༔ ཡ་ཡ་མཱནྟ་ཀ༔ ཧྲཱིཿཔདྨཱནྟ་ཀྲྀཏ༔ ཧཱུྃ་བཛྲ་ཀཱི་ལ་ཡ༔ བཛྲ་མ་ཧཱ་ཡཀྵ༔ ཀཱ་ལ་རཱུ་པ༔ ཡཀྵ་ཀྲོ་དྷ༔ བཛྲ་སརྦ་དུཥྚཱཾ༔ ཨེ་ཛ་བྷྱོ༔ ཁྲོཾ་བཛྲ་ག་རུ་ཊ༔ མ་མ་ཀྲོ་དྷཱི་ཤྭ་རཱི༔ ཀརྨ་རཾ་རཾ༔ ཛྭ་ལ་རཾ་རཾ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་གང་འགྲུབ་བཟླ། དེ་ནས་སྟོང་ཚིགས་མཐར་བདུད་རྩིའི་དངོས་གྲུབ་བླངས་ལ། ཧཱུྃ༔ ལྷ་དང་རིག་འཛིན་མཁའ་འགྲོ་དགོངས༔ འདིར་བཞུགས་རིག་འཛིན་བདག་ཅག་རྣམས༔ སྨིན་གྲོལ་གཉིས་ཀྱིས་རྒྱུད་སྦྱངས་ཤིང༔ བསྐྱེད་རྫོགས་གཉིས་ཀྱིས་ལས་གཞུང་བསྲང༔ བསྙེན་སྒྲུབ་རྣམ་བཞི་མཐའ་རུ་ཕྱིན༔ ལས་དང་ཐུགས་རྗེ་མཐུན་པ་ཡི༔ ཞི་རྒྱས་དབང་དྲག་ཡིད་བཞིན་གཏེར༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ༔ ཞེས་རྒྱུན་གྱི་དངོས་གྲུབ་བླང་། འགྲུབ་ན་བསྟོད་བྱང་བཀོལ་བ་ལྟར་དྲུག་བསྟོད་བྱ། དཀྱུས་ལ་མ་འགྲུབ་ཀྱང་རུང་བས་བསྟོད་པ་བསྡུས་པ་ནི། ཧཱུྃ༔ ཆོས་སྐུ་སྐྱེ་མེད་རྣམ་དག་གི༔ དབྱིངས་ལས་ཡེ་ཤེས་འོད་ལྔ་ཤར༔ གཟུགས་སྐུ་མཚན་དང་དཔེ་བྱད་ལྡན༔ རང་རྩལ་ཞི་ཁྲོ་སྣ་ཚོགས་སྟོན༔ གདོད་ནས་མ་བཅོས་ཀུན་ཏུ་བཟང༔ ཆེ་བའི་ཆེ་མཆོག་ཧེ་རུ་ཀ༔ སངས་རྒྱས་གཙོ་བོ་འདུས་པའི་དཔལ༔ འཇམ་དཔལ་སྐུ་ནི་ཉིད་ཀྱི་སྐུ༔ པདྨ་གསུང་ནི་ཉིད་ཀྱི་གསུང༔ ཡང་དག་ཐུགས་ནི་ཉིད་ཀྱི་ཐུགས༔ བདུད་རྩི་ཡོན་ཏན་ཉིད་ཀྱི་དཔལ༔ ཕྲིན་ལས་ཕུར་པ་མཛད་པའི་ལས༔ རྦོད་གཏོང་མ་མོ་འདུལ་བའི་ཞིང༔ རིག་འཛིན་ཆེ་མཆོག་ངོ་བོ་ཉིད༔ འཇིག་རྟེན་དྲེགས་པ་སྤྲུལ་པའི་ལྷ༔ དམོད་པ་དྲག་སྔགས་ལས་ཀྱི་ལྷ༔ རིགས་བཞི་འཁོར་ཚོགས་སྤྲུལ་པའི་ལྷ༔ རང་ལ་རང་གིས་ལོངས་སྤྱོད་པས༔ ལོངས་སྤྱོད་ཆེན་པོ་རྫོགས་པའི་སྐུ༔ བཀའ་སྡོད་དམ་ཅན་ཡང་སྤྲུལ་ཡིན༔ ཡེ་ནས་བདག་དང་གཉིས་མེད་ཕྱིར༔ དབྱེར་མེད་ངང་དུ་ཕྱག་འཚལ་བསྟོད༔ ཅེས་མངོན་པར་བསྟོད་པར་བྱའོ༔ བསྟན་སྲུང་ཡོངས་རྫོགས་ཀྱི་ཕྲིན་ལས་སྐོང་བཤགས་དང་བཅས་པའམ་ཕྲིན་ལས་ཙམ་བྱ༔ བྱང་གཏེར་བཀའ་སྲུང་རྒྱས་མཆོད་དམ། མ་གྲུབ་ན་བསྡུས་པ། ཧཱུྃ༔ སངས་རྒྱས་རྡོ་རྗེ་འཆང་ཆེན་སོགས་སྐབས་འདིར་གཏང་ངོ་། །དེ་ནས་ཚོགས་ཀྱི་མཆོད་པ་འབུལ༔ ཅི་འབྱོར་ལོངས་སྤྱོད་བཟང་དུ་བཤམ༔ ཨོཾ་ཨུ་ཙུསྨ་བཻ་ཏཱ་ལི་ཀྲོ་ཏ་ནཱི༔ སརྦ་དྲ་བྱམ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་གྱིས་བརླབ༔ དེ་ལྟར་བསང་སྦྱང་བྱིན་བརླབས་ནས༔ སྤྱན་དྲང་ཆོ་ག་འདི་ལྟར་བྱ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་དང༔ སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་རྣམས༔ བདག་གིས་མོས་པས་སྤྱན་འདྲེན་ནོ༔ དང་པོ་འཁོར་འདས་གཞི་གཅིག་པས༔ ད་ལྟ་སེམས་ཅན་འཁྲུལ་པ་ལ༔ ཐུགས་རྗེ་ཆེན་པོས་བརྩེར་དགོངས་ལ༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཨེ་ཧྱེ་ཧི་ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཧྲིཾ་ཧྲིཾ་ཛ༔ དེ་ནས་ཚོགས་མཆོད་གསུམ་དུ་སྤྲོ༔ དང་པོ་མཆོད་ཅིང་བར་པ་བཤགས༔ ཐ་མ་བསྟབས་ཏེ་དབུལ་བར་བྱ༔ ཧཱུྃ༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་དང༔ སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་ལ༔ ཚོགས་ཀྱི་མཆོད་པ་འབུལ་བ་ནི༔ གཙོ་བོ་ཆེ་མཆོག་ཧེ་རུ་ཀ༔ སྐུ་ནི་འཇམ་དཔལ་གཤིན་རྗེ་གཤེད༔ གསུང་ནི་དབང་ཆེན་རྟ་མཆོག་དཔལ༔ ཐུགས་ནི་བཛྲ་ཧེ་རུ་ཀ༔ ཕྲིན་ལས་ཆེན་པོ་ཕུར་པའི་ལྷ༔ སྲིད་ཆགས་འདུལ་མཛད་མངོན་རྫོགས་དཔལ༔ སྐུ་གསུམ་རིག་འཛིན་དྲག་པོ་རྩལ༔ ཞེ་སྡང་འདུལ་མཛད་གཏུམ་པོའི་ཚོགས༔ དགྲ་བགེགས་འདུལ་མཛད་དྲག་སྔགས་ལྷ༔ གདུག་པའི་ཚོགས་འཇོམས་ཁྱུང་གི་ལྷ༔ བཀའ་ཉན་དམ་ཅན་སྲུང་མའི་ཚོགས༔ སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་ལ༔ འདོད་ཡོན་རྣམ་ལྔའི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱ༔ དྷེ་བཱི་ཀྲོ་ཏ་སརྦ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ ཞི་ཁྲོ་བཀའ་བརྒྱད་ཡོངས་རྫོགས་ལ༔ ཚོགས་ཀྱི་མཆོད་པ་འདི་ཕུལ་བས༔ རྩ་བ་ཡན་ལག་དམ་ཚིག་ལ༔ ཉམས་ཆག་བྱུང་བ་མཐོལ་ལོ་བཤགས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་པ་བཤགས་སྐོང་གཉིས་སྐོང་གསོ་བཀོལ་བ་ལྟར་ངེས་པར་གལ་ཆེ་ཡང་མི་ལྕོགས་ན་གཞུང་གསལ་འདི་ཀས་འཐུས་སོ། །དེ་ནས་ཚོགས་མཆོད་ཐ་མ་ནི༔ ཨེ་རཾཿཕཊ་རཾཿཛྭ་ལ་རཾཿཏྲི་ཡཾ་ཛ༔ ནྲྀ་ཡཾ་ཛཿཛ༔ འགུགས་པར་བྱེད་པའི་ལྕགས་ཀྱུ་མས༔ སྟོང་གསུམ་འཇིག་རྟེན་རབ་ཏུ་ཁོངས༔ དགྲ་བགེགས་གདུག་པའི་རྣམ་ཤེས་ཁུག༔ འཆིང་བར་བྱེད་པའི་ཞགས་པ་མས༔ གཟུགས་དང་རྣམ་ཤེས་མྱུར་དུ་ཆིངས༔ སྡོམ་པར་བྱེད་པའི་ལྕགས་སྒྲོག་མས༔ རྣམ་ཤེས་འཆུག་དབང་མེད་པར་གྱིས༔ མྱོས་བྱེད་ལྗང་ནག་དྲིལ་བུ་མས༔ དགྲ་བགེགས་སྐྱོབ་པའི་ལྷ་དང་ཕྲོལ༔ ནྲྀ་ཏྲི་བཛྲ་ཨཾ་གུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གཎྜེ་ཧོ༔ ཧཱུྃ༔ སྒྲོལ་བྱེད་ཆེན་པོ་གིང་གི་ཚོགས༔ མཚོན་ཆ་སྣ་ཚོགས་ཆར་ལྟར་ཕོབ༔ དགྲ་བགེགས་ལུས་སྲོག་ཚལ་པར་གཏུབས༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱོས༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ དུ་ཏྲི་ཨ་མུ་ཀ་ཤ་ཏྲཱུཾ་ཏྲིག་ནན་མྱག་ཧུར་ཐུམ་ཛ་མཱ་ར་ཡ་རྦད༔ ཚལ་པར་གཏུབས་ཏེ་དབུལ་བ་ནི༔ ཧཱུྃ༔ ཁྲག་འཐུང་དཀྱིལ་འཁོར་ཐམས་ཅད་ཀུན༔ ཞལ་གསུམ་དྲག་པོའི་ཞལ་གདོངས་ཤིག༔ འཁོར་བའི་ལམ་ལྔ་བཀག་པའི་ཕྱིར༔ དགྲ་བགེགས་བསྒྲལ་པའི་ཕུང་པོ་འདི༔ དུག་གསུམ་ཤ་ཁྲག་རུས་པ་སྟེ༔ ཁྲག་འཐུང་ལྷ་ཚོགས་རྣམས་ལ་འབུལ༔ ཤ་ནི་དབུས་མཐིང་རྔམས་ལ་འབུལ༔ ཁྲག་ནི་གཡོན་དམར་གཤེ་ལ་འབུལ༔ རུས་པ་གཡས་དཀར་བཞད་ལ་འབུལ༔ དུག་གསུམ་དབྱིངས་སུ་དག་པར་མཛོད༔ ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ༔ མ་ཏྲཾ་རུ་དྲ་པྲ་བན་ཙཀྲ་ཧཱུྃ་ཕཊ༔ པྲ་བེ་ཤ་ཡ་ཧཱུྃ་ཕཊ༔ ཏི་ཧཱུྃ་ཨེ་པ་ར་ན་ཧཱུྃ་ཕཊ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི༔ ཧཱུྃ༔ དགྲ་བགེགས་ཤ་ཁྲག་སྙིགས་མ་འདི༔ ཤ་ནི་ཕོ་ཉའི་ཚོགས་ལ་འབུལ༔ ཁམ་ཁམ་ཟོ་ཞིག་ཕོ་ཉ་རྣམས༔ ཁྲག་ནི་མ་མོའི་ཚོགས་ལ་འབུལ༔ ལྕིབ་ལྕིབ་ཐུངས་ཤིག་མ་མོ་རྣམས༔ རུས་པ་གིང་གི་ཚོགས་ལ་འབུལ༔ ཁྲུམ་ཁྲུམ་འཆོ་ཞིག་གིང་ཆེན་རྣམས༔ སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི༔ འཁོར་དུ་གཏོགས་པའི་དམ་ཅན་རྣམས༔ ཤ་ཁྲག་རུས་པ་འདི་གསོལ་ལ༔ བསྟན་པའི་དགྲ་བགེགས་མྱུར་དུ་སྒྲོལ༔ ཨ་མུ་ཀ་ཤ་ཏྲུཾ་མཱ་ར་ཡ་རྦད༔ དགྲ་བགེགས་ཀྱི་ཤ་རུས་ཁྲག་རྩ་ལ་ནུར་ནུར༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི༔ དེ་ལྟར་བསྟབ་སྟེ་དབུལ་བར་བྱའོ༔ འདིར་ཕྱག་ལེན་དུ་རྩ་གསུམ་སྐོང་གསོ་ངེས་པར་གཏང༔ སྤྲོ་ན་དོན་སྐོང་རྒྱས་པ་སྦྱར། མི་ལྕོགས་ན་པར་བཀབ་རང་མི་དགོས་ཤིང་། སྐོང་བ་བསྡུས་པ་ནི༔ ཧཱུྃ༔ བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་དུ༔ བླ་མ་ཡི་དམ་ལྷ་ཚོགས་ཡོངས་རྫོགས་ལ༔ རང་བྱུང་ཆོས་ཀྱི་དབྱིངས་ཀྱི་ཀོང་བུ་རུ༔ རིག་པ་ཡེ་ཤེས་མར་མེ་བལྟམས་ཏེ་འབུལ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ༔ སྐུ་ལྔ་ཡེ་ཤེས་ཡོངས་རྫོགས་མཆོད་པར་འབུལ༔ གཏོར་གཞོང་རྣམ་དག་དཔལ་གྱི་གཏོར་མས་གཏམས༔ འདོད་ཡོན་ཡོངས་སུ་རྫོགས་པའི་མཆོད་པར་འབུལ༔ ཁམས་གསུམ་འཁོར་བ་ཡོངས་སྒྲོལ་མཁའ་དབྱིངས་དག༔ ཆགས་མེད་རཀྟ་དམར་གྱི་མཆོད་པ་འབུལ༔ འབྲུ་བཅུད་སྟོང་ལ་སྦྱར་བའི་དཔའ་བོའི་རྫས༔ གཟི་བྱིན་བསྐྱེད་ཕྱིར་ཛ་གད་མཆོད་པར་འབུལ༔ ཨ་ལ་ལ་སྟེ་དགྱེས་པར་བཞེས་སུ་གསོལ༔ ཞེས་པ་ཙམ་བྱའོ། །རང་ཉིད་ཚོགས་ལ་རོལ་པ་ནི༔ ཧོ༔ བདག་དང་རྡོ་རྗེ་སློབ་དཔོན་དང༔ མཆེད་དང་ལྕམ་དྲལ་ཐམས་ཅད་ཀྱིས༔ མ་ཧཱ་མཱཾ་ས་གསོལ་བ་ཡིས༔ རྡོ་རྗེ་སེམས་དཔའི་སྐུ་ཚེ་དང༔ ལང་ཚོ་རྒྱས་ལ་མངའ་བརྙེས་ཤོག༔ ཛ་གད་དཔའ་བོ་གསོལ་བ་ཡིས༔ འགྲོ་བ་མང་པོ་དབང་འདུས་ཤོག༔ ཞལ་ཟས་མང་པོ་གསོལ་བ་ཡིས༔ ཞི་ཁྲོ་སྤྲུལ་པའི་སྐུ་ཐོབ་ཤོག༔ དེ་ལྟར་བརྗོད་ལ་ལོངས་སྤྱོད་དོ༔ ལྷག་མ་གཏང་བ་ནི༔ ལྕོགས་ན་ཕྲིན་ལས་ཆེན་མོ་ལྟར་བྱ། མི་ལྕོགས་ན་སྤྱི་ལྟར་བྱིན་བརླབས་ལ། ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་ས་མ་ཡ་དེ་བཱི་ཀྲོ་དྷ་སརྦ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཨོཾ་ཨུཙྪིཥྚ་བཛྲ་ཨ་ཏིཥྛ་ཤ་མུན་ཤ་ཏྲ་ཡ་ས་མ་ཡ་ཧཱུྃ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧྲཱིཿཧྲཱིཿཧྲཱི༔ བྷྱོ་བྷྱོ་བྷྱོ༔ ཨེ་ཨཱ་རལླི་ཛ༔ ཧཱུྃ༔ སྔོན་ཚེ་ཁྲག་འཐུང་ཧེ་རུ་ཀའི༔ སྤྱན་སྔར་ཁས་བླངས་དམ་བཅས་དང༔ བར་དུ་པདྨ་འབྱུང་གནས་ཀྱི༔ སྤྱན་སྔར་ཁས་བླངས་དམ་བཅས་པ༔ ད་ལྟ་རིག་འཛིན་བདག་ཉིད་ཀྱི༔ བྲན་དང་ཕོ་ཉར་ཁས་བླངས་པའི༔ སྒྲུབ་སྡེ་བརྒྱད་ཀྱི་བཀའ་སྲུང་དང༔ གསང་སྔགས་ཐེག་པའི་བཀའ་སྲུང་རྣམས༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ སྔོན་གྱི་དམ་ཚིག་དྲན་པར་གྱིས༔ གསང་སྔགས་བསྟན་པ་རྒྱས་པར་མཛོད༔ བདུད་དང་དམ་སྲི་རྡུལ་དུ་རློགས༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵེ་བྷྱཿསྭཱ་ཧཱ༔ ཞེས་དབུལ། དེ་ནས་སྐུལ་བསྡུས་པ་ནི༔ ཧཱུྃ༔ སྣང་སྲིད་ཐམས་ཅད་གཞལ་ཡས་ཁང༔ གཟུགས་རྣམས་ཐམས་ཅད་ཧེ་རུ་ཀ༔ དྲེགས་པ་ཐམས་ཅད་བྲན་དུ་ཁོལ༔ ང་ལས་ཆེ་བཙན་སུ་ཡང་མེད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ ལོངས་སྐུ་འཇིགས་པའི་ཆ་ལུགས་བཞེངས༔ ཞི་རྒྱས་དབང་དང་དྲག་པོ་ཡི༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ ཤཱནྟིཾ༔ པུཥྚིཾ༔ ཝ་ཤཾ༔ མཱ་ར་ཡ་ཧཱུྃ་ཕཊ༔ ཆད་མདོ་ནི༔ ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་འདས་པའི་དུས༔ འོག་མིན་དགའ་ལྡན་ཞེས་བྱའི་གནས་མཆོག་ཏུ༔ བཅོམ་ལྡན་དཔལ་ཆེན་ཁྲག་འཐུང་ཆེན་པོ་ཡིས༔ སྣང་སྲིད་མ་མོ་དམ་ལ་བཏགས་པའི་ཚེ༔ ཀེའུ་རི་ལ་སོགས་གནས་ཀྱི་ཁྲོ་མོ་བརྒྱད༔ སིང་ཧ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད༔ རྟ་གདོང་ལ་སོགས་སྒོ་མ་བཞི་རྣམས་ཀྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ དཔལ་ཆེན་བཀའ་ཡི་གཏོར་མ་འདི་བཞེས་ལ༔ བདག་གིས་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ བསྐལ་པ་བར་མ་གསང་སྔགས་དར་བའི་དུས༔ བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ ལས་ཅན་བལ་མོ་ཤཱཀྱ་དེ་མ་ཡིས༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ གཙང་རིས་དཔལ་མགོན་བདུན་ཅུ་རྩ་ལྔ་ཡིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ དཔལ་ཆེན་བཀའ་ཡི་གཏོར་མ་འདི་བཞེས་ལ༔ བདག་གིས་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ དེ་འོག་བསྐལ་པ་ཐ་མ་བོད་ཀྱི་ཡུལ༔ བསམ་ཡས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་དུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ མངའ་བདག་རྒྱལ་པོ་ལ་སོགས་གྲུབ་ཆེན་བརྒྱད༔ སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བཀའ་ཡི་སྲུང་མ་དྲེགས་པ་སྡེ་བརྒྱད་ཀྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ དཔལ་ཆེན་བཀའ་ཡི་གཏོར་མ་འདི་བཞེས་ལ༔ བདག་གིས་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ གཏོར་མ་ཟོར་དུ་འཕང་འདོད་ན༔ མཚོན་ཆའི་ཕུང་པོར་བྱིན་གྱིས་བརླབས༔ བྷྱོ༔ གཟུ་དང་དཔང་དུ་དཀོན་མཆོག་བཞུགས༔ ལེགས་ཉེས་སྲིད་པའི་ལྷ་འདྲེས་རྩིས༔ དགྲ་བགེགས་མ་གཏོགས་སྐུ་ཟུར་ཅིག༔ བཀའ་བརྒྱད་ལྷ་ཚོགས་དམག་དཔུང་སྐྱེད༔ དགྲ་བགེགས་སྙིང་ལ་གཏོར་ཟོར་རྒྱོབ༔ དྲག་སྔགས་སོ་ལྔ་པ་ཡིས་འཕང༔ དེ་ནས་བརྟན་མ་སྐྱོང་བ་ནི༔ ཧཱུྃ༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ བོད་ཡུལ་བརྟན་མ་བཅུ་གཉིས་དང༔ ཕྱི་གཏོར་དབང་བར་ཁས་བླངས་རྣམས༔ མཆོད་སྦྱིན་གཏོར་མ་འདི་ལོངས་ལ༔ བདུད་དཔུང་ཐུལ་ལ་ཞིང་བཅུ་སྒྲོལ༔ དལ་ཁ་ཆིངས་ལ་འབྲུ་བཅུད་སྤེལ༔ དམག་དཔུང་ཆོམས་ལ་མཚོན་ཁ་རྟུལ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ མ་མ་ཁ་ཁ་ལ་ལ་ལེ་ལེ་ཏ་ཏ་ཏེ་ཏེ༔ ཧྲཱི་མ་སརྦ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གཏོར་གཞོང་འོག་ཏུ་དམ་སྲི་བྲུབ༔ རི་རབ་འོག་ཏུ་མནན་པར་བསམ༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ ཡ་མ་དམ་སྲི་ཛ་ཛ༔ མཱ་ར་ཡ་རྦད་ནན༔ ནྲྀ་ཏྲི་སརྦ་མཱ་ར་ཡ་རྦད་ནན༔ ཕྲིན་ལས་བཞི་ཡི་བྲོ་ཡིས་མནན༔ ཧཱུྃ༔ ང་ནི་ཀུན་བཟང་ཧེ་རུ་ཀ༔ ཞི་ཁྲོ་རབ་འབྱམས་རྫོགས་པའི་སྐུ༔ རྡོ་རྗེའི་གར་དང་རྡོ་རྗེའི་གླུ༔ ཧཱུྃ་གི་འབྲུག་སྒྲ་དི་རི་རི༔ ཕཊ་ཀྱི་བརྡ་སྐད་སངས་སེ་སང༔ དྲག་པོའི་བཤུགས་གླུ་ཙེ་རེ་རེ༔ ཤངས་ནས་རླུང་ཆེན་འུ་རུ་རུ༔ སྙན་ནས་རང་སྒྲ་འབྲུག་ལྟར་སྒྲོག༔ ཞལ་ནས་མཆེ་གཙིགས་བདུད་བཞི་སྒྲོལ༔ སྤྱན་ནས་འོད་བྱུང་སྣང་སྲིད་གང༔ རྡོ་རྗེའི་བྲོ་གླུ་ཆེམས་སེ་ཆེམ༔ དང་པོ་གཟུགས་མེད་མུ་བཞི་གནོན༔ གཉིས་པ་གཟུགས་ཁམས་བཅུ་བདུན་གནོན༔ གསུམ་པ་འདོད་ཁམས་ཉི་ཤུ་གནོན༔ བཞི་པ་ལྷ་སྲིན་སྡེ་བརྒྱད་གནོན༔ དྲེགས་པ་ཐམས་ཅད་བུབ་ཅིང་བརྒྱལ༔ རྡོ་རྗེའི་བྲོ་གར་ཆེམས་སེ་ཆེམ༔ ཁྲོ་བོའི་གར་སྟབས་ལོག་གེ་ལོག༔ བྲོ་ཡིས་དྲེགས་པ་ཐམས་ཅད་འདུལ༔ གླུ་ཡིས་སྣང་སྲིད་དབང་དུ་སྡུད༔ ཚིག་གིས་དོན་དམ་ཆོས་ཉིད་མཚོན༔ ཞབས་བཞི་བརྡབས་པས་འཁོར་འདས་ཀུན༔ དབང་དུ་སྡུད་ཅིང་ཟིལ་གྱིས་གནོན༔ བདུད་དང་དགྲ་བགེགས་དམ་སྲི་རྣམས༔ ཐལ་བ་བཞིན་དུ་བརླག་པར་བྱའོ༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ བདེ་གཤེགས་ཡོངས་རྫོགས་དགོངས་སུ་གསོལ༔ འདིར་བཞུགས་རིག་འཛིན་བདག་ཅག་རྣམས༔ སྨིན་གྲོལ་གཉིས་ཀྱིས་རྒྱུད་སྦྱངས་ཤིང༔ བསྐྱེད་རྫོགས་གཉིས་ཀྱིས་ལས་གཞུང་བསྲངས༔ བསྙེན་སྒྲུབ་རྣམ་བཞི་མཐའ་རུ་ཕྱིན༔ ལས་དང་ཐུགས་རྗེ་མཐུན་པ་ཡིས༔ ཞི་རྒྱས་དབང་དྲག་ཡིད་བཞིན་གཏེར༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ་ཨཱཿ ཧཱུྃ༔ དངོས་གྲུབ་བསྩལ་དང་སྩོལ་བར་མི་བགྱིད་ཀྱང༔ བདེ་གཤེགས་རྒྱལ་བ་རྣམས་ཀྱི་བྱིན་གྱིས་བརླབས༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་རྗེ་དང༔ ཚོགས་ལམ་སྦྱོར་ལམ་གནས་པའི་རིག་འཛིན་དང༔ བདེ་གཤེགས་ཡོངས་རྫོགས་རྣམས་ཀྱིས་ཞལ་བཞེས་ལྟར༔ སྒྲུབ་མཆོག་བདག་ལ་སྔོན་གྱི་སྨོན་ལམ་མཐུས༔ ཚེ་དང་ཆོས་དང་ལས་བཞི་ལྷུན་གྲུབ་དང༔ རྐང་མགྱོགས་མིག་སྨན་རིལ་བུ་མཁའ་སྤྱོད་དང༔ སྲིད་དང་ཟས་ནོར་མཐུ་རྩལ་དངོས་གྲུབ་སྩོལ༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ དེ་ནས་མཆོད་བསྟོད་མདོར་བསྡུས་ནོངས་བཤགས་བཟོད་གསོལ། རྡུལ་ཚོན་དང་བུམ་པའི་ཡེ་ཤེས་པ་གཤེགས་གསོལ། རས་བྲིས་ཀྱི་ཕྱོགས་ལ་བརྟན་བཞུགས་རྣམས་སྤྱི་ལྟར་བྱ། ཉེར་བསྡུ་ནི༔ ཧཱུྃ༔ དང་པོ་ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ འགྲོ་དོན་སྐྱེ་བའི་ཆོ་འཕྲུལ་ཚོམ་བུ་དགུ༔ ཞི་ཁྲོ་ཡོངས་རྫོགས་འགྲོ་བ་ཀུན་བཏུལ་ནས༔ སླར་ཡང་ཆོས་ཉིད་རྣམ་དག་ཀློང་དུ་བསྡུ༔ ཨོཾ་ཨཱཿཧཱུྃ༔ བཛྲ་མུ༔ ཨཱ་ལི་ཀཱ་ལི་བརྗོད༔ རྒྱུན་སྤྱོད་ནི༔ ཧཱུྃ༔ ངར་འཛིན་རྣམ་དག་སྒྱུ་ལུས་འཇའ་འདྲ་འདི༔ དཔལ་ཆེན་སྐུ་གསུང་ཐུགས་སུ་རྒྱས་བཏབ་ནས༔ བདེན་པ་དབྱེར་མེད་ལྟ་སྤྱོད་ཟུང་འབྲེལ་ཏེ༔ རྒྱུན་དུ་འགྲོ་བ་འདྲེན་པའི་སྤྱོད་ལམ་བྱའོ༔ ཨོཾ་ཨཱཿཧཱུྃ༔ བཛྲ་ཧྲཱིཿཨཱ༔ མི་འགྱུར་མི་ཤིགས་རྡོ་རྗེའི་གུར༔ སྟོང་པའི་གོ་ཆ་བླ་ན་མེད༔ ཆོས་སྐུ་སྐྱེ་མེད་རྡོ་རྗེ་ཡིན༔ མཚན་མའི་སྤྱོད་ཡུལ་ཀུན་བཅོམ་ནས༔ ཆོས་ཀྱི་དབྱིངས་སུ་རྒྱས་བཏབ་པས༔ སངས་རྒྱས་ཀྱིས་ཀྱང་མི་གཟིགས་ན༔ གནོད་བྱེད་བགེགས་ཀྱིས་ག་ལ་མཐོང༔ ཧཱུྃ་ཧཱུྃ་ཧཱུྃ༔ བཛྲ་རཀྵ་རཀྵ་ཧཱུྃ༔ ཨོཾ་བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཧཱུྃ༔ དེ་ནས་སྨོན་ལམ་དང་བཀྲ་ཤིས་རྒྱས་པར་ལྕོགས་ན་ཕྲིན་ལས་ཆེན་མོ་ལྟར་བྱ། དཀྱུས་ཙམ་དུ། ཧཱུྃ༔ མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ༔ འགྱུར་བ་མེད་པར་ལྷུན་གྱིས་གྲུབ་པ་དང༔ རབ་འབྱམས་རྒྱལ་བ་རྣམས་ཀྱི་གནས་ཐོབ་ནས༔ འགྲོ་བ་ཡོངས་ཀྱི་དཔལ་དུ་འགྱུར་བར་ཤོག༔ ཅེས་དང་། བྱིན་རླབས་མཆོག་སྩོལ་རྩ་བརྒྱུད་བླ་མ་དང༔ དངོས་གྲུབ་ཆར་འབེབ་ཞི་ཁྲོ་བཀའ་བརྒྱད་ལྷ༔ དྲེགས་པའི་སྡེ་དཔོན་དམ་ཅན་གཏེར་སྲུང་སོགས༔ རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་བཀྲ་ཤིས་ཤོག༔ ཅེས་པ་ཙམ་བརྗོད་དོ། །སྒྲུབ་ཆེན་བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་ཆེན་པོའི་ཕྲིན་ལས་འབྲིང་པོ་རྫོགས་སོ༔ སྤྲུལ་སྐུ་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་མེ་ཕོ་རྟ་ཡི་ལོ་ལ༔ བྱང་ཟང་ཟང་ལྷ་བྲག་ནས་བསེ་སྒྲོམ་སྨུག་པོའི་ནང་ནས་གདན་དྲངས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ ྈྈྈ ཞེས་གཏེར་གཞུང་མ་བུ་གབ་སྤྲད་པ་ལས་སྨན་མཆོད་སྨོན་ལམ་ཤིས་བརྗོད་སོགས་ཅུང་ཟད་ཁྱེར་བདེར་བསྡེབས་ཤིང་། ལྷག་མ་དང་ཆད་མདོ་གསེར་མཛོད་ཀྱི་ཐུགས་སྒྲུབ་ནས་བླངས། རིག་འཛིན་བརྒྱུད་པའི་ཕྱག་བཞེས་ནར་བྱུང་དུ་གསལ་བར་བྱས་པ་ཙམ་ལས་བཅོས་བསླད་མ་མཆིས་ཀྱང་ནོངས་པར་གྱུར་ན་རྩ་གསུམ་ཆོས་སྲུང་དང་བཅས་པའི་སྤྱན་སྔར་སྙིང་ནས་བཤགས་པས་བཟོད་པར་མཛད་དུ་གསོལ། འདིའང་མགྱོགས་དབང་དང་རྒྱུན་གྱི་ཉམས་ལེན་ཙམ་ལ་དམིགས་པ་ཡིན་གྱི་གཞན་དུ་སྔོན་འགྲོ་དང་ཕྲིན་ལས་ཆེན་མོ་ཉིད་ལ་ཕྱག་བཞེས་ཀྱི་འགྲོས་འདི་ཀས་བརྒྱན་ཏེ་གཏང་བ་ཉིད་ཅི་ནས་གལ་ཆེའོ། །ཞེས་པའང་སྔགས་རིག་འཛིན་པ་པདྨ་གར་དབང་གི་སུག་རྗེས་སོ། །དགེ་ལེགས་འཕེལ།། །།
འབྲིང་པོ་མེའི་སྤུ་གྲིའི་སྒྲུབ་ཐབས་དང་དབང་ཆོག་ (Volume 61, Text 8)
ཨཱོྃ་སྭསྟི། ཁྲོ་བས་ཁྲོ་བ་འདུལ་བའི་ཕྱིར། །དྲག་པོར་ཁྲོས་པ་བླ་མ་ཡི། །སྒྲུབ་ཐབས་རྣོ་མྱུར་མེའི་སྤུ་གྲི། །སྙིང་པོར་དྲིལ་བའི་ལག་ལེན་བྲི། །འདིར་དྲག་སྒྲུབ་མེའི་སྤུ་གྲི་དང་འབྲེལ་བར་དབང་བསྐུར་བའི་ཚུལ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་ཐབས་དང་། དབང་གི་ཆོ་གའོ། །དང་པོ་ཡོ་བྱད་ཀྱི་བཤམ་ནི། སྟེགས་བུའི་ཁར་མཎྜལ་སྒོ་རྫོགས་སྤྱི་མཐུན་གྱི་ལྟེ་བར་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་དང་ལྡན་པའི་དབུས་སུ་མཉྫི་ལ་བུམ་པ་ཆས་ལྡན། དེའི་ཁར་བྷནྡྷ་བདུད་རྩི་མེ་ལོང་གིས་བཀབ་པ། དེའི་སྟེང་དུ་སྐུ་འབག །ཕྱིའི་ཕྱོགས་བཞིར་ཤར་ནས། རྡོ་རྗེ། བདུད་རྩིའི་ཐོད་པ། དྲིལ་བུ། ཕུར་པ་རྣམས་རིམ་པ་བཞིན་བཞག །གཏོར་དབང་བྱེད་ན་མདུན་དུ་དབང་གཏོར། གཞན་ཕྱི་ནང་གི་མཆོད་པ་སོགས་སྤྱི་མཐུན་དུ་བཤམ་མོ།། །།གཉིས་པ་སྒྲུབ་ཐབས་ལས་སྔོན་འགྲོ་ནི། སྐྱབས་སེམས་ཡན་ལག་བདུན་པ་ཙམ་མོ། །དངོས་གཞི་ནི་སྐད་ཅིག་གིས་རང་རིག་ཧཱུྃ་དམར་པོ་འབར་བར་གྱུར་པ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་མཆོད། བྱིན་རླབས་ཐམས་ཅད་བསྡུས་པ་ཧཱུྃ་ལ་ཐིམ། དེ་ལས་ཨེ་ཡཾ་རཾ་ར་སུཾ་ཀེཾ་བྷྲཱུྃ་རྣམས་མཆེད་པ་ལས་ནམ་མཁའ་རླུང་མེ་ཁྲག་མཚོ་ཞིང་གི་ས་གཞི་རུས་པའི་རི་རབ་རྣམས་བརྩེགས་པའི་སྟེང་དུ་བྷནྡྷ་འབར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་ལྡན་པ། རྒྱ་ཁྱོན་ཚད་མེད་པའི་ཕྱི་ནས་རྡོ་རྗེའི་གུར་ཁང་ཡེ་ཤེས་ཀྱི་མེ་ཕུང་འབར་བ་དང་བཅས་པའི་དབུས་སུ་པདྨ་ཉི་མ་དྲེགས་པ་བསྣོལ་བའི་གདན་ལ། ཧཱུྃ་ལས་རང་ཉིད་མདོག་དམར་མེའི་ཕྲེང་བ་ཅན་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ་ཞལ་གདངས་ཤིང་མཆེ་བ་གཙིགས་པ། སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། སྨིན་མ་དང་ཨག་ཚོམ་མེར་འབར་ཞིང་རལ་པ་དམར་སེར་གྱེན་དུ་བརྫེས་པ། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་ཧཱུྃ་དགུ་རཾ་དགུས་མཚན་པ་ཕྱར་ཞིང་། གཡོན་ལྕགས་ཀྱི་སྡིག་པ་ཁ་དགུ་མིག་དགུ་རྭ་བཅོ་བརྒྱད་པ་སྡིགས་མཛུབ་ཀྱི་རྩེ་ནས་འགྱེད་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་དོར་སྟབས་ཀྱིས་དྲེགས་པའི་གདན་ལ་རོལ་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། ཞིང་ལྤགས་ཀྱིས་རྐེད་དཀྲིས་ཤིང་། གླང་ཆེན་གྱི་ཀོ་བའི་སྟོད་གཡོགས་དང་སྟག་ལྤགས་ཀྱི་ཤམ་ཐབས་འཕྱང་བ། ཀླུ་རིགས་ལྔའི་སྦྲུལ་ཆུན་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། གར་དགུའི་ཉམས་རྒྱས་ཤིང་གཟི་བརྗིད་མཐའ་ཡས་པ། རྡོ་རྗེ་འབར་བའི་སྤུ་གསེབ་ནས་མེའི་ཚྭ་ཚྭ་འཕྲོ་བ། དུང་ཁང་དུ་འཁོར་ལོའི་ལྟེ་བར་འཇམ་དཔལ་སེར་པོ་རལ་གྲི་དང་སྡིགས་མཛུབ་ཅན་གྱི་སྤྱི་བོར་ཨཱོྃ། མགྲིན་པར་པདྨའི་དབུས་སུ་རྟ་མགྲིན་དམར་པོ་དབྱུག་ཐོ་དང་སྡིགས་མཛུབ་ཅན་གྱི་མགྲིན་པར་ཨཱཿ ཐུགས་ཀར་རྡོ་རྗེ་རྒྱ་གྲམ་གྱི་དབུས་སུ་པུ་རིའི་བུམ་པར་ཕྱག་རྡོར་མཐིང་ནག་རྡོ་རྗེ་དང་སྡིགས་མཛུབ་ཅན་གྱི་ཐུགས་ཀར་ཉི་མ་ལ་ཧཱུྃ་ཡིག་དམར་པོ་སྔགས་ཕྲེང་གིས་བསྐོར་བ། སྤྱི་བོར་བྱ་ཁྱུང་མཐིང་ནག་རྡོ་རྗེའི་མཆུ་སྡེར་དང་མེའི་གཤོག་པ་ཅན་དུག་སྦྲུལ་གཟུང་བ་ཐུགས་ཀར་ཁྲོཾ་གྱིས་མཚན་པ། དེའི་རྭ་བར་དུ་པད་ཟླའི་གདན་ལ་རིགས་བདག་སྣང་བ་མཐའ་ཡས་སྤྲུལ་སྐུའི་ཆས་ཅན་མཉམ་གཞག་སྐྱིལ་ཀྲུང་མཛད་པ། དེའི་སྟེང་གི་ནམ་མཁར་བླ་མ་ཐོད་ཕྲེང་རྩལ་ཡབ་ཡུམ་བཞུགས་པའོ། །གཞན་ཡང་སྤྲུལ་པའི་ཁྲོ་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ཏེ་མེ་དཔུང་འབར་བའི་ཀློང་ན་བཞུགས་པར་བསམ་མོ། །དེ་ནས་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པར་བསམ་ལ། ཧཱུྃ༔ དུར་ཁྲོད་མེ་རི་སྨུག་ནག་འབར་བའི་ཀློང་དཀྱིལ་ནས༔ སྟོང་གསུམ་དྲེགས་པ་འདུལ་མཛད་པདྨ་ཐོད་ཕྲེང་རྩལ༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ འགྲོ་བ་སེམས་ཅན་དོན་ལ་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛཿཕེཾ་ཕེཾ་ཕེཾ་ཧྲིཾ་ཧྲིཾ་ཧྲིཾ༔ ཞེས་སྤྱན་དྲངས་པས་མདུན་གྱི་ནམ་མཁར་བྱོན་པ་ལ་ཉེར་སྤྱོད་ལྔས་མཆོད་ནས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་དབྱེར་མེད་དུ་བཞུགས་པར་བསམ་མོ། །དེ་ནས་མདུན་གྱི་ནམ་མཁར་སངས་རྒྱས་སྲས་དང་བཅས་པ་བཞུགས་པ་ལ། བདག་གིས་འོད་ཟེར་རིམ་པ་བཞིན་སྤྲོ་བསྡུ་བྱས་པས། དང་པོས་གནས་གསུམ་གྱི་ས་བོན་ལས་འོད་ཟེར་འཕྲོས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་ཐོབ། ཡང་འོད་ཟེར་འཕྲོས་སངས་རྒྱས་ཐམས་ཅད་སྤྱན་དྲངས་སྣང་བ་མཐའ་ཡས་ལ་ཐིམ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ཐོབ། གཉིས་པས་སྙིང་གའི་ས་བོན་སྔགས་ཕྲེང་གིས་བསྐོར་བའི་འོད་ཀྱིས་བསྐུལ་རང་ལུས་རྡོ་རྗེའི་གོ་ཁྲབ་དྲྭ་མིག་ལྕགས་སྡིག་གིས་གཏམས་པས་བཅིངས། གསུམ་པས་བསྐུལ་འོད་ཟེར་དམར་པོས་ལུས་ཁྱབ་ཕྱི་རོལ་གྱི་སྟེང་དུ་གསེར་འཁོར་རྩིབས་རྩེ་ལས་སྡིག་པ་འཕྲོ་ཞིང་འཁོར་བ། བཞི་པས་བསྐུལ་འོད་ཟེར་སྣ་ལྔས་ལུས་ཁྱབ་ཕྱི་རོལ་གྱི་འོག་ཏུ་མེ་འཁོར་རྩིབས་རྩེ་ལས་མེ་སྟག་འཕྲོ་བ་ཤུགས་དྲག་ཏུ་འཁོར་བ། ལྔ་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་དམར་ནག་གྲངས་མེད་པ་འཕྲོས། དེ་རྣམས་མེ་དབལ་ནག་པོ་ཐོ་བ་དང་ལྕགས་ཀྱུ་ཐོགས་པ་སྤྲུལ་པ་ཡང་སྤྲུལ་དང་བཅས་པས་གནོད་བྱེད་ཐམས་ཅད་ཚར་བཅད། ཁྲོ་བོ་རྣམས་གུར་ཐབས་སུ་འཁྲིགས་པའི་དབུས་སུ་བདག་ཉིད་ཆེ་བཙན་འགྲན་ཟླ་དང་བྲལ་བའི་ལྷ་སྐུར་གྱུར་པའི་ལུས་དཀྱིལ་གྱི་ལྷ་རྣམས་ལས་འོད་ཟེར་འཕྲོས། ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། ལུས་ངག་ཡིད་གསུམ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་རྒྱས་བཏབ་པར་བསམ་ལ། ཨཱོྃ་ཨཱཿཧཱུྃ་ཨར་ཙིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཨཱཿཧཱུྃ་ཧཱུྃ་ཕཊ་ཕཊ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཕཊ༔ ཨཱོྃ་བཛྲ་ཡཀྴ་ཧཱུྃ༔ རཀྴ་ཧཱུྃ༔ རཱ་ཙ་གནོད་བྱེད་ཀྱི་སྙིང་ལ་མཱ་ར་ཡ་ཕཊ༔ ཅེས་བཟླ་ཞིང་རེས་འགའ་བདག་གི་ཞལ་དང་མེ་དབལ་གྱི་ཞལ་གཉིས་ལས་སྔགས་ཀྱི་སྤྲོ་བསྡུ་སྤུ་གྲི་རྩེ་བསྣོལ་གྱི་བར་དུ་གནོད་བྱེད་གཅད་སྲེག་བྱས་པར་བསམ་ནས་ཀྱང་བཟླ་སྟེ། ཁྲི་ཚོས་ལྷ་སྲིན་འདུལ། འབུམ་ཕྲག་གིས་མཆོག་གི་དངོས་གྲུབ་འཐོབ་པར་བཤད་དོ། །འདིར་སྒོས་ཆོས་དམིགས་སུ་བཤད་པ་རྣམས་མ་གཏོགས་གཞན་ཐམས་ཅད་བདེ་འདུས་སྒྲུབ་ཐབས་སུ་སྨྲོས་པ་ལྟར་འདོན་སྒོམ་བྱ་ཞིང་། ཐུན་མཚམས་ཀྱི་གཏོར་མའི་ཆོ་ག་ཡང་གོང་གསལ་དེ་དང་འདྲའོ། །ཡང་འཇུག་པ་བདེ་བར་འདོད་ན་ཕྱག་མཚན་ལྕགས་རྡོར་དུ་བྱེད་ཅིང་ལྟེ་བའི་མཁའ་འགྲོ་མི་བསྐྱེད་པ་ཙམ་ལས་གཞན་བདེ་འདུས་ལྟར་བྱས་ཀྱང་ཆོག་སྟེ་དོན་གྱི་གནད་གཅིག་པས་སོ།། ༈ །།གསུམ་པ་དབང་གི་ཆོ་ག་ནི། སྔར་བཤད་པའི་ཡོ་བྱེད་ཀྱི་བཤམ་དང་ལྡན་པས། སྒྲུབ་ཚུལ་བདག་མདུན་དབྱེར་མེད་ཉིད་ལས་བུམ་བཟླས་དང་ཏིང་ངེ་འཛིན་གྱི་དབང་ལེན་པ་རྣམས་བྱའོ། །སློབ་མའི་བྱ་བ་ནི། ཁྲུས་བྱ། བགེགས་བསྐྲད། ཆོས་བཤད་ཅི་རིགས་པ་ལས། ཉང་ཉི་མ་འོད་ཟེར་གྱིས་ལྷོ་བྲག་གི་སྲིན་མོ་སྦར་རྗེས་ཅན་ནས་བཏོན་པའི་དྲག་སྒྲུབ་ཆེ་འབྲིང་ཆུང་གསུམ་ལས་འབྲིང་པོ་མེའི་སྤུ་གྲིའི་སྐོར་ཏེ་ཞེས་མཚམས་སྦྱར་ནས་མཎྜལ་ཕུལ། མིག་དར་བཅིངས་ཏེ། དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ བླ་མ་རྡོ་རྗེ་འཛིན་པ་ཡིས༔ བདག་ནི་འཁོར་བའི་དུཿཁ་ལས༔ བསྒྲལ་ཕྱིར་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་གསུམ་གྱིས་གསོལ་བ་བཏབ། སྐྱབས་སེམས་དང་ཡན་ལག་བདུན་པ་བྱ། སླར་ཡང་། བླ་མ་རྡོ་རྗེ་འཛིན་པ་ཡིས༔ བདག་ཅག་མ་རིག་སེམས་ཅན་ལ༔ རིག་པ་ཡེ་ཤེས་ཆེན་པོ་ཡིས༔ ཡོངས་སུ་གང་བར་མཛད་དུ་གསོལ༔ ཡོངས་སུ་སྨིན་པར་མཛད་དུ་གསོལ༔ ཡོངས་སུ་གྲོལ་བར་མཛད་དུ་གསོལ༔ ཞེས་ལན་གསུམ་གསོལ་བ་འདེབས། ཡེ་ཤེས་པ་དབབ་པ་ནི། སློབ་མ་སྐད་ཅིག་གིས་དབང་དྲག་འབར་བའི་སྐུར་བསྐྱེད། སྙིང་གར་གཡུང་དྲུང་གི་དབུས་སུ་རྡོ་རྗེ་ཕག་མོ། ཡན་ལག་བཞི་ལ་རིགས་བཞིའི་མཁའ་འགྲོ་རྣམས་གསལ་བཏབ། གཡུང་དྲུང་གཡོན་དུ་འཁོར་བས་མཁའ་འགྲོ་རྣམས་བདེ་བའི་གར་བསྒྱུར་བ་ལ་སེམས་གཟུང་། དེ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་ནས་དབྱེར་མེད་དུ་ཐིམ་པར་མོས། རྩ་སྔགས་ལ་ཨཱ་བེ་ཤ་ཡ་བཏགས་པ་བཟླ་ཞིང་སྤོས་རོལ་བྱ། ཏིཥྛ་བཛྲས་བརྟན། པྲ་ཏཱིཙྪ་བཛྲ་ཧོཿས་མེ་ཏོག་ཕུལ། དེ་ནས། དུས་གསུམ་སངས་རྒྱས་བླ་མ་ཡི༔ ལམ་འདིར་ཁྱོད་ཞུགས་ཤིན་ཏུ་ལེགས༔ ཁྱོད་ལ་བདག་གིས་དབང་བསྐུར་བས༔ དད་ཅིང་འདུན་པས་འདིར་འདུག་ལ༔ མིག་ཕྱེ་ཐམས་ཅད་མཐོང་འགྱུར་བས༔ དཀྱིལ་འཁོར་དམ་པ་འདི་ལ་ལྟོས༔ དགའ་དང་དད་དང་འདུན་གྱིས་ཤིག༔ ཁྱོད་ཀྱི་ལྷ་ངོ་འདི་ཡིན་ནོ༔ ཞེས་མིག་དར་ཕྱེ་ནས་ལྷ་ངོ་བསྟན་ནོ། །དབང་གི་དངོས་གཞིའི་གསོལ་གདབ་ནི། དུས་གསུམ་བླ་མ་དགོངས་སུ་གསོལ༔ བདག་ཉིད་སངས་རྒྱས་འཐོབ་བྱའི་ཕྱིར༔ བདེ་གཤེགས་ཀུན་འདུས་བླ་མ་ཡི༔ དབང་བསྐུར་དམ་པ་མཛད་དུ་གསོལ༔ ལན་གསུམ། སློབ་དཔོན་གྱི་སྐུ་ལས་འོད་ཟེར་དཀར་པོ་སྐུ་དང་བཅས་པ་བྱུང་སློབ་མའི་སྤྱི་བོ་ནས་སིབ་སིབ་ཐིམ་པར་བསམ་ལ་སྐུ་གཟུགས་སྤྱི་བོར་བཞག་སྟེ། ཨཱོྃ༔ བདེ་བ་ཆེན་པོའི་ཕོ་བྲང་དུ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ཉོན་མོངས་ཕུང་པོ་ལྔ་སྦྱང་ཕྱིར༔ སྐུ་ལྔ་རྫོགས་པའི་དབང་བསྐུར་རོ༔ གུ་རུ་པདྨ་ཐོད་ཕྲེང་རྩལ་ཨ་བྷི་ཥིཉྩ་ཧྲིཾ་ཧྲིཾ་ཨཱོྃ༔ ཞེས་ལུས་ཀྱི་དྲི་མ་སྦྱངས་ལུས་སྐུ་ལྔར་གྱུར་བསྐྱེད་རིམ་སྒོམ་པ་དང་སྤྲུལ་སྐུ་ཐོབ་པའི་ནུས་ལྡན་དུ་བྱས། བླ་མའི་མགྲིན་པ་ནས་འོད་ཟེར་དམར་པོ་བདུད་རྩི་ཡེ་ཤེས་ལྔའི་ངོ་བོར་བྱུང་མགྲིན་པ་ནས་སིབ་སིབ་ཐིམ་པར་མོས་ནས་བྷནྡྷ་མགྲིན་པར་བཞག་སྟེ། ཨཱ༔ ལོངས་སྤྱོད་རྫོགས་སྐུའི་ཕོ་བྲང་དུ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ཉོན་མོངས་དྲི་མ་ལྔ་སྦྱང་ཕྱིར༔ བདུད་རྩི་གསུང་མཆོག་དབང་བསྐུར་རོ༔ གུ་རུ་པདྨ་ཐོད་ཕྲེང་རྩལ་ཨ་བྷི་ཥིཉྩ་ཧྲིཾ་ཧྲིཾ་ཨཱ༔ ཞེས་བདུད་རྩི་བྱིན། ངག་གི་དྲི་མ་སྦྱངས་ངག་གསུང་ལྔར་གྱུར་བཟླས་བརྗོད་བྱ་བ་དང་ལོངས་སྐུ་ཐོབ་པའི་ནུས་ལྡན་དུ་བྱས། བླ་མའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་ཡེ་ཤེས་ལྔའི་ངོ་བོར་བྱུང་སྙིང་ག་ནས་སིབ་སིབ་ཐིམ་པར་མོས་ནས་མེ་ལོང་སྙིང་གར་བཞག་སྟེ། ཧཱུྃ༔ ཆོས་དབྱིངས་དག་པའི་ཕོ་བྲང་དུ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ཉོན་མོངས་དྲི་མ་ལྔ་སྦྱང་ཕྱིར༔ ཡེ་ཤེས་ལྔ་ཡི་དབང་བསྐུར་རོ༔ གུ་རུ་པདྨ་ཐོད་ཕྲེང་རྩལ་ཨ་བྷི་ཥིཉྩ་ཧྲིཾ་ཧྲིཾ་ཧཱུྃ༔ ཡིད་ཀྱི་དྲི་མ་སྦྱངས་སེམས་ཡེ་ཤེས་ལྔའི་ངོ་བོར་གྱུར་རྫོགས་རིམ་སྒོམ་པ་དང་ཆོས་སྐུ་ཐོབ་པའི་ནུས་ལྡན་དུ་བྱས། བླ་མའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་ག་ཡེ་ཤེས་ཀྱི་བདུད་རྩིར་བྱུང་སློབ་མའི་གནས་གསུམ་དུ་སིབ་སིབ་ཐིམ་པར་བསམ་ནས་བུམ་པ་གནས་གསུམ་དུ་འཇོག་ཅིང་། ཧཱུྃ༔ ཆོས་དབྱིངས་བུམ་པའི་ཕོ་བྲང་དུ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ གཟུང་འཛིན་དྲི་མ་ཀུན་སྦྱང་ཕྱིར༔ ཡོན་ཏན་རྫོགས་པའི་དབང་བསྐུར་རོ༔ གུ་རུ་པདྨ་ཐོད་ཕྲེང་རྩལ་ཨཱོྃ་ཨཱཿཧཱུྃ་ཧྲཱིཿཨ་བྷི་ཥིཉྩ་སརྦ་སིདྡྷི་ཧཱུྃ༔ ཞེས་བསྐུར་ཞིང་བུམ་ཆུའང་སྦྱིན། གཟུང་འཛིན་གྱི་དྲི་མ་ཐམས་ཅད་སྦྱངས་སྐུ་ལྔ་ཡེ་ཤེས་ལྔར་གྱུར་ཟབ་མོའི་དེ་ཁོ་ན་ཉིད་སྒོམ་པ་དང་ངོ་བོ་ཉིད་སྐུ་ཐོབ་པའི་ནུས་ལྡན་དུ་བྱས་སོ། །དེ་རྣམས་ནི་རྩ་བ་དོན་གྱི་དབང་བཞི་འོ། །དེ་ནས་ཕྱོགས་ཀྱི་ཁྲོ་བོ་བཞིའི་ཕྲིན་ལས་བཞིའི་དངོས་གྲུབ་ཀྱི་རྫས་རྣམས་རིམ་པ་བཞིན་གཏད་པས་ལས་དེ་དང་དེ་འགྲུབ་པར་བསམ་ལ། ཤར་གྱི་རྡོ་རྗེ་གཏད་ལ། ཧཱུྃ༔ རྗེ་བཙུན་པདྨ་དྲག་པོ་ཡི༔ ཐུགས་ལས་སྤྲུལ་པའི་ཁྲོ་བོ་ནི༔ གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ རྡོ་རྗེ་ཆོས་ཀྱི་དབང་བསྐུར་བས༔ ཉོན་མོངས་ནད་གདོན་རྣམ་རྟོག་ཀུན༔ ཞི་བའི་ཕྲིན་ལས་དབང་ཐོབ་ཤོག༔ ཨཱོྃ་བཛྲ་གུ་རུ་པདྨ་ཤཱནྟིཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ ཞི་བའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་འགྲུབ་པའི་མཐུ་དང་ལྡན་པར་བསམ་མོ། །ལྷོའི་ཐོད་པ་གཏད་ལ། ཧཱུྃ༔ རྗེ་བཙུན་པདྨ་དྲག་པོ་ཡི༔ སྐུ་ལས་སྤྲུལ་པའི་ཁྲོ་བོ་ནི༔ འཇམ་དཔལ་གཤིན་རྗེ་གཤེད་པོ་ཡིས༔ བདུད་རྩི་ཡོན་ཏན་དབང་བསྐུར་བས༔ ཚེ་དང་བསོད་ནམས་ཡོན་ཏན་ཀུན༔ རྒྱས་པའི་ཕྲིན་ལས་དབང་ཐོབ་ཤོག༔ ཨཱོྃ་རཏྣ་གུ་རུ་པུཥྚིཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ རྒྱས་པའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་འགྲུབ་པའི་མཐུ་དང་ལྡན་པར་བསམ་མོ། །ནུབ་ཀྱི་དྲིལ་བུ་གཏད་ལ། ཧཱུྃ༔ རྗེ་བཙུན་པདྨ་དྲག་པོ་ཡི༔ གསུང་ལས་སྤྲུལ་པའི་ཁྲོ་བོ་ནི༔ དབང་ཕྱུག་རྟ་མགྲིན་དཔའ་བོ་ཡིས༔ གསུང་དབྱངས་དྲིལ་བུས་དབང་བསྐུར་བས༔ སྣང་དང་མི་སྣང་འཁོར་འདས་ཀུན༔ དབང་གི་ཕྲིན་ལས་དབང་ཐོབ་ཤོག༔ ཨཱོྃ་པདྨ་གུ་རུ་པཱ་ཤཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ དབང་གི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་འགྲུབ་པའི་མཐུ་དང་ལྡན་པར་བསམ་མོ། །བྱང་གི་ཕུར་བུ་གཏད་ལ། ཧཱུྃ༔ རྗེ་བཙུན་པདྨ་དྲག་པོ་ཡི༔ ཕྲིན་ལས་སྤྲུལ་པའི་ཁྲོ་བོ་ནི༔ ཡཀྴ་མེ་དབལ་དྲག་པོ་ཡིས༔ རྡོ་རྗེ་ཕུར་བུས་དབང་བསྐུར་བས༔ བགེགས་དང་ལོག་འདྲེན་འབྱུང་པོ་ཀུན༔ ཚར་གཅོད་ཕྲིན་ལས་དབང་ཐོབ་ཤོག༔ ཨཱོྃ་ཀརྨ་གུ་རུ་མཱ་ར་ཡ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ༔ དྲག་པོའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་འགྲུབ་པའི་མཐུ་དང་ལྡན་པར་བསམ་མོ། །དེ་རྣམས་ནི་ལས་བཞིའི་ཕྲིན་ལས་སྒྲུབ་པའི་དབང་བཞི་འོ། །གཏོར་དབང་བྱེད་པར་སྤྲོ་ན་སྔར་བཀོད་པ་དང་འོག་ཏུ་འབྱུང་བ་ཅི་རིགས་པ་འདིར་སྦྱར་རོ། །དམ་ཚིག་ནི་མི་དགེ་བ་བཅུ་སྤོང་བ་དང་། བླ་མའི་སྒོམ་བཟླས་དང་མཉེས་པའི་བྱ་བ་ཅི་ནུས་བསྒྲུབ། ཚོགས་གཏོར་དང་མཆོད་པ་ལ་འབད། བྱང་ཆུབ་ཀྱི་སེམས་དང་ལྡན་པ་ལ་བསླབ་བོ། །རྗེས་སློབ་མས་ཁས་བླང་མཎྜལ་འབུལ་བ་སོགས་དང་། ཆོ་གའི་རྗེས་བསྡུ་རྣམས་ཀྱང་སྔར་དང་འདྲའོ། །སྙིགས་དུས་འབྱུང་འ༵གྱུར་བར་ཆད་རྐྱེན། །སྐྱོབ་བྱེད་འཁྲུལ་མེ༵ད་རྡོ༵་རྗེ༵འི་གསུང་། །ཟབ་མོའི་གདམས་པ་ཀུན་གྱི་ཕུལ། །ཉང་གཏེར་དྲག་སྒྲུབ་སྙིང་པོའི་བཅུད། །ཉང་ལུགས་དྲག་པོ་མེའི་སྤུ་གྲིའི་སྒྲུབ་ཐབས་དང་འབྲེལ་བའི་ལེའུ་ཚན་ནོ།། །།
བོན་རྩིས་ཕྲ་མེན་སྐོར་རྣམས་ལས༔ རྨ་རྒྱལ་སྤོམ་རའི་སྒྲུབ་ཐབས་ (Volume 40, Text 8)
<!TCC Tibetan character 4,47 undefined in unicode!>ཾྯ༔ བོན་རྩིས་ཕྲ་མེན་སྐོར་རྣམས་ལས༔ རྨ་རྒྱལ་སྤོམ་རའི་སྒྲུབ་ཐབས་བཞུགས་སོ༔ བོན་སྲས་དབང་དྲག་འབར་ལ་འདུད༔ གཉན་ཆེན་སྒྲུབ་པར་འདོད་པས་ནི༔ གཞི་མ་དཀར་ལ་སོགས་པའི་སྟེང༔ ནས་ཀྱི་གཡུང་དྲུང་བྲིས་པ་འམ༔ ཡང་ན་སྐུ་མཁར་བྲིས་པ་སྟེ༔ རིན་ཆེན་སྣོད་དུ་འབྲུ་སྣ་ལྔ༔ ཆང་དང་མར་ཁུས་སྦྲུས་ནས་སུ༔ བང་རིམ་ལྕགས་རི་མཛེས་པའི་ཁར༔ སྐུ་མཁར་ལོངས་སྤྱོད་བཅས་པ་བཀོད༔ ནམ་མཁའ་རྒྱང་བུ་མདའ་འཕང་དང༔ ཤིང་རིས་མཐུན་རྫས་སྣ་ཚོགས་དང༔ མདའ་དར་གཡུ་འོད་འཕྲོ་བ་ཐོགས༔ རྔ་གཤང་རོལ་མོ་གླུ་དབྱངས་བཅས༔ བསྭོ་བསྭོ༔ ཡེ་སྟོང་བོན་སྐུའི་ཕོ་བྲང་ནས༔ ཕྱྭ་དམུ་གཙུག་གསུམ་ལྷ་དང་བཞི༔ སྲིད་པ་ལྷ་སྲས་འོད་འཕྲོ་འབར༔ ཉི་མ་ཤར་ལ་དབང་སྒྱུར་བའི༔ རྨ་རིགས་ཀུན་གྱི་མགོན་པོ་ལ༔ རྨ་སྲས་གསལ་བའི་འོད་ལྡན་གྲགས༔ དཀར་བའི་མཛུམ་མདངས་ཡ་ལ་ལ༔ དེང་འདིར་གཙང་མ་ལྷ་ཡི་གནས༔ བོན་ཉིད་སྒྲ་སྒྲོག་རྔ་བོ་ཆེ༔ གསལ་བའི་གླུ་དབྱངས་གཤང་སྒྲ་འཁྲོལ༔ དར་དཀར་མདའ་ཡི་གཡབ་མོ་དང༔ གཡུ་འོད་འབར་བས་སྤྱན་འདྲེན་ན༔ བོན་གྱི་ལྷ་སྲུང་སྐུ་བསྐྱོད་འཚལ༔ ཀྱེ༔ སྲིད་པ་ལྷ་ཡི་གནས་མཆོག་ཏུ༔ རིན་ཆེན་མཛེས་པའི་ས་གཞི་ལ༔ ནོར་བུ་སྣ་ཚོགས་སྐུ་མཁར་བརྩེགས༔ དར་ཟབ་དུ་མའི་གདན་ཁྲི་ལ༔ གཉན་ཆེན་འཁོར་དང་བཅས་པ་རྣམས༔ དགྱེས་པའི་ཚུལ་དུ་བཞུགས་སུ་གསོལ༔ བསྭོ༔ ཀུན་ཏུ་བཟང་པོ་སྟོན་པ་གཤེན་རབ་དང༔ ཚེ་དབང་རིག་འཛིན་རྣམས་ཀྱི་སྤྱན་སྔ་རུ༔ སྲིད་པའི་ལྷ་རབས་ཁྱོད་ཀྱིས་དཔང་བཙུགས་ནས༔ བོན་སྐྱོང་བྱེད་པར་ཞལ་བཞེས་དེ་བཞིན་དུ༔ བཅོལ་བའི་ཕྲིན་ལས་མ་ལུས་སྒྲུབ་པར་མཛོད༔ ཀྱེ༔ གཙང་མར་སྦྱར་བའི་དུད་སྤྲིན་མཁའ་ཁྱབ་ཀྱིས༔ མནོལ་གྲིབ་ཕོག་པ་ཐམས་ཅད་ཐུར་དུ་བསལ༔ དག་པར་བྱེད་པའི་ཨརྒྷཾ་དཀར་པོ་ཡིས༔ ཉེས་པའི་དྲི་མ་ཐམས་ཅད་ཡོངས་སུ་བཀྲུ༔ རིན་ཆེན་སྣ་ཚོགས་ལས་གྲུབ་རི་རབ་ལ༔ མཛེས་ཤིང་བརྗིད་པའི་ནོར་བུའི་གཞལ་ཡས་ཁང༔ ཟ་འོག་སྣ་ཚོགས་ཐོག་ཕུབ་ལོགས་སུ་གསལ༔ མཐོ་ཞིང་ཡངས་པའི་ངོ་མཚར་ཁྲི་མཆོག་ལ༔ བརྟན་པར་བཞུགས་པ་སྐུ་ཡི་རྒྱན་དུ་འབུལ༔ ཤིང་ཐོག་དཀར་གསུམ་ཤ་ཐུད་འབྲུ་ལ་སོགས༔ བཅུད་ལྡན་ཟས་སྣ་བཟའ་བའི་རིགས་རྣམས་དང༔ འབྲས་ཆང་རྒུན་ཆང་ཀ་ར་བུ་རམ་སྦྱར༔ བཏུང་བའི་ཚོགས་རྣམས་ཞལ་དང་ལྗགས་ལ་འབུལ༔ རིན་ཆེན་དར་ཟབ་གཡག་ལུག་ར་གསུམ་དང༔ གོ་ཆ་སྲ་ལ་མཚོན་ཆ་རྣོན་པོའི་ཚོགས༔ སྟག་གཟིག་གུང་སོགས་གཅན་གཟན་སྡེར་མོ་ཅན༔ འབྲང་རྒྱས་ཤ་བ་རི་དྭགས་རྩེ་བྲོ་འཁྲབ༔ ནམ་མཁའ་འཇའ་རིས་སྣ་ཚོགས་གདུགས་སུ་ཕུབ༔ ཤིང་རིས་འཇའ་ཚོན་སྣ་ཚོགས་བར་སྣང་ཁྱབ༔ མདའ་འཕང་སྐྱེས་པ་ཕོ་མོ་ས་གཞི་གང༔ རྒྱང་བུ་སྐུ་མཁར་བལ་ཏི་ཤུག་ཏི་དང༔ སྨྱུག་མ་རྩེ་རྒྱལ་དར་གྱིས་བརྒྱན་པ་རྣམས༔ ལྗོན་ཤིང་ལྷ་ཡི་དར་ཟབ་འདྲ༔ ཕོ་གཏང་མོ་གཏང་བུ་གཏང་རྣམས༔ ལྷ་མི་སྐྱེད་ཚལ་རྒྱུ་བ་བཞིན༔ ཐུགས་ལ་དགྱེས་པའི་མདོས་འདི་འབུལ༔ བསྭོ༔ ལྷ་སྲས་རྨ་རྒྱལ་སྤོམ་ར་ནི༔ སྐུ་མདོག་དཀར་གསལ་བརྗིད་ཅིང་མཛེས༔ ཟ་འོག་སྣ་ཚོགས་ན་བཟའ་གསོལ༔ རིན་ཆེན་མཛེས་པའི་དབུ་རྒྱན་ཅན༔ ཕྱག་ན་ཡིད་བཞིན་ནོར་བུ་འཛིན༔ མགྱོགས་འགྲོས་གཡུ་རྔོོག་ཆིབས་སུ་འཆིབ༔ རྨ་རིགས་སུམ་བརྒྱ་དྲུག་ཅུ་དང༔ རྨ་སྨན་འཁོར་ཚོགས་བསམ་མི་ཁྱབ༔ བསྟན་པ་སྲུང་བའི་མཐུ་རྩལ་ཅན༔ ཡོན་ཏན་བསམ་མི་ཁྱབ་པར་མངའ༔ ཁྱོད་ལ་བསྟོད་དོ་ཕྲིན་ལས་མཛོད༔ ༈ བསྭོ༔ ཕྱྭ་དང་གཡང་གི་བདག་པོ་ནི༔ རྨ་ཡི་ཡུལ་གྱི་བཙད་པོ་བ༔ སྐུ་ལྷ་དེ་ནི་ཆེན་པོར་གྲགས༔ བོན་དང་སྲིད་ཀྱི་གཡང་གི་བདག༔ ཞང་ཞུང་ཡུལ་གྱི་བོན་གྱི་གཡང༔ དེ་རིང་འདི་རུ་ཕྱྭ་ཁུག་ཅིག༔ ཤར་དང་ལྷོ་ཡི་རྒྱ་དཀར་ནག༔ ནུབ་བྱང་སྟག་གཟིག་གེ་སར་གྱི༔ བཙན་ཕྱུག་ནོར་གྱི་ཕྱྭ་གཡང་ཁུག༔ སྟེང་ཕྱོགས་ལྷ་ཡི་འཆི་མེད་ཚེ༔ འོག་ཕྱོགས་ཀླུ་ཡི་འཛད་མེད་ནོར༔ བར་ཕྱོགས་གཉན་གྱི་རྩལ་གཡང་རྣམས༔ མ་ལུས་ད་ལྟ་འདི་རུ་ཁུག༔ མི་ལ་ཚེ་དང་ནོར་ལ་གཡང༔ ཟས་ལ་བཅུད་ཀྱི་ཕྱྭ་གཡང་སྩོལ༔ སྙན་གྲགས་དཔལ་འབྱོར་རྒྱས་པར་མཛོད༔ ཕྱྭ་ཁུ་ཡེ་གཡང་ཁུ་ཡེ༔༈ བསྭོ༔ ཤར་ཕྱོགས་གངས་ཀྱི་རི་བོ་ན༔ སྤྲིན་དཀར་ན་བུན་འཁྱིལ་བ་ནས༔ ལྷ་ཡི་སྲས་པོ་གཉན་གྱི་རྗེ༔ མི་ཡི་ཟོ་དོར་གཡང་གི་བདག༔ བཙུན་མོ་སྲས་བློན་འཁོར་བཅས་ལ༔ སྤྱན་གཟིགས་མཆོད་པའི་མདོས་འདི་འབུལ༔ བསམ་པ་སྒྲུབས་ལ་རེ་བ་སྐོངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཀྱེ༔ གཙང་མ་ལྷ་ཡི་གནས་འདི་རུ༔ ཕྱྭ་དང་གཡང་གི་བདག་པོ་བ༔ སྐུ་གཅིག་ལ་ནི་མཚན་གསུམ་གྲགས༔ ཡབ་རྗེ་ལྷ་ཡིས་མཚན་གསོལ་བ༔ རྨ་སྲས་གསལ་བའི་འོད་ལྡན་གྲགས༔ ཡུམ་ནི་ལྷ་སྨན་མཚན་གསོལ་བ༔ རྨ་རྒྱལ་དེ་ནི་སྤོམ་ར་ཞེས༔ སྟོན་པ་བོན་གྱིས་མཚན་གསོལ་བ༔ ཉེ་རྗེ་དེ་ནི་གང་སྔོན་པ༔ དབུ་ནག་བོད་ཀྱིས་མཚན་གསོལ་བ༔ སྐུ་ལྷ་དེ་ནི་བཙད་པོར་གྲགས༔ ངམ་ཤོད་དེ་ཡི་རི་བོ་ན༔ བོན་སྲས་དབང་དྲག་འབར་བ་ཡིས༔ གཡུང་དྲུང་གཟི་འབར་རྩལ་དུ་བཏགས༔ སྐུ་གཟུགས་རིན་ཆེན་ནོར་གྱི་ཚོགས༔ སྲོག་གི་བང་སོ་འདི་འཛུགས་པས༔ ལྷ་སྲུང་རྟེན་དང་མི་འབྲལ་མཛོད༔ དགྲ་གདོན་རྣམས་ཀྱི་མགོ་བོ་ནོན༔ ཕྱྭ་གཡང་ནོར་ལ་འགུགས་པར་མཛོད༔ མཚུན་གཡང་མི་ཡི་རྗེ་བོ་མཛོད༔ བཀྲ་ཤིས་ལྷ་རྒྱལ་གཡང་ཁུ་ཡེ༔ ༈ བསྭོ༔ བོན་སྐྱོང་ཁྱེད་ནི་བོན་ལ་དགའ༔ འབྲེལ་པ་ཐ་ཚིག་བོན་ལ་ཆེ༔ བོན་སྲས་དབང་དྲག་བཀའ་བཞིན་དུ༔ གཡུང་དྲུང་བོན་གྱི་སྲོལ་འཛིན་ལ༔ ཤག་དང་མནའ་རོག་སྤུན་གྱི་ཚུལ༔ དེང་ཕྱིན་ཁ་འཛིན་སྡོངས་གྲོགས་མཛོད༔ ལོངས་སྤྱོད་ཕྱྭ་གཡང་དངོས་གྲུབ་སྩོལ༔ སྨྲང་རྣམས་ལན་གསུམ་དབྱངས་སུ་གྱེར༔ རྟེན་རྫས་མཆོད་གཏོར་གར་འོས་དཔྱད༔ རྗེས་ཀྱི་བྱ་བ་སྤྱི་ལྟར་བྱ༔ ཕྱི་རབས་བོད་ཀྱི་ལྗོངས་འདི་རུ༔ རྨ་གཡང་ལོངས་སྤྱོད་འབྱུང་ཕྱིར་དུ༔ བོན་སྲས་ཚེ་དབང་རིག་འཛིན་ངས༔ མ་འོངས་དོན་དུ་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ༔ འབུར་མོ་བྲག་ནས་མཆོག་གྱུར་གླིང་པས་སྤྱན་དྲངས་པ་བླ་ཁྲི་རྒྱལ་བ་གཡུང་དྲུང་གིས་དོན་གཉེར་ཆེར་མཛད་པའི་རྟེན་འབྱུང་དགེ་བར་བྱུང་བས་རྒྱམ་གངས་མགུལ་གཡུ་མཚོ་རི་ཁྲོད་དུ་ཕབ་པའོ། །ཡི་གེ་པ་ནི་ཧོར་འབྱུང་ཤེས་རབ་ཡོན་ཏན་གྱིས་བྲིས་པའོ། །སརྦ་མངྒ་ལཾ།། །།
སྔགས་རྒོད་ལོཀྟྲི་པཱ་ལའི་ལས་བྱང་སྙིང་པོའི་དོན་གསལ་ (Volume 34, Text 8)
༄༅། །སྔགས་རྒོད་ལོཀྟྲི་པཱ་ལའི་ལས་བྱང་སྙིང་པོའི་དོན་གསལ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། སངས་རྒྱས་ཀུན་གྱི་ཡེ་ཤེས་ཕྲིན་ལས་ནི། །རིག་སྔགས་གྲུབ་པ་དྲང་སྲོང་ཆེན་པོའི་སྐུར། །ཡོངས་བཞེངས་གསང་བདག་དཔའ་བོར་གུས་བཏུད་ནས། །གང་གི་སྒྲུབ་ཐབས་ཕྲིན་ལས་འདིར་གསལ་བྱ། །དེ་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་ལ་ཡོ་བྱད་ཀྱི་བཤམ་དང་ཆོ་གའི་སྔོན་འགྲོ་གཉིས་ཀྱི། དང་པོ་ནི། གནས་ཁང་མཛེས་པར་བརྒྱན་པ་དམ་ཚིག་གི་བྲིས་སྐུ་བཀྲམ་པའི་མདུན་དུ་སྟེགས་བུ་ཁེབས་དང་ལྡན་པའི་ཁར། རིན་པོ་ཆེའི་སྣོད་དུ་ཞི་བའི་དཀར་གཏོར་ཟླུམ་པོ་དཀར་གསུམ་མངར་གསུམ་ཤིང་ཐོག་སྣ་ཚོགས་ཀྱིས་བརྒྱན་པ་དང་། ཁྲོ་བོའི་དམར་གཏོར་གཙོ་འཁོར་བརྒྱད་པ་ཤ་ཁྲག་སོགས་ཀྱིས་བརྒྱན་པ་དང་། ཆོས་སྐྱོང་གཏེར་སྲུང་སོགས་ཀྱི་གཏོར་མ་རྣམས་དང་། སྨན་ཕུད། རཀྟ། ཉེར་སྤྱོད་ལྔ་སོགས་མཆོད་རྫས་དང་། ཚོགས་རྫས་རོལ་མོ་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་ལ་བདུན་ལས། དང་པོ་སྐྱབས་འགྲོ་ནི། རང་ཉིད་ཞེ་སྡང་རྡོ་རྗེར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དྲང་སྲོང་ཞི་ཁྲོའི་དཀྱིལ་འཁོར་གྱི་རྣམ་པར་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས་ལ། ཧཱུྃ། བརྒྱུད་པའི་རྩ་བ་བླ་མ་རྗེ། །དངོས་གྲུབ་འབྱུང་གནས་ཡི་དམ་ལྷ། །ལེགས་པར་བྱིན་རླབས་མཁའ་འགྲོ་མ། །རྩ་བ་གསུམ་ལ་སྐྱབས་སུ་མཆི། །ལན་གསུམ། གཉིས་པ་སེམས་བསྐྱེད་པ་ནི། ཧཱུྃ། བདག་གཞན་གཉིས་མེད་དོན་བསྒྲུབ་ཕྱིར། །དྲང་སྲོང་ཁྲོ་རྒྱལ་མཆོག་བསྒྲུབས་ནས། །སྙིང་པོ་བླ་མེད་བྱང་ཆུབ་བར། །གཞན་དོན་བྱེད་པར་སེམས་བསྐྱེད་དོ། །ལན་གསུམ། གསུམ་པ་ཚོགས་གསག་ནི། བདེ་གཤེགས་དཀྱིལ་འཁོར་ལྷ་ཚོགས་ལ། །ཕྱག་འཚལ་མཆོད་ཅིང་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར། །མྱ་ངན་མི་འདར་གསོལ་བ་འདེབས། །བླ་མེད་མཆོག་གི་དམ་ཚིག་རྣམས། །བདག་གིས་དེང་ནས་གཟུང་བར་བགྱི། །ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། བཞི་པ་བགེགས་བསྐྲད་པ་ནི། གཏོར་མ་བཤམས་ལ། རཾ་ཡཾ་ཁཾ་གིས་ཉེས་སྐྱོན་བསྲེགས་གཏོར་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བསམ་ལ། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབ། སརྦ་བིགྷྣཱན་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཞེས་ལན་གསུམ་གྱིས་བསྔོས་ལ། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །གསང་སྤྱོད་བལྟ་བར་མི་དབང་ཞིང་། །བྱང་ཆུབ་སྒྲུབ་ལ་བར་གཅོད་རྣམས། །མཆོད་སྦྱིན་བཟང་པོས་ཚིམས་བྱོས་ལ། །མྱུར་བ་ཉིད་དུ་ཕྱིར་དེངས་ཤིག །གལ་ཏེ་བཀའ་ལས་འདའ་བྱེད་ན། །སྤྲུལ་པའི་ཁྲོ་ཚོགས་མང་པོ་ཡིས། །རྡུལ་དུ་བརླག་པར་གདོན་མི་ཟ། །དྲག་སྔགས་རོལ་མོའི་ཚམ་རྔམ་དང་བཅས་པས་བསྐྲད། ལྔ་པ་མཚམས་གཅད་པ་ནི། ཧཱུྃ། ང་ཡི་དཀྱིལ་འཁོར་བརྟན་བྱའི་ཕྱིར། ཁྲོ་རྒྱལ་བྱིན་རླབས་ལས་བྱུང་བའི། །མཚོན་ཆ་རྣམ་པ་སྣ་ཚོགས་ཀྱིས། །དཀྱིལ་འཁོར་རིམ་པ་ཚུལ་བཞིན་བསྲུང་། །ཧཱུྃ། སྟེང་ཡང་རྡོ་རྗེའི་གུར་ཁང་ལ། །རྡོ་རྗེའི་ཐོག་དང་སེར་ཆེན་འབེབ། །འོག་ཀྱང་རྡོ་རྗེའི་ས་གཞི་ལ། །རྡོ་རྗེའི་ཚྭ་ཚྭ་སྐར་ལྟར་འཁྲུགས། །ཕྱོགས་མཚམས་རྡོ་རྗེས་གཏམས་པ་ཡི། །རྡོ་རྗེའི་མཚམས་ལས་མ་འདའ་ཞིག །ཨོཾ་བཛྲ་ཙཀྲ་རཀྵ་ཧཱུྃ་ཕཊ། ཅེས་དང་སྤྲོ་ན་ཕྱག་མཚན་གཞན་རྣམས་ཀྱི་གུར་རིམ་ཡང་འདོན་བསྒོམ་བྱ་ཆོག་ཅིང་། བསྡུ་ན་མཚོན་ཆ་ཐམས་ཅད་རྡོ་རྗེའི་ངོ་བོར་ཤེས་དགོས་པའི་ཕྱིར་གོང་དུ་བརྗོད་པ་ཉིད་ཀྱིས་ཀྱང་ཆོག་གོ །དྲུག་པ་བྱིན་དབབ་པ་ནི། ཧཱུྃ། ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། །གཟུགས་སྐུ་འཇིགས་བྱེད་ཁྲོ་བོའི་སྐུར་སྟོན་པ། །དྲང་སྲོང་ཞེ་སྡང་རྡོ་རྗེའི་ལྷ་ཚོགས་རྣམས། །གློག་ལྟར་མྱུར་བའི་ཐུགས་རྗེས་བརྩེར་དགོངས་ལ། །འདིར་གཤེགས་དབང་སྐུར་བྱིན་ཕོབ་དངོས་གྲུབ་སྩོལ། །ངོ་མཚར་རྟགས་དང་མཚན་མ་མྱུར་དུ་སྟོན། །ཨོཾ་ཏྲཾ་དུ་ཏྲི་ན་ཏྲཾ་དུ་ཛ་ཛཿཞེས་སྔགས་ཀྱི་མཐར། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ། ཞེས་དང་། ཧཱུྃ་ཧཱུྃ་ཞེས་པས་བྱིན་དབབ་ཅིང་བསྡུའོ། །བདུན་པ་མཆོད་རྫས་བྱིན་རློབ་པ་ནི། བདག་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མཆོད་རྫས་ཀྱི་ཉེས་སྐྱོན་དང་དངོས་འཛིན་དྲི་མ་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་བྷཉྫ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་ཨོཾ་ལས་ཕྱི་ནང་གསང་བའི་འདོད་པའི་ཡོན་ཏན་སོ་སོའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་བསམ་གྱིས་མི་ཁྱབ་པས་ནམ་མཁའ་རབ་འབྱམས་གང་བ་རྣམས་སུ་གྱུར་པར་བསམ་ལ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པཱདྱཾ་ པུཥྤེ་ དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་ཝིདྱ་ ཤབྡ་ཨཱཿཧཱུྃ། ཞེས་དང་། སྨན་ཕུད། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པའི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ་ལ་ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚན་པ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱཿ ལན་བདུན། རཀྟ་ལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་དུ་རཾ་ལས་ཉི་མའི་སྟེང་དུ་ར་ཡིག་ཞུ་བ་ལས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས་པ་ལ་ཁམས་གསུམ་གྱི་རཀྟ་ཐམས་ཅད་བསྡུས་ཤིང་ཐིམ་པར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱཿ ལན་གསུམ། གཏོར་མ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་གཏོར་གཞོང་བྷྲཱུྃ་ལས་རིན་པོ་ཆེའི་མཆོད་སྡོང་འདབ་མ་སྟོང་ལྡན་གྱི་སྙིང་པོར་གཏོར་རྫས་ཨོཾ་ལས་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱཿ ཞེས་ལན་གསུམ། དེ་དག་ནི་སྔོན་འགྲོ་འོ། །གཉིས་པ་དངོས་གཞི་ལ་བཅུ་ལས། དང་པོ་ལྷ་བསྐྱེད་གཉིས་ཀྱི་དང་པོ་ཞི་བར་བསྒོམ་པ་ནི། རང་ལུས་ཐ་མལ་དྷཱུ་ཏིའི་ནང་། །སྙིང་ཐད་པདྨ་འདབ་བཞིའི་དབུས། །ཉི་ཟླའི་གདན་ལ་ཨ་དཀར་པོ། །དེ་ལས་འོད་འཕྲོས་སྡིག་སྒྲིབ་སྦྱངས། །རྩ་གསུམ་འདུས་མདོར་པདྨ་ནི། །དམར་པོ་འདབ་མ་བཞི་སྟེང་དུ། །ཨ་ཡིག་རི་བོང་འཛིན་པའི་མདོག །འོད་འཕྲོས་ལུས་ངག་ནད་གདོན་སྦྱངས། །སྐད་ཅིག་བདག་ཉིད་དྲང་སྲོང་ནི། །སྐུ་མདོག་སྔོ་སྐྱ་སྐེམ་རིད་གཟུགས། །སྨིན་མ་ཨག་ཚོམ་རྒྱ་མདོར་བསླེབས། །རས་དཀར་སྨད་དཀྲིས་སྟོད་གཡོགས་ཅན། །སྐྱིལ་ཀྲུང་ཚུལ་བཞུགས་གུནྡྷེ་བསྣམས། །འཁོར་དུ་དྲང་སྲོང་འབུམ་གྱིས་བསྐོར། །སྙིང་གར་ཉི་མའི་གདན་སྟེང་དུ། །སྲོག་གི་སྙིང་པོ་ཧཱུྃ་མཐིང་ནག །ཏྲཾ་དུའི་སྔགས་ཀྱིས་བསྐོར་བར་བསམ། །ཨོཾ་ཏྲཾ་དུ་ཏྲི་ན་ཏྲཾ་དུ་ཛ་ཛཿ ཞེས་གོང་བསྙེན་ཁྲི་ཚོ་གཅིག་བཟླ་བར་གསུངས་ཤིང་། རྒྱུན་གྱི་ཕྲིན་ལས་ཀྱི་སྐབས་འདིར་ཡང་བརྒྱ་རྩ་ཙམ་རེ་བཟླའོ། །གཉིས་པ་དྲག་པོར་གནས་བསྒྱུར་ནི། རང་ཉིད་དྲང་སྲོང་ཞི་བ་རུ། །གསལ་བ་འོད་དུ་ཞུ་བ་ལས། །གསེར་གྱི་ཙཀྲ་རྩིབས་བརྒྱད་དབུས། །རང་ཉིད་སྐད་ཅིག་ཁྲོ་བོ་ནི། །ཞེ་སྡང་རྡོ་རྗེ་གསང་བའི་བདག །མཐིང་ནག་ཞལ་གཅིག་ཕྱག་བཞི་པ། །དང་པོ་གཉིས་ཀྱིས་ཐོ་བ་དང་། །རལ་གྲི་འབར་བ་རབ་ཏུ་གདེངས། །མཐའ་གཉིས་གནམ་ལྕགས་ལག་མཐིལ་ལ། །སོར་མོ་ལྕགས་སྡིག་མགོ་དགུར་ཕྱར། ཁམ་ནག་དབུ་སྐྲ་གྱེན་དུ་བརྫེས། །ཉི་ཟླའི་གདན་ལ་བརྐྱང་བསྐུམ་བགྲད། །ཤིན་ཏུ་ཁྲོས་ཤིང་མི་སྡུག་པ། །རྒྱན་མེད་མེ་དཔུང་དབུས་ན་བཞུགས། །སྤྱི་བོར་དྲང་སྲོང་དྲི་མེད་དང་། །དེ་སྟེང་རིགས་བདག་པད་འབྱུང་བཞུགས། །ཐུགས་ཀར་ཧྲཱིཿལས་གསེར་འཁོར་ནི། །རྩིབས་བརྒྱད་དབུས་སུ་པད་ཉིའི་སྟེང་། །རང་འདྲའི་གསང་བདག་ཡེ་ཤེས་སེམས། །ཐུགས་སྲོག་མཆོང་གུར་ཕུབ་འདྲ་བ། །ཟུར་བརྒྱད་དབུས་སུ་ཉི་སྟེང་ཧཱུྃ། །མཐིང་ནག་གསལ་འཚེར་ཏིང་འཛིན་སེམས། །ལྕེ་རྩའི་མ་རྐན་ཨ་ཡིག་ལས། །ཟླ་དཀྱིལ་ཨ་དཀར་ཏྲཾ་དུས་བསྐོར། །སྨྲ་བྱེད་གནམ་ལྕགས་རྡོ་རྗེ་ནི། །རྩེ་དགུ་ལྟེ་བར་ཧཱུྃ་གིས་མཚན། ཁོང་གསེང་ཕྱིར་གདེངས་ར་དགུའི་རྩེར། །མཆོང་བཅག་འདྲ་བའི་ཕཊ་དགུ་ལས། །མེ་ཡི་ཚྭ་ཚྭ་ཤུགས་དྲག་འཕྲོ། །རང་གི་གནས་གསུམ་ཨོཾ་དཀར་དང་། །ཨཱཿདམར་ཧཱུྃ་མཐིང་གསུམ་གྱིས་མཚན། །ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། །རྒྱ་གར་ལྷོ་ཕྱོགས་ཀུན་འདུས་རི། །ནགས་ཚལ་དྲྭ་བའི་ཕོ་བྲང་ནས། །དྲང་སྲོང་ཞི་ཁྲོའི་ལྷ་ཚོགས་རྣམས། །སྤྲིན་གཏིབས་བཞིན་དུ་བྱོན་པར་གྱུར། །ཅེས་པས་གསལ་གདབ་བོ། །གཉིས་པ་སྤྱན་འདྲེན་པ་ནི། མོས་གུས་གདུང་ཤུགས་དྲག་པོས་སྙན་པའི་ལྷ་ཆ་རོལ་མོའི་སྒྲ་དང་བཅས་པས་ཨོཾ་ཏྲཾ་དུ་ཏྲི་ན་ཏྲཾ་དུ་ཛ་ཛཿཛཿཧཱུྃ་བཾ་ཧོཿ ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་གནས་འདིར་སྤྱན་འདྲེན་ན། །རྒྱ་གར་ཡུལ་གྱི་ལྷོ་ཕྱོགས་ངོས། །ཡུལ་ནི་རྒྱ་གར་ཨིནྡྲའི་ཡུལ། །རི་བོ་ཀུན་འདུས་རྩེ་མོ་ནས། །ནགས་ཚལ་དྲྭ་བའི་ཀློང་དཀྱིལ་ན། །རིན་ཆེན་སྣ་ལྔའི་ཁྲི་སྟེང་ན། །སློབ་དཔོན་དྲང་སྲོང་དྲི་མེད་ནི། །དྲང་སྲོང་འབུམ་གྱི་འཁོར་གྱིས་བསྐོར། །མ་ལུས་འཁོར་དང་བཅས་པ་རྣམས། །སེམས་ཅན་དོན་ལ་གཤེགས་སུ་གསོལ། །སྡེ་བརྒྱད་འདུལ་ཕྱིར་གཤེགས༴ བྱད་མ་ཟློག་ཕྱིར་གཤེགས༴ འབྱུང་པོ་འདུལ་ཕྱིར་གཤེགས༴ རྒྱལ་བསེན་འདུལ་ཕྱིར་གཤེགས༴ དགྲ་བགེགས་འདུལ་ཕྱིར་གཤེགས༴ པདྨའི་གདན་ལ་བཞུགས་སུ་གསོལ། །ཨོཾ་ཧ་ལ་ཧ་ལ་ཧི་ལི་ཧི་ལི་ཧེ་ཧེ་དུང་དུང་ཛཿཛཿ བྷྱོ་བྷྱོ་ཟློག་ཟློག །ཅེས་པས་སྤྱན་དྲངས་ལ། གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ། བདག་ཅག་བསོད་ནམས་སྐལ་བར་ལྡན། །དྲང་སྲོང་འཁོར་བཅས་བྱོན་པ་ལེགས། །ཇི་སྲིད་བརྟན་པར་བཞུགས་སུ་གསོལ། ཁྱེད་ཀྱི་ཐུགས་རྗེས་བདག་ལ་གཟིགས། །ཐུགས་རྗེས་བདག་ལ་དབང་བཞི་སྐུར། །ཅེས་དང་། ཨོཾ་ཏྲཾ་དུ་ཏྲི་ན་ཏྲཾ་དུ་ཛ་ཛཿཉེར་གཅིག་བརྗོད་པས་དམ་ཚིག་པ་དང་དབྱེར་མེད་དུ་གྱུར་པར་བསམ་མོ། །བཞི་པ་ཕྱག་བྱ་བ་ནི། ཧཱུྃ། སློབ་དཔོན་དྲི་མེད་འཁོར་བཅས་ལ། །བདག་ཅག་གུས་པས་ཕྱག་འཚལ་ལོ། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །སྡེ་བརྒྱད་དབང་སྡུད་དངོས་གྲུབ་སྩོལ། །མཐུ་རྩལ་དབང་གི་དངོས་གྲུབ་སྩོལ། །ཅེས་པས་ཕྱག་བྱ། ལྔ་པ་མཆོད་པ་ལ་གཉིས་ཀྱི་ཕྱི་མཆོད་ནི། ཨོཾ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ །དྲང་སྲོང་རྒྱལ་པོ་རིག་སྔགས་བདག །དྲག་སྔགས་བདག་པོ་མཐུ་རྩལ་ཅན། །སྡེ་བརྒྱད་འདུལ་བའི་དྲག་ཤུལ་ཅན། ཁྱེད་ལ་མཆོད་པ་འབུལ་བ་ནི། །སྣང་གསལ་སྒྲོན་མེ་འདི་ཕུལ་བས། །མ་རིག་མུན་པ་སེལ་བར་ཤོག །ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཁྱེད་སྐུར་སྒྲིབ་པ་མི་མངའ་ཡང་། །སེམས་ཅན་སྒྲིབ་པ་སྦྱང་བའི་ཕྱིར། །བདུད་རྩིའི་ཁྲུས་ཆབ་འདི་གསོལ་བས། །སྐུ་རྣམས་དབྱིངས་ནས་དག་པ་བཞིན། །སེམས་ཅན་སྒྲིབ་པ་དག་གྱུར་ཅིག །ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། བདུད་རྩི་ངད་ལྡན་སྤོས་མཆོག་འདི། །དྲང་སྲོང་འཁོར་དང་བཅས་ལ་འབུལ། །ཐུགས་རྗེས་བྱིན་རློབས་བཞེས་སུ་གསོལ། །ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། བསྐལ་པ་བཟང་པོའི་ནས་འབྲུ་བཞིན། །ཞལ་ཟས་རོ་མཆོག་བརྒྱ་ལྡན་འདི། །དྲང་སྲོང་ཁྱོད་ལ་འབུལ་ལགས་ན། །ཐུགས་རྗེ་དང་ནི་དམ་ཚིག་དང་། །གཉིས་མེད་དོན་གྱིས་བཞེས་སུ་གསོལ། །ཨོཾ་བཛྲ་ནཻ་བིདྱ་ཨཱཿཧཱུྃ། ཀ་ལ་པིངྐའི་སྒྲ་དབྱངས་བཞིན། །སྒྲ་སྙན་རྒྱུན་རྣམས་ཐམས་ཅད་ཀུན། །དྲང་སྲོང་ཁྱེད་ལ་འབུལ་ལགས་ན། །ཐུགས་རྗེ་དང་ནི་དམ་ཚིག་དང་། །གཉིས་མེད་དོན་གྱིས་བཞེས་སུ་གསོལ། །ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། །ཞེས་གཙང་མར་སྦྱར་བའི་མཆོད་པ་ལྔས་མཆོད། ནང་གི་མཆོད་པ་ནི། ཧཱུྃ། དགྲ་བགེགས་བསྒྲལ་པའི་ཤ་ཁྲག་དང་། །དུག་ལྔ་སྨན་སྦྱར་བདུད་རྩི་དང་། ཁམས་གསུམ་བསྒྲལ་པའི་རཀྟ་དང་། །འདོད་ཡོན་རྨད་བྱུང་གཏོར་མ་རྣམས། །དགྱེས་སྐོང་དམ་རྫས་ནམ་མཁའི་ཁམས། །ཡོངས་སུ་གང་བ་འདི་དག་རྣམས། །དྲང་སྲོང་ཁྲོ་བོའི་རྒྱལ་པོ་ཆེ། །ཞེ་སྡང་རྡོ་རྗེ་གསང་བའི་བདག །འཁོར་དང་བཅས་པ་རྣམས་ལ་འབུལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་པཱུ་ཛ་ཁཱ་ཧི། ཞེས་ནང་གི་མཆོད་པའི་ས་ཁོང་གཟུང་བ་ཙམ་གྱིས་ཆོག་པར་བྱེད་པའམ། སྤྲོ་ན་རིགས་མཐུན་གྱི་ཆོ་ག་གཞན་ནས་བླངས་ཀྱང་རུང་ངོ་། །དྲུག་པ་བསྟོད་པ་ནི། ཧཱུྃ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ །སངས་རྒྱས་ཀུན་གྱི་སྤྲུལ་པ་ཡི། །དྲང་སྲོང་ཆེན་པོ་དྲི་མེད་ནི། །བག་ཆགས་དྲི་མ་མི་མངའི་ཕྱིར། །ཉི་ཟླ་པདྨའི་གདན་ལ་བཞུགས། །ཐབས་དང་ཤེས་རབ་ལྡན་པའི་ཕྱིར། །ཞལ་གཅིག་ཕྱག་གཉིས་དྲང་སྲོང་སྐུ །འདོད་ཆགས་དུག་ལྔ་སྤངས་པའི་ཕྱིར། །སྐུ་མདོག་སྔོ་སྐྱ་སྐེམ་རིད་གཟུགས། ཁམས་གསུམ་དབང་དུ་བསྡུ་བའི་ཕྱིར། །དབུ་སྐྲ་ལྕང་ལོ་གྱེན་དུ་འཁྱིལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །ཞལ་ནས་སྡེ་བརྒྱད་སྤུ་གྲི་གསུང་། །སྡེ་བརྒྱད་གནོད་པ་ཟློག་པའི་ཕྱིར། །ཕྱག་ན་གསེར་གྱི་རྡོ་རྗེ་བསྣམས། །སྤྲུལ་པས་ཀུན་ལ་ཁྱབ་པའི་ཕྱིར། །འཁོར་དུ་དྲང་སྲོང་འབུམ་གྱིས་བསྐོར། །སྡེ་བརྒྱད་དབང་དུ་བསྡུ་བའི་ཕྱིར། །རི་བོ་ཀུན་འདུས་རྩེ་ལ་བཞུགས། །སངས་རྒྱས་སྤྲུལ་པ་ཡིན་པའི་ཕྱིར། །སྐུ་ལ་ན་བཟའ་རས་གོས་གསོལ། །ས་བཅུ་ཟིལ་གྱིས་གནོན་པའི་ཕྱིར། །ནགས་ཚལ་དྲྭ་བའི་ཕུག་ན་བཞུགས། །ཚེ་དང་བསོད་ནམས་སྤེལ་བའི་ཕྱིར། །ཤིང་ཏོག་སྣ་ཚོགས་ཞལ་དུ་གསོལ། །སངས་རྒྱས་སྟོང་གི་སྤྲུལ་པའི་སྐུ །དྲང་སྲོང་ཁྱེད་ལ་གུས་ཕྱག་འཚལ། ཁྱེད་ཀྱིས་བདག་ལ་དངོས་གྲུབ་སྩོལ། །སྡེ་བརྒྱད་དབང་དུ་སྡུད་པའི་ཕྱིར། །མཐུ་དང་རྫུ་འཕྲུལ་བདག་ལ་སྩོལ། །ཅེས་དང་། སྤྲོ་ན་ཁྲོ་བོའི་བསྟོད་པའང་བྱ། བདུན་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ། སངས་རྒྱས་བསྟན་པ་བསྲུང་བ་དང་། །ལས་ངན་དགྲ་བགེགས་བསྒྲལ་བ་དང་། །བར་གཅོད་རྒྱལ་འགོང་འདུལ་བ་དང་། །བྱད་མ་རྦོད་གཏོང་བཟློག་པ་དང་། །ལྷ་སྲིན་སྡེ་བརྒྱད་འདུལ་བའི་ཕྱིར། དྲང་སྲོང་ཆེན་པོ་རབ་ཁྲོས་ཤིང་། །ཉོན་མོངས་དུག་གསུམ་འཇོམས་པའི་ཕྱིར། །དུས་གསུམ་སངས་རྒྱས་འཁོར་བཅས་བཞེངས། །ཞེ་སྡང་དུག་ལྔ་གཞོམ་པའི་ཕྱིར། །རིགས་ལྔའི་སངས་རྒྱས་འཁོར་བཅས་བཞེངས། །མི་དགེ་བཅུ་རྣམས་འདུལ་བའི་ཕྱིར། །ཕྱོགས་བཅུའི་སངས་རྒྱས་འཁོར་བཅས་བཞེངས། །ལྷ་སྲིན་སྡེ་བརྒྱད་འདུལ་བའི་ཕྱིར། །དྲང་སྲོང་འཁོར་བཅས་ཐམས་ཅད་བཞེངས། །བར་གཅོད་ལོག་འདྲེན་འདུལ་བའི་ཕྱིར། །ཕྱག་མཚན་ཐམས་ཅད་མཚོན་ཆར་བཞེངས། །བཞེངས་ཤིག་དྲང་སྲོང་ཆེན་པོའི་ཚོགས། །འདིར་བྱོན་མཆོད་གཏོར་འདི་བཞེས་ལ། །བསྟན་པ་བསྲུང་བའི་ལས་མཛོད་ཅིག །ཕྲིན་ལས་བཅོལ་བའི་དུས་ལ་བབ། །བྱད་མ་ཟློག་པའི་དུས་ལ་བབ། །རྒྱལ་འགོང་འདུལ་བའི་དུས་ལ་བབ། །དགྲ་བགེགས་སྒྲོལ་བའི་དུས་ལ་བབ། །ཅེས་བསྐུལ་པས་ལྷ་ཚོགས་ཐམས་ཅད་དྲག་པོའི་རྣམ་རོལ་དུ་ཧབ་དིར་གྱིས་བཞེངས་པར་བསམ་མོ། །བརྒྱད་པ་ཆེ་བའི་ང་རྒྱལ་བསྐྱེད་པ་ནི། རང་གི་ལྕེ་རྡོ་རྗེ་རྩེ་དགུ་པའི་ལྟེ་བ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་སྤྲོས་པས་སྡེ་བརྒྱད་རྣམས་ཀྱི་སྙིང་ནས་དྲངས་ཏེ་ངུད་མོའི་སྒྲ་དང་བཅས་པས་རང་དབང་མེད་པར་བཀུག་པ་མདུན་དུ་འདར་ཕྲིལ་གྱིས་འཁོད་པར་བསམ། སླར་ཡང་ལྕེའི་ཧཱུྃ་ལས་སྤྲོས་པའི་རྡོ་རྗེ་རྒྱ་གྲམ་རེ་དེ་རྣམས་ཀྱི་སྤྱི་བོར་ བཞག་པས་གཡོ་འགུལ་མི་ཤེས་པར་བསམ་ལ། ཧཱུྃ། ང་ནི་མ་མོ་ཀུན་གྱི་ཡབ། །ང་ནི་གཤིན་རྗེ་ཀུན་གྱི་ཡུམ། །ང་ནི་ཁམས་གསུམ་ཀུན་གྱི་བདག །ང་ནི་དབང་ཕྱུག་ཆེན་པོ་སྟེ། །ང་ནི་སྲོག་གཅོད་ཀུན་གྱི་རྗེ། །ང་ནི་སྲིད་པ་ཀུན་གྱི་བདག །རྒྱུད་ཀྱིས་མཚོན་པའི་གཏེར་གཞུང་ཕལ་ཆེར་ལ་འདིའོ།་་་ཧཱུྃ། ང་ནི་སྲིད་པ་ཀུན་གྱི་རྗེ། །ང་ནི་སྐྱེ་འགྲོ་ཀུན་གྱི་ཡབ། །ང་ནི་སྲོག་གཅོད་ཀུན་གྱི་བདག །ཐམས་ཅད་ཀུན་གྱི་སྲོག་སྙིང་བདག །ཁྱོད་ཀྱི་སྙིང་ཁྲག་ང་ལ་ཡོད། །ང་ཡི་ལས་རྣམས་ཁྱོད་ཀྱིས་སྒྲུབས། །ང་ནི་སྐྱེ་འགྲོ་ཀུན་གྱི་ཡབ། །ང་ནི་སྙིང་ཁྲག་ཀུན་གྱི་བདག །ཁྱོད་ཀྱི་སྙིང་ཁྲག་ང་ལ་ཡོད། །ང་ཡི་ལས་རྣམས་ཁྱོད་ཀྱིས་སྒྲུབས། །ཞེས་པས་དྲེགས་པ་སྡེ་བརྒྱད་ཐམས་ཅད་ཀྱི་སྲོག་བདག་གི་དབང་དུ་གྱུར་པར་བསམ་མོ། །དགུ་པ་དམ་བརྡར་ཞིང་དཔང་གསོལ་བ་ནི། ཧཱུྃ། སངས་རྒྱས་ཐམས་ཅད་གཟུ་དང་དཔང་། །དམ་ཆོས་རིན་ཆེན་གཟུ་དང་དཔང་། །དགེ་འདུན་འདུས་པ་གཟུ་དང་དཔང་། །དཀོན་མཆོག་གསུམ་པོ་གཟུ་དང་དཔང་། །ཆོས་སྐྱོང་སྲུང་མ་གཟུ་དང་དཔང་། །རྒྱལ་འགོང་ཆེན་པོ་འདུལ་བའི་ཕྱིར། །དྲང་སྲོང་ཆེན་པོ་དྲི་མེད་ཁྱོད། །སྐུ་ནི་མི་འགྱུར་བརྟན་པ་ལ། །ཕྱག་མཚན་འཁོར་ལོ་སྒྱུར་བཞིན་དུ། །དགྲ་བགེགས་མགོ་ལ་འཁོར་ལོ་སྐོར། །རྒྱལ་འགོང་མགོ་ལ་འཁོར་ལོ་སྐོར། །སྡེ་བརྒྱད་སྲོ་ལ་འཁོར་ལོ་སྐོར། །འཁོར་ལོ་གཡས་སུ་སྐོར་ཙ་ན། །རྒྱལ་འགོང་སྙིང་ལ་འཁོར་ལོ་རྒྱོབ། །འཁོར་ལོ་གཡོན་དུ་སྐོར་ཙ་ན། །མོ་གདོན་སྙིང་ལ་འཁོར་ལོ་རྒྱོབ། །ཅེས་པས་ཕྱག་མཚན་གྱི་མཚོན་ཆ་སྣ་ཚོགས་ཀྱི་སྤྲིན་འཕྲོས་པས་དྲེགས་པ་ཐམས་ཅད་བག་འཁུམས་ཏེ་གནས་པར་བསམ་མོ། །བཅུ་པ་བཟླས་པ་བྱ་བ་ནི། དྭངས་མའི་ཐུགས་སྲོག་ཡི་གེ་ཧཱུྃ། །ཤིན་ཏུ་གསལ་ཞིང་འབར་བ་་་མན་ངག་སེམས་ལ་ཤེས་པའི་གནད་དོ།དང་། །ལྕེ་རྩའི་མ་རྐན་ཟླ་དཀྱིལ་སྟེང་། །ཨ་ཡིག་དཀར་པོ་ཏྲཾ་དུས་བསྐོར།་་་འདྲེན་པ་དཀྱིལ་གྱི་གནད་དོ། །དེ་སྟེང་ལྕེ་ནི་གནམ་ལྕགས་ཀྱི། ཁྲོ་བོའི་རྡོ་རྗེ་རྩེ་དགུ་པའི། །ལྟེ་བར་ཉི་སྟེང་ཧཱུྃ་མཐིང་ནག །དྲག་སྔགས་འོད་ཟེར་ཕྲེང་བས་བསྐོར།་་་གནས་པ་རྩའི་གནད་དོ། །རྭ་དགུ་ཁོང་གསེང་ཕྱིར་གདེངས་རྩེར། །ཕཊ་དམར་མཆོང་བཅག་ལྟ་བུ་ལས། །མེ་ཡི་ཚྭ་ཚྭ་དྲག་ཏུ་འཕྲོ།་་་གཅོད་པ་ལྕེ་ཡི་གནད་དོ། །ལྟེ་བའི་ཧཱུྃ་ལས་འོད་འཕྲོས་པས། །སྲོག་ཡིག་སྙིང་གནས་སྡེ་བརྒྱད་རྣམས། །བཀུག་པས་འདར་ཞིང་ཐལ་མོ་སྦྱར། །ཕྱག་འཚལ་ཅི་གསུང་བཀའ་ནོད་ཅིང། །སྲོག་སྙིང་ཚུར་དྲངས་རྡོ་རྗེ་ཡི། །ལྟེ་བའི་ཧཱུྃ་གི་གདན་དུ་བྱས། །ཟིལ་མནན་འཁོར་འདས་ཀུན་བདག་ངའོ། །ཞེས་དོན་དྲན་བཞིན་པས། ཨོཾ་ལོཀྟྲི་པཱ་ལ་ནན། ས་ག་པཱ་ཤ་ནན། ནཱ་ག་དུ་དུ་ནན། མ་མཾ་མ་མཾ། ཙིར་ཙར་ཙིར་ཙར། བཾ་རུ་ལུ་བཾ་རུ་ལུ། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ། ཧོ་ར་ཧོ་ར། ཙི་དུ་སོད་ཙི་དུ་སོད། ཤིགས་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག །ཅེས་རྩ་སྔགས་ཅི་ནུས་སུ་བཟླའོ། །རྡོ་རྗེའི་རྩེ་ཡི་ཕཊ་རྣམས་ལས། །གནམ་ལྕགས་རྡོ་རྗེ་མེ་འབར་བ། །མགར་གྱི་ཚྭ་ཚྭ་ལྟར་འཕྲོས་པ། །བཀའ་ལ་འཁུ་ཞིང་དམ་ལོག་པའི། །གནོད་བྱེད་རྣམས་ལ་ཕོག་པ་ཡིས། །རྩྭ་སྦུར་མེ་ཡིས་བསྲེགས་པ་ལྟར། །ཚག་སྒྲ་དང་བཅས་རྡུལ་ཕྲན་བཞིན། །རྗེས་ཤུལ་ཙམ་ཡང་མེད་པར་གྱུར། །ཨོཾ་ལོཀྟྲི་པཱ་ལ་ནན་རྦད་ཐུམས། འཇིག་རྟེན་མགོན་པོའི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། ས་ག་པཱ་ཤ་ནན་རྦད་ལིང་། ས་བདག་གི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། ནཱ་ག་དུ་དུ་ནན་རྦད་ཕཊ། ཀླུ་བདུད་ཀྱི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། མ་མཾ་མ་མཾ་རྦད་མྱོགས། མ་མོའི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། ཙིར་ཙར་ཙིར་ཙར་རྦད་རྦུད། བཙན་གྱི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། བཾ་རུ་ལུ་བཾ་རུ་ལུ་རྦད་ཐུམས། བདུད་ཀྱི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་རྦད་ཁོས། གཟའ་བདུད་ཀྱི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། ཧོ་ར་ཧོ་ར་རྦད་ཤག །རྒྱལ་པོའི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། ཅེས་དྲག་སྔགས་དང་། ཐུན་སྔགས་ནི། རྒྱལ་པོའི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། བསེན་མོའི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། པེ་ཧར་གྱི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། གཙང་ཐེལ་གྱི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། གནོད་བྱེད་་་བསམ་སྦྱོར་ངན་པའི།ཀྱི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། ཆེ་གེ་མོའི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། ཨ་ཡ་མ་དུ་རུ་ཙ་ཤ་ན་སྡེ་བརྒྱད་ཀྱི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། ཙི་དུ་སོད་ཙི་དུ་སོད་རྦད་ཐིབས། ཤིགས་ལྷུ་རུ་གཏུབས་རྦད་མྱོགས། ཧ་ལ་པ་ཏི་ནན། ག་ན་པ་ཏི་རྦད་རྨུགས། འཁོར་བ་ཐུལ་རྦད་ཆོམས། གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག་རྦད་ཧུར། དགྲ་བགེགས་ཆེ་གེ་མོའི་སྲོག་ལ་མཱ་ར་ཡ་རྦད་རྦད། གནོད་བྱེད་རྒྱལ་པོ་ཐམས་ཅད་རཱ་ཙ་ཧབ་ལེ་ཧབ་ལེ་སོད། ཀླུ་ཐམས་ཅད་ནཱ་ག་ལིང་ནཱ་ག་ལིང་སོད། འབྱུང་པོ་ཐམས་ཅད་ཀུ་ཏྲི་ཀུ་ཏྲི་སོད། བགེགས་ཐམས་ཅད་འགུག་གེ་འགུག་གེ་སོད། གཟའ་ཐམས་ཅད་ཐེ་ཙེ་ཐེ་ཙེ་སོད། ཐེའུ་རང་ཐམས་ཅད་ར་ཏྲི་ར་ཏྲི་མཱ་ར་ཡ་སོད། བསེན་མོ་ཐམས་ཅད་རོ་ཏྲི་རོ་ཏྲི་མཱ་ར་ཡ་སོད། གྲི་བོ་གྲི་མོ་ཐམས་ཅད་སུམ་ཏྲི་སུམ་ཏྲི་མཱ་ར་ཡ་སོད། གནོད་བྱེད་དགྲ་བགེགས་ཆེ་གེ་མཱ་ར་ཡ་སོད་སོད་རྦད་རྦད་ཛཿཛཿ ཞེས་དྲག་སྔགས་དང་ཐུན་སྔགས་སྦྲེལ་བ་སྟེ་སྤྱི་ཙམ་ལ་དྲག་སྔགས་དང་ཁྱད་པར་བ་ལ་ཐུན་སྔགས་སྦྲེལ་བ་ཡང་སྐབས་ཕྱེད་པར་ཅི་རིགས་སུ་བཟླ་ཞིང་། ཐུན་མོང་མ་ཡིན་པའི་དམིགས་གནད་ནི་གཞན་དུ་འབྱུང་ངོ་། །བཟླས་པའི་མཐར། ལག་པ་རྡོ་རྗེའི་བྲག་རི་ལྟར། །སྲ་མཁྲེགས་མཐའ་ཕྱག་མཐིལ་ཉི་ཟླ། །སོར་མོ་ལྕགས་སྡིག་མགོ་དགུས་མཚན། །བརྡབ་པས་དགྲ་བགེགས་རྡུལ་ཕྲན་བཞིན། །བཅོམ་པའི་ཤ་ཁྲག་སོར་མོ་ཡི། །སྡིག་པ་རྣམས་ཀྱིས་ཟོས་པར་གྱུར། བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག །སྲིད་པ་སྤྱི་ནས་ཤིགས་ཤིག །སྲིད་གསུམ་རྨང་ནས་སྒྱེལ་ཅིག །འཁོར་བ་གཏིང་ནས་ཕྱུངས་ཤིག །བསྐལ་པའི་མེས་སྲེགས་ཤིག །དམ་ཚིག་གི་དམོད་པས་སྡིགས་ཤིག །བཀའ་ཡི་ཆད་པས་ཆོད་ཅིག །གནམ་ལྕགས་ཀྱི་རལ་གྲིས་སྤྱི་བོའི་གཙུག་ཏུ་ཁོས་ཤིག །སུམྦྷ་ནིས་ནོན་ཅིག །སྲིད་གསུམ་གར་སྐྱེས་གར་གནས་ཀྱང་སྡིག་ཅན་འདིའི་སྟེང་དུ་གནམ་ལྕགས་རྡོ་རྗེའི་མེའི་ཆར་ཆེན་པོ་ཕོབ་ཅིག །གནོད་བྱེད་ཐམས་ཅད་མཱ་ར་ཡ་ཕཊ། སྦྱོར་བ་ངན་པ་ཐམས་ཅད་ཐུལ་ཅིག །ཅེས་ཐལ་རྡེབ་བྱས་པའི་མཐར། བཀའ་བསྒོ་འདི་ཡི་ནུས་པ་ཡིས། །ཐལ་ཕྱེ་རླུང་གིས་གཏོར་བ་ལྟར། །གནོད་བྱེད་དེ་རུ་གནས་མི་འགྱུར། །གལ་ཏེ་གནས་ན་བརླག་པར་བྱེད། །དྲང་སྲོང་དམོད་དེ་བཟློག་ཏུ་མེད། །ཅེས་བརྗོད། སྐབས་འདིར་ཐུན་མཚམས་ཀྱི་གཏོར་མ་འབུལ་ཏེ་ཆོ་ག་ཟུར་དུ་བཤད་པ་ལས་ཤེས་སོ། །དེ་དག་ནི་དངོས་གཞིའོ། །གསུམ་པ་རྗེས་ལ་བདུན་གྱི་དང་པོ་ཚོགས་མཆོད་བཤམ་ཞིང་བྱིན་གྱིས་རློབ་པ་ནི། ཚོགས་རྫས་རྣམས་བཤམས་ལ་བདུད་རྩི་བྲན་ནས། ཧཱུྃ། ཐུགས་ལས་རཾ་ཡཾ་ཁཾ་འཕྲོས་པས། །མ་དག་ཉེས་སྐྱོན་བསྲེགས་གཏོར་བཀྲུས། །བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ། །ཚོགས་རྫས་ཤ་ལྔ་བདུད་རྩི་ལྔ། །རིགས་ལྔའི་དམ་ཚིག་འདོད་ཡོན་རྫས། །ཟག་མེད་ནམ་མཁའ་གང་བར་གྱུར། །ཨོཾ་ཨཱཿཧཱུྃ་ཧོཿ ཞེས་བྱིན་གྱིས་བརླབ། ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ། རྩ་བརྒྱུད་བླ་མ་ཡི་དམ་ལྷ། ཁྱད་པར་དྲང་སྲོང་དྲི་མ་མེད། །གསང་བདག་ཞེ་སྡང་རྡོ་རྗེ་ནི། །འཁོར་ཚོགས་སྤྲུལ་པར་བཅས་པ་རྣམས། །འདོད་ཡོན་ཚོགས་ཀྱི་མཆོད་པ་ལ། །སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །རྩ་སྔགས་མཐར། བཛྲ་ས་མཱ་ཛཿཛཿཧཱུྃ་བཾ་ཧོཿ ཞེས་སྤྱན་དྲངས་ནས་མེ་ཏོག་ལ་སོགས་པས་སྤྱིར་མཆོད། བྱེ་བྲག་ཚོགས་ཕུད་ཆ་གསུམ་དུ་བྱས་ལ་དང་པོ་མཆོད་པ་ནི། གཟུགས་སྒྲ་དྲི་རོ་རེག་ལྡན་པའི། །འདོད་ཡོན་ཚོགས་ཀྱི་མཆོད་པ་འདི། །གུས་པའི་བློ་ཡིས་འབུལ་ལགས་ན། །དགྱེས་པའི་གར་གྱིས་བཞེས་སུ་གསོལ། །ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བར་དུ་བཤགས་པ་ནི། ཐོག་མེད་དུས་ནས་ད་ལྟའི་བར། །སྒོ་གསུམ་མི་ཤེས་བག་མེད་པས། །ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ། །དེ་དག་ཐམས་ཅད་བཤགས་པར་བགྱི། །ཞེས་དང་ཡིག་བརྒྱ་བཟླའོ། །ཐ་མ་བསྒྲལ་བ་ནི། ཚོགས་ཟན་ནམ་དམིགས་བྱའི་རཱུ་པ་བཅས་ལ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དྲང་སྲོང་སྔགས་རྒོད་ལོཀྟྲི་པཱ་ལའི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བསྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་། སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཨོཾ་ལོཀྟྲི་པཱ་ལ་ནན་ཛཿ ས་ག་པཱ་ཤ་ནན་ཛཿ ནཱ་ག་དུ་དུ་ནན་ཛཿ མ་མཾ་མ་མཾ་ཛཿ ཙིར་ཙར་ཙིར་ཙར་ཛཿ བཾ་རུ་ལུ་བཾ་རུ་ལུ་ཛཿ རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་ཛཿ ཧོ་ར་ཧོ་ར་ཛཿ ཙི་དུ་སོད་ཙི་དུ་སོད། ཤིགས་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། ཡི་དམ་ལྷ་དང་དྲང་སྲོང་གི་བདེན་པ་དང་བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་མྱུར་དུ་ཕོབ་ཅིག་ནྲྀ་འམ་ཏྲི་ཛཿ བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གྷཱཎྜེ་ཧོཿ ཞེས་བདེན་སྟོབས་བརྗོད་ནས་འགུགས་བསྟིམ་བྱ། ཧཱུྃ། ཞེ་སྡང་རྡོ་རྗེ་ཁྲོ་བོའི་རྒྱལ། །འཁོར་དང་བཅས་པའི་དུས་ལ་བབ། །གདུག་ཅན་དགྲ་དང་བགེགས་ཀྱི་ཚོགས། ཁུག་ཅིག་ཨཱ་ཀརྵ་ཡ་ཛཿ ཕུར་བུ་འབར་བས་སྲོག་རྩ་ཆོད། །སྣ་ཚོགས་མཚོན་ཆས་དུམ་བུར་གཏུབས། །རྡོ་རྗེའི་ཐོ་བས་རྡུལ་དུ་ཆོམས། །རྣམ་ཤེས་སྐྱེ་མེད་དབྱིངས་སུ་དྲོངས། །དྲག་སྔགས་མཐར་ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་རྦད། ཅེས་བསྒྲལ། སྙིགས་མའི་ཤ་ཁྲག་བདུད་རྩིར་སྤེལ་ནས། དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས། །དོན་སྙིང་ནང་ཁྲོལ་བཅས་པ་རྣམས། །ཡེ་ཤེས་བདུད་རྩིར་བྱིན་བརླབས་ནས། །བཞེས་ཤིག་རོལ་ཅིག་དགྱེས་པར་མཛོད། །མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི། ཞེས་འབུལ། ཚོགས་རྫས་རྣམས་བརྡ་དང་བརྡའི་འབུལ་ལེན་གྱིས་དམ་ཚིག་བསྲེ་བ་སྔོན་དུ་འགྲོ་བས་འདོད་པ་ལྔ་ལྡན་དུ་རོལ། ལྷག་མ་རྣམས་བསྡུས་ལ་ཁ་ཕྲུས་བདུད་རྩིར་སྤེལ་ཏེ། ཧཱུྃ། སྔོན་གྱི་ཞལ་བཞེས་དམ་བཅས་བཞིན། །དཀྱིལ་འཁོར་ཆེན་པོའི་ཕྱི་ཉུལ་བའི། །ལྷག་གཏོར་དབང་བའི་སྲུང་མ་རྣམས། །འདི་བཞེས་བཅོལ་པའི་ཕྲིན་ལས་མཛོད། །ཨོཾ་ཨུཙྪི་ཊཱ་བ་ལིཾ་ཏ་ཁཱ་ཧི། ཞེས་གཏོར་མ་ཕྱི་རོལ་དུ་དོར། གཉིས་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ། སངས་རྒྱས་བསྟན་པ་བསྲུང་བ་དང་། །ཞེས་སོགས་སྔར་བཞིན་བསྐུལ། གསུམ་པ་ཆད་ཐོ་བསྒྲག་པ་ནི། ཆོས་སྐྱོང་གི་གཏོར་མ་སོགས་གྲལ་ནས་བླངས་པ་སྟེགས་ལ་བཀོད་ཅིང་སྨན་རཀ་བྲན་ནས་འབྲུ་གསུམ་གྱིས་བདུད་རྩིར་སྤེལ་ལ། ཧཱུྃ། སྔོན་ཚེ་བསྐལ་པའི་དང་པོ་ལ། །སློབ་དཔོན་པདྨ་ཐོད་ཕྲེང་གིས། །དམ་ལ་བཏགས་པའི་སྲུང་མ་རྣམས། །ཆོས་ཉིད་བདེན་པའི་བཀའ་ལ་ཉོན། །གདོང་དམར་བོད་ཀྱི་རྒྱལ་ཁམས་འདིར། །ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས། །བདག་ནི་སློབ་དཔོན་དེ་ཡི་རྒྱུད། ཁྱོད་ནི་ལྷ་འདྲེ་གཡར་དམ་ཅན། །སྔོན་ཚེ་ཁས་བླངས་བཀའ་མ་བཅག །ད་ལྟ་རིག་འཛིན་དམ་མ་འདྲལ། །རྒྱན་གྱི་གཏོར་མ་འདི་ལོངས་ལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གཏོར་མ་ཕྱིར་འབུལ། །བཞི་པ་བརྟན་མ་སྐྱོང་བ་ནི། གཏོར་གཞོང་བཤལ་པའི་ཕུད་ཀྱིས་གཏོར་མ་བྲན་ནས་བདུད་རྩིར་སྤེལ་ལ། བྷྱོ། སློབ་དཔོན་པདྨ་ཐོད་ཕྲེང་གི །བཀའ་ཉན་མ་མོ་བརྟན་མའི་ཚོགས། །དམ་རྫས་དཔལ་གྱི་གཏོར་མ་ལོངས། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གཏོར་མ་ཕྱིར་འབུལ་ལོ། །ལྔ་པ་བྲོ་བརྡུང་བ་ནི། གཏོར་མའི་ཕྱིར་འབྲང་པའི་དམ་སྲི་རྣམས་གཏོར་གཞོང་སྦུབས་པའི་ནང་དུ་གསལ་བ་མནན་པར་བསམ་ལ། ཧཱུྃ། ང་ནི་འཇིགས་བྱེད་ཆེན་པོ་སྟེ། ཁམས་གསུམ་ཐམས་ཅད་སྤྱི་ནས་གནོན། །དགྲ་བགེགས་སྡིག་ཅན་འབྱུང་པོ་རྣམས། །དུག་གསུམ་ལས་ཀྱི་ཁུང་བུར་མནན། །མནན་ནོ་བཅིངས་སོ་སཏྭམྦྷ་ཡ། །རྡོ་རྗེའི་བྲོ་ཡིས་རྒྱས་བཏབ་པས། །སུས་ཀྱང་འཇིག་པར་ནུས་མ་ཡིན། །ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནན། ཞེས་ཁྲོ་བོའི་སྟངས་སྟབས་ཀྱིས་བྲོ་བྱའོ། །དྲུག་པ་གཤེགས་བསྡུ་ནི། རིག་གཏད་སོགས་དང་འབྲེལ་ན། སླར་ཡང་མཆོད་ཅིང་བསྟོད། ཡིག་བརྒྱ་མང་དུ་བཟླས་ནས་བཟོད་པར་གསོལ་ལ་གཤེགས་གསོལ་བྱ། མ་འབྲེལ་ན། ཧཱུྃ། ཆོས་ཉིད་སྐྱེ་བ་མེད་པ་ལས། །འགགས་མེད་རྡོ་རྗེ་སྲིན་པོར་ཤར། །འགག་པ་ཉིད་ན་འགགས་མེད་པ། །སྤྲོས་བྲལ་ཀ་དག་ཀློང་དུ་ཐིམ། །ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད་པས། མ་དག་པའི་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཡང་ཐུགས་ཀའི་ཧཱུྃ་ལ་ཐིམ། ཧཱུྃ་གྱེན་རྫོགས་མི་དམིགས་སྤྲོས་བྲལ་གྱི་ངང་ལ་བཞག་ནས། ཕཊ་ཕཊ་ཕཊ། ཅེས་བརྗོད་པས་དྲང་སྲོང་གི་སྐུར་ལངས་ནས། ཉལ་ན་ཆུ་ལ་ལྡང་ན་མེ། །འདུག་ན་བྲག་ལ་འགྲོ་ན་རླུང་། །ཞེས་པའི་དོན་བཞིན་སྤྱོད་ལམ་བསྐྱང་ངོ་། །བདུན་པ་བསྔོ་སྨོན་ཤིས་བརྗོད་ནི། དགེ་འདིས་མཐའ་ཡས་སེམས་ཅན་ཀུན། ཁྲོ་རྒྱལ་ཞེ་སྡང་རྡོ་རྗེ་ཡི། །གོ་འཕང་བྱང་ཆུབ་མྱུར་ཐོབ་ནས། །བདུད་ལས་རྣམ་པར་རྒྱལ་བར་ཤོག །ཅེས་དང་། ཨོཾ། བྱིན་རླབས་མཆོག་སྩོལ་རིགས་བརྒྱའི་བདག །བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ དངོས་གྲུབ་ཆར་འབེབས་ཞི་དང་ཁྲོ །ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག །ཐོགས་མེད་ཕྲིན་ལས་སྒྲུབ་མཛད་པའི། །དཔའ་བོ་མཁའ་འགྲོའི་བཀྲ་ཤིས་ཤོག །གང་ལ་བསམ་པའི་དོན་ཀུན་འགྲུབ། །དགེ་ལེགས་མཆོག་གི་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །གསང་བའི་བདག་པོ་རྡོ་རྗེ་འཛིན། །རིག་སྔགས་གྲུབ་པའི་དྲང་སྲོང་ཆེར། །ཡོངས་བཞེངས་སྒྲུབ་པའི་ཐབས་ཀྱི་གཞུང་། །སྙིང་པོའི་གནད་དོན་མ་རྙོགས་ཤིང་། ཁ་སྐོང་བརྗོད་བདེས་ལེགས་བརྒྱན་པ། །འདིས་ཐོབ་བསོད་ནམས་བསྟན་དང་འགྲོ །ནག་ཕྱོགས་བདུད་སྡེའི་སྤྱོད་ཡུལ་ལས། །རབ་རྒྱལ་ཕན་བདེའི་རྒྱུར་གྱུར་ཅིག །དྲང་སྲོང་ལོཀྟྲིའི་ལས་བྱང་སྙིང་པོའི་དོན་གསལ་ཞེས་བྱ་བ་འདི་ནི་རྩ་བའི་གཞུང་གིས་དངོས་བསྟན་མ་འཆུགས་ཤིང་ཁ་སྐོང་འཇུག་བདེའི་ཁྲིགས་ཀྱིས་མཛེས་པར་བརྒྱན་ཏེ་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་རང་ལོ་ང་དགུ་པ་ལ་ཡི་གེར་བསྡེབས་པའོ། །སརྦ་མངྒ་ལཾ།། །།
རྟ་མགྲིན་གསང་བ་འདུས་པའི་དབང་བསྐུར་བསྡུས་པ་གཏོར་མ་ལ་བརྟེན་པའི་བྱིན་རླབས་ཀྱི་ཆོ་ག་དབང་ཆེན་ཐུགས་ཀྱི་སྙིང་པོ་ (Volume 26, Text 8)
༄༅། །རྟ་མགྲིན་གསང་བ་འདུས་པའི་དབང་བསྐུར་བསྡུས་པ་གཏོར་མ་ལ་བརྟེན་པའི་བྱིན་རླབས་ཀྱི་ཆོ་ག་དབང་ཆེན་ཐུགས་ཀྱི་སྙིང་པོ་ཞེས་བྱ་བ་བཞུགས་སོ།། བླ་མ་དང་དཔལ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། ཁམས་གསུམ་དབང་དུ་མཛད་པ་དང་། །བདུད་དཔུང་ཟིལ་གྱིས་གནོན་བྱེད་པ། །དབང་ཆེན་ལྷ་མཆོག་དེར་བཏུད་ནས། །དབང་བཞི་གཅིག་རྫོགས་ཚུལ་འདི་བཀོད། །རྟ་མགྲིན་གསང་བ་འདུས་པའི་དབང་ཆོག་རིན་ཆེན་གཏེར་བུམ་ལས་གཏོར་མ་ལ་བརྟེན་ནས་དབང་བཞི་གདན་ཐོག་གཅིག་ཏུ་བསྐུར་བ་ལ། སྦྱོར་བ་དཀྱིལ་འཁོར་རས་བྲིས་སམ། མཎྜལ་ལ་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པའི་ཁར་མཉྫིའི་ཁྲི་ལ་རིན་པོ་ཆེའི་སྣོད་དུ་གཏོར་མ་རི་རབ་བང་རིམ་བཞི་བརྩེགས་གྲུ་བཞི་པ། དེའི་སྟེང་དུ་ཟླུམ་པོ། དེ་སྟེང་པད་བསྐོར། དེ་སྟེང་དཔལ་གཏོར་ཟུར་གསུམ་ངོས་གསུམ་ལ་རིན་པོ་ཆེ་དང་ཟུར་གསུམ་ལ་པདྨས་བརྒྱན་ཅིང་ཕྱི་སྐོར་པད་འདབ་བརྒྱད་ཀྱིས་བསྐོར་བ། དཀར་ཐིག་དམར་རྒྱན་གྱིས་སྤྲས་ཤིང་དར་གུར་དམར་པོ་དང་བཅས་པ་བཤམ། མདུན་དུ་སྐུ་ཙཀ །སྒྲུབ་ཡིག །ཕྱག་མཚན་ཕྱོགས་བསྡུས་ཀྱི་ཙཀ་ལི་རྣམས་དང་། གཡས་གཡོན་དུ་སྨན་རཀ །ཕྱི་མཆོད་ཕྲེང་ཚར་དུ་བཤམ། བྷནྡྷར་བདུད་རྩི་དང་སིནྡྷུ་ར། ལས་བུམ། གཏོར་ཚོགས་སོགས་ཉེར་མཁོའི་ཡོ་བྱད་ཚོགས་པར་བྱའོ། །དངོས་གཞི་གཞུང་ལས། ལས་གཞུང་བསྲངས་ལ་དབང་གི་རྫོང་བཅའ༔ ཞེས་གསུངས་པས་སྐྱབས་སེམས་བགེགས་གཏོར་བཏང་བ་སྔོན་དུ་འགྲོ་བས། ལས་བྱང་རིན་ཆེན་ཕྲེང་བ་ལྟར་བཀའ་བསྒོ་ནས་བརྩམ་ལྷ་བསྐྱེད་སྐབས་བདག་དང་གཏོར་མ་ལྷའི་དཀྱིལ་འཁོར་དུ་གསལ། བཟླས་པའི་སྐབས་སུའང་སྔགས་ཀྱི་འཕྲོ་འདུ་བྱ། སྟོང་ཚིག་དང་དངོས་གྲུབ་བླང་བའི་རྗེས་སུ་དབང་བསྐུར་ཡང་ཆོག་ལ། རྒྱས་པར་སྤྲོ་ན་སྲུང་མའི་གཏོར་འབུལ་དང་ཚོགས་བསྒྲལ་བསྟབ་ཀྱི་བར་དུ་གཏང་། ལས་བུམ་དུ་བདུད་རྩི་འཁྱིལ་པ་བསྐྱེད་བཟླས་བྱས་ལ། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོང་བཏང་ཞིང་ལས་བྱང་ལྟར་བཀའ་བསྒོ །སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ནས། དེ་ལ་འདིར་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་ཉིད་གྲུབ་པའི་སྐྱེས་བུ་ཆེན་པོའི་སྐུར་བཞེངས་པ། སློབ་དཔོན་པདྨ་ཐོད་ཕྲེང་རྩལ་གྱིས་རྟ་མགྲིན་དམར་ནག་གི་རྒྱུད་དང་གདམས་ངག་གི་བཀའ་སྲོལ་མཐའ་ཡས་པ་བོད་ཡུལ་གྱི་ལས་ཅན་རྣམས་ལ་བསྩལ་པར་མཛད་པ་ལས་ཐུགས་དམ་ཡང་ཟབ་ཀྱི་ཆོས་སྡེ། ལྷོ་གཏེར་རིན་ཆེན་འབྲས་བུའི་སྙིང་པོ། དམ་ཆོས་འདུས་པ་སྐོར་བཞིའི་ཡ་གྱལ། རྟ་མགྲིན་གསང་བ་འདུས་པ་ལ་སྨིན་བྱེད་ཀྱི་དབང་བསྐུར་རྒྱས་བསྡུས་གཉིས་སུ་བཞུགས་པ་ལས་འདིར་ཡིད་བཞིན་ནོར་བུ་ལྟ་བུའི་དབང་གི་སྙིང་པོ་བྱིན་རླབས་ཐོད་རྒལ་དུ་འབེབ་པའི་གནད་མཆོག །དཔལ་གྱི་གཏོར་མ་ལ་བརྟེན་ནས་དབང་བཞི་གདན་ཐོག་གཅིག་ཏུ་རྫོགས་པར་བྱེད་པ་ཉིད་བསྒྲུབ་པར་བགྱི་བ་ལ་བདག་ཉིད་ཀྱིས་བྱ་བའི་རིམ་པ་སོང་བ་ཡིན་ཅིང་། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཞུ་བའི་ཡོན་དུ་ཞིང་ཁམས་འབུལ་བ་ཞུ། ཞེས་མཎྜལ་འབུལ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདེ་ཆེན་པདྨ་གར་གྱི་བདག༔ ཧེ་རུ་ཀ་དཔལ་མཆོག་ཆེན་པོ༔ དཔའ་བོ་ཁྱོད་ཀྱིས་བདག་རྗེས་བཟུང༔ དབང་གིས་སྨིན་པར་མཛད་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་སྣོད་རུང་དུ་གྱུར་པ་ལ་སླར་ཡང་སྐལ་པ་བརྟག་ཅིང་དམ་ཚིག་གི་ངེས་གནས་འདྲི་བ་འདི་ལ་སྙན་གཏོད་འཚལ། དབང་གི་དཀྱིལ་འཁོར་བླ་མེད་འདིར༔ སྤྱིར་ཡང་འཇུག་པའི་སྣོད་ལྡན་དཀོན༔ ཁྱེད་ཅག་དམ་ལ་གནས་ནུས་སམ༔ ཞེས་དྲིས་པའི་ལན་བཏབ་པར་མོས་ལ་འདིའི་རྗེས་ཟློས། གལ་ཏེ་ལུས་དང་སྲོག་ལ་སོགས༔ བྱ་དགའ་ཆེ་ལ་ཐུག་གྱུར་ཀྱང༔ བདག་ནི་དམ་ཚིག་ཚུལ་བཞིན་བསྲུང༔ བཀའ་བཞིན་རྗེས་སུ་བསྒྲུབ་པར་སྤྲོ༔ སློབ་དཔོན་གྱིས་རྡོ་རྗེ་གདེངས་ཤིང་། དེ་ལྟར་ཡིན་ན་དབང་ཆེན་གྱི༔ དལ་དུ་གཞུག་ཅིང་སྨིན་པར་བྱ༔ བླ་མེད་གསང་བའི་དབང་མཆོག་འདི༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ སྨྲ་རུ་མི་རུང་བྲོ་བོར་ཅིག༔ རྡོ་རྗེ་སྤྱི་བོར་བཞག་ལ། རྡོ་རྗེའི་ཐ་ཚིག་བྲོ་བོར་བ་འདིའི་རྗེས་ཟློས། བཛྲ་རཀྵ་སཱི་ཧཱུྃ༔ ས་མ་ཡ་ཨི་དན་ན་ར་ཀན༔ བླ་མ་དང་མདུན་གྱི་དཀྱིལ་འཁོར་ཐ་དད་མེད་པ་དབང་ཆེན་འདུས་པའི་དཀྱིལ་འཁོར་ལ་དཀོན་མཆོག་རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་ཏེ་བཞུགས་པའི་སྤྱན་སྔར། བདག་གཞན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྙིང་ཐག་པ་ནས་སྐྱབས་སུ་མཆིའོ་སྙམ་པའི་བློས་འདིའི་རྗེས་ཟློས། ན་མོ༔ བླ་མ་དཀོན་མཆོག་ཡི་དམ་ལྷ༔ རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ༔ བདག་དང་འགྲོ་བ་སེམས་ཅན་རྣམས༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ལན་གསུམ། ཐབས་ཁྱད་པར་དུ་གྱུར་པ་གསག་སྦྱང་ཡན་ལག་བདུན་པ་ཚུལ་བཞིན་དུ་བྱ་བའི་བློས་འདིའི་རྗེས་ཟློས། རང་རིག་ལྷ་ལ་ཕྱག་འཚལ་ལོ༔ མ་འགགས་རང་གསལ་མཆོད་པ་འབུལ༔ མུ་བཞིར་ལྟུང་བ་མཐོལ་ལོ་བཤགས༔ དུས་གསུམ་མཉམ་ཉིད་རྗེས་ཡི་རང༔ འཁོར་བ་དོང་ནས་སྤྲུགས་པར་བསྐུལ༔ ཀ་དག་ཟང་ཐལ་རྗེན་པར་བཞུགས༔ ཀུན་ཀྱང་རང་རིག་རྟོགས་པར་བསྔོ༔ སྐུ་གསུམ་ཡོངས་རྫོགས་ཐོབ་པར་ཤོག༔ གསུམ་མམ་གཅིག །མཁའ་ཁྱབ་ཀྱི་སྐྱེ་དགུ་ཐམས་ཅད་དཔལ་པདྨ་དབང་ཆེན་གྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཟབ་མོ་གསན་ལ་གྲོལ་བྱེད་ལམ་གྱི་རིམ་པ་ཉམས་སུ་བླང་བར་བགྱིའོ་སྙམ་པ་དང་། ཚད་མེད་བཞིའི་ཏིང་ངེ་འཛིན་ལ་བློ་བཞག་བཞིན་པས་འདིའི་རྗེས་ཟློས། ཀྱེ་མ་བདག་གིས་འགྲོ་ཀུན་བསྒྲལ་བྱའི་ཕྱིར༔ རྟ་མགྲིན་དབང་གི་དཀྱིལ་འཁོར་དུ༔ འཁོར་བ་དོང་ནས་སྤྲུགས་པར་བསྐུལ༔ ཚད་མེད་བཞི་རུ་སེམས་བསྐྱེད་དོ༔ ལན་གསུམ། དེ་ནས་དབང་བསྐུར་དངོས་གཞིའི་སླད་དུ་ཡིད་རྩེ་གཅིག་པས་དམིགས་འདུན་འདི་བཞིན་མཛད་པར་ཞུ། སྟོང་པའི་ངང་ལས་སྣོད་ཀྱི་འཇིག་རྟེན་དབང་དྲག་རོལ་པའི་དཀྱིལ་འཁོར་ཆེན་པོའི་དབུས་སུ་དྲེགས་པ་ཉི་ཟླ་པདྨའི་གདན་ལ། ཁྱེད་རང་རྣམས་སྐད་ཅིག་གིས་དབང་ཆེན་རྟ་མགྲིན་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པས་གྲི་གུག་དང་གཡོན་པས་ཐོད་ཁྲག་བསྣམས་པ། སྤྱན་བསྒྲད་ཞལ་གདངས་མཆེ་བ་གཙིགས་ཤིང་སྨ་ར་ཨག་ཚོམ་མེ་ལྟར་འབར་བ། རལ་པ་ཁམ་སེར་སྤྱི་བོར་བཅིངས་ཤིང་སྐུ་རྒྱབ་ཁེབས་པར་གཏིབས་པ། སྤྱི་བོ་ནས་རྟ་སྐད་ཐེངས་གསུམ་འཇིག་རྟེན་གཡོ་བར་འཚེར་བ། གླང་ཆེན་མི་ལྤགས་སྟག་ཤམ་སྦྲུལ་ཆུན་ལ་སོགས་དུར་ཁྲོད་ཀྱི་ཆས་རྣམས་རྫོགས་པ། ཡུམ་རྡོ་རྗེ་ཕག་མོ་མཐིང་ནག་གྲི་ཐོད་བསྣམས་ཤིང་དུར་ཁྲོད་ཀྱི་ཆས་རྫོགས་པ། སྤྱི་བོར་ཕག་ཞལ་ངུར་སྒྲ་སྒྲོག་པ་དང་གཉིས་མེད་དུ་འཁྲིལ་བ། མེ་དཔུང་འབར་བའི་ཀློང་ན་ཞབས་བརྐྱང་བསྐུམ་འགྱིང་བག་དང་ལྡན་པ་ཞིག་ཏུ་གསལ་ཐོབས་ཤིག །དཔལ་གྱི་གཏོར་མ་འདིའང་ཁྱེད་རང་གིས་བསྒོམས་པ་དང་འདྲ་བའི་དབང་ཆེན་རྟ་མགྲིན་ཡུམ་དང་བཅས་པའི། སྐུ་གར་དགུའི་ཉམས་དང་ལྡན་པ་ཉི་མ་འབུམ་གྱི་གཟི་བརྗིད་ཅན་དུ་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བདེ་ཆེན་པདྨ་འབར་བའི་གཞལ་ཡས་ནས་དབང་ཆེན་རྟ་མཆོག་རོལ་པའི་ལྷ་ཚོགས་ཀྱི་ཐུགས་རྒྱུད་བསྐུལ། གཙོ་འཁོར་ཐམས་ཅད་རྟ་སྐད་དུ་འཚེར། ཕག་སྐད་དུ་ངུར། ཧཱུྃ་ཧཱུྃ། ཧྲཱིཿཧྲཱིཿ ཕེཾ་ཕེཾ། ཁྲོ་བོའི་རྟ་སྐད་དུ་ཏི་རི་རི་བྱོན་ནས་ཁྱེད་རང་རྣམས་ལ་དབང་དང་བྱིན་རླབས་དངོས་གྲུབ་བསྩལ། གཏོར་མ་ལྷར་གསལ་བའི་དཔྲལ་བ་ནས་འོད་ཟེར་དཀར་པོ་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་སྐུའི་བྱིན་རླབས་ལུས་ལ་ཞུགས་པར་མོས་ཤིག །ཧཱུྃ༔ དབང་ཆེན་ཁྲོ་རྒྱལ་ཧེ་རུ་ཀ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་མཆོག་གསང་བའི་རྒྱལ༔ སྐུ་ཡི་དཀྱིལ་འཁོར་ཆེན་པོ་ནས༔ སྐལ་ལྡན་ལུས་ལ་དབང་བཞི་སྐུར༔ དབང་ཆེན་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་བྷ་རཱ་ཧཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གཏོར་མ་དཔྲལ་བར་བཞག །ཡང་གཏོར་མ་ལྷར་གསལ་བའི་མགྲིན་པ་ནས་འོད་ཟེར་དམར་པོ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་གསུང་གི་བྱིན་རླབས་ངག་ལ་ཞུགས་པར་མོས་ཤིག །ཧཱུྃ༔ དབང་ཆེན་གསུང་གི་དཀྱིལ་འཁོར་ནས༔ དུས་གསུམ་རྒྱལ་བའི་གསུང་གི་དབང༔ སྐལ་ལྡན་ངག་ལ་བསྐུར་བ་ཡིས༔ དབང་ཆེན་གསུང་གི་དབང་ཐོབ་ཤོག༔ གོང་གི་རྩ་སྔགས་ཤམ་བུར་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ གཏོར་མ་མགྲིན་པར་བཞག །ཡང་གཏོར་མ་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཐུགས་ཀྱི་བྱིན་རླབས་ཡིད་ལ་ཞུགས་པར་མོས་ཤིག །ཧཱུྃ༔ དབང་ཆེན་ཐུགས་ཀྱི་དཀྱིལ་འཁོར་ནས༔ དུས་གསུམ་རྒྱལ་བའི་ཐུགས་ཀྱི་དབང༔ སྐལ་ལྡན་ཡིད་ལ་དབང་བསྐུར་བས༔ དབང་ཆེན་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་ཤམ་བུར་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། གཏོར་མ་སྙིང་གར་བཞག །ཡང་གཏོར་མ་ལྷར་གསལ་བའི་ལྟེ་བ་ནས་འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོས། ཁྱེད་རང་རྣམས་ཀྱི་ལྟེ་བར་ཐིམ་པས་གསང་བ་གསུམ་གྱི་བྱིན་རླབས་ཡོངས་རྫོགས་རྒྱུད་ལ་ཞུགས་པར་མོས་ཤིག །ཧཱུྃ༔ དབང་ཆེན་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་འདུས་པའི་དཀྱིལ་འཁོར་ནས༔ སྐལ་ལྡན་ལུས་ངག་ཡིད་གསུམ་ལ༔ དབང་བཞི་ཡོངས་རྫོགས་ཐོབ་པར་ཤོག༔ རྩ་སྔགས་ཤམ་བུར་སརྦ་ཨ་བྷི་ཥིཉྩ་ཧྲཱི༔ གཏོར་མ་ལྟེ་བར་བཞག །དེ་དག་རྣམས་ཀྱིས་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་ཐོབ། སྒྲིབ་པ་བཞི་སྦྱང་། རྒྱུད་བཞི་སྨིན། ལམ་བཞི་བསྒོམ་པ་ལ་དབང་། སྐུ་བཞི་ཐོབ་པའི་སྐལ་པ་ཅན་དུ་གྱུར་པ་ཡིན་ནོ། །དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སྦྱིན་པ་ཡིན་པས། ཐོག་མར་སྐུའི་རྗེས་སུ་གནང་བ་ནི། ཁྱེད་རང་དབང་ཆེན་གསང་བ་འདུས་པའི་སྐུ་སྣང་སྟོང་ཆུ་ཟླ་ལྟ་བུར་སྒོམས་ཤིག །གཙོ་བོའི་སྐུ་སྤྱི་བོར་བཞག་ལ། བསྐྱེད་རིམ་གསལ་ལ་འཛིན་པ་མེད༔ དབང་ཆེན་བསྐྱེད་རིམ་ཡེངས་མེད་བསྒོམ༔ དབང་ཆེན་སྐུ་དང་དབྱེར་མེད་སྦྱོར༔ ཡི་དམ་ལྷ་ཡི་སྐུ་ཐོབ་ཤོག༔ དཔྲལ་བར་སིནྡྷུ་རའི་ཐིག་ལེ་བྱ། བཟླས་པ་ལས་ཀྱི་སྔགས་གྲགས་སྟོང་ཆུ་བོའི་རྒྱུན་ལྟ་བུར་ཟློས་ཤིག །རྩ་སྔགས་ཤམ་བུ་བཅས་བརྗོད་ལ་ལག་ཏུ་བདུད་རྩི་སྦྱིན། སྒྲུབ་ཡིག་སྙིང་གར་བཞག་ལ། བསྙེན་ཅིང་སྒྲུབ་པ་ལས་སྦྱོར་ཚུལ༔ ཆུ་བོའི་རྒྱུན་བཞིན་དྲག་ཏུ་ཟློས༔ དབང་གི་གསུང་དང་དབྱེར་མེད་པར༔ ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་ཤོག༔ མགྲིན་པར་ཐིག་ལེ་བྱ། འོད་གསལ་ཐུགས་ཀྱི་དགོངས་པ་རིག་སྟོང་ནམ་མཁའ་སྤྲིན་བྲལ་ལྟ་བུའི་ངང་དུ་མཉམ་པར་ཞོག་ཅིག །ཕྱག་མཚན་ལག་ཏུ་གཏད་ལ། ཧཱུྃ༔ ཐུགས་ནི་མི་འགྱུར་ཡེ་ཤེས་སེམས༔ གནས་འགྱུར་དག་པ་ཡེ་ཤེས་སེམས༔ དབང་ཆེན་ཐུགས་དང་དབྱེར་མེད་སྦྱོར༔ ཁྲོ་རྒྱལ་ཐུགས་ཀྱི་དབང་ཐོབ་ཤོག༔ སྙིང་གར་ཐིག་ལེ་གདབ། དེ་དག་གིས་གཏོར་མ་ལ་བརྟེན་པའི་དབང་གི་ཆོ་ག་རིན་ཆེན་གཏེར་བུམ་རྫོགས་པར་གྲུབ་པ་ཡིན་པས། རྩ་བ་དང་ཡན་ལག་གི་དམ་ཚིག་ལེགས་པར་བསྲུང་ཞིང་དབང་ཆེན་རྟ་མཆོག་ཡི་དམ་གྱི་ལྷར་བཟུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་གི་རྗེས་རིམ་སྤྱི་ལྟར་བྱ། ཚོགས་ཡོད་ན་ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་མན་ཆད་ལས་བྱང་གི་དཀྱུས་བཞིན་གཏང་། ཚོགས་མེད་ན། མཆོད་བསྟོད། ནོངས་བཤགས། བསྡུ་ལྡང་། བསྔོ་སྨོན། ཤིས་པ་བརྗོད་པས་མཐར་དབྱུང་ངོ་། །བྱིན་རླབས་ཐོད་རྒལ་འབེབ་པའི་གནད། །སྤྲོས་བཅས་དབང་གི་སྙིང་པོ་འདིས། །འགྲོ་ཀུན་སྨིན་པའི་སྐལ་བཟང་ལྡན། །དབང་ཆེན་ཕྱག་རྒྱ་ཆེ་འགྲུབ་ཤོག །ཅེས་ངོ་མཚར་བྱིན་རླབས་ཀྱི་སྙིང་པོ་འདི་ཉིད་ངོ་མཚར་མཛོད་ཀྱི་ཆ་རྐྱེན་དུ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་ཙ་འདྲ་རིན་ཆེན་བྲག་གི་དབེན་གནས་སུ་བསྡེབས་པ་དགེ་ལེགས་འཕེལ།། །།
པདྨའི་ཞལ་གདམས་གྲོལ་ཏིག་དགོངས་པ་རང་གྲོལ་ལས། ལམ་རྒྱས་པའི་དབང་ཆེན་འདུས་གསལ་དུ་བཀོད་པ་གྲུབ་གཉིས་རབ་ཏུ་རྒྱས་པ་ (Volume 8, Text 8)
༄༅། །པདྨའི་ཞལ་གདམས་གྲོལ་ཏིག་དགོངས་པ་རང་གྲོལ་ལས། ལམ་རྒྱས་པའི་དབང་ཆེན་འདུས་གསལ་དུ་བཀོད་པ་གྲུབ་གཉིས་རབ་ཏུ་རྒྱས་པ་ཞེས་བྱ་བ་བཞུགས་སོ། །ལམ་འབྲིང་པོ་དང་བསྡུས་པའི་དབང་ཆོག་ཀྱང་དཀྱུས་གཅིག་ཏུ་ཡོད་དོ།། ན་མོ་བཛྲཱཙརྻ་བཻ་རོ་ཙ་ནཱ་ཡ། ཕྱི་ལྟར་བྱང་སེམས་ནང་ལྟར་སྒྲུབ་སྡེ་བརྒྱད། །གསང་བ་རིག་འཛིན་ཡང་གསང་མཚན་བརྒྱད་པོ། །ཀུན་འདུས་ཀུན་བཟང་རྡོ་རྗེ་ཐོད་ཕྲེང་རྩལ། །དཔལ་ལྡན་བླ་མའི་རྣམ་པར་ཤར་ལ་འདུད། །མགོན་དེའི་དྲིན་ལས་སྲིད་མིན་རྙེད་དཀའ་བའི། །སྨིན་གྲོལ་བདུད་རྩིའི་བཅུད་ཀྱིས་ངོམས་པའི་བློ །ཚུལ་འདི་ཀུན་ལ་རྒྱས་པའི་རྗེས་སོང་བས། ཁྱེར་བདེར་སྤེལ་གྱིས་རྩ་གསུམ་དགྱེས་བརྩེར་མཛོད། །ཟབ་གཏེར་རྒྱ་མཚོའི་ཡང་སྙིང་གྲོལ་ཐིག་དགོངས་པ་རང་གྲོལ་གྱི་ལམ་རྒྱས་པའི་སྨིན་དབང་རས་བྲིས་ལ་བརྟེན་ནས་དཀྱུས་ཙམ་དུ་བསྐུར་བ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ་གསུམ། བདག་གི་རྣལ་འབྱོར་དང་འབྲེལ་བ་ཕྱི་གཏོར་གཏང་བ། སྟ་གོན། དཀྱིལ་འཁོར་བཞེངས་པའོ། །དང་པོ་ནི། ཚིག་བདུན་གསོལ་འདེབས། རྒྱུན་བཤགས་ཡན་ལག་བརྒྱད་པ། ཚད་མེད་བཞི་བསྒོམ་པ་རྣམས་སྤྱི་ལྟར་ལ། ལམ་འབྲིང་བསྡུས་གང་ཡང་རུང་བའི་བདག་བསྐྱེད་བཟླས་པ་བཅས་བྱ། དཀར་གཏོར་བསང་སྦྱང་བྱིན་བརླབ། ཨ་ཀཱ་རོའི་སྔགས་ཀྱིས་བསྔོས་ལ། གང་དག་འདིར་གནས་སོགས་ཀྱིས་ལས་བཅོལ་ལོ། །གཉིས་པ་ལ་གསུམ། ལྷ། བུམ་པ། སློབ་མ་སྟ་གོན་ནོ། །དང་པོ་ནི། དཀྱིལ་འཁོར་གྱི་གཞི་ལ་མཎྜལ་སྟེང་དྲིའི་ཐིག་ལེ་དབུས་སུ་གཅིག །དེ་རྒྱབ་བརྒྱད་རིམ་གསུམ་དུ་བྱས་པ་ལ་འབྲུའི་ཚོམ་བུ་དགོད། སྨན་རཀ་གཏོར་གསུམ། ཕྱི་མཆོད་རྣམས་བཤམས་ལ། མཆོད་པ་བྱིན་རླབས་ནི། བདག་མདུན་དབང་དོན་དེ་ཉིད་གསལ་བ་ལྟར། ཧཱུྃ༔ བླ་མ་རྩ་གསུམ་སྣང་སྲིད་དག་པ་ལ༔ སོགས་མཐར་སོ་སོའི་སྔགས་ལན་གསུམ། དེ་ནས་རྟེན་དང་བརྟེན་པ་བསྐྱེད་པ་ནི། ཧཱུྃ༔ ཆོས་རྣམས་སྐྱེ་མེད་འོད་གསལ་ནམ་མཁའི་དབྱིངས༔ ཞེས་པ་ནས། གཙོ་དང་འཁོར་བཅས་བསམ་ལས་འདས་པར་བསྒོམ༔ དེ་ཡི་ཕྱི་རོལ་པདྨ་འདབ་བརྒྱད་ལ། །འཇའ་ཚོན་ཐིག་ལེ་འོད་ཕུང་འཁྱིལ་བའི་ཀློང་། །རིག་འཛིན་རྣམ་བརྒྱད་མ་འདྲེས་འཇའ་ལྟར་ཤར། །ཀུན་ཀྱང་མཉེན་ཞུ་ཕོད་ཆེན་ཆོས་གོས་དང་། །རིན་ཆེན་རུས་བརྒྱན་ཕྱག་རྒྱ་གར་གྱིས་རོལ། །དེ་ཡི་ཕྱི་རོལ་པདྨ་འདབ་བརྒྱད་སྟེང་། །སྤྲུལ་པའི་གུ་རུ་མཚན་བརྒྱད་གསལ་འཚེར་འབར། །རིག་འཛིན་དཔའ་བོ་ཌཱ་ཀི་སྤྲིན་ལྟར་གཏིབས། །ཀུན་གྱི་གནས་བཞིར་འབྲུ་གསུམ་ཧྲཱིཿདང་མ། །དེ་ལས་འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམ། །ཞེས་གསལ་བཏབ་ལ། ཧཱུྃ༑ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡའི་བར་དང་། སརྦ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཞེས་སྤྱན་འདྲེན་མཆོད་བསྟོད་ཕྲུག་གཅིག་ཏུ་བྱས་ལ། སྒྲུབ་སྔགས་ཧཱུྃ་དགུ་མ་དང་། སྒྲུབ་ཆེན་ཡོངས་འདུས་ནི་ཅི་ནུས་བཟླ་ཞིང་། མཐར་མཆོད་བསྟོད་བསྡུས་ཙམ་བྱས་རྗེས། རང་གི་ལྕེ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེའི་རང་བཞིན་དུ་གྱུར་ཅེས་བརྗོད་སྙན་གསན་དབབ་པ་ནི། བླ་མ་རིག་འཛིན་དཀྱིལ་འཁོར་བཅས། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་ནི་ཆེ་གེ་རྡོ་རྗེ་འཛིན། །སངས་རྒྱས་རྣམས་ནི་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་དོན་དུ། །བླ་མ་རིག་འཛིན་ཀུན་འདུས་ཀྱི། །དཀྱིལ་འཁོར་དམ་པ་བཞེངས་འཚལ་བས། །དེ་ཉིད་གནང་བར་མཛད་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་པས་གནང་བ་བྱིན་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྟེང་གི་ནམ་མཁར་བཏེགས་པར་བསམ་ཞིང་། རྡོ་རྗེ་ཁུ་ཚུར་གཉིས་གཤིབས་པའི་མཛུབ་མོ་བརྐྱང་རྩེ་གཏུགས་ནས་འོག་ཏུ་ཕྱོགས་པ་སྤྱི་བོར་གཏོད་པ་དང་བཅས། ཨོཾ་བཛྲོད་ཏིཥྛ་ལྷན། ཞེས་ནམ་མཁའི་དབྱིངས་སུ་བཀོད་ལ། སླར་ཡང་མཆོད་ཅིང་བསྟོད་ནས་ཚོམ་བུ་མཆོད་པ་དང་བཅས་རེ་ཞིག་བསྡུ་བར་བྱའོ། །གཉིས་པ་ནི། མཚན་ཉིད་དང་ལྡན་པའི་བུམ་པ་རྣམ་རྒྱལ། ཁྲུས་བུམ། ལས་བུམ་གསུམ་ཡུངས་ཀར་གྱིས་བྲབས། གུ་གུལ་བདུག །རྣམ་བུམ་མགུལ་ཆིངས་སྔོན་པོ་བུམ་རྫས་སོ་ལྔའི་བཅུད་ལྡན། ཁྲུས་བུམ་དཀར། ལས་བུམ་ལྗང་། གཉིས་ཀའང་བཅུད་དང་ལྡན་ཞིང་དེ་རྣམས་ལ་ཁ་རྒྱན་གཟུངས་རྡོར་སྤྱི་ལྟར་བྱས་ཏེ། སྟེགས་བུའི་དབུས་སུ་རྣམ་རྒྱལ་གྱི་བུམ་པའི་སྟེང་དུ་བྷནྡྷ་མཚན་ལྡན་དུ་བུར་ཆང་ཆོས་སྨན་སྦྱར་བ་བླུག་ཅིང་དར་དམར་བརྒྱད་ལྟེབས་ཀྱི་ཁེབས་དང་བཅས་བཞག །དེའི་སྟེང་དུ་མེ་ལོང་ལ་སིནྡྷུ་རས་ཆོས་འབྱུང་བསྣོལ་མའི་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་བཾ། འདབ་བཞི་ལ་ཧ་རི་ནི་ས་བྲིས་པ་བཞག་པའི་སྟེང་དུ་མན་ཤེལ་ཨོ་རྒྱན་ཡབ་ཡུམ་གྱི་ཙཀླི་དང་བཅས་པ་བཤམ། དེའི་མདུན་ངོས་ཀྱི་གཡས་སུ་ཁྲུས་བུམ་དང་། གཡོན་དུ་ལས་བུམ། མཐའ་མཆོད་པས་བསྐོར། སྔར་ལྟར་མཆོད་པ་བྱིན་གྱིས་བརླབས་རྗེས། བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་རྣམ་རྒྱལ་བུམ་པ་ནི། །བྷྲཱུྃ་ཡིག་ཡོངས་གྱུར་རིན་ཆེན་སྣ་ཚོགས་ལས། །ཡོངས་གྲུབ་ཕྱི་ནི་བུམ་གཟུགས་ནང་གཞལ་ཡས། །ཚད་དང་མཚན་ཉིད་ཐམས་ཅད་རྫོགས་པ་ཡི། །ཕོ་བྲང་དབུས་སུ་རིན་ཆེན་ཟུར་བརྒྱད་མཛེས། །ལྟེ་དབུས་པདྨ་ཉི་ཟླ་བརྩེགས་པའི་སྟེང༔ ཞེས་པ་ནས། རིག་འཛིན་དཔའ་བོ་ཌཱ་ཀི་སྤྲིན་ལྟར་གཏིབས། །བར་ལ་སྟ་གོན་ལྟར་བྱ། དེ་ནས། གཡས་ཀྱི་ཁྲུས་བུམ་ནང་དུ་པད་ཟླའི་སྟེང་། །རྡོ་རྗེ་ཧཱུྃ་མཚན་ཡོངས་གྱུར་རྡོ་རྗེ་སེམས། །དཀར་གསལ་རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས། །མཚན་དཔེའི་གཟི་འབར་སེམས་དཔའི་སྐྱིལ་ཀྲུང་བཞུགས། །ལས་བུམ་ནང་དུ་པད་ཉི་རྒྱ་གྲམ་སྟེང་། །ཧཱུྃ་མཚན་རྒྱ་གྲམ་ཡོངས་གྱུར་བདུད་རྩི་འཁྱིལ། །ལྗང་གུ་ཕྱག་གཡས་སྣ་ཚོགས་རྡོ་རྗེ་སྡིགས། །གཡོན་པས་དྲིལ་འཛིན་ཁྲོ་ཆས་འདོར་སྟབས་བཞུགས། །ལྷ་ཚོགས་ཀུན་གྱི་གནས་གསུམ་ཨོཾ་ཨཱཿཧཱུྃ། །གིས་མཚན་དེ་ལས་འོད་ཟེར་དཔག་མེད་པ། །འཕྲོས་པས་རང་འདྲའི་ཡེ་ཤེས་སྤྱན་དྲངས་ཏེ། །རང་རང་དམ་ཚིག་སེམས་དཔར་དབྱེར་མེད་བསྟིམ། །ཧཱུྃ། ཡེ་ཤེས་ལྷ་ཚོགས་སོགས་གོང་ལྟར་བྱས་པའི་རྗེས། གཙོ་བུམ་ལ་དམིགས་ཏེ་གཟུངས་ཐག་ལ་འཇུས་ནས། ཧཱུྃ་དགུ་མ་དང་། སྒྲུབ་ཆེན་གསང་བ་ཡོངས་རྫོགས་ཀྱི་ཡང་སྙིང་བརྒྱ་རྩ་ཡན་གང་འགྲུབ། གཡས་ཀྱི་ཁྲུས་བུམ་ལ་དམིགས་ཏེ་ཡིག་བརྒྱ། གཡོན་གྱི་ལས་བུམ་ལ་དམིགས་ཏེ་ཀུཎྜ་ལཱི་ཅི་འགྲུབ་བཟླས་རྗེས། གསུམ་ཀ་ལ་དམིགས་ཏེ། ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པར་འོས་པས་བསྟོད་ནས་འོད་ཞུ་ནི། བུམ་པ་གསུམ་གྱི་ལྷ་ཚོགས་བདེ་སྟོང་ཆེན་པོའི་རྣམ་རོལ་དུ་འོད་དུ་ཞུ་ནས་རང་རང་གི་བྱེད་ལས་འགྲུབ་པའི་ནུས་ཅན་དུ་གྱུར། །ཅེས་བརྗོད་ཅིང་བསམ་མོ། །གསུམ་པ་སློབ་མ་སྟ་གོན་ནི། རྫས་བཞི་དང་སྐྱེ་མཆེད་བྱིན་རླབས་ཙཀླི་སོགས་ཉེ་བར་བསྟར། སློབ་མ་རྣམས་ལ་ལས་བུམ་གྱི་ཆུས་ཁྲུས་བྱ། ཕྲིན་ལས་སྔོན་འགྲོ་ལྟར་བགེགས་གཏོར་གཏང་ཞིང་མཚམས་བཅད་ལ་སྲུང་འཁོར་བསྒོམ། པདྨའི་ཞལ་གདམས་གྲོལ་ཐིག་དགོངས་པ་རང་གྲོལ་གྱི་ལམ་རྒྱས་པ་བླ་མ་རིག་འཛིན་བདེ་གཤེགས་ཀུན་འདུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་ཐོག་མར་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་འཚལ། ཞེས་འབུལ་དུ་གཞུག །དེའང་ཇི་སྐད་དུ། གསང་སྔགས་དངོས་གྲུབ་དོན་གཉེར་ན། །འཇིག་རྟེན་ཚེ་འདིའི་ཞེན་པ་དོར། །ཕ་རོལ་ལ་ནི་འདུན་པ་བསྐྱེད། །འདི་འབྲས་གཉེར་ན་ཕྱི་མ་འཇིག །ཕྱི་མ་གཉེར་ན་འདི་འབྲས་འགྲུབ། །དེ་བས་རང་གཞན་དོན་བྱའི་ཕྱིར། །བསམ་པ་བཟང་པོ་མཆོག་ལ་སྦྱོར། །ཅེས་གསུངས་པ་ལྟར་གང་ཞིག་མཆོག་གི་དངོས་གྲུབ་མི་སློབ་པའི་ཟུང་འཇུག་གི་འབྲས་བུ་དོན་དུ་གཉེར་བ་དག་གིས་འཁོར་བའི་བདེ་སྐྱིད་མངོན་མཐོའི་གོ་འཕང་དང་། ངེས་ལེགས་ཉན་རང་གི་གོ་འཕང་ཙམ་དོན་དུ་གཉེར་བྱ་མ་ཡིན་པས། ནམ་མཁས་ཁྱབ་པའི་ཕ་མ་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་ཡང་ནས་ཡང་དུ་འཁྱམས་པ་ལ་ཚད་མེད་པའི་སྙིང་རྗེ་དྲག་པོས་ཀུན་ནས་བསླངས་ཏེ། དེ་རྣམས་ཀྱི་དོན་དུ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་མྱུར་ལམ་རྨད་དུ་བྱུང་བའི་དཀྱིལ་འཁོར་ཟབ་མོ་འདིར་འཇུག་པར་བྱའོ་སྙམ་པའི་སེམས་བསྐྱེད་ཀྱི་འཕེན་པས་གཞི་བཟུང་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ལན་གསུམ། ཁྱེད་རང་རྣམས་ཐུན་མོང་དང་ཁྱད་པར་གྱི་སློབ་པའི་གནས་རྣམས་ཁས་བླང་ཞིང་གཟུང་བར་བྱ་བའི་གཞི་རྟེན་དུ་མདུན་གྱི་ནམ་མཁར་དཀོན་མཆོག་གསུམ་གསལ་བར་དམིགས་ལ་རྒྱུན་བཤགས་སྔོན་དུ་འགྲོ་བའི་ཐུན་མོང་གི་བྱང་སྡོམ་འཛིན་པ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔སོགས་ལན་གསུམ། དེ་ནས་ཁྱད་པར་རྡོ་རྗེ་ཐེག་པའི་དཀོན་མཆོག་ལ་སྐྱབས་སུ་བཟུང་ཞིང་སྒོ་གསུམ་ཐ་མལ་གྱི་སྣང་ཞེན་ལས་ལྡོག་པའི་ཉེས་སྤྱོད་སྡོམ་པ། བསྐྱེད་རྫོགས་ཀྱི་ལམ་ཟབ་མོ་ལ་བསླབ་པའི་དགེ་བ་ཆོས་སྡུད། གཞན་དོན་དུ་ལས་བཞིའི་ཕྲིན་ལས་ལ་འཇུག་པའི་སེམས་ཅན་དོན་བྱེད་དེ་སྔགས་ཀྱི་ཚུལ་ཁྲིམས་བྱེ་བྲག་པ་རྣམས་ལ་སློབ་བོ་སྙམ་པས་འདིའི་རྗེས་ཟློས། ཧཱུྃ༔ བླ་མ་རྩ་གསུམ་སྐྱབས་ཀྱི་མཆོག་ཏུ་འཛིན༔ འགྲོ་བའི་དོན་དུ་སྨོན་འཇུག་སེམས་བསྐྱེད་དེ༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་གསང་སྔགས་ཀྱི༔ དམ་ཚིག་སྡོམ་པ་རྟག་ཏུ་བསྐྱང་བར་བགྱི༔ ཞེས་གསུམ་བརྗོད། དེ་ལྟར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡོམ་པ་བླངས་པ་དེ་རྣམས་སྐྱེས་བརྟན་གོང་དུ་འཕེལ་ཞིང་ཚེགས་ཆུང་ངུས་དགེ་ཚོགས་རྒྱ་ཆེན་པོ་བསྡུས་ཏེ་ཚོགས་གསག་པའི་ཆེད་དུ་ཡན་ལག་བཅུ་པའི་དོན་དྲན་པས་འདིའི་རྗེས་ཟློས་མཛོད། ཧཱུྃ༔ བླ་མ་ཡི་དམ་ཌཱ་ཀིའི་ལྷ་ཚོགས་རྣམས༔ ཚོགས་གཉིས་གསག་ཕྱིར་རྟེན་གྱི་མཆོག་ཏུ་འཛིན༔ དགའ་མགུ་རངས་པའི་སེམས་ཀྱིས་གུས་ཕྱག་འཚལ༔ དངོས་སུ་འབྱོར་དང་ཡིད་སྤྲུལ་མཆོད་པས་མཆོད༔ སྡིག་པའི་ཚོགས་དང་དམ་ཚིག་ཉམས་ཆག་བཤགས༔ དགེ་ཚོགས་མཛད་པ་ཀུན་ལ་ཡི་རང་ངོ༔ ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ འགྲོ་ལ་ཕན་མཛད་མྱ་ངན་མི་འདར་བཞུགས༔ བདག་གཞན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ༔ དེ་ལྟར་ཉམས་བླངས་དགེ་ཚོགས་ལ་བརྟེན་ནས༔ མཁའ་ཁྱབ་འཁྲུལ་པའི་སེམས་ཅན་ཐམས་ཅད་ལ༔ བྱམས་དང་སྙིང་རྗེ་དགའ་བ་ཚད་མེད་དང༔ བཏང་སྙོམས་ལ་བརྟེན་མཉམ་ཉིད་ཆོས་ཀྱི་སྐུ༔ འགྲོ་བ་ཀུན་གྱིས་ཡང་དག་གནས་ཐོབ་ཤོག༔ ཅེས་ལན་གསུམ་གྲུབ་རྗེས། རྒྱུད་དག་པར་བྱ་བའི་ཕྱིར་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ཀུན་བཟང་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ཡིག་ལས་འོད་ཟེར་འཕྲོས། སློབ་མ་རྣམས་ཀྱི་ལུས་ལ་ཕོག་པས་རྣམ་སྨིན་ཤ་ཁྲག་གི་ཕུང་པོ་སྦྱང་། ཧཱུྃ་ཡིག་ཏུ་གྱུར་པ་དེ་ཡབ་ཀྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཕྱུང་། ཡུམ་གྱི་པདྨར་བབས་པས་རྡོ་རྗེ་ཐོད་ཕྲེང་རྩལ་དུ་གྱུར། སླར་གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས་ཡབ་ཀྱི་ཞལ་དུ་ཞུགས། རྗེས་སུ་ཆགས་པའི་མེས་ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ་བའི་རྒྱུན་སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་བྱུང་། ཡུམ་གྱི་པདྨར་གནས་པའི་སློབ་མའི་སྤྱི་བོ་ནས་བྱང་ཆུབ་སེམས་ཀྱིས་མངོན་པར་དབང་བསྐུར་ཏེ། ཡུམ་གྱི་པདྨ་ནས་ཕྱིར་ཕྱུང་། རང་རང་གི་གདན་ལ་འཁོད་པར་བསམ་པའི་ངང་ནས་དམིགས་བསལ་གྱི་སྡོམ་པ་འཛིན་པ་དངོས་ཚོགས་ཞིང་གི་སྤྱན་སྔར་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྱིར་སྡོམ་པ་གསུམ་གྱི་ཐོབ་བྱའི་གནས་མཐའ་དག་བསྲུང་སྙམ་པའི་དམ་བཅའ་བརྟན་པོས་འདིའི་རྗེས་ཟློས། རྩ་གསུམ་རྒྱལ་བ་རབ་འབྱམས་རྣམས༔ སོགས་ནས། དེ་དག་ཐམས་ཅད་བདག་གིས་བཟུང༔ ལན་གསུམ། དེ་ནས་སྒོ་གསུམ་བྱིན་གྱིས་བརླབ་པ་ནི་ལས་ཆུ་འཐོར། དེ་ནས་སློབ་མའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་དང་། སླར་ཡང་མས་ནས། ཧཱུྃ་ཨཱཿཨོཾ་གསུམ་གྱིས་དྲིའི་ཐིག་ལེ་བྱས་ཏེ། ཁྱེད་རང་སློབ་མ་རྣམས་ལྷར་གསལ་བ་ལ་སྐུ་གསུང་ཐུགས་རྡོ་རྗེའི་ཕྱག་རྒྱས་བསྲུངས་པས་མཆོད་པའི་གནས་སུ་གྱུར་ཅིང་། དེང་ནས་བཟུང་འདོད་ཡོན་ལ་སྲེད་པས་སྤྱད་མི་དགོས་པར་བདེ་སྟོང་ཡེ་ཤེས་འབར་བའི་གྲོགས་སུ་ཉེ་བར་སྤྱོད་པ་མཚོན་ཕྱིར། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ཉེར་སྤྱོད་ལྔས་མཆོད། དེ་དག་ནི་སྟ་གོན་གྱི་སྔོན་འགྲོའི་ཆོས་ཡིན་ནོ། །དངོས་གཞི་ལ་དང་པོ་སྐྱེ་མཆེད་བྱིན་གྱིས་བརླབ་པ་ནི། རིགས་ལྔའི་ས་བོན་གནས་རྣམས་སུ་གཏུགས་པས་ཉན་བརྗོད་སེམས་པ་བྱ་བྱེད་ཡིད་ཆོས་ཐམས་ཅད་རྒྱལ་བའི་ཡེ་ཤེས་ཀྱི་རོལ་མོར་བྱིན་གྱིས་བརླབས་པར་མོས་ཤིག །ཏྲཱཾ་ཡིག་རྣ་བར་བསྐུར་ཏེ། ཧཱུྃ། ཉན་བྱེད་རྣ་བའི་དབང་པོ་ནི། །རིན་ཆེན་འབྱུང་ལྡན་དེ་བཞིན་གཤེགས། །ཉན་པ་སངས་རྒྱས་ཐམས་ཅད་གསུང་། །ཐོས་པ་རང་གྲོལ་མཉམ་ཉིད་ངང་། །ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ། ཧྲཱིཿཡིག་ལྕེ་ལ་བསྐུར་ཏེ། ཧཱུྃ། སྨྲ་བྱེད་ལྕེ་ཡི་དབང་པོ་ནི། །སྣང་བ་མཐའ་ཡས་དེ་བཞིན་གཤེགས། །བརྗོད་པ་ཐམས་ཅད་སངས་རྒྱས་སྒྲ །བརྗོད་པ་རང་གྲོལ་སོར་རྟོག་ངང། །ཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧྲཱིཿ ཧཱུྃ་ཡིག་སྙིང་གར་བསྐུར་ཏེ། ཧཱུྃ། བསམ་པར་བྱེད་པ་སེམས་ཀྱི་རྟེན། །མི་བསྐྱོད་རྒྱལ་པོ་དེ་བཞིན་གཤེགས། །ཙིཏྟ་ཀུན་བཟང་རྡོ་རྗེ་འཛིན། །དྲན་པ་རང་གྲོལ་ཆོས་དབྱིངས་ངང་། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧཱ་ཡིག་ཡན་ལག་ལྔར་བསྐུར་ཏེ། ཧཱུྃ། བྱ་བ་བྱེད་པ་ཡན་ལག་ལྔ། །དོན་ཡོད་གྲུབ་པ་དེ་བཞིན་གཤེགས། །བྱ་སྤྱོད་སྤྱོད་པ་སངས་རྒྱས་མཛད། །འདུ་བྱེད་རང་གྲོལ་བྱ་གྲུབ་ངང་། །ཧཱ་ཧཱ་ཧཱ་ཧཱ་ཧཱ། ཨོཾ་ཡིག་སྙིང་གར་བསྐུར་ཏེ། ཧཱུྃ། རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །བདག་ཉིད་ཁྱབ་བདག་ཀུན་ཏུ་བཟང་། ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །འགུལ་བསྐྱོད་བདེ་བའི་ཕྱག་རྒྱ་ཆེ། །ཨོཾ་ཨོཾ་ཨོཾ་ཨོཾ་ཨོཾ། དེ་ནས་སོ་ཤིང་དོར་བ་ནི། འཁྱིལ་བའི་སྔགས་ལན་བདུན་བཟླས་པས། སློབ་མ་རྣམས་ཀྱི་དངོས་གྲུབ་ཀྱི་ལྟས་བརྟག་པའི་ནུས་པ་ཅན་དུ་གྱུར་པར་མོས། མཎྜལ་པདྨ་འདབ་བརྒྱད་དཀར་པོ་མུ་ཁྱུད་ཀྱིས་བསྐོར་བའམ། ཡང་ན་ཚོམ་བུ་དགུ་པ་མདུན་དུ་བཀོད། ཧཱུྃ་ལས་བྱུང་བའི་སོ་ཤིང་སློབ་མའི་ལག་གཉིས་མཁའ་དབྱིངས་ཀྱི་རྒྱས་བཟུང་ཞིང་། རྩེ་མོས་ལྗགས་བཞར། རྩ་བས་སོ་དྲུད་པས་ཚེ་རབས་སུ་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག་པ་དང་། རང་གི་དངོས་གྲུབ་ཇི་ལྟར་ཐོབ་པའི་མཚན་མ་གསལ་བར་བསྟན་དུ་གསོལ་སྙམ་པས་ཤར་རམ་བྱང་དུ་ཁ་བལྟས་ལ་འདིའི་རྗེས་ཟློས་དང་བཅས་ལྟོས་མེད་དུ་འདོར་བར་ཞུ། ཧོ༔ བླ་མས་བསྒོ་བ་ཇི་བཞིན་སོ་ཤིང་དོར། །བླ་མ་རིག་འཛིན་སྐུ་གསུང་ཐུགས་མཆོག་གི །ཡེ་ཤེས་དངོས་གྲུབ་དམ་པ་ཐོབ་བྱའི་ཕྱིར། །དབུས་ཕྱོགས་མེ་རི་འབར་བར་འབབ་པར་ཤོག །ཨོཾ་བཛྲ་ཧཱ་ས་ཧཱ། དེ་ལྟར་དོར་བའི་མཚན་མ་ནི། ཇི་སྐད་དུ། ཕྱོགས་བཞི་དབུས་དང་ལྔར་བབས་ན། །རིགས་ལྔ་གང་ཡིན་དངོས་གྲུབ་ཐོབ། །མཚམས་སུ་ཕྲན་ཚེགས་སྟེང་མཁའ་སྤྱོད། །འོག་ཏུ་རྩེ་བསྟན་ས་སྤྱོད་དང། །རྩ་བ་རང་ལ་བསྟན་པ་ན། །ལན་གསུམ་སླར་ལ་བསྐྱར་ཞིང་འཕངས། །གཡས་སུ་ཡོ་ན་ཚེ་ཐར་གཏང་། །གཡོན་དུ་ཡོ་ན་སྦྱིན་པ་བཀྱེ། །ཕྲེད་བསགས་མར་མེ་བརྒྱ་རྩ་སྦར། །ཀུན་ངན་སྒྲུབ་ལ་བར་ཆད་འབྱུང། །གསག་སྦྱོང་དགེ་བ་རླབས་ཆེན་བྱ། །ཞེས་གསུངས་པ་ལྟར་ངེས་པར་མཛོད་ཅིག །ཁྱོར་ཆུ་སྦྱིན་པ་ནི། དུང་ཞལ་གྱི་ཆུ་བཾ་ལས་བདུད་རྩིའི་རྒྱ་མཚོར་བསམས་ལ་འབྲུ་གསུམ་གྱིས་བྱིན་བརླབས། འདི་འཐུངས་པས་ལུས་ཀྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང་། རྣམ་རྟོག་བག་ཆགས་དང་བཅས་པ་བཀྲུས་པའི་མོས་པ་གྱིས་ཤིག །ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨ་པཱ་པཾ་བི་ཤུདྡྷ་ནཱི་ཙཱསྱ་བི་ཤོ་དྷ་ཡ་སརྦ་བི་ཀལྤཱ་ན་ཨ་པཱ་ན་ཡ་ཧཱུྃ། ཞེས་ལག་པ་གཡས་སུ་ལན་གསུམ་སྦྱིན་ཞིང་བཏུང་བའི་ལྷག་མ་དཔུང་པ་གཡོན་གྱི་ཕྱོགས་ནས་རྒྱབ་ཏུ་དོར་བས་སྒོ་གསུམ་གྱི་དྲི་མ་དག་པར་མོས་ཤིག །སྲུང་སྐུད་བཅིང་བ་ནི། སྲུང་སྐུད་དམར་པོར་རྡོ་རྗེའི་མདུད་པ་གསུམ་བཏབ་ལ། ཧཱུྃ་ལས་སྐྱེས་པའི་སྲད་བུ་སློབ་མའི་སྒོ་གསུམ་གྱི་བར་ཆད་སྲུང་བའི་མཐུ་ལྡན་དུ་གྱུར། ལས་ཆུས་བསང་། རྩ་སྔགས་ཀྱིས་བྱིན་བརླབས། ཨོཾ་སརྦ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་སྤྱི་ལྟར་བཅིངས་ལ། སྲུང་བའི་སྨོན་ལམ་གསོལ་བ་འདིའི་རྗེས་ཟློས། ཧོཿ བླ་མས་གནང་བའི་སྲུང་སྐུད་ལྔ་ལྡན་གྱིས། །བསྲུངས་པས་བདག་ཉིད་ཁྲོ་རྒྱལ་སྐུར་གྱུར་ནས། །སྟོང་ཕྲག་བརྒྱད་ཅུའི་བགེགས་རིགས་ཐམས་ཅད་ཀྱང་། །རྡུལ་ཕྲན་བཞིན་དུ་བཏུལ་ཞིང་བརླག་པར་ཤོག །སླར་ཡང་རྡོ་རྗེ་དང་བཅས་པའི་དྲིའི་ཆུས་མདུད་པ་ལ་རྒྱ་གྲམ་དུ་རེག་ཅིང་། ཨོཾ་བཛྲ་རཀྵ་རཀྵ་སྭཱ་ཧཱ། ཞེས་བརྗོད་པས་ལུས་རྡོ་རྗེའི་གོ་ཆས་བཞུ་བླུགས་སུ་གཡོགས་པ་ལ་རྡོ་རྗེ་རྒྱ་གྲམ་གྱི་མདོ་འཛིན་རེས་མཚན་པར་གྱུར། ཀུ་ཤ་སྦྱིན་པ་ནི། བསང་ཆུ་འཐོར། ཨོཾ་བཛྲ་ཏཱིཀྵྞ་དྷཱིཿ ཨོཾ་བཛྲ་རཀྵ་ཧཾ། ཀུ་ཤ་མི་དམིགས་པའི་ངང་ལས་ཆེ་བ་ཧཱུྃ་དང་། ཆུང་བ་དྷཱིཿལས་བྱུང་བའི་ཀུ་ཤའི་ཆུན་པོ་སྔོ་ལྗང་རྩ་རྩེ་མ་ཉམས་པ་རྨི་ལམ་མི་འཁྲུགས་པའི་ནུས་པ་ཅན་དུ་གྱུར། ཧཱུྃ་དྷཱིཿ ལན་བདུན་བཟླ། ཕོན་ཆེ་བ་སྟན་གྱི་དོན་དུ་ལག་གཡོན་དང་། ཆུང་བ་སྔས་ཀྱི་དོན་དུ་གཡས་པར་ཟུངས་ཤིག །ཨོཾ་བཛྲ་ཏཱིཀྵྞ་བཾ། ཞེས་བརྗོད། སློབ་མས། ཨོཾ་བཛྲ་ཏཱིཀྵྞ་སིདྡྷི་ཧཱུྃ། ཞེས་བླང་དུ་གཞུག །ལྟས་ཀྱི་དམོད་བོར་བ་འདིའི་རྗེས་ཟློས། ཧོཿ བླ་མས་གནང་བའི་རྩྭ་མཆོག་ཉལ་སྔས་ཀྱིས། །དཀྱིལ་འཁོར་ལྷ་ཚོགས་བདག་གི་ལུས་ཞུགས་ནས། །བླ་མ་རིག་འཛིན་འཁོར་དང་བཅས་པ་ཡིས། །གྲུབ་རྟགས་མཚན་མ་བདག་ལ་བསྟན་ཏུ་གསོལ། །ཞེས་བརྗོད། གསང་སྔགས་ལ་སྤྲོ་བ་སྐྱེད་པའི་ཕྱིར་ཟབ་མོའི་ཆོས་བཤད་པ་ནི་འདི་ལ་གསན་པས་ཁྱབ་པར་གདའ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྦ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བྱས་པར་གྱུར་པ་གང་། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་ལགས་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པ་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་པ་ནི། །གོ་འཕང་བླ་ན་མེད་པར་འགྱུར། །དེ་དག་གིས་སྟ་གོན་གྱི་རིམ་པ་རྣམས་གྲུབ་པ་ལགས་པས་དགེ་བ་བྱང་ཆུབ་ཏུ་བསྔོ་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་གྱེས་སོ། །གསུམ་པ་དཀྱིལ་འཁོར་བཞེངས་པ་ནི། དབུས་ལྟེ་འཁོར་ལོ་རྩིབས་བརྒྱད་མཐིང་ནག །རྩིབས་མཆན་དམར། དེ་རྒྱབ་པདྨ་འདབ་བརྒྱད་ཉིས་རིམ་འདབ་བཞི་ཕྱོགས་མདོག །མཚམས་མཛེས་ཚོན། ཐམས་ཅད་ལ་འོད་ལྔའི་མུ་ཁྱུད། དེ་རྒྱབ་གསེར་ཁྱམས་དང་ཁྲག་ཁྱམས། སྒོ་ཕན་ཆད་སྤྱི་དང་མཐུན་པ་ལ་པད་རའི་རྒྱབ་འོད་ལྔའི་མུ་ཁྱུད། དེ་རྒྱབ་དུར་ཁྲོད་རྡོར་ར་མེ་རི་དང་བཅས་པའོ། །དེ་དག་ལ་ལྷ་མཚན་རྒྱས་བསྡུས་གང་འགྲུབ་སྤྱི་མཐུན་བྲིས་པའམ། མ་འབྱོར་ན་སྟ་གོན་སྐབས་ལྟར་ཚོམ་བུ་བཀོད་པའི་དབུས་སུ་ཁྲིའུ་ལ་རྣམ་བུམ་ཁ་རྒྱན་གཟུངས་རྡོར་སྐུ་རྟེན་ཙཀླི་རྣམས་དང་བཅས་པ་བཀོད་པའི་གཡས་སུ་ལམ་རྒྱས་པའི་དབང་སྒྲུབ་གཏོར་མ་ཀུན་བཟང་རྡོ་རྗེ་ཐོད་ཕྲེང་གི་ཙཀླི་དང་བཅས་པ་དང་དབུ་རྒྱན། གཡོན་དུ་གསང་དབང་གི་དོན་དུ་ཐོད་པ་ཆང་དང་མངར་གསུམ་ཆོས་སྨན་སྦྱར་བས་བཀང་བ་དར་དམར་བརྒྱད་ལྟེབས་ཀྱིས་གཡོགས་པའི་ཁར། ཤེར་དབང་གི་མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་ཅན་གྱི་སྟེང་དུ་དྲིལ་བུ་ཤེར་ཙཀ་བཞག་པ་དང་། དྲིལ་བུ། རྒྱབ་ངོས་སུ་དབང་བཞི་པའི་དོན་དུ་ཤེལ་རྡོ་ཟུར་བརྒྱད་དང་ཨོ་རྒྱན་ཡབ་ཡུམ་གྱི་སྐུ་འབག་དང་བཅས་པ་ལ་དར་དམར་གྱི་གུར་ཕུབ་པ་དང་རྡོ་རྗེ། མདུན་དུ་རྡོར་དྲིལ་ལྷན་ཅིག་བཅིང་པ་དང་དྲག་པོ་སྒྲོལ་དབང་གི་ལྕགས་ཕུར། ཤར་ལྷོར་ཁྲུས་བུམ། བྱང་ཤར་དུ་ལས་བུམ། དཀྱིལ་འཁོར་གྱི་མཐའ་སྐོར་དུ་ཞི་མཆོད་གཡས་སྐོར། མདུན་དུ་མཆོད་གཏོར་གྱི་གཡས་གཡོན་དུ་སྨན་རཀ་རྣམས་བཤམ། གཞན་ཡང་དབང་གི་དངོས་གཞིའི་ཆས་མིག་དར་ཐུར་མ། ཅོད་པན། དུར་ཁྲོས་ཆས། བགྲང་ཕྲེང་། ལིངྒ་། ཕྱག་ཤིང་། དུང་དཀར། གདན་འཁོར། སྒྲུབ་གཞུང་གི་པུསྟི་རྣམས་དང་། འཛོམ་ན་རལ་གྲི་རྒྱལ་མཚན་ལ་སོགས་པའི་རྒྱན་རྣམས་ཀྱང་བསྟར་ཞིང་། སྔོན་གཏོར་ཚོགས་ཀྱི་ཡོ་བྱད་ཀྱིས་མཚོན་ཉེར་མཁོའི་ཆས་རྣམས་མི་བྲེལ་བར་གསག་གོ །གཉིས་པ་དངོས་གཞིའི་བྱ་བ་ལ་གསུམ། དཀྱིལ་འཁོར་སྒྲུབ་པ། བདག་ཉིད་འཇུག་པ། གཞན་ལ་དབང་བསྐུར་བའོ། །དང་པོ་ནི། སྣོད་བཅུད་སྟོང་གསལ་རྡོ་རྗེའི་གུར་ནང་དུ༔ སོགས་ནས་བཟུང་བདག་མདུན་དབང་དོན་དེ་ཉིད་གསལ་བ་ལྟར་ལས་གཞུང་བསྲངས་ཤིང་། དེ་ཡང་སྒོམ་དོན་ནི། བདག་བསྐྱེད་ཟབ་མོ་ལུས་དཀྱིལ་ནང་ཨ་ནུ་ཡོ་ག་ལྟར་གསལ་བ་ལ། མདུན་བསྐྱེད་རྒྱ་ཆེན་ཕྱི་དཀྱིལ་བསྐྱེད་པ་ནི་ལུགས་འདིའི་དགོངས་པ་ཐུན་མོང་མ་ཡིན་པའོ། །བཟླས་པའི་སྐབས་ཐོག་མར་བདག་མདུན་གཉིས་ཀར་དམིགས་པའི་འཕྲོ་འདུ་དང་བཟླས་བརྗོད་གྲུབ་པའི་རྗེས། བུམ་དམིགས་ནི། འོད་ཟེར་སྤྲོ་བསྡུའི་སྦྱོར་བ་ཡིས༔ སྒྲུབ་རྫས་ལྷར་གསལ་བདུད་རྩིར་བསྒྱུར༔ སློབ་བུའི་སྒོ་གསུམ་སྒྲིབ་པ་སྦྱོང༔ ཞེས་གསུངས་པ་ལྟར་བྱས་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་སོགས་ནས། སརྦ་ཌཱ་ཀི་ནཱི་ས་མ་ཡ་ཨ་ཧྲཱིཿཧཱུྃ་ཛཿཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ། ཞེས་གཟུངས་ཐག་ལ་འཇུས་ནས་ཅི་ནུས་བཟླ། དེའི་ཚེ་གསང་རྫས་ཐོད་པའི་དཀྱིལ་འཁོར་དུའང་ཨོ་རྒྱན་ཡབ་ཡུམ་མཉམ་པར་རོལ་པའི་ཐུགས་བདེ་སྟོང་ཆེན་པོའི་རོས་ཚིམས་པས་ཐུགས་རྒྱུད་བསྐུལ། སློབ་མའི་སྒོ་གསུམ་གྱི་དྲི་མ་སྦྱངས། སྦྱོར་མཚམས་ནས་བྱང་སེམས་ཀྱི་རྒྱུན་དཔག་ཏུ་མེད་པ་བྱུང་ བས་བྷནྡྷའི་ནང་ཁེངས་པར་བསམ། དེ་བཞིན་དུ་ཁྲུས་བུམ་དུ་རྡོ་རྗེ་སེམས་དཔའ་ཀྲོང་བསྐྱེད་ལ་དམིགས་ནས་ཡིག་བརྒྱ་ཅི་ནུས་དང་། ལས་བུམ་དུ་བདུད་རྩི་འཁྱིལ་བ་དམིགས་པ་ལ་ཀུཎྜཱ་ལཱི་ཅི་མང་བཟླས་རྗེས། བུམ་པ་གསུམ་ཀའི་ལྷ་ལ་དམིགས་ནས་མཆོད་བསྟོད་མདོར་བསྡུས་མཐར། བུམ་པ་གསུམ་གྱི་ལྷ་རྣམས་བདེ་སྟོང་ཆེན་པོའི་རྣམ་རོལ་དུ་འོད་དུ་ཞུ་ནས་རང་རང་གི་བྱེད་ལས་འགྲུབ་པའི་ནུས་པ་ཅན་དུ་གྱུར། ཅེས་བརྗོད་ཅིང་དུང་ཆོས་ཀྱི་ཆུ་ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ། དེ་རྗེས་དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་གདབ་པ་དང་དག་པ་བརྗོད་པ་ནི། ཧཱུྃ༔ ཆོས་དབྱིངས་མ་བཅོས་སྐྱེ་བ་མེད་པའི་ངང༔ སོགས་བརྗོད། གཙོ་བུམ་ནས་ལས་བུམ་ལ་ཅུང་ཟད་བླུག་པར་བྱའོ། །གཉིས་པ་བདག་འཇུག་བླང་བ་ནི། ཁྲུས་དང་བགེགས་གཏོར་ནས་བརྩམ་ལས་གཞུང་ལྟར་མཐར་ཆགས་སུ་གཏང་བ་ལས། ཚེ་གཅིག་གྲོལ་འགྱུར་གདམས་མཆོག་སྩོལ༔ ཅེས་པ་ཡན་ཆད་བརྗོད་ཅིང་དབང་ལྷ་སྐབས་འདིར་མི་བསྡུའོ། །དེ་ནས་སློབ་བུ་འཇུག་པར་གནང་བ་ཞུ་བ་ནི། བཅོམ་ལྡན་འདས་བདེ་བར་གཤེགས་པ་བླ་མ་རིག་འཛིན་ཀུན་འདུས་ཀྱི་དཀྱིལ་འཁོར་ཆེན་པོར་བདག་གིས་སློབ་མ་རྣམས་འཇུག་པར་འཚལ་བས་ཐུགས་རྗེ་ཆེན་པོས་གནང་བར་མཛད་དུ་གསོལ། ཞེས་བརྗོད་པས་ལྷ་ཚོགས་རྣམས་ཀྱིས་དེ་དེ་བཞིན་དུ་གནང་བ་བྱིན་པར་བསམ་མོ། །གསུམ་པ་སློབ་མ་རྗེས་སུ་བཟུང་བའི་ཆོ་ག་ལ་གཉིས། འཇུག་པ་དང་། དབང་གིས་སྨིན་པར་བྱ་བའོ། །དང་པོ་ལའང་གཉིས། ཕྱི་འཇུག་དང་། ནང་འཇུག་གོ །དང་པོ་ནི། སྒྲུབ་ཁང་གི་ཕྱི་རོལ་དུ་ལས་ཀྱི་རྡོ་རྗེས་སློབ་མ་རྣམས་ལ་ཁྲུས་བྱ་ཞིང་འཁྱིལ་པའི་སྔགས་བརྗོད། སྔོན་ཆད་གཉིས་སུ་འཛིན་པ་དང་མ་རིག་པའི་ལིང་ཏོག་གིས་ལྡོངས་ཏེ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའི་བརྡར། བཛྲ་ཙཀྵུཿབྷནྡྷ་ཝ་ར་མ་ཎ་ཡེ་སྭཱ་ཧཱ༔ ཞེས་མིག་དར་དམར་པོ་འཆིང་། སླར་ཡང་དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ལག་སྟོང་དུ་མཇལ་ན་མི་རུང་བས་སྐབས་དེར་འབུལ་བའི་ཕྱག་རྟེན་ཨུ་དུམྦ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་དམར་པོ་རེ་བྱིན་པར་མོས་མཛོད། ཧཱུྃ་ལས་བྱུང་བའི་མེ་ཏོག་འདི༔ ཨུ་དུམྦ་ར་མནྡཱ་ར༔ ཡོངས་འདུ་དང་ནི་མལླི་ཀཱ༔ ཀ་ར་བཱི་རའི་མེ་ཏོག་ཕྲེང༔ ལེགས་པར་མནོས་ཏེ་བུ་ཁྱོད་ཟུངས༔ ཨཱ་ཁཾ་བཱི་ར་ཧཱུྃ༔ ཞེས་གཏད། དེ་ནས་སློབ་བུ་རྣམས་ལག་པ་སྦྲེལ། ལས་ཀྱི་རྡོ་རྗེས་རྡོར་དྲིལ་བཟུང་ནས་གཟུངས་ཐག་ལ་སྦྲེལ་ཞིང་ཚོགས་ཁང་ལ་བསྐོར་བ་ལན་གསུམ་བྱས་ཏེ་སྒོ་སྲུང་ལ་གནང་བ་ཞུ་བའི་མོས་པས་འདིའི་རྗེས་ཟློས་མཛོད། ཀྱཻ། སྒོ་བ་གིང་ཆེན་དགོངས་སུ་གསོལ། ཁྱོད་ནི་ཁྲོ་བོ་ཆེན་པོའི་ཚུལ། །མཚོན་ཆ་སྣ་ཚོགས་འཛིན་པའི་སྐུ །བདག་ནི་འཁོར་བ་ལས་སྒྲོལ་ཕྱིར། ཁྱེད་ཀྱིས་གནང་ཞིང་གཏང་དུ་གསོལ། །སྒོ་བས་ལན་དུ། བདག་ནི་ལས་ཀྱི་སྒོ་བ་སྟེ། །བཀའ་ཉན་སྲུང་སྡོམ་ལས་མཁན་ཡིན། །གསང་སྔགས་དཀྱིལ་འཁོར་འཇུག་པ་ན། །ལས་དང་སྐལ་བར་ལྡན་ནམ་ཅི། །ཞེས་པའི་ལན་བཏབ་པར་མོས་ལ་རྗེས་ཟློས། །ཀྱཻ། སྒོ་བ་གིང་ཆེན་དགོངས་སུ་གསོལ། །བདག་ཅག་ལས་དང་སྐལ་པ་ཅན། །དམ་ཚིག་དང་ནི་སྡོམ་པར་ལྡན། །དཀྱིལ་འཁོར་གཞུག་ཅིང་དབང་ནོད་འཚལ། །ཞེས་ལན་བཏབ། ནང་ནས། ཧཱུྃ༔ སྐལ་ལྡན་ལས་ཅན་དམ་ཚིག་ལྡན་པའི་བུ། །སྟོན་པའི་བཀའ་སྒྲུབ་དམ་ལ་གནས་བྱེད་ན། །དངོས་གྲུབ་འདོད་པས་ཐེ་ཚོམ་ལོག་ལྟ་སྤོངས། །མོས་གུས་སྤྲོ་བ་སྐྱེད་ལ་ནང་དུ་ཤོག །བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད་ལ་སྒོ་ཕྱེ། དེ་ནས་བགེགས་གཏོར་བཏང་། བཀའ་བསྒོ་མཚམས་གཅོད་དྲག་ཏུ་བྱས་ལ་སྒོ་གདོང་ནས་ཐུན་བརྡེག །གུ་གུལ་གྱིས་བདུག་ལ་ནང་དུ་བཏང་སྟེ་སྲུང་བའི་འཁོར་ལོ་བསྒོམ་མོ། །དེ་ནས་ཡོལ་བའི་ཕྱི་རོལ་དུ་ཕྱག་བཅས་འཁོད། སེམས་བསྐྱེད་གསལ་བཏབ་ལ། འདིར་གསང་སྔགས་སྔ་འགྱུར་གྱི་རིང་ལུགས་འཛིན་པ་རྣམས་ལ་བཀའ་གཏེར་དག་སྣང་གི་སྲོལ་ཆེན་གསུམ་དུ་མཆིས་པའི་ནང་ནས་ཉེ་བརྒྱུད་གཏེར་མའི་ནང་ཚན་བསྐྱེད་རྫོགས་རྫོགས་ཆེན་གསུམ་ཀའི་སྙིང་ཁྲག་གཏིབས་པ་ལྟ་བུ། བླ་རྫོགས་ཐུགས་གསུམ་ཡོངས་རྫོགས་དང་བཅས་པའི་ཆ་ལག་ཆོས་སྐོར་གཅིག་ཏུ་བསྡུས་པ་པདྨའི་ཞལ་གདམས་གྲོལ་ཐིག་དགོངས་པ་རང་་གྲོལ་དུ་གྲགས་པ་སྟེ། སྤྱི་ཆིངས་ལས། པདྨ་འབྱུང་གནས་བདག་གིས་ཀྱང༔ སྔོན་གྱི་སྨོན་ལམ་འཕྲོ་མཐུད་ནས༔ བོད་ཡུལ་སེམས་ཅན་དོན་ལ་དགོངས༔ ས་འོག་ས་སྟེང་ཆོས་ཀྱིས་བཀང༔ ད་ལྟའི་ལོ་ཙཱ་ཁྱོད་ཉིད་ཀྱང༔ སྐལ་པ་དུམ་བུར་སྤྱོད་པའི་དུས༔ སྟེང་ཁང་སྙིང་མཛོད་སྨུག་པོ་སོགས༔ གཏེར་སྒོ་བཅུ་བཞིར་སྤྱོད་པའི་དུས༔ རྩ་གསུམ་མཐོང་བ་རང་གྲོལ་གྱི༔ བླ་རྫོགས་ཐུགས་གསུམ་དྲིལ་བའི་སྐོར༔ མཆོག་དང་ཐུན་མོང་ཀུན་འགྲུབ་པའི༔ བསྐྱེད་རྫོགས་ཉེར་ལྔ་སྦས་པ་ལས༔ པདྨ་ཐོད་ཕྲེང་རྩལ་ཉིད་ལ༔ རིག་འཛིན་བརྒྱད་ཀྱིས་བསྐོར་བ་དང༔ བླ་མ་དབང་གི་རྒྱལ་པོ་ལ༔ བདེ་གཤེགས་ཡོངས་རྫོགས་བརྒྱད་ཀྱིས་བསྐོར༔ ཐུགས་སྒྲུབ་སེམས་ཉིད་ངལ་བསོ་ལ༔ སེམས་དཔའ་བརྒྱད་ཀྱིས་བསྐོར་བ་དང༔ གསང་བ་ཡེ་ཤེས་ཌཱ་ཀི་ལ༔ བཅུ་གསུམ་མཁའ་འགྲོའི་སྤྲུལ་པར་བཅས༔ བྱང་ཁོག་ལུས་དང་སེམས་མཐུན་པའི༔ སྐུ་གསུང་ཐུགས་ཀྱི་གནད་བསྡུས་སྐོར༔ ཙིཏྟ་སྙིང་དང་འདྲ་བ་ཡི༔ བླ་མའི་རྫོགས་རིམ་རྣམ་པ་གསུམ༔ ཡི་གེ་མེད་པའི་གནད་ཏིག་འདི༔ ལུས་རྒྱའི་ནང་གི་མགོ་བོ་སྟེ༔ གཅེས་ཚད་མིག་ལ་ཕངས་ཚད་སྙིང༔ མདོ་རྒྱུད་ཀུན་གྱི་ཡང་ཏིག་ཡིན༔ ཅེས་སོགས་ཟབ་ཅིང་འདྲིལ་བའི་མཐར་ཐུག་ཏུ་བསྔགས་པ་འདི་ཉིད་ཨོ་རྒྱན་གྱི་སློབ་དཔོན་སངས་རྒྱས་གཉིས་པས་རྗེ་འབངས་གྲོགས་གསུམ་ལ་ལྐོག་ཆོས་སུ་གདམས་ཏེ་གཏེར་གནས་དྲུག་ཏུ་རྒྱས་བཏབ་པ་བཞི་བཅུ་ཁ་རལ་གྱི་དུས་ལ་བབས་པའི་ཚེ་སྤྱན་འདྲེན་པ་པོ་ནི། མངའ་རིས་པཎ་ཆེན་གྱི་རིག་འཛིན་ཡོངས་འདུས་ལས། མདོ་སྔགས་བསྟན་པ་ཉམས་པའི་ཚེ༔ དེ་ཚེ་བསྟན་གཞུག་སྐྱོང་བྱེད་པའི༔ འོད་ཟེར་མིང་དེ་རྒྱལ་བའི་སྲས༔ གཏེར་གསར་འདོན་ཞིང་གཏེར་རྙིང་སྐྱོང༔ ཤེས་རབ་བློ་ལྡན་སྙིང་རྗེ་ཅན༔ ཞེས་དང་། ཆོས་དབང་རིན་པོ་ཆེའི་གནད་བྱང་གསལ་བཀོད་ལས། འདི་ནས་ནུབ་ཕྱོགས་བྱང་ནུབ་ཏུ༔ ཤེས་རབ་འོད་ཅེས་བྱ་བ་ནི༔ རིགས་གསུམ་སྤྲུལ་པས་འགྲོ་བ་འདུལ༔ ཞེས་པ་དང་མཚུངས་པར་སངས་རྒྱས་གླིང་པའི་ལུང་བསྟན་བཀའ་རྒྱ་མ་ཞིག་པོ་གླིང་པའི་བར་ཆད་ཀུན་སེལ་སོགས་ལས་བཻ་རོ་ཙ་ནའི་ཐུགས་ཀྱི་སྤྲུལ་པར་ལུང་བསྟན་ཅིང་། རང་གཏེར་ལས་ཀྱང་། འདི་ཉིད་འདོན་པའི་སྐལ་ལྡན་སྐྱེས་བུ་དེ༔ པདྨ་བདག་དང་ཁྱད་པར་ཡོད་རེ་ཀན༔ འདི་ལ་འབྲེལ་བ་ཅུང་ཟད་སུས་ཐོགས་པ༔ སྡུག་བསྔལ་སྣང་བ་རྩད་ནས་བཅད་ནས་ནི༔ བདེ་ཆེན་དག་པའི་ས་ལ་འགོད་པར་བྱེད༔ འདི་ལ་འབྲེལ་བ་སུས་ཐོགས་པ༔ ཨོ་རྒྱན་མཁའ་སྤྱོད་གནས་སུ་སྐྱེ་བར་ངེས༔ འདི་ཉིད་ཤ་འམ་དྲི་ཆུ་ལྟོར་སོང་ན༔ ལས་ངན་མཚམས་མེད་སྤྱད་ཀྱང་ངན་སོང་ཁེགས༔ སྐྱེ་བ་གཅིག་གིས་བདེན་པ་མཐོང་བར་འགྱུར༔ དེ་ཕྱིར་སྐྱེ་བདུན་ཕལ་གྱིས་དོ་ཟླ་མིན༔ ཞེས་འབྲེལ་ཚད་དོན་ལྡན་དུ་དབུགས་དབྱུང་ཞིང་འགྲན་ཟླ་དང་བྲལ་བའི་སྤྲུལ་པའི་སྐྱེས་མཆོག་འགྲོ་འདུལ་གླིང་པའམ། མཚན་གཞན་ཐམས་ཅད་མཁྱེན་པ་ཤེས་རབ་འོད་ཟེར་དུ་གྲགས་པ་སྟེ། གནས་ནི་ཐེམ་བྱང་ལས། རིན་ཆེན་སྤུངས་དང་ཀླུ་བདུད་ནག་པོའི་འཕྲང༔ ཁྱུང་འདྲའི་བྲག་དང་ཞམ་པའི་གཙུག་ལག་ཁང༔ དཔལ་གྱི་བསམ་ཡས་ལྷ་ས་དྲུག་ཡིན་ནོ༔ ཞེས་གསུངས་པ་ལྟར་དབུར་སྟོད་གྲོགས་མདའི་རི་རིན་ཆེན་སྤུངས་པ་སོགས་ཟབ་མོའི་གཏེར་གནས་དྲུག་ནས། ཟབ་ཆོས་འདིའི་སྐོར་སོགས་གཏེར་སྟོན་གཞན་ལ་མ་གྲགས་པའི་སྐུ་གསུང་ཐུགས་རྟེན་རྫས་གཏེར་གྱི་རིགས་ངོ་མཚར་བ་མང་པོ་སྤྱན་དྲངས་པ་ལས། སྐབས་སུ་བབས་པ་འདི་ནི། ཨོ་རྒྱན་ཡབ་ཡུམ་གྱིས་ཡོངས་རྫོགས་རིག་འཛིན་གྱི་རྩལ་དབང་ཆེན་མོའི་སྐོར་ལ་གཏེར་ཤོག་ཚན་པ་གཉིས་སུ་བྱས་ཏེ། སྟེང་ཁང་སྙིང་མཛོད་སྨུག་པོར་རྒྱས་བཏབ་པ་ཉིད་མངའ་རིས་པཎ་ཆེན་པདྨ་དབང་གི་རྒྱལ་པོས་བཀའ་བརྒྱད་ཡོངས་འདུས་དང་། རྗེ་བཙུན་ཤེས་རབ་འོད་ཟེར་གྱིས་གྲོལ་ཐིག་རིག་འཛིན་བདེ་གཤེགས་ཀུན་འདུས་སྤྱན་དྲངས་པ་འདི་གཉིས་ཚིག་དོན་ཞུ་དག་ཕེར་ཞིང་། བསྟན་པ་རྨད་བྱུང་མའི་ཡོངས་འདུས་བཀའ་བརྒྱད་དང་དབང་གི་ཆུ་བོ་གཅིག་ཏུ་འདྲེས་པའི་ངོ་མཚར་བྱིན་རླབས་་ཁྱད་པར་དུ་འཕགས་པ་མ་ཟད། བདག་གི་བླ་མ་ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གྱུར་གླིང་པ་སོ་སོ་ལ་རྗེ་བཙུན་པྲ་ཛྙཱ་རསྨིའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་སྟེ་བྱིན་རླབས་ཉེ་བརྒྱུད་དུ་བསྩལ། དེ་ལས་ཁོ་བོས་ཆེད་དུ་བཀའ་དྲིན་ཞུས་པས་སྨིན་སྲོལ་ཚང་སྤྲུགས་སུ་ཐོབ་པའི་ཉེ་བརྒྱུད་གཞན་ལས་ཁྱད་པར་དུ་འཕགས་པ་འདིའི་བླ་མའི་སྐོར་ལ་ལམ་རྒྱས་འབྲིང་བསྡུས་གསུམ་དུ་བཞུགས་པ་ལས། འདིར་ལམ་རྒྱས་པ་རིག་འཛིན་བཀའ་བརྒྱད་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བསྒྲུབ་པ་ལ་སོགས་མཚམས་སྦྱར་ནས། འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ སོགས་ནས། འཚལ་བར་བགྱི༔ ལན་གསུམ་ཞུས་པའི་ལན་དུ། ཧོ༔ བུ་ཁྱོད་ང་ལ་སོགས་ནས། དབང་བསྐུར་སྦྱིན༔ ཞེས་དྲིས་པའི་ལན་དུ་ཁས་བླང་བ་འདིའི་རྗེས་ཟློས། གསང་སྔགས་མཆོག་གི་སོགས་ནས། དབང་བསྐུར་སྩོལ༔ འོ་དེ་ལྟར་ཡིན་ན་འཇུག་པ་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། སྟོན་པ་ཁྱོད་ནི་དགའ་ཆེན་ཏེ༔ སོགས་ནས། གཞུག་ཏུ་གསོལ༔ དེ་ནས་དབང་གི་གཞི་རྟེན་ཐུན་མོང་དང་ཁྱད་པར་གྱི་སྡོམ་པ་བཟུང་དགོས་པ་ལས། ཐོག་མར་མདུན་གྱི་ནམ་མཁར་དུས་གསུམ་གྱི་བདེ་བར་གཤེགས་པ་སྲས་དང་བཅས་པ་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོར་བཞུགས་པ་ལ། ཡིད་ཁྱེད་ཤེས་ཀྱི་སྒོ་ནས་སྐྱབས་སུ་འགྲོ་ཞིང་། རྒྱལ་སྲས་ཀྱི་སྡོམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་བཞིན་དུ་ནོད་པར་བྱའོ་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ ལན་གསུམ་གྱི་རྗེས། སློབ་མའི་སྙིང་གར་རྡོ་རྗེ་བཞག་ལ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡ་མི༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་པ་དེ་ཉིད༔ ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་དེའི་སྟེང་དུ༔ དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་ལྔ་ཀུན་ནས་འཕྲོ་བ་དང་བཅས་པ་གཅིག་ཏུ་གྱུར་པ༔ ཁྱོད་རང་རྣམས་ཀྱི་སྙིང་གར་གསལ་ཐོབ་ལ་སྔགས་འདིའི་རྗེས་ཟློས་མཛོད། སྔགས་སྔ་མ་ལན་གསུམ། དེ་ནས་རྡོ་རྗེ་ལག་ཏུ་གཏད་ཅིང་། ཨོཾ་སུ་ར་ཏི་ས་མ་ཡ་སཏྭཾ་ཧོ༔ སིདྡྷི་བཛྲ་ཡ་ཐ་སུ་ཁཾ༔ ཞེས་བརྗོད། རྡོ་རྗེ་སྤྱི་བོར་བཞག་ལ། ཧོ༔ བླ་མ་ཡི་དམ་སོགས་ནས། གཅེས་པར་སྲུངས༔ ཞེས་དང་། བདུད་རྩི་བྱིན་ལ། འདི་ནི་དམ་ཚིག་སོགས། ན་ར་ཀན༔ ཁྱེད་རྣམས་བླ་ན་མེད་པའི་དཀྱིལ་འཁོར་ཆེན་པོར་ཞུགས་ཏེ་མཆོག་ཏུ་གསང་བའི་ཡེ་ཤེས་བསྐྱེད་པ་ལ། དེའི་སྲོག་ཏུ་གྱུར་པའི་དམ་ཚིག་ཉམས་ན་སྡུག་བསྔལ་མི་བཟད་པ་བསྐྱེད་ལ། དམ་ཚིག་ཚུལ་བཞིན་དུ་བསྲུངས་ན་དངོས་གྲུབ་ཆེན་པོ་བདེ་བླག་ཏུ་འཐོབ་པར་འགྱུར་བས་བླང་དོར་ལ་ཅི་ནས་བརྩོན་དགོས་པ་ཡིན་ནོ། །ཞེས་གདམས། དེ་ནས་ཁྱད་པར་གྱི་སྡོམ་པ་བཟུང་བའི་སྔོན་འགྲོ་ཐུན་མོང་མ་ཡིན་པའི་ཚོགས་གསག་ཡན་ལག་བཅུ་པ་བགྱི་བ་ལ། མདུན་གྱི་ནམ་མཁར་རྒྱལ་བ་སྲས་དང་བཅས་པ་ཉི་ཟེར་གྱི་རྡུལ་ཕྲན་བཞིན་དུ་བྱོན་པར་མོས་ནས་སྦྱང་གཞི་དང་སྦྱོང་བྱེད་ཀྱི་དོན་ཡིད་ལ་དྲན་པའི་ངང་ནས་འདིའི་རྗེས་ཟློས་མཛོད། ཧཱུྃ༔ རྣམ་དག་མཉམ་པའི་ངང་ཉིད་ལས༔ སོགས་ནས། རྡོ་རྗེ་འཆང་ཐོབ་ཤོག༔ བར་ལན་གསུམ། ཚོགས་ཞིང་དེ་དག་དཔང་པོར་བྱས་ཏེ། ཕྱི་དོན་དང་སྦས་དོན་དུ་གྱུར་པའི་རིགས་ལྔའི་སྡོམ་པ་དང་དམ་ཚིག་ཡན་ལག་གི་དམ་ཚིག་ལྔ་ཚན་ལྔ། དེ་དག་ཐམས་ཅད་ཀྱི་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་སྟེ། མདོར་ན་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་གསུམ་གྱི་མིང་གིས་བསྡུས་པའི་སྲུང་མཚམས་མཐའ་དག་སྲོག་ལ་བབ་ཀྱང་མི་གཏོང་ངོ་སྙམ་པས་འདིའི་རྗེས་ཟློས། རྩ་གསུམ་རྒྱལ་བ་རབ་འབྱམས་རྣམས༔སོགས་ནས། དེ་དག་ཐམས་ཅད་བདག་གིས་བཟུང༔ བར་ལན་གསུམ། དེ་ནས་ཡོལ་བའི་ནང་དུ་འཇུག་པ་ནི། ཡོལ་བ་བསལ་ལ། འོ་ཁྱེད་ཅག་རྣམས་དཀྱིལ་འཁོར་དམ་པར་འཇུག་པའི་སླད་དུ་ངེད་ཀྱི་སྔགས་དང་ཕྱག་རྒྱའི་སྒོ་ནས་དཀྱིལ་འཁོར་ཆེན་པོའི་ཚད་མེད་རྣམ་བཞིའི་སྒོ་ཕྱེ་བར་གྱུར་པ་ལས། གཙོ་བོའི་ཐུགས་ཀ་ནས་བྱུང་བའི་ལས་ཀྱི་རྡོ་རྗེའི་ཕྱག་ལ་འཇུས་ཏེ་ཤར་སྒོ་ནས་བཟུང་རིམ་པར་གཡས་སྐོར་གྱིས་སྒོ་བཞིར་འཇུག་པའི་མོས་པ་མཛོད། ཨེ་མ་ཧོ༔ རང་བྱུང་ཡེ་ཤེས་ཕྱི་ནང་མཆོད་པའི་ཚོགས༔ མ་ལུས་མངོན་བྱས་རྩ་བ་གསུམ་ལ་འབུལ༔ ཨོཾ་བཛྲ་ཨུཏྤ་ཏ་ཡ༔ ས་མ་ཡ་པྲ་བེ་ཤ་ཡ་ཧཱུྃ༔ ཞེས་ཕྱག་རྒྱ་བཅས་སྒོ་དབྱེ། ཁྱེད་རང་རྣམས་ཀྱིས་ཐལ་མོ་གནས་གསུམ་དུ་སྦྱོར། སྒོ་བཞི་ནས་ཕྱག་ལན་གསུམ་གསུམ་བྱས་པར་མོས་ལ་འདིའི་རྗེས་ཟློས། ཨོཾ་ན་མ་ཏེ་ཧཱུྃ༔ ཨོཾ་ན་མཱ་མི་ཧཱུྃ༔ ཨོཾ་ན་མོ་ན་མ་ཧཱུྃ༔ ཞེས་ལན་གསུམ་བརྗོད། དེ་དག་ནི་དཀྱིལ་འཁོར་ཕྱི་འཇུག་གི་རིམ་པ་ཡིན་ནོ། །ཞེས་བརྗོད། གཉིས་པ་ནི། ད་ནི་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ལ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས། དཀྱིལ་འཁོར་གྱི་ཤར་སྒོའི་སྟེགས་བུའི་གདན་ལ་འཁོད་པ་ལ༔ གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་བྱུང༔ རང་གི་རྣམ་སྨིན་གྱི་ཕུང་པོ་སྦྱངས༔ རྣམ་པར་ཤེས་པ་ཧཱུྃ་མཐིང་གར་གྱུར་པ་ཡབ་ཀྱི་ཞལ་ནས་དྲངས༔ སྐུའི་དབྱིབས་བརྒྱུད་ཡུམ་གྱི་པདྨར་བབས༔ ཕྱིར་བྱུང་ནས་རང་གི་གདན་ལ་འཁོད༔ ཧཱུྃ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་ཀུན་བཟང་རྡོ་རྗེ་ཐོད་ཕྲེང་རྩལ་དུ་གསལ་བའི་སྤྱི་བོརཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿས་མཚན་པ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་རྣམས་ལས་འོད་ཟེར་འཕྲོས། སློབ་དཔོན་དང་གཉིས་སུ་མེད་པའི་མདུན་དཀྱིལ་མཁའ་ཁྱབ་ཀྱི་འཁོར་ལོར་རྫོགས་པ་ལས། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་བྱོན་ནས། རང་ཉིད་དམ་ཚིག་སེམས་དཔར་གྱུར་པ་ལ་ཡེ་ཤེས་ཀྱི་འཁོར་ལོ་བྱེ་ཚན་ལ་ཁ་བ་བབས་པ་ལྟར་སིབ་སིབ་ཐིམ་པར་མོས་པ་དང་། ཁྱེད་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་གཡུང་དྲུང་དམར་པོ་ཆི་ལི་ལི་འཁོར་བ་ལ་ཤེས་པ་རྩེ་གཅིག་ཏུ་གཏོད་ཅིག་ཅེས་བརྡ་སྦྱར་ལ་འབེབ་པའི་རྫས་བདུག །ཐོད་རྔ་དང་དྲིལ་བུའི་སྒྲ་མྱུར་དལ་སྤེལ་བ་ལ་སྔོན་བསྐལ་མས་སྣ་དྲངས་པའི་དབྱངས་སྙན་པོས། ཧཱུྃ༔ ཐུགས་སྲོག་ཧཱུྃ་ལས་འོད་ཟེར་འཕྲོས༔ སོགས་ནས། ཨཱ་བེ་ཤ་ཡ་ཨ་ཨ་ཨཱ༔ བར་འབེབ་སྔགས་ལན་མང་དུ་བརྗོད་ལ་ཡེ་ཤེས་པ་དབབ། མ་ཕེབས་ན་སྤོགས་པའི་ཆོ་ག་ནི། སྙིང་གའི་གཡུང་དྲུང་དམར་པོའི་ལྟེ་བར་བཾ་དང་། ཡན་ལག་བཞིར་ཧ་རི་ནི་ས་ལས་མཁའ་འགྲོ་སྡེ་ལྔ་གསལ་བས་ཤེས་པ་དྲག་ཏུ་བསྐུལ་ཞིང་། རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་དང་བཅས་བར་རླུང་ལྟེ་བར་བསྐྱིལ་ལ། སློབ་དཔོན་གྱིས། ཨོཾ་བཛྲ་ལི་ཧཱུྃ་ཛ༔ མ་ཧཱ་སུ་ཁ་ནི་ཧཱུྃ༔ དྷེ་བ་ཏད་ཐ་ཧཱུྃ༔ ཞེས་དྲག་ཏུ་བཟླས་ན་ངེས་པར་ཕེབ་པར་གསུངས་སོ། །བརྟན་པར་བྱ་བ་ནི། ཡེ་ཤེས་པ་རྣམས་རྡོ་རྗེའི་ཆོས་བདུན་ལྡན་གྱི་རྣམ་རོལ་དུ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ་ས་མ་ཡ་ཧཱུྃ༔ ཞེས་བརྗོད་ཅིང་སྤྱི་བོར་རྡོ་རྗེ་རྒྱ་གྲམ་གྱི་ཚུལ་དུ་འཇོག །དེ་ནས་མདུན་དུ་མཎྜལ་ཚོམ་བུ་ལྔ་པ་བཀོད་ལ། དེ་ནས་ལྷག་པའི་ལྷ་དང་ལས་འབྲེལ་གྱི་རིགས་བརྟགས་པའི་ཕྱིར་རིག་པའི་མེ་ཏོག་དོར་བ་ཡིན་པས། ཚོམ་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་དངོས་སུ་མོས་ཏེ་རིགས་ལྔ་ལ་བཟང་ངན་གྱི་དབྱེ་བསལ་མ་མཆིས་ནའང་། རང་དང་ལས་ཀྱི་འབྲེལ་པ་གང་ལ་ཡོད་པའི་ལྷག་པའི་ལྷ་མཆོག་དེས་བདག་གི་རིག་པའི་མེ་ཏོག་འདི་བཞེས་སུ་གསོལ་སྙམ་པས་འདིའི་རྗེས་ཟློས་དང་ལྷན་ཅིག་མེ་ཏོག་དོར་བར་ཞུ། རིག་པའི་མེ་ཏོག་ནམ་མཁར་འབུལ༔ པྲ་ཏཱིཙྪ་བཛྲ་ཧོ༔ ཞེས་དོར་ནས་གང་ལ་བབས་པའི་རིགས་ངོས་བཟུང་ཞིང་རིགས་མཐུན་གྱི་དངོས་གྲུབ་ཐོབ་ཚུལ་སོགས་སྟ་གོན་ལྟར་འདིར་ཡང་བརྗོད་དོ། །སླར་ཡང་གང་ལ་མེ་ཏོག་ཕོག་པའི་ལྷ་དེར་སློབ་མ་གཏོད་པའི་ཕྱིར་དུ་མེ་ཏོག་ཕྲེང་བ་སླར་ཡང་ཁྱེད་རང་གི་སྤྱི་བོར་བཅིངས་པར་མོས་ཤིག །ཀུན་བཟང་ཐུགས་ནས་སྤྱི་བོར་ཐིམ༔ པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ ཞེས་སྤྱི་བོར་བཅིང་། དེ་ལྟར་མེ་ཏོག་གི་ཕྲེང་བ་མགོ་ལ་བཅིངས་པའི་དབང་གིས་ལྷག་པའི་ལྷས་བྱང་ཆུབ་བར་དུ་རྗེས་སུ་འཛིན་པའི་རྟེན་འབྲེལ་འགྲིགས་པ་ཡིན་ལ་ཕྲེང་བའི་དབང་གི་ངོ་བོ་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་མོས་པ་བརྟན་པོ་མཛོད་ཅིག །ཅེས་བརྡ་སྦྱར། དཀྱིལ་འཁོར་གྱི་ལྷ་དང་རྡོ་རྗེ་སློབ་དཔོན་གཉིས་སུ་མེད་པས་རིགས་དང་མཐུན་པའི་གསང་མཚན་བཏགས་ཏེ་རྡོ་རྗེ་མིང་གི་དབང་མཆོག་བསྐུར་བ་དང་དུས་མཚུངས་པར། ནམ་མཁའ་གང་བའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཀྱང་མགྲིན་གཅིག་དབྱངས་གཅིག་ཏུ་བཏགས་པས། མ་འོངས་པ་ན་དེ་དང་དེའི་མཚན་ཅན་གྱི་རྫོགས་པའི་སངས་རྒྱས་སུ་མངའ་དབང་བསྒྱུར་བའི་མོས་པ་མཛོད། ཅེས་བརྗོད་ལ་རྡོར་དྲིལ་ལག་པ་གཡས་པས་སློབ་མའི་མགོ་ཐོག་ཏུ་དཀྲོལ་ཞིང་། ལྷ་དང་གཉིས་མེད་མཉམ་པར་བཞག༔ མཉམ་ཉིད་ཆོས་སྐུའི་ངང་ཉིད་ལས༔ ཀུན་བཟང་ཐུགས་མཆོག་རྡོ་རྗེ་རྩལ༔ ཞེས་དབུས་དང་། དེ་བཞིན་དུ། ཐུགས་མཆོག་གི་མལ་དུ། ཤར་མི་བསྐྱོད། རིན་ཆེན་ལྷོ། བཞད་པ་ནུབ། ཡོངས་འདུས་བྱང་ལ་སོགས་ཏེ་རིགས་མཐུན་པར་བཏགས་རྗེས། ནམ་མཁའི་ལྷ་ཚོགས་ཐམས་ཅད་ཀྱང༔ སོགས་ནས། མཉམ་པར་སྦྱོར༔ བར་བརྗོད། དེ་ནས་མིག་དབྱེ་བ་ནི། གསེར་ཐུར་མིག་སྨན་གྱིས་བསྐུས་པ་ཐོགས་ལ། རིགས་ཀྱི་བུ་མཚོན་པ་བརྡའི་སྒོ་ནས་མིག་དབྱེ་བས་མ་རིག་པའི་ལིང་ཏོག་བསལ་ཏེ་དག་པ་ཡེ་ཤེས་ཀྱི་སྤྱན་གསར་དུ་ཐོབ་པའི་མོས་པ་མཛོད། ཧོ༔ ལེགས་འོང་བུ་ཁྱོད་སོགས་ནས། པྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ་ནས། དཀྱིལ་འཁོར་བསྟན་པ་ནི། ཨེ་མ་ཧོཿ ལེགས་པར་ལྟོས་ཤིག །མཚོན་བྱེད་དཔེ་ཡི་དཀྱིལ་འཁོར་རྡུལ་ཚོན་དང་རྫས་ལ་བརྟེན་ནས་རྣམ་དག་སྤྲུལ་སྐུའི་དཀྱིལ་འཁོར་རང་ལུས་ལས་གཞན་དུ་མེད་པར་ཤེས་པར་བྱོས་ཤི། མཚོན་བྱ་ཡེ་ཤེས་ཀྱི་དཀྱིལ་འཁོར་བརྡ་རྟགས་བྷཉྫ་ལ་བརྟེན་ནས་རྣམ་གྲོལ་ལོངས་སྐུའི་དཀྱིལ་འཁོར་སྒྲ་ཚིག་གྲགས་སྟོང་ལ་བརྟེན་ནས་ཤེས་པར་བྱོས་ཤིག །ཡིན་ཚུལ་གཤིས་ཀྱི་དཀྱིལ་འཁོར་དྭངས་གསལ་མེ་ལོང་ལ་བརྟེན་ནས་རྣམ་མཁྱེན་ཆོས་སྐུའི་དཀྱིལ་འཁོར་མི་རྟོག་རང་བྱུང་གི་ཡེ་ཤེས་སུ་ངོ་ཤེས་པར་བྱོས་ཤིག །བཞུགས་ཚུལ་དོན་གྱི་དཀྱིལ་འཁོར་ཤེལ་འོད་ནང་དུ་ནུབ་པ་ལྟར་ནང་གསལ་ཐིམ་ལ་མ་རྨུགས་པ་རྣམ་བྱང་རིག་པའི་ཡེ་ཤེས་སུ་ངོ་ཤེས་པར་བྱོས་ཤིག །ཧོ༔ སྒྱུ་མ་ལུས་འདི་རང་བྱུང་ཡང༔ སོགས་ནས། བལྟ་བར་བྱོས༔ བར་བརྗོད། དེ་དག་གིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ལེགས་པར་གྲུབ་པ་ཡིན་ནོ། །གཉིས་པ་དབང་གིས་སྨིན་པར་བྱ་བ་ལ་གཉིས། དངོས་དང་། རྗེས་དམ་ཚིག་བསྒྲག་པ་སོགས་སོ། །དང་པོ་ལ་དྲུག །བུམ་གསང་ཤེར་ཡེ་བཞི་པ་སྒྲོལ་དབང་བཀའ་རབ་འབྱམས་རྣམས་སུ་ཡོད་པ་ལས། དང་པོ་ནི། ཞུགས་ནས་མངོན་པར་དབང་བསྐུར་བ་ལ་དང་པོ་བུམ་དབང་མཐའ་རྟེན་དང་བཅས་པ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ༔ སོགས་ལན་གསུམ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་ཐུགས་ཀ་ནས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་དབང་རྫས་རྣམས་བྱུང་། ཁྱེད་རང་ལྷར་གསལ་བ་ལ་མངོན་པར་དབང་བསྐུར་བའི་མོས་པ་མཛོད། རྣམ་རྒྱལ་བུམ་པའི་ཆུ་འཐོར་ལ། ཧཱུྃ༔ དབང་བསྐུར་རྡོ་རྗེ་ཆེན་པོ་སོགས་ནས། བཛྲ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ༔ བར་བརྗོད། དེ་ནས་བུམ་པ་སྤྱི་བོར་བཞག་སྟེ། རྟེན་སྣོད་ཀྱི་འཇིག་རྟེན་ཕྱི་བུམ་པའི་རྣམ་པ་འོག་མིན་བདེ་བ་ཆེན་པོའི་ཞིང་ཁམས་སུ་རྫོགས་པ་ལ། ནང་རང་བྱུང་ལྷུན་གྲུབ་གྱི་གཞལ་ཡས་ཁང་བཀོད་པ་ཚད་མེད་པའི་དབུས་སུ། བརྟེན་པ་བཅུད་ཀྱི་སེམས་ཅན་རིག་འཛིན་བདེ་གཤེགས་འདུས་པའི་དཀྱིལ་འཁོར་གྱི་འཁོར་ལོར་རྫོགས་པའི་སྐུ་ལས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ཆི་ལི་ལིར་བབ་པ་སྤྱི་བོར་བསྐུར་ཞིང་ལྕེ་ཐོག་ཏུ་བླུད་པས་ལུས་ཐམས་ཅད་བདེ་སྟོང་གི་བདུད་རྩིས་གང་། ཞེ་སྡང་གི་འཆིང་བ་དག །རྣམ་པར་ཤེས་པའི་ཕུང་པོ་གནས་འགྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་པའི་མོས་པ་མཛོད། ཧཱུྃ༔ སྣོད་བཅུད་རབ་འབྱམས་སོགས་ཚིག་རྐང་གཉིས་སྔགས་བཅས། དབུ་རྒྱན་མགོ་བོར་བཀོད་ཅིང་། རིགས་ཀྱི་བུ་ཁྱོད་ལ་རིན་འབྱུང་གི་ངོ་བོ་དབུ་རྒྱན་གྱིས་དབང་བསྐུར་བས་ང་རྒྱལ་གྱི་འཆིང་བ་དག །ཚོར་བའི་ཕུང་པོ་གནས་འགྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས་པའི་མོས་པ་མཛོད། ཧཱུྃ༔ རིན་ཆེན་དབུ་རྒྱན་སོགས། རྡོ་རྗེ་རྩེ་ལྔ་པ་ལག་གཡས་སུ་གཏད་ཅིང་། རིགས་ཀྱི་བུ་ཁྱོད་ལ་སྣང་མཐའི་ངོ་བོ་རྡོ་རྗེས་དབང་བསྐུར་བས་འདོད་ཆགས་ཀྱི་འཆིང་བ་དག །འདུ་ཤེས་ཀྱི་ཕུང་པོ་གནས་འགྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས་པའི་མོས་པ་མཛོད། ཧཱུྃ༔ ཐབས་ཀྱི་རྡོ་རྗེ་སོགས། དྲིལ་བུ་ལག་གཡོན་དུ་གཏད་ལ། རིགས་ཀྱི་བུ་ཁྱོད་ལ་དོན་ཡོད་གྲུབ་པའི་ངོ་བོ་ཤེས་རབ་དྲིལ་བུས་དབང་བསྐུར་བས་ཕྲག་དོག་གི་འཆིང་བ་དག །འདུ་བྱེད་ཀྱི་ཕུང་པོ་གནས་འགྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས་པའི་མོས་པ་མཛོད། ཧཱུྃ༔ ཤེས་རབ་དབྱངས་ཀྱི་སོགས། རྡོར་དྲིལ་ལྷན་ཅིག་སློབ་མའི་མགོ་ཐོག་ཏུ་འཁྲོལ་ཞིང་། རིགས་ཀྱི་བུ་ཁྱོད་ལ་རྣམ་པར་སྣང་མཛད་ཀྱི་ངོ་བོ་བརྡ་རྟགས་མིང་གིས་དབང་བསྐུར་བས་གཏི་མུག་གི་འཆིང་བ་དག །གཟུགས་ཀྱི་ཕུང་པོ་གནས་འགྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་པའི་མོས་པ་མཛོད། སོ་སོའི་གསང་མཚན་དྲན་པར་བྱས། ཀྱེ། ཀུན་བཟང་ཐུགས་མཆོག་རྡོ་རྗེ་རྩལ། བཛྲ་ནཱམ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད། དེ་རྣམས་ཀྱིས་སྤང་བྱ་གློ་བུར་བའི་ཆོས་མ་རིག་པའི་དྲི་མ་དག་ནས། ཐོབ་བྱ་རིག་པའི་ཡེ་ཤེས་ལྔ་རང་ངོ་འཕྲོད་ཅིང་མངོན་དུ་གྱུར་པའི་ཆ་ནས་རིག་པའི་དབང་ལྔ་སྟེ། སྐབས་འདིར་ཕན་པའི་དབང་ལྔར་གྲགས་པ་འདི་ཁོ་ན་ཙམ་གྱིས་ཀྱང་ཕྱི་དཀྱིལ་དུ་དྲང་དོན་གྱི་བསྐྱེད་རིམ་རྣམས་ཉན་དུ་རུང་བ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། མཐའ་རྟེན་ཏུ་དར་དང་དུར་ཁྲོད་ཆས་རྣམས་གཏད་ལ། ཧཱུྃ༔ རིན་ཆེན་དར་དཔྱང་སོགས། སྨན་རཀ་གཏོར་མ་ལག་ཏུ་གཏད་ལ། སྨན་རཀ་གཏོར་མ་སོགས་བརྗོད་ཅིང་ཅུང་ཟད་རེ་སྦྱིན། ཡེ་དྷརྨཱ་སོགས་རྟེན་འབྲེལ་སྙིང་པོས་རབ་ཏུ་གནས་ཤིང་། སྣོད་བཅུད་དག་པ་རྩ་བ་གསུམ༔ རང་དང་གཉིས་མེད་རྟག་ཏུ་སྒོམས༔ ཞེས་བརྗོད་ལ་རོལ་མོས་བྱིན་དབབ། དེ་ལྟར་སྤྲོས་བཅས་བུམ་པའི་དབང་དང་མངོན་དུ་འབྲེལ་བར་ཕྱི་ཕན་པའི་དབང་ལྔ། སྐལ་པ་སྟེར་བྱེད་དམ་རྫས་དངོས་གྲུབ་ཀྱི་རྫས་དབང་དང་བཅས་པ་སྔོན་དུ་སོང་ནས། ནང་ནུས་པ་འཇུག་པ་ཁྱེད་རང་སློབ་མ་རྣམས་ཀྱི་སྒོ་གསུམ་ལ་བསྐུར་བ་སྐབས་སུ་བབས་པ་ཡིན་ལ། དེའི་ཕྱིར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ རང་བྱུང་རྩ་གསུམ་སོགས། རང་གནས་སྟོན༔ ཁྱེད་རང་རྣམས་གཞི་ལུས་ཀྱི་ལྷ་ཀུན་བཟང་རྡོ་རྗེ་ཐོད་ཕྲེང་རྩལ་དུ་གསལ་བའི་སྤྱི་མགྲིན་སྙིང་ག་ལྟེ་བ་གསང་གནས། དཔྲལ་བ་བརླ་གཡས་གཡོན་རྣམས་སུ་ལྷ་གནས་ཀྱི་པད་ཉིའི་གདན་རེ་རེ་གསལ་བ་ལ། ལྷ་དབང་རྣམས་རིམ་པར་བསྐུར་བའི་ཚེ་དེ་དང་དེ་འདྲ་བ་དཔག་ཡས་སློབ་དཔོན་དང་མདུན་བསྐྱེད་ཐ་མི་དད་པའི་ཐུགས་ཀ་ནས་བྱུང་སྟེ་གནས་སོ་སོར་ཐིམ་པའི་མོས་པ་མཛོད་ཅིག །ཅེས་བརྡ་སྦྱར། རིགས་ལྔའི་ཙཀླི་སྤྱི་བོ་སོགས་གནས་སོ་སོར་གཞུང་མཐུན་ལྟར་བསྐུར་ལ། ཧཱུྃ༔ དུག་ལྔ་དག་པ་སོགས་ནས། ཡེ་ཤེས་ཆེན་པོར་རྟག་ཏུ་སྒོམས༔ བར་བརྗོད་ལ་རོལ་མོ་བྱ། དེས་སྣང་སྟོང་ཕྱག་རྒྱའི་དཀྱིལ་འཁོར་དུ་སྐུའི་བྱིན་རླབས་འཇུག་པ་ཞི་ཁྲོ་བཀའ་བརྒྱད་ཀྱི་ལྷ་དབང་ཡོངས་སུ་རྫོགས་པ་ཐོབ་པས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་སྟོང་སྒྱུ་འཕྲུལ་དྲྭ་བ་ལྷའི་འཁོར་ལོར་དག་པ་ཡིན་ལ། ད་གྲགས་སྟོང་གསུང་གི་བྱིན་རླབས་ངག་གི་རང་བཞིན་དུ་འཇུག་པའི་སླད་དུ་ཁྱེད་རང་སློབ་མ་རྣམས་གཞི་ལུས་ཀྱི་ཀུན་བཟང་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་དུ་གསལ་བའི། གནས་སོ་སོའི་རིགས་ལྔ་ཞི་ཁྲོ་བཀའ་བརྒྱད་རྣམས་ཀྱང་རང་རང་གི་ཡུམ་དང་སྙོམས་པར་ཞུགས་པའི་འཁོར་ལོ་བཞིར་པད་ཉི་ཟླ་བའི་གདན་ལ་ལྷ་སོ་སོའི་ས་བོན་གྱི་མཐར་རང་སྔགས་ཀྱིས་བསྐོར་བར་མོས་པ་ལས། སློབ་དཔོན་དང་དཀྱིལ་འཁོར་གྱི་བདག་པོ་དབྱེར་མི་ཕྱེད་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་ལུ་གུ་རྒྱུད་དུ་བྱུང་བ་ཁྱེད་རང་རྣམས་ཀྱི་མགྲིན་པའི་ལམ་ནས་ཞུགས། འཁོར་ལོ་བཞིའི་སྔགས་འཁོར་ལ་ཐིམ་པས་སྔགས་ཕྲེང་རྣམས་མགལ་མེའི་འཁོར་ལོ་ལྟར་དྲག་ཏུ་འཁོར་བའི་རྐྱེན་གྱིས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེའི་ཆོས་སྒྲ་ཆེན་པོ། གསུང་དབྱངས་ཡན་ལག་དྲུག་ཅུའི་གདངས་སུ་ཤར་བས་དེ་བཞིན་གཤེགས་པའི་གསུང་གི་གསང་བ་ཆེན་པོ་ལྟར་གདུལ་བྱའི་བློ་དང་འཚམ་པར་དུ་མ་ཉིད་དུ་ཐོས་པའི་བདག་ཉིད་ཅན་དུ་གྱུར་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ་ཕྲེང་བ་མགྲིན་པར་འཇོག་ཅིང་། ཧཱུྃ༔ བདེ་གཤེགས་ཀུན་གྱི་སོགས་ནས། བཟླས་པས་འགྲུབ༔ ཅེས་བརྗོད་ལ་བསྙེན་སྒྲུབ་ཡོངས་རྫོགས་ཀྱི་བཟླས་ལུང་སྦྱིན། རྟོགས་པ་བསྐྱེད་པ་ནི། ལུས་ཀྱི་སྒྲིབ་དག་སོགས་ནས། ཅན་དུ་བྱས་སོ༔ གཉིས་པ་གསང་དབང་ནི། བུམ་དབང་གི་གཏང་རག་དང་གསང་དབང་ཟབ་མོ་ཞུ་བའི་ཡོན་དུ་ཞེས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སླར་ཡང་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ བདེ་གཤེགས་བླ་མ་སོགས་ཚིག་རྐང་གཉིས། བླ་མ་ཡབ་ཡུམ་དང་གཉིས་སུ་མེད་པའི་ནམ་མཁར་བཞུགས་པའི་ལྷ་ཚོགས་རྣམས་བདེ་བ་ཆེན་པོའི་ངང་དུ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་རྗེས་སུ་ཆགས་པའི་མེས་བཞུས་པ་སོ་སོའི་མཁའ་གསང་ནས་ཐོན། ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་གྱུར་པ་འདི་ཉིད་ཁྱེད་རང་སློབ་མ་རྣམས་ལ་སྦྱིན་པའི་མོས་པ་མཛོད། ཧཱུྃ༔ ནམ་མཁར་བཞུགས་པའི་སོགས་ཀྱིས་ཐོད་པའི་བདུད་རྩི་མགྲིན་པར་གཏུགས་ཤིང་ལྕེར་སྦྱིན། མགྲིན་པ་ནས་བརྒྱུད་སོགས་ནས། རྣམ་བཞི་མངོན་དུ་གྱུར༔ ཞེས་དག་པ་བརྗོད། ཁྱེད་རང་རྣམས་ལུས་གནད་བསྲངས་ཏེ་ལྷར་གསལ་བའི་སྟོང་རའི་དབུས་སུ་རྩ་གསུམ་འཁོར་ལོ་དྲུག་དང་བཅས་པ་ལམ་གྱིས་གསལ་ཐོབ་ཅིག །སྐྱོན་ཅན་རླུང་ནི་ཕྱི་ལ་འབུད༔ ཡོན་ཏན་རླུང་ནི་ནང་ལ་རྔུབ༔ རོ་རྐྱང་དབུ་མར་ཡང་དག་གདབ༔ ཅེས་གསུངས་པ་ལྟར་རླུང་རོ་བསལ་ཞིང་སྦྱོར་བ་བཞི་ལྡན་གྱི་བུམ་པ་ཅན་བཟུང་ནས། ལྟེ་འོག་དབུ་མའི་མར་སྣར་གནམ་ཞལ་མའི་ངོ་བོ་ཨ་ཤད་དམར་པོ་གསལ་ལ་དྭངས་པ་མེའི་རང་བཞིན་ཅན་དེ་ཉིད་འཁོར་ལོ་བཞི་སོ་སོར་གཡས་སྐོར་གཡོན་སྐོར་དང་བཅས་འབར། དྷཱུ་ཏིའི་ཡར་སྣར་ཧེ་རུ་ཀའི་ངོ་བོ་ཧཾ་ཡིག་དང་གཉིས་སུ་མེད་པར་སྦྱར་བས། སྒྲོན་མེ་ལས་ཞུན་མར་འཐིགས་པ་བཞིན་དུ་བྱང་སེམས་དཀར་དམར་གྱི་ངོ་བོ་མེ་དང་བདུད་རྩི་གཉིས་མེད་དུ་འཛག་པས་བདེ་དྲོད་གློ་བུར་དུ་སྐྱེད་པར་བསམ་ཞིང་། ལྟེ་བར་གནམ་ཞལ་འབར་བ་ཡིས༔ འཁོར་ལོ་བཞི་བཏེགས་སླར་གཡོས་ཏེ༔ སྤྱི་བོར་ཧེ་རུ་ཀ་དང་སྦྱོར༔ འབར་འཛག་དྲོད་ཀྱི་ཡེ་ཤེས་སྒོམས༔ ཞེས་དམིགས་པ་བྱར་གཞུག །དེའི་བོགས་འདོན་དུ་གཞུང་ལས། གཡས་སུ་བསྐོར་ཞིང་སོགས་ནས། ལོངས་སྤྱོད་རྫོགས༔ ཞེས་གསུངས་པའི་དོན་རྣམས་ཀྱང་རིམ་པར་ལག་ལེན་དུ་འདེབས་པར་བྱོས་ཤིག །དེ་ལྟར་ཐོད་པའི་རྫས་སོགས་ཀྱིས་རྟོགས་པ་བསྐྱེད། གསུམ་པ་ཤེར་དབང་ནི། གསང་དབང་གི་གཏང་རག་དང་ཤེར་དབང་ཟབ་མོ་ཞུ་བའི་ཡོན་དུ་ཞེས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པའི་རྗེས་ཟློས། ཧཱུྃ༔ བདེ་གཤེགས་བླ་མ་སོགས། སིནྡྷུ་རའི་དཀྱིལ་འཁོར་ཤེར་ཙག་དྲིལ་བུ་དང་བཅས་པ་རིགས་ཀྱི་ཡུམ་ལྷ་ལྕམ་མནྡཱ་ར་བར་གསལ་བའི་ལག་པ་གཡས་ནས་བཟུང་སྟེ། སློབ་མ་གུ་རུ་བདེ་བ་ཆེན་པོར་གསལ་བའི་ལག་གཡོན་དུ་སྦྱིན་པར་མོས་ཤིག །ཧཱུྃ༔ ཐོད་ཕྲེང་ཐུགས་ཀ་སོགས། མཆོད་པར་གྱིས༔ ཞེས་གཏད་པ་ན། ལྷ་མོ་དེས་ཀྱང་སློབ་བུའི་རྒྱུད་ལ་ཡེ་ཤེས་བསྐྱེད་པའི་ཕྱིར་ལུས་གཅེར་བུར་བྱས་ཏེ། གུར་གུམ་ལ་སོགས་པའི་དྲི་བཟང་པོས་བྱུག །རྒྱན་གྱིས་བརྒྱན། ལང་ཚོ་ཤིན་ཏུ་བདོ་བའི་རྣམ་འགྱུར་སྟོན་ཅིང་བདེ་བ་ཆེན་པོའི་དཀྱིལ་འཁོར་ངོམ་པ་བཅས། ལྷ་མོ་ང་ནི་སོགས། བསྟེན་ནུས་སམ༔ ཞེས་དྲིས་པ་ལ། ཁྱེད་རང་རྣམས་ཀྱིས་ཕྱག་འཚལ་ཞིང་མེ་ཏོག་འཐོར་བ་དང་བཅས། ཇི་ལྟར་གསུངས་པའི་སོགས། མཛེས་ལྡན་མ༔ ཞེས་ལན་བཏབ་པས། སློབ་བུ་ལ་ཐ་མལ་གྱི་རྣམ་རྟོག་མེད་པར་མཐོང་ནས་དགྱེས་ཏེ་དངོས་གྲུབ་ཆེན་པོའི་འབྱུང་གནས་ཡིན་པར་ངོ་སྤྲད་ནས་རྟོགས་པ་བསྐྱེད་པ་ནི། ང་ཡི་བྷ་ག་སོགས་ནས། དོན་སྡོམས་ཤིག༔ ཅེས་ཐར་པ་བསྟེན་པར་བསྐུལ་ཞིང་པང་དུ་བྱོན་ནས་རྟོག་པ་མེད་པར་འཁྱུད། ཧཱུྃ་ཧཱུྃ་ཧྲཱིཿཧྲཱིཿཧ་ཧ་ཧཱུྃ༔ ཞེས་བརྗོད་ཅིང་དབུ་མའི་མར་སྣར་བདེ་བ་རྒྱུ་བའི་རྩ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་བཙལ་བ་དང་ཡང་དག་པར་བསྐུལ། ཨོཾ་སརྦ་ཏ་ཐཱ་སོགས། ཀོ྅་ཧཾ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པའི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ངའོ་སྙམ་པའི་རྗེས་ཆགས་ཀྱི་ང་རྒྱལ་ལ་གནས་པས། ཡབ་ཡུམ་གཉིས་ཀའི་ལུས་ཀྱི་དབུས་དྲང་པོར་རྩ་གསུམ་དང་འཁོར་ལོ་དྲུག་གསལ་བཏབ་ཅིང་སྦྱོར་བ་ཐ་མལ་དུ་མི་གོལ་བའི་ཕྱིར་ལྷར་འདུ་ཤེས་པ་དང་། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་ནོར་བུའི་རྩེ་མོར་ཨོཾ། ཡུམ་གྱི་མཁའ་གནས་ཨཱཿལས་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཧྲཱིཿཡིག་གིས་མཚན་པ་ཡི་གེར་འདུ་ཤེས་པ་དང་། ཐབས་མཆོག་འདི་ལ་བརྟེན་ནས་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་སྙོམས་པར་ཞུགས་པའི་རྗེས་ཆགས་ཀྱི་རླུང་གིས་གཏུམ་མོའི་མེ་སྤར་བས་སྤྱི་བོའི་ཧཾ་ཡིག་ཞུ། ཡས་བབས་ཀྱི་དགའ་བ་བཞི་ཉམས་སུ་མྱོང་། སླར་ཡང་། ལྷ་མོ་རྡོ་རྗེའི་ལམ་སོགས། མཐར་བསྐྱལ་ལོ༔ ཞེས་པའི་ཏིང་ངེ་འཛིན་དང་། རླུང་འཕོ་བ་མེད་པའི་སྟོབས་ཀྱིས་གྱེན་དུ་ལྡོག་པས་ཡས་བརྟན་གྱི་དགའ་བཞི་ལུགས་ལྡོག་ཏུ་རྫོགས། རང་བཞིན་བརྒྱད་ཅུའི་རྟོག་ཚོགས་དབྱིངས་སུ་དག །སྣང་མཆེད་ཐོབ་གསུམ་གྱི་ཡེ་ཤེས་རིམ་གྱིས་བརྟན་པའི་མཐར་འོད་གསལ་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་བྱས་པར་མོས་ཤིག །དེ་ལྟར་ཡང་། འབུད་པ་གསུམ་དང་སོགས། རྣམ་པར་གྲོལ༔ ཞེས་གསུངས་པ་ཡིན་ནོ། །ཤེར་དབང་ཐོབ་ནས་སོགས། ཡིད་ལ་སྒོམས༔ དེ་ལྟར་མེ་ལོང་སོགས་ཀྱིས་རྟོགས་པ་བསྐྱེད། བཞི་པ་ནི། ཤེར་དབང་གི་གཏང་རག་དང་ཚིག་དབང་རིན་པོ་ཆེ་ཞུ་བའི་ཡོན་དུ་ཞེས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །གསོལ་འདེབས་རྗེས་ཟློས། ཧཱུྃ༔ བདེ་གཤེགས་བླ་མ་སོགས། དེ་ནས་ལག་ཏུ་རྡོར་དྲིལ་གཏད། ཤེལ་རྡོ་མེ་ལོང་ཐོགས་ལ། གསུམ་པའི་ཉམས་མྱོང་སོགས། དྲན་པར་གྱིས༔ འོ༑ རིགས་ཀྱི་བུ་དབང་བཞི་པའི་ངོ་བོ་ནི་རང་གི་སེམས་ཉིད་ངོས་བཟུང་དང་བྲལ་བ་ཉིད་ཐབས་ལ་བརྟེན་པའི་ཤེས་རབ་ཀྱིས་ངོ་སྤྲད་ནས་བསྐུར་བ་སྟེ། དེང་འདིར་བསྐུར་མ་ཐག་པའི་དབང་གསུམ་པའི་ཡེ་ཤེས་དགའ་བྲལ་ལྷན་ཅིག་སྐྱེས་པའི་དཔེས་ཆོས་ཀྱི་དབྱིངས་སྤང་བླང་ལས་འདས་པའི་བརྡལ་བ་ཆེན་པོའི་ཡེ་ཤེས་ཀྱི་ཉམས་མྱོང་དྲན་པར་བྱས་ཏེ། བརྡའི་ངོ་སྤྲོད་སྟོང་པ་གོ་འབྱེད་པ་ནམ་མཁའི་དབྱིངས་མཐའ་དབུས་མེད་པ་དང་། དེའི་རང་བཞིན་གང་དུའང་མི་འགྱུར་བས་རྡོ་རྗེ། ནང་གསལ་ཐིམ་ལ་མ་རྨུགས་པས་སེམས་དཔའ། ཡེ་ཤེས་གསལ་འགྲིབ་མེད་པའི་མེ་ལོང་སྟེ། རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་མ་མན་ཤེལ་ཟུར་བརྒྱད་པ་འཁོར་འདས་ཐམས་ཅད་ཀྱི་གཟུགས་བརྙན་འཆར་གཞིར་གྱུར་པ་ལ་རྟོག་པས་མ་གོས་པ་མེ་ལོང་། སྣང་བ་དང་སྟོང་པ་གཉིས་མེད་ཟུང་དུ་འཇུག་པའི་རྡོར་དྲིལ་རྣམས་ཀྱིས་མཚོན་པ་བརྡའི་ངོ་སྤྲོད་དུ་ཤེས་པའི་ངང་ལ། དུས་གསུམ་གྱི་རྟོག་པ་གང་ལའང་མ་ཆགས་མ་ཞེན་པར་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པའི་ངང་ནས་མིག་བར་སྣང་ལ་རྟེན་མེད་དུ་ཞོག་ལ་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་ལྟོས་ཤིག །ཧཱུྃ༔ བདེ་ལ་སེམས་བཟུང་སོགས་ནས། དོན་བསྒོམ་བྱ༔ ཤེལ་དང་བླ་མའི་སྐུ་འབག་སྤྱི་བོར་བཞག་སྟེ། ཨ་ཏི་ཧོ་བྷེརྻ༔ སོགས་དང་། ཐོད་ཕྲེང་རྩལ་སྔགས་ཤལ་བཅས་ཀྱིས་བྱིན་བརླབས། སྒོ་གསུམ་ཀློད་ལ་སོགས། དག་ཏུ་བསྐྱང༔ ཞེས་གསུངས་པའི་དོན་ལ་རིམ་གྱིས་ཉམས་ལེན་མཛོད་ཅིག །དེ་ནས་རྟོགས་པ་བསྐྱེད་པ་ནི། བཞི་པའི་དབང་ཐོབ་སོགས་ནས། ཆེན་པོ་འགྲུབ༔ དེ་ལྟར་བརྡ་ཡི་སོགས། མངོན་དུ་བྱས་པའོ་བར་བརྗོད། ལྔ་པ་ནི། དེ་ནས་མཐའ་རྟེན་དྲག་པོ་སྒྲོལ་བའི་དབང་བསྐུར་བ་སྟེ། དེའང་མཉམ་གཞག་ཆོས་སྐུའི་ངང་དུ་རྟོགས་པས་བདག་སྔོན་དུ་བསྒྲལ་ནས། རྗེས་ཐོབ་སྙིང་རྗེའི་རྩལ་གྱི་ཐུགས་རྗེས་གཞན་སྒྲོལ་བ་རྡོ་རྗེ་ཐེག་པའི་སྒྲོལ་བའི་དགོངས་པ་ཡིན་ལ། དེའང་མི་འབྱམས་པའི་ཕྱིར་དུ་ཕྱི་ཡུལ་སྣང་བ་རུ་དྲར་གསལ་བ། མི་རྡུགས་པའི་ཕྱིར་དུ་ནང་ཡུལ་ཕུར་པ་བདེ་གཤེགས་འདུས་པའི་ངོ་བོར་གསལ་བ། མི་ལྡོག་པའི་ཕྱིར་དུ་གསང་ཡུལ་རྣམ་རྟོག་ལྷའི་ཕྱག་རྒྱར་གསལ་བ་སྟེ་ཐུན་མོང་མ་ཡིན་པའི་ཡུལ་གསུམ་གསལ་བའི་ངང་ལས། ཕྱི་དགྲ་གཟུང་འཛིན་གྱི་དགྲ་བོ་ཚད་མེད་སྙིང་རྗེའི་ཕུར་པས་སྤྲུལ་སྐུའི་དབྱིངས་སུ་གསད། ནང་དགྲ་དུག་གསུམ་གྱི་ངོ་བོ་བྱང་ཆུབ་སེམས་ཀྱི་ཕུར་པས་ལོངས་སྐུའི་དབྱིངས་སུ་གསད། གསང་དགྲ་བདག་འཛིན་གྱི་རྣམ་རྟོག་རིག་པ་ཡེ་ཤེས་ཀྱི་ཕུར་པས་ཆོས་སྐུའི་དབྱིངས་སུ་གསད། དེའི་ཚེ་ཕུང་པོ་དུར་ཁྲོད་དུ་བསྒྲལ་བས་ལྔ་ཕུང་དབྱིངས་སུ་ཞིག་སྟེ་རེག་བྱ་ཕུང་པོའི་བདུད་ཆོམས། ཡུམ་གྱི་མཁའ་ལ་བསྒྲལ་བས་ཆགས་རྟོག་ཡེ་ཤེས་སུ་དག་སྟེ་ཉོན་མོངས་པའི་བདུད་ཆོམས། རྡོར་སེམས་མཚན་རྫོགས་ཀྱི་ས་ལ་བསྒྲལ་བས་སྣང་ཆ་ལྷ་སྐུར་གྲོལ་ཏེ་ལྷའི་བུའི་བདུད་ཆོམས། རྣམ་ཤེས་འོག་མིན་དུ་བསྒྲལ་བས་སྐྱེ་ཤིའི་ཁུངས་སྟོང་ཏེ་འཆི་བདག་གི་བདུད་ཆོམས། ལྟ་བ་ལ་ཕྱོགས་རིས་མེད་པས་ཐེ་ཚོམ་གྱི་འཕྲང་ལས་གྲོལ་བ། སྒོམ་པ་ལ་བསལ་བཞག་མེད་པས་བྱིང་རྒོད་ཀྱི་འཕྲང་ལས་གྲོལ་བ། སྤྱོད་པ་ལ་གཟའ་གཏད་མེད་པས་ཚུལ་འཆོས་ཀྱི་འཕྲང་ལས་གྲོལ་བ་སྟེ། ཡུལ་གསུམ་གསལ་བ། དགྲ་གསུམ་གསད་པ། བདུད་བཞི་སྒྲོལ་བ། འཕྲང་གསུམ་བསལ་བ་དེ་ལྟ་བུའི་གཤིས་ལུགས་མངོན་དུ་གྱུར་པ་དེ་བསྒྲལ་དབང་གི་ངོ་བོ་ཡིན་པས་ཤེས་པར་བྱོས་ལ་སྙིང་རྗེ་ཁྲོས་པའི་བརྟུལ་ཞུགས་ཆེན་པོས་བསྒྲལ་བའི་ལས་རིམ་གསལ་འདེབས་པར་ཞུ། ལིངྒ་ཧོམ་ཁུང་དུ་བཞག་པ་ལ་རཀྟས་བྲན། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ནྲྀ་དང་ཏྲི་ལས་དགྲ་བགེགས་དམ་སྲི་དངོས་སུ་གསལ་བར་གྱུར། འགུགས་གཞུག་ལན་གསུམ་མཐར། ལས་ཕུར་ཐོགས་ཏེ། ཧཱུྃ༔ བདེ་གཤེགས་ཡོངས་རྫོགས་སོགས་དང་དྲག་སྔགས་སོ་ལྔ་པ་ཕུར་བསྐོར་དང་བཅས་སློབ་མ་ལ་གཏད་ནས་བརྡེག་ཏུ་བཅུག་ཅིང་ཚེ་ཁྲུས་ཀྱི་དགོངས་པའང་སྤྲོ་ན་བཤད། སློབ་བུས་ལིང་རོ་དཀྱིལ་འཁོར་ལ་བསྟབ་ཅིང་ཚོགས་ཐ་མ་ལས་འབྱུང་བའི་ཞལ་བསྟབ་བརྗོད་དོ། དྲུག་པ་ནི། དེ་ནས་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་བསྐུར་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧཱུྃ༔ དུས་གསུམ་རྒྱལ་བ་སོགས། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོར་སེང་གེའི་ཁྲི་ལ་གཙོ་བོའི་ང་རྒྱལ་གྱིས་འཁོད་པའི་སྟེང་ན་རིན་པོ་ཆེའི་གདུགས་ཕུབ། གཡས་གཡོན་རྒྱལ་མཚན་དང་བ་དན་བསྒྲེང་། མཐའ་སྐོར་དུ་མཆོད་པའི་ཡོ་བྱད་དུ་མས་བསྐོར་ཏེ་མངའ་གསོལ་བར་མོས་ཤིག །ཅེས་བྱས་ལ་དེ་རྣམས་དངོས་སམ་རི་མོར་བྲིས་པ་བསྟར། རྡོར་དྲིལ་ལག་ཏུ་གཏད་ལ། རྡོ་རྗེ་ཐུགས་ཀྱི་དམ་ཚིག་གསོར་བ་དང་། དྲིལ་བུ་གསུང་གི་དམ་ཚིག་འཁྲོལ་བ་དང། གཉིས་ཀ་ཐབས་ཤེས་ཀྱི་ཚུལ་དུ་བསྣོལ་ནས་འཁྱུད་རྒྱ་བྱེད་པ་ཕྱག་རྒྱ་སྐུའི་དམ་ཚིག་ཡིན་ནོ། །ཞེས་བརྡ་སྤྲད་ལ་དེ་ལྟར་བྱེད་དུ་འཇུག །དེ་ལྟར་དམ་ཚིག་གསུམ་བྱིན་པས་ཁྱེད་རང་རྣམས་ཀུན་ཏུ་བཟང་པོ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་ངོ་བོར་མོས་པ་ལ། པང་དུ་ཡེ་ཤེས་ཀྱི་རིག་མ་མཚོ་རྒྱལ་བཅུ་དྲུག་ལོན་པའི་ན་ཚོད་ཅན་གྱིས་འཁྱུད་དེ། བདེ་བ་ཆེན་པོའི་ངང་དུ་སྙོམས་པར་ཞུགས་པ་ལས་བྱུང་བའི་འཛག་མེད་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ་ཞིང་། ཐབས་ལ་བརྟེན་ནས་རྒྱུ་དུས་ཀྱི་ཡན་ལག་བདུན་ལ་གོམས་པས། འབྲས་བུའི་དུས་སུ་སྐུ་གསུམ་ཡན་ལག་བདུན་ལྡན་ཁ་སྦྱོར་ལོངས་སྤྱོད་རྫོགས་པའི་གོ་འཕང་མངོན་དུ་སྣང་བའི་རྟེན་འབྲེལ་ཟབ་མོ་སྒྲིག་པ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་ཡིན་ལ། དེའི་བྱེད་ལས་གནས་སྐབས་སུ་གཞན་དོན་སྒྲུབ་པའི་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་རང་དབང་དུ་སྒྱུར་བའི་རྟེན་འབྲེལ་དུ་རྐང་འོག་ཏུ་གསེར་གྱི་འཁོར་ལོ། ལག་གཡོན་དུ་ཆོས་ཀྱི་དུང་དང་གཎྜི། འཆད་པའི་ཕྱག་ཤིང་། རྒྱུད་གདམས་མན་ངག་གི་གླེགས་བམ་རྣམས་སྦྱིན་པ་ཡིན་པས་ཟབ་ཆོས་འདི་ཉིད་ཀྱི་སྒོ་ནས་རང་གཞན་གྱི་དོན་ནམ་མཁའ་དང་མཉམ་པ་རེ་སྒྲུབ་པར་གྱིས་ཤིག །ཅེས་བྱས་ལ་དེ་རྣམས་ཚིག་དང་བསྟུན་པར་སྦྱིན། དེ་ནས་དབང་རྫས་རྣམས་ཕྱོགས་གཅིག་ཏུ་བྱས་པའི་དབུས་སུ་ལམ་རྒྱས་པའི་གཏོར་མ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་ངོ་བོར་བཀོད་པ་ལ་གུ་རུ་བདེ་བ་ཆེན་པོ་ཡབ་ཡུམ་གྱི་ཙཀླི་བཙུགས་པ་རྣམས་སློབ་མའི་སྤྱི་བོར་བཞག་ལ། ཧཱུྃ༔ མཉམ་མེད་གུ་རུ་སོགས་ནས། ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད། བུམ་ཆུ་དང་གཏོར་མའི་ཆ་ཤས་སོགས་མྱང་དུ་གཞུག །བུམ་ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོས་དབུར་བརྒྱན་པར་བསམས་ལ། ཛཿཧཱུྃ་བཾ་ཧོཿས་དབང་ལྷ་རྣམས༔ ཡི་གེ་གསུམ་གྱི་རྣམ་པར་ཐིམ༔ ཞེས་ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཐིམ་པར་བསམ་ཞིང་། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་མེ་ཏོག་འཐོར་ནས་བརྟན་པར་བྱས། ཞལ་བསྲོའི་ཚུལ་དུ་མཆོད་པའི་བྱེ་བྲག་དུ་མས་ཀྱང་མཆོད་པར་མོས་ཤིག །ཨོཾ་བཛྲ་པུཥྤེ་སོགས་ཀྱིས་དངོས་དང་ཡིད་ཀྱིས་མཆོད་དོ། །གཉིས་པ་དམ་ཚིག་བསྒྲག་བཟུང་སོགས་ནི། རྒྱས་པར་སྤྲོ་ན་རྒྱུད་དང་མན་ངག་སྤྱི་ལས་འབྱུང་བ་ལྟར་དབང་ཐོབ་པའི་རྗེས་ཀྱི་དམ་ཚིག་རྣམས་རྒྱས་པར་བསྒྲགས་ཤིང་། གཙོ་བོས་ཇི་ལྟར་སོགས་ཀྱིས་དམ་ཚིག་ཁས་བླང་བ་དང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ་སོགས་བྱ། མདོར་བསྡུ་ན་རྩ་གཞུང་ལྟར་བྱས་པས་འགྲུབ་བོ། དེ་རྣམས་ཀྱིས་རྩ་གསུམ་མཐོང་བ་རང་གྲོལ་གྱི་དཀྱིལ་འཁོར་ཆེན་པོར་དབང་བཞི་མཐའ་རྟེན་དང་བཅས་པའི་བྱ་བ་ཡོངས་སུ་རྫོགས་པ་ཡིན་པས་གཏང་རག་ཏུ་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་ཐམས་ཅད་ཀུན་བཟང་མཆོད་པའི་སྤྲིན་ཆེན་པོར་སྤྲུལ་ཏེ་ཞིང་ཁམས་རབ་འབྱམས་རྒྱ་མཚོ་རྒྱས་པར་བཀང་ནས་འབུལ་བ་དང། དབང་གི་སྲོག་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་བྱེ་བྲག་གི་རིམ་པ། ལྟ་བ་བསྐྱང་ཞིང་སོགས་ནས། བསྟན་པ་མེད༔ ཅེས་སོགས་གཞུང་ལས་ཇི་སྐད་བཤད་པ་ཐམས་ཅད་ཚུལ་བཞིན་བསྲུང་བའི་མོས་པས་འདིའི་རྗེས་ཟློས། ཧཱུྃ༔ བདག་གི་ལུས་དང་སོགས། ཚེ་གཅིག་གྲོལ་འགྱུར་གདམས་མཆོག་སྩོལ༔ ཅེས་བརྗོད་དུ་གཞུག །འདི་ལྟར་བླ་ན་མེད་པའི་དགེ་བ་ཟབ་མོས་མཚོན་བྱེད་དུ་བྱས་ཏེ་བདག་གཞན་དུས་གསུམ་དུ་བསགས་པའི་དགེ་རྩ་མཐའ་དག་གཞན་དོན་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་འདི་ལྷན་ཅིག་ཏུ་གནང་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་རང་གནས་སུ་བཏང་ངོ་། །རྩ་བའི་གསུམ་པ་རྗེས་ཀྱི་རིམ་པ་ལ། ལས་གཞུང་ལྟར་ཚོགས་བྱིན་རླབས་ནས་ལྷག་མའི་བར་གཏང་། སྤྲོ་ཞིང་ནུས་ན་རྒྱུད་ནས་གསུངས་པའི་རྡོ་རྗེའི་གླུ་བླང་། གཏང་རག་ལ་མཆོད་པ་རྣམས་ཁ་གསོ། སྨན་རཀ་བྲན། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །སོགས་དང་། ཡི་གེ་བརྒྱ་པས་ནོངས་པ་བཤགས། ལས་གཞུང་ལྟར་གཏོར་མའི་ཆ་ཤས་སོགས་ལ་སྲེག་བླུགས་འགྲུབ་ན་འདིར་བྱ། དབང་དཀྱུས་མ་ཙམ་ལ་མ་ལྕོགས་ནའང་འགལ་བ་མེད། གང་ལྟར་དེ་མཚམས་གཏེར་སྲུང་ལ་གཏོར་འབུལ་རྒྱས་པར་བྱ་ཞིང་ཆད་མདོ་བརྟན་མ་རྟ་བྲོ་ཡན་གྲུབ་པ་དང་། དངོས་གྲུབ་བླང་། རས་བྲིས་དང་རྟེན་ལ་བརྟན་བཞུགས་བྱ། རྟག་ཆད་ཀྱི་མཐའ་བསལ་བའི་བསྡུ་ལྡང་བྱས་ལ། ཧཱུྃ༔ དུས་གསུམ་མི་དམིགས་སྒྱུ་མར་སྣང་བའི་ཆོས༔ མིག་འཕྲུལ་ཇི་བཞིན་དགེ་ཚོགས་བྱང་ཆུབ་ཏུ༔ ཡོངས་སུ་བསྔོས་པས་རྩ་གསུམ་དཀྱིལ་འཁོར་གྱི༔ གོ་འཕང་མཆོག་ལ་འགྲོ་ཀུན་སྤྱོད་གྱུར་ཅིག༔ ཅེས་བསྔོ་སྨོན་དང་ཤིས་བརྗོད་རྒྱས་པར་བྱའོ། །ཟབ་ཆོས་ཡོ༵ན་ཏན༵་འབུམ་ལྡན་འདིས། །རྒྱ༵་མཚོ༵འི་གོས་ཅན་ཁྱབ་པའི་ཕྱིར། །རྒྱས་བཤད་སྙིང་པོར་དྲིལ་བ་ལ། །མཁས་པ་རྣམས་ཀྱང་བཀྱོན་མི་འཚལ། །གྲོལ་ཐིག་དགོངས་པ་རང་གྲོལ་ལས། ལམ་རྒྱས་པ་བླ་མ་རིག་འཛིན་ཀུན་འདུས་ཀྱི་དབང་གི་ལེ་ཚན་ནོ།། ༈ །།པདྨའི་ཞལ་གདམས་གྲོལ་ཏིག་དགོངས་པ་རང་གྲོལ་ལས། ལམ་འབྲིང་པོའི་རྩ་བའི་སྨིན་བྱེད་ཡེ་ཤེས་རབ་ཏུ་རྒྱས་པ་ཞེས་བྱ་བ། རང་བྱུང་གདོད་མའི་སངས་རྒྱས་པདྨ་སཾ་བྷ་བ་ལ་ཕྱག་འཚལ་ལོ། །རྡུལ་བྲལ་དྭངས་པའི་དབྱིངས་སུ་དབང་པོའི་གཞུ། །རྡོ་རྗེའི་སྙིང་པོར་འཁྱིལ་བའི་ལང་ཚོ་ནི། །སྲིད་དང་ཞི་བའི་ངོ་མཚར་བསྡུས་པའི་དཔྱིད། །སངས་རྒྱས་ཀུན་ལས་ཁྱད་པར་འཕགས་དེར་འདུད། །གང་གི་སྒྲུབ་ཐབས་རྒྱ་མཚོའི་བཅུད། །ནོར་བུའི་གསང་མཛོད་གཅིག་ཉིད་དུ། །དངོས་གྲུབ་འདོད་རྒུའི་ཆར་འབེབ་པ། །དེ་ཡི་རྩ་བའི་སྨིན་བྱེད་འཆད། །བསྙེན་སྒྲུབ་རྣམ་པ་གསུམ་གྱི་རྩ་བའི་དབང་བསྐུར་ལམ་འབྲིང་པོའི་སྨིན་བྱེད་དུ་གྲགས་པ་ཉིད་བསྒྲུབ་པ་ལ་གསུམ། སྦྱོར་བ། དངོས་གཞི། དབང་བསྐུར་རོ། །དང་པོ་ནི། བསྙེན་སྒྲུབ་སྔོན་དུ་སོང་བའི་རྡོ་རྗེ་སློབ་དཔོན་གྱིས། གནས་དུས་ཁྱད་པར་ཅན་གྱི་སྐབས་སུ་ཞི་དཀྱིལ་སྤྱི་འགྲོ །ལྟེ་བར་པདྨ་འདབ་བརྒྱད་ཕྱག་མཚན་རྡོ་རྗེས་མཚན་པའམ། མཎྜལ་ཚོམ་བུ་གཅིག་པའི་སྟེང་རྐང་གསུམ་ཁར་བུམ་པ་དང་ཐོད་པ་བཅུད་ལྡན་མེ་ལོང་སིནྡྷུ་རའི་ཐིག་ལེ་ཅན་གུ་རུའི་སྐུ་འབག་རྣམས་བརྩེགས་མར་བཤམ། རྒྱབ་མདུན་གང་བདེར་བླ་གཏོར་པདྨ་འདབ་བརྒྱད་ཟེའུ་འབྲུ་དང་བཅས་པའི་སྟེང་དུ་ནོར་བུ་བཞི་སྒྲོམ་མེ་རི་དང་བཅས་པའི་མཐར་པད་ཆུང་བརྒྱད་ཀྱིས་བསྐོར་བ་རྒྱན་སྤྲོས་ཅན་གྱི་གཡས་གཡོན་དུ་སྨན་རཀ །མདུན་དུ་ཉེར་སྤྱོད་ལྔ། གཏོར་ཚོགས་ཀྱི་ཡོ་བྱད། ལས་བུམ་སོགས་འདུ་བྱའོ། །གཉིས་པ་དངོས་གཞིའི་དང་པོ་དབང་རྟེན་སྒྲུབ་པ་ནི། བླ་སྒྲུབ་གདུང་བ་ཞི་བྱེད་ཀྱི་ཕྲིན་ལས་ཁྲིགས་བསྡེབས་ཡེ་ཤེས་སྙིང་པོ་ལྟར་སྐྱབས་སེམས་ནས། བཟླས་པ་གསོལ་གདབ་ཀྱི་བར་དུ་བཏང་ལ་བདག་མདུན་དབྱེར་མེད་ཀྱི་ཏིང་འཛིན་གསལ་གདབ་ཅིང་། ཁྱད་པར། བུམ་པའི་གཞལ་ཡས་ཁང་དུ་བུམ་བཅུད་གུ་རུ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདུད་རྩི་བདེ་བ་ཆེན་པོའི་རྒྱུན་གྱིས་གང་བར་མོས་པ་དང་། ཐོད་པ་དང་མེ་ལོང་ལའང་དེ་བཞིན་བྱིན་བརླབས། ལས་བུམ་དུ་བདུད་རྩི་འཁྱིལ་པ་བསྐྱེད་བཟླས། གཏེར་སྲུང་གཏོར་འབུལ་རྣམས་ཀྱང་བྱས་ལ། བྱིན་རླབས་ཆུ་རྒྱུན་གཅིག་མའི་དབང་ལེན་ནམ། རིག་མེ་དོར། དེ་ནས་དབང་ལ་ཁྲུས། བགེགས་བསྐྲད། མཚམས་གཅོད་སྲུང་འཁོར་རྣམས་ལས་བྱང་ལྟར་བྱ། སེམས་བསྐྱེད་གསལ་བཏབ་ལ། དེ་ལ་འདིར་དུས་གསུམ་གྱི་སངས་རྒྱས་སྲས་དང་བཅས་པའི་ཐུགས་རྗེ་ཕྲིན་ལས་གཅིག་ཏུ་འདུས་ཤིང་། དེ་དག་ཐམས་ཅད་ལས་ཀྱང་རྣམ་ཐར་དང་བཀའ་དྲིན་ཁྱད་པར་དུ་འཕགས་པ་གུ་རུ་རིན་པོ་ཆེ་པདྨ་སཾ་བྷ་བ་ཉིད་ཀྱི་ཐུགས་ཀྱི་ཐིག་ལེ་མཐར་ཐུག་པ་སྤྲུལ་པའི་རྗེ་འབངས་གྲོགས་གསུམ་ལ་ལྐོག་ཆོས་སུ་བསྩལ་པ་པདྨའི་ཞལ་གདམས་གྲོལ་ཏིག་དགོངས་པ་རང་གྲོལ་ཞེས་གྲགས་པའི་གྲོལ་བ་བཞི་ལྡན་གྱི་ཟབ་མོས་ཁྱད་པར་དུ་འཕགས་པ། ལོ་ཆེན་བཻ་རོ་ཙ་ནའི་ཐུགས་སྤྲུལ་མཁས་ཤིང་གྲུབ་པ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་འགྲོ་འདུལ་ཤེས་རབ་འོད་ཟེར་གྱིས་དབུར་སྟོད་གྲོགས་རི་རིན་ཆེན་སྤུངས་པ་སོགས་གཏེར་གནས་དྲུག་ནས་སྤྱན་དྲངས་པ་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་གསང་ཏིག་སྙིང་པོར་བསྡུས་པ་འདི་ལ། བླ་རྫོགས་ཐུགས་གསུམ་ཡོངས་རྫོགས་དང་བཅས་པའི་ཆོས་སྐོར་སོ་སོར་བཞུགས་ཤིང་། བྱིན་རླབས་བླ་མའི་སྐོར་ལའང་ལམ་རྒྱས་འབྲིང་བསྡུས་གསུམ་དབང་རྟེན་ཙིཏྟ་སྲོག་གི་དྭངས་མའི་ཚུལ་དུ་བཞུགས་པ་ལས། སྐབས་འདིར་བླ་སྒྲུབ་གདུང་བ་ཞི་བྱེད་དང་འབྲེལ་བ་ལམ་འབྲིང་པོ་བསྙེན་སྒྲུབ་རྣམ་པ་གསུམ་གྱི་རྩ་བའི་དབང་བསྐུར་ཉིད་བསྒྲུབ་པར་བགྱི་བ་ལ་སོགས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །མིག་དར་བཛྲ་ཙཀྵུཿབྷནྡྷ་བ་ར་མ་ཎཱ་ཡ་སྭཱ་ཧཱ༔ ཞེས་དང་། ཨཱ་ཁཾ་བཱི་ར་ཧཱུྃ༔ གིས་མེ་ཏོག་སྦྱིན། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་སྤྱན་སྔར་ཕྱག་སྙིམས་པ་མེ་ཏོག་གིས་བརྒྱན་པའི་ཐལ་མོ་སྦྱོར་ལ་མི་ཕྱེད་དད་གུས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བླ་མ་བདེ་གཤེགས་དཀྱིལ་འཁོར་དུ༔ བདག་ཉིད་འཇུག་ཅིང་བསྙེན་སྒྲུབ་སྤྲོ༔ གུས་པས་དཀྱིལ་འཁོར་གཞུག་ཏུ་གསོལ༔ ལན་གསུམ། སློབ་དཔོན་གྱིས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ བླ་མ་བདེ་གཤེགས་དཀྱིལ་འཁོར་དུ༔ སེམས་བསྐྱེད་དམ་དུ་མི་གནས་ན༔ བསྟན་པས་མི་མཐོང་དེ་བས་ཁྱོད༔ འདིར་ཞུགས་སེམས་སྐྱེད་དམ་ཚིག་སྲུངས༔ བླ་མས་བཀའ་ཇི་ལྟར་བསྩལ་པ་བཞིན་རྗེས་སུ་བསྒྲུབ་པའི་བློས་འདིའི་རྗེས་ཟློས། ཧོ༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ བྱང་ཆུབ་སྙིང་པོ་མཆིས་བར་དུ༔ བཀའ་བསྒྲུབ་དབང་ཞུ་དམ་བསྲུང་ལགས༔ ཞེས་བརྗོད་དུ་གཞུག །ཐོག་མར་རྒྱུད་དག་པར་བྱ་བའི་སླད་དུ། བླ་མ་དང་མདུན་བསྐྱེད་གཉིས་སུ་མེད་པ་མཆོག་གསུམ་རྩ་གསུམ་ཀུན་འདུས་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཡབ་ཡུམ་སྐུ་ཡིས་ཞིང་ཁམས་ཀུན་ལ་ཁྱབ་ཅིང་། ཞིང་ཁམས་རབ་འབྱམས་སྐུ་ལ་རྫོགས་པར་གསལ་བའི་སྤྱན་སྔར་ཡན་ལག་བཅུ་པའི་ཏིང་ངེ་འཛིན་སོ་སོར་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། ཧཱུྃ༔ རྣམ་དག་མཉམ་པའི་ངང་ཉིད་ལས༔ བླ་མ་རྩ་གསུམ་ལྷ་ཚོགས་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐུལ༔ བཞུགས་གསོལ་འདེབས་སོ་དགེ་རྩ་བསྔོ༔ འགྱུར་མེད་རྡོ་རྗེའི་དོན་རྟོགས་ཤོག༔ ལན་གསུམ། སློབ་དཔོན་གྱིས་དཀྱིལ་འཁོར་ལྷ་ལ་གནང་བ་ཞུ་བ་ནི་ཐལ་མོ་སྦྱར་ལ། ཧོ༔ བླ་མ་བདེ་གཤེགས་ཡོངས་རྫོགས་དགོངས༔ བླ་མ་བདེ་གཤེགས་དཀྱིལ་འཁོར་འདིར༔ བདག་གིས་སློབ་མ་གཞུག་པར་བགྱི༔ སྐུ་གསུང་ཐུགས་ཀྱིས་བྱིན་རླབས་མཛོད༔ དབང་དོན་རྒྱུད་ལ་སྐྱེ་ཞིང་གནས་པའི་རྟེན་སྡོམ་པ་གསུམ་ལེགས་པར་བཟུང་དགོས་པས་ཐོག་མར་དེ་དག་གི་རྟེན་གཞིར་གྱུར་པ་སྐྱབས་སུ་འགྲོ་བའི་རྗེས་ཟློས། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ༔ ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རྐང་གཉིས་གཙོ་བོ་ཕྱོགས་བཅུའི་སངས་རྒྱས་དང༔ ཞི་བ་ཆགས་བྲལ་དམ་པའི་ཆོས་རྣམས་དང༔ ཚོགས་མཆོག་འཕགས་པའི་དགེ་འདུན་ཐམས་ཅད་ལ༔ བདག་གི་གུས་པས་ཉེ་བར་སྐྱབས་སུ་མཆི༔ ལན་གསུམ། ཐེག་ཆེན་སོ་ཐར་གྱི་ཚུལ་ཁྲིམས་ཡང་དག་པར་ལེན་པའི་བློས་འདིའི་རྗེས་ཟློས། བླ་མ་ཀུན་བཟང་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་གཞན་དག་ལ༔ གནོད་པ་ལས་བཟློག་དགེ་བ་བསྒྲུབ༔ དགེ་ཚུལ་དགེ་སློང་བྱང་ཆུབ་སེམས༔ སོ་སོ་ཐར་པའི་སྡོམ་པ་ལ༔ བདག་ནི་རྒྱུན་དུ་གནས་ཤིང་བསྲུང༔ ལན་གསུམ། གཞན་དོན་བྱང་ཆུབ་ཆེན་པོ་ཐོབ་འདོད་ཀྱི་སྨོན་པ་དང་། དེ་སྒྲུབ་བྱེད་ཀྱི་ཐབས་ལ་འཇུག་པའི་བློས་འདིའི་རྗེས་ཟློས། ཧོ༔ བླ་མ་ཀུན་བཟང་དགོངས་སུ་གསོལ༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ མ་དང་བུ་ཡི་འདུ་ཤེས་ཀྱིས༔ མ་བརྒལ་བ་རྣམས་བསྒྲལ་བ་དང༔ མ་གྲོལ་དགྲོལ་དང་དབུགས་དབྱུང་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང༔ སངས་རྒྱས་རིགས་ཀྱི་སྡོམ་བཟུང་དང༔ སྡོམ་པ་ལ་ནི་གནས་པ་ལྟར༔ འདི་བཟུང་འཁོར་བ་མ་སྟོངས་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི༔ ཕར་ཕྱིན་དྲུག་ལ་བསླབ་ཅིང་བསྒྲུབ༔ བརྩོན་འགྲུས་དག་གིས་ཐམས་ཅད་བསྒྲལ༔ ཀུན་དོན་ཚུལ་ཁྲིམས་གསུམ་ཡང་བསྲུང༔ བདག་གིས་སེམས་བསྐྱེད་སྡོམ་པ་བཟུང༔ ལན་གསུམ། ཀུན་བཟང་རྡོ་རྗེ་སེམས་དཔས་བཅས་པ་སྔགས་ཀྱི་དམ་ཚིག་སྤྱི་དང་བྱེ་བྲག་པ་རྣམས་ལ་བསླབ་པའི་བསམ་པས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་བཟུང་མི་གཏང་ངོ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རྡོ་རྗེ་རིགས་ཀྱི་སྡོམ་པ་ཡིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་དུས་ནི་རྟག་ཏུ་གཏང༔ རིན་ཆེན་རིགས་ཀྱི་སྡོམ་པ་ཡིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་དང་ཆོས་རྣམས་བཤད༔ པདྨ་རིགས་ཀྱི་སྡོམ་པ་ཡིན༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ ལས་ཀྱི་རིགས་ཀྱི་སྡོམ་པ་ཡིན༔ ལན་གསུམ། དེ་དག་གིས་སྣོད་རུང་དུ་ལེགས་པར་བསྒྲུབས་ནས་ཡེ་ཤེས་པ་དབབ་པ་ལ་སྒོ་གསུམ་གྱི་གནད་བཅིང་། ཁྱད་པར་ཡིད་གཞན་དུ་མི་ཡེངས་པ་དམ་ཚིག་ཡིན་པས་རྩེ་གཅིག་ཏུ་དམིགས་པ་འདི་ལྟར་སྒོམས་མཛོད། ས་ཕྱོགས་དག་པའི་ཞིང་ཁམས་འོག་མིན་པདྨ་འོད་ཀྱི་གཞལ་མེད་ཁང་ཆེན་པོར་གྱུར་པའི་དབུས་སུ་པདྨ་དང་ཟླ་བའི་གདན་ལ་ཁྱེད་རང་རྣམས་སྐད་ཅིག་གིས་རིགས་འདུས་གུ་རུ་པདྨ་འབྱུང་གནས་དཀར་ལ་དམར་བའི་མདངས་ཅན་ཁྲོ་འཛུམ་གཟི་བརྗིད་དང་ལྡན་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་པས་མཉམ་གཞག་ཐོད་པ་ཚེ་བུམ་དང་ལྡན་པ་བསྣམས་པ། གྲུ་མོ་གཡོན་ན་ཁ་ཊྭཱཾ་ག་དང་བཅས་ཤིང་པད་ཞྭ་གསང་གོས་ཕོད་ཀ་ཆོས་གོས་བེར་ཕྱམ་གྱིས་བཀླུབས་པ། ཞབས་ཕྱེད་སྐྱིལ་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པའི་པང་དུ་ཡུམ་ཡེ་ཤེས་མཚོ་རྒྱལ་དཀར་མོ་གཅེར་བུ་རུས་རྒྱན་ཅན་གྲི་ཐོད་བསྣམས་པས་འཁྱུད་ཅིང་། འཇའ་ཟེར་འོད་ཕུང་མཐའ་མི་མངོན་པར་འཚེར་བའི་ཡབ་ཀྱི་སྙིང་མཆོང་གུར་སྨུག་པོའི་དབུས་སུ་བླ་མ་ཧེ་རུ་ཀ་ཡབ་ཡུམ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ། དེའི་སྙིང་ཁར་གཡུང་དྲུང་རིས་དམར་པོའི་དབུས་སུ་ཧཱུྃ་དང་བཾ་གྱིས་མཚན་པ། ཡན་ལག་བཞི་ལ་ཧ་རི་ནི་ས་བཞི་འོག་ཏུ་ཡཾ་ལས་རླུང་གཡོས་པས་གཡུང་དྲུང་གཡོན་དུ་དྲག་ཏུ་འཁོར་བ་ལ་ཤེས་པ་རྩེ་གཅིག་ཏུ་གཏོད་ལ་རླུང་ཁ་སྦྱོར་དུ་འཛིན་པར་ཞུ། བླ་མ་དང་དཀྱིལ་འཁོར་པའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་བདེ་གཤེགས་ཀུན་འདུས་ཨོ་རྒྱན་རིན་པོ་ཆེ་ལ་རྩ་གསུམ་མཁའ་འགྲོ་འབུམ་གྱིས་བསྐོར་བ་སྔགས་སྒྲ་ཏི་རི་རི་ཁ་བ་བབས་པ་ལྟར་བྱོན། སྤྱི་བོ་ནས་སྙིང་གི་དབུས་སུ་ཐིམ་པར་མོས་ཤིག །བུ་ཁྱོད་གནས་སྐབས་འདི་ཉིད་དུ༔ མ་ཡེངས་ཡེངས་ན་དམ་ཚིག་ཉམས༔ ཞེས་བརྗོད་ལ་བདུད་རྩི་ཁར་བཅུག་ལ༔ རྫས་མེར་བསྲེགས༔ རིག་པ་གཟེངས་བསྟོད༔ རོལ་མོའི་སྒྲ་དང་བཅས་ཏེ་བྱིན་འབེབ་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ བཞེངས་ཤིག་པདྨ་འབྱུང་གནས་མཁའ་འགྲོའི་ཚོགས༔ དགོངས་ཤིག་ཕྱོགས་བཅུའི་དུས་གསུམ་སངས་རྒྱས་རྣམས༔ རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ རིག་འཛིན་མཁའ་འགྲོའི་གནས་ནས་གཤེགས་སུ་གསོལ༔ ཞེས་བརྗོད་རྩ་སྔགས་དང་བཅས་པས་བསྟིམ་ཞིང་། དེ་ནས་རྡོ་རྗེ་སྤྱི་བོར་བཞག་སྟེ། ཛཿཧཱུྃ་བཾ་ཧོ༔ ཏིཥྛ་བཛྲ༔ ཞེས་བརྟན་པར་བྱ། སྔར་བྱིན་པའི་མེ་ཏོག་དེ་ཉིད་ལྷ་དང་བླ་མ་དབྱེར་མེད་པ་ལ་འབུལ་བའི་མོས་པས་བླ་མའི་ཐུགས་ཀར་དོར་བཞིན་པས་འདིའི་རྗེས་ཟློས། བདེ་གཤེགས་ཡོངས་རྫོགས་དཀྱིལ་འཁོར་འདིར༔ རང་རིག་སྣང་བའི་མེ་ཏོག་འབུལ༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ གང་ཡིན་ཕོ་བྲང་གནས་དེར་ཕོབ༔ པུཥྤེ་པྲ་ཏཱིཙྪ་པཱུ་ཛ་ཧོ༔ ཞེས་མེ་ཏོག་མགོར་བཞག་ལ། དེང་ནས་བུ་ཁྱོད་རྒྱལ་བའི་སྲས༔ བདེ་གཤེགས་ཡོངས་རྫོགས་ཐུགས་སྲོག་འཛིན༔ དབང་རྟགས་ཅོད་པན་པུ་རུ་རུ༔ འཁོར་འདས་རང་གྲོལ་དབང་ཐོབ་ཤོག༔ པུཥྤེ་སིདྡྷི་ཨ་བྷི་ཥིཉྩ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ས་བསྟིམ་ཞིང་། ཧཱུྃ༔ བུ་ཁྱོད་རྡོ་རྗེ་ཐོད་ཕྲེང་རྩལ༔ རིག་འཛིན་ང་དང་དབྱེར་མེད་གྱུར༔ རིག་པ་ཡེ་ཤེས་མིག་ཕྱེས་པས༔ རང་བྱུང་ཡེ་ཤེས་ངོ་ལ་ལྟོས༔ ཞེས་མིག་དར་སྡུད་དོ། །ཧེ་བཛྲ་པ་ཤྱ༔ ལྟོས་ཤིག་བདེ་གཤེགས་དཀྱིལ་འཁོར་ལྟོས༔ བལྟས་པས་མཐོང་བ་བདེ་བ་ཆེ༔ རང་བཞིན་མེད་པ་ཆོས་ཀྱི་དབྱིངས༔ འདུ་འབྲལ་མེད་པ་རྟག་ཏུ་ཟུངས༔ ས་མ་ཡ་ཨི་དན་ཏེ་ན་ར་ཀན༔ ཞེས་བརྗོད་ཅིང་བདུད་རྩི་བླུད་དོ། །དེ་ནས་དངོས་གཞིའི་རྩ་བ་བརྡའི་དབང་ལྔ་ཞུ་བའི་ཡོན་དུ་མཎྜལ་ཕུལ་འཚལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ༔ བླ་མ་རྡོ་རྗེ་འཛིན་པ་གང༔ འཁོར་བ་མཐའ་མེད་རྒྱ་མཚོ་རུ༔ བྱིང་བ་སྐྱབས་མེད་བདག་ལ་སྐྱོབས༔ བདག་ལ་རེ་ས་གཞན་ན་མེད༔ མཆོག་གི་ཐུགས་རྗེས་དབང་བསྐུར་སྩོལ༔ ཅེས་བརྗོད་དུ་གཞུག །བུ་ཁྱོད་ལུས་སྲོངས་ལ་མ་ཡེངས་པར་གྱིས་ཤིག །ཅེས་བསྒོ །བུམ་པ་ཐོགས་ལ། འདི་ལྟར་རིག་འཛིན་འདུས་པ་རྩ་བའི་རྒྱུད་ཀྱི་དགོངས་དོན་ཟླུམ་པོ་བཞི་ལ་བརྟེན་ནས་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་དབང་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་དེ་ཉིད་སྒྲུབ་པར་བྱེད་པ་སྟེ། འདི་ལྟར་བུམ་པ་ལ་སོགས་པའི་དབང་རྫས་ལྔ་པོ་རེ་རེ་བཞིན་གནས་གསུམ་དུ་བཞག་ནས་མཐར་ཚིག་དོན་ངོ་སྤྲོད་དེ་རིམ་པ་བཞིན་དབང་བཞི་ཡོངས་རྫོགས་དེ་ཁོ་ན་ཉིད་དང་བཅས་པའི་བདག་ཉིད་ཅན་དུ་བསྐུར་བ་ལ་རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་བྱ་བ་ཡིན་པས། ཐོག་མར་བུམ་དབང་གི་སླད་དུ་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་དང་ལྷན་ཅིག་ཏུ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས། རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་གནས་གསུམ་དུ་བཞག་ཅིང་ཚིག་དོན་ངོ་སྤྲད་དེ་དབང་བསྐུར་བའི་མོས་པ་མཛོད། ཧཱུྃ༔ བུམ་པ་སྤྲོས་བྲལ་ཟླུམ་པོ་འདི༔ ཕྱི་ནང་སྣོད་བཅུད་ལྷུན་གྱིས་གྲུབ༔ སྐྱེ་མེད་བྱང་ཆུབ་སེམས་ཀྱི་ཆུས༔ རྣམ་རྟོག་མ་རིག་དྲི་མ་འཁྲུད༔ ཆོས་སྐུ་སྤྲོས་བྲལ་བདེ་ཆེན་ཆུས༔ གཟུང་འཛིན་འཁོར་བའི་བག་ཆགས་འཁྲུད༔ རང་བྱུང་ཡེ་ཤེས་སེམས་ཉིད་ཆུས༔ དུག་ལྔ་རྣམ་རྟོག་དབྱིངས་སུ་འཁྲུད༔ ཉོན་མོངས་ལྔ་ཡི་བག་ཆགས་སྦྱངས༔ བུམ་དབང་ཤེས་རབ་ཡེ་ཤེས་ཀྱི༔ དབང་བཞི་མ་ལུས་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་སྔགས་ལན་གསུམ་བརྗོད་པས་བུམ་པ་སྤྱི་བོར་བཞག་ཅིང་ཁྲུས་བྱ། མགྲིན་པར་བཞག་ཅིང་བུམ་ཆུ་སྦྱིན། སྙིང་གར་བཞག་ཅིང་ཚིག་དོན་ངོ་སྤྲད་དེ་ཉམས་བསྐྱང་དུ་གཞུག །དེ་ལྟར་བུམ་པ་སྤྱི་བོར་བཞག་ཅིང་ཁྲུས་བྱས་པས་བུམ་དབང་། མགྲིན་པར་བཞག་སྟེ་བུམ་ཆུ་བླུད་པ་གསང་དབང་། སྙིང་གར་གཏད་ཅིང་ཚིག་དོན་ངོ་སྤྲད་པ་ནི། སེམས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་མཚོན་པའི་བུམ་པ་ཟླུམ་པོ་སྐྱེ་མེད་རྟོགས་པ་དོན་དམ་མཚོན་བྱེད་ཆུས་བཀང་སྟེ་བསྐུར་བས་དུག་གསུམ་བག་ཆགས་དང་བཅས་པ་དག་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། དེས་བདེ་གསལ་གྱི་ཉམས་སྐྱེས་པ་དེ་ཉིད་བསྐྱང་ཞིང་མི་རྟོག་པའི་ངང་དུ་བཞག་པ་ནི་དབང་བཞི་པ་ཚིག་གི་དབང་སྟེ་བུམ་པ་ལ་བརྟེན་པའི་དབང་བཞི་ཡོངས་སུ་རྫོགས་པ་ཡིན་ནོ། །བདུད་རྩིའི་དབང་བསྐུར་བའི་སླད་དུ། གུ་རུ་པདྨ་འབྱུང་གནས་ཡབ་ཡུམ་སྙོམས་པར་ཞུགས་པའི་མཁའ་གསང་ནས་བྱུང་བའི་ཀུནྡ་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟེན་ཏུ་གྱུར་པ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་སྦྱར་ཏེ། གནས་གསུམ་དུ་བཞག་ཅིང་ཚིག་དོན་ངོ་སྤྲད་དེ་དབང་བསྐུར་བའི་མོས་པ་མཛོད། ཧཱུྃ༔ ཐོད་པ་ཟླུམ་པོ་ཆོས་ཉིད་དབྱིངས་ཀྱི་ངང༔ འཆི་མེད་བདུད་རྩི་ཆང་གིས་རབ་ཏུ་བཀང༔ ཤ་ལྔ་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ༔ ཉོན་མོངས་བདུད་འཇོམས་རིགས་ལྔ་སྐུ་ལྔར་བསྐྱེད༔ གཉིས་མེད་ངང་དུ་ཆོས་ཉིད་རོལ་པར་སྦྱངས༔ མ་བཅོས་རང་བྱུང་བདེ་ཆེན་བྱང་ཆུབ་སེམས༔ ཆོས་ཉིད་བདུད་རྩི་རྣམ་རྟོག་བདུད་ལས་རྒྱལ༔ དབང་བཞི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ ཅེས་རྩ་སྔགས་ལན་གསུམ་གོང་བཞིན་བྱ། དེ་ལྟར་བནྡྷ་སྤྱི་བོར་བཞག་པས་བུམ་དབང་། མགྲིན་པར་བཞག་ཅིང་བདུད་རྩི་བླུད་པ་གསང་དབང་། སྙིང་གར་གཏད་ནས་ཚིག་དོན་ངོ་སྤྲད་པ་ནི། སེམས་ཆོས་དབྱིངས་ཐིག་ལེ་ཉག་གཅིག་མཚོན་པའི་ཐོད་པ་ཟླུམ་པོའི་ནང་དུ། གཞི་ཉོན་མོངས་ལྔ་ངོ་བོ་ཤ་ལྔ་ཡེ་ཤེས་ལྔར་རང་རིག་པ་སྐུ་ལྔའི་བདག་ཉིད་འཆི་མེད་ཀྱི་གོ་འཕང་བརྙེས་པར་མཚོན་པ་བདུད་རྩིས་བཀང་སྟེ་དབང་བསྐུར་བས་རྣམ་རྟོག་དག་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་ཚིག་གི་དབང་སྟེ་ཐོད་པ་ལ་བརྟེན་པའི་དབང་བཞི་ཡོངས་སུ་རྫོགས་པ་ཡིན་ནོ། །མེ་ལོང་གིས་དབང་བསྐུར་བའི་སླད་དུ། སྣང་སྟོང་དབྱེར་མེད་ཆོས་དབྱིངས་ཡུམ་གྱི་ཆུ་སྐྱེས་མཚོན་པའི་མེ་ལོང་སིནྡྷུ་རའི་ཐིག་ལེ་དང་བཅས་པ་གནས་གསུམ་བཞག་ཅིང་ཚིག་དོན་ངོ་སྤྲད་དེ་དབང་བསྐུར་བའི་མོས་པ་མཛོད། ཧཱུྃ༔ མེ་ལོང་ཟླུམ་པོ་ཆོས་སྐུ་དྲི་མ་མེད༔ དག་ཅིང་གསལ་ལ་རྙོག་པ་མེད་པར་དྭངས། གཟུགས་བརྙན་གསལ་ལ་ངོས་བཟུང་འཛིན་པ་བྲལ༔ སེམས་ཉིད་རྣམ་དག་གསལ་ལ་མ་འགག་པ༔ གཟུང་འཛིན་མཚན་མའི་དངོས་པོ་མཐའ་ལས་འདས༔ བྱང་ཆུབ་སེམས་ཀྱི་ཆོ་འཕྲུལ་ཅི་ཤར་ཡང༔ གསལ་སྟོང་མ་འགག་དབྱིངས་ལ་གསལ་འགྲིབ་མེད༔ དབང་བཞི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ ཅེས་རྩ་སྔགས་བརྗོད་ལ་སྤྱི་བོར་བཞག །མེ་ལོང་སྤྱི་བོར་བཞག་པས་བུམ་དབང་། མགྲིན་པར་བཞག་ཅིང་རྩ་སྔགས་ཀྱི་གནང་བ་སྦྱིན་པ་གསང་དབང་སྟེ་སྔགས་འདིའི་རྗེས་ཟློས་མཛོད། སྔགས་ལན་གསུམ། སྙིང་གར་གཏད་དེ་རིག་པ་གསལ་ལ་མ་འགག་པར་ངོ་སྤྲད་པ་ནི། སེམས་ཉིད་ཆོས་སྐུ་དྲི་མེད་མཚོན་བྱེད་མེ་ལོང་གཡའ་དག་ཟླུམ་པོ་ལ་ཀུན་རྫོབ་སྒྱུ་མ་ལྟ་བུ་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་གཟུགས་བརྙན་ཅིར་ཡང་ཤར་བར་མཚོན་པའི་ཚོམ་བུ་སྔགས་བཅས་ཀྱིས་བརྒྱན་པས་དབང་བསྐུར་བས་གསལ་བ་ལ་སྟོང་པས་རྒྱས་ཐེབས་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། དེའི་དོན་རྗེས་སུ་རྟོགས་པ་བཞི་པ་ཚིག་གི་དབང་སྟེ་མེ་ལོང་ལ་བརྟེན་པའི་དབང་བཞི་ཡོངས་སུ་རྫོགས་པ་ཡིན་ནོ། །གཏོར་མས་དབང་བསྐུར་བའི་སླད་དུ། གཏོར་སྣོད་དབྱིངས་ཀྱི་བྷཉྫ་ཡངས་པར། གཏོར་མའི་ངོ་བོ་རིག་པ་ཡེ་ཤེས་ལྔ་ལས་གུ་རུ་རྩ་བ་གསུམ་གྱི་ལྷ་ཚོགས་རང་ཤར་བའི་རྟེན་དང་བརྟེན་པར་བཅས་པ་གནས་གསུམ་དུ་བཞག་ཅིང་ཚིག་ངོ་སྤྲད་དེ་དབང་བསྐུར་བའི་མོས་པ་མཛོད། ཧྲཱི༔ གཏོར་སྣོད་བྷནྡྷ་གཞལ་ཡས་ཆོས་ཀྱི་དབྱིངས༔ གཏོར་མ་འདོད་ཡོན་ལྔ་ལྡན་ཡེ་ཤེས་ལྔ༔ གུ་རུའི་སྐུ་མཆོག་བདེ་ཆེན་འདུ་འབྲལ་མེད༔ རྣམ་དག་བདུད་རྩི་བླ་མེད་མཆོད་པའི་རྫས༔ གཉིས་མེད་དབྱིངས་སུ་དམ་ཚིག་གཉན་པོ་བསྲེ༔ མ་མོ་མཁའ་འགྲོ་དབང་དུ་སྡུད་པ་དང༔ ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ་སླད་དུ༔ སྤྲུལ་པ་མང་པོ་ལས་ལ་འགྱེད་པའི་ཕྱིར༔ དབང་བཞི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ ཅེས་སྤྱི་བོར་བཞག་ལ་རྩ་སྔགས་ཀྱི་ཤམ་བུར། གུ་རུ་དྷེ་བ་ཌཱ་ཀི་ནཱི་ཛོ་ཀི་ནི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ལན་གསུམ་བརྗོད་ལ་མགྲིན་པར་བཞག་ཅིང་གཏོར་ཟན་སྦྱིན། སྙིང་གར་གཏད་ལ། དེ་ལྟར་གཏོར་མ་སྤྱི་བོར་གཞག་པས་བུམ་དབང་། མགྲིན་པར་གཏད་ནས་གཏོར་ཟན་མྱོང་བ་གསང་དབང་། སྙིང་གར་གཏད་དེ་ཚིག་དོན་ངོ་སྤྲད་པ་ནི། དབྱིངས་སྟོང་པ་ཉིད་མཚོན་པའི་གཏོར་སྣོད་དུ། རིག་པ་ཡེ་ཤེས་ལྔ་མཚོན་པའི་གཏོར་ཆེན་རྩ་བ་གསུམ་གྱི་རྣམ་པ། དམ་རྫས་བདུད་རྩིའི་རང་བཞིན། འདོད་ཡོན་སྣ་ཚོགས་པའི་སྤྲིན་ཕུང་འཕྲོ་བའི་དབང་བསྐུར་བས། དབྱིངས་རིག་ཟུང་དུ་འཇུག་པའི་ཕྱག་རྒྱ་གཉན་པོའི་གཟི་བྱིན་གྱིས་མ་མོ་མཁའ་འགྲོ་རྣམས་དབང་དུ་སྡུད་ཅིང་ལྷན་སྐྱེས་ཀྱི་ཡེ་ཤེས་མཚོན་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། དེའི་དོན་རྗེས་སུ་རྟོགས་པ་བཞི་པ་ཚིག་གི་དབང་སྟེ་གཏོར་མ་ལ་བརྟེན་པའི་དབང་བཞི་ཡོངས་སུ་རྫོགས་པ་ཡིན་ནོ། །གུ་རུའི་སྐུ་འབག་གི་དབང་བསྐུར་བའི་སླད་དུ། སྐུ་གཟུགས་འདི་ཉིད་ཆོས་དབྱིངས་སྐྱེ་བ་མེད་པ་ལས་རང་ཤར་བའི་ལོངས་སྤྱོད་རྫོགས་སྐུ་རྩ་གསུམ་ཀུན་འདུས་ཨོ་རྒྱན་སྣང་སྲིད་ཟིལ་གནོན་རྩལ་གང་འདུལ་སྤྲུལ་པའི་སྤྲིན་ཕུང་མཁའ་ཁྱབ་ཏུ་འཕྲོ་བའི་ཡེ་ཤེས་ཀྱི་སྐུ་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་བཞག་ཅིང་གདུང་བའི་གླུས་ཐུགས་དམ་བསྐུལ་ཏེ་ཚིག་དོན་ངོ་སྤྲད་ནས་དབང་བསྐུར་བའི་མོས་པ་མཛོད། ཨཱ༔ ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང༔ ལོངས་སྐུ་གསལ་ལ་མ་འདྲེས་ཡབ་ཡུམ་སྐུ༔ སྤྲུལ་སྐུ་སྣ་ཚོགས་ཐབས་ཀྱིས་སེམས་ཅན་འདུལ༔ སྐུ་གསུམ་ངང་གིས་མཉམ་ཞིང་མ་འདྲེས་གསལ༔ སྔོན་ཚེ་པདྨ་ཁྱེད་དང་སྨོན་ལམ་གཅིག༔ ད་ལྟ་བདག་དང་སློབ་མའི་སྟངས་ཟུངས་ཤིག༔ སྲོག་གི་ཕྱིར་ཡང་མི་གཏོང་བསྒྲུབ་ལགས་ན༔ ཡེ་ཤེས་དབང་ཆེན་རབ་འབྱམས་བསྐུར་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་ལན་གསུམ་བརྗོད་ཅིང་རིམ་པར་བསྐུར་ལ། དེ་ལྟར་སྐུ་འབག་སྤྱི་བོར་བཞག་པས་བུམ་དབང་། མགྲིན་པར་བཞག་སྟེ་གསང་མཚན་བཏགས་པ་གསང་དབང་སྟེ། ཁྱེད་རྣམས་ཀྱི་གསང་བའི་མཚན་ནི་རིགས་འདུས་གུ་རུ་ཐོད་ཕྲེང་རྩལ་ཞེས་བྱ་བ་ཡིན་ནོ། །སྙིང་གར་བཞག་སྟེ་བླ་མ་དང་རང་སེམས་དབྱེར་མེད་དུ་ངོ་སྤྲད་པ་ནི། སེམས་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་སྟོང་གསལ་རང་རིག་འདུས་མ་བྱས་པ་གདོད་མ་ནས་བླ་མ་སྐུ་བཞིའི་ངོ་བོར་བཞུགས་པ་མཚོན་པར་བྱེད་པ་གུ་རུའི་སྐུ་འབག་གིས་དབང་བསྐུར་བས། རང་རིག་གི་ངོ་བོ་སྒྲིབ་གཉིས་ཀྱི་འཆིང་བས་ཡེ་ནས་གོས་མ་མྱོང་བ་མཚོན་བྱ་དོན་གྱི་ཀུན་བཟང་པདྨ་འབྱུང་གནས་དང་རོ་གཅིག་ཏུ་བཞུགས་ཀྱང་། རྣམ་འགྱུར་གློ་བུར་བའི་དྲི་མ་སྦྱང་བའི་ཕྱིར་མཚོན་བྱེད་བརྡ་ཡི་བླ་མས་བདག་དང་སློབ་མའི་རྒྱུད་བྱིན་གྱིས་བརླབས་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། དེས་བདེ་གསལ་མི་རྟོག་པའི་ཉམས་མྱོང་སྐྱེས་པ་དེ་ཉིད་སྐྱོང་ཞིང་ངོས་བཟུང་དང་བྲལ་བའི་ཀ་དག་གི་དགོངས་པ་རྟོགས་པ་ནི་བཞི་པ་ཚིག་དབང་རིན་པོ་ཆེ་སྟེ། སྐུ་འབག་ལ་བརྟེན་པའི་དབང་བཞི་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ལྟར་རྩ་བའི་དབང་ལྔར་རྣམ་པ་བཞི་བཞིར་དབྱེ་བས་རྣམ་པ་ཉི་ཤུས་བྱང་ཆུབ་པའི་དབང་ཞེས་བྱ་བ། བླ་མའི་དབང་ཆེན་རབ་འབྱམས་ཆིག་རྫོགས་སུ་བསྐུར་པས་དབང་བཞིའི་མངོན་པར་རྟོགས་པའི་བྱིན་རླབས་ཐོད་རྒལ་དུ་ཐོབ་པར་གྱུར་པ་ཡིན་ནོ། །གསུམ་པ་རྗེས་རིམ་ནི། དེ་ལྟར་བསྙེན་སྒྲུབ་རྣམ་པ་གསུམ་གྱི་རྩ་བའི་སྨིན་བྱེད་ལེགས་པར་གྲུབ་པ་ཡིན་པས་གུ་རུའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཁྱད་པར་བ་སྤྱིར་གྲགས་པ་རྣམས་དང་། བྱེ་བྲག་མི་འབྲལ་བའི་དམ་ཚིག་རྡོ་རྗེ་དྲིལ་བུ་ཁ་ཊྭཱཾ་ག་ཐོད་པ་ཌཱ་མ་རུ་དང་ཕྲེང་བ་རུས་པའི་རྒྱན་དྲུག་འཆང་ཞིང་། རྩ་སྦྱང་རླུང་བཟུང་ཐིག་ལེ་སྟོང་གསལ་གྱི་དོན་བསྒོམ་ཞིང་གསང་བའི་ཕྱག་རྒྱ་ལ་གནད་དུ་བསྣུན་པ་སོགས་རིམ་པ་གཉིས་ཀྱི་གྲོགས་བརྟུལ་ཞུགས་ཆེན་པོ་ལ་སློབ་ཅིང་བསྒྲུབ་པར་བགྱིའོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་གི་རྗེས་བསྡུ་རྣམས་སྤྱི་ལྟར་གྲུབ་ནས། དཀྱིལ་འཁོར་རྗེས་རིམ་ཚོགས་མཆོད་འབུལ་བ་ནས་ཤིས་པ་བརྗོད་པའི་བར་ཕྲིན་ལས་ལྟར་བྱའོ། །རྒྱལ་སྲས་བློ་༵གྲོ༵ས་ཕ་མཐ༵འ་ཡ༵ས། །བྱང་ཆུབ་སྤྱོད་ཞུགས་ལོ་ཙཱ་ཆེའི། །ཐུགས་ཐིག་རྩ་བའི་སྨིན་བྱེད་འདི། །བསྐུར་ཐོབ་བྱེད་པའི་སྙིང་པོ་འོ། །ལམ་འབྲིང་པོ་བསྙེན་སྒྲུབ་རྣམ་གསུམ་གྱི་རྩ་བའི་དབང་གི་ལེ་ཚན་ནོ།། ༈ །།པདྨའི་ཞལ་གདམས་གྲོལ་ཏིག་དགོངས་པ་རང་གྲོལ་ལས། ལམ་བསྡུས་པའི་སྨིན་བྱེད་རིགས་བསྡུས་བརྡ་དབང་ལྔ་པའི་ཡི་གེ་བདེ་ཆེན་རབ་ཏུ་རྒྱས་པ་ཞེས་བྱ་བ། མ་ཧཱ་གུ་རུ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །སྲིད་ཞིའི་དངོས་ཀུན་བདེ་བ་ཆེན་པོར་སྦྱོར། །པདྨ་སྐྱེ་འཆི་གཉིས་སྤངས་ལ་བཏུད་ནས། །དེ་སྒྲུབ་ཡང་སྙིང་སྐུ་གསུམ་རིགས་འདུས་ཀྱི། །སྨིན་བྱེད་བརྡ་ཡི་དབང་ལྔ་འདིར་གསལ་བྱ། །དེ་ལ་གསུམ། སྦྱོར་བ་བཤམ་བཀོད་ནི། མཎྜལ་ཚོམ་བུ་གཅིག་པའི་སྟེང་དུ་མཉྫི་ལ་བུམ་པ་བཅུད་ལྡན་རིགས་ལྔའི་དབུ་རྒྱན་གྱིས་ཁ་བརྒྱན། དེའི་སྟེང་དུ་ཐོད་པའི་བདུད་རྩི་དང་མེ་ལོང་སིནྡྷུ་རའི་ཐིག་ལེ་ཅན་སྐུ་འབག་རྣམས་བརྩེགས་མར་བཀོད། མདུན་རྒྱབ་གང་བདེར་བླ་གཏོར་དམར་ཟླུམ་སྤྱི་མཚུངས་པད་འདབ་བརྒྱད་ཀྱིས་བསྐོར་བའི་རྩེར་ཀ་པཱ་ལ་བདུད་རྩིས་གང་བས་མཚན་པ་སོགས་རྒྱན་སྤྲོས་ཅན་གྱི་གཡས་གཡོན་མདུན་དུ་སྨན་རཀ་ཉེར་སྤྱོད། ལས་བུམ། གཏོར་ཚོགས་ཀྱི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་དངོས་གཞིའི་ཐོག་མར་དབང་དོན་སྒྲུབ་པའི་ཕྲིན་ལས་བདེ་ཆེན་སྙིང་པོ་ལྟར་སྐྱབས་འགྲོ་ནས། བཟླས་པ་གསོལ་འདེབས་ཀྱི་བར་བདག་མདུན་དབྱེར་མེད་དུ་བསྒྲུབས། དབང་རྫས་རྣམས་ལའང་སློབ་དཔོན་ཉིད་རྟོགས་པའི་ན་ཚོད་དང་བསྟུན་པའི་བྱིན་རླབས་ཏིང་ངེ་འཛིན་གྱིས་ཁྱབ་པར་བྱ། ལས་བུམ་འཁྱིལ་པའི་བསྐྱེད་བཟླས་ལྟ་བུས་བྱིན་བརླབས། གཏེར་སྲུང་ལ་གཏོར་མ་འབུལ་ཞིང་བདག་ཉིད་འཇུག་པའི་ཚུལ་ཇི་ལྟར་རིགས་པ་བྱས་ལ། དབང་བསྐུར་བའི་ཐོག་མར་སློབ་མ་ལ་ཁྲུས་དང་། བགེགས་བསྐྲད་སྲུང་འཁོར་ལས་བྱང་ལྟར་བྱ། སེམས་བསྐྱེད་གསལ་བཏབ་ནས། འདིར་གདོད་མའི་མགོན་པོ་ཀུན་བཟང་འོད་མི་འགྱུར་བ་ཉིད་རྡོ་རྗེ་སློབ་དཔོན་གྱི་རྣམ་པར་བཞེངས་པ་བདེ་བ་ཆེན་པོ་པདྨ་སཾ་བྷ་བའི་ཐུགས་བཅུད། གྲོལ་ཐིག་དགོངས་པ་རང་གྲོལ་གྱི་ཆོས་སྡེའི་སྙིང་པོ་ལམ་ཟབ་བླ་མའི་སྒྲུབ་ཐབས་རིམ་གཉིས་ཐམས་ཅད་ཀྱི་ཡང་བཅུད་ཡི་གེ་མེད་པའི་ཆོས་སྡེ། སྐུ་གསུམ་རིགས་འདུས་པདྨ་གུ་རུའི་ཕྲིན་ལས་དང་འབྲེལ་བའི་སྨིན་བྱེད་ཟབ་མོ་རིགས་བསྡུས་བརྡ་དབང་ལྔ་པ་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་མཐོང་བ་སྒྲིབ་པའི་བརྡར་གདོང་གཡོགས་འཆིང་བར་ཞུ། ཨོཾ་བཛྲ་ཙཀྵུཿབྷནྡྷ་བ་ར་མ་ཎཱ་ཡ་སྭཱ་ཧཱ། ཞེས་མིག་དར་སྦྱིན། ཐལ་མོ་མེ་ཏོག་དང་བཅས་ཏེ་འདིའི་རྗེས་ཟློས་མཛོད། སྐྱེ་རྒ་འཆི་བ་ན་དགྲ་ཡི༔ སྲིད་པའི་རྒྱ་མཚོ་འཇིགས་རུང་བ༔ མི་བཟད་སྡུག་བསྔལ་ཆེན་པོ་ལས༔ བདག་ཀྱང་ཡོངས་སུ་བསྒྲལ་བར་མཛོད༔ ལན་གསུམ། སྐུ་གསུམ་རིགས་འདུས་གུ་རུ་བདེ་བ་ཆེན་པོ་དཀོན་མཆོག་རྩ་གསུམ་རྒྱ་མཚོའི་སྤྱི་དཔལ་ཆེན་པོར་བཞུགས་པའི་སྤྱན་སྔར། ཐེག་ཆེན་བྱང་ཆུབ་མཆོག་གི་བསམ་སྦྱོར་དང་ལྡན་པས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་འདིའི་རྗེས་ཟློས། བདག་དང་ཁམས་གསུམ་མ་ལུས་པ༔ རེ་ལྟོས་སྐྱབས་གྱུར་གཞན་ན་མེད༔ སྐུ་གསུམ་དབྱེར་མེད་གུ་རུ་རྗེར༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ སེམས་ཅན་སངས་རྒྱས་ཐོབ་བྱའི་ཕྱིར༔ སྨོན་འཇུག་སེམས་ནི་བསྐྱེད་པར་བགྱི༔ ལས་དང་ཉོན་མོངས་ལས་གྲོལ་ཞིང༔ རིག་འཛིན་བླ་མའི་དབང་ཐོབ་ཤོག༔ ལན་གསུམ། ཚོགས་གསག་ཡན་ལག་བཅུ་པའི་རྗེས་ཟློས། ཧོ༔ རྣམ་དག་མཉམ་པའི་ངང་ཉིད་ལས༔ བླ་མ་ཡེ་ཤེས་ལྷ་ཚོགས་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐུལ༔ བཞུགས་གསོལ་འདེབས་སོ་དགེ་རྩ་བསྔོ༔ ཡང་དག་སྐུ་གསུམ་འཆང་ཐོབ་ཤོག༔ ལན་གསུམ། དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པར་བགྱི་བ་ཡིན་པས་སྒོ་གསུམ་གྱི་གནད་གཅིག་ཏུ་དྲིལ་ལ་དམིགས་པ་འདི་ལྟར་དུ་སྒོམས་ཤིག །ལས་བུམ་ཆུས་བསང་། སྭ་བྷཱ་བས་སྦྱང་། སྟོང་གསལ་གྱི་རང་མདངས་སྣ་ཚོགས་པདྨ་ཉི་ཟླའི་གདན་ལ་ཁྱེད་རང་རྣམས་ཀྱི་སེམས་ཉིད་ཧྲཱིཿདཀར་པོ་ཡོངས་སུ་གྱུར་པ་ལས། སྐུ་གསུམ་རིགས་འདུས་པདྨ་འབྱུང་གནས་སྐུ་མདོག་དཀར་དམར་བཞད་པའི་མདངས་ལྡན། ཕྱག་གཉིས་མཉམ་པར་གཞག་པའི་སྟེང་ན། མཚན་དང་ལྡན་པའི་ཀ་པཱ་ལ་བདུད་རྩིས་གང་བ་བསྣམས་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་ལ་ཕོད་ཆེན་མཐིང་ག་དང་། དར་དམར་སེར་གྱི་ཆོས་གོས་ཀྱི་སྟེང་ན་བེར་གསོལ་ཞིང་། དབུ་ལ་པད་ཞྭ་ལྷུབས་ཆེན་གྱིས་མཛེས་པ། སྙན་རྒྱན་མགུར་ཆུ་ཕྱག་གི་གདུ་བུ་སོགས་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ། འཇའ་འོད་འཁྱིལ་བའི་གུར་ཁང་གི་དབུས་ན་བཞུགས་པའི་ཐུགས་མཆོང་གུར་སྨུག་པོའི་དབུས་སུ་རིགས་འདུས་ཧེ་རུ་ཀ་ཡབ་ཡུམ་སྙོམས་འཇུག་འཁྲིལ་ལྡེམ་རྣམ་འགྱུར་ཡོངས་སུ་རྫོགས་པ། གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གསུམ་གྱིས་མཚན་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཀུན་བཟང་རྒྱལ་བ་རིགས་ལྔ། དགའ་རབ། འཇམ་དཔལ། ཤྲཱི་སིཾ་ཧ། ཛྙཱ་ན་སཱུ་ཏྲ། བི་མ་ལ་མི་ཏྲ། ཡི་དམ་བདེ་གཤེགས་ཀུན་འདུས། མཁའ་འགྲོ་ཆོས་སྐྱོང་སྐྱབས་གྱུར་རེ་ལྟོས་ཀྱི་ཚོགས་དང་བཅས་པ་རྣམས། དྭངས་མ་འོད་ཀྱི་ཕུང་པོའི་རྣམ་པས་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་སིབ་སིབ་ཐིམ་པའི་མོས་པ་རྩེ་གཅིག་ཏུ་མཛོད་ཅིག །ཧཱུྃ་ཧཱུྃ་ཧཱུྃ༔ བཞེངས་ཤིག་པདྨ་འབྱུང་གནས་མཁའ་འགྲོའི་ཚོགས༔ དགོངས་ཤིག་ཕྱོགས་བཅུའི་དུས་གསུམ་སངས་རྒྱས་རྣམས༔ རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ རིག་འཛིན་མཁའ་འགྲོའི་གནས་ནས་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་པདྨ་གུ་རུ་བཛྲ་ས་མ་ཡ༔ དྷརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་རྩ་སྔགས་བརྗོད། སྤོས་རོལ་བཅས་བྱིན་དབབ། ཡེ་ཤེས་པ་བརྟན་པར་གྱུར་ཅིག །རྒྱ་གྲམ་མགོ་བོར་བཞག་ལ། ཏིཥྛ་བཛྲ། མིག་དར་བསལ་ལ། བཛྲ་པྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད། དངོས་གཞིའི་དབང་བསྐུར་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ༔ ཇི་ལྟར་མཆོག་ཆེན་བསྩལ་པ་ལྟར༔ བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར༔ སྐུ་གསུམ་རྡོ་རྗེ་དེང་བདག་སྩོལ༔ ལན་གསུམ། ནམ་མཁའ་གང་བར་སད་པའི་སངས་རྒྱས་སྲས་དང་བཅས་པ་སློབ་དཔོན་དང་ལྷན་ཅིག་པས་ཡེ་ཤེས་རོལ་པའི་བཀོད་པ་ངོ་མཚར་བ་དུ་མ་དང་བཅས་ཏེ་བརྡ་རྟགས་མཚན་མ་རྫས་ཀྱི་དབང་རྣམས་རིམ་པར་བསྐུར་བས། བློའི་ཡུལ་དུ་སྣང་བའི་དཔེ་འདི་རྣམས་ཀྱིས་མཚོན་ནས་བློ་འདས་དགོངས་པ་རྟོགས་དགོས་པ་ཡིན་པས། ཐོག་མར་བརྡ་བུམ་པ་རྒྱན་དང་བཅས་པས་མཚོན་ནས། དོན་སྣོད་བཅུད་དག་པ་རབ་འབྱམས་ལྷའི་འཁོར་ལོར་རྟོགས་པར་གྱིས་ཤིག །བུམ་པ་ཐོགས་ལ། ཀྱེ༔ དཔལ་ཆེན་པདྨ་ཐོད་ཕྲེང་རྩལ༔ ནམ་མཁར་བཞུགས་པའི་ལྷ་ཚོགས་རྣམས༔ མགྲིན་གཅིག་དབྱངས་གཅིག་ཉིད་དུ་ཡང༔ མཉམ་ཉིད་ཆོས་སྐུའི་ངང་ཉིད་ལས༔ སྣོད་བཅུད་རབ་འབྱམས་ལྷ་ཡི་དབང༔ སྐུ་ལྔ་ཡེ་ཤེས་བུམ་དབང་བསྐུར༔ བུམ་པ་སྤྱི་བོར་བཞག་ལ་བུམ་ཆུ་སྦྱིན། དབུ་རྒྱན་མགོར་བཞག་སྟེ། ཨོཾ་ཧཱུྃ་སྭཱ་ཧྲཱིཿཨཱ༔ ལཱཾ་མཱཾ་པཱཾ་ཏཱཾ་ཨཱཾ༔ ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྱེད་རྣམས་མངོན་པར་བྱང་ཆུབ་པའི་རྡོ་རྗེའི་མཚན་གྱི་ས་བོན་ནི། དཔལ་རྡོ་རྗེ་བདེ་བ་ཆེན་པོ་ཞེས་བྱ་བའོ། །དེ་ལྟར་དབང་བསྐུར་བས་རིགས་ཀྱི་བདག་པོ་བླ་མ་རྡོ་རྗེ་འཆང་གིས་དབུར་བརྒྱན་པར་གྱུར། གཏོར་མ་ཐོགས་ལ། བརྡ་བླ་མའི་གཏོར་ཆེན་གྱིས་མཚོན་ནས་དོན་གཟུགས་སུ་སྣང་བ་ཐམས་ཅད་རིགས་འདུས་གུ་རུ་བདེ་བ་ཆེན་པོའི་རང་བཞིན་དུ་རྟོགས་པར་གྱིས་ཤིག །ཨོཾ༔ གང་སྣང་རིགས་བསྡུས་གུ་རུའི་སྐུ༔ བཅོས་སླད་བྲལ་བའི་རིག་པ་དངོས༔ གཟུགས་སྣང་ཐམས་ཅད་རིགས་བསྡུས་ཉིད༔ གཏོར་མ་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་པདྨ་གུ་རུ་བཛྲ་ས་མ་ཡ་ཛ༔ དྷརྨ་ཀཱ་ཡ་སཾ་བྷོ་ཀཱ་ཡ་ནིརྨ་ཀཱ་ཡ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨོཾ་ཨོཾ༔ ཐོད་ཆང་ཐོགས་ལ། བརྡ་ཐོད་པའི་བདུད་རྩིས་མཚོན་ནས། དོན་སྒྲ་ཚིག་བརྗོད་པ་ཐམས་ཅད་གྲགས་སྟོང་རྡོ་རྗེའི་རང་སྒྲར་རྟོགས་པར་གྱིས་ཤིག །ཧཱུྃ༔ སྒྲ་ཚིག་བརྗོད་པ་ཧཱུྃ་གི་སྒྲ༔ རང་བཞིན་གྲགས་སྟོང་ངང་དུ་ལྟོས༔ བཟང་ངན་རིས་མེད་ཡེ་སྟོང་ཡིན༔ ཉམས་མྱོང་བདུད་རྩིའི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿཨཱཿཨཱ༔ མེ་ལོང་ཐོགས་ལ། བརྡ་སིནྡྷུ་རའི་མེ་ལོང་གིས་མཚོན་ནས། དོན་རྟོག་ཚོགས་ཐམས་ཅད་བློ་འདས་རིག་སྟོང་ཟང་ཐལ་ཀ་དག་གི་ཡེ་ཤེས་སུ་རྟོགས་པར་གྱིས་ཤིག །ཧཱུྃ༔ འགྲོ་འོང་བྲལ་བ་གུ་རུའི་ཐུགས༔ གང་ཤར་ཝལ་པོ་རྗེས་མེད་ཡིན༔ བློ་འདས་ཟང་ཐལ་ཆེན་པོའི་ངང༔ རྡོར་སེམས་མེ་ལོང་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ༔ ཐིག་ལེ་སྙིང་གར་བཀོད། སྐུ་འབག་ཐོགས་ལ། བརྡ་གུ་རུའི་སྐུ་འབག་གིས་མཚོན་ནས། དོན་སྣང་སྟོང་ཟུང་འཇུག་དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་ལ་གནས་པར་མཛོད་ཅིག །ཧོ༔ སྣང་སྲིད་ཡེ་ནས་ཀ་ནས་དག༔ སྣང་བའི་དུས་ནས་སྐྱོན་དང་བྲལ༔ སྟོང་པའི་དུས་ནས་ལྷུན་གྱིས་གྲུབ༔ དབྱིངས་རིག་གཉིས་སུ་མེད་པའི་དོན༔ སྐུ་གསུམ་རིགས་བསྡུས་དབང་ཐོབ་ཤོག༔ རྩ་སྔགས་མཐར། སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧྲཱིཿཧྲཱིཿཧྲཱི༔ མཐའ་རྟེན་བཟླས་པའི་ལུང་སྦྱིན་པའི་སླད་དུ། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་སྐུ་གསུམ་རིགས་འདུས་པདྨ་གུ་རུར་གསལ་བའི་ཐུགས་ཀར་འཕགས་པ་ཐུགས་རྗེ་ཆེན་པོ། དེའི་ཐུགས་ཀར་སངས་རྒྱས་སྣང་བ་མཐའ་ཡས། དེའི་ཐུགས་ཀར་པདྨའི་ལྟེ་བར་ཧྲཱིཿཡིག་དཀར་པོ། ཁྱེད་རང་རྣམས་ཀྱང་དེ་ལྟར་གསལ་བཏབ་པའི་བླ་མའི་ཐུགས་སྲོག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་སྲོག་ཧྲཱིཿཡིག་གི་མཐར་གཡས་སྐོར་དུ་འཁོད་པར་མོས་ལ་སྔགས་འདིའི་རྗེས་ཟློས། རྩ་སྔགས་ལན་གསུམ་བཟླར་གཞུག །གསུམ་པ་ནི། དེ་ལྟར་གསང་བ་ཟབ་མོ་དོན་གྱི་དབང་བཞི་དཔེ་དོན་རྣམ་པ་ལྔ་ཟུང་འབྲེལ་གྱི་སྒོ་ནས་བསྐུར་པས། སློབ་མ་དབང་རབ་དམ་ཚིག་དང་ལྡན་པ་དག་གིས་བརྡ་དོན་ཁོང་དུ་ཆུད་ནས་གྲོལ་བྱེད་ཡི་གེ་ལས་འདས་པ་ཟླ་བ་དྲུག་བསྒོམས་པས་རབ་དེ་ཉིད་དང་། འབྲིང་བར་དོ་དང་པོར་གྲོལ་བར་འགྱུར་ངེས་པ་ཨོ་རྒྱན་རིན་པོ་ཆེའི་རྡོ་རྗེའི་ཐ་ཚིག་འགྱུར་བ་མེད་པས་བཀའ་ནན་དུ་གདམས་པ་ཡིན་པས་སྤྲོ་བ་བསྐྱེད་ལ་དམ་ཚིག་ཁས་བླང་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་གི་རྗེས་རིམ་སྤྱི་འགྲེ་ཚོགས་མཆོད་སོགས་དཀྱིལ་འཁོར་རྗེས་རིམ་ཕྲིན་ལས་ལྟར་བྱའོ། །པ༵དྨ༵འི་ཐུགས་ཏིག་ཚིག་བྲལ་གྱི། །གདམས་པའི་སྨིན་བྱེད་བརྡར་བརྟེན་ནས། །བློ་འདས་ཡེ་ཤེས་ཡངས་པའི་གར༵། །རང་དབ༵ང་ཉིད་དུ་སྒྱུར་བྱེད་ཤོག །ལམ་བསྡུས་པ་རིགས་བསྡུས་བརྡ་དབང་ལྔ་པའི་ལེ་ཚན་ནོ། །རིང་དང་ཉེ་བའི་སྨིན་བྱེད་བདུད་རྩིའི་ཀླུང་། །ཀུན་འདུས་འདིས་ཀྱང་ལུས་ཅན་ཇི་སྙེད་པ། །ཐར་པའི་ལུས་སྲོག་འཚོ་ཕྱིར་འདིར་འབད་དགེས། །གུ་རུའི་བྱིན་རླབས་ཞུགས་པའི་སྣོད་རུང་ཤོག །བརྒྱུད་འཛིན་རང་རྐང་བཟུང་རྣམས་འདིར་མི་ལྟོས། །སྒྲོ་སྐུར་བག་ཆགས་བརྟས་པའང་སོམ་ཉིའི་གཞི། །འོན་ཀྱང་རང་མཉམ་ཆོས་ཀྱིས་མི་ཕོངས་པའི། །སྒོ་མོ་འདིར་ཞུགས་ལག་ལེན་འཁྲུལ་མེད་འགྱུར། །ཅེས་གསལ་བྱེད་དང་ལག་ལེན་གྱི་ཡིག་ཆས་མཐའ་གཅིག་ཏུ་ཕོངས་པའང་མ་ཡིན་རུང། རྒྱས་བསྡུས་ཀྱི་སྐྱོན་དང་བྲལ་བར་སྐལ་མཉམ་འཇུག་བདེར་མཐོང་ནས། པདྨའི་རིང་ལུགས་གཙོ་བོར་གྱུར་པའི་རྒྱལ་བསྟན་རིས་སུ་མ་ཆད་པ་ཁོང་པའི་སྲོག་ལྟར་འཆང་བའི་བློ་གྲོས་གོ་ཆ་མཐའ་ཡས་འཆང་བ། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་ཤྲཱི་དེ་བཱི་ཀོ་ཊི་གསུམ་པ་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།
གནམ་ཆོས་འོད་ཆོག་མཆོད་ཕྲེང་ (Volume 21, Text 8)
ཧཱུྃ༔ བཀྲ་ཤིས་གཙོ་བོ་རྫས་བརྒྱད་ནི༔ ཡུངས་དཀར་དཱུར་བ་བིལ་བ་དང༔ གི་ཝཾ་ལི་ཁྲི་ཞོ་མཆོག་དང༔ མེ་ལོང་རྣམ་དག་དུང་དཀར་སོགས༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ སེམས་ཅན་ཚོགས་གཉིས་རྫོགས་པར་ཤོག༔ ཨཥྚ་མངྒ་ལ་དྲ་བྱ་སྭཱ་ཧཱ༔ ཧཱུྃ༔ བཀྲ་ཤིས་གཙོ་བོ་རྟགས་བརྒྱད་ནི༔ རིན་ཆེན་གདུགས་དང་གསེར་ཉ་དང༔ གཏེར་ཆེན་བུམ་པ་པདྨ་བཟང༔ དུང་དཀར་གཡས་འཁྱིལ་དཔལ་བེ་འུ༔ མཆོག་གི་རྒྱལ་མཚན་འཁོར་ལོ་སོགས༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ སེམས་ཅན་ཚོགས་གཉིས་རྫོགས་པར་ཤོག༔ ཨཥྚ་མངྒ་ལཾ་ཧེ་ཏུ་སྭཱ་ཧཱ༔ ཧཱུྃ༔ འདོད་ཡོན་རྩ་བ་རིན་ཆེན་བདུན༔ འཁོར་ལོ་ཡིད་བཞིན་ནོར་བུ་དང༔ རབ་མཛེས་བཙུན་མོ་མི་བདག་དང༔ དཔལ་གྱི་གླང་པོ་ཅང་ཤེས་རྟ༔ དམག་དཔོན་ལ་སོགས་རིན་ཆེན་བདུན༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ བདག་ནི་ཚོགས་གཉིས་རྫོགས་པར་ཤོག༔ ཨོཾ་སཔྟ་རཏྣ་པྲ་ཏཱིཙྪ་སྭཱ་ཧཱ༔ སརྦ་མངྒ་ལཾ།། །།
གཏེར་གསར་རྡོ་རྗེ་ཕུར་པ་ལྷ་ནག་གྲི་གུག་འབར་བའི་རྒྱ་ཅན་གྱི་རྒྱུན་ཁྱེར་ཉམས་ལེན་ (Volume 32, Text 8)
གཏེར་གསར་རྡོ་རྗེ་ཕུར་པ་ལྷ་ནག་གྲི་གུག་འབར་བའི་རྒྱ་ཅན་གྱི་རྒྱུན་ཁྱེར་ཉམས་ལེན་བཞུགས་སོ། །ན་མོ་གུ་རུ་ཤྲཱི་བཛྲ་ཀུ་མཱ་ར་ཡ། འདིར་གཏེར་གསར་རྡོ་རྗེ་ཕུར་པ་ལྷ་ནག་གྲི་གུག་འབར་བའི་རྒྱ་ཅན་གྱི་རྒྱུན་གྱི་ཉམས་ལེན་སྙིང་པོ་ཙམ་ཞིག་དགོད་པར། སྐྱབས་སེམས་བདུན་དག་སོགས་གཏེར་ཁ་གསར་རྙིང་ཅི་རིགས་ཀྱི་ཕུར་པ་སོགས་ཡི་དམ་གྱི་ལས་གཞུང་སྤྱི་འགྲོ་བཞིན་དུ་བྱས་ནས། དངོས་གཞི་ནི། ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས། །མ་རྟོགས་འགྲོ་ལ་བྱམས་དང་སྙིང་རྗེར་ཤར། །སྟོང་དང་སྙིང་རྗེ་ཟུང་འཇུག་རིག་པའི་རྩལ། །རྒྱུ་ཡི་སྙིང་པོ་ཧཱུྃ་ཆེན་སྔོན་པོ་ལས། །འབྱུང་བ་རིམ་བརྩེགས་རི་རབ་ཆེན་པོའི་དབུས། །སྲིད་བཅུད་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གཟུགས། །སྣང་བའི་རྒྱ་མདུད་གོང་མར་གཞལ་ཡས་ཁང་། ཁྲག་འཐུང་འབར་བའི་བཀོད་པ་གསལ་རྫོགས་ཀྱི། །ཟླ་གམ་ཡེ་ཤེས་འཆར་སྒོའི་ཀློང་གི་དབུས། །པད་ཉི་རུ་ཏྲ་བསྣོལ་བའི་གདན་སྟེང་དུ། །བསྐྱེད་པ་རྒྱུ་་་ཧཱུྃ་སྔོན་པོ།ཉིད་ཡོངས་སུ་གྱུར་པ་ལས། །དཔལ་ཆེན་ཁྲོ་རྒྱལ་རྡོ་རྗེ་གཞོན་ནུ་ནི། །མིག་སྨན་ལྟར་གནག་ཞལ་གསུམ་ཕྱག་དྲུག་པའི། །གཡས་དཀར་གཡོན་དམར་དགོད་གཤེ་གཏུམ་རྔམ་ཚུལ། །གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་། །གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་རྩ་ཕྱག་གཉིས། །ཐུགས་ཀར་སེང་ལྡེང་ཕུར་པ་སྒྲིལ་བའི་ཚུལ། །སྐུ་སྨད་གནམ་ལྕགས་ཕུར་ཞབས་འབར་བ་ནི། །རུ་ཏྲ་བར་གཅོད་བདུད་ཀྱི་སྙིང་ལ་གཟིར། །རྡོ་རྗེ་རིན་ཆེན་འབར་བའི་ཁྱུང་གཤོག་གདེངས། །སྐུ་ལ་དུར་ཁྲོད་འབར་བའི་ཆས་ཀྱིས་བརྒྱན། །གསང་བའི་ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ། །མཐིང་ལྗང་རྡོ་རྗེ་དུང་དམར་འཛིན་པས་འཁྱུད། །ཞབས་གཉིས་ཡབ་འཁྲིལ་དུར་ཁྲོད་རྒྱན་ཆས་རྫོགས། །ཡབ་ཡུམ་གཉིས་མེད་བསྐལ་པའི་མེ་དཔུང་ཀློང་། །བཞུགས་པའི་སྐུ་དབུས་རྩ་གསུམ་འཁོར་ལོ་ལྔ། །ཚིགས་ཀྱི་འཁོར་ལོ་བཞི་དང་བཅས་པ་རྣམས། །དྭངས་གསལ་སྒྲིབ་མེད་གསལ་བའི་འཁོར་ལོའི་དབུས། །རིམ་བཞིན་གཙུག་ཏོར།་་་ཧཱུྃ་མཛད་སྤྱི་བོ།་་་རྣམ་རྒྱལ་མགྲིན་པ།་་་རྟ་མགྲིན་དང་། །ཐུགས་ཀ་་་བདུད་རྩི་ལྟེ་བ།་་་གཤིན་རྗེ་གསང་བ།་་་སྟོབས་ཆེན་དཔུང་གཡས།་་་དབྱུག་སྔོན་ཅན། །དཔུང་གཡོན།་་་མི་གཡོ་སྤྱི་གཡས།་་་འདོད་རྒྱལ་སྤྱི་གཡོན།་་་ཁམས་གསུམ་རྒྱལ་བྱེད་ཡུམ། །ཐམས་ཅད་སྐུ་མདོག་ནག་པོ་ཕུར་ཞབས།་་་རང་རང་ཁྲ་ཐབས་རྒྱན་དང་ཆ་ལུགས་རྫོགས། །ཕྱི་འཁོར་ཁྱམས་ལ།་་་བཀའ་སྡོད་དམ་ཅན་སྒོ་བཞིར།་་་སྒོ་མར་བཅས། །ཐུགས་ཀའི།་་་བདུད་རྩིའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི། །རྡོར་སེམས་མཐིང་དམར་ཁྲོ་ཆགས་སྒེག་པའི་སྐུ །རྡོ་རྗེ་དྲིལ་བསྣམས་ཡུམ་བཅས་ཐུགས་ཀ་རུ། །རིན་ཆེན་ཟུར་བརྒྱད་སྦུབས་སུ་ཟླ་ཉིའི་སྟེང་། །ཤིན་ཏུ་ཕྲ་བའི་ཏིང་འཛིན་སེམས་དཔའ་ཧཱུྃ། །དེ་མཐར་ཀཱི་ལ་ཡའི།་་་རྩ་བའི་སྔགས་ཀྱིས་བསྐོར་བར་གྱུར། །ཡེ་ནས་རང་རྫོགས་ཁྲག་འཐུང་ཁྲོ་བོའི་ལྷ། །མ་ལུས་འདིར་གཤེགས་གཉིས་མེད་བརྟན་པར་བཞུགས། །ཕྱི་ནང་སྦྱོར་སྒྲོལ་དེ་བཞིན་ཉིད་མཆོད་བཞེས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་གུས་པས་བསྟོད། །ཉམས་ཆག་འགལ་བཤགས་མཆོག་ཐུན་དངོས་གྲུབ་སྩོལ། །སྔགས་ཀྱི་ཕྲེང་བས་མགལ་མེ་ལྟར་འཁོར་བས། །ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས། །འཁོར་འདས་སྣོད་བཅུད་ཀུན་བསྡུས་ཡུམ་མཁར་བསྐྱིལ། །དྷཱུ་ཏིའི་ལམ་ནས་ཐུགས་སྲོག་ཧཱུྃ་ལ་བསྟིམ།་་་འདི་ཡན་བདེ་ཆེན་གྱི་བཟླས་པ། མ་རུངས་སྡེ་བརྒྱད་བདུད་དང་དམ་སྲིའི་རིགས། །སྔགས་ཕྲེང་ལས་འཕྲོས་འོད་ཟེར་མེ་དཔུང་གིས། །གཞོབ་ཏུ་བསྲེགས་སྦྱངས་དྭངས་མ་སྦྱོར་མཚམས་ནས། །ཐུགས་སྲོག་ཧཱུྃ་གི་ཞབས་སུ་ཐིམ་པ་ཡིས།་་་འདི་ཡན་སྤྲོ་བསྡུ། དབང་སྡུད་ཚར་གཅོད་ཕྲིན་ལས་ཀུན་འགྲུབ་གྱུར། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་སརྦ་བིགྷྣཱན་བཾ་ཧཱུྃ༔ ཨཱཿཛཿཕཊཿ་་་ཤམ་བུར་དངོས་གྲུབ་བསྡུས་སྟེ་སྦྱོར་བ། ཡང་ན། མཱ་ར་ཡ་ཕཊ།་་་དགྲ་བགེགས་སྒྲོལ་བ། ཅི་ནུས་བཟླས་མཐར། སྲིད་བཅུད་རྡོ་རྗེ་ཕུར་བུའི་དཀྱིལ་འཁོར་ཀུན། །ཡེ་ཤེས་སེམས་དཔའ་ཧེ་རུ་ཀ་ལ་ཐིམ། །དེ་ཉིད་ཏིང་འཛིན་སེམས་དཔའ་ཧཱུྃ་སྔོན་ལ། །ཧཱུྃ་ཡང་བློ་འདས་རྫོགས་པ་ཆེན་པོའི་ཀློང་། །རིག་པའི་ངོ་བོ་དཔལ་ཆེན་ཧེ་རུ་ཀ །སྟོང་པའི་རང་བཞིན་ཤེས་རབ་ཡུམ་གྱི་དབྱིངས། །རྩལ་སྣང་འགག་མེད་ཁྲོ་བཅུ་སྲས་དང་འཁོར། །ཀུན་ཀྱང་རིག་སྟོང་ཟུང་འཇུག་ཀ་དག་ལས། །སྒྱུ་མ་ཙམ་དུ་ཐུན་མཚམས་ལྷ་སྐུར་ལྡང་། །གཏེར་གསར་རྡོ་རྗེ་ཕུར་པ་ལྷ་ནག་གྲི་གུག་འབར་བའི་རྒྱ་ཅན་རྒྱུན་གྱི་ཉམས་ལེན་སྙིང་པོར་དྲིལ་བ་འདི། ཟབ་ཆོས་འདི་ཉིད་ཀྱི་བདག་པོ་རྒྱལ་བ་འབྲི་གུང་པ་ཆོས་ཀྱི་གྲགས་པའི་མཆོག་གི་སྤྲུལ་སྐུའི་བཀའ་བཞིན། དྷརྨ་སྭཱ་མཱིས་བཀའ་རྒྱ་བཀྲོལ་ཏེ་ཕུལ་བ་བར་ཆད་བདུད་སྡེའི་དཔུང་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག། །།
དཔལ་རྡོ་རྗེ་བདུད་རྩིའི་ཡན་ལག་གི་སྒྲུབ་པ་རྣམ་གསུམ་ལག་ཏུ་ལེན་པའི་ཟིན་བྲིས་མཐོང་བས་གོ་འབྱེད་ (Volume 30, Text 8)
དཔལ་རྡོ་རྗེ་བདུད་རྩིའི་ཡན་ལག་གི་སྒྲུབ་པ་རྣམ་གསུམ་ལག་ཏུ་ལེན་པའི་ཟིན་བྲིས་མཐོང་བས་གོ་འབྱེད་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་ར་བེ། དཔལ་ལྡན་རྡོ་རྗེ་བདེ་བ་ཆེ། །ཡེ་ཤེས་བདུད་རྩིས་ཀུན་གསོ་མཛད། །ཧེ་རུ་ཀ་དཔལ་བླ་མ་རྗེར། །བཏུད་ནས་རྣམ་གསལ་ལག་ལེན་དགོད། །དཔལ་རྡོ་རྗེ་བདུད་རྩིའི་རྩ་བའི་བསྙེན་སྒྲུབ་ལེགས་པར་ཐེམས་པའི་རྣལ་འབྱོར་པས་ལས་ཀྱི་ཡན་ལག་རྣམ་གསུམ་ལག་ཏུ་ལེན་པ་སྐབས་སུ་བབས་པ་ན། དང་པོ་བདུད་རྩི་འཁྱིལ་བའི་ཁྲུས་ཆབ་སྒྲུབ་པ་ལ། སྟེགས་བུའི་དབུས་སུ་བུམ་པ་མགུལ་ཆིངས་ལྗང་གུ་ཁ་རྒྱན་ཅན། འཆད་འགྱུར་བུམ་རྫས་རྣམས་དང་དྲི་བཟང་སྦྱར་བའི་ཆུས་བཀང་པ་བཀོད་པའི་མདུན་དུ་སྨན་རཀ་གཏོར་གསུམ་དང་ཕྱི་མཆོད་ཕྲེང་ཚར་དུ་བཤམ། རྒྱབ་ཕྱོགས་སྟེགས་ཅུང་ཟད་མཐོ་བར་བདག་བསྐྱེད་མཆོད་གཏོར་ཟུར་དུ་བཤམ་ན་ལེགས། བུམ་པའི་རྫས། ཀུ་ཤ་བནྡྷ་ཞེས་འབྲས་བུ་ཡོད་པ་རྙེད་ན་རབ། དཀྱུས་སུ་རྒྱ་གར་ནས་བྱུང་བའི་ཀུ་ཤ་སྔོ་ལྗང་ལེགས་པ། པྲི་ཡང་ཀུ་གཞོན་ནུ། སྤང་སྤོས་རྩ་བ་སྟོན་དུས་བརྐོས་པ། ཤུ་དག་དཀར་པོ། མཁན་དཀར་གྱི་ལོ་མ་རྣམས་ལ་གཞི་བྱས། སྨན་ལྔ། འབྲུ་ལྔ། དྲི་ལྔ། རིན་པོ་ཆེ་ལྔ། སྙིང་པོ་ལྔ་རྣམས་དང་། ཙནྡན་དཀར་དམར། ག་པུར་རྣམས་ཀྱང་ལྷན་ཅིག་ཏུ་སྦྱར་ལ་ཕྱེ་མ་ལེགས་པར་བྱ། ཁྲུས་སྒྲུབ་ལན་གཅིག་གྲངས་ཚད་རྫོགས་པར་བྱས་ནས་ཕྱིས་ནམ་དགོས་སུ་སྤྱད་རྒྱུ་བུམ་རྫས་ཉིད་ཡིན་པས་ཐོག་མ་ནས་བུངས་མང་བར་བསགས་ལ་རྫ་བུམ་ལྟ་བུའི་སྣོད་ཆེ་བ་ཞིག་ཏུ་བླུགས། དེ་ཉིད་རྣམ་བུམ་དང་ལྷན་ཅིག་གམ་སྟེང་འོག་བརྩེགས་མར་བཞག་ལ་གཟུངས་ཐག་གདགས། དུང་ཆུ། ཚོགས་མཆོད། སྲུང་མའི་གཏོར་འབུལ། སྔོན་གཏོར་སོགས་ཚོགས་པར་བྱའོ། །སྒྲུབ་ཕྲན་འདི་རྣམས་ཀྱི་སྐབས་སུའང་ཐོག་མར་བདེ་བ་ཆེན་པོ་བླ་མའི་ལས་བྱང་ཚར་རེ་གྲུབ་ན་ལེགས་པའི་ཡན་ལག་ཏུ་འགྱུར་ལ་མ་ལྕོགས་ནའང་འགལ་བ་མེད། བདག་བསྐྱེད་རྡོ་རྗེ་བདུད་རྩིའི་རྩ་བའི་ཕྲིན་ལས་ཀྱི་གཞུང་བསྲངས་ལ་བཟླས་པ་གཉིས་པོ་ཅི་འགྲུབ་ཆ་སྙོམས་བཟླ། སྟོང་ཚིགས་མཆོད་བསྟོད་ཕུལ། སླར་མདུན་གྱི་མཆོད་གཏོར། ཧཱུྃ༔ གནས་ཡུལ་དུར་ཁྲོད་རོལ་པའི་ཞིང༔ སོགས་ཀྱིས་བྱིན་བརླབ། གཞུང་གི་རིམ་དབྱེ་གཉིས་པ་ལྟར་བུམ་པ་བསང་སྦྱང་། ལྷ་བསྐྱེད་སྤྱན་འདྲེན་བཅས་སོང་ནས། བདུད་རྩིའི་རྩ་བའི་ཕྲིན་ལས་ལྟར། ཧཱུྃ༔ རྡོ་རྗེ་དགའ་བ་རྣམ་པ་བཞིའི༔ སོགས་འགུགས་བསྟིམ། དབང་བསྐུར་རྒྱས་གདབ། ཕྱག་མཆོད་རཀྟ་པི་པཱ་ཧོའི་བར་ཚང་བར་གཏང་། ཧཱུྃ༔ གང་ཞིག་དྲན་པ་སོགས་ཤློ་ཀ་གཅིག་གིས་བསྟོད། གཟུངས་ཐག་བླངས་ལ་རང་གི་ཐུགས་ནས་སོགས་བཟླས་དམིགས་རྩེ་གཅིག་ཏུ་བྱས་ཏེ། ཐོག་མར་འབྲུ་ལྔ་ཁོ་ན་བཟླ། ཐུན་མཐར་ལས་སྦྱོར་བཟླས་པ་ཅུང་ཟད་བྱ། རྩ་བསྙེན་གྲངས་ཐེམས་ནས་ཐུན་འགོ་ལ་སྟོང་ཙམ་དང་། བཟླས་པའི་དངོས་གཞི་ལས་སྦྱོར་སྔགས་ལ་འབད། ཐུན་མཐར་སྔགས་ཙམ་གྱིས་མཆོད། ཤློ་ཀ་གཅིག་གིས་བསྟོད། ཨོཾ་ཨཱཿཧཱུྃ་གིས་དུང་ཞལ་གྱི་མཆོད་ཡོན་ཕུལ་བས། བདུད་རྩི་འཁྱིལ་བ་ཡབ་ཡུམ་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་བུམ་པའི་ཆུ་དང་དབྱེར་མེད་དུ་གྱུར། ཅེས་བསྒོམ། ཐུན་གསུམ་མམ་བཞི་སོགས་གང་བྱེད་ཀྱང་བདག་བསྐྱེད་ཐོག་མར་སོང་བས་འཐུས། ཐུན་ཕྱི་མ་རྣམས་ལ་མཆོད་ཁ་གསོས་ལ་བྱིན་བརླབ་ནས་བཟུང་། བུམ་བསྐྱེད་བཟླས་པ་དང་བཅས་པ་བསྐྱར། ཐུན་རྗེས་མའི་བུམ་ལྷ་འོད་ཞུ་གྲུབ་ནས། སྲུང་མའི་གཏོར་ཆོག་གཏང་། ལས་གཞུང་གི་ཚོགས་དང་། སྔགས་སྲུང་མའི་གཤམ་ལྟར་ཆད་མདོ་བརྟན་སྐྱོང་། གཏང་རག་མཆོད་བསྟོད་ནོངས་བཤགས་དང་བདག་བསྐྱེད་བསྡུ་ལྡང་ཤིས་བརྗོད་ཀྱི་བར་ལས་གཞུང་ལྟར་བྱས་པས་གྲུབ། བསྙེན་ཚད་རྩ་བསྙེན་འབྲུ་ལྔ་འབུམ་ཕྲག་གཅིག །ལས་སྦྱོར་ཁྲི་ཕྲག་གཅིག་ཏུ་བཤད་པ་ནི་བསྐལ་དུས་བཟང་པོའི་དབང་དུ་མཛད་པ་ཡིན་ལ། དེང་སང་རྩོད་དུས་སྙིགས་མའི་སྐབས་འདིར་གྲངས་ཚད་ལས་སུམ་འགྱུར་རམ་བཞི་འགྱུར་བཟླ་དགོས་པར་བཤད་པས་དེ་ལྟར་གྲུབ་ན་ནུས་མཐུ་གཞུང་ལས་གསུངས་པ་བཞིན་འབྱུང་བར་ངེས་པ་ནི་ཕྱི་མ་རྣམས་ལའང་ཤེས་པར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་ཁྲུས་སྒྲུབ་གྲུབ་པའི་ཚེ། བུམ་ཆུས་ལྷ་ཁྲུས་རི་ཁྲུས་ཁྱིམ་ཁྲུས། གནས་ཁང་ལྷ་རྟེན་རང་གཞན་རྣམས་ལ་འཐོར་ཞིང་འཐུང་བ་དང་། གཞུང་གསལ་བསྒྲུབ་བྱ་རྗེས་འཛིན་སོགས་བྱ་བ་དང་། སྔར་བུམ་རྫས་ཕྱེ་མ་ཟུར་དུ་ཡོད་ན་དེ་ལ་བསྲེ་ཞིང་འདྲེས་པར་འཕུར་ལ་རིལ་བུའམ་ཕྱེ་མ་གང་བདེར་བྱས་ཏེ་ཁྲུས་ཀྱི་བྱ་བ་གཞན་དག་ལའང་བསྲེས་ན་བྱིན་རླབས་དང་ནུས་མཐུ་མཆོག་ཏུ་ཆེའོ།། ༈ །།གཉིས་པ་ཧཱུྃ་མཛད་ཆེན་པོའི་བདུག་པ་སྒྲུབ་པ་ལ། ཐོག་མར་སྒྲུབ་གཞི་བདུག་པ་ཉིད་ལེགས་པར་བསྡུ་སྦྱོར་བྱ་དགོས་ཏེ། དེའང་སྤང་སྤོས་དུས་བརྐོས། གླ་རྩི། ཤུ་དག་ནག་པོ། གུ་གུལ་ནག་པོ། ཡུངས་དཀར། ཨ་ག་རུ་ནག་པོ། ཡུང་བ་སེར་པོ། ཏོང་ཀུ །སྤྲུ་ནག །རྒྱ་སྤོས་པའི་རྩ་བ། ཤིང་ཚ། མཁན་དཀར། གུར་གུམ། ཙནྡན་དཀར་པོ། རུ་རྟ་བཅས་སྨན་སྣ་བཅོ་ལྔ་པོ་ཚོགས་པར་བྱས་ལ་ལེགས་པར་བཏུལ། སྐྱེ་བདུན་གྱི་ཤ་དང་། རིང་བསྲེལ་གྱི་རིགས། བདུད་རྩི་ཆོས་སྨན་སེལ་མེད་རྣམས་ཆུར་སྦྱངས་པ་ཕབས་གཏར་འདེབས། ཁྱེའུ་ལོ་བརྒྱད་ལོན་པའི་དྲི་ཆུ་བར་པས་རིལ་བུར་དྲིལ་བའམ། ཡང་ན་རེང་བུ་བྱ་བར་གསུངས་ཀྱང་ཕལ་ཆེར་ཕྱེ་མ་ཉིད་སྟབས་བདེ་བས། རིལ་བུ་སོགས་ཉུང་ཙམ་དང་། ཕྱེ་མ་དང་ཕབས་གཏས་སྦོལ་བའི་ཕུར་མ་མང་དུ་བྱ། ཐོད་སྣོད་དུ་བླུགས་དགོས་ཀྱང་མི་ཤོང་ན་རས་ཁུག་སྔོན་པོ་ལྟ་བུར་བླུགས་ལ་ཐོད་པར་བཅུག །དེ་ཉིད་སྟེགས་བུའི་དབུས་སུ་དཔྲལ་བ་རང་ལ་བསྟན་ཏེ་བཞག་པའི་མདུན་དུ་སྨན་རག་གཏོར་གསུམ། ཕྱི་མཆོད་ཕྲེང་ཚར། རྒྱབ་ཕྱོགས་སྟེགས་ཅུང་ཟད་མཐོ་བར་བདག་བསྐྱེད་ཀྱི་མཆོད་གཏོར་བཤམ་པ་སོགས་ཉེར་མཁོའི་རིགས་རྣམས་ཚོགས་པར་བྱས་ནས། ཐུན་དང་པོར་བླ་སྒྲུབ་ལྕོགས་མིན་སྐབས་དང་བསྟུན། རྡོ་རྗེ་བདུད་རྩི་རྩ་བའི་ཕྲིན་ལས་ཚུལ་བཞིན་བཏང་ལ་བདག་བསྐྱེད་ཀྱི་སྒོམ་བཟླས། སྟོང་ཚིགས་མཆོད་བསྟོད་བཅས་གྲུབ་པར་བྱ། མདུན་བསྐྱེད་ཀྱི་མཆོད་པ་བདུད་རྩིའི་ལས་བྱང་ལྟར་བྱིན་བརླབ། རིམ་དབྱེ་གསུམ་པ་ལྟར། མདུན་རྟེན་བདུག་པ། ཨོཾ་བཛྲ་ཨ་མྲྀཏ་ཧཱུྃ་ཕཊ༔ ཀྱིས་བསང་། ཨོཾ་སྭཱ་བྷཱ་བ་བི་ཤུདྡྷོ྅་ཧཾ༔ གིས་སྦྱང་། སྟོང་པའི་ངང་ལས་ཀ་པཱ་ལ༔ སོགས་ཀྱིས་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་སྤྱན་འདྲེན། ལས་བྱང་གི །ཧཱུྃ༔ རྡོ་རྗེ་དགའ་བ་སོགས་ནས། རཀྟ་པི་པཱ་ཧོའི་བར་གྱི་དགུག་བསྟིམ་དབང་བསྐུར་ཕྱག་མཆོད་རྣམས་གྲུབ་ནས། ཧཱུྃ༔ འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང༔ སོགས་ཀྱིས་བཟླས་པའི་དམིགས་པ་རྩེ་གཅིག་པས། ཐོག་མར་རྩ་བའི་འབྲུ་གཅིག་ལ་ཐུན་གྱི་དངོས་གཞི་བྱ། ཐུན་མཐར་ལས་སྦྱོར་ཁྱུག་ཙམ་བཟླ། རྩ་བསྙེན་ཐེམས་ནས་ཐུན་འགོར་སྟོང་རྩ་ཙམ་དང་། བཟླས་པའི་དངོས་གཞི་ལས་སྦྱོར་སྔགས་ལ་འབད། ཐུན་མཐར་མཆོད་བསྟོད་མ་གསུངས་ཀྱང་སྟོང་ཚིགས་འབུལ་བ་སྤྱི་ལུགས་ཡིན་པས། ཡེ་ཤེས་ལྷ་ཚོགས་སོགས་བརྗོད་ཀྱང་འགལ་བ་མེད། ཁྲོ་བོའི་རྒྱལ་པོ་འོད་དུ་ཞུ་སྟེ་རྫས་ལ་ཐིམ་པས་ཧཱུྃ་མཛད་ཆེན་པོའི་ནུས་མཐུའི་སྟོབས་ཡོངས་སུ་རྫོགས་པའི་རྡོ་རྗེའི་བདུག་པར་གྱུར། ཅེས་མོས་ལ་རྟེན་འབྲེལ་སྙིང་པོ་ལན་གསུམ་གྱིས་བརྟན་པར་བྱའོ། །ཐུན་ཕྱི་མ་རྣམས་ལ་མཆོད་པ་ཁ་གསོས་ཏེ་བྱིན་བརླབ་ནས་བརྩམ་བཤད་མ་ཐག་པའི་མདུན་བསྐྱེད་ཀྱི་སྒོམ་བཟླས་ཉིད་བསྐྱར། ཐུན་རྗེས་མའི་གཤམ་དུ། སྲུང་མའི་གཏོར་ཆོག །ལས་གཞུང་གི་ཚོགས་མཆོད། ཆད་བརྟན། རྗེས་ཆོག་རྣམས་ཁྲུས་སྒྲུབ་སྐབས་སུ་བཤད་པ་ལྟར་བྱ། གྲངས་ཚད་རྩ་བའི་ཧཱུྃ་བཟླས་ཆིག་འབུམ། ལས་སྦྱོར་ཆིག་ཁྲིར་བཤད་ཀྱང་ནུས་རྟགས་ཐོན་པ་དཀའ་བས་བཞི་འགྱུར་ཙམ་ཐོན་ན་ལེགས་སོ། །དེ་ལྟར་ཚུལ་བཞིན་བསྒྲུབས་པའི་བདུག་པ་ཉིད་རང་གཞན་གྱི་སྣ་ལ་བདུག་པ་དང་། ཁར་བཟའ་བ་དང་། ལུས་ལ་བྱུགས་ཤིང་རྐེར་བཏགས་པ་སོགས་བྱས་ན་ནད་གདོན་བགེགས་དང་སྡིག་སྒྲིབ་ཞི་བར་བྱེད་ཅིང་སྒྲུབ་པ་ཆེན་པོའི་བགེགས་བསྐྲད་པ་དང་ནད་པ་གདོན་ཅན་དང་གནས་རྟེན་འདྲེ་ཅན་སོགས་ལ་བདུག་ན་ལྷག་པར་བསྔགས་སོ།། ༈ །།གསུམ་པ་རིན་ཆེན་མཱ་མ་ཀཱི་ལ་བསྟེན་ནས་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་མ་ད་ན་སྒྲུབ་པ་ནི། སྒྲུབ་གཞི་ཆང་གི་རྒྱུ། ནས། འབྲས། གྲོ། སད་རུལ་སོགས་སྐྱོན་མེད་པ་རྡུལ་སོགས་གཙང་བར་བྱས་པ་ཞོ་གཅིག་ལས་མི་ཉུང་བ་དང་། མེ་ཏོག་དམར་པོ་དང་ཤིང་ཏོག་ལེགས་པ་གང་འཛོམ། སེ་འབྲུ། སྐྱུ་རུ་ར། ཕོ་རིལ་དཀར་པོ། བཟང་དྲུག །གི་ཝཾ། ག་པུར། གུར་གུམ་སོགས་རོ་ནུས་བཟང་ཞིང་དྲི་ཞིམ་པ་རྣམས་དང་། སྦྲང་རྩི་བཅས་ཚོགས་པར་བྱ། ཆང་ཕབས་ལམ་སོང་ལེགས་པ། བཙོ་སྣོད་ཁོག་མ་དང་། བསྙལ་སྣོད་ཟངས་དཀར་ལྟ་བུ་ཕྱི་གཙང་བྱས་པ། ཁེབས་ལོངས་མ་སྤྱད་པའི་ཕྱིང་དཀར་སོགས། སྒྱེད་བུ་མི་དང་ཁྱིས་མ་འགོང་བའི་ས་གཙང་ནས་རྡོ་དཀར་རམ་རྡོ་ནག་གང་བདེ་གསུམ། བཙོ་སྤྱད་རྒྱུན་འབབ་ཀྱི་ཆུ་ཀླུང་ཆེན་པོའི་ཆུ། གདན་ཀུ་ཤ་སོགས་ཚང་བར་བསགས་ལ། སྒྲུབ་པའི་གནས་གཙང་ཞིང་དབེན་པར་དུས་ཚེས་གཟའ་སྐར་བཟང་པོའི་སྔ་དྲོའི་ཆར་རྟེན་བཀྲམ་ཞིང་བདག་བསྐྱེད་ཀྱི་མཆོད་གཏོར། ཚོགས་ཀྱི་ཡོ་བྱད། གཏོར་འབུལ་ཇི་ལྟར་བདེ་བ་བཤམས་ལ། བདེ་བ་ཆེན་པོ་བླ་མའི་ཕྲིན་ལས་དང་། རྡོ་རྗེ་བདུད་རྩིའི་ལས་བྱང་བཏང་ནས་བདག་བསྐྱེད་བཟླས་པ་བཅས་བྱ་ཞིང་དེའི་ཚེ། རྒྱུན་འབབ་ཀྱི་ཆུ་ལ་ནས་འབྲས་གྲོ་དང་མེ་ཏོག་ཤིང་ཏོག་རྣམས་ལྷན་ཅིག་ཏུ་བཙོ། སེ་འབྲུ་སོགས་ཀྱང་མཉམ་དུ་བཙོས་པས་ཆོག་མོད། དེ་གསུམ་བུངས་ཆེར་མེད་ན་བཟང་སྨན་རྣམས་དང་ལྷན་ཅིག་ཕྱེ་མ་བྱ། མདུན་དུ་སྟེགས་བུ་ཁེབས་གཙང་མས་བཀབ་པའི་སྟེང་དུ་ཀུ་ཤའི་གདན་བཀྲམ། སྒྱེད་བུ་གསུམ་བརྟན་པོར་བཀོད་པའི་དཀྱིལ་དུ་ཐོད་པ་མཚན་ལྡན་འབྲུས་བཀང་བ་ཞིག་ཀྱང་དཔྲལ་བ་རང་ལ་བསྟན་ཏེ་བཞག །ཆན་ལ་གཏེར་ཁ་འདི་ཉིད་ལས་བྱོན་པའི་བདུད་རྩིའི་ཕབས་རྒྱུན་རྙེད་ན་རབ། མ་རྙེད་ན་སེལ་མེད་ཀྱི་ཆོས་སྨན་དང་བཟང་སྨན་གྱི་ཕྱེ་མ་ཆང་ཕབས་རྣམས་ལག་ལེན་སྤྱི་ལྟར་བཏབ། བསྙལ་སྣོད་ཁེབས་རྣམས་དྲོད་ལ་བསྲོ། ནམ་ཟླ་དང་བསྟུན་པའི་དྲོད་མཐོ་དམན་ཚོད་ཟིན་པར་བྱས་ཏེ་སྣོད་དུ་བླུགས། སྒྱེད་བུའི་སྟེང་དུ་བཞག་ལ་ཁེབས་ཀྱིས་ལེགས་པར་གཡོགས་པའི་སྟེང་ནས་དར་རས་གཙང་མས་བཀབ། ཧཱུྃ་མཛད་ཀྱི་བདུག་པས་བགེགས་བསྐྲད་ལ་སྲུང་འཁོར་བསྒོམ། བདུད་རྩི་འཁྱིལ་བའི་ཁྲུས་ཀྱིས་བཀྲུ་བ་རྣམས་བདུད་རྩིའི་སྒྲུབ་ཁོག་ལྟར་བྱ། མདུན་དུ་རིན་པོ་ཆེའི་སྣོད་དུ་འོ་མ་གཙང་མ་ལ་ཀླུ་སྨན་བཏབ་པ་གསུམ་བཤམས་པ་ལ་ཆབ་བྲན། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་གྱིས་བྱིན་བརླབ། སྤོས་དཀར་དུད་པས་སྒྱེད་བུ་སོགས་བདུག་ལ། སྒྲུབ་གཞི་དམ་ཚིག་རྫས་ཀྱི་གནས་མལ་སྟོང་པའི་ངང་ལས་སྐད་ཅིག་གིས་པདྨ་དང་ཟླ་བའི་གདན་ལ་ཀླུའི་རྒྱལ་པོ་ཆེན་པོ་ཆུ་བདག་ཝ་རུ་ཎ་དཀར་པོ། མཐའ་ཡས་སྔོན་པོ། ནོར་རྒྱས་སེར་པོ་གསུམ་ཀའང་སྟོད་ལྷའི་ལུས་ལ་ཞི་ཞིང་འཛུམ་པའི་ཉམས་ཅན། སྦྲུལ་མགོའི་གདེངས་ཀ་མང་པོ་དང་ལྡན་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་སྐུ་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ། ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བས་རིན་པོ་ཆེའི་བུམ་པ་བདུད་རྩིས་བཀང་བ་བསྣམས་པའོ། །རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཀླུ་རྒྱལ་གསུམ་པོ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་པར་གྱུར། ཅེས་པ་རྣམས་ཀྱིས་གསལ་བཏབ་ལ་རིམ་དབྱེ་བཞི་པའི་ནང་ལྟར། ཨོཾ་ཝ་རུ་ཎཱ་སོགས་གཏོར་སྔགས་ལན་བདུན་གྱིས་གཏོར་མ་ཕུལ་ལ་གཙང་སར་གཤེགས། ཚིགས་བཅད་ཀྱིས་ཕྲིན་ལས་བཅོལ་ཞིང་བརྟན་བཞུགས་བྱས་པས། སྔོན་གྱི་དམ་ཚིག་དྲན་ནས་བཀའ་བཞིན་སྒྲུབ་ཅིང་བརྟན་པར་བཞུགས་པར་བསམ། དེའི་མདུན་དུ་སྨན་རཀ་གཏོར་གསུམ། ཕྱི་མཆོད་ཇི་ལྟར་རིགས་པ་བཤམས་ལ། སླར་ཡང་བདུད་རྩིའི་ལས་བྱང་གི་བྱིན་འབེབ་ནས་བརྩམ། མཆོད་བརླབ་བསྐྱེད་བསྟིམ་ཕྱག་མཆོད་བསྟོད་པའི་བར་དུ་བཏང་ནས་མདུན་རྟེན་ཐོག་མར་བདུད་རྩིའི་དཀྱིལ་འཁོར་དུ་བསྒྲུབ་ལ། ཞི་དྲག་གི་དམིགས་བཟླས་ཉུང་ན་སུམ་བརྒྱ་རེ། མང་ན་ལྔ་བརྒྱ་རེ་ཙམ་བཟླ། དེ་ནས་ཚིགས་བཅད་ཀྱིས་ཐུགས་དམ་བསྐུལ་ཞིང་རིན་ཆེན་མཱ་མ་ཀཱིའི་དཀྱིལ་འཁོར་དུ་ཞལ་བསྒྱུར་བ་ནི། ཨོཾ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེའི༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་སོགས་ཚང་བར་བརྗོད་ཅིང་ཏིང་ངེ་འཛིན་གསལ་ལ་བརྟན་པས། ཨོཾ་བཾ་རཏྣ་མཱ་མ་ཀཱི་སོགས་བཟླས་པའི་དངོས་གཞི་ཡིན་པས་རྩེ་གཅིག་ཏུ་བཟླ། ཐུན་མཐར་སྟོང་ཚིགས་དང་། འགྲུབ་ན་ཐུན་རེ་རེ་བཞིན་ཚོགས་མཆོད་འབུལ། གང་ལྟར་རྡོ་རྗེའི་བདུག་པ་དང་ཕུར་བུ་འདྲིལ་ཞིང་ཁྲོལ་སྒྲུབ་ལས་འབྱུང་བའི་སྔགས་ཚིག་གིས་ཕུར་གདབ་ལྟ་སྟངས་ཧཱུྃ་སྒྲ་བཅས་པས་བགེགས་བསྐྲད། སྔོན་ནས་བསྒྲུབས་པའི་མ་ད་ན་ཡོད་ན་ཆང་དང་སྦྱར་བ་དང་མེད་ན་ཆོས་སྨན་ཆང་སྦྱར་འཐོར། དྲི་ཞིམ་པའི་སྤོས་བསྲེག །དར་སྣའི་གཡབ་མོ་བཅས་སྔ་མའི་འཕྲོས་སུ་འབྱུང་བའི་བྱིན་འབེབ་རྒྱས་པར་བྱས་པས་ཐུན་གཅིག་གྲུབ། ཐུན་གཉིས་པ་ལ་མཆོད་པ་ཁ་གསོས་ཏེ་མཆོད་བརླབ་ནས་བརྩམ། མདུན་རྟེན་བསྐྱེད་བཟླས་ལན་གཅིག་བསྐྱར་བ་སྔ་མས་འགྲེ །ཐུན་རྗེས་མར་སྟོང་ཚིགས་ཕུལ་བའི་འཕྲོས། སྲུང་མའི་གཏོར་ཆོག །ཚོགས་མཆོད་ཆད་བརྟན། རྗེས་ཀྱི་མཆོད་བསྟོད་ནས་ཤིས་བརྗོད་ཀྱི་བར་ཁྲུས་སྒྲུབ་ཀྱི་སྐབས་སུ་བཤད་པ་ལྟར་དང་། དགོང་མོའི་ཐུན་མཚམས་སུ། ཕུར་གདབ། བྱིན་འབེབ་རྒྱས་པར་བྱ། དེའི་བསྙེན་ཚད་འབུམ་ཕྲག་གཅིག་ཏུ་གསུངས་པ་ནི་ངེས་པར་འགྲོ་དགོས་ལ། ཆང་ལངས་པའི་ཚད་ཞག་གསུམ་ལ་བྱེད་དུས་སྒྲུབ་པ་པོ་གཅིག་གིས་འགྲུབ་ཐབས་མེད་པས་སྒྲུབ་གྲོགས་བཅུ་ཙམ་ཡོད་དགོས་པར་འདུག་ཅིང་། གལ་ཏེ་འབྱོར་པ་དམན་པས་གཅིག་སྒྲུབ་ལས་བྱ་ཐབས་བྲལ་ན། ཐོག་མ་ནས་དྲོད་ཅུང་དམའ་བ་དང་ལངས་ཟིན་ནས་ཁེབས་བསལ་ཏེ་བཞག་ལ་ཉིན་མཚན་ཐུན་བཞིར་བཅད་དེ་བསྙེན་གྲངས་འགྲོ་ངེས་པ་གལ་ཆེའོ། །དེ་ལྟར་ཉིན་གྲངས་གང་བྱེད་ཀྱང་ནངས་མོའི་ཐུན་དང་པོར་བདག་བསྐྱེད་བཟླས་པ་བཅས་གྲུབ་ནས། ཀླུ་གཏོར་འབུལ་བ་ཉིན་དང་པོ་དེ་ཀས་འཐུས་ཀྱང་སྐབས་འདིར་ཚར་རེ་གྲུབ་ནའང་ལེགས་པའི་ཡན་ལག་ཏུ་འགྱུར་ལ། ཐུན་གཞན་རྣམས་ལ་མདུན་བསྐྱེད་ཁོ་ན་བསྐྱར་བ་དང་། ཐུན་རྗེས་མར་གཏོར་འབུལ་སོགས་ཀྱང་གོང་དུ་སྨྲོས་པ་ལྟར་རོ། །དེ་ལྟར་གྲུབ་པའི་ནངས་མོ་བདག་མདུན་བསྐྱེད་བཟླས། གཏོར་ཆོག །ཚོགས་མཆོད། ཆད་བརྟན། གཏང་རག་མཆོད་བསྟོད་བཅས་གྲུབ་ནས་དངོས་གྲུབ་བླང་བའི་ཕྱིར། སྤྲོ་ན་འདི་ཉིད་ཀྱི་དབང་བསྐུར་བདག་འཇུག་གི་ཚུལ་དུ་ལེན་པའམ། བསྡུ་ན་བདུད་རྩིའི་ལས་བྱང་གི་དངོས་གྲུབ་བསྐུལ་ཚིག་བརྗོད། མ་ད་ནའི་སྔགས་ལ། ཀཱ་ཡ་སིདྡྷི་སོགས་བཏགས་པ་བརྗོད་ལ་སྒྲུབ་རྟེན་གནས་གསུམ་དུ་གཏུགས་ལ་སླར་བཞག །ལྷ་མོ་ཉིད་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་བདུད་རྩིའི་གཟུགས་སུ་གྱུར། ཅེས་དམིགས། ཕུད་ནང་མཆོད་དུ་བླུགས་ལས་བྱང་ལྟར་སྨན་མཆོད་བརྒྱུད་མཆོད་བཅས་པ་བྱ། བར་པ་སྔགས་བརྗོད་པས་མྱང་ལ་ཐུན་མོང་དང་མཆོག་གི་དངོས་གྲུབ་མ་ལུས་པ་དབང་དུ་གྱུར་པར་བསམ། ནོངས་བཤགས། ཚོགས་མགྲོན་བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང་། ཤིས་བརྗོད་ཀྱི་བར་ལས་བྱང་ལྟར་བྱ་ཞིང་ཐུན་མོང་མ་ཡིན་པའི་བསྔོ་བ་དང་སྨོན་ལམ་གྱི་རྒྱས་གདབ། དེ་ལྟར་བསྒྲུབས་པའི་མ་ད་ན་དེ་ཉིད་ཡོན་ཏན་ནུས་པའི་མཐུ་ཚད་ལས་འདས་པར་གསུངས་པས་ནམ་དུའང་དགོས་གལ་ཆེ་བའི་སྐབས་མང་བ་དང་། ཡང་ཡང་སྒྲུབ་པ་ཐོན་དཀའ་བས་ཡུན་རིང་བཅང་བདེ་བའི་ཐབས། གླུམ་ཉིད་སྐམ་ཐག་ཆོད་པའི་ཚེ་ཕྱེར་བཏགས་ནས་ནམ་དགོས་དུས་ཆང་བཟང་པོ་དང་སྦྱར་ན་ལེགས་པར་སྣང་ཞིང་། ཇི་ལྟར་སྤྱོད་པའི་ཚུལ་གཏེར་གཞུང་ཉིད་ལས་ཇི་སྐད་གསུངས་པ་རྣམས་སྙོམ་ལས་སུ་མ་ལུས་པར་ལག་ལེན་དུ་འདེབས་པར་བྱའོ། །སྒྲུབ་པ་དེ་གསུམ་ཀ་ཞག་བདུན་ལ་སོགས་པ་ཆེད་དུ་སྒྲུབ་པའི་ཚེ་སོ་སོའི་མཇུག་ཏུ་སྦྱིན་སྲེག་ཟུར་གསལ་ལྟར་སོ་སོར་གྲུབ་ན་ཤིན་ཏུ་ལེགས་པར་འགྱུར་རོ། །མཆོག་དམན་ཀུན་ལ་ཕན་བདེའི་དཔྱིད། །སྟེར་བྱེད་ལས་ཀྱི་སྦྱོར་བ་མཆོག །ཉམས་སུ་ལོངས་པས་འགལ་རྐྱེན་སེལ། །བདེ་ཆེན་ཡེ་ཤེས་དབང་གྱུར་ཤོག །ཅེས་པའི་ཚུལ་འདི་གཞུང་ཉིད་ཞལ་གསལ་བས་ཡིག་ཆུང་གི་ངལ་བ་ལ་ཆེར་མ་ལྟོས་ཀྱང་། བླུན་པོ་དད་པའི་རྗེས་འབྲང་ལ་རྒྱུས་ཤེས་ཀྱི་ལམ་སྟོན་ཙམ་དུ། ༧ཁྱབ་བདག་གཏེར་ཆེན་བླ་མ་རིན་པོ་ཆེའི་བཀའ་བཞིན་སྔགས་རིག་འཛིན་པ་བློ་གྲོས་མཐའ་ཡས་ཀྱིས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བགྱིས་པ་དགེ་ལེགས་འཕེལ། སརྦ་དཱ་མངྒ་ལཾ།། །།
དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས། གསང་སྐོར་བཀའ་བརྒྱད་རྫོང་འཕྲང་གི་བརྒྱུད་པའི་གསོལ་འདེབས་སྣང་བ་རང་གྲོལ་ (Volume 58, Text 8)
དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས། གསང་སྐོར་བཀའ་བརྒྱད་རྫོང་འཕྲང་གི་བརྒྱུད་པའི་གསོལ་འདེབས་སྣང་བ་རང་གྲོལ་བཞུགས་སོ། །གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་། །དཀྱིལ་འཁོར་ཀུན་བདག་ལོངས་སྐུ་རྡོ་རྗེ་སེམས། །སྤྲུལ་པའི་སྐུར་སྣང་རང་བྱུང་བཛྲ་ཧེ། །འཇིགས་མེད་དཔལ་གྱི་སེང་གེར་གསོལ་བ་འདེབས། །གསང་བ་ཀུན་བདག་རྡོ་རྗེ་ཐོད་ཕྲེང་རྩལ། །འཕོ་ཆེན་སྐུ་བརྙེས་དྲི་མེད་བཤེས་གཉེན་ཞབས། །ལོ་ཆེན་བཻ་རོ་གནུབས་བན་ནམ་མཁའི་སྙིང་། །རྒྱ་བོད་མཁས་པ་མི་བཞིར་གསོལ་བ་འདེབས། །གསང་རྒྱུད་གཉེར་འཛིན་དབྱངས་ཅན་མཚོ་རྒྱལ་མ། །ཚངས་པ་ལྷ་ཡི་མེ་ཏོག་ཡབ་སྲས་སོགས། །ལས་ཅན་དག་པའི་འཁོར་བདུན་ཞེས་གྲགས་པ། །རིག་འཛིན་ཆེ་མཆོག་རྣམས་ལ་གསོལ་བ་འདེབས། །སྡེ་གསུམ་ཤིང་རྟ་མཆོག་གྱུར་བདེ་ཆེན་གླིང་། །བྱང་ཆུབ་ལམ་འདྲེན་རྩ་བརྒྱུད་བླ་མ་དང་། །ཀློང་དགུའི་རང་བཞིན་ཡེ་ཤེས་ཕྱག་རྒྱའི་གཟུགས། །ཌཱ་ཀི་བཀའ་སྡོད་བཅས་ལ་གསོལ་བ་འདེབས། །ལྟ་བས་ཐག་ཆོད་ཏིང་འཛིན་ཉམས་སུ་ལོན། །སྤྱོད་པས་ལ་དོར་དམ་ཚིག་ས་བཞིན་བརྟན། །རིམ་པ་དབང་གིས་བགྲོད་ཅིང་ངེས་པའི་དོན། །མན་ངག་གནད་ཀྱིས་མྱུར་དུ་འགྲུབ་པར་ཤོག །ལྟ་བའི་རྫོང་ཆེན་གསུམ་ལ་བརྟན་པ་ཐོབ། །སྒོམ་པའི་འཕྲང་གསུམ་མྱུར་བགྲོད་མཐའ་རུ་ཕྱིན། །སྤྱོད་པའི་སྲོག་གསུམ་རང་དབང་ཉིད་འཕྲོག་ནས། །རྒྱུད་དོན་མན་ངག་ཉམས་འོག་ཚུད་པར་ཤོག །གསང་བའི་དགྲ་གསུམ་གཞི་ཐོག་ཉིད་དུ་སོད། །འཇིགས་པའི་བདུད་བཞི་རང་སར་ཡོངས་སུ་གྲོལ། །འགྲོ་དྲུག་གཡང་ས་དུས་གཅིག་ཆོད་ནས་ཀྱང་། །དཔལ་ཆེན་རྣམ་དགུའི་ཕྱག་རྒྱ་མྱུར་འགྲུབ་ཤོག །ཅེས་པའང་བོད་ཡུལ་དབུས་ཀྱི་སྒྲུབ་གནས་ཆེན་པོ་རྣམས་སུ་ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་གི་ཕྲེང་བ་བསྟར་ཆགས་སུ་བགྱིད་པའི་རྒྱུན་ལས། དཔལ་གཡོ་རུ་ཁྲ་འབྲུག་གི་སྐུ་ཚབ་ང་འདྲ་མའི་མདུན་ཚོགས་འཁོར་རྒྱ་ཆེར་ཕུལ་བའི་སྐབས། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་བྲིས་པ་དགེ་ལེགས་འཕེལ།། །།
འགྲོ་འདུལ་གཏེར་སྟོན་རིམ་པར་བྱོན་པའི་མཚན་སྡོམ་གསོལ་འདེབས་བྱིན་རླབས་སྤྲིན་ཕྲེང་ (Volume 1, Text 8)
༄༅། །འགྲོ་འདུལ་གཏེར་སྟོན་རིམ་པར་བྱོན་པའི་མཚན་སྡོམ་གསོལ་འདེབས་བྱིན་རླབས་སྤྲིན་ཕྲེང་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དེ་ཝ་དྷཱ་ཀི་ནཱི་ཡེ། སྣང་བ་མཐའ་ཡས་འཕགས་མཆོག་འཇིག་རྟེན་མགོན། །པདྨ་ཐོད་ཕྲེང་མཁའ་འགྲོ་མཚོ་རྒྱལ་མ། །སྤྲུལ་པའི་རྗེ་འབངས་རིག་འཛིན་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བརྒྱུད་པ་དགུ་ལྡན་ཟབ་གཏེར་བཀའ་བབས་ནས། །སྨོན་ལམ་དབང་གིས་སྙིགས་དུས་བསྟན་འགྲོ་སྐྱོབ། །གཏེར་ཆེན་བརྒྱ་རྩ་གཏེར་ཕྲན་སྟོང་རྩའི་ཕྲེང་། །དུས་གསུམ་རིམ་པར་བྱོན་ལ་གསོལ་བ་འདེབས། །བོད་ཡུལ་གཏེར་གྱི་དབུ་བརྙེས་སྤྲུལ་པའི་སྐུ། །སངས་རྒྱས་བླ་མ་གཙུག་ལག་དཔལ་དགེ་བ། །རྒྱ་བན་རྡོར་འོད་གུ་རུ་ཧཱུྃ་འབར་དང་། །རྒྱ་ལོ་རྡོ་རྗེ་བཟང་པོར་གསོལ་བ་འདེབས། །ལྷ་བཙུན་བྱང་འོད་ཞང་བཙུན་དར་རིན་མཚན། །མར་མེ་མཛད་དཔལ་རོང་ཟོམ་ཆོས་ཀྱི་བཟང་། ཁྱུང་པོ་དཔལ་དགེ་ཤ་མི་རྡོ་རྗེ་རྒྱལ། །དབོན་གསས་ཁྱུང་ཐོག་རྩལ་ལ་གསོལ་བ་འདེབས། །གྲྭ་པ་མངོན་ཤེས་རྡོར་འབུམ་ཆོས་ཀྱི་གྲགས། །སྣ་ནམ་ཐུབ་རྒྱལ་ཞང་ཁྲོམ་རྡོ་རྗེ་འབར། །སེ་སྟོན་སངས་རྒྱས་འབར་དང་རྒྱ་ཕུར་བུ། །གྲ་པ་རྡོ་རྗེ་ཀུན་གྲགས་ལ༴ བོན་པོ་ལྷ་འབུམ་ལྷ་རྗེ་གནུབས་ཆུང་པ། །རྒྱ་སྟོན་བརྩོན་སེང་ལྡང་མ་ལྷུན་རྒྱལ་མཚན། །ལྕེ་བཙུན་སེང་དབང་ཤངས་པ་རས་པ་དང་། །ཞང་སྟོན་ལྕེ་སྒོམ་ནག་པོར༴ ལྷ་བཙུན་སྔོན་མོ་གཉན་ལོ་དར་མ་གྲགས། །ར་ཤག་ཆོས་འབར་དབུར་སྟོན་ཤཱཀྱ་འོད། །ཟངས་རི་རས་པ་སངས་རྒྱས་དབང་ཆེན་དང་། །བོན་པོ་བྲག་ཚལ་རྣམས་ལ༴ གྲུབ་ཐོབ་དངོས་གྲུབ་མངའ་བདག་ཉང་རལ་ཞབས། །ར་མོ་ཤེལ་སྨན་གྲུ་གུ་ཡང་དབང་གཏེར། །ཆུ་ཕོ་དགེ་འདུན་སུམ་པ་བྱང་བློ་བ། །སྤྲུལ་སྐུ་བ་མཁལ་སྨུག་པོར༴ ཀུན་སྤངས་ཟླ་འོད་མངའ་བདག་མོལ་མི་འཁྱིལ། །སུམ་པ་རྐྱང་པོ་འབྲེ་བན་སུམ་ཚོགས་དང་། །སངས་རྒྱས་དབོན་པོ་གཉལ་པ་ཉི་ཤེའི་མཚན། ཁྲོ་ལོ་བྱམས་པ་དཔལ་ལ༴ སྨན་པ་ཉི་འོད་གཡག་ཕྱར་སྔོན་མོ་དང་། །གཡས་བན་ཡ་བོན་སྦུར་བུ་བྱའུ་མགོན། །བལ་པོ་ཨ་ཧཱུྃ་ཨ་ཇོ་དཔལ་པོ་བ། །སྐལ་ལྡན་བྱིས་པ་རྣམས་ལ༴ །དམ་པ་དམར་པོ་བྲང་ཏི་མཁར་བུ་པ། །གུ་རུ་རིན་སེང་གཙང་རིང་ཤེས་རབ་མཚན། །བླ་མ་གྲུམ་དང་ཡོན་བདག་ནག་པོ་མཁར། །རག་ཤི་སྟོན་པ་རྣམས་ལ༴ སྤང་སྟོན་གུ་རུ་ཆོས་ཀྱི་དབང་ཕྱུག་ཞབས། །གཏེར་འབྱེད་ཕོ་ཉ་སྐལ་ལྡན་རྣལ་འབྱོར་བཞི། །ཇོ་མོ་སྨན་མོ་པདྨ་མཚོ་སྐྱིད་དང་། །དུང་མཚོ་རས་པ་རྣམས་ལ༴ རྒྱ་སྟོན་པད་དབང་ཁམས་པ་ཉི་མ་གྲགས། །གུ་རུ་ཇོ་ཚེ་མཁའ་འགྲོ་ཀུན་དགའ་འབུམ། །ཚེ་བརྟན་རྒྱལ་མཚན་བཛྲ་མ་ཏི་དང་། །ཟངས་གླིང་དབང་ཕྱུག་རྣམས་ལ༴ དུང་རས་ཕྱི་མ་དོ་བན་རྒྱ་མཚོ་འོད། །པདྨ་ལས་འབྲེལ་རྒྱལ་སྲས་ལེགས་པའི་མཚན། །དྲི་མེད་འོད་ཟེར་མེ་བན་རིན་ཆེན་གླིང་། ཁྱུང་ནག་ཤཱཀ་དར་རྣམས་ལ༴ གྲྭ་སྒོམ་ཆོས་རྡོར་ཡར་རྗེ་ཨོ་རྒྱན་གླིང་། །ཉི་ཟླ་སངས་རྒྱས་ཤེས་རབ་མེ་འབར་བ། །རྒྱལ་སྲས་རྡོ་རྗེ་གླིང་དང་ཨོ་རྒྱན་བཟང་། །སྔགས་འཆང་ལས་འཕྲོ་གླིང་པར༴ བཟང་པོ་གྲགས་པ་ཨོ་རྒྱན་སངས་རྒྱས་གླིང་། །དྲི་མེད་ལྷུན་པོ་དྲི་མེད་ཀུན་དགའི་ཞབས། །དཔལ་གྱི་རྒྱལ་མཚན་རྒོད་ཀྱི་ལྡེམ་འཕྲུ་ཅན། །གྲུབ་ཐོབ་ཀརྨ་གླིང་པར༴ འཆི་མེད་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ། །འཇམ་དབྱངས་བླ་མ་བསམ་གཏན་བདེ་ཆེན་གླིང་། །མགོན་པོ་རིན་ཆེན་སྐལ་ལྡན་རྡོ་རྗེ་དང་། །འགྲོ་འདུལ་རཏྣ་གླིང་པར༴ མཆོག་ལྡན་རྡོ་རྗེ་པདྨ་གླིང་པའི་ཞབས། །བྱང་ཆུབ་གླིང་དང་འགྲོ་འདུལ་ལས་འཕྲོ་གླིང་། །ཀུན་སྐྱོང་གླིང་པ་ཡོལ་མོ་ཤཱཀྱ་བཟང་། །མཆོག་ལྡན་མགོན་པོ་རྣམས་ལ༴ ཚེ་དབང་རྒྱལ་པོ་པཎ་ཆེན་པདྨ་དབང་། །འཇམ་དཔལ་རྡོ་རྗེ་མི་འགྱུར་ལས་འཕྲོ་གླིང་། །རིན་ཆེན་ཕུན་ཚོགས་མ་ཏི་རཏྣ་དང་། །གར་དབང་ཞིག་པོ་གླིང་པར༴ འགྲོ་འདུལ་ཤེས་རབ་འོད་ཟེར་ལེགས་ལྡན་རྗེ། །ཚེ་རིང་རྡོ་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་། །བདེ་ཆེན་གླིང་པ་བཀྲ་ཤིས་སྟོབས་ཀྱི་རྒྱལ། །ཡོངས་འཛིན་ངག་དབང་གྲགས་པར༴ ངག་གི་དབང་པོ་གར་དབང་ལས་འཕྲོ་གླིང་། །པདྨ་རིག་འཛིན་བཀྲ་ཤིས་ཚེ་བརྟན་དང་། །འཇའ་ཚོན་སྙིང་པོ་བདུད་འདུལ་ནུས་ལྡན་པ། །གར་དབང་ཟླ་རྒྱལ་རྣམས་ལ༴ གཏེར་བདག་གླིང་པ་རིག་འཛིན་ཀློང་གསལ་སྙིང་། །བཟང་པོ་རྡོ་རྗེ་བསྟན་འཛིན་ནོར་བུའི་དཔལ། །མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ། །སྟག་ཤམ་བསམ་གཏན་གླིང་པར༴ ངག་གི་རྡོ་རྗེ་དབོན་གསས་ཁྱུང་ཐོག་རྩལ། །ཆོས་རྗེ་གླིང་པ་མུ་ལ་ཧ་ར་དང་། །སྟོབས་ལྡན་རྡོ་རྗེ་ཀུན་དགའ་བསྟན་འཛིན་ཞབས། །ཐུགས་མཆོག་རྡོ་རྗེ་རྣམས་ལ༴ རོལ་པའི་རྡོ་རྗེ་པདྨ་བདེ་ཆེན་གླིང་། །ཚེ་དབང་ནོར་བུ་རྩ་གསུམ་གཏེར་གྱི་བདག །དྲི་མེད་གླིང་པ་ཀུན་བཟང་བདེ་ཆེན་རྒྱལ། །རོག་རྗེ་གླིང་པ་རྣམས་ལ༴ འཆི་མེད་རྡོ་རྗེ་བསྟན་འཛིན་ཟླ་འོད་མཚན། །ཏིང་འཛིན་རྒྱལ་པོ་ཆོས་རྒྱལ་རྡོ་རྗེ་དང་། །པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞབས། །མཆོག་གྱུར་བདེ་ཆེན་གླིང་པར༴ གཞན་ཡང་ཡུལ་དུས་གནས་སྐབས་སྣ་ཚོགས་སུ། །ཕྱི་གཏེར་རྒྱ་བཀྲོལ་གཞན་དོན་སྒྲུབ་མཛད་པ། །འགྲོ་མགོན་ཞང་དང་ཤཱཀ་འོད་དགེ་བ་འབུམ། །མདོ་བོ་རས་པ་རྣམས་ལ༴ ཡེ་ཤེས་ཁྱུང་གྲགས་རོག་བན་ཤེས་རབ་འོད། །ཟླ་བན་གཟི་བརྗིད་གྲགས་འབྱུང་དྲི་འཛིན་ཆེ། །འགོས་ཞང་ཤངས་པ་རྣམ་གསུམ་ཚོགས་པའི་གཏེར། །རྒྱང་གྲགས་འོད་ཟེར་རྣམས་ལ༴ སྒྲ་པ་དར་ཡེ་འོད་ཟེར་སྟོན་པ་དང་། །སེ་སྟོན་ཁ་ལ་མེ་འབར་ལྷོའི་བནྡེ། ཁམས་ཁྲ་གཡུ་སྒོམ་རྡོ་རྗེ་འབྲོམ་ཆོས་སྙིང་། །གཙང་སྟོན་ཆོས་འབར་རྣམས་ལ༴ ཉང་རིང་ཤེར་གྲགས་རོག་བན་འདྲོག་པོ་དང་། ཁམས་པ་མེ་ཟོར་གཡུ་སྟོན་དབང་ཆེན་བཟང་། །ཐ་དད་བཞི་ཚོགས་ཟུང་དུ་བཅས་རྣམས་དང་། །ཡོང་བོན་རི་ཁྲོད་པ་ལ༴ རང་བྱུང་ཡེ་ཤེས་ལྕང་སྨན་ཉི་མའི་སྙིང་། །ཟླ་བ་རྡོ་རྗེ་འགོས་པ་པདྨའི་མཚན། །བྲམ་པ་ཀུན་བཟང་བྷ་རོ་གཙང་སར་སྤོས། །ཤུད་པུ་དཔལ་གྲགས་རྣམས་ལ༴ སྤྱིལ་སྟོན་བླ་མ་ཀུན་དགའ་ཁྱུང་ཐིག་ལེ། །དབང་ཤཀ་ཉི་འབུམ་ཁྲི་དང་པྲ་དུན་པ། །གཉགས་སྟོན་སུམ་སྟོན་གཉལ་པ་ཉི་ཤེ་དང་། །ཇོ་གདན་དཀོན་མཆོག་གྲགས་པར༴ ཆུ་གླང་རྩེ་མོ་ཤེས་རབ་ལྷ་དབང་གྲགས། །མ་ཧཱ་བཛྲ་འབྲུག་སྒོམ་ཞིག་པོ་དང་། །བྱང་ཆུབ་དཔལ་མོ་ཤུད་ཀེ་ཆོས་གྲགས་པ། །ཀུན་དགའ་ཉི་མ་རྣམས་ལ༴ གཉལ་སྟོན་ནག་པོ་ནོར་བུ་མཁའ་སྤྱོད་གླིང་། །མཐུ་སྟོབས་གླིང་པ་རྣལ་འབྱོར་དུང་ཕྲེང་ཅན། །པདྨ་ཆོས་དང་དབང་ཕྱུག་ཁྱུང་གི་མཚན། །འཁྲུལ་མེད་གཏེར་སྟོན་རྣམས་ལ༴ ལས་ཀྱི་འཕྲོ་སད་རྩ་གསུམ་ལྷག་པའི་ལྷས། །རྗེས་བཟུང་དག་སྣང་སྙན་བརྒྱུད་དགོངས་ཀློང་བརྡོལ། །ནང་དང་གསང་བའི་གཏེར་འབྱིན་བསྟན་འགྲོའི་དཔལ། །རིག་འཛིན་རྩལ་འཆང་རྣམས་ལ༴ བྱང་སེམས་ཟླ་རྒྱལ་རས་ཆུང་རྡོ་རྗེ་གྲགས། ཁ་ཆེ་པཎ་ཆེན་དབོན་སྟོན་སྐྱེར་སྒང་པ། །དམ་པ་བདེ་གཤེགས་གཡུ་ཐོག་ཡོན་ཏན་མགོན། །དགེ་བཤེས་བརྩོན་འགྲུས་གྲགས་པ་ལ༴ ལོ་སྟོན་རྡོར་དབང་ཀུན་མཁྱེན་རང་བྱུང་ཞབས། །འདར་ཕྱར་རིན་བཟང་ལྷོ་བྲག་ཕྱག་རྡོར་བ། །པཎ་ཆེན་ནགས་རིན་དཔལ་ལྡན་རྡོ་རྗེ་དང་། །རྒྱལ་དབང་ཆོས་ཀྱི་རྗེ་ལ༴ གྲུབ་ཆེན་ཙནྡྲ་མཐོང་བ་དོན་ལྡན་རྗེ། །བསམ་གཏན་གླིང་པ་རས་ཆེན་དཔལ་འབྱོར་བཟང་། །སངས་རྒྱས་མགོན་པོ་གྲུབ་མཆོག་ཚུལ་ཁྲིམས་བཟང་། །པདྨ་དཀར་པོ་རྣམས་ལ༴ འཇའ་ཚོན་མེ་འབར་བཀྲ་ཤིས་རྒྱ་མཚོ་བ། །དཀོན་མཆོག་རིན་ཆེན་དབུར་སྨྱོན་ཆོས་ཀྱི་གྲགས། །ནམ་མཁའ་འཇིགས་མེད་ཕྲིན་ལས་ལྷུན་གྱིས་གྲུབ། །ཟིལ་གནོན་དྲག་པོ་རྩལ༴ ཉི་ཟླ་ཀློང་གསལ་མི་འགྱུར་རྡོ་རྗེ་དང་། །ནམ་མཁའ་ཆོས་དབང་ཀུན་བཟང་ངེས་དོན་པ། །ཀརྨ་ཆགས་མེད་ཀུན་བཟང་ཆོས་རྡོ་རྗེ། །མང་ཐོས་ཚེ་དབང་མཚན་ལ༴ ཐུགས་ཀྱི་རྡོ་རྗེ་པདྨ་ཉིན་བྱེད་དབང་། །འཇིགས་མེད་གླིང་པ་བྱང་ཆུབ་རྡོ་རྗེ་དང་། །ཆོས་འབྱོར་རྒྱ་མཚོ་པདྨ་དགྱེས་པའི་སྡེ། །བསྟན་འཛིན་ཕྲིན་ལས་རྣམས་ལ་གསོལ་བ་འདེབས། །གཙུག་ལག་ཆོས་རྒྱལ་ཆོས་རྗེ་ངག་དབང་མཚན། །ནམ་མཁའི་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ། །ཐུབ་བསྟན་ཡོངས་རྫོགས་བཀའ་བབས་བདུན་གྱི་བདག །འོད་གསལ་སྤྲུལ་པའི་རྡོ་རྗེར་གསོལ་བ་འདེབས། །རྒྱལ་ཀུན་འདུས་གཟུགས་པདྨཱ་ཀ་ར་ཡི། །ཡེ་ཤེས་རྣམ་རོལ་གང་འདུལ་སྐུར་སྟོན་པ། །དུས་གསུམ་བྱོན་དང་འབྱོན་པར་འགྱུར་བ་ཡི། །གྲུབ་མཆོག་གཏེར་སྟོན་ཀུན་ལ་གསོལ་བ་འདེབས། །ཐུགས་རྗེའི་མཐུ་དང་མོས་པའི་རྟེན་འབྲེལ་ལས། །དགུ་ལྡན་བརྒྱུད་པའི་བྱིན་རླབས་སྙིང་ལ་ཞུགས། །རྡོ་རྗེ་གསུམ་དང་དབྱེར་མེད་གཅིག་གྱུར་ནས། །མཁའ་མཉམ་ཀློང་དུ་འཁོར་བ་དོང་སྤྲུགས་ཤོག །རྒྱལ་བསྟན་སྤྱི་དང་ཟབ་གསང་གཏེར་གྱི་ཚུལ། །ནུབ་མེད་ཕྱོགས་དུས་ཀུན་ཏུ་འཕེལ་ཞིང་རྒྱས། །སྙིགས་མའི་རྒུད་པ་ཀུན་ཞི་དགེ་ལེགས་ཀྱི། །རྫོགས་ལྡན་གསར་དུ་བཞད་པའི་བཀྲ་ཤིས་ཤོག །ཅེས་དད་མོས་འཕགས་པའི་ནོར་གྱིས་མ་ཕོངས་པའི་སྐལ་པ་དགེ་བ་ཅན་དོན་དུ་གཉེར་བ་བྱུང་ན་ཁྱེར་བདེ་བ་ལ་དམིགས་པའི་ལྷག་བསམ་བཟང་པོས་ཀུན་ནས་བསླངས་ཏེ། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་གསོལ་འདེབས་རྒྱས་པ་ལས་མཚན་ཙམ་བཏུས་ཏེ་དཔལ་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་སྙིང་པོ་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བསྡེབས་པ་དགེ་ལེགས་འཕེལ།། །།
དྲེགས་འདུལ་དྲག་པོ་གནམ་ལྕགས་འཁོར་ལོ་ལས༔ གཏུམ་པོ་ནཱ་ག་རཀྴའི་གསང་སྒྲུབ་རྡོ་རྗེ་མེ་འབར་ (Volume 19, Text 8)
༁ྃ༔ དྲེགས་འདུལ་དྲག་པོ་གནམ་ལྕགས་འཁོར་ལོ་ལས༔ གཏུམ་པོ་ནཱ་ག་རཀྴའི་གསང་སྒྲུབ་རྡོ་རྗེ་མེ་འབར་བཞུགས་སོ༔ ༔ ྈྈྈྈྈྈྈྈ རྒྱ་གར་སྐད་དུ༔ བཛྲ་ཙཎྜ་ནཱ་ག་རཀྴ་གུ་ཧྱ་སཱ་དྷ་ན་བཛྲ་ཛྭ་ལ་རཾ༔ བོད་སྐད་དུ༔ རྡོ་རྗེ་གཏུམ་པོ་ནཱ་ག་རཀྴའི་གསང་སྒྲུབ་རྡོ་རྗེ་མེ་འབར་ཞེས་བྱ་བ༔ དཔལ་ཆེན་ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་ལོ༔ དུས་གསུམ་ཀུན་མཁྱེན་པདྨ་འབྱུང་གནས་བདག༔ གསང་སྔགས་རྒྱུད་སྡེ་རྒྱ་མཚོའི་མཛོད་ཀློང་རྡོལ༔ གང་ལ་གང་འདུལ་མན་ངག་དཔག་མེད་བསྟན༔ ཁྱད་པར་ཡང་གསང་སྙིང་གི་ཐིག་ལེ་འདི༔ མ་འོངས་སྙིགས་དུས་ང་ཡི་རྗེས་འཇུག་རྣམས༔ ཆོས་ཀུན་བཅུད་ཡལ་རྒྱུད་སྡེའི་གཞུང་མི་ཚུགས༔ གདམས་ཕྲན་སྣ་རེར་བློ་གཏད་འཆའ་བའི་དུས༔ ཤེས་ཤེས་བློ་མང་བྱེད་དོན་གནད་ལ་འགགས༔ བཀའ་བརྒྱད་ལ་སོགས་སྒྲུབ་སྡེ་དཔག་ཡས་ཀྱང༔ ཡུན་དུ་མི་འགྲུབ་རྒྱུ་རྐྱེན་དུས་མི་ཚོགས༔ དེ་ཕྱིར་ཞི་ཁྲོ་བདུན་བརྒྱ་ཉེར་ལྔ་ཡི༔ མཐུ་སྟོབས་བཅུད་འདྲིལ་གསང་བའི་ཡང་ཞུན་ཏེ༔ ཤིས་ལ་ཚན་ཆེ་རྣོ་མྱུར་ཐོག་ལྟ་བུ༔ སྒྲུབ་སླ་རྟགས་མྱུར་ཡང་གསང་དགོངས་པའི་གཏེར༔ ཡེ་ཤེས་འཇིག་རྟེན་སྲོག་རྒྱུད་འདུས་པ་ཉིད༔ གསང་བདག་ཐུགས་ཀྱི་དགོངས་པ་རབ་བཀྲོལ་ནས༔ གཏུམ་པོའི་གསང་སྒྲུབ་རྡོ་རྗེ་མེ་འབར་བསྟན༔ སྐུ་མཆོག་རབ་འཇིགས་སྲིད་གསུམ་འབར་ལ་རྔམས༔ ནཱ་ག་རཀྴ་ཕེ་ལཾ་གྷ་རུ་ཊ༔ གསུང་མཆོག་རིག་སྔགས་པདྨ་དབང་གི་རྒྱལ༔ ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་འགྱུ་བ་སྔགས༔ ཐུགས་མཆོག་མི་གཡོ་གསང་བདག་རྡོ་རྗེ་གཏུམ༔ ཏིང་འཛིན་ཐུགས་རྗེའི་འོད་སྣང་དྲག་པོའི་ཟེར༔ རང་བྱུང་མཉམ་གནས་གདོད་མའི་ཡེ་ཤེས་ཏེ༔ ཟབ་མོའི་གནད་ཀྱིས་ཇི་བཞིན་མངོན་དུ་བྱེད༔ ཕྲིན་ལས་ཡོངས་རྫོགས་དམར་ནག་མེ་ཕྲེང་རྩལ༔ དྲག་རྩལ་སྟོབས་བསྐྱེད་བདག་འཛིན་རུ་དྲ་གཞོམ༔ སྟོང་གསུམ་བདུད་དཔུང་སྟོབས་གནོན་ཁྲོ་བོ་བཅུ༔ ཐུགས་རྗེའི་རྩལ་གྱིས་ཕྲིན་ལས་སོ་སོར་གསལ༔ བཀའ་ཉན་ལས་བྱེད་ཡེ་ཤེས་སྒོ་མ་བཞི༔ ཕྲིན་ལས་རྣམ་བཞིའི་འཕྲོ་འདུ་འགག་མེད་གསལ༔ ཀུན་ཀྱང་ཡེ་ཤེས་རོལ་པའི་ཆོ་འཕྲུལ་ཏེ༔ དགོངས་གསང་སྲོག་རྒྱུད་ཆོས་དབྱིངས་ཆེན་པོར་ཟླུམ༔ དེ་ཕྱིར་གསང་སྒྲུབ་རྡོ་རྗེ་མེ་འབར་ཞེས༔ རིག་སྔགས་མཆོག་སྒྲུབ་ལྷ་ཡི་དཀྱིལ་འཁོར་བསྟན༔ གང་ཕྱིར་མ་འོངས་ལྔ་བརྒྱའི་ཡང་མཐའ་ལ༔ སྐྱེ་འགྲོའི་བསོད་ནམས་མར་འགྲིབས་ལོངས་སྤྱོད་འགྲིབས༔ ནད་དུ་མཛེ་ལྷོག་འབྲུམ་ཡམས་པྱྣ་ཏ༔ གདོན་དུ་ཀླུ་དང་སྡེ་བརྒྱད་འདྲེ་སྲིན་གནོད༔ ལྷ་རུ་བཙན་དང་རྒྱལ་འགོང་ཤི་འདྲེ་མཆོད༔ ཆོས་བྱེད་དགྲ་འདྲེའི་འདྲེ་རུ་ཆགས་སྡང་རགས༔ སྔགས་པའི་གྲི་རུ་དམ་སྲི་དམ་འདྲེ་ལྡང༔ མདོ་སྔགས་ཆགས་སྡང་ནང་འཁྲུགས་དམ་འདྲེ་དར༔ སྔགས་པའི་སྲུང་མར་བསྡེབས་ནས་རང་ལ་འཁུ༔ ཀུན་ལ་འཚེ་ཞིང་རྨེ་འཁྲུགས་ངན་མཚམས་སྦྱོར༔ དེ་ཕྱིར་རང་རྒྱུད་དམ་འདྲེ་འདུལ་བ་གནད༔ ཅི་ཕྱིར་རིག་དང་མ་རིག་ཁྱད་པར་གྱིས༔ འཁྲུལ་རྒྱུན་མ་ཆད་བར་དུ་དམ་སྲི་ལྡང༔ ཡེ་ཤེས་ཀློང་དུ་ཆོས་ཀུན་རྒྱལ་བའི་དལ༔ མ་བྱས་ལྷུན་གྱིས་གྲུབ་པར་ཡེ་ནས་གནས༔ དུག་ལྔའི་དབང་གྱུར་ཡེ་ཤེས་དབྱིངས་སུ་ནུབ༔ ཉོན་མོངས་རང་མདངས་འདྲེ་སྲིན་བུ་ཡུག་འཚུབས༔ ངར་འཛིན་ཆགས་སྡང་རང་བཞིན་དམ་འདྲེ་དངོས༔ ལྷ་བདུད་དངོས་གྲུབ་བར་ཆད་མཉམ་གནས་ཏེ༔ ཀུན་ཀྱང་རང་གི་སེམས་ལས་འབྱུང་བའི་ཕྱིར༔ དུག་གིས་དུག་འཇོམས་རགས་པས་རགས་པ་འདུལ༔ རང་རིག་དངོས་མེད་སྤྲོས་དང་བྲལ་ན་ཡང༔ གསལ་མདངས་མ་འགགས་ཡི་དམ་ལྷ་རུ་གསལ༔ འབྱུང་འཇུག་རླུང་སྔགས་གྲགས་སྟོང་ལྷུན་གྲུབ་གསུང༔ གསལ་སྟོང་དབྱེར་མེད་རང་བྱུང་ཐུགས་རྗེའི་དཔལ༔ ཐབས་ཀྱི་འཇུག་པས་ཡེ་ཤེས་རྩལ་རྫོགས་ཕྱིར༔ བསྐྱེད་རྫོགས་དབྱེར་མེད་གསང་སྔགས་ལམ་ལ་འཇུག༔ འདི་ལྟར་རྟེན་འབྲེལ་ལྡན་པས་ཉམས་སུ་ལོངས༔ འགལ་རྐྱེན་ཀུན་ཞི་མཆོག་དངོས་ཚེ་འདིར་ཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས༔ དང་པོ་སྔོན་འགྲོའི་རྩ་སྡོམ་ལ༔ ལེགས་བཤམས་རྣམ་དག་བགེགས་བསྐྲད་མཚམས༔ སྲུང་འཁོར་བྱིན་དབབ་མཆོད་རླབས་སོ༔ དང་པོ་དཀྱིལ་འཁོར་དབང་གཞུང་བཞིན༔ རྒྱས་བསྡུས་རྣལ་འབྱོར་བློ་དང་སྦྱར༔ དབུས་སུ་སེང་ལྡེང་ཁྲི་འུའི་ཁར༔ གྲི་ཐོད་ནང་དུ་རྫས་རྒོད་རིལ༔ དར་དམར་ཁུད་དུ་བླུགས་ལ་བཞག༔ དུར་གཡམ་རྒྱ་གྲམ་བྲིས་པས་དགབ༔ སྟེང་དུ་གཙོ་བོའི་སྐུ་འབག་ལ༔ དམར་ལྗང་དར་གྱི་ལྡིང་གུར་ཕུབ༔ འོག་ཏུ་ཨེ་ནང་ལིང་ག་གཞུག༔ སེང་ལྡེང་ཕུར་པ་སྟེང་ནས་གཟུག༔ མདུན་དུ་སྨན་རག་གཏོར་མཆོད་དང༔ ཁོར་ཡུག་ཕྱི་ནང་མཆོད་པས་བསྐོར༔ དར་ཁང་གསུམ་རིམ་ཡོལ་བ་དང༔ མདའ་གྲི་མེ་ལོང་ཕུར་པས་བརྒྱན༔ གཞན་ཡང་མཆོད་རྫས་སྤྱན་གཟིགས་བཀྲམ༔ རང་ཉིད་བདེ་བའི་སྟན་ལ་འདུག༔ གཉིས་པ་ཚོགས་གསག་རྣམ་དག་ནི༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་བར་དུ་གཅོད་པའི་བགེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང༔ དག་པ་མཐའ་བཞིའི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་དོན་གྱིས་སྐྱབས་སུ་མཆི༔ ཚེ་རབས་བགྲངས་པའི་དགེ་བ་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ གསུམ་པ་བགེགས་བསྐྲད་པ་ནི༔ ཧཱུྃ༔ ང་ནི་ཡེ་ཤེས་ཁྲོ་བོའི་རྒྱལ༔ དམར་ནག་པདྨ་དབང་གི་སྐུ༔ རྡོ་རྗེའི་དབྱུག་པ་སྡིགས་མཛུབ་བསྒྲེང༔ གནམ་ལྕགས་རྡོ་རྗེའི་ཚྭ་ཚྭ་འཕྲོ༔ རྟ་སྐད་འཚེར་བས་ཁམས་གསུམ་སྡུད༔ ཧཱུྃ་ཕཊ་སྒྲ་ཡིས་བགེགས་དཔུང་བརྒྱལ༔ ལོག་འདྲེན་བདུད་རིགས་ཚར་གཅོད་གྱུར༔ ཨོཾ་ཧྲཱིཿཔདྨ་ཙཎྜ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཧཱུྃ༔ ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས༔ ཚེ་རབས་ལན་ཆགས་འབྱུང་པོའི་རིགས༔ འདོད་ཡོན་གླུད་གཏོར་འདི་ཁྱེར་ལ༔ གནས་འདིར་མ་འདུག་གཞན་དུ་དེངས༔ གལ་ཏེ་འཚེ་ཞིང་གླགས་བལྟ་ན༔ རབ་ཏུ་གཞོམ་པར་གདོན་མི་ཟ༔ སརྦ་བྷཱུ་ཏ་གཙྪ༔ ཧཱུྃ་བཞིའི་སྔགས་དང་ཐུན་གྱིས་བྲབ༔ བཞི་པ་སྲུང་མཚམས་བཅད་པ་ནི༔ ཧཱུྃ༔ བདག་ཉིད་དཔལ་གྱི་ཐུགས་ཀ་ནས༔ ཁྲོ་བོ་སྤྲོས་པས་ནམ་མཁའ་གང༔ ཁྲོ་མོ་སྤྲོས་པས་ས་གཞི་གང༔ སྲས་མཆོག་ཁྲོ་ཆུང་བར་སྣང་གང༔ ལྕགས་སྡིག་བྱ་ཁྱུང་ཚྭ་ཚྭ་འཁྱུག༔ སྐུ་སྨད་སྒྲོལ་མཚོན་དབལ་ཕུར་གྱིས༔ ལོག་འདྲེན་བདུད་རིགས་སྲོག་སྙིང་ལ༔ གདབ་བོ་བཛྲ་ཀཱི་ལ་ཡ༔ བྲོ་བརྡུང་ཕྱེ་མ་རྡུལ་དུ་བཤིག༔ ན་མཿས་མནྟ་ཀཱ་ཡ་ཝཱ་ཀྩིཏྟ་བཛྲཱ་ནན༔ ཨོཾ་གྷ་གྷ༔ གྷ་ཏཱ་ཡ་གྷ་ཏཱ་ཡ༔ སརྦ་དུཥྚཾ༔ གནོད་པའི་བགེགས་ཐམས་ཅད་མཱ་ར་ཡ་རྦད༔ ཀཱི་ལི་ཀཱི་ལ་ཡ༔ སརྦ་པཱ་པཾ་ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི༔ ཀཱ་ཡ་ཝཱ་ཀྩིཏྟ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་པས་མཚམས་ཕུར་གདབ་ཅིང་རྒྱལ་ཐོ་བསླང༔ ལྔ་པ་སྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ དཔལ་ཆེན་ཁྲོ་རྒྱལ་ལྷ་ཚོགས་ཀྱི༔ སྐུ་ལས་འཕྲོས་པའི་འོད་རྩེ་ལ༔ མཚོན་ཆ་སྣ་ཚོགས་རྡུལ་ལྟར་འཁྲིགས༔ རྡོ་རྗེ་འཁོར་ལོ་ཐོ་བ་དང༔ ཕུར་བུ་རལ་གྲི་གཏུན་ཤིང་མདུང༔ རིམ་པ་བདུན་གྱི་གུར་ཁང་ལས༔ ཡེ་ཤེས་ལྔ་ཡི་མེ་དཔུང་མཆེད༔ སྣང་སྲིད་ཐམས་ཅད་རིག་སྔགས་སྐུ༔ འབར་བ་དྲག་པོའི་བསྲུང་མཚམས་ལས༔ བསྐལ་པའི་རླུང་ཡང་འདའ་མི་འགྱུར༔ བཛྲ་ཀྲོ་ཏ་རཀྵ་རཀྵ་ཧཱུྃ༔ དྲུག་པ་བྱིན་དབབ་པ་ནི༔ ཧཱུྃ༔ ཕྱོགས་བཅུ་དུས་གསུམ་རྒྱལ་བ་རྣམས༔ དྲག་པོ་ཨེ་ཡི་གཞལ་ཡས་འདིར༔ འབར་བ་དྲག་པོའི་སྐུར་བཞེངས་ལ༔ བྱིན་ཆེན་ཕོབ་ལ་དབང་ཆེན་སྐུར༔ བདག་དང་སྒྲུབ་རྫས་གཟི་བྱིན་སྐྱེད༔ མི་ཕྱེད་རྡོ་རྗེའི་རང་བཞིན་དུ༔ བྱིན་གྱིས་རློབས་ཤིག་ཐུགས་རྗེ་ཅན༔ སྐུ་ཡི་གར་བསྒྱུར་ལམས་སེ་ལམ༔ གསུང་གི་གད་རྒྱངས་ཡ་ལ་ལ༔ ཐུགས་ཀྱི་བྱིན་རླབས་ཐིབས་སེ་ཐིབ༔ མཐུ་སྟོབས་གློག་དམར་ཁྱུགས་སེ་ཁྱུག༔ དྲག་རྩལ་ཐོག་རྒོད་ཤ་ར་ར༔ སྲེག་པའི་མེ་དཔུང་འུ་རུ་རུ༔ མཁའ་ལ་ཆར་ལྟར་བབས་ནས་ཀྱང༔ བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས༔ དབང་ཆེན་དབང་སྐུར་བཅོམ་ལྡན་འདས༔ མཐུ་ཆེན་མཐུ་སྩོལ་བཅོམ་ལྡན་འདས༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ བཛྲ་དྷཱ་ར་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ བདུན་པ་མཆོད་རྫས་བྱིན་རླབས་ནི༔ ཧཱུྃ༔ རང་གི་གནས་གསུམ་པདྨ་ཉི་ཟླའི་སྟེང༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་འོད་དུ་འབར༔ ཨོཾ་ལས་འོད་འཕྲོས་མཆོད་རྫས་འབགས་བཙོག་སྦྱངས༔ ཨཱཿལས་འོད་འཕྲོས་ཡེ་ཤེས་བདུད་རྩིར་གྱུར༔ ཧཱུྃ་ལས་འོད་འཕྲོས་འདོད་ཡོན་སྤྲིན་ཕུང་གཏིབས༔ སྨན་གཏོར་རཀྟ་སྦྱོར་སྒྲོལ་མཆོད་པའི་སྤྲིན༔ ནམ་མཁའི་མཐའ་ཀླས་སྤྲུལ་ལམ་ལྷུན་གྱིས་གྲུབ༔ ཨོཾ་བྷྲཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཞེས་བྱིན་གྱིས་བརླབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞི་ཏིང་འཛིན་གསུམ༔ གཞལ་ཡས་ལྷ་བསྐྱེད་སྤྱན་འདྲེན་བཞུགས༔ ཕྱག་འཚལ་མཆོད་བསྟོད་འཛབ་ཕྲིན་ནོ༔ དང་པོ་ཏིང་འཛིན་རྣམ་གསུམ་ནི༔ ཧཱུྃ༔ ཆོས་རྣམས་དམིགས་མེད་རང་བཞིན་སྤྲོས་དང་བྲལ༔ ཐུགས་རྗེའི་རྩལ་སྣང་སྙིང་རྗེའི་རོལ་པར་ཤར༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་རང་རིག་ཧཱུྃ༔ རང་བྱུང་རྟེན་འབྲེལ་རྒྱུ་ཡི་སྲོག་ཏུ་གནས༔ ཨོཾ་བཛྲ་ཙིཏྟ་ས་མཱ་ཏི་ཧཱུྃ༔ གཉིས་པ་གཞལ་ཡས་བསྐྱེད་པ་ནི༔ ཧཱུྃ༔ འོད་ལྔ་འདུས་པའི་ཧཱུྃ་ཆེན་སྔོན་པོ་ལས༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ་ཡིག་འཕྲོས༔ ཨེ་ལས་ནམ་མཁའ་མཐའ་དབུས་མེད་པར་བརྡལ༔ ཡཾ་ལས་རླུང་དཀྱིལ་ལྗང་ནག་རྒྱ་གྲམ་གཡོ༔ ར་ལས་རཀྟའི་རྒྱ་མཚོ་དམར་ཟླུམ་འཁྲུག༔ སུཾ་ལས་མི་ཤིགས་སྲ་བརྟན་གྲུ་བཞིར་བརྡལ༔ ཀེཾ་ལས་རྡོ་རྗེའི་རི་རབ་ལྷུན་པོ་བརྗིད༔ རཾ་ལས་བསྐལ་པའི་མེ་དཔུང་སྟོང་ཁམས་འཁྲུག༔ བྷྲཱུྃ་ལས་སྣོད་བཅུད་ཡོངས་རྫོགས་འབར་བའི་དལ༔ སྣོད་ཀྱི་འཇིག་རྟེན་འོད་ལྔའི་གཞལ་ཡས་ཁང༔ བཅུད་ཀྱི་འགྲོ་དྲུག་དུར་ཁྲོད་བྷནྡྷའི་མཁར༔ གྲུ་བཞི་སྒོ་བཞི་རྟ་བབས་ཆོས་འཁོར་ཏོག༔ ལྷ་བརྒྱད་ཀ་བ་ཀླུ་བརྒྱད་ཀ་གདན་ལ༔ གཟའ་བརྒྱད་ཀ་ཞུ་ཚངས་པའི་གདུང་མ་བྲེས༔ རྒྱུ་སྐར་གྲལ་ལྕམ་ཞིང་སྦྲུལ་ལྤགས་པས་ཕུབ༔ ཉི་ཟླའི་མཐོངས་ཁུང་རང་འོད་ཡེ་ཤེས་གསལ༔ ཕྱི་ནང་རྡོ་རྗེའི་ཆར་དང་སེར་བ་འབེབ༔ ཆོས་ཉིད་སྟོང་པའི་རང་སྒྲ་འབྲུག་ལྟར་ལྡིར༔ སྟོང་གསུམ་བརྡལ་བ་དཔལ་གྱི་གཞལ་ཡས་ཀྱི༔ འཁོར་ཡུག་རྩིབས་སྟོང་དུར་ཁྲོད་རྡོར་མེས་གཏམས༔ རང་བྱུང་ལྷུན་གྲུབ་སྲ་བརྟན་མི་ཤིགས་གསལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བྷནྡྷ་ཛྙཱ་ན་ཙཀྲ་མན་དྷ་ལ་ཧཱུྃ༔ གསུམ་པ་ལྷ་བསྐྱེད་པ་ནི༔ ཧཱུྃ༔ ཕོ་བྲང་ལྟེ་བར་དུག་མཚོ་ཁོལ་མའི་ཀློང༔ རྡོ་རྗེའི་རི་བྲག་ཀླུ་འབུམ་གཉན་ཁྲི་དང༔ ས་བདག་སྟོང་སྡེ་ལྷ་སྲིན་འབྱུང་པོས་གཏམས༔ པདྨ་ཉི་སྟེང་རྒྱུ་ཡི་ཧཱུྃ་མཐིང་ལས༔ འོད་འཕྲོས་རྒྱལ་ཀུན་བྱིན་བསྡུས་འགྲོ་རྒྱུད་སྦྱངས༔ ཡོངས་གྱུར་བདེ་གཤེགས་སྟོབས་འདུས་འཇིགས་བྱེད་ཆེ༔ ནཱ་ག་རཀྴ་མཐིང་ནག་དབུ་དགུ་པ༔ བཅོ་བརྒྱད་ཕྱག་ལྡན་སྐུ་སྨད་དུག་སྦྲུལ་གྱིས༔ དུག་རི་ལན་གསུམ་འཁྱུད་ཅིང་མཇུག་མ་ཡིས༔ སྲིད་པ་ལྟོ་དཀྲུགས་གླིང་བཞི་ཡོམ་ཡོམ་འགུལ༔ གཡས་དགུས་གྲི་གུག་གཡོན་དགུས་རྩིབས་ལྡན་བསྐོར༔ རྩ་ཞལ་སྡིག་པ་ལྷག་མ་སྲིན་པོའི་ཞལ༔ ཞལ་གདངས་མཆེ་གཙིགས་སྤྱན་དམར་གློག་ལྟར་འཁྱུག༔ སྦྲུལ་ནག་རལ་པ་བསྐལ་པའི་མུན་ལྟར་གཏིབས༔ ཐོད་སྐམ་དབུ་རྒྱན་སྦྲུལ་རིགས་ཡན་ལག་དཀྲིས༔ རྡོ་རྗེའི་རྒྱན་དྲུག་སྤུ་གྲིའི་སྒྲོ་གཤོག་བརྐྱངས༔ གསང་བའི་ཡུམ་མཆོག་ཀླུ་མོ་དུག་སྦྲུལ་འཁྱིལ༔ ཞལ་གཅིག་སྤྱན་གཅིག་ཕྱག་གཉིས་སྦྲུལ་ཞགས་དང༔ ནད་རྐྱལ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད༔ ཡབ་ཡུམ་སྐུ་ལས་ཡེ་ཤེས་མེ་དཔུང་འབར༔ རྡོ་རྗེའི་ཚྭ་ཚྭས་སྟོང་གསུམ་ཁོར་ཡུག་ཁྱབ༔ དབུ་གཙུག་རིགས་བདག་གསང་བདག་ཐོད་ཕྲེང་རྩལ༔ མཐིང་གསལ་རྡོ་རྗེ་དྲིལ་འཛིན་ཡུམ་དང་སྦྱོར༔ དུང་ཁང་གནམ་ལྕགས་ཨེ་ཡི་གཞལ་ཡས་སུ༔ ཟིལ་གནོན་ཁྱུང་ནག་མེ་ཡི་གཤོག་པ་ཅན༔ བདེ་གཤེགས་སྟོབས་འདུས་རིགས་བཞིའི་བྱ་ཁྱུང་འགྱེད༔ ཏྲིག་ཁྲོཾ་སྒྲ་སྒྲོག་ཁམས་གསུམ་ཟིལ་གྱིས་གནོན༔ མགྲིན་པར་ཟླ་གམ་དབང་གི་གཞལ་ཡས་སུ༔ དབང་ཆེན་དམར་ནག་དབྱུག་པ་སྡིགས་མཛུབ་སྒྲེང༔ དུར་ཁྲོད་ཆས་རྫོགས་དོར་སྟབས་མེ་དཔུང་ཀློང༔ ཧྲཱིཿཕཊ་སྒྲ་སྒྲོག་སྡེ་བརྒྱད་འབྱུང་པོ་སྔངས༔ ལས་བྱེད་ཉི་ཁྲི་ཆིག་སྟོང་འཕྲོ་འདུའི་སྐུ༔ ཐུགས་ཀར་འབྱུང་འདུས་རུས་སྦལ་གུར་ཁང་དབུས༔ གསང་བའི་བདག་པོ་མཐིང་ནག་རྡོ་རྗེ་སྡིགས༔ འཇིགས་བྱེད་ཆས་རྫོགས་གཏུམ་རྔམ་ཁྲོ་ཚོགས་འཕྲོ༔ ཧཱུྃ་གི་རྔམ་སྒྲས་སྟེང་གདོན་ལྷ་སྲིན་སྔངས༔ ལྟེ་བ་ལྕགས་སྡིག་འབར་བའི་གཞལ་ཡས་སུ༔ པདྨ་དྲག་པོ་དམར་ནག་སྲིན་པོའི་གཟུགས༔ དོར་སྟབས་ཟིལ་གནོན་རྡོ་རྗེ་ལྕགས་སྡིག་འཛིན༔ དྲག་གཏུམ་རབ་འཇིགས་ཁྲོ་བོ་ཁྲོ་མོ་འགྱེད༔ ཕཊ་སྒྲ་དྲག་པོས་སྲིད་གསུམ་གཡོ་ཞིང་ལྡེག༔ བ་སྤུའི་འོད་ཀློང་ཁྲོ་རྒྱལ་འབུམ་སྡེ་དང༔ བྱ་ཁྱུང་ལྕགས་སྡིག་དུག་སྦྲུལ་མེ་འབར་འཕྱོ༔ སྟོང་གསུམ་སྲེག་པའི་ཡེ་ཤེས་མེ་དཔུང་ཀློང༔ ཨིཀྴ་ཕེ་ལཾ་རྔམ་པའི་སྒྲ་བསྒྲགས་པས༔ སྣང་སྲིད་དྲེགས་པ་ཐམས་ཅད་བརྒྱལ་ཞིང་རེངས༔ ཀླུ་གཉན་ས་བདག་ཀུན་གྱི་སྙིང་ཁྲག་ལུད༔ རབ་འབར་ཡེ་ཤེས་ཐུགས་རྗེའི་སྐུ་རུ་གསལ༔ ཁོར་ཡུག་གནམ་ལྕགས་འཁོར་ལོ་རྩིབས་བཅུ་པ༔ ནམ་མཁའི་མཐར་ཐུག་སྟེང་འོག་ཕྱོགས་མཚམས་འཁོར༔ དེ་ནང་རབ་འཇིགས་ཁྲོ་རྒྱལ་ཆེན་པོ་བཅུ༔ འབར་བའི་གར་དགུ་དུར་ཁྲོད་དཔལ་ཆས་རྫོགས༔ གཡས་པ་ཐོ་བ་གཡོན་པ་ལྕགས་ཀྱུ་འཛིན༔ དྲག་སྔགས་སྒྲ་སྒྲོག་རང་འདྲའི་སྤྲུལ་པ་ཡིས༔ སྲིད་པ་མཐའ་ནས་སྡུད་ཅིང་ཀླད་ནས་འཇོམས༔ བཀའ་ཡི་ལས་མཁན་སྤྲུལ་པ་སྲོག་གི་གཤེད༔ བུདྡྷ་ནག་པོ་ཀླུ་ཡི་དེད་དཔོན་ཆེ༔ ཀླུ་མོ་ནག་མོ་དུང་སྐྱོང་ས་བདག་གཙོ༔ གཉན་གྱི་སྡེ་དཔོན་ཨ་བ་གླང་མགོ་ཅན༔ ཀླུ་བདུད་ཀླུ་སྲིན་ནག་པོའི་ཚོགས་ཀྱིས་བསྐོར༔ ཀུན་ཀྱང་གདུག་པའི་སྐུ་ལ་ཡེ་ཤེས་སྲོག༔ དྲག་རྩལ་མཐུ་སྟོབས་རྫོགས་པའི་ངོ་བོར་གསལ༔ ཨོཾ་བཛྲ་ཕེ་ལཾ་ཁྲོཾ་ཧྲཱིཿཧཱུྃ་ཧཱུྃ༔ བཞི་པ་སྤྱན་འདྲེན་པ་ནི༔ ཧཱུྃ༔ འོག་མིན་ལྷུན་གྲུབ་ཆོས་དབྱིངས་ཕོ་བྲང་ནས༔ དུས་གསུམ་བདེ་གཤེགས་རྒྱལ་བ་རབ་འབྱམས་རྣམས༔ འགྲོ་ལ་བརྩེ་བའི་ཐུགས་རྗེས་སྐུར་བཞེངས་ལ༔ འཇིགས་པའི་སྐུ་དང་རྔམ་པའི་རིགས་སྔགས་སྒྲ༔ དཔའ་བའི་ཐུགས་ཀྱིས་མ་རུངས་བདུད་དཔུང་ཚོགས༔ གཉིས་མེད་བྱང་ཆུབ་སེམས་སུ་ཤུགས་ཀྱིས་སྒྲོལ༔ ཐུགས་རྗེ་ཆེན་པོའི་ཚོགས་རྣམས་འདིར་གཤེགས་ལ༔ སྒྲུབ་མཆོག་བདག་ལ་དབང་དང་དངོས་གྲུབ་སྩོལ༔ བཛྲ་དྷཱ་ར་ཁྲོཾ་ཧྲཱིཿཧཱུྃ་ཕེ་ལཾ་དུ་ཛཿཛ༔ ལྔ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ བདག་ཉིད་ཐབས་ཀྱིས་བསྐྱེད་པ་དམ་ཚིག་ལྷ༔ ཤེས་རབ་དབྱིངས་ནས་དྲངས་པ་ཡེ་ཤེས་ལྷ༔ གདོད་ནས་དབྱེར་མེད་དུ་མ་རོ་གཅིག་ངང༔ འགྱུར་མེད་རྡོ་རྗེའི་གདན་ལ་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ དྲུག་པ་ཕྱག་འཚལ་བ་ནི༔ ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ འགག་མེད་མཁྱེན་པའི་ཡེ་ཤེས་རྩལ༔ འགྲོ་བའི་དོན་དུ་སོ་སོར་སྤྲུལ༔ ཡེ་ཤེས་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ བདུན་པ་མཆོད་པ་ལ་བཞི་ལས༔ དང་པོ་ཕྱི་མཆོད་འབུལ་བ་ནི༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཐུགས་ལས་སྤྲུལ༔ ཡེ་ཤེས་གསང་བ་བདེ་བའི་མཆོག༔ མཆོད་ཡོན་མེ་ཏོག་བདུག་སྤོས་དང༔ མར་མེ་དྲི་ཆབ་ཞལ་ཟས་ཚོགས༔ རོལ་མོ་དབྱངས་སྙན་ནམ་མཁའ་གང༔ ཕྱོགས་བཅུའི་དཀྱིལ་འཁོར་ཐམས་ཅད་པ༔ ཁྲོ་ཆེན་འབར་བའི་ཚོགས་ལ་འབུལ༔ ཨ་ལ་ལ་སྟེ་བཞེས་སུ་གསོལ༔ བཛྲ་ཨརྒྷཾ་པུཥྤེ་སོགས་བརྗོད༔ གཉིས་པ་ནང་མཆོད་སྨན་གཏོར་རཀྟ་འབུལ་བ་ནི༔ ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་སྒྲུབ་པའི་རྫས༔ རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བའི༔ དུག་ལྔ་སེལ་བའི་བདུད་རྩི་འདི༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང༔ འབར་བ་ཁྲོ་བོའི་ལྷ་ལ་འབུལ༔ གཉིས་སུ་མེད་པར་བཞེས་སུ་གསོལ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁཱ་རཾ་ཁཱ་ཧི༔ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་འདི༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ འདོད་ཡོན་ལྔ་ཡིས་རབ་བརྒྱན་པ༔ དཔལ་ཆེན་དཀྱིལ་འཁོར་ལྷ་ལ་འབུལ༔ ཐུགས་དམ་བཞིན་དུ་བཞེས་སུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁཱ་རཾ་ཁཱ་ཧི༔ ཧཱུྃ༔ ཆགས་མེད་རཀྟ་མཁའ་དབྱིངས་རྒྱུན༔ འཁོར་བ་རྣམ་དག་བདེ་ཆེན་མཚོ༔ རྒྱུད་དྲུག་དབྱིངས་སུ་སྒྲོལ་བའི་ཕྱིར༔ ཁྲོ་ཆེན་འབར་བའི་ལྷ་ལ་འབུལ༔ མ་ཧཱ་རཀྟ་ཁཱ་རཾ་ཁཱ་ཧི༔ གསུམ་པ་གསང་བ་སྦྱོར་སྒྲོལ་གྱི་མཆོད་པ་ནི༔ ཧཱུྃ༔ ཐབས་དང་ཤེས་རབ་གཉིས་མེད་པ༔ བདེ་ཆེན་སྤྲོས་བྲལ་ཐིག་ལེའི་སྐུ༔ ཡེ་ནས་གནས་པ་དོན་གྱི་ཆོས༔ འདུ་འབྲལ་མེད་པའི་མཆོད་པ་བཞེས༔ ཛཿཧཱུྃ་བཾ་ཧོཿཔདྨ་ཡོ་གི་ནཱི་ཨཱ་བེ་ཤ་ཡ་ཨཱ༔ ཧཱུྃ༔ གཉིས་འཛིན་མཚན་མའི་ཆོས་རྣམས་ལ༔ ངོ་བོ་ཅིར་ཡང་གྲུབ་པ་མེད༔ ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས༔ གཉིས་སུ་མེད་པའི་མཆོད་པ་བཞེས༔ མ་ཏྲཾ་རུ་དྲ་ཨ་པ་ར་ཎ་ཕཊ༔ བཞི་པ་མཉམ་པ་ཉིད་ཀྱི་མཆོད་པ་ནི༔ ཧཱུྃ༔ མཉམ་པའི་སྒྲུབ་རྫས་ཆེན་པོ་ནི༔ བདག་དང་མཉམ་པའི་ཚོགས་ལ་འབུལ༔ བཟའ་བཅའ་བཏུང་བགོ་ལོངས་སྤྱོད་རྣམས༔ མི་དམིགས་མཉམ་པའི་མཆོད་པ་བཞེས༔ དྷརྨ་དྷཱ་ཏུ་ཨ་ཨ༔ བརྒྱད་པ་བསྟོད་པ་ནི༔ ཧཱུྃ༔ དམིགས་མེད་སྤྲོས་བྲལ་མཁའ་ལྟར་དག་པ་ལ༔ བདེ་གཤེགས་དགོངས་པ་མ་འགགས་རྒྱུན་མི་ཆད༔ ཡེ་ཤེས་རང་གསལ་འབར་བ་རྔམ་པའི་དཔལ༔ དཔལ་ཆེན་ཁྲོ་བོའི་ལྷ་ལ་ཕྱག་འཚལ་བསྟོད༔ དུག་རི་རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ནས༔ འཇིགས་བྱེད་རྒྱལ་པོ་འཆི་བདག་མགོ་དགུ་པ༔ ཨ་ཀྲོ་རཱ་ཛ་ནག་པོ་ཏི་པ་ཙ༔ ནཱ་ག་རཀྴའི་སྐུ་ལ་ཕྱག་འཚལ་བསྟོད༔ འདས་དང་མ་འདས་སོ་མཚམས་གདུག་པ་འདུལ༔ དབུ་དགུ་རྩ་ཞལ་སྡིག་པས་ལོག་འདྲེན་ཟ༔ ཁྲོས་པའི་ཞལ་གདངས་ཨི་ལ་ཤ་ཡི་སྒྲས༔ སྲིད་གསུམ་སྐྲག་པར་མཛད་ལ་ཕྱག་འཚལ་བསྟོད༔ སྐུ་སྟོད་སྲིན་གཟུགས་སྐུ་སྨད་དུག་སྦྲུལ་འཁྱིལ༔ བཅོ་བརྒྱད་ཕྱག་གི་མཚོན་ཆས་གདུག་པ་འདུལ༔ སྤྱན་མིག་ཉེར་བདུན་ཉི་ཟླ་ཁྲག་མཚོར་འཁྱིལ༔ སྟོང་གསུམ་དུས་གཅིག་གཟིགས་ལ་ཕྱག་འཚལ་བསྟོད༔ སྦྲུལ་ནག་རལ་པ་དུག་རླངས་མུན་ལྟར་གཏིབས༔ ཐོད་སྐམ་དབུ་རྒྱན་བདེ་གཤེགས་ཞིང་ཁམས་རྫོགས༔ སྦྲུལ་རིགས་ལྔས་བརྒྱན་རྡོ་རྗེའི་གཤོག་པ་གདེངས༔ སྟོང་ཁམས་ཟིལ་གྱིས་གནོན་ལ་ཕྱག་འཚལ་བསྟོད༔ རུས་སྦལ་སྟོད་ཁེབས་རྡོ་རྗེའི་རྒྱན་དྲུག་དང༔ ཕུར་བུའི་ལན་ཚར་དར་ནག་ཅོད་པན་འཕུར༔ ཆུ་སྲིན་ཤུན་པ་ཁྲག་ཞག་ཐིག་ལེས་བརྒྱན༔ དཔལ་གྱི་ཆས་ཀུན་འབར་ལ་ཕྱག་འཚལ་བསྟོད༔ གསང་བའི་ཡུམ་མཆོག་གཟི་ལྡན་ཀླུ་མོ་འཁྲིལ༔ སྦལ་སྦྲུལ་སྡོམ་སྡིག་གནམ་ལྕགས་ཚྭ་ཚྭ་འཕྲོ༔ སྲིད་གསུམ་བྱད་མ་ཀླུ་རྣམས་ཡོངས་ཀྱི་གཤེད༔ ལྷ་སྲིན་སྡེ་བརྒྱད་འདུལ་ལ་ཕྱག་འཚལ་བསྟོད༔ རྒྱལ་བ་ཀུན་གྱི་སྤྱི་དཔལ་རིགས་ཀྱི་བདག༔ ཀུན་བཟང་རིག་འཛིན་རྡོ་རྗེ་ཐོད་པ་རྩལ༔ མཚན་དཔེའི་གཟི་འབར་ཁྲོ་འཛུམ་དགྱེས་པའི་ཉམས༔ གསང་སྔགས་དོན་རྒྱུད་རྫོགས་ལ་ཕྱག་འཚལ་བསྟོད༔ མཐིང་ནག་གྲུ་གསུམ་འབར་བ་ཨེ་དབྱིངས་ནས༔ བདེ་གཤེགས་སྐུ་སྤྲུལ་མཁའ་ལྡིང་ག་རུ་ཎ༔ རྫུ་འཕྲུལ་འདབ་གཤོག་རྡོ་རྗེའི་མེ་ཆར་འབེབ༔ སྲིད་གསུམ་ཟིལ་གྱིས་གནོན་ལ་ཕྱག་འཚལ་བསྟོད༔ ཟླ་གམ་དམར་པོ་དབང་གི་གཞལ་ཡས་ནས༔ རྟ་མགྲིན་རྒྱལ་པོ་ཁྲོ་གཏུམ་རྔམ་པའི་སྐུ༔ འབྱུང་འཇུག་རླུང་སྔགས་གྲགས་སྟོང་ཚངས་དབྱངས་སྒྲས༔ ཁམས་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད༔ འབྱུང་ལྔའི་སྟོབས་འདུས་རུས་སྦལ་འོད་ཀློང་ནས༔ ཆོས་ཉིད་མི་འགྱུར་གསང་བདག་རྡོ་རྗེ་གཏུམ༔ དྲག་སྔགས་དམོད་པ་མཐར་ཕྱིན་ཧེ་རུ་ཀ༔ དཔའ་བོ་གཡུལ་ལས་རྒྱལ་ལ་ཕྱག་འཚལ་བསྟོད༔ གནམ་ལྕགས་སྡིག་རྒོད་འབར་བའི་དཀྱིལ་འཁོར་ནས༔ ཆེ་བཙན་སྟོབས་ལྡན་པདྨ་ཧེ་རུ་ཀ༔ རྡོ་རྗེ་དྲག་རྩལ་མངོན་སྤྱོད་སྟོབས་ལྡན་ཤུགས༔ ཁམས་གསུམ་གཅིག་ཆར་སྒྲོལ་ལ་ཕྱག་འཚལ་བསྟོད༔ འབར་བའི་སྐུ་ནི་རི་རབ་ལྟོས་དང་མཉམ༔ གདུག་པའི་ང་རོས་སྲིད་གསུམ་རྨིང་ནས་ལྡེག༔ སྒྲོལ་བྱེད་དྲག་པོ་ངར་ལྡན་ཐོག་ལྟར་མྱུར༔ སྐུ་གསུང་ཐུགས་དབང་རྫོགས་ལ་ཕྱག་འཚལ་བསྟོད༔ སྤྲུལ་པའི་ཁྲོ་རྒྱལ་འབར་བ་ཆེན་པོ་བཅུ༔ སྟོང་ཁམས་ཟིལ་གནོན་རྔམ་པའི་སྒྲ་གདངས་ཅན༔ དགྲ་བགེགས་རྡུང་ཞིང་དམ་ཉམས་སྙིང་རྩ་གཅོད༔ མ་རུངས་ལོག་འདྲེན་འདུལ་ལ་ཕྱག་འཚལ་བསྟོད༔ འབར་བའི་དབྱིངས་ལས་དམོད་པའི་ཕོ་ཉ་འགྱེད༔ ཟ་གསོད་གིང་བཤན་འབུམ་སྡེ་ཐོག་ལྟར་མྱུར༔ སྣང་སྲིད་ཐམས་ཅད་རིག་སྔགས་མཚོན་ཆའི་སྐུ༔ སྲིད་པ་དབྱིངས་སུ་གཞོམ་ལ་ཕྱག་འཚལ་བསྟོད༔ རང་རིག་གདོད་ནས་དག་པ་ཆོས་ཀྱི་སྐུ༔ རང་མདངས་འགག་མེད་གསལ་བ་ལོངས་སྤྱོད་རྫོགས༔ རང་བྱུང་ཐུགས་རྗེའི་རྩལ་རྫོགས་སྤྲུལ་པའི་སྐུ༔ འཁོར་འདས་དབྱེར་མེད་ལྷུན་གྱིས་གྲུབ་ལ་བསྟོད༔ དགུ་པ་ཛཔ྄་བསྐུལ་བ་ནི༔ ཧཱུྃ༔ རྩེ་གཅིག་མོས་པས་བདེ་གཤེགས་རྒྱལ་བའི་དལ༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་མི་འདའ་བཟུང༔ དཔལ་ཆེན་ཁྲོ་རྒྱལ་མཆོག་དང་མཉམ་སྦྱར་ན༔ ཞལ་མཐོང་གསུང་ཐོས་རིག་རྩལ་དབང་ཐོབ་ནས༔ ཕྲིན་ལས་ཡོངས་སུ་རྫོགས་པར་མཛད་དུ་གསོལ༔ ཧཱུྃ་བཛྲ་པྲ་བྷེ་ཤ་ཡ་ཕཊ༔ ཅེས་པས་ཛཔ྄་དབྱེ་ཛཔ྄་ཐུན་བཟུང༔ ཨོཾ་བཛྲ་ཕེ་ལཾ་ཁྲོཾ་ཧྲཱིཿཧཱུྃ་ཧཱུྃ༔ ཅེས་རྩ་སྔགས་དང༔ ན་མོ་བུདྡྷ་ཡ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ནཱ་ག་དུ༔ ཙནྡྷེ་ཙནྡྷེ༔ མི་ལི་མི་ལི༔ བྷནྡྷ་བྷནྡྷ༔ ནཱ་ག་ནི་སྭཱ་ཧཱ༔ ཅེས་སྒྲུབ་སྔགས་དང༔ ལས་སྦྱོར་དགྲ་བགེགས་གང་ཡིན་ཡང༔ གུད་ནས་འབྱུང་བ་ལྟར་དུ་བཟླ༔ ཐུན་མཚམས་ཛཔ྄་ཀྱི་བསྟོད་པ་ནི༔ ཧཱུྃ༔ མི་འདའ་རྡོ་རྗེའི་དམ་ཚིག་ལས༔ བསྐྱེད་རིམ་སྣང་སྟོང་མཆོད་པ་འདི༔ དཀྱིལ་འཁོར་ལྷ་ཡི་སྐུ་ལ་འབུལ༔ གྲགས་སྟོང་ཛཔ྄་ཀྱི་མཆོད་པ་འདི༔ དཀྱིལ་འཁོར་ལྷ་ཡི་གསུང་ལ་འབུལ༔ བདེ་སྟོང་ཡེ་ཤེས་མཆོད་པ་འདི༔ དཀྱིལ་འཁོར་ལྷ་ཡི་ཐུགས་ལ་འབུལ༔ སྒྲུབ་པའི་རིག་འཛིན་བདག་ཅག་ལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཅེས་དང་དབྱངས་གསལ་ཡིག་བརྒྱ་བརྗོད༔ དེ་ལྟར་གསང་སྔགས་ཟབ་མོའི་ལམ་འཁོད་ཅིང༔ བསྐྱེད་རིམ་འགྱུར་མེད་རྣམ་པ་གསལ་རྫོགས་པས༔ ཚེ་རིང་ནད་མེད་ཐུན་མོང་ཡོན་ཏན་འབྱུང༔ གསལ་སྟོང་དབྱེར་མེད་རྣམ་པར་དག་པ་ཡི༔ ཚོགས་གཉིས་མཐར་ཕྱིན་མཆོག་གི་སངས་རྒྱས་ཐོབ༔ སྙིང་པོའི་ཛཔ྄་བཟླས་གསལ་དག་ཐེམས་པར་བསྐྱལ༔ གསང་བ་སྔགས་ཀྱི་ནུས་པ་ཐོད་རྒལ་འབྱུང༔ བདེན་པའི་ཚིག་འགྲུབ་ཀུན་གྱིས་བཀུར་ཞིང་མཆོད༔ མཉམ་རྫོགས་དགོངས་པས་བདག་གཞན་དོན་གཉིས་འགྲུབ༔ བདག་རྒྱུད་བྱིན་རླབས་ཉམས་དང་རྟོགས་པ་འཆར༔ གཞན་སྣང་དབང་བསྒྱུར་ཆོས་ལ་སྦྱོར་བར་ནུས༔ ཡིད་གཉིས་ཐེ་ཚོམ་བྲལ་བར་ཉམས་བླངས་པས༔ མཆོག་ཐུན་དངོས་གྲུབ་འབྱུང་བར་ཐེ་ཚོམ་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ལ༔ ཚོགས་མཆོད་བྱིན་རླབས་མཆོད་བསྐང་བཤགས༔ བསྒྲལ་བསྟབ་ལྷག་མ་ཐུགས་དམ་བསྐུལ༔ ཆད་མདོ་བརྟན་སྐྱོང་དངོས་གྲུབ་བླང༔ བཟོད་གསོལ་གཤེགས་བསྡུ་བསྔོ་སྨོན་ནོ༔ དང་པོ་ཚོགས་མཆོད་བྱིན་རླབས་ནི༔ མཾ་ས་སུ་ར་ལ་སོགས་པ༔ འདོད་ཡོན་ཚོགས་ཀྱི་ལོངས་སྤྱོད་རྣམས༔ འཁྱིལ་པའི་སྔགས་དང་བདུད་རྩིས་བསང༔ ཧཱུྃ༔ སྣོད་ཀྱི་འཇིག་རྟེན་ཚོགས་གཞོང་དུ༔ བཅུད་ཀྱི་འགྲོ་དྲུག་ཚོགས་ཀྱི་རྫས༔ འཁོར་འདས་མཉམ་ཉིད་མཆོད་པའི་སྤྲིན༔ བདེ་སྟོང་བླ་མེད་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ༔ གཉིས་པ་ཕུད་ཀྱིས་མཆོད་པ་ནི༔ ཧཱུྃ༔ འཁོར་འདས་བཅུད་བསྡུས་བ་ལིཾ་ཏ༔ ཚོགས་མཆོད་བདུད་རྩིའི་རྒྱ་མཚོ་འདི༔ འདོད་ཡོན་ལྔ་ཡི་སྤྲིན་ཕུང་གཏིབས༔ ནམ་མཁའ་གང་བའི་བདེ་ཆེན་པོ༔ ཁྲོ་འདུས་ཡི་དམ་ལྷ་ལ་འབུལ༔ གཉིས་སུ་མེད་པར་བཞེས་ནས་ཀྱང༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ གསུམ་པ་བར་པས་བསྐང་བ་ནི༔ ཧཱུྃ༔ ཆོས་སྐུ་མི་འགྱུར་རྡོ་རྗེ་སེམས༔ དགྱེས་པ་ཐུགས་རྗེའི་ཕྲིན་ལས་གར༔ གསང་བདག་གཏུམ་པོའི་ཐུགས་དམ་བསྐང༔ དབྱིངས་ལས་ཐབས་ཀྱི་སྐུར་སྣང་བ༔ གཤིན་རྗེ་གཤེད་པོ་འཇིགས་བྱེད་སྐུ༔ ཨ་ཀྲོ་རཱ་ཛའི་ཐུགས་དམ་བསྐང༔ འཇིགས་བྱེད་སྐུ་ཡི་རོལ་པ་ལས༔ སྲིད་གསུམ་ཟིལ་གནོན་རླབས་ཆེན་པོ༔ མཁའ་ལྡིང་ནག་པོའི་ཐུགས་དམ་བསྐང༔ དྲག་སྔགས་གསུང་གི་རང་བཞིན་ལས༔ འཇིགས་པའི་སྒྲ་སྒྲོག་ཁམས་གསུམ་སྡུད༔ དབང་ཆེན་པདྨའི་ཐུགས་དམ་བསྐང༔ མཉམ་གནས་དགོངས་པ་འཕོ་འགྱུར་མེད༔ རིག་པ་འོད་ཀྱི་སྙིང་པོ་ཅན༔ ཡེ་ཤེས་སེམས་དཔའི་ཐུགས་དམ་བསྐང༔ སྤྲོ་བསྡུ་གསལ་བ་དྲན་འཛིན་ཞིག༔ རྟོག་མེད་མཁྱེན་དང་བརྩེ་བའི་དབྱིངས༔ ཏིང་འཛིན་སེམས་དཔའི་ཐུགས་དམ་བསྐང༔ ཤེས་རབ་ཆེན་པོའི་ཡེ་ཤེས་མེས༔ སྣང་སྲིད་བདག་མེད་ཞུགས་སུ་བསྲེགས༔ དྲག་པོ་རྩལ་གྱི་ཐུགས་དམ་བསྐང༔ ཆོས་དབྱིངས་བདེ་ཆེན་རྡོ་རྗེ་འཆང༔ རྩ་གསུམ་རྒྱལ་བ་འདུས་པའི་དཔལ༔ རིགས་བདག་གུ་རུའི་ཐུགས་དམ་བསྐང༔ འབར་བའི་དབྱིངས་ལས་ཐུགས་རྗེའི་འོད༔ སྦལ་སྦྲུལ་སྡོམ་སྡིག་སྤྲུལ་ཆར་འབེབས༔ རང་གཤེད་ཕོ་ཉའི་ཐུགས་དམ་བསྐང༔ སྟོང་ཁམས་ཟིལ་གནོན་ཡེ་ཤེས་རྒྱལ༔ དཔའ་གཏུམ་རྔམ་པས་ལོག་འདྲེན་སྒྲོལ༔ བདུད་འདུལ་ཁྲོ་བཅུའི་ཐུགས་དམ་བསྐང༔ ཤེས་རབ་དབྱིངས་ལས་ཐབས་ཀྱི་སྐུ༔ སྲིད་གསུམ་སྲོག་གཤེད་ཧ་ལའི་གདོང༔ འཁོར་ཚོགས་ཕོ་ཉའི་ཐུགས་དམ་བསྐང༔ བཀའ་ཉན་བསྟན་སྲུང་དགྲ་བགེགས་སྒྲོལ༔ ཕྲིན་ལས་རྣམ་བཞི་ཐོགས་མེད་སྒྲུབ༔ བཀའ་སྲུང་གཏེར་བདག་ཐུགས་དམ་བསྐང༔ འཁོར་འདས་ཐམས་ཅད་ཆོས་ཉིད་ངང༔ དགྱེས་པའི་རྩལ་ཆེན་རྔམ་པའི་དལ༔ མཉམ་རྫོགས་དབྱིངས་སུ་ཐུགས་དམ་བསྐང༔ གཉིས་མེད་དོན་གྱི་དངོས་གྲུབ་སྩོལ༔ བཞི་པ་ཕྱི་མས་བཤགས་པ་ནི༔ ཧོ༔ གདོད་ནས་རང་རིག་ལྷ་དང་དབྱེར་མེད་ཀྱང༔ མ་རིག་དབང་གིས་གཉིས་རྟོག་སོ་སོར་བཟུང༔ བག་མེད་དབང་གྱུར་དམ་འགལ་ཅི་མཆིས་པ༔ རིག་པ་ཡེ་ཤེས་ལྷ་ཡི་འཁོར་ལོར་བཤགས༔ གཉིས་མེད་བྱང་ཆུབ་ཆེན་པོར་དག་གྱུར་ཅིག༔ བཛྲ་ས་མ་ཡ་ཤུདྡྷེ་ཨཱ༔ ལྔ་པ་ཐ་མ་བསྒྲལ་བསྟབ་ནི༔ ན་མོ༔ རྩ་བརྒྱུད་བླ་མ་ཞི་ཁྲོ་རབ་འབྱམས་ལྷ༔ རྡོ་རྗེ་མེ་འབར་ལྷ་ཚོགས་བདེན་པའི་མཐུས༔ སྡང་དགྲ་གནོད་བགེགས་བདུད་དང་དམ་སྲི་སོགས༔ ཁྱད་པར་ཀླུ་གཉན་བྱད་གདོན་འཚེ་རྒོལ་རྣམས༔ རང་དབང་མེད་པར་གཟུགས་ལིང་འདི་ལ་ཁུག༔ ཁྲོ་ཆེན་རྣམས་ཀྱིས་སྲིད་གསུམ་མཐའ་ནས་སྡུས༔ ཕོ་ཉ་རྣམས་ཀྱིས་འབྱུང་བ་ཕྱི་ནང་དཀྲུགས༔ སྲོག་གཤེད་རྣམས་ཀྱིས་དམིགས་པའི་སྙིང་ལ་ཟུངས༔ མ་མོ་རྣམས་ཀྱིས་ཤོར་མེད་བྱད་དུ་ཆིངས༔ སྤོར་བྱེད་རྣམས་ཀྱིས་ཤེས་པ་དབྱིངས་སུ་སྤོར༔ དུས་ལ་བབ་བོ་ལས་མཁན་མཐུ་མ་ཆུང༔ རྒྱལ་བའི་མཐུ་བྱིན་བདེན་སྟོབས་གོང་མ་གཡེལ༔ ལས་དང་རྒྱུ་འབྲས་རྟེན་འབྲེལ་ཆུད་མ་གསན༔ དྲག་སྔགས་དམོད་པའི་ནུས་རྟགས་རྩལ་མ་ཞན༔ ད་ལྟ་ཉིད་དུ་མངོན་སྤྱོད་ཕྲིན་ལས་མཛོད༔ སརྦ་ནྲྀཿདུ་ཕུ་ཏྲི་ཛཿཧཱུྃ་བཾ་ཧོ༔ ཕུར་བུ་ཐོགས་ལ༔ ཧཱུྃ༔ སྒྲོལ་བྱེད་སྲས་མཆོག་ཀཱི་ལ་ཡ༔ ཁྲོ་རྒྱལ་ཀུན་གྱི་སྟོབས་ཤུགས་འཆང༔ སྲིད་པ་གསུམ་ཡང་སྒྲོལ་བྱེད་ན༔ དགྲ་དང་བགེགས་ལ་སྨོས་ཅི་དགོས༔ བསྟབ་བོ་གདུག་པའི་སྙིང་ལ་ཡ༔ ཐེབས་པར་མཛོད་ཅིག་ཀཱི་ལ་ཡ༔ ཨོཾ་བཛྲ་ཕེ་ལཾ་ཁྲོཾ་ཧྲཱིཿཧཱུྃ་ཧཱུྃ༔ ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ བསྟབ་པ་ནི༔ ཧཱུྃ༔ རིག་སྔགས་དམོད་པ་མཚོན་ཆའི་འཁོར་ལོ་ཡིས༔ དགྲ་བགེགས་ལྔ་ཕུང་ཕྱེ་མ་རྡུལ་དུ་བརླགས༔ སྣང་སྲིད་ཤ་རུས་དབང་ལྔའི་འདོད་ཡོན་ཚོགས༔ དྭངས་མའི་ཟེར་འབར་བདུད་རྩིའི་སྤྲིན་སྤྲོ་བ༔ ཡེ་ཤེས་འབར་བ་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་དགྲ་བགེགས་ལྡང་མེད་ཕྲིན་ལས་མཛོད༔ ཨོཾ་ཨཱཿཧཱུྃ་རུ་དྲ་ནྲྀ་ཏྲི་ཤ་ཏྲཱུཾ་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ་ཀིཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དྲུག་པ་ལྷག་མ་བསྔོ་བ་ནི༔ ཧཱུྃ་བྷྱོ༔ དཔལ་གྱི་བཀའ་ཉན་རོལ་པའི་ལྷག་སྡུད་མ༔ དབང་ཕྱུག་མ་མོ་གིང་ལང་དུར་ཁྲོད་བདག༔ ཤ་ཟ་ལས་བྱེད་སྡེ་བརྒྱད་དྲེགས་པའི་ཚོགས༔ དཔལ་གྱི་ཕ་འབབ་ལྷག་གཏོར་འདི་བཞེས་ལ༔ དགྲ་བགེགས་སྒྲོལ་ལ་གསང་སྔགས་བསྟན་པ་སྲུངས༔ རྣལ་འབྱོར་རྩལ་སྐྱེད་གདུག་པའི་གཡུལ་ངོ་ཟློག༔ ཕྲིན་ལས་རྣམ་བཞི་ཐོགས་མེད་འགྲུབ་པར་མཛོད༔ མ་མ་དུང་དུང་ཧ་ཧེ་ཕཊ༔ བྷྱོ་གིངྐ་ར་སརྦ་ས་མ་ཡ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བདུན་པ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ མི་མངོན་དབྱིངས་བཞུགས་བདེ་གཤེགས་རྒྱ་མཚོའི་ཚོགས༔ དབྱིངས་ནས་སྐུར་བཞེངས་ཐུགས་དམ་དུས་ལ་བབས༔ བྱིན་རླབས་མཐུ་སྟོབས་ནུས་རྩལ་དེང་འདིར་སྐྱེད༔ བདག་ལུས་ཕུང་ཁམས་ལྷ་ཡི་དཀྱིལ་འཁོར་ལ༔ འབར་བའི་སྟོབས་བཅུ་རྫོགས་པས་གཟི་བྱིན་མཆེད༔ སྲིད་པ་གསུམ་ཡང་རྔམ་དྲག་རོལ་པའི་རྩལ༔ མེ་འབར་ཆུ་འབྲུབ་རི་ཉིལ་རླུང་ཆེན་འུར༔ འབྲུག་སྒྲ་ཐོག་སེར་དྲག་པོའི་ངར་དང་བཅས༔ བདུད་དང་དགྲ་བགེགས་ཕྱེ་མར་མྱ་ལ་ལ༔ བྱད་མ་གནོད་བྱེད་གཞོབ་ཏུ་ཐུ་ལུ་ལུ༔ རྒོལ་བ་བརྩམས་པའི་བདུད་རིགས་སྙིང་ལ་ཡ༔ ཏྲིག་ནན་ཧུར་ཐུམ་བཛྲ་ཚིནྡྷ་རྦད༔ བརླགས་ཤིང་བཅོམ་ནས་ནམ་ཡང་ལྡང་མེད་དུ༔ ཡེ་ཤེས་འཁོར་ལོ་འབར་བས་རྒྱས་ཐོབ་ལ༔ རིག་འཛིན་རྣམས་ཀྱིས་བདེན་པའི་སྟོབས་སྐྱེད་ཅིག༔ ཡི་དམ་ལྷ་ཡིས་བསྐྱེད་རྫོགས་རྟགས་ཕྱུངས་ཤིག༔ དམ་ཅན་རྣམས་ཀྱིས་དམོད་པའི་མཐུ་སྐྱེད་ཅིག༔ ཁྲོ་རྒྱལ་རྣམས་ཀྱིས་མི་ཤིགས་རྒྱ་སྡོམས་ལ༔ མཐར་ཞིང་གཞོམ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་བཛྲ་ཕེ་ལཾ་ཁྲོཾ་ཧྲཱིཿཧཱུྃ་ཧཱུྃ་ཀཱི་ལི་ཀཱི་ལ་ཡ༔ རུ་དྲ་ནྲྀ་ཏྲི་ཤ་ཏྲཱུཾ་གརྫ་གརྫ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་བྷནྡྷ་བྷནྡྷ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་ཚིནྡྷ་ཚིནྡྷ་བྷིནྡྷ་བྷིནྡྷ་སྥོ་ཏ་སྥོ་ཏ་མཱ་ར་ཡ་སརྦ་བིག་ནཱན་ཏྲིག་ནན་ཨ་ཡཾ་ཕཊ༔ བརྒྱད་པ་ཆད་ཐོ་བསྒྲག་པ་ནི༔ ཧཱུྃ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ འོག་མིན་གསང་སྒྲོམ་མེ་རི་འབར་བ་རུ༔ ཆོས་སྐུ་གསང་བདག་རྡོ་རྗེ་མེ་འབར་གྱིས༔ ལོངས་སྐུ་ཁྲོ་རྒྱལ་འཇིགས་བྱེད་ཆེན་པོའི་སྐུ༔ སྤྲུལ་སྐུ་རབ་འབར་ནཱ་ག་རཀྴ་ཡི༔ ཡེ་ཤེས་ཕྱག་རྒྱས་སྲིད་གསུམ་དབང་བསྡུས་ཤིང༔ མ་རིག་གླིང་ཁམས་ངན་སོང་དོང་སྤྲུགས་ཚེ༔ དབྱིངས་ཀྱི་ཌཱ་ཀི་སྲིད་པའི་མ་རྣམས་ཀྱིས༔ ཐབས་ཀྱི་སྐུར་བསྟན་ཐ་ཚིག་ཁས་བླངས་བཞིན༔ དམ་རྫས་བདུད་རྩིའི་གཏོར་མ་འདི་བཞེས་ལ༔ གསང་སྔགས་མཐུ་སྐྱེད་བར་ཆད་བདུད་དཔུང་ཟློག༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ དེ་འོག་བལ་ཡུལ་ཡང་ལེ་ཤོད་ཀྱི་གནས༔ གནོད་སྦྱིན་རྫོང་དུ་རིག་འཛིན་རྣམ་གསུམ་གྱིས༔ གསང་བདག་གཏུམ་ཆེན་རྡོ་རྗེ་མེ་འབར་གྱིས༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས༔ ནམ་མཁའི་ཁམས་ནས་གཟའ་དང་རྒྱུ་སྐར་དང༔ རྒྱ་མཚོའི་གཏིང་ནས་ས་བདག་གཉན་རྒོད་ཀླུ༔ བར་སྣང་ཁམས་ནས་སྡེ་བརྒྱད་བཏུལ་བའི་ཚེ༔ སྙིང་སྲུང་མ་བཞི་ཕོ་བདུད་ཉེར་གཅིག་སོགས༔ སྲིད་པའི་ལྷ་སྲིན་དྲེགས་པ་ཆེ་དགུ་ཡིས༔ རང་རྟགས་གཟུགས་བསྟན་ཁས་བླངས་དམ་བཅས་བཞིན༔ དམ་རྫས་བདུད་རྩིའི་གཏོར་མ་འདི་བཞེས་ལ༔ གསང་སྔགས་མཐུ་སྐྱེད་བར་ཆད་བདུད་དཔུང་ཟློག༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ དེ་འོག་བར་གྱི་བསྐལ་པ་ཐ་མ་ལ༔ བྲག་དམར་མཆིམས་ཕུ་དཔལ་གྱི་ཕུག་རིང་དུ༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་དང༔ བདེ་ཆེན་ཡུམ་མཆོག་མཁའ་འགྲོ་མཚོ་རྒྱལ་གྱིས༔ རྡོ་རྗེ་སྲིན་པོའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ གཟའ་ཀླུ་རྒྱལ་པོ་དབང་ཆེན་སྡེ་གསུམ་གྱིས༔ རང་རྟགས་གཟུགས་བསྟན་ཁས་བླངས་དམ་བཅས་བཞིན༔ དམ་རྫས་བདུད་རྩིའི་གཏོར་མ་འདི་བཞེས་ལ༔ གསང་སྔགས་མཐུ་སྐྱེད་བར་གཅོད་བདུད་དཔུང་ཟློག༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ དེ་འོག་དུས་ཀྱི་བསྐལ་པའི་ཡང་མཐའ་ལ༔ ཡང་རྫོང་མི་འགྱུར་རྡོ་རྗེའི་གཏེར་ཕུག་ཏུ༔ རིག་འཛིན་སྔགས་འཆང་ཐུགས་མཆོག་རྡོ་རྗེ་དང༔ དབྱིངས་ཀྱི་ཡུམ་ཆེན་རྡོ་རྗེ་གཟི་ལྡན་མས༔ གཉིས་མེད་ཟིལ་གནོན་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཡེ་ཤེས་རོལ་པའི་ཕོ་ཉའི་ཚོགས་རྣམས་ཀྱིས༔ རང་རྟགས་གཟུགས་བསྟན་ཁས་བླངས་དམ་བཅས་བཞིན༔ དམ་རྫས་བདུད་རྩིའི་གཏོར་མ་འདི་བཞེས་ལ༔ གསང་སྔགས་མཐུ་སྐྱེད་བར་གཅོད་བདུད་དཔུང་ཟློག༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ད་ལྟ་སྒྲུབ་པའི་རྣལ་འབྱོར་བདག་ཅག་གིས༔ སྟོང་གསུམ་བརྡལ་བ་དཔལ་གྱི་དཀྱིལ་འཁོར་འདིར༔ རྡོ་རྗེ་གསུམ་གྱི་ཏིང་འཛིན་སྒྲུབ་པའི་ཚེ༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ དམ་རྫས་བདུད་རྩིའི་གཏོར་མ་འདི་བཞེས་ལ༔ གསང་སྔགས་མཐུ་སྐྱེད་བར་ཆོད་བདུད་དཔུང་ཟློག༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ སརྦ་དྷརྨ་པཱ་ལ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དགུ་པ་བརྟན་མ་སྐྱོང་བ་ནི༔ ཧཱུྃ༔ འཛམ་གླིང་བརྟན་པའི་བརྟན་མ་སྡེ་ལྔ་དང༔ བོད་ཁམས་སྐྱོང་བའི་སྐྱོང་མ་བཅུ་གཉིས་རྣམས༔ མཛེས་པའི་གཟུགས་ལ་བརྗིད་པའི་ཆས་དང་ལྡན༔ རྔམས་པའི་ཚུལ་གྱིས་ཕྲིན་ལས་ཐོགས་མེད་མྱུར༔ འདིར་སྤྱོན་དམར་ཆེན་གཏོར་མའི་བཤལ་ཆུ་བཞེས༔ དཔལ་གྱི་བཀའ་བཞིན་རྣལ་འབྱོར་སྒྲུབ་པའི་གྲོགས༔ རྩ་རླུང་ཚེ་དཔལ་ཉམས་རྟོགས་རྟེན་འབྲེལ་སྤེལ༔ འབྲེལ་ཚད་དོན་ལྡན་སྨིན་གྲོལ་མཐར་ཕྱིན་ནས༔ རྒྱལ་བསྟན་དར་ཞིང་བོད་ཁམས་བདེ་བར་མཛོད༔ མ་མ་ཏིང་ཏིང་ཤག་ཤག་བཛྲ་པཱ་ཎི་ཧོ༔ སརྦ་དུང་དུང་ཧྲཱིང་ཧྲཱིང་ཛཿཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ བཅུ་པ་བྲོ་བརྡུང་བ་ནི༔ ཧཱུྃ༔ རྔམ་ཆེན་རོལ་པའི་དཀྱིལ་འཁོར་འདིར༔ འབར་བ་དཔལ་གྱི་བྲོ་བརྡུངས་པས༔ སྲིད་གསུམ་བསྡུས་ཤིང་སྤྱི་ནས་འཇོམས༔ བདུད་དང་དགྲ་བགེགས་འབྱུང་པོ་རྣམས༔ བྱང་ཆུབ་མཆོག་སེམས་མ་བསྐྱེད་བར༔ ནམ་ཡང་ལྡང་མེད་རྒྱས་བཏབ་བོ༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནན༔ བཅུ་གཅིག་པ་དབང་བླང་བ་ནི༔ ཧཱུྃ༔ ཟིལ་གནོན་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཡེ་ཤེས་གསལ་བའི་ཉི་མ་ཤར༔ དུས་གསུམ་བདེ་གཤེགས་སྤྲིན་ལྟར་གཏིབས༔ ཁྲག་འཐུང་ཁྲོ་ཚོགས་སྐར་ལྟར་འཁྲུགས༔ མཁའ་འགྲོ་དམ་ཅན་བྲན་ལྟར་འདུད༔ དངོས་གྲུབ་ཆར་འབེབ་ཚུབས་སེ་ཚུབ༔ བསྐྱེད་རྫོགས་བཟླས་བརྗོད་མཐའ་རུ་ཕྱིན༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ སྐུ་མཆོག་སྐུ་ཡི་དཀྱིལ་འཁོར་ནས༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩོལ༔ གསུང་མཆོག་གསུང་གི་དཀྱིལ་འཁོར་ནས༔ འགག་མེད་གསུང་གི་དངོས་གྲུབ་སྩོལ༔ ཐུགས་མཆོག་ཐུགས་ཀྱི་དཀྱིལ་འཁོར་ནས༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཀུན་འབྱུང་ཡོན་ཏན་དཀྱིལ་འཁོར་ནས༔ ཚེ་དཔལ་ཡེ་ཤེས་དངོས་གྲུབ་སྩོལ༔ ཐོགས་མེད་ཕྲིན་ལས་དཀྱིལ་འཁོར་ནས༔ གང་འདུལ་ཐུགས་རྗེའི་དངོས་གྲུབ་སྩོལ༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་དང་གཉིས་མེད་སྩོལ༔ རྩ་སྔགས་ཤམ་བུར༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ་ཨཱ༔ བཀྲ་ཤིས་བྱིན་དབབ་བརྟན་པར་བྱ༔ བཅུ་གཉིས་པ་བཟོད་གསོལ་ནི༔ ཧོ༔ དམ་ཚིག་གཉན་གྱི་དཀྱིལ་འཁོར་འདིར༔ རྫས་དང་ཏིང་འཛིན་བཟླས་བརྗོད་གཡེལ༔ ཉམས་ཆག་འགལ་འཁྲུལ་ཐམས་ཅད་བཤགས༔ སྒྲིབ་བྲལ་ཚངས་པའི་དངོས་གྲུབ་སྩོལ༔ ཅེས་ཡིག་བརྒྱ་བཟླ༔ བཅུ་གསུམ་པ་གཤེགས་བསྡུ་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་སྙིང་རྗེའི་རོལ་རྩལ་གྱིས༔ འགྲོ་བའི་དོན་དུ་གསལ་རྫོགས་ཡེ་ཤེས་དལ༔ གང་འདུལ་སྟོབས་བཅུའི་ཕྲིན་ལས་མཐར་ཕྱིན་ནས༔ དགོངས་པ་ཟང་ཐལ་དམིགས་མེད་དབྱིངས་སུ་མུ༔ བཅུ་བཞི་པ་བསྔོ་བ་ནི༔ ཧཱུྃ༔ མོས་པ་ལྷུར་བླངས་བདེན་པས་སྟོབས་ཕྱུང་བའི༔ བསྐྱེད་རྫོགས་ཏིང་འཛིན་དགེ་ཚོགས་ནམ་མཁའི་ཁྱོན༔ ནམ་ཡང་འཛད་མེད་ཡེ་ཤེས་འཁོར་ལོའི་རྒྱུན༔ འགྲོ་ཀུན་འབད་མེད་གྲོལ་བའི་རྒྱུ་རུ་བསྔོ༔ བཅོ་ལྔ་པ་སྨོན་ལམ་ནི༔ ཧོ༔ བདག་གཞན་འཁོར་འདས་དུས་གསུམ་དགེ་བ་ཡིས༔ འགྲོ་དྲུག་རྒྱུད་སྨིན་དགེ་ལེགས་དཔལ་ལ་སྤྱོད༔ ཕུན་ཚོགས་གཟི་ལྡན་ཡེ་ཤེས་དོན་རྟོགས་ནས༔ རང་གཞན་འཕོ་མེད་གཏན་སྲིད་ཟིན་པར་ཤོག༔ ཅེས་རྒྱས་གདབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ༔ གསང་བ་ཡང་དག་སྙིང་པོ་རྡོ་རྗེའི་ཚིག༔ མ་ནོར་ཚུལ་བཞིན་སུ་ཞིག་ཉམས་བླང་བ༔ འགལ་རྐྱེན་བར་གཅོད་བདུད་ཀྱི་གཡུལ་ལས་རྒྱལ༔ སྐུ་བཞི་མཆོག་ཐོབ་ཡེ་ཤེས་གདོད་མར་གྲོལ༔ ཞི་རྒྱས་དབང་དྲག་རྟེན་འབྲེལ་སྨོན་ལམ་བསྒྱུར༔ གང་ལ་ཅིས་འདུལ་ཕྲིན་ལས་ཐོགས་པ་མེད༔ ཅི་ཕྱིར་པད་འབྱུང་དགོངས་རྒྱུད་ཐུགས་རྗེའི་འཕྲུལ༔ ཀུན་རྫོབ་དོན་དམ་གཉིས་མེད་ཤེས་པར་གྱིས༔ བདེན་རྫུན་མཐའ་བྲལ་བདེ་ཀློང་ཡངས་པའི་ངང༔ འགྲོ་བ་འདྲེན་པའི་སྤྱོད་པ་མཐར་ཕྱིན་བསྐྱང༔ ཤིན་ཏུ་ཟབ་ཕྱིར་མ་འོངས་འགྲོ་བའི་དོན༔ མཚོ་རྒྱལ་ཟབ་གསང་མི་ཤིགས་བརྡ་ཐབས་ལ༔ རྟེན་འབྲེལ་མཐར་ཕྱིན་ཟད་མེད་གཏེར་དུ་རྒྱ༔ བཀའ་སྲུང་དམ་ཅན་རྣམས་ཀྱིས་ཐུབ་པར་སྲུངས༔ ལས་ཅན་ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ བཀྲ་ཤིས་ནི༔ ཧཱུྃ༔ རྒྱལ་བ་ཀུན་གྱི་མཐུ་སྟོབས་རྡོ་རྗེ་འཛིན༔ ཕྱོགས་ལས་རྣམ་པར་རྒྱལ་བ་ཧེ་རུ་ཀ༔ གསང་སྔགས་རིག་སྔགས་གཟུངས་སྔགས་ཀུན་གྱི་བདག༔ ལྷ་དང་དབྱེར་མེད་མཆོག་གི་བཀྲ་ཤིས་ཤོག༔ སྐུ་མཆོག་འཇམ་དཔལ་གསུང་མཆོག་པདྨ་དབང༔ ཐུགས་མཆོག་ཡང་དག་ཡོན་ཏན་ཆེ་མཆོག་རྒྱལ༔ ཕྲིན་ལས་ཀཱི་ལ་ཁྲོ་བཅུ་མ་མོ་དབྱིངས༔ ཡེ་ཤེས་མངའ་དབང་རྫོགས་པའི་བཀྲ་ཤིས་ཤོག༔ རིག་འཛིན་སློབ་དཔོན་རིགས་ཀུན་ཐམས་ཅད་རྫོགས༔ མཆོད་བསྟོད་བཀའ་སྲུང་དྲག་སྔགས་རོལ་རྩལ་འགྱེད༔ ཕྲིན་ལས་རྣམ་བཞིའི་འཁོར་ལོས་རབ་བསྒྱུར་བ༔ དཀྱིལ་འཁོར་བྱིན་ཆགས་བརྟན་པའི་བཀྲ་ཤིས་ཤོག༔ ཆོས་ཀྱི་དབྱིངས་ནས་ཐུགས་དམ་སྤྱོད་པའི་ལྷ༔ ཡེ་ཤེས་སྒྱུ་འཕྲུལ་འབར་བ་སྐུ་ཡི་དལ༔ གཉིས་མེད་ཡོངས་རྫོགས་དྲག་སྔགས་ནུས་རྩལ་བརྙེས༔ མཁྱེན་བརྩེ་ཡེ་ཤེས་རྒྱས་པའི་བཀྲ་ཤིས་ཤོག༔ འཁོར་འདས་མཉམ་རྫོགས་ཡེ་ཤེས་འཁོར་ལོའི་རྒྱུན༔ ནམ་ཡང་མི་ནུབ་རྟག་པར་རབ་གསལ་བས༔ རྩོལ་མེད་ཕྲིན་ལས་མཐར་ཕྱིན་འཁྲུལ་རྒྱུན་སྟོང༔ མཆོག་གི་བརྟན་པ་ཐོབ་པའི་བཀྲ་ཤིས་ཤོག༔ །ྀཨཚ།༔ ཚིག་གཉིས་པོ་རྗེ་བླ་མས་བདག་ཀརྨ་མཐར་ཕྱིན་གྱིས་གཏུམ་པོའི་བསྙེན་སྒྲུབ་མཐར་ཕྱིན་པའི་མངའ་གསོལ་ཡིན་ཕེབས།། །།སྐྱིད་གྲོང་ཐུགས་མཆོག་རྡོ་རྗེའི་ཟབ་གཏེར་རོ།། །།
ཚེ་སྒྲུབ་འཆི་བདག་བདུད་འཇོམས་ཀྱི་ཕྲིན་ལས་གསལ་བྱེད་དབང་བསྐུར་དང་བཅས་པ་འཆི་མེད་བདུད་རྩིའི་བུམ་བཟང་ (Volume 29, Text 8)
༄༅། །ཚེ་སྒྲུབ་འཆི་བདག་བདུད་འཇོམས་ཀྱི་ཕྲིན་ལས་གསལ་བྱེད་དབང་བསྐུར་དང་བཅས་པ་འཆི་མེད་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།། ན་མོ་མ་ཧཱ་གུ་རུ་བཛྲ་ཨཱ་ཡུ་སིདྡྷི་ཕ་ལ་ཧཱུྃ་ཧོཿ ཉེས་པའི་ཟུག་རྔུ་རྩད་ནས་འཇོམས་མཛད་ཅིང་། །འགྱུར་མེད་རྡོ་རྗེ་ཚེ་ཡི་གྲུབ་མཆོག་སྦྱིན། །བྱིན་རླབས་སྟོབས་ལྡན་དེ་ལ་ཕྱག་བགྱིས་ཏེ། །འཆི་བདག་བདུད་འཇོམས་ལྷན་ཐབས་གསལ་བར་བཀོད། །རྗེ་བཙུན་གཡུ་ཐོག་པ་ཆེན་པོའི་ཐུགས་ཐིག་སྙན་བརྒྱུད་ཟབ་གནད་ཐུགས་རྗེ་ཉི་འོད་ལ་བརྟེན་ནས་རྡོ་རྗེའི་ཚེ་སྒྲུབ་པ་ལ། རང་དོན་སྤྲོས་མེད་བསྙེན་པའི་རྣལ་འབྱོར་དང་། གཞན་དོན་སྤྲོས་བཅས་སྒྲུབ་པའི་རྣལ་འབྱོར་གཉིས་སུ་གསུངས་པ་ལས། སྔ་མ་ནི་གསང་སྒྲུབ་དང་དྲིལ་སྒྲུབ་ཞལ་གདམས་ལྟོ་སྦྱར་བས་འགྲུབ་པ་ཡིན་ཞིང་། ཕྱི་མ་ལྟར་ན་སྦྱོར་བ་བཤམ་བཀོད། དངོས་གཞི་སྒྲུབ་ཕྲིན། རྗེས་ཚེ་དབང་བསྐུར་བ་གསུམ་ལས། དང་པོ་ནི། བཀྲ་ཤིས་པའི་གནས་སུ་སྟེགས་གཙང་མ་ལ་དཀྱིལ་འཁོར་སྒོ་རྫོགས་རྡོར་རྭ་མེ་རིས་བསྐོར་བའི་ནང་དུ་པདྨ་འདབ་བཞི་ཕྱོགས་མདོག་རིགས་ལྔའི་ཕྱག་མཚན་ནམ་ཐིག་ལེ་རང་མདོག་བཀོད་པའམ། འབྲིང་དུ་པདྨ་འདབ་བཞི་ཐིག་ལེ་རྡོར་རྭ་མེ་རི་ཙམ་ལས་སྒོ་རྫོགས་མེད་པ་དང་། བསྡུ་ན་མཎྜལ་ལ་འབྲུའི་ཚོམ་བུ་གཙོ་འཁོར་ལྔ་པ་བཀོད་པའི་སྟེང་དུ་མཉྫི་ལ་རིན་པོ་ཆེའི་བུམ་པར་བ་དམར་ཟལ་གྱི་འོ་མ་ཆུ་གཙང་དྲི་བཟང་ཉེར་ལྔའི་རྫས་སྦྱར་གྱིས་སུམ་གཉིས་བཀང་བ་དར་དམར་གྱི་མགུལ་ཆིངས་འབྲས་བུ་ཅན་གྱི་ཤིང་དང་རིགས་ལྔས་ཁ་བརྒྱན་པ་བཀོད། དེའི་སྟེང་དུ་འཕྲུལ་སྟེགས་ལ་རིན་པོ་ཆེའི་སྣོད་དུ་དཔལ་གཏོར་ནོར་བུའི་དབྱིབས་ཅན་རང་འདྲ་བཞིས་བསྐོར་བ། རྩེ་མོར་པདྨ་ལ་གནས་པའི་ཚེ་བུམ་དང་རྡོ་རྗེ་འཁོར་ལོ་ཉི་ཟླ་རིན་ཆེན་འབར་བའི་རྒྱན་གྱིས་སྤྲས་ཤིང་དཀར་མངར་ཟས་སྣ་སྨན་སྤོད་ཀྱིས་གཏམས་པ་བཀོད། མདུན་དུ་ལྷ་ཙཀ་དང་ཐོད་པ་མཚན་ལྡན་དུ་ཆང་བཟང་པོར་བུ་རམ་དང་ཆོས་སྨན་སྦྱར་ཞིང་མར་གྱི་ཉི་ཟླ་ལ་ནྲྀ་ཡིག་གིས་མཚན་པའི་བཅུད་ལྡན་དང་། མངར་གསུམ་སྦྱར་བའི་ཚེ་རིལ་དར་དམར་གྱི་ཞལ་ཁེབས་བྱས་ལ་བཞག །གཡས་གཡོན་དུ་སྨན་གྱི་དྲང་སྲོང་ལྷ་སྨན་རྣམས་ཀྱི་དཀར་གཏོར་གཉིས་ལ་རྩི་སྨན་མངར་གསུམ་བཏབ་པ། རྒྱབ་ཏུ་བཀའ་སྲུང་ལ་དམར་གཏོར་གཙོ་འཁོར་དགུ་པ་ཤ་ཁྲག་གིས་བརྒྱན་པ། མཚམས་བཞིར་མདའ་དར་མཐིང་སེར་དམར་ལྗང་བཞི་ལ་གཡུ་མུ་ཏིག་བྱེ་རུ་མན་ཤེལ་མེ་ལོང་བཏགས་པ་གཟུག །མདུན་རྒྱབ་གང་བདེར་རིགས་འདུས་གཏོར་མ་དང་སྨན་རཀ །ཆུ་གཉིས་ཉེར་སྤྱོད། རིགས་ལྔའི་ཕྱག་མཚན་གོ་ཁྲབ་དང་བཅས་པའི་ཙཀླི། སྔོན་གཏོར་ཚོགས་ཆས་ཆད་བརྟན་སོགས་ཉེར་མཁོ་རྣམས་ཚང་ཞིང་བཀོད་པའི་བྱེ་བྲག་བག་དྲོ་ཞིང་བྱིན་ཆགས་པར་བྱའོ། །གཉིས་པ་སྒྲུབ་ཕྲིན་ནི། བརྒྱུད་འདེབས། ཕྱི་གཏོར། མཚམས་གཅོད་ནས་བརྩམ་ཕྲིན་ལས་གཞུང་བསྲངས་ཏེ་བདག་མདུན་དབྱེར་མེད་དུ་བསྒོམ་པའི་ལྷ་བསྐྱེད་སྐབས་སུ་ལས་བྱང་མཆན་གསལ་ལྟར་ཕྱག་གཡོན་ཐོད་པ་རྣམས་ཚེ་བུམ་བསྣམས་པ་བསྒྱུར། བསྟོད་པའི་རྗེས་སུ་ཛཔ྄་ཁང་ཕྱེས་ལ་དམིགས་པ་ནི། ལྷ་ཚོགས་གཙོ་འཁོར་ཐུགས་ཀར་ཟླ་ཉིའི་སྟེང་། སྲོག་སྙིང་དག་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །བདེ་གཤེགས་མཉེས་མཆོད་སྐུ་གསུང་ཐུགས་རྒྱུད་བསྐུལ། །ཐུགས་རྗེ་བྱིན་རླབས་ཚེ་ཡི་དངོས་གྲུབ་བསྡུས། །ཐུགས་ཀའི་སྲོག་སྙིང་ཕྱག་གི་ཚེ་བུམ་ཐིམ། །སྔགས་ཕྲེང་འཁོར་བའི་འོད་ཀྱིས་ལུས་ཁྱབ་པ། །བཞི་བརྒྱའི་ནད་དང་སྟོང་ཕྲག་བགེགས་ལ་སོགས། །ལས་དང་རྐྱེན་གྱུར་ཚེ་ཡི་བར་ཆད་རྣམས། །འོད་ཟེར་ཡེ་ཤེས་མེ་ཡིས་རབ་བསྲེགས་ནས། །གཞོབ་རྡུལ་བསྐལ་པའི་རླུང་གིས་ཕྱིར་གཏོར་ཏེ། །ལུས་ཉིད་གསེར་གྱི་རྡོ་རྗེ་ནས་འབྲས་ཙམ། །རབ་གཏམས་གནོད་བྱེད་གཞན་གྱིས་མི་ཚུགས་གྱུར། །ཅེས་གསལ་བཏབ་ལ། གཙོ་འཁོར་སྤྱི་དྲིལ་གྱི་སྔགས་ཤམ་དུ། བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ ཞེས་བཏགས་ལ་བཟླས་པའི་དངོས་གཞི་བྱ། སྐབས་སུ་ཚེ་བཅུད་བསྡུ་བ་ནི། སླར་ཡང་འོད་འཕྲོས་ཕྱི་ནང་སྣོད་བཅུད་ཀྱི། །སྐྱེ་འགྲོའི་ཚེ་སྲོག་དཔལ་བརྗིད་སྟོབས་མངའ་རིས། །སྨན་འབྲུ་ཟས་གོས་རིན་ཆེན་འབྱུང་བ་སོགས། །ཀུན་གྱི་བཅུད་བསྡུས་འཆི་བ་མེད་པ་ཡི། །དངོས་གྲུབ་དམ་པ་བདུད་རྩིས་ལུས་གང་བས། །རྡོ་རྗེའི་ལུས་ལ་ཉི་ཟླའི་ཚེ་ཐོབ་གྱུར། །ཅེས་བསམ་ལ་བཟླས་པ་བྱ། ཐུན་མཚམས་སུ་སྔགས་ཙམ་གྱིས་མཆོད། བསྟོད་པ་ནི། ཧཱུྃ་ཧྲཱིཿ རིགས་འདུས་རྒྱལ་བ་སྨན་རྒྱལ་ཚེ་དཔག་མེད། །མཚན་དཔེ་རྒྱན་རྫོགས་རྡོ་རྗེ་ཚེ་བུམ་བསྣམས། །སྔོ་བསངས་རང་རིག་ཡུམ་སྦྱོར་ཚེ་ཡི་བདག །འགྲོ་ལ་འཆི་མེད་དངོས་གྲུབ་སྩོལ་ཕྱག་འཚལ། །ཐུགས་སྤྲུལ་མི་བསྐྱོད་རིག་ཡེ་ཚེ་དཔག་མེད། །མཚན་དཔེ་རྒྱན་རྫོགས་རྡོ་རྗེ་ཚེ་བུམ་བསྣམས། །མཐིང་མདོག་རང་རིག་ཡུམ་སྦྱོར་ཚེ་ཡི་བདག །འགྲོ་ལ་འཆི་མེད་དངོས་གྲུབ་སྩོལ་ཕྱག་འཚལ། །སྐུ་སྤྲུལ་རྣམ་སྣང་རིག་ཡེ་ཚེ་དཔག་མེད། །མཚན་དཔེ་རྒྱན་རྫོགས་འཁོར་ལོ་ཚེ་བུམ་བསྣམས། །དུང་མདོག་རང་རིག་ཡུམ་སྦྱོར་ཚེ་ཡི་བདག །འགྲོ་ལ་འཆི་མེད་དངོས་གྲུབ་སྩོལ་ཕྱག་འཚལ། །ཡོན་ཏན་རིན་འབྱུང་རིག་ཡེ་ཚེ་དཔག་མེད། །མཚན་དཔེ་རྒྱན་རྫོགས་རིན་ཆེན་ཚེ་བུམ་བསྣམས། །གསེར་མདོག་རང་རིག་ཡུམ་སྦྱོར་ཚེ་ཡི་བདག །འགྲོ་ལ་འཆི་མེད་དངོས་གྲུབ་སྩོལ་ཕྱག་འཚལ། །ཕྲིན་ལས་དོན་གྲུབ་རིག་ཡེ་ཚེ་དཔག་མེད། །མཚན་དཔེ་རྒྱན་རྫོགས་རྒྱ་གྲམ་ཚེ་བུམ་བསྣམས། །གཡུ་མདོག་རང་རིག་ཡུམ་སྦྱོར་ཚེ་ཡི་བདག །འགྲོ་ལ་འཆི་མེད་དངོས་གྲུབ་སྩོལ་ཕྱག་འཚལ། །གསུང་སྤྲུལ་སྣང་མཐའ་རིག་ཡེ་ཚེ་དཔག་མེད། །མཚན་དཔེ་རྒྱན་རྫོགས་པདྨ་ཚེ་བུམ་བསྣམས། །མཚལ་མདོག་རང་རིག་ཡུམ་སྦྱོར་ཚེ་ཡི་བདག །འགྲོ་ལ་འཆི་མེད་དངོས་གྲུབ་སྩོལ་ཕྱག་འཚལ། །ཆོས་དབྱིངས་ཞི་བའི་ངང་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་འཇིགས་རུང་ཁྲོ་བོའི་སྐུ །གར་གྱི་དབང་ཕྱུག་འཆི་བདག་བདུད་དཔུང་འཇོམས། །རྟ་མཆོག་ཡབ་ཡུམ་འཁོར་བཅས་ཕྱག་འཚལ་བསྟོད། །རྩ་གསུམ་རང་སྣང་དག་པའི་ཡེ་ཤེས་ལྷ། །མ་རིག་འཆི་བདག་བདུད་འཇོམས་སྒྱུ་མའི་སྐུ །འགྱུར་མེད་བདེ་ཆེན་ཚེ་དང་ཡེ་ཤེས་ཀྱི། །དབང་བསྐུར་བྱིན་རླབས་དུས་འདིར་བསྩལ་དུ་གསོལ། །ཞེས་དབྱངས་རོལ་བཅས་བསྟོད། ཚེ་འགུགས་པ་ནི། ལྷ་ཚོགས་ཐུགས་ལས་སྤྲུལ་པའི་ཕོ་ཉ་མཆོག །སྐུ་མདོག་མ་ངེས་དར་དང་རིན་ཆེན་བརྒྱན། །ཚེ་འགུགས་ལྕགས་ཀྱུ་ཚེ་བུམ་མདའ་དར་བསྣམས། །གྲངས་མེད་ཕྱོགས་མཚམས་སྟེང་འོག་ཀུན་ཁྱབ་སྟེ། །སྟོང་གསུམ་སྒོ་གསུམ་ཁམས་གསུམ་སྲིད་པ་གསུམ། །ལྷ་འདྲེ་མི་གསུམ་རྣམས་ཀྱི་ཚེ་བསྡུས་ཤིང་། ཁྱད་པར་བདག་གི་བླ་ཚེ་ཡར་དང་འཁྱམས། །ཐམས་ཅད་ཡི་གེ་ནྲྀ་ཡི་ཚུལ་དུ་བཀུག །ཚུར་ཐིམ་འཆི་མེད་དངོས་གྲུབ་ཐོབ་པར་གྱུར། །ཅེས་བསྒོམས་ལ་མདའ་དར་གཡབ་ཅིང་། ཧྲཱིཿ དུས་གསུམ་རྒྱལ་བའི་གསུང་མཆོག་འདུས་པའི་དཔལ། །རྟ་ཕག་ཡབ་ཡུམ་དབང་གི་ལས་མཛད་གཙོ། །སྤྲུལ་དང་ཡང་སྤྲུལ་འཁོར་བཅས་དུས་ལ་བབས། །སྟེང་འོག་བླ་ཚེ་འགུགས་པའི་ཕྲིན་ལས་མཛོད། །འཆི་བདག་བདུད་ཀྱི་ཕོ་ཉ་རྡུལ་དུ་རློགས། །སྲོག་གཅོད་ལྷ་འདྲེའི་མགོ་བོ་ཚལ་བར་ཁོས། །དབུགས་ལེན་གཤེད་མའི་སྲོག་རྩ་དམར་འབྱིན་མཛོད། །ཡོན་བདག་བླ་ཚེ་འཁྱམས་པོ་ད་ལྟ་ཁུག །རྡོ་རྗེ་མཁའ་འགྲོས་ལྕགས་ཀྱུ་མཐིང་བུམ་འཛིན། །ཞི་བའི་ལས་མཛད་སྤྲུལ་པ་ཡང་སྤྲུལ་བཅས། །འཁོར་བཅས་ཐམས་ཅད་ཞལ་བཞེས་དུས་ལ་བབས། །ཤར་དང་ཤར་ལྷོའི་ཕྱོགས་ཀྱི་ཚེ་ཁུག་ཅིག །འཆི་བདག་བདུད་ཀྱི་ཕོ་ཉ་རྡུལ་དུ་རློགས། །སྲོག་གཅོད་ལྷ་འདྲེའི་མགོ་བོ་ཚལ་བར་ཁོས། །དབུགས་ལེན་གཤེད་མའི་སྲོག་རྩ་དམར་འབྱིན་མཛོད། །ཡོན་བདག་བླ་ཚེ་འཁྱམས་པོ་ད་ལྟ་ཁུག །རིན་ཆེན་མཁའ་འགྲོས་ལྕགས་ཀྱུ་གསེར་བུམ་འཛིན། །རྒྱས་པའི་ལས་མཛད་སྤྲུལ་པ་ཡང་སྤྲུལ་བཅས། །འཁོར་བཅས་ཐམས་ཅད་ཞལ་བཞེས་དུས་ལ་བབས། །ལྷོ་དང་ལྷོ་ནུབ་ཕྱོགས་ཀྱི་ཚེ་ཁུག་ཅིག །འཆི་བདག་བདུད་ཀྱི་ཕོ་ཉ་རྡུལ་དུ་རློགས། །སྲོག་གཅོད་ལྷ་འདྲེའི་མགོ་བོ་ཚལ་པར་ཁོས། །དབུགས་ལེན་གཤེད་མའི་སྲོག་རྩ་དམར་འབྱིན་མཛོད། །ཡོན་བདག་བླ་ཚེ་འཁྱམས་པོ་ད་ལྟ་ཁུག །པདྨ་མཁའ་འགྲོས་ལྕགས་ཀྱུ་ཟངས་བུམ་འཛིན། །དབང་གི་ལས་མཛད་སྤྲུལ་པ་ཡང་སྤྲུལ་བཅས། །འཁོར་བཅས་ཐམས་ཅད་ཞལ་བཞེས་དུས་ལ་བབས། །ནུབ་དང་ནུབ་བྱང་ཕྱོགས་ཀྱི་ཚེ་ཁུག་ཅིག །འཆི་བདག་བདུད་ཀྱི་ཕོ་ཉ་རྡུལ་དུ་རློགས། །སྲོག་གཅོད་ལྷ་འདྲེའི་མགོ་བོ་ཚལ་བར་ཁོས། །དབུགས་ལེན་གཤེད་མའི་སྲོག་རྩ་དམར་འབྱིན་མཛོད། །ཡོན་བདག་བླ་ཚེ་འཁྱམས་པོ་ད་ལྟ་ཁུག །ལས་ཀྱི་མཁའ་འགྲོས་ལྕགས་ཀྱུ་གཡུ་བུམ་འཛིན། །དྲག་པོའི་ལས་མཛད་སྤྲུལ་པ་ཡང་སྤྲུལ་བཅས། །འཁོར་བཅས་ཐམས་ཅད་ཞལ་བཞེས་དུས་ལ་བབས། །བྱང་དང་བྱང་ཤར་ཕྱོགས་ཀྱི་ཚེ་ཁུག་ཅིག །འཆི་བདག་བདུད་ཀྱི་ཕོ་ཉ་རྡུལ་དུ་རློགས། །སྲོག་གཅོད་ལྷ་འདྲེའི་མགོ་བོ་ཚལ་བར་ཁོས། །དབུགས་ལེན་གཤེད་མའི་སྲོག་རྩ་དམར་འབྱིན་མཛོད། །ཡོན་བདག་བླ་ཚེ་འཁྱམས་པོ་ད་ལྟ་ཁུག །ཅེས་དང་སྤྱི་སྔགས་ཤམ་བུ་ཅན་བརྗོད་དོ། །སྒྲུབ་པ་ཞག་གྲངས་ལྟ་བུ་ལ་འདི་མཚམས་དབང་གི་གཤམ་དུ་འབྱུང་བའི་རྒྱས་གདབ་བྱ། ཐུན་རྗེས་མར་གཏོར་འབུལ་དང་ཚོགས་མཆོད། རྗེས་རིམ་རྣམས་ལས་བྱང་ལྟར་བྱ། དབང་བསྒྲུབ་ལ་གོང་གི་ཚེ་འགུགས་འཕྲོས་སུ་སྲུང་མའི་གཏོར་འབུལ་དང་ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་གསོལ་ཁའི་བར་དུ་བཏང་། ལས་བུམ་འཁྱིལ་པའི་སྔགས་ཀྱིས་བྱིན་བརླབས། བདག་ཉིད་འཇུག་པ་རྒྱས་བསྡུས་ཅི་རིགས་བྱའོ། །གལ་ཏེ་དབང་རྒྱས་བསྡུས་ཀྱི་མཐའ་རྟེན་དུ་ཚེ་དབང་འདི་ཉིད་སྦྱོར་ན། བཤམ་བཀོད་ལྷན་ཅིག་ཏུ་བྱས་ནས། གཞུང་གི་བཟླས་པའི་མཇུག་ཏུ་ལྷ་ཚོགས་རྣམས་ཕྱག་གཡོན་ཚེ་བུམ་བསྣམས་པའི་དམིགས་པ་བསྒྱུར་ལ། འདིར་གསལ་དམིགས་བཟླས་བསྟོད་པ་ཚེ་འགུགས་བཅས་བཏང་། གཞུང་དབང་གྲུབ་ནས་འདིའི་མཎྜལ་གསོལ་གདབ་དང་། དངོས་གཞིའི་བུམ་དབང་ལ་འཇུག་པས་ཆོག་གོ །གསུམ་པ་རྗེས་ཚེ་དབང་ནི། སློབ་མ་རྣམས་ལས་བུམ་གྱིས་ཁྲུས་བྱ། བགེགས་གཏོར་མཚམས་གཅོད་སྲུང་འཁོར་རྣམས་དང་། སེམས་བསྐྱེད་གསལ་བཏབ་ནས། འདིར་བཅོམ་ལྡན་འདས་སྨན་པའི་རྒྱལ་པོ་ཉིད་ཁ་བ་ཅན་གྱི་ལྗོངས་སུ་གྲུབ་མཆོག་ཚེ་རིག་འཛིན་པའི་སྐུར་བཞེངས་པ་རྗེ་བཙུན་གཡུ་ཐོག་པ་ཆེན་པོ་གུ་ཎ་ནཱ་ཐཱའི་ཐུགས་ཏིག །ལམ་ཟབ་བླ་མ་སྒྲུབ་པའི་ཆ་ལག །སྒྲུབ་པ་པོ་རྣམས་དུས་མ་ཡིན་པའི་འཆི་བདག་གི་ཆད་པ་ཟློག་ཅིང་། རྡོ་རྗེ་ཚེའི་དངོས་གྲུབ་སྒྲུབ་པ་ལ་བྱིན་རླབས་དང་མཐུ་སྟོབས་ཁྱད་པར་དུ་འཕགས་པ་ཚེ་དབང་འཆི་བདག་བདུད་འཇོམས་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། མ་བཅོས་སྤྲོས་བྲལ་ཁྱབ་བརྡལ་ཆོས་སྐུའི་ཀློང་། །རྩལ་སྣང་རིགས་འདུས་བདེ་ཆེན་ལོངས་སྤྱོད་རྫོགས། །གང་འདུལ་སྤྲུལ་པ་སྨན་རྒྱལ་ཚེ་དཔག་མེད། །སྨན་མཆོག་རྡོ་རྗེའི་ཚེ་དབང་བསྩལ་དུ་གསོལ། །ཞེས་ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ། སློབ་དཔོན་དང་མདུན་བསྐྱེད་གཉིས་སུ་མེད་པ་རིགས་འདུས་བླ་མ་སྨན་རྒྱལ་གྱི་དཀྱིལ་འཁོར་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་སྤྲིན་གཏིབས་པ་ལྟར་བཞུགས་པའི་མདུན་དུ། ཁྱེད་རང་རྣམས་འཁོད་ནས་སྡིག་པ་བཤགས་པར་བགྱིའོ་སྙམ་པའི་འདུན་པ་དང་ལྡན་པས་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །སློབ་དཔོན་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །ཐོག་མ་མེད་ནས་ད་ལྟའི་བར། །ལུས་དང་ངག་དང་ཡིད་གསུམ་གྱིས། །སྡིག་པ་མི་དགེ་གང་བྱས་པ། །གནོང་ཞིང་འགྱོད་པའི་སེམས་ཀྱིས་སུ། །སྙིང་ནས་ཁྱོད་ཀྱི་སྤྱན་སྔར་བཤགས། །ལན་གསུམ། བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བསླུ་བ་མེད་པའི་སྐྱབས་གནས་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ལ་དེང་ནས་བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་འགྲོ་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་མཛོད། ཕྱོགས་དུས་དཀོན་མཆོག་གསུམ་འདུས་པ། །བླ་མ་རྡོ་རྗེ་འཛིན་རྒྱལ་ལ། །བདག་དང་མཁའ་མཉམ་སེམས་ཅན་ཀུན། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ལན་གསུམ། ལྷ་ཚོགས་དེ་དག་གི་སྤྱན་སྔར་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དོ་སྙམ་པའི་ངང་ནས་འདིའི་རྗེས་ཟློས་མཛོད། མཐའ་ཡས་འགྲོ་བའི་དོན་གྱི་ཕྱིར། །རྡོ་རྗེ་འཛིན་པ་མཆོག་བསྒྲུབས་ནས། །ཞི་སོགས་ཕྲིན་ལས་རྣམ་བཞི་ཡིས། །འགྲོ་རྣམས་བདེ་ལ་འགོད་པར་བྱ། །ལན་གསུམ། སྐྱབས་གནས་དེ་དག་གི་མདུན་དུ་སོ་སོ་ཐར་པའི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་། རིག་འཛིན་སྔགས་ཀྱི་དམ་ཚིག་རྣམས་ནོད་ལ་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་དངོས་རྡོ་རྗེ་འཛིན། །བདག་ལ་བརྩེ་བས་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བྱང་ཆུབ་བར། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་གསང་སྔགས་བླ་མེད་ཀྱི། །སྡོམ་པ་མ་ལུས་བདག་གིས་བཟུང་། །སེམས་ཅན་འགྱུར་མེད་བདེ་ལ་འགོད། །ལན་གསུམ། དེ་ནས་དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་གཅུན་ཏེ་དམིགས་པ་འདི་བཞིན་དུ་མཛོད་ཅིག །ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་དུ་གྱུར། དེའི་ངང་ལས་པདྨ་ཉི་ཟླ་བདུད་བཞི་བསྣོལ་བའི་གདན་ལ་ཁྱེད་རང་རྣམས་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཉིས་བརྐྱང་བསྐུམ་འདོར་སྟབས་ཀྱིས་བཞུགས་ཤིང་སྤྱི་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བ། གར་གྱི་ཉམས་དང་ལྡན་ཅིང་དཔལ་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པའི་པང་དུ་ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་ཐོད་འཛིན་ཅིང་ཡབ་ལ་འཁྱུད་པ། སྤྱི་བོར་ཕག་ཞལ་ངུར་སྒྲ་སྒྲོག་པ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ་གསལ་ཐོབ་ཅིག །དེ་ནས་བླ་མ་ལ་གུས་འདུད་བྱས་པའི་རྐྱེན་གྱིས་བླ་མའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕོག་པས་ཐུགས་རྒྱུད་བསྐུལ། སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་དང་བྱིན་རླབས་ཐམས་ཅད་རྩ་བ་གསུམ་གྱི་ལྷ་ཚོགས་ཀྱི་སྐུ་ཕྱག་རྒྱ་གསུང་ཡིག་འབྲུ་ཐུགས་ཕྱག་མཚན་གྱི་རྣམ་པ་ཆར་དྲག་ཏུ་བབས་པ་ལྟར་བྱོན་པ་དང་། གཞན་ཡང་སྨན་གྱི་ལྷ་དང་ལྷ་མོ་དྲང་སྲོང་རིག་འཛིན་ཆོས་སྐྱོང་བ་ཐམས་ཅད་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་ཀྱང་འུབ་ཀྱིས་བསྡུས་ཏེ་ཁ་བ་བུ་ཡུག་འཚུབས་པ་བཞིན་བྱོན་ནས་ཁྱེད་རང་གི་སྤྱི་བོའི་གཙུག་དང་། བ་སྤུའི་བུ་ག་ནས་སིབ་སིབ་ཐིམ་པའི་མོས་པ་མཛོད་ཅིག །འབེབ་རྫས་བདུག །དབྱངས་རོལ་བཅས་ལས་བྱང་ལྟར་བྱིན་འབེབ་གྱེར། རྩ་སྔགས་བརྗོད་ཅིང་ནས་དང་བདུད་རྩི་འཐོར། རོལ་མོ་དྲག་ཏུ་བྱ། དེ་ལྟར་ཡེ་ཤེས་པ་ཕབ་པའི་རྒྱུན་དེ་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། རྩ་སྔགས་བརྗོད་འབྲུ་འཐོར། དེ་ནས་ཚེ་འགུགས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ལྷ་ཚོགས་ཐུགས་ལས་སྤྲུལ་པའི་ཕོ་ཉ་མཆོག །སོགས་དང་ཚེ་འགུགས་ཚང་མ་གྱེར་ལ་སྤོས་བཏུལ་ཞིང་མདའ་དར་གཡབ་རོལ་མོ་བྱའོ། །དེ་ནས་རྣམ་བུམ་ཐོགས་ལ། བླ་མ་དང་མདུན་སྐྱེད་དབྱེར་མེད་པ་རིགས་ལྔ་སྨན་པའི་རྒྱལ་པོ་ཚེ་དཔག་མེད་རྣམས་ཀྱི་ཕྱག་གི་བུམ་པས་སྤྱི་བོ་ནས་དབང་བསྐུར་བས་བདུད་རྩིའི་རྒྱུན་གྱིས་ལུས་ཀྱི་ནང་ཐམས་ཅད་གང་། དུག་ལྔའི་སྒོ་ནས་ཚེ་ཐུང་བར་འགྱུར་བའི་ལས་སྒྲིབ་བག་ཆགས་དང་བཅས་པ་དག །འཆི་བ་མེད་པ་སྐུ་ལྔའི་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པའི་མོས་པ་མཛོད་ཅིག །ཧཱུྃ་ཧྲཱིཿ བུམ་པའི་ངོ་བོ་སྤྲོས་མེད་ཆོས་ཀྱི་སྐུ །བུམ་བཅུད་རང་བཞིན་བདེ་ཆེན་ལོངས་སྤྱོད་རྫོགས། །བུམ་པའི་རྒྱན་ཆས་འགྲོ་འདུལ་སྤྲུལ་སྐུ་མཆོག །བར་ཆད་ཀུན་སེལ་འཆི་མེད་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱཿཡུ་ཤེ་ཧཱུྃ་བྷྲཱུྃ་ནྲྀ་ཛ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། ཞེས་མགོ་བོའི་གནས་ལྔར་བཞག་ལ་བུམ་ཆུ་བླུད། སྐུ་ཕྱག་རྒྱས་དབང་བསྐུར་བའི་སླད་དུ། ལྷ་ཚོགས་གཙོ་འཁོར་རྣམས་ཀྱི་སྐུ་ལས་རང་འདྲ་བའི་སྐུ་གཉིས་པ་འཕྲོས་ཁྱོད་རང་གི་གནས་སོ་སོར་ཐིམ་པས་ལུས་འཕོ་འགྱུར་མེད་པ་འཆི་མེད་འཇའ་ལུས་རྡོ་རྗེའི་སྐུར་བྱིན་གྱིས་བརླབས་པར་མོས་མཛོད། ཙཀླི་རྣམས་སྤྱི་བོའི་གནས་སོ་སོར་བཞག་ལ། ཨོཾ། སངས་རྒྱས་ཀུན་གྱི་སྐུ་མཆོག་སྨན་གྱི་བླ། །རིག་པའི་ཡེ་ཤེས་རྣམ་སྣང་ཚེ་དཔག་མེད། །འགྱུར་མེད་སྐུ་ཡི་བྱིན་རླབས་ཀུན་སྡུས་ལ། །འཆི་མེད་རྡོ་རྗེའི་ཚེ་དབང་བསྐུར་དུ་གསོལ། །ཨོཾ་ཨཱཿབུདྡྷ་གུ་རུ་གུ་ཎ་སིདྡྷི་ཧཱུྃ་བཛྲ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃ། ཨཱཿ སངས་རྒྱས་ཀུན་གྱི་གསུང་མཆོག་སྨན་གྱི་བླ། །རིག་པའི་ཡེ་ཤེས་སྣང་མཐའ་ཚེ་དཔག་མེད། །འགག་མེད་གསུང་གི་བྱིན་རླབས་ཀུན་སྡུས་ལ། །འཆི་མེད་རྡོ་རྗེའི་ཚེ་དབང་བསྐུར་དུ་གསོལ། །ཨོཾ་ཨཱཿཔདྨ་གུ་རུ་གུ་ཎ་སིདྡྷི་ཧཱུྃ་བཛྲ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སངས་རྒྱས་ཀུན་གྱི་ཐུགས་མཆོག་སྨན་གྱི་བླ། །རིག་པའི་ཡེ་ཤེས་མི་བསྐྱོད་ཚེ་དཔག་མེད། །འཁྲུལ་མེད་ཐུགས་ཀྱི་བྱིན་རླབས་ཀུན་སྡུས་ལ། །འཆི་མེད་རྡོ་རྗེའི་ཚེ་དབང་བསྐུར་དུ་གསོལ། །ཨོཾ་ཨཱཿབཛྲ་གུ་རུ་གུ་ཎ་སིདྡྷི་ཧཱུྃ་བཛྲ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃ། སྭཱ། སངས་རྒྱས་ཀུན་གྱི་ཡོན་ཏན་སྨན་གྱི་བླ། །རིག་པའི་ཡེ་ཤེས་རིན་འབྱུང་ཚེ་དཔག་མེད། །ཡོན་ཏན་རེ་སྐོང་བྱིན་རླབས་ཀུན་སྡུས་ལ། །འཆི་མེད་རྡོ་རྗེའི་ཚེ་དབང་བསྐུར་དུ་གསོལ། །ཨོཾ་ཨཱཿརཏྣ་གུ་རུ་གུ་ཎ་སིདྡྷི་ཧཱུཾ་བཛྲ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃ། ཧཱ། སངས་རྒྱས་ཀུན་གྱི་ཕྲིན་ལས་སྨན་གྱི་བླ། །རིག་པའི་ཡེ་ཤེས་དོན་གྲུབ་ཚེ་དཔག་མེད། །ཕྲིན་ལས་འགྲོ་འདུལ་བྱིན་རླབས་ཀུན་སྡུས་ལ། །འཆི་མེད་རྡོ་རྗེའི་ཚེ་དབང་བསྐུར་དུ་གསོལ། །ཨོཾ་ཨཱཿཀརྨ་གུ་རུ་གུ་ཎ་སིདྡྷི་ཧཱུྃ་བཛྲ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃ། གཙོ་བོའི་དབང་བསྐུར་ལ། ཧྲཱིཿ སངས་རྒྱས་མ་ལུས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་ཡོངས་རྫོགས་སྨན་གྱི་བླ། །རིགས་འདུས་བླ་མ་རྒྱལ་བ་ཚེ་དཔག་མེད། །བྱིན་རླབས་མཐར་ཐུག་ཚེ་དབང་བསྐུར་དུ་གསོལ། །འབྱུང་ལྔ་རྣམ་དག་རིགས་ལྔ་ཡུམ་ཆེན་ལྔ། །བཅོམ་ལྡན་བདེ་གཤེགས་ལྔ་དང་གཉིས་མེད་སྦྱོར། །དུག་ལྔ་འཆི་བདག་བདུད་ཀྱི་དཔུང་ཆོམས་ལ། །སྐུ་ལྔར་བྱིན་རློབས་ཚེ་དབང་བསྐུར་དུ་གསོལ། །སྤྱི་སྔགས་ཤམ་བཅས་བརྗོད། ཧྲཱིཿ བདེ་ཆེན་གར་གྱི་དབང་ཕྱུག་རྟ་མཆོག་དཔལ། །གཉིས་མེད་རྡོ་རྗེ་ཕག་མོ་ཡུམ་དང་སྦྱོར། །མཐུ་སྟོབས་གཟི་བརྗིད་འཆི་བདག་དཔུང་འཇོམས་ལྷ། །འཆི་མེད་རྡོ་རྗེའི་ཚེ་དབང་བསྐུར་དུ་གསོལ། །མཁའ་འགྲོ་སྡེ་བཞིས་འཆི་བདག་བདུད་བཞི་འཇོམས། །ཕྲིན་ལས་བཞི་སྒྲུབ་རྡོ་རྗེ་ཚེ་འགུགས་མ། །ཕྱོགས་བཞི་མཚམས་དང་སྟེང་འོག་ཚེ་ཁུག་ལ། །དུས་བཞི་དུས་མེད་ཚེ་དབང་བསྐུར་དུ་གསོལ། །ཧྲཱིཿམ་ཧ་རི་ནི་ས་ཙིཏྟ་ཧྲཱིང་ཧྲཱིང་བཛྲ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃ། གསུང་སྙིང་པོ་བཟླས་པའི་ལུང་སྦྱིན་པའི་སླད་དུ། སློབ་དཔོན་དང་མདུན་སྐྱེད་དབྱེར་མེད་པའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་བྱོན། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་སྲོག་ས་བོན་གྱི་མཐར་འཁོད་པས་ངག་འཕོ་བ་མེད་པ་མི་ཤིགས་ནཱ་དའི་རང་སྒྲར་སྨིན་པར་མོས་ལ་འདིའི་རྗེས་ཟློས། སྤྱི་སྔགས་ཤམ་བུ་བཅས་ལན་གསུམ། རྡོ་རྗེ་སློབ་མ་འདི་རྣམས་ལ་རིགས་འདུས་སྨན་རྒྱལ་ཚེ་དཔག་མེད་པའི་གསུང་གསང་སྔགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་ཅིང་བརྟན་པར་གྱུར་ཅིག །ཅེས་འབྲུ་འཐོར། ཐུགས་དཔལ་གྱི་གཏོར་ཆེན་ལ་བརྟེན་ནས་དབང་བསྐུར་བའི་སླད་དུ། གཏོར་མ་འདི་ཉིད་ཡེ་ཤེས་ཀྱི་གཞལ་ཡས་ཁང་པར་གྱུར་པའི་ནང་དུ་རིགས་འདུས་སྨན་རྒྱལ་ཚེ་དཔག་མེད་པའི་ལྷ་ཚོགས་དངོས་སུ་བཞུགས་པའི་སྐུ་ལས་བྱིན་རླབས་བདུད་རྩིའི་ཆུ་རྒྱུན་ཡེ་ཤེས་ཀྱི་འོད་ཟེར་སྣ་ཚོགས་པ་བྱུང་སྟེ། ཁྱེད་རང་རྣམས་ལ་ཐིམ་པས་ཡིད་འཁྲུལ་རྟོག་དག་པ་རྡོ་རྗེ་ཡེ་ཤེས་ཀྱི་རྩལ་ཆེན་རྫོགས་པར་མོས་ཤིག །དཔལ་གཏོར་མགོར་བཞག་ལ། ཧྲཱིཿ དཔལ་གྱི་གཏོར་ཆེན་ཚེ་དང་ཡེ་ཤེས་རི། །ནོར་བུ་འབར་བས་དགོས་འདོད་རེ་བ་སྐོང་། །ནང་ན་རིགས་ལྔ་ཚེ་ཡི་ལྷ་ཚོགས་བཞུགས། །དབང་མཆོག་བསྐུར་པས་འཆི་མེད་དབང་ཐོབ་ཤོག །སྤྱི་སྔགས་ཤམ་བཅས་བརྗོད། ཡོན་ཏན་དངོས་གྲུབ་རྫས་ཀྱིས་ཞལ་བསྲོ་བའི་སླད་དུ། ཚེ་ཟན་དང་ཚེ་ཆང་མྱོང་བ་ལ་བརྟེན་ནས་འབྱུང་བའི་དྭངས་མ་སྟོབས་སུ་གྱུར། བརྟན་གཡོ་འཁོར་འདས་ཀྱི་ཚེ་བཅུད་ལ་མངའ་དབང་བསྒྱུར། སྐྱེ་འཆི་མེད་པ་ཚེའི་རིག་འཛིན་ལ་མངའ་བརྙེས་པར་མོས་ཤིག །ཚེ་རིལ་སྦྱིན་ལ། ཨེ་མ་འཆི་མེད་ཡེ་ཤེས་བདུད་རྩི་མཆོག །ཚེ་ཟན་ཡི་དམ་ལྷ་ཡི་ཕ་འབབ་འདི། །གང་གི་ལྕེ་ཡི་ཐོག་ཏུ་རེག་མ་ཐག །དད་པས་མྱོང་ན་འཆི་བ་འབྱུང་རེ་ཀན། །སྲ་བརྟན་རི་བོ་ལྟ་བུའི་ཚེ་ཐོབ་ཤོག །ཆད་མེད་ཆུ་རྒྱུན་ལྟ་བུའི་ཚེ་ཐོབ་ཤོག །གཞོམ་མེད་རྡོ་རྗེ་ལྟ་བུའི་ཚེ་ཐོབ་ཤོག །ནད་སེལ་བདུད་རྩི་ལྟ་བུའི་ཚེ་ཐོབ་ཤོག །རེ་སྐོང་ནོར་བུ་ལྟ་བུའི་ཚེ་ཐོབ་ཤོག །ཀུན་ཁྱབ་ནམ་མཁའ་ལྟ་བུའི་ཚེ་ཐོབ་ཤོག །གསལ་མདངས་ཉི་ཟླ་ལྟ་བུའི་ཚེ་ཐོབ་ཤོག །འགྱུར་མེད་ཆོས་སྐུ་ལྟ་བུའི་ཚེ་ཐོབ་ཤོག །ཕྱག་རྒྱ་ཆེན་པོ་མཆོག་གི་ཚེ་ཐོབ་ཤོག །སྔགས་གོང་ལྟར་བརྗོད། ཚེ་ཆང་སྦྱིན་ལ། ཧྲཱིཿ ཚེ་ཆང་རིགས་ལྔ་ཡབ་ཡུམ་བྱང་ཆུབ་སེམས། །སྣོད་བཅུད་བདུད་རྩིར་བསྒྱུར་པ་ཚེ་ཡི་བཅུད། །དད་པས་འཐུང་ན་ཚེ་དབང་རིག་འཛིན་ཐོབ། །སྐལ་ལྡན་བུ་ལ་བྱིན་པས་འཆི་མེད་ཤོག །ཧྲཱིཿ སྨན་འབྲུ་རིན་ཆེན་ཟས་གོས་འབྱུང་བ་དང་། །འཆི་མེད་རྫས་སྔགས་ཏིང་འཛིན་བཅུད་བསྡུས་ནས། །བྱིན་གྱིས་བརླབས་པའི་བདུད་རྩི་འདི་ཐུངས་ཤིག །བར་ཆད་ཀུན་སེལ་ངོ་མཚར་ཨ་ལ་ལ། །སྔགས་བརྗོད། ཕྲིན་ལས་མི་འཇིགས་རྡོ་རྗེའི་གོ་བགོ་བའི་སླད་དུ། ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཕྱག་མཚན་ལྔ་པོ་ཆར་ལྟར་དུ་བབས་ཏེ་ཁྱེད་རང་གི་ལུས་ཀྱི་སྟོད་སྨད་ཀུན་ཏུ་ཞུ་ལུབ་ཏུ་གཡོགས་ཤིང་གོ་ཁྲབ་ཏུ་གྱུར་པས་ནམ་ཡང་གཞོམ་གཞིག་དང་བྲལ་བར་མོས་མཛོད། ཕྱག་མཚན་ལྔ་དང་གོ་ཁྲབ་ཀྱི་ཙཀླི་གནས་གསུམ་དུ་རེག་ལ། ཧྲཱིཿ ཅིས་ཀྱང་མི་འགྱུར་མི་ཕྱེད་མི་ཤིགས་པའི། །རྡོ་རྗེ་འཁོར་ལོ་རིན་ཆེན་པདྨ་དང་། །རྒྱ་གྲམ་ཕྱག་མཚན་གོ་ཁྲབ་འདི་བྱིན་པས། །ཚེ་མཆོག་སྲ་བརྟན་འགྱུར་མེད་དབང་ཐོབ་ཤོག །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། དེ་དག་གི་མཐའ་རྟེན་ལྟ་བའི་ཀློང་དུ་རྒྱས་འདེབས་པ་ནི། རང་སེམས་གདོད་ནས་སྐྱེ་འགག་གནས་གསུམ་དང་བྲལ་བ་འཆི་མེད་གཉུག་མའི་རང་ངོ་ལ་མཉམ་པར་འཇོག་པར་ཞུ། ཧྲཱིཿ སྣང་སྲིད་འཁོར་འདས་རང་གི་སེམས། །སེམས་ཉིད་སྟོང་གསལ་ངོས་བཟུང་བྲལ། །འདི་ལ་སྐྱེ་འཆི་གྲུབ་མ་མྱོང་། །ཡང་དག་ལྟ་བས་རྒྱས་གདབ་བོ། །འཁོར་འདས་གཉིས་སྣང་འཛིན་རྟོག་རྣམས། །ཆུ་དང་རྦ་རླབས་ཇི་བཞིན་དུ། །སེམས་ཉིད་སྟོང་པའི་རང་རྩལ་ཡིན། །མ་བཅོས་སྒོམ་པའི་རྒྱས་གདབ་བོ། །སངས་རྒྱས་སེམས་ཅན་དབྱེར་མེད་པ། །ཀུན་བཟང་རྒྱལ་བའི་ཀློང་དུ་གཅིག །ས་ལམ་འབད་རྩོལ་ཅི་བྱར་ཡོད། །རང་ཆས་འབྲས་བུའི་རྒྱས་གདབ་བོ། །དང་པོ་ཐིག་ལེ་ཉག་གཅིག་རྒྱ། །གཉིས་པ་ཐབས་ཤེས་ཟུང་འཇུག་རྒྱ། །གསུམ་པ་དུག་གསུམ་རང་གྲོལ་རྒྱ། །བཞི་པ་ཚད་མེད་བཞི་ཡི་རྒྱ། །ལྔ་པ་ཡེ་ཤེས་ལྔ་ཡི་རྒྱ། །དྲུག་པ་ཕ་རོལ་ཕྱིན་དྲུག་རྒྱ། །བདུན་པ་བྱང་ཆུབ་ཕྱག་ཆེན་རྒྱ། །རྒྱ་བདུན་ཚེ་ལ་བཏབ་གྱུར་ན། །སྣང་སྲིད་ཐམས་ཅད་དགྲར་ལངས་ཀྱང་། །གནོད་པ་རྡུལ་ཙམ་མི་ནུས་ན། །དགྲ་བགེགས་གཞན་གྱིས་སྨོས་ཅི་དགོས། །ཞེས་དང་། ཤིས་བརྗོད་བྱ་ཞིང་ཡེ་དྷར་བརྗོད། དེ་དག་གིས་ནི་ཚེ་དབང་འཆི་བདག་བདུད་འཇོམས་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་གཟུང་བ། གཏང་རག་སོགས་སྤྱི་ལྟར་བྱ་ཞིང་། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་ནས་ཤིས་བརྗོད་ཀྱི་བར་ཡང་ལས་བྱང་ལྟར་ཚང་བར་བྱས་པས་འགྲུབ་བོ། །ཀུན་ལ་མཁོ་བ་རིང་འཚོའི་ཚེ་ཡིན་ཀྱང་། །སྒྲུབ་ཐབས་གདམས་ཟབ་འདི་འདྲ་ཤིན་ཏུ་དཀོན། །འདི་བགྱིས་དགེ་བས་བདག་གཞན་འགྲོ་བ་ཀུན། །ཆོས་ལྡན་འཚོ་བ་འཆི་མེད་དཔལ་བརྙེས་ཤོག །འདིའང་གཞུང་ཉིད་ཧ་ཅང་བསྡུས་ཆེ་བ་བློ་དམན་ཕལ་མོ་ཆེས་ཇི་བཞིན་མ་ཁྲོལ་བར་དོན་མེད་དང་དོན་ལོག་གི་མུན་པར་འཁྱམས་པར་མཐོང་ནས་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་རིང་འཚོའི་དགེ་མཚན་བརྙེས་པའི་གྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
ལྔ་པའི་དག་སྣང་རྒྱ་ཅན་རྡོ་རྗེ་གྲོ་ལོད་ཀྱི་སྨན་མཆོད་ (Volume 13, Text 8)
ལྔ་པའི་དག་སྣང་རྒྱ་ཅན་རྡོ་རྗེ་གྲོ་ལོད་ཀྱི་སྨན་མཆོད་ནི། ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་པད་འབྱུང་གུ་རུ་མཚན་བརྒྱད་དང་། །རྒྱ་གར་རིག་འཛིན་བོད་ཀྱི་རྗེ་འབངས་ལ། །བདུད་རྩི་སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། བྱིན་རླབས་སྒོ་འབྱེད་རིག་འཛིན་རྡོ་རྗེ་ཆོས། །རྡོ་རྗེའི་རྒྱལ་ཚབ་མེ་ཏོག་མནྡཱ་ར། །མཁར་ཆེན་མཚོ་རྒྱལ་རྡོ་རྗེ་ཐོགས་མེད་ལ། །བདུད་རྩི་སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། པདྨ་ཕྲིན་ལས་འགྲོ་འདུལ་གཏེར་བདག་གླིང་། །ངག་དབང་ཀླུ་སྒྲུབ་ངག་དབང་འཇིགས་མེད་ཞབས། །འགྱུར་མེད་མཆོག་གྲུབ་པདྨ་ཚེ་དབང་ལ། །བདུད་རྩི་སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། འཇིགས་མེད་གོ་ཆ་བསྟན་འཛིན་འཕེལ་རྒྱས་དང་། །བརྒྱུད་སྲོལ་ཀུན་འདུས་འཁོར་ལོའི་དབང་ཕྱུག་སོགས། །བྱིན་རླབས་ཆར་འབེབ་རྩ་བརྒྱུད་བླ་མ་ལ། །བདུད་རྩི་སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། འཆོལ་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་བོ་ལོད། །ཕྱག་རྡོར་གཤིན་རྗེ་རྟ་མགྲིན་མེ་དབལ་དང་། །སྒོ་སྐྱོང་ལྷ་ཚོགས་ཆོས་སྲུང་བཅས་པ་ལ། །བདུད་རྩི་སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། ཞེས་ཕུལ་བའི་མཐར། ལས་གཞུང་གི །ཀཱ་ཡ་ཝཱ་ཀ་སོགས་སྦྲེལ་ལོ།།
དཔལ་ལྡན་སྲས་མཆོག་མ་མགོན་ལྕམ་དྲལ་གྱི་སྨིན་བྱེད་ཆོ་ག་མཐུ་དབང་དྲག་རྩལ་རབ་འབྱེད་ (Volume 37, Text 8)
༄༅། །དཔལ་ལྡན་སྲས་མཆོག་མ་མགོན་ལྕམ་དྲལ་གྱི་སྨིན་བྱེད་ཆོ་ག་མཐུ་དབང་དྲག་རྩལ་རབ་འབྱེད་ཅེས་བྱ་བ་བཞུགས་སོ། ། རྟག་པར་ཞི་ལས་མ་གཡོས་ཀྱང་། །ཤིན་ཏུ་གཏུམ་པའི་ཁྲོ་གཟུགས་ཀྱིས། །བགེགས་དཔུང་ཕྱེ་མར་བརླག་མཛད་པ། །ནག་པོ་ཆེན་པོས་བདག་ལ་སྐྱོངས། །སྲས་མཆོག་ཁྲོ་ཆེན་ཀིངྐ་ར། །ལས་ཀྱི་མགོན་པོའི་ཚུལ་བསྟན་པ། །དེ་ཡི་སྨིན་བྱེད་ཁྱད་པར་ཅན། །ཐུན་མིན་བཀའ་གཏེར་བཅུད་འདུས་སོ། །ཟབ་བདུན་ལས་ཀྱི་མགོན་པོ་ཡབ་ཡུམ་ཞལ་སྦྱོར་གྱི་སྒོ་ནས་སློབ་མ་རྗེས་སུ་འཛིན་པ་ལ་དོན་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་བཤམ་བཀོད་ནི། དམ་ཚིག་བྲིས་སྐུ་ལ་སོགས་པ་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་ནག་པོའི་ཁར་གཞུང་མཐུན་དཀྱིལ་འཁོར་སྒོ་རྫོགས་ཅན་ནམ། བསྡུ་ན་མཎྜལ་གྲུ་གསུམ་མཐིང་ནག་མེ་རི་དང་བཅས་པའི་དབུས་སུ་འཁོར་ལོ་མཐིང་ནག་རྩིབས་བརྒྱད་པའི་ལྟེ་བ་དང་རྩིབས་རྣམས་ལ་ཐིག་ལེ་ནག་པོ་ཧཱུྃ་བྷྱོས་མཚན་པ་ཅན་གྱི་སྟེང་དུ་རྐང་གསུམ་ཁར། ཐོད་པའམ་ཟངས་ལྕགས་ཀྱི་སྣོད་དུ་འབྲུ་ནག་ཕྱེ་མ་ཤ་ཁྲག་དང་སྦྱར་བའི་དམར་གཏོར་ཟུར་གསུམ་ལྟོ་ཁྲ་འཁོར་བརྒྱད་དང་མཐེབ་ཀྱུས་བསྐོར་བ་རྒྱན་སྤྲོས་ཅན་སྐུ་ཙཀ་དར་གདུགས་ནག་པོས་བརྒྱན་པ་བཀོད། མདུན་སོགས་གང་བདེར། སྐུ་ཙཀ་དང་སྔགས་བྱང་དཀར་དམར་མཐིང་གསུམ། ཕྱག་མཚན་གྲི་ཐོད་མེ་ལོང་ཕུར་པ་ཕྱོགས་བསྡུས་ཀྱི་ཙཀླི། རྒྱབ་ཏུ་མཆོད་གཏོར་དང་སྨན་རཀ །དྲག་མཆོད་གཡས་སྐོར་དུ་བཤམ། གཉིས་པ་དངོས་གཞི་ལ། ཐོག་མར་དབང་དོན་སྒྲུབ་མཆོད་ནི། བདག་བསྐྱེད་དཔལ་ཧེ་རུ་ཀའི་སྒོམ་བཟླས་སྔོན་དུ་འགྲོ་བས། ཟབ་མདུན་སྤྱི་ཆིངས་ལྟར་ཕྱི་ནང་མཆོད་པ་བྱིན་བརླབས། མདུན་རྟེན་ལ་དམིགས་ཏེ་སྒྲུབ་ཕྲིན་ལྟར། མདུན་དུ་དུར་ཁྲོད་ཆེན་པོའི་དབུས༔ སོགས་ཀྱིས་དམ་ཚིག་པ་བསྐྱེད། ཡེ་ཤེས་བསྟིམ། བཞུགས་ཕྱག་མཆོད་ཅིང་བསྟོད་པའི། དམ་ཅན་སྲུང་མར་བཅས་ལ་ཕྱག་འཚལ་བསྟོད༔ ཅེས་པའི་བར་སོང་ནས། ཧེ་རུ་ཀའི་ཡིག་བརྒྱ་དང་གོང་གནོན་བཟླས་དམིགས་སྔོན་དུ་འགྲོ་བས། མ་ཧཱ་ཀཱ་ལ་ཡབ་ཡུམ་གྱི༔ ཐུགས་ཀར་ཉི་སྟེང་ཧཱུྃ་དང་བྷྱོ༔ སོ་སོའི་སྔགས་ཀྱིས་བསྐོར་བ་ལ༔ རང་གི་ཐུགས་ཀའི་འོད་ཟེར་གྱིས༔ མགོན་པོ་ཡབ་ཡུམ་ཐུགས་རྒྱུད་བསྐུལ༔ ཅི་བཅོལ་ལས་རྣམས་སྒྲུབ་པར་བསམ༔ ཞེས་དམིགས་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་ཡཀྵ་བེ་ཏཱ་ལི་ཧཱུྃ༔ ཞེས་ཡབ་ཡུམ་སྦྲེལ་མ་ཅི་འགྲུབ་བཟླ། མཐར་ཉེར་སྤྱོད་ལྔ། རང་སྔགས་ལ་སྨན་རཀ་གཏོར་གསུམ་གྱི་སྔགས་ཁཱ་ཧི་བཏགས་པ་ལན་གསུམ་འབུལ། ཧཱུྃ༔ དཔལ་མགོན་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས༔སོགས་ཀྱིས་ཕྲིན་ལས་བཅོལ། ཏིང་ངེ་འཛིན་གྱི་དབང་བླངས་ལ་གནང་བ་ནོད་དོ། །དབང་དངོས་གཞི་ལ། སྣོད་དུ་རུང་ངེས་པའི་སློབ་མ་གཅིག་གམ་ཧ་ཅང་མང་པོ་མ་ཡིན་པ། ལས་བུམ་གྱིས་ཁྲུས་བྱ། བགེགས་བསྐྲད་ལ་མཚམས་བཅད། སེམས་བསྐྱེད་གསལ་བཏབ་ལ་སྤྱི་བཤད་ཇི་ལྟར་འོས་པ་དང་། འདིར་སྐབས་སུ་བབས་པ། དཔལ་ཆེན་ཧེ་རུ་ཀ་རྡོ་རྗེ་སྲིན་པོ་ཚོགས་ཀྱི་བདག་པོའི་ཕྲིན་ལས་ཀྱི་རྣམ་འགྱུར་སྲས་མཆོག་མ་ཧཱ་ཀཱ་ལ་བེར་ནག་ཅན་ལྕམ་དྲལ་སྦྲགས་སྒྲུབ་ཀྱི་དབང་བསྐུར་བ་སྟེ། མགོན་པོ་འདི་ལའང་ནང་གསེས་སུ། ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་བེར་ནག་ཅན་དང་། ལས་ཀྱི་མགོན་པོ་སྲས་མཆོག་བེར་ནག་ཅན་དང་། འཇིག་རྟེན་གྱི་མགོན་པོ་དྲེགས་བྱེད་བེར་ནག་ཅན་གསུམ་དུ་བསྟན་པ་སོགས་ཡབ་རྐྱང་དང་། ལྷ་མོ་རང་བྱུང་རྒྱལ་མོ་ལའང་ཡེ་ཤེས་ལས་དང་འཇིག་རྟེན་པ་གསུམ་དུ་བསྟན་པ་སོགས་ཡུམ་རྐྱང་གི་རྒྱུད་དང་མན་ངག་མཚན་དང་སྐུའི་རྣམ་འགྱུར་མི་འདྲ་བར་བརྟེན་པའི་སྒྲུབ་ལུགས་དུ་མ་གསང་སྔགས་གསར་རྙིང་ཀུན་ལ་ཁྱབ་བརྡལ་དུ་བྱུང་ཞིང་། ཁྱད་པར་དུ་ཟབ་ཅིང་གཉན་པ་མ་མགོན་ཞལ་སྦྱོར་དུ་སྒྲུབ་པའི་ཚུལ། བསྟན་པ་སྔ་དར་གྱི་སྐབས་སློབ་དཔོན་ཆེན་པོ་པདྨཱཀ་རས་སྟག་ནམ་མཁའི་ལྷ་བཟུང་ལ་བསྩལ། དེ་ནས་བརྩམ་སྔགས་འཆང་མི་རབས་ཉེར་བརྒྱད་མཐར་གྲུབ་ཆེན་རིན་པོ་ཆེ་ཀརྨ་པཀྴི་ལ་མ་མགོན་གཉིས་ཀྱིས་ཕྲིན་ལས་ཁྱད་པར་དུ་སྒྲུབ་པའི་གཡར་དམ་ཕུལ་ཅིང་སྒྲུབ་ཐབས་མན་ངག་གི་བཀའ་བབས་པ་ནས་བཟུང་། ད་ལྟའི་བར་དུ་བཀའ་བརྒྱུད་ཀཾ་ཚང་ལ་བྱིན་རླབས་གཟི་བྱིན་མ་ཉམས་པར་བཞུགས་པ་དང་། སྙིང་པོར་དྲིལ་བའི་གདམས་ཟབ་འདི་ཉིད་ལྷ་སྲས་རྣམ་རོལ་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་སྤྱན་དྲངས་པའི། ཐུགས་དམ་ཟབ་པ་སྐོར་བདུན་གྱི་བཀའ་སྲུང་གཙོ་བོ་ལེགས་ལྡན་ཚོགས་ཀྱི་བདག་པོའི་ཆ་ལག་ཏུ་བྱོན་པ་སྟེ། བཀའ་གཏེར་གཉིས་ཀའི་བྱིན་རླབས་ཆུ་བོའི་རྒྱུན་གཅིག་འདྲེས་སུ་གྱུར་པའི་སྨིན་བྱེད་ཟབ་མོ་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་མཎྜལ་འབུལ་དུ་གཞུག །སློབ་དཔོན་ཉིད་དཔལ་ཧེ་རུ་ཀ་དང་ནག་པོ་ཆེན་པོ་ཐ་དད་མེད་པར་བཞུགས་པ་ལ་དད་གུས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། གདུག་པ་མ་ལུས་འདུལ་མཛད་པ། །ནག་པོ་ཆེན་པོ་བཅོམ་ལྡན་འདས། །མཁའ་འགྲོ་ཀུན་གྱི་དབང་ཕྱུག་གཙོ། ཁྱོད་ཀྱིས་བདག་ལ་དབང་བསྐུར་སྩོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ། བླ་མ་དཔལ་ཧེ་རུ་ཀ་དང་མདུན་བསྐྱེད་མ་མགོན་ལྕམ་དྲལ་གྱི་ལྷ་ཚོགས་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ བདག་སོགས་སེམས་ཅན་མ་ལུས་པ༔ མཆོག་གསུམ་འདུས་པ་བླ་མ་རྗེ༔ བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ༔ མཁའ་འགྲོར་བཅས་ལ་སྐྱབས་སུ་མཆི༔ ལན་གསུམ། མ་གྱུར་སྐྱེ་དགུ་མཐའ་ཡས་པ་རྣམས་ཀྱི་དོན་དུ་དཀྱིལ་འཁོར་གྱི་དབང་ཕྱུག་ཁྱབ་བདག་ཧེ་རུ་ཀའི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་ལམ་སྒྲུབ་པའི་བར་གཅོད་བསལ་བ་དང་། མཐུན་རྐྱེན་འདོད་རྒུའི་དངོས་གྲུབ་འབད་མེད་འགྲུབ་པར་བྱ་བའི་ཕྱིར་དཔལ་མ་མགོན་ལྕམ་དྲལ་གྱི་དབང་བསྐུར་ནོད་ཅིང་བསྙེན་སྒྲུབ་ལ་འབད་པར་བགྱིའོ་སྙམ་པའི་སྨོན་འཇུག་དང་། འཁོར་གསུམ་རྣམ་པར་མི་རྟོག་པའི་དོན་དམ་བྱང་ཆུབ་སེམས་གསལ་ཐོབ་ལ་འདིའི་རྗེས་ཟློས། མཁའ་མཉམ་འགྲོ་རྣམས་བསྒྲལ་བའི་ཕྱིར༔ དཔལ་ཆེན་གོ་འཕང་འཐོབ་པར་བྱ༔ ཆོས་ཀུན་རང་བཞིན་ཡོངས་དག་པ༔ དམིགས་སུ་མེད་པའི་ཏིང་འཛིན་བསྒོམ༔ ལན་གསུམ། ཚོགས་ཞིང་དེ་དག་གི་སྤྱན་སྔར་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་དང་། སྡིག་པ་བཤགས་ཤིང་བསོད་ནམས་ལ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཅིང་རྟག་བརྟན་དུ་བཞུགས་པར་གསོལ་བ་འདེབས་པ་དང་། དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ་བ་སྟེ་ཚོགས་གསག་ཡན་ལག་བདུན་པའི་ཏིང་ངེ་འཛིན་རྣམས་རིམ་པར་གསལ་ཐོབས་ལ་འདིའི་རྗེས་ཟློས། བླ་མ་དཔལ་ཆེན་ཧེ་རུ་ཀ༔ མཁའ་འགྲོ་ཆོས་སྐྱོང་བཅས་པ་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ འགལ་འཁྲུལ་ཉམས་ཆག་མཐོལ་ཞིང་བཤགས༔ མཆོག་དམན་དགེ་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་བ་མཁའ་མཉམ་འགྲོ་ལ་བསྔོ༔ ཐམས་ཅད་སངས་རྒྱས་ཐོབ་པར་ཤོག༔ ཅེས་ལན་གསུམ་བྱ། དབང་གི་རྟེན་ནམ་སྲོག་གི་རྩ་བར་གྱུར་པ་དམ་ཚིག་ལེགས་པར་གཟུང་དགོས་པས། སྤྱིར་སོ་བྱང་སྔགས་གསུམ་གྱིས་བསྡུས་པའི་སྡོམ་པ་དང་དམ་ཚིག །བྱེ་བྲག་བླ་མེད་རྡོ་རྗེ་ཐེག་པ་ནས་གསུངས་པའི་ས་མ་ཡ་འབུམ་སྡེ། ཁྱད་པར་དཔལ་མ་མགོན་ལྕམ་དྲལ་གྱི་རྒྱུད་དང་མན་ངག་ལས་ཇི་སྐད་གསུངས་པའི་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། ཧོ༔ བླ་མ་མགོན་པོ་དགོངས་སུ་གསོལ༔ འདི་ནས་བྱང་ཆུབ་སྙིང་པོའི་བར༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ དམ་ཚིག་སྡོམ་པ་མ་ལུས་གཟུང༔ ལན་གསུམ། སློབ་དཔོན་གྱིས་རྡོ་རྗེ་མགོར་བཞག་ལ། གསང་བའི་དམ་ཚིག་ལས་འདས་ན༔ ཚེ་འདིར་མི་རུང་དམྱལ་བར་ལྟུང༔ དམ་ཚིག་མཆོག་ཏུ་སྲུང་བ་ཡིས༔ དངོས་གྲུབ་ཐམས་ཅད་དེས་འགྲུབ་འགྱུར༔ ཇི་ལྟར་བསྒོས་པའི་དམ་ཚིག་དང་སྡོམ་པ་ལས་འདའ་བར་མི་བྱའོ་སྙམ་པས་ཐ་ཚིག་གི་ཆུ་ནན་འཐུང་བ་དང་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ནང་མཆོད་སྦྱིན་ལ། ཨི་དན་ན་ར་ཀན༔ ཞེས་བརྗོད་དུ་གཞུག །དེ་ནས་ཡེ་ཤེས་པ་དབབ་པ་ཡིན་པས་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་ཀྱིས་སྦྱང་། སྟོང་པའི་ངང་ལས། བྷྲཱུྃ་ལས་ཐོད་མཁར་གྲུ་གསུམ་དྲག་པོའི་རྒྱན་བཀོད་འཇིགས་སུ་རུང་བ་དང་ལྡན་པའི་ནང་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར། པདྨ་ཉི་མ་དགྲ་བགེགས་ཕོ་མོ་སྒྱེལ་བའི་གདན་ལ་བདུད་རྟ་ནག་པོ་རླུང་གི་གཤོག་པ་ཅན་ཞིང་ཆེན་གྱི་སྟན་དང་སྒ་སྲབ་ཀྱིས་སྤྲས་པའི་སྟེང་དུ་རིག་པའི་ངོ་བོ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས། ཁྱེད་རང་སྲས་མཆོག་ནག་པོ་ཆེན་པོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྲིན་པོ་ལྟར་ཁྲོས་པའི་ཉམས་ཅན། སྤྱན་གསུམ་ཉི་མ་ལྟར་འཁྱིལ་ཞིང་། ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་པ་སྨར་སྨིན་དབུ་སྐྲ་ཁམ་ནག་ཏུ་འཕྱོ་བ། ཕྱག་གཡས་གྲི་གུག་ཕྱར་ཅིང་གཡོན་པས་ཐོད་ཁྲག་རོལ་པ། དར་ནག་གི་བེར་ཆེན་བརྩེགས་མར་གསོལ་བའི་ནང་མ་ལ་གསེར་རྐེད་དང་མི་ལྤགས་སྐ་རགས་སུ་བཅིངས་པའི་གསེབ་ཏུ་བེང་ཕུར་སྒོ་གསུམ་པ་བཙུད་པ། ཐོད་སྦྲུལ་དུར་ཁྲོད་ཆས་ཀྱིས་བརྒྱན་ཅིང་ཞབས་གཉིས་སག་ཏིའི་ལྷྭམ་ཡུ་རིང་གསོལ་ནས་ཆིབས་ལ་རོལ་སྟབས་སུ་བཞུགས་པའི་པང་དུ། ཡུམ་སྲིད་པའི་རྒྱལ་མོ་རེ་མ་ཏི་མཐིང་ནག་མ་མོའི་ཆས་ཅན་མེ་ལོང་དང་ཕུར་པ་ཐོགས་པས་འཁྱུད་ཅིང་མེ་རླུང་རབ་ཏུ་འཁྲུགས་པའི་ཀློང་ན་གསལ་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་མོས་ཤིག །བདུད་རྩིའི་ཐིག་ལེ་བྱས་ལ་འབྲུ་གསུམ་བརྗོད། སླར་ཡང་བླ་མ་དཔལ་ཧེ་རུ་ཀར་གསལ་བ་ལ་མོས་གུས་བྱས་པས་དེའི་ཐུགས་ཀ་ནས་འོད་ཟེར་དུས་མཐའི་གློག་གི་ཞགས་པ་ལྟ་བུ་འཕྲོས། འོག་མིན་གྱི་གནས། བསིལ་བ་ཚལ་སོགས་དུར་ཁྲོད་ཆེན་པོ་བརྒྱད། བྱང་ཤར་རླུང་ནག་དགུ་ཀློང་འཁྱིལ་བ་སོགས་སོ་སོའི་གནས་ནས་དཔལ་མ་མགོན་ལྕམ་དྲལ་འཁོར་གྱི་ཚོགས་དང་བཅས་པ། ནམ་མཁའ་ལ་ཆར་སྤྲིན་གཏིབས་པ་ལྟར་བྱོན་ནས་ཁྱེད་རང་ལ་ཐིམ་པར་མོས་ཤིག །གུ་གུལ་ཤ་ཆེན་དུད་པ་དང་རོལ་མོ་དྲག་ཏུ་འཁྲོལ་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཨེ་ཨཱ་རལླི་ཧྲིང༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨཿ ཞེས་བཟླས་ལ་དབབ། རྡོ་རྗེ་མགོར་བཞག་ལ། ཏིཥྛ་བཛྲ་གྱིས་བརྟན་པར་བྱ། དེ་རྣམས་ཀྱིས་དབང་གི་སྔོན་འགྲོ་གྲུབ་ནས་དངོས་གཞི་ལ་ཐུན་མོང་གཏོར་མའི་དབང་བསྐུར། ཁྱད་པར་བྱིན་རླབས་དགུ་ཕྲུགས། ཐུན་མོང་མ་ཡིན་པའི་དངོས་གྲུབ་སྦྱིན་པ་རྣམས་སུ་ཡོད་པ་ལས། དང་པོའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། དབང་གཏོར་ཐོགས་ལ། གཏོར་སྣོད་དུར་ཁྲོད་འབར་བའི་ཕོ་བྲང་ནང་དུ་གཏོར་མ་དཔལ་ལྡན་མགོན་པོ་ལྕམ་དྲལ་འཁོར་ནག་པོ་ཡབ་ཡུམ་བཅུ་དྲུག་གིས་བསྐོར་ནས་བཞུགས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ་གསལ་ཐོབས། དེ་ལ་མོས་གུས་བྱས་པས་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། ཁྱེད་རང་གི་དཔྲལ་བར་ཐིམ་པས་ལུས་ཀྱི་ནད་གདོན་སྡིག་སྒྲིབ་དག །སྐུའི་དབང་བསྐུར་ཡོངས་རྫོགས་ཐོབ་པར་མོས་ཤིག ཧཱུྃ༔ ཧེ་རུ་ཀ་ཡི་སྤྲུལ་པ་མཆོག༔ ཡེ་ཤེས་མགོན་པོ་ཡབ་དང་ཡུམ༔ སྐུ་ཡི་གཟི་བྱིན་དཔལ་དུ་འབར༔ སློབ་མའི་ལུས་ལ་བྱིན་གྱིས་རློབས༔ སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ བར་ཆད་ཐམས་ཅད་བསལ་བ་དང༔ ཕྲིན་ལས་མ་ལུས་བསྒྲུབ་ཏུ་གསོལ༔ སྙིང་པོའི་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བཏགས་པ་བརྗོད་ལ་གཏོར་མ་མགོ་བོར་བཞག་པ་སོགས་གནས་གསུམ་འགྲེ། ཡང་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། ཁྱེད་རང་གི་མགྲིན་པར་ཐིམ་པས་ངག་གི་ནད་གདོན་སྡིག་སྒྲིབ་དག །གསུང་གི་དབང་བསྐུར་ཡོངས་རྫོགས་ཐོབ་པར་མོས་ཤིག །ཧཱུྃ༔ ཧེ་རུ་ཀ་ཡི་སྤྲུལ་པ་མཆོག༔ ཡེ་ཤེས་མགོན་པོ་ཡབ་དང་ཡུམ༔ གསུང་གི་གདངས་སྐད་ཆོས་ཀྱི་སྒྲ༔ སློབ་མའི་ངག་ལ་བྱིན་གྱིས་རློབས༔ གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ བར་ཆད་ཐམས་ཅད་བསལ་བ་དང༔ ཕྲིན་ལས་མ་ལུས་བསྒྲུབ་ཏུ་གསོལ༔ སྙིང་པོའི་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། ཁྱེད་རང་གི་སྙིང་གར་ཐིམ་པས་ཡིད་ཀྱི་ནད་གདོན་སྡིག་སྒྲིབ་དག །ཐུགས་ཀྱི་དབང་བསྐུར་ཡོངས་རྫོགས་ཐོབ་པར་མོས་ཤིག །ཧཱུྃ༔ ཧེ་རུ་ཀ་ཡི་སྤྲུལ་པ་མཆོག༔ ཡེ་ཤེས་མགོན་པོ་ཡབ་དང་ཡུམ༔ ཐུགས་ནི་སྒྲོལ་མཛད་ཡེ་ཤེས་ཆེ༔ སློབ་མའི་ཡིད་ལ་བྱིན་གྱིས་རློབས༔ ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ བར་ཆད་ཐམས་ཅད་བསལ་བ་དང༔ ཕྲིན་ལས་མ་ལུས་བསྒྲུབ་ཏུ་གསོལ༔ སྙིང་པོའི་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་སྐུ་གསུང་ཐུགས་ཀྱི་དབང་དང་རྗེས་སུ་གནང་བ་ཐོབ། བསྙེན་སྒྲུབ་མཆོད་བསྟོད་ཕྲིན་ལས་སྒྲུབ་པ་ལ་དབང་བར་བྱས་པ་ཡིན་ནོ། །གཉིས་པ་ཁྱད་པར་གྱི་བྱིན་རླབས་བགྱི་བ་ལ་ཐོག་མར་སྐུའི་བྱིན་རླབས་རྣམ་གསུམ་གྱི་སླད་དུ་དམིགས་འདུན་འདི་བཞིན་དུ་མཛོད། སླར་ཡང་སློབ་དཔོན་ལ་གུས་འདུད་དྲག་ཏུ་བྱས་པས་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་མགོན་པོ་ལྕམ་དྲལ་ལ་ཕོག་པས་ཐུགས་རྒྱུད་བསྐུལ། ལྕམ་དྲལ་གཉིས་ཀྱི་དཔྲལ་བ་ནས་སྐུ་དཀར་པོའི་ཚོགས་ཆར་བབས་པ་ལྟར་བྱོན། ཁྱེད་རང་གི་དཔྲལ་བར་ཐིམ་པས་སྐུ་མགོན་དཀར་པོར་ལམ་སྟེ་གྱུར་པར་མོས་ཤིག །སྤྲོ་ན། ཧཱུྃ༔ ཧེ་རུ་ཀ་ཡི་སྤྲུལ་པ་སོགས་ནས། བསྩལ་དུ་གསོལ༔ ཅེས་དང་། བསྡུ་ན་སྔགས་ཁོ་ནས་ཀྱང་ཆོག་པས། སྙིང་པོའི་མཐར་གསུམ་ཀ་ལ། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བཏགས་པ་བརྗོད། ཡང་ལྕམ་དྲལ་གཉིས་ཀྱི་མགྲིན་པ་ནས་སྐུ་དམར་པོའི་ཚོགས་ཆར་བབས་པ་ལྟར་བྱོན། ཁྱེད་རང་གི་མགྲིན་པར་ཐིམ་པས་གསུང་མགོན་དམར་པོར༴ སོགས་གོང་ལྟར། ཡང་ལྕམ་དྲལ་གཉིས་ཀྱི་ཐུགས་ཀ་ནས་སྐུ་མཐིང་གའི་ཚོགས་ཆར་བབས་པ་ལྟར་བྱོན། ཁྱེད་རང་གི་སྙིང་གར་ཐིམ་པས་ཐུགས་མགོན་མཐིང་གར་སོགས་གོང་ལྟར་བརྗོད་ལ་སྐུ་ཙཀ་གནས་གསུམ་དུ་བཞག །གཉིས་པ་གསུང་གི་བྱིན་རླབས་རྣམ་གསུམ་སོགས་སྔ་མ་ལྟར་ལ། དཔྲལ་བ་ནས་སྔགས་ཕྲེང་དཀར་པོའི་ཚོགས་རང་སྒྲ་དང་བཅས་པ་བྱོན། ཁྱེད་རང་གི་དཔྲལ་བར་ཉི་སྟེང་ཧཱུྃ་ཡིག་དཀར་པོའི་མཐར་འཁོད་པར་མོས་ཤིག །དེས་འགྲེས་ཏེ་གསུང་དང་ཐུགས་ལའང་སྦྱར་ཅིང་། སྔགས་གསུམ་ཀར། ཝཱ་ཀ་ཨ་བྷི་སོགས་སྦྱར་ཅིང་སྔགས་བྱང་སོ་སོར་བཞག །གསུམ་པ་ཐུགས་ཀྱི་བྱིན་རླབས་རྣམ་གསུམ་སོགས་གོང་ལྟར་ལ། དཔྲལ་བ་ནས་ཕྱག་མཚན་དང་འོད་ཟེར་དཀར་པོའི་ཚོགས་གཟི་བརྗིད་འབར་བ་བྱོན། ཁྱེད་རང་གི་དཔྲལ་བར་ཐིམ་པས་སྐུའི་གསང་བ་དང་དབྱེར་མེད་དུ་གྲུབ་པར་མོས་ཤིག །དེས་གསུང་དང་ཐུགས་ལའང་འགྲེས་ཏེ་ཚིགས་གཅད་དང་། སྔགས་རྣམས་ཙིཏྟ་ཁོ་ན་སྦྱར་ལ་ཕྱག་མཚན་གནས་རྣམས་སུ་བཞག །འདི་ཕྱིན་ཆད་སློབ་མ་བརྒྱུད་པ་འཛིན་ངེས་ལས་བྱར་མི་རུང་ལ། བྱ་དགོས་པའི་ཚེ། གསུམ་པ་ཐུན་མོང་མ་ཡིན་པའི་དངོས་གྲུབ་སྦྱིན་པ་ལ་དམིགས་པ་འདི་ལྟར་དུ་མཛོད། མདུན་བསྐྱེད་དང་གཏོར་མ་མགོན་པོ་ལྕམ་དྲལ་གསལ་བ་ལ་ཐུགས་དམ་བསྐུལ་བས་སྐུའི་གནས་རྣམས་དང་། ན་བཟའི་སུལ་ལ་སོགས་པ་ནས་དངོས་གྲུབ་རྣམ་པ་གཉིས་ཀྱི་རང་བཞིན་ཕྱག་རྒྱ་སྔགས་ཕྲེང་ཕྱག་མཚན་ནོར་བུ་རིན་པོ་ཆེའི་རྣམ་པ་ཆར་ཆེན་བབས་པ་ལྟར་བྱོན་ནས་ཁྱེད་རང་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །གཏོར་མ་ཐོགས་ལ། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནས། །ཡེ་ཤེས་མགོན་པོ་འཁོར་དང་བཅས། །འདིར་གཤེགས་འདི་ལ་དགོངས་ནས་ཀྱང་། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་ནས། །སྲས་མཆོག་ནག་པོ་འཇིགས་པའི་གཟུགས། །འདིར་གཤེགས་འདི་ལ་དགོངས་ནས་ཀྱང་། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །རི་རབ་མཆོག་གི་སྟེང་ཤེད་ནས། །འཇིག་རྟེན་མགོན་པོ་གཟི་བརྗིད་ཅན། །འདིར་གཤེགས་འདི་ལ༴ བྱིན་གྱིས་བརླབ་པར༴ མཐོང་བ་ཙམ་གྱིས་བདུད་ཀྱི་དཔུང་། །ཀུན་ནས་སྐྲག་པར་བྱེད་པ་ཡི། །མ་ཧཱ་ཀཱ་ལ་ཁྱོད་ཀྱི་ཞལ། །འདི་ལ་དེ་རིང་བསྟན་དུ་གསོལ། །ལས་བཞི་གྲུབ་པ་ཆེན་པོ་བརྒྱད། །སྐད་ཅིག་ཡུད་ཀྱིས་འགྲུབ་བྱེད་པ། །སྔགས་ཀྱི་དངོས་གྲུབ་ཆེན་པོ་དེའང་། །འདི་ལ་དེ་རིང་བསྩལ་དུ་གསོལ། །བྱམས་པའི་ཐུགས་ཀྱིས་འདི་ལ་དགོངས། །བརྩེ་བའི་སྤྱན་གྱིས་འདི་ལ་གཟིགས། །ལུང་བསྟན་རྗེས་སུ་གནང་བ་ཡི། །བཀའ་བསྩལ་འདི་ལ་གནང་དུ་གསོལ། །བྷྱོ། །མ་གཅིག་སྨིན་མཚམས་མཛོད་སྤུ་ཡི། །འོད་ཟེར་གྱི་ནི་དྲ་བ་ལས། །སྐུ་ཡི་སྤྲུལ་པ་གྲངས་མེད་འགྱེད། །དཔལ་ལྡན་ལྷ་མོ་རེ་མ་ཛ། །ཕྱོགས་བཅུ་ནམ་མཁའི་བདུད་བཅོམ་ནས། །སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །མ་གཅིག་ལྗགས་ཀྱི་དབང་པོ་ཡི། །འོད་ཟེར་གྱི་ནི་དྲ་བ་ལས། །གསུང་གི་སྤྲུལ་པ་གྲངས་མེད་འགྱེད། །དཔལ་ལྡན་ལྷ་མོ་རེ་མ་ཛུ། །ཕྱོགས་བཅུ་ནམ་མཁའི་བདུད་བཅོམ་ནས། །གསུང་གི་དངོས་གྲུབ་བསྩལ་དུ་གསོལ། །མ་གཅིག་ཐུགས་ཀྱི་དཔལ་བེའུ་ཡི། །འོད་ཟེར་གྱི་ནི་དྲ་བ་ལས། །ཐུགས་ཀྱི་སྤྲུལ་པ་གྲངས་མེད་འགྱེད། །དཔལ་ལྡན་ལྷ་མོ་རེ་མ་ཏི། །ཕྱོགས་བཅུ་ནམ་མཁའི་བདུད་བཅོམ་ནས། །ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ། སྤྲོ་ན་བརྒྱུད་པའི་མཚན་དང་སྤྱི་འགྲོའི་བཀའ་བསྒོ་བརྗོད། གཏོར་མ་ལྷར་གསལ་བ་འོད་དུ་ཞུ་སྟེ་བདུད་རྩིའི་ཐིག་ལེར་འཁྱིལ་པ་ཁྱེད་རང་གིས་རོལ་པས་དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི་གསང་གསུམ་ཕྲིན་ལས་དང་བཅས་པ་དང་དབྱེར་མེད་པའི་དངོས་གྲུབ་ཐོབ་པར་མོས་ཤིག །ཅེས་བྱས་ལ་གཏོར་མའི་ཆ་ཤས་སྦྱིན། ཤིས་པ་བརྗོད། དམ་ཚིག་བསྒྲག་གཟུང་གཏང་རག་སོགས་དང་། གསུམ་པ་རྗེས་ཀྱི་བྱ་བ་མཆོད་བསྟོད་ནོངས་བཤགས་གཤེགས་བསྟིམ་ཤིས་བརྗོད་ཀྱི་བར་ཡང་སྤྱི་ལྟར་བྱས་པས་འགྲུབ་བོ། །ནག་པོ་ལྕམ་དྲལ་གསང་ཆེན་དང་། །དབྱེར་མེད་མངོན་སྤྱོད་གནམ་ལྕགས་ཐོགས། །བདུད་དགྲ་དཔུང་བཅས་མགོར་དབབ་ནས། །ཆོས་ཀྱི་དབྱིངས་སུ་འཇོམས་བྱེད་ཤོག །ཅེས་བྱིན་རླབས་ཐུན་མོང་དང་ཐུན་མོང་མ་ཡིན་པ་བཀའ་བརྒྱུད་རྒྱལ་བ་ཡབ་སྲས་དང་སྤྲུལ་པའི་གཏེར་ཆེན་ཉིད་ལས་ནོས་ཏེ། གཞན་ཕན་གྱི་ལག་ལེན་གསལ་བྱེད་དུ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བསྡེབས་པ་དགེ་ལེགས་འཕེལ།། །།
དམ་ཆོས་ཤོག་སྡེ་དྲུག་པ་ལས། རྡོར་སེམས་ཐུགས་ཀྱི་སྙིང་པོའི་དབང་གི་ཆོ་ག་འོད་གསལ་སྙིང་པོ་ (Volume 27, Text 8)
༄༅། །དམ་ཆོས་ཤོག་སྡེ་དྲུག་པ་ལས། རྡོར་སེམས་ཐུགས་ཀྱི་སྙིང་པོའི་དབང་གི་ཆོ་ག་འོད་གསལ་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་སཏྭ་ཡ། རྡོ་རྗེ་སེམས་དཔའ་རིགས་ཀུན་བདག །སྐུ་དང་ཞིང་ཁམས་འདུ་འཕྲོའི་དབྱིངས། །འཁོར་བ་དོང་ནས་སྤྲུགས་མཛད་ལ། །གུས་པས་ཕྱག་འཚལ་བྱིན་གྱིས་རློབས། །དེ་ཉིད་རིགས་ལྔའི་དཀྱིལ་འཁོར་དུ། །སྒྲུབ་ཐབས་གསང་ལམ་བྱེ་བའི་བཅུད། །ཉམས་སུ་མྱོང་འདོད་སྐལ་བཟང་རྒྱུད། །སྨིན་བྱེད་སྒོ་འཕར་འདིར་དབྱེ་འོ། །རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀུན་གྱི་གསང་གསུམ་ཡོན་ཏན་ཕྲིན་ལས་དང་བཅས་པ་གཅིག་ཏུ་བསྡུས་པའི་དཀྱིལ་འཁོར་འདིར་སྨིན་པར་འདོད་པའི་སྐལ་བ་ཅན་རྗེས་སུ་གཟུང་བ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི། སྟེགས་བུའི་སྟེང་དཀྱིལ་འཁོར་གཞུང་མཐུན་རས་བྲིས་བཀྲམ་པའམ་མཎྜལ་ལ་ཚོམ་བུ་གཙོ་འཁོར་ལྔ་ལྷ་མདོག་དང་མཐུན་པར་བཀོད། དེ་སྟེང་ཁྲིའུར་བུམ་པ་སོ་ལྔའི་བཅུད་དང་མགུལ་ཆིངས་སྔོན་པོ་ཁ་རྒྱན་གྱིས་སྤྲས་པ་བཀོད། །མདུན་ཕྱོགས་རྡོར་སེམས་རིགས་ལྔའི་ཙཀླི། ཤེལ་ཕྲེང་། གཡས་སུ་དབུ་རྒྱན། རྒྱབ་ཏུ་རྡོ་རྗེ། གཡོན་དུ་དྲིལ་བུ། མདུན་རྒྱབ་གང་བདེར་གསང་ཐོད་བདུད་རྩི། རིག་ཙཀ །ཤེལ་རྡོ་རྣམས་བཞག །སྨན་རཀ་གཏོར་མ། བཞི་བསྣོལ་ལྷ་གྲངས་ཕྱོགས་བཞི་དང་མདུན་དུ་བཀོད། ལས་བུམ། མིག་དར་མེ་ཏོག །སྔོན་གཏོར་ཚོགས་མཆོད་སོགས་དགོས་པའི་ཡོ་བྱད་རྣམས་འདུ་བྱས་ལ། དབང་དོན་དཀྱིལ་འཁོར་སྒྲུབ་པ་ནི། གཏེར་གཞུང་སྐྱབས་སེམས་ཚོགས་གསག །བགེགས་གཏོར་སྤྱི་ལྟར་བཏང་ལ་བཀའ་བསྒོ་ཞིང་མཚམས་བཅད། བཤགས་པ་བྱིན་འབེབ་མཆོད་བརླབ་སོང་ནས། དངོས་གཞི་བདག་མདུན་དབྱེར་མེད་དུ་བསྐྱེད་བསྟིམ་མཆོད་བསྟོད་ཀྱི་བར་དུ་བཏང་། མདུན་དཀྱིལ་གོ་སར་ཛཔ྄་ཁང་དབྱེ། སོ་སོར་སྤྲོ་བསྡུའི་དམིགས་པ་དང་རིགས་ལྔའི་ཡིག་བརྒྱ་དང་ཡང་སྙིང་ཅི་འགྲུབ་བཟླ། བུམ་བསྐྱེད་སྤྱི་འགྲེ་མདོར་བསྡུས་གསལ་བཏབ་ལ་བུམ་བཟླས་ཁྱུགས་ཙམ་བྱས་མཐར། མཆོད་བསྟོད་ཕུལ་ལ་བཤགས་པ་བྱ། དུང་ཆུ་ཕུལ་ལ་བུམ་ལྷ་འོད་ཞུ་དང་། ལས་བུམ་དུ་དབྱིངས་ཕྱུག་མའི་བསྐྱེད་བཟླས་འོད་ཞུ་བཅས་གྲུབ་ནས་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །གཉིས་པ་དངོས་གཞི་ནི། སློབ་མ་ལ་ཁྲུས་བྱ། བགེགས་གཏོར་བཏང་། ལས་བྱང་ལྟར་བཀའ་བསྒོ་ཞིང་མཚམས་བཅད། སེམས་བསྐྱེད་གསལ་བཏབ་ལ། མཚམས་སྦྱོར་ཁྱད་པར། དེ་ལ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་འབྱུང་གནས། ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་མ་ལུས་པ་རྣམས་ཀྱི་ཁྱབ་བདག །སྐུ་དང་ཞིང་ཁམས་རབ་འབྱམས་རྒྱ་མཚོའི་རྡུལ་སྙེད་ཀྱི་འཕྲོ་གཞི། མཚན་ཐོས་པ་ཙམ་གྱིས་ཀྱང་རྟོག་སྒྲིབ་བག་ཆགས་མ་ལུས་པ་སྦྱོང་ཞིང་སྲིད་པའི་ས་བོན་རྩད་ནས་གཅོད་པའི་མཐུ་མངའ་བ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ། གསང་བ་སྔགས་ཀྱི་རྒྱུད་ལུང་མན་ངག་ཐམས་ཅད་ནས་སྒྲུབ་པའི་ཐབས་དང་དེའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་གསུངས་ཤིང་། རྒྱ་བོད་ཀུན་ཏུ་རྡོ་རྗེ་ཐེག་པའི་ལམ་ལས་དངོས་གྲུབ་རྣམ་པ་གཉིས་བརྙེས་པ་ཇི་སྙེད་ཅིག་བྱོན་པ་ཐམས་ཅད་ཀྱང་། དངོས་དང་བརྒྱུད་ནས་ལྷ་འདི་ཉིད་ཀྱི་བྱིན་རླབས་དང་ཐུགས་རྗེའི་རོལ་རྩལ་ཁོ་ནས་སྔགས་ཀྱི་འབྲས་བུ་མངོན་དུ་གྱུར་པ་སྟེ། ཡི་དམ་ཞི་ཁྲོ་ཇི་སྙེད་པའང་རིགས་ལྔར་མ་འདུས་པ་མེད་ཅིང་དེའི་གཞིའམ་རྩ་བར་གྱུར་པ་གསང་ཆེན་རིགས་གཅིག་ནི་དཔལ་རྡོ་རྗེ་སེམས་དཔའ་ཁོ་ནར་ངེས་པ་སྟེ། ཇི་སྐད་དུ། རྡོ་རྗེ་སྟོང་པ་ཉིད་ཀྱི་དངོས། །སེམས་དཔའ་སྲིད་པ་གསུམ་གྱི་བདག །ཅེས་གསུངས་པ་ལྟར་དཀྱིལ་འཁོར་རབ་འབྱམས་རྒྱ་མཚོ་དེ་ལས་འཕྲོས་པ་ཁོ་ན་ཡིན་པའི་ཕྱིར། འདི་ཉིད་སྒྲུབ་པའི་བཀའ་སྲོལ་རང་རྐང་ཚུགས་པ་དང་གཞན་གྱི་རྒྱས་གདབ་ཀྱི་ཚུལ་དུ་བསྟན་པ། དཔའ་བོ་གཅིག་པ་ནས་དཀྱིལ་འཁོར་ཚོམ་བུ་དུ་མའི་བར་གྱི་དབྱེ་བསྡུའི་རིམ་པ་མཐའ་ཡས་པ་གསང་སྔགས་གསར་རྙིང་རྣམས་སུ་བྱོན་པ་ལས། དེ་ཉིད་རིགས་ལྔ་གཙོ་བསྡུས་སུ་སྒྲུབ་པའི་ཐབས་རྡོར་སེམས་ཐུགས་ཀྱི་སྙིང་པོ་ཞེས་བྱ་བ་འདི་ནི། རྒྱལ་དབང་པདྨ་འབྱུང་གནས་ཀྱིས་དཔལ་གཡོ་རུ་ཁྲ་འབྲུག་གི་གཙུག་ལག་ཁང་དུ་རྗེ་འབངས་འདུས་པ་ཕྱི་མ་རྣམས་ལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཆོས་འཁོར་བསྐོར་བའི་སྐབས་སུ། ལྷ་སྲས་མུ་རུབ་བཙད་པོ་ལ་དམ་ཆོས་ཤོག་སྡེ་དྲུག་པའི་སྐོར་རྣམས་ཆེད་དུ་བསྩལ། མ་འོངས་པའི་གདུལ་བྱ་ལ་དགོངས་ཏེ་ཟབ་མོའི་གཏེར་དུ་སྦས་པ། དམ་འཛིན་ཆོས་ཀྱི་བློ་གྲོས་ཀྱི་རྣམ་འཕྲུལ་ཨོ་རྒྱན་མཆོག་གྱུར་གླིང་པས་མདོ་ཁམས་གནས་ཆེན་ཉེར་ལྔའི་ནང་ཚན་ཡོན་ཏན་ཕྲིན་ལས་ཀྱི་གནས་མཆོག་སེང་ཆེན་གནམ་བྲག་ནས། ཁྱད་པར་འཕགས་པའི་རྟེན་མཆོག་དམ་རྫས་རྣམས་དང་ལྷན་ཅིག་སྤྱན་དྲངས་པའི་ཆོས་སྡེ་ལས་བྱོན་པ་སྟེ། དེ་ལྟ་བུའི་ཟབ་ཆོས་བྱིན་རླབས་ཀྱི་ངད་པ་མ་ཡལ་བའི་དཀྱིལ་འཁོར་གཉན་པོར་སྨིན་བྱེད་ཀྱི་རིམ་པ་བསྒྲུབ་པ་ལ་སོགས་བརྗོད་ནས་མཎྜལ་འབུལ་དུ་གཞུག །བརྡ་སྤྲོད་སྤྱི་ལྟར་བྱས་ལ། ཨོཾ་ཨཱཿཧཱུྃ་གིས་མིག་དར་བཅིང་། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་བཟུང་། ས་ཕྱོགས་འདི་ཉིད་འོག་མིན་སྟུག་པོ་བཀོད་དག་པ་རབ་འབྱམས་ཀྱི་ཞིང་ཁམས་སུ། སློབ་དཔོན་རིགས་ཐམས་ཅད་ཀྱི་ཁྱབ་བདག་དཔལ་རྡོ་རྗེ་སེམས་དཔའ་དངོས་སུ་གསལ་བ་ལ། མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོར་སེམས་གཙོ་བོ་ཁྱོད་ལ་འདུད༔ ཐར་པ་ཆེན་པོ་བདག་འདོད་ཀྱིས༔ དེ་ཉིད་དབང་དང་དམ་ཚིག་རྣམས༔ མགོན་པོ་དཔའ་བོས་བསྩལ་དུ་གསོལ༔ ལན་གསུམ། བླ་མ་དང་གཉིས་སུ་མེད་པའི་དཔལ་རྡོ་རྗེ་སེམས་དཔའ་རིགས་ལྔའི་དཀྱིལ་འཁོར་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་སྤྲིན་ཕུང་ནམ་མཁའི་མཐའ་མཉམ་འཕྲོ་བཞིན་བཞུགས་པ་ལ། བདག་སོགས་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོའི་བར་དུ་འབྲལ་བ་མེད་པར་སྐྱབས་སུ་འགྲོ་བའི་འདུན་པ་རྩེ་གཅིག་པས་འདིའི་རྗེས་ཟློས། བདག་དང་མཁའ་མཉམ་སོགས་ལས་བྱང་ལྟར་ལན་གསུམ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་སྡུག་བསྔལ་སྲིད་པའི་རྒྱ་མཚོ་ལས་འགྲོ་བ་རྣམས་ཡང་དག་པར་བསྒྲལ་བའི་སླད་དུ། ཐུགས་ཇི་ལྟར་བསྐྱེད་པ་དེ་བཞིན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་བྱང་ཆུབ་ཀྱི་སྤྱོད་པ་མཐའ་དག་སྤྱད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། སྔོན་གྱི་རྒྱལ་བ་སོགས་གསུམ། ཚོགས་ཀྱི་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ཞིང་གི་རྡུལ་སྙེད་སྤྲུལ་ནས་ཕྱག་འཚལ་ཞིང་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་འབུལ་བ་དང་། སྡིག་པ་ཐམས་ཅད་གནོང་འགྱོད་དྲག་པོས་བཤགས་ཤིང་བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། འཁོར་བ་ཇི་སྲིད་དེ་སྲིད་དུ་བཞུགས་སུ་གསོལ་བ་དང་ཡང་གསང་བླ་ན་མེད་པའི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། དགེ་རྩ་མི་གནས་པའི་བྱང་ཆུབ་ཆེན་པོར་བསྔོ་བ་སོགས་ཚིག་གི་དོན་གསལ་ཐོབ་ལ་འདིའི་རྗེས་ཟློས། ཕྱོགས་བཅུ་དུས་བཞིའི་སོགས། སོ་བྱང་སྔགས་གསུམ་གྱིས་བསྡུས་པའི་སྡོམ་པ་དང་དམ་ཚིག་གི་བསླབ་པའི་གནས་མཐའ་དག་ལེགས་པར་བླངས་ལ་ཚུལ་བཞིན་དུ་བསྲུངས་ཏེ་རྒྱུད་རྣམ་པར་དག་པར་བགྱི་བའི་བློས་འདིའི་རྗེས་ཟློས། བླ་མ་རྡོ་རྗེ་སེམས་དཔའ་དགོངས༔ བདག་གིས་སངས་རྒྱས་དོན་གཉེར་ཕྱིར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་སྡོམ་པ་བཟུང༔ ལན་གསུམ། དམ་ཆུ་བདུད་རྩི་སྦྱིན་ལ། འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ ཉམས་ན་ཕམ་བྱེད་མ་ཉམས་ན༔ དངོས་གྲུབ་ཐམས་ཅད་འདིས་ཐོབ་ཕྱིར༔ དམ་ཚིག་ཐམས་ཅད་ཐུབ་པར་གྱིས༔ དེང་ནས་བརྩམ་སྟེ་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་ལས་མི་འདའ་བར་སློབ་དཔོན་གྱི་བཀའ་བཞིན་རྗེས་སུ་བསྒྲུབ་པར་བྱའོ་སྙམ་པས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ཨི་དན་ན་ར་ཀན༔ ཅེས་བརྗོད་དུ་གཞུག །དབང་གི་གཞི་རྟེན་ཡེ་ཤེས་པའི་བྱིན་རླབས་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་ངག་ཡིད་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་བཞིན་རྩེ་གཅིག་ཏུ་སྒོམས་ཤིག །ཆོས་ཐམས་ཅད་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས། ཡེ་ཤེས་རོལ་པའི་གཞལ་མེད་ཁང་རྒྱན་དང་བཀོད་པ་ཚད་མེད་པའི་དབུས་སུ་པདྨ་དང་ཉི་ཟླའི་གདན་གྱི་སྟེང་དུ། ཁྱེད་རང་རྣམས་ཀྱི་རིག་པའི་ངོ་བོ་ཧཱུྃ་ཡིག་མཐིང་ནག་འབར་བ། དེ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་སྐད་ཅིག་གིས་དཀྱིལ་འཁོར་གྱི་གཙོ་བོ་རྡོར་སེམས་མི་བསྐྱོད་པ་སྐུ་མདོག་མཐིང་ནག་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་ཡུམ་དབྱིངས་ཕྱུག་མ་དང་མཉམ་པར་སྦྱོར་བ། ཞི་བའི་ཉམས་དགུ་དང་ལྡན་ཅིང་ལོངས་སྤྱོད་རྫོགས་པའི་ཆས་བཅུ་གསུམ་གྱིས་སྤྲས་པ། ཞབས་སྐྱིལ་མོ་ཀྲུང་གིས་འཇའ་ཟེར་ཐིག་ལེའི་ཀློང་ན་བཞུགས་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་གྱི་དྲྭ་བ་ནམ་མཁའ་ཁྱབ་པར་འཕྲོས། ཆོས་ཀྱི་དབྱིངས་རྒྱས་པར་འགེངས་པའི་བླ་མ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཡི་གེ་ཕྱག་མཚན་གྱི་རྣམ་པར་བཞེངས་ཏེ། ཉི་ཟེར་གྱི་རྡུལ་འཚུབས་པ་ལྟར་སྐད་ཅིག་གིས་བྱོན་ནས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་དབྱེར་མེད་དུ་ཐིམ་པར་མོས་ཤིག །སྤོས་དང་རོལ་མོ་དབྱངས་ཀྱི་འགྱུར་བ་དང་བཅས་ལས་བྱང་གི་བྱིན་འབེབ་བྱ། སྔགས་དྲག་ཏུ་བརྗོད་ལ་དབབ། ཡེ་ཤེས་པའི་བྱིན་རླབས་བྱང་ཆུབ་མ་ཐོབ་ཀྱི་བར་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ་ཞེས་པའི་སྔགས་དང་རྡོ་རྗེ་མགོར་བཞག་ལ་བརྟན་པར་བྱ། སྔར་བྱིན་པའི་མེ་ཏོག་དེ་ཉིད་ཁྱེད་རང་རྣམས་ཀྱི་ཚེ་རབས་སྔོན་ནས་ལས་དང་སྐལ་པས་འབྲེལ་པའི་རིགས་ཀྱི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་པས་འདིའི་རྗེས་ཟློས་ཀྱི་མཐར་དཀྱིལ་འཁོར་དུ་འདོར་བར་ཞུ། ཧཱུྃ༔ ཡེ་ཤེས་རིགས་ལྔའི་དཀྱིལ་འཁོར་དུ༔ རིན་ཆེན་མེ་ཏོག་འདི་དོར་བས༔ རྣམ་པར་དག་པའི་ལས་གང་གིས༔ ཐུགས་རྗེས་མཉེས་པར་བགྱིད་མཛད་ལྷ༔ གང་ཡིན་དེ་ལ་འབབ་པར་ཤོག༔ ཨོཾ་པྲ་ཏི་གྲྀཧྞ་ཧཱུྃ༔ པྲ་ཏི་ས་མ་ཡ་སཏྭཾ༔ བོ་དྷི་ཙིཏྟ་ས་མ་ཡ་སཏྭཾ༔ ཞེས་ཚོམ་བུའི་དཀྱིལ་འཁོར་དུ་འདོར་གཞུག །དེ་ལྟར་ཕུལ་པའི་མེ་ཏོག་ལྷག་པའི་ལྷས་བཞེས་ནས་སླར་ཡང་དབང་རྟགས་ཀྱི་ཅོད་པན་དུ་སྤྱི་བོར་བཅིངས་ནས་བྱིན་གྱིས་བརླབས་པར་མོས་ཤིག །ཧཱུྃ༔ དམ་ཚིག་བདེན་པ་ཆེན་པོའི་མཐུ༔ སྔོན་སྦྱངས་ལས་ཀྱིས་འབྲེལ་པ་དང༔ གཉིས་སུ་མེད་པའི་མཐུ་སྟོབས་ཀྱིས༔ མཉམ་པར་བྱིན་རླབས་མཛད་དུ་གསོལ༔ ཧཱུྃ་བཛྲ་སཏྭ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་མེ་ཏོག་གི་ཕྲེང་བ་མགོར་བཅིང་། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུས་མ་རིག་པའི་སྒྲིབ་པ་མིག་དར་དང་ལྷན་ཅིག་ཏུ་བསལ་བར་མོས། ཧཱུྃ༔ ཇི་ལྟར་མིག་མཁན་རྒྱལ་པོ་ཡིས༔ མ་རིག་ལྡོངས་པ་བསལ་བ་ལྟར༔ རྡོ་རྗེ་སེམས་དཔའ་རིགས་ཀྱི་ལྷས༔ སྐལ་ལྡན་བུ་ཁྱོད་མིག་དབྱེ་འོ༔ བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་གདོང་གཡོགས་བསལ་ལ་མཐོང་བ་བསྟན་པ་ནི། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ད་ནི་དད་པ་རབ་ཏུ་སྐྱེད༔ ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས༔ དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས༔ དམ་ཚིག་མཆོག་ཏུ་ཁྱོད་འགྱུར་རོ༔ ཞེས་བསྟན་པས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རིགས་ལྔའི་དཀྱིལ་འཁོར་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་བཞིན་དུ་མཐོང་བར་གྱུར་པའི་མོས་པ་མཛོད་ཅིག །དེ་རྣམས་ཀྱིས་སྔོན་འགྲོ་འཇུག་པའི་ཆོས་རྣམས་གྲུབ། དངོས་གཞིའི་དབང་རྣམས་རིམ་པར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨོཾ༔ ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྨད་པོ་ཆེ༔ འདི་ཉིད་དུ་ནི་མཉམ་སྦྱོར་པས༔ ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག༔ དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་པ་རྣམས་ཀྱིས་ཐོག་མར་མི་བསྐྱོད་པའི་རང་བཞིན་བུམ་པའི་ཆུས་མངོན་པར་དབང་བསྐུར་བའི་མོས་པ་མཛོད། བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་གཏིགས་ལ། ཧཱུྃ༔ སྐུ་གསུམ་དམ་ཚིག་ལས་བྱུང་བ༔ ཉོན་མོངས་ཞེ་སྡང་འཇོམས་པ་ཡི༔ ལྷ་ཡི་བདུད་རྩི་དག་པ་འདིས༔ མི་བསྐྱོད་པ་རུ་དབང་བསྐུར་རོ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་ཨ་བྷི་ཥིཉྩཱ་མི༔ རིན་ཆེན་འབྱུང་ལྡན་གྱི་ངོ་བོ་རིན་པོ་ཆེའི་དབུ་རྒྱན་སྤྱི་བོར་བཅིངས་པར་མོས་ཤིག །དབུ་རྒྱན་མགོར་བཞག་ལ། ཏྲཱཾ༔ སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ༔ སེར་སྣའི་རྟོག་པ་རྣམ་པར་འཇོམས༔ རྟག་ཏུ་ཆགས་མེད་སྦྱིན་པ་འདིས༔ རྫོགས་སངས་རྒྱས་སུ་དབང་བསྐུར་རོ༔ ཨོཾ་མ་ཧཱ་ས་མ་ཏཱ་ཛྙཱ་ན་ཨ་བྷི་ཥིཉྩཱ་མི༔ སྣང་བ་མཐའ་ཡས་ཀྱི་ངོ་བོ་རྡོ་རྗེ་ལག་གཡས་སུ་གཏད་པར་མོས་ཤིག །རྡོ་རྗེ་གཏད་ལ། ཧྲཱི༔ སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༔ མི་ཕྱེད་རྡོ་རྗེ་གསང་བ་ལས༔ འདོད་ཆགས་རྟོག་པ་རྣམ་པར་འཇོམས༔ རྡོ་རྗེ་ཆོས་སུ་དབང་བསྐུར་རོ༔ ཨོཾ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་ཨ་བྷི་ཥིཉྩཱ་མི༔ དོན་ཡོད་གྲུབ་པའི་རང་བཞིན་ཅན་གྱི་དྲིལ་བུ་ལག་གཡོན་དུ་བྱིན་པར་མོས་ཤིག །དྲིལ་བུ་གཏད་ལ། ཧཱ༔ ཐབས་དང་ཤེས་རབ་ལྡན་པ་ཡི༔ འགྲོ་དོན་མཉམ་མེད་དྲིལ་བུ་འདིས༔ ཕྲག་དོག་རྟོག་པ་རྣམ་པར་འཇོམས༔ གཉིས་སུ་མེད་པའི་དབང་བསྐུར་རོ༔ ཨོཾ་མ་ཧཱ་ཀྲྀ་ཏྱཱ་ནུཥྛཱ་ན་ཛྙཱ་ན་ཨ་བྷི་ཥིཉྩཱ་མི༔ རྣམ་པར་སྣང་མཛད་ཀྱི་ངོ་བོ་རྡོ་རྗེ་མིང་གིས་དབང་བསྐུར་བར་མོས་ཤིག །རྡོར་དྲིལ་ལྷན་ཅིག་པར་སྤྱི་བོར་དཀྲོལ་ལ། ཨོཾ༔ རྡོ་རྗེ་མིང་གི་དབང་བསྐུར་བས༔ གཏི་མུག་རྟོག་པ་རྣམ་པར་འཇོམས༔ ཅིས་ཀྱང་མི་ཆོད་མི་ཤིགས་པའི༔ རྡོ་རྗེའི་མིང་དུ་རབ་ཏུ་གྲགས༔ ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་ཨ་བྷི་ཥིཉྩཱ་མི༔ དེ་ལྟར་རིགས་ལྔའི་རང་བཞིན་ཅན་གྱི་རིག་པའི་དབང་ལྔ་བསྐུར་པས། ཉོན་མོངས་པ་ལྔ་དག །ཕུང་པོ་ལྔ་གནས་གྱུར། ཡེ་ཤེས་ལྔ་མངོན་དུ་བྱས་པ་ཡིན་ནོ། །དབང་གི་ལྷ་རྣམས་དང་སློབ་དཔོན་ལྷན་ཅིག་པས་རྣམ་རྒྱལ་བུམ་པ་རྡོ་རྗེ་བདེ་བ་ཆེན་པོ་བདུད་རྩིའི་ཆུས་གང་བའི་རྒྱུན་གྱིས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་གཏོར་ཞིང་བླུག་པའི་ཆོ་ག་བྱིན་པར་མོས་ཤིག །སླར་ཡང་བུམ་པས་དབང་བསྐུར་ལ། ཨོཾ༔ བུམ་པ་རང་བྱུང་གཞལ་ཡས་ཁང༔ ནང་དུ་རྡོར་སེམས་འོད་ཞུ་བའི༔ བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱུན༔ ལྷ་དབང་ལུས་ལ་ཡོངས་རྫོགས་ཤོག །ཡིག་བརྒྱའི་མཐར། ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་སྦྱིན། དེ་ལྟར་དབང་བསྐུར་པས་བདུད་རྩིའི་ཆུ་རྒྱུན་གྱིས་ལུས་ཐམས་ཅད་གང་། རྟོག་སྒྲིབ་བག་ཆགས་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་པ་ལས་བདེ་གཤེགས་རིགས་ལྔས་དབུར་བརྒྱན་པར་གྱུར། དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ལ། ཐོག་མར་སྐུ་ཕྱག་རྒྱའི་དབང་གི་སླད་དུ། དཀྱིལ་འཁོར་པ་ལས་ཡེ་ཤེས་རིགས་ལྔའི་ཕྱག་རྒྱ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན། ཁྱེད་རང་རྣམས་ལ་ཐིམ་པས་ཕུང་ཁམས་སྐྱེ་མཆེད་ལྷའི་འཁོར་ལོར་དག་པར་མོས་ཤིག །རྡོར་སེམས་རིགས་ལྔའི་ཙཀླིས་རིམ་པར་དབང་བསྐུར། ཧཱུྃ༔ མེ་ལོང་ཡེ་ཤེས་མི་བསྐྱོད་རྡོ་རྗེ་སེམས༔ ནམ་མཁའ་རྣམ་དག་ཡུམ་མཆོག་དབྱིངས་ཕྱུག་མ༔ གཉིས་མེད་རྡོ་རྗེ་རྒྱལ་པོའི་དབང་བསྐུར་བས༔ ཞེ་སྡང་རྣམ་དག་ཐུགས་སུ་བྱང་ཆུབ་ཤོག༔ ཨོཾ་བཛྲ་སཏྭ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ༔ ཆོས་དབྱིངས་ཡེ་ཤེས་རྣམ་སྣང་རྡོ་རྗེ་སེམས༔ ས་ཁམས་རྣམ་དག་ཡུམ་མཆོག་སངས་རྒྱས་སྤྱན༔ གཉིས་མེད་བདེ་གཤེགས་རྒྱལ་པོའི་དབང་བསྐུར་བས༔ གཏི་མུག་རྣམ་དག་སྐུ་རུ་བྱང་ཆུབ་ཤོག༔ ཨོཾ་བུདྡྷ་སཏྭ་ཨོཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཏྲཱཾ༔ མཉམ་ཉིད་ཡེ་ཤེས་རིན་འབྱུང་རྡོ་རྗེ་སེམས༔ ཆུ་ཁམས་རྣམ་དག་ཡུམ་མཆོག་མཱ་མ་ཀཱི༔ གཉིས་མེད་རིན་ཆེན་རྒྱལ་པོའི་དབང་བསྐུར་བས༔ ང་རྒྱལ་རྣམ་དག་ཡོན་ཏན་དབྱིངས་ཆུབ་ཤོག༔ ཨོཾ་རཏྣ་སཏྭ་ཏྲཱཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ སོར་རྟོག་ཡེ་ཤེས་མཐའ་ཡས་རྡོ་རྗེ་སེམས༔ མེ་ཁམས་རྣམ་དག་ཡུམ་མཆོག་ན་བཟའ་དཀར༔ གཉིས་མེད་པདྨ་རྒྱལ་པོའི་དབང་བསྐུར་བས༔ འདོད་ཆགས་རྣམ་དག་གསུང་དུ་བྱང་ཆུབ་ཤོག༔ ཨོཾ་པདྨ་སཏྭ་ཧྲཱིཿཨ་བྷི་ཥིཉྩ་ཧཱུྃ༔ ཨཱ༔ བྱ་གྲུབ་ཡེ་ཤེས་དོན་ཡོད་རྡོ་རྗེ་སེམས༔ རླུང་ཁམས་རྣམ་དག་ཡུམ་མཆོག་དམ་ཚིག་སྒྲོལ༔ གཉིས་མེད་ལས་ཀྱི་རྒྱལ་པོའི་དབང་བསྐུར་བས༔ ཕྲག་དོག་རྣམ་དག་ཕྲིན་ལས་དབྱིངས་ཆུབ་ཤོག༔ ཨོཾ་ཀརྨ་སཏྭ་ཨཱཿཨ་བྷི་ཥིཉྩ་ཧཱུྃ༔ དེང་ཕྱིན་ཆད་སྣོད་བཅུད་རྡོར་སེམས་རིགས་ལྔའི་རྟེན་དང་བརྟེན་པར་གསལ་བས་ཐ་མལ་གྱི་སྣང་ཞེན་ལ་ལྷ་སྐུ་ཕྱག་རྒྱའི་གཟེར་ཐེབས་པར་གྱིས་ཤིག །གཉིས་པ་གསུང་སྔགས་དབང་གི་སླད་དུ། དཀྱིལ་འཁོར་པ་རིགས་ལྔ་སོ་སོའི་ཐུགས་ཀར་ས་བོན་སྔགས་ཕྲེང་དང་བཅས་པ་གསལ་བ་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཟླ་སྟེང་ས་བོན་གྱི་མཐར་གཡས་སྐོར་དུ་འཁོད། བཟླས་པའི་རྐྱེན་གྱིས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། རྒྱལ་བ་སྲས་བཅས་མཆོད། བདག་གཞན་ཐམས་ཅད་ཀྱི་རྟོག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་ནས་རྡོ་རྗེ་སེམས་དཔའི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་ཏེ་རང་ལ་ཐིམ་པས་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་མོས་ལ་སྔགས་རྣམས་ཀྱི་རྗེས་ཟློས་མཛོད། ཕྲེང་བ་སྦྲེལ་ལ་རིགས་ལྔའི་ཡིག་བརྒྱ་དང་སྙིང་པོ་རྣམས་ལན་གསུམ་གསུམ་བཟླར་གཞུག །མཐར་ཕྲེང་བ་མགྲིན་པར་བཞག་ལ། ཧཱུྃ༔ ཐིག་ལེ་སྟོང་པ་ཡི་གེ་བརྒྱ༔ མཐོང་ཐོས་དྲན་རེག་གྲོལ་བ་ཡི༔ གསང་སྔགས་རྒྱལ་པོའི་དབང་བསྐུར་བས༔ རྡོ་རྗེའི་གསུང་དུ་འགྲུབ་པར་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ཕྱིན་ཆད་སྲོག་རྩོལ་གྱི་རྒྱུ་བ་དང་སྒྲ་གྲགས་ཐམས་ཅད་རང་བྱུང་རྡོ་རྗེའི་གསང་སྔགས་ཡི་གེ་བརྒྱ་པའི་རང་སྒྲར་ཤེས་པའི་བཟླས་བརྗོད་འཕྲོ་འདུའི་ཏིང་ངེ་འཛིན་དང་མ་བྲལ་བས། སྒྲ་སྐད་ལ་སྔགས་དང་རྟོག་ཚོགས་ལ་ཏིང་ངེ་འཛིན་གྱི་གཟེར་ཐེབས་པར་གྱིས་ཤིག །གསུམ་པ་ཐུགས་རིག་རྩལ་དབང་གི་སླད་དུ། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོར་གསལ་བའི་ཐུགས་ཀ་ནས་ཡེ་ཤེས་ལྔའི་རང་བཞིན་རྡོ་རྗེ་མཐིང་ནག་རྩེ་ལྔ་པ་འོད་ཟེར་མཆོག་ཏུ་འབར་བ་བྱུང་། ཁྱེད་རང་གི་སྙིང་གར་ཐིམ་མ་ཐག་སེམས་རྣམ་རྟོག་མ་སྤངས་རང་སར་གྲོལ་ནས་རྟོག་མེད་འོད་གསལ་བར་གྱུར། རྡོ་རྗེ་སྙིང་གར་བཞག་ལ། ཨ༔ སྣང་སྟོང་དབྱེར་མེད་ཆོས་སྐུ་ལ༔ རིག་སྟོང་བདེ་བ་ཆེན་པོ་ཤར༔ ཟུང་འཇུག་སྤྲོས་དང་བྲལ་བ་དེ༔ རྡོ་རྗེ་སེམས་དཔའི་ངོ་བོ་འོ༔ ཨོཾ་བཛྲ་སཏྭ་ཨཱ༔ ཞེས་མཉམ་པར་འཇོག །དེའང་རང་སེམས་ཡོད་མེད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་བླ་མས་བསྟན་དུ་མེད། སློབ་མས་བསྒོམ་དུ་མེད། གཞི་དམིགས་སུ་མེད། ལམ་བགྲོད་དུ་མེད། འབྲས་བུ་ཐོབ་ཏུ་མེད་པ་འདི་ཀ་དག་དོན་དམ་པའི་འོད་གསལ་ཆེན་པོ་ཡིན་ནོ། །དེང་ཕྱིན་ཆད་ཆོས་ཐམས་ཅད་རང་སེམས་གདོད་ནས་མ་སྐྱེས་པའི་དབྱིངས་དང་དབྱེར་མེད་པའི་རང་བྱུང་གི་ཡེ་ཤེས་རྩོལ་སྒྲུབ་བྲལ་བར་རྟོགས་པས། འཁོར་འདས་ཐམས་ཅད་ལ་དགོངས་པ་མི་འགྱུར་བའི་གཟེར་གྱིས་ཐེབས་པར་གྱིས་ཤིག །དེ་རྣམས་ཀྱིས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བླ་མ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་རྒྱུན་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ། ཁྱེད་རང་རྣམས་ཀྱི་མགྲིན་པར་མྱང་བས་རྩ་ཁམས་ཐམས་ཅད་ལ་ཁྱབ་ནས་ལས་རླུང་གི་འཆིང་བ་དབུ་མའི་དབྱིངས་སུ་གྲོལ་བར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཨཱ༔ དབང་བསྐུར་ཀུན་གྱི་རྨད་བྱུང་བ༔ རྡོར་སེམས་ཡབ་ཡུམ་མཉམ་སྦྱོར་བའི༔ བྱང་ཆུབ་སེམས་ཀྱི་དབང་བསྐུར་བས༔ གསང་དབང་ངག་ལ་ཡོངས་རྫོགས་ཤོག༔ ཡིག་བརྒྱའི་མཐར། གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། རིགས་ཀྱི་མཚན་ཉིད་ཡོངས་སུ་ཚང་ཞིང་གཟུགས་དང་ལང་ཚོའི་མཛེས་པ་ཕུལ་དུ་བྱུང་བའི་ཕྱག་རྒྱ་མོ་རྡོ་རྗེ་སྙེམས་མའི་ངོ་བོར་བྱིན་གྱིས་བརླབས་ཏེ་གཏད་པར་མོས་ཤིག །རིག་ཙཀ་སྦྱིན་ལ། ཧཱུྃ༔ རྒྱལ་བ་ཀུན་གྱི་བགྲོད་བྱའི་ལམ༔ འདི་ལས་རྨད་བྱུང་ཡོད་མ་ཡིན༔ ལྷན་སྐྱེས་བདེ་བ་ཉམས་སུ་མྱོངས༔ དཔེ་དབང་སེམས་ལ་ཡོངས་རྫོགས་ཤོག༔ ཡིག་བརྒྱའི་མཐར། མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་དང་འདུ་ཤེས་གསུམ་གྱི་སྒོ་ནས་སྙོམས་པར་ཞུགས་ཤིང་ཐིག་ལེ་འཕོ་མེད་དུ་བཅིངས་པས། ཡས་བབས་དང་མས་བརྟན་གྱི་རིམ་པ་ལས་སྐྱེས་པའི་ཐབས་ཤེས་དགའ་བ་བཅུ་དྲུག་གི་མཐར་ཟག་མེད་ལྷན་སྐྱེས་ཀྱི་དགའ་བ་ཉམས་སུ་མྱོང་བར་མོས་ཤིག །དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་ཐིག་ལེའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན། །རང་རིག་ཀ་དག་གཏིང་གསལ་གྱི་དབྱིངས་ཤེལ་འོད་ནང་དུ་བསྡུས་པ་ལྟ་བུ། རིག་རྩལ་ལྷུན་གྲུབ་ཡེ་ཤེས་ཀྱི་སྣང་བ་ཤེལ་འོད་རྐྱེན་གྱིས་ཕྱི་རོལ་དུ་ཤར་བ་ལྟ་བུ། དེ་གཉིས་ཡ་བྲལ་ཐ་དད་མ་ཡིན་པར་གདོད་ནས་སྣང་རིག་སྟོང་པ་ཟུང་འཇུག་སྐུ་གསུམ་རང་ཆས་སུ་རྫོགས་པའི་བརྡ་དོན་གོ་བར་གྱིས་ལ། རྫོགས་པ་ཆེན་པོ་དབྱིངས་རིག་ཟུང་འཇུག་གི་ངང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཟློ་བར་གྱིས་ཤིག །ཤེལ་རྡོ་སྙིང་གར་བཞག་ལ། ཧཱུྃ༔ སེམས་ཉིད་ཀ་དག་ཤེལ་ལྟར་དྭངས༔ ལྷུན་གྲུབ་ཡེ་ཤེས་གཟུགས་བརྙན་གསལ༔ གཉིས་མེད་སྣང་ལ་བྱ་རྩོལ་བྲལ༔ རྫོགས་པ་ཆེན་པོའི་དབང་ཐོབ་ཤོག༔ ཡིག་བརྒྱའི་མཐར། དྷརྨ་དྷཱ་ཏུ་ཨ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེས་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་དག །ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །མཚམས་སྦྱོར་སྤྱི་མཐུན་བཅས་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད། གསུམ་པ་རྗེས་ཀྱི་རིམ་པ། དམ་ཚིག་ཁས་བླང་། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་བྱས་ལ་སློབ་མ་གྲོལ། སློབ་དཔོན་གྱིས་གཏེར་སྲུང་གཏོར་འབུལ་བྱ། ཕྲིན་ལས་སྔ་འཕྲོས་ཚོགས་མཆོད་ལྷག་མའི་བར་སོང་ནས། གཏང་རག་མཆོད་བསྟོད་ནོངས་བཤགས། མདུན་དཀྱིལ་རྟེན་ཡོད་མེད་དང་མཐུན་པའི་བསྟིམ་གཤེགས་རྣམས་སྤྱི་མཐུན་དང་། གཞུང་གི་བསྔོ་སྨོན་ཤིས་བརྗོད་བྱ། བདག་བསྐྱེད་འོད་གསལ་དུ་བསྡུ། ཟུང་འཇུག་གི་སྐུར་ལྡངས་སྤྱོད་ལམ་དག་པའི་འཁོར་ལོར་སྤྱད་པར་བྱའོ། །ཕུང་པོ་ལྔས་བསྡུས་སྲིད་པའི་ལུས་ཅན་ཀུན། །རྡོར་སེམས་སྐུ་ལྔར་མ་སྤངས་ལྷུན་གྱིས་རྫོགས། །ཉོན་མོངས་ཡེ་ཤེས་སྟོབས་སུ་རབ་འབར་བས། །འཁྲུལ་པའི་མུན་ཁང་རྩད་ནས་བཅོམ་པར་ཤོག །ཅེས་གཏེར་ཆེན་རིན་པོ་ཆེ་མཆོག་གྱུར་གླིང་པས་སེང་ཆེན་གནམ་བྲག་ནས་སྤྱན་དྲངས་པའི་དམ་ཆོས་ཤོག་སྡེ་དྲུག་པ་དང་གུ་རུའི་རྣམ་ཐར་ནོར་བུའི་ཕྲེང་བ་སོགས་གནས་དུས་རྟེན་འབྲེལ་དབང་གིས་གཏན་ལ་མ་ཕེབ་ཀྱང་། རྡོར་སེམས་འདི་ཉིད་ཆེད་བསྐུལ་ཞུས་པ་ལ་བརྟེན་རྩ་བ་ཙམ་ཕབ་ནས་རྗེས་སུ་གནང་བ་བསྩལ་པ་དང་། ཉིང་འཁྲུལ་གྱི་སྣང་བར་ཡང་བརྡ་དོན་ལེགས་པར་གསལ་བ་ལ་བརྟེན། སྒྲུབ་ཐབས་དང་འབྲེལ་བའི་སྨིན་བྱེད་མེད་དུ་མི་རུང་བར་མཐོང་ནས་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་གཏེར་གསར་རིགས་མཐུན་གྱི་གཞུང་གུང་བསྡེབས་ཏེ་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ལས། རྡོ་རྗེ་ཐུགས་ཀྱི་རྫོང་ཆེན་དུ་བཀོད་པ་དགེ་ལེགས་འཕེལ།། །།
མཆོད་བསྟོད་གསལ་སྒྲོན་ (Volume 17, Text 8)
༄༅། །མཆོད་བསྟོད་གསལ་སྒྲོན་བཞུགས་སོ། །འདི་གནུབས་ལུགས་ཟེར་ཀྱང་པད་ལུགས་དང་འདྲའོ། ། པྲ་ཡུ་ལྷཿ ཐམས་ཅད་སྐུ་གསུང་ཐུགས་བདག་ཉིད། །ཡོན་ཏན་མ་ལུས་ཀུན་ལྡན་པའི། །རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །རྩ་རྒྱུད་བཤད་རྒྱུད་སྙིང་པོའི་རྒྱུད། །ཡང་སྙིང་ནག་པོ་གསང་བའི་རྒྱུད། །བྱེད་རྩོམ་རྒྱུད་རྩལ་སྔགས་ཚིག་དོན། །མཆོད་བསྟོད་ལས་ཀྱི་སྒྲོན་མ་བཤད། །སྔགས་བསྣོལ་མ་ལྟར་་་དྲེགས་པ་ཅན་གྱི་ལྷ་རྒྱུད་རྣམས། །བསྐུལ་བ་གོང་ནས་བསྐུལ་བ་དང་་་གཞི་དང་ཚུལ་དང་་་སྐབས་སྐབས་སུ་་་ཡུལ་ཀུན་ལ། །བསྟོད་ཅིང་་་སྐབས་སུ་བཅོལ་ཕྲིན་མཛད་་་གསོལ་གདབ་གནད་ནས་བསྐུལ། །མཆོད་པ་འབུལ་ཞིང་ལས་གཉེར་གཏད། །ཤ་ཁྲག་གི་གཏོར་མ་བྱིན་གྱིས་བརླབས་ལ། ཕྱག་རྒྱ་ཟིལ་གནོན་གྱི་ལྷ་ཚོགས་འཁོར་དྲེགས་པ་དང་བཅས་པ་ལ་འབུལ་ཞིང་ལས་སྣ་ཚོགས་བཅོལ་ཞིང་བསྐུལ་བ་ནི། ཨྱཻ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་གི །དྲག་པོ་ཨེ་ཡི་གཞལ་ཡས་ནས། །ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་གདན། །ལྟོ་འཕྱེ་ཕྱོགས་སྐྱོང་མ་ཧེ་བརྫིས་པའི་ཁྲི།་་་ལྟོ་འཕྱེ་ཕྱོགས་སྐྱོང་དྲེགས་པ་མ་ཧེ་བརྫིས་པའི་སྟེང་།་་་ཞེས་པ་ཞིག་ཀྱང་སྣང་། ཐབས་དང་ཤེས་རབ་ཉི་ཟླའི་གདན་སྟེང་ན། །ཉོན་མོངས་དུག་ལྔ་རྐམ་ཆགས་འཇོམས་པའི་ལྷ། །སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཉིད། །ཡེ་ཤེས་རྔམ་པའི་རྒྱལ་པོ་ཟིལ་གནོན་སྐུ །སྲོག་བདུད་འཇམ་དཔལ་ཚེ་བདག་ནག་པོ་ནི། །གཏུམ་ཆེན་ཁྲོས་པའི་རྒྱལ་པོ་མེ་ལྟར་འབར། །སྐུ་མདོག་མཐིང་ནག་དུག་ཆེན་འཁྱིལ་པ་འདྲ། །སྐུ་ཡང་ཆེ་ཞིང་གཏུམ་ཆེན་རྔམ་པའི་སྐུ །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་རྔམ། །གཡས་དཀར་ལྷ་བརྒྱད་ཟས་སུ་ཟ། །གཡོན་དམར་ཀླུ་འབུམ་གཉན་ཁྲི་གསོལ། །དབུས་ཞལ་མཐིང་ལ་རྔམས་པ་ཡིས། །སྐུ་དགྲར་འོས་པའི་དམ་ཉམས་དང་། །ས་བདག་སྡེ་བརྒྱད་ལྷ་སྲིན་གྱི། །དབང་པོ་ལྔ་དང་ཙིཏྟ་གསོལ། །ཕྱག་དྲུག་མཚོན་ཆ་འབར་བ་ཡིས། །ཞེ་སྡང་ཀླུ་ཆེན་ས་བདག་དང་། །དགྲ་བགེགས་མགོ་ལུས་ཚལ་པར་གཤག །གཡས་ཀྱི་དང་པོའི་འཁོར་ལོ་ཡིས། །དགྲ་བགེགས་མགོ་ལུས་ཚལ་པར་གཤག །བར་པ་གནམ་ལྕགས་རལ་གྲི་ཡིས། །དམ་ཉམས་དགྲ་བོའི་སྲོག་རྩ་གཅོད། །ཐ་མ་གནམ་ལྕགས་རྡོ་རྗེ་ཡིས། །དགྲ་བོའི་སྤྱི་གཙུག་བརྒྱབས་ནས་ནི། །རྐང་པའི་མཐིལ་དུ་གཙགས་ཀྱིས་འདོན། །གཡོན་གྱི་དང་པོ་བེ་ཅོན་གྱིས། །དགྲ་བགེགས་ཞེ་སྡང་མགོ་ལ་བསྣུན། །བར་པ་གཏུན་ཤིང་འབར་བ་ཡིས། །དགྲ་བོའི་མགོ་ལུས་ཚལ་པར་གཤག །ཐ་མ་སྡིགས་མཛུབ་མེ་འབར་བས། །དགྲ་བགེགས་ལུས་ངག་གཟིར་ཞིང་བསྲེག །སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན། །དབུ་ལ་བདུད་དང་སྲིན་པོ་དང། །བཙན་དང་མུ་སྟེགས་རྒྱལ་པོ་ཡི། །ཐོད་པའི་ཕྲེང་བས་རབ་ཏུ་བརྒྱན། །ཀླུ་ཆེན་བརྒྱད་ཀྱི་མགོ་བཅད་ནས། །དོ་ཤལ་སྙིང་གི་ཕྲེང་བས་རྒྱན་དུ་བྱས། །རྒྱལ་རིགས་སྙན་གྱི་གྲོང་ཁྱེར་བརྒྱན། །རྗེ་རིགས་མགུར་ཆུན་ཚངས་སྐུད་བྱས། །བྲམ་ཟེའི་རིགས་ཀྱི་ཕྱག་གདུབ་བྱས། །དམངས་རིགས་ནག་པོའི་ཞབས་གདུབ་བྱས། །རིགས་ངན་གདོལ་པ་ཞབས་འོག་མནན། །བ་སུ་རིགས་དྲུག་ཟས་སུ་ཟ། །མཆེ་བ་དགུ་ཁྲི་རྩང་ཕུར་གཏམས། །སྤྱན་ནས་འཇིགས་པའི་མེ་འབར་ཞིང་། །ཤངས་ནས་རླུང་ནག་འཚུབ་མ་ལྡང་། །དབུ་སྐྲ་སྨ་ར་བ་སྤུ་ལས། །གདུག་རྩུབ་དམར་ནག་མེ་ཆེན་འབར། །སྐུ་དགྲར་འོས་པའི་དམ་ཉམས་དང་། །གདུག་པའི་ཀླུ་གཉན་ས་བདག་བསྲེག །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲག་པོའི་སྦྱོར་བ་ཆོམས། །སྲོག་ལུས་དབང་པོ་དྭངས་སྙིགས་ཕྱེས། །རྩ་རྒྱུད་ཀླད་ཁྲག་རྦ་ཀློང་སྐོམས། །ལུས་སྲོག་དབང་པོ་རྟེན་དང་ཕྲོལ། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །བླ་མཚོ་བཀྲག་མདངས་བག་ཆགས་སྐོམས། །ལྕགས་མཁར་སྒོ་མེད་ནང་དུ་ཆུགས། །འབྱུང་བ་གདན་བཞིའི་རྔམས་ཀྱིས་གནོན། །གདུག་རྩུབ་མེ་ལྷའི་ཞལ་དུ་སྟོབས། །སྡང་བའི་དགྲ་དང་གནོད་པའི་བགེགས། །མཆོད་པར་འབུལ་ལོ་ཁ་རཾ་ཁཱ་ཧི། །ཕྲིན་ལས་བཅོལ་བ་ནི། སྡང་བའི་དགྲ་དང་གནོད་པའི་བགེགས། །ཐལ་བ་བཞིན་དུ་རབ་ཏུ་རློགས། །བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད། །ཅེས་ཀུན་ལ་དེ་འགྲེའོ། །ཨྱཻ། གཡོན་གྱི་ཕྱོགས་ནས་ཡུམ་གཅིག་མ། །ཡུམ་ཆེན་རྡོ་རྗེ་ཁྲོས་མ་ནི། །སྐུ་མདོག་མཐིང་ནག་འབར་བ་ལ། །གདུག་པའི་རལ་པ་མུན་ལྟར་གཏིབས། །རལ་པའི་ཟར་བུ་རེ་རེ་ལ། །གསེར་དང་མུ་ཏིག་རྒྱན་འཆང་མ། །གདོལ་པ་ཀླུ་ཡི་ཐོད་པ་ཡིས། །དབུ་དང་ཕྱག་ཞབས་ལྷུ་ཚིགས་བརྒྱན། །ཞལ་ནས་མི་རོ་རྟ་རོ་འབྲུལ། །སྤྱན་ནས་ཁྲག་འཛག་ཟུ་ལུ་ལུ། །ཤངས་ནས་རླུང་ནག་འཚུབ་མ་ལྡང་། །གཡས་པ་དགྲ་བོའི་སྙིང་ཕྱུང་འཁྱུད། །གཡོན་པས་སྙིང་ཁྲག་གཙོ་ལ་སྟོབ། །དྲག་ཏུ་བསྐུལ་ཞིང་རྦད་ཙ་ན། །མ་ཚོགས་འབུམ་ཡང་གཟིར་ཞིང་བསྐུལ། །མ་མོའི་ཀིང་ཀང་དགྲ་ལ་འབེབ། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲག་པོའི་ཞེས་པ་ནས་མཛོད་ཀྱི་བར་མ་དཔེར་ལྷ་ཀུན་གྱི་ཤམ་བུར་བཏགས་འདུག །ཨྱཻ། ཟིལ་གནོན་ཐུགས་ཀྱི་དཀྱིལ་འཁོར་ནས། །འབྱུང་བ་ས་ཡི་དྭངས་མ་ལས། །རྡོ་རྗེ་རིགས་ཀྱི་ཁྲོ་བོ་སྟེ། །འཇིགས་བྱེད་ཡ་མ་རཱ་ཙ་ནི། །སྐུ་མདོག་སྨུག་ནག་འབར་བ་ལ། །རྔམས་ཤིང་དྲེགས་པས་དགྲ་བགེགས་འདུལ། །རྣ་བའི་གྲོང་ཁྱེར་སྦྲུལ་གྱིས་བརྒྱན། །ཚངས་པའི་མགོ་བཅད་དོ་ཤལ་བྱས། །གཡས་པ་འཁོར་ལོ་རྩིབས་བཅུ་ཡིས། །དགྲ་བགེགས་མགོ་ལུས་ཚལ་པར་གཤག །གཡོན་པ་ཙིཏྟ་དམར་པོ་བསྣམས། །འགལ་བྱེད་ཙིཏྟ་ཁོང་ནས་འབྱིན། །དྲག་ཏུ་བསྐུལ་ཞིང་རྦད་ཙ་ན། །བདུད་དང་སྲིན་པོའི་དོན་སྙིང་འབྱིན། །བཙན་དང་སྲོག་བདག་འགོང་པོ་འཇོམས། །དུག་ལྔ་གཏུམ་པར་ཁྲོས་པ་ཡི། །ས་བདག་ཀླུ་གཉན་གཟིར་ཞིང་བསྲེག །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །སོགས། ཨྱཻ། ཡ་མའི་ཐུགས་ཀྱི་དཀྱིལ་འཁོར་ནས། །འབྱུང་བ་མེ་ཡི་དྭངས་མ་ལས། །རིན་ཆེན་རིགས་ཀྱི་ཁྲོ་བོ་སྟེ། །དྲེགས་པ་ཕྱག་ན་རྡོ་རྗེའི་སྐུ །སྐུ་མདོག་ལྗང་ནག་འབར་བ་ནི། །ཕྲིན་ལས་སྣ་ཚོགས་རྫོགས་པའི་རྟགས། །ཞལ་གཅིག་རྔམས་ཤིང་གཙིགས་པ་ཡིས། །དྲེགས་པ་ཅན་དང་ལྷ་སྲིན་རྣམས། །སྲོག་དང་ཕྲལ་ནས་ཟས་སུ་ཟ།་་་།བཙན་དང་དབང་པོ་སྲོག་བདག་འཇོམས། །ཞེས་པའང་སྣང་། ཚེམས་དང་མཆེ་བ་གཙིགས་པ་ཡིས། །གདུག་པ་ཀླུ་གཉན་ཁོང་དུ་གསོལ། །གཡས་པ་རྡོ་རྗེ་རྩེ་དགུ་པ། །ཡེ་ཤེས་དགུ་ལྡན་ཉོན་མོངས་འཇོམས། །གཡོན་པ་ཙིཏྟའི་ཕྲེང་བ་ཡིས། །དབང་ཆེན་དྲེགས་པ་བྲན་དུ་ཁོལ། །ཞབས་གཉིས་གྱད་ཀྱི་འདོར་སྟབས་ཀྱིས། །གདུག་པའི་དགྲ་བགེགས་ཟིལ་གྱིས་གནོན། །དབུ་དང་ཕྱག་ཞབས་ལྷུ་ཚིགས་རྣམས། །སྦྲུལ་དང་རིན་པོ་ཆེ་ཡིས་བརྒྱན། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །སོགས། ཨྱཻ། དྲེགས་པའི་ཐུགས་ཀྱི་དཀྱིལ་འཁོར་ནས། །འབྱུང་བ་རླུང་གི་དྭངས་མ་ལས། །ལས་ཀྱི་རིགས་ཀྱི་ཁྲོ་བོ་སྟེ། །རུས་སྦལ་རྔམ་པ་མི་ཟན་ནི། །ཉོན་མོངས་ལྔ་ཡི་རྩ་བ་གཅོད། །སྐྱེ་བ་མེད་པའི་ཁམས་གསུམ་སྡུད། །ཐུགས་ཀྱི་གསང་མཛོད་ཆེན་པོ་རུ། །ལྷ་སྲིན་མིང་གི་སྙིང་པོ་འཆང་། །དམིགས་པའི་དམ་ཉམས་དགྲ་བགེགས་རྣམས། །ལྕགས་སྡེར་འབར་བའི་སྟོབས་ཀྱིས་ཁུག །སྤྱན་མིག་ཉི་མའི་འོད་ཀྱིས་བསྲེག །རྩ་བཞི་དྭངས་མ་སྟོབས་ཀྱིས་ནོན། །དམོད་པ་དྲག་པོའི་མཚོན་ཆས་ཆོད། །མཆོད་རྟེན་དྲུག་གི་སྟོབས་ཀྱིས་ནོན། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །སོགས་འགྲེས། ཨྱཻ། སྤྱི་གཙུག་གདུག་པ་འདུལ་བྱེད་པ། །འབྱུང་བ་ཆུ་ཡི་དྭངས་མ་ལས། །པདྨ་རིགས་ཀྱི་ཁྲོ་བོ་ནི། །བྱ་ཁྱུང་རྒྱལ་པོ་མཐུ་བོ་ཆེ། །འཁོར་ལོ་འབར་བའི་གཤོག་པ་ལ། །རལ་གྲི་མཚོན་ཆའི་སྤུ་གྲིས་གཏམས། །མཚོན་ཆའི་གཤོག་པ་གཏམས་པ་ཡིས། །གདུག་བྱེད་མ་ལུས་གཤག་ཅིང་གཏུབ། །སྤྱན་མིག་ཉི་མའི་གཟིགས་སྟངས་ཀྱིས། །བག་ཆགས་རྒྱ་མཚོ་གཏིང་ནས་སྐེམ། །རྡོ་རྗེ་འབར་བའི་མཆུ་དབལ་གྱིས། །གདུག་པའི་ཀླུ་རྒྱལ་སྤྱི་ནས་འདྲེན། །གྲུ་གསུམ་གདངས་པའི་ཞལ་བགྲད་པས། །གདུག་པའི་ཀླུ་གཉན་ཁོང་དུ་གསོལ། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །སོགས། ཨྱཻ། ཡང་སྤྲུལ་དུག་གི་ཁྱུང་ཆེན་གཉིས། །སྤུ་དང་གཤོག་པ་མཚོན་ཆ་མེས། །ཀླུ་བདུད་ཀླུ་སྲིན་བསྲེག་པར་མཛད། །སྟག་དང་སེང་གེ་རྔམ་པ་ཡིས། །དགྲ་བོའི་ཤ་ཁྲག་སྲོག་ལ་རོལ། །ཞེ་སྡང་གདུག་པའི་སྦྲུལ་ནག་གི །ཁ་ནས་མེ་འབར་སྟོང་ཁམས་བསྲེག །དགྲ་བོའི་ཁང་ཁྱིམ་རྨང་ནས་བཤིག །དུག་སྦྲུལ་ཁ་རླངས་དགྲ་ལ་ཐོངས། །དགྲ་བོའི་ཁོང་དུ་དུག་མདའ་རྒྱོབ། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །སོགས། ཨཻ། ཤར་ལྷོ་ནུབ་བྱང་སྒོ་བཞི་ནས། །བླ་འགུག་མོན་པ་ཆེན་པོ་བཞི། །དམ་ཉམས་དགྲ་བོའི་བླ་ཁུག་ལ། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བར་མཛོད། །ཨྱཻ། རྒྱ་མཚོ་ཆེན་པོའི་གཏིང་རུམ་ན། །ཡ་མ་བྱེ་བ་དགུ་རིང་བཞུགས། །ལས་ཀྱི་མཐའ་སྡུད་ཁྱོད་ཡིན་པས། །ཉམས་པའི་དགྲ་བགེགས་མྱུར་དུ་སྒྲོལ། །ཨྱཻ། འབྱུང་བཞི་རྔམས་པའི་འོག་ཤེད་ན། །སྒོ་མེད་ལྕགས་མཁར་བཅུ་དྲུག་ནས། །ཐོད་མཁར་འཇིགས་པའི་ཕོ་བྲང་ན། །ལས་ཀྱི་འཆི་བདག་ནག་པོ་བཞུགས། །ལས་ཀྱི་མཐའ་སྡུད་ཁྱོད་ཡིན་པས། །དམིགས་པའི་དགྲ་བགེགས་མྱུར་དུ་སྒྲོལ། །ཨྱཻ། སྣང་སྲིད་རཀྟའི་གཞལ་ཡས་ན། །ཡ་མ་སྲོག་བདག་ནག་པོ་བཞུགས། །ལས་ཀྱི་མཐའ་སྡུད་ཁྱོད་ཡིན་པས། །དམིགས་པའི་དགྲ་བགེགས་མྱུར་དུ་སྒྲོལ། །ཅེས་བསྟོད། ཨྱཻ། བསྐལ་པ་བརྒྱད་ཁྲི་བཞི་སྟོང་འཁོར་ལོའི་གཞལ་ཡས་ནས། །ལྕགས་མཁར་སྒོ་མེད་བཅུ་དྲུག་འབར་བའི་དབུས་ཕྱོགས་ན། །འོབས་ཆེན་བཅུ་གཉིས་འབར་བའི་དཀྱིལ་འཁོར་ནས། །ཐོད་མཁར་འབར་བ་བཞི་ཡི་དབུས་ཕྱོགས་ན། །ཕོ་བྲང་ལྕགས་མཁར་འབར་བས་གཏམས་པའི་ནང་། །ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་གདན། །ལྟོ་འཕྱེ་ཕྱོགས་སྐྱོང་མ་ཧེ་བརྫིས་པའི་ཁྲི། །ཐབས་དང་ཤེས་རབ་ཉི་ཟླའི་གདན་སྟེང་ནས། །སྲོག་བདུད་འཇམ་དཔལ་ཚེ་བདག་ནག་པོ་བཞེངས། །རྔམས་པའི་ཚུལ་གྱིས་བླ་རྐུན་ལས་ལ་ཁྱེས། །ཨྱཻ། ཤར་གྱི་ཕྱོགས་ནས་དགྲ་བགེག་བླ་འགུག་པ། །དུང་གི་མོན་པ་རྡོ་རྗེ་རིགས་ཀྱི་གཙོ། །སྐུ་སྟོད་ཞིང་གི་གཡང་གཞི་ཐོད་པ་འབུམ་གྱིས་བརྒྱན། །སྐུ་སྨད་སྟག་གི་ཤམ་ཐབས་མུ་ཏིག་འབུམ་གྱིས་བརྒྱན། །སྤྲུལ་ནག་གདུག་པ་སྐུ་ཡི་རྒྱན་དུ་བྱས། །སྙིང་དང་ཐོད་པའི་ཕྲེང་བས་དྲེགས་པ་བརྒྱན། །ཞལ་ནས་དུག་གི་ན་བུན་སྤྲིན་ལྟར་གཏིབས། །ཤངས་ནས་དུག་གི་འཚུབས་མས་སྟོང་ཁམས་ཕྱགས་མ་འདེབས། །སྙན་ནས་རྔམ་པའི་འབྲུག་སྒྲས་ཞིང་བཅུ་ཟིལ་གྱིས་གནོན། །ཕྱག་གཡོན་ལྕགས་ཀྱུ་ཞགས་པ་འཁྲིགས་པ་ཡིས། །གང་ལ་དམིགས་པའི་དགྲ་བགེགས་བླ་སྲོག་འགུག །ཕྱག་གཡས་གསེར་གྱི་རྡོ་རྗེས་མགོ་ལུས་གཤག །མོན་པ་ཆེན་པོ་དྲག་ཏུ་བསྐུལ་ཙ་ན། །ཆིབས་སུ་སེང་གེའི་ཆིབས་ནས་དགྲ་བགེགས་ཚེ་སྲོག་སྡུད། །གཡས་ནས་གཤོག་པ་ཅན་གྱི་ཕོ་ཉ་ལྡིང་ཞིང་སྲོག་ལ་འདེབས། །གཡོན་ནས་གཅན་གཟན་རྔམ་པའི་ཕོ་ཉ་རྔམས་ཤིང་རོལ། །སྟོད་ནས་མེ་འབར་རྒྱ་མཚོ་གཏིང་ནས་སྐེམ། །སྨད་ནས་ཁྲག་འཛག་རིམས་ནད་བུ་ཡུག་ཀློང་། །དུང་གི་མོན་པ་སྡང་བའི་དགྲ་ལ་བྷྱོ། །མོན་པ་ནག་པོའི་སྐུ་ཡི་གཡོན་ཕྱོགས་ནས། །དུག་གི་མོན་མོ་བླ་རྐུན་རྔམ་པའི་གདོང་། །སྐུ་ལ་དར་ནག་བེར་ཆེན་སྦྲུལ་གྱིས་བརྒྱན་པ་གསོལ། །དབུ་ལ་དུག་སྦྲུལ་ཅོད་པན་ཁྲག་གི་ཟར་བུ་ཅན། །ཞལ་ནས་དུག་གི་སྤྲུལ་པ་རྟ་རོ་མི་རོ་འབྲུལ། །སྤྱན་ནས་དུག་དང་ཁྲག་གི་རྦ་ཀློང་ཆི་ལི་ལི། །གཡས་པས་སྙིང་ཕྱུང་ཡབ་ཀྱི་སྐུ་ལ་འཁྱུད། །གཡོན་པས་དུག་གི་མདའ་ཟོར་དགྲ་ལ་འཕེན། །ཡབ་ཡུམ་གཉིས་སུ་མེད་པའི་སྤྲུལ་པ་ནི། །དུག་གི་མོན་པ་ནག་པོ་གཅེར་བུ་འབུམ། །དུག་མདའ་ལྕགས་གཟེར་དགྲ་བགེགས་སྙིང་ལ་འབེབ། །སྤྱི་གཙུག་དུག་གི་བྱ་ཁྱུང་ག་རུ་ཌ། །རྡོ་རྗེའི་གཤོག་པར་དུག་གི་མེ་ཆེན་འབར། །རྡོ་རྗེའི་སྡེར་མོས་ཀླུ་གཉན་དྲངས་ཤིང་ཟ། །ཀླུ་ནད་མཛེ་ཤུ་ཀ་རུས་གཅོད་ཅིང་སྐེམ། །རྡོ་རྗེ་རིགས་ཀྱི་སྤྲུལ་པ་སྡང་བའི་དགྲ་ལ་བྷྱོ། །ཨྱཻ། ལྷོ་ཡི་ཕྱོགས་ནས་དགྲ་བགེགས་བླ་འགུག་པ། །ལྕགས་ཀྱི་མོན་པ་ནག་པོ་སྟག་གི་གདོང་། །སྐུ་སྟོད་ལྕགས་ཀྱི་ཞུན་ཁྲབ་ཐོད་པས་བརྒྱན་པ་གསོལ། །སྐུ་སྨད་སྟག་གི་ཤམ་ཐབས་གཡུ་ཡི་དྲིལ་བུས་བརྒྱན་པ་གསོལ། །དབུ་ལ་རལ་པ་ནག་པོ་ནམ་མཁའི་སྤྲིན་ལྟར་གཏིབས། ཁ་ནས་མེ་འབར་ཁྲག་གི་རྒྱ་མཚོ་སྐེམ། །མཆེ་བ་དགུ་ཁྲིས་དགྲ་བགེེགས་ནང་ཁྲོལ་འབྲལ། །སྤྱན་རྩ་དམར་པོ་སྡང་མིག་དགྲ་ལ་གཟིགས། །གཡོན་པ་རླུང་གི་འཁོར་ལོས་དགྲ་བགེགས་ལུས་སྲོག་འབྲལ། །གཡས་པ་མེ་ཡི་འཁོར་ལོས་དགྲ་བགེགས་རྩ་རྒྱུད་སྲེག །མོན་པ་ནག་པོ་དྲག་ཏུ་བསྐུལ་ཙ་ན། །སྟག་ལ་ཞོན་ནས་དགྲ་བགེགས་ཕྱགས་མས་འདེབས། །མེ་ཡི་བསྐལ་པ་གཏོང་ཞིང་དགྲ་བགེགས་བླ་མཚོ་སྐེམ། །ཞལ་དུ་སྦྲུལ་དང་མི་རོ་ཟ་ཞིང་རྔམས། །མོན་པ་ནག་པོའི་སྐུ་ཡི་གཡོན་ཕྱོགས་ནས། །མོན་མོ་ནག་མོ་གཡུ་ཡི་རལ་པ་ཅན། །དགྲ་བགེགས་བླ་རྐུན་ཡིད་ལ་ཇག་འགྱེད་མ། །སྤྱན་ནས་ཁྲག་འཛག་ཞལ་ནས་མི་རོ་འབྲུལ། །སྐུ་ལ་མཐིང་ནག་སྦྲུལ་གྱི་རྒྱན་ཡང་གསོལ། །གཡས་པས་སྙིང་ཕྱུང་གཡོན་པས་ཡབ་ལ་སྟོབ། །ཡབ་ཡུམ་གཉིས་སུ་མེད་པའི་སྤྲུལ་པ་ནི། །ལྕགས་ཀྱི་མོན་པ་ནག་པོ་གཅེར་བུ་འབུམ། །རི་ཀླུང་རྒྱུག་ཅིང་ཚེ་སྲོག་སྡུད། །ལག་ན་ལྕགས་མདའ་གཟིར་ཞིང་དགྲ་སྙིང་འདེབས། །རྔམ་པའི་ང་རོས་སྟོང་གསུམ་ཟིལ་གྱིས་གནོན། །གཅེར་བུ་འབུམ་གྱིས་དགྲ་བགེགས་སྒྲོལ་ལ་ཤོག །མོན་པ་ནག་པོའི་དབུ་ཡི་སྤྱི་གཙུག་ན། །བྱ་ཁྱུང་རྒྱལ་པོ་མཚོན་ཆའི་གཤོག་པ་ཅན། །རིན་ཆེན་ཅོད་པན་མེ་ཡི་བསྐལ་པ་གཏོང་། །ཞེ་སྡང་ཀླུ་མཚོ་གཏིང་ནས་སྐེམ་ཞིང་འཐུང་། །མཆུ་དང་སྡེར་མོ་རིང་ལ་ཕྲ་བ་ཡིས། །ཀླུ་གཉན་ས་བདག་འཛིན་ཅིང་ཞལ་དུ་གསོལ། ཁྱུང་གི་གཤོག་བརྡབ་འོད་ཟེར་འཕྲོས་པ་ཡིས། །ཀླུ་ནད་མཛེ་ཤུ་ཀ་རུས་གཅོད་པའི་རྟགས། །རིན་ཆེན་རིགས་ཀྱི་སྤྲུལ་པ་སྡང་བའི་དགྲ་ལ་བྷྱོ། །ཨྱཻ། ནུབ་ཀྱི་ཕྱོགས་ནས་དགྲ་བགེགས་བླ་འགུག་པ། །བསེ་ཡི་མོན་པ་གཏུམ་ཆེན་རྔམ་པ་ཅན། །སྐུ་སྟོད་བསེ་ཁྲབ་ཐོད་པས་བརྒྱན་པ་གསོལ། །སྐུ་སྨད་སྟག་ཤམ་པདྨ་འབུམ་གྱིས་བརྒྱན། །དབུ་སྐྲ་ཁམ་ནག་ཁྲག་གི་ཟར་བུ་ཅན། །ཞལ་ནས་ཁྲག་སྐྱུག་དགྲ་བགེགས་ཁྲག་ཏུ་སྐྱུག །སྤྱན་ནས་མེ་འབར་དགྲ་བགེགས་དུག་གསུམ་སྲེག །སྙན་ནས་འབྲུག་སྒྲས་སྟོང་གསུམ་ཟིལ་གྱིས་གནོན། །ཀླུ་བརྒྱའི་མགོ་བཅད་དོ་ཤལ་ཕྲེང་བས་བརྒྱན། །ཕྱག་གཡོན་སྦྲུལ་ཞགས་ནག་པོས་དགྲ་བགེགས་ཡིད་ནས་འགུགས། །ཕྱག་གཡས་རལ་གྲིས་དགྲ་བགེགས་སྲོག་རྩ་གཅོད། །བསེ་ཡི་མོན་པ་དྲག་ཏུ་བསྐུལ་ཙ་ན། །བ་གླང་དམར་པོ་ཞོན་ནས་སྟོང་གསུམ་ཕྱགས་མས་འདེབས། ཁྲག་གི་མཚོ་རླབས་ཁྲག་ནད་ཆར་ལྟར་འབེབ། །ཀླུ་དང་ས་བདག་འབུམ་སྡེ་ཟས་སུ་ཟ། །རྔམ་པའི་ང་རོས་སྟོང་གསུམ་ཟིལ་གྱིས་གནོན། །སྤྲུལ་པ་ཆེན་པོ་རྔམས་ཤིང་དགྲ་བོ་འདུལ། །མོན་པ་ཆེན་པོའི་སྐུ་ཡི་གཡོན་ཕྱོགས་ནས། །མོན་མོ་ཚེ་འཕྲོག་ཁྲག་གི་རལ་པ་ཅན། །སྐུ་ལ་རྨ་བྱའི་འཇོལ་བེར་ཆེན་པོ་གསོལ། །པདྨ་འབུམ་དང་སྦྲུལ་གྱིས་བརྒྱན། །སྤྱན་ནས་ཁྲག་འཛག་ཞལ་ནས་མི་རོ་འབྲུལ། །གཡོན་པས་སྙིང་ཕྱུང་གཡས་པས་ཡབ་ལ་འཁྱུད། །ཡབ་ཡུམ་གཉིས་སུ་མེད་པའི་སྤྲུལ་པ་ནི། །བསེ་ཡི་མོན་པ་གཅེར་བུ་འབུམ། ཁྲག་གི་སྐྱུག་པ་དགྲ་ལ་སྤྲོ། །རལ་པ་བསེ་འོད་མེ་ལྟར་འབར། །མེ་ཡི་བསྐལ་པ་དགྲ་ལ་གཏོང་། ཁྱོད་ཀྱི་ལག་པ་གཡས་གཡོན་ནས། །ཟངས་མདའ་གཟེར་ཆེན་དགྲ་ལ་འདེབས། །རྔམ་པའི་ང་རོས་སྟོང་གསུམ་ཟིལ་གྱིས་གནོན། །གཅེར་བུ་འབུམ་གྱིས་དགྲ་བགེགས་སྒྲོལ་ལ་ཤོག །མོན་པ་ཆེན་པོའི་དབུ་ཡི་སྤྱི་གཙུག་ན། །བསེ་ཡི་བྱ་ཁྱུང་རལ་གྲིའི་གཤོག་པ་ཅན། །ཟངས་སྡེར་ཟངས་མཆུས་ས་བདག་ཀླུ་གཉན་གཟིར། །པདྨ་སྟོང་གི་སྤུ་ཕྲན་མེ་ལྟར་འབར། །སྤྱན་ནས་ཁྲག་འཛག་ཀླུ་གཉན་ས་བདག་མྱོས། །པདྨ་རིགས་ཀྱི་སྤྲུལ་པ་སྡང་བའི་དགྲ་ལ་བྷྱོ། །ཨྱཻ། བྱང་གི་ཕྱོགས་ནས་དགྲ་བགེགས་བླ་འགུག་པ། །མོན་པ་རྔམ་པ་སྲིད་པའི་གཤེད་ཆེན་ནི། །སེར་ནག་མི་བསྲུན་དུག་གི་ཁ་རླངས་འཕྲོ། །རལ་པ་སྦྲུལ་ནག་ཁྲག་འཛག་ན་བུན་ཆར་དུ་འབེབ། །སྐུ་སྟོད་ཞིང་ལྤགས་རྒྱ་གྲམ་སྟོང་གིས་བརྒྱན། །སྐུ་སྨད་སྟག་ཤམ་ཐོད་པའི་ཆ་ག་ཅན། །བྱ་དང་གཅན་གཟན་གདུག་པའི་ཚོགས་ཀྱིས་བསྐོར། །ཕྱག་གཡོན་ཞིང་གི་ཞགས་པས་དགྲ་བགེགས་གནད་ནས་འདྲེན། །གཡས་པ་རྡོ་རྗེ་རྒྱ་གྲམ་དགྲ་བོའི་མགོ་ལུས་གཤག །མོན་པ་ནག་པོ་དྲག་ཏུ་བསྐུལ་ཙ་ན། །དྲེད་ལ་ཞོན་ནས་དགྲ་བགེགས་ཕྱགས་མས་འདེབས། ཁ་ནས་མེ་འབར་དགྲ་བོའི་དུག་གསུམ་སྲེག །རྔམ་པའི་ང་རོས་དགྲ་བགེགས་ཟིལ་གྱིས་གནོན། །མོན་པ་ཆེན་པོའི་སྐུ་ཡི་གཡོན་ཕྱོགས་ན། །མོན་མོ་བླ་རྐུན་དགྲ་ལ་གཟེར་འདེབས་མ། །སྦྲུལ་ནག་རལ་པ་ཁྲག་གི་ཟར་བུ་ཅན། །སྐུ་ལ་དར་ནག་བེར་ཆེན་ཐོད་པས་བརྒྱན་པ་གསོལ། །ཞལ་ནས་དུག་གི་སྦྲུལ་དང་མི་རོ་རྟ་རོ་འབྲུལ། །སྤྱན་ནས་དུག་དང་ཁྲག་གི་ཆུ་བོ་འབབ། །སྙན་དང་ཕྱག་ཞབས་སྦྲུལ་ནག་འབུམ་གྱིས་བརྒྱན། །གཡས་པས་སྙིང་ཕྱུང་གཡོན་པས་ཡབ་ལ་འཁྱུད། །མོན་པས་འབྲོང་ཆེན་རྭ་ཟོར་དགྲ་ལ་འདེབས། །ཡབ་ཡུམ་གཉིས་སུ་མེད་པའི་སྤྲུལ་པ་ནི། །མོན་པ་སེར་ནག་གཅེར་བུ་འབུམ། །ལྕགས་མདའ་གཟེར་ཆེན་དགྲ་ལ་འདེབས། །རྐང་པ་རྒྱུག་ཅིང་ལག་པ་རྩད། །ཚེ་སྲོག་དབང་པོ་འགུགས་ཤིང་གཅོད། །བླ་དང་དཔུང་པ་འབྲལ་ཞིང་འཆང་། །དགྲ་བོའི་བླ་སྲོག་ཕྲོལ་ལ་ཤོག །མོན་པ་སེར་ནག་དབུ་ཡི་སྤྱི་གཙུག་ན། །གསེར་གྱི་བྱ་ཁྱུང་རྒྱལ་པོ་ག་རུ་ཌ། །རྡོ་རྗེ་རྒྱ་གྲམ་གཤོག་པའི་འོད་ཟེར་འཕྲོ། །རྒྱ་གྲམ་མཆུ་དང་ལྕགས་མཆུ་སྡེར་མོ་ཡིས། །ཀླུ་གཉན་ས་བདག་དྲང་ཞིང་ཟས་སུ་ཟ། །གཤོག་པ་རྒྱ་གྲམ་ལས་ཀྱི་རླུང་ཆེན་གྱིས། །ཀླུ་གཉན་ས་བདག་ཀླུ་བདུད་ཕྱགས་མས་འདེབས། །སྤྱན་གསུམ་ཉི་ཟླའི་སྡང་མིག་ལྡོག་པ་ཡིས། །ཀླུ་ནད་མཛེ་ཤུ་ཀ་རུས་གཅོད་ཅིང་སྐེམ། ཁྱུང་གི་རྔམ་སྒྲ་ཁྲོམ་ཁྲོམ་དྲག་ཏུ་བསྒྲགས་པ་ཡིས། །ས་བདག་ཀླུ་གཉན་ཟིལ་གྱིས་གནོན་ཅིང་གཟིར། །ལས་ཀྱི་རིགས་ཀྱི་སྤྲུལ་པ་སྡང་བའི་དགྲ་ལ་བྷྱོ། །ཨྱཻ། སྲོག་བདུད་ཚེ་བདག་ནག་པོ་ནི། །སྐུ་ནི་ནམ་མཁའི་ཁམས་དང་མཉམ། །གསུང་གི་ང་རོ་འབྲུག་ལྟར་སྒྲོག །ཐུགས་ནི་སྟོང་གསུམ་ཁྱབ་པ་བལྟ། །ཞལ་ནི་ཧོམ་ཁུང་གདངས་པ་འདྲ། །ལྗགས་ནི་ཧོམ་གཟར་རྐྱོང་བ་འདྲ། །མཆེ་བ་རྩང་ཕུར་གཏམས་པ་འདྲ། ཁྱོད་ནི་སྲོག་དབུགས་བདག་པོ་སྟེ། །ཚེ་བདག་ནག་པོའི་ཐུགས་ཀྱི་སྤྲུལ་པ་བཞི། །ཨྱཻ། ཤར་གྱི་ཕྱོགས་ནས་འགུག་བྱེད་པ། །ཡ་མཱནྟ་ཀའི་ཕོ་ཉ་སྟེ། །ཧེ་ལེ་ཁྱབ་པ་སྲོག་གི་བདུད། །གཏི་མུག་ས་ཡི་ཁམས་ནས་ལྡང་། །ཀུན་གཞི་འཁྲུལ་པའི་ས་བོན་སྲེག །ནག་མོ་སྙིང་རྐུན་མི་ཟན་མ། །དགྲ་བགེགས་སྙིང་ཁོས་རུས་པ་ཆོམས། །གང་ལ་བྱ་བའི་ལས་ངོ་ལོངས། །དམིགས་པའི་དགྲ་བགེགས་སྒྲོལ་ལ་ཤོག །བཅོལ་པའི་ཕྲིན་ལས་དུས་ལ་བབས། །ཨྱཻ། ལྷོ་ཡི་ཕྱོགས་ནས་འགུག་བྱེད་པ། །ཡ་མཱནྟ་ཀའི་ཕོ་ཉ་སྟེ། །ནག་པོ་འཛུམ་མེད་སྲོག་གི་བདུད། །ང་རྒྱལ་དྲོད་ཀྱི་ཁམས་ནས་ལྡང་། །ནག་པོ་འཛུམ་མེད་རྩ་ཟུངས་གཅོད། །ནག་མོ་མི་ཐོད་སྙིང་འབྱིན་མ། །དགྲ་བགེགས་སྙིང་ཁོས་མེ་དྲོད་སོད། །གང་ལ་བྱ་བའི་ལས་ངོ་ལོངས། །དམིགས་པའི་དགྲ་བགེགས་སྒྲོལ་ལ་ཤོག །བཅོལ་པའི་ཕྲིན་ལས་དུས་ལ་བབས། །ཨྱཻ། ནུབ་ཀྱི་ཕྱོགས་ནས་འགུག་བྱེད་པ། །ཡ་མཱནྟ་ཀའི་ཕོ་ཉ་སྟེ། །སོ་འདར་འཁྲིགས་པ་ཁྲག་གི་བདུད། །འདོད་ཆགས་ཆུ་ཡི་ཁམས་ནས་ལྡང་། །སོ་འདར་འཁྲིགས་པས་ལུས་སྲོག་ཕྲོལ། །ནག་མོ་ཁྲག་སྐྱུག་སྙིང་ལ་གཟེར་འདེབས་མ། །དགྲ་བགེགས་སྙིང་ཁོས་ཁྲག་ཐུངས་ཤིག །གང་ལ་བྱ་བའི་ལས་ངོ་ལོངས། །དམིགས་པའི་དགྲ་བགེགས་སྒྲོལ་ལ་ཤོག །བཅོལ་པའི་ཕྲིན་ལས་དུས་ལ་བབས། །ཨྱཻ། བྱང་གི་ཕྱོགས་ནས་འགུག་བྱེད་པ། །ཡ་མཱནྟ་ཀའི་ཕོ་ཉ་སྟེ། །རལ་པ་སྤྱིར་བཅིངས་དབུགས་ཀྱི་བདུད། །ཕྲག་དོག་རླུང་གི་ཁམས་ནས་ལྡང་། །རལ་པ་སྤྱིར་བཅིངས་དབུགས་རྒྱུན་གཅོད། །ནག་མོ་སྨྱོ་བྱེད་དབུགས་སྡུད་མ། །དགྲ་བགེགས་སྙིང་ཁོས་དབུགས་ལ་རོལ། །གང་ལ་བྱ་བའི་ལས་ངོ་ལོངས། །དམིགས་པའི་དགྲ་བགེགས་སྒྲོལ་ལ་ཤོག །བཅོལ་པའི་ཕྲིན་ལས་དུས་ལ་བབས། །དེ་ནས་ལས་ཀྱི་གཤིན་རྗེ་བསྐུལ་བ་ནི། ཤ་ཁྲག་གི་གཏོར་མ་བྱིན་གྱིས་བརླབས་ལ་འབུལ་ལོ། །དང་པོ་དང་བར་དུ་ལས་ཀྱི་སོ་བརྡེབ། ཨྱཻ། ཡབ་ཅིག་འཇམ་དཔལ་སྤྲུལ་པ་ནི། །གཤིན་རྗེ་ཚེ་བདག་ནག་པོ་སྟེ། །སྐུ་མདོག་ནག་པོ་ནམ་མཁའི་ཁམས་དང་མཉམ། །ཞབས་ཀྱིས་ཚངས་པའི་ཡུལ་ཡང་མནན། །སྐྲ་དང་བ་སྤུ་རལ་པ་སྦྲུལ་གྱིས་བརྒྱན། །སྤྱན་ནས་མེ་ཡི་ཕུང་པོ་འབར། །ཞལ་ནས་ཁྲག་གི་རྒྱ་མཚོ་འཁྱིལ། །ཟས་སུ་གཤིན་རྗེའི་ཤ་ལ་ཟ། །སྐོམ་དུ་གཤིན་རྗེའི་ཁྲག་ལ་འཐུང་། །ཞི་ཁྲོ་འབར་བའི་ཚོགས་ཆེན་ནས། །ལས་ཀྱི་ཁྲོ་བོ་ཁྲོ་མོ་དང་། །གནོད་སྦྱིན་སྲིན་པོ་གདུག་པའི་ཚོགས། །བསྒྲལ་བའི་ཞིང་བཅུ་ཞལ་དུ་གསོལ། །ལྕགས་མཁར་བཅུ་དྲུག་དབུས་ན་བཞུགས། །ཞི་ཁྲོ་ཉིད་ཀྱིས་ཤ་ལ་ཟོ། ཁྲོ་བོ་ཉིད་ཀྱིས་ཁྲག་ལ་ཐུངས། །དམ་ཉམས་དགྲ་དང་སྲུང་མར་བཅས། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །ལས་བཅོལ་འབྲས་བུ་མཆིས་པར་མཛོད། །ཨྱཻ། བསྐལ་པ་བརྒྱད་ཁྲི་བཞི་སྟོང་འདས་པའི་ཕ་རོལ་ན། །འབྱུང་བ་གདན་བཞི་རྔམས་པའི་ཞབས་འོག་ན། །རྒྱ་མཚོ་ཆེན་པོ་བཞི་ཡི་གཏིང་རུམ་ན། །མུན་ཁམས་ལྕགས་མཁར་སྒོ་མེད་ན། །རུ་དྲ་དྲེགས་པའི་གདན་སྟེང་ན། །ཆུ་གླང་སྔོན་པོའི་ཁྲི་སྟེང་ན། །གཤིན་རྗེ་བྱེ་བ་དགུ་ཁྲི་བཞུགས། །སྐུ་མདོག་མཐིང་ནག་རྔམ་པ་ལ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །ཕྱག་དྲུག་ཕྱག་མཚན་འབར་བ་ནི། །གཡས་ཀྱི་དང་པོ་རལ་གྲི་བསྣམས། །དགྲ་བོའི་སྲོག་རྩ་རྩད་ནས་གཅོད། །གཡས་ཀྱི་བར་མ་ཞིང་དབྱུག་བསྣམས། །དགྲ་བོ་དམ་ཉམས་དབང་པོ་འཇོམས། །ཐ་མ་ལྕགས་ཀྱི་རི་རབ་བསྣམས། །དགྲ་བོ་དམ་ཉམས་གཟིར་ཞིང་གནོན། །གཡོན་གྱི་དང་པོ་བེ་ཅོན་གྱིས། །དགྲ་བོ་མ་ལུས་མགོ་ལུས་གཤག །བར་མ་ལྕགས་ཀྱུས་དགྲ་སྙིང་འབྱིན། །ཐ་མ་རྡོ་རྗེ་རྒྱ་གྲམ་གྱིས། །དགྲ་བོ་དམ་ཉམས་གཟིར་ཞིང་གནོན། །སྡང་བའི་དགྲ་བོ་གནོད་པའི་བགེགས། །མནན་ཅིང་གཟིར་བའི་ལས་མཛོད་ཅིག །སྐུ་ལ་ལྕགས་ཀྱི་ཞུན་ཁྲབ་གསོལ། །ཐོད་པ་ཞིང་ཆུང་སྦྲུལ་གྱིས་བརྒྱན། །སྐུ་སྨད་སྟག་ལྤགས་ཞིང་ཆུང་བརྒྱན། །སྟོད་ནས་ང་རྒྱལ་མེ་ཆེན་འབར། །སྨད་ནས་འདོད་ཆགས་ཆུ་ལྟར་འབེབ། །རྐེད་ནས་ཞེ་སྡང་སྦྲུལ་ལྟར་འཁྱུག །ཤངས་ནས་ཕྲག་དོག་རླུང་ནག་འཚུབས། །དམིགས་པའི་དགྲ་བགེགས་སྒྲོལ་ལ་ཤོག །ཨྱཻ། ཚེ་དང་སྲོག་ལ་དབང་བསྒྱུར་བ། །འཇིགས་བྱེད་རླག་བྱེད་ཀུ་བེ་ར། །དམར་ནག་ཁྲག་རུལ་ཁམ་པ་འདྲ། །སྦྲུལ་གྱི་རལ་པ་སྤྱི་བོར་བཅིངས། ཁ་རླངས་ནད་ཀྱི་མཚོན་སྤྲིན་འབེབ། ཁ་ནས་ཐོག་དང་སེར་བ་འབེབ། །འཆིབས་སུ་རླུང་དམར་རྟ་ལ་ཞོན། །མེ་རླུང་ལས་ཀྱི་འཁོར་ལོ་བསྣམས། །སྤྲུལ་པ་གསོད་བྱེད་གིང་ཡང་འགྱེད། །ཡང་སྤྲུལ་དམར་ནག་མ་མོ་འགྱེད། །ཞེ་སྡང་ལྕགས་ཀྱི་སྡིག་པ་དང་། །ཕྲག་དོག་བསེ་ཡི་སྦལ་པ་འགྱེད། །དམིགས་པའི་དམ་ཉམས་རུ་དྲ་འདི། །དུས་མཐའ་སྟུངས་ལ་འདུ་བྱེད་སྐུམས། །གཡོན་ན་བདུད་མོ་ནག་མོའི་སྐུ །རླུང་ནག་འཚུབ་མ་ནག་མོའི་དཀྱིལ་འཁོར་ནས། །ལྕགས་ཀྱུ་དམར་པོའི་འཕྲོ་འདུ་ལས། །བདུད་མོ་ཁྲག་གི་རལ་པ་ཅན། ཁྲག་མིག་དམར་མོའི་མཆི་མ་ལས། ཁྲག་དང་དུག་གི་ཆར་པ་འབེབ། །ལག་ན་ཁྲག་གི་ཐོད་པ་ཐོགས། ཁྲག་མདའ་བུ་ཡུག་ཆར་ལྟར་ཕོབ། །བདུད་ཀྱི་ལྕམ་མོའི་དུས་ལ་བབས། །ཨྱཻ། ལས་ཀྱི་ཚེ་བདག་ནག་པོ་སྤྲུལ་པའི་སྐུ །འབྱུང་བ་གདན་བཞི་རྔམས་པའི་འོག་ཤེད་ནས། །ལས་ཀྱི་རླུང་ནག་བསྐལ་པས་གཏམས་པའི་སྟེང་། །དུག་མཚོ་བ་ཚྭ་གཏིང་ཁོལ་ནག་པོའི་གཏིང་། །ཤ་ཟ་རྔམས་པས་བརྒྱན་པའི་ཕོ་བྲང་ན། །སྒོ་མེད་ལྕགས་མཁར་བཅུ་དྲུག་དབུས་ཤེད་ན། །འོབས་ཆེན་བཅུ་གཉིས་འབར་བའི་དབུས་ཕྱོགས་ན། །ཐོད་མཁར་འབར་བ་བཞི་ཡི་དབུས་ཕྱོགས་ན། །ཕོ་བྲང་གནམ་ལྕགས་སྤུ་གྲིས་གཏམས་པ་ན། །ཀླུ་གཉན་ས་བདག་མ་ཧེའི་གདན་སྟེང་ན། །ལྕགས་ཀྱི་མོན་པ་ཚེ་བདག་མགོ་དགུ་པ། །སྐུ་མདོག་སྔོ་ནག་རོ་ཡི་དུད་པ་འདྲ། །སྐུ་ལ་གླང་ཆེན་དུར་ཁྲོད་ཆས་ཀྱིས་བརྒྱན། །སྟག་གི་ཤམ་ཐབས་ཐོད་པའི་དོ་ཤལ་ཅན། །སྙན་དང་ཕྱག་ཞབས་མགུར་ཆུན་སྦྲུལ་གྱིས་བརྒྱན། །དབུ་གསུམ་མཁའ་ལྡིང་རྨ་བྱའི་དབུ། །གདུག་པ་གསུམ་དང་དགྲ་བོའི་གློ་སྙིང་ཟ། །ཞལ་གསུམ་གཏུམ་རྔམ་འབར་བ་ཁྲོ་བོའི་དབུ། །གདུག་པའི་སྦྲུལ་དང་མི་རོ་རྟ་རོ་ཟ། །ཞལ་གསུམ་ཤ་ཟ་རྔམས་པའི་དབུ། །ཉམས་པའི་ཤ་ཁྲག་ནང་ཁྲོལ་ཟ། །གཡས་པའི་ཕྱག་དགུས་བསྣམས་པ་ནི། །དང་པོ་འཁོར་ལོས་མགོ་ལུས་གཤག །གཉིས་པ་རལ་གྲིས་ལུས་སྲོག་གཅོད། །གསུམ་པ་རྡོ་རྗེས་དབང་པོ་འཇོམས། །བཞི་པ་ཁ་ཊྭཱཾ་རྩེ་གསུམ་གྱིས། །དགྲ་བོའི་དུག་གསུམ་རྩད་ནས་གཅོད། །ལྔ་པ་མདུང་ཐུང་སྙིང་ཁྲག་འབྱིན། །དྲུག་པ་མདའ་འཕེན་སྙིང་གཟེར་འདེབས། །བདུན་པ་ཞིང་ཆུང་དབྱུག་ཐོ་ཕྱར། །བརྒྱད་པ་རྡོ་རྗེ་རྒྱ་གྲམ་གྱིས། །ཕྲིན་ལས་སྣ་ཚོགས་མཛད་པའི་རྟགས། །དགུ་པ་གནམ་ལྕགས་ཕུར་པ་ཡིས། །དགྲ་བོའི་སྲོག་གི་རྩ་ལ་འདེབས། །ཕྱག་གཡོན་དང་པོ་བེ་ཅོན་གྱིས། །དགྲ་བོའི་ཞེ་སྡང་མགོ་བོ་གནོན། །གཉིས་པ་གཏུན་ཤིང་དབང་པོ་འཇོམས། །གསུམ་པ་རྒྱུ་ཞགས་དགྲ་བོ་འགུག །བཞི་པ་སྦྲུལ་ཞགས་བྱད་དུ་འཇུག །ལྔ་པ་སྡིགས་མཛུབ་དུག་གསུམ་སྲེག །དྲུག་པ་ཏྲི་ཤུལ་རྩེ་གསུམ་གྱིས། །ལུས་ངག་ཡིད་གསུམ་ཐལ་བར་རློག །བདུན་པ་དགྲ་སཏྭས་མགོ་ལུས་གཤག །བརྒྱད་པ་གཞུ་ཡིས་གདུག་པ་འདུལ། །དགུ་པ་ཙིཏྟ་འབྱིན་ཅིང་ཟ། །ཞབས་གཉིས་གྱད་ཀྱི་དོར་སྟབས་བདུད་དང་མུ་སྟེགས་གནོན། །ཞབས་གཉིས་གྱད་ཀྱི་དོར་སྟབས་ས་བདག་ཀླུ་གཉན་འདུལ། །ཞབས་གཉིས་གྱད་ཀྱི་དོར་སྟབས་མ་ཧེ་ཉི་ཟླ་གནོན། །ཞབས་གཉིས་བརྐྱང་བསྐུམ་ཐབས་དང་ཤེས་རབ་ཚུལ། །དབུ་སྐྲ་བ་སྤུ་དུག་གི་རླངས་པ་འཕྲོ། །སྲོག་བདུད་ནག་པོ་སྡང་བའི་དགྲ་ལ་བྷྱོ། །གཡོན་ནས་བདུད་མོ་ཁྲག་གི་རལ་པ་ཅན། །ཡ་མཚན་བུད་མེད་ནག་མོ་རྔམ་པའི་གདོང་། །ཉིད་ཀྱི་སྐུ་མདོག་མཐིང་ནག་ལ། །རལ་པ་ཁྲག་གི་ཟར་བུ་ཅན། །སྤྱན་ནས་ཁྲག་འཛག་ཟུ་ལུ་ལུ། །ཞལ་ནས་མི་རོ་རྟ་རོ་འབྲུལ། །སྐུ་སྟོད་ཞིང་གི་གཡང་གཞི་ལ། །ཉི་མ་འབུམ་གྱི་རྒྱན་གྱིས་བརྒྱན། །ཕྱག་གཡས་ཏྲི་ཤུལ་རྩེ་གསུམ་གྱིས། །དགྲ་བོ་དམ་ཉམས་སྲོག་རྩ་གཅོད། །གཡོན་པ་བྷནྡྷ་རཀྟ་ཡིས། །དགྲ་བོའི་ཁོང་དུ་དུག་མདའ་རྒྱོབ། །བདུད་མོ་ནག་མོ་དགྲ་ལ་བྷྱོ། །ཨྱཻ། ཚེ་བདག་ནག་པོའི་སྤྱི་གཙུག་ན། །བྱ་ཁྱུང་རྒྱལ་པོ་ག་རུ་ཎ། །གསེར་གྱི་ལུས་ལ་གནམ་ལྕགས་འབར་བའི་མཆུ། །སྤྱན་མིག་ཉི་ཟླ་ལྟར་དུ་འཁྱིལ་བ་ཡིས། །དགྲ་བོའི་བླ་མཚོ་གཏིང་ནས་སྐེམ། །འཁོར་ལོ་འབར་བའི་གཤོག་པ་ཡིས། །དགྲ་བོའི་མགོ་ལུས་ཚལ་པར་གཤག །རལ་གྲི་འབར་བའི་གཤོག་པ་ཡིས། །དགྲ་བོ་ཉམས་པའི་སྲོག་རྩ་གཅོད། །ཐེལ་གཤོག་སྤུ་གྲི་མེ་ལྟར་འབར། །ཀླུ་གཉན་ས་བདག་རྩད་ནས་སྐེམ། །གཡས་ཀྱི་གཤོག་པས་ཀླུ་ཆེན་བརྒྱད་ཀྱང་གཅོད། །གཡོན་གྱི་གཤོག་པས་ཀླུ་བདུད་ས་བདག་གནོན། །གནམ་ལྕགས་སྡེར་མོས་སྲོག་གི་དབང་པོ་ལེན། །སྐུ་ནི་གཏུམ་རྔམ་བརྗིད་པའི་ཆ་བྱད་ཀྱིས། །ས་བདག་ཀླུ་གཉན་ལྟོ་འཕྱེ་ཟིལ་གྱིས་གནོན། ཁྱུང་གི་གཤོག་པ་བརྡབ་པ་ཡིས། །གདུག་པའི་གནས་ཁང་རྨང་ནས་སྒྱེལ། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས་པར་གྱིས། །བྱ་ཁྱུང་རྒྱལ་པོས་གང་ཡིན་ལུས་སྲོག་ཕྲོལ། །ཨྱཻ། ཚེ་བདག་ནག་པོའི་ཐུགས་ཀྱི་སྤྲུལ་པ་ནི། །གླིང་བཞི་ཐོད་མཁར་འབར་བ་བཞི་ཡི་ནང་ཤེད་ན། །གདུག་པ་ཀླུ་ཡི་མོན་པ་སྲོག་གཅོད་བཤན་པ་བཞི། །དམ་ཉམས་དགྲ་བོའི་ལུས་སྲོག་དབང་པོ་ཕྲོལ། །ཨྱཻ། ཤར་ཕྱོགས་དུང་མཚོ་ཟླ་གམ་མེ་རེ་རེ། །དུང་མཚོ་ཟླ་གམ་འཁྱིལ་པའི་ནང་ཤེད་ན། །དུག་མཚོ་བ་ཚྭ་གཏིང་ཁོལ་འགྱུ། །ཞེ་སྡང་དུག་མཚོའི་ནང་ཤེད་ན། །ཐོད་མཁར་ཟླ་གམ་དུང་འོད་འབར། །ཐོད་མཁར་ཟླ་གམ་དཀར་པོའི་ནང་ཤེད་ན། །ས་བདག་དྲི་ཟ་བསྣོལ་བའི་གདན་སྟེང་ན། །ལྕགས་ཀྱི་མོན་པ་རྔམ་པའི་གདོང་། །དབུ་རལ་ལྕགས་འཚུབ་ནག་པོར་འཁྱིལ། །དུག་རླངས་འཚུབ་མའི་དབུས་ནས་ལྡང་། །སྐུ་ལ་ལྕགས་ཀྱི་ཞུན་ཁྲབ་གསོལ། །གཡས་ན་དུག་སྡོང་མེ་ལྟར་འབར། །དགྲ་བགེགས་དུག་ཆུ་ཁྲག་ཆུ་སྐེམ། །གཡོན་པ་ལྕགས་ཀྱི་གཟེར་ཆེན་འདེབས། །དེ་ནས་དྲག་ཏུ་བསྐུལ་ཙ་ན། །ཐུགས་ཀྱི་སྤྲུལ་པ་མངོན་ཕྱུང་པ། །ལྕགས་ཀྱི་མོན་པ་གཅེར་བུ་འབུམ། ཁྱོད་ཀྱི་ཕྱག་མཚན་གཡས་པ་ན། །གསོད་བྱེད་ལྕགས་ཀྱི་སྤུ་གྲི་བསྣམས། ཁྱོད་ཀྱི་ཕྱག་མཚན་གཡོན་པ་ན། །མི་ཕྲེང་རློན་པའི་ཞགས་པ་ཐོགས། །ཞལ་ནས་དུག་གི་སྐྱུག་པ་འཐོར། །དུག་གི་དྲེད་མོ་ལག་རིང་ནི། །དུག་གི་རྐྱལ་པ་ཁུར་དུ་ཁུར། །གཡོན་པས་དུག་ཟོར་ནག་པོ་འཕེན། །གཡས་པས་དགྲ་སྙིང་འབྱིན་ཅིང་ཟ། །ས་བདག་དགྲ་བགེགས་ཟས་སྐལ་ཡིན། །དམ་ཉམས་སྲོག་གི་གཤེད་མ་གྱིས། །ཨྱཻ། ལྷོ་ཕྱོགས་གཡུ་མཚོ་སོག་ཀ་མེ་རེ་རེ། །གཡུ་མཚོ་སོག་ཀའི་ནང་ཤེད་ན། །དུག་མཚོ་བ་ཚྭ་གཏིང་ཁོལ་འགྱུ། །ཞེ་སྡང་དུག་མཚོའི་ནང་ཤེད་ན། །ཐོད་མཁར་སོག་ཀ་གཡུ་འོད་འབར། །ཐོད་མཁར་འབར་བའི་ནང་ཤེད་ན། །གཉན་དང་གྲུལ་བུམ་བསྣོལ་བའི་གདན་སྟེང་ན། །མོན་པ་མཐིང་ནག་མཛོ་རྒོད་གདོང་། །དབུ་རལ་གཡུ་འཚུབ་ནག་པོར་འཁྱིལ། །ཞིང་ཆེན་གཡང་གཞི་སྐུ་ལ་གསོལ། །ཞིང་ཕྲན་འབུམ་གྱིས་སྐུ་ལ་བརྒྱན། ཁྱོད་ཀྱི་ཕྱག་མཚན་གཡས་གཡོན་ན། །དུག་ཟོར་དུག་མདའ་དགྲ་ལ་འཕེན། །དེ་ནས་དྲག་ཏུ་བསྐུལ་ཙ་ན། །དུག་སྦྲང་དུག་རྟ་དྲེད་ལ་ཞོན། །སྡང་མིག་གཅེར་བུ་སྙིང་འབྱིན་འབུམ། །སྡོམ་དང་སྡིག་སྦྲུལ་སྦལ་པ་ཟ། །སྲོག་སྙིང་རྩ་ལ་མདའ་ལྟར་རྒྱུག །ཤ་ཟ་ཁྲག་འཐུང་རུས་པ་འཆའ། །གློ་སྙིང་མཁལ་མ་ནང་ཁྲོལ་ཟ། །གཉན་དང་དགྲ་བོ་ཟས་སྐལ་ཡིན། །དམ་ཉམས་དགྲ་བོའི་གཤེད་མ་གྱིས། །ཨྱཻ། ནུབ་ཕྱོགས་ཟངས་མཚོ་ཟླུམ་པོ་མེ་རེ་རེ། །ཟངས་མཚོ་འཁྱིལ་པའི་ནང་ཤེད་ན། །དུག་མཚོ་བ་ཚྭ་གཏིང་ཁོལ་འགྱུ། །ཞེ་སྡང་དུག་མཚོའི་ནང་ཤེད་ན། །ཐོད་མཁར་ཟླུམ་པོ་མེ་འོད་འབར། །ཐོད་མཁར་འབར་བའི་ནང་ཤེད་ན། །ཀླུ་བདུད་དྲེགས་པ་བསྣོལ་བའི་གདན་སྟེང་ན། །བསེ་ཡི་མོན་པ་ཁྱུང་ཆེན་གདོང་། །དུག་གི་ར་རུ་ཟངས་སེ་ཟང་། །དཔྲལ་བའི་དཀྱིལ་ན་མིག་གཅིག་པོ། །རྣ་བའི་གྲོང་ཁྱེར་སྦྲུལ་གྱིས་བརྒྱན། ཁ་ནས་མེ་ཡི་དུག་ཆར་འཕྲོ། །ཕྱག་ན་བསེ་མདའ་དུག་ཟོར་འཕེན། །དུག་གི་མཚོ་ལ་རྔུབ་ཀྱིས་འཐུང་། །དབུ་རལ་བསེ་འཚུབ་དམར་པོ་འཁྱིལ། །སྐུ་ལ་བསེ་བྱང་རག་ཞུན་གསོལ། །བསེ་སྦྲུལ་དུག་མདའ་ཁོང་དུ་འཇུག །བསེ་ཡི་མཆེ་བས་སྲོག་སྙིང་གཅོད། །བསེ་མཆུ་དམར་པོས་སྙིང་ཁྲག་འཇིབ། །བསེ་ཡི་ཁྱུང་ཆེན་སྲོག་ལ་ལྡིང་། །ཀླུ་དང་ཀླུ་བདུད་ཟས་སུ་ཟ། །ཀླུ་ནད་མཛེ་ཤུ་ཀ་རུས་གཅོད། །ཐུགས་ཀྱི་སྤྲུལ་པ་མངོན་ཕྱུང་བ། །བསེ་ཡི་མོན་པ་གཅེར་བུ་འབུམ། །ལག་ན་ཆུ་སྲིན་ལྕགས་གཟེར་འདེབས། །ཤ་ཟ་ཁྲག་འཐུང་རུས་པ་འཆའ། །གློ་སྙིང་མཁལ་མ་ནང་རོལ་ཟ། །ཀླུ་དང་དགྲ་བོ་ཟས་སྐལ་ཡིན། །དམ་ཉམས་སྲོག་གི་གཤེད་མ་གྱིས། །ཨྱཻ། བྱང་ཕྱོགས་གསེར་མཚོ་གྲུ་བཞི་མེ་རེ་རེ། །གསེར་མཚོ་གྲུ་བཞི་འཁྱིལ་པའི་ནང་ཤེད་ན། །དུག་མཚོ་བ་ཚྭ་གཏིང་ཁོལ་འགྱུ། །ཞེ་སྡང་དུག་མཚོའི་ནང་ཤེད་ན། །ཐོད་མཁར་གྲུ་བཞི་གསེར་འོད་འབར། །ཐོད་མཁར་འབར་བའི་ནང་ཤེད་ན། །གནོད་སྦྱིན་ལྟོ་འཕྱེ་བསྣོལ་བའི་ཁྲི་སྟེང་ན། །གསེར་གྱི་མོན་པ་དྲེད་ཀྱི་མགོ །དབུ་རལ་མཐིང་གི་འཚུབ་མར་འཁྱིལ། །གཡུ་ཡི་གཡང་ཤུན་སློག་པ་གསོལ། །གཅན་གཟན་གདུག་པའི་མགོ་ཡིས་བརྒྱན། །ལྕགས་ཀྱི་མཆེ་བ་ཁྲིགས་སེ་ཁྲིག །གཡས་ནས་བྱ་དང་གཅན་གཟན་འགྱེད། །རྩ་རྒྱུད་གཅོད་ཅིང་སྙིང་ཁྲག་འབྱིན། །གཡོན་ནས་མ་བདུན་སྲིང་མོ་འགྱེད། །ནད་དང་དལ་གྱི་བུ་ཡུག་འབེབ། །དེ་ནས་དྲག་ཏུ་བསྐུལ་ཙ་ན། །དུག་རྟ་དྲེད་དང་འབྲོང་ལ་ཞོན། །ཐུགས་ཀྱི་སྤྲུལ་པ་མངོན་ཕྱུང་པ། །དུག་གི་མོན་པ་གཅེར་བུ་འབུམ། །དྲེད་ཀྱི་དབུ་ལ་བྱ་ཁྲའི་མཆུ། །བུ་ག་དགུ་ནས་སྲོག་རྩ་འཇིབ། །ལག་ན་རལ་གྲི་དུག་ཟོར་འཕེན། །ཤ་ཁྲག་གློ་སྙིང་ཟས་སྐལ་ཡིན། །ཟ་བྱེད་སྲོག་གི་གཤེད་པོ་གྱིས། །ལྟོ་འཕྱེའི་གདོན་དང་དགྲ་བོ་ཡི། །རྩ་རྒྱུས་ཆོད་ལ་གདུག་པ་ཐུལ། །ཚེ་སྲོག་སྡུས་ལ་དྭངས་སྙིགས་ཕྱེས། །གནོད་བྱེད་དགྲ་བོའི་གཤེད་པོ་གྱིས། །ཀླུ་གཉན་ས་བདག་གནས་སུ་སྒྲོལ། །ཡབ་ཀྱི་བསྐུལ་པ་མཆོད་བསྟོད་གསལ་སྒྲོན་རྫོགས་སོ། །དེ་ནས་ཡུམ་གྱི་བསྐུལ་པ་ནི། ཨྱཻ། ཡུམ་གྱི་ཐུགས་ཀྱི་སྤྲུལ་པ་ལས། །ཐུགས་ཀྱི་སྤྲུལ་པ་མངོན་བྱུང་བ། །ཤར་ཕྱོགས་སྟོང་གི་འཇིག་རྟེན་ན། །དྲི་ཟ་འབུམ་ལ་དབང་བསྒྱུར་མ། །མོན་མོ་ནག་མོ་སེང་གེའི་གདོང་། །སྐུ་ལ་མཐིང་ནག་འཇོལ་བེར་གསོལ། །དབུ་རལ་ནག་པོ་མུན་ལྟར་གཏིབས། །ཞལ་ནས་དུག་གི་རླངས་པ་འཕྲོ། །སྤྱན་ནས་དུག་གི་ཆར་པ་འབེབ། །དུག་གི་རྐྱལ་པ་རྒྱབ་ཏུ་ཁུར། །གཡོན་པས་དུག་ཟོར་དགྲ་ལ་འཕེན། །གཡས་པས་དུག་མདའ་ལྕགས་གཟེར་འདེབས། །དུག་ཟོར་བརྣག་པའི་དགྲ་ལ་རྒྱོབ། །ལྕགས་ཀྱི་སྡིག་པ་ནག་པོ་ཞོན། །དུག་མདའ་དགྲ་བོའི་ཁོང་དུ་སྐྱོལ། །མོན་མོ་དུག་སྤྱོད་དགྲ་ལ་བྷྱོ། །ཨྱཻ། ཡུམ་གྱི་ཐུགས་ཀྱི་སྤྲུལ་པ་ལས། །ཐུགས་ཀྱི་སྤྲུལ་པ་མངོན་བྱུང་བ། །ལྷོ་ཕྱོགས་སྟོང་གི་འཇིག་རྟེན་ན། །གྲུལ་བུམ་འབུམ་ལ་དབང་བསྒྱུར་མ། །མོན་མོ་ནག་མོ་སྟག་གི་གདོང་། །སྐུ་ལ་ཞིང་ཆེན་གཡང་གཞི་གསོལ། །དབུ་རལ་གཡུ་སྤྲིན་མུན་ལྟར་གཏིབས། །ཞལ་དང་ཤངས་ཀྱི་བུ་ག་ནས། །དུག་གི་ཁ་རླངས་བུན་ནེ་བུན། །སྤྱན་ནས་ཁྲག་གི་རྒྱ་མཚོ་འབེབ། །དུག་གི་རྐྱལ་པ་ཁུར་དུ་ཁུར། །ཕྱག་ན་དུག་ཟོར་ལྕགས་གཟེར་འདེབས། །དུག་མདའ་དགྲ་བོའི་ཁོང་དུ་སྐྱོལ། །ལྕགས་གཟེར་དགྲ་བོའི་སྙིང་ལ་ཐོབས། །དུག་གི་ཕག་མོ་རྟ་རུ་ཞོན། །མོན་མོ་དུག་སྤྱོད་དགྲ་ལ་བྷྱོ། །ཨྱཻ། ཡུམ་གྱི་ཐུགས་ཀྱི་སྤྲུལ་པ་ལས། །ཐུགས་ཀྱི་སྤྲུལ་པ་མངོན་བྱུང་བ། །ནུབ་ཕྱོགས་སྟོང་གི་འཇིག་རྟེན་ན། །ཀླུ་བདུད་འབུམ་ལ་དབང་བསྒྱུར་མ། །མོན་མོ་ནག་མོ་དྲེད་ཀྱི་གདོང། །སྐུ་ལ་རྨ་བྱའི་ཐུལ་པ་གསོལ། །དབུ་རལ་ཁྲག་གི་རྒྱ་མཚོ་འཁྱིལ། །ཞལ་ནས་ཁྲག་གི་སྐྱུག་པ་འཕྲོ། །སྤྱན་ནས་ཁྲག་གི་ཆུ་བོ་འབབ། །ཕྱག་ན་ཁྲག་ཟོར་སྙིང་གཟེར་འདེབས། ཁྲག་གི་རྐྱལ་པ་རྒྱབ་ཏུ་ཁུར། ཁྲག་ཟོར་དམ་ཉམས་དགྲ་ལ་རྒྱོབ། །ཟངས་མདའ་གཟེར་ཆེན་དགྲ་ལ་ཐོབས། །བསེ་ཡི་སྦལ་པ་རྟ་རུ་ཞོན། །མོན་མོ་དུག་སྤྱོད་དགྲ་ལ་བྷྱོ། །ཨྱཻ། ཡུམ་གྱི་ཐུགས་ཀྱི་སྤྲུལ་པ་ལས། །ཐུགས་ཀྱི་སྤྲུལ་པ་མངོན་བྱུང་བ། །བྱང་ཕྱོགས་སྟོང་གི་འཇིག་རྟེན་ན། །གནོད་སྦྱིན་འབུམ་ལ་དབང་བསྒྱུར་མ། །མོན་མོ་ནག་མོ་ཁྱུང་གི་གདོང་། །སྐུ་ལ་བེར་ནག་ཞིང་ཆེན་གསོལ། །དབུ་རལ་སྦྲུལ་ནག་མུན་ལྟར་གཏིབས། ཁ་ནས་དུག་མཚོ་རླབས་ཤིང་འཁྱུག །སྤྱན་ནས་ཁྲག་འཛག་ཟུ་ལུ་ལུ། །དུག་གི་ན་བུན་བུན་ནེ་བུན། །དུག་རླངས་ན་བུན་དགྲ་ལ་གཏིབས། །ཕྱག་ན་དུག་ཟོར་དགྲ་ལ་འཕེན། །དུག་གི་རྐྱལ་པ་ཁུར་དུ་ཁུར། །དུག་མདའ་གཟེར་ཆེན་དགྲ་ལ་ཐོབས། །དུག་སྦྲུལ་ནག་པོ་རྟ་རུ་ཞོན། །མོན་མོ་དུག་སྤྱོད་དགྲ་ལ་བྷྱོ། །ཞེས་པ་གསང་བ་མཆོག་གི་ལས་དང་། རང་གཤེད་རང་ལ་དབབ་པ་དང་། བསྲུང་ཞིང་གཟིར་བ་དང་། བྱས་པ་བཤིག་ཅིང་ཟུག་པ་དབྱུང་བ་དང་། གསང་ལམ་དགག་ཅིང་ངག་མནན་པ་དང་། ཞེན་པ་བཟློག་ཅིང་བྱད་འགྲོལ་བ་ལ་སོགས་པའི་དུས་ཐམས་ཅད་དུ་མན་ངག་འདི་སྦྱར་ཞིང་བསྒྱུར་རོ། མཆོད་བསྟོད་གསལ་བར་བྱེད་པའི་སྒྲོན་མེ་སློབ་དཔོན་འཇམ་དཔལ་རྫུས་སྐྱེས་ཀྱིས་མཛད་པ་རྫོགས་སོ། །ས་མ་ཡ། སརྦ་མདྒ་ལཾ། དགེའོ།། །།
རིག་འཛིན་ཡུམ་བཀའི་བརྒྱུད་འདེབས་བདེ་ཆེན་ཆར་འབེབ་ (Volume 36, Text 8)
རིག་འཛིན་ཡུམ་བཀའི་བརྒྱུད་འདེབས་བདེ་ཆེན་ཆར་འབེབ་ཅེས་བྱ་བ་བཞུགས་སོ། །གཞི་དབྱིངས་ཁྱད་ཆོས་དྲུག་ལྡན་ཀུན་ཏུ་བཟང་། །གཞི་སྣང་ཡེ་ཤེས་རོལ་པ་རྡོ་རྗེ་སེམས། །གཞི་གྲོལ་གདོད་མའི་ལམ་སྟོན་དགའ་རབ་རྗེར། །གསོལ་བ་འདེབས་སོ་བདེ་ཆེན་ཡེ་ཤེས་སྩོལ། །འོད་གསལ་འཇམ་དཔལ་རྡོ་རྗེ་བཤེས་གཉེན་ཞབས། །འོད་གསལ་སྣང་བཞིའི་མཐར་སོན་ཤྲཱི་སིཾ་ཧ། །འོད་གསལ་དབྱིངས་ཀྱི་རྒྱན་གཟིགས་ཡེ་ཤེས་མདོར། །གསོལ་བ་འདེབས་སོ་བདེ་ཆེན་ཡེ་ཤེས་སྩོལ། །འཆི་མེད་འཕོ་ཆེན་སྐུ་བརྙེས་བི་མ་ལ། །འཆི་མེད་གྲུབ་པའི་སློབ་དཔོན་ཐོད་ཕྲེང་རྩལ། །འཆི་མེད་གནས་ལུགས་མངོན་གྱུར་ཁྲི་སྲོང་རྗེར། །གསོལ་བ་འདེབས་སོ་བདེ་ཆེན་ཡེ་ཤེས་སྩོལ། །བདེ་ཆེན་ཆོས་སྐུ་ཀུན་ཏུ་བཟང་མོ་དང་། །བདེ་སྟོང་ལོངས་སྐུ་རྡོ་རྗེ་བཙུན་མོའི་དངོས། །བདེ་མཆོག་རྒྱལ་ཀུན་སྐྱེད་ཡུམ་མཚོ་རྒྱལ་མར། །གསོལ་བ་འདེབས་སོ་བདེ་ཆེན༴ རྡོ་རྗེ་ལུས་ཀྱི་གནས་ཡུལ་དུར་ཁྲོད་ན། །རྡོ་རྗེའི་ཞིང་སྔགས་ལྷན་ཅིག་སྐྱེས་པའི་གཟུགས། །རྡོ་རྗེ་གདན་གསུམ་ཚང་བའི་དཀྱིལ་འཁོར་ལ། །གསོལ་བ་འདེབས་སོ་བདེ་ཆེན༴ རིགས་གཅིག་ཟུང་འཇུག་གཉུག་མའི་ཡེ་ཤེས་ནི། །རིགས་རྣམས་སྣ་ཚོགས་སྤྲོ་དང་བསྡུ་བའི་གར། །རིགས་ཀུན་ཁྱབ་བདག་འཇིགས་བྲལ་གླིང་པ་ལ། །གསོལ་བ་འདེབས་སོ་བདེ་ཆེན༴ གསང་གསུམ་ཡེ་ཤེས་འཆར་བའི་དཀྱིལ་འཁོར་དུ། ཁམས་གསུམ་གཙོ་བོས་ཕྱག་བྱས་གདོད་མའི་མགོན། །དུས་གསུམ་རིག་འཛིན་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བདེ་ཆེན༴ དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །དལ་འབྱོར་རྙེད་དཀའ་ནམ་འཆི་ངེས་མེད་དྲན། །ལས་འབྲས་བསླུ་མེད་སྤང་བླང་སྙིང་ལ་ཤར། །བཅོས་མིན་ངེས་འབྱུང་འབྱོང་བར་བྱིན་གྱིས་རློབས། །བྱང་ཆུབ་སེམས་གཉིས་བདུད་རྩིས་ཡིད་བརླན་ཅིང་། །བླ་མའི་མོས་གུས་དོན་གྱི་བརྒྱུད་པ་ཟིན། །སྨིན་བྱེད་དབང་ཐོབ་དམ་ཚིག་སྡོམ་པ་ལ། །སྲུང་སྡོམ་ཚུལ་བཞིན་ནུས་པར་བྱིན༴ ཅིར་སྣང་རྡོ་རྗེ་བཙུན་མོའི་ཞིང་དུ་དག །སྒྲ་གྲགས་རྡོ་རྗེ་ནཱ་དའི་དབྱངས་སུ་རྫོགས། །རྟོག་ཚོགས་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུའི། །ཡེ་ཤེས་ཆེན་པོར་སྨིན་པར་བྱིན༴ གནས་སྐབས་འདུ་བ་གསུམ་གྱི་རྟེན་འབྲེལ་འགྲིགས། །འབར་བ་གསུམ་དང་མཁྱེན་གཉིས་གཏེར་མཛོད་རྡོལ། །གྲུབ་ཆེན་བརྒྱད་དང་ཕྲིན་ལས་རྣམ་པ་བཞིའི། །དངོས་གྲུབ་བདེ་བླག་འགྲུབ་པར་བྱིན༴ མཐར་ཐུག་རྩ་རླུང་ཐིག་ལེ་དབུ་མར་ཐིམ། །ཀ་དག་གདོད་མའི་ཡེ་ཤེས་མངོན་དུ་གྱུར། །ལྷུན་གྲུབ་འོད་གསལ་རྡོ་རྗེའི་གསེང་ལམ་ནས། །ཟུང་འཇུག་གོ་འཕང་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་བཀའ་དྲིན་མཚུངས་བྲལ་ཁྱབ་བདག་བླ་མ་མཆོག་སྤྲུལ་རིན་པོ་ཆེ་ཤེས་བྱ་མཐའ་དག་ལ་གཟིགས་པའི་སྤྱན་རས་ཡངས་པ་གང་དེའི་བཀའ་བསྩལ་མི་ལྡོག་ཙམ་དུ་རིག་འཛིན་གྱི་བཙུན་པ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་བྲིས་ཏེ་གསོལ་བ་བཏབ་པ་སིདྡྷི་རསྟུ། སརྦ་དཱ་མངྒ་ལཾ།། །།
འཕགས་པ་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་གྱི་སྒྲུབ་ཐབས་སྙིང་པོར་དྲིལ་བ་གཞན་ཕན་ཟླ་སྣང་ (Volume 25, Text 8)
༄༅། །འཕགས་པ་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་གྱི་སྒྲུབ་ཐབས་སྙིང་པོར་དྲིལ་བ་གཞན་ཕན་ཟླ་སྣང་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། འཆི་མེད་གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བའི་དགོངས་བཅུད། རྒྱུད་སྡེ་གཉིས་པ་སྤྱོད་པའི་རྒྱུད་དང་འབྲེལ་བར། འཕགས་པ་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་ལྷ་ལྔའི་རྣལ་འབྱོར་ཉམས་སུ་བླང་བར་འདོད་པས། ཚོགས་ཞིང་ནམ་མཁའ་གང་བར་སད་པའི་སྤྱན་སྔར། ན་མོ༔ བདག་སོགས་སེམས་ཅན་སྡུག་བསྔལ་གྲོལ་དོན་དུ༔ བྱང་ཆུབ་བར་དུ་སྐྱབས་སུ་བཟུང་བའི་གནས༔ བླ་མ་ཐུགས་རྗེ་ཆེན་པོ་དཀོན་མཆོག་གསུམ༔ ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ བདག་ནི་སྔོན་གྱི་རྒྱལ་བའི་མཛད་པ་བཞིན༔ སེམས་ཅན་ཀུན་གྱི་དོན་རབ་བརྩམ་པར་བྱ༔ སེམས་ཅན་མ་བརྒལ་བསྒྲལ་དང་མ་གྲོལ་སྒྲོལ༔ སེམས་ཅན་དབུགས་དབྱུང་མྱ་ངན་འདས་འགོད་འཇུག༔ འགྲོ་རྣམས་བདེ་ལྡན་སྡུག་བསྔལ་བྲལ་བ་དང༔ འཕགས་པའི་བདེ་ཐོབ་བཏང་སྙོམས་ལ་གནས་ཤོག༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་འདིར་བྱོན་ལ༔ འཕོ་འགྱུར་འབྲལ་མེད་ཀློང་དུ་བཞུགས་སུ་གསོལ༔ ཡེ་ནས་རྣམ་དག་ངང་དུ་ཕྱག་འཚལ་ལོ༔ ཆོས་ཉིད་རྣམ་རོལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ མ་རིག་སྡིག་པའི་ལས་བགྱིས་མཐོལ་ལོ་བཤགས༔ དབྱིངས་རིག་འདུ་འབྲལ་མེད་ལ་ཡི་རང་ངོ༔ ཁྱབ་གདལ་ཕྱོགས་ལྷུང་བྲལ་བའི་ཆོས་འཁོར་བསྐོར༔ དུས་གསུམ་རྟག་པར་མྱ་ངན་མི་འདའ་བཞུགས༔ དམིགས་མེད་དགེ་ཚོགས་མཁའ་མཉམ་འགྲོ་ལ་བསྔོ༔ ཐུགས་རྗེ་ཆེན་པོའི་གོ་འཕང་ཐོབ་པར་ཤོག༔ ཅེས་ལན་གསུམ་གྱིས་ཚོགས་བསགས་པ་སྔོན་དུ་འགྲོ་བས། ཧྲཱི༔ ཕྱི་ནང་ཆོས་རྣམས་དམིགས་མེད་དེ་ཡི་མདངས༔ པཾ་ལས་སྣ་ཚོགས་པདྨ་འདབ་སྟོང་དབུས༔ ཧཱུྃ་ལས་རྡོ་རྗེ་རྒྱ་གྲམ་ཧཱུྃ་གིས་མཚན༔ དེ་ཡི་འོད་ཀྱིས་རྡོར་ར་མེ་རིའི་གུར༔ སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲཱུྃ་ལྔ་ལྡན༔ ཡོངས་གྱུར་གཞལ་ཡས་ཁང་ཆེན་སྒོ་བཞི་པ༔ དབུས་ཕྱུར་རྡོ་རྗེ་ནོར་བུའི་ཏོག་གིས་སྤྲས༔ གདུགས་འཕན་དར་དཔྱང་རིན་ཆེན་དུ་མས་བརྒྱན༔ དེ་ནང་པདྨ་འདབ་བཞིའི་གེ་སར་ལ༔ པད་ཟླའི་གདན་སྟེང་ས་བོན་ཕྱག་མཚན་ལས༔ འོད་འཕྲོས་དོན་གཉིས་བྱས་འདུས་སྤྱན་རས་གཟིགས༔ དཀར་པོ་ཕྱག་བཞི་ཞབས་གཉིས་སྐྱིལ་ཀྲུང་བཞུགས༔ དར་དང་རིན་ཆེན་རྒྱན་གྱིས་ལེགས་པར་བརྒྱན༔ རྩ་ཕྱག་ཐལ་སྦྱར་ནོར་འཛིན་འོག་མ་གཉིས༔ ཤེལ་ཕྲེང་པདྨ་དཀར་པོའི་ཡུ་བ་འཛིན༔ དེ་ཡི་ཕྱོགས་བཞིར་རིགས་བཞིའི་སྤྱན་རས་གཟིགས༔ དཀར་སེར་དམར་ལྗང་ཞལ་གཅིག་ཕྱག་གཉིས་པ༔ སྐྱབས་སྦྱིན་པདྨ་འཛིན་ཏེ་ལོངས་སྐུའི་ཆས༔ གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པར་གསལ༔ སྒོ་བཞིར་འདོད་སྣམ་མཆོད་པའི་ལྷ་མོས་བསྐོར༔ རང་བྱུང་རྡོ་རྗེ་གསུམ་གྱི་ཡི་གེ་ལས༔ འོད་ཟེར་འཕྲོས་པས་ཡེ་ཤེས་སེམས་དཔའི་ཚོགས༔ ནམ་མཁའ་གང་བར་སྤྱན་དྲངས་གཉིས་མེད་ཐིམ༔ ཧྲཱི༔ བདག་གི་མགོན་པོ་ཐུགས་རྗེ་ཅན༔ འགྲོ་བའི་དོན་ཕྱིར་སྤྱན་འདྲེན་ན༔ སྲས་དང་སློབ་མའི་ཚོགས་དང་བཅས༔ གནས་འདི་ཉིད་དུ་གཤེགས་སུ་གསོལ༔ ཨཱོཾ་ཨཱརྻ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛ༔ ཏིཥྛ་ལྷན༔ སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ དབང་གི་ལྷ་ཚོགས་ནམ་མཁའ་གང་བ་ཡིས༔ རིན་ཆེན་བུམ་པ་མང་པོ་བདུད་རྩིས་བཀང༔ བཀོད་པ་དུ་མར་བཅས་པས་ཐམས་ཅད་ལ༔ ཀུན་བཟང་རྣམ་རོལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ ཨཱོཾ་སརྦ་ཏ་ཐཱ་ག་ཏ་པྲ་བ་ར་སཏྐ་ར་མ་ཧཱ་སཏྐ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ དེ་བཞིན་གཤེགས་པས་ལྷ་ལ་དབང་སྐུར་གསོལ༔ བཀྲ་ཤིས་གླུ་ལེན་མེ་ཏོག་འཐོར་བཞིན་པས༔ ཇི་སྙེད་སངས་རྒྱས་འདུས་པར་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏཱ་བྷ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ སྒྲིབ་དག་ཆུ་ལྷག་འོད་དཔག་མེད་པ་ཡི༔ རྣམ་པར་བཞེངས་ནས་སྤྱི་བོར་དབུ་བརྒྱན་གྱུར༔ ཅེས་བསྙེན་སྒྲུབ་ཡན་ལག་བཞི་དང་ལྡན་པས་བདག་ཉིད་ལྷའི་དཀྱིལ་འཁོར་དུ་གསལ་བཏབ་ལ་ཕྱག་འཚལ་བ་ནི། འདས་དུས་སངས་རྒྱས་པདྨ་དྲི་མ་མེད༔ ད་ལྟར་སངས་རྒྱས་པདྨ་ཚེ་དཔག་མེད༔ པདྨའི་སྤྱན་ལྡན་འཁོར་བཅས་མ་འོངས་དུས༔ གྲངས་མེད་འགྲོ་དོན་མཛད་ལ་ཕྱག་འཚལ་ལོ༔ ན་མོ་པཱུ་རུ་ཤ་ཡ་ཧོ༔ མཆོད་པ་འབུལ་བ་ནི། རང་གི་སྙིང་ག་ནས་མཆོད་པའི་ལྷ་མོ་ནམ་མཁའ་གང་བར་སྤྲོས་ཏེ་མཆོད་པར་བསམ་ལ། སྲིད་ཞིའི་མགོན་གྱུར་འཕགས་པའི་ཚོགས་རྣམས་ལ༔ ཡན་ལག་བརྒྱད་ལྡན་མཆོད་ཡོན་བཟང་པོ་དང༔ དྲི་བཟང་འོ་ཆབ་སྦྱར་བའི་ཞབས་བསིལ་མཆོག༔ དཀར་དམར་མཛེས་པའི་རྣམ་བཀྲའི་མེ་ཏོག་ཚལ༔ སྦྱར་དང་ལྷན་སྐྱེས་དྲི་བསུང་ངད་ལྡན་སྤྲིན༔ མར་མེ་སྣང་གསལ་ཉི་ཟླའི་འོད་གསར་པ།་་་གཏེར་ཤོག་ནས་ཆད་པ་སྤྱི་ལྟར་སྦྱར་བའོ། །སྨན་མཆོག་བྱུག་ཏུ་འོས་པའི་དྲི་ཆབ་རིགས༔ ལྷ་མིའི་ངོ་མཚར་ཞལ་ཟས་བདུད་རྩིའི་མཆོག༔ རྔ་ཟླུམ་པི་ཝཾ་སིལ་སྙན་དུང་གི་སྒྲ༔ བཀོད་པ་ཁྱད་འཕགས་ལྷ་དང་ལྷ་མོའི་ཚོགས༔ བ་དན་ཕྱེ་ཕུར་གདུགས་འཕན་བླ་བྲེ་དང༔ རྒྱལ་མཚན་ལ་སོགས་ནམ་མཁའ་བཀང་སྟེ་འབུལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཧྲཱི༔ འགྲོ་མགོན་སྲས་དང་འཕགས་ཚོགས་སྤྲུལ་པར་བཅས༔ མ་རིག་རྣམ་དག་ཡེ་ཤེས་མེ་ལོང་མཆོག༔ དུག་ལྔའི་གདུང་སེལ་སྙིང་པོ་ཞོ་ཡི་ཟས༔ ཉོན་མོངས་གཅོང་གཞིལ་གི་ཝཾ་སྨན་གྱི་ཕུལ༔ ཕྱི་ནང་ཆོས་རྣམས་དབང་སྡུད་ལི་ཁྲི་མཆོག༔ རྒྱུད་དག་གསང་སྔགས་འབྲས་སྤྱོད་བིལྦའི་འབྲས༔ རྡོ་རྗེའི་ཚེ་མཆོག་འཕེལ་བའི་དཱུརྦ་དང༔ ལོག་སྨྲ་ཀུན་བཅོམ་གཡས་འཁྱིལ་ཆོས་ཀྱི་སྒྲ༔ བདུད་སྡེ་ཕམ་མཛད་ཁྲོ་བོ་ཡུངས་དཀར་ཚོགས༔ འདི་དག་འབུལ་གྱིས་བཀྲ་ཤིས་ལྡན་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་མངྒ་ལ་ཀུ་རུ་པཱུ་ཛི་ཏེ་ཨཱཿཧཱུྃ༔ ཧྲཱི༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ༔ དཔལ་བེའུ་ཡེ་ཤེས་དྲྭ་བ་ཆེ༔ འཁོར་ལོ་ཕྱོགས་ལྷུང་ཀུན་དང་བྲལ༔ པདྨ་ཆགས་མེད་ཡེ་ཤེས་ཏེ༔ རྒྱལ་མཚན་རྟོག་མེད་བདུད་ལས་རྒྱལ༔ གདུགས་མཆོག་འཁོར་ཡུག་འོད་གསལ་བ༔ བུམ་པ་ཅིར་སྣང་ཆོས་ཀྱི་གཏེར༔ ཆོས་དུང་གྲགས་སྟོང་གདངས་རྩལ་ཅན༔ གསེར་ཉ་ཡེ་ཤེས་བྱང་ཆུབ་སེམས༔ རྒྱལ་བའི་ཚོགས་ལ་འབུལ་བར་བགྱི༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨཥྚ་མངྒ་ལཾ་པཱུ་ཛི་ཏེ་ཨཱཿཧཱུྃ༔ བསྟོད་པ་ནི། ཧྲཱི༔ ཚད་མེད་ཐུགས་རྗེ་མཐའ་བཞིའི་དྲི་མ་མེད༔ ཆགས་བྲལ་པདྨ་འགྲོ་འདྲེན་ཕྲེང་བ་བསྣམས༔ རེ་འདོད་ཀུན་བཀང་ནོར་བུ་རིན་པོ་ཆེ༔ འཛིན་ཏེ་རིགས་བཞིས་བསྐོར་ལ་ཕྱག་འཚལ་བསྟོད༔ བཟླས་པ་བྱ་བ་ནི། བདག་གི་ཐུགས་ཀ་ནས་ཡེ་ཤེས་པ་ལོགས་སུ་བྱེ་ནས་མདུན་གྱི་ནམ་མཁར་བཞུགས་པའི་བདག་མདུན་གཉིས་ཀའི་གཙོ་བོའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་ཚོན་གང་བ། དེའི་ཐུགས་ཀར་པད་ཟླའི་སྟེང་དུ་ཏིང་ངེ་འཛིན་སེམས་དཔའ་ཧྲཱིཿཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་རྣམས་མཆོད། སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད། ཚུར་འདུས་རང་གི་ཐུགས་ཀར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་ལ། ཨཱོཾ་པདྨ་ཨུཥྞཱི་ཥ་བི་མ་ལེ་ཧཱུྃ་ཕཊ༔ ཅེས་གཙོ་བོར་བཟླ། མཐར་རང་གི་སྙིང་ག་ནས་འོད་ཟེར་ཐོན༔ མདུན་གྱི་ལྷ་ཡི་ཐུགས་ཀར་ཐིམ༔ ཐུགས་རྒྱུད་བསྐུལ༔ མདུན་གྱི་ལྷའི་ཐུགས་ཀ་ནས་ཐོན༔ བདག་གི་ཐུགས་ཀའི་སྟོད་དུ་ས་བོན་དང་སྔགས་ཕྲེང་ལ་ཐིམ་པས་དངོས་གྲུབ་ཐོབ་པར་བསམ་ལ། གོང་གི་སྔགས་དང་། ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་པའང་ཅི་ནུས་སུ་བཟླས་མཐར། མདུན་གྱི་ལྷ་ལ་མཆོད་ཅིང་བསྟོད་ནས། མགོན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས། བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཞེས་གསོལ་བ་གདབ། མ་རྙེད་ཡོངས་སུ་མ་ཚང་དང༔ གང་ཡང་ནུས་པ་མ་མཆིས་པས༔ འདིར་ནི་བགྱི་བ་གང་ནོངས་པ༔ དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས༔ མཐར་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་པས་ནོངས་པ་བཤགས་ཤིང་། ཡེ་ཤེས་པ་རང་གནས་སུ་གཤེགས་པར་བསམ། རང་དམ་ཚིག་པའི་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གཞལ་ཡས་ཁང་འཁོར་དང་བཅས་པ་འོད་དུ་ཞུ་ནས་རང་ལ་ཐིམ་པའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་མོས་ཏེ། འདི་ལྟ་བུ་ཡི་དགེ་བ་ཡིས༔ འཁོར་བ་དོང་ནས་སྤྲུགས་པ་དང༔ འབྲེལ་ཐོགས་འགྲོ་བ་ཐམས་ཅད་ཀུན༔ བདེ་བ་ཅན་དུ་སྐྱེ་བར་ཤོག༔ ཅེས་བསྔོ་སྨོན་རྒྱས་པར་བྱས་ཏེ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག །བསྙེན་སྒྲུབ་སོགས་ཀྱི་སྐབས་སུ་གཏོར་མ་འབུལ་ན། ཐུན་མཐར་དཀར་གསུམ་མངར་གསུམ་གྱི་གཏོར་མ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཅེས་པས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་གཏོར་མ་འདོད་དགུ་འབྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབ། མདུན་གྱི་ལྷའི་ལྗགས་འོད་ཟེར་གྱི་སྦུ་གུས་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་པར་བསམ་ལ། སྔགས་ཀྱི་མཐར། ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་འབུལ། མཆོད་བསྟོད་སོགས་རྗེས་སྔར་བཞིན་བྱ། སྤྲོ་ན་གཏོར་མ་ཆ་གསུམ་ཀྱང་ཆོ་ག་རྒྱས་བསྡུས་ཇི་ལྟར་རིགས་པས་འབུལ་ལོ། །བསྙེན་པ་བྱེད་ན། གནས་གཙང་ཞིང་ཡིད་དང་མཐུན་པར་འབྱོར་ན་སྐུ་བརྙན་བྲིས་འབུར་གང་རིགས་དགྲམ། གང་ལྟར་ཡང་གཏོར་མ་དཀར་ཟླུམ་ཉེར་སྤྱོད་དང་བཅས་པ་བཤམ། ཁྲུས་དང་གཙང་སྦྲ་ལ་གནས་པས་གོང་དུ་བཤད་པའི་རྣལ་འབྱོར་ཐུན་བཞིའམ་གསུམ་ལ་སོགས་པར་ཉམས་སུ་བླང་། སྔ་ཐུན་གྱི་བཟླས་པའི་མཐར་གཏོར་འབུལ་བྱ། དེ་ལྟ་བུའི་རིམ་པས་ཡི་གེ་བཅུ་པ་འབུམ་ཕྲག་བཅུ་སོགས་བཟླ་བར་བྱ་སྟེ། འཕགས་པ་དོན་ཡོད་ཞགས་པའི་རྟོག་པ་ཆེན་པོ་ལས། གསང་སྔགས་ཀྱི་སྙིང་པོ་ཡི་གེ་བཅུ་པ་འབུམ་བཟླས་བརྗོད་བྱས་ན་ཕྱིར་མི་ལྡོག་པར་གྱུར་ནས་ས་བཅུ་ལ་གནས་པར་འགྱུར་ཞིང་། ལྷ་དང་མི་ཡི་སྐྱེ་རྒུ་དག་འདི་ནི་དེ་བཞིན་གཤེགས་པའོ་ཞེས་བརྗོད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར། དོན་ཡོད་པའི་པདྨ་གཙུག་ཏོར་གྱི་འཁོར་ལོས་སྒྱུར་བར་འགྱུར་ཏེ་ཐེ་ཚོམ་མི་བྱའོ། །ཞེས་པས་མཚོན་ཏེ། གཟུངས་སྔགས་འདི་དྲན་པ་ཙམ་གྱིས་ཀྱང་མཚམས་མེད་པ་ལྔ་བྱང་བ་དང་། ནམ་དུའང་ངན་སོང་དུ་མི་འགྲོ་ཞིང་། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་པདྨོ་ལས་བརྫུས་ཏེ་སྐྱེ་བ་དང་། དུང་ལ་ལན་བདུན་བཟླས་ཏེ་བུས་ན་སྒྲ་ཐོས་པ་ཐམས་ཅད་མཐོ་རིས་སུ་སྐྱེ་བ་དང་། ཙནྡན་སོགས་བདུག་སྤོས་ལ་ལན་བདུན་བཏབ་སྟེ་བདུག་ན་དྲི་ཚོར་བ་ཐམས་ཅད་སངས་རྒྱས་ཀྱི་སྐུ་ཡོངས་སུ་རྫོགས་པ་དང་། ཆོས་གོས་ལ་བདུག་སྟེ་གྱོན་པ་ཙམ་གྱིས་སྡིག་སྒྲིབ་ཐམས་ཅད་ཟད་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་གསུངས་སོ། །དེ་ཡང་གྲུབ་ན་ཡི་གེའི་གྲངས་ཀྱི་འབུམ་ཕྲག་སྟེ་འབུམ་ཕྲག་བཅུ་བཟླ། མ་གྲུབ་ན་འབུམ་ཕྲག་བཞི་དང་། ཡི་གེ་དྲུག་པའང་ཅི་ནུས་བཟླ་བ་ནི་ཕྱག་ལེན་ནོ། ཁྱད་པར་ཉ་སྟོང་བརྒྱད་གསུམ་སོགས་དུས་བཟང་པོར་ཁྲུས་དང་གཙང་སྦྲ་བཅས་གསོ་སྦྱོང་ལ་གནས་པས་བཟླས་ན་ཕན་ཡོན་ལྷག་པར་ཆེ་ཞིང་། མདོར་ན་དུས་དང་རྒྱུན་གྱིས་ཉམས་ལེན་ལ་བརྩོན་པས་དལ་བའི་རྟེན་ལ་སྙིང་པོ་ལོན་པར་བྱའོ། །ཞེས་པའང་རྩོད་བྲལ་དུས་བབས་ཀྱི་གཏེར་སྟོན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པའི་ཞལ་སྔ་ནས་ཀྱི་བཀའ་དྲིན་ལས། ཟབ་ཆོས་འདི་ཉིད་ཐོག་མར་ཐོབ་པའི་སྐལ་བཟང་ཅན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་རང་གཞན་མང་པོར་སྨན་པའི་བསམ་པས། གཏེར་གཞུང་རྩ་བའི་དགོངས་དོན་ལྟར་བཀླག་ཆོག་ཏུ་བསྡེབས་པའི་དགེ་བས་འགྲོ་ཀུན་འཕགས་པ་ཐུགས་རྗེ་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། ༈ །།ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་གྱི་དབང་ཆོག་གཞན་ཕན་ཀུན་ཁྱབ་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ལོ་ཀེ་ཤྭ་ར་པདྨོ་ཥྞཱི་ཥཱ་ཡ། འཕགས་པ་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་གྱི་དཀྱིལ་འཁོར་དུ་སློབ་མ་རྗེས་སུ་འཛིན་པའི་ཆོ་ག་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། རྡུལ་ཚོན་རས་བྲིས་ཚོམ་བུའི་དཀྱིལ་འཁོར་ཇི་ལྟར་རིགས་པ་སྐབས་དང་སྦྱར་བའི་དབུས་སུ་མཉྫིའི་ཁར་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པའི་སྟེང་དུ་དུང་ཆོས་དྲི་བཟང་གི་ཆུས་གང་བ་བཞག་པ་ལ་གཟུངས་ཐག་བཏགས། གཞན་ཡང་ཤར་དུ་དབུ་རྒྱན། ལྷོར་རྡོ་རྗེ། ནུབ་ཏུ་དྲིལ་བུ། བྱང་དུ་ཁྲི་གདུགས་པུསྟི། མཐའ་སྐོར་དུ་མཆོད་གཏོར། ཉེ་ལོགས་ཅི་བདེ་བར་ལས་བུམ་དང་། མཎྜལ་མེ་ཏོག་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། སློབ་དཔོན་གྱི་བྱ་བ་དང་། སློབ་མའི་བྱ་བའོ། །དང་པོ་ནི། སྐྱབས་སེམས་ཚོགས་གསག་སྔོན་དུ་འགྲོ་བས། མཆོད་གཏོར་རྣམས། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ་ཀྱིས་བསང། སྭ་བྷ་བས་སྦྱང་། སྟོང་པའི་ངང་ལས་གནས་ཁང་འོག་མིན་པདྨོ་བཀོད་པའི་ཞིང་ཁམས་ཆེན་པོར་གསལ་བའི་དབུས་སུ། ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་མཆོད་གཏོར་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པཱུ་ཛ་ཨཱཿཧཱུྃ། ཞེས་དང་སྤྲོ་ན་མཆོད་པའི་སྤྲིན་གྱི་གཟུངས་ཀྱང་བཟླ། དེ་ནས་བདག་མདུན་ལྷན་ཅིག་ཏུ་བསྒྲུབས་ཏེ་ཡེ་ཤེས་པ་མདུན་དུ་ཕྱེ་ཞིང་བཟླས་པ་བྱ་བ་སོགས་སྒྲུབ་ཐབས་ལྟར་གཏོར་འབུལ་མཆོད་བསྟོད་ཡན་གྲུབ་རྗེས། བུམ་པ་དུང་ཞལ་བཅས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ཡོངས་གྱུར་ལས། །རྣམ་རྒྱལ་བུམ་པ་མཚན་ཉིད་ཡོངས་རྫོགས་སྟེང་། །དུང་ཞལ་བདུད་རྩིའི་བཅུད་ཀྱིས་གང་བའི་དབུས། །སྣ་ཚོགས་པདྨ་འདབ་བཞིའི་གེ་སར་ལ༔ སོགས་ནས། མཚན་པར་གསལ༔ ཞེས་པའི་མཐར། རང་བྱུང་རྡོ་རྗེ་གསུམ་སོགས་སྦྲེལ། སྤྱན་འདྲེན་ནས་བསྟོད་པ་ཡན་སྒྲུབ་ཐབས་ལྟར་བྱས་ལ། གཟུངས་ཐག་ནས་བཟུང་སྟེ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་། གཟུངས་ཐག་ལ་འཁྲིལ་ཏེ་དུང་ཞལ་གྱི་ལྷའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས་པས་དུང་ཞལ་གང་བར་བསམ་ལ་བཟླས་པ་ཅི་ནུས་བྱ། མཐར་དུང་ཞལ་གྱི་ལྷ་འོད་དུ་ཞུ་བའི་བདུད་རྩི་བུམ་པའི་ཆུ་དང་རོ་གཅིག་པར་བསམ་ལ་དུང་ཆུ་བུམ་པར་བླུགས། ལས་བུམ་དུ་རྟ་མགྲིན་གྱི་བསྐྱེད་བཟླས་དང་། བདག་འཇུག་རྒྱས་བསྡུས་ཇི་ལྟར་རིགས་པ་བླང་། གཉིས་པ་སློབ་མའི་བྱ་བ་ནི། སློབ་མ་རྣམས་ཁྲུས་བྱ། བགེགས་ཕྲལ། སྲུང་འཁོར་བསྒོམ། ཆོས་བཤད་ཅི་རིགས་པ་དང་། མཚམས་སྦྱོར་གྱི་ཁྱད་པར། ད་ལམ་འདིར་ལྷ་སྲས་མུ་རུབ་བཙད་པོ་ཡེ་ཤེས་རོལ་པ་རྩལ་གྱི་རྣམ་འཕྲུལ། ཚད་མ་གསུམ་གྱིས་གྲུབ་ཅིང་། རྩོད་པ་ཐམས་ཅད་དང་བྲལ་བའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས། དགུང་ལོ་ཉི་ཤུ་རྩ་གཅིག་བཞེས་པ་ས་མོ་བྱ་ཡི་ལོ་ཁྲུམས་སྟོད་ཟླ་བའི་ཚེས་བཅུའི་ཉི་མ་གུང་གི་དུས་ལ་བབས་པ་ན། བརྡབ་རོང་མེ་རི་འབར་བའི་བྲག་ནས་བཞེས་པའི་ཁ་བྱང་དང་། གོ་ཆེའི་བྲག་ཁྱུང་གཤོག་འདྲ་བ་ནས་བཞེས་པའི་ཡང་བྱང་གཉིས་ལ་བརྟེན་ནས། ལས་ལྡན་གྱི་གྲོགས་ལྔས་ཐུན་མོང་དུ་མཐོང་བར་མདོ་ཁམས་ལྷོ་ཟླའི་ཕྱོགས་ཀྱི་ཟླ་སྲིབ་གུ་རུ་རིན་པོ་ཆེའི་སྒྲུབ་གནས་རྫོང་ཆེན་བཅོ་བརྒྱད་དུ་གྲགས་པའི་ཡ་གྱལ། པདྨ་གསུང་གི་སྒྲུབ་གནས་ན་བུན་རྫོང་ཞེས་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་ཟབ་མོ་ཧཱུྃ་གི་སྒྲུབ་པ་མཛད་པའི་གནས་བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད་པ་ལྷོ་ཕྱོགས་རིན་ཆེན་སྤུངས་པ་ནས། བར་ཆད་མེད་པར་སྤྱན་དྲངས་པའི་གསེར་ཤོག་སེར་པོའི་ངོས་ལས་ལོ་གསུམ་གསང་བའི་མཐར་གཏན་ལ་ཕབས་ཏེ་ཐུགས་ཉམས་སུ་བཞེས་པའི་སྐབས་འོད་གསལ་གྱི་སྣང་བར། འོག་མིན་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་རིགས་ཀུན་ཁྱབ་བདག་མ་ཧཱ་གུ་རུ་རྗེ་འབངས་དང་བཅས་པས་མངོན་སུམ་དུ་རྗེས་སུ་བཟུང་ཞིང་བྱིན་རླབས་དབང་བསྐུར་གྱི་རིམ་པ་རྒྱས་པར་བསྩལ། སླར་གནས་དུས་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པའི་སྐབས་སུ་རིམ་པར་སྤེལ་བའི་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོའི་ཐུགས་བཅུད། བྱིན་རླབས་ཀྱི་ཚན་ཁ་དང་ངོ་མཚར་གྱི་ཁྱད་པར་དུ་མས་འཕགས་པའི་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་ཐེག་དགུ་དང་འབྲེལ་བ་ལས། སྤྱོད་པའི་རྒྱུད་དང་རྗེས་སུ་འབྲེལ་བའི་འཇིག་རྟེན་དབང་ཕྱུག་འགྲོ་འདུལ་ཕྱག་བཞི་པའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བའི་བྱ་བ་བསྒྲུབ་པ་ལ། སློབ་དཔོན་གྱི་བགྱི་འོས་གྲུབ་ནས་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་མཎྜལ་ཕུལ། ཞེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག །དེ་ནས་ཐུན་མོང་གི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ལན་གསུམ། ཆས་སུ་ཞུགས་པའི་སླད་དུ། སྔོན་ཆད་འཕགས་པ་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་གྱི་དཀྱིལ་འཁོར་མ་མཇལ་བའི་བརྡར་རས་ཡུག་དམར་པོ་རེས་གདོང་བཅིངས་པའི་མོས་པ་མཛོད། ཨོཾ་ཙཀྵུར་བྷནྡྷ་ཝ་ར་མ་ཎཱ་ཡ་སྭཱ་ཧཱ། ལྷ་དང་མཇལ་བའི་ཚེ་ཕྱག་རྟེན་དུ་མེ་ཏོག་གི་ཕྲེང་བ་རེ་ཡང་བྱིན་པར་མོས་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ། རྒྱུད་སྦྱོང་བའི་སླད་དུ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་འཕགས་པ་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་སྐྱབས་ཡུལ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་ཞལ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར། སྐྱབས་སེམས་ཚད་མེད་ཡན་ལག་བདུན་པ་རྣམས་ཚུལ་བཞིན་དུ་བསྒྲུབ་པར་བགྱིའོ་སྙམ་པས་འདིིའི་རྗེས་ཟློས་མཛོད། ན་མོ༔ བདག་སོགས་སེམས་ཅན་སོགས་ནས། གོ་འཕང་ཐོབ་པར་ཤོག༔ བར་ལན་གསུམ་སྟེ། དེ་ནས་ཁྱད་པར་གྱི་དོན་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ན་མོ༔ རྡོ་རྗེའི་བླ་མ་དགོངས་སུ་གསོལ༔ བདག་ལ་ཐུགས་རྗེ་ཆེན་པོ་ཡི༔ དབང་བསྐུར་མཆོག་ནི་བསྩལ་དུ་གསོལ༔ ལན་གསུམ། ཞེས་གསོལ་བ་བཏབ་པ་ལ། སློབ་དཔོན་གྱིས་དམ་ཚིག་གནས་ལ་དྲི་བ་ནི་འདི་ལ་གསན་པས་ཁྱབ་སྟེ། ཨེ་མ་འདི་ནི་སྤྱོད་པའི་རྒྱུད༔ ཚུལ་བཞིན་དམ་ཚིག་ཐུབ་བྱ་འམ༔ ཞེས་དྲིས་པའི་ལན་དུ་དམ་ཚིག་ཁས་བླང་བ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ སློབ་དཔོན་ཐབས་མཁས་དགོངས་སུ་གསོལ༔ གསང་སྔགས་དམ་ཚིག་ཚུལ་བཞིན་བསྲུང༔ མཁན་པོ་ཕ་མ་རྗེ་ལྟར་མཆོད༔ བྱང་ཆུབ་སེམས་ནི་མི་སྤང་ངོ༔ མུ་སྟེགས་ཅན་ལའང་སྨད་མི་བྱ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་བཟུང༔ ལྷ་སྔགས་ཏིང་འཛིན་གསུམ་མི་གཏོང༔ ཁོ་ན་ཉིད་བཞི་འབད་པས་བསྒོམ༔ ཞེས་ཁས་བླངས་པ་ལ། སླར་ཡང་ནན་ཏན་གྱི་ཚུལ་དུ་མནའ་ཆུ་སྦྱིན་ཞིང་རྡོ་རྗེའི་བྲོ་བོར་བར་གདམས་པ་ནི། ཨེ་མ་ཧོ༔ དེ་ལྟར་ཡིན་ན་སྐལ་བར་ལྡན༔ དེ་ཕྱིར་སྙིང་ནས་བྲོ་བོར་ཅིག༔ ཅེས་བརྗོད་ལ་མནའ་ཆུ་སྦྱིན། དེ་ལྟར་གདམས་པ་ལ་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས་མཛོད། ཨི་དན་ན་ར་ཀན༔ ཞེས་པས་དམ་ལ་བཞག་ནས། དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཨོཾ་སྭ་བྷཱ་བ་སོགས། ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། སེམས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་འགྲོ་འདུལ་ཡིད་བཞིན་ནོར་བུ། སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་བཞིའི་ཕྱག་དང་པོ་གཉིས་ཀྱིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་ཡིད་བཞིན་གྱི་ནོར་བུ་འཛིན་ཅིང་། གཡས་འོག་མས་ཤེལ་ཕྲེང་དང་། གཡོན་འོག་མས་མེ་ཏོག་པདྨ་དཀར་པོ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པའི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབ་པར་མོས་མཛོད། ཧྲཱི༔ བདག་གི་མགོན་པོ་ཐུགས་རྗེ་ཅན༔ འགྲོ་བའི་དོན་ཕྱིར་སྤྱན་འདྲེན་ན༔ སྲས་དང་སློབ་མའི་ཚོགས་དང་བཅས༔ གནས་འདི་ཉིད་དུ་གཤེགས་སུ་གསོལ༔ ཨོཾ་ཨཱརྻ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་ཡང་ཡང་བརྗོད་ཅིང་སྤོས་རོལ་བཅས་བྱིན་དབབ། རྡོ་རྗེ་སྤྱི་བོར་བཞག་ཅིང་། ཏིཥྛ་བཛྲ༔ ཞེས་པས་བརྟན་པར་བྱས་པའི་མོས་པ་མཛོད། དེ་ནས་རིགས་བརྟག་པའི་ཕྱིར་མེ་ཏོག་འབུལ་བར་གདམས་པ་ནི། ཧོ༔ འདི་དུས་གསང་བའི་སྒོར་ཞུགས་པ༔ བརྟག་པའི་མེ་ཏོག་ལྷ་ལ་འབུལ༔ ཞེས་གདམས་པ་ལ། ཁྱེད་རང་རྣམས་ཀྱིས་ཀྱང་ཡེ་ཤེས་ཀྱི་ལྷ་ལ་བཟང་ངན་མ་མཆིས་མོད། རང་གི་ལས་བསགས་པའི་ལྷ་དེ་ལ་འབབ་པར་ཤོག་ཅིག་སྙམ་དུ་མེ་ཏོག་དེ་ཉིད་རིན་པོ་ཆེ་གསེར་གྱི་མེ་ཏོག་ཏུ་མོས་པས། དཀྱིལ་འཁོར་ལ་འདོར་བའི་མོས་པ་དང་བཅས་དངོས་སུ་ཚོམ་བུའི་དཀྱིལ་འཁོར་འདིར་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་མཛོད། ཧོ༔ བསྐལ་པ་གོང་ནས་ལྷ་མཆོག་དེ་དག་ལ༔ ཡེ་ཤེས་རིག་པའི་མེ་ཏོག་འདི་འབུལ་གྱིས༔ འགྱུར་མེད་ཡེ་ཤེས་དཀྱིལ་འཁོར་དེར་བབས་ནས༔ ཐུགས་རྗེ་ཆེན་པོས་རྗེས་སུ་གཟུང་དུ་གསོལ༔ པུཥྤེ་པྲ་ཏཱིཙྪ་ཧོ༔ དེ་ལྟར་འདོར་བས་དབུས་སུ་བབས་ན་རྡོ་རྗེ། ཤར་དུ་དེ་བཞིན་གཤེགས་པ། ལྷོར་རིན་ཆེན། ནུབ་ཏུ་པདྨ། བྱང་དུ་ལས་ཀྱི་རིགས་ཀྱི་ཐུགས་རྗེ་ཆེན་པོའི་རིགས་སུ་མཚོན་པ་ཡིན་ལ། སླར་ཡང་མེ་ཏོག་གང་ལ་ཕོག་པའི་ལྷས་མེ་ཏོག་དེ་ཉིད་ཕྱག་གིས་བཞེས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཅིངས་པ་དང་ལྷན་ཅིག་ཏུ་གསང་བའི་མཚན་ཡང་བྱིན་པར་མོས་མཛོད། ཀྱེ༔ རིག་པའི་མེ་ཏོག་ཕུལ་བའི་བྱིན་རླབས་ཀྱིས༔ རང་རིག་ཡེ་ཤེས་ལྷ་དང་ངོ་འཕྲོད་དེ༔ མ་འོངས་དེ་བཞིན་གཤེགས་པ་དྲི་མ་མེད༔ རྩེ་གཅིག་མི་གཏང་ཡེ་ཤེས་སྒྲུབ་པར་གྱིས༔ དེ་ནས་མ་རིག་པའི་ལིང་ཏོག་བསལ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ སློབ་དཔོན་ཐབས་མཁས་དགོངས་སུ་གསོལ༔ བདག་གི་མ་རིག་མིག་ཕྱེས་ལ༔ གསང་བའི་དཀྱིལ་འཁོར་ཆེན་པོ་སྟོན༔ རིག་རྩལ་ལྷ་དང་སྤྲད་དུ་གསོལ༔ ཞེས་གསོལ་བ་བཏབ་པ་ལ་བརྟེན་ནས། སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་བྱུང་ནས་ཁྱེད་རང་རྣམས་ཀྱི་མ་རིག་པའི་ལིང་ཏོག་དང་མིག་རས་ལྷན་ཅིག་ཏུ་བསལ་བར་མོས་མཛོད། ཧྲཱི༔ སྔོན་གྱི་རྒྱལ་བ་རྣམས་ཀྱིས་ནི༔ མ་རིག་མིག་ནི་ཕྱེས་པ་ལྟར༔ འཁོར་འདས་སོ་མཚམས་ལིང་ཏོག་འདི༔ ཡེ་ཤེས་ཐུར་མས་དབྱེ་བར་བྱ༔ བཛྲ་ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ྄༔ དེ་ནས་སློབ་དཔོན་གྱིས། བྷྲཱུྃ་པྲ་བེ་ཤ་ཡ་ཕཊ྄༔ ཅེས་བརྗོད་པས་ཕོ་བྲང་གི་སྒོ་བཞི་ཤག་གིས་ཕྱེ་ནས། ཁྱེད་རང་རྣམས་སློབ་དཔོན་གྱི་ལག་གི་རྡོ་རྗེ་ལ་འཇུས་ཏེ་དཀྱིལ་འཁོར་ཆེན་པོའི་ནང་དུ་ཁྲིད་པའི་མོས་པ་བཅས། བཅོམ་ལྡན་འཕགས་པ་ཐུགས་རྗེ་ཆེན་པོ་འགྲོ་འདུལ་པདྨ་གཙུག་ཏོར་ལྷ་ལྔའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་བཞིན་དུ་མཇལ་བའི་མོས་པ་མཛོད། ཅེས་པ་ཙམ་མམ་སྤྲོ་ན་རྟེན་དང་བརྟེན་པ་རྒྱས་པར་བསྟན། སླར་ཡང་སློབ་དཔོན་གྱིས་སྤྲོ་བ་བསྐྱེད་པ་ནི་འདི་ལ་གསན་པས་ཁྱབ་སྟེ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ ད་ནི་ལས་དང་སྐལ་བར་ལྡན༔ དུས་གསུམ་སངས་རྒྱས་དངོས་དང་མཇལ༔ བསྐལ་པ་དུ་མའི་སྒྲིབ་པ་དག༔ དེས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་སོང་ནས། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་སླད་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་འདྲེན་པ་བླ་ན་མེད༔ དབང་བསྐུར་བ་ནི་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས། སློབ་དཔོན་དང་མདུན་བསྐྱེད་ཀྱི་དཀྱིལ་འཁོར་བ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས། སློབ་དཔོན་དང་ལྷན་ཅིག་པས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བ་ལ་བརྟེན་ནས། སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་སྟེ་སངས་རྒྱས་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པར་མོས་མཛོད། སྤྲོས་མེད་དོན་དམ་ཟླུམ་པོའི་བུམ་པ་ན༔ རང་བྱུང་ཐུགས་རྗེ་ཆེན་པོ་ཞུ་བའི་ཆུ༔ འཛིན་སེམས་ཞེ་སྡང་ལ་སོགས་རྣམ་པར་དག༔ མེ་ལོང་ཡེ་ཤེས་བུམ་པས་དབང་བསྐུར་རོ༔ ཨོཾ་པདྨ་ཨུཥྞཱི་ཥ་བི་མ་ལེ་ཧཱུྃ་ཕཊ྄༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ༔ བདུད་རྩིའི་རྒྱུན་གྱིས་ལུས་གང་བའི་ལྷག་མ་སྤྱི་བོར་འཁྱིལ་པ་ལས་རིགས་ཀྱི་བདག་པོ་འོད་དཔག་མེད་ཀྱིས་དབུར་བརྒྱན་པ་ལ། རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བས་སྐུ་དང་ཡེ་ཤེས་ཕྲིན་ལས་དང་བཅས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་ཤིང་སངས་རྒྱས་ཀྱི་གཟུགས་སྐུ་མཚན་དཔེས་བརྒྱན་པ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའི་མོས་པ་མཛོད། ཧྲཱི༔ སྐྱེ་མེད་དོན་དམ་སྙིང་པོ་འགག་མེད་ལས༔ ཕྱག་མཚན་ལྔས་བརྒྱན་རིགས་ལྔའི་ཅོད་པན་འདིས༔ ཞེན་སེམས་ང་རྒྱལ་མ་ལུས་ཡེ་ནས་དག༔ མཉམ་ཉིད་ཡེ་ཤེས་རིགས་ལྔས་དབང་བསྐུར་རོ༔ སྔགས་མཐར། རཏྣ་སཾ་བྷ་བ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་དང་དྲིལ་བུ་ཕྱག་ཏུ་གཏད་པས་སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། གསུང་དབྱངས་ཡན་ལག་དྲུག་ཅུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའི་མོས་པ་མཛོད། ཧོ༔ ཁྱོད་ཀྱིས་རྡོ་རྗེ་དྲིལ་བུ་ཆོངས༔ ཐུགས་ཀྱི་དབྱིངས་སུ་འཚང་རྒྱ་འོ༔ སྔགས་མཐར། བཛྲ་གཎྜེ་ཨ་བྷི་ཥིཉྩ་མི༔ ཞེས་བརྗོད། དེ་ནས་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བའི་ཕྱིར། ཁྱེད་རང་རྣམས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིར་འཁོད་པའི་སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ནམ་མཁའ་དང་མཉམ་པའི་བླ་བྲེ་ཕུབ་ཅིང་ཕྱག་ཏུ་གླེགས་བམ་གཏད་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོ་རྒྱལ་སར་དབང་བསྐུར་བ་ལྟར་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་མངོན་པར་དབང་བསྐུར་བའི་མོས་པ་མཛོད། ཧོ༔ དེང་ཕྱིན་རྡོ་རྗེ་སློབ་དཔོན་ཏེ༔ ཕྱག་རྒྱ་གསུམ་དང་མ་བྲལ་ཅིག༔ རང་གཞན་དོན་ལ་བརྩོན་པར་གྱིས༔ ཞེས་དང་ཡེ་དྷརྨཱཿབརྗོད་ཅིང་མེ་ཏོག་འཐོར། དེས་དབང་གི་དངོས་གཞི་གྲུབ་ནས། མཐའ་རྟེན་དུ། རིག་སྔགས་གྲུབ་པར་བྱེད་པ་བཟླས་ལུང་། མཚན་མེད་ཀྱི་རྣལ་འབྱོར་བསྒོམ་པའི་ཕྱིར་རིག་གཏད། དགེ་ལེགས་ཀྱི་འབྱོར་བ་སྤེལ་བའི་སླད་དུ་རྫས་རྟགས་སྦྱིན་པ་རྣམས་སུ་ཡོད་པ་ལས། ཐོག་མར་བཟླས་ལུང་གི་སླད་དུ་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཞལ་ནས་སྔགས་ཀྱི་ཕྲེང་བ་བྱུང་། ཁྱེད་རང་རྣམས་ཀྱི་རྣ་བ་གཡས་པ་ནས་ཞུགས། སྙིང་གའི་ས་བོན་ལ་ཐིམ་པས་སྔགས་ཀྱི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པར་མོས་ཏེ་སྔགས་འདི་གཉིས་ཀྱི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་པདྨ་ཨུཥྞཱི་ཥ་བི་མ་ལེ་ཧཱུྃ་ཕཊ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ རིག་པ་གཏད་པ་ནི། དེ་ལྟར་ལྷ་སྔགས་ཀྱིས་མཚོན་པའི་དུས་གསུམ་གྱི་རྣམ་པར་རྟོག་པའི་རྗེས་སུ་མ་འབྲང་བར་སེམས་ཉིད་གཉུག་མའི་དབྱིངས་སུ་མཉམ་པར་ཞོག་ཅིག །ཅེས་གདམས། ཤིས་པར་བྱ་བའི་སླད་དུ་བཀྲ་ཤིས་པའི་རྫས་བརྒྱད་དང་། རྟགས་བརྒྱད་རྣམས་སོ་སོའི་བྱེད་ལས་གྲུབ་པའི་དངོས་པོ་ཅན་ལག་ཏུ་གཏད་པས་དགེ་ལེགས་ཀྱི་འབྱོར་པ་རྒྱས་པར་སྤེལ་བའི་མོས་པ་མཛོད། ཧྲཱི༔ མ་རིག་རྣམ་དག་ཡེ་ཤེས་མེ་ལོང་མཆོག༔ དུག་ལྔའི་གདུང་སེལ་སྙིང་པོ་ཞོ་ཡི་ཟས༔ ཉོན་མོངས་གཅོང་གཞིལ་གི་ཝཾ་སྨན་གྱི་ཕུལ༔ ཕྱི་ནང་ཆོས་རྣམས་དབང་སྡུད་ལི་ཁྲི་མཆོག༔ རྒྱུད་དག་གསང་སྔགས་འབྲས་སྤྱོད་བིལྦའི་འབྲས༔ རྡོ་རྗེའི་ཚེ་མཆོག་འཕེལ་བའི་དཱུརྦ་དང༔ ལོག་སྨྲ་ཀུན་བཅོམ་གཡས་འཁྱིལ་ཆོས་ཀྱི་སྒྲ༔ བདུད་སྡེ་ཕམ་མཛད་ཁྲོ་བོ་ཡུངས་དཀར་ཚོགས༔ འདི་དག་དབང་བསྐུར་བཀྲ་ཤིས་ལྡན་པར་ཤོག༔ ཨོཾ་མངྒ་ལཾ་ཀུ་རུ་ཨ་བྷི་ཥིཉྩ་མི༔ ཧྲཱི༔ དཔལ་བེའུ་ཡེ་ཤེས་དྲྭ་བ་ཆེ༔ འཁོར་ལོ་ཕྱོགས་ལྷུང་ཀུན་དང་བྲལ༔ པདྨ་ཆགས་མེད་ཡེ་ཤེས་ཏེ༔ རྒྱལ་མཚན་རྟོག་མེད་བདུད་ལས་རྒྱལ༔ གདུགས་མཆོག་ཁོར་ཡུག་འོད་གསལ་བ༔ བུམ་པ་ཅིར་སྣང་ཆོས་ཀྱི་གཏེར༔ ཆོས་དུང་གྲགས་སྟོང་གདངས་རྩལ་ཅན༔ གསེར་ཉ་ཡེ་ཤེས་བྱང་ཆུབ་སེམས༔ སྐལ་ལྡན་རྣམས་ལ་དབང་བསྐུར་བས༔ བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག༔ ཨོཾ་ཨཥྚ་མངྒ་ལཾ་ཨ་བྷི་ཥིཉྩ་མི༔ རྗེས་འབྲེལ་དུ་ཤིས་པ་བརྗོད་པ་ཇི་ལྟར་རིགས་པ་དང་བཅས་མེ་ཏོག་གི་ཆར་དབབ། དེ་ལྟར་འཕགས་པ་ཐུགས་རྗེ་ཆེན་པོ་འགྲོ་འདུལ་པདྨ་གཙུག་ཏོར་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལེགས་པར་ཐོབ་པའི་ཕན་ཡོན་ནི། འཕགས་པ་དོན་ཡོད་ཞགས་པའི་རྟོག་པ་ཆེན་པོ་ལས། དོན་ཡོད་པའི་ཞགས་པ་པདྨ་གཙུག་ཏོར་གྱི་སྙིང་པོ་ཁྲོ་བོ་རིགས་ཀྱི་གསང་སྔགས་རིམ་པར་ཕྱེ་བ་གཟུངས་སྔགས་ཆེན་པོ་སྙིང་པོ་བཅུ་པོ་འདི་ལན་གཅིག་དྲན་ནམ། ཀློག་གམ། མིང་བཟུང་བའམ་དྲན་ནམ། ལག་ན་རྡོ་རྗེ་དུས་ཚིགས་གཅིག་ཏུ་དྲན་པ་ཙམ་གྱིས་ཀྱང་། དེས་མཚམས་མེད་པ་བྱེད་པ། མནར་མེད་པར་གཞོལ་བ། བསྐལ་པར་གནས་པའང་དེ་ཡིས་རྣམ་པར་དག་པར་འགྱུར་ལ་སྡིག་པ་དང་སྒྲིབ་པ་བསགས་པ་རྣམས་ཟད་པར་འགྱུར། ལུས་ཡོངས་སུ་དག་ཅིང་དྲི་མ་མེད་པར་འགྱུར། སྒྲིབ་པ་དང་སྡིག་པ་དང་བྲལ་བར་འགྱུར། ཚེ་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་འགྱུར། ཚེ་རབས་སུ་ཚེ་རབས་དྲན་པར་འགྱུར། ནམ་ཡང་ངན་འགྲོར་འགྲོ་བར་མི་འགྱུར། བསྐལ་པ་བྱེ་བ་འབུམ་ཕྲག་བརྒྱད་ཅུར་འཁོར་ལོས་བསྒྱུར་བ་མཆོག་ཏུ་འགྱུར། བསྐལ་པ་བྱེ་བ་འབུམ་ཕྲག་བརྒྱད་ཅུར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་བདེ་བ་མྱོང་བར་འགྱུར། ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར། གཟུངས་སྔགས་ཟབ་མོ་འདི་ལན་གཅིག་ཙམ་དྲན་པས་ཀྱང་ཕན་ཡོན་དེ་ལྟ་བུ་དང་ལྡན་ན། དབང་བསྐུར་བ་ཐོབ་པ་དང་། སྒོམ་བཟླས་བགྱིས་པ་སོགས་ཀྱི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ལྟ་སྨོས་ཀྱང་ཅི་དགོས་པས་སྟོན་པ་ཐུགས་རྗེ་ཅན་གྱི་གསུང་གིས་ནམ་ཡང་མི་བསླུ་བའི་ཕྱིར་དད་པ་དང་། སྤྲོ་བ་དང་། ངེས་ཤེས་མཆོག་ཏུ་བསྐྱེད་ནས་རང་རང་གིས་ཉམས་སུ་ལེན་པ་དང་། གཞན་དག་ལ་འཆད་ཅིང་སྟོན་པ་ལ་སོགས་པའི་སྒོ་ནས་དལ་བའི་རྟེན་ལ་སྙིང་པོ་ལེན་པའི་ཐབས་ལ་འབད་པར་བྱའོ། །དེ་ལྟ་བུའི་ཕན་ཡོན་ཆེན་པོ་དང་ལྡན་པའི་དབང་གི་སྲོག་དམ་ཚིག་དང་། སྡོམ་པ་ལ་བསྲུང་སྡོམ་ཚུལ་བཞིན་དུ་བྱ་དགོས་པར་གདམས་པའང་འདི་ལ་གསན་པས་ཁྱབ་སྟེ། དཀོན་མཆོག་གསུམ་དང་བླ་མ་ནི༔ གཙུག་ཏུ་ཁུར་ཞིང་གསོལ་བར་བྱ༔ ཕ་མ་གྲོགས་དང་མཛའ་བོ་རྣམས༔ བཀུར་ཞིང་དུས་མཆོད་རྣམས་ལ་བརྩོན༔ མི་དགེ་མི་སྤྱོད་ཤ་ཆང་སྤང༔ ཁྲུས་དང་གཙང་སྦྲ་རྣམས་ལ་འབད༔ ཅེས་གདམས་པ་ལ་ཁྱེད་རྣམས་ཀྱིས་ཀྱང་དོན་དེ་ལས་འདའ་བར་མི་བགྱིད་དོ་སྙམ་པས་མདོར་བསྡུས་ཏེ་འཛིན་པར་ཁས་བླང་བ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། རྗེས་གཏང་རག་གི་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བ་བསྔོ་བ་རྣམས་སྤྱི་ལྟར་བྱས་ནས་སློབ་མ་རྣམས་རང་གནས་སུ་གཏང་ངོ་། །གསུམ་པ་རྗེས་ནི། མཆོད་པ་ཞལ་གསོས་ལ་བྱིན་གྱིས་བརླབ། མཆོད་བསྟོད་རྒྱས་བསྡུས་གང་རིགས་དང་། མ་རྙེད་ཡོངས་སུ་མ་ཚང་དང། །སོགས་ཀྱི་མཐར་ཡི་གེ་བརྒྱ་པ་བརྗོད་ཅིང་བཟོད་པར་གསོལ། མདུན་བསྐྱེད་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན། བཛྲ་མུཿས་ཡེ་ཤེས་པ་རང་གནས་སུ་གཤེགས། རང་དམ་ཚིག་པའི་ཐུགས་རྗེ་ཆེན་པོར་སོགས་སྒྲུབ་ཐབས་ལྟར་བསྔོ་སྨོན་བར་བྱ་ཞིང་། ཤིས་པ་བརྗོད་པས་མཐའ་བརྒྱན་ནོ། །ཞེས་པའང་རང་གཞན་རྣམས་ལ་སྨན་པའི་བསམ་པས། གཏེར་ཆེན་བླ་མ་མཆོག་གི་བཀའ་དྲིན་ལས་ཟབ་ཆོས་འདི་ཉིད་དང་པོར་ཐོབ་པའི་སྐལ་བཟང་ཅན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་མདོར་བསྡུས་སྙིང་པོར་དྲིལ་ཏེ་སྦྱར་བའི་དགེ་བས་སེམས་ཅན་ཐམས་ཅད་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཤྲཱི་ཡ་སྶིདྡྷི་རསྟུ།། ༈ །།ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་གྱི་སྒོ་ནས་གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་གཞན་ཕན་མྱུར་ལམ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། འཕགས་པ་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་གྱི་སྒོ་ནས་གཤིན་པོ་རྗེས་སུ་འཛིན་པའི་ཚུལ་ནི། དོན་ཡོད་ཞགས་པའི་རྟོག་པ་ཆེན་པོ་ལས། སེམས་ཅན་གང་ལ་ལ་དག་སེམས་ཅན་དམྱལ་བར་གཞོལ་བར་ཤི་བ་དང་། དགེ་སློང་གང་ལ་ལ་བསླབ་པའི་སྡོམ་པ་དང་། ཚུལ་ཁྲིམས་ཀྱི་སྡོམ་པ་རལ་པ་དང་། མཁན་པོ་དང་སློབ་དཔོན་ལ་གུས་པར་མ་བྱས་པར་ཤི་བ་དེའི་དོན་དུ་བྱེ་མ་གཙང་མ་བླངས་ལ་ལན་བདུན་བཟླས་བརྗོད་བྱས་ནས་དུར་ཁྲོད་དམ། རོ་བསྲེགས་པའམ། འཆི་ས་དེར་བྱེ་མ་གཏོར་བར་བྱའོ། །གང་དང་གང་ན་སེམས་ཅན་གང་དག་གི་རུས་པ་ཡོད་སར་བྱེ་མ་གཏོར་མ་ཐག་ཏུ་དེ་དང་དེར་བྱེ་མ་བབས་པའི་སེམས་ཅན་དམྱལ་བའམ། ཡི་དྭགས་སམ། ཤ་ཟར་སྐྱེས་པའམ། གནོད་སྦྱིན་དང་། སྲིན་པོའི་སྐྱེ་གནས་སུ་སྐྱེས་ན་དེའི་མོད་ལ་ཚེ་བརྗེས་ནས་ཐམས་ཅད་མཐོ་རིས་སུ་གཞོལ་བར་འགྱུར་ཞིང་། ནམ་ཡང་སེམས་ཅན་དམྱལ་བར་གཞོལ་བར་མི་འགྱུར་རོ། །ཞེས་རྒྱ་ཆེར་བསྔགས་པ་ལྟར། གྲུབ་པའི་སློབ་དཔོན་པདྨ་སཾ་བྷཱ་བའི་ཞལ་ལུང་ལས་བྱུང་བའི་སྒྲུབ་པའི་ཐབས་དང་རྗེས་སུ་འབྲེལ་བར་ཆོ་ག་ཤིན་ཏུ་མདོར་བསྡུས་པ་དང་སྦྱར་ནས་བརྗོད་པར་བྱ་སྟེ། འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། འདིའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ། བསྙེན་པ་ལས་སུ་རུང་ཞིང་སྙིང་རྗེ་ཆེན་པོ་དང་ལྡན་པའི་སློབ་དཔོན་གྱིས་གནས་གཙང་ཞིང་ཡིད་དང་མཐུན་པར། སྟེགས་བུའི་ཁར་རས་བྲིས་སམ་ཚོམ་བུའི་དཀྱིལ་འཁོར་གང་རིགས་སྐབས་དང་སྦྱར་བའི་དབུས་སུ་མཉྫིའི་ཁར་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པའི་སྟེང་དུ་དུང་ཆོས་དྲི་བཟང་གི་ཆུས་གང་བ་བཞག་པ་ལ་གཟུངས་ཐག་རྡོ་རྗེ་བཏགས། དབང་བསྐུར་ན་དེའི་ཆས་དང་། གཞན་ཡང་མཆོད་གཏོར། དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་ཚེ་འདས་ཀྱི་རུས་བུའམ། གཟུགས་བྱང་མིང་ཡིག་ས་བོན་ནི༔ ལུས་ངག་ཡིད་ཀྱི་རྟེན་ཡིན་ཏེ༔ བག་ཆགས་རྟེན་དུ་དྲི་གོས་སམ༔ ཞེས་ཇི་ལྟར་རིགས་པ་དང་། རང་གི་མདུན་དུ་ལས་བུམ་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱའོ། །ཆོ་གའི་སྦྱོར་བ། སྐྱབས་སེམས་ཚོགས་གསག་སྔོན་དུ་འགྲོ་བས། མཆོད་གཏོར། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་གནས་ཁང་འོག་མིན་པདྨོ་བཀོད་པའི་ཞིང་ཁམས་ཆེན་པོར་གསལ་བའི་དབུས་སུ། ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་མཆོད་གཏོར་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་ཨཱཿཧཱུྃ། ཞེས་དང་སྤྲོ་ན་མཆོད་པའི་སྤྲིན་གྱི་གཟུངས་ཀྱང་བཟླ། དེ་ནས་བདག་མདུན་ལྷན་ཅིག་ཏུ་བསྒྲུབས་ཏེ་ཡེ་ཤེས་པ་མདུན་དུ་ཕྱེ་ཞིང་བཟླས་པ་བྱ་བ་སོགས་སྒྲུབ་ཐབས་ལྟར་གཏོར་འབུལ་མཆོད་བསྟོད་ཡན་གྲུབ་རྗེས། བུམ་པ་དུང་ཞལ་བཅས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ཡོངས་གྱུར་ལས། །རྣམ་རྒྱལ་བུམ་པ་མཚན་ཉིད་ཡོངས་རྫོགས་སྟེང་། །དུང་ཞལ་བདུད་རྩིའི་བཅུད་ཀྱིས་གང་བའི་དབུས། །སྣ་ཚོགས་པདྨ་འདབ་བཞིའི་གེ་སར་ལ༔ སོགས་ནས། མཚན་པ་གསལ༔ ཞེས་པའི་མཐར། རང་བྱུང་རྡོ་རྗེ་གསུམ་སོགས་སྦྲེལ། སྤྱན་འདྲེན་ནས་བསྟོད་པ་ཡན་སྒྲུབ་ཐབས་ལྟར་བྱས་ལ། གཟུངས་ཐག་ནས་བཟུང་སྟེ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་། གཟུངས་ཐག་ལ་འཁྲིལ་ཏེ་དུང་ཞལ་གྱི་ལྷའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས་པས་དུང་ཞལ་གང་བར་བསམ་ལ་བཟླས་པ་ཅི་ནུས་བྱ། མཐར་དུང་ཞལ་གྱི་ལྷ་འོད་དུ་ཞུ་བའི་བདུད་རྩི་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་ལ་དུང་ཆུ་བུམ་པར་བླུགས། ཁྱད་པར་ཀླུང་གི་བྱེ་མ་གཙང་མ་ཅུང་ཟད་བརྔོས་པར་སྔགས་མང་དུ་བཏབ་ནས་ནུས་པ་བསྟིམ། ལས་བུམ་དུ་སྐད་ཅིག་གིས་རྟ་མགྲིན་དམར་པོ་གཡས་དབྱུག་པ་དང་། གཡོན་ཞགས་པ་བསྣམས་པར་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ལ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླ་ཞིང་། མཐར་ལྷ་འོད་དུ་ཞུ་བའི་ཆུ་ནུས་པ་དང་ལྡན་པར་བསམ། དབང་བསྐུར་ན་བདག་འཇུག་རྒྱས་བསྡུས་གང་རིགས་བླང་། གཉིས་པ་དངོས་གཞི་ནི། དམིགས་རྟེན་མདུན་དུ་བཤམས་པར་སྦྱོང་ཁྲུས་ཀྱི་ཆས་ཀྱང་འདུ་བྱས་ལ། བསང་སྦྱང་། སྟོང་པའི་ངང་ལས་པདྨ་ཟླ་བའི་གདན་ལ་མིང་བྱང་ནྲྀཿལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར་པར་བསམ། ལྕགས་ཀྱུའི་ཕྱག་རྒྱ་དང་སྙིང་གའི་ཧྲཱིཿཡིག་གི་འོད་ཀྱིས་ཚེ་འདས་ཀྱི་རྣམ་ཤེས་བཀུག་པར་བསམ་ལ། ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་ཚེ་ལས་འདས་པ་ཆེ་གེ་མོའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གི་གནས་གང་ན་གནས་ཀྱང་སྐད་ཅིག་གིས་འདིར་མཆིས་པར་གྱུར་ཅིག །ཨོཾ་བཛྲ་ཨཱ་ཀརྵཱ་ཡ་ཛཿ ཞེས་པས་རྣམ་ཤེས་དང་། སརྦ་པཱ་པཾ་ཨཱ་ན་ཡ་ཧཱུྃ་ཞེས་པས་སྡིག་པ་བཀུག །ཛཿཧཱུྃ་བཾ་ཧོཿས་རྣམ་ཤེས་ཨ་དཀར་པོའི་རྣམ་པས་རྟེན་ལ་ཐིམ་པར་བསམ་ལ་གཏོར་མ་གསུམ་རྟེན་ལ་བསྐོར་ཞིང་། ཨོཾ་སརྦ་བིགྷྣཱན་ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏ་སྭཱ་ཧཱ། ལན་གསུམ། ཏིང་ལོ་དང་ཆངས་བུས་བསྐོར་ཞིང་། ཨོཾ་སུམྦྷ་སོགས་ལན་གསུམ། ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་ཚེ་ལས་འདས་པ་ཆེ་གེ་མོ་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང་། གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་སོང་ཞིག །གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་བརྗོད་ཅིང་། གུ་གུལ་གྱིས་བདུག །ཡུངས་དཀར་གྱིས་བྲབ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ་དང་། སུམྦྷ་སོགས་བཟླ་ཞིང་། རོལ་མོ་དང་བཅས་གཏོར་མ་ཕྱིར་དོར། བདག་མདུན་འཕགས་པ་ཐུགས་རྗེ་ཆེན་པོ་འགྲོ་འདུལ་པདྨ་གཙུག་ཏོར་དུ་གསལ་བའི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་མེ་ལྕེ་ལྟ་བུ་འཕྲོས་པས་ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་བསྲེག་ཅིང་སྦྱང་བར་བསམ་ལ། པདྨ་གཙུག་ཏོར་གྱི་སྔགས་བཟླས་པའི་བྱེ་མས་བྲབ་ཅིང་། ཨོཾ་པདྨ་ཨུཥྞཱི་ཥ་དང་། སྤྲོ་ན་ཀུན་རིག་དང་མི་འཁྲུགས་པ་རྡོར་སེམས་སོགས་ཀྱི་སྔགས་ཀྱི་མཐར། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ྄༔ ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ྄༔ ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ྄༔ ཅེས་བརྗོད། དེ་ནས་དཀྱིལ་འཁོར་སོགས་རྟེན་གྱི་གཟུགས་བརྙན་ཤར་བའི་མེ་ལོང་ལ་ཁྲུས་གསོལ་ཞིང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་དྲི་མ་མི་མངའ་ཡང་། །ཚེ་འདས་སྒོ་གསུམ་སྒྲིབ་སྦྱོང་ཕྱིར། །གཙང་མ་ཆབ་ཀྱིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས། ཁྲུས་རས་ཀྱིས་ཕྱི་ཞིང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲིའི་རབ་བསྒོས་པས་སྐུ་ཕྱི་འོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། ཁྲུས་ཁུ་སླར་ཡང་བུམ་པར་བླུགས་པས་རྟེན་ལ་བཀྲུ་ཞིང་། ཧྲཱི༔ འདི་ནི་ཕ་རོལ་ཕྱིན་དྲུག་ཆུ༔ དུག་ལྔའི་སྒྲིབ་པ་སྦྱོང་མཛད་ཅིང༔ ཕར་ཕྱིན་དྲུག་ལ་ལེགས་འགོད་ཆུ༔ ཕར་ཕྱིན་ཆུ་འདིས་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཨོཾ་པདྨ་ཨུཥྞཱི་ཥ་དང་། ཡི་གེ་དྲུག་པའི་མཐར། སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བརྗོད། དེ་བཞིན་དུ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ སྤྱན་རས་གཟིགས་དབང་དུག་མི་མངའ༔ དཀོན་མཆོག་བདེན་པས་དུག་བཅོམ་མོ༔ དུག་གསུམ་རང་བཞིན་དག་གྱུར་ཅིག༔ ས་ཆུ་མེ་རླུང་འདི་དག་ནི༔ དུག་གི་ཕ་མ་ཡིན་པས་ན༔ བདེན་པའི་བདེན་ཚིག་འདི་བརྗོད་པས༔ དུག་རྣམས་འབྱུང་བ་བཞི་ལ་ཐིམ༔ ཚེ་འདས་དུག་ནི་དུག་མེད་ཤོག༔ དཀོན་མཆོག་གསུམ་གྱི་བདེན་པ་དང༔ ཏིང་འཛིན་སྔགས་ཀྱི་བྱིན་རླབས་ཀྱིས༔ ཚེ་ལས་འདས་པ་འདི་ཉིད་ཀྱི༔ དུག་རྣམས་མ་ལུས་དག་གྱུར་ཅིག༔ ཅེས་སོ་སོའི་མཚམས་སུ་གོང་གི་སྔགས་དང་། གཞན་ཡང་ཡི་གེ་བརྒྱ་པ་སོགས་སྒྲིབ་སྦྱོང་གི་སྔགས་ཅི་རིགས་པ་བཟླ་ཞིང་ཁྲུས་བྱ། མེ་ཏོག་འཐོར་ཞིང་། བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེས། ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམ་གསུང་ཞིང། །ཐུབ་པའི་སྙན་པ་གང་བྱུང་དེས། ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེས། ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །ཚེ་ལས་འདས་པའི་གཙོར་བྱས་པའི་སེམས་ཅན་ཐམས་ཅད་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཅེས་བརྗོད། ཚེ་འདས་ཉིད་སྒོ་གསུམ་གུས་པ་ཆེན་པོས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་བསམ་ལ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང་། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པས་བརྒྱན་པ་པོ། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཕྱོགས་བཅུར་བཞུགས་པའི་བླ་མ་དང་། །མཆོག་གསུམ་ཞི་ཁྲོ་རབ་འབྱམས་ཀྱི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །དེ་རིང་སྙིང་ནས་བདག་སྐྱབས་མཆི། །མགོན་པོ་ཐུགས་རྗེ་ཆེ་རྣམས་ཀྱིས། །འཁོར་བའི་སེམས་ཅན་བདག་ལྟ་བུ། །བར་དོའི་གནས་ན་མགོན་མེད་ཅིང། །འཇིགས་པས་མནར་བ་བདག་ལ་དགོངས། །ཐོག་མེད་དུས་ནས་སྤྱད་པ་ཡི། །ལས་ངན་སྒྲིབ་པས་བཅིངས་པ་བདག །མཐའ་མེད་འཁོར་བའི་སྡུག་བསྔལ་ལས། །བདེ་ཆེན་གནས་སུ་དྲང་དུ་གསོལ། །བར་དོའི་འཇིགས་པ་གཤིན་རྗེའི་འཕྲང་། །ཉམ་ངའི་གནས་སུ་འཁྱམས་པའི་འགྲོ །ཉོན་མོངས་གདུང་བས་གཟིར་བ་རྣམས། །བྱམས་པའི་ཐུགས་རྗེས་བསྐྱབ་ཏུ་གསོལ། །ཅེས་གདུང་བ་དྲག་པོས་སྐྱབས་སུ་གསོལ་བས་ལས་ངན་པའི་སྒྲིབ་པ་བསྲབ་ཅིང་དབང་བསྐུར་བའི་སྣོད་དུ་རུང་བར་བསམ་ལ། མཚམས་སྦྱོར་རྒྱས་བསྡུས་གང་རིགས་དང་བཅས་མཎྜལ་ནས་བརྩམ་སྟེ་གཏང་རག་བར་དབང་ཆོག་བཞིན་བསྐུར་བའམ། དབང་བསྐུར་མི་བྱེད་ན་ཟས་བསྔོ་ལ་འཇུག །གང་ལྟར་ཡང་ཚེ་འདས་འཕགས་པ་ཐུགས་རྗེ་ཆེན་པོ་འགྲོ་འདུལ་པདྨ་གཙུག་ཏོར་གྱི་སྐུར་གྱུར་པ་ལ་འདོད་ཡོན་རྒྱ་མཚོའི་སྤྲིན་གྱིས་མཆོད་པར་བསམ་ལ། མདུན་དུ་བཟའ་བཏུང་སྣ་ཚོགས་བཤམས་པ་ཡང་བསང་སྦྱང་། སྟོང་པའི་ངང་ལས་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་འདོད་ཡོན་རྣམ་པ་ཐམས་ཅད་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱིས་བརླབ། ཨོཾ༔ ཐམས་ཅད་ནམ་མཁའི་མཛོད་བཞིན་དུ༔ ཟག་པ་མེད་པའི་ལོངས་སྤྱོད་ནི༔ འདོད་ཡོན་རྒྱ་མཚོའི་སྤྲིན་ཆེན་པོ༔ བཞེས་ཤིག་བདེ་བ་ཆེན་པོར་བཞེས༔ ཨོཾ་བཛྲ་རཱུ་པ་ཤབྡ་གྷནྡྷེ་ར་ས་སྤརྴེ་ཨཱཿཧཱུྃ༔ སྤྲོ་ན། འདོད་ཡོན་ཞེས་པར། གཟུགས་མཛེས། སྒྲ་སྙན། དྲི་ཞིམ། རོ་བཅུད། རེག་འཇམ་ཞེས་དང་། ཨོཾ་བཛྲ་རཱུ་པ་ཨཱཿཧཱུྃ༔ སོགས་ཁ་ཕྲལ་ཏེ་སྦྱར་བས་མཆོད། ཆོས་བཤད་ཅིང་ལམ་བསྟན་སྦྱོང་ནི། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ འཁོར་བའི་གནས་རིགས་གར་སྐྱེས་ཀྱང༔ སྡུག་བསྔལ་གསུམ་གྱི་རང་བཞིན་ཡིན༔ དེ་ལ་མ་ཆགས་མ་ཞེན་པར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཆོས་ཉིད་བདེན་པ་དྲན་པར་གྱིས༔ ལམ་ལྔ་རང་བཞིན་མེད་པ་སྟེ༔ སྒྱུ་མ་ལྟ་བུའི་ངང་དུ་རྫོགས༔ འོད་གསལ་སྙིང་པོ་ཡིད་ཀྱི་ལུས༔ པདྨོ་བཀོད་པའི་ཞིང་དུ་སོང༔ སྣང་བ་མཐའ་ཡས་ཡེ་ཤེས་དང༔ དབྱེར་མེད་མངོན་པར་བྱང་ཆུབ་ཤོག༔ ཚེ་ལས་འདས་པའི་རྣམ་ཤེས་ཨ་ཐུང་གི་རྣམ་པས་སྤྱི་བོ་ནས་ཐོན་བདེ་བ་ཅན་གྱི་ཞིང་དུ་སོང་སྟེ་སྣང་བ་མཐའ་ཡས་ཀྱི་ཐུགས་ཀར་ཐིམ་པར་བསམ་ལ། ཨ་ཨ་ཨ་ཕཊ྄་ཅེས་བརྗོད་ལ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ངང་དུ་མཉམ་པར་བཞག །དེ་ལས་ལྡང་བའི་ཚེ་རུས་པ་ཡིན་ན་ཞི་བའི་སྦྱིན་སྲེག་གིས་སྦྱང་ཞིང་། བྱང་བུ་ཡིན་ན། རྣམ་ཤེས་གཤེགས་པའི་བྱང་བུ་སྡིག་སྒྲིབ་དང་ལྷན་ཅིག་ཏུ་ཡེ་ཤེས་ཀྱི་མེས་བསྲེགས་པར་བསམ་ལ་མེ་སྦར་ཞིང་། ཨ༔ འོད་གསལ་སྟོང་ཉིད་དབྱིངས་ཀྱི་ངང༔ རིག་པ་ཡེ་ཤེས་སྣང་བ་ཡིས༔ ཚེ་འདས་ཉོན་མོངས་བག་ཆགས་ཀུན༔ རང་བྱུང་ཆོས་སྐུའི་ཀློང་དུ་བསྲེག༔ ཨ་ཨ་ཨ༔ ཞེས་དང་། ཨོཾ་པདྨ་ཨུཥྞཱི་ཥ་བི་མ་ལེ་ཧཱུྃ་ཕཊ༔ ཨགྣི་ཛྭ་ལ་རཾ་ཞེས་པས་སྦྱངས་པའི་ཐལ་བ་དྲི་ཞིམ་པོའི་ཆུས་བརྫིས་པའི་འཇིམ་པ་དང་སྦྱར་ལ་སྔགས་བཟླ་བཞིན་དུ་སཱཙྪ་གདབ། ནང་དུ་པདྨ་ཨུཥྞཱི་ཥའི་གཟུངས་གཞུག་པར་བྱ་སྟེ། རྟོག་པ་ལས། ཡང་ན་གྲོ་ག་ལ་བྲིས་ཏེ་མཆོད་རྟེན་གྱི་ནང་དུ་བཅུག་པའི་གནས་དེར་རྐང་གཉིས་པའམ། རྐང་པ་བཞི་པ་དག་ཉེ་བར་འོང་བ་དེ་དག་ཐམས་ཅད་གྲིབ་མ་ཕོག་པ་ཙམ་གྱིས་སྡིག་པ་དང་སྒྲིབ་པ་ཐམས་ཅད་རྣམ་པར་དག་ཅིང་ཐམས་ཅད་མཐོ་རིས་སུ་གཞོལ་བར་འགྱུར་རོ། །ཞེས་གསུངས་སོ། །ཨོཾ་ཨཱཿཧཱུྃ་ཞེས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པའི་ཆོས་སྐུའི་རྟེན་དུ་གྱུར་པར་བསམ་ལ། སུ་པྲ་ཏིཥྛས་རབ་ཏུ་གནས། བསྔོ་སྨོན་རྒྱས་པར་བྱ་བའམ། འཇམ་དཔལ་དཔའ་བོས་སོགས་ཤྭ་ལོ་ཀ་གཉིས་ཀྱིས་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་སོགས་ཀྱིས་སྨོན་ལམ་གདབ་ཅིང་། སངས་རྒྱས་སྐུ་གསུམ་བརྙེས་པའི་སོགས་ཀྱིས་བདེན་པའི་སྟོབས་བརྗོད་པར་བྱའོ། །གསུམ་པ་རྗེས་ནི། མཆོད་པ་རྣམས་ཁ་གསོས་ལ་བསང་སྦྱང་བྱིན་གྱིས་བརླབ། སྒྲུབ་ཐབས་ལྟར་མཆོད་བསྟོད་གསོལ་བ་གདབ། མ་རྙེད་ཡོངས་སུ་མ་ཚང་དང་། །སོགས་ཀྱིས་ནོངས་པ་བཤགས། ཡིག་བརྒྱས་ལྷག་ཆད་ཁ་བསྐང་། མདུན་གྱི་ཡེ་ཤེས་པ་རྟེན་ཡོད་ན། ཨོཾ། འདིར་ནི་རྟེན་དང་སོགས་བརྟན་བཞུགས་དང་། མེད་ན། བཛྲ་མུཿས་རྟེན་དང་བརྟེན་པར་བཅས་པ་རང་བཞིན་གྱི་གནས་སུ་གཤེགས། རང་དམ་ཚིག་པའི་ཐུགས་རྗེ་ཆེན་པོར་སོགས་ནས་བསྔོ་སྨོན་བར་སྒྲུབ་ཐབས་ལྟར་དང་། ཆེ་བའི་ཆེ་མཆོག་སོགས་ཤིས་པ་བརྗོད་པ་ཅི་རིགས་པས་མེ་ཏོག་གི་ཆར་དབབ་པར་བྱའོ། །དེ་ལྟར་བགྱིས་པའི་ཕན་ཡོན་ཀྱང་། ཨོ་རྒྱན་རིན་པོ་ཆེའི་རྡོ་རྗེའི་གསུང་ལས། དེ་ལྟར་བདུན་ཕྲག་ལ་སོགས་པར༔ བསྙེན་རྫོགས་ནུས་ལྡན་སྙིང་བརྩེ་བའི༔ སློབ་དཔོན་རྣལ་འབྱོར་ལྡན་པས་བྱ༔ མཚམས་མེད་སྤྱད་པའི་འགྲོ་བ་ཡང༔ ངན་སོང་རྨི་ལམ་ལྟར་མཐོང་ནས༔ མཐོ་རིས་གནས་སུ་ངེས་འདྲོངས་ན༔ དགེ་བའི་ས་བོན་ལྡན་པ་དག༔ བདེ་འགྲོར་སྐྱེ་བ་སྨོས་ཅི་དགོས༔ དད་དང་དམ་ཚིག་སྲུང་བ་ནི༔ དག་པའི་ཞིང་དུ་དབུགས་འབྱིན་བྱེད༔ ཅེས་གསུངས་སོ། །ཞེས་པའང་བར་དོའི་འགྲོ་བ་རླུང་སེམས་ཀྱི་གཞན་དབང་ཅན་དག་ལ་ཤིན་ཏུ་སྨན་པའི་བསམ་པས། རྗེ་གཏེར་ཆེན་བླ་མའི་བཀའ་དྲིན་ལས་ཟབ་ཆོས་འདི་ཉིད་ཐོག་མར་ཐོས་པའི་སྐལ་པ་བཟང་པོ་ཅན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གཏེར་གཞུང་རིས་མཐུན་པའི་རྡོ་རྗེའི་གསུང་དང་། ཚད་ལྡན་གྱི་གཞུང་ལས་ཉེ་བར་བསྡུས་ཏེ་སྦྱར་བའི་དགེ་བས་འགྲོ་ཀུན་འཕགས་པ་སྙིང་རྗེ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། སིདྡྷི་རསྟུ།། །།
གུར་སྒྲོམ་དཔེའུ་རིས་ (Volume 6, Text 8)
༈ བླ་མ་གསང་བ་འདུས་པའི་སྒྲོམ་བརྒྱད་ལས། ༼ཀ་༽བར་ཆད་སྲུང་བྱེད་རྡོ་རྗེའི་གུར་གྱི་སྒྲོམ་དཔེའུ་རིས་གསལ་བྱེད་དང་བཅས་པ་བཞུགས་སོ།། ༈ དབུས་ཀྱི་སྲོག་ཤིང་ལ་གཟུངས་ཚེ་དཔག་མེ་དང་ རྒྱལ་མཚན་ དབུས་སུ་ཐག་རིས་ཟུར་ལྔ་པའི་ལྟེ་བར་རང་གི་ཡི་དམ་ཁྲོ་བོ་གང་ཡིན་གྱི་སྔགས་དང་། ཟུར་ལྔ་ལ་ཧེ་རུ་ཀ་ཡབ་ཡུམ་བཅུའི་སྔགས་སྒྱུ་འཕྲུལ་ལྟར་ཡི་དམ་ལྷའི་སྲོག་སྙིང་གསེར་གྱིས་བྲིས་ལ་གཞུག ལྟེ་བའི་འཁོར་ལོ་རྩིབས་བཅུ་ལ་ཁྲོ་བོ་བཅུའི་སྔགས་ཕུར་པའི་རྒྱུད་ལྟར་བྲི། ཟུར་བཞིའི་ཚུགས་ཤིང་ལ་སྟོབས་ཆེན་བཞིའི་གཟུགས་སྔགས་འཇུག ༡རྡོ་རྗེ་སེར་པོའི་ཕྲེང་བ། ༢འཁོར་ལོ་སེར་པོ་རྩིབས་བཅུ་དྲུག ༣རལ་གྲི་སྔོན་པོ་བསྣོལ་མ་བཅུ་དྲུག ༤སྣ་ཚོགས་རྡོ་རྗེ་བཅུ་དྲུག ༥མདའ་གཞུ་དམར་པོ་བཅུ་དྲུག ༼ཁ༽སྟེང་ཐོག་ནང་འཁོར་དཔེ་ཆུང་རིན་ཆེན་ཟུར་བརྒྱད་ལྟེ་བའི་བར་འདིར་འདོད་གསོལ་སྒྲུབ་པ་ལ་བར་ཆད་སོལ་ཅིག་མཆོག་ཐུན་མོང་གི་དངོས་གྲུབ་སྩོལ་ཅིག་ལ་སོགས་བྲི། ༼ག༽བདུད་བཞིའི་སྙིང་དུ་བཀབ་བོ། འདབ་བརྒྱད་སྡེ་བརྒྱད་སྲོག་ཡིག་བྲི། ༼ང༽སྙིང་གར་ཤར་ནས་བརྩམ་ལྷའི་བུའི་བདུད་ནན། ཕུང་པོའི་བདུད་ནན། ཉོན་མོངས་པའི་བདུད་ནན། འཆི་བདག་གི་བདུད་ནན། ཞེས་པ་རྣམས་སོ་སོའི་སྙིང་གར་གཡས་སྐོར་མགྲིན་པའི་འོག་ནས་འགོ་བརྩམ་སྟེ་བཀོད། བདུད་བཞིའི་གཟུགས་ཀྱི་དཔེ་བྲིས་གདན་འོག་ཏུ་འཇུག །འདིའི་འོག་ཏུ་ནས་ཀྱི་གཡུང་དྲུང་བཀོད། གུར་གྱི་སྒྲོམ་འདི་ཞི་བྱེད་པའི་རྟེན་འབྲེལ་ཁང་བུ་དང་ཚུལ་མཚུངས་པར། གུར་དངོས་ཆེ་ཆུང་ཇི་རིགས་པར་འཁོར་ལོ་བྲི་བ་གཞུང་གི་དངོས་བསྟན་ཡིན་ཀྱང་། དེང་སང་ཕྱག་ལེན་ལ་རྒྱུ་རས་དཀར་ལ། དབྱིབས་བླ་བྲེ་ལྟ་བུ། སྟེང་ལ་སྟེང་ཐོག་ཕྱི་མའི་འཁོར་༼ཀ༽ལོ་དང་། འོག་ལ་སྟེང་ཐོག་ནང་མའི་འཁོར་༼ཁ༽ལོ་དཔེ་རིས་ལྟར། ཤམ་བུའི་ཕྱི་ལ་ཕྱོགས་བཞིར་རྒྱལ་ཆེན་བཞིའི་སྐུ་གཟུགས་སམ། སྙིང་པོའི་མཐར་བར་ཆད་སྲུང་བའི་འདོད་གསོལ་སྦྱར་བ་བྲི། མཚམས་བཞིར་ཚུགས་ཤིང་མཚོན་བྱེད་ཀྱི་ངོས་སུ་ཁུང་བུ་བྲུས་པར། གདུགས་དཀར། རྣམ་འཇོམས། སྣང་བརྒྱད། སྡོང་པོ་བརྒྱན་པའི་གཟུངས་རྣམས་ཀྱི་སྙིང་པོ་བྲིས་པའི་ཤོག་དྲིལ་རེ་གཞུག །ཤམ་བུའི་ནང་ལོགས་ཕྱོགས་བཞིར་རེ་མིག་བརྒྱད་རེ་ལ། ཕྱོགས་རེ་རེར་རེའུ་མིག་གཉིས་རེའི་ནང་ལྷ་ཆེན་གཉིས་དང་། ཀླུ་ཆེན་གཉིས་རེ། གཞན་རྣམས་ལ་རྒྱལ་སྲིད་སྣ་བདུན་གཏེར་ཆེན་པོའི་བུམ་པ་དང་བརྒྱད། བཀྲ་ཤིས་རྟགས་བརྒྱད། རྫས་བརྒྱད་རྣམས་སྤེལ་ཏེ་བྲི། གྲ་བཞིར། ཚེ་གཟུངས་དང་། རྟེན་འབྲེལ་སྙིང་པོའི་མཐར་ཨོཾ་ཨཱཿཧཱུྃ་སྦྱར་བ་རེ་བྲི། སཱཙྪ་དཀར་སྔོ་དམར་སེར་ནག་པོ་ལྔ་ལྡན་དྲུག་གཞུང་ལྟར་འདུ་བྱས་ལ་དཀར་པོའི་ནང་། ཨ་ཨཱ་ཀ་ཁ་ག་གྷ་ང་། སྔོན་པོར། ཨི་ཨཱི་ཨུ་ཨཱུ་ཙ་ཚ་ཛ་ཛྷ་ཉ། དམར་པོར། རྀ་རཱྀ་ཊ་ཐ་ཌ་ཌྷ་ཎ། སེར་པོར། ལྀ་ལཱྀ་ཏ་ཐ་ད་དྷ་ན། ནག་པོར། ཨེ་ཨཻ་ཨོ་ཨཽ་པ་ཕ་བ་བྷ་མ། ནག་པོར། ཨཾ་ཨཿཡ་ར་ལ་ཝ་ཤ་ཥ་ཧ་ཀྵ༔ ཞེས་བྲིས་པ་སོ་སོར་བཅུག །རང་མདོག་གི་ན་བཟས་བསྟུམ་སྟེ་ཤམ་བུའི་ཕྱོགས་བཞིར་འདོགས་ཤིང་། སྟེང་གི་སཱཙྪ་ན་བཟའ་མཐིང་ག་བཅས་ཤར་གྱི་གཡས་སུ་འདོགས། འོག་གི་ལྔ་ལྡན་ནུབ་ཀྱི་གཡོན་དུ་འདོགས། དབུས་ཀྱི་སྲོག་ཤིང་མཚོན་བྱེད་ཏོག་ཆུང་ངུའི་ནང་དུ་ཚེ་དཔག་མེད། ཡི་དམ་གྱི་སྙིང་པོ། ཤེར་སྙིང་། ཏོག་གཟུངས། རྟེན་འབྲེལ་སྙིང་པོ་བཅས་གསེར་གྱིས་བྲིས་པ་དང་། སངས་རྒྱས་ཀྱི་འཕེལ་གདུང་། བླ་མ་བརྒྱུད་པའི་གདུང་རུས། དབུ་སྐྲ་ན་བཟའ་སོགས་རིང་བསྲེལ་བཞི་ཚང་བར་གཞུག །དེ་ཉིད་སྟེང་ཐོག་གི་འཁོར་ལོའི་ཡིག་འབྲུ་ལ་མི་གནོད་པར་བྱས་ལ་སྐུད་པས་སྦྲེལ། གདན་གྱི་འོག་ཏུ་ཤིང་ལེབ་ལྟ་བུའི་སྟེང་དུ་ནང་འཁོར་༼ག༽རྒྱ་གྲམ་དང་། འོག་ཏུ་ཕྱི་འཁོར་༼ང༽བདུད་བཞིའི་ལིངྒ་བྲིས་པ་བཏིང་། ཡང་ན་བྲུབ་ཁུང་གི་ནང་དུ་བདུད་བཞིའི་ལིང་འཁོར་བཅུག །དེའི་ཁ་གཅོད་ལ་ནང་འཁོར་བྲིས་པས་ཀྱང་རུང་ངོ་། །བླ་མ་གསང་བ་འདུས་པའི་སྒྲུབ་པའི་སྒྲོམ་བརྒྱད་ཀྱི་དང་པོ་བར་ཆད་སྲུང་བྱེད་རྡོ་རྗེའི་གུར་གྱི་སྒྲོམ་དཔེའུ་རིས་ཕྱག་ལེན་དང་བཅས་པ་ཤིན་ཏུ་གསལ་བར་བཀོད་པ་འདིས་ཀྱང་སྒྲུབ་པ་པོ་རྣམས་ལམ་གྱི་བར་ཆད་ཐམས་ཅད་ཞི་ཞིང་དངོས་གྲུབ་རྣམ་གཉིས་འགྲུབ་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།
ཌཱ་ཀིའི་སྙན་བརྒྱུད་ཟབ་མོ་ལས༔ བདུད་འདུལ་སེང་གདོང་དྲག་མོའི་ལས་བྱང་བསྡུས་པ་མྱུར་མགྱོགས་གློག་ཕྲེང་ (Volume 33, Text 8)
༁ྃ༔ ཌཱ་ཀིའི་སྙན་བརྒྱུད་ཟབ་མོ་ལས༔ བདུད་འདུལ་སེང་གདོང་དྲག་མོའི་ལས་བྱང་བསྡུས་པ་མྱུར་མགྱོགས་གློག་ཕྲེང་བཞུགས་སོ༔ ྈྈྈྈྈྈྈྈྈ བཅོམ་ལྡན་འདས་མ་བདུད་འདུལ་དྲག་མོ་སེང་གེའི་གདོང་པ་ཅན་ལ་ཕྱག་འཚལ་ལོ༔ བདག་འདྲ་རྡོ་རྗེ་གྲོ་ལོད་ཀྱིས༔ བདུད་འདུལ་དྲག་མོའི་ལས་བྱང་ནི༔ བསྡུས་པ་ལམ་ཁྱེར་གློག་ཕྲེང་བྲི༔ དེ་ཡང་འདི་ལ་དོན་གསུམ་སྟེ༔ སྔོན་འགྲོ་རྩ་བའི་རིམ་པ༔ དངོས་གཞི་ལས་གཞུང་གི་རིམ་པ༔ རྗེས་ཚོགས་ཀྱི་རིམ་པའོ༔ དང་པོ་ལ་དང་པོ་བགེགས་ལ་བཀའ་བསྒོ་བ༔ གཉིས་པ་མཚམས་གཅོད་པ༔ གསུམ་པ་མཆོད་པ་བྱིན་གྱིས་རླབས་པ༔ བཞི་པ་བཤགས་པ་བྱ་བ༔ ལྔ་པ་ཏིང་ངེ་འཛིན་གསལ་གདབ་པ༔ དྲུག་པ་གཞལ་ཡས་ཁང་གསལ་བ༔ བདུན་པ་གདན་བསྐྱེད་པ༔ བརྒྱད་པ་ལྷ་བསྐྱེད་པ༔ དགུ་པ་སྤྱན་འདྲེན་པ༔ བཅུ་པ་བཞུགས་སུ་གསོལ་བ༔ བཅུ་གཅིག་པ་ཕྱག་འཚལ་བ༔ བཅུ་གཉིས་པ་མཆོད་པའི་རིམ་པ༔ བཅུ་གསུམ་པ་བསྟོད་པའི་རིམ་པ༔ བཅུ་བཞི་པ་བཤགས་པ་བྱ་བ༔ བཅོ་ལྔ་པ་བཟླས་པས་བསྐུལ་བའོ༔ ཚོགས་ཀྱི་རིམ་པ་ལ༔ དང་པོ་ཚོགས་སྦྱང་བ༔ གཉིས་པ་བྱིན་རླབས་པ༔ གསུམ་པ་སྤྱན་འདྲེན་པ༔ བཞི་པ་ཚོགས་ཕུད་དང་པོ་འབུལ་བ༔ ལྔ་པ་བར་པ་བཤགས་པ་བྱ་བ༔ དྲུག་པ་ཐ་མ་བསྒྲལ་ལས་བྱ་བ༔ བདུན་པ་ཞལ་དུ་བསྟབ་པ༔ བརྒྱད་པ་ལྷག་མ་བྱ་བ༔ དགུ་པ་ཆད་མདོ་འབུལ་བ༔ བཅུ་པ་བརྟན་མ་མཆོད་པ༔ བཅུ་གཅིག་པ་གཏོར་བྲོ་བྱ་བ༔ བཅུ་གཉིས་པ་དངོས་གྲུབ་བླང་བ༔ བཅུ་གསུམ་པ་བཀྲ་ཤིས་བྱ་བ༔ བཅུ་བཞི་པ་དཀྱིལ་འཁོར་བསྡུ་བ༔ བཅོ་ལྔ་པ་བསྔོ་སྨོན་བྱ་བའི་རིམ་པའོ༔ ལས་བྱང་རྩ་ཐོའི་རིམ་པ་རྫོགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གྷུ་ཧྱ༔ ཟབ་རྒྱ༔ དེ་ནས་སྤྱི་དོན་གཉིས་པ་དང་པོ་བགེགས་ལ་བཀའ་བསྒོ་བ་ནི༔ རང་ཉིད་བདུད་འདུལ་དྲག་མོའི་ང་རྒྱལ་གྱིས་འདི་སྐད་དོ༔ ཧཱུྃ་ཧཱུྃ་ཧཱུྃ༔ གྷ་གྷ་གྷཱ་ཏ་ཡ༔ ལོག་པར་བལྟ་བའི་བགེགས་ཚོགས་ཉོན༔ བདག་ནི་བདུད་འདུལ་སེང་གེའི་གདོང༔ ང་ཡིས་གནས་འདིར་བྱང་ཆུབ་བསྒྲུབ༔ བགེགས་ཚོགས་གང་ཡིན་ཕྱིར་དེངས་ཤིག༔ གལ་ཏེ་བཀའ་ལ་མི་ཉན་ན༔ མཁའ་འགྲོ་ཆེན་མོ་ཐུགས་ཁྲོས་ནས༔ སྐུ་ལས་མེ་དཔུང་མཚོན་ཆ་འཕྲོས༔ གསུང་ལས་དྲག་སྔགས་ཐོག་སེར་འཕྲོས༔ ཐུགས་ལས་ཁྲོ་ཆུང་མཚོན་ཐོགས་འཕྲོས༔ གནོད་པར་བྱེད་པའི་དགྲ་བགེགས་ཀུན༔ འཁོར་ལོ་འབར་བའི་རྩིབས་ལ་བསྐྱོན༔ རྒྱ་གྲམ་འབར་བས་ཀླད་པ་འགེམས༔ ཕུར་བུའི་དབལ་སོས་སྙིང་ལ་གཟིར༔ རལ་གྲི་འབར་བས་གཟུགས་ཕུང་གཏུབ༔ མེ་དཔུང་འབར་བས་གཞོབ་ཏུ་བསྲེག༔ མཚོན་ཆ་སྣ་ཚོགས་སྐར་ལྟར་འཁྲུགས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ སེམས་ཀྱིས་སྡུག་བསྔལ་དཔག་མེད་མྱོང༔ དེ་བས་མ་འདུག་གཞན་དུ་དེངས༔ ཨོཾ་སིཾ་ཧ་ཌཱ་ཀི་ཀྲོ་ཏཱི་ཤྭ་རཱི་ཧཱུྃ༔ སུམ་བྷ་ནི་སུམ་བྷ་ཧཱུྃ༔ གྲྀཧྞཱ་གྲྀཧྞཱ་ཧཱུྃ༔ གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་ཝཱན་བིདྱཱ་རཱ་ཛ་ཀྲོ་ཏ་ནི་ཧཱུྃ་ཕཊ༔ གཉིས་པ་མཚམས་གཅོད་པ་ནི༔ ཧཱུྃ༔ བདག་ནི་དཔལ་ཆེན་ཁྲག་འཐུང་མ༔ སྐུ་གསུང་ཐུགས་ཀྱི་ཆོ་འཕྲུལ་ལས༔ ཡེ་ཤེས་མཁའ་འགྲོས་ནམ་མཁའ་གང༔ དམ་ཚིག་མཁའ་འགྲོས་ས་གཞི་གང༔ ལས་ཀྱི་མཁའ་འགྲོས་བར་སྣང་གང༔ མེ་དཔུང་འབར་བས་སྲིད་གསུམ་སྲེག༔ མཚོན་ཆ་སྣ་ཚོགས་སྐར་ལྟར་འཁྲུག༔ སུ་ཡང་འདའ་བའི་གནས་མེད་དོ༔ སྲུང་བའི་འཁོར་ལོ་ལྷུན་གྱིས་གྲུབ༔ ཧྲཱིཿདྷཱི་ཧ་ཌཱ་ཀི་ཀྲོ་ཏི་སིཾ་ཧ་གྷཱ་ཏ་ཡ་གྷཱ་ཏ་ཡ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ༔ དེ་ནས་སྐྱབས་སུ་འགྲོ་བའི་རིམ་པ་ནི༔ སྐྱབས་ཡུལ་མདུན་དུ་བསམ་ལ༔ ཨོཾ་ཨཱཿཧཱུྃ༔ ཀ་དག་རིག་པའི་སྐུ་ལ་སྐྱབས་སུ་མཆི༔ མ་རིག་འཁྲུལ་པའི་འཁོར་བ་མཐའ་མེད་འདིར༔ རིགས་དྲུག་གང་གི་གནས་སུ་ལུས་བླངས་ཀྱང༔ སྡུག་བསྔལ་མིན་པ་བདེ་བ་སྐད་ཅིག་མེད༔ བདེ་ཆེན་ཆོས་དབྱིངས་ཐོབ་ཕྱིར་དམ་ཆོས་བྱ༔ རྣམ་དག་འོད་གསལ་ཟླ་བའི་དཀྱིལ་ན་མཛེས༔ ཁམས་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པུ༔ སྐྱབས་གནས་སངས་རྒྱས་ཆོས་དང་དགེ་འདུན་གསུམ༔ དཀོན་མཆོག་གསུམ་ལ་བདག་སོགས་སྐྱབས་སུ་མཆི༔ རྣམ་རྟོག་ཆོས་ཉིད་ངང་དུ་མ་གྲོལ་ཞིང༔ འགྱུར་མེད་ཆོས་སྐུའི་རྟོགས་པ་མ་ཤར་བར༔ བླ་མ་ཡི་དམ་མཁའ་འགྲོ་ཐུགས་རྗེ་ཅན༔ རྩ་བ་གསུམ་ལ་བདག་སོགས་སྐྱབས་སུ་མཆི༔ སྤྲོས་བྲལ་དམིགས་མེད་བདེ་ཆེན་ཐབས་ཤེས་འབྲེལ༔ སྐུ་ལྔ་ལྷུན་གྲུབ་ཡེ་ཤེས་ལྔ་རྫོགས་ཤིང༔ ལྟ་སྒོམ་སྤྱོད་འབྲས་ཐིག་ལེ་ལུ་གུ་རྒྱུད༔ རང་བྱུང་དབྱིངས་ལ་བདག་གཞན་སྐྱབས་སུ་མཆི༔ ཞེས་གསུམ་བྱ༔ དེ་ནས་སེམས་བསྐྱེད་པ་ནི༔ ཀྱེ་མ༔ སྡུག་བསྔལ་རྒྱ་མཚོ་དཔག་ཏུ་མེད་པའི་ནང༔ རང་གིས་རང་བཅིངས་ཆོས་མེད་སྙིང་རེ་རྗེ༔ སྙིང་རྗེའི་གནས་རྣམས་བདེ་ལ་བཀོད་པའི་ཕྱིར༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི༔ ཞེས་གསུམ་བརྗོད༔ དེ་ནས་ཡན་ལག་བདུན་པ་འབུལ་བ་ནི༔ ཧཱུྃ༔ ཆོས་སྐུ་འགྱུར་མེད་ངང་ལས་མ་གཡོས་ཀྱང༔ སྣ་ཚོགས་ཐབས་ཀྱིས་ཅིར་ཡང་སྤྲུལ་མཛད་ཅིང༔ འགྲོ་རྣམས་ཐར་པའི་ལམ་སྟོན་མ་རྒྱུད་རྣམས༔ མཁའ་དབྱིངས་རྣམ་པར་དག་པའི་དབྱིངས་ནས་གཤེགས༔ བདག་གིས་སྒོ་གསུམ་གུས་པ་ཆེན་པོ་ཡིས༔ ཡན་ལག་བདུན་ལྡན་བསྒྲུབས་པའི་ཐབས་ཤེས་རབ༔ བདེ་སྟོང་ཟག་མེད་རྣམ་གྲོལ་ཕྱག་རྒྱ་ཡིས༔ བདེ་ཆེན་ལ་ཟླ་ཆེན་པོར་ཕྱག་འཚལ་ལོ༔ དངོས་འབྱོར་བཤམས་དང་ཡིད་ཀྱིས་བླངས་པ་ཡིས༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་རྣམས༔ དཔག་མེད་ནམ་མཁའི་ཁམས་རྣམས་ཀུན་བཀང་སྟེ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ༔ ལུས་ངག་ཡིད་གསུམ་བག་མེད་དབང་གྱུར་པས༔ སྡིག་པ་མི་དགེའི་ལས་རྣམས་ཅི་བགྱིས་པ༔ བླ་མ་མཁའ་འགྲོའི་སྤྱན་སྔར་མཐོལ་ལོ་བཤགས༔ བླ་མ་མཁའ་འགྲོས་སྔོན་ནས་ཐུགས་བསྐྱེད་པའི༔ དགེ་བ་ཀུན་ལ་རྗེས་སུ་ཡི་རང་ངོ༔ རྡོ་རྗེ་སློབ་དཔོན་མཁའ་འགྲོའི་ཚོགས་བཅས་རྣམས༔ འགྲོ་བའི་དོན་དུ་ཆོས་འཁོར་བསྐོར་དུ་གསོལ༔ མ་ཧཱ་གུ་རུ་མཁའ་འགྲོའི་ཚོགས་བཅས་རྣམས༔ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔ བདག་གཞན་ཀུན་གྱི་ཚོགས་གཉིས་དགེ་བ་འདིས༔ སེམས་ཅན་ཐམས་ཅད་སྨིན་གྲོལ་འགོད་པར་ཤོག༔ ཅེས་བྱ༔ དེ་ནས་དམ་བཅའ་བླང་བ་ནི༔ ཧཱུྃ༔ བདུད་འདུལ་དྲག་མོ་ཡི་དམ་ལྷ༔ མཁའ་འགྲོ་སྡེ་བརྒྱད་སྤྲུལ་པར་བཅས༔ སྲོག་གི་ཕྱིར་ཡང་མི་གཏོང་བསྒྲུབ༔ མི་འབྲལ་དམ་ཚིག་ས་མ་ཡ༔ ཙིཏྟ་བཛྲ་ཧཱུྃ༔ གསུམ་པ་མཆོད་པ་བྱིན་རླབས་ཕྱིར་བྱིན་དབབ་པ་ནི༔ ཧཱུྃ༔ མ་བཅོས་ལྷུན་གྲུབ་གསང་ཆེན་དུར་ཁྲོད་ནས༔ ཡེ་ཤེས་མཁའ་འགྲོ་སེང་གདོང་འཁོར་བཅས་རྣམས༔ བདག་ལ་དབང་སྐུར་བསྒྲུབ་རྫས་བྱིན་ཆེན་ཕོབ༔ ཟག་མེད་བདེ་བ་ཆེན་པོར་བྱིན་གྱིས་རློབས༔ བཾ་ཌཱ་ཀི་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨ་ཨཱ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ༔ བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་ཤུ་ཀྲཾ་སརྦ་བྷུ་ཙ་ཧོ༔ ཨོཾ་ཨཱཿཧཱུྃ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ས་མ་ཡ་ཧཱུྃ་སྭཱ་ཧཱ༔ བཞི་པ་བཤགས་པ་བྱ་བ་ནི༔ ཧཱུྃ༔ ཡེ་ཤེས་མཁའ་འགྲོའི་ཚོགས་རྣམས་དགོངས་སུ་གསོལ༔ བདག་གིས་ཐོག་མ་མེད་ནས་ད་ལྟའི་བར༔ མི་དགེ་འགལ་འཁྲུལ་ཉམས་ཆག་གྱུར་པ་ཀུན༔ སྐད་ཅིག་ད་ལྟའི་དུས་འདིར་བཤགས་པར་བགྱི༔ སིཾ་ཧ་ཌཱ་ཀི་ས་མ་ཡ་ཤུདྡྷེ་ཧོ༔ ལྔ་པ་ཏིང་འཛིན་གསལ་བ་ནི༔ ཧཱུྃ༔ ཡེ་ནས་ཆོས་རྣམས་སྤྲོས་བྲལ་ཉིད༔ ཀུན་ཁྱབ་ནམ་མཁའི་རང་བཞིན་ཏེ༔ བརྗོད་དུ་མེད་པའི་དོན་དེ་ཉིད༔ མ་རྟོགས་སེམས་ཅན་སྙིང་རེ་རྗེ༔ དྷརྨཱ་དྷཱ་ཏུ་སྭ་བྷཱ་ཝ་ཧོ༔ དྲུག་པ་གཞལ་ཡས་ཁང་གསལ་བ་ནི༔ ཧཱུྃ༔ སྐྱེ་བ་མེད་པའི་ཆོ་འཕྲུལ་ལས༔ རང་བྱུང་འབྱུང་བ་ལྔ་རིམ་བརྩེགས༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ༔ བྷྲཱུྃ་ལས་དུར་ཁྲོད་རབ་ཏུ་འབར༔ གསང་ཆེན་རོལ་པའི་གཞལ་ཡས་ཁང༔ འོད་ལྔ་ཐོད་པ་བརྩེགས་པ་ཡི༔ སྒོ་གྲུ་རྟ་བབས་ཡོངས་སུ་རྫོགས༔ ཕྱི་ནང་མེད་པར་འོད་དུ་འབར༔ དུར་ཁྲོད་ཆེན་པོ་བརྒྱད་དང་ནི༔ མཚོན་ཆ་མེ་དཔུང་འབར་བས་བསྐོར༔ བདུན་པ་གདན་བསྐྱེད་པ་ནི༔ ཧཱུྃ༔ དེ་དབུས་ཆོས་འབྱུང་བསྣོལ་མའི་དབུས༔ པདྨ་འདབ་བཞིའི་ལྟེ་བ་ལ༔ ཐབས་ཤེས་ཉི་མ་ཟླ་བ་དང༔ རྟོག་མེད་རོ་ཡི་གདན་སྟེང་དུ༔ བརྒྱད་པ་ལྷ་གསལ་གདབ་པ་ནི༔ ཧཱུྃ༔ རྒྱུ་ཡི་ཡི་གེ་ཧཱུྃ་དམར་ནག༔ འོད་འཕྲོས་ཚུར་འདུས་མཁའ་འགྲོའི་སྐུ༔ དུས་གསུམ་རྒྱལ་བ་སྐྱེད་བྱེད་མ༔ བདུད་འདུལ་མཁའ་འགྲོ་སེང་གེའི་གདོང༔ སྐུ་མདོག་དམར་ནག་ཁྲོ་ཞིང་གཏུམ༔ སྤྱན་གསུམ་སྡང་མིག་ཁྲག་ལྟར་འཁྲུགས༔ ཞལ་གདངས་མཆེ་གཙིགས་རྐན་སྒྲ་རྡེབ༔ སྙན་ཆ་ཉི་ཟླ་ཕྲག་ཏུ་བཀལ༔ ཕྱག་གཡས་གྲི་གུག་མཁའ་ལ་ཕྱར༔ ཕྱག་གཡོན་ཐོད་ཁྲག་ཐུགས་ཀར་འཛིན༔ ཞབས་གཉིས་བརྐྱང་བསྐུམ་གར་སྟབས་འགྱིང༔ ཐབས་ཀྱི་རང་བཞིན་ཁ་ཊྭཱཾ་བརྟེན༔ སྐུ་སྟོད་གླང་ཆེན་ཀོ་རློན་གསོལ༔ སྐུ་སྨད་སྟག་གི་ཤམ་ཐབས་མཛེས༔ ཞིང་ལྤགས་རློན་པ་རྐེད་དུ་དཀྲིས༔ རྡོ་རྗེའི་ཕྲེང་བས་སྐུ་རེགས་བཅིངས༔ དྲིལ་ཆུང་གཡེར་ཁ་སི་ལི་ལི༔ དབུ་སྐྲ་གྱེན་བརྫེས་ཐོད་སྐམ་བརྒྱན༔ ལྷག་མ་ཐུར་གྲོལ་སྒྲུབ་མཆོག་སྐྱོང༔ སྐྲ་གསེབ་རྡོ་རྗེའི་ཚྭ་ཚྭ་འཕྲོ༔ སྤྱི་གཙུག་རྡོ་རྗེ་རྩེ་ལྔ་འབར༔ ཐོད་རློན་ཁྲག་འཛག་ལྔ་བཅུའི་ཕྲེང༔ རུས་རྒྱན་མེ་ལོང་དྲིལ་བུས་སྤྲས༔ དར་སྣའི་ཅོད་པན་སྤྲིན་ལྟར་བཀླུབས༔ སྐུ་ལ་མེ་འོད་ཚྭ་ཚྭ་འཕྲོ༔ ཡེ་ཤེས་མེ་འབར་དབུས་ན་འགྱིང༔ སྤྱི་བོར་གུ་རུ་པདྨ་འབྱུང༔ རྡོ་རྗེ་བྷནྡྷ་བསྣམས་པར་བསྐྱེད༔ ཧཱུྃ༔ ཕྱོགས་བཞི་པདྨ་འདབ་བཞིའི་སྟེང༔ གང་འདུལ་སྤྲུལ་པའི་མཁའ་འགྲོའི་ཚོགས༔ ཕྲིན་ལས་རྣམ་བཞི་སྒྲུབ་བྱེད་མ༔ ཧཱུྃ༔ མདུན་དུ་རྡོ་རྗེ་སེང་གདོང་མ༔ དཀར་མོ་ཞི་བའི་ལས་མཛད་མ༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ སེང་ཞལ་ཁྲོ་ཞིང་གར་སྟབས་འགྱིང༔ རྒྱན་དང་ཆ་ལུགས་གཙོ་མོའི་ཚུལ༔ རང་འདྲ་དཀར་མོ་འབུམ་གྱིས་བསྐོར༔ གཡས་སུ་རིན་ཆེན་སེང་གདོང་མ༔ སེར་མོ་རྒྱས་པའི་ལས་མཛད་མ༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ སེང་ཞལ་ཁྲོ་ཞིང་གར་སྟབས་འགྱིང༔ རྒྱན་དང་ཆ་ལུགས་གཙོ་མོའི་ཚུལ༔ རང་འདྲ་སེར་མོ་འབུམ་གྱིས་བསྐོར༔ རྒྱབ་ཏུ་པདྨ་སེང་གདོང་མ༔ དམར་མོ་དབང་གི་ལས་མཛད་མ༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ སེང་ཞལ་ཁྲོ་ཞིང་གར་ཐབས་འགྱིང༔ རྒྱན་དང་ཆ་ལུགས་གཙོ་མོའི་ཚུལ༔ རང་འདྲ་དམར་མོ་འབུམ་གྱིས་བསྐོར༔ གཡོན་དུ་ཀརྨ་སེང་གདོང་མ༔ ལྗང་མོ་དྲག་པོའི་ལས་མཛད་མ༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ སེང་ཞལ་ཁྲོ་ཞིང་གར་སྟབས་འགྱིང༔ རྒྱན་དང་ཆ་ལུགས་གཙོ་མོའི་ཚུལ༔ རང་འདྲ་ལྗང་མོ་འབུམ་གྱིས་བསྐོར༔ ཀུན་ཀྱང་པདྨ་བམ་རོའི་གདན༔ བརྐྱང་བསྐུམ་བདེ་བའི་གར་གྱིས་འགྱིང༔ ཧཱུྃ༔ དེ་ཡི་ཕྱི་རིམ་པད་འདབ་བརྒྱད༔ ཐུགས་སྤྲུལ་ལས་ཀྱི་མཁའ་འགྲོ་བརྒྱད༔ ཤར་དུ་རྡོ་རྗེ་ཕག་གདོང་མཐིང༔ ཕྱག་གཉིས་ཅང་ཏེའུ་བུམ་པ་བསྣམས༔ ལྷོ་རུ་མཁའ་འགྲོ་སྟག་གདོང་སྨུག༔ ཕྱག་གཉིས་ཁ་ཊྭཱཾ་བྷནྡྷ་བསྣམས༔ ནུབ་ཏུ་མཁའ་འགྲོ་ཆུ་སྲིན་དམར༔ ཕྱག་གཉིས་རྒྱལ་མཚན་བྷནྡྷ་བསྣམས༔ བྱང་དུ་མཁའ་འགྲོ་གཟིག་གདོང་ལྗང༔ ཕྱག་གཉིས་ཞིང་ཆེན་ཐོད་ཁྲག་བསྣམས༔ ཤར་ལྷོར་མཁའ་འགྲོ་ཁྱི་གདོང་དཀར༔ ཕྱག་གཉིས་པར་བུ་ཐོད་ཁྲག་བསྣམས༔ ལྷོ་ནུབ་མཁའ་འགྲོ་ཁྲ་གདོང་སྔོ༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམས༔ ནུབ་བྱང་མཁའ་འགྲོ་སྤྱང་གདོང་དཀར༔ ཕྱག་གཉིས་བུམ་པ་ཐོད་ཁྲག་བསྣམས༔ བྱང་ཤར་མཁའ་འགྲོ་འུག་གདོང་སེར༔ ཕྱག་གཉིས་ཞགས་པ་ཐོད་ཁྲག་བསྣམས༔ ཀུན་ཀྱང་རོ་གདན་གར་སྟབས་འགྱིང༔ ཧཱུྃ༔ དེ་ཡི་ཕྱི་རིམ་འཁོར་ཡུག་ཏུ༔ མ་མོ་མཁའ་འགྲོ་ཤུགས་འགྲོ་དང༔ དབང་ཕྱུག་ཉེར་བརྒྱད་དམ་ཅན་དང༔ དུར་ཁྲོད་བརྒྱད་ཀྱི་ལྷ་ཚོགས་བཅས༔ བྲན་གཡོག་འཁོར་བཅས་གསལ་བར་བསྐྱེད༔ དེ་ཡི་ཕྱི་རིམ་སྒོ་བཞི་ལ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ མ་འདྲེས་ཡོངས་རྫོགས་ཆུ་ཟླ་འམ༔ འཇའ་ཚོན་ལྟ་བུར་གསལ་བར་བསྒོམ༔ ཨོཾ་ཛྙཱ་ན་སིཾ་ཧ་ཌཱ་ཀི་ནཱི་ཧ་རི་ནི་ས་སརྦ་ཌཱ་ཀི་ནཱི་ས་མ་ཡ་ཧཱུྃ་ཛ་ཛ༔ དགུ་པ་སྤྱན་འདྲེན་པ་ནི༔ རང་བཞིན་གྱི་གནས་དང༔ ཨོ་རྒྱན་རང་བྱུང་མཁའ་སྤྱོད་གསང་ཆེན་རོལ་པའི་དུར་ཁྲོད་ནས༔ ཡེ་ཤེས་ཀྱི་མཁའ་འགྲོ་སེང་གདོང་མ་ལ༔ འཁོར་མཁའ་འགྲོ་རྒྱ་མཚོ་འབུམ་དང་བཅས་པ་ནམ་མཁའ་ལ་སྤྲིན་འཁྲིགས་པ་ལྟ་བུ་བྱིན་ཐིབ་ཐིབ་བྱོན་པར་བསམ་ལ༔ བཛྲ་ས་མ་ཡ་ཛ་ཛཿཕེཾ་ཕེཾ༔ ཞེས་པས་ཚིལ་ཆེན་བསྲེག༔ ཐོད་རྔ་འཁྲོལ་ལ་འདི་སྐད་བསྐུལ༔ ཧཱུྃ༔ ཡུལ་གྱི་མིང་ནི་ཨོ་རྒྱན་རང་བཞིན་གནས༔ མཁའ་སྤྱོད་གསང་ཆེན་རོལ་པའི་དུར་ཁྲོད་ནས༔ མཁའ་འགྲོའི་གཙོ་མོ་སེང་གདོང་གཤེགས་སུ་གསོལ༔ ཤར་ཕྱོགས་མི་འགྱུར་གསང་ཆེན་དུར་ཁྲོད་ནས༔ རྡོ་རྗེ་མཁའ་འགྲོ་སེང་གདོང་གཤེགས་སུ་གསོལ༔ ལྷོ་ཕྱོགས་གཏེར་འབྱུང་གསང་ཆེན་དུར་ཁྲོད་ནས༔ རིན་ཆེན་མཁའ་འགྲོ་སེང་གདོང་གཤེགས་སུ་གསོལ༔ ནུབ་ཕྱོགས་པདྨ་འཁྱིལ་བའི་གསང་ཆེན་ནས༔ པདྨ་མཁའ་འགྲོ་སེང་གདོང་གཤེགས་སུ་གསོལ༔ བྱང་ཕྱོགས་ཀཱི་ལ་སྒྲོག་པའི་གསང་ཆེན་ནས༔ ལས་ཀྱི་མཁའ་འགྲོ་སེང་གདོང་གཤེགས་སུ་གསོལ༔ ཕྱོགས་མཚམས་དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མཁའ་འགྲོ་སྡེ་བརྒྱད་མ་ལུས་གཤེགས་སུ་གསོལ༔ ཧཱུྃ༔ གཞན་ཡང་ཡེ་ཤེས་མཁའ་འགྲོའི་བཀའ་འཁོར་དུ༔ དབང་ཕྱུག་ཉེར་བརྒྱད་མ་མོ་མཁའ་འགྲོ་དང༔ ཤུགས་འགྲོ་ལས་བྱེད་བྲན་གཡོག་ཕོ་ཉ་རྣམས༔ དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ཧཱུྃ༔ མཁའ་འགྲོའི་མ་ཚོགས་འབྱོན་པའི་ཚེ༔ རིན་ཆེན་རུས་རྒྱན་ཁྲ་ལ་ལ༔ གཡེར་ཁ་རིན་ཆེན་དྲིལ་ཆུང་ནི༔ སྙན་པའི་སྒྲ་སྒྲོག་སི་ལི་ལི༔ དབུ་རྒྱན་དར་སྣའི་ཅོད་པན་རྣམས༔ རླུང་གིས་སྐྱོད་ཅིང་པུ་རུ་རུ༔ ལག་པ་གསེར་གྱི་གདུ་བུ་ཅན༔ སྣ་ཚོགས་གར་སྟབས་ཁྱུགས་སེ་ཁྱུག༔ རྐང་པ་རྡོ་རྗེའི་འགྲོས་སྟབས་ཀྱིས༔ མཁའ་ལ་ཐོགས་མེད་བུན་ནེ་བུན༔ མཁའ་འགྲོ་མ་ཚོགས་ཐིབས་སེ་ཐིབ༔ གླུ་ལེན་བཤུགས་པ་ཀྱུ་རུ་རུ༔ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔ བྱིན་རླབས་ཡེ་ཤེས་ཏ་ལ་ལ༔ སྡེ་བརྒྱད་ལས་བྱེད་ཁྱུགས་སེ་ཁྱུག༔ ཕཊཿདང་ཕེཾ་སྒྲ་འུ་རུ་རུ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཨེ་ཨཱ་རལླི་ཕེཾ་ཕེཾ་ཧྲིང་ཧྲིང་སིཾ་ཧ་ཀྲོ་ཏཱི་སརྦ་ཌཱ་ཀི་ནཱི་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ བཅུ་པ་བཞུགས་གསོལ་འབུལ་བ་ནི༔ ཧཱུྃ༔ དུར་ཁྲོད་གསང་ཆེན་རོལ་པའི་གནས་འདི་རུ༔ མཁའ་འགྲོ་བདུད་འདུལ་སེང་གདོང་འཁོར་བཅས་རྣམས༔ ཆོས་འབྱུང་པད་ཉི་རོ་ཡི་གདན་སྟེང་དུ༔ དགྱེས་ཤིང་གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ སིཾ་ཧ་ཌཱ་ཀི་ནཱི་ས་མ་ཡ་ཏིཥྛ་ལྷན༔ བཅུ་གཅིག་པ་ཕྱག་འཚལ་བ་ནི༔ ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་ངང་ལས་མ་གཡོས་ཀྱང༔ གང་འདུལ་ཟིལ་གནོན་བགེགས་རྣམས་འཇོམས་མཛད་པ༔ དཔལ་ཆེན་མྱུར་མགྱོགས་ལྷ་མོ་འཁོར་བཅས་ལ༔ བརྐྱང་བསྐུམ་འགྱིང་བའི་གར་གྱིས་ཕྱག་འཚལ་ལོ༔ སིཾ་ཧ་ཌཱ་ཀི་ནཱི་ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ བཅུ་གཉིས་པ་མཆོད་པ་འབུལ་བ་ནི༔ འདི་ལ་དྲུག་སྟེ༔ དང་པོ་ཕྱི་མཆོད་འབུལ་བ་ནི༔ ཧཱུྃ༔ མཁའ་འགྲོ་སེང་གདོང་དྲག་མོ་འཁོར་བཅས་ལ༔ དམར་བའི་ཨརྒྷཾ་སྐུ་ལ་འབུལ༔ མཛེས་པའི་མེ་ཏོག་དབུ་ལ་འབུལ༔ དྲི་ཞིམ་བདུག་སྤོས་ཤངས་ལ་འབུལ༔ གསལ་བའི་སྣང་གསལ་སྤྱན་ལ་འབུལ༔ བདེ་བའི་བྱུག་ཆབ་སྐུ་ལ་འབུལ༔ བཅུད་ལྡན་ཞལ་ཟས་ལྗགས་ལ་འབུལ༔ སྒྲ་སྙན་རོལ་མོ་སྙན་ལ་འབུལ༔ ཕྱག་རྒྱ་གར་དང་སྤྱན་གཟིགས་ཚོགས༔ མཆོག་གི་མཆོད་པ་བཞེས་སུ་གསོལ༔ བཾ་སིཾ་ཧ་ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ༔ ཨརྒྷཾ་པྲ་ཏཱིཙྪ་ཧོ༔ ཨོཾ་བཛྲ་པུཥྤེ་པཱུ་ཛ་ཧོ༔ ཨོཾ་བཛྲ་དྷཱུ་པེ་པཱུ་ཛ་ཧོ༔ ཨོཾ་བཛྲ་ཨཱ་ལོ་ཀེ་པཱུ་ཛ་ཧོ༔ ཨོཾ་བཛྲ་གནྡྷེ་པཱུ་ཛ་ཧོ༔ ཨོཾ་བཛྲ་ནཻ་བིདྱཱ་པཱུ་ཛ་ཧོ༔ ཨོཾ་བཛྲ་ཤབྡ་པཱུ་ཛ་ཧོ༔ གཉིས་པ་ནང་མཆོད་ནི༔ ཧཱུྃ༔ མཁའ་འགྲོ་སེང་གདོང་དྲག་མོ་འཁོར་བཅས་ལ༔ དབང་པོའི་མེ་ཏོག་སྤྱན་ལ་འབུལ༔ རྐང་གླིང་ཐོད་རྔ་སྙན་ལ་འབུལ༔ ཚིལ་ཆེན་བསྲེག་སྤོས་ཤངས་ལ་འབུལ༔ ཤ་རུས་ཞལ་ཟས་ལྗགས་ལ་འབུལ༔ ཁྲག་ཞག་བྱུག་ཆབ་སྐུ་ལ་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ ཡིད་ཆོས་ལྟ་སྒོམ་མཆོད་པར་བཞེས༔ ཨོཾ་བཛྲ་རཱུ་པ་པཱུཥྤེ་ཧོ༔ ཀ་པཱ་ལ་ཤབྡ་པཱུ་ཛ་ཧོ༔ མཱཾ་ས་དྷཱུ་པེ་པཱུ་ཛ་ཧོ༔ ཀིཾ་ནི་རི་ཏི་ར་ས་པཱུ་ཛ་ཧོ༔ རཀྟ་གོ་རོ་ཙ་ན་གནྡྷེ་པཱུ་ཛ་ཧོ༔ གསུམ་པ་གསང་མཆོད་ནི༔ ཧཱུྃ༔ མཁའ་འགྲོ་སེང་གདོང་དྲག་མོ་འཁོར་བཅས་ལ༔ གསང་བའི་མཆོད་པ་འབུལ་བ་ནི༔ ཡབ་ཡུམ་གཉིས་མེད་མཁའ་གསང་ནས༔ གཉིས་མེད་བདེ་ཆེན་ཡེ་ཤེས་ཆེ༔ གསང་མཆོད་བྱང་སེམས་དཀར་དམར་འདི༔ དངོས་གྲུབ་སྩོལ་ཕྱིར་མཆོད་པར་འབུལ༔ བཾ་སིཾ་ཧ་ཌཱ་ཀི་ནཱི་ཧ་རི་ནི་ས་མ་ཧཱ་གུ་ཧྱ་ཤུ་ཀྲཾ་པཱུ་ཛ་ཧོ༔ བཞི་པ་བདུད་རྩི་འབུལ་བ་ནི༔ ཧཱུྃ༔ མཁའ་འགྲོ་སེང་གདོང་དྲག་མོ་འཁོར་བཅས་ལ༔ བདུད་རྩི་སྨན་གྱི་མཆོད་པ་འབུལ་བ་ནི༔ གདོད་ནས་རྣམ་དག་བདུད་རྩི་ཨ་མྲྀ་ཏ༔ རིགས་ལྔ་དམ་ཚིག་རྨད་དུ་བྱུང་བ་ཡི༔ སྟོང་ལ་སྦྱར་བའི་དུག་ལྔ་འཇོམས་པའི་སྨན༔ དམ་རྫས་བདུད་རྩིའི་མཆོད་པ་བཞེས་སུ་གསོལ༔ བཾ་སིཾ་ཧ་ཌཱ་ཀི་ནཱི་ཧ་རི་ནི་ས་བཛྲ་ཨ་མྲྀཏ་པཱུ་ཛ་ལ་ཁཱ་ཧི༔ ལྔ་པ་གཏོར་མ་འབུལ་བ་ནི༔ ཧཱུྃ༔ མཁའ་འགྲོ་སེང་གདོང་དྲག་མོ་འཁོར་བཅས་ལ༔ གཏོར་མའི་མཆོད་པ་འབུལ་བ་ནི༔ རྣམ་དག་ཆོས་དབྱིངས་བྷནྡྷ་རུ༔ བ་ལིཾ་གཏོར་མ་བཤམས་པ་ནི༔ ཤ་ཁྲག་དམར་གྱི་ལོངས་སྤྱོད་དང༔ དམ་རྫས་བདུད་རྩིའི་རོ་མཆོག་ལྡན༔ འདོད་ཡོན་ལྷ་མོ་སྤྲིན་ལྟར་གཏིབས༔ ངོ་མཚར་རྨད་བྱུང་གཏོར་མ་འབུལ༔ བཾ་སིཾ་ཧ་ཌཱ་ཀི་ནཱི་ཧ་རི་ནི་ས་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ དྲུག་པ་རཀྟ་འབུལ་བ་ནི༔ ཧཱུྃ༔ མཁའ་འགྲོ་སེང་གདོང་དྲག་མོ་འཁོར་བཅས་ལ༔ རཀྟའི་མཆོད་པ་འབུལ་བ་ནི༔ བྷནྡྷ་འབར་བའི་ཞལ་བུའི་སྣོད༔ ཁམས་གསུམ་འཁོར་བ་རྒྱུ་བསྒྲལ་པའི༔ རཀྟའི་ཞུན་ཆེན་རྦ་ཀློང་འཁྲུགས༔ ཁྲག་ཞག་རླངས་པ་ཆི་ལི་ལི༔ འོ་མཚོ་དཀར་མདངས་མེ་རེ་རེ༔ རཀྟའི་མཆོད་པ་བཞེས་སུ་གསོལ༔ དབང་དང་དངོས་གྲུབ་བདག་ལ་སྩོལ༔ བཾ་སིཾ་ཧ་ཌཱ་ཀི་ནཱི་ཧ་རི་ནི་ས་མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ བཅུ་གསུམ་པ་བསྟོད་པ་བྱ་བ་ནི༔ ཧཱུྃ༔ རང་བཞིན་གསང་ཆེན་རོལ་པའི་དུར་ཁྲོད་ནས༔ ཆོས་དབྱིངས་སྐྱེ་མེད་ངང་ལས་མ་གཡོས་ཀྱང༔ གང་འདུལ་འགྲོ་བའི་དོན་དུ་སྐུ་སྤྲུལ་པ༔ མཁའ་འགྲོའི་གཙོ་མོ་སེང་གེའི་གདོང་པ་ཅན༔ དུས་གསུམ་རྒྱལ་བ་སྐྱེད་པའི་ཡུམ་མཆོག་མ༔ སྐུ་མདོག་དམར་ནག་མི་བཟད་རབ་ཏུ་འབར༔ ཁྲོ་ཞིང་གཏུམ་ལ་སྣང་སྲིད་ཟིལ་གྱིས་གནོན༔ སྤྱན་གསུམ་སྡང་མིག་འཁོར་འདས་དབང་དུ་སྡུད༔ འབྱུང་པོ་འདུལ་ཕྱིར་ཞལ་གདངས་མཆེ་བ་གཙིགས༔ རྐན་སྒྲ་རྡེབ་པས་སྲིད་གསུམ་གཡོ་ཞིང་འདར༔ ཉི་ཟླ་ཕྲག་འཕྱང་སྲིད་གསུམ་འགྲན་ཟླ་མེད༔ ཉོན་མོངས་རྩད་གཅོད་ཕྱག་གཡས་གྲི་གུག་བསྣམས༔ མ་རུངས་བཅུད་བསྡུས་ཐོད་ཁྲག་གཡོན་ན་བསྣམས༔ དྲེགས་པ་བདུད་བཞི་གནོན་པས་བརྐྱང་བསྐུམ་བཞུགས༔ ཐབས་ཤེས་དབྱེར་མེད་ཁ་ཊྭཱཾ་མཆན་དུ་བཅུག༔ མི་འཇིགས་སྟོབས་ལྡན་གླང་ཆེན་ཀོ་རློན་གསོལ༔ ཆོས་ཉིད་རོལ་པ་སྟག་གི་ཤམ་ཐབས་བྱེད༔ ཉོན་མོངས་མི་མངའ་ཞིང་ལྤགས་རྐེད་དུ་དཀྲིས༔ ཆོས་ཉིད་འགྱུར་མེད་རྡོ་རྗེའི་སྐུ་རེགས་བཅིངས༔ སྐུ་ལྔ་ཡོངས་རྫོགས་དབུ་སྐྲ་ཐོད་སྐམ་བཅིངས༔ རིག་པ་ཐོགས་མེད་རྡོ་རྗེ་རྩེ་ལྔས་བརྒྱན༔ ལྷག་མ་ཐུར་གྲོལ་སྒྲུབ་མཆོག་རྗེས་སུ་སྐྱོང༔ སྐྲ་གསེབ་རྡོ་རྗེ་རྩེ་ལྔའི་ཚྭ་ཚྭ་འཕྲོ༔ འཁོར་བ་གནས་འདྲེན་ཐོད་རློན་ཕྲེང་བས་བརྒྱན༔ སྐུ་གསུམ་ཡོངས་རྫོགས་རིན་ཆེན་རུས་རྒྱན་སྤྲས༔ ཆོས་ཉིད་རང་སྒྲ་མེ་ལོང་དྲིལ་བུ་སྒྲོག༔ ཡེ་ཤེས་ལྔ་ལྡན་དར་སྣའི་ཅོད་པན་བཀླུབས༔ འབྱུང་པོ་གཞོབ་སྲེག་སྐུ་ལས་མེ་དཔུང་འབར༔ ཞལ་ནས་ཕཊཿདང་ཕེཾ་གྱི་སྔགས་སྒྲ་སྒྲོག༔ ས་གསུམ་བླ་འཕྲོག་སེང་སྐད་རྔམ་པར་སྒྲོག༔ སྤྱན་གསུམ་ཁྲོ་གཉེར་ཕོ་རྒྱུད་མོ་རྒྱུད་སྡུད༔ ཆེ་བཙན་འགྲན་ཟླ་མེད་པའི་མཁའ་འགྲོ་མ༔ བདུད་འདུལ་སེང་གདོང་མ་ལ་ཕྱག་འཚལ་བསྟོད༔ སྒྲུབ་པ་པོ་ལ་དབང་སྐུར་བྱིན་གྱིས་རློབས༔ ཧཱུྃ༔ སྐུ་ལས་སྤྲུལ་པའི་མཁའ་འགྲོ་རྣམ་པ་བཞི༔ ཞི་བའི་ལས་བྱེད་རྡོ་རྗེ་སེང་གདོང་མ༔ དཀར་མོ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་བསྣམས༔ རིན་ཆེན་རུས་བརྒྱན་བརྐྱང་བསྐུམ་གར་སྟབས་འགྱིང༔ ཞི་བའི་ལས་མཛད་དཀར་མོ་འབུམ་དང་བཅས༔ རྡོ་རྗེ་སེང་གདོང་མ་ལ་ཕྱག་འཚལ་བསྟོད༔ རྡོ་རྗེ་ཆོས་ཀྱི་དངོས་གྲུབ་བདག་ལ་སྩོལ༔ ཧཱུྃ༔ རྒྱས་པའི་ལས་མཛད་རིན་ཆེན་སེང་གདོང་མ༔ སེར་མོ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ རིན་ཆེན་རུས་བརྒྱན་བརྐྱང་བསྐུམ་གར་སྟབས་འགྱིང༔ རྒྱས་པའི་ལས་བྱེད་སེར་མོ་འབུམ་དང་བཅས༔ རིན་ཆེན་སེང་གདོང་མ་ལ་ཕྱག་འཚལ་བསྟོད༔ ཚེ་དང་བསོད་ནམས་དངོས་གྲུབ་བདག་ལ་སྩོལ༔ ཧཱུྃ༔ དབང་གི་ལས་མཛད་པདྨ་སེང་གདོང་མ༔ དམར་མོ་ཞི་འཛུམ་ཕྱག་གཉིས་གྲི་ཐོད་འཛིན༔ རིན་ཆེན་རུས་རྒྱན་མདངས་ལྡན་གར་སྟབས་འགྱིང༔ དབང་གི་ལས་བྱེད་དམར་མོ་འབུམ་དང་བཅས༔ པདྨ་སེང་གདོང་མ་ལ་ཕྱག་འཚལ་བསྟོད༔ ཁམས་གསུམ་དབང་སྡུད་དངོས་གྲུབ་བདག་ལ་སྩོལ༔ ཧཱུྃ༔ དྲག་པོའི་ལས་མཛད་ལས་ཀྱི་སེང་གདོང་མ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ རིན་ཆེན་རུས་རྒྱན་དྲག་པོའི་གར་སྟབས་འགྱིང༔ དྲག་པོའི་ལས་བྱེད་ལྗང་མོ་འབུམ་དང་བཅས༔ ཀརྨ་སེང་གདོང་མ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་ཚར་གཅོད་དངོས་གྲུབ་བདག་ལ་སྩོལ༔ ཧཱུྃ༔ གསུང་ལས་སྤྲུལ་པའི་མཁའ་འགྲོ་རྣམ་པ་བརྒྱད༔ ཡེ་ཤེས་གྲུབ་ཀྱང་ལས་ཀྱི་ཆ་ལུགས་འཛིན༔ དམ་ཚིག་སྲུང་ཞིང་སྒྲུབ་ལ་སྟོངས་གྲོགས་མཛད༔ བསྟན་པ་སྲུང་ཞིང་གནོད་བྱེད་དགྲ་བགེགས་བསྒྲལ༔ ཕྲ་མེན་ལས་བྱེད་ཚོགས་ལ་ཕྱག་འཚལ་བསྟོད༔ ཕྲིན་ལས་སྣ་ཚོགས་དངོས་གྲུབ་བདག་ལ་སྩོལ༔ ཧཱུྃ༔ ཐུགས་ལས་སྤྲུལ་པའི་ལས་བྱེད་མ་མོའི་ཚོགས༔ ཞིང་སྐྱོང་དབང་ཕྱུག་ཉེར་བརྒྱད་དམ་ཅན་རྣམས༔ དུར་ཁྲོད་ཉུལ་ཅིང་བཀའ་ཡི་བྱ་ར་བྱེད༔ སྐུ་མདོག་ཕྱག་མཚན་མ་ངེས་ཅིར་ཡང་སྟོན༔ འདོད་དགུར་སྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་འགྲོ༔ ཕྲིན་ལས་སྣ་ཚོགས་ཐོགས་པ་མེད་པར་སྒྲུབ༔ མ་མོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བཅུ་བཞི་པ་བཤགས་པ་བྱ་ཞིང་གསོལ་བ་བཏབ་པ་ནི༔ ཧཱུྃ༔ ཡེ་ཤེས་མཁའ་འགྲོ་འཁོར་དང་བཀའ་ཉན་བཅས༔ མ་ལུས་བདག་གིས་གསོལ་འདེབས་དགོངས་པར་མཛོད༔ བདག་ནི་མ་རིག་མི་དགེ་འགལ་འཁྲུལ་ཀུན༔ སྐྱེ་མེད་ཆོས་དབྱིངས་ངང་དུ་བཤགས་པར་བགྱི༔ བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས༔ མཁའ་འགྲོ་སེང་གདོང་མ་དང་སྨོན་ལམ་བཏབ༔ ད་དུས་དཀྱིལ་འཁོར་འདི་རུ་བསྙེན་ཅིང་སྒྲུབ༔ འདི་ནས་བཟུང་སྟེ་གདོད་མ་ཆོས་སྐུའི་བར༔ ཚེ་རབས་སྐྱེ་བ་གང་དང་གར་སྐྱེས་ཀྱང༔ མཁའ་འགྲོ་སེང་གདོང་མ་དང་འབྲལ་མེད་ཤོག༔ བར་ཆད་རྐྱེན་རྣམས་ཁྱེད་ཀྱིས་བསལ་བ་དང༔ མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་བར་ཤོག༔ བྲན་ལྟར་ཉན་ཅིང་མཛའ་ལྟར་བརྩེ་བ་དང༔ ཐེག་ཆེན་ཆོས་ལ་རྟག་ཏུ་གནས་པར་ཤོག༔ ཏིང་འཛིན་ཟས་ཀྱིས་རྟག་ཏུ་འཚོ་བྱེད་ཅིང༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་ཤོག༔ ཌཱ་ཀི་ནཱི་ས་མ་ཡ་ཤུདྡྷེ་ཨ༔ བཅོ་ལྔ་པ་ཛཔ྄་བཟླ་བ་ནི༔ གཙོ་མོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༔ བཾ་ཡིག་དམར་པོ་ལ་སྔགས་གཡོན་སྐོར་དུ་དམར་ཧྲིལ་ལེ་འཁོར་བར་བསམ་ལ་བསྙེན་པ་བྱ་བ་ནི༔ ཨོཾ་བཾ་སིཾ་ཧ་ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ་ཛ༔ ཞེས་བསྙེན་པ་བྱ༔ དེ་ནས་བསྙེན་སྒྲུབ་ལས་གསུམ་གཅིག་ཏུ་དྲིལ་བའི་དྲག་སྔགས་བཅུ་བཞི་པ་བཟླས་པ་བྱ་བ་ནི༔ གཙོ་མོའི་ཐུགས་སྲོག་ལ་ཧཱུྃ་དམར་ནག་གི་མཐའ་མར་སྔགས་ཕྲེང་དཀར་སེར་དམར་ལྗང་ལས་བཞི་གང་བྱེད་ཀྱིས་མདོག་དང་མཐུན་པར་གསལ་ལ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ ཅེས་ཨ་གཅིག༔ ཀ་གཅིག༔ ས་གཉིས༔ མ་གཉིས༔ ར་གསུམ༔ ཙ་གཅིག༔ ཤ་གཅིག༔ ད་གཅིག༔ ཡ་གཅིག༔ ཕཊཿབཅས་ཡོད༔ ཞི་དྲག་གང་ཡིན་ཀྱང་དམིགས་པ་སོགས་གཞན་དུ་ཤེས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈ སྤྱི་དོན་གསུམ་པ་རྗེས་ཀྱི་རིམ་པ་ཚོགས་བྱ་བ་ནི༔ དང་པོ་ཚོགས་སྦྱང་བ་ནི་བསང་ཆུ་འཐོར་ལ་འདི་སྐད་དོ༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ རཾ་འཕྲོས་ཚོགས་ཀྱི་དངོས་འཛིན་བསྲེགས༔ ཡཾ་འཕྲོས་བག་ཆགས་དྲི་མ་གཏོར༔ ཁཾ་འཕྲོས་གཉིས་འཛིན་དྲི་མ་བཀྲུས༔ རཾ་ཡཾ་ཁཾ༔ གཉིས་པ་བྱིན་གྱིས་བརླབ་པ་ནི༔ བདུད་རྩི་འཐོར་ལ་འདི་སྐད་དོ༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཧཱུྃ་འཕྲོས་བདག་གཞན་འབག་བཙོག་དག༔ ཨཱཿའཕྲོས་ཟག་མེད་བདུད་རྩིར་གྱུར༔ ཨོཾ་འཕྲོས་འདོད་ཡོན་མཁའ་མཉམ་སྤེལ༔ ལྷ་མིའི་ལོངས་སྤྱོད་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཞེས་ལན་གསུམ་བརྗོད༔ གསུམ་པ་སྤྱན་འདྲེན་པ་ནི༔ རྐང་གླིང་ཐོད་རྔ་རྡུང་རོལ་མོ་བྱ་ལ་འདི་སྐད་དོ༔ ཧཱུྃ༔ ཡུལ་གྱི་མིང་ནི་ཨོ་རྒྱན་གནས༔ དུར་ཁྲོད་མིང་ནི་གསང་ཆེན་བསྣོལ༔ མཁའ་སྤྱོད་བདེ་བ་ཆེན་པོ་ནས༔ ཡེ་ཤེས་མཁའ་འགྲོ་སེང་གདོང་མ༔ སེང་གདོང་རིགས་བཞི་ཡང་འཁོར་བཅས༔ སྤྲུལ་པ་བཀའ་ཉན་འཁོར་བཅས་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ༔ སྐུ་མདོག་དམར་མོ་བཞིན་མཛེས་མ༔ ཞལ་གཅིག་ཕྱག་གཉིས་གཟི་མདངས་འབར༔ ཕྱག་གཡས་གཅོད་བྱེད་གྲི་གུག་བསྣམས༔ འཁོར་བའི་བཅུད་བསྡུས་ཐོད་ཁྲག་གཡོན༔ སྐུ་ལ་རིན་ཆེན་རྒྱན་དྲུག་སྤྲས༔ སྐུ་རེགས་གསེར་སྐུད་དྲིལ་ཆུང་བརྒྱན༔ སྙན་པའི་སྒྲ་སྒྲོག་སི་ལི་ལི༔ དབུ་རྒྱན་དར་སྣའི་ཅོད་པན་ཅན༔ རླུང་གིས་སྐྱོད་ཅིང་པུ་རུ་རུ༔ ལག་པ་གསེར་གྱི་གདུ་བུ་ཅན༔ སྣ་ཚོགས་གར་བྱེད་ཁྱུགས་སེ་ཁྱུག༔ རྐང་པ་རྡོ་རྗེའི་འགྲོས་སྟབས་ཀྱིས༔ མཁའ་ལ་ཐོགས་མེད་བུན་ནེ་བུན༔ འཁོར་ཚོགས་མཁའ་འགྲོ་སྤུངས་སེ་སྤུང༔ གླུ་ལེན་བཤུགས་པ་ཀྱུ་རུ་རུ༔ རོལ་མོ་སིལ་སྙན་འུ་རུ་རུ༔ བྱིན་རླབས་ཡེ་ཤེས་ཏ་ལ་ལ༔ ཉམས་དང་རྟོགས་པ་འུ་རུ་རུ༔ བདེ་སྟོང་ཡེ་ཤེས་མཁའ་འགྲོའི་ཚོགས༔ ཧ་རི་ནི་སའི་སྒྲ་སྒྲོག་ཅིང༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་ཕྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་སྐུར་ཅིག༔ བསྒྲུབ་རྫས་ཚོགས་ལ་སིདྡྷི་སྟིམས༔ ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ༔ བཾ་སིཾ་ཧ་ཌཱ་ཀི་ནཱི་ཧ་རི་ནི་ས་ཧོ༔ ས་མ་ཡ་ཧོ༔ དྲྀ་ཤྱ་ཧོཿས་མ་ཡ་ཛ་ཛ༔ ཨེ་ཨཱ་རལླི་ཧོཿཕེཾ་ཕེཾ་ཧྲིང་ཧྲིང་ཛཿཧཱུཾ་བཾ་ཧོ༔ ཞེ་རྒྱས་པར་འདོད་ན་ལས་བྱང་ཆེན་མོའི་སྐབས་ལྟར་བྱ༔ བཞི་པ་ཚོགས་ཕུད་དང་པོ་འབུལ་བ་ནི༔ ཧཱུྃ༔ མཁའ་འགྲོ་བདུད་འདུལ་སེང་གདོང་འཁོར་བཅས་ལ༔ ཞལ་ཟས་མཆོག་གི་ཚོགས་མཆོད་དང༔ ཤེས་རབ་མ་ཏི་ཛ་གད་ཆང༔ ཐབས་མཆོག་མཱཾ་ས་བཅའ་བའི་རོ༔ བརྩེ་བ་ཆེན་པོས་བཞེས་སུ་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བཾ་སིཾ་ཧ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ལྔ་པ་བར་མ་འབུལ་ཞིང་བཤགས་པ་བྱ་བ་ནི༔ ཧཱུྃ༔ བདུད་འདུལ་དྲག་མོའི་ལྷ་ཚོགས་དགོངས༔ བསྐལ་པ་སྔོན་ནས་ད་ལྟའི་བར༔ རང་རིག་མ་རྟོགས་ཉམས་ཆག་རྣམས༔ སྨན་མཆོད་ཚོགས་ཀྱིས་བཤགས་པར་བགྱི༔ ཌཱ་ཀི་ནཱི་ས་མ་ཡ་ཤུདྡྷེ་ཨ་ཨ༔ དྲུག་པ་ཐ་མ་བསྒྲལ་བ་ནི༔ ཧཱུྃ༔ ང་ནི་བདུད་འདུལ་སེང་གདོང་མ༔ ཕྱག་མཚན་ཕུར་པ་བསྒྲིལ་ཅིང་འདེབས༔ སྐུ་སྟོད་ཁྲོ་མོ་རྔམས་ཤིང་བརྗིད༔ སྐུ་སྨད་གནམ་ལྕགས་དབལ་ཟུར་གསུམ༔ སྲེག་ཅིང་ངར་དང་ལྡན་པ་འདི༔ དགྲ་བགེགས་སྙིང་གི་དཀྱིལ་དུ་གཟིར༔ ཌཱ་ཀི་ཀྲོ་ཏཱི་ཀཱི་ལ་ཡ་ཆེ་གེ་ནྲྀ་ཏྲི་ཤ་ཏཱུཾ་མཱ་ར་ཡ་རྦད༔ བདུན་པ་ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ བདུད་འདུལ་དྲག་མོ་སེང་གདོང་ལྷ་ཚོགས་རྣམས༔ ཆོས་ཉིད་མི་འགྱུར་གསལ་བའི་ཞལ་ཕྱེས་ཤིག༔ ཉོན་མོངས་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ ཆོས་དབྱིངས་སྐྱེ་མེད་གྲུ་གསུམ་ཞལ་དུ་སྟོབས༔ ཉོན་མོངས་དགྲ་བགེགས་ཆོས་ཀྱི་དབྱིངས་སུ་རོལ༔ ཌཱ་ཀི་སིཾ་ཧ་མུ་ཁ་ཆེ་གེའི་ཤ་ཁྲག་རུས་གསུམ་ལ་ཁ་རཾ་ཁཱ་ཧི༔ བརྒྱད་པ་ལྷག་མ་བྱ་བ་ནི༔ ཧཱུྃ༔ མཁའ་འགྲོའི་གཙོ་མོ་བདུད་འདུལ་སེང་གེའི་གདོང༔ བཀའ་འཁོར་ཕོ་ཉ་ཕུད་ལྷག་དབང་བ་རྣམས༔ འདིར་བྱོན་ཕ་འབབ་ལྷག་མའི་གཏོར་མ་བཞེས༔ སྒྲུབ་པ་པོ་ཡི་བར་ཆད་རྐྱེན་ངན་ཟློག༔ བྷྱོ༔ ཞིང་སྐྱོང་དམ་ཅན་ལས་བྱེད་ཚོགས༔ དམ་ཚིག་ཅན་གྱི་སྲུང་མ་ཡིན༔ དམ་ཉམས་རྣམས་ཀྱི་སྲོག་གཅོད་ཡིན༔ ལེགས་ཉེས་གཉིས་ཀྱི་སྟངས་གཅོད་མཛོད༔ དམ་ཚིག་སྲུང་ཞིང་སྟོང་གསུམ་ཉུལ༔ སྒྲུབ་པའི་དྲོད་ཉུལ་ཚོགས་ཁང་འགྲིམ༔ རྫུ་འཕྲུལ་ཐོགས་མེད་མཁའ་ལ་འཕྱོ༔ བྲན་དང་ཡང་གཡོག་བསམ་མི་ཁྱབ༔ ཞལ་ཟས་ཕུད་ལྷག་འདི་བཞེས་ལ༔ རྣལ་འབྱོར་བདག་ལ་སྟོངས་གྲོགས་མཛོད༔ ཕྲིན་ལས་ཐོགས་མེད་སྒྲུབ་པ་དང༔ མི་མཐུན་གནོད་པའི་རྐྱེན་རྣམས་ཟློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ སརྦ་ཌཱ་ཀི་ནཱི་ས་མ་ཡ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་བྷཀྵ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དགུ་པ་ཆད་མདོ་བསྒྲག་པ་ནི༔ ཧཱུྃ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ ལྷ་གནས་གསུམ་དང་དུར་ཁྲོད་བརྒྱ་རྩ་རུ༔ དཔལ་ཆེན་ཆེ་མཆོག་པདྨ་ཧེ་རུ་ཀས༔ སྣང་སྲིད་མ་མོ་མཁའ་འགྲོ་དབང་དུ་བསྡུས༔ གསང་སྔགས་སྦྱོར་སྒྲོལ་མཛད་ནས་དམ་ལ་བཏགས༔ དམ་ཚིག་བཀའ་ཡི་ཆད་མདོ་བསྒྲགས་པ་དང༔ དམ་རྫས་བདུད་རྩིའི་གཏོར་མ་སྦྱིན་བྱས་ནས༔ གསང་སྔགས་བསྟན་པ་བསྲུང་བར་མ་ཆད་དམ༔ རྣལ་འབྱོར་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ དམ་ཚིག་བཀའ་ཡི་གཏོར་མ་འདི་བཞེས་ལ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད༔ དེ་འོག་རྒྱ་གར་རྡོ་རྗེ་གདན་དྲུང་དུ༔ མུ་སྟེགས་བདུད་ཀྱི་སྟོན་པ་བྱུང་བའི་ཚེ༔ སྟོན་པའི་རྒྱལ་ཚབ་པདྨ་ཐོད་ཕྲེང་གིས༔ དུར་ཁྲོད་ཆེན་པོ་གསང་ཆེན་རོལ་དུ་བྱོན༔ མཁའ་འགྲོ་ཕྲ་མེན་དབང་དུ་སྡུད་པ་དང༔ ཚོགས་ཀྱི་འཁོར་ལོ་བསྐོར་ནས་མཆོད་པའི་ཚེ༔ མཁའ་འགྲོ་སེང་གདོང་མ་མོ་ཕྲ་མེན་དང༔ དུར་ཁྲོད་གནས་པའི་ལྷ་སྲིན་མ་ལུས་ཀྱིས༔ རང་རང་སྲོག་གི་སྙིང་པོ་ཕུལ་ནས་ནི༔ མུ་སྟེགས་བདུད་དཔུང་བཏུལ་བར་མ་ཆད་དམ༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ བསྟན་དགྲའི་དགྲ་བགེགས་བསྒྲལ་བར་མ་ཆད་དམ༔ དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་འོག་ཁ་བ་ཅན་གྱི་བོད་ཡུལ་དུ༔ སངས་རྒྱས་བསྟན་པའི་ཆུ་འགོ་ཚུགས་པའི་དུས༔ མཆིམས་ཕུ་ལ་སོགས་གསང་བའི་སྒྲུབ་གནས་སུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ སློབ་མ་སྣ་ནམ་ནམ་མཁའི་སྙིང་པོ་དང༔ ཇོ་མོ་མཚོ་རྒྱལ་བདུད་འདུལ་མཁའ་འགྲོ་མས༔ ཡང་གསང་མཁའ་འགྲོའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཞིང་སྐྱོང་མཁའ་འགྲོ་དམ་ཅན་རྒྱ་མཚོ་ཡིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ རང་རང་སྲོག་གི་སྙིང་པོ་ཕུལ་ནས་ནི༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ བསྟན་དགྲའི་དགྲ་བགེགས་བསྒྲལ་བར་མ་ཆད་དམ༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ གསང་སྔགས་ཐེག་ཆེན་བསྟན་པ་སྐྱོང་བ་དང༔ རིག་འཛིན་སྒྲུབ་པ་པོ་ཡི་བར་ཆད་ཟློག༔ ཕྱི་ལོག་མུ་སྟེགས་མཐའ་ཡི་དམག་དཔུང་ཟློག༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ སརྦ་ཌཱ་ཀི་ནཱི་ས་མ་ཡ་བྷྱོ་བྷྱོ་བྷྱོ༔ པྲ་མོ་ཧཱ་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ བཅུ་པ་བརྟན་མ་སྐྱོང་བ་ནི༔ བྷྱོ༔ བོད་ཁམས་སྐྱོང་བའི་བརྟན་མ་ཁྱེད་རྣམས་ཀྱང༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི༔ སྤྱན་སྔར་ཁས་བླངས་སྲོག་སྙིང་ཕུལ་ནས་སུ༔ དམ་ཚིག་ཅན་གྱི་བསྟན་པ་སྲུང་བ་དང༔ སྒྲུབ་པ་པོ་ཡི་སྟོངས་གྲོགས་བྱེད་པ་དང༔ རིག་འཛིན་སྔགས་ཀྱི་བསྟན་པ་བསྲུང་ངོ་ཞེས༔ དེ་ལྟར་ཁས་བླངས་དམ་བཅས་དེ་བཞིན་དུ༔ བརྟན་མ་བཅུ་གཉིས་དཔོན་གཡོག་འཁོར་བཅས་རྣམས༔ དཔལ་ཆེན་བཀའ་ཡི་གཏོར་མ་འདི་ལོངས་ལ༔ རྣལ་འབྱོར་ཚེ་དང་བསོད་ནམས་རྒྱས་པ་དང༔ བསམ་པའི་འདོད་དོན་ཡིད་བཞིན་འགྲུབ་པ་དང༔ དུས་འཁྲུགས་མཐའ་དམག་མི་མཐུན་ཞི་བ་དང༔ ཅི་ལྟར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ མ་མཱ་ལ་ལཱ་ཏིང་ཏིང་ཧྲིཾ་ཧྲིཾ་སརྦ་བ་ལིཾ་ཏ་ཁཱ་ཧི༔ བཅུ་གཅིག་པ་གཏོར་བྲོ་བྱ་བ་ནི༔ ཧཱུྃ༔ མ་མོ་རྣམས་ཀྱི་ཕོ་བྲང་འདིར༔ དུར་ཁྲོད་འཇིགས་པའི་དཀྱིལ་འཁོར་རྫོགས༔ ཡེ་ཤེས་མཁའ་འགྲོས་ནམ་མཁའ་གང༔ དམ་ཚིག་མཁའ་འགྲོས་བར་སྣང་གང༔ ལས་བྱེད་མཁའ་འགྲོས་ས་གཞི་གང༔ སྣ་ཚོགས་མཁའ་འགྲོས་ཕྱོགས་མཚམས་གང༔ ཧཱུྃ༔ བྲོ་ནི་རྡོ་རྗེ་མཁའ་འགྲོའི་བྲོ༔ མེ་ལོང་ཡེ་ཤེས་ངང་དུ་བརྡུང༔ ཞེ་སྡང་དགྲ་བགེགས་རང་སར་དག༔ ཧ་ཧ་ཤིཾནྟ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ བྲོ་ནི་རིན་ཆེན་མཁའ་འགྲོའི་བྲོ༔ མཉམ་ཉིད་ཡེ་ཤེས་ངང་དུ་བརྡུང༔ ང་རྒྱལ་དགྲ་བགེགས་རང་སར་དག༔ རི་རི་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ བྲོ་ནི་པདྨ་མཁའ་འགྲོའི་བྲོ༔ སོར་རྟོག་ཡེ་ཤེས་ངང་དུ་བརྡུང༔ འདོད་ཆགས་དགྲ་བགེགས་རང་སར་དག༔ ནི་ནི་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ བྲོ་ནི་ལས་ཀྱི་མཁའ་འགྲོའི་བྲོ༔ བྱ་གྲུབ་ཡེ་ཤེས་ངང་དུ་བརྡུང༔ ཕྲག་དོག་དགྲ་བགེགས་རང་སར་དག༔ ས་ས་མཱ་ར་ཡ་ཕཊ༔ དགྲ་བགེགས་སཏྭཾ་བྷ་ཡ་ནན༔ ཨོཾ་ལཾ༔ ཧཱུྃ་ལཾ༔ སུཾ་ལཾ༔ ནཱ་ཤ་ཡ་ནན༔ བཅུ་གཉིས་པ་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ མ་གཅིག་སེང་གདོང་དངོས་གྲུབ་ཀུན་གྱི་མཛོད༔ བསྙེན་སྒྲུབ་མཆོད་བསྟོད་དང་དུ་བླངས་པ་ཡིས༔ སྐུ་ཡི་བྱིན་རླབས་ཚེ་བཅུད་ལུས་ལ་སྩོལ༔ གསུང་གི་བྱིན་རླབས་སྔགས་ཀྱི་དངོས་གྲུབ་སྩོལ༔ ཐུགས་ཀྱི་བྱིན་རླབས་ཏིང་འཛིན་དངོས་གྲུབ་སྩོལ༔ ཡོན་ཏན་བྱིན་རླབས་བསོད་ནམས་དངོས་གྲུབ་སྩོལ༔ ཕྲིན་ལས་བྱིན་རླབས་འཇིགས་བརྒྱད་ཞི་གྱུར་ཅིག༔ ཐུན་མོང་ཡིད་བཞིན་བསམ་འགྲུབ་དངོས་གྲུབ་སྩོལ༔ འཁོར་འདས་སྣང་སྲིད་དབང་སྡུད་དངོས་གྲུབ་སྩོལ༔ སྟེང་གི་ལྷ་ཡི་ལོངས་སྤྱོད་དངོས་གྲུབ་སྩོལ༔ བར་གྱི་མི་ཡི་མངའ་ཐང་དངོས་གྲུབ་སྩོལ༔ འོག་ཕྱོགས་ཀླུ་ཡི་ལོངས་སྤྱོད་དངོས་གྲུབ་སྩོལ༔ རིན་ཆེན་སྣ་ལྔ་རྒྱལ་སྲིད་དངོས་གྲུབ་སྩོལ༔ བཀྲ་ཤིས་རྟགས་བརྒྱད་སྙན་གྲགས་དངོས་གྲུབ་སྩོལ༔ སྙན་གྲགས་སྟོང་ཁམས་ཁྱབ་པའི་དངོས་གྲུབ་སྩོལ༔ འདོད་ཁམས་ཡིད་འོང་རྫས་ཀྱི་དངོས་གྲུབ་སྩོལ༔ མཐུ་རྩལ་དྲག་པོ་སྒྲོལ་བྱེད་དངོས་གྲུབ་སྩོལ༔ ཕྲིན་ལས་སྣ་ཚོགས་ཐོགས་མེད་དངོས་གྲུབ་སྩོལ༔ བཀྲ་ཤིས་ལས་མཐའ་བཙན་པའི་དངོས་གྲུབ་སྩོལ༔ དབང་ཐང་རིགས་རྒྱུད་གསལ་བའི་དངོས་གྲུབ་སྩོལ༔ བསྟན་པའི་སྲོག་ཤིང་ཚུགས་པའི་དངོས་གྲུབ་སྩོལ༔ བླ་མེད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ༔ དུས་ལས་མ་འདའ་དངོས་གྲུབ་དེང་འདིར་སྩོལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཀཱ་ཡ༔ ཨཱཿཝཱ་ཀ༔ ཧཱུྃ་ཙིཏྟ༔ ཧྲཱིཿབཾ་སརྦ་སིདྡྷི་སིདྡྷི་ཕ་ལ་ཧོ༔ བཅུ་གསུམ་པ་བཀྲ་ཤིས་བྱ་བ་ནི༔ ཧཱུྃ༔ ཨོ་རྒྱན་པདྨ་བྱིན་རླབས་ཡེ་ཤེས་མཛོད༔ དབང་བཞིས་རྒྱུད་བཞི་སྨིན་གྲོལ་བཀྲ་ཤིས་ཤོག༔ མཁའ་འགྲོའི་གཙོ་མོ་དངོས་གྲུབ་རྣམ་གཉིས་མཛོད༔ ཟག་མེད་མཆོག་ལ་སྤྱོད་པའི་བཀྲ་ཤིས་ཤོག༔ རྡོ་རྗེ་སེང་གདོང་འཇིགས་བརྒྱད་སྐྱོབ་པའི་ལྷ༔ ཞི་བའི་ཕྲིན་ལས་འགྲུབ་པའི་བཀྲ་ཤིས་ཤོག༔ རིན་ཆེན་སེང་གདོང་བསོད་ནམས་རྒྱས་པའི་ལྷ༔ རྒྱས་པའི་ཕྲིན་ལས་འགྲུབ་པའི་བཀྲ་ཤིས་ཤོག༔ པདྨ་སེང་གདོང་དབང་སྡུད་མཛད་པའི་ལྷ༔ དབང་གི་ཕྲིན་ལས་འགྲུབ་པའི་བཀྲ་ཤིས་ཤོག༔ ཀརྨ་སེང་གདོང་མངོན་སྤྱོད་དྲག་པོའི་ལྷ༔ དྲག་པོའི་ཕྲིན་ལས་འགྲུབ་པའི་བཀྲ་ཤིས་ཤོག༔ སྣ་ཚོགས་མཁའ་འགྲོ་བཀའ་ཉན་དམ་ཅན་ཚོགས༔ བསྟན་པ་མི་ནུབ་སྐྱོང་བའི་ཕྲིན་ལས་ལྷ༔ བསྟན་པ་ཡུན་དུ་གནས་པའི་བཀྲ་ཤིས་ཤོག༔ བཅུ་བཞི་པ་དཀྱིལ་འཁོར་བསྡུ་བ་ནི༔ དམ་ཚིག་པ་རང་གི་ཐུགས་ཀར་བསྟིམ༔ ཡེ་ཤེས་ཀྱི་ཌཱ་ཀི་རྟེན་ལ་བསྟིམ༔ ཤིས་པ་བརྗོད༔ རྟེན་མེད་ན་དབྱིངས་སུ་གཤེགས་ཏེ༔ ཨཱོཾ་ བདུད་འདུལ་ཡེ་ཤེས་མཁའ་འགྲོའི་ཚོགས༔ དེ་རིང་ཉིད་དུ་གཤེགས་ནས་ཀྱང༔ ཐུགས་རྗེས་སེམས་ཅན་དོན་སླད་དུ༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ བཛྲ་མུ༔ སརྦ་གཙྪ༔ ཞེས་དཀྱིལ་འཁོར་མཐའ་ནས་དབུས་སུ་བསྡུ༔ དབུས་གཙོ་བོ་རྡོ་རྗེའི་རང་བཞིན་དུ་གྱུར་ནས༔ བདག་གི་སྤྱི་བོ་ནས་ལུས་ལ་རྡོ་རྗེའི་གོ་བགོས་ནས་སྲུང་བའི་འཁོར་ལོར་གྱུར་པར་བསམ༔ བཅོ་ལྔ་པ་བསྔོ་བ་སྨོན་ལམ་བྱ་བ་ནི༔ ཨེ་མ་ཧོ༔ གསང་སྔགས་བླ་མེད་མཁའ་འགྲོའི་དཀྱིལ་འཁོར་དུ༔ མ་རིག་འགལ་འཁྲུལ་ཆོ་ག་ལྷག་ཆད་དང༔ མ་དག་བཀླགས་དང་མཆོད་རྫས་མ་ཚང་ཉམས༔ མ་དད་ལ་སོགས་ནོངས་གྱུར་བཟོད་པར་གསོལ༔ དེང་ནས་བདུད་འདུལ་ཡེ་ཤེས་མཁའ་འགྲོ་དང༔ སྐྱེ་དང་ཚེ་རབས་ཀུན་ཏུ་འབྲལ་མེད་ཅིང༔ ས་བཅུ་ལམ་ལྔ་འཕགས་པའི་ཡོན་ཏན་རྫོགས༔ སྟོང་ཉིད་མངོན་གྱུར་སངས་རྒྱས་མ་ཐོབ་བར༔ མ་ལྟར་བྱམས་པས་སྐྱོང་ཞིང་སྲིང་ལྟར་གདུང༔ གྲོགས་ལྟར་འགྲོགས་ནས་བྲན་ལྟར་ལས་བྱེད་ཅིང༔ བྱང་ཆུབ་བསྒྲུབ་པའི་བར་ཆད་ཀུན་སེལ་ནས༔ བདུད་འདུལ་སྟོང་ཉིད་ཕྱག་རྒྱ་ཆེན་པོར་གྲོལ༔ ཚོགས་གཉིས་མཐར་ཕྱིན་མྱ་ངན་འདས་གྱུར་ཅིག༔ བདག་ལ་མོས་པའི་མ་འོངས་རྗེས་འཇུག་རྣམས༔ ཕྲིན་ལས་སྣ་ཚོགས་གང་དང་གང་བསྒྲུབ་ཀྱང༔ བར་ཆད་མེད་པར་མྱུར་དུ་འགྲུབ་གྱུར་ནས༔ སྒྲུབ་པ་པོ་ཡིས་ལས་བཞི་ལྷུན་གྲུབ་ཤོག༔ ཅེས་རྒྱས་པ་ལས་བྱང་ཆེན་མོའི་གཞུང་ལྟར་བྱའོ༔ རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈ ཌཱ་ཀི་སྐུ་རྒྱ༔ ཌཱ་ཀི་གསུང་རྒྱ༔ ཌཱ་ཀི་ཐུགས་རྒྱ༔ བརྡ་ཐིམ༔ ཟབ་རྒྱ༔ གུ་རྒྱ༔ ལ་བྷི༔ སྟག་སྟག་བྲ་ཐམ༔ བདག་སྟག་ཤམ་ནུས་ལྡན་པས་གཏེར་ནས་གདན་དྲངས་ཤིང་ས་ཡོས་ལོའི་ཟླ་བ་བཞི་པའི་ཚེས་བཅུ་ལ་ཤོག་སེར་ནས་བཤུས་སོ། །མངྒ་ལཾ།། །།
གསང་ཐིག་སྙིང་པོའི་སྐོར་ལས། ཚེས་བཅུའི་བླ་སྒྲུབ་ཀྱི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་སྨིན་བྱེད་བཅུད་ཀྱི་ཐིག་ལེ་ (Volume 11, Text 8)
༄༅། །གསང་ཐིག་སྙིང་པོའི་སྐོར་ལས། ཚེས་བཅུའི་བླ་སྒྲུབ་ཀྱི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་སྨིན་བྱེད་བཅུད་ཀྱི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། ། བདེ་ཆེན་ཡེ་ཤེས་བྱིན་ཆེན་པོས། །འགྲོ་རྒྱུད་སྐུ་བཞིར་སྨིན་མཛད་པ། །བླ་མེད་བླ་མ་སྙིང་དབུས་སུ། །བཀོད་ནས་དབང་ཆོག་ཉུང་གསལ་དགོད། །སངས་རྒྱས་གཉིས་པ་གུ་རུ་རིན་པོ་ཆེའི་མཛད་ཆེན་བཅུ་གཉིས་དང་རྗེས་སུ་འབྲེལ་བའི་བླ་མ་སྐུ་བཞིའི་སྒྲུབ་ཐབས་སྙིང་པོར་དྲིལ་བ་འོད་ཀྱི་ཐིག་ལེའི་སྨིན་བྱེད་བགྱི་བའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གོང་མས་བྱིན་གྱིས་བརླབས་པའི་གནས་སུ་ཡར་ངོའི་ཚེས་བཅུ་ལྟ་བུའི་དུས་བཟང་ལ་སྟེགས་བུའི་སྟེང་དཀྱིལ་འཁོར་སྒོ་རྫོགས་ཅན་གྱི་རས་བྲིས་བཏིང་། མ་འཛོམ་ན་མཎྜལ་ལ་དྲི་བཟང་པོས་གཤེར་བའི་འབྲུ་དཀར་གྱི་ཚོམ་བུ་དབུས་སུ་གཅིག །དེ་རྒྱབ་བརྒྱད་རིམ་གཉིས། དེ་རྒྱབ་ཕྱོགས་བཞིར་བཞི་བཀོད་པའི་དབུས་སུ་མཉྫིའི་སྟེང་བུམ་པ་བཅུད་ལྡན་མགུལ་ཆིངས་དཀར་པོ་ཅན་གྱི་ཁར་ཐོད་པ་མཚན་ལྡན་ཛ་གད་ལ་ཨ་མྲྀཏ་སྦྱར་བས་བཀང་པ་བཞག །དེའི་ཁར་མེ་ལོང་དྭངས་པ་ལ་སིནྡྷུ་རའི་ཐིག་ལེ་ཟླུམ་པོ་དབུས་སུ་ཆེ་བ་གཅིག །ཕྱོགས་བཞིར་ཆུང་བ་བཞི་བཀོད་པའི་དབུས་ཀྱི་ལྟེ་བར་ཧཱུྃ་གི་མཐར་བསྙེན་སྔགས་བཛྲ་གུ་རུ་གཡས་སྐོར། ཤར་སོགས་ཕྱོགས་བཞིར། ཨོཾ་ ཏྲཱཾ་ ཧྲཱིཿ ཨཱཿརྣམས་བཀོད་པས་བཀབ་པའི་སྟེང་གུ་རུའི་སྐུ་ཚབ་བཞུགས་སུ་གསོལ། རྒྱབ་ངོས་སུ་བླ་མའི་གཏོར་ཆེན་རྒྱན་སྤྲོས་ཅན་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པའི་གཡས་གཡོན་དུ་སྨན་རཀ་སྣོད། མདུན་ངོས་སུ་ཚེ་འབྲང་། དེའི་གཡས་གཡོན་དུ་ཚེ་རིལ། ཚེ་ཆང་། ཆུ་གཉིས་ཉེར་སྤྱོད་གཡས་སྐོར་རམ་མདུན་ངོས་ཕྲེང་ཚར་དུ་བཤམ་ཡང་ཆོག །གཏོར་དབང་རྗེས་དངོས་གྲུབ་ཏུ་སྦྱིན་རྒྱུའི་ཆང་དང་ཟས་སྣའང་ཐོད་སྣོད་སོགས་སུ་བཞག །གཞན་ཡང་སྔོན་གཏོར། ཚོགས་ཆས། བཀའ་སྲུང་གཏོར་འབུལ། ཆད་བརྟན། མདའ་དར། ལས་བུམ་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་སྤྱི་ལྟར་ཚོགས་པར་བྱའོ། །གཉིས་པ་ལ། ཐོག་མར་དབང་དོན་སྒྲུབ་ཅིང་མཆོད་པ་ནི། ཕྲིན་ལས་ཆོག་བསྒྲིགས་ལྟར་གསོལ་འདེབས་ནས་བརྩམ་མཐར་ཆགས་སུ་གཏང་། ལྷ་བསྐྱེད་སྐབས་བདག་མདུན་དབྱེར་མེད་དུ་བསྐྱེད་ཅིང་བཟླས་པའང་དེ་ལྟར་བྱས་པས་ཆོག་མོད། རྟོགས་དགོངས་དམན་ན་བཟླས་པའི་དབུར་ཛཔ྄་ཁང་ཕྱེས་ལ་བདག་མདུན་སོ་སོར་སྤྲོ་བསྡུའི་ཏིང་ངེ་འཛིན་གསལ་བས་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་ཅི་འགྲུབ་བྱ། ཚེ་སྒྲུབ་ཀྱི་ཛཔ྄་དགོངས་བཅས་བཟླས་པ་ཅི་འགྲུབ་མཐར་ཚེ་འགུགས་གཏང་། སྟོང་ཚིགས་མཆོད་བསྟོད་ཕུལ། འགྲུབ་ན་ཚེས་བཅུའི་རྣམ་ཐར་གསོལ་འདེབས་ཀྱང་འདོན། སྲུང་མའི་གཏོར་ཆོག་གཏང་། ཚོགས་བྱིན་རླབས་ནས་སྐོང་བའི་བར་དུ་སོང་བ་དང་། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་སྤྱི་མཐུན་བྱ། ལྕོགས་ན་བདག་འཇུག་ཚང་བ་བླང་། མི་ལྕོགས་ན་རིག་པའི་མེ་ཏོག་དོར། གང་བྱེད་ཀྱང་སློབ་མ་གཞུག་པར་གནང་བ་ནོད་དོ། །དེ་ནས་དབང་དངོས་ལ། ཐོག་མར་སློབ་མ་རྣམས་ལ་ལས་བུམ་གྱི་ཆུས་ཁྲུས་བྱ། བགེགས་གཏོར་བསྔོ། བཀའ་བསྒོ་ཞིང་མཚམས་བཅད་ལ་སྲུང་འཁོར་བརྟན་པོར་བསྒོམ། མེ་ཏོག་བཀྱེ་བསྡུ་དང་། སེམས་བསྐྱེད་གསལ་གདབ། ཆོས་བཤད་ཅི་རིགས་པ་དང་ཁྱད་པར། དེའང་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་གསང་གསུམ་ཡོན་ཏན་མཛད་པ་དང་བཅས་པ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་། མི་མཇེད་ཀྱི་འཇིག་རྟེན་སྤྱི་དང་ཁྱད་པར་བོད་ཡུལ་མུན་པའི་རྒྱལ་ཁམས་སུ་སྐྱེས་པའི་འགྲོ་བ་མགོན་མེད་པ་རྣམས་ཀྱི་མགོན་དུ་དམིགས་པ་མེད་པའི་ཐུགས་རྗེས་བསྐུལ་ཏེ་མགོན་པོ་འོད་དཔག་ཏུ་མེད་པ་ཉིད་གྲུབ་པའི་སློབ་དཔོན་ཆེན་པོའི་སྐུར་བཞེངས་པ་ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་ཞེས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་རྒྱ་མཚོར་མཚན་གྱི་རྔ་བོ་ཆེ་སྙན་པར་གྲགས་པ་གང་ཉིད། གདོད་ནས་འོད་གསལ་ཆོས་སྐུ་བདེ་བ་ཆེན་པོའི་དབྱིངས་ལས་མ་གཡོས་བཞིན་དུ་ལོངས་སྤྱོད་ཡོངས་སུ་རྫོགས་པའི་སྐུ་དང་ཞིང་ཁམས་རྒྱ་མཚོའི་སྤྲིན་ཆེན་པོ་བཀོད་ཅིང་། མཁའ་ཁྱབ་ཀྱི་སེམས་ཅན་གང་ལ་གང་འདུལ་གྱི་སྤྲུལ་པའི་རྣམ་རོལ་ཚད་མེད་པས་འཁོར་བ་དོང་ནས་སྤྲུགས་པའི་སངས་རྒྱས་ཀྱི་མཛད་པའི་ཆོ་འཕྲུལ་བསམ་ལས་འདས་པར་སྟོན་པ་ལས། བྱེ་བྲག་ཐུབ་པའི་དབང་པོའི་རྒྱལ་ཚབ་ཏུ་འཛམ་བུའི་གླིང་འདིར་ངོ་མཚར་རྨད་དུ་བྱུང་བའི་མཛད་པའི་རྣམ་རོལ་ཇི་སྙེད་ཅིག་གིས་གདུལ་བྱའི་ཁ་ལོ་ཐར་པར་བསྒྱུར་པ་ལས། གཙོ་བོར་གྱུར་པ་མཛད་པ་ཆེན་པོ་བཅུ་གཉིས་དང་མཐུན་པའི་སྐུའི་བཀོད་པ་དང་མཚན་གྱི་རྣམ་གྲངས་ཀྱང་དེ་ལྟར་གྲགས་པ་སྟེ། བླ་སྒྲུབ་འདི་ཉིད་ཀྱི་གཏེར་གཞུང་ལས། གདོད་ནས་རྣམ་པར་དག་པ་ཡི༔ ཆོས་སྐུ་ཐིག་ལེ་ཉག་གཅིག་ལས༔ ལོངས་སྤྱོད་ཡོངས་རྫོགས་རིགས་ལྔའི་སྤྲིན༔ ཁ་སྦྱོར་བདེ་བའི་ཕྱག་རྒྱར་བཞེངས༔ དེ་ལས་སོ་སོར་རྟོག་པ་ཡི༔ ཡེ་ཤེས་རིག་མདངས་པདྨའི་གཙོ༔ འཆི་མེད་འོད་མཐའ་ཡས་པར་ཤར༔ སྙིང་རྗེས་འཁོར་བ་དོང་སྤྲུགས་ཕྱིར༔ ཐུགས་རྗེ་ཆེན་པོའི་རྣམ་པར་སྣང༔ བྱེ་བྲག་མི་མཇེད་འཛམ་གླིང་གི༔ གདུལ་བྱ་ཐུན་མོང་སྣང་ངོ་རུ༔ སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ་འཆང༔ དྷ་ན་ཀོ་ཤར་བརྫུས་ཏེ་འཁྲུངས༔ བཅུ་གཉིས་མཛད་པའི་རྣམ་རོལ་གྱིས༔ རྒྱ་གར་རྒྱ་ནག་བོད་དང་ལི༔ ལྷོ་ནུབ་སྲིན་ཡུལ་ཚུན་ཆད་དུ༔ ངོ་མཚར་ཆོ་འཕྲུལ་བརྗོད་མི་ལངས༔ ཞེས་འབྱུང་ངོ་། །དེ་ལྟ་བུའི་གུ་རུ་སྤྲུལ་པའི་སྐུ་མཆོག་དེ་ཉིད་ཀྱིས་འཕགས་ཡུལ་སོགས་སུ་གདུལ་བྱ་འདུལ་བའི་ཚེ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་གངས་ཅན་གྱི་ལྗོངས་སུ་སྤྱན་དྲངས་པ་ལྟར་སྐུ་དངོས་ཀྱིས་ཕེབས་ནས་ལྷ་འདྲེ་མ་རུངས་པ་རྣམས་བཏུལ། གཙུག་ལག་ཁང་བྱིན་གྱིས་བརླབས། མདོ་སྔགས་བཤད་སྒྲུབ་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད། སྐལ་ལྡན་རྗེ་འབངས་རྣམས་ལ་ཐུན་མོང་མ་ཡིན་པའི་གདམས་ཟབ་མཐའ་ཡས་པ་བསྩལ། མ་འོངས་པའི་དོན་ལ་དགོངས་ཏེ་ཟབ་གཏེར་དཔག་ཏུ་མེད་པ་སྦས། མཐར་རྔ་ཡབ་སྲིན་པོའི་ཁ་གནོན་དུ་གཤེགས་ཏེ་ད་ལྟ་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་མཐར་ལམ་ལྷུན་གྱིས་གྲུབ་པའི་རིག་འཛིན་ཁྱབ་བདག་དྲུག་པའི་རྒྱལ་ཚབ་ཀྱི་ཚུལ་གྱིས་རྟག་བརྟན་འགྱུར་བ་མེད་པར་བཞུགས་པ་སྟེ། སློབ་དཔོན་ཆེན་པོའི་མཛད་པའི་གཙོ་བོ་མཐའ་དག་ཡར་ངོའི་ཚེས་བཅུ་ལ་བསྟན་ཅིང་བྱིན་གྱིས་བརླབས་པ་ཡིན་པས་དེའི་དུས་རྗེས་སུ་དྲན་ཏེ་མཆོད་བསྟོད་གསོལ་བ་འདེབས་པ་སོགས་སྒོ་གསུམ་དགེ་བའི་སྤྱོད་པ་སྤྱི་དང་། བྱེ་བྲག་སྔགས་ཀྱི་རྣལ་འབྱོར་དང་འབྲེལ་བའི་སྒོམ་བཟླས་ཚོགས་མཆོད་སོགས་བགྱིས་པའི་ཕན་ཡོན་ཚད་མེད་བསམ་གྱིས་མི་ཁྱབ་པ་ཐོབ་པ་དང་། ཁྱད་པར་དུའང་ཚེས་བཅུ་ནམ་བྱུང་དུས་སུ་བོད་ལ་སྤྲུལ་པས་དངོས་སུ་བྱོན་ཏེ་དད་སྐལ་ལྡན་པ་རྣམས་རྗེས་སུ་བཟུང་བ་མངའ་བདག་ཡབ་སྲས་ལ་ཐ་ཚིག་འགྱུར་བ་མེད་པས་ཞལ་གྱིས་བཞེས་པ་སྟེ། གུ་རུ་ཆོས་དབང་གི་གཏེར་བྱོན་གསང་འདུས་གནད་ཐེམས་ལས། སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་དང༔ དུས་ཀྱི་ཚེས་བཅུ་ཐམས་ཅད་ལ༔ སྤྲུལ་པས་འཛམ་གླིང་ཁྱབ་པར་འགྱེད༔ མཆོག་ཐུན་དངོས་གྲུབ་ང་ཡིས་སྟེར༔ ཞེས་དང་། བྱང་གཏེར་གྱི་མངའ་སྐྱེད་ནོར་བུའི་བང་མཛོད་ལས། བོད་ལ་བདེ་སྐྱིད་འབྱུང་འདོད་ན༔ ཡར་ངོའི་ཚེས་བཅུ་ནམ་ཤར་ཚེ༔ ཨོ་རྒྱན་པདྨའི་སྤྲུལ་པ་འབྱུང༔ དེ་དུས་ང་ལ་མོས་པ་གྱིས༔ རབ་ཀྱིས་བསྐྱེད་རྫོགས་གནས་ལུགས་ལྟོས༔ ཕྱི་ནང་གསང་བའི་སྒྲུབ་པ་ཚུགས༔ སེམས་བསྐྱེད་བསམ་པ་བཟང་པོ་ཡིས༔ འགྲོ་དྲུག་ཐུགས་རྗེས་འདྲེན་པའི་སླད༔ ལས་དང་སྨོན་ལམ་རྒྱ་ཆེར་ཐོབ༔ འབྲིང་གིས་ལུས་ངག་ཡིད་གསུམ་གྱི༔ སྒྲིབ་སྦྱོང་ལས་ལ་བརྩོན་པར་གྱིས༔ ཞེས་དང་། རཏྣའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་ལུང་བྱང་ལས། ང་ཉིད་སྲིན་ཡུལ་འགྲོ་བའི་ཚེ༔ བོད་ཀྱི་རྒྱལ་བློན་སྔགས་སློབ་ལ༔ འབྱུང་ངོ་ཅོག་གི་ཚེས་བཅུ་ལ༔ ང་ཉིད་འབྱོན་པའི་དབུ་སྙུང་བཞེས༔ པདྨ་འབྱུང་གནས་གཞན་མི་བསླུ༔ ཐེ་ཚོམ་སྤོངས་ཤིག་རྗེས་འཇུག་རྣམས༔ ལས་སུ་རུང་བའི་བློ་ཡོད་ན༔ འདི་ལྟར་ང་ཡི་ཚེས་བཅུ་ལ༔ བརྩོན་ཞིང་གསོལ་བ་འདེབས་པའི་བུ༔ འཁོར་བར་ལྷུང་ན་ངས་ཤེས་ཀྱི༔ གློ་སྙིང་བྲང་གསུམ་ང་ལ་གཏོད༔ ཅེས་དང་། ཞལ་གདམས་གསེར་ཕྲེང་ལས། སྤྲེལ་ལོ་སྤྲེལ་ཟླའི་ཚེས་ཆེན་བཅུ་ཡི་ཉིན༔ ཨོ་རྒྱན་ང་དངོས་བོད་ཡུལ་ཐམས་ཅད་དུ༔ ངེས་པར་འབྱོན་པ་ང་ཡི་ཐ་ཚིག་ཡིན༔ འབྱུང་ངོ་ཅོག་གི་ཟླ་བའི་ཚེས་བཅུ་ལ༔ སྤྲུལ་པས་གངས་ཅན་ཁྱབ་པར་མི་འབྱོན་རེ༔ ཐ་ཚིག་ཡིན་ནོ་པད་འབྱུང་བསླུ་མི་སྲིད༔ མདོར་ན་ང་ཡི་རྗེས་འཇུག་དད་ལྡན་རྣམས༔ སྤོད་ལྡན་གཏོར་མ་རིན་ཆེན་འབར་བ་བཤམ༔ ཚིག་བདུན་གསོལ་འདེབས་གདུང་བའི་དབྱངས་དང་བཅས༔ ཐོད་པ་ལྟག་སྤྲོད་རོལ་མོའི་སྒྲས་བསྐུལ་ན༔ ཨོ་རྒྱན་ང་ཉིད་རྔ་ཡབ་དཔལ་རི་ནས༔ གཅེས་པའི་བུ་ངུས་མ་ཡིས་མི་བཟོད་ལྟར༔ བྱིན་གྱིས་རློབ་འབྱོན་དམ་ཚིག་ན་ར་ཀན༔ ཞེས་སོགས་གཏེར་ཁ་སྤྱི་དང་བྱེ་བྲག་པ་རྣམས་སུ་རྒྱ་ཆེར་བཀའ་བསྩལ་པའི་དགོས་པ་དང་ཕན་ཡོན་མཐའ་ཡས་པ་མངའ་བའི་ཚེས་བཅུའི་དུས་མཆོད་ལ་ཁྱད་པར་དུ་བསྔགས་པ། གུ་རུའི་ཐུགས་སྒྲུབ་གཏེར་ཁ་སྔ་ཕྱི་དུ་མར་བྱོན་པ་གཞན་ལས་མ་བྱུང་བ་སྐུའི་རྣམ་འགྱུར་དང་མཚན་གྱི་བྱེ་བྲག་ཟླ་བ་བཅུ་གཉིས་སོ་སོའི་ཚེས་བཅུའི་དུས་ངེས་པ་དང་སྦྱར་བའི། བླ་མ་སྐུ་བཞིའི་སྒྲུབ་ཐབས་ཀྱི་སྐོར་རྒྱས་བསྡུས་རིམ་པ་གསུམ་སྐལ་ལྡན་རྗེ་འབངས་རྣམས་ལ་བསྩལ་པའི་ཚུལ་ཡང་། འདི་ཉིད་ཀྱི་གཏེར་གཞུང་ལས། དེ་ལྟར་སྐུ་བཞི་དབྱེར་མེད་པ༔ གུ་རུ་པདྨ་སཾ་བྷ་བའི༔ ཐུགས་སྒྲུབ་ཀུན་ལས་ཁྱད་འཕགས་ཕུལ༔ ངོ་མཚར་མཆོག་གི་རྣམ་པར་ཐར༔ རིག་འཛིན་རྣམ་བཞིའི་ལམ་བགྲོད་ཚུལ༔ བཅུ་གཉིས་མཛད་པར་རྗེས་མཐུན་གང༔ སྔོན་ཆད་གཞན་དུ་མ་བསྟན་པ༔ ད་ལྟ་མངའ་བདག་ཡབ་སྲས་དང༔ བཻ་རོ་མཚོ་རྒྱལ་ལྕམ་ལ་སོགས༔ ཉེ་བའི་འདུས་པ་རྣམས་ལ་བཤད༔ རྒྱས་འབྲིང་བསྡུས་གསུམ་ཚུལ་དུ་དབྱེ༔ རྒྱས་པ་ལྷ་དབུས་སྙིང་དྲུང་དང༔ འབྲིང་པོ་ལྷོ་བྲག་ཕྱོགས་སུ་སྦས༔ སྙིང་པོ་འོད་ཀྱི་ཐིག་ལེ་ཞེས༔ ཁ་ཚང་དོན་འདྲིལ་ལག་ལེན་བདེ༔ བྱིན་རླབས་མངོན་སུམ་འབེབ་པ་འདི༔ དེ་ཝཱི་ཀོ་ཊི་གསུམ་པའི་གནས༔ རིན་ཆེན་བྲག་གི་སུལ་དུ་གཏམས༔ ནམ་ཞིག་སུམ་ཅུའི་དམར་ཐག་ལ༔ བཻ་རོས་བྱིན་བརླབས་རིག་འཛིན་གྱི༔ དངོས་གྲུབ་སྐལ་པར་ཐོབ་ནས་ཀྱང༔ གཞན་ལ་ཕན་པའི་བཙས་སུ་བྱེད༔ ཅེས་གསུངས་པའི་རྒྱས་པ་འདམ་ཤོད་ལྷ་དབུས་སྙིང་དྲུང་དུ་གུ་རུ་རིན་པོ་ཆེའི་ཚེམས་ལས་སྤྲུལ་པའི་རིང་བསྲེལ་དང་ལྷན་ཅིག་སྦས་པ་ཀུན་མཁྱེན་བླ་མ་འཇམ་དབྱངས་ཆོས་ཀྱི་བཤེས་གཉེན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་གཏེར་སྲུང་གཉན་ཆེན་ཐང་ལྷས་དངོས་སུ་ཕུལ་བ་དང་། འབྲིང་པོ་ལྷོ་བྲག་གཏེར་སྟོན་མགོན་པོ་རིན་ཆེན་གྱིས་བཏོན་པ་དེང་སང་ཚེས་བཅུའི་ཕན་ཡོན་ཙམ་གྱི་དཔེ་རྒྱུན་ལས་མི་བཞུགས་ཤིང་། སྙིང་པོར་དྲིལ་བའི་བསྡུས་པ་འདི་ཉིད་མདོ་ཁམས་གནས་ཆེན་ཉེར་ལྔའི་ནང་ཚན་ཙ་འདྲ་རིན་ཆེན་བྲག་གི་གསང་ཕུག་ནས་ཁོ་བོ་ཅག་གི་དངོས་གྲུབ་ཀྱི་སྐལ་པར་ཐོབ་པ་སྟེ། འདི་ཉིད་ཉམས་སུ་ལེན་པ་དང་ཚོམ་བུ་ཚོགས་སྒྲུབ། ཚེས་བཅུའི་དུས་མཆོད་བཟུང་བའི་ཕན་ཡོན་ཡང་གཞུང་ལས། འདི་ལྟ་བུ་ཡི་གདམས་པའི་ཕུལ༔ རབ་ཀྱིས་བསྐྱེད་རྫོགས་རྩེ་གཅིག་བསྒོམ༔ རིག་འཛིན་གོ་འཕང་ཚེ་འདིར་འགྲུབ༔ འབྲིང་གིས་ཚོགས་སུ་སྒྲུབ་པ་འམ༔ ཚེས་བཅུའི་དུས་མཆོད་རྒྱུན་བཟུང་ན༔ ཡུལ་ཕྱོགས་དགེ་ཞིང་བྱིན་ཆེན་ཕེབས༔ སྣོད་དང་བཅུད་ཀྱི་རྒུད་པ་ཞི༔ ཚེ་རིང་ནད་མེད་བསམ་རྒུ་འགྲུབ༔ ཚེ་འཕོས་རྔ་ཡབ་དཔལ་གྱི་རིར༔ རིག་འཛིན་འདུས་པའི་ཚོམ་བུར་སྦྱོར༔ དེ་ཕྱིར་འདི་ལ་བརྩོན་པར་གྱིས༔ ཞེས་བསླུ་མེད་རྡོ་རྗེའི་གསུང་གིས་ངེས་པར་བསྟན་པའི་བླ་སྒྲུབ་ངོ་མཚར་བྱིན་རླབས་ཀྱི་ཚན་ཁ་དང་ལྡན་པ་འདི་ལ་སྨིན་གྲོལ་གྱི་གདམས་སྐོར་གཉིས་ལས་འདིར་སྨིན་བྱེད་ཀྱི་དབང་བསྐུར་བ་བསྒྲུབ་པའི་སྐབས་ཡིན། སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པ་ལ་མི་ཕྱེད་དད་པའི་གདུངས་ཤུགས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་སྐུ་བཞིའི་དཀྱིལ་འཁོར་ལྷ༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ ཟབ་མོའི་རྣལ་འབྱོར་དོན་གཉེར་བས༔ སྨིན་བྱེད་མཆོག་གི་དབང་བསྐུར་སྩོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་སྔོན་དུ་སོང་ནས་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་སློབ་དཔོན་དང་མདུན་བསྐྱེད་གཉིས་སུ་མེད་པ་རིགས་ཐམས་ཅད་ཀྱི་ཁྱབ་བདག་བདེ་བ་ཆེན་པོ་བླ་མ་སྐུ་བཞི་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་རྩ་གསུམ་དམ་ཅན་སྲུང་མ་དང་བཅས་པས་བསྐོར་ཏེ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། བདག་གཞན་མཁའ་ཁྱབ་ཀྱི་སྐྱེ་རྒུ་མཐའ་དག་དེང་ནས་བྱང་ཆུབ་སྙིང་པོའི་བར་དུ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་བདེ་གཤེགས་སོགས་ལས་བྱང་ལྟར་ལན་གསུམ། སྔོན་གྱི་བླ་མ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བྱང་ཆུབ་ཆེན་པོར་ཐུགས་ཇི་ལྟར་བསྐྱེད་ཅིང་བྱང་ཆུབ་ཀྱི་བསླབ་པ་ལ་ཇི་ལྟར་སློབ་པ་དེ་བཞིན་དུ། བདག་གིས་ཀྱང་ནམ་མཁའ་དང་མཉམ་པའི་མར་གྱུར་སེམས་ཅན་མ་བསྒྲལ་བ་མཐའ་དག་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཡང་དག་པར་བསྒྲལ་བའི་ཕྱིར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། བླ་ན་མེད་པའི་སྔགས་ཀྱི་སྤྱོད་པ་ཟབ་མོ་ལ་བསླབས་ཏེ་དེ་དག་ཐམས་ཅད་བླ་མ་སངས་རྒྱས་ཀྱི་གོ་འཕང་མཆོག་ཏུ་དབུགས་དབྱུང་བར་བགྱིའོ་སྙམ་དུ་སྨོན་པ་དང་འཇུག་པའི་སེམས་བསྐྱེད་པ་གསལ་ཐོབ་ལ་འདིའི་རྗེས་ཟློས། སེམས་བསྐྱེད་འགྲོ་བ་སོགས་ལན་གསུམ། སླར་ཡང་མོས་པའི་ཤུགས་ཀྱིས་བསྐུལ་པས་ཕྱོགས་བཅུའི་མཆོད་ཡུལ་རྩ་གསུམ་རབ་འབྱམས་རྒྱ་མཚོ་སྤྱན་དྲངས་ཏེ་སྔར་གསལ་བཏབ་པའི་སྐྱབས་ཡུལ་རྣམས་དང་དབྱེར་མེད་དུ་བཞུགས་པའི་སྤྱན་སྔར། བདག་གཞན་ཁམས་གསུམ་གྱིས་བསྡུས་པའི་འགྲོ་བ་མཐའ་དག་གིས་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་ཞིང་ཀུན་བཟང་རྣམ་པར་རོལ་པའི་མཆོད་སྤྲིན་རྒྱ་མཚོས་རབ་ཏུ་མཆོད་པ་དང་། ཐོག་མེད་ནས་བསགས་པའི་སྡིག་ལྟུང་ཐམས་ཅད་འགྱོད་པ་ཆེན་པོས་སྙིང་ནས་བཤགས་ཤིང་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཟག་བཅས་ཟག་མེད་ཀྱི་དགེ་བ་མཐའ་དག་ལ་རྗེས་སུ་ཡི་རང་བ་དང་། གསང་ཆེན་བླ་ན་མེད་པའི་ཆོས་འཁོར་བསྐོར་བཞིན་དུ་འཁོར་བ་མ་སྟོངས་བར་དུ་མི་འགྱུར་རྡོ་རྗེ་ལྟ་བུར་བཞུགས་སུ་གསོལ་བ་དང་། དགེ་རྩ་མཐའ་དག་མི་གནས་པའི་བྱང་ཆུབ་ཆེན་པོར་བསྔོ་ཞིང་ཤིན་ཏུ་ཡང་དག་གནས་ལུགས་རྡོ་རྗེ་ལྟ་བུའི་དོན་རྟོགས་པར་སྨོན་པ་སྟེ་ཡན་ལག་བཅུ་པའི་ཏིང་ངེ་འཛིན་རེ་རེ་བཞིན་གསལ་ཐོབ་ལ་འདིའི་རྗེས་ཟློས། བླ་མ་ཡི་དམ་སོགས་ལན་གསུམ། དབང་གི་ཡེ་ཤེས་སྐྱེ་བ་དང་གནས་པ་དང་གོང་དུ་སྤེལ་བའི་གཞི་དང་སྲོག་ཏུ་གྱུར་པ་དམ་ཚིག་དང་སྡོམ་པ་བཟུང་དགོས་པས། ཆོས་དཀར་ཐམས་ཅད་ཀྱི་རྩ་བ་སོ་སོ་ཐར་པའི་སྡོམ་པ། ཐེག་པ་ཆེན་པོའི་གཞི་རྟེན་བྱང་ཆུབ་སེམས་དཔའི་བསླབ་པ། ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་རྣམས་ལེགས་པར་བླངས་ནས་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་རྗེས་ཟློས། ཨོ་རྒྱན་གདུང་འཛིན་རྒྱལ་བའི་སྲས༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་གིས་འདི་བཟུང་བྱང་ཆུབ་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་སྡོམ་པའི་ཚོགས༔ ཡང་དག་ཉིད་དུ་བཟུང་བྱས་ཏེ༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། དེ་ནས་དབང་གི་གཞི་དགོད་པའི་ཕྱིར་ཡེ་ཤེས་པ་དབབ་པ་ཡིན་པས། ཁྱོད་རང་རྣམས་ལུས་དྲང་པོར་བསྲངས་རླུང་ཁ་སྦྱོར་དུ་ཆིངས། སེམས་གཞན་དུ་མ་ཡེངས་པར་དམིགས་པ་འདི་ལྟར་རྩེ་གཅིག་ཏུ་སྒོམས་ཤིག །རྟ་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་གདོད་ནས་སྤྲོས་བྲལ་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས། སའི་ཕྱོགས་དག་པའི་ཞིང་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ། པདྨ་ཉི་མ་ཟླ་བའི་དཀྱིལ་འཁོར་རྣམས་བརྩེགས་པའི་གདན་ལ་རིག་པའི་ངོ་བོ་ཧཱུྃ་ཡིག་འོད་ལྔ་འབར་བ། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་གུ་རུ་བདེ་བ་ཆེན་པོ་པདྨ་འབྱུང་གནས་དཀར་ལ་དམར་བའི་མདངས་ཅན། མི་འགྱུར་བའི་ལྟ་སྟངས་དབྱིངས་སུ་གཟིགས་ཤིང་ཞི་ཞིང་འཛུམ་ལ་སྒེག་པའི་ཉམས་དང་ལྡན་པ། ཕྱག་མཉམ་གཞག་གི་སྟེང་དུ་ཐོད་པ་བདུད་རྩིས་བཀང་བ་བསྣམས་པ། དབུ་ལ་པདྨའི་མཉེན་ཞུ་དང་སྐུ་ལ་གསང་གོས། ཕོད་ཀ །ཆོས་གོས། ཟ་འོག་གི་བེར་ཆེན་རྣམས་བརྩེགས་མར་གསོལ་བ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀར་པདྨ་ཉི་ཟླའི་སྟེང་དུ་བླ་མ་ཆོས་སྐུ་གསང་བ་འདུས་པ་ནམ་མཁའི་མདོག་ཅན་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འོད་ཀྱི་ཡུམ་མཚོ་རྒྱལ་དཀར་མོ་ལ་འཁྱུད་པ། གཉིས་ཀའང་དར་དང་རིན་ཆེན་རུས་པ་མེ་ཏོག་གི་ཕྲེང་བས་བརྒྱན་ཅིང་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཡེ་ཤེས་ཀྱི་རང་འོད་འཇའ་ཟེར་ཐིག་ལེ་མེར་མེར་ཤིག་ཤིག་ཏུ་འཁྲིགས་པའི་དབུས་ན་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་རྣམ་རོལ་མཐའ་ཡས་པ་འཕྲོ་བའི་ཁྱབ་བདག་ཆེན་པོར་གསལ་བའི་གནས་གསུམ་དུ། སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་བའི་མདོག་ཅན་གྱིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་གྱི་དྲྭ་བ་ནམ་མཁའི་དབྱིངས་གང་བ་འཕྲོས། ཕྱོགས་བཅུའི་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་། ཁྱད་པར་བླ་མ་སྐུ་གསུམ་གྱི་ཞིང་ཁམས་ན་བཞུགས་པའི་ལྷ་ཚོགས་མ་ལུས་པའི་ཐུགས་དམ་གྱི་རྒྱུད་བསྐུལ། དེ་ཐམས་ཅད་ཀྱང་གུ་རུ་བདེ་བ་ཆེན་པོ་སྐུ་བཞིའི་རྣམ་པར་བཞེངས་ཏེ་ཕྱག་རྒྱ་སྔགས་ཕྲེང་ཕྱག་མཚན་འོད་ཟེར་དང་བཅས་པའི་ཚོགས་དཔག་ཏུ་མེད་པ་ཆར་ཆེན་པོ་བབས་པ་བཞིན་དུ་བྱོན་ནས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་འདུན་མཛོད་ཅིག །འབེབ་པའི་རྫས་བདུག་དབྱངས་རོལ་དང་བཅས་ཏེ། ཧཱུྃ༔ སྔོན་གྱི་བསྐལ་པའི་སོགས་དང་སྔགས་མང་དུ་བརྗོད་ལ་བྱིན་དབབ། དེ་ལྟར་དབབ་པའི་ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་རབ་ཏུ་གནས་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་མགོ་བོར་མེ་ཏོག་གམ་རྡོ་རྗེ་རྒྱ་གྲམ་དུ་བཞག །དེ་དག་རྣམས་ཀྱིས་དབང་གི་སྔོན་དུ་འགྲོ་བའི་རིམ་པ་རྣམས་སོང་ནས། དབང་དངོས་གཞི་ལ་འདི་ལྟར་བུམ་པ་ལ་སོགས་པའི་དབང་རྣམ་པ་ལྔ་པོ་རེ་རེ་ལའང་ནང་གསེས་ཀྱི་བཞི་བཞིར་དབྱེ་བའི་རྣམ་པ་ཉི་ཤུའི་བྱང་ཆུབ་པའི་བདག་ཉིད་ཅན་དུ་བསྐུར་བ་ཡིན་པས་སོ་སོའི་སྐབས་སུ་བབས་པའི་ཚིག་དོན་རྣམས་ལ་ཐུགས་རྩེ་གཅིག་ཏུ་གཏོད་ཅིང་ངེས་ཤེས་བསྐྱེད་མཛོད། བུམ་པ་ཐོགས་ལ། ཨོཾ༔ སྤྲོས་བྲལ་ཆོས་སྐུའི་བུམ་པ་ཟླུམ་པོ་རུ༔ ལོངས་སྤྱོད་ཡོངས་རྫོགས་ཡེ་ཤེས་བདུད་རྩིས་གཏམས༔ འགྲོ་འདུལ་སྤྲུལ་པའི་རྒྱན་དང་བཀོད་པར་བཅས༔ དབྱེར་མེད་བདེ་བ་ཆེན་པོར་དབང་བསྐུར་རོ༔ སྔགས་མཐར། ཀ་ལ་ཤ་བཛྲ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བརྗོད་ལ་སྤྱི་བོར་བཞག་ཅིང་བུམ་ཆུ་འཐོར། ཡང་སྔགས་བརྗོད་ལ་མགྲིན་པར་བཞག་སྟེ་བུམ་ཆུ་བླུད། སྙིང་གར་གཏད་ལ། དེ་ལྟར་བུམ་པ་སྤྱི་བོར་བཞག་ཅིང་ཁྲུས་བྱས་པ་བུམ་དབང་། མགྲིན་པར་བཞག་ཅིང་བུམ་ཆུ་སྦྱིན་པ་གསང་དབང་། སྙིང་གར་གཏད་ནས་ཚིག་དོན་ངོ་སྤྲོད་པ་ནི། དབྱིངས་སྤྲོས་བྲལ་ཆོས་སྐུ་མཚོན་པའི་བུམ་པ་ཟླུམ་པོའི་ནང་དུ། ཡེ་ཤེས་ཀྱི་ལོངས་སྤྱོད་ཡོངས་སུ་རྫོགས་པའི་བུམ་ཆུས་བཀང་བ་ལ། འགྲོ་འདུལ་ཅིར་ཡང་སྤྲུལ་པའི་རྒྱན་བཀོད་ཀྱིས་སྤྲས་པས་དབང་བསྐུར་པས། སྐུ་གསུམ་དབྱེར་མེད་བདེ་བ་ཆེན་པོའི་དབང་ཆེན་ཡོངས་རྫོགས་ཐོབ་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། གཉིས་མེད་ཟུང་འཇུག་རིག་སྟོང་གི་ངོ་བོར་མཉམ་པར་བཞག་པ་དབང་བཞི་པ་སྟེ་བུམ་པ་ལ་བརྟེན་པའི་དང་པོའི་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པ་ཡིན་ནོ། །བྷནྡྷའི་བདུད་རྩི་ཐོགས་ལ། ཨཱ༔ ཆོས་དབྱིངས་རང་བཞིན་བྷནྡྷ་ཡངས་པའི་ཀློང༔ བདེ་ཆེན་ལོངས་སྤྱོད་བདུད་རྩིའི་བཅུད་དུ་འཁྱིལ༔ ཐུགས་རྗེ་སྤྲུལ་པའི་ཡེ་ཤེས་ཆར་འབེབ་པས༔ དབྱེར་མེད་བདེ་བ་ཆེན་པོར་དབང་བསྐུར་རོ༔ སྔགས་མཐར། མ་ཧཱ་ཀ་པཱ་ལ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ སྤྱི་བོར་བཞག་ཅིང་འཐོར། མགྲིན་པར་བཞག་ཅིང་མྱང་དུ་གཞུག །སྙིང་གར་གཏད་ལ། དེ་ལྟར་ཐོད་པ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་ཅིང་བདུད་རྩི་སྦྱིན་པ་གསང་དབང་། སྙིང་གར་གཏད་ནས་ཚིག་དོན་ངོ་སྤྲོད་པ་ནི། དབྱིངས་ཀྱི་ངོ་བོ་ཆོས་སྐུའི་རང་བཞིན་ཐོད་པ་ཟླུམ་པོའི་ནང་དུ། རང་བཞིན་ལོངས་སྤྱོད་རྫོགས་པའི་བདུད་རྩིས་བཀང་བ་ལས། ཐུགས་རྗེ་སྤྲུལ་པའི་རོལ་རྩལ་གྱི་ཟེགས་མ་ཆར་དུ་འབེབ་པས་དབང་བསྐུར་པས། སྐུ་གསུམ་དབྱེར་མེད་བདེ་བ་ཆེན་པོའི་དབང་ཆེན་ཡོངས་རྫོགས་ཐོབ་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། གཉིས་མེད་ཟུང་འཇུག་རིག་སྟོང་གི་ངོ་བོར་མཉམ་པར་བཞག་པ་དབང་བཞི་པ་སྟེ་ཐོད་པ་ལ་བརྟེན་པའི་གསང་བའི་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པ་ཡིན་ནོ། །དེའི་རྗེས་འབྲེལ་དུ་བཟླས་པའི་ལུང་སྦྱིན་པ་ལ་གསུམ་དུ་ཡོད་པའི་དང་པོ་བསྙེན་སྔགས་ལ་དམིགས་པ་འདི་ལྟར་སྒོམས་ཤིག །སློབ་དཔོན་གུ་རུ་བདེ་བ་ཆེན་པོར་གསལ་བའི་ཐུགས་ཀར་ཆོས་སྐུ་གསང་བ་འདུས་པ། དེའི་ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་ཐུགས་སྲོག་ཧཱུྃ་སྔོན་པོ། དེའི་མཐར་སྐོར་དུ་བསྙེན་སྔགས་ཀྱི་ཕྲེང་བ་གཡས་སྐོར་དུ་འཁོད་པར་གསལ་བ་ལ་མོས་གུས་བྱས་པའི་རྐྱེན་གྱིས་སྔགས་ཕྲེང་ལས་གཉིས་པ་ཆད། ཞལ་ནས་ཞལ་དུ་བརྒྱུད་དེ་ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཞལ་ནས་སོང་སྟེ། ཐུགས་དབུས་ཉི་ཟླ་ཁ་སྦྱོར་གྱི་ནང་དུ་ཧཱུྃ་ཡིག་གི་མཐར་འཁོད་པ་ལས་འོད་ཟེར་ཚད་མེད་པ་འཕྲོས་པས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་རང་ལ་ཐིམ་པས་བླ་མ་སྐུ་བཞིའི་ལྷ་ཚོགས་ཀྱི་གསང་བ་གསུམ་དང་དབྱེར་མི་ཕྱེད་པར་གྱུར་པའི་མོས་པས་འདིའི་རྗེས་ཟློས། བཛྲ་གུ་རུ་ལན་གསུམ། གཉིས་པ་སྒྲུབ་སྔགས་ལ་དམིགས་པ་འདི་ལྟར་སྒོམས་ཤིག །སླར་ཡང་སློབ་དཔོན་ལ་མོས་གུས་བྱས་པས་ཐུགས་སྲོག་གི་མཐར་སྒྲུབ་པའི་སྔགས་ཀྱིས་བསྐོར་བ་ལས་སྔགས་ཀྱི་ཕྲེང་བ་བྱུང་། ཞལ་ནས་ཐོན་ཏེ་ཁྱེད་རང་རྣམས་ཀྱི་ཞལ་དུ་སྔར་བཞིན་བརྒྱུད། ཐུགས་སྲོག་གི་མཐར་འཁོད་པ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། ཁམས་གསུམ་པོའི་ཐ་མལ་གྱི་སྣང་ཞེན་སྦྱངས། ཕྱི་སྣོད་གཞལ་ཡས་ཁང་། ནང་བཅུད་སྣང་གྲགས་དྲན་རྟོག་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་གྱུར་པར་མོས་ལ་འདིའི་རྗེས་ཟློས། མ་ཧཱ་གུ་རུ་ལན་གསུམ། གསུམ་པ་ལས་སྦྱོར་གྱི་བཟླས་པའི་སླད་དུ་སློབ་དཔོན་ལ་མོས་གུས་བྱས་པས། ཐུགས་ཀའི་རྡོ་རྗེ་ཐོད་ཕྲེང་ལས་འོད་ཟེར་སྔོན་པོ་དང་། འཁོར་གྱི་ཐོད་ཕྲེང་རིགས་བཞིའི་ཐུགས་ཀ་ནས་འོད་ཟེར་དཀར་སེར་དམར་ལྗང་འཇིག་རྟེན་གང་བར་འཕྲོས་པས་ཞི་རྒྱས་དབང་དྲག་དང་མཆོག་གི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མོས་ལ་འདིའི་རྗེས་ཟློས། ཐོད་ཕྲེང་རྩལ་ཤམ་བཅས་ལན་གསུམ་བཟླར་གཞུག །མེ་ལོང་ཐོགས་ལ། ཧཱུྃ༔ ཆོས་དབྱིངས་སྟོང་གསལ་རྡོ་རྗེའི་མཎྜ་ལར༔ བདེ་ཆེན་ལོངས་སྤྱོད་ཡོངས་རྫོགས་ཐིག་ལེར་ཤར༔ རིག་རྩལ་སྤྲུལ་པའི་སྔགས་ཕྲེང་འོད་ཟེར་འབར༔ དབྱེར་མེད་བདེ་བ་ཆེན་པོར་དབང་བསྐུར་རོ༔ སྔགས་མཐར། མཎྜ་ལ་མ་ཧཱ་སུ་ཁ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་སྤྱི་བོར་བཞག །དཔྲལ་བར་སིནྡྷུ་རའི་ཐིག་ལེ་བཀོད། མགྲིན་པར་བཞག་ཅིང་དེར་ཐིག་ལེ་བྱ། སྙིང་གར་གཏུག་ཅིང་ཐིག་ལེ་བྱས་ལ། མེ་ལོང་གི་དཀྱིལ་འཁོར་སྤྱི་བོར་བཞག་ཅིང་དཔྲལ་བར་ཐིག་ལེ་བྱས་པ་བུམ་དབང་། མགྲིན་པར་བཞག་ཅིང་ཐིག་ལེ་བྱས་པ་གསང་དབང་། སྙིང་གར་གཏད་ནས་ཚིག་དོན་ངོ་སྤྲོད་པ་ནི། ཀ་དག་དྲི་མེད་ཆོས་ཀྱི་དབྱིངས་མེ་ལོང་ཟླུམ་པོའི་ངོས་སུ། ལྷུན་གྲུབ་རིག་པ་ལོངས་སྐུ་སིནྡྷུ་རའི་ཐིག་ལེ་དང་། རིག་རྩལ་སྤྲུལ་པ་སྣ་ཚོགས་སུ་འཕྲོ་བར་མཚོན་པ་སྔགས་ཀྱི་ཕྲེང་བས་མཚན་པས་དབང་བསྐུར་པས། སྐུ་གསུམ་དབྱེར་མེད་བདེ་བ་ཆེན་པོའི་དབང་ཆེན་ཡོངས་རྫོགས་ཐོབ་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། གཉིས་མེད་ཟུང་འཇུག་རིག་སྟོང་གི་ངོ་བོར་མཉམ་པར་བཞག་པ་དབང་བཞི་པ་སྟེ་མེ་ལོང་ལ་བརྟེན་པའི་གསུམ་པའི་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པ་ཡིན་ནོ། །དཔལ་གཏོར་ཐོགས་ལ། ཧྲཱི༔ གཏོར་སྣོད་ཁྱབ་བདལ་ཆོས་སྐུའི་དབྱིངས་སུ་ཟླུམ༔ གཏོར་མའི་ངོ་བོ་ལོངས་སྤྱོད་དམ་ཚིག་རྫས༔ རོལ་རྩལ་སྣ་ཚོགས་སྤྲུལ་པའི་རྒྱན་ལྡན་པས༔ དབྱེར་མེད་བདེ་བ་ཆེན་པོར་དབང་བསྐུར་རོ༔ སྔགས་མཐར། མ་ཧཱ་བ་ལིཾ་ཏ་ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱི༔ གཏོར་མ་སྤྱི་བོ་དང་མགྲིན་པར་བཞག་ལ་གཏོར་ཟན་སྦྱིན། སྙིང་གར་གཏད་ལ། གཏོར་མ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་ཅིང་གཏོར་ཟན་མྱོང་བ་གསང་དབང་། སྙིང་གར་གཏད་ནས་ཚིག་དོན་ངོ་སྤྲད་པ་ནི། དབྱིངས་ཆོས་སྐུ་ཁྱབ་གདལ་ཆེན་པོ་གཏོར་སྣོད་ཟླུམ་པོའི་ནང་དུ། གཏོར་མ་སྐུ་དང་ཞིང་ཁམས་ལོངས་སྤྱོད་ཡོངས་སུ་རྫོགས་པའི་རང་བཞིན་ལ། གཏོར་རྒྱན་སྤྲུལ་པའི་རོལ་རྩལ་མ་འགག་ཅིར་ཡང་འཆར་བ་མཚོན་པས་དབང་བསྐུར་བས། སྐུ་གསུམ་དབྱེར་མེད་བདེ་བ་ཆེན་པོའི་དབང་ཆེན་ཡོངས་རྫོགས་ཐོབ་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། གཉིས་མེད་ཟུང་འཇུག་རིག་སྟོང་གི་ངོ་བོར་མཉམ་པར་བཞག་པ་དབང་བཞི་པ་སྟེ་གཏོར་མ་ལ་བརྟེན་པའི་ཀ་དག་གི་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པ་ཡིན་ནོ། །གུ་རུའི་སྐུ་འབག་ཐོགས་ལ། ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་ལོངས་སྤྱོད་རྫོགས༔ ཡེ་ཤེས་སྐུར་སྣང་སྤྲུལ་པའི་སྤྲིན་ཕུང་འཕྲོ༔ རིག་རྩལ་དོན་གྱི་དགོངས་པའི་བྱིན་རླབས་ཀྱིས༔ དབྱེར་མེད་བདེ་བ་ཆེན་པོར་དབང་བསྐུར་རོ༔ སྔགས་མཐར། མ་ཧཱ་ཛྙཱ་ན་ཀཱ་ཡ་ཨཱ་བེ་ཤ་ཡ་ཨ་བྷི་ཥིཉྩ་ཨ་ཨཱ༔ སྐུ་འབག་སྤྱི་བོ་དང་མགྲིན་པར་བཞག་སྙིང་གར་གཏད་ལ། དེ་ལྟར་སྐུ་འབག་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་པ་གསང་དབང་། སྙིང་གར་གཏད་ཅིང་ཚིག་དོན་ངོ་སྤྲད་པ་ནི། ངོ་བོ་ཆོས་སྐུ་སྐྱེ་བ་མེད་པ་གདོད་མའི་གྲོལ་གཞི་ཆེན་པོ་ལས། རང་བཞིན་གཞི་སྣང་ལོངས་སྐུའི་བཀོད་པ་མཁའ་ཁྱབ་ཏུ་སྣང་ཞིང་། ཐུགས་རྗེ་སྤྲུལ་པའི་རྣམ་རོལ་གང་འདུལ་མོས་པ་དང་མཐུན་པར་འཆར་བར་མཚོན་པའི་སྐུ་འབག་གིས་དབང་བསྐུར་པས། སྐུ་གསུམ་དབྱེར་མེད་བདེ་བ་ཆེན་པོའི་དབང་ཆེན་ཡོངས་རྫོགས་ཐོབ་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། གཉིས་མེད་ཟུང་འཇུག་རིག་སྟོང་གི་ངོ་བོར་མཉམ་པར་བཞག་པ་དབང་བཞི་པ་སྟེ་སྐུ་འབག་ལ་བརྟེན་པའི་རིག་པ་རྩལ་གྱི་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པ་ཡིན་ནོ། །དེ་རྣམས་ཀྱིས་རྩ་བའི་དབང་བསྐུར་བ་ལེགས་པར་གྲུབ་པ་ལགས། དེ་ནས་བྱིན་རླབས་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། གཏོར་སྣོད་ཡེ་ཤེས་རིན་ཆེན་འབར་བའི་གཞལ་མེད་ཁང་རྒྱན་དང་བཀོད་པ་ཚད་མེད་པའི་ནང་དུ། གཏོར་མ་ཉིད་བླ་མ་སྐུ་བཞིའི་དཀྱིལ་འཁོར་གྱི་ལྷ་ཚོགས་གཙོ་འཁོར་ཡོངས་རྫོགས་མངོན་སུམ་བཞིན་དུ་གསལ་བའི་གནས་གསུམ་ནས་རྡོ་རྗེའི་ཡེ་ཤེས་ཀྱི་ངོ་བོ་འོད་ཟེར་དཀར་དམར་མཐིང་གསུམ་རིམ་དང་གཅིག་ཅར་དུ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ། དབང་བཞི་རྩལ་རྫོགས་སུ་ཐོབ། སྒོ་གསུམ་དང་ཤེས་བྱའི་དྲི་མ་སྦྱངས། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་སྟན་ཐོག་གཅིག་ཏུ་ཐོབ་པར་མོས་ཤིག །གཏོར་ཆེན་ཐོགས་ལ། ཨོཾ་ཨཱཿཧཱུྃ༔ དབྱིངས་ཀྱི་གཏོར་སྣོད་ཡེ་ཤེས་གཞལ་མེད་ཁང༔ གཏོར་མའི་ངོ་བོ་ཟུང་འཇུག་སྐུ་བཞིའི་ལྷ༔ ཐུགས་རྗེའི་སྤྲིན་ལས་བྱིན་རླབས་ཆར་ཆེན་འབེབ༔ སྐལ་ལྡན་སློབ་མའི་སྤྱི་བོར་མངོན་སུམ་བྱོན༔ དགྱེས་པའི་གར་མཛད་སྔགས་ཀྱི་སྒྲ་ཆེན་སྒྲོག༔ གནས་གསུམ་འོད་ཟེར་སྤྲོས་བསྟིམ་ཆོ་འཕྲུལ་གྱིས༔ བུམ་པའི་དབང་ཐོབ་ལུས་ཀྱི་དྲི་མ་སྦྱངས༔ སྐུ་ཡི་རྡོ་རྗེར་དག་པར་བྱིན་གྱིས་རློབས༔ གསང་བའི་དབང་ཐོབ་ངག་གི་དྲི་མ་སྦྱངས༔ གསུང་གི་རྡོ་རྗེར་རྫོགས་པར་བྱིན་གྱིས་རློབས༔ གསུམ་པའི་དབང་ཐོབ་ཡིད་ཀྱི་དྲི་མ་སྦྱངས༔ ཐུགས་ཀྱི་རྡོ་རྗེར་སྨིན་པར་བྱིན་གྱིས་རློབས༔ བཞི་པའི་དབང་ཐོབ་ཤེས་བྱའི་དྲི་མ་སྦྱངས༔ ཡེ་ཤེས་རྡོ་རྗེར་གྲོལ་བར་བྱིན་གྱིས་རློབས༔ ཡོན་ཏན་རྩལ་རྫོགས་ཕྲིན་ལས་ངང་གིས་ཤར༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས༔ སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་བརྗོད་ཅིང་གཏོར་མ་གནས་གསུམ་དུ་རེག་མཐར། གཏོར་མའི་ལྷ་ཚོགས་འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ལ་ཐིམ་པས་བླ་མ་སྐུ་བཞིའི་གསང་བ་གསུམ་དང་དབྱེར་མེད་པར་གྱུར། གཏོར་རྫས་བདུད་རྩིའི་བཅུད་དུ་འཁྱིལ་པ་མགྲིན་པར་མྱོང་བས་དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་ཐོབ་པར་མོས་ཤིག །གཏོར་མའི་ཆ་ཤས་དང་བདུད་རྩི་སྦྱིན། དེ་ནས་མཐའ་རྟེན་དུ་བཀྲ་ཤིས་འཆི་མེད་ཚེའི་དབང་བསྐུར་བའི་ཐོག་མར་ཚེ་འགུགས་ཤིང་བཅུད་བསྡུ་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག །ཁྱེད་རང་རྣམས་བླ་མ་བདེ་བ་ཆེན་པོ་གཟི་བརྗིད་འོད་དུ་འབར་བར་གསལ་བའི་ཐུགས་ཀར་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ། དེའི་ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་རླུང་སེམས་དབྱེར་མེད་སྲོག་གི་ངོ་བོ་ཧྲཱིཿདམར་པོ་གསལ་བ་དང་། སློབ་དཔོན་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཀྱང་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་སྟེང་འོག་ཕྱོགས་མཚམས་ཁྱབ་པར་འཕྲོས་པས། རང་རང་གི་བླ་ཚེ་བརྐུས་འཕྲོག་ཆད་ཉམས་ཡར་བ་རྣམས་དང་། འཁོར་འདས་སྣོད་བཅུད་མ་ལུས་པའི་ཚེའི་བཅུད་དང་འབྱུང་བའི་དྭངས་མ་ཇི་སྙེད་པ་ཐམས་ཅད་འཆི་མེད་བདུད་རྩི་འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྣམ་པར་བསྡུས། བ་སྤུའི་བུ་ག་ནས་སིབ་སིབ་ཞུགས། སྙིང་གའི་སྲོག་རྟེན་ལ་ཐིམ་པས་བླ་སྲོག་དབང་ཐང་ཉམས་པ་སོར་ཆུད། མི་ཤིགས་རྟག་པ་དམ་པ་རྡོ་རྗེའི་ཚེ་དང་ཡེ་ཤེས་ཆེན་པོ་ལ་དབང་བརྙེས་པར་མོས་ཤིག །མདའ་དར་གཡབ་ལ། ལས་བྱང་ལྟར། ཧྲཱི༔ ངོ་བོ་འོད་གསལ་ཕོ་བྲང་ནས༔ སོགས་ཚེ་འགུགས་བཏང་ལ་རོལ་མོ་འཁྲོལ། ཚེ་འབྲང་ཐོགས་ལ། ཚེའི་འབྲང་རྒྱས་འདི་ཉིད་རྡོ་རྗེ་རིན་ཆེན་འོད་ལྔ་འབར་བའི་གཞལ་མེད་ཁང་གི་དབུས་སུ་བླ་མ་སྐུ་བཞི་གཙོ་འཁོར་ཡོངས་རྫོགས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པས་སྐུ་གསུང་ཐུགས་ལས་འཆི་མེད་བདུད་རྩིའི་རྒྱུན་བབས། ཁྱེད་རང་རྣམས་ཀྱི་ལུས་ཀྱི་ནང་ཐམས་ཅད་གང་། འཆི་བདག་གི་འཇིགས་པའི་སྒྲིབ་པ་བག་ཆགས་དང་བཅས་པ་དག །སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་རུ་གྱུར་པར་མོས་ཤིག །ཧྲཱིཿཧྲཱིཿཧྲཱི༔ བཅོམ་ལྡན་ཚེ་དཔག་མེད་མགོན་ཙཎྜ་ལཱི༔ ཨོ་རྒྱན་ཡབ་ཡུམ་འཆི་མེད་རིག་འཛིན་ཚོགས༔ དབྱིངས་ནས་བརྩེར་དགོངས་སྐལ་ལྡན་སློབ་མ་ལ༔ ཚེ་དང་ཡེ་ཤེས་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ བཛྲ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ལ་སྤྱི་བོར་བཞག །ཚེ་རིལ་ལག་གཡས་སུ་སྦྱིན་ལ། སྲིད་ཞིའི་དྭངས་བཅུད་ཐིག་ལེའི་གཟུགས་སུ་འཁྱིལ་བའི་ཚེའི་རིལ་བུ་བྱིན་པས་ཐབས་བདེ་བ་ཆེན་པོ་རྟག་ཏུ་འཕོ་འགྱུར་མེད་པའི་ཚེ་དབང་ཐོབ་པར་མོས་ཤིག །ཧྲཱི༔ ཐབས་ཀྱི་རང་བཞིན་ཚེ་ཡི་རིལ་བུ་ལ༔ འཁོར་འདས་ཀུན་ཀྱི་དྭངས་བཅུད་ཐིག་ལེར་འདྲིལ༔ མི་འགྱུར་རྟག་པ་དམ་པའི་དབང་བསྐུར་བས༔ རྡོ་རྗེའི་ཚེ་དང་ཡེ་ཤེས་རྒྱས་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ བཛྲ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཚེ་སྔགས་བརྗོད། ཚེ་ཆང་ལག་གཡོན་དུ་བྱིན་ལ། འཆི་མེད་བྱང་ཆུབ་སེམས་ཀྱི་དམ་ཚིག་ཚེའི་བདུད་རྩིའི་རྒྱུན་མྱོང་བས་ཤེས་རབ་སྟོང་པ་ཉིད་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཚེ་དབང་ཐོབ་པར་མོས་ཤིག །ཧྲཱི༔ ཤེས་རབ་རང་བཞིན་ཚེ་ཡི་བདུད་རྩིའི་རྒྱུན༔ འཆི་མེད་བྱང་ཆུབ་སེམས་ཀྱི་དམ་ཚིག་རྫས༔ རྩ་ཁམས་བདེ་དྲོད་འབར་བའི་དབང་བསྐུར་རོ༔ བདེ་ཆེན་ཡེ་ཤེས་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ བཛྲ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཚེ་སྔགས་བརྗོད། དེ་ལྟར་ཚེ་དབང་བསྐུར་པས་ཚེའི་བཅུད་ཀྱིས་ལུས་ཀྱི་ནང་གང་བའི་དྭངས་བཅུད་ཐམས་ཅད་སྲོག་རྟེན་མི་ཤིགས་པའི་ཧྲཱིཿཡིག་ལ་ཐིམ་པས་བཀྲག་མདངས་འོད་དུ་འབར། རྟག་ཏུ་བགྲེས་རྒུད་དང་བྲལ་བ་འཆི་མེད་ཚེའི་རིག་འཛིན་ཐོབ། ལུས་ཐམས་ཅད་རྡོ་རྗེའི་གོ་ཁྲབ་འོད་འབར་བས་ཞུ་ལུབས་སུ་བགོས་པས་ཅིས་ཀྱང་གཞོམ་གཞིག་དང་བྲལ་བ་འཇིག་མེད་རྟག་པ་དམ་པའི་གོ་འཕང་མངོན་དུ་གྱུར་པར་མོས་ཤིག །ཚེ་མདས་རྒྱས་གདབ་ལ། ཧྲཱི༔ འཁོར་དང་མྱ་ངན་འདས་པའི་བཅུད༔ སོགས་ལས་བྱང་ལྟར་བརྗོད། མཚམས་སྦྱོར་སྤྱི་མཐུན་བཅས་མེ་ཏོག་འཐོར་ལ་ཤིས་བརྗོད་རྒྱས་པར་སྤེལ། དེ་ལྟར་ན་དེ་དག་རྣམས་ཀྱིས་བླ་མ་སྐུ་བཞིའི་སྒྲུབ་ཐབས་སྙིང་པོའི་ཡང་བཅུད་དུ་དྲིལ་བ་གསང་ཐིག་སྐོར་བདུན་གྱི་ཐོག་མ་བླ་སྒྲུབ་འོད་ཀྱི་ཐིག་ལེའི་དབང་བསྐུར་རྩ་བ་ཡན་ལག་བཅས་ལེགས་པར་གྲུབ་པ་ཡིན་པས་སྤྱིར་ཡོ་ག་གསུམ་གྱི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། རྩ་བ་སྐུ་གསུང་ཐུགས་དང་ནི༔ ཡན་ལག་དམ་ཚིག་ཚུལ་བཞིན་བསྲུང༔ མེད་ཕྱལ་གཅིག་པུ་ལྷུན་གྱིས་གྲུབ༔ དགོངས་པའི་སྲོག་ཏུ་བཟུང་བར་བགྱི༔ ལན་གསུམ། ཁྱད་པར་དབང་བསྐུར་འདི་ཉིད་ཐོབ་པའི་དམ་ཚིག་དམིགས་སུ་བསལ་བ་གུ་རུའི་སྐུ་གསུང་ཐུགས་ཀྱི་རྟེན་དང་མི་འབྲལ་ཞིང་། ཡར་ངོའི་ཚེས་བཅུའི་མཆོད་པ་མི་བཅག་པ་དང་རྟག་ཏུ་མོས་གུས་དྲག་པོས་གསོལ་བ་འདེབས་པ་ལ་བརྩོན་པར་བགྱིའོ་སྙམ་དུ་དམ་བཅའ་བ་འདིའི་རྗེས་ཟློས། གུ་རུའི་དབང་རྫོགས་དམ་ཚིག་ཏུ༔ སྐུ་གསུང་ཐུགས་ཀྱི་རྟེན་འཆང་ཞིང༔ ཡར་ངོའི་ཚེས་བཅུའི་མཆོད་རྒྱུན་བཟུང༔ རྟག་ཏུ་གསོལ་འདེབས་མོས་གུས་བསྒོམ༔ ལན་གསུམ། གཏོང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་སྤྱི་ལྟར་བྱ། གསུམ་པ་རྗེས་ཀྱི་བྱ་བ། སློབ་དཔོན་གྱིས་ཚོགས་ལ་རོལ། ལྷག་མ་གཏང་། ཐུགས་དམ་བསྐུལ། སྲུང་མའི་གཏོར་འབུལ། ཆད་བརྟན། རྟ་བྲོ། གཏང་རག་མཆོད་བསྟོད་ནས་བཀྲ་ཤིས་ཀྱི་བར་ལས་བྱང་ལས་ཇི་ལྟར་འབྱུང་བ་ལྟར་བྱས་པས་གྲུབ་བོ། །ཡང་། ཚེས་བཅུའི་མཆོད་པའི་སྐབས་དངོས་གྲུབ་བླངས་པའི་རྗེས་འབྲེལ་དུ་འདུས་པ་རྣམས་ལ་གཏོར་དབང་སྦྱིན་པའི་ཕྱག་སྲོལ་སྔོན་གྱི་རིག་འཛིན་རྣམས་ལ་ཡོད་པ་དང་། སྨིན་བྱེད་སྟབས་བདེའི་ཁྱད་གཏོར་དབང་ཁོ་ན་བྱ་བར་འདོད་ན། གཤོམ་གྱི་སྐབས་གཏོར་མ་རིན་ཆེན་འབར་བ་སྐུ་ཙག་དར་གདུགས་ཀྱིས་སྤྲས་པ། མཆོད་པའི་བྱེ་བྲག་རྣམས་བཀོད། སྒྲུབ་ཚུལ་སོགས་སྔར་ལྟར་ལས་སྐབས་སུ་བབ་པ་ན། ཁྲུས་བགེགས་བསྐྲད། མཚམས་གཅོད་བྱ། དབང་བཤད་མདོར་བསྡུས་བྱས་ལ་མཎྜལ་འབུལ་གཞུག །གསོལ་བ་གདབ། སྐྱབས་སེམས། ཚོགས་གསག་ཡན་ལག་བཅུ་པའི་རྗེས་སློབ་མ་ལྷར་བསྐྱེད། ཡེ་ཤེས་དབབ་ལ་བརྟན། དེ་རྣམས་ཀྱིས་དབང་གི་སྔོན་དུ་འགྲོ་བ་རྣམས་གྲུབ་ནས། དངོས་གཞི་གཏོར་མ་ལ་བརྟེན་ཏེ་དབང་བཞི་ཡོངས་སུ་རྫོགས་པ་བསྐུར་བ་ཡིན་པས་དམིགས་འདུན་འདི་བཞིན་མཛོད་ཅིག །གཏོར་སྣོད་ཡེ་ཤེས་རིན་ཆེན་འབར་བའི་གཞལ་མེད་ཁང་རྒྱན་དང་བཀོད་པ་ཚད་མེད་པའི་ནང་དུ། གཏོར་མ་ཉིད་བླ་མ་སྐུ་བཞིའི་དཀྱིལ་འཁོར་གྱི་ལྷ་ཚོགས་གཙོ་འཁོར་ཡོངས་རྫོགས་མངོན་སུམ་བཞིན་དུ་གསལ་བའི་དཔྲལ་བ་ནས་རྡོ་རྗེའི་ཡེ་ཤེས་ཀྱི་ངོ་བོ་འོད་ཟེར་དཀར་པོ་ཟླ་བའི་མདངས་ཅན་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ། བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་སྦྱངས། བསྐྱེད་རིམ་བསྒོམ་པ་ལ་དབང་། སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པར་མོས་ཤིག །ཨོཾ་ཨཱཿཧཱུྃ༔ དབྱིངས་ཀྱི་གཏོར་སྣོད་ཡེ་ཤེས་གཞལ་མེད་ཁང༔ གཏོར་མའི་ངོ་བོ་ཟུང་འཇུག་སྐུ་བཞིའི་ལྷ༔ ཐུགས་རྗེའི་སྤྲིན་ལས་བྱིན་རླབས་ཆར་ཆེན་འབེབ༔ སྐལ་ལྡན་སློབ་མའི་སྤྱི་བོར་མངོན་སུམ་བྱོན༔ དགྱེས་པའི་གར་མཛད་སྔགས་ཀྱི་སྒྲ་ཆེན་བསྒྲགས༔ དཔྲལ་བའི་འོད་ཟེར་སྤྲོས་བསྟིམ་ཆོ་འཕྲུལ་གྱིས༔ བུམ་པའི་དབང་ཐོབ་ལུས་ཀྱི་དྲི་མ་སྦྱངས༔ སྐུ་ཡི་རྡོ་རྗེར་དག་པར་བྱིན་གྱིས་རློབས༔ སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་གཏོར་མ་དཔྲལ་བར་བཞག །དེས་འགྲེས་ཏེ། ཡང་གཏོར་མ་ཉིད་བླ་མ་སྐུ་བཞིའི་དཀྱིལ་འཁོར་ཡོངས་རྫོགས་སུ་གསལ་བའི་མགྲིན་པ་ནས་རྡོ་རྗེའི་ཡེ་ཤེས་ཀྱི་ངོ་བོ་འོད་ཟེར་དམར་པོ་འཆར་ཁའི་ཟེར་ཐག་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་སྦྱངས། རྩ་རླུང་བསྒོམ་པ་ལ་དབང་། གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པར་མོས་ཤིག །ཨོཾ་ཨཱཿཧཱུྃ༔ དབྱིངས་ཀྱི་གཏོར་སྣོད་སོགས་ཚིག་རྐང་ལྔ་པོ་གོང་ལྟར་ལ། མགྲིན་པའི་འོད་ཟེར་སྤྲོས་བསྟིམ་ཆོ་འཕྲུལ་གྱིས༔ གསང་བའི་དབང་ཐོབ་ངག་གི་དྲི་མ་སྦྱངས༔ གསུང་གི་རྡོ་རྗེར་རྫོགས་པར་བྱིན་གྱིས་རློབས༔ སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་མགྲིན་པར་བཞག །ཡང་གཏོར་མ་ཉིད་བླ་མ་སྐུ་བཞིའི་དཀྱིལ་འཁོར་ཡོངས་རྫོགས་སུ་གསལ་བའི་ཐུགས་ཀ་ནས་རྡོ་རྗེའི་ཡེ་ཤེས་ཀྱི་ངོ་བོ་འོད་ཟེར་སྔོན་པོ་བཻ་ཌཱུརྱའི་ཞུན་མ་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་སྦྱངས། ཐིག་ལེའི་རྣལ་འབྱོར་བསྒོམ་པ་ལ་དབང་། ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པར་མོས་ཤིག །སྐུར་ཚིག་གོང་ལྟར་ལས། ཐུགས་ཀའི་འོད་ཟེར་སྤྲོས་བསྟིམ་ཆོ་འཕྲུལ་གྱིས༔ གསུམ་པའི་དབང་ཐོབ་ཡིད་ཀྱི་དྲི་མ་སྦྱངས༔ ཐུགས་ཀྱི་རྡོ་རྗེར་སྨིན་པར་བྱིན་གྱིས་རློབས༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་གར་བཞག །ཡང་གཏོར་མ་ཉིད་བླ་མ་སྐུ་བཞིའི་དཀྱིལ་འཁོར་ཡོངས་རྫོགས་སུ་གསལ་བའི་གནས་གསུམ་ཀ་ནས་འོད་ཟེར་དཀར་དམར་མཐིང་གསུམ་གཅིག་ཅར་དུ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ། དབང་བཞི་པ་ཐོབ། ཤེས་བྱའི་སྒྲིབ་པ་སྦྱངས། རྫོགས་པ་ཆེན་པོའི་རྣལ་འབྱོར་བསྒོམ་པ་ལ་དབང་། ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པར་མོས་ཤིག །སྐུར་ཚིག་གོང་ལྟར་ལས། གནས་གསུམ་འོད་ཟེར་སྤྲོས་བསྟིམ་ཆོ་འཕྲུལ་གྱིས། བཞི་པའི་དབང་ཐོབ་ཤེས་བྱའི་དྲི་མ་སྦྱངས༔ ཡེ་ཤེས་རྡོ་རྗེར་གྲོལ་བར་བྱིན་གྱིས་རློབས༔ སྔགས་མཐར། ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་གནས་གསུམ་དུ་བཞག །ཡང་གཏོར་མ་ཉིད་བླ་མ་སྐུ་བཞིའི་དཀྱིལ་འཁོར་ཡོངས་རྫོགས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་མོས་གུས་ཀྱིས་ཐུགས་དམ་བསྐུལ་བས། དེ་རྣམས་ཀྱིས་སྐུ་དགྱེས་པའི་གར་མཛད། གསུང་གིས་སྔགས་སྒྲ་སྒྲོག །ཐུགས་མཁྱེན་བརྩེའི་ཡེ་ཤེས་ཆེན་པོས་དགོངས་པའི་དྲོད་གཏད། སྐུའི་གནས་རྣམས་ལས་འོད་ཟེར་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་འཕྲོས་ཏེ་ཁྱེད་རང་རྣམས་ལ་ཐིམ་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་དུས་གཅིག་ཏུ་ཐོབ་པར་མོས་ཤིག །སྐུར་ཚིག་གོང་ལྟར་ལ། གནས་གསུམ་འོད་ཟེར་སྤྲོས་བསྟིམ་ཆོ་འཕྲུལ་གྱིས༔ ཡོན་ཏན་རྩལ་རྫོགས་ཕྲིན་ལས་ངང་གིས་ཤར༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས༔ སྔགས་མཐར། གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོ༔ གཏོར་མ་སྤྱི་བོར་བཞག །མཐར་གཏོར་མའི་ལྷ་ཚོགས་འོད་ཟེར་གྱི་ཕུང་པོར་ཞུ་སྟེ་ཁྱེད་རང་རྣམས་ལ་ཐིམ་པས་བླ་མའི་རྡོ་རྗེ་བཞི་དང་། སྒོ་གསུམ་དབྱེར་མི་ཕྱེད་པའི་གོ་འཕང་ཐོབ། གཏོར་རྫས་བདུད་རྩིའི་བཅུད་དུ་འཁྱིལ་པ་མགྲིན་པར་མྱོང་བས་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་ཐོབ་པར་མོས་ཤིག །ཅེས་བྱས་ལ་གཏོར་ཟན་དང་བདུད་རྩི་སྦྱིན། རྗེས་ཤིས་བརྗོད། དམ་ཚིག་བཟུང་བ་སོགས་གོང་བཞིན་བྱའོ། །གཏེར་གཞུང་འདིར་གཏོར་དབང་མ་བྱུང་བས་རྗེ་བླ་མའི་ཟབ་གཏེར་བླ་མ་སྐུ་བཞིའི་སྙིང་ཐིག་ནས་ཁ་བསྐངས་པ་སོགས་གཏེར་གཞུང་སོར་བཞག་ལ་དགོས་ངེས་ཀྱི་ཁ་གསལ་ཕྲན་བུས་བརྒྱན་ཏེ་བཀླག་ཆོག་ཏུ་བཀོད་པའོ། །གུ་རུའི་བྱིན་རླབས་ཉིན་བྱེད་འོད། །འགྲོ་ཀུན་རྒྱུད་ལ་རང་ཞུགས་ཏེ། །སྒྲིབ་གཉིས་མུན་པ་གཏན་ནས་སངས། །ཡེ་ཤེས་སྣང་བ་རྒྱས་གྱུར་ཅིག །སྐྱེ་རྒུ་སངས་རྒྱས་གཉིས་པའི་བཀའ་དྲིན་ལ། །ཡིད་ཆེས་ཁོང་རྡོལ་ཟབ་མོའི་ལམ་བཟང་འདིར། །ནུས་པ་དང་འཚམ་སྒྲུབ་ལ་བརྩོན་པའི་མཐུས། །འཕྲལ་ཡུན་ཕན་བདེ་བླ་མེད་དཔལ་ཐོབ་ཤོག །ཅེས་གསང་ཐིག་བླ་སྒྲུབ་འོད་ཀྱི་སྙིང་པོའི་སྨིན་བྱེད་གཏོར་དབང་དང་བཅས་པའི་མཚམས་སྦྱོར་འདིའང་རང་གཞན་ལ་ཉེ་བར་མཁོ་བར་མཐོང་ནས། ཨོ་རྒྱན་འཆི་མེད་བསྟན་གཉིས་གླིང་པས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་དབེན་གནས་རྗེ་བླ་མའི་གཟིམ་སྐྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་བགྱིས་པ་དགེ་ལེགས་འཕེལ། སརྦ་དཱ་མངྒ་ལཾ།། །།
ཛཔ྄་བསྐུལ་བསྡུས་པ་དང་ཛཔ྄་ཀྱི་སྔགས་བྱང་ (Volume 67, Text 8)
ཛཔ྄་བསྐུལ་བསྡུས་པ་ནི། ཧཱུྃ་ཧྲཱི༔ དབང་ཆེན་ཟླ་གམ་གདེངས་པའི་དཀྱིལ་འཁོར་ན༔ སྣ་ཚོགས་དར་ཟབ་རིན་ཆེན་བརྩེགས་པའི་ཁྲི༔ ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ༔ ཆགས་བྲལ་པདྨ་འབར་བའི་གེ་སར་ལ༔ སངས་རྒྱས་དགོངས་པ་ཡོངས་རྫོགས་གྲུབ་པའི་དཔལ༔ བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས༔ བརྗིད་པའི་སྐུ་ལ་རང་རང་ཆས་རྣམས་རྫོགས༔ གསུང་གིས་སྙིང་པོའི་སྒྲ་སྒྲོག་སྔགས་ཀྱི་སྐད༔ ཐུགས་ནི་སྒྲོལ་འགྱུར་མེད་པའི་ཡེ་ཤེས་སེམས༔ ཛཔ྄་ཀྱིས་རྒྱུད་བསྐུལ་རྡོ་རྗེའི་སྐུ་གསུང་ཐུགས༔ ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་སྐུ་ཡིས་གང༔ མ་གསལ་བར་དུ་བསྐྱེད་ཅིང་འབད་པས་བསྒོམ༔ མ་གྲུབ་བར་དུ་ཏིང་འཛིན་མི་གཏང་ངོ༔ ཞེས་པས་བསྐུལ་ལོ། །ནུས་པ་སྔགས་ཀྱིས་འབྱིན་པའི་ཕྱིར་ཛཔ྄་ནི་ཅི་མང་དུ་བཟླས་པ་གལ་ཆེའོ༔ ༄༅། །ཛཔ྄་ཀྱི་སྔགས་བྱང་ནི། སྤྱིའི་ཛཔ྄་སྔགས་བླ་མ་ཡི་དམ་མཁའ་འགྲོ་སྤྱི་དྲིལ་གྱི་བཟླས་སྔགས་རྒྱས་བསྡུས་གཉིས་ཀྱི་དང་པོ་རྒྱས་པ་ནི༔ ཨཱོྃ་ཨཱཾཿཧཱུྃ་ཧྲཱི༔ བཛྲ་གུ་རུ་པདྨ་སིདྡྷི༔ དྷེ་ཝ་དྷཱ་ཀི་ནཱི༔ བྷོ་དྷི་ཙིཏྟ༔ མ་ཧཱ་སུ་ཁ༔ བཛྲ་མ་ཧཱ་ཀྲོ་དྷ༔ ཤཱནྟི་ཀ༔ ཧྲཱིཿམ་ཧ་རི་ནི་ས༔ ར་ཙ་ཧྲི་ཡ༔ སརྦ་སིདྡྷི༔ ཀ་ཡ་ཝཱ་ཀ་ཙིཏྟ༔ ཛྙཱ་ན་སཏྭ༔ ཨ་མི་དྷེ་ཝ༔ མ་མ་ཙིཏྟ༔ སཾ་བྷ་ཝ་ཨ་དྷིཥྛཱ་ནཾ༔ མ་མ་ཨཱ་ཡུརྫྙཱ་ན༔ སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ ཞེས་པའོ༔ བསྡུས་པ་ཡང་སྙིང་དུ་དྲིལ་བ་ནི༔ ཨཱོྃ་ཨཱཾཿཧཱུྃ་ཧྲཱི༔ བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པའོ༔ ཐམས་ཅད་ཉེ་བར་བསྡུས་པ་རྩ་བའི་སྙིང་པོ་ཨཱོྃ་ཨཱཾཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཨེ་ཝཾ་ཧྲཱིཿམ་སྭཱ་ཧཱ༔འོ༔ ༈ བྱེ་བྲག་པ་རྩ་བའི་བཟླས་པ་དགུ་ལས། དབུས་ཕྱོགས་གཙོ་སྔགས་པདྨ་བཛྲ་རྩལ་ཡབ་ཡུམ་གྱི་སྙིང་པོ་ནི། ཨཱོྃ་ཨཱཾཿཧཱུྃ་གུ་རུ་ཤྲཱི་པདྨ་བཛྲ་ཧྲཱི༔ དྷཱུ་མ་གྷ་ཡེ་དྷཱ་ཀི་ནཱི་ན་མ་སྭཱ་ཧཱ༔ ཤར་ཕྱོགས་བུདྡྷ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱི་སྙིང་པོ་ནི། ཨཱོྃ་ཨཱཾཿཧཱུྃ་གུ་རུ་ཤྲཱི་བུདྡྷ་ཐོད་ཕྲེང་རྩལ་བཻ་རོ་ཙ་ན་ཨཱོྃ༔ སརྦ་བུདྡྷ་དྷཱ་ཀི་ནཱི་ཧཱུྃ༔ ལྷོ་ཕྱོགས་མི་བསྐྱོད་རྡོ་རྗེ་ཡབ་ཡུམ་གྱི་སྙིང་པོ་ནི། ཨཱོྃ་ཨཱཾཿཧཱུྃ་གུ་རུ་ཤྲཱི་ཨཀྵོ་བྷྱ་བཛྲ༔ སུ་ཁ་དྷཱ་རི་ཧཱུྃ༔ ནུབ་ཕྱོགས་པདྨ་དབང་ཆེན་ཡབ་ཡུམ་གྱི་སྙིང་པོ་ནི། ཨཱོྃ་ཨཱཾཿཧཱུྃ་གུ་རུ་ཤྲཱི་པདྨེ་བྷ་ཤ་ཧ༔ དྷཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ བྱང་ཕྱོགས་རིག་འཛིན་ཐོད་རྩལ་ཡབ་ཡུམ་གྱི་སྙིང་པོ་ནི། ཨཱོྃ་ཨཱཾཿཧཱུྃ་གུ་རུ་ཤྲཱི་ཨཱ་ཙརྱཱ་མ་ཧཱ་བཛྲ་ཤཱནྟིཾ་པདྨ་གྷུ་རུ་ཏི་བྷྱོ༔ དྷཱ་ཀི་ནཱི་ཧཱུྃ༔ ཤར་ལྷོ་དྲག་པོ་མེ་ཕྲེང་ཅན་ཡབ་ཡུམ་གྱི་སྙིང་པོ་ནི། ཨཱོྃ་ཨཱཾཿཧཱུྃ་གུ་རུ་ཤྲཱི་བཛྲ་མ་ཧཱ་ཀྲོ་དྷ་ཨརྩིག་ནིརྩིག༔ མ་མ་རུ་ལུ་རུ་ལུ་ཧཱུྃ་བྷྱོཿཧཱུྃ༔ ལྷོ་ནུབ་སངས་རྒྱས་དཔའ་བོ་ཐོད་དུམ་ཅན་ཡབ་ཡུམ་གྱི་སྙིང་པོ་ནི། ཨཱོྃ་ཨཱཾཿཧཱུྃ་གུ་རུ་ཤྲཱི་བུདྡྷ་ཀ་པཱ་ལི་དཔའ་བོ་ཧཱུྃ༔ བུདྡྷི་པྲ་དྷཱ་ཀི་ནཱི་མ་མ་རུ་ལུ་སྭཱ་ཧཱ༔ ནུབ་བྱང་དཔལ་ཆེན་རྟ་མགྲིན་ཡབ་ཡུམ་གྱི་སྙིང་པོ་ནི། ཨཱོྃ་ཨཱཾཿཧཱུྃ་གུ་རུ་ཤྲཱི་བཛྲ་མ་ཧཱ་ཀྲོ་དྷ་ཧྱ་གྷྲཱི་ཝ༔ མ་མ་ཨེ་ཀ་ཙཱ་ཏི་ཧཱུྃ༔ བྱང་ཤར་དཔལ་ཆེན་ལག་ན་རྡོ་རྗེ་ཡབ་ཡུམ་གྱི་སྙིང་པོ་ནི། ཨཱོྃ་ཨཱཾཿཧཱུྃ་གུ་རུ་ཤྲཱི་བཛྲ་པཱ་ཎི་མ་ཧཱ་ཀྲོ་དྷ༔ མ་མ་སིདྡྷི་ཧཱུྃ༔ ཞེས་དང་། འཁོར་གྱི་དཔའ་བོ་ཕོ་མོ་སྒོ་མཚམས་བསྟན་སྲུང་ལས་བྱེད་སོགས་ཀྱི་སྙིང་པོ་སྤྱི་དྲིལ་ནི། ཨཱོྃ་ཨཱཾཿཧཱུྃ་གུ་རུ་ཤྲཱི་ཡཀྴ་ས་མ་ཡ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ མ་མ་ཡོ་གི་ནཱི༔ སརྦ་དུཥྚཱན་ཧཱུྃ་ཕཊ༔ ༈ ཞི་བ་སྤྱི་དྲིལ་སྙིང་པོ་ནི། ཨཱོྃ་ཨཱཾཿཧཱུྃ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཁྲོ་བོ་སྤྱི་དྲིལ་སྙིང་པོ་ནི། ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ༈ བུམ་བཟླས་དངོས་གཞི་སྙིང་པོ་དྲིལ་བསྡུས་ནི། ཨཱོྃ་ཨཱཾཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཀ་ལཀྴ་སརྦ་སིདྡྷི་ཧཱུྃ༔་་་་འདི་ཤམ་དུའང་མཛད། གཏེར་གཞུང་རྩ་རྒྱུད་ཀྱི་འགྲེལ་པ་སོགས་དང་གོ་བསྟུན་ནས་བཟླས་སྔགས་རྣམས་ཤིན་ཏུ་དག་པར་བྱས་པས་ཡིད་སྟོན་འཕེར་བ་ཅན་ཡིན་ནོ།། ཧཱུྃ་ཧྲཱི༔ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱི་ནང་གསང་བའི་ཛཔ྄་བསྙེན་མཆོད་པར་འབུལ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོད༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་མཐོལ་ལོ་བཤགས༔ ཐོད་ཕྲེང་རྩལ་དང༔ བཛྲ་མ་ཧཱ་ཀྲོ་དྷ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་དྷཱ་ཀི་ནཱི་ཧཱུྃ༔ ཞེས་པས་ཛཔ྄་བསྐུལ་བ་དང་ཛཔ྄་དང་ཛཔ྄་བསྟོད་རྣམས་བྱའོ༔
རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར་ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་ཁྲིད་ཡིག་སྙིང་པོའི་བཅུད་དྲིལ་ཐིག་ལེ་གསང་རྫོགས་ (Volume 56, Text 8)
༄༅། །རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར་ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་ཁྲིད་ཡིག་སྙིང་པོའི་བཅུད་དྲིལ་ཐིག་ལེ་གསང་རྫོགས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མ་ཧཱ་ཤྲཱི་སིཾ་ཧེ་ཤྭ་ར་ཡ། ཐིག་ལེ་ཀུན་ཁྱབ་རང་བཞིན་ལྷུན་གྱིས་རྫོགས། །འོད༵་གས༵ལ་གྲོལ་བ་རྣམ་བཞིའི་འཁོར་ལོས་སྒྱུར། །གདོན་མའི་མགོན་པོ་འགྲོ་འདུལ་སྤྲུལ༵་པ༵འི་སྐུ། །རྡོ༵་རྗེ༵་གཟི་བརྗིད་གཙུག་གི་ནོར་བུར་བསྙེན། །འཕགས་ནོར་གྲངས་ལྡན་བཀའ་བབས་རིན་ཆེན་མཛོད། །དྲུག་པ་རྗེས་དྲན་གསང་བ་ཀུན་གྱི་བཅུད། །ལྕེ་བཙུན་སྙིང་ཐིག་ཟབ་ཁྲིད་བདུད་རྩིའི་རྒྱུན། །སྐལ་བཟང་ཐར་པའི་སྲོག་འཚོར་བརྟེན་པར་གྱིས། །དེ་ལ་འདིར་འོད་གསལ་རྡོ་རྗེ་རྩེ་མོའི་ལམ་ལས་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་པ་པཎ་ཆེན་བི་མ་ལ་མི་ཏྲ་དངོས་ཀྱིས་རྗེས་སུ་བཟུང་སྟེ་གདམ་ངག་བསྩལ་ཅིང་བྱིན་གྱིས་བརླབས་པ་ལས། སྐུ་ཚེ་དེ་ཉིད་ཀྱིས་གཞོན་ནུ་བུམ་པ་སྐུའི་དབྱིངས་སུ་མངོན་པར་བྱང་ཆུབ་པ་ལྕེ་བཙུན་ཆེན་པོ་སེང་གེ་དབང་ཕྱུག་ཞབས་ཀྱིས། གནས་སྐབས་དེ་དང་ཕྱིས་འབྱུང་གདུལ་བྱ་སྐལ་ལྡན་རྣམས་ཀྱི་དོན་དུ་ཌཱ་ཀི་དཔལ་གྱི་བློ་གྲོས་མ་གཙོ་བོར་གྱུར་པའི་མཁའ་འགྲོའི་འདུས་པ་རྒྱ་མཚོ་ལ་འདའ་ཁའི་ཞལ་ཆེམས་དོན་བསྡུས་གནད་གཟེར་གྱི་ཚུལ་དུ་གདམ་པ་བི་མ་ལའི་ཟབ་ཏིག་གི་གདམས་ངག་ཁྲིད་ཀྱི་ལུགས་སུ་འདེབས་པ་ལ། ཐོག་མར་ཁྲིད་འཆད་པ་པོ་སློབ་དཔོན་དང་འཆད་ཡུལ་སློབ་མའི་མཚན་ཉིད། ཇི་ལྟར་བསྟེན་པའི་ཚུལ། གནས་དུས་ཡོ་བྱད་གྲོགས་ཀྱི་མཐུན་རྐྱེན་ཚོགས་པས་གཞི་གཟུང་བའི་ཚུལ་རྣམས་ཨ་ཏི་བཀོད་པ་ཆེན་པོ་དང་། རང་ཤར་སོགས་རྒྱུད་དང་གདམ་ངག་རྣམས་ལས་ཇི་སྐད་གསུངས་པ་ཐམས་ཅད་འདིར་ཡང་ཚོགས་དགོས་པ་གཞིར་བྱས་ནས། ཁྲིད་དངོས་བཤད་པ་ལ་གསུམ། ལོ་རྒྱུས་ཀྱི་སྒོ་ནས་ངེས་ཤེས་བསྐྱེད་པ། དབང་གི་སྒོ་ནས་སྨིན་པར་བྱེད་པ། གདམ་ངག་གི་སྒོ་ནས་གྲོལ་བར་བྱ་བའོ། །དང་པོ་ནི། ཀློང་གསལ་ལས། སྐལ་ལྡན་ངེས་ཤེས་བསྐྱེད་པའི་ཕྱིར། །བརྒྱུད་པའི་ལོ་རྒྱུས་བཤད་པར་བྱ། །ཞེས་གསུངས་ཏེ། དེ་ལ་གཉིས། སྔོན་ཇི་ལྟར་བྱུང་བ་དང་། ཕྱིས་གང་ལྟར་འབྱུང་བའོ། །དང་པོ་ནི། རྩ་བའི་གཞུང་ཉིད་ལས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་རྒྱལ་པོ་དང༔ ཚོར་བའི་རྒྱལ་པོ་དང༔ འདུ་ཤེས་ཀྱི་རྒྱལ་པོ་དང༔ འདུ་བྱེད་ཀྱི་རྒྱལ་པོ་དང༔ རྣམ་པར་ཤེས་པའི་རྒྱལ་པོ་རྣམས་གཅིག་ཏུ་བསྡུས་པའི་ཡེ་ཤེས་ཀྱི་སྐུ་བརྙེས་པ་དཔལ་ཧེ་རུ་ཀ་རྣལ་འབྱོར་གྱི་དབང་ཕྱུག་སིཾ་ཧེ་ཤྭ་ར་དེ་ཉིད༔ པདྨའི་རིགས་མཆོག་གར་གྱི་དབང་པོའི་ཞིང་ཁམས༔ བོད་ཁ་བ་ཅན་གྱི་ལྗོངས༔ ཡུལ་ལ་མིང་དུ་ཆགས་པ་འོ་ཡུག་ཤུག་པའི་གླིང་གི་མགོ༔ བཀྲ་ཤིས་ལ་ཟིལ་ཆེ་བ༔ བྱིན་ཆགས་ལ་རླུང་རིག་དྭངས་པ༔ མཁའ་འགྲོ་ཕྱི་གོང་རྫའི་རྭ་བ་སྨན་ཤིང་ནགས་ཀྱི་ཚལ་ཆེན་པོར་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་རྒྱ་མཚོ་ལ་སྙོམས་པར་ཞུགས་སོ༔ དེའི་ཚེ་དེའི་དུས་ན་ལན་གཅིག་སྟོན་ཟླ་ར་བའི་ཚེས་བཅུ་ལ་ཡེ་ཤེས་དང༔ ལས་དང༔ འཇིག་རྟེན་གྱི་མཁའ་འགྲོ་མ་སྤྲིན་བཞིན་དུ་གཏིབས་ནས་ཚོགས་ཀྱི་འཁོར་ལོའི་འདུ་བ་རྒྱ་ཆེན་པོ་ལ་ལོངས་སྤྱོད་པའི་ཚེ༔ ཨོ་རྒྱན་གྱི་ཌཱ་ཀིའི་གཙོ་མོ་དཔལ་གྱི་བློ་གྲོས་མས་རྡོ་རྗེའི་བལྟ་བས་བལྟས་ཏེ༔ ཕྱག་རྣལ་འབྱོར་གྱི་ལུགས་སུ་བཙལ་ནས་འདི་སྐད་ཅེས་གསོལ་ཏོ༔ ཨེ་མ་ཨེ་མ༔ མ་འོངས་པའི་ཚེ་ན་སྙིང་ཏིག་སྙིང་པོའི་རྣལ་འབྱོར་པ་རྣམས་ཀྱིས་ཉམས་ལེན་གྱི་མཐར་ཐུག་གང་ལ་བགྱི༔ ཕྲིན་ལས་ཀྱི་གཞུང་གང་ལྟར་བསྲང༔ སྙིང་པོའི་མཐར་ཐུག་གང་དུ་ལ་བཟླ་ཞེས་གསོལ་བ་ན༔ ཤྲཱི་ཧེ་རུ་ཀ་སིཾ་ཧེ་ཤྭ་ར་ཉིད་དར་ཅིག་དབྱིངས་ཀ་དག་ཟང་ཐལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་སྐུ་མི་སྣང་བ་འོད་ཀྱི་རང་བཞིན་དུ་གྱུར་ཏོ༔ དེའི་ཚེ་མཁའ་འགྲོ་མ་རྣམས་ཀྱིས་མགྲིན་གཅིག་ཏུ་གདུང་བའི་དབྱངས་ཀྱིས༔ ཀྱེ་མ་ཀྱི་ཧུད་ཀྱེ་མ་བློང༔ སྟོན་པ་སྒྲོན་མེའི་འོད་ནུབ་ན༔ འཇིག་རྟེན་མུན་པ་གང་གིས་སེལ༔ ཡེ་ཤེས་སྐུ་ཡི་ཉི་མ་ཡིས༔ མ་རིག་འཐིབས་པོ་བསལ་དུ་གསོལ༔ རྡོ་རྗེའི་གསུང་གི་བདུད་རྩི་ཡིས༔ འཁོར་བའི་ཚ་གདུང་བསིལ་བར་མཛོད༔ ཅེས་གསོལ་བ་བཏབ་པས་ལྷུན་གྲུབ་རིག་རྩལ་གྱི་ཏིང་ངེ་འཛིན་ལ་འཕོས་པའི་དེ་མ་ཐག་པར་ཡེ་ཤེས་ཀྱི་སྐུ་མངོན་སུམ་དུ་སྣང་བར་མཛད་ནས་ཆོས་ཉིད་རྡོ་རྗེའི་རང་སྒྲ་འདི་སྐད་ཅེས་བཀའ་བསྩལ་ཏོ༔ ཨེ་མ་ཨེ་མ༔ མ་འོངས་པ་ཕྱི་མ་ཕྱི་མའི་དུས་ཀྱི་ཚེ་སྙིང་ཏིག་སྙིང་པོའི་དོན་ལ་སྤྱོད་པའི་རྣལ་འབྱོར་པ་རྣམས་ཀྱིས་ཚེ་འདི་ཁོ་ན་ལ་གྲོལ་བར་འདོད་ན་ལྕེ་བཙུན་སིཾ་ཧེ་ཤྭ་ར་བདག་ཉིད་བསྒོམ་པར་བྱའོ༔ ཞེས་སོགས་འབྱུང་བ་ལྟར་རོ། །གཉིས་པ་ཕྱིས་གང་ལྟར་འབྱུང་བའང་དེ་ཉིད་ལས། འདི་ནི་མ་འོངས་སྙིགས་མ་ལྔ་ཆེས་བདོ་ཞིང་བོད་ཁམས་ཀླ་ཀློའི་འཇུག་པས་བསྟན་ཞབས་སྡུད་པ་ལ་ཉེ་བ་ན༔ སྙིང་ཏིག་སྙིང་པོའི་དོན་ལ་མོས་པའི་རྣལ་འབྱོར་པ༔ ལྟར་སྣང་ཐ་མལ་བ་རྣམས་དང་ཤིན་ཏུ་མཉམ་པར་སྤྱོད་པ༔ གསང་བ་སུས་ཀྱང་བརྟག་པར་དཀའ་བ༔ ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཉམས་འོག་ཏུ་ཚུད་པས་གང་གིས་ཀྱང་ཟིལ་གྱིས་མི་ནོན་པ༔ སྨིན་མཚམས་སུ་དཔའ་བོའི་རྒྱ་རྟགས་ཀྱིས་སྤྲས་པ༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་བྱིན་གྱིས་བརླབས་པས་ཐུག་ཕྲད་ཤེས་རབ་ཀྱི་གཏེར་བརྡོལ་བ༔ ཁྱད་པར་ངེས་པའི་དོན་ལ་ངེས་ཤེས་རྙེད་ཅིང་བདག་དང་བདག་གི་བཀའ་སྲོལ་ཟོལ་མེད་པ་ཁོ་ན་ལ་མོས་པ་མི་འཕྲོག་པར་བརྟན་པ་འོད་གསལ་སྤྲུལ་པའི་རྡོ་རྗེ་ཞེས་བྱ་བ་དུས་རིང་མོ་ནས་འབྱུང་བར་འགྱུར་བའི་དོན་དུ་བསྟན་ཏོ༔ དེའི་ཕྱིར་དེའི་སླད་དུ༔ རེ་ཞིག་ཡེ་ཤེས་ཀྱི་དྷཱ་ཀི་མ་རྣམས་ཀྱིས་ཀློང་ལྔའི་ཡི་གེར་ཟུངས་ལ༔ དུས་སུ་བབས་པའི་ཚེ་གང་ཟག་དེའི་རྒྱུད་ལ་བྱིན་གྱིས་བརླབས་པས་སད་པར་གྱིས་ཤིག༔ སྐལ་ལྡན་ཅིག་ཅར་བའི་རིགས་ཅན་འགའ་ཞིག་ལ་ཕན་པར་འགྱུར་རོ༔ ཞེས་བསླུ་མེད་རྡོ་རྗེའི་ལུང་གིས་བསྟན་པའི་དོན་བཞིན། གངས་ཅན་ལྗོངས་ཀྱི་བསྟན་འགྲོ་རིས་སུ་མ་ཆད་པ་མཐའ་དག་གི་གཙུག་རྒྱན། མཁས་ཤིང་གྲུབ་པ་ཡོངས་ཀྱི་འཁོར་ལོས་སྒྱུར་བ། བཀའ་བབས་བདུན་གྱི་གསང་མཛོད་འཆང་བའི་ངོ་མཚར་སྤྲུལ་པའི་གཏེར་ཆེན་༧པདྨ་འོད་གསལ་མདོ་སྔགས་གླིང་པའམ། མཚན་གཞན་འོད་གསལ་སྤྲུལ་པའི་རྡོ་རྗེ་དགུང་གྲངས་ཉེར་བཞིར་སོན་པ་ཆུ་མོ་ཡོས་ཀྱི་ལོའི་སྣྲོན་ཟླ་བའི་ཡར་ཚེས་བརྒྱད་ཀྱི་ཉིན་པར། འུ་ཡུག་གི་མཐིལ། རམ་སྡིངས་མ་དགོན་དང་ཉེ་བར་ཕེབ་པའི་དུས་ཀྱི་ཚེ། ཐ་མལ་གྱི་སྣང་བ་དབྱིངས་སུ་ཐིམ་པའི་འོད་གསལ་གྱི་སྣང་ཆར། ལྕེ་བཙུན་ཆེན་པོ་འོད་ལུས་སུ་གཤེགས་པའི་གནས་དུས་སྟོན་འཁོར་གྱི་ཚོམ་བུའི་བཀོད་པ་ཇི་ལྟ་བ་བཞིན་གསལ་བར་ཤར་ཅིང་མན་ངག་གི་གཞུང་བཀའ་བསྩལ་པ་ཉིད་ཐུགས་ལ་བཀྲ་ལམ་གྱིས་སད་པ་ལྟར་གསང་བའི་གནས་རྗེས་སུ་དྲན་པའི་ཆོ་འཕྲུལ་ཆེན་པོས་གཏན་ལ་ཕབ་སྟེ་ཤིན་ཏུ་གསང་བའི་རྒྱས་བཏབ། ཕྱིས་དགུང་གྲངས་སོ་བརྒྱད་དུ་སོན་པ་མེ་མོ་སྦྲུལ་གྱི་ལོར་སྔགས་སྲུང་ཨེ་ཀ་ཛཱ་ཊིས་གསང་སྒོ་དབྱེ་བར་བསྐུལ་བ་ལྟར། ཐོག་མར་ཁོ་བོ་ཅག་ལ་སྨིན་གྲོལ་ཚང་སྤྲུགས་སུ་བསྩལ། རིམ་གྱིས་སྐལ་པའི་སྣོད་དང་ལྡན་པ་རྣམས་ལ་སྨིན་གྲོལ་གྱི་བདུད་རྩི་བསྩལ་ནས་གདོད་མའི་གྲོལ་སར་བསྐྱལ་བར་མཛད་པའོ།། ༈ །།གཉིས་པ་དབང་གི་སྒོ་ནས་སྨིན་པར་བྱེད་པ་ནི། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ཞལ་ནས། ཟབ་པ་དོན་གྱི་དབང་མཆོག་ནི། །རིག་པའི་རྩལ་དབང་ཐོབ་པ་སྟེ། །ཆོས་ཉིད་རྟོགས་པས་དབང་ཞེས་བྱ། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །ཞེས་གསུངས་པ་ལྟར་སྐལ་ལྡན་དབང་རྣོན་ཐོག་མ་ཉིད་ནས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་འཇུག་ཏུ་རུང་བའི་རིགས་ཅན་ལ་དབང་བཞི་པ་ཉིད་ལ་ནང་གསེས་སུ་དབྱེ་བའི་རྫོགས་པ་ཆེན་པོ་རིག་པའི་རྩལ་དབང་རྣམ་པ་བཞི་བསྐུར་བ་སྟེ། དེའང་རྫོགས་པ་རང་བྱུང་ལས། སྤྲོས་བཅས་ཉིད་དང་སྤྲོས་པ་མེད།། ཤིན་ཏུ་རབ་ཏུ་སྤྲོས་མེད་ཀྱི། །དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་པ་ལྡན་པ་སྨིན་པར་བྱ། །ཞེས་འབྱུང་བའི་དོན་སྨིན་གྲོལ་ཟུང་འཇུག་གདམས་ངག་དབང་གི་ལུགས་སུ་གདབ་པ་ནི་འདི་ཉིད་ལས། དེ་ལ་ཐོག་མར་རིམ་པ་བྱ་སྟེ༔ ཞེས་སོགས་ཀྱིས་རྒྱས་པར་བསྟན་པ་ལྟར་སྔོན་དུ་ལེགས་པར་གྲུབ་པ་ལགས།། ༈ །།གསུམ་པ་གདམས་ངག་གི་སྒོ་ནས་གྲོལ་བར་བྱ་བ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་ཁྲིད་རིམ་མོ། །དང་པོ་སྔོན་འགྲོའི་ཁྲིད་ལ་གསུམ། ཐུན་སྤྱིའི་སྔོན་འགྲོ། ཐུན་མོང་བློ་སྦྱོང་བདུན། ཁྱད་པར་གསག་སྦྱོང་རྣམ་པ་ལྔའོ། །དེའི་དང་པོ་འདི་ཕྱིན་ཆད་ཀྱི་ཐུན་ཐམས་ཅད་ཀྱི་སྔོན་དུ་འགྲོ་དགོས་པ་སྟེ། ཡིད་དང་མཐུན་ཞིང་དབེན་པའི་གནས་སུ་བདེ་བའི་སྟན་ལ་ལུས་གནད་དྲང་པོར་བསྲང་། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་གེགས་དང་བར་གཅོད་ཐམས་ཅད་དག་པར་མོས་ལ་རླུང་རོ་ལན་གསུམ་བསལ་ལ་ཅི་བདེར་བཞག སེམས་རྣམ་གཡེང་གི་རྟོག་པའི་རྗེས་སུ་མི་འབྲང་བར། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གདོད་མའི་མགོན་པོའི་གོ་འཕང་ལ་འགོད་པའི་སླད་དུ་ཟབ་གསང་རྫོགས་པ་ཆེན་པོའི་ལམ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་སེམས་བསྐྱེད་སྙིང་ཐག་པ་ནས་མ་བྲལ་བས། མདུན་གྱི་ནམ་མཁར་ཡེ་ཤེས་འོད་ལྔའི་ཐིག་ལེའི་ཀློང་དུ། ངོ་བོ་རྩ་བའི་བླ་མ་ཉིད་རྣམ་པ་བི་མ་ལ་མི་ཏྲ་སྐུ་མདོག་དཀར་གསལ་ཤངས་རྩེར་ཨ་དཀར་པོས་མཚན་པ། དར་སྔོན་པོའི་སྟོད་གཡོགས་དང་ཆོས་གོས་གསོལ་ཞིང་ཕྱག་མཉམ་གཞག་ཐོད་ཞལ་བདུད་རྩིས་བཀང་བ་བསྣམས་པ། འོད་དང་གཟི་བརྗིད་རབ་ཏུ་འབར་ཞིང་ཞབས་རྡོ་རྗེ་སྐྱིལ་ཀྲུང་བཅས་རང་ལ་དགྱེས་པས་དགོངས་པར་བསམ་ལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་འོད་གསལ་རྫོགས་པ་ཆེན་པོའི་ལམ་མཆོག་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དྲག་ཏུ་བཏབ་པས། བླ་མའི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་མཐའ་ཡས་པ་བྱུང་། རང་ལ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་བསལ། མཐར་བླ་མ་ཉིད་ཀྱང་འོད་ཕུང་དུ་གྱུར་ནས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་ལ་རིག་པ་འཛིན་མེད་དུ་འཇོག་གོ །གཉིས་པ་བློ་སྦྱོང་བའི་རིམ་པ་བདུན་ལས། དང་པོ་འདུས་བྱས་མི་རྟག་པ་ལ་བརྟེན་ནས་སེམས་སྦྱོང་བ་ནི། གཞུང་ལས། ཨེ་མ་རིགས་ཀྱི་བུ་རྣམས༔ འདི་ལྟར་འདུས་བྱས་ཐམས་ཅད་ནི་མི་རྟག་པ་སྟེ་ཆུའི་ལྦུ་བ་ལྟ་བུའོ༔ ཞེས་གསུངས་ཏེ། དེའང་དོན་དྲན། དཔེ་བསམ། དཔེ་དོན་ཟུང་དུ་སྦྲེལ་ནས་བསྒོམ་དགོས་ཏེ། འདུས་བྱས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ནི་ད་ལྟ་ཡོད་པ་ལྟར་སྣང་ཡང་མྱུར་དུ་འཇིག་པའི་ཆོས་ཅན་ཤ་སྟག་ཡིན་པས་ཡུན་རིང་མི་རྟག་སྟེ། དཔེར་ན་ཆུ་ནང་གི་ལྦུ་བ་རྐྱེན་ལས་གློ་བུར་དུ་བྱུང་ཡང་སྐད་ཅིག་གཉིས་པར་ཡལ་བ་བཞིན་ནོ། །དེས་ན་ཕྱི་ནམ་ཟླ་དུས་བཞི། ཉིན་མཚན་སྐད་ཅིག་ཐང་ཅིག །ནང་ལུས་ཅན་རྣམས་ཀྱི་སྐྱེ་རྒ་ན་འཆི། གསང་བ་ཕུང་པོ་ལྔས་བསྡུས་ཀྱི་ཚོགས་པ་མཐའ་དག་སྐད་ཅིག་སྐད་ཅིག་གིས་རྙིང་ཞིང་འགྱུར་ནས་གཞན་དུ་འཕོ་བའི་ཕྱིར། སྤྱིར་འདུས་བྱས་ཐམས་ཅད་ལ་རྟག་པ་ཡེ་མེད། ཁྱད་པར་འགྲོ་བའི་ཚེ་ལ་ངེས་པ་མེད་པས་དེ་རིང་སང་ཙམ་ལའང་འཆི་བ་མི་འབྱུང་བའི་གདེངས་ཅིའང་མེད་པ་ལ་ལེགས་པར་བསམས་པས། དཔེ་ལ་ངེས་ཤེས་རྙེད་ནས་བློ་སྣ་ཐུང་། དོན་ལ་ཡིད་ཆེས་ནས་འཆི་བ་སྙིང་ནས་དྲན་པར་འགྱུར་རོ། །དཔེ་དོན་ཟུང་དུ་སྦྲེལ་ཚུལ་འདི་ལྟར་འོག་མ་རྣམས་ལའང་ཤེས་པར་བྱའོ། །གཉིས་པ་འཕྲལ་དང་ཡུན་གྱི་བདེ་བ་ལ་བསམ་ནས་སེམས་སྦྱོང་བ་ནི། འཁོར་བའི་བདེ་བ་ཐམས་ཅད་ནི་འཕྲལ་བདེ་བ་ལྟར་སྣང་ཡང་དོན་ལ་སྡུག་བསྔལ་ཏེ་དུག་གི་འབྲས་བུ་སྨིན་པ་ལྟ་བུའོ༔ ཞེས་གསུངས་ཏེ། འཁོར་བའི་གནས་འདིར་ལུས་སེམས་ལ་གནས་སྐབས་ཀྱི་བདེ་བ་བག་ཙམ་མྱོང་བ་འདིའང་འཕྲལ་གྱི་ལྟར་སྣང་ཙམ་ལས་དོན་ལ་སྡུག་བསྔལ་གྱི་འབྲས་བུ་ཁོ་ན་སྨིན་པའི་རྒྱུ་ཡིན་ཏེ། དཔེར་ན་དུག་གི་སྡོང་པོ་དང་མེ་ཏོག་མཛེས་ཤིང་ཁ་དོག་ལེགས་ལ་འབྲས་བུ་མངར་བ་ལྟར་སྣང་ཡང་ཁོང་དུ་སོང་ན་དུག་ནད་ཀྱིས་འཆི་བར་བྱེད་པ་ལྟ་བུའོ། །དེས་ན་སྲིད་པའི་རྩེ་མོ་ནས་དམྱལ་ཁམས་ཡན་ཆད་འཁོར་བའི་གནས་རིས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རྒྱུ་འབྲས་ཁོ་ན་ལ་སྤྱོད་པ་སྟེ། ངན་སོང་གསུམ་ནི་སྡུག་བསྔལ་གྱི་སྡུག་བསྔལ། མཐོ་རིས་གསུམ་འགྱུར་བའི་སྡུག་བསྔལ། ཉེ་བར་ལེན་པའི་ཕུང་པོ་ལྔ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཐོག་མ་མེད་པ་ནས་མནར་བ་ཡིན་ལ། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དེའང་ལས་དང་ཉོན་མོངས་པའི་རྒྱུ་ལས་བྱུང་བ་སྟེ། དུག་གསུམ་གྱི་དབང་གིས་མི་དགེ་བ་སྤྱད་པས་ངན་སོང་གསུམ། ཟག་བཅས་ཀྱི་དགེ་བས་བདེ་འགྲོར་སྐྱེས་ཀྱང་སླར་ངན་སོང་དུ་འཁོར། ཐར་པའི་ལམ་དུ་ཞུགས་ན་དེ་དག་ལས་ལྡོག་སྟེ་འཕྲལ་དང་ཡུན་གྱི་བདེ་བ་དམ་པ་ཐོབ་པའི་ཚུལ་ལེགས་པར་བསམས་པས། དཔེ་ལ་ངེས་ཤེས་སྐྱེས་ཏེ་སྲིད་པའི་བདེ་འབྱོར་ལ་ཞེན་པ་ལོག །དོན་ལ་ཡིད་ཆེས་ཏེ་འཁོར་བ་ལ་སྐྱོ་ཤས་དྲག་པོ་སྐྱེ་བར་འགྱུར་རོ། །གསུམ་པ་རྐྱེན་སྣ་ཚོགས་ལ་བསམ་སྟེ་སེམས་སྦྱོང་བ་ནི། རྐྱེན་སྣ་ཚོགས་པ་ཐམས་ཅད་ནི་ཟིན་པའི་དུས་མེད་པ་སྟེ་སྨིག་རྒྱུའི་ཆུ་ལ་སྙེག་པ་ལྟ་བུའོ༔ ཞེས་གསུངས་ཏེ། འཁྲུལ་པས་གཡེངས་པའི་སྐབས་འདིར་བཟང་ངན་གྱི་རྐྱེན་སྣང་སྣ་ཚོགས་པ་འདི་རྣམས་ལ་སྤང་བླང་ཇི་ཙམ་འབད་ཀྱང་ཟིན་པའི་དུས་སྐབས་མེད་པ་སྟེ། དཔེར་ན་སྐོམ་པས་གདུང་བའི་རི་དྭགས་སོས་ཀའི་མྱ་ངམ་ཐང་གི་སྨིག་རྒྱུ་ལ་ཆུར་འཁྲུལ་ནས་བསྙེགས་ཀྱང་ཆུ་ནམ་ཡང་མི་རྙེད་པས་སླར་སྡུག་བསྔལ་གྱིས་གདུང་བ་ལྟ་བུའོ། །དེས་ན་འཁོར་བའི་གནས་འདིར་གཉེན་གྲོགས་འཁོར་འབངས། སྙན་གྲགས་མངའ་ཐང་། འདོད་ཡོན་ལོངས་སྤྱོད་སོགས་མཐུན་པ་བསྒྲུབ་པ་དང་མི་མཐུན་པ་སྤོང་བའི་འབད་རྩོལ་གྱིས་མཚོན་བྱ་བ་མཐའ་དག་རེ་རེ་ཟིན་ཀྱང་སླར་དེ་ལས་བྱ་རྒྱུ་ཇེ་མང་དུ་འགྲོ་བས་ནམ་ཡང་ཟིན་པའི་དུས་མེད་ཅིང་ཟིན་པ་ལའང་སྙིང་པོ་ཅི་ཡང་མེད་པ་དང་། གང་ལའང་མཐའ་གཅིག་ཏུ་ངེས་པ་མེད་པའི་ཕྱིར་མཐོ་དམན། དྲག་ཞན། དགྲ་གཉེན། ཕྱུག་དབུལ་ཐམས་ཅད་འགྱུར་ནས་འགྲོ་བས་རེ་བ་ཆེན་པོས་རིང་ནས་བསྒྲུབས་པའི་གྲུབ་འབྲས་ལོག་པར་འགྱུར་བ་དང་། འགའ་ཞིག་མགུ་ཡང་ལ་ལ་མི་མགུ། བྱ་བ་སྣ་རེས་དགའ་ཡང་སྣ་རེས་མི་དགའ། གནོད་པ་མ་བྱས་པ་དང་ཕན་བཏགས་པའི་ལན་དུའང་གནོད་པ་ཆེན་པོ་འབྱུང་བ་སོགས་ཟིན་མེད་ཚེ་འདིའི་བྱ་བ་ཐམས་ཅད་ཅམ་གྱིས་བཞག་ནས། བླ་མ་དཀོན་མཆོག་ལ་ཕྱག་བསྐོར་མཆོད་འབུལ་གྱིས་མཚོན་དགེ་བའི་བྱ་བ་སྣ་རེ་འགྲུབ་ནའང་འདི་ཕྱིར་བསོད་ནམས་རླབས་པོ་ཆེའི་རྒྱུར་འགྱུར་བའི་ཚུལ་ལེགས་པར་བསམས་པས། དཔེ་ལ་བརྟེན་ནས་རྣམ་གཡེང་ལ་ཁོ་ཐག་ཆོད། དོན་ལ་ཡིད་ཆེས་ཏེ་འདིར་སྣང་བྱ་བཞག་བློས་ཐོང་བར་འགྱུར་རོ། །བཞི་པ་བྱས་པ་དོན་མེད་པ་ལ་བརྟག་སྟེ་སེམས་སྦྱོང་བ་ནི། ཚེ་འདིའི་བྱ་བ་ཐམས་ཅད་ནི་རྣམ་པ་ཀུན་ཏུ་དོན་མེད་པ་སྟེ་གཉིད་ཐུན་གཅིག་གི་རྨི་ལམ་བཟང་ངན་ལྟ་བུའོ༔ ཞེས་གསུངས་ཏེ། འཇིག་རྟེན་ཚེ་འདིར་ལྟོས་པའི་བྱ་བཞག་ཆེ་ཕྲ་ཐམས་ཅད་ནི་གསོན་པའི་དུས་སུ་བྱ་དཀའ་ཞིང་འཆི་བའི་དུས་ཕན་པ་སྤུ་ཙམ་མི་ཐོགས་པས་རྣམ་པ་ཀུན་ཏུ་དོན་མེད་པའི་རྣམ་གཡེང་འབའ་ཞིག་པ་སྟེ། དཔེར་ན། གཉིད་ཐུན་གཅིག་ལོག་པའི་སྐབས་སུ་རྨི་ལམ་བཟང་བ་ལ་སེམས་དགའ་བ་དང་ངན་པ་ལ་མི་དགའ་བའི་སྣང་བ་འཆར་ཡང་སད་ནས་གཉིས་ཀ་དོན་ལ་མ་གྲུབ་པས་ཕན་གནོད་ཅིའང་མེད་པ་དང་མཚུངས་སོ། །དེས་ན་ད་ལྟའི་སྐབས་སུ་དགྲ་འདུལ་གཉེན་སྐྱོང་། ཚོང་ཁེ་སྤོགས། སོ་ནམ་ཞིང་ལས། ཁང་ཁྱིམ་མཁར་ལས་ལ་སོགས་པའི་བྱ་བ་དུ་མ་ཞིག་སྒྲུབ། འདོད་ཐོག་ཏུ་གྲུབ་པའི་ཚེ་དགའ་བ་དང་མ་གྲུབ་པ་ལ་སྡུག་བསྔལ་བའི་སྤང་བླང་གི་རྣམ་པར་རྟོག་པས་རང་གིས་རང་བཅིངས། རང་ཉིད་མཐོ་ཞིང་ཕྱུག་ལ་སྙན་པར་བརྗོད་པ་སོགས་ལ་དགའ་བ་དང་། དམའ་ཞིང་དབུལ་ལ་མི་ཁ་གཏམ་ངན་སོགས་ལ་མི་དགའ་བས་མཚོན་ཆགས་སྡང་གི་ལས་མང་པོ་ཤུགས་ཀྱིས་བསགས་པ་འདི་ཐམས་ཅད་འཆི་བའི་ཚེ་ན་ཕན་ཅུང་ཟད་ཀྱང་མི་ཐོགས། རྣམ་པར་ཤེས་པ་ལས་ཁོ་ནའི་རྗེས་སུ་འབྲང་བས། འཁྲུལ་པའི་བྱ་བཞག་སྒྱུ་མའི་འཁྲུལ་འཁོར་གྱིས་དུས་རྟག་ཏུ་བསླུས་པ་འདི་མཚངས་ཤིན་ཏུ་ཆེ་བའི་ཚུལ་ལེགས་པར་བསམས་པས། དཔེ་ལ་བརྟེན་ནས་བཟང་ངན་རོ་སྙོམས། དོན་ལ་ཡིད་ཆེས་ཏེ་ཚེ་འདིའི་རྣམ་གཡེང་སྤོང་ནུས་པར་འགྱུར་རོ། །ལྔ་པ་ཐར་པའི་ཕན་ཡོན་ལ་བསམ་སྟེ་སེམས་སྦྱོང་བ་ནི། ཐར་པ་དམ་པའི་འབྲས་བུ་ནི་ནམ་ཡང་སྡུག་བསྔལ་བར་མི་ལྡོག་སྟེ་འབྲུམ་ནད་བྱང་པའི་སྐྱེས་བུ་ལྟ་བུའོ༔ ཞེས་གསུངས་ཏེ། འཁོར་བའི་སྡུག་བསྔལ་དེ་དག་ལས་འདས་པ་ནི་ཐར་པ་ཞི་བ་དམ་པ་བླ་ན་མེད་པ་ལམ་སྒོམ་པའི་སྟོབས་ལས་ཐོབ་པའི་འབྲས་བུ་སྟེ། དེ་ཐོབ་ཟིན་ནས་ནམ་ཡང་སྡུག་བསྔལ་ཅན་གྱི་འཁོར་བའི་གནས་སུ་ལྡོག་མི་སྲིད་པ་ནི་དཔེར་ན་འབྲུམ་པའི་ནད་ལན་གཅིག་འབྱངས་ཟིན་པའི་སྐྱེས་བུ་ལ་ཕྱིས་འབྲུམ་ནད་འབྱུང་མི་སྲིད་པ་ལྟ་བུའོ། །ཐར་པ་ལའང་གསུམ་ལས་ཉན་ཐོས་དང་རང་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་ལས་དང་ཉོན་མོངས་པ་སྤངས་པས་སྡུག་བསྔལ་ལས་རྣམ་པར་གྲོལ་ནའང་ཤེས་སྒྲིབ་མ་སྤངས་པས་གནས་སྐབས་ཀྱི་ཐར་པ་ཙམ་ཡིན་ལ། སྒྲིབ་གཉིས་བག་ཆགས་བཅས་སྤངས་པས་སྲིད་ཞིའི་མཐའ་ལ་མི་གནས་པ་ལྷ་དང་བཅས་པའི་འཇིག་རྟེན་གྱི་འདྲེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་བསྒྲུབ་དགོས། སངས་རྒྱས་ཆོས་སྐུ་ནི་སྤྲོས་པ་ཀུན་ལས་གྲོལ། ལོངས་སྐུ་ནི་སྐུ་དང་ཞིང་ཁམས་ནམ་མཁའ་ལྟར་ཁྱབ། སྤྲུལ་སྐུ་ནི་འགྲོ་བ་གང་ལ་གང་འདུལ་གྱི་མཛད་པ་བསམ་གྱིས་མི་ཁྱབ་པ་སྟོན་ནུས་པས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་དོན་རྒྱུན་ཆད་མེད་པར་འབྱུང་བ་དེ་ལྟ་བུའི་གོ་འཕང་མ་ཐོབ་ཐབས་མེད་པའི་ཚུལ་ལེགས་པར་བསམས་པས། དཔེ་ལ་བརྟེན་ནས་ཐར་པ་དོན་གཉེར་གྱི་བློ་སྐྱེ། དོན་ལ་ཡིད་ཆེས་པས་སངས་རྒྱས་ཀྱི་གོ་འཕང་ཅིས་ཀྱང་བསྒྲུབ་འདོད་པར་འགྱུར་རོ། །དྲུག་པ་བླ་མའི་གདམ་ངག་ལ་བསམ་སྟེ་སེམས་སྦྱོང་བ་ནི། བླ་མ་དམ་པའི་གདམ་ངག་ནི་ཐར་པའི་ཁང་བཟང་དུ་འཛེགས་པའི་ལམ་སྟེ་ཐེམ་སྐས་བཟང་པོ་ལྟ་བུའོ༔ ཞེས་གསུངས་ཏེ། དེ་ལྟ་བུའི་གོ་འཕང་སྒྲུབ་པའི་ཐབས་ནི་མཚན་ཉིད་དང་ལྡན་པའི་བླ་མ་དམ་པའི་གདམ་ངག་ཟབ་མོ་ཁོ་ན་ལ་ལྟོས་ཏེ། ཕྱིན་ཅི་མ་ལོག་པའི་གདམ་ངག་ནི་ཐར་པའི་ཁང་བཟང་དུ་བགྲོད་པ་ལ་འཇུག་པ་བདེ་ཞིང་ནོར་འཁྲུལ་མེད་པའི་ལམ་བཟང་པོ་ཡིན་ཏེ། དཔེར་ན། ཐེམ་སྐས་བཟང་པོ་ལ་བརྟེན་ནས་ཕྱིན་ན་ཇི་ལྟར་མཐོ་བའི་ཁང་བཟང་སུམ་བརྩེགས་ལ་སོགས་པར་བདེ་བླག་ཏུ་བགྲོད་ནུས་པ་བཞིན་ནོ། །དེའི་ཕྱིར་ཐོག་མར་ཅལ་སྒྲོག་གི་རྗེས་སུ་མི་རྒྱུག་པར་ཡིད་ཆེས་ཁུངས་བཙུན་སེལ་མེད་ཀྱི་བརྒྱུད་པ་ལས་འོངས་ཤིང་ཆོས་བརྒྱད་དང་རྟོག་གེ་ལ་འཐས་པ་མིན་པའི་ཉམས་མྱོང་དང་རྟོགས་པ་ལྡན་ངེས་པའི་བླ་མ་མཚན་ལྡན་བཙལ། བར་དུ་མཉེས་པ་གསུམ་གྱིས་དཀའ་བ་སྤྱད་ལ་གདམས་ངག་ཕུ་ཐག་ཆོད་པར་ཞུ། ཐ་མར་བློ་སྣ་མང་པོས་དོན་གཅིག་ཀྱང་མི་འགྲུབ་པས་བླ་མ་ལས་ཐོབ་པའི་གདམས་ངག་དེ་ནད་པ་ལ་སྨན་དང་། སྲོག་འཚོ་བའི་བདུད་རྩི། དགོས་འདོད་འབྱུང་བའི་ཡིད་བཞིན་ནོར་བུ་ལྟ་བུར་ཤེས་པར་བྱས་ནས་རྐྱེན་ཅིས་ཀྱང་མི་འཕྲོག་པར་རྩེ་གཅིག་ཏུ་ཉམས་སུ་བླང་ནུས་ན། ནད་པས་ལྷ་རྗེ་མཁས་པའི་སྨན་ཡུན་དུ་བརྟེན་ན་ནད་ཆེན་པོའང་གཞི་མེད་དུ་དྭངས་པ་བཞིན་མྱུར་དུ་སྒྲིབ་པ་ལས་གྲོལ་ནས་སངས་རྒྱས་ཀྱི་འབྲས་བུ་འཐོབ་པར་འགྱུར་བའི་ཚུལ་ལེགས་པར་བསམས་པས། དཔེ་ལ་བརྟེན་ནས་བླ་མའི་གདམས་ངག་མེད་ཀ་མེད་དུ་གོ །དོན་ལ་ཡིད་ཆེས་ཏེ་ཉམས་ལེན་ལ་འཇུག་སྤྲོ་ཞིང་བསྲན་ཚུགས་པར་འགྱུར་རོ། །བདུན་པ་རྣམ་པར་མི་རྟོག་པ་ལ་བརྟེན་ནས་སེམས་སྦྱོང་བ་ནི། རྣམ་པར་མི་རྟོག་པའི་བསམ་གཏན་ནི་ཏིང་ངེ་འཛིན་ཐམས་ཅད་སྐྱེ་བའི་གཞི་སྟེ་ཞིང་ས་དུལ་བ་ལྟ་བུའོ༔ ཞེས་གསུངས་ཏེ། སེམས་བྱུང་རྒྱལ་དུ་གཡེང་བའི་གཞན་དབང་ལས་དུག་གསུམ་གཙོར་གྱུར་པའི་བྱུང་ཚོར་གྱི་རྣམ་པར་རྟོག་པ་འཛད་དུ་མེད་པ་འདི་དག་གང་ཡང་ཡིད་ལ་མི་བྱེད་པར་རྣམ་པར་མི་རྟོག་པའི་ངང་ལ་རྒྱུན་དུ་གནས་པའི་བསམ་གཏན་ནི་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་སྐྱེ་བའི་གཞི་རྟེན་མེད་དུ་མི་རུང་བ་སྟེ། དཔེར་ན། ལོ་ཏོག་གི་འབྲས་བུ་སྨིན་པར་འདོད་པ་ལ་ཞིང་ས་དུལ་བ་ཉིད་མེད་ན་མི་འབྱུང་བའི་གཞིར་གྲུབ་པ་ལྟ་བུའོ། །དེའང་ཇི་སྐད་དུ། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཞེས་གསུངས་པ་ལྟར། ཐོག་མ་མེད་པ་ནས་གཉིས་འཛིན་རྣམ་རྟོག་གི་ཕྲེང་བ་ལུ་གུ་རྒྱུད་དུ་གཡོས་པ་ལ་བརྟེན་མཐའ་མེད་འཁོར་བའི་རྒྱ་མཚོ་ཆེན་པོར་ཡང་དང་ཡང་དུ་སྡུག་བསྔལ་གྱི་རྒྱུ་འབྲས་ཁོ་ནར་ལོངས་སྤྱོད། ད་དུང་འདིའི་རྗེས་སུ་འབྲང་ན་ནམ་ཡང་བདེ་བའི་གོ་སྐབས་མེད་པས། ད་ནི་རྣམ་པར་མི་རྟོག་པའི་བསམ་གཏན་བསྒྲུབས་ལ་མྱུར་དུ་སངས་རྒྱས་སྐུ་གསུམ་གྱི་རང་བཞིན་མངོན་དུ་བྱའོ་སྙམས་པས། ལུས་གནད་རྣམ་སྣང་གི་ཆོས་བདུན་ལྡན་དུ་བཅའ། རང་ལུས་ཡི་དམ་ལྷར་བསྒོམ་པའམ་ཐ་མལ་ཡང་རུང་སྟེ་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་བདེ་བའི་ཉམས་དང་ལྡན་པ་ལ་སེམས་གཏད་པ་ནི། བདེ་སྟོང་རྣམ་པར་མི་རྟོག་པ་ལ་སེམས་སྦྱོང་བའོ། །དེ་ངང་དུ་ལུས་སེམས་ཁོང་གློད། ལག་གཉིས་པུས་སྟེང་བཞག །མིག་བར་སྣང་དུ་ཧར་རེ་གསལ་མདངས་དང་བཅས་བཞག་པ་ནི། གསལ་སྟོང་རྣམ་པར་མི་རྟོག་པ་ལ་སེམས་སྦྱོང་བའོ། །དེའི་ཚེ་སེམས་ཀྱི་དྲན་བསམ་འཕྲོ་འདུ་ཅི་ཡང་མི་བྱ་བར་བཟོ་མེད་རང་བབ་ཀྱི་ངང་དུ་ཡེངས་མེད་འཛིན་མེད་ལྷུག་པར་བཞག་པས་རྟོག་མེད་རང་གསལ་ནམ་མཁའ་ལྟ་བུའི་ཉམས་སྐྱེ་བ་ནི། ཆོས་ཉིད་རྣམ་པར་མི་རྟོག་པ་ལ་བརྟེན་ནས་སེམས་སྦྱོང་བ་སྟེ། སྔ་མ་གཉིས་མཚན་བཅས་དང་ཕྱི་མ་མཚན་མེད་ཞི་གནས་ཡིན་ལ། དེ་ལྟར་ལེགས་པར་སྦྱངས་པས་དཔེ་ལ་བརྟེན་ནས་བསམ་གཏན་མེད་དུ་མི་རུང་བར་གོ །དོན་གྱི་སྒོམ་པ་གོམས་པས་ཉམས་མྱོང་བཟང་པོ་རྒྱུད་ལ་སྐྱེས་ཏེ་ཏིང་ངེ་འཛིན་གྱི་གཞི་ཐིངས་པར་འགྱུར་རོ། །གསུམ་པ་ཁྱད་པར་གྱི་སྔོན་འགྲོ་གསག་སྦྱོང་གི་རིམ་པ་ནི། གཞུང་ལས། སྐྱབས་འགྲོ་དང་སེམས་བསྐྱེད༔ སྒྲིབ་སྦྱོང་ཚོགས་གསག་རྣམས་ཀྱི་ཐབས་ཀྱིས་གཟུང་ངོ༔ ཞེས་གསུངས་པའི་དོན་ཏེ། དེ་ལ་ལྔ། སྐྱབས་འགྲོ། སེམས་བསྐྱེད། སྒྲིབ་སྦྱོང་། ཚོགས་གསོག །བླ་མའི་བྱིན་རླབས་ལམ་དུ་བྱ་བའོ། །དང་པོ་བསླབ་པ་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་སུ་འགྲོ་བ་ནི། རྒྱུ་ཚེ་གཅིག་གིས་གདོད་མའི་ས་ལ་གྲོལ་བར་འདོད་པའི་དད་པས། ཡུལ་དབྱིངས་ཀ་དག་ཆོས་སྐུ། ལྷུན་གྲུབ་ཡེ་ཤེས་ལོངས་སྐུ། རིག་རྩལ་འགག་མེད་སྤྲུལ་པའི་སྐུ། གསུམ་ཀའང་རང་རིག་བླ་མ་དབྱེར་མེད་པའི་ངོ་བོར་རྫོགས་པ་ལ། ཚུལ་ཡིན་ལུགས་གསལ་འདེབས་ཙམ་གྱིས་གཉིས་མེད་རོ་མཉམ་དུ་རྟོགས་པ་ནི། ལུགས་འདིའི་ཐུན་མོང་མ་ཡིན་པ་དོན་དམ་པའི་སྐྱབས་འགྲོ་སྟེ་དེ་ཉིད་གཞིར་བྱས། ཀུན་རྫོབ་ཀྱི་རྟོག་ངོར་མདུན་གྱི་ནམ་མཁར་སེང་ཁྲི་པདྨ་ཉི་མའི་གདན་ལ་ངོ་བོ་རྩ་བའི་བླ་མ་ཉིད་རྣམ་པ་དཔལ་ཆེན་སེང་གེ་དབང་ཕྱུག་དམར་སྨུག་ཁྲོ་འཛུམ་སྒེག་པའི་ཉམས་ཅན། དར་དང་རིན་པོ་ཆེ་རུས་པས་བརྒྱན་པ། ཕྱག་གཉིས་མཉམ་གཞག་དང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འཇའ་ཟེར་མེ་འོད་ཀྱི་ཀློང་ན་བཞུགས་པ་ལ། བརྒྱུད་གསུམ་རིག་འཛིན་བླ་མ་དཔའ་བོ་མཁའ་འགྲོ་བསམ་གྱིས་མི་ཁྱབ་པས་བསྐོར་ཏེ། ཕྱི་ལྟར་དཀོན་མཆོག་གསུམ། ནང་ལྟར་རྩ་བ་གསུམ། གསང་བ་སྐུ་གསུམ་བླ་མ་ཀུན་འདུས་ཀྱི་བདག་ཉིད་ཆེན་པོར་གསལ་བའི་སྤྱན་སྔར། བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མགྲིན་གཅིག་དབྱངས་གཅིག་སྒོ་གསུམ་གུས་པ་ཆེན་པོས་ཅི་མཛད་ཁྱེད་མཁྱེན་གྱི་བློ་གཏད་ལིང་བསྐྱུར་བྱས་ཏེ། དེང་ནས་བྱང་ཆུབ་སྙིང་པོའི་བར་སྐྱབས་སུ་འགྲོ་བའི་འདུན་པས། ཨ༔ ཀ་དག་གཏིང་གསལ་ཆོས་ཀྱི་སྐུ༔ ལྷུན་གྲུབ་རིག་རྩལ་ལོངས་སྤྱོད་རྫོགས༔ དབྱེར་མེད་ཐུགས་རྗེ་སྤྲུལ་པའི་སྐུར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཞེས་འབུམ་ཕྲག་སོགས་མང་ཉུང་ཇི་ཙམ་གསོག་པའི་གྲངས་མ་ཐེམས་བར་འདི་ཉིད་བརྗོད། ཐུན་མཐར་ཡུལ་སེམས་གཉིས་མེད་དུ་ཤེས་པས་རིག་པ་ཁྱབ་གདལ་ཆེན་པོར་ཆམས་ཀྱིས་འཇོག་པའམ། མི་ནུས་ན་སླར་མོས་གུས་བྱས་པས་བླ་མ་དགྱེས་པས་འོད་དུ་ཞུ་སྟེ་རང་ལ་ཐིམ་ནས་དབྱེར་མེད་དུ་གྱུར་པར་མོས་ལ་མཉམ་པར་འཇོག་གོ །གཉིས་པ་ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལའང་། བློ་ཆེན་རྣམས་ཀྱིས་རང་ལུགས་ཐུན་མོང་མ་ཡིན་པའི་སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་དག་པའི་དབྱིངས་ལས་མ་གཡོས་པའི་སངས་རྒྱས་ཁོ་ན་ཡིན་པ་ལ། གནས་སྐབས་མེད་སྣང་གློ་བུར་བའི་འཁྲུལ་པས་བསྒྲིབས་ཀྱང་དོན་ལ་བཅིངས་གྲོལ་གང་ཡང་མེད་པས། རིག་པ་ཡེ་ཤེས་རང་གསལ་གྱི་ངང་དུ་འཁོར་འདས་མཉམ་ཉིད་ཆེན་པོར་ཅོག་གེར་གཞག་པས་རང་ཤར་རང་གྲོལ་ཀ་དག་གི་དབྱིངས་སུ་ལ་བཟླ་བར་སེམས་བསྐྱེད་པ་དང་། ལས་དང་པོ་བ་བློ་ནུས་དམན་པས། ཀུན་རྫོབ་ཏུ་ནམ་མཁས་ཁྱབ་པའི་སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་དུ་མ་གྱུར་པ་གཅིག་ཀྱང་མེད། དེ་ཐམས་ཅད་འཁོར་བའི་རྒྱ་མཚོ་ཆེན་པོར་ཐོག་མཐའ་མེད་པར་བྱིང་ཞིང་སྡུག་བསྔལ་གསུམ་གྱིས་རྟག་ཏུ་མནར་བ་ལ་བྱམས་པ་དང་སྙིང་རྗེ་དྲག་པོས་ཀུན་ནས་བསླངས་ཏེ། སྐྱབས་མེད་པའི་མ་རྒན་ཉམ་ཐག་དེ་ཐམས་ཅད་གཏན་གྱི་བདེ་བ་དམ་པ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་བདག་ཁོ་ནས་འགོད་པར་བྱའོ་སྙམ་པ་སྨོན་པ་དང་། དེའི་ཕྱིར་དུ་ཚུལ་ཁྲིམས་གསུམ་ཕར་ཕྱིན་དྲུག་བསྡུ་དངོས་བཞི་ཟབ་ལམ་རིམ་པ་གཉིས་ལ་བསླབ་པར་བགྱིའོ་སྙམ་པ་འཇུག་པ་དང་། ཡུལ་ཡུལ་ཅན་བྱ་བྱེད་ཐམས་ཅད་གདོད་ནས་མི་དམིགས་ཏེ་སྤྲོས་པ་ཉེ་བར་ཞི་བར་ཤེས་པ་དོན་དམ་བྱང་ཆུབ་ཀྱི་སེམས་རྣམས་ལེགས་པར་བསྒོམས་ལ། ཧོ༔ གློ་བུར་འཁྲུལ་པའི་འགྲོ་བ་ཀུན༔ གདོད་ནས་རྣམ་དག་དབྱིངས་ཀྱི་ངང༔ ཡེ་ཤེས་རིག་པས་རང་གྲོལ་ཕྱིར༔ ཅོག་གཞག་ཆེན་པོར་སེམས་བསྐྱེད་དོ༔ ཞེས་ཅི་འགྲུབ་བརྗོད་པར་བྱའོ། །གསུམ་པ་ཉམས་རྟོགས་སྐྱེ་བའི་འགལ་རྐྱེན་སྒྲིབ་པ་སྦྱོང་བ་ནི། སྡིག་སྒྲིབ་ཀྱི་ཕུང་པོ་གཉེན་པོ་སྟོབས་བཞིའི་སྒོ་ནས་སྦྱོང་བ་སྤྱི་ལ་གྲགས་མོད། འདིར་ཐུན་མོང་མ་ཡིན་པ་ནང་གི་རྣལ་འབྱོར་ཟབ་མོ་བསྟན་པ་སྟེ། རང་ཉིད་ཡི་དམ་དུ་གསལ་བ་འམ། ཐ་མལ་དུ་གནས་པའི་ལུས་ཕྱི་གསལ་ནང་གསལ་གྱི་དབུས་སུ་རྩའི་གཙོ་མོ་གསུམ་ལ་སྤྱི་མགྲིན་སྙིང་ལྟེའི་འཁོར་ལོ་བཞི་བཅས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་སྤྱི་ལྟར་གསལ་བའི་མར་སྣེ་ལྟེ་འོག་སོར་བཞིའི་ཐད་ཀྱི་དབུ་མའི་ནང་དུ་པད་ཟླའི་གདན་ལ། བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས་པའི་ཆས་ཅན་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འོད་ཀྱི་ཡུམ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བདེ་དྲོད་ཀྱི་རང་འོད་འཁྲིགས་པའི་ཀློང་ན་བཞུགས་པ་ལ། སྡིག་སྒྲིབ་སྦྱོང་བའི་གསོལ་བ་སྙིང་ནས་བཏབ་ཅིང་ཡིག་བརྒྱ་བཟླས་པས་ཐུགས་རྒྱུད་བསྐུལ་ཏེ་སྐུ་ལས་ཡེ་ཤེས་ཀྱི་མེ་འབར། ལྟེ་བའི་འཁོར་ལོ་གང་། སྙོམས་འཇུག་གི་གནས་སྐབས་དང་འདོད་ཆགས་ཀྱི་སྒྲིབ་པ་བསྲེགས་ཤིང་སྦྱངས། སྙིང་གའི་འཁོར་ལོ་གང་། གཉིད་འཐུག་གི་གནས་སྐབས་དང་གཏི་མུག་གི་སྒྲིབ་པ་བསྲེགས་ཤིང་སྦྱངས། མགྲིན་པའི་འཁོར་ལོ་གང་། རྨི་ལམ་གྱི་གནས་སྐབས་དང་ཕྲག་དོག་གི་སྒྲིབ་པ་བསྲེགས་ཤིང་སྦྱངས། སྤྱི་བོའི་འཁོར་ལོ་གང་། སད་པའི་གནས་སྐབས་དང་ཞེ་སྡང་ང་རྒྱལ་གྱི་སྒྲིབ་པ་བསྲེགས་ཤིང་སྦྱངས་པས་ཕྱི་ནང་མེད་པ་དྭངས་གསལ་འོད་ཕུང་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་གསང་བ་གསུམ་དང་རང་གི་སྒོ་གསུམ་དབྱེར་མི་ཕྱེད་པར་གྱུར་པར་མོས། དེ་ཉིད་ངག་འདོན་གྱིས་གསལ་འདེབས་བྱེད་ན། ཨཿ བདག་ཉིད་ཐ་མལ་ལུས་ཀྱི་དབུས། །རྩ་གསུམ་འཁོར་ལོ་བཞི་དང་བཅས། །དྭངས་གསལ་འོད་ཀྱི་རང་བཞིན་གྱི། །མར་སྣེ་ལྟེ་འོག་སོར་བཞིའི་སྦུབས། །བླ་མ་དཔལ་ལྡན་རྡོ་རྗེ་སེམས། །དམར་གསལ་ཞལ་གཅིག་ཕྱག་གཉིས་པ། །རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས། །རང་འོད་རིག་མའི་བདེ་བས་དགྱེས། །རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས། །པདྨ་ཟླ་བའི་གདན་གྱི་སྟེང་། །དྭངས་མ་འོད་ལྔའི་ཀློང་ན་བཞུགས། །བླ་མ་རྡོ་རྗེ་སེམས་དཔའ་ལ། །མི་ཕྱེད་གུས་པས་གསོལ་བ་འདེབས། །བདག་གི་སྡིག་སྒྲིབ་ཉེས་ལྟུང་ཀུན། །བྱང་ཞིང་དག་པར་བྱིན་གྱིས་རློབས། །རྩེ་གཅིག་གསོལ་བ་བཏབ་པ་ལས། །ཡེ་ཤེས་མེ་འབར་རྩ་འཁོར་ཁྱབ། །སྒོ་གསུམ་ཆ་མཉམ་སྡིག་སྒྲིབ་ཀུན། །བསྲེགས་སྦྱངས་རང་ལུས་འོད་ཀྱི་སྐུ། རྡོ་རྗེ་སེམས་དཔའི་གསང་གསུམ་དང་། །དབྱེར་མེད་མ་བཅོས་ལྷུག་པར་ཤར། །ཅེས་བརྗོད་ཅིང་བསམ་ལ་ཡི་གེ་བརྒྱ་པ་ཅི་ནུས་བཟླ། བཟླས་སྒོམ་འདི་ཇི་ཙམ་མང་བཞིན་མཆོག་ཏུ་འགྱུར་ལ་ཐ་ནའང་འབུམ་ཐེར་ཙམ་རེ་ངེས་པར་གལ་ཆེའོ། །ཐུན་མཐར་རུ་ཏྲའི་སྨྲེ་བཤགས་ཀྱང་བརྗོད་ལ་བསྒོམ་བྱ་སྒོམ་བྱེད་གཉིས་ཀའང་གདོད་ནས་ཡེ་དག་རོ་མཉམ་ཆེན་པོའི་ངང་དུ་མཉམ་པར་འཇོག་པ་ནི་བཤགས་པ་ཐམས་ཅད་ཀྱི་མཆོག་ཡིན་ཏེ། དྲང་པོར་འདུག་ལ་ཡང་དག་ལྟོས། །དེ་ནི་འགྱོད་ཚངས་རྒྱལ་པོ་ཡིན། །ཞེས་སོ། །བཞི་པ་ཉམས་རྟོགས་སྐྱེ་བའི་མཐུན་རྐྱེན་ཚོགས་གསག་པ་ནི། ཚོགས་གསོག་གི་ཐབས་སྤྱི་དང་བྱེ་བྲག་མང་མོད། སྐབས་འདིར་ནང་གི་རྣལ་འབྱོར་ཁྱད་པར་ཅན་ལ་བརྟེན་པ་སྟེ། དེའང་སྔར་ལྟར་རང་ལུས་གཉུག་མའི་ལྷ་ཡི་དམ་གང་ཡིན་ནམ། སྤྱིར་བཏང་རྡོ་རྗེ་སེམས་དཔར་གསལ་བའི་ལུས་ནང་རྩ་གསུམ་འཁོར་ལོ་བཞི་ལྟེ་འོག་རྡོར་སེམས་ཡབ་ཡུམ་བཤད་མ་ཐག་པ་ལྟར་དང་། དབུ་མའི་ཡར་སྣར་ཧྃ་ཡིག་དཀར་པོ་མགོ་ཐུར་བསྟན། སྤྱི་བོའི་འཁོར་ལོར་བླ་མ་སྐུ་རྡོ་རྗེ་ཡབ་ཡུམ་དཀར་པོ། མགྲིན་པར་གསུང་རྡོ་རྗེ་ཡབ་ཡུམ་དམར་པོ། སྙིང་གར་ཐུགས་རྡོ་རྗེ་ཡབ་ཡུམ་སྔོན་པོ། ལྟེ་བར་ཡེ་ཤེས་རྡོ་རྗེ་ཡབ་ཡུམ་སེར་པོ་རྡོར་དྲིལ་འཛིན་ཅིང་སོ་སོའི་རྩ་འདབ་གྲངས་མཉམ་ཌཱ་ཀིས་བསྐོར་བ་གསལ་གདབ། མོས་གུས་བྱས་ཏེ་འཇམ་རླུང་བཟུང་བས་རྡོར་སེམས་སྐུ་ལས་མེ་འབར་བའི་མེ་ལྕེ་རིམ་པར་གྱེན་དུ་སོང་། སྤྱི་བོའི་ཧྃ་ལ་རེག་པས་དེ་ལས་བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱུན་བབས། སྤྱི་བོའི་བླ་མ་སྐུ་རྡོ་རྗེ་འཁོར་དང་བཅས་པ་ལ་ཕོག་པས་དགའ་བའི་མཆོད་པས་མཉེས། ལུས་རྩའི་སྒྲིབ་པ་དག་ཅིང་ཚོགས་རྫོགས། སྣང་སྟོང་སྐུ་རྡོ་རྗེ་དང་དབྱེར་མེད་དུ་གྱུར། སླར་མགྲིན་པར་བབས། བླ་མ་གསུང་རྡོ་རྗེ་འཁོར་དང་བཅས་པ་ལ་ཕོག་པས་མཆོག་དགའི་མཆོད་པས་མཉེས། ངག་རླུང་གི་སྒྲིབ་པ་དག་ཅིང་ཚོགས་རྫོགས། གྲགས་སྟོང་གསུང་རྡོ་རྗེ་དང་དབྱེར་མེད་དུ་གྱུར། དེ་ལས་སྙིང་གར་བབས། བླ་མ་ཐུགས་རྡོ་རྗེ་འཁོར་དང་བཅས་པ་ལ་ཕོག་པས་ཁྱད་དགའི་མཆོད་པས་མཉེས། ཡིད་ཐིག་ལེའི་སྒྲིབ་པ་དག་ཅིང་ཚོགས་རྫོགས། རིག་སྟོང་ཐུགས་རྡོ་རྗེ་དང་དབྱེར་མེད་དུ་གྱུར། དེ་ལས་ཀྱང་ལྟེ་བར་བབས། བླ་མ་ཡེ་ཤེས་རྡོ་རྗེ་འཁོར་དང་བཅས་པ་ལ་ཕོག་པས་ལྷན་སྐྱེས་དགའ་བའི་མཆོད་པས་མཉེས། སྒོ་གསུམ་ཆ་མཉམ་འཕོ་བའི་སྒྲིབ་པ་དག་ཅིང་ཚོགས་རྫོགས། བདེ་སྟོང་ཡེ་ཤེས་རྡོ་རྗེ་དང་དབྱེར་མེད་དུ་གྱུར་པར་མོས་ལ་མཐར་གོང་སྨྲོས་ལྟར་མཉམ་པར་འཇོག་ལ། མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་ཧཾ༔ ཞེས་ཅི་ནུས་བཟླ། ནང་གི་གསག་སྦྱོང་གཉིས་པོ་སྦྲེལ་མར་ཉམས་སུ་ལེན་པའི་སྐབས་ཡིག་བརྒྱ་བཟླས་གྲུབ་པའི་རྗེས་ཁོ་ནར་མེ་ལྕེས་ཧྃ་ལས་བདུད་རྩི་དྲང་བའི་དམིགས་པ་ལ་འཇུག་ཅིང་། གཉིས་ཀ་གྲུབ་པའི་རྗེས་མཉམ་གཞག་བྱ། དེ་ཉིད་ངག་འདོན་དུ། མཐར་ནི་ཡེ་ཤེས་མེ་ལྕེ་ཡིས། །སྤྱི་བོའི་ཧྃ་ལས་བདུད་རྩི་དྲངས། །འཁོར་ལོའི་གནས་བཞིར་སོན་པ་ལས། །བླ་མ་སྐུ་བཞིའི་དཀྱིལ་འཁོར་པ། །དགའ་མཆོག་ཁྱད་པར་ལྷན་སྐྱེས་ཀྱི། །ཡེ་ཤེས་ཆེན་པོས་རབ་མཉེས་ནས། །བདེ་ཆེན་འབྲས་བུའི་ཚོགས་ཆེན་རྫོགས། །རྡོ་རྗེ་བཞི་དང་དབྱེར་མེད་གྱུར། །ཅེས་བརྗོད་ཅིང་བསམ་ལ་རྗེས་སྔགས་བརྗོད་པ་སོགས་སྔར་ལྟར་བྱའོ། །ལྔ་པ་ཉམས་རྟོགས་སྐྱེ་བའི་ཐབས་ཀྱི་དངོས་གཞི་བླ་མའི་བྱིན་རླབས་ལམ་དུ་བྱ་བ་ལ་གཉིས། བྱིན་རླབས་བླ་མའི་བསྐྱེད་རིམ་དང་། ཟབ་མོ་རྫོགས་པའི་རིམ་པའོ། །དང་པོ་ནི། གཞུང་ལས། དེ་ནས་བླ་མའི་བྱིན་རླབས་ལམ་དུ་བྱ་སྟེ༔ ཞེས་སོགས་ཀྱིས་བསྟན་པའི་དོན་ཏེ། དེའང་སྔོན་འགྲོ་གཞན་རྣམས་གྲངས་གསོག་ལྟ་བུ་སྔོན་དུ་སོང་ཟིན་པའི་དབང་དུ་བྱས་ནས་ཉམས་ལེན་འདིའི་སྐབས་སུ་བབ་པ་ན། མཚམས་དམ་དུ་བཅད། རླུང་རོ་བསལ་ལ་ཤེས་པ་རྣལ་དུ་དབབ། ཐུན་གྱི་སྔོན་འགྲོ་མ་བྱས་ཀྱང་ཆོག་པས་སྐྱབས་སེམས་གསག་སྦྱོང་སྦྲེལ་མར་ཁྱུག་ཙམ་བཏང་ལ། ཀ་དག་གི་ངང་ལས་སེང་གེ་དང་པདྨ་ཉི་མའི་ཁྲི་སྟེང་དུ་རང་ཉིད་གཉུག་མའི་ལྷ་དང་བླ་མ་དབྱེར་མེད་པའི་ངོ་བོ་སིཾ་ཧེ་ཤྭ་ར་རྣལ་འབྱོར་སྤྱོད་པ་ཁྲོ་འཛུམ་སྒེག་པའི་ཉམས་ཅན་ཁ་དོག་དམར་སྨུག་མཉམ་གཞག་དང་སྐྱིལ་ཀྲུང་ཅན། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། སྐུ་ལུས་ཀྱི་ཆ་ཐམས་ཅད་རྩ་གསུམ་རྒྱལ་བ་རབ་འབྱམས་ཏིལ་གོང་ཁ་ཕྱེས་པ་ལྟ་བུས་གང་བ། བ་སྤུའི་ཁུང་བུ་ཐམས་ཅད་ནས་རྡོ་རྗེ་ཡེ་ཤེས་ཀྱི་མེ་ཁྲོ་ཆུང་གི་ཚོགས་དང་བཅས་པ་འཕྲོ་བས་བདུད་དང་བར་དུ་གཅོད་པ་ཐམས་ཅད་སྲེག་པར་མཛད་པ། འཁོར་དུ་བརྒྱུད་གསུམ་གྱི་བླ་མ་དང་། དཔའ་བོ་དང་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ། སྨིན་མཚམས་སུ་ཆོས་འབྱུང་དཀར་པོ་རྩ་བ་ཕྲ་བ་དབུ་མ་ལ་ཟུག་ཅིང་ཁ་གདེངས་གཡེལ་བའི་ཟུར་གཅིག་གྱེན་ལ་བསྟན་པའི་ནང་དུ་བདེ་ཆེན་ཐིག་ལེ་དགའ་བ་འཁྱིལ་བ་དཀར་པོ་འོད་འབར་བ། དེའི་ཐད་ཀ་ལས་ཅུང་ཟད་མཐོ་ཙམ་གྱི་ནམ་མཁར་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་བི་མ་ལ་མི་ཏྲ་དཀར་གསལ་ཤངས་རྩེར་སྐྱེ་མེད་ཡི་གེ་ཨ་དཀར་པོས་མཚན་པ། ཕྱག་མཉམ་གཞག་བདུད་རྩིའི་ཐོད་ཞལ་བསྣམས་པ། དར་སྔོན་པོའི་སྟོད་གཡོགས་དང་ཆོས་གོས་གསོལ་ཅིང་ཞབས་སྐྱིལ་མོ་ཀྲུང་གིས་དགྱེས་ཡེ་རེ་བཞུགས་པ། སྣང་སྲིད་ཐམས་ཅད་འཇའ་ཟེར་ཐིག་ལེར་མེར་མེར་ཤིག་ཤིག་གཡོ་བར་བསམ་ལ་ལེགས་པར་གསལ་གདབ། ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་སྐུ་གསུམ་གྱི་ཞིང་རབ་འབྱམས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་བདག་མདུན་ལ་ཐིམ་པར་བསམ། དེ་ནས་མདུན་གྱི་བླ་མ་ལ་མོས་གུས་ཀྱི་ཤུགས་དྲག་ཏུ་བསྐྱེད་དེ། འོད་གསལ་སྣང་བཞི་མཐར་ཕྱིན་ནས༔ རིག་པ་མི་འགྱུར་སྐུ་ལྔར་བཞེངས༔ འཇའ་ལུས་འཕོ་ཆེན་དྭངས་མའི་གཟུགས༔ འཆི་མེད་བི་མ་མི་ཏྲ་ཀྱེ༔ བདག་ལ་ཐུགས་རྗེས་བརྩེར་དགོངས་ནས༔ མངོན་སུམ་བྱིན་རླབས་དེང་སྩོལ་ཅིག༔ ཅེས་གསོལ་འདེབས་དང་། ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧཱུྃ་ཧཱུྃ༔ ཞེས་པའི་བཟླས་པ་རྩེ་གཅིག་ཏུ་བྱ། དེའང་ཉམས་རྟོགས་བླ་མའི་བྱིན་རླབས་ཁོ་ན་ལ་རག་ལས་པས་འདི་ཁོ་ན་ལ་ནན་ཏན་དུ་བྱ་དགོས་ལ། སྔོན་འགྲོ་སྔ་མ་རྣམས་འབུམ་ཐེར་བསགས་པ་ཡིན་ན་གསོལ་འདེབས་ཀྱང་དེ་ལས་མི་ཉུང་བ་བྱ། བཟླས་པ་འབུམ་ཕྲག་བཅུ་གཉིས་ཀྱི་གྲངས་ཐེམས་ངེས་དགོས་པས་ཐུན་རེ་ལ་ཇི་ཙམ་འོས་པ་བཟླས་པའི་མཐར། དབང་བླང་བ་ནི། སླར་ཡང་མོས་གུས་དྲག་པོས་གསོལ་བ་ལན་གསུམ་བཏབ་པས། བླ་མའི་དཔྲལ་བ་ནས་འོད་ཟེར་དཀར་པོ་ཟླ་བ་ཤར་བ་ལྟ་བུ་དང་རང་འདྲའི་སྐུ་དཔག་ཏུ་མེད་པ་བྱུང་། རང་གི་དཔྲལ་བར་ཐིམ། ལུས་རྩའི་སྒྲིབ་པ་དག །སྤྲོས་བཅས་བུམ་པའི་དབང་ཐོབ། སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་བསྒོམ་པ་ལ་དབང་། ས་བརྒྱད་པ་ནོན། འབྲས་བུ་སྐུ་ལྔ་ཐོབ་པའི་སྐལ་པ་ཅན་དུ་བྱས། བླ་མའི་མགྲིན་པ་ནས་འོད་ཟེར་དམར་པོ་འཆར་ཁའི་ཟེར་ཐག་ལྟ་བུ་དང་ཨཱ་ལི་ཀཱ་ལིའི་ཕྲེང་བ་དཔག་ཏུ་མེད་པ་བྱུང་། རང་གི་མགྲིན་པར་ཐིམ། ངག་རླུང་གི་སྒྲིབ་པ་དག །སྤྲོས་མེད་གསང་བའི་དབང་ཐོབ། སྐྱེ་མེད་རང་བྱུང་རྡོ་རྗེའི་བཟླས་པ་ལ་དབང་། ས་བཅུ་གཅིག་པ་ནོན། འབྲས་བུ་གསུང་ལྔ་ཐོབ་པའི་སྐལ་པ་ཅན་དུ་བྱས། ཐུགས་ཀ་ནས་འོད་ཟེར་སྔོན་པོ་མཐིང་ཞུན་གྱི་དྭངས་མ་ལྟ་བུ་དང་ཨ་ཡིག་མཐིང་གསལ་དཔག་ཏུ་མེད་པ་བྱུང་། རང་གི་སྙིང་གར་ཐིམ། ཡིད་ཐིག་ལེའི་སྒྲིབ་པ་དག །ཤིན་ཏུ་སྤྲོས་མེད་ཤེར་དབང་ཐོབ། བདེ་ཆེན་འོད་གསལ་གྱི་ཡེ་ཤེས་བསྒོམ་པ་ལ་དབང་། ས་བཅུ་གསུམ་པ་ནོན། འབྲས་བུ་ཐུགས་ལྔ་ཐོབ་པའི་སྐལ་པ་ཅན་དུ་བྱས། གནས་གསུམ་ཀ་ནས་འོད་ཟེར་འཇའ་ཚོན་ཤར་བ་ལྟ་བུ་དང་ཙིཏྟ་རིན་པོ་ཆེའི་སྦུབས་ནས་འོད་ལྔའི་གོང་བུ་ཚོན་གང་བ་བྱུང་། རང་གི་གནས་གསུམ་དང་སྙིང་དབུས་སུ་ཐིམ། ཆ་མཉམ་ཡེ་ཤེས་ཀྱི་སྒྲིབ་པ་དག །རབ་ཏུ་སྤྲོས་མེད་བཞི་པ་ཐོབ། ཀ་དག་ལྷུན་གྲུབ་ཟུང་འཇུག་བསྒོམ་པ་ལ་དབང་། ཡེ་ཤེས་བླ་མའི་ས་ནོན། འབྲས་བུ་ཡོན་ཏན་དང་ཕྲིན་ལས་རྣམ་ལྔ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པར་མོས། དབང་ལེན་འདི་ཐུན་གྱི་དངོས་གཞི་བཟླས་པ་ལ་བྱེད་པའི་སྐབས་སུའང་ཡང་ཡང་བསྒོམས་ན་བྱིན་རླབས་ཤིན་ཏུ་ཆེ་གསུངས། མཐར་བླ་མ་ཉིད་དགྱེས་པས་འོད་དུ་ཞུ་སྟེ་སྨིན་མཚམས་ཀྱི་དགའ་བ་འཁྱིལ་བའི་དབུས་སུ་ཐིམ་པས་ཐིག་ལེ་དཀར་པོ་ཨ་ཡིག་གིས་མཚན་པ་སྲན་མ་ཙམ་དུ་གྱུར་པར་བསམ་ལ་སེམས་གཏད། འདི་བྱིན་རླབས་ཤིན་ཏུ་བརྟན་པར་བྱེད་པའི་གནད་དོ། །ཐོག་མར་གསོལ་འདེབས་གཙོར་བྱེད་པའི་སྐབས་སུ་འདིའི་མཚམས་འོག་ནས་འབྱུང་བ་ལྟར་དམིགས་བཟླས་ཁྱུག་ཙམ་བྱས་ལ་བསྡུ་རིམ་དང་བསྔོ་སྨོན་གྱིས་མཐར་དབྱུང་ངོ་། །དེས་གསོལ་འདེབས་བླ་མའི་རྣལ་འབྱོར་གྲུབ་ནས་བསྐྱེད་བཟླས་སེམས་འཛིན་གཙོར་བཏོན་པའི་སྐབས་སྔ་མའི་འགྲོས་སྦྱར་བས་ཀྱང་ཆོག་མོད། འདི་ལ་ཀུན་བཟང་དོན་གྱི་ཕྲིན་ལས་དང་སྦྲེལ་ན་ལེགས་པས་སྨན་རག་གཏོར་མཆོད་སོགས་ཚོགས་གསོག་པའི་ཡན་ལག་ཡིན་ཕྱིར་སྤྱི་ལྟར་བཤམ། མ་འབྱོར་ཡང་དགོངས་པ་གསལ་འདེབས་ཙམ་ཁོ་ནས་ཆོག་པའོ། །དེའང་དོན་ཕྲིན་གྱི་སྐྱབས་སེམས་ཡན་ལག་བདུན་པའི་འཕྲོས་གསག་སྦྱོང་སྦྲེལ་མ་སྔར་བཞིན་སྦྱར་ལ་བགེགས་བསྐྲད་ཕྱིན་མཐར་ཆགས་སུ་གཏང་། སྤྱན་འདྲེན་དང་བཞུགས་གསོལ་གྲུབ་རྗེས་མདུན་མཁར་བླ་མ་ལ་གསོལ་འདེབས་དང་བཟླས་པ་ཁྱུག་ཙམ་བྱས་ལ་དབང་བཞི་བླངས་ནས་བསྟིམ། ལས་བྱང་ཕྱག་མཆོད་བསྟོད་པའི་བར་དུ་བཏང་ནས་ལྷ་སྐུའི་གསལ་སྣང་འདོན་སྐྱོར་བྱས་ལ། དང་པོ་སྐུ་མདོག་ཕྱག་རྒྱ་བཞུགས་སྟངས་རྒྱན་ཆ་ལུགས་རེ་རེ་བཞིན་གསལ་བཏབ་ལ་སེམས་གཟུང་། མཐར་སྤྱིའི་རྣམ་པ་བདེ་བླག་ཏུ་ཤར་བ་ན་གསལ་ལ་རྟོག་པ་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ། སྣང་ལ་རང་བཞིན་མེད་པ་བར་སྣང་གི་འཇའ་ཚོན་ལྟ་བུ། ཐོགས་མེད་ཀུན་ལ་ཁྱབ་པ་ཆུ་ཟླའི་རྣམ་འགྱུར་ལྟ་བུར་ངེས་པ་བསྐྱེད་ནས་སྣང་སྟོང་གཉིས་མེད་ཀྱི་ངང་ལ་ཡུན་རིང་དུ་མཉམ་པར་གཞག །དེ་ལ་སེམས་ཟིན་པ་ན་སྨིན་མཚམས་ཆོས་འབྱུང་དགའ་འཁྱིལ་དབུས་ཀྱི་ཐིག་ལེ་དཀར་པོ་ཨས་མཚན་པ་སྲན་མ་ཙམ་ལ་སེམས་བཟུང་བ་ནི་སྐུ་བསྐྱེད་རིམ་ཕྱག་རྒྱའི་ཏིང་ངེ་འཛིན་ནོ། །དེ་ལ་གསལ་བརྟན་གྱི་ཉམས་ཅི་རིགས་སྐྱེས་པ་ན། ཕྲིན་ལས་ལྟར། ཨ༔ ཨོཾ་ནི་ངོ་བོ་ཆོས་ཀྱི་སྐུ༔ སོགས་ཀྱིས་དགོངས་པའི་གཟེར་བཏབ་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སིཾ་ཧེ་ཤྭ་ར་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དབྱངས་དང་བཅས་པའམ། ཇི་ལྟར་རིགས་པ་བཟླ། མཐར་རླུང་འཇུག་གནས་ལྡང་གསུམ་དང་སྦྱར་བའམ་བུམ་ཅན་དང་སྦྲགས་པའི་རྡོར་བཟླས་བྱས་ལ་སེམས་འཛིན། དེས་སྐྱོ་ན་སྨིན་མཚམས་ཀྱི་ཐིག་ལེ་ལས་འོད་ཟེར་འཕྲོས། དག་པའི་ཞིང་རབ་འབྱམས་ཐམས་ཅད་དུ་ཁྱབ། དེ་དག་ན་གནས་པའི་སྐྱབས་གནས་དཀོན་མཆོག་རྒྱ་མཚོ་ཐམས་ཅད་དང་། ཁྱད་པར་དུ་འོད་གསལ་སྙིང་ཏིག་གི་བརྒྱུད་པའི་བླ་མ་རྣམས་ཀྱི་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་ཆར་དྲག་ཏུ་བབས་པ་ཙམ་དུ་སྤྱན་དྲངས་ནས་ཐིག་ལེ་ལ་ཐིམ་པས་ལུས་ཐམས་ཅད་ཁྱད་པར་བསམ། ཡང་འཕྲོས་མ་དག་པའི་ཞིང་ཁམས་རབ་འབྱམས་ཐམས་ཅད་ལ་ཁྱབ། བརྟན་གཡོ་སྣོད་བཅུད་ཐམས་ཅད་དག་པའི་ཞིང་ཁམས་རབ་འབྱམས་སུ་སྒྱུར་བར་བསམ་ལ་ངག་བཟླས་ཡིད་བཟླས་ཇི་ལྟར་རིགས་པར་བྱས་ཏེ་འཕྲོ་འདུའི་རྩལ་སྦྱོང་བ་ནི་གསུང་བཟླས་པ་སྔགས་ཀྱི་ཏིང་ངེ་འཛིན་ནོ། །གཉིས་པ་ཟབ་མོ་རྫོགས་རིམ་ནི། བསྐྱེད་བཟླས་གྲུབ་པའི་མཐར་སྣོད་བཅུད་ཐམས་ཅད་རིལ་གྱིས་བསྡུས་ཏེ་རང་གི་ལུས་ལ་གཞུག །དེ་ཡང་བསྡུས་ཏེ་སྨིན་མཚམས་ཀྱི་ཐིག་ལེ་ལ་ཐིམ་པས་ཤིན་ཏུ་འོད་གསལ་བར་བསམ་ལ་སེམས་ཡུན་རིང་དུ་འཇོག་པས་རྣམ་རྟོག་གི་རྦ་རླབས་ཞི་བའི་ཏིང་ངེ་འཛིན་མུ་མཐའ་མེད་པར་སྐྱེའོ། །མཐར་དེ་ཡང་གཞའ་ཚོན་མཁའ་ལ་ཡལ་བ་ལྟར་དམིགས་སུ་མེད་པའི་ངང་དུ་ཅི་གནས་སུ་མཉམ་པར་འཇོག་པ་ནི་ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ནོ། །དེའི་ངང་ལས་སྣོད་བཅུད་དག་པའི་འཁོར་ལོར་ལྡང་ལ་བསྔོ་སྨོན་ཤིས་བརྗོད་བྱ་སྟེ་གསལ་འདེབས་པའི་ཚིག་ནི་ལས་བྱང་ལས་འབྱུང་བ་ལྟར་རོ། །དེའང་ཐིག་ལེ་ལ་སེམས་འཛིན་པ་ཡན་ཆད་རྟེན་ཅན་ཞི་གནས། དམིགས་མེད་དུ་འཇོག་པ་རྟེན་མེད་ཞི་གནས་ཏེ་འདི་ནི་གཙོ་བོར་སྔགས་ཀྱི་བསྐྱེད་རིམ་ལ་བརྟེན་ནས་ཞི་གནས་ཀྱི་ཏིང་ངེ་འཛིན་སྐྱེད་པའི་ཐབས་ཁྱད་པར་དུ་འཕགས་པ་ཡིན་ལ། རེ་ཞིག་འདི་ཙམ་ལས་མི་ལྕོགས་ན་ལྷག་མཐོང་སྒྲུབ་པའི་ལྟ་སྒོམ་སྤྱོད་འབྲས་བཞི་པོ་འོག་ཏུ་འབྱུང་བ་ཉིད་འདིར་སྦྱར་བས་བསྐྱེད་རྫོགས་རྐང་ཚང་བ་གཅིག་ཏུ་འགྱུར་རོ། །སྔ་ཕྱི་སྦྲེལ་ན་ཀུན་བཟང་དོན་ཕྲིན་མི་སྦྱོར་བར་གསོལ་འདེབས་དབང་ལེན་གྲུབ་ནས་ལྷ་སྐུའི་སེམས་འཛིན་ལ་འཇུག་གོ། ༈ །།གཉིས་པ་དངོས་གཞིའི་ཁྲིད་ལ་གསུམ། དབང་པོ་རབ་ཚེ་འདིར་གྲོལ་བ། འབྲིང་བར་དོར་གྲོལ་བ། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་དབྱུང་བའོ། །དང་པོ་ལ་གསུམ། སྔོན་འགྲོ་འཁྲུལ་གཞི་རྩད་གཅོད། དངོས་གཞི་འཁྲུལ་པ་རང་གྲོལ། རྗེས་འཁྲུལ་སྣང་ཡེ་ཤེས་སུ་འཆར་བའི་ཁྲིད་དོ། །དང་པོ་ནི། སྔོན་འགྲོ་འཁྲུལ་གཞི་རྩད་ནས་གཅོད་པའི་གནད་ནི༔ ཞེས་པ་སྟེ། དེ་ལ་བཞི། ལུས་སྦྱོང་། ངག་སྦྱོང་། སེམས་སྦྱོང་། ཐམས་ཅད་ལ་རྒྱས་འདེབས་པའི་གནད་དོ། །དང་པོ་ནི། ལུས་མི་འགྱུར་བ་རྡོ་རྗེའི་འདུག་སྟངས་ལ་གནས་པར་བྱའོ༔ ཞེས་པས་འདི་ཕྱིན་ཆད་རྣམས་ལ་ཐོག་མར་བླ་མའི་རྣལ་འབྱོར་རེ་སྔོན་དུ་འགྲོ་དགོས་པས། བྱིན་རླབས་བླ་མའི་གསོལ་འདེབས་ལྟར་རམ། བསྡུ་ན་ཐུན་གྱི་སྔོན་འགྲོར་བཤད་པ་ལྟར་བྱས་ལ། གདན་འབོལ་ཞིང་རྒྱ་ཆེ་བར་བཏིང་པའི་སྟེང་དུ་གཅེར་བུ་ཨང་རག་ཙམ་དཀྲིས་ལ་ལུས་བསྲངས་ཏེ་རྐང་མཐིལ་གཉིས་སྤྲད་པའི་སོར་རྩེ་སར་བཙུགས། པུས་མོ་ཕྱིར་བསྐྱེད། ལག་གཉིས་གྲུ་མོ་བརྒྱངས། མགོ་ལ་མ་རེག་པར་ཐལ་མོ་སྤྱི་བོར་སྦྱར་ལ་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་བྱ། མིག་བར་སྣང་ལ་ཧར་རེ་བལྟ། ལུས་རྡོ་རྗེ་སྔོན་པོ་མེ་འབར་བ་ཞིག་ཏུ་བསྒོམ། དེ་ནས་རྣམ་རྟོག་གི་འཕྲོ་འདུ་ཕྲ་མོ་ཙམ་ཡང་སྤངས་ཏེ་མི་རྟོག་པ་ཁོ་ནའི་ངང་དུ་ལུས་རང་ཤུགས་ཀྱིས་མ་འགྱེལ་བར་དུ་མི་འགྱུར་བར་བཞག །ཧལ་གྱིས་འགྱེལ་བ་ན་དེ་ཐོག་འགུལ་བསྐྱོད་བཟོ་བཅོས་ཅིའང་མི་བྱ་བར་རྟོག་མེད་དུ་རྒྱང་ཙམ་བཞག །སླར་བསྐྱར་ཏེ་འབད་པ་ཉི་མ་གསུམ་དུ་སྦྱངས་པས་ལུས་ཀྱི་མངོན་ཞེན་ལྡོག་པ་དང་སྤྲུལ་སྐུར་གྲོལ་བར་བྱེད་པས་ལུས་སྦྱོང་དང་ལུས་ཀྱི་རུ་ཤན་དབྱེ་བ་དུས་གཅིག་ཏུ་འགྲུབ་པའོ། །གཉིས་པ་ངག་སྦྱོང་ནི། ངག་མི་སྨྲ་བ་ཧཱུྃ་གི་རང་སྒྲར་འཆར་བར་བྱའོ༔ ཞེས་གསུངས་པའི་དོན། སྙིང་ཐིག་ཆེན་མོ་ལྟར་རྒྱས་གདབ་རྩལ་སྦྱོང་མཉེན་བཙལ་ལམ་གཞུག་རྣམས་རེ་རེ་བཞིན་བྱས་ཀྱང་ཆོག་མོད། སྐབས་འདིར་གནད་བསྡུས་ཏེ། ལུས་རྣམ་སྣང་ཆོས་བདུན་ལྟ་སྟངས་སྣ་རྩེར་གཏད། ངག་སྨྲ་བ་བཅད་ལ། རང་གི་སྙིང་གར་གཞིར་གནས་པའི་ཡི་གེ་ཧཱུྃ་སྔོན་པོ་ཞིག་བསམ། ཧཱུྃ་གི་གླུ་ཆེ་ཆུང་རན་པ་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་མང་པོ་སྣ་བུག་གཡས་ནས་བྱུང་ཉེ་སྐོར་ཐམས་ཅད་གང་། རིམ་པར་ཕྱི་རོལ་སྣོད་བཅུད་རྣམས་གང་སྟེ་ཐམས་ཅད་ཀྱང་ཧཱུྃ་གི་རང་བཞིན་མེར་མེར་ཤིག་ཤིག་ཏུ་གྱུར། དེ་རྣམས་ཚུར་བྱུང་སྣ་བུག་གཡོན་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་མེ་རེ་རེ་གང་བ་ལ་སེམས་གཏད། ཡང་ལྟ་སྟངས་མཐོ་བར་བྱས་ལ་ཧཱུྃ་དྲག་ཏུ་བརྗོད་པས། སྙིང་གའི་ཧཱུྃ་ལས་ཧཱུྃ་ཡིག་ཚ་ཞིང་མྱུར་ལ་རྣོ་ཞིང་ཤུགས་དྲག་པ་མང་པོ་འཕྲོས། རང་ལུས་དང་ཕྱི་རོལ་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་ཁྲོལ་ཁྲོལ་ཕུག་ནས་སྟོང་པར་སྦྱངས་ཏེ་མཐར་ཕྱི་ནང་བརྟན་གཡོ་ཐམས་ཅད་ཧཱུྃ་འབའ་ཞིག་གི་རྣམ་པར་གྱུར་པར་བསམ། རྗེས་སུ་ཐམས་ཅད་མི་དམིགས་པ་ནམ་མཁའ་ལྟ་བུའི་ངང་ལ་བཞག །དེ་ལྟར་བསྐྱར་ཏེ་ཉི་མ་གསུམ་ཙམ་ལ་འབད་པས་ངག་གི་མངོན་ཞེན་ལྡོག་ཅིང་ལོངས་སྐུར་གྲོལ་བར་བྱེད་པས་ངག་སྦྱོང་དང་རུ་ཤན་དབྱེ་བ་དུས་གཅིག་འབྱུང་བའོ། །གསུམ་པ་སེམས་སྦྱོང་ནི། ཡིད་མ་ཡེངས་པར་བྱུང་གནས་འགྲོ་གསུམ་གཏན་ལ་དབབ་པར་བྱའོ༔ ཞེས་གསུངས་པའི་དོན་བླ་མའི་རྣལ་འབྱོར་དང་ལུས་གནད་སྔ་མ་ལྟར་བྱས་ལ་གཞན་དུ་མ་ཡེངས་པར། རང་ཉིད་ཐོག་མ་མེད་པ་ནས་འཁོར་བར་འཁྱམས་མཁན་དང་མཐར་སངས་རྒྱས་ཐོབ་མཁན་སོགས་བདེ་སྡུག་སྣ་ཚོགས་ལ་ལོངས་སྤྱོད་པ་པོ་འདི་ལུས་ངག་ཡིད་གསུམ་གང་ཡིན་ལེགས་པར་བརྟགས་ཤིང་དཔྱད་པས། ལུས་སྐྱེ་འཆི་མང་པོར་གྱུར་པས་མི་རྟག །ངག་ལུས་སེམས་གཉིས་ལ་ལྟོས་པས་རང་དབང་མེད། སེམས་ནམ་དུའང་མེད་པར་མི་འགྱུར་བས་སེམས་ཁོ་ན་གཙོ་བར་ཤེས་པ་ན། སེམས་ཞེས་པ་ད་ལྟའི་རྣམ་རྟོག་སྐད་ཅིག་མ་ཝལ་གྱིས་ཤར་ནས་ཡལ་གྱིས་སོང་སྙམ་བྱེད་པ་འདི་ལས་ཅིའང་མེད། འདི་ཉིད་དང་པོ་ཕྱི་ནང་གི་དངོས་པོ་འམ་དངོས་མེད་གང་ལས་བྱུང་། འདི་ནས་བྱུང་སྙམ་པ་འདུག་ན་བྱུང་ཁུངས་དང་བྱུང་ལུགས་ཇི་ལྟ་བུ། ད་ལྟ་ཕྱི་ནང་དང་ལུས་ཀྱི་སྟོད་སྨད་བར་གསུམ་གང་དུ་གནས། སྙིང་ལྟ་བུ་ལ་གནས་སྙམ་ན་སྙིང་དེའི་ཡང་སྟོད་སྨད་མཐའ་དབུས་གར་གནས་པ་དེའི་ངོ་བོ་ཁ་དོག་དབྱིབས་ཇི་ལྟ་བུས་གནས། མཐར་འགག་པའི་ཡུལ་ལམ་འགྲོ་བའི་གནས་ཅི་འདྲ་བ་ཞིག་འདུག །བལྟ་བྱའི་ཤེས་པ་ལ་ཕར་བལྟ། རྟོག་བྱེད་ཀྱི་སེམས་ལ་ཚུར་བལྟ། དེ་གཉིས་ཀྱང་གཅིག་གམ་ཐ་དད་ཡིན་སོགས་སྐད་ཅིག་ཀྱང་མ་ཡེངས་པར་རྩད་བཅད་ལ་ལྷོད་ཀྱིས་ཀློད། དེའི་ངང་ལས་རྣམ་རྟོག་ཐོལ་གྱིས་འཕྲོ་ན་དེ་མ་ཐག་དྲན་པས་བཟུང་ལ་དེ་ཉིད་གང་ལས་བྱུང་། རྣམ་པ་ཇི་ལྟ་བུ། ཡལ་དུས་གང་དུ་འགྲོ། དེ་དང་རྟོག་བྱེད་གཉིས་གཅིག་ཡིན་མིན་སོགས་རིག་པ་རྐྱང་འདེད་ཀྱིས་ཕུ་ཐག་མ་ཆོད་བར་བརྟགས་ཤིང་དཔྱད་པས་ཅིའང་མ་རྙེད་གང་དུའང་མ་གྲུབ། ཡོད་མེད་ཀྱི་མཐའ་ལས་འདས་པར་ཤེས་ནས། དང་པོ་བྱུང་བར་སྙམ་ཡང་འོང་མཁན་གཞི་རྩ་མ་གྲུབ་པས་སྐྱེ་བ་མེད་པ་ཆོས་སྐུའི་བཞུགས་ཚུལ། བར་དུ་གནས་པ་སྙམ་ཡང་དངོས་པོ་དངོས་མེད་གང་གི་ཚུལ་དུའང་མི་གནས་པས་གནས་པ་མེད་པ་ལོངས་སྐུའི་གཤིས་ལུགས། མཐར་འགག་པར་སྙམ་ཡང་གང་དུའང་འགྲོ་མཁན་དང་འགྲོ་ཡུལ་མ་དམིགས་པས་འགག་པ་མེད་པ་སྤྲུལ་སྐུའི་རང་བཞིན་དུ་ངོ་འཕྲོད་པས། ཡིད་ཀྱི་མངོན་ཞེན་ལྡོག་པ་དང་ཆོས་ཀྱི་སྐུར་གྲོལ་བར་བྱེད་པས་སེམས་སྦྱོང་དང་སེམས་ཀྱི་རུ་ཤན་དབྱེ་བ་ཕྲུགས་གཅིག་ལ་རྫོགས་པའོ། །བཞི་པ་ཐམས་ཅད་ལ་རྒྱས་འདེབས་པའི་གནད་ནི། དེ་ཐམས་ཅད་དབྱིངས་ལས་བྱུང་ཞིང་དབྱིངས་སུ་བསྐྱལ་ལ་དབྱིངས་ལས་མ་གཡོས་པ་ནི་གནད་དོ༔ ཞེས་གསུངས་ཏེ། སྒོ་གསུམ་གྱི་སྔོན་འགྲོ་དེ་རྣམས་ལ་འབད་པའི་སྐབས་ཐམས་ཅད་དུ་ཨ་འཐས་གཉིས་འཛིན་མཚན་མར་རྟོག་པའི་བློས་མི་བཅིང་བར་ཐོག་མ་ཉིད་ནས་ལྟ་བ་ཀ་དག་ནམ་མཁའ་ལྟ་བུའི་རྩིས་ཟིན་པ་གལ་ཆེ་སྟེ། བྱ་བྱེད་ལས་གསུམ་གའང་ཐོག་མར་དབྱིངས་ཀ་དག་སྤྲོས་པ་དང་བྲལ་བ་ལས་མེད་སྣང་གློ་བུར་བ་ནམ་མཁའ་སྟོང་པ་ལས་སྤྲིན་བརྡོལ་བ་ལྟ་བུར་བྱུང་ཡང་རང་བཞིན་མེད་པར་ཤེས་པ་དང་། མཐར་དེ་དག་ཐམས་ཅད་ཀྱང་དབྱིངས་ཀ་དག་གི་ངང་དུ་སྤྲོས་པ་ཉེ་བར་ཞི་བ་སྤྲིན་ནམ་མཁའ་ལ་རང་དེངས་སུ་འགྲོ་བ་བཞིན་བསམ་བརྗོད་འཛིན་བྲལ་ཆེན་པོར་བསྐྱལ་བ་དང་། སྒོ་གསུམ་གྱི་རྣམ་འགྱུར་ཇི་ལྟ་བུ་ཞིག་བྱས་ཀྱང་དབྱིངས་ཀ་དག་གི་རང་བཞིན་ལས་གཞན་དུ་རྡུལ་ཙམ་ཡང་གཡོ་བ་མེད་པ་རྩོལ་བཅས་སམ་རྩོལ་མེད་ཀྱི་དྲན་པ་བློ་ནུས་དང་སྦྱར་བས་བཟུང་སྟེ་ལམ་དུ་གཏོང་བ་ཁོ་ན་གནད་དུ་ཆེའོ། །གཉིས་པ་དངོས་གཞིའི་ཁྲིད་ནི། དངོས་གཞི་འཁྲུལ་པ་རང་སར་གྲོལ་བའི་གནད་ནི༔ ཞེས་གསུངས་ཏེ། དེ་ལ་བཞི། རི་བོ་ཅོག་གཞག །རྒྱ་མཚོ་ཅོག་གཞག །རིག་པ་ཅོག་གཞག །དེ་ཐམས་ཅད་ལ་རྒྱས་འདེབས་པའི་གནད་དོ། །དང་པོ་ནི། ལུས་མི་འགྱུར་བ་རི་བོ་ཅོག་གཞག་གིས་གཞི་གཟུང་ངོ༔ ཞེས་པ་སྟེ། སྔོན་འགྲོ་ལེགས་པར་འབྱོངས་ནས་དངོས་གཞིའི་ཐོག་མར་གཞི་ཀ་དག་ཁྲེགས་ཆོད་ཀྱི་དོན་ཉམས་སུ་ལེན་པ་ནི། ལུང་ལས། མི་འགྱུར་བརྟན་པ་རི་བོ་བཞིན་དུ་ཞོག །ཅེས་གསུངས་པ་ལྟར། ལུས་སོག་ཕོན་ཐག་པ་ཆད་པ་ལྟར་རང་བབས་བདེ་ལུགས་ཀྱི་ངང་དུ། འགྲོ་འདུག་བྱ་བྱེད་གཡོ་སྐྱོད་སོགས་ཀྱིས་ནམ་ཡང་མི་འགྱུར་བ་རི་བོ་ལྷུན་ཆགས་པ་ལྟར་རང་བཞིན་བབ་གཤིས་སུ་ཅོག་གེར་བཞག །ལས་དང་པོ་པ་ལ་སྒོ་གསུམ་གློད་ཆེས་ན་ཐ་མལ་དུ་འབྱམས་ཉེན་ཡོད་པས་སྐབས་སུ་རྣམ་སྣང་ཆོས་བདུན་ལས་མི་གཡོ་བར་བྱ། དེའང་ལྟ་སྒོམ་ལ་གནད་དུ་གང་འགྲོ་དང་བསྟུན་པའི་སྒྲིམ་གློད་སྤེལ་མར་བྱས་ཏེ་ཏིང་ངེ་འཛིན་གྱི་གཞི་གཟུང་ངོ་། །གཉིས་པ་ནི། ངག་མི་སྨྲ་བར་རྒྱ་མཚོ་ཅོག་གཞག་ཨར་ལ་གཏད་དོ༔ ཞེས་པ་སྟེ། དེའང་ལུང་ལས། མི་གཡོ་དྭངས་པ་རྒྱ་མཚོ་བཞིན་དུ་ཞོག །ཅེས་གསུངས་པས། ངག་པི་ཝཾ་གི་རྒྱུན་ཐག་བཅད་པ་བཞིན་སྨྲ་བརྗོད་རླུང་རྩོལ་ཐམས་ཅད་སྤངས་ཏེ། ཕྱི་ལྟར་མིག་མི་འགུལ་བར་ལྟ་སྟངས་ཅུང་ཟད་གྱེན་དུ་ཕྱོགས་པའི་ནམ་མཁར་ཧྲིག་གེར་གཏད། ནང་ལྟར་ཤེས་པ་བཟོ་མེད་རྗེན་པའང་དེར་གཏད་པས་དབྱིངས་དང་རིག་པ་ཟུང་འབྲེལ་ཡུལ་དང་ཡུལ་ཅན་དབྱེར་མེད་གསལ་དྭངས་ངོས་གཟུང་དང་བྲལ་བའི་ངང་། ཕྱི་ནང་གཉིས་རྒྱ་མཚོ་ཆེན་པོ་བཞིན་མི་གཡོ་བར་འཁྱིལ་ལེར་གནས་པ་ལ་རྩེ་གཅིག་ཏུ་གཟིར་ཏེ་ཨར་ལ་གཏད་པར་བྱའོ། །གསུམ་པ་ནི། སེམས་མ་ཡེངས་པར་རིག་པ་ཅོག་གཞག་ལ་བཟླའོ༔ ཞེས་པ་སྟེ། སེམས་རང་འཐག་གི་ལྟག་ཆུ་བཅད་པ་བཞིན་རྣམ་རྟོག་གི་འཕྲོ་འདུ་ཐམས་ཅད་སྤངས་ཏེ་ཕྱི་ནང་གང་དུའང་མ་ཡེངས་པར་རིག་པ་ཁེར་འདེད་ཀྱི་ཅོག་གཞག་ཆེན་པོས་གདོད་མའི་དབྱིངས་སུ་ལ་བཟླ་བར་བྱ་དགོས་ཏེ། འདི་ལ་ཞིབ་ཏུ་དབྱེ་ན་བཞི། ལྟ་བས་ཐག་བཅད་པ། སྒོམ་པས་ཉམས་སུ་ལེན་པ། སྤྱོད་པས་བོགས་དབྱུང་བ། འབྲས་བུའི་རྟགས་འཆར་བའི་ཚུལ་ལོ། །དང་པོ་ནི། འདི་ལྟར་སྣང་བ་ཐམས་ཅད་བློས་བཀོད༔ བྱུང་ཚོར་དང་བཅས་པའི་བློ་ནི་མེད་པ་གསལ་བར་སྣང༔ དེའི་དབྱིངས་ནི་བསམ་པའི་ཡུལ་ལས་འདས༔ སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རྟེན་མེད་པར་མཐོང་བ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཀ་དག་གཏིང་གསལ་འདུས་མ་བྱས་པའོ༔ ཞེས་གསུངས་ཏེ། འདི་ལྟར་ཕྱི་རོལ་ཡུལ་གྱི་སྣང་བ་ཐམས་ཅད་ནི་རང་གི་རྣམ་པར་རྟོག་པའི་བློས་ཕར་བརྟགས་ཤིང་བཀོད་པ་ཁོ་ན་མ་གཏོགས་རང་ངོས་ནས་བདེན་པར་གྲུབ་པ་ནི་གཅིག་ཀྱང་མེད། ནང་གཟུང་འཛིན་འཁྲུལ་པའི་གཞན་དབང་གིས་མཚན་རྟོག་བྱུང་ཚོར་གྱི་འདུ་ཤེས་སྣ་ཚོགས་པ་དང་བཅས་པའི་བློ་སེམས་འདི་ནི་རྨི་ལམ་བཞིན་དུ་མེད་པ་གསལ་བར་སྣང་བ་ཙམ་ཡིན་ལ། སེམས་ཀྱི་ངོ་བོའམ་དབྱིངས་ནི་ནམ་མཁའ་ལྟར་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་འཁོར་འདས་གང་གིའང་ཕྱོགས་སུ་མ་ལྷུང་ལ་རྒྱར་མ་ཆད་པ། ཀུན་ལ་ཁྱབ་ཅིང་བསམ་བརྗོད་ཀྱི་ཡུལ་ལས་འདས་པས་བརྟག་དཔྱད་ཀྱི་བློས་དོན་སྤྱི་ཙམ་གོ་བ་ལས་དོན་ཇི་བཞིན་པ་མི་མཚོན། འོན་ཀྱང་བླ་མའི་བྱིན་རླབས་དང་ཁ་ནང་དུ་ཕྱོགས་པའི་སྒོམ་སྟོབས་ལ་བརྟེན་ནས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས། སྣང་སྟོང་ཡོད་མེད་ཉེ་རིང་གང་དུའང་མ་བརྟེན་པའི་གཤིས་ལུགས་གཞི་མེད་རྩ་བྲལ་མཐོང་མེད་ནམ་མཁའ་ལྟ་བུ་མཐོང་བ་ནི། ཆོས་ཐམས་ཅད་ཀྱི་གདོད་མའི་གནས་ལུགས་དབྱིངས་ཀ་དག་དང་རིག་པ་གཏིང་གསལ་དབྱེར་མེད་པ་སུས་ཀྱང་འདུས་མ་བྱས་པ་སྟེ། ཉམས་ལེན་དུ་ཧྲིལ་དྲིལ་ན། ད་ལྟར་གྱི་ཤེས་པ་སྐད་ཅིག་མ་གཉེན་པོས་མ་བཅོས་ཤིང་མཚན་མས་མ་བསླད་པ། རང་བྱུང་ཡེ་ཤེས་སྟོང་གསལ་བློ་འདས་ཆེན་པོར་ཝ་ལེར་གསལ་བ་འདི་ཉིད་གདོད་མའི་ཆོས་སྐུ་རིག་སྟོང་རྗེན་པར་རང་ངོ་ཤེས་པ་ནི་ངོ་རང་ཐོག་ཏུ་འཕྲོད་པ་སྟེ་ལྟ་བས་ཐག་བཅད་པའོ། །གཉིས་པ་སྒོམ་པས་ཉམས་སུ་ལེན་པ་ནི། དེ་ལྟར་ཁོང་དུ་ཆུད་པས་ནམ་མཁའ་རྣལ་འབྱོར་དུ་བྱ་སྟེ༔ མི་བསྒོམ་པའི་ཚུལ་གྱིས་དོན་དང་མི་འབྲལ་བ་ལ་བསླབ་བོ༔ ཞེས་གསུངས་ཏེ། ཀ་དག་ལྟ་བའི་གནས་ལུགས་དེ་ལྟར་ཁོང་དུ་ཆུད་ནས་དེའི་དོན་སྒོམ་པས་ཉམས་སུ་ལེན་པ་ན། ལུང་ལས། ཡངས་དོག་བྲལ་བ་ནམ་མཁའ་བཞིན་དུ་ཞོག །གང་ལྟར་གནས་ཀྱང་རིག་པའི་ངང་ཡིན་ཞོག །འཕྲོ་གནས་རང་རིག་དྭངས་སངས་ཕྱེད་པར་ཞོག །ཅེས་གསུངས་པ་ལྟར། སྔར་ངོ་འཕྲོད་པའི་ལྟ་བ་ནམ་མཁའ་ལྟ་བུ་དེ་ལ་རྣལ་འབྱོར་དུ་བྱ་སྟེ། དེའང་། སྒོམ་མ་མྱོང་དང་འབྲལ་མ་མྱོང་། །མི་སྒོམ་དོན་དང་མི་འབྲལ་བ། །ཞེས་པའི་ཚུལ་བཞིན་བསྒོམ་པར་བྱ་རྒྱུ་རྡུལ་ཙམ་མེད་པས་ཅིའང་མི་སྒོམ་པའི་ཚུལ་གྱིས་སྤང་ཐོབ་ཡེངས་འཁྲུལ་གདོད་མ་ནས་མ་གྲུབ་པས་ནམ་ཡང་གནས་ལུགས་ཀྱི་དོན་དང་མི་འབྲལ་བ་ལ་བསླབ་བོ། །དེའི་དོན་མདོར་དྲིལ་ན། བཞི་ཆ་གསུམ་བྲལ་བློ་འདས་ཆོས་སྐུའི་དགོངས་པ་ལས་མི་གཡོ་བར་གནས་པ་སྟེ། རྟོག་པ་སྔ་མ་འགགས། ཕྱི་མ་མ་སྐྱེས། ད་ལྟའི་ཤེས་པ་སྐད་ཅིག་མ་བཟོ་བཅོས་མ་བྱས་པ་སྟེ་རྟོག་པ་གསུམ་དང་བྲལ་བའི་བཞི་པའི་ཆ་རང་བྱུང་རིག་པའི་ཡེ་ཤེས་གསལ་ཧྲིག་རྗེན་ནེ་བ། ཡངས་པ་ཕྱལ་ལེ་བའི་ངང་དུ་ཆེད་དུ་རྩོལ་བས་མ་བསྒྲུབས། ཡེངས་པ་ཕྱལ་བར་མ་འབྱམས་པར་སེམས་ཀྱི་རྟོག་པའི་འཕྲོ་འདུ་ཅི་ཞིག་བྱུང་ཡང་ནམ་མཁའ་ལ་སྤྲིན་གྱིས་ཕན་གནོད་མེད་པ་ལྟར་རིག་པ་ལ་ཅིས་ཀྱང་མ་གོས་པས། རྒན་པོས་བུ་ཆུང་གི་སྤྱོད་པ་མཐོང་བ་བཞིན་གཉེར་ཁ་མེད་པར་ཁ་ཡན་རང་བབ་ཏུ་གློད་ཅིང་བཞག་པ་ནི་ཐག་གཅིག་ཐོག་ཏུ་བཅད་དེ་སྒོམ་པས་ཉམས་སུ་བླང་བའོ། །དེས་ན་འཁོར་འདས་ཀྱི་སྣང་བའི་ཆོ་འཕྲུལ་བཟང་ངན་ཅི་ལྟ་བུ་ཞིག་ཤར་ཡང་རང་གི་རིག་པའི་རྩལ་ལས་མ་འདས་པས་རིག་པ་ཉིད་རང་སོ་ཟིན་པ་ཁོ་ནས་ཆོག་སྟེ། ལུང་ལས། ཇི་ལྟར་བྱ་རྣམས་ནམ་མཁར་འཕུར་ན་ཡང་། །མཁའ་ལས་མ་འདས་དེ་བཞིན་རིག་པའི་ངང་། །ཆོས་རྣམས་རང་གསལ་གཡོ་བ་མེད་པར་ཞོག །ཅེས་སོ། །གསུམ་པ་སྤྱོད་པས་བོགས་དབྱུང་བ་ནི། ཚོགས་དྲུག་གི་སྣང་བ་བཀྲ་ལམ་གྱིས་ཤར་ན་དེ་ལ་མི་དཔྱོད་པར་ཆོས་ཉིད་རང་གི་ངོ་བོའི་ངང་དུ་རྩོལ་བ་ཀློད་ལ་ལས་ཟིན་པའི་སྐྱེས་བུ་ལྟར་སྤྱོད་དོ༔ ཞེས་གསུངས་ཏེ། དེ་ལྟར་ཉམས་སུ་ལེན་པའི་མཉམ་གཞག་རྗེས་ཐོབ་གང་གི་སྐབས་སུའང་མིག་གི་ཡུལ་དུ་གཟུགས་ལ་སོགས་པ་ཚོགས་དྲུག་གི་སྣང་བ་དབང་པོ་ལ་བཀྲ་ལམ་གྱིས་ཤར་བ་ན། རྣམ་པར་ཤེས་པ་ཁ་ཕྱིར་བལྟས་ཀྱིས་དེ་ལ་ཡེངས་ན་དྲན་ཤེས་དང་བྲལ་ནས་ཆགས་སྡང་གིས་ལས་སོགས་ཏེ་སྒོམ་པ་དོན་མེད་པར་འགྱུར་བས། ཤར་མ་ཐག་པ་ནས་དྲན་པས་བཟུང་སྟེ་དེ་ལ་དགག་སྒྲུབ་ཀྱི་བློས་མི་དཔྱོད་པར་འཛིན་པའི་སེམས་ཀྱི་ཁང་བུ་བཤིགས་ལ་ཆོས་ཉིད་རང་གི་ངོ་བོའི་ངང་དུ་རང་བབ་ཏུ་འཇོག་ཅིང་རྩོལ་བ་གློད་དེ། དཔེར་ན་བསྒྲུབ་བྱའི་ལས་གང་ཞིག་བྱས་ཟིན་པའི་སྐྱེས་བུས་ལུས་སེམས་རྩོལ་མེད་དལ་བར་གནས་པ་ལྟར་ཅིའང་སྤྱད་དུ་མེད་པའི་སྤྱོད་པ་ལ་གནས་པར་བྱའོ། །དེའང་གནས་ལུགས་རང་བབ་ཀྱི་ངང་དུ་འཇོག་པའི་དུས། ཐ་མལ་ཤེས་པ་ཡུལ་ལ་འཕྲོ་འཇུག་བྱེད་ཀྱང་འཕྲོ་བའི་རྗེས་སུ་མ་ཡེངས་ཤིང་བཅོས་བསླད་མེད་པར་གློད་པས། ཆུ་རླབས་ཆུར་ཐིམ་པ་ལྟར་དྲན་རྟོག་རྗེས་མེད་རང་ཤར་རང་གྲོལ་ལས་མ་གཡོས་པ་ནི་གདིང་གྲོལ་ཐོག་ཏུ་འཆོས་པ་ཞེས་འབྲས་བུ་གཏན་ལ་ཕབ་པའོ། །བཞི་པ་འབྲས་བུའི་རྟགས་འཆར་ཚུལ་ནི། དེའི་ཚེ་རླུང་སེམས་ཟིན་པའི་རྟགས་རྣམས་ཀྱང་རྩོལ་མེད་དུ་འབྱུང་ཞིང་འོད་གསལ་བའི་ལྷག་མཐོང་གྲུབ་པས་ཞི་བར་གནས་པ་ཉིད་དོ༔ ཞེས་པ་སྟེ། དེ་ལྟར་ཅོག་གཞག་རྣམ་པ་གསུམ་གྱིས་རྩེ་གཅིག་ཉམས་ལེན་ལ་བརྩོན་པའི་ཚེ་རླུང་སེམས་དབུ་མར་ཞུགས་པའི་རྟགས་སུ་སྣང་ཉམས་ཅི་རིགས་པ་དང་ཤེས་ཉམས་སྣ་ཚོགས་པ་རྣམས་ཀྱང་འབད་རྩོལ་མེད་པར་ཤུགས་ཀྱིས་འབྱུང་ལ། རིམ་པར་གོམས་འདྲིས་བརྟན་པ་ཐོབ་པ་ན། རང་བྱུང་གདོད་མའི་ཆོས་སྐུ་གནས་ལུགས་འོད་གསལ་གྱི་རིག་པ་དྲི་མ་ཐམས་ཅད་དང་བྲལ་བའི་ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་བདེ་བླག་ཏུ་གྲུབ་ནས། ཆོས་ཉིད་དབྱིངས་ཀྱི་ངང་དུ་ཆོས་ཅན་མཚན་མའི་སྤྲོས་པ་ཉེ་བར་ཞི་བས་སྲིད་ཞིའི་ཁྱབ་བདག་ཉིད་དུ་ཉེ་བར་གནས་པར་འགྱུར་རོ། །བཞི་པ་ཐམས་ཅད་ལ་རྒྱས་འདེབས་པའི་གནད་ནི། དེ་ཐམས་ཅད་ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་པ་ནི་གནད་དོ༔ ཞེས་གསུངས་ཏེ། སྤྱིར་ཅོག་གཞག་གང་ཡིན་པ་བྱའོ་སྙམ་པ་ལྟ་བུའི་སྙམ་བྱེད་ཀྱི་རྟོག་པའང་ངོ་ཤེས་བཞིན་པའི་ངང་སྦྱང་བྱ་དེ་ཉིད་རྩོལ་བ་མི་དགོས་པའི་རྩལ་རྫོགས་པ་དང་། མཐར་གོམས་ཤིང་འདྲིས་ནས་གདིང་དུ་གྱུར་ཏེ་བརྟན་པ་ཐོབ་པར་བྱ་དགོས་པའང་ཡིན་ལ། ཁྱད་པར་ཉམས་ལེན་དེ་རྣམས་ཀྱི་སྐབས་ཐམས་ཅད་དུ་སྒོ་གསུམ་དང་འབྲེལ་བའི་རྣམ་རྟོག་གི་འཕྲོ་འདུ་མཐའ་ཡས་པ་ཞིག་འབྱུང་བར་འགྱུར་ལ། བྱུང་བ་དེ་ཉིད་མ་བྱུང་ན་ལེགས་སོ་སྙམ་པས་བཀག་ཀྱང་མི་བཀག །རྟོག་པ་ངན་པ་བཟང་པོར་བསྒྱུར་བ་ལྟ་བུའི་བཅོས་བསླད་ཀྱང་མི་བྱ། རྟོག་པ་མ་སྐྱེས་ན་ཆེད་དུ་སྐྱེར་ཡང་མི་གཞུག་ལ། གློ་བུར་ཤུགས་འབྱུང་དུ་བཟང་ངན་བར་མའི་རྟོག་པ་ཇི་ལྟ་བུ་ཞིག་སྐྱེས་ཀྱང་དེ་མ་ཐག་དྲན་པས་ཙིར་གྱིས་གཟུང་ལ་ངོ་ཤེས་པར་བྱ། ཤེས་མ་ཐག་གཉེན་པོས་གློ་རྡེག་མི་བྱ་བར་རྩལ་རྫོགས་སུ་འཇུག །རྫོགས་མ་ཐག་ཁ་ཡན་དུ་མི་གཏང་བར་རྟོག་པ་རང་གི་ངོ་བོ་ཆོས་ཉིད་དུ་ཀློད་ལ་རང་གྲོལ་ཆེན་པོའི་དབྱིངས་སུ་བསྐྱལ་ཏེ། ཐོག་མར་རྣམ་རྟོག་རང་བཞིན་མེད་པར་གྲོལ་བ་བུ་ཆུང་གིས་ལྷ་ཁང་བལྟ་བ་ལྟ་བུ། བར་དུ་རྣམ་རྟོག་གཉེན་པོ་མེད་པར་གྲོལ་བ་སྦྲུལ་མདུད་ནམ་མཁར་ཞིག་པ་ལྟ་བུ། མཐར་རྣམ་རྟོག་ཕན་གནོད་མེད་པར་གྲོལ་བ་རྐུན་པོ་ཁང་སྟོང་དུ་ཕྱིན་པ་ལྟ་བུ་ལ་གདིང་འཆོས་ཏེ་བརྟན་པ་ཐོབ་པར་བྱ་བ་ནི་གནད་ཀྱི་སྙིང་པོ་འོ། །གསུམ་པ་རྗེས་ཀྱི་ཁྲིད་ནི། རྗེས་འཁྲུལ་སྣང་ཡེ་ཤེས་སུ་རང་ཤར་བའི་གནད་ནི༔ ཞེས་པས་བསྟན་ཏེ། དེ་ལ་གཉིས། གཞུང་དོན་དང་། འཕྲོས་དོན་ནོ། །དང་པོ་ལ་བཞི། བཞུགས་སྟངས། གཟིགས་སྟངས། དམིགས་གནད། དེ་ཐམས་ཅད་ལ་རྒྱས་འདེབས་པའི་གནད་དོ། །དང་པོ་ནི། ལུས་མི་གཡོ་བ་བཞུགས་སྟངས་གསུམ་གྱིས་གཞི་གཟུང་ངོ༔ ཞེས་པ་སྟེ། དེ་ལྟར་ཁྲེགས་ཆོད་ཀྱི་ལྟ་སྒོམ་ལ་བརྟན་པ་ཐོབ་ནས་ལམ་ལྷུན་གྲུབ་ཐོད་རྒལ་ཉམས་སུ་ལེན་པ་ལ་སྒོ་ཡུལ་རླུང་རིག་གི་གནད་གཅུན་པ་གལ་ཆེ་བས། ལུས་འགུལ་སྐྱོད་ལ་སོགས་པས་ཅུང་ཟད་ཀྱང་མི་གཡོ་བར་བཞུགས་སྟངས་གསུམ་ལ་རྟག་ཏུ་གནས་པས་ཡེ་ཤེས་འཆར་བའི་གཞི་གཟུང་དགོས་ཏེ། སངས་རྒྱས་སྲས་གཅིག་གི་རྒྱུད་ལས། མངོན་སུམ་དོན་ལ་བལྟ་བའི་ཕྱིར། །ལུས་དང་ངག་ཡིད་རབ་ཏུ་གཅུན། །ལུས་ནི་སེང་གེ་ལྟ་བུ་དང་། །དྲང་སྲོང་དང་ནི་གླང་ཆེན་ཚུལ། །འདི་ལས་གཡོ་བར་མ་བྱས་ན། །སངས་རྒྱས་སུམ་སྟོང་ཉིད་དང་ཡང་། །སྐལ་པ་དག་ནི་མཉམ་པ་ཡིན། །ཞེས་ཕན་ཡོན་བཅས་གསུངས་པ་ལྟར། ཐོག་མར་ཆོས་སྐུ་སེང་གེའི་བཞུགས་སྟངས་ནི། རྐང་པའི་མཐིལ་གཉིས་སྦྱར། པུས་མོ་ཕྱིར་བསྒྲད། ལག་པའི་མཐེ་བོང་གིས་སྲིན་ལག་གི་རྩ་བ་མནན་པའི་རྡོ་རྗེ་ཁུ་ཚུར་བཅངས་པ་རྟིང་པའི་རྩར་ས་ལ་བཙུགས། ལག་ངར་དྲང་པོར་བསྲང་། རོ་སྟོད་གསེངས་ཏེ་དཔུང་པ་གྱེན་དུ་འཐེན། མཇིང་པ་ཡིད་ཙམ་གྱེན་ལ་གཏོད། ལྕེ་ཅུང་ཟད་གྱེན་ལ་བསྒྲིལ་བའོ། །གཉིས་པ་ལོངས་སྐུ་གླང་པོ་ཆེའི་བཞུགས་སྟངས་ནི། ཁ་སྦུབ་ཏུ་པུས་བྲང་སྦྱར། གྲུ་མོ་ས་ལ་བཙུགས་ཏེ་ལག་མཐིལ་གྱིས་ཨོས་ཀོ་བརྟེན་པའི་སོར་མོ་འགྲམ་པ་ལ་སྦྱར། རྒལ་ཚིགས་དྲང་པོར་བསྲང་། མགོ་གྱེན་དུ་དགྱེ་ཙམ་བྱེད་པའོ། །གསུམ་པ་སྤྲུལ་སྐུ་དྲང་སྲོང་གི་བཞུགས་སྟངས་ནི། རྐང་པའི་ལོང་བུ་གཤིབས་ཏེ་ཙོག་པུར་འདུག །ལག་གཉིས་པུས་མོ་ལ་བསྐོར། རྒལ་ཚིགས་དྲང་པོར་བསྲངས་ཏེ་མགོ་ཐད་ཀར་གཏོད་པའོ། །དེ་གསུམ་གྱིས་འབྱུང་བ་རང་སར་དག །གཡོ་བྱེད་ཀྱི་རླུང་ཟིན། དྲོད་སྐྱེད་ཅིང་འབྱུང་བཞི་སྙོམས། མཐར་ཐུག་སྐུ་གསུམ་དུ་གྲོལ་བར་བྱེད་དོ། །གཉིས་པ་གཟིགས་སྟངས་ནི། ངག་མི་སྨྲ་བར་གཟིགས་སྟངས་གསུམ་གྱིས་ཨར་ལ་གཏད་དོ༔ ཞེས་པ་སྟེ། ངག་གིས་སྨྲ་བརྗོད་ཅུང་ཟད་ཀྱང་མི་བྱ་བར་རླུང་དལ་བར་བརྟེན་ཏེ་མཆུ་སོ་མ་རེག་ཙམ་བྱས་ལ་ཁ་ནས་གཏང་བ་དང་ཅུང་ཟད་ཕྱིར་འཛིན་པ་ལ་བསླབ་སྟེ། སྔ་མ་ལས། ངག་ནི་ཇི་ལྟར་ལྐུགས་པ་བཞིན། །སུ་དང་བརྡ་ཙམ་ཉིད་མི་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །སེམས་ཀྱི་འཕྲོ་འདུ་རང་ཆོད་དོ། །ཞེས་སོ། །དེའི་ངང་ལས་སྒོ་ཡི་གནད་གཟིགས་སྟངས་གསུམ་གྱིས་དབྱིངས་རིག་གི་སྣང་བ་ཨར་ལ་གཏད་པར་བྱ་སྟེ། དེའང་གཟིགས་སྟངས་ཀུན་ལ་མིག་འབྲས་མི་འགུལ་ཞིང་རྫི་མ་མི་རྡེབ། ཧ་ཅང་རྩོལ་བས་མི་བསྡམ་པར་ལྟ་སྟངས་ཀློད་ཅིང་བལྟ་བ་ནི་གནད་ཡིན་ལ། ཆོས་སྐུའི་གཟིགས་སྟངས་མིག་གི་ཨ་འབྲས་གྱེན་ལ་ལྡོག་པ་གཙུག་གཏོར་རྣམ་པར་བལྟ་བའི་ཚུལ་གྱིས་སྨིན་ཕྲག་གི་ནམ་མཁར་བལྟས་པས་དབྱིངས་རིག་གི་འཕེལ་ཆེ། ལོངས་སྐུའི་གཟིགས་སྟངས་ཟུར་མིག་མདའ་མཁན་སྨྱུག་མ་སྲོང་བ་ལྟ་བུས་ཐད་ཀའི་ནམ་མཁར་བལྟས་པས་ཡེ་ཤེས་ཀྱི་སྣང་བ་མཐོང་། སྤྲུལ་སྐུའི་གཟིགས་སྟངས་ཅུང་ཟད་ཐུར་དུ་ཕབ་པ་དྲང་སྲོང་བསམ་གཏན་སྒོམ་པ་ལྟ་བུས་བར་སྣང་ལ་ཟིམ་བུར་བལྟས་པས་འོད་ཁྱིམ་གྱི་སྒྲོན་མ་མཐོང་། དེ་ལྟར་གཟིགས་སྟངས་གསུམ་པོ་བཞུགས་སྟངས་སོ་སོ་དང་འབྲེལ་བར་བྱས་ཏེ་དབང་པོ་ཡུལ་ལ་ཇི་ཙམ་བལྟས་ཀྱང་ཚུགས་ནུས་ཤིང་འཁྲུལ་སྣང་ཞིང་ཁམས་སུ་འཆར་བར་འགྱུར་རོ། །གསུམ་པ་དམིགས་གནད་ནི། སེམས་མ་འཁྲུལ་བར་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྦུབས་སུ་གཞུག་གོ༔ ཞེས་པ་སྟེ། སེམས་ཕྱིའི་སྣང་བ་ལ་མི་གཡེང་། ནང་འཛིན་རྟོག་དང་བྲལ་བ་ཁྲེགས་ཆོད་ཀ་དག་གི་དགོངས་པ་ལས་མ་གཡོས་ཤིང་མ་འཁྲུལ་པའི་ངང་དུ། སྤྲིན་དང་ཁུ་རླངས་མེད་པའི་ནམ་མཁའ་དྭངས་པ་ལ་རྟེན་བྱས། འོད་གསལ་འཆར་སླ་བའི་ཆེད་དུ་སྔ་དྲོ་ཤར་དང་དགོང་མོ་ནུབ་ཏུ་ཁ་ཕྱོགས་པས་ཉི་མའི་དཀྱིལ་འཁོར་ལས་ཁྲུ་གང་ཙམ་གྱིས་དམའ་བའི་སར་ཟིམ་བུས་མིག་དང་རིག་པ་ཡུལ་སྣང་གསུམ་དབྱེར་མེད་པར་བྱས་ལ་བལྟས་པས། དབྱིངས་སྣང་གི་ར་བར་རིག་པའི་གདངས་རྩལ་རྡོ་རྗེ་ལུ་གུ་རྒྱུད་དུ་འཆར་བའི་ལྷུན་གྲུབ་འོད་གསལ་གྱི་སྦུབས་སུ་ཡུལ་སེམས་ཀྱི་འཁྲུལ་པ་ཐམས་ཅད་གཞུག་ཅིང་བསྟིམ་པར་བྱ་སྟེ། རྒྱུད་ལས། དབྱིངས་དང་རིག་པའི་ལྟ་སྟངས་ནི། །སྒྲིབ་བྱེད་བྲལ་བའི་ནམ་མཁར་བལྟ། །དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །མཉམ་པར་བཞག་ཅིང་འབྲལ་མི་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་པ་ཉིད་ནི་མཉམ་པ་ཡིན། །ཞེས་སོ། །གོང་དུ་ཨར་གཏད་དང་འདིར་སྦུབས་འཇུག་རྣམས་དོན་གཅིག་སྟེ་སྣང་རིག་དབྱེར་མེད་ལ་རྩེ་གཅིག་ཏུ་གཟིར་བའི་དོན་ཏོ། །དེའང་མཐོང་ཡུལ་ལ་གངས་དང་ཁ་བ་ཡོད་ན་མིག་ལ་གནོད་པས་བྱོལ་དགོས་ཤིང་། ཐོག་མར་ཐག་རིང་བ་ལས་རིམ་པར་ཇེ་ཐུང་དུ་ཁྲིད། བཞུགས་སྟངས་དང་གཟིགས་སྟངས་གསུམ་པོའང་རིམ་པར་སྔ་དྲོ་ཉིན་གུང་ཕྱི་དྲོ་གསུམ་ལ་གཙོར་བྱ། རྒྱུན་དུ་སྤྲུལ་སྐུའི་བཞུགས་སྟངས་ཉིད་སྟབས་བདེ་འོ། །ཅུང་ཟད་གོམས་ནས་དབྱིངས་སྣང་འཇའ་ཚོན་དང་ཐིག་ལེ་ལེགས་པར་འཆར་བའི་ཚེ་དེ་དག་འགུལ་འཕྲིག་བྱེད་པའི་རྗེས་སུ་རྟོག་པ་འབྲངས་ན་འཕེལ་བརྟན་དུ་མི་འགྱུར་བས་ལྟ་སྟངས་དང་རིག་པ་ཐོག་མར་གཏོད་ས་དེ་ལས་མ་གཡོས་པ་གནད་ཡིན་ལ། རེས་འཆར་སྒོ་མི་གསལ་བ་དང་ཕྱོགས་གཞན་དུ་ཡལ་ཡོལ་བྱེད་ན་དེ་རྗེས་ཅར་ཕོག་ཏུ་མི་འབྲང་བར་བལྟ་སྟངས་དལ་བུས་ཁྲིད་པས་སྔར་བཞིན་དུ་འཆར་བར་འགྱུར་རོ། །བཞི་པ་ཐམས་ཅད་ལ་རྒྱས་འདེབས་ནི། དེ་ཐམས་ཅད་ཀྱང་དབྱིངས་དང་རིག་པ་དབྱེར་མེད་པར་མཉམ་པར་སྦྱར་བ་ནི་གནད་དོ༔ ཞེས་པ་སྟེ། སྒོ་གསུམ་དང་འབྲེལ་བའི་གནད་དེ་ཐམས་ཅད་ཀྱང་སྤྱི་ལྟར་ན་ཐུན་བཞིའི་ཉམས་ལེན་ཆ་མཉམ་པར་སྦྱོར་ཏེ་བརྟན་པ་མ་ཐོབ་བར་དེ་ལས་མི་གཡོ་བ་དང་། ནང་ལྟར་དབྱིངས་ཀ་དག་དང་རིག་པ་འོད་གསལ་བཞི་ཆ་གསུམ་བྲལ་གདོད་ནས་དབྱེར་མེད་པ་ལ་གཟུང་འཛིན་གྱིས་རིས་སུ་མི་གཅད་པར་མཉམ་པར་སྦྱོར་བ་དང་། གསང་བ་དབྱིངས་སྣང་འཇའ་ཐིག་གི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་མི་གསལ་ཅིང་འགུལ་འཕྲིག་ཅན་དེ་ལ་རྟོག་དཔྱོད་ཀྱིས་མ་བསླད་པར་བལྟ་མཁན་རིག་པའི་རང་ངོ་ལས་མ་ཡེངས་ཙམ་གྱིས་སྨིན་མཚམས་འཇའ་ཚོན་ཕྲ་མོ་ལ་རྩེ་གཅིག་ཏུ་གཏོད་པས་ཇེ་གསལ་ཇེ་བརྟན་དུ་གྱུར་པ་ན། སྣང་བ་བཞིའི་སྣང་ཉམས་དང་ཤེས་ཉམས་ཐམས་ཅད་ཟད་སར་སྐྱེལ་ཏེ་གདོད་མའི་ཐིག་ལེ་ཆེན་པོར་མཉམ་པར་སྦྱར་བ་གནད་དུ་ཆེའོ། །སྤྱིར་འདི་ལྟར་ཉམས་སུ་ལེན་པའི་སྐབས་ཐམས་ཅད་དུ་བློས་བྱས་ཀྱི་བཅོས་བསྒྱུར་མི་བྱ་བར་དབྱིངས་རིག་རང་ངོ་ལ་བལྟས་པས། ཕྱིའི་སྣང་བ་མ་འགགས། ནང་གི་འཛིན་པས་མ་བསླད། བརྗོད་མེད་སྤྲོས་པ་དང་བྲལ་བའི་རང་སོ་བཟུང་བ་ལས་ཡུལ་དང་ཡུལ་ཅན་དབྱེར་མེད་དུ་འདྲེས། འོད་གསལ་སྣང་བ་སྨིན་མཚམས་ནས་དྲལ་ཏེ་ཕྱི་ནང་དང་གསལ་འགྲིབ་མེད་པར་འཆར་བ་ན། རྒྱུད་ལས། ཡར་མཚམས་ལས་ནི་སོར་བཞི་བར། །དྲལ་བའི་སྐྱེས་བུ་སྐལ་པ་བཟང་། །འཁོར་བར་འཇུག་པ་ག་ལ་སྲིད། །ཅེས་སོ། །གཉིས་པ་དེ་ལས་འཕྲོས་པའི་དོན་ལ་གཉིས། སྣང་བཞིའི་འཆར་ཚུལ། མཐའ་རྟེན་གྱི་མན་ངག་གོ །དང་པོ་ལའང་བཞི་ལས། ཐོག་མར་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། སྒོ་ཡུལ་རླུང་རིག་གི་གནད་བཅིངས་པས། ཕྱིའི་ནམ་མཁའ་སྟོང་པས་སྣང་བའི་གོ་ཕྱེས་ཏེ་ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་འཇའ་ཚོན་རྨ་བྱའི་མདོངས་ལྟར་བཀྲ་བའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་ཆུ་རྫིང་ལ་རྡོ་བོར་བའམ་ཕུབ་ཀྱི་སྦ་སྐོར་ལྟ་བུ་ཐོག་མར་འལ་འོལ་ཙམ་དང་། དེ་ནས་མུ་ཁྱུད་ཅན་གྱི་ཐིག་ལེ་དམར་སེར་གཉིས་སྦྲེལ་དང་སུམ་སྦྲེལ་ཅན། དེ་ནང་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཕྲ་བ་རྟ་རྔ་ལ་མདུད་པ་བརྒྱབ་པ་ལྟ་བུའམ་གསེར་སྐུད་དང་མུ་ཏིག་གི་ཕྲེང་བ། ལྕགས་ཚགས། མེ་ཏོག་གི་ཆུན་པོ་དང་དྲྭ་བ་ལྟ་བུ་ཐོག་མར་འལ་འོལ་འགུལ་འཕྲིག་ཅན་རེས་སྣང་རེས་མི་སྣང་བ་ཚུན་ཆད་དོ། །གཉིས་པ་ཉམས་གོང་འཕེལ་ནི། འཇའ་འོད་ཐིག་ལེ་རྟག་ཏུ་སྣང་ཞིང་འོད་ལྔའི་སྣང་བ་འང་ཟ་འོག་གི་གུར་ཁྱིམ་ལྟ་བུ་རྩིབས་ཤར་གྱེན་འགྲེང་སོགས་མ་ངེས་པར་འཆར། སྨིན་མཚམས་ལས་དྲལ་ཏེ་མཐོང་བའི་ཡུལ་ཙམ་དུ་ཁྱབ་པའི་ཟླུམ་སྐོར་གྱི་ནང་དུ་པད་འདབ་བཞི་བསྐོར་བ་ལྟ་བུའི་ཚོམ་བུ་འཆར་བ་ཚུན་ཆད་དེ། རིག་པའང་ཤ་ར་ཎ་དལ་གྱིས་རྒྱུ་བ་ཙམ་དུའོ། །གསུམ་པ་རིག་པ་ཚད་ཕེབས་ནི། འོད་ལྔའི་སྣང་བས་སྣང་ཡུལ་ཐམས་ཅད་ཁེངས་པའི་དབུས་ན་ཐིག་ལེ་མུ་ཁྱུད་ལྔ་ལྡན་ཚོམ་བུར་འབྲེལ་བའི་ནང་དུ་དང་པོར་ལྷའི་གཙུག་གཏོར་དང་དབུ་སོགས་ནས་རིམ་པར་ཕྱེད་སྐུ། སྐུ་རྐྱང་། ལྔ་ཚོམ་སོགས་གྲངས་མེད་པར་འཆར་བའི་བར་ཏེ། རིག་པ་བུང་བ་བཅུད་ལ་འཁོར་བ་ལྟ་བུའོ། །བཞི་པ་ཆོས་ཉིད་ཟད་པ་ནི། ཕྱི་སྣང་བ། ནང་སྒྱུ་ལུས། གསང་བ་རླུང་སེམས། ཉམས་སྣང་གི་འཕེལ་ཆ་ཐམས་ཅད་ཟད་ནས། ལུས་འོད་སྐུ། ངག་ནཱ་ད། སེམས་ཆོས་སྐུར་གྲོལ་བའོ། །གཉིས་པ་མཐའ་རྟེན་ལའང་བཞི་ལས། དང་པོ་མི་འགུལ་བ་གསུམ་ལ་གཞི་བཅའ་བ་ནི། ལུས་བཞུགས་སྟངས་གསུམ་ལས་མི་འགུལ་བས་རྩ་རླུང་རང་སོར་གནས་པས་རྟོག་པ་འགགས། མིག་གཟིགས་སྟངས་གསུམ་ལས་མི་འགུལ་བས་དབྱིངས་རིག་མངོན་སུམ་མཐོང་སྟེ་ཡིད་དཔྱོད་ཀྱི་སྒྲོ་སྐུར་བྲལ། རླུང་རིག་དལ་བར་བརྟན་ནས་མི་འགུལ་བས་ཆོས་ཉིད་རང་ངོར་གནས་པས་དབྱིངས་རིག་མ་བུ་འདྲེས་པའོ། །གཉིས་པ་སྡོད་པ་གསུམ་གྱིས་ཚད་གཟུང་བ་ནི། དེ་ལྟར་བྱས་པས་ཕྱི་སྣང་བ་སྡོད་པས་རྐྱེན་ངན་གྲོགས་སུ་འཆར། ནང་སྒྱུ་ལུས་སྡོད་པས་འཁྲུལ་པའི་བྱ་བ་ཟད། གསང་བ་རླུང་སེམས་སྡོད་པས་རྣམ་རྟོག་སྐྱེ་མི་སྲིད། འདིའི་སྐབས་སུ་བརྩོན་འགྲུས་རབ་ལ་རྨི་ལམ་རྒྱུན་ཆད། འབྲིང་པོས་ངོ་ཤེས། ཐ་མ་ལའང་བཟང་པོ་ཤ་སྟག་རྨི་བ་ནི་ཚད་རྨི་ལམ་གྱིས་གཟུང་བ་དང་། ལུས་མི་གཡོ། ངག་མི་སྨྲ། སེམས་མི་རྟོག་པ་རྣམས་སྣང་བཞི་འཆར་རིམ་གྱིས་ཇེ་བརྟན་དུ་འགྲོ་བ་ནི་རྟགས་ལུས་ངག་ལ་ཤར་བའོ། །གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། སྣང་བཞི་མཐར་ཕྱིན་པའི་ཡོན་ཏན་ཏེ། ཕྱི་སྣང་བ། ནང་ཕུང་པོ། གསང་བ་དབྱིངས་རིག་རྣམས་ལ་དབང་ཐོབ་པས། སྣང་རྐྱེན་ཞིང་ཁམས་སུ་ཤར། སྒྱུ་ལུས་འོད་གསལ་དུ་གྲོལ། འཁྲུལ་རྟོག་རང་བཞིན་དུ་འགགས་པའོ། །བཞི་པ་གདིང་བཞིས་གྲོལ་ཚད་བསྟན་པ་ནི། ཉམས་ལེན་མཐར་ཕྱིན་པའི་རྣལ་འབྱོར་པ་དེ་ལ། ཡར་སངས་རྒྱས་ཨེ་ཐོབ་ཀྱི་རེ་བ་དང་། མི་ཐོབ་ཀྱི་དོགས་པ་མེད། མར་འཁོར་བར་མི་སྐྱེ་བའི་རེ་བ་དང་། སྐྱེ་ཡི་དོགས་པ་མེད་པར་གདིང་ཐོབ་པའོ།། ༈ །།གཉིས་པ་དབང་པོ་འབྲིང་བར་དོར་གྲོལ་བའི་ཁྲིད་ལ་གཉིས། འཆི་ཁ་བར་དོར་ཡེ་ཤེས་གོང་འཕོའི་མན་ངག་དང་། ཆོས་ཉིད་བར་དོར་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་མན་ངག་གོ །དང་པོ་ལའང་གཉིས། དབྱིངས་རིག་སྦུབས་འཇུག་དང་། རླུང་སེམས་གོང་དུ་འཕོ་བའོ། །དང་པོ་ནི། ཚེ་འདི་ཉིད་ལ་གོ་འཕང་མཆོག་མ་འགྲུབ་ན་ནམ་མཁའ་སུམ་ཕྲུགས་ཀྱི་སྦྱོར་བས་མྱ་ངན་ལས་འདའ་བར་བྱའོ༔ ཞེས་གསུངས་ཏེ། ཇི་སྐད་བཤད་པའི་རིམ་པ་རྣམས་ལེགས་པར་ཉམས་སུ་བླངས་ཀྱང་སྐལ་པ་དམན་པས་ལམ་མཐར་མ་ཕྱིན་པའམ། བརྩོན་འགྲུས་ཆུང་ཞིང་གཡེང་བ་ཆེ་བས་སྒོམ་པ་འཕྲོ་ཅན་དུ་གྱུར་ཏེ་ཚེ་འདི་ཉིད་ལ་གདོད་མའི་གྲོལ་སར་སྙོགས་པའི་གོ་འཕང་མཆོག་མ་གྲུབ་ན། འཆི་ཁའི་བར་དོ་གཞི་ལམ་གྱི་འོད་གསལ་སྐྱེལ་བསུ་འཛོམ་པའི་སྐབས་སུ་ནམ་མཁའ་སུམ་ཕྲུགས་ཀྱི་སྦྱོར་བས་སྲིད་པའི་མྱ་ངན་ལས་འདའ་བར་བྱ་སྟེ། དེའང་ཉམས་ལེན་ཅན་གྱི་གང་ཟག་འཆི་ཀ་མ་དེས་འཇིག་རྟེན་འདིར་སྣང་ལ་ཆགས་ཞེན་རྩ་བ་ནས་སྤང་། དེའི་ཕྱོགས་སུ་བློ་སྐད་ཅིག་ཙམ་ཡང་མི་འཕྲེང་བར་སྔར་ཐོས་གོམས་སུ་གྱུར་པའི་གདམ་པ་རྣམས་རང་ངམ་གྲོགས་ཀྱིས་བློ་ལ་གསལ་འདེབས། བླ་མ་ལ་མོས་གུས་དྲག་པོས་གདོད་མའི་གྲོལ་སར་སྙེག་པའི་གསོལ་བ་རྩེ་གཅིག་ཏུ་གདབ། བཞུགས་སྟངས་གསུམ་གང་རུང་དང་འབྲེལ་བར་ཕྱིའི་ནམ་མཁའ་དབྱིངས་ཤིན་ཏུ་དྭངས་པ་ལ། ནང་གི་ནམ་མཁའ་རྩ་དབུ་མའི་བྱེ་བྲག་རྒྱ་མཚོ་གསེར་གྱི་ཉི་མ་ལས་གྱེས་པའི་འོད་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་མིག་དང་འབྲེལ་ནས་ཡོད་པས་མིག་མདུང་ཚུགས་སུ་གཏད། དེ་ལ་གསང་བའི་ནམ་མཁའ་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་སྙིང་དབུས་མི་ཤིགས་པའི་ཐིག་ལེའམ་གསལ་རིག་སྟོང་གསུམ་ཟུང་དུ་འཇུག་པའི་རིག་པ་སྐད་ཅིག་མ་ཉིད་བསྲེ་སྟེ། མདོར་ན་ནམ་མཁའ་ལ་མིག །མིག་ལ་རིག་པ་གཏད་དེ་ཕྱི་ནང་གསང་བའི་ནམ་མཁའ་གསུམ་དབྱེར་མེད་དུ་བཞག་པའམ། ཐོད་རྒལ་ལ་གོམས་པ་བརྟན་ན། མིག་འོད་སྣང་ལ་གཏད། རིག་པ་སྟོང་གསལ་གྱི་ངང་དུ་བཞག་པས་གཞིའི་འོད་གསལ་མ་ལྟ་བུ་དང་ལམ་གྱི་འོད་གསལ་བུ་ལྟ་བུ་གཉིས་ཆུ་ལ་ཆུ་ཐིམ་པ་ལྟར་འདྲེས་ནས་སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་དེ་གཞི་ཐོག་ཏུ་རང་གྲོལ་བར་འགྱུར་རོ། །འདི་ནི་ཁྲེགས་ཐོད་གཉིས་ཀའམ་གང་རུང་གི་ཉམས་མྱོང་བརྟན་པོ་ཡོད་པའི་དབང་དུ་མཛད་པའོ། །གཉིས་པ་རླུང་སེམས་གོང་འཕོ་ནི། ཡང་ན་རླུང་སེམས་ཐིག་ལེ་ཨ་ཡིག་དང་བཅས་པ་ལ་སེམས་རྩེ་གཅིག་ཏུ་བསྡུས་ཏེ་ཚངས་པའི་ལམ་ནས་བླ་མའི་ཐུགས་ཀར་བསྟིམས་ལ་མེ་རི་འབར་བ་ལ་སོགས་པར་གཤེགས་སུ་གསོལ་བར་བྱའོ༔ ཞེས་པ་སྟེ། ཡང་ན་རྣལ་འབྱོར་པ་རྟོགས་གོམས་དམན་པས་རླུང་སེམས་གོང་འཕོའི་མན་ངག་ཉམས་སུ་བླང་སྟེ། དེའང་དེ་ལ་བློ་གཏོད་པ་པོས་ད་ལྟའི་སྐབས་སུ་འབྱོངས་ངེས་པར་སྦྱངས་ནས་ནམ་དགོས་པའི་དུས་སུ་ལས་ལ་སྦྱར་བ་གལ་ཆེ་བས། བདེ་བའི་སྟན་ལ་ལུས་གནད་དང་ལྡན་པས་འཁོད། སྐྱབས་སེམས་བླ་མའི་རྣལ་འབྱོར་སྔོན་དུ་བཏང་། རང་ལུས་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་དབུས་དྲང་པོར་རྩ་དབུ་མ་དྭངས་གསལ་མདའ་སྨྱུག་ཙམ་པ་སྤྱི་བོ་ནས་གསང་གནས་བར་དྲང་ཐ་ལེར་གནས་པའི་སྙིང་གའི་ཐད་ཀྱི་ནང་དུ། རླུང་སེམས་འདུས་པའི་ངོ་བོ་ཐིག་ལེ་འོད་ལྔའི་མདངས་ཅན་ལ་ཨ་དཀར་པོ་སྲན་ཆུང་ཙམ་གྱིས་མཚན་པ་འོད་འཚེར་བ་ཞིག་བསྒོམས་ལ་སེམས་ཟིན་ཟིན་དུ་གཏད། སྤྱི་བོར་འཇའ་འོད་ཀྱི་ཀློང་དུ་རྩ་བའི་བླ་མ་ཉིད་ལྕེ་བཙུན་ཆེན་པོའི་རྣམ་པར་གསལ་བཏབ་ལ་མོས་གུས་བསྐྱེད་ཅིང་གསོལ་བ་འདེབས། དེ་ནས་རླུང་སྦྱོར་གང་ནུས་དང་ལྡན་པས་སྙིང་གའི་ཨ་ལ་སེམས་རྩེ་གཅིག་ཏུ་བསྡུས་ཏེ་ངག་གམ་ཡིད་ཀྱིས་ཕཊ྄་བརྗོད་པས་སྤྱི་བོ་ཚངས་པའི་བུ་ག་ནས་ཐོན་བླ་མའི་ཐུགས་ཀར་ཐིམ་པར་བསམ་ལ་ཅུང་ཟད་མཉམ་པར་གཞག །སླར་ཐིག་ལེ་ཨ་ཡིག་བཅས་ཐུགས་ཀ་ནས་མར་བབས་ཚངས་བུག་ནས་སྙིང་གར་འཁོད་པར་དམིགས་ལ་རླུང་སེམས་བསྡུས་ཏེ་འཕང་བ་སོགས་འགྲོ་ལྡོག་སྤེལ་མ་ལན་མང་དུ་སྦྱང་། འཕྲོ་འཇོག་པ་ན། རང་སེམས་ཀྱི་ཐིག་ལེ་བླ་མའི་ཐུགས་དང་དབྱེར་མེད་དུ་གྱུར། བླ་མ་ཇེ་མཐོར་གཤེགས་ཤིང་ཇེ་ཕྲར་གྱུར་ནས་ཡལ་ཏེ་དམིགས་མེད་དུ་འཇོག་པའམ། འོག་མིན་དུར་ཁྲོད་མེ་རི་འབར་བ་སོགས་གང་འདོད་པའི་ཞིང་ཁམས་སུ་གཤེགས་པར་མོས། རྟོགས་པས་མ་ཆུན་པའམ་གེགས་ཆུང་ཁྱད་དུ། ཐིག་ལེ་ཨ་དང་བཅས་པ་སྙིང་གར་བདེ་ཕྲིལ་ལེ་ལྕི་ཐིང་གིས་གནས་པ་ལ། བླ་མའི་སྐུ་ལས་བདུད་རྩིའི་རྒྱུན་བབས་དབུ་མའི་ནང་ཐམས་ཅད་ཁེངས། བླ་མ་ཚངས་བུག་གི་ཁར་བྱོན་རྡོ་རྗེ་རྒྱ་གྲམ་ཧཾ་གིས་མཚན་པར་གྱུར་པས་བཀག་པར་མོས་ལ་འབྲུ་གསུམ་རླུང་དང་སྦྱར་བའི་རྡོར་བཟླས་བྱ་བ་འདིའང་སྐབས་སུ་སྦྲེལ་ལོ། །ནམ་ཞིག་བཟློག་ཏུ་མེད་པའི་འཆི་ལྟས་ཤར་བའི་ཚེ་ལས་ལ་སྦྱར་བར་བྱ་སྟེ། སྤྱི་བོར་བླ་མ་བསྒོམ་པ་སོགས་སྔར་སྦྱངས་པའི་སྐབས་ལྟར་ལ་ཞིང་ཁམས་སུ་འགྲོ་བའི་བྲོད་པས་སེམས་སྤྲོ་སང་ངེ་བ་བྱས་ནས། སྤྱི་བོའི་རྒྱ་གྲམ་བསལ་ལ་ཚངས་བུག་ཧ་རེ་ཡོད་པར་བསམ། སྙིང་གའི་ཐིག་ལེ་བླ་མའི་ཐུགས་ཀར་བསྟིམ་པ་ལས་མར་མི་འབེབ་པར། སླར་སྙིང་གར་ཐིག་ལེ་གསལ་བཏབ་ལ་ཡང་ནས་ཡང་དུ་སྦར། འཕོ་བར་ཉེ་བ་ན་བླ་མ་ཇེ་མཐོར་གཤེགས་ནས་ཡལ་ཏེ་འཕོ་བྱ་འཕོ་བྱེད་བྲལ་བའི་ཀ་དག་གི་དབྱིངས་དང་རིག་པ་བསྲེས་ལ་བཞག་གོ །དེས་ཀྱང་བར་དོའི་འོད་གསལ་ངོས་ཟིན་ཅིང་གཞོན་ནུ་བུམ་སྐུར་བྱང་ཆུབ་པར་འགྱུར་རོ། །གཉིས་པ་ཆོས་ཉིད་བར་དོའི་མན་ངག་ནི། གལ་ཏེ་བར་དོའི་སྣང་བ་ཅི་ཤར་ཡང་རིག་པ་རང་མལ་ལས་མ་གཡོས་པ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གནད་དྲན་པར་བྱའོ༔ ཞེས་པ་སྟེ། གལ་ཏེ་འཆི་ཁའི་བར་དོར་གདིང་མ་ཐོབ་ན་ཀ་དག་གི་གཞི་ལས་གཞི་སྣང་གཡོས་ཏེ་ཆོས་ཉིད་བར་དོ་དང་སྲིད་པ་བར་དོའི་འཁྲུལ་སྣང་སྣ་ཚོགས་རིམ་པར་འཆར་ནས་སླར་ཡང་སྲིད་པར་ཉིང་མཚམས་སྦྱོར་བར་འགྱུར་ཏེ། དེའང་རིག་པ་རང་ངོ་མ་རིག་པའི་སྐྱོན་གྱིས་རང་ཚོ་མ་ཟིན་པར་ཡུལ་གྱི་དབང་དུ་ཤོར་ཏེ་འཁྲུལ་སྣང་ལུ་གུ་རྒྱུད་དུ་ཤར་བ་ཡིན་པས། དེ་དག་གི་སྣང་བ་ཅི་དང་ཅི་ལྟ་བུ་ཤར་ཡང་རང་གི་རིག་པའི་རྩལ་ལས་གཞན་དུ་མེད་པ་ཐག་བཅད་དེ། རིག་པ་ཆོས་ཉིད་ཀྱི་རང་མལ་ལས་ནམ་ཡང་མ་གཡོས་པ་དཔེར་ན་རྐྱེན་ཅིས་ཀྱང་རང་གཤིས་འགྱུར་བ་མེད་པ་གསེར་གྱི་ཐུར་མ་ལྟ་བུའི་མན་ངག་གི་གནད་དྲན་པར་བྱ་དགོས་སོ། །དེས་ན་ཆོས་ཉིད་བར་དོ་ལ་ཀ་དག་གི་འོད་གསལ་སྟོན་གནམ་ལྟ་བུ། འོད་ལྔའི་སྣང་བ་སོགས་སྒྲ་འོད་ཟེར་གསུམ། རིགས་ལྔའི་ཚོམ་བུ། ཡེ་ཤེས་བཞི་སྦྱོར་གྱི་སྣམ་བུ་དང་ཐིག་ལེ། སྐུ་གསུམ་གྱི་ཞིང་སྣང་རྣམས་རིམ་པར་འཆར་བའི་ཚེ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་གང་ལའང་འཇིགས་པ་མེད་པ་རང་སྣང་ཡེ་ཤེས་ཀྱི་རོལ་པར་ཐག་བཅད་པས་སྐད་ཅིག་དང་པོར་རང་སྣང་དུ་ངོ་ཤེས། གཉིས་པར་ཤེས་ཐོག་ཏུ་གནས། གསུམ་པར་གནས་ཐོག་ཏུ་གྲོལ་ནས་སེམས་ཅན་གྱི་དོན་བྱེད་ཅིང་ནང་གསལ་བུམ་པ་སྐུར་བྱང་ཆུབ་པར་འགྱུར་རོ། །དེར་མ་གྲོལ་བར་བར་དོའི་ཡིད་ལུས་གྲུབ་སྟེ་སྲིད་པ་བར་དོར་སྔར་གྱི་བག་ཆགས་དང་ལོག་པའི་འཁྲུལ་སྣང་སྣ་ཚོགས་པས་གཡེང་བའི་ཚེ་ནའང་སྔ་མའི་གདམས་ངག་རྣམས་དྲན་པར་བྱས་ལ། བླ་མའི་མོས་གུས། སྒྱུ་མའི་ཏིང་འཛིན། བསྐྱེད་རྫོགས་ཟུང་འཇུག་གང་ལ་གོམས་པ་དེའི་དྲན་ཤེས་དང་རིག་པ་ཡེངས་མེད་བྱས་པས་གྲོལ་བར་འགྱུར་རོ།། ༈ །།དོན་གསུམ་པ་དབང་པོ་ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་དབྱུང་བ་ནི། ཆོས་འདིའི་སྒོ་མཐོང་ཡང་བརྟན་པ་མ་ཐོབ་པས་བར་དོ་གསུམ་གྱི་གྲོལ་ཚད་དང་མི་ལྡན་པ་རྣམས་སྲིད་པ་བར་དོ་རྨི་ལམ་ཙམ་དུ་ཤར་བ་ན། རིག་འཛིན་བརྒྱུད་པའི་བྱིན་རླབས་དང་ཆོས་ཉིད་ཟབ་མོའི་སྟོབས་ཀྱིས་རྨི་ལམ་སད་པའི་ཆ་ཙམ་ལ་མངོན་དགའ་སོགས་དག་པའི་ཞིང་དུ་སྐྱེས་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་མཐོང་ཞིང་གསུང་ཐོས། དབང་དང་ལུང་ནོད་དབུགས་དབྱུང་ལུང་བསྟན་གཟེངས་བསྟོད་རིམ་པར་ཐོབ་ནས་ཉོན་མོངས་པའི་འཆིང་བ་སྤངས་ཏེ་སྐད་ཅིག་གིས་གདོད་མའི་ས་ལ་གྲོལ་བར་འགྱུར་བར་གསུངས་སོ། །དེ་ལའང་སྲིད་པ་བར་དོར་གདམས་ངག་གཞན་གྱིས་མ་གྲོལ་བའི་ཚེ་དག་པའི་ཞིང་ཡིད་ལ་བྱས་ཏེ། མདུན་མཁར་ཆོས་འབྱུང་དམར་པོ་གདེངས་ཀ་གྱེན་བསྟན་གྱི་དབུས་སུ་རང་སེམས་ཨ་ཡིག་དཀར་པོའི་རྣམ་པར་གསལ་བཏབ། འདུན་པ་དྲག་པོ་དང་སྨོན་ལམ་གྱིས་མཚམས་སྦྱར་ཏེ་གང་དུ་འདོད་པའི་ཞིང་དུ་ཆོས་འབྱུང་སྐར་མདའ་འཕང་པ་བཞིན་སོང་བར་བསམ་སྟེ་སེམས་སྤྲོས་བྲལ་གྱི་ངང་དུ་བཞག་པས་ཞིང་དེར་ངེས་པར་གྲོལ་བར་འགྱུར་རོ།། ༈ །།སྤྱི་དོན་གསུམ་པ་རྗེས་ཀྱི་ཁྲིད་ལ་གསུམ། ཉམས་ལེན་གྱི་གནད་སྤྱིར་བསྟན་པ། དགེ་སྦྱོར་སྲང་དུ་གཞུག་པའི་མན་ངག་བྱེ་བྲག་ཏུ་བསྟན་པ། དེ་ལས་མི་འགྱུར་བའི་འབྲས་བུ་མངོན་དུ་འགྱུར་བའི་ཚུལ་ལོ། །དང་པོ་ནི། ཁྱད་པར་བཅོས་མ་མ་ཡིན་པའི་མོས་གུས་དྲག་པོས་བླ་མ་ལ་ནན་ཏན་དུ་གསོལ་བ་གདབ་པ་ནི་གེགས་སེལ་དང་བོགས་འདོན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ༔ ངེས་འབྱུང་སྙིང་ལ་གཅག༔ མོས་གུས་རྩལ་དུ་འདོན༔ སྙིང་རྗེ་ཤས་མི་བཟོད་པ་དབྱུང༔ ཡུལ་གྱི་བདུད་རྩི་བརྟེན༔ སྤྲོས་པ་ནང་དུ་བསྡུ༔ རླུང་རྒྱ་ཡན་དུ་འཇོག༔ ལུས་གནད་དང་མ་བྲལ་བར་བྱ༔ དབང་པོའི་མཆོག་དབྱིངས་ལ་གཟིར༔ སྐབས་སྐབས་སུ་བུམ་པ་ཅན་འཇམ་པོ་གཟུང༔ དུས་རྟག་ཏུ་རིག་སྟོང་རྗེན་ནེ་བའི་ངང་གཟུང་ལ་གནད་དུ་གཏོང་ངོ༔ ཞེས་གསུངས་ཏེ། དེ་ལྟར་དངོས་གཞིའི་ཁྲིད་རིམ་ཉམས་སུ་ལེན་པའི་གནས་སྐབས་གང་ལའང་གེགས་སེལ་བོགས་འདོན་རྒྱུན་སྤྱོད་ཀྱི་གནད་རྣམས་སྤྱི་ལྟར་མ་འཆུག་པར་ཤེས་ནས་དེ་ལྟར་བྱ་བ་ཤིན་ཏུ་གལ་ཆེ་ཞིང་། ཁྱད་པར་གདམས་ངག་ཐམས་ཅད་ཀྱི་འགག་དོན་བསྡུས་པ་ནི། བླ་མ་ལ་མི་རུ་གཟུང་ཞིང་མོས་གུས་ཆུང་ན་རང་རྒྱུད་ལ་ཆོས་ཀྱི་ཡོན་ཏན་ཕྲ་མོའང་མི་སྐྱེ། ལྷག་པར་ཉམས་རྟོགས་ཐམས་ཅད་བླ་མའི་བྱིན་རླབས་འབའ་ཞིག་ལ་རག་ལས་པས། འདི་ལྟ་བུའི་ལམ་ཟབ་མོ་སྟོན་ཅིང་ཆོས་ཉིད་རང་ངོ་སྤྲོད་པའི་རྩ་བའི་བླ་མ་དེ་རང་ཉིད་ལ་སངས་རྒྱས་ཀུན་ལས་བཀའ་དྲིན་ཆེ་བའི་ཚུལ་ལ་བསམ་ཞིང་དེ་ལས་ལྷག་པའི་སངས་རྒྱས་གུད་ན་མེད་པར་ཐག་བཅད་ལ། ཐོག་མར་བཅོས་མའི་མོས་གུས་ཅི་སྐྱེ་བྱ། གོམས་ནས་བཅོས་མིན་གྱི་མོས་གུས་དྲག་པོས་གསོལ་བ་སྙིང་ནས་འདེབས་པ་ལ་དགེ་སྦྱོར་གྱི་དངོས་གཞི་བྱས་པས་དེ་ཁོ་ནས་གེགས་སེལ་བོགས་འདོན་སོགས་ཀྱི་ཡོན་ཏན་སྐྱེད་པའི་ཐབས་གཅིག་ཆོག་རྒྱལ་པོར་འགྱུར། འདིར་སྣང་ལ་ཞེན་ན་ཉམས་ལེན་གྱི་རྩ་བ་ཤོར་བས་རྟག་ཏུ་འཁོར་བ་ལས་ཡིད་ངེས་པར་འབྱུང་བའི་སྐྱོ་ཤས་དྲག་པོས་གཞི་བཟུང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་མེད་ན་ཐེག་ཆེན་ཆོས་ཀྱི་སྙིང་པོ་སྟོར་བས་འཁོར་བའི་སྡུག་བསྔལ་ལ་རྟག་ཏུ་སྤྱོད་པའི་མ་རྒན་སེམས་ཅན་རྣམས་ལ་ཚད་མེད་པའི་སྙིང་རྗེ་དང་མི་འབྲལ། རྡོ་རྗེ་རྩེ་མོའི་རྣལ་འབྱོར་པ་རྣམས་ཀྱིས་ཐེག་པ་འོག་མ་བཞིན་དུ་ཚོགས་དྲུག་གི་ཡུལ་ལ་དགག་སྒྲུབ་མི་བྱ་བར་གདོད་ནས་རང་གྲོལ་ཆེན་པོའི་བདུད་རྩི་བརྟེན་པ་སྟེ་མིག་ལ་གཟུགས་སོགས་ཡུལ་སྣང་ཇི་ལྟར་ཤར་ཡང་། ཕྱི་རུ་མི་དགག །ནང་དུ་མི་འཛིན་པར་སྣང་ལ་ཞེན་པ་མེད་པར་ལམ་དུ་ཁྱེར་བས་ཡུལ་སྣང་ཉིད་ཤེས་རིག་གི་གྲོགས་སུ་གྱུར་ནས་ཅིར་སྣང་ཐམས་ཅད་རིག་རྩལ་ཡེ་ཤེས་ཀྱི་འཁོར་ལོར་གྲོལ་བར་འགྱུར་བ་དང་། མི་ཚེ་ཡུད་ཙམ་པ་འདི་ལ་སྤྱིར་རྒྱལ་བསྟན་རིན་པོ་ཆེ། སྒོས་རྡོ་རྗེ་ཐེག་པ། ཡང་སྒོས་ཐེག་དགུའི་རྩེ་རྒྱལ་ཚེ་གཅིག་ལ་འཚང་རྒྱ་ངེས་པའི་ཟབ་ལམ་འདི་ལྟ་བུ་དང་འཕྲད་པའི་སྐབས། འཇིག་རྟེན་གྱི་གཡེང་བ་ཐམས་ཅད་དོན་མེད་སྡུག་བསྔལ་གྱི་རྒྱུ་ཡིན་པ་གཞིར་བཞག །ཐོས་བསམ་སྒོམ་པ་ཉི་ཚེ་བ་ཆོས་ལ་བསྙད་པའི་རྣམ་གཡེང་རྣམས་ཀྱང་དོན་མེད་པ་ཁོ་ནར་ཤེས་ནས་ཐག་ཆོད་ཀྱི་བློས་སྤྲོས་པ་ནང་དུ་བསྡུས་ཏེ་ཀ་དག་ལྷུན་གྲུབ་ཀྱི་ཉམས་ལེན་ཁོ་ནར་དྲིལ། དེའི་གྲོགས་སུ་ལུས་གནད་གང་རུང་དང་མི་འབྲལ་བ་ལས་ཐ་མལ་དུ་མི་བསྡད། དབང་པོའི་དྭངས་མ་མིག་ཡེ་ཤེས་འཆར་བའི་སྒོ་ཡིན་པས་བཙུམས་ནས་སྡོད་པ་སོགས་མི་བྱ་བར་ལྟ་སྟངས་དང་མ་བྲལ་བས་དབྱིངས་དང་རིག་གདངས་ལ་གཟིར། རླུང་གི་རྟ་ལ་སེམས་ཀྱི་སྐྱེས་བུས་ཞོན་ཏེ་རྟག་ཏུ་ཡུལ་ལ་རྒྱུག་ཅིང་ལས་དང་བག་ཆགས་གསོག་པས། རླུང་རྩོལ་མེད་རྒྱ་ཡན་དུ་བཞག་པའི་ཉམས་ལེན་སྟོབས་ཀྱིས་དབྱིངས་སུ་འགག་པ་ན་རྣམ་པར་རྟོག་པའི་སེམས་རང་བབ་ཏུ་ཟད་པར་འགྱུར་བ་མན་ངག་འདིའི་གནད་ཡིན་པས་ལམ་ཐུན་མོང་བ་ལྟར་རླུང་སེམས་ལ་ལས་མི་འཆོལ། སྐབས་སྐབས་སུ་འཇམ་རླུང་བུམ་པ་ཅན་ཅུང་ཟད་རེ་བཟུང་བས་རྨི་ལམ་དང་འོད་གསལ་གཟུང་བ་སོགས་ལ་གྲོགས་སུ་འགྲོ། རྣམ་པར་རྟོག་པ་ཕྲ་རགས་དང་སྟོང་མི་སྟོང་རྟོགས་མ་རྟོགས་སོགས་བློའི་འཛིན་སྟངས་ཐམས་ཅད་སེམས་ཡིན་ཞིང་དོན་ལ་སྒྲིབ་པས་དེ་ཐམས་ཅད་དགག་སྒྲུབ་མེད་པར་ཅི་བདེར་བཞག་ནས། གདོད་མ་ནས་རང་བྱུང་གི་གཤིས་ལུགས་དབྱིངས་སྟོང་པ་ཉིད་དང་རང་གསལ་རིག་པ་ཟུང་འཇུག་བློ་བྲལ་ཆོས་སྐུ་རྗེན་པ་ཉིད་སྒོམ་བློས་བཟོ་བཅོས་མ་བྱས་པར་རང་བབས་ཀྱི་ངང་བསྐྱངས་ལ། ལྟ་སྒོམ་སྤྱོད་འབྲས་མདུད་དྲིལ་གྱི་གནད་དུ་གཏང་བར་བྱའོ། །གཞན་ཡང་། ཅུང་ཟད་སྤྲོས་པ་དང་བཅས་པས་ནི་ཚོགས་ཀྱི་འཁོར་ལོའི་འདུ་བ་ལ་སོགས་པ་ཇི་ལྟར་རིགས་པའི་དུས་སུ་ལོངས་སྤྱད་དོ༔ ཞེས་གསུངས་པས། བསོད་ནམས་གསོག་པ་ལ་ཚོགས་འཁོར་ལས་རླབས་ཆེ་བ་ནི་གཅིག་ཀྱང་མི་སྲིད་པ་ཡེ་ཤེས་རྔམ་གློག་གི་མདོ་སོགས་ལས་དཔེ་དང་བཅས་ཏེ་ཤིན་ཏུ་གསལ་རྒྱས་སུ་གསུངས་པ་ལྟར། དེང་སང་ཚོགས་ཀྱི་འཁོར་ལོའི་འདུ་བ་དངོས་ལ་སྤྱོད་ནུས་པའི་བརྟུལ་ཞུགས་ཅན་གྱི་གང་ཟག་དཀོན་ཀྱང་རྗེས་མཐུན་པ་ཙམ་མམ། ཅི་འབྱོར་བའི་དམ་ཚིག་གི་རྫས་རྣམ་པར་དག་ཅིང་ཏིང་ངེ་འཛིན་དང་ལྡན་པས་ཚོགས་མཆོད་ཙམ་ཕུལ་ཡང་བསོད་ནམས་ཚད་མེད་པ་ཐོབ་ཅིང་ཉམས་རྟོགས་སྐྱེ་བའི་གེགས་སེལ་བོགས་འདོན་ལའང་ཁྱད་པར་ཆེ་བས། ཡར་མར་གྱི་ཚེས་བཅུའི་མཚོན་པའི་གནས་དུས་ཁྱད་པར་ཅན་རྣམས་སུ་འདི་ཉིད་ཀྱི་དོན་ཕྲིན་ནམ། རྩ་གསུམ་གཞན་ཡང་རུང་སྟེ་ཕྲིན་ལས་རྒྱས་བསྡུས་གང་རུང་དང་འབྲེལ་བར་ཕྱི་ནང་གསང་བའི་ཚོགས་མཆོད་ལའང་བརྩོན་པར་བྱའོ། །གཉིས་པ་དགེ་སྦྱོང་སྲང་གཞུག་གི་མན་ངག་བྱེ་བྲག་ཏུ་བསྟན་པ་ལ་བཞི། ཉིན་མོ་སྣང་བ་རྒྱས་འདེབས་པ། མཚན་མོ་ཤེས་པ་བུམ་པར་གཞུག་པ། ཐོ་རངས་ཡེ་ཤེས་རང་གསལ་གདབ་པ། རྒྱུན་དུ་རིག་པ་ལམ་དུ་ཁྱེར་བའོ། །དང་པོ་ནི། ཉིན་པར་དུས་སུ་སྒོ་ཡུལ་རླུང་རིག་གི་གནད་ལ་བརྟེན་ནས་རླུང་སེམས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་དྲྭ་བར་བཙུད་ལ་ལྷུན་གྲུབ་བསྒོམ་མོ༔ ཞེས་གསུངས་ཏེ། འདི་རྣམས་ནི་སྙིང་ཐིག་གི་གཞུང་རྣམས་སུ་དུས་བཞི་སངས་རྒྱས་མཉམ་སྦྱོར་ཞེས་རྣལ་འབྱོར་ཁོར་ཡུག་གི་གནད་དུ་གསུངས་པ་ཡིན་ལ། དེའང་ཉིན་མོར་མཉམ་རྗེས་ཐམས་ཅད་དུ། ཁྲེགས་ཆོད་གཙོར་བྱེད་པའི་སྐབས་འོག་ནས་འབྱུང་བ་ལྟར་རིག་པ་ཁོ་ན་ལམ་དུ་ཁྱེར། ཐོད་རྒལ་གཙོར་བྱེད་པའི་སྐབས་རིག་གདངས་ཉིད་ལས་མ་གཡོས་པར་བྱ་དགོས་པས། སྒོ་ཡུལ་རླུང་རིག་གི་གནད་གོང་གསལ་རྣམས་ལ་བརྟེན་ཏེ་དུས་རྟག་ཏུ་རླུང་སེམས་ཁ་ཡན་དུ་མི་གཏོང་བར་རྡོ་རྗེ་ལུ་གུ་རྒྱུད་ཀྱི་དྲྭ་བར་བསྡུས་ཤིང་བཙུད་ནས། ལུག་རྒྱུད་ཉིད་ཀྱང་ཨར་ལ་གཏད་དེ་ལྷུན་གྲུབ་འོད་གསལ་གྱི་སྣང་བ་ཁོ་ན་ལ་སྦྱངས་པས་འཁྲུལ་སྣང་བཙན་ཐབས་སུ་གཅོད་པ་ལ་སྟོང་ཉིད་སྤྲོས་བྲལ་དང་སྒྱུ་མ་རྨི་ལམ་སོགས་བློས་བྱས་ཀྱི་ལམ་ཁྱེར་གང་གིས་ཀྱང་ཟླ་མེད་པའོ། །གཉིས་པ་མཚན་མོ་ཤེས་པ་བུམ་གཞུག་ནི། མཚན་མོ་སྙིང་དབུས་སམ་སྨིན་མཚམས་ཀྱི་ཐིག་ལེ་ཨ་ཡིག་དང་བཅས་པ་ལ་སེམས་རྩེ་གཅིག་ཏུ་གཟུང་ཞིང་འོད་གསལ་བ་བསྒོམ་མོ༔ ཞེས་པ་སྟེ། མཚན་མོ་ཉལ་བ་ལ་ཕྱོགས་པའི་ཚེ། འོད་གསལ་གཟུང་ན་སྙིང་གི་དབུས་དང་རྨི་ལམ་གཟུང་ན་སྨིན་མཚམས་ཀྱི་དབུས་སུ་བླ་མ་རང་རིག་དབྱེར་མེད་པའི་ངོ་བོ་ཐིག་ལེ་དཀར་པོ་ཨ་ཡིག་དཀར་པོས་མཚན་པ་དྭངས་ཤིང་གསལ་བའི་འོད་ཀྱིས་ལུས་ཀྱི་ནང་དང་ཐོ་ཕྱི་ཀུན་ཏུ་གསལ་ལྷམ་མེར་ཁྱབ་པར་བསྒོམ་པ་ལ་སེམས་ཡུན་རིང་དུ་གཟུང་། འོད་གསལ་ལམ་རྨི་ལམ་ཟིན་པར་བྱའོ་སྙམ་པའི་དྲན་འདུན་དྲག་པོ་དང་། དམིགས་པའི་རྣམ་པའང་གསལ་ཞིང་གང་དུའང་མི་རྟོག་ལ་མ་ཡེངས་པའི་ངང་དུ་གཉིད་ལོག་པས། གོམས་ནས་འབྱོངས་པའི་ཚེ་ལེགས་པར་ཟིན་པར་འགྱུར་བས་དེ་ལ་ཡུན་རིང་དུ་སྦྱང་། བརྟན་པ་ཐོབ་པ་ན་རྨི་ལམ་སྤེལ་སྤྲུལ་སྦྱོང་བའི་ཚུལ་སོགས་ཁྲིད་རིམ་སྤྱི་ལྟར་ཉམས་སུ་བླང་བར་བྱའོ། །གསུམ་པ་ཐོ་རངས་ཡེ་ཤེས་རང་གསལ་གདབ་པ་ནི། ཐོ་རངས་ཧ་ཧ་ཞེས་རླུང་བསངས་ནས་ནམ་མཁའི་དཀྱིལ་དུ་རང་བྱུང་གསང་བ་ཆེན་པོའི་ཡི་གེ་ཨ་གསལ་ཞིང་འབར་བ་ལ་ཡིད་མིག་རླུང་གསུམ་མདུང་ཚུགས་སུ་གཏད་དེ་རིག་པ་གྲུངས་སུ་གཞུག་གོ༔ ཞེས་པ་སྟེ། ནངས་པར་ཐོ་རངས་གཉིད་སད་མ་ཐག་ལུས་གནད་སེང་གེའི་འདུག་སྟངས་བྱ། རླུང་རོ་ཁ་ནས་ཧ་སྒྲ་བཅས་ལན་གསུམ་བསྟུད་མར་བསལ། སྤྱི་བོའི་གཞུ་གང་ཙམ་གྱི་ནམ་མཁར་ཡི་གེ་ཨ་དཀར་པོ་ཤིན་ཏུ་གསལ་ལ་འཚེར་ཞིང་འོད་འབར་བ་གསལ་བཏབ་ལ་བལྟ་སྟངས་གྱེན་དུ་ཕྱོགས་པས་ཡིད་དང་མིག་དང་རླུང་གསུམ་ཀ་གཅིག་དྲིལ་དུ་བྱས་ལ་ཡུན་རིང་དུ་གཏད་ནས་སེམས་བཟུང་བས་དྭངས་སྙིགས་ཕྱེད་དེ་རིག་པ་གྲུངས་ཐོན་པར་འགྱུར་རོ། །བཞི་པ་རྒྱུན་དུ་རིག་པ་ལམ་ཁྱེར་ནི། རྣམ་པ་ཀུན་ཏུ་རང་རིག་པ་སྐད་ཅིག་མའི་ངང་བསྐྱངས་པས་འཁྲུལ་པའི་རྟོག་ཚོགས་ཐམས་ཅད་སྤྲིན་ནམ་མཁའ་ལ་དེངས་པ་ལྟར་རང་གྲོལ་བ་ལ་བསླབ་བོ༔ ཞེས་པ་སྟེ། མཉམ་རྗེས་དང་སྤྱོད་ལམ་བཞི་སོགས་དུས་དང་རྣམ་པ་ཐམས་ཅད་དུ་ལམ་ཁྱེར་གྱི་གཙོ་བོ་རང་བྱུང་གི་རིག་པ་སྐད་ཅིག་མ་གསལ་སྟོང་རྗེན་པའི་ངང་རང་བབ་ཏུ་སྐྱོང་བ་ལ་ཡིན་མིན་དགག་སྒྲུབ་སོགས་བློ་ཡིས་བཟོ་ཅུང་ཟད་ཀྱང་མ་འཆོས་པར་རང་ཚུགས་མ་ཤོར་བ་བྱས་པས། ཚོགས་དྲུག་གི་མཚོན་སེམས་ཀྱིས་བསླད་པའི་གཟུང་འཛིན་འཁྲུལ་རྟོག་ཐམས་ཅད་སྤྲིན་ཚོགས་ནམ་མཁའི་དབྱིངས་ལས་རང་བྱུང་ཞིང་མཁའ་དབྱིངས་སུ་རང་དེངས་འགྱུར་བ་ལྟར་གཞི་མེད་རྩ་བྲལ་ཆེན་པོར་རང་གྲོལ་དུ་འགྱུར་བ་སྟེ། ལོ་ཆེན་བཻ་རོའི་ཞལ་ནས། བསྒོམ་དུ་མེད་པའི་ཆོས་དབྱིངས་རྗེན་པ་ལ། །བསམ་དུ་མེད་པའི་རིག་པ་མ་ཡེངས་བཞག །རྣམ་རྟོག་སྐྱེས་ན་རང་ཤར་རང་གྲོལ་འགྱུར། །ལྟ་སྒོམ་མན་ངག་རྩ་བ་དེ་ལས་མེད། །ཅེས་གསུངས་པ་སོགས་སྙིང་ཐིག་གི་སྲོག་གནད་ཐུན་མོང་མ་ཡིན་པ་ལགས་པས་རྟག་ཏུ་བསླབ་པར་བྱའོ། །གསུམ་པ་འབྲས་བུ་ནི། དེ་ལྟར་ནན་ཏན་དུ་བརྩོན་པས་རབ་ཟླ་བ་དྲུག༔ འབྲིང་ལོ་གསུམ༔ ཐ་མའང་ལོ་བཅུ་གཉིས་ནས་ཟག་བཅས་ཀྱི་ཕུང་པོ་འོད་དུ་དེངས་པར་འགྱུར་རོ༔ སྒྲ་ཚིག་དབུ་མར་དེངས་པར་འགྱུར་རོ༔ རྟོག་ཚོགས་ནང་གསལ་དུ་དེངས་པར་འགྱུར་རོ༔ འདོད་ན་ལུས་དང༔ ངག་དང༔ ཡིད་ཐམས་ཅད་པའི་མཆོག་འགྲུབ་པར་འགྱུར་རོ༔ ཞེས་གསུངས་ཏེ། དེ་ལའང་འབྲས་བུ་ཐོབ་པའི་དུས་བརྩོན་འགྲུས་དང་དབང་པོ་རབ་འབྲིང་ཐ་མའི་བྱེ་བྲག་ལྟར་ཡུན་རིང་ཐུང་གི་ཁྱད་པར་བསྟན་པ་དང་། ཇི་ལྟར་ཐོབ་པའི་ཚུལ་སྙིང་ཐིག་གི་གཞུང་རྣམས་སུ་གྲོལ་ལུགས་གསུམ། འཆི་ལུགས་བཞི། ལྷག་མེད་དང་ལྷག་བཅས་ཀྱི་མྱང་འདས་གཉིས་རྣམས་བཤད་པའི་དོན་བསྡུས་ཏེ་སྒོ་གསུམ་ལྷག་མེད་དུ་གྲོལ་བའི་ཚུལ་བསྟན་པ་དང་། དེ་ལས་ཀྱང་གཞན་དོན་རྒྱུན་མི་ཆད་པར་འདོད་ན་འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུར་བཞེངས་ཏེ་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་ལྷུན་གྲུབ་ཏུ་འབྱུང་བ་རྣམས་གསལ་བར་བསྟན་པ་ཡིན་ནོ། །གཞན་ཡང་། མདོར་བསྡུས་པའོ༔ སྤྲོས་པའི་སྒྲོ་འདོགས་ནི་སྙིང་ཏིག་ལས་ཆོད་པར་བྱའོ༔ ཞིབ་ཏུ་བླ་མ་ལས་མཉན་ནོ༔ ཞེས་གསུངས་ཏེ། འདི་ནི་འདས་རྗེས་ཐོག་བབས་སྙིང་པོ་བསྡུས་པའི་ཚུལ་གྱིས་གསུངས་པས་རྒྱུད་ཀྱི་རྡོ་རྗེའི་ཚིག་རྐང་རྣམས་དང་དབྱེར་མེད་པར་དོན་གྱི་གནད་ཐམས་ཅད་གསལ་ལ་རྫོགས་པར་ཚང་ཡང་ཚིག་གི་སྤྲོས་པ་ཤིན་ཏུ་མདོར་བསྡུས་པའི་ཕྱིར། གྲུབ་མཐའ་འོག་མ་རྣམས་དང་ཐུན་མོང་མ་ཡིན་པའི་གཞི་ལམ་འབྲས་བུའི་འབྲེལ། ཐེག་པ་ཀུན་ལས་འཕགས་པའི་དོན་ཁྱད། ཚེ་གཅིག་གིས་གདོད་མའི་ས་ལ་གྲོལ་བའི་གནད། ལམ་གྱི་གེགས་སེལ་བོགས་འདོན་དང་ཉམས་ཀྱི་རྟགས་ཚད་ངོས་གཟུང་གཙོ་བོར་གྱུར་པའི་སྤྲོས་པའི་སྒྲོ་འདོགས་ཐམས་ཅད་རྩ་བའི་མན་ངག་བི་མའི་སྙིང་ཐིག་ཆེན་མོ་སོགས་ལས་གཅོད་པར་བྱ་དགོས་ཤིང་། ཤིན་ཏུ་ཟབ་པའི་གནད་དཔེ་དང་ཚིག་གི་གོ་བས་ཇི་བཞིན་མི་རྟོགས་པ་རྣམས་ནི་ཉམས་མྱོང་དང་རྟོགས་གོམས་གདིང་དུ་གྱུར་པའི་བླ་མ་དམ་པའི་ཞལ་ལས་མཉན་པར་བྱ་བ་ཁོ་ན་གལ་ཆེ་བ་རྗེས་སུ་གདམས་པར་མཛད་པའོ། །ཐོག་མེད་འཁོར་བའི་སྡུག་བསྔལ་ལ་ངེས་འབྱུང་དང་སྐྱོ་ཤས་ཀྱིས་སེམས་རྒྱུད་ལ་རླན་ཕོག་སྟེ་ལྟར་སྣང་ཚིག་གི་སྦུན་པ་ལ་མི་གཡེང་བར་རྣམ་གྲོལ་གྱི་འབྲས་བུ་ལ་མྱུར་དུ་སྤྱོད་པར་འདོད་པ་རྣམས་ཀྱིས། འདི་ལྟ་བུའི་ཐོས་སྒོམ་བདེ་ཞིང་ཚིག་ཉུང་དོན་ཟབ་བྱིན་རླབས་ཀྱི་གཟི་བྱིན་འབར་བ། འཇིག་རྟེན་ན་སངས་རྒྱས་འབྱུང་བ་ལྟ་བུའི་ནོར་བུ་བོར་ནས་མཆིང་བུ་མི་ཚོལ་བར། ཚེ་ཐུང་ལོངས་མེད་ཀྱི་དུས་ལ་ཆེད་དུ་དགོངས་པའི་ཟབ་ཆོས་འདི་ལ་ངེས་ཤེས་རྙེད་དེ་འདི་ཁོ་ན་ལ་ཉམས་ལེན་གྱི་སྙིང་པོར་གཟུང་བར་ཅིས་ཀྱང་གསོལ་བ་འདེབས་པ་ལགས་སོ། །རྩོལ་མེད་ཐེག་མཆོག་བགྲོད་པ་གཅིག་པའི་ལམ། །ཡིད་ཅན་ཀུན་གྱིས་བདེ་བླག་ཉིད་དུ་བགྲོད། །གདོད་མའི་ས་ལ་གཏན་གྱི་སྲིད་ཟིན་ནས། །ལྷུན་གྲུབ་ཕྲིན་ལས་མཁའ་ཁྱབ་བརྡལ་གྱུར་ཅིག །ཅེས་པཎ་ཆེན་བི་མ་ལ་དང་རྣམ་དབྱེར་མེད་པའི་ཡེ་ཤེས་སྒྱུ་མའི་རང་གཟུགས་ཁྱབ་བདག་བླ་མ་༧འོད་གསལ་སྤྲུལ་པའི་རྡོ་རྗེའི་ཞལ་སྔ་ནས། ཐོག་མའི་སྣོད་ལྡན་དང་བཀའ་བབ་ཏུ་དབུགས་དབྱུང་སྟེ་སྨིན་གྲོལ་བདུད་རྩི་ཆིག་རྫོགས་སུ་བསྩལ་ཅིང་ཁྲིད་ཡིག་འབྲི་བར་འོས་པའི་རྗེས་སུ་གནང་བ་དམིགས་བསལ་དུ་ཐོབ་ཀྱང་རིང་ཞིག་འགྱང་བ། སླར་རིན་པོ་ཆེ་གཏེར་གྱི་གསང་མཛོད་ཆེན་མོར་དབྱིག་མཆོག་ཀུན་གྱི་སྙིང་པོར་བཞུགས་སུ་གསོལ་བའི་སླད་དུ། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་གནས་ཀྱི་སྙིང་པོ་འོད་གསལ་རྡོ་རྗེ་ཐུགས་ཀྱི་རྫོང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
རྩ་གསུམ་འོད་གསལ་སྙིང་ཏིག་གི་བཀའ་སྲུང་སྤྱི་ཡི་གསོལ་མཆོད་ཕྲིན་ལས་འདོད་དགུའི་རྒྱན་ (Volume 63, Text 8)
རྩ་གསུམ་འོད་གསལ་སྙིང་ཏིག་གི་བཀའ་སྲུང་སྤྱི་ཡི་གསོལ་མཆོད་ཕྲིན་ལས་འདོད་དགུའི་རྒྱན་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། སྲུང་མའི་གཏོར་འབུལ་བྱ་བར་འདོད་པས། དཔལ་གཏོར་དཔུང་རོང་གཙོ་འཁོར་ལྔ་མཐེབ་ཀྱུ་དང་ཟས་སྣས་བརྒྱན་པ་བཤམ་ལ། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང་། །བྷནྡྷའི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ། །བསྐོལ་ཞིང་འོད་ཞུ་ཟག་མེད་བདུད་རྩིའི་བཅུད། །འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བར་གྱུར། །ཨོཾ་ཨཱཿཧཱུྃ་ཧོཿས་བརླབ། ཧཱུྃ་ཧྲཱིཿ ཀ་དག་དབྱིངས་ལས་འོད་གསལ་སྒྱུ་མའི་འཕྲུལ། །རྩ་གསུམ་སྤྱི་དང་ཁྱད་པར་དཔལ་ཆེན་པོ། །བཀའ་སྲུང་སྐུར་བཞེངས་དཔལ་མགོན་མ་ནིང་ནག །སྔགས་ཀྱི་སྲུང་མ་ཁྱབ་འཇུག་དམ་ཅན་སོགས། །བཀའ་གཏེར་སྲུང་མ་འཁོར་དང་བཅས་པ་ཀུན། །མཆོད་པའི་མགྲོན་དུ་མྱུར་དུ་གཤེགས་སུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ཤྲཱི་དྷརྨ་པ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་མ་ཡ་ཏིཥྛ་ལྷན། བཞུགས་སུ་གསོལ། ཧཱུྃ་ཧྲཱིཿ སྣང་སྲིད་བདེ་ཆེན་དག་པའི་ཡེ་ཤེས་རྩལ། །སྲིད་ཞིའི་དཔལ་འབྱོར་ལྷུན་གྱིས་གྲུབ་པ་ཡི། །ཕྱི་ནང་གསང་བ་བླ་མེད་མཆོད་པའི་སྤྲིན། །འབུལ་ལོ་དགྱེས་པར་བཞེས་ལ་ཕྲིན་ལས་མཛོད། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ཤྲཱི་དྷརྨ་པ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡ་རཱུ་པ་ཤབྡ་གྷནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ཤྲཱི་དྷརྨ་པ་ལ་མ་ཧཱ་ཀཱ་ལ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་མ་མ་ཏྲག་རཀྴ་ཨཿཡཿམཿདུཿརུཿཙཿཤཿནཿསརྦ་ས་མ་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བསྟན་པའི་བཀའ་སྲུང་ཆེན་པོ་དཔལ་མགོན་མ་ནིང་ནག་པོ། ཁྱབ་འཇུག་དུག་གི་སྤུ་གྲི། མ་མོ་སྔགས་ཀྱི་སྲུང་མ། དམ་ཅན་སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ་ལ་སོགས་སྙིང་ཐིག་གཉན་པོའི་བཀའ་སྲུང་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྡོངས་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་འཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་ཕྲིན་ལས་བཅོལ། བསྟོད་ཅིང་བསྐུལ་བ་ནི། ཧཱུྃ་བྷྱོ༔ སྐྱེ་བ་མེད་ལས་སྐྱེ་བའི་ཆོ་འཕྲུལ་ནི༔ ནམ་མཁའི་མདོག་ཅན་སྲིན་པོ་ཁྲོས་པའི་གཟུགས༔ ཕྱག་གཉིས་ཐབས་ཤེས་རུ་མཚོན་སྙིང་ཞགས་བསྣམས༔ ཧེ་རུ་ཀཿདཔལ་འབར་བ་ཁྱོད་ལ་བསྟོད༔ སྤྱན་གསུམ་དམར་ཟླུམ་མེ་དང་མཉམ་སྦྱོར་བས༔ ལོག་འདྲེན་བགེགས་ཀྱི་ཚོགས་ཀུན་སྲེག་མཛད་ཅིང༔ ཡིད་བཞིན་འདོད་པ་འཇོ་བའི་བེང་ཆེན་ལས༔ རྣལ་འབྱོར་དངོས་གྲུབ་སྩོལ་མཛད་ཁྱོད་ལ་བསྟོད༔ ཐབས་ཀྱི་ཕྱག་རྒྱ་གཏུམ་དྲག་འབར་བའི་སྐུ༔ ཕོ་རྒྱུད་དྲེགས་པའི་ཚོགས་ལ་དབང་བསྒྱུར་ཞིང༔ སྲིད་གསུམ་ཟིལ་གནོན་ཉམས་པའི་སྲོག་གི་གཤེད༔ དྲང་སྲོང་ཆེན་པོ་སྒྲ་གཅན་འཛིན་ལ་བསྟོད༔ ཤེས་རབ་རྡོ་རྗེ་བཙུན་མོའི་སྒྱུ་མ་ནི༔ སྣང་སྲིད་མ་མོའི་རྗེ་མོར་ཡོངས་ཤར་བ༔ སྙིང་ཐིག་གཉན་པོའི་བཀའ་སྲུང་རྒྱ་མཚོའི་གཙོ༔ དཔལ་འབར་ཨེ་ཀ་ཛཱ་ཊི་ཁྱོད་ལ་བསྟོད༔ དོན་དམ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ རྣམ་པ་ཁྲོ་ཆགས་སྒེག་པའི་སྒྱུ་འཕྲུལ་གྱིས༔ བསྟན་དགྲ་ཚར་གཅོད་རྣལ་འབྱོར་བུ་བཞིན་སྐྱོང༔ དཔལ་མགོན་ལྕམ་དྲལ་འཁོར་དང་བཅས་ལ་བསྟོད༔ ཧཱུྃ་བྷྱོ༔ སྔོན་ཚེ་འོག་མིན་ཆོས་དབྱིངས་ཕོ་བྲང་དུ༔ ཆེ་བའི་ཆེ་མཆོག་ཀུན་བཟང་ཧེ་རུ་ཀས༔ བཀའ་བསྒོས་དམ་བཞག་བསྟན་སྲུང་རྒྱ་མཚོའི་ཚོགས༔ སྤྲོས་བྲལ་བདེ་བ་ཆེན་པོའི་ཀློང་ནས་བཞེངས༔ དུག་གསུམ་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ ཟག་མེད་བདུད་རྩིའི་མཆོད་གཏོར་འདི་བཞེས་ལ༔ ཇི་ལྟར་ཁས་བླངས་གཡར་དམ་བཅས་པ་བཞིན༔ རྣལ་འབྱོར་བདག་གི་བཅོལ་བའི་ཕྲིན་ལས་སྒྲུབ༔ གནས་སྐབས་ནད་གདོན་ཉེར་འཚེ་ཞི་བ་དང༔ ཚེ་བསོད་དཔལ་འབྱོར་སྙན་པའི་གྲགས་པ་སྤེལ༔ མི་དང་མི་མིན་ཚོགས་རྣམས་དབང་དུ་སྡུས༔ དགྲ་བགེགས་འབྱུང་པོ་རྩད་ནས་བརླག་པར་མཛོད༔ ཁྱད་པར་འགྲོ་ལ་ཕན་བདེ་འབྱུང་བའི་གཞི༔ བཤད་སྒྲུབ་བསྟན་པ་ཡུན་རིང་གནས་པ་དང༔ འོད་གསལ་སྙིང་པོའི་ལམ་ལ་ཞུགས་པ་རྣམས༔ ཟག་བཅས་འོད་སྐུར་འགྲུབ་པའི་ཕྲིན་ལས་མཛོད༔ ཕྱི་རུ་སྣང་སྲིད་ཀློང་ལྔ་སྤྲུལ་པའི་ཞིང༔ ནང་ལྟར་མི་ཤིགས་ལྷན་སྐྱེས་བདེ་བ་ཆེ༔ གཞན་དུ་བསྐྱེད་རྫོགས་ཟུང་འཇུག་ཆེན་པོའི་དབྱིངས༔ ཧེ་རུ་ཀཿདཔལ་གོ་འཕང་མྱུར་འགྲུབ་མཛོད༔ མདོར་ན་ཡིད་ལ་སྨོན་པའི་དོན་རྣམས་ཀུན༔ བུམ་པ་བཟང་དང་དཔག་བསམ་ནོར་བུ་ལྟར༔ དབང་དྲག་ཞི་བར་རོལ་པའི་ཕྲིན་ལས་ཀྱིས༔ ཐོགས་མེད་མྱུར་བ་ཉིད་དུ་འགྲུབ་པར་མཛོད༔ ནོངས་བཤགས་བརྟན་བཞུགས་སོགས་སྤྱི་ལྟར་བྱའོ། །ཞེས་པའང་རབ་ཚེས་ལྕགས་བྱ་ཁྲུམ་ཟླའི་ཚེས་གསུམ་ལ་སྤ་གྲོ་སྐྱེར་ཆུའི་གཙུག་ལག་ཁང་དུ་ཆོས་འདི་འཆད་ཉན་བགྱིས་པའི་སྐབས། རྟེན་མཆོག་འགྱུར་མེད་གླིང་གི་དགེ་སློང་སྤོང་བ་པ་ངག་དབང་པདྨ་ཆོས་འབྱོར་ནས་རྟེན་བཅས་ཆེད་དུ་བསྐུལ་བ་བཞིན་སྔགས་བཙུན་རྒན་པོ་འགྱུར་མེད་འོད་གསལ་ཐུགས་མཆོག་རྡོ་རྗེས་བྲིས་པ་བསྟན་འགྲོའི་དཔལ་དུ་གྱུར་ཅིག །སརྦ་མངྒ་ལཾ། །དགེའོ།། །།
རྡོ་རྗེ་ཕུར་པའི་ལས་ཚོགས་བཀྲ་ཤིས་རྟེན་འབྲེལ་ཆེན་པོའི་བུམ་པ་ལག་ཏུ་བླང་བའི་ཟིན་བྲིས་རཏྣ་བསམ་འཕེལ་ (Volume 48, Text 8)
༄༅། །རྡོ་རྗེ་ཕུར་པའི་ལས་ཚོགས་བཀྲ་ཤིས་རྟེན་འབྲེལ་ཆེན་པོའི་བུམ་པ་ལག་ཏུ་བླང་བའི་ཟིན་བྲིས་རཏྣ་བསམ་འཕེལ་ཞེས་བྱ་བ་བཞུགས་སོ། ། དོན་ཀུན་འགྲུབ་པའི་བྱིན་རླབས་གཏེར། །གུ་རུ་རྗེ་དང་ཐུགས་རྗེའི་རྩལ། །ཀླུ་རྒྱལ་བྱང་ཆུབ་སེམས་དཔའ་ལ། །བཏུད་ནས་དཔལ་འབྱོར་རྒྱས་བྱེད་འགོད། །ཕུར་པ་ཡང་གསང་བླ་མེད་ཀྱི་ལས་ཚོགས་ཐུན་མོང་མ་ཡིན་པ་གནད་ཀྱི་བཀའ་རྒྱ་ཅན་འདི་ལ་དོན་ལྔ། བྱ་བའི་ཡུལ། རྩོམ་པའི་དུས་ཚོད། ཇི་ལྟར་བྱ་བའི་ཚུལ། གྲུབ་ནས་ལས་སྦྱོར། བྱས་པའི་ཕན་ཡོན་ནོ། །དང་པོ་ནི། དགེ་འདུན་གྱི་སྡེ། རྒྱལ་པོའི་ཕོ་བྲང་། རྣལ་འབྱོར་པའི་སྒྲུབ་ཁང་རྣམས་སུ་གཙོར་བྱ་ཞིང་ཕལ་པའི་ཁང་ཁྱིམ་གཙང་མར་ཡང་བྱར་རུང་བར་ཤུགས་ཀྱིས་བསྟན་པ་ཡིན་ནོ། །གཉིས་པ་དུས་ནི། དབྱར་དགུན་སྟོན་དཔྱིད་ར་བ་བཞིའི་ཡར་ངོ་གཟའ་སྐར་ཤིས་ཤིང་ཁྱད་པར་ཀླུ་ཐེབས་ཡོད་ཅིང་ཀླུ་ལྡོག་མེད་པའི་དུས་སུ་བཅའ་སྒྲུབ་བྱའོ། །གསུམ་པ་བྱ་བའི་ཚུལ་ལ་གཉིས། རྟེན་ བཅའ་བ། སྒྲུབ་པ་བྱ་བའོ། །དང་པོ་ནི། བཀྲ་ཤིས་པའི་ས་ལས་བྱས་པའི་རྫ་བུམ་སོ་བཏང་བ་ཡུལ་གྱི་བྲེ་གང་ཤོང་བ་ཡན་ཆད་ལས་མི་ཆུང་བ་རྩི་དཀར་པོ་མདུན་རྟགས་པདྨ་ནོར་བུ་སོགས་ཀྱིས་མཚན་པའི་ནང་དུ། རིན་ཆེན་ཀླུ་སྨན་དཀར་མངར་ཆུ་སྣ་རྣམས་བསྲེས་པའི་སྤྲ་ཚིལ་ལམ་ཁམ་ས་ལ་ཀླུ་ནོར་རྒྱས་སོར་བརྒྱད་པ་སྟོད་མི་ལ་སྨད་སྦྲུལ་མཇུག་འཁྱིལ་བ། ཕྱག་གཡས་རིན་པོ་ཆེ་དང་གཡོན་ཨུཏྤལ་བསྣམས་པ། སྦྲུལ་མགོའི་གདེངས་ཀ་བདུན་ཡོད་པ། ཡུམ་སོར་བདུན་པ་ཐལ་སྦྱར་ནོར་བུ་བསྣམས་པ་སྦྲུལ་མགོའི་གདེངས་ཀ་ལྔ་ལྡན་མི་ལུས་སྦྲུལ་མཇུག །གཉིས་ཀ་དར་དང་རིན་པོ་ཆེས་བརྒྱན་ཅིང་སྐུ་མདོག་སེར་པོ་བྱ། ཡབ་ལ་གི་ཝཾ་དང་མ་འཛོམ་ན། གཉིས་ཀ་ལ་སྦྲང་རྩི་བྱུགས། གྲོ་གའམ་ཆུ་ཤོག་ལ་རྒྱ་སྣག་གཙང་མས། ཨོཾ་ཝ་རུ་ཎ་ཡེ་ཧཱུྃ་སྭཱ་ཧཱ༔ ཕུ༔ ཨོཾ་བཱ་སུ་ཀཱི་མཾ་སྭཱ་ཧཱ༔ ཨོཾ་ཝ་རུ་ཎ་ཡེ་སྭཱ་ཧཱ༔ ཨོཾ་ནཱ་ག་རཱ་ཛ་བཱ་སུ་པུཥྚི་སརྦ་མངྒ་ལཾ་སིདྡྷི་སྭཱ་ཧཱ༔ ཞེས་བྲིས་པ་ཡབ་དང་། ཨོཾ་ནཱ་གི་མ་ཎི་མུ་ཀུ་ཊཾ་སརྦ་མངྒ་ལཾ་སྭཱ་ཧཱ༔ ཕུ༔ ཞེས་བྲིས་པ་ཡུམ་གྱི་ནང་དུ་གཞུག །གཉིས་ཀའང་མཇུག་ནས་དྲིལ་ཏེ་དར་སེར་པོས་དྲིལ་ནས་མགོ་གཞུག་མ་ལོག་པར་བཅུག །ཡབ་ཡུམ་གཉིས་ཞལ་སྦྱར་གྱི་ཚུལ་དུ་བུམ་པའི་དབུས་སུ་བཞག །གཟུགས་བཅའ་མ་ཐོན་ན་བཟང་ཤིང་བྱང་བུ་གཉིས་ལ་ཚད་སོགས་སྔ་མ་དང་འདྲ་བའི་ཀླུ་ཡབ་ཡུམ་བྲིས་ཏེ་གི་ཝཾ་དང་སྦྲང་རྩིས་བྱུག །ཞལ་སྦྱར་དུ་བསྡམས་ལ་དར་སེར་པོས་དྲིལ་ལ་བཞག །ཀླུ་གཟུགས་ལ་ཆག་གྲུམ་སོགས་ཀྱི་སྐྱོན་བྱུང་ན་མི་ལ་ནད་འབྱུང་བས་གཟུགས་བཟོ་བ་མི་ལེགས་ཤིང་སྒོམ་པས་འཐུས་པར་བཤད་པ་དང་། དེ་ལྟར་བཤད་པ་ཀླུ་འཇིག་རྟེན་པ་ལ་ཡིན་གྱི་འདི་ཡེ་ཤེས་ཀྱི་ཀླུ་རྒྱལ་ཡིན་པས་ཉེས་སྐྱོན་མི་འབྱུང་བར་བཤད་པ་དང་། ཕྱག་ལེན་ཡང་འདྲ་མིན་འདུག་ཀྱང་གཞུང་དོན་ཚུལ་བཞིན་བྱུང་ན་ལེགས་པས། དགོན་གནས་སོགས་ལ་གཟུགས་འབུར་མ་དང་། ཕལ་པ་ལ་འབྲི་བ་དང་། མ་འབྱོར་ན་གཟུངས་དྲིལ་བཅུག་པ་ཙམ་ལེགས་པར་སྣང་ངོ་། །དེ་ལ་གཟུངས་དྲིལ་ནི། རབ་གསེར་སོགས་རིན་པོ་ཆེའི་ཁུ་བ། འབྲིང་རྒྱ་ཤོག་ལ་མཚལ་སྣག་གཙང་མས། ཨོཾ་ནཱ་ག་རཱ་ཙ་བཱ་སུ་ཀཱི་མཾ་སིདྡྷི་ཧཱུྃ་ཛ༔ ནཱ་ག་རཱ་ཙ་བུདྡྷ་བྷ་ག་ཝཱན་ནཱ་ག་རཱ་ཙ་སརྦ་ཧེ་ལོ་སིདྡྷི་ཕ་ལ་པུཥྚིཾ་ཀུ་རུ་ཧཱུྃ་ཧཱུྃ་ཧཱུྃ༔ ནཱ་ག་རཱ་ཙ་སརྦ་ཨཱ་ཡུཿརཏྣ་སིདྡྷི་ཧཱུྃ༔ རཏྣ་དྷེ་ཝ་ཨཱ་ཡུཿརཏྣ་སིདྡྷི་སིདྡྷི་སརྦ་པཱ་ཤཾ་ཀུ་རུ་ཧཱུྃ་ཧཱུྃ་ཛ༔ ཡུལ་ཁམས་གནས་ཁང་འདི་རུ་མི་ནད་ཕྱུགས་ནད་རིམས་ནད་གོད་ཡམས་གོད་ཁ་སད་སེར་བཙའ་འབུ་མུ་གེ་མཚོན་འཁྲུག་དམག་ ཇག་དགྲ་རྐུན་མི་ཁ་སོགས་མི་མཐུན་པའི་ཕྱོགས་རིས་ངན་པ་ཐམས་ཅད་ཞི་ཞིང་། ཚེ་བསོད་དཔལ་འབྱོར་ཀླུང་རྟ་བླ་གཟའ་ཁ་རྗེ་དབང་ཐང་མི་ཕྱུགས་ཡུལ་ཁམས་འབྲུ་ནོར་ལོངས་སྤྱོད་ཐོས་བསམ་སྒོམ་གསུམ་ཉམས་རྟོགས་ཀྱི་ཡོན་ཏན་ལེགས་ཚོགས་བཀྲ་ཤིས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་དངོས་གྲུབ་རྒྱུན་མི་ཆད་པར་འབྱུང་བར་མཛད་དུ་གསོལ། ཞེས་དབུ་ཅན་ཚག་མེད་དུ་བྲིས་ལ། གསེར་ལིང་མའམ། ཆུ་རྒྱུན་འབབ་བཟང་པོའི་རྡེའུ་ལ་གསེར་གྱི་ཕུཿབྲི་ཞིང་ཕུཿཡིག་དང་། ཨོཾ་ཞལ་སྦྱར་ཏེ་གཡས་སྐོར་དུ་དཀྲིས་པ་གོང་གི་སྐུ་རྒྱུའི་རྫས་རྣམས་སྤྲ་ཚིལ་ལམ་མར་དང་སྦྱར་བའི་ནོར་བུའི་དབྱིབས་སུ་བཅོས་པའི་ནང་དུ་གཞུག །བཀྲ་ཤིས་པའི་ཚིགས་བཅད་ཀྱིས་དྲིལ་ལ་མདུན་རྒྱབ་མ་ནོར་བར་བུམ་པར་གཞུག །སྐུ་དང་གཟུངས་བསྒྲིལ་གང་བྱེད་ཀྱང་བུམ་པའི་ནང་དུ་ལུང་པ་གསུམ་ལྔ་བདུན་དགུ་བཅུ་གཅིག་མན་ཆད་ཀྱི་བཙན་ཕྱུགས་འཕེན་པོ་དང་གནས་ཆེན་དགོན་སྡེ་བཀྲ་ཤིས་པའི་ས་དང་འབྲུ་སྣ་བླངས་ལ། འབྲུ་སྣ་ལ་སྲན་མ་ཡུངས་དཀར་ནག་བྲ་བོ་སོགས་མ་འདྲེས་པ། སྨན་སྣ་ཚོགས་ལ་དུག་རིགས་གླ་རྩི་ཁྱུང་སྡེར་ཚ་བ་གསུམ་སོགས་དང་མ་འདྲེས་པ། རིན་ཆེན་སྣ་ལྔ་ལ་ལྕགས་ར་གན་ཞ་ཉེ་སོགས་དང་མ་འདྲེས་པ་དང་། ཤ་ཆང་སྒོག་ཙོང་མ་འདྲེས་པའི་ཟས་སྣ་དང་། ཤིང་ཐོག་གི་རིགས་གང་འཛོམ། དར་སྣ་གོས་སྣ་དང་ཀླུ་སྨན་གང་མང་། ཚྭ་དང་མངར་གསུམ་དཀར་གསུམ་རྣམས་དང་། བ་དཀར་ར་དཀར་འོ་མ་མོ་གསར་རིགས་བཟང་་་ཕ་མ་བུ་ཁྱོ་འཛོམས་ཤིང་ཡུགས་ས་མིན་པའི།ནུ་ཞོ་རྣམས་རིལ་བུར་བྱས་པས་བུམ་པ་ཁེངས་པར་བཀང་ལ་ཁ་གཡམ་ལེབ་ལྟ་བུས་བཅད་ལ་དར་རས་དཀར་པོས་ཐུམ་དང་ལྷབ་ལྷུབ་བྱ། སྦྱོང་ཁྲུས་སྤྱི་མཐུན་ཡིད་ཆེས་པར་བྱས་ལ། སྟེགས་གཙང་མར་རས་དཀར་དྲི་མ་མེད་པ་བཏིང་བའི་ཁར་འབྲས་སམ་ནས་དཀར་གྱི་ཚོམ་བུ་དགུ་སྤུངས་པའི་སྟེང་དུ་བཞག །ཀླུའི་གཏོར་མ་དཀར་མངར་ཀླུ་སྨན་གྱིས་བྲན་པ་དང་། ཆུ་གཉིས་སོགས་ཕྱི་མཆོད་གཙང་མ་རྣམས་མདུན་དུ་བཤམ་མོ། །གཉིས་པ་སྒྲུབ་པ་བྱ་བ་ནི་དགེ་སློང་བཞི་སྡེ་འཛོམ་ན་ལེགས། གཅིག་གིས་ཀྱང་མི་རུང་བ་མེད་ཅིང་གང་ལྟར་སྒྲུབ་པ་པོ་ཤ་ཆང་སྤངས་ཤིང་གཙང་སྦྲ་ལྡན་པ་བྱས་ལ། བདག་བསྐྱེད་ཐུགས་རྗེ་ཆེན་པོ་གང་ཡང་རུང་བས་ཆོག་མོད་ཀྱང་དམིགས་གསལ་བསྔགས་པ་སེང་གེ་སྒྲ་ཡིན་པས། སངས་རྒྱས་ཆོས་ཚོགས་ཀྱིས་སྐྱབས་སེམས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། སྟོང་པའི་ངང་ལས་འོད་ཟེར་འབར་བའི་དབུས༔ སིཾ་ལས་སེང་གེ་དཀར་མོའི་གདན་སྟེང་དུ༔ ཧྲཱིཿཡིག་དཀར་པོའི་འཕྲོ་འདུ་ལས་བྱུང་བའི༔ བདག་ཉིད་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་གདན་གནོན་ཚུལ་དུ་ཁ་ཊྭཱཾ་འཛིན༔ ཁ་ཊྭཱཾ་ག་ལ་སྦྲུལ་གྱིས་རྣམ་པར་དཀྲིས༔ གཡོན་པས་པུས་མོའི་ཐད་དུ་སྦྲུལ་ཞགས་འཛིན༔ དར་ལྗང་སྟོད་གཡོགས་དམར་པོའི་ཤམ་ཐབས་ཅན༔ སྣ་ཚོགས་དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ ཞབས་གཉིས་ཕྱེད་སྐྱིལ་རོལ་པའི་སྟབས་ཀྱིས་བཞུགས༔ དེ་ལྟར་གསལ་བའི་གནས་གསུམ་ལས༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ བདེ་ཆེན་པོ་ཏ་ལ་ཡི་གནས་མཆོག་ནས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་གཉིས་མེད་ཐིམ༔ རང་གི་ཐུགས་ཀར་ཟླ་བའི་གདན་སྟེང་དུ༔ ཧྲཱིཿཡིག་དཀར་པོ་ཚེག་དྲག་བཅས་པའི་མཐར༔ རྩ་བའི་སྔགས་ཀྱིས་བསྐོར་བའི་འོད་ཟེར་འཁོར༔ འཕགས་པ་མཆོད་ཅིང་འགྲོ་ཀུན་སྒྲིབ་པ་སྦྱངས། །བྱིན་རླབས་ཚུར་འདུས་རང་གི་སྒོ་གསུམ་ཐིམ། །སྡིག་སྒྲིབ་ནད་གདོན་བར་ཆད་ཀུན་ཞི་ནས། །འཕགས་པ་སེང་གེ་སྒྲ་དང་དབྱེར་མེད་གྱུར། །ཅེས་པའི་དམིགས་པ་རྩེ་གཅིག་བསྒོམ་ལ། ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ༔ ཅེས་གང་འགྲུབ་བཟླ། བུམ་རྫས་བྱིན་བརླབ་པ་ནི། སྭཱ་བྷཱ་བ་ལན་གསུམ་གྱིས་སྦྱང་། སྟོང་པའི་ངང་ལས་གཏེར་ཆེན་པོའི་བུམ་པ་བཟང་པོ་མགྲོན་རྣམས་དགྱེས་རྒུར་རོལ་པའི་གནས་ཡུལ། འཛད་པ་མེད་པའི་ལོངས་སྤྱོད། ན་བ་གསོ་བའི་སྨན། ཤི་བ་སློང་བའི་བདུད་རྩི། འདོད་ཡོན་ནམ་མཁའ་མཛོད་ཀྱི་སྤྲིན་ཕུང་། སངས་རྒྱས་ཀྱི་མཐུ་དང་བྱང་ཆུབ་སེམས་དཔའི་སྨོན་ལམ་ལས་གྲུབ་པ་འཁོར་བ་ཇི་སྲིད་རྒྱུན་མི་ཆད་པའི་རང་བཞིན་དུ་གྱུར། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་སོགས་སྔགས་དྲུག་ཕྱག་རྒྱ་དྲུག་རྣམས་ཀྱིས་བྱིན་བརླབ། དེ་ནས་བསྐྱེད་བསྟིམ་བཟླས་པའི་ཕྲིན་ལས་ནི། བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་བུམ་པ་ཡངས་ཤིང་རྒྱ་ཆེ་བའི་ནང་ཕུན་སུམ་ཚོགས་པའི་ཞིང་གི་བཀོད་པ་དང་ཟད་མི་ཤེས་པའི་མཐུན་རྫས་སྣ་ཚོགས་ཀྱིས་གང་བའི་དབུས་སུ། རིན་པོ་ཆེའི་གླིང་ཀླུའི་ཕོ་བྲང་ཉམས་དགའ་བའི་དབུས་ན་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཕུཿལས་ཀླུ་རྒྱལ་ནོར་རྒྱས་སྐུ་མདོག་སེར་པོ་འཁོར་ལོས་སྒྱུར་བའི་ཆ་བྱད་ཅན། སྟོད་མི་ལ་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ་སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན་ཞིང་ཕྱག་གཡས་ནོར་བུ་རིན་པོ་ཆེ་དང་། གཡོན་ཨུཏྤ་ལ་བསྣམས་པ། དེའི་མདུན་དུ་ཡུམ་ཀླུ་མོ་ནོར་བུའི་ཅོད་པན་ཅན་སྐུ་མདོག་སེར་མོ་སྟོད་མི་ལ་སྨད་སྦྲུལ་མཇུག་ཅན་སྦྲུལ་མགོའི་གདེངས་ཀ་ལྔ་དང་ལྡན་ཞིང་ཕྱག་གཉིས་ཐལ་མོ་སྦྱར་བའི་བར་དུ་ནོར་བུ་རིན་པོ་ཆེ་འཛིན་པ། ཡབ་ཡུམ་གཉིས་ཀ་དགྱེས་ཤིང་འཛུམ་པའི་སྐུར་གསལ་བའི་མཐར་ཀླུ་ཆེན་བརྒྱད་དང་ཡུལ་ཕྱོགས་འདིར་གནས་ཀྱི་ཀླུ་གཉན་ས་བདག་དང་བཅས་པ་རྣམས། རང་རང་གི་ཡུམ་སྲས་བློན་འབངས་འཁོར་ཚོགས་གྲངས་མེད་ལོངས་སྤྱོད་དང་བཅས་པ་བསམ་གྱིས་མི་ཁྱབ་པར་གྱུར། རང་ཉིད་འཕགས་པའི་ཐུགས་སྲོག་ཧྲཱིཿདང་མདུན་གྱི་ཀླུའི་ཐུགས་ཀར་ཕུཿཡིག་གིས་མཚན་པ་ལས་འོད་ཟེར་འཕྲོས་པས། རྒྱ་མཚོ་ཆེན་པོའི་ཀློང་ནས་ཀླུ་རྒྱལ་ནོར་རྒྱས་ཡབ་ཡུམ་སྲས་བློན་འབངས་འཁོར་ཕོ་བྲང་ལོངས་སྤྱོད་དང་བཅས་པ་རྣམས་བསྒོམས་པ་དང་འདྲ་བ་སྤྱན་དྲངས་ནས་བུམ་ནང་དུ་ཐིམ་པར་གྱུར། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། སྤོས་དཀར་བདུག་ཅིང་དབྱངས་སྙན་པོས། གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པ་མཐའ་དག་འཇོམས་མཛད་པ། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། མཐའ་ཡི་རྒྱ་མཚོ་ཆེན་པོ་དང༔ གཤེར་དང་འབྱུང་བར་རྟེན་བཅས་པའི༔ དད་དང་འབྱོར་ལྡན་ཀླུ་ཡི་ཚོགས༔ འཁོར་དང་བཅས་པ་སྤྱན་འདྲེན་ནོ༔ པདྨ་དཀར་པོའི་གདན་ལ་བཞུགས༔ ཨོཾ་ནཱ་ག་རཱ་ཙ་བཱ་སུ་ཀཱི་མཾ་སིདྡྷི་ཧཱུྃ་ཛཿ ས་པ་རི་བཱ་ར་ས་མ་ཡ་ཛཿཛཿ ཛཿཧཱུྃ་བཾ་ཧོཿཞེས་ལན་གསུམ་གྱིས་བཀུག་སྟེ་བུམ་ནང་དུ་བསྟིམ། ནཱ་ག་རཱ་ཙ་ས་པ་རི་ཝཱ་ར་ས་མ་ཡ་ཏིཥྛ་ལྷན་གྱིས་བཞུགས་སུ་གསོལ། ན་མོ་པུ་རུ་ཤ་ཡ་ཧོཿ ཞེས་ཕྱག་བྱ། ཨོཾ་ལས་ཀླུ་རྣམས་དགྱེས་སྐྱེད་པའི། །མཆོད་སྤྲིན་བསམ་མི་ཁྱབ་པར་གྱུར། །ཨོཾ་བཛྲ་སྥ་ར་ཎ་ཁཾ། མཆོག་གསུམ་དག་པའི་ཡོན་ཆབ་དང་། །ཆུ་སྐྱེས་ཐང་སྐྱེས་མེ་ཏོག་དང་། །ཙནྡན་ནགས་ཀྱི་སྤོས་དཀར་དྲི། །དགེ་ཞིང་མུན་འཇོམས་ནོར་བུའི་འོད། །སྤོས་དང་སྨན་སྦྱར་ཆུ་གཙང་དང་། །དཀར་གསུམ་མངར་གསུམ་གཙང་མའི་ཟས། །སིལ་སྙན་རོལ་མོ་བསྟོད་པའི་དབྱངས། །རིན་ཆེན་སྣ་བདུན་གཏེར་དང་བརྒྱད། ཁྲུས་ཀྱི་རྫིང་བུ་དཔག་བསམ་ཤིང་། །འདོད་པའི་ཡོན་ཏན་རྣམ་པ་ལྔ། །ཀླུ་ཡི་རྒྱལ་པོ་ནོར་རྒྱས་ནི། །བཙུན་མོ་སྲས་དང་བཅས་ལ་འབུལ། །གནས་འདིར་ཀླུ་ནད་མི་འབྱུང་ཞིང་། །བཀྲ་ཤིས་ལོངས་སྤྱོད་རྒྱས་པར་མཛོད། །ཨོཾ་ནཱ་ག་རཱ་ཙ་བཱ་སུ་ཀཱི་མཾ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། སྨན་དང་དར་ཟབ་འབྲུ་ཡི་ཚོགས༔ ཀླུ་རྒྱལ་འཁོར་བཅས་དགྱེས་བྱེད་ཅིང༔ ཀླུ་ཡི་ནད་ཀུན་ཞི་བའི་སྨན༔ ཆོས་དང་གང་འདོད་ཆར་པ་བཞིན༔ ཀླུ་ལ་འབད་མེད་ལྷུན་གྲུབ་འབུལ༔ ཨོཾ་ནཱ་ག་རཱ་ཙ་བུདྡྷ་བྷ་ག་བཱན། ན་མོ་རཏྣ་ཏྲ་ཡཱ་ཡ་ཧ་ཧ་ཧུ་ཧུ། ཨ་མྲྀཏ་བི་ཤུདྡྷེ་སྭཱ་ཧཱ། ཨོཾ་ཨ་ཀཱ་རོ་གསུམ་གྱིས་གཏོར་མ་བྱིན་བརླབ། ཨོཾ་ནཱ་ག་རཱ་ཙ་བཱ་སུ་ཀཱི་མཾ་སིདྡྷི་ཧཱུྃ་ཛཿ ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བདུན་ནམ་གསུམ་བརྗོད། ཀླུ་རྒྱལ་འཁོར་དང་བཅས་པས་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ། འདོད་པའི་དངོས་གྲུབ་ཐམས་ཅད་མྱུར་བ་ཉིད་དུ་སྩོལ་ཞིང་བདེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་བར་མཛད་དུ་གསོལ། ཞེས་བརྗོད། བསྟོད་པ་ནི། གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པ་མཐའ་དག་འཇོམས་མཛད་པ། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །བཟླས་པ་བྱ་བ་ནི། ཀླུ་རྒྱལ་འཁོར་བཅས་ཀྱི་ཐུགས་ཀར་ཟླ་བ་ལ་གནས་པའི་ཕུཿཡིག་སེར་པོ་སྔགས་ཀྱིས་གཡས་སུ་བསྐོར་བ་བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་བསྒྲུབས་པར་བསམ་ལ། ཨོཾ་ནཱ་ག་རཱ་ཙ་བཱ་སུ་ཀཱི་མཾ་སིདྡྷི་ཧཱུྃ་ཛཿ ཞེས་པ་དང་། ཨོཾ་ཕུ་བཱ་སུ་ཀཱི་ཡེ་ནཱ་ག་རཱ་ཙ་ཕུ་ཧཱུྃ་ཕཊཿ ཅེས་བཟླ། སྔ་མའི་ཤམ་བུར། ནཱ་ག་རཱ་ཙ་བུདྡྷ་བྷ་ག་ཝཱན་ནཱ་ག་རཱ་ཙ་སརྦ་ཧེ་ལོ་སིདྡྷི་ཕ་ལ་པུཥྚིཾ་ཀུ་རུ་ཧཱུྃ་ཧཱུྃ་ཧཱུྃ༔ ནཱ་ག་རཱ་ཙ་སརྦ་ཨཱ་ཡུཿརཏྣ་སིདྡྷི་ཧཱུྃ༔ རཏྣ་དྷེ་ཝ་ཨཱ་ཡུཿརཏྣ་སིདྡྷི་སིདྡྷི་སརྦ་པཱ་ཤཾ་ཀུ་རུ་ཧཱུྃ་ཛ༔ ཞེས་བཏགས་པའང་བཟླ། ཐུན་མཐར་སྤྲོ་ན་ཀླུ་ཐམས་ཅད་ལ་བདེ་བ་སྦྱིན་པའི་གཟུངས་འདི་ཚར་ཅི་ནུས་བཟླ། ཏདྱ་ཐཱ། དྷཱ་ར་ཎི་དྷཱ་ར་ཎི་ཨུདྡྷཱ་ར་ཎི། སཾ་པྲ་ཏིཥྛི་ཏེ། བི་ཛ་ཡ་བརྞ། སཏྱ་པྲ་ཏི་ཛྙཱ་ས་ར་ཧ། ཛྙཱ་ན་པ་ཏི། ཨུད་པ་ད་ནི། བི་ནཱ་མ་ནི། ཨ་བྷི་ཥིཉྩ་ནི། ཨ་བྷི་བྱ་ཧཱ་ར། ཤུ་བྷཱ་བ་ཏི། ཨ་ཛི་མ་ཏུ། ཨེ་ཧི་ཀུ་མ་བཱ་ལ་ན། བཱ་ཧ་ཧ་ར། ཀླེ་ཤཱ་ན། དྷུ་ན་པཱ་པཾ། ཤོ་དྷཱ་ཡ་མརྒཱ་ན། ནི་རཱ་ཧི་ཀ་དྷརྨཱ་ཏ་ཤུདྡྷ་ལོ་ཀ་བི་ཏི་མ་རི་རཱ་ཛ་ས་དུ་ཁཿཤ་མ་ན་སརྦ་བུདྡྷ་ཨ་བ་ལོ་ཀ་ན་ཨ་དྷིཥྛི་ཏེ་པྲཛྙཱ་ཛྙཱ་ན་བྷེ་སྭཱ་ཧཱ། གཞན་ཡང་དབྱངས་གསལ་རྟེན་སྙིང་ལན་གསུམ་གྱིས་ཁ་བསྐང་། མཆོད་བསྟོད་བྱ། ཕྲིན་བཅོལ་ནི། ཨེ་མ་དད་དང་འབྱོར་ལྡན་ཀླུ་ཡི་ཚོགས༔ མ་ལུས་འཁོར་དང་བཅས་པ་ལ༔ དགྱེས་པ་བསྐང་ཕྱིར་འདོད་ཡོན་འབུལ༔ ནད་སེལ་སྨན་གྱི་རིགས་རྣམས་འབུལ༔ ཀླུ་རྒྱལ་འདོད་པ་ཚིམས་གྱུར་ཅིག༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ འཇིག་རྟེན་ཁམས་འདིར་ཆར་འབེབ་ཅིང༔ འབྲུ་དང་མི་ནོར་འཕེལ་བར་མཛོད༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ འདོད་ཡོན་འབྱོར་པ་འཕེལ་བ་དང༔ ཆེ་བཙུན་བཟང་དགུ་དབང་སྡུས་ཤིག༔ གྲགས་པའི་དཔལ་འབྱོར་ཐོབ་པ་དང༔ སྙན་པས་འཇིག་རྟེན་ཁྱབ་པར་མཛོད༔ འཇིག་རྟེན་ཁམས་ཀྱི་སྐྱེ་འགྲོ་ཡི༔ ལུས་སེམས་ཀླུ་ཡི་མཐུས་བསྐྱེད་པས༔ གཞན་སེམས་རང་དབང་མེད་པར་ཆོམས༔ མཆོད་ཅིང་བསྒྲུབས་པའི་འདོད་དོན་སྩོལ༔ ཕྲིན་ལས་མྱུར་དུ་མ་བསྒྲུབ་ན༔ ཡེ་ཤེས་ལྷ་ཡི་ཐུགས་དང་འགལ༔ ཀླུ་རྒྱལ་དམ་ཚིག་ཉམས་ལ་རེ༔ དེ་བས་གང་བཅོལ་ཕྲིན་ལས་རྣམས༔ མྱུར་དུ་སྒྲུབས་ཤིག་ས་མ་ཡ༔ ཞེས་བརྗོད། བཟོད་གསོལ་དང་། ཨོཾ་སུ་པྲ་ཏིཿབཛྲ་དུན་ཏི་མི་ལི་མི་ལི་སྭཱ་ཧཱ། ཞེས་བཟླ། བརྟན་བཞུགས་ནི། ན་མོ། དཀོན་མཆོག་རྩ་གསུམ་ཆོས་སྐྱོང་སྲུང་མ་དང་ལྷག་བསམ་རྣམ་པར་དག་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་ཀླུའི་རྒྱལ་པོ་ཆེན་པོ་ནོར་རྒྱས་ཡབ་ཡུམ་སོགས་ཀླུ་ཆེན་བརྒྱད་འཁོར་དང་བཅས་པ་ཁྱེད་རྣམས་རཏྣའི་ཕོ་བྲང་ལོངས་སྤྱོད་འཛད་པ་མེད་པའི་རྟེན་ལ་དགྱེས་པར་བཞུགས་ཏེ་སའི་ཕྱོགས་འདིར་འདོད་པའི་དངོས་གྲུབ་མཐའ་དག་སྩོལ་བ་དང་། ཀོ་ལོང་དང་རུ་ང་ཕྲག་དོག་མ་མཛད་པར་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་མེ་ཏོག་འཐོར་ཞིང་རྟེན་སྙིང་མང་དུ་བཟླ་བའི་བརྟན་བཞུགས་བྱ། ཨོཾ་ནཱ་ག་ས་པ་རི་ཝཱ་ར་གཙྪ། ཞེས་པས་མགྲོན་ཐབས་ཀྱི་ཀླུ་གཤེགས་འོས་རྣམས་རང་གནས་སུ་གཏང་། ཨོཾ་ག་རུ་ཎཿཧཾ་ས་ཧེ་ཙ་ལེ་སྭཱ་ཧཱ། ཞེས་པས་ནག་ཕྱོགས་པའི་ཀླུ་རྣམས་བསྐྲད། གཞན་ཡང་ཐུན་བར་རྣམས་སུ་ཀླུ་གཏོར་སོགས་ལ་འབད་ཅིང་བསྒྲུབ་པར་བྱའོ། །བཞི་པ་གྲུབ་ནས་ལས་ལ་སྦྱོར་བ་ནི། དེ་ལྟར་སྒྲུབ་པ་ཞག་གྲངས་མང་དུ་ཐོན་ན་བཟང་། ཐ་ན་ཆོ་ག་ཚར་གསུམ་ཡན་ཆད་ཐོན་ནས་ལས་ལ་སྦྱོར་བ་ནི། གཞུང་ལས། ཁྱིམ་རྒྱས་པ་ལ་མཛོད་དུ་སྦ༔ གྲོང་ཁྱེར་རྒྱས་པ་ལ་གྲོང་ཁྱེར་དབུས་སུ་སྦ༔ དེས་ནི་ལོངས་སྤྱོད་ཤིན་ཏུ་རྒྱས་པར་འགྱུར༔ གནས་དགོན་ཉམས་པ་ལ༔ ཕྱོགས་བཞི་དབུས་དང་ལྔར་སྦས་ན་ཉམས་པ་སོར་ཆུད་པར་འགྱུར་ཏེ༔ ཤིན་ཏུ་རྒྱས་ཤིང་ལོངས་སྤྱོད་འཕེལ་བར་འགྱུར་རོ༔ གནས་དགོན་གྱི་ཆུ་མིག་འཐུང་ཆུ་ཁ་ཤར་ལྟ་ཡོད་ན་རྫའི་བུམ་པ་ཕུལ་གང་ཤོང་བ་རིན་པོ་ཆེ་བརྡར་ལ་བཟོ༔ གོང་གི་ཀླུ་སྨན་ས་སྣ་དཀར་གསུམ་གྱིས་བཀང༔ ཀླུ་ཕོ་མོ་གཉིས་གོང་ལྟར་ལྟོ་སྦྱར་ལ་བཅུག་གོ༔ སྙིང་གར་ཕུཿལ་ཀླུ་ཕོ་མོ་འགུག་བསྟིམ་བྱ༔ ཆུ་མིག་སྟེང་དུ་སྦས་ནས་ཆུ་མིག་བུམ་པ་ཀླུའི་གཞལ་ཡས་ཁང་དུ་བསམ༔ གནས་དགོན་ཆེ་གེ་མི་ནོར་ཡུལ་དང་འབྲུ་ལོངས་སྤྱོད་རྒྱས་པར་མཛོད་ཅིག༔ ཅེས་བཀའ་བསྒོ་བྱས་ན་ཡོན་ཏན་མི་ནོར་ལོངས་སྤྱོད་གནས་དགོན་རྒྱས་པར་འགྱུར༔ གཞན་ཞིག་ཆུ་མིག་ལྐུགས་པ་ཡང༔ དེ་ལྟར་བྱས་ན་ཆུ་འབྱུང་བར་ཐེ་ཚོམ་མེད་དོ༔ ཞེས་གསུངས་པ་ལྟར་གཙུག་ལག་ཁང་དང་ཕོ་བྲང་། ཁང་ཁྱིམ་སོགས་ལ་ཤ་ཆང་གི་དྲི་མ་མེད་པར་ཁྲུ་གང་ཡན་ཆད་ཀྱི་རྩིག་པའི་གསེབ་ཏུ་བླུགས་ཏེ་མདུན་ཤར་དུ་བསྟན་ལ་སྦ། ཆུ་མིག་ཞིང་དཀྱིལ་སོགས་སུ་ཀླུ་རྟེན་ལྟ་བུ་བརྩེགས་པའི་དབུས་སུ་རྡོ་སྒྲོམ་གྱི་ནང་དུ་ཆུ་རྡིལ་གཙང་མས་བཀང་བའི་དབུས་སུ་མདུན་ཤར་དུ་བསྟན་ཏེ་སྦ། ཐམས་ཅད་ལ་ཁྲུས་དང་གོས་གསར་གྱོན། དུང་འབུད་ལ། ཨོཾ། བུམ་པ་ཀླུ་ཡི་གཞལ་ཡས་ཁང་། །རྒྱ་མཚོ་ཆེན་པོའི་གཏིང་རུམ་འདིར། །ཀླུ་རྒྱལ་འཁོར་དང་བཅས་པ་རྣམས། །རྟག་ཏུ་བརྟན་པར་བཞུགས་ནས་ཀྱང་། །ཀླུ་གཡང་དངོས་གྲུབ་བསྩལ་དུ་གསོལ། །ཀླུ་ཡི་འཕེན་གཡང་ཕྱུག་གཡང་དང་། །ཀླུ་ཡི་བཀྲག་དང་གཟི་མདངས་གཡང་། །ཀླུ་ཡི་ཆུས་སྲིད་བཀྲ་ཤིས་གཡང་། །བསོད་ནམས་ཕུན་ཚོགས་ཆུ་ཡི་གཡང་། །སྟོན་ཟླ་འབྲིང་པོའི་ཉ་གསུམ་ལ། །ཀླུ་ཡི་དངོས་གྲུབ་དམ་པ་སྩོལ། །ཕྱུག་གཡང་དར་གཡང་སྐྱིད་གཡང་རྣམས། ཁུ་ཡེ་ཕྱྭ་དང་གཡང་དུ་བྱོན། །ཀླུ་ཡི་བཀྲ་ཤིས་བསམ་མི་ཁྱབ། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །ཀླུ་རྣམས་ཆུས་སྲིད་དབང་ཐང་ཆེ། །བཀྲ་ཤིས་དེ་ཡང་འདིར་འབྱུང་ཤོག །ཀླུ་ཆེན་ནོར་རྒྱས་དངོས་གྲུབ་མཚོ། །གནས་འདིར་འགྲུབ་པའི་བཀྲ་ཤིས་ཤོག །རྒྱ་གར་རྒྱལ་པོའི་རྒྱལ་སྲིད་དང་། །རྒྱ་ནག་རྒྱལ་པོའི་དཔལ་འབྱོར་དང་། །ཧོར་གྱི་རྒྱལ་པོའི་མཐུ་སྟོབས་སོགས། །འཛམ་གླིང་ཀུན་གྱི་ཕུན་ཚོགས་བཅུད། །ཐམས་ཅད་གནས་འདིར་འདུ་བར་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །བཀྲ་ཤིས་དེ་ཡི་བཀྲ་ཤིས་ཤོག །ཨོཾ་སརྦ་ཤ་བ་རི་པུ་རུ་སིདྡྷི་ཧཱུྃ། ནཱ་ག་སིདྡྷི་ཕ་ལ་སྭསྟི་སྭསྟི། ཞེས་པ་ཙམ་མམ། སྤྱི་འགྲོ་འདིའང་སྤྲོ་ན། ཧཱུྃ། བཀྲ་ཤིས་ས་ཡི་ལྷ་མོ་བརྟན་མ་དང་། །ཀླུ་གཉན་ས་བདག་གནས་སྲུང་གཏེར་གྱི་བདག །ཡུལ་ཕྱོགས་འདིར་གནས་དཀར་ཕྱོགས་གཞི་བདག་རྣམས། །དགོས་འདོད་འབྱུང་བའི་རིན་ཆེན་བུམ་བཟང་འདི། །བསྟན་འགྲོའི་བདེ་སྐྱིད་མི་ནུབ་བསྟན་པའི་བཙས། །བདག་ཅག་རྣལ་འབྱོར་རིག་འཛིན་འཁོར་བཅས་ཀྱིས། །ས་ལམ་ཡོན་ཏན་མི་ཟད་གྲུབ་པའི་རྟེན། །ལྷ་ཀླུ་གཞི་བདག་བང་མཛོད་ནོར་གྱི་མཆོག །གཏེར་ཆེན་འདི་སྦས་གཏེར་གྱི་སྲུང་མར་བཅོལ། །བྱང་ཆུབ་སེམས་མཆོག་ཐབས་ཤེས་རྟེན་འབྲེལ་མཐུས། །སྟོང་གསུམ་འཇིག་རྟེན་ཡུལ་ཕྱོགས་རྒྱལ་ཁམས་སུ། །ནད་མུག་མཚོན་འཁྲུག་དུས་ཀྱི་ཡོ་ལངས་ཞི། །བཀྲ་ཤིས་ཡོན་ཏན་དཔལ་འབྱོར་སྙན་གྲགས་སྟོབས། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་གྱུར་ཅིག །ཅེས་བརྗོད་ཅིང་། གཡམ་པས་ཐོག་བཀབ། བྱི་བ་སོགས་སྲོག་ཆགས་ཀྱི་གནོད་པ་དང་ཆུས་མི་འཇིག་པའི་ལག་ཚགས་དམ་པ་བྱ། རྩིག་གསེབ་ལྟ་བུར་སྒོ་ལ་ཉི་ཟླ་མཆོད་རྟེན་སོགས་བཀྲ་ཤིས་པའི་མཚན་མ་བྲི། ཤིས་བརྗོད་རྒྱས་པར་སྤེལ། མཆོད་གཏོར་བྱ་ཁྱིས་མི་ཟ་བར་བྱ། ཀླུ་ཐེབས་སྐབས་སོགས་སུ་ཆོ་ག་གྲུབ་ན་ལེགས། ཀླུ་གཏོར་གྱི་ཆུ་བུམ་པ་ཡོད་སར་ཕུལ་བའང་བཤད་དོ། །ལྔ་པ་དེ་ལྟར་བྱས་པའི་ཕན་ཡོན་ནི། གཞུང་ལས། དེས་ནི་མི་ནོར་ལོངས་སྤྱོད་འཕེལ་བ་དང༔ དགེ་འདུན་རྒྱལ་པོ་རྣལ་འབྱོར་བ་གང་ཡིན་ཡང་བསྟན་པ་དར་ཞིང་རྒྱས་པར་འགྱུར་རོ༔ ཞེས་དང་། གཞན་ལས་ཀྱང་མིའི་ལས་དང་བསོད་ནམས་ཐམས་ཅད་སའི་ལྷ་མོ་དང་ཀླུ་ལ་བརྟེན་ནས་ཡོད་པས༔ དེའི་སྟོབས་ཀྱིས་ལས་དང་བསོད་ནམས་ཐམས་ཅད་ཁོང་རྣམས་ལ་རགས་ལས་སོ༔ དེ་ལ་མཆོད་པ་དང་བཅོལ་གདམ་བྱས་ན་སྡོངས་གྲོགས་བྱེད་དེ༔ ཡོན་ཏན་ནི༔ རིགས་རྒྱུད་ཐམས་ཅད་འཕེལ་ཞིང་དར་བ་དང༔ མངའ་ཐང་བསོད་ནམས་མི་ནོར་འཕེལ་བ་དང༔ ལོ་འབྲུ་ཐམས་ཅད་བཟང་བ་དང༔ རྩི་ཤིང་ནགས་ཚལ་རྒྱས་པ་དང༔ གདུལ་བྱ་ལོངས་སྤྱོད་ཟས་སྐོམ་འདུ་བ་དང༔ བསྟན་པ་དར་ཞིང་གྲགས་པ་དང་སྙན་པ་འབྱུང་བ་དང༔ ནོར་གྱི་འགབ་འཕེལ༔ དཀར་ཐོག་སོས་པ་དང༔ སྟོབས་ཆེར་འབྱུང་ངོ༔ ཞེས་གསུངས་པ་ལྟར་རོ། །སངས་རྒྱས་མཐུ་ལས་སེམས་ཅན་དཔལ་ཤར་བ། །ནོར་བུའི་དབྱིག་འདིར་བྱི་དོར་བྱེད་པ་པོས། །ནོར་འཛིན་ཁྱོན་གང་རྒུད་པའི་མྱ་ངམ་ཐང་། །འདོད་རྒུའི་ཆུ་མཚོ་རིན་ཆེན་གཏེར་ལྡན་ཤོག །ཚུལ་འདིར་རིག་འཛིན་ཆེན་པོ་པདྨ་ཕྲིན་ལས། མཁས་གྲུབ་ཀརྨ་ཆགས་མེད་སོགས་ཀྱིས་མཛད་པའི་ཡིག་ཆ་མང་དུ་བཞུགས་ཀྱང་ཅུང་ཟད་རྒྱས་བསྡུས་ཀྱི་ཕྱོགས་སུ་ལྷུང་བས། འདིར་གཏེར་ཆེན་ཀློང་གསལ་སྙིང་པོའི་ཟབ་གཏེར་རྩ་གསུམ་རྡོ་རྗེ་སྙིང་པོའི་སེང་གེ་སྒྲའི་ལས་ཚོགས་དང་ལྟོ་སྦྱར་ཏེ་མང་ཉུང་འཚམ་པའི་ཁྱེར་བདེར། པདྨ་གར་དབང་བསྟན་གཉིས་གླིང་པས་ཤྲཱི་དེ་བཱི་ཀོ་ཊིའི་དགའ་ཚལ་དུ་སྦྱར་པ་དགེ་ལེགས་འཕེལ།། །།
རྡོ་རྗེ་ཕག་མོའི་ཟབ་ཁྲིད་ལས༔ ཐེམ་ཡིག་གསལ་བའི་སྒྲོན་མེ་ (Volume 35, Text 8)
༁ྃ༔ རྡོ་རྗེ་ཕག་མོའི་ཟབ་ཁྲིད་ལས༔ ཐེམ་ཡིག་གསལ་བའི་སྒྲོན་མེ་བཞུགས་སོ༔ ྈྈྈ མི་འགྱུར་དབྱིངས་ལ་ཕྱག་འཚལ་ལོ༔ རྡོ་རྗེ་ཕག་མོའི་ཟབ་ཁྲིད་ལས༔ ཡེ་ཤེས་གསལ་ཁྲིད་དོན་གྱི་གནད༔ གདམས་པའི་ལྡེ་མིག་ཅེས་བྱ་སྟེ༔ མཚོ་རྒྱལ་འདི་ལྟར་སེམས་ལ་ཞོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཀ༽ཁ་བྱང་འཕྱུག་མེད་གསལ་བྱེད་ཀྱིས༔ གདམས་པའི་སྒྲོ་འདོགས་ཆོད་པར་བྱེད༔ ཁ༽ལོ་རྒྱུས་ཡིད་ཆེས་ཁུངས་བཙུན་གྱིས༔ གང་ཟག་ཐེ་ཚོམ་ཆོད་པར་བྱེད༔ ག༽དབང་ཆོག་པདྨའི་ཕྲེང་བ་ཡིས༔ སྐལ་ལྡན་སྨིན་ཅིང་གྲོལ་བར་བྱེད༔ ང༽གཏུམ་མོ་ཉི་མའི་རང་འོད་ཀྱིས༔ ལུས་ཀྱི་ནད་གདོན་ཞི་བར་བྱེད༔ ཅ༽བདེ་ཆེན་ཡང་གསང་སྒྲུབ་པ་ཡིས༔ བདག་ལུས་རྩ་གནད་གྲོལ་བར་བྱེད༔ ཆ༽རྟ་ཕག་ཡབ་ཡུམ་སྒྲུབ་པ་ཡིས༔ ལུས་ཀྱི་དངོས་ཞེན་ཟློག་པར་བྱེད༔ ཇ༽ཡབ་ཡུམ་གཉིས་མེད་གསང་སྒྲུབ་ཀྱིས༔ གནད་གསུམ་གཟེར་གྱིས་ཐེབས་པར་བྱེད༔ ཉ༽རང་ལུས་བདེ་ཆེན་ཉམས་མྱོང་གིས༔ ཟླ་བ་གཏན་ལ་ཕེབས་པར་བྱེད༔ ཏ༽གཞན་ལུས་བདེ་ཆེན་ཕྲིན་ལས་ཀྱིས༔ བདག་གཞན་བྱིན་གྱིས་རློབ་པར་བྱེད༔ ཐ༽གཏོང་ཐུན་ཡེ་ཤེས་གསལ་སྒྲོན་གྱིས༔ ཁྲིད་ཀྱི་རིམ་པ་གསལ་བར་བྱེད༔ ད༽ཟབ་ལམ་གཏོང་ཐུན་སྒྲོན་མ་ཡིས༔ གེགས་རྣམས་མ་ལུས་བསལ་བར་བྱེད༔ ན༽རྡོ་རྗེ་ཆུ་འཐུང་གདམས་པ་ཡིས༔ ཉི་མ་དབང་དུ་སྡུད་པར་བྱེད༔ པ༽ལས་ཀྱི་ཕྱག་རྒྱའི་རྣམ་འབྱེད་ཀྱིས༔ ཟླ་བ་དབང་དུ་སྡུད་པར་བྱེད༔ ཕ༽ཨོ་རྒྱན་ཞལ་གདམས་ཆེན་པོ་ཡིས༔ ཐེ་ཚོམ་གོལ་ས་ཆོད་པར་བྱེད༔ བ༽གཞན་དོན་རིགས་རྒྱུད་བཞག་ཐབས་ཀྱིས༔ སྤྲུལ་སྐུའི་ས་བོན་ཐེབས་པར་བྱེད༔ མ༽ལྟ་བ་ཡེ་ཤེས་ཀློང་གྲོལ་གྱིས༔ ཁྲེགས་ཆོད་བརྡར་ཤ་ཆོད་པར་བྱེད༔ ཙ༽ལུང་བསྟན་དོན་གསལ་སྒྲོན་མེ་ཡིས༔ དཀར་ནག་ཕུ་ཐག་ཆོད་པར་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྡོ་རྗེ་ཕག་མོའི་ཟབ་ཁྲིད་མཆོག༔ ཡང་གསང་ཀུན་གྱི་སྙིང་པོ་འདི༔ མ་འོངས་སྐལ་ལྡན་དོན་ཆེད་དུ༔ འཆལ་གྱིས་དོགས་ནས་ཡི་གེར་བཏབ༔ ཟབ་ལམ་ཆོས་ཚན་བཅུ་བདུན་དེར༔ མང་ཉུང་མེད་པར་ཉམས་སུ་ལོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཧོ༔ བདག་འདྲ་བུད་མེད་བློ་དམན་ཡང༔ པདྨའི་གསུང་བཞིན་ཡི་གེར་བཏབ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་ཟང་ཟང་ལྷ་བྲག་ནས་བཏོན་པ། སླར་ཡང་མང་ཡུལ་གྱི་རི་བོ་དཔལ་འབར་དུ་སྦས་པ་ལས། བདག་པདྨ་ཚེ་དབང་རྒྱལ་པོས་བླ་མ་མཁའ་འགྲོའི་ལུང་བསྟན་ལ་བརྟེན་ནས་གདན་དྲངས་པའོ། །མངའ་བདག་གུང་ཐང་རྒྱལ་པོའི་བཀས་བསྐུལ་ནས་ཤོག་སེར་ལས་ཕབ་པའོ།། །། ༈ རྡོ་རྗེ་ཕག་མོའི་ཟབ་ཁྲིད་ལས༔ ལོ་རྒྱུས་གསལ་བར་བཀོད་པ་བཞུགས་སོ༔ ྈྈྈྈ དཔལ་བསམ་ཡས་མཆིམས་ཕུ་བྲེ་གུའི་བྲག་ཕུག་ཏུ༔ གུ་རུ་སྒྲུབ་པ་ལ་བཞུགས་པའི་དུས་སུ༔ བདག་མཚོ་རྒྱལ་གྱིས་ཞུས་པ༔ མ་ཧཱ་གུ་རུ་ལགས༔ བདག་ལ་ཡེ་ཤེས་མཁའ་འགྲོའི་ཆོས་སྐོར་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ་སྨིན་བྱེད་དབང་དང༔ གྲོལ་བྱེད་ཀྱི་གདམས་པ་ཟབ་མོ་ཉམས་སུ་ལེན་ཚུལ༔ རྡོ་རྗེ་ཕག་མོའི་ཟབ་རྒྱའི་གདམས་པ་ཡང་དག་པ་གཅིག་ཐུགས་བརྩེ་བས་བདག་ལ་གནང་དུ་གསོལ༔ ཞེས་ཞུས་པས༔ གུ་རུས་བཀའ་བསྩལ་པ༔ མཚོ་རྒྱལ་ཉོན་ཅིག༔ བདག་ལ་རྡོ་རྗེ་ཕག་མོས་གནང་བའི་ཆོས་འདི་ལ༔ ཕྱི་རྩིས་ཀྱི་སྐོར་དང༔ ནང་རྩ་གནས་ལ་བརྩི་བ༔ གསང་བ་རྩ་ཐིག་རླུང་གསུམ་གྱི་རྣམ་གཞག༔ ཐུན་མོང་དུ་དབང་གི་རྣམ་གཞག་གིས་སྨིན་པར་བྱེད་པ༔ བསྐྱེད་རིམ་རྟ་ཕག་ཡབ་ཡུམ་གསང་སྒྲུབ་ཀྱི་སྒོ་ནས་ལུས་ལྷ་སྐུར་སྒྲུབ༔ ངག་འབྱུང་འཇུག་རླུང་གི་ཉམས་ལེན་གྱིས་རྩ་ཁམས་དྭངས་མའི་ཌཱ་ཀི་ཡབ་ཡུམ་རྩལ་སྦྱངས་པས༔ བདག་གཞན་རྟ་མགྲིན་ཡབ་ཡུམ་དུ་གསལ་བཏབ་སྟེ༔ དབབ་ཟློག་དགའ་བཞིའི་ཉམས་ལེན་གྱིས་དྭངས་མ་བདེ་སྟོང་ཡེ་ཤེས་སུ་ལམ་དུ་ཁྱེར་བས་རིག་པ་ཡེ་ཤེས་སུ་འཆར་བ༔ ལྷན་སྐྱེས་ཡེ་ཤེས་ཀྱི་ངོ་སྤྲོད་ཀྱིས་ཅིར་སྣང་ཆོས་སྐུར་རྟོགས་པ༔ ལྟ་བའི་ཐག་བཅད་ནས་ལྷུན་གྲུབ་འོད་གསལ་གྱི་ཉམས་ལེན་གྱིས་ཟག་བཅས་ཟག་མེད་དུ་བསྒྲུབས་ནས་ཀུན་བཟང་ནང་དབྱིངས་སུ་འཇུག་པའི་གདམས་པ་འདི་གསུངས་སོ༔ དེ་ནས་མཚོ་རྒྱལ་གྱིས་ཤོག་སེར་ལ་བཀོད་ནས་ཟང་ཟང་ལྷ་བྲག་གི་ཟངས་མཛོད་དམར་པོའི་ནང་དུ་གཏེར་དུ་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈ དེ་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་ནས། སླར་ཡང་མང་ཡུལ་གྱི་རི་བོ་དཔལ་འབར་དུ་གཏེར་དུ་སྦས་པ། ཁོ་བོ་པདྨ་ཚེ་དབང་རྒྱལ་པོས་གདན་དྲངས་པ་ལས། མངའ་བདག་གུང་ཐང་རྒྱལ་པོས་བཀའ་ཡིས་བསྐུལ་བ་ལ་བརྟེན་ནས། རྒྱལ་པོའི་ཕོ་བྲང་ལྕགས་ཀྱི་ཁང་པར་ཤོག་སེར་ཞེང་མཁྱིད་གང་། དཀྱུས་མཐོ་དོ་པ་གཉིས་ལས་སྲོག་ཡིག་བརྩེགས་མ་ལས་རྡོ་རྗེ་ཕག་མོའི་ཟབ་ཁྲིད་ཡོངས་སུ་རྫོགས་པར་ཕབ་པའོ། །ཡི་གེ་པ་ནི་སྔགས་འཆང་གསང་སྔགས་རྡོ་རྗེའོ།། །། ༈ རྡོ་རྗེ་ཕག་མོའི་ཟབ་ཁྲིད་ལས༔ དབང་ཆོག་པདྨའི་ཕྲེང་བ་བཞུགས་སོ༔ ྈྈྈྈྈྈྈ དབང་ཆེན་པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ བདེ་ཆེན་མཆོག་གི་སྐུ་འདི་སྒྲུབ་པའི་ཐབས༔ དབང་གི་ཏི་ཀ་ཟླས་པའི་ཏི་ཀ་དང༔ བསྐྱེད་རྫོགས་ཏི་ཀ་ཟབ་ལམ་ཏི་ཀ་རྣམས༔ ཤིན་ཏུ་ཟབ་ཕྱིར་གསང་བའི་དབང་མཆོག་བསྟན༔ སྐལ་ལྡན་རྣམས་ཀྱིས་ཙིཏྟའི་དཀྱིལ་དུ་སྦོས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྡོ་རྗེ་ཕག་མོའི་ཟབ་ཁྲིད་དབང་གི་གདམས་པ་འདི་ལ་གསུམ་སྟེ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ༔ སྔོན་འགྲོ་སྟ་གོན་གྱི་རིམ་པ༔ གནས་ཁང་གཙང་མར་དཀྱིལ་འཁོར་ལྟེ་བ་ཟླུམ་པོ༔ ཟླ་གམ་ཁ་སྦྱོར་དུ་ཡོད་པ༔ དེའི་ཕྱི་རོལ་དུ་པདྨ་འདབ་བཞི༔ དེའི་ཕྱི་རོལ་དུ་པདྨ་འདབ་མ་བརྒྱད༔ ཕྱི་རིམ་ཡེ་ཤེས་འོད་ལྔའི་རྭ་བས་བསྐོར་བ༔ དེ་ཕན་ཆད་དཀྱིལ་འཁོར་སྤྱི་དང་མཐུན་པར་བྱ༔ དེ་ལ་ཡང་ཐོག་མར་སིནྡྷུ་ར་དང་ཆང་སྦྱར་ནས་ཆག་ཆག་གདབ༔ མཉྫིའམ་ཁྲིའུའི་སྟེང་དུ་དཔལ་གཏོར་ཁྲག་དང་ཆང་གིས་སྦྲུས་ལ༔ རྟ་མགོ་དང་ཕག་མགོས་བརྒྱན་པ༔ འོག་ཏུ་བྷནྡྷ་བདུད་རྩིས་བཀང་བ་ལ༔ ཨ་མྲྀཏ་དང་བྱང་སེམས་དཀར་དམར་བཏབ་སྟེ་དར་དམར་གྱི་གུར་ཕུབ༔ གཞན་ཡང་དཔའ་བོ་མཁའ་འགྲོའི་གཏོར་ཚོགས་མང་དུ་བཤམ༔ དེ་ནས་བླ་མས་བསྙེན་པ་བྱས་ཏེ་རང་ཉིད་དབང་ཆེན་ཡབ་ཡུམ་སྒྲུབ་པ་ལྟར་བསྐྱེད་པའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་ལྟེ་བར་ཧྲཱིཿདང་མའི་མཐའ་ལ་སྙིང་པོས་བསྐོར་བ་བསྒོམས་ལ༔ ཡིག་འབྲུ་འཁོར་བ་ལ་དམིགས་པ་གཏད་དེ༔ བརྒྱ་སྟོང་ཁྲི་ལ་སོགས་པ་ཅི་འགྲུབ་བཟླས་སོ༔ དེ་ནས་དབང་སྒྲུབ་པས་བདག་བསྐྱེད་གོང་ལྟར་གསལ་བས༔ དལ་བསྐྱེད་པ་ནི༔ གཏོར་མ་དེ་དབང་ཆེན་ཡབ་ཡུམ་དུ་གཞུང་ལྟར་བསྐྱེད་པས༔ བདག་དང་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ སྤྱི་བོར་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ༔ མགྲིན་པར་རིན་ཆེན་ཌཱ་ཀི་ཡབ་ཡུམ༔ སྙིང་གར་སངས་རྒྱས་ཌཱ་ཀི་ཡབ་ཡུམ༔ ལྟེ་བར་པདྨ་ཌཱ་ཀི་ཡབ་ཡུམ༔ གསང་གནས་སུ་ལས་ཀྱི་ཌཱ་ཀི་ཡབ་ཡུམ་བསྐྱེད་དོ༔ སྐུ་མདོག་ཕྱག་མཚན་རིགས་དང་མཐུན་པར་བསྐྱེད་པའི་ཐུགས་ཀར་རང་རང་གི་ས་བོན་ལ་སྔགས་ཀྱིས་བསྐོར་བ་བསྐྱེད་དེ༔ བཟླས་པ་བྱས་པས་བདག་དང་དཀྱིལ་འཁོར་ལྷ་ཚོགས་ལས་འོད་ཟེར་འཕྲོས༔ ཡེ་ཤེས་པ་སྤྱན་དྲངས་འགུགས་བསྟིམས་ལ་སོགས་པ་བྱ༔ ཡང་བདག་གི་གནས་གསུམ་ལས་སྔགས་ཕྲེང་གི་འོད་ཟེར་འཕྲོས༔ དལ་གྱི་ལྷ་ཚོགས་ལ་ཕོག༔ ཐུགས་དམ་གྱི་རྒྱུད་བསྐུལ༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་གཏོར་མ་དང་བྷནྡྷའི་བདུད་རྩི་ལ་ཐིམ་པར་བསམ༔ དེ་ནས་དབང་ཆེན་ཡབ་ཡུམ་སྦྱོར་བ་མཛད་པས༔ འཁོར་ལོ་ལྔའི་མཁའ་འགྲོ་ཡབ་ཡུམ་རྣམས་ཀྱང་སྦྱོར་བ་བྱས་ཏེ༔ དེ་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་བྱང་སེམས་དཀར་དམར་དུ་བབས་པས་བྷནྡྷར་ཆིལ་གྱིས་འཁྱིལ་བར་བསམ་མོ༔ དེ་ཡང་སློབ་དཔོན་གྱིས་གོང་དུ་སྒྲུབ་ཅིང༔ དབང་གི་མཆེད་ལྕམ་རྣམས་ཀྱིས་ཀྱང་ཛཔ྄་ཀྱི་འཕྲོ་འདུ་གསལ་བར་བཟླས་པས་བྱིན་རླབས་ཆེན་པོ་ཐོབ་པར་ངེས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དངོས་གཞི་ལ་དབང་ཇི་ལྟར་བསྐུར་བའི་རིམ་པ་ནི༔ སྔོན་དུ་སྐྱབས་འགྲོ་སེམས་བསྐྱེད༔ ལྷ་བསྐྱེད་པ་ལ་སོགས་པ་ཐམས་ཅད་སྔོན་དུ་སོང་ནས༔ དངོས་གཞི་ལ་ལས་བུམ་བདུད་རྩི་འཁྱིལ་བར་བསྐྱེད༔ སྔགས་བཟླས་ལ་དེའི་ཆུས་མཆེད་ལྕམ་རྣམས་ཁྲུས་ནས་ཕྱུང་སྟེ༔ སྤྱན་དར་བཀབ་ལ༔ དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བསྐོར་ལ་ཤར་སྒོ་ནས་ཕྱག་འཚལ་ཏེ༔ འདི་སྐད་ཐལ་མོ་སྦྱར་ལ་ཞུ༔ ཀྱེ༔ བླ་མ་གསང་སྔགས་ཀུན་གྱི་གཙོ༔ དབང་གི་བདག་ཉིད་ཆེ་བའི་མཆོག༔ བདག་ཅག་དབང་གི་དཀྱིལ་འཁོར་དུ༔ འཇུག་ཅིང་སྨིན་པར་མཛད་དུ་གསོལ༔ ཞེས་ལན་གསུམ་ཞུའོ༔ བླ་མས༔ ཁྱེད་ཅག་སུ་ཡིན་བླ་མེད་དཀྱིལ་འཁོར་དུ༔ འཇུག་འདོད་དམ་ཚིག་གཙང་མ་ཚུལ་བཞིན་དུ༔ བླ་མ་ལྷ་མཆེད་ལྷ་ཚོགས་ཐམས་ཅད་ལ༔ སྲུང་ན་ཚུར་ཤོག་མི་སྲུང་ཕྱིར་དེངས་ཤིག༔ ཅེས་པའི་ལན་དུ་སློབ་མ་རྣམས་ཀྱིས་འདི་སྐད་ཞུ༔ བདག་ནི་ལུས་དང་སྲོག་ལ་སོགས༔ བྱ་དཀའ་ཆེན་པོར་གྱུར་ན་ཡང༔ དམ་ཚིག་ཚུལ་ལས་མི་འདའ་ཞིང༔ བཀའ་བཞིན་བསྒྲུབ་པར་བདག་སྤྲོ་འོ༔ ཞེས་ལན་གསུམ་ཞུའོ༔ བླ་མས་དེའི་ལན་དུ་འདི་སྐད་དོ༔ དེ་ལྟར་ཡིན་ན་ཁྱེད་རྣམས་ཀྱང༔ སྐལ་བར་ལྡན་པ་ཡིན་ངེས་པས༔ དབང་ཆེན་ཡབ་ཡུམ་དཀྱིལ་འཁོར་དུ༔ སྤྲོ་དགའ་བཅས་ཏེ་གྲལ་ལ་འདུག༔ ཅེས་གསུང་ངོ༔ དེ་ནས་སློབ་མ་རྣམས་གྲལ་ལ་འཁོད་པར་བྱ༔ རྡོ་རྗེ་སྤྱི་བོར་བཞག་སྟེ༔ ཧཱུྃ༔ མི་འགྱུར་གསང་བ་མཆོག་གི་ནི༔ རྡོ་རྗེའི་སྐུ་ནི་ཁྱོད་ཐོབ་འགྱུར༔ འདི་ནི་ཁྱོད་ཀྱི་དམ་ཚིག་སྟེ༔ བུ་ཁྱོད་ཚུལ་བཞིན་གནས་པར་མཛོད༔ བཛྲ་ས་མ་ཡ༔ ཨི་དན་སིདྡྷི་རཱ་གཱ་ཧཱུྃ༔ ཡང་སྙིང་གར་གཏུགས་ཏེ༔ དེ་རིང་དབང་ཆེན་གསང་བའི་རྒྱལ༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ འདི་ནི་གཞན་ལ་སྨྲས་པ་ན༔ ཁྱོད་ཉིད་ཉམས་ཏེ་ལྟུང་བར་འགྱུར༔ དེ་ཕྱིར་ཁྱོད་ཀྱིས་ཤིན་ཏུ་གསང༔ ས་མ་ཡ༔ ན་ར་ཀན༔ ཅེས་བརྗོད་དུ་གཞུག་གོ༔ དེ་ནས་མནའ་ཆུ་སྦྱིན་པ་ནི༔ ཆུ་ལ་ཨ་མྲྀཏ་བཏབ་ལ་སྦྱིན་ནས་འདི་སྐད་དོ༔ ཧོ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་ཚིག་ཉམས་ན་དམྱལ་བར་ལྟུང༔ དམ་ཚིག་བསྲུངས་ན་དངོས་གྲུབ་མཆོག༔ གསང་བ་རྡོ་རྗེའི་ཆུ་འདིས་འགྲུབ༔ ཨོཾ་ཨ་མྲྀཏ་ཨུ་ད་ཀ་ཐ་ཧཱུྃ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས་དམ་ལ་བཞག༔ རྡོ་རྗེ་སྤྱི་བོར་བཞག་སྟེ་འདི་སྐད་དོ༔ དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི༔ ཧེ་རུ་ཀ་དཔལ་དབང་གི་སྐུ༔ ང་ཉིད་ཡིན་གྱིས་ངའི་བཀའ་ལས༔ ཁྱོད་ཀྱིས་འདའ་བར་མི་བྱ་སྟེ༔ ང་ཡིས་བསྒོ་བའི་བཀའ་ཇི་བཞིན༔ ཁྱོད་ཀྱིས་གཅོག་པར་མི་རུང་ངོ༔ ས་མ་ཡ༔ ཨི་དན་ན་ར་ཀན༔ ཞེས་བརྗོད་དོ༔ དེ་ནས་བྱིན་དབབ་པ་ནི༔ རང་རེ་རྣམས་ཡི་དམ་གྱི་ལྷར་གསལ་བར་བྱས་ཏེ༔ དེའི་ཐུགས་ཀར་གཡུང་དྲུང་ཡན་ལག་བཞི་ལ་ཧ་རི་ནི་ས་ཞེས་ཆོས་འཁོར་དུ་འཁོར་བ་ལ་དམིགས་པ་གཏད་དེ༔ དེ་ལས་འོད་ཟེར་འཕྲོས༔ ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་ཆར་ལྟར་དུ་བབས་པར་བསམ་སྟེ༔ བདག་ལུས་དང་གཉིས་སུ་མེད་པར་གྱུར༔ སློབ་དཔོན་གྱིས་འདི་སྐད་དོ༔ ཧཱུྃ༔ བྱིན་རླབས་ཐུགས་རྗེའི་གཞལ་ཡས་ནས༔ རྩ་བརྒྱུད་བླ་མ་སྤྱན་འདྲེན་གཤེགས༔ བྱིན་ཆེན་འབེབ་པའི་དུས་ལ་བབ༔ དངོས་གྲུབ་དམ་པ་བསྩལ་དུ་གསོལ༔ ཡེ་ཤེས་དབྱིངས་ཀྱི་གཞལ་ཡས་ནས༔ ཡི་དམ་ལྷ་ཚོགས་སྤྱན་འདྲེན་གཤེགས༔ བྱིན་ཆེན་འབེབ་པའི་དུས་ལ་བབ༔ དངོས་གྲུབ་དམ་པ་བསྩལ་དུ་གསོལ༔ རྩ་ཁམས་དྭངས་མའི་གཞལ་ཡས་ནས༔ དཔའ་བོ་མཁའ་འགྲོ་སྤྱན་འདྲེན་གཤེགས༔ བྱིན་ཆེན་འབེབ་པའི་དུས་ལ་བབ༔ དངོས་གྲུབ་དམ་པ་བསྩལ་དུ་གསོལ༔ གུ་རུ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ ཙིཏྟ་ཧྲཱིང་ཧྲཱིང་ཕེཾ་ཕེཾ་ཛཿཧཱུྃ་བཾ་ཧོ༔ ཞེས་རོལ་མོ་དྲག་ཏུ་སྦིར༔ ཡེ་ཤེས་ཕེབས་པའི་རྟགས་ནི༔ ལུས་འཁྲབ་པ་དང༔ གར་བྱེད་པ་དང༔ སཾསྐྲྀཏའི་སྐད་འདོན་པ་ལ་སོགས་པ་བྱེད༔ དེ་ལྟར་བྱུང་ན་ཡེ་ཤེས་ཕེབས་པའི་རྟགས་ཡིན་ནོ༔ མ་ཕེབ་ན་བསྐྱར་ལ་བྱ༔ དེ་ནས་སྤྱན་དབྱེ་བར་ཞུ་སྟེ༔ ཀྱཻ༔ དབང་གི་བདག་ཉིད་ཧེ་རུ་ཀ༔ བདག་ཅག་འཁོར་བ་མ་རིག་གིས༔ ལོང་བས་ཆུ་བུར་ལིང་ཐོག་མིག༔ དེ་རིང་མགོན་པོས་བསལ་དུ་གསོལ༔ ཅེས་ལན་གསུམ་ཞུ་སྟེ༔ དེའི་རྗེས་སུ་རྡོ་རྗེ་སློབ་དཔོན་གྱིས་ལག་ཏུ་རྡོ་རྗེ་ཐོགས་ལ་འདི་སྐད་དོ༔ ཀྱཻ༔ སྔོན་གྱི་སྟོན་པ་མིག་མཁན་རྒྱལ༔ ཇི་ལྟར་མ་རིག་བསལ་པ་ལྟར༔ བདག་གིས་ཐབས་ཤེས་གསེར་ཐུར་འདིས༔ ཁྱེད་ཅག་མ་རིག་བསལ་བར་བྱ༔ བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་བཤུའོ༔ དེ་ནས་དཀྱིལ་འཁོར་ལྷ་ཚོགས་དང་ཞལ་མཇལ་བར་བསྒོམ་ལ༔ རྗེས་སུ་བླ་མས་འདི་སྐད་བརྗོད༔ ཁྱེད་རྣམས་ལེགས་འོང་སྐལ་བ་བཟང༔ དེ་རིང་དབང་གི་དཀྱིལ་འཁོར་དུ༔ སྨིན་ནས་དཀྱིལ་འཁོར་ཉིད་དུ་འགྲུབ༔ དགའ་སྤྲོ་བཅས་ཏེ་འདི་ལ་ལྟོས༔ ཞེས་སྤྲོ་བ་བསྐྱེད་དོ༔ དེ་ནས་དབང་གི་མཎྜལ་ཕུལ་རྗེས་སུ༔ ལུས་ཙོག་པུར་ཐལ་མོ་སྦྱར་ཏེ་འདི་སྐད་ཞུ༔ བླ་མ་གསང་སྔགས་ཆེ་བའི་མཆོག༔ བདག་ཅག་དབང་གི་ད་ལ་རུ༔ དབང་བཞི་ཡོངས་སུ་རྫོགས་པ་དང༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཅེས་ལན་གསུམ་ཞུའོ༔ རྗེས་སུ་བཟུང་སྟེ༔ འདི་སྐད་བརྗོད༔ ཁྱེད་ཅག་དབང་ཆེན་ཧེ་རུ་ཀའི༔ ལྷ་དང་གཉིས་མེད་གཅིག་ཏུ་གྱུར༔ འདི་ལ་ཐེ་ཚོམ་མི་རུང་སྟེ༔ སློབ་དཔོན་ལ་ཡང་གུས་པར་གྱིས༔ ཞེས་བརྗོད༔ དེ་ནས་སློབ་བུ་དབང་ཆེན་ཡབ་ཡུམ་དུ་བསྐྱེད་དུ་གཞུག་ལ༔ གཏོར་མ་དམ་ཚིག་ཡེ་ཤེས་དབྱེར་མེད་པ་དེ་ཉིད་སྤྱི་བོར་བཞག་སྟེ༔ དབང་ཆེན་ཡབ་ཡུམ་སྦྱོར་བ་མཛད་པའི་སྤྱི་བོ་ནས་གུ་རུ་ཡབ་ཡུམ་སྦྱོར་བ་མཛད་པས༔ བྱང་སེམས་དཀར་དམར་དུ་བབས་ནས་དབང་ཆེན་ཡབ་ཡུམ་གྱི་འཁོར་ལོ་རྣམས་རིམ་པར་གང༔ དབང་ཆེན་ཡབ་ཡུམ་རྣམས་ཀྱང་སྦྱོར་བ་མཛད་པས༔ གོང་གི་བྱང་སེམས་དང་དབང་ཆེན་ཡབ་ཡུམ་གྱི་དྭངས་མ་འདྲེས་ཏེ༔ སྦྱོར་མཚམས་ནས་དཀར་དམར་དུ་བབས་པས༔ རང་གི་སྤྱི་བོ་ནས་མགྲིན་པ་སྙིང་ག་ལ་སོགས་རྩ་གནས་ཀྱི་འཁོར་ལོ་རྣམས་གང་བར་བསམ་ལ༔ རྗེས་སུ་གུ་རུ་ཡབ་ཡུམ་དབང་ཆེན་ལ་ཐིམ༔ དབང་ཆེན་ཡབ་ཡུམ་རང་གི་སྤྱི་བོ་ནས་མར་ཐིམ༔ སྙིང་གར་བྱོན༔ འོད་དུ་ཡལ་བ་ལ༔ རང་དང་དབྱེར་མེད་དུ་བསྒོམ་མོ༔ དེ་ཉིད་རྣམ་གྲངས་ཀྱི་བུམ་དབང་ཡིན་ལ༔ དོན་གྱི་ངོ་བོ་ནི་དབང་བཞི་ཡོངས་རྫོགས་སུ་འགྱུར་ཏེ༔ ཚིག་འདི་ཡིས་བསྐུར་རོ༔ ཧྲཱི༔ གསང་བའི་དཀྱིལ་འཁོར་དབང་གི་སྐུ༔ ཐབས་དང་ཤེས་རབ་གཉིས་སུ་མེད༔ ཐམས་ཅད་ཡོངས་རྫོགས་བུམ་པའི་དབང༔ སྐལ་ལྡན་བུ་ལ་བསྐུར་ཐོབ་ཤོག༔ ཨོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཌཱ་ཀི་ནཱི་བཛྲ་རཏྣ་པདྨ་ཀརྨ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་བྷནྡྷ་མགྲིན་པར་བཞག་ཅིང༔ ངག་ཏུ་བདུད་རྩི་སྦྱིན་ལ༔ རྩ་ཁམས་དཔའ་བོ་དང་མཁའ་འགྲོ་ཐམས་ཅད་ཀྱིས་གང་བར་བསམ་ལ༔ བདེ་ཆེན་གསང་སྒྲུབ་དང་ཆ་བསྟུན་ཏེ་བསྒོམས་ལ༔ ངག་ཏུ་འདི་སྐད་བརྗོད༔ ཧཱུྃ༔ བདེ་ཆེན་གཉིས་མེད་སྦྱོར་བ་ལས༔ བྱང་ཆུབ་སེམས་ཀྱི་འཕྲོ་འདུ་གསལ༔ ཁྱོད་ཀྱི་རྩ་ཁམས་བདེ་བས་གང༔ དབང་མཆོག་ཁྱོད་ཀྱིས་ཐོབ་གྱུར་ཅིག༔ ཨ་ཧོ་སུ་ཁ་སིདྡྷི་ཧོ༔ ཞེས་བསྐུར་རོ༔ དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི༔ ཤེས་རབ་མཚན་དང་ལྡན་པ་བཅུ་དྲུག་མའམ༔ བཅོ་ལྔ་ནས་བཅོ་བརྒྱད་ཀྱི་བར་གཏད་ལ༔ དབང་ཆེན་ཡབ་ཡུམ་དུ་བསྐྱེད༔ མཁའ་གསང་རྡོ་རྗེ་པདྨར་བྱིན་བརླབ༔ དངོས་སུ་སྦྱོར་བའམ་དམིགས་པས་སྦྱོར་བར་བསྒོམ་སྟེ༔ བླ་མས་དང་པོ་རིག་མ་གཏད་པ་ནི་འདི་སྐད་དོ༔ ཀྱཻ་ཧོ༔ ཡེ་ཤེས་མཁའ་འགྲོ་བདེ་བའི་གཟུགས༔ ཀུན་ཏུ་བདེ་བའི་སྐད་འབྱིན་མ༔ འདི་ཁྱེར་དཔའ་བོ་བདེ་བར་སྤྱོད༔ དབབ་གཟུང་ཟློག་པའི་ཆོས་ལ་སྦྱོངས༔ ཞེས་སྦྱོར་བ་བྱས་པར་བསམ་ཞིང༔ ཐིག་ལེ་སྤྱི་བོ་ནས་བབས༔ རྩ་གནས་འཁོར་ལོ་བཞིའི་ལྷ་ཚོགས་ལ་རིམ་བཞིན་མཆོད་པ་འབུལ༔ སླར་ཡང་མི་གཏང་ཞིང་བཟློག་པ་རྣམས་ནི་བདེ་ཆེན་གསང་སྒྲུབ་ལྟར་ཉམས་སུ་བླང༔ རྗེས་སུ་ཡབ་ཡུམ་སྒྱུ་མ་འཇའ་ལྟར་ཡལ་བར་བསམ་ཞིང་བདེ་སྟོང་གི་ཉམས་བསྐྱང༔ བཞི་པ་ཚིག་དབང་རིན་པོ་ཆེ་ནི༔ བླ་མས་འདི་སྐད་དོ༔ ཀྱེ་ཧོ༔ སྐལ་ལྡན་དམ་པའི་རིགས་ཅན་རྣམས༔ སྔོན་འགྲོ་ནས་བརྩམ་བུམ་དབང་དང༔ ཡོངས་རྫོགས་དཀྱིལ་འཁོར་དབང་གི་བར༔ སྐུར་བའི་བརྗོད་ཚིག་དམ་པ་རྣམས༔ བློ་འདས་སྤྲོས་བྲལ་བརྗོད་ཚིག་བྲལ༔ ཐམས་ཅད་རིག་པའི་ཆོ་འཕྲུལ་ཆེ༔ སེམས་རིག་བསམ་བརྗོད་བྲལ་བའི་ངང༔ དེ་དོན་ཁྱོད་ཀྱིས་ངང་ལ་ཞོག༔ འདི་ནི་མཉམ་རྫོགས་ཆེན་པོའི་དབང༔ རྗེས་སུ་སྐྱོངས་ཤིག་སྐལ་ལྡན་རྣམས༔ བསྐྱང་བྱ་སྐྱོང་བྱེད་བཟོ་བཅོས་བྲལ༔ བློ་བྲལ་རིག་པའི་ཡེ་ཤེས་འདི༔ ཁྱོད་ཀྱིས་ད་ལྟ་རྟོགས་གྱུར་ཅིག༔ རང་རིག་རྗེན་པ་འདི་ལ་ལྟོས༔ བལྟ་བྱ་ལྟ་བྱེད་བྲལ་བས་ན༔ ཡེངས་མེད་རྗེན་པའི་ངང་ལ་ཞོག༔ ཅེས་གསུང་ཞིང་སློབ་མ་རྣམས་ཀྱིས་ཤེས་པ་དུས་གསུམ་གྱི་སྤྲོས་པ་བཅད་དེ་མཉམ་པར་གཞག་གོ༔ དེ་ནི་རྟ་ཕག་ཡབ་ཡུམ་གྱི་དབང་བཞི་ཡོངས་སུ་རྫོགས་པའོ༔ དེ་ནས་བགྲང་བ་སྔགས་ཀྱི་གནང་བ་སྦྱིན་པ་ནི༔ བླ་མས་ཕྲེང་བ་ལག་ཏུ་གཏད་ལ༔ ཧཱུྃ༔ རྟ་མགྲིན་ཡབ་ཡུམ་ཁྱོད་ཀྱི་ལྷ༔ འབྲལ་མེད་དེང་ནས་རྩེ་གཅིག་སྒོམས༔ སྙིང་པོ་སྔགས་ཀྱི་འཁོར་ལོ་སྐོར༔ འོད་ཟེར་ཕྲེང་བ་འདི་ལ་བརྒྱུད༔ ཁྱོད་ཀྱི་ངག་ལ་རྫོགས་གྱུར་ཅིག༔ ཧྲཱིཿམ་ཧ་རི་ནི་ས༔ ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛ༔ ཞེས་སྙིང་པོ་རྒྱུན་དུ་བགྲང་ངོ༔ དེ་ནི་འདྲེན་པ་སྔགས་ཀྱི་གནང་བ་སྦྱིན་པའོ༔ གསུམ་པ་རྗེས་ཀྱི་རིམ་པ་ནི༔ བླ་མ་ལ་ཡོན་ཕུལ༔ ཚོགས་ཀྱི་འཁོར་ལོ་དང་དགའ་སྟོན་བྱ༔ གཏོར་མ་བཏང༔ ལྷ་གཤེགས༔ དཀྱིལ་འཁོར་བསྡུ༔ སྨོན་ལམ་བཏབ༔ བཀྲ་ཤིས་བརྗོད༔ གསང་སྔགས་ཀྱི་དོན་ཐམས་ཅད་གསང་བའི་ཕྱིར་རྗེས་མི་མངོན་པར་བྱའོ༔ འདིའི་དམ་ཚིག་ཏུ་སྒྲུབ་ཐབས་ལས་འབྱུང་བཞིན་ཐོད་པ༔ བྲིས་སྐུ༔ དབང་གོས་དམར་པོ་དང༔ ཨ་མྲྀཏ་དང༔ སིནྡྷུ་ར་དང༔ སྦ་ལྕག་བླ་རྡོ་རྣམས་གསང་ཞིང་བཅངས་ན་ཡིད་བཞིན་གྱི་ནོར་བུ་དང་འདྲ་བས་ཤིན་ཏུ་གཅེས་སོ༔ བུ་མོ་ལོ་བཅུ་དྲུག་མ་གསང་ནས་རྒྱུན་དུ་བརྟེན་པ་གལ་ཆེ༔ འདི་ལྟར་མཁའ་འགྲོའི་ཟབ་ཁྲིད་ཟབ་མོ་ཉམས་སུ་ལེན་པར་བྱེད་པ་ལ༔ ཐོག་མར་དབང་གིས་སྨིན་པར་བྱས་ཏེ༔ རྗེས་སུ་ལམ་བསྐྱེད་པའི་རིམ་པ་ལྷ་ལ་བརྟེན་ནས་མཐར་ཕྱིན་པར་སྒྲུབ་པ་བྱེད་པ་དང༔ རྗེས་ལ་རྡོ་རྗེ་ཕག་མོའི་ཟབ་ཁྲིད་ཟབ་མོ་རྣམས་ཉམས་སུ་བླངས་ཏེ༔ བདེ་ཆེན་གྱི་ཉམས་མྱོང་རྒྱུན་ཆད་མེད་པར་བསྐྱང༔ རྗེས་འོད་གསལ་ཆེན་པོའི་ཉམས་མྱོང་གིས་ལ་བཟླ་བར་བྱའོ༔ འོན་ཀྱང་གནས་སྐབས་སུ་རྟེན་འབྲེལ་ཟབ་མོའི་སྒྲིག་ཐབས་ལ་ཅི་མཁས་བྱེད༔ གདམས་པ་འདི་རྣམས་ནི་སྣོད་ལྡན་རེ་རེ་ལ་སྤེལ་ཞིང༔ སྣོད་མིན་ལ་ཤིན་ཏུ་དམ་པ་ཁག་ཆེ་སྟེ༔ ཅིའི་ཕྱིར་ན་གསང་སྔགས་ཀྱི་སྤྱི་སྲོག་མཁའ་འགྲོའི་ཟབ་ཐིག་མ་ལུས་པ་ཡིན་པས་ཤིན་ཏུ་གཉན་པའི་ཕྱིར་ན༔ སྙིང་གི་བུ་འགའ་རེ་ལ་མིན་པར་མི་སྤེལ་ལོ༔ རྟ་ཕག་གི་དབང་ཆོག་ཟབ་མོ་འདི་ནི༔ རྡོ་རྗེ་ཕག་མོའི་ཟབ་ཁྲིད་པདྨའི་ཕྲེང་བ་ཞེས་བྱ་བ་བདག་འདྲ་པདྨ་ཐོད་ཕྲེང་རྩལ་གྱིས་བཀོད་པའོ༔ སླར་ཡང་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེར་བཀོད་ནས་ཟང་ཟང་ལྷ་བྲག་གི་ཟངས་མཛོད་དམར་པོར་སྦས་པའོ༔ ྈྈྈ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ་ཡོད་དོ༔ ཨེ་མ་ཡང་གསང་གནད་ཀྱི་གདམས་པ་འདི༔ མ་འོངས་ལས་ཅན་རྒོད་ཀྱི་ལྡེམ་འཕྲུ་ཅན༔ དེ་དང་འཕྲད་ནས་ལས་ཅན་ལུང་མཐུན་གྱི༔ བུ་སློབ་གསུམ་ལ་སྤེལ་ལོ་གཞན་ལ་སྡོམས༔ ྈྈྈྈ འདི་ནི་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བྱང་ཟང་ཟང་ལྷ་བྲག་གི་ནུབ་ཟངས་མཛོད་དམར་པོ་ནས་སྤྱན་དྲངས་ཏེ། མངའ་བདག་ཡབ་སྲས་ཀྱིས་རི་བོ་དཔལ་འབར་གྱི་བྲག་རྡོ་རྗེ་རྒྱ་གྲམ་ལྟ་བུའི་ཕུག་པར་སྦས་པ་ལས་ཆུ་ཕོ་རྟའི་ལོ་ཧོར་ཟླ་ལྔ་པའི་ཚེས་ལྔའི་ཉིན། བདག་འདྲ་པདྨ་ཚེ་དབང་རྒྱལ་པོས་གཏེར་ནས་སྤྱན་དྲངས་པའོ། །ཤོག་སེར་ལས་མང་ཡུལ་གུང་ཐང་རྒྱལ་པོའི་ཕོ་བྲང་ལྕགས་ཀྱི་ཁང་པར་དག་པར་ཕབ་པའོ། །ཡི་གེ་པ་ནི་སྔགས་འཆང་རྡོ་རྗེ་རྒྱལ་མཚན་གྱིས་བགྱིས་པའོ། །སརྦ་མངྒ་ལཾ།། །། ༈ རྡོ་རྗེ་ཕག་མོའི་ཟབ་ཁྲིད་ལས༔ ཟབ་ལམ་གཏུམ་མོ་ཉི་མའི་དཀྱིལ་འཁོར་བཞུགས་སོ༔ ྈྈྈྈྈྈྈྈྈ དཔལ་པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ རྡོ་རྗེ་ཕག་མོའི་ཟབ་ཁྲིད་ལས༔ བདེ་ཆེན་གཏུམ་མོའི་གདམས་པ་བཤད༔ རྡོ་རྗེ་ཕག་མོའི་གསུང་བཞིན་དུ༔ པདྨ་བདག་གིས་ཡི་གེར་བཀོད༔ མཚོ་རྒྱལ་སྙིང་ལ་ཡང་དག་ཆོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདེ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ རྡོ་རྗེ་ཕག་མོའི་ཟབ་ཁྲིད་ལས༔ འབྱུང་འཇུག་རླུང་གི་གདམས་པ་ནི༔ ཉམས་ལེན་རྣལ་འབྱོར་བརྩོན་འགྲུས་ཅན༔ སྐལ་ལྡན་རྣལ་འབྱོར་བུ་ལ་བཤད༔ ཕྱི་དང་ནང་དང་གསང་བ་དང༔ དེ་ལ་ཕྱི་ཡི་གཏུམ་མོ་ནི༔ ཆོས་ཀུན་ཡེ་ནས་ཅིར་མ་གྲུབ༔ ཡེ་སྟོང་སྤྲོས་བྲལ་གདོད་མའི་ངང༔ ཡེ་ཤེས་ཆེན་པོའི་ད་ལ་ནས༔ མ་འགགས་རྩལ་སྣང་ངང་ཉིད་དུ༔ དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང༔ ཚོགས་གསག་བླ་མའི་རྣལ་འབྱོར་འབད༔ དེ་ནས་དངོས་གཞིའི་ཆོས་ལ་འཇུག༔ སྭཱ་བྷཱ་བས་སྦྱང་སྟོང་པའི་ངང་ལས༔ པཾ་ལས་པདྨ་དང༔ རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༔ ཡི་གེ་མཿདམར་མོ་ཚེག་དྲག་དང་ལྡན་པ༔ དེ་ལས་འོད་འཕྲོས་འཕགས་པ་མཆོད༔ སླར་ཡང་འོད་ཟེར་ཚུར་འདུས་མཿལ་ཐིམ༔ བཀྲག་མདངས་རྒྱས༔ མཿལས་འོད་འཕྲོས་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕོག༔ སྡིག་སྒྲིབ་སྦྱངས༔ རྡོ་རྗེ་ཕག་མོའི་ས་ལ་བཀོད༔ ཚུར་འདུས་པ་ལས༔ པཾ་ལས་པདྨ་དམར་པོ༔ རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༔ མཿལས་བདག་ཉིད་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཞི་མ་ཁྲོའི་རྣམ་པ་ལ༔ ཕྱག་གཉིས་གཡས་ན་གྲི་གུག་ནམ་མཁའ་ལ་འཕྱར་བ༔ གཡོན་ཐོད་ཁྲག་བསྣམས་པ༔ ཞབས་གཡས་ཅུང་ཟད་བསྐུམ་པའི་རྟིང་པ་བྷ་ག་ལ་གཏད་པ༔ གཡོན་ཅུང་ཟད་བརྐྱང་པས་ཉི་མའི་དལ་གྱི་སྟེང་དུ་ཕྱེད་སྐྱིལ་གྱིས་བཞུགས་པ༔ མི་མགོ་སྐམ་པོ་ལྔས་དབུ་བརྒྱན་ཅིང་རློན་པ་ལྔ་བཅུའི་དོ་ཤལ་བྱས་པ༔ རུས་པའི་རྒྱན་དྲུག་གིས་བརྒྱན་པ༔ སྐུ་སྣང་ལ་རང་བཞིན་མེད་པ༔ དེའི་སྤྱི་བོར་ཕག་ཞལ་ནག་མོ་ངུར་སྒྲ་སྒྲོག་པས་བགེགས་དཔུང་ལས་རྒྱལ་བར་བྱེད་པ༔ མེ་དཔུང་འབར་བའི་ཀློང་ན་བཞུགས་པར་གསལ་བཏབ༔ དེ་ཡང་ཕྱི་གསལ་ནང་གསལ་དུ་ཡོད་པའི་ངང་ལ་མཉམ་པར་བཞག་གོ༔ བདག་ལུས་རྡོ་རྗེ་ཕག་མོར་གསལ་བའི་ལུས་ནང་དུ༔ རྩ་དབུ་མ་ཡར་སྣ་སྤྱི་བོ་ལ་ཟུག་པ༔ མར་སྣ་ལྟེ་འོག་གཉེར་པོ་ཆེར་ཟུག་པ༔ མཚན་ཉིད་བཞི་དང་ལྡན་པ༔ དེ་ཡང་ཏིལ་གྱི་མར་མེ་འབར་བ་ལྟར་གསལ་བ༔ རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་དམར་བ༔ པདྨའི་འདབ་མ་ལྟར་སྲབ་པ༔ ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ༔ དེ་ཡང་རྟ་རྔ་ཙམ་ནས༔ མདའ་སྨྱུག་ཙམ༔ སྦ་ལྕག་ཙམ༔ ལུས་རིལ་པོ་དབུ་མ༔ དེ་རྒྱ་ཆེན་པོར་སོང༔ ནམ་མཁས་གར་ཁྱབ་དབུ་མས་ཁྱབ་པར་བསམ༔ སླར་ཡང་ཇེ་ཕྲ་ལ་སོང༔ སྦ་ལྕག་ཙམ་དུ་གསལ༔ དེའི་གཡས་སུ་རོ་མ་དམར་མོ་ཡར་སྣ་སྣ་བུག་གཡས་སུ་ཟུག་པ༔ གཡོན་དུ་རྐྱང་མ་དཀར་མོ་ཡར་སྣ་སྣ་བུག་གཡོན་ལ་ཟུག་པ༔ མར་སྣ་གཉིས་དབུ་མའི་མར་སྣར་ཟུག་པ༔ དེ་ཡང་རྩ་གཉིས་ཀྱི་མར་སྣ་ཡི་གེ་ཆའི་འཕོངས་ལྟ་བུའོ༔ རྩ་གསུམ་པོ་ལུས་ཀྱི་ཀ་བའི་ཚུལ་དུ་གནས་པའོ༔ དེ་ལྟར་གནས་པའི་སྙིང་གར་རྩ་དབུ་མ་ལ་མཁར་བཅས་ཏེ༔ སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་སུམ་ཅུ་རྩ་གཉིས༔ མགྲིན་པར་བརྒྱད་གཉིས་བཅུ་དྲུག༔ སྤྱི་བོར་སུམ་བརྒྱ་དྲུག་ཅུ༔ ལྟེ་བར་དྲུག་ཅུ་རྩ་བཞི༔ གསང་གནས་སུ་ཉི་ཤུ་རྩ་བརྒྱད༔ རྩ་འཁོར་རྣམས་ཀྱང་གདུགས་ཀྱི་རྩིབས་མ་ལྟར་གསལ་གདབ་བོ༔ དེ་དག་ཐམས་ཅད་ཀྱང་དབུ་མའི་མཚན་ཉིད་ལྟར་གསལ་བར་བྱའོ༔ དབུ་མ་དེའི་ནང་གི་མར་སྣར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་ལས་རྡོ་རྗེ་ཕག་མོ་ཚོན་གང་པ་དམར་ལ་འཚེར་བ་གཅིག་བསམ༔ དེའི་སྤྱི་བོར་པདྨ་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ། རྩ་བའི་བླ་མ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། གྲུབ་ཐོབ་ཆ་ལུགས་ཅན། དེའི་སྤྱི་བོར་པདྨ་ཉི་ཟླའི་སྟེང་དུ་རིག་འཛིན་འཆི་མེད་དབང་པོ་རྣལ་འབྱོར་པའི་ཆ་ལུགས་ཅན། དེའི་སྤྱི་བོར་པད་ཉིའི་སྟེང་དུ་ནམ་མཁའ་རྒྱ་མཚོ་སྔགས་འཆང་གི་ཆ་ལུགས་ཅན། དེའི་སྤྱི་བོར་པད་ཉིའི་སྟེང་དུ་རིག་འཛིན་སྟོབས་ལྡན་ཤུགས་འཆང་རྩལ་ཧེ་རུ་ཀའི་ཆ་ལུགས་ཅན། དེའི་སྤྱི་བོར་པད་ཉིའི་སྟེང་དུ་རྒྱལ་སྲས་ཤཱཀྱ་རྒྱལ་མཚན་རབ་བྱུང་གི་ཆ་ལུགས་ཅན། དེའི་སྤྱི་བོར་མཁས་གྲུབ་བྱམས་པ་བཟང་པོ་རབ་བྱུང་གི་ཆ་ལུགས་ཅན། དེའི་སྤྱི་བོར་རིག་འཛིན་ཆོས་ཀྱི་དཔལ་བཟང་རྣལ་འབྱོར་གྱི་ཆ་ལུགས་ཅན། དེའི་སྤྱི་བོར་རིག་འཛིན་བསྟན་གཉིས་གླིང་པ་རྡོ་རྗེ་དང་དྲིལ་བུ་བསྣམས་པ་མ་ཧཱ་གུ་རུའི་ཆ་ལུགས་ཅན། དེའི་སྤྱི་བོར་རིག་འཛིན་དངོས་གྲུབ་རྒྱལ་མཚན་དབུ་སྐྲ་རལ་པའི་ཐོར་ཚུགས་རྒོད་ཀྱི་ལྡེམ་འཕྲུས་མཚན་པ། དེའི་སྤྱི་བོར་ཡུམ་རྡོ་རྗེ་ཕག་མོ་ཕྱག་གཡས་གྲི་གུག་དང་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཞབས་གཡས་བསྐུམ་པའི་རྟིང་པ་བྷ་གར་གཏད་པ། གཡོན་བརྐྱང་པས་པད་ཉིའི་སྟེང་དུ་རོའི་སྙིང་གར་བརྫིས་པ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེའི་སྤྱི་བོར་ཡེ་ཤེས་མཚོ་རྒྱལ་དཀར་ལ་དམར་བའི་མདངས་ཅན༔ དབུ་སྐྲ་སྣུམ་འབོལ་སིལ་བུ་སྐུ་རྒྱབ་ལ་འཕྱང་བ༔ ཡེ་ཤེས་མཁའ་འགྲོའི་ཆ་ལུགས་ཅན་དུ་གསལ་བའོ༔ དེའི་སྤྱི་བོར་པདྨ་ཉི་མའི་དལ་གྱི་སྟེང་དུ་མ་ཧཱ་གུ་རུ་པདྨ་འབྱུང་གནས་ལོ་བརྒྱད་བྱིས་པའི་ངང་ཚུལ་ཅན༔ དཀར་ལ་དམར་བའི་བཀྲག་མདངས་རྒྱས་པ༔ སྐུ་ལ་ཟ་འོག་གི་བེར་གསོལ་བ༔ པདྨ་མཁའ་འགྲོས་སྐུ་ལ་འཁྲིལ་ཞིང༔ ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ༔ ཡབ་ཡུམ་གཉིས་སུ་མེད་པའི་སྤྱི་བོར་པད་ཉིའི་སྟེང་དུ་པདྨ་ཧེ་རུ་ཀ་ཡབ་ཡུམ་ཡབ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣོལ་ཐབས་སུ་འཛིན་པ༔ ལོངས་སྤྱོད་རྫོགས་པའི་སྐུ་ཧེ་རུ་ཀའི་ཆས་ཀྱིས་བརྒྱན་པ༔ ཡུམ་པདྨ་མཁའ་འགྲོ་སྐུ་མདོག་དམར་མོ་གྲི་གུག་དང་ཐོད་ཁྲག་འཛིན་པས་ཡབ་དང་གཉིས་མེད་དུ་འཁྲིལ་བ༔ ཞབས་དཔའ་བོའི་དོར་སྟབས་སུ་བཞུགས་པ༔ སྐུ་ལ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ༔ དེའི་སྤྱི་བོར་པད་ཉིའི་སྟེང་དུ་དང་པོའི་སངས་རྒྱས་ཀུན་བཟང་ཡབ་ཡུམ་སྐུ་མདོག་མཐིང་ག༔ རྒྱན་མེད་གཅེར་བུ་སྐྱིལ་ཀྲུང་མཉམ་གཞག་གི་ཕྱག་རྒྱ་ཅན༔ ཡེ་ཤེས་འོད་ལྔའི་ཀློང་ན་བཞུགས་པའོ༔ སྣང་ལ་རང་བཞིན་མེད་པར་གསལ་བའི་ངང་ནས་གསོལ་བ་འདེབས་པ་འདི་བཞིན་བྱའོ༔ ཨོཾ་ཨཱཿཧཱུྃ༔ ཡེ་ཤེས་རང་གསལ་ད་ལ་ཆེན་པོ་ན༔ དང་པོའི་སངས་རྒྱས་བདེ་ཆེན་རང་གསལ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས༔ རང་སྣང་ལྷུན་གྲུབ་རྩ་ཁམས་ད་ལ་རུ༔ བདེ་ཆེན་ལོངས་སྐུ་དབང་ཆེན་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས༔ རང་གསལ་དག་པ་དབྱིངས་ཀྱི་དཀྱིལ་འཁོར་དུ༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ བདེ་གསལ་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས༔ དྭངས་མ་ཡེ་ཤེས་ལྔ་ལྡན་ཕོ་བྲང་དུ༔ བདེ་ཆེན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ ཕུང་པོ་འོད་ལུས་འགྲུབ་པར་བྱིན་གྱིས་རློབས༔ བདེ་ཆེན་གསང་བ་ཕུག་གི་དབེན་གནས་སུ༔ གདོད་མའི་མཁའ་འགྲོ་རྡོ་རྗེ་ཕག་མོ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ སྣང་སྲིད་སྒྱུ་མར་རྟོགས་པར་བྱིན་གྱིས་རློབས༔ བྱང་ཕྱོགས་རི་རྒྱལ་བཀྲ་བཟང་ཤར་འདབས་སུ། །རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྐུ་གསུམ་རང་ངོ་ཤེས་པར་བྱིན་གྱིས་རློབས། །མང་ཡུལ་རི་བོ་དཔལ་འབར་དབེན་གནས་སུ། །བཀའ་དྲིན་མཉམ་མེད་ཚེ་དབང་རྒྱལ་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ལྷུན་གྲུབ་འོད་གསལ་རྟོགས་པར་བྱིན་གྱིས་རློབས། །སྦས་ཡུལ་རོལ་པའི་གླིང་གི་དབེན་གནས་སུ། །རིག་འཛིན་ཆེན་པོ་ཆོས་ཀྱི་དཔལ་བཟང་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །དག་སྣང་ཕྱོགས་མེད་འབྱོངས་པར་བྱིན་གྱིས་རློབས། །ཕྱོགས་མེད་རྒྱལ་ཁམས་ཡངས་པའི་རི་ཁྲོད་དུ། །མཁས་ཤིང་གྲུབ་པ་བྱམས་པ་བཟང་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ལམ་མཆོག་ཕོ་ཉ་འགྲུབ་པར་བྱིན་གྱིས་རློབས། །གར་བཞུགས་དག་པ་ཆོས་སྐུའི་ཕོ་བྲང་དུ། །སྤྲུལ་པའི་སྐུ་མཆོག་ཤཱཀྱ་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྟོང་ཉིད་སྙིང་རྗེ་འབྱོངས་པར་བྱིན་གྱིས་རློབས། །མཁའ་འགྲོ་སྤྲིན་ལྟར་འཁྲིགས་པའི་དབེན་གནས་སུ། །རིག་འཛིན་ཆེན་པོ་སྟོབས་ལྡན་ཤུགས་འཆང་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྣང་བཞི་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །སྦས་ཡུལ་ལྷུན་གྲུབ་བརྩེགས་པའི་དུར་ཁྲོད་དུ། །རིག་འཛིན་ཆེན་པོ་ནམ་མཁའ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བདེ་སྟོང་རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །སྣང་སྲིད་ཆོས་སྐུའི་ལྷ་ཡི་ཕོ་བྲང་དུ། །རིམ་གཉིས་སྒོམ་པའི་འཆི་མེད་དབང་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འགྲོ་དོན་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེངས་སུ། །སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གང་ཤར་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །མང་ཡུལ་རི་བོ་དཔལ་འབར་གཏེར་གནས་སུ༔ མཁའ་འགྲོའི་སྲོག་སྙིང་ཕག་མོའི་ཟབ་ཁྲིད་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ ཚིག་དོན་མ་ལུས་རྟོགས་པར་བྱིན་གྱིས་རློབས༔ བཀའ་དང་དམ་ཚིག་གཉན་པོའི་གཞལ་ཡས་སུ༔ སངས་རྒྱས་བསྟན་སྲུང་ཆོས་སྐྱོང་གཏེར་བདག་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ བར་ཆད་མཐའ་དག་ཞི་བར་བྱིན་གྱིས་རློབས༔ བདེ་སྟོང་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ ཡེ་ཤེས་རང་སར་གསལ་བར་བྱིན་གྱིས་རློབས༔ ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས༔ སེམས་ཉིད་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས༔ ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་བཏབ་སྟེ༔ བླ་མ་རྣམས་འོད་དུ་ཞུ༔ གོང་མ་གོང་མ་རྣམས་འོག་མ་རྣམས་ལ་ཐིམ༔ མཐར་ཡེ་ཤེས་མཁའ་འགྲོ་ལ་ཐིམ༔ དེ་འོད་དུ་ཞུ་བ་ལས་རཾ་ཡིག་ཉི་མའི་དལ་དང་བཅས་པ་ལ་ཐིམ༔ དེ་འོད་དུ་ཞུ་ཞིང་འབར༔ མེ་འོད་ཕྲོམ་ཕྲོམ་འབར་བ་ལ་ཤེས་པ་གཏད༔ དེའི་ངང་ལ་རླུང་རོ་ལན་དགུ་ཕྲུགས་སུ་བུས༔ དེ་ནས་ནང་དུ་རྔུབས་ཏེ༔ ལྟེ་འོག་ཏུ་ཁ་སྦྱར་ཏེ་གཟུང་ངོ༔ དམིགས་པ་རཾ་ཡིག་མེ་འོད་འཕྲོ་བར་གཏད༔ འོག་རླུང་བསྐུམ༔ རླུང་མི་ཐུབ་པ་དང་སངས་གཏང༔ དེ་ལ་གོམས་པ་དང་མེ་ལྟེ་འོག་ཏུ་འབར་བ་ལ་དམིགས་པ་གཏད༔ དེ་ནས་སྙིང་ག་མགྲིན་པ་རྣམས་རེ་རེ་ལ་དམིགས་པ་རེ་རེ་བྱ༔ དེ་དང་བསྟུན་ནས་རླུང་རྔུབ་ཆུང་རེ་མནན་ཏེ་བསྒོམ༔ ལག་གཉིས་མཛུབ་མོ་བསྣོལ་ཏེ་པུས་མོ་ལ་འཁྱུད་ལ༔ སྟོད་སྤྲུག་པར་བྱའོ༔ ཕོ་བ་བསྐོར་བ་བརྒྱ་རྩ་རེ་ཡང་བྱ༔ མགོ་བོ་གཡས་གཡོན་དུ་གདུགས་ལྟར་བསྐོར༔ གཡས་གཡོན་ཕྱོགས་བཞི་དག་ལ་འཕང༔ ལག་པ་གཡས་གཡོན་རེ་མོས་འཕང༔ རོ་སྟོད་གཡས་གཡོན་རེ་མོས་གཅུ༔ ས་ལ་སྨད་གདབ་རྐང་པ་རེ་མོས་བཤད༔ དེ་ལྟར་བརྩོན་འགྲུས་དྲག་པོས་འབད༔ ཡང་རླུང་རྔུབས་ཏེ་ལུས་ཀྱི་ནང་ཐམས་ཅད་མེས་གང་བས་བ་སྤུའི་བུ་ག་ཐམས་ཅད་ནས་མེ་སྟག་ཕྲོམ་ཕྲོམ་ལ་ཤེས་པ་གཏད་ནས་རླུང་བསྒོམ༔ དེ་ནས་གང་མཐོང་གི་ས་དང་ནམ་མཁའ་ཀུན་མེས་གང་བར་གསལ་ཏེ༔ རླུང་དྲག་པོར་བསྒོམ༔ རྔུབས་ཆུང་ལྔ་ལ་གདབ་ཆུང་རེ་རེ་གཉིས་གཉིས་གསུམ་གསུམ་བྱ༔ མཐར་དྲག་པོ་བུས༔ རྗེས་ལ་འཇམ་རླུང་གིས་ཁ་བརྒྱན་ནོ༔ དེ་ནས་འཕྲུལ་འཁོར་རྣམས་ལ་འབད༔ དེས་ལུས་ཀྱི་རྩ་མདུད་འགྲོལ༔ ལུས་ལ་དྲོད་སྐྱེ༔ དེ་ནས་བདེ་བ་སྐྱེད་པ་ལ་འབར་འཛག་བསྒོམ་པ་ནི༔ ཐུན་མོང་དང༔ ཐུན་མོང་མ་ཡིན་པ་གཉིས་ལས༔ དང་པོ་ནི༔ གཏུམ་མོའི་མེ་དེ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་དབུས་སུ་ཡི་གེ་ཧཾ་ཡིག་མགོ་ཐུར་དུ་བསྟན་པ་ལ་ཕོག་པས་ཧཾ་བདེ་བའི་རྣམ་པར་ཞུ༔ སྤྱི་བོའི་རྩ་འདབ་གང༔ དབུ་མའི་ལམ་ལ་ཞུགས༔ མགྲིན་པ༔ སྙིང་ག༔ ལྟེ་བ༔ གསང་གནས་ཀྱི་འཁོར་ལོའི་རྩ་འདབ་ཐམས་ཅད་གང༔ མཐར་བ་སྤུའི་བུ་ག་རྣམས་ཀྱང་གང༔ ལུས་དཀར་དམར་འདྲེས་པས་བདེ་བའི་རང་བཞིན་དུ་ཤིག་ཤིག་པ་ལ་སེམས་གཟུང༔ འཛག་པ་འདྲ་ན་ཧཱུྃ་རིང་ཧུྃ་ཐུང་དུད་འགྲོའི་འགྱུར་བཞིས་དྲང༔ གཡང་མོའི་སྤྲུག་གིས་སོ་སོར་དགྲམ་མོ༔ ཐུན་མོང་མ་ཡིན་པའི་འབར་འཛག་ནི༔ ཕག་མོ་གསང་སྒྲུབ་ཏུ་གསལ་བར་བཤད་དོ༔ རྫས་ནི༔ ན་ལེ་ཤམ༔ གཡག་རྒོད་ཀྱི་མཁྲིས་པ༔ ཆུ་རྩ་རྣམས་སྦྱར་ནས་ལུས་ཀྱི་དྲི་མ་རྣམས་བཀྲུས་ཏེ༔ ལུས་ལ་རྫས་བྱུགས༔ རས་དཀར་དྲི་མ་མེད་པ་ལ་ཡང་བྱུགས་ནས་ལུས་ལ་གོན་ན་ལུས་འོད་དུ་འབར༔ ངང་སེར་གྱི་ཚིལ་བུ་དང་བསྲེས་ཏེ་རྐང་མཐིལ་དུ་བྱུགས་པས་སེར་ཀ་མི་འབྱུང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟང་ཟང་ལྷ་བྲག་གི་སྐེད་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་གདན་དྲངས་ནས་མང་ཡུལ་རི་བོ་དཔལ་འབར་དུ་སྦས་པ། རིག་འཛིན་བསྟན་གཉིས་གླིང་པས་གདན་དྲངས་པའོ། །ས་མ་ཡ། རྒྱ་རྒྱ་རྒྱ།། །། ༈ རྡོ་རྗེ་ཕག་མོའི་ཟབ་ཁྲིད་ལས༔ བདེ་ཆེན་གསང་སྒྲུབ་བཞུགས་སོ༔ ྈྈྈྈྈྈྈྈ བདེ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ གསང་བ་བས་ཀྱང་ཆེས་གསང་བ་ལུས་རྩ་ཁམས་ལ་བརྟེན་ནས་རྟ་མགྲིན་ཡབ་ཡུམ་གསང་བར་སྒྲུབ་པ་ནི༔ ཆོས་ཐམས་ཅད་མི་དམིགས་པ་སྟོང་པའི་ངང་ལས༔ པཾ་ལས་པདྨ༔ རཾ་ལས་ཉི་མའི་དཀྱིལ་འཁོར་དང་མི་རོའི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་ཚེག་དྲག་དང་ལྡན་པ་ལས་འོད་འཕྲོས༔ དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད༔ ཚུར་འདུས་པ་ལས་བདག་ཉིད་རྟ་མགྲིན་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡས་གྲི་གུག་ནམ་མཁའ་ལ་འཕྱར་བ༔ གཡོན་ཐོད་ཁྲག་བསྣམས་པ༔ ཞབས་གཉིས་དཔའ་བོའི་དོར་སྟབས་སུ་བཞུགས་པ༔ ཞལ་གདངས་ཤིང་མཆེ་བ་གཙིགས་པ༔ སྤྱན་གསུམ་སྡང་མིག་ཏུ་ཁྲོ་བ༔ དབུ་སྐྲ་དང་སྨ་ར་དམར་སེར་གྱེན་དུ་འཁྱིལ་བ༔ མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ཁྲག་འཛག་པ་ལྔ་བཅུས་དོ་ཤལ་བྱས་པ༔ སྐུ་ལ་རུས་པའི་རྒྱན་དྲུག་གསོལ་བ༔ སྟག་གི་པགས་པའི་ཤམ་ཐབས་དང༔ གླང་ཆེན་གྱི་ཀོ་རློན༔ མི་ལྤགས་ཀྱི་གཡང་གཞི་གསོལ་བ༔ ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པ༔ རྔམ་བརྗིད་ལྡན་པ༔ དེའི་སྤྱི་བོར་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བ༔ སྣང་ལ་རང་བཞིན་མེད་པ༔ དེའི་པང་དུ་མཿལས་ཡུམ་རྡོ་རྗེ་ཕག་མོ་དམར་མོ་རྒྱན་ཆ་ལུགས་ཡབ་དང་མཚུངས་པའི་སྤྱི་བོར་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོག་པ༔ ཡབ་ལ་འཁྲིལ་བ༔ ཡབ་ཡུམ་གཉིས་ཀྱི་སྤྱི་བོར་རྩ་འདབ་སུམ་བརྒྱ་དྲུག་ཅུ་ལ༔ བཛྲ་ཌཱ་ཀི་ཡབ་ཡུམ་སུམ་བརྒྱ་དྲུག་ཅུ་སྐུ་མདོག་དཀར་པོ༔ མགྲིན་པ་རོ་འདུས་འཁོར་ལོ་ལ༔ རཏྣ་ཌཱ་ཀི་ཡབ་ཡུམ་བཅུ་དྲུག་སྐུ་མདོག་སེར་པོ༔ ཙིཏྟ་དྲན་པ་བཀོད་པའི་རྩ་འདབ་ལ༔ སངས་རྒྱས་མཁའ་འགྲོ་ཡབ་ཡུམ་སུམ་ཅུ་རྩ་གཉིས་སྐུ་མདོག་མཐིང་ག༔ ལྟེ་བ་སྐྱེད་བྱེད་དྲུག་ཅུ་རྩ་བཞི་ལ༔ པདྨ་ཌཱ་ཀི་ཡབ་ཡུམ་དྲུག་ཅུ་རྩ་བཞི་སྐུ་མདོག་དམར་པོ༔ གསང་གནས་བདེ་སྐྱོང་འཁོར་ལོ་ལ༔ ལས་ཀྱི་ཌཱ་ཀི་ཡབ་ཡུམ་ཉི་ཤུ་རྩ་བརྒྱད་སྐུ་མདོག་ལྗང་གུ༔ བ་སྤུའི་བུ་ག་ས་ཡ་དྲུག་འབུམ་ལ་སྣ་ཚོགས་མཁའ་འགྲོ་ཡབ་ཡུམ་ས་ཡ་དྲུག་འབུམ༔ སྐུ་མདོག་ཕྱག་མཚན་སྣ་ཚོགས་པ་གསལ་གདབ་བོ༔ ཕྱག་མཚན་གཡས་ཐམས་ཅད་རྡོ་རྗེ་རིན་ཆེན་གྲི་གུག་པདྨ་རལ་གྲི་བསྣམས་པ༔ གཡོན་ཐམས་ཅད་ཐོད་ཁྲག་བསྣམས་པ༔ ཡབ་ཡུམ་གཉིས་མེད་དུ་འཁྲིལ་བའོ༔ སྤྱི་བོར་འབྱུང་བ་ཆུའི་དྭངས་མ་ལས༔ ར་དང་ཧ་ལས་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ༔ མགྲིན་པར་འབྱུང་བ་སའི་དྭངས་མ་ལས༔ ཙ་དང་རི་ལས་རིན་ཆེན་ཌཱ་ཀི་ཡབ་ཡུམ༔ སྙིང་གར་འབྱུང་བ་ནམ་མཁའི་དྭངས་མ་ལས༔ མཿདང་ཧྲཱིཿལས་སངས་རྒྱས་ཌཱ་ཀི་ཡབ་ཡུམ༔ ལྟེ་བར་འབྱུང་བ་མེའི་དྭངས་མ་ལས༔ ཧྲི་དང་ནི་ལས་པདྨ་ཌཱ་ཀི་ཡབ་ཡུམ༔ གསང་གནས་སུ་འབྱུང་བ་རླུང་གི་དྭངས་མ་ལས༔ ཡ་དང་ས་ལས་ལས་ཀྱི་ཌཱ་ཀི་ཡབ་ཡུམ༔ རྡོ་རྗེའི་ལུས་ཁམས་ལ་དཔའ་བོ་ཌཱ་ཀི་ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟར་གནས་སོ༔ གཉིས་མེད་འཁྲིལ་སྦྱོར་བདེ་བའི་ངང་ལས་དཔའ་བོ་མཁའ་འགྲོ་ཡབ་ཡུམ་བསྐུལ་བ་འདི་སྐད་དོ༔ ཧཱུྃ༔ སྤྱི་བོ་བདེ་ཆེན་འཁོར་ལོ་ཡི༔ སུམ་བརྒྱ་དྲུག་ཅུའི་གཞལ་ཡས་ནས༔ རྡོ་རྗེ་ཌཱ་ཀི་ཡབ་ཡུམ་རྣམས༔ བདེ་ཆེན་ལས་ལ་སྐུ་སྐྱོད་ཅིག༔ མགྲིན་པར་རོ་རྣམས་འདུས་པ་ཡི༔ བརྒྱད་གཉིས་བཅུ་དྲུག་གཞལ་ཡས་ནས༔ རིན་ཆེན་ཌཱ་ཀི་ཡབ་ཡུམ་རྣམས༔ བདེ་ཆེན་ལས་ལ་སྐུ་སྐྱོད་ཅིག༔ སྙིང་གར་དྲན་པ་བཀོད་པའི་གནས༔ སུམ་ཅུ་རྩ་གཉིས་ཕོ་བྲང་ནས༔ སངས་རྒྱས་ཌཱ་ཀི་ཡབ་ཡུམ་རྣམས༔ བདེ་ཆེན་ལས་ལ་སྐུ་སྐྱོད་ཅིག༔ ལྟེ་བ་སྐྱེད་བྱེད་འཁོར་ལོ་ཡི༔ དྲུག་ཅུ་རྩ་བཞིའི་ཕོ་བྲང་ནས༔ པདྨ་ཌཱ་ཀི་ཡབ་ཡུམ་རྣམས༔ བདེ་ཆེན་ལས་ལ་སྐུ་སྐྱོད་ཅིག༔ གསང་གནས་བདེ་སྐྱོང་འཁོར་ལོ་ཡི༔ ཉི་ཤུ་རྩ་བརྒྱད་ཕོ་བྲང་ནས༔ ལས་ཀྱི་ཌཱ་ཀི་ཡབ་ཡུམ་རྣམས༔ བདེ་ཆེན་ལས་ལ་སྐུ་སྐྱོད་ཅིག༔ རང་ལུས་རྩ་ཁམས་འཁོར་ལོ་ཡི༔ ས་ཡ་དྲུག་འབུམ་གཞལ་ཡས་ནས༔ སྣ་ཚོགས་ཌཱ་ཀི་ཡབ་ཡུམ་རྣམས༔ བདེ་ཆེན་ལས་ལ་སྐུ་སྐྱོད་ཅིག༔ ཅེས་བསྐུལ་ཏེ༔ སྤྱི་བོར་བཛྲ་ཌཱ་ཀི་ཡབ་ཡུམ་རྣམས་སྦྱོར་བ་མཛད་དེ༔ སྦྱོར་མཚམས་ནས་དཀར་དམར་བདེ་བའི་རྒྱུན་བབས༔ སྤྱི་བོའི་རྩ་འདབ་རྣམས་གང་ནས་ལུད་པ་དབུ་མའི་ལམ་ལ་ཞུགས༔ མགྲིན་པའི་རཏྣ་ཌཱ་ཀི་ཡབ་ཡུམ་རྣམས་ལ་མཆོད་པ་ཕུལ༔ བདེ་བའི་རྒྱུད་བསྐུལ་སྦྱོར་བ་མཛད་དེ༔ སྦྱོར་མཚམས་ནས་དཀར་དམར་བདེ་བའི་རྒྱུན་བབས༔ མགྲིན་པའི་རྩ་འཁོར་རྣམས་གང་ནས་ལུད་པས་དབུ་མའི་ལམ་ལ་བརྒྱུད༔ སྙིང་གའི་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་རྣམས་མཆོད་པས་བདེ་བའི་རྒྱུད་བསྐུལ་སྦྱོར་བ་མཛད་དེ༔ སྦྱོར་མཚམས་ནས་དཀར་དམར་བདེ་བའི་རྒྱུན་བབས༔ སྙིང་གའི་རྩ་འདབ་རྣམས་གང་ནས་ལུད་པས་དབུ་མའི་ལམ་ལ་བརྒྱུད༔ ལྟེ་བའི་པདྨ་ཌཱ་ཀི་ཡབ་ཡུམ་རྣམས་ལ་མཆོད་པས་བདེ་བའི་རྒྱུད་བསྐུལ་སྦྱོར་བ་མཛད་དེ༔ སྦྱོར་མཚམས་ནས་དཀར་དམར་བདེ་བའི་རྒྱུན་བབས༔ ལྟེ་བའི་རྩ་འཁོར་རྣམས་གང་ནས་ལུད་པས་དབུ་མའི་ལམ་ལ་བརྒྱུད༔ གསང་གནས་སུ་ལས་ཀྱི་ཌཱ་ཀི་ཡབ་ཡུམ་རྣམས་ལ་མཆོད་པས་བདེ་བའི་རྒྱུད་བསྐུལ་སྦྱོར་བ་མཛད་དེ༔ སྦྱོར་མཚམས་ནས་དཀར་དམར་བདེ་བའི་རྒྱུན་བབས༔ འཁོར་ལོ་རེ་ནས་ལུས་སྤྲུག་ཐོན་པ་རེ་བྱས་པས༔ བ་སྤུའི་ཌཱ་ཀི་ས་ཡ་དྲུག་འབུམ་རྣམས་ལ་མཆོད་པས་བདེ་བའི་རྒྱུད་བསྐུལ་སྦྱོར་བ་མཛད་དེ༔ སྦྱོར་མཚམས་ནས་དཀར་དམར་བདེ་བའི་རྒྱུན་བབས༔ ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་གང༔ སླར་ཡང་རླུང་ཕྱིར་འཛིན་པ་དང་བསྟུན༔ གསང་གནས་ནས་ལྟེ་བའི་ཌཱ་ཀི་ཡབ་ཡུམ་རྣམས་ལ་མཆོད་པས་བདེ་བས་རྒྱས་པ་ལ་སོགས་པ་ཡས་བབས་ལྟར་བྱེད༔ དེ་ནས་སྙིང་གའི་ལྷ་ཚོགས༔ མགྲིན་པ༔ སྤྱི་བོའི་ལྷ་ཚོགས་རྣམས་མཆོད༔ དེ་རྣམས་བདེ་བས་མཉེས་པས་དཀར་དམར་སྤྱི་བོ་ཚངས་པའི་བུ་ག་ནས་ཡར་བྱོན་ནས༔ སྤྱི་བོའི་གུ་རུ་པདྨ་ཡབ་ཡུམ་རྡོ་རྗེ་འཆང་གི་རྣམ་པར་བཞུགས་པ་ལ་མཆོད་པ་ཕུལ༔ བདེ་བས་དགྱེས་ནས་སྦྱོར་བ་མཛད༔ སྦྱོར་མཚམས་ནས་བྱང་སེམས་དཀར་དམར་དཔག་ཏུ་མེད་པ་བབས་པས༔ འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕོག༔ སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་སྦྱངས༔ སེམས་ཅན་ཐམས་ཅད་རིག་འཛིན་བླ་མའི་ས་ལ་བཀོད༔ སླར་ཡང་འོད་དང་འོད་ཟེར་གྱི་རྣམ་པར་ཞུ༔ གུ་རུའི་ཐུགས་ཀར་ཐིམ༔ གུ་རུ་ཡང་འོད་དང་འོད་ཟེར་གྱི་རྣམ་པར་ཞུ༔ ལྷུན་གྲུབ་འོད་གསལ་ཆེན་པོའི་ཀློང་དུ་ཐིམ་པ་ལ་དམིགས་པ་གཏད་དེ་དར་གཅིག་མཉམ་པར་བཞག༔ རླུང་ཕྱིར་འཛིན་པ་དང་བསྟུན་ནས་ལུས་སྤྲུག་ཐོན་པ་རེ་བྱ༔ རྗེས་ལ་བསྔོ་བ་སྨོན་ལམ་གྱི་རྒྱས་འདེབས་པ་ནི༔ ཧོ༔ བདེ་ཆེན་དབྱིངས་ཀྱི་གཞལ་ཡས་དམ་པ་ན༔ བདེ་ཆེན་ཡབ་ཡུམ་གཉིས་མེད་སྦྱར་བའི་མཐུས༔ དཔའ་བོ་མཁའ་འགྲོའི་ལྷ་ཚོགས་མ་ལུས་ཀུན༔ བདེ་བར་རོལ་ཏེ་བདེ་བས་མཉེས་པར་ཤོག༔ བདག་གཞན་ཡབ་ཡུམ་གཉིས་མེད་ལྷན་ཅིག་ཏུ༔ དཔའ་བོ་མཁའ་འགྲོའི་དཀྱིལ་འཁོར་དམ་པ་རུ༔ ལྷན་སྐྱེས་བདེ་བར་སྦྱར་བའི་ནུས་པ་ཡིས༔ བདེ་སྟོང་ཟག་མེད་ཡེ་ཤེས་རྟོགས་པར་ཤོག༔ རང་ལུས་གསལ་སྟོང་དབྱེར་མེད་ལྷ་སྐུ་དང༔ གཞན་ལུས་བདེ་སྟོང་དབྱེར་མེད་ལོངས་སྐུ་ཡི༔ ཉམས་ལེན་གཅིག་ཏུ་སྦྱར་བའི་ནུས་མཐུ་ལས༔ རང་རིག་ཆོས་སྐུའི་དགོངས་པ་མཐར་ཕྱིན་ཤོག༔ ཅེས་སྨོན་ལམ་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གདབ་པར་བྱའོ༔ རྗེས་སུ་ལུས་སྦྱོང་ལ་བརྩོན་པར་བྱ་བ་གནད་ཡིན་ནོ༔ རང་ལུས་རྟ་ཕག་ཡབ་ཡུམ་ལ༔ ཕྱི་ནང་མ་ལུས་སྟོང་པར་གསལ་བཏབ་ནས༔ འབྲུ་མར་དག་གིས་བསྐུ་མཉེ་ཡང་ཡང་བྱ༔ རླུང་བཟུང་མགོ་ནས་རྐང་པའི་བར༔ ཉྭ་བཞི་བསྒྲིམ་ཞིང་ཕུར་སུབ་ནོན་པར་བྱ༔ སྟག་མོའི་སྐྱུག་དང་ཝ་ཡི་སྣོམ་ཚུལ་དང༔ གླང་ཆེན་ཨུ་དང་གཡང་མོའི་སྤྲུག་ཐབས་དང༔ སེངྒེའི་འགྱིང་རྣམས་ཉྭ་བཞི་བསྒྲིམས་ཏེ་བྱ༔ རྗེས་ཀྱི་འཕྲུལ་འཁོར་འདི་བཞིན་ཡིན༔ མགོ་བོ་ལན་གསུམ་སྒྲིལ་བཞིན་སྤྲུག༔ ལག་གཉིས་རྡོ་རྗེ་ཁུ་ཚུར་བྱ༔ རང་ཕྱོགས་ནུ་མའི་སྟེང་དུ་བརྡེག༔ རོ་སྟོད་ལན་གསུམ་དགྱེ་དགུ་གཅུ༔ གཞུ་འགེངས་ཚུལ་ནི་ལན་བདུན་བྱ༔ སྐྱིལ་ཀྲུང་སྟེང་འོག་ཁ་སྦྱོར་བཟུང༔ ལག་མཐིལ་པུས་བཀབ་དྲང་པོར་བསྲང༔ སྐེད་པ་གཡས་གཡོན་བཅུ་བཅུ་བསྐོར༔ གཡས་གཡོན་མདུན་རྒྱབ་གསུམ་གསུམ་བཅག༔ ཕྱེད་སྙེས་རྐང་མཐེབ་ལག་གིས་བཟུང༔ འཕོངས་དང་རྐང་པ་རེ་མོས་བརྡེག༔ རྡོ་རྗེ་སྐྱིལ་ཀྲུང་ལན་བདུན་བརྡེབ༔ བསྡད་ནས་རྐང་པ་ལན་གསུམ་འཐེན༔ མདུན་ནས་རྒྱབ་ཏུ་ལན་གསུམ་འཁྲབ༔ ལངས་ནས་དགྱེ་དགུ་ལན་གསུམ་བྱ༔ རླུང་རོ་ལན་གསུམ་བུས་ནས་ནི༔ རྡོ་རྗེ་རྦ་རླབས་ལན་གསུམ་བྱ༔ དེ་རྣམས་རྗེས་ཀྱི་རིམ་པ་འོ༔ བདེ་བ་མི་ཟད་འཕེལ་བ་དང༔ རྩ་ཁམས་སྟོབས་རྣམས་རྒྱས་པའི་མཐུས༔ ལུས་ཀྱི་ལྷ་གསལ་སྙིང་པོ་ནུས་པ་ཐོན༔ བདེ་སྟོང་ཏིང་འཛིན་ངང་གིས་འཕེལ༔ མཐར་ནི་འཇའ་ལུས་འགྲུབ་པས་ན༔ རྡོ་རྗེ་ཕག་མོའི་ཟབ་ཁྲིད་འདི༔ མཚོ་རྒྱལ་ཉིད་ལ་གདམས་པ་ཡིན༔ མ་སྤེལ་སྙིང་གི་དཀྱིལ་དུ་སྡོམས༔ ཞེས་ཟབ་ཁྲིད་དུ་གནང་ནས་སླར་ཡང་བདག་མཚོ་རྒྱལ་གྱིས་དཀར་ཆག་ཏུ་བཏབ་སྟེ༔ ཟང་ཟང་ལྷ་བྲག་གི་ཟངས་མཛོད་དམར་པོའི་ནང་དུ་སྦས་སོ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ཨེ་མ་ཧོ༔ ཟབ་པའི་ཡང་ཟབ་མཁའ་འགྲོའི་སྙིང༔ རྡོ་རྗེ་ཕག་མོའི་ཟབ་ཁྲིད་འདི༔ མ་འོངས་སྐལ་ལྡན་ལས་འཕྲོ་ཅན༔ རྒོད་ཀྱི་ལྡེམ་འཕྲུ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ཉིད་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་ཟང་ཟང་ལྷ་བྲག་ནས་སྤྱན་དྲངས་ཏེ་སླར་རི་བོ་དཔལ་འབར་བྲག་ལ་སྦས་པ་སླར་ཡང་པདྨ་ཚེ་དབང་རྒྱལ་པོའམ། བསྟན་གཉིས་གླིང་པས་གཏེར་ནས་སྤྱན་དྲངས་པའོ།། །། ༈ རྡོ་རྗེ་ཕག་མོའི་ཟབ་ཁྲིད་ལས༔ རྟ་ཕག་ཡབ་ཡུམ་གྱི་སྒྲུབ་ཐབས་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈ ཐུགས་དམ་པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱི༔ ངོ་བོ་པདྨ་ཐོད་ཕྲེང་ལས༔ ཐུགས་རྗེའི་རྩལ་དུ་འཕྲོས་པ་ནི༔ དཔལ་ཆེན་རྟ་མགྲིན་དམར་པོའི་སྐུ༔ གདུལ་བྱའི་རེ་བ་སྐོང་ཕྱིར་སྤྲུལ༔ འདི་ཉིད་པད་འབྱུང་ཐུགས་སྒྲུབ་ཟབ་མོ་ཡིན༔ མ་འོངས་དོན་དུ་གཏེར་དུ་སྦས༔ སྐལ་ལྡན་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཧོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་ལྟར་སྒྲུབ་པའི་སྒྲུབ་པ་དང༔ ནང་ལྟར་སྒྲུབ་པའི་སྒྲུབ་པ་དང༔ གསང་བ་ལྟར་དུ་སྒྲུབ་པ་ཡི༔ སྒྲུབ་པ་ཇི་སྙེད་བསྟན་པ་ལས༔ ནང་དུ་རྟ་མགྲིན་དག་ཏུ་བསྒྲུབ༔ འདི་ལ་བདག་བྱིན་བརླབ་པ་དང༔ གསང་བ་རྩ་ཁམས་བྱིན་རླབས་སོ༔ བདག་བྱིན་བརླབ་པའི་རིམ་པ་ནི༔ རང་ཉིད་དབང་ཆེན་ཡབ་ཡུམ་སྐུ༔ མངོན་རྟོགས་ལྟར་དུ་གསལ་བ་ཡི༔ སྤྱི་བོར་བླ་མ་པད་འབྱུང་ནི༔ མ་འདྲེས་རྒྱན་དང་ཆ་ལུགས་རྣམས༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ འཁོར་དུ་མཁའ་འགྲོ་ཆོས་སྐྱོང་བསྐོར༔ མཆོག་ཏུ་སྙིང་རྗེ་བྱང་སེམས་བསྐྱེད༔ བདག་ཉིད་ལྷར་གསལ་སྙིང་ག་རུ༔ རཾ་ལས་ཉི་མའི་དཀྱིལ་འཁོར་གསལ༔ དེ་ཡི་དབུས་སུ་ཡི་གེ་ཧྲཱི༔ དམར་པོ་ཚེག་དྲག་ལྡན་པར་བསམ༔ དེ་ལས་འོད་ཟེར་དམར་པོ་འཕྲོས༔ རང་གི་ལུས་ངག་ཡིད་གསུམ་གྱི༔ སྡིག་སྒྲིབ་བག་ཆགས་བསྲེགས་པར་བསམ༔ ཧྲཱིཿདེ་ཡོངས་སུ་གྱུར་པ་ལས༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ དཔལ་ཆེན་རྟ་མགྲིན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་དབུ་གཙུག་ན༔ རྟ་མགོ་ལྗང་གུ་རྟ་སྐད་འཚེར༔ ཕྱག་གཡས་གྲི་གུག་ནམ་མཁར་འཕྱར༔ ཕྱག་གཡོན་ཐོད་ཁྲག་ཐུགས་ཀར་འཛིན༔ ཞབས་གཉིས་རོ་ཡི་གདན་ལ་བཞུགས༔ སྐུ་ལ་དཔའ་བོའི་ཆས་ཀྱིས་བརྒྱན༔ པང་དུ་རྡོ་རྗེ་མཁའ་འགྲོ་མ༔ ཕག་མོ་སྐུ་མདོག་དམར་པོ་ནི༔ ཞལ་གཅིག་ཕྱག་གཉིས་སྤྱི་གཙུག་ན༔ ཕག་ཞལ་ནག་མོ་ངུར་སྒྲ་སྒྲོག༔ གཡས་པས་གྲི་གུག་ནམ་མཁར་འཕྱར༔ གཡོན་པས་ཐོད་ཁྲག་གཙོ་ལ་སྟོབ༔ རུས་པའི་རྒྱན་ཅན་གཅེར་བུ་མ༔ ཡབ་དང་གཉིས་མེད་ཚུལ་དུ་འཁྲིལ༔ ཡབ་ཡུམ་རྡོ་རྗེ་པདྨ་གཉིས༔ སྦྱར་ནས་སྙོམས་འཇུག་མཛད་པར་བསྒོམ༔ བདག་ཉིད་རྟ་མགྲིན་ཡབ་ཡུམ་གྱི༔ སྤྱི་བོར་པད་ཉིའི་གདན་སྟེངས་སུ༔ སློབ་དཔོན་པདྨ་ཡབ་ཡུམ་གཉིས༔ རྟ་མགྲིན་ཡབ་ཡུམ་ཆ་ལུགས་སུ༔ སྙོམས་འཇུག་མཛད་ཅིང་བདག་བྱིན་རློབ༔ དབང་མཆོག་དམ་པ་བསྐུར་བར་བསམ༔ གཡས་ན་དཔའ་བོ་ཕོ་ཚོགས་རྣམས༔ ཐམས་ཅད་བདེ་བའི་གར་འཁྲབ་ཅིང༔ གཡོན་ན་དཔའ་བོ་མོ་ཚོགས་རྣམས༔ བདེ་བའི་གླུ་ལེན་གར་བྱེད་ཅིང༔ རྒྱབ་ན་ཆོས་སྐྱོང་ལས་བྱེད་ཀུན༔ གདོན་བགེགས་སྲུང་བའི་ཧཱུྃ་སྒྲ་སྒྲོག༔ མདུན་ན་མཁའ་འགྲོ་མང་པོའི་ཚོགས༔ བཀའ་ཉན་ལས་བྱེད་བྲན་གྱི་ཚུལ༔ ལྷ་སྲིན་སྡེ་བརྒྱད་མ་ལུས་པ༔ སྤྲིན་ལྟར་གཏིབས་ནས་བཀའ་བཞིན་སྒྲུབ༔ བྲན་ལྟར་ཁོལ་བའི་ལས་བྱེད་ཅིང༔ སྣང་སྲིད་ལྷ་སྐུའི་དཀྱིལ་འཁོར་གསལ༔ ངག་ཏུ་གཟུངས་སྔགས་འདི་ལ་འབད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ས་མ་ཡ་ཛ་ཛ༔ ཞེས་པའི་གཟུངས་སྔགས་བཟླས་པ་ཡིས༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་བཀའ་ཉན་ལས་བྱེད་རྣམས༔ མ་ལུས་གཅིག་ཏུ་ཚོགས་བྱས་ནས༔ བདག་ལ་དབང་བསྐུར་བྱིན་གྱིས་རློབ༔ ངག་ཏུ་གསོལ་བ་འདི་ལྟར་གདབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ མ་ཆགས་པདྨའི་མཚོ་ལས་རང་བྱོན་པ༔ དུས་གསུམ་སངས་རྒྱས་སྤྲུལ་པ་ཆིག་ཆོག་མགོན༔ པདྨ་འབྱུང་གནས་སྐུ་ལ་གསོལ་བ་འདེབས༔ བདག་ལ་བྱིན་རླབས་དབང་བསྐུར་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སངས་རྒྱས་སྤྲུལ་པ་གདུལ་བྱའི་རེ་འདོད་སྐོང༔ ཐུགས་རྗེའི་ཐབས་ཀྱིས་འགྲོ་བ་འདུལ་ལ་མཁས༔ པདྨ་རྒྱལ་པོའི་སྐུ་ལ་གསོལ་བ་འདེབས༔ བདག་ལ་བྱིན་རླབས་དབང་བསྐུར་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཡེ་ཤེས་མཆོག་གིས་འགྲོ་བའི་དཔལ་དུ་ཤར༔ སྐུ་དང་ཐིག་ལེའི་ཀློང་དུ་རང་བྱུང་བ༔ པདྨ་སཾ་བྷའི་སྐུ་ལ་གསོལ་བ་འདེབས༔ བདག་ལ་བྱིན་རླབས་དབང་སྐུར་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ གང་ལ་གང་འདུལ་གདུལ་བྱའི་རེ་བ་སྐོང༔ མ་རིག་མུན་སེལ་ཡེ་ཤེས་ཆེན་པོའི་ངང༔ པདྨ་ཐོད་ཕྲེང་སྐུ་ལ་གསོལ་བ་འདེབས༔ བདག་ལ་བྱིན་རླབས་དབང་སྐུར་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཡེ་ཤེས་རང་གསལ་ཐུགས་རྗེའི་དཀྱིལ་འཁོར་ནས༔ ཐུགས་རྗེ་ཆེན་པོས་འགྲོ་བའི་རེ་འདོད་སྐོང༔ བློ་ལྡན་མཆོག་སྲེད་སྐུ་ལ་གསོལ་བ་འདེབས༔ བདག་ལ་བྱིན་རླབས་དབང་བསྐུར་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཡེ་ཤེས་འོད་གསལ་སྐུ་ཡི་དཀྱིལ་འཁོར་རྒྱས༔ ཉི་མའི་ཟེར་ལྟར་མ་རིག་མུན་པ་སེལ༔ ཉི་མ་འོད་ཟེར་སྐུ་ལ་གསོལ་བ་འདེབས༔ བདག་ལ་བྱིན་རླབས་དབང་སྐུར་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ གདུལ་བྱའི་རེ་སྐོང་རབ་བྱུང་ཆ་ལུགས་ལྡན༔ འགྲོ་བ་འདྲེན་མཛད་ཤཱཀ་ཐུབ་བསྟན་པ་སྤེལ༔ ཤཱཀྱ་སེངྒེའི་སྐུ་ལ་གསོལ་བ་འདེབས༔ བདག་ལ་བྱིན་རླབས་དབང་བསྐུར་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཡེ་ཤེས་ཆེན་པོའི་དགོངས་པ་མཐའ་རུ་ཕྱིན༔ དྲེགས་པའི་དགྲ་བགེགས་མ་ལུས་ཚར་གཅོད་པའི༔ སེང་གེ་སྒྲ་སྒྲོག་སྐུ་ལ་གསོལ་བ་འདེབས༔ བདག་ལ་བྱིན་རླབས་དབང་བསྐུར་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཅིར་ཡང་སྤྲུལ་ཞིང་ཅིར་ཡང་འདྲེན་མཛད་པ༔ དགྲ་བགེགས་འདུལ་ཞིང་སྐལ་ལྡན་ལམ་སྣ་འདྲེན༔ རྡོ་རྗེ་གྲོ་ལོད་སྐུ་ལ་གསོལ་བ་འདེབས༔ བདག་ལ་བྱིན་རླབས་དབང་བསྐུར་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཡེ་ཤེས་སྤྲུལ་པ་ཡེ་ཤེས་ལྷ་མོར་སྤྲུལ༔ ཆགས་པའི་མདངས་ལྡན་སྐུ་མདོག་དམར་མོར་སྟོན༔ རྡོ་རྗེ་ཕག་མོའི་སྐུ་ལ་གསོལ་བ་འདེབས༔ བདག་ལ་བྱིན་རླབས་དབང་བསྐུར་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ མཁའ་འགྲོ་ཀུན་གྱི་དབང་ཕྱུག་ཞི་བྱེད་མ༔ ཐབས་ཤེས་དབྱེར་མེད་འཁྲིལ་ཞིང་བདེ་བ་སྟེར༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས༔ བདག་ལ་བྱིན་རླབས་དབང་བསྐུར་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས༔ ཡེ་ཤེས་མཚོ་རྒྱལ་མཁའ་འགྲོའི་ཚོགས་རྣམས་དང༔ རིག་བྱེད་རྒྱ་མཚོ་རྣམས་ལ་གསོལ་བ་འདེབས༔ བདག་ལ་བྱིན་རླབས་དབང་བསྐུར་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ༔ ལུས་ངག་ཡིད་ཀྱི་སྡིག་སྒྲིབ་སྦྱང་དུ་གསོལ༔ དམ་ཚིག་ཉམས་ཆག་མ་ལུས་བསྐང་དུ་གསོལ༔ གདོན་བགེགས་ཐམས་ཅད་ཞི་བར་མཛད་དུ་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ཞེས་གསོལ་བ་དྲག་ཏུ་བཏབ་པས༔ རྡོ་རྗེ་སློབ་དཔོན་འཁོར་དང་བཅས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པ་ལྟར་བདག་ལ་བྱིན་གྱིས་བརླབས་པར་བསམ་མོ༔ དེ་ནས་ཐུན་མོང་ཐུན་གྲོལ་ཚེ་བཛྲ་མུཿས་ཡེ་ཤེས་པ་དབྱིངས་སུ་གཤེགས༔ དམ་ཚིག་པ་ཡབ་ཡུམ་རྣམས་འོད་དུ་ཞུ་ནས་བདག་རྟ་མགྲིན་ཡབ་ཡུམ་སྤྱི་བོར་ཐིམ༔ བདག་རྟ་མགྲིན་ཡབ་ཡུམ་རྣམས་ཀྱང་ཡེ་ཤེས་ཆེན་པོའི་ཕུང་པོར་ཞུ་ནས་ཆོས་ཉིད་ཀ་དག་ཆེན་པོའི་ངང་དུ་རྩེ་གཅིག་ཏུ་མཉམ་པར་བཞག༔ དེ་ནས་རང་ཡི་དམ་ལྷའི་ང་རྒྱལ་དང་མ་བྲལ་བར༔ སྤྱོད་ལམ་ཐམས་ཅད་ཌཱ་ཀི་ཡབ་ཡུམ་གྱི་ང་རྒྱལ་དང་མ་བྲལ་བའི་ངང་ཚུལ་གྱིས་ཅི་བྱེད་སྤྱོད་པར་བྱའོ༔ བླ་མ་ཡི་དམ་མཁའ་འགྲོ་དང་བཅས་པའི་སྤྱི་སྒྲུབ་འདི་ནི་བྱིན་རླབས་ཀྱི་རྩ་བ་ཡིན་པས༔ ཆོས་རྒྱུད་ལ་སྐྱེ༔ ཉམས་རྟོགས་ཁོང་ནས་འཆར༔ སྒྲིབ་པ་བྱང༔ བར་ཆད་སེལ༔ ཉམས་ཆག་སྐོང༔ ཕྲིན་ལས་རྣམ་བཞི་འགྲུབ༔ ཚེ་འདིར་མཆོག་ཐུན་མོང་གི་དངོས་གྲུབ་གང་འདོད་འབྱུང༔ ཕྱི་མ་མཆོག་གི་རིག་འཛིན་ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་རོ༔ འདི་བྱིན་རླབས་ཀྱི་རྩ་བ་ཡིན་པས་དམ་པར་གྱིས་ལ་མི་ལ་མ་སྤེལ་ཅིག༔ སྤྱིར་དུའང་ཆོས་ཐམས་ཅད་དམ་མེད་ལ་སྤེལ་དྲགས་ན་གདམས་པའི་དྲོད་འཆོར་བས་དམ་པར་གྱིས་ཤིག༔ རྣལ་འབྱོར་དམ་ཚིག་དང་ལྡན་པ་སྐལ་ལྡན་ངེས་ཤེས་ཅན་ལ་གདམས་པ་འདི་བཀའ་རྒྱ་སྒྲུབ་པའི་དམ་བཅའ་དང་བཅས་ནས་སྟེར་བ་གལ་ཆེའོ༔ བདག་འདྲ་ཡེ་ཤེས་མཚོ་རྒྱལ་གྱིས༔ སློབ་དཔོན་རྗེ་ལ་བཀའ་ལུང་ཞུས༔ སྙན་བརྒྱུད་ཡི་གེར་བཏབ་ནས་ཀྱང༔ རིན་ཆེན་གཏེར་དུ་སྦས་ནས་བཞག༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ ཌཱ་ཀི་རྣམས་ཀྱི་རྒྱས་བཏབ་ཡོད་དོ༔ ཟང་ཟང་ལྷ་བྲག་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་སྤྱན་དྲངས་ནས་རི་བོ་དཔལ་འབར་དུ་སྦས་པ་པདྨ་ཚེ་དབང་རྒྱལ་པོས་སྤྱན་དྲངས། མངའ་བདག་གུང་ཐང་རྒྱལ་པོའི་བཀས་བསྐུལ་བ་ལ་བརྟེན་ནས་རྒྱལ་པོའི་ཕོ་བྲང་བདེ་ཡངས་སུ་མཁའ་འགྲོའི་སྲོག་ཡིག་ལས་ཕབ་ཅིང་། ཡི་གེ་པ་ནི་སྔགས་འཆང་རྡོ་རྗེ་རྒྱལ་མཚན་ཡིན། ས་མ་ཡ། རྒྱ་རྒྱ་རྒྱ། སརྦ་མངྒ་ལཾ།། །། ༈ རྡོ་རྗེ་ཕག་མོའི་ཟབ་ཁྲིད་ལས༔ ཡབ་ཡུམ་གཉིས་མེད་གསང་སྒྲུབ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈ གསང་བ་གསུང་གི་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ གསང་སྔགས་དགོངས་པ་བཅུད་ཀྱི་མཆོག༔ ཆིག་དྲིལ་ཞེ་ཕུག་ཟབ་མོའི་དོན༔ རྡོ་རྗེ་ཕག་མོ་མཉམ་སྦྱོར་བ༔ རྟ་མགྲིན་གསང་བའི་སྒྲུབ་སྐོར་ལས༔ ཡང་གསང་བཅུད་ཀྱི་སྒྲུབ་ཐབས་བསྟན༔ འདི་ལ་སྦྱོར་དངོས་རྗེས་དང་གསུམ༔ སྦྱོར་བ་གསང་བའི་དམ་རྫས་གསག༔ དངོས་གཞི་ཏིང་འཛིན་གཟེར་གྱིས་གདབ༔ རྗེས་ལ་ལྟ་བའི་གྲུབ་མཐའ་གཟུང༔ སྨྲ་བར་མ་བྱེད་ས་མ་ཡ༔ ྈྈྈྈྈ ཨེ་མ་ཧོ༔ ཐོག་མར་གསང་བའི་དམ་རྫས་གསག་པ་ནི༔ དང་པོ་དུར་ཁྲོད་དམ༔ ཤིང་གཅིག་དྲུང་ངམ༔ གཡའ་གངས་སམ་ཤིན་ཏུ་དབེན་པའི་གནས་སུ༔ མཎྜལ་བྱི་དོར་བྱས་ལ༔ རང་ཆུས་ཆག་ཆག་གདབ༔ མཁའ་འགྲོ་མའི་གཏོར་མ་གྲུ་གསུམ་འབར་བ་བཞེངས༔ མདའ་བྱ་རྒོད་མ་ལ་དར་ལེ་བརྒན་བཏགས་ཏེ་ཟངས་ཀྱི་བྱང་བུ་དུང་དང་བཅས་པའི་རྟེན་རྫས་དང༔ སྦ་ལྕག་ཚིགས་གསུམ་པ་ལ་དར་ཚོན་སྣ་ལྔས་བརྒྱན་པ་དང༔ དེའི་མགུལ་དུ་པདྨ་རཀྟ་སིནྡྷུ་ར་ལི་ཁྲི་ལ་སོགས་པས་བརྒྱན༔ དབང་གི་ཆོས་གོས་དམར་པོ་ལ་སོགས་ཀྱང་བསགས༔ མཐིང་ཤོག་ལ་གསེར་གྱིས་སྙིང་པོ་ལྔ་བྲིས་པ༔ མཚན་ལྡན་བཅུ་དྲུག་སྐྱོན་མེད་ཀྱི་རཀྟ༔ ཡབ་ཀྱི་ཐིག་ལེ་དང་སིནྡྷུ་ར་དང༔ ཤ་ལྔ་བདུད་རྩི་ལྔ་འཛོམ་པའི་ཨ་མྲྀཏ་དང༔ འབྲུ་ལྔ༔ རིན་པོ་ཆེ་ལྔ༔ ཀ་པཱ་ལ་དུམ་བུ་གཅིག་པའི་ནང་དུ་རྟ་ཕག་ཡབ་ཡུམ༔ ཕྱོགས་བཞིར་མཁའ་འགྲོ་བཞི་བྲིས་པའི་མཚན་ལྡན་མ་སྲུབས་མེད༔ གོང་གི་རྫས་ཀྱིས་བཀང་བ༔ གཞན་ཡང་སྐུ་གཟུགས་ཀྱི་རྟེན་མཆོད་དང༔ མཆོད་པའི་ཡོ་བྱད་མང་པོ་དང༔ མེ་ལོང་མདའ་དར་བཀོད་པས་བརྒྱན༔ དཔག་མེད་བློ་ཡིས་འབྱོར་ཚད་བཤམ༔ དེ་ནས་དངོས་གཞིའི་རིམ་པ་ནི༔ རང་ཉིད་དབང་ཆེན་ཡབ་ཡུམ་བསྒོམ༔ དགོངས་པ་བཞི་ཡི་གཟེར་གྱིས་བཏབ༔ ཏིང་འཛིན་མི་འགྱུར་གནད་ཀྱི་གཟེར༔ སྐུ་ནི་དངོས་སུ་སྟོན་པར་བྱེད༔ དྲག་སྔགས་མི་འགྱུར་གནད་ཀྱི་གཟེར༔ གསུང་གི་ནུས་པ་ཐོད་རྒལ་འབྱུང༔ དགོངས་པ་མི་འགྱུར་གནད་ཀྱི་གཟེར༔ ཡང་དག་དོན་གྱི་ངོ་བོར་གནས༔ འཕྲོ་འདུ་ཕྱག་རྒྱ་མི་འགྱུར་གཟེར༔ ཕྲིན་ལས་རྣམ་བཞི་འགྲུབ་པར་བྱེད༔ གཟེར་བཞི་གནད་ལ་ཕབ་པ་ན༔ མཁའ་འགྲོ་དབང་མེད་སྲོག་དང་འབྲལ༔ རང་དབང་མེད་པར་དངོས་སུ་ཡོང༔ ཏིང་འཛིན་མི་འགྱུར་གཟེར་བཏབ་པས༔ ཐོད་པ་བྲིས་སྐུ་སྐུ་ཡི་རྟེན༔ དེ་ལ་བལྟ་ཞིང་དམིགས་པ་གཟུང༔ རྩེ་གཅིག་ཡིད་ཀྱི་འཛིན་ཕུར་བཏབ༔ སྲོག་ཤིང་མ་ཡེངས་ཏིང་འཛིན་ནི༔ སྐུ་ནི་དངོས་སུ་གསལ་བར་སྟོན༔ ཏིང་འཛིན་གཟེར་གྱིས་མ་ཐེབས་ན༔ སྐུ་ནི་དངོས་སུ་སྟོན་མི་སྲིད༔ ཏིང་འཛིན་འགྱུར་མེད་གཟེར་ཐེབས་ན༔ སྐུ་ནི་དངོས་སུ་མི་སྟོན་རུང༔ མཁའ་འགྲོ་རྣམས་ལ་རང་དབང་མེད༔ དྲག་སྔགས་མི་འགྱུར་གནད་ཀྱི་གཟེར༔ མཁའ་འགྲོ་སྡེ་ལྔའི་སྲོག་སྙིང་ཡིན༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛ༔ སྲོག་སྔགས་སྙིང་པོའི་གཟེར་བཏབ་པས༔ མཁའ་འགྲོའི་ཚོགས་རྣམས་མ་ལུས་པ༔ རང་དབང་མེད་པར་དངོས་སུ་ཡོང༔ ཡེ་ཤེས་ལྷ་རྣམས་ཐམས་ཅད་ཀུན༔ ཨོཾ་ཨཱཿཧཱུྃ་གསུམ་ཡིག་འབྲུ་གསུམ༔ ཐམས་ཅད་འབྲུ་གསུམ་ངོ་བོར་གནས༔ རང་རང་ཐུགས་ཀའི་ས་བོན་ལས༔ རང་རང་སྙིང་པོས་བསྐོར་བ་གནས༔ དཔའ་བོ་ཕོ་ཚོགས་མོ་ཚོགས་ཀྱི༔ སྲོག་གི་སྙིང་པོ་བཟླས་པ་ལས༔ རང་དབང་མེད་པར་དངོས་སུ་ཡོང༔ ལུང་སྟོན་ཆོས་འཆད་ལེགས་ཉེས་སྨྲ༔ བཀའ་ལ་ཆེར་ཉོན་གསུང་ལ་ཉན༔ སྲོག་སྙིང་གཟེར་གྱིས་ཐེབས་པ་ན༔ སྙིང་པོ་འགུགས་པའི་ལྕགས་ཀྱུ་ཡིན༔ དེ་ཕྱིར་གནད་ནས་གཟེར་གྱིས་གདབ༔ སྲོག་སྙིང་ཆུ་བོའི་གཞུང་བཞིན་བཟླ༔ འཕྲོ་འདུ་ཏིང་ངེ་འཛིན་གྱི་གཟེར༔ ཕྲིན་ལས་རྣམ་བཞིའི་ལས་ལ་སྦྱར༔ མཁའ་འགྲོ་མ་རྣམས་འགྲུབ་པ་དང༔ ཅི་ལྟར་བཅོལ་བའི་བཀའ་རྣམས་ཉན༔ ཞི་བས་འཇིགས་པ་བརྒྱད་སོགས་སྐྱོབ༔ ནད་གདོན་བར་ཆད་ཞི་བར་བྱེད༔ རྒྱས་པས་ཚེ་དང་ལོངས་སྤྱོད་རྒྱས༔ དབང་གིས་འཁོར་འདས་དབང་དུ་སྡུད༔ དྲག་པོས་དགྲ་བགེགས་ཚར་གཅོད་གྱུར༔ མདོར་ན་ཡིད་ལ་གང་བསམ་འགྲུབ༔ ཤ་རུལ་སྦྲང་བུ་འདུ་བ་ལྟར༔ དཔའ་བོ་མཁའ་འགྲོ་སྤྲིན་བཞིན་འདུ༔ མ་སྲིང་རྒྱ་མཚོ་མ་ལྟར་བྱམས༔ ཕོ་ཉ་ལས་བྱེད་སྲིང་ལྟར་ཉན༔ འཕྲོ་འདུ་ཕྲིན་ལས་མ་ཤེས་ན༔ དམིགས་པ་ཕྱོགས་གཅིག་ལས་མི་འགྲུབ༔ འདབ་གཤོག་ཆག་པའི་བྱ་དང་འདྲ༔ དེ་ཕྱིར་ཐུགས་ཀའི་ས་བོན་ལས༔ ཕྲིན་ལས་རྣམ་བཞི་སོ་སོར་འདོགས༔ འོད་ཟེར་དམིགས་པའི་འཕྲོ་འདུ་བྱ༔ འཕྲོ་འདུའི་ཕྲིན་ལས་སྦྱོར་ཤེས་ན༔ གང་ལྟར་བསམ་པ་དེ་ལྟར་འགྲུབ༔ དཔེར་ན་ཡིད་བཞིན་ནོར་བུ་འདྲ༔ དབང་ཆེན་ཡབ་ཡུམ་གསང་སྒྲུབ་ནི༔ མཁའ་འགྲོ་ཀུན་གྱི་སྲོག་སྙིང་ཡིན༔ འདི་འགྲུབ་དཔའ་བོ་མཁའ་འགྲོ་རྣམས༔ མ་ལུས་པ་ནི་ཐམས་ཅད་འགྲུབ༔ ཞི་དང་རྒྱས་དང་དབང་དང་དྲག༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ ཐུན་མོང་ཚེ་རིང་ནད་ཀྱང་དཀོན༔ ཟོ་མདོག་བཟང་ཞིང་ཁ་དོག་གསལ༔ ཁམས་གསུམ་ཟས་ནོར་དབང་དུ་འདུ༔ ཁྱད་པར་བུ་མོའི་སྙིང་ལ་བརྩེ༔ མཐར་ནི་མཁའ་སྤྱོད་བདེ་ཆེན་འགྲུབ༔ ལུས་མ་སྤངས་པར་བདེ་ཆེན་ནི༔ ཡེ་ཤེས་མཁའ་འགྲོའི་ཆོས་འདིས་འགྲུབ༔ རྗེས་ནི་ལྟ་བའི་རྩལ་སྦྱོང་གྱིས༔ དགོངས་པ་མི་འགྱུར་གཟེར་གདབ་པ༔ བདག་ཉིད་དབང་ཆེན་ཡབ་ཡུམ་དང༔ དཔའ་བོ་མཁའ་འགྲོ་མ་ཚོགས་རྣམས༔ ལོགས་ན་ཡོད་པ་མ་ཡིན་ཏེ༔ སྐྱེ་མེད་ཆོས་སྐུའི་ངོ་བོ་ཡིན༔ རྟ་མཆོག་རྒྱལ་པོའི་རང་བཞིན་ནོ༔ ཀུན་གཞི་མཁའ་འགྲོ་དབྱེར་མེད་གཅིག༔ རྡོ་རྗེ་ཕག་མོའི་ངོ་བོ་ཡིན༔ རང་བཞིན་རིག་རྩལ་མ་འགགས་པ༔ དཔའ་བོ་ཐམས་ཅད་ཕོ་ཚོགས་ཤར༔ སེམས་ཀྱི་དྲན་རྟོག་ཐམས་ཅད་ནི༔ ཕག་མོ་དོན་དམ་མཁའ་འགྲོའི་འཁོར༔ བསམ་གྱིས་མི་ཁྱབ་ཡེ་ཤེས་རྒྱས༔ ཐམས་ཅད་ཆོས་སྐུའི་རང་རྩལ་ཡིན༔ དགོངས་པ་མི་འགྱུར་གཟེར་མེད་ན༔ མཁའ་འགྲོ་དངོས་སུ་འགྲུབ་གྱུར་ཀྱང༔ ཐུན་མོང་ཕྲན་ཚེགས་འགྲུབ་སྲིད་ཀྱི༔ མཆོག་གི་དངོས་གྲུབ་འགྲུབ་མི་སྲིད༔ དགོངས་པ་མི་འགྱུར་གཟེར་ཐེབས་ན༔ དུར་ཁྲོད་འདྲེ་མོ་བསྒྲུབས་སྲིད་ཀྱང༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ འདི་ལྟར་སྲོག་གི་གཟེར་ཐེབས་ན༔ མྱུར་དུ་འགྲུབ་འགྱུར་ཐེ་ཚོམ་མེད༔ བདག་འདྲ་པདྨ་འབྱུང་གནས་ལ༔ མཁའ་འགྲོ་སྡེ་ལྔས་རང་སྲོག་ཕུལ༔ མཁར་ཆེན་བཟའ་ལ་པདྨ་ཡིས༔ བྱིན་རླབས་བྱས་ནས་རྗེས་སུ་གནང༔ མ་འོངས་འགྲོ་བའི་དོན་ཕྱིར་དུ༔ ཡི་གེར་བྲིས་ནས་གཏེར་དུ་སྦས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡེ་ཤེས་ཌཱ་ཀིའི་སྤྲུལ་པ་མཆོག༔ མཚོ་རྒྱལ་བུ་མོ་ཚུར་ཉོན་དང༔ ཡེ་ཤེས་ཌཱ་ཀིའི་སྒྲུབ་སྐོར་ལ༔ ཕོ་རྐྱང་སྒྲུབ་དང་མོ་རྐྱང་སྒྲུབ༔ ལས་དང་སྒྲུབ་ཐབས་མང་ན་ཡང༔ དེ་དག་མ་ལུས་སྒྲུབ་ཐག་རིང༔ གཉིས་མེད་ཡབ་ཡུམ་བསྒྲུབས་པ་ན༔ དཔའ་བོ་མཁའ་འགྲོ་སྒྲུབ་པ་མཆོག༔ ཕྲིན་ལས་ཀུན་གྱི་རྩ་བ་ཡིན༔ རང་ཉིད་བདེ་ཆེན་དཔའ་བོ་ལ༔ ཡུམ་ནི་བདེ་ཆེན་ཌཱ་ཀི་མ༔ འཁྱུད་ཅིང་རྩ་ཁམས་མ་ལུས་པ༔ ཌཱ་ཀི་ཡབ་ཡུམ་སྦྱོར་བ་ཡིན༔ བདེ་ཆེན་གསང་སྒྲུབ་གདམས་པ་ནི༔ མཁའ་འགྲོ་ཀུན་གྱི་སྒྲུབ་མཆོག་ཡིན༔ དྭངས་མ་ཉམས་པ་མེད་པ་ཡིས༔ བདེ་བ་གནད་ནས་བསྐུལ་བ་ཡིན༔ མཁའ་འགྲོ་དུས་གཅིག་བསྐུལ་བ་ཡིན༔ མ་བསྒྲུབས་ལྷུན་གྲུབ་ཉིད་དུ་འགྲུབ༔ བདག་ལུས་ཡི་དམ་ལྷར་གསལ་ནས༔ ཐིག་ལེ་འབྱོལ་ཉོག་སྤྱོད་པ་ནི༔ མཁའ་འགྲོའི་སྲོག་སྙིང་དོར་བས་ན༔ བསྒྲུབས་ཀྱང་མཁའ་འགྲོ་མི་འགྲུབ་བོ༔ ཌཱ་ཀི་དམ་ལས་འགལ་བས་ན༔ དངོས་གྲུབ་རྩ་བ་ཆད་པ་ཡིན༔ བསྐྱེད་རྫོགས་འདོད་པའི་རྣལ་འབྱོར་ཀུན༔ རང་ཉིད་ཌཱ་ཀི་ཡབ་ཡུམ་དུ༔ གསལ་བཏབ་དྭངས་མ་ཉམས་མེད་པས༔ བདེ་བ་གནད་ནས་བསྐུལ་བ་འདི༔ མཁའ་འགྲོ་བརྡ་ཡིས་བསྐུལ་བས་ན༔ མ་བསྒྲུབས་ཌཱ་ཀི་ངང་གིས་འདུ༔ མ་ཕྱིན་སངས་རྒྱས་ས་ལ་ཕྱིན༔ བདེ་ཆེན་རྒྱལ་པོ་ངོ་མཚར་ཆེ༔ ངག་གི་ནུས་པ་ཤུགས་ཀྱིས་འབྱུང༔ སེམས་ཀྱི་ཏིང་འཛིན་ངང་གིས་འཕེལ༔ མངོན་ཤེས་རྫུ་འཕྲུལ་ངང་གིས་འབྱུང༔ ཚེ་སྒྲུབ་ཀུན་གྱི་མཆོག་ཡིན་པས༔ འདི་ལ་འབད་པ་དྲག་པོ་ཡིས༔ བརྩོན་འགྲུས་སྐྱེད་ཅིག་ལས་ལྡན་མ༔ ཅེས་གསུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྡོ་རྗེ་ཕག་མོའི་ཟབ་ཁྲིད་ལས༔ གནད་དུ་བཏབ་པའི་ཞལ་བྱང་ཡི་གེར་བཏབ་སྟེ་ཟང་ཟང་ལྷ་བྲག་གི་སྐེད༔ ནུབ་ཟངས་མཛོད་དམར་པོར་སྦས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ རྡོ་རྗེ་ཕག་མོའི་ཟབ་ཁྲིད་ལས༔ རང་ལུས་བདེ་ཆེན་འཁོར་ལོ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈ བཅོམ་ལྡན་པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ རྡོ་རྗེ་ཕག་མོའི་ཟབ་ཁྲིད་ལས༔ གསང་སྔགས་སྙིང་པོའི་དགོངས་པའི་མཆོག༔ སྙན་བརྒྱུད་ཟབ་མོའི་ལག་ལེན་འདི༔ སྐལ་ལྡན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྣལ་འབྱོར་གང་ཟག་སྟོབས་ལྡན་གྱིས༔ རང་ལུས་ཟག་མེད་བོགས་འདོན་ཕྱིར༔ རྩ་ཐིག་རླུང་གསུམ་རྩལ་ཐོན་ཞིང༔ ཐིག་ལེ་རྩལ་སྦྱང་འདི་ལྟར་བྱ༔ དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ སྨིན་བྱེད་དབང་དང་གཏུམ་མོ་སོགས༔ སྔོན་སོང་དབེན་པའི་གནས་སུ་སྦྱང༔ དེ་རྗེས་སེམས་ཅན་ཀུན་དོན་དུ༔ རང་ཉིད་བདེ་བའི་གདན་ལ་འདུག༔ རང་ལུས་སྔོན་དུ་འདི་ལྟར་གཏོང༔ རང་གི་མདུན་དུ་ཡུམ་དེ་ཉིད༔ ཡིད་དུ་གང་འགྲོ་ཤེས་རབ་བསྒོམ༔ གང་མཐུན་གཏམ་ནི་ཕན་ཚུན་ལབ༔ བལྟ་ཞིང་མཛེས་པའི་ཟུར་མིག་དང༔ ཆགས་པའི་གཏམ་ནི་སྣ་ཚོགས་ལབ༔ ཡིད་འོང་སྐད་འབྱིན་འཁུན་ཆུང་འདོན༔ ཕར་ལ་བལྟ་ཞིང་ནུ་མ་ཉེད༔ ཕན་ཚུན་མཐུན་པའི་གད་མོ་དང༔ མཚན་མ་བལ་རིས་བྱེད་པ་དང༔ ཤིན་ཏུ་མཐུན་པའི་སྐེ་འཁྱུད་ཅིང༔ ཁ་སྦྱོར་ལྕེ་འཇིབས་ཡང་ཡང་བྱ༔ གཡའ་བསྒོག་འགྲམ་ཤུད་མ་མཆུ་བཟུང༔ གཅིག་གིས་གཅིག་འཁྱུད་ཡང་ཡང་བསྡམ༔ མ་ངེས་སྤྱོད་པ་སྣ་ཚོགས་བྱེད༔ དེ་ལྟར་བྱས་པས་རང་ལུས་བདེ༔ དྲོད་ཆེ་འདར་དང་རྔུལ་ཡང་དབྱུང༔ སྐྲ་མཚམས་མཆན་ཁུང་ལ་སོགས་པ༔ ལུས་པོ་རྣམས་ལ་རྔུལ་དོན་ཞིང༔ ཁྱད་པར་རྡོ་རྗེ་ལས་སུ་རུང༔ གླང་གི་ཁ་ཆུ་ལྟ་བུ་ཡི༔ སྙིགས་མ་ཡང་སྙིགས་ཕྱི་ལ་འོང༔ དར་གཅིག་ལྟ་བའི་སྟེང་དུ་བཞག༔ མགོ་ལུས་མེད་པ་སྤྲུག་པ་གནད༔ དེ་ནས་རང་ཉིད་སྐད་ཅིག་གིས༔ བཅོམ་ལྡན་དབང་ཆེན་རྟ་མགྲིན་སྐུ༔ དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡས་གཡོན་གྲི་གུག་ཐོད་ཁྲག་དང༔ དབུ་གཙུག་རྟ་ཞལ་ལ་སོགས་པ༔ དབང་ཆེན་སྐུ་རུ་གསལ་བར་བསྐྱེད༔ རང་གི་གསང་བའི་རྡོ་རྗེ་ནི༔ རྡོ་རྗེ་རྩེ་ལྔ་དག་ཏུ་བསྐྱེད༔ བུ་ག་ཧྲཱིཿདམར་ཚེག་དྲག་ཅན༔ མགོ་བོ་ཐུར་དུ་བསྟན་པས་བཀག༔ རང་གི་ལག་པ་གཡས་སམ་གཡོན༔ ཡུམ་ཆེན་རྡོ་རྗེ་ཕག་མོ་ནི༔ སྐུ་མདོག་དམར་པོ་རྒྱན་དང་ལྡན༔ གཡས་གཡོན་གྲི་གུག་ཐོད་ཁྲག་དང༔ དབུ་གཙུག་ཕག་ཞལ་ངུར་སྒྲ་སྒྲོག༔ ཕྱག་གཉིས་ཡབ་ཀྱི་མགུལ་ནས་འཁྱུད༔ ཡབ་ཡུམ་གཉིས་མེད་བདེ་བའི་གར༔ སྣང་ལ་རང་བཞིན་མེད་པར་བསྐྱེད༔ སྤྱི་བོ་མགྲིན་པ་སྙིང་ག་དང༔ ལྟེ་བ་གསང་གནས་ལ་སོགས་པ༔ བ་སྤུའི་བུ་ག་མ་ལུས་ཀུན༔ གསང་སྒྲུབ་ལྟར་དུ་ཤེས་པར་བྱ༔ འཆི་བ་སྲོག་ལ་བབས་གྱུར་ཀྱང༔ དུས་གསུམ་སངས་རྒྱས་ཀུན་གྱི་སྲོག༔ དཔའ་བོ་མཁའ་འགྲོ་འདུ་བའི་རྟེན༔ གསང་བའི་དམ་ཚིག་བྱང་ཐིག་འདི༔ སྐད་ཅིག་ཉམས་པར་མི་བྱ་འོ༔ ཞེས་པའི་དྲན་འདུན་ཡང་ཡང་གཏང༔ དེ་ནས་བསྐྱེད་རྫོགས་གསལ་བ་ལ༔ རྡོ་རྗེ་དལ་བུ་དལ་བུས་བསྲུབ༔ བདེ་བ་ཇི་ལྟར་མགོ་གཡོས་ལ༔ སྟེང་རླུང་རང་སར་ཆམ་མེ་བཞག༔ བར་རླུང་ཐད་ཀར་དལ་བུས་བརྒྱང༔ དར་གཅིག་ལྟ་སྟངས་ངང་ལ་འདུག༔ རྗེས་ལ་མགོ་ལུས་མ་ལུས་སྤྲུག༔ བདེ་བ་ཇི་ལྟར་ཆུང་བ་ན༔ ཡང་ཡང་དག་ཏུ་བསྲུབ་པ་གཅེས༔ ཧ་ཅང་བདེ་བས་ལུས་གཡོས་ན༔ གཉེན་པོས་བསྐྱོད་འཕྲོ་གཅོད་པ་གཅེས༔ རང་གི་ཉམས་ཚོད་སྦྱར་བ་དང༔ དེ་ནས་དལ་བུས་བསྐྱོད་པ་དང༔ བདེ་སྟོང་དག་ལ་ལྟ་བ་དང༔ བདེ་བ་ངོ་བོ་ཡེངས་མེད་བསྐྱང༔ ཡང་ནི་དལ་བུས་བསྐྱོད་པ་དང༔ བདེ་བས་མི་བཟོད་བརྒྱལ་ཉམས་དུས༔ ལུས་པོ་མགུལ་སྐྱོད་མེད་པར་བཞག༔ བར་རླུང་བརྒྱང་ཞིང་ལྟ་བའི་ངང༔ སྟེང་རླུང་མར་མནན་རྒྱབ་རླུང་འཐེན༔ ཧཱུྃ་རིང་ཧུྃ་ཐུང་དྲག་པོ་ཡིས༔ ལྟོ་བ་རི་རབ་དག་ལ་སྦྱར༔ དལ་མེད་ལན་གསུམ་བསྐྱར་ཞིང་བྱེད༔ རུ་སྦལ་འགྲོས་ཀྱིས་བདེ་བ་བསྐུལ༔ སྤྱི་བོ་ལ་སོགས་རིགས་ལྔ་ལ༔ བདེ་བའི་མཆོད་པ་རིམ་བཞིན་འབུལ༔ བདེ་བའི་མགོ་ནི་གཡོ་བའི་དུས༔ རྩ་ཆེན་རྩ་ཕྲན་མ་ལུས་པ༔ ཀུན་ནས་བདེ་བ་གཡོས་པ་ན༔ བར་རླུང་བརྒྱངས་པས་རང་སར་སྡོད༔ དེ་ནས་སྟོང་འདྲེན་དྲག་པོ་ཡིས༔ དམིགས་པ་གངས་དཀར་རྩེ་ལ་གཏད༔ ཡང་ཡང་དྲངས་པས་རང་གནས་ལྡོག༔ རྩ་འདབ་རྣམས་སུ་གཡང་མོའི་སྤྲུག༔ ཁ་ཡར་བྱས་པས་ཁྲེམས་པར་འགྱུར༔ དེ་ནས་ཡང་ནི་དལ་བུས་བསྐྱོད༔ རྩ་རླུང་ཕལ་ཆེར་མ་འབྱོངས་ཤིང༔ རྣལ་འབྱོར་ལྟ་བ་ཞན་པ་རྣམས༔ གལ་ཏེ་ཤད་དེ་ཤོར་བ་ན༔ རང་གི་ལག་པའི་མཛུབ་མོ་ནི༔ རྐུབ་དང་རླིག་པའི་བར་དུ་མནན༔ བར་རླུང་དལ་བུས་ཅུང་ཟད་མནན༔ དམིགས་པ་སྤྱི་བོའི་ཧཾ་ལ་གཏད༔ དེ་ནས་བར་རླུང་རིམ་བཞིན་མནན༔ སྟེང་རླུང་རྔུབ་ཅིང་ཐུར་ལ་བསྡིག༔ རྒྱབ་རླུང་དྲག་ཏུ་གྱེན་ལ་འཐེན༔ ཧཱུྃ་རིང་ཧུྃ་ཐུང་དྲག་པོ་ཡིས༔ སྟོང་འདྲེན་རྒྱུ་མ་ཆད་ཆད་འཐེན༔ རྗེས་ལ་བུམ་ཅན་གནད་དུ་བསྣུན༔ དེས་ནི་དྭངས་མ་འཆོར་མི་སྲིད༔ དེ་ལྟར་ཉམས་ལེན་རྣམ་པ་ཀུན༔ ཆགས་མེད་དག་ཏུ་འབུངས་པ་ན༔ དྭངས་སྙིགས་འབྱེད་ཅིང་དྭངས་མ་བརྟན༔ དཔའ་བོ་མཁའ་འགྲོ་ངང་གིས་འདུ༔ ཚེ་དང་བསོད་ནམས་ཡར་ངོ་ལྟར༔ གོང་ནས་གོང་དུ་རྒྱས་པ་དང༔ བཀྲག་མདངས་གཞོན་ཤ་སྣུམ་བག་ལྡན༔ ལུས་ཡང་སྐྲ་དཀར་གཉེར་མ་མེད༔ ཧ་ཅང་གཞན་ལུས་ཆེན་པོ་ཡི༔ དམར་ཆ་ཇི་ལྟར་དྲངས་དྲགས་ན༔ ལུས་པོ་སྨུག་ནག་དག་ཏུ་འགྱུར༔ དེ་བས་ཚོད་དང་སྦྱར་བ་གཅེས༔ ཕྱི་རབས་སྐལ་ལྡན་དམ་པ་ཀུན༔ གདམས་པ་འདི་ཉིད་གནད་ནས་ལོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཧོ༔ བདག་འདྲ་ཡེ་ཤེས་མཚོ་རྒྱལ་གྱིས༔ ཟབ་ཁྲིད་ཡང་ཟབ་ཡི་གེར་བཀོད༔ སྐལ་ལྡན་བརྒྱུད་འཛིན་དམ་པ་ཀུན༔ བརྩོན་པས་གདམས་པ་ཉམས་སུ་ལོངས༔ ས་མ་ཡ༔ ཞེས་པ་འདི་ཉིད་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བྱང་ཟང་ཟང་ལྷ་བྲག་ནས་གདན་དྲངས་པ་སླར་ཡང་མང་ཡུལ་རི་བོ་དཔལ་འབར་གྱི་བྲག་རྡོ་རྗེ་རྒྱ་གྲམ་ལ་སྦས་པ། པདྨ་ཚེ་དབང་རྒྱལ་པོས་སྤྱན་དྲངས་པའོ། །མངྒ་ལཾ།། །། ༈ རྡོ་རྗེ་ཕག་མོའི་ཟབ་ཁྲིད་ལས༔ གཞན་ལུས་བདེ་ཆེན་འོད་འབར་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈ བཅོམ་ལྡན་འདས་པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ རྡོ་རྗེ་ཕག་མོའི་ཟབ་ཁྲིད་བསྟན་པ་ལས༔ གསང་སྔགས་རྡོ་རྗེ་ཐེག་པའི་ཉམས་ལེན་མཆོག༔ རྡོ་རྗེ་བཅུད་དུ་རྒྱས་པའི་རྟེན་འབྲེལ་གྱིས༔ ལུས་ནི་མི་འགྱུར་རྡོ་རྗེ་ལྟ་བུར་འགྱུར༔ དེ་ཡི་གདམས་པ་རྡོ་རྗེ་ཕག་མོ་ཡི༔ སྙན་བརྒྱུད་ཟབ་མོའི་ཉམས་ལེན་འདི་ལྟར་རོ༔ སྐལ་ལྡན་བུ་དང་གདམས་པ་འདི་འཕྲད་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྡོ་རྗེ་ཐེག་པའི་རྣལ་འབྱོར་པས༔ ཡེ་ཤེས་ལྟ་བའི་བོགས་འདོན་ཕྱིར༔ རྩ་ཐིག་རླུང་གསུམ་རྩལ་ཐོན་ཕྱིར༔ ཐིག་ལེ་ཉམས་པ་མེད་པ་ཡི༔ སྐལ་ལྡན་བུ་ལ་འདི་བསྟན་ནོ༔ ལས་ཀྱི་ཕྱག་རྒྱ་མཚན་ལྡན་ལ༔ བདེ་བའི་ཉམས་ལེན་སྦར་བར་བྱ༔ དེ་ལ་སྤྱི་དོན་རྣམ་པ་ལྔ་སྟེ༔ དང་པོ་ཕྱག་རྒྱ་བརྟག་པ༔ བར་དུ་འགུགས་པ༔ གསུམ་པ་སྨིན་པར་བྱེད་པ༔ བཞི་པ་ཉམས་སུ་བླང་བ༔ ལྔ་པ་ཡོན་ཏན་དང་འབྲས་བུ་བསྟན་པའོ༔ དང་པོ་ཕྱག་རྒྱ་བརྟག་པ་ནི༔ པདྨ་འཁྱིལ་བ་ལས༔་་་རྒྱུད་ལས། མཆན། རྟགས་ནི་ཕྱི་ནང་གསང་གསུམ་ཚང༔ ཁྱད་པར་བློ་ཆེན་ཆོས་ལ་དད༔ མཆོག་ཏུ་རྣལ་འབྱོར་རང་ལ་མོས༔ བདེ་བ་ཆེ་ཞིང་སྐྱོ་དུབ་མེད༔ ཅེས་པས་ཕྱིའི་མཚན་ཉིད་ནི༔ གཟུགས་མཛེས་ཤིང་གཞོན་པ༔ ཡིད་དུ་འོང་བ༔ དྲི་ཞིམ་པ༔ མདོག་དཀར་ལ་དམར་བའི་མདངས་ཆགས་པ༔ རྐེད་པ་ཕྲ་བ༔ ལུས་ཆེ་ཆུང་རན་པ༔ མིག་དཀྱུས་རིང་ཞིང་དཀར་ནག་ཕྱེད་པ༔ མིག་རྩ་དམར་བ༔ སྐྲ་ལི་ཞིང་སོ་མཚམས་དོག་པ༔ མིག་ཟུར་མིག་ལྟ་བ༔ ཆགས་པའི་མདངས་དང་ལྡན་པ༔ བཞིན་མི་བཟོད་པ༔ སྐེ་རགས་ཆོས་སྐོར་དུ་དཀྲི་བ༔ རྐང་པ་གཡོན་སྔོན་ལ་འདོར་བ༔ ས་ལ་པདྨ་དང་རིགས་ལྔའི་ཕྱག་མཚན་འབྲི་བ༔ སྙིང་དུ་སྡུག་ཅིང་མཐོང་བས་བདེ་བ་སྐྱེ་བའོ༔ དེ་ནི་སྤྱིར་བསྟན་པ་ཡིན་ཞིང༔ པདྨ་ཅན་ནི་མཆུ་ལ་པདྨ་དང༔ སོ་ལ་སོ་ཞོ་ཡོད་པ༔ སྐྲ་ལི་ཞིང་ཤ་མདངས་ཀྱང་དམར་བ༔ རྒྱབ་ནས་བལྟས་ན་རྒུར་བ་སྙམ་པ༔ མདུན་ནས་བལྟས་ན་དགྱེད་པ་སྙམ་པ༔ ཟུར་ནས་བལྟས་ན་འགྱིང་བ་སྙམ་པ༔ རྐེད་པ་ཕྲ་བ༔ སྨད་ཀྱི་ཞེང་ཅུང་ཟད་རྒྱས་པ༔ ས་ལ་པདྨའི་རི་མོ་འབྲི་བ་རྣམས་ནི་པདྨ་ཅན་ནོ༔ ཕྱི་རྟགས་ཀྱི་ནང་རྟགས་ནི༔ དཔྲལ་བར་སྨེ་བ་ཡོད་ན་སྐུ་རྡོ་རྗེ་མ༔ མགྲིན་པར་སྨེ་བ་ཡོད་ན་གསུང་རྡོ་རྗེ་མ༔ སྙིང་གར་སྨེ་བ་ཡོད་ན་ཐུགས་རྡོ་རྗེ་མ་སྟེ༔ སྨིན་ཕྲག་དང་ལྟེ་བ་རྣམས་སུ་ཡང་ཡོན་ཏན་དང༔ ཕྲིན་ལས་སུ་ཤེས་པར་བྱའོ༔ ཡང་དེ་རྣམས་ལ་གཉེར་མ་གྱེན་འགྲེང་གསུམ་ཡོད་པ་རྣམས་ནི་ཕྱིའི་རྟགས་ནང་ལ་རྩི་བའོ༔ ནང་རྟགས་ནི༔ རིག་མ་དེ་བློ་ཁོག་ཆེ་བ༔ ཁ་ཐུབ་པ༔ མིག་སེར་ཆུང་ཞིང་གསང་སྔགས་ཀྱི་ཆོས་བློ་རུ་ཤོང་བ༔ དད་པ་བརྟན་ཞིང་རྣལ་འབྱོར་པའི་ནོར་ལ་མིག་སེར་ཆུང་བ༔ རྣལ་འབྱོར་པས་ཅི་གསུངས་བཀའ་ཉན་ཅིང་སྒྲུབ་པ༔ གཞན་གྱིས་བསྒྱུར་དཀའ་བའོ༔ གསང་བ་པདྨ་ལ་བརྟག་པ་ནི༔ པདྨ་དམ་ཞིང་དྲོད་ཆེ་བ༔ པདྨའི་ཤ་རྒྱས་ཤིང་འབུར་བ༔ རྡོ་རྗེ་སྡོམ་འཇིབ་ཤེས་པ༔ འཕོངས་ཞེང་ཆུང་ཞིང་རུབ་པ༔ པདྨ་ཁ་ཤ་རུབ་ཅིང་ཟེ་འབྲུ་རྒྱས་པ༔ པདྨའི་སྟེང་དུ་རྡོ་རྗེ་རེག་མི་བཟོད་ཅིང་སྐད་ངན་འདོན་པ༔ ཅུང་ཟད་བསྲུབས་ན་ལུས་འདར་ཞིང་དངངས་བ༔ པདྨ་ལ་དྲོད་རླན་སྐྱེ་བའོ༔ དེ་ཁོ་ན་ཉིད་ལྟར་བརྟག་པ་ནི༔ དད་པ་ཆེ་བས་རྣལ་འབྱོར་པ་ལ་མོས་པ༔ ཤེས་རབ་ཆེ་བས་ཆོས་དང་ཆོས་མིན་ཤན་འབྱེད་ཤེས་པ༔ བློ་ཆེ་བས་གསང་སྔགས་ཀྱི་སྤྱོད་པ་བློ་ཁོག་ཏུ་ཤོང་བ༔ གསང་ཚིག་ཐུབ་པས་རྣལ་འབྱོར་པ་ལ་སྐྱེ་བོས་སྒྲོ་སྐུར་མི་འབྱུང་བ༔ རྣལ་འབྱོར་པ་ལ་གུས་པས་ཅི་གསུངས་བཀའ་བཞིན་སྒྲུབ་པ༔ སྦྱོར་བ་ལ་མཁས་པས་བདེ་བ་འཕེལ་བ༔ མཐོང་དང་རེག་པས་བདེ་བ་སྐྱེ་བ་ནི་ནང་དུ་བཅུད་ཡོད་པའི་རྟགས་ཡིན་པས༔ ཅུང་ཟད་བརྟེན་པས་ལུས་བདེ་འབོལ་འགྲོ༔ ལུས་བདེ་སྟོང་དུ་ཤིག་འགྲོ༔ སེམས་ཀ་དག་གི་ངོ་བོ་རྗེན་ཆེར་རེ་འཆར་ཞིང༔ ཡང་དག་གི་དྲན་པས་མ་ཟིན་པའི་དུས་བུ་མོ་དེ་སྙིང་ལ་ལྷང་ལྷང་དྲན་པ༔ མཉམ་དུ་འགྲོགས་པའི་དུས་སུ་ལུས་ལ་བདེ་བ་འཕེལ་བ༔ སྙིང་ཉེ་ཞིང་ཁྲེལ་ཆེ་བ༔ རྣལ་འབྱོར་པའི་ཞབས་ཏོག་ལ་བརྩོན་ཞིང༔ ཅི་གསུང་གི་ལས་ལ་འཁོལ་སླ་བ༔ ངག་སྙན་ལ་སྤྱོད་འགྲོས་ཞིབ་པ༔ ཆོས་ཕྱོགས་ཀྱི་བྱ་བ་ལ་བརྩོན་པ་རྣམས་སོ༔ དེ་ཁོ་ན་ཉིད་ཡེ་ཤེས་མཁའ་འགྲོ་ཡིན་མིན་བརྟགས་པ་ནི༔ བརྡ་དང་བརྡའི་ལན་ལ་མཁས་པ་གཅིག་དགོས་ཏེ༔ རྣལ་འབྱོར་པ་རང་གི་མཛུབ་མོ་བསྟན་ཏེ༔ ཧ་རི་ནི་ས་སིདྡྷི་ཕ་ལ་ཧྲཱི༔ ཞེས་པའི་སྔགས་མཛུབ་མོ་ལ་བཏབ་སྟེ༔ མཛུབ་མོ་རང་གི་མདུན་ལ་བསྟན་ཏེ༔ མཛུབ་མོའི་བརྡ་གུག་གུག་གསུམ་བྱས་པས༔ མཚན་ལྡན་གྱི་རིག་མ་ཡིན་ན༔ ལག་པ་སྤྱི་བོའི་གཙུག་ཏུ་རེག་ན༔ ཁྱོད་ནི་བདག་གི་བླ་མར་འོས་ཞེས་པའི་བརྡའོ༔ རིགས་ལྔའི་གནས་སུ་རེག་ན༔ རིགས་ལྔའི་རྒྱན་དུ་འོས་ཞེས་པའི་བརྡའོ༔ མིག་ལ་རེག་ན༔ ལྟ་བར་བྱེད་པའི་མིག་དང་མཚུངས་ཞེས་པའི་བརྡའོ༔ མགྲིན་པ་དང་སྙིང་ག་ནུ་མ་རྣམས་ལ་རེག་ན༔ ཁྱོད་ཡབ་དཔའ་བོའི་ཚུལ་དུ་མཐུན་ཞེས་པའི་བརྡའོ༔ སྙིང་ག་ལ་རེག་ན་སྙིང་པོ་མཆོག་ཏུ་གྱུར་པ་བདག་གིས་སྤེལ་ཞེས་པའི་བརྡའོ༔ ལྟེ་བ་དང་སུམ་མདོ་གསང་གནས་རྣམས་ལ་རེག་ན༔ རྣལ་འབྱོར་ཁྱོད་ནི་བདེ་བ་སྟེར་བའི་གནས་སུ་རུང་ཞེས་པའི་བརྡའོ༔ འཇིག་རྟེན་གྱི་ཁ་ཟས་ལ་རེག་ན་འདོད་པའི་ལོངས་སྤྱོད་སྦྱིན་ཅེས་པའི་བརྡའོ༔ དེ་དག་བླང་བར་བྱ་བའི་རིག་མའོ༔ ࿊ སྤང་བར་བྱ་བའི་རིག་མ་ནི༔ ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས༔ ཐུན་མོང་ནི་འོག་ཏུ་བསྟན་ཅིང༔ ཐུན་མོང་མ་ཡིན་པ་ནི༔ ལྟག་རྩ་སྟོན་པར་འགྱུར་ན༔ ཁྱོད་ནི་རྒྱབ་ཀྱི་ཕྱོགས་སུ་འབོར༔ ཞེས་པའི་བརྡའོ༔ སྐྲ་དང་སྤུ་རྣམས་འབྲལ་བར་བྱེད་ན༔ ཁྱོད་ནི་སྐད་ཅིག་གིས་འབྲལ་བར་བྱེད་ཅེས་པའི་བརྡའོ༔ མཆུ་དང་ལྕེ་ལ་རེག་ན༔ ཁྱོད་ནི་བདག་གི་སྨྲ་མཆུའི་གནས་ཞེས་པའི་བརྡའོ༔ སོ་ལ་རེག་པར་བྱེད་ན༔ ཁྱོད་ནི་བདག་གིས་ཟ་བར་བྱེད་ཅེས་པའི་བརྡའོ༔ སེན་མོ་དང་སོ་ལ་རེག་ན༔ ཁྱོད་ནི་བཤའ་བར་བྱེད་པའི་གནས་ཡིན་ཞེས་པའི་བརྡའོ༔ ལག་ཏུ་ཤིང་སིར་དང་འཇག་མ་གཅོག་པར་བྱེད་ན་ཁྱོད་ཀྱི་སྲོག་ཤིང་ངས་གཅོག་པར་བྱེད་ཅེས་པའི་བརྡའོ༔ འཕོངས་དང་རྐང་པ་རྣམས་ལ་རེག་ན༔ ཁྱོད་ནི་འཆུག་པ་མེད་པར་གནོན་པར་བྱེད་ཅེས་པའི་བརྡའོ༔ དེས་མཚོན་བཟང་བའི་བརྡ་དང་ངན་པའི་བརྡ་སོ་སོར་ཕྱེད་པར་བྱའོ༔ བཟང་པོའི་བརྡ་དང་དེའི་ལན་སྤྲོད་ཤེས་ན༔ ཡེ་ཤེས་ཀྱི་མཁའ་འགྲོ་ཡིན་པས་བརྟེན་པར་བྱའོ༔ ངན་པའི་བརྡ་ལན་སྤྲོད་ན་བརྟེན་དུ་མི་རུང་བས་སྤང་བར་བྱའོ༔ གཉིས་པ་ཐུན་མོང་མ་ཡིན་པའི་མཚན་རྟགས་ངན་པ་ནི༔ སྲིན་མོ་ཤ་ཟ་འབར་མ་བཅུད་འཕྲོག་མའི་རྒྱུད་ལས༔ ཤ་ཟ་ཁྲག་འཐུང་རྐང་འཇིབ་མ༔ བཅུད་འཕྲོག་ཕྲ་མེན་རིགས་བདུན་ནོ༔ ཤ་ཟ་མ་ཡི་མཚན་ཉིད་ནི༔ མདོག་ནག་བུད་མེད་སྐྱེས་པའི་སྐད༔ རྫི་མ་རིང་ལ་སྨིན་མ་རྩུབ༔ གཟུགས་ངན་བྷ་ག་གཡའ་ཆུ་ཆེ༔ གཡེམ་ཞིང་སྐད་ངན་ལོག་པ་འདོན༔ སྨྲ་འདོད་རྫུན་ཆེ་ལག་པ་དམ༔ འདི་བརྟེན་སིདྡྷི་རྣམ་གཉིས་འཇོམས༔ སྒོམ་པ་མི་འགྲུབ་ནུས་པ་འགྲིབ༔ རྣལ་འབྱོར་ལྔ་བཅུ་ལོན་ཚེ་འཆི༔ ཁྲག་འཐུང་དམར་མོའི་མཚན་ཉིད་ནི༔ མདོག་ནི་དམར་ནག་ཁྲག་མདོག་ཅན༔ དམར་སེར་རྫི་སེར་མིག་རྩ་རྒོད༔ གསུས་པ་ཆེ་ལ་འཕོངས་རུས་ཆེ༔ མཆན་འོག་སྤུ་སྐྱེས་ཆང་ལ་སྲེད༔ སྲིན་མོ་བྱ་སྡེར་ཁ་འབར་མ༔ དེ་བསྟེན་དབང་དང་དངོས་གྲུབ་འཕྲོག༔ རྣལ་འབྱོར་ཉེར་གསུམ་ལོན་ཚེ་འཆི༔ དེ་ནས་མནར་མེད་དམྱལ་བར་འགྲོ༔ རྐང་འཇིབ་རུས་འཆའི་མཚན་ཉིད་ནི༔ ཁ་དོག་སྔོ་ནག་གདོང་དྲེག་ཅན༔ སྐྲ་ནི་ནག་རོག་རྩུབ་གྱོང་ལི༔ མིག་ནི་བྱ་མིག་ཤད་པ་བཟང༔ རྨི་ལམ་ལྷ་མཐོང་འདྲེ་མཐོང་སྨྲ༔ རྐང་པ་གཡོན་པ་སྔོན་ལ་འགྲོ༔ དྲག་པོར་སྤྱོད་བྱེད་འཐབ་ལ་རྩི༔ དེ་བརྟེན་དངོས་གྲུབ་ཐམས་ཅད་ཟད༔ རྣལ་འབྱོར་ཉི་ཤུ་ལོན་ཚེ་འཆི༔ བཅུད་འཕྲོག་མ་ཡི་མཚན་ཉིད་ནི༔ མདོག་སྐྱ་ཐལ་མདོག་བཙོག་ལ་དགའ༔ སྐྱེས་པས་སྤྱོད་ཚེ་འབྲལ་མི་བཏུབ༔ ཁྲེལ་མེད་ལུས་ཀྱི་སྤྱོད་པ་ཞིག༔ སོ་ནི་ལེགས་ཀྱང་སྟུག་ཟོས་འདྲ༔ ལྷག་པར་མིག་འབོར་གཞན་ལས་ཆེ༔ དེ་བརྟེན་ཚེ་ཐུང་ནད་མང་ཞིང༔ རྣལ་འབྱོར་ལུས་ཤེད་ཤིན་ཏུ་ཆུང༔ དབུལ་ཞིང་བུ་ཚ་གླེན་ལྐུག་སྐྱེ༔ ཕྲ་མེན་རིགས་ངན་མཚན་ཉིད་ནི༔ བློ་རྒོད་གོམ་པ་རྡུང་ཞིང་འགྲོ༔ ཤ་རྩུབ་ངོ་འཕྱང་མདོག་ཀྱང་ནག༔ བདུད་མོའི་རིགས་ཡིན་སྤང་བར་བྱ༔ ཤ་སྔོ་མིག་ཆུང་མཁུར་ཚོས་ཆེ༔ ཞག་མེད་ཕྲ་མ་རྫུན་ལ་མཁས༔ སྲིན་མོའི་རིགས་ཡིན་སྤང་བར་བྱ༔ རྟིང་པ་ལེབ་ལ་བློ་སྣ་མང༔ ཕྲ་མེན་གནོད་སྦྱིན་རིགས་ཡིན་སྤང༔ མཆན་ཁུང་གཡོན་ན་སྨེ་བ་ཅན༔ སྲིན་མོ་ཟ་བྱེད་རིགས་ཡིན་སྤང༔ མཆེ་རྣོ་མིག་དང་སྣ་རྩེ་དམར༔ ལས་ཀྱི་མཁའ་འགྲོའི་རིགས་ཡིན་སྤང༔ བློ་རྒོད་མིག་སེར་ཟས་སྲེད་ཅན༔ ཡི་དྭགས་མཁའ་རྒྱུའི་རིགས་ཡིན་སྤང༔ ཕྱིན་ཅི་ལོག་ལ་དབང་པོ་གསལ༔ ལོག་འདྲེན་བགེགས་ཀྱི་རིགས་ཡིན་སྤང༔ ཚེ་ནོར་དཔལ་དང་བསོད་ནམས་འགྲིབ༔ ནུབ་གཅིག་མི་བསྟེན་སྤང་བར་བྱ༔ ཞེས་པས༔ ལས་ཀྱི་ཕྱག་རྒྱ་སྐྱོན་ཡོན་མ་ནོར་བར་བརྟག་པ་གལ་ཆེ༔ རྣལ་འབྱོར་པ་རབ་རྣམས་སྨོན་ལམ་དང་ལས་འཕྲོ་ཡོད་པའི་སྟོབས་ཀྱིས༔ རང་བཞིན་གྱིས་ཕྱག་རྒྱ་རབ་རྣམས་འདུ་ཞིང༔ མཚན་ཉིད་དང་ལྡན་པ་རྣམས་དང་ཡང་འཕྲད་པར་འགྱུར་རོ༔ བསོད་ནམས་དམན་པའི་རྣལ་འབྱོར་པ་ལ༔ ཕྱག་རྒྱ་ཡང་མཚན་དང་ལྡན་པ་མི་རྙེད་ཅིང༔ འདུ་དཀའོ༔ གལ་ཏེ་འདུ་ན་ཡང་རིགས་དང་མི་ལྡན༔ མ་རབས་ཀྱི་སྤྱོད་པ་ལ་དགའ་བ༔ ཁ་རྒན་པ༔ གཟུགས་ཆེ་ལ་ཤ་རིད་པ༔ མ་རབས་ཟ་བ་ལ་དགའ་བ༔ བགྱིད་པ་ངན་ཅིང་ཆོས་ཕྱོགས་ལ་མི་དགའ་བ༔ ཐལ་མདོག་སྔོ་སྐྱ་རིགས་ངན་དང་འཕྲད་པའོ༔ རྡོ་རྗེ་ཐེག་པའི་ཟབ་ལམ་ཉམས་སུ་ལེན་པའི་རྣལ་འབྱོར་པ་རྣམས་ནི༔ ཕྱག་རྒྱའི་མཚན་ཉིད་ལེགས་པར་བརྟག་པ་གལ་ཆེའོ༔ མདོར་བསྡུ་ན་འདི་ལྟ་སྟེ༔ མཛེས་ཤིང་ཡིད་དུ་འོང་བ༔ ན་གཞོན་ཞིང་ཆོས་ལ་དད་པ༔ འདོད་སྲེད་ཆུང་ཞིང་རྣལ་འབྱོར་གྱི་ནོར་རྫས་ལ་མིག་ཉེ་ཆུང་བ༔ འདོད་པ་ཆུང་ཞིང་ཆོས་ཕྱོགས་ཀྱི་བྱ་བ་ལ་བརྩོན་པ༔ དད་པ་ཆེ་ཞིང་མིག་སེར་དང་ཕྲག་དོག་མེད་པ༔ ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་མཛེས་པ༔ བཅུ་གསུམ་ནས་ཉེར་ལྔའི་བར་གྱི་ཕྱག་རྒྱ་བཅུད་དང་ལྡན་པའོ༔ ལས་ཀྱི་ཕྱག་རྒྱ་དེ་ནི༔ འགུགས་པའི་མན་ངག་ནི་གཞན་དུ་ཤེས་ཤིང༔ རང་གི་ལུས་ཕུང་ཁམས་ཀྱི་ཐིག་ལེ་ཉམས་པ་མེད་པས༔ ངང་ངམ་ཤུགས་ཀྱིས་ཕྱི་རོལ་དུ་བུད་མེད་འདུ་བ་རྟེན་འབྲེལ་ཡིན༔ ནང་རྩ་ཁམས་དྭངས་མ་དཔའ་བོ་མཁའ་འགྲོའི་རང་བཞིན་ཡིན་པས༔ དྭངས་མ་མ་ཉམས་པས༔ ནང་དུ་མཁའ་འགྲོ་འདུ༔ ཕྱི་རོལ་དུ་བུད་མེད་འདུ༔ གསང་བར་བདེ་སྟོང་འདུ༔ གནས་སྐབས་སུ་ཟས་ནོར་འདུ༔ དེ་ཁོ་ན་ཉིད་ལྟར་ཏིང་ངེ་འཛིན་འདུ་བས༔ དྭངས་མ་མ་ཉམས་པ་ཁག་ཆེའོ༔ ལས་ཀྱི་ཕྱག་རྒྱ་མཚན་དང་ལྡན་པ་དེ་རྙེད་ནས༔ གསང་སྔགས་ཟབ་མོའི་དབང་གིས་སྨིན་པར་བྱས༔ དེ་ནས་གྲོལ་བྱེད་ཀྱི་ལམ་ཟབ་མོ་བསྟན་ཏེ༔ དབང་གསུམ་པའི་ཉམས་ལེན་གྱི་རིམ་པའི་ཕན་ཡོན་རྣམས་བཤད༔ ལོག་ལྟ་དང་འཇིག་རྟེན་པའི་ཆོས་ཀྱིས་མ་འདྲེས་པར་བྱ༔ བློ་ཆོས་ཕྱོགས་སུ་བསྒྱུར༔ བློ་ཆུང་ཡང་བློ་ཆེན་ངེས་ཤེས་བསྐྱེད་པར་བྱ་བའི་ཕྱིར༔ ཐབས་ལམ་ཟབ་མོའི་ཆོས་ཉམས་སུ་བླངས་པའི་ཕན་ཡོན་མང་དུ་བཤད༔ རྫས་དང་སྔགས་ཀྱིས་འབྲལ་མི་ཕོད་པར་བྱས་ལ༔ ཕྱག་རྒྱ་སྣོད་དུ་རུང་བར་བྱའོ༔ དེ་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་རྒྱུའི་ཐིག་ལེ་མ་ཉམས་པ་ལས་བྱུང་བས༔ མི་ཉམས་ཤིང་འཕེལ་བའི་གདམས་པ་ནི༔ དབེན་པའི་རི་ཁྲོད་དུ་དཔའ་བོ་མཁའ་འགྲོ་ལ་གསོལ་བ་གདབ༔ སྐྱེ་བོས་མཐོང་ཚོར་མེད་པའི་གནས་སུ༔ ལས་ཀྱི་ཕྱག་རྒྱ་མཚན་དང་ལྡན་པ་ཁྲིད་དེ༔ ཁྲུས་བྱས་རྒྱན་ལ་སོགས་པ་གདགས༔ ལུས་ལ་རྩི་མར་དྲི་བཟང་ལ་སོགས་བྱུགས༔ མཚན་ལྡན་ཡུམ་གྱི་བརླ་རྗེན་པའི་སྟེང་དུ༔ རང་ཉིད་ཀྱི་རྐང་པ་བརྐྱང༔ དེ་ནས་འོ་བྱེད་པ་དང༔ སྐེ་ལ་འཁྱུད་པ་དང༔ སེན་མོ་འདེབས་པ་དང༔ གཡའ་སྒོག་པ་དང༔ མཆུ་དང་ལྕེ་འཇིབ་པ་དང༔ ནུ་མ་ཉེད་པ་དང༔ གསང་གནས་བལྟ་རེས་བྱེད་པ་དང༔ གསང་བའི་རྡོ་རྗེ་ལས་ཀྱི་ཕྱག་རྒྱའི་ལག་ཏུ་ཕྱིར་གཏོད་པ་དང༔ བདེ་བ་སྐྱེད་པའི་ཐབས་སྣ་ཚོགས་ལ་འབད་པས༔ སྦྱོར་བ་བྱེད་འདོད་པའི་ཚེ༔ འདོད་ཆགས་ཀྱི་རྟོག་པ་སྐྱེ་སྟེ༔ དེ་གཤིས་ཅི་ཡང་མ་གྲུབ་པའི་ཆོས་སྐུ་ཆེན་པོའི་རང་རྩལ་ཡིན་ཏེ༔ འདོད་ཆགས་དེ་ཀ་མ་སྤངས་པར་ཀ་དག་ཏུ་རང་ངོ་ཤེས་པའི་ངང་དུ་མཉམ་པར་བཞག་པ་ནི༔ འདོད་ཆགས་ཀྱི་དབལ་གཞོམ་པས་འདོད་ཆགས་བདེ་བར་འཆར་བའི་ཐབས་ཡིན་པས་གནད་དུ་སྣུན་ཅིག༔ དེ་ནས་བདག་གཞན་བྱིན་གྱིས་བརླབ་པ་ནི༔ ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད༔ དེ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྦྱང༔ སྟོང་པའི་ངང་ལས་མལ་དེ་ཉིད་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༔ རང་ཉིད་སྐད་ཅིག་གིས་ཡབ་དཔའ་བོ་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་མངོན་རྟོགས་ལྟར་བསྐྱེད༔ གསང་གནས་མི་དམིགས་པ་ལས་གསང་བའི་རྡོ་རྗེ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པར་བསྐྱེད་པའི་བུ་གར་ཧཱུྃ་སྔོན་པོ་མགོ་གྱེན་དུ་བསྟན་པ་བསྐྱེད༔ རྩེའི་བུ་གར་ཕཊཿདམར་སེར་མགོ་གྱེན་དུ་ཕྱིར་བསྟན་པ་བསྐྱེད༔ དེ་ནས་ཡུམ་དེ་ཡང་སྐད་ཅིག་གིས་ཡུམ་རྡོ་རྗེ་ཕག་མོ་ཞལ་གཅིག་ཕྱག་གཉིས་མ༔ རྒྱན་ལྡན་བདེ་བའི་འཛུམ་མདངས་དང་ལྡན་པར་བསྐྱེད༔ དེ་ཡང་ནུ་མ་འབུར་བ༔ བྷ་ག་རྒྱས་པ༔ བདེ་བ་མི་བཟོད་པ་གཅིག་ཏུ་གསལ་བའི་མཁའ་གསང་མི་དམིགས་པ་ལས་པདྨ་འདབ་མ་བཞི་པ་ཟེའུ་འབྲུ་ལ་ཨཱཿས་མཚན་པ་གཅིག་ཏུ་བསྐྱེད༔ ཡབ་ཡུམ་གཉིས་ཀྱི་རྩ་གནས་འཁོར་ལོ་རྣམས་སུ་ཡང་དཔའ་བོ་མཁའ་འགྲོ་བསྐྱེད་པ་ནི་གསང་སྒྲུབ་ཏུ་གསལ་བ་ལྟར་བསྐྱེད༔ དེ་ནས་པདྨའི་ཟེའུ་འབྲུའི་ཨཱའི་སྟེང་དུ་ཡབ་ཀྱི་རྡོ་རྗེ་བསྣུན་ཏེ༔ དར་གཅིག་ཀ་དག་སྤྲོས་པའི་མཐའ་དང་བྲལ་བའི་ངང་ལ་མཉམ་པར་བཞག་གོ༔ གཡང་མོའི་སྤྲུག་ལྟར་ལུས་སྤྲུག་ཐོན་པ་གཅིག་བྱེད༔ དེས་བདེ་བ་རི་གཟར་གྱི་འབབ་ཆུ་ལྟར་རྒྱུག་འདོད་པ་དེ༔ ཞིང་ས་སོ་ནམ་མཁས་པས་སོ་ནམ་གྱི་ལག་ཆས་བསྣུན་ཏེ༔ ཆུ་ཐུར་དུ་རྒྱུག་མི་གཞུག་པར་ཞིང་གི་ཕྱོགས་ཀུན་ལ་འགྲེམས་པ་དང་འདྲའོ༔ རྩ་འཁོར་རེར་ཕེབས་པ་དང་མཁའ་འགྲོ་མ་བཞི་ལ་མཆོད་པ་འབུལ་བ་གསང་སྒྲུབ་ཏུ་གསལ་བ་འདིར་བླང་བར་བྱའོ༔ འཁོར་ལོ་རེ་ལ་ལུས་སྤྲུག་ཐོན་པ་རེ་ཡང་བྱ་བ་ནི་ཐིག་ལེ་ཐུར་དུ་མི་རྒྱུག་པའི་གནད་དམ་པའོ༔ དེ་ནས་གསང་གནས་སུ་བདེ་བ་ཕེབས་དུས༔ གསང་གནས་ཀྱི་ཌཱ་ཀི་ཡབ་ཡུམ་ལ་བདེ་བའི་མཆོད་པ་འབུལ་བ་ནི་གོང་ལྟར་རོ༔ འདིའི་དུས་སུ་འཛིན་པ་ལ་མཁས་པ་རྫིང་གི་ཡུར་མགོ་བཀག་པ་ཞེས་པ༔ རབ་ཀ་དག་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་འཛིན༔ འབྲིང་རླུང་རྩོལ་གྱིས་འཛིན་པ་ནི༔ སྟེང་རླུང་གིས་འཛིན་པ་རིལ་བ་ཞབས་ཚགས་ཅན༔ འོག་རླུང་གིས་འཛིན་པ་ཐུར་སེལ་རང་སར་བསྐྱིལ་བ་དང༔ བར་རླུང་གིས་འཛིན་པ་གསང་བ་མ་ནིང་གི་རླུང་ཐད་ཀར་བརྒྱང་པའོ༔ དམིགས་པ་ལ་ཡང་དབང་པོ་རབ་ལྟ་བ་ཀ་དག་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་འཛིན༔ འབྲིང་སྤྱི་བོའི་གཙུག་ཏོར་ཧཾ་ལ་རྟོད་ཕུར་འདོགས་པས་འཛིན༔ ཐ་མ་བླ་མ་ཡབ་ཡུམ་སྤྱི་བོར་ཤེལ་འོད་དྭངས་པ་ལྟ་བུ་ལ་དམིགས་པ་གཏད་པས་འཛིན༔ ལས་དང་པོ་པས་ཤེད་ཤོར་བ་བྱུང་ན༔ རྩ་ཡི་ཐེམ་བུ་རྩེ་གསུམ་ཐེམ་སྐས་ཀྱིས་འཛིན༔ ལྡོག་པ་ལ་མཁས་པ་ཁྲོན་པ་ནས་ཆུ་འདྲེན་པ་ལྟ་བུ་ནི༔ རྡོ་རྗེའི་རྐེད་པ་ནས་ཧཱུྃ་གི་ཞབས་ཀྱུ་ལྕགས་ཀྱུ་ལྟར་ཡོད་པ་དེས༔ ཕྱག་རྒྱ་མའི་པདྨའི་དཀྱིལ་ནས་ཨཱཿདམར་པོ་དྭངས་མའི་གཟུགས་སུ་ཡོད་པ་དེ་བཟུང་ནས༔ ཧཱུྃ་ཞེས་པའི་ངག་གི་སྒྲ་རིང་པོས་རྡོ་རྗེའི་བུ་གར་ཞུགས༔ གསང་གནས་ཀྱི་ལྷ་ཚོགས་ལ་མཆོད་པ་ཕུལ༔ སླར་ཡང་ཧཱུྃ་དེ་དབུ་མའི་ལམ་ལ་བརྒྱུད༔ ལྟེ་བའི་ལྷ་ཚོགས་དང་སྙིང་གའི་ལྷ་ཚོགས་དང༔ མགྲིན་པ་དང་སྤྱི་བོའི་ལྷ་ཚོགས་ལ་མཆོད་པ་ཕུལ༔ དེ་ནས་ཚངས་པའི་བུ་ག་ལ་ཐོན་ཏེ༔ སྤྱི་བོའི་བླ་མ་པདྨ་འབྱུང་གནས་ཡབ་ཡུམ་རྡོ་རྗེ་འཆང་གི་རྣམ་པར་བཞུགས་པ་ལ་མཆོད་པ་ཕུལ་བའོ༔ འདིའི་ལུས་གནད་ནི་གླིང་བཞི་རི་བོའི་ངོས་ལ་བསྡུ༔ སྦྲུལ་ཚང་བྲག་ལ་སྦྱར༔ ཉི་ཟླ་མཁའ་ལ་ལྡོག༔ རོ་འཛིན་སྟེང་དུ་བསྐྱོད༔ ཨོལ་ཀོས་ཨོལ་མདུད་མནན༔ ལུས་བྱིངས་འདར་སིལ་མ་བྱུང་བར་ཁྲིལ་བཏོན་ཅིང་འདར་བའོ༔ ངག་གི་གནད་ནི་ཧཱུྃ་རིང་པོའི་སྒྲ་ལ་བསྐྱོན་ཏེ༔ དབུགས་ཚད་མ་རྫོགས་བར་འཐེན་པའོ༔ འདི་དག་འཁོར་ལོ་རེ་ལ་ལུས་གནད༔ རླུང་གནད༔ དམིགས་པའི་གནད་གསུམ་རེ་རེས་དྲང་བར་བྱའོ༔ འདྲེན་དཀའ་ན་འཁོར་ལོ་རེ་རེ་ལ་གསུམ་གསུམ་གྱིས་དྲང༔ མཐར་གཅན་གཟན་གྱི་འདུག་སྟངས་ཀྱིས་འདྲེན་འགྲེམས་གཉིས་སུ་བྱའོ༔ ཞེས་པ་ནི༔ རྐང་པ་འདུག་སྟངས་གང་བདེ་ལ༔ ལག་པ་ཁུ་ཚུར་མདུན་གྱི་ས་ལ་བཙུགས་ཏེ་རླུང་གནད་འཇམ་ལ་རིང་བ༔ སྤྱི་བོའི་གུ་རུ་པདྨ་ཡབ་ཡུམ་ལ་དམིགས་པ་གཏོད་པའམ༔ ནམ་མཁའི་དབྱིངས་སུ་འཕང་བའི་དམིགས་པ་བྱས་ལ༔ རླུང་འཇམ་ལ་རིང་བའི་ཚུལ་གྱིས་བཏང་ལ་ཕྱིར་གཟུང༔ མི་ཐུབ་པ་དང་ཡང་འཕུལ་ཆུང་རེ་བྱས་ལ་ཕྱིར་ཅི་ཐུབ་རེ་གཟུང༔ འཕུལ་ཆུང་བཞི་ལྔའི་བར་དུ་བྱས་པས་ལུས་ཐམས་ཅད་རང་བྱུང་གིས་སྤྲུག་འདར་སིལ་འབྱུང༔ དེ་ནི་རང་བྱུང་གི་འདྲེན་འགྲེམས་ཞེས་ཀྱང་བྱ༔ རང་བྱུང་གི་འདྲེན་དང་འགྲེམས་རྩོལ་མེད་དུ་འབྱུང་བའི་རླུང་གནད་དོ༔ རྗེས་བསྔོ་བ་སྨོན་ལམ་གྱི་རྒྱས་གདབ༔ རླུང་བུམ་ཅན་ཅི་མང་དུ་བསྒོམ༔ ཤེས་པ་ཀ་དག་གི་ངང་ལ་བཞག༔ དེས་ནི་ཌཱ་ཀི་སྡེ་ལྔའི་གསང་སྒྲུབ་དང་བསྟུན་པ་རྣལ་འབྱོར་པ་རྣམས་ཀྱི་ཚོགས་རྫོགས་པ་དང༔ བསྐྱེད་རིམ་གྱི་ཆ་ཤས་དང་བསྟུན་ཏེ༔ ཡུམ་ཕྱག་རྒྱ་བསྟེན་པས་མཁའ་འགྲོ་མཉེས་པར་བྱེད་པའི་ལམ་གྱི་རིམ་པ་བསྟན་པའོ༔ བྱང་ཟང་ཟང་ལྷ་བྲག་གི་ནུབ་ཟངས་མཛོད་དམར་པོར་སྦས་པ། རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་གཏེར་ནས་བཏོན་ཏེ། སླར་ཡང་མང་ཡུལ་གྱི་རི་བོ་དཔལ་འབར་དུ་སྦས་པ། པདྨ་ཚེ་དབང་རྒྱལ་པོས་གཏེར་ནས་སྤྱན་དྲངས་པའོ། །ས་མ་ཡ། རྒྱ་རྒྱ་རྒྱ། མངྒ་ལཾ།། །། ༈ རྡོ་རྗེ་ཕག་མོའི་ཟབ་ཁྲིད་ལས༔ སྟོང་ཐུན་ཡེ་ཤེས་གསལ་སྒྲོན་བཞུགས་སོ༔ ྈྈྈྈྈྈ བཅོམ་ལྡན་འདས་པདྨ་དབང་ཆེན་ཁྲོས་པའི་སྐུ་ལ་ཕྱག་འཚལ་ལོ༔ རྡོ་རྗེ་ཕག་མོའི་ཟབ་ཁྲིད་ཉམས་སུ་ལེན་པར་འདོད་པའི་སྐལ་ལྡན་རྣམས་ལ་ཁོག་དབུབ་ཡེ་ཤེས་རྒྱན་གྱི་ཕྲེང་བ་ཞེས་བྱ་བ་བསྟན་པར་བྱའོ༔ དེ་ལ་ཕྱི་བསྐྱེད་རིམ་གྱི་རྣམ་གཞག་གིས་རང་ལུས་ལྷར་བསྒྲུབ་པ༔ ནང་འབྱུང་འཇུག་རླུང་གི་སྦྱོར་བས་རང་ཁམས་དྭངས་མར་བསྒྱུར་བ༔ གསང་བ་ལས་ཀྱི་ཕྱག་རྒྱ་ལ་བསྟེན་ནས་རྩ་ཁམས་དྭངས་མ་ཡེ་ཤེས་སུ་བསྒྲུབ་པ༔ དེ་ཁོ་ན་ཉིད་ཡེ་ཤེས་ཆེན་པོའི་ཉམས་ལེན་ལ་བརྟེན་ནས་ཆོས་སྐུ་ཀ་དག་ཏུ་ལ་བཟླ་བ༔ ལྷུན་གྲུབ་འོད་གསལ་གྱི་ཉམས་ལེན་གྱིས་སྒོ་གསུམ་དབྱེར་མེད་མ་པང་གཞོན་ནུ་བུམ་པའི་སྐུའི་སྦུབས་སུ་གཞུག་པའོ༔ ྈྈྈྈྈྈ དེ་ལ་བསྐྱེད་རིམ་ནི་གོང་དུ་བསྟན༔ གཏུམ་མོ་སྒོམ་པར་བྱེད་པ་ལ་ཕྱི་གནས་ཀྱི་མཚན་ཉིད༔ ནང་ཟས་ཀྱི་མཚན་ཉིད༔ གསང་བ་གྲོགས་ཀྱི་མཚན་ཉིད༔ དེ་ཁོ་ན་ཉིད་ཉམས་ལེན་གྱི་མཚན་ཉིད་གཏན་ལ་ཕབ་པའོ༔ ཕྱི་གནས་ཀྱི་མཚན་ཉིད་ནི༔ གནས་དབེན་ཞིང་བྱིན་ཆགས་པ༔ མཐུན་རྐྱེན་འཛོམ་ཞིང་བཀྲ་ཤིས་པ༔ སྔོན་གྱི་གྲུབ་ཆེན་རྣམས་ཀྱིས་ཞབས་ཀྱིས་བཅགས་ཤིང༔ འདྲེ་བགེགས་ཀྱི་རྒྱུ་སྲང་མེད་པ༔ སྐྱེ་བོ་ངན་པས་མཐོང་ཚོར་མི་འབྱུང་ཞིང་ས་བཙན་པ༔ ནགས་མའི་ཆུ་ལ་སོགས་པ་སྐྱོན་མེད་པ༔ ཅོང་ཞི་ལ་སོགས་པའི་སྨན་སྣ་འཛོམ་པའོ༔ དབེན་པའི་གནས་སུ་ཁ་ཟས་མཐུན་རྐྱེན་ནི༔ ཟས་བཅུད་དང་ལྡན་ཞིང་ཁམས་གསོ་བའི་ཡོ་བྱད་ཁྱད་པར་འཕགས་པ༔ ཚོགས་ཀྱི་འཁོར་ལོའི་ཡོ་བྱད་ལ་སོགས་མ་འཛོམ་པ་མེད་པར་གསག༔ ཕྱིའི་མཚམས་ཀྱི་བར་ཆད་ཀྱི་རྐྱེན་དུ་འགྲོ་བའི་གཡེང་བའི་རྒྱུ་རྣམས་རྩ་བ་ནས་སྤང༔ གོས་དང་མལ་གདན་ལ་སོགས་པ་ཡང་ཞིང་འཇམ་པ༔ བསམ་གཏན་གྱི་གྲོགས་སུ་འགྲོ་བ་བསྟེན༔ གྲོགས་ཀྱང་ལས་དང་པོའི་སྐབས་སུ༔ སྐྱེ་བ་མཐུན་པ༔ བློ་ཆོས་སུ་འགྲོ་བ༔ རྩ་ཐིག་རླུང་གསུམ་གྱི་ཉམས་ལེན་དང་ལྡན་པ༔ ཆོས་མཐུན་གྱི་རིགས་དང་འགྲོགས་ཏེ༔ བླ་མ་གདམས་པ་འདི་ལ་འདྲིས་པ༔ ཉམས་མྱོང་དང་ལྡན་པའི་དྲུང་དུ་ཕྱིན་ཏེ་མན་ངག་གི་ཞུན་ཐར་ལེགས་པར་བཅད་པའོ༔ དཔོན་སློབ་རྣམས་ཀྱི་གདམས་པའི་ཉམས་ལེན་ཐོག་མར༔ དབང་གིས་སྨིན་པར་བྱས་ཏེ༔ ཡི་དམ་གྱི་ལྷ་བསྙེན་ཚད་དུ་བསྐྱལ༔ རྩ་ཁམས་དཔའ་བོ་མཁའ་འགྲོར་གསལ་བའི་བསྐྱེད་རིམ་ལ་བརྟན་པ་ཐོབ་པར་བྱེད༔ བཅུད་འཕེལ་བར་བྱེད་པའི་རྫས་ནི༔ དབང་ལག༔ རྟག་ཏུ་ངུ༔ ར་མཉེ་བ༔ ད་བྱིད༔ མཆིལ་བའི་ཤ་དེ་རྣམས་བུ་རམ་དང་སྦྱར་བའི་རིལ་བུ་དང༔ གཞན་ཡང་ཤ་སྐམ་པོ༔ ཆང་ཞིམ་པོ་སྡེབས་མེད་པ༔ འབྲི་མར་ལ་སོགས་བཅུད་ཅན་རྣམས་འཛོམ་པར་གསག༔ ཟབ་ལམ་འདི་ནི་ཆེ་བ་རྒྱལ་པོ་ལྟ་བུའི་ཆོས་ཡིན་པས༔ མཐུན་པའི་རྐྱེན་གང་འཛོམ་དུ་གསག་པ་གལ་ཆེའོ༔ དཀའ་ཐུབ་དང་བཅུད་ལེན་སྡུག་སྒུར་གྱིས་བསྲན་པའི་ཆོས་མིན༔ རྒྱས་པར་མ་འཛོམ་ཡང༔ དབང་ལག༔ འབྲས་བུ་གསུམ༔ ཤིང་ཚ༔ སྦྲུལ་ཤ་ལ་སོགས་གང་འཛོམ་གསག༔ དྲོད་སྐྱེ་བར་བྱེད་པའི་རྫས་དང་ཡོ་བྱད་འཛོམ་པར་གསག་གོ༔ དེ་ནས་གཏུམ་མོ་བསྒོམ་པ་ནི༔ ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད༔ འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་དགོད་པར་བྱ༔ དེ་འགོད་པར་བྱེད་པ་ལ་བདག་ཉིད་ཀྱིས་ཐོག་མར་སངས་རྒྱས་བསྒྲུབས་ཏེ་སེམས་ཅན་རྣམས་ཐར་པའི་ལམ་ལ་འཁྲིད་དགོས་སྙམ་པས་སྙིང་རྗེ་དུང་དུང་པ་བསྐྱེད༔ འདི་ལྟར་སངས་རྒྱས་པར་བྱེད་པ་ལ་རིང་ལམ་དུ་མ་ལུས་པར༔ རྡོ་རྗེ་ཕག་མོའི་ཉེ་ལམ་ཟབ་མོ་བདེ་ཆེན་ཐབས་ཀྱི་ལམ་ལ་ཞུགས་ཏེ་སངས་རྒྱས་བསྒྲུབ་པར་བྱའོ་སྙམ་པའི་ངང་ནས་བདེ་ཆེན་ཐབས་ཀྱི་ལམ་ལ་འཇུག༔ དེ་ཡང་ཚོགས་མ་བསགས་ན་མྱུར་དུ་འཇུག་མི་ཐུབ་པས༔ བླ་མ་ལ་ཡོན་དང་ཕྱི་ནང་གི་མཆོད་ཚོགས་དཔག་ཏུ་མེད་པ་བཤམས་ཏེ་འབུལ་བ་དང༔ མཎྜལ་གྱི་རིམ་པ་ལ་སོགས་པ་རྒྱ་ཆེ་བ་ཡིད་དུ་འོང་བ་དང༔ མཆོད་ཚོགས་རྒྱ་མཚོའི་སྤྲིན་ཕུང་དང་བཅས་ཏེ་འབུལ་བར་བྱའོ༔ དེ་ནས་སྡིག་པ་སྦྱང་བ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་ཞུགས་ཏེ༔ ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་མ་ལུས་པ་སྦྱང་བར་བྱའོ༔ བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་ཐུན་དང་ཐུན་མཚམས་མེད་པར་ཉམས་སུ་བླང་ཞིང༔ དམ་པའི་ཆོས་དངོས་གཞི་ལ་འཇུག་པར་བྱའོ༔ སྔོན་འགྲོ་ཐུན་མོང་པ་དེ་རྣམས་སྔོན་དུ་བཏང་ནས༔ ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་འབད་པ་དྲག་པོ་འདོན་པར་བྱའོ༔ ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི་ལུས་སྟོང་ར་བསྒོམ་པ༔ རྩ་སྟོང་ར་བསྒོམ་པ༔ རྩ་གསུམ་འཁོར་ལོ་བཞི་སྟོང་ར་བསྒོམ་པ༔ གཏུམ་མོའི་མེ་ཚང་གསོ་བའོ༔ དེ་ལ་ཕྱིའི་གཏུམ་མོ༔ ནང་གི་གཏུམ་མོ༔ གསང་བའི་གཏུམ་མོ༔ དེ་ཁོ་ན་ཉིད་ཀྱི་གཏུམ་མོ་དང་བཞི་ལས༔ ཕྱིའི་གཏུམ་མོ་ནི་ཆོས་ཐམས་ཅད་མི་དམིགས་པའི་ངང་ནས༔ རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་མཿལས་བདག་ཉིད་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ་མངོན་རྟོགས་ལྟར་གསལ༔ ཕྱི་ནས་བལྟས་ན་ནང་གསལ་བ༔ ནང་ནས་བལྟས་ན་ཕྱི་གསལ་བ༔ ཀུན་ཏུ་གསལ་བའི་རང་བཞིན་དུ་གྱུར་པ༔ མེ་ཤེལ་དར་དམར་པོའི་ཁུད་དུ་བླངས་པ་ལྟར་དམར་པོ་འོད་དུ་གསལ་བ་ནི་ཕྱིའི་གཏུམ་མོའོ༔ གཏུམ་མོ་འདི་ལ་སེམས་རྩེ་གཅིག་ཏུ་མ་གནས་ཀྱི་བར་བསྒོམ༔ བདག་ཉིད་ཡི་དམ་དུ་གསལ་བའི་ལུས་ཀྱི་དབུས་སུ་རྩ་དབུ་མ་ཡར་རྩེ་སྤྱི་བོ་ཚངས་པའི་བུ་གར་ཟུག་པ༔ མར་སྣ་ལྟེ་འོག་གཉེར་པོ་ཆེར་སླེབ་པ༔ རྩ་དེ་ཡང་མཚན་ཉིད་བཞི་དང་ལྡན་པ་སྟེ༔ མཚན་ཉིད་བཞི་ནི་གཏུམ་མོའི་ཁྲིད་གཞུང་ལྟར་ཤེས༔ རྩ་དེའི་གཡས་སུ་རོ་མ༔ གཡོན་དུ་རྐྱང་མ༔ རྩ་གསུམ་ཀ་བའི་ཚུལ་དུ་གནས་པ་ལ་འཁོར་ལོ་ལྔའི་རྩ་རྣམས་དང་བཅས་ཏེ༔ ཁྲག་དང་ཆུ་སེར་གྱིས་མ་གང་བ༔ དམར་ཤེད༔ རགས་པར་གསལ་གདབ་པ་ནི་ནང་གི་གཏུམ་མོའོ༔ གསང་བའི་གཏུམ་མོ་ནི༔ རྩ་དབུ་མའི་མར་སྣ་འཛོམ་གསུམ་གྱི་སྟེང་དུ་ཨ་ཤད་ཉི་མའི་དལ་ལྟར་གསལ༔ དེའི་སྟེང་དུ་ཡི་གེ་རཾ་ཡིག་དམར་པོ་གསལ་བ་ནས་བཟུང་སྟེ༔ ལུས་རིལ་པོ་གཏུམ་མོའི་མེ་ལྕེས་གང་བར་གསལ་བ་རྣམས་ནི་གསང་བའི་གཏུམ་མོའོ༔ གསང་བའི་གཏུམ་མོ་དེ་ལ་སེམས་མ་ཡེངས་པར་རྩེ་གཅིག་ཏུ་ཟིན་པར་བྱའོ༔ འཕྲུལ་འཁོར་ཀྱང་ལུས་མེ་ཐབས་དྲུག་ཆིངས་ལ་སྒོམ་ཐག་གིས་བསྡམས་ཏེ་སྤྲུག་བསིག་རྡེབ་པ་ལ་སོགས་པ་གཏུམ་མོའི་ཁྲིད་ཡིག་ཏུ་བསྟན་པས་གསལ༔ བདེ་བ་ལ་བོགས་འདོན་པ་ལ་སྤྱི་བོའི་གཙུག་ན་ཡི་གེ་ཧཾ་ཡིག་མགོ་ཐུར་དུ་བསྟན་པ་ཕའི་ས་བོན་དུ་གནས་པ་ལས༔ གཏུམ་མོ་ཡེ་ཤེས་ཀྱི་མེའི་དྲོད་ཀྱིས་ཞུ་སྟེ༔ བདེ་བ་དྭངས་མའི་ངོ་བོར་ཞུ༔ ལུས་ཀྱི་རྩ་གནས་འཁོར་ལོ་ལ་སོགས་པ་ཁེངས༔ བདེ་བ་འཛག་པ་མེད་པར་བསྐྱངས་པས༔ ལུས་ངག་བདེ་བར་ཤིག་ཤིག༔ བདེ་བའི་རང་བཞིན་སྐྱེ་མེད་དུ་ཁྲོལ་ལེ༔ སྐྱེ་མེད་དང་བདེ་བ་དབྱེར་མེད་པ༔ བདེ་ཆེན་བློ་བྲལ་དུ་ཤིག་གེ་འདུག་པ་ནི་དེ་ཁོ་ན་ཉིད་ཀྱི་གཏུམ་མོའོ༔ རྣལ་འབྱོར་སྐལ་ལྡན་བརྩོན་འགྲུས་དང་ལྡན་པ་རྣམས་ཀྱིས་བདེ་ཆེན་ཡེ་ཤེས་ཆེན་པོའི་དགོངས་པ་ལ་ཟླ་བ་གསུམ་བསྒྲུབས་ཏེ༔ ཀ་དག་གདོད་མའི་བཙན་ས་བཟུང་སྟེ་འགྲོ་བ་སེམས་ཅན་གྱི་དོན་ལ་འབད་པར་བྱའོ༔ བདེ་བ་འདི་རྣམས་ཀྱི་བོགས་འདོན་དུ་བོལ་ལའི་བདེ་བ་དང༔ གཞན་རྐྱེན་ལ་བརྟེན་པའི་བདེ་བ་སྒྲུབ་པ་གཉིས་ལས༔ བོལ་ལའི་བདེ་བ་བསྒྲུབ་པ་ནི༔ ཡིད་རིག་དང༔ བོལ་ལའི་བདེ་བ་སྒྲུབ་པ་དངོས་སོ༔ རྩ་ཁམས་ཌཱ་ཀི་ཡབ་ཡུམ་གསལ་བའི་སྦྱོར་བ་ནི་ཡང་ཡང་བྱའོ༔ འདིའི་དུས་སུ་མིའི་བུ་མོ་ཡིད་དུ་འོང་བ་ལོ་བཅུ་དྲུག་ལོན་པའི་ན་ཚོད་དང་ལྡན་པ༔ བྷ་གའི་དཀྱིལ་འཁོར་རྒྱས་ཤིང་ནུ་མ་འབུར་བ༔ ཤ་ལུས་འཐས་ཤིང་དཀར་ལ་དམར་བའི་མདངས་དང་ལྡན་པ་ཞིག་གསལ་གདབ༔ དེ་ལ་ཆགས་ཆེན་གྱི་སྤྱོད་པ་ལ་སོགས་བྱས་པས་རྡོ་རྗེ་ལས་སུ་རུང་བ་དང༔ བདག་ཉིད་དཔལ་རྟ་མགྲིན་མངོན་རྟོགས་ལྟར་བསྐྱེད༔ བུ་མོ་དེ་ཉིད་མཿལས་ཡུམ་རྡོ་རྗེ་ཕག་མོ་མངོན་རྟོགས་ལྟར་བསྐྱེད༔ ཡབ་ཀྱི་གསང་བ་དེ་ཉིད་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ༔ བུ་ག་ཕཊཿདམར་སེར་གྱིས་བཀག་པ༔ ཡུམ་གྱི་པདྨ་དེ་པདྨ་འདབ་མ་བཞིའམ་བརྒྱད་པ་ཟེའུ་འབྲུ་ལ་ཨས་མཚན་པ༔ འདབ་མ་བཞི་ལ་ཧ་རི་ནི་ས་ཞེས་པའི་ཡིག་འབྲུས་མཚན་པ༔ བདག་གཞན་གཉིས་ཀྱི་རྩ་ཁམས་གསང་སྒྲུབ་ལྟར་གསལ་ཏེ༔ ཡུམ་གྱི་པདྨར་ཡབ་ཀྱི་རྡོ་རྗེ་བསྣུན་ནས༔ འབུ་འགྲོས་ཀྱི་ཚུལ་དུ་སྒུལ་སྐྱོད་བྱས་པས་བདེ་ཤིག་པའི་སྣང་བ་ཤར་དུས༔ སྤྱི་བོའི་བཛྲ་ཌཱ་ཀི་ཡབ་ཡུམ་ལ་བདེ་བའི་མཆོད་པ་ཕུལ༔ དར་གཅིག་ཀ་དག་གི་ངང་ལ་ཀློད༔ ཡང་བསྲུབས་པས་བདེ་ཆིལ་བྱུང་བ་དང༔ ཐིག་ལེ་སྤྱི་བོ་ནས་བབས༔ མགྲིན་པའི་རིན་ཆེན་མཁའ་འགྲོ་ཡབ་ཡུམ་ལ་མཆོད་པ་ཕུལ༔ ལུས་སྤྲུག་ཐོན་པ་རེ་བྱེད༔ ཀ་དག་གི་ངང་ལ་བཞག༔ སླར་ཡང་དལ་བུས་བསྐྱོད་པས་བདེ་བ་ཆེར་རྒྱས་པ་དང་སྙིང་གའི་སངས་རྒྱས་ཌཱ་ཀི་ཡབ་ཡུམ་ལ་མཆོད་པ་འབུལ༔ དར་གཅིག་ཀ་དག་གི་ངང་ལ་བཞག༔ ཡང་ཡབ་ཡུམ་བདེ་བ་ལ་བསྲུབས༔ བདེ་བ་ཆེར་གཡོས་པ་དང༔ ལྟེ་བའི་པདྨ་ཌཱ་ཀི་ཡབ་ཡུམ་ལ་མཆོད་པ་ཕུལ༔ ལུས་སྤྲུག་ཐོན་པ་རེ་བྱེད༔ ཀ་དག་གི་ངང་ལ་བཞག༔ ཡང་སྒུལ་སྐྱོད་བྱ༔ བདེ་བ་ཆེར་གཡོས་པ་དང༔ གསང་གནས་ཀྱི་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་ལ་མཆོད་པ་ཕུལ༔ ལུས་སྤྲུག་ཐོན་པ་རེ་བྱེད༔ ཀ་དག་གི་ངང་ལ་བཞག༔ དེ་ནི་དབབ་པ་ལ་མཁས་པ་རུ་སྦལ་གྱི་ནུར་འགྲོས་བྱ་བ་དེ་ཡིན་ནོ༔ གཟུང་བ་ལ་མཁས་པ་རྫའི་ཐེམ་བུ་བཀག་པ་ལྟ་བུ་ནི་རྣམ་པ་བཞི་སྟེ༔ རིལ་བ་ཞབས་ཚགས་ཅན་ཏེ་སྟེང་རླུང་གིས་གཟུང་བ༔ བར་རླུང་ཐད་ཀར་བརྒྱང་པ་ཕྱག་རྒྱ་ཆེན་པོས་གཟུང་བ༔ འོག་རླུང་བསྐུམ་པ་རྩ་ཡི་ཐེམ་བུས་གཟུང་བ༔ སོག་མ་ཕོན་ཐག་ཆད་པ་ལྟར་ལུས་ངག་རྩོལ་བ་མེད་པར་གཟུང་བའོ༔ འདི་རྣམས་ནི་ཡིག་ཆུང་ཟབ་ཁྲིད་དུ་གསལ་བ་ལྟར་བྱའོ༔ འདྲེན་པ་ལ་མཁས་པ་ཁྲོན་པ་ནས་ཆུ་དྲང་བ་ལྟ་བུ་ནི༔ གསང་གནས་བདེ་སྐྱོང་འཁོར་ལོའི་གཞལ་ཡས་ནས༔ གླང་པོ་ཆེའི་འདུག་སྟངས་ཀྱིས་པདྨ་མཁའ་འགྲོ་ཡབ་ཡུམ་ལ་མཆོད་པ་ཕུལ༔ སེང་གེའི་འདུག་སྟངས་ཀྱིས་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་ལ་མཆོད་པ་ཕུལ༔ སྟག་མོའི་སྐྱུག་གིས་རིན་ཆེན་ཌཱ་ཀི་ཡབ་ཡུམ་ལ་མཆོད་པ་ཕུལ༔ ཝའི་སྣོམ་ཚུལ་གྱིས་རྡོ་རྗེ་ཌཱ་ཀི་ཡབ་ཡུམ་མཆོད༔ གཡང་མོའི་སྤྲུག་གིས་རྩ་ཁམས་སྣ་ཚོགས་ཌཱ་ཀི་ཡབ་ཡུམ་ལ་མཆོད་པ་ཕུལ༔ རྗེས་མི་དམིགས་ཀ་དག་གི་ངང་ལ་མཉམ་པར་བཞག་གོ༔ ལུས་སྦྱོང་ཡང་མང་དུ་བྱ༔ དེ་ལ་བརྟན་པ་མ་ཐོབ་ཀྱི་བར་དུ་སྦྱང༔ དེ་ནི་ཡིད་རིག་ལ་བསླབ་པའོ༔ ད་ནི་བོལ་ལ་དངོས་ཀྱི་ཕྱག་རྒྱ་བསྟེན་པ་ནི༔ རང་གི་ལག་པ་གཡས་མཿལས་རྡོ་རྗེ་ཕག་མོར་གསལ་བའི་མངོན་རྟོགས་ལྟར་སྔར་དང་འདྲ༔ མཁའ་གསང་བྱིན་རླབས་སོགས་སྔར་ལྟར་བྱས༔ ལག་པའི་མཛུབ་མོ་རྣམས་ཀྱིས་གསང་བའི་རྡོ་རྗེ་ཅུང་ཟད་བསྲུབས་པ་ལས་བདེ་བ་ཅུང་ཟད་སྐྱེས༔ རྡོ་རྗེ་མཁའ་འགྲོ་མ་ལ་མཆོད་པ་ཕུལ་བ་རྣམས་ནི་གསང་བ་ཡིད་རིག་ལ་བསླབ་པ་དང་ཆ་མཐུན་པར་སྦྱང་ངོ༔ གསང་གནས་བདེ་སྐྱོང་དུ་བབས་པའི་དུས་སུ༔ ཡིད་རིག་ལས་རྐྱེན་རགས་པའི་སྟོབས་ཀྱིས་ལས་དང་པོ་པས་ཤེད་ཤོར་བ་བྱུང་གིས་དོགས་ན༔ རྟིང་པ་གཡོན་པ་རྩའི་འཁོར་ལོའི་སྟེང་དུ་གསང་བའི་རྩ་རུས་པ་གྲུ་གསུམ་གྱིས་མནན་ཏེ་སྦྱང་བ་ནི་གནད་ཡིན་ནོ༔ དེ་ནས་གྱེན་དུ་ཟློག་པའི་འཕྲུལ་འཁོར་རྣམས་སྔར་ལྟར་ཤེས་པར་བྱའོ༔ སྙིགས་མ་མ་འདྲོངས་པས་ཐིག་ལེ་རྩ་ཁར་ལུས་ཀྱིས་དོགས་པ་ལ༔ ཐོག་མར་སྟེང་དུ་དྲང༔ ལྷག་མ་མ་འདྲོངས་པ་མཛུབ་མོས་བཞོས་ཏེ་ཕྱིར་འབོ་བར་བྱའོ༔ སྟེང་དུ་དྲང་བའི་འཕྲུལ་འཁོར་ནི༔ ལུས་གནད་སྐྱིལ་ཀྲུང་ལག་པ་པུས་མོའི་སྟེང་དུ་བཞག༔ ངག་གི་གནད་ཨཱ་རིང་པོ་བཅོ་ལྔ་དང༔ ཨ་ཐུང་དྲུག་གིས་སྤྱི་བོའི་ཧཾ་ལ་བསྐྱལ༔ ངག་འདྲེན་རླུང་དང་བསྟུན་ཏེ་ལུས་པོ་གཡས་འཐེན་པའོ༔ དེ་བཞིན་དུ་གཡོན་ལའང་ཨཱི་རིང་པོ་བཅོ་ལྔ་དང༔ ཨི་ཐུང་ངུ་དྲུག་གིས་སྤྱི་བོའི་ཧཾ་ལ་བསྐྱལ༔ ལུས་གཡོན་གཅུ་ཞིང་འཐེན་པའོ༔ དེ་བཞིན་དུ་དབུ་མའི་ལམ་ལ་ཧཱི་རིང་པོ་བཅོ་ལྔ་ཧི་ཐུང་ངུ་དྲུག་གིས་སྤྱི་བོའི་ཧཾ་ལ་བསྐྱལ༔ ལག་པ་རྡོ་རྗེ་ཁུ་ཚུར་བརླ་ཁུད་དུ་བཙུགས་ཏེ་སྟེང་དྲང་པོར་འཐེན་ཞིང་ཨོས་ཀོས་ཨོལ་མདུད་མནན༔ མིག་གྱེན་ལ་ལྡོག༔ རོ་འཛིན་མཁའ་ལ་བསྐྱོད༔ སྦྲུལ་ཚང་བྲག་ལ་བཅར༔ མཐར་ལུས་སྤྲུག་ཐོན་པ་དང༔ འགྲེམས་སུ་འགྲོ་བའི་འཕྲུལ་འཁོར་གནད་དུ་འགྲོ་བ་བྱེད༔ མཐར་ཀ་དག་ཆེན་པོའི་ངང་ལ་བཞག༔ དགེ་བ་བྱང་ཆུབ་ཏུ་བསྔོ་བ་ལ་སོགས་བྱའོ༔ འདི་ལ་ལོ་གཅིག་གི་བར་དུ་བརྩོན་འགྲུས་དྲག་པོས་འབད་ནས་ཉམས་སུ་བླང་བར་བྱའོ༔ དེ་ལྟར་མ་ཡིན་པའི་མན་ངག་ཁ་རུ་ཁྱེར་ནས་ཟོང་དུ་འཚོང་བ་ལ་སྤིར་གྱི་ཁ་བཞིན་བསྡམ་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟང་ཟང་ལྷ་བྲག་གི་སྐེད་ནུབ་ཟངས་མཛོད་དམར་པོ་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་སྤྱན་དྲངས་པ་སླར་ཡང་མང་ཡུལ་རི་བོ་དཔལ་འབར་དུ་སྦས་པ་པདྨ་ཚེ་དབང་རྒྱལ་པོས་སྤྱན་དྲངས་པའོ།། །། ༈ རྡོ་རྗེ་ཕག་མོའི་ཟབ་ཁྲིད་ལས༔ ཟབ་ལམ་གྱི་གཏོང་ཐུན་བཞུགས་སོ༔ ྈྈྈྈྈ བདེ་ཆེན་པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ གཞན་ལུས་ལས་རྒྱ་བསྟེན་པའི་ཐབས༔ རྒྱུད་སྡེ་སྤྱིའི་གཏོང་ཐུན་དང་སྦྱར་ནས་བཤད་ན༔ སྒྱུ་འཕྲུལ་དྲ་བ་རྡོ་རྗེ་གླུར་བླངས་ཀྱི་རྒྱུད་ལས༔ བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན༔ ཞེས་པས་རྡོ་རྗེའི་ལུས་ལ་ཐིག་ལེ་བཅུ་དྲུག་གནས་ནས༔ དེ་ཡང་ཐིག་ལེ་མ་བཟུང་བར་བཏང་ཡང་གསང་གནས་ནས་ཡར་ལྡོག་པའི་ཐིག་ལེ་བརྒྱད་ཡོད༔ དེ་ནི་སྲོག་འཛིན་ལུས་ཟུངས་སྐྱེད་པའི་དྭངས་མ་ཞེས་བྱ་སྟེ༔ ཕྱིར་མི་འགྲོ་རང་གནས་སུ་ལྡོག་གོ༔ འཆི་བའི་དུས་སུ་དེ་རྣམས་གནས་འཕོས་ནས་འཆིའོ༔ བཟུང་ཡང་མི་ཟིན་ལྡོག་ཀྱང་མི་ལྡོག་པའི་ཐིག་ལེ་གཉིས་ཡོད༔ དེ་ཡང་སྙིགས་མ་དང་དྭངས་མའོ༔ སྙིགས་མ་གང་ཡིན་ན་འདོད་ཆགས་སྐྱེས་པའི་དུས་སུ༔ རླན་བོལ་ཏེ་འབྱུང་བ་བའི་ཁ་ཆུ་འདྲ་བ་ཞིག་ཡོད༔ དེ་ནི་བཟུང་ཡང་མི་ཟིན༔ ཟིན་པ་ལ་ཕན་ཡོན་ཀྱང་མེད༔ ཤོར་བའི་ཉེས་པ་མེད༔ སྙིགས་མ་དེའི་དྭངས་མ་ནི༔ བཟུང་ན་ཟིན༔ མ་ཟིན་ན་འཆོར་བའི་ཐིག་ལེ་དྲུག་ཡོད༔ དེ་ལ་དྭངས་སྙིགས་གཉིས་ཡོད༔ སྙིགས་མ་ནི་དངོས་སུ་འབྱུང་བའི་སྐྱ་ལྷུག་ལྷུག་འདྲད་འདྲད་འདི་ཡིན་ལ༔ དྭངས་མ་ནི་དེའི་གསེབ་ན༔ དཀར་ལ་འཚེར་བ་ཉུང་འབྲུ་ཙམ་ལ༔ མིག་གི་འབྲས་བུ་འདྲ་བ་དྲུག་ཡོད༔ དེ་ནི་སྲིད་པ་འབྱུང་བའི་ས་བོན་ཡིན་པས༔ མ་ཡི་ཁུ་བ་རྒྱ་སྐྱེགས་ཀྱི་མེ་ཏོག་གམ༔ ཟིལ་པ་འདྲ་བ་ཆུང་ཞིང་སྣུམ་པ་དང་འཕྲད་པས༔ མེར་མེར་པོ་དང༔ གོར་གོར་པོ༔ ལྟར་ལྟར་པོ༔ འཁྲང་འགྱུར་ལ་སོགས་པར་གྱུར་ནས་སྲིད་པའི་ས་བོན་སྐྱེད་པར་བྱེད་དེ༔ སྙིགས་མ་དཀར་ལྷུག་གེ་བ་དེ་ནི་མོ་ཡི་བྷ་ག་ནས་ཕྱིར་འབོའོ༔ རྣལ་འབྱོར་པས་ཐིག་ལེ་ཐམས་ཅད་བཟུང་དགོས་པ་ཡང༔ དྭངས་མ་དངུལ་ཆུ་ལྟ་བུ་དེ་ཤོར་གྱིས་དོགས་པས་ཆ་སྙིགས་མའང་འཛིན་དགོས་པར་བྱུང་བའོ༔ ཡང་སྙིགས་མ་ཤོར་བ་བྱུང་ན༔ དྭངས་མ་གཟུང་བའི་དམིགས་པ་ནི༔ སྨིན་མཚམས་མཛོད་སྤུ་གཡུང་དྲུང་དམར་པོ་གཡོན་དུ་འཁྱིལ་བའི་སྟེང་དུ༔ ཐིག་ལེ་དྲུག་མུ་ཏིག་སྟར་ལ་བརྒྱུས་པ་ལྟར་འོད་འཚེར་རེ་འདུག་པ་ལ་ཤེས་པ་གཏད༔ དེས་སྙིགས་མ་ཉམས་ཀྱང་དྭངས་མ་མི་ཉམས་པའི་དགོས་པ་ཡོད༔ དྭངས་མ་མ་ཉམས་པའི་རྟགས་ནི༔ སྣའི་རྩེ་མོ་ན་སྣུམ་ཞག་ཆིལ་ལེ་འདུག་པའོ༔ ཡང་སྙིགས་མ་བའི་ཁ་ཆུ་འདྲ་བ་དེ་ཉམས་པའི་ཚེ་ན་ལུས་ཀྱི་ཤད་ཆུང་བས་དེ་གཟུང་བའི་འཕྲུལ་འཁོར་དང་དམིགས་པ་ནི༔ སྤྱི་བོའི་ཧཾ་ལ་གཏོད་པ་དང་ཨ་ལོང་འབྱེད་འཛུམ་གྱི་གདམས་པ་མང་དུ་བྱས་པས༔ སྙིགས་མ་བའི་ཁ་ཆུ་འདྲ་བ་དེ་ཉམས་པ་ཆུང༔ དེ་ལྟར་སྐྱོན་དང་ཡོན་ཏན་སོ་སོར་ཕྱེ་ནས༔ དྭངས་མ་དྲུག་པོ་དེ་ཟིན་པ་ལས༔ མྱ་ངན་ལས་འདས་པའི་ཡོན་ཏན་སྐྱེ༔ དེ་མ་ཟིན་ན་འཁོར་བའི་ཉེས་སྐྱོན་སྐྱེད་པའོ༔ དེས་ན་འཆི་བ་སྲོག་ལ་བབས་ཀྱང་དྭངས་མ་དྲུག་པོ་མ་ཉམས་པ་ཁག་ཆེའོ༔ རྣལ་འབྱོར་པ་ལུས་ལྷར་བསྐྱེད་ནས་དྭངས་མ་དྲུག་པོ་མ་ཉམས་པའི་སྒོ་ནས༔ ཡུམ་ཕྱག་རྒྱ་མཚན་དང་ལྡན་པས་བདེ་བ་བསྐུལ་བ་ནི༔ ནང་དུ་ལུས་ཁམས་ཀྱི་སྟོབས་བསྐྱེད་པ་ཡིན༔ བླ་མ་ཡི་དམ་དབྱིངས་ནས་དགྱེས༔ མཁའ་འགྲོ་རྣམས་བརྡས་བསྐུལ་བས་མ་བསྒྲུབས་ངང་གིས་འགྲུབ༔ ནང་དུ་ལུས་ཁམས་ཀྱི་སྟོབས་མི་ཉམས་ཤིང་གོང་ནས་གོང་དུ་སྤེལ་བས༔ བསོད་ནམས་ཀྱི་སྟོབས་རྒྱས༔ དེ་ལ་བརྟེན་ནས་སྲོག་འཛིན་གྱི་ཐིག་ལེ་རྣམས་འཕེལ་བས་ཚེ་རིང༔ རྒས་ཁ་སྲ༔ སྐྲ་དཀར་དང་གཉེར་མ་མི་འབྱུང༔ རིག་པ་དྭངས༔ ཏིང་འཛིན་འཕེལ་བའོ༔ དྭངས་མ་དྲུག་ཉམས་ཤིང་འདོད་ཆགས་འབྱོལ་ཉོག་དུ་སྤྱོད་ན༔ བླ་མ་དང་ཡི་དམ་དབྱིངས་ནས་མི་དགྱེས་པས་དངོས་གྲུབ་ཡལ༔ དཔའ་བོ་མཁའ་འགྲོ་རྣམས་ཀྱི་སྲོག་གི་སྙིང་པོ་ཐིག་ལེ་ཡིན་པས༔ དེ་ཕྱིར་འཕོ་ན་མཁའ་འགྲོ་འབུམ་གྱི་སྙིང་བཏོན་པས་ངུ་ཙི་དི་རི་རི་ཡོང་བར་བཤད༔ སྡོམ་པའི་རྩ་བ་ཡིན་པས༔ འདི་ཉམས་ན་དམ་ཚིག་དང་སྡོམ་པ་རྩ་བ་ནས་ཉམས༔ ལུས་ཀྱི་བཅུད་ཡིན་པས་ཚེ་སྲོག་ཐུང་ངུར་འོང་ངོ༔ བསོད་ནམས་ཀྱི་རྩ་བ་ཡིན་པས་འདི་ཉམས་ན་བསོད་ནམས་ཇེ་ཆུང་ལ་འགྲོ༔ ལུས་ཀྱི་མདངས་ཡིན་པས་འདི་ཉམས་ན་མགོ་ལ་སྐྲ་དཀར་འབྱུང༔ གདོང་ལ་གཉེར་མ་འཕྱུར༔ ལུས་ཀྱི་སྟོབས་ཉམས༔ ཁ་ནས་ཧུ་ཤུའི་སྒྲ་འབྱིན༔ ཐིག་ལེ་ཉམས་ཐེབས་རེ་རེས་ཞག་བདུན་གྱི་ཚེ་སྲོག་ཉམས་པས༔ དེ་བས་ཉམས་པ་མེད་པ་ཁག་ཆེའོ༔ གསང་སྔགས་པར་ཁས་ལེན་པའི་སྐྱེ་བོ་རྣམས་ཀྱིས་འདོད་ཆགས་འབྱོལ་ཉོག་དུ་སྤྱད་ན༔ ཡི་དམ་གྱི་ལྷ་བསྒྲུབས་ཀྱང་མི་འགྲུབ༔ ཟབ་མོའི་སྔགས་བགྲངས་ཀྱང་ནུས་པ་མི་ཐོན༔ ཏིང་འཛིན་ལ་མཉམ་པར་བཞག་ཀྱང་གསལ་ངར་མི་ཐོན༔ བདེ་སྟོང་གི་ཏིང་འཛིན་མི་སྐྱེ༔ གཏུམ་མོ་བསྒོམས་ཀྱང་དྲོད་མི་སྐྱེ༔ ནད་མང༔ འཇིག་རྟེན་གྱི་ཁ་ཟས་མི་འཇུ༔ དེ་ལ་སོགས་པའི་སྐྱོན་མང་བས༔ ཐིག་ལེ་འཕོ་བའི་གྲོགས་དང་ཁ་ཟས་དང༔ ཡུལ་དང་བུད་མེད་རྣམས་སྤང་བར་བྱའོ༔ རང་ལུས་ལྷ་དང་ལྷ་མོར་གསལ་བཏབ་ནས་བདེ་བ་མི་ཉམས་པའི་ངང་ནས་བུད་མེད་མཚན་ལྡན་བསྟེན་པ་ནི༔ རྣལ་འབྱོར་པ་རྣམས་ཀྱི་གྲོགས་ཡིན་པས་ཡིད་འོང་མཚན་ལྡན་བསྟེན་པར་བྱའོ༔ རབ་དངོས་འབྲིང་ཡིད་ཀྱིས་སྦྱོར་བ་ཙམ་གྱིས་འཛམ་གླིང་གི་བུད་མེད་རིགས་དང་ལྡན་པ་རྣམས་ལ་སྦྱོར་བ་ལན་རེ་ཙམ་རེ་བྱའོ༔ རྗེས་ལ་བསྔོ་བ་སྨོན་ལམ་གྱི་རྒྱས་བཏབ་པས༔ བུད་མེད་དེ་ཡང་མཐར་རྡོ་རྗེ་ཕག་མོའི་ས་ལ་འཁོད་པར་ཐེ་ཚོམ་མེད་དོ༔ བུད་མེད་ཀྱིས་ཀྱང་ཟླ་མཚན་བབས་པ་འདི་ལ་ཕན་གནོད་མེད་ལ༔ དྭངས་མའི་དྭངས་མ་རྒྱ་སྐྱེགས་ཀྱི་མདོག་རྩ་ཁ་ལ་དངུལ་ཆུའི་ཟིལ་པ་ལྟར་གནས་ཏེ༔ དེས་འཁོར་འདས་ཀྱི་སྲོག་བྱེད་པས་བདེ་བ་དབང་མེད་དུ་སྐྱེས་པའི་དུས་སུ་རྣལ་འབྱོར་པས་དྲངས་ན་འདྲོངས་ཏེ༔ བདེ་བ་དེ་ཤོར་བས་ཕྱག་རྒྱའི་ལུས་ཤེད་དང་བཀྲག་མདངས་འཆོར༔ རྒས་སླ་བ་ཡིན་ནོ༔ དེས་ན་བུད་མེད་ཀྱི་ཐིག་ལེ་མི་ཉམས་ཤིང་འཛིན་པ་མོ་ཁྲིད་ཀྱི་ནང་དུ་གསལ་བས་དེར་བལྟའོ༔ རྣལ་འབྱོར་པ་ཕྱག་རྒྱ་དང་སྦྱོར་བའི་ཚེ༔ འཁོར་ལོ་ལྔའི་རྩ་གྲངས་ཅན་དང་གྲངས་མེད་ཀྱི་རྩ་ནང་ན་ཐིག་ལེ་གནས་པ་ཐམས་ཅད་ནས་འབྱུང་བ་བཞིའི་དྭངས་མ་རྒྱུའི་ཐིག་ལེ་དེ་དག་གཡོས་པས༔ རྣལ་འབྱོར་པའི་ལུས་ངག་ཐམས་ཅད་བདེ་ཆིལ་ཏེ་འབྱུང་བའོ༔ འབྱུང་བའི་དྭངས་མ་དེ་ལ་རིག་པ་ཡེ་ཤེས་ཀྱི་རྩལ་རླུང་དེས་ཁྱབ་ཅིང༔ རླུང་གིས་གཡོས་པས་འབྱུང་བ་གཅིག་གྲོགས་གཅིག་གིས་བྱས་ནས༔ སྤྱི་བོའི་འཁོར་ལོ་ནས་འཁོར་ལོ་ལྔ་རིམ་པ་བཞིན་དུ་ཐིག་ལེ་གཡོས་ནས་རང་གི་གསང་གནས་སུ་སླེབ་དུས༔ བདེ་བ་ཆུ་ལྟར་འཁྲུགས༔ དྲོད་མེ་ལྟར་འབར༔ ཏིང་འཛིན་ངང་གི་འགྲུབ༔ འདིའི་དུས་སུ་འབྱུང་བ་བཞི་རོ་སྙོམས་པའི་དུས་ཡིན་པས༔ བདེ་བ་རྡོ་རྗེ་ནོར་བུའི་རྩེ་མོ་ལས་མི་འདའ་བར་བྱའོ༔ ཕྱག་རྒྱའི་བྷ་གར་བདེ་བ་བབ་ན་བདེ་བ་དེ་ག་ཡལ་འགྲོ་ཞིང༔ ཡོན་ཏན་མི་སྐྱེ༔ སྐྱོན་རྣམས་འབྱུང་བ་ནི་གོང་དུ་བསྟན་ཟིན༔ བདེ་བ་བཟུང་ནས་ལྡོག་དུས་སྔགས་གཞན་ནས་དམིགས་པ་མང་པོ་མཚན་མ་ཅན་སྟོན་ཏེ༔ དེས་ནི་མཚན་མ་ཅན་གང་བསྒོམ་པར༔ གང་བསྒོམ་པའི་རང་གཟུགས་སུ་ཐིག་ལེ་འདྲིལ་འགྲོ༔ དེར་འབྱུང་བཞིའི་ཐིག་ལེ་ཆ་མ་སྙོམས་པས་ནད་འབྱུང༔ དེས་ན་འཛིན་པ་དང་འདྲེན་འགྲེམས་གཉིས་ཀའི་གནད་དུ་དམིགས་མེད་ཀ་དག་གི་ངང་ནས་བྱེད་པ་གལ་ཆེ༔ ཁྱད་པར་འགྲེམས་ཀྱི་མཆོག་ཏུ་ཀ་དག་གི་ངང་དུ་བཞག་ན་རང་འགྲེམས་ཀྱི་མཆོག་གོ༔ བདེ་སྟོང་རང་གྲོལ་དུ་འགྲོ་བས་ཤིན་ཏུ་ཟབ༔ ཡང་དྭངས་མ་སྤྱི་བོ་ནས་གཡོས་ནས་གསང་བར་མ་སླེབ་ཀྱི་བར་དུ༔ འཁོར་ལོ་ལྔའི་དམིགས་པ་རིམ་བཞིན་བསྒོམ་པ་ནི་རྒྱས་པར་འོག་ཏུ་འབྱུང་བས༔ འབྱུང་བའི་སྟོབས་སྙོམས་པས་དྭངས་མ་འཕེལ་ཞིང་ནད་མི་འབྱུང་བ་གནད་ཀྱི་གདམས་པའོ༔ སྤྱིར་ན་འབེབ་འཛིན་འདྲེན་འགྲེམས་གསུམ་ཐམས་ཅད་ཀྱི་རྩ་བ༔ ཀ་དག་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ངང་དུ་མཉམ་པར་འཇོག་པ་འདི་ཀ་གཅིག་པོས་འགྲུབ་པ་ཡིན་ཏེ༔ གཞན་དམིགས་པ་མང་པོ་རྣམས་ནི་ལས་དང་པོ་པས་འགྲེམས་པར་བྱེད་པའི་གདམས་པའོ༔ དམིགས་མེད་ཀ་དག་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་འདི་ནི༔ ལམ་འདི་ཉམས་སུ་ལེན་པར་བྱེད་པའི་རྨང་གཞིའོ༔ རབ་ཀྱི་རྣལ་འབྱོར་པས་ཕྲིན་ལས་བཞི་པོ་གང་ལ་ལག་ལེན་བྱེད་ཀྱང༔ དམིགས་མེད་ཀ་དག་གི་ལྟ་བས་རྩིས་ཟིན་པའི་ངང་ནས་བྱའོ༔ སྙིགས་མ་མ་འདྲོངས་ཀྱང་དྭངས་མ་དྲུག་པོ་རང་གནས་སུ་ངེས་པར་ལྡོག༔ དཔེར་ན་དོན་ཟིན་པའི་མི་རང་ཁྱིམ་དུ་ལྡོག་པ་དང་འདྲ༔ སྲོག་འཛིན་པར་བྱེད་པའི་ཐིག་ལེ་ཡུམ་ཕྱག་རྒྱ་དང་མཉམ་དུ་སྦྱར་བའི་ཚེ་ན་ཡང་རང་གནས་སུ་བདེ་བ་གཡོ་བ་ལས་ཕྱིར་མི་འགྲོ་བ་བརྒྱད་ཡོད་པ་དེ་དག་གང་ན་གནས་ན༔ འབྱུང་བའི་དྭངས་མ་ཐིག་ལེ་སྲོག་འཛིན་པ་འདི་རྣམས་ཡི་གེའི་གཟུགས་སུ་འཁོར་ལོ་ལྔའི་རྩ་མདུད་དབུས་ན་གནས་ཏེ༔ འདི་རྣམས་ལ་འབྱུང་བཞིའི་དྭངས་མ་ཆ་མཉམ་པར་གནས་ཏེ༔ ཕ་ལས་ཐོབ་པའི་དྭངས་མ་དཀར་པོ་སྨིན་ཕྲག་ན་གནས༔ འདི་རྒྱུད་ལ་ལར་ནི་སྤྱི་བོར་གནས་པར་ཡང་བཤད༔ འབྱུང་བ་ཆུའི་དྭངས་མ་གཙོ་ཆེའོ༔ མ་ལས་ཐོབ་པའི་དྭངས་མ་དམར་པོ་རྡོ་རྗེའི་རྩེ་མོ་དང༔ པདྨའི་ཟེའུ་འབྲུ་ལ་གནས༔ འདི་རྒྱུད་ལ་ལ་ན་ལྟེ་བའི་ཨ་ཤད་ལ་གནས་པར་ཡང་བཤད༔ དེ་ནི་མེའི་དྭངས་མ་གཙོ་ཆེའོ༔ དོན་དམ་པའི་ཐིག་ལེ་སྙིང་གི་དཀྱིལ་ན་གནས༔ དེ་ལྟར་ཐིག་ལེའི་བརྒྱད་ཟུང་འཇུག་ཏུ་གནས་པས་བདེ་བ་སྐྱེད་ཅིང་ལུས་ཀྱི་སྲོག་རྟེན་བྱེད་པའོ༔ ཕོ་མོ་གཉིས་ཀ་ལ་ཁྱད་མེད་དུ་གནས་སོ༔ དེ་རྣམས་གནས་འཕོས་པས་འབྱུང་བ་འཁྲུགས་ནས་ཚེའི་དུས་བྱེད་དོ༔ གནས་སྐབས་སུ་དེ་རྣམས་རྐྱེན་གྱིས་འཁྲུགས་པས་ནད་འབྱུང་བའོ༔ དེ་ལྟར་ཐིག་ལེ་གནས་ལུགས་རྒྱས་པར་བཤད་ནས༔ ད་ནི་ཐིག་ལེ་དེ་དག་འཕེལ་བར་བྱེད་པ་ལ་ལས་ཀྱི་ཕྱག་རྒྱ་མ་ལ་མངོན་སུམ་ཉམས་སུ་བླངས་ནས༔ རྒྱན་དང་སྡེ་གུ་ལ་སོགས་པ་བྱུག་པ་ནི་གོང་དུ་བཤད༔ ཕྱག་རྒྱ་དེ་ཡང་ཡིད་དུ་འོང་བ་བཅུ་དྲུག་ལོན་པའི་ན་ཚོད་དང་ལྡན་པ༔ བདག་གཞན་བྱིན་གྱིས་བརླབ་པ་ལ་སོགས་པ་གོང་དུ་བསྟན་ཅིང༔ ཕྱག་རྒྱའི་རྣམ་གཞག་དབྱེ་བ་ནི༔ ནུ་མ་འབུར་བ༔ བྷ་ག་རྒྱས་པ༔ རྐེད་པ་ཕྲ་བ༔ སྐུ་ལ་བདེ་བ་མི་བཟོད་པ་སྐྱེད་པའི་རྟེན་བྱེད་པ་ལ༔ བདག་གཞན་ལྷ་སྐུར་གསལ་བའི་ངང་ནས༔ ཡབ་ཡུམ་གཉིས་ཀྱི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ག༔ ལྟེ་བར་ཧྲཱིཿདམར་པོ་རེ་བསྐྱེད་ལ༔ པདྨའི་གདན་ལ་བཞུགས་པར་བསམ༔ ཐུན་མོང་མ་ཡིན་པའི་གསང་ཁྲིད་ནི༔ རྩ་ཁམས་གསང་སྒྲུབ་ཏུ་ཤེས༔ འདིར་ནི་སྙིང་ཐིག་སྤྱི་དང་ནང་མཐུན་པའི་ཕྱིར་གཞན་ལུས་སྟོན་པར་བྱེད་པ་ལ༔ བདག་ཉིད་ཡི་དམ་གྱི་ལྷར་གསལ་བའི་སྤྱི་བོར་ཐོད་པའི་འོག༔ ཀླད་རྒྱའི་ནང་དུ་ཧཾ་དཀར་པོ་དངུལ་ཆུའི་མདོག་ལྟ་བུའི་མགོ་ཐུར་དུ་བསྟན་པ་ལ་ཐིག་ལེ་དངུལ་ཆུ་ལྟ་བུ་ཉུང་འབྲུ་ཙམ་པ་བཅུ་དྲུག་གིས་ཕྲོམ་མེ་བསྐོར་བར་བསྒོམ༔ དེ་ནས་ཐིག་ལེ་མི་ཉམས་པ་ལ་མཁས་ཤིང་མི་ཉམས་པར་བྱ་བའི་ཐབས་ནི༔ ཡབ་ཡུམ་ལྷར་གསལ་བའི་སྤྱི་བོའི་གཙུག་གི་སྟེང་དུ༔ པདྨའི་སྟེང་དུ་གུ་རུ་ཡབ་ཡུམ་རྡོ་རྗེ་འཆང་གི་རྣམ་པར་བསྐྱེད༔ བླ་མ་ཡབ་ཡུམ་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་བདུད་རྩིའི་རྒྱུན་ཚངས་པའི་བུ་ག་ནས་མར་བབས༔ སྤྱི་བོའི་ཡི་གེ་ཧཾ་ལ་ཐིམ༔ ཧཾ་དེ་ཉིད་བཀྲག་མདངས་རྒྱས་ཏེ་དཀར་ཕྲོམ་ཕྲོམ་ཡོད་པར་བསམ༔ དེ་ནས་ཧཾ་ལས་ཐིག་ལེ་བཅུ་དྲུག་མགྲིན་པར་བབས༔ མགྲིན་པའི་གནས་ན་སྐྱ་ཕྲོམ་ཕྲོམ་ཡོད་པར་གསལ་གདབ༔ དེ་ནས་ཐིག་ལེ་དེ་རྣམས་སྙིང་གའི་གནས་སུ་བབས༔ སྙིང་གའི་གནས་སུ་བརྒྱད་སྲོག་འཛིན་པའི་ཐིག་ལེར་གྱུར༔ བརྒྱད་ལྟེ་བར་བབས་ལྟེ་བའི་རྩ་འདབ་གང༔ ཐིག་ལེ་དེའི་ཕྱེད་ལྟེ་བའི་གནས་སུ་སྲོག་འཛིན་པའི་ཐིག་ལེར་གྱུར༔ དེའི་ཕྱེད་གསང་བའི་གནས་སུ་སྲོག་འཛིན་པའི་ཐིག་ལེར་གྱུར༔ དེའི་ཕྱེད་རྡོ་རྗེ་ནོར་བུའི་རྩེ་མོར་བབས༔ ཆགས་པ་ཆོས་ཉིད་དུ་གྲོལ་བར་བྱེད་པའི་ཕཊཿལྗང་སེར་ལ་རེག་པར་བསྒོམས་ལ༔ ལུས་གཡང་མོའི་སྤྲུག་གིས་སི་ལི་ལི་ཡུན་རིང་བར་སྤྲུགས་པས༔ ལུས་ཀྱི་རྩ་གནས་ཀུན་ལ་ཁྲེམས་པར་བསམ་མོ༔ དེ་ནི་དམིགས་པའི་རླུང་སྦྱོར་ཟབ་མོ་ཡིན༔ ྀཨཚ༔ དེ་ནི་ལུས་ལ་བདེ་བ་རྒྱས་པར་བྱེད་པའི་གནད་ཡིན་པས༔ འདི་དང་ཕག་མོ་གསང་སྒྲུབ་ཀྱི་རྩ་ཁམས་ལྷའི་སྦྱོར་བ་དེ་ཐོ་རངས་རེ་མ་ཆག་པར་བྱས་པས་ལུས་སྟོབས་རྒྱས༔ དབང་པོ་གསལ༔ ནང་དུ་རྩ་ཁམས་མི་འཁྲུགས་པའི་གནད་དམ་པའོ༔ ད་ནི་རིགས་དང་མཐུན་པའི་ཕྱག་རྒྱ་མཚན་དང་ལྡན་པ་ལ༔ བདག་གཞན་མཁའ་གསང་བྱིན་བརླབས་ཏེ༔ ཐ་མལ་གྱི་འདུ་ཤེས་སྤངས་ནས་དབང་པོ་གཉིས་སྦྱར༔ འོ་བྱེད་པ་དང༔ འཁྱུད་པ་དང༔ རང་གི་སོ་སེན་འདེབས་པ་དང༔ ཆགས་ཅན་གྱི་སྤྱོད་པ་རྣམས་ཀྱིས་བསྐུལ་བས༔ རྡོ་རྗེ་ལས་སུ་རུང་དུས་དབང་པོ་གཉིས་རྩ་བ་ཐུག་སྦྱར་ཏེ༔ དར་གཅིག་ལུས་སེམས་ཁོང་གློད་ནས་ཤེས་པ་དམིགས་མེད་ཀ་དག་གི་ངང་ལ་མཉམ་པར་གཞག༔ དེ་ནི་རྫིང་གི་ཨུར་མོ་དགག་པ་ལྟ་བུའི་གདམས་པ་ཡང་དག་པའོ༔ དེ་ནས་དལ་བུས་བསྐྱོད་དེ༔ ལས་དང་པོ་པས་བདེ་བ་སྐྱེས་ཙམ་ན་འཛིན༔ བདེ་བ་ལ་ཚོད་ལེན་གྱིན་བསྐུལ་བ་གནད་ཡིན༔ བདེ་ཆིལ་བྱུང་བ་དང་མི་བསྐྱོད་པར་རང་སར་གློད་པ་གནད་ཡིན༔ ལས་དང་པོ་པས་བསྐྱོད་དྲགས་ན་རི་གཟར་གྱི་རྦབ་ལྟར་ལྡོག་དཀའ་བས༔ བླ་མའི་གདམས་པ་བསྐྱོད་པ་ལ་མཁས་པ་རུ་སྦལ་གྱི་ནུར་འགྲོས་བྱ་བ་དེ་དགོས་པ་ཡིན༔ རུ་སྦལ་དེ་ཡང་བཀོད་མའི་ནང་ནས་བྲེལ་པོར་མི་འགྲོ༔ དལ་བུས་འགྲོ༔ ཉི་མས་ཅུང་ཞིག་དྲོས་པ་དང༔ སླར་ཡང་བཀོད་མའི་ནང་དུ་ལྡོག་གོ༔ དཔེ་དེ་བཞིན་དུ་རང་གཞན་ལྷ་རུ་གསལ་བའི་སྙོམས་འཇུག་དེ་ཡང་བྲེལ་པོར་མི་བསྐྱོད༔ དལ་བུས་བསྐྱོད་པས་ལུས་སེམས་བདེ་ཆིལ་བྱུང་བ་དང་ཤེས་པ་འཛིན་མེད་ཀ་དག་གི་ངང་ལ་བཞག༔ དེ་ཡང་ཡས་བབས་ཀྱི་དགའ་བ་བཞི༔ མས་བརྟན་གྱི་དགའ་བ་བཞི༔ ཟུང་འཇུག་གི་དགའ་བ་བཞི་ལས༔ སྤྱི་བོ་ནས་ཐིག་ལེ་བཅུ་དྲུག་མགྲིན་པར་བབས་པ་ནི་དགའ་བ༔ དབང་དང་སྦྱར་ན་བུམ་དབང༔ ལྟ་བ་དང་སྦྱར་ན་བུམ་དབང་གི་ལྟ་བ་གསལ་སྟོང་ཟུང་འཇུག་རྟོགས༔ དེ་ནས་ཅུང་ཞིག་བསྐྱོད་པས་ཐིག་ལེ་མགྲིན་པ་ནས་སྙིང་གར་བབས་པས་མཆོག་དགའ༔ དབང་བཞི་དང་སྦྱར་ན་གསང་དབང༔ ལྟ་བ་དང་སྦྱར་ན་གསང་དབང་གི་ལྟ་བ་བདེ་སྟོང་ཟུང་འཇུག་རྟོགས༔ དེ་ནས་ཅུང་ཞིག་བསྐྱོད་པས་ཐིག་ལེ་བརྒྱད་ལྟེ་བར་བབས་པས་དགའ་བྲལ་ཏེ༔ འཛིན་སེམས་རགས་པ་སྤངས་པས་དགའ་བར་འཛིན་པའི་རྟོག་པ་དང་བྲལ་བའོ༔ དབང་དང་སྦྱར་ན་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང༔ ལྟ་བ་དང་སྦྱར་ན་གསུམ་པའི་ལྟ་བ་གཟུང་འཛིན་རྟོག་པ་རགས་པ་སྤངས༔ སྟོང་གཟུགས་ནམ་མཁའ་གཡའ་དག་པ་ལྟར་ཤར་བའི་ཆོས་སྐུ་སྟེ༔ དབང་གསུམ་པའི་ལྟ་བ་རྟོགས༔ དེ་ལས་ཀྱང་ཅུང་ཟད་བསྐྱོད་པས་ཐིག་ལེ་བཅུ་དྲུག་ལས་གཉིས་གསང་གནས་སུ་བབས་པས༔ གཟུང་འཛིན་གྱི་རྟོག་ཚོགས་ཕྲ་རགས་ཐམས་ཅད་དག་པས་ན་བཞི་པ་ལྷན་ཅིག་སྐྱེས་པའི་དགའ་བ༔ དབང་དང་སྦྱར་ན་བདེ་སྟོང་ལྷན་ཅིག་ཏུ་སྐྱེས་པ་བློ་ཡི་བྱེད་པ་མཚན་འཛིན་ཕྲ་རགས་ཐམས་ཅད་བྲལ་བ་བཞི་པ་ཚིག་དབང༔ ལྟ་བ་དང་སྦྱར་ན་བཞི་པའི་ལྟ་བ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པའོ༔ དེ་དུས་སུ་དབང་པོ་རབ་ཀྱིས་ཆོས་སྐུ་ཀ་དག་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ངང་ལ་རང་སོ་ཟིན་པའི་ངང་ལ་གནས༔ དེ་ལས་མ་འདས་ན་འདྲེན་འགྲེམས་ཐམས་ཅད་ཤུགས་ཀྱིས་འབྱུང་བའོ༔ འབྲིང་གིས་བར་རླུང་ཐད་དཀར་བརྒྱང༔ དམིགས་པ་སྤྱི་བོའི་ཧཾ་ལ་གཏད་པའི་ལུས་གནད་བཅས་པས༔ དྭངས་མ་རྣམས་རྩ་གནས་འཁོར་ལོ་རྣམས་ལ་རང་སར་ལྡོག་ཅིང༔ གཡང་མོའི་སྤྲུག་གིས་དགྲམ་པར་བྱའོ༔ ད་ནི་མས་བརྟན་གྱི་དགའ་བ་བཞིའི་རྣམ་གཞག་ཅུང་ཞིག་བཤད་ན༔ ཁམས་དྭངས་མ་བྱང་ཆུབ་ཀྱི་སེམས་དེ་རྡོ་རྗེ་ནོར་བུའི་རྩེ་ལས་མི་འབབས་པར་སླར་ཡང་གསང་བའི་གནས་ལྟེ་བའི་འོག་རྩ་གསུམ་འདུས་པ༔ ཡི་གེ་ཨའི་དབྱིབས་ཅན་དུ་གནས་པས༔ ཨ་དེ་ནི་གཞིར་གནས་ཀྱི་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་གནས་ཡིན་པས༔ དེའི་གནས་སུ་ཁམས་དྭངས་མ་འདུས་པས་འདུ་བ་དང་པོ་སྟེ༔ སྟོང་གཟུགས་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུའི་རྟོགས་པ་འཆར༔ དེ་ནི་ཐེག་པ་ཆེན་པོའི་མཐོང་ལམ་གྱི་ཡེ་ཤེས་མཐོང་ཞེས་བརྗོད༔ ལྷག་མཐོང་གི་རྟོགས་པ་ཤར༔ ས་དང་པོའི་བདེན་པ་མཐོང༔ འདིའི་དུས་སུ་རྩ་དབུ་མའི་མདུད་པ་དང་པོ་བྱེ་བ་ལ་སོགས་འདི་ནས་ལྟེ་བའི་བར་ཐིག་ལེའི་འཇུག་རིམ་ཐམས་ཅད་ནི༔ ས་དང་པོ་དང་གཉིས་པ་གསུམ་པ་ཚུན་ཆད་ཀྱི་ཡོན་ཏན་རྣམ་དག་མཐོང་བ་ཡིན་པར་རྒྱུད་སྡེ་ཀུན་ལས་བཤད༔ དེ་ནས་སླར་ཡང་དྭངས་མ་དེ་དག་སྟེང་དུ་སྐྱོད༔ ལྟེ་བའི་རྩ་འདབ་གང༔ ལྟེ་བ་ཨཱ་ལི་ཀཱ་ལིའི་གནས་ཡིན་ཏེ༔ དེའི་གནས་སུ་ཁམས་དྭངས་མ་སླེབས་པས༔ རྒྱལ་བའི་གསུང་རབ་ཡན་ལག་བཅུ་གཉིས་ལ་ཐོགས་པ་མེད་པར་རང་བྱུང་དུ་ཤེས༔ ས་དང་པོའི་རྟོགས་པའི་མཁྱེན་པ་ཐམས་ཅད་འདིར་རྒྱས༔ རྩ་དབུ་མའི་མདུད་པ་ཁ་བྱེ་ཞིང༔ དྭངས་མ་ལྟེ་བར་བརྟན་པ་མན་ཆད་ནི༔ མཚན་ལྡན་པདྨ་ཅན་གྱི་རྩ་དང་འཕྲད་པའི་ཡོན་ཏན་ནོ༔ དེ་ནས་སྙིང་གར་སོན་ཏེ༔ རྩ་དབུ་མའི་མདུད་པ་ཡང་ཞིག༔ དེའི་རྩ་མདུད་གྲོལ་ཏེ་སྙིང་ག་ཆོས་ཀྱི་འཁོར་ལོ་དྭངས་མའི་བདེ་བས་གང་སྟེ༔ ཆོས་སྐུ་རྣམ་པར་མི་རྟོག་པའི་ཡེ་ཤེས་འོད་གསལ་ལྷུན་གྲུབ་ཆེན་པོའི་རྩལ་རྒྱས༔ ཕྱི་དང་ནང་མེད་པར་ཡེ་ཤེས་འོད་གསལ་དུ་གསལ༔ ལུས་ཀྱི་རྩ་ཁམས་ཕྱིའི་གླིང་བཞི་ལ་སོགས་པ་ཐམས་ཅད་རང་གསལ་དུ་གསལ༔ བསྒོམ་བྱ་སྒོམ་བྱེད་བྲལ་བའི་རྟོགས་པ་མངོན་དུ་གྱུར༔ ལམ་ནི་སྒོམ་ལམ་གྱི་ཡེ་ཤེས་རྟོགས༔ དེ་ནས་མགྲིན་པའི་འཁོར་ལོ་དྭངས་མས་ཁེངས༔ མགྲིན་པའི་རྩ་མདུད་ལ་སོགས་པ་རང་སར་ཞིག༔ རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ་དངོས་སུ་འགྲུབ༔ རྒྱལ་བའི་གསུང་རབ་ཐམས་ཅད་ལ་འཆད་པ་དང༔ རྩོད་པ་དང༔ རྩོམ་པ་སོགས་ལ་རང་དབང་ཐོབ༔ སེམས་ཅན་རྣམས་ལ་སྐད་རིགས་སོ་སོའི་སྒོ་ནས་རང་རང་ལ་རང་རང་དང་མཐུན་པའི་སྐད་ཀྱིས་ཆོས་སྟོན་ནུས༔ ཐིག་ལེ་མགྲིན་པར་བརྟན༔ དེ་ནས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་དྭངས་མས་གང༔ མི་སློབ་ལམ་གྱི་རྟོགས་པ་མངོན་དུ་གྱུར༔ འོད་གསལ་འོག་མིན་གྱི་ས་བགྲོད༔ ལམ་གྱི་མཁྱེན་རྟོགས་མཐར་ཕྱིན་ནས་མས་བརྟན་གྱི་དགའ་བ་བཞི་མངོན་དུ་གྱུར༔ ས་བཅུ་པའི་ལྟ་བ་རྟོགས༔ ས་ལམ་དུས་གཅིག་ལ་བགྲོད༔ དགའ་བ་བཞི་མངོན་དུ་གྱུར་པའི་དུས་སུ་དེ་ནས་ཡར་སྤྱི་བོའི་གཙུག་ཏོར་རྣམས་གང༔ རྩ་དབུ་མའི་མདུད་པ་སུམ་ཅུ་རྩ་གཉིས་དུས་གཅིག་ལ་གྲོལ་ཞེས་ཀྱང་བྱ༔ སྤངས་རྟོགས་ཀྱི་ཡོན་ཏན་སྐད་ཅིག་ལ་རྫོགས་པ་ཞེས་ཀྱང་བརྗོད༔ གདོད་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་བརྙེས་པའི་དུས་སོ༔ བཅུ་དྲུག་ཡེ་ཤེས་བླ་མའི་ས་མངོན་དུ་གྱུར་པའི་དུས་སོ༔ ཡས་བབས་ཀྱི་དགའ་བ་བཞིའི་དུས་ཚོགས་ལམ་དང༔ སྦྱོར་ལམ་གྱི་དུས་ཡིན་པས་བློའི་ཆོས་ལས་མ་འདས༔ མས་བརྟན་གྱི་དགའ་བ་བཞིའི་དུས་རྩ་དབུ་མའི་མདུད་པ་ཁ་བྱེ་སྟེ་གནས་ལུགས་ཀྱི་རྟོགས་པ་འཆར༔ ཡེ་ཤེས་ཀྱི་མཁྱེན་པ་རྒྱས་པའི་དུས་ཡིན་པས་བློ་ལས་འདས༔ མདོར་ན་མས་བརྟན་གྱི་དགའ་བ་བཞིའི་དུས་འཇིག་རྟེན་ལས་འདས་པའི་ལམ་ཡིན༔ ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པ་ལ་ལམ་ཟབ་མོ་ཕོ་ཉའི་ལམ་བྱ་བ་ཡིན་པས༔ སྙིང་རུས་དང་བརྩོན་འགྲུས་ཆེ་བར་བྱའོ༔ གཉེན་པོ་དང་ལྟ་བ་བརྩོན་འགྲུས་མེད་པས་གཡོ་སྒྱུས་རྡོ་རྗེ་ཐེག་པའི་ཉམས་ལེན་པ་རྣམས་ཀྱི་མིག་ལྟོས་ལ་འགྲན་ཏེ༔ བུད་མེད་འབྱོལ་ཉོག་ཏུ་སྤྱད་ཅིང༔ ཀུནྡ་བྱང་ཆུབ་ཀྱི་སེམས་ཉམས་པས་སོ་སོ་ཐར་པའི་སྡོམ་པ་རྩ་བ་ནས་བརླག༔ འདོད་ཆགས་རང་རྒྱུད་དུ་སྤྱད་པས་བྱང་ཆུབ་སེམས་དཔའི་བསླབ་བྱ་ཉམས༔ ལྷ་ཐམས་ཅད་ཀྱི་སྲོག་སྙིང་ཁམས་ཀྱི་དྭངས་མ་ཡིན་པས་དེ་ཉམས་པས་གསང་སྔགས་ཀྱི་སྡོམ་པ་རྩ་བརླག་ཏུ་སོང༔ སྔགས་ཀྱི་རྩ་བ་ཁམས་ཀྱི་དྭངས་མ་ཡིན་པས༔ དེ་ཉམས་པས་ཡི་དམ་གྱི་ལྷ་བསྐལ་པར་བསྒྲུབས་ཀྱང་སྔགས་ལ་ནུས་པ་མི་ཐོན་པས༔ ཡི་དམ་གྱི་ལྷའི་ཞལ་རི་རབ་ལ་གཟིགས་པས་ཐག་རིང༔ མཁའ་འགྲོ་ཐམས་ཅད་ཀྱི་སྲོག་སྙིང་ཡིན་པས་མཁའ་འགྲོ་རྣམས་ཀྱི་རྩ་སྲོག་བཅད་པས་ཕྲིན་ལས་མི་འགྲུབ༔ ཆོས་སྐྱོང་རྣམས་གྲིབ་ཀྱིས་ནོན་པས་ལས་མི་འགྲུབ༔ དེས་ན་གསང་སྔགས་རྡོ་རྗེ་ཐེག་པའི་རྣལ་འབྱོར་དུ་འདོད་པ་རྣམས་ཀྱིས་ཁམས་དྭངས་མ་མ་ཉམས་པ་ཁག་ཆེ༔ གྲོགས་མཉམ་དུ་འགྲོགས་པའི་རྣལ་འབྱོར་པ་ཡིན་ཡང༔ དམ་ཉམས་དང་སྡོམ་ཉམས་ལས་གྲིབ་ཆེ་བ་མེད་པས༔ དེ་ལ་འཛེམ་པ་ཁག་ཆེ༔ ངའི་བུ་རྒྱུད་གསང་སྔགས་པར་འདོད་པ་རྣམས༔ ཀུནྡ་བྱང་ཆུབ་ཀྱི་སེམས་མིག་གི་འབྲས་བུ་ལྟར་གཅེས་པར་བྱའོ༔ ཡང་རིམ་སྐྱེས་ཀྱི་དགའ་བ་བཞི་ནི༔ དང་པོ་ལས་རྒྱ་དང་སྙོམས་པར་ཞུགས་ཏེ༔ ཐིག་ལེ་སྤྱི་བོ་ནས་མགྲིན་པར་ཕབ་པས་ལུས་ལ་བདེ་དྲོད་སྐྱེ༔ བདེ་བ་རྒྱས༔ ཡེ་ཤེས་ནི་དགའ་བའི་ཡེ་ཤེས༔ གཟུང་འཛིན་གྱི་ཤེས་པ་རགས་པ་སྤངས༔ ས་ནི་ཉན་རང་གི་གྲུབ་མཐའ་སྙོགས༔ དྭངས་མ་སྙིང་གར་བབས་ཏེ༔ དེ་བས་ཀྱང་བདེ་མེར་འབྱུང་སྟེ༔ ཡེ་ཤེས་ནི་མཆོག་དགའི་ཡེ་ཤེས༔ དེས་བདག་འཛིན་གྱི་རྟོག་པ་སྤངས༔ བྱང་ཆུབ་སེམས་དཔའི་གྲུབ་མཐའ་སྙོགས༔ དེ་ནས་ཐིག་ལེ་ལྟེ་བར་སླེབ༔ ལུས་ཐམས་ཅད་བདེ་བས་ཁྱབ་པ་འབྱུང་སྟེ༔ ཡེ་ཤེས་ནི་དགའ་བྲལ་གྱི་ཡེ་ཤེས༔ དེས་ཕྱག་རྒྱར་འཛིན་པའི་རྟོགས་པ་སྤངས༔ གསང་སྔགས་ཀྱི་གྲུབ་མཐའ་སྙོགས༔ དེ་ནས་དྭངས་མ་གསང་གནས་སུ་སླེབ་པས་བདེ་ལ་རྟོག་པ་མེད་པས་སྨྲ་རྒྱུ་མེད་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་འཆར༔ ཡེ་ཤེས་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ༔ དགའ་བ་གསུམ་དུ་འཛིན་པའི་རྟོག་པ་སྤངས༔ གསང་བ་བླ་ན་མེད་པ་རིག་པ་འཛིན་པའི་གྲུབ་མཐའ་སྙོགས༔ དེ་ལྟར་དགའ་བ་བཞི་ངོས་གཟུང༔ བདེ་སྟོང་གི་ངོ་བོ་ལ་བལྟ༔ ཉམས་སུ་མྱོང་ཞིང་བརྗོད་དུ་མེད་པ་གཉུག་མའི་དོན་མཐོང༔ དེའི་ཉམས་མ་ཡེངས་པར་བསྐྱང་བར་བྱའོ༔ ལས་དང་པོའི་དུས་སུ་བདེ་བ་ཆེར་གཡོས་ནས་འཆོར་དོགས་ཆེ་ན༔ གཟུང་བ་ལ་མཁས་པ་རྫིང་གི་ཨུར་མོ་བཀག་པ་ལྟ་བུའི་གདམས་པ་ཉམས་སུ་བླང་བར་བྱའོ༔ བཟུང་ནས་ཡུན་རིང་ན་བདེ་བ་ཆུ་དང་བསྡོངས་ནས་འཛག་ཉེན་ཆེ་བས༔ འགྲེམས་པ་ལ་མཁས་པ་ཁྲོན་པ་ནས་ཆུ་འདྲེན་པ་ལྟ་བུའི་གདམས་པ་ལ་བརྩོན་པར་བྱའོ༔ དྲངས་ནས་མ་བཀྲམ་ན་ལུས་ཀྱི་ནད་དུ་འགྲོ་བས་འགྲེམས་པ་ལ་མཁས་པ་ཞིང་པ་སོ་ནམ་བྱེད་པ་ལྟ་བུའི་གདམས་པ་ལ་བརྩོན་པར་བྱའོ༔ བཀྲམ་ནས་མ་བརྟན་ན་ཐིག་ལེ་འཛག་ཆུ་ལྟ་བུའི་ཚུལ་གྱིས་འཆོར་བས་བརྟན་པར་བྱེད་པ་འཛག་ཆུ་སྡོམ་པའི་མན་ངག་དང་མི་འབྲལ་བར་བྱའོ༔ མཐར་བདེ་སྟོང་དབྱེར་མེད་པ་ཕྱག་རྒྱ་ཆེན་པོའི་དགོངས་པ་མཐར་བསྐྱལ་བར་བྱའོ༔ དེ་རྣམས་ཀྱི་གདམས་པའི་གནད་ཟུར་དུ་གསལ་བས་བལྟ་བར་བྱའོ༔ ཡང་བདེ་བ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་སྦྱར་ན༔ ཡབ་ཡུམ་ལྷར་གསལ་བ་ཚོགས་རྫོགས་པའི་གནས་ཡིན་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ༔ ཐིག་ལེ་སྲོག་ལ་བབས་ཀྱང་མི་ཉམས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ༔ སྡུག་བསྔལ་ཀ་ནས་དག་ནས་ཅིར་སྣང་བདེ་བར་ཤར་བ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ༔ བདེ་བའི་དོན་ལ་ལེ་ལོ་མེད་ཅིང་བསྐུལ་བ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ༔ དེའི་དོན་ལ་གནས་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ༔ བདེ་བ་རང་ངོ་ཤེས་པས་བདེ་སྟོང་དབྱེར་མེད་པར་རྟོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ༔ ཡང་བདེ་བ་དབང་བཞི་དང་སྦྱར་ན༔ ཡབ་ཡུམ་ཡི་དམ་གྱི་ལྷར་གསལ་བ་བུམ་དབང༔ རྩ་མིག་ནས་ཐིག་ལེ་གཡོས་པས་དྲོད་བཙན་ཐབས་སུ་སྐྱེས་པ་གསང་དབང༔ གཟུང་འཛིན་ཕྲ་རགས་ཀྱི་རྟོག་པ་དག་སྟེ༔ སྤྲིན་ནམ་མཁའ་ལ་དྭངས་པ་ལྟ་བུའི་དགོངས་པ་རྟོགས་པ་ནི་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང༔ གཟུང་འཛིན་རྟོག་ཚོགས་ཕྲ་རགས་ཐམས་ཅད་དག་པ་བློ་བྲལ་ཡེ་ཤེས་ཀྱི་བདེ་བ་མངོན་དུ་གྱུར་པ་བཞི་པ་ཚིག་དབང་རིན་པོ་ཆེ༔ བདེ་བ་བསླབ་པ་གསུམ་དང་སྦྱར་ན༔ བདེ་བ་སྐད་ཅིག་ཉམས་པ་མེད་པས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཡོངས་སུ་རྫོགས༔ བདེ་བ་རང་དོན་དུ་མ་སྤྱད་གཞན་དོན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སྤྱད་པས་བྱང་ཆུབ་སེམས་ཀྱི་བསླབ་པ་ཡོངས་སུ་རྫོགས༔ རང་ལུས་ལྷ་དང་ལྷ་མོར་གསལ་བའི་ངང་ནས་བདེ་སྟོང་ཡེ་ཤེས་ཆེན་པོའི་དགོངས་པ་ལས་མི་འདའ་བས་ཐེག་པ་ཆེན་པོ་གསང་སྔགས་ཀྱི་བསླབ་པ་ཡོངས་སུ་རྫོགས༔ ཡང་བདེ་བ་ལམ་བཞི་དང་སྦྱར་ན༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ རང་གཞན་ལྷའི་སྐུ་རུ་གསལ་བའི་ངང་ནས་བདེ་བ་ལ་རོལ་པ་ཚོགས་རྫོགས་པའི་གནས་ཡིན་པས་ཚོགས་སྦྱོར་གཉིས་ཀྱི་ལམ་ཡོངས་སུ་རྫོགས༔ ཡབ་ཡུམ་མཉམ་པར་སྦྱར་ནས་བདེ་སྟོང་གི་རྟོགས་པ་མངོན་དུ་གྱུར་པས་མཐོང་ལམ་གྱི་རྟོགས་པ་མངོན་དུ་སྐྱེ༔ བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་དེ་བསྒོམ་བྱ་སྒོམ་བྱེད་ཀྱི་ཡུལ་མ་ཡིན་པས༔ འཛིན་མེད་དུ་སྐྱོང་དགོས་པས་སྒོམ་ལམ་གྱི་རྟོགས་པ་རྫོགས༔ དེ་ལྟ་བུའི་བསྒོམ་བྱ་སྒོམ་བྱེད་དང་བྲལ་བའི་དོན་དེ་ལ༔ བློ་ཡི་བྱས་ཆོས་ཐམས་ཅད་བྲལ་བས་མི་སློབ་པའི་ལམ་གྱི་དགོངས་པ་མངོན་དུ་གྱུར་པའོ༔ དེ་རྣམས་ནི་བདེ་སྟོང་གི་ཡེ་ཤེས་ས་ལམ་དང་སྦྱར་བའི་རིམ་པའོ༔ ད་ནི་མཐའ་རྟེན་གྱི་མན་ངག་སྟོན་པར་བྱེད་པ་ལ༔ རང་གཞན་ལྷའི་སྐུ་རུ་མ་གསལ་ན་ཐ་མལ་གྱི་འདོད་ཆགས་སུ་འགྲོ་བས༔ བདག་གཞན་བྱིན་གྱིས་རློབ་པ་དང༔ མཁའ་གསང་བྱིན་གྱིས་རློབ་པ་གནད་ཆེ༔ བྱང་ཆུབ་མཆོག་ཏུ་སེམས་མ་བསྐྱེད་ན་ཉན་རང་གི་ཆོས་དང་ཁྱད་མེད་པར་འགྲོ་བས༔ བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ཁག་ཆེ༔ དབབ་པ་ལ་མཁས་པ་རུ་སྦལ་ནུར་འགྲོ་ལྟ་བུ་མ་ཤེས་ན༔ རི་གཟར་གྱི་རྦབ་ལྟར་ལྡོག་པར་དཀའ་བས༔ དབབ་པ་ལ་མཁས་པ་བླ་མའི་མན་ངག་ལ་འདྲིས་པར་བྱ༔ དབབ་པ་ལ་མཁས་ན་བྱ་ཐེངས་པའི་དམག་དང་འདྲ་སྟེ་ལྡོག་ན་ལྡོག་ལོང་ཡོད༔ འཛིན་ན་འཛིན་ལོང་ཡོད༔ ཤེས་པ་ཀ་དག་གི་ངང་དུ་བཞག་པས་དབབ་གཟུང་ལྡོག་དགྲམ་རྣམས་རྩོལ་མེད་རང་ཤུགས་ཀྱིས་འབྱུང་བ་ཞིག་ཡོང༔ དེ་ནི་དབབ་ལེགས་པའི་ཡོན་ཏན་ཡིན༔ དབབ་ཉེས་ན་རི་གཟར་གྱི་རྦབ་དང་འདྲ་སྟེ༔ སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་རྒྱུག་པས༔ དེ་ནི་རྫིང་གི་ཨུར་མོ་བཀག་པ་རྩའི་ཐེམ་བུ་མ་གཏོགས་ལྡོག་དཀའ༔ དེ་ལ་གཉེན་པོ་བསྐྱེད་ནས་སྙིང་ནས་དྲངས་ཀྱང༔ དྭངས་མའི་རྣམ་པ་ཅུང་ཟད་ཙམ་མ་གཏོགས་སྙིགས་མ་ཕྱིར་འབོ་བར་བྱེད་དོ༔ དེས་ན་དབབ་ཉེས་པའི་སྐྱོན་རྣམས་སྤང་བར་བྱའོ༔ རྣལ་འབྱོར་པ་ལས་ཀྱི་ཕྱག་རྒྱ་དང༔ ལག་པའི་ཕྱག་རྒྱ་རྒྱུན་རིང་བར་མ་བརྟེན་པར་དབབ་པ་ལ་མི་མཁས་ན་རྒྱུག༔ རིགས་ངན་གྱི་ལས་རྒྱ་དང་འཕྲད་ན་རྒྱུག༔ ལས་རྒྱ་དེ་ལ་དམ་ཚིག་སེལ་ཡོད་ན་རྒྱུག༔ གནས་མི་གཙང་སར་བསྡད་ན་རྒྱུག༔ ཉིན་པར་ལས་དྲག་ཤུལ་ཆེ་བ་བྱས་ཏེ་མཚན་མོ་ལས་རྒྱ་བསྟེན་ན་རྒྱུག༔ ཟས་གྲིབ་ཅན་ཟོས་ན་རྒྱུག་པས༔ རྣལ་འབྱོར་པ་རྣམས་སྤྱོད་པ་ཞིབ་ཏུ་བརྟགས་ཏེ་སྤྱད་པར་བྱའོ༔ ཐིག་ལེའི་གེགས་བསལ་ནི༔ ཐིག་ལེ་རྒྱས་དྲགས་པས་རྡོ་རྗེ་ཤིང་ལྟར་རེངས་ན་འཕྲུལ་འཁོར་མང་དུ་བྱས་པས་སེལ༔ དེས་མ་སེལ་ན་ལས་ཀྱི་ཕྱག་རྒྱ་མང་དུ་བསྟེན་ནས་འདྲེན་འགྲེམས་ཀྱི་འཕྲུལ་འཁོར་མང་དུ་བྱས་པས་སེལ༔ དེས་མ་སེལ་ན་ཕྱག་རྒྱ་མ་བུ་མི་འབྱུང་བའི་དུས་སུ༔ བྷ་གའི་ནང་དུ་ཞི་ཁྲོའི་ལྷ་ཚོགས་དམིགས་ལ༔ དེ་ལ་མཆོད་པ་ཕུལ་བའི་ཚུལ་གྱིས་བཏང་ངོ༔ དེས་ནི་ཉེས་པ་མི་འབྱུང་ཞིང་ཚོགས་རྫོགས་པར་འགྱུར་རོ༔ དེ་ནས་རིག་མའི་མཁའ་ནས་རབ་ལྕེས་ལེན༔ འབྲིང་ཐུར་མས་བླངས་ཏེ་བདུད་རྩི་ཨ་མྲྀཏ་དང་སྦྱར་ནས༔ རྣལ་འབྱོར་པའི་རྡོ་རྗེའི་ལུས་ཀྱི་ལྷ་གསལ་བཏབ་སྟེ་དེ་ལ་མཆོད་པའི་ཚུལ་གྱིས་ཁ་ནས་མིད་དོ༔ དེ་ལྟར་བྱས་པས་ལྟུང་བ་མི་འབྱུང་ཞིང་ལུས་སྟོབས་མི་འཆོར་བའི་དགོས་པ་ཡོད་དོ༔ དུས་མིན་དུ་རྣལ་འབྱོར་རྩ་རླུང་པ་རྣམས་ཀྱིས་ཐིག་ལེ་མི་གཏོང་བར་མིག་གི་འབྲས་བུ་ལྟར་གཅེས་སྤྲས་བྱའོ༔ རྡོ་རྗེ་སློབ་དཔོན་གྱི་གོ་འཕང་ཐོབ་ནས༔ ཐིག་ལེ་གཏོང་བའི་དུས་རྣམ་པ་བཞི་སྟེ༔ དབང་གི་གསང་བའི་དམ་རྫས་ལ་གཏང་ངོ༔ དམ་རྫས་བདུད་རྩི་རིལ་བུ་སྦྱོར་བའི་དུས༔ གཞན་དོན་དུ་བུ་འཇོག་པའི་དུས༔ གེགས་དྲག་པོ་བྱུང་བའི་དུས་སུ་གཏང་ངོ༔ དུས་དེ་རྣམས་མ་གཏོགས་དུས་མིན་དུ་མི་གཏང་ངོ༔ བཏང་བའི་ཉེས་དམིགས་ནི་གོང་དུ་བཤད་པ་ལྟར་རོ༔ རྣལ་འབྱོར་པ་རྣམས་ཀྱི་གེགས་སེལ་དུས་མིན་པ་མི་གཏང་ངོ༔ རྒྱལ་བསེན་གཞི་བདག་འདྲེ་མོ་གདུག་པ་ཅན་གྱི་རིགས་དང༔ གཞི་བདག་གི་གནོད་པས་ཐིག་ལེ་དངོས་སུ་འཆོར་ན༔ གང་ཟག་ནུས་པ་ཅན་གྱི་བདུད་རྩི་དང་པད་རཱག༔ གུར་གུམ༔ གོ་རོ་ཙ་ན༔ ཉུངས་དཀར་བསྲེགས་པའི་ཐལ་བ༔ ཨ་མྲྀཏ༔ ཁྱི་ནག་གི་བྲུན༔ རྫས་དྲུག་པོ་དར་དམར་པོའི་ཁུད་དུ་བསྟུམས་ལ་སྔགས་འདི་གདབ་བོ༔ ཨོཾ་བཛྲ་ཀརྨ་རཀྴ་ཛྭ་ལ་རཾ༔ སརྦ་ཏྲི་ཁྲི་ཧུར་ཐུམས་རྦད༔ ཅེས་བརྒྱའམ་སྟོང་བཟླས་ལ་རྡོ་རྗེ་ལ་དཀྲིའོ༔ དེས་ཐུབ་པར་འགྱུར་ཏེ༔ ཤིན་ཏུ་ཟབ་བོ༔ ཡང་རྡོ་རྗེ་ལྕགས་ཀྱི་ཕུར་པ་མེ་འབར་བར་བསྒོམས་ཏེ༔ རོ་གོས་དུམ་བུས་དྲིལ་ན་ཡང་ཐུབ་བོ༔ ཡུམ་ལ་ཆགས་པའི་མདངས་ཀྱིས་འཆོར་ན༔ ཡུམ་འོད་དུ་ཞུ་ནས་གསང་བས་རྔུབས་ཏེ༔ བདག་གི་སྙིང་གར་ཐིམ༔ ཆགས་པ་རང་སེམས་བདེ་བ་ལས་ཕྱི་ནས་མེད་པས༔ བདེན་མེད་སྒྱུ་མ་ལྟ་བུར་ཡང་ཡང་བསྒོམ༔ ཡང་ན་ཆོས་ཉིད་ཀ་དག་གི་ངང་ལ་མཉམ་པར་བཞག་པས་སེལ་བར་འགྱུར་རོ༔ ལུས་གྲང་བ་ཆེ་བས་འཆོར་ན༔ རྩ་བ་ལྔའི་སྨན་མར་ལ་སུག་སྨེལ་ཐུན་གཉིས༔ པད་རཱག་ཐུན་གསུམ༔ ཚ་བ་གསུམ་ཐུན་རེ་རེ༔ དེ་རྣམས་བུ་རམ་དང་སྦྱར་ནས་ཟོས་ན་ཐུབ་ངེས་སོ༔ ཡང་གསའ་ལ་སོགས་པ་གཅན་གཟན་དྲོད་ཅན་གྱི་པགས་པ་རྐེད་ལ་དཀྲིས་ན་ཐུབ་ངེས་སོ༔ ཟས་ཀྱིས་འཆོར་ན་ཟས་ངན་པ་གང་གནོད་པ་སྤང༔ རང་གི་བདུད་རྩི་བཟའ༔ མེ་ཏོག་གཡུ་ལོ་རྩ་བ་བཏགས་ནས༔ འོ་མ་ལ་བཏབ་སྟེ་ལྟོ་སྟོང་ལ་འཐུང༔ སྦྲང་ལ་རྟག་ཏུ་ངུ་དང༔ དབང་ལག་བཏབ་སྟེ་ཟའོ༔ དམ་སེལ་གྱིས་འཆོར་ན་སྐོང་བཤགས་བྱ༔ ཡིག་བརྒྱ་ཚོགས་འཁོར་ལ་འབད༔ ཕྱག་རྒྱ་དམ་ཉམས་བླ་འབྲས་ཅན་སྤང་ངོ༔ བསོད་ནམས་ཚོགས་གསོག་ལ་འབད༔ སྔར་གྱི་ལས་རྒྱ་སྤངས་ཏེ༔ དམ་ཚིག་ལ་སེལ་མེད་པའི་ལས་རྒྱ་ལ་སྦྱོར༔ བླ་མ་ལ་དབང་ཡང་ཡང་ཞུའོ༔ ཐིག་ལེ་མ་འདྲོངས་ན་རྡོ་རྗེ་རྩ་འགགས་ཏེ་ཆུ་སྡོམ་པའོ༔ ཚ་བ་ལ་སོགས་པའི་ནད་བྱུང་ན༔ གསང་བའི་རྡོ་རྗེའི་རྩ་བ་མཉེས༔ ཡུམ་ཕྱག་རྒྱ་ལ་མཁའ་གསང་དུ་བླ་མ་ཡབ་ཡུམ་གསལ་བཏབ་སྟེ་མཆོད་པའི་ཚུལ་དུ་འབུལ་ལོ༔ ཐིག་ལེ་རྩ་མིག་ཏུ་འཁར་ནས་ཆུ་འགྲོ་བ་སྙམ་བྱེད་ན༔ འདྲེན་འགྲེམས་ཀྱི་འཕྲུལ་འཁོར་ལ་དྲག་ཏུ་འབད༔ མཛུབ་མོས་རྡོ་རྗེ་དྲག་ཏུ་བཞོ༔ དེས་མ་སེལ་ན་ཐེམ་ཚངས་འབིགས་པའི་སྦྱོར་བ་དྲག་ཏུ་བྱའོ༔ དེའི་རྫས་དེ་ཡང་མ་ཟག་པའི་བདུད་རྩི་ཨ་མྲྀཏ་དང་སྦྱར་ཏེ༔ རང་ལུས་ལྷར་གསལ་བཏབ་སྟེ་མཆོད་པའི་ཚུལ་དུ་འབུལ༔ ཡང་ཆུ་ལམ་འགགས་ན༔ ལྕམ་པའི་རྩ་བ་ལོ་མར་བཅས་པའི་ཐང་ལ༔ སྡིག་སྲིན་བྱང་པ༔ རྒྱ་ཚྭ་རྣམས་བཏབ་པའི་ཐང་བཏང་བས་ཕན་ནོ༔ རང་གི་ཐིག་ལེ་ལ་དབང་ཐོབ་ནས༔ ཡུམ་ཕྱག་རྒྱ་མཚན་དང་ལྡན་པའི་དྭངས་མ་དྲང་བ་ནི༔ རླུང་སྦྱོར་དང༔ རྫས་རྣམ་པ་གཉིས་ལས༔ དེ་ཡང་བཅུད་དང་ལྡན་པའི་ཕྱག་རྒྱ་མ༔ བུད་མེད་བྱིས་པ་ཅན་བདུན་ལས་བྱིས་པ་མེད་པ་གཅིག་དགའ༔ བུད་མེད་ཁྱོ་ཅན་བདུན་ལས་བུད་མེད་མཛེས་མ་རང་དང་བློ་མཐུན་པ་གཅིག་བཅུད་འཕེལ༔ མཛའ་མོ་མཛེས་མ་བདུན་ལས་ན་ཆུང་མ་གཅིག་བདེ་བ་འཕེལ༔ ཡང་བུད་མེད་བཅུ་གསུམ་ནས་ཉེར་ལྔའི་བར་ལ༔ གཞན་ཁམས་འདྲེན་པའི་རིག་མར་བཤད༔ དེ་ཡང་རིགས་དང་ལྡན་པ་བློ་ཆུང་གི་རིགས་མ་ཡིན་པ༔ ལོ་བཅུ་གསུམ་ནས་ཉེར་ལྔའི་བར་གཅིག་ལ་གཞན་ཁམས་ལེན་པར་བྱའོ༔ ཉེར་དྲུག་ནས་སུམ་ཅུ་སོ་ལྔའི་བར་རང་ཁམས་ཀྱི་རྩལ་སྦྱོང་ཙམ་མ་གཏོགས༔ གཞན་གྱི་བདེ་བ་ལེན་པའི་བཅུད་མེད་པའོ༔ རབ་པདྨ་ཅན་གྱི་རྩ་ཁོ་ནས་ཤེས་དགོས་ཏེ༔ པདྨ་ཅན་ལ་ཚེ་ལམ་ཅན་ཞེས་བྱ་ཡོད༔ དེ་ཡང་དཀར་ལ་དམར་བའི་མདངས་ཆགས་པ༔ རཀྟ་འོ་མ་ལྟར་འབབ་པ༔ རྐེད་པ་ཕྲ་བ༔ ལུས་ཆེ་ཆུང་རན་པ༔ ཀྱག་ཀྱོག་དང་ཡ་ཡོ་མེད་པར་དྲང་བ༔ མཛེས་སྡུག་ཡིད་དུ་འོང་བ༔ དེ་མཐོང་བ་ཙམ་གྱིས་བདེ་བ་དཔག་ཏུ་མེད་པ་སྐྱེ་བ༔ བུད་མེད་དེའི་ཤ་ལ་རེག་པས་འཕར་འདར་མི་བཟོད་པ་རང་དབང་མེད་པ་བདེ་ཁྲིལ་འབྱུང་བ༔ དེ་ནི་ལུས་ལ་བཅུད་ཡོད་པས༔ བྷ་གའི་སྟེང་དུ་རྡོ་རྗེ་རེག་ན་སྐད་ངན་དབང་མེད་དུ་འཆོར་བ༔ པདྨའི་ནང་དུ་རྡོ་རྗེ་སིབ་བཅུག་པ་བྱིས་པའི་རྐན་ལྟར་འཇིབ་ཤེས་པ་པདྨ་ཅན་ཞེས་བྱ་སྟེ༔ དེའི་པདྨའི་ནང་སོར་བཞི་ཙམ་ན་རྩ་པདྨ་ཟླུམ་པོའི་དབྱིབས་ལྟར་ཡོད༔ དེ་ལ་རྩ་ཚོལ་བ་ལ༔ ཐོག་མར་འོ་བྱེད་པ་དང༔ མཆུ་འཇིབ་པ་དང༔ སོ་འདེབས་པ་དང༔ ནུ་མ་མཉེ་བ་དང༔ འཁྱུད་པ་དང༔ གཡའ་སྒོག་པ་དང༔ རྡོ་རྗེ་པདྨའི་ཐོ་ཕྱིར་རེག་རེག་བྱེད་པ་དང༔ ཆགས་པའི་གཏམ་སྣ་ཚོགས་བྱས་པས༔ མོ་གདོང་དམར་ཕྱུར་རེ་འོང་བ་དང༔ དབུགས་དངངས༔ ལུས་འདར༔ བྷ་ག་ཆུ་ལྷུག་གིས་འབྱུང་བ་དང༔ འདི་དུས་བདེ་བ་མི་བསྐྱོད་པར་ཤ་ཆང་ཟས་བཅུད་ཅན་གཏང༔ ག་པུར་ལི་ཤི༔ ཙནྡན་དཀར་དམར་ཡང་ལྟོར་གཏང༔ ཕྱག་རྒྱ་ཤིན་ཏུ་དྭངས་མ་རྒྱས་པ་དང༔ དང་པོར་སྙོམས་འཇུག་བྱས༔ བདེ་བ་གཉིས་མཉམ་གྱི་དུས་སུ་དྲངས་པས་འདྲོངས་བ་འབྱུང་ངོ༔ དེ་ནི་རྩ་བཟང་བའི་རིགས་ཅན་ནོ༔ དེས་མ་འདྲོངས་ན་རྩ་བཙལ་བ་ནི༔ ཕྱག་རྒྱ་ལ་ཆང་དང་སྦྲང་དང༔ འབྲི་མར་སྦྱར་བའི་བསྐུ་མཉེ་བྱ༔ དེ་ནས་འཕྱིང་པའི་འབོལ་ལ་རྡོ་རྗེ་དང་མཉམ་པ་ཅུང་ཟད་རིང་བ་ལས༔ རྩེ་མོ་ཅུང་ཟད་ཕྲ་བ་དར་གྱིས་དྲིལ་ལ༔ དེ་བྱ་རྒོད་ཀྱི་ཚིལ་བུ་དང༔ འབྲུ་མར་གྱིས་བྱུགས་ལ༔ དེ་མོའི་བཤང་ལམ་ལ་བཅུག༔ མཁལ་ཁུང་གཉིས་སུ་གྲུ་གུ་ཁུ་ཚུར་ཙམ་རེ་བཅུག་ལ་སྐེ་རགས་སྲབ་མོས་རན་པར་བསྡམ༔ རྒྱབ་ནས་སྒ་བསྟད་ལ་གན་རྐྱལ་དུ་ཉལ་ཏེ༔ དེས་མཁལ་མ་གཉིས་བཤང་ལམ་དུ་བྲོས༔ དེ་བྲོས་པས་མཚན་མའི་ནང་དུ་རྩ་ཉ་ཆུང་ངམ་ནུ་མ་འདྲ་བ་གཉིས་ཡོད༔ བྷ་ག་མཛུབ་མོས་ཁ་ཕྱེ་སྟེ་བལྟས་པས་རྩ་སྣ་རིབ་རིབ་ཡོང༔ དེ་ལ་རྩ་ཁ་འབྱེད་པའི་རྫས་བྱུག༔ རྩ་དེ་མཛུབ་མོས་བཞོས་ཏེ་རིང་ན་སོར་དྲུག༔ འབྲིང་ན་སོར་བཞི༔ ཐུང་ན་སོར་གཉིས་བྷ་གའི་ནང་ནས་ཕྱིར་ཐོན་འོང༔ དེ་རྡོ་རྗེའི་བུ་གར་བཅུག་སྟེ་རྡོ་རྗེ་ཆུ་འཐུང་དུ་བཤད་པ་བཞིན་འདྲེན་བྱས་པས་འདྲོངས་ངེས་སོ༔ དེ་ཡང་བདེ་བ་གཉིས་མཉམ་གྱི་དུས་སུའོ༔ རང་གི་བདེ་བ་བཙན་ས་བཟུང་སྟེ་མོའི་བདེ་བ་བསྐུལ་བའི་འཕྲུལ་འཁོར་ལ་བཅུན་པས༔ རྡོ་རྗེའི་བུ་གར་མོའི་བདེ་བ་ཚ་ཆིལ་གྱིས་ལུག་འོང༔ དེ་བྱུང་བ་དང་ཧཱུྃ་རིང་ཧུྃ་ཐུང་གི་འདྲེན་དྲག་ཏུ་བྱས་པས་འདྲོངས་ངེས་སོ༔ འདྲོངས་པའི་རྟགས་སུ་ལུས་ཚ་ཆིལ་གྱིས་འོང་བ་དང༔ དེ་རྗེས་སུ་བདེ་བ་མི་བཟོད་པ་སྐྱེའོ༔ དེ་ལྟར་བྱུང་བ་དང༔ དགྲམ་པ་གཡང་མོའི་སྤྲུག་ལན་མང་དུ་བྱའོ༔ ཡང་འཕྱིང་རིལ་བྷ་གར་བཅུག་ཚེ་ཕྱག་རྒྱ་སྐད་ངན་འཆོར་ན༔ རང་གི་སྲིན་ལག་གཡོན་པའི་སེན་མོ་བརྡར་ལ༔ རྩ་སྣ་ལ་རྫས་བྱུགས་ན་སྔར་ལྟར་རྩ་རིང་དུ་འགྲོ་བ་ཡང་བཤད༔ རྩ་གཉིས་ཧྲད་ཧྲད་ཧྲུད་ཧྲུད་པ་གཅིག་འབྱུང་བས་བཤང་ལམ་གྱི་བོལ་ལ་བཏོན་ལ་རང་གི་རྡོ་རྗེ་བཅུག་སྟེ་དྲངས་པས་ཀྱང་འདྲོངས༔ ཡང་འཕྱིང་པ་བཏོན་ལ་བཤང་ལམ་དུ་བཅུག༔ ཕྱག་རྒྱའི་ཡན་ལག་བརྒྱངས་ཀྱིས་བསྡམ༔ འཕར་དུ་མི་འཇུག་པར་རྫས་བྱུགས་ལ་རྡོ་རྗེ་བུ་གར་བཅུག༔ རྡོ་རྗེ་ཡར་ཕུལ་བ་ཙམ་གྱིས་འཕྱིང་པ་མར་འཐེན་ནོ༔ རྩ་ཁ་འབྱེད་པའི་རྫས་ནི༔ སྦྲང་རྒོད༔ ཟོ་ཤེ༔ ཁྱི་དཀར་པོའི་མཇེ༔ ཨུག་ཆོས་མེ་ཏོག་གི་རྩ་བ༔ ད་བྱིད༔ ལྡུམ་བུ་རེ་རལ༔ རྒྱ་གཡེར༔ རྒྱ་ཚྭ་དེ་རྣམས་སྦྱར་ཏེ་རྩ་སྣ་ལ་བྱུག་རྡོ་རྗེ་དང་པདྨ་ལ་ཡང་བྱུག༔ དེས་རྩ་ཁ་འབྱེད་དོ༔ རྡོ་རྗེ་པདྨ་ལ་བསྟིམས་ནས་ཡུམ་གྱིས་སྟེང་རླུང་མནན་ཅིང༔ ཆགས་སེམས་དྲག་པོ་བསྐྱེད་ལ༔ སྨད་ཀྱི་འཕྲུལ་འཁོར་ཤེད་ཆུང་བར་བསྐྱེད་པར་བྱས་པས་རྩ་སྣ་ལྡང་སྟེ༔ རྡོ་རྗེའི་བུ་གར་བཙུད་ལ༔ དེའི་ཚེ་བདེ་བ་མི་ཐུབ་དོགས་པ་ཡོང་བས་རང་ལུས་ཀྱི་འདྲེན་འགྲེམས་དྲག་པོ་བྱས་པས༔ རང་ལུས་ཀྱི་བདེ་བ་བརྟན་ཅིང༔ གཞན་ཁམས་ཀྱི་བདེ་བ་འཕྲོག་པའི་འཕྲུལ་འཁོར་ལ་འབད་པར་བྱའོ༔ རང་ལུས་ཀྱི་བདེ་བ་བརྟན་ཅིང་གཞན་ཁམས་ཀྱི་བདེ་བ་འཕྲོག་པའི་འཕྲུལ་འཁོར་ནི༔ རང་ལུས་དཔའ་བོ་རྟ་མགྲིན་དུ་གསལ་བའི་རྟ་མགོ་ལྗང་ཞུར་ལ་དམིགས་པ་གཏད༔ གསང་བའི་རྡོ་རྗེ་བྷ་གའི་སྟེང་འོག་གཡས་གཡོན་དབུས་རྣམས་ལ་དྲག་ཤུལ་དང་ལྡན་པས་བསྐྱོད་པར་བྱའོ༔ བུད་མེད་འདར་བ་དང༔ དངངས་པ་དང༔ འཁུན་བུ་དྲག་ཏུ་འདོན་པའི་དུས་སུ༔ རང་གི་རྡོ་རྗེ་ཁོང་སེང་ཡོད་པའི་ནང་དུ༔ ཧཱུྃ་དམར་པོ་ཞབས་ཀྱུ་པདྨའི་ཟེའུ་འབྲུའི་ཨ་ལ་བརྒྱབས་ཏེ༔ ཧཱུྃ་ཞེས་པའི་སྒྲ་རིང་པོས་སྟེང་དུ་དྲངས་བར་བྱའོ༔ སྤྱི་བོའི་ཧཾ་དང་དབྱེར་མེད་དུ་བསྟིམ༔ སྦྱོར་བ་དྲུག་ལྡན་གྱི་ལུས་གནད་བཅའ༔ དྲག་ཏུ་དྲངས་པས་འདྲོངས་ངེས་སོ༔ ཡང་ཡུམ་གྱིས་ཡབ་ཀྱི་དྭངས་མ་འདྲེན་ན༔ རང་ཕག་མོར་གསལ་བའི་སྤྱི་བོའི་ཕག་ཞལ་ནག་པོ་ལ་དམིགས་པ་གཏད་དེ༔ ཡབ་ཀྱི་འཕོངས་ཚོས་གཡས་གཡོན་ལ་ཡུམ་གྱི་རྟིང་པ་གཡས་གཡོན་གཏད་དེ༔ ལག་པ་གཡས་གཡོན་བསྣོལ་བས་རྐང་པའི་མཐེ་བོང་ལ་འཇུ༔ ཧཱུྃ་ཞེས་པའི་སྒྲ་རིང་པོས་ཡབ་ཀྱི་ཁམས་དྭངས་མ་དངུལ་ཆུ་ལྟ་བུ་དེ་ལྟེ་བའི་གཞིར་གནས་ཀྱི་ཨ་དམར་པོ་དང་གཉིས་སུ་མེད་པར་བསྟིམས་ལ༔ མིག་གྱེན་ལ་ལྡོག༔ ལྕེ་རྐན་ལ་སྦྱར་བ་ལ་སོགས་པའི་ལུས་གནད་སྤྱི་དང་འདྲ༔ བདུན་ནམ་བཅུས་ཡབ་ཀྱི་དྭངས་མ་འདྲོངས་ངེས་སོ༔ ཡབ་བདེ་བ་རྒྱས་པའི་དུས་ལ་མི་འཇོག་པར་དྲག་ཏུ་བསྐྱོད་པ་གནད་ཡིན༔ དེ་རྗེས་འགྲེམས་སུ་གང་འགྲོའི་འཕྲུལ་འཁོར་རྣམས་རྩོལ་བས་གང་ཐོན་བྱེད༔ དྭངས་སྙིགས་དབྱེ་བ་ནི་རྐང་པའི་མཐིལ་སྤྲད་དེ་བྷ་གའི་མདུན་དུ་བཞག༔ ལག་པའི་སོར་མོ་རྣམས་བསྣོལ་ཏེ༔ རྐང་མགོ་གཉིས་བསྡམ༔ འོག་རླུང་ཀློད༔ སྟེང་རླུང་དྲག་ཏུ་མནན༔ རྐང་པ་འཕོངས་ཀྱི་སྟན་ལ་གདབ༔ དེ་རྗེས་སྤྲུག་པ་རེ་བྱ༔ དེས་དྭངས་མ་ལུས་ལ་ཁྲེམས་ཤིང༔ སྙིགས་མ་ཕྱིར་འབོ་བར་བྱེད་དོ༔ ཡབ་ཀྱི་འགྲེམས་བྱེད་པ་ནི༔ ཐིག་ལེ་དཀར་དམར་འདྲེས་པ་ཞོ་རྐྱལ་འོ་མས་བཀང་བ་ལ་ཁྲག་གི་དྭངས་མ་འདྲེས་པ་དང་འདྲ་སྟེ༔ རང་ལ་འོང་བའི་བདེ་བ་ལུས་སྟོབས་རྒྱས་པའི་དུས་སུ༔ ལུས་སྤྲུག་པ་ལ་སོགས་པ་མ་བྱས་ཀྱང་རང་ཤུགས་ཀྱིས་འབྱུང་སྟེ༔ ཐབས་དང་ཤེས་རབ་འབྲེལ་བའི་གནད་དོ༔ ཁྱད་པར་གྱི་འཕྲུལ་འཁོར་སྲིན་ལག་གཉིས་ས་ལ་བཙུགས་ཏེ༔ ལུས་ཀྱི་ལྗིད་སྲིན་མཛུབ་ལ་བཀལ་བས་འདྲེན་འགྲེམས་རྣམས་རང་ཤུགས་ལ་འབྱུང་བ་རྟེན་འབྲེལ་ཡིན༔ རྟག་པར་རྫས་ཀྱིས་དབང་དུ་བསྡུ་སྟེ༔ རྡོ་ཁབ་ལེན༔ སྔོ་རྟག་ཏུ་ངུ༔ ལྕམ་འབྲུ༔ རྒྱ་ཤུག་གི་ཚིག་པ༔ རྒྱ་ཚྭ་རྣམས་འོ་མ་ལ་བཏབ་སྟེ་ཟོས་ན་མུ་དྲཱའི་བཅུད་སྡུད་ངེས་པའོ༔ ཡང་ཡབ་ཀྱིས་རྡོ་ཁབ་ལེན་དང༔ བུར་དཀར་སྦྱོར་བའི་རིལ་བུ་རྒྱུན་དུ་བསྟེན༔ ཡུམ་ལ་ལྕགས་ཕྱེ་དང༔ སྡིག་སྲིན༔ ལྕམ་པ༔ རྒྱ་གཡེར༔ སྦྲང་སྨྱོན་སྦྱར་བའི་རིལ་བུ་གསུམ་སྟེར་ཏེ༔ གཅིག་སྲོད༔ གཅིག་གུང༔ གཅིག་ཐོ་རེངས་དུས་སུ་སྟེར་རོ༔ ཁབ་ལེན་དང་སྦྱར་བའི་རིལ་བུ་ནི༔ ཡུམ་དང་སྦྱོར་བ་བྱེད་དུས་རང་གི་ཁ་ནང་དུ་ལྕེའི་འོག་ཏུ་རྒྱུན་དུ་ཚག་བྱ༔ སྦྱོར་བ་དེས་ཡུམ་དང་ཉིན་མཚན་མེད་པར་མཉམ་དུ་ཉལ་ཀྱང་ཡབ་ཀྱི་བདེ་བ་མི་ཉམས་ཤིང༔ ཡུམ་གྱི་བདེ་བ་བ་སྤུའི་བུ་ག་ཚུན་འདྲོངས་ངེས་པའི་རྫས་སྦྱོར་རོ༔ འདྲོངས་ངེས་པའི་རྟགས་སུ༔ ལུས་ཚ་འུར་འོང་བ་དང༔ བདེ་ཆིལ་ཆིལ་འགྲོ་བ་དང༔ སེམས་འཛིན་མེད་དུ་རང་ཤུགས་ཀྱིས་འགྲོ་བ་རྣམས་འབྱུང༔ དེ་ནི་རྫས་ཀྱིས་དྭངས་མ་དྲང་བའི་གདམས་པའོ༔ འཕྲུལ་འཁོར་གྱིས་དྭངས་མ་དྲང་བ་ནི༔ རྡོ་རྗེ་པདྨའི་ནང་དུ་བཅུག་ན་ཕྱག་རྒྱ་མས་མི་བཟོད་ཅིང༔ རྡོ་རྗེ་ཚ་འུབ་འབྱུང་ཞིང་བདེ་བ་སྐྱེ་དུས༔ རང་གི་དམིགས་པ་སྤྱི་བོར་གཏད་པའི་ངང་ནས༔ རྡོ་རྗེ་བྷ་གའི་གཏིང་དུ་བསྣུན་ཏེ༔ དེ་ནས་ཅུང་ཟད་ཕྱིར་འཐོན་ཏེ༔ ཧཱུྃ་ཧཱུྃ་ཧཱུྃ་ཞེས་རིང་པོར་བརྗོད་པས་རིག་མ་འོད་དུ་ཞུ་ནས་རྡོ་རྗེའི་བུ་ག་ན་ཚུར་དཀར་ནར་བྱུང༔ རྩ་དབུ་མའི་ལམ་ལ་བརྒྱུད་དེ༔ སྤྱི་བོའི་ཧཾ་ཡིག་དང་གཉིས་མེད་དུ་འདྲེས་པར་བསམ༔ དེས་བདེ་བས་ལུས་མགོ་མཇུག་མེད་པར་ཀུན་ལ་ཁྱབ༔ དེའི་ཚེ་བདེ་སྟོང་དབྱེར་མེད་དུ་བཞག་པས༔ དེས་རྡོ་རྗེའི་མགོ་བོ་འཁྱོག་པ་དང༔ ཚ་ཆིལ་ཆིལ་བ་དང༔ རྩེ་ཡམ་ཡམ་ཡོང༔ དེས་བཅུད་འདུས་པའི་རྟགས་སུ་དྲོད་སྐྱེ༔ བཀྲག་མདངས་ཆེ༔ རྣལ་འབྱོར་པའི་ཤ་ཡང་ལྗང་ཕྲུག་ལེགས་པ་ལྟར་ཡོང༔ དེས་མཚན་ལྡན་རིག་མ་བཅུ་དྲུག་ནས་ཉེར་ལྔའི་བར་རྣལ་འབྱོར་རབ་ཀྱིས་ནུབ་རེ་བཞིན་བཅུ་བཅུ༔ འབྲིང་གིས་ལྔ་ལྔ༔ ཐ་མས་གསུམ་གསུམ༔ ཡང་མཐའ་རེ་རེ་བསྟེན་པ་གནད་ཡིན༔ དེ་ལྟར་བསྟེན་པའི་དུས་ན་རླུང་དབུ་མར་ཚུད་པའི་རྟགས་སུ་ཡབ་ཡུམ་གཉིས་ཀའི་སྣ་བུག་གཉིས་ནས་རླུང་ཤས་ཆེར་འབྱུང་ངོ༔ དེའི་ཚེ་བདེ་སྟོང་གཉིས་མེད་ཀྱི་ཉམས་ལུས་ངག་ཡིད་གསུམ་འཛིན་རྟོག་གི་དྲི་མས་མ་གོས་པར་འཛིན་མེད་ཀྱི་ཏིང་འཛིན་རང་ཤུགས་ལ་འབྱུང་ངོ༔ རྣལ་འབྱོར་འོད་གསལ་ཉམས་སུ་ལེན་པ་རྣམས་ཀྱང་ལྔ་ལྡན་གྱི་སྣང་བ་འོད་གསལ་དུ་ལམ་ལམ་པ་འབྱུང་ངོ༔ བདེ་བའི་ཉམས་རྣལ་འབྱོར་དེའི་ལུས་ཚེར་དོང་དུ་གཞུག་ཀྱང་བདེ་ལམ་ལམ་འཆར་བ་འབྱུང༔ ཉམས་དེ་ལྟ་བུ་བྱུང་བ་ནི་སེང་གེ་རྣམ་པར་རོལ་པའི་ཏིང་ངེ་འཛིན་ཞེས་བྱའོ༔ དེ་ནི་ལས་ཀྱི་ཕྱག་རྒྱ་མཚན་དང་ལྡན་པ་བསྟེན་པའི་ཕན་ཡོན་ནོ༔ ཡང་རང་གི་མུ་དྲཱ་ངེས་པ་ཅན་ཡོད་ན༔ དེ་ལ་ཐེག་པ་གོང་འོག་གི་ཆོས་བཤད༔ ཁྱད་པར་དུ་དབང་གསུམ་པའི་ཉམས་ལེན་གསང་སྔགས་ཀྱི་ལམ་གཞུང་ལྟར་འཆུག་པ་མེད་པར་ཉམས་སུ་བླངས་བའི་ཕན་ཡོན་ལ་སོགས་ཞིབ་པར་བཤད་དེ་བློ་ལ་ཤོང་བར་བྱས༔ དེ་ལ་ལས་ཀྱི་མུ་དྲཱ་འབུལ་བའི་གཉེར་བསྐོས་པས༔ གསང་ཐུབ་ཅིང་ནི་གུ་རྣམས་དབང་དུ་འདུ་བར་བྱེད་དོ༔ རླུང་བཙན་ཐབས་སུ་དག་པའི་ཉམས་ལེན་ནི༔ གཡས་གཡོན་དབུས་གསུམ་དུ་དྲག་པོར་དབྱུང༔ དེ་རྗེས་དྲག་པའི་ཚུལ་གྱིས་རྔུབ༔ མདུན་རླུང་ཐུར་དུ་འཕུལ༔ རྒྱབ་རླུང་དྲག་ཏུ་སྟེང་དུ་འཐེན༔ དེ་རྗེས་རླུང་ཕྱིར་མི་བཏང་བར་རང་གར་གློད་དེ་ཤེས་པ་ཀ་དག་གི་ངང་དུ་བཞག་པས༔ རླུང་དབུ་མར་ཚུད་པའི་རྟགས་ཤེས་པ་བདེ་སྟོང་གསལ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངང་ལ་ལྷན་ནེར་རྩེ་གཅིག་ཏུ་གནས་པ་ཞིག་འབྱུང༔ དེ་དབང་བཞིའི་ཡེ་ཤེས་ཀ་དག་སྤྲོས་པ་དང་བྲལ་བ་ཡིན་པར་ངོ་ཤེས་པར་བྱའོ༔ དེའི་ངང་ལས་མི་གཡོ་བའི་ཉམས་བསྐྱང༔ དེ་ཡང་ནང་དུ་ལུས་སེམས་བདེ་བར་འབར་བས༔ ཕྱིར་སྣང་སྲིད་ཐམས་ཅད་བདེ་བར་འཆར་རོ༔ ཟག་པ་མེད་པའི་བདེ་བ་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུན་མི་ཆད་པར་རྟོགས་པའི་ཚེ༔ རང་བྱུང་འཆི་མེད་ཚེའི་དངོས་གྲུབ་ཐོབ་པ་ཡིན་ནོ༔ ཡུམ་གྱི་དྭངས་མ་དྲངས་པའི་རྟགས་དང་ཡོན་ཏན་བསྟན་པ་ནི༔ ཐོག་མར་རང་གི་དྭངས་མ་དབང་དུ་འདུས་པའི་རྟགས་སུ་ལུས་ངག་ཡིད་གསུམ་ལ་བདེ་བ་འབར༔ རྐྱེན་གང་ལ་བརྟེན་ཀྱང་བདེ་བར་འཆར༔ བཀྲག་མདངས་བཟང༔ ནད་དཀོན༔ རྒས་ཁ་སྲ༔ བཀྲེས་སྐོམ་ཙམ་མི་འབྱུང༔ བུད་མེད་དབང་དུ་འདུ༔ ནོར་དང་ལོངས་སྤྱོད་འདུ༔ ཤེས་རབ་ཐོགས་མེད་དུ་འཆར་བ་ལ་སོགས་པ་འབྱུང༔ མུ་དྲཱའི་བཅུད་ལོངས་པའི་རྟགས་སུ་མདོག་དཀར་དམར་འོད་དང་ལྡན༔ གཞོན་ཤ་ཆགས༔ ཁྱད་པར་ཁྲོམ་གསེབ་ཏུ་ཐམས་ཅད་ཟིལ་གྱིས་གནོན༔ མདོག་ཟླ་བ་ཉ་རྒྱས་པ་ལྟར་འབྱུང༔ འགྲོ་བ་དབང་དུ་འདུ༔ བུད་མེད་ཀུན་གྱི་ཡིད་འཕྲོག༔ ཁྱད་པར་དུ་རིགས་བཟང་རྩ་བཟང་ཐམས་ཅད་དབང་དུ་འདུ༔ ཤ་ལྗང་པ་ལྟར་འོང༔ གསུང་བཟང༔ ཅི་སྨྲས་ཆོས་སུ་འོང༔ གདུལ་བྱ་དང་ཕྲིན་ལས་འགྲུབ༔ ས་འོག་ས་སྟེང་གི་གཏེར་དང་ནོར་ལ་སྤྱོད༔ མཁའ་འགྲོས་ལུང་སྟོན༔ སྙན་གྲགས་ཕྱོགས་བཅུར་ཁྱབ༔ བདེ་སྟོང་ཉམས་ཀྱིས་དུས་ཀུན་ཏུ་ལ་ཟླ་བར་འགྱུར་རོ༔ མཐར་ཐུག་འབྲས་བུ་ཐོབ་ཚུལ་ནི༔ ཐུན་མོང་གི་འབྲས་བུ་གོང་དུ་བཤད་པའི་ཡོན་ཏན་རྣམས་དང༔ ཕྲིན་ལས་རྣམ་བཞི་འགྲུབ༔ གྲུབ་རྟགས་གྲུབ་ཆེན་བརྒྱད་ལ་སོགས་པ་འགྲུབ༔ མཆོག་གི་དངོས་གྲུབ་ཟག་མེད་ཀྱི་བདེ་བ་མཐར་ཐུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆོས་སྐུ་ཐོབ༔ ལུས་ཀྱི་རྩ་མདུད་རང་སར་གྲོལ་ནས་ཟག་མེད་རྡོ་རྗེ་ལྟ་བུའི་འཇའ་ལུས་གྲུབ་ནས་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ༔ ངག་གིས་གང་ལ་གང་འདུལ་དུ་ཆོས་སྟོན་པས་སྤྲུལ་པ་སྣ་ཚོགས་རྒྱུན་མི་ཆད༔ སྤྲུལ་སྐུས་འགྲོ་བ་འདྲེན་པའོ༔ དེ་གསུམ་དབྱེར་མེད་དུ་ལྷུན་གྱིས་གྲུབ་པས་བདེ་བ་ཆེན་པོའི་སྐུ་ཐོབ༔ དུས་འདིར་རབ་ཚེ་འདིར་རྡོ་རྗེའི་སྐུ་འགྲུབ༔ འབྲིང་བར་དོ་ནས་མཁའ་སྤྱོད་དུ་འགྲོ༔ ཐ་མ་སྐྱེ་བ་གཅིག་གིས་འཚང་རྒྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཧོ༔ ཡང་ཟབ་འབྲས་བུ་མཐར་ཐུག་པ༔ རྫོགས་པ་ཆེན་པོའི་རྣལ་འབྱོར་རྣམས༔ དགའ་བཞི་ཟག་མེད་ཡེ་ཤེས་ཀྱི༔ ཉམས་ལེན་རྩེ་གཅིག་འབུངས་པ་ཡིས༔ ཟག་མེད་འོད་གསལ་སྐུ་ཐོབ་ནས༔ ཚེ་འདིར་ཀུན་བཟང་དགོངས་པ་འགྲུབ༔ མོད་ལ་འགྲོ་བ་སེམས་ཅན་ལ༔ གང་འདུལ་སྤྲུལ་པ་བསྟན་ནས་ཀྱང༔ སེམས་ཅན་སངས་རྒྱས་ས་ལ་འགོད༔ མཆོག་དང་ཐུན་མོང་དངོས་གྲུབ་ནི༔ ཇི་ལྟར་སྨྲོས་པ་བཞིན་དུ་འགྲུབ༔ རྡོ་རྗེ་ཕག་མོའི་ཟབ་ཁྲིད་འདི༔ མ་འོངས་དོན་དུ་གཏེར་དུ་སྦས༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བྱང་ཟང་ཟང་ལྷ་བྲག་གི་སྐེད་ནུབ་ཟངས་མཛོད་དམར་པོ་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་སྤྱན་དྲངས་ནས་སླར་ཡང་མང་ཡུལ་གྱི་རི་བོ་དཔལ་འབར་དུ་སྦས་པ། པདྨ་ཚེ་དབང་རྒྱལ་པོས་སྤྱན་དྲངས་པའོ། །སརྦ་མངྒ་ལཾ།། །། ༈ རྡོ་རྗེ་ཕག་མོའི་ཟབ་ཁྲིད་ལས༔ རྡོ་རྗེ་ཆུ་འཐུང་ཟབ་མོ་བཞུགས་སོ༔ ྈྈྈྈྈྈ བདེ་ཆེན་པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་པ་ལས་ཀྱི་མུ་དྲཱ་བསྟེན་འདོད་པའི་རིགས་ཅན་གྱིས༔ གསང་སྔགས་ཟབ་མོའི་ཟབ་ཁྲིད༔ ལས་ཀྱི་ཕྱག་རྒྱ་མཚན་དང་ལྡན་པའི་བཅུད་འཐུང་བར་བྱེད་པ་ལ༔ ཐོག་མར་རང་ལུས་ཀྱི་རྩལ་སྦྱང༔ རང་གི་ཁམས་ལ་བརྟན་པ་ཐོབ་པར་བྱས་ཏེ༔ དེ་ནས་ཡུམ་མུ་དྲཱ་མཚན་དང་ལྡན་པའི་དྭངས་མ་འདྲེན་པའོ༔ དེ་ཡང་མུ་དྲཱ་ཡིད་དུ་འོང་བ༔ མཚན་དང་ལྡན་པ༔ བྷ་ག་དྲོད་ཆེ་ཞིང་རུབ་པ༔ ལོ་བཅུ་གསུམ་ཙམ་ནས་ཉེར་ལྔའི་བར་ལ་ཡོད་པ༔ མིག་སེར་དང་ཕྲག་དོག་ལ་སོགས་པ་འཇིག་རྟེན་པའི་སྐྱོན་གྱིས་མ་གོས་པ༔ དེ་ཐབས་སྣ་ཚོགས་ཀྱིས་དབང་དུ་བསྡུས་ཏེ་ལྷན་ཅིག་ཏུ་འོ་དང་འཁྱུད་པ་དང་ལྕེ་འཇིབ་པ་དང༔ ཆགས་པའི་གཏམ་སྣ་ཚོགས་ཀྱིས་བདེ་བ་བསྐྱེད་པར་བྱས་ཏེ༔ དེ་ནས་མུ་དྲཱ་དེ་ངོ་དམར་ངམ་པ་དང༔ དབུགས་རྔམས་པ་དང༔ སྐད་དང་ཡན་ལག་འདར་བ་འབྱུང་སྟེ༔ ཡབ་ཡུམ་རྟ་ཕག་གི་བསྐྱེད་རྫོགས་དང་ལྡན་པར་བྱས་ལ༔ མཁའ་གསང་བྱིན་གྱིས་བརླབ༔ རྩ་བཙལ་བ་ལ་སོགས་པ་གཏོང་ཐུན་དུ་བཤད་པ་ལྟར་བྱ་ཞིང༔ དེ་ནས་བདག་གཞན་གྱི་མཁའ་གསང་མཉམ་དུ་སྦྱར་ལ༔ བདེ་བ་བསྐྱོད་པ་རུ་སྦལ་གྱི་ནུར་འགྲོས་ལྟར་དགའ་བ་བཞི་ངོས་གཟུང་ཞིང་བསྐྱོད༔ བདེ་བ་ཆེར་གཡོས་ཏེ་ཤོར་དོགས་ན༔ རྡོ་རྗེ་ནོར་བུའི་རྩེ་མོར་ཧཱུྃ་ནག་པོ་མགོ་བོ་གྱེན་དུ་བསྟན་པ་ལ་དམིགས་པ་གཏད༔ ཤེས་པ་ཀ་དག་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་རང་སོ་གཟུང༔ དེ་ནས་ཧཱུྃ་མཐིང་ནག་ལ་ཤེས་པ་གཏད་དོ༔ ཅེས་གསུངས་ཀྱང༔ ལས་དང་པོ་པ་དམིགས་པ་ཤེས་པ་ལ་གཏོད་ཕུར་འདོགས་པའི་དུས་ཡིན༔ རྣལ་འབྱོར་ཆེན་པོ་རྣམས་ཀྱིས་བདེ་སྟོང་དབྱེར་མེད་རིག་པ་རྒྱ་ཡན་དུ་སྐྱོང་བ་རང་ཟབ་ཅིང་བོགས་ཆེ༔ དེ་ནས་གཟུང་བ་དང་ཟློག་པ་གཞན་ལུས་ལྟར་རྩལ་སྦྱང༔ ཕྱག་རྒྱའི་བཅུད་འཕྲོག་པ་ནི༔ རྩ་སྣ་གཉིས་སྤྲད་དེ༔ རྡོ་རྗེའི་རྩེ་མོ་ནས་རྩ་འཁོར་ལྔའི་དབུས་སྟོང་སིང་བ་ཡོད་པར་བསམ༔ རྩ་དབུ་མ་དེ་ཡང་ཡར་རྩེ་ཚངས་བུག་དང་མར་སྣ་བྷ་གའི་དཀྱིལ་ན་སླེབ་པ་ཁྲག་དང་ཆུ་སེར་གྱིས་མ་གང་བ༔ མཚན་ཉིད་བཞི་དང་ལྡན་པར་བསྒོམ༔ དེ་ནས་ཧཱུྃ་རིང་པོའི་ཁོང་འདྲེན་དབུ་མའི་ལམ་ལ་ནར་དྲངས་པས༔ ཧཱུྃ་ལ་ཧཱུྃ་མཆེད་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་ཕུལ་བར་བསམ་ལ༔ ཧཱུྃ་རིང་ཧུྃ་ཐུང་རྒྱུན་མ་ཆད་པར་རྒྱུ་ཞབས་སྒལ་བ་ལ་སྦྱར་ཞིང༔ སྟོད་དུ་ཚང་ཚང་དྲང༔ ཡང་རང་ཁ་སྦུབ་ཏུ་འདུག་རྐང་པ་གཉིས་ཤད་བརྐྱངས་པའི་མཛུབ་མོ་གཉིས་ས་ལ་བཙུགས༔ ལག་པའི་མཐེ་བོང་གཉིས་ཀྱིས་སྲིན་མཛུབ་བསྡམ་མཛུབ་མོ་ཤད་བརྐྱངས་ཏེ༔ དཔྱི་གཡས་གཡོན་གྱི་ཐད་དུ་བརྒྱང༔ ལུས་པོ་གཞན་རྣམས་ས་ལ་མ་རེག་པར་ཧཱུྃ་ཞེས་པའི་སྒྲ་རིང་པོས་རིག་མའི་ཁམས་དམར་པོ་རྒྱ་སྐྱེགས་ལྟ་བུར་ཞུ་བ་དེ༔ དབུ་མའི་ལམ་ལ་ཧཱུྃ་གི་སྣ་ལ་ཅུར་ཅུར་བྱུང་བར་བསམ་སྟེ༔ འཁོར་ལོ་བཞི་ལ་རིམ་གྱིས་བསྟིམ༔ མཐར་སྤྱི་བོའི་ཧཾ་ལ་གཉིས་མེད་དུ་ཐིམ་པར་བསམ་སྟེ༔ གསུས་པ་སྒལ་པ་ལ་སྦྱར༔ འོག་རླུང་དྲག་ཏུ་འཐེན༔ ཨོས་ཀོས་ཨོལ་མདུད་མནན༔ མིག་གྱེན་དུ་བཟློག༔ རོ་འཛིན་མཁའ་ལ་སྦྱར་བ་ལ་སོགས་པ་འཕྲུལ་འཁོར་སྤྱིའི་བཅའ་གཞི་དང་མཐུན་པར་བཅའ༔ རྩ་འཁོར་ལོ་རེ་རེ་ལ་རླུང་ཐེབས་གསུམ་གསུམ་གྱིས་འདྲོངས་ངེས་ཐག་ཆོད༔ འདྲོངས་པའི་རྟགས་ཤར་ནས་དགྲམ་པ་ལ་མཁས་པ་གཡང་མོའི་སྤྲུག་པ་ལ་སོགས་པ་རྩོལ་བ་ཆེར་བྱའོ༔ རྗེས་སུ་དྭངས་སྙིགས་འབྱེད་པ་ཨ་ལོང་འབྱེད་འཛུམ་གྱི་གདམས་པ་མང་དུ་བྱས་པས་དྭངས་མ་ལུས་སྟོབས་སུ་འགྱུར་ཞིང༔ སྙིགས་མ་ཕྱིར་འབོ་བར་བྱེད༔ རྗེས་སུ་སེང་གེ་རྣམ་རོལ་གྱི་འཕྲུལ་འཁོར་མང་དུ་བྱས་པས་གེགས་སེལ་ལོ༔ ཡང་ན་ཤེས་པ་ཀ་དག་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ངང་དུ་མཉམ་པར་བཞག་སྟེ༔ སྟེང་རླུང་ཡང་རང་སོར་མཉམ་པར་བཞག་པས་གེགས་མི་འབྱུང་བའི་གནད་དོ༔ དམིགས་པ་མཚན་བཅས་ལ་གཏོད་པ་ནི༔ དམིགས་པ་གང་གཏད་དུ་ཐིག་ལེ་འདྲིལ་འགྲོ་བས་གེགས་མི་འབྱུང་བའི་རྒྱུ་མཚན་ཡང་དེ་ཡིན༔ ཤེས་པ་ཀ་དག་གི་ངང་དུ་མཉམ་པར་བཞག་པས་འཛིན་པའི་སྐྱོན་གྱིས་མ་གོས་ཤིང་གེགས་ཀྱང་རང་སར་གྲོལ་བའི་གནད་དོ༔ དེ་ནི་རྡོ་རྗེ་ཆུ་འཐུང་དངོས་གཞིའི་ལུས་གནད་དང་དམིགས་པ་སྐྱོང་ལུགས་བསྟན་པའོ༔ འདིའི་དུས་སུ་ཕྱག་རྒྱ་ལ་ཛཱ་ཏི༔ ལི་ཤི༔ གུར་གུམ་རྣམས་འབྲི་མར་ལ་སྦྱར་ཏེ་བྱུག་པར་བྱའོ༔ སྔོན་དུ་སྦྱང་བ་ནི༔ སྦྱོར་བ་དྲུག་ལྡན་གྱི་ལུས་གནད་བཅས་ཏེ༔ ངག་འདྲེན་ཧཱུྃ་རིང་ཧུྃ་ཐུང་ལ་ལུས་ལ་ཉི་མ་མ་ཕོག་པ་ཟླ་བའི་བར་དུ་སྦྱངས་པས་ཡུམ་གྱི་དྭངས་མ་ལ་དབང་ནུས་པ་ཡིན་ནོ༔ འདི་ལ་རྩེ་གཅིག་གནད་དུ་བསྣུན་པ་ཁག་ཆེ༔ ཕྱིས་རྡོ་རྗེ་འོ་མ་ལ་གཏད་ནས་རླུང་གནད་འདི་ལ་སྦྱངས་ན་འདྲོངས་ངེས་པ་འབྱུང༔ ལྦ་བ་ཡང་སྦུབས་སུ་ནུབ་པར་འགྱུར༔ ཕྱག་རྒྱའི་བྷ་གར་ཐིག་ལེ་ཕབ་སྟེ་དེ་མ་ཐག་ཏུ་དྲངས་ཀྱང་འདྲོངས་པར་འགྱུར་རོ༔ རང་གི་དྭངས་མ་ལ་བརྟན་པ་ཐོབ་ནས་ཡུམ་ཕྱག་རྒྱའི་མཚན་ཉིད་མའི་དྭངས་མ་དྲང་བར་བྱའོ༔ ཡུམ་དེ་ལ་ཡང་བཅུད་སྐྱོན་མེད་པར་ཡོད་ངེས་ལ༔ སྟེང་ནས་དྲང་བ་དང༔ འོག་ནས་དྲང་བ་དང༔ བར་ནས་དྲང་བ་གསུམ་མོ༔ འོག་ནས་དྲང་བ་ནི་འོག་རླུང་ཐུར་སེར་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་པས་འོག་ནས་དྲང༔ བར་ནས་དྲང་བ་ནི༔ རང་ལུས་ལྷ་སྐུར་གསལ་ཞིང་དམ་རྫས་བདུད་རྩི་མྱོང་བའི་རྣལ་འབྱོར་པ་རྣམས་ཀྱིས་ཡུམ་མཚན་ལྡན་རྣམས་ཀྱི་དྭངས་མ་བབས་པའི་དུས་སུ་ཁ་རུ་བདུད་རྩི་ཨ་མྲྀཏ་བཏབ་སྟེ༔ སྨྱུག་སྦུབས་ཀྱིས་ཡུམ་གྱི་དྭངས་མ་འཐུང་བར་བྱ༔ ཁ་ནང་དུ་བདུད་རྩི་ཨ་མྲྀཏ་དང་དྭངས་མ་ལྕེས་དཀྲོགས་ཏེ་འདྲེས་པར་བྱས་ལ༔ རང་ལུས་རྩ་ཁམས་ཡི་དམ་གྱི་ལྷར་གསལ་བ་ལ་མཆོད་པའི་ཚུལ་གྱིས་འབུལ༔ དེས་ནི་ཚོགས་རྫོགས་ཤིང་གསང་སྔགས་ཀྱི་དམ་རྫས་ཁྱད་པར་ཅན་ལ་རོལ་བས་ཚེ་རིང་བའི་མཆོག་ཏུ་འགྱུར༔ རྗེས་ལ་ལུས་སྤྲུག་པ་ནི་གདམས་པའི་གནད་དོ༔ སྟེང་ནས་དྲང་བ་ནི༔ ཁམས་དང་ལུས་སྟོབས་རྒྱས་པར་འདོད་པའི་རྣལ་འབྱོར་པས༔ ཡུམ་ཕྱག་རྒྱ་མཚན་དང་ལྡན་པའི་དྭངས་མའི་དུས་སུ་ཡུམ་གྱི་རྐེད་པ་ལ་གོས་ཀྱི་འབོལ་བྱས༔ པདྨའི་འོག་ཏུ་འཁར་སྡེར་བཞག༔ པདྨ་ལ་ཉི་མ་མ་ཕོག་པར་རང་གི་སྣ་གཡས་སུ་སྨྱུག་མའི་སིར་བཅུག་སྟེ༔ རླུང་དྲག་པོ་ནང་ལ་རྔུབ་པས་དྭངས་མ་སྟོད་ནས་འབྱུང་བར་ཐེ་ཚོམ་མེད་དོ༔ མཐར་ལུས་སྤྲུག་པ་ལ་སོགས་པའི་འཕྲུལ་འཁོར་བྱ༔ འཐུང་བའི་དུས་ཀྱི་དམིགས་པ་ནི༔ མདུན་གྱི་ནམ་མཁའི་དབྱིངས་སུ༔ པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ་བླ་མ་བཅོམ་ལྡན་འདས་ཚེ་དཔག་མེད་ཡབ་ཡུམ་གསལ་བཏབ་ནས་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་དཔག་ཏུ་མེད་པ་བབས༔ རང་གི་སྤྱི་བོ་དང་སྣའི་སྒོ་ལ་དྭངས་མ་ཚེའི་ཆུ་རྒྱུན་ཞུགས་ཏེ༔ ལུས་ཐམས་ཅད་དཀར་དམར་གྱི་བདེ་བས་ཁེངས་པ་ལ་དམིགས་པ་གཏད་དེ༔ རླུང་དྲག་ཏུ་རྔུབས་པས་འདྲོངས་ངེས་སོ༔ འདིའི་དུས་སུ་སྣ་གཡས་ལ་ཐེམ་བུའི་ལམ་མ་གཏོགས༔ སྣ་གཉིས་ཀྱི་ལམ་མཛུབ་མོས་བཀག་སྟེ་དྲངས་པས་ཚབ་ཆེ་བར་འདྲོངས༔ རྗེས་དགྲམ་པའི་འཕྲུལ་འཁོར་ལ་ནན་ཏན་ཆེར་བྱའོ༔ དེ་ལྟར་བྱས་པས་ཡུམ་གྱི་དྭངས་མ་ལ་དབང་བའི་རྟགས་སུ་ལུས་ཤ་མདོག་དམར༔ སྐྲ་དཀར་དང་གཉེར་མ་མི་འབྱུང་ངོ༔ དམ་རྫས་ལ་བརྟེན་པའི་ཚེ་སྒྲུབ་ཀྱི་མཆོག་ཡིན་པས་ཚེ་རིང༔ ལུས་ཀྱི་བཀྲགས་མདངས་ཀྱང་རྒྱས་པར་འགྱུར་རོ༔ འདིའི་དམ་ཚིག་ཏུ་གཟུང་འཛིན་གྱི་རྟོག་པས་མ་བསླད་པར་བྱའོ༔ འོག་ནས་འདྲེན་པའི་ཞལ་གདམས་ལ༔ ཡུམ་ཕྱག་རྒྱ་མཚན་ལྡན་ལ་ཐབས་སྣ་ཚོགས་ཀྱིས་བདེ་བ་བསླངས༔ སྡིག་སྲིན་བྱང་ནག་བྱ་ཕོ་མཚལ་ལུའི་ཨོག་ཞོལ་རྣམས་བཏང་ལ་རྩ་ཁ་ཕྱེ༔ མོའི་རྐེད་པ་མན་དུ་བྱུགས་པ་བྱ༔ དེ་ནས་བསྐྱེད་རིམ་རྩ་བའི་དམིགས་པ་དང་ལྡན་པས་ཞུགས་ཏེ༔ རྡོ་རྗེ་བྷ་གའི་གཏིང་རིང་བར་ཕུལ་ལ་བདེ་བ་ཡུན་དུ་སྤོར༔ རང་བདེ་བ་རང་ཚོ་གཟུང་ཞིང་ཕྱག་རྒྱ་སྐྱོད་དུ་འཇུག་པ་གནད་ཡིན༔ མོ་བདེ་བ་ཁྱད་པར་ཅན་སྐྱེས་པའི་དུས༔ མོའི་རྐེད་པ་ཅར་གྱིས་བསྡམས་ལ་རང་གི་ལུས་མ་འཁྱོགས་པར་དྲང་པོར་བྱས་ཏེ༔ མོའི་རཀྟ་འབབ་ལམ་རྩ་རྐྱང་མ་ཁ་ཕྱེ་བ་ལ་རང་གི་རྡོ་རྗེ་སྨྱུགས་སྦུབས་ཀྱི་ཁ་ལྟ་བུ་དེས་རཀྟའི་སྙིགས་མ་སྦང་མ་ལྟ་བུའི་གསེབ་ནས་དྭངས་མ་གར་ཆང་ལྟ་བུ་དེ་རྡོ་རྗེའི་སྦུ་གུས་ཧུབ་ཀྱིས་འཐུང་སྟེ༔ རླུང་གནད་དམིགས་པའི་གནད་རྣམས་དང་བསྟུན་ཏེ༔ དབུ་མའི་ལམ་ལ་བ་ཐག་ལྟ་བུའམ་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟར་དྲངས་ལ༔ སྤྱི་བོའི་ཧཾ་ཡིག་ཐིག་ལེ་བཅུ་དྲུག་གིས་བསྐོར་བ་ལ་ཐིམ་པར་བསམ༔ ཁོང་འདྲེན་དྲག་ལ་རིང་བས་དྲངས་ཤིང༔ རྐང་པའི་མཐེ་བོང་གུག་པའི་སྦྱོར་བས་་་ཁ་བུབ་ལག་གཉིས་མཐེབ་མོས་སྲིན་མཛུབ་མནན༔ མཛུབ་མོ་དང་གུང་མོ་བསྒྲེངས་པའི་སྡིགས་མཛུབ་དཔྱི་གཡས་གཡོན་དུ་བརྐྱང༔ རྐང་པའི་མཐེབ་མཛུབ་ནང་དུ་སྐུམ་མེ་བའི་ངོས་ནས༔ མཐེ་བོང་མ་གཏོགས་ས་ལ་མ་རེག་པར་བྱ༔ སྲིན་པོའི་རླུང་སྟེང་ལ་དྲག་ཏུ་འཐེན༔ སྦྱོར་བ་དྲུག་ལ་གླིང་བཞི་མེད་པའོ༔ ཞལ་གདམས་ཡིན༔ དྲག་ཏུ་དྲང་ངོ༔ ཡུམ་དྲན་མེད་དུ་བརྒྱལ་བ་དང༔ ལུས་གྲུ་གུ་དང་འདྲ་བར་རིལ་མོར་འདྲིལ་བ་དང༔ མོས་མི་བཟོད་པར་ཙབ་ཙུབ་བྱེད་པ་དང༔ རང་དབང་མེད་པར་སྐད་ངན་འདོན་ན་འདྲོངས་པའི་རྟགས་སོ༔ ངེས་པར་རྡོ་རྗེ་མགོ་བོ་འཁྱོགས་པ་སྙམ་བྱེད་པ་དང༔ རྩེ་ཡམ་པ་དང༔ སྦྲིད་བེར་བ་དང་དྲོད་ཚ་ཆིལ་འབྱུང་སྟེ༔ ཐེ་ཚོམ་མེད་པར་འདྲོངས་པའི་རྟགས་སོ༔ དེ་ནས་ཡུམ་དང་ཕྲལ་ཏེ་དམིགས་མེད་ཀ་དག་གི་ངང་དུ་བཞག༔ དེ་ནས་ཡན་ལག་བཞི་དང་ལུས་ཐམས་ཅད་དུས་གཅིག་ལ་སྤྲུག༔ སེང་གེ་རྣམ་རོལ་དང་རྩ་མིག་ཏུ་གདབ་པའི་འཕྲུལ་འཁོར་བྱ༔ ཐབས་ཤེས་འདྲེས་པའི་གནད་ཀྱིས་འགྲེམས་མ་བྱས་ཀྱང་རང་འགྲེམས་ཀྱང་འབྱུང༔ རྣལ་འབྱོར་པའི་ཤ་ལྗང་པ་ལྟ་བུའི་མདོག་ཤིན་ཏུ་ལེགས་པར་འགྱུར་རོ༔ ཕྱག་རྒྱ་མ་བཀྲག་འཆོར་བས་གསོ་བར་བྱའོ༔ དེ་ལྟར་མ་བྱས་ན་ཕྱག་རྒྱ་མ་མྱུར་དུ་རྒས་འགྲོ༔ གཞན་འདི་ལས་མི་གསལ་བའི་གེགས་སེལ་དང་འཕྲུལ་འཁོར་རྣམས་ཟུར་དུ་གསལ་བས་དེར་བལྟའོ༔ ཨེ་མ་ཡང་ཟབ་མཁའ་འགྲོའི་སྙིང་ཁྲག་ཆོས༔ རྡོ་རྗེ་ཕག་མོའི་ཟབ་ཁྲིད་གདམས་པ་འདི༔ སྤེལ་བར་ཕངས་ཏེ་མཚོ་རྒྱལ་ཁྱོད་ལ་གཏད༔ མ་སྤེལ་རིན་ཆེན་ས་ལ་གཏེར་དུ་སྦོས༔ ཕྱི་མ་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ཅེས་ཤོག་སེར་ལ་གདམས་ཏེ་ཟང་ཟང་ལྷ་བྲག་གི་རྐེད་ཟངས་མཛོད་དམར་པོར་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་གཏེར་ནས་སྤྱན་དྲངས་ཏེ་མང་ཡུལ་རི་བོ་དཔལ་འབར་དུ་སྦས་པ། སླར་ཡང་གཏེར་སྟོན་ཚེ་དབང་རྒྱལ་པོས་སྤྱན་དྲངས་པའོ།། །། ༈ རྡོ་རྗེ་ཕག་མོའི་ཟབ་ཁྲིད་ལས༔ ལས་ཀྱི་མཁའ་འགྲོའི་ཉམས་ལེན་གསང་ཁྲིད་ཡིད་བཞིན་ནོར་བུ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈ པདྨ་མཁའ་འགྲོ་ལ་ཕྱག་འཚལ་ལོ༔ ཡེ་ཤེས་མཁའ་འགྲོའི་ཟབ་ཁྲིད་ལས༔ ལས་ཀྱི་མཁའ་འགྲོ་མཚན་ལྡན་ནི༔ བདེ་ཆེན་གནས་སུ་ཁྲིད་འདོད་ན༔ ཉམས་ཁྲིད་གསེར་གྱི་ཡང་ཞུན་བསྟན༔ དེ་ལ་སྤྱི་དོན་རྣམ་གསུམ་སྟེ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ༔ དང་པོ་ནི་རང་གི་ཕྱག་རྒྱ་མཚན་ལྡན་ཤེས་རབ་ཆེ་བ༔ རྒྱུད་ལྡན་དམ་ཚིག་གཙང་བ༔ ཡུན་དུ་འགྲོགས་ཡུན་རིང་བས་བརྙས་པ་ལ་སོགས་པའི་སྐྱོན་མེད་པ༔ ཁ་རེངས་རྒྱུད་གྱོང་མིའི་སྐྱོན་གྱིས་མ་གོས་པ༔ ལུས་གཡེལ་ཞིང་འཁྱོར་བ་མ་ཡིན་པ༔ བླ་མ་ལ་སངས་རྒྱས་ཀྱི་མོས་གུས་སྐྱེད་ཅིང༔ ཅི་གསུངས་བཀའ་བཞིན་སྒྲུབ་པ༔ ཤེས་རབ་དང་བློ་ཆེ་བས་ཐེག་པ་གོང་འོག་གི་ཤན་ཕྱེད་པ༔ ཆོས་ཕྱོགས་ཀྱི་བྱ་བ་ལ་བརྩོན་འགྲུས་དང་སྙིང་རུས་འཛོམ་པ༔ འཆི་བ་སྙིང་ནས་དྲན་པས་སྒྲུབ་པ་ལ་ཆིག་དྲིལ་དུ་བྱེད་པ༔ ལས་དང་ལྡན་པ་གསུམ་ལས་མང་མི་རུང་སྟེ༔ རེ་རེ་བཞིན་དུ་ཉམས་མྱོང་དང་ལྡན་པས་ཁྲིད་པར་བྱའོ༔ དང་པོ་ནི་ཤེས་རབ་མ་དེ་ཡང་ལུས་དལ་བས་བཀུ་མཉེ་དང༔ ཟས་བཅུད་ཅན་བཟའ་བ་དང༔ གཏུམ་མོའི་རྩོལ་བ་དང༔ ལུས་སྦྱོང་ལ་ཡུན་རིང་དུ་འབད་དུ་གཞུག༔ དེ་ནས་རྫས་ཀྱི་སྦྱོར་བ་ནི༔ དབང་ལག༔ འབྲས་བུ་གསུམ༔ རྟག་ཏུ་ངུ༔ མེ་ཏོག་སྣ་ཚོགས་ཀྱི་ཁཎྜ་རིལ་བུར་སྦྱར་ཏེ་ལྟོ་སྟོང་གི་དུས་སུ་བཟའ༔ ཉྭ་བཞི་བསྒྲིམས་ལ་རླུང་སྦྱོར་ལ་དྲག་ཏུ་འབད༔ ཁྱད་པར་ལྟེ་བའི་པདྨ་ཌཱ་ཀི་ཡབ་ཡུམ་གསལ་བཏབ་སྟེ་སྦྱོར་བ་མཛད༔ སྦྱོར་མཚམས་ནས་བྱང་སེམས་དཀའ་དམར་དཔག་ཏུ་མེད་པ་བབས་ཏེ༔ ལྟེ་བའི་རྩ་འདབ་མ་ལུས་པ་དཀར་དམར་དྭངས་མས་ལྟེམ་གྱིས་གང་བར་བསམ༔ རླུང་ལྟེ་བའི་ཐད་དུ་ཧྲིལ་ཧྲིལ་དྲིལ༔ ལྟེ་བ་གཡས་སྐོར་གཡོན་སྐོར་གྱི་ཚུལ་གྱིས་འཕྲུལ་འཁོར་ལ་འབད་པས༔ ལུས་ཀྱི་རྩ་མདུད་རྣམས་དྭངས་མས་གང་བས་བདེ་བ་རྒྱས༔ འཛག་པ་སྙམ་བྱེད་ན༔ རླུང་སྟོང་འདྲེན་དྲག་པོའི་སྒོ་ནས་རྐང་མཐིལ་སྤྲད༔ ལག་པ་སོར་མོ་བསྣོལ་བས་རྐང་མགོ་བསྡམས་ཏེ༔ རྐང་པས་མར་འཐེན༔ ལག་པས་སྟེང་དུ་འཐེན༔ རྒྱ་མཚོ་རི་རབ་ལ་སྦྱར༔ ཨོལ་ཀོས་ཨོལ་མདུད་མནན༔ མིག་གྱེན་ལ་ལྡོག༔ རོ་འཛིན་སྟེང་དུ་བསྐྱོད༔ དམིགས་པ་བྷ་གའི་ནང་ནས་ཁམས་དཀར་དམར་འདྲེས་པ་དབུ་མའི་ལམ་ལ་བརྒྱུད༔ སྤྱི་བོའི་བླ་མ་ཡབ་ཡུམ་ལ་མཆོད་པའི་ཚུལ་གྱིས་ཕུལ༔ དེ་རྗེས་ལུས་གནད་དེ་ཀའི་སྟེང་ནས་རླུང་ནང་དུ་གཟུང༔ གདན་ལ་རྐང་དང་འཕོངས་རེ་མོས་བརྡབ་ཅིང་སྤྲུག་པའོ༔ རྗེས་ཀ་དག་གི་ངང་ལ་རྒྱུན་རིང་བཞག༔ དེས་བདེ་བ་ལུས་ལ་འཁྲེམས་ཤིང༔ བདེ་བའི་ཟུག་གཟེར་གྱི་ནད་ཞི་བའོ༔ འཕྲུལ་འཁོར་འདིའི་གནད་མེད་ན༔ བུད་མེད་ལ་བདེ་བའི་ཟུག་གཟེར་གྱི་ནད་བྱུང་ན༔ དགེ་སྦྱོར་མཉམ་གཞག་གི་སྟེང་དུ་མི་གནས་པར་རི་ཁྲོད་དབེན་པ་བརྟེན་ཀྱང་གྲོང་ཡུལ་དུ་འཁྱམས་སྙིང་འདོད༔ སྐྱེས་པ་འབའ་ཞིག་སྙིང་ལ་ཀམ་ཀམ་པ་འབྱུང་བས༔ དེ་ལ་འཕྲུལ་འཁོར་འདིའི་གནད་དང་ལྡན་པ་གཅེས་སོ༔ འདིའི་དུས་སུ་གསང་བ་ཡིད་སྦྱོར་ལ་བསླབ་པ༔ སོར་མོའི་འདུ་བྱེད་ལ་བསླབ་པ༔ བོལ་ལ་དངོས་ལ་བསླབ་པ༔ བློ་ཆེན་གཞན་ལུས་ཧེ་རུ་ཀའི་སྦྱོར་བ་ལ་བསླབ་པའོ༔ དང་པོ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད༔ རྩ་བ་གསུམ་གྱི་ལྷ་ཚོགས་ལ་གསོལ་བ་གདབ༔ བདག་ཉིད་སྐད་ཅིག་དྲན་རྫོགས་སུ༔ རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ་མངོན་རྟོགས་ལྟར་གསལ༔ དེའི་བྷ་ག་པདྨའི་འདབ་མ་བཞི་པ་ཟེའུ་འབྲུ་ལ་ཨས་མཚན་པ་བསྐྱེད༔ རྩ་འཁོར་ལྔ་ལ་ཡང༔ སྙིང་གར་མཿལས་སངས་རྒྱས་མཁའ་འགྲོ༔ སྤྱི་བོར་ཧ་ལས་རྡོ་རྗེ་མཁའ་འགྲོ༔ མགྲིན་པར་རི་ལས་རིན་ཆེན་མཁའ་འགྲོ༔ ལྟེ་བར་ནི་ལས་པདྨ་མཁའ་འགྲོ༔ གསང་གནས་སུ་ས་ལས་ལས་ཀྱི་མཁའ་འགྲོ༔ གྲངས་སྐུ་མདོག་ཕྱག་མཚན་བདེ་ཆེན་གསང་སྒྲུབ་ལྟར་བྱེད༔ དེའི་མདུན་དུ་རང་ཉིད་ཆགས་པ་སྐྱེད་པར་བྱེད་པའི་ཐབས་དེ་ཡང༔ ཡབ་དཔའ་བོ་རྟ་མགྲིན་སྐུ་མདོག་ཕྱག་མཚན་མངོན་རྟོགས་ལྟར་བསྐྱེད༔ སྙིང་གར་ཧྲཱིཿལས་སངས་རྒྱས་དཔའ་བོ༔ སྤྱི་བོར་ར་ལས་རྡོ་རྗེ་དཔའ་བོ༔ མགྲིན་པར་ཙ་ལས་རིན་ཆེན་དཔའ་བོ༔ ལྟེ་བར་ཧྲི་ལས་པདྨ་དཔའ་བོ༔ གསང་གནས་སུ་ཡ་ལས་ལས་ཀྱི་དཔའ་བོ༔ གྲངས་སྐུ་མདོག་ཕྱག་མཚན་བདེ་ཆེན་གསང་སྒྲུབ་ལྟར་བསྐྱེད༔ ཡབ་ཀྱི་གསང་བའི་རྡོ་རྗེ་དེ་རྡོ་རྗེ་རྩེ་ལྔ་པ་མཁའ་འགྲོ་རྣམས་མཆོད་པའི་རྫས་ཀྱིས་གང་བར་བསྐྱེད༔ ཡབ་ཡུམ་གྱི་བ་སྤུའི་བུ་ག་ཐམས་ཅད་དུ་སྣ་ཚོགས་ཌཱ་ཀི་ཡབ་ཡུམ་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟ་བུར་བསྐྱེད༔ བདག་གཞན་དེ་ལྟར་བསྐྱེད་པའི་འཁོར་དུ་ཤར་དུ་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ༔ ལྷོར་རིན་ཆེན་མཁའ་འགྲོ་ཡབ་ཡུམ༔ ནུབ་ཏུ་པདྨ་མཁའ་འགྲོ་ཡབ་ཡུམ༔ བྱང་དུ་ལས་ཀྱི་མཁའ་འགྲོ་ཡབ་ཡུམ༔ ཁོར་ཡུག་ལ་སྣ་ཚོགས་མཁའ་འགྲོ་ཡབ་ཡུམ་བསམ་གྱིས་མི་ཁྱབ་པར་གསལ་གདབ༔ བདག་ཉིད་ཀྱི་པདྨ་འདབ་མ་བཞི་པའི་དབུས་སུ་སངས་རྒྱས་ཌཱ་ཀི་ཡབ་ཡུམ༔ མདུན་དུ་རྡོ་རྗེ་ཌཱ་ཀི་ཡབ་ཡུམ༔ གཡས་སུ་རིན་ཆེན་ཌཱ་ཀི་ཡབ་ཡུམ༔ རྒྱབ་ཏུ་པདྨ་ཌཱ་ཀི་ཡབ་ཡུམ༔ གཡོན་དུ་ལས་ཀྱི་ཌཱ་ཀི་ཡབ་ཡུམ་རྣམས་གསལ་བར་བསྐྱེད༔ དེ་ལྟར་བསྐྱེད་པའི་ཡབ་ཡུམ་གཉིས་མཁའ་གསང་བསྣོལ་མར་སྦྱར་ཏེ༔ ཡབ་ཡུམ་གཉིས་ཀྱང་འཇིག་རྟེན་འཛིན་པའི་སྐྱོན་གྱིས་མ་གོས་པར་འབུ་འགྲོས་ཀྱིས་བདེ་བ་བསྐུལ་བར་དམིགས་ཏེ༔ དེ་ཡང་སྤྱི་བོའི་རྡོ་རྗེ་ཌཱ་ཀི་ཡབ་ཡུམ་སྦྱོར་བ་ནས་དབུ་གཟུང༔ ཌཱ་ཀི་གསང་སྒྲུབ་ཏུ་བཤད་པའི་རྩ་ཁམས་དཔའ་བོ་ཌཱ་ཀི་གསང་སྒྲུབ་ལྟར་སྦྱོར་བ་རྣམས་ནི་གོང་དུ་བཤད་པས་ཤེས༔ ལུས་བདེ་ཆིལ་བྱུང་བ་དང༔ པདྨའི་སྐྱིལ་ཀྲུང་གིས་རྟིང་པ་གཉིས་བཤང་ལམ་དང་བྷ་ག་འཛོམ་པར་སྤྲད༔ ལག་གཉིས་ཁུ་ཚུར་བཅང་པ་པུས་མོའི་སྟེང་དུ་གཏད་དེ༔ ངག་ཏུ་ཧྲིང་ཞེས་པའི་ངག་འདྲེན་དྲག་པོའི་སྒོ་ནས་སྟེང་སྒོ་རུ་དྲང༔ དབུ་མའི་ལམ་ནས་བརྒྱུད་དེ་སྤྱི་བོའི་བླ་མ་ཡབ་ཡུམ་ལ་མཆོད་པ་ཕུལ༔ འཕྲུལ་འཁོར་ནི་སྦྱོར་བ་བཞི་ལ་སོགས་པ་སྔར་བཤད་པས་ཤེས༔ དམིགས་པ་ནི་ཡི་གེ་ཧྲཱིཿདམར་པོ་ཚེག་དྲག་དང་ལྡན་པ་མཁའ་འགྲོའི་སྲོག་ཡིག་དང་ལྡན་པ་དེ་ལ༔ ཡབ་ཀྱི་གསང་བའི་རྡོ་རྗེ་ནས་མཁའ་འགྲོ་མཆོད་པའི་རྫས་ག་པུར་གྱི་རྒྱུན་ལྟར་བབས་པ་ཧྲཱིཿཡིག་སྣ་ལ་དྲངས༔ དབུ་མའི་ལམ་ལ་ཞུགས༔ སྤྱི་བོའི་བླ་མ་ཡབ་ཡུམ་ལ་མཆོད་པ་ཕུལ༔ གསང་གནས་ལྟེ་བ་སྙིང་ག་མགྲིན་པ་སྤྱི་བོ་རྣམས་ཀྱི་ཌཱ་ཀི་ཡབ་ཡུམ་ལ་མཆོད་པ་འབུལ་བ་གསང་སྒྲུབ་ཏུ་བཤད་པས་ཤེས༔ རྗེས་ལ་གཡང་མོའི་སྤྲུག༔ གྱི་ལིང་གི་ཁྲེས་མཆོང་རྒྱུག་བྱེད་པ་རྣམས་ཀྱིས་ལུས་ལ་དགྲམ༔ རྗེས་སུ་ཤེས་པ་ཀ་དག་གི་ངང་དུ་བཞག་ནས་བར་རླུང་ཐད་ཀར་བརྒྱངས་པས་བརྟན་པར་འགྱུར༔ ཐོག་མར་ཡི་དམ་གྱི་ལྷར་གསལ་བ་མེ་ལོང་ནང་གི་གཟུགས་བརྙན་ལྟར་ཤེས་པ་ཁག་ཆེ༔ དེ་ནས་དབབ་པ་ལ་མཁས་པ་རུ་སྦལ་གྱི་ནུར་འགྲོས་ལྟ་བུས་བསྐུལ་བ་ཁག་ཆེ༔ གཟུང་བ་ལ་མཁས་པ་བླ་མའི་གདམས་པ་་་དམིགས་པ་སྤྱི་བོར་གཏད་མར་མི་འབེབ༔ མཆན།རྡོ་རྗེ་མཁའ་འགྲོའི་སྦྱོརར་བ་དང༔ རླུང་རང་སོར་གློད་པ་དང༔ གཉེན་པོ་དྲག་པོའི་སྟོབས་མ་ཤོར་བ་གསུམ་སུམ་སྤྲུག་ཏུ་བྱེད་པ་ཁག་ཆེ༔ དེ་ནས་འདྲེན་པ་ལ་མཁས་པ་སྟག་མོའི་སྐྱུག་ཅེས་པ༔ མཐིལ་བཞི་ས་ལ་ཕབ་སྟེ་ངག་ཏུ་ཧཱ་ཧཱག་ཅེས་པས་སྒུར་སྟེ་དྲག་ཏུ་འཐེན་པའོ༔ འཕྲུལ་འཁོར་ཆུན་དང་བཅས་པས་རེ་རེ་ལ་གསུམ་གསུམ་བྱེད་པ་གནད་ཡིན༔ ཝའི་སྣོམ་གྱིས་གཡས་ནས་དྲངས་ཏེ་གཡས་ཕྱོགས་སུ་འབུད་པ་གསུམ༔ གཡོན་ནས་དྲངས་ཏེ་གཡོན་ཕྱོགས་སུ་འབུད་པ་གསུམ༔ དབུས་ནས་དྲངས་ཏེ་དབུས་སུ་འབུད་པ་གསུམ༔ ལུས་གནད་ནི༔ གཡས་ཕྱོགས་སུ་རྐང་པ་སྐྱིལ་ཀྲུང་ཅུང་ཟད་ཙོག་པུ་ལ་ལག་གཉིས་ཁུ་ཚུར་ནུ་སྟེང་དུ་ཕྱིར་བསྟན་པའོ༔ དམིགས་པ་ནི༔ གསང་གནས་ནས་ཧཱུྃ་གི་སྣ་ལ་ཁམས་དཀར་དམར་འདྲེས་པ་དབུ་མའི་ལམ་ལ་དྲངས་ཏེ༔ ཌཱ་ཀི་སྡེ་ལྔ་དང་བླ་མ་ལ་འབུལ་བ་སྔར་བཞིན་བྱའོ༔ ཚ་མེས་སྐྱིལ་ཚུལ་གྱིས་བར་དུ་བསྐྱིལ་བ་ནི༔ ཚ་མེས་སྐྱིལ་ཚུལ་ཞེས་བྱ་བ༔ རྐང་པ་སྐྱིལ་ཀྲུང་ལ༔ ལག་པ་ཁུ་ཚུར་པུས་སྟེང་དུ་བཞག༔ རླུང་བར་རླུང་ཐད་ཀར་བརྒྱངས་ཏེ་ཤེས་པ་ཀ་དག་གི་ངང་དུ་བཞག་གོ༔ མིག་ཧར་གདངས་ཀྱི་ཚུལ་གྱིས་འཛོམ་གསུམ་ལ་བགྲད་དེ་བལྟ༔ དོམ་གྱི་སྤྲུག་་་གཡང་མོ་དང་འདྲ། མཆན།སྟངས་ཀྱིས་ལུས་མགོ་མཇུག་མ་ལུས་པ་བསིགས་ཏེ་སྤྲུག་པའོ༔ ལག་གཉིས་ཀྱང་གཞུ་འགེངས་པའི་ཕྱག་རྒྱ་རེ་མོས་སུ་བྱ༔ སྨད་བསྐོར་ཏེ་སྐྱིལ་ཀྲུང་སྟན་ལ་བརྡེག༔ རྐང་པ་སྐྱིལ་ཀྲུང་བྱས་ཏེ་ཁུ་ཚུར་པུས་མོ་གཡས་གཡོན་སྟེང་དུ་བརྒྱང༔ ཨོལ་ཀོས་ཨོལ་མདུད་མནན༔ སྟོད་ཕར་གཅུ་ཚུར་གཅུ་གསུམ་གསུམ་བྱེད༔ ལུས་ཐམས་ཅད་འཕུར་སུབ་བྱེད༔ སེངྒེ་རྣལ་རོལ་གྱི་ཕྱག་རྒྱ་མང་དུ་བྱས་པས་གེགས་སེལ་ལོ༔ རྗེས་སུ་རླུང་བུམ་ཅན་གཟུང༔ ཤེས་པ་དམིགས་མེད་ཀ་དག་གི་ངང་དུ་རྒྱུན་རིང་དུ་བཞག་གོ༔ ཐུན་མཇུག་ཏུ་བསྔོ་བ་སྨོན་ལམ་གྱི་རྒྱས་གདབ༔ དགའ་བ་བཞིའི་ཉམས་མྱོང་རྒྱུན་ཆད་མེད་པར་བསྐྱང༔ ལག་ལེན་འདི་ནི་ཡིད་རིག༔ བོལ་ལ༔ གཞན་ལུས་རྣམས་དེ་ཀུན་ལ་སྦྱར་བར་བྱའོ༔ གཉིས་པ་བོལ་ལའི་སྦྱོར་བ་ལ་གཉིས་ཏེ༔ རང་གི་སོར་མོ་ལ་བསྟེན་པ་དང༔ བོལ་ལ་དངོས་སོ༔ རང་གི་སོར་མོ་ལ་བསྟེན་པ་ནི༔ གོ་སླ་བས་མ་བཀོད་དོ༔ བོལ་ལ་དངོས་ནི༔ སྨྱུག་མའི་སྦུབས་མཐོ་གང་པ་གཅིག་ལ༔ དེའི་ནང་དུ་ར་ཐུག་ལུག་ཐུག་གི་རྨོང་སྤུ༔ བོང་བུའི་ཁུ་བ༔ སྐྱེས་པ་ཡིད་དུ་འོང་བའི་ཁུ་བ་རྣམས་བླུག༔ དེའི་ཕྱི་ཕྱིང་པས་དྲིལ༔ ཁ་ཁྱེར་དང་ལྡན་པ་བཅོས་ལ་དེའི་ཕྱི་དར་རམ་གོས་ཆེན་གྱིས་དྲིལ༔ སྦོམ་ཕྲ་རྡོ་རྗེའི་ཚད་དུ་བཅོས་ལ༔ དེའི་ཕྱི་སྤྲ་ཚིལ་བྱུགས་ཏེ་འཇམ་པ་བྷ་ག་ལ་མི་གནོད་པ་བྱས༔ དེའི་ཕྱིར་གསང་བའི་རྫས་བཞི་པོ་བྱུག༔ དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད༔ རང་གི་ཡིད་དུ་འོང་བའི་དཔའ་བོ་མཛེས་ལྡན་མདུན་དུ་ཡོད་པར་དམིགས་ལ༔ ཆགས་ཅན་གྱི་སྤྱོད་པ་འོ་བྱེད་པ་དང༔ སྐེ་ལ་འཁྱུད་པ་དང༔ གཡའ་སྒོག་པ་དང༔ གསང་བའི་རྡོ་རྗེ་དང་པདྨ་ཉུག་པ་ལ་སོགས་ཆགས་པ་སྐྱེ་བའི་སྤྱོད་པ་སྣ་ཚོགས་བྱས་པས༔ ཆགས་པ་སྐྱེས་པའི་རྟགས་པདྨ་རླན་འཇིར་བྱུང་བ་དང༔ བདག་གཞན་མཁའ་གསང་བྱིན་གྱིས་བརླབ༔ ཡབ་ཡུམ་སྙོམས་པར་ཞུགས་པའི་ཚུལ་གྱིས་རང་ཉིད་ཅུང་ཟད་གན་རྐྱལ་དུ་ཉལ༔ ལག་གཡོན་པུས་མོའི་འོག་རྐང་པའི་ཕྲ་མཚམས་ནས་བཟུང་སྟེ༔ ལག་གཡས་ཀྱིས་བོལ་ལ་ཉི་མ་ལ་ཅུད་ཟད་ཚ་འཇམ་བྱས་ཏེ༔ པདྨའི་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་རེག་ཙམ་རེག་ཙམ་བྱས་མཉེས་པས༔ ཆགས་པ་སྐྱེས་པའི་རྟགས་སུ་དབུགས་རྔམས་པ་དང༔ ལུས་འདར་བ་ལ་སོགས་པ་འབྱུང༔ དེ་ལྟར་བྱུང་བ་དང་བོ་ལ་པདྨའི་ནང་དུ་བཅུག་སྟེ༔ འགུལ་བསྐྱོད་ལ་སོགས་པ་ཡིད་སྦྱོར་ལྟར་ལ་དལ་བུས་བསྲུབ༔ རང་གིས་ཀྱང་པདྨ་སྨད་ཀྱི་སྦྱོར་བ་ལ་དལ་བུས་ཁྱེར༔ བདེ་ལམ་བྱུང་དུས་བོལ་ལ་དང་སྨད་ཀྱི་འཕྲུལ་འཁོར་བཤོལ་ཏེ༔ དམིགས་པ་སྤྱི་བོའི་རྡོ་རྗེ་ཌཱ་ཀི་ཡབ་ཡུམ་སྙོམས་པར་ཞུགས་པ་ལ་གཏད༔ མིག་གཉིས་ཀྱང་བསྐོར་བའི་འཕྲུལ་འཁོར་དལ་བུས་བྱེད༔ དེ་ནས་ཀ་དག་གི་ངང་ལ་བཞག༔ བདེ་བ་ཡལ་བ་དང༔ ཡང་སྨད་ཀྱི་འཕྲུལ་འཁོར་དང་བོལ་ལ་དལ་བུས་བསྐྱོད༔ བདེ་ཤིག་བྱུང་བ་དང་གློད་པ་དང༔ རྩ་ཁམས་རིགས་ལྔའི་དཔའ་བོ་མཁའ་འགྲོ་ལ་མཆོད་པ་འབུལ་བ་གོང་བཞིན་བྱེད༔ དེ་ཡང་དབབ་པ་ལ་མཁས་པ་རུ་སྦལ་གྱི་ནུར་འགྲོས་བླ་མའི་མན་ངག་ལྟར་བྱ༔ གཟུང་བ་ལ་མཁས་པ་རྫིང་གི་ཨོར་མོ་བཀག་པ་ལྟ་བུ་ནི༔ རབ་ལྟ་བས་གཟུང་བ༔ འབྲིང་རླུང་སྦྱོར་གྱིས་གཟུང་བ༔ ཐ་མ་གཉེན་པོ་དང་རྩའི་ཐེམ་བུས་གཟུང་བའོ༔ དེ་ཡང་གཉེན་པོ་ནི་ལྟ་བ་དང༔ རླུང་སྦྱོར༔ ཐེམ་བུ་གསུམ་ཀ་དེ་ཀའི་སྟེང་དུ་དགོས་པས༔ ཐོག་མ་ཉིད་ནས་ཀུནྡ་བྱང་ཆུབ་ཀྱི་སེམས་མ་ཉམས་པར་བྱའོ༔ ལྟ་བ་ཀ་དག་གི་སྒོ་ནས་གཟུང་བ་ནི༔ བོལ་ལའི་རྐྱེན་གྱིས་ལུས་བདེ་ཤིག་བྱུང་བ་དང༔ བདེ་བ་དེ་ག་ངོ་བོ་ཀ་དག་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་སྟེང་དུ་རང་ངོ་ཤེས༔ ཤེས་ཐོག་ཏུ་འཛིན་པས་མ་བསླད་པར་འཛིན་མེད་དུ་འཇོག་པའོ༔ དེས་བདེ་བ་དང་སྟོང་པ་ཐུག་ཕྲད་དུ་རྗེན་ཅེ་རེ་ཉམས་སུ་ལེན་པ་རྣལ་འབྱོར་པ་རབ་ཀྱི་ཉམས་ལེན་ནོ༔ འདི་ཐོག་ཏུ་བྱན་ཆུད་པ་ཞིག་གིས༔ རྗེས་འགྲེམས་ལ་སོགས་པ་བྱེད་པ་གོང་བཞིན་ནོ༔ འབྲིང་རླུང་སྦྱོར་གྱིས་འཛིན་པ་ནི༔ བོལ་ལ་དང་སྨད་ཀྱི་འཕྲུལ་འཁོར་གྱི་སྦྱོར་བས་བདེ་ཆིལ་བྱུང་བ་དང༔ བར་རླུང་ཐད་ཀར་བརྒྱང༔ དམིགས་པ་དཔྲལ་བའི་དབྱིངས་སུ་གཡུང་དྲུང་དམར་པོ་གཡས་སྐོར་དུ་འཁྱིལ་བ་ལ་དམིགས་པ་གཏད༔ ཡང་བདེ་བ་ཡལ་བ་དང་བསྲུབ་པ་ལ་སོགས་པ་སྔར་བཞིན་བྱའོ༔ ཐ་མ་ཐེམ་བུས་གཟུང་བ་ནི༔ བོལ་ལ་དང་སྨད་ཀྱི་འཕྲུལ་འཁོར་སྔར་བཞིན་བྱས་པས་ལུས་བདེ་ཆིལ་གྱིས་འབྱུང༔ དེ་བྱུང་བ་དང་སྤུ་དཀར་ནག་གི་མཚམས་ཀྱི་རུས་པ་ཡོད་མེད་ཀྱི་གསུས་པ་ལག་པའི་མཛུབ་མོ་བཞིས་ཚིར་གྱིས་མནན་པ་དང༔ དམིགས་པ་སྤྱི་བོའི་བླ་མ་ཡབ་ཡུམ་སྦྱོར་བ་བྱེད་པ་ལ་གཏོད༔ དེས་བདེ་བའང་འཛག་མེད་དུ་འཆིང༔ དེ་ནས་འདྲེན་པ་དང་དགྲམ་པ་ལ་སོགས་པ་རྩོལ་བ་མི་ཞན་པར་བྱའོ༔ རྗེས་པདྨ་མཁའ་འགྲོའི་འཕྲུལ་འཁོར་འདི་མ་ཆག་པར་བྱ་ཞིང༔ དམར་པོ་ཟློག་པའི་འཕྲུལ་འཁོར་རྣམས་ཀྱང་གསུམ་གསུམ་དུ་བྱའོ༔ པདྨ་མཁའ་འགྲོའི་འཕྲུལ་འཁོར་ནི༔ རྐང་པ་གཉིས་གཤིབ་ནས་མདུན་དུ་དྲག་ཏུ་བརྐྱང༔ རྐང་པའི་བོལ་གཉིས་ཀྱི་ཐད་དུ་ལག་པ་གཉིས་ཁུ་ཚུར་བརྒྱང༔ དེ་ནས་ཁུ་ཚུར་གཡས་ཀྱི་སྟེང་དུ་རྟིང་པ་གཡས་ཁྱེར་ཏེ༔ མིག་ཟུར་གཡས་སུ་འདེགས༔ གཡོན་གྱི་རྐང་ལག་ས་ལ་བརྒྱངས་པའོ༔ གཡོན་ལའང་དེ་བཞིན་དུ་འདྲ་བར་བྱའོ༔ རྗེས་པུུས་མོའི་སྟེང་ནས་ལག་གཉིས་ཡར་དྲངས་ཏེ༔ གཞག་ཤ་བརྡབ་པ་དང་བསྟུན༔ འཕོངས་སྟན་ལ་རྡེབ་པ་དང་ལུས་དྲག་ཏུ་སྤྲུག་པའོ༔ དེས་ནི་འཛིན་འགྲེམས་དགྲམ་གསུམ་དུས་མཉམ་གཅིག་ཏུ་རྫོགས་པ་འདི་ནི་པདྨ་མཁའ་འགྲོའི་འཕྲུལ་འཁོར་རོ༔ དམར་མོ་དབང་དུ་སྡུད་པ་རིན་ཆེན་མཁའ་འགྲོའི་འཕྲུལ་འཁོར་ནི༔ རྐང་པའི་པུས་མོ་གཉིས་བརྩེགས༔ རྐང་པའི་མཐེ་བོང་གཉིས་དཔྱི་གཡས་གཡོན་གྱི་ཐད་དུ་སླེབ་པར་བྱ་སྟེ༔ ལག་པ་རྒྱབ་ཏུ་བསྣོལ་བའི་མཛུབ་མོ་མཐེ་བོང་ཕན་ཚུན་འཇུས་ཏེ༔ ཧཱུྃ་རིང་ཧུྃ་ཐུང་གིས་དྲག་ཏུ་དྲང་བར་བྱའོ༔ རྡོ་རྗེ་མཁའ་འགྲོའི་འཕྲུལ་འཁོར་གྱིས་དྭངས་མ་དམར་པོ་དྲང་བ་ནི༔ པུས་མོ་བརྩེགས་པའི་ལུས་གནད་སྔར་དང་འདྲ་བ་ལ༔ ལག་པ་གཉིས་ཀྱི་སོར་མོ་རྣམས་བསྣོལ་ཏེ༔ པུས་མོ་བརྩེགས་པ་ལ་ཧྲིལ་འཇུས༔ རླུང་གནད་ཧཱུྃ་རིང་ཧུྃ་ཐུང་གིས་གཡས་སུ་གསུམ༔ གཡོན་དུ་གསུམ༔ དབུས་སུ་གསུམ་དྲང་བར་བྱའོ༔ ཀརྨ་མཁའ་འགྲོའི་འཕྲུལ་འཁོར་གྱིས་ཉི་མ་སྟེང་དུ་དྲག་ཏུ་དྲང་བ་ནི༔ རྐང་པ་གཤིབས་བརྐྱངས་པའི་བྲང་གཉིས་ཀྱི་མཛུབ་མོའི་རྩེ་ནས་ལག་པའི་མཐིལ་གཉིས་ཀྱིས་འཇུས་ཏེ༔ འཕོངས་དང་རྟིང་པ་ཕྱིར་རེ་མོས་ཀྱིས་གཅུ་ཞིང་འཕུལ་ལོ༔ སངས་རྒྱས་མཁའ་འགྲོའི་འཕྲུལ་འཁོར་གྱིས་དབྱིངས་སུ་སྡུད་པ་ནི༔ ལག་པའི་སོར་མོ་བསྣོལ་ལ༔ རྐང་པའི་བྲང་གཉིས་ཀྱིས་མནན་ཏེ་སྐེད་པ་མ་གུག་པར་རླུང་ཕྱིར་འཛིན་དྲག་པོས་འཕོངས་ནམ་མཁར་འཐེན་པའོ༔ རྗེས་སུ་ལག་པ་གཉིས་ཁུ་ཚུར་སྙིང་གར་བསྣོལ་བས་འཕོངས་ས་ལ་རྡེབ་པ་དང༔ ལུས་དྲག་ཏུ་སྤྲུག་པའོ༔ འཕྲུལ་འཁོར་འདི་རྣམས་ཀྱི་དུས་ཐིག་ལེ་དཀར་དམར་འདྲེས་པ༔ རྩ་ཁ་ཁ་མུ་ཁའི་ནང་ནས་འཁོར་ལོ་ལྔའི་ཌཱ་ཀི་ལ་རིམ་བཞིན་མཆོད་པ་འབུལ་བ་གོང་བཞིན་ནོ༔ འདི་ནི་རྡོ་རྗེ་མཁའ་འགྲོའི་ཟབ་ཁྲིད་ལས༔ ཕྱི་འབྱུང་བ་ལྔ༔ ནང་མཁའ་འགྲོ་ལྔ༔ གསང་བ་འཕྲུལ་འཁོར་ལྔ༔ ཡང་གསང་ཐིག་ལེ་ལྔ༔ དོན་དམ་འོད་གསལ་ལྔ་གཅིག་ཏུ་ཉམས་སུ་ལེན་པའི་བཅུད་དམ་པའོ༔ རྗེས་བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ་པར་བྱའོ༔ གསུམ་པ་གཞན་ལུས་དངོས་ལ༔ ཡབ་དཔའ་བོ་དང་སྦྱོར་བ་དང༔ བློ་ཆེན་སྟོབས་ལྡན་མ་བརྟན་པ་ཐོབ་ནས་ལུས་སྦྱིན་པར་གཏོང་བ་དངོས་སོ༔ དང་པོ་ནི་ཆོས་ཐམས་ཅད་ཡེ་སྟོང་རྩ་བ་དང་བྲལ་བའི་ངང་ནས༔ སྐད་ཅིག་གིས་རང་ཉིད་ཡི་དམ་གྱི་ལྷར་གསལ་བའི་ངང་ལས་ཐུགས་ཀའི་ཀློང་ནས་ཡེ་ཤེས་ཀྱི་འོད་ཟེར་ལྔ་འཕྲོས༔ སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས༔ ཚུར་འདུས་རང་ཉིད་ལྷ་སྐུར་གསལ་བའི་ངང་དུ་དར་གཅིག་མཉམ་པར་གཞག༔ དེ་ནས་སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་པར་བྱ་བའི་ཕྱིར༔ བདག་ཉིད་གཞན་ལུས་ལ་མཉམ་པར་སྦྱོར་སྙམ་དུ་སེམས་བསྐྱེད་ལ༔ མཉམ་པར་སྦྱོར་བའི་དཔའ་བོ་དེ་ཡང་མཚན་ཉིད་རྒྱས་པ་ནི་གཞན་དུ་ཤེས༔ བསྡུས་པར་བསྟན་པ་ནི༔ རབ་རྩ་ཐིག་རླུང་གསུམ་ལ་དབང་ཐོབ་པའི་བླ་མ་དམ་པ་སྤྱི་བོའི་ཐོད་བཞིན་དུ་ཁུར༔ དམ་ཚིག་མིག་འབྲས་བཞིན་དུ་བསྲུངས་ནས་ལུས་འབུལ་ཏེ་ཞབས་ཏོག་ཚུལ་བཞིན་དུ་བྱས་པས༔ བླ་མ་མཉེས་པའི་ཡོན་ཏན་གྱིས་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང༔ མྱུར་དུ་སངས་རྒྱས་ཐོབ་པའི་ཡོན་ཏན་དང༔ དམ་ཚིག་ཚུལ་བཞིན་དུ་བསྲུངས་པས་གསང་སྔགས་ཀྱི་སྣོད་དུ་རུང༔ ཅི་གསུངས་བཀའ་བཞིན་བསྒྲུབས་པས་ཐུགས་རྗེའི་བྱིན་རླབས་འཇུག༔ རང་ཉིད་རྩ་རིགས་ངན་པ་ཡིན་ནའང༔ བླ་མ་དེས་བྱིན་གྱིས་བརླབ་པའི་གནད་ཀྱིས༔ མཐར་རྩའི་རིགས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་དཔལ་ལྡན་བཟང་མོར་གྱུར་ཏེ༔ དཔལ་ལྡན་བཟང་མོ་རིགས་རྣམས་ཀུན་གྱི་མཆོག༔ ཅེས་པ་དང༔ དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་རྟེན་ཡིན་པས་སེམས་བསྐྱེད་ཀྱི་བསླབ་པ་རྫོགས༔ དེ་ནས་རང་གཞན་ལྷར་གསལ་བའི་རྟེན་ཡིན་པས་རྡོ་རྗེ་ཐེག་པ༔ དེ་ནས་དབབ་ཟློག་དགའ་བཞིའི་རྟེན་ཡིན་པས་རྡོ་རྗེ་ཐེག་པ་ཆེན་པོའོ༔ དེ་ནས་ཡིད་ཀྱི་འཛིན་རྟོག་ཐམས་ཅད་དང་བྲལ་བའི་ཆོས་ཉིད་ཀ་དག་ཆེན་པོ་རྟོགས་པའི་རྟེན་ཡིན་པས༔ བློ་བྲལ་གྱི་མཁའ་འགྲོ་མ་དཔལ་ལྡན་བཟང་མོའོ༔ དེས་ན་བླ་མའི་བཀའ་ཚུལ་བཞིན་དུ་བསྒྲུབས༔ དམ་ཚིག་ལ་ཉམས་ཆག་མེད་པར་བྱས༔ ཅི་ཡོད་བླ་མ་ལ་ཕུལ༔ མཉེས་པ་གསུམ་གྱིས་མཉེས་པར་བྱས་ནས༔ བླ་མ་ལ་ལུས་འབུལ་བ་ནི་རབ་བོ༔ འབྲིང་མཆེད་པོ་མཛའ་བོའི་ཚུལ་གྱིས་བརྟེན་པ་ནི༔ ལམ་རྩ་ཐིག་རླུང་གསུམ་ལ་འདྲིས་པ༔ མཆེད་དགེ་སྦྱོར་གྱི་བོགས་འདོན་འོང་བའི་རིགས་ལ༔ དག་སྣང་དང་མོས་གུས་ཀྱི་སྒོ་ནས་ཞབས་ཏོག་ཚུལ་བཞིན་བྱ༔ སྙིང་ཉེ་བའི་སྒོ་ནས་འབྲལ་མི་ཕོད་པའི་བརྩེ་གདུང་གིས་དབང་དུ་བསྡུས་ཏེ༔ ཟས་ལོངས་སྤྱོད་ལ་སོགས་པ་ཅི་ནུས་ཀྱི་ཞབས་ཏོག་སྒྲུབ་པའོ༔ དེ་ཡང་ཆོས་ལྡན་གྱི་རིགས་སྒྲུབ་པའི་གྲོགས་སུ་འགྲོ་ངེས་ཅན་ཞིག་བཙལ༔ ཐ་མ་དཔའ་བོ་མཛེས་ལྡན་བྲན་གྱི་ཚུལ་དུ་བསྟེན་པ་ནི༔ ཉ་བཤན་གྱི་རིགས་མ་ཡིན་པའི་བུ་ཆུང་མཛེས་ལྡན་བསླབ་པའི་ཁ་ལ་ཉན་ཅིང་གསང་སྒོ་ཐུབ་པ༔ ནོར་གྱི་མིག་ཉེ་ཆུང་ཞིང་དྲི་ཞིམ་པ་ཞིག་བཙལ་ཏེ༔ དེ་ལ་སེམས་བརྩེ་བའི་སྒོ་ནས་ལྟོ་གོས་ལ་སོགས་པ་སྦྱར༔ དབང་གིས་སྨིན་པར་བྱས༔ ཐེག་པ་ཆེན་པོའི་ཆོས་སྒོར་བཅུག༔ རྩ་རླུང་གི་འགྲོས་འདེད་ལ་མཁས་པར་སྦྱངས་ནས༔ གཞོན་ནུ་མཛེས་ལྡན་དེ་བྲན་གྱི་ཚུལ་དུ་བསྟེན་པར་བྱའོ༔ དེ་ཡང་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡན་ཆད་གོང་དང་འདྲ་བ་ལ༔ བདག་ཉིད་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་མངོན་རྟོགས་ལྟར་གསལ་གདབ༔ མཛེས་ལྡན་དཔའ་བོ་བྲན་གྱི་ཚུལ་དེ་ལ་ཡང་ཁྲུས་དང་གཙང་སྦྲ་བྱ༔ རང་ལ་མཛེས་ལྡན་དཔའ་བོས་འབྲུ་མར་གྱི་བྱུག་པ་བྱ༔ མཛེས་ལྡན་དཔའ་བོ་ལ་ཡང་རང་ཉིད་ཀྱིས་བྱུགས་པ་བྱ༔ མཛེས་ལྡན་གྱི་རྡོ་རྗེ་ལ་བལྟ་བ་དང༔ རང་གི་པདྨ་ཉུག་པ་ལ་སོགས་བདེ་བ་སྐྱེད་པའི་སྤྱོད་པ་སྣ་ཚོགས་བྱའོ༔ དེ་ནས་བདེ་བ་སློང་བའི་རྟགས་པདྨ་རློན་འཇིར་ལ་སོགས་པ་འབྱུང༔ དེ་ལྟར་བྱུང་བ་དང་བདག་གཞན་བྱིན་གྱིས་བརླབ་པ་དང༔ མཁའ་གསང་བྱིན་གྱིས་བརླབ་པ་རང་ལུས་ལྟར་བྱ༔ ཡབ་ཡུམ་ལྷ་སྐུ་གསལ་སྟོང་ཟུང་འཇུག་གི་ངང་ནས༔ བདེ་བ་འགུལ་བསྐྱོད་ལ་མཁས་པར་བསླབས་པས༔ ལུས་བདེ་ཤིག་ཤིག་བྱུང་བ་དང༔ སྤྱི་བོར་རྡོ་རྗེ་ཌཱ་ཀི་ཡབ་ཡུམ་གྱིས་སྦྱོར་བ་མཛད་པ་ལ་དམིགས་པ་གཏད༔ མིག་གཉིས་ཕྱོགས་བཞིར་ཉི་ཟླ་བསྐོར་བ་ལྟར་བསྐོར༔ དེ་ནས་ཡབ་ཡུམ་གྱི་མཁའ་གསང་ནས་དཀར་དམར་བདེ་བའི་རྒྱུན་བབས༔ སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་གང་བ་ལ་དམིགས་པ་གཏད་དེ་མཉམ་པར་བཞག༔ ཡབ་ཡུམ་བདེ་བ་ཤས་ཆེ་ཞིང་རླུང་གི་སྟོབས་ཞན་ན༔ སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་གང་བ་ཙམ་ལ་སྦྱོར་བ་དྲུག་ལྡན་གྱི་འཕྲུལ་འཁོར་གསུམ་རེ་དང་སྤྲུག་རེ་བྱེད༔ དེ་ནས་ཡང་ཅུང་ཟད་བསྐྱོད༔ བདེ་ཤིག་བྱུང་བ་དང༔ མགྲིན་པའི་རྩ་འདབ་ཀྱི་རིན་ཆེན་མཁའ་འགྲོ་ཡབ་ཡུམ་ལ་དཀར་དམར་བདེ་བའི་མཆོད་པ་ཕུལ༔ རིན་ཆེན་ཌཱ་ཀི་ཡབ་ཡུམ་མཉམ་པར་སྦྱོར་བའི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་བབས༔ མགྲིན་པའི་རྩ་འཁོར་བདེ་བས་གང་བ་ལ་དམིགས་པ་གཏད་དེ་མཉམ་པར་བཞག༔ རིན་ཆེན་ཌཱ་ཀི་ཡབ་ཡུམ་སྦྱོར་བ་བྱེད་པ་དང༔ མགྲིན་པའི་འཁོར་ལོ་ཕྱོགས་བཅུར་བསྐོར་བའི་འཕྲུལ་འཁོར་ཅུང་ཟད་བསྐྱོད༔ འདིས་མགྲིན་པའི་རྩ་ཁ་འབྱེད་ཅིང༔ འཇིག་རྟེན་གྱི་ཁ་ཟས་དབང་དུ་སྡུད་པར་བྱེད༔ དེ་ནས་ཡང་ཡབ་ཡུམ་ཅུང་ཟད་བསྐྱོད་པའི་འཕྲུལ་འཁོར་བྱས་པས༔ མགྲིན་པའི་འཁོར་ལོ་ནས་དཀར་དམར་གྱི་བདེ་བ་ལུད༔ སྙིང་གའི་སངས་རྒྱས་ཌཱ་ཀི་ཡབ་ཡུམ་ལ་མཆོད་པ་ཕུལ༔ སངས་རྒྱས་ཌཱ་ཀི་ཡབ་ཡུམ་བདེ་བས་རྒྱུད་བསྐུལ་ཏེ་ཡབ་ཡུམ་སྦྱོར་བ་མཛད་པ་དང་བསྟུན༔ སྙིང་ག་བསྐོར་བའི་འཕྲུལ་འཁོར་དུམ་རེ་བྱེད༔ སྙིང་གའི་རྩ་འདབ་དྭངས་མས་གང་བ་ལ་ཤེས་པ་གཟུང༔ ཀ་དག་གི་ངང་ལ་མཉམ་པར་བཞག་པས་མི་རྟོག་པའི་ཡེ་ཤེས་ངང་གིས་འཆར་བའི་རླུང་གནད་དོ༔ དེ་ནས་དཀར་དམར་གྱི་བདེ་བ་བབས༔ ལྟེ་བའི་པདྨ་ཌཱ་ཀི་ཡབ་ཡུམ་ལ་མཆོད་པ་ཕུལ༔ བདེ་བས་མཉེས༔ སྦྱོར་བ་མཛད་པར་བསྒོམ་སྟེ་ལྟེ་བ་བསྐོར་བའི་འཕྲུལ་འཁོར་ལ་འབད༔ སྦྱོར་མཚམས་ནས་བྱང་སེམས་དཀར་དམར་གྱི་རྒྱུན་བབས༔ ལྟེ་བའི་འཁོར་ལོ་གང་བ་ལ་དམིགས་པ་གཏད་དེ༔ ཤེས་པ་ཀ་དག་གི་ངང་ལ་བཞག༔ འཕྲུལ་འཁོར་དེས་ནི་ཕྱི་རོལ་དུ་བུད་མེད་དབང་དུ་འདུ༔ ནང་དུ་བདེ་བ་དང་དྲོད་སྐྱེ་བའོ༔ བུད་མེད་གཞོན་པའི་རིགས་ཡིན་ན༔ ལྟེ་བ་ནས་ཡར་ལྡོག་སྟེ༔ ཧཱུྃ་རིང་ཧུྃ་ཐུང་གི་འཕྲུལ་འཁོར་སྦྱོར་བ་དྲུག་ལྡན་བཅས་པས་གནས་སུ་ལྡོག་པར་ངེས་སོ༔ རླུང་ཅུང་ཟད་བརྟན་པའི་རིགས་ཀྱི་རྣལ་འབྱོར་མས་ཅུང་ཟད་བསྐྱོད་དེ༔ བདེ་བའི་རྒྱུན་གསང་གནས་སུ་བབས༔ ལས་ཀྱི་ཌཱ་ཀི་ཡབ་ཡུམ་ལ་མཆོད་པ་ཕུལ༔ སྦྱོར་བ་མཛད་པར་དམིགས་ནས༔ གསང་གནས་ཀྱི་འཁོར་ལོ་བསྐོར་བའི་འཕྲུལ་འཁོར་བྱས་པས༔ གསང་གནས་ཀྱི་འཁོར་ལོ་མ་ལུས་པ་བདེ་བས་གང་བ་ལ་དམིགས་པ་གཏད་པས༔ རྟེན་འབྲེལ་སྣ་ཚོགས་ལ་མཁས་པ་དང༔ ཕྱི་ནང་གི་ཆོས་ལ་མཁས་པའི་ཤེས་རབ་འཆར་རོ༔ དེ་ནས་རླུང་ཕྱིར་འཛིན་པ་དྲག་པོའི་སྒོ་ནས་མགོ་ལུས་སྤྲུགས་པས༔ བ་སྤུ་ས་ཡ་དྲུག་འབུམ་གྱི་སྣ་ཚོགས་ཌཱ་ཀི་ཡབ་ཡུམ་ས་ཡ་དྲུག་འབུམ་ལ་མཆོད་པ་ཕུལ་བས༔ དེ་ཐམས་ཅད་བདེ་བས་མཉེས༔ སྦྱོར་བ་མཛད༔ སྦྱོར་མཚམས་ནས་བྱང་སེམས་དཀར་དམར་བབས་པར་དམིགས་ཏེ༔ ལུས་ཀུན་རང་སར་གཡས་གཅུ་གཡོན་གཅུ་ཤིག་ཤིག་པའི་འཕྲུལ་འཁོར་བྱས་ཏེ༔ བ་སྤུ་ས་ཡ་དྲུག་འབུམ་གྱི་རྩ་གནས་མ་ལུས་བདེ་བས་གང་བ་ལ་དམིགས་ནས་ཤེས་པ་ཀ་དག་གི་ངང་ལ་བཞག༔ དེས་ནི་བདེ་བ་རྣམས་རྩ་ཁམས་ལ་རང་སར་བརྟན་ཞིང༔ ཕྱི་རུ་ལྷ་འདྲེ་མི་གསུམ་དབང་དུ་འདུ༔ ནང་དུ་དཔའ་བོ་མཁའ་འགྲོ་དབང་དུ་འདུ༔ གསང་བ་བདེ་སྟོང་གི་ཉམས་མྱོང་དབང་དུ་འདུའོ༔ དེ་ནས་ཡུམ་དེའི་རྟིང་པ་སྤྲད་དེ་ཡབ་ཀྱི་བརླ་ཁུད་དུ་བཙུགས༔ རྐང་གཉིས་འོག་ཏུ་བརྒྱང༔ ལག་གཉིས་སྤྱི་བོའི་ཐད་དུ་བརྒྱང༔ རླུང་ཕྱིར་འཛིན་པ་དང་བསྟུན་དྲག་ཏུ་འཐེན་ནོ༔ ཡང་ལག་གཉིས་རྐང་པའི་མཐའ་གཉིས་ཀྱི་མཐིལ་ལ་འཇུས་ཏེ༔ རླུང་གནད་ཕྱིར་འཛིན་དང་བསྟུན༔ རྐང་གཉིས་འོག་ཏུ་དྲག་ཏུ་འཕུལ༔ ལག་པས་སྟེང་དུ་དྲག་ཏུ་འཐེན་པའོ༔ དེ་ནས་པུས་མོ་བཙུགས་ཏེ༔ ལག་གཉིས་མདུན་དུ་ཐལ་མོ་སྦྱར་བའི་གུང་མོ་གཉིས་བརྐྱང༔ སོར་མོ་གཞན་རྣམས་བསྣོལ་ཏེ་སྨིན་མཚམས་ཀྱི་་་པུས་མོའི་མདུན་གྱི་མཚམས་ནས་ཡར། མཆན།ནམ་མཁའ་ལ་དྲག་ཏུ་འཐེན་པའོ༔ འདི་རྣམས་ཀྱི་དམིགས་པ་ནི་གསང་གནས་ནས་སྤྱི་བོའི་བར་དུ་ཌཱ་ཀི་སྡེ་ལྔ་ཡབ་ཡུམ་ལ་མས་ནས་ཡར་རིམ་གྱིས་མཆོད་པ་ཕུལ༔ མཐར་སྤྱི་བོའི་བླ་མ་ཡབ་ཡུམ་ལ་མཆོད་པ་འབུལ༔ ལུས་གཡང་མོའི་སྤྲུག་གིས་དགྲམ་པའི་འཕྲུལ་འཁོར་ལ་འབད་དོ༔ དེ་རྗེས་རླུང་བུམ་ཅན་གཟུང༔ ཤེས་པ་ཀ་དག་གི་ངང་ལ་མཉམ་པར་བཞག༔ དེས་འདྲེན་འགྲེམས་དགྲམ་པ་ལ་སོགས་པ་དུས་མཉམ་དུ་འབྱུང༔ ྀཨཚ༔ འདི་ལྟར་སྦྱངས་པའི་ཕན་ཡོན་ནི༔ མཆོག་དང་ཐུན་མོང་རྣམ་པ་གཉིས་ལས༔ ཐུན་མོང་དུ་རྒས་ཁ་སྲ༔ མདོག་ལེགས༔ སྐྲ་དཀར་དང་གཉེར་མ་མི་འབྱུང༔ ཤེས་པ་དྭངས༔ བདེ་ཉམས་ལ་སོགས་པའི་ཉམས་མྱོང་ཕྱོགས་བཅུར་རྒྱས༔ ཚེ་རིང༔ སྐད་སྙན༔ ལུས་ནད་ལ་སོགས་པ་དཀོན༔ མཆོག་ཏུ་ལུས་ཀྱི་རྩ་མདུད་ཞིག་པས་ས་ལམ་གྱི་ཡོན་ཏན་སྐྱེ༔ རྩའི་མདུད་པ་གང་ཞིག་གི་ནང་དུ་ཁམས་དྭངས་མ་འདུས་པས་གཟུང་འཛིན་གྱི་རྟོག་ཚོགས་འགགས༔ ཡེ་ཤེས་ཀྱི་སྣང་བ་རྒྱས༔ སྐུ་དང་ཐིག་ལེ་ལ་སོགས་པའི་ཉམས་ཐོལ་བྱུང་དུ་འཆར༔ སངས་རྒྱས་ཀྱི་ཞིང་ཁམས་སྐད་ཅིག་མར་མཐོང་བ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ༔ ཉོན་མོངས་པའི་དབང་དུ་ཤོར་ན་ཚེ་འདིར་ནད་དང་གནོད་པ་མང༔ དམ་ཚིག་དང་སྡོམ་པ་ཉམས་པས་བླ་མ་མཁའ་འགྲོ་དབྱིངས་ནས་ཁྲེལ༔ རྩ་ཁམས་ཀྱི་དྭངས་མ་ཉམས་པས་དཔའ་བོ་བསྒྲུབས་ཀྱང་ཞལ་མི་གཟིགས༔ ཡི་དམ་གྱི་སྒྲུབ་པ་བྱས་ཀྱང་དམ་ཚིག་ལ་མི་གནས་པས་ཞལ་མི་གཟིགས༔ སྔགས་བགྲངས་ཀྱང་སྔགས་ཀྱི་ནུས་པ་མི་ཐོན༔ ཚེ་འདིར་ཡང་རྒས་ཁ་སྙི༔ སྐྲ་དཀར་དང་གཉེར་མས་གང༔ གདོང་ཐལ་སྐྱ་ཁ་ཞིང༔ ལུས་སྦུར་ཁོག་ཏུ་འགྲོ༔ བྱིན་རླབས་ཆུང་ཞིང་བསོད་ནམས་ཉམས་པས༔ ཚེ་འདི་དང་ཕྱི་མ་ཐམས་ཅད་དུ་མི་དགེ་བ་སྣ་ཚོགས་འབྱུང༔ འཇམ་དཔལ་རྩ་རྒྱུད་ལས༔ བྱང་ཆུབ་སེམས་ཉམས་མཁའ་འགྲོའི་གྲོང་ཁྱེར་བྱེ་བ་སྟོང༔ ལྷ་དང་བླ་མ་བསྒྲུབས་ཀྱང་སྤྱན་མི་གཟིགས༔ ཞེས་གསུངས་པས༔ རྣལ་འབྱོར་མ་སྙིང་རུས་དང་ལྡན་པས་ཉམས་པའི་ཉེས་དམིགས༔ མ་ཉམས་པའི་ཕན་ཡོན་རྣམས་ཤེས་པར་བྱས་ཏེ༔ ཤི་བ་སྲོག་ལ་བབ་ཀྱང་བདེ་བ་ཉམས་པ་མེད་པར་བྱ༔ བརྩོན་འགྲུས་དྲག་པོའི་སྒོ་ནས་འབད་པ་ཐོན༔ རྡོ་རྗེ་མཁའ་འགྲོའི་ཟབ་ཁྲིད་ལས༔ གསང་བ་ལས་ཀྱི་ཕྱག་རྒྱའི༔ གདམས་པ་བཀོལ་བདེ་བར་བཀོད༔ གུ་རུའི་གསུང་ལས་མཚོ་རྒྱལ་བདག་གིས་ཟིན་བྲིས་བྱས་ཏེ༔ བྱང་ཟང་ཟང་ལྷ་བྲག་ལ་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ བྱང་ཟང་ཟང་ལྷ་བྲག་གི་རྐེད་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་ནས་སླར་ཡང་མང་ཡུལ་རི་བོ་དཔལ་འབར་གྱི་བྲག་རྡོ་རྗེ་རྒྱ་གྲམ་འདྲ་བའི་ཕུག་ཏུ་སྦས། ཆུ་ཕོ་རྟའི་ལོ་ལ་སྤྲུལ་པའི་སྐྱེས་མཆོག་ཆེན་པོ་བསྟན་གཉིས་གླིང་པའམ་པདྨ་ཚེ་དབང་རྒྱལ་པོས་གཏེར་ནས་སྤྱན་དྲངས་པའོ།། །། ༈ རྡོ་རྗེ་ཕག་མོའི་ཟབ་ཁྲིད་ལས༔ ཨོ་རྒྱན་གྱི་ཞལ་གདམས་ནོར་བུའི་ཕྲེང་བ་བཞུགས་སོ༔ བདེ་ཆེན་པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ བསམ་ཡས་མཆིམས་ཕུའི་གནས་སུ་བདག་མཚོ་རྒྱལ་གྱིས་གུ་རུ་རིན་པོ་ཆེ་ལ་ཞུས་པ༔ མ་ཧཱ་གུ་རུ་ཆེན་པོ་ལགས༔ རྩ་རླུང་གི་གདམས་པ་རྣམས་ལ་ད་དུང་ཡང་ཞལ་གྱི་གདམས་པ་ཞིག་གནང་བ་མཁྱེན༔ ཁྱད་པར་སྲོག་རྩོལ་གྱི་རླུང་དབུ་མར་འཇུག་པ་གནད་ཆེ་བར་འདུག་པས༔ རླུང་དབུ་མར་ལུས་གནད་གང་གི་སྟེང་ནས་འཇུག༔ རླུང་གནད་གང་ཟབ་ཞུས་པས༔ གུ་རུས་བཀའ་བསྩལ་པ༔ མཚོ་རྒྱལ་རྩ་རླུང་གི་གནད་ལ་ལུས་གནད་དང་རླུང་གནད་འདི་ལྟར་བྱེད་དགོས་གསུངས་ནས༔ ཐོག་མར་བུམ་ཅན་གྱི་ཞལ་གདམས་ནི༔ ལུས་སྐྱིལ་ཀྲུང་དང་ལྡན་པར་བྱ༔ ལག་གཉིས་པུས་མོ་ལ་བཀབ༔ རླུང་གཡས་སུ་དྲག་པོ་གསུམ་འབུད༔ གཡོན་དུ་དྲག་པོ་གསུམ་འབུད༔ གཉིས་མཉམ་དུ་དྲག་པོ་གསུམ༔ དེ་ནས་དྲག་ལ་རྩུབ་པར་རྔུབ་སྟེ༔ མགོ་བོ་གཡོན་ནས་གཡས་ཀྱི་ཕྱོགས་ལ་བསྐོར་ཏེ༔ མདུན་དུ་བཅག་པའི་ཚུལ་གྱིས་ལྟེ་བའི་འོག་ཏུ་དྲག་ཏུ་མནན༔ དམིགས་པ་རྩ་དབུ་མའི་མས་སྣ་འཛོམ་གསུམ་ལ་གཏད་པས༔ རླུང་རྩོལ་མེད་དུ་དབུ་མར་ཚུད༔ འཛོམ་གསུམ་དེ་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་ཡིན་ཏེ་དེར་རླུང་སེམས་ཟིན་པས་ཤེས་པ་རྟོག་མེད་ནམ་མཁའ་ལ་སྤྲིན་དྭངས་པ་ལྟ་བུའི་ཉམས་འཆར་རོ༔ དེའི་ཐུན་མཚམས་ཐམས་ཅད་དུ་རླུང་བུམ་པ་ཅན་ལ་སྦྱང་བ་ཁག་ཆེ༔ བུམ་པ་ཅན་དེ་ཡང་སྐྱེས་པ་དར་མ་ནད་མེད་པའི་རླུང་ཁུག་པ་རེ་ལ་ཚད་གཟུང༔ ལུས་གནད་རླུང་གནད་དམིགས་པའི་གནད་རྣམས་སྔར་དང་འདྲ་བ་ལས༔ གྲངས་སུམ་ཅུ་རྩ་གཉིས་ཆུང་ངུ༔ དྲུག་ཅུ་རྩ་བཞི་འབྲིང་པོ༔ བརྒྱ་དང་ཉི་ཤུ་རྩ་བརྒྱད་ཆེན་པོ་སྟེ༔ རྒྱུད་ལས༔ ཐ་མ་སུམ་ཅུ་རྩ་གཉིས་ཏེ༔ དེ་ལས་ཉིས་འགྱུར་འབྲིང་ཡིན་ཞིང༔ སུམ་འགྱུར་མཆོག་ཏུ་བཤད་པ་འོ༔ ཞེས་གསུངས་པས༔ ཐོག་མར་སུམ་ཅུ་རྩ་གཉིས་ལ་བསླབ༔ དེ་ནས་ཉིས་འགྱུར༔ དེ་ནས་སུམ་འགྱུར་ལ་བསླབ་པར་བྱའོ༔ རླུང་གི་འཛིན་ཚུལ་ཡང་དང་པོ་རླུང་བཟུང་བས་སྔར་གྱི་རླུང་ལམ་མི་རྒྱུ་བའི་རྩ་རྣམས་ཁེངས་པ་དང༔ མ་བདེ་ལོག་པའི་སྣང་བ་འཆར༔ དེ་ལ་གཉེན་པོ་དྲག་པོའི་རྔུབ་ཆུང་གཅིག་བྱ་སྟེ་ལུས་བརྡབ་པ་དང་སྤྲུག་པ་བྱས་ཏེ་སླར་ཡང་མནན༔ དེ་ལ་མ་བདེ་བའི་རྣམ་པ་སྐྱེས་དུས༔ སླར་ཡང་རྔུབ་ཆུང་བྱས་རྡེབ་པ་དང༔ སྤྲུག་པ་ལ་སོགས་བྱེད༔ དེ་ནི་སྣོད་དུ་འབྲུ་ལ་སོགས་པ་བླུགས་ཏེ་དབྱུག་པས་བསིག༔ སྣོད་དེ་རྡེབ་སྤྲུག་བྱས་པས་སྣོད་ཀྱི་གཉེར་འཁུམས་མེད་པར་སྣོད་ཁེངས་པ་དང་འདྲ་བར་རྩ་གནས་རྙིང་པ་རྣམས་སུ་རླུང་གིས་ཁེངས་པ་དང༔ བརྡབ་སྤྲུག་དང་རྔུབ་ཆུང་གིས་མནན་ཏེ༔ རླུང་ཕྱིར་མ་བཏང་བར་གཉེན་པོའི་སྟོབས་དྲག་ཏུ་བསྐྱེད་པས༔ རླུང་རྒྱུ་བའི་གནས་ཚོལ་ཏེ༔ ལུས་ལ་སྔར་རླུང་མི་རྒྱུ་བའི་རྩ་ཞར་བ་དང༔ འཁུམས་པ་དང་སྐམ་པ་རྣམས་ཀྱི་ནང་དུ་རླུང་འཇུག༔ རླུང་དང་མཉམ་དུ་ཁམས་དྭངས་མ་འཇུག་པས་བདེ་བ་ལུས་ལ་འབར༔ མཐོང་སྣང་དུ་གཟའ་དང་སྐར་མ་དང་ཉི་ཟླ་འཆར་བ་ལ་སོགས་པ་རྨི༔ དེ་ཡང་དབུ་མ་མཆོག་མ་ཡིན་པས་མཐོང་ཉམས་དེ་དག་མི་བརྟན༔ སླར་ཡང་རླུང་མི་གཏོང་བར་ནང་དུ་རྔུབ་ཅིང་བསྡམས་པས་རླུང་རོ་རྐྱང་གི་ལམ་ལ་བརྒྱུད་དེ༔ དབུ་མའི་མས་སྣ་ཡི་གེ་ཆའི་འཕོངས་ལྟ་བུ་ནས་ཞུགས༔ རྩ་དབུ་མའི་ལམ་ལ་འཇུག་པས་ས་དང་པོའི་རྟོགས་པ་ཕྱིན་ཅི་མ་ལོག་པ་སྐྱེའོ༔ ཞུགས་གནས་ཐིམ་གསུམ་གྱི་རྟགས་རེ་རེ་འཆར་བ་ལས༔ རྩ་དབུ་མའི་མདུད་པ་དང་པོ་ཞིག་སྟེ༔ རླུང་འཇུག་པ་ལས་ས་དང་པོའི་ཡོན་ཏན་སྐྱེ༔ དེར་རླུང་སེམས་གནས་པས་ས་གཉིས་པའི་ཡོན་ཏན་སྐྱེ༔ དེར་རླུང་སེམས་ཐམས་ཅད་ཐིམ་པས་གཟུང་འཛིན་གྱི་རྟོག་ཚོགས་མཁའ་ལྟར་དག༔ མཁྱེན་པའི་ཡོན་ཏན་མཐའ་དག་རྒྱས་པའོ༔ གནས་སྐབས་སུ་ཡང་ཚེ་རིང་ཞིང་ནད་དཀོན་ནོ༔ ལུས་བདེ་ཞིང་རླུང་ལྟར་མགྱོགས་པ་ལ་སོགས་པའི་ཡོན་ཏན་ནི་རླུང་བུམ་ཅན་གནད་དུ་བསྣུན་པའི་ཡོན་ཏན་ཡིན་ནོ༔ དེས་ན་རླུང་ཐམས་ཅད་ཀྱི་ཡོན་ཏན་བུམ་ཅན་ལ་བརྟེན་ནས་སྐྱེ་དགོས་པས༔ མཚོ་རྒྱལ་རླུང་སྒོམ་པ་ཐམས་ཅད་ཀྱིས་བུམ་ཅན་ལ་གནད་དུ་སྣུན་ཅིག༔ ཡང་མཚོ་རྒྱལ་གྱིས་ཞུས་པ༔ གུ་རུ་རིན་པོ་ཆེ་ལགས༔ རླུང་བུམ་ཅན་ལ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་བཞིན་དུ༔ བར་རླུང་ལྟེ་བའི་ཐད་ཀར་བརྒྱངས་པ་འདི་ལ་ཡང་བྱེད་ཚུལ༔ ཕན་ཡོན༔ གནད་ཇི་ལྟ་བུ་ཞིག་ཡོད་གསུང་དུ་གསོལ༔ ཞེས་ཞུས་པས༔ གུ་རུས་བཀའ་བསྩལ་པ༔ མཚོ་རྒྱལ་ཉོན་ཅིག༔ ལུས་སྐྱིལ་ཀྲུང་དང་ལྡན་པའི་སྒོ་ནས་འོག་རླུང་གི་སྦྱོར་བ་ཅུང་ཟད་རྔུབ༔ སྟེང་རླུང་ཅུང་ཟད་མནན༔ བར་རླུང་ལྟེ་བའི་ཐད་ཀར་ཅུང་ཟད་བརྒྱངས་པའི་རྣལ་འབྱོར་ནི་ཡེ་ཤེས་རང་སར་གནས་པའི་རླུང་སྦྱོར་ཡིན་ཏེ༔ ལུས་བསྐྱེད་རིམ་བསྒོམ་པ་དང༔ སེམས་འོད་གསལ་བསྒོམ་པ་ལ་སོགས་པ་གང་གིའང་གྲོགས་སུ་འགྲོ༔ ཐིག་ལེ་འཛིན་འདྲེན་དགྲམ་གསུམ་ཐམས་ཅད་ཀྱང་ངང་གིས་འགྲུབ་པའི་རླུང་སྦྱོར་ཡིན༔ གཟུང་འཛིན་གྱི་རྟོག་ཚོགས་ཀྱང་ངང་གིས་འདག༔ རིག་པའི་བྱིང་རྨུགས་རྒོད་གསུམ་གྱི་སྐྱོན་དང་བྲལ༔ མིག་འགྲིབ་པ་ལ་སོགས་དབང་པོ་ལ་སྐྱོན་མི་འབྱུང༔ བད་ཀན་དང་མཁྲིས་པའི་ནད་ཀྱིས་མི་ཚུགས༔ ཕོ་བ་སྦོས་འཁྲོག་ངང་གིས་སེལ༔ རིམས་ནད་ལ་སོགས་འགོ་བའི་ནད་རྙིང་པ་བྱང༔ སོ་མ་མི་འབྱུང༔ ཚེ་ཉི་ཟླ་དང་མཉམ་པའི་རླུང་སྦྱོར་ཡིན་པས༔ རང་ལུས་ཡི་དམ་གྱི་ལྷར་གསལ༔ ལུས་ཀྱག་ཀྱོག་དང་ཡ་ཡོ་མེད་པར་རླུང་ལྟེ་བའི་འོག་ཏུ་ཆིར་ཏེ་བརྒྱང༔ མིག་བར་སྣང་ལ་བལྟ་སྟངས་ཧ་རེ་ཧད་དེ་བཞག༔ ཤེས་པ་ཀ་དག་གི་ངང་ལ་འཇོག་པ་ནི་ཡེ་ཤེས་ཆེན་པོའི་རླུང་སྦྱོར་ཞེས་ཀྱང་བྱ༔ འཁོར་འདས་ཤན་འབྱེད་ཀྱི་རླུང་སྦྱོར་ཞེས་ཀྱང་བྱ༔ སེམས་དང་རིག་པ་དབྱེ་བའི་རླུང་སྦྱོར་ཞེས་ཀྱང་བྱ༔ རླུང་སྦྱོར་འདིའི་དུས་སུ་རྐེད་པ་ཅུད་ཟད་ཉག་བྱ༔ ལྟེ་བ་ཐད་དཀར་བརྒྱང༔ རྔུབ་དགང་རླུང་གི་ལས་ཐམས་ཅད་ཀྱི་དུས་སུ་ཡང་ཕྱིར་བརྒྱང་བའོ༔ རྩེ་གཅིག་ཏུ་འདི་ལ་གནད་དུ་བསྣུན་པས་སྟེང་འོག་གི་རླུང་ཡང་ངང་གིས་འདྲེན༔ འདིའི་དུས་ཐམས་ཅད་དུ་ལྟེ་བ་ཐད་ཀར་བརྒྱང་པའམ༔ དྲན་པའི་རྟེན་དུ་ཡང་ལྟེ་བ་བརྒྱངས་ཏེ་བྱེད༔ ཡི་དམ་གྱི་ལྷ་སྒོམ་ཡང་ལྟེ་བ་ཐད་ཀར་བརྒྱངས་ནས་བསྒོམ༔ སྙིང་པོ་བཟླས་བརྗོད་བྱེད་ཀྱང་ལྟེ་བ་ཐད་ཀར་བརྒྱངས་པའི་ངང་ནས་འདྲེན༔ ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་སྒོམ་ཡང་ལྟེ་བ་ཐད་ཀར་བརྒྱང༔ འགྲོ་འཆག་ཉལ་འདུག་ལ་སོགས་ཏེ་སྤྱོད་ལམ་རྣམ་པ་བཞི་གང་གི་དུས་སུ་ཡང༔ གསང་བ་ཡེ་ཤེས་ཆེན་པོའི་རླུང་སྦྱོར་འདི་དང་མ་བྲལ་བར་བྱའོ༔ ཡབ་ཀྱིས་ཡུམ་མཚན་ལྡན་བསྟེན་པའི་དུས་སུ་ཡང་གསང་བ་ཡེ་ཤེས་ཆེན་པོའི་རླུང་སྦྱོར་འདི་དང་མ་བྲལ་བར་བྱའོ༔ ཡུམ་གྱིས་ཡབ་བསྟེན་པའི་དུས་སུ་ཡང་གསང་བ་ཡེ་ཤེས་ཆེན་པོའི་རླུང་སྦྱོར་འདི་དང་མ་བྲལ་བའི་ངང་ནས་བྱ༔ འདི་ནི་ཚེ་སྒྲུབ་ཀུན་གྱི་མཆོག་ཡིན་པས་འདི་ལ་གནད་དུ་སྣུན་ཅིག་མཚོ་རྒྱལ་གསུངས་སོ༔ ཡང་མཚོ་རྒྱལ་གྱིས་ཞུས་པ༔ མ་ཧཱ་གུ་རུ་ལགས༔ འཛིན་འདྲེན་འགྲེམ་གསུམ་གྱི་ནང་ནས་གཙོ་གང་ཆེ༔ དབབ་གཟུང་ལྡོག་གསུམ་གྱི་ནང་ནས་གནད་གང་ཆེ༔ ཞེས་ཞུས་པས༔ བཀའ་སྩལ་པ༔ ཉོན་ཅིག༔ འཛིན་འདྲེན་དགྲམ་གསུམ་གྱི་ནང་ནས་ལྟ་བ་ཀ་དག་གི་ངང་ལ་མཉམ་པར་འཇོག་པ་གནད་ཆེ༔ ཀ་དག་ལ་རྩེ་གཅིག་ཏུ་གནས་ནུས་ན༔ འཛིན་འདྲེན་འགྲེམ་གསུམ་རྩོལ་མེད་དུ་འགྲུབ་པའི་གནད་ཡིན༔ ཀ་དག་གི་གནད་མ་ཤེས་པར་དམིགས་པ་མཚན་མ་ཅན་གྱི་སྒོ་ནས་འཛིན་འདྲེན་འགྲེམ་གསུམ་གང་བྱས་ཀྱང་དམིགས་པ་གང་གཏད་དུ་རླུང་འདྲིལ༔ དེར་ཐིག་ལེ་འདྲིལ་འགྲོ་བས༔ ཕུག་ནད་དང་གེགས་མང་བའི་རྒྱུ་མཚན་དེ་ཡིན༔ མཚོ་རྒྱལ་འཛིན་འདྲེན་དགྲམ་གསུམ་གང་བྱེད་ཀྱང་ཀ་དག་གི་ལྟ་བའི་རྩིས་ཟིན་པ་གནད་ཆེ༔ ཡུམ་ཕྱག་རྒྱ་དང་མཉམ་དུ་སྦྱོར་བའི་ཚེ༔ ཀ་དག་གི་ལྟ་བའི་རྩིས་མ་ཟིན་ན་འདོད་ཆགས་རང་རྒྱུད་པར་འཆོར་བས་ཐིག་ལེ་རི་གཟར་གྱི་རྦབ་ལྟར་འཆོར་བའི་ཉེན་ཡོད་པས་ཀ་དག་ལྟ་བའི་རྩིས་ཟིན་པ་གལ་ཆེ༔ འབེབ་པའི་དུས་སུ་ཡང་རུས་སྦལ་གྱི་ནུར་འགྲོས་ལྟར་འཕྲུལ་འཁོར་ལྷོད་ཆ་དང་བཅས་ཏེ་འགུལ༔ བདེ་ཤིག་བྱུང་བའི་དུས་བདེ་བ་རང་ངོ་ཤེས་པར་བྱས་ཏེ་ཤེས་པ་ཀ་དག་གི་ངང་དུ་ལྷོད་དེ་འཇོག་པ་གནད་ཡིན༔ འདི་ནི་འདོད་ཆགས་ཐུག་ཕྲད་ཀྱི་གདམས་པ་ཟབ་པའི་གནད་དོ༔ འཛིན་དུས་སུ་ལ་ལ་དག་འོག་རླུང་རྔུབ༔ གསུས་པ་རྒལ་པ་ལ་སྦྱར༔ གླིང་བཞི་རི་བོའི་ངོས་སུ་བསྡུ༔ མིག་གྱེན་ལ་ལྡོག༔ ལྕེ་རྐན་ལ་སྦྱར་ཅེས་ཟེར་བ་འདུག་སྟེ་དེ་ནི་འདྲེན་གྱི་གནད་དུ་ཟབ༔ འཛིན་པའི་འཕྲུལ་འཁོར་མ་ཡིན་ནོ༔ འཛིན་པ་ནི་རབ་ལུས་སེམས་ཁོང་ཀློད༔ ལུས་ཙབ་ཙུབ་དང་དགྱེ་སྒུ་མི་བྱ༔ རིག་པ་ཀ་དག་གི་ངང་དུ་བཞག་པས་རྩོལ་མེད་དུ་ཟིན་པ་ལ་ཐེ་ཚོམ་མེད་དོ༔ འབྲིང་རླུང་གིས་འཛིན་པ་ནི༔ འོག་རླུང་རང་སར་ཀློད༔ བར་རླུང་ཐད་ཀར་བརྒྱང༔ དམིགས་པ་གཙུག་ཏོར་མཆོག་ཏུ་བལྟ་བ་གནད་ཟབ། འདྲེན་པ་ནི་སྦྱོར་བ་དྲུག་ལྡན་གྱི་རླུང་སྦྱོར་ལ་གནད་དུ་བསྣུན་པ་ཟབ༔ འགྲེམ་པ་ལ་ལུས་གཡང་མོ་ལྟར་སྤྲུག་ཅིང་རྡོ་རྗེ་རྦ་རླབས་ལ་གནད་དུ་བསྣུན་པ་ཟབ༔ ཐུན་མོང་དུ་ལྟ་བ་ཀ་དག་གི་བཙན་ས་ཟིན་པ་གནད་དུ་ཟབ་གསུངས༔ ཡང་མཚོ་རྒྱལ་གྱིས་ཞུས་པ༔ མ་ཧཱ་གུ་རུ་ལགས༔ ཕོ་མོ་སུ་ཡིན་ཡང༔ ལས་ཀྱི་བདེ་བ་བསྟེན་ན་ཚེ་རིང་གསུང་བ་འདུག་པས༔ ལས་ཀྱི་ཕྱག་རྒྱ་ལ་བསྟེན་ནས་ཚེ་སྒྲུབ་ལུགས་ཤིག་ཞུ་ཞུས་པས༔ བཀའ་བསྩལ་པ༔ ཉོན་ཅིག༔ སྤྱིར་ཁམས་དྭངས་མ་མ་ཉམས་ཤིང་གོང་འཕེལ་དུ་རྒྱས་པ་རང་ཚེ་སྒྲུབ་ཀྱི་རྩ་བ་ཡིན༔ སྒོས་སུ་འདི་ལ་བརྟེན་པའི་ཚེ་སྒྲུབ་ཐབས་ནི༔ སྐད་ཅིག་གིས་རང་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་ན་ཚེའི་བུམ་པ་བསྣམས་པ༔ ལོངས་སྤྱོད་རྫོགས་སྐུའི་རྒྱན་གྱིས་བརྒྱན་པར་བསྐྱེད༔ དེའི་པང་དུ་ཡུམ་ཕྱག་རྒྱ་མ་དེ༔ ལྷ་མོ་གོས་དཀར་མོ་སྐུ་མདོག་དམར་མོ་ཕྱག་ན་ཚེའི་བུམ་པ་བསྣམས་པ༔ ལོངས་སྤྱོད་རྫོགས་སྐུའི་རྒྱན་གྱིས་བརྒྱན་པ༔ ཡབ་ལ་འཁྱུད་པ༔ ཡབ་ཀྱི་སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཚེ་དཔག་མེད་དཀར་པོ་ཚོན་གང་པ་གཅིག་བསྐྱེད༔ ཡུམ་གྱི་ལྟེ་བར་ཉི་མའི་དལ་གྱི་སྟེང་དུ་ཡུམ་ཚེ་དཔག་མེད་དམར་མོ་ཚོན་གང་པ་ཞིག་བསྐྱེད༔ དེའི་ཐུགས་ཀར་ཧྲཱིཿཡིག་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ ཕྱི་སྣོད་ཀྱི་འཇིག་རྟེན༔ ནང་བཅུད་ཀྱི་སེམས་ཅན༔ བླ་མ་དང་ཡི་དམ་མཁའ་འགྲོ་རྣམས་ཀྱི་ཚེ་བཅུད༔ ཚེ་ལ་དབང་བའི་རིག་འཛིན་རྣམས་ཀྱི་བྱིན་རླབས་ཐུགས་རྗེ་ཐམས་ཅད་དང་ཚེ་བཅུད་ཡུམ་གྱི་ལྟེ་བའི་ཚེ་དཔག་མེད་ཀྱི་བུམ་པར་བསྡུས༔ རང་ཉིད་ཚེ་དཔག་མེད་ཡབ་ཡུམ་གྱི་བདེ་བའི་སྦྱོར་བས༔ ཡུམ་གྱི་ལྟེ་བའི་ཚེ་དཔག་མེད་ཀྱི་བུམ་པ་ཁོལ༔ ཚེའི་བདུད་རྩི་ལུད༔ རྩ་ཁ་ཁ་མུ་ཁའི་སྣ་རྩེར་བབས༔ རང་གི་གསང་བའི་རྡོ་རྗེའི་བུ་ག་ལ་ཡི་གེ་ཧཱུྃ་གི་རྣམ་པར་དྲངས༔ སྤྱི་བོའི་ཚེ་དཔག་ཏུ་མེད་པ་དཀར་པོ་ལ་མཆོད་པ་ཕུལ༔ བདེ་བས་མཉེས་པར་བསམ༔ ཡུམ་གྱི་དྭངས་མ་དམར་པོ་དེ་ཡོངས་སུ་སྨིན་པ་ལས༔ ཡུམ་དམར་མོའི་རང་བཞིན་དུ་གྱུར་ནས་ཡབ་ལ་འཁྱུད༔ ཡབ་ཡུམ་གཉིས་ཀྱི་མཁའ་གསང་ལས་འོད་ཟེར་ལྕགས་ཀྱུའི་ཚུལ་མང་པོ་འཕྲོས༔ ཕྱིའི་འབྱུང་བ་བཞིའི་རོ་བཅུད་ཐམས་ཅད་དང་ནང་བཅུད་ཀྱི་སེམས་ཅན་གྱི་ཚེ་སྲོག་གི་བཅུད་ཀྱི་དྭངས་མ་ཐམས་ཅད་བསྡུས༔ ཡང་ཚེ་ལ་དབང་བའི་རིག་འཛིན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ཐམས་ཅད་བསྡུས༔ བཅོམ་ལྡན་འདས་ཚེ་དཔག་མེད་ཡབ་ཡུམ་གྱི་གསང་གནས་སུ་བབས་པ་ལས༔ ཡབ་ཡུམ་བདེ་བ་ལ་བསྐུལ་བའི་འཕྲུལ་འཁོར་ཅུང་ཟད་བསྐྱོད་པས༔ ཡབ་ཡུམ་གྱི་མཁའ་གསང་ནས་ཚེའི་བདུད་རྩིའི་རྒྱུན་བབས༔ ཚེའི་བདུད་རྩིའི་ཆུ་རྒྱུན་གྱིས་སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་གང་བ་ལ་དམིགས་པ་གཏད༔ དེ་ནས་ཡང་བདེ་བ་ཅུང་ཟད་བསྐྱོད༔ བདེ་ཤིག་བྱུང་བ་དང༔ མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ཚེའི་བདུད་རྩིས་གང་བ་ལ་དམིགས་པ་གཏད༔ དེ་ནས་ཅུང་ཟད་བསྐྱོད༔ བདེ་ཤིག་བྱུང་བ་དང༔ སྙིང་ག༔ ལྟེ་བ༔ གསང་གནས་རྣམས་རིམ་གྱིས་ཚེའི་བདུད་རྩིས་གང་བ་ལ་དམིགས་པ་གཏད༔ མཐར་ཡུམ་ལྷ་མོ་གོས་དཀར་མོ་ཡང་ཚེའི་བདུད་རྩིའི་རང་བཞིན་དུ་དམར་ལྟེམ་གྱིས་ཞུ༔ ཧཱུྃ་ཞེས་པའི་ཡི་གེའི་སྒྲ་ལས་གསང་བ་རྡོ་རྗེའི་སྦུ་གུར་དྲངས་ཏེ༔ ལུས་ཀྱི་རྩ་གནས་མ་ལུས་པ་ཀུན་ཁམས་སྐྱེ་ཤི་མེད་པ་ཚེའི་བདུད་རྩིའི་རྒྱུན་གྱིས་མེར་ཁེངས༔ རང་སྐྱེ་ཤི་མེད་པ་ཚེ་དཔག་མེད་པའི་ངོ་བོར་གྱུར་པ་ལ་དམིགས་པ་གཏད༔ ཡུམ་དང་བྲལ་ཏེ་རླུང་བུམ་ཅན་ཚར་འགའ་རེ་འཛིན༔ ཤེས་པ་ཀ་དག་གི་ངང་ལ་བཞག༔ ལུས་ཀུན་མ་ལུས་པ་སྤྲུག་ཐོན་པ་རེ་བྱ༔ རྗེས་བདེ་བའི་ཉམས་མྱོང་བསྐྱང༔ འདི་ནི་གསང་བ་ཡུམ་ལ་བསྟེན་པའི་ཚེ་སྒྲུབ་ཡང་གསང་བླ་ན་མེད་པ་ཡིན་པས་ཤིན་ཏུ་གསང་བར་བྱ་ཞིང༔ ཡུམ་ཡང་དམ་ཚིག་དང་ལྡན་པར་བྱའོ༔ དུས་ཀུན་ཏུ་སྲོག་རྩོལ་རླུང་གི་ཉམས་ལེན་ལ་འབད་དེ༔ མཁའ་འགྲོ་ལྔའི་སྦྱོར་བ་ཡང་ཡང་བྱས་པས་ལུས་ཀྱི་རྩ་ཁམས་མི་འཁྲུག་ཅིང་བདེ་བའི་ཉམས་མྱོང་འཕེལ་བའི་གནད་ནི་འདི་ཡིན་པས༔ མཚོ་རྒྱལ་གྱིས་སེམས་ལ་ཟུངས་ལ་ཉམས་སུ་ལོངས་ཤིག༔ ལུས་ཀྱི་རྩ་ཁམས་མི་འཁྲུག་ཅིང་ཚེ་རིང་བའི་གནད་ཡིན་ནོ༔ གནམ་གང་གི་ཉིན་པར་རྐང་པའི་མཐིལ་གཉིས་བཀྲུ་སྟེ༔ ཏིལ་མར་དང་ཙནྡན་དཀར་དམར་གྱིས་བྱུག་པ་བྱའོ༔ དེ་ནས་ཚེས་གཅིག་གཉིས་གསུམ་བྱིན་པ་མན་ལ་གནས་པའི་བླ་ཚེས་ཡིན་པས་བྱུག་པ་བྱ༔ གསང་གནས་སུ་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་སྦྱོར་བ་མཛད་པའི་བདེ་བས་གསང་གནས་ཀྱི་འཁོར་ལོ་འགེངས་པར་བསམས་ཏེ༔ གསང་གནས་ཀྱི་འཕྲུལ་འཁོར་་་ཕྱོག་བཅུར་བསྐོར་བར་བྱའོ། །མཆན།ལ་འབད༔ སྨད་ཀྱི་སྟོབས་རྒྱས་པས་ནད་གཞི་ཉུང༔ ཕྱི་ནང་གི་རྟེན་འབྲེལ་སྣ་ཚོགས་ལ་མཁས་པར་འཆར༔ དེ་ནས་བཞི་ལྔ་དྲུག་རྣམས་ལྟེ་བར་འདུས་པའི་དུས་ཡིན་པས༔ ལྟེ་བར་པདྨ་ཌཱ་ཀི་ཡབ་ཡུམ་སྦྱོར་བ་ལ་དམིགས་ཏེ༔ དཀར་དམར་འདྲེས་པའི་བདེ་བས་ལྟེ་བའི་རྩ་འདབ་གང་བ་ལ་དམིགས་ཏེ་ལྟེ་བའི་འཕྲུལ་འཁོར་ལ་གོང་ལྟར་འབད་པས་རྒྱལ་བའི་གསུང་རབ་ཡན་ལག་བཅུ་གཉིས་མ་བསླབས་པར་ཤེས༔ པདྨ་མཁའ་འགྲོ་དབང་དུ་འདུས་པས་ཕྱི་རོལ་དུ་བུད་མེད་དབང་དུ་འདུ༔ ནང་དུ་བདེ་བ་དབང་དུ་འདུ༔ གསང་བ་དྲོད་དབང་དུ་འདུ༔ བདུན་བརྒྱད་དགུ་རྣམས་ལ་སྙིང་གར་འདུས་པའི་དུས་ཡིན་པས་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་གསལ་གདབ༔ སྙོམས་པར་ཞུགས་པ་ལ་སོགས་གོང་བཞིན་ནོ༔ དེ་ལྟར་བྱས་པས་ནང་དུ་སངས་རྒྱས་ཌཱ་ཀི་དབང་དུ་འདུ༔ ཆོས་དབྱིངས་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེ༔ ཕྱིར་གཟུང་འཛིན་གྱི་འཁྲུལ་རྟོག་ངན་པ་འགགས་པས་སྨྱོན་པའི་བརྟུལ་ཞུགས་སྤྱོད༔ དེ་ནས་བཅུ་གཅིག་བཅུ་གཉིས་རྣམས་ལ་མགྲིན་པར་འདུས་པའི་དུས་ཡིན་པས༔ རིན་ཆེན་ཌཱ་ཀི་ཡབ་ཡུམ་གསལ་གདབ་པ་ལ་སོགས་གོང་བཞིན་ནོ༔ ནང་དུ་རིན་ཆེན་ཌཱ་ཀི་དབང་དུ་འདུས་པས་ཕྱིར་ཟས་ནོར་དབང་དུ་འདུ༔ དེའི་རྟེན་འབྲེལ་གྱིས་སྦྱིན་པ་ཕྱོགས་མེད་དུ་གཏོང་བའོ༔ བཅུ་གསུམ་བཅུ་བཞི་བཅོ་ལྔ་རྣམས་ལ་སྤྱི་བོར་དྭངས་མ་འདུས་པས༔ རྡོ་རྗེ་ཌཱ་ཀི་ཡབ་ཡུམ་གསལ་གདབ་སྟེ༔ སྦྱོར་བ་མཛད༔ སྦྱོར་མཚམས་ནས་བྱང་སེམས་དཀར་དམར་བབས༔ སྤྱི་བོའི་རྩ་འདབ་གང་བ་ལ་སོགས་གོང་བཞིན་ནོ༔ དེ་ནས་བཛྲ་ཌཱ་ཀི་ཡབ་ཡུམ་དབང་དུ་འདུས༔ དྭངས་མ་ཆུའི་ཁམས་སུ་སྟོབས་བསྐྱེད༔ ཟླ་བ་ཉ་གང་དཀར་པོ་རྒྱས་པའི་དུས་ཡིན་པས༔ གསང་བ་གནས་ལུགས་ཀྱི་རྟོགས་པ་མངོན་དུ་འགྱུར་རོ༔ སྤྱི་བོར་སྐྲ་མཐེབ་གང་བཞར༔ རྩི་དམར་དང་ཙནྡན་དཀར་དམར་ལ་སོགས་པའི་ལྡེ་གུའི་བྱུག་པ་བྱས་པས་སྟོབས་བསྐྱེད་དེ༔ བཅུ་དྲུག་ནས་གནམ་གང་གི་བར་མར་ལ་འབེབ་པའི་དུས་ཡིན་པས༔ དྭངས་མ་འཕེལ་བའི་ཐབས་རྣམས་སྔར་ལྟར་ཤེས༔ གནམ་གང་གི་དུས་རྐང་མཐིལ་གྱི་བླ་ཚེས་ཡིན་པས་ཕྱི་རོལ་དུ་ཟླ་བ་མི་མངོན་པའོ༔ གསང་བ་ཕོ་ཁྲིད་ཀྱི་སྐབས་སུ་གསང་བའི་རྡོ་རྗེ་སྦུབས་སུ་འཇུག་པར་འདོད་ན༔ རྩ་དབུ་མའི་མས་སྣ་གསང་བའི་རྡོ་རྗེ་དང་འབྲེལ་བའི་སྦུ་གུ་ཁོང་སྟོང་དུ་སེང་ངེ་ཡོད་པར་བསམ༔ གསང་བའི་རྡོ་རྗེའི་རྩེ་མོར་ཡི་གེ་ཧཱུྃ་གི་ཞབས་ཀྱུ་ལྕགས་ཀྱུ་ལྟ་བུ་དེ་རྡོ་རྗེའི་ཕྱིར་རྒྱབ་སྟེ་ནང་དུ་དྲངས་པས་རྒྱུ་མ་ཕྱིར་ཀློག་པའི་ཚུལ་དུ་སྤྱི་བོའི་གཙུག་ཏུ་རྡོ་རྗེ་གཙུག་ཏོར་གྱི་རྣམ་པར་ཐོན༔ དེའི་སྟེང་དུ་ཧཱུྃ་དེ་ཡེ་རེ་ཡོད་པ་ལ་དམིགས་པ་གཏད༔ མདུན་རླུང་ཐུར་དུ་མནན༔ རྒྱབ་རླུང་སྟེང་དུ་འཐེན༔ ལག་པ་རྡོ་རྗེ་ཁུ་ཚུར་བརླ་ཁུད་དུ་བརྒྱང༔ རྐང་པའི་མཐིལ་གཉིས་སྤྲད༔ སྲིན་པོ་ཅུང་ཟད་ཕྱིར་ཤིག་ཙམ་བྱེད་པ་གནད་ཡིན༔ སྦྱོར་བ་དེས་ནི་གསང་བའི་རྡོ་རྗེ་སྦུབས་སུ་ནུབ་པར་འགྱུར་རོ༔ སླར་ཡང་ལུས་གནད་དེ་ཀའི་སྟེང་ནས་ལག་མཐིལ་གཉིས་ཀྱི་བཅང་ཁྲག་ནུ་སྟེང་དུ་བརྡེག་པ་དང༔ ཁུ་ཚུར་འདོམས་སུ་དྲག་ཏུ་བརྐྱང༔ མདུན་རླུང་མདུན་དུ་དྲག་ཏུ་ཕུལ༔ རྒྱབ་རླུང་སྟེང་དུ་འཐེན་པའོ༔ ཡང་རྡོ་རྗེའི་པགས་པ་ལག་པས་མདུན་དུ་འཐེན་པ་དང༔ འཕོངས་ཕྱིར་འཐེན༔ དམིགས་པ་དབུ་མ་ཕྱིར་ལོག་པའི་གཙུག་ཏོར་ལ་གཏད་དོ༔ དེ་ནི་རྗེས་བརྟན་པར་བྱེད་པའོ༔ གཞན་ཡང་བག་ཆགས་ངན་པ་འབུད་པར་བྱེད་པའི་འཕྲུལ་འཁོར་ལ༔ འཕྲུལ་འཁོར་དང་དམིགས་པ་ཡོན་ཏན་དང་གསུམ་ལས༔ འཕྲུལ་འཁོར་ནི་ལུས་སྐྱིལ་ཀྲུང་ལས༔ ལག་གཉིས་སོར་མོ་བསྣོལ༔ ལག་ལོགས་བྲང་ལ་སྦྱར༔ ཁུ་ཚུར་མཆན་ཁུང་གཡས་གཡོན་དུ་བཅུག༔ རྐེད་པ་བསྐོར་ཞིང་ཕྱོགས་བཞིར་བཅག༔ ལངས་ཏེ་འཕོངས་རྟིང་པས་རེ་མོས་སུ་བརྡུང༔ སྐྱིལ་ཀྲུང་བརྡབ་ཅིང་ལག་གཉིས་ཀྱི་སོར་མོ་པུས་སྟེང་དུ་བཅག༔ དེས་ནི་རྩ་རླུང་ཐིག་ལེ་གསུམ་གྱི་དུག་སེལ་ཞིང་ཁམས་བྱིང་བ་ཉོག་པ་དང་རྨུགས་པ་དང་གཉིད་ཆེ་བ་རྣམས་ཀྱི་སྐྱོན་སེལ༔ འདྲེན་ནི༔ རྐང་གཉིས་སྐྱིལ་ཀྲུང༔ ལག་གཉིས་ཁུ་ཚུར་བརླ་ཁུད་དུ་མནན༔ རླུང་ཁོང་འདྲེན་ཧཱུྃ་རིང་ཧུྃ་ཐུང་གིས་དྲང༔ ཡང་པདྨའི་སྐྱིལ་ཀྲུང་བྱས་ལ་ཁུ་ཚུར་སྙིང་གར་བསྣོལ༔ ཧཱུྃ་རིང་ཧུྃ་ཐུང་གིས་དྲང༔ ཡང་ལངས་ཏེ་འཕོངས་རྟིང་པས་རེ་མོས་སུ་བརྡུང༔ ལུས་གནད་དེ་ཀའི་ངང་ནས་ལག་གཉིས་བསྣོལ་ཏེ་ལྟག་པར་འཇུས༔ ཧཱུྃ་རིང་ཁོང་འདྲེན་གྱིས་དྲག་ཏུ་དྲང༔ ཡང་རྐང་པ་སྐྱིལ་ཀྲུང་བཅས་ཏེ༔ ལག་གཉིས་ཀྱིས་བོལ་མཚམས་ནས་བཟུང༔ ལུས་ཁྲིམ་གྱིས་བསྒྲིམ༔ རླུང་ཧཱུྃ་རིང་ཁོང་འདྲེན་གྱིས་དྲག་ཏུ་དྲང༔ དེ་རྗེས་འགྲེམས་པའི་འཕྲུལ་འཁོར་མགོ་བོ་བསྒྲིལ་ཞིང་རོ་སྟོད་གཅུ༔ སྤྲུག་མང་དུ་བསྐོར་ཅིང་སྨད་དུ་བརྡབ༔ གཡང་མོའི་སྤྲུག་དང་གྱི་ལིང་འཁྲབ༔ ལུས་ཕྱི་ནང་དུ་གཅུ་ཞིང་འཕར༔ སེངྒེ་རྣམ་རོལ་གྱི་ཕྱག་རྒྱ་མང་དུ་བྱས་པས་ཁྲེམས་སོ༔ དེ་རྣམས་ཀྱིས་བྱིང་ཞིང་རྨུགས་པའི་གེགས་སེལ་ལོ༔ རྗེས་ལུས་སྐྱིལ་ཀྲུང༔ མིག་ལྟ་སྟངས༔ རླུང་བཟུང་སྟེ་བཙན་ཐབས་ཀྱི་སྦྱོར་བ་མང་དུ་བྱས་པས་གེགས་སེལ་ལོ༔ ཡང་རྡོ་རྗེ་ལས་སུ་མི་རུང་བའི་གེགས་སེལ་ནི༔ རླུང་བཟུང་སྟེ༔ རྣལ་འབྱོར་པ་ལུས་སྟོབས་ཞན་པའམ༔ རིགས་རྒྱུད་འཇོག་པའི་གང་ཟག་གིས་རྡོ་རྗེ་ལས་སུ་རུང་བར་འདོད་ན༔ མོན་སྲན་དཀར་ནག་སྲན་ཆུང་གསུམ་ཞིབ་ཏུ་བཏགས་པའི་ཕྱེ་མ་མིའི་རྐང་དང་སྦྱར༔ ཨོཾ་གྷི་རི་དྷ་རི་ཙི་རི་ཨ་ཨ་ཤུམ་ཤིག་སྭཱ་ཧཱ༔ ཞེས་བརྒྱ་རྩ་བཟླས་ཏེ་གསང་རྡོར་ལ་བྱུགས་པས་ནམ་དགོས་ཀྱི་དུས་སུ་ལས་འགྲུབ་བོ༔ ཡང་གསང་རྡོར་མི་ཉམས་པའི་ཐབས་ལ༔ མོན་སྲན་དྲེའུ༔ གཟེ་མ༔ ད་བྱིད་གསུམ་ཕུག་རོན་གྱི་བྲུན་དང་སྦྱར་ཏེ་གསང་རྡོར་ལ་བྱུགས་ན་ལས་ལ་སྦྱར་བས་འགྲུབ་བོ༔ ཡང་སྨན་དེ་གསུམ་བ་དམར་པོའི་འོ་མ་ལ་སྦྱར་ནས་ལྟོ་སྟོང་ལ་འཐུང༔ ཡང་ཐལ་ཀར་རྡོ་རྗེ༔ མིའི་ཀླད་པ༔ བུ་རམ༔ གུར་གུམ་སྦྱར་ནས་གསང་རྡོར་ལ་བྱུག༔ ཡང་སྦྲང་རྒོད༔ ཁྱི་དཀར་པོའི་རྡོ་རྗེ༔ ཤིང་ཀུན་མར་དཀར་ལ་སྦྱར་ཏེ་གསང་རྡོར་ལ་བྱུག༔ གོང་གི་སྔགས་རྫས་དེ་རྣམས་ལ་ཅི་མང་བཏབ་སྟེ་བྱུག༔ ལོ་དགུ་བཅུ་ལོན་པས་ཀྱང་མཚན་ལྡན་བརྒྱ་ལ་སྤྱོད་པར་ནུས་སོ༔ ཡང་ལྕམ་པའི་རྩ་བ༔ མོན་སྲན༔ ཁྱི་དཀར་པོའི་རྡོ་རྗེ་སྐམ་པོ་དང་སྦྱར་ནས་རྡོ་རྗེ་ལ་ཟླ་བ་དྲུག་གི་བར་དུ་བྱུགས་ན༔ དེས་ནི་རྡོ་རྗེ་ཤིན་ཏུ་ལས་སུ་རུང་བར་འགྱུར་རོ༔ ཡང་ལུག་རུ་མེ་ཏོག་གྲིབ་བསྐམ་བྱས༔ ཨ་རུ་ར་རྒྱ་གར་མ་དང་སྦྱར༔ ཞིབ་པར་བཏགས་ཏེ་འོ་མ་ལ་སྦྱར་ཏེ་ནངས་མ་རེ་བཞིན་བཏུང་ན་རྣལ་འབྱོར་ལོ་དགུ་བཅུ་ལོན་པས་ཀྱང་ལས་ཀྱི་ཕྱག་རྒྱ་བརྒྱ་ཕྲག་རེ་བསྟེན་པར་ནུས༔ ཡང་བའི་འོ་མ་ཤིང་མངར་བུ་རམ་དང་སྦྱར་ཏེ་ལྟོ་སྟོང་ལ་འཐུངས་ན་ནམ་དགོས་སུ་དོན་འགྲུབ༔ ཡང་དཔའ་བོ་ཆིག་ཐུབ་ཏིལ་མར་དང་སྦྲང་ལ་སྦྱར་ཏེ་ལྟེ་ཁུང་དུ་བྱུགས་པས་ཀྱང་འགྲུབ༔ ཡང་ད་བྱིད་སྨུག་པོ་དང་དབང་ལག་བུ་རམ་དང་གསུམ་ཟོས་ན་རྒྱས་སོ༔ ཡང་མཆིལ་པའི་ཀླད་པ༔ རྩང་པའི་ཤ༔ ཨ་ཤུ་ལ༔ ད་བྱིད༔ ཐལ་ཀར་རྡོ་རྗེ་རྣམས་རྩི་བཞིན་བཏགས་ཏེ༔ བུ་རམ་སྦྱར་ནས་ལྟོ་སྟོང་ལ་ཟོས་ན༔ དེ་མ་ཐག་ཏུ་ལས་ལ་སྦྱར་ནུས་སོ༔ ཡང་བུ་རམ་ཕུལ་གང་ནང་དུ་ཅོང་ཞི་པི་པི་ལིང་ཁྱོར་ཕྱེད༔ ད་བྱིད་མཛུབ་ཚིགས་ཙམ་མཆིལ་པ་བུབས་གཅིག་རྣམས་ཞིབ་པར་བཏགས་ལ་བའི་འོ་མ་དང་སྦྱར་ནས་ལྟོ་སྟོང་ལ་བཏང་ན་ནམ་དགོས་སུ་དོན་འགྲུབ༔ སྨན་སྦྱོར་འདི་རྣམས་ལེགས་པར་བྱས་ནས་ལས་ཀྱི་མུ་དྲཱ་དབང་དུ་སྡུད་པ་ནི༔ ཐང་ཕྲོམ་དང་ནི་ར་དུག་རྩ་བ་ཅུང་ཟད་བསྲེས་ནས་ད་བྱིད་མཐེ་བོང་ཙམ་གཅིག་དང་མཉམ་པོར་ཞིབ་ཏུ་བཏགས༔ དེ་གསུམ་སྦྱར་བའི་ལྡེ་གུ་རང་གི་མཆིལ་མ་དང་སྦྲགས༔ ལྕེའི་སྟེང་དུ་བཞག་ལ་སྣབས་དང་སྣའི་དྲི་མ་དང༔ སྙིང་གའི་དྲི་མ་དེ་རྣམས་ལ་སྔགས་འདི་སྟོང་བཟླས་ཁོང་དུ་བཏང༔ སྔགས་འདི་བཏབ༔ སེ་སེར་ར་རི༔ ཞེས་མང་དུ་བཟླས་ཏེ་ཁོང་དུ་བཏང་བས་དབང་དུ་འདུ་བར་ངེས་སོ༔ ཡང་གདམས་པ་ལུགས་གཅིག་ལ༔ མཆིལ་བའི་སྒོ་ངའི་ནང་གི་སེར་པོ༔ བ་རུ་ར༔ པི་པི་ལིང༔ མཚུར་ནག་བཞི་ཆ་མཉམ་པ་ལ་རྩི་བཞིན་དུ་བཏགས༔ སྦྲང་རྒོད་དང་སྦྱར༔ སྦྱོར་བ་བྱེད་དུས་སུ་རྡོ་རྗེའི་རྩེ་མོ་ལ་བྱུགས་ཏེ༔ ལས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་ན་མོའི་སྙིང་ལ་ཟིན་ཏེ་འབྲལ་མི་ཕོད་དོ༔ མར་སྙིང་དང་སྦྱར་ཏེ་གསང་རྡོར་ལ་ཡང་ཡང་དུ་བྱུག་པ་གནད་ཡིན༔ ཡང་རྟག་ཏུ་ངུ༔ ག་བུར༔ བུ་རམ༔ གུར་གུམ༔ མཚལ༔ ཤིང་མངར༔ ཕུག་རོན་གྱི་བྲུན༔ ཁྱི་དཀར་པོའི་རྡོ་རྗེ༔ ལྕམ་པ༔ གཡེར་མ༔ རྒྱ་ཚྭ་དེ་རྣམས་ཞིབ་པར་བརྡུངས་པ་སྦྲང་རྒོད་དང་སྦྱར་ཏེ་རྡོ་རྗེ་ལ་བསྐུས་ནས་ཕྱག་རྒྱ་དང་མཉམ་དུ་སྦྱར་ན་མོ་རང་དང་འབྲལ་མི་ཕོད་དོ༔ ཡང་རྟག་ཏུ་ངུ༔ སྒོག་གཅིག་སྐམ་པོ༔ སྒ་སྐྱ༔ ཕག་ཚིལ་དང་མཉམ་དུ་སྦྱར་ནས་རྡོ་རྗེ་ལ་བྱུགས་ན་བུད་མེད་དེས་བརྩེ་ཞིང་དུངས་པར་བྱེད་དོ༔ ཡང་ཐིག་ལེ་མི་ཉམས་ཤིང་མི་འཛག་པར་བྱེད་པ་ལ༔ རྡོ་ཁབ་ལེན༔ སྔོ་རྟག་ཏུ་ངུ༔ མེ་ཏོག་གཡུ་ལོ༔ རང་གི་ཐིག་ལེ་དང་བཞི་རའི་འོ་མ་ལ་སྦྱར་ནས་གདུ༔ ལྟོ་སྟོང་ལ་འཐུངས་ཤིང་རྐང་མཐིལ་ལ་བྱུགས་པས༔ ཐིག་ལེ་ཉམས་པའི་གེགས་སེལ་ལོ༔ ཕྱག་རྒྱའི་བྷ་ག་དམ་པར་འདོད་ན༔ སྔོ་རྟག་ཏུ་ངུ༔ བྱི་ལའི་གཞང་ཚིལ༔ མར༔ བྱིའུ་པ་ཏ་བོན་ཆུང་ཐོད་དཀར་གྱི་ཤ་དང་སྦྱར་ནས་རྡོ་རྗེ་ལ་བྱུགས་ནས་ཕྱག་རྒྱ་བསྟེན་ན་དམ་མོ༔ ཡང་བྷ་ག་དྲོད་ཆེ་ཞིང་ཡངས་པར་འདོད་ན༔ རྟག་ཏུ་ངུ༔ ག་པུར༔ གླ་རྩི༔ ཤིང་ཚྭ༔ པི་པི་ལིང༔ བུད་མེད་ཀྱི་ནུ་ཞོ་དང་སྦྱར་ནས་ཕྱག་རྒྱ་ལ་སྤྱད་ན་བྷ་ག་ཡངས་ཤིང་དྲོད་དང་ལྡན་པར་འགྱུར་རོ༔ ཡང་མོ་ཁྲིད་ཀྱི་སྐབས་སུ་བྷ་ག་སྐྱེས་པས་མི་ཕྱེད་པའི་ཐབས་ལ་རྟག་ཏུ་ངུ༔ ཨུག་ཆོས་མེ་ཏོག་ཁ་མ་བྱེ་བ༔ སྤང་རྒྱན་མེ་ཏོག་ཁ་མ་བྱེ་བ༔ ཤང་ཤང་མེ་ཏོག་ཁ་མ་བྱེ་བ༔ བྱ་ཕོ་མཚལ་ལུའི་ཨོག་ཞོལ་གྱི་ཤ་རྣམས་སྦྱར་ནས་ལྟོ་སྟོང་ལ་འཐུངས་ཤིང་བྷ་ག་ལ་ཡང་བྱུག༔ འོག་རླུང་དྲག་ཏུ་བསྡམས་པས་པདྨ་རྡོ་རྗེས་ཕྱེད་པར་མི་འགྱུར་རོ༔ ཡང་རང་གི་བུད་མེད་ལ་སྐྱེས་པ་གཞན་གྱིས་སྤྱོད་ན༔ མ་ནུ༔ སྒ་སྐྱ༔ བྱང་བུལ་གསུམ་ཡུངས་དཀར་དང་སྦྱར་ནས་ཆུ་བསྐོལ་ལ་བཏབ༔ རང་གི་ཕྱག་རྒྱའི་སྙིང་སྡུག་ལ་བྱིན་པས་ཁོ་ཆགས་པ་སྐྱེ་བར་མི་འགྱུར་རོ༔ ཡང་སྲན་མའི་མེ་ཏོག༔ ལུག་གི་བུ་སྣོད༔ རྟ་ཡི་སྲེ་ལོང་ཞིབ་ཏུ་བཏགས༔ བུ་མོ་ལོ་བརྒྱད་པའི་ཆུ་དང་སྦྱར་ཏེ་བྱིན་ན་རྡོ་རྗེ་ལྡང་བར་མི་འགྱུར་རོ༔ ཡང་བུད་མེད་ཀྱི་ཆུས་རྡོ་རྗེ་བཀྲུས་ན་དེས་ཀྱང་ལྡང་བར་མི་ནུས་སོ༔ ཡང་བུད་མེད་ཀྱི་མངལ་ཁྲག་སྐྱེས་པའི་རྨོང་སྤུ་ལ་བསྐུས་ཏེ་བུད་མེད་དེའི་མལ་འོག་ཏུ་སྦས་ན་གསང་བའི་རྡོ་རྗེ་ལྡང་བར་མི་འགྱུར་རོ༔ ཡང་ཕྱག་རྒྱ་རང་གི་དབང་དུ་སྡུད་པ་ནི༔ རྫས་དང་སྔགས་གཉིས་ལས༔ རྫས་ནི་མེ་ཏོག་ཨུག་ཆོས༔ ཐང་ཕྲོམ་གྱི་འབྲུ༔ ཁྱི་མོའི་སྟུ་ཤ༔ ར་མའི་སྟུ་ཤ༔ འཕྱོན་མོའི་ཆུ་ཤུལ་གྱི་ས༔ རྒྱ་གཡེར༔ པདྨ་རཀྟ༔ འདི་རྣམས་སྦྱར་ཏེ་རིལ་བུ་བྱེད༔ རིལ་བུ་ཟངས་གཞོང་ནང་དུ་བླུགས་ལ་དར་དམར་གྱིས་ཁ་བཅད༔ རང་རྟ་མགྲིན་དུ་གསལ་བའི་ངང་ནས༔ སྔགས་འདི་ལ་ཞག་བདུན་བསྙེན་པ་བྱེད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཟབ་ཟབ༔ ཟུབ་ཟུབ༔ ཟེ་ཟོ་ཟེ་ཟོ༔ ཝི་ཊ་ལང་ལང༔ ཁུག་རྣྲི་ཛ༔ རིལ་བུ་ལ་རླངས་པ་འབྱུང༔ དེ་ལྟར་མ་བྱུང་ན་བསྐྱར་ལ་བྱ༔ དེ་ལྟར་བྱས་པའི་རིལ་བུ་དེ༔ ཡུམ་ཕྱག་རྒྱ་མཚན་དང་ལྡན་པ་ལ༔ ཁར་འགྲོ་ངེས་པའི་ལྟོ་ལ་སྦྱར་ཏེ་བྱིན་པས་དབང་དུ་འདུ་བར་འགྱུར་རོ༔ ལ་ལ་ན་འགྲོལ་བའི་ཐབས་བཤད་དེ༔ འདི་ལ་འགྲོལ་བའི་ཐབས་མེད་པས་ཐོག་མར་མཚན་དང་ལྡན་པ་བརྟག་པར་བྱ༔ ལོ་རེ་ལ་རིལ་བུ་རེ་སྟེར་བ་གནད་དུ་ཟབ༔ གདམས་པ་འདི་ནི་ཌཱ་ཀིའི་ཡང་སྙིང་ཡིན་པས་ཤིན་ཏུ་གསང་བ་གལ་ཆེའོ༔ ཨོ་རྒྱན་བདག་གིས་ཀྱང་མཚོ་རྒྱལ་ལ་སོགས་བཅུ་གསུམ་སྔགས་འདིའི་སྒོ་ནས་ཁུག་གོ༔ ཡང་རྣལ་འབྱོར་པའི་ཕྱག་རྒྱ་དམ་ཚིག་དང་མི་ལྡན་ན་རང་བྱེས་སུ་འགྲོ་དུས་རིགས་རྒྱུད་འཆོལ་བ་དང༔ དམ་ཚིག་གཙང་དང་མི་གཙང་ཡིད་ཆེས་བརྟག་པའི་ཕྱིར་ལས་རྒྱ་ལ་རྒྱས་གདབ་པ་ནི༔ ས་ཁ་དོག་དམར་པོ་ལ་གནས་པའི་རྨིགས་པ་དམར་པོ་ཤི་བའི་རོ་སྔོ་སྐམ་མ་སོང་བ་སྣོད་རྫ་ཁ་སྦྱར་དུ་བསྲེགས་པའི་སོལ་བ་དང༔ རང་གི་ཤེས་རབ་མའི་རང་བྱུང་མེ་ཏོག་རྣམས་ཞིབ་པར་བཏགས་ལ་རིག་མའི་ཡན་ལག་གི་མཐིལ་བཞི་མ་གཏོགས་པའི་ཤ་རྗེན་ལ་བཏབ་ན༔ ཇི་སྲིད་དུ་སྐྱེས་པའི་གནོད་པ་མ་བྱུང་གི་བར་འཇིག་པར་མི་འགྱུར་རོ༔ གནད་ཞལ་ལས་དྲིས་ཞེས་པ་ལ༔ ྈྈྈྈ འདི་དག་ནི་གསང་བ་སྟེ་ཡ་གའི་གནས་དང༔ བསྟན་པ་དང་བླ་མ་མཆེད་གྲོགས་ཀྱི་ཞབས་འདྲེན་དུ་མི་འགྲོ་བ་ཤིན་ཏུ་གཅེས་སོ༔ དུག་གིས་ལྟོ་ཡོང་བ་རྨ་བྱ་ལས་མེད་པས་ཀུན་ལ་བསྟན་པར་མི་བྱའོ༔ འདི་ཐམས་ཅད་ཀྱི་གནད་དུ་འགྲོ་བའི་འཕྲུལ་འཁོར་གྱི་རྣལ་འབྱོར་ལ་འབད་པ་ནི་འདི་ལྟ་སྟེ༔ དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད༔ རང་ལུས་ལྷ་སྐུ་སྣང་ལ་འཛིན་པ་མེད་པའི་ངང་ནས་རླུང་རོ་སྣ་ནས་དགུ་ཕྲུགས་སུ་བུས༔ ཉྭ་བཞི་བསྒྲིམ༔ རྩ་འདུལ་བྱ༔ རྐང་པ་བརྐྱང་བསྐུམ་བྱ་བ་དང༔ ལག་པ་རྡོ་འཕེན་ལྟར་དུ་བྱས༔ ལུས་འདུལ་ལུས་སྦྱོང་བྱ་བ་དང༔ འདྲེན་པའི་ཚུལ་དུ་བྱ་བ་དང༔ ཐིག་ལེ་ལུས་ལ་འགྲེམས་པ་དང༔ ཕྱིས་ནི་རྗེས་སྤྱོད་ཚུལ་དུ་བྱ༔ དེ་དག་ལ་ཡང་བདུན་བདུན་ཏེ༔ གཞུང་གི་འཕྲུལ་འཁོར་རྣམས་ལ་འབད༔ དང་པོ་ལག་གཉིས་བརྐྱང་བསྐུམ་ནི༔ ཞགས་པ་འཕེན་པའི་ཚུལ་དུ་བྱ༔ རྡོ་རྗེ་ཁུ་ཚུར་པུས་སྟེང་བཞག༔ དེ་རྗེས་སོར་བཅུ་བསྐྱངས་ཏེ་འཕེན༔ རྡོ་རྗེ་ཁུ་ཚུར་བརླ་ཁར་བཅའ༔ ཉྭ་བཞི་བསྒྲིམས་ལ་སོར་མོ་བསྐུམ༔ མིག་བཙུམ་ཚངས་པའི་འཇིག་རྟེན་ལྡོག༔ སྣ་ཁྲག་ལྡོག་པའི་འཕྲུལ་འཁོར་ཡིན་ནོ༔ དམིགས་པ་ནི༔ ལུས་ཀྱི་ནང་ཐམས་ཅད་སྒོང་ལྐོག་ལྟར་ཧར་སིང་ངེ་བ་ལ་འབྱུང་བ་ལྔའི་དུག་ལྔ་པོ་འཇའ་ཚོན་ལྟར་སྔོ་དམར་དུ་ལོང་ལོང་ཡོད་པ་དེ་སྤྱི་གཙུག་ན་ཡོད་པ་རྣམས་སང་སང་ཐོན་པར་བསམ་ཞིང་བཤང་སྒོ་བསྡམ༔ ཧཱུྃ་རིང་ཧུྃ་ཐུང་རླུང་ཁོང་འདྲེན་གྱིས་འབུད་པ་ལ་ཁམས་ཀྱིས་ལྕོགས་ཚོད་སྦྱང༔ ཁྱད་པར་གྱི་དམིགས་པ་ནི༔ ཕོ་བའི་ནང་ན་དུག་ཐམས་ཅད་འཇའ་ཚོན་སྔོ་དམར་ལྟར་དུ་ལོང་ལོང་ཡོད་པ་དེ་ཧཱུྃ་ཧཱུྃ་ཞེས་པས་ནང་དུ་རྔུབ་པས་དཔེར་ན་བུད་མེད་ཀྱིས་བལ་ཚོན་ལ་དོག་པ་བྱས་པ་བཞིན་དུ་ཁོག་པའི་ནང་ནས་ཡར་ཕྱུར་ཕྱུར་བྱུང་སྟེ་ཧཱུྃ་རིང་གིས་རླུང་ཕྱིར་བུས་པའི་ཚེ༔ སྤྱི་བོ་ནས་ཡར་སྔོ་དམར་དུ་ཕྱུར་ཕྱུར་ཐོན་ཏེ༔ ལུས་ཕྲུ་མ་ཕུས་བཏབ་པ་བཞིན་དུ་སྟོང་སང་སང་སོང་བར་བསམ༔ འཕོངས་ཀྱི་འོག་སྲིན་ཞལ་གྱི་ཐད་དུ༔ དར་རམ་རས་ཀྱི་གྲུ་གུ་ཁུ་ཚུར་ཙམ་ཞིག་བཞག་སྟེ་འོག་རླུང་ཡེ་མི་འཆོར་བར་བྱ༔ རྗེས་ལ་སྟེང་རླུང་སངས་བུས་ཏེ་དེའི་ངང་དུ་ལམ་སེང་གསོ༔ རྗེས་ལུས་སྤྲུག་ཐོན་པར་སྤྲུག༔ གཉིས་པ་འདྲེན་པ་ནི༔ གཅན་ཟན་གྱི་འདུག་སྟངས་ནི༔ ལུས་སུག་བཞི་ས་ལ་བགྲད༔ ལྕེ་རྐན་ལ་སྦྱར༔ ཨོལ་ཀོས་ཨོལ་མདུད་མནན་ཏེ༔ མཇིང་པ་གཡས་ནས་གཡོན་དུ་གཅུ་བ་གསུམ༔ གཡོན་ནས་གཡས་སུ་གཅུ་བ་གསུམ༔ གཉིས་མཉམ་གུང་དུ་འཐེན་པ་གསུམ༔ དེ་རྗེས་ལུས་སྤྲུག་ཐོན་པ་རེ་བྱེད་པའོ༔ སྟག་མོའི་སྐྱུག་ཅེས་པ་ནི༔ ལུས་གནད་མཐིལ་བཞི་ས་ལ་བཙུགས་པའི་སྟེང་ནས་ཧ་ཧག་ཅེས་པས་རླུང་སྒྲས་གསུས་པ་སྟོད་དུ་འཐེན་པ༔ ལུས་ཀྱི་ཉྭ་བཞི་བསྒྲིམ༔ ཨོལ་ཀོས་ཨོལ་མདུད་མནན༔ མིག་གྱེན་ལ་ལྡོག༔ ལྕེ་རྐན་ལ་སྦྱར༔ དམིགས་པ་སྤྱི་བོའི་ཧཾ་ལ་ཐིག་ལེ་ཀུན་སིབ་སིབ་དྲངས་པར་བསམ༔ རྗེས་ལ་ལུས་སྤྲུག་ཐོན་པ་རེ་བྱ༔ ཝའི་སྣོམ་ཞེས་པ་ནི༔ རྐང་པ་ཙོག་པུ་ལ་ལག་གཉིས་ཁུ་ཚུར་ནུ་སྟེང་དུ་ཕྱིར་བཀན༔ རླུང་གཡས་ནས་རྔུབས་ནས་དབུས་སུ་དགང༔ དབུས་ནས་གཡོན་དུ་དྲག་པོར་འབུད༔ སྦྱོར་བ་དྲུག་ལྡན་གྱི་ལུས་གནད་དང་བསྟུན་ནས་དམིགས་པ་སྤྱི་བོའི་ྈལ་གཏད༔ དེ་བཞིན་གཡོན་དང་དབུས་ལའང་འགྲེའོ༔ གླང་ཆེན་གྱི་ཨུ་ཞེས་པ་ནི་རྐང་ངར་དང་ལག་ངར་ས་ལ་བཙུགས༔ པུས་མོ་གཉིས་དང་གྲུ་མོ་གཉིས་སྤྲད༔ ངག་ཏུ་ཨུ་རིང་པོའི་སྒྲས་ཐིག་ལེ་རྣམས་སྤྱི་བོའི་ྈལ་བསྟིམ༔ རྗེས་ལ་དགྲམ་པ་ནི༔ གཡང་མོའི་སྤྲུག་ཅེས་པ་སྟེ༔ མཐིལ་བཞི་ས་ལ་བཙུགས་ཏེ་ལུས་བྱིངས་སིལ་སྤྲུག་པའོ༔ གྱི་ལིང་གི་ཁྲེས་ཞེས་པ་ནི༔ ལུས་མཐིལ་བཞི་ས་ལ་སྤྲད༔ གྱི་ལིང་གི་ཁྲེས་བྱེད་པ་ལྟར་ལུས་ས་ལ་འགྲེ་མོ་གཡས་སུ་སྐྱུར༔ གཡོན་དུ་སྐྱུར་གསུམ་གྱི་རྗེས་སུ་ལུས་བྱིང་སིལ་སྤྲུག་པའོ༔ སེང་གེ་རྣམ་རོལ་ནི༔ ཀུན་དང་འདྲ་བས་གོ་སླའོ༔ སེང་གེ་རྩལ་སྤྲུག་ནི༔ ལུས་ཅུང་ཟད་ཙོག་པུར་འདུག་པའི་པུས་མོ་གཉིས་ཀྱི་སྟེང་དུ་ཁུ་ཚུར་བཞག༔ ལུས་གཡས་བཅག་གཡོན་བཅག༔ གཞག་ཤ་མཆན་འོག་ཏུ་བརྡབ༔ ལག་པ་སྟེང་དུ་བསྐྱོད་པ་དང་མཉམ་དུ་ལུས་པོ་བྱིངས་ཀྱང་སྟེང་དུ་བསྐྱོད༔ སྟན་ལ་བརྡབ་པ་དང༔ ཁུ་ཚུར་པུས་སྟེང་དུ་ཕབ་སྟེ་ལུས་སྤྲུག༔ རྗེས་ལ་ལུས་ཕུར་སུབ་ལ་སོགས་པ་མང་དུ་བྱ༔ བཙན་ཐབས་ཀྱི་སྦྱོར་བའི་གེགས་སེལ་བའི་གནད་དུ་བསྣུན་པ་གཅེས་སོ༔ ྀཨཚ༔ ཡང་ཕྱག་རྒྱའི་དྭངས་མ་དྲང་བའི་སྐབས་སུ་གུ་རུས་ཞལ་གྱི་གདམས་པ་གསུངས་པ་ནི༔ མཚོ་རྒྱལ་ཕྱག་རྒྱའི་དྭངས་མ་དྲང་བ་ལ༔ ཕྱི་ནང་གཉིས་ལས༔ དྭངས་མ་དམར་པོ་སྡུད་པ་ནི་གོང་དུ་བསྟན༔ ལུས་ཀྱི་ཤ་མདངས་སྐྱེད་པར་བྱེད་པ་ནི༔ དྭངས་མ་དཀར་པོ་དང་པདྨའི་བཅུད་སྡུད་པར་བྱེད་པ་སྟེ༔ རིགས་བཟང་གི་ཕྱག་རྒྱ་མཚན་ཉིད་དམ་ཚིག་དང་ལྡན་པ་དང༔ ཡང་ན་བུ་མོ་གཙང་མ་སྐྱེས་པ་གྲིབ་ཅན་དང་རིགས་ངན་སྡིག་ཅན་གྱིས་མ་བཙོགས་པ་ལ༔ དབང་བཞི་རྫོགས་པར་བསྐུར་ལ་བསླབས་ཏེ༔ ཐོག་མར་སྙོམས་འཇུག་མགོ་རེག་ཙམ་ལ༔ པདྨ་འཇམ་གོས་ཀྱིས་ཕྱིས་ལ༔ དེ་ནས་ཡུན་དུ་བདེ་བ་སྤོར༔ རང་གིས་བདེ་བ་གནས་སུ་དྲངས་ཚར་བ་དང༔ རྣལ་འབྱོར་པས་ཕྱག་གཉིས་ཀྱིས་པདྨ་ཁ་ཕྱེ་ལ༔ མོའི་པདྨའི་ཟེ་འབྲུ་ཤའུས་ཁེངས་པ་ལྟ་བུའི་ཁྲོད་ནས་མོའི་དྭངས་མ་དཀར་པོ་བདེ་བའི་ཟིལ་པ་ཡོད་པས༔ དེར་རྡོ་རྗེ་སྦུ་གུ་གཏད་དེ༔ ཧཱུྃ་རིང་ཧུྃ་ཐུང་གི་རླུང་སྒྲས་རྡོ་རྗེའི་སྦུ་གུ་ནས་སིབ་སིབ་དྲང་བར་བྱའོ༔ གསང་སྔགས་ཀྱི་གྲོང་ཁྱེར་དུ་འཇུག་འདོད་ན་ཡང༔ རྐང་པ་སྐྱིལ་ཀྲུང་ལ༔ ལག་གཉིས་ཁུ་ཚུར་པུས་མོའི་སྟེང་དུ་བཞག་སྟེ༔ དབུ་མའི་ལམ་ལ་ཧུྃ་ཐུང་ཉི་ཤུ་རྩ་གཅིག་གིས་དྲང་བ་ནི༔ ཧཱུྃ་ཐམས་ཅད་འོག་མས་གོང་མ་ཕུལ་ཏེ་ཐམས་ཅད་སྤྱི་བོའི་ཧཾ་ལ་ཐིམ་པར་བྱས་ལ་ཧཱུྃ་ཧཱུྃ་ཞེས་ཉེར་གཅིག་གིས་དྲང༔ དེ་རྗེས་ཧ་ཉི་ཤུ་རྩ་གཅིག་གིས་དྲང༔ དེར་རྗེས་ཧིཀ྄་ཉེར་གཅིག་གིས་དྲང༔ དེ་རྗེས་ཧོཿཉེར་གཅིག་གིས་དྲང༔ རྣལ་འབྱོར་པ་རླུང་གི་ནུས་པ་ཆུང་ན་རང་གི་ལྕེའི་ཁར་སྨྱུག་སྦུབས་བཅུག་པས་དྲང༔ རྗེས་དགྲམ་པའི་འཕྲུལ་འཁོར་གནད་དུ་གང་འགྲོ་བྱ༔ སྟེང་ནས་ལེན་པའི་དམིགས་པ་ནི༔ རང་གི་རྩ་གནས་ཀྱི་དཔའ་བོ་དང་མཁའ་འགྲོ་ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟར་དམིགས་ལ༔ དེ་ལ་མཆོད་པ་འབུལ་བར་བསམ་སྟེ་མིད་པས་ལུས་ཀྱི་བཀྲགས་མདངས་དང་བདེ་བ་རྒྱས༔ གཟི་མདངས་ཐམས་ཅད་རྒྱས་པར་བསྒོམ་མོ༔ ལྕེས་ལན་གསུམ་བཅུད་ནས་སྲེའོ༔ འདིས་ནི་ལུས་ཀྱི་བཀྲག་མདངས་སྐྱེད༔ རྒས་ཁ་སྲ་ཞིང་ཚེ་ཡང་འཕེལ༔ ཕྱག་རྒྱ་དམ་མེད་གཡེམ་མོ་དང༔ སྐྱེས་པ་གཞན་མང་པོས་རྩོགས་པ་ལ་ནི་གྲིབ་ཀྱི་གནས་སུ་འགྱུར་རོ༔ དེ་ལྟར་མ་ཡིན་པའི་བདུད་རྩིའི་བཅུད་ལེན་ནི༔ ཡོན་ཏན་གོང་ནས་གོང་དུ་ཤིན་ཏུ་འཕེལ་ལོ༔ བཅུད་སྡུད་པ་དེ་ལ་ཡང་ཕྱི་ནང་གསང་གསུམ་ལས༔ ཕྱི་ནི་འོ་དང་འཁྱུད་པ་དང༔ ལྕེ་འཇིབ་པ་ལ་སོགས་པས་བདེ་བ་སྐྱེད་པ་དང༔ བདེ་བ་དེ་འཕྲུལ་འཁོར་འདྲེན་དགྲམ་གྱི་གནད་ཀྱིས་ཉམས་སུ་མི་འཇུག་པ་ལུས་ལ་བརྟན་པར་བྱེད་པ་ནི་ཕྱིའི་བཅུད་སྡུད༔ མོའི་དྭངས་མ་ལྕེའི་དབང་པོས་ལེན་པ་ནི་ནང་གི་བཅུད་སྡུད༔ ཕྱག་རྒྱའི་དྭངས་མ་གསང་རྡོར་གྱི་བུ་ག་ལ་འདྲེན་པ་ནི་གསང་བའི་བཅུད་སྡུད་དོ༔ དམར་པོ་ལ་ཡང་རྣམ་པ་གསུམ་ལས༔ ལྕེས་འདྲེན་པ་ཕྱིའི་བཅུད་སྡུད༔ སྣ་བུག་གཡས་ནས་འདྲེན་པ་ནི་ནང་གི་བཅུད་སྡུད༔ གསང་བའི་རྡོ་རྗེའི་སྦུ་གུའི་ནང་ནས་འདྲེན་པ་གསང་བའི་བཅུད་སྡུད་དོ༔ འདི་རྣམས་ཀྱི་གནད་དུ་རང་ཉིད་རྡོ་ཁབ་ལེན་གྱི་རིལ་བུ་དང༔ གཞན་ལ་ལྕགས་ཕྱེའི་རིལ་བུ་སྟེར་བ་གནད་ཟབ༔ མཚོ་རྒྱལ་གདམས་པའི་ཡང་ཟབ་ཉམས་སུ་ལེན་ན་པདྨ་བདག་གི་ཞལ་གྱི་གདམས་པ་འདི་རྣམས་ཁོང་དུ་ཆུད་པར་བྱའོ༔ རྡོ་རྗེ་ཕག་མོའི་ཟབ་ཁྲིད་ལས་གཞལ་གདམས་ཟུར་དུ་བཀོད་པ་ཞེས་བྱ་བ་ཡང་གསང་གི་གནད་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་རུའི་ཞལ་གྱི་གདམས་པ་འདི་ཉིད་མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ བྱང་ཟང་ཟང་ལྷ་བྲག་རྐེད་ནུབ་ཟངས་མཛོད་དམར་པོར་སྦས་པའོ༔ ས་མ་ཡ་རྒྱ༔ རྒྱ་རྒྱ་རྒྱ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་རྒྱ་ཡོད་དོ༔ ཁ་ཐཾ༔ མང་ཡུལ་རི་བོ་དཔལ་འབར་ནས་གཏེར་སྟོན་ཚེ་དབང་རྒྱལ་པོས་སྤྱན་དྲངས་པའོ། །ས་མ་ཡ། རྒྱ་རྒྱ་རྒྱ།། །། ༈ རྡོ་རྗེ་ཕག་མོའི་ཟབ་ཁྲིད་ལས༔ གཞན་དོན་རིགས་རྒྱུད་སྤྲུལ་སྐུ་བཞག་ཐབས་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈ བཅོམ་ལྡན་འདས་དུས་དང་ཚེས་གྲངས་ངེས་པའི་ལྷ་ལ་ཕྱག་འཚལ་ལོ༔ སངས་རྒྱས་ཀྱི་བསྟན་པ་ལ་ཕན་པ༔ བརྒྱུད་འཛིན་གྱི་སྤྲུལ་སྐུའི་བཞག་ཐབས་ལ༔ ཕྱག་རྒྱ་མ་བུ་འབྱུང་བའི་དུས་སུ༔ སྤྲུལ་པའི་སྐུ་བཞག་པ་ནི༔ དགེ་སློང་ཚུལ་ཁྲིམས་རྣམ་པར་དག་པ་ཡིན་ཀྱང་ཉེས་ལྟུང་མེད་པའི་གནས་སུ་ཕན་ཡོན་དཔག་ཏུ་མེད་པ་ཡོད་དོ༔ གསང་སྔགས་རྫོགས་པ་ཆེན་པོ་ལ་སོགས་པའི་རྒྱུད་མཐའ་དག་ནས༔ ཐིག་ལེ་ཡུངས་འབྲུ་ཙམ་གཅིག་ཉམས་ན་མཁའ་འགྲོ་འབུམ་སྡེ་རྫི་དིར་ངུ༔ ཤི་ནས་དམྱལ་བར་འགྲོ་ཞེས་བཤད་པ་དང་འགལ་ལོ་སྙམ་ན༔ མི་འགལ་ཏེ༔ ཐེག་པ་འོག་མ་འདུལ་བ་ལ་སོགས་པ་ནས་དགག་པ་འབའ་ཞིག་ཏུ་གསུངས་ཀྱང༔ གསང་སྔགས་རྡོ་རྗེ་ཐེག་པ་ནས་གནང་བཀག་གཉིས་སུ་གསུངས་སོ༔ བྱང་ཆུབ་སེམས་དཔའ་ལ་གནང་བ་འབའ་ཞིག་ཏུ་གསུངས༔ འདི་རྣམས་ནི་ཐེག་པ་ཆེན་པོའི་སེམས་བསྐྱེད་གཙོ་ཆེ་བས་ན༔ ཉེས་པའི་སྐྱོན་སྐྲ་རྩེ་ཙམ་གྱིས་མ་གོས་ཤིང༔ ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་རྩིས་ཟིན་ནས༔ སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་དོན་ཁོ་ན་ལ་དགོངས་པའོ༔ དེ་ནས་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་རྩིས་ཟིན་པ་ཁོ་ནས༔ ཡུམ་ཕྱག་རྒྱ་མཚན་དང་ལྡན་པ༔ དམ་ཚིག་ལ་གནས་པ༔ རིགས་རྒྱུད་གཙང་མའི་བདག་པོ༔ དབང་པོ་རྣོ་ཞིང་བཞིན་མཛེས་པ༔ ཕ་མ་ཞང་རིགས་ལ་སོགས་པ་བཟང་བ༔ དེ་ལྟ་བུའི་རིག་མ་དེ་ལ༔ བདག་གིས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པ༔ སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་པར་བྱེད་པའི་རྒྱལ་སྲས་སྤྲུལ་པའི་སྐུ་ཞིག་ངེས་པར་བཞག་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད༔ ཇི་ལྟར་གཏང་ཞེ་ན༔ ཕྱག་རྒྱ་ཟླ་མཚན་ཟླ་སྨད་ལ་བབས་པ་ནི་ཕལ་ཆེར་བུ་མོ་འབྱུང་བས་མི་གཏང༔ ཟླ་མཚན་རྟག་པར་ཚེས་བརྒྱད་ལ་འབབ་པ་ཕལ་ཆེར་བུ་སྐྱེ་བར་བཤད་ཅིང༔ ཁྱད་པར་ཟླ་སྟོད་ལ་འབབ་པ་རྣམས་ལ་བུ་འབྱུང་བར་བཤད་དོ༔ རཀྟ་ཆད་ནས་ཞག་བདུན་ཚུན་ཆད་དུ་བུ་སྣོད་ཁ་མི་འཛུམ་པས་ཆགས་ལ༔ བཅུ་གཅིག་ཚུན་ལའང་ཆགས་པ་སྲིད་དོ༔ ཡང་ཚིགས་འཆོལ་བ་བྱ་བ་རཀྟ་དུས་མིན་དུ་འཛག་པ་རེ་རེ་ཙམ་ལ་ངེས་པ་མེད་པར་ཆགས༔ ཡང་ཞག་ཡ་ལ་བུ་དང་ཟུང་ལ་བུད་མོ་འབྱུང་བ་ཤས་ཆེ༔ འགའ་ཞིག་ལ་ཟུང་ལ་བུ་དང༔ ཡ་ལ་བུད་མོ་འབྱུང་བ་ཡང་སྲིད༔ འདིའི་དུས་སུ་རྣལ་འབྱོར་པས་ཐིག་ལེ་མ་ཉམས་པར་བྱ༔ ཟས་བཅུད་ཅན་ཟ༔ ཕྱག་རྒྱ་མར་ལྟོ་སྐྱ་བར་སྦྱིན༔ གཡེར་མ་ཡང་སྦྱིན༔ མོའི་ཁམས་དྭངས་མ་ཆད་ནས་ཞག་བདུན་ཐོ་རངས་བུ་འཇོག་པར་བསྟན་པ་ནི༔ བླ་མ་ཡི་དམ་མཁའ་འགྲོ་ལ་གཏོར་ཚོགས་འབུལ༔ ཆོས་སྐྱོང་ལ་སྐོང་གསོ་རྒྱས་པར་བཏང༔ དེ་རྣམས་ལ་སྤྲུལ་པའི་སྲས་བསྟན་པ་དང་སེམས་ཅན་ལ་ཕན་པའི་སྤྲུལ་པའི་སྐུ་འབྱུང་བར་གསོལ་བ་གདབ༔ མདུན་གྱི་ནམ་མཁར་རྩ་བ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས་ལ་བཞུགས་པར་བསམ༔ ཁྱད་པར་ཚེ་དཔག་མེད་སྤྱན་རས་གཟིགས་ཨོ་རྒྱན་པདྨ་འབྱུང་གནས་བཞུགས་པར་བསམ༔ སངས་རྒྱས་ཀྱི་རྣམ་འཕྲུལ་བྱང་ཆུབ་སེམས་དཔའ་སྤྲུལ་པའི་སྐུར་འབྱོན་པར་བྱེད་པའི་དོན་དུ༔ ལུས་ལེན་ཞིང་མངལ་ཚོལ་བ་གཅིག་གི་རྣམ་པར་ཤེས་པ་ཡང་སྒོ་རེ་ཡོད་པར་བསམ༔ རྣམ་པར་ཤེས་པ་དེ་ལ་རྗེ་བཙུན་འཇམ་དབྱངས་ལ་སོགས་པའི་ཐུགས་རྗེའི་བྱིན་རླབས་ཀྱང་བསྟིམ༔ བདག་ཉིད་དབང་ཆེན་དུ་གསལ་བའི་གསང་རྡོར་རྡོ་རྗེ་རྩེ་ལྔ་པར་བསམ༔ ཡུམ་རྡོ་རྗེ་ཕག་མོར་གསལ་བའི་གསང་གནས་གཞལ་ཡས་ཁང་དུ་བསམ༔ དེའི་དབུས་སུ་མོའི་དྭངས་མ་དམར་པོ་ཉི་མའི་དཀྱིལ་འཁོར་སྤྲུལ་སྐུའི་གདན་དུ་བསམ༔ དེ་ནས་ཞག་བཞི་པའི་སྲོད་ལ་རྡོ་རྗེ་བྷ་གའི་ནང་དུ་བཅུག་ལ༔ མོའི་བདེ་བ་སྐྱེ་ཙམ་རེ་བྱ༔ མོའི་སྙིགས་མ་ཟག་ཏུ་འཇུག༔ རང་གི་བདེ་བ་ཏིལ་འབྲུ་ཙམ་ཡང་མ་ཉམས་པར་བྱེད༔ དེ་ནས་ནངས་པར་ཐོ་རངས་ཡབ་ཡུམ་གཉིས་ཀའི་རླུང་གཡས་ནས་རྒྱུ་བ་གཅེས༔ མི་རྒྱུ་ན་གཡོན་གཉིས་བཀག་ནས་གཡས་སུ་འཕོར་གཞུག༔ ཡང་ན་སྣ་བུག་གཡོན་གཉིས་བལ་གྱིས་བཀག་ལ༔ ཐབས་ཀྱི་གཞོགས་གཡོན་འོག་ཏུ་གཞུག༔ ཤེས་རབ་མའི་གཞོགས་གཡས་འོག་ཏུ་གཞུག༔ ཡབ་ཡུམ་གཉིས་ཀ་སྤྲུལ་སྐུ་གང་འདོད་པའི་ལྷ་དེར་བསྐྱེད༔ རང་གི་སྨིན་མཚམས་ནས་གཡུང་དྲུང་དཀར་པོ་འཁྱིལ་བའི་དབུས་ན༔ རྒྱུའི་ཐིག་ལེ་བཅུ་དྲུག་བརྩེགས་ཏེ་རྣམ་པ་ཐིག་ལེ་ལ་ངོ་བོ་རང་བྱུང་སྤྲུལ་སྐུ་འཇམ་དབྱངས་ཕྱག་རྡོར་ལ་སོགས་པ་གང་མོས་བསྐྱེད༔ ཡབ་ཡུམ་ལྷར་གསལ་བ་དེ་ཡང་རང་སེམས་སུ་ཤེས་པར་བྱས་ཏེ༔ གོང་གི་སེམས་བསྐྱེད་ཡ་མ་བྲལ་བའི་ངང་ནས་བདེ་བ་ཆེར་གཡོས་པ་དང་དཔྲལ་བའི་ཐིག་ལེ་བཅུ་དྲུག་པོ་ལྷར་གསལ་བ་དེ་ཡང་མདའ་འཕངས་པ་ལྟར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སོང་བར་དམིགས་ལ༔ རྡོ་རྗེ་མཚན་མའི་གཡས་ཕྱོགས་སུ་ཕུལ༔ ཐིག་ལེ་སྟོབས་ཆེ་བར་བཏང༔ ཉི་མའི་དཀྱིལ་འཁོར་དང་དབྱེར་མེད་དུ་འདྲེས༔ གང་འདོད་པའི་ལྷར་བྱོན་པར་བསམ་ལ༔ གོང་གི་ལྷ་དེ་རྣམས་གང་འདོད་པའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་བཀུག་ནས་གཞལ་ཡས་ཁང་གི་ལྷ་ལ་རྩེ་གཅིག་ཏུ་ཡང་ཡང་བསྟིམ༔ ཨོ་རྒྱན་རིན་པོ་ཆེ་ལ་སོགས་པའི་རིག་འཛིན་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དཀར་པོ་འཕྲོས་ཏེ་བསྟིམ༔ རང་གིས་གཅེས་པའི་ཕ་མ་སོགས་ཀྱི་རྣམ་ཤེས་ཀྱང་བཀུག་སྟེ་བསྟིམ༔ བྱང་ཆུབ་སེམས་དཔའི་སྲིད་པ་ལེན་པའི་རྣམ་པར་ཤེས་པ་རྣམས་ཀྱང་གཞལ་ཡས་ཁང་དེར་ཐིམ་པར་བསྒོམ༔ གཞལ་ཡས་ཁང་གི་སྒོ་རྣམས་བསྡམ༔ སྒོ་སྲུང་སྒོ་བ་བཞིས་བསྲུངས་ཏེ་བར་ཆད་གང་གིས་ཀྱང་མི་ཐར་བར་བསམ༔ ལུས་ངག་ཡིད་གསུམ་གྱིས་བདེན་པའི་སྟོབས་བརྗོད་པ་དང༔ སྨོན་ལམ་གདབ༔ ཕྱག་རྒྱ་དང་བྲལ་ཏེ་མོ་བྱ་རྨྱང་ལན་གསུམ་རླུང་བཟུང་སྟེ་བྱེད་དུ་གཞུག༔ དེས་དྭངས་མ་སྣོད་དུ་ཐེབས་སོ༔ སྤྱོད་དུས་འོ་མི་བྱ༔ སྲིད་འཛིན་གྱི་བུ་མོར་འགྱུར་ཉེན་ཡོད་པས་སང་དགོང་དེ་མི་སྤྱོད་དོ༔ སྤྱད་ན་མོའི་རྩ་རླུང་འཁྲུགས་ནས་མངལ་ལ་གནོད་དོ༔ དེ་ལ་གོང་གི་ཞག་བརྩི་ལུགས་ནི༔ དེའི་སང་སྐྱ་རེངས་དང་པོ་ཤར་པ་ནས་ནངས་པར་སྐྱ་རེངས་ཤར་བ་ཚུན་ཚད་དུས་ཕྲུག་གཅིག་ཏུ་བརྩིའོ༔ དེ་ནས་ཟླ་བ་རྟིང་མ་ལ་ཁྲག་མ་བྱུང་ན་ཆགས་པ་ཡིན༔ ཟླ་བ་གཉིས་གསུམ་ནས་ཤེས་ཏེ༔ ཕྱོགས་གཡས་ལ་བརྟེན་ན་བུ༔ གཡོན་ལ་བརྟེན་ན་བུ་མོ་ཡིན་པར་ཤེས་པས་ལྟེ་བ་བསྒྱུར་ཏེ་བུར་སྒྱུར་བའི་གདམས་པ་རྣམས་མ་འཕྱུགས་པར་བྱས་པས་བུ་འབྱུང་བར་ངེས་སོ༔ འདི་ཤིན་ཏུ་གསང་སྟེ་ཀུན་གྱི་ཐུན་མོང་མ་ཡིན་པས་སྙིང་ལ་ཆོངས༔ དེ་ཡང་ཕ་མ་གཉིས་ཀྱི་དྭངས་མ་དྲུག་པོ་མཉམ་དུ་འདྲེས་ན༔ མི་སྟོབས་དང་གཟུགས་བྱད་རྩལ་དང་ལྡན་པ་འབྱུང༔ བསོད་ནམས་ཆེ་ཞིང་རིགས་དང་ལྡན་པར་སྐྱེ༔ བཞི་མཉམ་དུ་འདྲེས་ན་མི་འབྲིང་སྟོད་སྐྱེ༔ གསུམ་མཉམ་དུ་འདྲེས་ན་མི་འབྲིང་དུ་འབྱུང༔ གཉིས་མཉམ་དུ་འདྲེས་ན་འབྲིང་སྨད་མགོ་ཆུང་གཟུགས་ངན་པ་འབྱུང༔ རེ་རེ་འདྲེས་ན་ཐ་མ་སྟེ་བསོད་ནམས་དམན་པ་འབྱུང༔ ཕ་མའི་དྭངས་མ་མཉམ་དུ་འདྲེས་ན་ཕོ་དང་མོ་གང་འོང་སྔོན་གྱི་བསོད་ནམས་ཀྱིས་བྱེད༔ ཕའི་དྭངས་མ་སྟོབས་ཆེ་ན་ཕོར་ཡོང༔ མ་ཡི་དྭངས་མ་སྟོབས་ཆེ་ན་མོར་ཡོང༔ སྙོམ་པོ་ལ་ཕའི་དྭངས་མ་སྟོབས་ཆེ་ན་མི་ཤ་ཆུང་ལ་སྟོབས་ཆེ་བར་ཡོང༔ མའི་དྭངས་མ་སྟོབས་ཆེ་ན་མིག་རྩ་དམར་ལ་ཤ་མདོག་མཚར་བ་ཡོང༔ དྭངས་མ་དང་སྙིགས་མ་འདྲེས་ན་མི་སྡར་ལ་གླེན་པ་ལྐུགས་པ་འབྱུང༔ ཕ་མ་གཅོང་ཅན་ལ་བུ་ཚ་ནད་བུ་ཅན་མིག་ཚག་པ་ཤ་རི་བ་འབྱུང༔ ཕའི་དྭངས་མ་སྟོབས་ཉམས༔ མ་ཡི་དྭངས་མ་སྟོབས་གཡོ་དུས་ཆགས་ན་མི་མ་ནིང་འབྱུང༔ ཡང་ན་དབང་པོ་ལ་སྐྱོན་ཡོད་པ་འབྱུང༔ དྭངས་མ་ཆ་མ་སྙོམས་པ་དང༔ གཏི་མུག་གཉིད་ཀྱི་དུས་སུ་སྦྱོར་བ་བྱས་ན་གཏི་མུག་གི་རླུང་གཡོས་ནས་དབང་པོ་དང་ཡན་ལག་ལ་སྐྱོན་ཡོད་པ་ཡོང༔ ཕ་མའི་དྭངས་མ་རྩལ་ཆེ་ཆུང་དང༔ རླུང་སྟོབས་དང་རང་རང་གི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྟོབས་དང་བསོད་ནམས་རྩལ་ཆེ་ཆུང་ཡང་ཡོང༔ དེས་ན་རྣལ་འབྱོར་པ་ལུས་སྟོབས་སྐྱེད་པའི་ཐབས་ལ་འབད་པ་དྲག་པོ་འདོན་པར་བྱའོ༔ གཞན་དོན་དུ་སྤྲུལ་སྐུ་འབྱུང་བའི་གདམས་པ༔ རིགས་རྒྱུད་ལ་གཅེས་པ་རྣམས་ཀྱི་དོན་དུ་པདྨས་ཞལ་གདམས་སུ་བཀོད་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ རྡོ་རྗེ་ཕག་མོའི་ཟབ་ཁྲིད་ལས༔ ལྟེ་སྒྱུར་གཞན་ཕན་འོད་ཟེར་བཞུགས་སོ༔ ྈྈ ྈྈ ྈྈ བཅོམ་ལྡན་འདས་ཐུགས་རྗེ་ལྡན་པའི་ལྷ་ལ་ཕྱག་འཚལ་ལོ༔ སངས་རྒྱས་ཀྱི་བསྟན་པ་ལ་ཕན་པ་དང༔ སེམས་ཅན་ལ་མགོན་སྐྱབས་ཡོང་བའི་གཞན་དོན་བུ་འཇོག་པ་ལ༔ ལྟེ་བ་སྒྱུར་བའི་མན་ངག་མ་བསྟན་ན་བར་ཆད་ཀྱི་སྟོབས་ཀྱིས་བུ་མོར་འགྱུར་ཉེན་ཡོད་པས༔ ལྟེ་བ་སྒྱུར་བའི་མན་ངག་འདི་ལ་འབད་པར་བྱའོ༔ འདི་ལ་རྫས་དང་སྔགས་གཉིས་ལས༔ རྫས་ནི་བུ་གསུམ་སྐྱེས་པའི་ཕ་ལ༔ ཁབ་སྙུང་བུ་མེ་ལྕགས་གསུམ་བླངས་ལ༔ སཏྭ་གྲི་ཚོན་གང་བ་ཞིག་བརྡུངས་ལ་མི་ལག་མི་བརྒྱུད་པར༔ དེ་ལ་སྟག་པའི་ཤིང་གིས་ཡུ་བ་བྱས༔ ལྕགས་ཐལ་བའི་ཡུ་བའི་མགོར་རིན་ཆེན་འབར་བ་བྲིས༔ ཤོག་བུ་ལ་སཏྭ་རེའི་ཡུ་བ་དང་ཞེང་མཉམ་པ་ལ་བུ་སྣོད་ཀྱི་གཟུགས་སྒོར་བ་བྲིས་ལ༔ དེའི་དཀྱིལ་དུ༔ ཨོཾ་མ་ལི་མ་ལི་མ་མ་སྐྱེད་སྐྱེད༔ ཏཻ་ཧཱུྃ༔ དཻ་ཧཱུྃ༔ སྲིད་འདིའི་ལྟེ་བ་བུར་སྒྱུར་ཅིག་སྭཱ་ཧཱ༔ ཞེས་ཚར་བདུན་ནམ་གསུམ་གང་འཐད་བྲིས༔ དེ་ནས་སྔགས་ཤམ་ནས་སཏྭ་གྲིའི་ཡུ་བ་ལ་བྲིས༔ སྔགས་མགོ་སཏྭ་གྲིའི་ངོས་ལ་བསྟན་བྲི་བ་དང༔ སྣག་ཚྭའི་གསེབ་ཏུ་ཕ་རང་གི་ཐིག་ལེ་བསྲེས་ལ་བྲིས༔ དེ་ནས་བུད་མེད་བུ་གསུམ་སྐྱེས་པའི་མའམ༔ མོ་རང་གི་ལན་སྐྲ་གཡས་པས་སཏྭ་གྲིའི་ཡུ་བ་དྲིལ༔ སཏྭ་གྲིའི་མགུལ་དུ་བྱང་བུ་མིག་དགུ་པ་ཞིག་བཏགས༔ བུད་མེད་དེའི་མལ་འོག་ལྟེ་བའི་ཐད་དུ་འོང་བའི་དོང་བྲུས་ལ༔ སཏྭ་གྲིའི་མགོ་བོ་སྔས་ཕྱོགས་སུ་ཡར་བསྟན༔ སཏྭ་གྲིའི་སོ་གནམ་ལ་བསྟན༔ བུ་གསུམ་ཡོད་པའི་ས་ནས་ནས་དཀར་མོ་ཕས་བླངས་ལ་བླུག་གོ༔ གཞན་ལ་བྱེད་ན་སྐྱེས་པ་དང་བགྲོས་ནས༔ བུད་མེད་དེས་མ་ཚོར་བ་གཅེས་སོ༔ དེ་ནས་བུ་མང་པོ་ཡོད་པ་ཞིག་ནས་རང་འཐག་གི་ལྟེ་བ་བླང༔ མགོ་མཇུག་མ་ལོག་པར་ཡིག་མགོ་ཡར་བསྟན་ལ༔ ཨོཾ་ཤིན་ཙ་མ་ར་ཐ༔ སྟོད་ངོས་ལ༔ ཨོཾ་མ་ར་ཤིན་ན་བུ་ཁུག་བུ་ཁུག༔ ཅེས་སྨད་དུ་བྲིས་ལ༔ ལུག་ཐུག་པོའི་སོག་བལ་ལམ་རླིག་བལ་དཀྲིས་ལ༔ བུ་མེད་དེའི་ལྟེ་བའི་ཐད་དམ་རྐེད་པ་ལ་བཏགས་སོ༔ འདིས་ནི་བུ་མོར་འགྱུར་མི་སྲིད་དོ༔ ཤིན་ཏུ་ཟབ་པས་གསང་བར་བྱའོ༔ དམ་ཚིག་ཏུ་བུད་མེད་དེ་སྐྱེས་པ་གཞན་དང་མི་འགྲོགས༔ ཤེས་བཞིན་དུ་མོ་རིགས་སེམས་ཅན་གྱི་ཤ་མི་བཟའོ༔ མ་འོངས་ཕྱི་མའི་དུས་ཀྱི་ཚེ༔ བསྟན་ལ་ཕན་པའི་སྐྱེས་ཆེན་སྤྲུལ་སྐུ་འབྱུང་བར་བྱ་བའི་ཕྱིར་དུ༔ པདྨ་བདག་གིས་གཏེར་དུ་སྦས་པ་ལས་ཅན་བུ་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ༔ རྒྱ་རྒྱ་རྒྱ༔ མཚོ་རྒྱལ་ཉིད་ཀྱིས་ཡི་གེར་བཏབ་ནས༔ བྱང་ཟང་ཟང་ལྷ་བྲག་གི་ནུབ་ཟངས་མཛོད་དམར་པོར་སྦས་པའོ༔ རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་གདན་དྲངས་པའོ། །སླར་ཡང་མང་ཡུལ་རི་བོ་དཔལ་འབར་དུ་གཏེར་དུ་སྦས་པ་གཏེར་སྟོན་པདྨ་ཚེ་དབང་རྒྱལ་པོས་གདན་དྲངས་པའོ།། །། ༈ ༁ྃ༔ རྡོ་རྗེ་ཕག་མོའི་ཟབ་ཁྲིད་ལས༔ ལྟ་བ་ཡེ་ཤེས་ཀློང་གྲོལ་བཞུགས་སོ༔ ྈྈྈྈྈྈྈྈྈྈ རྒྱ་གར་སྐད་དུ༔ ཛྙཱ་ན་ཨཱཏྨ་ཀོ྅་ན་མ༔ བོད་སྐད་དུ༔ ཡེ་ཤེས་ཀློང་གྲོལ་ཞེས་བྱ་བ༔ ཡེ་ཤེས་དབྱིངས་ཀྱི་ལྷ་ལ་ཕྱག་འཚལ་ལོ༔ འཁོར་འདས་ཆོས་ཀུན་མ་ལུས་པ༔ གདོད་ནས་མ་སྐྱེས་འགག་པ་མེད༔ ཡེ་ཤེས་ཀློང་དུ་མཉམ་པའི་ངང༔ གཟུང་འཛིན་རྟོག་ཚོགས་མ་ལུས་པ༔ ཡེ་གྲོལ་ཀློང་དུ་རང་གྲོལ་ལོ༔ གདོད་མའི་ཡེ་ཤེས་ཆེན་པོ་ལ༔ གསར་དུ་གྲོལ་བ་མེད་པས་ན༔ རང་གྲོལ་རྒྱལ་པོ་ཆོས་ཀྱི་སྐུ༔ གྲོལ་བ་གཞན་ལ་ལྟོས་པ་མེད༔ ཇི་ལྟར་བདག་གིས་རྟོགས་པ་བཞིན༔ འཁོར་ཚོགས་རྣམས་ལ་ཇི་བཞིན་བཤད༔ ལྟ་བ་ཀ་དག་མཐའ་དབུས་བྲལ༔ ཡོད་དང་མེད་དང་དངོས་པོའི་མཐའ༔ གང་དུ་མཚོན་པར་མི་ནུས་པས༔ མཐོ་དམན་ཙམ་དུའང་གྲུབ་པ་མེད༔ རྟག་ཆད་མཐའ་བཞི་རང་གྲོལ་ལོ༔ བཙལ་བས་མི་རྙེད་མཐོང་བ་མེད༔ གཟུང་འཛིན་དངོས་པོའི་མཐའ་ལས་འདས༔ འཁོར་འདས་ཕྱོགས་རིས་ཀུན་དང་བྲལ༔ བློ་དང་བསམ་པའི་ཡུལ་ལས་འདས༔ གྲུབ་པའི་མཐའ་མེད་གཞན་མཚམས་བྲལ༔ སྟོང་དང་མི་སྟོང་ཡོད་དང་མེད་པ་དང༔ རྟོགས་དང་མ་རྟོགས་དངོས་ཅན་དངོས་མེད་དང༔ མཐའ་རུ་གཟུང་དུ་སྐད་ཅིག་མེད་པས་ན༔ ཐམས་ཅད་རྩིས་མེད་གདལ་ཁྱབ་ཆེན་པོར་རོལ༔ འཁོར་འདས་ཆོས་རྣམས་མ་ལུས་ཆམས་གཅིག་ལ༔ མ་བྱས་མ་བྱུང་ཡེ་ནས་བྱང་ཆུབ་སེམས༔ སྐྱེ་འགག་བྲལ་བར་གདོད་ནས་ལྷུན་གྱིས་གྲུབ༔ སྒྲ་ཡིས་བརྗོད་མེད་བློ་ཡིས་བསམ་དུ་མེད༔ དག་དང་མ་དག་མེད་དོ་གདོད་མའི་དབྱིངས༔ འཁོར་འདས་ཐམས་ཅད་བློ་ཡིས་མི་དམིགས་པས༔ བློ་བྲལ་ཡེ་ཤེས་ཆོས་སྐུའི་ཞིང་ཁམས་སོ༔ མཉམ་ཉིད་ཡོངས་རྫོགས་ཆེན་པོའི་དགོངས་པ་ཉིད༔ བློ་ཡིས་མ་བཅིངས་གསར་དུ་གྲོལ་བ་མེད༔ གང་ནས་མ་འོངས་གང་དུའང་གནས་པ་མེད༔ གང་ལའང་མི་འགྲོ་ཕྱོགས་མཐའ་ཀུན་ལས་འདས༔ ཡེ་གྲོལ་དོན་ལ་ཉམས་སུ་བླང་རྒྱུ་མེད༔ སྣ་ཚོགས་ཆོས་ཀུན་སྒྱུ་མའི་རོལ་པ་ལགས༔ གཟུང་འཛིན་འཁོར་འདས་མ་ལུས་ཆོས་རྣམས་ཀུན༔ བདེ་སྡུག་རྨི་ལམ་ཇི་བཞིན་དོན་ལ་མེད༔ འཁོར་འདས་སྣང་དུས་ཉིད་ནས་རང་བཞིན་མེད༔ རང་བཞིན་བྲལ་བའི་ཆོས་རྣམས་མ་ལུས་ལ༔ བདེན་པར་མ་འཛིན་བློ་བྲལ་ངང་དུ་སྐྱུར༔ ཀློང་གྲོལ་ཆེན་པོའི་དོན་ལ་གྲུབ་པ་མེད༔ སྐྱེ་འགག་ལ་སོགས་རྟེན་འབྲེལ་ཇི་སྙེད་ཀུན༔ དོན་ལ་སྐད་ཅིག་གྲུབ་པ་མེད་པས་ན༔ སྣང་ཚུལ་ཆོས་ཀུན་དྲི་ཟའི་གྲོང་ཁྱེར་འདྲ༔ དོན་ལ་མེད་པའི་སྒྲ་བརྙན་བྲག་ཅ་དང༔ ཆུ་ནང་ཟླ་བ་མེ་ལོང་བྱད་བཞིན་ལྟར༔ མེད་བཞིན་བདེན་པར་འཛིན་པའི་བློ༔ འཁྲུལ་པའི་སྣང་བ་རྫུན་པོ་ཆེ༔ ངོས་གཟུང་མཐའ་དང་བྲལ་བས་ན༔ རང་གྲོལ་ཡིན་ནོ་སྤང་དུ་མེད༔ གང་ནས་མ་འོངས་མི་འགག་ཅིང༔ གང་དུའང་མི་གནས་ངོས་འཛིན་བྲལ༔ རྨི་ལམ་སྒྱུ་མའི་གཟུགས་འདྲ་བ༔ དེ་ལ་བདེན་པར་ཞེན་པ་ན༔ མི་མཁས་བྱིས་པ་རྣམས་ནི་འཁྲུལ༔ འཁྲུལ་མེད་ཀ་དག་རང་གྲོལ་ལོ༔ ཐེར་ཟུག་མ་བྱེད་རང་སར་ཀློད༔ སྒྱུ་མའི་ཆོས་ཀྱིས་སངས་མི་རྒྱ༔ སངས་རྒྱས་ཆོས་ནི་བློ་དང་བྲལ༔ བློ་བྲལ་ཡེ་ཤེས་མ་རྟོགས་ན༔ ཐམས་ཅད་བྱས་པའི་ཆོས་སུ་ཟད༔ བྱས་ཆོས་འཁྲུལ་པའི་མགོ་སྐོར་ཡིན༔ འཁྲུལ་མེད་རིག་པའི་བཙན་ས་བཟུང༔ འགྲོ་དྲུག་གནས་དང་འཁྲུལ་པའི་གནས༔ བློ་ཡི་ཆོས་དང་བྱས་པའི་ཆོས༔ ཇི་ལྟར་འབད་ཀྱང་འཁྲུལ་བློ་ལས༔ སྐད་ཅིག་ཙམ་ཡང་འདར་མེད་པས༔ ཡེ་གྲོལ་ཆོས་ཉིད་རང་ས་ཟིན༔ བྱས་པའི་ཆོས་རྣམས་མ་ལུས་ཀུན༔ རི་མོ་མཁན་གྱིས་བཅོས་པ་བཞིན༔ ཇི་ལྟར་གཟུགས་ནི་ལེགས་ན་ཡང༔ རྟག་པར་མི་སྡོད་ཡལ་བའི་སྐུ༔ དེ་བཞིན་བློ་ཡི་ཆོས་རྣམས་ཀུན༔ ཇི་ལྟར་བཟང་ཡང་སངས་མི་རྒྱ༔ སངས་རྒྱས་བདེ་ཆེན་ཐོབ་འདོད་ན༔ བྱ་བྲལ་ཆེན་པོའི་ཡེ་ཤེས་སྐྱོངས༔ ཡེ་ཤེས་བློ་བྲལ་ཆེན་པོ་སྟེ༔ སངས་རྒྱས་ཞེས་བྱ་ཁོ་ན་འོ༔ དོན་མེད་འབྲས་བུ་འདོད་པ་རྣམས༔ གྲོལ་བར་འདོད་ཀྱང་འཆིང་བའི་རྒྱུ༔ བདེ་ཆེན་བློ་བྲལ་རྟོགས་པ་ན༔ ཡེ་གྲོལ་ཆེན་པོའི་སངས་རྒྱས་ཡིན༔ བྱ་བྲལ་ཡེ་ཤེས་ཆེན་པོ་ལ༔ བློ་ཡིས་བཟོ་བཅོས་མི་བྱེད་པར༔ བཟོ་མེད་ཁྱབ་བརྡལ་ཆེན་པོར་ཞོག༔ དེ་ལ་སྤང་བླང་ཞེས་བྱ་བའི༔ དྲི་མ་ཞེས་བྱ་སྐད་ཅིག་མེད༔ ཡེ་ནས་མེད་པའི་ཆོས་རྣམས་ལ༔ སྤང་བླང་ཞེས་བྱའི་དྲི་མ་བྲལ༔ ཡེ་གྲོལ་ཆེན་པོའི་ཆོས་ཉིད་ལ༔ སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ༔ ལྷུན་གྲུབ་རང་རྩལ་རྫོགས་པ་ཡི༔ ཡེ་ཤེས་ཀློང་དུ་བུདྡྷ་འོ༔ རིག་པ་ཡེ་ཤེས་ཆེན་པོ་ལ༔ མཉམ་ཉིད་ཡོངས་གྲོལ་ངང་ཉིད་ལས༔ བྱས་ཆོས་འཛིན་པའི་བློ་བྲལ་བས༔ བྱར་མེད་བརྡལ་ཁྱབ་ཆེན་པོར་རྫོགས༔ ཆོས་ཉིད་དབྱིངས་ལ་གདིང་ཐོབ་པས༔ འཁོར་འདས་མཚན་མ་རང་སར་གྲོལ༔ སངས་རྒྱས་སེམས་ཅན་ཞེས་བྱ་བ༔ ཆོས་ཉིད་དོན་ལ་གྲུབ་མེད་པས༔ བློ་ཡི་ཡུལ་དུ་ཟད་པར་སྣང༔ ཐམས་ཅད་རོ་མཉམ་ཆེན་པོ་ལ༔ ཐ་དད་མོས་པ་བློ་ཡི་ཆོས༔ རོ་མཉམ་མ་རྟོགས་ཐ་དད་བཟུང༔ སྤང་བླང་བྱས་པས་འཁྲུལ་པ་འབྱུང༔ བྱར་མེད་ཡེ་ཤེས་དོན་རྟོགས་ན༔ སྤང་བླང་བྱ་བའི་དངོས་པོ་མེད༔ ཐམས་ཅད་ཡེ་གྲོལ་ཆེན་པོ་ལ༔ གསར་དུ་གྲོལ་རྒྱུ་མེད་པས་ན༔ བྱར་མེད་ངང་དུ་རང་སར་ཞོག༔ བྱར་མེད་ངང་དུ་ཀློད་ཤེས་ན༔ བདེ་ཆེན་རྒྱལ་པོ་ངང་གིས་འཆར༔ འཆར་བ་མེད་དེ་དོན་དེ་རྟོགས༔ བལྟ་རྒྱུ་མེད་པའི་ཆོས་རྣམས་ལ༔ བལྟ་བྱའི་མཚན་མ་རང་སར་གྲོལ༔ མཚན་མེད་བློ་བྲལ་རྗེན་པ་ལ༔ བསམ་དང་བསམ་བྱའི་མཐའ་ལས་འདས༔ ཡོད་མེད་ཅེས་བྱའི་མིང་འདོགས་བྲལ༔ གདལ་ཁྱབ་ཆེན་པོའི་ངང་དུ་ཞོག༔ འདི་ཀ་སངས་རྒྱས་དགོངས་ཀློང་ཡིན༔ ཀ་དག་སྤྲོས་དང་བྲལ་བ་ལ༔ ལྟ་བ་མཐོ་དང་དམའ་བ་མེད༔ སྒོམ་དང་མི་སྒོམ་ཞེས་བྱའང་མེད༔ བྱ་བྲལ་ཆེན་པོའི་རིག་པ་འདི༔ རྫོགས་པ་ཆེན་པོའི་གནས་ལུགས་ཡིན༔ ཆོས་སྐུ་གདལ་ཁྱབ་ཡེ་ཤེས་ལ༔ སུས་རྟོགས་སུས་མཐོང་སུས་རིག་པ༔ ཡེ་གྲོལ་དགོངས་པ་ཀློང་དུ་གྱུར༔ མཉམ་རྫོགས་ཆེན་པོའི་ཡེ་ཤེས་ལ༔ སུས་ལྡག་སུས་ཟོས་སུས་མྱོང་བ༔ འཁོར་འདས་རང་གྲོལ་དགོངས་པ་རྟོགས༔ རྫོགས་ཆེན་བྱ་བྲལ་འབྲས་བུ་ལ༔ གཞི་དང་ལམ་དང་འབྲས་བུ་རྣམས༔ སོ་སོར་བཅོས་ཤིང་བཟུང་བས་ན༔ བྱ་བྲལ་ལྟ་བའི་ངོ་བོ་སྒྲིབ༔ ཡེ་ཤེས་དགོངས་པའི་ཀློང་མ་རྫོགས༔ བྱར་མེད་གཉུག་མའི་དོན་མ་རྟོགས༔ བྱ་བྲལ་ཡེ་ཤེས་དགོངས་པ་ལ༔ གཞི་དང་ལམ་དང་འབྲས་བུ་མེད༔ ལྟ་བ་སྒོམ་པ་སྤྱོད་པ་མེད༔ ཐམས་ཅད་འབྲས་བུ་སངས་རྒྱས་སོ༔ དབྱིངས་ཀྱི་ཀློང་དུ་རང་སར་གློད༔ བྱར་མེད་ལྷུག་པའི་ངང་དུ་ཞོག༔ སྐྱེ་འགག་མཐའ་དབུས་ངང་གིས་བྲལ༔ ཉག་གཅིག་དགོངས་པ་ཀློང་དུ་གྱུར༔ གདལ་ཁྱབ་ཆེན་པོའི་རྣལ་འབྱོར་པས༔ རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ༔ མ་ཕྱིན་སངས་རྒྱས་ས་ལ་སླེབས༔ ཡོངས་རྫོགས་འབྲས་བུའི་སྙིང་པོ་རྙེད༔ བྱས་པ་མེད་པའི་ཡེ་ཤེས་འདི༔ རང་ལ་གདོད་ནས་ལྷུན་གྱིས་གྲུབ༔ ལྷུན་གྲུབ་རྒྱལ་ས་ཟིན་པ་མཚར༔ ཆོས་སྐུ་ཡེ་ཤེས་ཌཱ་ཀི་མས༔ ལྟ་བ་རང་བྱུང་རང་ཤར་གྱི༔ དགོངས་པ་ཚིགས་སུ་བཅད་པ་ལས༔ མཐའ་བྲལ་ཡེ་ཤེས་ཀློང་བརྡོལ་ལོ༔ ཌཱ་ཀིའི་ཚོགས་བཅས་མ་ལུས་ཀུན༔ ད་ནི་སྒོམ་པ་གསལ་སྟོང་ཉིད༔ དྲི་མེད་རང་བཞིན་དག་པའི་གཟུགས༔ གསལ་ལ་ངོས་གཟུང་མེད་པས་ན༔ བློ་བྲལ་བདེ་ཆེན་ཀློང་དུ་སྐྱོལ༔ མཚན་འཛིན་དངོས་པོའི་ཆོས་རྣམས་ཀུན༔ ཡེ་སྟོང་ཡིན་ནོ་བློས་མ་གཟུང༔ བློ་བྲལ་ཡེ་ཤེས་ཆེན་པོར་སྦྱོངས༔ གཉིས་སུ་འཛིན་པའི་ཤེས་པ་ཡིས༔ འཁོར་འདས་གཉིས་ཆོས་ཆོས་རྣམས་ནི༔ དོན་ལ་མ་གྲུབ་མ་ཤེས་པས༔ གཉིས་སུ་བཟུང་བས་འཁྲུལ་པ་ཡིན༔ འཁྲུལ་མེད་ཀ་དག་ཆེན་པོ་ལ༔ མཚན་འཛིན་བློ་ཡི་དྲི་མ་བྲལ༔ དྲི་མེད་རིག་པ་གཅེར་བུ་འདི༔ བྱར་མེད་བཞག་ན་མངོན་དུ་འགྱུར༔ ཐོག་མ་ཉིད་ཀྱིས་སངས་རྒྱས་སོ༔ གསར་དུ་གྲོལ་རྒྱུ་མེད་པས་ན༔ གྲོལ་བ་གཞན་ལ་ལྟོས་པ་མེད༔ གྲོལ་མེད་རེ་དོགས་བྲལ་བ་འདི༔ བྱར་མེད་བཞག་ན་མངོན་དུ་འགྱུར༔ བྱས་ཤིང་བརྩལ་ཏེ་བསྒོམས་པས་ཕུང༔ སེམས་དང་འཛིན་པའི་མཐའ་ཡིས་བཅིང༔ ཆགས་སྡང་བྱས་པས་འཁོར་བ་བྱུང༔ འཁོར་བ་འཛིན་པའི་རང་བཞིན་ཏེ༔ འཛིན་མེད་རང་གྲོལ་དོན་རྟོགས་ན༔ འཁོར་འདས་གཉིས་ཀྱི་རྫུན་ཕུག་རྡིབ༔ བཟང་པོའི་ལྷ་ཞེས་བྱ་བ་དང༔ ངན་པའི་འདྲེ་ཞེས་བྱ་བ་གཉིས༔ ཀ་དག་ཀློང་དུ་རྫུན་ཕུག་རྡིབ༔ ཀ་དག་ཡེ་ཤེས་ཆེན་པོ་ལ༔ འཁོར་འདས་ཞེས་བྱའི་མིང་མེད་དོ༔ བཅིངས་དང་གྲོལ་བ་ཞེས་བྱའང་མེད༔ ཐོག་མ་ཐ་མ་ཞེས་བྱའང་མེད༔ བྱ་བྲལ་ཡེ་ཤེས་ཆེན་པོའི་ཀློང༔ དྲི་མེད་ཀུན་སྣང་གཅེར་བུ་འདི༔ རྒྱལ་སྲས་རྣམས་ཀྱི་ངོ་བོ་ཡིན༔ འཁོར་འདས་ལ་སོགས་གཉིས་སྣང་དང༔ སྣང་དང་སྟོང་པ་ཞེས་བྱ་དང༔ དངོས་པོ་དངོས་མེད་ལ་སོགས་པ༔ གཉིས་སུ་སྣང་བའི་ཆོས་རྣམས་ཀུན༔ ཐོག་མའི་བག་ཆགས་འཐས་པ་རྣམས༔ དོན་ལ་མེད་ཀྱང་སེམས་ཀྱིས་བཟུང༔ གཟུང་འཛིན་འཁོར་འདས་ལ་སོགས་པ༔ སྤང་བླང་བྱ་རྒྱུ་མེད་པས་ན༔ བྱར་མེད་ཡེ་ཤེས་རྒྱལ་ས་བཟུང༔ བསམ་མེད་བསྒོམ་མེད་དམིགས་གཏད་མེད༔ སྨྲ་མེད་བརྗོད་མེད་བྱས་ཆོས་བྲལ༔ ཡེ་ཤེས་རང་གསལ་ངང་དུ་ཞོག༔ བརྡལ་ཁྱབ་ཡེ་ཤེས་ཆེན་པོ་ལ༔ འདི་ཞེས་ཚིག་གིས་བརྗོད་མེད་པས༔ སྨྲ་བརྗོད་སྨྲ་བའི་ཡུལ་ལས་འདས༔ སྨྲ་མེད་བརྗོད་མེད་ངང་དུ་ཞོག༔ ཨེ་མ་ཧོ༔ བདེ་ཆེན་རྒྱལ་པོའི་རིག་པ་འདི༔ བྱས་པ་ཀུན་གྱིས་མི་རྙེད་དོ༔ བྱར་མེད་བཞག་ན་མངོན་དུ་འགྱུར༔ བྱར་མེད་བློ་བྲལ་རྗེན་པ་འདི༔ རང་བྱུང་རང་ཤར་ལྟ་བ་ཡིན༔ སྒོམ་པ་རང་བྱུང་རང་ཤར་དང༔ ལྟ་བ་རང་བྱུང་རང་ཤར་ཞེས༔ ཐ་དད་ཕྱོགས་སུ་གྲུབ་པ་མེད༔ བྱར་མེད་ངང་ནས་རང་ལ་གནས༔ བྱུང་ཡང་ཀ་དག་ཀློང་ནས་བྱུང༔ གནས་ཀྱང་ཀ་དག་ངང་ལ་གནས༔ གྲོལ་ཡང་ཀ་དག་ངང་དུ་གྲོལ༔ ཀ་དག་ལྷུན་གྲུབ་ཆེན་པོ་ལ༔ རང་བྱུང་རང་ཤར་ཞེས་བརྗོད་དོ༔ འཁྲུལ་གྲོལ་འཛིན་པ་ཀ་ནས་དག༔ ཡེ་ནས་ཡིན་པའི་སངས་རྒྱས་ལ༔ ཀ་དག་རང་བྱུང་རང་ཤར་བརྗོད༔ གསལ་སྟོང་བློ་བྲལ་མཐའ་ལས་འདས༔ མཐའ་བྲལ་བདེ་ཆེན་ཡེ་ཤེས་ལ༔ སྤང་དང་བླང་བྱ་ཞེས་བྱ་བ༔ སྐྱོན་དང་ཡོན་ཏན་མ་གོས་སོ༔ བདེ་ཆེན་འཛིན་མེད་ངང་ཉིད་ལས༔ གཡོ་བ་མེད་ཅིང་འགྱུར་བ་མེད༔ འགྱུར་མེད་ཡེ་ཤེས་ཆེན་པོ་ལ༔ ལྟ་བ་རང་བྱུང་རང་ཤར་བརྗོད༔ འཛིན་མེད་བཟོ་མེད་བཅོས་མེད་ལ༔ བྱ་རྒྱུའི་ཆོས་གཞན་མེད་པས་ན༔ བྱ་བ་ཀུན་བྲལ་སྒོམ་པ་ཞེས༔ རང་བྱུང་རང་ཤར་སྒོམ་གྱི་མཆོག༔ བྱ་རྩོལ་བྲལ་བའི་ངང་དུ་ཞོག༔ བྱར་མེད་ལྷུག་པ་འདི་ཀ་རང༔ སྒོམ་པ་རང་བྱུང་རང་ཤར་ཡིན༔ བདེ་དང་གསལ་དང་མི་རྟོག་པ༔ ཉམས་སྣང་ཇི་སྙེད་ཤར་ན་ཡང༔ སྤང་བླང་བྱ་བའི་ཆོས་མེད་པས༔ འཛིན་མེད་རང་གྲོལ་ངང་དུ་སྐྱོངས༔ རྫོགས་ཆེན་བྱ་བྲལ་ངང་དུ་ཞོག༔ དེ་ལ་གནས་པའི་སྐྱེས་བུ་ནི༔ བདེ་ཆེན་འབྲས་བུ་རང་ཤར་རོ༔ རང་ཤར་རྒྱལ་པོའི་སངས་རྒྱས་ལ༔ བྱ་བ་བྱེད་དང་བྱར་མེད་པས༔ འཁོར་འདས་བྱ་བྱེད་ངང་གིས་བྲལ༔ ངང་བྲལ་ཡིན་ལུགས་སྐྱོང་བ་ལ༔ རྫོགས་ཆེན་བྱ་བྲལ་ཞེས་བརྗོད་ཅིང༔ རང་བྱུང་རང་ཤར་སྤྱོད་པའི་མཆོག༔ འདི་ཀ་ཡིན་ནོ་སྤང་བླང་མེད༔ སྤང་བླང་བྲལ་བའི་རང་སོ་སྐྱོངས༔ རང་བྱུང་རང་ཤར་ཞེས་བྱ་བ༔ ཅིར་སྣང་ཆོས་ཉིད་རང་ལས་བྱུང༔ རང་ཤར་ཆོས་ཉིད་ཀློང་ལས་ཤར༔ ཆོས་ཉིད་ཀློང་གྲོལ་ཆེན་པོ་ལ༔ ལྟ་སྒོམ་ཐ་དད་གྲུབ་པ་མེད༔ ལྟ་བ་རང་བྱུང་རང་ཤར་ལ༔ སྒོམ་པ་རང་བྱུང་རང་ཤར་བརྒྱན༔ སྤྱོད་པ་རང་བྱུང་རང་ཤར་ལ༔ སྤང་ཐོབ་བྲལ་བའི་འབྲས་བུ་ནི༔ རང་བྱུང་རང་ཤར་རང་ལ་རྫོགས༔ འདི་ནི་རྫོགས་ཆེན་བྱ་བྲལ་ལོ༔ རྫོགས་ཆེན་བྱ་བྲལ་སུས་རྟོགས་པ༔ ཀུན་བཟང་གོ་འཕང་མ་ཕྱིན་བགྲོད༔ ཆོས་སྐུའི་རྒྱལ་ས་མ་བཟུང་ཟིན༔ འདི་རྟོགས་སྐྱེས་བུ་སྐལ་ལྡན་དེ༔ སངས་རྒྱས་ཡེ་ཤེས་ཞེས་བྱ་བ༔ ལོགས་ན་མེད་དེ་འདི་ཀ་རང༔ ངང་ལ་ཞོག་ཅིག་བློ་བྲལ་ཆེ༔ འཆི་བྲོད་གདམས་པའི་ཡང་སྙིང་འདི༔ རྫོགས་ཆེན་ལྟ་བའི་ཡང་སྙིང་ཡིན༔ སྐལ་ལྡན་སྐྱེས་བུ་དམ་པ་ཡིས༔ འདི་རྟོགས་ཀུན་བཟང་ས་ལ་སྙགས༔ ཕྱིན་པ་མེད་དེ་ཨ་ལ་ལ༔ ཟབ་པའི་མཐར་ཐུག་ལྟ་བའི་མཆོག༔ རང་བྱུང་རང་ཤར་བཅུད་བསྡུས་པ༔ ཐེ་ཚོམ་སོམ་ཉི་བྲལ་བའི་ཆོས༔ ཆོས་ཀྱི་དབྱིངས་ནས་རང་ཤར་ཅིང༔ ཡེ་ཤེས་ཌཱ་ཀིའི་སྙིང་ལ་གབ༔ རྡོ་རྗེ་ཕག་མོས་བཀའ་འདི་བཀྲོལ༔ ད་ལྟ་པདྨའི་སྙིང་ལ་སྦས༔ སྔོན་ཆད་མེད་དེ་ཡང་ཟབ་གནད༔ ད་ལན་མཚོ་རྒྱལ་ཉིད་ལ་གཏད༔ ཉམས་སུ་ལོངས་ཤིག་སྐལ་ལྡན་མ༔ ཞེས་གསུངས་ནས་རང་བྱུང་རང་ཤར་ལྟ་སྒོམ་གྱི་མཐར་ཐུག་འདི་ཉིད་ཤིན་ཏུ་ཟབ་པས་ན༔ མ་འོངས་པའི་འགྲོ་བའི་དོན་དུ་བྱང་ཟང་ཟང་ལྷ་བྲག་གི་རྐེད་ནུབ་ཟངས་མཛོད་དམར་པོར་གཏེར་དུ་སྦས་སོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་མང་ཡུལ་རི་བོ་དཔལ་འབར་དུ་སྦས་པ། པདྨ་ཚེ་དབང་རྒྱལ་པོས་གདན་དྲངས་པའོ།། །།
དམ་ཆོས་ཀློང་གསལ་སྙིང་ཐིག་ལས། རྫོགས་རིམ་གྱི་དབང་ཆེན་ཇི་ལྟར་བསྐུར་བའི་ཡི་གེ་འོད་གསལ་གྲུབ་པའི་སྙིང་པོ་ (Volume 57, Text 8)
༄༅། །དམ་ཆོས་ཀློང་གསལ་སྙིང་ཐིག་ལས། རྫོགས་རིམ་གྱི་དབང་ཆེན་ཇི་ལྟར་བསྐུར་བའི་ཡི་གེ་འོད་གསལ་གྲུབ་པའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པཉྩ་ཏ་ཐཱ་ག་ཏཱ་ཡ། འོད་གསལ་རྡོ་རྗེ་སྙིང་པོ་ཐེག་དགུའི་རྩེ། །ལྷུན་གྲུབ་ཆོས་དབྱངས་དུས་གསུམ་སྒྲོག་མཛད་པ། །ཀུན་བཟང་རྡོ་རྗེ་སེམས་དངོས་བླ་མ་རྗེའི། །ཞབས་པད་ཡིད་བཞིན་ནོར་བུ་གཙུག་ན་བཀོད། །འཇིག་རྟེན་གསུམ་ན་བཙལ་བས་རྙེད་དཀའ་བའི། །དཀོན་པའི་དངོས་པོ་ལས་ཀྱང་དཀོན་པའི་མཆོག །ཀློང་གསལ་སྙིང་ཐིག་རྫོགས་རིམ་སྨིན་བྱེད་ནི། །རིན་ཆེན་དབང་གི་འཁོར་ལོའི་དོན་གསལ་བྱ། །དབང་གི་རིམ་པ་འདི་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ནི། འདི་ཉིད་ཀྱི་རྒྱུད་གཞུང་ནས་བཤད་པའི་མཚན་ཉིད་དང་ལྡན་པའི་དཔོན་སློབ་ཀྱི་རྟེན་འབྲེལ་འགྲིགས་པ་ན། ལོ་ཟླའི་གོང་ནས་ཞུས་གནང་གིས་སྐབས་ཕྱེད་པའི་སློབ་མ་བདུན་ལས་མི་མང་བ་རྣམས་ཀྱིས། ཐོག་མར་རིང་བའི་སྦྱོར་བ་མཆོད་སྦྱིན་སཱཙྪ་གདབ་པ་སོགས་ཚོགས་གསོག་གི་རིམ་པ་ཅི་འགྲུབ་བྱ། ཉེ་བའི་སྦྱོར་བ་འགྲུབ་ཏུ་རུང་ན་སློབ་དཔོན་ལ་༼མཆེད་རྣམས་ཐལ་སྦྱར་མེ་ཏོག་ཐོགས༔ འདི་སྐད་གསོལ་བ་གདབ་པར་བྱ༔ ཀྱེ་མ་ཀུན་བཟང་རྡོ་རྗེ་འཛིན༔ བདག་ཅག་འཁོར་བ་ལས་སྒྲོལ་ཞིང༔ རྡོ་རྗེ་སྙིང་པོ་འཐོབ་བྱའི་ཕྱིར༔ བསྙེན་པ་ལ་ནི་འཇུག་པ་དང༔ སྟ་གོན་རིམ་པར་གནང་དུ་གསོལ༔ ཞེས་ལན་གསུམ་གྱིས།མཆན།༽་་་གསོལ་བ་དམིགས་སུ་གདབ་སྟེ་བསྙེན་པ་ཁ་གསོར་འཇུག་དགོས་ཀྱང་། དེང་སང་ཕལ་ཆེར་མི་འགྲུབ་པའི་དབང་དུ་བྱས་ཏེ་ཉེ་སྦྱོར་དངོས་ལ་ལྔ། སྔོན་གཏོར། བདག་བསྐྱེད། བུམ་པ། ལྷ། སློབ་མ་སྟ་གོན་ནོ། །དང་པོ་ནི། གཏོར་མ་དཀར་དམར་གཉིས། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་གྱིས་བྱིན་བརླབ། ཨ་ཀཱ་རོ་གསུམ་གྱིས་བསྔོས། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །ས་འདི་བདག་གིས་བསླང་བར་བགྱི། །དཀྱིལ་འཁོར་དོན་དུ་བསྩལ་དུ་གསོལ། །དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་ཕྱིན་པའི་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། །གཅིག་ནག་པོའི་ཕྱོགས་ལ་དམིགས་ཏེ། སརྦ་བིགྷྣཱན་ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་དང་། ས་ཕྱོགས་འདིར་ནི་སློབ་དཔོན་བདག །དཀྱིལ་འཁོར་རྒྱལ་པོ་སྒྱུ་འཕྲུལ་ནི། །བཞེངས་ཀྱིས་ས་འདིར་གནས་པའི་བགེགས། །འདི་རུ་མ་འདུག་གཞན་དུ་དེངས། །ཞེས་དང་། སུམྦྷ་ནི་བརྗོད་ལ་བགེགས་བསྐྲད་དོ། །གཉིས་པ་བདག་སྐྱེད་ནི། སྤྲོ་ན་ཆོས་སྤྱོད་ཡིད་བཞིན་ནོར་བུ་དང་བརྒྱུད་པའི་གསོལ་འདེབས་བཅས་གཏང་། མི་ལྕོགས་ན། སྐྱབས་འགྲོ་ནི། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་འགྲོ་ཀུན་གུས་པས་སྐྱབས་སུ་མཆི། །ལན་གསུམ། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལན་གསུམ་བརྗོད་ལ་སེམས་བསྐྱེད། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སོགས་ཀྱིས་ཚད་མེད་བཞི་བསྒོམ་མོ། །ཨོཾ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས༔ བདག་ཉིད་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་གསལ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་མཛད་པ༔ ཡུམ་ཆོས་ཉིད་ཀུན་ཏུ་བཟང་མོ་སྐུ་མདོག་མཐིང་སྐྱ་བུམ་པ་དང་ཨུཏྤལ་འཛིན་པས་ཡབ་ལ་འཁྱུད་པ༔ ཡབ་ཡུམ་གཉིས་ཀ་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ༔ པདྨ་ཉི་ཟླའི་གདན་ལ་སྐྱིལ་ཀྲུང་དུ་བཞུགས་པའོ༔ དེའི་སྤྱི་བོར་རྣམ་པར་སྣང་མཛད་ཡབ་ཡུམ་སྐུ་མདོག་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ༔ མགྲིན་པར་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སྐུ་མདོག་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ༔ སྙིང་གར་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྐུ་མདོག་མཐིང་ག་རྡོ་རྗེ་དང་དྲིལ་བུ་འཛིན་པ༔ ལྟེ་བར་སྣང་བ་མཐའ་ཡས་ཡབ་ཡུམ་སྐུ་མདོག་དམར་པོ་པདྨ་དང་དྲིལ་བུ་འཛིན་པ༔ གསང་བར་དོན་ཡོད་གྲུབ་པ་ཡབ་ཡུམ་སྐུ་མདོག་ལྗང་གུ་རྒྱ་གྲམ་དང་དྲིལ་བུ་འཛིན་པ༔ ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཡུམ་རྣམས་གཡས་བུམ་པ་དང་གཡོན་རྣམས་མེ་ཏོག་ཨུཏྤལ་བསྣམས་པ༔ འཁྲིལ་ལྡེམ་མཉེན་ལྕུག་འཛུམ་པའི་མདངས་དང་ལྡན་པ་གསལ་བའི༔ རིགས་ལྔ་ཡབ་རྣམས་ཀྱི་ཐུགས་ཀར་ཨོཾ་སྭཱ་ཧཱུྃ་ཨཱཾཿཧཱ༔ ཡུམ་རྣམས་ཀྱི་ཐུགས་ཀར་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚན་པའོ༔ ལྷ་རང་རང་གི་ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས༔ ཡེ་ཤེས་པ་རང་ཁོ་ན་འདྲ་བ་འོག་མིན་ནས་སྤྱན་དྲངས༔ ཛཿཧཱུྃ་བཾ་ཧོཿས་ལྷ་རང་རང་ལ་ཐིམ༔ སྐུ་གསུང་ཐུགས་ཀྱི་བྱིན་དབབ༔ ཡེ་ཤེས་ལྔའི་དབང་བསྐུར༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་གྱུར༔ དེ་ནས་ལྷ་རྣམས་ཀྱང་རང་རང་གི་སྔགས་སྒྲ་སྒྲོག་པར་བསམ༔ ས་བོན་ལ་དམིགས་པ་གཏད་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཀཱ་ཡ་བཱ་ཀ་ཙིཏྟ་སརྦ་སིདྡྷི་ཧཱུྃ༔ ཞེས་པ་འདི་གོང་བསྙེན་བྱེ་བའམ་ལྔ་འབུམ་བྱས་ཏེ། དབང་དུས་སུ་ཁྲིའམ་སྟོང་གིས་ཁ་གསོ་བར་གསུངས་སོ། །གསུམ་པ་བུམ་པ་སྟ་གོན་ནི། བཅས་བཤམ་འོག་གི་ལྷ་སྟ་གོན་དང་ཆབས་ཅིག་བྱས་ན་བདེ་བས། སྟེགས་གཙང་མར་མཎྜལ་ལ་དྲིའི་ཐིག་ལེ་ལྔ་ཚོམ་ལ་རིགས་ལྔ་ཡབ་ཡུམ་གྱི་སྔགས་བརྗོད་དེ་མེ་ཏོག་གི་ཚོམ་བུ་བཀོད། དེའི་ཕྱོགས་བཞི་དབུས་ལྔར་ཁྲིའུ་དང་ཀུ་ཤའི་གདན་ལ་བུམ་པ་རིགས་ལྔ་སོ་སོའི་ཕྱག་མཚན་ལྡན་པའི་ནང་། འབྲུ་ལྔ། བདུད་རྩི་ལྔ། རིན་པོ་ཆེ་ལྔ། སྨན་ལྔ། དྲི་ལྔ་སོ་སོར་ཆུ་གཙང་འོ་མ་དང་བཅས་ཏེ་བླུགས་ཤིང་མགུལ་ཆིངས་ཕྱོགས་མདོག་དང་མཚུངས་པར་བྱས་པའི་ཁ་རྒྱན་རྨ་བྱ་ཤེལ་དཀར་མེ་ལོང་གཟུངས་རྡོར་དང་ལྡན་པ། ལས་བུམ་ལྗང་གུ་བཅས་དྲུག་གམ། མ་འཛོམ་ན་བུམ་པ་ལྔ་པོ་བུམ་རྫས་བཅས་གཅིག་ལ་བསྡུས་ཀྱང་རུང་བར་གསུངས་པས། དེ་དག་ལ་ཐོག་མར་གུ་གུལ་གྱིས་བདུག་ཅིང་ཡུངས་དཀར་བྲབ་ལ་བགེགས་བསྐྲད། དེ་ནས་བུམ་རྫས་བླུག་ཅིང་ཁ་བརྒྱན་ཏེ་གདན་ལ་བཀོད་ཅིང་མཐའ་མཆོད་པས་བསྐོར། གཞན་ཡང་འོག་ཏུ་དགོས་པའི་སློབ་མ་སྟ་གོན་གྱི་རྫས་བཞི་དང་། དབང་ཆས་རྣམས་ཀྱང་སྐབས་འདིར་འཛོམ་པར་བྱ་བ་ཕྱག་ལེན་ཡིན་ནོ། །དེ་ནས་བུམ་པ་སྒྲུབ་པ་ནི། དམིགས་མེད་སྟོང་པའི་ངང་ལས༔ བྷྲཱུྃ་ཞེས་བརྗོད་པ་ལས་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པ༔ སྒོ་བཞི་རྟ་བབས་དང་བཅས་པའི་ནང་དུ༔ ཕྱོགས་བཞི་དབུས་དང་ལྔར་པདྨ་དང་ཉི་ཟླའི་གདན་རེ་རེ། དེའི་སྟེང་དུ་དབུས་སུ་ཨོཾ་མཱུཾ། ཤར་དུ་ཧཱུྃ་མཱཾ། ལྷོར་སྭཱ་ལཱཾ། ནུབ་ཏུ་ཨཱཾ་པཱཾ། བྱང་དུ་ཧཱ་ཏཱཾ། ས་བོན་དེ་རྣམས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སེམས་ཅན་གྱི་སྒྲིབ་པ་སྦྱངས༔ འཕགས་པ་མཆོད༔ སླར་འདུས་ཡོངས་སུ་གྱུར་པ་ལས༔ དབུས་སུ་རྣམ་པར་སྣང་མཛད་ཡབ་ཡུམ་སྐུ་མདོག་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ༔ ཤར་དུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྐུ་མདོག་མཐིང་ག་རྡོ་རྗེ་དང་དྲིལ་བུ་འཛིན་པ༔ ལྷོར་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སྐུ་མདོག་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ༔ ནུབ་ཏུ་སྣང་བ་མཐའ་ཡས་ཡབ་ཡུམ་སྐུ་མདོག་དམར་པོ་པདྨ་དང་དྲིལ་བུ་འཛིན་པ༔ བྱང་དུ་དོན་ཡོད་གྲུབ་པ་ཡབ་ཡུམ་སྐུ་མདོག་ལྗང་གུ་རྒྱ་གྲམ་དང་དྲིལ་བུ་འཛིན་པ༔ ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཡུམ་རྣམས་གཡས་བུམ་པ་དང་གཡོན་རྣམས་མེ་ཏོག་ཨུཏྤལ་བསྣམས་པ༔ འཁྲིལ་ལྡེམ་མཉེན་ལྕུག་འཛུམ་པའི་མདངས་དང་ལྡན་པར་གསལ་བར་གྱུར༔ དེ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ག༔ ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་རང་རང་ལ་བསྟིམ༔ དམ་ཚིག་དང་ཡེ་ཤེས་གཉིས་སུ་མེད་པར་གྱུར༔ བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ བདག་ཀུན་བཟང་ཡབ་ཡུམ་རིགས་ལྔར་གསལ་བའི་གནས་གསུམ་ནས་འོད་ཟེར་ཁ་དོག་ལྔ་ལྡན་དུ་ཕར་འཕྲོས་ཏེ༔ དཀྱིལ་འཁོར་གྱི་རྒྱལ་བ་རྣམས་ལ་མཆོད་པ་རྒྱུན་མི་འཆད་པར་ཕུལ༔ ལྷའི་གནས་གསུམ་ནས་འོད་ཟེར་ཚུར་བྱུང་བདག་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྒྱུན་མི་ཆད་པར་ཐོབ་པར་མོས་ལ༔ བསྙེན་པ་ཅི་ནུས་བྱ་བ་ནི་ལུགས་འདིའི་བསྙེན་སྒྲུབ་ཡིན་ལ། རང་གི་སྙིང་ག་ནས་འོད་ཟེར་བྱུང་བས་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས། བུམ་ནང་གི་ལྷ་སོ་སོའི་སྐུ་ལ་ཕོག །ཐུགས་དམ་གྱི་རྒྱུད་བསྐུལ། སྦྱོར་མཚམས་ནས་བདུད་རྩི་དཀར་དམར་གྱི་རྒྱུན་བབས་པས་བུམ་པའི་ནང་ཁེངས་པར་གྱུར། ཅེས་མོས་ལ་སྔགས་བཟླ་བ་ནི་དབང་གི་ལས་སྦྱོར་རོ། །ལས་བུམ་མི་དམིགས་པ་ལས་ཕྱི་བུམ་པ་ནང་གཞལ་ཡས་ཁང་དུ་གསལ་བའི་དབུས་སུ༔ ཧཱུྃ་ཡོངས་སུ་གྱུར་པ་ལས༔ ལས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་སེར་རྡོ་རྗེ་རྒྱ་གྲམ་དང་སྡིགས་མཛུབ་མཛད་པ་རབ་ཏུ་ཁྲོས་པའི་ཐུགས་ཀར་ཧཱུྃ་མཐིང་ནག་ལ་རྩ་སྔགས་ཀྱིས་བསྐོར་བར་གྱུར༔ ཨོཾ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་ཅི་ཙམ་འགྲུབ་པར་བཟླ་འོ། །དེ་ནས་མཆོད་པར་བསང་ཆུ་འཐོར་ཏེ། རཾ་ཡཾ་ཁཾ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ་གིས་བྱིན་བརླབ། འཇིག་རྟེན་འདི་འམ་གཞན་དག་ན། །མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་ཆབ་ཞལ་ཟས་རྣམས། །རིགས་ལྔ་ཡབ་ཡུམ་རྣམས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱ་དྱཾ་ནས། ཤབྡ་ཨཱཿཧཱུྃ། ཕུང་པོ་གནས་གྱུར་ཉོན་མོངས་ལྔ་དག་ཅིང་། །སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ་པའི་སྐུ། །བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་། །བགེགས་འདུལ་ཁྲོ་ཆེན་བདུད་རྩི་འཁྱིལ་པ་ལ། །རང་བཞིན་ལྷུན་གྱིས་གྲུབ་པས་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། བཛྲ་མུཿས་ཡེ་ཤེས་པ་གཤེགས། ཨོཾ་ཨཱཿཧཱུྃ་གིས་དམ་ཚིག་པ་ཆུར་ཞུ་བ་ལས་བྱུང་བའི་བདུད་རྩིས་བུམ་པ་ཁེངས་པར་གྱུར། ཅེས་དུང་ཞལ་གྱི་མཆོད་ཡོན་ཀྱང་ཕུལ་ལོ། །བཞི་པ་ལྷ་སྟ་གོན་ནི། ཚོམ་བུ་ལས་ཆུ་དང་། ཨ་མྲྀཏའི་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་མདུན་གྱི་མཎྜལ་རང་སྣང་ཡེ་ཤེས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བའི་ཕྱོགས་བཞི་དབུས་དང་ལྔར་པདྨ་དང་ཉི་ཟླའི་གདན་རེ་རེ་སོགས་གོང་གི་བུམ་སྒྲུབ་སྐབས་ལྟར་ལས། ཡེ་ཤེས་པ་སྤྱན་དྲངས། ཞེས་པའི་བར། ཧཱུྃ༔ དུས་གསུམ་བླ་མ་ཀུན་བཟང་ཆོས་ཀྱི་སྐུ༔ ཉོན་མོངས་ལྔ་དག་ཕུང་པོ་གནས་གྱུར་པའི༔ སྐུ་གསུམ་ལྔ་ལྡན་རིགས་ལྔ་ཡབ་ཡུམ་ཚོགས༔ འགྲོ་བའི་དོན་ཕྱིར་གནས་འདིར་གཤེགས་སུ་གསོལ༔ ཨོཾ་གུ་རུ་བཛྲ་ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ་བཛྲ་ཨཾ་གུ་ཤ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། ཧཱུྃ༔ སྒྱུ་མ་ཆུ་ཟླ་ཡེ་ཤེས་གཞལ་ཡས་ཁང༔ སྐྱོན་བྲལ་པདྨ་ཉི་ཟླའི་གདན་ལ་བཞུགས༔ ཨོཾ་པདྨ་སཱུརྻ་ཙནྡྲ་ཀ་མ་ལཱ་ཡ་སཏྭཾ༔ ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱས་དེ་བཞིན་གཤེགས་པ་ལྔས་དབང་བསྐུར་པའི་ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་སོ་སོས་དབུ་བརྒྱན། སྐུ་གསུང་ཐུགས་ཉིད་ཡེ་ནས་ཀུན་ཏུ་བཟང་། །སྐུ་ལྔ་ཡེ་ཤེས་འདུ་འབྲལ་མེད་པའི་ལྷ། །ཐབས་མཁས་ཐུགས་རྗེས་འགྲོ་བའི་དོན་མཛད་པའི། །ཀུན་བཟང་རིགས་ལྔའི་ཚོགས་ལ་ཕྱག་འཚལ་ལོ། །མཆོད་པ་བྱིན་རླབས་བུམ་བསྐྱེད་ལྟར་བྱས་ལ། ཕྱི་མཆོད་ནི། ཧཱུྃ༔ སྲིད་པར་གཏོགས་པའི་མེ་ཏོག་སྣ་ཚོགས་རིགས༔ དཀར་སེར་དམར་ལྗང་མཐིང་གའི་མདངས་ལྡན་པའི༔ མཛེས་ལྡན་དྲི་ཞིམ་མེ་ཏོག་ཇི་སྙེད་རྣམས༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ སྲིད་པར་གཏོགས་པའི་བདུག་སྤོས་སྣ་ཚོགས་རིགས༔ དུ་རུ་ཀ་དང་ཨ་ག་རུ་ལ་སོགས༔ དྲི་ཞིམ་བསུང་ལྡན་སྤོས་མཆོག་ཇི་སྙེད་རྣམས༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ༔ སྲིད་པར་གཏོགས་པའི་སྣང་གསལ་སྣ་ཚོགས་རིགས༔ འབྲུ་མར་རྩི་དང་རྩྭ་ཤིང་འོད་ཀྱི་མདངས༔ དམར་གསལ་མདངས་ཆེན་སྣང་གསལ་ཇི་སྙེད་རྣམས༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ སྲིད་པར་གཏོགས་པའི་དྲི་ཆབ་སྣ་ཚོགས་རིགས༔ ཙནྡན་གུར་གུམ་སིཧླའི་ལྡེ་གུ་སོགས༔ རང་བྱུང་སྦྱར་པའི་བྱུག་པ་བདེ་བྱེད་རྣམས༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ༔ སྲིད་པར་གཏོགས་པའི་ཞལ་ཟས་སྣ་ཚོགས་རིགས༔ རང་བྱུང་ལྷན་ཅིག་སྐྱེས་དང་སྦྱར་པའི་ཟས༔ སྣ་ཚོགས་གཡོས་མཆོག་གཙང་མའི་ཞལ་ཟས་རྣམས༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ ཨོཾ་བཛྲ་ནཻ་བིདྱཱ་ཨཱཿཧཱུྃ༔ སྲིད་པར་གཏོགས་པའི་རོལ་མོ་སྣ་ཚོགས་རིགས༔ རྔ་ཏིང་གཡེར་ཁ་དྲིལ་བུ་རྫ་རྔ་དང༔ འབྱུང་བའི་རང་སྒྲ་གླུ་གར་རོལ་མོའི་དབྱངས༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ༔ དེ་ནས་ནང་མཆོད་ནི། ཧཱུྃ༔ སྣོད་བཅུད་སྣང་སྲིད་སྣ་ཚོགས་ཡིད་འོང་གཟུགས༔ རྡོ་རྗེ་གཟུགས་མའི་ཚོགས་སུ་ཀུན་སྤྲུལ་ཏེ༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་བཛྲ་རཱུ་པ་པྲ་ཏཱིཙྪ་ཨཱཿཧཱུྃ༔ སྣོད་བཅུད་སྣང་སྲིད་སྣ་ཚོགས་ཡིད་འོང་སྒྲ༔ རྡོ་རྗེ་སྒྲ་མའི་ཚོགས་སུ་ཀུན་སྤྲུལ་ཏེ༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ༔ སྣོད་བཅུད་སྣང་སྲིད་སྣ་ཚོགས་དྲི་ཞིམ་སྤོས༔ རྡོ་རྗེ་དྲི་མའི་ཚོགས་སུ་ཀུན་སྤྲུལ་ཏེ༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ༔ སྣོད་བཅུད་སྣང་སྲིད་སྣ་ཚོགས་རོ་ལྡན་ཟས༔ རྡོ་རྗེ་རོ་མའི་ཚོགས་སུ་ཀུན་སྤྲུལ་ཏེ༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་བཛྲ་ནཻ་བིདྱཱ་ཨཱཿཧཱུྃ༔ སྣོད་བཅུད་སྣང་སྲིད་སྣ་ཚོགས་བདེ་བའི་རེག༔ རྡོ་རྗེ་རེག་མའི་ཚོགས་སུ་ཀུན་སྤྲུལ་ཏེ༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་བཛྲ་སྤརྴེ་ཨཱཿཧཱུྃ༔ དེ་ནས་གསང་མཆོད་ནི། ཧཱུྃ༔ གསང་མཆོག་སྐུ་ཡི་བདེ་ཆེན་རིག་མ་ནི༔ སྐུ་མདོག་དཀར་མཛེས་མེ་ལོང་པདྨ་བསྣམས༔ ཤིན་ཏུ་ཡིད་འོང་བདེ་གཤེགས་མཉེས་མཛད་མ༔ གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ཨོཾ་བཛྲ་ཨཱ་དརྴ་ཨཱཿཧཱུྃ༔ ཧཱུྃ༔ གསང་མཆོག་གསུང་གི་བདེ་ཆེན་རིག་མ་ནི༔ སྐུ་མདོག་དམར་མཛེས་རྔ་ཟླུམ་སྒྲ་སྒྲོག་མ༔ ཤིན་ཏུ་ཡིད་འོང་བདེ་གཤེགས་མཉེས་མཛད་མ༔ གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ཨོཾ་བཛྲ་མུ་ར་ཛེ་ཨཱཿཧཱུྃ༔ ཧཱུྃ༔ གསང་མཆོག་ཐུགས་ཀྱི་བདེ་ཆེན་རིག་མ་ནི༔ སྐུ་མདོག་མཐིང་མཛེས་པི་ཝཾ་སྒྲ་སྒྲོག་མ༔ ཤིན་ཏུ་ཡིད་འོང་བདེ་གཤེགས་མཉེས་མཛད་མ༔ གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ཨོཾ་བཛྲ་ཝི་ཎི་ཨཱཿཧཱུྃ༔ ཧཱུྃ༔ གསང་མཆོག་ཡོན་ཏན་བདེ་ཆེན་རིག་མ་ནི༔ སྐུ་མདོག་སེར་མཛེས་གླིང་བུའི་སྒྲ་སྒྲོག་མ༔ ཤིན་ཏུ་ཡིད་འོང་བདེ་གཤེགས་མཉེས་མཛད་མ༔ གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ཨོཾ་བཛྲ་བཾ་སེ་ཨཱཿཧཱུྃ༔ ཧཱུྃ༔ གསང་མཆོག་ཕྲིན་ལས་བདེ་ཆེན་རིག་མ་ནི༔ སྐུ་མདོག་ལྗང་མཛེས་རྫ་རྔའི་སྒྲ་སྒྲོག་མ༔ ཤིན་ཏུ་ཡིད་འོང་བདེ་གཤེགས་མཉེས་མཛད་མ༔ གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ཨོཾ་བཛྲ་མེ་དྷེ་ཀེ་ཨཱཿཧཱུྃ༔ ཞེས་པས་མཆོད་ལ། བསྟོད་པ་ནི། བླ་མ་ཀུན་བཟང་ཐིག་ལེའི་སྐུ༔ ཉག་གཅིག་མཐའ་བྲལ་ལུ་གུ་རྒྱུད༔ དབྱིངས་རིག་འདུ་འབྲལ་མེད་པ་ཡི༔ ཅིར་མི་དགོངས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཞེ་སྡང་གཟུགས་ཁམས་རང་གྲོལ་དབྱིངས༔ མེ་ལོང་ཡེ་ཤེས་དཀར་གསལ་སྐུ༔ ཆུ་ཁམས་རྣམ་དག་ཡབ་ཡུམ་རོལ༔ མི་བསྐྱོད་ཡབ་ཡུམ་ཕྱག་འཚལ་བསྟོད༔ ཧཱུྃ༔ འདོད་ཆགས་འདུ་ཤེས་རྣམ་དག་དབྱིངས༔ སོར་རྟོག་ཡེ་ཤེས་དམར་གསལ་སྐུ༔ མེ་ཁམས་རྣམ་དག་ཡབ་ཡུམ་རོལ༔ སྣང་མཐའ་ཡབ་ཡུམ་ཕྱག་འཚལ་བསྟོད༔ ཧཱུྃ༔ གཏི་མུག་རྣམ་ཤེས་རང་གྲོལ་དབྱིངས༔ ཆོས་དབྱིངས་ཡེ་ཤེས་མཐིང་གསལ་སྐུ༔ ནམ་མཁའ་རྣམ་དག་ཡབ་ཡུམ་རོལ༔ རྣམ་སྣང་ཡབ་ཡུམ་ཕྱག་འཚལ་བསྟོད༔ ཧཱུྃ༔ ང་རྒྱལ་ཚོར་བ་རྣམ་དག་དབྱིངས༔ མཉམ་ཉིད་ཡེ་ཤེས་སེར་གསལ་སྐུ༔ ས་ཁམས་རྣམ་དག་ཡབ་ཡུམ་རོལ༔ རིན་འབྱུང་ཡབ་ཡུམ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཕྲག་དོག་འདུ་བྱེད་རྣམ་དག་དབྱིངས༔ བྱ་གྲུབ་ཡེ་ཤེས་ལྗང་གསལ་སྐུ༔ རླུང་ཁམས་རྣམ་དག་ཡབ་ཡུམ་རོལ༔ དོན་གྲུབ་ཡབ་ཡུམ་ཕྱག་འཚལ་བསྟོད༔ བསྟོད་པར་འོས་པ་སོགས་ཀྱིས་བསྟོད། གསོལ་བ་གདབ་པ་ནི་ཐལ་མོ་སྦྱར་ལ། ཀྱེ༔ དགོངས་ཤིག་རྒྱལ་བ་རིགས་ལྔའི་གཙོ༔ ཞི་ཁྲོ་མ་ལུས་དགོངས་སུ་གསོལ༔ རྒྱལ་བ་སྲས་བཅས་མཆོད་པ་དང༔ སློབ་བུ་ཁྱེད་ཀྱི་རྗེས་འཇུག་ཕྱིར༔ ནངས་པར་བདག་གིས་རྒྱལ་བ་ཡི༔ དཀྱིལ་འཁོར་འབྲི་བས་དགོངས་སུ་གསོལ༔ ཞེས་གསོལ་བ་བཏབ་པས་གནང་བ་བསྩལ་བར་མོས༔ སྐབས་འདིར་ཞི་བའི་སྦྱིན་སྲེག་མདོར་བསྡུས་ཙམ་བྱ་བ་ནི། མཎྜལ་གྱི་ཤར་ཕྱོགས་སུ་མེ་ཐབ་དཀར་པོ་པདྨ་འདབ་བཞི་ཚོམ་བུ་ལྔ་བཀོད་པ་ལ་ཞི་བའི་ཤིང་ཟླུམ་པོ་བརྩིག །མར་ཁུ་ཡམ་ཤིང་ཏིལ་ཡུངས་དཀར་གཙོ་བོར་གྱུར་པའི་སྲེག་རྫས་གང་འཛོམ་བསགས་ལ། བསང་སྦྱང་། ཨགྣི་ཛྭ་ལ་རཾ་གྱིས་མེ་སྦར། མེའི་ནང་དུ་མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་གཉིས་གུནྡྷེ་དང་མེ་ཐབ་བསྣམས་པ་ར་སྐྱེས་དཀར་པོའི་སྟེང་ན་བཞུགས་པ་བསྐྱེད་ལ། ཧཱུྃ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྦྱིན་མཛད་ཅིང་། །གེགས་སེལ་དངོས་གྲུབ་སྩོལ་བའི་ལྷ། །འདིར་གཤེགས་མཆོད་ཡོན་བཞེས་སུ་གསོལ། །ཨོཾ་ཨགྣ་ཡེ་ས་མ་ཡ་ཛཿཛཿ ཞེས་པས་མེ་ལྷའི་ཕྱག་རྒྱ་རྣ་དྲུང་དུ་གཡབ་པས། ཤར་ལྷོ་ནས་མེ་ལྷ་དེ་འདྲ་བ་བྱོན་ཏེ་ཐབས་ཀྱི་དམ་ཚིག་པ་ལ་ཐིམ་པར་བསམ་ལ། ཨོཾ་ཨགྣ་ཡེ་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་སྡིག་པ་དང་སྒྲིབ་པ་བགེགས་དང་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། མར་ཁུ་དགང་བླུག་བདུན་གྱིས་བྱོན་ཟན་ཕུལ། ཨརྒྷཾ་སོགས་ཀྱིས་མཆོད་ལ། སྔར་གྱི་སྔགས་དེ་ཉིད་ཀྱིས། ཡམ་ཤིང་། མར་ཁུ་སོགས་སྲེག་རྫས་གྲངས་ཇི་ཙམ་འོས་པ་འབུལ། དེ་ནས། མེ་ལྷའི་ལྟོ་བར་པདྨ་ཉི་ཟླའི་གདན་ལྔ་ཚོམ་གྱི་དབུས་སུ་རྣམ་པར་སྣང་མཛད་ཡབ་ཡུམ། ཤར་དུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ། ལྷོར་རིན་ཆེན་འབྱུང་ལྡན་ཡབ་ཡུམ། ནུབ་ཏུ་སྣང་བ་མཐའ་ཡས་ཡབ་ཡུམ། བྱང་དུ་དོན་ཡོད་གྲུབ་པ་ཡབ་ཡུམ་རྣམས་སྐད་ཅིག་གིས་གསལ་བའི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ས་བོན་འབྲུ་བཅུའི་མཐར་ཤམ་བུ་གོང་བཞིན་སྦྱར་བས་བྱོན་སྐྱེམས་མར་ཁུ་ལན་བདུན་འབུལ། བུམ་བསྐྱེད་སྐབས་ལྟར་མཆོད་བསྟོད་བྱ། སླར་ཡང་སྔགས་དེ་ཉིད་ཀྱིས་ཡམ་ཤིང་མར་ཁུ་སོགས་སྲེག་རྫས་གྲངས་ཇི་ཙམ་ནུས་པ་ཕུལ། སླར་ཡང་མཆོད་བསྟོད་མདོར་བསྡུས་དང་། ནོངས་བཤགས་མཐར། ཨོཾ་བཛྲ་མུཿ ཞེས་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྡུ། སླར་མེ་ལྷ་གསལ་བཏབ་ནས་སྔར་གྱི་སྔགས་དེ་ཉིད་ཀྱིས་སྲེག་རྫས་ལན་གསུམ་མམ་བདུན་ཕུལ་ལ། འཇིག་རྟེན་དབང་ཕྱུག་ཚངས་དབང་མཆོག་གི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་པས། །དངོས་གྲུབ་མ་ལུས་སྩོལ་བར་མཛད་པ་ཡི། །མེ་ལྷའི་རྒྱལ་པོ་འཁོར་དང་བཅས་ལ་འདུད། །ཅེས་པས་བསྟོད་དེ་བཟོད་པར་གསོལ་ལ། མེ་ལྷའི་ཕྱག་རྒྱ་སླར་བཀྲོལ་ཏེ། ཨོཾ་ཨགྣ་ཡེ་གཙྪ་ཞེས་བརྗོད་པས་ཡེ་ཤེས་པ་གཤེགས་པར་བསམ་ལ། བསྔོ་བ་དང་བཀྲ་ཤིས་བརྗོད་པར་བྱའོ། །ལྔ་པ་སློབ་མ་སྟ་གོན་བྱ་བ་ལ། ཁྲུས་དང་ཡོན་འབུལ་ཞུ་གནང་བྱ། །རྒྱུད་དག་བྱིན་བརླབ་དམ་ལ་བཞག །སོ་ཤིང་སྤྲོ་བསྐྱེད་སྲུང་སྐུད་དང་། །ཀུ་ཤ་སྦྱིན་པ་བཅས་ཏེ་བཅུ། །དང་པོ་ནི། སློབ་མ་རྣམས་སྒོ་དྲུང་དུ་ལས་བུམ་གྱི་ཆུ་དང་། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། གཉིས་པ་ཡོན་འབུལ་ནི། སེམས་བསྐྱེད་གསལ་བཏབ། དྲང་ངེས་དང་འབྲེལ་བའི་ཆོས་བཤད་ཅི་རིགས་མཐར། དེ་ལ་ཐེག་པ་རིམ་པ་དགུའི་ཡང་རྩེ་ཨ་ཏི་རྫོགས་པ་ཆེན་པོ་བླ་མེད་འབྲས་བུའི་ཟབ་ཆོས་ཀྱི་ཡང་སྙིང་། མ་རྒྱུད་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ཀྱི་ཉམས་ལེན་ཡང་ཞུན་དུ་བསྒྲིལ་བ་དམ་ཆོས་ཀློང་གསལ་སྙིང་གི་ཐིག་ལེའི་རྩ་བའི་སྨིན་བྱེད་རིན་པོ་ཆེ་དབང་གི་འཁོར་ལོ་ལྟར་བསྒྲུབ་པར་བགྱི་བ་ལ། ཐོག་མར་བརྒྱུད་པའི་ལོ་རྒྱུས་མདོ་ཙམ་བརྗོད་ན། གནས་ཆོས་དབྱིངས་རྣམ་པར་དག་པའི་མཁའ་ཀློང་ཕྱི་ནང་མེད་པའི་གཞལ་ཡས་ན། དུས་ཐོག་མཐའ་མ་ངེས་པའི་དུས་སུ། སྟོན་པ་ཀུན་ཏུ་བཟང་པོ་ཡབ་ཡུམ་ཆོས་སྐུ་དྲི་མ་དང་བྲལ་བ་ཅིའི་ངོ་བོར་ཡང་མ་གྲུབ་པ་ལས། སྐུ་ཞལ་ཕྱག་གི་རྣམ་པར་བཞེངས་ནས་ཆོས་སྐུ་སྤྲོས་བྲལ་གྱི་ངང་ལས་ཉིད་ལས་མི་གཞན་པའི་འཁོར་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ལ་སྨྲར་མེད་རང་བཞིན་གྱི་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་ཏེ་དགོངས་སོ། །དེས་འོག་མིན་གྱི་གནས་སུ་དཔལ་རྡོ་རྗེ་སེམས་དཔའ་ལ་རང་གི་ངོ་བོས་བཤད། དཔལ་རྡོ་རྗེ་སེམས་དཔས་དུར་ཁྲོད་མེ་རི་འབར་བའི་གཞལ་ཡས་སུ་དགོངས་པ་སངས་རྒྱས་དང་མཉམ་པའི་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེར་ཚིག་ཙམ་དུ་བཤད། སྤྲུལ་སྐུ་དགའ་རབ་རྡོ་རྗེས་རྩུབ་འགྱུར་ཚལ་གྱི་དུར་ཁྲོད་དུ་མཁས་པ་ཤྲཱི་སིཾ་ཧ་ལ་མངོན་སུམ་རང་ཐོག་ཏུ་ཕབ་ནས་བསྟན། ཤྲཱི་སིཾ་ཧ་ཉིད་ཀྱིས་དུར་ཁྲོད་སོ་སའི་གླིང་དུ་རིག་འཛིན་ཆེན་པོ་པདྨ་ཐོད་ཕྲེང་ཞེས་བྱ་བ་རྡོ་རྗེ་ལྟ་བུའི་སྐུ་སྐྱེ་ཤི་འདས་གྲོངས་དང་བྲལ་བ་དེ་ལ་གནས་ལུགས་ཡིད་དཔྱོད་དང་ཕྲལ་ནས་བསྟན། གུ་རུ་ཆེན་པོས་དྷཱ་ཀི་མ་ཡེ་ཤེས་མཚོ་རྒྱལ་དང་རིག་འཛིན་ནམ་མཁའི་སྙིང་པོ་གཉིས་ལ། མཆིམས་ཕུ་རྫའི་དུར་ཁྲོད་དང་ལྷོ་བྲག་མཁར་ཆུ་གཉིས་སུ། གླེན་བསྒོམ་ཡིད་དཔྱོད་མུན་འཐུམ་དང་ཕྲལ་ནས་ལྔ་ལྡན་ཡེ་ཤེས་ཀྱི་སྙིང་པོ་མངོན་སུམ་རང་ཐོག་ཏུ་ཕབ་སྟེ་བསྟན། མཚོ་རྒྱལ་དང་ནམ་མཁའི་སྙིང་པོ་གཉིས་ཀྱིས་རྗེ་བཙུན་གྱི་བཀའི་བསྡུ་བ་མཛད་ནས་དེ་དུས་སྤེལ་བའི་གནས་མེད་པས། མ་འོངས་ལས་ཅན་གཅིག་གི་ཐུགས་སུ་བརྒྱུད་པར་བྱིན་གྱིས་བརླབས་ནས། ཡེ་ཤེས་ཀྱི་དྷཱ་ཀི་མ་རྣམས་དང་གཏེར་སྲུང་མཆེད་གསུམ་ལ་བཀའ་གཏད་དེ་རིན་པོ་ཆེ་སའི་གཏེར་དུ་སྦས་སོ། །དེ་ལྟར་མཁའ་འགྲོའི་ཟབ་གཏེར་ཉི་ཤུ་རྩ་ལྔའི་ཡང་བཅུད་འདི་ནི། ཨོ་རྒྱན་སངས་རྒྱས་གཉིས་པའི་ཞལ་ནས། ཨེ་མ་ཧོ༔ མཚོ་སྐྱེས་རྡོ་རྗེ་བདག་འདྲ་པདྨ་ཡིས༔ མན་ངག་ཟབ་མོ་འོ་མའི་རྒྱ་མཚོ་ལས༔ ཐུགས་མཆོག་ཟབ་མོའི་བཅུད་མཆོག་མར་དུ་དྲིལ༔ རིན་ཆེན་མང་ཡང་ཡིད་བཞིན་ནོར་བུ་ཉུང༔ རྫོགས་ཆེན་ཟབ་མོའི་གཏེར་ཁ་ཇི་སྙེད་སྦས༔ ཀུན་གྱི་བཅུད་བསྡུས་མཐར་ཐུག་འདི་ཁོ་ན༔ པདྨ་བདག་གི་སྲོག་གི་དྭངས་མ་སྟེ༔ འདི་ལས་ཡང་ཟབ་སྦས་པ་ཡོད་རེ་ཀན༔ ཞེས་དང་། འདི་རྣམས་ལས་ཟབ་གདམས་པའི་གཏེར་ཁ་ནི༔ ཨོ་རྒྱན་བདག་ལ་གུད་ན་གཞན་མེད་ཅིང༔ བོད་ཡུལ་ཀུན་ཏུ་སྦས་པ་ཡོད་རེ་ཀན༔ གཅེས་ཚད་སྲོག་ལ་ཕངས་ཚད་མིག་ལྟ་བུ༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ ཞེས་ཡང་གསང་བླ་མེད་རྫོགས་པ་ཆེན་པོའི་གདམས་པ་གཏེར་དུ་བྱོན་པ་ཇི་སྙེད་པའི་ནང་ནས་ཟབ་འདྲིལ་གྱི་མཐར་ཐུག་པ། སྤྲུལ་པའི་གཏེར་ཆེན་འགྲོ་འདུལ་རཏྣ་གླིང་པས་གུང་ཐང་མཁར་ནས་སྐུ་རྟེན་གསུམ་དང་ལྷན་ཅིག་སྤྱན་དྲངས་པའི་ཟབ་ཆོས་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་མ་འདི་ནི་གྲོལ་བ་བཞི་དང་ལྡན་པ་སྟེ། ཞལ་གདམས་ལས། ཡང་གསང་སྙིང་ཁྲག་འདི་ལ་སུས་སྤྱོད་པ༔ སྔོན་དུས་ལས་སད་སྐྱེ་མཐའ་མིན་རེ་ཀན༔ མངལ་དུ་མི་འཇུག་ཚེ་གཅིག་སངས་རྒྱས་ཡིན༔ འདི་ཉིད་བྲིས་སམ་བཅངས་པས་དངོས་གྲུབ་ཐོབ༔ ལན་གཅིག་བཀའ་ཤོག་མཐོང་བ་ཙམ་གྱིས་ཀྱང༔ ཨོ་རྒྱན་སྨོན་ལམ་མཐུ་ཡིས་ངན་སོང་ཁེགས༔ དད་པ་ཙམ་གྱིས་པདྨ་ཅན་དུ་སྐྱེ༔ ཉམས་སུ་ལེན་རྣམས་འབྲས་ཐོབ་སྨྲོས་ཅི་དགོས༔ འདི་འཕྲད་ཡོད་ཚད་ཨོ་རྒྱན་ང་ཡི་སྲས༔ སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་ཡིན༔ ཞེས་སོགས་རྡོ་རྗེའི་གསུང་མི་བསླུ་བའི་ངེས་པ་ཅན་གྱིས་ཆེ་ཐང་དུ་བསྔགས་པ་སྟེ། དེ་ལྟ་བུའི་ཟབ་ཆོས་འདི་ལ་སྙིང་དང་སྙིང་ཁྲག་སྲོག་གི་དྭངས་མའི་སྐོར་གསུམ་དུ་མཆིས་པ་ལས། རྩ་བར་གྱུར་པ་སྙིང་དང་འདྲ་བའི་སྡེ་ཚན་སྨིན་བྱེད་དབང་གི་སྐོར་ལས་རྫོགས་རིམ་གྱི་སྨིན་བྱེད་དེ། འདི་ལའང་སྔོན་འགྲོ་དང་དངོས་གཞི་གཉིས་སུ་ཡོད་པ་ལས། ཐོག་མར་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་ཕུལ། གསུམ་པ་ཞུ་གནང་ནི། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པའི་རྗེས་ཟློས་མཛོད། ཀྱེ༔ དུས་གསུམ་སངས་རྒྱས་ཀུན་ཏུ་བཟང༔ རྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ བདག་ཅག་ཁྱེད་ཀྱི་རྗེས་འཇུག་ཕྱིར༔ ཐུན་མོང་མཆོག་གི་སྐྱབས་འགྲོ་དང༔ སོ་ཐར་བྱང་སེམས་རིག་འཛིན་སྡོམ༔ ཀུན་བཟང་མཆོག་གི་ས་འཐོབ་ཕྱིར༔ མགོན་པོས་བདག་ལ་གནང་དུ་གསོལ༔ ལན་གསུམ། ཞེས་ཞུས་པའི་ལན་དུ། ཀྱེ་མ་ཁྱེད་རྣམས་སྐལ་པ་བཟང༔ བླ་མེད་གསང་བའི་དབང་རྫོགས་བསྟན༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང༔ འདི་མཁྱེན་རྫོགས་པའི་སངས་རྒྱས་ཐོབ༔ ཀུན་བཟང་རྡོ་རྗེ་འཛིན་པ་ཡིས༔ བདུད་ཀྱི་དཔུང་ཡང་འདི་ཡིས་བཏུལ༔ ཁྱོད་ཀྱང་བླ་མེད་མཆོག་ཐོབ་ཕྱིར༔ འདི་ཡི་རྗེས་སུ་ཀུན་ཞུགས་མཛོད༔ བཞི་པ་རྒྱུད་སྦྱང་ནི། དེ་ནས་རྒྱུད་རྣམ་པར་དག་ཅིང་སྡོམ་པ་དང་ལྡན་པར་བྱ་བའི་ཐོག་མར། མདུན་གྱི་ནམ་མཁར་བདེ་གཤེགས་རྒྱལ་བ་རིགས་ལྔ་ལ་དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱིས་བསྐོར་ནས་བཞུགས་པའི་དྲུང་དུ་བདུན་རྣམ་དག་ཚུལ་བཞིན་བགྱི་བའི་བློས་འདིའི་རྗེས་ཟློས། རང་རིག་ལྷ་ལ་ཕྱག་འཚལ་ལོ༔ མ་འགགས་རང་གསལ་མཆོད་པ་འབུལ༔ མུ་བཞིར་ལྟུང་བ་མཐོལ་ལོ་བཤགས༔ དུས་གསུམ་མཉམ་ཉིད་རྗེས་ཡི་རང༔ འཁོར་བ་དོང་ནས་སྤྲུག་པར་བསྐུལ༔ ཀ་དག་ཟང་ཐལ་རྗེན་པར་བཞུགས༔ ཀུན་ཀྱང་རང་རིག་རྟོགས་པར་བསྔོ༔ སྐུ་གསུམ་ཡོངས་རྫོགས་ཐོབ་པར་ཤོག༔ ལན་གསུམ། ཞིང་མཆོག་དེ་དག་གི་སྤྱན་སྔར་སྡོམ་པའི་གཞི་རྟེན་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། བླ་མ་ཡི་དམ་མཁའ་འགྲོ་དང༔ སངས་རྒྱས་ཆོས་དང་དགེ་འདུན་སོགས༔ སྐྱབས་འོས་མཆོད་འོས་ཐམས་ཅད་ལ༔ འདི་གཟུང་བླ་མེད་བྱང་ཆུབ་བར༔ བདག་ནི་གུས་པས་སྐྱབས་སུ་མཆི༔ ལན་གསུམ། ཕྱི་ལྟར་སོ་སོ་ཐར་པའི་སྡོམ་པ་བླངས་ཏེ་བསྲུང་བར་བགྱིའོ་སྙམ་པས་རྗེས་ཟློས། བླ་མ་མཆོག་གི་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་འགྲོ་བ་ལ༔ གནོད་པ་སྤང་ཞིང་དགེ་ཚོགས་བསྒྲུབ༔ དགེ་ཚུལ་དགེ་སློང་བྱང་ཆུབ་སེམས༔ སོ་སོ་ཐར་པའི་སྡོམ་པ་ལ༔ བདག་ནི་རྒྱུན་དུ་གནས་ཤིང་བསྲུང༔ ལན་གསུམ། ནང་ལྟར་བྱང་ཆུབ་སེམས་དཔའི་བསླབ་པའི་ཐོག་མར་གཞན་དོན་དུ་བྱང་ཆུབ་ཆེན་པོར་སྨོན་པ་སེམས་བསྐྱེད་འདིའི་རྗེས་ཟློས། བླ་མ་ཀུན་བཟང་དགོངས་སུ་གསོལ༔ འདི་ནས་བྱང་ཆུབ་མ་འཐོབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཕ་དང་མ་ཡི་འདུ་ཤེས་ཀྱིས༔ མ་གྲོལ་དགྲོལ་དང་མ་བསྒྲལ་བསྒྲལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ སྨོན་པ་བྱང་ཆུབ་སེམས་བསྐྱེད་དོ༔ ལན་གསུམ། བྱང་ཆུབ་ཀྱི་ཕྱིར་དུ་སྤྱད་པ་སྤྱོད་པ་ལ་འཇུག་པ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཀྱེ༔ སྔོན་གྱི་བདེར་གཤེགས་རྒྱལ་བ་རྣམས༔ སྒོ་གསུམ་སྡོམ་ལ་རབ་གནས་ལྟར༔ འདི་གཟུང་འཁོར་བ་མ་སྟོངས་བར༔ འགྲོ་དོན་འཇུག་པའི་བྱང་ཆུབ་སེམས༔ དཔའ་ཆེན་བདག་གིས་བསྐྱེད་པར་བགྱི༔ ཕར་ཕྱིན་དྲུག་སློབ་ཉེས་གསུམ་སྤང༔ ཀུན་སྒྲོལ་དབུགས་དབྱུང་མྱང་འདས་འགོད༔ ལན་གསུམ། གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་སྤྱི་དང་བྱེ་བྲག་པ་རྣམས་གཟུང་བའི་བློས་རྗེས་ཟློས། དཀོན་མཆོག་གསུམ་བཟུང་མི་གཏོང་བསྒྲུབ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཡིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ རིན་ཆེན་རིགས་ཀྱི་སྡོམ་པ་ཡིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་དང་ཆོས་རྣམས་བཤད༔ པདྨ་རིགས་ཀྱི་དམ་ཚིག་ཡིན༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ ལས་ཀྱི་རིགས་ཀྱི་སྡོམ་པ་ཡིན༔ ལན་གསུམ་བྱ། ལྔ་པ་བྱིན་རླབས་ནི། ཁྱེད་རང་རྣམས་སྐད་ཅིག་གིས་པདྨ་དང་ཟླ་བའི་གདན་ལ་དཔལ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུར་གྱུར། གནས་གསུམ་དུ་དྲིའི་ཐིག་ལེས་བྱུག་ཅིང་། ཨོཾ་ཨཱཿཧཱུྃ་བཟླས་ལ། ཨོཾ་བཛྲ་པྲ་བེ་ཤ་ཡ་ཧོཿ ཞེས་པ་གྲངས་མེད་པ་བརྗོད་ཅིང་། རོལ་མོ་དཀྲོལ་ལ། རིགས་ལྔའི་སངས་རྒྱས་དང་བླ་མ་ཡི་དམ་ཆར་བཞིན་བབས་པས་སློབ་མའི་སྤྱི་བོ་ནས་མར་ཐིམ་ཞིང་ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ་ཛཿཧཱུྃ་བཾ་ཧོཿས་རིགས་ལྔའི་སངས་རྒྱས་དཔག་ཏུ་མེད་པ་བྱོན་ནས་དབང་བསྐུར་བར་བསམ། སྤྱི་བོར་རྡོ་རྗེ་མེ་ཏོག་བཞག་ལ། ཨཱོྃ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ༔ ཞེས་བརྗོད། དྲུག་པ་དམ་གཞག་ནི། བདུད་རྩི་ལྕེ་ལ་བཞག་ཅིང་། ཧཱུྃ༔ འདི་ནི་གསང་བ་བདུད་རྩིའི་ཆུ༔ ཚུལ་སྨྲས་དམ་ཚིག་ཉམས་ན་བརླག༔ དེ་ཕྱིར་སྲོག་ལ་བབས་གྱུར་ཀྱང༔ ཚུལ་འདི་སྲུངས་ཤིག་རིགས་ཀྱི་བུ༔ བཛྲ་ན་ར་ཀན་རཀྵ་སི་ཧཱུྃ༔ བདུན་པ་སོ་ཤིང་ནི། དཀྱིལ་འཁོར་ཤར་ལྷོའི་མཚམས་སུ་རྡོ་རྗེ་རྒྱ་གྲམ་ལྟེ་བར་མེ་ཏོག་ལྔ་ཚོམ་བཀོད། སོ་ཤིང་གཏད་ལ། སོ་ཤིང་འདི་ཉིད་ཁྱེད་རང་རྣམས་ཀྱི་སྙིམ་པའི་རྩེས་ཁའི་ཐད་དུ་གཟུང་ལ། རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱིས་བདག་ལ་དངོས་གྲུབ་ཀྱི་ལྟས་བསྟན་དུ་གསོལ་སྙམ་པའི་བློས་ཚིག་འདིའི་རྗེས་ཟློས་དང་ལྷན་ཅིག་ཚོམ་བུ་ལ་དོར་ཅིག །ཀྱེ༔ ཀུན་བཟང་རིགས་ལྔའི་སངས་རྒྱས་ཀྱིས༔ བདག་ལ་དངོས་གྲུབ་བཟང་པོ་སྟོན༔ ཧཱ་ས་ཧཱ༔ ཞེས་འདོར་དུ་གཞུག །ཕྱོགས་བཞི་དབུས་དང་ལྔར་བྱུང་ན་རིགས་ལྔའི་དངོས་གྲུབ་ཐོབ་ཅིང་། མཚམས་བཞིར་དངོས་གྲུབ་ཕྲན་ཚེགས་འགྲུབ། སྟེང་དུ་བྱུང་ན་མཆོག་གི་དངོས་གྲུབ་འགྲུབ། རྩ་བ་རང་ལ་བསྟན་ན་སྐལ་བ་ཞན་པས་བལྡབ་ལ་བསྐྱར་རོ༔ བརྒྱད་པ་སྤྲོ་བ་སྐྱེད་པ་ནི། ཀྱེ་མ་ལས་ཅན་བུ་རྣམས་ཉོན༔ འདི་འདྲ་བླ་མེད་ངོ་མཚར་མཆོག༔ ཨུ་དུམྦཱ་རའི་མེ་ཏོག་མཚུངས༔ ཁྱོད་རྣམས་ལས་ཟད་སྒྲིབ་པ་དག༔ ཅེས་གསུངས་ཏེ་སྤྱིར་མི་ལུས་རིན་པོ་ཆེ་ཐོབ་པ་དང་། དེ་ལས་དམ་པའི་ཆོས་དང་མཇལ་བ་དཀའ། དེ་ལས་ཀྱང་གསང་སྔགས་རྡོ་རྗེ་ཐེག་པ་ལ་དད་པས་འཇུག་པ་ནི་ཆེས་དཀོན་ལ། དེ་ཐམས་ཅད་ལས་ཀྱང་འོད་གསལ་རྡོ་རྗེ་སྙིང་པོའི་དཀྱིལ་འཁོར་འདི་ལྟ་བུ་དང་མཇལ་བ་ནི་མེ་ཏོག་ཨུ་དུམྦཱ་ར་ལྟར་འཇིག་རྟེན་ན་མི་སྲིད་པའི་ཆོས་ཅན་ཡིན་པས། ཆོས་སྒོ་འདིར་ཞུགས་པ་ཙམ་གྱིས་ཁྱེད་རང་རྣམས་ཀྱི་རིགས་ཀྱི་ནུས་པ་སད་ཅིང་ལས་ཀྱི་སྒྲིབ་པ་ཟད་པར་འགྱུར་བ་ཡིན་པས་དགའ་བ་དང་སྤྲོ་བ་རྒྱ་ཆེན་པོ་སྐྱེད་ཅིག །དགུ་པ་སྲུང་སྐུད་ནི། སྲུང་སྐུད་དམར་པོ་ལྔ་བསྒྲིལ་རྡོ་རྗེའི་མདུད་པ་བཏབ་ཅིང་རྩ་སྔགས་བཟླས་པ་སྐྱེས་པའི་དཔུང་པ་གཡོན། བུད་མེད་ཀྱི་གཡས་པར་བཅིངས་པའི་མདུད་སྟེང་རྡོ་རྗེ་བཞག་སྟེ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་གིས་བསྲུང༔ བཅུ་པ་ཀུ་ཤ་སྦྱིན་པ་ནི། ཀུ་ཤའི་ཆུན་པོ་ཆེ་ཆུང་གཉིས། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ལ། རྨི་ལམ་བརྟག་པའི་སླད་དུ་སྔས་དང་སྟན་གྱི་དོན་དུ་ཟུངས་ཤིག །ཅེས་སྦྱིན། དེས་སྟ་གོན་གྱི་རིམ་པ་གྲུབ་པས་དགེ་བ་སེམས་ཅན་གྱི་དོན་ལ་བསྔོ། སློབ་མ་རྣམས་གྱེས། སློབ་དཔོན་གྱིས་མདུན་གྱི་རིགས་ལྔ་ལ་མཆོད་བསྟོད་མདོར་བསྡུས་བྱ། ཨོཾ་བཛྲ་ཨུཏྟིཥྛ། ཞེས་པས་བར་སྣང་དུ་བཏེགས་སོ།། ༈ །།གཉིས་པ་དངོས་གཞི་ལ་གསུམ། སྦྱོར་བ་དཀྱིལ་འཁོར་དང་རྫས་དགོད་པ། དབང་དོན་དུ་སྒྲུབ་མཆོད་བྱ་བ། དབང་བསྐུར་དངོས་ཀྱི་རིམ་པའོ། །དང་པོ་ནི། རས་བྲིས་ཀྱི་དཀྱིལ་འཁོར་པདྨ་འདབ་བཞི་ཕྱོགས་མཚོན་ཅན་ལ་སྐུའམ་ཕྱག་མཚན་སོགས་བཀོད། རྩིག་པ་དང་སྒོ་ཁྱམས་རྟ་བབས་པདྨ་དུར་ཁྲོད་བརྒྱད་རྡོར་ར་མེ་རི་བཅས་སྤྱི་ལྟར་བྲིས་པ་བཏིང་། མ་འབྱོར་ན་མཎྜལ་ལ་ཚོམ་བུ་ལྔ་བཀོད་པའི་དབུས་དང་ཕྱོགས་བཞིར་སྔར་སྟ་གོན་བྱས་པའི་བུམ་པ་ལྔ། དེ་དག་དང་མཉམ་དུ་རྡོ་རྗེ་ཉི་ཟླའི་ཡུ་བ་ཅན་ལྔ། དྲིལ་བུ་རིགས་ལྔའི་ཕྱག་མཚན་གྱི་ཡུ་བ་བྱས་པ་ལྔ། རིགས་ལྔའི་སྐུ་རྣམས་ཀྱི་ཙཀ་ལི་དང་། དབུ་རྒྱན། རྒྱབ་ཏུ་མཎྜལ་ལ་ཆོས་འབྱུང་བསྣོལ་མ་ཚོམ་བུ་ལྔ་དང་བཅས་པའི་སྟེང་ཁྱེའུའི་ཐོད་པ་མཚན་ལྡན་དུམ་བུ་གཅིག་པར་ཆང་ལ་བདུད་རྩི་ཆོས་སྨན་དང་མངར་གསུམ་བཏབ་པའི་ཁར། མེ་ལོང་ཆང་གིས་བྱུགས་ཤིང་སིནྡྷུ་ར་བརྡལ་བ་ལ་ཆོས་འབྱུང་ཟུར་ལྔ་པའི་ལྟེ་བར་ཧྲཱིཿམ། ཟུར་ལྔ་ལ་ར་ཧ། ཙ་རི། ཧྲི་ནི། ཡ་ས། ཧཱུྃ་མ་རྣམས་མདུན་གཡས་ནས་བརྩམ་སྟེ་གཡས་སྐོར་དུ་བྲིས་པ་བཞག་ལ་དར་དམར་གྱིས་དགབ། གུ་རུའི་སྐུ་ཚབ་ཀྱང་བཞག །མཐའ་སྐོར་དུ་མཆོད་པ་རྣམ་བདུན་བསྐོར་བཤམ་བྱ། སྒབ་སྐོར་དང་མདའ་དར་རལ་གྲི་འཕན་དང་ཚོན་སྐུད་སོགས་འཛོམ་ན་བཀོད། འདིར་སྨན་རཀ་གཏོར་གསུམ་མཆོད་ཚིག་དངོས་སུ་མི་འབྱུང་ཡང་གཞུང་ནས་བཤད་པ་ལྟར་མདུན་ངོས་སུ་བཀོད། བཀའ་སྲུང་གཏོར་འབུལ། ཚོགས་ཀྱི་ཡོ་བྱད་སོགས་ཉེ་བར་མཁོ་བའི་ཆས་རྣམས་ཚོགས་པར་བསྟར། དེ་ནས་ནམ་མཁར་བཞུགས་པའི་སྟ་གོན་གྱི་ལྷ་ལ་མཆོད་བསྟོད་མདོར་བསྡུས་བྱ། རིགས་ལྔའི་སྙིང་པོའི་གཤམ་དུ། བཛྲ་ས་མ་ཡ་སཏྭཾ། ཞེས་དང་རོལ་མོ་བསྒྲགས་ཏེ་དཀྱིལ་འཁོར་ལ་བསྟིམ་མོ། །གཉིས་པ་དབང་དོན་སྒྲུབ་མཆོད་བྱ་བ་ནི། ཐོག་མར་བགེགས་ལ་བཀའ་བསྒོ་བ་ནི། ཧཱུྃ༔ ང་ནི་ཀུན་བཟང་རིགས་ལྔའི་གཙོ༔ དུས་གསུམ་སངས་རྒྱས་ཀུན་མཆོད་ཀྱིས༔ མཆོད་པའི་མདངས་འཕྲོག་བར་གཅོད་བགེགས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཧཱུྃ་ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ མཚམས་གཅད་པ་ནི། ཧཱུྃ༔ ང་ནི་ཁྲོ་རྒྱལ་འདུས་པའི་སྐུ༔ དཔལ་ཆེན་བདུད་འདུལ་རྡོ་རྗེ་འཆང༔ སངས་རྒྱས་ཀུན་གྱིས་དབང་བསྐུར་ནས༔ གདུག་པ་འདུལ་བར་རབ་བསྔགས་པ༔ མེ་རི་མཚོན་ཆ་རྡོ་རྗེའི་རྭ༔ ཁྲོ་ཚོགས་འབར་བས་མཚམས་བཅད་དོ༔ རཾ་ཧཱུྃ་བྷྲཱུྃ་དྷཱི་ཧཱ་རཾ་བཛྲ་རཀྵ་ཕཊ༔ ཕྱག་རྒྱ་གཟུང་བ་ནི་རྡོར་དྲིལ་ཐོགས་ལ། ཧཱུྃ༔ ཐབས་ཤེས་ཟུང་འཇུག་ཆོས་ཉིད་མཚོན༔ འདས་དུས་འགྲོ་རྣམས་སད་པའི་ཕྱིར༔ རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ༔ བཛྲ་དྷརྨཱ་ཧཱུྃ་ཨཱ༔ ཞེས་བརྗོད། དེ་ནས་དངོས་སྟ་ཉིན་གཅིག་གིས་གྲུབ་པར་བྱེད་ན་མདུན་བསྐྱེད་ལ་འཇུག་པས་ཆོག་ཅིང་ཞག་གིས་ཆོད་ན། ནངས་པར་བརྒྱུད་འདེབས་སྐྱབས་སེམས་བགེགས་བསྐྲད་སོགས་ནས་བརྩམ་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། བུམ་བསྐྱེད་ལ་གྲུབ་མིན་སྐབས་དང་བསྟུན་ཆོག །མདུན་བསྐྱེད་སྒྲུབ་པ་ནི། དཀྱིལ་འཁོར་བསང་སྦྱང་། སྟོང་པའི་ངང་ལས་འབྱུང་བ་བཞི་རི་རབ་དང་བཅས་པ་ཡོངས་སུ་གྱུར་པ་ལས། པཾ་ལས་པདྨ་ཨ་ལས་ཟླ་བ་རཾ་ལས་ཉི་མའི་སྟེང་དུ་བྷྲཱུྃ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་པ། སྒོ་བཞི་གྲུ་བཞི་རྩིག་པ་ལྔ་དང་ལྡན་པ་རྣམས་ཀྱང་། ནང་ནས་རིམ་པ་བཞིན་མཐིང་ག །དཀར་པོ། དམར་པོ། སེར་པོ། ལྗང་གུ་རྣམས་ཀྱི་སྟེང་ན་རིན་པོ་ཆེའི་ཕ་གུ་སེར་པོ་ལ་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱངས་པ། དེའི་སྟེང་ན་རྡོ་ཀརྨ་ཤི་ཤ་ལས་གྲུབ་པའི་མདའ་ཡབ་དང་རིན་པོ་ཆེའི་དྲྭ་མིག་གསེང་མས་བསྐོར་བའི་པུ་ཤུས་མཛེས་པའི་སྟེང་གཙང་ཁང་ཕྱུར་བུའི་རྩེ་མོ་རྡོ་རྗེ་དང་ནོར་བུ་རིན་པོ་ཆེའི་ཏོག་གིས་མཛེས་ཤིང་། ཕྱོགས་བཞིའི་རྟ་བབས་བང་རིམ་བཞི་བཞི་དང་ལྡན་པ་རྣམས་ལ་རིན་པོ་ཆེའི་གདུགས། ཆོས་ཀྱི་འཁོར་ལོ། ཤིན་ཏུ་མཛེས་པའི་རི་དྭགས། ལྷའི་གོས། རྣམ་པར་རྒྱལ་བའི་རྒྱལ་མཚན། ཡིད་དུ་འོང་བའི་འཕན། ཟླ་བ་རླུང་གིས་བསྐྱོད་པ། རྔ་ཡབ་ནོར་བུའི་ཡུ་བ་ཅན་ལ་སོགས་པ་གཞལ་ཡས་ཁང་མཛེས་པར་བྱེད་པའི་རྒྱན་དུ་མས་བརྒྱན་པ། ཕྱི་རོལ་ན་འདོད་ཡོན་གྱི་སྣམ་བུ་ལ་ལྷ་མོ་བཅུ་དྲུག་གིས་མཆོད་རྫས་དུ་མ་ཐོགས་ནས་གཞལ་ཡས་ཁང་པའི་ལྷ་རྣམས་ལ་མཆོད་པར་བྱེད་པའི། ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་དང་སྲུང་བའི་འཁོར་ལོས་བརྒྱན་པ། གཞལ་ཡས་ཁང་དེའང་ཕྱི་ནང་མེད་པར་གསལ་བ་རྒྱ་ཁྱོན་དཔག་ཏུ་མེད་ཅིང་། གཞལ་ཡས་ཁང་རྒྱ་ཚད་ལས་འདས་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན། ནང་ཀ་བ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རྡོ་རྗེའི་གདུང་བཞིས་མིག་མང་རིས་སུ་མཛེས་པར་ཕུབ་པའི་དབུས་དང་ཕྱོགས་བཞིར་པདྨ་དང་ཉི་ཟླའི་གདན་རེ་རེ། དེའི་སྟེང་དུ་དབུས་སུ་སོགས་གོང་སྨྲོས་བུམ་སྒྲུབ་སྐབས་ལྟར། གནས་ནས་ཡེ་ཤེས་པ་སྤྱན་དྲངས། ཞེས་པའི་བར་གྱིས་བསྐྱེད་ནས། ཧཱུྃ༔ དུས་གསུམ་བླ་མ་སོགས་ལྷ་སྟ་གོན་སྐབས་སུ་བཤད་པ་ལྟར་སྤྱན་འདྲེན་ནས་བསྟོད་པའི་བར་གཏང་། དེ་ནས་བཤགས་པ་ནི། ཧཱུྃ༔ བླ་མ་ཀུན་བཟང་རིགས་ལྔ་སོགས༔ ཡི་དམ་ཌཱ་ཀི་ཆོས་སྐྱོང་དགོངས༔ བདག་ཅག་མ་རིག་དབང་གིས་སུ༔ སྐུ་གསུང་ཐུགས་དང་ཡན་ལག་སོགས༔ དམ་ཚིག་ཉམས་པར་གྱུར་པ་ཀུན༔ མི་འཆབ་མི་སྦེད་མཐོལ་ལོ་བཤགས༔ ཀློང་ཡངས་ངང་དུ་བཟོད་པར་བཞེས༔ ཞེས་དང་ཡི་གེ་བརྒྱ་པ་བརྗོད་དོ། །མདུན་བསྐྱེད་ཐུགས་སྲོག་འོད་ཟེར་སྤྲོ་བསྡུ་ལ་དམིགས་པའི་བཟླས་པའང་ཅུང་ཟད་བྱས་ལ་སྟོང་ཚིགས་འབུལ་ལོ། ࿊ །དེ་ནས་སྐབས་འདིར་དབང་གོང་མ་གསུམ་གྱི་བསྙེན་སྒྲུབ་ས་གཅད་མ་སྟོང་ཙམ་བྱ་དགོས་པས། གསང་དབང་གི་ཆེད་དུ། དམིགས་མེད་སྟོང་པའི་ངང་ལས༔ བདག་ཉིད་དབང་ཆེན་རྟ་མགྲིན་སྐུ་མདོག་དམར་པོ་ཁྲོ་གཏུམ་རྔམ་ཞིང་འཇིགས་པ་གྲི་ཐོད་བསྣམས་པ༔ ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་གསལ་མདངས་དང་ལྡན་པ་གྲི་ཐོད་ཡབ་ལ་འཁྱུད་པ༔ རྟ་སྐད་འཚེར་ཞིང་ཕག་སྐད་ངུར་བ༔ ཡབ་ཡུམ་གཉིས་གཅེར་བུ་ལ་རུས་པའི་རྒྱན་དྲུག་གིས་སྤྲས་པ༔ བསྐལ་པའི་མེ་ཀློང་ན་བཞུགས་པར་གསལ་བའི་སྤྱི་བོར་ཧ་དང་ར་ལས་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་སྐུ་མདོག་དཀར་པོ༔ མགྲིན་པར་རི་དང་ཙ་ལས་རིན་ཆེན་མཁའ་འགྲོ་ཡབ་ཡུམ་སྐུ་མདོག་སེར་པོ༔ སྙིང་གར་ཧཱུྃ་དང་མ་ལས་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་སྐུ་མདོག་མཐིང་ག༔ ལྟེ་བར་ནི་དང་ཧྲི་ལས་པདྨ་མཁའ་འགྲོ་ཡབ་ཡུམ་སྐུ་མདོག་དམར་པོ༔ གསང་གནས་སུ་ས་དང་ཡ་ལས་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་སྐུ་མདོག་ལྗང་གུ༔ ཀུན་ཀྱང་གཅེར་བུ་རུས་པའི་རྒྱན་དྲུག་གིས་བརྒྱན་ཅིང་གྲི་ཐོད་བསྣམས་པ་སྒེག་ཅིང་འཁྲིལ་བའི༔ གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་དང་། རང་རང་ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས༔ རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དཔའ་བོ་ཡབ་ཡུམ་རྣམས་བདེ་བའི་གར་མཛད་ཅིང་རང་རང་གི་སྔགས་སྒྲ་སྒྲོག་པར་གྱུར༔ ཅེས་བསྒོམས་ལ། ཧྲཱིཿམཿཧཱུྃ་ཧ་རི་ནི་ས་མ་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛཿཛཿདྷཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ་ཛ༔ འདི་ལ་ཐོག་མར་བྱེ་བའམ་བདུན་འབུམ་བསྙེན་དགོས་པར་གསུངས་ཤིང་སྐབས་འདིར་གང་འགྲུབ་བཟླ། མདུན་བསྐྱེད་སྒྲུབ་པ་ནི། བསང་སྦྱང་། སྟོང་པའི་ངང་ལས་ཐོད་པ་ཆོས་འབྱུང་གི་གཞལ་ཡས་ཁང་ཆེན་པོའི་དབུས་སུ་པདྨ་འདབ་བཞིའི་དབུས་དང་ཕྱོགས་བཞིར་ཉི་མའི་དཀྱིལ་འཁོར་རེ་རེའི་སྟེང་དུ། དབུས་སུ་ཧཱུྃ་དང་མ་ལས་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་སྐུ་མདོག་མཐིང་ག༔ ཤར་དུ་ཧ་དང་ར་ལས་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་སྐུ་མདོག་དཀར་པོ༔ ལྷོར་རི་དང་ཙ་ལས་རིན་ཆེན་མཁའ་འགྲོ་ཡབ་ཡུམ་སྐུ་མདོག་སེར་པོ༔ ནུབ་ཏུ་ནི་དང་ཧྲི་ལས་པདྨ་མཁའ་འགྲོ་ཡབ་ཡུམ་སྐུ་མདོག་དམར་པོ༔ བྱང་དུ་ས་དང་ཡ་ལས་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་སྐུ་མདོག་ལྗང་གུ༔ ཀུན་ཀྱང་གཅེར་བུ་རུས་པའི་རྒྱན་དྲུག་གིས་བརྒྱན་ཅིང་གྲི་ཐོད་བསྣམས་པ་སྒེག་ཅིང་འཁྲིལ་བའི༔སོགས་ནས་བཟླས་པ་ཅི་འགྲུབ་བར་གོང་ལྟར་བྱ། ཡང་། ཡབ་ཡུམ་རྣམས་སྦྱོར་བའི་དྭངས་མས་ཐོད་པ་གང་བར་མོས་ལ་བཟླ༔ མཐར། ཡབ་ཡུམ་ཐམས་ཅད་ཀྱང་བྱང་ཆུབ་སེམས་ཀྱི་དྭངས་མར་ལྟེམས་ཀྱིས་ཞུ་བ་ཐོད་པའི་བདུད་རྩི་དང་རོ་གཅིག་པར་གྱུར༔ ࿊ དེ་ནས་ཤེར་དབང་གི་ཆེད་དུ། དམིགས་མེད་སྟོང་པའི་ངང་ལས་རང་ཉིད་དབང་ཆེན་རྟ་མགྲིན་ཡབ་ཡུམ་གནས་ལྔར་མཁའ་འགྲོ་སྡེ་ལྔ་ཡབ་ཡུམ་དང་བཅས་པར་གསལ་བའི། སྤྱི་གཙུག་ཏུ་པདྨ་དང་ཉི་ཟླའི་གདན་ལ༔ གུ་རུ་པདྨ་ཡབ་ཡུམ་སྐུ་མདོག་མཐིང་ག་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་ཅིང་དཀུ་ལ་བརྟེན་པ༔ ཡུམ་ཡེ་ཤེས་མཚོ་རྒྱལ་སྐུ་མདོག་དཀར་དམར་མདངས་དང་ལྡན་པ་གྲི་ཐོད་ཡབ་ལ་འཁྱུད་པ༔ གཉིས་ཀ་གཅེར་བུ་རུས་པ་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ་ཞིག་གསལ་བར་གྱུར༔ བཟླས་པས་ཐུགས་རྒྱུད་བསྐུལ་བའི་རྐྱེན་གྱིས། ཡབ་ཡུམ་སྦྱོར་བ་མཛད་པའི་དྭངས་མ་དཀར་དམར་དུ་ནར་གྱིས་བབས་ནས༔ རང་གི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་མེར་གྱིས་གང་བར་གྱུར༔ ཅེས་དམིགས་ལ། ཨོཾ་གུ་རུ་དྷཱ་ཀི་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླ། དེ་ནས་མགྲིན་པ༔ སྙིང་ག༔ ལྟེ་བ༔ གསང་གནས་ཀྱི་བར་དུ་རིམ་གྱིས་དྭངས་མས་གང་ཞིང༔ དེར་འཁོར་ལོ་ལྔའི་དྷཱ་ཀི་ཡབ་ཡུམ་རྣམས་ཀྱང་རིམ་པར་བདེ་བའི་སྦྱོར་བ་མཛད་ཅིང་དྭངས་མས་རྩ་ཁམས་འཁོར་ལོ་ཐམས་ཅད་གང་ཞིང་བདེ་ཕྲིལ་ལེ་བ་ལ་དམིགས་པ་གཏད་ལ༔ ཐོག་མར་འབུམ་ཕྲག་ལ་སོགས་པར་བསྙེན་པར་གསུངས་པས་འདིར་ཡང་ཇི་ལྟར་ནུས་པ་བཟླ། མདུན་བསྐྱེད་སྒྲུབ་པ་ནི། སིནྡྷུ་རའི་དཀྱིལ་འཁོར་ཆོས་ཀྱི་འབྱུང་གནས་བདེ་བའི་རང་བཞིན་ཅན་གྱི་དབུས་སུ་པདྨ་འདབ་བཞིའི་དབུས་དང་ཕྱོགས་བཞིར་སོགས་གོང་གསང་དབང་གི་སྐབས་ལྟར་ལས། སྒེག་ཅིང་འཁྲིལ་བའི༔ སྤྱི་གཙུག་ཏུ་པདྨ་ཉི་ཟླའི་གདན་ལྔ་ལ་གུ་རུ་གསང་འདུས་རིགས་ལྔ་ཡབ་ཡུམ་མཐིང་དཀར་སེར་དམར་ལྗང་བའི་མདོག་ཅན་གཡས་རང་རྟགས་དང་གཡོན་དྲིལ་བུ་བསྣམས་ཤིང་སོ་སོའི་ཡུམ་གྲི་ཐོད་འཛིན་པ་ལ་འཁྱུད་པ། ཐམས་ཅད་ཀྱང་སྐུ་གཅེར་བུ་རུས་པ་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པའོ། །བཟླས་པས་ཐུགས་རྒྱུད་བསྐུལ་བའི་རྐྱེན་གྱིས་གུ་རུ་རིགས་ལྔ་ཡབ་ཡུམ་སྦྱོར་བ་མཛད་པའི་དྭངས་མས་དྷཱ་ཀི་ཡབ་ཡུམ་རྣམས་ཀྱི་རྩ་འཁོར་ལོ་རྣམས་རིམ་པར་གང་ཞིང༔ ལྷ་དེ་རྣམས་ཀྱི་གནས་གསུམ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས་ཏེ་བྷནྡྷའི་ནང་དུ་ཐིམ༔ དེ་ཉིད་ཚུར་བྱུང་སྟེ་རང་ལ་ཐིམ་པས་དངོས་གྲུབ་ཐམས་ཅད་ཐོབ་པར་མོས་ལ༔གོང་གི་བཟླས་པ་དེ་ཉིད་བརྒྱ་སྟོང་ལ་སོགས་པ་བྱ། མཐར། གུ་རུ་རིགས་ལྔ་འོད་དུ་ཞུ་ནས་སྡེ་ལྔ་ལ་ཐིམ༔ དྷཱ་ཀི་རྣམས་ཀྱིས་སྦྱོར་བ་མཛད་པའི་བྱང་སེམས་ཀྱིས་བྷནྡྷའི་ནང་ལྟེམས་ཀྱིས་གང་ནས་སླར་དྷཱ་ཀི་ཡབ་ཡུམ་ཡང་ཡེ་ཤེས་ཀྱི་བདུད་རྩིའི་དྭངས་མར་འོད་དུ་ཞུ་ནས་བྷནྡྷ་དཀར་དམར་དུ་ལྟེམས་ཀྱིས་འཁྱིལ་བར་གྱུར་པར་བསམ་མོ༔ ࿊ དབང་བཞི་པ། སྐུར་བ་པོ་རབ་བླ་མའི་སྣང་བ་དང་མ་བྲལ་བ༔ འབྲིང་ཐུན་བཞིར་བླ་མའི་ཏིང་ངེ་འཛིན་བར་མ་བཅད་པ༔ ཐ་མ་ཡང་ནངས་ནུབ་གཉིས་ལ་དབང་བཞི་བླང་བ་ཆག་ཏུ་མི་རུང་བས༔ དེ་ལྟ་བུའི་རྣལ་འབྱོར་དང་ལྡན་ཅིང་ཁྲེགས་ཆོད་དང་ཐོད་རྒལ་གྱི་རྟོགས་དགོངས་ལྡན་པ་ཞིག་མེད་ན་བསྐུར་དུ་མི་རུང་ཞིང་ཚིག་ཙམ་ཞིག་བསྐུར་ཡང་དགོས་པ་མེད་ཀྱང་། ད་ལྟ་དབང་རྒྱུན་མ་ཆད་ཙམ་ལ་བློ་གཏད་འཆའ་བའི་སྐབས་འདིར། ས་གཅད་ཙམ་དུ་ཐེམས་མེད་རང་རིག་བླ་མའི་རྣལ་འབྱོར་ཉམས་སུ་བླང་སྟེ། སྟོང་པའི་ངང་ལས་རང་ཉིད་དབང་ཆེན་རྟ་མགྲིན་ཡབ་ཡུམ་གནས་ལྔར་མཁའ་འགྲོ་སྡེ་ལྔ་ཡབ་ཡུམ་དང་བཅས་པར་གསལ་བའི། སྤྱི་གཙུག་ཏུ་པདྨ་ཉི་ཟླའི་གདན་ལ༔ རང་གི་རྩ་བའི་བླ་མ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དེ་སྐུ་དར་ལ་བབ་པ༔ གཟི་བརྗིད་འོད་དང་ལྡན་པ་དྲན་པ་ཙམ་གྱིས་འཁོར་བའི་སྡུག་བསྔལ་སེལ་བ༔ གསོལ་བ་བཏབ་ན་མཆོག་ཐུན་མོང་གི་དངོས་གྲུབ་རྩོལ་མེད་དུ་འབྱུང་བ༔ དེའི་དབུ་གཙུག་ནས་བརྒྱུད་པའི་བླ་མ་རྣམས་ཡར་ལ་ཐོ་བརྩེགས་སུ་བཞུགས་པ་སྟེ། བརྒྱུད་པ་འོག་མ་རྣམས་ཀྱི་སྤྱི་བོར་རཏྣ་གླིང་པ། ཨོ་རྒྱན་པདྨ་ཡབ་ཡུམ༔ ཤྲཱི་སིཾ་ཧ༔ དགའ་རབ་རྡོ་རྗེ༔ རྡོ་རྗེ་སེམས་དཔའ༔ རྡོ་རྗེ་འཆང་ཆེན༔ ཀུན་ཏུ་བཟང་པོ་ཡབ་ཡུམ་རྣམས་སྐུ་གཟི་མདངས་དང་འོད་ཀྱི་རང་བཞིན་ཅན་ནམ་མཁའི་འཇའ་ཚོན་ལྟར་གསལ་བ༔ དེ་རྣམས་ཐམས་ཅད་བདག་ལ་ཐུགས་བརྩེ་བའི་སྒོ་ནས་སྤྱན་རམ་མེ་གཟིགས་པར་བསྒོམ༔ གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཁའ་འགྲོ་ཆོས་སྐྱོང་རྣམས་མཐའ་སྐོར་ལ་ནམ་མཁའ་གང་བར་བཞུགས་པར་གྱུར་པར་བསམ་ལ༔ འདི་ཕྱིའི་རེ་ལྟོས་བླ་མ་ལ་བློ་ལིང་གིས་གཏད༔ བླ་མ་དམ་པ་འདི་རྣམས་དག་པའི་ཞིང་དུ་སངས་རྒྱས་ཀྱང༔ བདག་ད་རུང་འཁོར་བར་འཁྱམས་དོགས་པས་རེ་ཕམ༔ ལས་རེ་ངན་སྙམ་པའི་གདུང་ཡུས་བཟོད་བླག་མེད་པའི་སྒོ་ནས་གསོལ་བ་བཏབ་པས༔ བླ་མ་རྣམས་རིམ་པས་ཡར་ལ་གཅིག་གིས་གཅིག་ལ་གསོལ་བ་འུ་རུ་རུ་འདེབས་པར་བསམས་ཤིང༔ བདག་གི་ཕ་མའི་གཙོར་བྱས་སེམས་ཅན་ཐམས་ཅད་ལྷན་ཅིག་ཏུ་གསོལ་བ་རྩེ་གཅིག་བཏབ་པས༔ བླ་མ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཆེན་པོ་ཕབ་པར་མོས་ལ༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས༔ གདོད་མའི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས༔ དྲུག་པ་རྡོ་རྗེ་འཆང་ཆེན་ལ་གསོལ༴ རང་བྱུང་ལྷུན་གྲུབ་རྟོགས་པར་བྱིན༴ སྟོན་པ་རྡོ་རྗེ་སེམས་དཔའ་ལ་གསོལ༴ སྐྱེ་འགག་སྤྲོས་དང་བྲལ་བར་བྱིན༴ རིག་འཛིན་དགའ་རབ་རྡོ་རྗེ་ལ་གསོལ༴ སྒྱུ་ལུས་འོད་གསལ་དུ་གྲོལ་བར་བྱིན༴ མཁས་པ་ཤྲཱི་སིཾ་ཧ་ལ་གསོལ༴ ཚད་བཞི་མཐའ་རུ་ཕྱིན་པར་བྱིན༴ ཨོ་རྒྱན་པདྨ་ཡབ་ཡུམ་ལ་གསོལ༴ རིག་པའི་རྩལ་དབང་ཐོབ་པར་བྱིན༴ སྤྲུལ་སྐུ་རཏྣ་གླིང་པ་གསོལ༴ སྐུ་གསུམ་རང་ངོ་ཤེས་པར་བྱིན༴ དྲིན་ཆེན་གུ་རུ་བློ་གྲོས་ལ་གསོལ༴ ཆོས་ཉིད་མངོན་སུམ་མཐོང་བར་བྱིན༴ རྩ་བ་བརྒྱུད་པའི་བླ་མ་ལ་གསོལ༴ སྒོ་གསུམ་སྨིན་ཅིང་གྲོལ་བར་བྱིན༴ དམ་ཆོས་ཀློང་གསལ་སྙིང་ཐིག་ལ་གསོལ༴ གདོས་བཅས་འོད་དུ་ཡལ་བར་བྱིན༴ ཡི་དམ་ཞི་ཁྲོའི་ལྷ་ཚོགས་ལ་གསོལ༴ སྣང་སྟོང་ཟུང་འཇུག་རྟོགས་པར་བྱིན༴ ཆོས་བདག་མཁའ་འགྲོ་སྡེ་ལྔ་ལ་གསོལ༴ བདེ་སྟོང་ཟུང་འཇུག་རྟོགས་པར་བྱིན༴ བསྟན་སྲུང་དམ་ཅན་རྒྱ་མཚོ་ལ་གསོལ༴ རྐྱེན་ངན་བར་ཆད་ཞི་བར་བྱིན༴ མཆེད་གྲོགས་ཆོས་མཛད་ཐམས་ཅད་ལ་གསོལ༴ སྒྲུབ་པའི་རྒྱལ་ས་ཟིན་པར་བྱིན༴ ཆོས་ཉིད་མངོན་སུམ་མཐོང་བར་བྱིན་གྱིས་རློབས༔ ཉམས་སྣང་གོང་དུ་འཕེལ་བར་བྱིན༴ རིག་པ་ཚད་ལ་ཕེབས་པར་བྱིན༴ ཆོས་ཉིད་ཟད་སར་སྐྱོལ་བར་བྱིན༴ བླ་མ་སྐུ་ཁམས་བཟང་བར་གསོལ༴ མཆོག་ཏུ་སྐུ་ཚེ་རིང་བར་གསོལ༴ ཕྲིན་ལས་དར་ཞིང་རྒྱས་པར་གསོལ༴ བླ་མ་དང་འདུ་འབྲལ་མེད་པར་བྱིན་གྱིས་རློབས། །ཞེས་པ་ཙམ་མམ། སྤྲོ་ན་རཏྣས་ཆེད་དུ་མཛད་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་ཉིད་བྱའོ། །དེ་ནི་གསོལ་བ་གདུང་ཡུས་ཀྱི་ཚུལ་དུ་གདབ་པའོ། །དེ་ལྟར་གསོལ་བ་བཏབ་པས། བླ་མ་རྣམས་ཐུགས་བརྩེ་བས་མ་བཟོད་པའི་ཚུལ་དུ་གོང་མ་ནས་མར་རིམ་པར་གཅིག་ལ་གཅིག་འོད་དུ་ཐིམ་ནས་རྩ་བའི་བླ་མ་ལ་འོད་དུ་སིབ་སིབ་ཐིམ༔ རྩ་བའི་བླ་མའི་གནས་གསུམ་ནས་འོད་ཟེར་ཨོཾ་དཀར་པོ༔ ཨཱཿདམར་པོ༔ ཧཱུྃ་མཐིང་ག་རྣམས༔ བར་མ་ཆད་དུ་བྱུང་། རང་གི་གནས་གསུམ་དུ་རིམ་དང་ཅིག་ཅར་ཚུལ་དུ་ཐིམ་པས་དབང་བཞི་ཐོབ། སྒྲིབ་བཞི་དག །ལམ་བཞི་སྒོམ་པ་ལ་དབང་། སྐུ་བཞི་ཐོབ་པའི་སྐལ་པ་ཅན་དུ་བྱས། རྩ་བའི་བླ་མ་ཡང་རང་གི་སྤྱི་བོ་ནས་མར་འོད་དུ་སིབ་ཀྱིས་ཐིམ༔ བདག་གི་སྙིང་པདྨ་འདབ་མ་བརྒྱད་པའི་དཀྱིལ་དུ་ལམ་གྱིས་བྱོན་པར་གྱུར་པར་བསམ་ཞིང༔ དེ་ལ་མོས་གུས་བྱས་ཏེ། ཨེ་མ་སངས་རྒྱས་ཆོས་ཀྱི་སྐུ་ནི་སྤྲོས་པའི་མཐའ་དང་བྲལ༔ ལོངས་སྐུའི་གདུལ་བྱར་ནི་བདག་མ་གྱུར༔ སངས་རྒྱས་སྤྲུལ་པའི་སྐུ་ཁོ་ན་ངའི་བླ་མ་འདི་ཡིན་ངེས་སྙམ་དུ་བླ་མའི་ཡོན་ཏན་དང་སྐུ་དྲིན་བསམ་ལ༔ བླ་མ་དེ་ལ་སངས་རྒྱས་དངོས་སུ་བློ་རྩེ་གཅིག་བསྒྱུར་ཞིང་མོས་པ་བྱ་བ་ནི༔ བྱིན་རླབས་བཀའ་བབས་ཀྱི་ཚུལ་དུ་བླང་བའོ། །སླར་ཡང་མོས་གུས་ཀྱིས་གསོལ་བ་བཏབ་པས། བླ་མ་འོད་དུ་ཡལ་ནས་ཧཱུྃ་མཐིང་ག་གཅིག་ཏུ་གྱུར༔ ཧཱུྃ་དེ་ཉིད་གནས་འགྱུར་ནས་ཐིག་ལེ་འོད་ཁ་དོག་ལྔ་ལྡན་སྲན་མ་ཙམ་དུ་གྱུར༔ དེའང་འོད་དུ་ཡལ་བས་ལུས་ཐམས་ཅད་ཁྱབ་པར་འོ་ལོ་ལོ་མཆེད་ནས༔ རང་གི་ལུས་ངག་ཡིད་གསུམ་དང་བླ་མའི་སྐུ་གསུང་ཐུགས་དབྱེར་མེད་དུ་ཁྲུག་གིས་འདྲེས་ཏེ༔ རྩ་བརྒྱུད་བླ་མ་རྣམས་ཀྱི་རྟོགས་པ་རང་རྒྱུད་ལ་འཕོས་པར་བསམ་ལ༔ དེའི་ངང་དུ་སྤྲོས་མེད་དུ་ཁྲེས་སེ་ཝང་ངེ་ཧྲིག་གེར་བཞག་པས༔ སྔ་ཕྱིའི་རྟོག་པ་རྒྱུན་ཆད་རང་བྱུང་གསལ་དྭངས༔ འཛིན་མེད་ངང་དྭངས་དེ་ཀ་གོང་གི་བླ་མ་རྣམས་ཀྱི་དོན་གྱི་ངོ་བོ་དེར་གནས་པ་ཡིན་པས༔ རང་རིག་དོན་གྱི་བླ་མ་དང་མཇལ་བ་ཞེས་བྱ་སྟེ༔ དཔེར་ན་བཅོལ་མ་བདག་པོ་ལ་འཕྲོད་པ་ལྟར༔ རང་རིག་བླ་མ་ཀུན་ཏུ་བཟང་པོ་དང་མཇལ་བས༔ ཕྱིའི་བླ་མ་བྱིན་རླབས་གཞན་ལྟོས་ཀྱི་སྐྱོན་དང་བྲལ་བར་ཤེས་པར་བྱའོ༔ ࿊ དེ་ནས་སྐབས་འདིར་གར་མཆོད་བྱ་སྟེ། ཆས་སུ་ཞུགས་ནས་གར་སྟབས་དངོས་སུ་དགོས་ཀྱང་མི་འཛོམ་པས་ལྟ་དགོངས་དང་ཏིང་འཛིན་གཟེངས་བསྟོད་ལ་ཌཱ་དྲིལ་དང་སྙན་པའི་དབྱངས་བཅས། དམ་ཅན་མཁའ་འགྲོ་སྤྲིན་ལྟར་གཏིབས་ནས་མཆོད་པར་བསམ་ལ། ཨེ་མ་ངོ་མཚར་རྨད་ཀྱི་ཆོས༔ ཐམས་ཅད་བདེར་གཤེགས་རྒྱལ་བའི་ཞིང༔ སྐུ་གསུམ་ཞིང་ཁམས་ལོགས་ན་མེད༔ ཐམས་ཅད་སྒྱུ་མའི་རྣམ་འཕྲུལ་ཏེ༔ གར་གྱི་མཆོད་པ་བཞེས་སུ་གསོལ༔ ཧཱུྃ༔ དབུས་ནས་དབྱིངས་ཀྱི་མཁའ་འགྲོ་མ༔ དམར་སྨུག་ཕག་གི་གཙུག་རྒྱན་ཅན༔ ཕག་མོའི་ངུར་སྒྲ་ཙེ་རེ་རེ༔ དར་གྱི་ཅོད་པན་པུ་རུ་རུ༔ རུས་པའི་རྒྱན་ཆ་ཁྲ་ལ་ལ༔ ཌཱ་དྲིལ་གར་ཐབས་ལིངས་སེ་ལིང༔ ཞབས་ཀྱི་འགྲོས་སྟབས་ལམས་སེ་ལམ༔ གར་གྱི་མཆོད་པ་བཞེས་སུ་གསོལ༔ མཆོད་བཞེས་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ ཤར་ནས་རྡོ་རྗེའི་མཁའ་འགྲོ་མ༔ དཀར་མོ་དུང་གི་ཐོར་ཚུགས་ཅན༔ དར་གྱི་ཅོད་པན་པུ་རུ་རུ༔ རུས་པའི་རྒྱན་ཆ་ཁྲ་ལ་ལ༔ ཌཱ་དྲིལ་གར་ཐབས་ལིངས་སེ་ལིང༔ ཞི་བའི་འགྲོས་སྟབས་ལམས་སེ་ལམ༔ གར་གྱི་མཆོད་པ་བཞེས་སུ་གསོལ༔ མཆོད་བཞེས་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ ལྷོ་ནས་རིན་ཆེན་མཁའ་འགྲོ་མ༔ སེར་མོ་གསེར་གྱི་ཐོར་ཚུགས་ཅན༔ དར་གྱི་ཅོད་པན་པུ་རུ་རུ༔ རུས་པའི་རྒྱན་ཆ་ཁྲ་ལ་ལ༔ ཌཱ་དྲིལ་གར་ཐབས་ལིངས་སེ་ལིང༔ རྒྱས་པའི་འགྲོས་སྟབས་ལམས་སེ་ལམ༔ གར་གྱི་མཆོད་པ་བཞེས་སུ་གསོལ༔ མཆོད་བཞེས་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ ནུབ་ནས་པདྨའི་མཁའ་འགྲོ་མ༔ དམར་མོ་ཟངས་ཀྱི་ཐོར་ཚུགས་ཅན༔ དར་གྱི་ཅོད་པན་པུ་རུ་རུ༔ རུས་པའི་རྒྱན་ཆ་ཁྲ་ལ་ལ༔ ཌཱ་དྲིལ་གར་ཐབས་ལིངས་སེ་ལིང༔ དབང་གི་འགྲོས་བསྟབས་ལམས་སེ་ལམ༔ གར་གྱི་མཆོད་པ་བཞེས་སུ་གསོལ༔ མཆོད་བཞེས་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ བྱང་ནས་ལས་ཀྱི་མཁའ་འགྲོ་མ༔ ལྗང་སྔོན་གཡུ་ཡི་ཐོར་ཚུགས་ཅན༔ དར་གྱི་ཅོད་པན་པུ་རུ་རུ༔ རུས་པའི་རྒྱན་ཆ་ཁྲ་ལ་ལ༔ ཌཱ་དྲིལ་གར་ཐབས་ལིངས་སེ་ལིང༔ དྲག་པོའི་འགྲོས་སྟབས་ལམས་སེ་ལམ༔ གར་གྱི་མཆོད་པ་བཞེས་སུ་གསོལ༔ མཆོད་བཞེས་དབང་དང་དངོས་གྲུབ་སྩོལ༔ ཅེས་དང་། ཧཱུྃ༔ རིགས་ལྔའི་མཁའ་འགྲོ་ཤུགས་འགྲོ་རྣམས༔ སྐུ་མདོག་ཕྱག་མཚན་མ་ངེས་ཏེ༔ ཐམས་ཅད་སྒྱུ་མའི་གར་ལ་རོལ༔ ཕྱག་གིས་གར་བྱེད་ནམ་མཁའ་ཁེངས༔ ཞབས་ཀྱི་འགྲོས་སྟབས་ས་གཞི་ཁྱབ༔ མཁའ་ལ་རླུང་ལྟར་བུན་ནུ་ནུ༔ སྒྱུ་མའི་ལུས་ཅན་ཐོགས་པ་མེད༔ དུར་ཁྲོད་གནས་རྣམས་ཁྱབ་པར་ཉུལ༔ ཞིང་ལྤགས་གྱོན་ཞིང་བྷནྡྷ་ཐོགས༔ རྒྱན་དང་ཅོད་པན་པུ་རུ་རུ༔ དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ༔ མཆོད་བཞེས་དབང་དང་དངོས་གྲུབ་སྩོལ༔ ཅེས་བརྗོད། དེ་ནས་གཏོར་མ་འབུལ་བ་ནི། བསང་སྦྱང་། སྟོང་པའི་ངང་ལས། གཏོར་མའི་འོག་ཏུ་ཡཾ་ལས་རླུང་། རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ། དེའི་སྟེང་དུ་ཨ་ལས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཤ་ལྔ་བདུད་རྩི་ལྔའི་རང་བཞིན། དེའི་སྟེང་དུ་ཨ་ལས་ཟླ་བའི་ཁ་བཀབ། དབུས་སུ་རྡོ་རྗེ་རྩེ་ལྔ་པ་ལ་ཨོཾ་ཨཱཿཧཱུྃ་ཏྲཱཾ་ཧྲཱིཿཨཱ་རྣམས་ཀྱིས་མཚན་པ། བདག་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཡཾ་ལ་ཕོག་པས་རླུང་གཡོས། རླུང་གིས་མེ་སྦར། མེས་ཐོད་པའི་བདུད་རྩི་ཁོལ་ནས་རླངས་པ་སྐུ་གསུང་ཐུགས་དང་རིགས་ལྔའི་ས་བོན་ལ་ཕོག་པས་རིགས་ལྔ་ཡབ་ཡུམ་དུ་གྱུར་ནས་སྙོམས་འཇུག་མཛད་པའི་བྱང་སེམས་དཀར་དམར་དུ་བབས། ཟླ་བའི་ཁ་བཀབ་རྡོ་རྗེ་དང་བཅས་པ་བདུད་རྩིར་ཞུ་ནས་ཐོད་པའི་བདུད་རྩི་དང་གཉིས་སུ་མེད་པར་གྱུར། འབྲུ་གསུམ་དང་འབྲུ་ལྔ་ལན་གསུམ་བརྗོད། སླར་ཡང་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་བླ་མ་ཡི་དམ་ཌཱ་ཀི་ཆོས་སྐྱོང་རྣམས་སྙོམས་པར་ཞུགས་པའི་བྱང་སེམས་དཀར་དམར་བབས་པས། ཡེ་ཤེས་ཀྱི་བདུད་རྩི་རོ་མཆོག་བརྒྱ་དང་ལྡན་པ་སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བར་བསམ། དེ་དག་ལས་འོད་ཟེར་འཕྲོས་པས་སེམས་ཅན་གྱི་དོན་བྱས། སླར་མགྲོན་ཐམས་ཅད་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ནས་མཆོད་པར་བསམ་ཞིང་། ངག་ཏུ། ཨོཾ་ཨཱཿཧཱུྃ༔ ཀུན་བཟང་ཡབ་ཡུམ་ཆོས་ཀྱི་སྐུ༔ ལོངས་སྐུ་ཞི་ཁྲོ་རབ་འབྱམས་ཚོགས༔ སྤྲུལ་སྐུ་པདྨ་ཐོད་ཕྲེང་རྩལ༔ བཀའ་བརྒྱུད་བླ་མ་གཤེགས་སུ་གསོལ༔ སྐུ་གསུམ་དབྱེར་མེད་རིགས་ལྔའི་ཚོགས༔ ཡབ་ཡུམ་འཁོར་བཅས་གཤེགས་སུ་གསོལ༔ ཡི་དམ་ལྷ་ཚོགས་མ་ལུས་དང༔ དཔའ་བོ་ཌཱ་ཀི་ཆོས་སྐྱོང་བཅས༔ དམ་ཅན་བཀའ་ཡི་སྲུང་མ་རྣམས༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ བྷ་ལིཾ་རྒྱན་གྱི་མཆོད་པ་འབུལ༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ བླ་མའི་ཚོགས་རྣམས་མཆོད་པ་བཞེས༔ ཡི་དམ་ཚོགས་རྣམས་མཆོད༴ ཌཱ་ཀིའི་ཚོགས་རྣམས་མཆོད༴ ཆོས་སྐྱོང་ཚོགས་རྣམས་མཆོད༴ ལྷ་སྲིན་སྡེ་བརྒྱད་ཚོགས་རྣམས་མཆོད༴ ཡུལ་ལྷ་གཏེར་བདག་ཚོགས་རྣམས་མཆོད༴ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཞུ༔ རྐྱེན་ངན་བར་ཆད་ཟློག་ཏུ་གསོལ༔ ཞི་དང་རྒྱས་དང་དབང་དང་དྲག༔ དགུག་བསྐྲད་མནན་གཟིར་ཕྲིན་ལས་མཛོད༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཨི་དཾ་བ་ལིཾ་ཏ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ པདྨ་ཌཱ་ཀི་ནཱི༔ ཨི་དཾ་བ་ལིཾ་ཏ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་མ་ཧཱ་ཀཱ་ལ་མ་མ་རཀྨོ་སརྦ་དྷརྨ་པཱ་ལ་ནི་དྷི་པ་ཏི་ས་པ་རི་བཱ་ར་ཨི་དཾ་སོགས་ལན་གསུམ་གྱིས་ཕུལ། ཨརྒྷཾ་སོགས་ཀྱིས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་དང་། བསྟོད་པར་འོས་པ་སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་སོགས་ཀྱིས་ཕྲིན་ལས་བཅོལ། འགྲུབ་ན་བཀའ་གཏེར་སྲུང་མའི་གཏོར་ཆོག་རྒྱས་བསྡུས་གང་ཡང་རུང་བ་དམིགས་སུའང་བྱ་ཞིང་། ཡིག་བརྒྱ་ཅི་འགྲུབ་བཟླ། དེ་ནས་བདག་འཇུག་རྒྱས་པར་བླང་དགོས་པ་ཀུན་ཏུ་བཟང་པོ་དྲི་མེད་འོད་ཟེར་གྱིས་མཁའ་འགྲོ་ཡང་ཏིག་གི་རིན་པོ་ཆེ་དབང་གི་ཕྲེང་བར་ཆེ་ཐང་དུ་གདམས་པ་ལྟར་ལ། མི་ལྕོགས་ན་སྐུ་རྟེན་དབང་གི་སྐབས་སུ་བཤད་པའི་བྱིན་རླབས་ཆུ་རྒྱུན་གཅིག་མའི་དབང་བླང་སྟེ། འདི་ནི་བླ་མ་གསང་འདུས་སོགས་ཀྱི་ཏིང་ངེ་འཛིན་གྱི་དབང་དང་གཅིག་པ་ཁོ་ནའོ། །སླར་སྤྲོ་ན་རིག་པའི་མེ་ཏོག་ཀྱང་དོར་ལ་སློབ་མ་གཞུག་པར་གནང་བ་ནོད། བླ་མ་དཀྱིལ་འཁོར་དང་ལྷན་ཅིག་བཞུགས་པ་ཡོལ་བས་བསྒྲིབ་བོ། །གསུམ་པ་དབང་བསྐུར་དངོས་ཀྱི་རིམ་པ་ལ་གཉིས། དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་ནས་དབང་བསྐུར་བའོ། །དང་པོ་ནི། སློབ་མ་རྣམས་ལ་ཁྲུས་བྱས། གདོང་གཡོགས་བཅིང་། མེ་ཏོག་ཅོད་པན་སྦྱིན། ཐམས་ཅད་ལག་པ་སྦྲེལ་ནས་ལས་ཀྱི་སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ལ་སྔ་མ་དེས་བཟུང་ནས་ཡོལ་བའི་ཕྱི་རོལ་ནས་སྐོར་བ་ལན་གསུམ་བྱས་ཏེ་ཤར་ཕྱོགས་ཀྱི་སྒོར་འཁོད། ལས་སློབ་ཀྱིས། དེ་ལ་ཁྱེད་རང་རྣམས་ཀྱིས་ཕྱི་སྒོ་བཅད་པའི་དྲུང་ནས་སྒོ་སྲུང་ལ་གསོལ་བ་འདེབས་པའི་མོས་པས་འདིའི་རྗེས་ཟློས་མཛོད། ཀྱེ༔ ཁྲོ་བོ་མི་བཟད་འཇིགས་པའི་གཟུགས༔ ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས༔ བདག་ཅག་འཁོར་བ་ལས་སྒྲོལ་ཕྱིར༔ ཐར་པའི་གྲོང་དུ་འཇུག་བྱེད་ཅིང༔ ཁྱེད་ཀྱིས་གནང་སྟེ་གཏང་དུ་གསོལ༔ ལན་གསུམ་ཞུ། སློབ་དཔོན་གྱིས་ ཁྱེད་རྣམས་སུ་ཡིན་ཅི་བྱེད༔ དོན་གང་གཉེར༔ ཞེས་དྲིས་པའི་ལན་དུ་རྗེས་ཟློས། བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ ཀུན་བཟང་རིགས་ལྔའི་དཀྱིལ་འཁོར་དུ༔ ཀུན་གྱི་བདག་ཉིད་བླ་མ་ལ༔ བླ་མེད་དབང་གི་སྐུ་དྲིན་ཞུ༔ ཞེས་བརྗོད། དེ་ནས་བགེགས་གཏོར་མི་གྲངས་དང་མཉམ་པའི་ཆངས་བུ་རྣམས། བསང་སྦྱང་བྱིན་བརླབ། བགེགས་བཀུག་ཅིང་བསྔོ། བདེན་སྟོབས་བརྗོད་ནས་མཚམས་གཅད་པ་སྤྱི་ལྟར་བྱས་ལ། ཕྱོགས་མཚམས་སྟེང་འོག་ཐམས་ཅད་རྡོ་རྗེའི་རྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་རི་འབར་བས་མཚམས་བཅད་ལ་བགེགས་ཀྱིས་བསྐལ་པའི་བར་དུ་མི་ཐར་བར་བསམས་ལ་སློབ་མ་རྣམས་ཡི་གེ་བརྒྱ་པ་འུར་འདོན་བྱར་གཞུག །ལས་སློབ་ཀྱིས་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ཞུ། ཞེས་མཚམས་སྦྱར་ལ་འགྲུབ་ན་ལྔ་ཚན་ལྔའི་མཎྜལ་རྫོགས་ཆེན་སྤྱི་ལྟར་འབུལ། མི་འགྲུབ་ན་དེར་དམིགས་ཏེ་ལན་ལྔ་འབུལ། ཐལ་མོ་མེ་ཏོག་དང་ལྡན་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཀྱིལ་འཁོར་ཀུན་གྱི་བདག་ཉིད་མཆོག༔ རྡོ་རྗེ་འཛིན་ལ་སྐྱབས་སུ་མཆི༔ འཁོར་བ་མཐའ་མེད་རྒྱ་མཚོ་ལས༔ མགོན་པོས་བདག་ཅག་བསྒྲལ་དུ་གསོལ༔ ལན་གསུམ། ཞེས་ཞུས་པའི་ལན་དུ། ཀྱེ༔ ཚོགས་གཉིས་བསྒྲུབས་ལས་ལེགས་བྱུང་བའི༔ ལས་དང་སྐལ་བར་ལྡན་པ་ན༔ ཉེས་བྱས་ཀུན་སྤང་ཐར་པ་སྒྲུབ༔ བཀའ་བཞིན་བསྒྲུབ་པར་དམ་བྱེད་དམ༔ ཞེས་དྲིས་པའི་ལན་དུ་རྗེས་ཟློས། བླ་མ་ལྷ་དང་བཅས་པ་ནི༔ མ་ལུས་ཀུན་ལ་བདག་ཕྱག་འཚལ༔ ཅི་གསུང་བཀའ་ལས་བདག་མི་འདའ༔ ཐར་པའི་གྲོང་དུ་གཞུག་ཏུ་གསོལ༔ ཅེས་བརྗོད་ལ་མེ་ཏོག་གཏོར། ཡོལ་བ་ཕྱེས་ནས་ནང་དུ་བཏང་ལ། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་གཟིགས་པར་མོས་ཏེ་ཕྱག་གསུམ་འཚོལ་ལ་འདིའི་རྗེས་ཟློས། ཀྱེ༔ བླ་མ་རྡོ་རྗེ་འཛིན་པ་དང༔ དཀྱིལ་འཁོར་ལྷ་ཚོགས་སྤངས་ནས་ནི༔ བདག་ལ་སྐྱོབ་པ་གཞན་མ་མཆིས༔ ཐུགས་རྗེས་ཉེ་བར་གཟུང་དུ་གསོལ༔ ཞེས་བརྗོད་དེ་གྲལ་དུ་འཁོད་པ་ལ་བླ་མས་འདི་སྐད་དུ། ཀྱེ༔ སྐལ་ལྡན་རིགས་བཟང་སྐྱེས་བུ་རྣམས༔ དེ་རིང་ཁྱེད་རྣམས་སྲིད་ལས་གྲོལ༔ ངས་ཁྱོད་ཀུན་བཟང་རིགས་ལྔ་ཡི༔ དལ་དུ་གཞུག་ཅིང་ཡེ་ཤེས་དབབ༔ དངོས་གྲུབ་དམ་པ་དེང་འདིར་ཐོབ༔ བླ་མེད་གསང་བའི་དཀྱིལ་འཁོར་འདི༔ མ་མཐོང་སྐལ་མེད་ལ་སྨྲས་ན༔ དམ་ཚིག་ཉམས་ནས་དམྱལ་བར་ལྟུང༔ དེ་ཕྱིར་དམ་སྲུངས་སྐལ་ལྡན་རྣམས༔ ད་ནི་ཡེ་ཤེས་པ་དབབ་པའི་སྔོན་འགྲོ་དམ་གཞག་གསུམ་པོ་བགྱི་བ་ཡིན་པས་སྙན་གཏོད་ཅིང་དོན་ཐུགས་ལ་ངེས་པར་མཛོད་ཅིག །སྤྱི་བོར་རྡོ་རྗེ་བཞག་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཡེ་ཤེས་རྡོ་རྗེ་སྐྱེད་བྱེད་པའི༔ གསང་བ་དམ་པའི་ཚུལ་འདི་ནི༔ ཁྱོད་ཀྱིས་ཉམས་ན་དམྱལ་བར་ལྟུང༔ བཛྲ་ས་མ་ཡ་ཧཱུྃ༔ བདུད་རྩི་ལྕེར་བྱིན། རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ དེ་རིང་ཀུན་བཟང་རིགས་ལྔར་བཅས༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ གལ་ཏེ་ཚུལ་འདི་སྨྲས་གྱུར་ན༔ དེ་མ་ཐག་ཏུ་དམྱལ་བར་ལྟུང༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཙིཏྟ་བཛྲ་ས་མ་ཡ་ཛཿཧཱུྃ༔ རྡོ་རྗེ་ཕྲེང་བ་སྤྱི་བོར་བཞག །ཧཱུྃ༔ དེང་ནས་བརྩམ་སྟེ་བུ་ཁྱོད་ཀྱི༔ རྡོ་རྗེ་འཛིན་པ་ང་ཡིན་གྱིས༔ ང་ཡི་བཀའ་ལས་འདའ་མི་རུང༔ གལ་ཏེ་བཀའ་འདས་ཉམས་པ་ན༔ རྡོ་རྗེའི་དམྱལ་ལས་ཐོན་མི་སྲིད༔ དེ་ཕྱིར་དམ་ལས་མ་འདའ་ཞིག༔ བཛྲ་ས་མ་ཡ་རཀྵ་ཧཱུྃ༔ དེ་ནས་དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་འཁོད་པའི་སྙིང་གི་ནང་དུ་གཡུང་དྲུང་དམར་པོ། ཡན་ལག་བཞི་ལ་ཧ་རི་ནི་སས་མཚན་པ། དེའི་འོག་ཏུ་ཉི་མའི་རང་བཞིན་གྱི་རྒྱ་གྲམ་དམར་པོ། སྟེང་དུ་ཟླ་བའི་རང་བཞིན་གྱི་རྒྱ་གྲམ་དཀར་པོ། དེ་དག་གི་འོག་ཏུ་ཡཾ་ཡིག་ལྗང་གུ་ལས་རླུང་གཡོས། སྙིང་གའི་རྡོ་རྗེ་གཡུང་དྲུང་འཁྱིལ་བ་བཅས་གཡོན་སྐོར་དྲག་ཏུ་འཁོར་བ་ལ་སེམས་རྩེ་གཅིག་ཏུ་གཏད་མཛོད། བླ་མ་དང་དཀྱིལ་འཁོར་པའི་ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས་རིགས་ལྔའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རིག་འཛིན་ཆེན་པོ་རྣམས་དང་། མཁའ་འགྲོ་དཔག་ཏུ་མེད་པ་སྤྲིན་ཕུང་གཏིབས་པ་ལྟར་བྱོན་ནས་སློབ་མའི་སྙིང་ནང་དུ་སིབ་སིབ་ཐིམ་ནས་འཁྲབ་ཅིང་གར་བྱེད་པར་གྱུར་པར་བསམ་ལ་འབེབ་པའི་རྫས་དུད། རོལ་མོའི་སྒྲ་དང་། རྩ་སྔགས་དྲག་ཏུ་བཟླས་ལ་བྱིན་དབབ། ཕེབས་རྟགས་མ་བྱུང་ན་ལན་གསུམ་བསྐྱར་བར་གསུངས་སོ། །དེ་ནས་ཁྱེད་རང་རྣམས་ལས་ཀྱི་རྡོ་རྗེས་དཀྱིལ་འཁོར་གྱི་ཤར་སྒོ་ནས་རིམ་པར་གཡས་སྐོར་དུ་ཁྲིད་དེ་སྒོ་མ་ཆེན་མོ་བཞི་ལ་ཕྱག་གསུམ་གསུམ་བཙལ་བར་མོས་ལ་སྒོ་དབྱེ་བར་གསོལ་བ་འདེབས་པའི་རྗེས་ཟློས། ཀྱེ༔ ཤར་སྒོ་སྲུང་བའི་ལྕགས་ཀྱུ་མ༔ སྒོ་མ་ཁྱེད་ལ་ཡོན་འབུལ་ལོ༔ ཡོན་འདི་བཞེས་ལ་སྒོ་འདི་ཕྱེས༔ བདག་ཅག་ཡི་དམ་ལྷ་དང་སྤྲོད༔ དཀྱིལ་འཁོར་ལ་དངོས་སུ་བསྐོར་བདེ་ན་ཕྱོགས་སོ་སོ་དང་། མི་བདེ་ན་དེར་མོས་ལ། ཀྱེ༔ ལྷོ་སྒོ་སྲུང་བའི་ཞགས་པ་མ༔ སྒོ་མ་ཁྱེད་ལ་ཡོན་འབུལ་ལོ༔ ཡོན་འདི་བཞེས་ལ་སྒོ་འདི་ཕྱེས༔ བདག་ཅག་ཡི་དམ་ལྷ་དང་སྤྲོད༔ ཀྱེ༔ ནུབ་སྒོ་སྲུང་བའི་ལྕགས་སྒྲོག་མ༔ སྒོ་མ་ཁྱེད་ལ་ཡོན་འབུལ་ལོ༔ ཡོན་འདི་བཞེས་ལ་སྒོ་འདི་ཕྱེས༔ བདག་ཅག་ཡི་དམ་ལྷ་དང་སྤྲོད༔ ཀྱེ༔ བྱང་གི་སྒོ་མ་དྲིལ་བུ་མ༔ སྒོ་མ་ཁྱེད་ལ་ཡོན་འབུལ་ལོ༔ ཡོན་འདི་བཞེས་ལ་སྒོ་འདི་ཕྱེས༔ བདག་ཅག་ཡི་དམ་ལྷ་དང་སྤྲོད༔ ཅེས་བརྗོད། སླར་ཤར་སྒོའི་ནང་དུ་འཁོད་དེ་མེ་ཏོག་ཁ་དོག་ལྔ་བརྒྱུས་པའི་ཅོད་པན་རིགས་ཀྱིས་འབྲེལ་པའི་ལྷག་པའི་ལྷ་ལ་འབུལ་བའི་མོས་པས་རྗེས་ཟློས། ཀྱེ༔ ཀློང་གསལ་ཉི་མའི་དཀྱིལ་འཁོར་དུ༔ འབྲེལ་པའི་མེ་ཏོག་འདི་དོར་བས༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ཡི་དམ་ལྷ་དང་འཕྲད་པར་ཤོག༔ ཨོཾ་པུཥྤེ་སིདྡྷི་སཏྭཾ༔ ཞེས་དཀྱིལ་འཁོར་དངོས་སམ་མི་བདེ་ན་ཕྱག་མཚན་གྱི་དཀྱིལ་འཁོར་དུ་འདོར་དུ་གཞུག་ལ། ཁྱོད་ཀྱི་མེ་ཏོག་དབུས་སུ་ཕོག་པས་དེ་བཞིན་གཤེགས་པའི་རིགས་སུ་ངེས་ཤིང་ལྷག་པའི་ལྷ་རྣམ་པར་སྣང་མཛད་ཡིན་ནོ། །ཞེས་པས་མཚོན་ཕྱོགས་བཞི་གང་དུ་ཕོག་པ་དེ་མཚུངས་སུ་བརྗོད། དེ་ནས་མིག་དབྱེ་བར་གསོལ་བ་འདིའི་རྗེས་ཟློས། ཀྱེ༔ བླ་མ་ཀུན་བཟང་རྡོ་རྗེ་འཛིན༔ བདག་ཅག་འཁོར་བའི་མ་རིག་མིག༔ ཁྱེད་ཀྱི་ཐབས་མཁས་ཐུགས་རྗེ་ཡིས༔ ལྡོངས་པའི་ཆུ་བུར་བསལ་དུ་གསོལ༔ ཞེས་ཞུས་པ་ལ་བླ་མས་མིག་ཐུར་རམ་རྡོ་རྗེ་ཐོགས་ལ། བདག་ནི་རིགས་ལྔ་བཅོམ་ལྡན་འདས༔ ཐབས་མཁས་ཐུགས་རྗེའི་ཐུར་མ་ཡིས༔ ཁྱེད་ཅག་མ་རིག་ལྡོངས་པའི་མིག༔ ཡེ་ཤེས་སྤྱན་དུ་དབྱེ་བར་བྱ༔ བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ། མ་རིག་སྒྲིབ་པའི་མིག་བསལ་བས་ཡེ་ཤེས་དག་པའི་སྤྱན་གསར་དུ་ཐོབ་སྟེ་ཆོས་ཉིད་གཞིའི་དཀྱིལ་འཁོར་གྱི་ལྷ་མངོན་སུམ་དུ་མཇལ་བར་མོས་ལ་དད་གུས་སྤྲོ་བ་ཆེན་པོས་ཕྱག་གསུམ་འཚོལ་ཞིག །ཞེས་འཚལ་དུ་གཞུག་ལ། ཀྱེ་མ་རིགས་ཀྱི་བུ་རྣམས་ཉོན༔ ལས་ཟད་སྡིག་པ་ཀུན་ལས་གྲོལ༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ལུས་ངག་ཡིད་གསུམ་དང་བ་ཡིས༔ ཕྱག་འཚལ་མཆོད་བསྟོད་སྤྱི་བོར་ལོངས༔ དངོས་གྲུབ་དམ་པ་ཁྱེད་ཀྱིས་ཐོབ༔ དམ་ཚིག་སྲོག་ལ་བབས་ཀྱང་སྲུངས༔ ཞེས་བརྗོད་ནས་དཀྱིལ་འཁོར་དང་ལྷའི་རྣམ་དག་བཤད་པ་ནི། འོ་རིགས་ཀྱི་བུ་དཀྱིལ་འཁོར་འདི་ལ་ལྟོས་ཤིག །དེ་ཡང་སེམས་ཅན་དང་སངས་རྒྱས་གཞི་གཅིག་པའི་རྟགས་སུ་དཀྱིལ་འཁོར་འཇམ་ཞིང་སྲུབས་མེད་པའོ། །ཕྱིན་ཅི་ལོག་གི་བདུད་རྣམས་སྲེག་པའི་རྟགས་སུ་མེའི་འོད་ཀྱི་ཕྲེང་བའོ། །ཟབ་མོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས་སུ་རྡོ་རྗེའི་ཕྲེང་བའོ། །འགྲོ་བའི་ཡིད་བཞིན་དུ་དོན་བྱེད་པའི་རྟགས་སུ་པདྨའི་ཕྲེང་བའོ། །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྟགས་སུ་ཉི་ཟླའི་གདན་ནོ། །རྣམ་པར་ཤེས་པའི་ཚོགས་བརྒྱད་རང་སར་དག་པའི་རྟགས་སུ་དུར་ཁྲོད་བརྒྱད་དོ། །གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པའི་བྱམས་པ་ཆེན་པོ་མངའ་བའི་རྟགས་སུ་གདུགས་ཀྱིས་ཕུབ་པའོ། །སེམས་ཅན་ལ་ཐེག་པ་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས་སུ་ཆོས་ཀྱི་འཁོར་ལོའོ། །ཕྱིར་རྒོལ་བ་དང་རྣམ་རྟོག་གིས་དབེན་པའི་རྟགས་སུ་རི་དྭགས་སོ། །ཚད་མེད་པ་བཞི་སྒོམ་པའི་རྟགས་སུ་རྟ་བབས་བང་རིམ་བཞིའོ། །མཐར་ཕྱིན་པའི་ཡོན་ཏན་བརྙེས་པའི་རྟགས་སུ་རྩེ་མོའི་རིམ་པའོ། །ཆགས་པ་མེད་པའི་ཐུགས་རྗེས་འགྲོ་བའི་དོན་བྱེད་པའི་རྟགས་སུ་མདའ་ཡབ་བོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་རྣམ་པར་དག་པའི་རྟགས་སུ་དྲྭ་བ་དྲྭ་ཕྱེད་དོ། །ཆེ་བའི་ཡོན་ཏན་དུ་མ་དང་ལྡན་པའི་རྟགས་སུ་རིན་པོ་ཆེའི་ཕ་གུའོ། །འདོད་ཡོན་ལྔ་མི་སྤང་བའི་རྟགས་སུ་འདོད་ཡོན་གྱི་ལྷ་མོ་བཅུ་དྲུག་གོ །རིགས་ལྔའི་དགོངས་པ་ལམ་དུ་ཁྱེར་བའི་རྟགས་སུ་པཉྩ་རེ་ཁཱའི་རྩིག་པ་ལྔའོ། །རྣམ་པར་ཐར་པའི་ས་ནས་སྐྱེ་བ་མེད་པའི་སར་འགྲོ་བའི་རྟགས་སུ་སྒོ་བཞིའོ། །འཕགས་པའི་ཡོན་ཏན་མཆོག་ལ་མངའ་བརྙེས་པའི་རྟགས་སུ་ལྷའི་སྣམ་བུའོ། །ཕྲིན་ལས་བཞི་མཐར་ཕྱིན་པའི་རྟགས་སུ་གྲུ་ཆད་བཞིའོ། །སྐུ་གསུམ་འདུ་འབྲལ་མེད་པའི་རྟགས་སུ་མུ་ཁྱུད་གསུམ་མོ། །རིགས་ལྔའི་ཁ་དོག་སོ་སོར་མཚོན་པའི་རྟགས་སུ་པདྨ་འདབ་བཞིའོ། །ཡབ་ཡུམ་གཉིས་སུ་མེད་པའི་རྟགས་སུ་མཚམས་བཞི་མཛེས་ཚོན་ནོ། །རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་ལྔར་འབྱུང་བ་འདིའང་ཕུང་པོ་ལྔ་གནས་སུ་དག་ནས་སྐུ་ལྔ་དང་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པའི་རྟགས་ཡིན་ནོ། །ཡུམ་ལྔར་བྱུང་བ་འདིའང་འབྱུང་བ་ལྔ་རྣམ་པར་དག་ཅིང་ཕྲིན་ལས་ལྔས་འགྲོ་བའི་དོན་བྱེད་པའི་རྟགས་སོ། །བུམ་པ་ལྔ་ཟླུམ་པོར་བྱུང་བ་འདི་ཡང་གདོད་མའི་ཆོས་སྐུ་ཀ་དག་ཆེན་པོ་མཐའ་དབུས་དང་བྲལ་བ་གཞོན་ནུ་བུམ་པའི་སྐུར་བཞུགས་པའི་རྟགས་སོ། ཁ་དོག་ལྔར་བྱུང་བ་འདི་ཡང་ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སོ། ཁ་རྒྱན་ཕུན་སུམ་ཚོགས་པ་འདི་ཞི་ཁྲོ་འོད་ཟེར་གྱི་ཚུལ་དུ་ཡོད་པའི་རྟགས་སོ། །དེའི་གསེབ་ཀྱི་རྡོ་རྗེ་འདི་རང་རིག་ལས་འགྱུར་བ་མེད་པའི་རྟགས་སོ། །མགུལ་ཆིངས་ལྔ་དང་ལྡན་པ་འདི་ཡང་ཉོན་མོངས་པ་ལྔ་སྣང་ཡུལ་དུ་དག་པའི་རྟགས་སོ། །གཟུངས་ཐག་ལྔ་སྦྲེལ་བཏགས་པ་འདི་ཡང་ཐུགས་རྗེ་ཀུན་ཁྱབ་ཏུ་ཡོད་པའི་རྟགས་སོ། །ཤེལ་དཀར་དང་མེ་ལོང་གཉིས་ནི་རིག་པ་ལ་དྲི་མ་མེད་ཅིང་སྟོང་གསལ་མ་འགགས་པར་ཡོད་པའི་རྟགས་སོ། །གཞན་ཡང་བཀོད་པའི་བྱེ་བྲག་རྒྱན་དང་བཅས་པ་འདི་ཡང་དབང་བསྐུར་བ་ལ་ཕུན་སུམ་ཚོགས་པ་ལྔ་ལྡན་ཚང་དགོས་པའི་རྟགས་སོ། །རྡོ་རྗེ་སློབ་དཔོན་རྒྱན་དང་ལྡན་པ་འདི་ཡང་དབང་བསྐུར་བའི་ཚེ་བྱིན་རླབས་ཆེན་པོ་རང་བཞིན་གྱིས་འབེབ་པའི་རྟགས་སོ། །ཞེས་གསེར་གྱི་ཐུར་མས་སློབ་མ་ལ་ལྷ་ངོ་བསྟན། དེ་དག་གིས་འཇུག་པའམ་སྦྱོར་བའི་ཆོས་རྣམས་གྲུབ་བོ། །གཉིས་པ་དབང་དངོས་ལ་བཞི། སྤྲོས་བཅས། སྤྲོས་མེད། བརྡ་དོན་ངོ་སྤྲོད། གུད་སྦས་ཟབ་དབང་ངོ་། །དང་པོ་ལ་བཞི་ཡོད་པའི་ཐོག་མ་ཡོན་དབུལ་ཞིང་གསོལ་བ་གདབ་པ་ནི། དེ་ནས་དངོས་གཞིའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་འབུལ། ཐོག་མར་ལུས་སྒྲིབ་དག་བྱེད་བུམ་པའི་དབང་བསྐུར་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་དཔལ་ཆེན་ཧེ་རུ་ཀ༔ ཀུན་བཟང་རིགས་ལྔ་ཡེ་ཤེས་དབང༔ མ་ལུས་འདུས་པའི་ཐིག་ལེ་ཆེ༔ བདག་ཅག་རྣམས་ལ་བསྐུར་དུ་གསོལ༔ ལན་གསུམ། གཉིས་པ་ཅོད་པན་གྱི་དབང་ནི། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོར་སེང་གེའི་ཁྲི་ཆེན་པོ་ལ་མེ་ཏོག་གང་དུ་ཕོག་པའི་རིགས་ཀྱི་ལྷའི་རྣམ་པས་འཁོད་པར་མོས་ཤིག །སྔར་ཕུལ་བའི་མེ་ཏོག་མགོར་བཞག་ལ། མེ་ཏོག་གང་ལ་ཕོག་པའི་ལྷ་དེ་བསྒོམ་དུ་བཅུག་ལ། དཀྱིལ་འཁོར་གྱི་སྟེང་ནས་མེ་ཏོག་བླངས་ནས་ཐོང་ག་གཡོན་ལ་བཏགས་ཏེ། སློབ་དཔོན་གྱིས། མེ་ཏོག་གང་ལ་ཕོག་པ་འདི། །སྔོན་ནས་ཁྱོད་ཀྱི་ཡི་དམ་ལྷ༔ རྟག་ཏུ་བསྒོམ་བསྒྲུབ་བརྩོན་པར་གྱིས༔ ཨོཾ་ཨཱཿཧཱུྃ་པུཥྤེ་སིདྡྷི་ཧོ༔ འདི་ནི་དབང་ལ་སྔ་བ་ཡི་དམ་གྱི་ལྷ་དང་འབྲེལ་བའི་དབང་སྟེ་རྟེན་འབྲེལ་གྱི་ཐོག་མར་གཅེས་པ་ཡིན་ནོ༔ གསུམ་པ་དག་བྱེད་ཉན་ཐོས་ཀྱི་དབང་ནི། ཁྱེད་རང་རྣམས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གསེར་མདོག་ས་གནོན་དང་མཉམ་གཞག་མཛད་ཅིང་མཚན་དཔེས་སྤྲས་པ། ཆོས་གོས་གསུམ་གྱིས་བཀླུབས་ཤིང་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའི་སྤྱི་བོར་མུ་ནིའི་སྔགས་ཕྲེང་སེར་པོ་ལས་འོད་འཕྲོས། ཕྱོགས་བཅུའི་རྒྱལ་བ་དཔག་ཏུ་མེད་པ་ཐམས་ཅད་ཐུབ་པ་ཆེན་པོའི་རྣམ་པར་བྱོན་ཏེ་སྤྱི་བོ་ནས་དབང་བསྐུར་བར་མོས་ཤིག །རྣམ་བུམ་དུ་བུམ་པ་གཞན་གྱི་ཆུ་བསྡུས་པ་དགེ་སློང་ཚུལ་ཁྲིམས་དང་ལྡན་པས་སྤྱི་བོར་གཟུང་། བླ་མས་རྡོ་རྗེ་ཐལ་མོ་སློབ་མའི་དཔྲལ་བར་གཏུགས་ལ། ཧཱུྃ༔ ཇི་ལྟར་རྒྱལ་བ་བཅོམ་ལྡན་འདས༔ རྩ་བ་ཡན་ལག་བཅས་པ་ལ༔ ཤོར་གོད་མེད་པས་ཉོན་མོངས་དག༔ བྱང་ཆུབ་སྲས་བཅས་དབང་བསྐུར་རོ༔ ཨོཾ་མུ་ནི་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ ཞེས་བརྗོད་ཅིང་ཡན་ལག་ལྔ་ཁྲུས་བྱ། ངག་ཏུ་བླུད། འོ་ཁྱོད་ལ་དག་བྱེད་ཉན་ཐོས་ཁྲུས་ཀྱི་དབང་འདི་བསྐུར་པས༔ ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ནས་སངས་རྒྱས་རབ་ཏུ་བྱུང་བ་སྤྲུལ་སྐུའི་དབང་ཐོབ༔ ལུས་འདུལ་ཁྲིམས་བསྲུང་བ་དང༔ གཙང་སྦྲ་དང་ཆོས་སྤྱོད་ལ་འབུངས༔ མི་དགེ་བཅུ་སྤོངས༔ དགེ་བཅུ་སྒྲུབས་ཤིག༔ ཅེས་སྡོམ་པ་འབོགས་ཤིང་དབང་བསྐུར་རོ། །བཞི་པ་གསང་སྔགས་ནང་གི་དབང་ལ་དྲུག་ཡོད་པའི་དང་པོ་རྡོར་སེམས་སྐུའི་དབང་ནི། ཁྱེད་རང་རྣམས་རྡོ་རྗེ་སེམས་དཔའ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་ཡུམ་མཱ་མ་ཀི་ལ་འཁྱུད་པའི་སྤྱི་བོར་པད་ཟླའི་སྟེང་དུ་ཨོཾ་དཀར་པོ་གསལ་བར་གྱུར། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་སྤྲིན་གཏིབས་པ་ཙམ་ རྡོ་རྗེ་སེམས་དཔའི་ རང་བཞིན་དུ་བྱོན་ནས་བཀྲ་ཤིས་བརྗོད་ཅིང་། བླ་མ་དང་ རྡོ་རྗེ་སེམས་དཔའ་ དབྱེར་མེད་དུ་སློབ་མའི་ སྤྱི་བོར་ཞུགས་པར་མོས་ཤིག །རྣམ་བུམ་ཆུ་སྤྱི་བོར་བླུགས། རྡོ་རྗེ་ཉི་ཟླའི་ཡུ་བ་ཅན་དང་རྡོ་རྗེའི་དྲིལ་བུ་སྤྱི་བོར་གཏུགས་ཤིང་ལག་ཏུ་གཏད་ལ། ཧཱུྃ༔ གཟུགས་ཀྱི་ཕུང་པོ་གནས་དག་པའི༔ ཉོན་མོངས་ཞེ་སྡང་རྩད་ནས་གཅོད༔ མེ་ལོང་ཡེ་ཤེས་དམ་པ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བཛྲ་ཨ་བྷི་ཥིཉྩ་ཨོཾ༔ འོ་རིགས་ཀྱི་བུ་དད་པ་ཅན་ཁྱོད་ལ་བུམ་ཆུ་གཏད་ཅིང་བཀྲུས་པ་ཙམ་གྱིས༔ ལུས་ཀྱི་སྒོ་ནས་བག་ཆགས་བསགས་པའི་སྒྲིབ་པ་བྱང་ནས༔ རྡོ་རྗེ་སེམས་དཔའི་སྐུའི་དབང་ཐོབ་བོ༔ ཁྱོད་ཀྱི་གཟུགས་ཀྱི་ཕུང་པོ་འདི་རྡོ་རྗེ་སེམས་དཔའ་ཉིད་དུ་སངས་རྒྱས་ཏེ༔ ཞེ་སྡང་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྲོལ་ལོ༔ ཆུ་ཡི་ཁམས་ཀྱང་མཱ་མ་ཀཱིར་གནས་གྱུར་ཏེ༔ འགྱུར་མེད་རྡོ་རྗེའི་དབང་ཐོབ་ནས་འགྲོ་བ་སེམས་ཅན་གྱི་དོན་བྱེད་པར་འགྱུར་རོ༔ གཉིས་པ་སྣང་བ་མཐའ་ཡས་གསུང་གི་དབང་ནི། ཁྱེད་རང་རྣམས་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་འཛིན་ཅིང་ཡུམ་གོས་དཀར་མོ་ལ་འཁྱུད་པའི་མགྲིན་པར་ཉི་ཟླའི་སྟེང་དུ་ཧྲཱིཿདམར་པོ་གསལ་བར་གྱུར། བླ་མའི་ཐུགས་ཀ་སོགས་སྔ་མ་ལྟར་རྡོ་རྗེ་སེམས་དཔའི་མལ་དུ། སྣང་བ་མཐའ་ཡས་ཞེས་རིགས་བསྒྱུར་བ་ཕྱི་མ་རྣམས་ལའང་འགྲེ། མགྲིན་པར་ཞུགས་པར་མོས་ཤིག །རྡོ་རྗེ་ཉི་ཟླའི་ཡུ་བ་ཅན་དང་པདྨའི་དྲིལ་བུ་མགྲིན་པར་གཏུགས་ཤིང་གཏད་ལ། ཧཱུྃ༔ འདུ་ཤེས་ཕུང་པོ་གནས་དག་པའི༔ ཉོན་མོངས་འདོད་ཆགས་རྩད་གཅོད་པ༔ སོར་རྟོག་ཡེ་ཤེས་ཆེན་པོ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ པདྨ་ཨ་བྷི་ཥིཉྩ་ཧྲཱི༔ འོ་རིགས་ཀྱི་བུ་དད་པ་ཅན་ཁྱོད་ལ་པདྨ་དང་རྡོ་རྗེ་འདི་གཏད་པ་ཙམ་གྱིས་ངག་སྒྲིབ་ཐམས་ཅད་དག་ནས༔ སྣང་བ་མཐའ་ཡས་ཀྱི་གསུང་གི་དབང་ཐོབ་པ་ཡིན་ནོ༔ འདུ་ཤེས་ཕུང་པོ་སྣང་བ་མཐའ་ཡས་སུ་སངས་རྒྱས་ཏེ༔ མེའི་ཁམས་གོས་དཀར་མོར་གནས་གྱུར༔ འདོད་ཆགས་སོ་སོར་རྟོག་པའི་ཡེ་ཤེས་སུ་གྲོལ་ཏེ༔ འགགས་པ་མེད་པ་པདྨའི་རིགས་ཀྱི་གསུང་ཐོབ་ནས༔ བུ་ཁྱོད་ཀྱིས་འགྲོ་བ་མཐའ་དག་གི་དོན་བྱེད་པར་འགྱུར་རོ༔ གསུམ་པ་རྣམ་སྣང་ཐུགས་ཀྱི་དབང་ནི། ཁྱེད་རང་རྣམས་རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་ཅིང་ཡུམ་ཆོས་ཀྱི་དབྱིངས་ཕྱུག་མ་ལ་འཁྱུད་པའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་མཐིང་ག་གསལ་བར་གྱུར། བླ་མའི་ཐུགས་ཀ་སོགས། རྣམ་པར་སྣང་མཛད་སོགས། སྙིང་གར་ཞུགས་པར་མོས་ཤིག །རྡོ་རྗེ་ཉི་ཟླའི་ཡུ་བ་ཅན་དང་འཁོར་ལོའི་དྲིལ་བུ་གཏད་ལ། ཧཱུྃ༔ རྣམ་ཤེས་ཕུང་པོ་གནས་དག་པའི༔ ཉོན་མོངས་གཏི་མུག་རྩད་ནས་གཅོད༔ ཆོས་དབྱིངས་ཡེ་ཤེས་ཆེན་པོ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ༔ དབུས་ལ། ཀྱེ་བཻ་རོ་ཙ་ན་ནཱ་མ། ཤར་དུ། ཀྱེ་བཛྲ་སཏྭ་ནཱ་མ། ལྷོར། ཀྱེ་རཏྣ་སཾ་བྷ་བ་ནཱ་མ། ནུབ་ཏུ། ཀྱེ་ཨ་མི་ཏ་བྷཱ་ནཱ་མ། བྱང་དུ། ཀྱེ་ཨ་མོ་གྷ་སིདྡྷི་ནཱ་མ། ཞེས་གསང་མཚན་བཏགས། རིགས་ཀྱི་བུ་ཁྱོད་ལ་གསང་མཚན་འདི་ཉིད་བཏགས་ཙམ་གྱིས༔ ཉོན་མོངས་པ་ཡིད་ཀྱི་སྒྲིབ་པ་དག་ནས༔ རྣམ་པར་སྣང་མཛད་ཐུགས་ཀྱི་དབང་ཐོབ་པ་ཡིན་ནོ༔ རྣམ་པར་ཤེས་པའི་ཕུང་པོ་རྣམ་སྣང་དུ་སངས་རྒྱས་ཏེ༔ གཏི་མུག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གྲོལ་ནས༔ ནམ་མཁའི་ཁམས་ཀྱང་ཆོས་ཀྱི་དབྱིངས་ཕྱུག་མར་གནས་གྱུར་ནས༔ འཁྲུལ་མེད་ཆོས་སྐུའི་དབང་ཐོབ་པ་ཡིན་ནོ༔ རང་གཞན་གྱི་དོན་ལ་བརྩོན་ཅིག་བུ༔ བཞི་པ་རིན་འབྱུང་ཡོན་ཏན་གྱི་དབང་ནི། ཁྱེད་རང་རྣམས་རིན་ཆེན་འབྱུང་ལྡན་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་ཅིང་ཡུམ་སངས་རྒྱས་སྤྱན་མ་ལ་འཁྱུད་པའི་རྣ་ལྟག་གཡས་གཡོན་དུ་ཏྲཱཾ་སེར་པོ་གསལ་བར་གྱུར། བླ་མའི་ཐུགས་ཀ་སོགས། རིན་ཆེན་འབྱུང་ལྡན་སོགས། རྣ་ལྟག་ཏུ་ཐིམ་པར་མོས་ཤིག །རིགས་ལྔའི་དབུ་རྒྱན་བསྐོན། རྡོ་རྗེ་ཉི་ཟླའི་ཡུ་བ་ཅན་དང་རིན་ཆེན་གྱི་དྲིལ་བུ་རྣ་ལྟག་ཏུ་གཏུགས་ཤིང་གཏད་ལ། ཧཱུྃ༔ ཚོར་བའི་ཕུང་པོ་གནས་དག་པའི༔ ཉོན་མོངས་ང་རྒྱལ་རྩད་ནས་གཅོད༔ མཉམ་ཉིད་ཡེ་ཤེས་ཆེན་པོ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རཏྣ་ཨ་བྷི་ཥིཉྩ་ཏྲཱཾ༔ རིགས་ཀྱི་བུ་ཁྱོད་ལ་དབུ་རྒྱན་བསྐོན་པ་ཙམ་གྱིས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ནས༔ རིན་ཆེན་འབྱུང་ལྡན་ཡོན་ཏན་གྱི་དབང་ཐོབ་སྟེ༔ ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དུ་སངས་རྒྱས་ཏེ༔ ང་རྒྱལ་མཉམ་ཉིད་ཡེ་ཤེས་སུ་གྲོལ་ནས༔ སའི་ཁམས་སངས་རྒྱས་སྤྱན་མར་གནས་གྱུར༔ ཡོན་ཏན་མཁྱེན་པ་ཐམས་ཅད་ཐོབ་ནས་འགྲོ་བའི་དོན་ལ་མངའ་བརྙེས་པར་འགྱུར་རོ༔ ལྔ་པ་དོན་གྲུབ་ཕྲིན་ལས་ཀྱི་དབང་ནི། ཁྱེད་རང་རྣམས་དོན་ཡོད་གྲུབ་པ་ལྗང་གུ་རལ་གྲི་དང་དྲིལ་བུ་འཛིན་ཅིང་ཡུམ་དམ་ཚིག་སྒྲོལ་མ་ལ་འཁྱུད་པའི་ལྟེ་བར་ཟླ་བའི་སྟེང་དུ་ཧཱ་ལྗང་གུ་གསལ་བར་གྱུར། བླ་མའི་ཐུགས་ཀ་སོགས། དོན་ཡོད་གྲུབ་པ་སོགས། ལྟེ་བར་ཞུགས་པར་མོས་ཤིག །རྡོ་རྗེ་ཉི་ཟླའི་ཡུ་བ་ཅན་དང་རལ་གྲིའི་དྲིལ་བུ་ལྟེ་བར་གཏུགས་ཤིང་གཏད་ལ། ཧཱུྃ༔ འདུ་ཤེས་ཕུང་པོ་གནས་དག་པའི༔ ཉོན་མོངས་ཕྲག་དོག་རྩད་ནས་གཅོད༔ བྱ་གྲུབ་ཡེ་ཤེས་ཆེན་པོ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཀརྨ་ཨ་བྷི་ཥིཉྩ་ཧཱ༔ བུ་ཁྱོད་ལ་རལ་གྲི་དང་དྲིལ་བུ་གཏད་པ་ཙམ་གྱིས༔ ལུས་ངག་ཡིད་གསུམ་གྱི་རྩ་བ་དང་ཡན་ལག་བཅས་པའི་སྒྲིབ་པ་དག་ནས༔ ཕྲིན་ལས་དོན་ཡོད་གྲུབ་པའི་དབང་ཐོབ་པ་ཡིན་ནོ༔ འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པར་སངས་རྒྱས་ཏེ༔ ཕྲག་དོག་བྱ་གྲུབ་ཡེ་ཤེས་སུ་གྲོལ་ནས༔ རླུང་གི་ཁམས་དམ་ཚིག་སྒྲོལ་མར་གནས་གྱུར་ནས༔ ཐོགས་པ་མེད་པའི་ཕྲིན་ལས་བཞིའི་དབང་ཐོབ་ནས་འགྲོ་དོན་རླབས་ཆེན་བྱེད་པར་འགྱུར་རོ༔ དྲུག་པ་ཡེ་རྫོགས་ལྷུན་གྲུབ་ཀྱི་དབང་ནི། སློབ་མ་རྣམས་ཀུན་བཟང་ཡབ་ཡུམ་མཐིང་ག་རྡོ་རྗེ་དྲིལ་བུ་འཛིན་པར་གྱུར། རྩ་བརྒྱུད་བླ་མའི་རྟོགས་པ་ཐམས་ཅད་ཁྱེད་རང་གི་རྒྱུད་ལ་འཕོས་པར་མོས་ཤིག །མར་མེ་དང་རྡོར་དྲིལ་གཏད་ལ། ཧཱུྃ༔ སྣང་སྟོང་དབྱེར་མེད་རྡོར་དྲིལ་མཚོན༔ རང་བྱུང་ཡེ་ཤེས་སྒྲོན་མེ་འདི༔ སྟོང་ཉིད་སྙིང་རྗེ་དབྱེར་མི་ཕྱེད༔ རྡོ་རྗེ་འཛིན་པ་ཀུན་ཏུ་བཟང༔ རྗེས་སུ་གཟུང་ནས་འགྲོ་བ་དྲོངས༔ ཀུན་གཞི་ཀུན་བཟང་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཨ་བ་ན་ཛྙཱ་ན་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ འོ་དད་ལྡན་རིགས་ཀྱི་བུ་ཁྱོད་ལ་རྡོར་དྲིལ་མེ་སྒྲོན་གཏད་པ་ཙམ་གྱིས༔ མཁྱེན་པ་ཐམས་ཅད་ཀྱི་ས་བོན་ཐེབས་ནས་གཞི་ཀུན་ཏུ་བཟང་པོ་ཆོས་སྐུའི་རྩལ་དབང་ཐོབ་པ་ཡིན་ནོ༔ སྐྱེ་མེད་ཉག་གཅིག་ཆོས་སྐུར་སངས་རྒྱས་ཏེ༔ སྣང་བ་སྐད་ཅིག་མར་འཆར་བ་འདི་དག་སྤང་བླང་དང་འདུ་འབྲལ་མེད་པ་སྐུ་གསུམ་གྱིས་འགྲོ་དོན་དཔག་མེད་འགྲུབ་པར་འགྱུར་རོ༔ ཞེས་བརྗོད་དོ།། །། གཉིས་པ་སྤྲོས་མེད་དམ་རྫས་གསང་བའི་དབང་ནི། བུམ་པ་ལྔ་ཡོད་ན་རིམ་པར་སོ་སོར་བསྐུར་ཞིང་བུམ་ཆུ་སྦྱིན། གཅིག་ལས་མེད་ན་དེ་ཉིད་བསྐྱར་བ་དང་། བནྡྷའི་བདུད་རྩི་ལྕེར་བཞག་ལ། བུམ་པའི་ཆུ་དང་བདུད་རྩིས་ལུས་གང་བས་རྩ་ཁམས་ལྷ་དང་ལྷ་མོའི་རང་བཞིན་རྣམས་ཟག་མེད་བདེ་བའི་བདུད་རྩིས་ཁྱབ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྣང་བ་ཐམས་ཅད་ལྷའི་གཞལ་ཡས་ཁང་དང་། སྲིད་གསུམ་གྱི་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་གྱུར་པ་སྒོམས་ཤིག །ཧཱུྃ༔ བཅོམ་ལྡན་རྡོ་རྗེ་སེམས་དཔའི་སྐུ༔ ཕྱག་རྒྱ་བུམ་པ་མཱ་མ་ཀཱི༔ གཉིས་མེད་བདུད་རྩི་བྱང་ཆུབ་ཆུས༔ རིགས་ལྡན་བུ་ལ་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་བཛྲ་ཧཱུྃ་བྷྲཱུྃ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ བཅོམ་ལྡན་སྣང་བ་མཐའ་ཡས་སྐུ༔ ཕྱག་རྒྱ་བུམ་པ་གོས་དཀར་མོ༔ གཉིས་མེད་བདུད་རྩི་བྱང་ཆུབ་ཆུས༔ རིགས་ལྡན་བུ་ལ་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་པདྨ་ཧྲཱིཿབྷྲཱུྃ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ རྣམ་པར་སྣང་མཛད་བཅོམ་ལྡན་འདས༔ ཕྱག་རྒྱ་བུམ་པ་ཆོས་དབྱིངས་མ༔ གཉིས་མེད་བདུད་རྩི་བྱང་ཆུབ་ཆུས༔ རིགས་ལྡན་བུ་ལ་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་བུདྡྷ་ཨོཾ་བྷྲཱུྃ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ རིན་ཆེན་འབྱུང་ལྡན་བཅོམ་ལྡན་འདས༔ ཕྱག་རྒྱ་བུམ་པ་སངས་རྒྱས་སྤྱན༔ གཉིས་མེད་བདུད་རྩི་བྱང་ཆུབ་ཆུས༔ རིགས་ལྡན་བུ་ལ་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་རཏྣ་ཏྲཱཾ་བྷྲཱུྃ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ དོན་ཡོད་གྲུབ་པ་བཅོམ་ལྡན་འདས༔ ཕྱག་རྒྱ་བུམ་པ་དམ་ཚིག་སྒྲོལ༔ གཉིས་མེད་བདུད་རྩི་བྱང་ཆུབ་ཆུས༔ རིགས་ལྡན་བུ་ལ་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་ཀརྨ་ཧཱ་བྷྲཱུྃ་ཨ་བྷི་ཥིཉྩ་ཨཱ༔ འོ་སྐལ་ལྡན་རིགས་ཀྱི་བུ་རྣམས་ཀུན༔ བུམ་པ་འདིས་བུམ་གསང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པ་ཡིན་ནོ༔ བྷནྡྷ་འདི་གཏད་པ་ཙམ་གྱིས་གསང་སྔགས་ཀྱི་སྣོད་དུ་རུང་བ་ཡིན༔ བདུད་རྩི་འདི་ངག་ཏུ་བྱིན་པ་ཙམ་གྱིས་ཤ་ལྔ་བདུད་རྩི་ལྔ་དང་རིག་མ་ལ་སྤྱོད་ཅིག༔ མདོར་ན་སྣང་སྲིད་ཕུང་ཁམས་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་དག་སྣང་སྦྱོངས་ལ་བརྙས་པ་སྤོངས་ཤིག༔ བསྙེན་སྒྲུབ་མཆོད་བསྟོད་བཟླས་པ་ལ་བརྩོན་པར་གྱིས་ཤིག༔ ཅེས་བསྐུར་རོ།། །། གསུམ་པ་བརྡ་དོན་ངོ་སྤྲད་པ་ནི། རིགས་ལྔའི་བྲིས་སྐུ་རིམ་པར་གཏད་ལ། ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ ཁྱེད་རྣམས་ལ་རིགས་ལྔ་ཡབ་ཡུམ་གྱི་སྐུ་འདི་བསྟན་པ་ཙམ་གྱིས་ཡེ་ཤེས་ལྔའི་ངོ་བོར་སངས་རྒྱས་པ་ཡིན་ནོ༔ རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་འདི་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཡི་དགོངས་པ་འདུས་ཤིང༔ ཉོན་མོངས་པ་ཞེ་སྡང་མི་མངའ་ཞིང་མེ་ལོང་ལྟ་བུའི་ཡེ་ཤེས་འོད་དཀར་པོ་ཡོད་པའི་བརྡའོ༔ སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་འདི་གསུང་འགགས་པ་མེད་ཅིང༔ ཉོན་མོངས་པ་འདོད་ཆགས་མི་མངའ་ཞིང་སོ་སོར་རྟོག་པའི་ཡེ་ཤེས་འོད་དམར་པོ་ཡོད་པའི་བརྡའོ༔ རྣམ་སྣང་སྐུ་མདོག་མཐིང་ཁ་ཡོད་པ་འདི་ཐུགས་སངས་རྒྱས་ཀྱི་དགོངས་པ་འདུས་པ་དང༔ ཉོན་མོངས་པ་གཏི་མུག་མི་མངའ་ཞིང་ཆོས་དབྱིངས་ཡེ་ཤེས་འོད་མཐིང་ཁར་ཡོད་པའི་བརྡའོ༔ རིན་འབྱུང་སྐུ་མདོག་སེར་པོ་འབྱུང་བ་འདི་ཡང་དུས་བཞིའི་སངས་རྒྱས་ཀྱི་དགོངས་པ་འདུས་ཤིང༔ ཉོན་མོངས་པ་ང་རྒྱལ་མི་མངའ་ཞིང་མཉམ་ཉིད་ཡེ་ཤེས་འོད་སེར་པོ་ཡོད་པའི་བརྡའོ༔ དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུར་བྱུང་བ་འདི་ཡང་ཕྲིན་ལས་ཐམས་ཅད་ཀྱི་དགོངས་པ་འདུས་པ་དང༔ ཉོན་མོངས་པ་ཕྲག་དོག་མི་མངའ་ཞིང་བྱ་བ་གྲུབ་པའི་ཡེ་ཤེས་འོད་ལྗང་གུར་ཡོད་པའི་བརྡ་ཡིན་ནོ༔ ཐམས་ཅད་ལ་རྒྱན་ཆ་ལུགས་ཀྱིས་མཛེས་པ་ནི་ཡོན་ཏན་ཐམས་ཅད་རྫོགས་ཤིང་སྐྱོན་གྱིས་མ་གོས་པའི་བརྡའོ༔ སེམས་དཔའི་སྐྱིལ་མོ་ཀྲུང་ནི་ཡེ་ནས་སངས་རྒྱས་པའི་བརྡ་ཡིན་ནོ༔ སྤྱན་ཐད་ཀར་གཟིགས་པ་ནི་གདུལ་བྱ་ལ་ཕྱོགས་རིས་མེད་པའི་བརྡ་འོ༔ རྡོ་རྗེ་སེམས་དཔའི་ཕྱག་མཚན་རྡོ་རྗེ་ཉི་ཟླ་རྡོ་རྗེའི་ཡུ་བ་བྱས་པ་ནི༔ གསལ་སྟོང་གཉིས་སུ་མེད་ཅིང་རྡོ་རྗེའི་རིགས་ལ་དབང་སྒྱུར་ཐུགས་རྗེ་ལ་གསལ་འགྲིབ་མེད་པའོ༔ སྣང་བ་མཐའ་ཡས་ཀྱི་ཕྱག་མཚན་པདྨ་ཉི་ཟླ་རྡོ་རྗེས་མཚན་པ་ནི༔ བདེ་སྟོང་གཉིས་སུ་མེད་ཅིང་པདྨའི་རིགས་ལ་དབང་སྒྱུར་བའི་བརྡའོ༔ རྣམ་སྣང་གི་ཕྱག་མཚན་འཁོར་ལོ་ཉི་ཟླ་རྡོ་རྗེས་མཚན་པ་འདི་ཡང༔ རིག་སྟོང་དབྱེར་མེད་ཅིང་དེ་བཞིན་རིགས་ལ་དབང་སྒྱུར་བའི་བརྡའོ༔ རིན་ཆེན་འབྱུང་ལྡན་གྱི་ཕྱག་མཚན་རིན་པོ་ཆེ་ཉི་ཟླ་རྡོ་རྗེས་མཚན་པ་འདི་ཡང༔ ཤར་གྲོལ་དབྱེར་མེད་རིན་ཆེན་རིགས་ལ་དབང་སྒྱུར་བའི་བརྡའོ༔ དོན་ཡོད་གྲུབ་པའི་ཕྱག་མཚན་རལ་གྲི་ཉི་ཟླ་རྡོ་རྗེས་མཚན་པ་འདིའང༔ འགྱུ་སྟོང་དབྱེར་མེད་ཅིང་ལས་ཀྱི་རིགས་ལ་དབང་སྒྱུར་བའི་བརྡའོ༔ ཡབ་ཡུམ་ཞལ་སྦྱོར་དུ་ཡོད་པ་འདི་རྣམས་ཀྱང་ཐབས་ཤེས་སྣང་སྟོང་ཟུང་འཇུག་ཏུ་ཡོད་པའི་བརྡའོ༔ དེ་ནས་རང་གི་ཕུང་པོ་ལྔ་པོ་འདིའང་གཟུགས་ཀྱི་ཕུང་པོ་རྡོ་རྗེ་སེམས་དཔའ༔ འདུ་ཤེས་ཕུང་པོ་སྣང་བ་མཐའ་ཡས༔ རྣམ་ཤེས་ཕུང་པོ་རྣམ་པར་སྣང་མཛད༔ ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན༔ འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ༔ ཕུང་པོ་ལྔ་པོ་ཡེ་ནས་རྒྱལ་བ་རིགས་ལྔ་ཡིན་ནོ༔ ཡང་རང་གི་ཁྲག་ནི་མཱ་མ་ཀཱི་ཡིན༔ དྲོད་ནི་གོས་དཀར་མོ་ཡིན༔ སེམས་ནམ་མཁའ་དབྱིངས་ཕྱུག་མ༔ ཤ་སངས་རྒྱས་སྤྱན་མ༔ རླུང་དམ་ཚིག་སྒྲོལ་མར་གནས་པ་ཡིན་ནོ༔ དོན་ལོགས་ནས་མ་ཚོལ་རང་ལ་ཡོད་པ་ངོ་ཤེས་པར་གྱིས་ཤིག༔ ཅེས་བརྗོད། དེ་ཡིས་བུམ་པའི་དབང་བསྐུར་ཐོབ། །ལུས་སྒྲིབ་དག་ནས་ས་བརྒྱད་ནོན། །བསྐྱེད་པའི་རིམ་པ་བསྒོམ་ལ་དབང་། །ཕྲིན་ལས་ཞི་བའི་ལས་རྣམས་འགྲུབ། །འབྲས་བུ་སྤྲུལ་སྐུ་འཐོབ་པར་འགྱུར། །ཅེས་རྟོགས་པ་བསྐྱེད་དོ།། །། བཞི་པ་གུད་སྦས་ཟབ་དབང་ལ་གསུམ་སྟེ། དང་པོ་གསང་དབང་ནི། དེ་ནས་ངག་སྒྲིབ་དག་བྱེད་གསང་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ ཁྱོད་ནི་དཔའ་བོ་བདེ་བའི་མཆོག༔ བདེ་ཆེན་པདྨ་ཧེ་རུ་ཀ༔ བདེ་བའི་བླ་མེད་མཆོག་སྩོལ་མཛད༔ དུས་འདིར་བདག་ལ་བདེ་སྩོལ་མཛོད༔ ལུས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས། བླ་མ་དབང་ཆེན་ཡབ་ཡུམ་ལུས་ཀྱི་དཀྱིལ་འཁོར་དང་བཅས་པར་གསལ། ཁྱེད་རང་རྣམས་ལོངས་ལ་སྤྱི་བོར་ཐལ་མོ་སྦྱར་ཏེ་དམིགས་པ་པད་ཉིའི་གདན་ལ་སྐད་ཅིག་གིས་རྡོ་རྗེ་ཕག་མོ་དམར་མོ་གྲི་ཐོད་བསྣམས་པར་གསལ་བའི་ལྟེ་བར་ཆོས་འབྱུང་གྲུ་གསུམ་གྱི་ནང་དུ། རང་འདྲ་བའི་རྣལ་འབྱོར་མ་ཤིན་ཏུ་ཕྲ་བ་གར་བྱེད་ཅིང་འཁྲབ་ནས་རྒྱུག་པར་སྒོམས་ལ་སྐད་ཅིག་ཀྱང་མ་ཡེངས་ཤིག །དེའི་ཚེ་ཕྱོགས་བཅུའི་སངས་རྒྱས་དཔག་ཏུ་མེད་པ་རྣམས་དང་ཁྱད་པར་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་ཆར་བབས་པ་ལྟར་བྱོན་ནས་ཐིམ་པར་མོས་ཤིག །བྱས་ལ་སྤོས་དུད་གཏང་། ཌཱ་དྲིལ་དཀྲོལ་ལ་བྱིན་དབབ། གདོང་གཡོགས་བཀྲོལ། ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ གོང་དུ་བསྟན་པའི་བུམ་དབང་ནི༔ རྡུལ་ཚོན་སྤྲོས་བཅས་བསྟན་པ་ཡིན༔ འདི་ནི་སྤྲོས་མེད་ནང་གི་དབང༔ བདེ་ཆེན་ལུས་ཀྱི་དཀྱིལ་འཁོར་ཡིན༔ རྩ་རྣམས་ཐམས་ཅད་དཔའ་བོ་སྟེ༔ ཁམས་རྣམས་ཐམས་ཅད་དཔའ་མོ་ཡིན༔ འཁོར་ལོ་ལྔ་ནི་རིགས་ལྔར་གསལ༔ ཐམས་ཅད་རྒྱལ་བའི་འཁོར་ལོ་ཡིན༔ གསང་བའི་དབང་མཆོག་དལ་འདིར་ཐོབ༔ ཅེས་ལུས་དཀྱིལ་བསྟན། དེ་ནས་བླ་མ་ཡབ་ཡུམ་རྟ་མགྲིན་དང་ཕག་མོ་གནས་ལྔར་རིགས་ལྔའི་མཁའ་འགྲོ་ཡབ་ཡུམ་བཅས་གསལ་བའི་མཁའ་གསང་རྡོ་རྗེ་པདྨ་མཉམ་པར་སྦྱོར་ཏེ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཐོད་པའི་བདུད་རྩི་དང་རོ་གཅིག་པར་བྱས་ཏེ་ཁྱེད་རང་རྣམས་ཀྱི་མགྲིན་པར་བྱིན་པར་མོས་ཤིག །ཀྱེ་མ་ལས་ཅན་རིགས་ཀྱི་བུ༔ རྡོ་རྗེ་འཛིན་པ་ཧེ་རུ་ཀས༔ གསང་བ་མཆོག་གི་སྲས་བཅས་སྨིན༔ བདག་གིས་གསང་བ་མཆོག་གི་རྫས༔ ཁྱོད་ལ་དབང་བསྐུར་མཆོག་ཐོབ་ཤོག༔ ཨོཾ་གུ་རུ་དྷཱ་ཀི་ནཱི་ཧ་རི་ནི་ས་ར་ཙ་ཧྲི་ཡ་བོ་དྷི་ཙིཏྟ་ཨ་མྲྀཏ་པཉྩ་ཧཱུྃ༔ ཞེས་དབང་ཚིག་ལན་གསུམ་བརྗོད་ལ་བདུད་རྩི་སྦྱིན། ཁྱེད་རང་རྣམས་རྟ་མགྲིན་དུ་གསལ་བའི་སྐུའི་ནང་རྩ་གསུམ་འཁོར་ལོ་ལྔ་དང་བཅས་པ་སྐད་ཅིག་གིས་གསལ་བར་གྱུར་པ་ལ་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་དེ་ཐམས་ཅད་གང་། བདེ་བ་ཆེན་པོས་ལུས་སེམས་ཁྱབ་པར་མོས་ཤིག །ཁྱོད་ཀྱིས་གསང་བའི་དབང་མཆོག་ཐོབ༔ རྩ་ཐིག་རླུང་གསུམ་གཏུམ་མོ་བསྒོམ༔ ཤ་ལྔ་བདུད་རྩི་ལྔ་ལ་སྤྱོད༔ ཕྲིན་ལས་དབང་གི་ལས་རྣམས་འགྲུབ༔ འབྲས་བུ་ལོངས་སྤྱོད་རྫོགས་སྐུ་འཐོབ༔ ཅེས་རྟོགས་པ་བསྐྱེད་དོ།། །། གཉིས་པ་ཤེར་དབང་ནི། དེ་ནས་ཡིད་སྒྲིབ་དག་བྱེད་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ ཧེ་རུ་ཀ་དཔལ་བདེ་བའི་བདག༔ དགའ་བའི་རང་བཞིན་བདེ་བའི་མཆོག༔ ཉོན་མོངས་འཛིན་པ་ལས་གྲོལ་བ༔ དེ་ཉིད་བདག་ལ་བསྐུར་དུ་གསོལ༔ ཞེས་ཞུས་པའི་ལན་དུ། ཀྱེ༔ བདེ་བའི་རང་བཞིན་ཤེས་རབ་ཡུམ༔ བུད་མེད་མི་སྤང་དང་དུ་བླང༔ ཚངས་སྤྱོད་སྡོམ་ལ་གནས་པར་བྱ༔ འདི་སྤངས་ཐར་པའི་སྲོག་དང་བྲལ༔ དམ་ཚིག་སྲོག་ལ་བབ་ཀྱང་སྲུངས༔ ཚུལ་བཞིན་སྤྱོད་ཅིག་རིགས་ཀྱི་བུ༔ བྷ་གའི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས། ཁྱེད་རང་ལངས་ཏེ་ལུས་དྲང་པོར་བསྲང་སྤྱི་བོར་ཐལ་མོ་སྦྱོར་ལ་སྔར་བཞིན་ཕག་མོར་གསལ་བའི་སྙིང་དཀྱིལ་ཉི་ཟླའི་གྭའུའི་ནང་དུ་རྡོ་རྗེ་ཕག་མོ་ནས་འབྲུ་ཙམ་ཞིག་གསལ་ཐོབས། བླ་མའི་ཐུགས་ལས་ཕག་མོ་གྲངས་མེད་པ་སྤྲོས་ནས་དེ་ལ་ཐིམ་པས་དེ་ལས་དེ་འདྲ་བའི་ཕག་མོ་བ་སྤུའི་གྲངས་དང་མཉམ་པ་བྱུང་ནས་གར་བྱེད་ཅིང་རྒྱུག་པས་བདེ་བ་བཟོད་མེད་དུ་འབར་བ་ལ་སེམས་ཟུངས་ཤིག །བྱས་ལ་དར་ཅིག་བསྒོམ་པས་ཡེ་ཤེས་པ་དབབ། གདོང་གཡོགས་བཀྲོལ། རིག་ཙཀ་བསྟན་ལ། ཁྱེད་རང་རྣམས་ཀྱིས་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་མར་ཕྱག་འཚལ་ཞིང་མེ་ཏོག་ཕུལ་བས་དེས་ཀྱང་འདི་སྐད་གསུང་བར་མོས་ཤིག །ང་ཡི་གསང་ཆེན་བདེ་བའི་མཁའ༔ བློ་ཆེན་གུས་པས་སུས་བརྟེན་པ༔ བདེ་བའི་རང་བཞིན་ཟུང་འཇུག་པ༔ མཆོག་གི་དམ་པ་འདི་ཡིས་ཐོབ༔ ཨོཾ་གུ་རུ་མུ་དྲ་ཌཱ་ཀི་ནཱི་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨཉྫ་ལི་ཧོ༔ བླ་མས་ཕྱག་རྒྱའི་སྲིན་ལག་གཡོན་ནས་བཟུང་སྟེ་བུ་ལ་གཏད་པར་མོས་ཤིག །ཧཱུྃ༔ བདེ་ཆེན་ཡིད་འོང་གཟུགས་མཛེས་མ༔ ཟག་མེད་བདེ་བའི་མཆོག་སྟེར་ཡུམ༔ འདིར་ཁྱེར་རྟག་ཏུ་དགའ་བདེ་སྤྱོད༔ ཨོཾ་མ་ཧཱ་སུ་ཁ་ཧོ༔ དེ་ལྟར་གཏད་པའི་ཕྱག་རྒྱའི་ལག་གཡས་སྤྱི་བོར་བཞག །གཡོན་ཁྱེད་རང་གི་ལག་ཏུ་གཏད་པར་མོས། དེ་ནས་ཁྱེད་རང་རྣམས་སྐད་ཅིག་གིས་དབང་ཆེན་རྟ་མགྲིན་སྐུ་མདོག་དམར་པོ་ཁྲོ་གཏུམ་སོགས་ནས། གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་དང་། བར་གོང་གི་གསང་དབང་གི་སྒྲུབ་པའི་སྐབས་ལྟར་བརྗོད། དེའི་སྤྱི་བོར་གུ་རུ་རྡོ་རྗེ་འཆང་ཡབ་ཡུམ། མཁའ་གསང་རྡོ་རྗེ་དང་པདྨ་ཧཱུྃ་དང་ཨཱཿས་མཚན་པ། བདེ་ཆེན་ཡེ་ཤེས་མཆོག་ཏུ་སྐྱེད་པའི་འདུ་ཤེས་ཀྱིས་སྙོམས་པར་ཞུགས་པས་ཡས་བབས་ཀྱི་དགའ་བ་བཞི་རིམ་པར་སྐྱེས་པར་མོས་ལ་དེའི་ངོ་བོ་ངོས་གཟུང་ཞིང་། ཐིག་ལེ་ནོར་བུའི་རྩེ་མོར་སོན་པ་དང་ལྡོག་པའི་སྦྱོར་བས་གྱེན་དུ་གཤེགས་པ་ལས་སྐྱེས་པའི་མས་བརྟན་གྱི་དགའ་བཞིའི་མཐར། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་པར་མོས་ལ་ཀ་དག་ནམ་མཁའ་ལྟ་བུའི་ངང་དུ་བསྲེ་ཞིང་བདེ་སྟོང་ཟུང་འཇུག་གི་རང་ངོར་མཉམ་པར་ཞོག་ཅིག །ཅེས་བྱས་ལ་མེ་ལོང་བནྡྷ་དང་བཅས་པ། གུ་རུའི་སྐུ་འབག་རྣམས་སྤྱི་བོར་བཞག་ལ། ཧཱུྃ༔ ཡེ་ཤེས་བདེ་རྒྱས་ལྷ་མོ་ནི༔ གཟུགས་མཛེས་ཡིད་འོང་མཁའ་འགྲོ་མ༔ ནམ་ཡང་འདི་དང་འབྲལ་མི་བྱ༔ རྟག་པར་སྤྱོད་ལ་ཐིག་ལེ་ཟུངས༔ བདེ་བ་ཟུངས་ཤིག་སེམས་དཔའ་ཆེ༔ བླུན་པོ་གང་ཞིག་འདི་སྤངས་པ༔ ཐབས་གཞན་དག་གིས་སངས་མི་རྒྱ༔ ཆགས་ལམ་བདེ་ཆེན་སངས་རྒྱས་མྱུར༔ དཔའ་ཆེན་ཁྱོད་ཀྱིས་སྤྱོད་པར་གྱིས༔ ཞེས་བརྗོད་དོ། །དེ་ནས་ཕྱག་རྒྱ་མས་ཆུ་སྐྱེས་གསལ་བར་བྱས་ཏེ་འདི་སྐད་བརྗོད་པར་མོས་ཤིག །བདག་གི་བྷ་ག་ཆོས་དབྱིངས་ཀློང༔ བུ་ཁྱོད་རྟག་ཏུ་བསྟེན་སྤྲོ་འམ༔ སྤྲོ་ན་དགའ་བྲལ་བླང་བར་གྱིས༔ ཞེས་དང་བླ་མས་ཀྱང་འདི་ལྟར་གདམས་པར་མོས། ཅི་ལྟར་སྤྲོ་བ་བུ་ཡིས་སྨྲོས༔ བྷ་ག་པདྨར་འོ་བྱེད་པར༔ མཚན་མ་ལ་ནི་ཅིས་མི་སྤྲོ༔ སྐྱེས་བུ་མཆོག་ཏུ་མཉེས་པར་གྱིས༔ ཞེས་གདམས་པས་ཇི་སྐད་གསུངས་པ་རྣམས་རྗེས་སུ་བསྒྲུབས་པར་མོས་ཤིག །དེ་ཡིས་ཉོན་མོངས་ཡིད་སྒྲིབ་དག༔ ཕྱག་རྒྱ་བདེ་སྟོང་སྦྱོར་བར་དབང༔ སྐལ་པ་ས་བཅུ་དག་དང་མཉམ༔ ཕྲིན་ལས་རྒྱས་པའི་ལས་རྣམས་འགྲུབ༔ འབྲས་བུ་ཆོས་སྐུ་ཡོངས་རྫོགས་ཐོབ༔ ཅེས་རྟོགས་པ་བསྐྱེད་དོ།། །། གསུམ་པ་རིག་པའི་རྩལ་དབང་ནི། དེ་ནས་སྒོ་གསུམ་གྱི་དྲི་མ་དག་པར་བྱེད་པ་དེ་ཁོ་ན་ཉིད་རིག་པའི་རྩལ་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཁྱེད་རང་རྣམས་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་གྱིས་ལ༔ རང་རང་གི་སྙིང་གི་དཀྱིལ་དུ་ཨ་དཀར་པོ་གསལ་ལ་དྭངས་པ་འོད་ཀྱི་རང་བཞིན་ཅན་སྲན་མ་ཙམ་པ་ལ་རྩེ་གཅིག་ཏུ་མ་ཡེངས་པར་རིག་པ་གཏོད་ལ༔ སྟེང་རླུང་ནེམ་མནན༔ འོག་རླུང་ཅུང་ཟད་འཐེན་ཏེ༔ ལྟེ་འོག་ཏུ་བཟུང་ལ་ཕྲི་ལེར་ཞོག་ཅིག༔ འོ་བུ་ཀུན་མ་བསྒོམ་པར་ཕྱ་ལེ་ཞོག༔ མ་ཡེངས་པར་ཙན་ནེ་ཞོག༔ མ་བཅོས་པར་ལྷོད་དེ་ཞོག༔ མ་བཙིར་བར་ཧད་དེ་ཞོག༔ བཟོ་མེད་དུ་ཝང་ངེ་ཞོག་ཅིག༔ ཅེས་བརྗོད་ལ་དར་ཅིག་མཉམ་པར་འཇོག །རླུང་མ་ཐུབ་པ་དང་ཕཊ་ཅེས་བཏང་ལ༔ མིག་བར་སྣང་ལ་ཧྲིག་གེར་གཏོད་ལ༔ རྟོག་པ་སྔ་མ་དེ་ཆད༔ ཕྱི་མ་དེ་མ་སྐྱེས་པའི་བར་དེར་རྗེན་ནེ་ཞོག་ཅིག༔ ཅེས་དར་ཅིག་བཞག་རྗེས་སུ། འོ་རིགས་ཀྱི་བུ་རྣམས་འདི་ནི་སངས་རྒྱས་ཀྱི་དགོངས་པ༔ རང་བཞིན་གྱིས་རྣམ་པར་དག་པ་དེ་འདི་ཡིན་པས༔ ད་ཕན་ཆད་འདི་དང་བྲལ་བར་མ་བྱེད་ཅིག༔ དེ་རིང་ཕན་ཆད་རྒྱལ་བ་ཀུན་ཏུ་བཟང་པོ་དང་ཁྱེད་རྣམས་དབྱེར་མེད་དུ་གྱུར་པ་ཡིན་ནོ༔ ཞེས་གཟེངས་བསྟོད་དོ། །དེ་རྣམས་ཀྱིས་དབང་བཞིའི་རིམ་པ་ཡོངས་སུ་རྫོགས་པ་གྲུབ་པ་ཡིན་ཀྱང་། ཁྲེགས་ཆོད་ཐོད་རྒལ་ལ་ཉམས་ལེན་བྱེད་ངེས་པ་ཅན་གྱི་གང་ཟག་དང་། བརྒྱུད་འཛིན་བཀའ་ལུང་ཡོངས་རྫོགས་སུ་འབོགས་དགོས་པ་ལ་སྐབས་འདིར་སྒོས་དབང་རྒྱས་པར་བྱ་སྟེ། ད་ནི་ཤིན་ཏུ་ཡང་ཟབ་ཐུན་མོང་མ་ཡིན་པ་རང་རིག་གཅེར་མཐོང་མཛུབ་ཚུགས་སུ་ངོ་སྤྲད་པ་ཁྲེགས་ཆོད་ཀ་དག་དང་། མངོན་སུམ་འོད་གསལ་གྱི་འཁོར་ལོ་ལ་འཁྲུལ་སྣང་བཙན་ཐབས་སུ་ཟློག་པ་ཐོད་རྒལ་ལྷུན་གྲུབ་ཀྱི་སྒོས་དབང་ཞུ་བའི་སླད་དུ་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱི་མོས་གུས་སྐྱེད་ལ། སྒྲིབ་པ་སྦྱོང་བའི་ཕྱིར་ལུས་ཀྱིས་བསྐོར་བ་དང་བརྐྱང་ཕྱག་བརྒྱ་རྩ། ངག་གིས་གསོལ་འདེབས་དང་ཡིག་བརྒྱའི་བཟླས་པ་བྱ་བར་གསུངས་པ་ལས། དེ་ལྟར་བགྱིད་པའི་མོས་པ་དང་ལྡན་པས་དངོས་སུ་ཕྱག་འཚལ་ཞིང་ཡིག་བརྒྱ་གསུང་བར་ཞུ། ཞེས་ཕྱག་དང་ཡིག་བརྒྱ་སྐབས་སུ་འོས་པ་བྱར་གཞུག །གོང་གསལ་བརྒྱུད་པའི་གསོལ་འདེབས་ཀྱང་ཆབས་ཅིག་བྱ། དབང་བསྐུར་ཞུ་བའི་ཡོན་དུ་གསེར་གྱི་མཎྜལ་ལན་བདུན་ཕུལ་བར་མོས་ལ་དེ་ལྟར་དུ་འབུལ་འཚལ། ཞེས་བརྡ་སྦྱར་ལ་མཎྜལ་ཚིགས་བཅད་དམ་སྔགས་ལན་བདུན་འབུལ་དུ་གཞུག །དེ་བཞིན་དུ། སྨན་གྱི་མཎྜལ་ལན་བདུན༴ འབྲུའི་མཎྜལ་ལན་བདུན༴ དེ་ནས་ཁྱེད་རང་རྣམས་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པའི་ངང་། རྩ་བའི་བླ་མ་ཉིད་མཆོག་གསུམ་རྩ་གསུམ་སྐྱབས་གནས་ཀུན་འདུས་སུ་ཐག་ཆོད་པའི་ངེས་ཤེས་དང་མོས་གུས་དྲག་པོས་བླ་མའི་གནས་བཞི་ནས་དབང་བཞི་རིམ་པར་བླང་བའི་དམིགས་པ་འདི་བཞིན་དུ་མཛོད། ཌཱ་དྲིལ་དབྱངས་དང་བཅས་ཏེ། ཧཱུྃ༔ བདག་ནི་བླ་མ་ཀུན་ཏུ་བཟང༔ དཔྲལ་བ་སྐུ་ཡི་འཁོར་ལོ་ནས༔ རྒྱལ་བ་ཀུན་གྱི་སྐུ་མཆོག་ཨོཾ༔ རང་རང་སྤྱི་བོར་ཐིམ་པར་སྒོམས༔ ཨོཾ་དབྱངས་དང་བཅས་པ་ཅི་མང་བཟླ་འོ༔ ཧཱུྃ༔ བདག་ནི་བླ་མ་ཀུན་ཏུ་བཟང༔ མགྲིན་པ་གསུང་གི་འཁོར་ལོ་ནས༔ རྒྱལ་བ་ཀུན་གྱི་གསུང་མཆོག་ཨཱ༔ རང་རང་མགྲིན་པར་ཐིམ་པར་སྒོམས༔ ཨཱཿདབྱངས་དང་བཅས་པ་བཟླ། ཧཱུྃ༔ བདག་ནི་བླ་མ་ཀུན་ཏུ་བཟང༔ སྙིང་ག་ཐུགས་ཀྱི་འཁོར་ལོ་ནས༔ རྒྱལ་བ་ཀུན་གྱི་ཐུགས་མཆོག་ཧཱུྃ༔ རང་རང་སྙིང་གར་ཐིམ་པར་སྒོམས༔ ཧཱུྃ་དབྱངས་བཅས་བཟླ། ཧཱུྃ༔ བདག་ནི་བླ་མ་ཀུན་ཏུ་བཟང༔ ལྟེ་བ་སྤྲུལ་པའི་འཁོར་ལོ་ནས༔ རྒྱལ་བ་ཀུན་གྱི་ཡོངས་རྫོགས་ཧྲཱི༔ རང་རང་ལྟེ་བར་ཐིམ་པར་སྒོམས༔ ཧྲཱིཿདབྱངས་བཅས་བཟླ། དེ་ལྟར་བླ་མའི་གནས་བཞི་ནས་དབང་བཞི་བླངས་པས༔ བླ་མའི་སྐུ་གསུང་ཐུགས་ཀྱི་རྟོགས་པ་དང་ཐུགས་རྗེ་རང་རྒྱུད་ལ་འཕོས་ནས་ཁྲུག་གིས་འདྲེས་པའི་ངང་ལ་རྗེན་ནེ༔ བུན་ནེ༔ ཁྲེས་སེ༔ ཝང་ངེ༔ ཡེ་རེ་ཞོག་ཅིག༔ བླ་མས་ཀྱང་རང་གི་རྟོགས་པ་སློབ་མའི་རྒྱུད་ལ་འཕོས་པར་བསམ་ལ༔ དམིགས་པ་དྲག་ཏུ་གཏད་དེ༔ འོ་རིགས་ཀྱི་བུ་རྣམས་རྟོག་པ་སྔ་ཕྱིའི་སེམས་རྟོག་པ་མ་འཕྲོ་བར་ཞོག་ཅིག༔ འོ་ད་ལྟའི་སེམས་ཉིད་རང་གསལ་རྟོག་མེད་རྗེན་པ༔ ངང་དྭངས་སྤྲོས་བྲལ༔ ཁྲེས་སེ་བ༔ ལྷང་ངེ་བ༔ ཧྲིག་གེ་བ༔ ཕྱད་དེ་བ༔ འོ་དེ་ཀའི་ངང་དུ་ཞོག་ཅིག༔ བྱས་ལ་མཉམ་པར་འཇོག་ཏུ་བཅུག །གསལ་བདོ་བ་ལ་ཕཊ་ ཅེས་བཤིག་ལ༔ ཡང་རྗེས་ལ་གོང་ལྟར་བསྐྱང་ངོ༔ དེ་ལྟར་ཐེངས་གསུམ་ཙམ་བསྐྱང་ངོ༔ དེའི་དུས་སུ་རྟོག་མེད་རྗེན་ནེ་བ༔ བུན་ནེ་བ༔ སྤྲོས་མེད་ཀྱི་དོན་གཅིག་རྒྱུད་ལ་མི་སྐྱེ་མི་སྲིད་པས༔ བླ་མས་རྗེས་སུ་འདི་ལྟར་ངོ་སྤྲད་དོ༔ འོ་སྐལ་ལྡན་རིགས་ཀྱི་བུ་རྣམས༔ རྫོགས་པ་ཆེན་པོ་ཞེས་ཀྱང་བྱ༔ ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ༔ རིག་པའི་རྩལ་དབང་ཞེས་ཀྱང་བྱ༔ ལྷག་མཐོང་རྟོགས་པ༔ ལྟ་བ་ཁྲེགས་ཆོད་ལ་སོགས་མིང་གི་རྣམ་གྲངས་དུ་མར་ཕྱེ་ཡང༔ དོན་ལ་རང་རིག་ཀུན་ཏུ་བཟང་པོ་སངས་རྒྱས་ཀྱི་དགོངས་པ་རྣལ་མ་སྐྱོན་མེད་དེ་འདི་ཁོ་ན་ཡིན་ཏེ༔ རྟོག་པ་སྔ་མ་འགགས༔ ཕྱི་མ་མ་སྐྱེས་པའི་བར་དེ་ན༔ གསལ་སྟོང་རྗེན་པ་འདི་ཡིན་མེད་པའི་གསལ་དྭངས་སྨྲ་རུ་མེད་པའི་ཉམས་སུ་མྱོང་རྒྱུ་གཅིག་འདུག་པ་དེ་ཀ་ལྟར་ཡེ་གདོད་མ་ནས་ཡོད་པ་ཡིན་ཏེ༔ སྐབས་སུ་གློ་བུར་གྱི་རྐྱེན་གྱིས་རྟོག་པ་སྣ་ཚོགས་སུ་ཤར་བ་ཡིན་པས༔ ད་ནི་དུས་དེ་རིང་ནས་ཁྱེད་རྣམས་ལ་སངས་རྒྱས་ལག་འཆང་དུ་གཏད་པ་ཡིན་པས༔ ད་ཕན་ཆད་དུ་གནས་ལུགས་འདི་དང་འབྲལ་བར་མ་བྱེད་པར་འདི་ཀ་ལྟར་ཉམས་སུ་ལོངས་ཤིག༔ ཚེ་གཅིག་ལུས་གཅིག་གི་སངས་རྒྱས་ཐོབ་པར་གདོན་མི་ཟ་འོ༔ ཞེས་ངོ་སྤྲད་དོ། །དེ་ནས་བཞུགས་སྟངས་གསུམ་པོ་གང་ཡང་རུང་བ་བཅར་གཞུག །དེ་དང་འབྲེལ་བའི་ལྟ་སྟངས་ཟིམ་བུས་ཉི་ཟེར་རམ་དེའི་མདངས་ལ་བལྟར་གཞུག་སྟེ། འོ་ཉོན་ཅིག་རིགས་ཀྱི་བུ་རྣམས༔ རང་རིག་ཙིཏྟའི་གུར་ན་སྟོང་གསལ་འོད་དུ་གནས་ནས༔ ཡུལ་ནམ་མཁའ་སྟོང་པར་འཆར་བ་འདི་ཆོས་སྐུ་རང་ལ་གནས་པ་ཡིན་ནོ༔ དེ་ཡང་ལམ་རྩ་དང་དབང་པོའི་སྒོ་ལ་བརྟེན་ནས༔ རྐྱེན་སུརྻའི་ཟེར་ལ༔ འོད་ལྔ་སྐུ་དང་ཐིག་ལེའི་སྣང་བ་མ་འདྲེས་པར་གསལ་བ་འདི་ལོངས་སྐུ་རང་ལ་གནས་པ་ཡིན་ནོ༔ རང་རིག་གི་རྩལ་འགག་མེད་སྣ་ཚོགས་སུ་འཆར་བཞིན་ངོས་གཟུང་དང་བྲལ་བ་འདི་སྤྲུལ་པའི་སྐུ་ཡིན་པས་ན༔ སྐུ་གསུམ་རང་ལ་རང་ཆས་སུ་ཡེ་གདོད་མ་ནས་རྫོགས་པ༔ དེ་ཉིད་ཀྱི་ངོ་བོར་ཉམས་སུ་བླངས་པས་དེ་ཉིད་ཀྱི་ངང་དུ་འཚང་རྒྱ་བ་ཡིན་ནོ༔ དེས་ནི་ཆོས་སྐུ་རང་ལ་གནས་པ་དེ་ཡིད་དཔྱོད་བློའི་འཛིན་པ་དང་ཕྲལ་ནས་མངོན་སུམ་རང་ཐོག་ཏུ་ངོ་སྤྲད་པ་ཡིན་པས༔ འདི་ལ་ཐེ་ཚོམ་དང་ཡིད་གཉིས་མེད་པར་ཉམས་སུ་ལོངས་ཤིག༔ དེ་ནི་ཆོས་སྐུ་རང་གནས་ཀྱི་ངོ་སྤྲོད་དོ། །ཡང་ཡོལ་བ་དམར་པོའི་མདུན་དུ་ཞི་ཁྲོའི་སྐུ་དང་ཐང་ཀ་བཀྲམ་ལ༔ སློབ་བུ་རྣམས་ལྷོའི་གྲིབ་མ་ནས་མན་ཤེལ་ཟུར་བརྒྱད་པ་ལ་དབང་པོའི་སྒོ་གཏད་པས་འོད་དང་ཁ་དོག་ཞིང་ཁམས་སུ་ཤར་བ་ལ་ངོ་སྤྲད་དེ༔ འདི་ལྟར་རང་རིག་གསལ་ལ་མ་འགགས་པར་དབང་པོའི་སྒོ་ལ་ཤར་བ་འདི༔ ཆོས་སྐུ་སྟོང་གསལ་རང་ལ་གནས་པ་ཡིན་ནོ༔ འོད་ལྔ་དྭངས་ཞིང་མ་འདྲེས་པ་ཞི་ཁྲོ་དང་ཐིག་ལེ་ཚོམ་བུར་ཤར་བ་འདི༔ དེའི་རྩལ་མ་འགགས་པ་ལོངས་སྐུའི་དཔེ་ཡིན་ཏེ༔ ཆོས་ཉིད་ཀྱི་བར་དོ་ལ་ཡང་འདི་བཞིན་དུ་འཆར་བ་ཡིན་པས་དེ་ངོ་ཤེས་པར་བྱ་བ་ནི༔ འཆར་མཁན་ངོ་བོ་ཆོས་སྐུ་རང་ལ་གནས་པའི་རང་རྩལ་འགགས་མེད་དེ་ཡིན་པས༔ དེ་ལ་སྣང་གྲགས་ཐམས་ཅད་སྟོང་པའི་རང་རྩལ་རང་སེམས་སུ་ཤེས་པར་གྱིས་ཤིག༔ དེ་ལྟར་ཤེས་པས་འཁྲུལ་པ་ངོས་ཟིན་པས༔ སྐད་ཅིག་མའི་ཤེས་པ་རང་རིག་ཏུ་རྟོགས་ནས་དུས་དེ་ཉིད་དུ་སངས་རྒྱ་བ་ཡིན་ནོ༔ རྐྱེན་མན་ཤེལ་དྭངས་པ་འདི་ཡང་ནང་ནས་མ་འགགས་པར་ཟང་ཐལ༔ ཕྱི་ནས་མ་འགགས་ཏེ་ཟང་ཐལ་བ་འདི་སྤྲུལ་སྐུའི་དཔེ་རང་ལ་གནས་པར་བསྟན་པ་ཡིན་ནོ༔ དེ་ནི་ལོངས་སྐུ་ཞིང་ཁམས་ཀྱི་ངོ་སྤྲོད་དོ། །ཉི་ཟེར་ལ་སྣོད་ཆུས་བཀང་བའམ་ཤེལ་དང་མེ་ལོང་ལ་སོགས་པ་བཞག་པའི་འོད་གྲིབ་མའི་ནང་ཀུན་ཏུ་འཆར་བར་བྱས་ཏེ། འོ་བུ་ཀུན་ཆོས་སྐུ་རང་ལ་གནས་ནས་རྩལ་འགག་མེད་དུ་འཆར་བའི་དཔེ་ཡིན་ཏེ༔ ཆུ་དང་ཉི་མས་ཕྱིན་པ་མེད་ཅིང་མ་གཡོས་བཞིན་དུ་འོད་གྲིབ་མར་ཤར༔ ཉི་མ་དང་ཆུ་གཉིས་གང་ཡང་མ་ཡིན་པ་ལ༔ དེ་ཉིད་ཀྱི་རྩལ་མ་ཡིན་པ་གཞན་གང་ཡང་མ་ཡིན་ནོ༔ དེ་ཡང་རྟེན་འབྲེལ་ཟབ་མོའི་རྐྱེན་ལས་བྱུང་སྟེ༔ དེ་བཞིན་དུ་རང་རིག་མངོན་སུམ་གྱི་སྣང་བ་ནམ་མཁར་ཤར་བ་ཡང༔ ཉི་མ་དང་ཆུ་གཉིས་བཞིན་དུ་ནམ་མཁས་ཆེད་དུ་བསྟན་པ་ཡང་མ་ཡིན༔ རང་རིག་གིས་ཡར་ཕྱིན་པ་ཡང་མ་ཡིན་ཏེ༔ གོང་གི་དཔེ་བཞིན་དུ་རང་རིག་གསལ་དྭངས་ཀྱི་འོད་གཏིང་གསལ་གྱི་གདངས་ཡུལ་ལ་ཤར་བ་ཡིན་ནོ༔ དཔེ་མན་ཤེལ་དྭངས་པ་ལ་ཁ་དོག་ལྔ་ལ་སོགས་གང་བསྟན་པ་ལྟར་འཆར་བ་བཞིན་དུ༔ ཤེལ་གྱིས་ཕྱིན་པའམ༔ ཁ་དོག་གིས་འོང་བ་ནི་མ་ཡིན་ཏེ༔ རྐྱེན་རྟེན་འབྲེལ་ཟབ་མོ་ལས་བྱུང་བ༔ དོན་རང་རིག་པའི་རྩལ་ཡིན་ནོ༔ དཔེ་དེ་བཞིན་དུ་མ་འགགས་པའི་རྩལ་ཆོས་ཉིད་ཀྱི་བར་དོར་ཡང༔ རང་རིག་མཆོང་གུར་སྨུག་པོའི་ནང་ན་གནས་པ་དེ་ལུས་རྒྱ་དང་བྲལ་བའི་ཚེ༔ སྒྲ་འོད་ཟེར་གསུམ་གྱིས་ཞིང་ཁམས་ཁྱབ་པར་འཆར་ཏེ༔ རིག་པས་ཕྱིན་པ་ཡང་མ་ཡིན༔ ཡུལ་སྣང་སྣ་ཚོགས་ཡེ་ཤེས་འོད་ཀྱི་ཕུང་པོ་སྒྲ་འོད་ཟེར་གསུམ་ལ་སོགས་པས་འོང་བ་ཡང་མ་ཡིན་ཏེ༔ དོན་ཆོས་སྐུ་སྟོང་པའི་རང་རྩལ༔ ཡེ་ཤེས་ལྔའི་རང་འོད་མ་འགགས་པའི་རྩལ་དུ་ཤར་བ་ཡིན་པས༔ དེ་ཉིད་སྔར་འདྲིས་ཀྱི་མི་དང་འཕྲད་པའམ༔ སྐྱེས་བུས་དོན་གྲུབ་པ་ལྟར་དུ་རང་རིག་ཏུ་ངོ་ཤེས་པ་ཙམ་གྱིས༔ ཐེ་ཚོམ་གྱི་སྒྲོ་འདོགས་ཆོད༔ གཉིས་འཛིན་གྱི་མཚང་རིག༔ རང་སྣང་དུ་ཐག་ཆོད༔ འཁྲུལ་པ་རང་སེམས་སུ་ཤེས་པས་ལྟས་ངན་གཡང་དུ་ཁུག་ནས༔ དུས་དེ་ཉིད་དུ་གྲོལ་བར་འགྱུར་ལ༔ ད་ལྟ་ཉམས་ལེན་ལ་བརྩོན་ན་བར་དོ་མེད་པར་འོད་གསལ་དང་པོའམ༔ རབ་ཟག་མེད་དུ་འཚང་རྒྱ་བར་འགྱུར་རོ༔ ཞེས་ནུས་ན་དེ་དག་གི་དོན་བཀྲོལ་ལ་རྒྱ་ཆེར་ངོ་སྤྲད་ལ་ཐེབས་པར་གདབ་བོ།། །། ༼བཀའ་ལུང་སྒོས་དབང་བྱས་མིན་གང་ལྟར་ཡང་།མཆན།༽་་་དེ་ནས་བླ་མས་མེ་ཏོག་འཐོར་ཞིང་། ཧོ༔ འགྲུབ་པར་གྱུར་ཅིག༔ སྨིན་པར་གྱུར་ཅིག༔ ཡོངས་རྫོགས་དམ་པ་ཐོབ་པར་གྱུར་ཅིག༔ ཅེས་ལན་གསུམ་བརྗོད་དོ། །དེ་ནས་བུམ་ཆུའི་ལྷག་མ་དང་བདུད་རྩི་བསྲེས་ཏེ་ལྕེ་ལ་བཞག །ཕྲེང་བ་དང་རྡོ་རྗེ་སྤྱི་བོར་བཞག་ལ། ཧོ༔ བླ་མེད་བཀའ་གསང་སྙིང་པོའི་དབང༔ འདི་འདྲའི་ངོ་མཚར་རྨད་བྱུང་དབང༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ ཚིག་ཙམ་ཟག་ཏུ་མི་རུང་ངོ༔ དམ་ཚིག་ཉམས་ན་ན་ར་ཀན༔ སྐལ་པར་ཐར་བའི་དུས་མེད་དོ༔ དེ་ལ་དམ་ཚིག་གི་རིམ་པ་རྩ་བ་སྐུ་གསུང་ཐུགས་དང་ཡན་ལག་ཉི་ཤུ་རྩ་ལྔ། དེ་ལས་གྱེས་པའི་ས་མ་ཡ་འབུམ་སྡེ་རྣམས་སུ་བཤད་ཀྱང་། ཀློང་གསལ་ལས། སྐུ་གསུང་ཐུགས་ཀྱི་དམ་ཚིག་ཏུ། །དམ་ཚིག་ཐམས་ཅད་འདུས་པར་བཤད། །ཅེས་འབྱུང་བས་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལེགས་པར་བསྲུངས་ན་གཞན་ཐམས་ཅད་འདུས་པ་ཡིན་ཞིང་། སྨིན་བྱེད་དབང་གི་སྡོམ་པ་རྒྱུད་ལ་གནས་པར་བྱེད་པ་ལ་དམ་ཚིག་སྲོག་བཞིན་བསྲུང་དགོས་པས་དེ་ལྟར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ། ལུས་འབུལ་དགེ་བསྔོ་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྱེས་སོ།། ༈ །།གསུམ་པ་རྗེས་ཀྱི་རིམ་པ་ལས། ཚོགས་ཀྱི་ཡོ་བྱད་ཅི་འབྱོར་བཤམས་ལ། ཧཱུྃ༔ རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས༔ ཆོས་རྣམས་སྒྱུ་མར་རིག་པའི་ཕྱིར༔ དངོས་དང་དངོས་འཛིན་བག་ཆགས་རྣམས༔ འབྱུང་བ་མེ་ཆུ་རླུང་གསུམ་གྱིས༔ བག་ཆགས་བསྲེག་སྦྱང་གཏོར་བའི་ཕྱིར༔ རཾ་ཡཾ་ཁཾ་ལས་འོད་འཕྲོས་པས༔ མེ་ཡིས་བསྲེག་དང་ཆུ་ཡིས་བཤལ༔ རླུང་གིས་གཏོར་བས་ཐམས་ཅད་དག༔ རཾ་ཡཾ་ཁཾ༔ ལན་གསུམ། ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཡི་གེ་གསུམ་དང་ལྔ་པ་ཚོགས་ཀྱི་ནང་དུ་འཕྲོས་པས་ཚོགས་ཡེ་ཤེས་ཀྱི་བདུད་རྩིར་ཞུ་བར་བསམ་ཞིང༔ ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་ཡེ་ཤེས་རང་བཞིན་ལས༔ ཞལ་ཟས་ཚོགས་ཀྱི་དངོས་པོ་ཡི་གེ་ཨོཾ༔ ཨོཾ་དཀར་སྒྲ་དང་བཅས་པ་ཡིས༔ ཚོགས་ཀྱང་ཡེ་ཤེས་བདུད་རྩིར་ཞུ༔ ཆོས་དབྱིངས་ཡེ་ཤེས་དཀྱིལ་འཁོར་འདིར༔ རྣམ་སྣང་ཡབ་ཡུམ་འཁོར་བཅས་གཤེགས༔ མེ་ལོང་ཡེ་ཤེས་རང་བཞིན་ལས༔ ཞལ་ཟས་ཚོགས་ཀྱི་དངོས་པོ་ཡི་གེ་ཧཱུྃ༔ ཧཱུྃ་སྔོན་སྒྲ་དང་བཅས་པ་ཡིས༔ ཚོགས་ཀྱང་ཡེ་ཤེས་བདུད་རྩིར་ཞུ༔ མེ་ལོང་ཡེ་ཤེས་དཀྱིལ་འཁོར་འདིར༔ མི་བསྐྱོད་ཡབ་ཡུམ་འཁོར་བཅས་གཤེགས༔ མཉམ་ཉིད་ཡེ་ཤེས་རང་བཞིན་ལས༔ ཞལ་ཟས་ཚོགས་ཀྱི་དངོས་པོ་ཡི་གེ་ཏྲཱཾ༔ ཏྲཱཾ་སེར་སྒྲ་དང་བཅས་པ་ཡིས༔ ཚོགས་ཀྱང་ཡེ་ཤེས་བདུད་རྩིར་ཞུ༔ མཉམ་ཉིད་ཡེ་ཤེས་དཀྱིལ་འཁོར་འདིར༔ རིན་འབྱུང་ཡབ་ཡུམ་འཁོར་བཅས་གཤེགས༔ སོར་རྟོག་ཡེ་ཤེས་རང་བཞིན་ལས༔ ཞལ་ཟས་ཚོགས་ཀྱི་དངོས་པོ་ཡི་གེ་ཧྲཱི༔ ཧྲཱིཿདམར་སྒྲ་དང་བཅས་པ་ཡིས༔ ཚོགས་ཀྱང་ཡེ་ཤེས་བདུད་རྩིར་ཞུ༔ སོར་རྟོག་ཡེ་ཤེས་དཀྱིལ་འཁོར་འདིར༔ སྣང་མཐའ་ཡབ་ཡུམ་འཁོར་བཅས་གཤེགས༔ ནན་ཏན་ཡེ་ཤེས་རང་བཞིན་ལས༔ ཞལ་ཟས་ཚོགས་ཀྱི་དངོས་པོ་ཡི་གེ་ཨཱ༔ ཨཱ་ལྗང་སྒྲ་དང་བཅས་པ་ཡིས༔ ཚོགས་ཀྱང་ཡེ་ཤེས་བདུད་རྩིར་ཞུ༔ བྱ་གྲུབ་ཡེ་ཤེས་དཀྱིལ་འཁོར་འདིར༔ དོན་གྲུབ་ཡབ་ཡུམ་འཁོར་བཅས་གཤེགས༔ བླ་མ་ཀུན་བཟང་ཡབ་ཡུམ་དང༔ རིག་འཛིན་ཡབ་ཡུམ་བརྒྱུད་པར་བཅས༔ ཨོ་རྒྱན་པདྨ་ཡབ་ཡུམ་དང༔ སངས་རྒྱས་བྱང་སེམས་ཡི་དམ་ལྷ༔ ཞི་ཁྲོ་ཁྲག་འཐུང་ཌཱ་ཀིའི་ཚོགས༔ ཆོས་སྐྱོང་ལྷ་སྲིན་འཁོར་དང་བཅས༔ གཞི་བདག་དཀར་ཕྱོགས་ཐེག་ཆེན་རིགས༔ ཐམས་ཅད་ཡབ་ཡུམ་འཁོར་དང་བཅས༔ ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཞེས་བྱིན་གྱིས་བརླབས་ཤིང་ཡུལ་སྤྱན་དྲངས་པའོ༔ དེ་ནས་ཚོགས་མཆོད་ཅིང་བསྟབ་པ་དང་བཤགས་ཤིང་དངོས་གྲུབ་ཞུ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཀུན་བཟང་ཡབ་ཡུམ་ཆོས་ཀྱི་སྐུ༔ ལོངས་སྐུ་ཞི་ཁྲོ་རབ་འབྱམས་ཚོགས༔ སྤྲུལ་སྐུ་རིག་འཛིན་མཁའ་སྤྱོད་བཞུགས༔ ཚོགས་ཀྱི་མཆོད་འབུལ་དངོས་གྲུབ་ཞུ༔ ཐུགས་དམ་གཉན་སྐོང་ཉམས་པ་བཤགས༔ མཆོག་དང་ཐུན་མོང་དངོས་གྲུབ་ཞུ༔ རྐྱེན་ངན་བར་ཆད་ཟློག་ཏུ་གསོལ༔ རིགས་ལྔ་ཡབ་ཡུམ་ཡི་དམ་ཚོགས༔ ཌཱ་ཀི་དཔའ་བོ་དམ་ཅན་རྣམས༔ རྒྱལ་ཆེན་རིགས་བཞི་ཕྱོགས་སྐྱོང་བཅུ༔ སྣང་སྲིད་ལྷ་སྲིན་བརྟན་མར་བཅས༔ ཡུལ་ལྷ་གཞི་བདག་དཀར་ཕྱོགས་རྣམས༔ ཚོགས་ཀྱི་མཆོད་འབུལ་དངོས་གྲུབ་ཞུ༔ ཐུགས་དམ་གཉན་སྐོང་ཉམས་ཆག་བཤགས༔ མཆོག་དང་ཐུན་མོང་དངོས་གྲུབ་ཞུ༔ རྐྱེན་ངན་བར་ཆད་ཟློག་ཏུ་གསོལ༔ ཞེས་དང་། སྔགས་མཆོད་གོང་གསལ་གཏོར་འབུལ་སྐབས་ལྟར་ལ། ཨི་དཾ་བ་ལིཾ་སོགས་ཀྱི་མལ་དུ། ག་ཎ་ཙཀྲ་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མ་ཧཱ་སུ་ར་ཁཱ་ཧི༔ མ་ཧཱ་མཱཾ་ས་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་ཙིཏྟ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ཁཱ་ཧི༔ མ་ཧཱ་བ་ལིན་ཏ་ཁཱ་ཧིཿ སི་ཏི་ཧཱུྃ༔ ཞེས་རོལ་མོ་དང་བཅས་པས་འབུལ། དེ་ནས་རྣལ་འབྱོར་པ་རྣམས་དགོངས་པ་དང་ལྡན་པས་ཚོགས་ལ་རོལ་ཞིང་རྡོ་རྗེའི་གླུ་སོགས་བྱ། རྗེས་ལྷག་མ་བསྡུས་སློབ་དཔོན་གྱིས་ཁ་ཕྲུ་བཏབ་ནས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པ་ནམ་མཁའ་གང་བར་གྱུར། ཨེ་ཨཱ་རལ་ལི་ཧྲིཾ་ཧྲིཾ་ཛཿ ཞེས་པས་ལྷག་སྡུད་ཀྱི་ཕོ་ཉའི་ཚོགས་རྣམས་དམ་ཚིག་གི་གནས་སུ་བྱོན་པ་ལ་མེ་ཏོག་ལ་སོགས་པས་མཆོད་ནས། ཧཱུྃ༔ སྔོན་ཚེ་ཞལ་བཞེས་དམ་བཅས་བཞིན༔ དཀྱིལ་འཁོར་ཆེན་པོའི་ཕྱི་ཉུལ་བའི༔ ལྷག་གཏོར་དབང་བའི་སྲུང་མ་རྣམས༔ འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཞེས་ཕྱི་རོལ་དུ་དོར། རྗེས་མཆོད་པ་བྱིན་བརླབས་ལ་མཆོད་བསྟོད་རྒྱས་བསྡུས་གང་འགྲུབ་བྱ་ཞིང་འདོད་པའི་དོན་ལ་གསོལ་བ་གདབ། ཡིག་བརྒྱ་བརྗོད་ཅིང་ནོངས་པ་བཤགས། རས་བྲིས་ཡིན་ན་མདུན་བསྐྱེད་བརྟན་བཞུགས་དང་། ཚོམ་བུ་ལ་གཤེགས་གསོལ་ལམ་དེའང་རྟེན་ལ་དམིགས་ནས་བརྟན་བཞུགས་བྱས་ནའང་ཆོག །བདག་བསྐྱེད་ཀ་དག་གི་ཀློང་དུ་འཇོག་ཅིང་རྗེས་སྣང་སྲིད་གཞིར་བཞེངས་ཀྱི་དགོངས་ཉམས་བསྐྱང་། ཐེག་ཆེན་བསྔོ་སྨོན་ཐུན་མོང་མ་ཡིན་པ། མཐའ་ཡས་ཐེག་པ་ལ་སོགས་པ་གདབ་ཅིང་བཀྲ་ཤིས་ཀྱི་ཚིགས་སུ་གཅད་པ་རྒྱ་ཆེར་བརྗོད་དོ། །ཚུལ་འདིར་སྔོན་ཆད་ཆོག་ཁྲིགས་དང་ཟིན་བྲིས་ཙམ་ཡང་མཐོང་ཐོས་སུ་མ་གྱུར་ཅིང་གཏེར་གཞུང་མ་བུ་བསྡེབ་དགོས་མང་བ་དང་། རིགས་ལྔའི་ཕྲིན་ལས་གཞན་ནས་ཁ་བསྐང་དགོས་པ་ཙམ་ཡང་མ་རྟོགས་པར་གཟུ་ལུམ་རྒྱུན་འབྱམས་སུ་སོང་བས། རིགས་མཐུན་མཁའ་འགྲོ་སྙིང་ཐིག་སོགས་རང་གཞུང་གུང་བསྡེབས་ཚང་ལ་མ་འཁྲུལ་བའི་རྩིས་སུ་བྱས་ཀྱང་སོ་སྐྱེའི་ལོག་རྟོག་གི་དྲི་མར་གང་གྱུར་རྩ་བ་གསུམ་གྱི་སྤྱན་སྔར་སྙིང་ནས་བཟོད་པར་གསོལ་ལོ། །ཀུན་བཟང་ཐུགས་ཀྱི་བསྟན་པའི་གདུལ་བྱ་རྣམས། །ལྷུན་གྲུབ་འོད་ཀྱི་གོང་བུར་དེངས་བྱེད་པ། །རྩོལ་བྲལ་འབྲས་བུའི་ཐེག་པའི་ཡང་ཞུན་འདི། །རིག་འཛིན་རྒྱལ་བ་མ་ལུས་གཤེགས་ཤུལ་ལགས། །གསང་བ་འབྱིན་སོགས་ནོངས་པས་མི་སྒྲིབ་པར། །གདོད་མའི་གྲོལ་སར་གཞོན་ནུ་བུམ་པ་སྐུར། །མངོན་བྱང་ཆུབ་སྟེ་འཁོར་བའི་འཁྲུལ་འཁོར་ཀུན། །ཐིག་ལེ་སྟོང་པའི་དབྱིངས་སུ་ཟློག་བྱེད་ཤོག །ཅེས་པའང་ཀུན་བཟང་བཀའ་བརྒྱུད་ལ་མོས་པ་ལྷུར་ལེན་པའི་རྩིས་བྲལ་གྱི་ཛོ་གི་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་མགུལ། སྒྲུབ་གནས་ཀྱི་རྒྱལ་པོ་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
ཞིང་སྒྲུབ་ཟིན་བྲིས་ཀྱི་ལྷན་ཐབས་ཉུང་བསྡུས་ (Volume 21, Text 9)
༄༅། །ཞིང་སྒྲུབ་ཟིན་བྲིས་ཀྱི་ལྷན་ཐབས་ཉུང་བསྡུས་བཞུགས་སོ། ། ན་མོ་ཨ་མི་ཏ་བྷཱ་ཡ། ཞིང་སྒྲུབ་བསྙེན་པ་སོགས་ཀྱི་སྟ་གོན་རྒྱས་འབྲིང་བསྡུས་གསུམ་སོགས་ནི་ཟིན་བྲིས་ལྟར་ལ། ༈ རང་གཞན་གཤིན་དོན་སྟ་གོན་རྒྱས་འབྲིང་བསྡུས་གསུམ་ལ། རྒྱས་པ་ནི་ཞིང་བཀོད་ཞལ་ཐང་བཤམས་པའི་མདུན། མཆོད་སྟེགས་སྟེང་དུ་འབྲུའི་ཚོམ་བུ་འདབ་བརྒྱད་ཀྱི་དབུས་སུ་སྐུ་གཟུགས་བཞག །གཡས་སུ་རྣམ་རྒྱལ་བུམ་པ་རྫས་ལྡན་ཁ་རྒྱན་གང་འཛོམ། གཡོན་དུ་ལས་བུམ། མདུན་དུ་ཟླུམ་གཏོར་རྒྱན་ལྡན། དེ་མདུན་སྨན་རཀ་གཏོར་གསུམ་དང་ཞིང་སྐྱོང་གཏོར་མ། བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་འབུར་མའམ་ནི་ཙཀ་ལི་ཉེར་སྤྱོད་ཀྱི་གོང་ནས་ཕྲེད་བཀྲམ་མམ་འཛུགས་པ་གང་བདེས་མཛེས་པར་བརྒྱན། དེ་མཐར་མཆོད་པ་སྣ་བདུན་བཤམ། ༈ འབྲིང་པོ་ཟླུམ་གཏོར་རྩེ་ལ་འོད་དཔག་ཙཀ་ལི་བཙུགས། བུམ་པ་གཉིས་དང་སྨན་རག་གཏོར་གསུམ། མཆོད་པ་སྣ་བདུན་བཤམས་པས་འཐུས། ༈ བསྡུས་པ་མདུན་བསྐྱེད་རྟེན་རིན་པོ་ཆེའི་སྣོད་འབྲུས་བཀང་སྟེང་རྡོ་རྗེ་བཞག །བུམ་པ་གཏོར་མ་གང་འཛོམ་བཤམ། ཐོག་མར་སྔོན་འགྲོ་ནི་ཅོག་རྡོག་བཤམས་ལ། རིན་ཆེན་སྣོད་དུ་སོགས་ཁཱ་ཧི་གསུམ་ནས་གཙྪ་གཙྪ་ཡིས་ཕྱི་རོལ་དོར། ན་མོ༔ དཀོན་མཆོག་གསུམ་སོགས་འོད་དཔག་ལས་བྱང་ཚང་བར་བསྙེན་པའི་མཚམས་བར་འདོན་ནས། རང་ཉིད་སེམས་དཔའ་འཇིག་རྟེན་དབང་ཕྱུག་དཀར། །ཞལ་གཅིག་ཕྱག་བཞིའི་དང་པོ་ཐལ་སྦྱར་དང། །འོག་མས་ཤེལ་ཕྲེང་དང་ནི་པད་དཀར་འཛིན། །ཐོར་ཚུགས་དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །སྐུ་སྨད་པདྨའི་ནང་ནུབ་སྐྱིལ་ཀྲུང་བཞུགས། །ཐུགས་ཀར་མདུན་དུ་བསྐྱེད་པ་ལྟ་བུ་ཡི། །འོད་དཔག་མེད་པ་གཙོ་འཁོར་གསུམ་པོ་དང་། །བདེ་ཆེན་ཞིང་བཀོད་ཡོངས་སུ་རྫོགས་པར་གསལ། །གཙོ་བོའི་ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་མཐར། །ཨ་མི་དྷེ་ཝའི་སྔགས་ཕྲེང་གཡས་སུ་འཁོར། །དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ། །མཛོད་སྤུ་ནས་ཐོན་ནམ་མཁའ་ཁྱབ་པར་འཕྲོས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་མཆོད། །རྒྱལ་བའི་བྱིན་རླབས་བསྡུས་ནས་རང་ལ་ཐིམ། །འགྲོ་བ་སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྦྱངས། །བདེ་བ་ཅན་དུ་སྐྱེ་བའི་སྐལ་ལྡན་གྱུར། །ཡུལ་ཕྱོགས་ཕྱི་སྣོད་བདེ་ཆེན་ཞིང་དུ་གྱུར། །ནང་བཅུད་སེམས་ཅན་འོད་དཔག་མེད་པའི་སྐུ །ཡབ་ཡུམ་སྲས་དང་སེམས་དཔའ་སེམས་མ་དང་། །སངས་རྒྱས་བྱང་སེམས་འཕགས་པའི་དགེ་འདུན་གྱུར། །སྔགས་སྒྲ་སྒྲོག་པས་འཁོར་བ་དོང་ནས་སྤྲུགས། །གཟུགས་ཅན་གཟུགས་མེད་སེམས་ཅན་ཐམས་ཅད་ཀུན། །འོད་དཔག་མེད་པའི་གོ་འཕང་ཐོབ་པར་གྱུར། །ཨོཾ་ཨ་མི་དྷེ་ཝ་ཧྲཱི༔ བརྒྱའམ་ཅི་མང་བཟླའོ། །རང་གི་ཐུགས་ཀའི་སྔགས་ཕྲེང་འོད་ཟེར་ལས། །ཧྲཱིཿཡིག་དམར་པོ་བྱེ་རུའི་ཕྲེང་བ་ལྟར། །ཞལ་ནས་ཐོན་ཅིང་མདུན་བསྐྱེད་ཞལ་དུ་ཞུགས། །ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་ཐུགས་རྒྱུད་བསྐུལ། །དེ་ལས་ཧྲཱིཿཡིག་དམར་པོའི་ཕྲེང་བ་བྱོན། །ལྟེ་བ་ནས་ཐོན་རང་གི་ལྟེ་བར་ཐིམ། །ཐུགས་ཀར་ཐིམ་པས་བྱིན་རླབས་དངོས་གྲུབ་ཐོབ། །མགལ་མེའི་འཁོར་ལོ་བཞིན་དུ་འཁོར་བ་ལས། །བར་དུ་འཁོར་ཚེ་འོད་ཟེར་སྣ་ཚོགས་པ། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་དུ་འཕྲོས། །སངས་རྒྱས་འོད་དཔག་མེད་པའི་སྐུ་ལ་ཐིམ། །སྐུ་གསུང་ཐུགས་རྒྱུད་མཉེས་པའི་མཆོད་པར་གྱུར། །སྐུ་ལས་འོད་དཔག་མེད་པའི་སྐུ་ཆེ་ཕྲ། །གསུང་ལས་སྔགས་ཕྲེང་ཧྲཱིཿཡིག་དམར་པོ་དང་། །ཐུགས་ལས་རྡོ་རྗེ་དམར་པོ་རྩེ་ལྔ་པ། ཁ་བ་བུ་ཡུག་འཚུབས་པ་བཞིན་དུ་བྱོན། །བདག་མདུན་རྣམས་ལ་སིབ་སིབ་ཐིམ་པར་གྱུར། །ཧྲཱི༔བརྒྱ་རྩའམ་ཅི་མང་བཟླའོ། །དེ་ནས་བདག་མདུན་བུམ་པ་གཉིས་ལ། མདུན་བསྐྱེད་བུམ་བསྐྱེད་ཐུགས་ཀ་རུ། །ཟླ་སྟེང་ཧྲཱིཿདམར་གཟུངས་ཀྱིས་བསྐོར། །རང་གི་ཐུགས་ཀའི་སྔགས་ཕྲེང་འཕྲོས། །མདུན་བསྐྱེད་ཞལ་ཞུགས་ཐུགས་རྒྱུད་བསྐུལ། །གཟུངས་སྔགས་གཡས་སུ་འཁོར་བ་ལས། །འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། །སྦྱིན་བདག་ཐོག་དྲངས་འགྲོ་ཀུན་གྱི། །སྡིག་སྒྲིབ་ཉེས་ལྟུང་བག་ཆགས་ཀུན། །བ་མོར་ཉི་ཟེར་ཕོག་ལྟར་དག །བུམ་ལྷའི་སྐུ་ལས་བདུད་རྩི་བབ། །བུམ་པ་བདུད་རྩིས་གང་བར་གྱུར། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ། ཨ་མི་ཏ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཨ་མི་ཏེ། ཨ་མི་ཏོདྦྷ་ཝེ། ཨ་མི་ཏ་སཾ་བྷ་ཝེ། ཨ་མི་ཏ་བི་ཀྲཱནྟེ། ཨ་མི་ཏ་གཱ་མི་ནཱི། ག་ག་ན་ཀཱིརྟི་ཀ་རེ་སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཞེས་གཟུངས་རིང་ཅི་མང་བཟླ། ལས་བུམ་ལ། ལས་བུམ་ནང་དུ་རྟ་མགྲིན་དམར། །ཐོད་དབྱུག་ཞགས་འཛིན་འདོར་ཐབས་བཞུགས། །སྐུ་ལས་བདུད་རྩིའི་རྒྱུན་བབས་པས། །བུམ་པ་བདུད་རྩིས་གང་བར་གྱུར། །ཨོཾ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊཿ ཉེར་གཅིག་བདུན་སོགས་བཟླའོ། །དེ་ནས་བདེ་སྨོན་རྒྱས་པའམ། ཤེས་བྱ་མའམ། ཕྱོགས་དུས་རྒྱལ་བའམ། བཟང་སྤྱོད་བཅས་ཐམས་ཅད་ཚར་ན་དང་། མ་ཚར་ན་འདོན་རེས་བྱ། དེ་ལྟ་བུའི་ཆོ་ག་བསྡུས་པ་ཚར་གཅིག་ལས་རུང་ཙམ་ལས། གཞུང་རྐྱང་ནི་རང་དོན་ཐུགས་དམ་ཡིན་ཞིང་། གཞན་དོན་ལ་བདག་མདུན་བུམ་གསུམ་ཚང་མ་དང་། བདེ་སྨོན་རྣམས་མ་ཚང་ན་མི་རུང་། གཞུང་ཚེ་འགུགས་དང་སྔགས་སོགས་དོ་ནུབ་ཚར་གཅིག །གཤིན་དོན་ལ་ནི་མི་དགོས། དེ་ཡང་གསོན་པོའི་རིམ་གྲོ་ལ་ཚེ་ཆོག་བྱེད་ན་ཚེ་གཟུངས་དང་དབང་རྫས་དབང་ལྟར་ལས་བདེ་སྨོན་མ་ཐོན་ན་མི་དགོས་སོ། །སརྦ་མངྒ་ལཾ།། །།
ཕུར་སྲུང་གི་གསོལ་མཆོད་རྒྱུན་ཁྱེར་ (Volume 32, Text 9)
ཕུར་སྲུང་གི་གསོལ་མཆོད་རྒྱུན་ཁྱེར་བཞུགས། བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷནྡྷའི་སྣོད་དུ་ཧཱུྃ་ཡིག་ཞུ་བ་ལས་བྱུང་བའི་གཏོར་མ་ཤ་ཁྲག་གི་ཕུང་པོ་འདོད་ཡོན་གྱི་རོལ་མོ་ཅིར་ཡང་འཆར་བ་ཟག་པ་མེད་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། སྙིང་གའི་ས་བོན་གྱི་འོད་ཀྱིས་བཀའ་སྐྱོང་འཁོར་དང་བཅས་པ་བཛྲ་ས་མ་ཡ་ཛཿ ས་མ་ཡ་ཧཱུྃ། བཛྲ་ཀཱི་ལ་ཡ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨི་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཨརྒྷཾ་སོགས། ཧཱུྃ། བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡི། །བཀའ་ཡི་སྲུང་མར་དམ་བཅས་ཤིང་། །དཀྱིལ་འཁོར་སྐྱོང་བའི་གཡར་དམ་ཅན། །ཤྭ་ན་བཞི་དང་བདག་ཉིད་མ། །ས་བདག་ཆེན་མོ་མཆེད་བཞི་དང་། །བསེ་ལྕགས་དུང་གི་སྐྱེས་བུ་བཞི། །དམ་ཅན་སྲུང་མ་འཁོར་བཅས་རྣམས། །འདིར་གཤེགས་མཐུན་རྫས་མཆོད་གཏོར་བཞེས། །འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་སྤེལ། །རྣམ་བཞིའི་ཕྲིན་ལས་སྒྲུབ་པར་མཛོད། །སརྦ་གཙྪཿ མཉམ་ཉིད་ཆོས་དབང་གི་བསྐུལ་ངོར་དྷརྨ་སྭ་མིས་སྤེལ།།
དཔལ་རྡོ་རྗེ་བདུད་རྩིའི་ཕྲིན་ལས་ཀྱི་ཁ་སྐོང་ལས་བཞི་མཆོག་ལྔའི་སྦྱིན་སྲེག་གི་ཆོ་ག་གྲུབ་གཉིས་འོད་ཟེར་འཁྱིལ་བ་ (Volume 30, Text 9)
ྈ དཔལ་རྡོ་རྗེ་བདུད་རྩིའི་ཕྲིན་ལས་ཀྱི་ཁ་སྐོང་ལས་བཞི་མཆོག་ལྔའི་སྦྱིན་སྲེག་གི་ཆོ་ག་གྲུབ་གཉིས་འོད་ཟེར་འཁྱིལ་བ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲཱམྲྀཏ་ཡ། རྡོ་རྗེ་ཉི་མའི་སྣང་བ་རབ་འབར་བས། །ཡིད་སྲུབས་ཚང་ཚིང་ཀུན་སྲེག་ཕན་བདེའི་གཞིར། །གྲུབ་གཉིས་འབྲས་བཟང་ཅིར་ཡང་སྨིན་མཛད་པ། །འདོད་རྒུའི་དཔལ་འབྱུང་དེ་ཡིས་རྟག་ཏུ་སྐྱོངས། །བསྙེན་དང་སྒྲུབ་པའི་ཁ་སྐོང་ཞིང་། །ལས་ཀུན་ནུས་པའི་རྩལ་འབྱིན་པ། །སྲེག་བླུག་ཆོ་གའི་ལག་ལེན་ནི། །རང་གཞུང་དགོངས་པ་ཇི་བཞིན་དགོད། །དཔལ་རྡོ་རྗེ་བདུད་རྩི་ལས་ཐམས་ཅད་རབ་ཏུ་སྒྲུབ་པ་འབར་བ་ཆེན་པོའི་ཏིང་ངེ་འཛིན་གྱི་རིམ་པར་ཕྱེ་བ་ལས། ཞི་བ་དང་ནི་རྒྱས་པ་དང༔ དབང་དང་མངོན་སྤྱོད་མཆོག་གི་ལས༔ ཐམས་ཅད་མེ་ཡིས་བྱེད་པ་སྟེ༔ སོ་སོའི་རིགས་ཀྱིས་བསྒྲུབ་པར་བྱ༔ ཞེས་ལས་བདེ་བླག་ཏུ་སྒྲུབ་པའི་སྦྱིན་སྲེག་གི་རྣམ་གྲངས་ལྔ་བསྟན་ཅིང་། ལས་སོ་སོར་བསྔགས་པའི་རིགས་ཀྱི་ལྷའང་། བདུད་རྩི་འཁྱིལ་པས་ཞི་བ་ཉིད༔ བདུད་རྩི་ཁྲག་འཐུང་རྒྱས་པར་བརྟག༔ བདུད་རྩི་མཱ་ཀཱིས་དབང་བྱེད་དེ༔ བདུད་རྩི་ཧཱུྃ་གིས་བགེགས་ཀུན་སྲེག༔ རྡོ་རྗེ་བདུད་རྩི་བདེ་བ་ཆེས༔ མཆོག་གི་ཡེ་ཤེས་རྒྱས་པར་འགྱུར༔ ཞེས་གསུངས་པའི་དོན་ལག་ཏུ་ལེན་པའི་ཚུལ་ལ། ཐོག་མར་གང་དུ་བྱ་བའི་ས་དེར་གར་གྱིས་སྦྱོང་བར་གསུངས་པ་སོགས་དཀྱུས་ལ་མི་འགྲུབ་པས་དཀར་གཏོར་དང་གསེར་སྐྱེམས་བཤམ། གཞི་གནས་ཀྱི་བདག་པོ་ལ་བསྔོས་ཏེ་ཕྲིན་ལས་བཅོལ། རྡོ་རྗེ་བདུད་རྩིའི་གསལ་སྣང་དང་ང་རྒྱལ་བརྟན་པོས་ལག་གཡས་རྡོ་རྗེ་དང་བཅས་པ་ས་ལ་བཞག་སྟེ་ཞི་དྲག་གི་སྙིང་པོ་བརྒྱ་རྩ་བཟླ་ཞིང་བདུད་རྩི་མ་ད་ན་འཐོར་བས་ཀུན་རྫོབ་དང་། སྭཱ་བྷཱ་བའི་སྔགས་བརྗོད་ལ་ཐམས་ཅད་སྟོང་ཉིད་དུ་བསྒོམ་པ་དོན་དམ་གྱི་སྦྱང་བ་བྱ་བ་ནི་ལས་ལྔ་ཀའི་སྔོན་དུ་འགྲོ་བའོ། །སྲེག་བླུགས་དངོས་ལ་རྣམ་གྲངས་ལྔ་ཡོད་པའི་དང་པོ་ཞི་བའི་སྦྱིན་སྲེག་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལའང་གཉིས། གཤོམ་དང་ཆོ་གའི་སྦྱོར་བའོ། །དང་པོ་ལ། ཐབ་ཁུང་ནི་བཀྲ་ཤིས་པའི་ས་དཀར་ཞིང་འཇམ་པ་ལས་སྟེགས་བུ་ཟླུམ་པོ་ཁྲུ་གང་པ་བྱས་ལ་ཚངས་ཟུར་གྱི་ཐིག་གདབ། ལྟེ་བ་ཟླུམ་པོ་མཐོ་གང་བ་ལ་པདྨ་འདབ་བརྒྱད་ལྟེ་བར་རྡོ་རྗེས་མཚན་པ། དེ་རྒྱབ་ཁ་ཁྱེར་དང་མུ་རན་ལ་སོར་བཞི་རེ་རྡོ་རྗེའི་ཕྲེང་བ་དང་བཅས་པའི་ཕྱིའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། ཁ་དོག་ཐམས་ཅད་དཀར་པོ་ཁོ་ན་བྱས་པའི་ཕྱི་རོལ་བ་བྱུང་བདུད་རྩི་ལྔ་དང་དྲི་བཟང་གིས་བྱུག །མེ་ཏོག་དཀར་པོ་བཀྲམ། བུད་ཤིང་འོ་མ་ཅན་གྱི་ཤིང་ཚེར་མ་དང་སྲོག་ཆགས་མེད་པ་ཁ་ཁྱེར་སྟེང་ན་ཟླུམ་པོ་ཇི་ལྟར་འཚམ་པ་བརྩིག །སློབ་དཔོན་གྱི་གཡོན་ཕྱོགས་སུ་མཆོད་རྫས་ཉེར་སྤྱོད་ལྔ། སྨན་རཀ །གཏོར་འབུལ་དཀར་ཟླུམ་རྣམས་འདས་མ་འདས་ཀྱི་དབྱེ་བས་ཆ་གཉིས། གཡས་ཕྱོགས་སུ་བསྲེག་རྫས་བུད་ཤིང་གི་རྒྱུ་ལས་བྱས་པའི་ཡམ་ཤིང་སོར་བརྒྱད་པ། མར་ཁུ། ཏིལ། ཡུངས་དཀར། ཀུ་ཤ་དང་། འབྲུ་སྨན་དར་ཟབ་རིན་པོ་ཆེ་མེ་ཏོག་ཤིང་ཏོག་དཀར་ཞིང་འཇམ་པའི་རིགས་རྣམས་བཤམ། དེ་རྣམས་ཀྱི་སྣོད་ཀྱང་འབྱོར་ན་ལས་སོ་སོ་དང་མཐུན་པའི་དབྱིབས་དང་ཁ་དོག་ཅན་དགོས་པས་འདིར་དངུལ་སོགས་དཀར་པོ་ལས་གྲུབ་པའི་སྣོད་ཟླུམ་པོར་བཤམ་དགོས་པ་སོགས་ཕྱི་མ་རྣམས་ལ་འགྲེ །ཀུ་ཤའི་ཆུན་པོ་བཞིའམ་བརྒྱད། རྒྱ་གྲམ་གཅིག །མེ་དར་དཀར་པོ་སོགས་འདུ་བྱ། ཐོ་རངས་སོགས་སྔ་དྲོའི་དུས་སུ་སློབ་དཔོན་དར་དང་རིན་པོ་ཆེའི་རྒྱན་དཀར་པོས་བརྒྱན། འཇམ་པའི་སྟན་ལ་ཁ་ཤར་དུ་ཕྱོགས་པས་སེམས་སྐྱིལ་གྱིས་དྭངས་ཤིང་དུལ་བའི་སེམས་ཀྱིས་འཁོད་པའི་མདུན་དུ། རྡོར་དྲིལ། དགང་བླུགས། བསང་ཆུ། ནང་མཆོད་རྣམས་བཞག་གོ །གཉིས་པ་དངོས་གཞི་ལ། ཐོག་མར་བདག་གི་རྣལ་འབྱོར་རྡོ་རྗེ་བདུད་རྩི་རྩ་བའི་ཕྲིན་ལས་བཟླས་པ་དང་བཅས་པ། ཚོགས་བྱིན་རླབས། མཆོད་བཤགས་ཀྱི་བར་དུ་བཏང་ལ་སྦྱིན་སྲེག་སྐབས་སུ་འབུལ་རྒྱུའི་ཚོགས་ཕུད་གུད་དུ་བཅད། བསང་ཆུ་ལ་འཛོམ་ན་བདུད་རྩི་འཁྱིལ་བའི་བུམ་རྫས་སྒྲུབ་ཐེམས་གདབ། གཞུང་ལྟར་ཨོཾ་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ༔ སརྦ་བིགྷྣཱན་བནྡྷ་བནྡྷ་ཧ་ན་ཧ་ན་ད་ཧ་ད་ཧ་ཨུ་ཙཊྚཱ་ཡ་ཨུ་ཙཊྚཱ་ཡ་ཧཱུྃ་ཧཱུྃ་ཕཊ༔ ཅེས་ལས་སྔགས་ཉེར་གཅིག་ཙམ་གྱིས་བྱིན་བརླབ། དམ་ཚིག་གསུམ་གཟུང་བ་ནི། རྡོ་རྗེ་ཐུགས་ཀར་གཏོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་ས་མ་ཡ་ཧཱུྃཿ དྲིལ་བུ་འཁྲོལ་ཞིང་དཀུར་བརྟེན་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་གྷཎྜེ་ས་མ་ཡ་ཨཱཿ རྡོ་རྗེ་དྲིལ་བུ་ཐུགས་ཀར་འཁྱུད་རྒྱ་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ་མུ་དྲ་ས་མ་ཡ་ཨོཾཿ ཞེས་བརྗོད་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསུང་སྐུའི་བདག་ཉིད་ལས་ཀྱི་འཁོར་ལོས་བསྒྱུར་བའོ་སྙམ་པའི་སྙེམས་པ་བཟུང་། མཆོད་སྲེག་གི་རྫས་རྣམས། ཨོཾ་བཛྲ་ཨ་མྲྀཏ་ཧཱུྃ་ཕཊཿ ཀྱིས་བསང་། ཨོཾ་སྭཱ་བྷཱ་བ་བི་ཤུདྡྷོ྅་ཧཾ༔གིས་སྦྱང་། སྟོང་པའི་ངང་ལས་མཆོད་སྲེག་རྫས༔ སོ་སོའི་ས་བོན་་་ལས་བཞི་རིམ་པར་ཨོཾ་ཏྲཱཾ་ཧྲཱིཿཧཱུྃ་་་མཆན།ཡོངས་གྱུར་ལས༔ ལྷ་ཚོགས་མཉེས་ཤིང་ཚིམ་པ་དང༔ ལས་རྣམས་འགྲུབ་པའི་ནུས་ལྡན་གྱུར༔ ཨོཾ་སརྦ་པཱུ་ཛ་ཨཱ་ཧཱུྃ༔ བཛྲ་སྥ་ར་ཎ་ཁཾ༔ ཞེས་པས་མཆོད་རྫས་དང་། བསྲེག་རྫས། ཨོཾ་ཨོཾ་སྭཱ་ཧཱ༔ ཞེས་ལན་གསུམ་གྱིས་བརླབ། རྒྱུན་བཞག་གམ་བཀྲ་ཤིས་པའི་ཁྱིམ་ནས་བྱུང་བའི་མེ་བླངས་ལ། ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཛྭ་ལ་རཾ༔ ཞེས་པས་དུ་བ་མེད་པར་འབར་བའི་མེ་གཡས་སུ་བསྐོར་ནས་ཐབ་ཏུ་བཅུག །ཧཱུྃ་བརྗོད་ཅིང་རླུང་གཡབ་ཀྱིས་མེ་སྦར། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བླུགས་གཟར་གྱིས་མར་ཁུའི་ཐིགས་པས་གསོ། ཨོཾ་བཛྲ་སཏྭ་ཨཱཿ ཞེས་བཟླས་པའི་ཀུ་ཤ །ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ། ཞེས་ཐབ་ཀྱི་ཁར་གཡོན་ནས་བརྩམ་སྟེ་གཡས་སྐོར་དུ་དགྲམ། ཐབ་བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཞི་བའི་ཐབ་ཁུང་ཟླུམ་ཞིང་དཀར་བ་ཡེ་ཤེས་ཀྱི་མེ་ཕུང་འབར་ཞིང་འཁྱིལ་བའི་ཀློང་དུ་ པད་ཉི་དང་ར་སྐྱེས་ལ་གནས་པའི་ཞི་བའི་མེ་ལྷ་སྐུ་མདོག་དཀར་གསལ་ཞི་ཞིང་འཛུམ་པའི་ཉམས་ཅན༔ ཆུ་ཤེལ་གྱི་ཕྲེང་བ་དང་གུནྡྷེ་བསྣམས་པ་དྲང་སྲོང་གི་ཆ་བྱད་ཅན་གྱི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ༔ རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཤར་ལྷོ་མཚམས་ནས་ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས་པར་བསམ་ལ༔ དབྱུ་གུ་རྩེ་གསུམ་གྱི་ཕྱག་རྒྱ་རྣ་བའི་དྲུང་གཡོབ་ཅིང་། ཨོཾ༔ གཟི་བརྗིད་འབར་བ་མེ་ཡི་ལྷ༔ བསྲེག་བླུགས་ཞལ་ཟས་བཞེས་པ་དང༔ ཞི་བའི་ལས་ཀུན་སྒྲུབ་མཛད་ཕྱིར༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ ཨོཾ་སརྦ་དེ་བ་པཱུ་ཛ་མ་ཧཱ་ཏེ་ཛ་ཨགྣི་ཨེ་ཧྱེ་ཧི༔ ཞེས་པས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་དུ་བསྟིམ། ཀུ་ཤའི་ཆུན་པོ་ཐབ་ཏུ་འཕང་ལ། པདྨ་ཀ་མ་ལཱ་ཡ་སཏྭཾ་གྱིས་གདན་དབུལ། དགང་བླུགས་ཐོགས་ལ། ཧཱུྃ༔ ཐབས་ཤེས་གཟར་བུ་རཾ་གྱིས་མཚན༔ ལྷ་རྣམས་ལྗགས་སྟེང་ཧཱུྃ་ཡིག་ལས༔ བྱུང་བའི་འོད་ཀྱི་སྦུ་གུ་ཡིས༔ བསྲེག་རྫས་བདུད་རྩིའི་རྣམ་པར་དྲངས༔ མཉེས་ཤིང་འབར་བའི་འོད་ཟེར་གྱིས༔ ལས་ཀྱི་དངོས་གྲུབ་བསྩལ་བར་གྱུར༔ ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ ལན་བདུན་གྱིས་མར་ཁུས་བཀང་བའི་དགང་གཟར་འབུལ་ཞིང་། མེ་ལྷ་དྲང་སྲོང་འཁོར་དང་བཅས་པས་བདག་ཅག་གི་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ༔ ཨོཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དེ་འདྲ་སླར་ཡང་ལན་གཉིས་ཏེ་ཉེར་གཅིག་བྱོན་སྐྱེམས་སུ་ཕུལ་ལ་མེ་པྲ་བརྟག །ཨོཾ་ཨཱཿཧཱུྃ༔ དངོས་བཤམས་ཡིད་ལས་བྱུང་བ་ཡི༔ ལྷ་རྫས་རྨད་བྱུང་མཆོད་པའི་ཚོགས༔ མེ་ལྷ་འཁོར་དང་བཅས་ལ་འབུལ༔ ཞི་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨགྣེ་དེ་བ་ས་པ་རི་ཝཱ་ར་སརྦ་པཱུ་ཛ་ཧོ༔ ཞེས་མཆོད། ཨོཾ༔ གཟི་བརྗིད་ཆེན་པོ་མེ་ཡི་ལྷ༔ འབར་བའི་ཕྲེང་བ་རབ་སྤྲོ་བས༔ ལས་ཀྱི་དངོས་གྲུབ་མཆོག་སྩོལ་མཛད༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། དེ་ནས་ཡམས་ཤིང་ཐོགས་ལ། ཨོཾ་ཛྙཱ་ན་ཛྭ་ལ་བྲྀཀྵཱ་ཡ་སྭཱ་ཧཱ༔ གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཨོཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མར་ཁུ། ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཨོཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ༔ སྡིག་པ་ཐམས་ཅད་ཨོཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཡུངས་དཀར། ཨོཾ་སརྦ་ཨརྠ་སིདྡྷ་ཡ་སྭཱ་ཧཱ༔ བགེགས་དང་བར་དུ་གཅོད་པ་ཐམས་ཅད་ཨོཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མེ་ཏོག་དཀར་པོ་ཀུ་ཤ་སོགས་ཞི་རྫས་ཕྱོགས་གཅིག་ཏུ་བྱས་པ་ལ། ཨོཾ་ཨགྣེ་དེ་བ་རཱ་ཛ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་པ་རྣམས་གྲངས་ཉེར་གཅིག་སོགས་ཇི་ལྟར་རིགས་པ་ཕུལ་ལ་མཐར་དགང་བླུགས་སྐབས་ལྟར་ཕྲིན་ལས་གསོལ། གྲངས་རྫོགས་ནས་ཡུངས་དཀར་ཐབ་ཏུ་གཏོར་ཏེ། དྲང་སྲོང་ཆེན་པོ་འཁོར་དང་བཅས་པས་བསྲེག་རྫས་ལྷའི་ཞལ་དུ་སྟོབ་པ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ཏེ། བདག་གི་སྡིག་སྒྲིབ་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ༔ ཞེས་གསོལ། མར་བླུགས་གཟར་གང་ཕུལ་ལ། ཨོཾ་ཨགྣེ་ཡེ་ཛྭ་ལ་རཾ༔ གྱིས་མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ་མོ༔ འདས་པའི་མེ་ལྷ་མཆོད་པ་ནི། ཨོཾ་བཛྲ་ཨ་མྲྀཏ་ཧཱུྃ་ཕཊ༔ ཨོཾ་སྭཱ་བྷཱ་བ་བི་ཤུདྡྷོ྅་ཧཾ༔ སྟོང་པའི་ངང་ལས་ཐབ་ཀྱི་དབུས༔ པད་ཉིའི་གདན་ལ་ཧཱུྃ་དུད་ཁ༔ སོགས་གཏེར་གཞུང་རིམ་དབྱེ་གཉིས་པ་ལྟར་བདུད་རྩི་འཁྱིལ་བ་བསྐྱེད་ཅིང་སྤྱན་དྲང་། རྩ་བའི་ཕྲིན་ལས་ལྟར། ཧཱུྃ༔ རྡོ་རྗེ་དགའ་བ་རྣམ་པ་བཞིའི༔སོགས་ནས། རིགས་ལྔས་དབུར་བརྒྱན་གྱུར༔ ཅེས་བསྟིམས་ལ་དབང་བསྐུར་རྒྱས་གདབ། བྱོན་སྐྱེམས་ནི། དགང་བླུགས་ཐོགས་ལ། ཧཱུྃ༔ ཐབས་ཤེས་གཟར་བུ་སོགས་གོང་ལྟར་ལ་སྔགས། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ལན་བདུན་གྱིས་འགེངས། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཤོ་དྷ་ནེ་ཤོ་དྷ་ནེ་བི་ཤོ་དྷ་ནེ་ཧཱུྃ་སྭཱ་ཧཱ༔ རྡོ་རྗེ་བདུད་རྩི་འཁྱིལ་བས་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་དམ་ཚིག་ཆག་ཉམས་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ༔ ཨོཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་པས་འབུལ། སླར་ཡང་དེ་འདྲ་ལན་གཉིས་བསྐྱར་ལ། རྩ་བའི་ཕྲིན་ལས་ལྟར། ཧཱུྃ༔ རྡོ་རྗེ་རྐང་ལག་སོགས་ནས། རཀྟ་པི་པཱ་ཧོ༔ བར་གྱིས་ཕྱག་མཆོད་དང་། བསྟོད་པ་རང་གཞུང་ཤློ་ཀ་གཅིག་བྱ། ལྷ་ཉིད་ཞི་ཞིང་འཛུམ་པའི་ཉམས་ཅན་འོད་ཟེར་དཀར་པོ་དྭངས་ཤིང་བསིལ་བ་སྤྲོ་ཞིང་བསྡུ་བས་ཞི་བའི་ལས་རབ་འབྱམས་མཛད་པར་མོས༔ བསྲེག་རྫས་འབུལ་བ་ནི། ཨོཾ༔ ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཐབ་ཁུང་དུ༔ བཅོམ་ལྡན་རྡོ་རྗེ་བདུད་རྩི་འཁྱིལ་བ་ལ༔ མཉེས་བྱེད་རྫས་ཀྱི་མཆོད་པ་དམ་པ་འབུལ༔ རབ་འབྱམས་ཞི་བའི་ཕྲིན་ལས་ཡོངས་རྫོགས་མཛོད༔ ཅེས་གསོལ་ནས། གོང་གསལ་ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཤོ་དྷ་ནེ་ཤོ་དྷ་ནེ་བི་ཤོ་དྷ་ནེ་ཧཱུྃ་སྭཱ་ཧཱ༔འི་སྔགས་མཇུག་ཏུ། ཨོཾ་ཛྙཱ་ན་ཛྭ་ལ་བྲྀཀྵཱ་ཡ་སྭཱ་ཧཱ༔ ཨོཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་རྫས་སྔགས་དང་ལས་སྔགས་སྦྲེལ་བའི་སྔགས་ཀྱིས་བརྒྱ་ཕྲག་ཕུལ་ལ། རྡོ་རྗེ་བདུད་རྩི་འཁྱིལ་བས་སོགས་དགང་བླུགས་སྐབས་ལྟར་ཕྲིན་ལས་གསོལ། དེས་འགྲེས་ཏེ། མར་ཁུ། ཏིལ། ཡུངས་དཀར་རྣམས་མེ་ལྷའི་སྐབས་ལྟར་དང་། ཞི་བའི་སྦོམ་རྫས་རྣམས། བཟླས་སྔགས་མཐར། ཨོཾ་ཛྙཱ་ན་ཛྭ་ལ་པྲ་ཤ་མ་ཎ་ཀ་རཱ་ཡ་སྭཱ་ཧཱ༔ ཞེས་བཏགས་པས་འབུལ་ལ་ཕྲིན་ལས་གསོལ། ཏིང་ངེ་འཛིན་ནི། དེ་ལྟར་ཕུལ་པས་ལྷ་ཐམས་ཅད་མཉེས་ཚིམས་མཆོག་གི་འོད་ཟེར་ཟླ་བ་ལྟར་དཀར་ཞིང་བསིལ་བ་བདུད་རྩིའི་རང་བཞིན་ཅན་མཁའ་ཁྱབ་ཏུ་སྤྲོས་པས་རང་དང་དམིགས་ཡུལ་གྱི་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང༔ ཞི་བའི་ཕྲིན་ལས་རབ་འབྱམས་མཛད་པར་བསམ་པ་ནི་ཤིན་ཏུ་གལ་ཆེ་སྟེ་རྣོ་ལ་ངར་གྱིས་བཏགས་པ་ལྟ་བུའོ༔ དེའང་གྲངས་གསོག་ན་བརྒྱ་ཕྲག་རེའི་མཚམས་སུ་མཆོད་བསྟོད་མདོར་བསྡུས་དང་། འདོད་དོན་གསོལ། དེ་ལྟ་བུའི་རིམ་པས་སྟོང་ཕྲག་སོགས་ཅི་ནུས་སུ་འབུལ་ལོ། །དེ་ནི་དངོས་གཞི་འདས་པའི་མེ་ལྷ་མཆོད་པའི་ལས་རིམ་མོ། །གསུམ་པ་རྗེས་ཀྱི་ཆོ་ག་ནི། བུད་ཤིང་གིས་མེ་གསོ། གཏོར་མ་བྲན་ལ་བསང་སྦྱང་། འབྲུ་གསུམ་ལན་གསུམ་བརྗོད་པས་བདུད་རྩིར་བརླབ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི། ཨི་དཾ་བ་ལིཾ་བྷུཉྫ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ༔ ཞེས་ལན་བདུན་གྱིས་འབུལ། ཧཱུྃ་ཤྲཱི་བཛྲ་རཱ་གཱ་ནཱིརྟི་པཱུ་ཛ་ཧོ༔ ཞེས་པས་གར་དང་། ཨོཾ་སརྦ་ག་ཎ་ཙཀྲ་ས་མ་ཡ་ཧོ༔ ཞེས་པས་ཚོགས། ཨོཾ་ཤྲཱི་བཛྲ་རཱ་གཱ་མ་ད་ན་ཨ་མྲྀཏ་མ་ཧཱ་སུ་ཁ་ཨཱཿཧཱུྃ༔ ཞེས་མ་ད་ན་འབུལ། བཅོམ་ལྡན་བདུད་རྩི་འཁྱིལ་བ་ཡིས༔ གཏོར་མ་མཆོད་ཚོགས་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལས་ཀྱི་འབྲས་བུ་མཐར་ཕྱིན་མཛོད༔ ཅེས་ཕྲིན་ལས་གསོལ། བསྲེག་རྫས་ལྷག་མ་རྣམས་ཉེར་གཅིག་གམ་བདུན་ལ་སོགས་པ་འབུལ། གཏང་རག་གི་མཆོད་བསྟོད་བྱ། འདོད་དོན་གོང་ལྟར་གསོལ། ནོངས་པ་བཤགས་ཤིང་ཡིག་བརྒྱ་བཟླ། ཨོཾ༔ ལྷ་རྫས་དམ་པའི་ན་བཟའ་དང༔ རྡོ་རྗེའི་སོ་རྩི་ཕུལ་བ་ཡིས༔ བདག་ཅག་རྣལ་འབྱོར་འཁོར་བཅས་ལ༔ རྟག་ཏུ་ཐུགས་རྗེས་དགོངས་མཛད་གསོལ༔ ཨོཾ་ཤྲཱི་བཛྲ་རཱ་གཱ་ཝསཏྲཱ་ཡ་ཨཱཿཧཱུྃ༔ ཞེས་གོས་ཟུང་། ཨོཾ་ཤྲཱི་བཛྲ་རཱ་གཱ་ཏམ་བུ་ལཱ་ཡ་ཨཱཿཧཱུྃ༔ ཞེས་སོ་རྩི་འབུལ། གཤེགས་སྐྱེམས་ཀྱི་མར་ཁུ་དགང་བླུགས་ཉེར་གཅིག་གོང་བཞིན་འབུལ། ཕྲིན་ལས་བཅོལ་མི་དགོས། ཨོཾ་སརྦ་ཛྙཱ་ན་མཎྜལ་བཛྲ་མུ༔ ཐབ་ཀྱི་ཡེ་ཤེས་པ་རང་གི་ལྟེ་བའི་ཨ་ཐུང་ལ་ཐིམ། དམ་ཚིག་པ་འབར་བའི་རྣམ་པར་གྱུར། སླར་ཡང་བླུགས་གཟར་གྱིས་མར་ཁུ་དང་ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཛྭ་ལ་རཾ༔གྱིས་མེ་གསོ་ཞིང་། འབར་བའི་ཀློང་ལས་མེ་ལྷ་འཁོར་བཅས་ཞལ་ཕྱག་གི་རྣམ་པར་བཞེངས་པར་གྱུར། ཞེས་གསལ་གདབ་ལ་བསྲེག་རྫས་ཀྱི་ལྷག་མ་བདུན་ལ་སོགས་པ་འབུལ། གཏོར་མ་བསང་སྦྱང་། འབྲུ་གསུམ་གྱིས་བྱིན་བརླབས་ལ། ཨོཾ་ཨགྣེ་དེ་བ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་བྷུཉྫ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ༔ ཞེས་བདུན་གྱིས་ཕུལ་ལ། མཆོད་ཅིང་བསྟོད། འབར་བ་མེ་ཡི་ལྷ་ཚོགས་རྣམས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལས་ཀྱི་འབྲས་བུ་མཐར་ཕྱིན་མཛོད༔ ཅེས་ཕྲིན་ལས་གསོལ། ནོངས་པ་བཟོད་གསོལ་བྱ། གཤེགས་སྐྱེམས་དགང་བླུགས་ཉེར་གཅིག་བྱོན་སྐྱེམས་སྐབས་ལྟར་ཕུལ་བ་ལ་ཕྲིན་ལས་བཅོལ་མི་དགོས། བདག་གི་དོན་དང་གཞན་གྱི་དོན༔ བྱིན་ཟ་ཁྱེད་ཀྱིས་བསྒྲུབ་ཀྱིས་གཤེགས༔ ཇི་བཞིན་དུས་སུ་སླར་བྱོན་ལ༔ བདག་གི་འདོད་པ་ཐམས་ཅད་སྒྲུབས༔ ཨོཾ་ཨགྣེ་དེ་བ་ས་པ་རི་བཱ་ར་གཙྪ༔ ཞེས་མེ་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བསམ། མེ་རང་ཞིར་འཇོག་པའམ། ཨ་ཀཱ་རོའི་སྔགས་བརྗོད་ཅིང་འོ་མ་དང་དྲི་བཟང་གི་ཆུས་བཏུལ། ཐལ་བ་རི་རྩེ་མཐོན་པོར་རླུང་ལ་བསྐུར་བའམ། རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་བསྐྱལ། ཚོགས་ལ་རོལ་ཞིང་ནང་གི་སྲེག་བླུགས་བྱས་ལ་ལྷག་མ་གཏང་། བདག་བསྐྱེད་བསྡུ་ལྡང་སོགས་རྗེས་རིམ་སྤྱི་ལྟར་བྱ་ཞིང་བསྔོ་སྨོན་ཤིས་བརྗོད་རྒྱ་ཆེར་བྱའོ།། །།དེ་ཉིད་གཞིར་བཞག་སྟེ་ལས་ལྷག་མ་རྣམས་ཁ་བསྒྱུར་བའི་ཚུལ་ནི། ༈ གཉིས་པ་རྒྱས་པའི་སྦྱིན་སྲེག་ལ། སྦྱོར་བ་ཐབ་ཁུང་རྒྱལ་པོའི་བང་མཛོད་ཀྱི་འོག་དང་ཞིང་བཟང་པོ་སོགས་དཔལ་ཅན་གྱི་ས་ལ་སྟེགས་བུ་གྲུ་བཞིའི་སྟེང་། ཐབ་ཀྱི་ལྟེ་བ་སོགས་སྔར་ལྟར་ལ་དབྱིབས་གྲུ་བཞི། དབུས་སུ་རིན་པོ་ཆེ། ནོར་བུའི་ཕྲེང་བས་བསྐོར་ཞིང་ཁ་དོག་སེར་པོ་ཁོ་ན་བྱ། མེ་ཏོག་སེར་པོ་བཀྲམ། བུད་ཤིང་དྲི་དང་འབྲས་བུར་ལྡན་པས་གྲུ་བཞིར་བརྩིག །གཏོར་འབུལ་ཡང་གྲུ་བཞི་སེར་པོ། བསྲེག་རྫས་མར་ཁུ། ཡམ་ཤིང་བུད་ཤིང་གི་རྒྱུ་ལས་སོར་བཅུ་དྲུག་ཡོད་པ། དཱུརྦ། ཟས་མཆོག །འབྲས། སོ་བ། ནས། སྲན་མ། གྲོ །ཀུ་ཤ །ཤིང་ཏོག །མེ་ཏོག་སེར་པོ་དང། རིན་ཆེན་ཕྱེ་མ། དར་རས། སྨན་སྣ་མདོག་སེར་ཞིང་ཚེ་དང་ལུས་ཀྱི་བཅུད་ལེན་དུ་འགྱུར་བའི་རིགས་རྣམས། གསེར་སོགས་སེར་པོ་ལས་གྲུབ་པའི་སྣོད་གྲུ་བཞིར་བཤམ། ཀུ་ཤའི་ཆུན་པོ། མེ་ཏོག་སེར་པོ་སོགས་འདུ་བྱ། ཉི་ཤར་རམ་གུང་གི་དུས་སུ་སློབ་དཔོན་དར་དང་རིན་པོ་ཆེ་སེར་པོས་བརྒྱན། ཁ་བྱང་དུ་ཕྱོགས་པས་བཟང་པོའི་སྟབས་དང་ངོམས་ཤིང་སྒེག་པའི་སེམས་ཀྱིས་འཁོད་པ་རྣམས་ཁྱད་པར་དང་། དངོས་གཞི་ལ། བདག་བསྐྱེད་ནས་མཆོད་སྲེག་རྫས་བྱིན་བརླབ་བར་སྔར་ལྟར་ལ། བསྲེག་རྫས། ཨོཾ་ཏྲཱཾ་སྭཱ་ཧཱ༔ ལན་གསུམ་གྱིས་བརླབ། རྒྱལ་པོའམ་བཙན་ཕྱུག་གི་ཁྱིམ་ནས་བླངས་པའི་མེ་སྦར། ཐབ་བསྐྱེད་སྐབས། སྟོང་པའི་ངང་ལས་སྭཱ་ལས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རྒྱས་པའི་ཐབ་ཁུང་ཡེ་ཤེས་ཀྱི་མེ་ཕུང་འབར་ཞིང་འཁྱིལ་བའི་ཀློང་དུ་ པད་ཉི་དང་ར་སྐྱེས་ལ་གནས་པའི་རྒྱས་པའི་མེ་ལྷ་གསེར་བཙོ་མའི་མདོག་ཅན་སྒེག་ཅིང་རབ་ཏུ་རྒྱས་པའི་ཉམས་དང་ལྡན་པ་ཉི་མ་བྱེ་བའི་གཟི་འོད་འཕྲོ་བ༔ ནོར་བུའི་ཕྲེང་བ་དང་གུནྡྷེ་བསྣམས་པ༔ དྲང་སྲོང་གི་ཆ་བྱད་ཅན་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ༔སོགས་དང་། ཞི་བའི་མལ་ལ། རྒྱས་པའི་ལས་སོགས་ཁ་བསྒྱུར། བྱོན་སྐྱེམས་དགང་བླུགས་སྐབས་ཀྱི་ཕྲིན་བཅོལ། མེ་ལྷ་དྲང་སྲོང་འཁོར་དང་བཅས་པས་བདག་ཅག་གི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་སྙན་པ་དང་གྲགས་པ་སོགས་མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ༔ སྭཱ་པུཥྚིཾ་ཀུ་རུ་ཨོཾ༔ བསྲེག་རྫས་ཡམ་ཤིང་སྔགས་ཨོཾ་ཛྙཱ་ན་ཛྭ་ལ་བྲྀཀྵཱ་ཡ་སྭཱ་ཧཱ༔ ཤམ་བུ། གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་སྭཱ་པུཥྚིཾ་ཀུ་རུ་ཨོཾ༔ མར་ཁུ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་སྭཱ་པུཥྚིཾ་ཀུ་རུ་ཨོཾ༔ དཱུརྦ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཚེ་རིང་བ་ཕུན་སུམ་ཚོགས་པ་ཐམས་ཅད་སྭཱ་པུཥྚིཾ་ཀུ་རུ་ཨོཾ༔ ཟས་མཆོག་ལ། ཨོཾ་སརྦ་སམྦ་དེ་སྭཱ་ཧཱ༔ བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་སྭཱ་པུཥྚིཾ་ཀུ་རུ་ཨོཾ༔ འབྲས་ལ། ཨོཾ་བཛྲ་པུཥྚཱ་ཡ་སྭཱ་ཧཱ༔ བསོད་ནམས་ཕུན་སུམ་ཚོགས་པ་ཐམས་ཅད་སྭཱ་པུཥྚིཾ་ཀུ་རུ་ཨོཾ༔ སོ་བ་ལ། ཨོཾ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ༔ ནོར་དང་འབྲུ་ཕུན་སུམ་ཚོགས་པ་ཐམས་ཅད་སྭཱ་པུཥྚིཾ་ཀུ་རུ་ཨོཾ༔ ནས་ལ། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ༔ ཤུགས་ཕུན་སུམ་ཚོགས་པ་ཐམས་ཅད་སྭཱ་པུཥྚིཾ་ཀུ་རུ་ཨོཾ༔ སྲན་མ་ལ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ༔ སྟོབས་ཕུན་སུམ་ཚོགས་པ་ཐམས་ཅད་སྭཱ་པུཥྚིཾ་ཀུ་རུ་ཨོཾ༔ གྲོ་ལ། ཨོཾ་བཛྲ་གྷསྨ་རྱཻ་སྭཱ་ཧཱ༔ ནད་མེད་པ་ཕུན་སུམ་ཚོགས་པ་ཐམས་ཅད་སྭཱ་པུཥྚིཾ་ཀུ་རུ་ཨོཾ༔ ཀུ་ཤ་ལ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ༔ སྲུང་བ་ཕུན་སུམ་ཚོགས་པ་ཐམས་ཅད་སྭཱ་པུཥྚིཾ་ཀུ་རུ་ཨོཾ༔ ཤིང་ཏོག་ལ། ཨོཾ་བཛྲ་ཥཱི་བཱ་ཡ་སྭཱ་ཧཱ༔ རིགས་རྒྱུད་ཕུན་སུམ་ཚོགས་པ་ཐམས་ཅད་སྭཱ་པུཥྚིཾ་ཀུ་རུ་ཨོཾ༔ མེ་ཏོག་སེར་པོ་སོགས་རྫས་སྤྱི་ལ། ཨོཾ་ཨགྣེ་དེ་ཝ་རཱ་ཛ་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་པས་ཕུལ་ལ་ཕྲིན་བཅོལ་གོང་ལྟར། ཡུངས་དཀར་ཐབ་ཏུ་འཐོར་བའི་འདོད་གསོལ་གཤམ་ཡང་དེ་ལྟར་བསྒྱུར། འདས་པའི་མེ་ལྷ་མཆོད་པ་ནི། རིམ་དབྱེ་ལྔ་པའི་སྒྲུབ་པ་ཆེན་པོའི་སྐབས་ལྟར་ཏེ། བསང་སྦྱང་། སྟོང་པའི་ངང་ལས་ཐབ་ཀྱི་དབུས༔ སྣ་ཚོགས་པད་ཟླ་ཉི་མའི་སྟེང༔ ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན༔ སྤྲོ་བསྡུས་འོད་ཀྱི་སོགས་བདུད་རྩི་ཁྲག་འཐུང་ལྷ་བཅུ་གསུམ་པའི་དཀྱིལ་འཁོར་བསྐྱེད་ལ་དྲང་བསྟིམ་རྒྱས་གདབ་བར་བྱ། དགང་བླུགས་སྔར་ལྟར་ལ་སྔགས། ཨོཾ་ཤྲཱི་ཧེ་རུ་ཀ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུྃ་ཕཊ༔བདུན་གྱིས་དགང་། སྔགས་དེ་ལ། བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ་ཧྲཱིཿཋཱ༔ རྡོ་རྗེ་བདུད་རྩི་ཧེ་རུ་ཀ་འཁོར་དང་བཅས་པས་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་སྙན་པ་དང་གྲགས་པ་སོགས་མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ༔ སྭཱ་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་དབུལ། ཕྱག་མཆོད་རང་གཞུང། སྨན་གཏོར་རཀྟ་རྩ་བའི་ཕྲིན་ལས་ནས། བསྟོད་པ་རང་གཞུང་ཁོ་ནའམ། ཁྲོ་བོ་སྤྱི་བསྟོད་གྲུབ་ནས། ལྷ་ཐམས་ཅད་སྒེག་ཅིང་རབ་ཏུ་རྒྱས་པའི་ཉམས་ཅན་འོད་ཟེར་སེར་པོ་ཉི་མ་བྱེ་བའི་གཟི་བྱིན་འབར་བ་སྤྲོ་ཞིང་བསྡུ་བས་རྒྱས་པའི་ལས་རབ་འབྱམས་མཛད་པར་བསམ༔ བསྲེག་རྫས་འབུལ་བའི་ཚིགས་བཅད་གོང་ལྟར། ཏྲཱཾ༔ ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཐབ་ཁུང་དུ༔ རྡོ་རྗེ་བདུད་རྩི་ཁྲག་འཐུང་ལྷ་ཚོགས་ལ༔ མཉེས་བྱེད་རྫས་ཀྱི་མཆོད་པ་དམ་པ་འབུལ༔ རབ་འབྱམས་རྒྱས་པའི་ཕྲིན་ལས་ཡོངས་རྫོགས་མཛོད༔ ཅེས་བསྒྱུར་ནས་དགང་བླུགས་སྐབས་ཀྱི་སྔགས་གཉིས་སྦྲེལ་བའི་མཐར་རྫས་སྔགས་བཏགས་པས་ཡམ་ཤིང་སོགས་འབུལ་བ་དང་ཕྲིན་བཅོལ་སྔར་བཞིན་བྱ། རྒྱས་པའི་རྫས་སྤྱི་ལ་བཟླས་སྔགས་གཤམ་དུ། ཨོཾ་ཛྙཱ་ན་ཛྭ་ལ་པྲ་སྥུ་ཊ་ཀ་རཱ་ཡ་སྭཱ་ཧཱ། ཞེས་བཏགས་པས་འབུལ་ལ་ཕྲིན་ལས་གསོལ། ཏིང་ངེ་འཛིན་ནི། དེ་ལྟར་ཕུལ་པས་དཀྱིལ་འཁོར་གྱི་ལྷ་ཚོགས་མཉེས་ཤིང་ཚིམས་ནས་མཆོག་གི་འོད་ཟེར་གསེར་བཙོ་མའི་མདོག་ཅན་ཉི་མ་བྱེ་བའི་གཟི་བྱིན་འབར་བ་མཁའ་ཁྱབ་ཏུ་སྤྲོས་པས་རང་དང་དམིགས་ཡུལ་གྱི་གང་འདོད་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པའི་ཕྲིན་ལས་རབ་འབྱམས་མཛད་པར་བསམ༔ རྗེས་ཀྱི་ཆོ་ག་ཞི་བ་ཇི་ལྟ་བ་བཞིན་ལས། འདས་གཏོར་འབུལ་བའི་སྔགས་བརྗེ་བ་དང་། རྡོ་རྗེ་བདུད་རྩི་ཧེ་རུ་ཀས༔ གཏོར་མ་མཆོད་ཚོགས་སོགས་ཁ་བསྒྱུར་བ་ལས་གཞན་ཐམས་ཅད་འདྲ། མེ་ཐལ་མཛོད་དམ་ཁྱིམ་ཕུག་ཏུ་སྦ་བ་དང་ཁང་ཞིང་སླས་མལ་སོགས་ལ་འཐོར་རོ།། ༈ །།གསུམ་པ་དབང་གི་སྦྱིན་སྲེག་ལ། སྦྱོར་བ་ཐབ་ཁུང་སྨད་འཚོང་མས་ཉལ་པོ་བྱས་པའི་མལ་འོག་གམ་མགྲོན་ཁང་གི་ས་སོགས་ལ་སྟེགས་བུ་ཟླ་གམ་བྱས་པའི་སྟེང་། ཐབ་ཀྱི་ལྟེ་བ་སོགས་གོང་ལྟར་ལ་དབྱིབས་ཟླ་གམ། དབུས་སུ་པདྨ། ལྕགས་ཀྱུའི་ཕྲེང་བས་བསྐོར་ཞིང་ཁ་དོག་དམར་པོ་ཁོ་ན་བྱ། མེ་ཏོག་དམར་པོ་བཀྲམ། བུད་ཤིང་རོ་སྐྱུར་ཞིང་མདོག་དམར་བ་ཟླ་གམ་དུ་བརྩིག །གཏོར་འབུལ་ཡང་ཟླ་གམ་དམར་པོ། བསྲེག་རྫས་ཏིལ་མར། ཡམ་ཤིང་བུད་ཤིང་གི་རྒྱུ་ལས་སོར་བཅུ་པ། ཟས་མཆོག་སོགས་གང་འོས་སིནྡྷུ་ར་འམ་ལི་ཁྲིས་ཁ་བསྒྱུར་བ་དང། ལྕགས་ཀྱུ་ཅན་གྱི་མེ་ཏོག་དམར་པོ། ལན་ཚྭ། ཆང་ངམ་གླུམ། སྦྲང་རྩི། འབྲུ་སྨན། དར་ཟབ། རིན་པོ་ཆེ་དང་མེ་ཏོག་ཤིང་ཏོག་སོགས་ཁ་དོག་དམར་ལ་རོ་མངར་བ་དང་སྐྱུར་ཞིང་ཡིད་སྒྱུར་བའི་རིགས་རྣམས། ཟངས་སོགས་དམར་པོ་ལས་གྲུབ་པའི་སྣོད་ཟླ་གམ་དུ་བཤམ། ཀུ་ཤའི་ཆུན་པོ། མེ་ཏོག་དམར་པོ་སོགས་འདུ་བྱ། ཕྱི་དྲོའམ་དགོང་ཀའི་དུས་སུ་སློབ་དཔོན་དར་དང་རིན་པོ་ཆེ་དམར་པོས་བརྒྱན། ཁ་ནུབ་ཏུ་ཕྱོགས་ལ་པདྨའི་སྐྱིལ་ཀྲུང་དང་ཆགས་ཤིང་འདུན་པའི་སེམས་ཀྱིས་འཁོད་པ་རྣམས་ཁྱད་པར་དང་། དངོས་གཞི་ལ། བདག་བསྐྱེད་ནས་བཟུང་མཆོད་སྲེག་གི་རྫས་བྱིན་བརླབ་བར་ཞི་བ་ལྟར་ལ། བསྲེག་རྫས། ཨོཾ་ཧྲཱིཿསྭཱ་ཧཱ༔ ལན་གསུམ་གྱིས་བརླབ། མེ་བྲམ་ཟེའམ་སྨད་འཚོང་མའི་ཁྱིམ་ནས་བླངས་པ་སྦར། ཐབ་བསྐྱེད་སྐབས། སྟོང་པའི་ངང་ལས་ཨཱཿལས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབང་གི་ཐབ་ཁུང་ཡེ་ཤེས་ཀྱི་མེ་ཕུང་འབར་ཞིང་འཁྱིལ་བའི་ཀློང་དུ་ པད་ཉི་དང་ར་སྐྱེས་ལ་གནས་པའི་དབང་གི་མེ་ལྷ་པདྨ་རཱ་གའི་མདོག་ཅན་དགྱེས་ཤིང་ཆགས་པའི་ཉམས་དང་ལྡན་པ་འོད་ཟེར་དམར་པོ་འཕྲོ་བ༔ པདྨའི་ཕྲེང་བ་དང་གུནྡྷེ་བསྣམས་པ༔ དྲང་སྲོང་གི་ཆ་བྱད་ཅན་མེ་ཏོག་དམར་པོའི་ཕྲེང་བས་བརྒྱན་པར་གསལ་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ༔སོགས་དང་། ཞི་བའི་མལ་དུ། དབང་གི་ལས་སོགས་ཁ་བསྒྱུར། བྱོན་སྐྱེམས་དགང་བླུགས་ཀྱི་ཕྲིན་བཅོལ། མེ་ལྷ་དྲང་སྲོང་འཁོར་དང་བཅས་པས་བདག་ཅག་གི་དབང་དུ་སྲིད་ཞིའི་ལེགས་ཚོགས་ཐམས་ཅད་འདུ་བ་དང༔ རབ་འབྱམས་དབང་གི་ཕྲིན་ལས་ཐོགས་མེད་དུ་འགྲུབ་པར་མཛད་དུ་གསོལ༔ ཨཱཿབཱ་ཤཾ་ཀུ་རུ་ཧོ༔ བསྲེག་རྫས་ཡམ་ཤིང་སྔགས་སྔར་ལྟར་ལ། གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་ཨཱཿབཱ་ཤཾ་ཀུ་རུ་ཧོ༔ ཞེས་དང་རྒྱས་པས་འགྲེས་ཏེ་བསྲེག་རྫས་སོ་སོ་བ་གང་འཛོམ་ཕུལ་ལ་ཕྲིན་ལས་དེ་ལྟར་བཅོལ། མེ་ཏོག་སོགས་རྫས་སྤྱི་རྣམས། ཨོཾ་ཨགྣེ་དེ་བ་རཱ་ཛ་བཱ་ཤཾ་ཀུ་རུ་ཧོ༔ ཞེས་པས་ཕུལ་ལ་ཕྲིན་བཅོལ་གོང་ལྟར་དང་། ཡུངས་དཀར་འཐོར་བའི་འདོད་གསོལ་གཤམ་ཡང་དེ་ལྟར་བསྒྱུར། འདས་པའི་མེ་ལྷ་མཆོད་པ་ནི། བསང་སྦྱང་། སྟོང་པའི་ངང་ལས་ཐབ་ཀྱི་དབུས༔ པདྨ་ཉི་མ་བམ་རོའི་སྟེང༔ རིན་ཆེན་བདུད་རྩི་མཱ་མ་ཀཱི༔ སོགས་རིམ་དབྱེ་བཞི་པ་ལྟར་ལ། རྒྱན་གྱིས་སྒེག༔ ཞབས་ཟུང་བརྐྱང་བསྐུམ་སྟབས་ཀྱིས་བཞུགས༔ ཐུགས་ཀར་པད་ཉིར་བཾ་དམར་སེར༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར༔ ཨོཾ༔ རིན་ཆེན་བདུད་རྩི་མཱ་མ་ཀཱི༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ གློག་ལྟར་མྱུར་བའི་ཐུགས་རྗེ་ཡིས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་བཛྲ་ཨ་མྲྀཏ་མཱ་མ་ཀཱི་ཨེ་ཧྱེ་ཧི༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཞེས་ལྷ་བསྐྱེད་ལ་སྤྱན་དྲང་། བསྟིམ་གཞུག་རྒྱས་གདབ་རྩ་བའི་ལས་བྱང་ལྟར་བྱ། དགང་བླུགས་བྱོན་སྐྱེམས་ཞི་བ་ལྟར་ལ་སྔགས། ཨོཾ་བཱཾ་རཏྣ་མཱ་མ་ཀཱི་བཛྲ་ཨ་མྲྀཏ་ཧཱུྃ༔ བདུན་གྱིས་དགང། ཨོཾ་བཾ་རཏྣ་མཱ་མ་ཀཱི་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་མ་ད་ན་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ རིན་ཆེན་བདུད་རྩི་མཱ་མ་ཀཱི་ཆེན་མོས་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་དབང་དུ་སྲིད་ཞིའི་ལེགས་ཚོགས་ཐམས་ཅད་འདུ་བ་དང༔ རབ་འབྱམས་དབང་གི་ལས་ཐམས་ཅད་འབད་མེད་དུ་འགྲུབ་པའི་ཕྲིན་ལས་མཛད་དུ་གསོལ༔ ཨཱ་བཱ་ཤཾ་ཀུ་རུ་ཧོ༔ ཞེས་དབུལ། ཕྱག་མཆོད་རྣམས་ཀྱང་ཕྲིན་ལས་ལྟར་ལ། གཏོར་མའི་གཤམ་དུ། གཏོར་མའི་མཆོད་པ་བཞེས་སུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁ་ཧི༔ རཀྟ་པི་པཱ་ཧོ༔ ཞེས་མཆོད། ཧཱུྃ༔ འཇིག་རྟེན་འཇིག་རྟེན་འདས་པ་ཡི༔ དངོས་གྲུབ་ཐམས་ཅད་དབང་བྱེད་པ༔ ཡོན་ཏན་རིན་ཆེན་མཱ་མ་ཀཱི༔ ཕོ་ཉའི་ཚོགས་དང་བཅས་ལ་བསྟོད༔ ཅེས་བསྟོད། ལྷ་ཐམས་ཅད་དགྱེས་ཤིང་རབ་ཏུ་ཆགས་པའི་ཉམས་ཅན་འོད་ཟེར་དམར་པོ་ཉི་མ་བྱེ་བའི་གཟི་བརྗིད་ཅན་སྤྲོ་ཞིང་བསྡུ་བས་དབང་གི་ལས་རབ་འབྱམས་མཛད་པར་བསམ༔ བསྲེག་རྫས་འབུལ་བའི་ཚིགས་བཅད་གོང་ལྟར། ཧྲཱི༔ ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཐབ་ཁུང་དུ༔ རིན་ཆེན་བདུད་རྩི་མཱ་ཀཱི་འཁོར་བཅས་ལ༔ མཉེས་བྱེད་རྫས་ཀྱི་མཆོད་པ་དམ་པ་འབུལ༔ རབ་འབྱམས་དབང་གི་ཕྲིན་ལས་ཡོངས་རྫོགས་མཛོད༔ ཅེས་བསྒྱུར་ནས། གོང་གི་སྔགས་རིང་བའི་གཤམ་དུ་རྫས་སྔགས་བཏགས་པས་ཡམ་ཤིང་སོགས་འབུལ་བ་དང་ཕྲིན་བཅོལ་སྔར་བཞིན་བྱ། དབང་རྫས་སྤྱི་ལ། གོང་གི་སྔགས་ཤམ་དུ། ཨོཾ་ཛྙཱ་ན་ཛྭ་ལ་ཝཱ་ཤཾ་མ་ན་ཀ་རཱ་ཡ་སྭཱ་ཧཱ༔ ཞེས་བཏགས་པས་འབུལ་ཞིང་ཕྲིན་ལས་བཅོལ། ཏིང་ངེ་འཛིན་ནི། དེ་ལྟར་ཕུལ་པས་ལྷ་མཉེས་ཚིམས་མཆོག་གི་འོད་ཟེར་རྗེས་ཆགས་པདྨ་རཱ་གའི་མདངས་ཅན་ཉི་མ་བྱེ་བའི་གཟི་བྱིན་འབར་བ་མཁའ་ཁྱབ་ཏུ་སྤྲོས་པས་སྣོད་བཅུད་སྲིད་ཞིའི་ལེགས་ཚོགས་ཐམས་ཅད་དབང་དུ་འདུས༔ ཁྱད་པར་དམིགས་པའི་ཡུལ་ལ་རེག་པས་འོད་དམར་པོའི་རྣམ་པར་མེར་གྱིས་ཞུ་ནས་བདག་ལ་ཐིམ༔ དབང་གི་ཕྲིན་ལས་རབ་འབྱམས་མཛད་པར་བསམ༔ རྗེས་ཀྱི་ཆོ་ག་ཞི་བ་ལྟར་ལ་སྔགས་བརྗེ་བས་གཏོར་མ་དང་། གར། ཚོགས་འབུལ་ལ། ཕྲིན་བཅོལ་ནི། རིན་ཆེན་བདུད་རྩི་མཱ་མ་ཀཱི༔ གཏོར་མ་མཆོད་ཚོགས་སོགས་ཁ་བསྒྱུར། མ་ད་ན་ཁྱད་པར་དུ་འབུལ་ཏེ། དཔའ་བོ་དཔའ་མོའི་སྟོན་མོའི་སྐབས་སུ་འབྱུང་བའི། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱི༔ སྐུ་གསུང་ཐུགས་ཀྱི་སོགས་ནས། དམ་ཚིག་གིས༔ རིན་ཆེན་བདུད་རྩི་མཱ་ཀཱི་མཆོད༔ གཉིས་མེད་མཉམ་པའི་སོགས་ཚིགས་བཅད་སྔགས་དང་བཅས་པས་འབུལ། དེ་ནས་བསྲེག་རྫས་ལྷག་མ་འབུལ་བ་ཕྱིན་ཆད་ཞི་བ་ལྟར་འགྲེ། མེ་ཐལ་གང་དབང་དུ་བསྡུ་བར་འདོད་པའི་ཕྱོགས་སུ་མཐུན་པའི་རླུང་ལ་བསྐུར་བའམ་ཆུ་བོ་ཆེན་པོར་བསྐྱལ་ལོ།། ༈ །།བཞི་པ་དྲག་པོའི་སྦྱིན་སྲེག་ལ། སྦྱོར་བ་ཐབ་ཁུང་དུར་ཁྲོད་དང་ཕུང་ཤུལ་གྱི་ས་སོགས་ལ་སྟེགས་བུ་གྲུ་གསུམ་བྱས་པའི་སྟེང་། ཐབ་ཀྱི་ལྟེ་བ་སོགས་སྔར་ལྟར་ལ་དབྱིབས་གྲུ་གསུམ་དབུས་སུ་རལ་གྲི་འབར་བ། མཚོན་ཆའི་ཕྲེང་བས་བསྐོར་ཞིང་རོ་སོལ་སོགས་ཀྱིས་ཁ་དོག་ནག་ལ་རྔམ་པར་བྱ། མེ་ཏོག་ནག་པོ་བཀྲམ། བུད་ཤིང་དུག་དང་ཚེར་མ་ཅན་གྱི་ཤིང་གྲུ་གསུམ་དུ་བརྩིག །གཏོར་འབུལ་གྲུ་གསུམ་ནག་པོ། བསྲེག་རྫས་མར་ནག །ཡམ་ཤིང་བུད་ཤིང་གི་རྒྱུ་ལས་སོར་བཞིའམ་བརྒྱད་པ། ཡུངས་དཀར། ཤ་རུས་ཚིལ་བུ། དུག་སྣ་ཁྲག་སྣ། མེ་ཏོག་ཚེར་ཅན་སྔོན་པོ་དང་ནག་པོ། འབྲུ་སྨན་དར་ཟབ་རིན་པོ་ཆེ་མེ་ཏོག་ཤིང་ཏོག་སོགས་ཁ་དོག་ནག་ཅིང་ཚ་ལ་རྩུབ་པ་དུག་གི་རིགས་རྣམས། ལྕགས་སོགས་ནག་པོ་ལས་གྲུབ་པའི་སྣོད་གྲུ་གསུམ་དུ་བཤམ། ཀུ་ཤའི་ཆུན་པོ། མེ་དར་ནག་པོ་སོགས་འདུ་བྱ། མཆོད་རྫས་རྣམས་གཡས་དང་། བསྲེག་རྫས་རྣམས་གཡོན་དུ་བཤམ། མུན་རུབ་བམ་སྲོད་ཀྱི་དུས་སུ་སློབ་དཔོན་ཞྭ་ནག་ཕོད་ནག་རུས་པ་དང་རཀྴའི་ཕྲེང་བས་བརྒྱན། ཁ་ལྷོར་ཕྱོགས་ལ་རུས་སྦལ་རྔམ་པའི་འདུག་སྟངས་དང་གདུག་ཅིང་གཏུམ་པའི་སེམས་དང་ལྡན་པས་འཁོད་པ་རྣམས་ཁྱད་པར་དང་། དངོས་གཞི་ལ་བདག་བསྐྱེད་ནས་བརྩམ་མཆོད་སྲེག་གི་རྫས་བྱིན་བརླབ་བར་ཞི་བ་ལྟར་ལ། ཨོཾ་ཧཱུྃ་སྭཱ་ཧཱ༔ ཞེས་གསུམ་གྱིས་བསྲེག་རྫས་བྱིན་བརླབ། གདོལ་བའམ་ཤན་པའི་ཁྱིམ་ནས་བྱུང་བའི་མེ་སྦར། ཐབ་བསྐྱེད་སྐབས། སྟོང་པའི་ངང་ལས་ཧཱ་ལས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དྲག་པོའི་ཐབ་ཁུང་ཡེ་ཤེས་ཀྱི་མེ་ཕུང་འབར་ཞིང་འཁྱིལ་བའི་ཀློང་དུ་ པད་ཉི་དང་ར་སྐྱེས་ལ་གནས་པའི་དྲག་པོའི་མེ་ལྷ་མཐིང་ནག་ཁྲོ་གཏུམ་འབར་བའི་ཉམས་ཅན་ཚ་ཞིང་རྩུབ་པའི་འོད་ཟེར་རབ་ཏུ་འཕྲོ་བ༔ དྲག་པོའི་ཕྲེང་བ་དང་གུནྡྷེ་བསྣམས་པ༔ དྲང་སྲོང་གི་ཆ་བྱད་ཅན་རུས་པའི་རྒྱན་གྱིས་བརྒྱན་པར་གསལ་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ༔སོགས་དང་། ཞི་བའི་མལ་དུ། དྲག་པོའི་ལས་སོགས་ཁ་བསྒྱུར། བྱོན་སྐྱེམས་དགང་བླུགས་མཐར། མེ་ལྷ་དྲང་སྲོང་འཁོར་དང་བཅས་པས་བདག་ཅག་གི་མི་མཐུན་པའི་ཕྱོགས་ཐམས་ཅད་ཚར་གཅད་པ་དང་དྲག་པོའི་ཕྲིན་ལས་ཐམས་ཅད་མཛད་དུ་གསོལ༔ ཧཱ་མཱ་ར་ཡ་ཕཊ༔ ཅེས་ལས་བཅོལ། བསྲེག་རྫས་ཡམ་ཤིང་སྔགས་སྔར་ལྟར་ལ། ཤམ་བུ། གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་ཧཱ་མཱ་ར་ཡ་ཕཊ༔ མར་ཁུ་རང་སྔགས་དང་ཤམ་བུ་སྔ་མས་རིགས་འགྲེ །ཤ་ཁྲག་སོགས་རྫས་གཞན་ཐམས་ཅད་ལ། ཨོཾ་ཨགྣེ་དེ་བ་རཱ་ཛ་མཱ་ར་ཡ་ཕཊ༔ ཅེས་པས་འབུལ་ལ་བར་མཚམས་རྣམས་སུ་སྔ་མ་ལྟར་ཕྲིན་ལས་བཅོལ། ཡུངས་དཀར་ཐབ་ཏུ་འཐོར་བའི་འདོད་གསོལ་གཤམ་ཡང་དེ་ལྟར་བསྒྱུར། འདས་པའི་མེ་ལྷ་མཆོད་པ་ནི། བསང་སྦྱང་། སྟོང་པའི་ངང་ལས་ཐབ་ཀྱི་དབུས༔ པདྨ་ཉི་མ་འོད་འབར་དབུས༔ ཧཱུྃ་ཡིག་མཐིང་ནག་སོགས་རིམ་དབྱེ་གསུམ་པ་ལྟར་རྡོ་རྗེ་ཧཱུྃ་མཛད་བསྐྱེད་ཅིང་སྤྱན་དྲང་། དགུག་གཞུག་དབང་བསྐུར་རྒྱས་གདབ་རྣམས་ལས་བྱང་ལྟར་ལ། དགང་བླུགས་སྐབས་ཧཱུྃ་རིང་པོ་བདུན་གྱིས་དགང། ཨོཾ་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ༔ སརྦ་བིགྷྣཱན་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ད་ཧ་ད་ཧ་ཨུ་ཙཊྚཱ་ཡ་ཨུ་ཙཊྚཱ་ཡ་ཧཱུྃ་ཧཱུྃ་ཕཊ༔ རྡོ་རྗེ་བདུད་རྩི་ཧཱུྃ་ཀཱ་རས་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་བྱང་ཆུབ་སྒྲུབ་པའི་ལམ་གྱི་བར་ཆད་དགྲ་བགེགས་འབྱུང་པོ་གདུག་པ་ཅན་ཐམས་ཅད་ཚར་བཅད་པ་དང༔ རབ་འབྱམས་དྲག་པོའི་ལས་ཐམས་ཅད་འབད་མེད་དུ་འགྲུབ་པར་མཛད་དུ་གསོལ༔ ཧཱ་མཱ་ར་ཡ་ཕཊ༔ ཅེས་དབུལ། ཕྱག་མཆོད་ཕྲིན་ལས་ལྟར་དང་། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཞེས་བསྟོད། ལྷ་ཉིད་ཁྲོ་ཞིང་གཏུམ་པའི་ཉམས་ཅན་འོད་ཟེར་མཐིང་ནག་མེ་དང་མཚོན་ཆ་ལ་སོགས་པའི་རྣམ་པར་སྤྲོ་ཞིང་བསྡུ་བས་དྲག་པོའི་ལས་རབ་འབྱམས་མཛད་པར་བསམ༔ བསྲེག་རྫས་འབུལ་བའི་ཚིགས་བཅད། ཧཱུྃ༔ ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཐབ་ཁུང་དུ༔ རྡོ་རྗེ་བདུད་རྩི་ཧཱུྃ་མཛད་ཁྲོ་བོ་ལ༔ མཉེས་བྱེད་རྫས་ཀྱི་མཆོད་པ་དམ་པ་འབུལ༔ རབ་འབྱམས་དྲག་པོའི་ཕྲིན་ལས་ཡོངས་རྫོགས་མཛོད༔ ཅེས་བསྒྱུར་ལ། ཡམ་ཤིང་སོགས་རྫས་རྣམས། ཨོཾ་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ༔ ཀྱི་མཐར་རྫས་སྔགས་སྦྱར་ལ་འབུལ། ཕྲིན་བཅོལ་སྔར་བཞིན་བྱ། དྲག་པོའི་རྫས་སྤྱི་ལ། བཟླས་སྔགས་གཤམ་དུ། ཨོཾ་ཛྙཱ་ན་ཛྭ་ལ་པྲ་མར་དྷ་ན་མཱ་རཾ་ཀ་རཱ་ཡ་སྭཱ་ཧཱ༔ ཞེས་བཏགས་པས་འབུལ་ཞིང་བར་མཚམས་རྣམས་སུ་ཕྲིན་ལས་གསོལ། ཏིང་ངེ་འཛིན་ནི། དེ་ལྟར་ཕུལ་པས་ལྷ་རྣམས་མཉེས་ཚིམས་མཆོག་གི་འོད་ཟེར་མཐིང་ནག་ཁྲོས་འཁྲུགས་རྔམས་པའི་རང་བཞིན་ལས་ཡེ་ཤེས་ཀྱི་མེ་དང་མཚོན་ཆའི་ཆར་ཆེན་པོ་མཁའ་ཁྱབ་ཏུ་སྤྲོས་པས་མ་རུངས་གདུག་པ་ཅན་ཐམས་ཅད་ཚར་བཅད༔ དྲག་ཤུལ་གྱི་ཕྲིན་ལས་རབ་འབྱམས་མཛད་པར་བསམ༔ རྗེས་ཀྱི་ཆོ་ག་ཞི་བ་ལྟར་ལ། འདས་གཏོར་འབུལ་བའི་སྔགས་བརྗེ་བ་དང་། རྡོ་རྗེ་ཁྲོ་བོ་ཧཱུྃ་ཀཱ་རས༔ གཏོར་མ་མཆོད་ཚོགས་སོགས་ཁ་བསྒྱུར་པ་ལས་གཞན་ཁྱད་པར་མེད། མེ་དུག་ཁྲག་གི་ཆུས་གཅིག་ཆར་དུ་གཞིལ། ཐལ་བ་རྦ་ཀློང་དྲག་ཏུ་འཁྲུགས་པའི་ཆུར་དོར་བའམ། དུར་ཁྲོད་སོགས་སུ་མནན་ནས་ལས་ཀྱི་རྗེས་མི་མངོན་པར་བྱའོ།། ༈ །།ལྔ་པ་མཆོག་གི་སྦྱིན་སྲེག་ནི། སྦྱོར་དངོས་རྗེས་གསུམ་གྱི་བྱ་བ་ཐམས་ཅད་རྒྱས་པའི་སྦྱིན་སྲེག་ཇི་ལྟ་བ་བཞིན་བྱ་བ་ལས། བསྲེག་རྫས་གཙོ་བོ་རྩི་མར་གྱི་ཁུ་བ་དང་མེ་ཏོག་སྔོན་པོ། ཁྱད་པར་ཤ་ལྔ་བདུད་རྩི་ལྔ་དགོས་པས་དེ་དག་དངོས་སམ་མ་འཛོམ་ན་ཕབས་རྒྱུན་འདྲེས་ངེས་པའི་ཆོས་སྨན་ཟན་ལ་བསྲེས་ནས་ཆང་གིས་རིལ་བུར་དྲིལ་བ་བཤམ། ཐབ་བསྐྱེད་སྐབས། སྟོང་པའི་ངང་ལས་ཧཱུྃ་ལས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་མཆོག་གི་ཐབ་ཁུང་ཡེ་ཤེས་ཀྱི་མེ་ཕུང་འབར་ཞིང་འཁྱིལ་བའི་ཀློང་དུ་ པད་ཉི་དང་ར་སྐྱེས་ལ་གནས་པའི་མཆོག་གི་མེ་ལྷ་གསེར་བཙོ་མའི་མདོག་ཅན་སྒེག་ཅིང་རབ་ཏུ་རྒྱས་པའི་ཉམས་དང་ལྡན་པ་ཉི་མ་བྱེ་བའི་གཟི་འོད་འཕྲོ་བ༔ ནོར་བུའི་ཕྲེང་བ་དང་གུནྡྷེ་བསྣམས་པ༔ དྲང་སྲོང་གི་ཆ་བྱད་ཅན་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ༔སོགས་དང་། ཞི་བའི་མལ་དུ། མཆོག་གི་ལས་སོགས་ཁ་བསྒྱུར། མེ་ལྷའི་བྱོན་སྐྱེམས་སྐབས། མེ་ལྷ་དྲང་སྲོང་འཁོར་དང་བཅས་པས་བདག་ཅག་རྣམས་ཀྱིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འགྲུབ་པའི་ཕྲིན་ལས་མཛད་དུ་གསོལ། ཧཱུྃ་མ་ཧཱ་སུ་ཁ་ས་མ་ཡ་སིདྡྷི་ཧོ༔ ཞེས་ཕྲིན་ལས་བཅོལ། བསྲེག་རྫས་ཡམ་ཤིང་སྔགས་འདྲ། ཤམ་བུ། གཟི་བརྗིད་ཕུན་སུམ་ཚོགས་པ་དང་བདེ་ཆེན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྭཱ་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་པས་འགྲེ །ཤ་ལྔ་སོགས། ཨོཾ་ཨགྣེ་དེ་བ་རཱ་ཛ་མ་ཧཱ་སུ་ཁ་ས་མ་ཡ་སིདྡྷི་ཧོ༔ ཞེས་པས་འབུལ་ལ་མཚམས་སུ་ཕྲིན་བཅོལ་སོགས་འགྲེ། འདས་པའི་མེ་ལྷ་མཆོད་པ་ནི། བསང་སྦྱང་། སྟོང་པའི་ངང་ལས་ཐབ་ཀྱི་དབུས༔ སྣ་ཚོགས་པད་ཟླའི་གདན་གྱི་སྟེང༔ ཧཱུྃ་ཡིག་ཡོངས་གྱུར་སྐད་གཅིག་གིས༔སོགས་རིམ་དབྱེ་དང་པོ་ལྟར་ལ་རྡོ་རྗེ་བདུད་རྩི་གཙོ་འཁོར་བསྐྱེད། ཡེ་ཤེས་པ་དྲང་བསྟིམ་རྒྱས་གདབ་བར་སོང་ནས། དགང་བླུགས་ལ། ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་སིདྡྷི་སྭཱ་ཧཱ༔ བདུན་གྱིས་དགང་། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ་བྷྱོ་སྭཱ་ཧཱ༔ དང་འདོད་གསོལ་ནི། བཅོམ་ལྡན་འདས་རྡོ་རྗེ་བདུད་རྩི་གཙོ་དང་འཁོར་དུ་བཅས་པས་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་རྣམས་ཀྱིས་བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོགས་པ་མེད་པར་མྱུར་དུ་འགྲུབ་པར་མཛད་དུ་གསོལ། ཧཱུྃ་མ་ཧཱ་སུ་ཁ་ས་མ་ཡ་སིདྡྷི་ཧོ༔ ཞེས་ཕུལ། ཕྱག་མཆོད་བསྟོད་པའི་བར་བྱ། ལྷ་རྣམས་དགྱེས་ཤིང་འཛུམ་ལ་བརྗིད་པའི་ཉམས་ཅན་འོད་ཟེར་མཐིང་ག་བདེ་བ་ཆེན་པོའི་རེག་བྱ་ཅན་སྤྲོ་དང་བསྡུ་བས་མཆོག་གི་ལས་རབ་འབྱམས་མཛད་པར་བསམ། བསྲེག་རྫས་འབུལ་བའི་ཚིགས་བཅད། ཧཱུྃ༔ ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཐབ་ཁུང་དུ༔ བཅོམ་ལྡན་རྡོ་རྗེ་བདུད་རྩི་འཁོར་བཅས་ལ༔ མཉེས་བྱེད་རྫས་ཀྱི་མཆོད་པ་དམ་པ་འབུལ༔ རབ་འབྱམས་མཆོག་གི་ཕྲིན་ལས་ཡོངས་རྫོགས་མཛོད༔ ཅེས་བསྒྱུར་ལ། ཡམ་ཤིང་སོགས་རྫས་རྣམས། ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་སིདྡྷི་སྭཱ་ཧཱ༔ལ་རྫས་སྔགས་སྦྱར་བས་ཕུལ། ཕྲིན་བཅོལ་སྔར་ལྟར་བྱ། རྫས་སྤྱི་རྣམས་སྔགས་སྨྲོས་མ་ཐག་པ་ལ། ཧཱུྃ་མ་ཧཱ་སུ་ཁ་ས་མ་ཡ་སིདྡྷི་ཧོ༔ ཞེས་བཏགས་པས་ཕུལ་ཞིང་བར་མཚམས་སུ་ཕྲིན་ལས་བཅོལ། ཏིང་ངེ་འཛིན་ནི། དེ་ལྟར་ཕུལ་པས་ལྷ་རྣམས་མཉེས་ཤིང་ཚིམས་ནས་མཆོག་གི་འོད་ཟེར་མཐིང་ལ་དམར་བའི་མདངས་ཅན་ཟག་མེད་བདེ་བ་ཆེན་པོའི་རང་བཞིན་ཅན་མཁའ་ཁྱབ་ཏུ་སྤྲོས་པས། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་ཕྱག་རྒྱ་ཆེན་པོ་ཆེ་བའི་མཆོག་གི་དངོས་གྲུབ་སྟན་ཐོག་འདི་ཉིད་དུ་ཐོབ་པའི་ཕྲིན་ལས་མཛད་པར་མོས། རྗེས་ཆོག་ཞི་བ་ལྟར་ལ། འདས་གཏོར་འབུལ་བའི་སྔགས་བཟླས་སྔགས་ཞི་དྲག་གཉིས་ཆར་ལ། ཨི་དཾ་བ་ལིཾ་ཏ་བཏགས་པས་འབུལ། བཅོམ་ལྡན་རྡོ་རྗེ་བདུད་རྩི་ཆེས༔ གཏོར་མ་མཆོད་ཚོགས་སོགས་ཁ་བསྒྱུར། གཞན་རྒྱས་པ་ལྟར་བྱས་པས་འགྲུབ་བོ། །འདི་རྣམས་སྲེག་རྐྱང་གི་དབང་དུ་བྱས་པ་ཡིན་ལ། སྒྲུབ་མཆོད་འབྲེལ་ན། འདས་པའི་མེ་ལྷ་མཆོད་སྐབས། ཐབ་ཀྱི་དབུས་སུ་སོ་སོའི་གདན་གསལ་བཏབ། དེ་ནས་སྤྱན་འདྲེན་གྱི་ཚིག་བརྗོད། སྤོས་དང་རོལ་མོས་མཚོན་ཏེ་ཚོམ་བུ་སྤྱན་དྲང་། མེ་ཏོག་ཐབ་ཏུ་དོར་ལ་ལྷ་བསྐྱེད་ཅིང་བྱོན་སྐྱེམས་འབུལ་བ་བྱ་སྟེ། ཞི་བ་ལ་མཚོན་ན། བསང་སྦྱང་། སྟོང་པའི་ངང་ལས་ཐབ་ཀྱི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་གདན་རབ་ཏུ་གསལ་བར་གྱུར། ཧཱུྃ༔ བདེ་གཤེགས་རྣམས་ནི་སོགས་ནས། བཛྲ་ས་མཱ་ཛ༔ས་སྤྱན་དྲང་། ཚོམ་བུ་ནས་ཅུང་ཟད་ཐབ་ཏུ་འཕང་ལ། ཧཱུྃ༔ རྡོ་རྗེ་དགའ་བ་སོགས་ཕྲིན་ལས་ལྟར། ཛཿཧཱུྃ་བཾ་ཧོ༔ བར་གྱིས་བཞུགས་གསོལ་བྱ། རང་གཞུང་ལས། བཅོམ་ལྡན་རྡོ་རྗེ་བདུད་རྩི་འཁྱིལ༔ སོགས་ནས། བདུད་རྩིའི་ཐོད་པ་བསྣམས་པས་འཁྱུད༔ ཅེས་གསལ་བཏབ་ལ་དམ་ཚིག་ཡེ་ཤེས་སོགས་དབང་བསྐུར་རྒྱས་གདབ་རྗེས་བྱོན་སྐྱེམས་དགང་བླུགས་དང་། ཕྱག་མཆོད་བསྟོད་པ་ཕྱིན་གཞུང་ལྟར་བྱ། གཤེགས་གསོལ་སྐབས། ཐབ་ཀྱི་ཡེ་ཤེས་པ་དཀྱིལ་འཁོར་གྱི་གནས་སུ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར། ཅེས་མོས་ལ་ཚོམ་བུ་སླར་སྤྱན་དྲངས་པ་རྣམས་ཁྱད་པར་རོ། །སྲེག་བླུགས་འདི་ཉིད་ཕྲིན་ལས་སྒྲུབ་པ་དང་ཆད་ལྷག་གི་ཁ་སྐོང་བ་ལ་མེད་དུ་མི་རུང་བ་ཡིན་ཡང་། ཁྱི་མཐོང་རྡོ་རྡེག་གི་ལག་ལེན་བྱེད་པ་མང་བས་ཕན་ཡོན་ལྟ་ཅི་ཉེས་པ་སྐྱེད་པའི་ཚུལ་ཤེས་པར་བྱས་ལ་རྒྱུད་ལུང་རྣམས་ནས་རྡོ་རྗེ་སློབ་དཔོན་གྱི་དེ་ཉིད་བཅུའི་ཡ་གྱལ་གལ་པོ་ཆེར་གསུངས་པ་ལ། ཆོག་རློམས་ཕོ་ཚོད་ཀྱིས་སྒྲིབ་པའི་ཕུང་པོ་མི་གསོག་པར་གནད་དོན་ཇི་བཞིན་ཁོང་དུ་ཆུད་པ་དང་མཐོང་བརྒྱུད་མ་ནོར་བའི་ལག་ལེན་ལ་བསླབ་པ་ཅི་ནས་གལ་ཆེའོ། །ཕྱི་ཡི་སྦྱོར་བས་རང་བྱུང་ནང་གི་མེ། །སྟོབས་སུ་གྱུར་ཏེ་ཕུང་ཁམས་སྙིགས་མ་སྲེག །བདེ་ཆེན་རྡོ་རྗེའི་དྭངས་བཅུད་རབ་རྒྱས་པས། །བརྟན་གཡོ་འོད་གསལ་ཐིག་ལེ་གཅིག་གྱུར་ཤོག །ཅེས་ཟབ་ཆོས་འདི་ལ་སྤྱོད་པར་ནུས་པའི་སྐལ་པ་བཟང་པོའི་དཔལ་གྱིས་འབྱོར་པ་རྣམས་ལ་ཕན་འདོད་ལྷག་པའི་བསམ་པས་རྩ་གཞུང་གི་དགོངས་པ་རྣམས་ཡང་གཏེར་པདྨ་ཞི་ཁྲོ་ལས་འབྱུང་བའི་ཚིག་གིས་གསལ་བར་བྱས་ཤིང་། ཅུང་ཟད་ཁ་བསྐང་བར་འོས་པ་དག་ཀྱང་གསང་བ་སྤྱིའི་འགྲོས་ལས་མ་གཡོས་པར་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བསྡེབས་པ་དགེ་ལེགས་འཕེལ།། །།
དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ གསང་སྐོར་ཡི་དམ་བསྐྱེད་རིམ་དང་བྱང་བུ་ཁྲིགས་སུ་བསྡེབས་པ (Volume 58, Text 9)
༁ྃ༔ དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ གསང་སྐོར་ཡི་དམ་བསྐྱེད་རིམ་དང་བྱང་བུ་ཁྲིགས་སུ་བསྡེབས་པ་བཞུགས་སོ༔ ྈྈྈ ན་མོ་གུ་རུ༔ གསང་སྐོར་ཡི་དམ་ཁྲོ་སྒྲུབ་ལས༔ སྔོན་འགྲོའི་བྱང་བུ་བསྟན་པ་ནི༔ དབྱིངས་ཉིད་རྣམ་དག་རྫོགས་སངས་རྒྱས༔ རིག་པ་ལྷུན་གྲུབ་དམ་པའི་ཆོས༔ དབྱིངས་རིག་གཉིས་མེད་ཚོགས་མཆོག་ལ༔ ཡེ་ནས་དག་པར་སྐྱབས་སུ་མཆི༔ ཨེ་མ་ཧོ་རང་རིག་བྱང་ཆུབ་སེམས༔ མ་རྟོགས་འཁྲུལ་པར་གྱུར་པ་ཀུན༔ གཉིས་སུ་མེད་པར་བསྒྲལ་བའི་ཕྱིར༔ རང་བྱུང་རང་གསལ་སེམས་བསྐྱེད་དོ༔ ནམ་མཁའ་ལྟ་བུའི་བདེ་གཤེགས་ལ༔ གསལ་བ་ཆེན་པོར་ཕྱག་འཚལ་ལོ༔ རིག་པའི་ངང་དུ་མཆོད་པར་འབུལ༔ རྒྱུན་ཆད་མེད་པའི་ཀློང་དུ་བཤགས༔ རྟག་ཅིང་སྒྲིབ་མེད་ཡི་རང་ངོ༔ ཡིན་མིན་མེད་པར་ཆོས་འཁོར་བསྐོར༔ མྱོང་བ་ཅན་དུ་བཞུགས་སུ་གསོལ༔ ངེས་པ་ཅན་གྱི་མཆོག་ཐོབ་ཤོག༔ མན་ངག་དོན་གྱི་སྔོན་འགྲོ་འོ༔ ས་མ་ཡ་རྒྱ་རྒྱ༔ སྒྲིབ་སྦྱོང་བྱང་བུ་བསྟན་པ་ནི༔ གློ་བུར་འཁྲུལ་པའི་ཐ་མལ་ལུས༔ གདོད་ནས་དག་པ་འོད་ཀྱི་སྐུ༔ ལྷུག་པར་གནས་པའི་རྡོ་རྗེ་སེམས༔ དྭངས་པའི་ངང་དུ་གསལ་རྫོགས་བསྐྱེད༔ ཨོཾ་བཛྲ་སཏྭ་ཨཱ༔ མན་ངག་དོན་གྱི་སྒྲིབ་སྦྱོང་ངོ༔ ས་མ་ཡ་རྒྱ་རྒྱ༔ ཚོགས་གསག་བྱང་བུ་བསྟན་པ་ནི༔ སྟོང་པ་ཉིད་ཀྱི་དབྱིངས་ཉིད་དུ༔ རིག་པ་ཅོག་གཞག་ཚོམ་བུར་བཀོད༔ དབྱིངས་རིག་དབྱེར་མེད་མཎྜལ་འདི༔ ཀ་དག་བདེ་བར་གཤེགས་ལ་འབུལ༔ གུ་རུ་མཎྜ་ལ་པཱུ་ཛ་ཧོ༔ མན་ངག་དོན་གྱི་ཚོགས་གསག་གོ༔ ས་མ་ཡ་རྒྱ་རྒྱ༔ བྱིན་བརླབ་བྱང་བུ་བསྟན་པ་ནི༔ ཨོཾ་ཨཱཿཧཱུྃཿ ཐུགས་རྗེ་སྤྲུལ་སྐུའི་བླ་མ་ལ༔ སྤྲོས་བཅས་གདུང་བས་གསོལ་བ་འདེབས༔ ལུས་ལ་བུམ་པའི་དབང་བསྐུར་ནས༔ སྣང་སྟོང་རྟོགས་པར་བྱིན་གྱིས་རློབས༔ རང་བཞིན་ལོངས་སྐུའི་བླ་མ་ལ༔ སྤྲོས་མེད་ངང་ནས་གསོལ་བ་འདེབས༔ ངག་ལ་གསང་བའི་དབང་བསྐུར་ནས༔ གསལ་སྟོང་རྟོགས་པར་བྱིན་གྱིས་རློབས༔ ངོ་བོ་ཆོས་སྐུའི་བླ་མ་ལ༔ ཤིན་ཏུ་སྤྲོས་མེད་ངང་དུ་འདུད༔ ཡིད་ལ་གསུམ་པའི་དབང་བསྐུར་ནས༔ བདེ་སྟོང་རྟོགས་པར་བྱིན་གྱིས་རློབས༔ དབྱེར་མེད་ཉིད་སྐུའི་བླ་མ་ལ༔ རབ་ཏུ་སྤྲོས་མེད་ངང་ནས་འདུད༔ སྒོ་གསུམ་བཞི་པའི་དབང་བསྐུར་ནས༔ རིག་སྟོང་རྟོགས་པར་བྱིན་གྱིས་རློབས༔ མན་ངག་དོན་གྱི་བྱིན་བརླབ་བོ༔ ས་མ་ཡ་རྒྱ་རྒྱ༔ མཆོད་པ་བྱིན་བརླབ་བྱང་བུ་ནི༔ རཾ་ཡཾ་ཁཾཿ ཞི་གནས་ལྷག་མཐོང་ཡེ་ཤེས་ལས༔ རཾ་ཡཾ་ཁཾ་འཕྲོས་དངོས་འཛིན་སྦྱངས༔ དབྱིངས་རིག་གཉིས་མེད་གཏོར་ཆེན་དང༔ ཀློང་ལྔའི་རང་བཞིན་བདུད་རྩི་ཆེ༔ སེམས་ཉིད་འཁྲུལ་པ་བསྒྲལ་པའི་ཁྲག༔ ཡེ་ཤེས་འོད་གསལ་མཆོད་སྤྲིན་འཁྲིགས༔ སྣང་བ་སྒྱུ་མར་རྟོགས་པ་ཡི༔ ཕྱི་ཡི་མཆོད་སྤྲིན་བསམ་མི་ཁྱབ༔ སྟོང་པའི་རང་རྩལ་གསལ་བ་ཆེ༔ ནང་གི་མཆོད་སྤྲིན་མཐའ་ལས་འདས༔ བདེ་བའི་རང་བཞིན་དགའ་བ་ཆེ༔ གསང་བའི་མཆོད་པ་ལྷུན་གྱིས་གྲུབ༔ ཨོཾ་མ་ཧཱ་བ་ལིནྟ་ཨཱཿཧཱུྃ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་རཀྟ་ཛྭ་ལ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ༔ ཨོཾ་བཛྲ་ནཻ་བིདྱཱ་ཨཱཿཧཱུྃ༔ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ཨཱཿཧཱུྃ༔ སྡེ་གསུམ་དོན་གྱི་མཆོད་བརླབ་བོ༔ ས་མ་ཡ་རྒྱ་རྒྱ༔ དངོས་གཞིའི་རྟེན་གྱི་བྱང་བུ་ནི༔ ཧཱུྃ༔ ཀུན་གཞི་མི་དམིགས་རྣམ་པར་སྟོང༔ ཨཱ༔ རང་བཞིན་གསལ་བ་ཀུན་ལ་ཁྱབ༔ ཨོཾ༔ ཐུགས་རྗེ་སྣ་ཚོགས་སྤྲུལ་སྐུར་ཤར༔ ཐུགས་རྗེའི་འོད་ཀྱིས་སྣོད་བཅུད་སྦྱངས༔ ཆོས་དབྱིངས་མཁའ་ལ་འབྱུང་ལྔའི་སྟེང༔ སྣོད་བཅུད་དག་པའི་གཞལ་ཡས་ཁང༔ ནང་དུ་ཕོ་བྲང་གླིང་དགུ་གསལ༔ དབུས་སུ་འཇིག་རྟེན་སྣ་ཚོགས་ཁྲིར༔ དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ སྨུག་ནག་དབུ་ནི་ཉེར་གཅིག་རྣམས༔ རྩ་ཞལ་མ་གཏོགས་གཡས་དཀར་ཞིང༔ གཡོན་དམར་དབུས་མཐིང་ཁྲོས་པའི་ཉམས༔ ཕྱག་ནི་བཞི་བཅུ་རྩ་གཉིས་ཀྱིས༔ ཞི་བ་བཞི་བཅུ་རྩ་གཉིས་བསྣམས༔ ཞབས་བརྒྱད་ཐུར་བསྒྲད་འཁོར་འདས་གནོན༔ རྡོ་རྗེའི་གཤོག་བརྒྱངས་དཔལ་གྱི་ཆས༔ ཡུམ་ནི་གནམ་ཞལ་དབྱིངས་ཕྱུག་མ༔ མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད༔ གནས་ཡུལ་མཁའ་འགྲོ་འཛིན་ཅིང་འཁྲིལ༔ དང་པོས་རྡོ་རྗེ་དུང་ཁྲག་བསྣམས༔ བདེ་སྟོང་དབྱེར་མེད་སྐུ་རུ་ཤར༔ འཁོར་དུ་རིགས་བཞིའི་ཏ་ཀྲྀཏ་དང༔ ཅེ་སྤྱང་མ་བརྒྱད་ལ་སོགས་གསལ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཤར་དུ་ཡང་དག་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་མཐིང་ནག་འབར༔ ཕྱག་མཚན་རྒྱན་དང་ཆ་ལུགས་རྫོགས༔ ཡུམ་ནི་བཛྲ་ཀྲོ་དྷཱི་འཁྲིལ༔ རིགས་བཞི་ཀེའུ་སེང་དབང་ཕྱུག་སོགས༔ ཡབ་ཡུམ་སྤྲུལ་པའི་ཚོགས་བཅས་གསལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ལྷོ་རུ་འཇམ་དཔལ་གཤིན་རྗེའི་གཤེད༔ སེར་ནག་ཞལ་གསུམ་ཕྱག་དྲུག་པ༔ རང་རྟགས་ཕྱག་མཚན་དུར་ཁྲོད་ཆས༔ ཡུམ་ནི་མ་མོ་ཁྲག་མིག་མ༔ སྦྱོར་སྒྲོལ་ཡུམ་བཅས་གཤེད་ཆེན་བཞི༔ འཆི་བདག་གིང་བདུད་རྩིས་པ་སོགས༔ ཡབ་ཡུམ་འཁོར་དང་བཅས་པ་གསལ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ནུབ་ཏུ་དབང་ཆེན་རྟ་མགྲིན་ནི༔ དམར་པོ་ཞལ་གསུམ་རྟ་སྐད་འཚེར༔ ཕྱག་དྲུག་རང་རྟགས་ཕྱག་མཚན་འཛིན༔ དུར་ཁྲོད་ཆས་རྫོགས་ཞབས་བཞི་བསྒྲད༔ ཡུམ་ནི་པདྨ་གཟི་ལྡན་མ༔ ཁྲ་ཐབས་རིགས་བཞིའི་ཟིལ་གནོན་དང༔ ཁམས་རྒྱ་དམུས་ལོང་ཁྱི་སྤྱང་སོགས༔ ཡབ་ཡུམ་འཁོར་དང་བཅས་པ་གསལ༔ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ བྱང་དུ་རྡོ་རྗེ་གཞོན་ནུ་ནི༔ ལྗང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཕྱག་མཚན་དུར་ཁྲོད་ཆས་རྣམས་རྫོགས༔ ཡུམ་ནི་འཁོར་ལོ་རྒྱས་འདེབས་འཁྲིལ༔ རིགས་བཞི་ཁྲོ་བཅུ་ཕུར་སྲུང་ཚོགས༔ ཡབ་ཡུམ་འཁོར་དང་བཅས་པ་གསལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཤར་ལྷོར་བླ་མེད་ཧེ་རུ་ཀ༔ སྨུག་ནག་ཞལ་གསུམ་ཕྱག་དྲུག་པ༔ ཕྱག་མཚན་དུར་ཁྲོད་ཆས་རྣམས་རྫོགས༔ ཡུམ་ནི་ཉིད་གཞི་མུ་ཁ་ལེ༔ ཞལ་ལྔ་སྣ་ཚོགས་མདོག་ཅན་འཁྲིལ༔ དབྱིངས་ཀྱི་མ་མོ་རྗེ་མོ་དང༔ སྨན་མོ་མ་མོ་མཁའ་འགྲོའི་ཚོགས༔ ཡབ་ཡུམ་སྲས་འཁོར་སྤྲུལ་བཅས་གསལ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ལྷོ་ནུབ་རིག་འཛིན་ཐོད་པ་རྩལ༔ དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ ཡུམ་ནི་མཁའ་འགྲོ་ལས་དབང་མོ༔ རིགས་བཞིའི་སློབ་དཔོན་སྡེ་བཞི་དང༔ དཔའ་བོ་མཁའ་འགྲོའི་ཚོགས་བཅས་གསལ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ནུབ་བྱང་དྲེགས་པ་ཀུན་འདུལ་ནི༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ རང་རྟགས་ཕྱག་མཚན་དུར་ཁྲོད་ཆས༔ ཡུམ་ནི་ཁམས་གསུམ་སྤྱི་འདུལ་འཁྲིལ༔ དབང་ཕྱུག་ཡབ་ཡུམ་སྡེ་དཔོན་སོགས༔ སྣང་སྲིད་དྲེགས་པའི་ཚོགས་བཅས་གསལ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ བྱང་ཤར་སྟོབས་ལྡན་ནག་པོ་ནི༔ སེར་ནག་ཞལ་གསུམ་ཕྱག་དྲུག་པ༔ རང་རྟགས་ཕྱག་མཚན་དུར་ཁྲོད་ཆས༔ ཡུམ་ནི་འབྱུང་ལྔའི་བདག་མོ་འཁྲིལ༔ དྲེགས་པ་ཡབ་ཡུམ་སྔགས་བདག་སོགས༔ དྲེགས་པ་སྡེ་བརྒྱད་ཐམས་ཅད་གསལ༔ ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཕྱི་རོལ་བར་ཁྱམས་ཁོར་ཡུག་ཏུ༔ མ་མོ་ཉེར་བརྒྱད་གིང་ལངྐ༔ འབར་མ་མཁའ་འགྲོ་ཤུགས་འགྲོར་བཅས༔ འཇིག་རྟེན་འདས་དང་མ་འདས་པའི༔ དཔལ་གྱི་འཁོར་ཚོགས་བསམ་མི་ཁྱབ༔ ཨོཾ་བཛྲ་སརྦ་ཡཀྵ་ས་མ་ཡ་ཧཱུྃ་ཕཊ༔ རང་རིག་རྒྱལ་པོ་ཧེ་རུ་ཀ༔ ཡེ་ཤེས་ཀློང་དགུའི་ངང་དུ་རྫོགས༔ ཅིར་ཡང་ས་ལེར་གསལ་བའི་འཁོར༔ དབྱིངས་རིག་གཉིས་སུ་མེད་པར་བསྒོམ༔ ས་མ་ཡ་རྒྱ་རྒྱ༔ དབང་བསྐུར་དགུག་བསྟིམ་བྱང་བུ་ནི༔ དུག་གསུམ་ཡེ་དག་རྡོ་རྗེ་གསུམ༔ ལྷུན་གྲུབ་རྫོགས་པར་བྱིན་གྱིས་བརླབས༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔ༔ སྐུ་ལྔ་ཡེ་རྫོགས་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧཱུྃ༔ མི་མངོན་དབྱིངས་ཀྱི་ཞིང་ཁམས་ནས༔ བླ་མ་རིག་འཛིན་བདེ་གཤེགས་ཚོགས༔ ཡི་དམ་དཔའ་བོ་མཁའ་འགྲོ་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཀུན་གཞི་དག་པའི་ཞིང་ཁམས་ནས༔ གསལ་བ་ལོངས་སྤྱོད་རྫོགས་སྐུར་བཞེངས༔ ཐུགས་རྗེ་སྤྲུལ་སྐུའི་འཁོར་དང་བཅས༔ དབྱེར་མེད་ཆེན་པོར་གཤེགས་སུ་གསོལ༔ དབྱིངས་ལས་གཞན་མེད་ཆོས་སྐུའི་ཚོགས༔ བདེ་བ་ཆེ་ལ་ལོངས་སྤྱོད་པ༔ ཅིར་ཡང་སྣང་བ་སྤྲུལ་པའི་སྐུ༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ སྣང་ཡུལ་འཛིན་པ་དབྱིངས་སུ་ཁྲོལ༔ དབང་པོ་སྐུ་ལྔར་བྱིན་གྱིས་རློབས༔ རྣམ་ཤེས་ཡེ་ཤེས་ཆེན་པོར་སྒྱུར༔ ཀུན་གཞི་ཀློང་དུ་ཐིམ་པར་མཛོད༔ ཨེ་ཧྱེ་ཧི་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ དབང་བསྐུར་དགུག་བསྟིམ་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ བཞུགས་ཕྱག་མཆོད་བསྟོད་བྱང་བུ་ནི༔ ཧཱུྃ༔ ཡེ་ནས་དག་པའི་ཀུན་བཟང་ལ༔ གཤེགས་དང་བཞུགས་པའི་མཚན་མ་མེད༔ ཕྱོགས་ལྷུང་བྲལ་བར་ཀུན་ཏུ་རྫོགས༔ གདོད་ནས་གཉིས་མེད་ངང་དུ་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ འཁྲུལ་མ་མྱོང་བའི་བྱང་ཆུབ་སེམས༔ ཨེ་མ་བདེ་བར་གཤེགས་པ་རྣམས༔ འགྲོ་བ་ཀུན་ལ་ཁྱབ་པ་ཉིད༔ གཉིས་འཛིན་བྲལ་བར་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨེ་མ་ཧོ༔ གདོད་ནས་དག་པའི་མཁའ་དབྱིངས་སུ༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ལས༔ མཆོད་པའི་ཕྱག་རྒྱ་ཅིར་ཡང་སྤྲུལ༔ རྒྱལ་བའི་ཚོགས་རྣམས་དགྱེས་པར་རོལ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཤེས་ཡུལ་དབང་པོས་མཚམས་སྦྱར་བས༔ འདོད་པའི་ཡོན་ཏན་བསམ་མི་ཁྱབ༔ ཞེན་པ་མེད་པའི་རང་བཞིན་ཉིད༔ ཆོས་ཀྱི་སྐུ་ཡི་རྒྱན་དུ་མཆོད༔ ཨོཾ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཨཱཿཧཱུྃ༔ གསལ་བ་ཐབས་ཀྱི་རང་བཞིན་ལ༔ མི་རྟོག་ཤེས་རབ་སྦྱོར་བ་ཡིས༔ བདེ་བ་ཆེན་པོ་ཁྱབ་པ་ཆེ༔ དབྱེར་མེད་ངང་དུ་མཆོད་པར་འབུལ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧོ༔ དབྱིངས་ཀྱི་གཏོར་མ་རྒྱན་དང་ལྡན༔ རིག་པ་ཡེ་ཤེས་བདུད་རྩི་ལྔ༔ དབྱིངས་རིག་དབྱེར་མེད་ཁྲག་ཆེན་པོ༔ བྱ་རྩོལ་བྲལ་བའི་མཆོད་པར་འབུལ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་བ་ལིནྟ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་སྐུ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་རྗེ་རྨད་བྱུང་བསམ་མི་ཁྱབ༔ སྤྲོས་པའི་ཚུལ་སྟོན་སྤྲུལ་སྐུ་མཆོག༔ སྤྲོས་མེད་ལོངས་སྤྱོད་རྫོགས་པའི་སྐུ༔ ཤིན་ཏུ་རྣམ་དག་ཆོས་ཀྱི་སྐུ༔ རབ་ཏུ་ཞི་བ་ངོ་བོ་ཉིད༔ སྐུ་བཞིའི་བདག་ཉིད་རྣམས་ལ་བསྟོད༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་གསུང༔ ཡན་ལག་དྲུག་ཅུ་དང་ལྡན་ཞིང༔ ནམ་མཁའ་ལྟ་བུར་ཁྱབ་པ་ཉིད༔ ཉི་ཟླ་ལྟ་བུར་ཀུན་ལ་གསལ༔ རྒྱ་མཚོ་ལྟ་བུར་གཏིང་མཐའ་བྲལ༔ འཇའ་ཚོན་བཞིན་དུ་སོ་སོར་སྣང༔ རིན་ཆེན་བཞིན་དུ་དགོས་འདོད་འབྱུང༔ ཀློང་ལྔའི་གསུང་ལ་ཕྱག་འཚལ་བསྟོད༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཐུགས༔ ཀུན་གཞི་བྱ་རྩོལ་བྲལ་བ་ལས༔ ཅིར་ཡང་མི་དམིགས་ཅིར་ཡང་སྣང༔ འོད་གསལ་ཤེས་པ་ཟང་ཐལ་ལེ༔ སྐྱེ་བ་མེད་པའི་རང་བཞིན་ཉིད༔ འགག་པ་མེད་པ་དབང་པོར་གསལ༔ ཡུལ་སྣང་གང་ཤར་དངོས་པོས་སྟོང༔ སེམས་ཉིད་ཤར་གྲོལ་ཐུགས་ལ་བསྟོད༔ བཞུགས་ཕྱག་མཆོད་བསྟོད་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ ཧཱུྃ༔ སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀུན༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ འབར་བའི་ཀློང་ནས་ཅིར་ཡང་སྣང༔ རང་བྱུང་ཛཔ྄་ཀྱི་འཕྲོ་འདུ་ལས༔ ཅིར་ཡང་གསལ་ཞིང་འགགས་པ་མེད༔ མ་བཅོས་ཡེ་རྫོགས་སྣང་སྲིད་རྣམས༔ དཔལ་གྱི་སྐུ་གསུང་ཐུགས་སུ་རྫོགས༔ ལྷུན་གྱིས་གྲུབ་པའི་རང་བཞིན་བསྒོམ༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨཱ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ གསང་སྐོར་ཡི་དམ་སྒྲུབ་པ་འོ༔ ས་མ་ཡ་རྒྱ་རྒྱ༔ ཚོགས་ཀྱི་མཆོད་པའི་བྱང་བུ་ནི༔ ཧཱུྃ༔ དངོས་འཛིན་འཁྲུལ་རྟོག་ཐམས་ཅད་ཀུན༔ སྣང་སྟོང་རིག་སྟོང་ཚོར་སྟོང་གི༔ ངོ་བོ་ཉིད་དུ་གདོད་ནས་དག༔ ཅིར་ཡང་འབྱུང་ཞིང་འཆར་བ་ལས༔ ཤེས་རབ་ཆེན་པོའི་སྣོད་ཡངས་སུ༔ དགའ་བ་བཞི་ཡི་ཚོགས་གཏོར་བཤམས༔ འདོད་ཡོན་ལྔ་ཡིས་རབ་བརྒྱན་པའི༔ བླ་ན་མེད་པའི་མཆོད་སྤྲིན་གཏིབས༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ འཁོར་འདས་ཕ་མཐའ་བྲལ་བའི་དབྱིངས༔ གཞོན་ནུ་བུམ་སྐུའི་ཞིང་ཁམས་ནས༔ ལོངས་སྤྱོད་རྫོགས་སྐུའི་ལྷ་ཚོགས་རྣམས༔ དགྱེས་མཆོད་བཞེས་ཕྱིར་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་བཛྲ་ས་མཱ་ཛ༔ ཧཱུྃ༔ གདོད་མའི་དབྱིངས་ཀྱི་བྷནྡྷ་རུ༔ རིག་པ་བདེ་ཆེན་འདོད་ཡོན་བཤམས༔ དབྱིངས་རིག་གཉིས་མེད་ཚོགས་མཆོད་འདི༔ རྫོགས་པ་ཆེན་པོའི་ལྷ་ལ་འབུལ༔ མ་ཧཱ་ཛྙཱ་ན་ག་ཎ་ཙཀྲ་པཱུ་ཛ་ཧོ༔ གསལ་བའི་ངང་དུ་འཛིན་པ་བཤགས༔ མི་རྟོག་ཕྱལ་ཆད་མིན་པར་བསྐང༔ བདེ་བ་ཆེན་པོའི་དངོས་གྲུབ་སྩོལ༔ དབྱེར་མེད་ངང་དུ་ལྷུན་གྲུབ་ཤོག༔ ས་མ་ཡ་ཤུདྡྷེ་ཨ༔ ཡུལ་གྱི་དྲྭ་བར་ཚུད་པའི་བདུད༔ དབང་པོའི་དྲྭ་བར་གཅིག་ཏུ་བསྡུས༔ རྣམ་ཤེས་དག་པའི་མཚོན་གྱིས་བསྒྲལ༔ ཀུན་གཞིའི་ཀློང་དུ་ཞལ་དུ་བསྟབ༔ མཱ་ར་ཡ་ཕཊ༔ སྣང་སྲིད་ཆོས་ཀུན་མ་ལུས་པ༔ བདེ་བ་ཆེན་པོའི་ཚོགས་སུ་རོལ༔ སེམས་ཉིད་རྣམ་པར་དག་གྱུར་ཏེ༔ དབྱིངས་རིག་ཟུང་འཇུག་རྟོགས་པར་ཤོག༔ ཨ་ལ་ལ་ཧོ༔ ཧཱུྃ༔ རྣམ་རྟོག་དག་པའི་ལྷག་སྡུད་རྣམས༔ འཛིན་མེད་རང་གསལ་ལྷག་གཏོར་བཞེས༔ དྲན་སྣང་སོ་མའི་བར་ཆད་སོལ༔ རང་གྲོལ་ཀློང་དུ་ཕྲིན་ལས་སྒྲུབས༔ ཨུཙྪིཥྚ་བ་ལིནྟ་ཁཱ་ཧི༔ གསལ་སྟོང་བདེ་ཆེན་དབྱེར་མེད་པའི༔ སྣང་སེམས་གཉིས་མེད་ཀློང་ཡངས་སུ༔ ཡུལ་དབང་ཤེས་བཞི་དག་པའི་ཚོགས༔ ཕུལ་པས་དབྱིངས་རིག་ཟུང་འཇུག་ཤོག༔ ཚོགས་ཀྱི་མཆོད་པའི་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ ཕྲིན་ལས་རྗེས་ཀྱི་བྱང་བུ་ནི༔ དབྱིངས་ལས་ཤར་པའི་ལྷ་ཚོགས་རྣམས༔ རིག་པའི་དབྱིངས་སུ་ཐིམ་པ་ལས༔ དབྱིངས་ཡེ་ཟུང་འཇུག་རྫོགས་པ་ཆེ༔ འཁོར་འདས་དབྱེར་མེད་ཉིད་དུ་རྫོགས༔ ཨ་ཨ་ཨ༔ ལྟ་བ་ཆོས་ཉིད་ཡེ་ནས་དག༔ སྒོམ་པ་བློ་ལས་འདས་པའི་ངང༔ སྤྱོད་པ་བསམ་ཡས་དགེ་བ་ཀུན༔ འབྲས་བུ་སྐུ་གསུམ་འཐོབ་ཕྱིར་བསྔོ༔ བསམ་དུ་མེད་པའི་ལྟ་བ་རྟོགས༔ བརྗོད་དུ་མེད་པའི་སྒོམ་ཉམས་ལོངས༔ བླང་དོར་མེད་པའི་སྤྱོད་པ་སྤྱད༔ འབྲས་བུ་ལྷུན་གྲུབ་བཀྲ་ཤིས་ཤོག༔ ཕྲིན་ལས་རྗེས་ཀྱི་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ ལྷ་སྲས་མུ་རུབ་བཙན་པོའི་རྣམ་པར་འཕྲུལ་པ་༧སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས། གནས་མཆོག་ནམ་མཁའ་མཛོད་ནས་སྤྱན་དྲངས་པའི་ཁ་བྱང་དང་། འཕྲལ་དུ་ སློབ་དཔོན་རིན་པོ་ཆེ་ཡབ་ཡུམ་གྱིས་དངོས་སུ་གསུངས་པའི་ཡང་བྱང་དང་སྙིང་བྱང་ལ་བརྟེན་ནས་མེ་འབྲུག་རྒྱལ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཉི་ཤར་ལ། བོད་ཆེན་པོའི་སའི་ཐིག་ལེ་སྡེ་དགེ་ཆོས་རྒྱལ་ཆེན་པོའི་ཕོ་བྲང་གི་ཤར་གྱི་ཕྱོགས་ཀྱི་ཡུལ་ལྗོངས། སྨད་ཤོད་ཛམ་ནང་ཕུ་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་གནས་པདྨ་ཤེལ་ཕུག་གི་གནམ་ཁུང་ནས། བདག་ཅག་འདུས་པ་ཉེར་ལྔ་ཙམ་གྱིས་མཐོང་བར་དངོས་སུ་སྤྱན་དྲངས་ཤིང་། དེ་འཕྲལ་སྐལ་ལྡན་གྱི་འདུས་པ་ཉིས་བརྒྱ་བརྒལ་བར་བྱིན་རླབས་བསྩལ་ཏེ་ཐམས་ཅད་ཀྱིས་ཡིད་ཆེས་རྩོད་བྲལ་དུ་གྱུར་པའི་མཆོང་ཤོག་སྨུག་པོའི་ངོས་ནས་འཕྲལ་དུ་ཕབ་རིམ་བཞིན། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་དག་པར་བྲིས་ཤིང་། བྱང་བུ་རྣམས་ཁྲིགས་སུ་བསྡེབས་པའི་དགེ་བས་བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཞིང་། ཟབ་གཏེར་འདི་ཉིད་ཀྱི་བསྟན་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །།
ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་རྣམ་ཐར་གསོལ་འདེབས་བཀྲ་ཤིས་འཁྱིལ་བའི་སྒྲ་དབྱངས་ (Volume 1, Text 9)
༄༅། །ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་རྣམ་ཐར་གསོལ་འདེབས་བཀྲ་ཤིས་འཁྱིལ་བའི་སྒྲ་དབྱངས་ཞེས་བྱ་བ་བཞུགས།། ཇི་ལྟ་ཇི་སྙེད་ཤེས་བྱ་ཐམས་ཅད་མཁྱེན། །དམིགས་མེད་ཐུགས་རྗེས་འགྲོ་ལ་བུ་ལྟར་དགོངས། །འཁོར་བ་དོང་སྤྲུགས་ནུས་པའི་ཆོས་ཀྱི་རྒྱལ། །མཁྱེན་བརྩེའི་དབང་པོའི་ཞབས་ལ་གསོལ་བ་འདེབས། །རྒྱལ་བའི་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས། །གང་འདུལ་རྣམ་རོལ་ཆོས་དབྱིངས་ཁྱབ་པ་ལས། །སྙིགས་དུས་བསྟན་འགྲོ་སྐྱོབ་པའི་དཔལ་མགོན་དུ། །བསམ་བཞིན་སྐྱེ་བ་བཞེས་ལ་གསོལ་བ་འདེབས། །མདོ་སྨད་སྡེ་བཞི་དགེ་བཅུའི་སྨན་གྱི་ལྗོངས། །ཕྲིན་ལས་འགྲོ་འདུལ་སྤྲུལ་པའི་གནས་ཀྱི་ཆར། །རྣམ་དག་རིགས་སོགས་མཆོག་གི་གཟིགས་པ་ལྔས། །སྤྲུལ་པའི་སྐུ་རུ་བསྟན་ལ་གསོལ་བ་འདེབས། །ཡེ་ཤེས་བརྙེས་པའི་རྣམ་འདྲེན་མཆོག་རྣམས་ཀྱིས། །དམ་པའི་སྐྱེས་བུར་མགྲིན་གཅིག་ལུང་བསྟན་ཅིང་། །ཕལ་པའི་སྤྱོད་ལས་འདས་ཕྱིར་ལྷ་མི་ཀུན། །འགྲོ་བའི་མགོན་དུ་བསྔགས་ལ་གསོལ་བ་འདེབས། །དབུས་གཙང་བོད་ཆེན་ཀུན་ཏུ་ཞབས་ཀྱིས་བཅགས། །མཉེས་པ་གསུམ་གྱིས་ཡོངས་འཛིན་བརྒྱ་ལྷག་བསྟེན། །སྐྱོ་ངལ་མེད་པར་དམ་ཆོས་ཡོངས་སུ་འཚོལ། །ཐུགས་བསྐྱེད་དཔག་ཡས་ཁྱོད་ལ་གསོལ་བ་འདེབས། །ས་ཆེན་ཕུག་ཏུ་ཐུགས་དམ་མཛད་པའི་ཚེ། །ལྷག་པའི་ལྷ་ཡི་ཕྱག་རྒྱ་ཐུགས་ཀར་ཐིམ། །སྤོབས་པའི་གཏེར་ཆེན་བརྒྱད་པོ་ཡོངས་སུ་གྲོལ། །མཁྱེན་གཉིས་རྩལ་ཆེན་རྫོགས་ལ་གསོལ་བ་འདེབས། །སྒྲ་ཚད་བཟོ་གསོ་གྲངས་གནས་ཚིག་རྒྱན་སོགས། །གནས་ལྔ་རིག་པ་ཡན་ལག་དང་བཅས་པར། །ཕུལ་དུ་སོན་པས་གངས་ཅན་འཛིན་མའི་ཁོངས། །མཁས་པའི་སྙན་པས་ཁྱབ་ལ་གསོལ་བ་འདེབས། །འདུལ་མངོན་དབུ་མ་ཕར་ཕྱིན་གསང་སྔགས་ཀྱི། །རྒྱུད་ཀུན་གཟིགས་པ་ཙམ་གྱིས་གཏིང་སླེབ་ཅིང་། །མི་བརྗེད་གཟུངས་ཐོབ་བརྟན་པའི་འཁོར་ལོའི་ཚུལ། །མ་སྦས་གསལ་བར་སྟོན་ལ་གསོལ་བ་འདེབས། །དྲི་མེད་ཚུལ་ཁྲིམས་ནོར་བུའི་རྒྱན་ཆས་སྒེག །ཏིང་འཛིན་འཛུམ་དཀར་སྐལ་ལྡན་ཡིད་དབང་འགུགས། །ཤེས་རབ་རོལ་སྒེག་ས་གསུམ་དཔྱིད་དུ་གཡོ། །བསླབ་གསུམ་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །ཟབ་རྒྱས་གནས་ལ་ཆོས་སྤྱན་རྡུལ་དང་བྲལ། །འཆད་རྩོད་རྩོམ་ལ་ཆགས་དང་ཐོགས་པ་མེད། །མཛད་སྤྱོད་ཀུན་ལ་འཁྲུལ་པའི་དྲི་མ་ཟད། །ལྷ་མི་ཡིད་ཆེས་སྐྱེད་ལ་གསོལ་བ་འདེབས། །རང་གི་ཡོན་ཏན་རྒྱ་མཚོའི་གཏེར་བཞིན་སྦེད། །གཞན་གྱི་ཡོན་ཏན་ཕྲ་མོར་བསྔགས་ཤིང་འདུད། །བསྟན་འགྲོའི་དོན་དུ་གཅེས་རྒུའི་བདོག་པ་ཡང་། །རྩྭ་བཞིན་གཏོང་བར་མཛད་ལ་གསོལ་བ་འདེབས། །གཟུངས་དང་ཏིང་འཛིན་མངོན་ཤེས་རྒྱ་མཚོ་མངའ། །འཇིག་རྟེན་གསུམ་གྱིས་མཆོད་འོས་ཉིད་གྱུར་ཀྱང་། ཁེངས་དྲེགས་མི་མངའ་དམ་ཆོས་ཚིག་གཅིག་ཕྱིར། །དཀའ་ཆེན་དང་དུ་བཞེས་ལ་གསོལ་བ་འདེབས། །ལྟར་སྣང་ཆོས་ལ་བསྙད་པའི་འཛིན་སྐྱོང་སོགས། །འཇིག་རྟེན་བྱ་གཞག་གང་ལའང་ལྟོས་མེད་པས། །འཇིགས་མེད་སེང་གེ་ལྟ་བུར་ཀུན་བཟང་སྤྱོད། །ས་སྟེང་འགྲན་ཟླ་བྲལ་ལ་གསོལ་བ་འདེབས། །སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་རིང་ལུགས་ཀྱི། །གཞུང་གདམས་མན་ངག་ཆུ་ཀླུང་མ་ལུས་པ། །ཐུགས་མཚོར་བསྐྱིལ་ནས་སྨིན་གྲོལ་རྒྱུན་འབེབས་པས། །བསྟན་པའི་སྲོག་རྩ་མཐུད་ལ་གསོལ་བ་འདེབས། །ཐུབ་བསྟན་ཡོངས་སུ་རྫོགས་པའི་ཤིང་རྟ་ཆེ། །གདུལ་བྱ་རིས་སུ་མ་ཆད་འདུལ་བའི་གཉེན། །ཕྱོགས་སུ་མ་ལྷུང་གྲུབ་མཐའ་མཐའ་དག་གི །གཙུག་གི་ནོར་བུར་གྱུར་ལ་གསོལ་བ་འདེབས། །ཕྲིན་ལས་ཐམས་ཅད་གཞན་ཕན་འབའ་ཞིག་སྒྲུབ། །འབྲེལ་ཚད་དོན་ལྡན་ངོ་མཚར་ལྟས་མང་མངའ། །བསོད་ནམས་ཚོགས་ཆེན་བསམ་མི་ཁྱབ་པ་བསྐྲུན། །ས་བཅུའི་དབང་ཕྱུག་ཁྱོད་ལ་གསོལ་བ་འདེབས། །ཨོ་རྒྱན་ཡབ་ཡུམ་དྲི་མེད་བཤེས་གཉེན་ཞབས། །ཆོས་རྒྱལ་མེས་དབོན་ཆོས་དབང་ཀུན་མཁྱེན་སོགས། །དགུ་ལྡན་བརྒྱུད་པའི་བླ་མ་ཡི་དམ་ལྷས། །བྱིན་བརླབས་དངོས་གྲུབ་བསྩལ་ལ་གསོལ་བ་འདེབས། །བརྩེ་བ་ཆེན་པོ་ཁུ་དབོན་བརྒྱུད་བཅས་ཀྱིས། །དབང་བསྐུར་རྒྱུད་གཏད་གཞན་ཡང་འཕགས་བོད་ཀྱི། །མཁས་གྲུབ་དུ་མས་དངོས་ཉམས་རྨི་ལམ་དུ། །ཡང་ཡང་རྗེས་སུ་བཟུང་ལ་གསོལ་བ་འདེབས། །ཁྱད་པར་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས། །མདོ་རྒྱུད་གསང་མཛོད་བསྩལ་ནས་ཡེ་ཤེས་སྐུར། །བྱིན་གྱིས་བརླབས་པས་ཉིད་དང་དབྱེར་མེད་པའི། །མཁྱེན་རྟོགས་རྫོགས་པར་སད་ལ་གསོལ་བ་འདེབས། །འདུས་པའི་དལ་དུ་ཞུགས་ཚེ་སོ་སྟོན་མཆོག །ཡེ་དབང་མཐུ་ཡིས་སྙིགས་མའི་ཕུང་ཁམས་སྦྱངས། །རྡོ་རྗེ་སེམས་དཔའི་གསང་བ་གསུམ་དུ་གྱུར། །རིགས་ཀུན་ཁྱབ་བདག་མཆོག་ལ་གསོལ་བ་འདེབས། །རྒྱལ་ཡུམ་རྡོ་རྗེ་བཙུན་མོས་རྗེས་སུ་བཟུང་། །སྣང་སྲིད་དག་པ་རབ་འབྱམས་འཁོར་ལོར་ཤར། །རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་གསལ་བར་གཟིགས། །གྲུབ་པའི་ཁྱུ་མཆོག་ཁྱོད་ལ་གསོལ་བ་འདེབས། །ཕྱི་ནང་གནས་གསུམ་མཁའ་འགྲོའི་འདུ་བ་ཐོབ། །འབར་བ་གསུམ་གྱི་ཡེ་ཤེས་གོང་དུ་འཕེལ། །སྤྱོད་པ་གསུམ་གྱི་རྟེན་འབྲེལ་མཐར་ཕྱིན་པའི། །རྣལ་འབྱོར་དབང་ཕྱུག་ཆེན་པོར་གསོལ་བ་འདེབས། །སྐྱེས་རབས་དུ་མའི་ལས་ཀྱི་འཕྲོ་སད་དེ། །མདོ་རྒྱུད་བཀའ་ལུང་དཀོན་པའི་པུསྟི་ཀ །རྟེན་མཆོག་དམ་རྫས་ཆུ་ཀླུང་བྱེ་བ་སྙེད། །རྣམ་ཐར་རྒྱ་མཚོར་བསྐྱིལ་ལ་གསོལ་བ་འདེབས། །བརྒྱུད་པ་དྲུག་ལྡན་ས་དང་དགོངས་པའི་གཏེར། །དག་སྣང་སྙན་བརྒྱུད་རྗེས་དྲན་ཡང་གཏེར་བཅས། །བཀའ་བབས་རིན་ཆེན་རྣམ་བདུན་རྒྱལ་སྲིད་བརྙེས། །ཆོས་ཀྱི་འཁོར་ལོས་སྒྱུར་ལ་གསོལ་བ་འདེབས། །རང་སྣང་དབང་འདུས་གཞན་སྣང་ཟིལ་གྱིས་མནན། །མ་འབད་པར་ཡང་ཕྲིན་ལས་རྣམ་བཞི་འགྲུབ། །ཌཱ་ཀི་ཆོས་སྲུང་མཐུ་ལྡན་དྲེགས་པ་ཡིས། །ཅི་བཅོལ་བཀའ་བཞིན་སྒྲུབ་ལ་གསོལ་བ་འདེབས། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་གྲངས་མེད་པས། །སྐལ་ལྡན་བྱེ་སྙེད་སྨིན་ཅིང་གྲོལ་བར་མཛད། །བསམ་གྱིས་མི་ཁྱབ་འཕགས་པའི་རྣམ་ཐར་འཆང་། །ཐུགས་རྗེའི་བདག་ཉིད་ཁྱེད་ལ་གསོལ་བ་འདེབས། ༼ཁ་སྐོང་། ཞིང་འདིར་གཟིགས་པ་ཡོལ་བའི་ཚུལ་བསྟན་ཚེ། །སྤྲུལ་གཞི་དྭངས་བསིལ་རྩེ་མོ་ལྔ་པ་རུ། །ལྔ་བརྒྱའི་གཙུག་རྒྱན་དྲི་མེད་བཤེས་གཉེན་དང་། །དགོངས་དབྱིངས་གཅིག་ཏུ་གྱུར་ལ་གསོལ་བ་འདེབས། །སླར་ཡང་གང་འདུལ་གདུལ་བྱའི་སྣང་ངོ་རུ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །སྤྲུལ་པ་དུ་མས་བསྟན་འགྲོའི་རེ་བ་སྐོང་། །འགྲོ་དོན་ཕ་མཐའ་ཡས་ལ་གསོལ་བ་འདེབས། །མགོན་ཁྱོད་ཀུན་ཏུ་གཟིགས་པ་ཆེན་པོ་དེར། །མངོན་འཚང་རྒྱ་ཚེ་འཁོར་གྱི་ཐོག་མ་རུ། །བདག་ཅག་བྱང་ཆུབ་མཆོག་གི་སྐལ་བར་ལྡན། །རྒྱལ་བ་དེ་ཡི་ཞབས་འབྲིང་བྱེད་པར་ཤོག༽ །མི་ཕྱེད་གུས་པས་རྩེ་གཅིག་གསོལ་བཏབ་མཐུས། །སྐྱེ་བ་འདི་བཟུང་བྱང་ཆུབ་མ་ཐོབ་བར། །དཔལ་ལྡན་བླ་མ་མཆོག་དང་མི་འབྲལ་བར། །རྗེས་སུ་བཟུང་ནས་རྣམ་ཐར་མངོན་བྱེད་ཤོག །མཉེས་པ་གསུམ་གྱིས་ཚུལ་བཞིན་བསྟེན་ནས་ཀྱང་། །ཐུགས་ཀྱི་བཅུད་ཐོབ་ཉམས་ལེན་མཐའ་རུ་ཕྱིན། །ས་དང་ལམ་གྱི་ཡོན་ཏན་ཡོངས་རྫོགས་ཏེ། །རྡོ་རྗེ་འཆང་དབང་གོ་འཕང་འགྲུབ་གྱུར་ཅིག །ཆོས་བཞིན་སྒྲུབ་ལ་བར་ཆད་མི་འབྱུང་ཞིང་། །ལུང་རྟོགས་ཆོས་ལ་རང་དབང་འབྱོར་པ་ཡིས། །སངས་རྒྱས་བསྟན་པ་འཛམ་གླིང་ཁྱབ་པར་སྤེལ། །ཆོས་ཀྱི་རྒྱལ་པོ་ཁྱེད་དང་མཚུངས་པར་ཤོག །ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཀུན་མཁྱེན་བླ་མ་རིན་པོ་ཆེའི་རྣམ་ཐར་རྒྱ་མཚོ་ཆེན་པོ་ལ་དད་གུས་ཀྱི་སྐྲ་རྩེས་བླངས་པའི་ཐིགས་པ་འདི་ཉིད་རྨོངས་བརྟུལ་བློ་གྲོས་མཐའ་ཡས་ཀྱིས་མཉམ་མེད་ཤངས་པ་བཀའ་བརྒྱུད་ཀྱི་རྣམ་ཐར་གསོལ་འདེབས་ཨུ་དུམྦཱ་རའི་ཕྲེང་བར་བསྟར་བ་ལས་མོས་ལྡན་དུ་མའི་བཞེད་ངོར་ཁོལ་དུ་ཕྱུང་སྟེ་སླར་སྨོན་ཚིགས་སོགས་ཚིགས་བཅད་ཁ་ཤས་ཁ་བསྐངས་པ་དགེ་ལེགས་འཕེལ། །མཇུག་གི་ཁ་སྐོང་འདས་བྱུང་དང་རྗེས་སུ་འབྲེལ་བའི་ཤྭ་ལོ་ཀ་གསུམ་ཆོས་ཀྱི་བློ་གྲོས་པས་བསྣན་པ་ཚེ་རབས་ཀུན་ཏུ་རྗེ་བཙུན་འཇམ་དབྱངས་བླ་མས་རྗེས་སུ་འཛིན་ཞིང་ཡེ་ཤེས་གཟིགས་པའི་བྱིན་རླབས་སྙིང་དབུས་སུ་འཇུག་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།
དྲེགས་འདུལ་ནག་པོ་གནམ་ལྕགས་འཁོར་ལོ་ལས༔ གཏུམ་པོ་ནཱ་ག་རཀྴའི་སྒྲུབ་ཡིག་སྙིང་བྱང་དམར་ཁྲིད་ (Volume 19, Text 9)
༁ྃ༔ དྲེགས་འདུལ་ནག་པོ་གནམ་ལྕགས་འཁོར་ལོ་ལས༔ གཏུམ་པོ་ནཱ་ག་རཀྴའི་སྒྲུབ་ཡིག་སྙིང་བྱང་དམར་ཁྲིད་བཞུགས་སོ༔ ༔ ྈྈྈྈྈ ཐུགས་དམ་གསང་བའི་ལྷ་ལ་འདུད༔ གསང་སྒྲུབ་རྡོ་རྗེ་མེ་འབར་གྱི༔ སྒྲུབ་ཡིག་སྙིང་བྱང་དམར་ཁྲིད་བསྟན༔ གཞུང་ལྟར་བསྐྱེད་རིམ་གསལ་བཏབ་ནས༔ ཛཔ྄་ཁང་དབྱེ་དུས་མདུན་བསྐྱེད་ནི༔ སྐུ་སྨད་དབལ་ཤམ་ཅན་དུ་བསྐྱེད༔ རླུང་རི་མི་ཤིགས་རྒྱ་གྲམ་མཚམས༔ ཚ་གྲང་འཁྲུགས་པའི་ཨེ་དབྱིངས་སུ༔ གནོད་བྱེད་སྡེ་བརྒྱད་མི་མ་ཡིན༔ བྱད་མའི་སྙིང་ཁར་གཟིར་ཞིང་བསྣུན༔ བདག་མདུན་གནས་བཞིའི་ལྷ་རྣམས་ཀྱི༔ ཐུགས་ཀར་ཉི་སྟེང་རང་མདོག་གི༔ ཁྲོཾ་ཧྲཱིཿཧཱུྃ་ཧཱུྃ་མཐའ་མ་རུ༔ དྲག་སྔགས་སྤུ་གྲིས་གཏམས་བཞིན་གསལ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་འཕྲོས་མདུན་བསྐྱེད་ཐུགས་དམ་བསྐུལ༔ དྲག་སྔགས་འབྲུག་སྒྲ་ལྟར་སྒྲོག་པ༔ གཡས་སུ་འཁོར་ལས་འོད་ཟེར་འཕྲོས༔ ཕྱོགས་བཅུའི་བདེ་གཤེགས་རྒྱལ་བ་རྣམས༔ དྲག་གཏུམ་འབར་བའི་ཐུགས་དམ་བསྐུལ༔ ཞིང་ཀུན་མེ་འབར་ཀུན་ནས་གཡོས༔ ཧཱུྃ་སྒྲ་ཐོག་ཆེན་བུ་ཡུག་འཚུབས༔ ཉི་མ་འབུམ་གྱི་གཟི་བྱིན་མཆེད༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས༔ འཇིགས་གཟུགས་རྔམ་སྒྲ་སྟོབས་ལྡན་རྣམས༔ གནམ་ལྕགས་ཐོག་ཆར་ལྟར་བབས་ནས༔ མདུན་དུ་བསྐྱེད་པ་ལ་ཐིམ་པས༔ དེ་ཡང་སྐུ་ཆེ་ཡན་ལག་རགས༔ སྟོང་ཁམས་ཟིལ་གནོན་ཡེ་ཤེས་འབར༔ ཐུགས་སྲོག་རྣམས་ལས་འོད་འཕྲོས་པས༔ བདག་གི་གནས་བཞིར་ཐིམ་པ་ཡིས༔ འོད་འབར་གཟི་བྱིན་ཆེར་མཆེད་པས༔ ཡིག་འབྲུའི་རང་བཞིན་རྩ་ཁམས་ཁྱབ༔ རང་སྒྲས་འབྲུག་ལྟར་མེ་ཕུང་འབར༔ བ་སྤུའི་བུ་ག་ཐམས་ཅད་ནས༔ རྡོ་རྗེའི་ཚྭ་ཚྭ་ཞུགས་སུ་འཕྲོ༔ ལུས་གདོན་ཐམས་ཅད་གཞོབ་ཏུ་བཏུལ༔ ཁྲག་འཐུང་བྱེ་བས་གོ་ཚད་གཏམས༔ ལྕགས་སྡིག་བྱ་ཁྱུང་ཚྭ་ཚྭ་ཁོལ༔ བདག་མདུན་འོད་ཟེར་དྲྭ་བ་ཡིས༔ སྣོད་བཅུད་འབྱུང་ཁམས་མ་ལུས་པ༔ ཡེ་ཤེས་མཐུ་སྟོབས་རྫོགས་པར་དམིགས༔ རྩ་བའི་བསྙེན་པ་འབུམ་ཕྲག་བཅུ༔ ལེ་ལོ་ཚིག་བར་མ་ཆོད་པར༔ དམ་པར་མཚམས་བཅད་བཟླས་པའི་རྟགས༔ རྡོ་རྗེའི་གོ་གྱོན་ཉི་ཟླ་ཤར༔ མཆོད་རྟེན་བརྩེགས་དང་རྫོང་བཙན་བཟུང༔ དུང་འབུད་གཏེར་རྙེད་རོལ་མོ་འཁྲོལ༔ མེ་ཏོག་འཐུ་དང་ཕྱག་མཚན་རྙེད༔ ཆུ་བོ་རྒལ་དང་མཁའ་ལ་འཕུར༔ གྲུ་ཟམ་འཛུག་དང་མི་མང་འདུད༔ རྒྱ་མཚོ་རྔུབས་དང་རི་བོ་འཕེན༔ རི་ཆེན་ཕན་ཚུན་ཞབས་འོག་བརྫིས༔ ཉི་ཟླ་མཚོན་ཆ་ཁོང་དུ་མིད༔ ཁྱད་པར་སྒོ་གསུམ་བདེ་བ་དང༔ རིག་རྩལ་ཕྱོགས་མེད་འབར་བ་སོགས༔ ཡི་དམ་ལྷ་ཡིས་རྗེས་བཟུང་རྟགས༔ མོན་པ་འབག་སེང་གར་མཁན་དང༔ རྟ་དྲེལ་ར་ལུག་གནག་ཕྱུགས་སོགས༔ གྱེན་དུ་ཕྱོགས་དང་ཚུར་ལ་རྒོལ༔ འཇའ་ཚོན་ཟུག་དང་མཚོན་ཆ་ཕོག༔ ཐོག་སེར་རྦབ་དང་གཞན་གྱིས་དེད༔ ཆུས་ཁྱེར་མུན་གླིང་འཁྱམས་པ་སོགས༔ བྱད་གདོན་འཚེ་དང་ལྷོང་བའི་རྟགས༔ ཐོག་མར་ཆོ་འཕྲུལ་ཟང་ཟིང་མང༔ ཅི་ལྟར་འཚུབ་ཅིང་རྟགས་མྱུར་ཟབ༔ བར་དུ་དབང་འདུས་བཀའ་ཉན་རྟགས༔ མི་མང་ཁོལ་དང་གུས་འདུད་སོགས༔ ཆོ་འཕྲུལ་ལྷ་རྟགས་ཅི་བྱུང་ཡང༔ རེ་དོགས་མེད་པའི་ངང་ནས་བཟླ༔ ལེགས་ཉེས་རྟེན་འབྲེལ་སོ་མཚམས་པ༔ རྨི་ལམ་ཉམས་སུ་གང་བྱུང་བ༔ སྙེམས་རྟོགས་བྲལ་བའི་ཐོག་རྫིས་ཀྱིས༔ བཅད་གཏུབ་བསད་གཏོར་དམིགས་མེད་གཞོམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈ སྒྲུབ་པའི་སྐབས་སུ་ཏིང་འཛིན་གསར༔ སྒྲུབ་རྫས་ནུས་སྦར་སྟོབས་བསྐྱེད་དེ༔ འོད་ཀྱིས་སྲིད་གསུམ་གདུག་པ་བཏུལ༔ སྣོད་བཅུད་འབྱུང་བའི་བཅུད་ཀུན་བསྡུས༔ ཞིང་ཀུན་གཅིག་ཏུ་རྫོགས་པར་དམིགས༔ གསང་སྔགས་འབུམ་ཕྲག་གསུམ་བཟླ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈ ལས་སྦྱོར་སྐབས་སུ་དགྲ་བགེགས་གཉིས༔ དགྲ་འདུལ་ལྕོག་བརྡུང་གུད་དུ་བཀོད༔ བྱད་སྟེམས་རྦོད་གཏོང་གཤེད་དབབ་ན༔ འོད་ཟེར་སྤྲུལ་པའི་ཕོ་ཉ་ཡིས༔ བསྲུང་བྱའི་གུར་བཅོམ་བྷྲཱུྃ་དུ་གྱུར༔ ཡཾ་ལས་རླུང་གིས་དམིགས་མེད་གཏོར༔ དོན་པོའི་ཚེ་བསོད་ཡི་དམ་ལྷ༔ འོད་ཞུ་ཧཱུྃ་གྱུར་བདག་ལ་ཐིམ༔ མགོན་མེད་སྐྱབས་བྲལ་འདར་ཡེད་པར༔ ནད་མཚོན་དུག་ཆར་བུ་ཡུག་གཏིབས༔ སྙིང་ནང་ནྲྀ་ལ་སྤུ་གྲི་བསྣོལ༔ དེ་ལས་རྩིབས་ལྡན་གྲངས་མེད་འཕྲོས༔ ཤུགས་དྲག་འཁོར་བས་སྲོག་རྩ་གཏུབས༔ ཤ་རུས་ནང་ཁྲོལ་དབང་པོར་བཅས༔ ལྷ་དང་དམ་ཅན་རྣམས་ཀྱིས་རོལ༔ རྣམ་ཤེས་ཚེ་བཀྲག་བདག་ལ་བསྡུ༔ སྐབས་སུ་དགུག་གཞུག་ཐུན་ཆར་དབབ༔ ཁྲོཾ་ཧྲཱིཿཧཱུྃ་གི་སྔགས་ཤམ་དུ༔ བྱད་སྟེམས་ཕོ་མོའི་སྙིང་ལ་རཾ༔ རྩ་ལ་རྦད༔ སྲོག་ལ་བྲེང༔ ཤ་ལ་མྱོག༔ ཁྲག་ལ་ཐུན་བྷྱོ༔ མཱ་ར་ཡ་རྦད་ནན༔ ཕས་ཀྱི་རྟགས་དང་སྦྱར་ལ་བཟླ༔ རྟགས་རྫོགས་བསྲེག་མནན་ལས་མཇུག་བསྡུ༔ དེ་ནི་སྤྱི་རུ་བསྟན་པ་ཡིན༔ བྱེ་བྲག་སྡེ་བརྒྱད་རང་གནད་ལ༔ གཤིན་རྗེ་མཁན་དང་ནང་འགྲས་ན༔ སྙིང་ཁར་ཡ་ནང་ནྲྀ་ཡིག་གཞུག༔ ཡ་ལས་འོད་ཟེར་སྤུ་གྲི་འཕྲོས༔ རྩ་བསྲེགས་གཏུབས་སོགས་གོང་བཞིན་ལ༔ ཡ་མ་དུ༔ ཡ་མ་སད༔ ཡ་མ་ནན༔ ཡ་མ་ཆེ་གེ་མོ་ཨཾ་གུ་ཤ་ཛཿཛ༔ མཱ་ར་ཡ་རྦད༔ ཅེས་བཏགས་བཟླས་ཤིང་མ་མོ་ལ༔ མ་མ་རུ་ལུ་དུ་སོགས་འགྲེ༔ མུ་སྟེགས་མཁན་ལ་ཏིརྟི་ཀ་དུ༔ གཟའ་གདོང་མཁན་ལ་རཀྨོ་དུ༔ ལྷ་རབས་མཁན་ལ་དྷེ་བ་དུ༔ གནོད་སྦྱིན་མཁན་ལ་ཡཀྴ་དུ༔ རྒྱལ་པོ་མཁན་ལ་རཱ་ཛ་དུ༔ ལྷ་བཙན་མཁན་ལ་རཱ་ཙ་དུ༔ ཐེའུ་རང་མཁན་ལ་སཱ་དྷུ་དུ༔ རིག་འཛིན་མཁན་ལ་རཱུ་ཏྲ་དུ༔ ཕུག་བདག་མཁན་ལ་རུ་ཏྲི་དུ༔ སྔགས་མཇུག་གོང་དང་འགྲེ་བར་སྦྱར༔ ཐུན་མཐར་སྤྲུལ་པའི་སྡེ་བརྒྱད་བསྐུལ༔ ལུས་ཀྱི་གནས་བརྒྱད་གཤེད་ཆེན་བསྐོར༔ དེས་ནི་ཕས་ཀྱི་བྱས་པ་བཤིག༔ འབྱུང་བ་བཟློག་པར་ཐེ་ཚོམ་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་སྡེ་བརྒྱད་མི་མ་ཡིན༔ ས་བདག་ཀླུ་གཉན་བྱད་གདོན་ལ༔ བདག་མདུན་འཁོར་ལོའི་འོད་ཟེར་ལས༔ བྱ་ཁྱུང་ཕག་སྡིག་དུག་སྦྲུལ་སོགས༔ མཚོན་ཆའི་ཚྭ་ཚྭ་དཔག་མེད་འཕྲོས༔ ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་གྱི༔ འཇིག་རྟེན་སྲིད་པ་མཐའ་ནས་སྡུད༔ གནོད་བྱེད་རྣམས་ཀྱི་སྙིང་རྩ་ནང༔ ལྕགས་ཀྱུས་བཟུང་ཞིང་སྤྱི་ནས་བརྡུངས༔ དེ་དག་ལས་ཀྱང་འོད་ཟེར་གྱིས༔ ས་ཆུ་མེ་རླུང་འབྱུང་བའི་ཁམས༔ ཀུན་ཀྱང་རང་གཤེད་ཕོ་ཉར་གྱུར༔ དྲག་ངར་སྟོབས་དང་ལྡན་པ་ཡིས༔ བྱད་གདོན་ས་བདག་ཀླུ་གཉན་དང༔ སྡེ་བརྒྱད་མི་མིན་འདྲེ་རྒོད་སོགས༔ ཧབ་ཧབ་ཚིར་ཚིར་བཟུང་ཞིང་འཆའ༔ སྐད་ངན་ཙིར་དིར་དགུག་གཞུག་བསྟིམ༔ སྲིད་པ་ཁྲོ་ཆུ་ཁོལ་མ་བཞིན༔ གནམ་ལྕགས་ཚྭ་ཚྭ་སྐར་ལྟར་འཁྲུག༔ གཞོམ་གཞིག་བྲལ་བའི་ངང་དུ་བལྟ༔ བསྙེན་པའི་སྔགས་ཀྱི་ཤམ་བུ་རུ༔ ཏྲིག་ཁྲོཾ་ག་རུ་ཎ་གནོད་བྱེད་ཕོ་མོའི་སྲོག་ལ་རྦད༔ ཁྲག་ལ་རྦད༔ རུས་ལ་རྦད༔ ཀླད་པ་ལ་རྦད༔ རྩ་རྒྱུས་ལ་རྦད༔ ཡིད་ལ་རྦད༔ ཏྲིག་ཁྲོཾ་ག་རུ་ཎ་གནོད་བྱེད་ཕོ་མོའི་ཙིཏྟ་ཟུངས༔ ཙིཏྟ་རྨུགས༔ ཙིཏྟ་ཕྱུངས༔ ཙིཏྟ་རྫུབས༔ ཙིཏྟ་མྱོགས༔ ཙིཏྟ་ཐུཾ་རི་ལི་ལ་ཡ་བྷྱོ༔ ཏྲིག་ཁྲོཾ་ག་རུ་ཎ་གནོད་བྱེད་ཕོ་མོའི་སྲོག་རྩ་ཆོད༔ སྙིང་རྩ་ཕྱུངས༔ ཁཾ་ཁཾ་ལཾ་ལཾ་རྦད༔ དུམ་བུར་རྦུད༔ ནཱ་ག་རཱ་ཙ་གནོད་བྱེད་མཱ་ར་ཡ་རྦད་སོད༔ མྱོག་བཾ་རིལ་མཱ་ར་ཡ་རྦད་སོད༔ ཅེས་བཟླས་སྦལ་སྦྲུལ་གླང་དམར་བསད༔ ཤིང་ཆེན་བཅད་དང་ནགས་མེ་སྤར༔ རྫིང་བརྟོལ་ཆུ་སྐམ་མཁར་སྒྱེལ་དང༔ རྦབ་སྒྲིལ་བྲག་གཤོག་རོལ་མོ་བརྡུང༔ མགོ་སྙིང་ཤ་ཁྲག་ནང་ཁྲོལ་སྤྱོད༔ བསད་བཅད་རྟགས་ནི་དཔག་མེད་འབྱུང༔ ཁྲི་ཕྲག་ལ་སོགས་སྐབས་དང་སྦྱར༔ དེ་ལྟར་ཐུལ་བའི་རྟགས་རྫོགས་ནས༔ བདག་མདུན་གཉིས་མེད་ངར་བསྐྱེད་ལ༔ ཆུ་སྲིན་ཁ་ནས་འབྲུག་སྟོང་ལྡིར༔ དབལ་ཤམ་ངོམས་ལས་མཚོན་ཚོགས་དང༔ སྤུ་གྲི་འབར་བའི་འཁོར་ལོ་འཕྲོས༔ གནོད་བྱེད་སྙིང་ལ་གཟིར་ཞིང་བསྲེག༔ ལས་དང་རྒྱུ་རྐྱེན་དྲུང་ནས་ཕྱུང༔ སྲིད་པ་སྤྱི་གནོན་དགོངས་པ་ཉིད༔ མ་ཡེངས་རྩེ་གཅིག་འཛིན་ཕུར་གདབ༔ སྒྲུབ་པའི་སྔགས་ཀྱི་ཤམ་བུ་རུ༔ ཨོཾ་ཙཀྲ་དུ་ན་གནོད་བྱེད་ཕོ་མོའི་མགོ་ལ་ཆོམ་ཆོམ༔ ནཱ་གའི་མགོ་ལ་ཆོམ༔ ཞེ་སྡང་ཤ་ལ་མྱོགས༔ འདོད་ཆགས་ཁྲག་ལ་རྦུད༔ ང་རྒྱལ་ཙིཏྟ་ལ་གཟེར༔ དབང་པོ་ཡན་ལག་ཟུངས༔ ནཱ་གའི་ཡན་ལག་ཟུངས༔ འགྲིམ་འགྲིམ༔ ནཱ་གའི་དབང་པོ་ཡན་ལག་འགྲིམ༔ རྩ་ཐང་རྩ་ཐང༔ ནཱ་གའི་སྙིང་རྩ་ལ་ཐང༔ རྩ་རྒྱུས་དབུགས་ལ་ཐུཾ་རིལ༔ ནཱ་གའི་དབུགས་ལ་ཐུཾ་རིལ༔ རྟག་བྱེད་རུས་ལ་ཁྲུཾ་ཁྲུཾ༔ ནཱ་གའི་རུས་ལ་ཁྲུཾ༔ འཆིང་བྱེད་སྲོག་ལ་རྦད་རྦད༔ ནཱ་གའི་སྲོག་ལ་རྦད༔ རྒྱལ་བྱེད་སྲོག་ལ་རྦུད་རྦུད༔ ནཱ་གའི་སྲོག་ལ་རྦུད༔ ནཱ་ག་རཱ་ཙ་སོད་སོད༔ བྱིང་བྱིང་ཐིབ་ཐིབ་མྱོགས་མྱོགས་རྦད་རྦད༔ ནཱ་ག་རཱ་ཙའི་སྲོག་ལ་ཐིམ་ཐིམ༔ ཕོབ་ཕོབ་སྙིང་སྟེང་ལ་ཕོབ༔ སྤུ་གྲི་འབར་བས་གནོད་བྱེད་ཕོ་མོའི་སྙིང་དྲོངས༔ ནཱ་ག་རཱ་ཙ་ཐུཾ་རིལ་ཛ༔ མཱ་ར་ཡ་བཾ་རིལ༔ མཱ་ར་ཡ་རྦད༔ ཁྲི་ཕྲག་གཅིག་བཟླ་རཱུ་པ་ཐུན་གྱིས་བྲབ༔ སྐབས་སུ་མཆོད་བསྟོད་ཐུགས་དམ་གནད་ནས་བསྐུལ༔ ཕུར་གདབ་ཚེ་ཁྲུས་གནས་ལུང་སྤྱི་བཞིན་བྱ༔ མཐའ་སྡུད་ཧོམ་བསྲེག་ཐལ་བ་ཞབས་སུ་མནན༔ མཛེ་ནད་ཅན་ལ་བྱུགས་པའི་རྫས་ལ་བསྔགས༔ སྡིག་སྲིན་བྱང་ནག་སྦྲུལ་ཤ་གླ་རྩི་དང༔ ཤུག་པ་སེང་ལྡེང་མར་ཁུ་ཉིད་དུ་སྦྱར༔ ཧ་ས་ཧ་ས་ཀི་ལི་ཧ་ས༔ ཤོ་ཏྲི་ཕོ་ཕིང༔ ཙིན་ཙད༔ ཧ་ས་ཧ་ས་ཧ་ཧཱུྃ༔ སྨན་ཆེན་ནས་འབྲུ་ཕྱེད་ཙམ་ལ༔ བརྒྱ་རྩ་རེ་བཟླས་ལོངས་སྤྱོད་སྦྱིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ༔ ཤིན་ཏུ་ཟབ་པའི་སྙིང་བྱང་སྟེ༔ དཀྱིལ་འཁོར་འཛིན་པའི་བུ་མ་གཏོགས༔ མ་འཆལ་དཔེ་ཁ་དམ་དུ་ཆིངས༔ ལས་ཅན་བུ་ཡི་སྙིང་ལ་བརྣག༔ བཀའ་སྲུང་དམ་ཅན་ཐུབ་པར་སྲུངས༔ ས་མ་ཡ༔ གུ་ཧྱ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔ སྐྱིད་གྲོང་ཐུགས་མཆོག་རྡོ་རྗེའི་ཟབ་གཏེར་རོ།།
གཡུ་ཐོག་སྙིང་ཐིག་གི་ཆ་ལག་ལྷ་སྨན་རྗེས་གནང་བཀླག་ཆོག་ཏུ་བཀོད་པ་སྙན་པའི་གླིང་བུ་ (Volume 29, Text 9)
༄༅། །གཡུ་ཐོག་སྙིང་ཐིག་གི་ཆ་ལག་ལྷ་སྨན་རྗེས་གནང་བཀླག་ཆོག་ཏུ་བཀོད་པ་སྙན་པའི་གླིང་བུ་ཞེས་བྱ་བ་བཞུགས་སོ། ། དངོས་གྲུབ་འདོད་དགུའི་ཆར་འབེབ་པས། །བསམ་ཀུན་རྫོགས་མཛད་དཔག་བསམ་ཤིང་། །བླ་མ་སྨན་པའི་རྒྱལ་པོ་ལ། །བཏུད་ནས་འཚོ་བྱེད་དགའ་སྟོན་སྤེལ། །གཞན་ཕན་གྱི་བསམ་པ་དང་ལྡན་ཅིང་རང་དོན་གྱི་ཁོང་སྐྲན་མ་ཞུགས་པའི་འཚོ་བྱེད་དབང་དང་དམ་ཚིག་ལ་གནས་ཤིང་རྩ་གསུམ་གྱི་བསྙེན་སྒྲུབ་ཐེམས་པས། མངོན་ཤེས་པྲ་ཡི་སྒྲུབ་པ་ལ་འཇུག་པའི་ཐོག་མར་རྗེས་སུ་གནང་བ་ལེགས་པར་ནོད་དགོས་པས་དེའི་ཚུལ་ལ་སྦྱོར་བ་ཡོ་བྱད་དང་སྒྲུབ་ཐབས། དངོས་གཞི་རྗེས་གནང་གཉིས་ལས། དང་པོ་གནས་ཁང་གཙང་མར་མཎྜལ་པདྨ་འདབ་བཞི་དཀར་པོའི་དབུས་སུ་བུམ་པའི་ནང་མངར་གསུམ་བཟང་དྲུག་ཨ་རུ་ར་རྣམས་ཆང་བཟང་པོ་དང་སྦྱར་བ་བླུགས། མགུལ་ཆིངས་དང་ཁ་རྒྱན་བཅས་བཞག །མདུན་དུ་རིན་པོ་ཆེའི་སྣོད་དུ་ཟླུམ་གཏོར་དཀར་པོ་པདྨ་འདབ་བཞིས་བརྒྱན་པ་ལ་འཁོར་དཀར་ཟླུམ་བཞིས་བསྐོར་ཞིང་ཉི་ཟླ་ནོར་བུ་སོགས་རྒྱན་སྤྲོས་ཀྱིས་མཛེས་པ་ལ་ཡེ་ཤེས་ཁྱེའུ་ཆུང་དང་ལྷ་སྨན་གསུམ་གྱི་ཙཀླི་བཙུགས་པ་བཤམ། གཡས་སུ་མདའ་དར་མེ་ལོང་བཏགས་པ། གཡོན་དུ་སྦ་གླིང་སྨྱུག་གླིང་གང་འཛོམ་བཞག །དེ་དག་གི་མདུན་དུ་འབུལ་གཏོར་དཀར་གཏོར། ཕྱི་མཆོད་ཕྲེང་ཚར། ཕྱེ་མར། གསེར་སྐྱེམས། བསང་གི་ཡོ་བྱད་སོགས་ཉེར་མཁོ་ཚོགས་པར་བྱ། འདིའི་རྗེས་གནང་སྒེར་དུ་བྱེད་ན་རྩ་གསུམ་གཏོར་མཆོད་གཞུང་བཞིན་ཚོགས་པར་དགོས་ཀྱང་སྙིང་ཐིག་དབང་ཆེ་ཆུང་གང་རུང་གི་མཇུག་ཏུ་སྦྲེལ་བ་མང་བས་དེ་ལྟར་ན་དེ་དག་གི་བཅས་ཀྱི་ཟུར་སྟེགས་སུ་འདི་ཉིད་ཀྱི་ཆས་རྣམས་བཤམ་མོ། །སྒྲུབ་པའི་ཚུལ་ཡང་རྗེས་གནང་ཟུར་ཕྱུང་སྐབས་སྙིང་ཐིག་གི་ལས་བྱང་བཏང་ཞིང་ཛཔ྄་བཟླས་གྲུབ་ནས་འདིར་གསལ་བུམ་སྒྲུབ་དང་བཀའ་སྲུང་མཆོད་པ་རྣམས་སོང་ནས། རང་ཉིད་སྐད་ཅིག་གིས་སྨན་བླར་གསལ་ནས་འདིའི་ཕྲིན་ལས་གཏང་ཞིང་རྗེས་གནང་གྲུབ་ནས་ལས་བྱང་གི་ཚོགས་སོགས་མཇུག་བྱས་པས་ཆོག་ཀྱང་། དབང་ཆེན་ཞར་བྱུང་ཙམ་ལ་བུམ་སྒྲུབ་གོང་དུ་སོང་བས་འཐུས་པས་དམིགས་བསལ་མི་དགོས། བཀའ་སྲུང་གྲུབ་མཚམས་རང་སྨན་བླར་གནས་བསྒྱུར་ཏེ་འདིའི་མདུན་བསྐྱེད་མཆོད་བསྟོད་བསང་སོགས་དགོས་པའི་བྱེ་བྲག་ཕྱེད་པར་བྱའོ། །དེ་ལ་བུམ་སྒྲུབ་ཟུར་དུ་དགོས་པའི་ཚེ། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་པཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་སྣ་ཚོགས་པད་སྡོང་འདབ་མ་བཞི་པའི་ལྟེ་བར་ཉི་ཟླ་བདུད་བཞིའི་རོའི་སྟེང་དུ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དང་ཕག་མོ་ཡབ་ཡུམ། ཤར་དུ་རྡོ་རྗེ་མཁའ་འགྲོ །ལྷོར་རིན་ཆེན་མཁའ་འགྲོ །ནུབ་ཏུ་པདྨ་མཁའ་འགྲོ །བྱང་དུ་ལས་ཀྱི་མཁའ་འགྲོ །རྟ་མགྲིན་གྱི་སྤྱི་གཙུག་ཏུ་པད་སྡོང་འདབ་བཞིའི་དབུས་སུ་རིགས་འདུས་བླ་མ་རྡོ་རྗེ་སེམས་དཔའ། ཕྱོགས་བཞིར་རིག་པའི་ཡེ་ཤེས་བཞི་རྣམས་སྐད་ཅིག་གིས་གསལ་བར་གྱུར་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཐུགས་སྲོག་སྔགས་ཕྲེང་ལས་འོད་ཟེར་འཕྲོས་འདུས་དོན་གཉིས་མཛད། སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། སྤྱི་བསྡུས་སྔགས་དང་དངོས་གྲུབ་བསྡུ་སྔགས་བཟླས་པའི་མཐར་སྔགས་ཙམ་གྱིས་མཆོད། བསྟོད་པར་འོས་པ་ལྟ་བུས་བསྟོད། བུམ་པའི་ལྷ་རྣམས་བདེ་བ་ཆེན་པོས་འོད་དུ་ཞུ་བས་གང་འདོད་ཀྱི་དངོས་གྲུབ་འབྱུང་བའི་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་མོས། མདུན་བསྐྱེད་སྒྲུབ་པ་ནི། མི་དམིགས་སྟོང་པའི་ངང་ཉིད་ལས། །པད་སྡོང་ཟླ་བའི་དཀྱིལ་འཁོར་སྟེང་། །རང་ཉིད་བླ་མ་སྨན་གྱི་རྒྱལ། །སྔོ་བསངས་འོད་ཟེར་ཀུན་དུ་འཕྲོ། །དར་གྱི་ཤམ་ཐབས་མཛེས་པར་སྤྲས། །ཕྱག་གཡས་སྨན་གྱི་ལྷུང་བཟེད་དང་། །གཡོན་པ་སྦ་དཀར་གླིང་བུ་བསྣམས། །རིན་ཆེན་སྣ་ཚོགས་རྒྱན་དང་ལྡན། །འཛུམ་ལྡན་འོད་ཀྱིས་སེམས་ཅན་རྣམས། །མ་ལུས་ནད་ལས་སྐྱོབ་པར་གྱུར། །གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་གཏོར་མ་ཉིད། །སྨན་དང་རིན་ཆེན་ལས་གྲུབ་པའི། །གཞལ་མེད་ཁང་དབུས་པད་འདབ་བཞིའི། །ལྟེ་བར་ཡེ་ཤེས་ཁྱེ་འུ་ཆུང་། །དུང་གི་ཁྱེ་འུ་དཀར་པོ་ལ། །གཡུ་ཡི་ཟུར་ཕུད་སྨིན་ཁྱུག་མཛེས། །དར་དཀར་གོ་ཟུ་སྐུ་ལ་གསོལ། །ཕྱག་གཡས་མདའ་དར་མེ་ལོང་བསྣམས། །གཡོན་པས་སྦ་གླིང་སྙན་པར་འགྱུར། །འཛུམ་སྒེག་འགྱིངས་ལྡེམ་དེ་ཉིད་ཀྱིས། །ལྷ་དང་སྨན་མོ་དབང་སྡུད་ཅིང་། །སྣང་སྲིད་ཐམས་ཅད་གསལ་མཐོང་ནས། །བདག་ལ་ཐམས་ཅད་སྨྲ་བར་བསམ། །ཤར་ནས་ཡེ་ཤེས་ལྷ་མོ་དཀར། །ལྷོ་རུ་སྨྲ་བྱེད་ལྷ་མོ་སེར། །ནུབ་ཏུ་མཐོང་བྱེད་ལྷ་མོ་དམར། །བྱང་དུ་སྨན་པྲ་སྟེར་ནུས་པའི། །སྨན་གྱི་དྲང་སྲོང་ཐམས་ཅད་བསམ། །ལྷ་མོ་གསུམ་ནི་གཞོན་ཚུལ་ཅན། །རབ་མཛེས་ཡིད་འོང་ལང་ཚོ་རྒྱས། །མུ་ཏིག་ལན་ཚར་སིལ་བུར་སྤྲས། །མེ་ཏོག་སྤེལ་བའི་ཕྲེང་བ་དང་། །ཨུཏྤལ་བསྒྲིགས་པའི་རྐེད་ཆིངས་ཅན། །རིན་ཆེན་དུ་མའི་རྒྱན་གྱིས་སྤྲས། །དར་དཀར་གོ་ཟུའི་ན་བཟའ་ཅན། །མཚལ་གྱི་ཐིག་ཕྲན་ལམས་སེ་ལམ། །མཐིང་ཤུན་མཛེས་པའི་ཆ་ག་བཏབ། །རིན་ཆེན་གསེར་གྱི་གོང་ལག་ལ། །གཡུ་ཡི་ཐིག་ཕྲན་མཛེས་པས་སྤྲས། །ཕྱག་གཡས་སྦ་གླིང་འགྱུར་བ་ཡིས། །སྒྲུབ་པ་པོ་ལ་མངོན་ཤེས་འཆར། །གཡོན་ན་སྣང་གསལ་མེ་ལོང་བསྣམས། །སྣང་སྲིད་ཐམས་ཅད་ས་ལེར་སྟོན། །ཡང་ན་སྨན་གྱི་པར་བུ་བསྣམས། །འགྲོ་བའི་ནད་རྣམས་སེལ་བར་བྱེད། །གཞན་ཡང་ལྷ་ཀླུ་སྨན་གསུམ་གྱི། །མངོན་ཤེས་ཅན་རྣམས་སྤྲིན་བཞིན་གཏིབས། །མ་ལུས་ཡོངས་སུ་རྫོགས་པར་བསམ། །དེ་ལྟར་བདག་མདུན་གཉིས་ཀ་ཡི། །ཐུགས་ཀའི་འོད་ཟེར་ཕྱོགས་བཅུར་འཕྲོས། །རང་རང་གནས་ནས་སྤྱན་དྲངས་ནས། །བསྒོམས་པའི་རྟེན་ལ་ཐིམ་པར་གྱུར། །དབྱངས་རོལ་སྤོས་དཀར་བསང་དུད་བཏང་ལ། ཀྱེ། ཆོས་ཀྱི་དབྱིངས་ནས་སྤྱན་འདྲེན་ན། །སངས་རྒྱས་སྨན་རྒྱལ་ཐུགས་རྗེའི་བདག །འགྲོ་བའི་དོན་ཕྱིར་གཤེགས་སུ་གསོལ། །ཕྱག་འཚལ་མཆོད་འབུལ་དངོས་གྲུབ་ཞུ། །ཀྱེ། རང་བཞིན་དབྱིངས་ནས་སྤྱན་འདྲེན་ན། །ཡེ་ཤེས་ལྷ་མོ་མཆེད་གསུམ་བྱོན། །ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་ནས། །སྨན་གྱི་ལྷ་མོ་མཆེད་གསུམ་བྱོན། །གངས་དཀར་ཏི་སེའི་གནས་མཆོག་ནས། །འཕྲུལ་གྱི་ལྷ་མོ་མཆེད་གསུམ་བྱོན། །ལྷ་ཡི་གནས་མཆོག་དམ་པ་ནས། །ཡེ་ཤེས་ཁྱེའུ་ཆུང་དཀར་པོ་བྱོན། །དད་དང་དམ་ཚིག་གདུང་སེམས་ཀྱིས། །བུ་ཆུང་མ་ལ་འབོད་པ་ལྟར། །ལྷང་ལྷང་སྐད་ཀྱིས་བདག་འབོད་དོ། །གཞན་དང་གཞན་དུ་མ་ཡེངས་པར། །དུང་དུང་སེམས་ཀྱིས་བདག་འབོད་དོ། །སྒྲུབ་པའི་གནས་འདིར་ད་ཚུར་བྱོན། །མཆོད་པའི་གནས་འདིར་ད་ཚུར་བྱོན། །བསྟེན་པའི་གནས་འདིར་ད་ཚུར་བྱོན། །ཕུད་དང་རྟེན་ལ་ད་ཚུར་བྱོན། །དངུལ་དཀར་མེ་ལོང་མདངས་ལ་བྱོན། །སྦ་དཀར་གླིང་འཁྲོལ་སྐད་ལ་བྱོན། །ཕྱེ་མར་འོལ་སྐོམ་ཕུད་ལ་བྱོན། །སྨན་དང་འབྲུ་དང་རིན་པོ་ཆེ། །སྣ་ཚོགས་མཆོད་རྫས་བཞེས་ཕྱིར་བྱོན། །སྨན་གྱི་ལྷ་མོ་མཆེད་གསུམ་དང་། །ཡེ་ཤེས་ཁྱེ་འུ་དཀར་པོ་ནི། །སྔོན་གྱི་དམ་ཚིག་དྲན་མཛོད་ལ། །མ་ཐོགས་མྱུར་དུ་གནས་འདིར་བྱོན། །ཀྱེ། ཡེ་ཤེས་ལྷ་ཤིང་དུད་པ་འདིས། །སྨན་གྱི་ལྷ་དང་དྲང་སྲོང་བསང་། །རིག་འཛིན་མངོན་ཤེས་ལྡན་པ་བསང་། །སྨན་གྱི་ལྷ་མོ་མཆེད་གསུམ་བསང། །ཡེ་ཤེས་ཁྱེ་འུ་དཀར་པོ་བསང་། །འཛམ་གླིང་བརྟན་མ་བཅུ་གཉིས་བསང་། །བོད་ཁམས་སྐྱོང་བའི་ལྷ་སྨན་བསང་། །གངས་དཀར་རྩེ་ཡི་ལྷ་སྨན་བསང་། །བྲག་ལ་གནས་པའི་ལྷ་སྨན་བསང་། །སྤང་ལ་གནས་པའི་ལྷ་སྨན་བསང་། །ནགས་ལ་གནས་པའི་ལྷ་སྨན་བསང་། །མཚོ་ལ་གནས་པའི་ལྷ་སྨན་བསང་། །བར་སྣང་གནས་པའི་ལྷ་སྨན་བསང་། །སྨན་ཕྲན་ཉིས་ཁྲི་སུམ་འབུམ་བསང་། །ཀྱེ། ཡེ་ཤེས་ལྷ་སྨན་མཆེད་གསུམ་ལ། །ཕྱེ་མར་ཕུད་དང་མཆོད་པ་འབུལ། །སྨན་བཤོས་རྩེ་རྒྱལ་མཆོད་པ་འབུལ། །ཟས་ཕུད་ཞལ་ཟས་མཆོད་པ་འབུལ། །དཀར་གསུམ་མངར་གསུམ་མཆོད་པ་འབུལ། །རང་རང་མཉེས་མཆོད་ཐམས་ཅད་འབུལ། །མཐུན་པའི་དམ་རྫས་འདི་གསོལ་ལ། །སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ། །སྲིད་པ་ཤོད་ལ་སྲིད་པ་སྟོན། །ཡེ་ཤེས་ཁྱེའུ་ཆུང་དཀར་པོ་ལ། །ཕྱེ་མར་འོལ་སྐོམ་མཆོད་པ་འབུལ། །སྤྱན་གཟིགས་ཕུད་ཀྱི་མཆོད་པ་འབུལ། །སྣང་སྲིད་མ་འདྲེས་ས་ལེ་བ། །མ་བསྒྲིབས་མཐོང་བའི་དངོས་གྲུབ་སྩོལ། །ཧྲཱིཿ ཕྱོགས་ཕྱོགས་དག་ནི་ཕ་གི་ན། །ཉི་མ་ནུབ་ཕྱོགས་ཕ་གི་ན། །གནམ་ས་གཉིས་ཀྱི་བར་ཤེད་ན། །གཡའ་དང་གངས་ཀྱི་མཚམས་ཤེད་ནས། །སྤྲིན་དང་ན་བུན་ཐུ་ལུ་ལུ། །འཇའ་ཚོན་སྣ་ལྔ་གྱ་མ་གྱུ། །སྦྲང་ཆར་ཟིམ་བུ་ཤ་ར་ར། །གཙང་ཆབ་སྔོན་མོ་མེ་རེ་རེ། །དྲི་ཞིམ་སྤོས་ངད་ཆི་ལི་ལི། །གངས་དཀར་གནམ་དུ་ཟངས་སེ་ཟང་། །གཡུ་ཡི་སྤང་ལྗོངས་ཞོངས་སེ་ཞོང་། །མེ་ཏོག་སྣ་ཚོགས་ལམས་སེ་ལམ། །སྨན་གྱི་ལྗོན་ཤིང་སི་ལི་ལི། །རི་དྭགས་རྩེ་རྒྱུག་སྤྲིངས་སེ་སྤྲིང་། །གཡུ་སྦྲང་སྔོན་མོ་དི་རི་རི། །བྱུ་རུའི་འཕྱང་ཐག་རྒྱངས་སེ་རྒྱང་། །དུང་གི་འཕྱང་ཕུར་བལྟམས་སེ་བལྟམ། །གཟི་མཆོང་ཀ་ཤིང་ཏ་ལ་ལ། །སྣ་ཚོགས་མཆོད་རྫས་ཐིབས་སེ་ཐིབ། །སིལ་སྙན་རོལ་མོ་ཁྲོ་ལོ་ལོ། །སྙན་སྒྲོག་གླུ་དབྱངས་ཀྱུ་རུ་རུ། །དེ་འདྲའི་གནས་སུ་སུ་ཞིག་བཞུགས། །ཡེ་ཤེས་སྨན་པྲ་མཆེད་གསུམ་བཞུགས། །འཁོར་དུ་ལྷ་སྨན་གྲངས་མེད་བསྐོར། །དཀར་མོ་ཡེ་ཤེས་ལྷ་སྨན་ཏེ། །སྣང་སྲིད་ཤེས་བྱ་གསལ་ལེར་སྟོན། །སེར་མོ་སྨྲ་བྱེད་ལྷ་སྨན་མ། །ལེགས་ཉེས་ཐམས་ཅད་རྣ་བར་སྒྲོག །དམར་མོ་རྣོ་མཐོང་སྨྲ་བྱེད་མ། །གང་དྲིས་རྫུན་མེད་ཐིག་བཞིན་འདེབས། །ཞལ་མཛེས་གཟི་མདངས་ཡ་ལ་ལ། །སྙན་པའི་གླིང་བུ་ལྷངས་སེ་ལྷང། །རིན་ཆེན་སྙན་ཆ་ཁྲོ་ལོ་ལོ། །མུ་ཏིག་རྩ་མུན་སི་ལི་ལི། །དར་དཀར་ན་བཟའ་མཚལ་ཐིག་ཅན། །མཐིང་ཤུན་མཛེས་པའི་ཆ་ག་བཏབ། །གསེར་གྱི་གོང་རས་འོད་འབར་ལ། །གཡུ་ཡི་རྡོ་རྗེ་འཕར་མ་ནོན། །ཕྱག་གཡས་སྦ་གླིང་ཁྲོ་ལོ་ལོ། །སྒྲུབ་པ་པོ་ལ་གསུང་སྙན་སྒྲོག །གཡོན་ན་སྣང་གསལ་མེ་ལོང་དང་། །སྨན་རྒྱལ་གང་བའི་ལྷུང་བཟེད་བསྣམས། །སྣང་སྲིད་མ་ལུས་གསལ་བར་སྟོན། །འགྲོ་བ་ནད་ཀྱིས་ཚ་གདུང་བསལ། །དམ་ཚིག་ཅན་གྱི་སྲུང་མ་མཛད། །དམ་ཚིག་ཉམས་པའི་སྲོག་རྩ་གཅོད། །འདིར་བྱོན་མཐུན་པའི་དམ་རྫས་བཞེས། །དམ་ཚིག་གཙང་མ་འདི་ན་ཚང་། །དངུལ་དཀར་མེ་ལོང་འདི་ན་གསལ། །སྦ་དཀར་གླིང་བུ་འདི་ན་སྙན། །རྫས་དང་རྟེན་ལ་ད་ཚུར་བྱོན། ཁྱོད་ནི་སློབ་དཔོན་རྒྱུད་ཀྱི་ལྷ། །ང་ནི་སློབ་བུ་རྒྱུད་ཀྱིས་འབོད། །འབོད་པའི་དུས་སུ་སྙན་མ་སྲ། །གཡབ་པའི་དུས་སུ་སྤྱན་མ་བརྟུལ། །བསྐུལ་བའི་དུས་སུ་བང་མ་བུལ། །བསྟེན་པའི་དུས་སུ་རྒྱང་མ་རིང་། །ལྷང་ལྷང་དེ་ནི་དབྱངས་ལ་བྱོན། །ཀྱེ། ཡེ་ཤེས་གསལ་བྱེད་ལྷ་ཡི་སྲས། ཁྱེའུ་ཆུང་གཡུ་ཡི་ཟུར་ཕུད་ཅན། །སྐུ་མདོག་དཀར་ལ་མདངས་དང་ལྡན། །མདའ་དར་སེར་པོ་ཕྱག་ན་བསྣམས། །སྲིད་གསུམ་གཟིགས་པའི་ཁྱེ་འུ་ཆུང་། །མ་ཐོགས་མྱུར་དུ་གནས་འདིར་བྱོན། །མདའ་དར་བཟང་པོ་འདི་ན་ཡོད། །ཕྱེ་མར་འོལ་སྐོམ་ཕུད་ལ་བྱོན། །གཡུ་ཤུག་སྔོན་མོའི་དུད་ལ་བྱོན། །གོང་མའི་རྒྱུད་པ་གསུང་གིས་ཁྲོལ། །པྲ་མཐོང་དངོས་གྲུབ་མྱུར་དུ་སྩོལ། །སྔོན་གྱི་དམ་ཚིག་རྗེས་དྲན་མཛོད། །རྣལ་འབྱོར་བདག་ལ་ཐུགས་མ་རིང་། །འདོད་པའི་དོན་རྣམས་སྒྲུབ་པར་མཛོད། །སྣང་གསལ་པྲ་ཡི་དངོས་གྲུབ་སྩོལ། །ཅེས་སྤྱན་འདྲེན་མཆོད་བསྟོད་ཀྱི་ཕྲིན་ལས་བྱས་ལ་བཟླས་པ་ནི། རང་གི་ཐུགས་ཀར་ཧྲི་ཡིག་ལ། ཁྱེའུ་ཆུང་ལྷ་མོ་གསུམ་བཅས་པའི། །སྲོག་སྔགས་ཕྲེང་བས་བསྐོར་བ་ལས། །སོ་སོའི་སྲོག་རྩ་འོད་ཀྱི་ཚུལ། །འུབ་འུབ་ཚུར་ལ་འདུས་པར་གྱུར། །བསྙེན་སྔགས་ནི། ཨོཾ་ཙ་མུནྟ་ཧྲི་ད་ས་མ་ཡ་དུན་བྷྱོ། ཨ་མ་ཙིར་དུ་མ་ཙིར་ཧྲི་ལ་ཕོབ། སྲིད་པ་ཤོད། སྲིད་པ་སྟོན། སྒྲུབ་སྔགས་ནི། གོང་གི་ཤམ་བུར། ཨོཾ་མ་མ་ཧྲཱིང་ཧྲཱིང་ཛ། མཱ་མ་ཤཱ་ཤ །མཱ་མ་ཧྲཱིང་ཧྲཱིང་། ཏྲི་མཱ་མ། ཏྲིའུ་ཏྲིའུ་ཛཿསྲིད་པ་སྟོན། ལས་སྦྱོར་སྒྲ་ཐོས་པའི་སྔགས། ཨོཾ་སིདྡྷི་ཀུ་རུ་སིག་མ་ཧྲཱིང་ཧྲཱིང་ཛཿ བསམ་པ་ཤེས་སྔགས། ཨོཾ་མཱ་མ་ཙ་ཏྲི་ཙ་ཏྲི་ཏྲིའུ་ཛཿ དབབ་སྔགས། ཨ་ཨ། མཱ་མ་ཏྲི་ཏྲི་ཛ། ཏྲི་དུན་དུན་ཛ་ཕོབ། ཨ་ཏི་མ་ཏི་ཏྲིའུ་ས་མ་ཡ་ལྷན། ཞེས་པ་སྟེ། བསྙེན་སྒྲུབ་སྔགས་ཅི་ནུས་དང་ལས་སྦྱོར་རྣམས་ཀྱང་བསྙེན་སྒྲུབ་སྔགས་ཤམ་དུ་རིམ་སྦྲེལ་བྱས་ལ་ཅུང་ཟད་བཟླ། མཐར་འབུལ་གཏོར་བསང་སྦྱང་། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བདུད་རྩིར་བརླབ། ཨ་ཀཱ་རོ་ལན་གསུམ་གྱིས་ཕུལ། ཨོཾ་བཛྲ་ཨརྒྷཾ་སོགས་དང་། རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཅིང་། ཧཱུྃ། ཡེ་ཤེས་གསལ་བྱེད་ལྷ་ཡི་སྲས། །ཡེ་ཤེས་ཁྱེ་འུ་དཀར་པོ་དང་། །ལྷ་མོ་སྨྲ་མཐོང་ཐོས་བྱེད་མ། །མངོན་ཤེས་སྟོན་བྱེད་འཁོར་བཅས་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་བསྟོད་ཅིང་ཕྲིན་ལས་བཅོལ་ལོ། །གཉིས་པ་རྗེས་གནང་ནི། དམ་ཚིག་ལྡན་པའི་སློབ་མ་གཅིག་གམ་གསུམ་ལས་མི་མང་བ་ཁྲུས་བྱ། སྤྲོ་ན་བགེགས་གཏོར་གཏང་ཞིང་མཚམས་གཅད། སྲུང་འཁོར་བསྒོམ། མཚམས་སྦྱོར་གྱི་ཁྱད་པར། འདིར་རིགས་འདུས་སྨན་པའི་རྒྱལ་པོ་མཁས་གྲུབ་ཡོངས་ཀྱི་ཚོགས་རྗེ་མཚུངས་བྲལ་གཡུ་ཐོག་པ་ཡོན་ཏན་མགོན་པོ་ནས་ཐུགས་སྲས་ཀྱི་མཆོག་གྱུར་སུམ་སྟོན་ཡེ་ཤེས་གཟུངས་ལ་ཆིག་བརྒྱུད་ཀྱི་བདུད་རྩིར་བསྩལ་པའི་བླ་སྒྲུབ་སྙིང་ཐིག་ཆེན་མོའི་ཆ་ལག །གཞན་ཕན་གྱི་ལྷག་བསམ་དང་ལྡན་པའི་སྨན་པ་རྒྱུ་དྲུག་འཚོགས་པའི་སྐལ་ལྡན་རྣམས་ལ་མཁས་ཁྱད་ངོ་མཚར་མངོན་སུམ་དུ་སྟོན་པ། ཡེ་ཤེས་ཀྱི་ཁྱེའུ་ཆུང་དཀར་པོ་དང་ལྷ་སྨན་མཆེད་གསུམ་ལ་བསྟེན་ནས་རྩ་པྲ་སྒྲུབ་པའི་ཐབས་ཟབ་མོ་དངུལ་དཀར་མེ་ལོང་སྣང་གསལ་སྒྲོན་མེའི་རྗེས་གནང་མ་ལ་བུ་འཁོར་སྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཀྱེ་བླ་མ་སྨན་པའི་རྒྱལ། །བདག་ཅག་དྲང་སྲོང་རིག་འཛིན་པས། །ལྷ་སྨན་མཆེད་གསུམ་ཁྱེའུ་ཆུང་གི །རིག་གཏད་བྱིན་རླབས་བདག་ལ་སྩོལ། །ལན་གསུམ། དེ་ནས་རྒྱུད་སྣོད་རུང་བྱ་བའི་སླད་དུ་སློབ་དཔོན་དང་མདུན་སྐྱེད་གཉིས་སུ་མེད་པ་རིགས་འདུས་བླ་མ་སྨན་རྒྱལ་གྱི་དཀྱིལ་འཁོར་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་སྤྲིན་གཏིབས་པ་ལྟར་བཞུགས་པའི་མདུན་དུ། ཁྱེད་རང་རྣམས་འཁོད་ནས་སྡིག་པ་བཤགས་པར་བགྱིའོ་སྙམ་པའི་འདུན་པ་དང་ལྡན་པས་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །སློབ་དཔོན་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །ཐོག་མ་མེད་ནས་ད་ལྟའི་བར། །ལུས་དང་ངག་དང་ཡིད་གསུམ་གྱིས། །སྡིག་པ་མི་དགེ་གང་བྱས་པ། །གནོང་ཞིང་འགྱོད་པའི་སེམས་ཀྱིས་སུ། །སྙིང་ནས་ཁྱེད་ཀྱི་སྤྱན་སྔར་བཤགས། །ལན་གསུམ། བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བསླུ་བ་མེད་པའི་སྐྱབས་གནས་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ལ། དེང་ནས་བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་འགྲོ་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་མཛོད། ཕྱོགས་དུས་དཀོན་མཆོག་གསུམ་འདུས་པ། །བླ་མ་རྡོ་རྗེ་འཛིན་རྒྱལ་ལ། །བདག་དང་མཁའ་མཉམ་སེམས་ཅན་ཀུན། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ལན་གསུམ། ལྷ་ཚོགས་དེ་དག་གི་སྤྱན་སྔར་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དོ་སྙམ་པའི་ངང་ནས་འདིའི་རྗེས་ཟློས་མཛོད། མཐའ་ཡས་འགྲོ་བའི་དོན་གྱི་ཕྱིར། །རྡོ་རྗེ་འཛིན་པ་མཆོག་བསྒྲུབས་ནས། །ཞི་སོགས་ཕྲིན་ལས་རྣམ་བཞི་ཡིས། །འགྲོ་རྣམས་བདེ་ལ་འགོད་པར་བྱ། །ལན་གསུམ། སྐྱབས་གནས་དེ་དག་གི་མདུན་དུ་སོ་སོ་ཐར་པའི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་། རིག་འཛིན་སྔགས་ཀྱི་དམ་ཚིག་རྣམས་ནོད་ལ་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་དངོས་རྡོ་རྗེ་འཛིན། །བདག་ལ་བརྩེ་བས་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བྱང་ཆུབ་བར། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་གསང་སྔགས་བླ་མེད་ཀྱི། །སྡོམ་པ་མ་ལུས་བདག་གིས་བཟུང་། །སེམས་ཅན་འགྱུར་མེད་བདེ་ལ་འགོད། །ལན་གསུམ། དེ་ནས་ཐོག་མར་གཉེན་པོ་བྱིན་རླབས་འབེབ་པའི་དབང་ལ། རིན་པོ་ཆེའི་བུམ་པ་དགོས་འདོད་འབྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་བཅུད་ཀྱིས་བལྟམས་པས་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད། ཧཱུྃ། ཆོས་སྐུ་ཁྱབ་གདལ་ཡེ་སྟོང་ཀློང་ཡངས་སུ། །སྣང་སྟོང་ཡབ་ཡུམ་བདེ་སྟོང་འགྱུར་མེད་སྦྱོར། །ཅིར་ཡང་མ་གྲུབ་ཅིར་ཡང་མ་འགགས་འཆར། །རང་སྣང་དག་པའི་ཆོ་འཕྲུལ་རྩ་གསུམ་ལྷ། །བཀའ་སྲུང་ལྷ་དང་དྲང་སྲོང་ཕྱི་ནང་འཁོར། །མ་ལུས་ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ། །འདིར་གཤེགས་སྐལ་ལྡན་བུ་ལ་དབང་མཆོག་སྐུར། །ལུས་ངག་ཡིད་ལ་སྐུ་གསུང་ཐུགས་བྱིན་ཕོབ། །ཨོཾ་ཨཱཿཧཱུྃ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། བུམ་ཆུ་སྦྱིན། དེ་ལྟར་དབང་བསྐུར་པས་བདུད་རྩིའི་རྒྱུན་གྱིས་ལུས་ཀྱི་ནང་ཐམས་ཅད་གང་། སྒོ་གསུམ་གྱི་དྲི་མ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། ལུས་སེམས་ཟག་མེད་ཀྱི་བདེ་བས་གང་། འཆི་མེད་བདུད་རྩིའི་དབང་ཐོབ་པར་མོས་མཛོད། །དེ་ནས་བཀའ་གཏད་དང་རྗེས་གནང་སྦྱིན་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་སངས་རྒྱས་སྨན་པའི་རྒྱལ་པོར་དངོས་སུ་གསལ་བའི་སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས་པས་མདུན་གྱི་གཏོར་མ་ཡེ་ཤེས་ཁྱེའུ་ཆུང་ལྷ་སྨན་མཆེད་གསུམ་འཁོར་དང་བཅས་པར་གསལ་བ་ལ་ཕོག །བྲན་ལ་རྗེ་ཡིས་བཀའ་བསྩལ་པ་བཞིན་དུ་ཐུགས་རྒྱུད་རང་དབང་མེད་པར་བསྐུལ། འདི་སྐབས་སློབ་མ་ཐུན་མོང་མིན་པ་ལ་དངོས་སུ་བསྟིམ་པ་ཡིན་ཡང་། ཐུན་མོང་ཙམ་ལ། སོ་སོའི་སྐུ་ལས་རང་འདྲ་བའི་སྐུ་གཉིས་པ་རེ་འཕྲོས། ཡེ་ཤེས་ལྷ་མོ་དཀར་གསལ་ཁྱེད་རང་རྣམས་ཀྱི་སྤྱི་བོའི་གཙུག་ཏུ་ཐིམ། སྨྲ་བྱེད་ལྷ་མོ་སེར་མོ་རྣ་བའི་ནང་དུ་ཐིམ། རྣོ་མཐོང་ལྷ་མོ་དམར་མོ་མིག་གི་ནང་དུ་ཐིམ། ཡེ་ཤེས་ཁྱེའུ་ཆུང་དཀར་པོ་སྙིང་གི་ནང་དུ་ཐིམ། གཞན་ཡང་ཕྱོགས་བཅུའི་ལྷ་དང་དྲང་སྲོང་སྨན་གྱི་རིགས་པྲ་ལ་དགའ་བ་ཐམས་ཅད་ཆེ་བ་རི་རབ། ཆུང་བ་རྡུལ་ཕྲན་ཙམ་གྲངས་མེད་པ་བྱོན་ནས་ལུས་ལ་ཐིམ་པས་ཐོགས་པ་མེད་པའི་མངོན་ཤེས་ཤར་བར་མོས་མཛོད། གཏོར་མ་ཐོགས། སྤོས་རོལ་བཅས། ཧཱུྃ་ཧྲཱིཿ ཀུན་འདུས་རྒྱལ་བའི་བཀའ་ལས་མི་འདའ་ཞིང་། །རྣལ་འབྱོར་བདག་གི་བྲན་དུ་ཁས་བླངས་པ། །རྣོ་མཐོང་མངོན་ཤེས་སྟོན་མཛད་ལྷ་དང་སྨན། །ཐམས་ཅད་སྐལ་ལྡན་བུ་ལ་འགོ་བར་གྱིས། །ཧྲཱིཿ ཡེ་ཤེས་ལྷ་མོ་དཀར་མོ་མངོན་ཤེས་ཅན། ཁྱེད་ནི་ལྷ་སྨན་ཡོངས་ཀྱི་རྗེ་བཙན་ཏེ། །སྐལ་ལྡན་བུ་ལ་མངོན་ཤེས་དངོས་གྲུབ་སྩོལ། །ལུས་དང་གྲིབ་བཞིན་མི་འབྲལ་འགྲོག་གྱུར་ཅིག །ལྷ་མོ་སེར་མོ་བདེན་ཚིག་སྨྲ་བྱེད་མ། ཁྱེད་ནི་འཇིག་རྟེན་གསལ་བྱེད་དྲང་སྲོང་ཆེ། །སྐལ་ལྡན་བུ་ལ་ལུང་བསྟན་དངོས་གྲུབ་སྩོལ། །ལུས་དང་གྲིབ་བཞིན་མི་འབྲལ་འགྲོག་གྱུར་ཅིག །ལྷ་མོ་དམར་མོ་རྣོ་མཐོང་འཁྲུལ་མེད་མ། ཁྱེད་ནི་ལྷ་སྨན་ཀུན་གྱི་མ་མོ་སྟེ། །སྐལ་ལྡན་བུ་ལ་རྣོ་མཐོང་དངོས་གྲུབ་སྩོལ། །ལུས་དང་གྲིབ་བཞིན་མི་འབྲལ་འགྲོག་གྱུར་ཅིག །ཡེ་ཤེས་ལྷ་ཡི་ཁྱེའུ་ཆུང་དཀར་པོ་ནི། །སྣང་སྲིད་མ་འདྲེས་མ་ལུས་ས་ལེར་སྟོན། །སྐལ་ལྡན་བུ་ལ་གཅེར་མཐོང་མངོན་ཤེས་སྩོལ། །ལུས་དང་གྲིབ་བཞིན་མི་འབྲལ་འགྲོག་གྱུར་ཅིག །ཧྲཱིཿ མནའ་དང་དམ་ལ་མི་གནས་སུ་ཡང་མེད། །རྒྱལ་བའི་བཀའ་ལ་མི་བརྩི་སུ་ཡང་མེད། །ལྷ་དང་སྨན་རྣམས་འདི་ཉིད་བྲན་དུ་བྱིན། །ཅི་འདོད་སྒྲུབས་ཤིག་འགལ་ན་བརླག་པར་འགྱུར། །ཅེས་བརྗོད་ལ་གཏོར་མ་གནས་རྣམས་སུ་བཞག་གོ །སློབ་དཔོན་སྨན་རྒྱལ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་དུ་འཕྲོས། ལྷ་སྨན་མཆེད་གསུམ་ཡེ་ཤེས་ཁྱེའུ་ཆུང་བཅས་ཀྱི་ཐུགས་ཀའི་སྲོག་ཡིག་ལ་ཕོག་པས་དེ་ལས་སྔགས་ཕྲེང་གཉིས་པ་རེ་ཆད་ནས་བྱུང་བ། ཁྱེད་རང་ལ་ཐིམ་པས་ལྷ་སྨན་མཆེད་གསུམ་ཁྱེའུ་ཆུང་བཅས་ཀྱི་སོ་སོའི་ཐུགས་སྲོག་ཁྱེད་རང་གི་ཐུགས་ཀར་ཞུགས་པའི་མོས་པ་དང་བཅས་ཏེ་འདིའི་རྗེས་ཟློས་མཛོད། གོང་གསལ་བསྙེན་སྒྲུབ་ལས་སྔགས་རྣམས་ལན་གསུམ་གསུམ་རྗེས་ཟློས་བྱར་གཞུག །རྟེན་རྫས་རྣམས་གཏད་པས་འཁོར་བཅས་ལུས་དང་གྲིབ་མ་བཞིན་འགྲོགས་ཤིང་ལེགས་ཉེས་ལུང་བསྟན་རྟག་ཏུ་ཐོབ་པར་མོས་ཤིག །མདའ་དང་གླིང་བུ་ཙཀ་ལི་སོགས་ལག་ཏུ་གཏད་ལ། ཧྲཱིཿ སྙན་པའི་སྒྲ་སྒྲོག་གླིང་བུ་དང་། །ཤེས་རབ་མཚོན་རྣོན་མདའ་བཟང་ལ། །ཟབ་ཅིང་པྲ་སྟོན་ལེ་བརྒན་དར། །མ་འདྲེས་གསལ་སྟོང་མེ་ལོང་དང་། །ནད་སེལ་སྨན་མཆོག་ཨ་རུ་ར། །སྐུ་གསུང་ཐུགས་རྟེན་སྒྲུབ་རྫས་དང་། །རྟེན་རྫས་སྐལ་ལྡན་བུ་ལ་བྱིན། །དམ་ལ་གནས་པས་འདི་བཅངས་ན། །བུ་གཅིག་མ་ནི་ཇི་བཞིན་དུ། །སྐད་ཅིག་ཙམ་ཡང་མི་ཡེངས་པར། །འབྲལ་མེད་རྒྱུན་དུ་འགྲོག་པ་དང་། །ལེགས་ཉེས་ལུང་བསྟན་གསལ་བར་ཤོག །ཨ་ཏྲི་མ་ཏྲི་སུ་ར་དེ་ཝཱི་ཏ་རི་རུ་ལ་སརྦ་ཧྲཱིཿ སིདྡྷི་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ། དེ་ནས་སློབ་མ་དམ་ལྡན་ལ་གཏོར་མ་ལས་ཅུང་ཟད་བཅད་དེ་བྱིན་ལ། གཏོར་མ་དངོས་གྲུབ་འབྱུང་བའི་བདུད་རྩི་ཆེན་པོའི་རང་བཞིན་དུ་གྱུར་པ་ཁྱེད་རང་ལ་བྱིན་པས་ཡིད་ལ་གང་འདོད་ཀྱི་དངོས་གྲུབ་བདེ་བླག་ཏུ་ཐོབ་པར་མོས་ཤིག །ཧྲཱིཿ དམ་རྫས་དངོས་གྲུབ་གཏོར་མ་འདོད་ཡོན་རྒྱན། །ཅི་བསམ་ཡིད་བཞིན་འགྲུབ་པའི་ནོར་བུ་ཡིན། །སྨན་མཆོག་གཏོར་མའི་བདུད་རྩི་འདི་མྱངས་པས། །ཏིང་འཛིན་ཟག་པ་མེད་ལ་སྤྱོད་པར་ཤོག །ཅེས་དང་ཤིས་བརྗོད་གང་འོས་བྱ། དེང་ཕྱིན་ཆད་ཁྱེད་རང་རྣམས་ཀྱིས་དམ་ཚིག་ཏུ་མཛེ་ཅན་དང་། ཡུགས་ས་དང་། རོ་ལ་རེག་པ། བག་མ་སོགས་གྲིབ་ཀྱི་རིགས་ཐམས་ཅད་ལ་འཛེམ། པྲ་སྒྲུབ་པའི་ཚུལ་སྨྲ་བར་མི་བྱ། སྒྲུབ་རྟེན་རྣམས་གཞན་ལ་གསང་ཞིང་། དུས་རྒྱུན་དུ་བསང་མཆོད་ལ་བརྩོན་པར་བྱ་དགོས་སོ། །དེ་ལྟ་བུའི་དམ་ཚིག་རྣམས་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ་སྤྱི་ལྟར་བྱ། རྗེས་ཚོགས་མཆོད་ལ་སོགས་པའང་ལས་བྱང་གི་དཀྱུས་བཞིན་བྱས་པས་འགྲུབ་བོ། །བློ་དམན་མངོན་ཤེས་མེད་པའི་ལས། མུན་ནང་མདའ་བཞིན་ཐོག་ཕེབ་དཀའ། །དེ་ཕྱིར་འདིར་ཞུགས་དེ་ལྟའི་དགེས། །ཀུན་ཀྱང་བླང་དོར་གསལ་མཐོང་ཤོག །ཅེས་པའང་སྙིང་ཐིག་དབང་ཆོག་ཆེ་ཆུང་དང་འབྲེལ་བའི་ཆ་ལག་གསལ་བྱེད་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་དེ་བཱི་ཀོ་ཊིའི་དབེན་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ།། །།
རྡོ་རྗེ་གྲོ་བོ་ལོད་ཀྱི་བསྙེན་ཡིག་རྟ་ལྗང་དབང་པོ་ (Volume 13, Text 9)
༄༅། །རྡོ་རྗེ་གྲོ་བོ་ལོད་ཀྱི་བསྙེན་ཡིག་རྟ་ལྗང་དབང་པོ་ཞེས་བྱ་བ་བཞུགས། ། རབ་འཇིགས་ཁྲོ་རྒྱལ་འཆོལ་བའི་སྟངས་སྟབས་ཀྱིས། །སྡེ་བརྒྱད་སྙིང་དབུགས་ལྐོག་མར་འབྱིན་བྱེད་པ། །རིག་འཛིན་བླ་མ་རྡོ་རྗེ་གྲོ་བོ་ལོད། །བསྙེན་ཐབས་རྟ་ལྗང་དབང་པོ་དེང་འདིར་ཤར། །དེ་ལ་འདིར་བྷྲཱུྃ་མཚན་རྡོ་རྗེ་རྭ་གདེངས་ཐོག་མདའི་རྒྱ་ཅན་གྱི་ནང་ཚན་རྡོ་རྗེ་གྲོ་བོ་ལོད་ཀྱི་བསྙེན་པ་བྱ་བ་ལ། གནས་ཡིད་དུ་འོང་བར་བྲིས་འབུར་གྱི་སྐུ་བཤམས། དེའི་མདུན་དུ་སྟེགས་བུ་དྲི་བཟང་པོས་ཆག་ཆག་བཏབ་པའི་ཁར་སྒྲུབ་གཏོར་དར་གྱི་ཅོད་པན་ཅན་སྐུ་རྟེན་ཙཀ་ལི་བཙུགས་པ། སྨན་རཀ །ཕྱི་ནང་གི་ཉེར་སྤྱོད། བཀའ་སྲུང་མ་གཟའ་རྡོར་གསུམ། བརྟན་མ་བཅུ་གཉིས། རྒྱལ་ཆེན་བཞི། བགེགས་ཀྱི་གཏོར་མ། གུ་གུལ། ཡུངས་ཀར། ཐོད་རྔ། རྡོར་དྲིལ་སོགས་མཁོ་བའི་ཡོ་བྱད་རྣམས་འདུ་བྱས། ཁ་ལྷོ་ནུབ་ཏུ་བལྟ་བའི་གདན་འོག་ཏུ་གཡུང་དྲུང་རིས་འབྲི་བ་དང་། གཞི་བགེགས་ལ་བཀའ་བསྒོ །མཚམས་གཅོད་རྒྱལ་ཆེན་ཐོ་འཛུག་རྣམས་གཞན་དང་འདྲ། ལས་བྱང་གཞུང་བསྲང་། ཚོགས་འཁོར་བརྟན་སྐྱོང་དཀྱུས་བཞིན་བྱ། ངག་དང་ཕྲེང་བ་བྱིན་གྱིས་བརླབས། དེ་ནས་ལྷ་ལ་སེམས་གཏད་རྣམ་པ་གསལ་བ་དང་། རྩེ་གཅིག་དངོས་སུ་ལྟ་བའི་ང་རྒྱལ་གྱིས། །ཞེས་པའི་དོན་བཞིན་རང་ལུས་མངོན་རྟོགས་ལས་འབྱུང་བ་བཞིན་ལྷའི་རྒྱན་ཆ་ལུགས་ཕྱག་མཚན་སོགས་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་གསལ་ལ་དྭངས་པ་བྲིས་པ་དང་ལྡེར་བཟོ་ལྟ་བུའི་གདོས་བཅས་མ་ཡིན་པ། རང་དང་ལྷ་ཐ་དད་པར་རྟོག་བཏགས་ཀྱི་མོས་བློས་ཙམ་མ་ཡིན་པའི་རང་རིག་དོན་གྱི་པདྨ་ཐོད་ཕྲེང་རྩལ་གདོད་མ་ནས་ཡོད་པ་རང་ངོ་འཕྲོད་པའི་རྡོ་རྗེ་གྲོ་བོ་ལོད་དངོས་དེ་ཡིན་སྙམས་པའི་ང་རྒྱལ་བརྟན་པོ་དང་ལྡན་པའི་ངང་ནས། ཐུགས་ཀར་པདྨ་དམར་པོ་འདབ་མ་བརྒྱད་པ་དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར། དེའི་དབུས་སུ་རིག་པ་དབང་དྲག་ལྷུན་གྱིས་གྲུབ་པའི་བརྡར་ཧཱུྃ་སྨུག་ནག་གི་མཐར་ཡི་གེ་བཅོ་ལྔ། དེའི་ཕྱི་རོལ་དུ་བཅོ་བརྒྱད་པ། དེའི་ཕྱི་མར་དྲེགས་པ་གཟིར་སྔགས་རྣམས་ཁ་དོག་དམར་སྨུག་གཡས་སྐོར་དུ་འཁོར་བའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཇའ་ཚོན་ལྟ་བུ་བུན་གྱིས་འཕྲོས། ལུས་ཀྱི་ནང་གང་སྡིག་སྒྲིབ་བག་ཆགས་ནད་གདོན་བར་ཆད་ཐམས་ཅད་སྦྱངས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕོག །དེ་དག་རྣམས་ཀྱི་ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས། འགྲོ་བ་ཀུན་གྱི་ཚེ་དང་བསོད་ནམས་མཐུ་སྟོབས་ནུས་པ་ཐམས་ཅད་རང་ལ་ཐིམ་པས་གཟི་བརྗིད་དང་བཀྲག་མདངས་ཇེ་ཆེར་སོང་། སླར་ཡང་ཐུགས་ཀ་ནས་འོད་ཟེར་ཉི་མ་འབུམ་དུས་གཅིག་ལ་ཤར་བ་ལྟར་འཕྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ་ཕོག་པས་གདུག་རྩུབ་ནུས་སྟོབས་ཐམས་ཅད་མུན་ཁང་ལ་སྒྲོན་མེ་བཏེགས་པ་ལྟར་སོང་ནས་ཟིལ་གྱིས་མནན། སླར་ཡང་འོད་ཟེར་དཔག་ཏུ་མེད་པའི་སྣེ་ལ་མཆོད་པའི་ལྷ་མོ་སྤྲོས་ཏེ་དུས་གསུམ་གྱི་རྒྱལ་བ་ཞི་ཁྲོ་སྲས་བཅས་དཔའ་བོ་མཁའ་འགྲོ་ཉན་རང་སོགས་སྐྱབས་གནས་ཀྱི་ཡུལ་དུ་གྱུར་པ་ཐམས་ཅད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས་མཆོད་པས་ཟག་མེད་བདེ་ཆེན་ཉིད་དང་དགྱེས་པར་རོལ། དེ་དག་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས་དབང་དྲག་གྲོ་བོ་ལོད་ཀྱི་སྐུ །གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཆར་བཞིན་བབས་ཏེ་རང་ལ་ཐིམ། བྱེ་བྲག་བདེ་བ་ཅན་ཨོ་རྒྱན་མཁའ་འགྲོའི་གསང་མཛོད་ལྷོ་ནུབ་རྔ་ཡབ་དཔལ་རིའི་རྩེ་མོ་ནས་སློབ་དཔོན་པདྨ་ཐོད་ཕྲེང་རྣམ་འགྱུར་མཚན་བརྒྱད་རིག་འཛིན་བརྒྱུད་པའི་ཚོགས་དང་བཅས་པའི་བྱིན་རླབས་ཀྱང་གོང་ལྟར་བསྟིམ་པས་ལུས་ལྷ། ངག་སྔགས། ཡིད་ཆོས་ཉིད་ཀྱི་དཀྱིལ་འཁོར། གཞི་དུས་ནས་རང་ཆས་སུ་ཡོད་པ་གསལ་བཏབ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་སྔར་ལས་ཀྱང་ཇེ་ཆེར་སོང་། སླར་ཡང་འོད་ཟེར་གྲངས་མེད་པ་འཕྲོས་སྣོད་བཅུད་ཐམས་ཅད་ལ་ཕོག་པས་སྣོད་ཀྱི་འཇིག་རྟེན་མ་ལུས་གཞལ་ཡས་ཁང་། བཅུད་ཀྱི་རྒྱུད་ལྔའི་འགྲོ་བ་མཐའ་དག་རིག་འཛིན་བླ་མའི་གོ་འཕང་ལ་བཀོད་ནས་རྡོ་རྗེ་གྲོ་བོ་ལོད་ཀྱི་སྐུར་གྱུར། སླར་ཡང་འོད་ཟེར་གྱི་སྣེ་ལ་ཁྲོ་མཚོན་མེ་ལྕེ་གློག་ལྟར་འཁྱུགས་པ་མགར་གྱི་ཚྭ་ཚྭ་ལྟར་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། སྟེང་འོག་བར་གསུམ་གྱི་གདོན་བགེགས་ལྷ་སྲིན་འབྱུང་པོ་ཐམས་ཅད་ལ་ཕོག་པས་བརྒྱལ་རེང་མྱོས་བུབ་ཐལ་བའི་རྡུལ་དུ་བརླག །ལུས་ངག་ཡིད་གསུམ་མཐུ་སྟོབས་ནུས་པ་ཐམས་ཅད་མར་ལ་ལྕགས་བསྲེག་བཞིན་དུ་བྱས། དེ་དག་གི་སྲོག་ཡིག་རང་དབང་མེད་པར་བཀུག་སྟེ་ཧཱུྃ་གི་ཉི་གདན་ལ་བསྟིམས་པས་དབང་དུ་བསྡུས་ནས་དྲེགས་པ་ཐམས་ཅད་རྗེ་འབངས་ཇི་བཞིན་བྲན་དུ་བཀོལ། རིག་པ་རང་རྩལ་ལྷ་སྔགས་ཡེ་ཤེས་ཀྱི་ངར་ཆེན་པོ་དང་ལྡན་པའི་ངང་ནས་ཐུན་གྱི་ཆ་གསུམ་ཙམ་མང་ཉུང་གི་འགྲོས་དང་བསྟུན་ནས་བཟླ། ཆ་གཅིག་ཙམ་ལ་དྲག་པོ་ཧཱུྃ་གི་སྒྲུབ་པ་བྱེད་པའི་ཚེ། རང་གི་ཐུགས་ཀའི་ཧཱུྃ་ལས་ཡེ་ཤེས་ཀྱི་མེ་འབར་ཏེ་ལུས་ཀྱི་ཁོང་པའི་ནང་ཐམས་ཅད་གང་། ཐོག་མེད་ནས་བསགས་པའི་ལས་ཉོན་སྡིག་སྒྲིབ་བག་ཆགས་ནད་གདོན་ཐམས་ཅད་བྱ་སྒྲོ་ལ་མེ་ལྟར་གཞོབ་ཐུལ་གྱིས་ཚིག །སྟོང་གསུམ་གཡོ་བ་ཙམ་དུ་ཧཱུྃ་སྒྲ་སྒྲོག་པས་ཡེ་ཤེས་མེ་ལྕེ་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་ཐོན། འཇིག་རྟེན་ཀུན་བཀང་། རྒྱུད་ལྔའི་འགྲོ་བ་མཐའ་དག་གི་སྡིག་སྒྲིབ་སོགས་ལོག་པར་རྟོག་པའི་བག་ཆགས་ཐམས་ཅད་བསྲེག །དེ་རྣམས་དཔའ་བོ་མཁའ་འགྲོ་ཉི་ཟེར་གྱི་རྡུལ་འཁྲིགས་པ་ལྟ་བུ་ས་འོག་ས་སྟེང་ས་བླའི་ཁྱོན་མ་ལུས་པ་གང་བའི་ཞལ་ནས་ཀྱང་ཧཱུྃ་སྒྲ་དིར་དིར་སྒྲོག་པར་བསམ། དེ་ནས་དཔའ་བོ་མཁའ་འགྲོ་རྣམས་གར་སྟབས་བསྒྱུར་ཞིང་ཧཱུྃ་སྒྲ་དྲག་པོའི་ངར་དང་ལྡན་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཤིགས་ཤིག་ཡོམ་ཡོམ་འདེག་འདེག་ས་ཆེན་པོ་གཡོ་བ་ལྟ་བུར་གྱུར་པ་ཧཱུྃ་སྒྲས་སྟོང་གསུམ་གང་བ་དང་བཅས་པས་འཇིག་རྟེན་ཐམས་ཅད་རྩྭ་སྦུར་རླུང་གིས་ཁྱེར་བ་ལྟར་དབང་དུ་བསྡུས། མ་དག་འཁོར་བའི་གནས་རྣམས་དོང་ནས་སྤྲུགས་ཏེ་སྟོངས་པས་ཐམས་ཅད་རང་རིག་དོན་གྱི་བླ་མ་ཀུན་ཏུ་བཟང་པོའི་རང་ཞལ་མངོན་དུ་གྱུར་པར་བསམ་ལ་ཐུན་ཆ་བཞི་པའི་ཆ་གཉིས་ཙམ་ལ་རིག་པ་ངར་དང་ལྡན་པས་དྲག་པོ་ཧཱུྃ་གི་སྣང་གླུ་ལེན། ཆ་གཅིག་ལ་མདུན་དུ་ཨེ་ལས་གནམ་ལྕགས་འབར་བའི་ཁང་སྒྲོམ་ནག་པོའི་ནང་དུ་ཏྲི་ལས་སྒྲུབ་པ་ལ་བར་དུ་གཅོད་པའི་དམ་སྲི་སོགས་གནོད་བྱེད་འབྱུང་པོ་སྤྱི་དང་དམིགས་ཀྱིས་བསལ་བ་ཡོད་ན།དེ་དག་ཐམས་ཅད་ཕོ་ཉའི་ཚོགས་་་་་ཀྱིས་བཙོན་བཞིན་དུ་ཁྲིད། ལས་ཁུང་དུ་བཅུག་ཡན་ལག་ལྕགས་སྒྲོག་གིས་བསྡམས་པར་ཐུགས་ཀ་དང་སྐུ་ལས་འཕྲོས་པའི་འོད་ཟེར་མཚོན་ཆའི་ཆར་པས་གནོད་བྱེད་ཐམས་ཅད་དུམ་བུར་གཏུབ་ཅིང་གཟིར། ཡེ་ཤེས་ཀྱི་མེས་ལྷག་མ་མ་ལུས་པར་བསྲེག་པར་བསམ་ཏེ་གཟིར་སྔགས་བཟླ། འཁོར་རྣམས་ཀྱི་སོ་སོའི་ཐུགས་ཀར་ཉི་གདན་ལ་རང་རང་གི་ས་བོན་ཧཱུྃ་ཡ་ཧྲཱིཿཧཱུྃ་ཛཿཧཱུྃ་བཾ་ཧོཿརང་མདོག་ལ་སོ་སོའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་དཔག་ཏུ་མེད་པའི་སྣེ་ལ་མཆོད་པའི་ལྷ་མོ་ཞེས་ནས་པ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམ་པ་ཕྱག་རྡོར་སོགས་ལྷ་གང་ཡིན་གྱི་སྐུ །གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་ཞེས་པ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ཇེ་ཆེར་སོང་བའི་བར་གོང་དང་འདྲ་བ་ལ། སྒོས་ཆོས་ཕྱག་རྡོར་ལ་འོད་ཟེར་མེ་ལྕེ་དང་མཚོན་ཆའི་ཚོགས་དཔག་ཏུ་མེད་པ་འཕྲོས་གཟའ་དང་རྒྱུ་སྐར་སོགས་སྟེང་གདོན་གྱི་གདོན་བྱད་གནོད་པ་ཐམས་ཅད་བྱ་སྒྲོ་མེས་ཚིག་པ་ལྟར་གཞོབ་ཐུལ་གྱིས་བསྲེགས། སྟེང་གདོན་རྣམས་ཀྱི་སྲོག་སྙིང་འོད་ཟེར་གྱི་རྣམ་པར་བཀུག །ཐུགས་ཀའི་ས་བོན་གྱི་གདན་ལ་བསྟིམ། གཤིན་རྗེ་ལ་ཕ་རོལ་བྱད་མ་མཁན་རྦད་འདྲེ་རྦོད་གཏོང་དེ་དག་གི་ནུས་པ། རྟ་མགྲིན་ལ་འོག་ཕྱོགས་ཀླུ་དང་ས་བདག་གི་གདོན་བྱད། མེ་དབལ་ལ་རྒྱལ་བསེན་དམ་སྲི་འབྱུང་པོ་སོགས་བར་གདོན། ལྕགས་ཀྱུ་མས་གནོད་བྱེད་ཐམས་ཅད་འགུགས་པ་སོགས་འཆིང་སྡོམ་མྱོས་པའི་དམིགས་པ་ཁ་བསྒྱུར་ནས་འཁོར་རྣམས་ཀྱི་སྔགས་བཟླ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སོགས། བཀའ་བརྒྱད་ལྟར་སྔགས་སྟོང་སྟོང་གི་མཚམས་སུ་ཡིད་བྱུང་གི་མཆོད་བསྟོད་དང་ཐུན་མཚམས་སུ་མཆོད་བསྟོད་དབྱངས་གསལ་ཞབས་བཏགས། སྣང་བ་མཐའ་ཡས་ཀྱི་ཡིག་བརྒྱས་ནོངས་པ་བཟོད་པར་གསོལ། དེ་ནས་རྟེན་བརྟེན་པ་རྣམས་ཀ་དག་གི་དབྱིངས་སུ་དར་གཅིག་མཉམ་པར་བཞག་པའི་ངང་ནས། ལྷུན་གྲུབ་སྣང་སྟོང་སྒྱུ་མ་ལྟ་བུས་གཙོ་བོའི་རྣམ་པར་ལངས་ཏེ་རྒྱུན་གྱི་སྤྱོད་ལམ་ལ་འཇུག་ཅིང་བསྔོ་བ་སྨོན་ལམ་གྱིས་རྒྱས་འདེབས། ཐོག་མའི་ཐུན་གཅིག་པུ་འདི་མ་གཏོགས་ངག་ཕྲེང་བྱིན་རླབས་ཐོ་རངས་དང་། དབྱངས་གསལ་ཞབས་བཏགས་མ་སྲོད་ཐུན་ལ་སྦྱོར་བ་འཇུག་པ་བདེ། དགོང་མོའི་ཐུན་མཚམས་ལྟ་བུ་ལོང་ཆེ་བར་ཆོས་སྐྱོང་རྣམས་ལ་གསོལ་མཆོད་བྱེད། དེ་ལྟར་ཐུན་བཞིར་བཅད་དེ་ཡིག་འབྲུ་བཅོ་བརྒྱད་པ་བདུན་འབུམ། ཡིག་འབྲུ་བཅོ་ལྔ་པ་དང་གཟིར་སྔགས་ལ་ཆིག་འབུམ། ཕྱག་རྡོར་སོགས་བཞི་ལ་ཆིག་ཁྲི །སྒོ་མ་བཞི་ལ་སུམ་སྟོང་ཙམ་རེ་བཟླས་པས་གྲངས་ཀྱི་བསྙེན་པ་འགྲུབ་བོ། ༈ །སྒྲུབ་པ་ནི་སྟེགས་ཀྱི་ཁར་རབ་དཀྱིལ་འཁོར་སྒོ་རྫོགས། འབྲིང་ཆོས་འབྱུང་ཟླ་གམ་འཁོར་ལོ་རྩིབས་བཞི་རྡོར་ར་མེ་རི་ཙམ། མ་འགྲུབ་ན་འབྲུའི་ཚོམ་བུ་བཀོད་པའི་སྟེང་དུ་སྒྲུབ་གཏོར་འགོད། ལས་བྱང་གཞུང་བསྲང་བའི་དུས་མདུན་བསྐྱེད་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་ཞལ་སྤྲོད་དུ་བསྒོམ། རང་ལྷར་གསལ་བའི་ཐུགས་ཀའི་ས་བོན་ལས་འཕྲོས་པའི་འོད་ཟེར་སྐུའི་དབྱིབས་བརྒྱུད། ཤངས་བུག་གཡས་ནས་ཐོན། མདུན་གྱི་གཙོ་བོའི་ཤངས་བུག་གཡོན་དུ་ཞུགས། ཐུགས་ཀའི་ས་བོན་སྔགས་འཁོར་ལ་ཐིམ། ཐུགས་དམ་གྱི་རྒྱུད་བསྐུལ་སླར་ཡང་སྐུའི་དབྱིབས་བརྒྱུད། ཤངས་བུག་གཡས་ནས་ཐོན། རང་གི་ཤངས་བུག་གཡོན་དུ་ཞུགས། ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པའི་དོ་ལིའི་བསྙེན་པ་ལ་རྩེ་གཅིག་ཏུ་གཞོལ་བའི་ཡིག་འབྲུ་བཅོ་ལྔ་པ་ཁྲི་ཕྲག་གཅིག་བཟླ། དེ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། གཙོ་འཁོར་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་ཟླ་བ་ལྟ་བུ་འཕྲོས། བདག་གཞན་རྣམས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བ་མོ་ལ་ཉི་མ་ཤར་བ་ལྟ་བུར་དག་པ། དེ་བཞིན་དུ་འོད་ཟེར་སེར་པོ་འཕྲོས་འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་སྤེལ་བ། དམར་པོས་མི་ནོར་ཟས་གསུམ་བསྡུ་བ། མཐིང་གས་གནོད་བྱེད་དགྲ་བགེགས་སྒྲོལ་བ་སྟེ་ལས་བཞིའི་དམིགས་པ་ལ་སོ་སོར་ཡིག་འབྲུ་བཅོ་བརྒྱད་པ་སྟོང་ཕྲག་རེ་བཟླ། ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་མགྲོན་ཐབས་ཀྱི་ལྷ་པདྨ་འབྱུང་གནས་ཀྱི་ཐུགས་བརྒྱུད་བསྐུལ། དེའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་རང་གི་གནས་གསུམ་དུ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཛྙཱ་ན་སིདྡྷི་ཧཱུྃ༔ ཞེས་བརྒྱ་སྟོང་ཅི་རིགས་ཀྱི་རྗེས་སུ་ཐོག་མར་རླུང་སྣ་བུག་གཡོན་ནས་རྒྱུ་བ་དང་བསྟུན་རྔུབ་པ་ཨོཾ། གནས་པ་ཨཱཿ འབྱིན་པ་ཧཱུྃ་གི་རྡོར་བཟླས་ཅི་རིགས་སུ་བྱེད། ཡང་ཐུགས་ཀ་ནས་འོད་འཕྲོས་པདྨ་སམ་བྷའི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་ཟླ་སྟེང་གི་པཾ་ལས་འོད་ཟེར་གྱིས་སངས་རྒྱས་བྱང་སེམས་རིག་འཛིན་གྲུབ་ཐོབ་རྣམས་ཀྱི་བྱིན་རླབས་བསྡུས་ནས་གུ་རུ་ཉིད་ལ་ཐིམ། དེ་ལ་ཡིད་བྱུང་གིས་མཆོད་པས་གུ་རུའི་ཐུགས་ཀ་ནས་འོད་ཟེར་བྱུང་བ་རང་གི་སྙིང་གར་ཐིམ་པས་སྡིག་སྒྲིབ་སྦྱངས། རང་ལུས་འོད་དུ་ཞུ་བ་པདྨ་སཾ་བྷ་དང་དབྱེར་མེད་དུ་གྱུར། དེའི་ངང་ནས་ཨོཾ་བཛྲ་གུ་རུ་པདྨ་སམྦྷ་སརྦ་སིདྡྷི་ཧཱུྃ། ཞེས་བརྒྱ་ཙམ་བཟླས་རྗེས་རང་ལོགས་སུ་བྱེ་སྟེ་སྔར་བཞིན་གྲོ་བོ་ལོད་དུ་གྱུར་པའི་སྤྱི་བོར་བླ་མ་བྱོན་པ་ལ་ཚིག་བདུན་གསོལ་འདེབས་ཀྱིས་གསོལ་བ་བཏབ་རྗེས་གུ་རུ་འོད་དུ་ཞུ། སྤྱི་བོ་ནས་ཐིམ་པས་རང་སེམས་དང་དབྱེར་མེད་དུ་འདྲེས་ལུས་ཐམས་ཅད་བདེ་བས་ཁྱབ་པའི་ངང་ནས་གོང་གི་སྔགས་མཇུག་ཏུ། རཏྣ་ཨཱ་ཡུཿཔུཎྱ་སརྦ་སིདྡྷི་ཧཱུྃ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་བཏགས་ནས་བཟླ། ཡང་རང་གི་ཐུགས་ཀ་ནས་འོད་འཕྲོས་བློ་ལྡན་མཆོག་སྲེད་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་པདྨ་འདབ་བཞིའི་ཧྲཱིཿདཀར་པོ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ཆོས་ཀྱི་བདུད་རྩིའི་ཆར་ཆེན་པོ་བབས་ནས་རང་ལ་ཐིམ་པར་མོས་ཏེ་ཨོཾ་བཛྲ་གུ་རུ་ཛྙཱ་ན་པྲ་ཛྙཱ་སིདྡྷི་ཧཱུྃ་ཧྲཱིཿ ཞེས་བཟླ། ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས། པདྨ་རྒྱལ་པོའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀའི་པད་སྟེང་ཧཱུྃ་དམར་པོ་ལས་འོད་ཟེར་འཕྲོས་སྐྱེ་འགྲོ་རྣམས་ལ་ཕོག་པ་ལྕགས་ཀྱུས་དྲངས་ནས། རང་གི་ཐུགས་ཀར་དབང་དུ་བསྡུས་པར་བསམ་ལ། ཨོཾ་བཛྲ་གུ་རུ་པདྨ་རཱ་ཛ་ཨ་ནྲྀ་ཨེ་པ་ཤམ་ཀུ་རུ་ཧཱུྃ་ཧཱུྃ༔ ཞེས་བཟླ། ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་ཉི་མ་འོད་ཟེར་གྱི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་ཡི་གེ་ལྔ་བཅུའི་ཆར་ཕབ་སྐྱེ་འགྲོ་ཐམས་ཅད་ལ་ཕོག་པས་སྒྲིབ་པ་སྦྱངས་པས་དེ་ཐམས་ཅད་བདག་ལ་དད་ནས་རང་གི་མཐའ་སྐོར་དུ་འཁོད་པར་བསམ་ལ་ཨོཾ་བཛྲ་གུ་རུ་སཱུརྻ་སརྦ་དྷརྨཱ་སརྦ་སིདྡྷི་ཧཱུྃ་ཧྲཱིཿ ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ ཏདྱ་ཐཱ། ག་ཏེ་ག་ཏེ། པ་ར་ག་ཏེ། པ་ར་སཾ་ག་ཏེ་བྷོ་དྷི་ཡེ་སྭཱ་ཧཱ༔ ཞེས་བཟླ། ཡང་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཤཱཀྱ་སེངྒེའི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་ཨཾ་ལས་འོད་ཟེར་འཕྲོས་པས་བདུད་བཞིའི་ཚོགས་རྣམས་བཏུལ་གདན་འོག་ཏུ་ཆོས་ཉན་པར་བསམ་ལ། ཨོཾ་བཛྲ་གུ་རུ་ཤཱཀྱ་སེངྷ་དྷརྨ་སརྦ་ཤ་ཏྲུཾ་ཧཱུྃ་ཕཊཿ ཅེས་བཟླ། ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་སེངྒེ་སྒྲ་སྒྲོག་གི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་གསེར་གྱི་སྤུ་གྲི་སྟོང་སྤྲོས་ཏེ་མུ་སྟེགས་རྒོལ་བ་ངན་པའི་ལྕེའི་དབང་པོ་གཏུབས་མེ་འབར་ཞིང་ཐལ་བས་བཀག་པར་བསམ་ལ་ཨོཾ་བཛྲ་གུ་རུ་སིངྷ་གནྡྷེ་དྷརྨཱ་དྷཱ་ཏུ་ཧཱུྃཿ ཐ་ནི་ཧུར་ཐུམ་ཝཱ་ཀ་སྟམྦྷ་ཡ་ནན། ཞེས་བཟླ། ཡང་ཐུགས་ཀ་ནས་འོད་འཕྲོས་ལྷུན་གྱིས་གྲུབ་པའི་རིག་འཛིན། ཕྱག་རྒྱ་ཆེན་པོའི་རིག་འཛིན། ཚེ་ལ་དབང་བའི་རིག་འཛིན། རྣམ་པར་སྨིན་པའི་རིག་འཛིན་སོགས་རྒྱ་བོད་རིག་འཛིན་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་འཇའ་ཚོན་ལྟ་བུ་འཕྲོས་རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་ལ། ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་ཧཱུྃ་ཕཊ༔ ཅེས་ཅི་ནུས་སུ་བཟླས་པའི་ཐུན་ཐམས་ཅད་ལ་ཚོགས་ཀྱིས་མཆོད་ཅིང་ལྷག་མ་བཙོན་དུ་བཟུང་། ལས་སྦྱོར་ནི་གཏོར་བཟློག་གཞུང་བཞིན་བྱ། ནངས་པར་དངོས་གྲུབ་ལེན་ཆོག་ཕུར་པ་ལྟ་བུ་གཞན་ནས་ཁ་བསྐང་སྟེ། མཆོད་བསྟོད་བཟོད་གསོལ། དཀྱིལ་འཁོར་བསྡུ་ཆོག །རྟེན་ལ་བརྟན་བཞུགས། བདག་བསྐྱེད་ཉེར་བསྡུ། བསྔོ་བ་སྨོན་ལམ་བཀྲ་ཤིས་བརྗོད། རྒྱལ་ཐོ་བཀྲོལ་ནས་མཚམས་ནང་མ་གྲོལ། ཁ་སྐོང་གི་ཞི་བའི་སྦྱིན་སྲེག་ལག་ལེན་གཞན་གྱི་དཀྱུས་སུ་སྙེགས་ཏེ་ལག་ཏུ་བསྟར་རོ། །སངས་རྒྱས་ཀུན་འདུས་པདྨ་ཐོད་ཕྲེང་རྩལ། །སྡེ་བརྒྱད་གཉེན་པོར་འཆོལ་བའི་ཁྲོ་རྒྱལ་ཆེའི། །བསྙེན་ཡིག་ཉིན་མོར་བྱེད་པའི་འོད་སྟོང་གིས། །ནག་པོ་བདུད་ཀྱི་སྨག་རུམ་མཐར་བྱེད་ཤོག །ཅེས་རྡོ་རྗེ་གྲོ་བོ་ལོད་ཀྱི་བསྙེན་ཡིག་རྟ་ལྗང་དབང་པོ་འདི་ནི་བྱིང་པ་བྱམས་པ་ནོར་བུ་བསྙེན་མཚམས་ཀྱི་ཚེ་དོན་གཉེར་ཆེན་པོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡྷེས་སྦྱར་བའི་ཡི་གེ་པ་དཔལ་གྲོང་སྔགས་རམ་པ་ངག་དབང་དགེ་ལེགས་སོ། །སརྦ་མངྒ་ལཾ།། །།
ཡེ་ཤེས་མགོན་པོའི་གསང་ཁྲིད་ནག་པོ་ཁྲོས་པའི་རྒྱུད་ལས་པདྨས་བསྡུས་པ་ (Volume 37, Text 9)
༁ྃ༔ ཡེ་ཤེས་མགོན་པོའི་གསང་ཁྲིད་ནག་པོ་ཁྲོས་པའི་རྒྱུད་ལས་པདྨས་བསྡུས་པ་བཞུགས་སོ༔ བཀའ་རྒྱ་ཡོད་དོ༔ ཁྲག་འཐུང་དཔལ་གྱི་སྐུ་ལ་ཕྱག་འཚལ་ལོ༔ དབང་ཐོབ་དམ་ལྡན་རྣལ་འབྱོར་སྒྲུབ་པ་པོས༔ དུར་ཁྲོད་དམ་ནི་རང་གི་སྒྲུབ་ཁང་དུ༔ སྐུ་གསུང་ཐུགས་རྟེན་ཕྱི་ནང་མཆོད་གཏོར་བཤམ༔ དད་བརྩོན་ཤེས་རབ་སྙིང་རྗེའི་སེམས་བསྐྱེད་ལ༔ དལ་འབྱོར་རྙེད་དཀའ་མི་རྟག་རྒྱུད་ལ་བརྟེན༔ འཁོར་བའི་བྱ་བར་སྙིང་པོ་ཡོད་མེད་བལྟ༔ ལས་འབྲས་བསླུ་མེད་ཕྲ་ཞིབ་རྒྱུ་འབྲས་སེམས༔ དཀོན་མཆོག་བླ་མར་སྐྱབས་འགྲོ་ཚད་མེད་བསྒོམ༔ སྤྱི་བོར་ཀུན་བཟང་ཆེ་མཆོག་ཐོད་ཕྲེང་རྩལ༔ ཡང་ཡང་གསོལ་བཏབ་ཅི་ཡོད་མཆོད་པར་འབུལ༔ ཐལ་སྦྱར་པུས་བཙུགས་སྙིང་ནས་གུས་པ་ཡི༔ གདུང་བའི་ཤུགས་ཀྱིས་ང་རོ་དབྱངས་སྙན་པས༔ མཆི་མ་མ་བྱུང་བར་དུ་གསོལ་བ་བཏབ༔ ཧཱུྃ་ཧཱུྃ༔ སྐུ་གསུམ་བླ་མ་ཆེ་མཆོག་ཐོད་ཕྲེང་རྩལ༔ འཁོར་འདས་ཀུན་གྱི་དངོས་གྲུབ་སྩོལ་བའི་དཔལ༔ ནག་པོ་ཆེན་པོ་སྐུ་གསུམ་ཧེ་རུ་ཀ༔ གསོལ་བ་འདེབས་སོ་དབང་བཞི་བསྐུར་དུ་གསོལ༔ ཧཱུྃ་ཧཱུྃ༔ སྣང་སྲིད་རྣམ་དག་དུར་ཁྲོད་འབར་བའི་དབུས༔ རང་བྱུང་ཡེ་ཤེས་མེ་རླུང་འཁྲུགས་པའི་འོད༔ འཁོར་འདས་དབང་སྡུད་ནག་པོའི་འཁོར་ཚོགས་ཅན༔ གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔ རང་ལུས་འོད་གསལ་སྒྱུ་ལུས་དག་པའི་ཞིང༔ གཟུང་འཛིན་དག་པ་སྙིང་པོ་དབུ་མའི་ནང༔ སྲོག་བཞི་འདུས་པ་མ་ཧཱུྃ་དྭངས་མའི་འོད༔ རླུང་སེམས་དབྱེར་མེད་དོན་དམ་བདེ་བའི་སྐུ༔ རང་བྱུང་ཡེ་ཤེས་རྟོགས་པར་བྱིན་གྱིས་རློབས༔ ཨོཾ་མ་ཧཱ་གུ་རུ་མ་ཧཱ་ཀཱ་ལ་སརྦ་སིདྡྷི་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ གཞུང་ལྟར་དབང་བཞི་ལེན་ནམ་གནས་བཞིའི་བཅུད༔ བདུད་རྩིར་དྲངས་ལ་སྤྱི་བོའི་གཙུག་ནས་བསྟིམ༔ སྙིང་གར་བླ་མ་ཆེ་མཆོག་ཡབ་ཡུམ་དང༔ མ་ཧཱུྃ་དབྱེར་མེད་གཅིག་ཏུ་བསྲེས་ལ་བསྒོམ༔ རླུང་རོ་གསུམ་གྱིས་ཁམས་གསུམ་བར་ཆད་གཏོར༔ རྔུབ་རླུང་གསུམ་གྱིས་ལྟེ་འོག་གཏུམ་མོ་སྦར༔ སྙིང་གར་ཡབ་ཡུམ་སྦྱོར་མཚམས་རླུང་ཡིག་གཡོས༔ དབུ་མར་མེ་སྦར་འོད་ལྔས་སྙིང་ག་ཡི༔ བླ་མ་ཐུགས་སྲོག་མ་ཧཱུྃ་སྙོམས་པར་ཞུགས༔ སྤྱི་བོའི་ཧཾ་བསྐྱོད་བདུད་རྩི་དབབ་སྐྱིལ་བསྲུང༔ དེ་ལས་སྐྱེས་པའི་རང་བྱུང་ལྟ་བ་བསྐྱང༔ མིག་ནི་བར་སྣང་སྟོང་པའི་ངང་ལ་བལྟ༔ དུར་ཁྲོད་ཁྲག་འཐུང་རིག་པའི་ཧེ་རུ་ཀ༔ མ་བསྐྱེད་དབྱིངས་ན་གསལ་བར་བཞུགས་པ་མཐོང༔ འདུ་བ་མེད་ཅིང་འབྲལ་བ་གནས་པ་མེད༔ རང་གི་སེམས་ཉིད་སྟོང་གསལ་འོད་ལྔའི་རྩལ༔ སྐྱེ་བའི་ཡུལ་མེད་འཆི་མེད་རྟོགས་བྱའི་ཕྱིར༔ ཡིད་མིག་རླུང་གསུམ་གནད་གཅིག་ལྟེམས་ནས་ཀྱང༔ དབང་གི་ཡེ་ཤེས་བདུན་ནམ་ཉེར་གཅིག་བསྒོམ༔ མཐོང་བས་འདུ་དང་འབྲལ་བ་ཞེས་བྱའི་མིང༔ དེ་དང་བྲལ་བས་གསལ་འགྲིབ་མེད་པའི་ཐུགས༔ ཡང་དག་དོན་གྱི་མགོན་པོར་ལྷུན་གྱིས་གྲུབ༔ དེ་ཚེ་རང་གི་ཡེ་ཤེས་དགྱེས་མ་དགྱེས༔ སྒྲུབ་པའི་རྫས་དང་བཟླས་པའི་སྔགས་ཀྱང་མེད༔ ཐམས་ཅད་རང་གིས་བྱས་པ་ཡིན་པར་རྟོགས༔ སྣང་སྲིད་མེ་ལོང་གཟུགས་བརྙན་ལྟར་ཤེས་འགྱུར༔ རང་གིས་རང་ལུས་སྣང་སྟོང་ལྷ་སྐུར་རྟོགས༔ བྲག་ཆ་ལྟ་བུར་གསང་བའི་སྔགས་རྣམས་ཐོབ༔ རང་གིས་རང་འདུལ་ལྷ་ཚོགས་སེམས་སུ་རྫོགས༔ སེམས་ཀྱི་རང་བཞིན་དག་པའི་བྱང་ཆུབ་སེམས༔ རིག་པའི་དོན་ཉིད་རྟོགས་པས་ཐམས་ཅད་འདུལ༔ ཕྱི་ནང་ཞི་ཁྲོའི་བསྐྱེད་རིམ་གསལ་དག་ནས༔ རང་གིས་རང་འདུལ་དོན་དམ་རིག་པའི་ལྷ༔ བྱིན་རླབས་མགོན་པོ་ཡབ་ཡུམ་འོད་གསལ་སྐུ༔ ཞལ་གཅིག་ཆོས་སྐུ་ཕྱག་བཞི་ཕྲིན་ལས་བཞི༔ ཞབས་གཉིས་སྣང་སྟོང་ཡབ་ཡུམ་ཟུང་དུ་འཇུག༔ འཁོར་བ་རྣམ་དག་མྱང་འདས་ལྷུན་གྱིས་རྫོགས༔ འགྱུར་མེད་དོན་དམ་མཐིང་ནག་རྡོ་རྗེ་སེམས༔ དོན་གྱི་མགོན་པོ་ནག་པོ་ཆེན་པོ་ནི༔ དྲེགས་པ་འདུལ་བྱེད་ལྷ་སྐུའི་མཆོག་ཡིན་ནོ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཞེས་བཟླས་པ་ཡིས༔ ཁྲག་འཐུང་རིགས་ལྔ་ཡེ་ཤེས་ཆེན་པོའི་སྐུ༔ དུག་ལྔ་མ་སྤང་མགོན་པོར་ལྷུན་གྱིས་གྲུབ༔ དྲེགས་པ་འདུལ་ཞིང་སྐུ་གསུམ་ལྷུན་གྱིས་གྲུབ༔ ལྟ་སྒོམ་སྤྱོད་པ་དམ་ཚིག་དང་ལྡན་པས༔ དབང་བཞིའི་འབྲས་བུ་རྒྱུད་ལ་སྟེར་བར་བྱེད༔ རྗེས་སུ་དུར་ཁྲོད་རྒྱུ་ཞིང་བརྟུལ་ཞུགས་སྤྱད༔ བསྔོ་བ་སྨོན་ལམ་གདབ་ཅིང་བསྐྱེད་རྫོགས་འོད་གསལ་གཟུང༔ ཉལ་དུས་ཐུགས་སྲོག་དབུས་སུ་ཐིག་ལེར་བསྡུ༔ ལང་དུས་ཁྲོ་རྒྱལ་ང་རྒྱལ་བསྐྱེད་ཅིང་ལང༔ ཁྲུས་དང་ཁ་ཟས་བདུད་རྩི་ལྔ་ཡིས་བྱ༔ ཐུན་གཅིག་ལྷ་བསྒོམ་ཐུན་གཅིག་འཕྲུལ་འཁོར་བསྐོར༔ ཐུན་གཅིག་རླུང་དང་རྡོ་རྗེའི་བཟླས་པ་བྱ༔ ཐུན་གཅིག་ཚོགས་དང་གཏོར་མ་ཁ་ཟས་རོལ༔ ཉིན་གུང་མཚན་གུང་ངལ་གསོ་ལྟ་བ་བསྐྱང༔ རྗེས་སྤྱོད་དལ་སྤང་གེགས་སེལ་བོགས་འདོན་བྱ༔ དེ་ལྟར་བསྒྲུབས་པས་འབྲས་བུ་སྐྱེ་འཆི་དང༔ བར་དོར་གྲོལ་ནས་སྐུ་གསུམ་ཐོབ་པར་འགྱུར༔ སྐུ་གསུང་ཐུགས་ཁྲོས་གསང་བའི་རྒྱུད་ཆེན་དང༔ རྒྱ་གར་མཁས་པའི་ལུགས་བཞིན་བཅུད་དུ་གདམས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ པདྨ་བདག་གིས་ཡི་གེར་བྲིས་ནས་བསྐྱེད་རྫོགས་ཀྱི་ཡང་ཐེམ་དུ་བཞག་པའོ༔ ྀཨཚ་ཁ་ཐཾ༔
གསང་ཐིག་སྙིང་པོ་སྐོར་གསུམ་གྱི་བརྒྱུད་འདེབས་བྱིན་རླབས་སྙིང་པོ་ (Volume 27, Text 9)
གསང་ཐིག་སྙིང་པོ་སྐོར་གསུམ་གྱི་བརྒྱུད་འདེབས་བྱིན་རླབས་སྙིང་པོ་ཞེས་བྱ་བ། ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་སེམས། །སྤྲུལ་སྐུ་ཁྲག་འཐུང་རིགས་ལྔ་དགའ་རབ་རྗེ། །རྡོ་རྗེ་ཧཱུྃ་མཛད་པྲ་བྷ་ཧསྟི་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །དཀྱིལ་འཁོར་ཁྱབ་བདག་རྡོ་རྗེ་ཐོད་ཕྲེང་རྩལ། །བཻ་རོ་ཙ་ན་ཡེ་ཤེས་མཚོ་རྒྱལ་ཡུམ། །གཏེར་ཆེན་བླ་མ་པདྨ་གར་དབང་རྩལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །རིགས་ཀུན་བདག་པོ་བཅོམ་ལྡན་རྡོ་རྗེ་སེམས། །བདེ་མཆོག་གྲུབ་གཙོ་བཛྲ་ཧེ་རུ་ཀ །བར་ཆད་བདུད་འདུལ་རྡོ་རྗེ་ཕུར་པའི་ལྷར། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །དངོས་གྲུབ་ཀུན་སྩོལ་མ་སྲིང་མཁའ་འགྲོ་དང་། །ཕྲིན་ལས་ལྷུན་གྲུབ་དམ་ཅན་རྒྱ་མཚོའི་སྡེ། །དམ་ཚིག་རྗེས་གཅོད་གཏེར་སྲུང་ཚོགས་བཅས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །བསྐྱེད་པ་དབྱིབས་ཀྱི་རྣལ་འབྱོར་གྱད་དུ་གྱུར། །སྔགས་ཀྱི་སྒྲ་གདངས་རྡོ་རྗེ་ནཱ་དར་གྱུར། །བདེ་ཆེན་ཏིང་འཛིན་མཁའ་ཁྱབ་འཁོར་ལོར་སད། །ཕྱོགས་བྲལ་བློ་འདས་གོ་འཕང་མངོན་གྱུར་ཤོག །ཅེས་པའང་རིམ་གཉིས་ཀྱི་རྣལ་འབྱོར་པ་ཀརྨ་དམ་ཆོས་དཔལ་གྲུབ་ཀྱི་ངོར་ཀརྨ་པའི་སྐྱེས་རབས་བཅོ་ལྔ་པར་གྲགས་པས་བྲིས།།
གཏེར་སྲུང་མཐུ་ཆེན་སྡེ་བཞིའི་གསོལ་ཀ་ (Volume 17, Text 9)
གཏེར་སྲུང་མཐུ་ཆེན་སྡེ་བཞིའི་གསོལ་ཀ་བཞུགས་སོ། །བྷྱོ། རིག་འཛིན་པདྨ་འབྱུང་གནས་དང་། །གནུབས་ཆེན་རྡོ་རྗེ་ཡང་དབང་གིས། །དམ་ལ་གནས་པའི་དད་ཤུགས་འཆང་། །གསང་བ་སྙིང་འཛིན་གཏེར་བདག་རྣམས། །བསྒྲུབ་པའི་སྡོངས་གྲོགས་བགྱིད་པ་དང་། །རང་ཉིད་མཆོད་པ་བཞེས་སླད་དུ། །གནས་འདིར་དད་པས་སྤྱན་འདྲེན་གྱིས། །དམ་ཚིག་དབང་གིས་གཤེགས་སུ་གསོལ། །བཛྲ་ཨཾ་ཀུ་ཤ་ཛཿཛཿ གཏོར་མ་སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ཀྱིས་ཕུལ་ལ། བྷྱོ། འགྱུར་བ་མེད་པ་ཆོས་ཀྱི་སྐུ །ཆོས་སྐུ་འགྱུར་བ་མེད་པ་ལས། །ལོངས་སྐུ་ཡ་མཱནྟ་ཀ་བྱུང་། །ལོངས་སྐུ་ཡ་མཱནྟ་ཀ་ལས། །སྤྲུལ་སྐུ་ཚེ་བདག་ནག་པོ་བྱུང་། །སྟོན་པའི་སྐུ་གསུང་ཐུགས་ལས་སྤྲུལ། །བྷྱོ། གཡུང་ཕུའི་རྩེ་ལྷ་མཐུ་བོ་ཆེ། །ཆིབས་སུ་རྟ་དཀར་ཕྲུམ་དམར་འཆིབ། །སྐུ་ལ་དར་དཀར་སློག་པ་གསོལ། །དབུ་ལ་དར་དཀར་འགྱིང་ཐོད་བཅིངས། །སྟག་རལ་གཡས་ལ་གཟིག་ཤུབ་གཡོན། །ཕྱག་ན་དར་དཀར་མདུང་རིང་བསྣམས། །རྒྱུ་འཐུམས་སྙིང་གཟེར་དགྲ་ལ་ཡ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །བྷྱོ། ཡེར་པའི་རྫོང་བཙན་མཐུ་བོ་ཆེ། །ཆིབས་སུ་རྟ་དམར་གདོང་གསུམ་འཆིབ། །སྐུ་ལ་དར་དམར་བེར་ཆེན་གསོལ། །དབུ་ལ་དར་དམར་འགྱིང་ཐོད་བཅིངས། །སྟག་རལ་གཡས་ལ་གཟིག་ཤུབ་གཡོན། །དར་དམར་རུ་མཚོན་གནམ་དུ་ཕྱར། །བཙན་གྱི་ཞགས་པ་ཀླད་ལ་བསྐོར། །དམ་ཉམས་དགྲ་ལ་བཙན་ཞགས་ཐོབ། །གྲི་ཐབས་ཕོ་གཟེར་དགྲ་ལ་ཕོབ། །བྷྱོ། ལྷ་སའི་བདུད་བཙན་མཐུ་བོ་ཆེ། །ཆིབས་སུ་བྲ་ནག་རྟིང་དཀར་འཆིབ། །སྐུ་ལ་བེར་ནག་གསུམ་བརྩེགས་གསོལ། །དབུ་ལ་ཐོད་ནག་འདོམ་གསུམ་བཅིངས། །སྟག་རལ་གཡས་ལ་གཟིག་ཤུབ་གཡོན། །ཕྱག་ན་དར་ནག་རུ་མཚོན་ཕྱར། །བདུད་ཞགས་ནག་པོ་མདའ་ལྟར་འཕེན། །འཐིབས་ནད་ནག་པོ་དགྲ་ལ་ཡ། །བྷྱོ། ཀླུ་བདུད་རྡོ་རྗེ་སྤྱན་གཅིག་མ། །ཆིབས་སུ་རུས་སྦལ་དཀར་ཁྲ་འཆིབ། །སྐུ་ལ་སྡིག་པའི་གཡང་གཞི་གསོལ། །དབུ་ལ་སྦྲུལ་གྱི་གདེངས་ཀ་ཅན། །སྲམ་གྱི་རྒྱལ་མཚན་གནམ་དུ་ཕྱར། །སྦྲུལ་ཞགས་ནག་པོ་ཀླད་ལ་བསྐོར། །ཀླུ་ནད་མཛེ་ཤུ་དགྲ་ལ་ཡ། །ཞེས་བསྐུལ་ལོ།།
ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཡུམ་བཀའ་མཚོ་རྒྱལ་བདེ་ཆེན་རྒྱལ་མོའི་རྩ་བའི་སྒྲུབ་པ་བདེ་ཆེན་དཔལ་ཕྲེང་ (Volume 36, Text 9)
འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཡུམ་བཀའ་མཚོ་རྒྱལ་བདེ་ཆེན་རྒྱལ་མོའི་རྩ་བའི་སྒྲུབ་པ་བདེ་ཆེན་དཔལ་ཕྲེང་བཞུགས་སོཿ མཁའ་འགྲོ་བདེ་ཆེན་རྒྱལ་མོར་འདུདཿ དཀྱིལ་འཁོར་ཟླ་གམ་སྒོ་གཅིག་དབུསཿ ཆོས་འབྱུང་དམར་པོ་ལྷ་མཚན་ཅནཿ དེ་སྟེང་བདེ་སྐྱོང་མ་ད་ནཿ ཡང་ན་རིན་ཆེན་སྨན་བཅུད་གཏམསཿ ཤེལ་དང་མེ་ལོང་སྲོག་གི་རྟེནཿ ཕྱི་ནང་མཆོད་པས་མཐའ་ནས་བསྐོརཿ ནུབ་ཀྱི་ཕྱོགས་སུ་ཁ་བསྟན་ལཿ དང་པོ་སྐྱབས་སུ་འགྲོ་བ་ནིཿ ན་མོཿ སྐྱེ་མེད་ཡེ་ཤེས་མཁའ་འགྲོའི་སྐུཿ འགག་མེད་རང་བྱུང་རྣལ་འབྱོར་མཿ རྒྱལ་ཡུམ་རྡོ་རྗེ་ཕག་མོ་ལཿ འདུ་འབྲལ་མེད་པར་སྐྱབས་སུ་མཆིཿ ལན་གསུམ་གཉིས་པ་སྨོན་འཇུག་སེམསཿ ཧོཿ འདི་ནས་བྱང་ཆུབ་མ་ཐོབ་བརཿ ཡེ་ཤེས་མཁའ་འགྲོ་ཁྱོད་བསྒྲུབས་ནསཿ ཕྱོགས་རིས་བྲལ་བའི་སེམས་ཅན་རྣམསཿ བདེ་ཆེན་ས་ལ་འགོད་པར་བགྱིཿ ལན་གསུམ་གསུམ་པ་མཆོད་གཏོར་བརླབཿ ཨོཾ་ཨཱཿཧཱུྃཿ དངོས་པོར་འཛིན་པའི་རྣམ་རྟོག་ཀུནཿ ཕྱི་ནང་གསང་གསུམ་མཆོད་པའི་སྤྲིནཿ ཀུན་ཏུ་བཟང་པོའི་འདོད་ཡོན་ནིཿ ནམ་མཁའ་ལྟ་བུར་འཛད་པ་མེདཿ སརྦ་པཱུ་ཛ་ས་མ་ཡ་ཧོཿ བཞི་པ་བསྐྱེད་རིམ་ཨ་ཏི་བསྒོམཿ ཨཿ སྣང་བ་ཐམས་ཅད་ཡུམ་ལྔའི་ཀློངཿ སྲིད་པ་ཐམས་ཅད་མཁའ་འགྲོའི་དལཿ རྒྱུ་རྐྱེན་ལས་འདས་གཞལ་ཡས་ཁངཿ ཐིག་ལེ་ཉག་གཅིག་ཆོས་དབྱིངས་སྒོཿ བདེ་ཆེན་འབར་བའི་ཕོ་བྲང་དབུསཿ ཆུ་སྐྱེས་གེ་སར་བཞད་པའི་སྟེངཿ ཉི་མའི་གདན་ལ་མཁའ་འགྲོའི་གཙོཿ ཆོས་སྐུའི་ཀློང་ན་ཀུན་བཟང་མོཿ ལོངས་སྐུའི་ཞིང་ན་ཝཱ་ར་ཧིཿ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མཿ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམརཿ གཅེར་མོ་མཉམ་པའི་དོར་སྟབས་ཅནཿ ཤིན་ཏུ་ཆགས་དང་བཞད་པའི་ཞལཿ ཕྱག་གཡས་ཐོད་པའི་ཅང་ཏེ་འུཿ སྙན་གྱི་ཐད་ཀར་གཏོད་ཅིང་འཁྲོལཿ གཡོན་པ་གྲི་གུག་ཡུ་བ་ནིཿ དཀུ་ལ་བརྟེན་ནས་མཆོག་ཏུ་འགྱིངཿ བྷ་ག་རྒྱས་ཤིང་ནུ་མ་འབུརཿ རིན་པོ་ཆེ་དང་གཞོན་ནུའི་རྒྱནཿ པུཎྜ་རི་ཀའི་དོ་ཤལ་འཕྱངཿ རུས་པའི་རྒྱན་དྲུག་སྐུ་ལ་གསོལཿ གནག་སྣུམ་དབུ་སྐྲའི་ལན་ཚར་ཅནཿ རིན་པོ་ཆེ་ཡི་རྩེ་བྲན་བརྗིདཿ དབུ་མའི་སྤྱན་ནི་དབྱིངས་་་གྱེན།ལ་གཟིགསཿ ལོངས་སྐུའི་སྤྱན་གྱིས་་་གཡོན་ཐད་ཀ།འགྲོ་བ་འདུལཿ སྤྲུལ་སྐུའི་སྤྱན་གྱིས་་་གཡས་འོག།ཁམས་གསུམ་འགུགསཿ སྐུ་ལ་རྒྱུད་སྡེའི་དཀྱིལ་འཁོར་རྫོགསཿ ཐུགས་ཀ་དཔལ་གྱི་བེ་འུའི་དབྱིངསཿ མ་བསྐྱེད་རང་བྱུང་ཡོངས་གྲུབ་ལྷཿ འཁོར་ལོ་རྩིབས་ལྔའི་ལྟེ་བ་རུཿ ཀུན་གཞི་ཡིད་ཆོས་གནས་དག་པའིཿ ཁྱབ་གདལ་རིག་པ་ཀུན་ཏུ་བཟངཿ སྣང་སྟོང་གཉིས་མེད་ཡུམ་དང་སྦྱོརཿ རྩིབས་ལྔར་གཟུགས་ཚོར་འདུ་ཤེས་དངཿ འདུ་བྱེད་རྣམ་ཤེས་དག་པའི་ལྷཿ རྣམ་སྣང་རིན་འབྱུང་སྣང་མཐའ་དངཿ དོན་གྲུབ་རྡོ་རྗེ་མི་བསྐྱོད་པརཿ ས་ཆུ་སྤྱན་དང་མཱ་མ་ཀཱིཿ མེ་རླུང་གོས་དཀར་དམ་ཚིག་སྒྲོལཿ ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་ལྔརཿ གནས་དག་རིགས་ཀྱི་ཡུམ་ལྔས་འཁྲིལཿ གཡས་ཕྱོགས་དབང་པོའི་རྩ་བཞི་ལཿ རྣམ་ཤེས་དག་པའི་ནང་སེམས་བཞིརཿ ཡུལ་བཞི་དག་པའི་སེམས་མས་འཁྲིལཿ མིག་ལ་ས་སྙིང་སྒེག་མོ་མཿ རྣ་བར་ཕྱག་རྡོར་གླུ་མ་གཉིསཿ སྣ་ལ་ནམ་སྙིང་ཕྲེང་བ་མོཿ ལྕེ་ལ་སྤྱན་རས་གཟིགས་གར་མཿ གཡོན་ཕྱོགས་དབང་པོའི་རྩ་བཞི་ལཿ དབང་པོ་དག་པའི་ཕྱི་སེམས་བཞིརཿ དུས་བཞི་དག་པའི་སེམས་མས་འཁྲིལཿ མིག་ལ་བྱམས་པ་བདུག་སྤོས་མཿ རྣ་བར་སྒྲིབ་སེལ་མེ་ཏོག་ཅནཿ སྣ་ལ་ཀུན་བཟང་ཨཱ་ལོ་ཀེཿ ལྕེ་ལ་འཇམ་དཔལ་དྲི་ཆབ་མཿ དཔྲལ་བ་ལྕེ་དང་སྙིང་ག་དངཿ ལྟེ་བ་གསང་གནས་རྐང་མཐིལ་གཡོནཿ འཇིག་རྟེན་དྲུག་དང་ཉོན་མོངས་ལྔཿ སེར་སྣར་ལྟ་བ་གནས་དག་པའིཿ རིག་པའི་སྐྱེས་བུ་ཐུབ་པ་དྲུགཿ ཡན་ལག་བཞི་ལ་སེམས་ཅན་གྱིཿ ལུས་ཀྱི་རྣམ་པར་ཤེས་པ་དངཿ དབང་པོ་རེག་བྱ་རེག་ཤེས་བཞིཿ གནས་དག་སྒོ་བ་ཡབ་བཞི་ལཿ རྟག་ཆད་ལྟ་དང་བདག་ལྟ་དངཿ མཚན་མར་ལྟ་བ་གནས་དག་ཡུམཿ ལག་གཡས་གཤིན་རྗེ་ལྕགས་ཀྱུ་མཿ གཡོན་པར་སྟོབས་ཆེན་ཞགས་པ་མོཿ རྐང་གཡོན་རྟ་མགྲིན་ལྕགས་སྒྲོག་མཿ གཡས་པར་བདུད་རྩི་འཁྱིལ་དྲིལ་བུཿ ཚད་མེད་བཞི་ཡི་ཕྲིན་ལས་ཅནཿ དག་བྱ་དག་བྱེད་རྫོགས་པ་ལསཿ ཡོངས་གྲུབ་གདན་གསུམ་ཚང་བའི་ལྷཿ སྣང་ལ་རང་བཞིན་མེད་པར་གསལཿ དེ་ཡི་བ་སྤུའི་བུ་ག་ལཿ ཁྲག་འཐུང་རྒྱུད་སྡེའི་དཀྱིལ་འཁོར་ནིཿ མ་ལུས་ལུས་པ་མེད་པར་རྫོགསཿ ཀུན་ཀྱང་སྐུ་མདོག་ཕྱག་མཚན་དངཿ རྣམ་འགྱུར་མ་ངེས་སྒྱུ་འཕྲུལ་ནིཿ རང་བྱུང་རང་ཤར་ཆེན་པོ་འོཿ འབུམ་ཕྲག་ཡངས་པའི་མཁའ་འགྲོས་བསྐོརཿ རིགས་བདག་པདྨ་ཐོད་ཕྲེང་རྩལཿ ཨ་ཙརྱ་གཞོན་དཀར་གསལ་འཛུམཿ ཧེ་རུ་ཀ་པ་ཅང་དྲིལ་འཁྲོལཿ དམ་ཚིག་ཡེ་ཤེས་གཉིས་སུ་མེདཿ བསྒོམས་པ་ཙམ་གྱིས་དངོས་གྲུབ་ཐོབཿ ས་མ་ཡཿ ལྔ་པ་སྤྱན་འདྲེན་གདུང་བའི་བློསཿ ཧཱུྃཿ ཡུལ་གྱི་མིང་ནི་རྒྱ་གར་ཡུལཿ གནས་ཀྱི་མཆོག་གྱུར་ཨུ་རྒྱན་གནསཿ དྷུ་མ་ཐ་ལ་མཁའ་འགྲོའི་གྲོངཿ གླིང་གི་གླིང་མཆོག་རྔ་ཡབ་གླིངཿ དོན་ལ་འོག་མིན་བདེ་ཆེན་ཞིངཿ རྣམ་པ་མཁའ་སྤྱོད་སྤྲུལ་པའི་གནསཿ དགྱེས་ཤིང་བཞུགས་པའི་ཡུལ་ཀུན་ནསཿ ཆོས་སྐུ་ཡུམ་ཆེན་མཚོ་རྒྱལ་མཿ འབུམ་ཕྲག་མཁའ་འགྲོའི་འཁོར་དང་བཅསཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ གནས་མཆོག་འདི་རུ་བྱིན་ཕོབ་ལཿ སྒྲུབ་མཆོག་བདག་ལ་དབང་བཞི་སྐུརཿ བགེགས་དང་ལོག་འདྲེན་བར་ཆད་སོལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ཨོཾ་ཨཱཿཧཱུྃ་ཛྙཱ་ན་ཌཱ་ཀི་ནཱི་ཨེ་ཨ་རལླི་ཕེཾ་ཕེཾ་ཛཿ དྲུག་པ་བཞུགས་གསོལ་ཕྱག་འཚལ་བཿ ཧོཿ གདོད་ནས་དམ་ཚིག་ཡེ་ཤེས་པཿ གཉིས་སུ་མེད་པ་རྡོ་རྗེའི་སྟནཿ མཁའ་འགྲོ་སེམས་ཀྱི་ཆོ་འཕྲུལ་དུཿ ལྷན་ཅིག་སྐྱེས་ལ་ཕྱག་འཚལ་ལོཿ ན་མོ་ན་མཿཧཱུྃཿ བདུན་པ་འདོད་ཡོན་མཆོད་པ་འབུལཿ ཧོཿ སྣང་ཞིང་སྲིད་པའི་ཆོས་སོ་ཅོགཿ འདོད་ཡོན་ལྔ་ཡི་རྒྱན་དུ་ཤརཿ སེམས་ཀྱི་ཡིད་བཞིན་གཏེར་ཆེན་པོཿ བླང་དོར་མེད་པའི་དགྱེས་མཆོད་འབུལཿ བཛྲ་ཛྙཱ་ན་ཌཱ་ཀི་ནཱི་པུཥྤེ་ནསཿ ཤབྡ་མ་ཧཱ་མུ་དྲཱ་རཀྟ་པཱུ་ཛ་བ་ལིཾ་ཏ་སརྦ་པཱུ་ཛ་ཨཿཧཱུྃཿ བརྒྱད་པ་བསྟོད་ཅིང་སྨོན་ལམ་གདབཿ ཧཱུྃཿ རྒྱལ་བ་ཀུན་ཡུམ་རྡོ་རྗེ་རྣལ་འབྱོར་མཿ སྣ་ཚོགས་ཡུམ་གྱུར་ཤེས་རབ་ཕ་རོལ་ཕྱིནཿ རྗེས་ཆགས་བཞད་པའི་རྣམ་འགྱུར་མཚོ་རྒྱལ་ཡུམཿ སངས་རྒྱས་པདྨའི་ལྕམ་ལ་ཕྱག་འཚལ་བསྟོདཿ མཐོང་བས་ཡིད་འཕྲོག་མཚན་དཔེའི་ལང་ཚོ་ཅནཿ ཐོས་པས་རྣམ་གྲོལ་འགག་མེད་བརྡ་ཡི་གསུངཿ དྲན་པས་བདེ་སྟོང་ཡེ་ཤེས་སྐྱེད་པའི་ཐུགསཿ ཌཱ་ཀིའི་རྗེ་མོ་མཁར་ཆེན་བཟའ་ལ་བསྟོདཿ བཅུ་དྲུག་དགའ་སྟེར་མཆོག་གི་ཕོ་ཉ་མོའིཿ གསལ་སྣང་སྒྱུ་མའི་ཏིང་འཛིན་དང་འགྲོགས་པསཿ ཕྱི་ནང་གཞན་གསུམ་རྩ་རླུང་ཐིག་ལེའི་ཁམསཿ ཀུན་ཏུ་བཟང་མོའི་ཀློང་དུ་དག་གྱུར་ཅིགཿ འདི་ལྟར་སྒྲུབ་པའི་ཛཔ྄་དགོངས་ནིཿ རང་ཉིད་མཁའ་འགྲོའི་ཐུགས་ཀ་རུཿ ཕག་མོ་མཐིང་ནག་གྲི་ཐོད་ཅནཿ སྙིང་དབུས་དགའ་འཁྱིལ་བཾ་མཚན་མཐརཿ སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིསཿ ལྷ་སྐུའི་སྣང་ཞེན་གསལ་བར་བྱསཿ རིགས་བདག་བླ་མའི་ཐུགས་རྒྱུད་བསྐུལཿ དེ་ལས་འོད་འཕྲོས་དོན་གཉིས་བྱསཿ བླ་མའི་སྐུ་ལས་བདུད་རྩིའི་རྒྱུནཿ ཟག་མེད་བདེ་བ་ཆེན་པོར་བབསཿ དགའ་བ་བཞི་ཡི་བྱེད་ལས་ཀྱིསཿ དབང་བཞིའི་ཡེ་ཤེས་ཉམས་སུ་མྱོངཿ ཨོཾ་པདྨོ་ཡོ་གི་ནཱི་ཛྙཱ་ན་ཝཱ་ར་ཧི་ཧཱུྃཿ ཞེས་རྩ་སྔགས་དང་ལུས་དཀྱིལ་ལ་དམིགས་ནསཿ ཨོཾ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃཿ རྒྱལ་ཐབས་སྤྱི་བླུགས་ཚངས་པའི་དབངཿ བསྐུར་ཐོབ་མེད་པའི་ཆོས་ཉིད་ལཿ མཉམ་པར་བཞག་པ་གནད་ཀྱི་གཟེརཿ བསྐྱེད་རྫོགས་རྣམས་གྲངས་མང་མི་དགོསཿ འདི་ཉིད་གཅིག་པུས་དངོས་གྲུབ་ཐོབཿ ས་མ་ཡཿ རྟགས་ཀྱི་རིམ་པ་བསམ་ཡས་ཀྱངཿ མཆོག་ལ་དགོངས་པ་གཡོ་འགུལ་མེདཿ ཐུན་མོང་མཁའ་འགྲོ་འདུ་བ་དངཿ ཇི་སྙེད་མཁྱེན་པའི་ཀློང་རྡོལ་བསཿ སྣང་བ་བརྡ་དང་ཆོས་སྐུར་འཆརཿ ཉམས་དགའ་བག་ཕེབས་རིག་པ་དྭངསཿ མཁའ་སྤྱོད་གྲུབ་སོགས་ཡོན་ཏན་བརྒྱདཿ དངོས་སུ་གྲུབ་ཅིང་རྨི་ལམ་དུཿ བུད་མེད་དམར་མོ་འདུ་བ་དངཿ མེ་ཏོག་དུང་འགྲོན་ཤེལ་དཀར་རྙེདཿ མདའ་དང་ཕྱག་མཚན་མཐོང་བ་སོགསཿ མཁའ་འགྲོ་འགྲུབ་པའི་རྟགས་སུ་བཤདཿ ཕྲིན་ལས་ཁ་བསྒྱུར་གཞན་དུ་ཤེསཿ ས་མ་ཡཿ རྗེས་ཀྱི་རིམ་པའི་ཚོགས་སྐོང་ནིཿ བསོད་ནམས་ནང་ནས་ཚོགས་འཁོར་མཆོགཿ མཁའ་འགྲོ་འདུ་བའི་དམ་ཚིག་རྫསཿ ནང་མཆོད་ཁྱད་པར་བཟང་དུ་བཤམཿ ཧོཿ བདེ་བ་ཆེན་པོའི་སྣོད་མཆོག་ཏུཿ ཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་ནིཿ བླང་དོར་མེད་པའི་དམ་ཚིག་རྫསཿ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་གྱུརཿ ཚོགས་ཕུད་རིམ་པ་གསུམ་དུ་སྤྲོསཿ ཧཱུྃཿ འོག་མིན་གནས་དང་མཁའ་སྤྱོད་ཞིངཿ དཔའ་བོ་མཁའ་འགྲོ་འདུ་བའི་གནསཿ ཉི་ཤུ་རྩ་བཞི་སྤྲུལ་པའི་ཡུལཿ ནང་ལྟར་རྡོ་རྗེ་ཕུང་པོའི་གྲོངཿ སྤྱི་བོ་ཛཱ་ལནྡྷ་ར་དངཿ སྨིན་མཚམས་པུལླི་ར་མ་ལཿ ལྟག་པའི་རྩ་ཁམས་ཨརྦུ་ཏཿ མཛོད་སྤུ་རཱ་མེ་ཤྭ་ར་དངཿ རྣ་བ་གཡས་པ་ཨོ་རྒྱན་ཡུལཿ གཡོན་པ་གོ་དྷ་བ་རིའི་ཞིངཿ མིག་གཉིས་དེ་བཱི་ཀོ་ཊ་དངཿ ཕྲག་པ་མ་ལ་ཝ་བརྒྱད་ནཿ བཞུགས་པའི་དཔའ་བོ་རྣལ་འབྱོར་མཿ མཁའ་འགྲོ་དང་ནི་མཁའ་འགྲོ་མཿ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལཿ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམཿ ལྕང་ལོའི་ཟར་བུ་ཏ་ལ་ལཿ སྙན་ཆ་གདུ་བུ་ཀྱི་ལི་ལིཿ རུས་རྒྱན་གཡེར་ཁ་ཁྲོ་ལོ་ལོཿ ཅང་ཏེའུ་དྲིལ་བུའི་སྒྲ་དང་བཅསཿ རྡོ་རྗེའི་གླུ་དང་གར་ལ་རོལཿ འདོད་ཡོན་ལོངས་སྤྱོད་ཚོགས་སུ་འབུལཿ དམ་ཚིག་ཉམས་པ་མཐོལ་ལོ་བཤགསཿ ཕྱི་ནང་བར་གཅོད་དབྱིངས་སུ་སྒྲོལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ༈ ལོངས་སྤྱོད་འཁོར་ལོ་ལམ་པཱ་ཀཿ མཆན་དང་མཁལ་ཁུང་ཀཱ་མ་རཱུཿ ནུ་མ་གཉིས་ནི་ཨོ་ཌི་སྟེཿ ལྟེ་བ་ཏྲི་ཤ་ཀུ་ནའི་གྲོངཿ སྣ་ཡི་རྩེ་མོ་ཀོ་ས་ལཿ ཡ་རྐན་ཀ་ལིངྒ་ཡི་ཡུལཿ སྙིང་ག་ཀཱཉྩི་ཀ་དང་ནིཿ ཧི་མཱ་ལ་ཡི་གྲོང་ཁྱེར་ནཿ བཞུགས་པའི་དཔའ་བོ་རྣལ་འབྱོར་མཿ མཁའ་འགྲོ་དང་ནི་མཁའ་འགྲོ་མཿ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལཿ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམཿ ལྕང་ལོའི་ཟར་བུ་ཏ་ལ་ལཿ སྙན་ཆ་གདུ་བུ་ཀྱི་ལི་ལིཿ རུས་རྒྱན་གཡེར་ཁ་ཁྲོ་ལོ་ལོཿ ཅང་ཏེའུ་དྲིལ་བུའི་སྒྲ་དང་བཅསཿ རྡོ་རྗེའི་གླུ་དང་གར་ལ་རོལཿ འདོད་ཡོན་ལོངས་སྤྱོད་ཚོགས་སུ་འབུལཿ དམ་ཚིག་ཉམས་པ་མཐོལ་ལོ་བཤགསཿ ཕྱི་ནང་བར་གཅོད་དབྱིངས་སུ་སྒྲོལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ༈ མཚན་མ་པྲེ་ཏ་པུ་རིའི་ཞིངཿ བཤང་ལམ་གྲྀ་ཧ་དེ་བའི་ཡུལཿ མཐེ་བོང་མ་རུ་བརླ་རཥྚཿ བྱིན་པ་སུ་བཱརྞ་དྭཱི་པཿ སོར་མོ་བཅུ་དྲུག་ན་ག་རཿ པུས་མོ་ཀུ་ལུ་ཏ་དང་ནིཿ བོལ་གོང་སིནྡྷུའི་གྲོང་ཁྱེར་ནཿ བཞུགས་པའི་དཔའ་བོ་རྣལ་འབྱོར་མཿ མཁའ་འགྲོ་དང་ནི་མཁའ་འགྲོ་མཿ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལཿ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམཿ ལྕང་ལོའི་ཟར་བུ་ཏ་ལ་ལཿ སྙན་ཆ་གདུ་བུ་ཀྱི་ལི་ལིཿ རུས་རྒྱན་གཡེར་ཁ་ཁྲོ་ལོ་ལོཿ ཅང་ཏེའུ་དྲིལ་བུའི་སྒྲ་དང་བཅསཿ རྡོ་རྗེའི་གླུ་དང་གར་ལ་རོལཿ འདོད་ཡོན་ལོངས་སྤྱོད་ཚོགས་སུ་འབུལཿ དམ་ཚིག་ཉམས་པ་མཐོལ་ལོ་བཤགསཿ ཕྱི་ནང་བར་གཅོད་དབྱིངས་སུ་སྒྲོལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ཚོགས་སྐོང་སྦྲེལ་མ་བྱེད་ནཿ ཧོཿ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་དགོངས་སུ་གསོལཿ འདོད་ཆགས་ཞེ་སྡང་གཏི་མུག་དབང་གྱུར་པསཿ ལུས་ངག་སེམས་ཀྱིས་སྡིག་སྤྱད་མཐོལ་ཞིང་བཤགསཿ ཐེག་པ་དམན་པའི་དབང་དུ་གྱུར་པས་ནཿ ཡང་དག་དོན་མ་རྟོགས་པ་མཐོལ་ལོ་བཤགསཿ སྙིང་རྗེ་ཆུང་ཞིང་ཞེ་སྡང་དབང་གྱུར་པསཿ འགྲོ་བའི་དོན་མ་བགྱིས་པ་མཐོལ་ལོ་བཤགསཿ ལེ་ལོ་གཉིད་ཀྱི་དབང་དུ་གྱུར་པ་ཡིསཿ སྒོམ་དང་སྒྲུབ་པ་གཡེལ་བ་མཐོལ་ཞིང་བཤགསཿ སེར་སྣ་འཇུར་གེགས་དབང་དུ་གྱུར་པས་ནཿ མཆོད་པ་ལོ་ཟླར་འདས་པ་མཐོལ་ཞིང་བཤགསཿ ང་རྒྱལ་ཁེངས་སེམས་དབང་དུ་གྱུར་པས་ནཿ བླ་མའི་སྐུ་གསུང་ཐུགས་དང་འགལ་བ་བཤགསཿ བརྩེ་གདུང་ཆུང་བའི་དབང་དུ་གྱུར་པས་ནཿ གྲོགས་མཆེད་ཐུགས་དང་འགལ་པ་མཐོལ་ཞིང་བཤགསཿ ཟླ་གྲོགས་ངན་པའི་དབང་དུ་གྱུར་པས་ནཿ ཕུད་དང་ལྷག་མར་གྱུར་པ་མཐོལ་ཞིང་བཤགསཿ ཕུད་དང་ལྷག་མ་ཉམས་པའི་སྐྱོན་དབང་གིསཿ ཕུད་ཉུལ་ཐུགས་དང་འགལ་པ་མཐོལ་ཞིང་བཤགསཿ ཕུད་ཉུལ་ཐུགས་དང་འགལ་པའི་སྐྱོན་དབང་གིསཿ མཁའ་འགྲོའི་བཀའ་ཆད་གནས་གྱུར་མཐོལ་ལོ་བཤགསཿ སྒྲོལ་བའི་དུས་ན་སྙིང་རྗེ་ཆུང་བ་ཡིསཿ སེམས་ཅན་གནས་མ་སྟོབས་པ་མཐོལ་ལོ་བཤགསཿ ཉོན་མོངས་གནས་མ་སྟོབས་པའི་སྐྱོན་དབང་གིསཿ ཡིད་ཀྱི་སྒྲིབ་པར་གྱུར་པ་མཐོལ་ལོ་བཤགསཿ སྦྱོར་བའི་དུས་སུ་ཏིང་འཛིན་མ་གསལ་བསཿ གཟུངས་མའི་ཐུགས་དང་འགལ་པ་བཟོད་པར་གསོལཿ གཟུངས་མའི་ཐུགས་དང་འགལ་པའི་སྐྱོན་དབང་གིསཿ ཆགས་ཤིང་འཁོར་བར་སྐྱེས་པ་མཐོལ་ལོ་བཤགསཿ བཤགས་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལཿ ཅེས་སྙིང་ཐག་པ་ནས་བཤགས་པས་དམ་ཚིག་ཉམས་ཆག་སོར་ཆུད་པར་འགྱུར་རོཿ དེ་ནས་ལྷག་མ་ནི་ཁ་ཕྲུས་བཏབ་ལཿ ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱཿ ཕཻཾཿ ལྷག་ལ་དབང་བའི་བཀའ་ཉན་ནིཿ མཁའ་འགྲོ་སུམ་ཅུ་རྩ་གཉིས་དངཿ གིང་ཆེན་ཁྱོ་ཤུག་ལངྐ་འབུམཿ ཕོ་ཉ་སུམ་བརྒྱ་དྲུག་ཅུའི་སྡེཿ མགྱོགས་མ་བཞི་དང་འབར་མ་བརྒྱདཿ མ་མོ་བདུན་དང་སྲིང་མོ་བཞིཿ ཤུགས་འགྲོ་གནས་ཉུལ་ཕྲ་མེན་རྣམསཿ ལྷག་ལ་གདུང་ཞིང་ཚོགས་ཁང་འགྲིམཿ ཕམ་ཕབ་བཟང་པོ་འདི་བཞེས་ལཿ མི་མཐུན་རྐྱེན་དང་བར་ཆད་སོལཿ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོདཿ ཅེས་ཕྱི་རོལ་དུ་དོརཿ ཐུགས་དམ་བསྐུལ་བ་ནིཿ ཧཱུྃཿ བཞེངས་ཤིག་མཁའ་འགྲོ་འདུས་པའི་ལྷཿ ཆོས་ཀྱི་དབྱིངས་ནས་བསྐུར་བཞེངས་ལཿ བྱང་ཆུབ་སྒྲུབ་པའི་བར་ཆད་ཐུལཿ སྣོད་བཅུད་འབྱུང་བའི་རྒུད་པ་སོལཿ རྩ་རླུང་དབང་ཐང་ཉམས་པ་གསོསཿ སྒྲུབ་པའི་འབྲས་བུ་མཆིས་པར་མཛོདཿ ཆད་ཐོ་བྱ་བ་ནིཿ ཧཱུྃཿ དུས་གསུམ་ལས་འདས་ཀུན་ཏུ་བཟངཿ རང་བཞིན་རྣམ་དག་འོག་མིན་དུཿ གདན་གསུམ་ཚང་བའི་སྟོན་འཁོར་གྱིསཿ གསང་ཆེན་རྡོ་རྗེའི་ཆོས་འཁོར་བསྐོརཿ དངོས་འཛིན་དག་པའི་ལྷ་གནས་གསུམཿ རྒྱུད་སྡེ་འབྱུང་བའི་གནས་སུ་བསྟནཿ སྔགས་ནི་ལས་ཅན་སྤྲུལ་པའི་ངོརཿ རང་བཞིན་ཉིད་དུ་འབྱུང་བའི་ཚེཿ སྒྲགས་མདའ་མཚོ་རྒྱལ་བླ་མཚོ་རུཿ དཔལ་ཆེན་རང་བྱུང་རྡོ་རྗེའི་རྒྱུདཿ གནས་གསུམ་མཁའ་འགྲོས་བྱིན་བརླབས་ཤིངཿ སྲེད་ལེན་མེད་པའི་བརྡ་ཡིག་ལསཿ འཛད་མེད་གཏེར་གྱི་སྒོ་ཕྱེ་ཚེཿ འཁྲུལ་པ་གཞི་ལ་དག་པ་ཡིཿ རྟེན་འབྲེལ་བཞིན་དུ་ཕྲིན་ལས་མཛོདཿ བརྟན་མ་སྐྱོང་བ་ནིཿ ཧཱུྃཿ དཔལ་གྱི་བཀའ་ཉན་བོད་ཁམས་སྐྱོངཿ མ་སྲིང་བརྟན་མ་བཅུ་གཉིས་རྣམསཿ འདིར་བྱོན་གཏོར་མའི་བཤལ་ཆུ་བཞེསཿ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོདཿ རྟ་བྲོ་བྱ་བ་ནིཿ ཧཱུྃཿ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་འདིརཿ ལོག་པར་འདྲེན་པའི་དམ་སྲི་ཀུནཿ མནན་ནོ་ཐེག་པ་རིམ་དགུའི་རྒྱཿ ནམ་ཡང་ལྡང་བར་མ་གྱུར་ཅིགཿ སཏྭཾ་བྷ་ཡ་ནནཿ དེ་ནས་མཆོད་ཅིང་བསྟོད་ལཿ དངོས་གྲུབ་བླང་བ་ནིཿ ཧོཿ མཁའ་འགྲོ་སྒྲུབ་པའི་དམ་ཚིག་ད་ནངས་ཐེམསཿ དངོས་གྲུབ་སྩོལ་བའི་དུས་ལ་ད་བབས་ནཿ མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནསཿ སྐུ་གསུང་ཐུགས་དང་མཉམ་སྦྱོར་དབང་བཅུའི་སྟོབསཿ ད་ལྟ་ཉིད་དུ་བདག་ལ་བསྩལ་དུ་གསོལཿ ཨོཾ་པདྨོ་ཡོ་གི་ནཱི་ཛྙཱ་ན་ཝཱ་ར་ཧི་བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ སྒྲུབ་རྫས་གནས་གསུམ་གཏུགས་ཤིང་མྱངཿ ནོངས་པ་བཤགས་པ་ནིཿ ཧཱུྃཿ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུཿ མཆོད་རྫས་མ་ཚང་སྒྲུབ་པ་གཡེལཿ ཏིང་འཛིན་བྱིང་རྨུགས་འཐིབས་ལ་སོགསཿ འགལ་འཁྲུལ་ནོངས་པ་བཟོད་པར་གསོལཿ ཨོཾ་བཛྲ་སཏྭ་སོགས་བརྗོདཿ རྫོགས་རིམ་ནིཿ ཧོཿ ཆུ་ལས་ཆུ་བུར་རྡོལ་བ་བཞིནཿ རང་ལས་སྤྲུལ་པའི་དཀྱིལ་འཁོར་ལྷཿ ཡེ་ཤེས་དབྱིངས་སུ་བཛྲ་མུཿ རྗེས་ཐོབ་སྒྱུ་མའི་ལྷ་སྐུར་ལྡངཿ བསྔོ་བ་ནིཿ ཧོཿ མཁའ་འགྲོ་མ་ཡི་དཀྱིལ་འཁོར་དུཿ བསྐྱེད་རྫོགས་བཟླས་བརྗོད་བགྱིས་པ་ཡིཿ དགེ་བའི་རྩ་བ་གང་བསགས་པཿ འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོཿ སྨོན་ལམ་ནིཿ ཧོཿ སྣང་སྲིད་ཐམས་ཅད་དག་པ་མཁའ་སྤྱོད་ཞིངཿ བདེ་ཆེན་འགྱུར་མེད་རྡོ་རྗེ་རྣལ་འབྱོར་མཿ རྣམ་ཀུན་མཆོག་ལྡན་དོན་གྱི་ཕག་མོ་དངཿ རང་ཞལ་མཇལ་ཏེ་མངོན་པར་བྱང་ཆུབ་ཤོགཿ བཀྲ་ཤིས་ནིཿ ཧོཿ རིག་འཛིན་བརྒྱུད་པའི་བྱིན་རླབས་དངཿ དཀོན་མཆོག་གསུམ་གྱི་བདེན་པ་དངཿ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིསཿ འཇིགས་བརྒྱད་ཞི་བའི་བཀྲ་ཤིས་ཤོགཿ ཚེ་བསོད་རྒྱས་པའི་བཀྲ་ཤིས་ཤོགཿ སྣང་བ་དབང་འདུས་བཀྲ་ཤིས་ཤོགཿ ལོག་འདྲེན་ཚར་གཅོད་བཀྲ་ཤིས་ཤོགཿ སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགསཿ སྒྲར་གྲགས་བདེ་ཆེན་སྔགས་སུ་དགཿ དྲན་རྟོག་འོད་གསལ་ཆོས་སྐུར་སྨིནཿ འཇའ་ལུས་ཟང་ཐལ་བཀྲ་ཤིས་ཤོགཿ གཞན་ཡང་བཀྲ་ཤིས་གང་རྒྱས་བྱའོཿ ས་མ་ཡཿ གཏེར་རྒྱཿ བརྡ་རྒྱཿ ཟབ་རྒྱཿ རིག་འཛིན་འཇིགས་མེད་གླིང་པས་སྒྲགས་མདའ་མཚོ་རྒྱལ་བླ་མཚོར་མཁའ་འགྲོ་རང་བྱུང་རྒྱལ་མོའི་ཐུགས་ཀ་ནས། དཔལ་ལེན་པ་མེད་པའི་མཁའ་འགྲོའི་བརྡ་རིས་སྤྱན་དྲངས་པ་ལས་བསྒྱུར་བ་སླད་ནས་ཆོག་ཁྲིགས་སུ་བསྡེབས་པའོ།། །།
ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་གྱི་མྱོང་གྲོལ་རིལ་བུའི་སྒྲུབ་ཐབས་གཞན་ཕན་བདུད་རྩི་ (Volume 25, Text 9)
༄༅། །ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་གྱི་མྱོང་གྲོལ་རིལ་བུའི་སྒྲུབ་ཐབས་གཞན་ཕན་བདུད་རྩི་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། དེ་ལ་འཕགས་པ་དོན་ཡོད་ཞགས་པའི་རྟོག་པ་ཆེན་པོའི་པདྨ་གཙུག་ཏོར་གྱི་རྡོ་རྗེ་ཆེན་པོའི་སྙིང་པོ་གསང་བ་ལས། གང་ཞིག་རིལ་བུ་དེ་དག་བསྟེན། །རིལ་བུ་ཐིག་ལེ་རྟག་བྱེད་ལ། །དེ་བཞིན་གཤེགས་ཀུན་དགོངས་པར་མཛད། །འཕགས་པ་སྤྱན་རས་གཟིགས་ཀྱི་དབང་། །དེ་ཉིད་རིག་ལ་རྟག་ཏུ་ནི། །མཆོག་སྦྱིན་དུས་ཀུན་གཟིགས་པར་མཛད། །བསོད་ནམས་ཕུང་པོ་སྟོང་དག་ནི། །ཉི་མ་རེ་རེར་སོག་པར་བྱེད། །འཇིག་རྟེན་པ་ཡི་བདེ་སྤྱད་ཅིང་། །འཇིག་རྟེན་ཕ་རོལ་ཤིན་ཏུ་བདེ། །ཚེ་བརྗེ་བ་ནི་འཕོས་ནས་སུ། །བདེ་བ་ཅན་དུ་མོད་ལ་འགྲོ །ཞེས་སོགས་གྲུབ་པའི་རིལ་བུའི་ཕན་ཡོན་བསྔགས་པ་བརྗོད་པ་མཐའ་ཡས་པ་དང་རྗེས་སུ་མཐུན་པར། ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི་མན་ངག་རྣམས་ལས་ཐུགས་རྗེ་ཆེན་པོའི་མྱོང་གྲོལ་གྱི་རིལ་བུ་སྒྲུབ་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས། སྐབས་འདིར་འཕགས་པ་པདྨ་གཙུག་ཏོར་གྱི་སྒོ་ནས་མྱོང་གྲོལ་སྒྲུབ་ཚུལ་ཁྱེར་བདེ་སྙིང་པོར་དྲིལ་བ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཆོ་གར་མ་གཏོགས་པའི་སྦྱོར་བ་དང་། ཆོ་གར་གཏོགས་པའི་སྦྱོར་བའོ། །དང་པོ་ནི། གཏེར་ཁ་འདི་ཉིད་ཀྱི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་ཐུགས་རྗེ་ཆེན་པོ་ངན་སོང་དོང་སྤྲུགས་ལས། སངས་རྒྱས་བྱང་སེམས་མཆོག་གྲུབ་པའི༔ གདུང་དང་རིང་བསྲེལ་སྐྱེ་བདུན་ཤ༔ འབྲས་གསུམ་རྟག་ངུ་དབང་པོ་ལག༔ ཙནྡན་དཀར་དམར་གུར་གུམ་བཅས༔ འབྲས་དཀར་ཕྱེ་མས་རིལ་བུ་ནི༔ ཡུངས་དཀར་འབྲུ་བདུན་ཚད་དུ་དྲིལ༔ ལེགས་པར་བསྐམས་ལ་བུམ་པར་བླུག༔ ཅེས་གསུངས་པ་ལྟར། ཁུངས་ལྡན་སེལ་མེད་ཀྱི་དམ་རྫས་ཀྱི་རིགས་སྤྱི་དང་། ཁྱད་པར་གཏེར་ཁ་འདི་ཉིད་ཀྱི་ཐུགས་རྗེ་ཆེན་པོའི་མྱོང་གྲོལ་རིལ་བུ། སྐྱེ་བདུན་རིལ་བུ། འཁོར་བ་དོང་སྤྲུགས་ཀྱི་རིལ་བུ། པོ་ཏ་ལའི་མྱོང་གྲོལ་སྡུག་བསྔལ་ཞི་བྱེད་སོགས་ཀྱི་ཕབས་རྒྱུན་ལེགས་པར་སྦྱར་བའི་རིལ་བུ་མཚལ་ལམ། ཙནྡན་གྱིས་མདོག་བསྒྱུར་བ་སོགས་ཕྱག་ལེན་ལྟར་ཚགས་སུ་ཚུད་པར་བྱ། གཉིས་པ་ཆོ་གར་གཏོགས་སྦྱོར་ནི། སྒྲུབ་ཁང་གཙང་ཞིང་ཡིད་དང་མཐུན་པར་གཞི་བགེགས་སོ་སོར་དཀར་དམར་གྱི་གཏོར་མ་རྒྱན་དང་ལྡན་པ་བཤམས་ཏེ། རང་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་དཔལ་རྟ་མགྲིན་གྱི་སྐུར་གྱུར་པར་བསམ་ལ། གཏོར་མ་དང་པོ་ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ་ཀྱིས་བསང་། སྭཱ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་ས་བདག་ལྷ་ཀླུའི་ཚོགས་རྣམས་སྤྱན་དྲངས་ལ། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་ཉེར་སྤྱོད་ཀྱིས་མཆོད། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་ལན་གསུམ་གྱིས་གཏོར་མ་འབུལ། ཧྲཱི༔ ས་ལ་གནས་པའི་འཇིག་རྟེན་སྐྱོང༔ བརྟན་མ་དབང་ཆེན་ས་འཛིན་ཚོགས༔ འཁོར་བཅས་ས་རིན་འདི་བཞེས་ལ༔ སྒྲུབ་པའི་གནས་མཆོག་འདི་སྩོལ་ཅིག༔ སྔོན་སྐྱོབ་པ་སངས་རྒྱས་ཀྱིས་བདུད་བཏུལ་ཆོས་འཁོར་བསྐོར་བ་ས་གཞི་འདིའི་སྟེང་དུ་མཛད་པ་ལགས་པས༔ དེ་དང་རྗེས་སུ་མཐུན་པར་བདག་ཅག་གིས་ཚོགས་རྫོགས་སྒྲིབ་སྦྱོང་གི་ཆེད་དུ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སྒྲུབ་པའི་དཀྱིལ་འཁོར་འདེབས་པར་འཚལ་བས་ས་འདི་གནང་བར་ཞུ་ན་བརྟན་ཅིང་བཀྲ་ཤིས་པར་མཛོད་ཅིག༔ ཅེས་ཕྲིན་ལས་གསོལ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪཿས། མགྲོན་རྣམས་ཀྱིས་ས་གཞི་གནང་ཞིང་རང་གནས་སུ་དགྱེས་བཞིན་གཤེགས་པར་བསམ། གཏོར་མ་གཉིས་པ། ཨོཾ་ཨཱཿཧཱུྃ་གིས་བརླབ། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྵཱ་ཡ་ཛཿས་བགེགས་དགུག །ཨོཾ་སརྦ་བིགྷྣཱན་ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ༔ ཞེས་ལན་གསུམ་གྱིས་གཏོར་མ་སྦྱིན། ཧཱུྃ༔ བདག་ནི་དབང་ཆེན་རྟ་མཆོག་དཔལ༔ བར་དུ་གཅོད་བྱེད་མ་རིག་བདུད༔ འདོད་ཡོན་འདི་ལོངས་ལན་ཆགས་བྱང༔ མུན་གླིང་ལྕགས་རིའི་ཕྱི་ལ་དེངས༔ མི་འགྲོ་འདུག་རྣམས་རྡུལ་དུ་རློག༔ ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཨོཾ་སུམྦྷ་སོགས་རོལ་མོའི་ཚམ་རྔམ་དང་བཅས་གུ་གུལ་གྱིས་བདུག །ཡུངས་དཀར་གྱིས་བྲབ། གཏོར་མ་རྒྱང་རིང་དུ་དོར་ལ་བགེགས་རྣམས་རྒྱ་མཚོའི་མཐར་བསྐྲད་པར་བསམ། རྒྱས་པར་སྒྲུབ་ཁང་གི་ཕྱོགས་བཞིར་རྒྱལ་ཆེན་བཞིའི་རྟེན་འདུ་བྱས་པའི་མདུན་དུ་མཆོད་གཏོར་བཤམས་ལ་འདི་ཉིད་ཀྱི་གསང་འདུས་སྒྲུབ་ཁོག་ལྟར་ཐོ་གཟུགས། དེ་ཙམ་མི་ནུས་ན་སྒོ་དྲུང་དུ་ཐོ་བརྟན་པོར་བརྩིགས་པ་ལ་དཀར་རྩིས་བྲན། རྒྱལ་ཆེན་བཞིའི་སྐུའམ་སྔགས་བྱང་དར་རས་ཀྱི་ཅོད་པན་དང་བཅས་པའི་མདུན་དུ་མཆོད་གཏོར་བཤམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཕྱོགས་བཞི་ནས་རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ་སྤྱན་དྲངས། ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿས་རྟེན་དང་དབྱེར་མེད་དུ་བཞུགས་པར་གྱུར། མཆོད་གཏོར། ཨོཾ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ་ཀྱིས་བསང་། སྭཱ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་མཆོད་གཏོར་རྣམས་དྭངས་ཤིང་ཐོགས་པ་མེད་པ་ལྷ་རྫས་ཀྱི་མཆོད་པའི་སྤྲིན་ཕུང་ཡེ་ཤེས་ཀྱི་རོལ་པར་འཆར་བར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། ཨོཾ་དྷྲྀཥྚ་རཱཥྚ་ཡ་སྭཱ་ཧཱ། ཨོཾ་བི་རཱུ་ཌྷ་ཀ་ཡ་སྭཱ་ཧཱ། ཨོཾ་བི་རཱུ་པཱཀྵ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ། ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱིས་གཏོར་མ་ཕུལ། ཨོཾ་ཙ་ཏུརྨ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཟབ་ཅིང་རྒྱ་ཆེན་གཟིགས་པ་པོ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་ལོ། །རྒྱལ་ཆེན་སྡེ་བཞི་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་གསོལ། རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ་རྣམས་རྟེན་འདི་ལ་བརྟན་པར་བཞུགས་ནས། ཇི་སྲིད་སྒྲུབ་པ་མ་ཚར་བར་དེ་སྲིད་དུ་སྲུང་བ་མཚམས་ཀྱི་ཕྲིན་ལས་དམ་པ་མཛད་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་འཐོར་བས་བརྟན་བཞུགས་བྱ། གནས་འདིར་ཉིན་མོ་བདེ་ལེགས་སོགས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའང་བརྗོད། ནང་དུ་ལོག་ལ་མཚམས་གཅོད་པ་ནི། ཧཱུྃ༔ བདག་ཉིད་ཐུགས་ཀའི་འོད་ཟེར་གྱིས༔ ཕྱོགས་མཚམས་ཡེ་ཤེས་ལྔ་ཡི་མེ༔ རྡོ་རྗེ་མཚོན་ཆ་མང་པོའི་གུར༔ ཁྲོ་བོ་ཁྲོ་མོ་སྤྲིན་ལྟར་གཏིབས༔ ཆོས་སྐུ་ཐིག་ལེ་གཅིག་ཏུ་བལྟ༔ བདུད་ཀྱི་མིང་མེད་གཞོམ་གཞིག་བྲལ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཛྙཱ་ན་ཛྭ་ལ་ཏཱིཀྵྞ་བཛྲ་ཀྲོ་དྷ་ཤཱུནྱ་ཏཱ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་སྲུང་འཁོར་བརྟན་པར་བསྒོམས་ནས་དེ་ཕྱིན་ཐོ་ནང་དུ་མ་ཚུད་པའི་མི་གསར་པ་ནང་དུ་མི་གཏོང་བ་སོགས་མཚམས་དམ་དུ་གཅད། དཀྱིལ་འཁོར་གྱི་གཞིར། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ་ཅེས་བརྗོད་ཅིང་དྲི་བཟང་དང་བ་བྱུང་གི་ཆུས་ཆག་ཆག་གདབ། ཐིག་ཚོན་བྱིན་གྱིས་བརླབས་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་ཚུལ་བཞིན་དུ་འདུ་བྱ་བའམ། མ་གྲུབ་ན་རས་བྲིས་རབ་གནས་དང་ལྡན་པ་དགྲམ། རྣལ་འབྱོར་པ་ཀུ་སཱ་ལིས་ཆིག་སྒྲུབ་ལྟ་བུའི་ཚེ། མཎྜ་ལར་དྲི་བཟང་གི་ཐིག་ལེ་བྱས་པར་མེ་ཏོག་གི་ཚོམ་བུ་ལྔ་བཀོད་ཀྱང་རུང་། གང་ལྟར་ཡང་དེའི་མདུན་དུ་འབུལ་གཏོར་དཀར་ཟླུམ་རྒྱན་ལྡན། མཐའ་སྐོར་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་སོགས་བཀོད་མཛེས་སུ་བཤམ། དཀྱིལ་འཁོར་གྱི་དབུས་སུ་ལྡིང་ཁྲིའམ་མཉྫིའི་ཁར་རིལ་བུའི་བུམ་པ་རིན་པོ་ཆེའི་པྲོག་ཞུ་དང་དར་དཔྱང་གཟུངས་རྡོར་གྱིས་བརྒྱན་པ་སྤོས་རོལ་དང་བཅས་བཀོད་ཅིང་། ལྷ་ཁྲུས་སྤྱི་ལྟར་གསོལ་བའི་རྗེས། ཕུན་སུམ་ཚོགས་པ་མངའ་བ་སོགས་དང་། གནས་འདིར་ཉིན་མོ་བདེ་ལེགས་སོགས་ཤིས་བརྗོད་དང་། རྟེན་འབྲེལ་སྙིང་པོ་དང་བཅས་མེ་ཏོག་གི་ཆར་དབབ། བདག་འཇུག་ལེན་ན་དེའི་ཆས་རྣམས་ཀྱང་འོག་ནས་འབྱུང་བ་ལྟར་བཤམ། འབྱོར་ན་སྟེང་དུ་བླ་རེ་དང་གདུགས་དབུབ། ཕྱོགས་མཚམས་སུ་འཕན་དང་རྒྱལ་མཚན་བ་དན་དར་གྱི་ལྡ་ལྡི་སོགས་མཛེས་པར་བྲེ་ཞིང་བཀྲ་ཤིས་རྫས་རྟགས་ཀྱི་གཟུགས་བརྙན་བྲིས་འབུར་གང་རིགས་ཀྱང་དགོད། དེ་ནས་སྒྲུབ་པ་པོ་རྣམས་ཁྲུས་དང་གཙང་སྦྲ་དང་བཅས་སྟན་བདེ་བ་ལ་འཁོད་པའི་མདུན་དུ་རོལ་མོའི་རིགས་དང་འཐོར་ནས། ཉེ་ལོགས་ཅི་བདེ་བར་གཏོར་མ་ཆ་གསུམ་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱས་ལ། བརྒྱུད་པའི་གསོལ་འདེབས། ཨེ་མ་ཧོ༔ ཆོས་སྐུ་ཀུན་བཟང་སོགས་ཇི་ལྟར་རིགས་པ་སྔོན་དུ་འགྲོ་བས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་ཐུགས་རྗེ་ཆེན་པོ་ལ་རྒྱལ་བ་སྲས་དང་བཅས་པས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། ན་མོ༔ བདག་སོགས་སེམས་ཅན་སྡུག་བསྔལ་གྲོལ་དོན་དུ༔ སོགས་སྐྱབས་སེམས་ཡན་ལག་བདུན་པ་རྣམས་ལན་གསུམ་རེའི་མཐར། ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར་པར་བསམ་ལ། མཆོད་གཏོར་རྣམས། ཨོཾ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ་ཀྱིས་བསང་། སྭཱ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་གནས་ཁང་འོག་མིན་པདྨོ་བཀོད་པའི་ཞིང་ཁམས་ཆེན་པོར་གསལ་བའི་དབུས་སུ་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་མཆོད་གཏོར་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་ཨཱཿཧཱུྃ་ཞེས་དང་། སྤྲོ་ན་མཆོད་པའི་སྤྲིན་གྱི་གཟུངས་ཀྱང་བཟླ། གཉིས་པ་དངོས་གཞི་ལ་གཉིས། བདག་མདུན་སྐྱེད་སྒྲུབ་དང་། རིལ་བུའི་དམིགས་བཟླས་བྱེ་བྲག་ཏུ་བྱ་བའོ། །དང་པོ་ནི། བདག་དང་བསྒྲུབ་གཞིའི་དཀྱིལ་འཁོར་གྱི་ངོ་བོ་སོ་སོ་མ་ཡིན་ཐ་མི་དད་པར་ཤེས་པས། ཧྲཱི༔ ཕྱི་ནང་ཆོས་རྣམས་དམིགས་མེད་དེ་ཡི་མདངས༔ ཞེས་པ་ནས། ནམ་མཁའ་གང་བར་སྤྱན་དྲངས་གཉིས་མེད་ཐིམ༔ ཞེས་པའི་བར་བདག་མདུན་ཟུང་འཇུག་གི་དགོངས་པས་སྒྲུབ་ཐབས་ལྟར་གསལ་གདབ། སྤྲོ་ན་སྤྱན་འདྲེན་གྱི་མགོར། ཧྲཱི༔ ཤར་ཕྱོགས་པོ་ཏཱ་ལ་ཡི་ཞིང༔ ངོ་མཚར་བཀོད་པ་ཁྱད་པར་འཕགས༔ རང་བྱུང་ལྷུན་གྲུབ་ཕོ་བྲང་ནས༔ སྤྲུལ་སྐུ་སེམས་དཔའ་གཤེགས་སུ་གསོལ༔ ཕུན་ཚོགས་དྲི་བྲལ་བདེ་ལྡན་ཞིང༔ རང་སྣང་རྣམ་དག་དཀྱིལ་འཁོར་ནས༔ ངེས་པ་ལྔ་ལྡན་སངས་རྒྱས་ཆེ༔ ལོངས་སྐུ་ཇོ་བོ་གཤེགས་སུ་གསོལ༔ སྐྱེ་འགག་གནས་བྲལ་ཀ་ནས་དག༔ ཡེ་རྫོགས་འོག་མིན་སྟུག་པོ་བཀོད༔ མི་འགྱུར་རྡོ་རྗེ་སྤྱན་རས་གཟིགས༔ ཆོས་སྐུའི་སངས་རྒྱས་གཤེགས་སུ་གསོལ༔ ཞེས་པའི་མཐར། ཧྲཱི༔ བདག་གི་མགོན་པོ་སོགས་སྒྲུབ་ཐབས་ལྟར་སྦྲེལ་ལ་བསྟོད་པའི་བར་མཐར་ཆགས་སུ་བཏང་རྗེས། བདག་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལོགས་སུ་ཕྱེ་སྟེ་མདུན་བསྐྱེད་ཀྱི་རྟེན་དང་དབྱེར་མེད་དུ་བཞུགས་པའི་སོགས་བཟླས་དམིགས་དང་བཅས་བཟླས་པ་ཅི་རིགས་པ་དང་། མདུན་གྱི་ལྷ་ལ་མཆོད་བསྟོད་གསོལ་འདེབས་ནོངས་བཤགས་བར་སྒྲུབ་ཐབས་ནས་འབྱུང་བ་བཞིན་བྱའོ། །གཉིས་པ་རིལ་བུའི་དམིགས་བཟླས་བྱེ་བྲག་ཏུ་བྱ་བ་ནི། བུམ་པ་རིལ་བུ་དང་བཅས་པ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ་ཀྱིས་བསང་། སྭཱ་བྷཱ་ཝས་སྦྱང་། བུམ་པ་མི་དམིགས་སྟོང་པ་ཉིད་ཀྱི་ངང༔ སྣ་ཚོགས་པད་ཟླའི་ལྟེ་བར་བྷྲཱུྃ་ལྔ་ལྡན༔ ཡོངས་གྱུར་ཕྱི་ནི་རིན་ཆེན་བུམ་པ་ལ༔ ནང་ནི་གཞལ་ཡས་ཁང་ཆེན་སྒོ་བཞི་པ༔ དབུས་ཕྱུར་རྡོ་རྗེ་ནོར་བུའི་ཏོག་གིས་སྤྲས༔ གདུགས་འཕན་དར་དཔྱང་རིན་ཆེན་དུ་མས་བརྒྱན༔ དེ་ནང་པདྨ་འདབ་བཞིའི་གེ་སར་ལ༔ སྲིད་ཞིའི་དྭངས་བཅུད་རིལ་བུ་རེ་རེ་བཞིན༔ པད་ཟླའི་གདན་སྟེང་ས་བོན་ཕྱག་མཚན་ལས༔ འོད་འཕྲོས་དོན་གཉིས་བྱས་འདུས་སྤྱན་རས་གཟིགས༔ དཀར་པོ་ཕྱག་བཞི་ཞབས་གཉིས་སྐྱིལ་ཀྲུང་བཞུགས༔ དར་དང་རིན་ཆེན་རྒྱན་གྱིས་ལེགས་པར་བརྒྱན༔ རྩ་ཕྱག་ཐལ་སྦྱར་ནོར་འཛིན་འོག་མ་གཉིས༔ ཤེལ་ཕྲེང་པདྨ་དཀར་པོའི་ཡུ་བ་འཛིན༔ དེ་ཡི་ཕྱོགས་བཞིར་རིགས་བཞིའི་སྤྱན་རས་གཟིགས༔ དཀར་སེར་དམར་ལྗང་ཞལ་གཅིག་ཕྱག་གཉིས་པ༔ སྐྱབས་སྦྱིན་པདྨ་འཛིན་ཏེ་ལོངས་སྐུའི་ཆས༔ གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་ཡི༔ ཐུགས་ལས་ལས་ཀྱི་སེམས་དཔའ་སྤྱན་རས་གཟིགས༔ འཁོར་བ་དོང་སྤྲུགས་དམར་གསལ་བཞེངས་པའི་སྟབས༔ གཅེར་བུ་རྒྱན་སྤངས་པད་ཕྲེང་བུམ་པ་བསྣམས༔ གྲངས་མེད་ཉི་ཟེར་རྡུལ་ཕྲན་བཞིན་དུ་འཕྲོ༔ ཁམས་གསུམ་སྣོད་བཅུད་ཐམས་ཅད་ཡོངས་ཁྱབ་པས༔ འགྲོ་འདུལ་འཁོར་བ་དོང་ནས་སྤྲུགས་པར་གསལ༔ སྒོ་བཞིར་འདོད་སྣམ་མཆོད་པའི་ལྷ་མོས་བསྐོར༔ རང་བྱུང་རྡོ་རྗེ་གསུམ་གྱི་ཡི་གེ་ལས༔ འོད་ཟེར་འཕྲོས་པས་ཡེ་ཤེས་སེམས་དཔའི་ཚོགས༔ ནམ་མཁའ་གང་བར་སྤྱན་དྲངས་གཉིས་མེད་ཐིམ༔ ཞེས་གསལ་བཏབ་ལ་སྤྱན་འདྲེན་ནས་བསྟོད་པའི་བར་སྒྲུབ་ཐབས་ལྟར་བྱ། གཟུངས་ཐག་སྙིང་གར་བཟུང་ལ། རང་གི་ཐུགས་ནས་སྔགས་ཀྱི་ཕྲེང༔ གཟུངས་ཐག་རྡོ་རྗེའི་ལམ་ནས་སོང༔ མདུན་བསྐྱེད་དཀྱིལ་འཁོར་ལྷ་ཚོགས་དང༔ ཁྱད་པར་བུམ་ལྷའི་ཐུགས་རྒྱུད་བསྐུལ༔ དེ་དག་ཀུན་ལས་འོད་འཕྲོས་པས༔ ཕྱོགས་བཅུའི་བླ་མ་ཡི་དམ་དང༔ སངས་རྒྱས་བྱང་སེམས་མཁའ་འགྲོའི་ཚོགས༔ མཆོད་ཅིང་ཐུགས་དམ་རྒྱུད་བསྐུལ་ནས༔ མཁྱེན་བརྩེ་ནུས་པའི་བྱིན་རླབས་ཀུན༔ འོད་ཟེར་བདུད་རྩིའི་རྣམ་པར་བསྡུས༔ ཐིམ་པས་གཟི་བྱིན་མཆོག་ཏུ་འབར༔ སླར་འཕྲོས་ཁམས་གསུམ་ལས་ཉོན་སྦྱངས༔ ཕྱི་སྣོད་འཕགས་པའི་ཞིང་ཁམས་ལ༔ ནང་བཅུད་འགྲོ་འདུལ་ཐུགས་རྗེའི་ལྷ༔ སྒྲ་གྲགས་སྔགས་ཀྱི་རང་སྒྲ་དང༔ དྲན་རྟོག་འོད་གསལ་དབྱིངས་ཀྱི་ངང༔ འཁོར་བ་དོང་སྤྲུགས་ཏིང་འཛིན་གྱིས༔ སྣང་སྲིད་བཞིར་བཞེངས་ཕྱག་རྒྱར་སད༔ ཕྱི་ནང་འབྱུང་ལྔའི་དྭངས་མའི་བཅུད༔ དབྱེར་མེད་ཐིག་ལེ་གཅིག་ཏུ་འཁྱིལ༔ ཞེས་དགོངས་པའི་སྲོག་ཏུ་བཟུང་ནས། ཨོཾ་པདྨ་ཨུཥྞཱི་ཥ་བི་མ་ལེ་ཧཱུྃ་ཕཊ༔ ཅེས་གཙོ་བོར་བཟླ་ཞིང་སྐབས་སུ་ཡི་གེ་དྲུག་པ་དང་། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་བི་པུ་ལ་གརྦྷེ༔ མ་ཎི་པྲ་བྷེ༔ ཏ་ཐཱ་ག་ཏེ༔ ནིརྡྷེ་ཤ་ནི༔ མ་ཎི་མ་ཎི༔ སུ་པྲ་བྷེ་བི་མ་ལེ་སཱ་ག་ར༔ གམྦྷི་ར་ཧཱུྃ་ཧཱུྃ་ཛྭ་ལ་ཛྭ་ལ་བུདྡྷ་བི་ལོ་ཀི་ཏེ་གུ་ཧྱ་ཨ་དྷིཥྛི་ཏེ་གརྦྷེ་སྭཱ་ཧཱ༔ པདྨ་དྷཱ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ༔ ཞེས་འཁོར་བ་དོང་སྤྲུགས་ཀྱི་གཟུངས་སྔགས་སྦྲེལ་བའང་ཇི་ལྟར་རིགས་པ་བཟླ། ཐུན་བསྡུ་བ་ན་དབྱངས་གསལ་རྟེན་འབྲེལ་སྙིང་པོ་རྣམས་ཚར་གསུམ་རེས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་ནུས་པ་བརྟན་པར་བྱ། མཆོད་པ་རྣམས་ཞལ་གསོ་ཞིང་བསང་སྦྱང་བྱིན་རླབས་སྔར་ལྟར་བྱས་ལ། སྲིད་ཞིའི་མགོན་གྱུར་འཕགས་པའི་ཚོགས་རྣམས་ལ༔ ཞེས་པ་ནས། འཛིན་ཏེ་རིགས་བཞིས་བསྐོར་ལ་ཕྱག་འཚལ་བསྟོད༔ ཅེས་པའི་བར་གྱི་མཆོད་བསྟོད་དང་། ཨོཾ༔ བཅོམ་ལྡན་སྙིང་རྗེ་ཆེན་པོའི་བདག༔ པདྨ་གཙུག་ཏོར་ལྷ་ཚོགས་རྣམས༔ མགོན་མེད་བདག་ལ་ཐུགས་རྗེས་གཟིགས༔ སངས་རྒྱས་ཕྲིན་ལས་མཛད་དུ་གསོལ༔ འཁོར་བ་ངན་སོང་སྡུག་བསྔལ་དང༔ སྡིག་སྒྲིབ་ཐམས་ཅད་ཞི་བར་མཛོད༔ ཡང་དག་ཡེ་ཤེས་སྣང་བ་ཡིས༔ བྱང་ཆུབ་ལམ་ལ་འགོད་མཛད་གསོལ༔ ཞེས་གསོལ་བ་གདབ་བོ། །གསུམ་པ་རྗེས་ལ་གཉིས། སྤྱི་དང་བྲེ་བྲག་གོ །དང་པོ་ལ་གསུམ། ཚོགས་གསག་པའི་སླད་དུ་ཡན་ལག་བདུན་པ་བྱ་བ། བར་ཆད་ཞི་བའི་ཕྱིར་གཏོར་མ་འབུལ་བ། དངོས་གྲུབ་མྱུར་བའི་སླད་དུ་བྱིན་འབེབ་པ་དང་ཆོ་གའི་མཐའ་རྒྱས་གཞན་བསྟན་པའོ། །དང་པོ་ནི། ཇི་སྙེད་སུ་དག་སོགས་བཟང་སྤྱོད་ལས་འབྱུང་བའི་ཡན་ལག་བདུན་པ་ཚར་གསུམ་སོགས་ཇི་ལྟར་རིགས་པ་དང་། སྤྲོ་ཞིང་ནུས་ན་ཕྱག་འཚལ་བའི་སྐབས་ཐམས་ཅད་དུ་ལངས་ཏེ་ཕྱག་བྱ། ཨོཾ་ན་མོ་མཉྫུ་ཤྲཱི་ཡེ་སྭཱ་ཧཱ། ན་མཿསུ་ཤྲཱི་ཡེ་སྭཱ་ཧཱ། ན་མ་ཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། ཞེས་ཕྱག་བྱ་བའི་སྔགས་ཀྱང་བརྗོད། མཆོད་པའི་ཡན་ལག་མཐར། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ། མ་ཧཱ་ཏེ་ཛྭ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎེ་བཛྲེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤྭ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་བཟླ་ཞིང་རོལ་མོ་ཇི་སྙེད་པ་འབུད་དཀྲོལ་བྱ། མཎྜལ་བརྒྱ་རྩ་སོགས་ཕུལ་རྗེས། ཨོཾ། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །ཞེས་སོགས་སྨྲེ་བཤགས་ཀྱང་ཕྱག་དང་བཅས་ཏེ་བྱས་མཐར། འདོད་ཆགས་ཞེ་སྡང་སོགས་ཡན་ལག་ལྷག་མ་རྣམས་སྦྲེལ། གཞན་ཡང་གྲུབ་པའི་སློབ་དཔོན་པདྨ་སཾ་བྷ་བའི་གཞུང་ལོ་ཙཱ་བ་རྒྱལ་བ་མཆོག་དབྱངས་ཀྱིས་བསྒྱུར་བའི་རིལ་བུའི་སྒྲུབ་ཐབས་ལས། ཐུན་མཚམས་བསྐོར་བ་བརྒྱ་ཕྲག་བྱ། །ཞེས་འབྱུང་བ་ལྟར། གོ་ཡུལ་གྱིས་བདེ་ན་དཀྱིལ་འཁོར་ལ་དངོས་སུ་བསྐོར་བ་ཇི་ལྟར་ནུས་པ་བྱ་ཞིང་། མ་གྲུབ་ན་ཡིད་ཀྱིས་དམིགས་ཏེ། གང་ལྟར་ཡང་དེའི་ཚེ་ཨུཥྞཱི་ཥ་དང་། དོང་སྤྲུགས་ཀྱི་གཟུགས་ཀྱི་མཐར། དེ་བཞིན་གཤེགས་པ་རིན་ཆེན་རྒྱལ་མཚན་ལ་ཕྱག་འཚལ་ལོ། །ཨོཾ་ན་མོ་བྷ་ག་བ་ཏེ། རཏྣ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ། རཏྣ་བི་ཛ་ཡ་སྭཱ་ཧཱ། ཞེས་རོལ་མོ་དང་བཅས་སྐོར་བའི་སྔགས་བཟླའོ། །གཉིས་པ་གཏོར་འབུལ་ལ་གཉིས། འཇིག་རྟེན་ལས་འདས་པའི་གཏོར་མ་དང་། འཇིག་རྟེན་པའི་གཏོར་མ་གཏོང་བའོ། །དང་པོ་ནི། དཀྱིལ་འཁོར་གྱི་མདུན་དུ་བཤམས་པའི་གཏོར་མ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ་ཀྱིས་བསང་། སྭཱ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་གཏོར་མ་འདོད་རྒུ་འབྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། མདུན་གྱི་ལྷའི་ལྗགས་འོད་ཟེར་གྱི་སྦུ་གུས་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམས་པར་བསམ་ལ། ཨོཾ་པདྨ་ཨུཥྞཱི་ཥ་བི་མ་ལེ་ཧཱུྃ་ཕཊ༔ ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་དབུལ། སྲིད་ཞིའི་མགོན་གྱུར་སོགས་ཀྱིས་མཆོད། ཧྲཱི༔ ཚད་མེད་ཐུགས་རྗེ་སོགས་ཀྱིས་བསྟོད། སྤྱན་རས་གཟིགས་དབང་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པའི་བར་སྤྱི་ལྟར་བརྗོད་པས་ཕྲིན་ལས་གསོལ། གཉིས་པ་འཇིག་རྟེན་པའི་གཏོར་མ་ནི། སྟབས་བདེ་ན་དཀྱིལ་འཁོར་གྱི་ཁང་པའི་སྒོ་དྲུང་ངམ། མི་བདེ་ན་དཀྱིལ་འཁོར་ལ་ཡོལ་བས་བཅད་པའི་ཕྱི་རོལ་དུ་སྟེགས་ཀྱི་ཁར་གཏོར་མ་ཆ་གསུམ་མཆོད་པ་དང་བཅས་པ་བཤམས་ལ་ཆུ་གཙང་གིས་བྲན། བཀའ་གཏེར་སྤྱི་ཁྱབ་ཀྱི་ཆ་གསུམ་ཆོ་ག་རྒྱས་པའམ། བསྡུ་ན་གཏེར་ཁ་འདི་ཉིད་ལས་འབྱུང་བའི་ཆོ་ག་ནི། གཏོར་མ་དང་པོ་ཕྱོགས་སྐྱོང་ལ་འབུལ་བའི་ཕྱིར། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། ཞེས་ཆོས་ཉིད་རྣམ་དག་གི་སྔགས་དང་ཕྱག་རྒྱ་ལན་གསུམ་གྱིས་སྟོང་པར་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བརླབས་ཏེ་རྒྱས་པར་སྤེལ། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་སྐྱོང་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར་པར་བསམ་ལ། ཨོཾ་ཨིནྡྲ་ཡེ༔ ཨགྣ་ཡེ༔ ཡ་མ་ཡེ༔ ནཻརརྀ་ཏ་ཡེ༔ བ་རུ་ཎ་ཡེ༔ ཝཱ་ཡ་ཝཱེ༔ ཀུ་བེ་ར་ཡེ༔ ཨཻ་ཤཱ་ནཱ་ཡེ་ཨཱ་དྷི་པ་ཏ་ཡེ༔ སཱུརྱ་ཙནྡྲ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ ཞེས་པས་སྤྱན་དྲང་། པདྨ་ཀ་མ་ལཱ་ཡ་སཏྭཾ་གྱིས་གདན་འབུལ། ཨོཾ་ཨིནྡྲཱ་ཡེ་སོགས་ནས། ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་བཏགས་པ་ལན་གསུམ་གྱིས་གཏོར་མ་འབུལ། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ཧྲཱི༔ དབང་པོ་དྲང་སྲོང་གཤིན་རྗེ་སྲིན་པོ་སྟེ༔ ཆུ་ལྷ་རླུང་བདག་གནོད་སྦྱིན་དབང་ལྡན་དང༔ ཉི་ཟླ་དབང་ཆེན་བདག་པོ་འཁོར་བཅས་ལ༔ རང་རང་མཐུན་རྫས་གཏོར་མ་འདི་འབུལ་གྱིས༔ ཐུགས་རྗེ་ཆེན་པོ་འགྲུབ་པའི་ཕྲིན་ལས་མཛོད༔ ཅེས་ཕྲིན་ལས་གསོལ་ལ། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་གཙྪཿས་གཤེགས་སུ་གསོལ། ཆ་གཉིས་པ་གཞི་བདག་དང་འབྱུང་པོ་ལ་སྦྱིན་ཏེ། སྭཱ་བྷཱ་ཝས་སྦྱང་། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱིས་བྱིན་གྱིས་བརླབས་ཏེ་རྒྱས་པར་སྤེལ། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་གཞི་བདག་གནས་བདག་འབྱུང་པོའི་ཚོགས་རྣམས་སྤྱན་དྲངས་པར་གྱུར། ཨོཾ་ལོ་ཀ་པཱ་ལ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲང་། པདྨ་ཀ་མ་ལཱ་ཡ་སཏྭཾ་གྱིས་གདན་དབུལ། ཨོཾ་ལོ་ཀ་པཱ་ལ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་གཏོར་མ་དབུལ། ཨོཾ་ལོ་ཀ་པཱ་ལ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ཧྲཱི༔ གཞི་བདག་གནས་བདག་འབྱུང་པོའི་ཚོགས༔ མཆོད་གཏོར་དམ་པ་འདི་བཞེས་ལ༔ མི་དགེ་ཕྲག་དོག་མེད་པར་མཛོད༔ ཞི་བདེའི་མཐུན་རྐྱེན་སྒྲུབ་ཏུ་གསོལ༔ ཞེས་ཕྲིན་ལས་གསོལ། ཨོཾ་ལོ་ཀ་པཱ་ལ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪ༔ས་གཤེགས། ཆ་གསུམ་པ་བགེགས་ལ་བསྔོ་སྟེ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ། རང་ཉིད་སྐད་ཅིག་གིས་ཁྲོ་བོ་རྟ་མགྲིན་འཇིགས་སུ་རུང་བའི་སྐུར་གྱུར། སྭཱ་བྷཱ་བས་སྦྱང་། ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ཀྱིས་སྤེལ། རང་གི་སྙིང་ག་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་བགེགས་ཀྱི་རིགས་རྣམས་མདུན་དུ་བཀུག་སྟེ་ཞི་ཞིང་དུལ་བའི་ཚུལ་གྱིས་འཁོད་པར་གྱུར། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས། ཨོཾ་བི་ནཱ་ཡ་ཀེ་ཤྭ་ར་སརྦ་བིགྷྣཱན་ཨངྐུ་ཤ་ཛ༔ས་མགྲོན་དགུག །དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་ཡོངས་སུ་བྲལ་བ་ལ་ཕྱག་འཚལ་ལོ། །ཞེས་བདེ་གཤེགས་བཞིའི་མཚན་བརྗོད་པ་སྔོན་དུ་འགྲོ་བས། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷཱ་ར་སཾ་བྷཱ་ར་ཧཱུྃ༔ ཞེས་ལན་གསུམ་གྱིས་གཏོར་མ་བསྔོ། ཧྲཱི༔ གང་དག་སྒྲུབ་ལ་མི་དགའ་བ༔ བི་ནཱ་ཡ་ཀ་དགའ་རབ་དབང༔ བདུད་ཀྱི་ཚོགས་རྣམས་གཏོར་མ་ལོངས༔ ཞི་དང་ཕན་སེམས་ལྡན་པར་མཛོད༔ ཨོཾ་བི་ནཱ་ཡ་ཀེ་ཤྭ་ར་སརྦ་བིགྷྣཱན་གཙྪ༔ས་མགྲོན་རྣམས་རང་གནས་གཤེགས་པར་བསམ་ལ། གང་དག་གདུག་པའི་སེམས་འཆང་བ་དེ་དག་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་དང་། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ། དང་། སུམྦྷ་སོགས་བརྗོད་པས་བསྐྲད། འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །ཞེས་སོགས་ཀྱིས་སྨོན་ལམ་གདབ། བདག་འཇུག་ལེན་པར་སྤྲོ་ན་འོག་ནས་འབྱུང་བ་ལྟར་སྐབས་འདིར་བླང་ངོ་། །གསུམ་པ་དངོས་གྲུབ་མྱུར་ཕྱིར་བྱིན་དབབ་པ་སོགས་ལ་གསུམ། བགེགས་བསལ་བ། བྱིན་དབབ་པ། གཏང་རག་གི་མཆོད་བསྟོད་སོགས་བྱ་བའོ། །དང་པོ་ནི། རང་གི་ཐུགས་ཀ་ནས་ཁྲོ་བོ་རྟ་མགྲིན་གྱི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ་དངོས་གྲུབ་སྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་ཐམས་ཅད་རྒྱང་རིང་དུ་བསྐྲད་པར་གྱུར། ཅེས་དང་། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ། ཨོཾ་སུམྦྷ་སོགས་བརྗོད་ཅིང་རོལ་མོའི་ཚམ་རྔམ་དང་། གུ་གུལ་གྱིས་བདུག །ཡུངས་དཀར་གྱིས་བྲབས་པས་བགེགས་བསལ། གཉིས་པ་བྱིན་འབེབ་ནི། སྒྲུབ་པ་པོ་རྣམས་དཀྱིལ་འཁོར་གྱི་དྲུང་དུ་བཞེངས་ཏེ། བདག་མདུན་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པས། བླ་མ་ཐུགས་རྗེ་ཆེན་པོ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ལྷ་སྔགས་ཕྱག་མཚན་གྱི་རྣམ་པས་བདག་གནས་ཡོ་བྱད་རྣམས་ལ་སིབ་སིབ་ཐིམ་པར་གྱུར། ཅེས་བརྗོད་ཅིང་བསམ་ལ། སྤོས་དྲི་ཞིམ་པོ་འཐུལ་ཞིང་། རོལ་མོའི་སྒྲ་དང་དབྱངས་ཀྱི་འགྱུར་བ་སྙན་པོས། ཧཱུྃ༔ འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་བརླབ་པའི་དུས་ལ་བབ། །དབང་མཆོག་བསྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་སྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། །ཨོཾ་པདྨ་ཨུཥྞཱི་ཥ་བི་མ་ལེ་ཧཱུྃ་ཕཊ། ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་ཡང་ཡང་བརྗོད་ཅིང་དཀྱིལ་འཁོར་ལ་བསྐོར་བ་དང་བཅས་བྱིན་དབབ། ཧཱུྃ་ཧཱུྃ་ཧཱུྃ། ཞེས་ཕབ་པའི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བསྡུས་ལ། ཛཿཧཱུྃ་བཾ་ཧོཿས་བདག་གནས་སྒྲུབ་རྫས་ལ་དབྱེར་མེད་དུ་བསྟིམ་མོ། །སྒྲུབ་པ་པོ་རྣམས་རང་གནས་སུ་འཁོད་དོ། །གསུམ་པ་གཏང་རག་ནི། གཏང་རག་གི་མཆོད་པ་བསང་སྦྱང་བྱིན་གྱིས་བརླབས་ལ། སྲིད་ཞིའི་མགོན་གྱུར་སོགས་ཀྱིས་མཆོད། ཧྲཱི༔ ཚད་མེད་ཐུགས་རྗེ་སོགས་ཀྱིས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་མཛད་རིགས། །ཞེས་དང་། ཡི་གེ་བརྒྱ་པ་ལན་གསུམ་གྱིས་ནོངས་པ་བཤགས། ཨོཾ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་མེ་ཏོག་འཐོར་ཞིང་བརྟན་བཞུགས་བྱ། རང་དམ་ཚིག་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གཞལ་ཡས་ཁང་འཁོར་དང་བཅས་པ་འོད་དུ་ཞུ་ནས་རང་ལ་ཐིམ་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་གྱུར། འདི་ལྟ་བུ་ཡི་དགེ་བ་ཡིས༔ འཁོར་བ་དོང་ནས་སྤྲུགས་པ་དང༔ འབྲེལ་ཐོགས་འགྲོ་བ་ཐམས་ཅད་ཀུན༔ བདེ་བ་ཅན་དུ་སྐྱེ་བར་ཤོག༔ ཅེས་བསྔོ་སྨོན་བྱ། སྟོན་མཆོག་དམ་པ་སོགས་ཤིས་བརྗོད་རྒྱས་པར་སྤེལ། ན་མོ༔ ཕྱོགས་བཅུ་དུས་བཞིའི་སོགས་གཏེར་ཁ་འདི་ཉིད་ལས་འབྱུང་བའི་སྨོན་ལམ་གྱིས་མཚོན་བསྔོ་སྨོན་རྒྱ་ཆེར་བྱའོ། །དེ་ལྟ་བུའི་རིམ་པས་ཐོར་ཐུན། སྔ་ཐུན། ཕྱི་ཐུན། སྲོད་ཐུན། ནམ་གྱི་ཆ་སྟོད་དང་། ཆ་སྨད་དེ་དུས་དྲུག་ཏུ་ལས་གཞུང་བསྲང་། ཆ་གསུམ་ཐུན་ཐམས་ཅད་ཀྱི་མཐར་མ་གྲུབ་ཀྱང་སྔ་ཐུན་ལྟ་བུ་གང་བདེར་ཚར་གཅིག་བསྔོས་པས་རུང་། སྒྲུབ་པ་པོ་རྣམས་ཚོ་གཉིས་སུ་བཅད་དེ། གཅིག་གིས་ལས་གཞུང་བསྲངས་ཏེ་བུམ་བཟླས་འཇོག་རན་པ་ན། གཅིག་ཤོས་ཀྱིས་བུམ་བཟླས་དབུ་ཚུགས་པར་བྱས་ཏེ། དེ་ལ་གཟུངས་ཐག་གཏད་དེ་བཟའ་བཏུང་དང་གུང་སེང་སོགས་ཀྱང་རེས་མོས་སུ་བྱས་ཏེ་ཁོར་ཡུག་ཏུ་སྔགས་རྒྱུན་མི་འཆད་པར་བཟླ། བཟླ་བྱའི་སྔགས་ཀྱང་ཉིན་བདུན་ལ་མཚོན་ན། ཉིན་དང་པོ་གསུམ་ལ་གོང་དུ་སྨོས་པ་ལྟར་དང་། དེ་ནས་ཉིན་གསུམ་ལ་གཙོ་བོར་འགྲོ་བ་འདུལ་བའི་དམིགས་པ་དང་སྦྱར་ཏེ། ཨུཥྞཱི་ཥ་དང་། ཡིག་དྲུག །སྡིག་སྒྲིབ་ཀུན་འཇོམས་ཀྱི་གཟུངས་རྣམས་ཀྱི་མཐར། ཨ་ར་པ་ཙ་མི་ཏ་ཧྲྀ་ད་ཡ་སྭཱ་ཧཱ༔ ཞེས་བཏགས་པ་བཟླ། མཇུག་གི་ཉིན་གཅིག་ལ། གཙོ་བོར་འབྱུང་ལྔའི་དྭངས་བཅུད་བསྡུ་བའི་དམིགས་པ་དང་སྦྱར་ཏེ། སྔགས་དེ་རྣམས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨོཾ༔ ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་ཏིཥྛ་ཨོཾ༔ ཞེས་བཏགས་པ་བཟླ། གལ་ཏེ་རྣལ་འབྱོར་པ་ཀུ་སཱ་ལི་ལྟ་བུས་སྒྲུབ་གྲོགས་གཞན་མ་རྙེད་ན་རང་གཅིག་པུས་ངག་ཁོར་ཡུག་བཅད་དེ་ཐུན་དྲུག་གི་རིམ་པས་ཇི་སྐད་བཤད་པ་བཞིན་བསྒྲུབས་ཀྱང་རུང་ངོ་། །གཉིས་པ་རྗེས་ཀྱི་ཆོ་ག་བྱེ་བྲག་པ་ལ་གསུམ། བདག་ཉིད་འཇུག་པ། དངོས་གྲུབ་བླང་བ། གཞན་རྗེས་སུ་གཟུང་བའོ། །དང་པོ་ནི། སྤྱིར་གཞུང་རྩ་བར་དམིགས་ཀྱིས་མ་བསལ་བས་བདག་འཇུག་མ་བླང་ཡང་རུང་མོད། གྲུབ་ན་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་བས། དེ་ལྟར་ན་སྦྱོར་བ་བཅས་བཤམ་གྱི་སྐབས་སུ། རིལ་བུའི་བུམ་པའི་མདུན་དུ་མཉྫིའི་ཁར་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པའི་སྟེང་དུ་དུང་ཆོས་དྲི་བཟང་གི་ཆུས་གང་བ་བཞག་པ་ལ། གཞན་ཡང་ཤར་དུ་དབུ་རྒྱན། ལྷོར་རྡོ་རྗེ། ནུབ་ཏུ་དྲིལ་བུ། བྱང་དུ་ཁྲི་གདུགས་པུསྟི། མཐའ་སྐོར་དུ་མཆོད་གཏོར། ཉེ་ལོགས་ཅི་བདེ་བར་ལས་བུམ་དང་། མཎྜལ་མེ་ཏོག་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱ། དངོས་གཞིར་ཕྱི་ཐུན་གྱི་སྐབས་བདག་མདུན་གྱི་བཟླས་པ་གྲུབ་ནས། བུམ་པ་དུང་ཞལ་བཅས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ཡོངས་གྱུར་ལས། །རྣམ་རྒྱལ་བུམ་པ་མཚན་ཉིད་ཡོངས་རྫོགས་སྟེང་། །དུང་ཞལ་བདུད་རྩིའི་བཅུད་ཀྱིས་གང་བའི་དབུས། །སྣ་ཚོགས་པདྨ་འདབ་བཞིའི་གེ་སར་ལ༔ སོགས་ནས། མཚན་པར་གསལ༔ ཞེས་པའི་མཐར། རང་བྱུང་རྡོ་རྗེ་གསུམ་སོགས་སྦྲེལ། སྤྱན་འདྲེན་ནས་བསྟོད་པ་ཡན་སྒྲུབ་ཐབས་ལྟར་བྱས་ལ། གཟུངས་ཐག་ནས་བཟུང་སྟེ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་། གཟུངས་ཐག་ལ་འཁྲིལ་ཏེ་དུང་ཞལ་གྱི་ལྷའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས་པས་དུང་ཞལ་གང་བར་བསམ་ལ་བཟླས་པ་ཅི་ནུས་བྱ། མཐར་དུང་ཞལ་གྱི་ལྷ་འོད་དུ་ཞུ་བའི་བདུད་རྩི་བུམ་པའི་ཆུ་དང་རོ་གཅིག་པར་བསམ་ལ་དུང་ཆུ་བུམ་པར་བླུག །ལས་བུམ་དུ་སྐད་ཅིག་གིས་རྟ་མགྲིན་དམར་པོ་གཡས་དབྱུག་ཏོ་དང་གཡོན་ཞགས་པ་བསྣམས་པར་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པར་གང་བར་བསམ་ལ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཅེས་ཅི་ནུས་བཟླ་ཞིང་མཐར་ལྷ་འོད་དུ་ཞུ་བའི་ཆུ་ནུས་པ་དང་ལྡན་པར་བསམ། དེ་ནས་རིལ་བུའི་བུམ་པ་སྒྲུབ་པ་ནས་བཟུང་གཏོར་མ་འབུལ་བ་ཡན་གོང་ལྟར་མཐར་ཆགས་སུ་བཏང་རྗེས། ལས་བུམ་གྱི་ཆུས་ཁྲུས་བྱ་ཞིང་། ཇི་ལྟར་བལྟམས་པ་སོགས་ནས། ཤྲཱི་ཡེ་ཧཱུྃ། ཞེས་བརྗོད། རང་གི་ཐུགས་ཀ་ནས་ཁྲོ་བོ་རྟ་མགྲིན་གྱི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ་དབང་ལེན་པ་ལ་བར་དུ་གཅོད་པའི་བགེགས་རྣམས་རྒྱང་རིང་དུ་བསྐྲད་པར་གྱུར། ཧ་ཡ་གྲཱི་བ་དང་། སུམྦྷའི་སྔགས་བཟླ་ཞིང་གུ་གུལ་གྱིས་བདུག །ཡུངས་དཀར་གྱིས་བྲབ། རོལ་མོའི་ཚམ་རྔམ་བྱ། ཨོཾ་བཛྲ་རཀྵ་རཀྵ་བྷྲཱུྃ༔ ཞེས་པས་སྲུང་འཁོར་གསལ་གདབ། དཀྱིལ་འཁོར་དུ་འཇུག་པའི་སླད་དུ། ས་གཞི་སྤོས་ཆུས་བྱུགས་ཤིང་སོགས་མཎྜལ་འབུལ། ཐལ་མོ་སྦྱར་ཏེ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ཅེས་གསོལ་བ་གདབ། མིག་དར་བཅིངས་པའི་ཚུལ་དང་བཅས། ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ན་ཡ་སྭཱ་ཧཱ། མེ་ཏོག་བཟུང་ལ། ཨཱ་ཁཾ་ཝཱི་ར་ཧཱུྃ། ཚོགས་ཞིང་ནམ་མཁའ་གང་བར་སད་པའི་སྤྱན་སྔར། བདག་སོགས་སེམས་ཅན་སྡུག་བསྔལ་གྲོལ་དོན་དུ༔ སོགས་སྐྱབས་སེམས་ཡན་ལག་བདུན་པ་ལན་གསུམ། ཁྱད་པར་ཅན་གྱི་དོན་ཞུ་བའི་སླད། ན་མོ༔ རྡོ་རྗེའི་བླ་མ་དགོངས་སུ་གསོལ༔ བདག་ལ་ཐུགས་རྗེ་ཆེན་པོ་ཡི༔ དབང་བསྐུར་མཆོག་ནི་བསྩལ་དུ་གསོལ༔ ལན་གསུམ། ཞེས་གསོལ་བ་བཏབ་པ་ལ། བླ་མ་དང་མདུན་བསྐྱེད་ཀྱི་གཙོ་བོ་ཐ་མི་དད་པས། ཨེ་མ་འདི་ནི་སྤྱོད་པའི་རྒྱུད༔ ཚུལ་བཞིན་དམ་ཚིག་ཐུབ་བྱ་འམ༔ ཞེས་དྲིས་པའི་ལན་བཏབ་པར་མོས་ཏེ། ཀྱེ་ཧོ༔ སློབ་དཔོན་ཐབས་མཁས་དགོངས་སུ་གསོལ༔ གསང་སྔགས་དམ་ཚིག་ཚུལ་བཞིན་བསྲུང༔ མཁན་པོ་ཕ་མ་རྗེ་ལྟར་མཆོད༔ བྱང་ཆུབ་སེམས་ནི་མི་སྤང་ངོ༔ མུ་སྟེགས་ཅན་ལའང་སྨད་མི་བྱ༔ རྡོ་རྗེ་དྲིལ་བུ་ཕྱག་རྒྱ་གཟུང༔ ལྷ་སྔགས་ཏིང་འཛིན་གསུམ་མི་གཏང༔ ཁོ་ན་ཉིད་བཞི་འབད་པས་བསྒོམ༔ མནའ་ཆུ་བཏུང་ལ། ཨེ་མ་ཧོ༔ དེ་ལྟར་ཡིན་ན་སྐལ་བར་ལྡན༔ དེ་ཕྱིར་སྙིང་ནས་བྲོ་བོར་ཅིག༔ ཅེས་གདམས་པ་ལ་རྡོ་རྗེའི་བྲོ་བོར་བར་མོས་ཏེ། ཨི་དན་ན་ར་ཀན༔ ཞེས་བརྗོད། ཡེ་ཤེས་པ་དབབ་པའི་སླད་དུ། རང་ཉིད་འཕགས་པ་ཐུགས་རྗེ་ཆེན་པོ་འགྲོ་འདུལ་པདྨ་གཙུག་ཏོར་དུ་གསལ་བཞིན་པའི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་གྱུར། ཅེས་བརྗོད་ཅིང་བསམ་ལ། ཧཱུྃ༔ འཕགས་མཆོག་ཐུགས་རྗེའི་སོགས་ནས། ཛཿཧཱུྃ་བཾ་ཧོཿ ཞེས་པའི་བར་སྤོས་རོལ་དང་བཅས་ཡང་ཡང་བརྗོད་པས་བྱིན་དབབ། རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་ལ། ཏིཥྛ་བཛྲས་བརྟན་པར་བྱ། པུཥྤེ་པྲ་ཏཱིཙྪ་ཧོ༔ཞེས་མེ་ཏོག་འཐོར། པུཥྤེ་གྲྀཧྞ་ཨི་མཾ་སཏྭཱ་མ་ཧཱ་བཱ་ལ་ཞེས་ལྷག་པའི་ལྷས་མེ་ཏོག་རང་གི་སྤྱི་བོར་བཅིངས་པར་བསམ། བཛྲ་ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ཅེས་པས་མ་རིག་པའི་སྒྲིབ་གཡོགས་དང་མིག་རས་དུས་མཉམ་དུ་བསལ་བར་མོས་ལ། བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ཕོ་བྲང་གི་སྒོ་བཞི་ཤག་གིས་ཕྱེ་ནས་ཤར་སྒོ་ནས་བྱམས་པ་ཚད་མེད་པའི་འཇུག་པས་ཞུགས་ཏེ་ཐར་པ་ཆེན་པོའི་གྲོང་ཁྱེར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་བཞིན་དུ་མཐོང་བར་གྱུར་པར་བསམ། དངོས་གཞིའི་དབང་གི་སླད་དུ། ས་གཞི་སྤོས་ཆུས་སོགས་མཎྜལ་འབུལ། ཨེ་མ་འདྲེན་པ་བླ་ན་མེད༔ དབང་བསྐུར་བ་ནི་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས། སློབ་དཔོན་དང་མདུན་བསྐྱེད་ཀྱི་གཙོ་བོ་ཐ་མི་དད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་དང་ལྷན་ཅིག་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བ་ལ་བརྟེན་ནས། སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་སྟེ་སངས་རྒྱས་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པར་གྱུར། བུམ་པ་སྤྱི་བོར་བཟུང་ཞིང་། སྤྲོས་མེད་དོན་དམ་ཟླུམ་པོའི་བུམ་པ་ན༔ རང་བྱུང་ཐུགས་རྗེ་ཆེན་པོ་ཞུ་བའི་ཆུ༔ འཛིན་སེམས་ཞེ་སྡང་ལ་སོགས་རྣམ་པར་དག༔ མེ་ལོང་ཡེ་ཤེས་བུམ་པས་དབང་བསྐུར་རོ༔ ཨོཾ་པདྨ་ཨུཥྞཱི་ཥ་བི་མ་ལེ་ཧཱུྃ་ཕཊ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ༔ བདུད་རྩིའི་རྒྱུན་གྱིས་ལུས་གང་བའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོ་འོད་དཔག་མེད་ཀྱིས་དབུར་བརྒྱན་པ་ལ། རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བས་སྐུ་དང་ཡེ་ཤེས་ཕྲིན་ལས་དང་བཅས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་ཤིང་སངས་རྒྱས་ཀྱི་གཟུགས་སྐུ་མཚན་དཔེས་བརྒྱན་པ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པར་གྱུར། དབུ་རྒྱན་སྤྱི་བོར་འཆིང་ལ། ཧྲཱི༔ སྐྱེ་མེད་དོན་དམ་སྙིང་པོ་འགག་མེད་ལས༔ ཕྱག་མཚན་ལྔས་བརྒྱན་རིགས་ལྔའི་ཅོད་པན་འདི༔ ཞེན་སེམས་ང་རྒྱལ་མ་ལུས་ཡེ་ནས་དག༔ མཉམ་ཉིད་ཡེ་ཤེས་རིགས་ལྔས་དབང་བསྐུར་རོ༔ ཨོཾ་པདྨ་ཨུཥྞཱི་ཥ་བི་མ་ལེ་ཧཱུྃ་ཕཊ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ རཏྣ་སཾ་བྷ་བ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་དང་དྲིལ་བུ་ལག་ཏུ་གཏད་པས་སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། གསུང་དབྱངས་ཡན་ལག་དྲུག་ཅུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པར་གྱུར། རྡོར་དྲིལ་སྙིང་གར་སྟེང་འོག་ཏུ་བཟུང་ཞིང་། ཧོ༔ ཁྱོད་ཀྱིས་རྡོ་རྗེ་དྲིལ་བུ་ཆོངས༔ ཐུགས་ཀྱི་དབྱིངས་སུ་འཚང་རྒྱ་འོ༔ ཨོཾ་པདྨ་ཨུཥྞཱི་ཥ་བི་མ་ལེ་ཧཱུྃ་ཕཊ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་གཎྜེ་ཨ་བྷི་ཥིཉྩ་མི༔ རང་ཉིད་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིར་འཁོད་པའི་སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ནམ་མཁའ་དང་མཉམ་པའི་བླ་བྲེ་ཕུབ་ཅིང་། ལག་ཏུ་གླེགས་བམ་གཏད་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྒྱལ་སར་དབང་བསྐུར་བ་ལྟར་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་མངོན་པར་དབང་བསྐུར་བར་གྱུར། གླེགས་བམ་འཛིན་པའི་ཚུལ་དང་བཅས། ཧོ༔ དེང་ཕྱིན་རྡོ་རྗེ་སློབ་དཔོན་ཏེ༔ ཕྱག་རྒྱ་གསུམ་དང་མ་བྲལ་ཅིག༔ རང་གཞན་དོན་ལ་བརྩོན་པར་གྱིས༔ ཞེས་དང་། ཡེ་དྷརྨཱཿབརྗོད་ཅིང་མེ་ཏོག་འཐོར་ལ་དབང་ལྷ་རང་ལ་ཐིམ་པར་བསམ། སློབ་དཔོན་དང་མདུན་བསྐྱེད་ཐ་མི་དད་པའི་ཞལ་ནས་སྔགས་ཀྱི་ཕྲེང་བ་བྱུང་། རང་ཉིད་ཀྱི་རྣ་བ་གཡས་པ་ནས་ཞུགས། སྙིང་གའི་ས་བོན་ལ་ཐིམ་པས་སྔགས་ཀྱི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པར་གྱུར། ཨོཾ་པདྨ་ཨུཥྞཱི་ཥ་བི་མ་ལེ་ཧཱུྃ་ཕཊ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ལན་གསུམ། མདུན་བསྐྱེད་ཀྱི་ཞལ་ནས། དེ་ལྟར་ལྷ་སྔགས་ཀྱིས་མཚོན་པའི་དུས་གསུམ་གྱི་རྣམ་པར་རྟོག་པའི་རྗེས་སུ་མ་འབྲང་བར་སེམས་ཉིད་གཉུག་མའི་དབྱིངས་སུ་མཉམ་པར་ཞོག་ཅིག །ཅེས་གདམས་པར་མོས་ལ་ཅུང་ཟད་མཉམ་པར་འཇོག །བཀྲ་ཤིས་རྫས་རྟགས་ཀྱི་ཙཀླི་བཟུང་ལ། ཧྲཱི༔ མ་རིག་རྣམ་དག་ཡེ་ཤེས་མེ་ལོང་མཆོག དུག་ལྔའི་གདུང་སེལ་སྙིང་པོ་ཞོ་ཡི་ཟས༔ ཉོན་མོངས་གཅོང་གཞིལ་གི་ཝཾ་སྨན་གྱི་ཕུལ༔ ཕྱི་ནང་ཆོས་རྣམས་དབང་སྡུད་ལི་ཁྲི་མཆོག༔ རྒྱུད་དག་གསང་སྔགས་འབྲས་སྤྱོད་བིལྦའི་འབྲས༔ རྡོ་རྗེའི་ཚེ་མཆོག་འཕེལ་བའི་དཱུརྦ་དང༔ ལོག་སྨྲ་ཀུན་བཅོམ་གཡས་འཁྱིལ་ཆོས་ཀྱི་སྒྲ༔ བདུད་སྡེ་ཕམ་མཛད་ཁྲོ་བོ་ཡུངས་དཀར་ཚོགས༔ འདི་དག་དབང་བསྐུར་བཀྲ་ཤིས་ལྡན་པར་ཤོག༔ ཨོཾ་མངྒ་ལཾ་ཀུ་རུ་ཨ་བྷི་ཥིཉྩ་མི༔ ཧྲཱི༔ དཔལ་བེའུ་ཡེ་ཤེས་དྲྭ་བ་ཆེ༔ འཁོར་ལོ་ཕྱོགས་ལྷུང་ཀུན་དང་བྲལ༔ པདྨ་ཆགས་མེད་ཡེ་ཤེས་ཏེ༔ རྒྱལ་མཚན་རྟོག་མེད་བདུད་ལས་རྒྱལ༔ གདུགས་མཆོག་ཁོར་ཡུག་འོད་གསལ་བ༔ བུམ་པ་ཅིར་སྣང་ཆོས་ཀྱི་གཏེར༔ ཆོས་དུང་གྲགས་སྟོང་གདངས་རྩལ་ཅན༔ གསེར་ཉ་ཡེ་ཤེས་བྱང་ཆུབ་སེམས༔ སྐལ་ལྡན་རྣམས་ལ་དབང་བསྐུར་བས༔ བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག༔ ཨོཾ་ཨཥྚ་མངྒ་ལཾ་ཨ་བྷི་ཥིཉྩ་མི། རྗེས་འབྲེལ་དུ་ཤིས་པ་བརྗོད་པ་ཇི་ལྟར་རིགས་པ་དང་བཅས་མེ་ཏོག་གི་ཆར་དབབ་ཅིང་རོལ་མོའི་སྒྲ་སྦྱར། གཙོ་བོས་ཇི་ལྟར་སོགས་ཀྱིས་དམ་ཚིག་ཁས་བླང་། ས་གཞི་སྤོས་ཆུས་བྱུགས་སོགས་གཏང་རག་གི་མཎྜལ། དེང་ནས་བརྩམ་སྟེ་སོགས་ལུས་ལོངས་སྤྱོད་འབུལ་བ་རྣམས་བྱའོ། །དེ་ནས་བྱིན་འབེབ་སོགས་ཆོ་གའི་འཕྲོས་རྣམས་གོང་སྨོས་ལྟར་གཏང་ངོ་། །གཉིས་པ་དངོས་གྲུབ་བླང་བ་ནི། ངན་སོང་དོང་སྤྲུགས་ཀྱི་གཞུང་ལས། ཉམས་དགའ་བྱིན་ཕེབས་རིག་པ་དྭངས༔ འོད་དང་དུ་བ་སྒྲ་སྙན་དང༔ མང་དུ་འཕེལ་ན་གྲུབ་པའི་རྟགས༔ ཞེས་གསུངས་པའི་མཚན་མ་བཟང་པོ་དངོས་སུ་མཐོང་བའམ། སྒྲུབ་པ་སང་གྲོལ་རྒྱུའི་དོ་ནུབ་མཆོད་གཏོར་གསར་པ་རྒྱ་ཆེར་བཤམ། སང་སྔ་བར་ལངས་ལ་ལས་གཞུང་བསྲང་། ནམ་ལངས་པའི་དུས་སུ་བདག་འཇུག་དང་འབྲེལ་ན་དབང་གི་དངོས་གཞི་རྫོགས་པའི་མཚམས་དང་། མ་འབྲེལ་ན་གཏོར་མ་འབུལ་བ་ཡན་གྲུབ་རྗེས། ཐལ་མོ་སྦྱར་བས་བཏུད་དེ། འགྲོ་འདུལ་པདྨ་གཙུག་ཏོར་གྱི༔ དཀྱིལ་འཁོར་ལྷ་ཚོགས་བདག་ལ་དགོངས༔ མྱོང་གྲོལ་རྫས་ཀྱི་དངོས་གྲུབ་མཆོག༔ ཐུགས་རྗེས་དགོངས་ཏེ་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་འོད་ཀྱིས་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་དང་ལྷན་ཅིག་པས། རིལ་བུ་ལྷར་གསལ་བས་ཡོངས་སུ་གང་བའི་རིན་པོ་ཆེའི་བུམ་པ་སྤྱི་བོར་བཞག་ཅིང་དབང་བསྐུར་བས་སྐུ་ལས་བདུད་རྩིའི་རྒྱུན་བབས། སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བར་གྱུར་པར་བསམ་ལ། རིལ་བུའི་བུམ་པ་སྤྱི་བོར་བཟུང་ཞིང་། ཨོཾ༔ ཏིལ་གྱི་གང་བུ་བཞིན་གང་བའི༔ རྒྱལ་བས་བུམ་པ་བཟུང་ནས་ནི༔ མྱོང་གྲོལ་བདུད་རྩིའི་དབང་བསྐུར་བས༔ ཉོན་མོངས་དྲི་མ་དག་པར་ཤོག༔ ཨོཾ་པདྨ་ཨུཥྞཱི་ཥ་བི་མ་ལེ་ཧཱུྃ་ཕཊ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ དེས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག །འཕགས་པ་ཐུགས་རྗེ་ཆེན་པོའི་སྐུའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པ་ཡིན་ནོ། །བུམ་པ་མགྲིན་པར་བཟུང་ལ། བུམ་པའི་ལྷ་ལས་རིལ་བུ་ལས་ཀྱི་སེམས་དཔའ་འཕགས་མཆོག་འཁོར་བ་དངོ་སྤྲུགས་ཀྱི་རྣམ་པས་རང་གི་ལྕེ་པདྨ་དམར་པོ་འདབ་མ་བརྒྱད་པའི་རྣམ་པར་གསལ་བའི་དབུས་སུ་བྱོན། དེ་ལས་འོད་ཟེར་འཕྲོས། མགྲིན་པའི་ནང་ཐམས་ཅད་གང་བར་གྱུར། རིལ་བུ་ལྕེ་སྟེང་དུ་བཞག་ལ། ཨཱ༔ བུམ་བཅུད་པདྨ་གཙུག་ཏོར་ལྷ༔ ལས་ཀྱི་སེམས་དཔའི་རྣམ་པར་བྱོན༔ རྡོ་རྗེ་ལྕེ་ཡི་དལ་དུ་བཞུགས༔ ནུས་པ་སྔགས་ཀྱི་དབང་བསྐུར་རོ༔ སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག །འཕགས་པ་ཐུགས་རྗེ་ཆེན་པོའི་གསུང་གི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པ་ཡིན་ནོ། །མཐར་རིལ་བུ་ལྷར་གསལ་བ་མགྲིན་པའི་ལམ་ནས་བྱོན། སྙིང་པདྨ་འདབ་བརྒྱད་ཀྱི་དབུས་སུ་རླུང་སེམས་དང་དབྱེར་མེད་པའི་ཡེ་ཤེས་སེམས་དཔའ་འགྲོ་འདུལ་འཁོར་བ་དོང་སྤྲུགས་ཀྱི་རྣམ་པས་བྱང་ཆུབ་མ་ཐོབ་བར་དུ་མི་འབྲལ་བར་ཡུན་གྱི་ལྷར་བཞུགས་ཤིང་། ཐུགས་རྗེའི་གཟི་བྱིན་རབ་ཏུ་འབར་བས་རྒྱུད་བྱིན་གྱིས་བརླབས་པར་གྱུར། རིལ་བུ་བུམ་ཆུ་དང་སྦྱར་བ་ཁོང་དུ་མིད་ལ། ཧཱུྃ༔ སྙིང་དབུས་པདྨའི་ཟེའུ་འབྲུ་རུ༔ ཐུགས་རྗེའི་གཟི་འབར་ཡེ་ཤེས་སེམས༔ བྱང་ཆུབ་བར་དུ་རོ་གཅིག་པས༔ མཆོག་གི་དངོས་གྲུབ་ཐོབ་པར་ཤོག༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ཅིང་སྙིང་གར་རྡོ་རྗེས་རྒྱས་གདབ་ཚུལ་བྱ། དེས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག །འཕགས་པ་ཐུགས་རྗེ་ཆེན་པོའི་ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པ་ལ། བླ་མ་དང་དབྱེར་མེད་པའི་མདུན་བསྐྱེད་འཕགས་པའི་ལྷ་ཚོགས་རྣམས་ཀྱིས་ཀྱང་མེ་ཏོག་གི་ཆར་འབེབས་ཤིང་བདེན་ཚིག་གིས་མངའ་གསོལ་བར་གྱུར། འགྲོ་འདུལ་འཕགས་པའི་ཕྲིན་ལས་ཀྱིས༔ ཁམས་གསུམ་སེམས་ཅན་མ་ལུས་ཀུན༔ ལས་ཉོན་སྒྲིབ་པ་ཀུན་བྱང་ནས༔ སྤྱན་རས་གཟིགས་དབང་མྱུར་ཐོབ་ཤོག༔ ཅེས་དང་། རྟེན་འབྲེལ་སྙིང་པོ་བརྗོད་ཅིང་མེ་ཏོག་གི་ཆར་དབབ། རོལ་མོའི་སྒྲ་སྦྱར། དེ་ནས་བདག་འཇུག་དང་འབྲེལ་ན་བཟླས་ལུང་མན་སྔར་ལྟར་བླངས་ཤིང་། གང་ལྟར་ཡང་མཇུག་གཏང་རག་གི་མཆོད་བསྟོད་རྒྱས་པར་བྱ། ནོངས་པ་བཤགས། རྡུལ་ཚོན་ཡིན་ན་གཤེགས་གསོལ་དང་། རས་བྲིས་དང་། རིལ་བུ་ལ་བརྟན་བཞུགས་རྒྱས་པར་བྱ་ཞིང་མེ་ཏོག་གི་ཆར་དབབ། བསྔོ་སྨོན་ཤིས་བརྗོད་བར་གོང་བཞིན་གྲུབ་རྗེས། སྒྲུབ་ཁང་གི་སྒོ་དྲུང་རྒྱལ་ཐོའི་མདུན་གཏང་རག་གི་མཆོད་གཏོར་བཤམས་ལ་གཏོར་མ་བསང་སྦྱང་བྱིན་རླབས་འབུལ་བ་དང་། མཆོད་བསྟོད་གོང་ལྟར་བྱས་ལ། མ་རྙེད་ཡོངས་སུ་མ་ཚང་དང་། །སོགས་ཀྱི་མཐར་ཡི་གེ་བརྒྱ་པས་ནོངས་པ་བཤགས། བཛྲ་མུཿས་རྒྱལ་པོ་ཆེན་པོ་འཁོར་དང་བཅས་པ་རང་རང་གི་གནས་སུ་དགྱེས་བཞིན་གཤེགས་པར་གྱུར། ཅེས་དང་། གནས་འདིར་ཉིན་མོ་བདེ་ལེགས་སོགས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ལ་ཐོ་བླང་། ནང་དུ་ལོག་སྟེ། ན་མོ༔ ཕྱོགས་བཅུ་དུས་བཞིའི་སོགས་སྨོན་ལམ་རྒྱས་པར་བཏབ་སྟེ་ཤིས་པ་བརྗོད་པའི་ཚིག་གིས་མཐའ་བརྒྱན། ལས་ཀྱི་རྗེས་མི་མངོན་པར་བསྡུས་ཏེ་སྒྲུབ་པ་གྲོལ་ལོ། །གསུམ་པ་གཞན་རྗེས་འཛིན་ནི། གཞན་ལ་དབང་བསྐུར་ན། གོང་གི་བདག་འཇུག་གྲུབ་འཕྲལ། ཨོཾ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ རྡོ་རྗེའི་ཡེ་ཤེས་ཐོབ་བྱེད་པའི༔ སྙིང་པོའི་དཀྱིལ་འཁོར་འདི་རུ་ནི༔ བདག་གི་སློབ་མ་འཇུག་པར་འཚལ༔ ཅེས་གནང་བ་ནོད། ཐོ་ནང་དུ་འདུ་བར་འོས་པའི་སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱ། ནང་དུ་འོངས་པ་ན་བགེགས་བསྐྲད། སྲུང་འཁོར་བསྒོམ། མཚམས་སྦྱོར་ནས་བརྩམ་སྟེ་དབང་གི་དངོས་གཞི་ཡན་དབང་ཆོག་གཞན་ཕན་ཀུན་ཁྱབ་ལྟར་བསྐུར་རྗེས། དེས་དབང་གི་དངོས་གཞི་གྲུབ་ནས། དེ་དང་རྗེས་སུ་འབྲེལ་བར་མྱོང་གྲོལ་རྫས་ཀྱི་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་ཕུལ་ཅེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། འགྲོ་འདུལ་པདྨ་གཙུག་ཏོར་གྱི༔ ཞེས་སོགས་ཀྱིས་གསོལ་བ་བཏབ་ལ། དབང་བསྐུར་བ་དངོས་ལ་སྐུ་བུམ་པའི་དབང་བསྐུར་བ། གསུང་རིལ་བུའི་དབང་བསྐུར་བ། ཐུགས་རྒྱས་འདེབས་ཀྱི་དབང་བསྐུར་བ་རྣམས་སུ་ཡོད་པ་ལས། ཐོག་མར་སྐུ་བུམ་པའི་དབང་བསྐུར་བའི་སླད་དུ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་སོགས་ནས། གང་བར་གྱུར་པའི་མོས་པ་མཛོད། ཅེས་པས་མཚོན་ཚིག་གི་མཐའ་བསྒྱུར་ཚུལ་ཅུང་ཟད་མ་གཏོགས་གོང་ལྟར་བདེན་བརྗོད་ཀྱི་བར་བགྱིས་མཐར། དེ་ལྟ་བུའི་མྱོང་གྲོལ་བདུད་རྩིའི་དབང་བསྐུར་པས་མཚོན་མཐོང་ཐོས་དྲན་རེག་གི་འགྲོ་བ་ཐམས་ཅད་གྲོལ་བ་བཞི་ལྡན་གྱི་ཕན་ཡོན་རླབས་པོ་ཆེ་འཐོབ་པའི་ཚུལ། ངན་སོང་དོང་སྤྲུགས་འགྲོ་བ་འདུལ་བའི་རྒྱུད་ཆེན་པོ་ལས། བཅོམ་ལྡན་འདས་པདྨའི་སྤྱན་གྱིས་མཁའ་འགྲོ་མ་གར་གྱི་དབང་མོ་ལ་བཀའ་བསྩལ་པ༔ དོན་གྱི་བདུད་རྩི་མྱོང་གྲོལ་ནི་སྐྱེ་བ་མེད་པའོ༔ རྟགས་ཀྱི་བདུད་རྩི་མྱོང་གྲོལ་ནི་སྐྱེ་བ་བདུན་པའི་བཅུད་དོ༔ མཚན་མའི་བདུད་རྩི་མྱོང་གྲོལ་ནི་ཚུལ་བཞིན་དུ་བསྒྲུབས་པའི་རིལ་བུའོ༔ འདི་ནི་ངན་སོང་དང་འཁོར་བ་ཐམས་ཅད་དོང་ནས་སྤྲུགས་པའི་ཐབས་ཆེན་པོ་འཕགས་པའི་ཐུགས་རྗེ་ལས་རང་བྱུང་བའོ༔ འགྲོ་བའི་རེ་འདོད་ཚུལ་བཞིན་དུ་སྐོང་བའི་ཡིད་བཞིན་གྱི་ནོར་བུའོ༔ འདི་ཉིད་སེམས་ཅན་གང་དང་གང་གིས་མཐོང་ངམ༔ ཐོས་སམ༔ རེག་གམ༔ མགུལ་དུ་འཆང་བའམ༔ དྲི་ཚོར་བའམ༔ ཁར་མྱོང་བ་སོགས་འབྲེལ་ཚད་ཐམས་ཅད་ཀྱི་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དུང་དཀར་གྱི་རྡུལ་ཕྱིས་པ་བཞིན་དག་པར་འགྱུར་རོ༔ འཁོར་བ་དང་ངན་སོང་དུ་སྐྱེ་བའི་ལས་ཀྱི་སྒོ་ཆོད་པར་འགྱུར་རོ༔ མཐོ་རིས་དང་ཐར་པའི་ས་བོན་ཐེབས་པར་འགྱུར་རོ༔ གཞན་ཡང་ནད་དང༔ གདོན་དང༔ ཡིད་མི་བདེ་བ་ཐམས་ཅད་ཞི་ཞིང༔ ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་རྒྱས་པར་འགྱུར་རོ༔ བགེགས་དང་བར་དུ་གཅོད་པས་མི་ཚུགས་པའི་སྲུང་བ་ཆེན་པོར་འགྱུར་རོ༔ མདོར་ན་གཞན་མང་དུ་སྨོས་ཅི་དགོས་ཏེ༔ རིལ་བུ་གང་གི་ལྟོར་སོང་བའི་སེམས་ཅན་དེ་འཕགས་པའི་གདུང་འཛིན་པས་སྤྱན་རས་གཟིགས་དབང་ཕྱུག་དང་སྐལ་པ་མཉམ་པར་ཤེས་པར་བྱའོ༔ ཞེས་གསུངས་པ་ལ་དད་པ་དང་ངེས་ཤེས་མཆོག་ཏུ་བསྐྱེད་ནས་འཕགས་མཆོག་ཐུགས་རྗེའི་དབང་ཕྱུག་གི་གསོལ་འདེབས་བཟླས་བསྒོམ་ལ་རྩེ་གཅིག་ཏུ་བརྩོན་པ་དང་། བྱེ་བྲག་ཏུ་གཏེར་ཁ་འདི་ཉིད་ཀྱི་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་ལོ་རྒྱུས་ལས། ཡིག་དྲུག་ཁྲི་ཕྲག་རེ་བཟླས་ནས༔ རིལ་བུ་སུ་དང་སུས་མྱོང་བ༔ ངན་སོང་མེད་པར་ཐེ་ཚོམ་མེད༔ ཅེས་གསུངས་པས། དེང་འདིར་ཡང་རིལ་བུའི་བྱིན་རླབས་ཀྱི་ནུས་པ་སྐྱེད་པའི་ཕྱིར་ཡི་གེ་དྲུག་པ་ཁྲི་ཕྲག་རེ་ལ་ཉུང་མཐའ་བྱས་པ་བཟླ་བ་ལ་བརྩོན་པར་མཛད་འཚལ། དེས་སྤྱི་དང་བྱེ་བྲག་གི་དབང་བསྐུར་བ་དངོས་གཞི་གྲུབ་ནས། མཐའ་རྟེན་དུ་རིག་སྔགས་གྲུབ་པར་བྱེད་པ་བཟླས་ལུང་ཞེས་སོགས་དབང་ཆོག་ལྟར་མཐར་ཆགས་སུ་དགེ་བ་བསྔོ་བའི་བར་བྱས་ལ་སློབ་མ་རྣམས་གྱེས། སྒྲུབ་པ་པོ་རྣམས་ཀྱིས་མཆོད་བསྟོད་སོགས་རྗེས་ཆོག་གོང་བཞིན་བྱའོ། །ཡང་རིལ་བུའི་དབང་རྐྱང་པ་བསྐུར་ནའང་རུང་བས། དེ་ལྟར་ན་ཁྲུས་བྱ། བགེགས་ཕྲལ། སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ནས། དེ་ལ་འདིར་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པའི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་ངོ་བོ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་འཆང་ཆེན་པོས་ལེགས་པར་གསུངས་པའི། འཕགས་མཆོག་སྙིང་རྗེའི་གཏེར་ཆེན་འགྲོ་འདུལ་སྤྱན་རས་གཟིགས་པདྨ་གཙུག་ཏོར་ལྷ་ལྔའི་དཀྱིལ་འཁོར་དུ་མཐོང་ཐོས་དྲན་རེག་གི་འགྲོ་བ་ཐམས་ཅད། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་དཀའ་བ་མེད་པར་སྦྱོར་བའི་མྱོང་གྲོལ་རྫས་ཀྱི་རིལ་བུའི་དབང་བསྐུར་བ་ལ་སློབ་དཔོན་གྱི་བགྱི་བ་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་མཎྜལ་ཕུལ། ཅེས་མཎྜལ་འབུལ་དུ་གཞུག །དེ་ལྟར་མཎྜལ་ཕུལ་ནས། མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀུན་མཁྱེན་ཡེ་ཤེས་སོགས། སྐྱབས་སེམས་ཡན་ལག་བདུན་པ་རྣམས་ཀྱི་མཐར་ཡེ་ཤེས་པ་དབབ་ཅིང་བསྟིམས་ལ། དེ་ལྟར་ཡེ་ཤེས་དབབ་ཅིང་བསྟིམ་པར་བྱ་བ་སྔོན་དུ་སོང་ནས། དངོས་གཞིའི་དབང་བསྐུར་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། འགྲོ་འདུལ་པདྨ་སོགས་གསོལ་འདེབས་ནས་བརྩམ་ཕན་ཡོན་བརྗོད་པ་ཡན་གོང་ལྟར་ལ། དེས་དབང་གི་དངོས་གཞི་གྲུབ་ནས། དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་གྱི་འདུན་པ་དྲག་པོས་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས་ཀྱིས་དམ་ཚིག་ཁས་བླང་། མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བ་བསྔོ་བ་རྣམས་སྤྱི་ལྟར་བྱའོ། །ཐོ་ནང་དུ་འདུ་བར་མི་འོས་རིགས་ལ་དབང་བསྐུར་ན། ཐོ་བླངས་ནས་བསྔོ་སྨོན་སོགས་གྲུབ་རྗེས། གནས་དེ་ཉིད་དམ་ཕྱི་རོལ་དུ་དཀྱིལ་འཁོར་གསར་དུ་བཤམས་ལ་སྒྲུབ་མཆོད་སྔོན་དུ་འགྲོ་བས་གོང་ལྟར་དབང་བསྐུར་བར་བྱའོ། །དེ་ལྟར་ལེགས་པར་བསྒྲུབས་པའི་རིལ་བུའི་ཕན་ཡོན་ནི་གོང་དུ་ཇི་སྐད་སྨོས་པས་མཚོན་ཐུགས་རྗེ་ཆེན་པོའི་རྒྱུད་དང་མན་ངག་རྣམས་ལས་རྒྱ་ཆེར་འབྱུང་བའི་ཕྱིར། སྟོན་པ་རྡོ་རྗེ་འཆང་གི་བཀའ་ནམ་ཡང་མི་བསླུ་བས་ཆོས་སྤོང་བའི་ལས་ངན་གྱི་མཚོ་རྡོལ་བའི་དམ་འོག་ཏུ་མ་ཆུད་པའི་དད་པ་དང་། སྙིང་རྗེ་དང་། གཞན་ལ་སྨན་པར་འདོད་པའི་རྒྱལ་བའི་མྱུ་གུའི་རིགས་སུ་སོན་པ་རྣམས་ཀྱིས་ཚུལ་འདི་ལྟ་བུའི་སྒོ་ནས་ཀྱང་རང་གཞན་གྱི་རྒྱུད་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་བོན་རྒྱ་ཆེར་བསྐྲུན་པའི་ཐབས་ལ་མཁས་པར་བྱའོ། །ཞེས་པའང་གཞན་ཕན་གྱི་བསམ་པ་བཟང་པོ་དང་ལྡན་ཡང་། སྒྲུབ་པ་ཆེན་པོའི་ཚུལ་ཇི་ལྟ་བ་ལག་ཏུ་མི་ལོན་པའི་རིགས་ལ་འདི་ཙམ་གྱིས་ཀྱང་སྐབས་ཀྱི་དོན་གྲུབ་པར་མཐོང་ནས། ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོས་ལེགས་པར་གསུངས་པའི་འཇིག་རྟེན་དབང་ཕྱུག་པདྨ་གཙུག་ཏོར་གྱི་གཞུང་རྩ་བ་དང་། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་ཐུགས་རྗེ་ཆེན་པོ་ངན་སོང་དོང་སྤྲུགས་ཀྱི་མྱོང་གྲོལ་རིལ་བུའི་ལས་ཚོགས་ཕན་ཚུན་ཁྲིགས་སུ་བསྡེབས་པ་པོ་ནི། སྤྲུལ་པའི་གཏེར་སྟོན་ཆེན་པོ་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པའི་བཀའ་དྲིན་ལས་ཟབ་མོའི་ལམ་སྲོལ་འདི་དག་དང་པོ་ཁོ་ནར་ཐོས་པའི་སྐལ་པ་བཟང་པོ་དང་ལྡན་ཅིང་། སྤོབས་པ་ཅུང་ཟད་དགེ་བ་མཚོ་སྐྱེས་ཀུན་ཏུ་འཆང་བ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོ་རྡོ་རྗེ་གཟི་བརྗིད་རྩལ་གྱིས་དགེ་མཚན་གྱི་སྣང་བ་དང་བཅས་ལེགས་པར་སྦྱར་བའི་བསོད་ནམས་ཀྱིས་མཁའ་ཁྱབ་ཀྱི་འགྲོ་བ་ཀུན་ལ་འཕགས་པ་ཐུགས་རྗེའི་གཏེར་གྱི་ཕྲིན་ལས་མཐའ་དག་ཡོངས་སུ་རྫོགས་པའི་རྒྱུར་གྱུར་ཅིག། །།སྤྲུལ་པའི་གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་སྒྱུར། །འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པ་ཡི། །རིང་ལུགས་ཕྱོགས་དུས་ཀུན་ཏུ་ཁྱབ་པ་དང་། །ཕན་བདེའི་དགེ་མཚན་རྒྱས་པའི་བཀྲ་ཤིས་ཤོག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །།དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་དབང་ལུང་གི་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
བླ་མ་གསང་བ་འདུས་པའི་ཟབ་རྒྱ་བརྒྱད་ཀྱི་དང་པོ་བསྒོམ་པའི་གནད་ཟིན་བྲིས་སུ་བགྱིས་པ་ (Volume 6, Text 9)
༄༅། །བླ་མ་གསང་བ་འདུས་པའི་ཟབ་རྒྱ་བརྒྱད་ཀྱི་དང་པོ་བསྒོམ་པའི་གནད་ཟིན་བྲིས་སུ་བགྱིས་པ་བཞུགས་སོ། ། གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ འདིར་བླ་མ་གསང་བ་འདུས་པའི་ཟབ་རྒྱ་བརྒྱད་ཀྱི་དང་པོ་ཉམས་སུ་ལེན་ཚུལ་ནི། རྟོག་མེད་ཀྱི་ངང་ནས་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས། སྐད་ཅིག་དྲན་རྫོགས་དེ་ཉིད་ལས༔ ཞེས་སོགས་ནས་བཟུང་ཚིགས་བཅད་རྣམས་ངག་ཏུ་བརྗོད་ལ་བསྐྱེད་རིམ་གསལ་བཏབ་ཅིང་། བསྒོམ་དོན་ནི། རང་ཉིད་བླ་མ་རྡོར་སེམས་དཀར་པོ་རྡོར་དྲིལ་འཛིན་པ་སྐྱིལ་ཀྲུང་ཅན་དུ་གསལ་བའི་ཐུགས་དཀྱིལ་དུ་པདྨ་འདབ་བརྒྱད་གནས་པའི་སྲོག་ཤིང་ལྟ་བུར་སྐུ་ལུས་ཀྱི་དྲང་ཐད་དུ་ཨ་ཝ་དྷཱུ་ཏི་ཆོས་བཞི་ལྡན། དེ་ལས་གྱེས་པའི་གཡས་སུ་ཡེ་ཤེས་ཀྱི་རྩ་མཐིང་ག །གཡོན་དུ་ཡོན་ཏན་གྱི་རྩ་སེར་པོ། རྒྱབ་ཏུ་རང་རྒྱུད་ཀྱི་རྩ་དམར་ནག །མདུན་དུ་ཆོས་ཉིད་ཀྱི་རྩ་དམར་པོ་རྣམས་གསལ་བའི་དབུས་ཀྱི་རྩ་དབུ་མའི་ནང་དུ་དྭངས་མ་ལྔ་གནས་པ་ལས། རྩའི་དྭངས་མ་དར་དཀར་གྱི་སྐུད་པ་ལྟ་བུ། ཁྲག་གི་དྭངས་མ་དམར་པོ་བྱིའུའི་སྒོ་ང་ཙམ། དབུགས་ཀྱི་དྭངས་མ་སྔོ་སྐྱ་སྲན་སྦོས་ཙམ། དྲོད་ཀྱི་དྭངས་མ་དམར་པོ་ཡུངས་འབྲུ་ཙམ། ཐིག་ལེའི་དྭངས་མ་དཀར་པོ་སྲན་ཆུང་ཙམ་སྟེ་ལྔ་གནས་པར་དམིགས། གཡས་ཀྱི་རྩ་ནང་དུ་སྒོ་ལྔའི་རྣམ་ཤེས་ཀྱི་ངོ་བོ་སྦྱང་གཞིར་གྱུར་པ་ལྷའི་ས་བོན་ཨ་དཀར་པོ། མིའི་ས་བོན་ནྲི་དམར་སྐྱ་གཉིས་སྦྲེལ་མར་གནས་པའི་སྟེང་སྦྱོང་བྱེད་རྣམ་སྣང་གི་ས་བོན་ཨོཾ་དཀར་པོ། གཡོན་གྱི་རྩ་ནང་དུ་ཀུན་གཞིའི་རྣམ་ཤེས་ཀྱི་ངོ་བོ་སྦྱང་གཞིར་གྱུར་པ་བྱོལ་སོང་གི་ས་བོན་ཏྲི་དུད་ཁ་དང་། ལྷ་མ་ཡིན་གྱི་ས་བོན་སུ་སྔོ་སྐྱ་གཉིས་སྦྲེལ་མར་གནས་པའི་སྟེང་སྦྱོང་བྱེད་དོན་གྲུབ་ཀྱི་ས་བོན་ཨ་ཐུང་ལྗང་གུ། རྒྱབ་ཀྱི་རྩ་ནང་དུ་ཉོན་ཡིད་ཀྱི་རྣམ་ཤེས་ཀྱི་ངོ་བོ་སྦྱང་གཞིར་གྱུར་པ་དམྱལ་བའི་ས་བོན་དུ་ནག་པོ་དང་། ཡི་དྭགས་ཀྱི་ས་བོན་པྲེ་དམར་པོ་གཉིས་སྦྲེལ་མར་གནས་པའི་སྟེང་། སྦྱོང་བྱེད་མི་བསྐྱོད་པའི་ས་བོན་ཧཱུྃ་སྔོན་པོ། མདུན་གྱི་རྩ་ནང་དུ་ཡིད་ཀྱི་རྣམ་ཤེས་ཀྱི་ངོ་བོ་སྦྱང་གཞིར་རྩ་ཁོ་ན་ལས་ཡིག་འབྲུ་མེད་ཀྱང་སྦྱོང་བྱེད་རིན་འབྱུང་གི་ས་བོན་ཏྲཱཾ་སེར་པོ་རྣམས་གསལ་ལེགས་པར་བཏབ། དེའི་ནང་ནས་དབུ་མའི་དྭངས་མ་ལྔ་འདུས་ཀྱི་ཕུང་པོ་དེ་འོད་དུ་འབར། ཐིག་ལེའི་དྭངས་མ་དེ་ཞུ་བ་ལས་འོད་མི་འགྱུར་བ་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་མཉམ་གཞག་ཅན་རིན་པོ་ཆེའི་རྒྱན་ལྡན་གྱི་ཐུགས་ཀར་ཉི་ཟླའི་སྟེང་དུ་སྦྱོང་བྱེད་ཀྱི་ཡི་གེ་ཧྲཱིཿདམར་པོར་གནས་པ་དང་། རྩ་བཞིའི་ནང་གི་སྦྱོང་བྱེད་ཀྱི་ཡིག་འབྲུ་བཞི་ལས་ཀྱང་འོད་བྱུང་བས་སྦྱང་གཞིའི་ཡིག་འབྲུ་རྣམས་ལྷག་མེད་དུ་སྦྱངས་པས་རིགས་དྲུག་གི་སྐྱེ་སྒོ་བཅད་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་མོས། འོད་མི་འགྱུར་བའི་སྐུ་དང་སྦྱོང་བྱེད་འབྲུ་ལྔ་ལ་སེམས་གཏད་དེ། ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨ་ཨ་ཨ་བཛྲ་ཧྲཱིཿཧྲཱིཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཡ་ཨ་ཨ་ཨ། ཏདྱ་ཐཱ། སདྱཱ་ཡ་ཐེ་དན་ཨོཾ་ཨཱཿཧཱུྃ། ཞེས་ལན་མང་དུ་བཟླ་སྐབས་འཇམ་རླུང་བུམ་པ་ཅན་བཟུང་སྟེ། ངག་བཟླས་མི་བྱ་བར་ཡིད་བཟླས་བྱ། ཡིག་འབྲུ་འདི་རྣམས་འགའ་ཞིག་ལཉྩའི་རྣམ་པར་བསྒོམ་པར་འདོད་ཀྱང་། བོད་ཡིག་དབུ་ཅན་གྱི་གཟུགས་སུ་བསྒོམ་པ་འཐད་པའི་རྒྱུ་མཚན། འགྲོ་བ་སོ་སོའི་ལུས་ལ་རྩ་ཁམས་རྣམ་པར་དག་པ་རང་རང་གི་ཡི་གེའི་གཟུགས་སུ་གནས་པར་བཤད་པ་ཡིན། རྩ་རྣམས་ཐད་ཀར་བརྒྱངས་པའི་ནང་དུ་ཡིག་འབྲུ་རྣམས་མགོ་ཕྱིར་བསྟན་དུ་བསྒོམ་དགོས། དེ་ལྟར་ཞག་བདུན་བསྒོམ་པས་བར་དོ་ཆོད་པའི་རྟགས་འདས་ཚེ་རྣམ་སྨིན་གྱི་ཕུང་པོ་ལ་འཇའ་ཚོན་སྣ་ལྔ་ཟུག་པར་གུ་རུ་པདྨས་གསུངས་པའི་ཟབ་གནད་ཡི་གེར་དགེ་སློང་བྱ་བྲལ་བ་པདྨ་ཕྲིན་ལས་ཀྱིས་བྲིས་སོ།། །།
བླ་མ་མཁའ་འགྲོ་བདུད་འདུལ་མའི་དཀྱིལ་འཁོར་ལྷ་ཚོགས་ལ་གཏོར་མ་འབུལ་བའི་ལས་རིམ་གྲུབ་གཉིས་རོལ་མཚོ་ (Volume 33, Text 9)
༄༅། །བླ་མ་མཁའ་འགྲོ་བདུད་འདུལ་མའི་དཀྱིལ་འཁོར་ལྷ་ཚོགས་ལ་གཏོར་མ་འབུལ་བའི་ལས་རིམ་གྲུབ་གཉིས་རོལ་མཚོ་ཞེས་བྱ་བ་བཞུགས་སོ།། བླ་མ་མཁའ་འགྲོ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་གདོང་གསང་ཡེ་བདུད་འདུལ་མ་ལ་ཕྱག་འཚལ་ལོ། །བླ་མ་མཁའ་འགྲོའི་ཚོགས་ལ་ཐུན་པར་གཏོར་མ་འབུལ་བ་ནི། སྒྲུབ་མཆོད་ཀྱི་གཏོར་མ་རྣམས་ལ་གཏོར་གསོས་དང་སྨན་རཀ་བྲན། རང་ཉིད་མཁའ་འགྲོའི་ང་རྒྱལ་གསལ་བས་དམིགས་པའི་འཕྲོ་འདུ་དང་བཅས་པས་འདི་བཞིན་བརྗོད། བདག་ཉིད་བླ་མ་མཁའ་འགྲོའི་ཐུགས་ཀ་ནས། །འོད་ཟེར་ཨ་ཡིག་གསུམ་དང་ཨོཾ་ཆད་པས། །འོག་གཞི་ཡཾ་ལས་རླུང་ལྗང་རྒྱ་གྲམ་སྟེང་། །རཾ་དམར་མེ་འབར་དབུས་སུ་ཨ་གསུམ་ལས། །མི་མགོའི་སྒྱེད་པུ་རི་རབ་ཙམ་གྱི་སྟེང་། །ཨོཾ་ལས་གཏོར་སྣོད་ཐོད་ཞལ་སྟོང་གསུམ་མཉམ། །ཨཱཿའཕྲོས་ཐོད་ནང་གཏོར་རྫས་ངོ་བོ་ནི། །གོ་ཀུ་ད་ཧ་ན་ལས་ཤ་ལྔ་དང་། །བི་ར་ཤུ་མ་མུ་ལས་བདུད་རྩི་ལྔ། །ཟླ་བའི་ཁ་ཆོད་སྟེང་དུ་ཧཱུྃ་འཕྲོས་པས། །ཁ་ཊྭཱཾ་མགོ་བོ་ཐུར་བསྟན་རྩེ་མོ་གསུམ། །ཨོཾ་ཨཱཿཧཱུྃ་གིས་མཚན་པའི་ཡུ་བ་ལ། །ཨོཾ་མཱུཾ་ཕྱོགས་བཞིར་ཧཱུྃ་ཏྲཱཾ་ཧྲཱིཿཨཱ་དང་། །མཱཾ་པཱཾ་ཏཱཾ་ལཱཾ་རྣམས་ཀྱིས་མཚན་པར་གྱུར། །གཙོ་མོའི་ཐུགས་ལས་འོད་འཕྲོས་ཌཱ་ཀི་ལྔས། །རླུང་གཡབ་རབ་གཡོས་མེ་འབར་ནུས་པ་ཡིས། །ཐོད་པ་དྲོས་ནས་ནང་གི་རྫས་རྣམས་ཁོལ། །རབ་འཕྱུར་མ་དག་དྲི་རྙོགས་ཕྱི་རོལ་ལུད། །མཁའ་འགྲོ་ལྔ་ཡིས་ནམ་མཁར་བལྟས་པ་ཡིས། །ཨཱ་རལླི་དང་ཕེཾ་ཕེཾ་ཧྲིཾ་ཧྲིཾ་ཛཿ ཛཿཧཱུྃ་བཾ་ཧོཿཞེས་པའི་སྔགས་ཀྱི་སྒྲས། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་མ་ལུས་པ། །རིགས་ལྔའི་རྣམ་པར་སྤྱན་དྲངས་རང་རང་གི །ས་བོན་ལ་ཐིམ་རྡོ་རྗེ་ཁ་ཊྭཱཾ་ག །གཡས་སུ་འཁོར་བས་ནང་གི་རྫས་རྣམས་དཀྲུགས། །ས་བོན་རྣམས་ལས་བདུད་རྩིའི་རྒྱུན་བབས་པས། །ཟླ་བ་ལ་ཐིམ་ཟླ་བའི་བདུད་རྩི་ནི། །བསིལ་ཟེར་ལྡན་པ་ནང་བཅུད་ཚ་ངར་ལྡན། །གཉིས་མེད་ས་བོན་ཟླ་བ་འོད་དུ་ཞུ། །བཅུད་རྫས་ལ་ཐིམ་ཚ་གྲང་བསྙམས་གྱུར་པའི། །རླངས་པ་ཕྱུར་ཕྱུར་འདོད་ཡོན་སྤྲིན་དུ་འཁྲིགས། །མཁའ་འགྲོ་སྡེ་ལྔས་འབྲུ་གསུམ་སྔགས་བརྗོད་པས། །རྫས་རྣམས་ཁ་ཊྭཱཾ་གིས་དཀྲུགས་གཉིས་མེད་འདྲེས། །རླངས་པའི་འོད་ཟེར་སྒོ་མ་མཁའ་འགྲོ་དང་། །མཆོད་སྤྲིན་གསེབ་ནས་ལྷ་མོ་བཅུ་དྲུག་གི །རྣམ་འགྱུར་སྤྲུལ་ཚོགས་དཔག་ཡས་ཕྱོགས་བཅུར་འཕྲོས། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྒྱལ་སྲས་བཅས། །བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་ཚོགས། །བཅོམ་ལྡན་ཕག་གདོང་ཁྲོས་མ་གསང་ཡེ་མ། །མཚོ་རྒྱལ་བདུད་འདུལ་སེང་གདོང་དཀྱིལ་འཁོར་དང་། །གཉིས་མེད་བུ་ཡུག་འཚུབས་བཞིན་སྤྱན་དྲངས་ནས། །དམ་ཚིག་ཡེ་ཤེས་དབྱེར་མེད་བརྟན་པར་བཞུགས། །ཨེ་ཨཱ་རལླི་ཕེཾ་ཕེཾ་ཧྲིཾ་ཧྲིཾ། ཨཱ་ཝེ་ཤ་ཡ་ཛཿ ཨཱ་ཀརྵ་ཡ་ཛཿཧཱུྃ་བཾ་ཧོཿ སྤྱན་འདྲེན་པ་ནི། ཧཱུྃ། ཆོས་དབྱིངས་རྣམ་དག་ཕོ་བྲང་ནས། །བཀའ་བརྒྱུད་བླ་མ་གཤེགས་སུ་གསོལ། །དབང་ཆེན་རོལ་པའི་དུར་ཁྲོད་ནས། །ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ། །སྟོང་ཉིད་ཡེ་ཤེས་དུར་ཁྲོད་ནས། །རྒྱལ་བ་སྐྱེད་པའི་ཡུམ་མཆོག་མ། །རྟོག་པ་ཐམས་ཅད་རབ་སྤངས་པ། །སྐུ་མདོག་དམར་མོ་སེང་གེའི་གདོང་། །ཡིད་བཞིན་ནོར་བུ་ལྟ་བུའི་མ། །འགྲོ་བའི་དོན་དུ་གཤེགས་སུ་གསོལ། །དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ། །འཁོར་དང་མྱ་ངན་ལས་འདས་པའི། །འཁོར་གྱི་ལས་བྱེད་གཤེགས་སུ་གསོལ། །སིཾ་ཧ་ཌཱ་ཀི་ནཱི་ཧ་རི་ནི་ས། ཛཿཧཱུྃ་བཾ་ཧོཿ དེ་ནས་མཆོད་གཏོར་རྣམས་འབུལ་བ་ནི། མཁའ་འགྲོ་སྡེ་ལྔས་བྷནྡྷའི་སྣོད་བཟང་གིས། །བཅུད་རྫས་བཅུས་ནས་ལྷ་ཚོགས་དགྱེས་པར་མཆོད། །བདུད་རྩིའི་བཅུད་ཀྱི་རླངས་པ་དཀར་སེར་དམར། །ལྗང་མཐིང་རིགས་ལྔའི་ཌཱ་ཀིའི་མཆོད་སྤྲིན་ཚོགས། །དཔག་ཡས་འཁྲིགས་གསེབ་མཆོད་ལྷ་བཅུ་དྲུག་ནི། །སྐུ་ཕྱེད་ཐོན་ནས་ཕྱི་ནང་གསང་མཆོད་དང་། །སྨན་རག་གཏོར་ཚོགས་བསམ་འདས་མཆོད་པའི་ཚོགས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོད་པར་གྱུར། །བླ་མ་མཁའ་འགྲོའི་ལྗགས་དབྱིབས་རྡོ་རྗེ་ཡིས། །སྦུ་གུའི་འོད་ཟེར་མཆོད་རྫས་ལ་ཕོག་པས། །མཆོད་གཏོར་བཅུད་རྣམས་དགྱེས་པར་རོལ་བར་གྱུར། །ཨོཾ་ཨཱཿཧཱུྃ་གུ་རུ་པདྨ་ཛྙཱ་ན་ཌཱ་ཀི་ནཱི་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་ས་མ་ཡ། ཨི་དཾ་བ་ལིཾ་ཏ་སརྦ་པཉྩ་ཨ་མྲྀཏ་རཀྟ་པཱུ་ཙ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་སྤྱི་ལ་ཕུལ་ནས། ཁྱད་པར་བདུད་འདུལ་སེང་གདོང་ལྷ་ཚོགས་ལ་འབུལ་བ་ནི། བཾ་སིཾ་ཧ་མུ་ཁ་ཌཱ་ཀི་ནཱི་ཧ་རི་ནི་ས་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། རིགས་བཞི་འཁོར་ཚོགས་ལ། བཾ་བཛྲ་སིཾ་ཧ་ཌཱ་ཀི་ནཱི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཾ་རཏྣ་སིཾ་ཧ་ཌཱ་ཀི་ནཱི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཾ་པདྨ་སིཾ་ཧ་ཌཱ་ཀི་ནཱི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཾ་ཀརྨ་སིཾ་ཧ་ཌཱ་ཀི་ནཱི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ལོ་ཀ་ཌཱ་ཀ་ཌཱ་ཀི་ནཱི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་སོགས་བརྗོད། རྗེས་སུ་བསྟོད་པ་ནི། ཧཱུྃ་བྷྱོཿ སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་། །གང་འདུལ་འགྲོ་བའི་དོན་མཛད་མ། །དབང་གི་སྐུར་སྟོན་མཁའ་འགྲོ་མ། །ཡིད་བཞིན་སྐུ་མཆོག་ཁྱོད་ལ་བསྟོད། །སྐུ་མདོག་དམར་མོ་འོད་ཟེར་ལྡན། །ཞེ་སྡང་རྟོག་པ་གཅོད་མཛད་མ། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །ཡེ་ཤེས་སེང་གདོང་མ་ལ་བསྟོད། །བདེ་ཆེན་ཐར་ལམ་འདྲེན་མཛད་མ། །གཏི་མུག་རྩད་གཅོད་རོ་གཅིག་རྟོགས། །ཆོས་དབྱིངས་རྣམ་དག་ངོ་བོ་ཉིད། །བདེ་སྟོང་སེང་གདོང་མ་ལ་བསྟོད། །ཡེ་ཤེས་མེ་འབར་ཀློང་དཀྱིལ་ནས། །སྐུ་གསུམ་ཡེ་ཤེས་ལྔ་ཡི་ཀློང་། །བདེ་ཆེན་སྣང་བ་དབང་སྡུད་མ། །སྣང་སྟོང་སེང་གདོང་མ་ལ་བསྟོད། །དྷཱུ་ཏིའི་རང་བཞིན་དཀྱིལ་འཁོར་མ། །ཆོས་སྐུ་འབྲལ་མེད་ངང་དུ་བཞུགས། །བདེ་ཆེན་ཞི་བའི་རང་བཞིན་མ། །རྡོ་རྗེ་སེང་གདོང་མ་ལ་བསྟོད། །ངོ་བོ་སྐྱེ་མེད་དོན་སྟོན་མ། །དབྱེར་མེད་སྐུ་བཞིར་གཉུག་མའི་ངང་། །བདེ་བ་ཆེན་པོའི་ངོ་བོ་ཉིད། །རིན་ཆེན་སེང་གདོང་མ་ལ་བསྟོད། །བདུད་དང་དགྲ་ལས་རབ་རྒྱལ་ཞིང་། །བདེ་ཆེན་ཐིག་ལེས་རླན་མཛད་མ། །རྩ་རླུང་ཐིག་ལེའི་ངོ་བོ་ཉིད། །པདྨ་སེང་གདོང་མ་ལ་བསྟོད། །ལོག་ལྟ་མུ་སྟེགས་བརླག་མཛད་མ། །བར་ཆད་སྲུང་ཞིང་བྱིན་རླབས་ཅན། །མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ། །ཀརྨ་སེང་གདོང་མ་ལ་བསྟོད། །ཡེ་ཤེས་ལས་ལས་གྲུབ་པ་ཡི། །བསྟན་པ་སྲུང་ཞིང་དམ་ཚིག་ཅན། །མཁའ་ལ་རྒྱུ་བའི་རྫུ་འཕྲུལ་མངའ། །འཁོར་གྱི་མཁའ་འགྲོའི་ཚོགས་ལ་བསྟོད། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་མཆོད། ཕྲིན་ལས་བཅོལ་ལོ། །བླ་མ་མཁའ་འགྲོ་བདུད་འདུལ་སེང་གདོང་མའི་ཐུན་བར་གཏོར་འབུལ་ཕྱི་སྒྲུབ་ལས་གསུངས་པ་བཞིན་རིགས་མཐུན་གཞུང་གཞན་དང་བསྟུན་ནས་རྒྱས་པར་སྤེལ་བ་འདི་ཡང་། རང་གཞན་ཀུན་ཕན་གྱི་ལྷག་བསམ་སྔོན་ནས་རིམ་བསམས་ལས་གནས་དུས་རྟེན་འབྲེལ་གྱི་ངེས་པ་དང་བསྟུན་ཏེ་རྒྱལ་ཞིང་ཆེན་པོའི་འདབས་རོལ་ཉིད་ཞི་མུ་ཁའི་གནས་སུ། ནམ་མཁའི་རྡོ་རྗེ་མིང་དེས་བྲིས་པའི་དགེ་བས་རང་གཞན་མཐའ་དག་བླ་མ་ཌཱ་ཀིའི་གོ་འཕང་བརྙེས་པའི་རྒྱུར་གྱུར་པར་མཛད་དུ་གསོལ་ལོ། །སརྦ་མངྒ་ལཾ།། ༈ །།བདུད་འདུལ་དྲག་མོའི་བཀའ་སྲུང་དམ་ཅན་སྤྱང་ཞོན་ཐིག་ལེ་རྩལ་གྱི་གཏོར་འབུལ་བཞུགས་སོ། །རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ། །འདིའི་རྒྱུན་གཏོར་འབུལ་བར་འདོད་ན། དམར་གཏོར་ཕྱེ་མར་འོ་ཕུད་གསེར་སྐྱེམས་སོགས་བཤམས་ལ། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ་གྱིས་བདུད་རྩིར་བརླབ། རང་ཉིད་དྲག་མོ་སྟོང་པའི་ནང༔ མདུན་དུ་ལྕགས་ཀྱི་ཁང་སྒྲོམ་ནང༔ མུན་ནག་འཚུབས་པའི་ནང་ཉིད་དུ༔ དམ་ཅན་རྡོར་ལེགས་དམར་སྐྱ་བ༔ ལྕགས་སྤྱང་མགོ་དགུ་ལ་ཞོན་པ༔ ཕྱག་གཡས་ཞགས་པ་དམར་པོ་འཕེན་པ༔ ཕྱག་གཡོན་གསེར་གྱི་དབྱུག་ཏོ་ནམ་མཁར་ཕྱར་བ༔ སྐུ་སྟོད་དར་དཀར་གྱི་རལ་ཀ་གསོལ་བ༔ སྐུ་སྨད་སྟག་ལྤགས་ཀྱི་ཤམ་ཐབས་མནབ་ཅིང༔ སྨ་ར་ཨག་ཚོམ་ལ་མེ་སྟག་འཕྲོ་བ༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ༔ མཆེ་གཙིགས་སྤྱན་གསུམ་དམར་པོ་བསྒྲད་པར་བསམ༔ དེའི་གཡས་གཡོན་ཕྱོགས་མཚམས་ཁོར་ཡུག་ཏུ༔ མོན་པ་མགར་ནག་བཙན་དང་ནི༔ ཆེ་འབྲིང་ཆུང་གསུམ་སུམ་བརྒྱ་དྲུག་ཅུའི་འཁོར་གྱིས་བསྐོར་ཏེ༔ ཕྱག་གཡས་ཐམས་ཅད་ཞགས་པ་འཕེན་ཅིང༔ གཡོན་པས་དབྱུག་ཏོ་ཕྱར་བའོ༔ སྐུ་ལ་སྟག་དོང་གཡས་ལ་གཟིག་ཤུབ་གཡོན་དུ་བཏགས་པ༔ བསེ་ཕུབ་ཁུར་ནས་མདུང་དམར་ཀླད་དུ་བསྐོར་ཏེ་ཐམས་ཅད་ཆིལ་ལེ་རོང་ངེ་ཡོད་པར་བསྒོམས་ལ། ཏྲིཀ་ཏྲཾ་བེ་ཅོན་ཏ་ཡ་མ་ར་ཏི་ཧཱུྃ༔ གླེ་གད་མ་ཨཱ་བྷེ་ཤ་ཕྱུང་ཛ༔ འབོད་སྔགས་ལན་གསུམ་བཟླས་པས། དམ་ཅན་འཁོར་བཅས་མདུན་དུ་མངོན་སུམ་བྱོན་ནས་དམ་ཚིག་པ་དང་གཉིས་མེད་གྱུར་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མ་བདུད་རྩིའི་བཅུད་དྲངས་ཏེ་གསོལ་ནས་མཉེས་པར་གྱུར་པར་བསམ་ལ། འབོད་སྔགས་ཤམ་དུ། བ་ལིཾ་ཏ་ཁཱ་ཧི༔ བཏགས་པ་གསུམ་བདུན་ཉེར་གཅིག་གིས་ཕུལ། བསྟོད་བསྐུལ་ནི། ཀྱེ༔ མེས་པོ་གནམ་གྱི་རུམ་རུམ་རྗེ༔ ཕྱི་མོ་ས་ཡི་མེར་མེར་པོ༔ ཕ་ནི་བདུད་ལ་མ་ནི་སྲིན༔ བདུད་སྲིན་ཚོགས་པའི་མཐུ་བོ་ཆེ༔ ལྷོ་ནུབ་སྲིན་པོའི་འཇིག་རྟེན་གྱི༔ མ་ལ་ཡ་ཡི་ཤར་ཕྱོགས་སུ༔ སྲིན་མོ་ཁ་ཡི་བྲག་ཕུག་ན༔ རླུང་ནག་འཚུབས་མའི་དཀྱིལ་འཁོར་ནས༔ དགྲ་བླ་གཉན་གཅིག་སྐུ་བཞེངས་ཤིག༔ ལྕགས་སྤྱང་ནག་པོ་མགོ་དགུའི་སྟེང༔ རྡོ་རྗེ་ལེགས་པ་དམར་སྐྱ་ལ༔ སྐུ་སྟོད་དར་དཀར་རལ་ཀ་གསོལ༔ སྐུ་སྨད་སྟག་གི་ཤམ་ཐབས་ཅན༔ ཕྱག་གཡས་ཞགས་པ་དམར་པོ་ཐོགས༔ གཡོན་པས་དབྱུག་ཏོ་འབར་བ་བསྣམས༔ ཞལ་ནས་གདུག་པའི་ངན་སྔགས་བཟླ༔ སྐུ་ལ་མེ་ཡི་ཚྭ་ཚྭ་འཕྲོ༔ སྐྱེས་བུ་དེ་ཡི་བཀའ་ཉན་ནི༔ སྡེ་བརྒྱད་བཙན་འཁོར་གོ་ཕུབ་ཅན༔ སུམ་བརྒྱ་དྲུག་ཅུ་སི་ལི་ལི༔ ཐོག་སེར་བུ་ཡུག་ཐུ་ལུ་ལུ༔ རྣལ་འབྱོར་བདག་གི་གཏོར་མ་བཞེས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཡང་གཅིག་ཐུགས་ཀྱི་སྤྲུལ་པ་ནི༔ རླུང་ནག་འཚུབས་མའི་ནང་ཤེད་ན༔ མོན་པ་ནག་པོ་འཇིགས་གཟུགས་ཅན༔ སེམས་ཅན་སྲོག་གི་ཤན་པ་ཡིན༔ སྒྲོལ་གིང་ཆེན་པོ་སྐུ་སྐྱོད་ཅིག༔ སྟོང་དཔོན་ཆེན་པོ་སྐུ་སྐྱོད་ཅིག༔ སྲོག་བདག་ཆེན་པོ་སྐུ་སྐྱོད་ཅིག༔ གནས་མཆོག་འདི་རུ་བཞུགས་སུ་གསོལ༔ སྒྲུབ་མཆོག་བདག་གི་མཆོད་ཡོན་བཞེས༔ དགྲ་དང་བགེགས་རྣམས་མེད་པ་དང༔ བསམ་པ་ཐམས་ཅད་འགྲུབ་པར་མཛོད༔ དམ་ཚིག་གཉན་པོ་རབ་དགོངས་ལ༔ རྣལ་འབྱོར་བདག་གི་ཕྲིན་ལས་མཛོད༔ བསྙེན་སྒྲུབ་ཏིང་འཛིན་བསྒོམ་པ་ལ༔ བར་དུ་གཅོད་པ་ཞི་བར་མཛོད༔ ཚེ་དང་བསོད་ནམས་འཕེལ་བ་དང༔ འཁོར་དང་ལོངས་སྤྱོད་རྒྱས་པར་མཛོད༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ཀྱི༔ ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད༔ དྲག་མོ་བདུད་འདུལ་བཀའ་བཞིན་དུ༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ ཨོ་རྒྱན་གུ་རུ་རིག་འཛིན་གྱི༔ རྗེས་འཇུག་ཕྲིན་ལས་མྱུར་དུ་སྒྲུབས༔ དམ་ཆོས་རྒྱལ་ཁམས་ཀུན་ཏུ་དར༔ སྨིན་གྲོལ་གསང་སྔགས་བསྟན་པ་རྒྱས༔ མཐོང་ཐོས་དྲན་རེག་འགྲོ་བ་རྣམས༔ མྱུར་དུ་བྱང་ཆུབ་ཐོབ་པར་མཛོད༔ ཅེས་ཕུད་དང་གཏོར་མ་ནམ་མཁར་མཆོད་དོ༔ ཞེས་གཏེར་གཞུང་ལས་འདོན་བདེར་ཁོལ་དུ་ཕྱུངས་པ་དགེ་ལེགས་འཕེལ།། །། ༈ དམ་ཅན་བཀའ་སྲུང་དང་འདི་དག་ནི་འཇམ་མགོན་རིན་པོ་ཆེ་དང་རིགས་བདག་བླ་མ་རྣམས་ཀྱི་དགོངས་རྫོགས་ཀྱི་ཕྱིར་དུ་ཁ་བསྐངས་ཏེ་པར་གསར་དུ་བསྒྲུབས་པ་ཡིན་པས་དབང་ལུང་སོགས་ལ་ཞིབ་ཅ་བྱ་དགོས་པ་ཡོད་དོ། །ཞེས་སི་ཏུ་པ་པདྨ་དབང་མཆོག་རྒྱལ་པོ་ཁོ་བོས་ཆེད་དུ་གདམས་པ་དགེ། །།